cover

ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བཅུ་གཉིས་པ།

གླེགས་བམ། ན༽

ཞེ་ཆེན་རྒྱལ་ཚབ་འགྱུར་མེད་པདྨ་རྣམ་རྒྱལ།

ཞེ་ཆེན་མཁན་པོ་པདྨ་ཀུན་བཟང་ནས་པར་དུ་བསྐྲུན།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

དཔེ་སྐྲུན་གསལ་བཤད།

བསྐལ་བཟང་སངས་རྒྱས་སྟོང་གི་གདུལ་ཞིང་། སྟོང་གསུམ་མི་མཇེད་ཀྱི་ཆ་ཤས་འཛམ་གླིང་གི་བྱང་ཕྱོགས། བོད་གངས་ཅན་གྱི་བསྟན་པ་རྒྱ་མཚོའི་ཕྱི་མོ། གསང་སྔགས་སྔ་འགྱུར་བའི་བསྟན་པའི་འབྱུང་གནས། སྟོད་ན་རྡོར་སྨིན་གཉིས། སྨད་ན་ཀཿདཔལ་གཉིས། བར་ན་ཞེ་རྫོགས་གཉིས་ཞེས་གྲགས་པའི་བྱེ་བྲག་གསང་སྔགས་རྙིང་མའི་གདན་ས་ཆེ་རྒུའི་ཡ་རྒྱལ། ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་ཞེས་སྔ་འགྱུར་བཀའ་གཏེར་ཆོས་ཀྱི་རྒྱ་མཚོ་ཆེན་པོ་འཛིན་སྐྱོང་སྤེལ་གསུམ་གྱི་ཕྱག་རྗེས་བཀྲ་ཤིས་རེ་ཁ་ཆེས་ཆེར་བཀྲ་བར། མཁས་གྲུབ་གཉིས་ལྡན་གྱི་སྐྱེས་མཆོག་བགྲང་ལས་འདས་པ་བྱོན་པའི་དབུས་སུ་མངོན་པར་འཕགས་པ། གངས་ལྗོངས་རྒྱལ་བསྟན་ཡོངས་རྫོགས་ཀྱི་ཤིང་རྟ་བཀའ་བབས་བདུན་ལྡན་༧འཇམ་དབྱངས་མཁྱེན་བརྩེའི་དབང་པོ་པདྨ་འོད་གསལ་མདོ་སྔགས་གླིང་པ་དང་། མཁས་གྲུབ་དབང་པོ་མ་ཧཱ་པཎྜི་ཏ་འཇམ་དབྱངས་མི་ཕམ་ཕྱོགས་ལས་རྣམ་རྒྱལ་རྣམ་གཉིས་ཀྱི་ཐུགས་སྲས་ཐུ་བོ། ཞེ་ཆེན་རྒྱལ་ཚབ་རིན་པོ་ཆེ་འགྱུར་མེད་པདྨ་རྣམ་རྒྱལ་དཔལ་བཟང་པོ་གང་གི་གསུང་འབུམ་མདོ་སྔགས་རིག་གནས་ཀྱི་མཛོད་ཆེན་འདི་ཉིད། སྔོན་ཆད་རྗེ་དེའི་སྲས་ཀྱི་ཐུ་བོ་ཞེ་ཆེན་ཀོང་སྤྲུལ་རིན་པོ་ཆེས་གདན་སར་ཤིང་པར་དུ་བཀོད་པ་སྙིགས་དུས་ཀྱི་སྐྱེ་འགྲོ་བསོད་ནམས་དམན་རྐྱེན་ཉམས་རྒུད་རྩ་བརླག་ཏུ་སོང་ཡང་། ཕྱིས་རྒྱ་གར་འཕགས་ཡུལ་དུ་མགོན་པོ་གང་དེའི་དགོངས་བརྒྱུད་ཀྱི་བྱིན་རླབས་ཐོབ་ཅིང་བསྟན་པ་ཡོངས་རྫོགས་ཀྱི་མངའ་བདག ༧སྐྱབས་རྗེ་དིལ་མཁྱེན་རྡོ་རྗེ་འཆང་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་མཆོག་གིས་མ་དཔེ་འཚོལ་བསྡུས་ཀྱི་སླར་ཡང་པར་བསྐྲུན་མཛད་ཅིང་བཤད་ལུང་གི་རྒྱུན་ཡང་སྤེལ་བར་མཛད་དེ་རྒྱལ་བསྟན་སྤྱི་བྱེ་ལ་སྨན་པའི་སྐུ་དྲིན་བླ་མེད་བསྐྱངས་པ་དེ་ལྟར་ཡང་། ད་ཆ་མདོ་དབུས་ཁམས་གྱི་མཚོན་པའི་འཛམ་གླིང་མཐའ་གྲུ་ཀུན་ཏུ་རྒྱལ་བསྟན་སྤྱི་དང་། ཡང་སྒོས་སྔ་འགྱུར་བའི་ལྟ་གྲུབ་དྲི་མ་མེད་པ་ཐོས་བསམ་སྒོམ་པས་འཛིན་སྐྱོང་སྤེལ་བའི་བསྟི་གནས་དགོན་སྡེ་ཁག་གི་ནང་སློབ་གཉེར་བ་ལོ་རེ་བཞིན་ཇེ་མང་དུ་འགྲོ་བ་ཚོར། འཁྲུལ་མེད་རྒྱལ་བ་དགྱེས་པའི་ལམ་གནད་གསལ་བོར་སྟོན་པའི་ལེགས་བཤད་རྨད་དུ་བྱུང་བ་རྣམས་གཟིགས་ཆོག་ཡོང་བ་དང་། དེང་གི་ཆར་སྔོན་མེད་འཕྲུལ་ཡིག་ལེགས་ཐོན་གྱིས་དཔེ་དེབ་སྤུས་དག་ཡོང་ངེས་དང་། འཇམ་མགོན་རྒྱལ་བ་ཡབ་སྲས་ཀྱི་རྡོ་རྗེའི་གསུང་གི་ཕྲིན་ལས་འཛམ་གླིང་ཕྱི་ནང་ཀུན་ཏུ་ཁྱབ་བརྡལ་ཡོང་བའི་རེ་འདུན་ཆེན་པོས། རྒྱལ་བསྟན་སྤྱི་དང་རང་བསྟན་ལ་ལྷག་བསམ་རྣམ་པར་དཀར་བ་ཞེ་ཆེན་དགོན་གྱི་མཁན་པོ་པདྨ་ཀུན་བཟང་མཆོག་ནས་དེང་རབས་ཀྱི་གློག་ཀླད་འཕྲུལ་འཁོར་ལ་བརྟེན་ནས་པར་བསྐྲུན་གནང་བཞིན་ཡོད་པར་ཡི་རང་བསྔགས་བརྗོད་བྱེད་པ་དང་ཆབས་ཅིག གསུང་རབ་འདིས་རྒྱལ་བའི་དགོངས་པ་དྲི་མ་མེད་པ་གསང་ཆེན་སྔ་འགྱུར་བའི་ལྟ་གྲུབ་ཀྱི་གནད་གསང་གསལ་བར་སྟོན་པ་ཀུན་གྱིས་མཁྱེན་རྟོགས་ཐུབ་པས་རང་གཞན་གྱི་འདི་ཕྱིའི་དོན་འབྲས་རླབས་ཆེན་ཡོང་རྒྱུའི་རེ་སྨོན་བཅས། ཞེ་ཆེན་རབ་འབྱམས་བདུན་པར་འབོད་པ། དགེ་སྦྱོང་ངག་དབང་ཆོས་དཔལ་རྒྱ་མཚོས་ཕྱི་ལོ་ ༢༠༡༠ ཟླ་ ༢ ཚེས་ ༢༤ བཟང་པོ་ལ།

གསལ་བཤད་ཉུང་ངུ་།

༈ དེ་ཡང་མི་རིང་བའི་འདས་པའི་ལོ་རབས་འགའི་ཡུན་ལ་བོད་གངས་ཅན་གྱི་ཆོས་དང་རིག་གཞུང་ལ་ཉམས་རྒུད་ཚབས་ཆེན་ཐེབས་ནས། དེང་གི་དུས་འདིར་བོད་ཀྱི་རིག་གཞུང་ཟེར་བ་དེ་སྒྲ་གཅན་གྱི་ཁ་ནས་ཕྱེད་ཙམ་ཐར་པའི་ཟླ་བ་ལྟ་བུ་ཞིག་ཡིན་ལ། འདི་ཉིད་ཉམས་པ་སླར་གསོ་དང་མི་ཉམས་ཡུན་རིང་དུ་གནས་པའི་ཆེད་དུ་མཁས་པ་དང་ལྷག་བསམ་ཅན་གྱི་སྐྱེས་བུ་དམ་པ་དག་གིས་སྔ་རབས་ཀྱི་མཁས་པའི་གསུང་རབ་རྣམས་སྤུས་ལེགས་ཀྱི་ཡིག་གཟུགས་སུ་སྤེལ་ནས་འགྲེམ་སྤེལ་གནང་བཞིན་པ་འདི་དག་ནི་འཆི་ཁ་མ་ལ་སྲོག་བསྩལ་པ་ལྟ་བུའི་བསྟན་པའི་སྲོག་སྙིང་གསོ་བའི་བྱ་བ་གལ་ཆེན་ཞིག་ཡིན་ལ། འདིར་ཡང་ཁམས་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་གི་མཁན་རིན་པོ་ཆེ་པདྨ་ཀུན་བཟང་ལགས་ཀྱིས་མཁས་པའི་དབང་ཕྱུག་ཞེ་ཆེན་རྒྱལ་ཚབ་སྐུ་ཕྲེང་བཞི་པ་འགྱུར་མེད་པདྨ་རྣམ་རྒྱལ་གྱི་གསུང་རབ་འདི་དག་དེབ་ཏུ་བསྐྲུན་པ་འདི་བསྔགས་འོས་ཀྱི་མཛད་པ་བླ་ན་མེད་པ་ཞིག་ཏུ་ཤེས་ཏེ། དེ་ཡང་ཞེ་ཆེན་རྒྱལ་ཚབ་རིན་པོ་ཆེ་ནི་བོད་གངས་ཅན་གྱི་ཆོས་དང་རིག་གཞུང་སྤྱི་དང་ཁྱད་པར་གསང་སྔགས་སྔ་འགྱུར་གྱི་མདོ་རྒྱུད་རྒྱ་མཚོའི་གནས་ལ་ཐུགས་སྤྱན་ནམ་མཁའ་ལྟར་ཡངས་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་ཞིག་ཡིན་པར་མ་ཟད་འཇམ་མགོན་མི་ཕམ་རིན་པོ་ཆེས་བསྟན་པ་ཡོངས་རྫོགས་ཀྱི་བདག་པོར་མངའ་གསོལ་བའི་གསང་སྔགས་སྔ་འགྱུར་གྱི་བསྟན་པ་ལ་མཛད་རྗེས་བླ་ན་མེད་པའི་མཁས་པའི་དབང་ཕྱུག་ཆེན་པོ་ཞིག་སྟེ། རྗེ་འདི་ཉིད་ཀྱིས་འཇམ་མགོན་བླ་མའི་གསུང་གི་མཛད་པ་ལ་ཆེད་དུ་དམིགས་ཏེ་མཆན་འགྲེལ་དང་ཁ་སྐོང་། གཞན་ཡང་དེ་དག་གི་ཟབ་དོན་རྗེན་པར་ཕྱུང་བའི་ཡིག་ཆ་ངེས་དོན་བདེ་གཤེགས་སྙིང་པོའི་དོན་གཏན་ལ་ཕབ་པའི་ལེགས་བཤད་སོགས་བསྟན་བཅོས་མང་དུ་བཞག་ཡོད་པ་ཡིན་ལ། བཤད་སྲོལ་ལ་ཡང་ངེས་ཤེས་རིན་པོ་ཆེའི་སྒྲོན་མེ་དང་རྗེ་འདི་ཉིད་ཀྱི་བདེན་གཉིས་གློག་གི་སྒྲོན་མ་འདི་གཉིས་ཀྱི་དོན་ཤེས་ན་གསང་སྔགས་སྔ་འགྱུར་གྱི་མདོ་སྔགས་ཀྱི་ལྟ་གྲུབ་ཡོངས་རྫོགས་ཀྱི་གནད་ཟིན་པ་ཡིན་ཞེས་ཟེར་བ་ལྟ་བུ་ཡིན་ནོ། །དེས་ན་འཇམ་མགོན་བླ་མ་ཡབ་སྲས་གཉིས་ཀྱི་གསུང་དག་ནི་གསང་སྔགས་སྔ་འགྱུར་པའི་བསྟན་པའི་ཟབ་གནད་ཀྱི་ཉི་མ་རང་རྒྱུད་ལ་འདྲེན་པའི་སྐྱ་རེངས་དཀར་པོའི་འོད་སྣང་ལྟ་བུ་ཞིག་ཡིན་པས་འཇམ་པའི་དབྱངས་དངོས་ཀུན་མཁྱེན་མི་ཕམ་རྒྱ་མཚོའི་ཡིག་ཆ་དག་ལ་སྦྱང་བརྩོན་བྱེད་པའི་བློ་གསར་དག་གིས་ཀྱང་རྗེ་ཉིད་ཀྱི་མདོ་སྔགས་ཀྱི་གསུང་རབ་དག་ལ་ལྟ་ཀློག་ཡང་ཡང་བྱེད་པ་ཤིན་ཏུ་གལ་ཆེ་བའི་གནས་སུ་སེམས་སོ། །

གསེར་ལྗོངས་བླ་མ་རུང་དུ་འཆི་མེད་རིག་འཛིན་གྱིས་བྲིས།

ཐོག་མའི་སྙན་སྒྲོན།

དེ་ཡང་ཀུན་མཁྱེན་མི་ཕམ་རིན་པོ་ཆེས་བསྟན་བཅོས་བརྩམ་པ་བཀས་སྐུལ་ཞིང་། གསུང་རྩོམ་རིགས་བསྟན་པའི་གཙིགས་སུ་ཆེ་བས་འཐོར་ཟགས་སུ་མ་སོང་བར་ཕྱོགས་གཅིག་ཏུ་བསྡུ་དགོས་པར་ཡང་བཀའ་གནང་ལས་གྲུབ་པའི་བཀའ་འབུམ་འདི་ཉིད་འགྲེམས་སྤེལ་ཞུས་པའི་ཐོག་མའི་སྙན་སྒྲོན་ནི།
ལྷ་མོ་དྲི་མ་མེད་པའི་མདོ་ལས་ལུང་བསྟན་པ་ལྟར་ཆོས་རྒྱལ་ཡབ་མེས་རིམ་བྱོན་དང་འགྱུར་སྔ་ཕྱིའི་ལོ་པཎ་མཁས་གྲུབ་གོང་མ་རྣམས་ཀྱི་ཐུགས་རྗེ་དང་ཕྲིན་ལས་ཚད་མེད་པ་ལས་བྱུང་བའི་དེང་སང་བོད་བརྒྱུད་ནང་བསྟན་རིག་གཞུང་ཞེས་མི་རིགས་གཞན་དང་གཞན་གྱི་མི་སྣ་གཟུར་གནས་ཤེས་ཡོན་ཅན་རྣམས་འགྲམ་ཆུ་ལྡངས་ཏེ་ངོ་མཚར་བའི་གནས། སྔོན་བྱོན་དམ་པ་ཚོའི་མཁྱེན་ནུས་རྩལ་དགུ་ཡོད་ཚད་བོད་བརྒྱུད་ནང་བསྟན་ཆོས་དང་རིག་གཞུང་ནོར་བུ་མཐོན་ཀ་ལྟ་བུ་འདི་ཁོ་ནའི་ཆེད་དུ་འབད་འབད་དུང་དུང་གི་མཛད་འཕྲིན་ལ་གཞིགས་ན་བསམ་ཡུལ་ལས་འདས།
འོན་ཀྱང་འདོད་བྲལ་སྡུག་འཕྲད་ཀྱི་འཕོ་འགྱུར་ནི་སུ་ལའང་བྱུང་དང་འབྱུང་བཞིན་པ་ལྡོག་མེད་ཅིག་ཡིན་སྟབས། གཅིག་དགུ་ལྔ་དགུའི་ཛ་དྲག་ལས་འགུལ་གྱི་འཛིན་ཁྲིས་བདེ་ལྡན་ཁ་བའི་ལྗོངས་ཀྱི་ཆོས་དང་རིག་གཞུང་{སྔ་འགྱུར་པའི་གདན་ས་ཆེན་མོ་འདི་གའི་རིག་གཞུང་ལ་བསམས་ན་ཀུན་གཟིགས་རབ་འབྱམས་གཉིས་པའི་གསུང་འབུམ་པོད་དགུ་ལོངས་པ་དང་། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་སྐུ་སྐྱེ་གོང་མ་གྲུབ་ཐོབ་ཆེན་པོ་ཤེས་རབ་ཡར་འཕེལ་གྱི་གསུང་འབུམ་པོད་ལྔ་ཙམ་དང་། རྒྱལ་དབང་བཅུ་བཞི་པས་མ་ཧཱ་པཎྜི་ཏ་ཞེས་མཚན་གྱི་ཅོད་པན་དཔྱངས་པ་མ་ཧཱ་པཎྜི་ཏ་དབོན་སྤྲུལ་མཐུ་སྟོབས་རྣམ་རྒྱལ་གྱི་གསུང་འབུམ་པོད་དྲུག་ལྷག་དང་། རྒྱལ་ཚབ་རིན་པོ་ཆེའི་གསུང་འབུམ་སྤར་ཤིང་སོགས་ནི་ད་ལྟ་མིང་ཙམ་ལས་མེད། གསུང་འབུམ་འདིའི་མ་ཕྱི་ཙམ་ཞིག་ཆོས་བརྒྱུད་འདི་ལ་ལྷག་བསམ་སྟོན་ཟླ་ལྟར་དཀར་བའི་སངས་རྒྱས་བསྟན་འཛིན་ལགས་ཀྱིས་རང་ཉིད་ཀྱི་ལུས་སྲོག་དཀའ་ངལ་གང་ལའང་ལྟོས་མེད་དུ་ཧུར་འབུངས་ཞེ་བསྐྱེད་ཀྱི་དཀའ་དྲིན་ལས་རྣམ་པ་ཚོའི་སྤྱན་ལམ་དུ་འབུལ་ཆོག་ཆོག་བྱུང་འདུག}ཤིན་ཏུ་ཕངས་པ་མི་ཉུང་བ་ཞིག་གྱུར་མིད་གཏོང་བའི་ན་ཟུག་ཟློས་ན་སེམས་བློང་བློང་པོ་ལས་ཅི་ཡོད།
དེ་བས་བོད་བརྒྱུད་ནང་བསྟན་རིག་གཞུང་མྱུར་སྐྱོབ་དང་རྒྱུན་འཛིན་སླར་གསོའི་བྱ་གཞག་འུར་བཤད་ཙམ་དུ་མ་ལུས་པ། མིག་རྒྱང་རིང་པོས་དཔེ་སྐྲུན་འགྲེམས་སྤེལ་སོགས་ཞུས་ཏེ་རྒྱ་ཆེ་བའི་སློབ་གཉེར་བ། ཉམས་ལེན་པ། ཞིབ་འཇུག་པ་དག་གི་སྤྱན་ལམ་དུ་འབུལ་ཐུབ་ན་དོན་དམ་པ་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་རྒྱུན་འཛིན་ནམ་བསྟན་འགྲོའི་དོན་ཕན་འབྲས་མངོན་དུ་འགྱུར་བ་སོགས་ཀྱི་དགེ་མཚན་ལ་སུ་མི་རངས།
ད་ལམ་འདིར་རྙེད་གྲགས་ཀྱི་འདུ་ཤེས་རིང་དུ་དོར་ནས་ལྷག་པའི་བསམ་པ་ཁོ་ནས་མཁན་རིན་པོ་ཆེ་པདྨ་ཀུན་བཟང་མཆོག་གིས༧འཇམ་མགོན་མཁྱེན་ཀོང་ཟུང་དང་ཀུན་མཁྱེན་མི་ཕམ་རིན་པོ་ཆེ་རྣམ་གསུམ་གྱི་སྲས་ཀྱི་ཐུ་བོ་མཁས་གྲུབ་གཉིས་ལྡན༧རྒྱལ་ཚབ་རིན་པོ་ཆེ་འགྱུར་མེད་པདྨ་རྣམ་རྒྱལ་མཆོག་གི་གསུང་འབུམ༼ཆོས་ཚན་ཅི་ཡོད་ཨ་དུམ་ནང་བཞུགས་དཀར་ཆག་ནོར་བུའི་ཕྲེང་བར་གཟིགས། ༽འདི་ཉིད། བོད་བརྒྱུད་ནང་བསྟན་རིག་གཞུང་སྤྱི་དང་། ཁྱད་པར་དུ་སྔ་འགྱུར་པའི་ལྟ་གྲུབ་བམ་ཀུན་མཁྱེན་མི་ཕམ་རིན་པོ་ཆེའི་ཡིག་ཆ་འཛིན་པ་དག་ལ་མེད་དུ་མི་རུང་བ་ཞིག་ཏུ་དགོངས་ཏེ་རྒྱ་ཆེའི་དོན་གཉེར་ཅན་རྣམ་པའི་སྤྱན་ལམ་དུ་འགྲེམས་སྤེལ་གནང་བ་སྟེ། ཞུ་དག་ལག་བསྟར་བྱས་ཚུལ་ནི། དེ་ཡང་ཡིག་ནོར་ངེས་ཅན་རྣམས་ཐད་ཀར་བསྒྱུར་པ་དང་། ལ་ལ་{}གུག་རྟགས་ནང་ལ་དཔེར་ན་་་་་འཆུགས་{འཁྱུགས}འདི་ལྟ་བུ་བསྒྱུར་པའི་དེ་མ་ཐག་གུག་རྟགས་ནང་དུ་བསྒྱུར་ཡིག་དེ་ཁོལ་ཕྱུང་དང་། ཚིག་གཅིག་ཐེངས་མང་ནོར་རིགས་གུག་རྟགས་ནང་དུ་་་སྒེག་{སྒེགས་འདིའི་རིགས་འདི་ལྟར་ཞུས། }འདི་ལྟ་བུ་དང་། གསར་བཏགས་རིགས་[]གུག་རྟགས་ནང་དུ་[གྱིས་ཞུ་མཆན། ]འདི་ལྟ་བུ་དང་། ལྷག་རིགས་{}གུག་རྟགས་ནང་དུ་{ལ་ལྷག}འདི་ལྟ་བུ་དང་། མ་ཕྱི་ནང་མི་གསལ་བའི་རིགས་གུག་རྟགས་ནང་དུ་[ཡང་མ་དཔེ་མི་གསལ། ]འདི་ལྟ་བུ་དང་། ཞེས་མཆན་བླུགས་ཡོད། གཞན་ཡང་མ་ཕྱི་ནང་མི་གསལ་བ་དང་དོགས་ཅན་ཁ་ཤས་སྣང་ཡང་རང་སར་བཞག་པ་ལས་ཕྲི་བསྣན་རྔོ་མི་ཐོགས། དེ་མིན་དཔེར་ན་དགའ་བའི་ཞེ་ས་ལ་དགྱེས་པ་དང་དགེས་པ། ཆུ་བོ་ཆུང་ངུ་ལ་ཆུ་ཕྲན་དང་ཆུ་བྲན་ལྟ་བུ་དང་། བྱ་ཚིག་དང་བྱེད་ཚིག་གང་ལྟར་རུང་རིགས་མ་ཕྱི་ལྟར་རང་སར་བཞག་དགོས་པ་ལ་ཕན་ཚུན་བསྒྱུར་པ་དང་ཆད་ལྷག་གི་ནོངས་པ་སོགས་ནི་བཤགས་ཡུལ་རྣམས་ཀྱི་མདུན་དུ་མཐོལ་བཤགས་བཟོད་གསོལ་ཞུ།
འདི་ལ་ཐེངས་དང་པོ་མཁན་ཀུན་བཟང་བསོད་ནམས་དང་ཕྲན་གཉིས་ཀྱིས་མ་ཕྱི་དང་ལན་གཉིས་བསྡུར་པ་དང་། འཕྲུལ་པར་རྐྱང་ཐོག་ལན་གཅིགཐེངས་གཉིས་པར་དཔལ་ཡུལ་བཤད་གྲྭའི་དགེ་སློབ་རྣམས་ཀྱིས་མ་ཕྱི་དང་འཕྲུལ་པར་གཉིས་སྦྲགས་ཚར་གཅིག་དང་འཕྲུལ་པར་རྐྱང་ཐོག་ལན་གཅིགཐེངས་གསུམ་པ་ཞེ་ཆེན་བཤད་གྲྭའི་དགེ་སློབ་རྣམས་ཀྱིས་མ་དཔེ་དང་ཚར་གཅིག་གཏུགས་པ་དང་འཕྲུལ་པར་རྐྱང་ཐོག་ལན་གཅིགཐེངས་བཞི་པར་ཕྲན་པས་འཕྲུལ་པར་རྐྱང་ཐོག་ཚར་གསུམ་དང་ཞུས་མཐར་མ་ཕྱི་དང་འཕྲུལ་པར་གཉིས་སྦྲགས་ཚར་གཅིག་ཡང་འཕྲུལ་པར་རྐྱང་ཐོག་ཐེངས་གཉིས་བཅས་བསྡོམས་༡༤ལྷག་བསྐྱར་ཞིབ་ཞུས་པ་ཡིན། སྔར་ཤིང་པར་དུ་མ་འཁོད་པའི་ཕྲན་ཚེགས་དང་མ་དཔེ་ནང་མི་གསལ་བ་དང་ལྡེབ་ཆད་རིགས་མཁོ་འདོན་རྒྱབ་སྐྱོར་གནང་མཁན་དག་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། ཕྲན་ནས་ལོ་གཅིག་ལྷག་རིང་ལ་རང་གི་སློབ་སྦྱོང་དང་དཀའ་ཚེགས་ལ་མ་ལྟོས་པ། ཡིད་བཞིན་གྱི་ནོར་བུ་འདི་ལྟ་བུ་ལ་ཞབས་ཕྱི་ཞུ་བའི་གོ་སྐབས་འཕྲད་པ་འདི་སྐལ་བ་རེ་བཟང་སྙམ་པའི་དགའ་སྤྲོ་དང་འགན་འཁྲི་ཞིག་ཏུ་བརྩིས་ཏེ། གཟབ་ཁུལ་གྱིས་སྙམ་འཇོག་དང་ཕོ་ཚོད་ཧམ་ཤེད་དུ་མ་སོང་བ་ཞིག་ཏུ་བསམས་ནས། ཚིག་གསར་གཉིས་སོགས་ལ་ཁུངས་བཅོལ་ཏེ་བརྡ་སྤྲོད་མཁས་དབང་དང་། ཞུ་དག་ཉམས་མྱོང་པ། ཆོས་གྲོགས་རྣམས་ལ་བཀའ་འདྲི་ཞུས་ཏེ་རང་ནུས་ཅི་ཡོད་ཀྱིས་ཞབས་ཕྱི་སེམས་གཏིང་ནས་ཞུས་ཀྱང་། སྐྱེས་སྦྱོང་གི་ཤེས་ཡོན་དང་ཉམས་མྱོང་ཞན་པ་བཅས་ཀྱི་དབང་གིས་སྐྱོན་ཆ་དང་ནོར་འཁྲུལ་རིགས་ཅི་ཡང་ཡོད་ངེས་པས་རྒྱ་ཆེའི་གཟིགས་པ་པོ་རྣམས་ནས་བཀའ་བཀྱོན་དང་བཅས་ལེགས་བཅོས་ཡོ་བསྲང་གི་དགོངས་འཆར་ལྷུག་སྩོལ་ཡོད་པ་ཞུ་རྒྱུ་བཅས།
བསོད་ནམས་ཆོས་འཕེལ་གྱིས་ཁྲིན་ཏུའི་གྲོང་ཁྱེར་ནས། ༢༠༡༡ལོའི་ཟླ་བ་༥ཚེས་༣ལ།

བླ་མ་མཁྱེན་ནོ།

༄༅། །བླ་མ་མཁྱེན་ནོ། །རྒྱལ་བ་དགོངས་པའི་བརྒྱུད་པའི་བླ་མ་དེ་མཁྱེན་ནོ། །རིག་འཛིན་བརྡ་ཡི་བརྒྱུད་པའི་བླ་མ་དེ་མཁྱེན་ནོ། །གང་ཟག་སྙན་ཁུང་བརྒྱུད་པའི་བླ་མ་དེ་མཁྱེན་ནོ། །བཀའ་བབས་ལུང་བསྟན་བརྒྱུད་པའི་བླ་མ་དེ་མཁྱེན་ནོ། །སྨོན་ལམ་དབང་བསྐུར་བརྒྱུད་པའི་བླ་མ་དེ་མཁྱེན་ནོ། །མཁའ་འགྲོ་གཏད་རྒྱ་བརྒྱུད་པའི་བླ་མ་དེ་མཁྱེན་ནོ། །སྨིན་བྱེད་དབང་བཞི་བསྐུར་བའི་བླ་མ་དེ་མཁྱེན་ནོ། །གྲོལ་བྱེད་གདམས་པ་སྦྱིན་པའི་བླ་མ་དེ་མཁྱེན་ནོ། །རྒྱབ་རྟེན་བཤད་ལུང་འབོག་པའི་བླ་མ་དེ་མཁྱེན་ནོ། །བཀའ་དྲིན་མཚུངས་པ་མེད་པའི་བླ་མ་དེ་མཁྱེན་ནོ། །འབྲེལ་ཚད་དོན་དང་ལྡན་པའི་བླ་མ་དེ་མཁྱེན་ནོ། །ཡང་དག་ཐར་ལམ་འདྲེན་པའི་བླ་མ་དེ་མཁྱེན་ནོ། །མོས་གུས་སྙིང་ནས་བྱས་སོ་དྲིན་ཆེན་གྱི་བླ་མ། །འབྲལ་མེད་ཐུགས་རྗེས་ཟུངས་ཤིག་དྲིན་ཆེན་གྱི་བླ་མ། །དགོངས་བརྒྱུད་བྱིན་རླབས་འཕོས་ཤིག་དྲིན་ཆེན་གྱི་བླ་མ། །རྟོགས་གྲོལ་དུས་མཉམ་མཛོད་ཅིག་དྲིན་ཆེན་གྱི་བླ་མ། །ཚེ་འདིར་མི་མཐུན་འགལ་རྐྱེན་བར་ཆད་ཀུན་ཞི་ཞིང་། །འཆི་ཁར་གནད་གཅོད་དྲག་པོའི་སྡུག་བསྔལ་ཡང་མི་འབྱུང་། །མོས་གུས་དག་པའི་སྣང་ངོར་བརྒྱུད་གསུམ་གྱི་བླ་མས། །མཁའ་སྤྱོད་རིག་འཛིན་ཞིང་དུ་མིག་འཕྲུལ་བཞིན་དྲོངས་མཛོད། །མདོར་ན་འདི་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ། །རེ་ས་གཞན་ན་མེད་དོ་ཐུགས་རྗེ་ཡིས་དགོངས་མཛོད། །བྱིན་རླབས་ཐུགས་རྗེའི་ཆར་གྱིས་འབྲལ་མེད་དུ་བསྐྱངས་པས། །དོན་གཉིས་ལྷུན་གྱིས་འགྲུབ་པའི་དངོས་གྲུབ་ཞིག་སྩོལ་མཛོད། །ཅེས་པའང་དད་དམ་རྨད་བྱུང་ཆོས་སྐྱོང་དར་རྒྱས་ལགས་ཀྱི་བཞེད་ངོར། རྒན་པོ་བི་ཛས་བྲིས་པ་དགེ །
༄༅། །རབ་འབྱམས་སྲས་བཅས་རྒྱལ་བའི་ཡེ་ཤེས་གར། །སྐལ་བཟང་གདུལ་བྱའི་མོས་ངོར་ཆུ་ཟླའི་ཚུལ། །འགོག་མེད་འཆར་བའི་དཔལ་ལྡན་བླ་མ་ལ། །བཟོད་མེད་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །མྱུ་གུ་གསར་པ་ལྟ་བུའི་གནས་སྐབས་འདིར། །གཞན་རྐྱེན་གྲོགས་ཀྱི་འཕེན་པ་གཙོ་ཆེ་ཕྱིར། །སྡིག་པའི་གྲོགས་དང་ནམ་ཡང་མི་འཕྲད་ཅིང་། །རྟག་པར་དགེ་བའི་བཤེས་ཀྱིས་སྐྱོང་བྱིན་རློབས། །དལ་འབྱོར་རྙེད་དཀའ་ནམ་འཆི་ཆ་མེད་དང་། །ལས་འབྲས་བསླུ་མེད་འཁོར་བའི་ཉེས་དམིགས་ཚུལ། །ལེགས་པར་གོམས་པས་སྲིད་ལས་ངེས་འབྱུང་བློ། །བཅོས་མིན་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །སྐྱབས་གནས་དཀོན་མཆོག་མ་གཏོགས་འཇིག་རྟེན་ན། །ཡིད་རྟོན་རུང་བ་སུ་ཡང་མ་དམིགས་ནས། །རང་གཞན་འཇིགས་དང་སྡུག་བསྔལ་དྲན་པའི་བློས། །སྐྱབས་གསུམ་སྙིང་ནས་བསྟེན་པར་བྱིན་གྱིས་རློབས། །བདག་གཅེས་འཛིན་ལས་སྲིད་པའི་སྡུག་བསྔལ་དང་། །གཞན་ཕན་གོམས་ལས་སངས་རྒྱས་ཡོན་ཏན་ཕུལ། །འབྱུང་བར་ངེས་པས་བདག་བས་གཞན་གཅེས་བློས། །བྱང་ཆུབ་སེམས་གཉིས་འབྱོང་བར་བྱིན་གྱིས་རློབས། །སྒྲིབ་གཉིས་མ་སྦྱངས་ཚོགས་གཉིས་མ་བསགས་པར། །ལམ་དང་འབྲས་བུའི་ཡོན་ཏན་སྐྱེ་མིན་པས། །བདེན་གཉིས་ཟུང་འཇུག་རྒྱལ་བ་དགྱེས་པའི་ལམ། །ཚུལ་བཞིན་ཉམས་འོག་ཆུབ་པར་བྱིན་གྱིས་རློབས། །བླ་མའི་བྱིན་རླབས་སེམས་ལ་མ་ཞུགས་ན། །འོད་གསལ་རང་ངོ་འཕྲོད་པའི་ཐབས་མེད་ཕྱིར། །སངས་རྒྱས་ཆོས་སྐུར་ལྟ་བའི་མོས་གུས་ཀྱིས། །དགོངས་བརྒྱུད་ཡེ་ཤེས་འཕོ་བར་བྱིན་གྱིས་རློབས། །དེའི་མཐུས་ཅིར་སྣང་ལྷ་སྐུའི་ཕྱག་རྒྱར་སད། །སྒྲ་གྲགས་སྐྱེ་མེད་སྙིང་པོ་སྔགས་སུ་རྫོགས། །དྲན་རྟོག་འོད་གསལ་ཆོས་སྐུར་སྨིན་པ་ཡི། །རྡོ་རྗེའི་གསང་མཆོག་འགྲུབ་པར་བྱིན་གྱིས་རློབས། །མདོར་ན་འདི་ནས་བྱང་ཆུབ་སྙིང་པོའི་བར། །འབྲལ་མེད་ཡེ་ཤེས་ཆེན་པོས་རྗེས་ཟུངས་ལ། །དོན་གཉིས་བསམ་ཀུན་ཡིད་བཞིན་འགྲུབ་པ་ཡི། །བཀྲ་ཤིས་དགེ་མཚན་རྒྱས་པར་མཛད་དུ་གསོལ། །མོས་ལྡན་མཆེད་ཀྱི་བཞེད་ངོར་བི་ཛ་ཡས་གང་ཤར་བྲིས་པ་དགེ །

བླ་མའི་རྣལ་འབྱོར་གྲུབ་གཉིས་འདོད་དགུའི་ཆར་འབེབས།

༄༅། །བླ་མའི་རྣལ་འབྱོར་གྲུབ་གཉིས་འདོད་དགུའི་ཆར་འབེབས་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བཛྲ་ས་ཏྭ་ཡ། འདིར་ཐེག་པ་ཆེན་པོའི་ལམ་གྱི་རྟེན་འབྲེལ་མཐར་དག་བདག་རྐྱེན་དགེ་བའི་བཤེས་གཉེན་ལ་བརྟེན་ནས་བསྒྲིག་དགོས་པའི་ཕྱིར། བླ་མ་སངས་རྒྱས་ཆོས་ཀྱི་སྐུར་ལྟ་བའི་མོས་གུས་དང་མ་བྲལ་བའི་སྐལ་བ་མཆོག་དང་ལྡན་པ་དག་གིས་ལམ་ཟབ་མོ་བླ་མའི་རྣལ་འབྱོར་ཉམས་སུ་ལེན་པར་འདོད་པས། ཐོག་མར་ངེས་པར་འབྱུང་བའི་བློ་བཅོས་མ་མ་ཡིན་པས་ཀུན་ནས་བསླངས་ཏེ་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི། གང་ཞིག་དྲན་པས་ལྷན་སྐྱེས་བདེ་ཆེན་གྱི། །ཡེ་ཤེས་མཆོག་གིས་ས་གསུམ་ཁྱབ་མཛད་པ། །དཀྱིལ་འཁོར་ཀུན་གྱི་དབང་ཕྱུག་རྡོ་རྗེ་སེམས། །འབྲལ་མེད་བྱང་ཆུབ་བར་དུ་སྐྱབས་སུ་བསྟེན། །མཁའ་མཉམ་འགྲོ་ཀུན་བདེ་གཤེགས་སྙིང་པོ་ཅན། །རང་བཞིན་དག་པའི་ཆོས་ཉིད་རྟག་བཞུགས་ཀྱང་། །བློ་བུར་དྲི་མས་ཉོན་མོངས་གྱུར་པ་རྣམས། །རང་གནས་ཡེ་ཤེས་མཆོག་ལ་སྦྱོར་བར་བགྱི། །ལན་གསུམ་སོགས་རྒྱུད་ལ་འདྲེས་ངེས་བྱ། དངོས་གཞི་རྟེན་བསྐྱེད་པ་ནི། ཨཱཿསྣོད་བཅུད་རྒྱུད་རྣམས་དག་རྟོགས་མཉམ་པའི་ངང་། །འོད་གསལ་རང་མདངས་ཡེ་ཤེས་གཞལ་མེད་ཁང་། །ཟག་མེད་ཀུན་བཟང་མཆོད་སྤྲིན་འཁྲིགས་པའི་དབུས། །སེང་ཁྲི་པདྨ་ཐབས་ཤེས་ཉི་ཟླའི་སྟེང་། །རིགས་ཀུན་ཁྱབ་བདག་རྩ་བའི་བླ་མ་ནི། །རྣམ་རོལ་མ་འགགས་བཅོམ་ལྡན་རྡོ་རྗེ་སེམས། །དཀར་གསལ་ཞི་ཚུལ་མཚན་དཔེའི་ལང་ཚོ་རྒྱས། །ཞལ་གཅིག་ཕྱག་གཉིས་ཐབས་ཤེས་རྡོར་དྲིལ་འཛིན། །ལོངས་སྐུའི་རྒྱན་རྫོགས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །རང་འོད་ཤེས་རབ་སྙེམ་མའི་བདེ་བས་དགྱེས། །སྐུ་ལ་གདན་གསུམ་ཡོངས་རྫོགས་དཀྱིལ་འཁོར་ཆེ། །བསམ་འདས་སྒྱུ་འཕྲུལ་དྲྭ་བའི་བཀོད་པ་རྫོགས། །དྲན་པ་ཙམ་གྱིས་སྲིད་ཞིའི་འཇིགས་འཕྲོག་པའི། །སྐྱབས་ཀུན་འདུས་པའི་ངོ་བོར་ལྷམ་མེར་གསལ། །ཞེས་མོས་ལ་ཚོགས་བསགས་པ་ནི། དབྱིངས་རིག་ཟུང་འཇུག་སྤྲོས་པ་བྲལ་བའི་མཁར། །ཁ་སྦྱོར་ཡན་ལག་བདུན་ལྡན་མཚན་དཔེའི་དཔལ། །གང་འདུལ་དེར་སྟོན་འདུལ་བཞིའི་ཕྲིན་ལས་ཅན། །སྐུ་གསུམ་མཉམ་ཉིད་བླ་མར་གུས་ཕྱག་འཚལ། །བརྟན་གཡོ་སྲིད་ཞིའི་དཔལ་འབྱོར་འདོད་དགུའི་སྤྲིན། །བདག་ལུས་ཕུང་ཁམས་སྐྱེ་མཆེད་དགེ་རྩར་བཅས། །ཟག་མེད་ཏིང་འཛིན་རོལ་མོ་བསམ་ཡས་པས། །རིགས་འདུས་མ་ཧཱ་གུ་རུའི་མཉེས་པར་བགྱི། །དོན་དམ་གཤིས་ལ་མཚན་རྟོག་མ་དམིགས་ཀྱང་། །ཀུན་རྫོབ་འཁྲུལ་ངོར་མ་རིག་ནོངས་པའི་དྲི། །བཅས་དང་རང་བཞིན་འགལ་བའི་ཉེས་ལྟུང་ཀུན། །ཁྱབ་བདག་རྡོ་རྗེ་སེམས་དཔའི་སྤྱན་སྔར་བཤགས། །ཆོས་ཀུན་མཉམ་པ་ཉིད་དུ་རྟོགས་གྱུར་ཀྱང་། །གཉིས་འཛིན་འཁྲུལ་པས་བསླད་པའི་འགྲོ་བ་རྣམས། །གདོད་མའི་རྒྱལ་ཐབས་མཆོག་ལ་སྦྱོར་མཛད་པའི། །ཕྲིན་ལས་བསམ་མི་ཁྱབ་ལ་རྗེས་ཡི་རང་། །འབད་སོགས་རྣམ་རྟོག་གཡོ་བ་མི་མངའ་ཡང་། །མཁྱེན་བརྩེའི་ཡེ་ཤེས་གཏིང་མཐའ་མི་དཔོག་པ། །གང་འདུལ་འགྲོ་ལ་ཐེག་གསུམ་འདུད་རྩིའི་ཆར། །ཕྱི་མའི་མུ་མཐར་རྟག་པར་འཇོ་བར་མཛོད། །དོན་དམ་འདུས་མ་བྱས་ཆེན་ཆོས་ཀྱི་སྐུ། །སྐྱེ་སོགས་སྤྲོས་པའི་མཚན་མ་མ་དམིགས་ཀྱང་། །ཀུན་རྫོབ་གདུལ་བྱར་སྣང་བ་གཟུགས་ཀྱི་སྐུ། །ལོག་རྟོག་དབང་གིས་ནམ་ཡང་མི་སྒྲིབ་གསོལ། །འདིས་མཚོན་དུས་གསུམ་བྱས་བསགས་རྣམ་དཀར་རྒྱུན། །འཁོར་གསུམ་རྟོག་པའི་རྙོག་མས་བསླད་མིན་པར། །ཡོངས་བསྔོ་རྒྱལ་བ་དགྱེས་པའི་ལམ་ཞུགས་ཏེ། །བྱང་ཆེན་རྒྱ་མཚོར་མཉམ་པ་ཉིད་གྱུར་ཅིག །དེ་ནས་གསོལ་བ་གདབ་པ་ནི། གང་གི་དྲིན་གྱིས་གནས་སྐབས་མཐར་ཐུག་གི། །ཕན་བདེའི་འདོད་པ་མ་ལུས་རྫོགས་མཛད་པའི། །ཡེ་ཤེས་སྐུ་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །མགོན་ཁྱོད་གཟོད་ནས་རྣམ་གྲོལ་མཆོག་བརྙེས་ཀྱང་། །སྙིང་རྗེ་ཆེན་པོས་སྲིད་པར་རྗེས་ཆགས་གར། །བདག་སོགས་འགྲོ་ངོར་དགེ་བའི་བཤེས་སུ་སྤྲུལ། །མདོ་རྒྱུད་ཀུན་ནས་སངས་རྒྱས་དངོས་སུ་བསྟན། །དོན་གྱི་དགོངས་པ་རྒྱལ་བ་ཀུན་དང་མཉམ། །མཛད་སྤྱོད་གང་ལའང་འཁྲུལ་པའི་དྲི་མ་བྲལ། །འབྲེལ་ཚད་དོན་ལྡན་རྣམ་ཐར་བསམ་མི་ཁྱབ། །བདག་ལ་སངས་རྒྱས་ལས་ཀྱང་བཀའ་དྲིན་ཆེ། །ཐུགས་རྗེས་གཟིགས་ཤིག་བླ་མ་རིན་པོ་ཆེ། །དུས་ཀྱིས་མནར་བའི་སྐྱེ་བོ་བདག་འདྲ་བ། །དལ་འབྱོར་ཐོབ་ཀྱང་དོན་མེད་གཡེང་བས་ཁྱེར། །བསམ་སྦྱོར་ཐམས་ཅད་ཚེ་འདིའི་ལག་ཆར་སོང་། །མ་རིག་དབང་གིས་ལས་འབྲས་འཆོལ་བར་སྤྱོད། །རྟག་འཛིན་གདོན་གྱིས་ལོ་བརྒྱར་སྡོད་རྩིས་ཤོམ། །སྐྱོན་རྟོག་རགས་པས་དག་སྣང་སྒོ་མོ་འགག །སངས་རྒྱས་དངོས་སྣང་བླ་མ་མི་རུ་བཟུང་། །གདམས་ཟབ་བསྟན་པའི་བཀའ་དྲིན་ངང་གིས་བརྗེད། །མཆེད་ལ་འཁུ་དང་མི་རུང་རྟོག་ངན་འགྱུས། །སྡོམ་དང་དམ་ཚིག་འཆལ་བར་གྱུར་བ་ཡིས། །ཐར་པའི་སྐབས་མེད་རྨུ་རྒོད་བདག་འདྲ་ལ། །ཐུགས་རྗེས་གཟིགས་ཤིག་དྲིན་ཆེན་སྤྲུལ་པའི་སྐུ། །དུས་འདི་ནས་བཟུང་བྱང་ཆུབ་སྙིང་པོའི་བར། །ཁྱོད་མིན་བདག་ལ་སྐྱབས་གཞན་མ་མཆིས་པས། །འབྲལ་མེད་ཡེ་ཤེས་གཟིགས་པས་རྗེས་དགོངས་ལ། །སེམས་རྒྱུད་ཆོས་དང་འདྲེས་པར་བྱིན་གྱིས་རློབས། །ཚེ་འདི་བློ་ཡིས་ཐོང་བར་བྱིན་གྱིས་རློབས། །ལོངས་མེད་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །ལས་ལ་ཡིད་ཆེས་སྐྱེ་བར་བྱིན་གྱིས་རློབས། །ལམ་ལ་བར་ཆད་མེད་པར་བྱིན་གྱིས་རློབས། །དག་སྣང་ཕྱོགས་མེད་འབྱོང་བར་བྱིན་གྱིས་རློབས། །བྱམས་དང་སྙིང་རྗེ་སྐྱེ་བར་བྱིན་གྱིས་རློབས། །ཉིན་མཚན་ཆོས་ཀྱིས་འདའ་བར་བྱིན་གྱིས་རློབས། །བསླབ་སྡོམ་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །ཅི་བྱས་གཞན་དོན་འགྱུར་བར་བྱིན་གྱིས་རློབས། །གཉུག་མའི་གནས་ལུགས་རྟོགས་པར་བྱིན་གྱིས་རློབས། །ཐུགས་ཡིད་གཅིག་ཏུ་འདྲེས་པར་བྱིན་གྱིས་རློབས། །དོན་གཉིས་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །རྗེ་བཙུན་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །ཞེས་མོས་གུས་ཀྱི་རྟོགས་པ་གོང་འཕེལ་དུ་མ་གྱུར་གྱི་བར་དུ་གདུང་ཤུགས་དྲག་པོས་གསོལ་བ་གདབ་སྐབས་འདིར་སྤྲོ་ན། རང་རང་གི་རྩ་བའི་བླ་མའི་གསོལ་འདེབས་བྱེ་བྲག་པ་རྣམས་ཀྱང་འདོན་ཞིང་། ༀ་ཨཱཿགུ་རུ་བཛྲ་ས་ཏྭ་ཧཱུྃ། ཞེས་པའང་ཅུང་ཟད་བཟླ། མཐར་དབང་བཞི་ལེན་པ་ནི། དཔལ་ལྡན་རིགས་ཀུན་ཁྱབ་བདག་རྡོ་རྗེ་སེམས། །དྲན་པས་བདེ་སྟེར་མཚུངས་མེད་ཆོས་ཀྱི་རྗེ། །བདག་སོགས་འགྲོ་ལ་མཁྱེན་བརྩེས་རྗེས་དགོངས་ནས། །སྨིན་གྲོལ་དབང་དང་དངོས་གྲུབ་སྩལ་དུ་གསོལ། །རིགས་འདུས་བླ་མའི་སྐུ་ཡི་གནས་བཞི་ནས། །འོད་ཟེར་བྱུང་བ་བདག་གི་གནས་བཞིར་ཐིམ། །དབང་བསྐུར་སྒྲིབ་དག་ལམ་བཞིའི་རྟེན་འབྲེལ་སྒྲིགས། །སྐུ་བཞིའི་གོ་འཕང་རྒྱུད་ལ་བཞག་པར་གྱུར། །མཐར་ནི་བླ་མ་འོད་ཞུ་རང་ལ་ཐིམ། །གཟུང་འཛིན་རྟོག་པས་མ་བསླད་གཉུག་མའི་གཤིས། །རིག་སྟོང་ཆོས་ཟད་དགོངས་པ་བླ་མའི་ཞལ། །མ་བཅོས་རྫོགས་པ་ཆེན་པོའི་ཀློང་དུ་ཨཿ། །ཞེས་མོས་ལ་ཅི་ནུས་སུ་མཉམ་པར་བཞག་རྗེས། གཟུགས་སྣང་ཐམས་ཅད་གསལ་སྟོང་བླ་མའི་སྐུ། །གྲགས་སྟོང་སྐྱེ་མེད་རང་བྱུང་རྡོ་རྗེའི་སྒྲ། །དྲན་རྟོག་ཡེ་གྲོལ་ཀུན་བཟང་དགོངས་པའི་ཀློང་། །ཅིར་སྣང་དག་མཉམ་ཆོས་སྐུའི་རོལ་པར་ཤར། །དགེ་བ་འདི་ཡིས་བདག་སོགས་ཡིད་ཅན་འགྲོ། །འཁོར་ལོའི་མགོན་གྱིས་འབྲལ་མེད་རྗེས་བཟུང་ཞིང་། །དད་དང་དམ་ཚིག་བསྐྱེད་རྫོགས་མཐར་ཕྱིན་ནས། །རིགས་འདུས་བླ་མའི་གོ་འཕང་མྱུར་ཐོབ་ཤོག །ཅེས་དང་། བླ་མ་ཡི་དམ་ལྷ་ཚོགས་དགོངས་སུ་གསོལ། །ཞེས་སོགས་ཇི་ལྟར་རིགས་པའི་བསྔོ་སྨོན་གྱིས་མཚམས་སྦྱར་ནས། མོས་གུས་བླ་མའི་ལམ་ཁྱེར་དང་མ་བྲལ་བར་བྱའོ། །ཞེས་པའང་དད་དམ་རྨད་བྱུང་བློ་གསལ་རཏྣའི་མིང་ཅན་གྱིས། ལུས་ཕྱག་འབུམ་ཐེར་གྱི་ཁས་ལེན་དང་བཅས་ནན་གྱིས་བསྐུལ་ངོར། ཞེ་ཆེན་པ་རྡོ་རྗེ་དབང་མཆོག་དགྱེས་པ་རྩལ་གྱིས་བྲིས་པ་རང་གཞན་ཀུན་གྱི་རྒྱུད་ལ་དཔལ་ལྡན་བླ་མའི་བྱིན་རླབས་མྱུར་དུ་འཇུག་པའི་རྒྱུར་གྱུར་ཅིག

རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་ལམ་རིམ་དང་འབྲེལ་བར་གསོལ་བ་འདེབས་པ་རྣམ་གྲོལ་དཔྱིད་ཐིག

༄༅། །རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་ལམ་རིམ་དང་འབྲེལ་བར་གསོལ་བ་འདེབས་པ་རྣམ་གྲོལ་དཔྱིད་ཐིག་ཅེས་བྱ་བ། ན་མོ་གུ་རུ་བཛྲ་ས་ཏྭ་ཡ། བདེ་ཆེན་ཡེ་ཤེས་རྡོ་རྗེའི་གཟི་བྱིན་གྱིས། །བརྟན་གཡོ་སྲིད་ཞིའི་དངོས་ཀུན་ཁྱབ་པའི་བདག །རིགས་ཀུན་བྱེད་པོ་བླ་མ་རྡོ་རྗེ་སེམས། །སྙིང་ནས་གསོལ་འདེབས་བུ་ལ་བརྩེ་བས་དགོངས། །རྙེད་དཀའི་དལ་འབྱོར་རིན་ཆེན་ཐོབ་དུས་འདིར། །མི་རྟག་འཆི་བ་སྙིང་ལ་ཞེན་པའི་མཐུས། །ཆོས་མིན་བསམ་སྦྱོར་སྐད་ཅིག་མི་སྐྱེ་ཞིང་། །བཅོས་མིན་ངེས་འབྱུང་སྐྱེ་བར་བྱིན་གྱིས་རློབས། །སྲོག་གི་ཕྱིར་ཡང་སྐྱབས་གསུམ་མི་འདོར་བར། །ཐེག་ཆེན་ལམ་རྩ་བྱང་ཆུབ་སེམས་གཉིས་འབྱོངས། །སྒྲིབ་སྦྱོང་ཚོགས་བསགས་བླ་མའི་ལམ་ཁྱེར་གྱིས། །དགོངས་བརྒྱུད་ཡེ་ཤེས་འཕོ་བར་བྱིན་གྱིས་རློབས། །ལམ་གྱི་གཞི་རྟེན་བླ་མ་སངས་རྒྱས་ཀྱིས། །རྗེས་བཟུང་མཉེས་པས་ལེགས་བསྟེན་གསང་མཛོད་བརྡོལ། །དབང་བཞིས་རྒྱུད་སྨིན་དམ་ཚིག་རྣམ་པར་དག །རིམ་གཉིས་བརྟན་པ་ཐོབ་པར་བྱིན་གྱིས་རློབས། །ཕུང་ཁམས་སྐྱེ་མཆེད་གདན་གསུམ་ལྷ་སྐུར་སྨིན། །སྲོག་རྩོལ་བརྗོད་པ་སྒྲ་གྲགས་སྔགས་སུ་དག །འགྱུ་འཕྲོའི་དྲན་རྟོག་འོད་གསལ་ཆོས་སྐུར་གྲོལ། །རྡོ་རྗེའི་གསང་མཆོག་འགྲུབ་པར་བྱིན་གྱིས་རློབས། །ཁྱད་པར་རིག་སྟོང་ཟུང་འཇུག་རྫོགས་པ་ཆེ། །ཤེས་ཉམས་ཡིད་དཔྱོད་སྦུབས་ལས་ངེས་གྲོལ་ནས། །ཟག་བྲལ་བདེ་གསལ་མི་རྟོག་ཡེ་ཤེས་མདངས། །སྙིང་གི་དཔྱིད་དུ་སྨིན་པར་བྱིན་གྱིས་རློབས། །སྤྲོས་མཚན་ཀུན་བྲལ་ཀ་དག་གཞི་དབྱིངས་ཀློང་། །འོད་གསལ་ལྷུན་གྲུབ་གཏིང་གསལ་འགག་མེད་གདངས། །སྒྲོན་དྲུག་སྣང་བ་བཞི་ཡིས་མངོན་བྱས་ནས། །གཞོན་ནུ་བུམ་སྐུར་གྲོལ་བར་བྱིན་གྱིས་རློབས། །གཉིས་འཛིན་འཁྲུལ་རྟོག་སྐྱེ་མེད་དབྱིངས་སུ་ཆོད། །གཏི་མུག་ཉིང་འཁྲུལ་འོད་གསལ་ཀློང་དུ་ཐིམ། །སྐྱེ་འཆིའི་བར་ལག་བཙན་ཐབས་འཕོ་བས་སྦྲེེལ། །གདོད་མའི་གཏན་སྲིད་ཟིན་པར་བྱིན་གྱིས་རློབས། །མདོར་ན་འདི་ནས་བྱང་ཆུབ་མ་ཐོབ་པར། །མགོན་པོ་ཁྱོད་ལས་སྐྱབས་གཞན་མ་མཆིས་པས། །འབྲལ་མེད་ཡེ་ཤེས་གཟིགས་པས་རྗེས་དགོངས་ནས། །གྲུབ་གཉིས་པདྨོ་བཞད་པར་མཛད་དུ་གསོལ། །གནས་སྐབས་སུ་ཡང་མི་མཐུན་ཉེས་ཀུན་ཞི། །མཐུན་རྐྱེན་བསམ་འགྲུབ་བདག་སྣང་དབང་དུ་འདུས། །འབྲེལ་ཚད་དོན་ལྡན་བསྡུ་བཞིའི་ཕྲིན་ལས་རྒྱས། །དོན་གཉིས་མཐའ་རུ་ཕྱིན་པའི་བྱིན་རླབས་སྩོལ། །ངེས་གསང་བསྟན་དར་དེ་འཛིན་ཞབས་པད་བརྟན། །བཤད་སྒྲུབ་སྡེ་རྒྱས་བོད་ཡུལ་མཐའ་དབུས་བདེ། །རྫོགས་ལྡན་ཉི་མ་གསར་དུ་འཆར་བ་ཡི། །སྣང་བ་དམ་པས་འཇིག་རྟེན་མཛེས་གྱུར་ཅིག །ཅེས་པའང་རབ་ཚེས་ཆུ་བྱི་གསར་དུ་བཞད་པའི་དུས་ཚེས་དགེ་བར་རྡོ་རྗེ་དབང་མཆོག་དགྱེས་པ་རྩལ་གྱིས་བྲིས་ཤིང་གསོལ་བ་བཏབ་པ་དགེ །

ཡན་ལག་བདུན་པ་དང་འབྲེལ་བའི་སྡོམ་གསུམ་བཤགས་སྨོན་བདུད་རྩིའི་ཁྲུས་ཆབ།

༄༅། །ཡན་ལག་བདུན་པ་དང་འབྲེལ་བའི་སྡོམ་གསུམ་བཤགས་སྨོན་བདུད་རྩིའི་ཁྲུས་ཆབ་ཅེས་བྱ་བ་བཞུགས་སོ། །བླ་མ་དང་གཉིས་སུ་མེད་པའི་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བདེ་ཆེན་ཉམས་བརྒྱས་སྒེག་པའི་རོལ་རྩལ་ལས། །རབ་འབྱམས་དཀྱིལ་འཁོར་རྒྱ་མཚོ་སྤྲོ་བསྡུའི་དཔྱིད། །སྐྱབས་ཀུན་འདུས་ཞལ་བླ་མ་རྡོ་རྗེ་སེམས། །མོས་པའི་ཡིད་མཁར་མངོན་སུམ་བཞུགས་པར་གྱུར། །བདག་གཞན་འགྲོ་ཀུན་རྡུལ་སྙེད་ལུས་སྤྲུལ་ནས། །སོར་བཅུའི་པདྨོ་ཚངས་གནས་རྒྱན་བཀོད་དེ། །ཡོན་ཏན་རྗེས་དྲན་སྙན་པའི་བསྟོད་དབྱངས་བཅས། །སྒོ་གསུམ་འཇུག་པ་གཅིག་པས་ཕྱག་བགྱིའོ། །དོན་གཉིས་མཐར་ཕྱིན་རྣམ་འདྲེན་རྫོགས་སངས་རྒྱས། །ཆགས་བྲལ་ངོ་བོ་བདེན་གཉིས་དམ་པའི་ཆོས། །རིག་གྲོལ་གཉིས་ལྡན་ཚོགས་མཆོག་དགེ་འདུན་ཏེ། །སྐྱབས་གནས་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཆོས་སྐུ་མཁའ་འདྲ་སྤྲོས་པའི་མཐའ་ལས་འདས། །རང་བཞིན་འོད་གསལ་ལོངས་སྐུ་འགག་པ་མེད། །གདུལ་བྱའི་ཡུལ་ལ་གང་འདུལ་སྤྲུལ་སྐུར་སྟོན། །སྐུ་གསུམ་མཉམ་ཉིད་བླ་མར་ཕྱག་འཚལ་ལོ། །བྱིན་རླབས་སྤྲིན་འཁྲིགས་རྩ་རྒྱུད་བླ་མའི་ཚོགས། །དངོས་གྲུབ་ཆར་འབེབས་ཡི་དམ་ཞི་དང་ཁྲོ། །ཕྲིན་ལས་ཐོགས་མེད་མཁའ་འགྲོ་ཆོས་སྐྱོང་སོགས། །རབ་འབྱམས་རྩ་གསུམ་ལྷ་ལ་ཕྱག་འཚལ་ལོ། །མཁྱེན་པའི་ཡེ་ཤེས་གཏིང་མཐའ་མི་དཔོག་ཅིང་། །བརྩེ་བའི་ཐུགས་རྗེ་གདུལ་བྱའི་དཔལ་དུ་ཤར། །ནུས་མཐུ་ཚད་མེད་འགྲོ་ཀུན་སྐྱོབ་པའི་གཉེན། །སྐྱབས་འོས་ཡོངས་ལ་གུས་པས་ཕྱག་འཚལ་ལོ། །སྣོད་བཅུད་སྲིད་ཞིའི་དཔལ་འབྱོར་ཕུན་ཚོགས་སྤྲིན། །བདག་པོས་བཟུང་དང་མ་བཟུང་ཇི་སྙེད་པ། །བློ་ཡིས་བླངས་དང་ཡིད་ཀྱིས་སྤྲུལ་བྱས་ནས། །སྲིད་པ་ཇི་སྲིད་གནས་བར་མཆོད་པར་བགྱི། །ཁྱད་པར་བདག་ལུས་ཕུང་ཁམས་སྐྱེ་མཆེད་རིགས། །དུས་གསུམ་བྱས་བསགས་རྣམ་དཀར་དགེ་བའི་རྒྱུན། །འཁོར་གསུམ་སྤྲོས་པའི་མཚན་མ་མ་དམིགས་བཞིན། །འོད་གསལ་ཆོས་དབྱིངས་ཆེན་པོར་འབུལ་བར་བགྱི། །བདག་ནི་སྐྱབས་མཆོག་རྣམས་ཀྱི་བྲན་གྱུར་ཕྱིར། །དེང་ནས་དམན་པའི་བྱ་བ་མི་བགྱིད་ཅིང་། །སྲས་བཅས་རྒྱལ་བ་དགྱེས་པའི་བརྟུལ་ཞུགས་ནི། །སྲོག་གི་ཕྱིར་ཡང་མི་འདོར་གཡར་དམ་འཆའ། །བདག་གཞན་ཐོག་མེད་དུས་ནས་ད་ལྟའི་བར། །མི་ཤེས་ཉོན་མོངས་བག་མེད་མ་གུས་པས། །བཅས་དང་རང་བཞིན་ཁ་ན་མ་ཐོ་བའི། །ནོངས་པ་བགྱིས་ཀུན་སྙིང་ནས་བཤགས་པར་བགྱི། །ཕམ་པ་བཞི་དང་ལྷག་མ་བཅུ་གསུམ་གྲངས། །སྤང་ལྟུང་སུམ་ཅུ་ལྟུང་བྱེད་བཅུ་ཕྲག་དགུ། །སོར་བཤགས་བཞི་དང་ཉེས་བྱས་སྡེ་ཚན་རིགས། །སོ་ཐར་སྡོམ་པ་ཉམས་པ་མཐོལ་ལོ་བཤགས། །དཀར་ནག་ཆོས་བཞིར་བླང་དོར་མ་བགྱིས་དང་། །རྩ་ལྟུང་གཅིག་བཞི་བཅོ་བརྒྱད་ཉི་ཤུའི་གྲངས། །ཉེས་བྱས་ཕྲ་བའི་སྡེ་ཚན་ལ་ཞུགས་སོགས། །བྱང་སེམས་བསླབ་པ་ཉམས་པ་མཐོལ་ལོ་བཤགས། །རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་དང་། །ཡན་ལག་དམ་ཚིག་ཆེན་པོ་ཉི་ཤུ་ལྔ། །སྤྱི་དང་ཁྱད་པར་ལྷག་པས་བསྡུས་པ་ཡི། །གསང་སྔགས་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཁྱད་པར་དབང་བཞིའི་ལམ་ཁྱེར་མི་ལྡན་ཞིང་། །བླ་མའི་ཐུགས་འགལ་གསང་བ་གཞན་ལ་སྤེལ། །མཆེད་ལ་འཁུ་དང་མི་རུང་རྟོག་ངན་འགྱུས། །ཉམས་དང་འདྲེས་སོགས་ནོངས་པ་ཅི་མཆིས་བཤགས། །མདོར་ན་རིགས་ཁམས་ཆོས་ཉིད་དག་པའི་གཤིས། །གློ་བུར་འཁྲུལ་པས་བསླད་པའི་སྒྲིབ་པའི་ཚོགས། །སྙིང་ནས་འགྱོད་པས་བཤགས་ཤིང་སྡོམ་བགྱིད་ན། །དག་ཚངས་ཁྲུས་ཀྱི་ཆོ་ག་དེང་འདིར་རྩོལ། །འཕགས་དང་སོ་སོ་སྐྱེ་བོའི་རྣམ་དཀར་རྒྱུན། །དུས་གསུམ་བྱས་དང་བྱེད་འགྱུར་བགྱིད་རྣམས་དང་། སྲས་བཅས་རྒྱལ་བའི་རླབས་ཆེན་མཛད་ཀུན་ལ། །སྙིང་ནས་དགའ་བས་རྗེས་སུ་ཡི་རང་ངོ་། །རྫོགས་སངས་རྒྱས་ནས་རིང་པོར་མ་ལོན་དང་། །དེ་བཞིན་རྒྱལ་སྲས་ཉན་ཐོས་འཕགས་པའི་ཚོགས། །དགེ་བའི་བཤེས་སོགས་གང་ན་སུ་བཞུགས་པ། །དེ་དག་ཀུན་ལ་ཆོས་འཁོར་བསྐོར་བར་བསྐུལ། །གང་དག་མྱ་ངན་འདའ་བར་བཞེད་ཀུན་ལ། །ཉམ་ཐག་འགྲོ་རྣམས་ལྡང་བར་མི་འགོད་པར། །སྲིད་པ་ཇི་སྲིད་གནས་བར་དེ་སྲིད་དུ། །གཟུགས་སྐུ་རྡོ་རྗེ་ལྟ་བུར་བརྟན་བཞུགས་གསོལ། །འདིས་མཚོན་དུས་གསུམ་དགེ་བའི་དངོས་པོ་ཀུན། །སྲས་བཅས་རྒྱལ་བའི་དགོངས་པ་ཇི་བཞིན་དུ། །བླ་མེད་བྱང་ཆུབ་སྙིང་པོར་བསྔོ་བགྱིད་ན། །འགྲོ་ཀུན་ཐེག་མཆོག་སྙིང་པོའི་འབྲས་ཐོབ་ཤོག །བདག་གཞན་འདི་ནས་བྱང་ཆུབ་མ་ཐོབ་བར། །མི་ཁོམ་བརྒྱད་དུ་ནམ་ཡང་མི་སྐྱེ་ཞིང་། །དལ་འབྱོར་ཡོན་ཏན་རྫོགས་པའི་རྟེན་ཐོབ་ནས། །མཐུན་རྐྱེན་འཁོར་ལོ་བཞི་ཡིས་འབྱོར་གྱུར་ཅིག །ཐེག་མཆོག་རིགས་སད་དགེ་བའི་བཤེས་ཀྱིས་ཟིན། །ཚུལ་གནས་ཐོས་བསམ་སྒོམ་པའི་བློ་གྲོས་རྒྱས། །དད་བརྩེ་ཤེས་རབ་ལྷག་པའི་བསམ་པ་སོགས། །བསླབ་གསུམ་ཡོན་ཏན་ཉིན་བཞིན་གོང་འཕེལ་ཤོག །ངེས་པར་འབྱུང་བའི་ཚུལ་ཁྲིམས་རྣམ་པར་དག །གཞན་ཕན་བྱང་ཆུབ་སེམས་ཀྱི་གཏེར་ཁ་འབྱེད། །རིམ་གཉིས་ལམ་གྱི་འབྲས་བུ་མངོན་གྱུར་ནས། །ཚེ་གཅིག་གདོད་མའི་རྒྱལ་སར་དབང་འབྱོར་ཤོག །ཐུབ་གསུང་མཐའ་དག་འགལ་མེད་གཅིག་ཏུ་གོ །གྲུབ་མཐའ་གང་ལའང་ཕྱོགས་ལྷུང་ཆགས་སྡང་བྲལ། །སྒོ་གསུམ་ཅི་བྱེད་གཞན་དོན་འབའ་ཞིག་འགྱུར། །རང་གཞན་དོན་གཉིས་འབད་མེད་ལྷུན་གྲུབ་ཤོག །ཁྱད་པར་ཐེག་མཆོག་སྙིང་པོའི་ལམ་གྱི་སྲོག །བརྒྱུད་གསུམ་བླ་མའི་བྱིན་རླབས་སྙིང་ལ་ཞུགས། །རིག་སྟོང་ཡེ་ཤེས་ཆེན་པོ་ཁོང་ནས་ཤར། །བློས་བྱས་ཡིད་དཔྱོད་འཆིང་བ་རང་གྲོལ་ཤོག །སྣང་གྲགས་རྟོག་ཚོགས་དཀྱིལ་འཁོར་གསུམ་དུ་ཤར། །ཀ་དག་ལྷུན་གྲུབ་ཉམས་ལེན་མཐའ་རུ་ཕྱིན། །འདི་ཕྱི་བར་དོའི་གྲོལ་ཚད་མངོན་དུ་གྱུར། །སྙིང་པོའི་བསྟན་ལ་བྱ་བ་བྱེད་ནུས་ཤོག །ཕན་བདེའི་གཞིར་གྱུར་ཐུབ་བསྟན་ཡུན་དུ་གནས། །དེར་འཛིན་ཞབས་བརྟན་བཞེད་དོན་ལྷུན་གྱིས་གྲུབ། །རྒྱལ་ཁམས་བདེ་སྐྱིད་དགེ་བཅུའི་སྣང་བ་རྒྱས། །ཕན་བདེའི་དཔལ་ལ་སྤྱོད་པའི་བཀྲ་ཤིས་ཤོག །ཅེས་པའང་རྣམ་པར་དཀར་བའི་ཐུགས་སྨོན་ཅན། ར་སྤྲུལ་འཇམ་དབྱངས་བློ་གྲོས་ཆོས་འཕེལ་གྱི་བཞེད་སྐོང་དུ། ཤཱཀྱའི་དགེ་སྦྱོང་འདུ་གསུམ་སྤྱོད་པ་འགྱུར་མེད་པདྨ་རྣམ་རྒྱལ་གྱིས་ས་རྟ་ཟླ་བ་གཉིས་པའི་ཚེས་བཅུ་ལ་བདེ་ཆེན་པདྨ་འོད་གླིང་གི་དབེན་སྤྱིལ། བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ་བྲིས་པ་འབྲེལ་བཅས་རྣམ་མཁྱེན་ཀྱི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག

བླ་མ་རྡོ་རྗེ་སེམས་དཔའ་ལ་བརྟེན་ནས་བཤགས་སྡོམ་བྱ་ཚུལ་མདོར་བསྡུས།

༄༅། །ན་མོ་གུ་རུ་བཛྲ་ས་ཏྭ་ཡ། འདིར་བླ་མ་རྡོ་རྗེ་སེམས་དཔའ་ལ་བརྟེན་ནས་བཤགས་སྡོམ་བྱ་ཚུལ་མདོར་བསྡུས་ནི། སྐྱབས་སེམས་སྔོན་དུ་འགྲོ་བས། ཨཱཿརང་ལུས་ཐ་མལ་སྤྱི་བོར་པད་ཟླའི་སྟེང་། །རིགས་ཀུན་ཁྱབ་བདག་རྩ་བའི་བླ་མ་ནི། །རྣམ་རོལ་མ་འགགས་བཅོམ་ལྡན་རྡོ་རྗེ་སེམས། །དཀར་གསལ་ཞི་འཛུམ་མཚན་དཔེའི་གཟི་བྱིན་འབར། །ཞལ་གཅིག་ཕྱག་གཉིས་ཐབས་ཤེས་རྡོར་དྲིལ་འཛིན། །ལོངས་སྐུའི་རྒྱན་རྫོགས་རང་འོད་ཡུམ་དང་འཁྲིལ། །གནས་གསུམ་རྡོ་རྗེའི་འབྲུ་གསུམ་འོད་ཟེར་གྱིས། །དཀོན་མཆོག་རྩ་གསུམ་རབ་འབྱམས་དཀྱིལ་འཁོར་སྤྲིན། །ཁྱད་པར་རང་ལ་དབང་བསྐུར་རྒྱུད་བཤད་དང་། །མན་ངག་ལུང་འབོག་དམ་ཚིག་སྐོང་བ་ཡི། །བླ་མ་མཆེད་ལྕམ་རྡོ་རྗེའི་སྤུན་གྲོགས་ཚོགས། །འོག་མིན་ཞིང་དང་རང་རང་གར་བཞུགས་ནས། །སྤྱན་དྲངས་དམ་ཚིག་རྟེན་དང་དབྱེར་མེད་འདྲེས། །སྐྱབས་ཀུན་འདུས་པའི་ངོ་བོར་ལྷམ་མེར་གསལ། །གང་མཚན་ཐོས་དང་དྲན་པ་ཙམ་གྱིས་ཀྱང་། །ཐོག་མེད་ནས་བསགས་ཀུན་དཀྲིས་འཆིང་བའི་ཚོགས། །གཅིག་ཅར་གཅོད་མཛད་བླ་མ་རྡོ་རྗེ་སེམས། །སྙིང་ནས་གསོལ་བ་འདེབས་སོ་ཐུགས་རྗེས་དགོངས། །ཀྱེ་མ་ཀྱི་ཧུད་ཉམ་ཐག་བདག་ལྟ་བུ། །མ་རིག་དབང་གིས་དགེ་སྡིག་དོན་མ་རྟོགས། །དད་མོས་ཆུང་བས་བཀའ་ལུང་ཁྱད་དུ་གསོད། །བག་མེད་དབང་གིས་སྲུང་མཚམས་འཆོལ་བར་སྤྱད། །ཉོན་མོངས་རྐྱེན་གྱིས་འཕགས་ལ་མི་མཉེས་སྒྲུབ། །སྡོམ་དང་དམ་ཚིག་ཕྱལ་བར་གྱུར་བ་དང་། །ཉམས་དང་ཚོགས་འདྲེས་མཆེད་ལ་འཁུ་བ་སོགས། །བཅས་དང་རང་བཞིན་ཉམས་པའི་སྡིག་ལྟུང་ཀུན། །སྙིང་ནས་འགྱོད་པས་བཤགས་ཤིང་སྡོམ་བགྱིད་ན། །དག་ཚངས་ཁྲུས་ཀྱི་དངོས་གྲུབ་སྩལ་ཏུ་གསོལ། །གཏུམ་པོ་རྣམས་ཀྱང་མཆོད་ན་བརྩེ་བྱེད་ན། །བྱམས་ཆེན་མགོན་རྣམས་ཅི་ཕྱིར་དགོངས་མི་མཛད། །བདག་ནི་སྡིག་ཀུན་མ་བྱང་འགུམ་གྱུར་ན། །ཡུན་རིང་དམྱལ་མེ་བཟོད་དཀས་བསྲེག་པར་ཟད། །འདི་ལས་སྐྱོབས་ཤིག་རྗེ་བཙུན་རིན་པོ་ཆེ། །རང་གིས་ནོངས་ཞེས་བཏང་སྙོམས་མཛད་ན་ཀོ། ཐུགས་རྗེ་ཅན་གྱིས་ཐུགས་རྗེ་ཇི་ལྟར་རུང་། །སྡིག་འདི་དེ་རིང་ཉིད་ནས་སྦྱོང་དུ་གསོལ། །སྐྱབས་མེད་བདག་ལ་སྐྱོབ་པ་གཞན་མ་མཆིས། །ཐུགས་རྗེས་ཟུངས་ཤིག་བླ་མ་རིན་པོ་ཆེ། །མགོན་མེད་ཡལ་བར་མ་དོར་དྲིན་ཆེན་རྗེ། །ལྡང་བའི་དུས་ཐབས་དེང་འདིར་བསྟན་དུ་གསོལ། །ཞེས་པས་གསོལ་བཏབ་བླ་མའི་ཞབས་མཐིལ་ནས། །བདུད་རྩིའི་རྒྱུན་བབས་རང་ལུས་བཀྲུས་ཤིང་ཁེངས། །སྒྲིབ་དག་དབང་ཐོབ་སྐུ་བཞིའི་ས་བོན་གསོས། །མཐར་ནི་དགྱེས་པས་དབུགས་དབྱུང་རང་ལ་ཐིམ། །རང་ཡང་འོད་ཞུ་མི་དམིགས་སྤྲོས་བྲལ་དབྱིངས། །འཁོར་གསུམ་རྟོག་པས་མ་བསླད་གཉུག་མའི་གཤིས། །དོན་དམ་བླ་མ་རྡོ་རྗེ་སེམས་དཔའི་ཞལ། །བློ་འདས་རྫོགས་པ་ཆེན་པོའི་ཀློང་དུ་ཨཿ། །རྗེས་ཐོབ་ཅིར་སྣང་རྡོ་རྗེ་སེམས་དཔའི་སྐུ། །སྒྲ་གྲགས་ཐམས་ཅད་བཛྲ་ས་ཏྭའི་དབྱངས། །དྲན་རྟོག་ཡེ་གྲོལ་ཟང་ཀ་རྒྱལ་བའི་ཐུགས། །རྡོ་རྗེ་གསུམ་གྱི་རྣལ་འབྱོར་ཨེ་མ་ཧོ། །དགེ་བ་འདི་སོགས་དང་། དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལ། །སོགས་དང་། སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་སོགས་ཇི་ལྟར་རིགས་པའི་བསྔོ་སྨོན་གྱིས་མཚམས་སྦྱར་ནས་ཐུན་མཚམས་ཀྱི་སྤྱོོད་ལམ་ཀུན་དོན་ཡོད་པར་བྱའོ། །ཞེས་པའང་རྣལ་འབྱོར་གྱི་དབང་ཕྱུག་དམ་པ་སྨན་ལྷའི་ལྕམ་གྱི་གསུང་བསྐུལ་ངོར། ཞེ་ཆེན་པ་འགྱུར་མེད་པདྨ་བསྟན་འཛིན་གྱིས་བྲིས་པ་དགེ །

རྒྱུན་གྱི་བསང་མཆོད་འདུད་རྩིའི་སྤྲིན་ཆར།

༄༅། །རྒྱུན་གྱི་བསང་མཆོད་འདུད་རྩིའི་སྤྲིན་ཆར་བཞུགས། ན་མོ་པདྨཱ་ཀ་ར་ཡེ། འདིར་རྒྱུན་བསང་མདོར་བསྡུས་སུ་བྱ་བར་སྤྲོ་ན། སྐྱབས་སེམས་སྔོན་དུ་འགྲོ་བས། ཧཱུྃ། ཀ་དག་ལྷུན་གྲུབ་ཟུང་འཇུག་རིག་པའི་རྩལ། །རྣམ་རོལ་མ་འགགས་པདྨ་ཐོད་ཕྲེང་རྩལ། །དམ་ཡེ་དབྱེར་མེད་གདོད་ནས་ལྷུན་གྱིས་གྲུབ། །སྲིད་ཞི་ཀུན་ཁྱབ་འཇའ་ཟེར་ཀློང་ན་རོལ། །ཐུགས་སྲོག་འོད་ཀྱིས་མཆོད་རྫས་དངོས་འཛིན་སྦྱངས། །ཟག་མེད་བདེ་སྟོང་ཡེ་ཤེས་བདུད་རྩིའི་ཟེར། །རང་རང་ཡིད་ལ་གང་བཞེད་འདོད་དགུའི་ཆར། །མི་གཙང་ཉེས་ཀུན་སེལ་བའི་མཐུ་ལྡན་གྱུར། །རྃ་ཡྃ་ཁྃ། ༀ་ཨཱཿཧཱུྃ། ཧཱུྃ། ཆོས་ཀུན་གདོད་ནས་རོ་མཉམ་བདེ་བ་ཆེ། །དངོས་གཅིག་དུ་མར་འཆར་བའི་རོལ་གར་ལས། །འདས་དང་མ་འདས་སྣ་ཚོགས་སྐུར་སྟོན་པའི། །འཁོར་འདས་མགྲོན་གྱུར་མ་ལུས་གཤེགས་སུ་གསོལ། །རང་མཐུན་དགྱེས་པའི་གདན་ལ་བརྟན་པར་བཞུགས། །ཕྱི་མཆོད་འདོད་ཡོན་བཀྲ་ཤིས་རྫས་རྟགས་བརྒྱད། །རིན་ཆེན་སྣ་བདུན་ལྷ་མིའི་འབྱོར་པའི་ཚོགས། །ཟག་མེད་འདོད་ཡོན་ལོངས་སྤྱོད་མི་ཟད་རྒྱན། །ཀུན་བཟང་མཆོད་པའི་སྤྲིན་གྱིས་མཉེས་པར་བགྱི། །འཁོར་འདས་ཆོས་ཀུན་དག་མཉམ་ཆོས་སྐུའི་རྩལ། །ཕུང་ཁམས་སྐྱེ་མཆེད་གདན་གསུམ་ལྷའི་འཁོར་ལོར། །མ་དག་མཚན་མ་རྡུལ་ཙམ་མ་དམིགས་པས། །དག་པ་རབ་འབྱམས་དཀྱིལ་འཁོར་ཆེན་པོར་བསྟོད། །ཀྱེ། རིན་ཆེན་འབྲུ་སྨན་བཟང་ཤིང་ཕྱེ་མར་སྤོས། །འབར་བྱེད་མེ་དང་སྦྱར་བའི་དུད་པའི་སྤྲིན། །ཟག་མེད་བསང་མཆོད་བདུད་རྩིའི་སྨན་གྱི་ཆར། །མི་གཙང་ཉེས་ཀུན་སེལ་བའི་ཆུ་རྒྱུན་འདིས། །རིགས་ཀུན་ཁྱབ་བདག་གདོད་མའི་མགོན་པོ་མཆོག །དཀྱིལ་འཁོར་ཀུན་གྱི་དབང་ཕྱུག་ཧེ་རུ་ཀཿ། །དྲན་པས་གདུང་སེལ་མཚུངས་མེད་ཆོས་ཀྱི་རྗེ། །བསང་ངོ་མཆོད་དོ་བདག་རྒྱུད་བྱིན་གྱིས་རློབས། །དོན་གཉིས་མཐར་ཕྱིན་རྣམ་མཁྱེན་རྫོགས་སངས་རྒྱས། །བདེན་གཉིས་ཟུང་འབྲེལ་ལུང་རྟོགས་དམ་པའི་ཆོས། །རིག་གྲོལ་ཡོན་གནས་རྨད་བྱུང་འཕགས་ཚོགས་སྡེ། །བསང་ངོ་མཆོད་དོ་སྐྱེ་ཀུན་འབྲལ་མེད་མཛོད། །སྔ་འགྱུར་བཀའ་གཏེར་བཀའ་གདམས་ལམ་འབྲས་པ། །མར་ཤངས་བཀའ་བརྒྱུད་ཞི་གཅོད་སྦྱོར་བ་དྲུག །ཨོ་རྒྱན་བསྙེན་སྒྲུབ་བརྒྱུད་པའི་བླ་མའི་ཚོགས། །བསང་ངོ་མཆོད་དོ་སྨིན་གྲོལ་དངོས་གྲུབ་སྩོལ། །འདུས་པ་མདོ་དང་སྒྱུ་འཕྲུལ་སྒྲུབ་སྡེ་བརྒྱད། །བདེ་དགྱེས་གསང་གསུམ་དུས་ཀྱི་འཁོར་ལོ་སོགས། །རྒྱུད་སྡེ་བཞི་དྲུག་ཡི་དམ་ལྷ་ཚོགས་རྣམས། །བསང་ངོ་མཆོད་དོ་གྲུབ་གཉིས་ཆར་དུ་བསྙིལ། །གསང་བ་ཡེ་ཤེས་ཕག་ཁྲོས་སེང་གསུམ་སོགས། །ཡེ་ཤེས་ལས་དང་འཇིག་རྟེན་ཚུལ་སྟོན་པའི། །གནས་གསུམ་དཔའ་བོ་མཁའ་འགྲོ་བྱེ་བའི་ཚོགས། །བསང་ངོ་མཆོད་དོ་རྡོ་རྗེའི་ཡེ་ཤེས་བསྐྱེད། །མ་མགོན་གཟའ་རྡོར་ཞིང་སྐྱོང་དབང་མོ་སོགས། །རིག་འཛིན་བརྒྱུད་པའི་ཐ་ཚིག་ལ་གནས་ཤིང་། །བཀའ་དང་བསྟན་སྐྱོང་དམ་ཚིག་རྗེས་གཅོད་པའི། །རྒྱུད་གསུམ་དམ་ཅན་ཆོས་སྐྱོང་དཀར་ཕྱོགས་སྐྱོང་། །བསང་ངོ་མཆོད་དོ་ལས་བཞིའི་ཕྲིན་ལས་མཛོད། །དཔལ་མགོན་བདུན་ཅུ་དགེ་བསྙེན་ཉེར་གཅིག་དང་། །བསྟན་སྐྱོང་ཡ་མ་རྟག་ཅིང་ཁྱབ་པའི་ལྷ། །ལོ་ཟླ་ཞག་དུས་ཚེས་ལ་དབང་བ་རྣམས། །བསང་ངོ་མཆོད་དོ་སྟོང་གྲོགས་གཡེལ་མེད་མཛོད། །ཁྱད་པར་ཕྱོགས་འདིར་གནས་པའི་ལྷ་ཀླུ་གཉན། །ཡུལ་ལྷ་གཞི་བདག་འགོ་བའི་ལྷ་སྲུང་རིགས། །བརྟེན་ཅིང་མཆོད་པའི་འོས་གྱུར་མ་ལུས་པ། །བསང་ངོ་མཆོད་དོ་མཐུན་རྐྱེན་ཡིད་བཞིན་སྒྲུབས། །གཞན་ཡང་སྐྱེ་བཞི་བརྒྱུད་ལྔའི་ཕ་མ་འགྲོ། །གནོད་བྱེད་ལན་ཆགས་ཤ་འཁོན་གཉེར་ལ་སོགས། །སྣང་སྲིད་མགྲོན་དུ་གྱུར་པ་ཅི་མཆིས་པ། །བསང་ངོ་མཆོད་དོ་ཞི་དང་བདེ་ལེགས་མཛོད། །ཧཱུྃ། གདོད་ནས་ཡེ་གྲོལ་ཀུན་ཏུ་བཟང་མོའི་ཀློང་། །མ་དག་ཉེས་པའི་དྲི་མ་མ་དམིགས་ཀྱང་། སྒྱུ་མ་མཁན་གྱི་སྒྱུ་མའི་རོལ་གར་བཞིན། །ཀུན་རྫོབ་མ་དག་འཁྲུལ་པའི་ཉེས་ཀུན་བསང་། །ངེས་འབྱུང་རྣམ་པར་དག་པའི་ཆུ་གཏེར་ལས། །ཉེར་ཐོན་དད་སོགས་འཕགས་ནོར་རྣམ་བདུན་གྱིས། །རང་རྒྱུད་ཉེས་པའི་དྲི་མས་ནོངས་པ་ཀུན། །བསང་ངོ་ཐར་གྲོལ་ཡོན་གྱིས་འབྱོར་པར་མཛོད། །རྨད་བྱུང་བྱང་ཆུབ་སེམས་ཀྱི་སྤྲིན་ཆེན་ལས། །ལེགས་འོངས་རླབས་ཆེན་ཕྱིན་དྲུག་སྤྱོད་པ་ཡིས། །རང་དོན་ཡིད་བྱེད་འཁྲུལ་པའི་དྲི་མ་ཀུན། །བསང་ངོ་རྫོགས་སྨིན་སྦྱངས་པ་མཐར་ཕྱིན་མཛོད། །དབང་བཞིའི་སྨིན་པའི་རིགས་ཁམས་ས་བོན་མཆོག །རིམ་གཉིས་ལམ་གྱིས་སྨིན་པའི་འབྲས་བཟང་གིས། །རྩ་བ་ཡན་ལག་དམ་ཚིག་ཉམས་ཆག་ཀུན། །བསང་ངོ་ཚེ་གཅིག་རྫོགས་སངས་རྒྱས་པར་མཛོད། །ཡེ་གྲོལ་རིག་པ་རང་བྱུང་རྫོགས་པ་ཆེ། །ལྟ་སྒོམ་སྤྱོད་པའི་འཛིན་ཞེན་རང་གྲོལ་འདིས། །གཟུང་འཛིན་སེམས་རྟོག་འཁྲུལ་པའི་བག་ཆགས་ཀུན། །བསང་ངོ་གདོད་མའི་རྒྱལ་ས་ཟིན་པར་མཛོད། །ཕྱི་སྣོད་རྣམ་དག་པདྨ་དྲྭ་བའི་ཞིང་། །ནང་བཅུད་འགྲོ་བ་ལྷ་དང་ལྷ་མོའི་དལ། །ཚོགས་དྲུག་ཡུལ་སྣང་ཞེན་མེད་ལོངས་སྤྱོད་རྫས། །དག་པ་རབ་འབྱམས་ཆེན་པོར་བསང་མཆོད་འབུལ། །དེ་ལྟར་བསང་མཆོད་ཕུལ་བའི་བསོད་ནམས་ཀྱིས། །བདག་གཞན་འགྲོ་ཀུན་ཚོགས་གཉིས་རབ་རྫོགས་ཤིང་། །དཀོར་དང་ལོག་འཚོ་དུས་མིན་འཆི་རྐྱེན་བྱང་། །ཚེ་དང་ཆོས་སྒྲུབ་མཐའ་རུ་ཕྱིན་པར་ཤོག །རྒྱལ་བསྟན་དར་ཞིང་དེར་འཛིན་སྐུ་ཚེ་བརྟན། །བཤད་སྒྲུབ་སྡེ་རྒྱས་གངས་ལྗོངས་མཐའ་དབུས་བདེ། །སྡེ་བཞིའི་དཔལ་འབྱོར་ཡར་ངོའི་ཟླ་ལྟར་འཕེལ། །རྫོགས་ལྡན་དང་པོའི་དགའ་བ་རྒྱས་གྱུར་ཅིག །དཀོན་མཆོག་བདེན་མཐུ་འགྲོ་བའི་རྒྱུད་ལ་ཞུགས། །འགྲོ་བའི་སྣང་བློ་དགེ་བའི་ཕྱོགས་སུ་སྤྲོ། །འཐབ་རྩོད་རྒུད་སོགས་མི་ཤིས་མིང་མི་གྲགས། །ཡིད་ལ་བསམ་པ་མཐའ་དག་འགྲུབ་གྱུར་ཅིག །བླ་མའི་ཐུགས་རྗེ་སློབ་མའི་རྒྱུད་ལ་སྐྱེ། །སློབ་མའི་དད་དམ་ལྟ་སྤྱོད་རྣམ་པར་དག །བླ་སློབ་མི་འབྲལ་བཤད་སྒྲུབ་ཆོས་ཀྱིས་འཚོ། །ཐེག་མཆོག་བསྟན་པ་དར་སྨིན་བཀྲ་ཤིས་ཤོག །ཅེས་བརྗོད་ཅིང་ནོངས་བཤགས་གཤེགས་གསོལ་སོགས་སྤྱི་ལྟར་བྱའོ། །ཅེས་པའང་བཟང་ལུང་པདྨ་ལྷ་རྩེ་ནས་བཀའ་བརྒྱད་བདེ་གཤེགས་འདུས་པའི་ཚོགས་ཁང་ཆེན་པོར་བསྐྱོད་པའི་སྐབས་སུ་རིག་འཛིན་གྱི་བཙུན་པ་བྱ་བྲལ་པ་རྡོ་རྗེ་དབང་མཆོག་དགྱེས་པ་རྩལ་གྱིས་གང་ཤར་ཡུད་ཙམ་ལ་བྲིས་པ་དགེ །

སྤྲོས་མེད་ནང་གི་བསང་མཆོད་ཅིར་སྣང་རྒྱན་ཤར།

༄༅། །སྤྲོས་མེད་ནང་གི་བསང་མཆོད་ཅིར་སྣང་རྒྱན་ཤར་བཞུགས། རང་རིག་སྐུ་གསུམ་ལྷ་ལ་འདུད། །རྣལ་འབྱོར་སྤྱོད་པ་ཀུ་སཱ་ལིས། །ཀུན་རྫོབ་སྤྲོས་བཅས་མ་ལྕོགས་ན། །སྤྲོས་མེད་དོན་གྱི་བསང་མཆོད་བྱ། །ན་མོ། རང་རིག་སྐུ་གསུམ་ལྷ་ཚོགས་ལ། །རང་ངོ་ཤེས་པས་སྐྱབས་སུ་མཆི། །འགྲོ་ཀུན་ཡེ་ནས་སངས་རྒྱས་པའི། །མཉམ་པ་ཆེན་པོར་སེམས་མཆོག་བསྐྱེད། །ཀ་དག་སྤྲོས་པ་བྲལ་བའི་ཀློང་། །ལྷུན་འགྲུབ་འགགས་མེད་རོལ་པའི་སྤྲིན། །སྣང་སྲིད་ལྷ་དང་གཞལ་ཡས་ཁང་། །འོད་གསལ་ཐིག་ལེ་གཅིག་ཏུ་རྫོགས། །རིག་སྟོང་སྐྱེ་མེད་གོས་དཀར་མོས། །གཟུང་འཛིན་རྣམ་དག་གཏོར་ཆུང་དང་། །དུག་ལྔ་རང་གྲོལ་མཁོ་དགུའི་རྫས། །ཚོགས་བརྒྱད་དག་པའི་གསེར་སྐྱེམས་ཕུད། །བདེ་བ་ཆེན་པོའི་ཀློང་དུ་བསྲེགས། །ཡེ་ཤེས་ཆེན་པོར་བྱིན་གྱིས་བརླབས། །བདེ་གསལ་མི་རྟོག་བསང་མཆོད་འདིས། །ངོ་བོ་ཀ་དག་ཆོས་ཀྱི་སྐུ། །རང་བཞིན་ལྷུན་གྲུབ་ལོངས་སྤྱོད་རྫོགས། །རིག་རྩལ་མ་འགགས་སྤྲུལ་པའི་སྐུ། །དཀོན་མཆོག་སྲི་ཞུའི་མགྲོན་རྣམས་ལ། །ཡེ་གྲོལ་ཆེན་པོའི་བསང་མཆོད་འབུལ། །རྩོལ་བྲལ་བློ་འདས་བྱིན་གྱིས་རློབས། །སྣང་བ་ཐབས་མཆོག་ཕོ་རྒྱུད་དང་། །སྟོང་པ་སྐྱེ་མེད་ལྷ་མོའི་ཚོགས། །གཉིས་མེད་མཉམ་ཡངས་མ་ནིང་སྡེ། །མགོན་པོ་ཡོན་ཏན་མགྲོན་རྣམས་ལ། །བདེ་སྟོང་ཟག་མེད་བསང་མཆོད་འབུལ། །གཟུང་འཛིན་དགྲ་བགེགས་དབྱིངས་སུ་སྒྲོལ། །ཁྱད་པར་རྟེན་འབྲེལ་བཅུ་གཉིས་དང་། །རླུང་སྦྱོར་འཕོ་བ་གནས་དག་པའི། །བོད་སྐྱོང་བརྟན་མ་བཅུ་གཉིས་དང་། །དགེ་བསྙེན་ཉི་ཤུ་རྩ་གཅིག་སོགས། །དབེན་ནས་ཆོས་འཁོར་སྲུང་མ་དང་། །འགོ་བའི་ལྷ་ལྔ་སྐྱོབ་པའི་མགོན། །ཁ་འཛིན་སྡོང་གྲོགས་མི་གཡེལ་བའི། །སྣང་སྲིད་ལྷ་སྲིན་ཚོགས་རྣམས་ལ། །ཤར་གྲོལ་རིག་པའི་བསང་མཆོད་འབུལ། །རྩོལ་བྲལ་ལས་བཞིའི་ཕྲིན་ལས་སྒྲུབས། །རང་རིག་བདེ་གཤེགས་སྙིང་པོ་ཉིད། །བདག་གཞན་གཉིས་སུ་འཛིན་པ་ལས། །བག་ཆགས་གསུམ་གྱི་སྦུབས་འཐུམ་པའི། །རིགས་དྲུག་སྙིང་རྗེའི་མགྲོན་རྣམས་ལ། །སྟོང་ཉིད་སྙིང་རྗེའི་བསང་མཆོད་འབུལ། །ཚོགས་གཉིས་རྫོགས་ཏེ་སྒྲིབ་གཉིས་བྱང་། །སྐུ་གཉིས་འགྲུབ་པའི་སྐལ་ལྡན་གྱུར། །རྣམ་རྟོག་རང་གར་ཤོར་བའི་གཟུགས། །བགེགས་རིགས་ལན་ཆགས་མགྲོན་རྣམས་ལ། །འབྱུང་ལུས་ཤ་ཁྲག་ཚོགས་སུ་སྦར། །བདེན་མེད་རྟོགས་པའི་བསང་མཆོད་འབུལ། །སྣ་ཚོགས་ཉམས་ཀྱི་ཤུན་པ་ཕྲལ། །དུག་ལྔའི་རྟོག་ཚོགས་རང་སར་གྲོལ། །བློ་འདས་འོད་གསལ་རྫོགས་པ་ཆེའི། །མཉམ་རྫོགས་ཆེན་པོའི་གྲུབ་མཐའ་སྙེག །གཞན་ཡང་མི་ཤེས་བག་མེད་པས། །བཅས་དང་རང་བཞིན་ཉམས་པ་ཡི། །སྡིག་ལྟུང་ཉོན་མོངས་དྲི་མའི་དཔུང་། །མེད་ཕྱལ་ལྷུན་གྲུབ་གཅིག་པུ་ཆེའི། །ཡེ་སྲུང་ཆེན་པོ་བཞི་རུ་བསང་། །ཐམས་ཅད་ཀ་དག་ཆོས་སྐུའི་ཀློང་། །ཡེ་ཤེས་ཆེན་པོའི་མདངས་ཤར་བའི། །འཁོར་འདས་མགྲོན་རྣམས་གཉུག་མའི་གཤིས། །བློ་བྲལ་ཆེན་པོའི་ཀློང་དུ་ཨཱཿ། །དགེ་བས་བདག་གཞན་འགྲོ་བ་ཀུན། །གཞི་ལས་རིག་པ་ཤར་བའི་ཚེ། །རང་ངོ་ཤེས་པའི་དཔའ་གདེང་གིས། །གདོད་མའི་བཙན་ས་ཟིན་པར་ཤོག །སྤྲོས་མེད་ནང་གི་བསང་མཆོད་འདི། །སྔགས་བཙུན་པདྨ་བི་ཛ་བདག །བོད་ཡུལ་དབུས་སུ་བགྲོད་པའི་ཚེ། །མཚན་བཅས་སྤྲོས་པ་མ་ལྕོགས་པས། །མཉམ་བཞག་ལྟ་བའི་གདེང་བསྐྱེད་ཅིང་། །རྗེས་ཐོབ་སྒྱུ་མའི་རོལ་རྩེད་ལས། །མདོ་ཁམས་ལྷ་སྒང་རིང་མོར་བཀོད། །ཀུ་སཱ་ལི་པའི་དགའ་སྟོན་མཛོད། །དགེ་བས་འགྲོ་ཀུན་ཡོངས་གྲོལ་ཤོག །

རྒྱུན་བསང་ཉུང་བསྡུས།

༈ རྒྱུན་བསང་ཉུང་བསྡུས་ཆག་མེད་བྱེད་འདོད་ཚེ། །དཀར་གསུམ་ལ་སོགས་ཟས་སྣའི་ཕུད་གཙང་མ། །བཟང་ཤིང་དྲི་ལྡན་མེར་བསྲེགས་ཆུ་གཙང་བྲན། །སངས་རྒྱས་ཆོས་ཚོགས་སོགས་ཀྱི་སྐྱབས་སེམས་མཐར། རྃ་ཡྃ་ཁྃ། ༀ་ཨཱཿཧཱུྃ། ཀྱཻ། བརྟན་གཡོ་སྲིད་པའི་རྩི་བཅུད་དྭངས་མའི་སྨན། །འབར་བྱེད་མེ་དང་སྦྱར་བའི་དུད་པའི་སྤྲིན། །མགྲོན་རིགས་ཐུགས་ལ་གང་བཞེད་དེར་འཆར་བའི། །ཟག་མེད་བསང་མཆོད་བདུད་རྩིའི་རྒྱ་མཚོ་འདིས། །སྲི་ཞུའི་མགྲོན་གྱུར་བླ་མ་དཀོན་མཆོག་བསང་། །ཡོན་ཏན་མགྲོན་གྱུར་དཔལ་མགོན་ཆོས་སྲུང་བསང་། །ཁྱད་པར་མགྲོན་གྱུར་ཡུལ་ལྷ་གཞི་བདག་བསང་། །སྙིང་རྗེའི་མགྲོན་གྱུར་རིགས་དྲུག་ཕ་མ་བསང་། །ལན་ཆགས་མགྲོན་གྱུར་བགེགས་རིགས་འབྱུང་པོ་བསང་། །དེ་ལྟར་འཁོར་འདས་སྣང་སྲིད་མགྲོན་རིགས་རྣམས། །བདུད་རྩི་བསང་གི་མཆོད་པས་དགྱེས་བསྐྱེད་མཐུས། །ཉམས་གྲིབ་མི་གཙང་ཀུན་ཞི་ཚོགས་གཉིས་རྫོགས། །སྣོད་བཅུད་ཕྱྭ་གཡང་དཔལ་འབྱོར་ཕུན་སུམ་ཚོགས། །བསྟན་འགྲོའི་དགེ་མཚན་རྒྱས་པའི་བཀྲ་ཤིས་ཤོག །ཅེས་པའང་མོས་ལྡན་འགའ་ཞིག་གི་བཞེད་ངོར་སྤྲུལ་མིང་པདྨ་བི་ཛས་བྲིས་པ་དགེ་ལེགས་འཕེལ།

གཏན་གྱི་སྐྱབས་གྱུར་བསླུ་མེད་དཀོན་མཆོག་གསུམ།

༄༅། །རྃ་ཡྃ་ཁྃ། གསེར་སྐྱེམས་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུྃ། ལན་གསུམ། གཏན་གྱི་སྐྱབས་གྱུར་བསླུ་མེད་དཀོན་མཆོག་གསུམ། །རྩ་བརྒྱུད་བླ་མ་ཡི་དམ་དཀྱིལ་འཁོར་ལྷ། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས། །ཁྱད་པར་གངས་ཅན་བླ་མ་སྤྱན་རས་གཟིགས། །སྙིགས་འགྲོའི་སྐྱོབ་པ་ཨོ་རྒྱན་ཐོད་ཕྲེང་རྩལ། །འཇིགས་བརྒྱད་སྐྱོབ་མཛད་ཨཱརྱ་ཏཱ་རེ་མ། །རིགས་སྔགས་ལྷ་མོ་འོད་ཟེར་ཅན་མ་དང་། །རྟ་ནག་དྲེགས་པ་སྡེ་བརྒྱད་འཁོར་དང་བཅས། །ལེགས་ལྡན་ཕྱག་དྲུག་ཕྱག་བཞི་མ་ནིང་ནག །ཞལ་བཞི་ཨེ་ཀ་ཛ་ཊི་སྲོག་སྒྲུབ་མ། །ལྷ་ཆེན་ལྕམ་དྲལ་གཟའ་བདུད་རཱ་ཧུ་ལ། །རྣམ་མང་ཐོས་སྲས་ཞིང་སྐྱོང་དབང་མོ་དང་། །བྷེ་ཝ་ས་ཏྭ་ཤ་ཟ་ཁ་མོ་ཆེ། །དཔལ་ལྡན་ལྷ་མོ་རེ་ཏི་དུད་སོལ་མ། །ཞིང་སྐྱོང་སེང་གདོང་དྲེགས་པའི་སྡེ་དཔོན་ཚོགས། །ཕུར་སྲུང་བཅུ་གཉིས་བརྟན་མ་སྨན་བཙུན་ལྔ། །རྡོ་རྗེ་ལེགས་པ་བྲག་བཙན་པེ་ཧ་ར། །བཙན་རྒོད་རོལ་པ་རྐྱ་བདུན་བདུད་བཙན་ཀླུ། །ཐང་ལྷ་ཤོམ་པོ་སྤོམ་ར་གེ་སར་སོགས། །སློབ་དཔོན་ཕ་མེས་བརྒྱུད་ཀྱི་སྲུང་མ་དང་། །གཙུག་ལག་གནས་རྟེན་གཏེར་གྱི་སྲུང་མའི་རིགས། །རྣལ་འབྱོར་བདག་ལ་འགོ་ཞིང་སྐྱོབ་པའི་ལྷ། །ལོ་ཟླ་ཞག་དུས་སྤར་སྨེ་ས་བདག་ཚོགས། །ཡུལ་ལྷ་གཞི་བདག་སྣང་སྲིད་མགྲོན་རྣམས་ལ། །གསེར་སྐྱེམས་ཟག་མེད་བདུད་རྩིའི་མཆོད་པ་འབུལ། །རྒྱལ་བའི་བསྟན་དར་བསྟན་འཛིན་ཞབས་པད་བརྟན། །བཤད་སྒྲུབ་སྡེ་རྒྱས་ཆོས་སྤྱོད་བྱ་བ་འཕེལ། །སྙིགས་མའི་རྒུད་ཞི་བོད་ཁམས་བདེ་ཞིང་སྐྱིད། །རྫོགས་ལྡན་གསར་པའི་ལང་ཚོ་རྒྱས་པར་མཛོད། །ཁྱད་པར་རྣལ་འབྱོར་བདག་ཅག་དཔོན་སློབ་རྣམས། །ཆོས་མཐུན་དགེ་བའི་བསམ་སྦྱོར་འཆང་བ་ལ། །སྦས་ཚུལ་དབེན་གནས་རི་ཁྲོད་འགྲིམ་པ་ལ། །ཞེས་ཁ་བསྒྱུར། མི་མཐུན་འགལ་རྐྱེན་ཉེས་བརྒྱའི་གནོད་པ་ཞི། །ཚེ་དཔལ་བསོད་ནམས་ལུང་རྟོགས་ཡོན་ཏན་རྒྱས། །རླུང་སེམས་སྣང་བ་སྲིད་གསུམ་དབང་དུ་བསྡུས། །ཕས་རྒོལ་ལོག་འདྲེན་དཔུང་ཚོགས་ཆོམ་ལ་ཕོབ། །ཆོས་མཐུན་བསམ་པའི་དོན་ཀུན་འགྲུབ་པར་མཛོད། །ཅེས་པའང་ལྷ་ལྡན་དུ་འགྲོ་བའི་གནས་སྐོར་མཁན་པདྨ་བི་ཛས་ཇ་གྲལ་དུ་བྲིས་པ་དགེ །

དགེ་བསྙེན་ཆེན་པོ་ནོར་བུ་དབང་རྒྱལ་གྱི་བསང་མཆོད།

༄༅། །དགེ་བསྙེན་ཆེན་པོ་ནོར་བུ་དབང་རྒྱལ་གྱི་བསང་མཆོད་འདོད་འབྱུང་ནོར་བུའི་སྤྲིན་ཕུང་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་པདྨ་ཀ་ར་ཡ། ཕུན་ཚོགས་དགེ་ལེགས་བྱེ་བའི་སྤྲིན་ཆེན་ལས། །ཕན་བདེའི་འདོད་པ་འཇོ་བའི་རྫོགས་ལྡན་ཆར། །འབེབས་མཛད་རྩ་གསུམ་འདུས་ཞལ་པད་འབྱུང་དང་། །དབྱེར་མེད་རྡོ་རྗེ་གཟི་བརྗིད་གཙུག་ན་མཆོད། །དེ་ཡང་བཀྲ་ཤིས་པའི་དུས་ཚེས་དགེ་བའི་སྔ་དྲོའི་ཆར་བཙོག་ནལ་དམར་གྱིས་མ་སྦགས་པའི་བཟང་ཤིང་དྲི་ལྡན་གྱི་དུད་པ། རིན་ཆེན་འབྲུ་སྨན་དར་གོས་ཕྱེ་མར། གསེར་གཡུའི་སྐྱེམས་ཕུད། མཆོད་གཏོར། མདའ་དར། སྤྱན་གཟིགས་དཀོར་ནོར་ཇི་རིགས་སོགས་ཇི་ལྟར་མཁོ་བའི་ཡོ་བྱད་རྣམས་ཚོགས་པར་བྱས་ལ། ཐོག་མར་གསོལ་འདེབས། སྐྱབས་སེམས་ཚད་མེད་བཞི་བསྒོམ་པ་སྔོན་དུ་འགྲོ་བས། བདག་བསྐྱེད་ནི། ཧྲཱིཿཆོས་ཀུན་འོད་གསལ་གདོད་ནས་སྤྲོས་བྲལ་དབྱིངས། །ལྟ་སྒོམ་སྤྱོད་པའི་རང་མཚན་མ་དམིགས་ཀྱང་། །ཀུན་རྫོབ་སྣང་ཆའི་རྟེན་འབྲེལ་མ་འགགས་རྩལ། །གནས་ཡུལ་རྣམ་དག་འོག་མིན་པདྨ་འོད། །ཡེ་ཤེས་ངོ་མཚར་བཀོད་པ་འབྱམས་ཀླས་གཞིར། །རིག་སྟོང་གཉུག་མའི་རང་རྩལ་ཐོད་ཕྲེང་རྩལ། །སྣང་སྲིད་དབང་བསྒྱུར་འཇའ་ཟེར་འོད་ཕུང་ཀློང་། །དམ་ཚིག་ཡེ་ཤེས་དབྱེར་མེད་ལྷུན་གྱིས་གྲུབ། །ཐུགས་སྲོག་འོད་ཀྱིས་མཆོད་རྫས་དངོས་འཛིན་སྦྱངས། །འབྲུ་གསུམ་ཟག་མེད་ཡེ་ཤེས་བདུད་རྩིའི་བཅུད། །རྣམ་པ་འདོད་ཡོན་མཆོད་སྤྲིན་མཁའ་དབྱིངས་ཁྱབ། །མགྲོན་རིགས་ཐུགས་ལ་གང་བཞེད་དེར་འཆར་གྱུར། །ཞེས་མོས་ལ། རྒྱས་པར་སྔགས་དྲུག་ཕྱག་དྲུག་གམ། བསྡུ་ན་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས་ལ། དངོས་གཞིའི་ལས་རིམ་ནི། རོལ་མོ་བཅས་སྙན་པའི་དབྱངས་ཀྱིས། ཀྱཻ། རབ་དཀར་བསོད་ནམ་འཛིན་མའི་ལྟོ་བ་ལས། །ཉེར་འཁྲུངས་ཕན་བདེའི་འབྲས་མང་དཔག་བསམ་དབང་། །སྐྱེ་དགུའི་རེ་སྐོང་འདོད་པ་འཇོ་བའི་དཔྱིད། །ཡུལ་སྐྱོང་ཆེན་པོ་ནོར་བུ་དབང་རྒྱལ་ཞེས། །དུས་གསུམ་ཀུན་མཁྱེན་ཨོ་རྒྱན་ཆེན་པོ་ཡི། །བཀའ་ལུང་ནོར་བུའི་ཅོད་པཎ་ལེགས་འཆིང་ནས། །ཟབ་གཏེར་བསྟན་སྲུང་ཆོས་བོན་སྐྱོང་བའི་གཉེན། །རྣམ་བཞིའི་ཕྲིན་ལས་གསར་པའི་སྒོ་འཕར་འབུམ། །འབྱེད་སླད་ཞི་འཛུམ་ཆགས་ཁྲོའི་ཉམས་འགྱུར་གྱིས། །མ་ངེས་ཆ་ལུགས་རྣམ་འཕྲུལ་བསམ་མི་ཁྱབ། །ཐུགས་ཀྱི་དགྱེས་སྡེ་གཡུ་ལུང་ལྷ་སྨན་དང་། །མདུན་གྱི་ཀླུ་མོ་ཆེན་མོ་མདངས་ལྡན་མ། །རྩེ་བླ་བཅུ་གསུམ་གཉན་བཙན་དྲེགས་པའི་ཚོགས། །བཀའ་ཉན་བྲན་གཡོག་ཡང་སྤྲུལ་འཁོར་དང་བཅས། །འདིར་གཤེགས་བསང་གི་དགའ་སྟོན་བཞེས་སུ་གསོལ། །ངོ་མཚར་སྤྱན་གཟིགས་བཀོད་པས་རབ་མཛེས་པའི། །རིན་ཆེན་ཁང་བཟང་ཉམས་དགའ་ནོར་བུའི་གཏེར། །བརྗིད་ལྡན་གསེར་ཁྲི་དར་ཟབ་འབོལ་བརྩེགས་སོགས། །རང་རང་མཐུན་པའི་གདན་ལ་དགྱེས་པར་བཞུགས། །དོན་དམ་ཆོས་ཉིད་གཉུག་མའི་མཁའི་དབྱིངས་སུ། །ཀུན་རྫོབ་འཁོར་འདས་སྤྲིན་ཚོགས་ཅིར་སྣང་ཡང་། །རང་གྲོལ་གདོད་མའི་གཤིས་ལ་ཕན་གནོད་བྲལ། །སྲིད་ཞི་མཉམ་ཉིད་རྟོགས་པའི་ཕྱག་གིས་འདུད། །དགེ་ལེགས་བྱེ་བའི་དཔལ་གྱིས་ཉེར་གྲུབ་པའི། །དབང་པོ་དྲུག་གི་ཉེར་སྤྱོད་འདོད་ཡོན་ཚོགས། །མ་ཚང་མེད་པའི་མཆོད་སྤྲིན་མི་ཟད་རྒྱན། །ཆོས་ཀྱི་དབྱིངས་ཀུན་ཁྱབ་པའི་བསྙེན་བཀུར་སྟོབས། །ཚོགས་གཉིས་ཤིང་རྟའི་སྒྱུ་ཐབས་ལ་བརྟེན་ནས། །རྫོགས་ལྡན་ཕན་བདེའི་ཉིན་བྱེད་འདྲེན་པའི་དཔལ། །ཡུལ་སྐྱོང་ཆེན་པོ་འཁོར་དང་བཅས་རྣམས་ལ། །དགའ་དང་གུས་པའི་ཡིད་ཀྱིས་བསྟོད་པར་བགྱི། ཀྱཻ། སྣང་སྲིད་རྣམ་དག་ཀུན་བཟང་ཡུམ་གྱི་མཁར། །མ་དག་ཉེས་པའི་དྲི་མ་མི་མངའ་ཡང་། །སྒྱུ་མ་མཁན་གྱི་སྒྱུ་མའི་རོལ་རྩེད་བཞིན། །བདེན་གཉིས་ཟུང་འཇུག་རྟེན་འབྱུང་མ་འགགས་རྩལ། །བརྟན་གཡོའི་དྭངས་བཅུད་རྩི་ཤིང་སྨན་གྱི་རིགས། །འབྲུ་བཟང་དར་གོས་གསེར་དངུལ་རིན་ཆེན་དབྱིག །མཐུན་རྫས་གཏོར་མ་བརྗིད་ལྡན་དཀོར་ཆའི་ཚོགས། །ཨརྒྷཾ་དཀར་སྔོན་ཕྱེ་མར་གཙང་སྦྱར་ཕུད། །གོས་དཀར་ཡུམ་མཁར་སྦྱངས་པའི་དུད་པའི་སྤྲིན། །ལྷ་སྔགས་ཏིང་འཛིན་ཟབ་མོས་སྤེལ་བསྒྱུར་མཐུས། །མི་གཙང་ཉེས་ཀུན་སེལ་བྱེད་བདུད་རྩིའི་ཆར། །རང་རང་གང་བཞེད་འཆར་བའི་འདོད་ཡོན་མཆོག །ཟག་མེད་ཀུན་བཟང་རྒྱན་གྱི་རོལ་མོ་ཡིས། །ཡུལ་སྐྱོང་གཉན་པོ་འཁོར་དང་བཅས་རྣམས་བསང་། །མཛེས་ལྡ༵ན་སྤྱན་གཟིགས་དཀོར་ཆས་མཁའ་དབྱིངས་ཁྱབ། །སྟོབས་ལྡ༵ན་རྐང་འགྲོའི་འབྱོར་པས་ས་གཞི་ཁེངས། །སྙན་ལྡ༵ན་བསྟོད་བསྔགས་དབྱངས་ཀྱིས་སྲིད་གསུམ་གཡོ། །བརྗིད་ལྡན༵་སྲིད་ཞིའི་དཔལ་འབྱོར་ཡོངས་ཀྱིས་བརྔན། །ཕུན་ཚོགས་གྲུབ་པའི་བཀྲ་ཤིས་རྫས་རྟགས་བརྒྱད། །རྒྱལ་པོ་ལ་འོས་རིན་ཆེན་རྣམ་བདུན་དང་། །བུམ་བཟང་གཏེར་དང་དཔག་བསམ་ནོར་བུའི་ཚལ། །བརྟན་གཡོའི་དངོས་པོ་ཀུན་གྱིས་མངའ་གསོལ་ལོ། །སྔོན་ལས་འཕྲལ་རྐྱེན་དུག་གསུམ་རྒྱུ་འབྲས་ཉེས། །ས་རྐོ་རྡོ་རློག་བྲག་བཤིག་ཤིང་གཉན་བཅད། །དཀར་དམར་ཐབ་གཞོབ་གྲིབ་ཀྱིས་ཕོག་པ་སོགས། །མི་ཤིས་རྒུད་པ་མ་ལུས་ཞི་གྱུར་ཅིག །ཧྲཱིཿདུས་གསུམ་རྒྱལ་བའི་སྤྱི་གཟུགས་པདྨ་འབྱུང་། །ཡེ་ཤེས་སྒྱུ་མའི་གར་མཁན་བཻ་རོ་རྗེ། །གྲུབ་པའི་དབང་ཕྱུག་རྫོགས་ཆེན་རབ་འབྱམས་པ། །ཟབ་གཏེར་མངའ་བདག་མཆོག་གྱུར་བདེ་ཆེན་གླིང་། །འཁོར་ལོའི་མགོན་པོ་རྡོ་རྗེ་གཟི་བརྗིད་སོགས། །སྔོན་བྱོན་རིག་འཛིན་བརྒྱུད་པར་བཅས་རྣམས་ཀྱིས། །བཀའ་རྟགས་ཐ་ཚིག་རྡོ་རྗེ་སྤྱི་བོར་བཅིངས། །དམ་རྫས་བདུད་རྩིའི་དྭངས་མ་ལྕེ་ལ་བཞག །གནས་གཏེར་ཆོས་སྡེ་གཉན་གྱི་སྲུང་མར་བསྐོས། །བདག་ནི་རིག་འཛིན་གྲུབ་ཐོབ་དེ་ཡི་བརྒྱུད། །ཁྱེད་ནི་དཀར་ཕྱོགས་ཡུལ་ལྷ་དམ་ཚིག་ཅན། །དེ་ཕྱིར་སྔོན་གྱི་དམ་བཅའ་དྲན་མཛོད་ལ། །དེ་རིང་བསང་ཁྲུས་ཆོ་ག་ཟབ་མོའི་མཐུས། །མི་མཐུན་ཐུགས་འགལ་ཉམས་ཆག་ཀུན་བྱང་ནས། །དགྱེས་པའི་ལྷ་ཞལ་གཞན་དུ་མ་ཕྱོགས་པར། །དམ་ལྡན་བཅོལ་པའི་ལས་ཀུན་སྒྲུབ་པར་མཛོད། །མཐའ་ཀླས་སྐྱེ་དགུའི་བདེ་སྐྱིད་པདྨོའི་ཚལ། །ཅིག་ཅར་འབྱེད་བྱེད་ཐུབ་བསྟན་ཉིན་མོར་བྱེད། །བཤད་སྒྲུབ་ཕྲིན་ལས་མཁའ་ལ་རྟག་འཆར་ཞིང་། །ཕན་བདེའི་སྣང་བས་ས་གསུམ་ཁྱབ་པར་མཛོད། །ཁྱད་པར་གྲུབ་པའི་སློབ་དཔོན་མཚོ་སྐྱེས་རྗེའི། །རིང་ལུགས་མ་རྨས་བསྟན༵་གཉིས༵་ཟུང་འཇུག་ཕུལ། །འཁོར་ལོ་གསུམ་གྱིས་ད༵ར་སྨིན་རྒྱས༵་པའི་གླི༵ང་། །ཆོས་སྲིད་མི་ཉམས་ཡར་ཟླ་ལྟར་འཕེལ་མཛོད། །བདེ༵་ཆེན༵་རྡོ་རྗེའི་གར་མཁན་པ༵ད་འབྱུང་དང་། །བི་མ༵་བཻ་རོའི་དགོངས་ཉམས་ཨ་ཏིའི་སྲོལ། །འོ༵ད་གསལ་ཐེག་མཆོག་སྙིང་པོའི་སྒོམ་སྒྲུབ་རྒྱུན། །མི་ནུབ་གླི༵ང་བཞིའི་ཁོངས་སུ་རྟག་ཁྱབ་མཛོད། །མི་འགྱུར༵་འཕོ་མེ༵ད་བདེ་ཆེན་གཉུག་མའི་གཤིས། །མངོན་གྱུར་དང་པོའི་སངས་རྒྱས་ཀུན༵་བཟ༵ང་དངོས། །བསྟན༵་པའི༵་ཉི༵་མ༵་མཚུངས་བྲལ་ཟེ་ཆེན་པའི། །ལེགས་མཛད་རྒྱ་མཚོའི་གོས་ཅན་གཞིར་ཁྱབ་མཛོད། །གཞན་ཡང་རིས་བྲལ་བསྟན་འཛིན་སྐྱེས་ཆེན་རྣམས། །ཞབས་པད་སྲིད་མཐའི་བར་དུ་རྟག་བརྟན་ཞིང་། །དགེ་འདུན་སྡེ་འཕེལ་སྤང་ཀློག་ཕྲིན་ལས་རྒྱས། །དོན་གཉིས་ནོར་བུའི་གཏེར་ཁ་འབྱེད་པར་མཛོད། །ལྟ་བ་ངན་ཞེན་ལོག་སྨོན་སྨིན་པའི་འབྲས། །བསྟན་ལ་འཚེ་བའི་མཐའ་དམག་དུས་འཁྲུགས་དང་། །མི་མཐུན་འབྱུང་པོ་གནོད་བྱེད་རྒྱལ་འགོང་རིགས། །མཐུ་སྟོབས་རྡོ་རྗེའི་མཁར་གྱིས་བསྲུང་བར་མཛོད། །ཆོས་བཞིན་སྐྱོང་བའི་མི་དབང་བློན་འཁོར་དང་། །བསྟན་ལ་གུས་པའི་འབྱོར་ལྡན་ཡོན་བདག་ཚོགས། །ཆབ་སྲིད་སྟོབས་འབྱོར་མི་ཉམས་ཡུན་དུ་གནས། །སྡེ་བཞིའི་དཔལ་མང་མངོན་དུ་འདུ་བར་མཛོད། །ཡངས་པའི་རྒྱལ་ཁམས་སྤྱི་དང་ལྗོངས་འདི་རུ། །ནད་མཚོན་མུ་གེ་འབྱུང་བཞིའི་གནོད་པ་ཞི། །ལོ་ལེགས་ཕྱུགས་འཕེལ་དགེ་བཅུའི་དཔལ་ཡོན་རྒྱས། །རྫོགས་ལྡན་དཔལ་འབྱོར་མགྲོན་དུ་འགུགས་པར་མཛོད། །ཁྱད་པར་ཡུལ་འདིའི་ཕུ་མདའ་ཉིན་སྲིབ་ཀྱི། །ཉམ་ཆུང་བྱ་བྱིལ་རི་དྭགས་ཆེ་ཕྲའི་རིགས། །མི་འཇིགས་སྲོག་གི་སྦྱིན་པ་ཁྱོད་ཀྱིས་བྱིན། །ཁྱད་གསོད་གློ་བུར་ལྷག་རྣམས་མིང་མཐར་མཛོད། །ཆོས་སྡེ་འདི་ཡི་གཙུག་ལག་སྡེ་དང་བཅས། །ཁྱོད་ལ་གཉེར་དུ་གཏད་དོ་མཐུ་རྩལ་བསྐྱེད། །ཞི་སོགས་ཕྲིན་ལས་རྣམ་བཞིའི་སྒོ་ཕྱེས་ལ། །སྲུང་སྐྱོབ་སྡོང་གྲོགས་གཡེལ་བ་མེད་པར་མཛོད། །མདོར་ན་རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱིས། །ཇི་ལྟར་ཡིད་ལ་བསམ་དང་བཅོལ་པའི་ལས། །མ་ལུས་གེགས་མེད་ཡོངས་སུ་གྲུབ་པ་ཡི། །དགའ་སྟོན་རྒྱལ་མཚན་ནུབ་མེད་བསྒྲེང་བར་མཛོད། །སྲིད་ཞིའི་དགེ་མཚན་ཕྱྭ་གཡང་པདྨའི་བཅུད། །རྟེན་འབྲེལ་བུང་བ་གཞོན་ནུའི་ལེགས་བསྡུས་ནས། །དོན་གཉིས་འདོད་དགུའི་བུམ་བཟང་འགེངས་པ་ཡི། །བཀྲ་ཤིས་དཔལ་གྱིས་ཕྱོགས་དུས་ཀུན་ཁྱབ་ཤོག །ཅེས་བརྗོད་ཅིང་། རྗེས་ནོངས་བཤགས། གཤེགས་གསོལ། བསྔོ་སྨོན་ཤིས་བརྗོད་བཅས་སྤྱི་ལྟར་བགྱིས་པས་དོན་འགྲུབ་པ་ཡིན་ནོ། །སླར་སྨྲས་པ། སྲིད་པ་ཆགས་པའི་ལྷ་རབས་རྨ་ཆེན་གྱི། །རིགས་སྲས་དགེ་བསྙེན་ནོར་བུ་དབང་རྒྱལ་ཞེས། །གྲགས་པ་དོན་ལྡན་དཀར་ཕྱོགས་སྐྱོང་བའི་གཉན། །སྔོན་ནས་བརྟེན་ཅིང་མཆོད་པའི་ཟོ་དོར་རྨད། །གནས་མགྲོན་དམ་ཚིག་གཅིག་པའི་རྟེན་འབྱུང་གིས། །སྔར་བཅོལ་ལེགས་པར་སྒྲུབ་པའི་གཏང་རག་དང་། །ཕྱིས་བཅོལ་གཙུག་ལག་ཆོས་འཁོར་སྡེ་དང་བཅས། །ལེགས་པར་གཉེར་དུ་གཏད་ཕྱིར་ཚུལ་འདི་བགྱིས། །རྨད་བྱུང་ཡུལ་ལྷ་དགྱེས་བྱེད་ནོར་བུའི་སྤྲིན། །ཕུན་ཚོགས་འདོད་པ་འཇོ་བའི་དབྱར་རྔའི་སྒྲས། །ས་གསུམ་རྒུད་པའི་མཚན་མ་གཏན་བཅིལ་ནས། །རྫོགས་ལྡན་དབྱར་མཚོ་དར་བའི་བཀྲ་ཤིས་ཤོག །ཅེས་ཡུལ་སྐྱོང་ཆེན་པོ་མཉེས་པར་བྱེད་པའི་བསང་མཆོད་ཉུང་ངུ་འདིའང་གནས་དུས་ཀྱི་དབང་གིས་དགོས་པ་ཁྱད་པར་བ་མཐོང་ནས། རྒྱལ་དབང་པདྨའི་སྔགས་རིག་འཆང་བ་རྡོ་རྗེ་དབང་མཆོག་དགྱེས་རབ་རྩལ་གྱིས། རབ་བྱུང་ཚེས་ཀྱི་ནང་ཚན་ཁྲོ་མོ་ཤིང་འབྲུག་ལོའི་ནག་ཟླའི་འཕེལ་ཕྱོགས་ཀྱི་རྒྱལ་བ་དང་པོར་བྲིས་པ་བཀྲ་ཤིས་དཔལ་གྱི་སྣང་བས་ས་གསུམ་ཀུན་ཏུ་ཁྱབ་པའི་རྒྱུར་གྱུར་ཅིག་གུ། ཤུ་བྷམ་སྟུ་སརྦ་ཛ་ག་ཏཾ། ༈ ཀྱཻ། བཀྲ་ཤིས་དགེ་བའི་གནས་ཀྱི་མཆོག །ཕྱི་ལྟར་མདོ་ཁམས་སེང་ཆེན་བྲག །ནང་ལྟར་མཁའ་འགྲོ་འབུམ་གྱི་རྫོང་། །གསང་བ་པདྨ་འོད་ཀྱི་ཞིང་། །རྩ་གསུམ་འདུ་བའི་ལྡིང་ཁང་ནས། །བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྲུང་གཞི་གནས་གཏེར་གྱི་བདག །འཁོར་བཅས་འདིར་གཤེགས་བསང་མཆོད་བཞེས། །ཟག་མེད་ཀུན་བཟང་རོལ་པའི་སྤྲིན། །བདེ་སྟོང་དགའ་བཞིའི་ཉམས་མྱོང་རྫས། །འོད་གསལ་བསམ་མི་ཁྱབ་པའི་དཔལ། །གུས་པས་འབུལ་ལོ་བཞེས་སུ་གསོལ། །བདེ་ཆེན་གཅིག་གི་རང་མདངས་ལས། །ཞི་ཆགས་ཁྲོ་བོའི་རྣམ་འགྱུར་གྱིས། །གང་འདུལ་རེ་བ་སྐོང་མཛད་པའི། །དག་པ་རབ་འབྱམས་འཁོར་ལོར་བསྟོད། །ཀྱཻ། དྲི་བཟང་ཤིང་རྩི་སྨན་སྤོས་རིགས། །འབར་བྱེད་མེ་དང་སྦྱར་བ་ཡི། །དུད་པ་ཕུན་ཚོགས་འདོད་ཡོན་སྤྲིན། །མགྲོན་རིགས་ཐུགས་ལ་གང་བཞེད་ཆར། །ཟག་མེད་ཡེ་ཤེས་རོལ་མོ་འདིས། །རབ་འབྱམས་རྩ་གསུམ་ཆོས་སྲུང་དང་། །ནོར་ལྷ་གཏེར་བདག་འཁོར་བཅས་བསང་། །མི་གཙང་ཉམས་གྲིབ་འཁོན་འགྲས་བསང་། །ལྷ་ཞལ་ཟླ་ལྟར་རབ་དཀར་ཞིང་། །དགྱེས་རབ་ཕུལ་དུ་བྱུང་ནས་ཀྱང་། །བདག་ཅག་དཔོན་སློབ་འཁོར་བཅས་ལ། །གནས་མགྲོན་དམ་ཚིག་ཉེར་དགོངས་ཏེ། །སྲུང་སྐྱོབ་རྣམ་བཞིའི་ལས་ཀུན་སྒྲུབས། །རྒྱལ་བསྟན་དར་ཞིང་རྒྱས་པ་དང་། །དེར་འཛིན་ཞབས་བརྟན་བཤད་སྒྲུབ་དར། །བོད་ཡུལ་མཐའ་དབུས་བདེ་ཞིང་སྐྱིད། །རྫོགས་ལྡན་དུས་སྟོན་གསར་འཆར་མཛོད། །ཁྱད་པར་བདག་ཅག་སྒྲུབ་པ་པོའི། །མི་མཐུན་འགལ་རྐྱེན་འཚེ་བ་ནི། །མཐུན་རྐྱེན་བསམ་ཀུན་ཡིད་བཞིན་འགྲུབ། །བཀྲ་ཤིས་བདེ་ལེགས་འཕེལ་རྒྱས་མཛོད། །ཅེས་པའང་བི་ཛ་ཡས་སོ། །
༄༅། །ཀྱཻ། རབ་འབྱམས་ཕྱོགས་བཅུའི་ཞིང་ན་བཞུགས་པ་ཡི། །བླ་མ་ཡི་དམ་ཌཱ་ཀི་ཆོས་སྲུང་དང་། །སངས་རྒྱས་བྱང་སེམས་བསྟན་འཛིན་འཕགས་པའི་ཚོགས། །ཡུལ་ལྷ་གཞི་བདག་གནས་གཏེར་ཆོས་འཁོར་སྐྱོང་། །ལོ་ཟླ་ཞག་དུས་སྤར་སྨེ་ཚེས་ཀྱི་ལྷ། །སྣང་སྲིད་མཆོད་སྦྱིན་མགྲོན་གྱུར་མ་ལུས་ལ། །བདུད་རྩི་བསང་དང་གསེར་སྐྱེམས་འདི་འབུལ་བས། །བདག་ཅག་དཔོན་སློབ་ཕྱོགས་མཚམས་གར་འགྲོ་ཡང་། །འཇིགས་པ་བརྒྱད་སོགས་མི་མཐུན་རྒུད་པ་སོལ། །མཐུན་རྐྱེན་ཚེ་དཔལ་ལེགས་དགུའི་འབྱོར་པ་རྒྱས། །མི་དང་མི་མིན་སྐྱེ་འགྲོ་དབང་དུ་བསྡུས། །ཕས་རྒོལ་དགྲ་ཇག་ཆོམ་རྐུན་འཇིགས་པ་བཟློག །གཞི་བྱེས་ཀུན་ཏུ་སྲུང་སྐྱོབ་སྡོང་གྲོགས་གྱིས། །འདོད་དོན་བཅོལ་པའི་ལས་ཀུན་འགྲུབ་པར་མཛོད། །རྒྱལ་བསྟན་སྤྱི་དང་ཁྱད་པར་སྔ་འགྱུར་གྱི། །བསྟན་པ་དར་རྒྱས་བསྟན་འཛིན་ཞབས་པད་བརྟན། །བོད་ཁམས་བདེ་སྐྱིད་དགེ་བཅུའི་དཔལ་ཡོན་འདུ། །རྫོགས་ལྡན་འབྱོར་ཚོགས་རྒྱས་པའི་བཀྲ་ཤིས་ཤོག །ཅེས་པའང་འགྲུབ་པའི་གཟའ་སྐར་དུས་ཚེས་༢༧དགེ་བར་དགོས་པ་མཆོག་ལྡན་དུ་མཐོང་ནས་བི་ཛ་ཡས་བྲིས་པ་མདྒལཾ།

ཁྲོ་བོ་སྨེ་བ་བརྩེགས་པའི་སྒོ་ནས་རི་ཁྲུས་ཀྱི་ཆོ་ག་ཁ་བསྒྱུར་དང་བཅས་པ་བདུད་རྩིའི་བུམ་པ།

༄༅། །ཁྲོ་བོ་སྨེ་བ་བརྩེགས་པའི་སྒོ་ནས་རི་ཁྲུས་ཀྱི་ཆོ་ག་ཁ་བསྒྱུར་དང་བཅས་པ་བདུད་རྩིའི་བུམ་པ་ཞེས་བྱ་བ་བཞུགས་སོ། །ན་མོ་བཛྲ་ཀྲོ་ངྷཱ་ཡ། དབེན་པའི་གནས་སུ་སྟེགས་གཙང་མར་པདྨ་འདབ་བརྒྱད་དམ། ཚོམ་བུའི་སྟེང་དུ་རིན་པོ་ཆེའི་བུམ་པ་ཉེར་ལྔའི་བཅུད་ལྡན་དུང་ཞལ་གཟུངས་རྡོར་དང་བཅས་པ་བཤམས་པའི་མདུན་དུ་གཏོར་ཟླུམ་དཀར་པོ་དང་། རྣམ་བདུན་གྱི་མཆོད་པ་བཤམས། གཞན་སྦྱངས་ཆས་སོགས་འོག་ཏུ་དགོས་པའི་ཡོ་བྱད་རྣམས་ཚང་བར་བྱས་རྗེས་ཐོག་མར་སྒྲུབ་པ་ནི། སྐྱབས་སེམས་ཚད་མེད་བཞི་བསྒོམས་རྗེས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པདྨ་ཉི་མའི་སྟེང་། །རང་སེམས་ཧཱུྃ་ལས་ཁྲོ་རྒྱལ་སྨེ་བ་བརྩེགས། །སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། །ཕྱག་གཡས་སྣ་ཚོགས་རྡོ་རྗེ་ཐུགས་ཀར་འཛིན། །གཡོན་པས་སྡིགས་མཛུབ་རྩེ་ལས་མེ་ཆེན་འབར། །ཞལ་གདངས་མཆེ་གཙིགས་དབུ་སྐྲ་དམར་སེར་བརྗིད། །སྦྲུལ་གྱི་རྒྱན་ལྡན་སྟག་ལྤགས་ཤམ་ཐབས་འཕྱང་། །ཞབས་གཉིས་སྐྱིལ་ཀྲུང་ཕྱེད་པའི་སྟབས་ཀྱིས་བཞུགས། །གནས་གསུམ་འབྲུ་གསུམ་ཐུགས་སྲོག་འོད་ཟེར་གྱིས། །རང་འདྲའི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་གྱུར། །ཨརྒྷཾ་སོགས་ཀྱིས་མཆོད། །ཛཿཧཱུྃ་བྃ་ཧོཿས་གཉིས་མེད་བསྟིམ། སླར་ཡང་འོད་འཕྲོས་དབང་ལྷ་སྤྱན་དྲངས་བསམ། གོང་བཞིན་ཆོད། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཾ། ཞེས་པས་གསོལ་བཏབ་དབང་ལྷས་དབང་བསྐུར་བས། །སྐུ་གང་སྒྲིབ་དག་དབང་ལྷས་དབུར་བརྒྱན་གྱུར། །སྙིང་ཁར་ཉི་སྟེང་ཧཱུྃ་མཐར་སྔགས་ཕྲེང་འཁོར། །འོད་འཕྲོས་ཉམས་གྲིབ་མི་གཙང་ཀུན་བྱང་ནས། །བྱང་སེམས་བདུད་རྩིས་ལུས་ཀུན་གང་བར་མོས། །ༀ་བྷུརྐུ་མ་ཧཱ་པྲཱ་མ་ན་ཡེ་བྷུརྩི་བྷུརྐི་བི་མ་ལེ་ཨུ་ཙུཀྨ་ཀྲོ་ངྷ་ཧཱུྃ་ཕཊཿཞེས་བརྒྱ་རྩ་སོགས་བཟླ། དེ་ནས་མཆོད་པ་སྤྱི་ལྟར་བྱིན་གྱིས་བརླབས། བུམ་པ་བསངས་སྦྱངས། སྟོང་པའི་ངང་ལས་བྷྲཱུྃ་ཡིག་ཡོངས་གྱུར་ལས། །རིན་ཆེན་བུམ་པ་མཚན་ཉིད་ཀུན་རྫོགས་དབུས། །ཧཱུྃ་ལས་ཁྲོ་བོའི་རྒྱལ་པོ་སྨེ་བ་བརྩེགས། །སྐུ་མདོག་མཐིང་ནག་སོགས་ནས་སྤྱན་དྲངས་གྱུར། བར་སྔར་ལྟར་དང་། དམིགས་མེད་མཁའ་ལྟར་ཁྱབ་ཅིང་དག་པའི་སྐུ། །སྤྱན་འདྲེན་གཤེགས་སུ་གསོལ་བ་མི་དམིགས་ཀྱང་། །ཐུགས་རྗེས་ངང་ཉིད་ཆོས་སྐུར་དག་པ་ལས། །ཡེ་ཤེས་སྒྱུ་མར་རོལ་ཅིང་གཤེགས་སུ་གསོལ། །ཨེ་ཧྱེ་ཧི་བྷ་ག་ཝན་མ་ཧཱ་ཀ་རུ་ཎི་ཀ་དྲྀ་ཤྱ་ཧོཿས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿས་བསྟིམ། གོང་བཞིན་དབང་ལྷས་དབང་བསྐུར་རྒྱས་གདབ་བྱ། རབ་འབྱམས་ཞིང་གི་ཕུན་ཚོགས་འབྱོར་པའི་དཔལ། །མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དང་། །དྲི་ཆབ་ཞལ་ཟས་རོལ་མོ་ལ་སོགས་པ། །ཀུན་བཟང་མཆོད་སྤྲིན་རྒྱ་མཚོས་མཆོད་པར་བགྱི། །ཨརྒྷཾ་སོགས་ཀྱིས་མཆོད། བཅོམ་ལྡན་ཁྲོ་བོའི་རྒྱལ་པོ་ནི། །སངས་རྒྱས་ཀུན་གྱི་འཁོར་ལོས་སྒྱུར། །གདུལ་དཀའ་མ་ལུས་འདུལ་བ་པོ། །ཁྲོ་བོའི་རྒྱལ་ལ་ཕྱག་འཚལ་བསྟོད། །བསྟོད་པར་འོས་པ་ཐམས་ཅད་སོགས་ཀྱིས་བསྟོད། རང་སྲོག་སྔགས་ཀྱི་འོད་ཟེར་སོགས་ཀྱིས་གཟུངས་ཐག་བླངས་ལ། བཟླས་པ་བརྒྱ་རྩ་སོགས་བྱ། མཐར་འབྲུ་གསུམ་གྱིས་མཆོད་ཡོན་ཕུལ་བས། ལྷ་འོད་དུ་ཞུ་ནས་བུམ་ཆུ་དང་དབྱེར་མེད་དུ་འདྲེས་པར་བསམ། གཏོར་མ་འབུལ་ན་འབྲུ་གསུམ་གྱིསབྱིན་གྱིས་བརླབས། གཏོར་མགྲོན་སྤྱན་དྲངས་ལ། ལྗགས་རྡོ་རྗེའི་སྦུ་གུས་གཏོར་མ{པ}འི་བཅུད་གསོལ་བར་མོས་ལ། རྩ་སྔགས་དང་། ཨ་ཀཱ་རོའི་མཐར། བ་ལིངྟ་བཏགས་པས་འབུལ། ཁྲོ་བོའི་རྒྱལ་པོ་འཁོར་བཅས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས་ཀྱིས་ཕྲིན་ལས་བཅོལ། བཛྲ་མུཿམ་རང་གནས་སུ་གཤེགས། དེས་ནས་ཁྲུས་དངོས་ལ། ཞི་དྲག་གི་སྦྱང་བ་རྒྱས་བསྡུས་གང་འོས་སྤྱི་ལྟར་དང་། ཁྲུས་ཁང་བསྐྱེད་ནས་ལྷ་ཁྲུས་རྒྱས་པར་བྱས་ལ་ཁྲུས་ཆུ་བུམ་པར་བླུགས། དེ་ནས། རང་ཉིད་ཁྲོ་བོའི་རྒྱལ་པོ་སྨེ་བ་བརྩེགས་པར་གསལ་བའི་ཕྱག་ན་ཡེ་ཤེས་ལྔའི་རང་བཞིན་བུམ་པ་བདུད་རྩིའི་གང་བ་ཐོགས་ནས་སྐུ་ཁྲུས་གསོལ་བར་མོས་ལ། ཇི་ལྟར་བལྟམས་པ་སོགས་ཀྱི་མཐར། རྩ་སྔགས་ལ། ཨ་བྷི་ཥེ་ཀ་ཏེ་བཏགས་པས་ཁྲུས་བྱ་ཞིང་། རིན་ཆེན་ཤེལ་བུམ་དྲི་མེད་ནང་། །མེ་ལོང་ཡེ་ཤེས་ཆུ་ཡིས་བཀང་། །ཡུལ་ལྷ་གཉན་ལ་ཁྲུས་གསོལ་བས། །ཉོན་མོངས་ཞེ་སྡང་ལས་གྱུར་པའི། །གྲིབ་དང་མི་གཙང་ཞི་གྱུར་ཅིག །སྔགས་གོང་བཞིན་འགྲེ། དེ་ནས་རིམ་པས། རིན་ཆེན་གསེར་བུམ༴ ཟངས་བུམ༴ དངུལ་བུམ༴ མཐིང་བུམ༴ རྣམས་དང་། མཉམ་ཉིད༴ སོར་རྟོག༴ བྱ་གྲུབ༴ ཆོས་དབྱིངས་ཡེ་ཤེས་རྣམས་དང་། ཉོན་མོངས་ང་རྒྱལ༴ འདོད་ཆགས༴ ཕྲག་དོག༴ གཏི་མུག་སོགས་ཁ་བསྒྱུར། གཞན་ཡང་སྤྲོ་ན་ཕར་ཕྱིན་དྲུག་སོགས་ཀྱིས་ཀྱང་ཁྲུས་བྱ་ཞིང་ཁྲུས་སྔགས་བཟླའོ། །དེ་ནས་བྱབ་པ་ནི། རྨ་བྱའི་མདངས་ཀྱི་དབུས་སུ་ཟླ་བ་ལ་གནས་པའི་ས་བོན་གྱི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས་པས་བཀྲུས་པས་མ་དག་པའི་གྲིབ་དང་མི་གཙང་བའི་རིགས་ཐམས་ཅད་སྦུར་མ་རླུང་གིས་དེད་པ་ལྟར་སངས་ཀྱིས་དག་པར་མོས་ལ། རྩ་སྔགས་ཀྱི་མཐར། གྲིབ་དང་མི་གཙང་བའི་རིགས་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་རྡོ་རྗེ་དང་བཅས་པའི་རྨ་བྱའི་མདོངས་ཀྱིས་བྱབ། བསྲུང་བ་ནི། བསྲུང་བྱ་མི་དམིགས་པ་སྟོང་པའི་ངང་ལས་སྐད་ཅིག་གིས་ཁྲོ་རྒྱལ་སྨེ་བ་བརྩེགས་པའི་སྐུར་གསལ་བའི་སྤྱི་བོར་འཁོར་ལོ་དཀར་པོ་རྩིབས་བཞི་པའི་ལྟེ་བར་ༀ་དཀར་པོ། མགྲིན་པར་པདྨ་དམར་པོ་འདབ་མ་བཞི་པའི་ལྟེ་བར་ཨཱཿདམར་པོ། ཐུགས་ཀར་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་སྔོན་པོས་མཚན་པར་མོས་ལ། གནས་གསུམ་དུ་རྡོ་རྗེ་བཞག་ལ། ༀ་ཨཱཿཧཱུྃ། ཞེས་དང་། རང་ཉིད་ཡི་དམ་དུ་གསལ་བའི་སྐུ་གསུང་ཐུགས་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་བསྲུང་བྱའི་གནས་གསུམ་དུ་ཐིམ་པས་ཡི་དམ་ལྷའི་སྐུ་གསུང་ཐུགས་སུ་གྱུར་ཅིང་རྡོ་རྗེའི་གོ་ཁྲབ་ཀྱིས་ཞུ་ལུབ་{ཞུ་ལུགས}སུ་གཡོགས་པས་ཕྱིན་ཆད་གྲིབ་དང་མི་གཙང་བ་གང་གིས་ཀྱང་མི་ཚུགས་པར་མོས་ལ། རྩ་སྔགས་མཐར། བཛྲ་རཀྵ་བཏགས་པ་བཟླ་ཞིང་རྒྱས་གདབ། ཕྱོགས་བཅུ་དུས་གསུམ་བདེ་གཤེགས་ཐམས་ཅད་དང་། །ཁྲོ་རྒྱལ་སྨེ་བ་བརྩེགས་པའི་བྱིན་རླབས་ཀྱིས། །ཡུལ་ལྷ་འདི་ལ་བདག་གིས་བསྲུངས་ཟིན་པས། །སུས་ཀྱང་གནོད་པའི་བསམ་པ་མ་བྱེད་ཅིག །ཅེས་དང་། ཞལ་ནས་གསུངས་པའི་ཚིགས་བཅད་ཅི་རིགས་དང་། མི་འགྱུར་ལྷུན་པོ་དང་། འཇིག་རྟེན་བདེ་ཞིང་སོགས་ཇི་ལྟར་རིགས་པའི་ཤིས་བརྗོད་བྱའོ། །ཁྱིམ་ཁྲུས་བྱེད་ན། གོང་གི་ཡུལ་ལྷའི་མལ་དུ། ཁྱིམ་ལྷ་ཞེས་ཁ་བསྒྱུར། སློབ་མ་ལ་[བྱ་མ་དཔེ་མི་གསལ། ]པར་རྗེ་གཏེར་ཆེན་བླ་མས་མཛད་པའི་ཁྲུས་ཆོག་ནག་པོ་འགྲོ་ཤེས་ལྟར་བྱ་ལ། བསྡུ་ན། གོང་གི་མལ་དུ། སྐལ་ལྡན་བུ་ཡི་ལུས་བཀྲུས་པས། །ཞེ་སྡང་ལས་གྱུར་ནད་གདོན་བགེགས། །ཉམས་གྲིབ་མི་གཙང་དག་གྱུར་ཅིག །ཅེས་བསྒྲེས་ཏེ་རྒྱས་བསྡུས་ཀྱི་འདོར་ལེན་ཇི་ལྟར་རིགས་པ་བགྱིས་པས་དོན་གྲུབ་བོོ། །རྗེས་བདག་གི་རྣལ་འབྱོར་བསྡུ་ལྡང་དང་བསྔོ་སྨོན་སྤྱི་ལྟར་བྱའོ། །ཞེས་པའང་རྣམ་པར་དཀར་བའི་ཐུགས་སྨོན་ཅན། ཐུབ་བསྟན་བློ་གྲོས་བཟང་པོའི་བཞེད་ངོར་སྙོམ་ལས་པ་གཞན་ཕན་ཆོས་ཀྱི་བློ་གྲོས་ཀྱིས་རྗེ་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་གསུང་གི་རྗེས་སུ་འབྲངས་ཏེ་བདེ་ཆེན་པདྨ་འོད་གླིང་དུ་བྲིས་པ་དགེ །

བཀའ་བསྒོ་བྱ་བའི་ཆོ་ག་རྡོ་རྗེའི་འཐོར་རླུང་།

༄༅། །བཀའ་བསྒོ་བྱ་བའི་ཆོ་ག་རྡོ་རྗེའི་འཐོར་རླུང་ཞེས་བྱ་བ་བཞུགས། ན་མོ་གུ་རུ་བཛྲ་ཀྲོ་ངྷཱ་ཡ། སྐྱབས་སེམས་སྔོན་དུ་འགྲོ་བས། ཧཱུྃ་ཧཱུྃ་ཧཱུྃ། རབ་འབྱམས་རྩ་གསུམ་རྒྱལ་བའི་ཡེ་ཤེས་འཕྲུལ། །དྲན་པས་བདུད་བཞིའི་འཇིགས་འཕྲོག་བླ་མ་དང་། །དབྱེར་མེད་སྣང་སྲིད་ཟིལ་གནོན་གུ་རུ་རྗེར། །གསོལ་བ་འདེབས་སོ་ནུས་མཐུའི་བྱིན་ཆེན་ཕོབ། །ཀ་དག་ཆོས་ཀུན་མཉམ་རྫོགས་ཆེན་པོའི་ཀློང་། །ལྷུན་གྲུབ་རིག་པ་རང་སྣང་གཉུག་མའི་ལྷ། །འཆོལ་བའི་ཁྲོ་རྒྱལ་པདྨ་ཧེ་རུ་ཀཿ། །སྐུ་མདོག་དམར་ནག་མེ་ཡི་གཤོག་པ་ཅན། །གཡས་པས་རྡོ་རྗེས་བདུད་སྡེའི་ཀླད་པ་འགེམས། །གཡོན་པས་ལྕགས་སྡིག་རྒྱལ་འགོང་སྙིང་ཁྲག་འཇིབ། །དཔལ་གྱི་ཆས་རྫོགས་གར་དགུའི་ཉམས་ཀྱིས་སྒེག །སྐུ་ལས་མེ་དཔུང་རྡོ་རྗེའི་ཚྭ་ཚྭ་འཕྲོ། །སྲིད་གསུམ་གཡོ་འགུལ་སྡེ་བརྒྱད་བྲན་དུ་བཀོལ། །འཁོར་དུ་རབ་འབྱམས་ཁྲོ་བོའི་སྤྲིན་འཁྲིགས་གསལ། །དཀོན་མཆོག་རྩ་བ་གསུམ་གྱི་བདེན་སྟོབས་དང་། །ཆོས་ཉིད་ཆོས་ཅན་རྒྱུ་འབྲས་རྟེན་འབྱུང་མཐུས། །བསྲུང་བྱ་འདི་ལ་འཚེ་བའི་འབྱུང་པོའི་རིགས། །འདིར་འདུས་རྣལ་འབྱོར་བདག་གི་བཀའ་ལ་ཉོན། །དོན་དམ་ཆོས་ཉིད་མཉམ་པ་ཆེན་པོའི་ཀློང་། །བཟང་ངན་རྟོག་པའི་མཚན་མ་མ་དམིགས་ཀྱང་། །དེ་ལྟར་མ་རྟོགས་གཉིས་འཛིན་འཁྲུལ་པའི་བློས། །རྒྱུན་རིང་སྲིད་པར་འཕྱན་རྣམས་སྙིང་རེ་རྗེ། །ཁྱེད་རྣམས་དུས་རིང་ཐོག་མ་མེད་པ་ནས། །སྲིད་པའི་གྲོང་དུ་ཡང་ཡང་འཁོར་བའི་ཚེ། །ཕན་ཚུན་ཕ་མར་མ་གྱུར་གང་ཡང་མེད། །ཐམས་ཅད་གཉེན་ཡིན་ཁྱེད་ཅག་ཅི་ལྟར་འཚེ། །མ་རིག་འཁྲུལ་པས་བསླད་པའི་མཚང་ཅན་རྣམས། །ཕན་ཚུན་དགྲ་གཉེན་འཛིན་པས་ཉོན་རེ་མོངས། །ཁྱེད་ཅག་རང་གི་ལུས་ལ་དཔེ་ལོངས་ལ། །འགྲོ་བ་གཞན་ལ་གནོད་པའི་བསམ་སྦྱོར་ཐོང་། །རྒྱུ་འབྲས་བདེན་པ་ནམ་ཡང་མི་བསླུ་བས། །གཞན་ལ་གནོད་བྱས་བསྐལ་མང་དམྱལ་མེས་འཚེད། །གཞན་གནོད་སྤངས་ན་འཕྲལ་ཡུན་བདེ་བ་ཐོབ། །དེ་བས་བདེན་པའི་ཚིག་འདི་མཉན་བྱོས་ལ། །བསྲུང་བྱ་འདིས་མཚོན་མཐའ་ཀླས་སྐྱེ་དགུ་ལ། །གནོད་སྦྱོར་སྤོངས་དང་མ་འོངས་བྱང་ཆུབ་དུས། །བདུད་རྩིའི་བགོ་བཤའ་ཐོག་མར་ཁྱོད་ལ་སྦྱིན། །གལ་ཏེ་བདེན་པའི་ཚིག་ལ་མི་ཉན་ན། །བདག་ཉིད་པདྨ་དྲག་པོ་ཐུགས་ཁྲོས་ནས། །ཡཀྴ་ཁྲོ་བོའི་ཚོགས་རྣམས་སྐར་ལྟར་འཕྲོ། །ལྕགས་སྡིག་འབར་བའི་ཚོགས་ཀྱིས་སྙིང་རྩ་གཞིབ། །རྡོ་རྗེ་མེ་འབར་མཚོན་གྱིས་མགོ་ལུས་འགེམ། །རྡུལ་ཕྲན་ཙམ་ཡང་འཇོག་པའི་གནས་མེད་པས། །གནས་འདིར་མ་འདུག་རང་གནས་ཕྱིར་དེངས་ཤིག །ཧཱུྃ་ཧཱུྃ་ཧཱུྃ་དང་། ཨ་རྩིག་ནེ་རྩིག་སོགས། དྲག་སྔགས་བཟླ་ཞིང་ཐུན་གྱིས་བྲབ། ལྟ་བའི་གདེང་བསྐྱེད་དྲག་པོའི་མཚམས་རྔམས་བྱས་པས་བགེགས་ཚོགས་མཐའ་མེད་རྒྱ་མཚོའི་ཕ་རོལ་དུ་སོང་བར་བསམ། དེ་ནས་སྲུང་འཁོར་བསྒོམ་པ་ནི། ཧཱུྃ། བདག་ཉིད་ཆེ་མཆོག་དྲག་པོའི་ཐུགས་ཀ་ནས། །རབ་འབར་རྡོ་རྗེའི་གུར་ཁང་མེ་འོད་སྤྲོས། །བསྲུང་བྱ་ལ་གནོད་འབྱུང་པོའི་རིགས་གྱུར་རྣམས། །དཔག་ཚད་འཁོར་ཡུག་འདའ་བ་མེད་པར་གྱུར། །ཧཱུྃ་བྷྲཱུྃ་བཛྲ་རཀྵ་རཀྵ་ཧཱུྃ། ཞེས་མོས་ལ། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང་། །སོགས་ཤིས་པ་བརྗོད་པ་ཇི་ལྟར་རིགས་པས་མཐའ་བརྒྱན་པར་བྱའོ། །ཅེས་པའང་འཇམ་དབྱངས་བློ་གྲོས་ཆོས་འཕེལ་གྱི་གསུང་བསྐུལ་བཞིན། སྔགས་བན་རྡོ་རྗེ་དྲག་པོ་རྩལ་གྱིས་བདེ་ཆེན་པདྨ་འོད་གླིང་དུ་བྲིས་པ་འགྲོ་ཀུན་བདུད་སྡེའི་གཡུལ་ལས་རྣམ་པར་རྒྱལ་བར་གྱུར་ཅིག

དགེ་སློང་དབེན་པར་གཅིག་པུར་གནས་པ་སོགས་ཀྱིས་ཆོས་སྦྱིན་ཇི་ལྟར་བྱ་བའི་རིམ་པ་མདོར་བསྡུས་ཕན་བདེའི་ས་བོན།

༄༅། །དགེ་སློང་དབེན་པར་གཅིག་པུར་གནས་པ་སོགས་ཀྱིས་ཆོས་སྦྱིན་ཇི་ལྟར་བྱ་བའི་རིམ་པ་མདོར་བསྡུས་ཕན་བདེའི་ས་བོན་བཞུགས། ན་མོ་གུ་རུ་བུདྡྷ་བོ་ངྷི་ས་ཏྭ་ཡ། འདིར་དགེ་སློང་གཅིག་པུར་དབེན་པར་གནས་པའམ། དུས་གཞན་དུའང་རུང་སྟེ། ཟང་ཟིང་མེད་པའི་སེམས་ཀྱིས་ཆོས་ཀྱི་སྦྱིན་པ་ཇི་ལྟར་བྱ་བའི་ཚུལ་ནི། དངོས་སུ་མི་དང་དུད་འགྲོ་སོགས་ཀྱི་རྣ་བར་བསྒྲགས་པའམ། མིན་ཀྱང་དཀར་ཕྱོགས་ལ་དགའ་བའི་ལྷ་ཀླུ་གནོད་སྦྱིན་ལ་སོགས་པ་མི་མ་ཡིན་གྱི་རིགས་རྣམས་བློ་ཡུལ་དུ་བྱས་ཏེ། ཐོག་མར་ཆོས་ཐམས་ཅད་རང་བཞིན་མེད་པར་ཤེས་པའི་ངང་དུ་ཅི་གནས་སུ་མཉམ་པར་བཞག་རྗེས། དེ་ལས་ལངས་ནས། ངེས་པར་འབྱུང་བ་དང་། སྙིང་རྗེ་ཆེན་པོ་དང་། བྱང་ཆུབ་སེམས་ཀྱིས་ཀུན་ནས་བསླངས་ཏེ། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་གསུངས་པའི་བདུད་ཚར་གཅོད་ཀྱི་སྔགས། ཏདྱ་ཐཱ། ཤ་མེ་ཤ་མེ། ཤ་མ་བ་ཏི། ཤ་མི་ཏཱ་ཤ་ཏྲུ། ཨཾ་ཀུ་རེ། མཾ་ཀུ་རེ། མཱ་ར་ཛི་ཏི། ཀ་རོ་ཊི། ཀེ་ཡཱུ་རེ། ཨཱུ་ཀོ་ཧཱ་ཡ་ཏི། བི་ཤ་ཐ་ནིརྨ་ལེ། མ་ལཱ་པ་ན་ཡེ། ཨུ་ཁ་རེ། ཁ་རོ་གྲ་སེ། གྲ་ས་ནེ། ཧེ་མུ་ཁཱི། པ་རཱ་མུ་ཁཱི། ཤ་མི་ཏཱ་ནི་སརྦ་གྲ་ཧ། བནྡྷ་ནཱ་ནི། ནི་གྲ་ཧཱི་ཏྭཱ། སརྦ་མཱ་ར་པྲ་བཱ་དི་ནོ་བི་མུཀྟཱ་མཱ་ར་པྲ་ཤཱ་སྟཱ་རེ་ཏཱ། བུདྡྷཱ་མུ་དྲཱ། ས་མུཏྡྷ་ཧ་ཏི་ཏཱ་སརྦ་མཱ་ར་ཀརྨ་ཎི། ཞེས་དང་། འདུས་པ་རིན་པོོ་ཆེའི་ཏོག་ལས་འབྱུང་བ། ཏདྱ་ཐཱ། ཨ་བ་མེ། ཨ་བ་མེ། ཨ་མ་བ་རེ། ཨ་མ་བ་རེ། པ་རི་ཀུཉྫ། ནཱ་ཌ་ནཱ་ཌ་པུཥྐ་ར་མ་ཏཱ། ཛ་ལུ་ཁ། མ་ཁ་ཡ། ཨི་ལི་མི་ལི། ཀི་ལི་མི་ལི། ཀཱིརྟི་ཙ་ར་མུ་དྲེ། མུ་དྲ་མུ་ཁེ་སྭཱ་ཧཱ། ཞེས་ཚངས་དབྱངས་དང་ལྡན་པའི་རིགས་སྔགས་ཀྱང་བཟླས་པས་བར་དུ་གཅོད་པ་བཅིང་ལ། སངས་རྒྱས་ཀྱི་ཡོན་ཏན་དང་། དམ་ཆོས་ཀྱི་ཆེ་བ། མཁན་སློབ་སོགས་ཀྱི་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་ཐལ་མོ་སྦྱར་བས་བཏུད་དེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བ། ཁ་ལོ་བསྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། མཉམ་མེད་ཤཱཀྱའི་རྒྱལ་པོའི་ཞབས་ཀྱི་རྡུལ་དྲི་མ་མེད་པ་ལ་མགོ་བོས་རབ་ཏུ་བཏུད་དེ་གུས་པས་ཕྱག་འཚལ་ལོ། །སྐྱེས་བུ་ཁྱུ་མཆོག་ཁྱོད་འདྲའི་དགེ་སྦྱོང་ཆེན་པོ་གཞན་དག་ལྷ་ཡུལ་ས་ལའང་མེད། འཇིག་རྟེན་འདི་ནའང་ཡོད་པ་མ་ཡིན། རྣམ་ཐོས་བུ་ཡི་གནས་ནའང་ཡོད་མ་ཡིན། ལྷ་ཡི་ཕོ་བྲང་གནས་མཆོག་དག་ནའང་མེད་ལ་ཕྱོགས་དང་ཕྱོགས་མཚམས་དག་ནའང་མེད། རི་དང་ནགས་སུ་བཅས་པའི་ས་སྟེང་རྒྱས་པ་ཀུན་ཏུ་བསྐོར་ཀྱང་ག་ལ་ཡོད། སངས་རྒྱས་ཡོན་ཏན་བསམ་མི་ཁྱབ། །དམ་པའི་ཆོས་ཀྱང་བསམ་མི་ཁྱབ། །འཕགས་པའི་དགེ་འདུན་བསམ་མི་ཁྱབ། །བསམ་མི་ཁྱབ་ལ་དད་བྱེད་ན། །རྣམ་པར་སྨིན་པའང་བསམ་མི་ཁྱབ། །རྣམ་དག་ཞིང་དུ་སྐྱེ་བར་ཤོག །ཅེས་པ་ཙམ་མམ། སྤྲོ་ན། མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །སོགས་ཚིགས་བཅད་གསུམ་དང་། ཇི་སྙེད་སུ་དག་སོགས་བཟང་སྤྱོད་ལས་འབྱུང་བའི་ཡན་ལག་བདུན་པ་ཚང་བར་རམ། བསྡུ་ན། ཕྱག་འཚལ་བ་དང་མན་གྱི་ཚིག་བཞི་གཅིག་བརྗོད། གང་ལྟར་ཡང་། ཆོས་འཆད་ཀྱི་ཕྱག་རྒྱ་བཅས་ཏེ། འཁོར་གྱི་དཀྱིལ་འཁོར་ལ་ཟང་ཟིང་མེད་པའི་སེམས་ཀྱིས་བརྩེ་བས་ཁྱབ་པར་བལྟས་ལ་ཤིན་ཏུ་དག་ཅིང་གསལ་བའི་ངག་གིས། གང་ཞིག་གསེར་མཆོག་རང་བཞིན་རི་རབ་ལ་གནས་མནྡ་ར་དང་ལྷར་བཅས་གནོད་སྦྱིན་དང་། །གདེངས་ཀ་ནོར་བུའི་འོད་ཀྱིས་མུན་པ་སེལ་མཛད་ས་འོག་གནས་པའི་ཀླུ་རྣམས་གང་ཡིན་དང་། །གངས་ཅན་རིར་ནི་དཔལ་གྱིས་རོལ་ཞིང་རབ་ཏུ་དགའ་བའི་རིག་པ་འཛིན་པ་གང་ཡིན་པ། །དེ་དག་ཐམས་ཅད་ཐར་པ་དམ་པའི་སྒོར་གྱུར་ཐུབ་པའི་གསུང་མཉན་ཕྱིར་ན་འདིར་གཤེགས་ཤིག །ལྷ་དང་ལྷ་མིན་མིའམ་ཅི་ཡི་དབང་པོ་དང་། །བརྒྱ་བྱིན་ལ་སོགས་ཆོས་ཀྱི་ཕྱོགས་ལ་བྱ་བ་བྱས་པ་རྣམས། །སངས་རྒྱས་གསུང་རབ་རབ་ཏུ་ཞི་ཞིང་བདེ་བའི་རྒྱུར་འགྱུར་པ། །དེ་དག་བཤད་ཀྱིས་དམ་པའི་ཆོས་མཉན་ཕྱིར་ན་འདིར་གཤེགས་ཤིག །གང་དག་ཕྱོགས་བཅུ་སྟོང་གི་འཇིག་རྟེན་ན། །བདེ་གཤེགས་སློབ་མར་བཅས་པ་གང་སུ་དག །དེང་འདིར་སྟོན་པའི་ཆོས་ཀྱི་ཆར་འབེབས་ཀྱིས། །གསན་པར་འདོད་པ་ཐམས་ཅད་འདིར་འདུས་ཤིག །ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། །གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང་། །འགྲོ་བ་ཀུན་གྱི་སྒྲ་རྣམས་ཇི་ཙམ་པར། །ཐམས་ཅད་སྐད་དུ་བདག་གིས་ཆོས་བསྟན་ཏོ། །ཞེས་བསྐུལ་ཏེ། བསྡུ་ན་ཚིགས་བཅད་ཕྱི་མ་གཉིས་ཀྱིས་ཆོགགང་ལྟར་ཡང་། འོ་ན། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱ། དེའི་ཆེད་དུ་དམ་པའི་ཆོས་ཀྱི་བདུད་རྩི་ཟབ་མོ་གསན་ནས་དོན་ཐུགས་ཉམས་སུ་བཞེས་པར་བགྱིའོ་སྙམ་པའི་བསམ་པ་བཟང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་དང་། ཆོས་གསན་པའི་ཀུན་ཏུ་སྤྱོད་པའང་མདོ་རྒྱུད་བསྟན་བཅོས་རྣམས་ནས་ཇི་སྐད་གསུངས་པ་བཞིན་ལེགས་པར་ཐུགས་ཉམས་སུ་བསྟར་ཏེ་གསན་གནང་བར་ཞུ། དེ་ལ་འདིར་གང་གསན་པར་བྱ་བའི་ཆོས་ནི། སོགས་ཀྱིས་མཚམས་སྦྱོར་ཏེ། རང་གི་སྔར་ཐོས་པའི་དོན་མི་བརྗེད་པ་དང་། ཡོངས་སུ་བྱང་བ་དང་། གཞན་ལ་ཕན་ཐོགས་པའི་ཆེད་དུ། མདོ་སོགས་ཀྱི་དོན་ཇི་ལྟར་རིགས་ཤིང་འཚམ་པར་བཤད་པའམ། དེ་ལྟར་མི་ནུས་ན། དཀྱུས་ཙམ་དུ། དགེ་བར་གསུངས་ཤིགཀརྨ་རབ་རིབ་མར་མེ་དང་། །སྒྱུ་མ་ཟིལ་བ་ཆུ་བུར་ལྟར། །རྨི་ལམ་གློག་དང་སྤྲིན་ལྟ་བུར། །འདུས་བྱས་ཆོས་རྣམས་དེ་ལྟར་བལྟ། །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །རྒྱུ་ལ་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ལུས་ཀྱི་སྡོམ་པ་ལེགས་པ་ན། །ངག་གི་སྡོམ་པ་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པ་ལེགས་པ་ན། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཐམས་ཅད་བསྲུང་བའི་དགེ་སློང་དག །སྡུག་བསྔལ་ཀུན་ལས་རབ་ཏུ་གྲོལ། །བརྩམ་པར་བྱ་ཞིང་དབྱུང་བར་བྱ། །སངས་རྒྱས་བསྟན་ལ་འཇུག་པར་བྱ། །འདམ་བུའི་ཁྱིམ་ན་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་བྱ། །གང་ཞིག་རབ་ཏུ་བག་ཡོད་པས། །ཆོས་འདུལ་འདི་ལ་སྤྱོད་འགྱུར་བ། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཐ་མར་བྱེད་པར་འགྱུར། །ཞེས་པ་ཙམ་མམ། དེ་ལས་ཅུང་ཟད་སྤྲོ་ན། སྔོན་སིངྒ་ལའི་རྒྱལ་པོའི་བུ་མོ་མུ་ཏིག་ཅན་ལ་སྤྲིང་བའི་ཚེ། བཅོམ་ལྡན་འདས་ཀྱིས། འདི་ལྟར་སྐུ་གཟུགས་དང་། གསུམ་ལ་སྐྱབས་འགྲོ་དང་། བསླབ་གཞི་ལྔ་དང་། རྟེན་འབྲེལ་ལུགས་འབྱུང་ལྡོག་དང་། འཕགས་ལམ་བརྒྱད་དང་། གོང་དུ་བརྩམ་པར་བྱ་ཞིང་སོགས་བྲིས་ཤིག་པར་བཀའ་སྩལ་བའི་དོན་ལྟར། སྔ་མའི་འཕྲོར། མདོ་རྒྱལ་མཚན་དམ་པ་ནས་གསུང་བ། འཇིགས་པས་སྐྲག་པའི་མི་རྣམས་ནི། །ཕལ་ཆེར་རི་དང་ནགས་ཚལ་དང་། །ཀུན་དགའ་ར་བ་ལྗོན་ཤིང་དང་། །མཆོད་རྟེན་རྣམས་ལ་སྐྱབས་སུ་འགྲོ། །སྐྱབས་དེ་གཙོ་བོ་མ་ཡིན་ཞིང་། །སྐྱབས་དེ་ལ་ནི་བརྟེན་ནས་ནི། །སྡུག་བསྔལ་ཆེ་ལས་རབ་མི་ཐར། །གང་ཞིག་གང་ཚེ་སངས་རྒྱས་དང་། །ཆོས་དང་དགེ་འདུན་སྐྱབས་སོང་ནས། །འཕགས་པ་ཡི་ནི་བདེན་པ་བཞི། །སྡུག་བསྔལ་སྡུག་བསྔལ་ཀུན་འབྱུང་དང་། །སྡུག་བསྔལ་ཡང་དག་འདས་པ་དང་། །མྱ་ངན་འདས་བདེར་འགྲོ་བ་ཡི། །འཕགས་པའི་ཡན་ལག་བརྒྱད་པོ་དག །ཤེས་རབ་མིག་གིས་ལྟ་བྱེད་ན། །སྐྱབས་དེ་དག་ནི་གཙོ་ཡིན་ཞིང་། །སྐྱབས་དེ་དག་ནི་མཆོག་ཡིན་ནོ། །སྐྱབས་དེ་དག་ལ་བརྟེན་ནས་ནི། །སྡུག་བསྔལ་ཀུན་ལས་རབ་ཏུ་ཐར། །ཞེས་དང་། མདོ་གཞན་ལས་བྱུང་བ། སངས་རྒྱས་དག་ལ་སྐྱབས་སོང་ན། །དེ་ནི་ཡང་དག་དགེ་བསྙེན་ཏེ། །ནམ་ཡང་ལྷ་རྣམས་གཞན་དག་ལ། །སྐྱབས་སུ་གསོལ་བར་མི་འགྱུར་རོ། །དམ་པའི་ཆོས་ལ་སྐྱབས་སོང་ན། །གནོད་ཅིང་འཚེ་བའི་སེམས་དང་བྲལ། །དགེ་འདུན་དག་ལ་སྐྱབས་སོང་ན། །མུ་སྟེགས་ཅན་ལ་ཕྱོགས་མི་འགྱུར། །ཞེས་དང་། བསླབ་པ་ལྔའི་ཕན་ཡོན་གྱི་མདོ་ལས། བསླབ་པ་ལྔ་པོ་རྣམས་སྲུང་བར་བྱའོ། །འདི་ལྟ་སྟེ། སྲོག་གཅོད་པ་སྤོང་བ་དང་། མ་བྱིན་པ་ལེན་པ་སྤོང་བ་དང་། འདོད་པས་ལོག་པར་གཡེམ་པ་སྤོང་བ་དང་། བརྫུན་སྨྲ་བ་སྤོང་བ་དང་། མྱོས་པར་འགྱུར་པའི་ཆང་གི་བཏུང་བ་ཡོངས་སུ་སྤོང་བའོ། །བསླབ་པ་ལྔ་པོ་འདི་སྲུང་བར་བྱའོ། །ཞེས་དང་། མདོ་གཞན་མང་པོ་ནས་མཐུན་པར་གསུངས་པའི་ཚིག་བཏུས་པ། དགེ་སློང་དག་སུས་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་བ་དེས་ཆོས་མཐོང་ངོ་། །སུས་ཆོས་མཐོང་བ་དེས་སངས་རྒྱས་མཐོང་ངོ་། །རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་བ་ནི། འདི་ལྟ་སྟེ། འདི་ཡོད་པས་འདི་འབྱུང་ལ། འདི་སྐྱེས་པའི་ཕྱིར་འདི་སྐྱེ་བ་སྟེ། གང་འདི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུགསྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཆོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་འཁྲུགས་པ་རྣམས་འབྱུང་བར་འགྱུར་ཏེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་འབྱུང་བར་འགྱུར་རོ། །འདི་ལྟ་སྟེ། འདི་མེད་ན་འདི་མི་འབྱུང་ལ། འདི་མ་སྐྱེས་པའི་ཕྱིར་འདི་མི་སྐྱེ་བ་སྟེ། མ་རིག་པ་འགགས་པས་འདུ་བྱེད་འགགའདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགགརྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་འགགམིང་དང་གཟུགས་འགགས་པས་སྐྱེ་མཆེད་དྲུག་འགགསྐྱེ་མཆེད་དྲུག་འགགས་པས་རེག་པ་འགགརེག་པ་འགགས་པས་ཚོར་བ་འགགཚོར་བ་འགགས་པས་སྲེད་པ་འགགསྲེད་པ་འགགས་པས་ལེན་པ་འགགལེན་པ་འགགས་པས་སྲིད་པ་འགགསྲིད་པ་འགགས་པས་སྐྱེ་བ་འགགསྐྱེ་བ་འགགས་པས་རྒ་ཤི་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་འཁྲུག་པ་རྣམས་འགག་པར་འགྱུར་ཏེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་འགག་པར་འགྱུར་རོ། །འདི་ནི་བཅོམ་ལྡན་འདས་ཀྱིས་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་གསུངས་སོ། །ཞེས་དང་། མདོ་གཞན་ལས་བྱུང་བ། ཆོས་གང་ཞེ་ན་འདི་ལྟར་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟེ། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། །ཡང་དག་པའི་ཏིང་ངེ་འཛིན་ཏོ། །ཞེས་དང་། སཱ་ལུའི་ལྗང་བའི་མདོ་ལས། དེ་ལ་སངས་རྒྱས་གང་ཞེ་ན། སུས་ཆོས་ཐམས་ཅད་ཐུགས་སུ་ཆུད་པའི་ཕྱིར་སངས་རྒྱས་ཞེས་བྱ་སྟེ། དེས་འཕགས་པའི་ཤེས་རབ་ཀྱི་སྤྱན་དང་། ཆོས་ཀྱི་སྐུ་དང་ལྡན་པ་དང་། སློབ་པ་དང་མི་སློབ་པའི་ཆོས་དེ་དག་གཟིགས་པའོ། །ཞེས་གསུང་། དེ་ལྟར་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་རྣམས་ནོས་ནས་རྟེན་འབྲེལ་ལུགས་འབྱུང་ལྡོག་རྟོགས་པའི་འཕགས་པའི་ལམ་ཐོབ་ན་སྡུག་བསྔལ་ལས་རྣམ་པར་གྲོལ་བའི་འབྲས་བུ་ཐོབ་པ་ཡིན་ནོ། །ཞེས་བརྗོད། གཞན་ཡང་སྤྲོ་ན། ཐེག་པ་ཆེན་པོའི་མདོ་དང་རྟོག་པ་དང་། གཟུགས་སྔགས་ཁྱད་པར་ཅན་དང་། སངས་རྒྱས་ཀྱི་མཚན་སོགས་རང་གི་ཁ་ཏོན་དུ་བྱ་བ་རྣམས་དག་གསལ་དུ་བཀླགཤིན་ཏུ་བསྡུས་པར་སྤྲོ་ན། འདུ་བྱེད་ཐམས་ཅད་ནི་མི་རྟག་པའོ། །ཟག་པ་དང་བཅས་པའི་ཆོས་ཐམས་ཅད་ནི་སྡུག་བསྔལ་བའོ། །ཆོས་ཐམས་ཅད་ནི་སྟོང་ཞིང་བདག་མེད་པའོ། །མྱ་ངན་ལས་འདས་པ་ནི་ཞི་བའོ། །ཞེས་པ་ཙམ་བརྗོད་པས་ཀྱང་རུང་སྟེ། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པའི་མདོ་ལས། བཅོམ་ལྡན་འདས་ཀྱིས་ཀླུའི་རྒྱལ་པོ་ལ་བཀའ་སྩལ་པ། ཀླུའི་བདག་པོ་ཆོས་ཀྱི་མདོ་བཞི་པོ་འདི་དག་བརྗོད་ན་གང་དག་བརྗོད་ན་གང་དག་བརྗོད་པས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་རྣམས་བརྗོད་པར་འགྱུར་བ་རྣམས་ཡིན་ནོ། །བཞི་གང་ཞེ་ན། འདི་ལྟ་སྟེ། འདུ་བྱེད་ཐམས་ཅད་མི་རྟག་པར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བསྟན་པ་མི་ཟད་པའི་ཤེས་པ་རབ་ཏུ་འཇུག་པ་དང་། དེ་བཞིན་དུ་ཚིག་ལྷག་མ་ཕྱི་མ་རྣམས་ལའང་སྦྱར་ཏེ། ཟག་པ་དང་བཅས་པའི་ཆོས་ཐམས་ཅད་སྡུག་བསྔལ་བར་དང་། ཆོས་ཐམས་ཅད་ལ་བདག་མེད་པར་དང་། མྱ་ངན་ལས་འདས་པ་ཞི་བར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བསྟན་པ་མི་ཟད་པའི་ཤེས་པ་རབ་ཏུ་འཇུག་པར་འགྱུར་བ་སྟེ། ཀླུའི་བདག་པོ་ཆོས་ཀྱི་མདོ་བཞི་པོ་འདི་དག་བརྗོད་ན་གང་དག་བརྗོད་པས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་བརྗོད་པར་འགྱུར་བ་རྣམས་ཡིན་ནོ། །ཞེས་གསུངས། དེ་ལྟར་རྒྱས་བསྡུས་གང་ལྟར་ཡང་། མཇུག་ཏུ། དེ་ལྟར་ཆོས་འཆད་ཉན་བགྱིས་པ་ལས་བྱུང་བའི་དགེ་བའི་རྩ་བ་འདི་ཉིད་ཀྱིས་མཚོན་བྱེད་དུ་བྱས་ཏེ་འཁོར་འདས་ལམ་གསུམ་གྱིས་བསྡུས་པའི་དགེ་བའི་རྩ་བ་གང་ཇི་སྙེད་ཅིག་མཆིས་པ་དེ་ཐམས་ཅད་གཅིག་ཏུ་བསྡོམས་ནས་གཞན་དོན་དུ་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར་ཡོངས་སུ་བསྔོ་བ་དང་སྨོན་ལམ་གྱིས་རྒྱས་འདེབས་པར་ཞུ། ཞེས་མཚམས་སྦྱར་ནས། ཆོས་བཤད་པ་ལས་བྱུང་བ་ཡི། །དགེ་བ་གྲུབ་པ་གང་ཡིན་པ། །དེས་ནི་མ་གྱུར་འགྲོ་བ་ཀུན། །སྲིད་པའི་མཚོ་ལས་སྒྲོལ་བར་ཤོག །འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང་། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །ཀླུ་རྒྱལ་དགའ་པོ་ཉེར་དགའ་བོ། །གཞན་ཡང་གྲོང་ཁྱེར་གནས་པ་རྣམས། །ཚེ་རིང་ནད་མེད་{བདེ་བ}ཕུན་སུམ་ཚོགས། །རྟག་ཏུ་བདེ་བ་འཐོབ་པར་ཤོག །གཞན་ཡང་། འཇིག་རྟེན་བདེ་ཞིང་༴ འབྱུང་པོ་གང་དག༴ འཇམ་དཔལ་དཔའ་བོས་སོགས་ཇི་ལྟར་རིགས་པའི་སྨོན་ལམ་གྱིས་མཐའ་བརྒྱན་པར་བྱའོ། །དེ་ལྟར་བགྱིས་པའི་ཕན་ཡོན་ཡང་། སྡུད་པ་ལས། བྱང་ཆུབ་སེམས་དཔའ་གང་ཞིག་ཤེས་རབ་མཆོག་བསྒོམས་ཏེ། །དེ་ལས་ལངས་ནས་གོས་པ་མེད་པའི་ཆོས་བརྗོད་ཅིང་། །དེ་ཡང་འགྲོ་བའི་དོན་དུ་བྱང་ཆུབ་རྒྱུར་བསྔ་ོན། །དགེ་བ་དེ་དང་མཉམ་པ་འཇིག་རྟེན་གསུམ་ན་མེད། ཅེས་དང་། གསེར་འོད་ལས། སྦྱིན་པ་རྣམ་པ་ཀུན་གྱི་ནང་ནས་ནི། །ཆོས་ཀྱི་སྦྱིན་པ་མཆོག་ཅེས་ངས་བཤད་དོ། །ཞེས་དང་། བྱམས་པ་སེང་གེ་སྒྲས་ཞུས་པའི་མདོ་ལས། གང་གིས་གང་གཱའི་ཀླུང་སྙེད་སངས་རྒྱས་ཞིང་། །རིན་ཆེན་བདུན་གྱིས་ཡོངས་སུ་བཀང་བྱས་ནས། །རབ་དགའི་སེམས་ཀྱིས་རྒྱལ་ལ་ཕུལ་བ་དང་། །གང་གིས་སེམས་ཅན་གཅིག་ལ་ཚིགས་བཅད་བྱིན། །རིན་ཆེན་སྦྱིན་པ་ཤིན་ཏུ་རྒྱ་ཆེན་དེས། །ཚིགས་བཅད་སྦྱིན་པ་སྙིང་རྗེས་སྒྲུབ་དེ་ལ། །ཆར་ཡང་མི་ཕོད་གྲངས་སུའང་མ་ཡིན་ན། །གཉིས་དང་གསུམ་ལ་བསམ་དུ་ག་ལ་ཡོད། །ཅེས་དང་། ཕན་འདོགས་བྱེད་པར་འདོད་པ་གང་ཞིག་གིས། །འཇིག་རྟེན་གསུམ་ན་སེམས་ཅན་ཐམས་ཅད་ཀྱི། །བདེ་བ་གང་དག་ཡོད་པ་དེ་དག་ཀུན། །སེམས་ཅན་གཅིག་ལ་སྦྱིན་པ་བྱིན་པ་བས། །གང་གིས་དེ་ལ་སངས་རྒྱས་ལུགས་ཀྱི་ནི། །ཚིག་བཞིའི་ཚིགས་སུ་བཅད་པ་གཅིག་བསྒྲགས་ན། །དེ་ནི་ཤིན་ཏུ་ཕན་འདོགས་བརྩོན་ཡིན་ཏེ། །དེས་ནི་སྡུག་བསྔལ་དག་ལས་གྲོལ་བར་འགྱུར། །ཞེས་སོགས་མདོ་སྡེ་རྣམས་ནས་རྒྱ་ཆེར་གསུངས་པ་བཞིན་ཤེས་པར་བྱའོ། །འདིས་ཀྱང་བདག་གཞན་སྐྱེ་ཀུན་ཏུ། །དམ་ཆོས་སྣང་བ་མི་འབྲལ་ཞིང་། །ཚུལ་གནས་ཐོས་བསམ་སྒོམ་པ་ཡིས། །རྒྱལ་བའི་ཆོས་མཛོད་འཛིན་གྱུར་ཅིག །ཅེས་པའང་ཉེ་བར་མཁོ་བའི་སླད་དང་། མཆོག་སྤྲུལ་རྒྱལ་བའི་སྲས་པོ་བློ་གྲོས་དྲི་མེད་གཞན་ཕན་མཐའ་ཡས་ཀྱི་ཐུགས་བཞེད་སྐོང་ཕྱིར། འདུ་གསུམ་པ་འཇམ་དབྱངས་བློ་གྲོས་རྒྱ་མཚོའི་སྒྲ་དབྱངས་ཀྱིས་བཀའ་བརྒྱད་བདེ་གཤེགས་འདུས་པའི་ཕོ་བྲང་རང་བྱུང་བྲག་གི་ཀེའུ་ཚང་དུ་བྲིས་པ་དགེ །
༄༅། །ན་མོ་མཉྫུ་ཤྲཱི་ཡེ། རྟེན་དངོས་སུ་བཤམས་པའམ་ཡིད་ཀྱིས་དམིགས་པའི་སྤྱན་སྔར། མཆོད་ཡོན་ལ་སོགས་པ་རང་གིས་དངོས་སུ་གང་འབྱོར་བ་གཙང་ཞིང་དག་པར་བཤམས་ནས། དེ་ཉིད་དམིགས་རྟེན་དུ་བྱས་ཏེ། མཆོད་པའི་སྤྲིན་གཟུངས་དང་རྟེན་འབྲེལ་སྙིང་པོོ་ལན་གསུམ་བརྗོད་པས་བྱིན་གྱིས་བརླབས་ཤིང་བསྔོས་ནས། ཐལ་མོ་སྦྱར་བས་བཏུད་དེ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཕུལ་བྱུང་མཁྱེན་བརྩེ་ནུས་པའི་གཏེར་མངའ་ཞིང་། །མ་ལུས་འགྲོ་བའི་སྐྱབས་དང་མགོན་གྱུར་པའི། །བླ་མ་རྒྱལ་བ་སྲས་འཁོར་བཅས་རྣམས་ལ། །རྡུལ་སྙེད་ལུས་སྤྲུལ་གུས་པས་ཕྱག་བགྱིའོ། །དྲི་མེད་ཡིད་འོང་ལྷ་རྫས་མཆོད་ཡོན་སོགས། །མེ་ཏོག༴ བདུག་སྤོས༴ སྣང་གསལ༴ དྲི་ཆབ༴ ཞལ་ཟས༴ རོལ་མོ༴ ན་བཟའ༴ རྒྱན་ཕྲེང་ལ་སོགས་སྐབས་ཐོབ་གང་གཙོ་ཁ་བསྒྱུར་བྱ། མཆན། དངོས་སུ་བཤམས་དང་ཡིད་ཀྱིས་རྣམ་སྤྲུལ་པའི། །ཉེར་སྤྱོད་འདོད་ཡོན་བཀྲ་ཤིས་རྫས་རྟགས་བརྒྱད། །རིན་ཆེན་སྣ་བདུན་ལྷ་མིའི་འབྱོར་པའི་ཚོགས། །གཞལ་མེད་ཕོ་བྲང་བསྟོད་དབྱངས་སྙན་སྤྲིན་དང་། །འདོད་འབྱུང་དགའ་ཚལ་བུམ་བཟང་ནོར་བུའི་གཏེར། །རྣམ་བཀྲའི་རྒྱན་ལྡན་སྤྲུལ་པའི་ལྷ་མོར་བཅས། །འཇིག་རྟེན་འཇིག་རྟེན་ལས་འདས་ཕུན་ཚོགས་དཔལ། །ས་དང་བར་སྣང་ཆོས་དབྱིངས་ཁྱོན་གང་བའི། །ཀུན་བཟང་འབྱོར་པ་རྒྱ་མཚོའི་ཁྱད་པར་རྣམས། །བློ་ཡིས་བླངས་ནས་ཕྱི་མའི་མུ་མཐའི་བར། །གུས་པས་འབུལ་ལོ་ཉིད་ཀྱི་མཐུས་བཞེས་ཤིག །བདག་ནི་མཐོ་རིས་འཇིག་རྟེན་དོན་གཉེར་མིན། །མ་ལུས་འགྲོ་ཀུན་སྲིད་ལས་རབ་སྒྲོལ་ཕྱིར། །རྣམ་མཁྱེན་བླ་མེད་གོ་འཕང་མཆོག་འདོད་པས། །དེང་ནས་བདག་གི་སྒོ་གསུམ་བྲན་དུ་འབུལ། །སྐྱོབ་པ་མཆོག་རྣམས་མི་དགྱེས་གང་ལགས་པའི། །སྡིག་དེ་འགྱོད་པས་བཤགས་ཤིང་ཕྱིན་ཆད་བསྡོམས། །དགེ་ལ་ཡི་རང་བསྐུལ་ཞིང་གསོལ་བ་འདེབས། །བསོད་ནམས་གང་མཆིས་འགྲོ་ལ་ཕན་ཕྱིར་བསྔོ། །བདག་གཞན་འགྲོ་ཀུན་མི་ཁོམ་གཏན་སྤངས་ཤིང་། །མཐོ་རིས་ཡོན་ཏན་བདུན་གྱིས་བརྒྱན་པའི་རྟེན། །རྟག་ཏུ་དཀོན་མཆོག་མཆོད་ལ་བརྩོན་བྱེད་ཅིང་། །མ་ལུས་འགྲོ་ལ་ཕན་པ་མང་བྱེད་ཤོག །དཀར་པོའི་རིགས་སད་ཐེག་མཆོག་བཤེས་ཀྱིས་ཟིན། །ཚུལ་ཁྲིམས་རྣམ་དག་མང་དུ་ཐོས་པས་ཕྱུག །བྱང་ཆུབ་སེམས་འབྱོང་ལྟ་སྤྱོད་རྣམ་པར་དག །ཚོགས་གཉིས་དཔལ་གྱིས་རྟག་ཏུ་འཚོ་བར་ཤོག །ཚེ་རབས་ཀུན་ཏུ་རྒྱལ་བའི་ཆོས་མཛོད་འཛིན། །ཡེ་ཤེས་གཟུངས་སྤྲིན་སྤོབས་པ་མི་ཟད་བརྙེས། །རྟག་ཏུ་གཞན་ཕན་སྤྱོད་ལས་མི་གཡེལ་བས། །རྣམ་མཁྱེན་གོ་འཕང་མྱུར་དུ་ཐོབ་པར་ཤོག །རྒྱལ་བའི་བསྟན་དར་བསྟན་འཛིན་ཞབས་པད་བརྟན། །དགེ་འདུན་སྡེ་འཕེལ་བཤད་སྒྲུབ་མངའ་ཐང་དར། །རྒྱལ་ཁམས་བདེ་སྐྱིད་ནད་མུག་མཚོན་འཁྲུག་ཞི། །ཆོས་ལྡན་བསམ་པ་མཐའ་དག་འགྲུབ་གྱུར་ཅིག །བདེ་གཤེགས་སྲས་བཅས་ཀུན་གྱི་ཐུགས་བསྐྱེད་དང་། །མཛད་པ་སྨོན་ལམ་མཁྱེན་བརྩེ་ནུས་པའི་ཚུལ། །བླ་མེད་ཡེ་ཤེས་སྒྱུ་འཕྲུལ་ཇི་འདྲ་བ། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག །སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་དང་། །སོགས་ཇི་ལྟར་རིགས་པའི་སྨོན་ལམ་གདབ་པར་བྱའོ། །དེ་ལྟར་མཆོད་པའི་ཕན་ཡོན་གྱི་ཁྱད་པར་ནི་རྒྱས་པར་ཟུར་དུ་བྲིས་པ་ལས་ཤེས་སོ། །ཞེས་པའང་པདྨ་བིི་ཛས་སོ། །

རྟེན་ལ་མེ་ཏོག་འབུལ་ན།

༄༅། །རྟེན་ལ་མེ་ཏོག་འབུལ་ན། དེ་བཞིན་གཤེགས་པ་མེ་ཏོག་དཔལ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། པུཥྤེ་པུཥྤེ་སུ་པུཥྤེ་ཡེ་སྭཱ་ཧཱ། ན་མོ་བྷ་ག་ཝ་ཏེ་པུཥྤ་ཀེ་ཏུ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཱཡ་ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་པུཥྤེ་པུཥྤེ་མ་ཧཱ་པུཥྤེ། སུ་པུཥྤེ་པུཥྤ་ཨུཏྦྷ་ཝེ། པུཥྤ་སམྦྷ་ཝེ། པུཥྤ་ཨ་བ་ཀི་ར་ཎི་སྭཱ་ཧཱ། མེ་ཏོག་ཕལ་ཆེར་མེ་ཏོག་བླ་བྲེ་དང་། །མེ་ཏོག་བཀོད་པའི་འོད་ཟེར་རབ་བཀྱེ་ཞིང་། །མེ་ཏོག་སྣ་ཚོགས་ཀུན་ཏུ་བཀྲམ་བྱས་ནས། །བདག་ཉིད་ཆེན་པོ་རྒྱལ་བ་སྲས་བཅས་མཆོད། །ཕུལ་བྱུང་བརྟན་གཡོ་སྲིད་པའི་མཛེས་ཆོས་དཔལ། །བྱེད་པོའི་ཕྱག་རྒྱས་གཅིག་ཏུ་བསྡོམས་པ་ལྟའི། །དབང་ལྔ་སིམ་པར་བྱེད་པའི་ལྷ་རྫས་འདི། །འགྲོ་ལ་ཕན་ཕྱིར་བརྩེ་བས་བཞེས་སུ་གསོལ། །ཆོས་དབྱིངས་དང་མཉམ་ཕྱོགས་དང་དུས་ཀྱི་མཐར། །ཡོངས་ཁྱབ་པདྨའི་འོད་ཟེར་རྩེ་མོ་ལས། །ཟག་མེད་མཆོད་སྤྲིན་ནམ་མཁའ་མཛོད་ཀྱི་སྒོ། །ཀུན་བཟང་སྨོན་ལམ་སྟོབས་བཞིན་འབྱུང་གྱུར་ཅིག །འོད་ཟེར་རྩེ་ལས་སྤྲུལ་པའི་སངས་རྒྱས་ཚོགས། །ཐེག་གསུམ་ཆོས་སྒྲ་སྒྲོགས་པས་ཞིང་ཀུན་ཁེངས། །འགྲོ་ཚོགས་རིགས་ཁམས་ས་བོན་གསོས་བཏབ་པས། །རྣམ་གྲོལ་ཡོན་ཏན་འདབ་སྟོང་བཞད་གྱུར་ཅིག །བདག་ཀྱང་སྐྱེ་ཀུན་པདྨའི་སྙིང་པོ་ལས། །བརྫུས་སྐྱེས་རྒྱལ་རྣམས་མཆོད་ཅིང་དམ་ཆོས་འཛིན། །སེམས་ཅན་མགུ་བྱས་རྫོགས་སྨིན་སྦྱངས་མཐར་ཕྱིན། །འཇིག་རྟེན་ཀུན་ཏུ་པད་དཀར་ལྟར་འཕགས་ཤོག །བདེ་གཤེགས་སྲས་བཅས་ཀུན་གྱི་ཐུགས་བསྐྱེད་དང་། །མཛད་པ་སྨོན་ལམ་མཁྱེན་བརྩེ་ནུས་པའི་ཚུལ། །བླ་མེད་ཡེ་ཤེས་སྒྱུ་འཕྲུལ་ཇི་འདྲ་བ། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག །ཅེས་གོང་འོག་གི་ཤླཽ་ཀ་གཉིས་མདོ་དང་བླ་མའི་གསུང་ལས་འབྱུང་བ་ལ་བར་གྱི་ཚིགས་སུ་བཅད་པ་བཞི་འཇམ་དབྱངས་བློ་གྲོས་རྒྱ་མཚོས་བསྣན་པ་སྟེ། དེ་ལྟར་སེམས་དྭངས་ཤིང་གུས་པའི་སྒོ་ནས་དཀོན་མཆོག་གསུམ་ལ་མེ་ཏོག་གི་མཆོད་པ་བགྱིས་པའི་ཕན་ཡོན་ནི་མཐའ་ཡས་ཏེ། མདོ་སྡེ་ལས་རྣམ་འབྱེད་ལས། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མེ་ཏོག་ཕུལ་བའི་ཕན་ཡོན་བཅུ་ཡོད་དེ། བཅུ་གང་ཞེ་ན། འཇིག་རྟེན་ན་མེ་ཏོག་ལྟ་བུར་འགྱུར་བ་དང་། དེའི་སྣའི་དབང་པོ་ནམ་ཡང་ཉམས་པར་མི་འགྱུར་བ་དང་། ལུས་ལ་དྲི་ང་བ་མེད་པར་འགྱུར་བ་དང་། ལུས་ལ་དྲི་ཞིམ་པོ་འབྱུང་བར་འགྱུར་བ་དང་། ཕྱོགས་དང་ཕྱོགས་མཚམས་རྣམས་སུ་དེའི་ཚུལ་ཁྲིམས་ཀྱི་དྲི་ངད་ལྡང་བར་འགྱུར་བ་དང་། འཇིག་རྟེན་པ་རྣམས་འཁོར་ཞིང་འདུ་བར་འགྱུར་བ་དང་། ཡིད་དུ་འོང་བའི་ཆོས་རྣམས་ཐོབ་པར་འགྱུར་བ་དང་། ལོངས་སྤྱོད་ཆེ་བར་འགྱུར་བ་དང་། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། ཆོས་བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མེ་ཏོག་ཕུལ་བའི་ཕན་ཡོན་ནོ། །ཞེས་དང་། ལས་ཀྱི་རྣམ་པར་འགྱུར་བ་ཞེས་པའི་མདོ་ལས། ཡང་དག་པར་གཤེགས་པའི་མཆོད་རྟེན་ལ་མེ་ཏོག་ཕྲེང་བ་ཕུལ་ན་དེའི་ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། འཇིག་རྟེན་གྱི་ནང་ན་མེ་ཏོག་གི་ཕྲེང་བ་དང་འདྲ་བར་ལུས་ལ་མནམ་པའི་དྲི་ཞིམ་པར་འགྱུར། ལུས་གཙང་བར་འགྱུར། རྟག་ཏུ་དྲི་ཞིམ་པར་འགྱུར། རྒྱན་དང་ལྡན་པར་འགྱུར། འཁོར་རྣམས་ཉེ་བར་འགྱུར། ཕོ་མོ་ཐམས་ཅད་ཀྱིས་ཡིད་དུ་འོང་བར་འགྱུར། ལོངས་སྤྱོད་མང་དུ་འགྱུར། མཐོ་རིས་སུ་སྐྱེ་བར་འགྱུར། མྱུར་དུ་མྱ་ངན་ལས་འདའ་བར་འགྱུར་རོ། །ཞེས་དང་། སྤྱན་རས་གཟིགས་ཀྱི་མདོ་ལས། སུ་ཞིག་དགའ་བའི་ཡིད་ཀྱིས་མེ་ཏོག་བླང་། །དད་སྐྱེས་འཇིག་རྟེན་མགོན་ལ་ཆར་དུ་གཏོར། །དེ་ནི་མི་ཡི་འཇིག་རྟེན་བསོད་ནམས་ལྡན། །རྒྱལ་སྲིད་གནས་ནས་རྒྱལ་བ་མཆོག་བཀུར་འགྱུར། །མྱ་ངན་བསྐམས་ཤིང་ཐ་བ་དྲིར་ལྡན་ལུས། །ཡན་ལག་ལེགས་གནས་མཚུངས་མེད་ཐོབ་པར་འགྱུར། །སྐྱེ་བོ་མང་པོ་བལྟ་བའི་འོས་ཡིན་ཏེ། །དམྱལ་བ་དགྲ་རྩ་འདོད་པ་སྤང་བར་འགྱུར། །སྤྱད་པ་རྣམ་པར་སྤྱོད་ཚེ་འདོད་པ་ལ། །ངན་སྐྱུགས་ཁུང་ལྟར་སྨད་པར་ཤེས་པར་འགྱུར། །ཚངས་སྤྱོད་དགེ་བ་ཁྱད་པར་འཕགས་པ་སྤྱོད། །དགའ་བའི་སེམས་ཀྱིས་རྟག་ཏུ་སྤྱོད་པར་འགྱུར། །བསྐལ་པ་མཐའ་ཡས་མང་དུ་དེ་ཁ་ནས། །རབ་འཛེས་ཨུཏྤལ་བསུང་ནི་འབྱུང་བར་འགྱུར། །དེ་ཡི་ལུས་ནི་གསེར་གྱི་མདོག་འདྲ་ཞིང་། །ཙནྡན་ལྟ་བུའི་དྲི་ཞིམ་ངད་ཀྱང་འབྱུང་། །སྤྱད་པ་རྣམ་པར་སྤྱོད་ཚེ་ཁྲོ་བ་དང་། །ཐ་བ་དྲི་སྐྱོན་གཏི་མུག་གནོད་མི་བྱེད། །དམན་པ་མེད་པའི་སེམས་ཀྱིས་དབུགས་ཕྱིན་སྙེད། །བག་ཡོད་ལྷ་ཡི་ནང་ན་རྒྱལ་པོ་འཐོབ། །ཅེས་དང་། མེ་ཏོག་ཕྲེང་བ་བྱས་ནས་སུ། །མཆོད་རྟེན་རྣམས་ལ་སུས་འབུལ་བ། །དེ་ནི་ནམ་ཡང་ཕོངས་མི་འགྱུར། །མི་ཡི་ནང་ནས་ཤི་འཕོས་ནས། །སུམ་ཅུ་རྩ་གསུམ་འགྲོ་བར་འགྱུར། །དེར་ནི་རིན་ཆེན་སྣ་ཚོགས་ཀྱིས། །གཞལ་མེད་ཁང་པ་འཐོབ་པར་འགྱུར། །ཞེས་དང་། སྦྱིན་པའི་ཕན་ཡོན་བསྟན་པ་ལས། མེ་ཏོག་སྦྱིན་པ་བྱིན་ན་རྣམ་པར་སྨིན་པ་བྱང་ཆུབ་ཀྱི་ཡན་ལག་འཐོབ་པར་འགྱུར་རོ། །ཕྲེང་བ་བྱིན་ན་རྣམ་པར་སྨིན་པ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་དྲི་མ་རྣམ་པར་དག་པ་རབ་ཏུ་འཐོབ་པར་འགྱུར་རོ། །ཞེས་དང་། མེ་ཏོག་མེ་ཏོག་ཕྲེང་བྱིན་པས། །གང་དང་གང་དུ་སྐྱེ་བ་དེར། །རྒྱལ་པོ་བློན་པོ་ཞང་བློན་གྱིས། །རྟག་ཏུ་མཆོད་ཅིང་རིམ་གྲོ་བྱེད། །ཅེས་དང་། མཆོད་རྟེན་བསྐོར་བའི་ཚིགས་བཅད་ལས། མཁས་པ་གང་གིས་སངས་རྒྱས་མཆོད་རྟེན་ལ། །དགའ་བའི་སེམས་ཀྱིས་མེ་ཏོག་སིལ་མ་སྤུངས། །འཛམ་བུའི་ཆུ་ཀླུང་གསེར་སྣོད་འབུམ་བཞག་པ། །དེ་ནི་དེ་དང་མཚུངས་པ་ཡོད་མ་ཡིན། །མཁས་པ་གང་གིས་སངས་རྒྱས་མཆོད་རྟེན་ལ། །དགའ་བའི་སེམས་ཀྱིས་མེ་ཏོག་ཕྲེང་བ་ཐོགས། །འཛམ་བུའི་ཆུ་ཀླུང་གསེར་ཁལ་བྱེ་བ་གཉིས། །དེ་ནི་དེ་དང་མཚུངས་པ་ཡོད་མ་ཡིན། །ཞེས་དང་། གསལ་རྒྱལ་གྱི་ཚིགས་བཅད་ལས། སུ་དག་དཀོན་མཆོག་གསུམ་ལ་མེ་ཏོག་དང་། །འབྲས་བུ་གསར་ཐོག་བྱུང་བ་འབུལ་བྱེད་པ། །དེ་དག་འགྲོ་བ་རྣམས་སུ་འཁོར་བ་ན། །རོ་མཆོག་ཀུན་ཐོབ་མི་བརྫི་སྟོབས་དང་ལྡན། །ཕྲེང་བ་མེ་ཏོག་རྒྱ་ཆེན་ཆར་རྣམས་ཀྱིས། །སུ་དག་འདིར་ནི་རྒྱལ་བའི་གཟུགས་ལ་མཆོད། །དེ་དག་ལྷ་དང་མི་ཡི་འཇིག་རྟེན་དུ། །ཆ་བྱད་ཡིང་འོད་སྣ་ཚོགས་ལེགས་པར་བརྒྱན། །ཞེས་དང་། གཞན་ཡང་མེ་ཏོག་བརྩེགས་པའི་གཟུངས་ལས། རྟེན་ལ་མེ་ཏོག་འབུལ་ན་བསྐལ་པ་བརྒྱ་ཕྲག་སྟོང་དུ་ངན་འགྲོ་ལོག་པར་ལྟུང་བའི་གནས་སུ་མི་སྐྱེ་བར་གསུངས་པ་དང་། པད་དཀར་ལས། སངས་རྒྱས་ལ་དམིགས་ནས་མེ་ཏོག་རྡོག་གཅིག་ཙམ་ནམ་མཁར་གཏོར་ཡང་བྱང་ཆུབ་ཐོབ་པར་གསུངས་པ་དང་། མདོ་གཞན་ལས། སངས་རྒྱས་ཀྱི་ཞིང་དུ་པདྨའི་སྙིང་པོ་ལས་བརྫུས་ཏེ་སྐྱེ་བའི་རྒྱུའི་གཙོ་བོར་གསུངས་པ་སོགས་ཕན་ཡོན་མཐའ་ཡས་པས་བདག་ལེགས་སུ་འདོད་པ་དག་གིས་བྱ་སླ་ལ་དོན་ཆེ་བ་འདི་ཙམ་ཡང་ཡལ་བར་མི་འདོར་བར་དལ་འབྱོར་གྱི་རྟེན་ལ་སྙིང་པོ་ལེན་པར་གསོལ་བ་འདེབས་པ་ལགས་ན་དེ་དེ་བཞིན་དུ་མཛད་དུ་གསོལ།

རྩ་གསུམ་ཚོགས་མདོར་བསྡུས་གྲུབ་གཉིས་འདོད་འཇོ།

༄༅། །རྩ་གསུམ་ཚོགས་མདོར་བསྡུས་གྲུབ་གཉིས་འདོད་འཇོ་བཞུགས། ན་མོ་གུ་ར་ཝེ། དྲན་པས་སྲིད་ཞིའི་འཇིགས་འཕྲོག་ཅིང་། །ཕན་བདེའི་དངོས་ཀུན་སྩོལ་མཛད་པའི། །བླ་མ་རྩ་གསུམ་འཁོར་ལོའི་ལྷར། །བཏུད་ནས་ཚོགས་མཆོད་མདོར་བསྡུས་བྲི། །དེ་ལ་འདིར་རྩ་གསུམ་གང་ལའང་སྦྱར་དུ་རུང་བའི་ཚོགས་མཆོད་ཉུང་ངུ་སྤྲོ་ན། དམ་ཚིག་གི་རྫས་རྣམས་འདུ་བྱས་ལ། ཐོག་མར་བྱིན་གྱིས་བརླབ་པ་ནི། ཧཱུྃ་ཧྲཱིཿགདོད་ནས་སྤྲོས་བྲལ་དབྱིངས་ཀྱི་ཀ་པཱ་ལར། །ཡེ་ཤེས་རང་གསལ་ལྷུན་གྲུབ་འདོད་དགུའི་སྤྲིན། །བདེ་སྟོང་ཟག་མེད་ཚོགས་མཆོད་བདུད་རྩིའི་ཆར། །མི་འཛད་ནམ་མཁའ་མཛོད་ཀྱི་འཁོར་ལོར་གྱུར། །ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿདེ་ནས་ཚོགས་ཞིང་སྤྱན་འདྲེན་ནི། ཧཱུྃ་ཧྲཱིཿརྣམ་ཀུན་མཆོག་ལྡན་སྟོང་ཆེན་ཆོས་སྐུའི་རྩལ། །སྙིང་རྗེའི་དབང་གིས་གཟུགས་ཀྱི་སྐུར་བཞེངས་པའི། །བླ་མ་རྩ་གསུམ་ཆོས་སྲུང་ནོར་ལྷར་བཅས། །འདིར་བྱོན་ཚོགས་ཀྱི་འདུ་བར་གཤེགས་སུ་གསོལ། །ༀ་ཨཱཿཧཱུྃ་གུ་རུ་དེ་བ་ཌཱ་ཀི་ནཱི་ངྷརྨ་པཱ་ལ་བཛྲ་ས་མཱ་ཡ་ཛཿཛཿཚོགས་ཕུད་ཆ་གསུམ་དུ་བཅད་པའི་དང་པོ་མཆོད་པ་ནི། ཧཱུྃ་ཧྲཱིཿཕྱི་མཆོད་འདོད་ཡོན་ལོངས་སྤྱོད་སྐར་ལྟར་བཀྲམ། །ནང་མཆོད་ཟག་མེད་བདེ་སྟོང་མཚོ་ལྟར་བསྐྱིལ། །གསང་མཆོད་འོད་གསལ་ཆོས་དབྱིངས་མཁའ་ལྟར་བརྡལ། །གཉིས་མེད་མཉམ་པའི་ངང་དུ་འབུལ་གྱིས་བཞེས། །ༀ་ཨཱཿཧཱུྃ་གུ་རུ་དེ་བ་ཌཱ་ཀི་ནི་ངྷརྨ་པཱ་ལ་ས་པ་རི་ཝཱ་ར་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། བར་པས་བསྐང་ཞིང་བཤགས་པ་ནི། ཧཱུྃ་ཧྲཱིཿཆོས་དབྱིངས་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི། །རྣམ་པར་འཕྲུལ་བའི་འདོད་ཡོན་ཟག་མེད་སྤྲིན། །བདེ་སྟོང་ག་ཎ་ཙཀྲའི་ལོངས་སྤྱོད་འདིས། །རྩ་གསུམ་ཆོས་སྐྱོང་ནོར་ལྷ་གཏེར་བདག་སོགས། །རབ་འབྱམས་དཀྱིལ་འཁོར་འཁོར་ལོའི་ཐུགས་དམ་བསྐང་། །རྩ་བ་ཡན་ལག་ཉམས་ཆག་འགལ་འཁྲུལ་བཤགས། །ཐུན་མོང་མཆོག་གི་དངོས་གྲུབ་སྩལ་དུ་གསོལ། །ཞེས་མོས་ལ་ཡིག་བརྒྱ་བཟླའོ། ཐ་མ་བསྒྲལ་ཞིང་སྟོབ་པ་ནི། ཨེ་ནྲི་ཏྲི་ཛཿཧཱུྃ་བྃ་ཧོཿཧཱུྃ་བྷྱོཿགཟུང་འཛིན་ཉོན་མོངས་བདག་ལྟའི་དགྲ་བགེགས་རྣམས། །རང་གྲོལ་སྐྱེ་མེད་རྟོགས་པའི་མཚོན་ཆ་ཡིས། །ཡེ་ཤེས་དབྱིངས་སུ་བསྒྲལ་བའི་དམ་རྫས་མཆོག །རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་ཞལ་དུ་བསྟབ། །ནྲྀ་ཏྲི་ཤ་ཏྲུན་མཱ་ར་ཡ་རྦད། ཁ་ཁ་ཁཱ་ཧི་ཁཱ་ཧི། དེ་ནས་ཚིམ་པ་དྲུག་ལྡན་གྱི་འདོད་ཡོན་ལ་རོལ་ཞིང་། ལྷག་མ་བསྔོོ་བ་ནི། ལྷག་གཏོར་བདུད་རྩིས་བྲན་ལ། པཉྩ་ཨ་མྲྀ་ཏ་ཧཱུྃ་ཧོ། ཧཱུྃ་ཧྲཱིཿདཀྱིལ་འཁོར་མུ་རན་སྐྱོང་བའི་ལྷག་སྡུད་ཚོགས། །འདིར་གཤེགས་དཔལ་གྱི་ཕམ་ཕབ་འདི་བཞེས་ལ། །བོད་ཡུལ་མཐའ་དབུས་བདེ་སྐྱིད་འཕེལ་བ་དང་། །རྣལ་འབྱོར་བཅོལ་པའི་ལས་ཀུན་འགྲུབ་པར་མཛོད། །ༀ་ཨུ་ཙིཥྚ་བ་ལི་ཏ་ཁཱ་ཧི། ལྷག་གཏོར་ཕྱིར་གཤེགས། ཡ་ཧི་གཙྪས་ལྷག་མགྲོན་རང་གནས་སུ་གཏོང་། རྗེས་ཀྱི་ཆོག་པས་གཞུང་ལྟར་བགྱིས་པས་དོན་འགྲུབ་བོ། །རབ་འབྱམས་རྩ་གསུམ་རྒྱལ་བ་དགྱེས་བསྐྱེད་ཐབས། །ཚོགས་མཆོད་བསོད་ནམས་སྤྲིན་གྱི་མེ་ཏོག་འདིས། །དོན་གཉིས་གསེར་གྱི་སྙེ་མ་མྱུར་སྨིན་ཏེ། །འགྲོ་ཀུན་ཕན་བདེའི་དགའ་སྟོན་རྒྱས་གྱུར་ཅིག །ཅེས་པའང་རང་ལུགས་བསྟན་པའི་སྣང་བྱེད་ཆེན་པོ་སོགས་སྒོ་མེ་དིང་ཀྱཱ་མཆོག་སྤྲུལ་གྱི་ཞལ་སློབ་བླ་མ་ཆོས་འབྱོར་ལགས་ཀྱི་བཞེད་སྐོང་དུ་ཤཱཀྱའི་བཙུན་པ་འགྱུར་མེད་པདྨ་རྣམ་རྒྱལ་གྱིས་བྲིས་པ་དགེ །༈ ཚོགས་མཆོད་ཁྲི་འབུམ་སོགས་གྲངས་བསགས་ཀྱི་སྐབས་ཚིག་ཚོགས་ཉུང་བར་འདོད་ན། རྃ་ཡྃ་ཁྃ། ༀ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿདབྱིངས་ནས་སྐུར་བཞེངས་རྩ་གསུམ་དཀྱིལ་འཁོར་ལྷ། །འདོད་ཡོན་ཟག་མེད་བདུད་རྩིའི་ཚོགས་མཆོད་བཞེས། །ཉམས་ཆག་འགལ་འཁྲུལ་ནོངས་པ་དབྱིངས་སུ་བཤགས། །གཟུང་འཛིན་དགྲ་བགེགས་ཆོས་དབྱིངས་ཀློང་དུ་བཏབ། །ལྷག་ལ་དབང་རྣམས་བཀའ་ཡི་ཕམ་ཕབ་ལོངས། །རྣལ་འབྱོར་བཅོལ་པའི་ལས་ཀུན་འགྲུབ་པར་མཛོད། །ༀ་ཨཱཿཧཱུྃ་གུ་རུ་དེ་བ་ཌཱ་ཀི་ནི་ངྷརྨ་པཱ་ལ་ས་པ་རི་ཝཱ་ར་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། ཡི་གེ་བརྒྱ་པའི་མཐར། ཨུཙྩིཥྚ་བ་ལིཾ་ཏ་པཱུ་ཛ་ཧོ། ཞེས་པའང་མཁྱེན་རྟོགས་ཀྱི་དབང་ཕྱུག་སོག་པོ་སྒོ་མེ་བླ་མ་ཆོས་འབྱོར་ལགས་ཀྱི་བཞེད་སྐོང་དུ་ཞེ་སྤྲུལ་པས་བྲིས་པ་དགེ །

རྩ་གསུམ་ཚོགས་མཆོད་པདྨའི་ཟིལ་དངར།

༄༅། །རྩ་གསུམ་ཚོགས་མཆོད་པདྨའི་ཟིལ་དངར་བཞུགས། ན་མོ་གུ་རུ་དེ་བ་ཌཱ་ཀི་ཡེ། འདིར་དབང་ཐོབ་ཅིང་དམ་ཚིག་ལ་གནས་པའི་སྒྲུབ་པ་པོས། རང་གི་རྩ་བའི་ཡི་དམ་ལྟ་བུའི་ལས་གཞུང་གང་ལ་བརྟེན་པའི་བདག་གི་རྣལ་འབྱོར་སྔོན་དུ་སོང་ནས། ཅི་འབྱོར་པའི་དམ་ཚིག་གི་རྫས་རྣམས་ཚོགས་པར་བྱས་ཏེ། ཐོག་མར་བྱིན་གྱིས་བརླབ་པ་ནི། ༀ་སརྦ་དྲ་བྱཾ་ཤྭ་ངྷ་ཡེ་ཧཱུྃ་ཕཊ། ཧཱུྃ། རྃ་ཡྃ་ཁྃ། རང་ཉིད་གཉུག་མའི་ལྷར་གསལ་ཐུགས་ཀ་ནས། །རྃ་ཡྃ་ཁྃ་འཕྲོས་མ་དག་ཉེས་སྐྱོན་སྦྱངས། །ཚོགས་རྫས་ངོ་བོ་ཤ་ལྔ་བདུད་རྩི་ལྔ། །འདོད་ཡོན་ཟག་མེད་ནམ་མཁའ་མཛོད་དུ་གྱུར། །ༀ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿདེ་ནས་སྤྱན་འདྲེན་པ་ནི། ཧཱུྃ། སྔོན་གྱི་བསྐལ་པའི་དང་པོ་ལ། །ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས། །པདྨ་གེ་སར་སྙིང་པོ་ལ། །ཡ་མཚན་མཆོག་གི་དངོས་གྲུབ་བརྙེས། །པདྨ་འབྱུང་གནས་ཞེས་སུ་གྲགས། །འཁོར་དུ་བརྒྱུད་གསུམ་བླ་མ་དང་། །ཡི་དམ་མཁའ་འགྲོ་ཆོས་སྲུང་བསྐོར། །ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །གནས་ཁང་འདི་རུ་བྱིན་ཕོབ་ལ། །ཚོགས་རྫས་ཟག་མེད་བདུད་རྩིར་བསྒྱུར། །སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར། །བགེགས་དང་ལོག་འདྲེན་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་གུ་རུ་ངྷེ་བ་ངྷཱ་ཀི་ནཱི་ཤྲཱི་ངྷརྨ་པཱ་ལ་བ་སུ་དེ་ཝ་ནི་ངྷི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿཛཿདེ་ནས་ཚོགས་རྫས་ཆ་གསུམ་དུ་སྤྲོས་ལ། དང་པོ་མཆོད་པ་ནི། འདོད་ཡོན་ལྔའི་རང་བཞིན་དུ་དམིགས་ལ། ཧཱུྃ། བླ་མེད་མཆོག་གི་མཆོད་པ་དམ་པ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ། །ཧྲཱིཿརྩ་གསུམ་འདུས་ཞལ་ཨོ་རྒྱན་ཐོད་ཕྲེང་རྩལ། །བརྒྱུད་གསུམ་རིག་འཛིན་བླ་མའི་ཚོགས་རྣམས་ལ། །ཟག་མེད་འདོད་ཡོན་ཚོགས་མཆོད་འདི་འབུལ་བས། །དབང་བསྐུར་བྱིན་རློབས་རྡོ་རྗེའི་ཡེ་ཤེས་བསྐྱེད། །འདུས་པ་བདེ་དགྱེས་མདོ་སྒྱུ་སྒྲུབ་སྡེ་བརྒྱད། །རྒྱུད་སྡེ་བཞི་དྲུག་ཡི་དམ་ལྷ་ཚོགས་ལ། །ཟག་མེད་འདོད་ཡོན་ཚོགས་མཆོད་འདི་འབུལ་བས། །མཆོག་དང་ཐུན་མོང་འདོད་དགུའི་དངོས་གྲུབ་སྩོལ། །ཕག་ཁྲོས་སེང་གསུམ་རིགས་བཞིའི་ཌཱ་ཀི་སོགས། །གནས་གསུམ་དཔའ་བོ་མཁའ་འགྲོའི་ཚོགས་རྣམས་ལ། །ཟག་མེད་འདོད་ཡོན་ཚོགས་མཆོད་འདི་འབུལ་བས། །བར་ཆད་ཀུན་སོལ་རྣམ་བཞིའི་ཕྲིན་ལས་སྒྲུབས། །མ་མགོན་གཟའ་རྡོར་ཞིང་སྐྱོང་དབང་མོ་སོགས། །རྒྱུད་གསུམ་དམ་ཅན་སྲུང་མའི་ཚོགས་རྣམས་ལ། །ཟག་མེད་འདོད་ཡོན་ཚོགས་མཆོད་འདི་འབུལ་བས། །འཁོར་སྲུང་རྐྱེན་བཟློག་བཅོལ་པའི་ཕྲིན་ལས་མཛོད། །ཛམ་ལྷ་རིགས་ལྔ་རྒྱལ་ཆེན་རྣམ་ཐོས་སྲས། །ནོར་ལྷ་གཏེར་བདག་འཁོར་དང་བཅས་རྣམས་ལ། །ཟག་མེད༴ ། ཚེ་དབང་ལོངས་སྤྱོད་འདོད་དགུ་ཆར་བཞིན་བསྙིལ། །དགེ་བསྙེན་ཉེར་གཅིག་བརྟན་སྐྱོང་ཡ་མའི་ཚོགས། །ཡུལ་ལྷ་གཞི་གནས་གཏེར་བདག་འཁོར་བཅས་ལ། །ཟག་མེད༴ གངས་ལྗོངས་བདེ་སྐྱིད་རྣལ་འབྱོར་སྡོང་གྲོགས་མཛོད། །མདོར་ན་ཨོ་རྒྱན་རིག་འཛིན་བརྒྱུད་བཅས་ཀྱི། །སྤྱན་སྔར་ཞལ་བཞེས་དམ་ཚིག་ཅན་རྣམས་ལ། །ཟག་མེད་འདོད་ཡོན་ཚོགས་མཆོད་འདི་འབུལ་བས། །དམ་བཅའ་རྗེས་དགོངས་སྒྲུབ་པའི་གྲོགས་མཛོད་ཅིག །དམ་ཚིག་གཅིག་པའི་རྡོ་རྗེ་མཆེད་ལྕམ་དང་། །བདེ་གཤེགས་སྙིང་པོའི་རང་བཞིན་འགྲོ་ཀུན་ལ། །ཟག་མེད་འདོད་ཡོན་ཚོགས་མཆོད་འདི་འབུལ་བས། །ཉེས་ལྟུང་ཀུན་བྱང་དོན་གཉིས་འགྲུབ་པར་མཛོད། །མ་ཧཱ་ག་ཎ་ཙཀྲ་པཱུ་ཛ་ཧོཿབར་པ་བཤགས་པ་བྱ་བ་ནི། ཚོགས་རྫས་ཡེ་ཤེས་བདུད་རྩིར་དམིགས་ལ། ཧོཿརྡོ་རྗེ་སློབ་དཔོན་མཆེད་དང་ལྕམ་དྲལ་དང་། །ཡི་དམ་མཁའ་འགྲོ་ཆོས་སྲུང་དཀར་ཕྱོགས་སྐྱོང་། །ཡེ་ཤེས་སྤྱན་ལྡན་ལེགས་ཉེས་སྟངས་འཛིན་རིགས། །ཀུན་ནས་འདུས་པ་རྒྱ་མཚོ་དགོངས་སུ་གསོལ། །བདག་ནི་མི་ཤེས་ཉོན་མོངས་བག་མེད་པས། །སྡོམ་པ་གསུམ་གྱི་སྲུང་མཚམས་འདས་ཉམས་རལ། །བཅས་དང་རང་བཞིན་ཉམས་པའི་ཉེས་ལྟུང་རིགས། །མི་འོས་ལས་ལ་ཞུགས་ཀུན་མཐོལ་ལོ་བཤགས། །ཁྱད་པར་ལྟ་སྤྱོད་ཏིང་འཛིན་དམན་པའི་དྲིས། །སྣོད་བཅུད་ཕུང་ཁམས་སྐྱེ་མཆེད་ལྷར་མ་ཤེས། །འགྲོ་འོང་སྲོག་རྩོལ་{ཅོལ}དབུ་མར་བསྡམས་མ་ནུས། །བདེ་སྟོང་དགའ་བཞིའི་ཡེ་ཤེས་ལམ་མ་སློབ་། །རིག་སྟོང་བཞི་པའི་ཡེ་ཤེས་ངོས་མ་ཟིན། །ཐ་མལ་གཟུང་འཛིན་འཁྲུལ་པའི་གཞན་དབང་གིས། །དབང་བཞི་སོ་སོའི་དམ་ལས་འགལ་བ་དང་། །བཟའ་བཅའ་བསྲུང་བའི་བརྟུལ་ཞུགས་ལ་སོགས་པ། །གཞུང་བཞིན་མ་འགྲུབ་བགྱི་འོས་ལས་འགལ་དང་། །ཉམས་དང་ཚོགས་འདྲེས་ཉམས་པ་བསྐང་བ་ཡི། །ཉམས་གྲིབ་སྐྱོན་གྱིས་གོས་པར་གྱུར་ཏོ་འཚལ། །འཕྲལ་དང་ཡུན་གྱི་སྒྲིབ་གྱུར་ཇི་སྙེད་པ། །དངོས་སུ་བགྱིས་དང་བགྱིད་དུ་སྩལ་པ་དང་། །ཡི་རངས་བགྱིས་སོགས་ནོངས་པ་གང་ལགས་པ། །སྙིང་ནས་འགྱོད་པས་གདུང་བའི་སྨྲེ་སྔགས་བཅས། །ཚོགས་མཆོད་ཡེ་ཤེས་བདུད་རྩིའི་སྤྲིན་ཆེན་པོས། །མཐོལ་ཞིང་བཤགས་སོ་བྱང་ཞིང་དག་པར་མཛོད། །ཡེ་ཤེས་སྐུ་མཆོག་མཚན་དཔེའི་ལང་ཚོ་ཅན། །ཉི་ལྟར་རྣམ་དག་ཟླ་ལྟར་རབ་གསལ་བ། །སྒྲིབ་མེད་རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་ཆེ། །མངོན་སྣང་དགྱེས་པའི་དབུགས་དབྱུང་སྩལ་དུ་གསོལ། །ཕྱི་མཆོད་འདོད་ཡོན་ཉེར་སྤྱོད་སྐར་ལྟར་བཀྲམ། །ནང་མཆོད་སྨན་རཀ་གཏོར་ཚོགས་མཚོོ་ལྟར་བསྐྱིལ། །གསང་བ་བདེ་སྟོང་ལྷ་མོའི་མཆོད་སྤྲིན་སྤྲོ། །དག་པ་རབ་འབྱམས་ཆེན་པོའི་མཆོད་པའི་གར། །ཅིར་སྣང་ཀུན་བཟང་ཕྱག་རྒྱའི་རོལ་མོའི་ཚོགས། །མི་འཛད་ནམ་མཁའ་མཛོད་ཀྱི་འཁོར་ལོ་ཆེས། །རིགས་ཀུན་ཁྱབ་བདག་རྩ་བའི་བླ་མ་དང་། །རྒྱ་བོད་རིག་འཛིན་གྲུབ་པའི་འཁོར་ལོས་སྒྱུར། །མཆེད་དང་ལྕམ་དྲལ་འདུས་པ་རྒྱ་མཚོ་དང་། །རྒྱུད་སྡེ་བཞི་དྲུག་ཡི་དམ་མཁའ་འགྲོའི་ཚོགས། །རྡོ་རྗེའི་ཆོས་སྲུང་ནོར་ལྷ་གཏེར་གྱི་བདག །ཡུལ་ལྷ་གཞི་བདག་དཀར་ཕྱོགས་སྐྱོང་ལ་སོགས། །སྣང་སྲིད་མགྲོན་དུ་གྱུར་པ་ཇི་སྙེད་པ། །མི་ཕྱེད་རོ་མཉམ་ཆེན་པོའི་ཀློང་དུ་བསྐང་། །ཉམས་ཆག་འགལ་འཁྲུལ་མ་ལུས་བྱང་གྱུར་ཅིག །མཆོད་ཡུལ་གོང་མ་རྣམས་ཀྱིས་བྱིན་གྱིས་རློབས། །བར་མ་རྣམས་ཀྱིས་སྲུང་སྐྱོབ་སྡོང་གྲོགས་མཛོད། །སྦྱིན་ཡུལ་འོག་མ་རྣམས་ཀྱི་ཤ་འཁོན་བྱང་། །སྡུག་བསྔལ་ཀུན་བྲལ་བདེ་དགའ་རྒྱ་མཚོས་འཚོ། །ཀུན་ཀྱང་ཐེག་པ་མཆོག་གི་སྣོད་གྱུར་ཅིག །དཀོར་དང་ལོག་འཚོ་ཉམས་པའི་ཉེས་ཀུན་ཞི། །རྨི་ལམ་ལྟས་ངན་བྱད་ཕུར་རྦོད་གཏོང་བཟློག །དུས་མིན་འཆི་བའི་འཇིགས་པ་ཀུན་ཞི་ཞིང་། །ལུས་རྟེན་འདི་ལ་བྱང་ཆུབ་མ་ཐོབ་བར། །ཕྱི་ནང་བར་ཆད་འཚེ་བ་མི་འབྱུང་ཞིང་། །ཚེ་དང་སྒྲུབ་པ་མཐའ་རུ་ཕྱིན་པ་དང་། །དོན་གཉིས་བསམ་པ་ལྷུན་གྱིས་འགྲུབ་བྱིན་རློབས། །རྒྱལ་བསྟན་སྤྱི་དང་ཁྱད་པར་སྒྲུབ་བརྒྱུད་བརྒྱད། །ཤིང་རྟའི་རིང་ལུགས་ཕྱོགས་མཐར་རྒྱས་པ་དང་། །དེར་འཛིན་ཞབས་བརྟན་བཤད་སྒྲུབ་ཕྲིན་ལས་རྒྱས། །བོད་ཡུལ་མཐའ་དབུས་བདེ་སྐྱིད་འཕེལ་བར་མཛོད། །ལམ་ལ་གནས་པའི་རྣལ་འབྱོར་བདག་ཅག་རྣམས། །དམ་ཚིག་མི་ཉམས་བསྙེན་སྒྲུབ་མཐའ་རུ་ཕྱིན། །དབང་བཞིའི་ལམ་ཁྱེར་མཐར་ཕྱིན་གཞན་དོན་འགྲུབ། །འབྲེལ་ཚད་དོན་ལྡན་འཁོར་མཚོ་དོང་སྤྲུག་ཤོག །བདག་ལ་ལྟོས་པའི་འཁོར་སློབ་ཡོན་བདག་སོགས། །ཚེ་དང་ཆོས་འཕེལ་ལེགས་ཚོགས་བསམ་ཀུན་འགྲུབ། །བར་ཆད་ཀུན་ཞི་ཚོགས་གཉིས་དཔལ་གྱིས་འཚོ། །མཐར་ཐུག་རྣམ་མཁྱེན་གོ་འཕང་མངོན་བྱེད་ཤོག །ཐོག་མེད་ལས་ཀྱི་འབྲེལ་བའི་ཕ་མ་ཀུན། །མཐོ་རིས་ཡོན་ཏན་བདུན་གྱིས་ལེགས་འབྱོར་ཞིང་། །རླབས་ཆེན་རྒྱལ་སྲས་སྤྱོད་པ་ལ་བརྟེན་ནས། །རྫོགས་སྨིན་མཐར་ཕྱིན་སངས་རྒྱས་མྱུར་འགྲུབ་ཤོག །ཡིག་བརྒྱ་བཟླ། ཐ་མ་བསྒྲལ་བ་ནི། ཚོགས་ཐ་མ་ལ། ཨེ་ནྲྀ་ཏྲི་སརྦ་ཤ་ཏྲུན་བིགྷ་ན་ཛཿཧཱུྃ་བྃ་ཧོཿས་དམིགས་བྱ་དགུག་བསྟིམས་བྱས་ལ། ཧཱུྃ། མ་རིག་ཉོན་མོངས་དུག་ལྔའི་དགྲ་བོ་རྣམས། །ཡེ་ཤེས་ལྔ་ལྡན་རྡོ་རྗེའི་མཚོན་ཆས་བསྒྲལ། །དུག་གསུམ་རང་བཞིན་ཤ་ཁྲག་རུས་པའི་ཚོགས། །ཞལ་དུ་བསྟབ་བོ་མཉམ་ཉིད་ཀློང་དུ་བཞེས། །མཱ་ར་ཡ་ཕཊ། མ་ཧཱ་མཾ་ས་རཀྟ་ཀིཾ་ནི་རི་ཏི་ཨ་མྲྀ་ཏ་པཱུ་ཛ་ཁཱ་ཧི། དེ་ནས་རོལ་བ་ནི། བདག་ལུས་ཕུང་ཁམས་གདན་གསུམ་ཡོངས་རྫོགས་ལྷ། །རྩ་རླུང་ཐིག་ལེ་རང་བྱུང་བདེ་ཆེན་ཞིང་། །ཨ་ཧཾ་འབར་འཛག་ཟག་མེད་བདེ་སྟོང་རྫས། །དུ་མ་རོ་གཅིག་ཀློང་དུ་ཨེ་མ་ཧོ། །ཞེས་རོལ། རྗེས་ལྷག་མ་རྣམས་གསོག་འཇོག་མེད་པར་བསྡུས་ལ། ༀ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿས་བརླབས། ཕེཾ་གྱི་སྒྲས་མགྲོན་རྣམས་དགུག་ལ། ཧཱུྃ། ལངྐ་གིང་དང་འབར་མ་དབང་ཕྱུག་སོགས། །ལྷག་མའི་དམ་ཚིག་ལ་གཏོགས་མགྲོན་རྣམས་ལ། །ལྷག་གཏོར་འདོད་ཡོན་ཟག་མེད་འདི་འབུལ་བས། །ཐ་ཚིག་རྗེས་དགོངས་བཅོལ་བའི་ཕྲིན་ལས་མཛོད། །ༀ་ཨུ་ཙིཥྚ་བྷ་ལིངྟ་ཁཱ་ཧི། ཞེས་གཙང་སར་འབུལ། རྗེས་ཀྱི་བྱ་བ་རྣམས་སྤྱི་ལྟར་བྱའོ། །ཞེས་པའང་བཟང་ལུང་པདྨ་ལྷ་རྩེར་ལྕགས་བྱ་སྟོན་ཟླ་ར་བའི་དམར་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཆེན་ཉིན་ཉེ་བར་མཁོ་བས་མཚམས་སྦྱར་ཏེ་བྱ་བྲལ་བ་པདྨ་རྣམ་པར་རྒྱལ་བའི་སྡེས་གང་ཤར་སྐད་ཅིག་ཉིད་ལ་བཅོས་མེད་དུ་བྲིས་པ་དགེ །ཚོགས་འབུམ་ཐེར་སོགས་གྲངས་གསོག་པའི་ཚེ་ཤིན་ཏུ་བསྡུས་པར་འདོད་ན་གོང་གི་ཚོགས་རྒྱས་པ་སོང་ཕྲལ། རྫས་རྣམས། རྃ་ཡྃ་ཁྃ། ༀ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་ལ། རབ་འབྱམས་རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་གཤེགས། །འདོད་ཡོན་ལྔ་ལྡན་ཟག་མེད་ཚོགས་མཆོད་འབུལ། །ཐུགས་དམ་བསྐང་ཞིང་ཉམས་ཆག་འགལ་འཁྲུལ་བཤགས། །གཟུང་འཛིན་དབྱིངས་སྒྲོལ་མཆོག་ཐུན་དངོས་གྲུབ་སྩོལ། །ༀ་བཛྲ་ས་ཏྭ་ཨཱཿཞེས་གྲངས་བསགས་མཐར། ཚོགས་ལ་རོལ་ཞིང་ལྷག་མ་བསྔོ་བ་སོགས་རྗེས་སྤྱི་ལྟར་བྱའོ། །སྐབས་དེར་གཏོར་འབུལ་སྤྲོ་ན། ཧཱུྃ། རྒྱལ་བ་རིག་འཛིན་བརྒྱུད་པའི་སྤྱན་ལྔ་རུ། །ཐུགས་དམ་ཞལ་བཞེས་བསྟན་པ་སྲུང་མཛད་པའི། །ཡེ་ཤེས་ལས་དང་འཇིག་རྟེན་ཚུལ་འཛིན་རྣམས། །མཆོད་གཏོར་འདི་བཞེས་བཅོལ་པའི་ཕྲིན་ལས་མཛོད། །མ་ཧཱ་བ་ལིངྟ་ཁཱ་ཧི། ཞེས་དབུལ་ལོ། །

རྒྱུན་གྱི་གསོལ་བསྡུས་དངོས་གྲུབ་རྫིང་བུ།

༄༅། །རྒྱུན་གྱི་གསོལ་བསྡུས་དངོས་གྲུབ་རྫིང་བུ་བཞུགས། ན་མོ་གུ་རུ་བཛྲ་ངྷཱ་ར་ཡ། བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས་མཆོད་རྫས་རྣམས་སྤྱི་ལྟར་བྱིན་གྱིས་བརླབས་ལ། ཧཱུྃ། བྱིན་རླབས་མཆོག་རྩོལ་རྩ་བརྒྱུད་བླ་མ་དང་། །དངོས་གྲུབ་ཆར་འབེབས་ཡི་དམ་ཞི་དང་ཁྲོ། །ཕྲིན་ལས་ཐོགས་མེད་མཁའ་འགྲོ་ཆོས་སྐྱོང་རྣམས། །འདིར་གཤེགས་རང་མཐུན་གདན་ལ་དགྱེས་པར་བཞུགས། །གུས་པས་ཕྱག་འཚལ་ཉེར་སྤྱོད་འདོད་ཡོན་ལྔ། །སྨན་རཀ་གཏོར་ཚོགས་ཟག་མེད་བདེ་སྟོང་སྤྲིན། །ཕྱི་ནང་གསང་མཆོད་དངོས་འབྱོར་ཡིད་སྤྲུལ་འབུལ། །ཆེ་བའི་ཡོན་ཏན་རྗེས་དྲན་གླུ་ཡིས་བསྟོད། །ཐུགས་དམ་བསྐང་ཞིང་ཉམས་ཆག་འགལ་འཁྲུལ་བཤགས། །བདག་རྒྱུད་དབང་བསྐུར་བྱིན་རློབས་དངོས་གྲུབ་སྩོལ། །ཡེ་ཤེས་མགོན་པོ་ལེགས་ལྡན་ཚོགས་ཀྱི་བདག །ཡུམ་ཆེན་ཀྲོ་ངྷི་ཤྭ་རི་ལས་མགོན་ནག །གིང་དང་གནོད་སྦྱིན་གཟའ་བདུད་རེ་མ་ཏི། །རང་རང་བཀའ་འཁོར་སྤྲུལ་པ་ལས་བྱེད་བཅས། །འདིར་གཤེགས་རང་མཐུན་གདན་ལ་དགྱེས་པར་བཞུགས། །གུས་པས་ཕྱག་འཚལ་ཉེར་སྤྱོད་འདོད་ཡོན་ལྔ། །སྨན་རཀ་གཏོར་ཚོགས་ཟག་མེད་བདེ་སྟོང་སྤྲིན། །ཕྱི་ནང་གསང་མཆོད་དངོས་འབྱོར་ཡིད་སྤྲུལ་འབུལ། །ཆེ་བའི་ཡོན་ཏན་རྗེས་དྲན་གླུ་ཡིས་བསྟོད། །ཐུགས་དམ་བསྐང་ཞིང་ཉམས་ཆག་འགལ་འཁྲུལ་བཤགས། །ནད་མཚོན་དུག་སྦྱོར་དུས་མིན་འཆི་རྐྱེན་སོགས། །འགལ་རྐྱེན་ཀུན་སོལ་མཐུན་རྐྱེན་ཡིད་བཞིན་སྒྲུབས། །ཚེ་དབང་ལོངས་སྤྱོད་འདོད་དགུའི་དངོས་གྲུབ་སྩོལ། །བརྟན་གཡོ་སྲིད་ཞིའི་ཕུན་ཚོགས་དབང་དུ་སྡུས། །མ་རུངས་ལོག་འདྲེན་ཞིང་བཅུའི་དགྲ་བགེགས་སྒྲོལ། །ཕྱོགས་ལས་རྣམ་རྒྱལ་སྙན་པའི་བ་དན་སྒྲེངས། །སངས་རྒྱས་བསྟན་པ་རྒྱས་པའི་ཕྲིན་ལས་མཛོད། །དཔལ་ལྡན་ཡེ་ཤེས་མགོན་པོ་ཕྱག་བཞི་པ། །ཡུམ་ཆེན་ཙཎྜི་ལས་མགོན་བྱ་རོག་གདོང་། །འབར་མ་ནག་མོ་ཤ་ཟ་སེང་གདོང་ཅན། །གཟའ་བདུད་ཚངས་པ་གཤིན་རྗེ་རྡོ་རྗེ་ལེགས། །གནོད་སྦྱིན་ནག་པོ་ལས་བྱེད་དམག་ཚོགས་བཅས། །འདིར་གཤེགས་རང་མཐུན་གདན་ལ༴ སོགས་འོག་མ་ཀུན་ལ་འགྲེ། དཔལ་མགོན་མ་ནིང་ཡུམ་ཆེན་དཔལ་འབར་མ། །ལས་མགོན་སྲོག་བདུད་སྐུ་གསུང་ཐུགས་ཡོན་ཏན། །ཕྲིན་ལས་མགོན་པོ་འདོད་ཁམས་དབང་ཕྱུག་མ། །རུ་འདྲེན་བཀའ་སྡོད་མྱུར་མགྱོགས་ཕོ་ཉའི་ཚོགས། །འདིར་གཤེགས་སོགས། དཔལ་མགོན་ཞལ་བཞི་གསང་ཡུམ་རེ་མ་ཏི། །ཀླུ་བདུད་ཡ་མ་རཱ་ཛ་རཱ་ཧུ་ལ། །སྲིན་རྒྱལ་བཀའ་སྡོད་དྲེག་པ་ལས་བྱེད་སོགས། །འདིར་གཤེགས་སོགས། །སྔགས་སྲུང་མ་མོ་སྲོག་སྒྲུབ་རཱ་ཧུ་ལ། །ཤན་པ་དམར་ནག་དམ་ཅན་རྡོ་རྗེ་ལེགས། །རང་རང་བཀའ་འཁོར་ལས་བྱེད་ཡང་སྤྲུལ་བཅས། །འདིར་གཤེགས་སོགས། མ་ཧཱ་དེ་ཝ་ཨུ་མ་དེ་ཝཱི་ཡུམ། །འགུགས་འཆིང་རྨོངས་མྱོས་གསང་བའི་ཌཱ་ཀི་བཞི། །སྲིད་གསུམ་དྲེགས་པའི་སྡེ་ཚོགས་འཁོར་དང་བཅས། །འདིར་གཤེགས་སོགས། འཇིགས་བྱེད་ཆེན་པོ་གཟའ་མཆོག་རཱ་ཧུ་ལ། །མཐུ་ཆེན་ཀླུ་སྲིན་ཡབ་ཡུམ་གཟའ་ཆེན་བརྒྱད། །གདོང་མོ་མཆེད་བཞི་བཀའ་སྡོད་སྤྲུལ་ཚོགས་བཅས། །འདིར་གཤེགས་སོགས། །རྒྱལ་ཆེན་རྣམ་མང་ཐོས་སྲས་བཙུན་མོ་སྲས། །རྟ་བདག་མཆེད་བརྒྱད་ལྷ་ཀླུ་གནོད་སྦྱིན་རིགས། །ནོར་ལྷ་གཏེར་བདག་འཁོར་དང་བཅས་པ་རྣམས། །འདིར་གཤེགས་སོགས། གནས་ཡུལ་དུར་ཁྲོད་སྐྱོང་བའི་ལྷ་མོ་མཆོག །དཔལ་འབར་མཁའ་འགྲོའི་དབང་ཕྱུག་ངན་ནེ་མ། །བཀའ་ཉན་གནས་གསུམ་མ་མོ་མཁའ་འགྲོ་དང་། །ཞིང་སྐྱོང་ལས་བྱེད་ཤ་ཟ་འབུམ་སྡེའི་ཚོགས། །འདིར་གཤེགས་སོགས། ཞིང་སྐྱོང་སེང་གདོང་དྲེགས་པའི་སྡེ་དཔོན་ཚོགས། །ཕུར་སྲུང་བརྟན་མ་སྨན་བཙུན་མགར་བ་ནག །བྲག་བཙན་པེ་ཧར་ཙིའུ་དམར་བདུད་བཙན་ཀླུ། །ཐང་ལྷ་སྨྱོ་ཁ་སྤོམ་ར་གེ་སར་སོགས། །བརྟེན་ཅིང་མཆོད་པའི་ཆོས་སྲུང་གཉན་པོ་རྣམས། །འདིར་གཤེགས་སོགས། ཁྱད་པར་འཁོར་ལོའི་དབང་ཕྱུག་བླ་མ་རྗེའི། །སྤྱན་སྔར་ཞལ་བཞེས་མཛོད་ལྔའི་གཉེར་གཏད་པའི། །ཆོས་སྲུང་དམ་ཅན་གཉན་པོ་འཁོར་དང་བཅས། །འདིར་གཤེགས་རང་མཐུན་སོགས། གཞན་ཡང་ཨོ་རྒྱན་རིགས་འཛིན་བརྒྱུད་བཅས་ཀྱི། །བཀའ་ཉན་བསྟན་སྲུང་ཟབ་མོ་གཏེར་གྱི་བདག །ཡུལ་ལྷ་གཞི་བདག་མཐུ་ལྡན་དཀར་ཕྱོགས་སྐྱོང་། །ལོ་ཟླ་ཞག་དུས་ཚེས་ལ་དབང་བའི་ལྷ། །འགོ་བའི་ལྷ་ལྔ་གཉན་པོ་འཁོར་དང་བཅས། །མཆོད་ཅིང་བསྟེན་པའི་མགྲོན་གྱུར་མ་ལུས་རྣམས། །འདིར་གཤེགས་རང་མཐུན་གདན་ལ་དགྱེས་པར་བཞུགས། །གུས་པས་ཕྱག་འཚལ་ཉེར་སྤྱོད་འདོད་ཡོན་ལྔ། །སྨན་རཀ་གཏོར་ཚོགས་ཟག་མེད་བདེ་སྟོང་སྤྲིན། །ཕྱི་ནང་གསང་མཆོད་དངོས་འབྱོར་ཡིད་སྤྲུལ་འབུལ། །ཆེ་བའི་ཡོན་ཏན་རྗེས་དྲན་གླུ་ཡིས་བསྟོད། །ཐུགས་དམ་བསྐང་ཞིང་ཉམས་ཆག་འགལ་འཁྲུལ་བཤགས། །ནད་མཚོན་དུག་སྦྱོར་དུས་མིན་འཆི་རྐྱེན་སོགས། །འགལ་རྐྱེན་ཀུན་སོལ་མཐུན་རྐྱེན་ཡིད་བཞིན་སྒྲུབས། །ཚེ་དབང་ལོངས་སྤྱོད་འདོད་དགུའི་དངོས་གྲུབ་སྩོལ། །བརྟན་གཡོ་སྲིད་ཞིའི་ཕུན་ཚོགས་དབང་དུ་སྡུས། །མ་རུངས་ལོག་འདྲེན་ཞིང་བཅུའི་དགྲ་བགེགས་སྒྲོལ། །ཕྱོགས་ལས་རྣམ་རྒྱལ་སྙན་པའི་བ་དན་སྒྲེངས། །སངས་རྒྱས་བསྟན་པ་རྒྱས་པའི་ཕྲིན་ལས་མཛོད། །ཀྱེ། ཡེ་ཤེས་སྤྱན་ལྡན་ལེགས་ཉེས་སྟངས་འཛིན་ཅིང་། །སྒྲུབ་མཆོག་གྲོགས་མཛད་ཉམས་པ་སྒྲོལ་བའི་གཤེད། །རྣམ་བཞིའི་ཕྲིན་ལས་ཐོགས་པ་མི་མངའ་བའི། །རྒྱུད་གསུམ་དམ་ཅན་རྒྱ་མཚོ་མཁྱེན་པར་མཛོད། །བདག་ནི་རིག་འཛིན་པདྨའི་སྔགས་རིགས་འཆང་། །གཡོ་ཟོལ་མེད་པར་སྙིང་པོའི་བསྟན་ལ་གུས། །ཁྱེད་རྣམས་དེ་ཡི་བསྟན་སྲུང་ཡལ་གམ་ཅན། །ཐུགས་དམ་མ་བསྙེལ་བཅོལ་པའི་ཕྲིན་ལས་མཛོད། །དེང་དུས་སྙིགས་མའི་རང་མཚན་ཆེས་བདོ་བས། །བསྟན་དང་བསྟན་འཛིན་རྒུད་པའི་དུས་བྱུང་བས། །རྒྱལ་མཚན་ཆེན་པོ་ཁྱེད་རྣམས་རྟག་གསོལ་ན། །མཐུ་རྩལ་མ་ཆུང་རེ་འབྲས་མཆིས་པར་མཛོད། །དམ་ཅན་དམ་ལ་མི་དགོངས་ཅི་ལ་དགོངས། །བསྟན་བསྲུང་བསྟན་མཆོག་མི་གཉེར་ཅི་ཞིག་གཉེར། །བདག་ཅག་ཁྱེད་ལ་མི་རེ་སུ་ལ་རེ། །མཐུ་ལྡན་མཐུ་རྩལ་མི་དབྱུང་ཅི་ཞིག་དབྱུང་། །དམ་རྫས་ཡེ་ཤེས་བདུད་རྩིའི་མཆོད་པ་དང་། །དགྲ་བགེགས་ཤ་ཁྲག་རུས་པའི་བ་ལིངྟ། །དམར་ཆེན་རཀྟ་ཟེགས་མ་འཕྲོ་བ་འདི། །བཞེས་ནས་བདག་ལ་མཆོག་ཐུན་དངོས་གྲུབ་སྩོལ། །མི་མཐུན་འགལ་རྐྱེན་མཐའ་དག་ཞི་བ་དང་། །ཚེ་བསོད་དཔལ་འབྱོར་ལེགས་ཚོགས་ཡོན་ཏན་རྒྱས། །སྲིད་ཞིའི་ཕུན་སུམ་ཚོགས་ཀུན་དབང་བསྡུས་ལ། །མ་རུངས་ཞིང་བཅུའི་ལོག་འདྲེན་ཚར་གཅོད་མཛོད། །དུག་རྣམས་མ་ལུས་རང་སར་ཞི་བར་མཛོད། །བྱད་རྣམས་ཐམས་ཅད་རང་སར་གྲོལ་བར་མཛོད། །གཏད་རྣམས་མ་ལུས་རང་སར་ཞིག་པར་མཛོད། །དུས་མིན་འཆི་བའི་འཇིགས་ཀུན་སེལ་བར་མཛོད། །རྒྱལ་བའི་བསྟན་དར་དཀོན་མཆོག་དབུ་རྨོག་བཙན། །བཤད་སྒྲུབ་སྡེ་རྒྱས་ལྟ་སྤྱོད་ཐུགས་མཐུན་ཞིང་། །ཁྱད་པར་ཆོས་ཀྱི་རྒྱལ་པོ་སྨིན་གླིང་པ། །ཡབ་སྲས་བརྒྱུད་པའི་རིང་ལུགས་འཕེལ་རྒྱས་མཛོད། །བསྟན་ལ་དད་པའི་ཡངས་པའི་རྒྱལ་ཁམས་སུ། །ནད་མུག་མཚོན་འཁྲུགས་དུས་ཀྱི་རྒུད་ཀུན་ཞི། །ལོ་ལེགས་ཕྱུགས་འཕེལ་བདེ་སྐྱིད་ཆོས་འཕེལ་ཞིང་། །ཀུན་ཀྱང་རྫོགས་ལྡན་དཔལ་ལ་སྤྱོད་པར་མཛོད། །བདག་ཅག་ཆོས་བཞིན་སྤྱོད་པའི་ཀུ་སཱ་ལིའི། །དམ་ཆོས་སྒྲུབ་ལ་བར་ཆད་མི་འབྱུང་ཞིང་། །དབེན་པའི་གནས་སུ་རྩེ་གཅིག་སྒྲུབ་པ་ཡིས། །རང་གཞན་བསྟན་འགྲོའི་དོན་ཆེན་འགྲུབ་པར་མཛོད། །བསྟན་འཛིན་རྒྱལ་པོ་འཇམ་མགོན་རྣམ་གསུམ་གྱི། །བསྟན་པའི་སྙིང་པོ་ངེས་དོན་ཟབ་མོའི་སྲོལ། །བཤད་སྒྲུབ་དཔུང་པས་འཛིན་པའི་སྐྱེས་ཆེན་རྣམས། །མཛད་པ་ཕྲིན་ལས་ཡར་ངོའི་ཟླ་ལྟར་འཕེལ། །བསྟན་ལ་འཁུ་བའི་ནག་ཕྱོགས་ཀླ་ཀློ་སོགས། །ཕྱི་ནང་བདུད་རིས་སྟོབས་འབྱོར་གྱིས་དྲེགས་རྣམས། །བསོད་ནམས་རླུང་རྟ་ཁ་ཕུང་རྗེས་མེད་ཐོངས། །ངེས་གསང་བསྟན་མཆོག་དར་རྒྱས་ཡུན་གནས་མཛོད། །བརྒྱུད་འཛིན་བུ་སློབ་ཆོས་འཁོར་ཡོན་བདག་བཅས། །ཁྱོད་ལ་གཉེར་དུ་གཏད་དོ་མེལ་ཚེས་སྐྱོངས། །བར་ཆད་ཀུན་སོལ་མཐུན་རྐྱེན་ལེགས་ཚོགས་སྤེལ། །བསམ་པའི་དོན་ཀུན་ཡིད་བཞིན་འགྲུབ་པར་མཛོད། །མདོར་ན་རྣལ་འབྱོར་ཡིད་ལ་བརྣག་པའི་དོན། །གང་བཅོལ་རྣམ་བཞིའི་ཕྲིན་ལས་སྒྲུབ་པ་དང་། །བྱང་ཆུབ་བར་དུ་སྲུང་སྐྱོབ་མི་གཡེལ་བར། །དོན་གཉིས་མཐའ་རུ་ཕྱིན་པའི་ཕྲིན་ལས་མཛོད། །ཡང་ཡང་བླ་མ་མཆོག་དང་དེ་ཡི་བསྟན། །དུང་དུང་སྙིང་ནས་དྲན་པས་འདོད་པའི་དོན། །སྙན་སྙན་མགྲིན་པའི་གདངས་སུ་འཕོས་པའི་རྒྱུས། །མང་མང་དགེ་ལེགས་སྣང་བས་ཁྱབ་གྱུར་ཅིག །ཅེས་བརྗོད་ལ་མཆོད་གཏོར་གཙང་སར་ཕུལ་ལོ། །ཞེས་པའང་བཟང་ལུང་པདྨ་ལྷ་རྩེར་ལྕགས་བྱ་ཧོར་ཟླ་བདུན་པའི་ཉེར་དགུའི་ཉིན་བྱ་བྲལ་བ་རྡོ་རྗེ་དྲག་པོ་ཕྲིན་ལས་འདུས་པ་རྩལ་གྱིས་འདོད་པའི་དོན་དུ་ཕྲིན་ལས་གསོལ་བ་དགེ །༈ གྲངས་གསོག་སོགས་ཤིན་ཏུ་བསྡུས་པར་འདོན་ན། སྔ་འགྱུར་བཀའ་གཏེར་བཀའ་གདམས་ལམ་འབྲས་དང་། །མར་ཤངས་བཀའ་བརྒྱུད་ཞི་གཅོད་སྦྱོར་བ་དྲུག །ཨོ་རྒྱན་བསྙེན་སྒྲུབ་རྩ་གསུམ་ཆོས་སྲུང་རྣམས། །གསོལ་ལོ་མཆོད་དོ་མཆོག་ཐུན་དངོས་གྲུབ་སྩོལ། །ཁྱད་པར་གྲུབ་པའི་རིག་འཛིན་མཚོ་སྐྱེས་རྗེའི། །སྤྱན་སྔར་ཞལ་བཞེས་བསྟན་པ་སྲུང་མཛད་པའི། །ཡེ་ཤེས་ལས་དང་འཇིག་རྟེན་ཚུལ་འཛིན་རྣམས། །མཆོད་གཏོར་འདི་བཞེས་ལས་བཞིའི་དངོས་གྲུབ་སྩོལ། །བསྟན་པ་དར་ཞིང་བསྟན་འཛིན་དབུ་རྨོག་བཙན། །རྒྱལ་ཁམས་བདེ་ཞིང་སྣོད་བཅུད་དཔལ་འབྱོར་རྒྱས། །ཁྱད་པར་རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །འདོད་དོན་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ༀ་ཤྲཱི་ངྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨི་དཾ་བ་ལིངྟ་ཁཱ་ཧི། ཞེས་བརྗོད་དོ། །

རྩ་གསུམ་གསོལ་བསྡུས་གྲུབ་གཉིས་འདོད་འཇོ།

༄༅། །རྩ་གསུམ་གསོལ་བསྡུས་གྲུབ་གཉིས་འདོད་འཇོ་བཞུགས། མཆོད་གཏོར་སོགས་འབྲུ་གསུམ་དང་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས་ལ། ཧཱུྃ། ཆོས་དབྱིངས་སྐྱེ་བ་མེད་པའི་མཁའ་ཀློང་ནས། །མ་འགགས་ཐབས་མཆོག་སྒྱུ་མར་རོལ་པའི་གར། །དྲན་པ་ཙམ་གྱིས་ཕན་བདེའི་རེ་སྐོང་བའི། །སྐྱབས་གནས་དཀོན་མཆོག་སྤྱི་དང་ཁྱད་པར་དུ། །སྔ་འགྱུར་བཀའ་གཏེར་བཀའ་གདམས་ལམ་འབྲས་དང་། །མར་ཤངས་བཀའ་བརྒྱུད་ཞི་གཅོད་སྦྱོར་བ་དྲུག །ཨོ་རྒྱན་བསྙེན་སྒྲུབ་རྩ་གསུམ་ཆོས་སྲུང་སོགས། །མཆོད་ཅིང་བསྟོད་པའི་མགྲོན་དུ་འོས་པ་རྣམས། །འདིར་གཤེགས་རང་མཐུན་གདན་ལ་དགྱེས་པར་བཞུགས། །ཆོས་ཀུན་ཀ་དག་བྱང་ཆུབ་སེམས་ཀྱི་རྩལ། །རོལ་པ་འགག་མེད་རྩ་གསུམ་དཀྱིལ་འཁོར་སྤྲིན། །ཇི་ལྟར་ཤར་ཡང་ཆོས་ཉིད་གཉུག་མའི་བབས། །བསལ་བཞག་སྤང་བླང་བྲལ་བའི་ཕྱག་གིས་འདུད། །ཚོགས་དྲུག་རང་གྲོལ་ཕྱི་མཆོད་འདོད་ཡོན་རྫས། །དུག་ལྔ་གནས་དག་ནང་གི་མཆོད་པའི་སྤྲིན། །བདེ་སྟོང་དགའ་བཞིས་ཉམས་རྩལ་གསང་མཆོད་ཕུལ། །ཆོས་ཉིད་འོད་གསལ་གཉུག་མའི་ཀློང་དུ་འབུལ། །བདེ་ཆེན་འདུ་འབྲལ་མེད་པའི་རང་རྩལ་ལས། །ཞི་ཆགས་ཁྲོ་བོའི་རྣམ་འགྱུར་མ་འགགས་པ། །གང་འདུལ་མོས་ངོར་གཙོ་དང་འཁོར་གྱི་ཚུལ། །དག་པ་རབ་འབྱམས་འཁོར་ལོར་འཆར་ལ་བསྟོད། །ཅིར་སྣང་རྒྱན་དུ་ཤར་བའི་ཨ་མྲྀ་ཏ། །སྲིད་རྩ་ཉོན་མོངས་བསྒྲལ་བའི་དམར་ཆེན་བཅུད། །གཟུང་འཛིན་འཁྲུལ་རྟོག་དབྱིངས་དག་བ་ལིངྟ། །ཟག་མེད་མཆོད་བསྐང་ནམ་མཁའ་མཛོད་ཀྱི་སྒོ། །དགྱེས་དགུར་འཆར་བའི་ཏིང་འཛིན་རོལ་མོ་འདིས། །རང་ཤར་རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་བསྐང་། །དེ་ལྟར་ཐུགས་དམ་གཉན་པོ་བསྐང་བའི་མཐུས། །ཉམས་ཆག་འགལ་འཁྲུལ་ནོངས་པ་སོར་ཆུད་ནས། །མི་འབྲལ་དམ་ཚིག་གཉན་པོ་རྗེས་དགོངས་ལ། །བདག་ལ་མཆོག་ཐུན་འདོད་དགུའི་དངོས་གྲུབ་སྩོལ། །རྒྱལ་བསྟན་སྤྱི་དང་ངེས་གསང་སྒྲུབ་བརྒྱུད་བརྒྱད། །ལོག་རྟོག་རྐྱེན་གྱིས་ནམ་ཡང་མི་སྒྲིབ་པར། །བཤད་སྒྲུབ་ཕྲིན་ལས་ནམ་མཁའི་མཐའ་དང་མཉམ། །དོན་གཉིས་ཕན་བདེའི་དགའ་སྟོན་རྒྱས་པར་མཛོད། །མཁས་གྲུབ་སྐྱེས་ཆེན་ཕྲེང་བས་ཕྱོགས་ཀུན་ཁྱབ། །རིགས་བཟང་བླ ོ་གསལ་དམ་ལྡན་འདུ་ཚོགས་རྒྱས། །ཀུན་ཀྱང་ལྟ་སྤྱོད་ཏིང་འཛིན་དོན་མཐུན་པས། །འཁོར་ལོ་གསུམ་གྱི་ཕྲིན་ལས་རྒྱས་པར་མཛོད། །ཆོས་ལྡན་རྒྱལ་པོ་སྡེ་བཞིའི་མངའ་ཐང་དར། །ནད་མུག་འཁྲུགས་སོགས་དུས་ཀྱི་རྒུད་ཀུན་ཞི། །སྐྱེ་དགུ་ལས་འབྲས་ཡིད་ཆེས་བསྟན་ལ་གུས། །བདེ་སྐྱིད་རྫོགས་ལྡན་གསར་པའི་སྒོ་འཕར་ཕྱེས། །ཁྱད་པར་རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །ཞི་རྒྱས་དབང་དང་མངོན་སྤྱོད་ལས་ལ་སོགས། །གང་རྩོམ་ཐོགས་མེད་འགྲུབ་པའི་དགེ་མཚན་གྱིས། །ཕྱོགས་ལས་རྣམ་རྒྱལ་གྲགས་པའི་རུ་མཚོན་སྒྲེང་། །མདོར་ན་འདི་ནས་བྱང་ཆུབ་སྙིང་པོའི་བར། །སྲུང་སྐྱོབ་ཕྲིན་ལས་ཟབ་མོའི་རོལ་རྩེད་ཀྱིས། །དམ་ཆོས་སྒྲུབ་པའི་འགལ་རྐྱེན་ཀུན་ཞི་ཞིང་། །ཆོས་མཐུན་བསམ་པའི་དོན་ཀུན་འགྲུབ་པར་མཛོད། །ཅེས་མཆོད་གཏོར་ཡོད་ན་གཙང་སར་འབུལ་བ་སོགས་རྗེས་སྤྱི་ལྟར་བྱའོ། །ཞེས་པའང་སྔགས་བཙུན་རྡོ་རྗེ་དབང་མཆོག་དགྱེས་རབ་རྩལ་གྱིས་བྲིས་ཤིང་ཕྲིན་ལས་སུ་གསོལ་བ་ཛ་ཡན་ཏུ།

འཁྲུགས་བསྐང་དང་སུན་བཟློག་ཁྱེར་བདེ་ཞི་བྱེད་སྨན་གྱི་བུམ་པ།

༄༅། །འཁྲུགས་བསྐང་དང་སུན་བཟློག་ཁྱེར་བདེ་ཞི་བྱེད་སྨན་གྱི་བུམ་པ་ཞེས་བྱ་བ་བཞུགས། མཁའ་འགྲོའི་མཆོད་གཏོར་སོགས་མངོན་པར་འདུ་བྱས་ལ། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་གྱིས་བརླབས་ལ། བྷྱོཿསྐྱེ་བ་མེད་པའི་ཨེ་དབྱིངས་ལས། །འགགས་པ་མེད་པའི་མདངས་ཤར་བའི། །དབྱིངས་ཕྱུག་ཀུན་བཟང་མུ་ཁཱ་ལེ། །རྡོ་རྗེ་ཕག་མོ་ཁྲོས་མ་ནག །ཀུ་རུ་ཀུལླེ་སྒྲོལ་མ་ཡུམ། །གསང་བ་ཡེ་ཤེས་སེངྒེའི་ཞལ། །འོད་ཟེར་ཅན་དང་རྨ་བྱ་ཅན། །རྡོ་རྗེ་རིན་ཆེན་པདྨ་དང་། །ལས་དང་དེ་བཞིན་གཤེགས་རིགས་ཀྱི། །འབུམ་ཕྲག་ཡངས་པའི་མཁའ་འགྲོའི་ཚོགས། །ལ་ལ་ཡེ་ཤེས་སྐུར་སྟོན་ཅིང་། །ལ་ལ་འཇིག་རྟེན་ལས་བྱེད་ཚུལ། །སྣ་ཚོགས་མ་ངེས་ཅིར་ཡང་སྟོན། །སྲིད་པ་གསུམ་ལ་དབང་ཡང་བསྒྱུར། །རྦོད་དང་གཏོང་བའི་ལས་ཀུན་བྱེད། །ལས་དང་རྫུ་འཕྲུལ་བསམ་མི་ཁྱབ། །སྤྲུལ་པ་སྣང་སྲིད་ཁྱབ་པར་འགྱེད། །ལེགས་ཉེས་སྟངས་འཛིན་དྲོད་ཚད་ཉུལ། །ལྷ་ཡང་བྱེད་ལ་བདུད་ཀྱང་བྱེད། །ཕན་ཡང་བཏགས་ལ་གནོད་ཀྱང་སྐྱེལ། །ནད་ཀྱང་མ་མོ་ཁྱེད་ཀྱི་ནད། །རིམས་ཀྱང་མ་མོ་ཁྱོད་ཀྱི་རིམས། །ཁྲག་ཀྱང་མ་མོ་ཁྱོད་ཀྱི་ཁྲག །འཁྲུགས་པའི་མ་མོའི་ཐུགས་དམ་བསྐང་། །ཀྱཻ། ཤར་ཕྱོགས་རྡོ་རྗེ་མཁའ་འགྲོ་མ། །རྡོ་རྗེ་མཁའ་འགྲོ་འབུམ་གྱིས་བསྐོར། །ཞེ་སྡང་ལས་ལ་རྔམས་པའི་ཚོགས། །མེ་ལོང་ཡེ་ཤེས་མཆོད་གཏོར་བཞེས། །ཉོན་མོངས་ཞེ་སྡང་ལས་གྱུར་པའི། །ཉམས་ཆག་{ཆགས་འདིའི་རིགས་འདི་ལྟར་ཞུས། }འགལ་འཁྲུལ་དབྱིངས་སུ་བཤགས། །འཁྲུགས་པའི་མ་མོའི་ཐུགས་དམ་བསྐང་། །སུན་བཟློག་ལྟ་བུ་བྱེ་བྲག་ཏུ་སྤྲོ་ན། རྡོ་རྗེ་མཁའ་འགྲོའི་སུན་མ་སོགས། དུས་མིན་འཆི་བའི་མཚན་མ་བཟློག །ཞེས་སོགས་ཁ་བསྒྱུར་འཛུད་མཆན། ནད་ཁ་ཆོད་ལ་རིམས་ཁ་བསྒྱུར། །ཁྲོམ་ཁ་ཕྱིས་ལ་ཤྭ་རྡེལ་སྤོས། །ནད་གདོན་བར་ཆད་བཟློག་ཏུ་གསོལ། །མོ་ངན་མཚན་རྩུབ་བསྒྱུར་དུ་གསོལ། །བྱད་ཕུར་རྦོད་གཏོང་ཞི་བར་མཛོད། །ཀྱཻ། ལྷོ་ཕྱོགས་རིན་ཆེན་མཁའ་འགྲོ་མ། །རིན་ཆེན་མཁའ་འགྲོ་འབུམ་གྱིས་བསྐོར། །ང་རྒྱལ་ལས་ལ་རྔམས་པའི་ཚོགས། །མཉམ་ཉིད་ཡེ་ཤེས་མཆོད་གཏོར་བཞེས། །ཉོན་མོངས་ང་རྒྱལ་ལས་གྱུར་པའི། །ཉམས་ཆག་འགལ་འཁྲུལ་དབྱིངས་སུ་བཤགས། །འཁྲུགས་པའི་མ་མོའི་ཐུགས་དམ་བསྐང་། །ནད་ཁ༴ ཁྲོམ་ཁ༴ ནད་གདོན༴ མོ་ངན་མཚན་རྩུབ༴ ཚེ་བསོད་དཔལ་འབྱོར་རྒྱས་པར་མཛོད། །ཀྱཻ། ནུབ་ཕྱོགས་པདྨ་མཁའ་འགྲོ་མ། །པདྨ་མཁའ་འགྲོ་འབུམ་གྱིས་བསྐོར། །འདོད་ཆགས་ལས་ལ་རྔམས་པའི་ཚོགས། །སོར་རྟོག་ཡེ་ཤེས་མཆོད་གཏོར་བཞེས། །ཉོན་མོངས་འདོད་ཆགས་ལས་གྱུར་པའི། །ཉམས་ཆག༴ འཁྲུགས་པའི༴ ནད་ཁ་ཆོད༴ ཁྲོམ་ཁ་ཕྱིས༴ ནད་གདོན༴ མོ་ངན༴ རླུང་སེམས་སྣང་བ་དབང་སྡུད་མཛོད། །ཀྱཻ། བྱང་ཕྱོགས་ལས་ཀྱི་མཁའ་འགྲོ་མ། །ལས་ཀྱི་མཁའ་འགྲོ་འབུམ་གྱིས་བསྐོར། །ཕྲག་དོག་ལས་ལ་རྔམས་པའི་ཚོགས། །བྱ་གྲུབ་ཡེ་ཤེས་མཆོད་གཏོར་བཞེས། །ཉོན་མོངས་ཕྲག་དོག་ལས་གྱུར་པའི། །ཉམས་ཆག༴ འཁྲུགས་པའི༴ ནད་ཁ་ཆོད༴ ཁྲོམ་ཁ་ཕྱིས༴ ནད་གདོན༴ མོ་ངན་མཚན༴ རྦོད་གཏོང་དྲག་པོའི་ཕྲིན་ལས་མཛོད། །ཀྱཻ། དབུས་ཕྱོགས་སངས་རྒྱས་མཁའ་འགྲོ་མ། །སངས་རྒྱས་མཁའ་འགྲོ་འབུམ་གྱིས་བསྐོར། །གཏི་མུག་ལས་ལ་རྔམས་པའི་ཚོགས། །ཆོས་དབྱིངས་ཡེ་ཤེས་མཆོད་གཏོར་བཞེས། །ཉོན་མོངས་གཏི་མུག་ལས་གྱུར་པའི། །ཉམས་ཆག༴ འཁྲུགས་པའི༴ ནད་ཁ་ཆོད༴ ཁྲོམ་ཁ་ཕྱིས༴ ནད་གདོན༴ མོ་ངན༴ མཆོག་དངོས་གྲུབ་པའི་ཕྲིན་ལས་མཛོད། །བྷྱོཿདཔལ་ལྡན་མཁའ་འགྲོ་དབྱིངས་ཀྱི་ཡུམ། །ཨེ་ཀ་ཛ་ཊི་རལ་གཅིག་མ། །འདོད་ཁམས་དབང་ཕྱུག་རེ་མ་ཏི། །ཞིང་སྐྱོང་མཁའ་འགྲོའི་དབང་ཕྱུག་གཙོ། །མིང་བརྒྱ་མཚན་སྟོང་བསམ་མི་ཁྱབ། །སྣང་སྲིད་མ་མོའི་འཁོར་ཚོགས་བཅས། །སྤྲུལ་པ་ཡང་སྤྲུལ་བྱེ་བ་འབུམ། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །མཐུན་རྫས་དཀོར་ཆས་ཐུགས་དམ་བསྐང་། །མི་མཐུན་ཐུགས་འགལ་ཉམས་ཆག་བཤགས། །བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱི། །ནད་ཁ་ཆོད་ལ་རིམས་ཁ་བསྒྱུར། །ཁྲོམ་ཁ་ཕྱིས་ལ་ཤྭ་རྡེལ་སྤོས། །ཕོ་བདུད་དལ་ཁ་གཡས་སུ་བསྒྱུར། །མོ་བདུད་དལ་ཁ་གཡོན་དུ་བསྒྱུར། །སྤྱི་བདུད་དལ་ཁ་མཁའ་ལ་བསྒྱུར། །ཆགས་ཆེ་ཉམས་ང་དགྲ་ལ་བཟློག །ལོ་ཟླ་ཞག་དུས་ཀེག་རྩུབ་བཟློག །སྣང་སྲིད་ལྷ་འདྲེའི་གཡོ་འཕྲུལ་བཟློག །འབྱུང་བཞིའི་གཡོ་འཁྲུགས་བྱད་གཏད་བཟློག །རྩ་རླུང་འཁྲུགས་པའི་ཆོ་འཕྲུལ་བཟློག །གཡས་ནས་ཕོ་བརྒྱས་མདའ་བརྡར་བཟློག །གཡོན་ནས་མོ་བརྒྱས་དུག་གཡོས་བཟློག །མི་ནག་སྐྱེ་བོའི་ཡ་ག་བཟློག །བྲན་གཡོག་ངན་པའི་དམོད་མཆུ་བཟློག །དགྲ་སྣ་གྱོད་སྣ་ཟུག་པ་བཟློག །རྐུན་དང་ངན་སྦྱོར་ཤོམ་པ་བཟློག །སྟེང་ནས་རྗེ་ཡི་བཀའ་ཆད་བཟློག །འོག་ནས་འབངས་ཀྱི་ངོ་ལོག་བཟློག །གཉེན་ཚན་དགྲ་རུ་ལང་བ་བཟློག །སྡེ་འཁྲུགས་ནང་དབྱེན་བྱེད་པ་བཟློག །གཙོ་བོས་འདུན་གྲོས་ཉེས་པ་བཟློག །ངན་སྦྱོར་རང་ལ་ལྡོག་པ་བཟློག །རང་གཤེད་བདུད་དུ་འབབ་པ་བཟློག །དམ་ཚིག་ཉམས་པའི་ཉེས་ཀུན་བཟློག །ལྷ་སྲིན་སྡེ་བརྒྱད་སུན་མ་བཟློག །མི་མཐུན་རྐྱེན་ངན་ཐམས་ཅད་བཟློག །དུས་མིན་འཆི་བའི་འཇིགས་ཀུན་བཟློག །བཟློག་གོ་བསྒྱུར་རོ་མཐུ་རྩལ་ཅན། །འཁྲུགས་པའི་མ་མོའི་ཐུགས་དམ་བསྐང་། །བཟློག་བསྒྱུར་བཅོལ་པའི་ཕྲིན་ལས་མཛོད། །འཁོན་འགྲས་འགྲམ་འཁྲུགས་ཞི་གྱུར་ཅིག །མདོར་ན་གྲུབ་པའི་སློབ་དཔོན་མཆོག །ངྷ་ན་སཾ་ཀྲི་པདྨ་འབྱུང་། །རླང་ཆེན་དཔལ་གྱི་སེངྒེ་སོགས། །རིག་འཛིན་བརྒྱུད་པའི་ཚོགས་རྣམས་ཀྱིས། །སྲིད་པ་མ་མོའི་དལ་དུ་བཞག །དམ་ཚིག་བདུད་རྩི་ལྕེ་ལ་བྱིན། །དབང་རྟགས་སྤྱི་བོའི་རྒྱན་དུ་བཅིངས། །རང་རང་གསང་བའི་མཚན་ཡང་བཏགས། །ལས་དང་སྤྱོད་སྐལ་སོ་སོར་བསྟན། །ཁྱེད་རྣམས་ཡེ་ཤེས་མངོན་བརྙེས་ཀྱང་། །རྣམ་པ་འཇིག་རྟེན་མ་མོའི་ཚུལ། །དམ་ལྡན་རྣལ་འབྱོར་གྲོགས་ལགས་པས། །རྒྱན་གྱི་གཏོར་མ་འདི་བཞེས་ལ། །སྔོན་གྱི་ཐ་ཚིག་རྗེས་དགོངས་ཏེ། །སྔོན་ལས་འཕྲལ་རྐྱེན་ངན་པ་བཟློག །ཚེ་བསོད་དཔལ་འབྱོར་ཉམས་པ་གསོས། །རྣལ་འབྱོར་སྒྲུབ་པའི་གྲོགས་མཛོད་ཅིག །བདག་ཅག་སྙིགས་མའི་སེམས་ཅན་རྣམས། །བག་མེད་སྤྱོད་པ་མ་དག་པས། །རྩ་བ་ཡན་ལག་དམ་འགལ་དང་། །ཁྱད་པར་མི་གཙང་ཉམས་པའི་གྲིབ། །རྩ་རླུང་ཐིག་ལེ་འཁྲུགས་ལ་སོགས། །མ་མོ་འཁྲུགས་པའི་རྒྱུ་རྐྱེེན་རིགས། །མཐོལ་ཞིང་བཤགས་སོ་བྱང་བར་མཛོད། །བདག་ནི་རིག་འཛིན་པདྨའི་གདུངས། །ཁྱེད་ཅག་སྔགས་འཆང་དམ་ཚིག་ཅན། །དོ་ནུབ་ཐུགས་དམ་གཉེན་པོ་བསྲེ། །དོ་ནུབ་མཐུན་པའི་རྫས་གཅིག་འབུལ། །དོ་ནུབ་ཉམས་ཆག་འགལ་འཁྲུལ་བཤགས། །དོ་ནུབ་ཐུགས་དམ་གཉེན་པོ་བསྐང་། །དོ་ནུབ་ལས་ཀྱི་གཉེར་ཞིག་གཏད། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །སངས་རྒྱས་བསྟན་པ་དར་བ་དང་། །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་བསྲིང་། །དགེ་འདུན་འདུས་པ་འཕེལ་བ་དང་། །མཛད་ཕྲིན་ཡར་ངོའི་ཟླ་ལྟར་སྤེལ། །གངས་ལྗོངས་མཐའ་དམག་དུས་འཁྲུགས་དང་། །ནད་ཡམས་ལོ་ཉེས་སད་སེར་རིགས། །མི་མཐུན་གནོད་ཀུན་ཞི་བ་དང་། །བདེ་སྐྱིད་རྫོགས་ལྡན་དཔལ་ལ་སྦྱོར། །ཁྱད་པར་རིག་འཛིན་སྔགས་འཆང་བདག །མི་མཐུན་གཡུལ་ལས་རྣམ་རྒྱལ་ཞིང་། །མཐུན་རྐྱེན་བསམ་ཀུན་འགྲུབ་པ་དང་། །དོན་གཉིས་དཔལ་གྱིས་འཚོ་བར་མཛོད། །བདག་ལ་བརྟེན་པའི་འཁོར་སློབ་རྣམས། །ཁྱེད་ལ་གཏད་དོ་སྲུང་སྐྱོབ་མཛོད། །སྡང་བྱེད་ཐམས་ཅད་ཚར་ཆོད་ལ། །ཕྱོགས་ལས་རྣམ་པར་རྒྱལ་བར་མཛོད། །དོན་དམ་ཤེས་རབ་ཕ་རོལ་ཕྱིན། །ཡུམ་ཆེན་དགོངས་པ་མངོན་གྱུར་ནས། །མ་གྱུར་འགྲོ་ཀུན་སྲིད་མཚོ་ལས། །སྒྲོལ་བའི་དེད་དཔོན་ཉིད་གྱུར་ཅིག །སྣང་སྲིད་བདེ་བ་ཆེན་པོའི་ཀློང་། །མི་ཤེས་མཚན་མའི་མིང་མི་གྲགས། །བདེན་པ་དེ་ཡིས་དུས་ཀུན་ཏུ། །བཀྲ་ཤིས་བདེ་ལེགས་འཕེལ་བར་མཛོད། །ཅེས་པའང་བཟང་ལུང་པདྨ་ལྷ་རྩེར་དགོས་གལ་བྱུང་ནས་ལྕགས་བྱ་ཟླ་ཚེས་༢༨ལ་སྔགས་བཙུན་པདྨ་དགྱེས་པས་གང་ཤར་བཅོས་མེད་དུ་བྲིས་པ་དགེ །གྲངས་བསགས་སོགས་ཤིན་ཏུ་བསྡུས་པར་འདོད་པའི་ཚེ། སྣང་སྲིད་མ་མོ་མཁའ་འགྲོའི་ཚོགས་རྣམས་ལ། །བདེ་སྟོང་ཟག་མེད་མཆོད་གཏོར་འདི་འབུལ་བས། །ཕྱི་ནང་མ་མོ་འཁྲུགས་པའི་ཉེས་ཀུན་ཞི། །ལྷན་སྐྱེས་བདེ་བ་ཆེན་པོའི་དངོས་གྲུབ་སྩོལ། །སརྦ་ཌཱ་ཀ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་མ་ཧཱ་བྷ་ལིངྟ་ཁཱ་ཧི། ༀ་བཛྲ་ས་ཏྭ་ཨཱཿཞེས་བརྗོད་དོ། །

ཞིང་སྐྱོང་དུར་ཁྲོད་མ་མོའི་མངའ་གསོལ་ཕྲིན་བཅོལ་དང་བཅས་མ་མོ་དགྱེས་པའི་གླུ་དབྱངས།

༄༅། །ཞིང་སྐྱོང་དུར་ཁྲོད་མ་མོའི་མངའ་གསོལ་ཕྲིན་བཅོལ་དང་བཅས་མ་མོ་དགྱེས་པའི་གླུ་དབྱངས་ཞེས་བྱ་བ་བཞུགས་སོ། །བྷྱོཿཡེ་གྲོལ་ཀ་དག་སྤྲོས་པ་བྲལ་བའི་ཀློང་། །འཁོར་འདས་རོ་མཉམ་དྭངས་མའི་ཐིག་ལེའི་དཔྱིད། །སྙིང་རྗེས་ཡོངས་གང་ཁ་སྦྱོར་བདེ་བ་ཆེ། །མཚོ་སྐྱེས་རྡོ་རྗེ་བརྗོད་དོན་ལྕི་བར་མཛོད། ༡། སྐྱེ་མེད་དབྱིངས་ཀྱི་ཌཱ་ཀི་ཝཱ་ར་ཧིའི། །རང་རྩལ་འགག་མེད་ཞིང་སྐྱོང་དབང་མོའི་ཚུལ། །ངེས་གསང་བསྟན་དང་བསྟན་འཛིན་སྐྱོང་བའི་གཉན{གཉེན}། །མ་གཅིག་དབུ་འཕང་གཉན་པོ་བསྟོད་པར་བགྱི། ༢། ཁྱོད་ནི་སྲིད་ཞི་ཀུན་ཁྱབ་ཡེ་ཤེས་འཕྲུལ། །ངེས་དོན་རྒྱལ་ཀུན་བསྐྱེད་པའི་ཡུམ་གྱུར་ཀྱང་། །ཀུན་རྫོབ་སྣང་ཆར་མཚན་མའི་ཕྱག་རྒྱར་ཤར། །བདེན་གཉིས་དབྱེར་མེད་ངོ་བོར་མངའ་གསོལ་ལོ། ༣། ཕྱི་རོལ་གནས་ཡུལ་དུར་ཁྲོད་སྐྱོང་བའི་གཉེན། །ནང་དུ་རྩ་རླུང་ཐིག་ལེ་དགའ་བཞིའི་འཕྲུལ། །གསང་བ་ཚོགས་བརྒྱད་དབུ་མར་སྡོམ་པའི་གྲོགས། །འཁོར་འདས་ཀུན་བྱེད་ཆེན་མོར་མངའ་གསོལ་ལོ། ༤། ཀུན་བརྟགས་གཞན་དབང་མཚན་འཛིན་འཁྲུལ་བའི་གཡས། །གོས་མིན་ཡོངས་གྲུབ་གཉུག་མའི་གསེར་སྦྱངས་ཁམས། །ཟུང་འཇུག་འོད་གསལ་རྩིབས་སྟོང་རྣམ་བཀྲ་བའི། །དག་པ་གཉིས་ལྡན་འཁོ༵ར་ལོ༵ར༴ ༥འབད་རྩོལ་རྣམ་རྟོག་གཡོ་བས་གོས་མིན་པར། །ལྷུན་གྲུབ་རྒྱུན་མི་འཆད་པའི་ཕྲིན་ལས་ཆར། །ས་གསུམ་སྐྱེ་དགུའི་རེ་བ་སྐོང་བའི་དཔལ། །འདོད་འབྱུང་ནོ༵ར༵་བུའི་རྒྱལ་པོར༴ ༦སྟོང་ཉིད་སྙིང་རྗེར་ཆགས་པའི་ཟུར་མིག་གིས། །བརྟན་གཡོའི་དཔལ་ཀུན་འཆིང་བའི་འཇོ་སྒེག་བཅས། །སྲིད་ཞིར་མི་གནས་ཐེག་མཆོག་རྒྱལ་ཐབས་ཆེ། །སྦྱིན་མཛད་བཙུན༵་མོ༵་མཆོག་ཏུ༴ ༧དོན་དམ་བདེན་པ་གཟིགས་པའི་བློ་གྲོས་ཟབ། །གཞན་ཕན་ཕར་ཕྱིན་དྲུག་གི་མཛོད་ཀྱིས་ཕྱུག །བསྡུ་བཞིའི་ཕྲིན་ལས་ཉེ་འཁོན་མེད་པར་སྙོམས། །ཆེན་པོ་བདུན་ལྡན་བློན༵་པོ༵ར༴ ༨རླབས་ཆེན་ཚོགས་གཉིས་གོམས་པའི་སྣ་ལྗགས་རིང་། །བསླབ་གསུམ་གསེར་གྱི་དྲྭ་བས་གདོང་མཛེས་ཤིང་། །འཁོར་བའི་གཡུལ་ངོ་ཟློག་པའི་སྙིང་སྟོབས་ཅན། །ཐེག་ཆེན་གླང༵་པོ༵་མཆོག་ཏུ༴ ༩རྫུ་འཕྲུལ་རྐང་བཞིས་རབ་མཛེས་དབང་སྟོབས་དང་། །བྱང་ཆུབ་ཡན་ལག་མགྱོགས་པའི་བང་འགྲོས་ཀྱིས། །འཕགས་ལམ་ཡུད་ཀྱིས་བགྲོད་པའི་སྟོབས་ཤུགས་ཅན། །ཅ༵ང་ཤེས༵་རིན་ཆེན་མཆོག་ཏུ༴ ༡༠ཐེག་བརྒྱད་བློ་ཡི་ཞེན་པས་གོས་མིན་པའི། །རང་གནས་ཡེ་ཤེས་རིག་པའི་མཚོན་རྣོན་གྱིས། །ཡིད་དཔྱོད་ཕྱེ་མར་འཐག་པའི་དྲག་ཤུལ་ཅན། །མཆོག་གསང་དམ༵ག་དཔོ༵ན་ཆེན་པོར༴ ༡༡རིན་ཆེན་བདུན་ལྡན་དཔུང་ཚོགས་ཡན་ལག་བཞིས། །དྲེགས་ལྡན་རྒྱལ་ཕྲན་བྱེ་བའི་ཁེངས་བསྙིལ་ནས། །དགེ་བཅུའི་ཁྲིམས་ཀྱིས་རྫོགས་ལྡན་གསར་པའི་མགྲོན། །འགུགས་བྱེད་འཁོ༵ར་ལོ༵ས་སྒྱུར་བར༴ ༡༢ལྟ་སྤྱོད་ངན་པའི་བྲག་ལ་གནས་བཅས་ནས། །བསམ་སྦྱོར་ལོག་པར་ཞུགས་པའི་གད་རྒྱངས་ཅན། །ནག་ཕྱོགས་ཀླ་ཀློ་གདུག་པའི་འབྱུང་པོའི་བྱ། །གཞོམ་བྱེད་འདབ་བཟང་དབང་པོར༴ ༡༣སྟོབས་འབྱོར་དྲེགས་པའི་དུག་ཆུས་ཆེར་མྱོས་ནས། །བསྟན་འགྲོའི་བདེ་སྐྱིད་འཕྲོག་པའི་མཚོན་འཁོར་ཅན། །འབྱུང་པོས་རྒྱུད་དཀྲུགས་མ་རུངས་གཉིས་འཐུང་ཚོགས། །རླག་བྱེད་གདོང་ལྔའི་དབང་པོར༴ ༡༤ཕྱོགས་ཞེན་སྙིང་ལ་འབར་བའི་རྟོག་གེའི་ཚིག །ལྟར་སྣང་རིགས་པའི་རླུང་ཤུགས་དང་འགྲོགས་ནས། །ངེས་གསང་བསྟན་ལ་འཚེ་བྱེད་འབར་བའི་སྒྲ{སྐྲ}། །གཞིལ་བྱེད་ཆར་ལྡན་སྤྲིན་དུ༴ ༡༥ཕྱི་ཚུལ་འཇམ་པོའི་ཀུན་སྤྱོད་ལྷུར་ལེན་ཡང་། །ནང་དུ་མ་ཞི་གཡོན་ཅན་བྱི་ལའི་མཆེད། །བསྟན་སེལ་སྡེ་འཁྲུགས་སློང་དང་ཡ་ག་སྒྲོགས། །འཇོམས་བྱེད་དྲང་སྲོང་ཁྲོས་པར༴ ༡༦ལས་འབྲས་འཆོལ་བར་སྤྱོད་པའི་ནགས་ཁྲོད་དུ། །འདོད་སྲེད་མེ་ཆེན་སྙིང་ལ་སྤར་བའི་རྒྱུས། །ངན་གཡོ་གསོད་རྐུ་འཕྲོག་བཅོམ་བྱེད་རྩོམ་རྣམས། །བསྐྲོད་པའི་གིང་ཆེན་ཁྲོ་བོར༴ ༡༧བདག་འཛིན་ཁོང་སྐྲན་སྲ་བའི་ཉེར་ལེན་རྒྱུ། །ལས་ཉོན་རྐྱེན་གྱིས་གསོས་པའི་ཟུག་རྔུའི་དཔལ། །མི་མཐུན་བརྒྱད་གཉིས་འཇིགས་པའི་འདུ་འཁྲུགས་དཔུང་། །ཞི་མཛད་སྨན་པའི་རྒྱལ་པོར༴ ༡༨ལེགས་བྱས་འཛིན་མའི་ལྟོ་བར་སྐྱེད་བསྲིང་བའི། །མཐོ་རིས་ཡོན་ཏན་བདུན་གྱི་མྱུ་གུའི་རྩེར། །འཁོར་ལོ་བཞི་དང་འཕགས་ནོར་འབྲས་བཟང་ཁུར། །སྨིན་བྱེད་རྟ་བདུན་དབང་པོར༴ ༡༩དད་གསུམ་ར་བས་ཡོངས་བསྐོར་དགེ་བཅུ་ཡི། །ཐེམ་སྐས་བཟང་པོས་ལེགས་མཛེས་རྫིང་བུ་རུ། །ཕུན་ཚོགས་ཚེ་དཔལ་འབྱོར་དགུའི་ཆུ་བོའི་རྒྱུན། །འཕེལ་བྱེད་འོད་དཀར་དབང་པོར༴ ༢༠གང་གིས་ཡིད་ལ་དྲན་པའི་མོད་ཉིད་ནས། །རེ་བའི་ཤིང་རྟ་ཕྱུར་པོར་འགེངས་མཛད་ཅིང་། །ཕན་བདེའི་གྲིབ་མ་སྣུམ་པོས་ས་གསུམ་ཁྱོན། །ཡོངས་ཁྱབ་དཔག་བསམ་དབང་པོར༴ ༢༡སྲིད་གསུམ་ཆེ་དགུའི་ཡིད་ཀྱི་དྲི་ཟ་མོ། །རང་དབང་བརྟེན་པ་འཕྲོག་པས་ཉེར་བཀུག་ནས། །ངེས་པར་བྲན་བཞིན་མངག་གཞུག་བྱེད་ནུས་པའི། །དོན་ཡོད་འཕྲུལ་གྱི་ཞགས་པར༴ ༢༢མི་བསྲུན་ཉམས་པ་བདུན་ལྡན་ལོག་འདྲེན་དཔུང་། །ཁྱད་པར་ངེས་གསང་བསྟན་དང་བསྟན་འཛིན་ལ། །སྡང་བྱེད་ཕ་རོལ་བྱད་མ་ལྷ་སྲུང་བཅས། །རང་གཤེད་རང་ལ་འབེབས་པར༴ ༢༣ཤེས་བྱའི་ཁོངས་སུ་ཆུབ་པའི་རྣམ་བཞིའི་ལས། །གྲུབ་པ་བརྒྱད་སོགས་གང་འདོད་གསོལ་བའི་འབྲས། །རེ་བའི་མོད་ལ་ཡིད་བཞིན་འཇོ་བའི་དཔྱིད། །འདོད་འབྱུང་གཏེར་གྱི་བུམ་པར༴ ༢༤མདོར་ན་བརྟན་གཡོ་སྣོད་བཅུད་སྲིད་ཞིའི་དཔལ། །མ་ལུས་རྟེན་འབྱུང་ཟབ་མོས་དབང་བསྡུས་ནས། །ཞིང་སྐྱོང་མཁའ་འགྲོའི་དབང་ཕྱུག་མངའ་གསོལ་ན། །བྱང་ཆུབ་བར་དུ་འབྲལ་མེད་གྲོགས་མཛོད་ཅིག །༢༥གནས་སྐབས་ཀུན་ཏུ་མི་མཐུན་འཇིགས་བརྒྱད་ཞི། །ཚེ་དཔལ་བསོད་ནམས་འཁོར་སློབ་འདུ་བ་རྒྱས། །ས་གསུམ་དབང་བསྡུས་སྣང་སྲིད་བྲན་དུ་ཁོལ། །ཕྱོགས་ལས་རྣམ་རྒྱལ་དགེ་བའི་དཔལ་སྩོལ་ཅིག༢༦། སྣོད་ཀྱི་འབྱོར་པས་བཅུད་ཀྱི་མངའ་ཐང་སྤེལ། །བཅུད་ཀྱི་སྤྱོད་པས་སྣོད་ལ་དགེ་མཚན་སྒྲུབ། །སྣོད་བཅུད་རྟེན་འབྱུང་ལེགས་དགུ་གཅིག་ཏུ་འགྲིགས། །རྫོགས་ལྡན་གསར་དུ་འཆར་བའི་དཔལ༴ ༢༧མཆོད་གནས་བྱིན་གྱིས་འབྱོར་ལྡན་ཆབ་སྲིད་བརྟན། །འབྱོར་ལྡན་ཡོན་གྱིས་ཡོན་གནས་མངའ་ཐང་དར། །ཡོན་མཆོད་རྟེན་འབྲེལ་རྣམ་དཀར་ཕྱོགས་སུ་མཐུན། །ཐུབ་བསྟན་ཕྱོགས་མཐར་རྒྱས་པའི་དཔལ༴ ༢༨བླ་མའི་ཐུགས་རྗེས་སློབ་མའི་ཤེས་རྒྱུད་གྲོལ། །སློབ་མའི་དད་པས་བླ་མའི་སྐུ་ཚེ་བརྟན། །བླ་སློབ་རྟེན་འབྲེལ་དམ་ཚིག་གཅིག་ཏུ་གཙང་། །སྨིན་གྲོལ་ལུས་ཟུང་རྒྱས༴ ༢༩ཀློག་པའི་འཁོར་ལོས་སྤོང་བའི་གནས་ལ་འཇུག །སྤོང་བའི་འཁོར་ལོས་ཀློག་དོན་ཁོང་དུ་ཆུབ། །སྤང་ཀློག་ཕྲིན་ལས་བསྟན་འགྲོའི་གསོས་སྨན་གྱུར། །ལུང་རྟོགས་བསྟན་པ་དར་སྨིན་དཔལ་སྩོལ་ཅིག༣༠། རང་དོན་དབེན་པར་སྒོམ་པས་གཞན་ཕན་འབྱུང་། །གཞན་དོན་གྲོང་དུ་སྤྱོད་པས་རང་རྒྱུད་གྲོལ། །གཉིས་དོན་ཕྲིན་ལས་གང་རྩོམ་ཐབས་མཁས་སྒོ། །དོན་གཉིས་བསམ་ཀུན་འགྲུབ་པའི་བཀྲ་ཤིས་སྩོལ། ༣༡། ཅེས་བསྟན་སྲུང་ཞིང་སྐྱོང་དབང་མོའི་མངའ་གསོལ་ཕྲིན་བཅོལ་དང་བཅས་པ་འདི་ལྟ་བུ་ཞིག་དགོས་ཞེས་མཁས་བཙུན་བཟང་པོའི་ཡོན་ཏན་གྱིས་མངོན་པར་མཐོ་བར་མཆོག་སྤྲུལ་བསོད་ནམས་མཆོག་གྲུབ་ཀྱི་གསུང་ནན་ངོར། འདུ་གསུམ་སྤྱོད་པ་འགྱུར་མེད་པདྨ་བསྟན་འཛིན་གྱིས་འགྲུབ་པའི་སྦྱོར་བ་དང་ལྡན་པའི་ཐུན་གསེང་ཞིག་ཏུ་ཤར་མར་བྲིས་ཏེ་ཕུལ་བ་དགེ། །།

ཞིང་སྐྱོང་དབང་མོ་ལ་ཕྲིན་ལས་སུ་བཅོལ་བ་དཔག་བསམ་གསར་པའི་འཁྲི་ཤིང་།

༄༅། །ཞིང་སྐྱོང་དབང་མོ་ལ་ཕྲིན་ལས་སུ་བཅོལ་བ་དཔག་བསམ་གསར་པའི་འཁྲི་ཤིང་བཞུགས། བྷྱོཿསྐྱེ་མེད༵་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །འགག་མེ༵ད་རང་རྩལ་བསྟན་སྲུང་མཐུ་མོ་ཆེ། །ཟོལ་མེ༵ད་གདུང་བའི་དབྱངས་ཀྱིས་འབོད་ལགས་ན། །གཡེལ་མེད༵་འདོད་པའི་འབྲས་བུ་དེང་འདིར་སྩོལ། ༡། མང་མང་འགྲོ་བའི་མགོན་གཅིག་པད་འབྱུང་རྗེའི། །ཡང་ཡང་རྡོ་རྗེའི་ཐ་ཚིག་དྲན་མཛོད་ལ། །མྱུར་མྱུར་ཕྲིན་ལས་རྣམ་བཞིའི་སྒོ་ཕྱེས་ཏེ། །ལེགས་ལེགས་བསྟན་འགྲོའི་ཕན་བདེ་སྤེལ་བར་མཛོད། ༢། མཁན་སློབ་ཆོས་རྒྱལ་སྤྲུལ་པའི་ལོ་པཎ་གྱི། །ཐུགས་བསྐྱེད་ཁྱུང་སྔོན་སྐྱེས་ཀྱིས་བསུས་པའི་མགྲོན། །ཕན་བདེའི་འདབ་སྟོང་བཞད་བྱེད་པདྨོའི་གཉེན། །ངེས་གསང་བསྟན་མཆོག་གང་ན་འདུག་ཀྱང་སྲུངས། ༣། རྒྱལ་དང་དེ་སྲས་འཕགས་པ་ཆེན་པོའི་ཚོགས། །བསམ་བཞིན་སྲིད་པའི་མྱུ་གུ་ལེགས་བཟུང་བའི། །རིས་བྲལ་མཁས་བཙུན་གྲུབ་པའི་སྐྱེས་ཆེན་རྣམས། །འཁོར་ལོ་གསུམ་གྱི་ཕྲིན་ལས་མཁའ་མཐར་དྲོངས། ༤། ངེས་འབྱུང་སོ་ཐར་ཁྲིམས་ཀྱི་རྩ་བ་བརླིང་། །གཞན་ཕན་བྱང་ཆུབ་སེམས་ཀྱི་ཡལ་འདབ་རྒྱས། །རིམ་གཉིས་འབྲས་ཁུར་ལྕི་བའི་དགེ་འདུན་སྡེའི། །སྤང་ཀློག་ཕྲིན་ལས་ཡར་ཟླའི་དཔལ་ལ་སྦྱོར། ༥། བཤད་བརྒྱུད་ཀ་ཆེན་བཅུ་དང་སྒྲུབ་བརྒྱུད་བརྒྱད། །ཤིང་རྟའི་རིང་ལུགས་མ་རྨས་ནོར་བུའི་ཚལ། །མཁས་གྲུབ་ལྷ་ཕྲུག་གཞོན་ནུས་ལེགས་མཛེས་ཤིང་། །ཀུན་ཀྱང་ལྟ་སྤྱོད་དོན་མཐུན་འབྱོར་པར་མཛོད། ༦། ངེས་འབྱུང་རླུང་གིས་སྦར་བའི་དཀའ་ཐུབ་མེས། །སྲིད་རྩའི་བུད་ཤིང་བསྲེག་ལ་ཆེས་བརྩོན་རྣམས། །མེ་ཏོག་མདའ་ཡིས་ནམ་ཡང་རྨས་མིན་པར། །གྲུབ་གཉིས་བཅུད་ལེན་སྨིན་པའི་དགའ་སྟོན་སྩོལ། ༧། མཐོ་རིས་ཡོན་ཏན་བདུན་གྱི་འཁྲི་ཤིང་རྩེར། །སྡེ་བཞིའི་འབྲས་ཁུར་ལྕི་བའི་གྲིབ་བསིལ་བསྣུམ། །སྐྱེ་དགུའི་ངལ་འཚོར་གྲུབ་པའི་ས་སྤྱོད་རྣམས། །དགེ་བཅུའི་ཁྲིམས་ཀྱི་རྩ་བ་བརླིང་པར་མཛོད། ༨། མནར་སྤྱོད་མཚོན་ཆའི་ཆད་པ་སྦྱིན་མིན་པར། །ཐབས་མཁས་འཕྲུལ་གྱིས་དྲེགས་ལྡན་སྐར་མིག་བུ། །བསྐོལ་ལ་མི་ངལ་མཛངས་བློན་ཁྱབ་འཇུག་གཟུགས། །དྲང་པོའི་བློ་གྲོས་དགེ་བའི་ཕྱོགས་སུ་དྲོངས། ༩། ལས་འབྲས་ཡིད་ཆེས་གནའ་བོའི་ཁྲིམས་ཀྱི་སྲོལ། །གཙུག་ན་རབ་བརླིང་ཨར་ཇག་ཆོམ་པོའི་རྒྱུན། །གཅོད་ལ་རབ་དགའི་གཙོ་ཕལ་དམངས་ཀྱི་རིགས། །བསོད་ནམས་དཔུང་པས་གཏོང་མིན་ཤིས་པ་སྒྲུབས། ༡༠། དབྱར་སྐྱེས་ཆུ་ཁུར་གསར་པའི་ཕྲེང་བ་ཡིས། །ཟིལ་བུར་དལ་གྱིས་འབབ་པའི་བདུད་རྩིའི་བཅུད། །ནོར་འཛིན་དཔྱིད་དུ་སྨིན་པས་ལོ་ཏོག་འབྲས། །རབ་རྒྱས་དུས་བཞིར་དགེ་བའི་དངོས་པོ་བྱིན། ༡༡། ནོར་བུ་མཆོག་ལྟར་དྭངས་པའི་འདྲེན་བྱེད་ཅན། །དབེན་པར་རྩྭ་ཆུའི་འཚོ་བའི་རི་སྐྱེས་མོ། །དག་བྱེད་གཏེར་ལ་རོལ་བའི་གསེར་མིག་སོགས། །ཉམ་ཆུང་སྲོག་གི་སྦྱིན་པ་ཁྱོད་ཀྱིས་བྱིན། ༡༢། ལྟ་ངན་ལག་པས་བསྟན་གཉིས་ཉི་ཟླའི་མིག །སྒྲིབ་ལ་མངོན་བརྩོན་ཀླ་ཀློ་བྱིན་སྐྱེས་གཙོ། །མཆོག་བྱིན་རྩེ་བརྒྱ་འབར་བས་ཕྱེ་མ་རུ། །འཐག་པའི་དཔའ་གླུ་སྲིད་ན་སྙན་པར་མཛོད། ༡༣། མི་བསྲུན་སྙིགས་སྤྱོད་བྱ་མ་རྟས་འགུག་མགྲོན། །འབྱུང་བཞིའི་གཡོ་འཕྲུལ་ནད་མཚོན་མུ་གེ་སོགས། །བསིལ་ལྗོངས་སྐྱེ་བོའི་སྙིང་ལ་ཟུག་རྔུའི་དབལ། །མཐའ་དག་ཞི་བའི་སྨན་གྱི་ཆོ་ག་སྒྲུབས། ༡༤། ཚེ་དཔལ་འབྱོར་པའི་རྫོགས་ལྡན་སྤྲིན་ཆར་གྱིས། །སྐབས་གསུམ་གྲོང་ཁྱེར་འཛིན་མར་འཕོས་སམ་ཞེས། །རྒན་པོའི་བློ་ལ་འཁྲུལ་བ་སྦྱིན་ནུས་པའི། །ལེགས་ཚོགས་ཕྲེང་བས་ཕྱོགས་ཀུན་བརྒྱན་པར་མཛོད། ༡༥། འཇམ་མཉེན་མེ་ཏོག་མདའ་ཡིས་བསྐྲུན་མིན་པའི། །དྲེགས་ལྡན་སེམས་ཀྱི་བརྟན་པ་འཕྲོག་པའི་མཚོན། །དབང་མཛད་ཐུགས་རྗེའི་ལྕགས་ཀྱུས་ས་གསུམ་འགྲོ། །རིས་བྲལ་བསྟན་ལ་འདུན་པའི་དགེ་མཚན་ངོམས། ༡༦། ཐབས་སྒྲོལ་ཐུགས་རྗེའི་དཔྱང་ཐག་ཆད་པའི་འགྲོ། །མ་རུངས་ཉམས་པ་བདུན་ལྡན་ཞིང་བཅུའི་ཚོགས། །ཤུགས་སྒྲོལ་དམོད་པའི་མཚོན་ཆས་ལྷག་མེད་དུ། །སྦྱར་བྱེད་དུས་ཀྱི་ཕོ་ཉ་ཁྱོད་ཀྱིས་གྱིས། ༡༧། ཁྱད་པར་དམ་ལྡན་རྣལ་འབྱོར་བདག་ཅག་གི། །སྐུ་གསུང་ཐུགས་རྟེན་དགོན་གནས་མན་ཆོད་ནས། །བརྒྱུད་འཛིན་འཁོར་སློབ་ཡོན་བདག་གནག་ཕྱུགས་ཡན། །ཁྱོད་ལ་གཉེར་དུ་གཏད་དོ་མེལ་ཚེས་སྲུངས། ༡༨། ལས་འབྲས་ཁྱད་གསོད་ནག་པོའི་རྩ་ལག་རིགས། །རང་འབྱོར་དཔལ་གྱིས་ཆོག་མིན་དཀོན་མཆོག་རྫས། །རྐུ་འཕྲོག་ཐབས་ཀྱིས་ཁྱེར་བའི་དམ་ལོག་ལ། །དྲག་པོའི་ལས་ཀྱི་མཐུ་རྩལ་མ་ཆུང་ཞིག༡༩། ཐེག་ཆེན་རྒྱལ་བའི་སྲས་ཀྱི་ཐབས་མཁས་སྒོ། །བསྡུ་བཞིའི་ཕྲིན་ལས་ཟབ་མོས་སྒྱུ་མའི་ནོར། སྙིང་མེད་སྙིང་པོ་མཆོག་ཏུ་བསྒྱུར་བའི་ཚེ། །ནོར་ཕྱིར་མ་འབྲངས་ཀོ་ལོང་སྡོམ་པར་མཛོད། ༢༠། མདོར་ན་བུམ་བཟང་འཆི་མེད་ལྗོན་པ་ཡིས། །མཚོན་མིན་རེ་བའི་མོད་ལ་ཡིད་ཀྱི་དཔལ། །འགེངས་མཛད་རྟག་ཏུ་བརྟེན་པའི་མ་ཁྱོད་ཀྱིས། །བྱང་ཆུབ་བར་དུ་འབྲལ་མེད་གྲོགས་མཛོད་ཅིག༢༡། སྣང་སྲིད་ཆོས་ཀུན་སྐྱེ་མེད་མ་ཡི་ཀློང་། །རོལ་པ་འགག་མེད་མོ་ཡི་གདངས་ཤར་བའི། །བདེ་ཆེན་བྱང་ཆུབ་སེམས་ཀྱི་དོན་རྟོགས་ནས། །འཕོ་མེད་རྟག་པ་དམ་པའི་མཆོག་སྩོལ་ཅིག༢༢། བཀྲ་ཤིས་ཉི་མ་ཕན་བདེའི་འོད་པོ་ཆེས། །བཀྲ་ཤིས་ས་གསུམ་རྒུད་པའི་མུན་བཅིལ་ནས། །བཀྲ་ཤིས་ཐར་གྲོལ་འདབ་སྟོང་བཞད་པའི་གཏམ། །བཀྲ་ཤིས་གྲགས་པའི་རྔ་ཆེན་སྙན་སྒྲོགས་ཤོག༢༣། ཅེས་པའང་མཁས་བཙུན་བཟང་པོའི་ཡོན་ཏན་མངོན་པར་མཐོ་པ་མཆོག་སྤྲུལ་བསོད་ནམས་མཆོག་གྲུབ་ཀྱི་བཞེད་སྐོང་དུ། པདྨ་རྣམ་པར་རྒྱལ་བས་གྲུབ་པའི་སྦྱོར་བ་དང་ལྡན་པའི་ཐུན་གསེང་དུ་ཤར་མར་བྲིས་པ་ཛ་ཡནྟུ།

བསྟན་སྲུང་དཀར་ཕྱོགས་སྐྱོང་བ་རྣམས་ལ་གསོལ་པ་བདེན་གཏམ་ལྷ་ཡི་རྔ་ཆེན་།

༄༅། །བསྟན་སྲུང་དཀར་ཕྱོགས་སྐྱོང་བ་རྣམས་ལ་གསོལ་པ་བདེན་གཏམ་ལྷ་ཡི་རྔ་ཆེན་ཞེས་བྱ་བ་བཞུགས། ན་མོ་གུ་རུ་བཛྲ་ངྷཱ་ར་ཡཻ། དོན་དམ་དབྱིངས་སུ་འཁོར་འདས་རོ་མཉམ་ཡང་། །ཀུན་རྫོབ་སྣང་ཆར་འདས་དང་མ་འདས་ཚུལ། །ཐུབ་བསྟན་རིན་ཆེན་འཛོད་གྱི་གཉེར་ཁ་བ། །མཐུ་ལྡན་དཀར་ཕྱོགས་སྐྱོང་རྣམས་མཁྱེན་པར་མཛོད། ༡། ཀུན་བཟང་རྡོ་རྗེ་འཆང་དབང་ཤཱཀྱའི་རྒྱལ། །པདྨ་ཐོད་ཕྲེང་འཕགས་བོད་པཎ་གྲུབ་ཚོགས། །བཤད་སྒྲུབ་བསྟན་པའི་མངའ་བདག་ཐམས་ཅད་ཀྱིས། །བཀའ་ལུང་ནོར་བུའི་ཅོད་པཎ་ལྕི་བར་མཛོད། ༢། ཁྱེད་རྣམས་ཡེ་ཤེས་འཇིག་རྟེན་སྣ་ཚོགས་གཟུགས། །ལས་དང་མངོན་ཤེས་རྫུ་འཕྲུལ་བསམ་མི་ཁྱབ། །ཀུན་ཀྱང་དཀར་ཕྱོགས་སྐྱོང་བའི་རུ་མཚོན་སྒྲེང་། །བསྟན་པ་སྐྱོང་ལ་མཛད་པ་མཐུན་ཞེས་གྲགས། ༣། དེ་སླད་ཟོལ་མེད་ལྷག་བསམ་བཟང་པོའི་ཤུགས། །རང་འདོད་འཁྲི་བ་སྤངས་པ་བདེན་པའི་ངག །འཛེམ་མེད་བུ་ཡིས་མ་ལ་འབོད་པ་བཞིན། །ཅུང་ཟད་གསོལ་ན་གནང་བའི་སྐབས་དབྱེ་འཚལ། ༤། རྒྱལ་དང་དེ་སྲས་འཕགས་བོད་མཁས་གྲུབ་ཚོགས། །རིས་མེད་བརྒྱུད་པའི་ཐུགས་ལ་བརྣག་པའི་བཅུད། །བསྟན་པ་རིན་ཆེན་སྒྲོམ་གྱི་གཉེར་ཁ་དེ། །ཅི་ཡི་སླད་དུ་ཁྱེད་ལ་གཏད་པ་དགོངས། ༥། འཇིག་རྟེན་འདི་ན་སྐྱེ་བོ་ཕལ་དག་ཀྱང་། །བཅོལ་བའི་ནོར་དང་འདྲིས་པའི་གྲོགས་ཀྱི་ཕྱིར། །ལུས་སྲོག་འདོར་བའི་དཀའ་བའི་ཁུར་ཁྱེར་ན། །དམ་པ་ཁྱེད་རྣམས་བཏང་སྙོམས་བཞུགས་རིགས་སམ། ༦། བཟང་པོའི་དུས་དང་ཡ་རབས་སྐྱེ་བོ་འཚོགས། །བསྟན་པའི་མངའ་ཐང་ངང་གིས་འཕེལ་བའི་དུས། །ཁྱོད་ལ་བཅོལ་ཡང་ཅི་དགོས་གཏད་ཅི་དགོས། །ཉིན་མོའི་དཔལ་ལ་སྒྲོན་མེའི་སྣང་བས་ཅི། ༧། དེང་དུས་དུས་ངན་མི་ངན་ལྷན་ཅིག་འཚོགས། །བཟང་པོའི་སྲོལ་ནུབ་ངན་སྤྱོད་མཚོ་ལྟར་རྡོལ། །ཐུབ་པའི་བསྟན་པ་མེ་ཤི་དུད་པ་ཙམ། །སྟོབས་ཤིག་ཡོད་ན་ད་ནི་བསྐྱེད་རན་ལགས། ༨། དར་བའི་དུས་སུ་བསྐྲོད་ཀྱང་ཚུར་ཚུར་འདུ། །རྒུད་པའི་དུས་སུ་བོས་ཀྱང་ཕྱིར་ཕྱིར་སྐྱེད། །དེང་དུས་སྐྱེ་བོ་ངན་པའི་ངང་ཚུལ་འདི། །ཁྱེད་ལའང་མཆིས་སམ་བསྟན་སྐྱོང་དབང་པོ་རྣམས། ༩། དོན་ཆེན་བསྟན་པའི་བྱ་ར་མི་མཛད་པར། །ཆང་ཕོར་གང་དང་ཤ་དུམ་ཟན་གོང་ངོར། །དོན་ཆུང་ཉི་ཚེའི་ཁོལ་བོར་རྒྱུག་རྒྱུག་ན། །བསྟན་སྲུང་ཞེས་པའི་མཚན་ཡང་ཅི་ཞིག་ལགས། ༡༠། རྒྱལ་མཚན་དམ་པར་ཁྱེད་རྣམས་རྟག་འཕྱར་ཞིང་། །ཡུས་པའི་ངག་གིས་ཡང་ཡང་འབོད་བྱེད་པ། །གསན་ཀྱང་མི་དགོངས་བསྐུལ་ཀྱང་མི་མཛད་ན། །ནུས་མེད་སྐྱེ་བོ་ཕལ་དང་ཁྱད་ཅི་ཡོད། ༡༡། ཡེ་ཤེས་སྤྱན་གྱིས་ཁམས་གསུམ་ས་ལེར་གཟིགས། །ནུས་པའི་མཐུ་ཡིས་རི་རབ་ཐལ་བར་བརླག །ཉམས་པ་སྒྲོལ་ཞིང་དཀར་ཕྱོགས་སྐྱོང་ངོ་ཞེས། །གྲགས་པ་དེ་ཡང་རྫུན་དུ་མི་འགྱུར་རམ། ༡༢། ཚོགས་ཀྱི་སྒྲུབ་པའི་མིང་ཙམ་སུས་འཛིན་པ། །གཡོ་སྒྱུ་མེ་པར་གཙུག་གི་ནོར་བུ་ལྟར། །བཀུར་ཞེས་ཐ་ཚིག་རྡོ་ཡི་རི་མོ་དེ། །དེང་གི་དུས་སུ་སུབ་བམ་ཅི་ཞིག་ཉེས། ༡༣། འདི་ན་སེར་གོས་གྱོན་པ་ཇི་ཙམ་དུ། །ཞན་ཡང་མཆོག་གསུམ་སྐྱབས་སུ་མི་བརྟེན་མེད། །ནག་ཕྱོགས་ཀླ་ཀློ་ཕལ་དང་ནོར་དོགས་ཆུང་། །ཕྱི་ནང་མ་འཛོལ་དུས་དྲུག་མེལ་ཚེ་མཛོད། ༡༤། ས་འདིར་ཆོས་ནུབ་ཆོས་མིན་རྒྱལ་གྱུར་ན། །ས་སྟེང་ལྷ་ཡི་སྟོབས་འགྲིབ་ལྷ་མིན་རྒྱལ། །ཁྱེད་རྣམས་དབུ་འཕང་དམད་པར་མི་འགྱུར་རམ། །དམ་བཅའ་ཉམས་པའི་སྡིག་ལ་མི་འཇིགས་སམ། ༡༥། ཐུབ་བསྟན་འཆི་ཁའི་སྲོག་ལ་ཟུངས་སྩལ་ན། །ད་དུང་བསྟན་པའི་གནས་ཚད་རྫོགས་པ་མེད། །མཆོག་གསུམ་ཐུགས་རྗེ་འཇུག་པའི་ཡུལ་ཡང་ཡོད། །དེ་ཕྱིར་ད་ནི་རྡོ་རྗེའི་སྟོབས་སྐྱེད་རན། ༡༦། ཞི་བས་འདུལ་ལ་ཞི་མཛད་སྨན་ཆར་གྱིས། །ཉེས་པའི་མེ་མདག་ཆིལ་ཆིལ་གཞིལ་བར་བྱོས། །རྒྱས་པས་འདུལ་ལ་རྒྱས་མཛད་བཅུད་ལེན་སྨན། །བསྟན་འགྲོའི་ཕན་བདེའི་སྲོག་གི་ཟུངས་སུ་སྩོལ། ༡༧། དབང་གིས་འདུལ་ལ་དབང་མཛད་ཞགས་པ་ཡིས། །ཆེ་དགུའི་སྣང་བློ་དགེ་བའི་ཕྱོགས་སུ་དྲོངས། །དྲག་པོས་འདུལ་ལ་དྲག་མཛད་མཚོན་རྣོན་ཆེ། །ཉམས་པའི་སྙིང་རྩ་གཅོད་ལ་དབལ་མ་ཞན། ༡༨། ཟས་སུ་ཉམས་པ་བདུན་ལྡན་ཤ་ལ་རོལ། །སྐོམ་དུ་བོད་ཕུང་འཇུག་པའི་སྙིང་ཁྲག་འཐུང་། །ལས་སུ་དཀོན་མཆོག་གསུམ་གྱི་དབུ་འཕང་བསྟོད། །རིས་བྲལ་ཐུབ་བསྟན་རྒྱལ་བའི་རུ་མཚོན་སྒྲེང་། ༡༩། སྲུང་བའི་གོ་ཆས་གངས་ལྗོངས་མཐའ་དབུས་སྐྱོབ། །ཟློག་པའི་མཚོན་ཆས་མཐའ་དམག་དུས་འཁྲུགས་བཟློག །འགུགས་བྱེད་ཟེར་གྱིས་བསྟན་འགྲོའི་དཔལ་ཀུན་ཆིངས། །རྫོགས་ལྡན་ཉི་མ་གསར་དུ་འདྲེན་པར་མཛོད། ༢༠། བསྟན་འཛིན་རྒྱལ་པོ་འཕགས་པའི་ཞབས་པད་བརྟན། །བསྟན་བའི་ཞབས་འདེགས་མངའ་ཐང་དགུང་ལ་རེག །བསྟན་པའི་བྱ་བ་བཤད་སྒྲུབ་ལས་མཐར་ཕྱིན། །བསྟན་པ་རིན་ཆེན་སྲིད་མཐར་འཕེལ་རྒྱས་མཛོད། ༢༡། གཙུག་ལག་ཁང་དང་ཆོས་འཁོར་ཕྱོགས་མཐར་ཁྱབ། །དཀོན་མཆོག་རྟེན་དང་སྲི་ཞུའི་དཔལ་གྱིས་འབྱོར། །སྤང་ཀློག་སྡེ་འཕེལ་རང་རང་ལས་ལ་བརྩོན། །ལུང་རྟོགས་ཡོན་ཏན་ཉིན་བཞིན་གོང་འཕེལ་མཛོད། ༢༢། ཀུན་ཀྱང་ང་ཁྱོད་རྩོད་པ་སྙིགས་མའི་ལུགས། །ཕྱོགས་དང་རིས་སུ་གཅོད་པ་རང་གི་མཚང་། །ཡིན་ལུགས་ཤེས་ན་ངེས་དོན་ཀློང་དུ་གཅིག །དེ་ཚུལ་རིགས་པས་ལྟ་སྤྱོད་དོན་མཐུན་མཛོད། ༢༣། འབྱོར་པའི་ཚེ་ན་དྲེགས་པ་མི་སྐྱེ་ཞིང་། །རྒུད་པར་གྱུར་ཀྱང་ལྷག་བསམ་དཔུང་མི་འདོར། །དུས་ཀུན་ཐུབ་པའི་བཅས་ལས་འགལ་མིན་པར། །བསླབ་གསུམ་ཡོན་ཏན་ལུས་ཤེད་རྫོགས་པར་མཛོད། ༢༤། མདོར་ན་འཕགས་པ་རྣམས་ཀྱིས་བསྔག༵ས་བསྔག༵ས་པ། །སྔོན་བྱོན་དམ་པ་རྣམས་ཀྱིས་བརྟེན༵་བརྟེན༵་པ། །གཟུར་གནས་དྲ་མ་རྣམས་ཀྱིས་སྨོན༵་སྨོན༵་པའི། །ལེགས་པའི་དཔལ་གྱིས་ཕྱོགས་ཀུན་བརྒྱན་པར་མཛོད། ༢༥། ཁྱོད་ལ་གསོལ་འདི་རྗོད་བྱེད་རྩུབ་ཚུལ་དུ། །སོང་ཡང་མ་གུས་མ་ལགས་དྲང་པོའི་ངག །ལྷག་བསམ་མཐུ་ལས་སྐྱེས་པའི་འཆི་མེད་རྔ། །བག་མེད་གཉིད་ལ་ཡོལ་ལས་སློང་ཕྱིར་ཡིན། ༢༦། དགེ་བ་འདིས་ཀྱང་བདུད་བཞིའི་གཡུལ་ངོ་ལས། །རྣམ་རྒྱལ་ཆོས་ཀྱི་རྒྱལ་པོའི་སྲིད་ཐོབ་ནས། །མཁའ་ཁྱབ་ཞིང་དུ་གང་འདུལ་རོལ་རྩེད་ཀྱིས། །ལུས་པ་མེད་པའི་འགྲོ་རྣམས་སྒྲོལ་བར་ཤོག༢༧། ཅེས་དུས་དང་ཡོན་ཏན་གྱི་ལང་ཚོ་ཆ་ཤིན་ཏུ་ཕྲ་བས། དངོས་སུ་སྦྱོར་བས་བསྟན་འགྲོ་ལ་སྨན་པའི་སྐལ་བས་ཕོངས་ནའང་། ལྷག་པའི་བསམ་པ་ནི་ཡར་ངོའི་ཟླ་བ་ལྟར་རྒྱས་པར་གྱུར་པའི་དུས་ཞབས་ཀྱི་བཙུན་པ་འཇམ་དབྱངས་བློ་གྲོས་རྒྱ་མཚོས་སྐྱིལ་ཀྲུང་གཅིག་གི་བརྟུལ་ཞུགས་ལ་བརྟེན་ནས་གང་ཤར་བརྗོད་པ་དགེ་ལེགས་ཀྱི་སྣང་བ་ནུབ་པ་མེད་པའི་རྒྱུར་གྱུར་ཅིགསརྦ་དཱ་མངྒ་ལཾ་བྷ་ཝནྟུ།
༄༅། །ཧྲཱིཿརྒྱལ་ཀུན་ཐུགས་རྗེའི་དབང་ཕྱུག་སྤྱན་རས་གཟིགས། །གང་འདུལ་འགྲོ་ངོར་སྣ་ཚོགས་སྐུར་སྟོན་པ། །སྲིད་གསུམ་དབང་མཛད་དབང་ཕྱུག་ལྷ་ཆེན་པོ། །ཡུམ་ཆེན་དཀའ་བཟློག་གསང་བའི་ལྷ་མོ་བཞི། །སྤྲུལ་འཁོར་སྣང་སྲིད་དྲེགས་པའི་སྡེ་ཚོགས་རྣམས། །འདིར་གཤེགས་ཟག་མེད་འདོད་ཡོན་མཆོད་གཏོར་བཞེས། །སྔོན་ཚེ་རིག་འཛིན་བརྒྱུད་པའི་སྤྱན་སྔ་རུ། །ཇི་ལྟར་ཞལ་བཞེས་ཐ་ཚིག་དྲན་མཛོད་ལ། །སངས་རྒྱས་བསྟན་པ་རྒྱས་པའི་ཕྲིན་ལས་མཛོད། །དེང་སང་སྙིགས་མ་ལྔ་ཡི་མཐར་ཐུག་པས། །མི་བསྲུན་འབྱུང་པོའི་འཚེ་བ་སྤྲིན་ལྟར་འཚུབ། །བསྟན་དང་དེར་འཛིན་རྒུད་པའི་དུས་བྱུང་བས། །དྲེགས་པའི་ཚོགས་ལ་བཀའ་ནན་མ་ཆུང་བར། །སྡང་བྱེད་སྡེར་བཅས་མིང་གི་ལྷག་མར་མཛོད། །འགུགས་བྱེད་ཟེར་གྱིས་བརྟན་གཡོའི་དཔལ་ཀུན་སྡུས། །དབང་མཛད་ཐུགས་རྗེས་སྲིད་གསུམ་དབང་དུ་བྱོས། །བསྟན་དང་བསྟན་འཛིན་མངའ་ཐང་རྒྱས་པར་མཛོད། །ཁྱད་པར་རྣལ་འབྱོར་བདག་ཅག་འཁོར་བཅས་རྣམས། །ཁྱོད་ལ་གཉེར་དུ་གཏད་དོ་སྲུང་སྐྱོབ་མཛོད། །ཕྱོགས་ལས་རྣམ་རྒྱལ་མངའ་ཐང་སྙན་གྲགས་སྤེལ། །ཡིད་ལ་བསམ་པ་མཐའ་དག་གྲུབ་པར་མཛོད། །དབེན་པའི་གནས་སུ་རྩེ་གཅིག་སྒྲུབ་པ་ལ། །འཚོ་སྐྱོང་ཡོན་གྱི་བདག་པོ་ཁྱོད་ཀྱིས་གྱིས། །ཞི་སོགས་ཕྲིན་ལས་རྣམ་བཞིའི་རོལ་གར་གྱིས། །དོན་གཉིས་དཔལ་ཀུན་ལྷུན་གྱིས་འགྲུབ་པར་མཛོད། །རྒྱལ་བསྟན་སྤྱི་དང་སྙིང་པོ་སྒྲུབ་བརྒྱུད་བརྒྱད། །ཚུལ་བཞིན་འཛིན་པའི་མཁས་དང་གྲུབ་པའི་ཚོགས། །མ་ལུས་དབང་བསྡུས་བཤད་དང་སྒྲུབ་པའི་སྡེས། །ཕྱོགས་འདིར་འཕུར་འགྲོའི་ཞིང་བཞིན་འབྱོར་བར་མཛོད། །རྒྱལ་བསྟན་འདེགས་པའི་རྒྱལ་བློན་ཁྱིམ་བདག་སོགས། །ཡ་རབས་སྐྱེ་བོའི་ཚོགས་རྣམས་དབང་བསྡུས་ལ། །བསྟན་ལ་ཞབས་ཏོག་སྲི་ཞུ་མི་ཉམས་ཞིང་། །དགེ་ལེགས་དཔལ་གྱིས་ས་གསུམ་འབྱོར་པར་མཛོད། །རབ་དཀར་ཚོགས་གཉིས་དཔལ་གྱིས་མཐོ་བ་ཡི། །ལྷ་ཀླུ་གཞི་བདག་དཀར་ཕྱོགས་སྐྱོང་བའི་ཚོགས། །མ་ལུས་དབང་བསྡུས་མི་མཐུན་རྒུད་ཀུན་ཞི། །བསྟན་པའི་དབུ་རྨོག་དགུང་ལ་རེག་པར་མཛོད། །མདོར་ན་རྣལ་འབྱོར་ཡིད་ལ་བརྣག་པའི་དོན། །ཇི་སྙེད་མཆིས་ཀུན་ཐོགས་མེད་འགྲུབ་པ་དང་། །ས་གསུམ་དགེ་ལེགས་ཆེན་པོས་ཁྱབ་པ་ཡི། །བཀྲ་ཤིས་སྐྱེ་ལྔའི་སྒྲ་ཡིས་ཁྱབ་གྱུར་ཅིག །ཅེས་པའང་བཟང་ལུང་པདྨ་ལྷ་རྩེ་རང་བྱུང་དབང་ཕྱུག་ཆེན་པོའི་རྟེན་གྱི་མདུན་ཉི་མ་མེ་བཞིའི་འགྲུབ་སྦྱོར་ལ་གང་ཤར་ཕྲིན་ལས་སུ་བཅོལ་བ་དགེ །པདྨ་ཆགས་པའི་རྡོ་རྗེས་སོ། །

སྲུང་མའི་འཁོན་སྦྱོང་ཟ་ངུ་མདོར་བསྡུས་བྱ་བ།

༄༅། །སྲུང་མའི་འཁོན་སྦྱོང་ཟ་ངུ་མདོར་བསྡུས་བྱ་བར་སྤྲོ་ན། རྒྱུན་གསོལ་གྱི་འཇུག་གམ། སྒེར་དུ་བྱས་ན་དམར་གཏོར་ཤ་ཁྲག་གིས་བརྒྱན་པ་ལ་དམིགས་བྱ་དགུག་བསྟིམ་བྱ། ཁྲག་ཆང་གིས་བྲན་ལ། ཧཱུྃ། ཡེ་ཤེས་དབྱིངས་ལས་འབར་བའི་སྐུར་བཞེངས་པ། །བདུད་སྡེ་ཚར་གཅོད་ཉམས་པ་སྒྲོལ་བའི་གཤེད། །ལེགས་ཉེས་སྟངས་འཛིན་སྒྲུབ་མཆོག་སྐྱོང་བའི་གཉན། །དཔལ་མགོན་ཕོ་རྒྱུད་སྔགས་སྲུང་མོ་རྒྱུད་དང་། །མ་ནིང་གཉིས་མེད་རྒྱུད་གསུམ་དམ་ཅན་ཚོགས། །སྤྲུལ་པ་ཡང་སྤྲུལ་བཀའ་ཉན་སྡེ་དང་བཅས། །ལས་དང་དངོས་གྲུབ་ཐོགས་མེད་སྒྲུབ་མཛད་པའི། །སྣང་སྲིད་དྲེགས་པའི་དམག་ཚོགས་འཁོར་བཅས་ཀྱིས། །གནོད་བྱེད་དགྲ་བགེགས་བསྒྲལ་པའི་ཤ་ཁྲག་རུས། །ཟག་མེད་འདོད་ཡོན་མཆོད་གཏོར་འདི་བཞེས་ཏེ། །བདག་ཅག་རྣལ་འབྱོར་འཁོར་དང་བཅས་རྣམས་ལ། །དགྱེས་པའི་ལྷ་ཞལ་ཟླ་ལྟར་དཀར་བར་མཛོད། །རྩ་བ་ཡན་ལག་དམ་ཚིག་ཆག་ཉམས་སོགས། །མི་ཤེས་སྒྲིབ་པའི་ཉེས་ལྟུང་ཅི་མཆིས་པ། །མཐོལ་ཞིང་བཤགས་སོ་བྱང་ཞིང་དག་གྱུར་ནས། །ལྷ་སྲིན་འཁྲུགས་པའི་གཡོ་འཕྲུལ་དགྲ་ལ་བཟློག །ཁྱད་པར་སྨོན་འཇུག་བྱང་ཆུབ་སེམས་བསྐྱེད་ནས། །གདུལ་དཀའ་ཡལ་བར་མི་འདོར་ཐབས་མཁས་ཀྱིས། །རྗེས་སུ་འཛིན་འདི་འཕགས་པའི་རང་གཤིས་ཕྱིར། །དམ་ཅན་རྒྱ་མཚོས་རུ་ང་ཕྲག་དོག་སྤོངས། །ཁྱེད་རྣམས་སྒྲིབ་མེད་ཡེ་ཤེས་སྤྱན་ལྡན་ཕྱིར། །བསྟན་ལ་འཚེ་དང་ཡོངས་ལ་གནོད་བྱེད་སོགས། །བསྒྲལ་བའི་ཞིང་གྱུར་ཟ་ཁ་ཟུག་རྣམས་ཀྱི། །མཆོད་རྗེས་མ་འབྲངས་སླར་ལ་ཟ་ངུ་གྱིས། །གྲུབ་པའི་རིག་འཛིན་བརྒྱུད་པའི་སྤྱན་སྔ་རུ། །ཇི་ལྟར་ཞལ་བཞེས་དམ་བཅས་དྲན་མཛོད་ལ། །ཞི་རྒྱས་དབང་དྲག་གང་གིས་འདུལ་འོས་པ། །དེ་དང་དེ་ཡི་ཕྲིན་ལས་མ་གཡེལ་ཅིག །རྒྱལ་བའི་བསྟན་སྲུང་དཀོན་མཆོག་དབུ་འཕང་བསྟོད། །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་མཛད་ཕྲིན་སྤེལ། །སྙན་པའི་དར་ཕྱོར་གྲགས་པའི་དུང་བུས་ལ། །ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་མཛོད། །དམ་ཚིག་ལྡན་པའི་རྣལ་འབྱོར་བདག་ཅག་ལ། །ལུས་དང་གྲིབ་མ་བཞིན་དུ་མི་འབྲལ་འགྲོགས། །བར་ཆོད་ཀུན་སོལ་བསམ་དོན་ཡིད་བཞིན་སྒྲུབས། །བཀྲ་ཤིས་བདེ་ལེགས་ཆེན་པོས་ཁྱབ་པར་མཛོད། །ཅེས་བརྗོད། མཆོད་གཏོར་དགྲ་ཕྱོགས་སུ་ཕུལ་ལ་གནོད་བྱེད་ལྷག་མེད་དུ་གསོལ་བར་མོས། རྗེས་སྤྱི་ལྟར་བྱའོ། །ཞེས་པའང་མཆོག་སྤྲུལ་དམ་པའི་བཞེད་སྐོང་དུ། རྡོ་རྗེ་ཐུགས་མཆོག་རྩལ་གྱིས་བྲིས་བ་དགེ །༈ ཧཱུྃ། བརྒྱུད་གསུམ་རིག་འཛིན་བླ་མའི་སྤྱན་སྔ་རུ། །རང་རྟགས་སྲོག་སྙིང་ཕུལ་ཞིང་བྲོོ་བོར་བའི། །ཡེ་ཤེས་ལས་དང་འཇིག་རྟེན་ཚུལ་འཛིན་པ། །བསྟན་སྲུང་གཉན་པོ་སྤྱི་དང་ཁྱད་པར་དུ། །གྲུབ་པའི་སློབ་དཔོན་མཚོ་སྐྱེས་རྡོ་རྗེ་ཡིས། །འཇིག་རྟེན་མཆོད་བསྟོད་དཀྱིལ་འཁོར་ཆེན་པོ་རུ། །དབང་བསྐུར་དམ་ལ་བཞག་པའི་མཐུ་རྩལ་ཅན། །སྣང་སྲིད་སྡེ་བརྒྱད་དྲེགས་པའི་དམག་ཚོགས་ཀྱིས། །དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ཤིག །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ལ། །བསམ་ངན་སྤྱོར་རྩུབ་ཤོམ་པའི་འབྱུང་པོའི་རིགས། །གནོད་བྱེད་དགྲ་ཇག་ཆོམ་རྐུན་བྱད་མའི་ཚོགས། །མིང་གི་ལྷག་མར་བཞེས་ཤིག་མཐུ་ལྡན་རྣམས། །བསམ་པ་ངན་པའི་སྙིང་ལ་མཱ་ར་ཡ། །སྦྱོར་བ་རྩུབ་མོའི་འདུན་གྲོས་རྗེས་མེད་ཐོངས། །བྱད་མ་གདུག་པའི་རིགས་སྔགས་རང་གཤེད་ཕོབ། །བསྟན་སེལ་འཇུག་པའི་དམ་ཉམས་སྙིང་ཁྲག་རོལ། །སྨོན་ལོག་དམ་སྲིའི་མངའ་ཐང་རྗེས་མེད་བསྡུས། །ཡོངས་ལ་གནོད་པའི་མཐའ་དམག་དུས་འཁྲུགས་བཟློག །ནད་མཚོན་དུག་སྦྱོར་འབྱུང་བཞིའི་བྱད་གཏད་དང་། །རྨི་ལམ་ལྟས་ངན་མི་ཁ་སྨྲ་མཆུ་སོགས། །ཆག་ཆེན་ཉམས་ང་ཐམས་ཅད་དགྲ་ལ་བསྒྱུར། །བཟློག་བསྒྱུར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །རྣལ་འབྱོར་བདག་ཅག་དཔོན་སློབ་འཁོར་བཅས་རྣམས། །ཁྱོད་ལ་གཏད་དོ་དུས་དྲུག་མེལ་ཚེས་སྐྱོངས། །མཐུ་རྩལ་མ་ཆུང་སྡང་བྱེད་ཆོམ་ལ་ཕོབ། །ཕྱོགས་ལས་རྣམ་རྒྱལ་སྙན་གྲགས་ཀླུང་རྟ་སྤེལ། །ཆོས་མཐུན་བསམ་ཀུན་འགྲུབ་པའི་ཕྲིན་ལས་མཛོད། །ཅེས་པའང་སྔགས་ནག་ཞེ་སྡང་རྡོ་རྗེས་སོ། །

རྒྱུན་གྱི་གསུར་མཆོད་འདོད་ཡོན་སྤྲིན་ཕུང་།

༄༅། །རྒྱུན་གྱི་གསུར་མཆོད་འདོད་ཡོན་སྤྲིན་ཕུང་བཞུགས། ཕྱེ་མར་འབྲུ་སྨན་དང་མྱོང་གྲོལ་རིགས་མེ་ལ་བསྲེག་ཅིང་ཆབ་ཀྱིས་བྲན་ལ། འབྲུ་གསུམ་དང་ནམ་མཁའ་མཛོད་རྒྱས་བྱིན་གྱིས་བརླབས་ལ། སྟོང་ཉིད་སྙིང་རྗེ་ཟུང་འབྲེལ་རིག་པའི་གཤིས། །འཇིག་རྟེན་དབང་ཕྱུག་འཕགས་པའི་སྐུར་གསལ་བའི། །ཕྱག་ནས་བབས་པའི་གསུར་མཆོད་བདུད་རྩིའི་ཆར། །འདོད་ཡོན་ཟག་མེད་ནམ་མཁའ་མཛོད་ཆེན་པོས། །བླ་མ་ཡི་དམ་དཔའ་བོ་ཌཱ་ཀི་སོགས། །དཀོན་མཆོག་སྲི་ཞུས་མགྲོན་གྱུར་མ་ལུས་ལ། །གུས་པས་མཆོད་དོ་བདག་དང་སེམས་ཅན་རྣམས། །ཚོགས་གཉིས་དཔལ་གྱིས་རྟག་ཏུ་འཚོ་བར་ཤོག །གཙང་རིས་དཔལ་མགོན་དམ་ཅན་ཆོས་སྐྱོངས་སོགས། །མགོན་པོ་ཡོན་ཏན་མགྲོན་གྱུར་མ་ལུས་ལ། །འབུལ་ལོ་བྱང་ཆུབ་སྒྲུབ་པའི་བར་ཆད་ཞི། །མཐུན་རྐྱེན་བསམ་པ་ཡིད་བཞིན་འགྲུབ་པར་ཤོག །ཐོག་མེད་དུས་ནས་དྲིན་གྱིས་ལེགས་སྐྱོང་བའི། །མཁའ་ཁྱབ་ཕ་མ་སྙིང་རྗེའི་མགྲོན་རྣམས་ལ། །སྦྱིན་ནོ་འཁྲུལ་སྣང་སྡུག་བསྔལ་ཀུན་ཞི་ནས། །གནས་སྐབས་མཐར་ཐུག་ཕན་བདེས་འཚོ་བར་ཤོག །སྲོག་ལུས་ལན་ཆགས་ཤ་འཁོན་གཉེར་བ་ཡི། །བགེགས་རིགས་ལན་ཆགས་མགྲོན་གྱུར་མ་ལུས་ལ། །བསྔོའོ་བྱམས་དང་སྙིང་རྗེས་རྒྱུད་གྲོལ་ནས། །གནོད་སེམས་གདུག་རྩུབ་མ་ལུས་ཞི་གྱུར་ཅིག །ཁྱད་པར་བར་དོའི་འགྲོ་བ་མགོན་མེད་པ། །སྣ་ཚོགས་ལས་ཀྱི་རྣམ་པར་འཁྱམས་རྣམས་ལ། །བསྔོའོ་འཇིགས་སྐྲག་འཁྲུལ་སྣང་ཀུན་ཞི་ནས། །རང་སྣང་དག་པའི་འོད་གསལ་འཆར་གྱུར་ཅིག །ཤ་ཁྲག་ཟས་ལ་རྔམས་པའི་འབྱུང་པོའི་རིགས། །ནད་གཏོང་བར་ཆད་རྩོམ་པའི་ཚོགས་རྣམས་ལ། །བསྔོའོ་ཚིམ་ཞིང་གནོད་པའི་སེམས་དང་བྲལ། །རང་གཞན་དུས་མིན་འཆི་ལས་རྒྱལ་གྱུར་ཅིག །བརྐམ་ཆགས་གདུང་བས་ཤིན་ཏུ་ཉམ་ཐག་བའི། །འཇུར་འགེག་ཡི་དྭགས་བཀྲེན་པའི་ཚོགས་རྣམས་ལ། །བསྔོའོ་སེར་སྣའི་སྒྲིབ་པ་ཀུན་བྱང་ནས། །སྦྱིན་པའི་ཕར་ཕྱིན་ཡོངས་སུ་རྫོགས་པར་ཤོག །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །རྒྱུ་ལ་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་བྱེད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཐམས་ཅད་ནམ་མཁའ་མཛོད་བཞིན་དུ། །ལོངས་སྤྱོད་ཆད་པ་མེད་པ་དང་། །རྩོད་པ་མེད་ཅིང་འཚེ་མེད་པར། །རང་དབང་དུ་ནི་སྤྱོད་པར་ཤོག །སྦྱིན་པ་རྒྱ་ཆེན་སོགས། ཇི་ལྟར་རིགས་པའི་བསྔོ་སྨོན་གྱིས་མཐར་བརྒྱན་པར་བྱའོ། །ཅེས་པའང་བཟང་ལུང་པདྨ་ལྷ་རྩེར་གཞན་ཕན་ཆོས་ཀྱི་བློ་གྲོས་ཀྱིས་བྲིས་པ་དགེ །

སྤྱོད་ཡུལ་ལམ་ཁྱེར་གྱི་རྒྱུན་གྱི་ཉམས་ལེན་ཁྱེར་བདེ་སྙིང་པོར་དྲིལ་བ་བྱང་ཆུབ་གཞུང་ལམ།

༄༅། །སྤྱོད་ཡུལ་ལམ་ཁྱེར་གྱི་རྒྱུན་གྱི་ཉམས་ལེན་ཁྱེར་བདེ་སྙིང་པོར་དྲིལ་བ་བྱང་ཆུབ་གཞུང་ལམ་བཞུགས་སོ། །ན་མོ་གུ་རུ་པྲ་ཛྙཱ་པ་ར་མི་ཏཱ་ཡ། འདིར་མདོ་སྔགས་ཐམས་ཅད་ཀྱི་ལམ་ཁྱེར་སྙིང་པོ་མ་གཅིག་ཡེ་ཤེས་མཁའ་འགྲོའི་གསང་ཚིག་ཟབ་མོ་གཅོད་ཀྱི་གདམས་པ་ཉམས་སུ་ལེན་པ་ལ། སྦྱོར་དངོས་རྗེས་གསུམ་གྱི། ཐོག་མར་ཀུན་སློང་གི་བློ་བཅོས་པ་ནི། ཀྱེ་མ་དལ་འབྱོར་རིན་ཆེན་རྙེད་པར་དཀའ། །མི་རྟག་འཆི་བ་ནམ་འབྱུང་ཆ་མ་མཆིས། །དཀར་ནག་ལས་འབྲས་མི་བསླུ་ཕྱི་བཞིན་འབྲང་། །མཐའ་མེད་འཁོར་བའི་སྡུག་བསྔལ་བཟོད་པར་དཀའ། །དེར་སྐྱེས་འགྲོ་རྣམས་ཕ་མའི་རང་བཞིན་ལ། །ད་ལྟ་གཉིས་འཛིན་འཁྲུལ་བའི་གདོན་གྱིས་ཟིན། །དགྲ་གཉེན་ཕྱོགས་རིས་འཛིན་པ་མཚང་རེ་ཆེ། །འགྲོ་སྒྲོལ་སླད་དུ་སྤྱོད་ཡུལ་ལམ་ཁྱེར་བསྒོམ། །ཞེས་ངག་ཏུ་བརྗོད་ལ་དོན་ཡིད་ལ་ངེས་པར་བྱ། དེ་ནས་སྐྱབས་ཡུལ་གསལ་གདབ་པ་ནི། ཕཊ། མདུན་གྱི་ནམ་མཁར་སེང་ཁྲི་པད་ཟླའི་སྟེང་། །རྩ་བའི་བླ་མ་ཆོས་སྐུ་ཡུམ་ཆེན་མོ། །སྐྱབས་ཡུལ་དཀོན་མཆོག་རྒྱ་མཚོའི་འཁོར་གྱིས་བསྐོར། །གདུལ་བྱའི་ཡུལ་ལ་དགྱེས་བཞིན་བཞུགས་པར་གྱུར། །ཞེས་མོས་ལ་སྐྱབས་སེམས་བྱ་བ་ནི། ཕཊ། བདག་སོགས་འགྲོ་ཀུན་དེང་ནས་བྱང་ཆུབ་བར། །སྐྱབས་འོས་རྣམས་ལ་གུས་པས་སྐྱབས་སུ་མཆི། །མཁའ་མཉམ་འགྲོ་ཀུན་སྲིད་མཚོ་ལས་སྒྲོལ་ཕྱིར། །སྨོན་འཇུག་དོན་དམ་བྱང་ཆུབ་སེམས་མཆོག་བསྐྱེད། །ཞེས་ལན་གསུམ་སོགས་རྒྱུད་ལ་འདྲེས་ངེས་བྱ། ཀུན་རྫོབ་བྱང་སེམས་ཀྱི་ལམ་ཁྱེར་གཙོ་བོ་བློ་སྦྱོང་གི་དམིགས་པ་ནི། ཕཊ། བདག་གི་བདེ་དགེ་འགྲོ་བ་ཡོངས་ལ་སྨོན། །དེ་དག་སྡིག་སྡུག་བདག་ལ་མྱུར་སྨིན་ནས། །སེམས་ཅན་བདེ་ལྡན་སྡུག་བསྔལ་རྒྱུར་བཅས་བྲལ། །བདེ་ལས་མི་ཉམས་བཏང་སྙོམས་ཆེར་གནས་ཤོག །ཅེས་ཡང་ནས་ཡང་དུ་མྱོང་བ་ཐོན་ཐོན་དུ་བསྒོམ། དེས་ཐེག་པ་ཆེན་པོའི་ལམ་དུ་ཚུད། ཉོན་མོངས་པ་ཞེ་སྡང་གི་གཉེན་པོ་བྱེད། གདོན་ཕོ་རིགས་ཐུལ། ནད་རླུང་ནད་དང་ཟུག་གཟེར་རིགས་ཞི་བར་འགྱུར་རོ། །དེ་ནས་ཚོགས་ཞིང་གསལ་གདབ་པ་ནི། ཕཊ། མདུན་མཁར་གཞལ་མེད་པདྨ་ཉི་ཟླའི་སྟེང་། །རྒྱལ་ཀུན་བསྐྱེད་ཡུམ་ཨ་མ་ལབ་ཀྱི་སྒྲོན། །དཀར་གསལ་ཞལ་གཅིག་ཕྱག་གཉིས་ཌཱ་དྲིལ་འཁྲོལ། །སྤྱན་གསུམ་མཁར་གཟིགས་བརྐྱང་བསྐུམ་གར་གྱིས་རོལ། །སྙན་གོང་གཡས་གཡོན་དམ་པ་རྒྱ་གར་དང་། །ཕག་མོ་ལྷ་ལྔ་དབུ་སྟེང་ཤཱཀྱ་ཐུབ། །དེའི་དབུར་རྣམ་སྣང་སྒྲོལ་མ་གངས་ཅན་མཚོ། །དཀོན་མཆོག་རྩ་གསུམ་གྲུབ་ཐོབ་རྒྱ་མཚོས་བསྐོར། །གདན་འོག་གཙང་རིས་དཔལ་མགོན་བདུན་ཅུ་སོགས། །མགོན་པོ་ཡོན་ཏན་དེ་འོག་སྙིང་རྗེའི་མགྲོན། །བགེགས་རིགས་ལན་ཆགས་མགྲོན་བཅས་གུས་པས་འདུད། །ལྷ་ཚོགས་སྐུ་ཡི་གནས་གསུམ་འབྲུ་གསུམ་མཚན། །འོད་འཕྲོས་ཡེ་ཤེས་སྤྱན་དྲངས་གཉིས་མེད་གྱུར། །ཞེས་སྨོོས་ལ། ཡན་ལག་བདུན་པ་འབུལ་བ་ནི། ཕཊ། བདག་སོགས་འགྲོ་ཀུན་གུས་པས་ཕྱག་འཚལ་ཞིང་། །མཆོད་ཚོགས་ཀུན་འབུལ་སྡིག་ལྟུང་འགྱོར་པས་བཤགས། །དགེ་ལ་ཡི་རང་བསྐུལ་ཞིང་གསོལ་བ་འདེབས། །དགེ་བས་ཡུམ་ཆེན་གོ་འཕང་མྱུར་ཐོབ་ཤོག །དེ་ནས་སྒྲིབ་སྦྱང་ཡེ་ཤེས་ཆུ་རྒྱུན་གྱི་དམིགས་རིམ་ནི། ཕཊ། མ་གཅིག་ཐུགས་སྲོག་ཧཱུྃ་མཐར་སྔགས་ཕྲེང་འཁོར། །འོད་འཕྲོས་བྱིན་བསྡུས་བདུད་རྩིའི་ཆུ་རྒྱུན་བབས། །ཞབས་གཡོན་མཐེ་བོང་ལས་རྡོལ་བདག་གཞན་གྱི། །སྡིག་སྒྲིབ་ཉེས་ལྟུང་ནད་གདོན་ཀུན་སྦྱངས་གྱུར། །ཞེས་མོས་ལ། གལ་ཏེ་བཟླ་ཞིང་དམིགས་བསལ་ཞི་དྲག་གི་དམིགས་པ་གང་འོས་སྐབས་དང་སྦྱར། དེ་ནས་ཚོགས་བསགས་པ་ནི། ཕཊ། བདག་ལུས་མཎྜལ་དུས་གསུམ་དགེ་ཚོགས་དང་། །སྣང་གྲགས་རྟོག་གསུམ་སྐུ་གསུང་ཐུགས་ཀྱི་ངང་། །བདེ་སྡུག་བཀྲ་ཤིས་རྟགས་ཀྱི་ཕྱག་རྒྱ་རུ། །འབུལ་ལོ་བདག་གཞན་ཚོགས་གཉིས་ཡོངས་རྫོགས་ཤོག །ཅེས་གཞུང་གི་དམིགས་པ་ཁྱད་པར་པ་དང་སྦྲགས་ལ་འབུལ། དེ་ནས་གསོལ་བ་གདབ་པ་ནི། ཕཊ། སྐྱབས་གནས་ཀུན་འདུས་ཡུམ་ཆེན་ལབ་ཀྱི་སྒྲོན། །གྲུབ་ཐོབ་གཅོད་ཡུལ་བརྒྱུད་པའི་བླ་མ་ལ། །གསོལ་བ་འདེབས་སོ་དགོངས་པས་བྱིན་གྱིས་རློབས། །འཁྲུལ་རྟོག་དབྱིངས་སུ་ཆོད་པར་བྱིན་གྱིས་རློབས། །ཞེས་དྲག་ཏུ་གསོལ་བ་བཏབ། དབང་ལེན་པ་ནི། ཕཊ། མ་གཅིག་གཙོ་མོའི་སྐུ་ཡི་གནས་གསུམ་དུ། །ༀ་དཀར་ཨཱཿདམར་ཧཱུྃ་མཐིང་མཚན་པ་ལས། །འོད་ཟེར་རབ་འཕྲོས་བདག་གཞན་གནས་གསུམ་ཐིམ། །སྒོ་གསུམ་རྡོ་རྗེ་གསུམ་དང་དབྱེར་མེད་གྱུར། །ཞེས་མོས་ལ་མཉམ་པར་བཞག་སྟེ་དེ་དག་ནི་སྔོན་དུ་འགྲོ་བའི་ཆོས་སོ། །གཉིས་པ་དངོས་གཞི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དོན་དམ་སེམས་བསྐྱེད་དངོས་ཀྱི་ལམ་ཁྱེར་ལ། ཐོག་མར་དབྱིངས་རིག་བསྲེ་བ་ནི། ཕཊ། རྐང་མཐིལ་རླུང་སེམས་དྭངས་མའི་ཐིག་ལེ་ཟུང་། །གསང་གནས་ནས་འདྲེས་དྷཱུ་ཏིའི་ལམ་བརྒྱུད་པས། །བདག་གཞན་རིགས་དྲུག་སྐྱེ་བའི་བག་ཆགས་སྦྱངས། །སྤྱི་བོ་ནས་ཐོན་ཡུམ་མཁར་དབྱེར་མེད་འདྲེས། །ཕཊ། ཅེས་ནམ་མཁའ་སྒོ་འབྱེད་ཀྱི་དམིགས་པ་རྒྱས་འབྲིང་བསྡུས་གསུམ་རྟེན་ཅན་རྟེན་མེད་གང་རུང་ལ་བརྟེན་ནས་ངོ་བོ་བསྲེ་བྱ་སྲེ་བྱེད་དང་བྲལ་བའི་ཆོས་ཉིད་མཉམ་པ་ཆེན་པོའི་ཀློང་དུ་བཞགདེ་ནས་ཡུམ་དོན་དགོངས་པའི་གསལ་འདེབས་ནི། ཕཊ། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་གྱི་དགོངས་པའོ། །ཞེས་རྡོ་རྗེའི་ཚིག་གིས་གསལ་བཏབ་སྟེ། རང་སེམས་གསལ་སྟོང་འཛིན་མེད་སྨྲ་བསམ་བརྗོད་བྲལ་ནམ་མཁའ་ལྟ་བུའི་གཤིས་ལུགས་སུ། ལྷ་དང་འདྲེ། བདག་དང་གཞན། འཁོར་བ་དང་མྱང་འདས་སོགས་གཉིས་ཆོས་ཀྱི་མཚན་མ་རྡུལ་ཙམ་ཡང་མ་གྲུབ་ཅིང་། ངོ་བོ་སྐྱེ་འགག་གནས་གསུམ་དང་བྲལ་བའི་ཡེ་ཤེས་ཟུང་འཇུག་སྤྲོས་བྲལ་ཆེན་པོ་ཉིད། སོ་སོ་རང་རིག་པའི་ཚུལ་གྱིས་མཐོང་བྱ་མཐོང་བྱེད་དང་བྲལ་བར་ལེགས་པར་རྟོགས་པ་ནི་ཡུམ་ཆེན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྟེ། དེའི་ངང་ལ་བློ་བྲལ་འཛིན་མེད་དུ་མཉམ་པར་འཇོག་པ་ནི་དངོས་གཞིའི་ཉམས་ལེན་ནོ། །དེའི་ངང་ནས་བདུད་བཞི་དབྱིངས་སུ་གཅོད་པ་ནི། ཕཊ། ཚོགས་དྲུག་ཡུལ་གྱིས་བསླུ་བ་ཐོགས་བཅས་བདུད། །ཡུལ་མེད་སེམས་ཀྱི་རེ་དོགས་ཐོགས་མེད་བདུད། །བཟང་ཞེན་རློམ་པས་འཆིང་བ་དགའ་བྲོད་བདུད། །ཀུན་རྩ་བདག་འཛིན་རྣམ་རྟོག་སྙེམས་བྱེད་བདུད། །བདུད་བཞི་སྐྱེ་མེད་ཡུམ་ཆེན་ཀློང་དུ་བཅད། །ཕཊ། ཅེས་གང་ཤར་གྱི་ངོ་བོ་ལ་བལྟས་ནས་སྐྱེ་མེད་ཀྱི་དབྱིངས་སུ་གཅོད་པར་བྱེད་པ་སྟེ། མ་ཅིག་གིས། ཐོགས་བཅས་ཡུལ་གྱི་འཁྲི་བ་བཅད། །ཐོགས་མེད་ཡིད་ཀྱི་འཁྲི་བ་བཅད། །དགའ་བྲོད་ཞེན་པའི་འཁྲི་བ་བཅད། །སྙེམས་བྱེད་བདག་གི་འཁྲི་བ་བཅད། །ཅེས་གསུངས། དེ་ཡང་གཟུགས་སོགས་ལ་བརྟེན་ན་ས་ཆགས་སྡང་ལམ་དུ་ཤར་བ་དེ་སློང་ཡིན། དེའི་དབང་དུ་སོང་ན་ཐོགས་བཅས་ཀྱི་བདུད་ཀྱིས་ཟིན། དེ་ལ་འཛིན་མེད་དུ་ཕཊ་ཅེས་བརྗོད་ནས་ཡུམ་གྱི་ངང་དུ་འཇོག་པ་ནི་གཅོད། དེ་རང་སར་རང་ངོ་ཤེས་ཏེ་གསལ་སྟོང་བློ་བྲལ་དུ་རྗེན་པར་ཤར་བ་ནི་ཆོད་ཚད་དང་ཚར་ཚད་དོ། །དེས་གཞན་རྣམས་ལའང་འགྲེའོ། །གསུམ་པ་རྗེས་ཐོབ་ཏུ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་བོགས་འདོན་ཕུང་པོ་མཆོད་སྦྱིན་བྱ་བ་ལས། དཀར་འགྱེད་མགྲོན་བཞི་མ་ནི། ཕཊ། རང་སེམས་དབྱིངས་ཐོན་རྡོ་རྗེ་རྣལ་འབྱོར་མས། །རང་ལུས་ཐོད་པ་རང་བྱུང་སྒྱེེད་པུར་བཙུགས། །ཤ་ཁྲག་དྲོད་དབུགས་དྭངས་མའི་བདུད་རྩིར་སྦར། །ཟག་མེད་འདོད་ཡོན་ལོངས་སྤྱོད་མཁའ་ཁྱབ་སྤེལ། །ཞེས་མོས་ལ། །ༀ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿཞེས་བརྗོད། མགྲོན་འགུགས་པ་ནི། ཕཊ། དཀོན་མཆོག་སྲི་ཞུ་མགོན་པོ་ཡོན་ཏན་མགྲོན། །རིགས་དྲུག་ཕ་མ་ལན་ཆགས་བགེགས་རིགས་སོགས། །མཆོད་སྦྱིན་མགྲོན་དུ་འོས་པ་གང་མཆིས་པ། །ཐོགས་པ་མེད་པར་སྤྲིན་བཞིན་གཏིབས་པར་གྱུར། །ཞེས་མོས་ལ། ཕཊ། དོན་གཉིས་མཐར་ཕྱིན་བྱིན་རླབས་དངོས་གྲུབ་གཏེར། །དཀོན་མཆོག་རྩ་གསུམ་མཆོད་འོས་རྒྱ་མཚོ་ལ། །བདག་ལུས་ཟག་མེད་བདུད་རྩིའི་མཆོད་པ་འབུལ། །བདག་དང་འགྲོ་ཀུན་ཚོགས་གཉིས་མྱུར་རྫོགས་ཤོག །ཕཊ། ཡེ་ཤེས་ལས་གྲུབ་མངོན་ཤེས་རྫུ་འཕྲུལ་ལྡན། །ལེགས་ཉེས་སྟངས་འཛིན་རྒྱུད་གསུམ་སྲུང་མ་དང་། །གཙང་རིས་དཔལ་མགོན་དཀར་ཕྱོགས་སྐྱོང་རྣམས་ལ། །འབུལ་ལོ་བྱང་ཆུབ་ལམ་གྱི་བར་ཆད་སོལ། །ཕཊ། སྙིང་རྗེའི་ཡུལ་གྱུར་ཐོག་མེད་དྲིན་ལྡན་མ། །སྐྱེ་བཞི་བརྒྱུད་ལྔས་བསྡུས་པའི་མགྲོན་ཚོགས་ལ། །སྦྱིན་ནོ་སྡུག་བསྔལ་གསུམ་གྱི་འཁྲུལ་སྣང་ཞི། །བདེ་དགའ་རྒྱ་མཚོས་རྟག་ཏུ་འཚོ་གྱུར་ཅིག །ཕཊ། ཁྱད་པར་ཐོག་མ་མེད་ནས་ད་ལྟའི་བར། ལན་ཆགས་ཤ་འཁོན་གཉེར་བའི་གདོན་ཚོགས་ལ། །བསྔོའོ་གནོད་སེམས་གདུག་རྩུབ་ཀུན་ཞི་ནས། །བྱམས་དང་སྙིང་རྗེས་ཤེས་རྒྱུད་གྲོལ་བར་ཤོག །ཅེས་བརྗོད་ཅིང་། སྤྲུལ་པའི་ཌཱ་ཀི་མ་རྣམས་ཀྱིས་བདུད་རྩི་ཐོད་ཞལ་གྱིས་བཅུས་ཏེ་མགྲོན་རྣམས་ལ་འགྱེད་པར་མོས་པ་ནི་རྩ་བའི་དམིགས་པ་སྟེ། གཞན་བདུད་རྩི་བུམ་འགྱེད་མ་སོགས་གང་མོས་བྱ། ཁྲ་འགྱེད་དུ་བྱེད་ན་ངོ་བོ་རང་ལུས་ཟག་མེད་བདུད་རྩི་ལ། རྣམ་པ་ཉེར་སྤྱོད་འདོད་ཡོན་བཀྲ་ཤིས་རྫས་རྟགས་གནས་མལ་ལོངས་སྤྱོད་སོགས་གང་ལ་གང་འཚམ་ཅི་འདོད་དུ་སྤྲུལ་ནས་མགྲོན་རྣམས་དགྱེས་པ་བསྐྱེད་པ་སྟེ་འདོན་ཚིག་གོང་གིས་འཐུས་སོ། །དགོང་མོ་ལྟ་བུར་དམར་འགྱེད་བྱེད་ན། ནམ་མཁའ་སྒོ་འབྱེད་བྱས་ནས། ཕཊ། བདག་ལུས་པགས་པ་སྟོང་གསུམ་མཉམ་པའི་སྟེང་། །ཤ་རུས་ལྷུན་པོ་ཁྲག་ཆུ་མཚོ་ལྟར་བསྐྱིལ། །དོན་སྙིང་ནང་ཁྲོལ་ཀླད་ཞག་ལྦུ་འཕྲེང་འཁྲིགས། །མྱོང་གྲོལ་འཛད་མེད་ནམ་མཁའ་མཛོད་དུ་སྤེལ། །ༀ་ཨཱཿ་ཧཱུྃ་ཞེས་མོས་ལ། ཕཊ། མཆོད་སྦྱིན་མགྲོན་འོས་སྤྱིི་དང་ཁྱད་པར་དུ། །ཤ་ཁྲག་ཟས་ལ་རྔམས་པ་འབྱུང་པོའི་རིགས། །ལས་གདོན་ལུས་གདོན་གནས་གདོན་ལ་སོགས་པ། །ཚེ་རྐུ་སྲོག་འཕྲོག་དཔལ་ལ་འཚེ་བྱེད་རིགས། །གདོན་བགེགས་ལན་ཆགས་མགྲོན་གྱུར་ཡོངས་ལ་སྦྱིན། །ཁྱེད་རྣམས་སྔོན་ཆད་བདག་གི་ཕ་མ་སྟེ། །ད་ལྟ་དངོས་འཛིན་མ་རིག་གདོན་གྱིས་མྱོས། །གནོད་བྱ་གནོད་བྱེད་འཛིན་པ་སྙིང་རེ་རྗེ། །དེ་རིང་བུ་ཡི་ཤ་ཁྲག་རོལ་དུ་བྱོན། །བདག་ལུས་སྒྱུ་མའི་ལུས་འདི་ཅིས་ཀྱང་འདོར། །དེ་རིང་དོན་ཆེན་བྱང་ཆུབ་རྒྱུ་རུ་གཏོང་། །སྤྱིར་དུ་ཕ་མ་སེམས་ཅན་གླུད་དུ་བསྔོ། །སྒོས་སུ་ཆོས་མཛད་ཡོངས་ཀྱི་གླུད་དུ་གཏོང་། །ཡང་དགོས་རྩ་བའི་བླ་མའི་གླུད་དུ་འབུལ། །ཁྱད་པར་གནོད་བྱེད་ཡོངས་ལ་ཕན་ཕྱིར་སྦྱིན། །དོགས་པ་མེད་པའི་ཚུལ་གྱིས་ཅི་དགར་རོལ། །ཁྱེད་ཅག་རིངས་ན་རྗེན་པར་གྱུར་མིད་ཐོངས། །མི་རིངས་ལྷོད་ན་དུམ་བུར་ཚོས་ལ་ཟོ། །ཤ་ཟོ་ཁྲག་འཐུང་རུས་མུར་རྐང་ཀླད་གཞིབ། །རྡུལ་ཕྲན་ལྷག་མ་ཙམ་ཡང་མ་བཞག་ཅིག །ཁྱེད་ཅག་འགྲོ་བ་གཞན་ལ་འཚེ་བྱེད་ན། །རྣམ་སྨིན་རྩུབ་མོས་ལུས་སེམས་བརླག་པར་བྱེད། །དེ་བས་བདག་ལུས་ཤ་ཁྲག་ཕུང་པོ་འདི། །འཛད་མེད་སྔགས་དང་ཕྱག་རྒྱས་བྱིན་གྱིས་རླབས། །སྟོང་ཉིད་སྙིང་རྗེས་མྱོང་གྲོལ་རྫས་སུ་སྦར། །དྲི་ཚོར་ཙམ་གྱིས་ངན་འགྲོའི་སྐྱེ་སྒོ་ཁེགས། །ཁྱེད་ཅག་གཏན་གྱི་ལོངས་སྤྱོད་འདི་ལ་གྱིས། །སྔོན་ཡང་ཕ་མར་གྱུར་པས་སྐུ་དྲིན་ཆེ། །དེང་ཡང་སྒྲིབ་སྦྱོང་ཚོགས་གཉིས་སྤེལ་བའི་གྲོགས། །འོ་སྐོལ་བྱང་ཆུབ་བར་དུ་མི་འབྲལ་འགྲོགས། །བདུད་རྩིའི་བགོ་བཤའ་ཐོག་མར་ཁྱེད་ལ་འགྱེད། །དེ་བས་བག་ཕེབས་སྒྱུ་མའི་ལུས་འདི་རོལ། །བདག་འཛིན་རྩད་ནས་བརླག་པའི་གྲོགས་མཛོད་ཅིག །ཅེས་བརྗོད་ཅིང་འགྱེད་པ་ནི་རྩ་བའི་དམིགས་པ་སྟེ། གཞན་རོ་འགྱེད་ལ་སོགས་དམིགས་པ་གང་འོས་བྱ། དེ་ལྟར་དཀར་འགྱེད་དང་དམར་འགྱེད་འདི་གཉིས་རྩ་བ་ཡིན་ལ། གཞན་སྐབས་འགར་གདོན་ཚོགས་དགུ་མ་སོགས་ཀྱང་སྦྱར་བར་སྤྲོོ་ན་བྱའོ། །དེ་ནས་ལྷག་མ་ནི། ཕཊ། གློ་བུར་ལྷགས་དང་ལྷག་ལ་དབང་བའི་མགྲོན། །ཀུན་ལ་བདག་ལུས་ཟག་མེད་འདོད་ཡོན་འབུལ། །ཀུན་ཀྱང་མཉེས་ཚིམ་སྡུག་བསྔལ་གནོད་ཀུན་བྲལ། །མཐར་ཐུག་ཐར་པའི་ས་བོན་ཐེབས་པར་ཤོག །ཅེས་བརྗོད་ཅིང་བསྔོ། དེ་ལྟར་ལུས་སྦྱིན་བཏང་བས་གཙོ་བོར་ཉོན་མོངས་པ་འདོད་ཆགས་འཇོམས། ནད་ལྡང་དུབ་དང་ཁྲག་མཁྲིས་རིགས་ཞི། གདོན་མོ་རིགས་ཐུལ་བར་འགྱུར་རོ། །དེ་དག་གི་སྐབས་སུ་སྙེམས་རྟོག་བྱུང་ན་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱིས་དབྱིངས་སུ་བཅད་པ་ནི། ཕཊ། སྒྱུ་མའི་ལུས་ནི་ལྷ་འདྲེར་བྱིན་ཟིན་ཅིང་། །སེམས་ནི་ངོ་བོ་ཉིད་མེད་གནས་མེད་པས། །འདྲེ་བས་སངས་རྒྱས་ཀྱིས་ཀྱང་གཟིགས་པ་མེད། །དེ་བས་ཕན་གནོད་རྫུན་སྣང་དབྱིངས་སུ་ཡལ། །ཞེས་མོས་ལ་དཔའ་གདིང་བསྐྱེད། མཐར། ཕཊ། དེ་ལྟར་མཆོད་བྱ་མཆོད་བྱེད་མཆོད་ཡུལ་མགྲོན། །ཀུན་ཀྱང་བདེན་མེད་སྒྱུ་མའི་རོལ་པ་སྟེ། །འཁོར་གསུམ་རྟོག་བྲལ་མཉམ་ཉིད་བྱང་ཆུབ་སེམས། །བློ་བྲལ་རྗོགས་པ་ཆེན་པོའི་ཀློང་དུ་ཨཱཿ། །ཞེས་བརྗོད་ལ་འཁོར་གསུམ་བདེན་མེད་ཀྱི་ངང་ལ་མཉམ་པར་བཞགའདིས་ཉོན་མོངས་པ་གཏི་མུག་གི་གཉེན་པོ་བྱེད། ཀླུ་གདོན་དང་ནད་བྱིང་ཅན་བད་ཀན་རིགས་ཞི། མཐར་ཐུག་བླ་ན་མེད་པའི་མཆོད་སྦྱིན་ཚོགས་གཉིས་ཟུང་འབྲེལ་གྱི་འབྲས་བུ་མངོན་དུ་འབྱིན་པ་ཡིན་ནོ། །དེ་ལས་ལང་བ་ན། རང་ཉིད་སྐད་ཅིག་འཕགས་པ་སྦྱན་རས་གཟིགས། །སྐུ་ལས་བདུད་རྩིའི་རྒྱུན་བབ་མགྲོན་ཚོགས་མཉེས། །སྒྲིབ་དག་ཀུན་ཀྱང་འཕགས་པའི་སྐུར་གྱུར་ནས། །སྔགས་སྒྲ་སྒྲོགས་པས་འཁོར་བ་དོང་སྤྲུགས་གྱུར། །ཞེས་མོས་ལ་ཡིག་དྲུག་བཟླ། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །སོགས་ཆོས་སྦྱིན་ཅི་རིགས་བྱས་མཐར་ཐམས་ཅད་དགའ་ཞིང་མགུ་ནས་ཕན་བདེ་བྱང་ཆུབ་ཀྱི་སེམས་དང་ལྡན་པས་རང་གནས་སུ་གྱེས་པར་མོས། ཚོགས་ཞིང་རྣམས་མི་དམིགས་པར་འཇོག་པའམ། ཡང་ན། འཁོར་རྣམས་འོད་ཞུ་གཙོ་མོའི་སྐུ་ལ་ཐིམ། །གཙོ་མོ་མ་གཅིག་དགྱེས་བཞིན་སྤྱི་བོར་བྱོན། །ཚངས་བུག་ནས་ཞུགས་སྙིང་དབུས་པདྨོ་རུ། །འབྲལ་མེད་བྱང་ཆུབ་བར་དུ་བཞུགས་པར་གྱུར། །ཞེས་པདྨ་ཞི་ཟླུམ་དྲག་ཟླུམ་གང་རུང་གི་དམིགས་པ་སྒོམ་ཞིང་མཐར་མི་དམིགས་པའི་དབྱིིངས་སུ་མཉམ་པར་བཞག་གོ །མཐར་བསྔོ་བ་བྱ་བ་ནི། ཀུན་བརྟགས་ལྷ་དང་འདྲེར་སྣང་རང་གི་སེམས། །གཞན་དབང་རྟེན་འབྲེལ་ཆོས་ཀུན་སྒྱུ་མར་རྟོགས། །ཡོངས་གྲུབ་སེམས་ཉིད་སྐྱེ་འགག་གནས་གསུམ་བྲལ། །སྤྲོས་བྲལ་ཡུམ་ཆེན་དགོངས་ཀློང་མངོན་གྱུར་ཤོག །ཐོགས་བཅས་ཡུལ་སྣང་སྒྱུ་མའི་རོལ་པར་ཤེས། །ཐོགས་མེད་རྣམ་རྟོག་འཆིང་བ་རང་སར་གྲོལ། །དགའ་བྲོད་ཉམས་ཀྱི་ཞེན་པ་དབྱིངས་སུ་དག །སྙེམས་བྱེད་བདག་འཛིན་རྩ་བ་ཆོད་པར་ཤོག །སྟོང་ཉིད་སྙིང་རྗེའི་ལམ་མཆོག་ཟུང་དུ་འཇུག །སྐྱིད་སྡུག་རོ་སྙོམས་སྤྱོད་པའི་བརྟུལ་ཞུགས་རྫོགས། །ཆོས་བརྒྱད་འཆིང་གྲོལ་དབྱིངས་རིག་ཟད་སར་འཁྱོལ། །ཡུམ་ཆེན་ཀློང་དུ་འགྲོ་ཀུན་སངས་རྒྱས་ཤོག །ཅེས་དང་། བསོད་ནམས་འདི་ཡིས་དང་། སྦྱིན་པ་རྒྱ་ཆེན་དང་། འབྱུང་པོ་གང་དག་དང་། འཇམ་དཔལ་དཔའ་བོས་སོགས་ཇི་ལྟར་རིགས་པའི་ཐེག་པ་ཆེན་པོའི་སྨོན་ལམ་དང་ཤིས་བརྗོད་ཀྱིས་མཐའ་བརྒྱན་པར་བྱའོ། །དེ་ལྟར་ལུས་གཟན་དུ་བསྒྱུར་བ་སྦྱིན་པའི་ཕར་ཕྱིན། དེ་སེམས་ཅན་གྱི་དོན་དུ་གཏོང་བ་ཚུལ་ཁྲིམས། ཁོང་ཁྲོ་མེད་པར་གཏོང་བ་བཟོད་པ། ཡང་དང་ཡང་དུ་གཏོང་བ་བརྩོན་འགྲུས། དམིགས་པ་མ་ཡེངས་པ་བསམ་གཏན། རྗེས་གནས་ལུགས་སྟོང་ཉིད་དུ་འཇོག་པ་ཤེས་རབ། དེས་ཚོགས་གཉིས་རྫོགས་པར་བྱེད་པས་ཐབས། སྡུག་བསྔལ་དང་ཉོན་མོངས་པ་འཇོམས་པས་སྟོབས། དགེ་རྩ་གཞན་དོན་དུ་བསྔོ་བ་སྨོན་ལམ། དེ་ཐམས་ཅད་ལ་འཁོར་གསུམ་བདེན་འཛིན་དང་བྲལ་བ་ཡེ་ཤེས་ཏེ། ཕ་རོལ་དུ་ཕྱིན་པ་བཅུའི་ལམ་ཁྱེར་མཐའ་དག་ཚང་བས་ཐམས་ཅད་མཁྱེན་པའི་དངོས་རྒྱུ་བླ་ན་མེད་པ་ཡིན་པས་ན་ལྟོ་ཕྱིར་འདྲེ་འདུལ་ཙམ་དུ་མི་འཛིན་པར་བདག་ལེགས་སུ་འདོད་པ་རྣམས་ཀྱིསཉམས་ལེན་གྱི་སྙིང་པོར་གཟུང་བར་བྱ་ཞིང་། དེ་ལྟ་བུའི་ལྟ་སྒོམ་ལ་བོགས་ཐོན་པའི་ཆེད་དུ་རྗེས་སྤྱོད་ཞི་གཅོད་ནི་དཀར་འགྱེད། དྲག་གཅོད་ནི་དམར་འགྱེད། ཞི་དྲག་ཕྱེད་མ་ནི་ཁྲ་འགྱེད་ལ་སོགས་པ་སྟེ་དེ་དག་ལ་སྤྲོས་བཅས་ཀྱི་གཅོད་དུ་གྲགས་ཤིང་། བྱམས་སྙིང་རྗེ་དང་དབྱིངས་རིག་བསྲེ་བ་སྤེལ་མར་བསྒོམ་བ་ནི་སྤྲོས་མེད་ཀྱི་གཅོད། ཡུམ་དོན་ཁོ་ན་ལ་མཉམ་པར་འཇོག་པ་ནི་ཤིན་ཏུ་སྤྲོས་མེད་ཀྱི་གཅོད་དེ་དེ་གསུམ་ཀ་ཉམས་སུ་བླངས་པར་བྱས་ན་མགོ་རྐང་ཚང་བར་འགྱུར་ལ། དུས་རྒྱུན་དུ་ངེས་འབྱུང་རྒྱུད་ལ་བསྐུལ། མོས་གུས་ཀྱི་སྲོག་མཁར་བཟུང་། རྐྱེན་སྣང་ལམ་དུ་ཁྱེར། རོ་སྙོམ་ཐོག་རྫིས་ཀྱི་སྤྱོད་པས་རེ་དོགས་ཞེ་འཁྲིས་རྩ་བ་ནས་ཆོད་པར་བྱ་དགོས་ཏེ། མདོར་ན་གཅོད་ཀྱི་རྩ་བ་ནི་རེ་དོགས་མེད་པ་ཡིན་པས་སོ། །ཞེས་པ་འདིའང་གཅོད་ཡུལ་ལ་མོས་པ་ལམ་བྱེད་ཞེ་ཆེན་པ་འགྱུར་མེད་པདྨ་བསྟན་འཛིན་གྱིས་རང་གི་ཉམས་ལེན་ཁྱེར་བདེ་སྙིང་པོར་དྲིལ་ཏེ་སྦྱར་བའོ། །འདིས་ཀྱང་འགྲོ་ཀུན་ཆོས་སྐུ་ཡུམ་ཆེན་མོའི་གོ་འཕང་མྱུར་དུ་ཐོབ་པའི་རྒྱུར་གྱུར་ཅིག

གཅོད་ཀྱི་ལུས་སྦྱིན་ཉུང་ངུ་།

༄༅། །གཅོད་ཀྱི་ལུས་སྦྱིན་ཉུང་ངུ་བཞུགས་སོ། །ཕཊཿབདག་འཛིན་རྣམ་རྟོགས་འཁྲུལ་བའི་ལྷ་འདྲེ་རྣམས། །བདག་མེད་རྟོགས་པས་ཟིལ་གྱིས་གནོན་པར་བྱ། །ཕཊཿརང་བྱུང་རིག་པ་ཤེས་རབ་ཕ་རོལ་ཕྱིན། །དོན་དམ་རང་ངོ་ཤེས་པས་སྐྱབས་སུ་མཆི། །ཕཊཿགཉིས་འཛིན་བློ་ཡིས་འཁྲུལ་བའི་སེམས་ཅན་རྣམས། །གཉིས་མེད་བདེ་ཆེན་ས་ལ་འགོད་པར་བྱ། །ཕཊཿརང་སེམས་དབྱིངས་ཐོན་རྡོ་རྗེ་རྣལ་འབྱོར་མས། །རང་ལུས་ཟག་བཅས་ཕུང་པོ་བདུད་རྩིར་སྦར། །ཕཊཿརྟོགས་འཁྲུལ་སྔགས་ཀྱིས་བསླད་པའི་གཉིས་སྣང་གཟུགས། །མཆོད་སྦྱིན་མགྲོན་རིགས་མ་ལུས་འདིར་གཤེགས་ཤིག །ཕཊཿམཆོད་ཡུལ་རྩ་གསུམ་དམ་ཅན་ཚོགས་བཅས་ལ། །འབུལ་ལོ་མཆོག་ཐུན་དངོས་གྲུབ་མ་ལུས་སྩོལ། །ཕཊཿམར་གནས་སྦྱིན་ཡུལ་རིགས་དྲུག་མགྲོན་ལ་བསྔོ། །སྡུག་བསྔལ་ཀུན་ཞི་ཕན་བདེའི་དཔལ་འབར་ཤོག །ཕཊཿཁྱད་པར་བགེགས་རིགས་ལན་ཆགས་མགྲོན་རྣམས་ལ། །བསྔོས་པས་ལན་ཆགས་བུ་ལོན་ཀུན་བྱང་ཤོག །ཕཊཿགློ་བུར་ལྷགས་པའི་ཁས་ཉེན་དབང་ཆུང་མགྲོན། །ལྷག་ལ་དབང་རྣམས་ཅི་འདོད་ཐོབ་གྱུར་ཅིགཕཊཿཀུན་ཀྱང་ཆོས་ཀྱི་སྦྱིན་པས་རྒྱུད་གྲོལ་ནས། །ཕན་བདེ་བྱང་ཆུབ་སེམས་དང་ལྡན་གྱུར་ཅིག །ཕཊཿསེམས་ཀྱི་རྟོག་ཚོགས་ཕན་གནོད་ལྷ་འདྲེའི་ཚོགས། །དོན་དམ་བློ་བྲལ་གཉུག་མའི་ཀློང་དུ་ཨཱཿ། །ཕཊཿདགེ་བས་བདག་རྟོག་དྲི་མ་ཀུན་སངས་ནས། །འགྲོ་ཀུན་བདག་མེད་ཤེར་ཕྱིན་སྐུ་འགྲུབ་ཤོག །ཕཊ་ཕཊ་ཕཊཿགཅོད་བྱ་གཅོད་བྱེད་གཅོད་ཡུལ་ཀུན། །མི་དམིགས་སྤྲོས་བྲལ་གཉུག་མའི་གཤིས། །ཤེར་ཕྱིན་དགོངས་པའི་གདེང་བསྐྱེད་ལ། །བདག་འཛིན་རྣམ་རྟོག་ཕཊ་ཀྱིས་བཅད། །སྤྱོོད་ཡུལ་རོ་སྙོམ་ལམ་དུ་ཁྱེར། །འགྱེད་སོགས་དམིགས་པ་སྐབས་དང་བསྟུན། །སྤྲོས་པས་དབེན་པའི་གང་ཟག་ལ། །འདི་ཙམ་རྒྱས་ཀྱང་དགོས་འགྲུབ་ཕྱིར། །བག་ཡང་པདྨ་དགྱེས་པས་བྲིས། །དགེ་བས་འགྲོ་ཀུན་རྣམ་གྲོལ་ཤོག །

ཐུབ་དབང་སྲས་དང་བཅས་པའི་སྤྱན་སྔར་བདེན་ཚིག་སྨོན་ལམ་དུ་གསོལ་བ་ཕན་བདེའི་ས་བོན།

༄༅། །ཐུབ་དབང་སྲས་དང་བཅས་པའི་སྤྱན་སྔར་བདེན་ཚིག་སྨོན་ལམ་དུ་གསོལ་བ་ཕན་བདེའི་ས་བོན་ཞེས་བྱ་བ་བཞུགས། ན་མོ་གུ་རུ་བུདྡྷ་བོ་ངྷི་ས་ཏྭཱ་ཡ། སྙིང་རྗེའི་སྤྱན་གྱིས་རྟག་པར་འགྲོ་ལ་གཟིགས། །བྱམས་པའི་གོ་ཆས་བདུད་རིས་འཚེ་བ་སྐྱོབ། །འགྲོ་བའི་བླ་མ་ཐུབ་དབང་སྲས་དང་བཅས། །དེང་འདིར་བདེན་ཚིག་འགྲུབ་པའི་དཔང་པོ་མཛོད། །མགོན་ཁྱོད་སློབ་པ་ལམ་དུ་ཞུགས་པའི་སྐབས། །སྲོག་ཆགས་གྲོག་སྦུར་ཙམ་ལའང་གནོད་མ་བསྐྱལ། །ལན་གྲངས་དུ་མར་ཉིད་ཀྱི་སྐུ་སྲོག་གིས། །འགྲོ་མང་སྲོག་གི་ཉེན་ལས་སྐྱབས་ལགས་ན། །བདེན་པ་དེ་ཡིས་བསྐལ་ངན་དུས་ཀྱི་ཁུག །མི་བསྲུན་མཐའ་དམག་དུས་འཁྲུགས་དཔུང་ལ་སོགས། །མཚོན་གྱི་ཆད་པས་ཡིད་མི་བདེ་གྱུར་པ། །གངས་ལྗོངས་མཐའ་དབུས་ཀུན་ཏུ་ཞི་གྱུར་ཅིག །བཀྲེན་ལ་རྟ་གླང་དེ་བཞིན་རྒྱལ་སྲིད་གཉེན། །དབུ་དང་ཡན་ལག་སྦྱིན་པས་ཚིམ་མཛད་ན། །བདེན་པ་དེ་ཡིས་བསྐལ་ངན་དུས་འཁྲུགས་རྐྱེན། །ཉམ་ཐག་མུ་གེའི་འཇིགས་པ་མི་འབྱུང་ཤོག །འགྲོ་ལ་བརྡེག་སྤངས་ནད་ཀྱིས་ཉེན་པ་ལ། །སྨན་དང་ནད་གཡོག་སྲོག་གི་སྦྱིན་སྩལ་ན། །བདེན་པ་དེ་ཡིས་མཐའ་དམག་དུས་འཁྲུགས་རྐྱེན། །ཉམ་ཐག་ནད་ཀྱི་འཇིགས་པ་མི་འབྱུང་ཤོག །དམ་ཆོས་ཚིག་བཞི་རེའི་ཕྱིར་རྒྱལ་སྲིད་ལུས། །ཡོངས་གཏོང་འཚོལ་དང་སྲུང་ལ་བརྩོན་གྱུར་ན། །བདེན་པ་དེ་ཡིས་མཐའ་དམག་དུས་འཁྲུགས་རྐྱེན། །རྒྱལ་བསྟན་རིན་ཆེན་ཉམས་པར་མ་གྱུར་ཅིག །གྲངས་མེད་གསུམ་དུ་ཚོགས་གཉིས་གོམས་པའི་མཐུས། །བྱང་ཆུབ་ཤིང་དྲུང་བདུད་བཅོམ་སངས་རྒྱས་ན། །བདེན་པ་དེ་ཡིས་མཐའ་དམག་དུས་འཁྲུགས་སོགས། །མི་བསྲུན་བདུད་ཀྱི་སྟོབས་རྣམས་ཉམས་གྱུར་ཅིག །རིགས་ཅན་གསུམ་གྱི་འགྲོ་ལ་ཁམས་དབང་བཞིན། །ཟབ་རྒྱས་བདུད་རྩིའི་སྒོ་འཕར་ཕྱེས་ལགས་ན། །བདེན་པ་དེ་ཡིས་མཐའ་དམག་དུས་འཁྲུགས་རྐྱེན། །འགྲོ་རྣམས་བསམ་སྤྱོད་ལོག་པར་མ་གྱུར་ཅིག །མི་དང་མི་མིན་འཕགས་པའི་ཚོགས་རྣམས་ལ། །བསྟན་པའི་གཉེར་ཁ་གཏད་ཅིང་སྐྱོང་ལགས་ན། །བདེན་པ་དེ་ཡིས་མཐའ་དམག་དུས་འཁྲུགས་རྐྱེན། །དགེ་འདུན་བཀུར་སྟི་ཉམས་པར་མ་གྱུར་ཅིག །མདོར་ན་དོན་གཉིས་མཐར་ཕྱིན་སངས་རྒྱས་ནས། །འགྲོ་ལ་ཕན་བདེའི་ལམ་བཟང་སྟོན་མཛད་ན། །བདེན་པ་དེ་ཡིས་མཐའ་དམག་དུས་འཁྲུགས་ཞི། །རྫོགས་ལྡན་དུས་བཞིན་སྣོད་བཅུད་འབྱོར་གྱུར་ཅིག །སྲིད་མཐའི་བར་དུ་ཐུབ་བསྟན་ནོར་བུའི་སྒྲོམ། །འགྲོ་བསོད་རྒྱལ་མཚན་རྩེ་ནས་གཡོ་མིན་པར། །གནས་སྐབས་མཐར་ཐུག་ཕན་བདེའི་ཆར་རྒྱུན་གྱིས། །ཐར་གྲོལ་ཡོན་ཏན་འབྱོར་དགུས་ཕྱུག་གྱུར་ཅིག །དེ་ལྟར་གཡོ་ཟོལ་མེད་པའི་ལྷག་བསམ་གྱིས། །བདེན་ཚིག་སྨོན་ལམ་གསོལ་བའི་འབྲས་བཟང་ཕུལ། །དུས་ལས་ཡོལ་མིན་རྟེན་འབྱུང་ཟབ་མོའི་ཚུལ། །གེགས་མེད་མངོན་སུམ་སྣང་བར་མཛད་དུ་གསོལ། །ཞེས་པའང་རྒྱལ་སྲས་གཞན་ཕན་ཆོས་ཀྱི་བློ་གྲོས་སྨོན་ལམ་ཡོངས་སུ་འགྲུབ་པའི་སྡེས་ལྷག་བསམ་རྩེ་གཅིག་པས་གསོལ་ཞིང་སྨོན་པ་དེ་དེ་བཞིན་དུ་འགྲུབ་པར་མཛད་དུ་གསོལ།

སྤྲུལ་སྐུ་ཁྲིར་བཀོད་ཀྱི་ཆོ་ག་ཕན་བདེའི་ཨུཏྤལ་ཞེས་བྱ་བ།

༄༅། །སྤྲུལ་སྐུ་ཁྲིར་བཀོད་ཀྱི་ཆོ་ག་ཕན་བདེའི་ཨུཏྤལ་ཞེས་བྱ་བ་བཞུགས་སོ། །ༀ་སྭསྟི། བཀྲ་ཤིས་ཀུན་གྱི་བཀྲ་ཤིས་དཔལ། །གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ །།བླ་མ་མཆོག་གསུམ་ལྷ་ཡི་ལྷས། །དུས་ཀུན་ཤིས་པའི་མེ་ཏོག་སྩོལ། །འདིར་སྨིན་གཏེར་ཚེ་སྒྲུབ་འཆི་མེད་ཡང་སྙིང་ལྟ་བུའི་ཆོ་ག་གང་ལའང་སྦྱར་ཆོག་པའི་དབང་དུ་བྱས་ཏེ་སྤྲུལ་སྐུ་ཁྲིར་བཀོད་བརྟན་བཞུགས་མངའ་འབུལ་བཅས་ཕྱོགས་གཅིག་ཏུ་བགྱིད་པ་ལ། གཟའ་སྐར་ཚེས་གྲངས་ཤིན་ཏུ་དགེ་ཞིང་ཤིས་པའི་སྔ་ཆར་གནས་ཁང་རྒྱན་གྱིས་བརྒྱན། ཕུན་སུམ་ཚོགས་པའི་གདན་ཁྲིའི་བཀོད་པ་དང་། ཉེ་ལོགས་སུ་ལས་གཞུང་གང་ལ་བརྟེན་པའི་སྒྲུབ་དཀྱིལ་དབང་རྫས་མངའ་འབུལ་གྱི་ཆས་སོགས་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱས་ཏེ། ཚེ་སྒྲུབ་ཀྱི་ལས་གཞུང་བསྲང་། བདག་མདུན་བུམ་བཟླས་ཚོགས་མཆོད་བཅས་དང་རིག་པའི་མེ་ཏོག་དོར་བ་སྔོན་དུ་འགྲོ་བས། གང་ལ་མངའ་གསོལ་ཡུལ་ཉིད་རོལ་མོར་བཅས་སྤྱན་དྲངས་ནས། སྔར་ཁྲིར་བཀོད་དང་གཙུག་ཕུད་བཞེས་པ་སོགས་མ་བྱས་པ་ཡིན་ན། ཁྲིའི་ཉེ་ལོགས་སུ་སྟན་ཅུང་དམའ་བར་བཞུགས་སུ་བཅུག་ནས། ཐོག་མར་བགེགས་སྦྱང་བ་ལ་ཞི་བས་སྦྱང་བ་ནི། མཐེབ་ཀྱུའི་གཏོར་མ་བསྐོར་ལ། ༀ་སརྦ་བིགྷྣཱཾ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀ་ཧྞེ་དཾ་བ་ལིཾ་ཏ་ཡེ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་གཏོར་མ་བཟེད་ཞལ་དུ་བཞགཕྱེད་མས་སྦྱང་བ་ནི། ཏིང་ལོ་དང་ཆང་བུ་ནི་རྫས་ཞི་བ། སུམྦྷ་ནིའི་སྔགས་དྲག་པོ་སྟེ་རྡོ་རྗེ་གསོར་བ་དང་བཅས་དྲག་ཏུ་བཟླ་ཞིང་ལན་གསུམ་གྱིས་གཏོར་མ་བཟེད་ཞལ་དུ་བཞགདྲག་པོས་སྦྱང་བ་ནི། བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀོ྅་ཧཾ། རང་ཉིད་སྐད་ཅིག་གིས་རྡོ་རྗེ་ཧཱུྃ་མཛད་ཁྲོ་བོའི་རྒྱལ་པོ་འཇིགས་སུ་རུང་བའི་སྐུར་གྱུར་པའི་དཔྲལ་བར་ༀ། མགྲིན་པར་ཨཱཿཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་ཁྲོ་བོའི་སྤྲིན་རབ་འབྱམས་བཛྲ་ས་མ་ཛཿས་སྤྱན་དྲངས་པར་བསམས་ཞིང་། ཧཱུྃ། ཡེ་ཤེས་བསྐལ་པ་མེ་ལྟར་འབར་བའི་འོད། །མ་རིག་འདོད་པའི་མུན་ཁམས་ཐམས་ཅད་བསྲེག །ཞེ་སྡང་གཤིན་རྗེའི་འཇིགས་པ་ཐམས་ཅད་འཇོམས། །དཔའ་བོ་ཆེན་པོ་དཔའ་མཚན་སྟག་ལྤགས་ཅན། །ལོག་འདྲེན་སྲིན་པོའི་མཐའ་གནོན་དགྲ་འདུལ་བ། །རིག་པའི་རྒྱལ་པོ་ཁྲོ་བོ་བཞུགས་སོ་འཚལ། །ལོག་འདྲེན་འདུལ་བའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། །ཞེས་ཁྲོ་བོ་ནམ་མཁའ་གང་བར་བཞུགས་པ་ལ། ༀ་ཀྲོ་དྷ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད་ནས། ཧཱུྃ། ཆོས་ཉིད་སྟོང་པ་གཉིས་མེད་ངང་ཉིད་ལས། །འཇིག་རྟེན་སྤྱོད་པའི་ཚུལ་ཡང་མི་སྤོང་ཞིང་། །ཐབས་ལ་མཁས་པས་འཇིགས་བྱེད་སྐུར་སྟོན་པ། །ཁྲོ་ཆེན་འབར་བའི་ཚོགས་ལ་ཕྱག་འཚལ་བསྟོད། །ཡེ་ཤེས་ཞི་བའི་ངང་ལས་མ་གཡོས་ཀྱང་། །སྐུ་ཡི་ཆ་ལུགས་ཟ་བྱེད་རྔམས་སྟབས་ཅན། །གསུང་གི་ང་རོ་འབྲུག་སྟོང་སྡིར་བའི་སྒྲས། །མ་ལུས་དབང་དུ་སྡུད་ལ་ཕྱག་འཚལ་བསྟོད། །ལྷག་པའི་ཡེ་ཤེས་རོལ་པར་སྟོན་མཛད་ཅིང་། །སྡིགས་པའི་མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས། །ཉོན་མོངས་དུག་ཆེན་རྩད་ནས་འཇོམས་མཛད་པའི། །སྦྲུལ་གདུག་རྒྱན་ཀྱིས་བརྒྱན་ལ་ཕྱག་འཚལ་བསྟོད། །བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ན། །དཔའ་བོའི་སྟངས་སྟབས་བརྐྱང་བསྐུམ་ཚུལ་དུ་བཞུགས། །ཉི་ཟླ་འབར་བའི་སྤྱན་གྱི་སྡང་མིག་གིས། །བགེགས་དཔུང་བསྲེག་པར་མཛད་ལ་ཕྱག་འཚལ་བསྟོད། །གཏུམ་ཆེན་དུས་མཐའི་མེ་ལྟར་གཟི་བརྗིད་འབར། །གློག་སྟོང་འཁྱུག་འདྲའི་ཁྲོ་གཉེར་མཆེ་བ་གཙིགས། །རྔམས་པའི་ང་རོ་འབྲུག་སྒྲ་སྟོང་བཞིན་སྒྲོགས། །ཁྲོ་རྒྱལ་བགེགས་ཚོགས་འདུལ་ལ་ཕྱག་འཚལ་བསྟོད། །ཧཱུྃ། འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོགས་ཤིང་། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། གསང་སྔགས་དང་། རིགས་སྔགས་དང་། གཟུངས་སྔགས་དང་། སྙིང་པོ་དང་། ཕྱག་རྒྱ་དང་། ཏིང་ངེ་འཛིན་གྱི༴ ཆོས་ཉིད་རྣམ་པར་དག་པའི༴ ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི༴ བདེན་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས། དེང་འདིར་མཚུངས་བྲལ་དཔལ་ལྡན་བླ་མའི་ཡང་སྲིད་དམ་པ་ཆོས་ཀྱི་ཁྲི་མཐོན་པོ་ལ་མངའ་གསོལ་ཞིང་ཞབས་པད་བརྟན་པའི་ཆོ་ག་སྒྲུབ་པ་ལ་བར་དུ་གཅོད་པའི་འབྱུང་པོ་གདུག་པ་ཅན་གཡོག་དང་འཁོར་དུ་བཅས་པ་རྣམས་འདིར་མ་གནས་པར་གཞན་དུ་དེངས་ཤིགགལ་ཏེ་མི་འགྲོ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ལས་བྱུང་བའི་ཁྲོ་བོ་ཡེ་ཤེས་ཀྱི་རྡོ་རྗེ་མེ་འབར་བ་འདིས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་བ་བརྒྱར་འགས་པར་འགྱུར་ཏ་རེ། སུམྦྷ་སོགས་དྲག་སྔགས་རོལ་མོ་བཅས་གཏོར་མ་ཕྱིར་དོར། དེ་ནས་ཁྲུས་གསོལ་བ་ནི། ཐོག་མར་དཀྱིལ་འཁོར་སོགས་དང་རྟེན་རིང་བསྲེལ་ཅན་གྱི་གཟུགས་བརྙན་ཤར་བའི་མེ་ལོང་ལ་ཁྲུས་གསོལ་ཞིང་། གང་འདིར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སྲས་དང་སློབ་མར་བཅས་པ་རྣམས་ལ་བདག་ཅག་གིས་ཡོ་བྱད་དང་ལྡན་པའི་སྒོ་ནས་སྐུ་ཁྲུས་དམ་པ་འདི་གསོལ་བར་བགྱིའོ། །ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་བསྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་བྲེ་བྲེས་པ་དེར། །དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུས། །ཡིད་འོང་ལེགས་པར་བཀང་བའི་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །ཇི་ལྟར་བལྟམས་པ་སོགས་ཀྱི་མཐར། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་དང་། ཁྲུས་རས་ཀྱིས་ཕྱི་ཞིང་། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བགོས་པས་སྐུ་ཕྱིའོ། །ༀ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿཀཱ་ཡ་བི་ཤོ་ངྷ་ན་ཡེ་སྭཱ་ཧཱ། ཁྲུས་ཆུ་དེ་ཉིད་སླར་ཡང་བུམ་པར་བླུགས་ལ། མངའ་གསོལ་ཡུལ་ཉིད་དངོས་སམ་མེ་ལོང་ལ་ཤར་བའི་གཟུགས་བརྙན་ལ་ཁྲུས་གསོལ་ཞིང་། ༀ་ཨཱཿཧཱུྃ། སྣང་སྟོང་དག་པ་ལྷ་ཡི་གཞལ་ཡས་སུ། །ཕ་རོལ་ཕྱིན་དྲུག་ཡེ་ཤེས་ལྔ་ལྡན་དང་། །ས་བཅུ་ལམ་ལྔ་སྐུ་གསུམ་བཅུད་ལྡན་འདིས། །སྐྱེས་མཆོག་སྤྲུལ་པའི་སྐུ་ལ་ཁྲུས་གསོལ་བས། །སྒྲིབ་གསུམ་བག་ཆགས་ཉེས་བྱས་ཀུན་བྱང་ཞིང་། །སྐུ་བཞི་ཡེ་ཤེས་ལྔ་ཡི་མཚན་དཔེར་གསལ། །སྣང་སྟོང་འཇའ་ལུས་རྡོ་རྗེ་དྲི་མེད་སྐུ། །སྲིད་ཞིའི་དཔལ་དུ་མི་འགྱུར་བརྟན་པར་མཛོད། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། སྐུ་ཕྱི་བའི་ཚུལ་དང་བཅས། ༀ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿཀ་ཡ་བི་ཤོ་ངྷ་ན་ཡེ་སྭཱ་ཧཱ། ཞེས་བརྗོད། སྐབས་འདིར་སྔར་གཙུག་ཕུད་མ་ཕུལ་ན། སྐྱབས་སྡོམ་འབོག་ལ་གཙུག་ཕུད་བྲེགམཚན་གསོལ། བསླབ་པ་བརྗོད་སྨོན་ལམ་དང་ཤིས་བརྗོད་བྱས་ལ། ཁྲི་ཡི་སྟེང་དུ་སྤྱན་དྲངས་ལ་བཞུགས་སུ་གསོལ། ཚེ་དབང་རྒྱས་པར་འབུལ་བའམ། ཡང་ན། སློབ་དཔོན་གདན་ཁྲི་དང་བཅས་པ། བསངས་སྦྱངས་ནས། ཚེ་དཔག་མེད་ཀྱི་སྐུར་བསྐྱེད། ཡེ་ཤེས་པ་སྤྱན་དྲངས་བསྟིམ། མཆོད་ཅིང་བསྟོད་ནས། ཚེ་འགུགས་གྱེར། ཚེ་བུམ་སོགས་སྤྱི་ལྟར་ཕུལ། གང་ལྟར་ཡང་མཐར། བརྗོད་བྱ་ཕུན་སུམ་ཚོགས་ཤིང་རྗོད་བྱེད་རྒྱས་བསྡུས་འཚམས་པས་འཇིགས་མེད་སེང་གེའི་ཁྲི་ལ་ཞབས་པད་ཡུན་དུ་བརྟན་ཞིང་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་འདེབས་པའི་སྙན་སྒྲོན་གྱི་མཚམས་སྦྱོར་བཅས་མཎྜལ་སོ་བདུན་མ་ཕུལ་ལ། མ་ཚང་བ་མེད་པ་འདི་ཉིད་མཚུངས་བྲལ་མཆོག་གི་སྤྲུལ་པའི་སྐུའི་ཞབས་པད་མི་འཇིགས་སེངྒེའི་ཁྲི་ལ་བསྐལ་པ་རྒྱ་མཚོར་བརྟན་ཞིང་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེན་པོ་མཛད་པའི་སླད་དུ་འབུལ་བར་བགྱིའོ། །སོགས་སྦྱར་དེ་ནས་སྐུ་གསུང་ཐུགས་རྟེན་སོགས་ཡོད་ན་རིམ་པར་འབུལ་ཞིང་། སྐུ་རྟེན་ལ། བསྟན་འགྲོའི་གཙུག་རྒྱན་རྗེ་བཙུན་སྤྲུལ་པའི་སྐུར། །ངོ་མཚར་མཚན་དཔེའི་སྣང་བརྙན་འདི་ཕུལ་བས། །གང་སྐུ་བསྐལ་པ་རྒྱ་མཚོར་འཚོ་གཞེས་པའི། །དགེ་མཚན་སྣང་བས་རྟག་ཏུ་འབར་གྱུར་ཅིག །གསུང་རྟེན་ལ། ཆོས་ཀྱི་དབང་ཕྱུག་རྗེ་བཙུན་སྤྲུལ་པའི་སྐུར། །ཐེག་མཆོག་བདུད་རྩིའི་གླེགས་བམ་འདི་ཕུལ་བས། །གང་གསུང་ཡན་ལག་དྲུག་བཅུའི་སྤྲིན་ཆེན་ལས། །ཟབ་རྒྱས་དམ་ཆོས་ཆར་ཆེན་དབབ་ཏུ་གསོལ། །ཐུགས་རྟེན་ལ། ཡེ་ཤེས་མཆོག་བརྙེས་རྗེ་བཙུན་སྤྲུལ་པའི་སྐུར། །རྒྱལ་བའི་ཆོས་སྐུའི་རྟེན་མཆོག་འདི་ཕུལ་བས། །གང་ཐུགས་སྟོང་དང་སྙིང་རྗེ་ཟུང་འཇུག་པའི། །གཟིགས་པས་བདག་སོགས་འགྲོ་ལ་ལྷག་པར་དགོངས། །ཡོན་ཏན་གྱི་རྟེན་བུམ་པ་བཅུད་ལྡན་ལྟ་བུ་ལ། ཡོན་ཏན་རྨད་བྱུང་རྗེ་བཙུན་སྤྲུལ་པའི་སྐུར། །འདོད་དགུ་འཇོ་བའི་བུམ་བཟང་འདི་ཕུལ་བས། །བྲལ་སྨིན་ནོར་བུའི་དགའ་སྟོན་མི་ཟད་པས། །ས་གསུམ་འགྲོ་བའི་རེ་སྐོང་མཛད་དུ་གསོལ། །ཕྲིན་ལས་ཀྱི་རྟེན་སྣ་ཚོགས་རྡོ་རྗེ་ལྟ་བུ་ལ། ཕྲིན་ལས་མཐར་ཕྱིན་རྗེ་བཙུན་སྤྲུལ་པའི་སྐུར། །སྣ་ཚོགས་རྡོ་རྗེའི་ཕྱག་རྒྱ་འདི་ཕུལ་བས། །གང་འདུལ་ཕན་དང་བདེ་བའི་མཛད་པ་མཆོག །རྟག་ཅིང་ཁྱབ་དང་ལྷུན་གྱིས་གྲུབ་གྱུར་ཅིག །ཅེས་པ་ལྟ་བུས་འབུལ་ཞིང་། འབུལ་ཚན་རིགས་གཞན་ཡོད་ནའང་སྐབས་འདིར་རིམ་པར་འབུལ། གང་ལྟར་ཡང་འདུན་པ་རྩེ་གཅིག་པས་ཞབས་བརྟན་རིགས་དམིགས་གསལ་ལམ། སྤྱི་ཙམ་དུ། ༀ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ། བླ་མ་མཆོག་གསུམ་ཡི་དམ་དཀྱིལ་འཁོར་ལྷ། །མཁའ་འགྲོ་ཆོས་སྐྱོང་སྲུང་མའི་བདེན་སྟོབས་ཀྱིས། །བསྟན་འགྲོའི་དཔལ་མགོན་རྗེ་བཙུན་སྤྲུལ་པའི་སྐུ། །བསྐལ་བརྒྱར་ཞབས་བརྟན་ཕྲིན་ལས་རྒྱས་གྱུར་ཅིག །སྣང་སྟོང་བདེ་ཆེན་གཞོམ་མེད་རྡོ་རྗེའི་སྐུ། །མཚན་དཔེའི་ལང་ཚོ་རབ་རྒྱས་རྒྱལ་ཀུན་གྱི། །ངོ་མཚར་སྤྱི་གཟུགས་གང་འདུལ་སྤྲུལ་པའི་སྐུ། །འགྱུར་མེད་སྐུ་ཡི་རྡོ་རྗེའི་ཞབས་བརྟན་གསོལ། །གྲགས་སྟོང་འགག་པ་མེད་པ་རྡོ་རྗེའི་གསུང་། །ཡན་ལག་དྲུག་ཅུས་ཟབ་གསང་ཆོས་ཀྱི་སྒྲ། །འགྲོ་བློའི་བསམ་པ་བཞིན་སྟོན་ལོངས་སྤྱོད་རྫོགས། །འགག་མེད་གསུང་གི་རྡོ་རྗེ་ཞབས་བརྟན་གསོལ། །རིག་སྟོང་སྐྱེ་འགག་གནས་བྲལ་རྡོ་རྗེའི་ཐུགས། །ཟབ་གསལ་ཡེ་ཤེས་ཆོས་ཀུན་འབྱུང་བའི་དབྱིངས། །ཁྱབ་བདག་རྒྱལ་བའི་སྙིང་པོ་ཆོས་ཀྱི་སྐུ། །འཁྲུལ་མེད་ཐུགས་ཀྱི་རྡོ་རྗེ་ཞབས་བརྟན་གསོལ། །ཀུན་ཁྱབ་མཁའ་ལ་ཕྲིན་ལས་ཉིན་མོར་བྱེད། །འཆར་ནུབ་ཡོངས་བྲལ་ཕན་བདེའི་སྣང་བ་ཅན། །བསྟན་འགྲོའི་པད་ཚལ་རྒྱས་པའི་ཉེར་འཚོ་མཆོག །བསྐལ་པ་རྒྱ་མཚོར་རབ་ཏུ་གསལ་གྱུར་ཅིག །ཕན་བདེ་འབྱུང་བའི་སོགས་དང་། སྟོན་པ་འཇིག་རྟེན་ཁམས་སུ་སོགས་བརྗོད་ཅིང་གསོལ་བ་གདབ། ཞལ་བསྲོའི་སླད་དུ་ཚོགས་འཁོར་ཡོད་ན་ཕུལ་ཞིང་བསམ་པ་ལྷུན་འགྲུབ་མའི་གསོལ་འདེབས་ཀྱང་བྱ། གང་ལྟར་ཡང་། བཀྲ་ཤིས་ཀྱི་རྫས་རྣམས་བསངས་སྦྱངས། སྟོང་པའི་ངང་ལས་མཱྃ་ལས་བྱུང་བའི་གྲུབ་པའི་བཀྲ་ཤིས་པའི་རྫས་བརྒྱད་སོགས་རང་རང་གི་བྱེད་ལས་ཕུན་སུམ་ཚོགས་པའི་དངོས་པོ་ཐམས་ཅད་སྒྲུབ་པའི་མཐུ་དང་ལྡན་པར་བསམས་ནས། མེ་ལོང་ཐོགས་ཏེ། སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་ལ། གཟུ༵གས་ཀྱི༵་ལྷ༵་མོ༵་འོ༵ད་འཆ༵ང་མ༵ས་མེ༵་ལོ༵ང་ཕུལ༵་བས༵། བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས་པ་དེ་བཞིན་དུ། དེང་འདིར་ཡང་བསྟན་འགྲོའི་གཙུག་རྒྱན་མཆོག་གི་སྤྲུལ་པའི་སྐུའི་ཞབས་པད་མི་འཇིགས་གདོང་ལྔའི་ཁྲི་ལ་བསྐལ་པ་རྒྱ་མཚོར་བརྟན་ཞིང་འཁོར་ལོ་གསུམ་གྱི་ཕྲིན་ལས་གོང་ནས་གོང་དུ་འཕེལ་བའི་ཆེད་དུ་མེ༵་ལོ༵ང་གི་རྫས་ལ་བརྟེན་ནས་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིགམེ་ལོང་ཡེ་ཤེས་རྒྱ་མཚོ་ཆེན་པོ་ཡིས། །ཡེ་ཤེས་རྒྱ་མཚོ་མཆོག་ཏུ་དག་གྱུར་ཏེ། །རྣམ་དག་ཆོས་ལ་ཐོགས་མེད་ལོངས་སྤྱོད་པའི། །བཀྲ་ཤིས་དེས་ཀྱང་སྒྲིབ་པ་དག་གྱུར་ཅིག །དེ་བཞིན་དུ་གི་ཝཾ་སོགས་རིམ་པར་ཐོགས་ཏེ། གླང༵་པོ༵་ཆེ༵་ས་སྲུང༵་གི༵ས་སྨན༵་གི༵་ཝཾ༵་ཕུལ་བས༴ ། གི་ཝཾ་དུག་གསུམ་འཇོམས་པ་ནད་ཀྱི་སྨན། །སྨན་མཆོག་ཆོས་ཉིད་རབ་ཏུ་རྟོགས་གྱུར་ནས། །ཉོན་མོངས་ཟུག་རྔུ་མེད་པར་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་སྡུག་བསྔལ་ཞི་གྱུར་ཅིག །ཞིང༵་པའི༵་བུ༵་མོ༵་ལེག༵ས་སྐྱེས༵་མས༵་ཞོ༵་ཕུལ་བས༴ ། ཞོ་ནི་ཀུན་གྱི་སྙིང་པོར་གྱུར་པ་སྟེ། །སྙིང་པོ་རྣམ་དག་ཡེ་ཤེས་རྣམ་རྟོགས་ཏེ། །ཡོན་ཏན་ཀུན་གྱི་དབྱིངས་སུ་གྱུར་པ་ཡིས། །བཀྲ་ཤིས་དེས་ཀྱང་དུག་གསུམ་ཞི་གྱུར་ཅིག །བྲམ༵་ཟེ༵་ཀུ༵ཎྜ་ལཱིས༵་རྩ༵་དུ༵རྦ༵་ཕུལ་བ༵ས༴ ། དུརྦས་ཚེ་ནི་འཕེལ་བར་བྱེད་པ་སྟེ། །རྡོ་རྗེ་སེམས་དཔའི་ཚེ་ནི་རབ་བསྒྲུབ་ནས། །ཉོན་མོངས་སྐྱེ་ཤི་རྒྱུན་ཆད་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་ཚེ་ཡང་འཕེལ་གྱུར་ཅིག །ཤིང༵་གི༵་ལྷ༵་མོ༵་འོད༵་འཆ༵ང་མས༵་ཤིང༵་ཏོག༵་བིལྦ༵་ཕུལ༵་བ༵ས༴ ། བིལྦ་རྒྱུ་རྐྱེན་འབྲས་བུར་བཅས་པའི་ཆོས། །འཇིག་རྟེན་འཇིག་རྟེན་འདས་པའི་སྤྱོད་པ་ཀུན། །བྱང་ཆུབ་སྙིང་པོ་མཆོག་ཏུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དོན་ཀུན་འགྲུབ་གྱུར་ཅིག །ལྷའི་དབང་པོ༵་བརྒྱ༵་བྱིན༵་གྱིས༵་དུང་༵དཀར༵་པོ༵་གཡ༵ས་སུ༵་འཁྱིལ༵་བ༵་ཕུལ༵་བ༵ས༴ དུང་ནི་ཆོས་ཀྱི་སྒྲ་རྣམས་སྒྲོགས་པའི་ཚུལ། །ཡེ་ཤེས་རྒྱ་མཚོ་ཉིད་དུ་དག་གྱུར་ཏེ། །ཆོས་རྣམས་མ་ནོར་ཡོངས་སུ་སྟོན་པ་ཡི། །བཀྲ་ཤིས་དེས་ཀྱང་ཚིག་དབང་ཐོབ་གྱུར་ཅིག །ས༵་ཡི༵་ལྷ༵་མོ༵་བརྟན༵་མ༵ས་ལི༵་ཁྲི༵་ཕུལ་བ༵ས༴ ། ལི་ཁྲི་དམར་པོ་དབང་གི་རང་བཞིན་ཏེ། །ཆོས་རྣམས་མ་ལུས་དབང་དུ་བསྡུས་ནས་ཀྱང་། །ཆོས་ཀྱི་རྒྱལ་སྲིད་རབ་ཏུ་བརྟན་གྱུར་པའི། །བཀྲ་ཤིས་དེས་ཀྱང་ཆོས་སྲིད་བརྟན་གྱུར་ཅིག །གས༵ང་བ༵འི་བད༵ག་པོ༵་ཕྱག༵་ན་༵རྡོ་༵རྗེས༵་ཡུངས༵་དཀ༵ར་ཕུལ༵་བ༵ས༴ ། ཡུངས་དཀར་རྡོ་རྗེའི་རིགས་ཏེ་ཐམས་ཅད་དུ། །བགེགས་རྣམས་མ་ལུས་འཇོམས་པར་བྱེད་པ་ཡི། །མཐུ་སྟོབས་ཡོན་ཏན་ཕུན་སུམ་ཚོགས་གྱུར་པའི། །བཀྲ་ཤིས་དེས་ཀྱང་བགེགས་རྣམས་ཞི་གྱུར་ཅིག །ཅེས་རྫས་བརྒྱད་རིམ་པར་འབུལ། སྐབས་འགའ་ཞིག་ཏུ་རྒྱས་པར་མོས་ན། གང་ཡང་བསོད་ནམས་ཆེན་པོའི་དཔལ་དང་ལྡན་པའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་གང་དུ་བྱུང་བ་ན་དེ་ཉིད་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གོ་འཕང་ལ་དབང་བསྐུར་བའི་ཡོ་བྱད་ཐུན་མོང་མ་ཡིན་པ་ནི་རིན་པོ་ཆེ་སྣ་བདུན་ཡིན་ལ། དེ་ཡང་འཁོར་ལོ་ལ་སོགས་པ་བདུན་རེ་རེ་ལ་ཡང་རང་བཞིན་གྱིས་གྲུབ་པའི་ཡོན་ཏན་བདུན་དང་། རྫུ་འཕྲུལ་གྱི་ཡོན་ཏན་བདུན་དང་། བྱང་ཆུབ་ཀྱི་ཡན་ལག་གི་ཡོན་ཏན་བདུན་དང་། ཆོས་ཀྱི་ཡོན་ཏན་བདུན་རྣམས་དང་ལྡན་ཏེ། དེ་ལྟར་ཕུན་སུམ་ཚོགས་པའི་དགེ་ལེགས་ཆེན་པོའི་དཔལ་གྱིས། དེང་འདིར་ཡང་བསྟན་འགྲོའི་དཔལ་མགོན་མཆོག་གི་སྤྲུལ་པའི་སྐུའི་ཞབས་པད་མི་འཇིགས་གདོང་ལྔའི་ཁྲི་ལ་བསྐལ་པ་རྒྱ་མཚོར་བརྟན་ཞིང་། འཁོར་ལོ་གསུམ་གྱི་ཕྲིན་ལས་གོང་ནས་གོང་དུ་འཕེལ་བའི་ཆེད་དུ་རིན་པོ་ཆེ་སྣ་བདུན་གྱི་རྫས་ལ་བརྟེན་ནས་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིགལྷ་རྫས་ལས་བྱས་ལྟེ་བ་ཤིན་ཏུ་ཟླུམ། །རྩིབས་སྟོང་ལྡན་ཞིང་མུ་ཁྱུད་རབ་མཉམ་བཟང་། །སྡང་བའི་དགྲ་ལས་རྣམ་པར་རྒྱལ་གྱུར་པའི། །འཁོར་ལོ་རིན་ཆེན་དམ་པས་བཀྲ་ཤིས་ཤོག །རིན་ཆེན་ངོ་བོ་ལྷ་རྫས་བཻཌཱུརྱ། །ཀུན་ཏུ་དཔག་ཚད་ཙམ་དུ་སྣང་བྱེད་ཅིང་། །དྲི་མེད་ཉིན་མོ་དེ་བཞིན་མཚན་དེ་བཞིན། །ནོར་བུ་རིན་ཆེན་དམ་པས་བཀྲ་ཤིས་ཤོག །གཟུགས་མཛེས་ལྟ་ན་སྡུག་ཅིང་ཚུལ་བཟང་མ། །པགས་པའི་མདོག་ལེགས་འཇམ་ཞིང་དྲི་མཆོག་ལྡན། །ཡིད་འོང་འདོད་དགུའི་རེག་བྱ་དང་ལྡན་པའི། །བཙུན་མོ་རིན་ཆེན་དམ་པས་བཀྲ་ཤིས་ཤོག །གང་ཡང་རྒྱལ་བ་མུ་ཏིག་མདངས་ལྡན་པས། །གསེར་སོགས་མང་པོ་ཐུབ་ལ་ཕུལ་བ་ལྟར། །བཟོད་ལྡན་མཚུངས་པའི་ཁྱིམ་བདག་ནོར་ལྡན་ཏེ། །བློན་པོ་རིན་ཆེན་དམ་པས༴ ། ཡན་ལག་ཐམས་ཅད་ལེགས་སྐྱེས་ས་ལ་ནི། །རབ་གནས་གངས་ཅན་རི་འདྲ་གླང་པོ་ཆེ། །རྒྱལ་པོ་ལ་འོས་མཁའ་ལ་རབ་འགྲོ་བའི། །གླང་པོ་རིན་ཆེན་དམ་པས༴ ། ཐོ་རེངས་དུས་སུ་ཕྱོགས་རྣམས་མ་ལུས་པའི། །ས་རྣམས་བསྐོར་ཞིང་སླར་ཡང་ལྡོག་བྱེད་ཅིང་། །རྨ་བྱའི་མགྲིན་པའི་སྤུ་ལྟར་ཡིད་འོང་བའི། །རྟ་མཆོག་རིན་ཆེན་དམ༴ ། འགྲོ་དང་ལྡོག་དང་ཀུན་ནས་འོང་གྱུར་པའི། །མ་ལུས་བདུད་དཔུང་འཇོམས་པར་བྱེད་པ་ལ། །དཔའ་བརྟན་འབྱོར་པའི་དཔུང་དང་བཅས་པ་ཡི། །དམག་དཔོན་རིན་ཆེན་དམ་པས་བཀྲ་ཤིས་ཤོག །ཅེས་སྣ་བདུན་ཡང་འབུལ། གང་ལྟར་ཡང་མཐར། ཕུན་སུམ་ཚོགས་པ་མངའ་བ་སོགས་ཀྱི་བཀྲ་ཤིས་པའི་ཚིགས་སུ་བཅད་པ་རྒྱ་ཆེར་བརྗོད་ཅིང་མེ་ཏོག་གི་ཆར་དབབ། རོལ་མོ་སྙན་ཅིང་ཡུན་རིང་བས་བདེ་ལེགས་སུ་བྱ། རྗེས་ལྷག་ཆོག་ནས་བཟུང་དཀྱིལ་འཁོར་རྗེས་ཆོག་རྣམས་རང་གཞུང་ལྟར་བྱའོ། །འདིས་ཀྱང་རྒྱལ་བསྟན་ཡུན་དུ་གནས། །དེར་འཛིན་མཆོག་རྣམས་ཞབས་བརྟན་ཞིང་། །འཁོར་ལོ་གསུམ་གྱི་ཕྲིན་ལས་ཀྱིས། །ཕན་བདེའི་ཨུཏྤལ་བཞད་གྱུར་ཅིག །ཅེས་པའང་། ཁྱབ་བདག་མཉྫུ་གྷོ་ཥའི་གསུང་རབ་ལ་གཞི་བཅོལ། སྐྱབས་རྗེ་རབ་འབྱམས་ལྔ་པ་རིན་པོ་ཆེས་ཇི་ལྟར་ཞལ་ཁྲིད་གནང་བའི་དོན་བཞིན། སྐབས་སུ་ཉེ་བར་མཁོ་བས་མཚམས་སྦྱར་ཏེ། སྔགས་བཙུན་པདྨ་བི་ཛ་ཡས་སུག་བྲིས་སུ་བགྱིས་པ་དགེ་ལེགས་ཀྱི་སྣང་བ་ཆེན་པོས་ཕྱོགས་ཐམས་ཅད་དུ་ཁྱབ་ཅིང་བརྟན་པའི་རྒྱུར་ཅིག

ཁྲོམ་ལ་མ་ཎི་བསྐུལ་ཐབས་གཞན་ཕན་སྙིང་པོ།

༄༅། །ཁྲོམ་ལ་མ་ཎི་བསྐུལ་ཐབས་གཞན་ཕན་སྙིང་པོ་བཞུགས། །ན་མོ་གུ་རུ་ཨཱརྱ་ལོ་ཀི་ཤྭ་རཱ་ཡ། འདིར་ཁྲོམ་ལ་མ་ཎི་བསྐུལ་བར་འདོད་ན། རང་ཉིད་འཕགས་པ་ཐུགས་རྗེ་ཆེན་པོའི་སྐུར་བསྒོམས་ཏེ། འཁོར་རྣམས་ལ་ཚད་མེད་ཀྱི་སྙིིང་རྗེ་དང་བྱམས་པའི་སེམས་ཀྱི་ཁྱབ་པར་བལྟས་ལ། འོ། འདིར་འཚོགས་ཀྱི་སྐལ་ལྡན་ཕོ་མོ་རྣམས་སེམས་གཞན་དུ་མ་ཡེངས་པར་སྙན་ལྷན་ནེར་གཏད་དེ་གསན་འཚལ། དེ་ཡང་འོ་སྐོལ་རྣམས་སྔོན་བསགས་བཟང་པོའི་མཐུས་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ལན་གཅིག་ཐོབ་ཏུ་ཟིན་ཀྱང་། དུས་ཡུན་རིང་དུ་མི་གནས་ཏེ་འཆི་བ་ལས་མ་འདས། ནམ་རང་ཉིད་འཆི་བའི་ཚེ་དམ་པའི་ཆོས་མ་གཏོགས་སྐྱབས་དང་རེ་ས་གཞན་མེད་དེ། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཞལ་ནས། གང་དག་འཆི་བའི་དུས་ཀྱི་ཚེ། །བུ་དག་སྐྱབས་སུ་མི་འགྱུར་ཞིང་། །ཕ་མ་མ་ཡིན་གཉེན་འདུན་མིན། །དེ་ཚེ་བསོད་ནམས་སྐྱབས་གཅིག་པུ། །ཞེས་གསུངས། དེ་ཡང་ཟག་བཅས་མི་དགེ་བའི་ལས་ཀྱིས་ངན་སོང་དུ་སྐྱེས་ན་སྡུག་བསྔལ་བཟོད་གླགས་མེད། གལ་ཏེ་དགེ་བའི་ལས་ཀྱིས་མཐོ་རིས་སུ་འཕངས་ཀྱང་རྟག་མི་ཐུབ་སྟེ་འགྱུར་དང་འདུ་བྱེད་ཀྱི་སྡུག་བསྔལ་ལས་མ་འདས། དེས་ན་ད་ལྟ་རང་དབང་ཡོད་པའི་སྐབས་འདིར། ནམ་བཞག་གཏན་གྱི་འདུན་མ། རང་གཞན་སྲིད་ཞིའི་འཇིགས་པ་ལས་གྲོལ་ནས་རྣམ་གྲོལ་གཏན་གྱི་བདེ་བ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཅི་ནས་ཀྱང་ཐོབ་པར་བྱ། དེའི་ཆེད་དུ་སྲོག་གཅོད་པ་དང་། མ་བྱིན་པ་ལེན་པ་སོགས་སྡིག་པ་མི་དགེ་བའི་ལས་སྤོང་ཅི་ནུས་དང་། གཉེན་པོ་དགེ་བའི་ལས་ལ་ཅི་ནུས་སུ་འབད་པ་དང་། ཁྱད་པར་བོད་གངས་རིའི་ལྗོངས་ཀྱི་ལྷ་སྐལ་གཅིག་པུར་གྱུར་པ་འཕགས་པ་ཐུགས་རྗེ་ཆེན་པོ་ཉིད་ཡི་དམ་གྱི་ལྷར་བཟུང་ཞིང་། གསུང་མཆོག་ཡི་གེ་དྲུག་མ་ལ་རྒྱུན་གྱི་རྣལ་འབྱོར་བྱའོ་སྙམ་པའི་མོས་པ་བརྟན་པོས་ངེད་ཀྱི་རམ་བུ་ཐེག་ལ་ཡི་གེ་དྲུག་མ་བཟླ་བར་ཞུ། ཞེས་མཚམས་སྦྱར་ནས་དབྱངས་སྙན་པོས། ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིཿདཔལ་ཕྱོགས་དུས་རྒྱལ་བ་སྲས་བཅས་ཀྱི། །ཐུགས་བརྩེ་ཆེན་ཡེ་ཤེས་གཅིག་བསྡུས་པ། །མ་འགྲོ་དྲུག་སྐྱོབ་པའི་ཐུགས་རྗེ་ཅན། །ལྷ་ཐུགས་རྗེ་ཆེན་པོར་གསོལ་བ་འདེབས། །ༀ་མ་ཎི༴ ཀྱེ་གངས་ཅན་བླ་མ་སྤྱན་རས་གཟིགས། །བདག་གསོལ་འདེབས་བུ་ལ་ཐུགས་རྗེས་གཟིགས། འདིར་འཚོགས་ཀྱི་འགྲོ་ལ་བྱིན་གྱིས་རློབས། །གསུང་ཡི་གེ་དྲུག་མས་ལམ་སྣ་དྲོངས། །ༀ་མ༴ ཁྱེད་འདིར་འཚོགས་སྐལ་ལྡན་ཕོ་མོ་རྣམས། །སྔོན་བསོད་ནམས་བསགས་པའི་འབྲས་བུ་ཡིས། །དུས་ད་རེས་དལ་འབྱོར་མི་ལུས་ཐོབ། །འདི་དོན་མེད་མ་གཏོང་ཡིག་དྲུག་བགྲོངས། །ༀ་མ༴ ཚེ་མི་རྟག་རླུང་གསེབ་མར་མེ་འདྲ། །དགྲ་འཆི་བདག་ནམ་འོང་ཆ་མ་མཆིས། །དུས་དོ་ནུབ་མི་འཆིའི་གདེང་ཡོད་དམ། །བློ་རྟག་འཛིན་སྤོངས་ལ་ཡིག་དྲུག་བགྲོངས། །ༀ་མ༴ ལུས་གཅེས་པར་བསྐྱང་བ་བྱ་ཁྱིས་ཟ། །ནོར་སེར་སྣས་བསོག་པ་ཤུལ་དུ་ལུས། །གཉེན་ཉེ་བས་མི་སྐྱོབ་གཅིག་པུར་འགྲོ། །ཚུལ་དེ་ལ་བསམས་ཏེ་ཡིག་དྲུག་བགྲོངས། །ༀ་མ༴ ལས་དགེ་སྡིག་ལུས་དང་གྲིབ་བཞིན་འགྲོགས། །སྤྱིར་འཁོར་བའི་གནས་ན་བདེ་བ་མེད། །དགོས་ངན་སོང་སྡུག་བསྔལ་བཟོད་པར་དཀའ། །དོན་དེ་ལས་ཐར་ཕྱིར་ཡིག་དྲུག་བགྲོངས། ༀ་མ༴ བོད་གངས་རིའི་ལྗོངས་ཀྱི་ལྷ་སྐལ་མཆོག །མཚན་ཐོས་པས་རིགས་དྲུག་སྐྱེ་སྒོ་གཅོད། །མགོན་ཐུགས་རྗེ་ཆེན་པོར་གསོལ་བ་ཐོབས། །སྔགས་གཅིག་ཆོག་སྙིང་པོ་ཡིག་དྲུག་བགྲོངས། །ༀ་མ༴ མ་འགྲོ་ཀུན་སྲིད་ལས་སྒྲོལ་བའི་ཕྱིར། །སྐྱབས་དཀོན་མཆོག་གསུམ་ལ་སྐྱབས་སུ་སོངས། །བྱམས་སྙིང་རྗེ་བྱང་ཆུབ་སེམས་མཆོག་བསྐྱེད། །གཤིས་སྤྲོས་བྲལ་ངང་ནས་ཡིག་དྲུག་བགྲོངས། །ༀ་མ༴ མདངས་མ་འགགས་གཟུགས་སྣང་འཕགས་པའི་སྐུ། །སྒྲར་གྲགས་པ་སྙིང་པོ་སྔགས་ཀྱི་སྒྲ། །སེམས་དྲན་རྟོག་འོད་གསལ་རྒྱལ་བའི་ཐུགས། །དོན་འབྲལ་མེད་ངང་ནས་ཡིག་དྲུག་བགྲོངས། །ༀ་མ༴ དགེ་འདིས་མཚོན་དུས་གསུམ་བྱས་བསགས་ཀུན། །མགོན་སྲས་བཅས་རྒྱལ་བའི་ཡོངས་བསྔོ་བཞིན། །མ་འགྲོ་ཀུན་རྣམ་མཁྱེན་ཐོབ་ཕྱིར་བསྔོས། །དེས་དོན་གཉིས་འགྲུབ་བོ་སྐལ་ལྡན་རྣམས། །ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིཿདུས་དེ་རིང་ཡིག་དྲུག་བསྐུལ་བའི་མཐུས། །སྤྱིར་སངས་རྒྱས་བསྟན་པ་དར་བ་དང་། །དགོས་དཔལ་ལྡན་བླ་མའི་ཞབས་པད་བརྟན། །མཁའ་ཁྱབ་ཀྱི་འགྲོ་ཀུན་བདེ་ཞིང་སྐྱིད། །བསམ་དོན་ཀུན་ཆོས་བཞིན་འགྲུབ་གྱུར་ཅིག །ཅེས་དང་བར་སྐབས་སུ་ཡིག་དྲུག་ཅི་ནུས་བཟླ། མཐར། འཇམ་དཔལ་དཔའ་བོ་དང་། ངན་སོང་སྡུག་བསྔལ༴ བསོད་ནམས་འདི་ཡིས༴ འཇིག་རྟེན་བདེ་ཞིང་སོགས་ཇི་སྣང་རིགས་པའི་བསྔོ་སྨོན་དང་ཤིས་བརྗོད་ཀྱིས་མཐའ་བརྒྱན་པར་བྱའོ། །ཞེས་པའང་ཉེར་མཁོའི་ཡན་ལག་ཏུ་པདྨ་བི་ཛས་བྲིས་པ་དགེ །

གཡང་འགུགས་འདོད་དགུའི་ཆར་འབེབས།

༄༅། །གཡང་འགུགས་འདོད་དགུའི་ཆར་འབེབས་བཞུགས། ༀ་སྭ་སྟི། གཡང་འགུགས་མདོར་བསྡུས་བྱ་བར་སྤྲོ་ན། མདའ་དར་དང་། ཕྱེ་མར་གཡང་རྫས་ཅི་འབྱོར་བཤམས་ལ། སྐྱབས་སེམས་ནི། སྐྱབས་འོས་རྣམས་ལ་གུས་པས་སྐྱབས་མཆི་ཞིང་། །འགྲོ་སྒྲོལ་སླད་དུ་བྱང་ཆུབ་སེམས་མཆོག་བསྐྱེད། །སེམས་ཅན་བདེ་ལྡན་སྡུག་བསྔལ་རྒྱུར་བཅས་བྲལ། །བདེ་ལས་མི་ཉམས་བཏང་སྙོམས་ངང་གནས་ཤོག །དངོས་གཞི་ནི། སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་སྣོད་བཅུད་དག་པའི་ཞིང་། །ཡིད་འཕྲོག་ནོར་བུ་བརྩེགས་པའི་གཞལ་མེད་དབུས། །ཕུལ་བྱུང་མཆོད་པའི་སྤྲིན་གྱི་ལྡིང་ཁང་དུ། །དུས་གསུམ་རྒྱལ་བའི་ཡེ་ཤེས་གཅིག་བསྡུས་དཔལ། །རྩ་བའི་བླ་མ་ཨོ་རྒྱན་རྡོ་རྗེ་འཆང་། །རྒྱས་པའི་ལས་མཛད་རཏྣ་ཐོད་ཕྲེང་རྩལ། །རབ་འབྱམས་ནོར་ལྷ་རྒྱ་མཚོའི་འཁོར་གྱིས་བསྐོར། །དྲན་པ་ཙམ་གྱིས་འདོད་དགུའི་ཆར་འབེབས་བསམ། །གནས་གསུམ་འབྲུ་གསུམ་མཚན་ལས་འོད་འཕྲོས་པས། །དབྱིངས་ནས་ཡེ་ཤེས་སྤྱན་དྲངས་གཉིས་མེད་གྱུར། །ཧཱུྃ་ཧྲཱིཿའོག་མིན་གནས་དང་འགྲོ་འདུལ་སྤྲུལ་ཞིང་ནས། །བླ་མ་རྩ་གསུམ་ནོར་ལྷ་རབ་འབྱམས་ཚོགས། །ཐུགས་དམ་རྗེས་དགོངས་འདིར་གཤེགས་བྱིན་ཕོབ་ལ། །ཚེ་དང་ལོངས་སྤྱོད་འདོད་དགུའི་དངོས་གྲུབ་སྩོལ། །དམ་ཡེ་དབྱེར་མེད་རྟེན་ལ་དགྱེས་པར་བཞུགས། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་། །དངོས་འབྱོར་ཡིད་སྤྲུལ་ཀུན་བཟང་མཆོད་སྤྲིན་འབུལ། །ཆེ་བའི་ཡོན་ཏན་རྗེས་དྲན་གླུ་ཡིས་བསྟོད། །ཐུགས་དམ་བསྐུལ་ལོ་དབྱིངས་ནས་ཐུགས་རྗེས་གཟིགས། །བདག་ཅག་སྙིགས་མའི་དུས་མཐར་སྐྱེས་རྣམས་ལ། །སྐྱབས་གནས་རེ་ལྟོས་ཁྱེད་ལས་མ་མཆིས་པས། །ཐུགས་རྗེས་གཟིགས་ལ་འདོད་དགུའི་དངོས་གྲུབ་སྩོལ། །ལྷ་ཚོགས་ཐུགས་ལས་འོད་ཟེར་མཁའ་ཁྱབ་འཕྲོས། །རབ་འབྱམས་ཕྱོགས་བཅུའི་ཞིང་ཁམས་ཇི་སྙེད་ནས། །འཁོར་འདས་ལམ་གྱི་ཕྱྭ་གཡང་དཔལ་འབྱོར་ཀུན། །སྤྲིན་ལྟར་བསྡུས་ནས་བདག་ལ་སྩལ་པར་གྱུར། །ཞེས་མོས་ལ། སྤྲོ་ན། རཏྣ་ཐོད་ཕྲེང་རྩལ་དང་། ནོར་ལྷ་སྤྱི་བྱེ་བྲག་གི་སྔགས་ཀྱང་ཅི་རིགས་བརྗོད། གང་ལྟར་ཡང་མདའ་དར་གཡབ་ཅིང་། ཀྱཻ། ཕུན་ཚོགས་དགེ་ལེགས་བྱེ་བའི་དཔལ་ཡོན་ཅན། །དྲན་པ་ཙམ་གྱིས་འདོད་དགུའི་ཆར་འབེབས་པའི། །རབ་འབྱམས་རྩ་གསུམ་ནོར་ལྷ་གཏེར་བདག་ཚོགས། །དེང་འདིར་གདུང་བས་འབོད་དོ་བརྩེ་བས་དགོངས། །ཁྱོད་ནི་ནམ་མཁའ་མཛོད་ལ་མངའ་བརྙེས་ཤིང་། །དབུལ་བའི་གདུང་སེལ་ཡིད་བཞིན་ནོར་ལས་ལྷག །སྔོན་སྨོན་ཐ་ཚིག་བཙན་པོ་རྗེས་དགོངས་ལ། །དེང་འདིར་ཚེ་བསོད་འདོད་དགུའི་གྲུ་ཆར་ཕོབ། །བདག་སོགས་འགྲོ་བ་མ་རིག་རྨོངས་པའི་མཐུས། །སེར་སྣ་འཕགས་མིན་སྒྲིབ་པའི་ཁུར་ལྕིས་ནོན། །འཕགས་རྣམས་ཐུགས་དང་འགལ་བའི་ནོངས་བགྱིས་ཀུན། །མཐོལ་ཞིང་བཤགས་སོ་བྱང་ཞིང་དག་པར་མཛོད། །འགྲོ་བ་ལས་ཀྱི་རྒྱུ་ལ་ཁག་འཆེ་ན། །ཁྱོད་ཀྱི་ཐུགས་བསྐྱེད་མཐུ་ནུས་ཅི་ལྟར་རུང་། །དེ་སླད་ཕྱི་མའི་དུས་ལ་མི་ལྟོས་པར། །ད་ལྟ་ཉིད་དུ་འདོད་འབྲས་མཆིས་པར་མཛོད། །སངས་རྒྱས་བྱང་སེམས་བསྟན་འཛིན་དགེ་བའི་བཤེས། །ལུང་རྟོགས་དམ་ཆོས་བཤད་སྒྲུབ་ཕྲིན་ལས་རྒྱུན། །ལྷ་ཀླུ་གནོད་སྦྱིན་མི་ཡི་དཔལ་འབྱོར་སྟོབས། །མ་ལུས་བཀྲ་ཤིས་གནས་འདིར་གཡང་དུ་ཁུག །གླིང་བཞི་ཉི་ཟླ་རྩི་སྨན་སྣོད་ཀྱི་བཅུད། །རིགས་གཟུགས་སྟོབས་འབྱོར་ཤེས་རིག་བཅུད་ཀྱི་དཔལ། །ཕུན་ཚོགས་སྡེ་བཞིའི་དཔལ་ཡོན་ཇི་སྙེད་པ། །མ་ལུས་དབང་དུ་བསྡུས་ལ་དེང་འདིར་སྩོལ། །འཆི་མེད་ཚེ་དང་རྒས་མེད་ལང་ཚོའི་དཔལ། །འཇིགས་མེད་སྤོབས་པ་རྒུད་མེད་རྣམ་དཔྱོད་བློ། །བཅུད་ཆེན་ཟས་དང་བརྗིད་ཆེན་གོས་ལ་སོགས། །སྲིད་ཞིའི་དཔལ་ཡོན་མ་ལུས་དེང་འདིར་སྩོལ། །ཁྱད་པར་སྟོང་དང་རྟེན་འབྱུང་ཟུང་འཇུག་པའི། །འོད་གསལ་སེམས་ཀྱི་ཆོས་ཉིད་སྒྲིབ་བྲལ་གཤིས། །མངོན་གྱུར་འཛད་མེད་སྤོབས་པའི་གཏེར་ཆེན་གྱིས། །དོན་གཉིས་དགའ་སྟོན་མཆོག་ཏུ་རྒྱས་པར་མཛོད། །རྨད་བྱུང་བྱང་ཆུབ་སེམས་ཀྱི་རྟེན་འབྲེལ་གྱིས། །བདག་སྣང་དབང་འདུས་གཞན་སྣང་ཟིལ་གྱིས་ནོན། །ཀུན་ཀྱང་ཐེག་པ་མཆོག་གིས་རྒྱུད་གྲོལ་ནས། །རྣམ་གྲོལ་ཡོན་ཏན་གཏེར་ལ་དབང་འབྱོར་མཛོད། །བཅུད་ཀྱི་སྤྱོད་པས་སྣོད་ཀྱི་དགེ་མཚན་སྤེལ། །སྣོད་ཀྱི་དཔལ་ཡོན་བཅུད་ཀྱི་གསོས་སྨན་གྲུབ། །ཕན་ཚུན་རྒྱུ་རྐྱེན་རྟེན་འབྲེལ་གཅིག་ཏུ་འཚོགས། །རྫོགས་ལྡན་གསར་དུ་འཆར་བའི་བཀྲ་ཤིས་ཤོག །ཅེས་པ་དང་། ༀ་ཨཱཿ་ཧཱུྃ་བཛྲ་གུ་རུ་རཏྣ་ཐོད་ཕྲེང་སོགས་ཞེས་བཟླས་མཐར་དངོས་གྲུབ་ལེན་པ་ནི། ཧཱུྃ། བདེ་མཆོག་བདེ་སྤྱོད་ནམ་མཁའི་དཀྱིལ་ཡངས་ནས། །རྒྱལ་བའི་དཀྱིལ་འཁོར་སྲས་བཅས་ཐུགས་དམ་ཅན། །འཆི་མེད་རྩ་གསུམ་ནོར་ལྷ་རབ་འབྱམས་ཀྱིས། །སྐུ་གསུང་ཐུགས་དང་སོགས། བླ་མེད་མཆོག་གི་དངོས་གྲུབ་སྩལ་དུ་གསོལ། །ༀ་ཨཱཿཧཱུྃ་བཛྲ་གུ་རུ་རཏྣ་ཐོད་ཕྲེང་རྩལ་སརྦ་སིངྔྷི་ཕ་ལ་ཧཱུྃ། ཀཱ་ཡ་ཝཱ་ཀ་ཙིཏྟ་སིངྔྷི་ཧཱུྃ་ཧཱུྃ། ཞེས་བརྗོད། ཡེ་ངྷརྨ་དང་སུ་པྲ་ཏིཥྛ་སོགས་བརྗོད་པས་རྟེན་ལ་བསྟིམ་རྗེས། བག་མེད་ཉམས་ཆག་གྱུར་ཀུན་བཟོད་མཛོད་ལ། །དམ་ཚིག་ཡེ་ཤེས་རང་དང་དབྱེར་མེད་ཐིམ། །དགེ་བས་འགྲོ་ཀུན་ཚོགས་གཉིས་ཡོངས་རྫོགས་ནས། །རྣམ་གྲོལ་སྐུ་གཉིས་འབྲས་བུ་མངོན་བྱེད་ཤོག །འབད་དང་རྩོལ་བ་སོགས། ཤིས་བརྗོད་ཇི་ལྟར་རིགས་པས་མཐའ་བརྒྱན་པར་བྱའོ། །ཞེས་པའང་ཉེར་མཁོའི་ཡན་ལག་ཏུ་འགྱུར་མེད་པདྨ་བསྟན་འཛིན་གྱིས་བྲིས་པ་རྟེན་འབྱུང་འགགས་པ་མེད་པའི་རང་རྩལ་མྱུར་དུ་སྟོན་པའི་རྒྱུར་གྱུར་ཅིག

གཡང་བསང་འདོད་དགུའི་ཆར་འབེབས།

༄༅། །གཡང་བསང་འདོད་དགུའི་ཆར་འབེབས་བཞུགས་སོ། །ཀྱེ། ཚོགས་གཉིས་ནོར་བུ་རྒྱས་པའི་སྤྲིན་ཆེན་ལས། །གྲུབ་གཉིས་འདོད་དགུའི་གྲུ་ཆར་འཇོ་བ་ཡིས། །དོན་གཉིས་རེ་སྐོང་རྩ་གསུམ་ནོར་ལྷའི་ཚོགས། །འདིར་གཤེགས་བསང་གི་དགའ་སྟོན་བཞེས་སུ་གསོལ། །རིན་ཆེན་འབྲུ་སྨན་བཟའ་བཏུང་འབྱོར་དགུའི་ཚོགས། །འབར་བྱེད་མེ་དང་སྦྱར་བའི་དུད་པའི་སྤྲིན། །མི་གཙང་ཉེས་ཀུན་སེལ་བྱེད་བདུད་རྩིའི་ཆར། །གང་བཞེད་འདོད་དགུར་འཆར་བའི་རོལ་མོ་འདིས། །རྩ་གསུམ་འདུས་ཞལ་རཏྣ་ཐོད་ཕྲེང་རྩལ། །སྐུ་ལྔ་མཚན་བརྒྱད་རྣམ་འཕྲུལ་བསམ་མི་ཁྱབ། །དགོངས་བརྡའ་སྙན་བརྒྱུད་རིག་འཛིན་བླ་མ་བསང་། །བྱིན་རློབས་དབང་བསྐུར་ཉམས་རྟོགས་གོང་དུ་སྤོར། །བདེ་ཆེན་རྡོ་རྗེའི་རང་གདངས་ལས་ཤར་བའི། །རབ་འབྱམས་ཞི་ཁྲོ་ཁྱབ་བདག་སྒྲུབ་སྡེ་བརྒྱད། །རྒྱུད་སྡེ་བཞི་དྲུག་ཐེག་དགུའི་ཡི་དམ་བསང་། །མཆོག་ཐུན་འདོད་དགུའི་དངོས་གྲུབ་མ་ལུས་སྩོལ། །རྨད་བྱུང་རྡོ་རྗེ་ལུས་ཀྱི་ད་ལ་ནས། །རྩ་རླུང་ཐིག་ལེའི་རང་བཞིན་རྣམ་དག་པའི། །འབུམ་ཕྲག་ཡངས་པའི་དཔའ་བོ་མཁའ་འགྲོ་བསང་། །ཉེས་ལྟུང་ཀུན་སོལ་བདེ་ཆེན་ཡེ་ཤེས་སྐྱེད། །ཡེ་ཤེས་འཇིག་རྟེན་སྣ་ཚོགས་ཚུལ་སྟོན་ཞིང་། །རྣམ་བཞིའི་ལས་སྒྲུབ་མཐུ་སྟོབས་བསམ་མི་ཁྱབ། །རྒྱུད་གསུམ་དམ་ཅན་དྲེགས་པའི་དཔུང་ཚོགས་བསང་། །གང་བརྩམ་ལས་ཀུན་ཐོག་མེད་འགྲུབ་པར་མཛོད། །བསོད་ནམས་བསམ་མི་ཁྱབ་པའི་ནོར་བུའི་གཏེར། །དགེ་ལེགས་ཕན་བདེའི་འདོད་འཇོ་དཔག་བསམ་དབང་། །རབ་འབྱམས་ནོར་ལྷ་གཏེར་བདག་མ་ལུས་བསང་། །ཕུན་ཚོགས་སྡེ་བཞིའི་བང་མཛོད་འགེངས་པར་མཛོད། །ཁྱད་པར་ས་བརྒྱད་སེམས་དཔའ་ནོར་ལྷའི་ཚུལ། །རྒྱལ་ཆེན་རྣམ་ཐོས་སྲས་དང་ཛམ་བྷ་ལ། །ནོར་སྦྱིན་འཕགས་མ་སྤྲུལ་འཁོར་བཅས་རྣམས་བསང་། །ཚེ་བསོད་དཔལ་འབྱོར་ཡར་ཟླ་ལྟར་འཕེལ་མཛོད། །གཞན་ཡང་ཡུལ་ལྷ་གཞི་གནས་གཏེར་གྱི་བདག །ལོ་ཟླ་ཞག་དུས་སྤར་སྨེ་ས་བདག་སོགས། །སྣང་སྲིད་མགྲོན་དུ་འོས་པ་ཐམས་ཅད་བསང་། །ཞི་དང་བཀྲ་ཤིས་བདེ་ལེགས་འཕེལ་བར་མཛོད། །ཕྱི་སྣོད་རྣམ་དག་ཡུམ་ལྔའི་མཁའ་ཀློང་མཆོག །ནང་བཅུད་རྣམ་དག་ལྷ་དང་ལྷ་མོའི་སྤྲིན། །ཕུང་ཁམས་སྐྱེ་མཆེད་གདན་གསུམ་དཀྱིལ་འཁོར་ཆེ། །ཡེ་ནས་དག་མཉམ་ཆོས་སྐུའི་རོལ་པར་བསང་། །དེ་ཕྱིར་བསང་བྱ་བསང་བྱེད་མ་དམིགས་ཀྱང་། །ཀུན་རྫོབ་རྟེན་འབྲེལ་ཆོ་ག་ཟབ་མོའི་མཐུས། །མི་གཙང་ཉེས་ལྟུང་རྒུད་པ་ཀུན་སངས་ཤིང་། །སྲོག་ལུས་དབང་ཀླུང་སྙན་གྲགས་གཟི་མདངས་སྤེལ། །སྣོད་བཅུད་རྫོགས་ལྡན་གསར་པའི་སྒོ་འཕར་ཕྱེས། །བརྟན་གཡོ་སྲིད་ཞིའི་ཕྱྭ་གཡང་དབང་དུ་བསྡུས། །དཔལ་འབྱོར་འཛད་མེད་དབྱར་གྱི་མཚོ་ལྟར་བསྐྱིལ། །ཆོས་སྲིད་མི་ནུབ་ནོར་བུའི་རྒྱལ་མཚན་སྒྲེང་། །དོན་གཉིས་བསམ་ཀུན་འགྲུབ་པའི་བཀྲ་ཤིས་སྩོལ། །ཀུན་བཟང་ཡེ་ཤེས་བཞེད་སྐོང་དུ། །ཀུན་བཟང་བསྟན་པའི་རྒྱལ་མཚན་ཀྱིས། །ཀུན་ཕན་ལྷག་པའི་བསམ་པས་བྲིས། །ཀུན་དགའི་དུས་སྟོན་དར་གྱུར་ཅིག །༈ ཀྱཻ་གང་མཚན་དྲན་པས་ཕུན་ཚོགས་སྡེ་བཞིའི་དཔལ། །ཡིད་ལ་བསམ་པ་ཐམས་ཅད་འགྲུབ་མཛད་པའི། །རབ་འབྱམས་རྩ་གསུམ་དམ་ཅན་སྲུང་མར་བཅས། །རྣམ་རོལ་མ་འགགས་ཅིར་ཡང་སྟོན་པའི་འཕྲུལ། །ཁྱིམ་ལྷ་གེལ་ཐུང་དུང་གི་ཀ་བ་བསྣམས། །ཐབ་ལྷ་ཡུ་མོ་གསེར་གྱི་གཟར་བུ་འཛིན། །ཞིང་ལྷ་ཚངས་པ་སྙེ་མ་བུམ་བཟང་བསྣམས། །ཕྱུགས་ལྷ་རྣམ་སྲས་བེ་ཅོན་ནེའུ་ལེ་འཛིན། །ནོར་བདག་ཛམ་ལྷ་ཤིང་ཐོག་ནོར་རྐྱལ་བསྣམས། །ཕྲག་ལྷ་དཀར་པོ་རྒྱལ་མཚན་མདུང་དར་འཛིན། །སྲོག་ལྷ་དུང་མི་ཤེལ་གྱི་ཚེ་བུམ་བསྣམས། །མ་ལྷ་བུ་རྫི་གྲུ་གུ་འཕང་ལོ་ཐོགས། །དགྲ་བླ་འཐབ་རྐྱེན་རལ་གྲི་རུ་མཚོན་སྒྲེང་། །ཇག་ལྷ་དར་མ་རལ་གྲི་མདུང་དར་ཕྱར། །ཟས་ལྷ་དམར་པོ་གསེར་གྱི་ནོར་བུ་བསྣམས། །མགྲོན་ལྷ་དཀར་པོ་མདུང་དར་ནོར་རྐྱལ་ཐོགས། །ཚོང་ལྷ་ཚོགས་བདག་ནོར་དབྱུག་ནེའུ་ལེ་འཛིན། །རང་རང་འཁོར་གཡོག་ཁྲི་དང་འབུམ་གྱིས་བསྐོར། །འདིར་གཤེགས་འདོད་ཡོན་ཟག་མེད་མཆོད་བསང་མཆོད་སོགས་གཏོར་བཞེས། །ཁྱེད་རྣམས་མཐུ་སྟོབས་རྫུ་འཕྲུལ་བསམ་མི་ཁྱབ། །སྔོན་གྱི་སྨོན་ལམ་ཐུགས་བསྐྱེད་དྲན་མཛོད་ལ། །རྣལ་འབྱོར་བདག་ཅག་དཔོན་སློབ་འཁོར་བཅས་དང་། །ལུས་དང་གྲིབ་མ་བཞིན་དུ་མི་འབྲལ་འགྲོགས། །ནད་གདོན་འགལ་རྐྱེན་དགྲ་འདྲེའི་འཚེ་བ་ལས། །སྲུང་སྐྱོབ་ཕྲིན་ལས་རྣམ་བཞིའི་སྒོ་འཕར་ཕྱེས། །ཁྱིམ་ལྷས་ཁྱིམ་འདིར་བཀྲ་ཤིས་འཕེལ་བ་དང་། །ཐབ་ལྷས་ཐབ་ཏུ་མར་ཁུའི་མཚོ་མོ་ཁོལ། །ཞིང་ལྷས་ཞིང་འདིར་ལོ་གཡང་དཔལ་འབྱོར་ཁུག །ཕྱུགས་ལྷས་ཕྱུགས་སྲུང་ཕྱུགས་གཡང་དབང་དུ་བསྡུས། །ནོར་ལྷས་སྲིད་ཞིའི་ཕྱྭ་གཡང་དཔལ་འབྱོར་སྩོལ། །ཕྲག་ལྷས་འདོད་དོན་ཀུན་འགྲུབ་རྒྱལ་ཁ་ཐོབ། །སྲོག་ལྷས་སྲོག་སྐྱོབ་བླ་ཚེ་འཁྱམས་པ་སྲུངས། །མ་ལྷས་བུ་ཆུང་སྐྱེས་ཀྱི་རྫི་བུ་དང་། །དགྲ་ལྷས་དགྲ་བླའི་མཐུ་སྟོབས་མི་ལ་ཕོབ། །ཇག་ལྷས་དགྲ་ཕམ་བདག་རྒྱལ་དགྲ་བླ་མཛོད། །ཟས་ལྷས་ཟ་ཁ་དང་ནི་འཐུང་ཁ་ཕྱེས། །མགྲོན་ལྷས་གར་འགྲོ་བསུ་སྐྱེལ་སྡོང་གྲོགས་དང་། །ཚོང་ལྷས་ཚོང་ལེགས་ཟས་ནོར་འདུ་བར་མཛོད། །མདོར་ན་རྣལ་འབྱོར་ཡིད་ལ་བསམ་པའི་དོན། །ཆོས་ནོར་འདོད་ཐར་སྡེ་བཞིའི་ཕུན་ཚོགས་དཔལ། །མ་ལུས་དབང་བསྡུས་སྙན་གྲགས་རླུང་རྟ་བསྐྱེད། །ཕྱོགས་ལས་རྣམ་པར་རྒྱལ་བའི་གྲོགས་མཛོད་ཅིག །རྒྱལ་བསྟན་དར་ཞིང་བསྟན་འཛིན་དབུ་རྨོག་མཐོ། །དགེ་འདུན་སྡེ་རྒྱས་བཤད་སྒྲུབ་འདུ་བ་འཕེལ། །རྒྱལ་ཁམས་བདེ་སྐྱིད་དགེ་བཅུའི་དཔལ་གྱིས་འཚོ། །དོན་གཉིས་བསམ་འགྲུབ་བཀྲ་ཤིས་དཔལ་འཕེལ་མཛོད། །ཅེས་པའང་རྣམ་པར་རྒྱལ་བའི་ལྷས་སོ། །༈ ཀྱེ། བསམ་པའི་དོན་ཀུན་སྒྲུབ་མཛད་པའི། །མཐུ་ཆེན་དགྲ་ལྷ་ཝེར་མའི་ཚོགས། །འདིར་གཤེགས་དམ་རྫས་མཆོད་པ་བཞེས། །བསམ་དོན་ཡིད་བཞིན་འགྲུབ་པར་མཛོད། །བདག་དང་རྒྱུ་སྦྱོར་ཡོན་བདག་གི། །སྲོག་ལུས་དབང་ཐང་གུད་པ་སོལ། །མཐུན་པའི་ཀླུང་རྟ་གྱེན་ལ་བསྐྱེད། །སྙན་གྲགས་ནམ་མཁའ་གང་བར་མཛོད། །གཞི་རུ་བདེ་སྐྱིད་ལོངས་སྤྱོད་འཕེལ། །བྱེས་སུ་དོན་གྲུབ་ངོ་སོ་མཐོ། །མི་མཐུན་དགྲ་འདྲེའི་འཚེ་བ་བཟློག །ཕྱོགས་ལས་རྣམ་པར་རྒྱལ་བར་མཛོད། །སངས་རྒྱས་བསྟན་པ་དར་བ་དང་། །བརྒྱུད་འཛིན་མངའ་ཐང་འབྱོར་པ་རྒྱས། །རྣམ་བཞིའི་ལས་ཀུན་འགྲུབ་པ་དང་། །བཀྲ་ཤིས་བདེ་ལེགས་འཕེལ་བར་མཛོད། །ཅེས་པའང་རྣམ་པར་རྒྱལ་བས་སོ། །༈ ཀྱེ། བཀྲ་ཤིས་དོན་ཀུན་འགྲུབ་མཛད་པའི། །འགོ་བའི་ལྷ་སྲུང་གཉན་པོ་རྣམས། །འདིར་གཤེགས་གསེར་སྐྱེམས་མཆོད་པ་བཞེས། །འགོ་ཞིང་སྡོང་གྲོགས་གཡེལ་མེད་མཛོད། །མི་ཤིགས་སྲོག་གི་ཀ་བ་ཚུགས། །དཔལ་འབྱོར་འདོད་དགུའི་བང་མཛོད་ཕྱེས། །རྩོད་དང་དོན་གཉེར་རྒྱལ་ཁ་ལོངས། །མཐུན་རྐྱེན་བསམ་པ་ཀུན་འགྲུབ་མཛོད། །ཀླུང་རྟ་སྙན་པའི་བ་དན་སྒྲེངས། །གྲགས་པ་འབྲུག་སྒྲས་ས་གསུམ་ཁྱབ། །སྟོབས་རྩལ་གདོང་ལྔའི་དཔལ་ལ་འགྲན། །ཆོས་སྲིད་དབྱར་མཚོ་ལྟར་འཕེལ་མཛོད། །མདོར་ན་ཡིད་ལ་བསམ་པའི་དོན། །འབད་མེད་ལྷུན་གྱིས་གྲུབ་པ་ཡི། །ངོ་མཚར་སྙན་པའི་རོལ་མོ་ཡིས། །ཕྱོགས་དུས་ཀུན་ཏུ་ཁྱབ་པར་མཛོད། །ཅེས་པའང་རྣམ་པར་རྒྱལ་བའི་ལྷས་སོ། །༈ ཀྱཻ། འདོད་དགུའི་རེ་བ་སྐོང་མཛད་པའི། །གནོད་སྦྱིན་ནོར་ལྷ་གཏེར་བདག་རིགས། །འདིར་གཤེགས་གཙང་མའི་ཕུད་མཆོད་བཞེས། །དཔལ་འབྱོར་དབྱར་མཚོ་ལྟར་རྒྱས་མཛོད། །སྣོད་བཅུད་སྲིད་ཞིའི་ཕྱྭ་གཡང་བསྡུས། །འདོད་དགུའི་དངོས་གྲུབ་ཆར་དུ་བསྐྱིལ། །ཕུན་ཚོགས་སྡེ་བཞིའི་སྒོ་འཕར་ཕྱེས། །དོན་གཉིས་བསམ་པ་ཀུན་འགྲུབ་མཛོད། །སྙན་གྲགས་དབྱར་གྱི་རྔ་ཆེན་ལྡིར། །འཁོར་སློབ་འདུ་བ་སྤྲིན་བཞིན་འདུ། །བཤད་སྒྲུབ་ཕྲིན་ལས་གྲུ་ཆར་གྱིས། །ཐུབ་བསྟན་དབྱར་མཚོ་འཕེལ་རྒྱས་མཛོད། །མདོར་ན་འཁོར་འདས་ལམ་གྱི་དཔལ། །གང་འདོད་ཡིད་བཞིན་འགྲུབ་པ་དང་། །འབྲེལ་ཚད་དོན་ལྡན་རྣམ་དཀར་གྱི། །ཕྲིན་ལས་འཛམ་གླིང་ཀུན་ཁྱབ་མཛོད། །ཅེས་པའང་རྣམ་པར་རྒྱལ་བས་སོ། །༈ ཛྃཿཏྲཱིཿཡེ་ཤེས་ལྔ་ལྡན་རིགས་ལྔ་གངས་ཆེན་མཚོ། །ཡོན་ཏན་ལྷུན་རྫོགས་རྣམ་འཕྲུལ་བསམ་མི་ཁྱབ། །དབུལ་བའི་གདུང་སེལ་ཨཱརྱ་ཛམ་བྷ་ལ། །སར་གནས་སེམས་དཔའ་ནོར་བདག་ཕོ་མོ་བརྒྱད། །རབ་འབྱམས་རྩ་གསུམ་ནོར་ལྷའི་དཀྱིལ་འཁོར་ཚོགས། །ཐུགས་དམ་གནད་ནས་བསྐུལ་ལོ་དབྱིངས་ནས་བཞེངས། །སྔོན་སྨོན་ཐུགས་བསྐྱེད་གཉན་པོ་རྗེས་དགོངས་ནས། །བདག་ཅག་དཔོན་སློབ་རྒྱུ་སྦྱོར་འཁོར་བཅས་ལ། །འཆི་མེད་ཚེ་དང་རྒས་མེད་ལང་ཚོ་མཆོག །རྒུད་མེད་རྣམ་དཔྱོད་འཛད་མེད་འབྱོར་པའི་རྒྱུན། །ཕྱོགས་ལས་རྣམ་རྒྱལ་ཕུན་ཚོགས་སྡེ་བཞིའི་དཔལ། །སྲིད་ཞིའི་ཕྱྭ་གཡང་དངོས་གྲུབ་ཆར་དུ་བསྙིལ། །འགུགས་བྱེད་ཟེར་གྱིས་བརྟན་གཡོའི་དངོས་ཀུན་བསྡུས། །སྒེག་པའི་ཞལ་ལས་འདོད་དགུའི་ཆར་རྒྱུན་ཕོབ། །གྲགས་པའི་རྔ་ཆེན་མི་ཉམས་སྲིད་མཐར་ཁྱབ། །དོན་གཉིས་བསམ་ཀུན་འགྲུབ་པའི་དཔལ་སྩོལ་ཅིག །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྲུང་དང་། །ནོར་ལྷ་གཏེར་བདག་གཞི་གནས་དཀར་ཕྱོགས་སྐྱོང་། །ཀུན་ལ་ཕྱག་འཚལ་སྐྱབས་མཆི་གསོལ་འདེབས་ན། །བར་ཆད་ཀུན་སེལ་བསམ་དོན་མྱུར་འགྲུབ་མཛོད། །ལྕགས་ཁྱི་ཟླ་ཚེས་ལ་བིས་སྤེན་འགྲུབ་པའི་སྦྱོར་བ་དང་ལྡན་པའི་ཚེས་ལ་བི་ཛས་བརྗོད་པ་དགེ་ལེགས་འཕེལ།

རྒྱུན་གསོལ་བསྡུས་པ་དངོས་གྲུབ་སྙིང་པོ།

༄༅། །རྒྱུན་གསོལ་བསྡུས་པ་དངོས་གྲུབ་སྙིང་པོ་བཞུགས། རཾ་ཡཾ་ཁཾ། ༀ་ཨཱཿཧཱུྃ། ཧཱུྃ། དམིགས་མེད་མཁའ་ལྟར་ཁྱབ་ཅིང་དག་པའི་སྐུ། །སྤྱན་འདྲེན་གཤེགས་སུ་གསོལ་བར་མི་དམིགས་ཀྱང་། །ཐུགས་རྗེའི་ངང་ཉིད་ཆོས་སྐུར་དག་པ་ལས། །ཡེ་ཤེས་སྒྱུ་མར་རོལ་ཅིང་གཤེགས་སུ་གསོལ། །བླ་མེད་མཆོག་གི་མཆོད་པ་དམ་པ་ནི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ། །ཧཱུྃདཔལ་ལྡན་རྒྱུད་ཀྱི་མགོན་པོ་ལེགས་ལྡན་ནག །ཀྲོ་ཏི་ཤྭ་རི་ལས་མགོན་ཀིང་ཀ་ར། །གནོད་སྦྱིན་གཟའ་བདུད་རེ་ཏི་འཁོར་དང་བཅས། །གསོལ་ལོ་མཆོད་དོ་སྒྲུབ་མཆོག་བུ་བཞིན་སྐྱོངས། །ཡེ་ཤེས་མགོན་པོ་ཕྱག་བཞི་ཡབ་དང་ཡུམ། །ལས་མགོན་འབར་མ་སེང་གདོང་རཱ་ཧུ་ལ། །སྒྲོལ་གིང་གཤིན་རྗེ་བཙན་དང་གནོད་སྦྱིན་ཚོགས། །གསོལ་ལོ་མཆོད་དོ་བསྟན་དང་བསྟན་འཛིན་སྤེལ། །དཔལ་མགོན་མ་ནིང་ཡུམ་ཆེན་དཔལ་འབར་མ། །སྲོག་བདུད་ནག་མོ་སྐུ་གསུང་ཐུགས་ཡོན་དང་། །ཕྲིན་ལས་མགོན་པོ་འདོད་ཁམས་དབང་ཕྱུག་སོགས། །གསོལ་ལོ་མཆོད་དོ་རྣམ་བཞིའི་ཕྲིན་སྒྲུབ་མཛོད། །མཐུ་ཆེན་དྲག་པོ་ཞལ་བཞི་ཡབ་དང་ཡུམ། །ལས་བྱེད་དྲེགས་པ་ཀླུ་བདུད་གཤིན་རྗེའི་རྒྱལ། །དྲང་སྲོང་ཆེན་པོ་ཤ་ཟ་སྲིན་པོ་སོགས། །གསོལ་ལོ་མཆོད་དོ་བཅོལ་པའི་ཕྲིན་ལས་མཛོད། །ཀུན་ཏུ་བཟང་མོ་ཡེ་ཤེས་ཁྲོས་པའི་གར། །ཨེ་ཀ་ཛ་ཊི་ཤན་པ་སྲོག་སྒྲུབ་མ། །གཟའ་བདུད་ཤན་པ་དམར་ནག་རྡོར་ལེགས་སོགས། །གསོལ་ལོ་མཆོད་དོ་བཀའ་ཡི་བྱ་ར་མཛོད། །པདྨ་གར་དབང་ཐུགས་རྗེའི་རྣམ་རོལ་མཆོག །མ་ཧཱ་དེ་ཝ་ཨུ་མ་དེ་ཝི་ཡུམ། །འགུགས་འཆིང་རྨོངས་མྱོས་བཀའ་སྡོད་དྲེགས་ཚོགས་བཅས། །གསོལ་ལོ་མཆོད་དོ་སྣང་སྲིད་དབང་སྡུད་མཛོད། །རྡོ་རྗེ་འཆང་སྤྲུལ་གཟའ་བདུད་རཱ་ཧུ་ལ། །ཡབ་ཡུམ་སྤྲུལ་པའི་གཟའ་བརྒྱད་གདོང་མོ་བཞི། །གཙང་རིས་དཔལ་མགོན་བདུན་བཅུ་རྩ་ལྔ་སོགས། །གསོལ་ལོ་མཆོད་དོ་སྡང་བྱེད་ཆོམ་ལ་ཕོབ། །ས་བརྒྱད་སེམས་དཔའ་ཆེན་པོ་རྣམ་ཐོས་སྲས། །རྟ་བདག་བརྒྱད་དང་དགྱེས་ཡུམ་བཀའ་འཁོར་སོགས། །བསྟན་སྐྱོང་ནོར་བདག་ཆེན་པོ་འཁོར་དང་བཅས། །གསོལ་ལོ་མཆོད་དོ་འདོད་དགུ་ཆར་བཞིན་ཕོབ། །དུས་གསུམ་རྒྱལ་བའི་བསྟན་སྲུང་མཐུ་མོ་ཆེ། །ཞིང་སྐྱོང་མཁའ་འགྲོའི་དབང་ཕྱུག་ངན་ནེ་མ། །འཁོར་གྱི་མ་མོ་ལས་བྱེད་སྤྲུལ་པར་བཅས། །གསོལ་ལོ་མཆོད་དོ་སྲུང་སྐྱོབ་གཡེལ་མེད་མཛོད། །ལས་གཤིན་འཆི་བདག་བཅུ་གཉིས་གཤེད་ཆེན་བཞི། །དཔལ་ལྡན་འདོད་ཁམས་བདག་མོ་དམག་ཟོར་རྒྱལ། །བདུད་མགོན་སེང་གདོང་ཡབ་ཡུམ་བཀའ་འཁོར་བཅས། །གསོལ་ལོ་མཆོད་དོ་གང་བཅོལ་ལས་ཀུན་མཛོད། །སྔོན་ཚེ་དཔལ་ཆེན་སྤྱན་སྔར་དམ་བཅས་པའི། །དྲེགས་པའི་སྡེ་དཔོན་སུམ་བཅུ་ཡབ་དང་ཡུམ། །སྔགས་བདག་དྲེགས་ཆེན་བཅོ་བརྒྱད་འཁོར་དང་བཅས། །གསོལ་ལོ་མཆོད་དོ་གང་བཅོལ་ལས་མཛོད་ཅིག །དཔལ་ཆེན་ཕུར་པའི་བཀའ་སྲུང་དམ་ཚིག་ཅན། །ཤྭ་ན་བདག་ཉིད་ས་བདག་བསེ་མོ་བཞི། །གྱད་ཆེན་གིང་བཞི་མ་སྲིང་འབར་མ་སོགས། །གསོལ་ལོ་མཆོད་དོ་གང་བཅོལ་ལས་མཛོད་ཅིག །གངས་ཅན་ཡུལ་སྐྱོང་བརྟན་མ་བཅུ་གཉིས་དང་། །སྨན་བཙུན་མཆེད་ལྔ་སྐྱེས་བུ་ཐིག་ལེ་རྩལ། །བྲག་བཙན་སྲོག་ཟན་རྒྱལ་ཆེན་སྐུ་ལྔ་སོགས། །གསོལ་ལོ་མཆོད་དོ་གང་བཅོལ་ལས་མཛོད་ཅིག །པདྨ་དབང་གི་བཀའ་ཉན་དྲེགས་པའི་གཙོ། །འབར་བ་སྤུན་བདུན་བདུད་བཙན་གླུ་གསུམ་དང་། །དྲི་ཟའི་རྒྱལ་པོ་རྡོ་རྗེ་འབར་བ་སོགས། །གསོལ་ལོ་མཆོད་དོ་གང་བཅོལ་ལས་མཛོད་ཅིག །གཞན་ཡང་བཀའ་གཏེར་བསྟན་སྲུང་མཐུ་བོ་ཆེ། །དགེ་བསྙེན་ཉེར་གཅིག་མགུར་ལྷ་བཅུ་གསུམ་སོགས། །ཡུལ་ལྷ་བཞི་བདག་དཀར་ཕྱོགས་སྐྱོང་བ་ཀུན། །གསོལ་ལོ་མཆོད་དོ་གང་བཅོལ་ལས་མཛོད་ཅིག །བདག་ཅག་བླུན་རྨོངས་མ་རིག་འཁྲུལ་པའི་བློས། །སྐུ་གསུང་ཐུགས་ཡོན་རྩ་བ་ཡན་ལག་གི། །དམ་ཚིག་ཉམས་པ་མ་ལུས་སོར་ཆུད་ནས། །དགྱེས་པའི་ལྷ་ཞལ་ཟླ་ལྟར་དཀར་བར་མཛོད། །ཀུན་བཟང་ཧེ་རུ་ཀ་དཔལ་པད་འབྱུང་སོགས། །རིག་འཛིན་བརྒྱུད་པའི་སྤྱན་སྔར་ཞལ་བཞེས་བཞིན། །བསྟན་པ་དར་རྒྱས་བསྟན་འཛིན་ཞབས་པད་བརྟན། །བཤད་སྒྲུབ་སྡེ་འཕེལ་རྒྱལ་ཁམས་བདེ་བར་མཛོད། །ཁྱད་པར་རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །ནད་གདོན་བགེགས་ཞི་ཚེ་བསོད་དཔལ་འབྱོར་རྒྱས། །སྲིད་གསུམ་དབང་འདུས་མ་རུངས་བདུད་དགྲའི་ཚོགས། །ཕྲིན་ལས་དྲག་པོས་དབྱིངས་སུ་སྒྲོལ་བར་མཛོད། །རྟག་པར་དགེ་འདུན་ལྟ་སྤྱོད་དོན་མཐུན་ཞིང་། །ཕྱོགས་ལས་རྣམ་རྒྱལ་སྙན་པས་ས་སྟེང་ཁྱབ། །དོན་གཉིས་བསམ་ཀུན་ཡིད་བཞིན་འགྲུབ་པ་ཡི། །བཀྲ་ཤིས་དཔལ་གྱིས་ས་གསུམ་ཁྱབ་པར་མཛོད། །ཅེས་པའང་སྐྱབས་རྗེ་མཆོག་སྤྲུལ་རིན་པོ་ཆེའི་བཀའ་ཕེབས་བཞིན། ཆོས་རྗེ་རབ་འབྱམས་པ་ཆེན་པོ་སྐུ་ཕྲེང་གོང་འོག་གི་ཞབས་པད་གཙུག་ན་འཆིང་བའི་བན་རྒན་པདྨ་རྣམ་རྒྱལ་གྱིས་བྲིས་པ་དགེ །

དམ་ཅན་སྐྱེས་བུའི་གསོལ་མཆོད་ཉུང་ངུ་།

༄༅། །དམ་ཅན་སྐྱེས་བུའི་གསོལ་མཆོད་ཉུང་ངུ་ནི། ཧཱུྃ། རིག་འཛིན་པདྨའི་བཀའ་ཉན་གཏེར་སྲུང་གཙོ། །གནམ་ས་ཕྱེད་ཀྱི་བདག་པོ་རྡོ་རྗེ་ལེགས། །མཆེད་འཁོར་སུམ་བརྒྱ་དྲུག་བཅུའི་ཚོགས་དང་བཅས། །འདིར་གཤེགས་རང་མཐུན་གདན་ལ་དགྱེས་པས་བཞུགས། །ཕྱི་ནང་གསང་མཆོད་སྨན་རཀ་གཏོར་མ་དང་། །མཐུན་རྫས་རྟེན་རྫས་སྤྱན་གཟིགས་དཀོར་ཆའི་རིགས། །མི་འཛད་ནམ་མཁའ་མཛོད་ཀྱི་འཁོར་ལོའི་སྤྲིན། །བསྟན་སྲུང་དབང་པོ་འཁོར་འདས་དགྱེས་ཕྱིར་འབུལ། །སྐྱེ་མེད་སྤྲོས་བྲལ་ཆོས་དབྱིངས་ཕོ་བྲང་ནས། །སྙིང་རྗེས་རབ་ཁྲོས་མཐུ་ལྡན་བསྟན་སྲུང་གཙོ། །རྣམ་བཞིའི་ལས་ཀུན་ཐོག་མེད་སྒྲུབ་མཛད་པའ། །བཛྲ་ས་ངྷུ་འཁོར་དང་བཅས་ལ་བསྟོད། །སྔོན་ཚེ་རིག་འཛིན་བརྒྱུད་པའི་སྤྱན་སྔ་རུ། །ཇི་ལྟར་ཁས་བླང་དམ་བཅས་དྲན་མཛོད་ལ། །རྒྱལ་བའི་བསྟན་སྲུང་དཀོན་མཆོག་དབུ་འཕང་བསྟོད། །དགེ་འདུན་སྡེ་སྐྱོངས་བཤད་སྒྲུབ་ཕྲིན་ལས་སྤེལ། །བོད་ཁམས་བདེ་སྐྱིད་མཐའ་དམག་དུས་འཁྲུགས་ཞི། །རྫོགས་ལྡན་གསར་པའི་དགའ་སྟོན་རྒྱས་པ་དང་། །ཁྱད་པར་རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །འདོད་དོན་བཅོལ་པའི་ལས་ཀུན་འགྲུབ་པར་མཛོད། །ཅེས་པའང་། དམ་ཅན་སྐྱེས་བུ་ཆེན་པོའི་སྐུ་མཁར་འོ་ཡུག་གོས་སྔོན་ལྷ་ཁང་དུ། རྒྱལ་དབང་པདྨའི་སྔགས་རིགས་འཆང་བ་རྡོ་རྗེ་དབང་མཆོག་དགྱེས་རབ་རྩལ་གྱིས་འཕྲལ་མར་བྲིས་ཤིང་ཕྲིན་ལས་སུ་གསོལ་བ་དགེ །དགེའོ། །༈ ཧཱུྃ། གང་མཚན་ངོ་མཚར་སྐྱེ་བ་ལྔ་པའི་སྒྲས། །འགྲོ་ཁམས་དུག་གསུམ་རྒྱུ་འབྲས་ནད་ཀྱི་ཚོགས། །རྒྱུན་གཅོད་རྣམ་གྲོལ་སྲོག་ཟུངས་བརྟན་མཛད་པའི། །བདེ་གཤེགས་བརྒྱད་དང་བྱང་སེམས་འཕགས་པའི་ཚོགས། །ཁྱད་པར་ཐུགས་བསྐྱེད་དུས་སྨིན་བསིལ་ལྡན་ལྗོངས། །དྲི་མེད་ཐུབ་བསྟན་སྣང་བས་གསལ་མཛད་པའི། །མཁན་སློབ་ཆོས་རྒྱལ་རིག་འཛིན་བརྒྱུད་བཅས་ཀྱི། །སྤྱན་སྔར་ཞལ་བཞེས་ལྷ་ཡི་དགེ་བསྙེན་རིགས། །བདུད་རྩི་སྨན་གྱི་བཀའ་སྲུང་ཚོགས་རྣམས་ལ། །ཟག་མེད་འདོད་ཡོན་མཆོད་གཏོར་འདི་འབུལ་བས། །སྔོན་གྱི་དམ་ཚིག་གཉན་པོ་རྗེས་དགོངས་ལ། །སྣང་སྲིད་རྩི་བཅུད་བདུད་རྩིའི་དྭངས་མ་ཀུན། །ཡོངས་བསྡུས་བདག་དང་སྒྲུབ་པའི་རྫས་ལ་བསྟིམ། །མི་མཐུན་ནད་དུག་བྱད་ཕུར་རྦོད་གཏོང་བཟློག །མཐུན་རྐྱེན་འདོད་དགུའི་བསམ་ཀུན་འགྲུབ་པ་དང་། །ཁྱད་པར་ནད་མེད་བདེ་བའི་གཟི་བྱིན་བསྐྱེད། །མི་ཤིགས་སྲོག་གི་ཀ་བ་ལོ་བརྒྱར་བརྟན། །རླབས་ཆེན་བསྟན་དང་འགྲོ་བའི་དོན་ཆེན་འགྲུབ། །དོན་གཉིས་བསམ་ཀུན་འགྲུབ་པའི་ཕྲིན་ལས་མཛོད། །བཀྲ་ཤིས་དཔལ་མངའ་སྲས་བཅས་རྒྱལ་ཀུན་གྱི། །བཀྲ་ཤིས་བདེན་ཚིག་ཤིས་པའི་གླུ་དབྱངས་བཅས། །བཀྲ་ཤིས་མེ་ཏོག་ཆར་དུ་བསྙིལ་བ་ཡིས། །བཀྲ་ཤིས་ཕྱོགས་དུས་ཀུན་ཏུ་བདེ་ལེགས་མཛོད། །ཅེས་པའང་བཟང་ལུང་པདྨ་བདེ་ལྡན་དུ་བརྩི་སྨན་གྱི་དགའ་སྟོན་ལོངས་སུ་སྤྱོད་པའི་སྐབས་སུ་བསླབ་གསུམ་ཡོན་ཏན་བྱེ་བའི་གཏེར་མཛོད་ཚེ་ཡི་རིག་བྱེད་འཛིན་པ་མཆོག་སྤྲུལ་པདྨ་བསྟན་འཛིན་གྱི་གསུང་གིས་བསྐུལ་ངོར་རིག་འཛིན་གྱི་བཙུན་པ་བྱ་བྲལ་བ་པདྨ་དགྱེས་པའི་སྡེས་གང་དྲན་སྐད་ཅིག་ལ་བརྗོད་པ་དགེ །མངྒལཾ། ༈ ལྷ་ཀླུ་དྲང་སྲོང་སྨན་ལྷ་རིག་འཛིན་ཚོགས། །ཞང་བློན་སྡེ་དགུ་སྤྲུལ་འཁོར་བཅས་རྣམས་ལ། །ཟག་མེད་འདོད་ཡོན་མཆོད་པ་འདི་འབུལ་བས། །སྨན་མཆོག་བདུད་རྩི་འགྲུབ་པའི་ཕྲིན་ལས་མཛོད། །པདྨ་བི་ཛ་པས་སོ། །༈ ཧྲཱིཿསྟོང་ཉིད་སྤྲོས་བྲལ་ཆོས་དབྱིངས་དག་པ་ལས། །རིག་པ་ཡེ་ཤེས་ཕྱག་རྒྱའི་སྐུར་གསལ་བའི། །ཤེས་རབ་རང་སྣང་ཁྲོ་རྒྱལ་རྟ་མཆོག་དཔལ། །ཡབ་ཡུམ་སྲས་དང་སྡེ་བརྒྱད་སྤྲུལ་འཁོར་བཅས། །འབར་བ་སྤུན་བདུན་ཤ་ཟ་ཁ་མོ་ཆེ། །དགོངས་འདུས་གཉན་པོའི་བཀའ་སྲུང་འཁོར་དང་བཅས། །འདིར་གཤེགས་ཕྱི་ནང་ཉེར་སྤྱོོད་སྨན་རཀ་གཏོར། །དགྲ་བགེགས་བསྒྲལ་པའི་ཤ་རུས་དོན་སྙིང་སོགས། །ཟག་མེད་འདོད་ཡོན་བདུད་རྩིའི་སྤྲིན་ཆེན་པོ། །གུས་པས་འབུལ་བཞེས་མཆོག་ཐུན་དངོས་གྲུབ་སྩོལ། །ཡང་ཟབ་སྙིང་པོའི་བསྟན་པ་དར་བ་དང་། །བསྟན་འཛིན་ཞབས་བརྟན་རྒྱལ་ཁམས་བདེ་ཞིང་སྐྱིད། །བར་ཆད་ཀུན་སེལ་བསམ་དོན་ཡིད་བཞིན་འགྲུབ། །བྱང་ཆུབ་བར་དུ་སྲུང་སྐྱོབས་སྡོང་གྲོགས་མཛོད། །ཅེས་པའང་སྔགས་བཙུན་པདྨ་བསྟན་འཛིན་གྱིས་བྲིས་བ་དགེ །༈ ཧཱུྃ། རྩ་གསུམ་དམ་ཅན་ཆོས་སྐྱོང་སྲུང་མ་དང་། །ཁྱད་པར་དཔལ་ལྡན་རྡོ་རྗེ་ངན་ནེ་མ། །བཀའ་སྡོད་སྤྲུལ་འཁོར་བཅས་པའི་ལྷ་ཚོགས་ཀྱིས། །དམ་རྫས་ཤ་ཁྲག་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བཅོལ་པའི་ཕྲིན་ལས་མྱུར་འགྲུབ་མཛོད། །ཅེས་བི་ཛས་སོ། །༈ བྷྱོ། དབྱིངས་ཕྱུག་ཡེ་ཤེས་མཁའ་འགྲོའི་འཕྲུལ། །གནས་ཡུལ་དུར་ཁྲོད་སྐྱོང་མཛད་པའི། །ཞིང་སྐྱོང་དབང་མོ་འཁོར་བཅས་རྣམས། །གསོལ་ལོ་མཆོད་དོ་ཕྲིན་ལས་མཛོད། །ཅེས་པའང་པདྨ་བི་ཛས་སོ། །༈ ཧཱུྃ། བདེ་ཆེན་ཉམས་བརྒྱས་སྒེག་པའི་རོལ་རྩལ་ནི། །ཞི་ཆགས་ཁྲོ་བོའི་རྣམ་འགྱུར་མཐའ་ཡས་པས། །སྒྲུབ་ལ་མཆོག་ཐུན་འདོད་དགུའི་ཆར་འབེབས་པའི། །རབ་འབྱམས་རྩ་གསུམ་ཆོས་སྲུང་ཚོགས་རྣམས་དགོངས། །ཁྱེད་རྣམས་བྱང་ཆུབ་བར་དུ་བདག་གི་མགོན། །རྟག་ཏུ་བསྙེན་སྒྲུབ་མཆོད་བསྐང་བརྩོན་ལགས་ན། །འབྲལ་མེད་ཡེ་ཤེས་ཆེན་པོས་དགོངས་མཛོད་ལ། །དོན་གཉིས་ཕན་བདེའི་དགའ་སྟོན་རྒྱས་པར་མཛོད། །བདག་ཅག་མི་ཤེས་བག་མེད་དབང་གྱུར་པས། །སྡོམ་པ་གསུམ་གྱི་སྲུང་མཚམས་འདྲལ་བ་དང་། །ཉམས་དང་ཚོགས་འདྲེས་གསང་བ་གཡེལ་ལ་སོགས། །རྩ་བ་ཡན་ལག་ཉམས་ཆག་ཅི་བགྱིས་པ། །སྙིང་ནས་འགྱོད་པས་བཤགས་སོ་ཚངས་པ་སྩོལ། །ཕྱི་རུ་བྱད་ཕུར་ནད་གདོན་འཚེ་བ་བཟློག །ནང་དུ་རྩ་རླུང་ཐིག་ལེ་བརྟན་ཞིང་འཕེལ། །གསང་བ་ཉམས་འཁྲུགས་དུག་ལྔའི་རྟོག་པ་ཞི། །གཉུག་མའི་གཏན་སྲིད་ཟིན་པའི་གྲོགས་མཛོད་ཅིག །མདོར་ན་འདི་ནས་བྱང་ཆུབ་སྙིང་པོའི་བར། །འབྲལ་བ་མེད་པར་ཁྱེད་བརྟེན་ཁྱེད་སྒྲུབ་ན། །དགྱེས་པ་ཆེན་པོས་བདག་ཅག་རྗེས་ཟུང་ལ། །མཆོག་ཐུན་འདོད་འབྲས་མ་ལུས་མཆིས་པར་མཛོད། །ཅེས་པའང་བི་ཛ་ཡས་སོ། །

གསེར་སྐྱེམས་ལ་བརྟེན་པའི་ཇག་ཆིངས་མདོར་བསྡུས།

༈ གསེར་སྐྱེམས་ལ་བརྟེན་པའི་ཇག་ཆིངས་མདོར་བསྡུས་ནི། སྔགས་མཁན་ལྷ་ཡི་ང་རྒྱལ་དང་ལྡན་པས་གསེར་སྐྱེམས་བྱིན་གྱིས་བརླབས་ལ་ཕྱོགས་བཅུར་མཆོད་བཞིན་འདི་སྐད་དོ། །ཀྱེ་གང་གི་ཐུགས་རྗེའི་གྲིབ་བསིལ་ལ་བརྟེན་ན། །འཇིགས་དང་སྡུག་བསྔལ་ཚད་གདུང་ཀུན་གཞིལ་བའི། །བླ་མ་སངས་རྒྱས་ཆོས་དང་དགེ་འདུན་དང་། །ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྲུང་རིགས། །གནོད་སྦྱིན་ནོར་ལྷ་གཏེར་བདག་དཀར་ཕྱོགས་སྐྱོང་། །ཡུལ་རིས་གཞི་བདག་འགོ་བའི་ལྷ་སྲུང་སོགས། །མཆོད་ཅིང་བརྟེན་པའི་འོས་གྱུར་ཐམས་ཅད་ལ། །བདུད་རྩི་གསེར་སྐྱེམས་མཆོད་པ་འདི་འབུལ་བས། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་རྣམས། །འབྲལ་མེད་ཐུགས་རྗེ་ཆེན་པོས་རྗེས་ཟུང་ལ། །འཇིགས་དང་སྡུག་བསྔལ་ཀུན་ལས་སྐྱོབ་པ་དང་། །བསམ་པའི་དོན་ཀུན་ཡིད་བཞིན་འགྲུབ་པར་མཛོད། །ཁྱད་པར་དཔལ་མགོན་ལེགས་ལྡན་ཕྱག་བཞི་བ། །མ་ནིང་ཞལ་བཞི་སྔགས་སྲུང་ལྷ་ཆེན་རྗེ། །རཱ་ཧུ་ལ་དང་རྣམ་སྲས་ཞིང་སྐྱོང་མ། །ལས་གཤིན་དམ་ཅན་བཙན་རྒོད་འབར་བ་བདུན། །ཞིང་སྐྱོང་སེང་གདོང་སྡེ་དཔོན་སུམ་ཅུ་དང་། །དྲེགས་ཆེན་བཅོ་བརྒྱད་ཕུར་སྲུང་སྨན་བཙུན་མཆེད། །རྒྱལ་ཆེན་པེ་ཧར་ཙི་དམར་བདུད་བཙན་ཀླུ། །བཀའ་གཏེར་བསྟན་སྲུང་མཆོད་བརྟེན་འགོ་ཞིང་སྐྱོབ། །ཡེ་ཤེས་འཇིག་རྟེན་བརྒྱུད་གསུམ་དྲེགས་པའི་ཚོགས། །བདུད་རྩི་གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །བདག་ཅག་དཔོན་སློབ་གར་གནས་གར་འགྲོ་ཡང་། །མི་མཐུན་ཀུན་སོལ་མཐུན་རྐྱེན་ཡིད་བཞིན་སྒྲུབས། །ཕྱོགས་ལས་རྣམས་པར་རྒྱལ་བའི་ཕྲིན་ལས་མཛོད། །ལྷ་ཀླུ་གཟའ་རྒྱུ་ཕྱོགས་སྐྱོང་རྒྱལ་ཆེན་རིགས། །གཙང་རིའི་དཔལ་མགོན་ཆེན་པོ་སྡེ་དང་དཔུང་། །སྟོང་གསུམ་ཡུལ་རིའི་བྱེ་བྲག་འཛམ་བུའི་གླིང་། །རྒྱ་གར་རྒྱ་ནག་ཧོར་སོགས་བལ་བོད་འཇང་། །མངའ་རིས་དབུས་གཙང་མདོ་ཁམས་སྒང་དྲུག་གི། །ཡུལ་སྐྱོང་གཉན་པོ་སྤྱི་དང་ཁྱད་པར་དུ། །བརྟན་མ་བཅུ་གཉིས་དགེ་བསྙེན་ཉེར་གཅིག་དང་། །མགུར་ལྷ་བཅུ་གསུམ་གཞི་གནས་གཏེར་གྱི་བདག །གེ་སར་རྡོ་རྗེ་ཚེ་རྒྱལ་འཁོར་དང་བཅས། །ཡེ་སྨོན་དགྲ་ལྷ་སྲོག་ལྷ་ཇག་ལྷ་དང་། །ཐབ་ལྷ་ཟས་ལྷ་ཞང་ལྷ་མ་ལྷ་སོགས། །སྣང་སྲིད་དགྲ་ལྷ་ཝེར་མའི་ཚོགས་རྣམས་དང་། །ལོ་ཟླ་ཞག་དུས་ཚེས་ལྷ་སྤར་སྨེའི་རིགས། །སྣང་སྲིད་མགྲོན་དུ་འོས་པ་ཐམས་ཅད་ལ། །བདུད་རྩི་གསེར་སྐྱེམས་མཆོད་པ་འདི་འབུལ་བས། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ལ། །ཉིན་སྲུང་བྱ་ར་མཚན་སྲུང་མེལ་ཚེ་མཛོད། །རྒྱབ་ཀྱི་ལྷོག་པ་མདུན་གྱི་མཁར་བ་གྱིས། །ལེགས་པ་བརྒྱ་སྤྲོད་ཉེས་པ་ཀུན་དང་བསྣོལ། །ཁ་འཛིན་སྟོང་གྲོགས་རྒྱབ་རྟེན་གཡེལ་མེད་སྒྲུབས། །རྩོད་དང་དོན་གཉེར་ཀུན་ལས་རྒྱལ་ཁ་ལོངས། །ཁྱད་པར་བདག་ཅག་དཔོན་སློབ་འཁོར་བཅས་ལ། །བསམ་ངན་སྦྱོར་རྩུབ་ཤོམ་པའི་ངན་བྱེད་རིགས། །གནོད་བྱེད་དགྲ་རྐུན་གཅན་སྤྱང་བྱད་མ་སོགས། །ཐམས་ཅད་མིང་གི་ལྷག་མ་མེད་པར་བཞེས། །བསམ་པ་ངན་པའི་སྙིང་ལ་མ་ར་ཡ། །སྦྱོར་བ་རྩུབ་མོའི་འདུན་གྲོས་རྗེས་མེད་ཐོངས། །གནོད་སྦྱོར་རྩོམ་པའི་འབྱུང་པོ་རྡུལ་དུ་བརློག །རིགས་སྔགས་རྣོན་པོའི་དབལ་སོ་ཟུག་པ་བཟློག །མོ་ངན་མཚེར་རྩུབ་སྲི་ཀེག་བྱད་ཕུར་རིགས། །སྡེ་བརྒྱད་གདུག་པའི་ཟ་ཁ་དགྲ་ལ་སྒྱུར། །ཡིད་ལ་བརྣག་པའི་དགྲ་བགེགས་དམ་སྲིའི་ཚོགས། །འཆོར་མེད་དུས་ཀྱི་ཞགས་པས་ཡན་ལག་ཆིངས། །ལྡང་མེད་འབྱུང་བ་བཞི་ཡི་འོག་ཏུ་ནོན། །སྒོ་མེད་ལྕགས་ཁང་འབར་བའི་ནང་དུ་ཆུག །ཐར་མེད་རྒྱ་མཚོ་ཆེན་པོའི་གཏིང་དུ་ཁྱེར། །རྡོ་རྗེ་རི་རབ་འབར་བའི་མཐིལ་དུ་ནོན། །ཉམས་པའི་དགྲ་བོ་བྲུབ་བོ་སྟམ་བྷ་ཡ། །བྱང་ཆུབ་སེམས་མཆོག་མ་སྐྱེས་དེ་སྲིད་དུ། །མནན་པ་ཡིན་གྱིས་ལྡང་བར་མ་བྱེད་ཅིག །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱས་རྒྱས་བཏབ་བོ། །སྔགས་འཆང་རྣལ་འབྱོར་བདག་ཅག་འཁོར་བཅས་རྣམས། །མི་མཐུན་གཡུལ་ལས་རྒྱལ་བའི་ཕྲིན་ལས་མཛོད། །རྒྱལ་བའི་བསྟན་དར་བསྟན་འཛིན་དབུ་རྨོག་བཙན། །གངས་ལྗོངས་བདེ་སྐྱིད་མཐའ་དམག་དུས་འཁྲུགས་ཞི། །རྫོགས་ལྡན་ཉི་མ་གསར་དུ་འདྲེན་པ་ཡི། །བཀྲ་ཤིས་དཔལ་གྱིས་ཕྱོགས་ཀུན་ཁྱབ་གྱུར་ཅིག །ཅེས་པའང་སྔགས་བན་རྒན་པོ་ཕྲིན་ལས་འདུས་པ་རྩལ་གྱིས་བྲིས་པ་དགེ །

འཛམ་གླིང་གེ་སར་རྒྱལ་པོའི་གསོལ་མཆོད་འདོད་འབྱུང་ནོར་བུའི་དགའ་ཚལ།

༄༅། །འཛམ་གླིང་གེ་སར་རྒྱལ་པོའི་གསོལ་མཆོད་འདོད་འབྱུང་ནོར་བུའི་དགའ་ཚལ་ནི། མཆོད་གཏོར་གསེར་སྐྱེམས་ཇ་ཆང་འོ་ཕུད་སོགས་གཙང་མར་སྦྱར་བ་འབྲུ་གསུམ་གྱི་བསྔགས་རྒྱས་བྱིན་གྱིས་བརླབས་ལ་འདི་སྐད་དོ། །ཧཱུྃ། སྣང་སྲིད་དབང་སྡུད་པདྨ་ཐོད་ཕྲེང་གི། །བཀའ་ཉན་བསྟན་སྐྱོང་འཛམ་གླིང་དགྲ་ལྷའི་རྒྱལ། །གེ་སར་རྡོ་རྗེ་དགྲ་འདུལ་འཁོར་དང་བཅས། །འདིར་གཤེགས་རང་མཐུན་གདན་ལ་དགྱེས་པར་བཞུགས། །རྣམ་བཀྲའི་མེ་ཏོག་དྲི་ཞིམ་བདུག་པའི་སྤྲིན། །གཟི་ལྡན་སྒྲོན་མེ་དྲི་ཡིས་བྱུག་པའི་མཚོ། །རོ་བདའི་ཞལ་ཟས་སྙན་འཇེབས་རོལ་མོ་སོགས། །ངོ་མཚར་མཆོད་པའི་སྤྲིན་ཕུང་རྒྱ་མཚོས་མཆོད། །རིན་ཆེན་ཁང་བཟང་གཏེར་དང་ནོར་བུའི་ཚལ། །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་རིན་ཆེན་བདུན། །གོ་མཚོན་དཀོར་ནོར་སྤྱན་གཟིགས་འཁོ་དགུའི་རྫས། །མི་འཛད་ནམ་མཁའ་མཛོད་ཀྱི་འཁོར་ལོས་མཆོད། །རྩ་བརྒྱད་སྟོང་སྦྱར་བདུད་རྩི་མཚོ་ལྟར་བསྐྱིལ། །དམར་ཆེན་རཀྟའི་རྦ་ཀློང་མཁའ་ལ་འཕྱོ། །བརྗིད་ལྡན་དམ་རྫས་གཏོར་ཚོགས་རི་ལྟར་སྤུངས། །བསྟན་སྲུང་དགྲ་ལྷའི་དབང་པོ་འཁོར་བཅས་མཆོད། །མདོར་ན་སྲིད་པའི་ལོངས་སྤྱོད་དཀོན་ནོར་རྫས། །མ་ཚང་མེད་པའི་འདོད་ཡོན་སྤྲིན་ཆེན་པོར། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་རླབས་ཏེ། །གེ་སར་སྐྱེས་བུ་འཁོར་བཅས་དགྱེས་ཕྱིར་འབུལ། །ཀྱཻ། གདོད་ནས་འོད་གསལ་རང་གྲོལ་གཉུག་མའི་གཤིས། །རྟོགས་ན་ཀུན་བཟང་ཧེ་རུ་ཀ་དཔལ་མཆོག །མ་རྟོག་སྣང་ངོར་ཆེ་བཙན་དྲེགས་པའི་རྗེ། །གེ་སར་སྐྱེས་བུ་འཁོར་དང་བཅས་ལ་བསྟོད། །མཛེས་མཛེས་མཚར་སྡུག་ཉམས་བརྒྱས་སྒེག་པའི་སྐུ། །བརྗིད་བརྗིད་ལྷ་ཡི་དར་གོས་གོ་མཚོན་སྤྲས། །མྱུར་མྱུར་མགྱོགས་འགྲོའི་སྟེང་ན་རླུང་ལྟར་བསྐྱོད། །རྔམ་རྔམ་དགྲ་ལྷའི་རྒྱལ་པོ་འཁོར་བཅས་བསྟོད། །མཐུ་སྟོབས་ཉིན་མོར་བྱེད་པའི་གཟི་བྱིན་གྱིས། །བསྟན་འགྲོའི་དགེ་ལེགས་པདྨོ་རབ་བཞད་ཅིང་། །ནག་ཕྱོགས་འབྱུང་བྱའི་མིག་དབང་ཟུམ་བྱེད་པའི། །བསྟན་སྲུང་དགྲ་ལྷའི་དབང་པོ་འཁོར་བཅས་བསྟོད། །མཆོད་བསྟོད་རྦད་བསྐུལ་དབྱར་རྔའི་སྒྲས་འབོད་ཚེ། །རྣམ་བཞིའི་ཕྲིན་ལས་ཆར་རྒྱུན་འབུམ་འཇོ་བས། །སྒྲུབ་མཆོག་རེ་འདོད་རྫིང་བུ་འགེངས་མཛད་པའི། །མ་སངས་དགྲ་ལྷའི་རྒྱལ་པོ་འཁོར་བཅས་བསྟོད། །མགྲོན་ཡག་དར་མ་དགྲ་ལྷ་ཝེར་མའི་ཚོགས། །དཔའ་བརྟུལ་ཕུ་ནུ་མོ་སྨན་སྨན་བཙུན་རིགས། །རུས་ཆེན་སྡེ་ལྔའི་མི་ཡི་མཆོག་ལ་སོགས། །འཛམ་གླིང་སྐྱེས་བུ་འཁོར་དང་བཅས་ལ་བསྟོད། །སྔོན་ཚེ་ཁྲི་སྲོང་ལྡེ་བཙན་སྐུ་ལྷ་ཆེ། །ད་ལྟ་རྒྱ་བོད་གཉིས་ཀྱི་གནས་གཏེར་སྐྱོང་། །འཛམ་བུ་གླིང་གི་སྐྱེས་གཅིག་སེང་ཆེན་རྗེ། དེང་འདིར་རྣལ་འབྱོར་བདག་གི་བསྐུལ་སྒྲུབ་ན། །རབ་དཀར་ཀེ་{ཀཻ}ལ་ཤ་ཡི་ས་འཛིན་སྤོར། །རབ་གསལ་ཟླ་གཞོན་འབུམ་གྱིས་འཁྱུད་པ་ལྟའི། །རབ་མཛེས་དགྱེས་པའི་ཞལ་རས་མྱུར་སྟོན་ལ། །རབ་བཅོལ་རྣམ་བཞིའི་ལས་ཀུན་ཡོངས་འགྲུབ་མཛོད། །རྒྱུད་ལུང་མན་ངག་ཟབ་མོའི་ཏོག་འབར་ཞིང་། །དཔག་ཡས་བཤད་སྒྲུབ་ཕྲིན་ལས་དར་ཤམ་བརྗིད། །སྲིད་ལས་རྣམས་རྒྱལ་ཞི་བའི་དགེ་མཚན་ཅན། །ཐུབ་བསྟན་རྒྱལ་མཚན་ཡུན་དུ་བརྟན་པར་མཛོད། །ཐེག་མཆོག་གངས་རིའི་སྤོ་ལ་གནས་བཅས་ནས། །ལྟ་དགོངས་རྩལ་རྫོགས་རྟོགས་པའི་ང་རོ་ཡིས། །ལྟ་དམན་ཝ་སྔངས་གདུལ་ཡུལ་རི་དྭགས་སྐྱོངས། །བསྟན་འཛིན་གདོང་ལྔའི་དབང་པོའི་མཛད་ཕྲིན་སྤེལ། །བསླབ་གསུམ་འདབ་མའི་ཁྱོན་ཡངས་ཀེ་ས་རར། །ཐོས་བསམ་སྒོམ་པའི་སྦྲང་རྩིས་རྟག་ཕྱུག་པས། །བསྐལ་བཟང་རྐང་དྲུག་ཚོགས་ཀྱི་ངལ་འཚོའི་གཉེན། །དགེ་འདུན་པད་ཚལ་གང་ན་འདུག་ཀྱང་སྐྱོངས། །དམ་ཚིག་རྣམ་པར་དག་པའི་ཞིང་ས་ལ། །དབང་བཞིའི་བདུད་རྩིས་བརླན་པའི་དགེ་མཚན་གྱིས། །རིམ་གཉིས་གསེར་གྱི་སྙེ་མ་གཡུར་སྨིན་པའི། །སྔགས་སྤྱོད་སྐྱེས་བུའི་ཕྲིན་ལས་གཡེལ་མེད་སྒྲུབས། །རབ་དཀར་བསོད་ནམས་སྟོབས་ཀྱི་ཕྲག་པ་ཡིས། །ཐུབ་བསྟན་ས་ཆེན་འདེགས་ལ་མི་ངལ་བའི། །ཆོས་སྐྱོང་རྒྱལ་པོ་ཁྱབ་འཇུག་གཟུགས་ཅན་རྣམས། །ཆབ་སྲིད་ཡར་ཟླའི་དཔལ་ལྟར་རྒྱས་པར་མཛོད། །དྲང་པོའི་མཁར་གནས་རྣམ་དཔྱོད་བསིལ་ཟེར་གྱིས། །གངས་ལྗོངས་རྒུད་པའི་ཚད་གདུང་ཀུན་བཅིལ་ནས། །ཕན་བདེའི་ཀུ་མུཏ་བཞད་པའི་དཔལ་ཡོན་ཅན། །ཡ་རབས་མཛངས་བློན་དྲ་མའི་བློ་རྩལ་བསྐྱེད། །དགེ་བཅུའི་བཀའ་ཁྲིམས་བཙན་པོའི་སྐྱ་རེངས་ཀྱིས། །མགྲོན་དུ་ཁུག་པའི་རྫོགས་ལྡན་ཉིན་བྱེད་གཟིས། །རྩོད་དུས་རྒུད་པའི་གྲང་རེག་ཀུན་བཅིལ་ནས། །བདེ་སྐྱིད་ཕན་བདེའི་པད་ཚལ་རྒྱས་པར་མཛོད། །ལྟ་བ་ངན་ཞེན་ཆང་གིས་རབ་མྱོས་པས། །སྡང་བའི་མཚོན་འཁོར་བསྐྱོད་ལ་ཆེས་བརྩོན་པའི། །བཟློག་དཀའ་ལྷ་མིན་ཀླ་ཀློ་གླང་པོའི་དཔུང་། །མཐུ་སྟོབས་གདོང་ལྔའི་སྡེར་མོས་མིང་མཐར་བྱོས། །གཞན་ཡང་བོད་ཁམས་མཐའ་དབུས་ཐམས་ཅད་དུ། །ནད་མུག་མཚོན་འཁྲུགས་འབྱུང་བཞིའི་འཇིགས་པ་སོགས། །མི་མཐུན་ཀུན་ཞི་ལོ་ལེགས་འབྲུ་འཕེལ་ཞིང་། །དགེ་ལེགས་ཕན་བདེའི་དགའ་སྟོན་རྒྱས་པར་མཛོད། །ཁྱད་པར་རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ལུས་དང་གྲིབ་མ་བཞིན་དུ་མི་འབྲལ་འགྲོགས། །སྲོག་ལུས་དབང་ཐང་རླུང་རྟ་གྱེན་ལ་བསྐྱེད། །ཉིན་མཚན་ཀུན་ཏུ་སྲུང་སྐྱོབ་སྡོང་གྲོགས་མཛོད། །འཇིགས་པ་བརྒྱད་སོགས་འགལ་རྐྱེན་མཐའ་དག་ཞི། །ཚེ་བསོད་དཔལ་འབྱོར་རིགས་བརྒྱུད་ཡོན་ཏན་རྒྱས། །མི་དང་མི་མིན་འགྲོ་ཀུན་དབང་དུ་སྡུས། །ཕས་རྒོལ་དགྲ་བགེགས་ལོག་འདྲེན་ཆོམ་ལ་ཕོབ། །མདོར་ན་རྣལ་འབྱོར་འཁོར་འབངས་བརྒྱུད་འཛིན་བཅས། །ཁྱོད་ལ་གཉེར་དུ་གཏད་དོ་མེལ་ཚེ་གྱིས། །གཞི་བྱེས་ལམ་གསུམ་ཀུན་ཏུ་སྲུང་ཞིང་སྐྱོབས། །ཆོས་མཐུན་བསམ་པའི་དོན་ཀུན་འགྲུབ་པར་མཛོད། །ཅེས་བརྗོད་ལ་མཆོད་གཏོར་གཙང་སར་གཤེགས། རྟེན་ཡོད་ན་བརྟན་བཞུགས་དང་། མེད་ན་གཤེགས་གསོལ་བྱས་པས་དོན་འགྲུབ་པ་ཡིན་ནོ། །ཞེས་པའང་ལུགས་ཟུང་མཁྱེན་པའི་སྤྱན་སྟོང་རྣམ་པར་བཀྲ་བ་ལྷ་རིགས་འབྲས་ལྗོངས་ལྷ་སྲས་དམ་པའི་བཞེད་སྐོང་དུ། མདོ་ཁམས་ཞེ་ཆེན་རྒྱལ་ཚབ་སྤྲུལ་མིང་འཛིན་པ་འཇམ་དབྱངས་མཁས་གྲུབ་རྒྱ་མཚོའི་སྡེས་གཙང་སྟོད་རྒྱལ་རྩེའི་ཚོང་འདུས་སུ་བྲིས་པ་དགེ །

གླིང་རྗེ་གེ་སར་སྐྱེས་བུ་དོན་གྲུབ་ལ་བསྟོད་པའི་རབ་བྱེད་སྙན་ངག་གི་ལམ་ནས་དྲངས་པ་བསོད་ནམས་སྤྲིན་གྱི་རོལ་མོ།

༄༅། །གླིང་རྗེ་གེ་སར་སྐྱེས་བུ་དོན་གྲུབ་ལ་བསྟོད་པའི་རབ་བྱེད་སྙན་ངག་གི་ལམ་ནས་དྲངས་པ་བསོད་ནམས་སྤྲིན་གྱི་རོལ་མོ་ཞེས་བྱ་བ་བཞུགས་སོ། །བསོད་ནམས་བསམ་མི་ཁྱབ་པ་ལས་འོངས་པའི། །གྲགས་པ་སྤྲིན་གྱི་རོལ་མོའི་སྙན་དབྱངས་ཀྱིས། །འཇིག་རྟེན་གསུམ་པོ་ཡོངས་སུ་ཁྱབ་མཛད་པ། །འཛམ་གླིང་གེ་སར་རྒྱལ་པོར་བསྔགས་བརྗོད་འབུལ། ༡། དུས་གསུམ་གྲོལ་བ་བརྙེས་གྱུར་ཇི་སྙེད་པ། །བསྐྱེད་པའི་ཡབ་ཏུ་གྱུར་ཀྱང་གཞོན་ནུའི་ཚུལ། །རིགས་གསུམ་སེམས་དཔའི་མཚན་དང་སྐུའི་བཀོད་པས། །མཐའ་ཀླས་ཞིང་ཁམས་རྒྱ་མཚོར་རང་དབང་བསྒྱུར། ༢། གང་དེའི་ཐུགས་རྗེའི་འཇུག་པ་སར་པ་ཞིག །སྨུག་པོ་གདོང་གི་གདུང་ལས་རགས་པའི་སྐུར། །གསལ་གྱུར་གེ་སར་སྐྱེས་བུ་དོན་འགྲུབ་ཅེས། །གླིང་དཀར་དབུ་རྨོག་དགྲ་ལྷའི་རྒྱལ་པོར་བཞེངས། ༣། སུམ་རྩེན་གྲོང་ནས་ལྷ་དབང་སྲས་པོ་མཆོག །དམུ་སྐས་ལ་བརྒྱུད་ས་འདིར་འཕོས་པ་བཞིན། །དཀར་དམར་ལང་ཚོའི་མེ་ཏོག་མ་དམས་པས། །འགྲོ་བ་ཡིད་དབང་འཕྲོག་པའི་ཆོམ་རྐུན་གྱུར། ༤། རིན་ཆེན་རྡུལ་མངས་བརྩེགས་པའི་ལྷུན་པོ་ལ། །པདྨའི་གཉེན་གྱི་གསལ་བ་འཕོས་པ་བཞིན། །མཛེས་བརྗིད་སྐུ་ཡི་ལང་ཚོ་དར་བ་དང་། །སྡེ་བཞིའི་ཕྲིན་ལས་རྒྱས་པ་མཉམ་དུ་བྱས། ༥། གཞན་སྡེ་དཔའ་བས་ཟིལ་གྱིས་གནོན་པ་ལ། །པད་དཀར་མིག་གི་རྣམ་ཐར་བདག་བཞེས་ཚེ། །ཕྱོགས་ཀྱི་རཱ་ཛ་དྲེགས་པའི་སེམས་འཆང་འགའི། །སྙིང་ལ་བརྣག་བཞིན་རྨོངས་པ་རིང་ནས་སངས། ༦། བསམ་མི་ཁྱབ་པའི་མཐུ་དང་རྫུ་འཕྲུལ་གྱིས། །སྲིད་ཞི་ཀུན་ལ་དབང་བསྒྱུར་ཚེགས་མེད་ཀྱང་། །ཐབས་ལ་མཁས་པས་དཀར་པོའི་ཕྱོགས་སྐྱོང་ཞིང་། །ནག་ཕྱོགས་ཕྲུ་མ་གཞོམ་ལ་མི་འགལ་སྒྲུབ། ༢། སྲ་བརྟན་གོ་དང་རིན་ཆེན་ཁྲབ་རྨོག་གི། །བགོ་བས་ཅི་བྱ་འབྱུང་བཞིའི་འཇིག་པ་ཡིས། །རིང་ནས་ཡོངས་སུ་བཏང་བའི་རྡོ་རྗེའི་སྐུ། །ནམ་མཁའི་ཁམས་བཞིན་འཕོ་འགྱུར་བྲི་གང་བྲལ། ༨། གང་འདུལ་གདུལ་བྱ་འདུལ་ལ་དགྲ་ལྷའི་ཚུལ། །རྣོ་ངར་ཤུགས་ལྡན་མཚོན་སོགས་དཔའ་ཆས་དགུ། །གསོལ་བའི་འཇིགས་རུང་སྐུ་འདི་དྲན་པའི་མོད། །དགྲ་ཚོགས་འཇིགས་པས་དོན་སྙིང་ཁ་སྒོར་འཕེན། ༩། སྲ་མཁྲེགས་བྲག་རིའི་སྤོ་ཡང་མཐར་བྱེད་པའི། །གནམ་ལྕགས་ཐོག་དང་ཆོས་མཚུངས་ཉག་ཕྲན་མདའི། །འབེན་དུ་ཐེབས་པ་སུ་ཞིག་ཡ་མའི་གྲོངས། །རིངས་པར་ཆས་ལས་གཟུར་བའི་ཐབས་སྲིད་དམ། ༡༠། དུས་མཐའི་ཞུག་ལྟར་འཇིགས་ཤིང་ལྡོག་དཀའ་བ། །བཏབ་པ་ལེན་མེད་དགྲ་ཁྲག་ཧུབ་འདྲེན་ཞེས། །ཞུམ་པར་མི་འཚལ་ལུགས་གཉིས་དྲངས་པོའི་ཐིག །ཚད་འཛིན་སྐྱེ་བོའི་ཚོགས་རྣམས་ནམ་ཡང་མིན། ༡༡། མདུང་རིངས་མཚོན་རྣོན་གནམ་ཀའི་མདོངས་དང་འདྲེས། །འཇིགས་པའི་རུ་མཚོན་དུས་མེ་ལྟར་འབར་བ། །མཛའ་བ་མིན་པའི་སྟེང་དུ་གཡོ་བ་དང་། །གཤིན་རྗེ་རྒྱུ་བའི་གྲིབ་སོ་ལྷན་ཅིག་གོ༡༢། གློག་དམར་འགྱུ་{འཇུ}འདྲ་འཕྲུལ་གྱི་ཞགས་པ་ཡིས། །ཕ་རོལ་རྐེ་ནས་འཆིང་བཞིན་དྲག་ཤུལ་གྱིས། །འདྲུད་འདི་ཐོས་ཚེ་དེ་ཕྱོགས་དགའ་མའི་ཚོགས། །བསོད་ནམས་དཔུང་དང་ལྷན་ཅིག་མངའ་གནས་ལྟུང་། ༡༣། ཆེ་བརྗིད་མཛེས་བརླིང་རྫུ་འཕྲུལ་ཤུགས་ལྡན་པའི། །སྤྲུལ་པའི་ལྷ་རྟ་རྐྱང་རྒོད་འཕེལ་བོ་ཆེ། །མགྱོགས་པའི་བང་རྩལ་རླུང་དང་མཐུན་དཔེར་ཡང་། །སྟོང་གསུམ་སྐད་གཅིག་བསྐོར་བའི་ཁྱད་པར་ཆེ། ༡༤། ཟ་འོག་རི་མོ་བཀྲ་བའི་དར་གོས་སྟན། །རིན་ཆེན་སྒ་སྲབ་འཕྱོར་ཆས་དུ་མ་ཡིས། །ལྷབ་ལྷུབ་བརྒྱན་པའི་ཆིབས་ཀྱི་ངོ་མཚར་གྱིས། །སྲིད་པའི་མཛེས་ཆོས་ཀུན་ལ་སྐྱེངས་པ་སྟེར། ༡༥། སེང་གེའི་རྩལ་དང་གླང་ཆེན་སྟོབས་འཛིན་པའི། །དཔའ་བརྟུལ་ཕུ་ནུ་སུམ་ཅུའི་འཁོར་སོགས་ཀྱང་། །བསོད་ནམས་སྟོབས་ཀྱིས་གྲུབ་པའི་ཕུན་ཚོགས་དཔལ། །གཅིག་ལས་དུ་མའི་དཔེར་འོས་སྲིད་ན་དབེན། ༡༦། ལྷ་ཀླུ་མི་ཡི་དགྲ་ལྷ་ཝེར་མའི་འཁོར། །དབྱར་གྱི་ཆར་སྤྲིན་རབ་ཏུ་གཏིབས་འདྲ་བ། །དུ་མའི་ཚོགས་ཀྱང་སྤྲོ་བསྡུ་བྱེད་པོ་ནི། །ཉིད་ལས་གཞན་དུ་མི་དམིགས་ངེས་པ་ཉིད། ༡༧། ཐུགས་རྗེ་ཐབས་དང་རྟེན་འབྲེལ་སྣ་ཚོགས་ཀྱི། །མཐའ་ནོར་དབུས་དྲངས་རིན་ཆེན་གཏེར་སྒོ་ཕྱེས། །དབུལ་བའི་གདུང་བ་མིང་གི་ལྷག་མར་བྱས། །ས་འདི་དགེ་ལྡན་ཞིང་ལྟར་འབྱོར་པས་འཚངས། ༡༨། མི་བསྲུན་ལྷ་མིན་གདུག་པའི་སེམས་འཆང་ཞིང་། །བསྟན་འགྲོའི་བདེ་སྐྱིད་འཕྲོག་བྱེད་བདུད་ཀྱི་དཔུང། །འཇོམས་ལ་དྲང་སྲོང་ཁྲོས་པའི་རྒྱལ་པོ་བཞིན། །བདུད་ཀྱི་བདུད་ཆེན་ཞེས་གྲགས་དོན་ལ་གནས། ༡༩། ཧོར་སོག་མཐའ་དམགས་ཡན་ལག་བཞི་པའི་དཔུང་། །ཉི་མའི་མདངས་ཀྱིས་རེག་པའི་བ་མོ་བཞིན། །དཀའ་ཚེགས་མེད་པར་འཇོམས་ཤིང་རྗེས་མེད་སྦྱངས། །ཆོས་ཀྱི་གདུལ་བྱ་པདྨོའི་ཚལ་དུ་བསྒྱུར། ༢༠། སྲིད་ན་ཆེ་བའི་དབང་པོ་དེ་རྣམས་ཀྱིས། །རིང་ནས་བསགས་པའི་དཔའ་དང་གྲགས་པ་དང་། །ལང་ཚོས་དྲེགས་པའི་གཞོན་ནུ་མ་ཡི་ཚོགས། །ལྷན་ཅིག་འཕྲོག་ནས་ལོངས་སུ་སྤྱོད་པ་མཚར། ༢༡། རྒྱ་འཇང་མི་ཉག་སྐུ་ཡི་བཀོད་པས་ཁྱབ། །འབྱུང་རིགས་དམ་བཏགས་དཀར་ཕྱོགས་ལྷ་ངོ་བསྟོད། །ཕྲིན་ལས་མི་ཉམས་སྲིད་མཐའི་བར་དུ་གསལ། །གྲགས་དཀར་ཟླ་བའི་འོད་དང་མཚོན་མ་ཡིན། ༢༢། ཞི་བའི་མདངས་གསལ་རྒྱས་པའི་བརྗིད་དང་ལྡན། །དབང་གི་འཛུམ་ཆགས་དྲག་པོའི་ཉམས་འབར་བ། །གང་འདུལ་སྐུ་ཡི་རྣམ་འགྱུར་སྣ་ཚོགས་ཀྱིས། །རབ་འབྱམས་ལས་ཀུན་ཐོགས་པ་མེད་པར་སྒྲུབ། ༢༣། ཡེ་ཤེས་འཇིག་རྟེན་ཆོས་སྲུང་ནོར་གྱི་ལྷ། །གང་ལྟར་བརྟེན་སྒྲུབ་མཆོད་ཅིང་བསྟོད་པའི་འབྲས། །བུམ་པ་བཟང་དང་དཔག་བསམ་ནོར་བུའི་ཚུལ། །དངོས་གྲུབ་འཇོ་བ་དངོས་པོའི་གཤིས་ལུགས་སོ། ༢༤། སྙིགས་ལྔའི་རྒུད་པའི་ཚད་ནད་བདོ་བ་ལ། །ཞི་བྱེད་དུས་ལ་བབས་པའི་ག་བུར་སྨན། །ཡང་ཡང་གྲུབ་པའི་སློབ་དཔོན་གྱིས་བསྔགས་པས། །གཟུ་བོར་གནས་ཀུན་མི་དད་རང་དབང་ཅི། ༢༥། དེ་ཕྱིར་རྒྱུ་མཚན་ཤེས་པའི་གནམ་གྱི་བུ། །ཙི་ནའི་ར་ཛཱས་ཁྱོད་གཅིག་མཆོད་བསྟོད་འབྲས། །བསོད་ནམས་གསེར་གྱི་འཁོར་ལོས་འཛམ་གླིང་ཁྱོན། །དབང་བསྒྱུར་སྟོབས་ཀྱི་ཤེད་མང་བྱིན་དེ་མཚར། ༢༦། རྒྱ་བོད་གཉིས་ན་གྲགས་པའི་སྐྱེས་གཅིག་བུ། །མ་སང་འཕྲུལ་གྱི་སྐྱེས་བུ་རྫུ་འཕྲུལ་ཅན། བསྟན་འགྲོའི་བདེ་སྐྱིད་སྤེལ་བའི་ཕྲིན་ལས་རྒྱུན། །དེང་ཡང་ཉམས་མེད་སྤྱོད་ཡོད་དྲིན་དུ་ཆེ། ༢༣། འཛམ་གླིང་པ་ལ་རྒྱུ་བའི་ཉི་མ་ཆེ། །སྐུ་རྗེ་གེ་སར་རྣམ་ཐར་པདྨའི་ཚལ། །སྐལ་བཟང་བུང་བས་ཅི་དགར་སྤྱོད་ཆོག་པ། །འདི་འདྲ་སྔོན་གོམས་ལས་ཀྱི་འབྲེལ་བར་ཤེས། ༢༨། མཚར་སྡུག་ལང་ཚོའི་ཆ་རྫོགས་དབྱངས་ཅན་མ། །ཡིད་ཀྱི་ཁབ་ཏུ་བག་མར་ཕྱིན་པ་ཡི། །རྩེ་དགའི་རྒྱུད་མངས་འཁྲོལ་བའི་བསྔགས་བརྗོད་གླུས། །ཕ་མཚུན་གཉེན་གྱི་དགྲ་ལྷ་མཉེས་གྱུར་ཅིག༢༩། ཅེས་ཛམ་གླིང་སེང་ཆེན་ནོར་བུ་དགྲ་འདུལ་ལ་སྙན་ཚིག་གི་ལམ་ནས་བསྔགས་པ་བརྗོད་པ་འདི་ལྟ་བུ་ཞིག་བྲིས་ཞེས་རང་གི་གམ་ན་གནས་བའི་མེས་པོ་དགེ་རྒན་ལྔ་རིག་སྨྲ་བ་ཕྱག་གཡང་ལོངས་སྤྱོད་རྒྱ་མཚོས་གསུང་གི་བསྐུལ་བ་དང་དུ་བླངས་ཏེ་ཟེ་ཆེན་སྤྲུལ་མིང་འཛིན་པ་ངག་དབང་འཇམ་དབྱངས་མཁས་གྲུབ་རྒྱ་མཚོས་མེ་སྤྲེལ་ལོའི་རྒྱལ་ཟླའི་འཕེལ་ཕྱོགས་ཀྱི་ཚེས་བཟང་པོར་བྲིས་པའི་དགེ་བས་རྒྱལ་ཁམས་ཀུན་ཏུ་བདེ་སྐྱིད་ཕུན་སུམ་ཚོགས་པས་ཁྱབ་ཅིང་བརྟན་པའི་རྒྱུར་གྱུར་ཅིག་གུ། ༈ དུས་གསུམ་ཀུན་མཁྱེན་པདྨའི་བཀའ་རྟགས་འཆང་། །མཐུ་སྟོབས་རྫུ་འཕྲུལ་ནམ་མཁའི་མཐའ་དང་མཉམ། །ཕྲིན་ལས་རྣམ་བཞིས་སངས་རྒྱས་བསྟན་པ་སྲུང་། །འཛམ་གླིང་སེང་ཆེན་རྒྱལ་པོར་མཆོད་པ་འབུལ། །ཅེས་པའང་སྨྲས་སོ། །༈ ༀ་སྭསྟི་སིངྔྷཾ། བོད་ཆེན་སྒང་དྲུག་ནོར་འཛིན་ཁྱོན་ཀུན་ལ། །སྡེ༵་བཞིའི་ཆོས་སྲིད་འཁོར་ལོས་དབང་བསྒྱུར་ཞིང་། །དགེ༵་བཅུའི་ཁྲིམས་ཀྱིས་ས་ཆེན་སྐྱོང་བ་པོའི། །མངའ་ཐང་དཔལ་འབྱོར་སྲིད་མཐར་འཕེལ་རྒྱས་ཤོག །ཅེས་སོ། །དགེའོ། །དགེའོ། །དགེའོ། །

ལྷག་པའི་ལྷ་སྣ་ཚོགས་ཀྱི་སྒྲུབ་ཐབས་དང་བསྙེན་ཡིག་སོགས་ཀྱི་སྐོར་རྫོགས་ལྡན་ནོར་བུའི་སྤྲིན་ཆེན།

༄༅། །ལྷག་པའི་ལྷ་སྣ་ཚོགས་ཀྱི་སྒྲུབ་ཐབས་དང་བསྙེན་ཡིག་སོགས་ཀྱི་སྐོར་རྫོགས་ལྡན་ནོར་བུའི་སྤྲིན་ཆེན་ཞེས་བྱ་བ་བཞུགས། །རྡོ་རྗེ་ཕུར་པ་ཡང་གསང་སྤུ་གྲི་འབར་བའི་ལས་བྱང་ཁྱེར་བདེ་སྙིང་པོའི་དྲིལ་བ་ཀུན་བཟང་བདེ་ལམ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ཤྲཱི་བཛྲ་ཀུ་མཱ་རཱ་ཡ། རྒྱལ་ཀུན་ཕྲིན་ལས་འདས་པའི་དཔྱིད། །བླ་མ་རྡོ་རྗེ་གཞོན་ནུ་ལ། །བཏུད་ནས་ཡང་གསང་སྤུ་གྲི་ཡི། །ལས་བྱང་འཇུག་བདེའི་ཁྲིགས་སུ་སྡེབ། །འདིར་དབང་ཐོབ་ཅིང་དམ་ཚིག་ལ་གནས་པས་རྡོ་རྗེ་ཕུར་པ་བསྒྲུབ་པ་ལ། སྦྱོར་དངོས་རྗེས་གསུམ་གྱི་དང་པོ། དམ་ཚིག་གི་རྟེན་རྣམས་ཚོགས་པར་བྱས་ནས། དཔལ་ཆེན་རྡོ་རྗེ་གཞོན་ནུའི་དགོངས་པ་ཡིས། །སོགས་གསོལ་འདེབས་དང་། སྐྱབས་སེམས་སྔོན་དུ་འགྲོ་བས་མཚམས་བཅད་པ་ནི། ཧཱུྃ། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ང་ཡི་བཀའ་ལས་འདའ་མ་བྱེད། །རྡོ་རྗེ་གསང་བའི་བཀའ་ལས་ནི། །སྡིག་ཅན་གང་ཞིག་འདའ་བྱེད་ལ། །སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས། །ཀླད་པ་ཚལ་བ་བརྒྱ་རུ་ཁོས། །སྟེང་ཡང་ཕུར་བུའི་བླ་རེ་ལ། །ཕུར་བུའི་ཐོག་ཆེན་ཆར་ལྟར་འབེབས། །འོག་ཀྱང་ཕུར་བུའི་ས་གཞི་ལ། །ཕུར་བུའི་འདུ་འཕྲོ་མེ་ལྟར་འབར། །ཕྱོགས་མཚམས་ཕུར་བུས་གཏམས་པ་ལ། །ཕུར་བུའི་ཚྭ་ཚྭ་སྐར་ལྟར་འཁྲུགས། །ཕུར་བུའི་མཚམས་ལས་མ་འདའ་ཞིག །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་གརྫ་ཧ་ན་ད་ཧ་པ་ཙ་བྷནྡྷ་ཧུ་ལུ་ཏིཥྛ་ཚིནྡ་བྷིནྡྷ་སྥོ་ཊ་ཡ་གནོད་བྱེད་འབྱུང་པོ་མ་ར་ཡ་ཧཱུྃ་ཕཊ། བཤགས་པ་ནི། བླ་མ་རིག་འཛིན་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་བཛྲ་ས་མ་ཛཿས་སྤྱན་དྲངས་ལ། ཧཱུྃ། བཅོམ་ལྡན་བདེ་གཤེགས་རྒྱལ་བ་ཞི་ཁྲོ་དགོངས། །ཐེག་མཆོག་མཉམ་པའི་དོན་ཉིད་མ་རྟོགས་པས། །བདེ་གཤེགས་བཀའ་དང་འགལ་སྤྱད་ནོངས་པ་ཀུན། །གནོང་འགྱོད་དྲག་པོས་མཐོལ་བཤགས་ཚངས་པར་གསོལ། །སྤྲོ་ན་སྤྱི་བཤགས་ཡེ་ཤེས་སྐུ་མཆོག་ཀྱང་བྱའོ། །དེ་ནས། ༀ་བཛྲ་པྲ་བེ་ཤ་ཡ་ཕཊ། ཀྱིས་བརྡའ་སྒོ་དབྱེ། ཨ་ཏི་པུ་ཧོཿཔྲ་ཏི་ཛ་ཧོཿས་བརྡའ་ཕྱག་འཚལ། ༀ་བོ་ངྷི་ཙིཏྟ་ས་མ་ཡ་སྟྭྃ་གྱིས་དམ་བཅའ་འོ། །བྱིན་དབབ་པ་ནི། ནམ་མཁའ་གང་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་བདག་གནས་ཡོ་བྱད་ལ་ཐིམ་པར་བསམས་ལ། ཧཱུྃ། སྲིད་པའི་ཕུར་བུ་སྒྲུབ་པ་དང་། །དབང་དང་དངོས་གྲུབ་བླང་བའི་ཕྱིར། །གཉིས་མེད་དག་པའི་མཁའ་དབྱིངས་ནས། །ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། །དབང་ཆེན་རྣམས་ཀྱི་དབང་བསྐུར་ཅིག །བྱིན་ཆེན་རྣམས་ཀྱིས་བྱིན་ཕོབ་ཅིག །མཐུ་ཆེན་རྣམས་ཀྱིས་མཐུ་སྩོལ་ཅིག །རྟགས་དང་མཚན་མ་བསྟན་པ་དང་། །ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་དེ་བ་ག་ཎ་ཨ་ངྷིཥྛཱན་ཨཱ་བེ་ཤ་ཡ་ཨཿཨཱཿ། ཞེས་དབབ། མཆོད་རྫས་བྱིན་གྱིས་བརླབ་པ་ནི། རྃ་ཡྃ་ཁྃ། ཧཱུྃ། རྟོག་བྲལ་ཡེ་ཤེས་བདུད་རྩི་འབར། །ཆགས་མེད་རཀྟའི་རྒྱ་མཚོར་འཁྱིལ། །འདོད་ཡོན་ལྔ་ཡི་གཏོར་ཆེན་སྤུངས། །ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ། །ༀ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ༔ༀ་མ་ཧཱ་རཀྟ་ཛྭ་ལ་ནི་ཧཱུྃ་ཕཊ། ༀ་ཁ་ཏ་ལི་བྷྲཱུྃ་མ་ཧཱ་བ་ལིཾ་ཏ་ཨཱཿༀ་ཨཱཿཧཱུྃ། གིས་བརླབ་བོ། །གཉིས་པ་དངོས་གཞི་ལ། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྐྱེད་པ་ནི། རྡོ་རྗེ་ཁྲོས་པ་ཞེ་སྡང་གཅོད། །མཚོན་ཆེན་སྔོན་པོ་འབར་བ་ཡིས། །ནམ་མཁའི་དཀྱིལ་ནས་ཐིག་པ་ཤར། །ཞེས་ཏིང་ངེ་འཛིན་གསུམ་གྱིས་ཁོག་ཕུབ་ནས། ཧཱུྃ། ཨེ་ཡཾ་རཾ་སུཾ་ཀེཾ་རཾ་བྷྲཱུྃ། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་རཏྣ་བྷཉྫ་ཨེ་མཎྜ་ལ་བྷྲཱུྃ། ཧཱུྃ། རབ་འཇིགས་དུར་ཁྲོད་འབར་བའི་གཞལ་ཡས་ཁང་། །གྲུ་གསུམ་མཐིང་ནག་ཟླ་གམ་རིན་ཆེན་འབར། །གྲུ་ཆད་བར་ཁྱམས་སྒོ་བཞི་མུ་ཁྱུད་རྫོགས། །ངོ་མཚར་ཕོ་བྲང་ཡེ་ཤེས་མེ་འོད་གསལ། །བཛྲ་ཏ་ཏཾ། རུ་ཏྲ་ཀྲོ་ངྷཱི་ཏི་ར་བཾ། མ་སཱུརྱ་མཎྜ་ལ། ཨ་ཙཎྜ་མཎྜ་ལ། པཾ་པདྨ་མཎྜ་ལ། ཧཱུྃ། རྡོ་རྗེ་བྲག་ཆེན་གཏམས་པའི་ས་གཞི་ལ། །དྲེགས་པ་ལྷ་ཆེན་ཕྱོགས་སྐྱོང་ཕོ་མོ་བསྣོལ། །ཐབས་ཤེས་ཉི་མ་ཟླ་བ་འོད་འབར་དབུས། །མ་ཆགས་པདྨ་འབར་བའི་གདན་དུ་བསམ། །ཧཱུྃ། ཧཱུྃ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། བཛྲ་ཧཱུྃ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུྃ་ཕཊ། བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི། །དབུ་གསུམ་ཕྱག་དྲུག་ཞབས་བཞི་གཡོན་བརྐྱང་ཚུལ། །བཞད་པའི་ཞལ་གཡས་དཀར་ཞིང་གཡོན་དམར་གཤེ། །དབུས་ཞལ་མཐིང་ནག་དྲག་ཏུ་རྔམས་ཤིང་འབར། །སྤྱན་དགུ་སྡང་མིག་ཁྲོ་གཉེར་གློག་སྟོང་འཁྱུགས། །ཤངས་ནས་ཧཱུྃ་འབྱིན་ཞལ་ནས་ཕཊ་སྒྲ་སྒྲོགས། །རྣོ་དབལ་དྲག་པོའི་མཆེ་བ་ཟུར་གསུམ་གཙིགས། །ཉི་ཁྲི་ཆིག་སྟོང་དབུ་སྐྲ་གྱེན་དུ་འཁྱིལ། །བྱེ་བ་ཐེར་འབུམ་རྡོ་རྗེའི་བ་སྤུ་གཏམས། །གཡས་ཀྱི་དང་པོས་རྡོ་རྗེ་རྩེ་དགུ་གདེངས། །གཡོན་གྱི་དང་པོས་མེ་དཔུང་འབར་བ་བསྣམས། །གཡས་ཀྱི་གཉིས་པས་རྡོ་རྗེ་རྩེ་ལྔ་འཕྱར། །ཁ་ཊྭཱཾ་རྩེ་གསུམ་གཡོན་གྱི་གཉིས་པར་འཁྲོལ། །ཐ་མའི་ཕྱག་གཉིས་རི་རབ་ཕུར་བུ་འདྲིལ། །རིགས་ལྔའི་རྩེ་བྲན་ཐོད་སྐམ་ཅོད་པཎ་ཅན། །ཚར་གསུམ་ཐོད་པའི་ཕྲེང་བ་ག་ཤལ་བསྣམས། །སྦྲུལ་ཆེན་རིགས་བཞི་ཕུར་སྒྲ་སྒྲོགས་པས་བརྒྱན། །རཀྟའི་ཐིག་ལེ་ཞག་གི་ཟོ་རིས་དང་། །ཐལ་ཆེན་ཚོམ་བུས་རབ་བརྗིད་གླང་ཆེན་གྱི། །ཀོ་རློན་ཞིང་ལྤགས་གཡང་གཞི་གོས་སུ་གྱོན། །སྟག་ལྤགས་ཤམ་ཐབས་འཕྱང་ཞིང་རྡོ་རྗེ་ཡི། །གཤོག་པ་གདེངས་པས་བར་སྣང་ཁྱབ་པར་འགེངས། །མཐིང་ནག་དར་གྱི་ཅོད་པཎ་ཕུར་པའི་སྐུ། །རྡོ་རྗེ་ཁྲོ་བོ་ཉམས་དགུས་རོལ་བའི་ཡུམ། །འཁོར་ལོ་རྒྱས་འདེབས་མཐིང་ག་ཁྲོ་ཞིང་སྒེག །གཡས་པས་ཨུཏྤལ་འཛིན་པས་ཡབ་ལ་འཁྱུད། །གཡོན་པས་བྷན་དམར་སྟོབས་ལ་རབ་བརྩོན་མ། །ཁྲོ་མོའི་རྒྱན་དང་གཟིགས་ལྤགས་ཤམ་ཐབས་ཅན། །བདེ་སྟོང་སྦྱོར་བས་འབར་བའི་ཀློང་ན་བཞུགས། །ཡབ་ཀྱི་ཐུགས་ཀར་རིན་ཆེན་ཟུར་བརྒྱད་པ། །མརྒད་གུར་ཕུབ་ལྟ་བུའི་སྲོག་གི་གོར། །ཡེ་ཤེས་སེམས་དཔའ་རྡོར་སེམས་ཚོན་གང་བ། །དཀར་གསལ་རྡོར་དྲིལ་རིན་ཆེན་རྒྱན་ཆ་ཅན། །དེ་ཡི་ཐུགས་ཀར་རིན་ཆེན་ཆ་བརྒྱད་དབུས། །སྲན་མ་བཀས་པ་ཙམ་གྱི་ཉི་མ་ལ། །རྡོ་རྗེ་ནས་འབྲས་ཙམ་གྱི་ལྟེ་བར་ཧཱུྃ། །ཡུངས་འབྲུ་ཙམ་དུ་ཕྲ་ཞིང་འབར་བའི་མཐར། །སྲོག་ཡིག་འབྲུ་དགུ་གཡས་སུ་བསྐོར་བའི་སྒོ། །རྟ་མགྲིན་དམར་པོ་པདྨ་བྷཉྫའི་ཕྱག །ཡུམ་དང་གཉིས་མེད་འཁྲིལ་བས་བསྲུངས་པར་གྱུར། །ཧཱུྃ། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས། །འབར་བའི་ཁྲོ་བོ་མི་བཟད་པ། །སྐུ་ཡི་དབྱིག་ཏུ༵་བདག་སྐྱེད་ཅིག །སྲོག་གི་གོ་རུ་ཤར་བ་དང་། །སྙིང་གི་དཀྱིལ་དུ་བསྒོམ་པར་བྱ། །ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ། ༀ་བཛྲ་ཀྲོ་ངྷ་ཧཱུྃ་ཀ་ར་ཧཱུྃ། གརྫྷ་གརྫྙ་ཧཱུྃ་ཕཊ། སྟེང་ཕྱོགས་ཉི་ཟླ་བསྣོལ་བའི་གདན་སྟེངས་སུ། །ཧཱུྃ་ཆེན་སྒྲ་འབྱིན་ཕག་དང་སྨིག་བུའི་མགོ །ༀ་བཛྲ་ཀྲོ་ངྷ་བི་ཛ་ཡ་ཧཱུྃ། ཧ་ན་ཧ་ན་ཧཱུྃ་ཕཊ། ཤར་ཕྱོགས་དྲི་ཟ་བསྣོལ་བའི་གདན་སྟེངས་སུ། །རྣམ་རྒྱལ་སྙེམ་མ་སྟག་དང་བྱ་རྒོད་མགོ །ཨོཾ་བཛྲ་ཀྲོ་ངྷ་ནཱི་ལ་དཎྜ་ཧཱུྃ། ད་ཧ་ད་ཧ་ཧཱུྃ་ཕཊ། ཤར་ལྷོ་མེ་ལྷ་བསྣོལ་བའི་གདན་སྟེངས་སུ། །དབྱུག་སྔོན་སྡེར་མོ་གཡག་དང་བྱ་རོག་མགོ །ༀ་བཛྲ་ཀྲོ་ངྷ་ཡ་མཱནྟ་ཀ་ཧཱུྃ། པ་ཙ་པ་ཙ་ཧཱུྃ་ཕཊ། ལྷོ་ཕྱོགས་གཤིན་རྗེ་བསྣོལ་བའི་གདན་སྟེངས་སུ། །གཤིན་རྗེ་དུར་ཁྲོད་ཤ་བ་འུག་པའི་མགོ །ཨོ་བཛྲ་ཀྲོ་ངྷ་ཨཱརྱ་ཨ་ཙ་ལ་ཧཱུྃ། བྷནྡྷ་བྷནྷ་ཧཱུྃ་ཕཊ། ལྷོ་ནུབ་སྲིན་པོ་བསྣོལ་བའི་གདན་སྟེངས་སུ། །མི་གཡོ་གཏུན་ཁུང་གཟིག་དང་ཁྭ་ཏའི་མགོ །ༀ་བཛྲ་ཀྲོ་ངྷ་ཧ་ཡ་གྲཱི་ཝ་ཧཱུྃ། ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ནུབ་ཕྱོགས་ཀླུ་དབང་བསྣོལ་བའི་གདན་སྟེངས་སུ། །རྟ་མགྲིན་གཏུམ་མོ་བྱི་ལ་པུ་ཤུད་མགོ །ༀ་བཛྲ་ཀྲོ་ངྷ་ཨ་པ་རཱ་ཛི་ཏ་ཧཱུྃ། ཏིཥྛ་ཏིཥྛ་ཧཱུྃ་ཕཊ། ནུབ་བྱང་རླུང་ལྷ་བསྣོལ་བའི་གདན་སྟེངས་སུ། །འདོད་རྒྱལ་མདའ་སྙེམས་སྤྱང་ཀི་ཁྲ་ཡི་མགོ །ༀ་བཛྲ་ཀྲོ་ངྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུྃ། ཚིནྡྷ་ཚིནྡྷཧཱུྃ་ཕཊ། བྱང་ཕྱོགས་གནོད་སྦྱིན་བསྣོལ་བའི་གདན་སྟེངས་སུ། །བདུད་རྩི་རླུང་འབྱིན་སེངྒེ་ཕ་ཝང་མགོ །ༀ་བཛྲ་ཀྲོ་ངྷ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུྃ། བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ། བྱང་ཤར་དབང་ལྡན་བསྣོལ་བའི་གདན་སྟེངས་སུ། །ཁམས་གསུམ་གསོད་མ་དོམ་དང་སྲེ་མོང་མགོ །ༀ་བཛྲ་ཀྲོ་ངྷ་མ་ཧཱ་བ་ལ་ཧཱུྃ། སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ། འོག་ཕྱོགས་ས་བདག་བསྣོལ་བའི་གདན་སྟེངས་སུ། །སྟོབས་ཆེན་བསྐྱོད་མ་དྲེད་དང་བྱི་བའི་མགོ །ༀ་བཛྲ་མ་ཧཱ་ཀྲོ་ངྷ་ཀྲོ་ངྷཱི་ཤྭ་རི། མ་ཐ་མ་ཐ་བཛྲ། ཛྭ་ལ་ཛྭ་ལ་བཛྲ། ཧཱུྃ། ཕྱོགས་བཅུ་དྲེགས་པ་བསྣོལ་བའི་གདན་སྟེངས་སུ། །ཧཱུྃ་དང་ཕཊ་སྒྲོགས་སྲིད་གསུམ་འཁོར་བ་འཇིག །བདུད་འདུལ་མཐུ་ཆེན་ཁྲོ་རྒྱལ་ཡབ་ཡུམ་བཅས། །ཟ་བྱེད་གསོད་བྱེད་གཏུམ་རྔམས་ཚོགས་བཅས་གསལ། །ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ༀ་བཛྲ་ཀྲོ་ངྷ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། ཟླ་གམ་ཨེ་ཡི་གདན་སྟེངས་སུ། །སྲིད་གསུམ་གདུག་པ་སྒྲོལ་མཛད་པའི། །དཔལ་ཆེན་སྐུ་གསུང་ཐུགས་ཀྱི་སྲས། །མཐུ་ཆེན་ཉི་ཤུ་རྩ་གཅིག་གསལ། །ཧཱུྃ། སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །བསད་ཅིང་མནན་པ་མ་ཡིན་ཏེ། །ཕུང་པོ་རྡོ་རྗེས་གཏམས་བྱས་ནས། །རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །ཛཿཧཱུྃ་བཾ་ཧོཿༀ་བཛྲ་ཀཱི་ལི་ཀཱི་ལ་ཡ། མོ་ཧ་གྷཱ་ཏ་ཡ་མ་མ་ཤྲཱི་གྷྲཾ་ཀརྨ་ཀ་ར་ཡེ་ཧཱུྃ་ཕཊ། ཚད་མེད་བཞི་ལྡན་སྒོ་བཞི་རུ། །ལས་བཞི་སྒྲུབ་མཛད་སྒོ་མ་བཞི། །བར་ཁྱམས་ཕུར་སྲུང་བཅུ་གཉིས་དང་། །བསེ་ལྕགས་དུང་སོགས་གིང་ཆེན་བཞི། །ཕྱི་ཡི་འཁོར་ཡུག་ལྕགས་རི་ལ། །མཁའ་འགྲོ་སུམ་བཅུ་རྩ་གཉིས་དང་། །མ་བདུན་སྲིང་བཞི་དབང་ཕྱུག་སོགས། །དམ་ཅན་འཁོར་ཡུག་གང་བར་གྱུར། །ཞེས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་རྣམ་གསུམ་ཡོངས་རྫོགས་བཀྲག་གསལ་དུ་བསྐྱེད་དོ། །དེ་ནས་རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་པ་ནི། རང་གི་ཐུགས་ཀའི་ཧཱུྃ་ཡིག་ལས་བྱུང་བའི་འོད་ཟེར་རང་བཞིན་རྡོ་རྗེ་ཕུར་བུའི་ཞིང་ཁམས་ཐམས་ཅད་དུ་ཁྱབ་པར་འཕྲོས་པས་སྲིད་པའི་ཕུར་བུ་གཟུགས་ཀྱི་སྐུ་གང་ལ་གང་འདུལ་གྱི་མོས་པ་དང་འཚམས་པར་སད་པར་གྱུར། ༀ་བཛྲ་ས་མཱ་ཛཿས་དགོངས་གསོལ་བརྗོད་ནས། ཧཱུྃ། སྲིད་པའི་ཕུར་བུ་སྒྲུབ་པ་དང་། །དབང་དང་དངོས་གྲུབ་བླང་བའི་ཕྱིར། །ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། །ཏིང་འཛིན་དཀྱིལ་འཁོར་འདི་ལ་དགོངས། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨེ་ཧྱེ་ཧི་བྷ་ག་ཝཱན་ས་མ་ཡ་ཛ་ཛཿས་ཡེ་ཤེས་པ་སྤྱན་དྲངས་ཏེ་མདུན་མཁར་བཞུགས་པ་ལ། ཨ་ཏི་པུ་ཧོཿཔྲ་ཏི་ཙ་ཧོཿས་ཕྱག་འཚལ། ཨོཾ་ཨཱཿཧཱུྃ། ཨོཾ་ཧཱུྃ་སྭཱ་ཨཱཾཿཧཱ། ཀཱ་ཡ་ཝཱཀྩིཏྟ་གུ་ཎ་ཀརྨ་སིངྔྷི་ཨ་བྷི་ཥིཉྩ་ཧཱུྃ། གིས་དབང་བླང་། ས་མ་ཡ་ཏིཥྛ་སྟྭཾ། གྱིས་དམ་ཚིག་པ་ལ་གཉིས་མེ་དུ་བསྟིམ་མོ། །དེ་ནས་མཆོད་པ་ནི། ཧཱུྃ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །ཕྱི་ནང་ཉེར་སྤྱོད་འདོད་ཡོན་དྲག་པོའི་རྫས། །སྨན་གཏོར་རཀྟ་དུག་གསུམ་ཤ་ཁྲག་རུས། །རྨད་བྱུང་སྦྱོར་སྒྲོལ་གསང་བའི་མཆོད་སྤྲིན་སྤྲོ། །དཔལ་ཆེན་དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་འབུལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ༀ་ཤྲཱི་བཛྲ་ཧེ་རུ་ཀ་ས་པཱ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟའི་བར་དང་མ་ཧཱ་པཉྩ་ཨ་མྲཱྀ་ཏ་ཁ་རཾ་ཁཱ་ཧི། མ་ཧཱ་བ་ལིཏཾ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཁ་རཾ་ཁཱ་ཧི། ཁ་ཏཾ་ཁ་ཏཾ་ཁ་ཏཾ། ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། བཛྲ་ཡཀྴ་ཀྲོ་ངྷ་ཁ་ཁ་ཁ་རཾ་ཁཱ་ཧི་ཧ་ཧ་ཧཱུྃ་ཧཱུྃ་ཕཊ་ཕཊ། དེ་ནས་བསྟོད་པ་ནི། ཧཱུྃ། དུས་གསུམ་སངས་རྒྱས་མ་ལུས་འདུས་པའི་བདག །བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་མཆོག །སྐྱེ་མེད་རྣམ་དག་འཁོར་ལོ་རྒྱས་འདེབས་ཡུམ། །ས་བཅུའི་མངའ་བདག་ཁྲོ་རྒྱལ་ཡབ་ཡུམ་བཅུ། །ཉོན་མོངས་སྒྲོལ་མཛད་ཁྲ་ཐབས་ཉི་ཤུའི་ཚོགས། །སྐུ་གསུང་ཐུགས་སྤྲུལ་སྲས་མཆོག་ཉི་ཤུ་གཅིག །བར་ཆད་སྲུང་མཛད་སྒོ་སྐྱོང་ཕུར་སྲུང་སོགས། །རབ་འབྱམས་དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་བསྟོད། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། དེ་ནས་ཛབ་བཟླ་བ་ནི། དཀྱིལ་འཁོར་གསུམ་སྤྱི་དང་ཁྱད་པར་བདག་རྩ་བའི་དཀྱིལ་འཁོར་ལ་སེམས་རྩེ་གཅིག་ཏུ་འཛིན་པ་སྐུ་ཕྱག་རྒྱ་ལ་དམིགས་པ། ཐུགས་སྲོག་སྔགས་འཁོར་ལས་འོད་ཟེར་འཕྲོ་འདུས་ཀྱིས་དོན་གཉིས་བྱས་པར་མོས་པ་གསུང་ཡིག་འབྲུ་ལ་དམིགས་པ། སེམས་ཉིད་སྐྱེ་མེད་ཀྱི་ངང་དུ་རིག་པ་འཛིན་མེད་ཚོགས་དྲུག་ལྷུག་པར་འཇོག་པ་ཐུགས་ཆོས་ཉིད་ལ་དམིགས་པ། ཛབ྄་ཁང་ཕྱེས་ཏེ་བདག་མདུན་གྱི་ཐུགས་ཀ་དང་ལྟེ་བ་ནས་སྔགས་ཕྲེང་མགལ་མེ་ལྟར་འཁོར་བར་དམིགས་པ་ཡོན་ཏན་དབང་དང་དངོས་གྲུབ་ལེན་པ། སྔགས་ཀྱི་འོད་ཟེར་ལྗང་ནག་ཁྲོ་མཚོན་ཕུར་ཐུན་གྱི་ཆར་འབབ་པས་དགྲ་བགེགས་ཀྱི་སྒོ་གསུམ་ལོངས་སྤྱོད་དང་བཅས་པ་ཕྱེ་མར་བརླགས་ཅིང་ཚེ་བསོད་རང་ལ་བསྡུ་བ་ཕྲིན་ལས་དགྲ་བགེགས་སྒྲོལ་བའི་དམིགས་པ་བཅས་ཛབ྄་དགོངས་ལྔ་ལས། བསྙེན་སྒྲུབ་ཀྱི་སྐབས་འདིར་གཙོ་བོར་སྐུ་གསུང་ཐུགས་ཀྱི་ཛབ྄་དགོངས་ལ་གཞི་བཅའ་འོ། །བཟླ་བྱའི་སྔགས་ནི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ་ཛཿཧཱུྃ་ཨཱཿཞེས་སྲོགས་སྔགས་འབྲུ་དགུ། ལས་སྔགས་འབྲུ་ལྔ། འཕྱོང་སྔགས་འབྲུ་གསུམ་བཅས་སྦྲེལ་བ་ཡི་གེ་བཅུ་བདུན་པ་ནི་བསྙེན་པའི་སྔགས་ཏེ། གྲངས་ཀྱི་ཚད་ནི་བདུན་འབུམ་ཉི་ཁྲིར་གསུངས་སོ། །བསྙེན་སྒྲུབ་ཆིག་ཆོད་ལ་བསྙེན་སྔགས་མཐར། མ་རག་མོ་ཡག་མོ༔ཀཱ་ལ་རཱུ་པ་སྙིང་རྩ་ལ་ཡཾ་ཡཾ༔སྲོག་ལ་ཡཾ་ཡཾ༔སྙིང་ལ་ཕྲིལ་ཕྲིལ༔སྲོག་ལ་ཆུམ་ཆུམ༔ཙིཏྟ་སྲོག་ལ་དུང་དུང་༔སྙིང་ཁྲག་སྲོག་ལ་ཤད་ཤད༔ཐུམ་རི་ལི་ལི༔ཙེག་ཙེག༔འུར་འུར༔ཤིག་ཤིག༔གུལ་གུལ༔མྱགས་མྱགས༔སོད་སོད༔ཌཱ་ཀི་མ་མ་ཀརྨ༔ཤྲཱི་གྷྲཾ་ཀ་ར་ཡེ༔མཱ་ར་སེ་ན༔པྲ་མཱརྔྷན་ཡེ་ཧཱུྃ་ཕཊ༔ཅེས་དྲག་སྔགས་འདུས་པ་ཡི་གེ་བདུན་ཅུ་རྩ་དྲུག་པ་ཉིད་སྦྲེལ་ཏེ་བཟླའོ། །ཐུན་མཐར་སྟོང་ཚིག་གི་མཆོད་པ་ནི། ཧཱུྃ། དཔལ་ཆེན་ཕུར་པའི་ལྷ་ཚོགས་གཤེགས། །ཕྱི་ནང་གསང་བའི་མཆོད་པ་འབུལ། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྟོད། །བག་མེད་འགལ་འཁྲུལ་ཉམས་ཆག་བཤགས། །ཐུགས་རྗེས་བརྩེར་དགོངས་དངོས་གྲུབ་སྩོལ། །ཞེས་དངོས་གྲུབ་བླང་ངོ་། །གསུམ་པ་རྗེས་ལ་ཚོགས་མཆོད་འབུལ་བར་སྤྲོ་ན། བྱིན་གྱིས་བརླབ་པ་ནི། ཨོཾ་སརྦ་དྲ་བྱམ་བི་ཤོ་ངྷ་ཡ་ཧཱུྃ་ཕཊ། ཧཱུྃ། རཾ་ཡཾ་ཁཾ། མ་དག་པའི་དངོས་འཛིན་ཐམས་ཅད་བསྲེགས་གཏོར་བཀྲུས་ནས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཚོགས་གཞོང་རིན་པོ་ཆེའི་སྣོད་དུ་ཚོགས་རྫས་རྣམས་རིགས་ལྔ་ཡབ་ཡུམ་གྱི་དམ་ཚིག་ཆེན་པོའི་རང་བཞིན་འདོད་ཡོན་གྱི་རྣམ་པ་ཅིར་ཡང་འཆར་བར་བསམ་ཞིང་ༀ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཿཞེས་བརླགཚོགས་ཞིང་སྤྱན་འདྲེན་པ་ནི། ཧཱུྃ། སྲིད་པའི་ཕུར་བུ་སྒྲུབ་པ་དང་། །དབང་དང་དངོས་གྲུབ་བླང་བའི་ཕྱིར། །ཞལ་ཟས་ཚོགས་ཀྱི་མཆོད་པ་ལ། །ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛ་ཧཱུྃ་བཾ་ཧོཿདེ་ནས་ཚོགས་ཕུད་ཆ་གསུམ་དུ་བཅད་དེ། དང་པོ་མཆོད་པ་ནི། ཧཱུྃ། བླ་མེད་མཆོག་གི་མཆོད་པ་དམ་པ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ལ་འབུལ། །ༀ་གུ་རུ་དེ་ཝ་ཌཱ་ཀི་ནཱི་ག་ཎ་ཙཀྲ་ཁཱ་ཧི། བཛྲ་ཡཀྵ་ཀྲོ་ངྷ་ཁཱ་ཧི། སྤྲོ་ན་སྐོང་བའི་ལས་རིམ་གསུམ་ཡང་བྱའོ། །བར་བ་བཤགས་པ་ནི། ཡེ་ཤེས་ལྷ་ལ་རྟོག་པ་མི་མངའ་ཡང་། །དེ་ཡི་འཁོར་དུ་གཏོགས་པའི་ལྷ་སྲིན་རྣམས། །མི་ཡི་སྐྱོན་མཐོང་ཙམ་ན་བར་ཆད་རྩོམ། །བདག་ཅག་མ་རིག་སྒོ་གསུམ་བག་མེད་པས། །འདོད་ཁྲོ་གཏི་མུག་དབང་གིས་ནོངས་བྱས་བཤགས། །ཚོགས་ཀྱིས་མཆོད་དོ་ཚངས་དབང་དངོས་གྲུབ་སྩོལ། །ས་མ་ཡ་ཧོཿས་མ་ཡ་ཏིཥྛ་སྟྭཾ། ཐ་མ་བསྒྲལ་བ་ནི། རྒྱས་པར་གབ་པའི་སྔགས་དྲུག་སྤུ་གྲིའི་དགོངས་པ་ལྟར་བསྒྲལ་བ་ལས་གཞུང་བཞིན་ཤེས་པར་བྱ་ལ། འདིར་ཚོགས་མཆོད་དཀྱུས་ཙམ་དུ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་གནོད་བྱེད་ཛཿཧཱུྃ་བཾ་ཧོཿཤྲཱི་གྷྲཾ་ཨཱ་ཱན་ཡ་ཧཱུྃ་ཕཊ། ཅེས་དམིགས་བྱ་དགུག་ལ། ཧཱུྃ་ཛཿདམ་ཚིག་ཆེན་པོའི་དུས་ལ་བབས། །སྤྲུལ་པ་ཆེན་པོའི་དུས་ལ་བབས། །ཕྱག་བརྙན་ཆེན་པོའི་དུས་ལ་བབས། །ཤྭ་ན་མུ་ཁའི་དུས་ལ་བབས། །བདག་ཉིད་ཆེན་མོའི་དུས་ལ་བབས། །ས་བདག་ཆེན་མོའི་དུས་ལ་བབས། །ཁྱེད་ཀྱི་ཕྲིན་ལས་དུས་ལ་བབས། །མཐུ་རྩལ་དབྱུང་བའི་དུས་ལ་བབས། །ཞེས་ཕོ་ཉ་བསྐུལ། ཧཱུྃ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །དུས་གསུམ་རྒྱལ་བའི་གདུང་འཚོབ་པའི། །རིག་འཛིན་བདག་ཅག་རྣམས་ལ་ནི། །གནོད་ཅིང་གདུག་པའི་དགྲ་དང་བགེགས། །བདུད་དང་བར་དུ་གཅོད་པ་རྣམས། །ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས། །ཡུད་ཙམ་གྱིས་ནི་འདིར་བཀུག་ནས། །མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང་། །ལུས་ངག་རྡུལ་དུ་བཤིག་ནས་ཀྱང་། །སྡུག་བསྔལ་ཉམས་སུ་མྱོང་བར་མཛོད། །ༀ་ལཾ་ཧཱུྃ་ལཾ་སྟྭམྦྷ་ཡ་ནན་མོ་ཧཱ་གྷཱ་ཏ་ཡ་བྷ་ག་ཝཱན་ཧྲཱིཿཀྲྀ་ཤྲཱི་བི་ཀྲི་བཛྲ་ཧཱུྃ་ཀཱ་ར་ཧཱུྃ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བཾ་ཧོཿསརྦ་བིགྷྣན་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། བཛྲ་ཧཱུྃ་ཀཱ་ར་ཧཱུྃ་ཕཊ། ཧཱུྃ་ཀཱ་ར་ཧཱུྃ་ཨ་ཕཊ། ཅེས་བཟླ་བཞིན་གསལ་བ་གསུམ་དང་ལྡན་པའི་ངང་ནས་ཚེ་ཁྲུས་སྦར་གསུམ་གྱི་དགོངས་པས་བརྟེན་པ་དབྱིངས་སུ་བསྒྲལ་རྟེན་གཞི་བག་ཆགས་སྙིགས་མའི་ལུས་བདུད་རྩིར་སྦར་ལ། ཧཱུྃ། དཔལ་ཆེན་འཁོར་བཅས་ཞལ་ཕྱེས་ཤིག །དགྲ་བགེགས་ལྔ་ཕུང་ཞལ་དུ་སྟོབ། །སྡང་དགྲ་གདོན་བགེགས་འཁོར་བཅས་རྣམས། །རྡུལ་ཕྲན་ཙམ་ཡང་མེད་པར་རོལ། །བཛྲ་ཡཀྵ་ཀྲོ་ངྷ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧ་ཧ་ཧ། ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། ཅེས་བསྟབས། སྐབས་འདིར་སྤྲོ་ན་བཅོལ་བསྐུལ་ཡང་བྱའོ། །དེ་ནས་ཚོགས་ལ་རོལ་ཞིང་ལྷག་མ་རྣམས་ཕྱོགས་གཅིག་ཏུ་བསྡུས་ལ། ༀ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿལྷག་མའི་དམ་རྫས་འདོད་ཡོན་གྱི་ཕུང་པོར་གྱུར། ཞེས་བརླབས། ཨེ་ཨ་ར་ལི་ཧྲིཾ་ཛཿས་ལྷག་མགྲོན་སྤྱན་དྲངས། ཧཱུྃ། བྲན་དང་བཀའ་ཉན་ཕོ་ཉའི་ཚོགས། །ཁྱོད་ཀྱི་དམ་ཚིག་དུས་ལ་བབ། །སྔོན་ཆད་ཇི་ལྟར་དམ་བཅས་པའི། །མངོན་སྤྱོད་ཕྲིན་ལས་གྲུབ་པར་མཛོད། །ལྷག་མའི་མཆོད་པ་འདི་བཞེས་ལ། །བསྟན་པ་གཉན་{གཉེན}པོ་སྲུང་དུ་གསོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་བ་ལིངྟ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། བུདྡྷ་ཌཱ་ཀི་ནཱི། བཛྲ་ཌཱ་ཀི་ནཱི། རཏྣ་ཌཱ་ཀི་ནཱི། པདྨ་ཌཱ་ཀི་ནཱིི། ཀརྨ་སརྦ་ཌཱ་ཀི་ནཱི་ཁ་ཁ་ཁཱ་ཧི་ཁཱ་ཧི། ཀིཾ་ཀ་ར་མ་ཧཱ་པཉྩ་བ་ལིངྟ་ཁཱ་ཧི། ཞེས་ཕྱི་རོལ་དུ་དོར་རོ། །དེ་ནས་སྨོན་ལམ་གདབ་པ་ནི། ཧོཿདགོངས་སུ་གསོལ་ལོ། །ཆོས་ཉིད་ཀྱི་བདེན་པའོ། །གསང་སྔགས་ཀྱིས་བྱིན་གྱིས་རླབ་བོ། །སངས་རྒྱས་ཀྱི་མཐུའོ། །ཨ་བྷི་ཙཱརྱའི་དུས་ལ་བབ་བོ། །བརྣག་པ་དེ་ཁོ་ན་ལའོ། །དེ་ལྟར་གསང་སྔགས་ཀྱི་སྤྱོད་པ་རྨད་དུ་བྱུང་བ་སྤྱད་པའི་མཐུ་བྱིན་གྱིས། བཅོམ་ལྡན་འདས་དཔལ་རྡོ་རྗེ་གཞོན་ནུའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ལ་ལོངས་སྤྱོད་ཅིང་སྐལ་བ་མཉམ་པར་གྱུར་ཅིགབཟོད་པར་གསོལ་བ་ནི། ཧོཿདཔལ་ཆེན་པོའི་ལྷ་ཚོགས་ཐམས་ཅད་དགོངས་སུ་གསོལ། ཏ་ན་སྒྲོལ་བ་གནས་སུ་མ་སྟོབ་པ་དང་། ག་ཎ་སྦྱོར་བ་བྱིན་གྱིས་མ་རློབ་པ་དང་། མཆོད་སྔགས་ཏིང་འཛིན་མ་དག་ཅིང་ཉམས་པ་དང་། དགེ་བ་བཅུ་དང་དུ་མ་ལོངས་ཤིང་མི་དགེ་བ་བཅུ་རྩད་ནས་མ་ཆོད་པ་དང་། བཀའ་བཞིན་གཞུང་མ་བསྲངས་པ་དང་། དམ་ཚིག་རྩ་བ་དང་ཡན་ལག་ཉམས་ཆག་ཏུ་གྱུར་པ་ཅི་མཆིས་པ་ཐམས་ཅད་མཐོལ་ཞིང་བཤགས་ན་བཟོད་པར་མཛད་དུ་གསོལ། ཚེ་འདིའི་རྐྱེན་དང་ཕྱི་མའི་སྒྲིབ་པར་མི་འགྱུར་བར་ཚངས་པ་དམ་པ་སྩལ་པ་ཅི་གནང་། ཞེས་གསོལ་ཞིང་ཡི་གེ་བརྒྱ་པ་བརྗོད། གཏོར་མ་གཏོང་ན། བསྟན་མའི་གཏོར་མ་ཕྱིར་བསྣུར་ལ་སྨན་རཀ་སྒྲེང་ཞིང་། ཧཱུྃ། བརྟན་མ་བཅུ་གཉིས་འཁོར་དང་བཅས། །དམ་ལས་མ་འདའ་ད་ཚུར་བྱོན། །བཀའ་ཡི་གཏོར་མ་འདི་ལོངས་ལ། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ཅེས་བསྐུལ་ལ་གཏོང་། སྤྲོ་ན་ཟོར་བསྐུལ་ཡང་བྱའོ། །དེ་ནས་བྲོ་བརྡུང་བ་ནི། གཏོར་གཞོང་རི་རབ་གསལ་བའི་འོག་ཏུ་དམ་སྲི་མནན་པར་བསམས་ལ། ༀ་ལཾ་ཧཱུྃ་ལཾ་སྟྭམྦྷ་ཡ་ནན། ཡ་མ་དམ་སྲི་ནཱ་ག་རཱ་ཙ་ཛཿནན། ཞེས་མནན། དཀྱིལ་འཁོར་བསྡུ་བ་ནི། ཧཱུྃ་ཧཱུྃ་ཧཱུྃ་གིས་འོད་གསལ་དུ་བསྡུས་ཏེ་རྟག་མཐའ་བསལ། ཕཊ་ཕཊ་ཕཊ། ཀྱིས་རང་ཉིད་ཐུན་མཚམས་ཀྱི་ལྷར་ལྡང་བས་ཆད་མཐའ་བསལ་ཏེ་ཟུང་འཇུག་གི་ཏིང་འཛིན་ཆུ་བོའི་རྒྱུན་ལྟ་བུ་ལ་སྦྱར་རོ། །འདིས་ཀྱང་བདག་གཞན་སྐྱེ་ཀུན་ཏུ། །ལྷ་མཆོག་ཁྱོད་དང་མི་འབྲལ་ཞིང་། །ཐལ་འབྱིན་དགོངས་པ་མཐར་ཕྱིན་ནས། །ཧེ་རུ་ཀཿདཔལ་འགྲུབ་གྱུར་ཅིག །ཅེས་པའང་རང་གཞན་གྱི་རྒྱུན་གྱི་ཉམས་ལེན་དང་། སྒྲུབ་པ་ཆེན་པོའི་སྐབས་ཛབ྄་བསྙེན་པ་སོགས་ཀྱིས་ལས་གཞུང་མདོར་བསྡུས་སུ་ཁྱེར་བདེ་བའི་སླད་དུ་ཉེ་བར་མཁོ་བས་མཚམས་སྦྱར་ནས། ཀུན་མཁྱེན་བླ་མ་རྡོ་རྗེ་གཟི་བརྗིད་རྩལ་གྱི་བཀའ་དྲིན་ལས་ཕུར་པ་བཀའ་གཏེར་གསར་རྙིང་ཡོངས་རྫོགས་ཀྱི་སྨིན་གྲོལ་གྱི་སྣོད་དུ་གྱུར་ཅིང་། ཁྱད་པར་ལམ་འདི་ཉིད་ལ་སྔ་རྗེས་བསྙེན་སྒྲུབ་ལན་མང་ཐེམ་པའི་བཙུན་པ་རྡོ་རྗེ་དབང་མཆོག་ཕྲིན་ལས་འདུས་པ་རྩལ་གྱིས་བྲིས་པ་སྟེ། འདིས་ཀྱང་སྐྱེ་ཀུན་རྡོ་རྗེ་གཞོན་ནུས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག། །།

རྡོ་རྗེ་ཕུར་པ་ཡང་གསང་སྤུ་གྲི་འབར་བའི་ཞི་རྒྱས་ཀྱི་སྦྱིན་སྲེག་གྲུབ་གཉིས་མྱུར་སྦྱིན།

༄༅། །རྡོ་རྗེ་ཕུར་པ་ཡང་གསང་སྤུ་གྲི་འབར་བའི་ཞི་རྒྱས་ཀྱི་སྦྱིན་སྲེག་གྲུབ་གཉིས་མྱུར་སྦྱིན་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ཤྲཱི་བཛྲ་ཀུ་མ་རཱ་ཡ། མཆོག་ཏུ་མི་འགྱུར་བདེ་ཆེན་རྡོ་རྗེའི་མེས། །གཟུང་འཛིན་འཁྲུལ་པའི་བུད་ཤིང་སྲེག་མཛད་པའི། །བླ་མ་མཆོག་དང་དབྱེར་མེད་ལྷག་པའི་ལྷ། །དཔལ་ཆེན་རྡོ་རྗེ་གཞོན་ནུས་དགེ་ལེགས་སྩོལ། །དབང་ཐོབ་དམ་གཙང་བསྙེན་སྒྲུབ་མཐར་ཕྱིན་པའི། །སྔགས་སྤྱོད་སྐྱེས་བུར་གྲུབ་གཉིས་འདོད་དགུའི་འབྲས། །བདེ་མྱུར་སྦྱིན་པའི་ལམ་བཟང་མེ་ཡི་ལས། །བླ་མའི་གསུང་བཞིན་འཇུག་བདེའི་ཁྲིགས་སུ་བསྡེབས། །དེ་ལ་འདིར་སྤྲུལ་པའི་གཏེར་སྟོན་གྲུབ་ཐོབ་ཡོངས་ཀྱི་སྤྱི་མེས་མངའ་བདག་གསུང་གི་སྤྲུལ་པ་གུ་རུ་ཆོས་ཀྱི་དབང་ཕྱུག་གི་ཟབ་གཏེར་ལས་བྱོན་པའི་རྡོ་རྗེ་ཕུར་པ་ཡང་གསང་སྤུ་གྲི་འབར་བའི་ཞི་རྒྱས་ཀྱི་སྦྱིན་སྲེག་ཇི་ལྟར་བྱ་བའི་ཚུལ་ལ་གཉིས་ཐུན་མོང་དུ་བྱ་བའི་སྔོན་འགྲོ་དང་། དངོས་གཞི་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། སྔར་མ་སྦྱངས་པའི་ས་ཡིན་ན། སའི་ཆོ་ག་སྒྲུབ་ཁོག་ལྟར་རྒྱས་པར་གྲུབ་ན་ལེགས། བསྡུ་ན་བདག་གི་རྣལ་འབྱོར་བཟླས་པ་བཅས་སྔོན་དུ་སོང་ནས། གང་དུ་བྱ་བའི་གཞི་དེར་དཀར་གཏོར་མཆོད་པ་དང་བཅས་པ་བཤམས། བསངས་སྦྱངས། ཐམས་ཅད་སྟོང་ཉིད་སོགས། གཏོར་གཞོང་རཏྣའི་མཐར། ༀ་ཨཱཿཧཱུྃ་ཧོ། ལན་གསུམ་གྱིས་བརླབས། བྷུ་མི་པ་ཏི་ས་པཱ་ཱརི་ཝཱ་ར་ཛ་ས་མཱ་ཛཿས་ས་ལྷ་སྤྱན་དྲངས། ༀ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། བྷུ་མི་པ་ཏི་ས་པཱ་རི་ཝཱ་ར་བྷྱཿན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁྃ་སྭཱ་ཧཱ་ལན་གསུམ་གྱིས་གཏོར་མ་ཕུལ། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །དཀྱིལ་འཁོར་དོན་དུ་ས་ཕྱོགས་འདི། །བདག་ཞུ་ཁྱེད་ཀྱིས་སྩལ་དུ་གསོལ། །བྷུ་མི་པ་ཏི་ས་པཱ་རི་ཝཱ་ར་སརྦ་བྷུ་ཏ་གཙྪ། གནང་བ་བྱིན་ནས་རང་གནས་སུ་གཤེགས་པར་བསམ་ལ་མཆོད་པ་བསྡུ། ལག་གཡས་རྡོ་རྗེ་དང་བཅས་པ་ས་ལ་བཞག་སྟེ། སྙིང་པོ་བརྒྱ་རྩ་དང་། ༀ་ཨཱཿཧཱུྃ་ཧ་ན་ཧ་ན་ཀྲོ་དྷ་ཧཱུྃ་ཕཊ། ལན་བདུན་ཙམ་བརྗོད་པས་ཀུན་རྫོབ་ཀྱི་སྦྱོང་བ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དུ་མོས་པས་དོན་དམ་གྱི་སྦྱོང་བ་སྟེ་ཐུན་མོང་དུ་བྱ་བའི་ལས་རིམ་མོ། །གཉིས་པ་ལ་གཉིས། ཞི་བ་དང་རྒྱས་པའི་སྦྱིན་སྲེག་གོ །དང་པོ་ཞི་བའི་སྦྱིན་སྲེག་ལ། སྦྱོར་བ་དང་། དངོས་གཞི་གཉིས་ལས། དང་པོ་ནི། བཀྲ་ཤིས་པའི་ས་ལ་སྟེགས་བུ་གྲུ་བཞི་ཁོད་སྙོམས་པར་བྱས་པའི་སྟེང་དུ་མེ་ཐབ་བྱ་བ་སྟེ། དེའང་བརྩིག་ཐབ་དང་བརྐོས་ཐབ་བྱ་ན་སྤྱི་ལྟར་ལ། བྲིས་ཐབ་ཏུ་སྟེགས་བུའི་སྟེང་དྲི་དང་བ་བྱུང་བདུད་རྩི་ལྔས་ཆག་ཆག་བཏབ་ལ། ཚངས་ཟུར་གྱི་ཐིག་སྤྱི་མཐུན་གདབ། དབུས་ནས་ཁྲུ་ཕྱེད་ཀྱིས་ཟླུམ་པོར་བསྐོར་བའི་ཕྱིར། སོར་བཞི་པའི་ཚད་ཅན་གྱི་མཆུ་དང་ཁ་ཁྱེར་བསྐོར་ལ། དབུས་སུ་རྡོ་རྗེ་དཀར་པོ་སོར་བརྒྱད་པ་ཙམ་མམ་པདྨ་འདབ་བརྒྱད་ཀྱི་དབུས་སུ་རྡོ་རྗེ། ཟླུམ་བསྐོར་བར་མར་མེ་རི་དཀར་པོ་གཡས་བསྐོར། ཕྱི་མར་རྡོ་རྗེའི་ཕྲེང་བ་དང་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེ་རྣམས་བྲི། བཅད་ཚོན་ཡང་དམར་སྐྱ་སོགས་ཇི་ལྟར་རིགས་པ་ལས་ནག་པོ་སོགས་ཚོན་སེལ་མ་ཕོག་པ་གལ་ཆེའོ། །དེར་སྲོག་ཆགས་མེད་པའི་ལྕི་བའམ་བལ་བུ་སོགས་མཆོད་སྦྱིན་གྱི་ཤིང་ལ་ཙན་དན་དཀར་པོའི་ཆུ་འོ་མ་དང་སྦྱར་བས། ཅུང་ཟད་བྲན་ལ་ཁྲུ་གང་ཙམ་དུ་ཟླུམ་པོར་བརྩིགརང་གི་གཡོན་ངོས་སུ་མཆོད་སྟེགས་དང་། གཡས་སུ་རྫས་སྟེགས་གཉིས་ཀ་དར་རས་དཀར་པོའི་ཁེབས་དང་ལྡན་པའི་མཆོད་སྟེགས་སུ། འོ་མ་འབྲས་ཆེན་དངུལ་ཕྱེ་མེ་ཏོག་དཀར་པོ་རྣམས་དང་བསྲེས་པའི་མར་དཀར་གྱི་འདས་གཏོར་ཟླུམ་པོ་རིལ་བུ་དྲུག་གི་བསྐོར་བ། དེའི་མདུན་དུ་འཇིག་རྟེན་པའི་གཏོར་མ་དཀར་ཟླུམ་ཅུང་ཟད་ཆུང་བ་དང་། གཡས་གཡོན་དུ་སྨན་རཀམདུན་དུ་ཆུ་གཉིས་ཉེར་སྤྱོད་ཕྲེང་ཚར་ཆ་གཉིས་བཤམས། རྫས་སྟེགས་སུ་འོ་མ་ཅན་གྱི་ཤིང་གི་རྩེ་མོའི་ཆ་ལས་བྱུང་བའི་ཡམ་ཤིང་མཐོ་གང་བ་དྲིས་བྱུགས་ཤིང་སྣེ་གཉིས་མར་དང་སྦྲང་རྩིས་བྱུགས་པ། མངར་གསུམ་དང་སྦྱར་བའི་ཞུན་མར་དང་། ཏིལ་དཀར་པོ་དང་། གུར་གུམ་འོ་མར་བཅས་པའི་ཞོ་ཟན་དང་། འབྲས་མ་གྲུགས་པ་དང་། སོ་བ་གྲ་མ་མེད་པ་དང་། ནས་དང་། སྲན་མ་དང་། གྲོ་དང་། དུརྦ་དང་། ཀུ་ཤ་རྣམས་དང་། གཞན་ཡང་བཤལ་སྨན་དང་དུག་རིགས་མ་ཡིན་པའི་རིན་ཆེན་འབྲུ་སྨན་སྣ་ཚོགས་སྦྱར་བ། གོས་ཟུང་དར་དཀར་གོ་ཡུ་མར་གྱི་སྡུས་པའི་སོ་རྩི་རྣམས་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་རིམ་པ་ལ་གཉིས་རིམ་དུ་འགོད། ཁྱད་པར་བསྙེན་སྒྲུབ་ཀྱི་ཁ་སྐོང་ལྟ་བུར་ཏིལ་མང་དུ་བཤམས། དུང་ངམ་ཤེལ་རྡོག་རས་སྐུད་དཀར་པོ་ལ་བརྒྱུས་པའང་འདུ་བྱ། སྣོད་དང་རྫས་ཐམས་ཅད་དབྱིབས་ཟླུམ་པོ། ཁ་དོག་དཀར་པོ་འབའ་ཞིག་བྱ། ཐབ་ཀྱི་སྟེང་དུ་རས་དཀར་པོའི་བླ་བྲེའི་ཚུལ་དུ་ཕུབ། སློབ་དཔོན་དང་ཐབ་ཀྱི་བར་དུ་མེ་ཡོལ་གངས་རི་བྲིས་པའི་ནང་གི་ཆར། ལས་བུམ། རྡོར་དྲིལ། བར་དུ་དགང་བླུགས་ཁ་སྦྱར་བ་བཞགབགེགས་གཏོར་ཏིང་ལོ་མར་མེ་ཆང་བུར་བཅས་པའང་ཅི་བདེར་བཀོད་དོ། །གཉིས་པ་ལ་གསུམ། འཇིག་རྟེན་པའི་མེ་ལྷ་མཆོད་པ། འདས་པའི་མེ་ལྷ་མཆོད་པ། རྗེས་ཀྱི་རིམ་པའོ། །དང་པོ་ནི་ཟླ་བ་ཡར་གྱི་ངོའི་བཀྲ་ཤིས་པའི་ཉི་མའི་སྲོད་དམ་སྔ་དྲོའི་ཆར་ཀུ་ཤ་སོགས་གཙང་མའི་སྟན་ལ་ཞི་ཞིང་དེས་པའི་སེམས་ཀྱིས་ཆས་གོས་དཀར་པོ་དང་ལྡན་པས་སེམས་དཔའི་སྐྱིལ་ཀྲུང་གིས་ཤར་དུ་ཕྱོགས་པར་འདུགདེ་ནས་སྦྱིན་སྲེག་ཁོལ་སྒྲུབ་ཀྱི་སྐབས་བདག་བསྐྱེད་རྒྱས་བསྡུས་ཇི་ལྟར་རིགས་པ་བསྒོམས་ཤིང་། ལས་བུམ་བདུད་རྩི་འཁྱིལ་བའི་བསྐྱེད་བཟླས་བྱ། སྒྲུབ་མཆོད་དང་འབྲེལ་བའི་ཚེ་རྩ་བསྙེན་ལ། ཕཊ་ཛཿབཏགས་པ་བརྗོད་པས། རང་ཉིད་དཀྱིལ་འཁོར་གྱི་གཙོ་བོ་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཞལ་གཅིག་ཕྱག་གཉིས་པའི་རྣམ་པས་ཐོན་ནས་སྦྱིན་སྲེག་གི་ལས་རིམ་ལ་འཇུག་པར་མོས་ལ། རྡོལ་དྲིལ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རྡོ་རྗེ་ཐབས་ཀྱི་རང་བཞིན་ཡེ་ཤེས་ལྔའི་ངོ་བོ་ༀ་མ་ཧཱ་བཛྲ་ཧཱུྃ། ཞེས་ལག་གཡས་ཀྱི་རྡོ་རྗེ་གསོར་ཞིང་ཐུགས་ཀར་བཟུང་། དྲིལ་བུ་ཤེས་རབ་ཀྱི་རང་བཞིན་སྟོང་ཉིད་ཆོས་ཀྱི་སྒྲ་དབྱངས་སྒྲོགས་པ། ༀ་བཛྲ་གྷཱཎྜེ་ཨཱཿགཡོན་པས་དྲིལ་བུ་དཀྲོལ་ཞིང་དཀུར་བརྟེན། གཉིས་ཀའང་དོན་དམ་བྱང་ཆུབ་སེམས་ཀྱི་རང་བཞིན་ཐུགས་ཀར་འཁྱུད་རྒྱ་བྱས་ལ། ༀ་སརྦ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷ་ཝ་ཨཏྨ་ཀོ྅་ཧཾ། ཞེས་དམ་ཚིག་གསུམ་དྲན་པར་བྱས་ལ། ཆོ་ག་མ་གྲུབ་ཀྱི་བར་དུ་ཡིད་ཏིང་འཛིན། ལག་རྡོར་དྲིལ་དང་མ་བྲལ་བར་བྱའོ། །དགང་བླུགས་བསངས་སྦྱངས། རང་གི་སྙིང་ཁ་ནས་འོད་ཟེར་འཕྲོས་ཡེ་ཤེས་ལྷའི་ཐུགས་རྒྱུད་བསྐུལ། ཐབས་དང་ཤེས་རབ་ཀྱི་རང་བཞིན་ཡེ་ཤེས་སེམས་དཔའ་འོད་ཟེར་གྱི་ཚུལ་དུ་བཀུག་དགང་བླུགས་ལ་ཐིམ་པས་དངོས་གྲུབ་འབྱུང་བའི་དམ་ཚིག་གི་ཡོ་བྱད་དུ་གྱུར། མཆོད་བསྲེག་གི་རྫས་རྣམས་བསང་ཆུས་བྲན། བསང་སྦྱང་། ཧཱུྃ། རྣམ་དག་ཆོས་དབྱིངས་ངང་ཉིད་ལས། །རང་བྱུང་མཆོད་པའི་ཕུང་པོ་ནི། །ཀུན་བཟང་མཆོད་པའི་སྤྲིན་ལྟ་བུས། །དཔག་གཡས་ནམ་མཁའ་གང་བར་གྱུར། །ༀ་བཛྲ་ཨརྒྷཾ་ཨཱཿཧཱུྃ་ནས་ཤཔྟའི་བར་དང་། ༀ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱི་ཋ། ༀ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱི་ཋ། ༀ་ཨཱཿཧཱུྃ་མ་ཧཱ་བ་ལིངྟ་ཏེ་ཛྭ་བ་ལིདྟ་བ་ལ་ཝ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱི་ཋ། ཞེས་མཆོད་རྫས་རྣམས་བྱིན་གྱིས་རླབས་སྲེག་རྫས་རྣམས་བདུད་རྩིས་བྲན་ལ་རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱས་རེག་ཅིང་། ༀ་སྭཱ་ཧཱ། ཕྱག་རྒྱ་དེ་ཉིད་ཀྱིས་ཡམ་ཤིང་ལ། ༀ་ཨཱཿསྭཱ་ཧཱ། ཞུན་མར་ལ། ༀ་ཤྲཱི་སྭཱ་ཧཱ། འབྲུ་རྣམས་ལ། ༀ་ཛིཾ་སྭཱ་ཧཱ། རྗས་གཞན་རྣམས་ལ། ༀ་ཀུ་རུ་ཀུ་རུ་སྭཱ་ཧཱ། རྫས་རྣམས་གྱི་མ་དག་པའི་ཉེས་སྐྱོན་ཐམས་ཅད་སྦྱངས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ལས་བྱུང་བའི་བདུད་རྩིའི་བཅུད་ཅན་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། ཞི་བའི་ལས་སྒྲུབ་པ་ལ་ཐོགས་པ་མེད་པའི་ནུས་པ་དང་ལྡན་པར་བསམས་ལ། ༀ་བི་མ་ལ་ཨགྣེ་ཡེ་སྭཱ་ཧཱ། ཞེས་སོགས་སྔགས་རྣམས་ལན་གསུམ་རེ་བརྗོད་ལ་བྱིན་གྱིས་བརླབ་བོ། །དེ་ནས་བགེགས་གཏོར། རྃ་ཡྃ་ཁྃ་གིས་བསང་སྦྱང་། ༀ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿལན་གསུམ་གྱིས་བརླབ། མེ་ཐབ་དང་རྫས་རྣམས་ལ་གཡས་གཡོན་དུ་བསྐོར་ཞིང་། སརྦ་བིགྷ་ནན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ༴ སོགས་ནམ་མཁའ་མཛོད་ཀྱི་སྔགས་ལན་གསུམ་གྱི་བསྔོས་ལ། ཧཱུྃ། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །སོགས་ལས་བྱང་ལྟར་བཀའ་བསྒོ་ཞིང་། ཧཱུྃ། སྟེང་ཡང་ཕུར་བུའི་བླ་བྲེ་ལ། །སོགས་ཀྱི་མཚམས་བཅད། དེ་ནས་གཙུབ་ཤིང་ལས་བྱུང་བའམ་དགོན་པ་ལས་བྱུང་བའི་མེ་དུ་བ་མེད་པ་སྦར་ལ། ༀ་ཛྭ་ལ་ཛྭ་ལ་ཧཱུྃ། རླུང་གཡབ་ཀྱིས་གཡབ་ཅིང་། ཧཱུྃ་ཧཱུྃ་ཧཱུྃ། ཞེས་བརྗོད་ཧཱུྃ་ལན་བདུན་བཟླས་པའི་བླུགས་གཟར་གྱིས་མར་ཁུས་ཀྱང་གསོ་བར་བྱའོ། །དེ་ནས་ཀུ་ཤ་སྔོ་ལྗང་དྲི་མ་མེད་པ་ལས་བུམ་གྱིས་ཆུས་བྲན་ཏེ། ༀ་ཨ་མྲྀ་ཏ་ཀུཎྜ་ལཱི་སརྦ་བིགྷཱ་ནན་ནཱ་ཤ་ཡ་ཧཱུྃ་ཕཊ། ཅེས་བསངས་ལ། ༀ། ཀུ་ཤ་འདི་ནི་གཙང་ཞིང་དགེ །།ཚངས་པ་ལྷ་རྣམས་དག་བྱེད་ཡིན། །དཀོན་མཆོག་གསུམ་པོ་མཉེས་བྱེད་པ། །ས་ལས་སྐྱེས་པ་འདབ་མའི་སྙིང་། །བདག་གི་བགེགས་རྣམས་ཐམས་ཅད་ནི། །ཞི་དང་བཀྲ་ཤིས་མཛད་དུ་གསོལ། །སྭཱ་ཧཱ། ཞེས་བརྗོད་དེ། ཀུ་ཤ་གཉིས་གཉིས་རྩེ་མོ་གཤིབས་པ་དག་སྒྲུབ་པ་པོའི་གཡོན་ངོས་ཀྱི་ཐབ་ཀྱི་ཁ་ཁྱེར་ནས་རིམ་པར་རྩེ་མོ་ཤར་ལྷོ་ནུབ་བྱང་དུ་བསྟན་པ་དཀྲམ་ཞིང་རྒྱབ་མ་རྣམས་ཀྱི་རྩེས་མདུན་མ་རྣམས་ཀྱི་རྩ་བ་གནོན་པར་བྱ་ཞིང་། སླར་རྩེ་མོ་ཤར་དུ་བསྟན་པའི་ཀུ་ཤ་བ་ལང་གི་རྣ་བ་ལྟ་བུ་ཧ་ཅང་མི་རིང་བས་གཡོག་གོ །དེ་ནས་ཐབ་བསང་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ལས་ཞི་བའི་ཐབ་ཁུང་ཁ་དོག་དཀར་ཞིང་དབྱིབས་ཟླུམ་པ། མུ་རན་ཁ་ཁྱེར་དང་བཅས་པའི་དབུས་སུ། སྣ་ཚོགས་པདྨའི་ལྟེ་བར་རྡོ་རྗེ་རྩེ་ལྔ་པ་དང་ཁ་ཁྱེར་ལ་རྡོ་རྗེའི་ཕྲེང་བས་བསྐོར་ཞིང་གྲ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ། དྭངས་ཤིང་སྒྲིབ་པ་མེད་པའི་འོད་ཟེར་ཀུན་ཏུ་འཕྲོ་བ། རྒྱ་དཔངས་སོགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་ཞི་བའི་མེ་དཀར་གསལ་དུ་འབར་བའི་དབུས་སུ་པྃ་ལས་པདྨའི་སྡོང་པོ་དང་། མ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། རྃ་ལས་ཞི་བའི་མེ་ལྷ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་ན་ཞི་མཛད་མེ་ཡི་འཁོར་ལོ་དཀར་གསལ་དང་། གཡོན་ཞི་བའི་དངུལ་ཕུར་དཀར་པོ་འདྲིལ་བ། དབུ་སྐྲ་རལ་པའི་ཐོར་ཚུགས་ཅན། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་སྤྲས་པ། ཚངས་སྐུད་སུམ་བསྒྲིལ་སེ་རལ་ཁར་ཐོགས་པ། གསུས་ཁྱིམ་ཆེ་ལ་བྲང་རུས་བཀྲ་བ། ཨག་ཚོམ་རིང་ཞིང་ལོ་བརྒྱ་པའི་ན་ཚོད་ཅན། ར་སྐྱེས་དཀར་པོའི་གདན་ལ་བཞུགས་པ། རིགས་ཀྱི་བདག་པོ་རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་ཅིང་དྲང་སྲོང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་བར་གྱུར། དྲིའི་ཐིག་ལེ་གནས་གསུམ་དུ་བྱས་ལ། དེའི་སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། བདག་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུར་སྤྲོས་པས་ཤར་ལྷོ་ནས་མེ་ལྷ་འཁོར་བཅས་སྤྱན་དྲངས་པར་བསམ་ལ། ལག་གཡས་མི་འཇིགས་པའི་རྒྱ་དང་བཅས་པས་མཐེ་བོང་གཡབ་ཅིང་། ༀ། དད་པ་དང་ནི་དམ་ཚིག་གིས། །ཚུར་བྱོན་ཚུར་བྱོན་འབྱུང་པོ་ཆེ། །མི་མཐུན་འཇིགས་བརྒྱད་ཞི་བའི་ཕྱིར། །དྲང་སྲོང་ཆེན་པོ་ད་ཚུར་གཤེགས། །ཆིབས་སུ་ར་སྐྱེས་ཁམ་པ་ཆིབས། །ཕྱག་ན་མེ་ཡི་འཁོར་ལོ་བསྣམས། །ཕྲིན་ལས་སྒྲུབ་ཕྱིར་གཤེགས་སུ་གསོལ། །ༀ་ཨེ་ཧྱེ་ཧི་བྷ་ག་ཝཱན་ཨགྣ་ཡེ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛ༔ཞེས་མདུན་གྱི་ནམ་མཁར་བྱོན་པར་བསམ། ལས་བུམ་ཆུ་གཏོར་ཞིང་ལས་སྔགས་ཀྱིས་ཕྱིར་འབྲང་གི་བགེགས་བསྐྲད། ཛ་ཧཱུྃ་བྃ་ཧོཿཞེས་དམ་ཡེ་དབྱེར་མེད་དུ་བསྟིམ། འབར་བའི་རྒྱལ་པོ་ཆེན་པོ་ཁྱོད། །འདོད་པའི་བསམ་པ་བསྒྲུབ་བྱའི་ཕྱིར། །བདག་གི་གནས་མཆོག་དམ་པ་འདིར། །འབར་བའི་གདན་ལ་བཞུགས་སུ་གསོལ། །ས་མ་ཡ་ཏིཥྛ་ལྷན། ཆུ་གཉིས་སྦྲེང་ཞིང་། སྟོང་གསུམ་ཀུན་ཏུ་དྲི་མཆོག་འབྱུང་འགྱུར་བའི། །སྤོས་དང་སྨན་སྦྱར་ཆུ་གཙང་དམ་པ་འདིས། །མི་གཙང་དྲི་མའི་ཚོགས་རྣམས་དག་གྱུར་ཅིག །ༀ་སྭ་བྷཱ་ཝ་ཤུདྡྷཿསྭཱ་ཧཱ། ཕྱག་འཚལ་བ་ནི། ཧཱུྃ། ཚངས་དབང་འཇིག་རྟེན་མགོན་གྱི་སྲས། །མཐུ་སྟོབས་བྱིན་རླབས་བསམ་མི་ཁྱབ། །ཡིད་བཞིན་རེ་སྐོང་ལྷ་ཚོགས་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོཿམཆོད་པ་ནི། ཧཱུྃ། ཕྱི་ནང་གསང་གསུམ་མཆོད་པའི་སྤྲིན། །དཔག་མེད་དབང་པོ་ཚིམ་བྱེད་ཚོགས། །རབ་འབྱམས་དཔག་ཏུ་མེད་པ་རྣམས། །མེ་ལྷ་འཁོར་དང་བཅས་ལ་འབུལ། །ༀ་བཛྲ་པུཥྤེ་པྲ་ཏཱི་ཙྪ་ཧོ། ནས་ཤཔྟའི་བར་གྱིས་མཆོད། ཧཱུྃ། གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །འདོད་པ་ཐམས་ཅད་སྩོལ་མཛད་པའི། །བདག་གཞན་དོན་འགྲུབ་ས་ལ་བཞུགས། །འཛིན་བྱེད་མེ་ལྷ་ཉིད་ལ་འདུད། །ཅེས་བསྟོད་བུམ་ཆུ་གཏོར་ཞིང་། ཇི་ལྟར་བལྟམས་པ་སོགས་ཀྱི་མཐར། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་ཐུགས་ཀ་ནས་དབང་གི་ལྷ་མོ་བྱང་ཆུབ་སེམས་ཀྱི་གང་བའི་བུམ་པ་ཐོགས་པ་སྤྲོས་ཏེ་དབང་བསྐུར། ༀ་རཏྣ་ཨ་ལཾ་ཀཱ་ཱར་སྭཱ་ཧཱ། ཞེས་དེ་རྣམས་ཀྱི་རྒྱན་བཏགས་པར་བསམས་ལ་དུང་ངམ་ཤེལ་འབུལ། དེ་ནས་བྱོན་སྐྱེམས་ནི། མེ་ལྷ་ཞལ་འཛུམ་པ་དང་བཅས་པས་ཅུང་ཟད་གདངས་པའི་ལྗགས་དང་གཟར་བུ་གཉིས་ཀྱི་ཁ་ལ་རྃ་ཡིག་འོད་ཟེར་གྱི་ཕུང་པོ་འབར་བས་མཚན་པས་སྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ཏེ་གསོལ་བར་བསམས་ལ། ལག་གཉིས་དེ་བཞིན་གཤེགས་པའི་ཁུ་ཚུར་གྱིས་དགང་བླུགས་བཟུང་ནས། ༀ་བི་མ་ལ་ཨགྣེ་ཡེ་སྭཱ་ཧཱ། ཞེས་གཡས་པའི་བླུགས་གཟར་བདུན་གྱིས་གཡོན་པའི་དགང་གཟར་བཀང་བའི་གཟར་བུ་ཁ་སྦྱར་པུས་མོའི་ཕྱིར་མི་འདའ་བས་གཡས་སུ་བསྐོར་ཞིང་། ༀ་བཱི་མ་ལ་ཨགྣེ་ཡེ་ཞེས་པའི་མཐར་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་ཐོག་དྲངས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་འགལ་རྐྱེན་མི་མཐུན་པའི་ཕྱོགས་ཐམས་ཅད་ཤིནྟཾཀུ་རུ་ཡེ་སྭཱ་ཧཱ། ཞེས་སྤེལ་ཚིག་སྦྲེལ་བས་འབུལ། བསྙེན་སྒྲུབ་ཀྱི་ཁ་སྐོང་སྐབས་གོང་གི་འཕྲོས་ཕྱོགས་ཐམས་ཅད་དང་། ཁྱད་པར་ཏིང་འཛིན་མི་གསལ་ཞིང་བཟླས་བརྗོད་ལྷགས་ཆད་དུ་གྱུར་པ་ཐམས་ཅད་ཤིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་སྦྱར། ཚུལ་དེ་ལྟར་ལན་གསུམ་དུ་འབུལ་ཞིང་མེ་པྲ་བརྟགདེ་ནས་རྫས་རྣམས་ལ་ཁུ་བའི་རང་བཞིན་ཅན་རྣམས་ཞལ་དང་། ཡམ་ཤིང་། དུཪྦ། ཀུ་ཤ་སོགས་འོད་ཀྱི་དཀྱིལ་འཁོར་དང་། ཞོ་ཟན་དང་ཏིལ་སོགས་ཕྱག་ཏུ་འབུལ་བར་མོས་ཏེ། ལག་གི་བཟུང་དུ་གཏུབ་པ་རྣམས་གཡས་པའི་མཐེབ་སྲིན་སྦྱར་བའི་མཆོད་སྦྱིན་གྱི་ཚུལ་དང་། དེ་ལས་གཞན་རྣམས་བླུགས་གཟར་གྱིས་འབུལ་ཞིང་། འབུལ་སྔགས་དང་གོ་རིམ་ནི་ཡམ་ཤིང་། ༀ་པེ་ཤེ་ཧསྟ་བཛྲ་ཡེ་སྭཱ་ཧཱ། མར་ཁུ། ༀ་བི་མ་ལ་ཨགྣེ་ཡེ་སྭཱ་ཧཱ། ཏིལ། ༀ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ། ཞོ་ཟན་དང་ཟས་མཆོགༀ་སརྦ་སམྦ་དེ་སྭཱ་ཧཱ། འབྲས། ༀ་བཛྲ་པུཥྚ་ཡེ་སྭཱ་ཧཱ། སོ་བ། ༀ་བཛྲ་བི་ཛ་ཡ་སྭཱ་ཧཱ། ནས། ༀ་མ་ཧཱ་བེ་ག་ཡེ་སྭཱ་ཧཱ། སྲན་མ། ༀ་མ་ཧཱ་བ་ལ་ཡེ་སྭཱ་ཧཱ། གྲོ། ༀ་བཛྲ་གྷསྨ་རི་སྭཱ་ཧཱ། དུཪྦ། ༀ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཀུ་ཤༀ་ཨ་པྲ་ཏིི་ཧ་ཏ་བཛྲ་ཡེ་སྭཱ་ཧཱ། རྫས་གཞན་རྣམས་ལ། ༀ་ཨཱ་ཧཱ་ར་ཨཱ་ཧཱ་ར་པུ་ལེ་མ་ཧཱ་ད་ར་བེ་ཤ་ཤིནྟཾཀུ་རུ་སྭཱ་ཧཱ། ཞེས་བདུན་ལ་སོགས་པས་འབུལ་བའི་མཐར་སྤེལ་ཚིག་བྱེ་བྲག་པ་གཞན་ལས་འབྱུང་བ་ལྟར་རམ་སྤྱི་ཁྱབ་ཏུ། བདག་ཅག་དཔོན་སློབ་སོགས་གོང་བཞིན་སྦྲེལ། དེ་དག་གི་དམིགས་པ་ནི། བདེར་འདུས་གཞུང་ལས། བསྲེགས་རྫས་བདུད་རྩི་འབུལ་བས་མེ་ལྷ་མཉེས་ཏེ། འོད་ཟེར་བྱུང་ནས་བདག་གི་ཐུགས་ཀར་ཕོག་པས། ལུས་ངག་ཡིད་གསུམ་གྱི་སྡིག་པ་བསྲེགས་ཏེ། སླར་འོད་ཟེར་ཆུ་རྒྱུན་ལྟ་བུས་བཀྲུས་པས་གཤང་བའི་ལམ་ནས་ཐོན་པར་བསམ་པའམ། ཡང་ན་མེ་ལྷའི་འོད་ཀྱིས་ལུས་ངག་ཡིད་གསུམ་གྱི་སྡིག་པ་ལ་སོགས་པ་སྙིང་ག་ནས་སམ་བ་སྤུའི་བུ་ག་ཐམས་ཅད་ནས་བཏོན་ཏེ། རྫས་ལ་བསྟིམས་པས་མཆོད་པ་ནི་མན་ངག་གོ །དེ་བཞིན་དུ་ནད་དང་། དགྲ་དང་འབྱུང་པོའི་ནད་ལ་སོགས་པ་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །གལ་ཏེ་ཕ་མའམ་སློབ་དཔོན་ལ་སོགས་པའི་ཆེད་དུ་བྱེད་ནའང་དེ་བཞིན་དུ་བྱའོ། །ཞེས་གསུངས། དེ་ནས་གང་ལྟར་དགང་བླུགས་ལན་གསུམ་དང་། ༀ་ཨ་ཀཱ་རོའི་སྔགས་ཀྱི་གཏོར་མ་བསྔོས་ལ་སྐབས་དེར་དངོས་སུ་མི་འབུལ། སྨན་རཀ་ཙམ་གྱིས་མཆོད། བསྟོད་པ་ནི། ཧཱུྃ། གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །ཚངས་དབང་འཇིག་རྟེན་མགོན་གྱི་སྲས། །འདོད་པ་ཐམས་ཅད་སྟེར་མཛད་པ། །བདག་གཞན་དོན་གཉིས་བརྩོན་ལ་ཞུགས། །ཁྱེད་ཉིད་མེ་ལྷར་དབང་བསྐུར་བས། །ཤེས་རབ་མཆོག་གིས་ཉོན་མོངས་སྲེག །ཚངས་སྲས་མགོན་གྱུར་ཁྱོད་ཕྱག་འཚལ། །མེ་ལྷའི་རྒྱལ་པོ་དགའ་བའི་མཆོག །ཚངས་སྲས་འཇིག་རྟེན་སྐྱོ་བྱེད་སྲས། །བགེགས་ཚོགས་མ་ལུས་སྲེག་མཛད་པའི། །གཟི་བརྗིད་ཆེན་པོ་ཉིད་ལ་འདུད། །ཉོན་མོངས་སྲེག་པའི་ཡེ་ཤེས་འོད། །མངོན་ཤེས་རྫུ་འཕྲུལ་སྟོབས་དང་ལྡན། །ཉེས་པའི་སྐྱོན་རྣམས་སེལ་མཛད་པ། །དྲང་སྲོང་ཆེན་པོ་ཉིད་ལ་འདུད། །དམ་བཅའ་བཞིན་དུ་མེ་ཡི་ལས། །ནུས་པར་བྱིན་གྱིས་བརླབ་དུ་གསོལ། །ཞེས་བསྟོད། ཐལ་སྦྱར་བཅས། ན་མོ། རིག་པའི་རྒྱལ་པོ་ཁྱོད་ཀྱིས་ལས་ཐམས་ཅད་བྱེད་པའི་བསྲེག་རྫས་ལྷ་ཡི་ཞལ་དུ་འབུལ་བ་དང་། མེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ནས། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ཐམས་ཅད་ལྷ་དང་། ཀླུ་དང་གནོད་སྦྱིན་དང་དྲི་ཟ་ལ་སོགས་པའི་གདོན་ལས་ཐར་བར་མཛད་དུ་གསོལ། གློ་བུར་ཡེ་འགྲོག་དུས་མ་ཡིན་པའི་འཆི་བ་ལ་སོགས་པའི་བར་ཆད་མི་འབྱུང་བར་མཛད་དུ་གསོལ། མི་ཁ་སྨྲ་མཆུ་དགྲ་རྐུན་བྱད་སྟེམས་སྦྱོར་བ་རྩུབ་མོ་དང་ཉེ་བར་འཚེ་བ་ལ་སོགས་པ་མི་མཐུན་པའི་ཕྱོགས་ཐམས་ཅད་ཕྱིར་བཟློག་ཏུ་གསོལ། ལས་དང་ཉོན་མོན་མོངས་བག་ཆགས་ཤེས་བྱའི་དྲི་མ་ལ་སོགས་པ་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་ཞི་བར་མཛད་དུ་གསོལ། ཤིནྟཾ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད། ནོངས་བཤགས་ནི། བདག་ཅག་དུས་ངན་པའི་སེམས་ཅན་དུ་གྱུར་པས་དུས་རྣམས་འཛོལ་བ་དང་། རྫས་དང་ཡོ་བྱད་མ་ཚང་བ་དང་། སྔགས་དང་ཆོ་ག་མ་དག་པ་དང་། ལྷ་དང་ཏིང་འཛིན་མ་གསལ་བ་ལ་སོགས་པ་ཉེས་པ་ཐམས་ཅད་དྲང་སྲོང་ཆེན་པོ་ཁྱེད་ཀྱིས་བཟོད་པར་མཛད་དུ་གསོལ། གཉིས་པ་འདས་པའི་མེ་ལྷ་མཆོད་པ་ལ་གཉིས། སྒྲུབ་མཆོད་དང་མ་འབྲེལ་བ་དང་འབྲེལ་བའོ། །དང་པོ་ལྟར་ན། བུད་ཤིང་ཅུང་ཟད་ཁ་གསོ་བསང་ཆུ་འཐོར་ལ་བསང་སྦྱང་། མེ་ལྷའི་ལྟོ་བ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་གསལ་ཞིང་ཡོངས་སུ་རྫོགས་པ། འོད་ཟེར་དཀར་པོའི་ཕྲེང་བ་མཁའ་ཁྱབ་ཏུ་སྤྲོ་བར་གྱུར། ཅེས་པ་ཙམ་མམ། སྤྲོ་ན་གཞུང་གི་ལྷ་བསྐྱེད་ཡོངས་རྫོགས་སྦྱར། དེ་ནས་སྤྱན་འདྲེན། བཞུགས་གསོལ། ཕྱག་མཆོད། སྨན་རཀ་གཏོར་གསུམ་སྔགས་ཙམ། བསྟོད་པ་ཚང་པར་གྲུབ་ནས། འོག་གི་དཀྱིལ་འཁོར་པ་དང་བཅས་པའི་ལྷ་ཐམས་ཅད་སོགས་བྱོན་སྐྱེམས་ལ་འཇུག་པ་ཡིན་ནོ། །གཉིས་པ་སྒྲུབ་མཆོད་ཀྱི་དཀྱིལ་འཁོར་དང་འབྲེལ་བའི་ཚེ་བུད་ཤིང་ཁ་གསོས་ལ། ཧཱུྃ། རིག་པའི་རྒྱལ་པོ་དྲང་སྲོང་མེ་ལྷ་ཡི། །ཐུགས་ཀ་འབྱམས་ཀླས་ཆོས་ཀྱི་དབྱིངས་ཆེན་པོར། །རབ་འཇིགས་དུར་ཁྲོད་འབར་བའི་གཞལ་ཡས་ཁང་། །གྲུ་གསུམ་མཐིང་ནག་ཟླ་གམ་རིན་ཆེན་འབར། །གྲུ་ཆད་བར་ཁྱམས་སྒོ་བཞི་མུ་ཁྱུད་རྫོགས། །ངོ་མཚར་ཕོ་བྲང་ཡེ་ཤེས་མེ་འོད་འབར། །རྡོ་རྗེ་བྲག་ཆེན་གཏམས་པའི་ས་གཞི་ལ། །དྲེགས་པ་ལྷ་ཆེན་ཕྱོགས་སྐྱོང་ཕོ་མོ་བསྣོལ། །ཐབས་ཤེས་ཉི་མ་ཟླ་བ་འོད་འབར་དབུས། །མ་ཆགས་པདྨ་འབར་བའི་གདན་བཅས་གསལ། །ཞེས་གཞལ་ཡས་ཁང་དང་གདན་གསལ་བཏབ་ལ། དེ་ནས་སྤྱན་འདྲེན་པ་ནི། རང་གི་ཐུགས་ཀའི་ཧཱུྃ་ལས་བྱུང་བའི་སོགས་ནས་བྷ་ག་ཝཱན་ས་མ་ཡ་ཛཿཛཿཞེས་པའི་བར་གྱི་སྦྱན་འདྲེན་གྱི་ཚིག་བརྗོད་པ་དང་བསྟུན་ལས་རྡོར་གྱིས་གཙོ་འཁོར་རྣམས་ཀྱི་སྔགས་བརྗོད་ཅིང་སྒྲུབ་དཀྱིལ་ལས་མཎྜལ་མེ་ཏོག་གི་མཚོན་པར་སྤྱན་དྲངས་པ་སློབ་དཔོན་ལ་གཡས་སུ་བསྐོར་ཏེ་གཡོན་ཕྱོགས་ནས་ཕུལ་ཏེ་མེ་ཏོག་ཐབ་ཏུ་དོར་བ་དང་མཉམ་དུ་གཙོ་འཁོར་སོ་སོའི་སྔགས་ལ། ས་མ་ཡ་ཏིཥྛ་ལྷནཿབཏགས་པ་བརྗོད་མཐར་གསལ་གདབ་པ་ནི། ཧཱུྃ། ཕྲོ་བྲང་ཨེ་དབྱིངས་འབར་བའི་གཞལ་ཡས་དབུས། །དྲེགས་པ་ལྷ་ཆེན་ཕོ་མོ་བསྣོལ་བའི་སྟེང་། །བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི། །སོགས་ནས། བདེ་སྟོང་སྦྱོར་བས་འབར་བའི་ཀློང་ན་བཞུགས། །ཕྱོགས་བཅུ་དྲེགས་པ་བསྣོལ་བའི་གདན་སྟེངས་སུ། །ཧཱུྃ་དང་ཕཊ་སྒྲོགས་སྲིད་གསུམ་འཁོར་བ་འཇིག །བདུད་འདུལ་མཐུ་ཆེན་ཁྲོ་རྒྱལ་ཡབ་ཡུམ་བཅུ། །ཟ་བྱེད་གསོད་བྱེད་གཏུམ་རྔམས་ཚོགས་དང་བཅས། །ཟླ་གམ་གསུམ་ན་སྐུ་གསུང་ཐུགས་སྤྲུལ་བའི། །སྲས་མཆོག་ཉེར་གཅིག་སྒོ་བཞིར་གདོང་ཅན་བཞི། །བར་ཁྱམས་ཕྱོགས་མཚམས་ཕུར་སྲུང་བཅུ་གཉིས་དང་། །གིང་ཆེན་སྡེ་བཞི་ཕྱི་འཁོར་ལྕགས་རི་ལ། །མཁའ་འགྲོ་སོ་གཉིས་མ་བདུན་སྲིང་མོ་བཞི། །དབང་མོ་ཉེར་བརྒྱད་ལ་སོགས་བཀའ་སྡོད་བཅས། །ཉི་མ་ལས་ནི་འོད་ཟེར་ཚུལ་དུ་གསལ། །ཞེས་མོས་ལ། མཆོད་པ་ནི། ཐོག་མར། ༀ་ཤྲཱི་ཀརྨ་ཧེ་རུ་ཀ་ས་པཱ་རི་ཝ་ར་ཨརྒྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ། དེ་བཞིན་པ་དྱཾ་སྦྱར་བས་ཆུ་གཉིས་ཕུལ་ལ། ཧཱུྃ། རྣམ་བཀྲའི་མེ་ཏོག་ཕྲེང་འཛེས་སྤོས་སྤྲིན་གཏིབས། །སོགས་ཕྱི་མཆོད་སྒྲུབ་ཁོག་ལྟར་དང་། ནང་མཆོད་སྨན་རཀ་གཏོར་གསུམ་བསྡུ་ན་སྔགས་ཙམ་གྱིས་མཆོད། སྤྲོ་ན། ཧཱུྃ། རང་བྱུང་གདོད་ནས་སོགས་དང་། ཧཱུྃ། དམ་རྫས་རྨད་བྱུང་སོགས་དང་། ཉོན་མོངས་རྩ་བ་སོགས་ཀྱིས་ཕུལ་ལ། ཧཱུྃ། དུས་གསུམ་སངས་རྒྱས་མ་ལུས་འདུས་པའི་དཔལ། །སོགས་ལས་བྱང་ལྟར་བསྟོད། དེ་ནས། དཀྱིལ་འཁོར་པ་དང་བཅས་པའི་ལྷ་ཐམས་ཅད་ལས་ཟླ་བ་ཆུ་ཤེལ་ལྟ་བུའི་འོད་ཟེར་དཀར་པོའི་ཕྲེང་བ་ཞིང་ཐམས་ཅད་དུ་ཁྱབ་པར་འཆར་བས་ཞི་བའི་ཕྲིན་ལས་མཛད་པར་བསམས་ལ། བསྲེག་རྫས་འབུལ་བ་ནི། ཧཱུྃ། ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོཾ་ཁུང་དུ། །དམ་རྫས་བདུད་རྩི་འབར་བའི་སྦྱིན་སྲེག་འདི། །རྡོ་རྗེ་ཕུར་པའི་ལྷ་ལ་མཆོད་པ་འབུལ། །ཞི་བའི་ཕྲིན་ལས་སྒྲུབ་ཕྱིར་བཞེས་སུ་གསོལ། །དཀྱིལ་འཁོར་གྱི་ལྷ་རྣམས་ཞལ་འཛུམ་པ་དང་བཅས་པས་ཅུང་ཟད་གདངས་པའི་ལྗགས་རྡོ་རྗེ་དཀར་པོའི་རྣམ་པ་ཅན་དང་གཟར་བུ་གཉིས་ལ་ཧཱུྃ་ཡིག་ཅེས་འདོན་པ་སྤོ། གཙོ་སྔགས་ཤར་བུ་དང་བཅས་པས་དགང་བླུགས་འབུལ། དེ་ནས་ཡམ་ཤིང་སོགས་བསྲེག་རྫས་གཞན་རྣམས་གཙོ་སྔགས་ཁོ་ནས་སམ་སྤྲོ་ན། གཙོ་བོ། ཁྲོ་བཅུ། སྲས་མཆོག་བཀའ་སྡོད་བཅས་སོ་སོར་སྔགས་ཐོག་མར་དེ་དག་ལན་རེའི་མཐར་རྫས་སྔགས་ཁོ་ནས་བཅུ་ལ་སོགས་པ་ཇི་ལྟར་རིགས་པར་ཕུལ་བའི་མཐར་སྤེལ་ཚིག་གོང་ལྟར་སྒྲེལ། ཚུལ་དེ་ལྟ་བུས་བརྒྱའམ་སུམ་ཅུ་ཉེར་གཅིག་སོགས་སྐབས་དང་སྦྱར་ཏེ་འབུལ། དེའང་གཙོ་བོ་ལ་བརྒྱ་སོགས། འཁོར་རྣམས་བཅུ་ཆའམ་ཕྱེད་ཕྱེད་ཀྱིས་དམན་པར་བྱ། དམིགས་གསལ་ཁ་སྐོང་དང་། སྡིག་པ་ཞི་བའི་ལས་ཆེད་དུ་བྱེད་ན་རྩ་སྔགས་རྫས་སྔགས་འདོད་གསོལ་སྦྲེལ་བས་ཏིལ་ལ་གྲངས་བཟུང་ཚུལ་ཀྱང་གོང་གིས་འགྲེའོ། །གཞན་ཡང་ནད་ཞི་བ་ལ་གྲོ། གདོན་ཞི་བ་ལ་ཡུངས་དཀར་སོགས་གྲངས་གསོག་འདོད་ནའང་སྤྱི་དང་མཚུངས་སོ། །རྫས་རྣམས་རྫོགས་ནས་ལས་བཅོལ་པའི་ཚེ། ལྷ་རྣམས་ཀྱི་ཐུགས་ཀ་ནས་སྤྲོས་པའི་སངས་རྒྱས་རྣམས་ཀྱིས་ཟླ་བ་ཆུ་ཤེལ་གྱིས་བུམ་པ་བདུད་རྩི་དཀར་པོས་གང་བ་འཛིན་པས་ཟླ་བ་ལ་གནས་པའི་བསྒྲུབ་བྱའི་སྟེང་ཕྱོགས་ནས་ཁྲུས་བྱས་པས་སྡིག་སྒྲིབ་དང་ནད་གདོན་ལ་སོགས་པ་ཐམས་ཅད་དག་ཅིང་ཞི་བར་བསམ་པ་ཁོ་ནའམ། བསྙེན་བཟླས་ཤམ་བུ་ཅན་མཛད་པའང་འགའ་ཞིག་གི་ཕྱག་བཞེས་སུ་སྣང་བས་ལོངས་སྐབས་དང་སྦྱར་རོ། །སླར་ཡང་དགང་བླུགས་སྔར་བཞིན་འབུལ། ༀ་བཛྲ་ཝསྟྲ་ཡེ་སྭཱ་ཧཱ། ཞེས་གོས་གསར་པ་དང་། ༀ་བཛྲ་ཏམྦུ་ལ་ཡེ་སྭཱ་ཧཱ། ཞེས་རྡོ་ཐལ་མེད་པའི་སོ་རྩི་འབུལ། ༀ་ཤྲཱི་བཛྲ་ཧེ་རུ་ཀཱ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ། ཞེས་སོགས་ཆུ་གཉིས་ཉེར་སྤྱོད་དང་བཅས་པས་མཆོད་ཅིང་། ཧཱུྃ། སྲིད་གསུམ་གདུག་པ་འདུལ་བ་དང་། །ང་རྒྱལ་ཆེན་པོ་བརྟན་པའི་ཕྱིར། །རྡོ་རྗེ་སྲིན་པོའི་ལྷ་ཚོགས་ལ། །རྩེ་གཅིག་ཡིད་ཀྱིས་ཕྱག་འཚལ་བསྟོད། །ཅེས་བསྟོད། ཧོཿབཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཁྱེད་རྣམས་ཀྱིས་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ལྷ་དང་སོགས་འདོད་གསོལ་གོང་ལྟར་བྱ། མ་རྙེད་ཡོངས་སུ་སོགས་དང་ཡིག་བརྒྱས་ནོངས་པ་བཤགས། ཁྱེད་ཀྱིས་སེམས་སོགས་དང་། ༀ་ཨཱཿཧཱུྃ་མུཿཞེས་བརྗོད་ཅིང་། སྒྲུབ་མཆོད་དང་འབྲེལ་ཚེ། དཀྱིལ་འཁོར་པའི་ལྷ་རྣམས་སྒྲུབ་པའི་དཀྱིལ་འཁོར་ལ་གཤེགས་པར་བསམ་ཞིང་། མཎྜལ་མེ་ཏོག་སྤོས་དང་རོལ་མོས་མཚོན་པར་སྒྲུབ་དཀྱིལ་དུ་སྤྱན་དྲངས། གཞལ་ཡས་ཁང་གདན་དང་བཅས་པ་རང་ལ་ཐིམ་པར་བསམ། སྲེག་རྐྱང་གི་སྐབས་སུ་ཡེ་ཤེས་པ་ཆོས་དབྱིངས་སུ་གཤེགས་ཤིང་དམ་ཚིག་པ་རང་ལ་བསྡུ། འོན་ཀྱང་བླ་མེད་ཐུན་མོང་མ་ཡིན་པའི་སྐབས་འདིར་དམ་ཡེ་གཉིས་མེད་དབུགས་རྔུབ་པའི་སྦྱོར་བ་དང་བསྟུན། རང་ལ་བསྟིམས་པས་མི་ཤིགས་པའི་ཐིག་ལེ་དང་རོ་གཅིག་ཏུ་གྱུར་པར་བསམས་ཀྱང་ལེགས་སོ། །གསུམ་པ་རྗེས་ནི་ལས་སྔགས་ཀྱིས་བསང་། འཇིག་རྟེན་པའི་མེ་ལྷ་གཟི་བརྗིད་དང་ལྡན་པར་གསལ་བར་གྱུར། དགང་བླུགས་སོགས་གོང་གི་བྱོན་སྐྱེམས་བཞིན། མེ་ལྷ་ཞལ་ཅུང་ཟད་འཛུམ་པ་དང་བཅས་པས་སོགས་ཀྱིས་འབུལ། བསྲེག་རྫས་ལྷག་མ་རྣམས་སོ་སོའི་སྔགས་མཐར། ༀ་བ་བ་ཀ་ཨགྣེ་ཡེ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་ཐོག་དྲངས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱིས་རྫས་དང་ཡོ་བྱད་མ་ཚོགས་པ་ཏིང་ངེ་འཛིན་མ་གསལ་བ་དང་ཆོ་ག་ལྷག་ཆད་དང་། ཉམས་པ་དང་། གོང་འོག་ནོར་བ་ཐམས་ཅད་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། ཞེས་དང་། གོས་ཟུང་དང་སོ་རྩི་ཡང་སྔར་ལྟར་སྔགས་ཀྱིས་འབུལ། རྫས་རྣམས་ལྷག་མ་བཞག་ཏུ་མི་རུང་བས། ཐམས་ཅད་ལྷག་མེད་དུ་འབུལ་བར་བྱའོ། །མཐར་ༀ་བཛྲ་པུཥྤེ་ནས་ཤཔྟའི་བར་ཉེར་སྤྱོད་ཀྱིས་མཆོད། མེ་སྟེ་བསྲེག་བྱ་སོགས་ཀྱིསབསྟོད། ཨ་ཀཱ་རོས་སྔར་བསྔོས་པའི་གཏོར་མ་མེ་ཐབ་ཏུ་འབུལ་ཞིང་། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་ཕྲིན་ལས་བཅོལ། མ་རྙེད་ཡོངས་སུ་སོགས་ཀྱིས་ནོངས་པ་བཤགས། བདག་གི་དོན་དང་གཞན་གྱི་དོན། །སྒྲུབ་བྱེད་བསྲེག་བྱ་ཟ་བ་གཤེགས། །ཇི་བཞིན་དུས་སུ་ཚུར་བྱོན་ལ། །བདག་གི་དངོས་གྲུབ་ཐམས་ཅད་སྒྲུབས། །ༀ་མུཿཞེས་མེ་ལྷ་ཡེ་ཤེས་པ་རང་གནས་སུ་གཤེགས། དམ་ཚིག་གི་མེ་ལྷ་རང་གི་སྙིང་གར་ཐིམ་པར་བསམས་ཤིང་། ལས་མཇུག་བྲོ་ཡིས་བསྡུ་བ་ནི། ཞི་བའི་ཕུར་པ་འདྲིལ། བྲོ་ར་ཟླུམ་པོར་བསྐོར་བའམ། དེར་མོས་ལ། ཧཱུྃ། དངུལ་ལམ་དཀར་པོའི་ཤིང་རྣམས་ལ། །མགོ་བོ་རྒྱ་མདུད་རྩེ་མོ་ཟླུམ། །ངོས་ལ་ཞི་བའི་ལྷ་བསྒོམས་ནས། །བཏབ་པས་གདུག་རྩུབ་ཞི་བར་འགྱུར། །ༀ་བུདྡྷ་ཀཱི་ལ་ཀཱི་ལ་ཡ་ཤིཾནྟ་ཀུ་རུ་ཡེ་སྭཱ་ཧཱ། བྃ་གྱི་ཚོགས་ཀྱི་ད་ལ་རུ། །ༀ་ལས་དེ་བཞིན་འཁོར་བཅས་པས། །རྨུག་པར་གྱུར་པའི་སེམས་ཅན་རྣམས། །ཞི་བར་གྱུར་ལས་དབྱིངས་སུ་རོལ། །སུམྦྷ་ནི་སོགས་ཀྱི་རྗེས་སུ། ཞི་མཛད་ལྷ་ལ་ཕྱག་འཚལ་ལོ། །སྟེང་གི་ལྷ་ཡང་ཞི་གྱུར་ཅིག །འོག་གི་ཀླུ་ཡང་ཞི་གྱུར་ཅིག །སྡང་བའི་དགྲ་ཡང་ཞི་གྱུར་ཅིག །གནོད་པའི་བགེགས་ཀྱང་ཞི་གྱུར་ཅིག །ནད་དང་སྡུག་བསྔལ་ཞི་གྱུར་ཅིག །ཅེས་བརྡུང་ལ། མཐར་དགེ་བའི་རྩ་བ་བླ་མེད་བྱང་ཆུབ་ཏུ་བསྔོ་ཞིང་ཤིས་པ་བརྗོད་པས་མཐའ་རྒྱས་སུ་བྱ། སྒྲུབ་མཆོད་སྲེག་རྐྱང་གང་ཡིན་ཀྱང་དཀྱིལ་འཁོར་རྗེས་ཀྱི་བྱ་བ། སྲུང་མའི་གཏོར་འབུལ་སོགས་ཕྱག་ལེན་གྱི་དཀྱུས་མཐུན་བྱ་ཞིང་། དེ་ལྟར་སྦྱིན་བསྲེག་བྱས་པའི་མེ་ལ་དཀྲུག་བདལ་ལ་སོགས་མི་བྱ་བར་རང་ཞིར་འཇོགལོང་མེད་ན་འོ་མ་དང་དྲི་དཀར་པོའི་ཆུས་གཞིལ་ལ། ཐལ་སོལ་རྣམས་རྒྱ་མཚོར་འབབ་པའི་ཆུ་བོ་ཆེན་པོར་བསྐྱལ་ལོ། །གཉིས་པ་རྒྱས་པའི་སྦྱིན་སྲེག་ནི། འདོན་བྱའི་ཁོག་སྔར་སྨོས་པའི་ཞི་སྦྱིན་ལྟར་ལ། བྱེ་བྲག་གི་ཁྱད་པར། མེ་ཐབ་སྟེགས་བུའི་སྟེང་དྲི་བཟང་། བ་བྱུང་ལྔ་བདུད་རྩི་དང་སྦྱར་བའི་ཆག་ཆག་བཏབ་ལ། ཚངས་ཟུར་གྱི་ཐིག་སྤྱི་མཐུན་དུ་བཏབ་པའི་དབུས་ནས་ལོགས་ངོས་སུ་ཁ་རེ་གཞལ་བའི་སར་གྲུ་བཞི་པར་བཅད་པའི་ཕྱི་རོལ་དུ། སོར་བརྒྱད་པའི་མཆུ་དང་ཁ་ཁྱེར་གྱིས་བསྐོར། ཐབ་དབུས་སུ་འཁོར་ལོ་རྩིབས་བརྒྱད་པ་ལྟེ་བར་སོར་དྲུག་པའི་རིན་པོ་ཆེས་མཚན་པའམ། ཡང་ན་རིན་ཆེན་རྐྱང་པས་ཀྱང་རུང་། མུ་རན་ལ་མེ་རི་སེར་པོ་གཡས་བསྐོར་དང་། དེའི་ཕྱི་རིམ་ཁ་ཁྱེར་དང་ཟུར་བཞི་ལ་རིན་པོ་ཆེའི་ཕྲེང་བས་བསྐོར་བ་བྲི། ཐམས་ཅད་ཁ་དོག་སེར་པོ། བཅད་ཚོན་སོགས་ཀྱང་ངུར་སྨྲིག་གིས་མཚོན་ཇི་ལྟར་རིགས་པ་ལས་ནག་པོ་སོགས་ཚོན་སེལ་གྱིས་མ་ཕོག་པ་གལ་ཆེའོ། །དེར་ཚེར་མ་མེད་པའི་འབྲས་བུ་དང་བཅས་པའི་ཤིང་གི་བར་ཆ་ལས་བྱུང་བའི་ཡམ་ཤིང་ཁྲུ་གང་བ་དྲི་དང་མངར་གསུམ་མར་ཁུས་སྦགས་པ། ཤིང་ཏོག་བིལྦ་སོགས་སེར་པོ་དང་དར་སེར་པོ། སྤོས་ཤེལ་གསེར་སྤུག་སོགས་སྐུད་པ་སེར་པོ་ལ་བརྒྱུས་པ། ཁ་སྐོང་བྱེད་ན། འབྲུ་སྨན་རིན་པོ་ཆེ་སྣ་ཚོགས་ཁ་ཟས་བཟང་པོ། ཁྱད་པར་དུ་ཚེ་སྤེལ་བ་ལ་དཱུར་བ་ལྟ་བུ། གང་གཙོར་བྱེད་པའི་རྫས་མང་དུ་བསགས། སྣོད་དང་རྫས་དང་སྟེགས་ཐམས་ཅད་དབྱིབས་གྲུ་བཞི། ཁ་དོག་སེར་པོ། ཡར་ངོའི་ཚེས་བརྒྱད་དམ་བཅོ་ལྔ་ལ་སོགས་པའི་སྔ་དྲོའི་ཆ་ལ། སློབ་དཔོན་ཆས་རྒྱན་སེར་པོ། དགའ་བའི་སེམས་དང་བཟང་པོའི་སྟབས་ཀྱིས་སྟན་སེར་པོ་ལ་ཁ་བྱང་དུ་ཕྱོགས་ཏེ་འཁོད་ནས་ལས་རིམ་ལ་འཇུགའདོན་ཆའི་ཚིག་རིས་ཞི་བ་གང་ཡོད་ལ་རྒྱས་པ་ཞེས་དང་། ཁ་དོག་དཀར་པོ་ལ་སེར་པོ་ཞེས་དང་། རྒྱས་མཛད་དང་། སེར་གསལ་སོགས་སུ་བསྒྱུར། མེ་རྒྱལ་རིགས་ཀྱི་ཁྱིམ་དང་། གཙུབ་ཤིང་ལས་བྱུང་བས་སྦར། ཐབ་བསྐྱེད་བསང་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ལས་རྒྱས་པའི་ཐབ་ཁུང་སེར་པོ་དབྱིབས་གྲུ་བཞི་མུ་རན་ཁ་ཁྱེར་དང་བཅས་པའི་དབུས་སུ་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་རིན་པོ་ཆེ་སེར་པོ་དང་ཁ་ཁྱེར་དང་ཟུར་བཞིར་རིན་པོ་ཆེས་མཚན་པ། དྭངས་ཤིང་སྒྲིབ་པ་མེད་པའི་འོད་ཟེར་ཀུན་ཏུ་འཕྲོ་བ་རྒྱ་དཔངས་སོགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་རྒྱས་པའི་མེ་སེར་གསལ་དུ་འབར་བའི་དབུས་སུ། རྒྱས་པའི་མེ་ལྷ་སེར་པོ་ཤ་རྒྱས་ལ། གནོད་སྦྱིན་སྒེག་པའི་ཉམས་ཅན། ཕྱག་གཡས་ན་རྒྱས་མཛད་མེ་ཡི་འཁོར་ལོ་སེར་གསལ་དང་། གཡོན་ན་རྒྱས་པའི་གསེར་ཕུར་སེར་པོ་འདྲིལ་བ། རིགས་ཀྱི་བདག་པོ་རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན་ཅིང་སོགས་བསྒྱུར། སྤྱན་འདྲེན་སྐབས། མི་མཐུན་འཇིགས་བརྒྱད་སོགས་ཀྱི་མལ་དུ། ཚེ་བསོད་འབྱོར་དྲུག་རྒྱས་པའི་ཕྱིར། །ཞེས་སྦྱར། བྱོན་སྐྱེམས་སྐབས། ལག་གཉིས་ཁུ་ཚུར་བྱས་པའི་མཐེབ་མཛུབ་གཉིས་རྩེ་སྤྲད་པའི་རིན་པོ་ཆེའི་ཁུ་ཚུར་གྱིས་དགང་བླུགས་བཟུང་། འདོད་གསོལ་ནི། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་ཐོག་དྲངས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་ཡེ་ཤེས་ཐམས་ཅད་པུཥྚིཾ་ཀུ་རུ་ༀ། ཞེས་སྦྱར། དམིགས་པ་ནི། བསྲེག་རྫས་ཕུལ་བས་མེ་ལྷ་མཉེས་ཏེ་འོད་ཟེར་གསེར་མདོག་ཉི་གཞོན་ལྟ་བུ་སྤྲོས་པའི་རྩེ་ལས་འཆི་མེད་ཀྱི་བདུད་རྩི་དང་། རཏྣའི་ཆར་བབ་པས་གནས་ལུས་ལོངས་སྤྱོད་ཐམས་ཅད་འབྱོར་ཞིང་རྒྱས་པར་བསམ། འདོད་གསོལ་སྐབས། ན་མོ། རིག་པའི་རྒྱལ་པོ་སོགས་གོང་ལྟར་ལ། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ཚེ་དང་བསོད་ནམས་དཔལ་དང་འབྱོར་བ། སྙན་གྲགས་དབང་ཐང་གཟི་བརྗིད་ལང་ཚོ། ཟས་ནོར་ལོངས་སྤྱོད། བུ་སློབ་འཁོར་འབངས། མངའ་རིས་ཆུས་སྲིད་ལ་སོགས་པ་དར་ཞིང་རྒྱས་པར་མཛད་དུ་གསོལ། མཁྱེན་པ་དང་བརྩེ་བ། མཐུ་སྟོབས་ནུས་རྩལ། ཉམས་དང་རྟོགས་པ། ས་དང་ལམ་གྱི་ཡོན་ཏན། དཀར་པོའི་བསམ་སྦྱོར་ཐམས་ཅད་གོང་ནས་གོང་དུ་འཕེལ་བར་མཛད་དུ་གསོལ། མདོར་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་ལེགས་ཀྱི་ཡོན་ཏན་ཇི་སྙེད་པ་ཐམས་ཅད་དབྱར་གྱི་ཆུ་གཏེར་དང་ཡར་ངོའི་ཟླ་བ་བཞིན་དུ་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། པུཥྚིཾ་ཀུ་རུ་ༀ། ཞེས་སྦྱར། འདས་པའི་སྐབས། དཀྱིལ་འཁོར་པ་དང་བཅས་པའི་ལྷ་ཐམས་ཅད་ལས་གསེར་བཙོ་མ་ལྟ་བུའི་འོད་ཟེར་ཞིང་ཐམས་ཅད་དུ་ཁྱབ་པར་འཆར་བས་རྒྱས་པའི་ཕྲིན་ལས་མཛད་པར་བསམ། བྱོན་སྐྱེམས་ནི། དཀྱིལ་འཁོར་གྱི་ལྷ་རྣམས་ཞལ་འཛུམ་པ་དང་བཅས་པས་ཅུང་ཟད་གདངས་པའི་ལྗགས་རིན་པོ་ཆེ་སེར་པོའི་རྣམ་པ་ཅན་དང་། གཟར་བུ་གཉིས་ཀྱི་ཁ་ལ་བྷཱུྃ་ཡིག་ཅེས་འདོན་པ་སྤོ། རྫས་རྣམས་རྫོགས་ནས་ལས་བཅོལ་བའི་ཚེ། ལྷ་རྣམས་ཀྱི་ཐུགས་ཀ་ནས་སྤྲོས་པའི་སངས་རྒྱས་རྣམས་ཀྱིས་གསེར་གྱི་བུམ་པ་བདུད་རྩི་དང་རིན་པོ་ཆེས་གང་བ་འཛིན་པས་ཟླ་བ་སེར་པོ་ལ་གནས་པའི་བསྒྲུབ་བྱའི་སྟེང་ཕྱོགས་ནས་བདུད་རྩི་དང་རིན་པོ་ཆེའི་ཆར་ཕབ་པས་དེའི་ལུས་དང་ཁྱིམ་གང་སྟེ་ཚེ་དང་བསོད་ནམས་ནོར་དང་ལོངས་སྤྱོད་ཐམས་ཅད་རྒྱས་པར་བསམ་མོ། །རྗེས་ཆོག་མེ་ལྷའི་བསྲེག་རྫས་སྔགས་སོ་སོའི་མཐར་ༀ་བཱ་བ་ཀ་ཨགྣེ་ཡེ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་ཐོག་དྲངས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ནོངས་པ་གང་བགྱིས་པའི་ཉེས་ཚོགས་ཞི་སྟེ་སྲིད་ཞིའི་ཡོན་ཏན་ཐམས་ཅད་རྒྱས་པར་གྱུར་ཅིག་པུཥྚིཾ་ཀུ་རུ་ༀ། ཞེས་འབུལ། བྲོ་བརྡུང་བའི་སྐབས་རྒྱས་པའི་ཕུར་བུའི་འདྲིལ། བྲོ་ར་གྲུ་བཞིའམ་དེར་མོས་ལ། ཧཱུྃ། གསེར་རམ་སེར་པོའི་ཤིང་རྣམས་ལ། །མགོ་བོ་རྒྱ་མདུད་རྩེ་ཟུར་བཞི། །ངོས་ལ་རྒྱས་པའི་ལྷ་བསྒོམས་ནས། །བཏབ་པས་ཚེ་བསོད་རྒྱས་པར་གྱུར། །སྭ་རཏྣ་ཀཱི་ལ་ཡ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། མ་ཡི་ཚོགས་ཀྱི་ད་ལ་རུ། །སྭཱ་ལས་རིན་ཆེན་འཁོར་དང་བཅས། །ང་རྒྱལ་དྲེགས་པའི་སེམས་ཅན་རྣམས། །རྒྱས་པར་གྱུར་ལ་དབྱིངས་སུ་རོལ། །ཧཱུྃ་བཞི་པ་བརྗོད། རྒྱས་མཛད་ལྷ་ལ་ཕྱག་འཚལ་ལོ། །ཚེ་དང་བསོད་ནམས་རྒྱས་གྱུར་ཅིག །དཔལ་དང་ཡེ་ཤེས་རྒྱས་གྱུར་ཅིག །བཀྲག་དང་གཟི་བརྗིད་རྒྱས་གྱུར་ཅིག །གདུལ་བྱ་ཕྲིན་ལས་རྒྱས་གྱུར་ཅིག །ཅེས་སོ། །མེའི་བྱ་བ་ཞི་བ་ལྟར་ལ་ཐལ་སོལ་མཛོད་དུ་སྦ། གལ་ཏེ་རབ་གནས་དང་འབྲེལ་བར་འོ་ཐུག་སྒྲུབ་ན་ལག་ལེན་སོགས་སྤྱི་ལྟར་བྱའོ། །གཞན་ཡང་རྣལ་འབྱོར་པས་ཁ་ཟས་ཟ་བའི་ཚེ་འབྲུ་གསུམ་གྱིས་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབས་པ། ལག་པའི་དགང་བླུགས་ཀྱིས་ཁའི་ཐབ་ཁུང་དུ་ཕུལ་བ་གཏུམ་མོ་སྦར་བའི་མེས་སྦྱངས་པའི་དྭངས་མས་ལུས་དཀྱིལ་གྱི་ལྷ་རྣམས་མཉེས་པར་བསམ་པ་ནང་གི་སྲེག་བླུགས། ཡུམ་གྱི་མཁའི་ཐབ་ཁུང་དུ་རྗེས་ཆགས་ཀྱི་མེས་ཧཾ་ཡིག་བདེ་བ་ཆེན་པོར་ཞུ་བའི་བསྲེག་རྫས་རོ་རྐྱང་གི་དགང་བླུགས་ཀྱིས་ཕུལ་བས་ཕུང་ཁམས་ཀྱི་ལྷ་རྣམས་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོའི་རང་བཞིན་དུ་ཚིམ་པར་བྱེད་པ་གསང་བའི་སྦྱིན་སྲེགསྐྱེ་མེད་རང་བྱུང་ཆོས་ཀྱི་དབྱིངས་ཀྱི་ཐབ་ཁུང་དུ་བདེ་ཆེན་བྱང་ཆུབ་སེམས་ཀྱི་མེ་ལ། ཐབས་ཤེས་ཟུང་འཇུག་གི་དགང་བླུགས་ཀྱིས། གཉིས་སྣང་མཚན་མའི་སྲེག་རྫས་ཐམས་ཅད་ཕུལ་བས། སྐུ་གསུང་ཐུགས་མི་ཤིགས་རྡོ་རྗེ་གསུམ་དུ་ལྷུན་གྱིས་གྲུབ་པའི་དགོངས་པ་བསྐྱང་བ་ཡང་གསང་དེ་ཁོ་ན་ཉིད་ཀྱི་སྦྱིན་སྲེག་སྟེ། སྔ་ཕྱི་རྣམས་རིམ་བཞིན་རྒྱུ་འབྲས་ཀྱི་འབྲེལ་བ་གྲུབ་ཅིང་། གང་རུང་ཐད་ཐད་དུ་ཉམས་ལེན་བགྱིས་པས་ཀྱང་འབྲས་བུ་མཐར་ཕྱིན་པའི་དོན་ཆེན་པོ་གྲུབ་པར་གསུངས་སོ། །གསར་སྤྲོས་ཚིག་གི་ལོ་མ་བསྐྱེད་ནུས་མོད། །དོན་གནད་འབྲས་བུ་སྟོང་པ་དེས་ཅི་བྱ། །འཕགས་པའི་གསུང་དང་སོ་སྐྱེས་རྩོམ་པའི་ངག །གསེར་དང་ར་གན་མཉམ་པར་སུ་ཞིག་ལེན། །དེ་ཕྱིར་གྲུབ་པ་མཆོག་བརྙེས་བླ་མའི་གསུང་། །བྱིན་རླབས་རོ་མཉམ་སྟོང་གི་ཁྱད་བྱས་པ། །གནས་སྐབས་རྩ་བའི་ཁ་བསྒྱུར་ཕྲན་བུ་བཅས། །འཇུག་བདེའི་ཁྲིགས་སུ་བསྡེབས་འདི་སྐལ་བཟང་སྐྱེས། །དགེ་བ་འདི་ཡིས་བདག་དང་མཁའ་མཉམ་འགྲོ། །སྐྱེ་ཀུན་བླ་མ་ལྷ་ཡིས་རྗེས་བཟུང་མཐུས། །ཐལ་འབྱིན་རྣམ་བཞིའི་དགོངས་པ་མཐར་ཕྱིན་ནས། །དོན་གཉིས་ལྷུན་གྲུབ་བཀྲ་ཤིས་འཕེལ་གྱུར་ཅིག །ཅེས་པའང་ལུང་རྟོགས་ཡོན་ཏན་གྱི་གཏེར་འཆང་མཁན་དྲི་མེད་བཟང་པོ་ནས། འཇུ་མོ་ཧོར་གསང་སྔགས་ཆོས་གླིང་དུ་སྒྲུབ་ཆེན་རྒྱུན་འཛུགས་གནང་སྐབས་གསུང་གི་བསྐུལ་མ་གནང་བ་བཞིན། ཀུན་མཁྱེན་བླ་མ་རིན་པོ་ཆེས་མཛད་པའི་ཕུར་པ་ཡང་གསང་བླ་མེད་ཀྱི་ཞི་རྒྱས་སྦྱིན་སྲེག་ཉིད་ཁ་བསྒྱུར་ཕྲན་བུ་དང་བཅས་ཏེ། ལྷག་པའི་ལྷ་འདི་ཉིད་ལ་བསྙེན་སྒྲུབ་སོགས་བཟང་པོའི་འབྲེལ་བའི་སྔགས་བན་རྡོ་རྗེདབང་མཆོག་ཕྲིན་ལས་འདུས་པ་རྩལ་གྱིས། ས་རྟ་ཟླ་བ་གཉིས་པའི་ཚེས་གསུམ་ཉིན་བདེ་ཆེན་པདྨ་འོད་གླིང་གི་དབེན་སྤྱིལ་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ་བྲིས་པ་འགྲོ་ཀུན་དཔལ་ཧེ་རུ་ཀའི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག། །།
༄༅། །ཡང་རྒྱུན་གྱི་རྣལ་འབྱོར་ལྟ་བུར་ཤིན་ཏུ་སྤྲོས་མེད་ཀྱི་མེ་མཆོད་བྱ་བར་སྤྲོ་ན། དུས་སུ་མེ་སྦར་ལ། ཟས་སྣ་དར་སྣ་རིན་པོ་ཆེ་སོགས་གང་ཡང་རུང་བའི་དངོས་པོའི་རྫས། ༀ་ཨཱཿཧཱུྃ་ཧོཿངོ་བོ་བདེ་སྟོང་ཡེ་ཤེས་ཆེན་པོ་ལ། །རྣམ་པ་སྲིད་ཞིའི་འབྱོར་པ་མ་ཚང་མེད། །ཀུན་བཟང་བདེ་ཆེན་མཆོད་པའི་སྤྲིན་ཕུང་གིས། །ཆོས་དབྱིངས་ནམ་མཁའི་ཁམས་ཀུན་ཁྱབ་པར་གྱུར། །ཞེས་བརྗོད། མེ་སྦར་ལ། ༀ་རཾཿམེ་ནི་རང་བཞིན་ལྷུན་གྲུབ་པར། །མེ་ཡི་ལྷ་ཡི་ངོ་བོ་ཉིད། །གོས་དཀར་ཡུམ་གྱི་རང་བཞིན་དུ། །རྣམ་དག་ཡེ་ཤེས་མེ་ལྕེ་ནི། །ཀུན་ཏུ་འབར་ཞིང་འཁྱིལ་བའི་ཀློང་། །རྡོ་རྗེ་གཞོན་ནུ་ཡབ་ཡུམ་སྲས། །ཁྲོ་བཅུ་ཕྲ་ཕྱག་སྒོ་སྐྱོང་སོགས། །མ་འདྲེས་ཡོངས་རྫོགས་ཆུ་ཟླའི་གར། །ཏིལ་གྱི་གོང་བུ་བཞིན་དུ་བཞུགས། །གདོད་ནས་དམ་ཡེ་གཉིས་མེད་པའི། །རྡོ་རྗེ་དབང་པོའི་གྲོང་ཁྱེར་དུ། །འདོད་ཡོན་དྲུག་ལྡན་མཆོད་པའི་སྤྲིན། །ཀུན་བཟང་བདེ་ཆེན་གཏེར་དུ་འབུལ། །དགྱེས་ཤིང་ཐུགས་དམ་བསྐང་གྱུར་ནས། །བདག་གི་ཡིད་ལ་གང་འདོད་པའི། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན། །མྱུར་དུ་འགྲུབ་པར་མཛད་དུ་གསོལ། །ཞེས་དང་རྩ་སྔགས་མཐར་མ་ཧཱ་པཱུ་ཛ་ཁཱ་ཧི་ཁཱ་ཧི། སརྦ་སིངྔྷི་ཕ་ལ་ཧཱུྃ། ཞེས་ཅི་རིགས་འབུལ་མཐར་མི་དམིགས་འོད་གསལ་གྱི་དབྱིངས་སུ་བཞག་ལ་དགེ་བསྔོ་ཤིས་བརྗོད་བྱའོ། །འདི་ནི་ཀུན་མཁྱེན་མི་ཕམ་རིན་པོ་ཆེའི་གསུང་ཉིད་ཁ་བསྒྱུར་བྱས་པ་དགེ །

སྙན་བརྒྱུད་ཡང་ཕུར་སྦྲགས་མའི་རྒྱུན་ཁྱེར་སྙིང་པོར་དྲིལ་བ་གྲུབ་གཉིས་མཆོག་སྦྱིན།

༄༅། །སྙན་བརྒྱུད་ཡང་ཕུར་སྦྲགས་མའི་རྒྱུན་ཁྱེར་སྙིང་པོར་དྲིལ་བ་གྲུབ་གཉིས་མཆོག་སྦྱིན་བཞུགས། །ན་མོ་གུ་རུ་ཤྲཱི་ཧེ་རུ་ཀ་བཛྲ་ཀུ་མཱ་ར་ཡེ། དྲན་པས་མཆོག་ཐུན་དངོས་སྟེར་བའི། །བླ་མ་ལྷག་པའི་ལྷ་མཆོག་ལ། །བཏུད་ནས་ཡང་ཕུར་ཟབ་ཏིག་གི། །རྒྱུན་གྱི་རྣལ་འབྱོར་སྙིང་པོར་བྲི། །འདིར་དབང་ཐོབ་ཅིང་དམ་ཚིག་ལ་གནས་པའི་རྣལ་འབྱོར་པས་རྒྱུན་གྱི་རྣལ་འབྱོར་སྙིང་པོར་དྲིལ་ཏེ་ཉམས་སུ་ལེན་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། འབྱོར་ན་སྨན་རག་གཏོར་མ་ཉེར་སྤྱོད་བཅས་བཤམས། གང་ལྟར་ཡང་། ཚོགས་ཞིང་གསལ་གདབ་ལ། ན་མོ། བླ་མ་དཔལ་ཆེན་ཞི་ཁྲོའི་ལྷ༔མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི༔གཞན་དོན་བྱང་ཆུབ་མྱུར་ཐོབ་ཕྱིར༔ཟབ་མོའི་རྣལ་འབྱོར་བསྒོམ་པར་བགྱི༔ཞེས་ལན་གསུམ་གྱིས་སྐྱབས་སེམས་དང་། སྤྲོ་ན། རྡོ་རྗེ་སློབ་དཔོན་སོགས་ཀྱི་རྒྱུན་བཤགས་ཡན་ལག་བརྒྱད་པ་བྱ། དངོས་སུ་བཤམས་པའི་མཆོད་པ་ཡོད་ན་ལས་བྱང་ལྟར་བྱིན་རླབས་ཀྱང་བྱའོ། །གཉིས་པ་དངོས་གཞི་ལ། ལྷ་བསྐྱེད་པ་ནི། ཨ༔གདོད་ནས་ཀ་དག་དབྱིངས་ཀྱི་ངང༔ཡེ་ཤེས་རིག་པ་རང་སྣང་བ༔མཚོན་ཆེན་ཧཱུྃ་ཡིག་སྔོན་པོ་ནི༔ནམ་མཁའི་དཀྱིལ་ནས་འཇའ་ལྟར་ཤར༔དེ་ལས་རོལ་པའི་ཆོ་འཕྲུལ་གྱི༔ཡེ་ཤེས་ཆེན་པོའི་འོད་ཟེར་གྱིས༔སྣོད་བཅུད་དངོས་འཛིན་དབྱིངས་སུ་སྟོང༔སྟོང་པའི་ངང་ལས་གསལ་བའི་རྩལ༔སངས་རྒྱས་ཞིང་ཁམས་ཡོངས་སྦྱོང་བའི༔བཀོད་པ་ཆེན་པོའི་རོལ་བ་ནི༔ཀློང་ལྔ་རྣམ་པར་དག་པའི་མདངས༔འབྱུང་བ་རིམ་བརྩེགས་རི་རབ་སྟེང༔ཐར་པ་ཆེན་པོའི་གཞལ་ཡས་ཁང༔དུར་ཁྲོད་དྲག་པོའི་བཀོད་པ་རྫོགས༔དེ་དབུས་པད་ཟླ་ཉི་མ་དང་༔ལྷ་ཆེན་ཕོ་མོ་བསྣོལ་བའི་སྟེང༔ཧཱུྃ་གིས་མཚོན་བྱེད་ཡོངས་གྱུར་ལས༔མཚོན་བྱ་བདག་ཉིད་རྩ་བའི་ལྷ༔རྡོ་རྗེའི་རང་བཞིན་སྟོང་པ་ཉིད༔གཞོན་ནུ་ཡེ་ཤེས་སྙིང་རྗེའི་སྐུ༔ཟུང་འཇུག་ཤིན་ཏུ་རྣམ་དག་པ༔ཆོས་སྐུའི་ཡོན་ཏན་ཐམས་ཅད་ཉིད༔གཟུགས་ཀྱི་རྣམ་པར་ཤར་བ་ནི༔སྐུ་དང་རྩ་ཞལ་རབ་ཏུ་སྔོ༔སྟོན་ཀའི་ནམ་མཁའ་དག་པ་བཞིན༔གཡས་དཀར་གཡོན་དམར་བཞད་གཤེ་རྔམས༔ཕྱག་དྲུག་གཡས་ཀྱི་དང་པོ་གཉིས༔ཐེག་པ་དགུ་དང་ཡེ་ཤེས་ལྔ༔རྫོགས་པའི་རྡོ་རྗེ་མཚོན་ཆར་འབེབས༔གཡོན་གཉིས་ཉོན་མོངས་བསྲེགས་པའི་མེ༔སྡིགས་པའི་མཛུབ་མོའི་རྩེ་ནས་སྤྲོ༔གཉིས་པ་དུག་གསུམ་རྩད་གཅོད་པའི༔ཁ་ཊྭཱྃ་ཅང་ཏེའུ་དྲིལ་བུ་འཁྲོལ༔ཐ་མ་གཉིས་ཀྱིས་ཁམས་གསུམ་པོའི༔ཉོན་མོངས་དུག་ཆེན་སྦྱང་བའི་ཕྱིར༔རི་རབ་ཕུར་བུ་འདྲིལ་བ་ནི༔ཆེ་བཙན་འགྲན་བྲལ་རྟགས་སུ་བརྗིད༔སྔོན་བྱུང་རུ་ཏྲ་བསྒྲལ་བ་ཡི༔དཔལ་ཆེན་པོ་ཡི་ལོངས་སྤྱོད་དང༔དུར་ཁྲོད་མཁའ་འགྲོ་འབུམ་གྱི་ཚོགས༔དགྱེས་དགུར་རོལ་པའི་ཡ་མཚན་ཆེ༔རྡོ་རྗེའི་སྐུ་ཡི་དབྱིངས་སུ་རྫོགས༔ཞབས་བཞི་གྱད་ཀྱི་དོར་སྟབས་ཅན༔མ་ཧཱ་རུ་ཏྲའི་སྤྱི་ནས་བརྫིས༔སྦྱོར་ཡུམ་འཁོར་ལོ་རྒྱས་འདེབས་མཐིང༔ཨུཏྤལ་དུང་ཁྲག་བསྣམས་པས་འཁྱུད༔གཟིག་ཤམ་སྣ་ཚོགས་ཁྲོ་མོའི་ཆས༔ཆགས་དང་གཏུམ་པའི་ཉམས་འགྱུར་རྫོགས༔དེ་ལྟར་གསལ་བའི་ཡེ་ཤེས་སྐུ༔རང་བཞིན་ཅིར་ཡང་མ་དམིགས་བཞིན༔ཐབས་ཀྱི་སྤྱོད་པས་འགྲོ་དོན་ཕྱིར༔བྱམས་དང་སྙིང་རྗེས་གང་འདུལ་བ༔སངས་རྒྱས་འཕྲིན་ལས་རྫོགས་པའི་ཕྱིར༔ཕུང་པོ་སྲས་མཆོག་རིགས་ལྔ་སྟེ༔འབྱུང་བ་དེ་ཡི་ཡུམ་དང་རོལ༔དགེ་དང་མི་དགེའི་ཆོས་རྣམས་ཀུན༔ཁྲོ་བོ་ཆེན་པོ་ཡབ་ཡུམ་བཅུ༔དེ་ལས་ཉོན་མོངས་རྟོག་པའི་རྩལ༔ཁྲ་ཐབས་སྒོ་སྐྱོང་ཕུར་སྲུང་སོགས༔མ་འདྲེས་ཉི་དང་འོད་བཞིན་པར༔ཅིར་ཡང་སྣང་ཞིང་ཅིར་ཡང་འགྱུར༔དེ་ལས་ཡེ་ཤེས་ཏི་ལ་ཀ༔དྭངས་མ་ལྔ་འདུས་སྙིང་པོའི་སྲོག༔བླ་མ་རྡོ་རྗེ་འཆང་ཆེན་པོ༔༔དཔལ་ཆེན་ཡང་དག་ཧེ་རུ་ཀ༔སྤྱི་བོའི་སྟེང་ན་འགྱིང་ཞིང་རོལ༔པདྨ་ཟླ་ཉི་དྲེགས་པའི་སྟེང༔མཐིང་ནག་ནམ་མཁའ་དྭངས་པའི་མདོག༔གཡས་དཀར་གཡོན་དམར་ཞལ་གྱིས་བརྗིད༔ཡེ་ཤེས་ཆེན་པོའི་ཕྱག་དྲུག་གཡས༔རྡོ་རྗེ་ཁ་ཊྭཱཾ་རྔེའུ་ཆུང་སྟེ༔གཡོན་གསུམ་དྲིལ་བྷན་རྒྱུ་ཞགས་འཕེན༔ཡུམ་ནི་དབྱིངས་ཕྱུག་སྙེམ་མ་ཁྲོས༔སྔོ་སྐྱ་རྡོ་རྗེ་དུང་ཁྲག་སྟོབས༔གཉིས་ཀ་གར་དགུའི་རོལ་པ་དང༔དཔལ་དང་དུར་ཁྲོད་ཆས་ཀས་བརྒྱན༔རྡོ་རྗེ་པདྨར་མཉམ་སྦྱོར་བས༔བསྲུབས་ཤིང་སྲུབ་པའི་སྦྱོར་བ་ཡིས༔བདེ་བ་ཆེན་པོའི་གཟི་བྱིན་ནི༔བཟོད་དུ་མེད་པར་འབར་བའི་རྩལ༔འཇའ་ཟེར་ཐིག་ལེ་འོད་ཕུང་གི༔རྣམ་འཕྲུལ་འབར་ཞིང་འཁྲུགས་པའི་ཀློང༔རྩ་བརྒྱུད་བླ་མ་ཡི་དམ་ལྷ༔དཔའ་བོ་དང་ནི་རྣལ་འབྱོར་མ༔ཆོས་སྲུང་ནོར་ལྷ་རྒྱ་མཚོར་བཅས༔ཤིན་ཏུ་བཟོད་པར་དཀའ་བ་ཡི༔བདེ་སྟོང་ཡེ་ཤེས་ཉམས་འབར་བས༔ཨ་ཧཾ་ཧཱུཾ་དང་ཕཊ་ཀྱི་སྒྲ༔འབྲུག་སྟོང་ལྟ་བུར་ཡོངས་སུ་སྒྲོག༔སྣང་སྟོང་གྲགས་སྟོང་རིག་བཞིན་སྟོང༔གདོད་མའི་རང་བཞིན་ཅིར་ཡང་འཆར༔འཆར་བའི་ཐུགས་རྗེ་འགག་མེད་རྩལ༔གདུག་པ་ཅན་རྣམས་རྗེས་འཛིན་ཕྱིར༔སྣང་སྲིད་སྣོད་བཅུད་གཞིར་བཞེངས་པ༔རྡོ་རྗེ་ཁྲོ་བོའི་ཕྱག་རྒྱར་རྫོགས༔རྡོ་རྗེའི་སྐུ་དང་ནཱ་དའི་གསུང༔གཞོམ་མེད་ཐིག་ལེ་ཆེན་པོ་ནི༔སྐུ་གསུང་ཐུགས་ཀྱི་ཕྱག་རྒྱས་གདབ༔སྣོད་ཀྱི་འབྱུང་བ་རྣམ་ལྔ་དང༔བཅུད་ཀྱི་ཕུང་པོ་རྣམ་པ་ལྔ༔རྒྱུད་ཀྱི་ཉོན་མོངས་རྣམ་ལྔར་བཅས༔ཡེ་ཤེས་ལྔ་རུ་རང་དབང་བསྐུར༔ༀ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿཨ་བྷི་ཥིཉྩ་ཧཱུྃ། ཞེས་གསལ་གདབ། སྤྲོ་ན་ལས་བྱང་ལྟར་སྤྱན་འདྲེན་མཆོད་བསྟོད་ཀྱང་བྱ། སྤྲོས་པ་བསྡུ་ན། དམ་ཡེ་དབྱེར་མེད་དུ་མོས་པས་དམིགས་པའི་གཙོ་བོ་ལྷའི་སྣང་ཞེན་ལ་བསླབ་ཅིང་ང་རྒྱལ་བརྟན་པོར་བཟུང་། གཞི་འབྲས་སྦྲེལ་བའི་དག་དྲན་ལ་བསླབས་རྗེས་བཟླས་པའི་རྣལ་འབྱོར་ནི། ༀ༔སྔོན་གྱི་ཐུགས་དམ་ཆེན་པོ་ནི༔བདུད་དང་རུ་ཏྲ་བསྒྲལ་བ་དང༔གདུལ་བྱ་ཡོངས་སུ་སྨིན་པའི་ཕྱིར༔ཐབས་ཀྱི་ཕྲིན་ལས་དེང་བསྐུལ་ན༔འབར་བ་སྐུ་ཡི་གཟི་བྱིན་བསྐྱེད༔རྡོ་རྗེའི་སྔགས་ཀྱི་སྒྲ་གདངས་སྒྲོགས༔ཡེ་ཤེས་ཆེན་པོའི་སྲོག་ལྡན་པས༔དངོས་གྲུབ་རྣམ་གཉིས་མྱུར་དུ་སྩོལ༔དེ་སྐད་བསྐུལ་བའི་དེ་མ་ཐག༔སྐུ་ནི་གར་དགུར་ཤིག་ཤིག་གཡོས༔ཁྱད་པར་རྡོ་རྗེ་པདྨར་གསོར༔གསུང་ནི་སྔགས་ཀྱི་སྒྲ་ཆེན་བསྒྲགས༔ཁྱད་པར་ཨ་ཧཾ་བདེ་སྐད་བླང༔ཐུགས་ནི་མཁའ་ལས་མི་གཡོ་བཞིན༔བཟོད་མེད་བདེ་བ་སྟོང་པར་ཞུགས༔ཡོན་ཏན་ཕྲིན་ལས་བསམ་མི་ཁྱབ༔གང་གང་འདུལ་བ་དེ་དེར་སྟོན༔དཀར་དམར་མཐིང་གའི་འོད་ཟེར་གྱིས༔བདག་དང་བདག་གིར་འཛིན་པ་ཡི༔རྒྱུད་དང་རྟོག་པ་ཀུན་སྦྱངས་ནས༔སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་དབྱིངས༔ཡེ་ཤེས་ཆེན་པོར་རོ་གཅིག་གྱུར༔ཞེས་མོས་ལ། ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ཞེས་བླ་མ་ཧེ་རུ་ཀའི་བྱིན་རླབས་བཟླས་པ་བྱ། དེ་ནས། བདག་ཉིད་རྡོ་རྗེ་གཞོན་ནུ་ཆེའི༔ཐུགས་ཀར་ཡེ་ཤེས་སེམས་དཔའ་ནི༔བཛྲ་ས་ཏྭ་དཀར་གསལ་འཚེར༔རྡོ་རྗེ་དྲིལ་འཛིན་ལོངས་སྐུའི་ཆས༔ཞབས་ཟུང་ཕྱེད་དཀྱིལ་པད་ཟླར་བཞུགས༔དེ་ཡི་ཙིཏྟའི་གུར་ཁང་དབུས༔པད་ཉིའི་ལྟེ་བར་ཧཱུྃ་མཐིང་མཐར༔འབར་བའི་སྔགས་ཀྱི་ཕྲེང་བས་བསྐོར༔བཟླས་པའི་འོད་ཟེར་མཁའ་ཁྱབ་འཕྲོས༔ཚུར་འདུས་བདག་ལ་ཐིམ་པ་ཡིས༔མཆོག་དང་ཐུན་མོང་དངོས་གྲུབ་ཐོབ༔སླར་ཡང་སྐུ་སྔགས་ཕྱག་མཚན་དང་༔འབར་བའི་མེ་ཡིས་སྣང་སྲིད་ཁྱབ༔དམ་ཅན་སྲུང་མ་ལས་ལ་བསྐུལ༔སྡེ་བརྒྱད་གདུག་པ་ཚར་ཐག་བཅད༔བར་ཆད་བྱད་ཕུར་རྡུལ་དུ་རློག༔སྣང་བ་ལྷ་ལ་གྲགས་པ་སྔགས༔དྲན་རྟོག་འོད་གསལ་དབྱིངས་སུ་ཐིམ༔སྣང་སྲིད་གཞིར་བཞེངས་དཔལ་ཆེན་པོའི༔སྐུ་གསུང་ཐུགས་སུ་ལྷུན་གྲུབ་གྱུར༔ཞེས་མོས་ལ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷཱན་བཾ་ཧཱུྃ་ཕཊ༔ཅེས་ཡི་དམ་ཁྲོ་བོའི་བཟླས་པ་བྱ་ཞིང་། ཐུན་མཐར་གཞི་སྙིང་ཆིག་དྲིལ་དང་། སྤྲོ་ན་ཚེ་སྒྲུབ་ཀྱི་བཟླས་དམིགས་ཀྱང་ལས་བྱང་ལྟར་བྱའོ། །གསུམ་པ་ནི། ཐུན་ལས་ལྡང་བར་བརྩམ་པ་ན། དབྱངས་གསལ། རྟེན་སྙིང་། ཡིག་བརྒྱ་བཟླས་པས་སྔགས་ཀྱི་ལྷག་ཆད་བསྐང་ཞིང་ནུས་པ་བརྟན་པར་བྱས་རྗེས། ཨ་ཨ་ཨ༔འཁོར་འདས་ཆོས་ཀུན་བདེན་གཉིས་དབྱེར་མེད་པ༔ལྷག་པའི་ཆོས་སྐུ་ཆེན་པོའི་དབྱིངས་སུ་ཐིམ༔དེ་ལས་སླར་ཡང་ཟུང་འཇུག་སྒྱུ་མ་དང་༔ཆུ་ཟླ་ལྟ་བུའི་ལྷན་སྐྱེས་སྐུ་རུ་ལྡང་༔ཕཊ་ཕཊ་ཕཊ༔ཅེས་ལྷར་སྣང་འོད་གསལ་དུ་བསྡུ་ཞིང་ཟུང་འཇུག་གི་ལྷ་སྐུར་ལྡང་། ཧོཿདགེ་བ་འདིས་མཚོན་དུས་གསུམ་དགེ་ཚོགས་ཀུན༔ཤིན་ཏུ་རྣམ་དག་འདུས་མ་བྱས་པར་བསྔོ༔དེ་ཡི་དགེ་བས་མཐའ་ཡས་ཡིད་ཅན་ཀུན༔ཁྲག་འཐུང་ཆེན་པོའི་གོ་འཕང་མྱུར་ཐོབ་ཤོག༔ཅེས་བསྔོ་སྨོན་དང་། ཧཱུྃ༔ཆོས་སྐུ་ཡང་དག་གདོད་ནས་འདུས་མ་བྱས༔ལོངས་སྐུ་དཔལ་ཆེན་བཛྲ་ཀུ་མཱ་ར༔སྤྲུལ་སྐུ་གང་འདུལ་དེར་སྣང་སྣ་ཚོགས་གཟུགས༔དབྱེར་མེད་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །ཅེས་ཤིས་པ་བརྗོད་པས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག་གོ །འདིས་ཀྱང་བདག་དང་མཁའ་མཉམ་འགྲོ། །སྐྱེ་ཀུན་བླ་མ་ཧེ་རུ་ཀས། །རྗེས་བཟུང་གྲུབ་གཉིས་པདྨོའི་ཚལ། །ཅི་དགར་བཞད་པའི་རྒྱུར་གྱུར་ཅིག །ཅེས་པའང་རྗེ་བླ་མའི་ཕྲིན་ལས་ཀྱི་རྣམ་པར་འཕྲུལ་བ་ཆེན་པོའི་ཞབས་གྲས་རྣམ་པར་དཀར་བའི་ཐུགས་སྨོན་ཅན། དགེ་སློང་དཔལ་ལྡན་རིན་ཆེན་གྱི་གསུང་བསྐུལ་ངོར། སྙོམ་ལས་པ་རྡོ་རྗེ་དབང་མཆོག་དགྱེས་པ་རྩལ་གྱིས་བདེ་ཆེན་པདྨ་འོད་གླིང་དུ་བྲིས་པ་དགེ །མངྒལཾ།

སྙན་བརྒྱུད་ཡང་ཕུར་སྦྲགས་མའི་བསྐང་བ་ནོར་བུའི་སྤྲིན་ཕུང་།

༄༅། སྙན་བརྒྱུད་ཡང་ཕུར་སྦྲགས་མའི་བསྐང་བ་ནོར་བུའི་སྤྲིན་ཕུང་བཞུགས་སོ། །བསྐང་རྫས་འབྲུ་གསུམ་དང་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས་ལ། ཧཱུྃ། བདེ་ཆེན་ཉམས་བརྒྱས་སྒེག་པའི་རོལ་རྩེད་ལས། །རབ་འབྱམས་ཞི་དང་ཁྲོ་བོའི་དཀྱིལ་འཁོར་སྤྲིན། །སྤྲོ་བསྡུའི་བྱེད་པོ་ཤྲཱི་ཧེ་རུ་ཀཿ། །གཙོ་འཁོར་སྤྲུལ་པར་བཅས་ཀུན་འདིར་གཤེགས་ཤིག །ཕྱི་སྣོད་རྣམ་དག་འོག་མིན་བདེ་ཆེན་ཞིང་། །ནང་བཅུད་རྣམ་དག་ལྷ་དང་ལྷ་མོའི་དལ། །ཕུང་ཁམས་སྐྱེ་མཆེད་རང་བྱུང་མཆོད་བསྐང་རྫས། །ཟག་མེད་ཀུན་བཟང་རྒྱན་གྱིས་ཐུགས་དམ་བསྐང་། །ཕྱི་ནང་ཉེར་སྤྱོད་བཀྲ་ཤིས་རྫས་རྟགས་བརྒྱད། །རིན་ཆེན་སྣ་བདུན་ལྷ་མིའི་འབྱོར་པའི་ཚོགས། །སྲིད་ཞིའི་ཕུན་ཚོགས་མ་ཚང་མེད་པའི་སྤྲིན། །མི་འཛད་ནམ་མཁའ་མཛོད་ཀྱིས་ཐུགས་དམ་བསྐང་། །སྨན་གཏོར་རཀྟ་སྦྱོར་སྒྲོལ་གསང་བའི་རྫས། །བདེ་སྟོང་དགའ་བཞི་བཅུ་དྲུག་རིག་མའི་གར། །ཕུལ་བྱུང་མཆོད་བསྐང་སྒྲུབ་པའི་རྫས་ཆེན་པོས། །རབ་འབྱམས་རྩ་གསུམ་ལྷ་ཚོགས་ཐུགས་དམ་བསྐང་། །གདོད་མའི་མགོན་པོ་རིགས་ལྔ་ཞི་དང་ཁྲོ། །གསང་བདག་ལས་ཀྱི་དབང་ཆེན་ཧཱུཾ་ཀ་ར། །པྲ་བྷ་ཧསྟི་རྡོ་རྗེ་ཐོད་ཕྲེང་རྩལ། །མཚོ་རྒྱལ་ཡེ་ཤེས་མཆོག་གྲུབ་ཐུགས་དམ་བསྐང་། །སྙན་བརྒྱུད་བཀའ་བབས་པདྨ་མདོ་སྔགས་གླིང་། །མཛོད་ལྔའི་སྒོ་འབྱེད་པདྨ་གར་གྱིས་དབང་། །སྐལ་ལྡན་ལས་ཅན་ཆོས་བདག་བརྒྱུད་པར་བཅས། །རིག་འཛིན་རྩ་བརྒྱུད་བླ་མའི་ཐུགས་དམ་བསྐང་། །ཨེ་ཡིག་སྟོང་ཆེན་སྐྱེ་བ་མེད་པའི་ཀློང་། །ཝཾ་ཡིག་བདེ་ཆེན་འགག་མེད་སྒྱུ་མའི་གར། །ཟུང་འཇུག་རང་རྩལ་བཛྲ་ཧེ་རུ་ཀཿ། །དབྱིངས་ཕྱུག་ཀྲོ་ངྷི་ཡུམ་གྱི་ཐུགས་དམ་བསྐང་། །སྣང་བ་ཐབས་མཆོག་བཛྲ་ཀཱི་ལ་ཡ། །སྟོང་པ་སྐྱེ་མེད་འཁོར་ལོ་རྒྱས་འདེབས་ཡུམ། །ཟུང་འཇུག་རང་རྩལ་ཕུང་ཁམས་དག་པའི་འཕྲུལ། །སྲས་མཆོག་ཀཱི་ལ་རིགས་ལྔའི་ཐུགས་དམ་བསྐང་། །མི་དགེ་ཚར་གཅོད་ཁྲོ་རྒྱལ་ཡབ་ཡུམ་བཅུ། །རྟོག་ཚོགས་གནས་དག་ཟ་གསོད་སྒོ་སྐྱོང་ཚོགས། །དུས་སྦྱོར་དག་པ་ཕུར་སྐྱོང་བཀའ་སྡོད་བཅས། །རབ་འབྱམས་དཀྱིལ་འཁོར་འཁོར་ལོའི་ཐུགས་དམ་བསྐང་། །དངོས་གཅིག་དུ་མར་འཆར་བའི་རོལ་གར་དཔྱིད། །བླ་མ་ཡི་དམ་ཌཱ་ཀི་ཆོས་སྲུང་ཚོགས། །རབ་འབྱམས་ནོར་ལྷ་གཏེར་བདག་སྤྲུལ་འཁོར་བཅས། །རྩ་གསུམ་སྒྱུ་འཕྲུལ་དྲྭ་བའི་ཐུགས་དམ་བསྐང་། །དོན་དམ་དབྱིངས་ལ་མཚན་རྟོག་མ་དམིགས་ཀྱང་། །ཀུན་རྫོབ་འཁྲུལ་ངོར་རྩ་བ་ཡན་ལག་གི། །དམ་ཚིག་ཉམས་སོགས་ནོངས་པ་ཅི་མཆིས་པ། །གཉིས་མེད་མཉམ་པའི་ཀློང་དུ་བསྐང་ཞིང་བཤགས། །དེ་ལྟར་བསྐང་ཞིང་བཤགས་པའི་བསོད་ནམས་ཀྱིས། །མི་མཐུན་འགལ་རྐྱེན་ཉམས་པ་སོར་ཆུད་ནས། །ཞི་སོགས་ཕྲིན་ལས་རྣམ་བཞིའི་འཇུག་པ་ཡིས། །དོན་གཉིས་བསམ་པ་ཡིད་བཞིན་འགྲུབ་པ་དང་། །ཕུང་ཁམས་སྐྱེ་མཆེད་དྭངས་མའི་ལྷ་སྐུར་སྨིན། །སྲོག་རྩོལ་འཛིན་པ་དབུ་མའི་དབྱིངས་སུ་དག །ཨེ་ཝཾ་ཟུང་འཇུག་དཔལ་ཆེན་ཧེ་རུ་ཀའི། །གོ་འཕང་ཚེ་འདིར་མངོན་དུ་བྱེད་པར་ཤོག །བཀྲ་ཤིས་དཔལ་མངའ་བླ་མའི་ཞབས་པད་བརྟན། །བཀྲ་ཤིས་ཀུན་འབྱུང་བཤད་སྒྲུབ་མངའ་ཐང་དར། །བཀྲ་ཤིས་འཛད་མེད་འགྲོ་ཀུན་བདེ་ཞིང་སྐྱིད། །བཀྲ་ཤིས་སྣང་བས་ཕྱོགས་ཀུན་ཁྱབ་གྱུར་ཅིག །ཅེས་པའང་ལམ་འདི་ཉིད་ལ་རྣལ་འབྱོར་བྱེད་པ་དགེ་སློང་ཞིང་སྐྱོང་ལགས་ཀྱི་བཞེད་སྐོང་དུ། རྡོ་རྗེ་དབང་མཆོག་དགྱེས་པ་རྩལ་གྱིས་འོག་མིན་བླ་མའི་གཟིམས་སྤྱིལ་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་གྱི་ཉེ་འདབས་སུ་བྲིས་པ་གྲུབ་གཉིས་ཀྱི་པདྨོ་མཆོག་ཏུ་བཞད་པའི་རྒྱུར་གྱུར་ཅིག

སྙན་བརྒྱུད་ཡང་ཕུར་སྦྲགས་མའི་ཟབ་ཏིག་གི་སྦྱིན་སྲེག་གྲུབ་གཉིས་ཆར་འབེབས།

༄༅། །སྙན་བརྒྱུད་ཡང་ཕུར་སྦྲགས་མའི་ཟབ་ཏིག་གི་སྦྱིན་སྲེག་གྲུབ་གཉིས་ཆར་འབེབས་བཞུགས་སོ། །ན་མོ་གུ་རུ་ཤྲཱི་ཧེ་རུ་ཀ་བཛྲ་ཀུ་མཱ་ར་ཡེ། རང་བྱུང་ཟག་མེད་ཡེ་ཤེས་མེས། །གཉིས་འཛིན་འཁྲུལ་པའི་བུད་ཤིང་ཚོགས། །བསྲེགས་མཛད་བླ་མ་ལྷག་པའི་ལྷར། །བཏུད་ནས་བསྲེག་བླུགས་ཆོ་ག་སྤེལ། །འདིར་སྙན་བརྒྱུད་ཡང་ཕུར་སྦྲགས་མའི་ཟབ་ཏིག་གི་ཞི་བའི་བསྲེག་བླུགས་འབུལ་བ་ལ། ཐོག་མར་གང་དུ་བྱ་བའི་གནས་དེར་འབྲུ་ཚོམ་ལ་ས་ལྷའི་ཟླུམ་གཏོར་བཀོད། རང་ཉིད་ཐུན་མཚམས་ཀྱི་ལྷའི་ང་རྒྱལ་གྱིས་ཀཱི་ལ་ཡ་བརྒྱ་རྩ་ཙམ་བཟླས་ནས། རཾ་ཡཾ་ཁཾ་གིས་གཏོར་མ་བསངས་སྦྱངས། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུ་མཚོགས་པར་བསམས་ལ། ༀ་ཨཱཿཧཱུྃ་ཧོཿཞེས་བྱིན་གྱིས་རློབས། ས་གཞིའི་བདག་པོ་རྣམས། བྷུ་མི་པ་ཏི་ས་པཱ་རི་ཝཱ་ར་བཛྲ་ས་མཱ་ཛཿཞེས་སྤྱན་དྲངས། བྷུ་མི་པ་ཏི་ས་པཱ་རི་ཝཱ་ར་ཨ་ཀཱ་རོ་མུ་ཁཾ་སརྦ་ངྷརྨཱ་ནཾ་ཨདྱ་ནུཏྤནྣ་ཏོཏྟ་ༀ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་བསྔོས། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །དཀྱིལ་འཁོར་དོན་དུ་ས་ཕྱོགས་འདི། །བདག་ཞུ་ཁྱེད་ཀྱིས་སྩལ་དུ་གསོལ། །ཞེས་གསོལ་བས་གནང་བ་བྱིན་པར་བསམ། ལག་གཡས་རྡོ་རྗེ་དང་བཅས་ས་ལ་བཞག་སྟེ། ཀཱི་ལ་ཡ་བརྒྱ་རྩ་བརྗོད་པ་ཀུན་རྫོབ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དུ་མོས་པ་དོན་དམ་གྱིས་སྦྱངས་པའོ། །དེ་ནས་གཞི་དེར་བ་བྱུང་དང་དྲིའི་ཆག་ཆག་བཏབ་ལ། ཐབ་སྟེགས་གྲུ་བཞི་རྒྱར་མདའ་གང་དཔངས་སུ་དེའི་ཕྱེད་ཆ་ཅན་བ་བྱུང་གིས་བྱུགས་པ་བརྩིགས་པའི་ཁར། བྲིས་ཐབ་ལ་ཚངས་ཟུར་གྱིས་ཐིག་བཏབ། རྒྱར་གྲུ་གང་། མཆུ་དང་ཁ་ཁྱེར་ལ་སོར་བཞི་རེ་ནང་དུ་ཆ་ཕྲན་གཅིག་པའི་རྡོ་རྗེའི་ཕྲེང་བས་བསྐོར་བའི་པདྨ་འདབ་བརྒྱད་ལྟེ་བར་རྡོ་རྗེས་མཚན་པ། ཕྱིའི་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་སྤྲས་པ། ཁ་དོག་ཐམས་ཅད་ཀུན་ནས་དཀར་པོ་བྱ། བ་བྱུང་དང་ཙན་དན་དཀར་པོ་དྲི་བཟང་དང་བཅས་པས་བྱུགས། མེ་ཏོག་དཀར་པོར་གཅལ་དུ་བཀྲམ། ཚེར་མ་དང་སྲོག་ཆགས་མེད་པའི་ཤིང་དྲི་ཞིམ་པོའམ། བ་ལྕིས་ཇི་ལྟར་རིགས་པ་བརྩིགས། སློབ་དཔོན་གྱི་གཡོན་ཕྱོགས་སུ་ཐབ་དང་ཉེ་བར་སྨན་རཀ་གཏོར་མ་ཆུ་གཉིས་ཉེར་སྤྱོད་ལྔ་དང་། ཁྱད་པར་གྱི་མཆོད་ཡོན་ཞབས་བསིལ་མེ་ལྷའི་གཏོར་མ་གཉིས་སོགས་མཆོད་རྫས་དང་། གཡས་ཕྱོགས་སུ་བལ་བུ་སོགས་འོ་མ་ཅན་གྱི་ཤིང་གི་རྩེ་མོའི་ཆ་ལས་བྱས་པའི་ཡམ་ཤིང་སོར་བཅུ་གཉིས་པ་དྲིས་བྱུགས་ཤིང་མར་ཁུས་ཉུགས་པ་དང་། མངར་གསུམ་སྦྱར་བའི་མར་ཁུ། ཏིལ། ཞོ་ཟན། འབྲས། སོལ་བ། སྲན་མ། གྲོ། དུར་ཝ། ཀུ་ཤ་རྣམ་པ་སོ་སོ་དང་། བཤལ་སྨན་མིན་པའི་སྨན་སྣ་རིན་པོ་ཆེ་འབྲུ་གོས་དར་ཟབ་སྣ་ཚོགས་གཅིག་ཏུ་བསྲེས། སྲེག་རྫས་རྣམས་རིམ་པར་ཇི་ལྟ་བར་འདས་མ་འདས་ཀྱི་ཁྱད་པར་གྱི་ཉིས་རིམ་དུ་འགོད། སོ་རྩི་གོས་ཟུང་། ཀུ་ཤ་ཆེ་ཆུང་ལྔ་དང་། རླུང་གཡབ། ཡུངས་དཀར་སོགས་ཀྱང་འདུ་བྱ། མདུན་དུ་ལས་བུམ། རྡོར་དྲིལ། ནང་མཆོད། ཐོད་རྔ། དགང་བླུགས་རྣམས་བཤམས། སློབ་དཔོན་ཆས་གོས་དཀར་པོ་རིན་པོ་ཆེས་བརྒྱན་པ་འཇམ་པའི་སྟན་ལ་ཞི་བའི་སེམས་ཀྱིས་ཁ་ཤར་དུ་ཕྱོགས་པས་འཁོད་པ་རྣམས་སྦྱོར་བ་དང་། ཆོ་ག་དངོས་ལ། རྗེ་བླ་མས་མཛད་པའི་ཕྲིན་ལས་གྲུབ་གཉིས་ཡོངས་འདུ་ལྟར་བཟླས་པའི་མཐར། སྟོང་ཚིག་གི་མཆོད་པའི་བར་སོང་བ་དང་། བསང་གཏོར་དོན་དུ་ལས་བུམ་དུ་སྐད་ཅིག་གིས་བདུད་རྩི་འཁྱིལ་བ་བསྐྱེད་ནས། ཨ་མྲྀ་ཏ་ཁ་ཤས་བཟླ། དེ་ནས་རྡོ་རྗེ་ཐབས་ཀྱི་རང་བཞིན་དྲིལ་བུ་ཤེས་རབ་ཀྱི་རང་བཞིན་གཉིས་ཀའང་དོན་དམ་པའི་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་མོས་ནས། ༀ་མ་ཧཱ་བཛྲ་ཧཱུྃ། ཞེས་རྡོ་རྗེ་ཐུག་ཀར་བཟུང་། ༀ་བཛྲ་གཎྜེ་ཨཱ༔ཞེས་དྲིལ་བསིལ་ཞིང་དཀུར་བརྟེན། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་ར་ག་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ཞེས་རྡོར་དྲིལ་ཐུགས་ཀར་བསྣོལ་ནས་འཁྱུད་རྒྱ་བྱ་ཞིང་། འདི་ནས་བཟུང་ཆོ་ག་མ་རྫོགས་ཀྱི་བར་རྡོར་དྲིལ་དང་མི་འབྲལ་ཞིང་། ལག་གཉིས་བླ་གཡས་གཡོན་གྱི་ཕྱིར་མི་འདའོ། །དེ་ནས་མཆོད་རྫས་རྣམ་ལས་བྱང་བཞིན་བྱིན་གྱིས་རློབས། སྲེག་རྫས་རྣམས་ལ་བདུད་རྩིའི་བྲན་ཏེ། རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱས་རེག་ལ། ༀ་སྭཱ་ཧཱ། ཞེས་རྫས་རྣམས་བཀྲུ། ཡམ་ཤིང་ལ། ༀ་ཨཱཿསྭཱ་ཧཱ། ཞུན་མར་ལ། ༀ་ཤྲཱིཾ་སྭཱ་ཧཱ། འབྲུ་རྣམས་ལ། ༀ་ཛིཾ་སྭཱ་ཧཱ། རྫས་གཞན་རྣམས། ༀ་ཀུ་རུ་ཀུ་རུ་སྭཱ་ཧཱ། སྟོང་པའི་ངང་ལས་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་སྲེག་རྫས་སོ་སོའི་རྣམ་པར་གསལ་བར་གྱུར། ༀ་ཨཱཿཧཱུྃ། ༀ་བོ་ངྷི་བྲྀཀྵ་ཡེ་སྭཱ་ཧཱ། ཞེས་ཡམ་ཤིང་དང་། མར་ཁུ་ལ། ༀ་ཨཱཿཧཱུྃ། ༀ་ཨགྣེ་ཡེ་སྭཱ་ཧཱ། ཞེས་པས་མཚོན་རྫས་སོ་སོའི་འབུལ་སྔགས་འོག་ཏུ་འབྱུང་བ་རྣམས་ཀྱི་མགོར་འབྲུ་གསུམ་སྦྱར་བ་ལན་གསུམ་གྱིས་བྱིན་གྱིས་རློབས། ༀ་ཨགྣེ་ཡེ་ཛྭ་ལ་རྃ། ཞེས་དུ་བ་མེད་པར་འབར་བའི་མེ་གཡས་སུ་བསྐོར་ནས་ཐབ་དུ་བཅུགཧཱུྃ་བརྗོད་ཅིང་རླུང་གཡབ་ཀྱིས་མེ་སྦར། ༀ་ཨགྣ་ཡེ་སྭཱ་ཧཱ། ཞེས་བླུགས་གཟར་གྱིས་མར་ཁུའི་ཐིགས་པས་གསོ། །ༀ་བཛྲ་ས་ཏྭ་ཨཱཿཞེས་བཟླས་པའི་ཀུ་ཤༀ་ཀུ་ཤ་འདི་ནི་གཙང་ཞིང་དགེ །།ཚངས་པ་ལྷ་རྣམས་དག་བྱེད་ཡིན། །དཀོན་མཆོག་གསུམ་པོ་མཉེས་བྱེད་པ། །ས་ལས་སྐྱེས་པ་འདབས་མའི་སྙིང་། །བདག་གི་བགེགས་རྣམས་ཐམས་ཅད་ནི། །ཞི་དང་བཀྲ་ཤིས་མཛད་དུ་གསོལ། །སྭཱ་ཧཱ། ཞེས་པས་ཐབ་ཀྱི་ཁར་གཡོན་ནས་བརྩམས་ཏེ་གཡས་བསྐོར་དུ་བཀྲམ། ཐབ་ཨ་མྲྀ་ཏས་བསངས། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ཧཱུྃ་ལས་ཞི་བའི་ཐབ་ཁུང་ཟླུམ་ཞིང་དཀར་བ་མཚན་ཉིད་ཐམས་ཅད་ཚང་བའི་དབུས་སུ་པད་ཟླ་ལ་གནས་པའི་རྃ་ལས་ཞི་བའི་མེ་ལྷ་དཀར་པོ་ཞལ་གཅིག་ཕྱག་བཞི་པ་གཡས་གཉིས་དབྱུག་པ་དང་བགྲང་འཕྲེང་། གཡོན་གཉིས་རིལ་བ་དང་སྐྱབས་སྦྱིན་མཛད་པ་དྲང་སྲོག་གི་ཆ་བྱད་ཅན་འཁོར་ཚོགས་དུ་མས་བསྐོར་བའི་སྤྱི་བོར་ༀ། མགྲིན་པར་ཨཱཿསྙིང་གར་ཧཱུྃ། ཧཱུྃ་གི་འོད་ཟེར་གྱིས་ཡེ་ཤེས་པ་སྤྱན་དྲངས་པར་གྱུར། ༀ་ཚུར་གཤེགས་ཚུར་གཤེགས་འབྱུང་པོ་ཆེ། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །སྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འབར་བའི་གདན་འདིར་གཤེགས་སུ་གསོལ། །ༀ་ཨགྣ་ཡེ་ཨཀཪྵ་ཡ་ཛཿཞེས་སྤྱན་དྲངས། ལས་སྔགས་དང་ལས་བུམ་གྱི་ཆུས་ཕྱིར་འབྲང་གི་བགེགས་བསྐྲད། ༀ་ཨགྣ་ཡེ་དེ་ཝཱ་ཱས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏིཙྪ་སྭཱ་ཧཱ། མཆོད་ཡོན། ཨརྒྷཾ་གྱི་གནས་སུ། པཱ་ཏྱཾ་བཅུག་ལ་ཞབས་བསིལ་ཕུལ། ༀ་ཨགྣ་ཡེ་ས་མ་ཡ་སྟྭཾ། ཛཿཧཱུྃ་བཾ་ཧོཿདམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། དེ་ནས། མེ་ལྷ་ཅུང་ཟད་འཛུམ་པའི་ལྗགས་དང་གཟར་བུ་གཉིས་ཀྱི་ཁ་ལ་རྃ་ཡིག་གིས་མཚན་པར་བསམས་ལ། ༀ་ཨགྣེ་སྭཱ་ཧཱ། ཞེས་མར་ཁུར་བླུགས་གཟར་གྱིས་བཀང་བའི་དགངས་གཟར་གྱིས་ཟག་མཆུ་ལས་བབས་པའི་མར་ཁུ་བདུད་རྩིའི་དྭངས་མར་དྲངས་ཏེ་གསོལ་བས་དགྱེས་ཤིང་ཚིམ་པར་བསམས་ལ། ༀ་ཨགྣེ་དེ་བྱ་དེ་བྱ་ཤུདྡྷེ་མ་ཧཱ་ཤྲཱི་ཧ་བྱ་ཀ་བྱ་བ་ཧ་ན་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་གཟར་བུ་ཁ་སྦྱར་པུས་མོ་ལས་ཕྱིར་མི་འདའ་བར་གཡས་སུ་བསྐོར་ཞིང་། བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ནད་གདོན་སྡིག་སྒྲིབ་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བའི་འཕྲིན་ལས་མཛད་དུ་གསོལ། ཞེས་འདོད་གསོལ་བ་བཅས་ལན་གསུམ་དུ་འབུལ་བའི་མེ་པྲ་བརྟག །ༀ་ཨགྣེ་ས་པཱ་རི་ཝཱ་ཱར་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ༀ། གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །འདོད་པ་ཐམས་ཅད་སྩོལ་མཛད་པ། །བདག་གཞན་དོན་སྒྲུབ་ས་ལ་བཞུགས། །འཛིན་བྱེད་མེ་ལྷ་ཉིད་ལ་བསྟོད། །དེ་ནས་རྫས་རྣམས་རིམ་བཞིན་འབུལ་བ་ལས། ཡམ་ཤིང་། ༀ་བོ་ངྷི་བྲྀཀྵ་ཡེ་སྭཱ་ཧཱ། བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ནད་གདོན་སྡིག་སྒྲིབ་སརྦ་ཤན་ཏིང་ཀུ་རུ་ཡེ་སྭཱ་ཧཱ། མར་ཁུ། ༀ་ཨགྣེ་སྭཱ་ཧཱ། སྤེལ་ཚིག་གོང་བཞིན་འདྲེས་སོ། །ཏིལ། ༀ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ། ཞོ་ཟན། ༀ་སརྦ་སམྦྷ་དེ་སྭཱ་ཧཱ། འབྲས། ༀ་བཛྲ་པུཥྚ་ཡེ་སྭཱ་ཧཱ། སོ་བ། ༀ་བཛྲ་བི་ཛ་ཡེ་སྭཱ་ཧཱ། ནས། ༀ་མ་ཧཱ་བེ་ག་ཡེ་སྭཱ་ཧཱ། སྲན་མ། ༀ་མ་ཧཱ་བ་ལ་ཡེ་སྭཱ་ཧཱ། གྲོ། ༀ་བཛྲ་གསྨ་རི་སྭཱ་ཧཱ། དུཪྺ། ༀ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཀུ་ཤༀ་ཨ་བྲ་ཏི་ཧ་ཏ་བཛྲ་ཡེ་སྭཱ་ཧཱ། ཞེས་དབུལ། གཞན་ཡང་སྲེག་རྫས་ཅི་འབྱོར་གཅིག་ཏུ་བསྲེས་ནས། ༀ་ཨགྣེ་དེ་བྱི་དེ་བྱི་སོགས་ཀྱིས་དབུལ་དེ་ནས་ཡུངས་ཀར་ཐབ་ཏུ་གཏོར་ཏེ། དྲང་སྲོང་ཆེན་པོ་འཁོར་དང་བཅས་པས་བསྲེག་རྫས་ལྷའི་ཞལ་དུ་སྟོབ་པ་དང་། མེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ནས། བདག་གི་སྡིག་སྒྲིབ་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བའི་ཕྲིན་ལས་མཛད་དུ་གསོལ་ཞེས་གསོལ་ལ། ༀ་བཛྲ་ཛྭ་ལ་རཾ། ཞེས་མེ་ལྷ་འབར་བའི་རྣམ་པར་གྱུར་པར་བསམ་མོ། །འདས་པའི་མེ་ལྷ་མཆོད་པ་ནི། མེ་སྔར་ལྟར་བསངས་སྦྱངས། ཨཿགདོད་ནས་ཀ་དག་དབྱིངས་ཀྱི་ངངཿསོགས་ནས་ཁྲག་འཐུང་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔བར་ལས་བྱང་གཞུང་བཞིན་ལ། མཆོད་པའི་སྔགས་ནང་། གཏོར་ཟླུམ་དང་པོ་སྨན་རག་གིས་བྲན་ནས་ཐབ་ཏུ་དབུལ། སྒྲུབ་མཆོད་དང་འབྲེལ་བ་ལ། སྒྲུབ་དཀྱིལ་གྱི་ལྷ་རྣམས་མེ་ཏོག་གིས་མཚོན་པར་སྤྱན་དྲངས་ནས་ཐབ་ཏུ་བཞུགས་སུ་གསོལ་བའི་ཁྱད་པར་ཙམ་མོ། །དེ་ནས་དགང་བླུགས་འབུལ་བ་ནི། དཀྱིལ་འཁོར་གྱི་ལྷ་རྣམས་ཅུང་ཟད་འཛུམ་པའི་ལྗགས་དང་གཟར་བུ་གཉིས་ཀྱི་ཁ་ལ་ཧཱུྃ་ཡིག་གིས་མཚན་པར་གྱུར་བར་བསམ་ལ། ༀ་ཨགྣེ་སྭཱ་ཧཱ། ཞེས་མར་ཁུ་བླུགས་གཟར་བདུན་གྱི་བཀང་བའི་དགང་གཟར་གྱིས་ཟག་མཆུ་ལས་བབས་པའི་མར་ཁུ་བདུད་རྩིའི་དྭངས་མར་དྲངས་ཏེ་གསོལ་བས་དགྱེས་ཤིང་ཚིམ་པར་བསམ་ལ། གཟར་བུ་ཁ་སྦྱར་གཡས་སུ་བསྐོར་ཞིང་། ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣན་བཾ་ཧཱུྃ་ཕཊ༔བདག་གི་ནད་གདོན་སྡིག་སྒྲིབ་སརྦ་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ། ཞེས་ལན་གསུམ་འབུལ། སྲེག་རྫས་རྣམས་ཡེ་ཤེས་ཀྱི་བདུད་རྩིའི་དྭངས་མར་གསོལ་བར་བསམ་ལ་འབུལ་བ་ནི། རྩ་སྔགས་གཉིས་ཀྱི་མཐར། ༀ་བོ་ངྷི་བྲྀཀྵ་ཡེ་སྭཱ་ཧཱ། སོགས་རྫས་སྔགས་དང་སྤེལ་ཚིག་སྦྱར་བ་ཙམ་གྱི་ཁྱད་པར་མ་གཏོགས་ཡམ་ཤིང་ནས་བསྲེག་རྫས་སྣ་ཚོགས་བསྲེས་པའི་བར། འབུལ་སྔགས་སྤེལ་ཚིག་རྣམས་སྔར་འཇིག་རྟེན་པའི་སྐབས་བཞིན་ལས། གྲངས་བརྒྱ་རྩ་སོགས་ཇི་ལྟར་རིགས་པ་ཕུལ་བའི་མཐར། ཡུངས་དཀར་ཡིག་བརྒྱ་བཟླས་པ་ཐབ་ཏུ་གཏོར་ལ། བཅོམ་ལྡན་འདས་དཔལ་ཆེན་པོ་བཛྲ་ཧེ་རུ་ཀ་དང་རྡོ་རྗེ་ཕུར་བུའི་ལྷ་ཚོགས་རྣམས་ཀྱིས་བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ནད་གདོན་སྡིག་སྒྲིབ་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བའི་ཕྲིན་ལས་མཛད་དུ་གསོལ། ཞེས་ཕྲིན་ལས་བཅོལ། དེ་ནས། དཀྱིལ་འཁོར་གྱི་ལྷ་ཅུང་ཟད་འཛུམ་པའི་ལྗགས་དང་། གཟའ་བུ་གཉིས་ཀྱི་ཁ་ལ་ཧཱུྃ་ཡིག་གིས་མཚན་པར་གྱུར། ཞེས་སོགས་ཀྱིས་དགངས་བླུགས་ལན་གསུམ་སྔར་ལྟར་ཕུལ། ༀ་ཤྲཱི་ཧེ་རུ་ཀ་བཛྲ་ཀུ་མཱ་ར་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། ༀ་བཛྲ་ཝཥྚས་གོས་ཟུང་དང་། ༀ་བཛྲ་ཏམྦུ་ལ་ཡེ་སྭཱ་ཧཱས་སོ་རྩི་འབུལ་བསྟོད་པ་ནི། ཧཱུྃ༔སྒེག་དཔའ་འཇིགས་རུང་རྡོ་རྗེའི་གཟི་བྱིན་འབར༔སོགས་བརྗོད། ཡིག་བརྒྱ་ལན་གསུམ་བཟླས་པས་ནོངས་པ་བཟོད་པར་གསོལ། སྒྲུབ་དཀྱིལ་དང་འབྲེལ་ན། ཡེ་ཤེས་པ་རྣམས་སྒྲུབ་པའི་དཀྱིལ་འཁོར་ལ་གཤེགས་པར་མོས་ལ་དམ་ཚིག་པ་རང་ལ་བསྡུ། མ་འབྲེལ་ན། རླུང་རྔུབ་པའི་སྦྱོར་བས། ལྷ་ཚོགས་རྣམས་རང་གི་སྙིང་གར་བསྡུས་ནས། མི་ཤིགས་པའི་ཐིག་ལེར་རོ་གཅིག་ཏུ་གྱུར་པར་བསམ་ལ་རྡོ་རྗེ་བསྡུ་བའི་རྒྱ་བཅའ། དེ་ནས་བླུགས་གཟར་གྱིས། ༀ་ཨགྣེ་ཛྭ་ལ་རཾ་ཞེས་པས། སླར་ཡང་འཇིག་རྟེན་པའི་མེ་ལྷ་ཆ་བྱད་ཡོངས་སུ་རྫོགས་པ་སྐད་ཅིག་གིས་གསལ་བར་གྱུར་པ་ལ། དགངས་བླུགས་འབུལ་བ་ནི། མེ་ལྷ་ཅུང་ཟད་འཛུམ་པའི་ལྗགས་དང་གཟར་བུ་གཉིས་ཀྱི་ཁ་ལ་རཾ་ཡིག་གིས་མཚན་པར་བསམས་ལ། ༀ་ཨགྣ་ཡེ་སྭཱ་ཧཱས་མར་ཁུ་བླུགས་གཟར་བདུན་འབུལ་བའི་མཐར་གཟར་བུ་ཁ་སྦྱར། ༀ་ཨགྣེ་དེ་བི་བྱ་དེ་བྱ་སོགས་གྱིས་བསྐོར་བ་སྔར་ལྟར་ལན་གསུམ་འབུལ། སོ་རྩི་དང་གོས་ཟུང་སྔར་ལྟར་དང་། སྲེག་རྫས་ཡམ་ཤིང་ནས་བཟུང་། ༀ་བོངྷི་བྲྀཀྵ་ཡེ་སྭཱ་ཧཱ་བདག་གི་ནད་གདོན་སྡིག་སྒྲིབ་སརྦ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་སོགས་རྫས་སྔགས་རྣམས་སྤེལ་ཚིག་དང་བཅས་ཚར་རེའི་མཐར་རྫས་སོ་སོའི་ལྷག་མ་རྣམས་ཕུལ། གཏོར་མ། ༀ་ཨགྣེ་ཡེ་སྭཱ་ཧཱ། ཞེས་པའི་མཐར། ཨ་ཀ་རོ་མུ་ཁཾ་སོགས་བཏགས་པ་ལན་གསུམ་གྱིས་ཕུལ། མེ་སྟེ་སྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །སོགས་ནས། ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་ཕྲིན་ལས་གསོལ། ཡིག་བརྒྱ་བཟླ་ཞིང་ནོངས་པ་བཤགས་པ་ནི། མ་རྙེད་ཡོངས་སུ་མ་ཚང་དང་། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་པར་གསོལ། །ཞེས་དང་། བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱོད་ཀྱིས་སྒྲུབ་ཀྱིས་གཤེགས། །ཇི་བཞིན་དུས་སུ་སླར་བྱོན་ལ། །བདག་གི་འདོད་པ་ཐམས་ཅད་སྒྲུབས། །ༀ་ཨགྣེ་གཙྪ། ཞེས་རང་གནས་སུ་གཤེགས་སུ་གསོལ། ཨ་ཀ་རོ་བརྗོད་ཅིང་དྲི་བཟང་གི་ཆུས་མེ་བཏུལ་ནས། རྗེས་མི་མངོན་པར་བྱས་ལ་དགེ་བ་བསྔོ་ཞིང་ཤིས་པ་བརྗོད་པ་རྣམས་བྱའོ། །ཡང་བསྙེན་པའི་ཁ་གསོ་ལྟ་བུ་ལ། གྲངས་ཀྱི་བཅུ་ཆ་ཡོངས་ངེས་བྱ་དགོས་པས། དེའི་ཚེ་སྔར་གྱི་ཆོ་ག་སོར་བཞག་གིས་སྲེག་རྫས་གཞན་རྣམས་ཅི་རིགས་སྔོན་དུ་སོང་རྗེས། ཏིལ་ཁོ་ན་གྲངས་བསགས་ཏེ། དེ་ཡང་རྩ་སྔགས་གཉིས་སྒྲེལ་དང་ཏིལ་རྫས་རེ་རེ་སྦྲགས་པ་ཕྲེང་སྐོར་རེའི་འཇུག་ཏུ། ༀ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ། ཚར་རེ་སྦྱར་ཞིང་། སྤེལ་ཚིག་ཀྱང་། བདག་སྒྲུབ་པ་པོ་བྱིང་རྒོད་ཀྱི་དབང་དུ་གྱུར་པས། ཏིང་ངེ་འཛིན་མི་གསལ་བ་དང་། སྔགས་ཆད་ལྷག་གི་ཉེས་པ་ཤཱན་ཏིང་ཀུ་རུ་ཡེ་སྭཱ་ཧཱ། ཞེས་སྦྱར། ཚུལ་འདི་ལྟ་བུའི་རྣལ་འབྱོར་ལ་བརྩོན་པར་བྱས་ན་མཆོག་ཐུན་གྱི་དངོས་གྲུབ་བདེ་བླག་ཏུ་འགྲུབ་པར་གདོན་མི་ཟའོ། །ཚུལ་འདི་སྔོན་བྱོན་དམ་པའི་གཞུང་། །ཁ་བསྒྱུར་ཕྲན་བུ་དང་བཅས་གླེང་། །འདིས་ཀྱང་འགྲོ་ཀུན་དཔལ་ཆེན་པོའི། གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག །ཅེས་པའང་ཟབ་མོའི་ལམ་འདི་ལ་རྣལ་འབྱོར་དུ་བྱེད་པ་བྲག་ཡབ་བླ་མ་ཞིང་སྐྱོང་ལགས་ཀྱི་ཐུགས་བཞེད་བཞིན་སྙོམ་ལས་པ་རྡོ་རྗེ་དབང་མཆོག་དགྱེས་པ་རྩལ་གྱིས་ལྷ་སྔགས་འབྱིན་འཇུག་ཙམ་མ་གཏོགས་ཀུན་མཁྱེན་སྨིན་གླིང་པ་ཡབ་སྲས་ཀྱི་བཞེད་སྲོལ་སོར་བཞག་ཏུ་བྱས་པ་དགེ །

ཕུར་པའི་བྱིན་བསྐུལ་བདུད་རྩིའི་སྤྲིན་ཕུང་།

༄༅། །ཕུར་པའི་བྱིན་བསྐུལ་བདུད་རྩིའི་སྤྲིན་ཕུང་བཞུགས་སོ། །དཔལ་ཆེན་རྡོ་རྗེ་གཞོན་ནུར་འདུད། །རྣལ་འབྱོར་བྱིན་ཆེན་དབབ་པའི་ཕྱིར། །ཤ་ཆེན་དྭངས་མ་བདུད་རྩི་བསྲེགས། །ཅང་ཏེ་རོལ་མོའི་སྒྲ་ཡིས་བསྐུལ། །དགོངས་པའི་རྩལ་བསྐྱེད་འདི་སྐད་བརྗོད། །ཧཱུྃ་ཧྲཱིཿཀ་དག་སྤྲོས་བྲལ་གཞོན་ནུ་བུམ་སྐུའི་སྦུབས། །ལྷུན་གྲུབ་གཏིང་གསལ་འགགས་པ་མེད་པའི་མདངས། །རིག་རྩལ་རོལ་པ་རྩ་གསུམ་དཀྱིལ་འཁོར་སྤྲིན། །དབྱིངས་ནས་སྐུར་བཞེངས་དགོངས་པས་བྱིན་ཆེན་ཕོབ། །དགོངས་བརྒྱུད་བླ་མ་འཇའ་ཟེར་འོད་ཕུང་ཀློང་། །བརྡ་བརྒྱུད་རིག་འཛིན་ཚོམ་བུའི་དཀྱིལ་འཁོར་བཀྲ། །སྙན་བརྒྱུད་བྱིན་ཐོབ་རྡོ་རྗེའི་གླུ་གར་བསྒྱུར། །དགོངས་ཀློང་འདུ་འབྲལ་མེད་པའི་བྱིན་ཆེན་ཕོབ། །གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ནས། །དཔལ་ཆེན་རྡོ་རྗེ་གཞོན་ནུ་དཔའ་བོའི་སྐུ། །བདུད་འདུལ་ཁྲོ་བཅུ་ཁྲ་ཐབས་སྤྲུལ་པ་འགྱེད། །གྲུབ་གཉིས་འདོད་དགུར་འཕྲུལ་བའི་བྱིན་ཆེན་ཕོབ། །རྩ་རླུང་ཐིག་ལེ་འབུམ་ཕྲག་ཡངས་པའི་གྲོང་། །ལྷན་སྐྱེས་དཔའ་བོ་ཌཱ་ཀི་ཆོས་སྲུང་ཚོགས། །ཨ་ཧཾ་བདེ་སྟོང་གང་བསྒྱུར་ཤིགས་སེ་ཤིག །རླུང་སེམས་སྣང་བ་དབང་འདུས་བྱིན་ཆེན་ཕོབ། །དོན་དམ་དཀོར་བདུན་ངོ་བོར་ཡེ་ནས་གྲུབ། །ཀུན་རྫོབ་སྣང་བ་ལྷ་དང་ལྷ་མོའི་དལ། །དག་པ་རབ་འབྱམས་ཐིག་ལེ་ཉག་གཅིག་ཀློང་། །འཕོ་འགྱུར་བགྲེས་རྒུད་བྲལ་བའི་བྱིན་ཆེན་ཕོབ། །ལྟ་སྤྱོད་ཏིང་འཛིན་དབང་དམ་སྒྲུབ་ཕྲིན་སོགས། །ཡེ་ནས་མ་བརྩལ་རང་ལ་གནས་པའི་དོན། །རྣོ་ལ་ངར་བཏགས་ནུས་པའི་བྱིན་ཆེན་དབང་། །བསྐུར་ཐོབ་བྲལ་བའི་ཚུལ་གྱིས་དེང་སྩོལ་ཅིག །ལུས་ལ་བདེ་སྟོང་དྲོད་འབར་ཤག་མ་ཤིག །ངག་ལ་གྲགས་སྟོང་ནུས་ཐོབ་ཁྲལ་མ་ཁྲོལ། །སེམས་ལ་རིག་སྟོང་དགོངས་ཉམས་ཟང་ཐལ་ལེ། །ཅིར་སྣང་དག་པ་རབ་འབྱམས་ལམས་སེ་ལམ། །གཏད་མེད་ཡོངས་གྲོལ་ཤེས་པ་ཕྱད་མ་ཕྱོད། །བདེ་གསལ་མི་རྟོག་ཉམས་སྣང་བན་མ་བུན། །འཁོར་འདས་རྒྱ་གྲོལ་ཐིག་ལེ་ཉག་གཅིག་སྦུབས། །གཞོན་ནུ་བུམ་སྐུར་གཏན་སྲིད་ཟིན་པར་མཛོད། །སརྦ་སིངྔྷི་ཕ་ལ་ཛ་ཛ༔ཕེཾ་ཕེཾ། ཞེས་བརྗོད་རིག་པ་གཏད་མེད་སྐྱོང་། །སྐབས་སུ་མོས་གུས་རིག་རྩལ་སྦར། །ཉམས་མྱོང་རྟོགས་པ་གོང་དུ་འཕེལ། །དབང་བཞིའི་ཡེ་ཤེས་མངོན་བྱེད་འགྱུར། །འདི་ཡང་རྡོ་རྗེ་དབང་མཆོག་གིས། །ཕུར་པ་སྒྲུབ་པའི་དུས་སུ་བྲིས། །དགེ་བས་རང་གནས་ཡེ་ཤེས་མཆོག །མངོན་གྱུར་གདོད་མའི་མགོན་འགྲུབ་ཤོག །

ཕུར་པའི་ཚེ་བསྐུལ་འཆི་བདག་དཔུང་བཅོམ།

༄༅། ཕུར་པའི་ཚེ་བསྐུལ་འཆི་བདག་དཔུང་བཅོམ་བཞུགས། ཧཱུྃ་ཧྲཱིཿསྲིད་ཞི་ཡེ་དག་དྭངས་མ་ཐིག་ལེའི་ཀློང་། །ཟག་པ་རང་ཟད་འབྱུང་བ་རང་དེངས་དཔལ། །འཁོར་འདས་རྒྱ་གྲོལ་གདོད་མའི་ཧེ་རུ་ཀ །བརྒྱུད་གསུམ་རིག་འཛིན་བླ་མ་དབྱིངས་ནས་བསྐུལ། །ༀ། འཁོར་འདས་ཀུན་གྱི་སྤྱི་དཔལ་ཆེ་བའི་མཆོག །ཡེ་ཤེས་རང་སྣང་གདོད་མའི་གྲོལ་གཞི་རུ། །མངོན་པར་བྱང་ཆུབ་མི་འགྱུར་རྟག་པའི་ཚེ། །གཞོམ་གཞིག་བྲལ་བའི་གཡུང་དྲུང་གོ་འཕང་བརྙེས། །དམ་པ་ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི། །བྱིན་གྱིས་རློབས་ལ་དགོངས་པའི་དབང་ཆེན་བསྐུར། །སྐྱེ་འཆི་ཡེ་དག་ཀུན་ཏུ་བཟང་པོའི་ཞལ། །ད་ལྟ་ཉིད་དུ་སྟོན་པར་མཛད་དུ་གསོལ། །དབྱིངས་སྣང་ཕྱིར་གསལ་དོན་གྱི་འོག་མིན་དུ། །ཉིད་ལས་མི་གཞན་ཁྲག་འཐུང་ཚོམ་བུའི་ཚོགས། །དུས་བཞི་མཉམ་ཉིད་རྒྱུད་དོན་ཟབ་མོའི་ཚུལ། །རང་ཤར་རྟག་པ་དམ་པའི་དངོས་གྲུབ་བརྙེས། །དམ་པ་ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི། །བྱིན་གྱིས་རློབས་ལ་དགོངས་པའི་དབང་ཆེན་བསྐུར། །འོད་གསལ་ལྷུན་གྲུབ་ལོངས་སྐུ་རྟག་པའི་ཞལ། །ད་ལྟ་ཉིད་དུ་སྟོན་པར་མཛད་དུ་གསོལ། །གང་འདུལ་དེར་སྣང་སྤྲུལ་པའི་ཕོ་བྲང་དུ། །གདུལ་བྱ་རྟགས་ཀྱི་ཕྱག་རྒྱར་ཡོངས་ཤར་བས། །དྲེགས་པ་རུ་ཏྲའི་སྡེ་དཔུང་དབྱིངས་སུ་བསྒྲལ། །བདུད་བཞིའི་གཡུལ་རྒྱལ་མི་འཇིགས་གོ་འཕང་བརྙེས། །དམ་པ་ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི། །བྱིན་གྱིས་རློབས་ལ་དགོངས་པའི་དབང་ཆེན་བསྐུར། །རིག་རྩལ་ཐོག་མེད་གང་འདུལ་སྤྲུལ་པའི་ཞལ། །ད་ལྟ་ཉིད་དུ་སྟོན་པར་མཛད་དུ་གསོལ། །ཌཱ་ཀིའི་འདུ་གླིང་དུར་ཁྲོད་བསིལ་ཚལ་དུ། །ཕུར་པའི་བཀའ་བབ་བྲམ་ཟེ་པྲ་ཆེན་ཧས། །ཐལ་འབྱིན་རྣམ་བཞིའི་དགོངས་པ་མཐའ་རུ་ཕྱིན། །སྐྱེ་འཆི་གཉིས་སྤངས་རྡོ་རྗེའི་སྐུ་མཆོག་བརྙེས། །དམ་པ་ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི། བྱིན་གྱིས་རློབས་ལ་དགོངས་པའི་དབང་ཆེན་བསྐུར། །སྲིད་ཞིའི་འཇིགས་བྲལ་གྲུབ་པ་མཆོག་གི་ཞལ། ད་ལྟ་ཉིད་དུ་སྟོན་པར་མཛད་དུ་གསོལ། །བལ་ཡུལ་ཡང་ལེ་ཤོད་ཀྱི་ཀེའུ་ཚང་དུ། །བདུད་སྡེ་ཚར་གཅོད་ཤཱཀྱ་སེང་གེ་ཡི། །ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་གྲུབ། །སྐྱེ་འཆི་རང་དག་འཕོ་ཆེན་འཇའ་སྐུ་བརྙེས། །དམ་པ་ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི། །བྱིན་གྱིས་རློབས་ལ་དགོངས་པའི་དབང་ཆེན་བསྐུར། །དབང་བཅུ་མཐར་ཕྱིན་རང་བྱུང་པདྨའི་ཞལ། །ད་ལྟ་ཉིད་དུ་སྟོན་པར་མཛད་དུ་གསོལ། །མོན་ཁ་ནེ་རིང་སེང་གེ་རྫོང་སོགས་སུ། །བཀའ་བབས་ཐུགས་ཀྱི་དགྱེས་སྡེ་མཚོ་རྒྱལ་གྱིས། །དབྱིངས་རིག་འབྲལ་མེད་ཀུན་བཟང་དགོངས་ཀློང་རྟོགས། །ཟག་པ་རང་ཟད་མཁའ་སྤྱོད་དངོས་གྲུབ་བརྙེས། །དམ་པ་ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི། །བྱིན་གྱིས་རློབས་ལ་དགོངས་པའི་དབང་ཆེན་བསྐུར། །ཤེས་རབ་ཕར་ཕྱིན་དོན་དམ་ཌཱ་ཀིའི་ཞལ། ད་ལྟ་ཉིད་དུ་སྟོན་པར་མཛད་དུ་གསོལ། །རང་སྣང་དག་པ་རབ་འབྱམས་ཀློང་ཡངས་ནས། །སྙན་བརྒྱུད་བྱིན་ཐོབ་པདྨ་མདོ་སྔགས་གླིང་། །ཆོས་ཟད་བློ་འདས་གྲུབ་པའི་གསང་མཛོད་བརྡོལ། །འབྲེལ་ཚད་དོན་ལྡན་ཕྲིན་ལས་མཁའ་དང་མཉམ། །དམ་པ་ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི། །བྱིན་གྱིས་རློབས་ལ་དགོངས་པའི་དབང་ཆེན་བསྐུར། །རིགས་ཀུན་ཁྱབ་བདག་ཀུན་བཟང་ཆོས་རྗེའི་ཞལ། །ད་ལྟ་ཉིད་དུ་སྟོན་པར་མཛད་དུ་གསོལ། །གཞན་ཡང་བཀའ་གཏེར་ཕུར་པའི་རིག་འཛིན་ཚོགས། །སྐྱེ་འཆི་གཉིས་སྤངས་རྡོ་རྗེའི་སྐུ་མཆོག་བརྙེས། །བགྲེས་རྒུད་བྲལ་བའི་གཡུང་དྲུང་གོ་འཕང་ཐོབ། །དུག་ལྔ་རྩད་ཆོད་སྐུ་གསུམ་དགོངས་ཀློང་རྟོགས། །སྣང་སེམས་རོ་མཉམ་གྲུབ་གཉིས་གཏེར་ཁ་འབྱེད། །གང་འདུལ་ཕྲིན་ལས་ནམ་མཁའི་མཐའ་དང་མཉམ། །ངོ་མཚར་སྙན་པས་ས་གསུམ་ཡོངས་ལ་ཁྱབ། །བྱིན་རླབས་དངོས་གྲུབ་ཐུགས་རྗེ་མཚུངས་པ་མེད། དམ་པ་ཁྱེད་རྣམས་རྗེས་སུ་བདག་སྒྲུབ་ཀྱི། །བྱིན་གྱིས་རློབས་ལ་དགོངས་པའི་དབང་ཆེན་བསྐུར། །དོན་གཉིས་མཐར་ཕྱིན་གྲུབ་པ་ཡོངས་ཀྱི་ཞལ། །ད་ལྟ་ཉིད་དུ་སྟོན་པར་མཛད་དུ་གསོལ། །ཁྱེད་རྣམས་ཕུར་པ་སྒྲུབ་པའི་རིག་འཛིན་ཏེ། །དགོངས་སྤྱོད་རྒྱ་མཚོ་ནམ་མཁའི་མཐའ་དང་མཉམ། །གང་འདུལ་ཕྲིན་ལས་ནམ་མཁའི་གློག་ལས་མྱུར། །བྱིན་རླབས་དངོས་གྲུབ་ཆར་རྒྱུན་འཛད་པ་མེད། །བདག་ཀྱང་ཕུར་པ་སྒྲུབ་པའི་གྲོགས་ལགས་ན། །མཐུ་རྩལ་མ་ཆུང་དགོངས་པའི་རྩལ་བསྐྱེད་ལ། །ལུས་ལ་བདེ་དྲོད་འབར་བའི་བྱིན་ཆེན་ཕོབ། །ངག་ལ་ནུས་པ་འབར་པའི་བྱིན་ཆེན་ཕོབ། །སེམས་ལ་རྟོགས་པ་འཆར་བའི་བྱིན་ཆེན་ཕོབ། །བགྲེས་རྒུད་འཕོ་འགྱུར་བྲལ་བའི་བྱིན་ཆེན་ཕོབ། །སྣང་སེམས་འཛིན་པ་དག་པའི་བྱིན་ཆེན་ཕོབ། །རླུང་སེམས་ལྷ་སྐུར་སྨིན་པའི་བྱིན་ཆེན་ཕོབ། །ནང་འབྱུང་འོད་སྐུར་གྲོལ་བའི་བྱིན་ཆེན་ཕོབ། །འཆི་མེད་སྐུ་གསུང་ཐུགས་ཀྱི་བྱིན་ཆེན་ཕོབ། །གྲུབ་གཉིས་གཏེར་ཁ་འབྱེད་པའི་བྱིན་ཆེན་ཕོབ། །དོན་གཉིས་མཐའ་རུ་ཕྱིན་པའི་བྱིན་ཆེན་ཕོབ། །ཁམས་གསུམ་འཁོར་བ་དོང་སྤྲུགས་བྱིན་ཆེན་ཕོབ། །སྲིད་གསུམ་ཀ་ནས་དག་པའི་བྱིན་ཆེན་ཕོབ། །མི་འགྱུར་འཕོ་མེད་རྟག་པའི་བྱིན་ཕོབ་ཅིག །ཅེས་པའང་རྡོ་རྗེ་དབང་མཆོག་དགྱེས་པ་རྩལ་གྱིས་ཕུར་པ་སྒྲུབ་པའི་དུས་སུ་བྲིས་པ་དགེ །

དཔལ་ཆེན་རྡོ་རྗེ་གཞོན་ནུ་ལ་བརྟེན་ནས་ཚེ་གཡང་འགུགས་པའི་ལས་རིམ་འདོད་འབྱུང་གཏེར་གྱི་བུམ་བཟང་།

༄༅། །དཔལ་ཆེན་རྡོ་རྗེ་གཞོན་ནུ་ལ་བརྟེན་ནས་ཚེ་གཡང་འགུགས་པའི་ལས་རིམ་འདོད་འབྱུང་གཏེར་གྱི་བུམ་བཟང་བཞུགས། ན་མོ་གུ་རུ་བཛྲ་ཀུ་མཱ་ཱར་ཡཱ། བླ་མ་དཔལ་ཆེན་ཁྲོ་བོའི་རྒྱལ། །རྡོ་རྗེ་གཞོན་ནུ་ལ་བཏུད་ནས། །དབང་ཐོབ་དམ་ལྡན་རྣལ་འབྱོར་པས། །བསྙེན་སྒྲུབ་མཐར་ཕྱིན་ལས་སྦྱོར་བརྩམས། །དེ་ཡང་གྲུབ་པའི་སྦྱོར་བ་ལ། །ཕྱྭ་ཆ་གཡང་རྫས་ཚེ་རྟེན་བཤམས། །མདའ་དར་སྣ་ལྔའི་གཡབ་མོས་བསྐུལ། །ལྟ་དགོངས་གདེང་བསྐྱེད་འདི་སྐད་དོ། །ཧཱུྃ་ཧྲཱིཿཕྱི་སྣོད་རྣམ་དག་ཡུམ་ལྔའི་མཁའ་ཀློང་མཆོག །ནང་བཅུད་རྣམ་དག་གདན་གསུམ་ལྷ་ཡི་དལ། །ཡེ་ནས་ལྷུན་རྫོགས་ཐིག་ལེ་ཉག་གཅིག་སྦུབས། །སྣང་བ་ཐབས་མཆོག་བཛྲ་ཀུ་མཱ་ར། །སྟོང་པ་ཤེས་རབ་རྒྱས་འདེབས་ཡུམ་དང་སྦྱོར། །ཟུང་འཇུག་རང་མདངས་ཁྲོ་བཅུ་ཕྲ་ཐབས་སྲས། །སྒོ་སྐྱོང་ཕུར་སྲུང་དབང་མོ་སྤྲུལ་འཁོར་བཅས། །རབ་འབྱམས་རྩ་གསུམ་ཆོས་སྲུང་ནོར་ལྷའི་སྤྲིན། །སྲིད་ཞི་ཀུན་ཁྱབ་འཇའ་ཟེར་ཀློང་ན་བརྗིད། །དམ་ཡེ་དབྱེར་མེད་ཆོས་དབྱིངས་གཅིག་གི་རྩལ། །དྲན་པ་ཙམ་གྱིས་ཡིད་ལ་འདོད་དགུའི་དཔལ། །ཅི་དགར་སྦྱིན་མཛད་དཔག་བསམ་ནོར་བུའི་གཏེར། །གཅིག་དང་དུ་མ་ལས་འདས་མཉམ་པ་ཉིད། །སྣང་སྟོང་མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཅན། །སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་འཕྲོ་འདུ་ཡིས། །བརྟན་གཡོ་སྲིད་ཞི་དྭངས་བཅུད་འདོད་དགུའི་དཔལ། །སྐུ་དང་ཐིག་ལེ་འཇའ་ཟེར་འོད་ཕུང་ཕྲེང་། །བཀྲ་ཤིས་རྟགས་རྫས་གྲུབ་པའི་བཅུད་ལེན་སྨན། །ཉི་ཟླ་ནོར་བུ་ཐབས་ཤེས་བྱང་ཆུབ་སེམས། །འཆི་མེད་བདུད་རྩི་འབྲུ་གསུམ་ཨ་ཧཾ་དང་། ཛྃ་བྃ་ཨ་ནྲི་ཧཱུཾ་གི་རྣམ་པར་བསྡུས། །རྣལ་འབྱོར་མི་ཤིགས་དྭངས་མའི་ཐིག་ལེ་ལ། །བསྟིམས་པས་རྡོ་རྗེའི་ཚེ་དང་གཡུང་དྲུང་ལུས། །མི་ནུབ་རྒྱལ་མཚན་ཐོགས་མེད་ཤེས་རབ་དང་། །འཛད་མེད་དཔལ་འབྱོར་མངའ་ཐང་སྙན་གྲགས་སྟོབས། །སྲིད་ཞིའི་ཕུན་ཚོགས་སྡེ་བཞིའི་འབྲས་བཟང་དཔལ། །ཐུན་མོང་ལས་ཆེན་བཞི་དང་གྲུབ་པ་བརྒྱད། །མཆོག་གི་དངོས་གྲུབ་དཔལ་ཆེན་ཧེ་རུ་ཀཿའི། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྨད་པོ་ཆེར། །ད་ལྟ་ཉིད་དུ་སྦྱོར་ཞིང་བརྟན་པར་མཛོད། །ཧཱུྃ་ཧྲཱིཿསྐྱེ་འགག་གཉིས་མེད་བྱང་ཆུབ་སེམས་ཀྱི་ཀློང་། །འབྲས་བུ་རང་ཤར་དཔལ་ཆེན་ཀཱི་ལ་ཡ། །རབ་འབྱམས་རྩ་གསུམ་རྒྱ་མཚོའི་ཚོགས་དང་བཅས། །ཐུགས་དམ་གནད་ནས་བསྐུལ་ལོ་དབྱིངས་ལས་བཞེངས། །རྣམ་ཀུན་མཆོག་ལྡན་ཆོས་དབྱིངས་འདུས་མ་བྱས། །སྲིད་ཞི་ཀུན་ཁྱབ་བགྲེས་རྒུད་འཕོ་འགྱུར་བྲལ། །ཟག་མེད་ཡོན་ཏན་བསམ་མི་ཁྱབ་ཀྱིས་འཁྱུད། །མི་འགྱུར་འཕོ་མེད་རྟག་པའི་ཕྱྭ་ཚེ་གཡང་། །སྣང་སྟོང་འདུ་འབྲལ་མེད་པའི་རྟེན་འབྱུང་མཐུས། །དབང་བསྡུས་འོད་གསལ་དྭངས་མའི་ཏི་ལ་ཀར། །མཉམ་སྦྱོར་དཔལ་ཆེན་བཛྲ་ཀཱི་ལ་ཡའི། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་དབྱེར་མེད་པའི། །ཟུང་འཇུག་རྟག་པ་དམ་པའི་མཆོག་སྩོལ་ཅིག །ཛཿམེ་ལོང་ཡེ་ཤེས་གསལ་བའི་རང་མདངས་ལས། །ཞི་བའི་ལས་མཛད་བཛྲ་ཀཱི་ལ་ཡ། །ཞི་བའི་རང་བཞིན་སྐུ་མདོག་དཀར་ལ་འཚེར། །ཕྱག་ན་ཞི་བའི་དངུལ་ཕུར་ཟླུམ་པོ་བསྣམས། །ཞི་མཛད་རྡོ་རྗེ་རིགས་ཀྱི་འཁོར་གྱིས་བསྐོར། །མི་མཐུན་འགལ་རྐྱེན་འཇིགས་བརྒྱད་ཞི་བ་དང་། །ཞེ་སྡང་སྒོ་ནས་ཉམས་འཁྱར་ཆད་པ་ཡི། །བླ་ཚེ་སྲོག་ལུས་དབང་ཐང་ཀླུང་རྟ་གསོས། །ས་ཁམས་རྡོ་རྗེ་རིགས་ཀྱི་ཕྱྭ་ཚེ་གཡང་། །མ་ལུས་རིན་ཆེན་ཤེལ་བུམ་ནང་དུ་བསྡུས། །རྣལ་འབྱོར་ཤ་ཁམས་གཟུགས་ཀྱི་ཕུང་པོར་བསྟིམ། །རྡོ་རྗེའི་ཚེ་དཔལ་གྲུབ་པའི་ལས་མཛོད་ཅིག །ཧཱུྃ། མཉམ་ཉིད་ཡེ་ཤེས་གསལ་བའི་རང་མདངས་ལས། །རྒྱས་པའི་ལས་མཛད་རཏྣ་ཀཱི་ལ་ཡ། རྒྱས་པའི་རང་བཞིན་སྐུ་མདོག་སེར་ལ་བརྗིད། །ཕྱག་ན་རྒྱས་པའི་གསེར་ཕུར་གྲུ་བཞི་བསྣམས། །རྒྱས་མཛད་རིན་ཆེན་རིགས་ཀྱི་འཁོར་གྱིས་བསྐོར། །མཐུན་རྐྱེན་ཚེ་བསོད་འབྱོར་དྲུག་རྒྱས་པ་དང་། །ང་རྒྱལ་སྒོ་ནས་ཉམས་འཁྱར་ཆད་པ་ཡི། །བླ་ཚེ་སྲོག་ལུས་དབང་ཐང་ཀླུང་རྟ་གསོས། །ཆུ་ཁམས་རིན་ཆེན་རིགས་ཀྱི་ཕྱྭ་ཚེ་གཡང་། །མ་ལུས་རིན་ཆེན་གསེར་བུམ་ནང་དུ་བསྡུས། །རྣལ་འབྱོར་ཁྲག་ཁམས་ཚོར་བའི་ཕུང་པོར་བསྟིམ། །རིན་ཆེན་ཚེ་དཔལ་གྲུབ་པའི་ལས་མཛོད་ཅིག །བཾ། སོར་རྟོག་ཡེ་ཤེས་གསལ་བའི་རང་མདངས་ལས། །དབང་གི་ལས་མཛད་པདྨ་ཀཱི་ལ་ཡ། །དབང་གི་རང་བཞིན་སྐུ་མདོག་དམར་ལ་སྒེག །ཕྱག་ན་དབང་གི་ཟངས་ཕུར་ཟླ་གམ་བསྣམས། །དབང་མཛད་པདྨ་རིགས་ཀྱི་འཁོར་གྱིས་བསྐོར། །མོས་པ་རྣམ་བཞིས་ལོ་ཀ་དབང་བསྡུས་ལ། །འདོད་ཆགས་སྒོ་ནས་ཉམས་འཁྱར་ཆད་པ་ཡི། །བླ་ཚེ་སྲོག་ལུས་དབང་ཐང་རླུང་རྟ་གསོས། །མེ་ཁམས་པདྨ་རིགས་ཀྱི་ཕྱྭ་ཚེ་གཡང་། །མ་ལུས་རིན་ཆེན་ཟངས་བུམ་ནང་དུ་བསྡུས། །རྣལ་འབྱོར་དྲོད་ཁམས་འདུ་ཤེས་ཕུང་པོར་བསྟིམ། །པདྨའི་ཚེ་དཔལ་གྲུབ་པའི་ལས་མཛོད་ཅིག །ཧོཿབྱ་གྲུབ་ཡེ་ཤེས་གསལ་བའི་རང་མདངས་ལས། །དྲག་པོའི་ལས་མཛད་ཀརྨ་ཀཱི་ལ་ཡ། །དྲག་པོའི་རང་བཞིན་སྐུ་མདོག་ལྗང་ནག་རྔམས། །ཕྱག་ན་དྲག་པོའི་ལྕགས་ཕུར་གྲུ་གསུམ་བསྣམས། །དྲག་མཛད་ལས་ཀྱི་རིགས་ཀྱི་འཁོར་གྱིས་བསྐོར། །མ་རུངས{མི་རུང}ཞིང་བཅུའི་ལོག་འདྲེན་ཚར་ཆོད་ལ། །ཕྲག་དོག་སྒོ་ནས་ཉམས་འཁྱར་ཆད་པ་ཡི། །བླ་ཚེ་སྲོག་ལུས་དབང་ཐང་རླུང་རྟ་གསོས། །རླུང་ཁམས་ལས་ཀྱི་རིགས་ཀྱི་ཕྱྭ་ཚེ་གཡང་། །མ་ལུས་རིན་ཆེན་གཡུ་བུམ་ནང་དུ་བསྡུས། །རྣལ་འབྱོར་དབུགས་ཁམས་འདུ་བྱེད་ཕུང་པོར་བསྟིམ། །ལས་ཀྱི་ཚེ་དཔལ་གྲུབ་པའི་ལས་མཛོད་ཅིག །ཧྲཱིཿཆོས་དབྱིངས་ཡེ་ཤེས་གསལ་བའི་རང་མདངས་ལས། །མཆོག་གིས་ལས་མཛད་བུདྡྷཱ་ཀི་ལ་ཡ། །མཆོག་གི་རང་བཞིན་སྐུ་མདོག་མཐིང་ལ་དྭངས། །ཕྱག་ན་མཆོག་གི་མཆོང་ཕུར་མཛེས་པ་བསྣམས། །མཆོག་མཛད་བུདྡྷཱ་རིགས་ཀྱི་འཁོར་གྱིས་བསྐོར། །རླུང་སེམས་དྭངས་མའི་ཐིག་ལེར་སྨིན་པ་དང་། །གཏི་མུག་སྒོ་ནས་ཉམས་འཁྱར་ཆད་པ་ཡི། །བླ་ཚེ་སྲོག་ལུས་དབང་ཐང་རླུང་རྟ་གསོས། །ནམ་མཁའ་ཆོས་དབྱིངས་རིགས་ཀྱི་ཕྱྭ་ཚེ་གཡང་། །མ་ལུས་རིན་ཆེན་མཐིང་གི་བུམ་པར་བསྡུས། །རྣལ་འབྱོར་སེམས་ཁམས་རྣམ་ཤེས་ཕུང་པོར་བསྟིམ། །བུདྡྷཱའི་ཚེ་དཔལ་གྲུབ་པའི་ལས་མཛོད་ཅིག །ཧཱུྃ། དགེ་བཅུ་ཕར་ཕྱིན་བཅུ་ལ་དབང་མཛད་པའི། །སྤྲུལ་པའི་ཁྲོ་རྒྱལ་ཆེན་པོ་ཡབ་ཡུམ་བཅུ། །ཟ་གསོད་ཕོ་ཉ་རྟགས་ཀྱི་ཕྱག་རྒྱ་འགྱེད། །ཚད་མེད་བཞི་ལྡན་ཡེ་ཤེས་སྒོ་མ་བཞི། །རྟེན་འབྲེལ་གནས་དག་ཕུར་སྲུང་བརྟན་མའི་ཚོགས། །རང་རང་འཁོར་གཡོག་སྤྲུལ་པ་འབུམ་སྡེར་བཅས། །རང་རང་ལས་ལ་དབང་བའི་མཐུ་བསྐྱེད་ལ། །མི་མཐུན་སྲི་སྐེག་བྱད་ཕུར་རྦོད་གཏོང་ཟློག །ཕྱོགས་མཚམས་སྟེང་འོག་འཁྱར་བའི་བླ་ཚེ་ཁུག །བརྟན་གཡོ་སྲིད་ཞིའི་ཕྱྭ་གཡང་དྭངས་བཅུད་བསྡུས། །ལྷ་གཡང་དངོས་གྲུབ་སྤྲིན་བཅུད་སི་ལི་ལི། །ཀླུ་གཡང་འདོད་དགུའི་རྒྱ་མཚོ་མེ་རེ་རེ། །མི་གཡང་མཁོ་དགུའི་ལོངས་སྤྱོད་སྤུངས་སེ་སྤུངས། །ཕྱྭ་དང་བླ་ཚེ་རི་ལ་མ་བྲོས་ལ། །གཡང་དང་བསོད་ནམས་སྒོ་རུ་མ་ཉམས་པར། །འགྱུར་མེད་ཕྱག་རྒྱ་གསུམ་གྱི་རྒྱ་ཡིས་ཐོབ། །མི་འགྱུར་བརྟན་པ་རི་རབ་ལྟ་བུའི་ཚེ། །མི་ནུབ་གསལ་བ་ཉི་ཟླ་ལྟ་བུའི་སྟོབས། །མི་འཛད་དཔལ་འབྱོར་རྒྱ་མཚོ་ལྟ་བུའི་ཕྱྭ། །མི་ཤིགས་རྡོ་རྗེ་ལྟ་བུར་བརྟན་པར་མཛོད། །སྙན་གྲགས་རྔ་ཆེན་སྲིད་ཞིའི་ཁོངས་སུ་སྙན། །བརྒྱུད་འཛིན་འཁོར་སློབ་འདུ་བ་མཁའ་དང་མཉམ། །ཕྱོགས་ལས་རྣམ་རྒྱལ་བཤད་སྒྲུབ་རྒྱལ་མཚན་མཐོ། །དོན་གཉིས་བསམ་ཀུན་འགྲུབ་པའི་དགའ་སྟོན་སྩོལ། །རབ་འབྱམས་རྩ་གསུམ་རྒྱལ་བའི་བདེན་བྱིན་དང་། །བདེན་གཉིས་དབྱེར་མེད་ལྷག་པའི་རྟེན་འབྱུང་མཐུས། །ཕན་བདེའི་སྣང་བ་ཟབ་མོས་ས་གསུམ་ཁྱོན། །ཡོངས་ཁྱབ་བཀྲ་ཤིས་དགེ་མཚན་འཕེལ་རྒྱས་ཤོག །དེ་ལྟར་དམ་ཚིག་ལྡན་པའི་འབྲས། །བསྙེན་སྒྲུབ་སྦྱོར་བ་མཐར་ཕྱིན་ནས། །ཁ་སྒྱུར་དམིགས་པའི་འཕྲོ་འདུ་ཡི། །དོན་གཉིས་འདོད་པ་འཇོ་བར་ངེས། །འདི་ནི་དཔལ་ཆེན་ཀཱི་ལ་ཡི། །རྡོ་རྗེའི་ཚེ་སྒྲུབ་བརྩོན་པའི་སྐབས། །རྣལ་འབྱོར་རྡོ་རྗེ་དབང་མཆོག་གིས། །ཡིད་ལ་ཤར་བཞིན་མགྱོགས་པར་བྲིས། །དེ་ཚེ་བདེ་བར་གཤེགས་པ་ཡི། །འཕེལ་གདུང་འཛད་པ་མེད་པའི་གཏེར། །ཡིད་བཞིན་ནོར་མཆོག་ལག་ཏུ་འབྱོར། །རྟེན་འབྱུང་ཤིན་ཏུ་དགེ་བར་མངོན། །དགེ་བས་མཐའ་ཀླས་འགྲོ་བ་ཀུན། །མི་མཐུན་བདུད་བཞིའི་གཡུལ་ལས་རྒྱལ། །མཐུན་རྐྱེན་ཚེ་དཔལ་ཡེ་ཤེས་རྒྱས། །ཐལ་འབྱིན་དགོངས་པའི་སྲོག་འགྲུབ་ཤོག །མངྒ་ལཾ། ༈ ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣན་བྃ་ཧཱུྃ་ཕཊ། བཛྲ་ཛྙཱ་ན་ཨ་ཡུ་ཥེ་པུཎྱེ་བ་སུ་སིངྔྷི་སརྦ་སིངྔྷི་ཕ་ལ་ཛཿཧཱུྃ་ཨཱ།

རྡོ་རྗེ་ཕུར་པའི་བསྐང་བཤགས་དངོས་གྲུབ་དགའ་སྟོན།

༄༅། །རྡོ་རྗེ་ཕུར་པའི་བསྐང་བཤགས་དངོས་གྲུབ་དགའ་སྟོན་བཞུགས། ན་མོ་གུ་རུ་བཛྲ་ཀཱི་ལ་ཡ། བླ་མ་དཔལ་ཆེན་ཀཱི་ལ་ཡར། །བཏུད་ནས་བསྐང་བཤགས་ལས་རིམ་བསྟན། །ཕྱི་ནང་གསང་བའི་མཆོད་བསྐང་རྫས། །གང་འཛོམས་དངོས་བཤམས་ཡིད་ཀྱིས་སྤྲུལ། །ཏིང་འཛིན་དགོངས་པའི་རྩལ་གྱིས་བརླབ། །མི་ཐོད་གསང་བའི་རྔ་ཡིས་བསྐུལ། །སྙན་པའི་དབྱངས་ཀྱིས་འདི་སྐད་བརྗོད། །ༀ། སྣང་སྲིད་རྣམ་དག་ཡུམ་གྱི་ཨེ་དབྱིངས་སུ། །རིག་པ་བཅུད་དུ་སྨིན་པ་ཨ་ཏིའི་ལྷ། །དཔལ་ཆེན་རྡོ་རྗེ་གཞོན་ནུ་སྲས་དང་འཁོར། །རིག་འཛིན་རྩ་བརྒྱུད་བླ་མའི་ཚོགས་དང་བཅས། །ཡེ་ཤེས་དབྱིངས་ནས་དགོངས་པའི་རྩལ་བསྐྱེད་ལ། །ཞལ་ཕྱག་མཚན་མ་རྟགས་ཀྱི་སྐུར་བཞེངས་ནས། །རྣལ་འབྱོར་སྒྲུབ་པའི་རྫས་ལ་བྱིན་ཆེན་ཕོབ། །རིག་རྩལ་ཉམས་རྟོགས་ཡོན་ཏན་གོང་དུ་སྦོར། །ཨཱཿཕྱི་མཆོད་སྲིད་ཞིའི་དཀོར་ནོར་འདོད་ཡོན་སྤྲིན། །ནང་མཆོད་སྨན་གཏོར་རཀྟ་གསང་བའི་རྫས། །བདེ་སྟོང་དགའ་བཞིའི་ཡེ་ཤེས་རིགས་མའི་བཅུད། །ཡང་གསང་དབྱིངས་རིག་འདུ་འབྲལ་མེད་པའི་དཔལ། །སྐུ་དང་ཐིག་ལེ་འཇའ་འོད་ཟེར་ཕྲེང་འཁྲིགས། །རང་བྱུང་རང་ཤར་རྒྱན་གྱི་དམ་རྫས་མཆོག །མི་ཟད་ནམ་མཁའ་མཛོད་ཀྱི་འཁོར་ལོ་འདིས། །རབ་འབྱམས་རྩ་གསུམ་དགྱེས་པ་སྐོང་གྱུར་ཅིག །ཧཱུྃ། དགོངས་བརྒྱུད་བླ་མ་རྒྱལ་བ་རྒྱ་མཚོའི་དལ། །སྨིན་པ་རྒྱ་མཚོ་བརྡ་བརྒྱུད་ཚོམ་བུའི་སྤྲིན། །མོས་པ་རྒྱ་མཚོ་སྙན་བརྒྱུད་དལ་ཞལ་འབྱེད། །བརྒྱུད་གསུམ་རིག་འཛིན་བླ་མའི་ཐུགས་དམ་བསྐང་། །རྡོ་རྗེ་ཁྲོས་པ་ཞེ་སྡང་ངང་གིས་གཅོད། །མཚོན་ཆེན་སྔོན་པོ་ནམ་མཁའི་ཐིག་པར་ཤར། །གང་འདུལ་འགྲོ་ལ་རྟགས་ཀྱི་ཕྱག་རྒྱར་འབར། །སྐུ་གསུམ་ཁྲོ་འཕྲེང་ཡོངས་རྫོགས་ཐུགས་དམ་བསྐང་། །ཨེ་དབྱིངས་འགྱུར་མེད་ཡུམ་གྱི་བྷ་གའི་ཀློང་། །ཝཾ་ཡིག་ཐབས་མཆོག་ཡབ་ཀྱི་གདངས་ཤར་བའི། །རིག་པ་རང་སྣང་བཛྲ་ཀཱི་ལ་ཡ། །སྣང་སྟོང་གཉིས་མེད་ཡབ་ཡུམ་ཐུགས་དམ་བསྐང་། །ཕུང་ལྔ་དག་པ་ཡེ་ཤེས་ལྔ་ཡི་འཕྲུལ། །ཁམས་ལྔ་དག་པའི་ཡུམ་དང་གཉིས་མེད་སྦྱོར། །དུག་ལྔ་རྩད་གཅོད་སྲིད་གསུམ་སྐུ་ལྔར་སྒྲོལ། །སྲས་མཆོག་ཀཱི་ལ་རིགས་ལྔའི་ཐུགས་དམ་བསྐང་། །མི་དགེ་ཚར་གཅོད་དགེ་བཅུའི་དོན་དང་སྦྱོར། །ཕ་རོལ་ཕྱིན་བཅུའི་ཡང་དག་དོན་དང་ལྡན། །ཕྱོགས་བཅུའི་བགེགས་འདུལ་འབར་པ་ཆེན་པོའི་སྐུ། །ཁྲོ་བཅུ་ཡབ་ཡུམ་ཟ་གསོད་ཐུགས་དམ་བསྐང་། །རྟག་ཆད་མུ་བཞིའི་ཡང་དག་དོན་ལྡན་ཅིང་། །ཚད་མེད་རྣམ་བཞིས་འགྲོ་ཁམས་རྗེས་སུ་འཆིང་། །ཕྲིན་ལས་རྣམ་བཞིས་བསྟན་པ་སྲུང་མཛད་པའི། །སྒོ་སྐྱོང་གདོང་ཅན་བཞི་ཡི་ཐུགས་དམ་བསྐང་། །སྐྱེ་མཆེད་བཅུ་གཉིས་ཡང་དག་དོན་ལྡན་ཅིང་། །རྟེན་འབྲེལ་བཅུ་གཉིས་གནས་སུ་དག་པའི་མདངས། །འཕོ་བ་བཅུ་གཉིས་དྷཱུ་ཏིར་བསྡོམས་མཛད་པའི། །ཕུར་སྲུང་དབང་མོ་བཅུ་གཉིས་ཐུགས་དམ་བསྐང་། །སྣང་སྲིད་ཡེ་གྲོལ་རྫོགས་པ་ཆེན་པོའི་ངང་། །ཕུང་ཁམས་སྐྱེ་མཆེད་གདན་གསུམ་ཡོངས་རྫོགས་ལྷ། །རྩ་རླུང་ཐིག་ལེ་སྐུ་གསུམ་མཁའ་འགྲོའི་སྤྲིན། །དག་པ་རབ་འབྱམས་འཁོར་ལོའི་ཐུགས་དམ་བསྐང་། །ཧྲཱིཿསྣང་སྲིད་གཞིར་བཞེངས་རང་བྱུང་དཀྱིལ་འཁོར་ཆེར། །ཡེ་ནས་རང་ཤར་རྩ་གསུམ་ཆོས་སྲུང་ཚོགས། །ཅིར་སྣང་རང་གྲོལ་རྒྱན་གྱི་ལོངས་སྤྱོད་འདིས། །ཡོངས་གྲོལ་ཆོས་དབྱིངས་ཀློང་དུ་བསྐང་བའི་མཐུས། །དགོངས་སྤྱོད་རྒྱ་མཚོ་གདིང་དུ་མ་གྱུར་བས། །རྩ་བ་ཡན་ལག་དམ་ཚིག་ཆག་ཉམས་སོགས། །འཕྲལ་དང་ཡུན་དུ་སྒྲིབ་པར་གྱུར་ཏོ་འཚལ། །མི་སྒྲིབ་ཚངས་པ་མཆོག་གི་དངོས་གྲུབ་སྩོལ། །ཚད་མེད་སྙིང་རྗེས་འགྲོ་ཁམས་སྲུང་མ་ནུས། །དྲག་པོར་འཕྲུལ་བའི་རྫས་ཏིང་ཤེར་བརྩོན་དམན། །སྒྲོལ་བ་གཉིས་ཀྱི་ཕྲིན་ལས་མ་སྐྱོང་བས། །རྫས་ཀྱི་ཕུར་པའི་དམ་ལས་འགལ་བ་བཤགས། །ཐ་མལ་སྣང་ཞེན་ལྷ་སྐུར་ཁྱེར་མ་ཤེས། །སྲོག་རྩོལ་རྒྱུ་བ་སྔགས་སུ་བསྡོམ་མ་ནུས། །དུས་བཞིར་བསྙེན་སྒྲུབ་བསྐང་བཤགས་ཆག་ལ་སོགས། །སྲིད་པ་ཕུར་པའི་དམ་ལས་འགལ་བ་བཤགས། །དངོས་ཡིད་ལས་ཀྱི་ཕྱག་རྒྱ་མ་བརྟེན་ཅིང་། །བདེ་སྟོང་དགའ་བཞིའི་ཉམས་མྱོང་སྐྱོང་མ་ནུས། །ཉི་ཟླ་སྒྲ་གཅན་དབྱིངས་སུ་མ་ཚུད་པའི། །བྱང་སེམས་ཕུར་པའི་དམ་ལས་འགལ་བ་བཤགས། །དབྱིངས་རིག་འདུ་འབྲལ་མེད་པར་སྐྱོང་མ་ནུས། །སྒྲོན་དྲུག་སྣང་བ་བཞི་ཡི་འཕེལ་མ་རྫོགས། །ཐེག་བརྒྱད་བློ་ཡི་ཞེན་པ་དག་མིན་པའི། །རིག་པའི་ཕུར་བུས་དམ་ལས་འགལ་བ་བཤགས། །ཧོཿདེ་ལྟར་བསྐང་ཞིང་བཤགས་པའི་བསོད་ནམས་ཀྱིས། །རྩ་གསུམ་སྲུང་མའི་བཀའ་ཆད་མི་འབྱུང་ཞིང་། །མི་མཐུན་བར་ཆད་བྱད་ཕུར་ཉམས་ཆག་གྲིབ། །དུས་མིན་འཆི་བའི་མཚན་ལྟས་ངན་པ་བཟློག །རྩ་གསུམ་རྒྱལ་བས་དབྱིངས་ནས་བྱིན་གྱིས་རློབས། །མཁའ་འགྲོ་ཆོས་སྲུང་ལུས་དང་གྲིབ་བཞིན་འགྲོགས། །བསྙེན་སྒྲུབ་མཐར་ཕྱིན་ཐལ་འབྱིན་གྲུབ་མཐའ་བསྙེགས། །རྣམ་བཞིའི་རིག་འཛིན་གྲུབ་པའི་དགའ་སྟོན་སྤེལ། །མདོར་ན་རྣལ་འབྱོར་ཡིད་ལ་གང་བསམ་པའི། །ལས་བཞི་གྲུབ་པ་བརྒྱད་སོགས་ཐུན་མོང་དང་། །མཆོག་དངོས་དཔལ་ཆེན་ཕུར་པའི་གསང་གསུམ་དཔལ། །འཕོ་མེད་རྟག་པ་དམ་པའི་མགོན་སྩོལ་ཅིག །ཅེས་བརྗོད་དབང་བཞིའི་ལམ་ཁྱེར་དང་། །ཐལ་འབྱིན་དགོངས་པ་གནད་དུ་དྲིལ། །རྩེ་གཅིག་བརྩོན་པའི་དཔུང་བསྐྱེད་ན། དཔལ་ཆེན་དགོངས་པ་མངོན་བྱེད་འགྱུར། །འདི་ཡང་ཕུར་པའི་གནད་ཏིག་གི། །ཡན་ལག་ཉེར་མཁོའི་གསོས་ཙམ་དུ། རྡོ་རྗེ་དབང་མཆོག་རྩལ་གྱིས་བྲིས། །དགེ་བས་བདུད་བཞི་ལས་རྒྱལ་ཤོག །

ཕུར་པའི་བཟློག་འཕྱང་དྲང་སྲོང་དམོད་པའི་ཐོག་མདའ།

༄༅། །ཕུར་པའི་བཟློག་འཕྱང་དྲང་སྲོང་དམོད་པའི་ཐོག་མདའ་བཞུགས། ཧཱུྃ་ཧཱུྃ་ཧཱུྃ། བྷྱོ་བྷྱོ་བྷྱོ། སྐྱེ་མེད་དབྱིངས་ནས་འགག་མེད་འཕྲུལ་བའི་ལྷ། །བཅོམ་ལྡན་དཔལ་ཆེན་ཕུར་པའི་ལྷ་ཚོགས་རྣམས། །མི་མངོན་དབྱིངས་ནས་བསྐུལ་ལོ་ཐུགས་རྗེས་དགོངས། །མཐུ་རྩལ་མ་ཆུང་བཟློག་པའི་ལས་མཛོད་ཅིག །ཧཱུྃ། མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས། །ཁྲག་འཐུང་ཡོངས་ཀྱི་སྤྱི་དཔལ་ཀཱི་ལ་ཡ། །ཤེས་རབ་ཡུམ་མཆོག་འཁོར་ལོ་རྒྱས་འདེབས་འཁྲིལ། །སྐུ་ཡི་སྤྲུལ་པས་སྟོང་གསུམ་གཡོ་ཞིང་འགེངས། །གསུང་གི་ང་རོས་སྲིད་གསུམ་བརྒྱལ་ཞིང་སྔངས། །ཐུགས་ནི་སྒྲོལ་མཛད་སྙིང་རྗེའི་སྲོག་དང་ལྡན། །ཆེ་བའི་ཡོན་ཏན་ས་དགུའི་རྟོག་པ་འཇོམས། །ཕྲིན་ལས་དྲག་པོས་ཉམས་པ་རྩད་ནས་གཅོད། །ཁྱེད་ཀྱིས་མི་བཟློག་མི་བསྒྱུར་གང་ཡང་མེད། །དེང་འདིར་བཟློག་བསྒྱུར་དྲག་པོའི་ཕྲིན་ལས་མཛོད། །མི་མཐུན་བྱད་ཕུར་རྦོད་གཏོང་དགྲ་ལ་བཟློག །བསམ་པ་ངན་པའི་སྙིང་ལ་ཕུར་ཟོར་རྒྱོབ། །སྦྱོར་བ་ངན་པའི་འདུན་གྲོས་རྗེས་མེད་ཐོངས། །རིགས་སྔགས་ངན་པའི་རྣོ་དབལ་རང་གཤེད་ཕོབ། །ཐུགས་དམ་དུས་ལ་བབ་པོ་ས་མ་ཡ། །ཧཱུྃ། དཔལ་ཆེན་ཕུར་པའི་སྐུ་ཡི་གནས་ལྔ་ནས། །དུག་ལྔ་རྩད་གཅོད་རིགས་ལྔའི་ཀཱི་ལ་ཡ། །རྒྱུད་དྲུག་ཉོན་མོངས་སྐྱེ་མེད་སྐུ་ལྔར་སྒྲོལ། །དུག་ལྔའི་རང་གཟུགས་འབྱུང་ལྔའི་བྱད་གཏད་བཟློག །བསམ་པ་ངན་པའི་སྙིང་ལ་ཕུར་ཟོར་རྒྱོབ། །སྦྱོར་བ་ངན་པའི་འདུན་གྲོས་རྗེས་མེད་ཐོངས། །རིགས་སྔགས་ངན་པའི་རྣོ་དབལ་རང་གཤེད་ཕོབ། །ཐུགས་དམ་དུས་ལ་བབ་པོ་ས་མ་ཡ། །ཧཱུྃ། ཕྱོགས་བཅུའི་དྲེགས་པ་བསྣོལ་བའི་གདན་སྟེངས་སུ། །སྤྲུལ་པའི་ཁྲོ་རྒྱལ་ཆེན་པོ་ཡབ་ཡུམ་བཅུ། །ཟ་གསོད་ཕོ་ཉ་རྟགས་ཀྱི་ཕྱག་རྒྱ་འགྱེད། །ཕྱོགས་སྐྱོང་སྡེ་བརྒྱད་བྱད་སྟེམ་དགྲ་ལ་བཟློག །བསམ་པ་ངན་པའི་སྙིང་ལ་ཕུར་ཟོར་རྒྱོབ། །སྦྱོར་བ་ངན་པའི་འདུན་གྲོས་རྗེས་མེད་ཐོངས། །རིགས་སྔགས་ངན་པའི་རྣོ་དབལ་རང་གཤེད་ཕོབ། །ཐུགས་དམ་དུས་ལ་བབ་པོ་ས་མ་ཡ། །ཧཱུྃ། དཀྱིལ་འཁོར་སྒོ་བཞི་སྲུང་བའི་ལས་མཛད་མ། །ཚད་མེད་བཞི་ལྡན་གདོང་ཅན་དབང་མོ་བཞི། །ལས་བཞི་སྒྲུབ་མཛད་ཕྱིན་ཅི་ལོག་བཞི་འདུལ། །མུ་སྟེགས་ཕྲ་མན་ངན་སྦྱོར་དགྲ་ལ་བཟློག །བསམ་པ་ངན་པའི་སྙིང་ལ་ཕུར་ཟོར་རྒྱོབ། །སྦྱོར་བ་ངན་པའི་འདུན་གྲོས་རྗེས་མེད་ཐོངས། །རིགས་སྔགས་ངན་པའི་རྣོ་དབལ་རང་གཤེད་ཕོབ། །ཐུགས་དམ་དུས་ལ་བབ་པོ་ས་མ་ཡ། །ཧཱུྃ། དཀྱིལ་འཁོར་མུ་རན་སྐྱོང་བའི་དམ་ཅན་མ། །གསོད་པའི་ལས་མཛད་ཕུར་སྲུང་བཅུ་གཉིས་སོགས། །ཡེ་ཤེས་ལས་གྲུབ་མཐུ་སྟོབས་བསམ་མི་ཁྱབ། །བན་བོན་སྔགས་པའི་བྱད་ཟོར་ཕུར་ཁ་བཟློག །བསམ་པ་ངན་པའི་སྙིང་ལ་ཕུར་ཟོར་རྒྱོབ། །སྦྱོར་བ་ངན་པའི་འདུན་གྲོས་རྗེས་མེད་ཐོངས། །རིགས་སྔགས་ངན་པའི་རྣོ་དབལ་རང་གཤེད་ཕོབ། །ཐུགས་དམ་དུས་ལ་བབ་པོ་ས་མ་ཡ། །ཧཱུྃ། མ་གཡེལ་མ་གཡེལ་རྩ་གསུམ་དམ་ཅན་ཚོགས། །བསྐུལ་ལོ་བསྐུལ་ལོ་དྲག་པོའི་ལས་ལ་བསྐུལ། །བཞེས་ཤིག་བཞེས་ཤིག་དམ་ཉམས་ཤ་ཁྲག་བཞེས། །མཛོད་ཅིག་མཛོད་ཅིག་བཟློག་པའི་ལས་མཛོད་ཅིག །རྣལ་འབྱོར་བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །སྔོན་ལས་འཕྲལ་རྐྱེན་བྱད་ཕུར་རྦོད་གཏོང་བཟློག །ཡས་ཀྱི་བདུད་གཡོས་མས་ཀྱི་སྲི་ལངས་བཟློག །ཉེ་བའི་བྱོལ་པོ་ཡུལ་པའི་འགྲིམ་ཆགས་བཟློག །ཕ་ཚན་རྒྱབ་འདྲེ་མ་བུའི་བྱུར་འདྲེ་བཟློགགཤིན་རྗེའི་འཁྲུལ་འཁོར་མ་མོའི་ཁྲག་ཟོར་བཟློག །བདུད་ཀྱི་ཁྲོམ་ཁ་བཙན་གྱི་གཟེར་ཁ་བཟློག །ས་བདག་གདུག་བྱེད་རྒྱལ་པོའི་སྨྱོ་འབོག་བཟློག །གཟའ་ཡི་ཀིང་ཀང་མུ་སྟེགས་ངན་སྔགས་བཟློག །ཐེ་བྲང་སྲིས་རྐུན་ནད་ཁ་རིམས་ཁ༴ སྔགས་པའི་ཕུར་ཁ་བོན་གྱི་བོན་ཟོར་བཟློག །སུམ་པའི་གླང་ཟོར་མེ་ཉག་འབོལ་ལེ་བཟློག །ལོ་ཟླ་ཞག་ཀེག་མོ་རྨིས་ལྟས་ངན་བཟློག །ཕོ་བརྒྱས་མདའ་བརྡར་མོ་བརྒྱས་དུག་གཡོས་བཟློག །སྐྱེ་བོའི་ཡ་ག་བྲན་ཁོལ་དམོད་མཆུ་བཟློག །བྷྱོ་བྷྱོ་གནོད་བྱེད་དགྲ་དང་བགེགས་ལ་བྷྱོ། །བསམ་པ་ངན་པའི་སྙིང་ལ་ཕུར་ཟོར་རྒྱོབ། །སྦྱོར་བ་ངན་པའི་འདུན་གྲོས་རྗེས་མེད་ཐོངས། །རིགས་སྔགས་ངན་པའི་རྣོ་དབལ་རང་གཤེད་ཕོབ། །ཐུགས་དམ་དུས་ལ་བབ་པོ་ས་མ་ཡ། །རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་དང་དྲག་སྔགས་སྤུ་གྲིའི་མཐར། རྦོད་ཟོར་སརྦ་ཨ་པ་ཀ་ར་བྷྱོ་བྷྱོ་བཟློག་བཟློག་རྦད་ནན༔ཞེས་བཟླ་ཞིང་ཐལ་རྡེབ་བྱའོ། །ཞེས་པའང་དུས་མཐའི་སྔགས་ནག་རྡོ་རྗེ་དབང་མཆོག་དགྱེས་པ་རྩལ་གྱིས་བདུད་ལས་རྣམ་པར་རྒྱལ་བའི་གྲུབ་པའི་སྦྱོར་བ་ལ་བྲིས་པའི་དགེ་བས་འགྲོ་ཀུན་བདུད་བཞིའི་གཡུལ་ལས་རྒྱལ་བའི་རྒྱུར་གྱུར་ཅིག

༄༅། །འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ཀྱི་བཀླག་ཐབས་ཟབ་གནད་སྙིང་པོར་དྲིལ་བ།

༄༅། །ན་མོ་མཉྫུ་ཤྲཱི་ཡེ། བདེ་བའི་སྟན་ལ་བག་ཕེབས་གནས། །ངེས་པར་འབྱུང་བའི་ཀུན་སློང་གིས། །དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ། །འགྲོ་དོན་བྱང་ཆུབ་སེམས་མཆོག་བསྐྱེད། །ཨཱཿསྐྱེ་བ་མེད་པའི་ངང་ཉིད་ལས། །འགགས་མེད་སྙིང་རྗེ་སྒྱུ་མའི་གར། །ཟུང་འཇུག་ཨཱཿདཀར་འཕྲོ་འདུ་ལས། །སྣོད་བཅུད་དག་མཉམ་ཆེན་པོར་སྦྱར། །ཡོངས་གྱུར་རང་ཉིད་སྐད་ཅིག་གིས། །རྗེ་བཙུན་འཕགས་པ་འཇམ་པའི་དབྱངས། །འོད་ཆེན་སྣང་བ་ལམ་མེ་བ། །ཤེས་རབ་རལ་གྲི་མདའ་གཞུ་ཐོགས། །ཐབས་ཤེས་སྒྱུ་འཕྲུལ་དྲྭ་བར་བསྡོམས། །ཕུང་ཁམས་སྐྱེ་མཆེད་གདོད་ནས་ལྷ། །གདན་གསུམ་དཀྱིལ་འཁོར་འཁོར་ལོར་རྫོགས། །གནས་གསུམ་སྐུ་གསུང་ཐུགས་ཀྱི་ལྷ། །བ་སྤུ་སྔགས་ཀྱི་གོ་ཆས་གཏམས། །ཡེ་ཤེས་དབང་བསྐུར་ཅོད་པཎ་མཛེས། །ཐུགས་སྲོག་འོད་ལྔའི་ཐིག་ལེའི་དབུས། །ཨ་དཀར་རྒྱུད་ཀྱིས་ཕྲེང་བས་བསྐོར། །བཟླས་པའི་རྐྱེན་གྱིས་འབར་བའི་འོད། །འཕྲོས་པས་ཐ་མལ་སྣང་ཞེན་སྦྱངས། །རྡོ་རྗེ་གསུམ་གྱི་ངོ་བོར་རྫོགས། །ཚུར་འདུས་བརྟན་གཡོ་སྲིད་ཞིའི་དཔལ། །མི་ཤིགས་སྲོག་གི་འཁོར་ལོར་བསྟིམས། །ཚེ་དཔལ་གཟུངས་སྤོབས་བློ་གྲོས་སོགས། །འཇམ་དཔལ་རྡོ་རྗེར་མཉམ་པར་མོས། །རྒྱུད་ཀྱི་རྒྱལ་པོ་རྡོ་རྗེའི་ཚིག །གྲགས་སྟོང་སྐྱེ་མེད་ངང་ནས་བཀླག །རྗེས་ཐོབ་འོད་གསལ་ངང་དུ་བསྡུ། །སླར་ཡང་སྣོད་བཅུད་ལྷ་སྐུར་སྦྱངས། །ཐུན་མཚམས་ཚོགས་བསགས་རྣལ་འབྱོར་དང་། །ཐོས་བསམ་ཤེས་རབ་ཕྱོགས་མེད་སྐྱེད། །རྣམ་ཀུན་རིག་སྟོང་གཉུག་མའི་གཤིས། །དོན་དམ་འཇམ་དཔལ་རང་ངོ་སྐྱོང་། །རྗེས་ཐོབ་སྙིང་རྗེ་སྒྱུ་མར་སྦྱོངས། །བསྔོ་བ་སྨོན་ལམ་ཡང་དག་བྱ། །འདི་ཡང་ཟབ་པའི་ཡང་ཟབ་སྟེ། །རྣལ་འབྱོར་ཅན་གྱིས་ཉམས་སུ་བླངས། །དོན་གཉིས་ཕུན་སུམ་ཚོགས་པར་འགྱུར། །འདིར་འབད་དགེ་བས་རང་གཞན་འགྲོ། །གསུང་གི་དབང་ཕྱུག་ཉིད་འགྲུབ་ཤོག །ཅེས་པའང་འཇམ་དབྱངས་བློ་གྲོས་རྒྱ་མཚོས་བྲིས་པ་དགེ །

༄༅། །འཇམ་དཔལ་སྨྲ་བའི་སེང་གེའི་སྒྲུབ་ཐབས་ཉུང་གསལ་སྙིང་པོར་དྲིལ་བ་སྐལ་བཟང་བློ་ཡི་དཔལ་བསྐྱེད་ཅེས་བྱ་བ་བཞུགས་སོ། །

༄༅། །ན་མོ་གུ་རུ་ཝཱ་དི་སིཾ་ཧ་ཡ། བདག་མེད་སེང་གེའི་སྒྲ་ཆེན་གྱིས། །མུ་སྟེགས་རི་དྭགས་འཇིགས་མཛད་པ། །འཇམ་དཔལ་ཡབ་ཡུམ་ལ་བཏུད་ནས། དེ་ཉིད་བསྙེན་པའི་ཆོ་ག་འབྲི། །ཤེས་རབ་འཕེལ་བར་འདོད་པ་ཡིས། །དང་པོར་རྗེས་གནང་ཐོབ་ནས་ནི། །སྐར་མ་རྒྱལ་ལ་བསྒྲུབ་པར་བྱ། །ཁྲུམས་སྟོད་དང་ནི་ཁྲུམས་སྨད་དང་། །ནམ་གྲུ་དག་ནི་བཟང་བར་བཤད། །གཟའ་ཡང་ཕུར་བུ་ལྷག་པ་དང་། །ཟླ་བ་པ་སངས་རྣམས་ལ་ཤིས། །གཅིག་དང་བརྒྱད་དང་བཅོ་ལྔ་ལ། །སྒྲུབ་ན་མྱུར་དུ་འགྲུབ་པར་འགྱུར། །རྫུན་དང་ཤ་ཆང་སྒོག་ཙོང་དང་། །སྔོ་ངད་ལ་སོགས་སྤང་བར་བྱ། །འཁོན་དང་ཞེ་སྡང་དྲག་པོ་དང་། །སེམས་ལ་གནོད་པའི་ལས་རྣམས་སྤང་། །དབེན་པར་མཚམས་བཅད་བསྲུང་འཁོར་བསྒོམ། །ཤར་དུ་ཁ་བལྟས་མཎྜལ་བཤམས། །སྐྱབས་སེམས་ཚད་མེད་བཞི་བསྒོམ་རྗེས། །སྭ་བྷཱའི་སྔགས་ཀྱིས་སྟོང་པར་སྦྱང་། །སྟོང་པའི་ངང་ལས་སེང་གེའི་གདན། །དེ་སྟེང་པདྨ་ཟླ་བ་ལ། །ཡི་གེ་དྷཱིཿདམར་ཚེག་དྲག་ཅན། །འོད་ཟེར་དམར་པོའི་འཕྲོ་འདུ་ལས། །བདག་ཉིད་འཇམ་དཔལ་སྨྲ་བའི་སེང་། །སྐུ་མདོག་དམར་པོ་རྒྱན་དང་ལྡན། །འོད་ཟེར་དམར་པོ་འཕྲོ་བ་ཅན། །རལ་པའི་ཐོར་ཚུགས་གྱེན་དུ་བསྒྲེང་། །རྩེ་མོ་རིན་ཆེན་ནོར་བུས་བརྒྱན། །རལ་གྲི་པུསྟི་འཛིན་མཛད་པ། །རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས། །དེ་ཡི་ཐུགས་ཀར་བྷྲཱུྃ་ཡིག་ལས། །འཁོར་ལོ་དམར་པོ་རྩིབས་བཞི་པ། །དེ་སྟེང་རལ་གྲི་སོར་བཞི་པའི། །ཆངས་ཟུང་ཟླ་སྟེང་དྷཱིཿདམར་ལ། །རྩ་བའི་སྔགས་ཕྲེང་གཡས་སུ་བསྐོར། །མདུན་དུ་ཧྲཱིཿལས་དབྱངས་ཅན་མ། །སྐུ་མདོག་ནམ་མཁའི་མདོག་ཅན་ནི། །ཁྲོ་འཛུམས་འབར་བ་བརྗིད་པའི་ཞལ། །རིན་ཆེན་རྒྱན་དང་དོ་ཤལ་མཛེས། །དབུ་སྐྲ་མཐོན་མཐིང་ཐོར་ཚུགས་ཅན། །རལ་གྲི་པུསྟི་ཕྱག་ན་བསྣམས། །བཞེངས་སྟབས་པད་ཟླའི་སྟེང་ན་འགྱིང་། །ཐུགས་ཀར་པདྨ་ཟླ་བའི་སྟེང་། །རལ་གྲི་སོར་བཞིའི་ཆངས་ཟུང་ལ། །ཧྲཱིཿསྔོན་སྔགས་ཕྲེང་གཡོན་དུ་བསྐོར། །ཡབ་ཡུམ་ཁ་སྦྱོར་ཚོད་དུ་བསྒོམ། །གཉིས་ཀའི་ཐུགས་སྲོག་འོད་ཟེར་གྱིས། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་མཆོད། །ཛཿཧཱུྃ་བྃ་ཧོཿས་གཉིས་མེད་བསྟིམ། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །དེ་ཡི་འཁོར་དུ་བསྐོར་བར་བསམ། །གསལ་བརྟན་ཉམས་མཐར་མ་ཕྱིན་བར། །ཡུན་རིང་སེམས་བཟུང་རླུང་འཆིང་བ། །བརྒྱུད་པའི་མན་ངག་དམ་པའོ། །དེས་སྐྱོ་བཟླས་པ་བྱ་བ་ནི། །བདག་གི་ཐུགས་ཀའི་རལ་གྲི་དང་། །ས་བོན་སྔགས་དང་བཅས་པ་ལས། །འོད་འབར་སྣོད་བཅུད་ཉེས་སྐྱོན་སྦྱང་། །ཕྱི་སྣོད་གཞལ་ཡས་ནང་བཅུད་ལྷ། །སྒྲ་གྲགས་སྔགས་ཀྱི་རང་སྒྲར་མོས། །སླར་ཡང་འོད་དམར་དྷཱིཿཡིག་ཕྲེང་། །རབ་འཕྲོས་སྣ་བུག་གཡས་ནས་འཐོན། །དབྱངས་ཅན་མ་ཡི་གཡོན་ནས་ཞུགས། །ཐུགས་ཀའི་སྔགས་དང་ཧྲཱིཿལ་ཐིམ། །དེ་ལས་ཧྲཱིཿཡིག་ཕྲེང་བ་གྲོལ། །ཤངས་བུག་གཡས་བརྒྱུད་བདག་ཉིད་ཀྱི། །གཡོན་ནས་ཐུགས་ཀར་ཞུགས་པ་ལས། །ཨཱ་ལི་ཀཱ་ལིའི་སྔགས་སུ་གྱུར། །ཁོང་པའི་ནང་དང་བ་སྤུའི་གསེབ། །དཔག་ཏུ་མེད་པས་ཁེངས་པར་བསམ། །བར་མེད་འཁོར་བའི་སྔགས་ཕྲེང་ཟེར། །ལྕགས་ཀྱུ་ལྟ་བུའི་བུང་བ་འཕྲོས། །སངས་རྒྱས་བྱང་སེམས་ཉན་རང་དང་། །དུས་གསུམ་བླ་མ་ཡི་དམ་ལྷ། །དཔའ་བོ་དཔའ་མོ་ལ་སོགས་པའི། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་བསྡུས། །བདག་གི་སྤྱི་བོར་ཐིམ་པ་ཡིས། །རང་ལུས་ཡེ་ཤེས་ལྡན་པར་བྱས། །ཡང་འཕྲོས་སྡེ་སྣོད་རྒྱུད་སྡེའི་བཅུད། །མཁས་པའི་ཤེས་རབ་གྲུབ་པའི་ཉམས། །དགེ་བཤེས་འབྲུ་སྨན་ནུས་མཐུ་བསྡུས། །ལྕེར་བསྟིམ་ངག་ལ་ནུས་པ་བརྟས། །ཡང་འཕྲོས་རྩི་ཤིང་ནགས་ཚལ་དང་། །འབྱུང་བཅུད་ཉི་ཟླ་ནོར་བུའི་འོད། །ལྷ་ཀླུ་གཟའ་བརྒྱད་ཤེས་རབ་མཐུ། །རྒྱལ་བཙུན་ཆེ་དགུའི་སེམས་རྣམས་བཀུག །སྙིང་ལ་ཐིམ་པས་བདེ་སྟོང་འབར། །རང་ལུས་ཡེ་ཤེས་བདུད་རྩིས་གང་། །བདག་སོགས་སེམས་ཅན་མ་ལུས་པའི། །བློ་ཡི་མུན་པ་བསལ་ནས་ཀྱང་། །ཤེས་རབ་ཉི་མ་ལྟ་བུ་ཡི། །མཆོག་གི་དངོས་གྲུབ་ཐོབ་པར་བསམ། །སྤྲོ་ན་ཁ་བསྒྱུར་འཆད་དཔལ་བེའུ། །རྩོད་ལ་རལ་གྲི་རྩོམ་པད་དཀར། སྙན་གྲགས་དུང་དཀར་གཟུངས་གླེགས་བམ། །འབྱོར་པ་ནོར་བུ་དབང་ལི་ཁྲི། །བསམ་ཀུན་འགྲུབ་ལ་བུམ་བཟང་སོགས། །གང་འདོད་བསྡུ་ཞིང་བསྟིམ་པ་གནད། །གང་ལྟར་བཟླས་པ་བྱེད་པའི་དུས། །མ་ཡེངས་ཏིང་འཛིན་བརྟན་ལྡན་པས། །བཟླས་པའི་སྐྱོན་གྱིས་མ་རེག་པར། །སྔགས་འདི་ཆུ་བོའི་རྒྱུན་བཞིན་བཟླ། །ༀ་ཧྲཱིཿདྷཱིཿམ་མེ་དཱི་པཾ་མཉྫུ་ཤྲཱི་མུཾ་ཧྲཱིཿཔྲ་ཛྙཱ་ཝརྔྷཱ་ནི་ཧྲཱིཿདྷཱིཿསྭཱ་ཧཱ། །སྔགས་ཀྱི་ཕྲེང་བ་ཉི་ཤུ་གཅིག །བརྒྱ་ཡིས་མི་བརྗེད་གཟུངས་ཐོབ་འགྱུར། །སྟོང་གིས་སྒྲ་སྐད་ཀུན་ལ་མཁས། །ཁྲི་ཕྲག་གཅིག་ནི་བཟླས་གྱུར་ན། །ཉི་མ་རེ་ལ་ཤླཽ་ཀ །ལྔ་སྟོང་རེ་རེ་ཟིན་པར་འགྱུར། །མངོན་པར་ཤེས་པ་འཆར་བ་དང་། །གཞན་གྱི་སེམས་ནི་ཤེས་པ་དང་། །ཡི་གེའི་རིགས་ནི་ཐམས་ཅད་ཀྱང་། །ཐོགས་པ་མེད་པར་ཤེས་པར་འགྱུར། །སྒྲ་དང་བསྟན་བཅོས་ཐམས་ཅད་ཀྱང་། །བཀའ་བཞིན་རྩོམ་པར་ནུས་པ་ཡིན། །ཕྱིས་ནི་ས་ཡི་དབང་ཕྱུག་ཐོབ། །གྲངས་ཀྱི་ཚད་ནི་འབུམ་ཕྲག་བཞི། །དུས་ནི་གལ་ཏེ་ལས་འཕྲོ་ཡོད། །ཉི་མ་གཅིག་གིས་འགྲུབ་པར་འགྱུར། །ཉི་མ་གསུམ་དུ་བསྒྲུབས་པ་ན། །ལས་འཕྲོ་མེད་ཀྱང་འགྲུབ་གསུངས་མོད། །ཉེར་གཅིག་ལ་སོགས་བློ་རིམ་བསྟུན། །ངེས་པར་རྟགས་མཐོང་བར་དུ་འབད། །རྟགས་ནི་རབ་དངོས་འབྲིང་ཉམས་དང་། །ཐ་མ་རྨི་ལམ་ཚུལ་གྱིས་ནི། །ལྷ་ཡི་ཞལ་མཐོང་གསུང་ཐོས་དང་། །འོད་དང་དུ་བ་རྔ་སྒྲ་དང་། །དུང་འབུད་ཉི་ཟླ་ཤར་བ་དང་། །མེ་ཏོག་འཛུགས་དང་ཞིང་རྨོ་དང་། །སྣག་ཚ་འཐུང་དང་ཉམས་དགའ་དང་། །ཡི་གེ་འབྲི་ཀློག་མཐོང་བ་དང་། །མངོན་པར་ཤེས་པ་འཆར་བ་རྣམས། །ཤེས་རབ་འཕེལ་བའི་རྟགས་སུ་གསུངས། །རྟགས་མཐོང་བོགས་འབྱིན་མན་ངག་ལུགས། །བདག་ཉིད་འཇམ་དཔལ་ཐུགས་ཀར་དྷཱིཿ། །ཐུན་མཚམས་ཆུ་འཛིན་གསར་པའི་འོད། །ལྕགས་ཀྱུའི་རྡུལ་གྱིས་སངས་རྒྱས་དང་། །བྱང་སེམས་ཉན་རང་བྱིན་རླབས་དང་། །དབྱངས་གསལ་ཡི་གེའི་ནུས་པའི་མཐུ། །རིག་འཛིན་བློ་ལྡན་སྔགས་འཆང་བའི། །བློ་གྲོས་ཉི་ཟླ་ནོར་བུའི་འོད། །རྩི་དང་བཅུད་བསྡུས་དྷཱིཿལ་ཐིམ། །དེ་ལས་འོད་བྱུང་སྡིག་ཀུན་སྦྱངས། །ཡིག་འབྲུ་ཆེར་འཕེལ་མགྲིན་པར་ཞུགས། །དྷཱིཿཡིག་དམར་པོས་ལུས་ནང་གང་། །འོད་ཟེར་མེ་ལྕེས་རང་གཞན་གྱི། །སྡིག་སྒྲིབ་བསྲེགས་བསམས་དྷཱིཿཁོ་ན། །འབུམ་ཕྲག་བཞི་སོགས་བཟླ་བར་གསུངས། །ཐུན་གཤམ་རིག་པ་སྒྲུབ་འདོད་ན། །འཕྲོ་འདུ་སྤྱི་མཚུངས་རིག་པ་ནི། །ༀ་ན་མོ་མཉྫ་ཤྲཱི། ཀུ་མ་ར་བྷཱུ་ཏཱ་ཡ། ཏདྱ་ཐཱ། ༀ་ཨ་ར་ཛེ། བི་ར་ཛེ། ཤུདྡྷེ་ཤུདྡྷེ། བི་ཤུ་དྡྷེ་བི་ཤུདྡྷེ། ཤོ་ངྷ་ནི་ཤོ་ངྷ་ནི། ཨ་མ་ལེ། བི་མ་ལེ། ཛ་ཡ་བ་ཏི། རུ་རུ་ཙ་ལེ། ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ་སྭཱ་ཧཱ། འབུམ་ཕྲག་གཅིག་བཟླས་ན་མཁས་པར་འགྱུར་རོ། །གཉིས་བཟླས་ན་རིག་པ་འཛིན་པར་འགྱུར་རོ། །གསུམ་བཟླས་ན་འཇམ་དཔལ་གྱི་ཞལ་མཐོང་བར་འགྱུར་རོ། །བཅངས་པ་ཙམ་གྱིས་སྐྱེ་བ་དྲན་པར་འགྱུར་རོ། །གལ་ཏེ་མཚམས་མེད་པ་ལ་སྤྱོད་པ་ཡིན་ཡང་། དེ་ལྟར་སྦྱོར་བ་ཉིད་གུས་པས་བསྒྲུབས་ན་དེ་དག་གི་རེ་བ་མཐའ་དག་བདག་གིས་རྫོགས་པར་བགྱིའོ། །གལ་ཏེ་དེ་ལྟར་མ་བགྱིས་ན་བདག་གིས་སངས་རྒྱས་བཅོམ་ལྡན་འདས་རྣམས་བསླུས་པར་འགྱུར་རོ། །ཞེས་པ་རྡོ་རྗེའི་བདེན་ཚིག་གིས། །ཞལ་འཆེས་ཐུགས་དམ་བཞེས་པ་ཉིད། །ཇི་ལྟར་རིགས་པ་བཟླ་བར་བྱ། །གང་ལྟར་དབྱངས་གསལ་རྟེན་སྙིང་གིས། །སྔགས་ཀྱི་ནུས་པ་བརྟན་བྱས་ནས། །བླ་མ་འཇམ་དཔལ་ཡབ་ཡུམ་ལ། །འདོད་དོན་གསོལ་བ་དྲག་ཏུ་གདབ། །ཐུགས་སྲོག་འོད་ཀྱིས་སྣོད་བཅུད་ཀུན། །རིམ་གྱིས་བསྡུས་ནས་བདག་ལ་ཐིམ། །རྫོགས་རིམ་མཚན་བཅས་མཚན་མེད་བསྒོམ། །དང་པོ་མན་ངག་བརྒྱུད་པའི་ལུགས། །རང་ཉིད་འཇམ་དཔལ་གསལ་བ་ཡི། །ལྟེ་དབུས་ཟླ་བར་ཐིག་ལེ་དམར། །འོད་འབར་སྤྱི་བོའི་ཧཾ་ཡིག་བསྐུལ། །བདུད་རྩིའི་བ་ཐག་མེ་ལ་ཕོག །འཆི་ཁའི་མར་མེ་སྣུམ་ཟག་བཞིན། །རབ་གསལ་སྒོ་གསུམ་མུན་པ་བཅོམ། །ལུས་ནང་ཡེ་ཤེས་བདུད་རྩིས་ཁེངས། །དེ་ནས་སྙིང་གི་ཁོང་གསེང་དུ། །འཁོར་ལོ་འོད་ཞུ་འབར་བ་ཡི། །མར་མེས་སྙིང་གི་ཕྱོགས་མཚམས་བརྒྱད། །རྩེ་མོ་དགུ་རུ་བུག་པ་རེ། །བརྟོལ་ལས་འོད་སོང་ཧཾ་ཡིག་བཞུས། །བདུད་རྩིས་སྙིང་གི་བུམ་པ་གང་། །དཔྱིད་དཔལ་རབ་རྒྱས་མཁྱེན་གཉིས་ཀྱི། །ཤེས་རབ་དྲི་མེད་འབར་བར་བསམ། །བདེ་གསལ་མི་རྟོག་ངང་ལ་བཞག །གཉིས་པ་རྩ་བའི་ཡི་གེའི་དོན། །ཐུགས་སྲོག་འོད་ཀྱིས་སྣོད་བཅུད་འཁོར། །ལྷ་མོ་རིམ་ཞུ་བདག་ཐིམ་རྗེས། །རང་ཡང་ཞུ་ནས་དྷཱིཿལ་ཐིམ། །ཐིག་ལེ་དམར་སེར་འོད་འཕྲོར་བསམ། །དེ་ལས་ཐིག་ལེ་སྔོན་པོ་ཆད། །གཉིས་ལ་སེམས་གཏད་སླར་ཡང་སྔགས། །བརྗོད་པས་ཅུང་ཟད་འགུལ་བར་བསམ། །དེ་ནས་དེ་གཉིས་ཡར་མར་དང་། །ཕན་ཚུན་འཕར་ཏེ་སེམས་ཅན་གྱི། །གར་ཁྱབ་ཐལ་བྱུང་བརྟོལ་བསམ་ཞིང་། །རྩ་སྔགས་བརྗོད་མཐར་གཅིག་ཏུ་འདྲེས། །འོད་ཞུ་ནམ་མཁའི་ཀློང་དུ་ཐིམ། །སྣང་བ་དམར་ལམ་གྱུར་བར་བསམ། །མི་རྟོག་ངང་ལ་ཅི་གནས་བཞག །བསྡུ་ན་ཡབ་ཡུམ་གང་རུང་གི། །སྲོག་ལ་སེམས་སྦ་སྔགས་ཀྱང་བརྗོད། །བརྗོད་མེད་ངང་ལ་ཕྱམ་གྱིས་བཞག །འདི་ཡང་ཡི་གེ་རྩ་བར་བཤད། །རྗེས་ཐོབ་སྒྱུ་མའི་ལྷ་སྐུར་ལྡང་། །དགེ་ཚོགས་བྱང་ཆུབ་ཆེན་པོར་བསྔོ། །དེ་ལྟར་ཐུན་བཞིའི་རིམ་པས་འབད། །ཐུན་མཚམས་གཏོར་མའི་རྣམ་འབྱོར་དང་། །རང་ལ་བདོག་པ་ཐམས་ཅད་ཀྱིས། །འཇམ་དཔལ་རྡོ་རྗེ་མཆོད་བྱ་ཞིང་། །རྟག་ཏུ་ལྷ་ལ་གསོལ་བ་གདབ། །སེམས་ཅན་རྣམས་ལ་སྙིང་རྗེ་བསྒོམ། །སྲིད་པར་འཆིང་བའི་ལས་རྣམས་སྤང་། །ཉམས་གྲིབ་མི་གཙང་དག་ལ་འཛེམ། །ཡིག་བརྒྱ་བཟླ་ཞིང་ཁྲུས་ལ་བརྩོན། །ལྷ་ཡི་ང་རྒྱལ་བརྟན་ལྡན་པས། །སྲུང་བའི་འཁོར་ལོ་བསྒོམ་པ་གཅེས། །སྲོད་ལ་མཚན་མེད་རྫོགས་རིམ་བསྒོམ། །དམར་སྣང་རྟོག་མེད་ངང་དུ་ཉལ། །ཐོ་རངས་མཁའ་ལས་དབྱངས་ཅན་མས། །ཧྲཱིཿདྷཱིཿའི་སྔགས་ཀྱི་སྒྲས་བསྐུལ་བས། །འཇམ་པའི་རྡོ་རྗེར་བཞེངས་བསམ་ལྡང་། །ཁྲུས་བྱས་རྣལ་འབྱོར་རིམ་ལ་འཇུག །བཟའ་བཏུང་བདུད་རྩིར་བྱིན་རླབས་ནས། །ལྷ་མཆོད་དངོས་གྲུབ་ཐོབ་པར་བསམ། །རྟགས་མཐོང་ཁ་སྐོང་སྦྱིན་སྲེག་ནི། །སྟོང་ཕྲག་བདུན་སོགས་སྤྱི་ལྟར་བྱ། །སྔོན་དུ་བསྙེན་པ་ལེགས་ཟིན་ནས། །དངོས་གྲུབ་རིལ་བུ་སྒྲུབ་པ་དང་། །ལས་ཀྱི་སྦྱོར་བ་མཐའ་ཡས་པ། །གཞུང་དང་མཁས་པའི་ཞལ་ལུང་བཞིན། །སྒྲུབ་ན་དོན་གཉིས་བསམ་འཕེལ་བྱེད། །དེ་ལྟར་བརྩོན་པས་ཉམས་བླངས་ན། །གནས་སྐབས་ཤེས་རབ་ཕྱོགས་མེད་སྐྱེ། །མཐར་ཐུག་རྡོ་རྗེ་འཆང་དབང་གི། །གོ་འཕང་དཀའ་བ་མེད་པར་འགྱུར། །སེང་གེའི་སྒྲ་ཡིས་ཝ་རྣམས་སྐྲག་བྱེད་བཞིན། །ཉོན་མོངས་དུག་རྣམས་གཅོད་པའི་ཤེས་རབ་མཚོན། །པདྨའི་ངང་ཚུལ་བཞེད་གཞུང་གསལ་བར་བྱས། །འགྲོ་རྣམས་ཤེས་རབ་གྲུ་ཡིས་སྒྲོལ་བར་ཤོག །ཅེས་པའང་རང་གཞན་ལ་སྨན་པའི་བློས། རྒྱ་གཞུང་རྩ་བའི་ཚིག་ཕལ་ཆེར་སོར་གནས་ལ། བར་སྐབས་ཀྱི་གསལ་བྱེད་ཕྲན་བུ་རྩ་བའི་ཡིག་རྙིང་རྣམས་ཀྱི་དགོངས་པ་དང་མི་འགལ་བར། བླ་མའི་གསུངས་དང་རང་ཚིག་གིས་ཀྱང་བསྣན་ཏེ། ཟེ་ཆེན་པ་འཇམ་དབྱངས་བློ་གྲོས་རྒྱ་མཚོ་དབྱངས་ཅན་དགྱེས་པའི་སྡེས་སྦྱར་བའོ། །འདིས་ཀྱང་འགྲོ་ཀུན་སོ་སོ་ཡང་དག་རིག་བཞིའི་མཛོད་ཁང་ལ་དཀའ་བ་མེད་པར་དབང་འབྱོར་བའི་རྒྱུར་གྱུར་ཅིགམདྒལཾ།

བོགས་འདོན་རིལ་བུ་བསྒྲུབ་པ།

༄༅། །ན་མོ་མཉྫུ་ཤྲཱི་སྭ་ར་སྭསྟི་ཡཻ། དབང་ཐོབ་ཅིང་དམ་ཚིག་ལ་གནས་པས། རྩ་བའི་བསྙེན་པ་ལེགས་པར་ཐོན་ནས། བོགས་འདོན་རིལ་བུ་བསྒྲུབ་པ་ལ། ཇི་ལྟར་སྒྲུབ་པའི་ཚུལ་རྗེ་བླ་མས་མཛད་པའི་སྨྲ་སེང་གི་སྒྲུབ་ཐབས་སྙན་པའི་རོལ་མོ་འཁྲོལ་བ་གཞོན་ནུ་རྣམ་པར་རོལ་པ་ལས་ཤེས་པར་བྱ་ལ། འདིར་སྔ་དགོང་གི་ཐུན་ལྟ་བུར་ཟོལ་ཡངས་པའི་ཆེད་དུ་རྒྱ་གཞུང་དངོས་ཀྱི་ཚིག་ལྟར་བྱེད་པར་སྤྲོ་ན། ཁྲུས་དང་གཙང་སྦྲ་ལྡན་པས། སྲུང་བའི་འཁོར་ལོ་བསྒོམ། མཆོད་པའི་སྤྲིན་གཟུངས་དང་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་མཆོད་པ་བྱིན་གྱིས་བརླབས། མདུན་མཁར་སྐྱབས་ཡུལ་གསལ་བཏབ་ལ། འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རྟག་པར་བདག་ནི་སྐྱབས་སུ་མཆི། །ལན་གསུམ་གྱིས་སྐྱབས་སུ་འགྲོ། ཤེས་རབ་སྙིང་བརྩེ་དང་བཅས་པའི། །བརྩོན་པས་སེམས་ཅན་དོན་དུ་བདག །སངས་རྒྱས་མདུན་དུ་གནས་བཅས་ཏེ། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་བགྱི། །ལན་གསུམ་གྱིས་སེམས་བསྐྱེད། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སོགས་ཚད་མེད་བཞི་བསྒོམ་རྗེས་སྐྱབས་ཡུལ་རང་ལ་བསྡུ། དངོས་གཞི་ལྷ་བསྒོམ་པ་ནི། ༀ་སྭ་བྷཱ་ཝ་ཤུདྡྷཿསརྦ་ངྷརྨཱ་སྭ་བྷཱ་བ་ཤུངྔྷོ྅་ཧཾ། སྟོང་པའི་ངང་ལས་སེང་གེའི་གདན། །དེ་སྟེང་པདྨ་ཟླ་བ་ལ། །ཡི་གེ་དྷཱིཿདམར་ཚེག་དྲག་ཅན། །འོད་ཟེར་དམར་པོའི་འཕྲོ་འདུ་ལས། །བདག་ཉིད་འཇམ་དཔལ་སྨྲ་བའི་སེང་། །སྐུ་མདོག་དམར་པོ་རྒྱན་དང་ལྡན། །འོད་ཟེར་དམར་པོ་འཕྲོ་བ་ཅན། །རལ་པའི་ཐོར་ཚུགས་གྱེན་དུ་བསྒྲེང་། །རྩེ་མོ་རིན་ཆེན་ནོར་བུས་བརྒྱན། །རལ་གྲི་པུསྟི་འཛིན་མཛད་པ། །རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས། །དེ་ཡི་ཐུགས་ཀར་བྷྲཱུྃ་ཡིག་ལས། །འཁོར་ལོ་དམར་པོ་རྩིབས་བཞི་པ། །དེ་སྟེང་རལ་གྲི་སོར་བཞི་པའི། །ཆངས་ཟུང་ཟླ་སྟེང་དྷཱིཿདམར་ལ། །རྩ་བའི་སྔགས་ཕྲེང་གཡས་སུ་བསྐོར། །དེ་ལས་འོད་ཟེར་འཕྲོས་པ་ཡིས། །ཡེ་ཤེས་སེམས་དཔའ་དགུག་ལ་བསྟིམ། །མདུན་རྟེན་མི་དམིགས་སྟོང་པའི་ངང་། །ཧྲཱིཿལས་རིལ་བུ་དབྱངས་ཅན་མ། །སྐུ་མདོག་ནམ་མཁའི་མདོག་ཅན་ནི། །ཁྲོ་འཛུམ་འབར་བ་བརྗིད་པའི་ཞལ། །རིན་ཆེན་རྒྱན་དང་དོ་ཤལ་མཛེས། །དབུ་སྐྲ་མཐོན་མཐིང་ཐོར་ཚུགས་ཅན། །རལ་གྲི་པུསྟི་ཕྱག་ན་བསྣམས། །ཐུགས་ཀར་པདྨ་ཟླ་བའི་སྟེང་། །རལ་གྲི་སོར་བཞི་སྙིང་པོས་བསྐོར། །འོད་ཀྱིས་ཡེ་ཤེས་སྤྱན་དྲངས་བསྟིམ། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །དེ་ཡི་འཁོར་དུ་བསྐོར་བར་བསམ། །ཞེས་མོས་ལ། དྲི་མེད་ཡིད་འོང་ལྷ་རྫས་ལས་བྱུང་བའི། །མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དང་། །མར་མེ་དྲི་ཆབ་ཞལ་ཟས་རོལ་མོ་སོགས། །ཀུན་བཟང་མཆོད་སྤྲིན་རྒྱ་མཚོས་མཆོད་པར་གྱུར། །ༀ་སརྦ་ཏ་ཐཱ་ག་ཏ་ཨཱརྱ་མཉྫུ་ཤྲཱི་སྭ་ར་སྭ་སྟི་ས་པཱ་རི་ཝ་ར་ཨརྒྷཾ་པཱ་ཏྱཾ་བུཥྤེ་དྷཱུ་པེ་ཨ་ལཱོ་ཀེ་གནྡྷཱེ་ནཻ་ཝི་དྱཱ་ཤཔྟ་གནྡྷེ་{ནྷེེ}རཱ་སྤཪྴེ་ངྷརྨཱ་ངྷཱ་ཏུ་མ་ཧཱ་སརྦ་པཱུ་ཛ་ས་མ་ཡ་ཧོ། ཞེས་མཆོད། སེང་ཁྲི་པདྨ་ཉི་ཟླའི་སྟེང་། །རྒྱལ་བའི་སྲས་པོ་འཇམ་དཔལ་དབྱངས། །མདོག་དམར་རལ་གྲི་པུསྟི་འཛིན། །སྨྲ་བའི་སེང་གེར་ཕྱག་འཚལ་ལོ། །ཆུ་སྐྱེས་ཉི་ཟླའི་གདན་སྟེང་དུ། །སངས་རྒྱས་ཐམས་ཅད་སྐྱེད་བྱེད་ཡུམ། །མདོག་སྔོ་རལ་གྲི་པུསྟི་འཛིན། །དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །ཞེས་བསྟོད། བཟླས་དམིགས་ནི། བདག་གི་ཐུགས་ཀའི་རལ་གྲི་དང་། །ས་བོན་སྔགས་དང་བཅས་པ་ལས། །འོད་ཟེར་དམར་པོར་འཕྲོས་པ་ཡིས། །བདག་གི་སྣ་བུག་གཡས་ནས་བྱུང་། །དབྱངས་ཅན་མ་ཡི་གཡོན་དུ་ཞུགས། །ཐུགས་ཀའི་སྔགས་དང་ཧྲཱིཿལ་ཐིམ། །ཐུགས་ཀའི་གནས་ནས་ཚུར་ལ་བྱུང་། །བདག་གི་ཐུགས་ཀར་ཞུགས་པ་ལས། །ཨཱ་ལི་ཀཱ་ལིའི་སྔགས་སུ་གྱུར། །ཁོང་པའི་ནང་དང་བ་སྤུའི་གསེབ། །དཔག་ཏུ་མེད་པས་ཁེངས་པར་བསམ། །བར་མེད་སྔགས་ཀྱི་ཕྲེང་བ་ལས། །འོད་ཟེར་བུང་བའི་རྣམ་པར་འཕྲོས། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །དུས་གསུམ་བླ་མ་ཡི་དམ་དང་། །དཔའ་བོ་དཔའ་མོ་ལ་སོགས་པའི། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་བསྡུས། །བདག་དང་ལྷ་མོའི་སྤྱི་བོར་ཐིམ། །བདག་དང་སེམས་ཅན་ཐམས་ཅད་ཀྱི། །བློ་ཡི་མུན་པ་བསལ་བར་བསམ། །ཡང་གཅིག་སྤྲོས་པའི་བྱིན་རླབས་ཀྱིས། །སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི། །དགེ་བཤེས་རྣམས་ཀྱི་ནུས་མཐུ་དང་། །མཐའ་ཡི་ནོར་བུའི་འོད་ཟེར་དང་། །རྩི་ཤིང་ནགས་ཚལ་བཅུད་རྣམས་བསྡུས། །བདག་དང་ལྷ་མོའི་སྤྱི་བོར་བསྟིམ། །ལུས་པོ་ཡེ་ཤེས་བདུད་རྩིའི་གང་། །ཟབ་རྒྱས་ཤེས་རབ་འཕེལ་བར་བསམ། །ཡང་འཕྲོས་སྣོད་བཅུད་ཉེས་སྐྱོན་སྦྱངས། །ཕྱི་སྣོད་གཞལ་ཡས་ནང་བཅུད་ལྷ། །སྒྲ་གྲགས་སྔགས་ལ་དྲན་རྟོག་ཐུགས། །ཀུན་ཀྱང་བདེ་བ་ཆེན་པོར་སྦྱར། །ཁྱད་པར་བརྟན་གཡོ་སྲིད་ཞིའི་བཅུད། །ལྷ་ཀླུ་གཟའ་བརྒྱད་ཤེས་རབ་མཐུ། །རྒྱལ་བཙུན་ཆེ་དགུའི་སེམས་ལ་སོགས། །ཕུན་ཚོགས་གྲུབ་རྫས་རྣམ་པ་རུ། །བསྡུས་ནས་བདག་དང་སྒྲུབ་རྫས་ལ། །ཐིམ་པས་དངོས་གྲུབ་མཆོག་ཐོབ་གྱུར། །ཞེས་མོས་ལ། ༀ་ཧྲཱིཿདྷཱིཿམ་མེ་དཱི་པཾ་མཉྫུ་ཤྲཱི་མུཾ་ཧྲཱིཿཔྲཛྙཱ་ཝརྔྷ་ནི་ཧྲཱིཿདྷཱིཿསྭཱ་ཧཱ། ཞེས་ཅི་ནུས་བཟླ། ཐུན་མཐར་དབྱངས་གསལ་དང་རྟེན་འབྲེལ་སྙིང་པོས་སྔགས་ཀྱི་ནུས་པ་བརྟན་པར་བྱས་རྗེས། མཆོད་བསྟོད་གོང་ལྟར་བྱ་ཞིང་། བརྩེ་ལྡན་ཁྱོད་ཀྱི་མཁྱེན་རབ་འོད་ཟེར་གྱིས། །བདག་བློའི་གཏི་མུག་མུན་པ་རབ་བསལ་ནས། །བཀའ་དང་བསྟན་བཅོས་གཞུང་ལུགས་རྟོགས་པ་ཡི། །བློ་གྲོས་སྤོབས་པའི་སྣང་བ་བསྐྱེད་དུ་གསོལ། །གང་ཚེ་བལྟ་བར་སོགས་ཀྱིས་འདོད་པའི་དོན་ལ་གསོལ་བ་གདབ་རྗེས། མདུན་བསྐྱེད་འཁོར་རྣམས་འོད་དུ་འདུས། །གཙོ་མོ་ལ་ཐིམ་དེ་ཉིད་ཀྱང་། །འོད་ཞུ་རིལ་བུའི་རྣམ་པར་གྱུར། །བདག་གི་ཐུགས་སྲོག་འོད་ཟེར་གྱིས། །སྣོད་བཅུད་གདན་བཅས་རང་ལ་བསྡུ། །རང་ཡང་ཐུགས་སྲོག་ས་བོན་ལ། །རིམ་ཐིམ་ཐིག་ལེ་འོད་དམར་གྱིས། །མཆོག་ཐུན་དངོས་ཀུན་དབང་དུ་བྱས། །རྗེས་སྣང་སྤྲོས་བྲལ་དབྱིངས་སུ་བཞག །དེ་ལས་སླར་ཡང་སྐད་ཅིག་གིས། །རྗེ་བཙུན་འཇམ་དཔལ་སྐུར་གསལ་བའི། །གནས་གསུམ་འབྲུ་གསུམ་མཚན་པར་གྱུར། །ཞེས་མོས་ལ། མཐར། སེང་གེའི་སྒྲ་ཡིས་ཝ་རྣམས་སྐྲག་བྱེད་བཞིན། །ཉོན་མོངས་དུག་རྣམས་གཅོད་པའི་ཤེས་རབ་མཆོག །བདག་གིས་འཕགས་པ་འཇམ་དཔལ་སྒྲུབ་པའི་མཐུས། །འགྲོ་རྣམས་ཤེས་རབ་གྲུ་ཡིས་སྒྲོལ་བར་ཤོག །དགེ་བ་འདི་ཡིས་མྱུར་དུ་བདག །འཇམ་དཔལ་ཡབ་ཡུམ་འགྲུབ་གྱུར་སོགས། ཇི་ལྟར་རིགས་པའི་བསྔོ་སྨོན་གྱིས་མཐའ་བརྒྱན་པར་བྱའོ། །འདིའང་རིལ་བུ་སྒྲུབ་པའི་སྐབས་ཉེར་མཁོའི་སླད་དུ་ཡི་གེ་རྙིང་པ་དག་ལས་བཏུས་པ་དགེ །

འཇམ་དཔལ་དཀར་པོ་མ་ཏིའི་ལུགས་ཀྱི་བསྙེན་སྒྲུབ་ལས་གསུམ་གསལ་བར་བྱེད་པའི་ཡི་གེ་གཅེས་པར་བཏུས་པ་བློ་གྲོས་སྣང་སྟེར་ནོར་བུའི་སྒྲོན་མེ།

༄༅། །འཇམ་དཔལ་དཀར་པོ་མ་ཏིའི་ལུགས་ཀྱི་བསྙེན་སྒྲུབ་ལས་གསུམ་གསལ་བར་བྱེད་པའི་ཡི་གེ་གཅེས་པར་བཏུས་པ་བློ་གྲོས་སྣང་སྟེར་ནོར་བུའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །ༀ་སྭསྟི། བསོད་ནམས་གསེར་གྱི་ཤིང་རྟས་མངོན་མཐོ་རིག་བྱེད་པ་དང་ཤིས་བརྗོད་ཉན། །དཔལ་གྱི་མགྲིན་ཅན་པད་དཀར་མིག་དང་ཤེ་ཥ་འཁོར་ལོས་སྒྱུར་ལ་སོགས། །སྲིད་ན་ཆེ་དགུའི་མགོ་བོའི་ཐོད་དུ་བསྐལ་པ་བྱེ་བར་འཐོབ་དཀའ་བའི། །བླ་མ་མཆོག་དང་དབྱེར་མེད་ལྷག་པའི་ལྷ་ཡི་ཞབས་ཀྱི་པདྨོས་སྐྱོངས། །རྒྱལ་ཀུན་མཁྱེན་རབ་ཡེ་ཤེས་སྣང་བ་འབུམ། །གཅིག་བསྡུས་ཟླ་བ་བྱེ་བའི་མདངས་འཕྲོག་སྐུ། །དྲན་པས་སྙིང་གི་མུན་སེལ་མཉྫུ་ཤྲཱི། །ཡིད་ཀྱི་དཔལ་དུ་འབྲལ་བར་མ་གྱུར་ཅིག །ཀུན་རྨོངས་མུན་པའི་འཁྲི་ཤིང་བསྙིལ་བ་དང་། །ཕུལ་བྱུང་བློ་གྲོས་སྣང་བ་ཐོབ་འདོད་ལ། །མཆོག་སྟེར་གདམས་ཟབ་ནོར་བུའི་སྒྲོན་མེ་ཆེ། །ལྷག་བསམ་རྒྱལ་མཚན་རྩེ་མོར་མཆོད་འདིའོ། །དེ་ལ་འདིར་འཕགས་བོད་གཉིས་ན་མཚན་ཉི་ཟླ་ལྟར་ཡོངས་སུ་གྲགས་པའི་གྲུབ་པའི་སློབ་དཔོན་ཆེན་པོ་སྒེག་པ་རྡོ་རྗེའི་ཞལ་སྔ་ནས་འོངས་པའི་གདམས་པ་ཟབ་མོ་འདི་ཉིད་འཆད་པ་ལ་དོན་གཉིས་ཏེ། ཡིད་ཆེས་ཤིང་ཁུངས་བཙུན་པར་བྱ་བའི་སླད་དུ་ལོ་རྒྱུས་དང་། ལོ་རྒྱུས་དེ་ལྡན་གྱི་གདམས་ངག་དངོས་སོ། །དང་པོ་ནི་རྒྱལ་བ་རྡོ་རྗེ་འཆང་གིས་གདུལ་བྱ་དབང་པོ་རྣོན་པོའི་དོན་དུ་གསུངས་པའི་སྔགས་ཀྱི་རྒྱུད་སྡེ་རྒྱ་མཚོ་ལྟ་བུ་ཞིག་བཞུགས་པའི་ནང་ནས། རྗེ་བཙུན་ས་སྐྱ་པ་ཡབ་སྲས་རྣམས་ཀྱི་བཞེད་པས། བྱ་བ་དང་། སྤྱོད་པ་དང་། རྣལ་འབྱོར་གྱི་རྒྱུད་རྣམས་ལ་མ་བརྟེན་ཀྱང་འགྲུབ་པའི་གསང་སྔགས་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས། རྣལ་འབྱོར་གྱི་རྒྱུད་དང་མཐུན་པར་གསུངས་པར་བཞེད་ཅིང་། གཙོ་བོར་ཡེ་ཤེས་གཞུག་པ་མ་བསྟན་པའི་ཕྱིར་སྤྱོད་རྒྱུད་དེ་བཞིན་གཤེགས་པའི་རིགས་སུ་གཏོགས་ཤིང་། ལྷའི་ངོ་བོ་ཙམ་གྱི་སྒོ་ནས་བྱ་རྒྱུད་དེ་བཞིན་གཤེགས་པའི་རིགས་ཀྱི་འཁོར་ལོས་སྒྱུར་བར་བཞག་ཀྱང་མི་འགལ་བ་འཇམ་དཔལ་དཔའ་བོ་གཅིག་པུ་གྲུབ་པ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལ་བརྟེན་ནས་བཀྲལ་བ་སྟེ། སྔོན་འཕགས་ཡུལ་དུ་སློབ་དཔོན་ཛེ་ཏཱ་རི་དགྲ་ལས་རྣམ་པར་རྒྱལ་བ་ཞེས་བྱ་བ་དེས་འཕགས་པ་འཇམ་དཔལ་དངོས་སུ་གྲུབ་ཅིང་དངོས་གྲུབ་ཐོབ་པ་ལས། ལན་གཅིག་འཕགས་པའི་ཞལ་ནས། ཁྱོད་ཀྱིས་ད་སྟེ་ལོ་བཅུ་ལས་མི་ཐུབ་པས་སྣོད་དང་ལྡན་པའི་བུ་གཅིག་ཚོལ་ལ་ངའི་ཆོས་འདི་སྟོན་ཅིག་གསུངས་ནས་ལུང་བསྟན། དེར་སློབ་དཔོན་གྱིས་རྫུ་འཕྲུལ་གྱིས་ནམ་མཁའི་ལམ་ནས་ཕྱོགས་ཀུན་བསྐོར་ཏེ་སྣོད་ལྡན་བཙལ་བས་མ་རྙེད། མཐར་མ་ག་ངྷཱའི་ཡུལ་ན་མ་ཧེའི་རྫི་བོ་རྒས་ཤིང་འཁོགས་པ་འཚོ་བ་དང་བྲལ་བ་གཅིག་སྣོད་ལྡན་དུ་གཟིགས་ནས་དེར་བྱོན་ཏེ་ལས་འདི་ཞོག་ལ་ཆོས་སྒོར་ཞུགས་ཤིག་གསུངས་པས། དེ་ན་རེ་བདག་རྒས་ཤིང་འཚོ་བ་ཡང་མེད་ཡི་གེའང་མི་ཤེས་པས་ཚེ་ཕྱི་མ་ལ་རྗེས་སུ་བཟུང་འཚལ་ཞུས་པས། དེར་སློབ་དཔོན་གྱིས་ཐབས་ཡོད་གསུངས་ནས་སྒྲུབ་ཐབས་འདི་གནང་ཞིང་སྒྲུབ་ཏུ་སྩལ་པས་ཞག་ལྔ་ནས་ཆོས་ཐམས་ཅད་རང་ཤེས་སུ་གྱུར་ཏེ་པཎྜི་ཏ་མ་ཏི་ཞེས་བྱ་བར་གྲགས་སོ། །དེར་སློབ་དཔོན་གྱིས་འཇམ་དཔལ་ཞི་ཁྲོའི་དཀྱིལ་འཁོར་དུ་དབང་བསྐུར་ཏེ་གསང་མཚན་སྒེག་པའི་རྡོ་རྗེ་ཞེས་བཏགས། ནཱ་ལེནྡྲར་རབ་ཏུ་བྱུང་བའི་མཚན་བྱང་ཆུབ་མཆོག་གི་སྐལ་བ་ཅན་ཞེས་གྲགས། ནོར་བུ་གླིང་དུ་འཁྲུངས་པས་ནོར་བུ་གླིང་པར་ཡང་གྲགས། སློབ་དཔོན་དེས་རང་གི་སློབ་དཔོན་གྱི་དྲུང་དུ་བྱོན་ནས་ཕྱག་བྱས། བདག་སློབ་དཔོན་གྱིས་རྗེས་སུ་བཟུང་བས་མཁས་པར་གྱུར་ཀྱང་ད་རྒས་པས་བཤད་པ་མི་ཁོམ་སྒྲུབ་པ་བྱེད་པར་ཞུ་བྱས་པས། སློབ་དཔོན་གྱི་ཞལ་ནས་ཁྱོད་རང་ལ་ཚེའི་ལྷག་མ་ལོ་བཅུ་ཡོད་པ་དང་། ང་ལ་ཡི་དམ་ལྷས་ལུང་བསྟན་པའི་ལོ་བཅུ་ལས་གཉིས་འདས་ད་བརྒྱད་ཡོད་པ་ཁྱོད་ལ་སྦྱིན་པར་བྱ། དེ་བར་དུ་འགྲོ་དོན་གྱིས། དེ་ནས་ཡི་དམ་ལ་གསོལ་བ་ཐོབ་དང་ཚེ་ཉི་ཟླ་དང་མཉམ་པ་ཡང་སྲིད་གསུངས་ཏེ་མཁའ་སྤྱོད་དུ་གཤེགས་སོ། །དེ་ལྟ་བུའི་སློབ་དཔོན་དེས་འཕགས་པ་འཇམ་དཔལ་བསྒྲུབ་པའི་ཚེ་བྲིས་སྐུའི་ཞལ་ནས་འོད་བྱུང་སྟེ། ཡུན་རིང་སྣང་བར་བྱས་པས་ཉི་མ་དང་འདྲ་བ་ཞེས་བྱའི་མཚན་གསོལ། ལོག་པར་ལྟ་བ་འགའ་ཞིག་བཀྲོང་དུ་འོང་བར་གླང་པོ་དང་རྟ་དང་བུ་མོ་ལ་སོགས་གཟུགས་སྣ་ཚོགས་སུ་བསྒྱུར་བས་ངོ་མ་ཤེས་པར་ཕྱིར་ལྡོག་པ་ལས་སྣ་ཚོགས་གཟུགས་ཅན་ཞེས་གྲགས། སྐུ་ཚེའི་སྨད་ལ་ཨོ་རྒྱན་གྱི་ཡུལ་ལ་སོགས་པར་འགྲོ་བའི་དོན་མཛད། མཐར་འཇའ་ལུས་རྡོ་རྗེའི་སྐུ་བརྙེས་སོ། །དེ་ལྟ་བུའི་པཎྜི་ཏ་དེས་ནོར་བུ་གླིང་པ་ཆུང་བ་ལ་གསུངས། དེས་འབྱུང་གནས་སྦས་པ་ལ། དེས་པཎ་ཆེན་ཤཱཀྱ་ཤྲཱི་ལ། དེས་ཁྲོ་ཕུ་ལོ་ཙཱ་བ་གནུབས་བྱམས་པའི་དཔལ་ལ་གནང་བ་ལས་རིམ་པར་བརྒྱུད་དེ། བསིལ་ལྡན་གྱི་ལྗོངས་ཙམ་ན་འགྲན་ཟླ་དང་བྲལ་བའི་མཁས་ཤིང་གྲུབ་པའི་དབང་ཕྱུག་རྒྱལ་བས་ལུང་བསྟན་ཀུན་མཁྱེན་བློ་གྲོས་མཐའ་ཡས་ཀྱི་ཞལ་སྔ་ནས་བཀའ་དྲིན་ཆེན་པོས་རྗེས་སུ་བཟུང་བའོ། །གཉིས་པ་གདམས་ངག་དངོས་ལ་གསུམ་སྟེ། དང་པོ་ལྷ་ཉེ་བར་བསྙེན་པའི་ཆོ་གབར་དུ་དངོས་གྲུབ་སྒྲུབ་པའི་ཚུལ། མཐར་ལས་སྦྱོར་གྱིས་རང་གཞན་རྣམས་འདོད་པའི་དོན་ལ་འགོད་པའི་ཆོ་ག་དང་གསུམ་ལས། དང་པོ་ནི། རྟེན་གྱི་གང་ཟག་འཁོར་བ་མཐའ་དག་སྡུག་བསྔལ་གྱི་རང་བཞིན་དུ་མཐོང་ནས་དེ་ལས་ཐར་འདོད་ཀྱི་བློ་བཅོས་མ་མ་ཡིན་པས། སོ་ཐར་རིགས་བདུན་གང་རུང་གིས་རྒྱུད་སྡོམ་པ། སེམས་ཅན་ཐམས་ཅད་ཕ་མར་ཤེས་པས་གནས་སྐབས་དང་མཐར་ཐུག་གི་བདེ་བ་ལ་འགོད་འདོད་ཀྱི་བསམ་པས་སྨོན་འཇུག་གི་སེམས་བསྐྱེད་ཐོབ་ལ་མ་ཉམས་པ། རྫོགས་པའི་བྱང་ཆུབ་དེའང་དུས་མྱུར་བར་ཐོབ་འདོད་ཀྱིས་རྡོ་རྗེ་ཐེག་པའི་སྨོན་བྱེད་མཚན་ཉིད་པ་ཐོབ་ཅིང་། དམ་ཚིག་དང་སྡོམ་པའི་ཀུན་སྤྱོད་ལ་ཚུལ་བཞིན་དུ་སློབ་པ་གཞིར་བཞག་སྟེ། ཁྱད་པར་དུ་འདིའི་རྗེས་སུ་གནང་བ་ཐོབ་ཅིང་མན་ངག་གི་གནད་ཤེས་པ། བླ་མ་དང་ལྷ་སྔགས་ལ་གུས་ཤིང་ཡིད་ཆེས་ཀྱི་ངེས་ཤེས་བརྟན་པོས་སྒྲུབ་པ་ལ་བརྩོན་པ། ཁྲུས་དང་གཙང་སྦྲའི་བརྟུལ་ཞུགས་ལ་གཙོ་བོར་གནས་པས། ཐོག་མར་མཚམས་ལ་འཇུག་པའི་སྔོན་དུ་སཙྪ་གདབ། ཆུ་གཏོར་བཏང་། ལམ་འཕྲང་སེལ། ཡིག་བརྒྱ་དང་མཚན་བརྗོད་འདོན་པ་སོགས་བསགས་སྦྱང་གི་དཔུང་བསྐྱེད་ནས། ཡར་ངོའི་གཟའ་སྐར་ཚེས་གྲངས་བཟང་པོའི་དུས། དབེན་ཞིང་ཉམས་དགའ་ལ་རང་དབང་འདུས་པའི་གནས་སུ་ཕྱི་ནང་གི་མཚམས་དམ་པོར་བཅད། གནས་ཁང་བྱི་དོར་དང་བཀོད་པས་ཡིད་འཕྲོག་པར་བརྒྱན། འཇམ་དཀར་གྱི་སྐུ་བྲིས་འབུར་གང་རིགས་ཡོད་ན་བཤམས། །མདུན་དུ་སྟེགས་གཙང་མར་དྲི་དང་བ་བྱུང་གིས་བྱུགས་པར། བསྡུ་ན་ཤ་ཆང་གི་དྲི་མ་མེད་པའི་ཟླུམ་གཏོར་ཐེབ་ཀྱུ་བཞིས་བསྐོར་བ་རྒྱན་ལྡན་དང་། དེའི་མདུན་དུ་ཉེར་སྤྱོད་རྣམས་སྦྲེང་ཚར་དུ་བཤམས། རྒྱས་པར་སྤྲོ་ན། རྡུལ་ཚོན་དཀར་པོས་པདྨ་འདབ་བརྒྱད་བྲི་བའམ། རས་བྲིས་བཀྲམ་པའི་སྟེང་དུ་འཇམ་དཔལ་གྱི་སྐུ་དང་མཚན་བརྗོད་ཀྱི་གླེགས་བམ་བཞུགས་སུ་གསོལ་བའི་མཐའ་བསྐོར་དུ། དབང་ལྡན་དུ་མཚམས་འཛིན་གྱི་མེ་ཏོག་ནས་བཟུང་སྟེ་ཆུ་གཉིས་ཉེར་སྤྱོད་ལྔ་དང་བཅས་པ་གཡས་བསྐོར་དུ་བཤམས། ཤར་དུ་དཀར་གཏོར་གཅིག་བཀོད་རང་གི་མདུན་དུ་རྡོ་རྗེ་དྲིལ་བུ། ནས་བཟེ། རིན་པོ་ཆེའི་མཎྜལ་འབྲུ་དང་དྲིའི་སྣོད་སོགས་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱའོ། །དེ་ནས་དངོས་གཞི་ཉམས་སུ་བླང་བའི་ཐོག་མར་བདེ་བའི་སྟན་ལ་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་འཁོད་ནས་ངེས་འབྱུང་གི་བློ་བཅོས་པ་སོགས་ཐུན་ལ་འཇུག་པའི་སྔོན་འགྲོའི་ཆོས་རྣམས་སྤྱི་ལྟར་ཉམས་སུ་བླང་རྗེས་གནས་ཡོ་མཆོད་རྫས་སོགས་བྱིན་གྱིས་རླབས། དེ་ནས་མདུན་གྱི་ནམ་མཁར་དཔག་བསམ་གྱི་ཤིང་ཡལ་ག་ལྔ་པའི་དབུས་མར་པད་ཟླའི་གདན་ལ་རྩ་བའི་བླ་མ་དང་རྗེ་བཙུན་འཇམ་དཔལ་དཀར་པོ་དབྱེར་མེད་པ་ལ་བརྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར་བ། མདུན་དུ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། གཡས་སུ་སངས་རྒྱས་ལོངས་སྤྲུལ་རྣམས། རྒྱབ་ཏུ་ཐེག་པ་ཆེ་ཆུང་གི་ཆོས་པུསྟི་བྲག་རི་བརྩེགས་པ་ལྟ་བུ། གཡོན་དུ་མཁའ་འགྲོ་ཆོས་སྲུང་ནོར་ལྷ་རྣམས་བཞུགས་པ། དེ་རྣམས་ཀྱི་མདུན་དུ་རང་གཞན་སེམས་ཅན་ཐམས་ཅད་འཁོད་དེ་བྱང་ཆུབ་མ་ཐོབ་ཀྱི་བར་དུ། ཅི་མཛད་ཁྱེད་མཁྱེན་སྙམ་པའི་རེ་ལྟོས་ལིང་བསྐྱུར་གྱི་འདུན་པ་ཕྱོགས་གཅིག་པས་སྐྱབས་སུ་འགྲོ་བར་མོས་ལ། སྐྱབས་འགྲོ་ཅི་ནུས་བྱ། ཚོགས་ཞིང་དེ་དག་དཔང་པོར་བྱས་ཏེ། འགྲོ་རྣམས་བསྒྲལ་འདོད་ཀྱི་བརྩེ་བ་དང་། བདག་མེད་རྟོགས་པའི་ཤེས་རབ་ཟུང་དུ་འཇུག་པའི་སྒོ་ནས་རྗེ་བཙུན་འཇམ་དཔལ་གྱི་ཡེ་ཤེས་ཀྱི་སྐུ་དུས་མྱུར་བ་ཉིད་དུ་བསྒྲུབ་པར་བགྱིའོ་སྙམ་པས་སེམས་བསྐྱེད། མཐར་སྐྱབས་ཡུལ་རྣམས་རྩ་བའི་བླ་མ་ལ་ཐིམ། དེ་ཉིད་རང་གཞན་སེམས་ཅན་ཐམས་ཅད་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམ་ལ་ཅུང་ཟད་མཉམ་པར་བཞག་རྗེས་ཚད་མེད་བཞི་བསྒོམས་པས་བསོད་ནམས་ཀྱི་ཚོགས་བསགས། སྐབས་འདིར་ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་ཀྱིས་མཛད་པའི་འཕགས་པ་བཞད་པའི་རོལ་གར་ལས་འབྱུང་བ་ལྟ་བུའི་ཡན་ལག་བདུན་འབུལ་བར་སྤྲོ་ན་སྦྱར། མ་གྲུབ་ཀྱང་གཞུང་རྩ་བར་མ་བཤད་པས་ཆད་སྐྱོན་དུ་མི་འགྱུར་རོ། །གང་ལྟར་ཡང་སྭ་བྷཱ་ཝའི་སྔགས་ཀྱིས་ཆོས་ཐམས་ཅད་སྤྲོས་བྲལ་ནམ་མཁའ་ལྟ་བུའི་རང་བཞིན་དུ་ཤེས་པས་ཡེ་ཤེས་ཀྱི་ཚོགས་བསགས་ཏེ། ཚོགས་གཉིས་ཀྱི་རང་འབྲས་སྐུ་དང་ཡེ་ཤེས་ཟུང་དུ་འཇུག་པའི་ངོ་བོ་རང་ཉིད་རྗེ་བཙུན་འཇམ་དཔལ་དབྱངས་སུ་བསྒོམ་པ་སྟེ། ངག་འདོན་ནི་རང་གཞན་གྱི་ཕྱོགས་ཀྱི་དམ་པ་སྔ་མ་རྣམས་ཀྱི་གསུང་གང་ལྟར་བྱས་ཀྱང་མི་འགལ་མོད། འདིར་རང་ལུགས་རྗེ་གཏེར་ཆེན་བླ་མས་སྒྲུབ་ཐབས་འདོད་བུམ་དུ་བསྩལ་པ་དང་། ཀུན་མཁྱེན་བརྩེ་བ་ཆེན་པོའི་གསུང་བདུད་རྩིའི་སྙིང་པོ་གང་རུང་བྱས་ན་གནས་སྐབས་ཀྱི་འཇུག་པ་བདེ་ཞིང་། རྒྱ་གཞུང་གི་དགོངས་པ་བཅོས་བསླད་དང་བྲལ་བ་ཡིན་པས་ཁྱད་པར་དུ་འཕགས་སོ། །དེ་ཡང་། སྟོང་ཉིད་དེའི་ངང་ལས་བྃ་ལས་འོ་མའི་རྒྱ་མཚོ་དཀར་ཞིང་དྭངས་ལ་དྲི་མ་མེད་པ། མཚོ་མཐའ་ནེའུ་གསིང་མེ་ཏོག་དང་འབྲས་བུའི་ནགས་ཚལ་འཁྲིགས་པ། གླང་ཆེན་ཐལ་དཀར་གྱི་ཁྱུ་ཚོགས་ཉེ་བར་རྒྱུ་བ། ལྷ་དང་དྲང་སྲོང་རིག་པ་འཛིན་པ་དུ་མས་གང་བ། མཚོ་སྟེང་རྣམས་མེ་ཏོག་སྣ་ཚོགས་པའི་དྲྭ་བས་ཁེབ་ཅིང་ཡིད་དུ་འོང་བའི་ཆུ་བྱ་སྐད་སྙན་པར་སྒྲོག་པ་དུ་མས་གང་བ། དེའི་དབུས་སུ་པཾ་ལྗང་སེར་ལས་པདྨའི་སྡོང་པོ་ཡལ་ག་དང་ལོ་མ་གསེར་ལས་བྱས་པ་རབ་ཏུ་རྒྱས་པའི་རྩེར་པདྨ་དཀར་པོ་འདབ་མ་སྟོང་དང་ལྡན་པ། ལྟེ་བ་ལྗང་སེར་གེ་སར་དམར་སེར་དུ་ཡོད་པའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་ཉ་གང་བ། དེའི་སྟེང་དུ་རང་སེམས་ཨ་ཡིག་དཀར་པོ། དེ་ལས་དཔག་ཏུ་མེད་པའི་འོད་འཕྲོས། འཕགས་པ་རྣམས་མཆོད། སེམས་ཅན་རྣམས་ཀྱི་མི་ཤེས་པའི་མུན་པ་བསལ། ཤེས་རབ་ཀྱི་སྣང་བ་ལ་བཀོད། འོད་ཟེར་ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་རྗེ་བཙུན་འཇམ་དཔལ་དབྱངས་སྐུ་མདོག་སྟོན་ཟླ་ལྟར་དཀར་བ། ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་མཆོག་སྦྱིན་དང་། གཡོན་པའི་མཐེབ་སྲིན་གྱིས་མེ་ཏོག་ཨུཏྤལ་ལའི་སྡོང་བུའི་རྩ་བ་ཐུགས་ཀར་བཟུང་བའི་འདབ་མ་སྙན་གྱི་ཐད་ཀར་ཁ་བྱེ་བའི་སྟེང་ན་ཤེར་ཕྱིན་སྟོང་ཕྲག་བརྒྱ་བའི་གླེགས་བམ་ཅན། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་ཤིང་དབུ་སྐྲ་རལ་པའི་ཟུར་ཕུད་ལྔ་དང་ལྡན་པའི་རྩེ་མོར་ཡིད་བཞིན་གྱི་ནོར་བུ་འོད་འབར་བའི་ཏོག་དང་སྙན་གོང་དུ་ཨུཏྤལ་གྱིས་བརྒྱན་པ། དར་དཀར་གྱི་ན་བཟའ་དང་། རིན་པོ་ཆེའི་སྙན་ཤལ་དང་། མགུལ་རྒྱན་དང་། དཔུང་རྒྱན་དང་། ཕྱག་གདུབ་དང་། ཞབས་གདུབ་དང་། སྐ་རགས་དང་། དོ་ཤལ་བཟང་པོས་མཛེས་པར་བརྒྱན་ཞིང་སིལ་སིལ་གྱི་སྒྲ་སྙན་པར་སྒྲོགས་པ། བཅུ་དྲུག་ལོན་པའི་ལང་ཚོ་ཅན་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བརྒྱད་ཅུས་སྤྲས་པ། སྐུ་ལས་ཡེ་ཤེས་ཀྱི་འོད་ཟེར་མུ་མེད་པ་འཕྲོ་བའི་བདག་ཉིད་དུ་བསྒོམ། དེའང་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་རང་མདངས་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་ཡེ་ཤེས་ཀྱི་སྐུར་ཤར་བའི་ངེས་པ་བརྟན་པོས་སེམས་བྱིང་རྒོད་ཀྱི་དབང་དུ་མི་གཏོང་བར་ལྷ་སྐུའི་གསལ་སྣང་ལ་སེམས་རྩེ་གཅིག་ཏུ་འཛིན་པ་ནི་ལམ་གྱི་གཙོ་བོ་ཡིན་ནོ། །ཡིག་ཆ་ཕྱི་མ་རྣམས་སུ་ལྷ་སྐུ་ཡན་ལག་བཞི་རྫོགས་སུ་བསྒོམ་པ་དང་། ཕྱག་གཡས་ན་པད་དཀར་གྱི་སྟེང་དུ་རལ་གྲི་བསྒོམ་པ་སོགས་འབྱུང་མོད། རྩ་བའི་རྒྱུད་དང་རྒྱ་གཞུང་གི་དངོས་བསྟན་ཡི་གེ་རྙིང་པ་རྣམས་ཀྱི་དགོངས་པ་ནི་འདི་ཁོ་ནའོ། །དེས་སྐྱོན་བཟླས་པ་བྱ་སྟེ། བཟླས་པའི་ཐོག་མར་ངག་དང་ཕྲེང་བ་བྱིན་རླབས་སྤྱི་ལྟར་བྱས་རྗེས། རང་གི་སྙིང་རྩེ་མོ་གྱེན་བསྟན་པདྨ་འདབ་བརྒྱད་ཁ་འབུས་ཀྱི་རྣམ་པར་བྱེ་བའི་དབུས་སུ་འཁོར་ལོ་དཀར་པོ་རྩིབས་དྲུག་རྩེ་མོ་རྣོ་བའི་ལྟེ་བར་ཟླ་བ་ལ་ཨ་རྩིབས་དྲུག་ལ་མདུན་ནས་གཡས་བསྐོར་གྱིས་ༀ་ཝཱ་ཀྱེ་དཾ་ན་མ་ཞེས་པའི་ཡིག་འབྲུ་དྲུག་འཁོར་ལོ་ལ་མ་རེག་པར་གནས་པར་གསལ་བཏབ་ལ། ཡིག་འབྲུ་རྣམས་བཀླག་པའི་ཚུལ་གྱིས་ཐོག་མར་ཅུང་ཟད་བཟླ། དེའང་ༀ་ཝག་ཡེ་དཾ་ན་མ་ལྟ་བུར་བཀླགདེར་དམིགས་པ་ཟིན་པ་ན། འཁོར་ལོའི་ལྟེ་བ་དང་ས་བོན་མི་འགུལ་བར། འཁོར་ལོ་གཡས་དང་ཡིག་འབྲུ་རྣམས་གཡོན་དུ་འཁོར་བའི་སྔགས་ཀྱི་སྒྲ་གདངས་དང་འོད་ཟེར་གྱིས་སྡིག་སྒྲིབ་དང་སྙིང་གི་མུན་པ་མ་ལུས་སངས་སངས་དག་པར་མོས་ལ་གསང་སྔགས་ཉིད་བཟླས་པའི་སྐྱོན་གྱིས་མ་གོས་པར་ཅི་ནུས་སུ་བཟླ། དེ་ཡང་འཁོར་ལོ་དང་ཡིག་འབྲུ་རྣམས་ལས་འོད་ཟེར་མཐའ་ཡས་པ་འཕྲོ་བར་མོས་པ་ཤེས་རབ་ཆེ་བའི་གནད། འཁོར་ལོ་དང་ཡིག་འབྲུ་གསལ་ཞིང་མ་འདྲེས་པ་ཁ་དོག་དཀར་བས་ཤེས་རབ་གསལ་བའི་གནད། འཁོར་ལོ་མགྱོགས་པར་འཁོར་བས་ཤེས་རབ་མྱུར་བའི་གནད། རལ་གྲིའི་འཁོར་ལོ་རྩེ་མོ་བསྲབ་ཅིང་རྣོ་བར་བསྒོམ་པ་ཤེས་རབ་ཟབ་པའི་གནད་དོ། །དེའི་ཚེ་དམིགས་པ་གཅིག་ཁོ་ནས་སྐྱོ་ན། རེས་ལྷ་སྐུའི་ཆ་ཤས་སྤྱི་བྱེ་བྲག་ལ་སེམས་བཟུང་། རེས་སྔགས་ཀྱི་སྒྲ་ལ་ཡིད་གཏད། རེས་ཐུགས་ཀའི་འཁོར་ལོ་ལ་སེམས་འཛིན། རེས་ཟླ་བ་ལྟར་འཚེར་བའི་འོད་ཀྱིས་ཁམས་གསུམ་གྱི་རྨོངས་པ་བསལ། ཤེས་རབ་ཀྱི་སྣང་བ་སྤེལ། སྲས་བཅས་རྒྱལ་བའི་བྱིན་རླབས་བསྡུས་ཏེ་ལྷ་སྔགས་ལ་ཐིམ་པས་གཟི་བྱིན་བསྐྱེད་པར་བསམ། རེས་སེམས་ཀྱི་གནས་ལུགས་བརྗོད་བྲལ་གྱི་ངང་དུ་ངལ་གསོ། མདོར་ན་ཐ་མལ་གྱི་རྣམ་པར་རྟོག་པའི་གཞན་དབང་དུ་མ་སོང་བར་བྱ་ཞིང་བསམ་པ་བཟང་བ་སྔགས་དག་པ་ཡིད་ཆེས་པ་གསུམ་ཡང་གལ་ཆེ་བར་གསུངས་སོ། །ཐུན་མཐར་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་རྣམས་གསུམ་གསུམ་བརྗོད་པས་སྔགས་ལྷག་ཆད་ཀྱི་ཉེས་པ་བསལ་ཞིང་ནུས་པ་བརྟན་པར་བྱས་རྗེས། ཨརྒྷཾ་སོགས་ཀྱིས་མཆོད། མཎྜལ་ཚོམ་བུ་བདུན་པ་བཤམས་པ་ཉིད། འཛམ་བུ་གླིང་དང་གླིང་གཞན་རྣམས། །ནོར་བུ་རིན་ཆེན་གྱིས་བཀང་སྟེ། །སྟོང་གསུམ་ལ་སོགས་མ་ལུས་པ། །ཞུམ་པ་མེད་པར་བྱས་ཏེ་འབུལ། །ཞེས་བརྗོད་ལ་འབུལ། བསྟོད་པ་ནི་མཚན་བརྗོད་དམ་མ་ཏིས་མཛད་པའི་བསྟོད་པ་ཡོངས་རྫོགས་ཀྱིས་བསྟོད། བསྡུ་ན་ངོ་བོ་མ་ནོར་སོགས་ཚིགས་བཅད་གཅིག་དང་། འཇམ་དབྱངས་མགོན་ཁྱོད་གུས་པས་རྗེས་དྲན་ཏེ། །སོགས་ཚིགས་བཞིའི་མཐར། བཅོམ་ལྡན་འདས་འཇམ་དཔལ་དབྱངས་ཀྱིས་བདག་ལ་ཤེས་རབ་ཕུན་སུམ་ཚོགས་པ་སྩལ་དུ་གསོལ། ཞེས་བསྟོད་ཅིང་གསོལ་བ་བཏབ། འདི་སྒྲུབ་པ་ལ་སོགས་ཀྱིས་དགེ་བ་བྱང་ཆུབ་ཏུ་བསྔོས་ནས་ཐུན་མཚམས་ལ་འཇུགའདིའི་མཆོད་བསྟོད་ནི་བདག་བསྐྱེད་ཉིད་ལ་ཡིན་གྱི། མདུན་གྱི་མནྜལ་ལ་བདག་བསྐྱེད་བཀོད་པ་ལ་མཆོད་པ་ནི་མི་ལེགས་ཏེ་བདག་བསྐྱེད་ལ་ཡེ་ཤེས་པ་སྤྱན་འདྲེན་མེད་པའི་ཕྱིར་རོ་ཞེས་མཁས་པ་དག་གསུང་ངོ་ཞེས་རྗེ་གཏེར་ཆེན་བླ་མ་བཞེད། དེ་ལྟ་བུའི་ཚུལ་གྱིས་ཐུན་བཞིར་བཅད་པའི་སྔ་དགོངས་སོགས་གང་ཡང་རུང་བའི་ཐུན་མཐར་གཏོར་མ་འབུལ་ན། གཏོར་མ་དཀར་ཟླུམ་ལ་ཆབ་གཙང་གིས་བྲན། ཨ་ཀཱ་རོ་ལན་གསུམ་གྱིས་བྱིན་གྱིས་བརླབས། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རྗེ་བཙུན་འཇམ་པའི་དབྱངས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་ༀ་བཛྲ་ས་མཱ་ཛཿསྤྱན་དྲངས། པདྨ་ཀ་མ་ལཱ་ཡ་སྟཱཾ། གྱིས་གདན་འབུལ། ན་མཿསརྦ་ཏ་ཐཱ་ག་ཏ་ཨརྱ་མཉྫུ་ཤྲཱི་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་བདུན་ནམ་གསུམ་གྱིས་གཏོར་མ་འབུལ། སྔར་བཞིན་མཆོད་བསྟོད་གསོལ་གདབ། ནོངས་བཤགས་རྟེན་ཡོད་ན་བརྟན་བཞུགས། མེད་ན་རང་བཞིན་གྱི་གནས་སུ་གཤེགས། ཐུན་མཚམས་ཐམས་ཅད་དུ་ཡི་དམ་གྱི་ང་རྒྱལ་དང་མ་བྲལ་བའི་ངང་པཎྜི་ཏ་མ་ཏིས། ཕ་རོལ་ཕྱིན་དང་བསྐོར་བ་མང་པོ་དང་། །མཚན་ནས་བརྗོད་དང་བསྟོད་པ་མང་པོས་བསྟོད། །མཎྜལ་འབུལ་ཞིང་གསོལ་བ་བཏབ་པར་བྱ། །འདིས་ནི་མྱུར་དུ་འགྲུབ་པར་འགྱུར་པ་ཡིན། །ཞེས་གསུངས་པའི་དོན་ཉམས་སུ་ལེན་པ་ནི། བྲིས་སྐུའི་མདུན་དུ་མཎྜལ་ཚོམ་བུ་བདུན་མ་བཤམས། རང་གི་མདུན་དུ་རིན་པོ་ཆེའི་སྣོད་མེ་ཏོག་དཀར་པོ་སིལ་མས་བཀང་བ་བཞག་སྟེ། མཎྜལ་ཚོམ་བུ་བདུན་མ་སྤྱི་ལྟར་གྱི། མ་ཚང་བ་མེད་པ་འདི་ཉིད་ཞེས་པའི་མཚམས་བླ་མ་རྗེ་བཙུན་འཇམ་པའི་དབྱངས་ལ་འབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། བཞེས་ནས་བདག་དང་སེམས་ཅན་ཐམས་ཅད་ཀྱི་མ་རིག་པའི་མུན་པ་ཐམས་ཅད་བྱང་ཞིང་དག་པ་དང་། བདག་མེད་རྟོགས་པའི་ཤེས་རབ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སོགས་འདོད་པའི་དོན་ལ་གསོལ་བ་གདབ་ཅིང་མེ་ཏོག་འཐོར། བྲིས་སྐུ་ལ་ལྷ་དངོས་ཀྱི་འདུ་ཤེས་བྱ། སྤྲོ་ན་མཎྜལ་སོ་བདུན་མའང་འབུལ། མཚན་ཡང་དག་པར་བརྗོད་པ་དང་། གཞན་ཡང་པཎྜི་ཏ་མ་ཏིས་མཛད་པའི་བསྟོད་པ་དང་། སློབ་དཔོན་ཙཎྜ་གོ་མཱིས་མཛད་པའི་བསྟོད་པ་སོགས་ཀྱིས་བསྟོད་ཅིང་གསོལ་བ་གདབ། ཆོས་ཐམས་ཅད་དེ་ཁོ་ན་ཉིད་སྤྲོས་བྲལ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དོན་དམ་པའི་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ངེས་ཤེས་བསྐྱེད་དེ། སྡུད་པ་ཚིགས་སུ་བཅད་པ་སོགས་ཀློག །དགེ་བའི་རྩ་བ་བྱང་ཆུབ་དུ་བསྔོ་ཞིང་སྨོན་ལམ་གྱིས་རྒྱས་གདབ། དེ་ལྟ་བུའི་རིམ་པས་གྲངས་དང་། དུས་དང་། རྟགས་ཀྱི་བསྙེན་པ་མཐར་ཕྱིན་པར་བྱ་སྟེ། དེ་ཡང་གྲངས་ནི་རྒྱུད་ལས། སྔོན་དུ་བསྙེན་པའི་ཆོ་ག་ཡི་གེ་འབུམ་བཟླས་ན་སྔགས་ཀྱི་རྒྱལ་པོ་འགྲུབ་པར་འགྱུར་རོ། །ཞེས་དང་། པཎྜི་ཏ་མ་ཏིས། ཟླ་བ་གཅིག་གིས་བློ་འཕེལ་རིག་པ་འཛིན། ཞེས་གསུང་པའི་དོན། ཟླ་བ་གཅིག་ཏུ་ཐུན་བཞིའི་རིམ་པས་ཐུན་རེར་བཟླས་པ་སྟོང་ཕྲག་ལྔ་རེ་བཟླས་པས། འབྲུ་འབུམ་སྟེ་འབུམ་ཕྲག་དྲུག་འགྲོ་ཞིང་དངོས་གྲུབ་ཀྱི་མཚན་མའང་ཐོབ་པར་འགྱུར་རོ། །དུས་ནི་སྙིགས་མའི་དབང་གིས་གྲངས་བསྙེན་ལན་གཅིག་ཙམ་གྱིས་རྟགས་མ་བྱུང་ན། སྔོན་གྱི་བསྙེན་པ་ཟླ་བ་གཅིག་དང་བཅས་པའི་སྒྲུབ་པ་ལན་དྲུག་ཏུ་སྦྱར་ཏེ། ཟླ་བ་དྲུག་ཏུ་བསྒོམ་བཟླས་བྱས་པས་བསྙེན་པ་འབུམ་ཕྲག་སུམ་ཅུ་རྩ་དྲུག་སོང་བ་ན་ངེས་པར་འགྲུབ་པར་འགྱུར་ཏེ། རྒྱུད་ལས། ཟླ་བ་དྲུག་གི་མན་ངག་གིས་ངག་གི་དབང་ཕྱུག་འགྲུབ་པར་བྱེད་དོ། །ཞེས་གསུངས། རྟགས་ནི་རབ་དངོས་སུ་བཅོམ་ལྡན་འདས་ཀྱི་ཞལ་མཇལ་བ་དང་། གསུང་ཐོས་པ་དང་། འབྲིང་ཉམས་ཀྱི་སྣང་བར་རྗེས་སུ་བཟུང་བ། ཐ་མའང་རྨི་ལམ་དུ་བཅོམ་ལྡན་འདས་ཀྱི་སྐུ་མཐོང་བ་དང་། གཞོན་ནུ་གོས་དཀར་ཅན་གྱི་པུསྟི། མཚོན་ཆ། ཤེལ་ཕྲེང་། འོ་ཐུག་སོགས་སྟེར་བ། ཉི་ཟླ་ཤར་བ། སྒྲོན་མེ་སྦར་བ། མེ་ཏོག་རྒྱས་པའི་དགའ་ཚལ་དུ་ཕྱིན་པ་སོགས་དགེ་ཞིང་ཤིས་པའི་མཚན་མ་འབྱུང་བ་དང་། དངོས་སུ་འཆད་རྩོད་རྩོམ་གསུམ་དང་། གཞུང་འཛིན་པ་སོགས་ལ་སྔར་ལས་བློ་གྲོས་ཀྱི་འཇུག་པ་གསལ་བ་སོགས་འབྱུང་ངོ་། །དེ་ལྟར་བསྙེན་པ་གསུམ་པོ་གང་རུང་གྲུབ་ནས་འོག་ཏུ་བཤད་པའི་དངོས་གྲུབ་སྒྲུབ་པའི་ཚུལ་ལ་འཇུག་པའམ་རེ་ཞིག་མི་ནུས་ན་གསང་སྔགས་ཀྱི་ནུས་པ་འབྱིན་བྱེད་སྦྱིན་སྲེག་དང་བཅས་པ་གྲུབ་ནས་རིམ་གྱིས་མཚམས་གྲོལ་བ་སོགས་སྤྱི་ལྟར་རོ། །གཉིས་པ་བར་དུ་དངོས་གྲུབ་སྒྲུབ་པའི་ཆོ་ག་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་སྦྱོར་བ་ནི། ཇི་སྐད་བཤད་པའི་བསྙེན་པ་སྔོན་དུ་སོང་ནས་ཐོག་མར་བྲིས་སྐུ་འབྲི་བར་བྱ་སྟེ་གནས་དབེན་ཞིང་ཡིད་དང་མཐུན་པ་གཙང་སྦྲ་དང་ལྡན་པར་མཚམས་བསྡམས་ཏེ། ལྷ་བཟོ་བ་གསོ་སྦྱོང་དང་ལྡན་པས་འཇམ་དཔལ་རྩ་བའི་རྒྱུད་ཀྱི་ལས་ཀྱི་ཆོ་གའི་ལེའུ་ལས་རས་བྲིས་བདུན་བཤད་པའི་བདུན་པ་འདི་ཉིད་འབྲི་བར་བྱ་སྟེ། རྒྱལ་ཕུར་འགྲུབ་སྦྱོར་སོགས་གཟའ་སྐར་སྦྱོར་བྱེད་བཟང་པོ་ལ། རས་དཀར་པོ་སྐྲ་མེད་པ་ཁ་ཚར་མ་ཉམས་པ་ལ་སྤྱིན་སོགས་མི་གཙང་བ་མ་འདྲེས་པར། ཟར་ཁུ་ལ་སོགས་པས་རས་འདུལ་ལེགས་པར་བྱས་ལ། ཚོན་མ་འདྲེས་པར། མཐའ་ཐམས་ཅད་རྩི་ཤིང་རྒྱས་པའི་རི་བོས་བསྐོར་བ་སོགས་ཞིང་གི་བཀོད་པ་ཕུན་སུམ་ཚོགས་པའི་དབུས་སུ། འོག་ཏུ་བདུད་རྩི་འོ་མའི་རྒྱ་མཚོ་ལ་མེ་ཏོག་སྣ་ཚོགས་པ་དག་གིས་ཁྱབ་པར། ངང་ངུར་ལ་སོགས་པའི་ཆུ་བྱས་བརྒྱན་པའི་འགྲམ་དུ་ནེའུ་གསེང་ལ་གླང་པོ་ཆེ་ཐལ་དཀར་གྱི་ཚོགས་གནས་པ། མཚོའི་དབུས་ན་པདྨའི་སྡོང་པོ་ཡལ་ག་ལོ་མ་གསེར་ལས་བྱས་པའི་རྩེ་མོར་པདྨ་དཀར་པོ་ཆེས་ཡངས་པའི་ལྟེ་བ་ལྗང་སེར་མཐོ་བའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ལ་འཕགས་པ་འཇམ་དཔལ་སྟོན་ཟླ་ལྟར་དཀར་བ། གཡས་མཆོག་སྦྱིན། གཡོན་ཐུགས་ཀར་ཆོས་འཆད་ཀྱི་ཕྱག་རྒྱས་ཨུཏྤ་ལའི་སྡོང་བུ་འཛིན་པའི་མེ་ཏོག་སྙན་གྱི་ཐད་སོར་ཁ་བྱེ་བའི་སྟེང་དུ་པུསྟི་བཞག་པ་འཛིན་པ། རལ་པའི་ཐོར་ཚུགས་ཟུར་ཕུད་ལྔ་དང་ལྡན་པ། གཞོན་ནུ་ལང་ཚོ་རྒྱས་པ། དར་དམར་པོའི་ཤམ་ཐབས་ཅན། བླ་གོས་འཕྲག་པར་གཟར་བ་སྐྱིལ་མོ་ཀྲུང་གིས་བཞུགས་པ། པད་སྡོང་གི་ཡལ་ག་ལས་ཐོན་པའི་གཡས་གཡོན་དུ་པདྨ་དཀར་པོ་ཟླ་བ་དང་བཅས་པ་གཉིས་ཀྱི་སྟེང་དུ་གཡས་སུ་ཀུན་ཏུ་བཟང་པོ་པྲི་ཡང་ཀུ་ལྟར་སྔོ་བསངས། གཡས་རྔ་ཡབ་དཀར་པོ་ནོར་བུའི་ཡུ་བ་ཅན་གཡོབ་ཅིང་། གཡོན་རིན་པོ་ཆེ་བསྣམས་པ། གཡོན་དུ་སྤྱན་རས་གཟིགས་དཀར་པོ་གཡས་རྔ་ཡབ་གསེར་གྱི་ཡུ་བ་ཅན་དང་། གཡོན་པདྨ་དཀར་པོ་བསྣམས་པ། གཉིས་ཀ་ཞི་བ་འཇམ་དཔལ་ལ་བལྟ་བ། འཇམ་དཔལ་ལས་ཆུང་བ། ན་བཟའ་སྔོན་པོ་གསོལ་བ། རིན་པོ་ཆེའི་ཅོད་པཎ་དང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། མུ་ཏིག་དང་རིན་པོ་ཆེའི་མཆོད་ཕྱིར་ཐོག་བྱས་པ། སྟེང་དུ་ལྷའི་བུ་གཉིས་ཀྱིས་ཕྲེང་བ་འཛིན་པ། སྤྲིན་སྦུབས་ལས་བྱུང་བ། འོག་ཏུ་རྡོ་ལེབ་ལ་སྒྲུབ་པ་པོ་དབྱིབས་ཆ་ལུགས་ཇི་ལྟ་བ་སྤོས་ཕོར་ཐོགས་པ། གཙོ་བོའི་ཕྱག་མཆོག་སྦྱིན་གྱི་འོག་ཏུ་འཁོད་ནས་བཅོམ་ལྡན་འདས་ལ་ལྟ་བར་འབྲི། བྲིས་ཟིན་མ་ཐགརས་བྲིས་ཤར་དུ་དགྲམ། མཆོད་པ་རྒྱ་ཆེན་པོ་བཤམས། ལྷར་བསྐྱེད་མཆོད་བསྟོད་སྤྱན་དབྱེ་བྱ། བརྟན་བཞུགས་ཀྱི་མེ་ཏོག་འཐོར་ཞིང་ཤིས་པ་བརྗོད་དོ། །ཉི་མ་གཅིག་ལ་སྐུ་འབྲི་བ་ནས་བཟུང་སྟེ་རབ་གནས་དང་བཅས་པའི་བར་གྲུབ་ན་ལེགས་སོ། །གཉིས་པ་སྒྲུབ་པ་དངོས་ནི། ཡོད་ན་སྐུ་གདུང་དང་བཅས་པའི་མཆོད་རྟེན་ཀྱང་བཤམས། སྔར་གྱི་བྲིས་སྐུ་དེ་ཤར་ཕྱོགས་སུ་བཀྲམ། དེའི་མདུན་དུ་བ་བྱུང་གིས་བྱུགས་པའི་མཎྜ་ལར་རི་གླིང་སོགས་ཀྱི་ཚོམ་བུ་སོ་བདུན་མ་བཀོད། དེའི་མདུན་དུ་མཆོད་པ་ལྔ། དཀར་གསུམ་གྱི་གཏོར་མ་གཅིག་རྣམས་རྒྱ་ཆེ་བར་བཤམས། བགེགས་བསྐྲད་གཞི་བདག་ལ་གཏོར་མ་བཏང་བར་བཤད་པས་ཆ་གསུམ་ཡིད་ཆེས་ངེས་ཤེས་པ་བཏང་བས་འཐུས། གནས་ཁང་རྟེན་མཆོད་རྣམས་གུ་གུལ་གྱིས་བདུགརང་གོས་གསར་པ་གོན་ཞིང་{བཀོན་ཅིང}། བྱུང་ན་ཐེག་པ་ཆེན་པོའི་གསོ་སྦྱོང་བླང་། དེ་མ་གྲུབ་ནའང་དཀར་གསུམ་ལ་སོགས་པ་བཟའ། རྟེན་ལ་ཁ་ཕྱོགས་པར་འདུགརྣམ་པ་ཀུན་ཏུ་ཁྲུས་དང་གཙང་སྦྲ་གལ་ཆེ། གྲིབ་ལ་འཛེམ། བདག་བསྐྱེད་སྐྱབས་འགྲོ་ནས་བཟུང་སྟེ་བཟླས་པ་དང་། མཐར་མཆོད་བསྟོད་འདོད་དོན་གསོལ་བཏབ་ཀྱི་བར་སྔར་བསྙེན་པ་བཞིན་བྱ། སྐབས་འདིར་མཆོད་པ་བྱིན་རླབས་སྤྱི་ལྟར་ངྷརྨཱ་ར་ཎི་ཏ་ལན་གསུམ་བརྗོད་པོའི་བར་བྱས་ལ། དེ་ནས་རྟེན་རས་བྲིས་ལ་དམིགས་ཏེ། ཨ་མྲྀ་ཏས་བསང་། སྭཱ་བྷཱ་ཝས་སྦྱང་། བྲིས་སྐུ་མི་དམིགས་ཏེ་སྟོང་པ་ཉིད་དུ་གྱུར་སྟོང་པའི་ངང་ལས་མཐའ་ཐམས་ཅད་རྩི་ཤིང་རྒྱས་པའི་རི་བོས་བསྐོར་བ། ཞེས་སོགས་ནས། སྟེང་དུ་ལྷའི་བུ་གཉིས་ཀྱིས་ཕྲེང་བ་འཛིན་པ། སྤྲིན་སྦུབས་ནས་བྱུང་བའོ། །ཞེས་པའི་བར་བྲིས་སྐུ་འབྲི་ཐབས་ཀྱི་སྐབས་ནས་འབྱུང་བ་ལྟར་ངག་ཏུ་བརྗོད་ཅིང་བསམ། དེ་ལྟར་རྟེན་དེ་ཉིད་རྗེ་བཙུན་འཁོར་བཅས་དངོས་སུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་བྱུང་བ་བདག་ཉིད་ལྷར་གསལ་བའི་ཐུགས་ཀར་ཕོགས་པས་འཁོར་ལོ་གཡས་དང་། ཡིག་འབྲུ་གཡོན་དུ་འཁོར་ཏེ་མི་ཤེས་པའི་མུན་པ་སངས། ཤེས་རབ་ཀྱི་སྣང་བ་རྒྱས་པར་བསམས་ལ་ཐུན་བཞིར་བསྒོམ་བཟླས་ལ་བརྩོན་པར་བྱ། ཐུན་མཚམས་རྣམས་སུ་མཆོད་བསྟོད་མཎྜལ་འབུལ། དེའང་མཎྜལ་གྱི་གསོལ་གདབ། རྗེ་བཙུན་འཇམ་པའི་དབྱངས་ཀྱི་ལྷ་ཚོགས་རྣམས་ལ་འབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། བཞེས་ནས་བདག་གི་མི་ཤེས་པའི་མུན་པ་སངས་ཤིང་། ཤེས་རབ་ཀྱི་སྣང་བ་རྒྱས་པར་མཛད་དུ་གསོལ། ཞེས་སྦྱར། ཤེས་ཤིང་ནུས་ན་གང་གི་མཆོད་རྫས་ལའང་སྦྱར། བསྟོད་པའི་སྐབས་སུ་པཎྜི་ཏ་མ་ཏིས་མཛད་པའི་དོན་ཟབ་སྔགས་ཀྱི་སྟོབས་ཀྱིས་སོགས་ཀྱི་མུ་མེད་འོད་ཟེར་འཕྲོ་ལ་ཕྱག་འཚལ་ལོ། །ཞེས་པའི་མཚམས། གཡས་སུ་ཀུན་ཏུ་བཟང་པོ་ནམ་མཁའི་མདོག །ཞལ་གཅིག་ཕྱག་གཉིས་རྔ་ཡབ་ནོར་བུ་བསྣམས། །གང་གིས་དྲན་པས་བྱང་ཆུབ་སྤྱོད་མཆོག་གི། །སྨོན་ལམ་རྫོགས་པར་མཛད་ལ་ཕྱག་འཚལ་ལོ། །གཡོན་དུ་སྤྱན་རས་གཟིགས་དབང་ཟླ་ཤེལ་མདངས། །ཞལ་གཅིག་ཕྱག་གཉིས་རྔ་ཡབ་པད་དཀར་བསྣམས། །སྙིང་རྗེ་ཆེན་པོས་མཐའ་ཡས་ཡིད་ཅན་ཀུན། །ཕན་བདེའི་དབུགས་འབྱིན་སྩོལ་ལ་ཕྱག་འཚལ་ལོ། །སྟེང་གི་ནམ་མཁར་ཆུ་འཛིན་ཕྲེང་བའི་དབུས། །འཆི་མེད་རིགས་ཀྱི་རིག་འཛིན་གཞོན་ནུ་གཉིས། །ལྷ་རྫས་མེ་ཏོག་ཕྲེང་བ་ལེགས་འཛིན་ཅིང་། །མཆོད་པའི་ཆར་ཆེན་འབེབས་ལ་ཕྱག་འཚལ་ལོ། །མདོར་ན་དད་པའི་ཡིད་མཁར་ཤར་བ་ཡི། །འཕགས་པའི་ཞིང་ཁམས་རྟེན་དང་བརྟེན་པར་བཅས། །འཇམ་མགོན་ཡེ་ཤེས་རོལ་མོ་ལས་བྱུང་ཕྱིར། །རྟག་ཏུ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །དཔལ་མཆོག་སྐུ་ཡི་སོགས་སྦྲེལ་བའི་ཁ་སྐོང་བཅས་བྱ། གཏོར་མ་ཆབ་ཀྱིས་བྲན། ཨ་ཀཱ་རོ་ལན་གསུམ་གྱིས་བྱིན་གྱིས་བརླབ། ༀ་ཝཱ་ཀྱཻ་དཾ་ན་མཿབ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་ཕུལ། མཆོད་ཅིང་བསྟོད་ལ་འདོད་དོན་གསོལ། སྣ་མའི་མེ་ཏོག་ལ་བསྔགས་ནས་འབུལ་བར་གསུངས་ཀྱང་བོད་འདིར་དངོས་མི་འབྱོར་བས། ཛཱ་ཏིའི་ཕྱེ་མ་དང་མེ་ཏོག་དཀར་པོ་སྦགས་པ་སྔགས་རེ་དང་བསྟུན་ནས་སྟོང་ཕྲག་གཅིག་འཇམ་དཔལ་གྱི་ཞལ་ལ་གཏོར། ཡིད་ཀྱིས་འདོད་པའི་དོན་ལ་རྩེ་གཅིག་ཏུ་གསོལ་བ་བཏབ། འཇུག་ཏུ་བསྔོ་བ་སྨོན་ལམ་བཀྲ་ཤིས་བྱའོ། །གསུམ་པ་རྗེས་གྲུབ་པའི་རྟགས་ནི། དེ་ལྟར་བྱས་པས་བྲིས་སྐུ་ལས་ཧཱུྃ་གི་སྒྲའམ། རས་བྲིས་འགུལ་བ་འབྱུང་སྟེ། ཧཱུྃ་གི་སྒྲས་ནི་ས་ཀུན་ལ་དབང་བའི་རྒྱལ་པོར་འགྱུར་ལ། རས་བྲིས་འགུལ་ན་རྒོལ་བ་ཐམས་ཅད་ལ་ལན་འདེབས་ནུས་པ་དང་། རིག་བྱེད་ཀྱི་གཞུང་ལ་སོགས་པའི་འཇིག་རྟེན་གྱི་བསྟན་བཅོས་ཐམས་ཅད་ཤེས་པར་འགྱུར་རོ། །མཚན་མ་དེ་གཉིས་མ་བྱུང་ཡང་ལས་ཐམས་ཅད་ལ་ནུས་པ་དང་ལྡན་པར་འགྱུར་རོ། །དེ་ཡང་རྒྱུད་ལས། ཞག་ཉི་ཤུ་རྩ་གཅིག་གིས་དབྱངས་ཅན་གྱི་ངག་ཐོབ་པར་འགྱུར་རོ། །ཞེས་གསུངས་པས། ཞག་ཉི་ཤུ་རྩ་གཅིག་བསྒྲུབས་པས་དངོས་དང་རྨི་ལམ་གྱི་རྟགས་རྣམས་ཡང་ཡང་འབྱུང་ཞིང་བརྟན་པར་འགྱུར་རོ། །གལ་ཏེ་མ་བྱུང་ན་བསྐྱར་ཐང་གཅིག་གམ། གཉིས་སམ། ཇི་ལྟར་སྒྲིབ་པ་ཆེ་ཞིང་བུལ་ནའང་ལན་བདུན་ཚུན་ལ་རྟགས་གཉིས་མི་འབྱུང་མི་སྲིད་དེ། སྤོགས་ཆོག་དང་བཅས་པའོ། །རྟགས་བཟང་ངན་གང་བྱུང་ཡང་མི་ལ་མི་བཤད་པར་གསང་བ་དང་། ཆེད་འཛིན་མེད་པར་མི་དམིགས་པའི་རྒྱས་གདབ་པར་བྱའོ། །དེ་ལྟ་བུའི་བསྙེན་པ་དང་། སྒྲུབ་པའི་སྔགས་ཀྱི་ཁ་སྐོང་བའི་ཕྱིར་སྦྱིན་སྲེག་བྱ་སྟེ། དེའི་ཚུལ་ནི་ས་སྐྱ་པ་སངས་རྒྱས་ཕུན་ཚོགས་ཀྱི་གསུང་རབ་ལྟར་ཤེས་པར་བྱའོ། །ཞེས་ཀུན་མཁྱེན་བརྩེ་བ་ཆེན་པོའི་གསུངས་ལས་སོ། །གསུམ་པ་ཐ་མ་ལས་སྦྱོར་གྱིས་རང་གཞན་ལ་ཕན་གདགས་པའི་ཚུལ་ནི། འཇམ་དཔལ་རྩ་བའི་རྟོག་པ་ལས། ཨ་ག་རུའི་ཡམ་ཤིང་སོར་ཕྱེད་དང་གཉིས་ཀྱི་ཚད་ལ། དུ་རུཥྐའི་ཐང་ཆུས་སིལ་ཧ་རས་བཏགས་པས་སེང་ལྡེང་གི་མདག་མེ་དུ་བ་མེད་པ་ལ་མཚན་ཐོག་ཐག་ཏུ་སྦྱིན་བསྲེགས་བྱས་ནས། སྐྱ་རེངས་འཆར་བ་ཙམ་ན་འཕགས་པ་འཇམ་དཔལ་མཐོང་བར་འགྱུར་ཞིང་། དེས་ཅི་འདོད་པའི་མཆོག་སྩོལ་བར་འགྱུར་ཏེ། འདོད་པ་དབང་དུ་བྱ་བ་ནི་མ་གཏོགས་སོ། །དེ་ཉིད་ཀྱིས་རས་བྲིས་ཀྱི་མདུན་དུ་ཙན་དན་གྱི་སྤོས་ཀྱིས་རྒྱུན་ཆད་མེད་པར་མཚན་ཐོག་ཐག་ཏུ་བདུགས་ཏེ། བཟླས་པ་བྱས་ན་དེའི་འོག་ཏུ་འཕགས་པ་འཇམ་དཔལ་མངོན་སུམ་དུ་གཤེགས་ཏེ་ཟབ་མོའི་ཆོས་སྟོན་པ་དེ་ལ་མོས་པར་འགྱུར་རོ། །མོས་ནས་ཀྱང་ནད་ཐམས་ཅད་ལས་རྣམ་པར་གྲོལ་བར་འགྱུར། དབང་ཐོབ་པར་འགྱུར། བྱང་ཆུབ་སེམས་དཔའི་ས་རྗེས་སུ་ཐོབ་པར་འགྱུར་རོ། །ཙན་དན་དམར་པོ་ལས་བྱས་པའི་པདྨའི་རྩ་ལག་དང་བཅས་པ་སོར་དྲུག་ཙམ་ཙན་དན་དམར་པོའི་འདེ་གུས་བསྐུས་ནས། ལན་སྟོང་བསྔགས་ཤིང་དགང་གཟར་གྱིས་ལན་སྟོང་བླུགས་པར་བྱས་ལ། ཟླ་བ་ཉ་ལ་རས་རིས་ཀྱི་མདུན་དུ་པདྨའི་སྣོད་བཞག་ལ་ལག་པས་བཟུང་ནས་ཇི་སྲིད་རབ་ཏུ་འབར་བ་དེ་སྲིད་དུ་བཟླས་པ་བྱས་ན། དེ་བཟུང་བས་ལོ་བཅུ་དྲུག་གི་ན་ཚོད་དང་མདོག་གསེར་བཙོ་མ་འདྲ་བ་དང་ཉི་མ་བས་ལྷག་པའི་གཟི་བརྗིད་དང་ལྡན་པ་དང་ལྷ་གཞོན་ནུ་ལྟ་བུར་འགྱུར་བ་དང་རིག་པ་འཛིན་པ་ཐམས་ཅད་ཀྱིས་ཕྱག་བྱས་པ་དང་བསྐལ་པ་ཆེན་པོར་འཚོ་བར་འགྱུར་རོ། །ལུས་ཞིག་ནས་མངོན་པར་དགའ་བར་སྐྱེ་བར་འགྱུར་རོ། །ཟླ་བ་གཟས་ཟིན་པ་ལ་ཤུ་དག་དཀར་པོ་བླངས་ལ། བའི་རྣམ་ལྔས་བཀྲུས་ཏེ། ཤིང་ཨ་ཤྭཏྠའི་ལོ་མས་བཀབ་པར་བྱས་ལ་ཇི་སྲིད་དྲོད་དང་དུ་བ་འཐུལ་བ་དང་འབར་བ་དེ་སྲིད་ཀྱི་བར་དུ་བཟླས་པ་བྱས་ན། དྲོ་བ་བྱུང་བས་ནི་སྐྱེ་བོ་ཐམས་ཅད་དབང་དུ་འདུ་བར་འགྱུར་བ་དང་རྒོལ་བ་ཐམས་ཅད་ལས་རྒྱལ་བར་འགྱུར་རོ། །དུ་བ་འཐུལ་བས་ནི་མི་སྣང་བ་དང་སྟོང་ཕྲག་སུམ་ཅུར་འཚོ་བར་འགྱུར་རོ། །འབར་བ་ནི་མཁའ་ལ་འགྲོ་བ་དང་བསྐལ་པ་ཆེན་པོར་འཚོ་བར་འགྱུར་རོ། །བ་སེར་སྐྱའི་བེའུ་དང་བཅས་པའི་མར་ཁུ་བླངས་ལ། ཟངས་མའི་སྣོད་དུ་ཤིང་ཨ་ཤྭཏྠའི་ལོ་མ་བདུན་གྱིས་བཀབ་སྟེ་བཞག་ལ། ཇི་སྲིད་གྲུབ་པ་གསུམ་ཐོབ་པ་དེ་སྲིད་དུ་བཟླས་པ་བྱས་པ་དེ་འཐུངས་ན་ཐོས་པ་འཛིན་པ་དང་མི་སྣང་བར་འགྱུར་བ་དང་ནམ་མཁར་འགྲོ་བར་འགྱུར་རོ། །སྨན་པུཥྐར་མཱུ་ལའི་ས་བོན་ཟླ་བ་གཟས་ཟིན་པ་ལ་ཁར་བཅུག་ན་ཇི་སྲིད་དུ་ཙུ་ལུ་ཙུ་ལུ་ཞེས་པའི་སྒྲ་འབྱུང་བ་དེ་སྲིད་དུ་བཟླས་པ་བྱས་ལ། སྨན་དེ་ཕྱུང་ནས་ལྕགས་གསུམ་གྱིས་ཡོངས་སུ་དཀྲི་བ་བྱས་ལ་ཡང་ཁར་རབ་ཏུ་བཅུག་ན་མི་སྣང་བར་འགྱུར་རོ། །སྨན་དེ་སྐྱུག་ན་ནི་སྣང་བར་འགྱུར་རོ། །ལི་ཤི་དྲི་ཞིམ་པོ་ཁར་བཅུག་ལ་བཟླས་པ་འབུམ་བྱས་ན་གང་དང་སྨྲ་བ་དེ་དབང་དུ་འགྱུར་རོ། །འོ་མ་དང་ནས་ཆན་ཁྱོར་གང་ཟ་ཞིང་བཟླས་པ་འབུམ་ཕྲག་བཅུ་གཉིས་བྱས་ན་རིག་པ་འཛིན་པ་འགྱུར་རོ། །སློང་མོའི་ཟས་ཀྱིས་འཚོ་ལ་ཤིང་བཞིན་དུ་མི་སྨྲ་བའི་དཀའ་ཐུབ་བྱེད་ཅིང་བཟླས་པ་འབུམ་བྱེད་ན་མི་སྣང་བར་འགྱུར་རོ། །བཟླས་པ་བྱེ་བ་བྱས་ན་ཇི་ལྟར་སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་དཔའ་འཇམ་དཔལ་ཆོས་སྟོན་པ་དེ་བཞིན་དུ་འགྱུར་རོ། །རྟག་ཏུ་བཟླས་པ་བྱས་ན་དོན་ཐམས་ཅད་འགྲུབ་པར་འགྱུར་རོ། །གང་གི་གཟུགས་བརྙན་དྲི་ཐམས་ཅད་པས་བྱས་ལ་བཅད་ཅིང་སྦྱིན་བསྲེགས་བྱས་ན་ཞག་བདུན་གྱིས་དབང་དུ་འགྱུར་རོ། །གུ་གུལ་གྱི་རིལ་བུ་རྒྱ་ཤུག་གི་ཚི་གུའི་ཚད་ཙམ་ལ་མར་གྱིས་བཏགས་པས་བརྒྱ་ཕྲག་སྟོང་གི་སྦྱིན་བསྲེགས་བྱས་ན་རྒྱལ་པོ་དབང་དུ་འགྱུར་རོ། །ཏིལ་ལ་ཞོ་དང་མར་གྱིས་བཏགས་པས་སྦྱིན་སྲེག་འབུམ་ཕྲག་སྟོང་བྱས་ན་ཐམས་ཅད་ཀྱི་དམ་པའི་ཁྱིམ་གྱི་བདག་པོ་ཆེན་པོར་འགྱུར་རོ། །བའི་ལྕི་བ་ས་ལ་མ་ལྷུང་བས་དཀྱིལ་འཁོར་བྱས་ལ། དེ་ལ་མེ་ཏོག་གི་གཅལ་དུ་བཀྲམ་སྟེ། བཟླས་པ་བརྒྱ་རྩ་བརྒྱད་བྱས་ལ་དེ་ནས་དམ་པའི་ཆོས་ཀྱི་གླེགས་བམ་བཀླགས་པར་བྱས་ན། ཟླ་བ་གཅིག་གིས་མཆོག་ཏུ་ཡིད་གཞུངས་པར་འགྱུར་རོ། །གི་ཝང་ལ་བརྒྱ་རྩ་བརྒྱད་བཟླས་ཏེ་དཔྲལ་བར་ཐིག་ལེ་བྱས་ན་སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ། །གཙུག་ཕུད་ལ་ལན་བདུན་བཟླས་པ་བྱས་ན་སེམས་ཅན་ཐམས་ཅད་ཀྱི་གནོད་པ་མེད་པར་འགྱུར་རོ། །མེ་ཏོག་གི་རིམ་ལས་སྦྱིན་སྲེག་འབུམ་བྱས་ན་ནད་ཐམས་ཅད་ལས་གྲོལ་པར་འགྱུར་རོ། །ཉིན་རེ་ཞིང་བཟླས་པ་བདུན་བདུན་བྱས་ན་ངེས་པར་མྱོང་བར་འགྱུར་བའི་ལས་རྣམས་ཟད་པར་འགྱུར་རོ། །བཟླས་པ་བརྒྱ་རྩ་བརྒྱད་བྱས་ན་འཆི་བའི་དུས་ཀྱི་ཚེ་འཕགས་པ་འཇམ་དཔལ་གྱི་ཞལ་ཐམས་ཅད་མཐོང་བར་འགྱུར་རོ། །ཞེས་དང་། འཇམ་དཔའི་རྡོ་རྗེ་དཔའ་བོ་གཅིག་པུ་གྲུབ་པའི་རྒྱུད་ལས། ཤུ་དག་ཞོ་ཕྱེད་ཀྱི་ཚད་ལ་ལན་བརྒྱ་རྩ་བརྒྱད་མངོན་པར་བསྔགས་པ། ཐོ་རངས་འོ་མའམ་མར་རམ་ཏིལ་མར་དང་ལྷན་ཅིག་ཟླ་བ་གཅིག་འཐུངས་ན་གླེན་པ་དང་དིག་པ་མེད་པར་བྱེད་དོ། །ཁུ་བྱུག་དར་མའི་སྐད་དང་འདྲ་བར་དབྱངས་སྙན་ཞིང་ཚིག་གསལ་བར་འགྱུར་རོ། །ཟླ་བ་དྲུག་གོམས་པར་བྱས་ན་མ་ཐོས་པའི་བསྟན་བཅོས་མངོན་དུ་འགྱུར་ཞིང་། ཐོས་པ་ནམ་ཡང་བརྗེད་པར་མི་འགྱུར་ཏེ་ཐོས་པ་འཛིན་པར་འགྱུར་རོ། །ༀ་ཝཱ་ཀྱཻ་དཾ་ན་མཿརྗེ་བཙུན་གསུང་གི་དབང་ཕྱུག་གི་སྙིང་པོ་འདི་གོང་མ་བཞིན་ཏིང་ངེ་འཛིན་ལ་གནས་པས་གོམས་པར་བྱས་ན་གོང་དུ་བཤད་པའི་ལས་ཐམས་ཅད་བྱེད་པར་འགྱུར་རོ། །རྒྱ་མཚོར་འགྲོ་བའི་ཆུ་བོ་ལ་རྐེད་པ་ཙམ་གྱིས་ཆུ་ལ་བརྒལ་ལ། ཛཱ་ཏིའི་མེ་ཏོག་གི་ཕུན་པ་འབུམ་ཕྲག་གཅིག་བླངས་ནས་སྔགས་བརྗོད་ཅིང་། ཕུན་པ་རེ་རེ་རྒྱུན་ཕྱོགས་སུ་འབབ་པར་འགྱུར་བ་ལས། ཕུན་པ་གཅིག་རྒྱུན་ལས་བཟློག་པར་འོང་བ་དེ་སོ་ལ་མ་རེག་པར་མིད་ན་ཐོས་པ་འཛིན་པ་ལ་སོགས་སྩོལ་བར་མཛད་དོ། །ཇི་ལྟ་བ་བཞིན་རྙེད་པ་མེ་ཏོག་གི་སྦྱིན་སྲེག་འབུམ་ཕྲག་བཞི་བྱས་ན་ངག་གི་དབང་ཕྱུག་དང་མཚུངས་པར་འགྱུར་རོ། །སྨན་བྷྲ་མའི་ཕྱེ་མ་ཞོ་བཞི་ཙམ་ལ་ལན་བརྒྱ་རྩ་བརྒྱད་བཟླས་ལ་ཐོ་རངས་དཀྱིལ་འཁོར་བྱས་ཏེ། ཅི་འབྱོར་པས་བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་ལ་ཡང་དག་པར་མཆོད་དེ། མར་རམ་རང་སྐྱུར་དང་སྦྱར་ནས་འཐུངས་ན་ཟླ་བ་དྲུག་གིས་ཐོས་པ་འཛིན་པར་འགྱུར་རོ། །ཚིག་གི་བདག་པོའི་དབྱངས་སྙན་པར་ཡང་སྐྱེ་བར་འགྱུར་རོ། །སྔོན་དུ་བསྙེན་པའི་ཆོ་གས་ཡི་གེ་འབུམ་བཟླས་ན་སྔགས་ཀྱི་རྒྱལ་པོ་འགྲུབ་པར་འགྱུར་རོ། །ཕྱིས་ཟླ་བ་གཟས་ཟིན་པ་དང་ཉི་མ་གཟས་ཟིན་པ་ན། ལྕགས་ལས་བྱས་པའི་རལ་གྲི་རང་གི་ལག་པས་བླངས་ཏེ། ཟླ་བ་མི་སྣང་བ་ཇི་སྲིད་གྲོལ་བར་གྱུར་པ་དེ་སྲིད་བཟླས་པ་བྱས་ན་རལ་གྲིའི་རིག་པ་འཛིན་པར་འགྱུར་རོ། །དེ་བཞིན་དུ་འཁོར་ལོ་དང་། རྡོ་རྗེ་དང་། རྩེ་གསུམ་པ་དང་། མདའ་དང་། ཐོ་བ་དང་། ཞགས་པ་ལ་སོགས་པ་བསྒྲུབ་པར་བྱ་ཞིང་། རིག་པ་ལ་སོགས་པ་དང་བཅུད་ཀྱིས་ལེན་ལ་སོགས་པ་འདུས་བྱས་པ་བསྒྲུབ་པར་བྱའོ། །ཡང་ན་མིག་སྨན་ནམ་ཐིག་ལེའམ་རྐང་པར་བསྐུ་བའམ་དབང་དུ་བྱས་པའི་རྫས་བསྡུས་ཏེ་བསྒྲུབ་པར་བྱའོ། །འོ་ཐུག་གམ་ཞོ་དང་ཟན་ནམ་མར་དང་བཅས་པ་ཁ་ར་དང་བཅས་པས་སྣོད་བཀང་སྟེ། ལག་པས་བཀབ་ནས་བཟླས་པ་བྱས་ཏེ་འཐུངས་ན་ལོ་ལྔ་བརྒྱར་འཚོ་བར་འགྱུར་རོ། །མཱ་ཤཱ་ཁར་བཅུག་ནས་བཟླས་པ་བྱས་ཏེ་མིད་ན་སྡེབ་སྦྱོར་དང་ཐོས་པ་འཛིན་པ་དང་སྨྲ་མཁས་པ་དང་ཡིད་གཞུངས་པར་འགྱུར་རོ། །པདྨའི་སྦྱིན་སྲེག་འབུམ་གྱིས་བཅོམ་ལྡན་འདས་མངོན་སུམ་དུ་འགྱུར་རོ། །བིལ་བའི་སྦྱིན་སྲེག་འབུམ་གྱིས་འཇིག་རྟེན་གསུམ་གྱི་རྒྱལ་སྲིད་འགྲུབ་པར་བྱེད་དོ། །ཇི་ལྟ་བ་བཞིན་རྙེད་པའི་མེ་ཏོག་གི་སྦྱིན་སྲེག་གིས་ངག་གི་དངོས་གྲུབ་ཐོབ་པར་འགྱུར་རོ། །མར་ལ་བཏགས་པའི་འབྲུ་ལྔའི་སྦྱིན་སྲེག་འབུམ་ཕྲག་བཞི་བྱས་པ་ཙམ་གྱིས་གནོད་སྦྱིན་མོ་དང་ཀླུའི་བུ་མོ་ལ་སོགས་པ་འགུགས་པར་བྱེད་དོ། །དེ་བཞིན་དུ་ཡམ་ཤིང་ལྔས་ཀྱང་བྱའོ། །རྟག་ཏུ་གོམས་པར་བྱས་ན་ཚེ་འདི་ཉིད་ལ་སངས་རྒྱས་ཉིད་ཀྱང་སྒྲུབ་པར་བྱེད་པར་འགྱུར་རོ། །ཞེས་གསུངས། གཞུང་འདི་ཉིད་ལས། པཎྜི་ཏ་མ་ཏིས། སྙིང་དབུས་ཟླ་བའི་འཁོར་ལོ་རྩིབས་དྲུག་ལ། །འབྲུ་དྲུག་ཡི་གེ་བཀོད་པ་གཡས་གཡོན་བསྐོར། །ཤུགས་དྲག་རྩེ་མོ་རྣོ་ཞིང་རབ་དཀར་བས། །ཉེས་འཇོམས་སྟོབས་ལྡན་མྱུར་འཛིན་རབ་གསལ་འགྱུར། །གྲེ་ཕུག་ཨཿདཀར་དག་ལས་འོད་འཕྲོས་པས། །རྒྱལ་བ་ཀུན་གྱི་བློ་གྲོས་དཔག་མེད་དག །བསྡུས་ནས་ཁོང་དུ་ཐིམ་པས་ལུས་ཁེངས་ནས། །མི་བརྗེད་དྲན་པའི་གཟུངས་ནི་ཐོབ་པར་འགྱུར། །ཡང་ན་རལ་གྲི་ཉིད་བཟུང་རིག་འཛིན་འགྱུར། །ཉི་ཟླ་གཟས་ཟིན་དུས་སུ་མཱ་ཤཱ་ཉིད། །དར་དཀར་གྱིས་དྲིལ་ལྕེ་འོག་བཅུག་ལ་བཟླ། །མྱུ་གུ་བྱུང་གྱུར་དེ་ནི་གྲུབ་པ་ཡིན། །ཞེས་རྣམ་པ་བཞི་གསུངས་ཤིང་། དེ་དང་མཐུན་པར་རྒྱ་སྟོན་ཀུན་དགའ་བརྩོན་འགྲུས་ཀྱིས། ཉེས་བྱས་འཇོམས་པའི་འཁོར་ལོ། ཡོན་ཏན་སྒྲུབ་པའི་འཁོར་ལོ། གཞན་དང་རྩོད་པ་བྱ་ཐབས། མཱ་ཤཱ་སྲན་མ་ལ་བརྟེན་པའི་ལས་སྦྱོར་ཏེ་ལས་ཁ་ཚར་བཞི་གསུང་། སྤོས་ཁང་པ་རིན་ཆེན་རྒྱལ་མཚན་གྱིས་སྲན་མ། རལ་གྲི། མིག་སྨན། ལྕེ་རྩ་ཨ་དཀར། རྩོམ་པ་དཔལ་བེ། འཆད་པ་དུང་དཀར། རྩོད་པ་རལ་གྲི་སྟེ་བདུན་གསུང་། ཆགས་ལོ་གསུམ་པ་རིན་ཆེན་ཆོས་རྒྱལ་གྱིས། ཤུ་དག་གིས་གླེན་དིག་བསལ་བ། བྲཧྨཱིས་ཐོས་པ་འཛིན་པ། སྣ་མའི་མེ་ཏོག་གིས་ཐོས་པ་འཛིན་པ། མཱ་ཤཱའི་ལས་སྦྱོར། རལ་གྲིའི་རིག་འཛིན། ཕྱག་མཚན་གཞན་གྱི་རིག་འཛིན། མིག་སྨན། ཐིག་ལེ། རྐང་བྱུགས། དབང་དུ་བྱ་བ། བཅུད་ལེན། མེ་ཏོག་གི་སྦྱིན་སྲེག་གིས་རྗེ་བཙུན་གྱི་ཞལ་ལ་བལྟ་བ། བིལ་བའི་སྦྱིན་སྲེག་གིས་རྒྱལ་སྲིད་སྒྲུབ་པ། མེ་ཏོག་དཀར་པོའི་སྦྱིན་སྲེག་གིས་ངག་གི་དབང་ཕྱུག་སྒྲུབ་པ། འབྲས་བུའི་སྦྱིན་སྲེག་གིས་བུ་མོ་དགུག་པ་སྟེ་བཅོ་ལྔ་གསུང་། དཔལ་འབྲི་གུང་པ་ཆོས་ཀྱི་གྲགས་པས། སྲན་མའི་ལས་སྦྱོར། མཚན་བརྗོད་བཀླག་ཐབས། ཡོན་ཏན་བསྒྲུབ་པ། ཆོས་བཤད་པ། ཕྱིར་རྒོལ་དང་རྩོད་པ། ལེགས་བཤད་རྩོམ་པ། རྟེན་འབྲེལ་སྙིང་པོས་ཆོམ་རྐུན་འཆིང་བ། ཨཱ་དིས་དབང་དུ་བྱ་བ། ཀཱ་དིས་ཚེ་བསྲིང་བ། རེ་མིག་ཞེ་དགུས་རིགས་སྔགས་བཟློག་པ། ངག་བཀྲོལ་པ། རལ་གྲི་སྒྲུབ་པ། མིག་སྨན་ཏེ་བཅུ་གསུམ་གསུངས་པ་དང་། དེར་མ་ཟད་གངས་རིའི་ཁྲོད་ཀྱི་སྨྲ་བའི་སེང་གེ་གཅིག་པུ་པ་རྗེ་བླ་མ་འཇམ་དཔལ་དགྱེས་པའི་ཞལ་སྔ་ནས་བསྩལ་པའི་ཡིད་བཞིན་ནོར་བུ་ལྟ་བུའི་ཟབ་གནད་ཀྱི་མན་ངག་མཐའ་ཡས་པར་བཞུགས་པ་རྣམས་ཀྱང་འདིར་སྦྱར་རུང་མོད་དེ་དག་གི་ཚུལ་ནི་རང་རང་གི་རྩ་བའི་ཡི་གེ་སོགས་ལས་ཤེས་པར་བྱ་ལ། འདིར་དེ་དག་གི་ནང་ནས་ཉེ་བར་མཁོ་བ་ཅུང་ཟད་འབྲི་བ་ལ་སྡོམ་ནི། ཉེས་བྱས་འཇོམས་དང་ཡོན་ཏན་སྒྲུབ། །གླེན་དིག་བསལ་དང་ཐོས་པ་འཛིན། །མཱ་ཤཱའི་སྦྱོར་དང་བཅུད་ལེན་རིགས། །སྦྱིན་སྲེག་ངག་འགྲོལ་ཇག་རྐུན་འཆིང་། །རིགས་སྔགས་ཟློག་དང་དབང་དང་ཚེ། །འཆད་རྩོད་རྩོམ་སྟེ་བཅུ་དང་ལྔས། །ལས་ཀྱི་སྦྱོར་བ་མདོར་བསྡུས་པའོ། །དེ་ལ་དང་པོ་ཉེས་བྱས་འཇོམས་པའི་འཁོར་ལོ་ནི་གོང་དུ་སྨོས་བཞིན། རང་འཇམ་དཔལ་དུ་གསལ་བའི་སྙིང་རྩེ་མོ་གྱེན་བསྟན་གྱི་ནང་དུ་འཁོར་ལོར་ས་བོན་ཡིག་འབྲུ་བཅས་བཀོད་ནས་གཡས་གཡོན་དུ་འཁོར་བས་སྡིག་སྒྲིབ་དག་པར་བསམས་ལ་བཟླས་པ་བྱ། དེའང་འཁོར་ལོ་ཤུགས་དྲག་ཏུ་བསྐོར་བས་སྙིང་རླུང་ལ་སོགས་པའི་ཉེས་པ་མི་འབྱུང་། འཁོར་ལོའི་རྩེ་མོ་རྣོ་བར་བསྒོམས་པས་བློ་རྣོ་ཞིང་སྟོབས་དང་ལྡན་པར་འགྱུར། ཁ་དོག་དཀར་པོར་བསྒོམས་པས་འཛིན་བློ་བཟང་བར་འགྱུར་རོ། །གཉིས་པ་ཡོན་ཏན་སྒྲུབ་པའི་འཁོར་ལོ་ནི་མངོན་རྟོགས་བསྒོམས་ལ་རང་གི་ལྕེའི་སྟེང་དུ་ཨ་དཀར་པོ་ཞིག་བསམ། དེ་ལས་འོད་ཟེར་འཕྲོས་པས་སངས་རྒྱས་དང་བྱང་སེམས་རྣམས་མདུན་དུ་སྤྱན་དྲངས་ལ་འོད་ཟེར་གཉིས་པ་འཕྲོས་པས། དེ་རྣམས་ཀྱི་ཐུགས་ཀ་ནས་ཤེས་རབ་ཀྱི་ངོ་བོ་ཨ་དཀར་པོ་གྲངས་མེད་པར་སྤྱན་དྲངས་ལ། རང་གི་ལྕེ་སྟེང་གི་ཨ་ལ་ཐིམ་པས་ལུས་ཐམས་ཅད་ཨ་དཀར་པོས་མེར་གྱིས་གང་བར་བསམ་ལ་བཟླས་པ་རྒྱུན་བསྲིངས་ན་མི་བརྗེད་པའི་གཟུངས་ཐོབ་པར་འགྱུར་རོ། །ཡང་ལྕེ་རྩེའི་གྲེ་ཕུག་ཏུ་ཨ་དཀར་པོ་གསལ་བའི་འོད་ཀྱིས་འཕགས་པ་དང་། སོ་སོ་སྐྱེ་བོ་མཁས་པ་རྣམས་ཀྱི་ཡོན་ཏན་དང་ནོར་བུ་སྨན་དང་ནགས་ཚལ་གྱི་ནུས་པ་ཐམས་ཅད་བསྡུས་ཏེ། ཨཱ་ལི་ཀཱ་ལིའི་རྣམ་པར་གྱུར་ནས་མགྲིན་པར་ཐིམ་པ་ལ་དམིགས་ཤིང་བཟླས་ན་བློ་གྲོས་ཕུན་སུམ་ཚོགས་པར་འགྱུར་རོ། །གསུམ་པ་གཞན་གྱིས་མི་ཐུབ་པ་དཀར་པོ་ལ་བརྟེན་ནས་གླེན་དིག་བསལ་བ་ནི། བསྙེན་སྒྲུབ་ལས་རུང་སྔོན་དུ་སོང་བའི་རྣལ་འབྱོར་པས། ཡར་ངོའི་སྐར་མ་རྒྱལ་ལ་ཐོ་རངས་ནས་མགོ་བརྩམས་ཏེ། བྲིས་སྐུ་ཡོད་ན་ཤར་དུ་དགྲམ། མ་འབྱོར་ནའང་སྐྱོན་མེད། མཎྜལ་མཆོད་གཏོར་བཤམ། སྒྲུབ་པའི་སྐབས་ལྟར་བདག་མདུན་མཆོད་བསྟོད་གཏོར་མ་འབུལ། མཎྜལ་གྱི་སྟེང་དུ་ཤུ་དག་དཀར་པོའི་ཕྱེ་མ་ར་ཏི་གཅིག་བཞགར་ཏིའི་ཚད་ནི་གསེར་གྱི་སྐབས་ན་སེ་བ་ཕྱེད་དང་། མན་ཆ་ནི་སེ་བ་ལྔ་ཟེར། ཡང་བ་རུ་ར་འབྲིང་པོ་གཅིག་ལ་ཞོ་གཅིག་གི་ཚད་དུ་བྱས་པའང་འབྱུང་། གང་ལྟར་ཡང་། དང་པོ་ར་ཏི་གཅིག་ལ་ཆ་བཞག་ལ། རྩ་སྔགས་བརྒྱ་རྩ་བརྒྱད་ཀྱིས་བསྔགས་ཏེ། མར་རམ། འོ་མའམ། ཞུན་མར་རམ། ཏིལ་མར་དང་ལྷན་ཅིག་བཏུང་། དེ་ནས་ཐོ་རངས་རེ་བཞིན་ཤུ་དག་ར་ཏི་གཅིག་ལྷག་པ་དང་ཆེར་ལྷག་པར་བཏང་སྟེ་གོམས་སུ་བཅུགདེ་ནས་ཞོ་ཕྱེད་དུ་ལོངས་པའི་ཚད་ནི་དཱ་ན་ཤི་ལས་སྲན་མ་གཅིག་ཡིན་གསུངས་པ་ཞོ་ཕྱེད་རེ་ལ་གོང་ལྟར་བསྔགས་ཏེ་ཟླ་བ་གཅིག་གི་བར་འཐུངས་ན་གླེན་པ་དག་ནི་རིག་པ་མཆོག་ཏུ་འགྱུར། དིག་པ་དང་ལྐུགས་པ་སེལ་བར་བྱེད། ཟླ་བ་དྲུག་གིས་ནི་ཡོན་ཏན་དཔག་མེད་ཐོབ་པར་འགྱུར་རོ། །བཞི་པ་ཐོས་པ་འཛིན་པ་ནི། བྲཧྨཱི་ཞེས་ཚངས་པའི་དབྱུག་པའམ་མེ་ཏོག་གསུམ་པར་གྲགས་པའི་སྨན་བླངས་ཏེ། སྔར་བཞིན་ཐོ་རངས་བྲིས་སྐུ་ལ་མཆོད་བསྟོད་མཎྜལ་སོགས་བྱས་ལ་སྨན་གྱི་ཕྱེད་ཀ་བྱི་ལའི་སྦར་བ་གང་གི་ཚད་ཙམ་མཎྜལ་དུ་བཞག་སྟེ། སྔགས་བརྒྱ་རྩ་བརྒྱད་ཀྱིས་བསྔགས་ནས། ཞུན་མར་རམ་རྩ་བ་དང་ལྷན་ཅིག་བཏུང་། དེ་ལྟར་ཟླ་བ་དྲུག་མ་ཆག་ན་དབྱིག་གཉེན་ལྟ་བུར་ཐོས་པ་འཛིན་པར་འགྱུར་རོ། །ཡང་ཛཱ་ཏིའི་མེ་ཏོག་གི་ཕུན་པ་འབུམ་ཕྲག་གཅིག་བླངས་ནས། རྒྱ་མཚོར་འགྲོ་བའི་ཆུ་ལ་སྐེད་ནུབ་ཙམ་བརྒལ་ནས་སྔགས་བརྗོད་བཞིན་ཕུན་བུ་རེ་རྒྱུན་ཕྱོགས་སུ་དོར་བས། ཕུན་བུ་གཅིག་རྒྱུན་ལས་བཟློག་པར་འོང་བ་དེ་སོས་མ་རེག་པར་མིད་ན་ཐོས་པ་འཛིན་པར་འགྱུར་རོ། །ལྔ་པ་མཱ་ཤཱའི་སྦྱོར་བ་ནི། མོན་སྲན་དཀར་པོ། ལེགས་པར་སྨིན་ཞིང་མ་རུལ་ལ་སྲིན་བུ་སོགས་ཀྱིས་མ་ཟོས་པ། མེས་མ་ཚིག་ཅིང་སྣུམ་གྱིས་མ་གོས་པ། མང་ཉུང་སྔགས་ཀྱི་སྒྲ་ཟུར་ལ་མི་གནོད་ཙམ་ཇི་ལྟར་རིགས་པ། འཛོམས་ན་དཀར་མངར་གྱི་བདུད་རྩི་ལྔས་བྲན་པར་ཡང་བཤད་ལ་མ་འཛོམས་ཀྱང་སྐྱོན་མེད། གང་ལྟར་ཡང་བ་དམར་མོའམ་ར་དཀར་མོའི་འོ་མར་ཞག་བདུན་སྦང་བ་དར་དཀར་གྱིས་དྲིལ་ལ། ཟླ་བ་དང་ཉི་མ་གཟས་ཟིན་པའི་ཚེ། རྟེན་གྱི་མདུན་དུ་མཆོད་པ་བཤམས། སྒྲུབ་གྲོགས་ལ་ཉི་ཟླར་ལྟར་བཅུག་ལ་རང་མི་ལྟ་བར། མ་གྲོལ་བར་དུ་རང་ཉིད་བྲིས་སྐུ་ཡོད་ན་ཤར་དུ་བཀྲམ་པའི་དྲུང་དུ་ཁ་ཤར་དུ་ཕྱོགས་པས་སྟན་བདེ་བ་ལ་འདུགབྲིས་སྐུ་མེད་ན་ཉི་ཟླ་གང་ཡིན་ལ་རྒྱབ་གཏད། སྐྱབས་འགྲོ་ནས་བརྩམས་ཏེ་སྒྲུབ་ཐབས་ལྟར་ཉམས་སུ་བླང་། མཆོད་བསྟོད་མཎྜལ་འབུལ། གྲོགས་ཀྱིས་གཟས་བཟུང་ངོ་ཟེར་མ་ཐགསྔར་གྱི་སྲན་མ་ལྕེ་འོག་ཏུ་བཅུག་སྟེ། ཟླ་ཉི་ལ་མི་ལྟ་བར་རྩེ་གཅིག་ཏུ་སྒོམ་བཟླས་ལ་འབད་ན་ནུས་པ་ཅན་ལ་སྲན་མ་ལ་མྱུ་གུ་སྐྱེ་བར་འགྱུར་རོ། །གང་ལྟར་ཡང་གྲོགས་ཀྱིས་གཟའ་ལས་གྲོལ་ལོ་ཟེར་བ་ནས་བཏོན་ཏེ། གོས་བཀྲོལ་ལ་སྲན་མ་མྱུ་གུ་དང་བཅས་པ་བ་དམར་མོའི་འོ་མའམ། ར་དཀར་མོའི་འོ་མའམ། མ་རྙེད་ན་ཆུ་གཙང་མ་ཁྱོར་གང་གིས་ཕུལ་ཏེ་སོས་མ་རེག་པར་ཁྱུར་མིད་བྱས་པས་ཤེས་རབ་འཕེལ། ཚེ་རིང་བ། སྐྲ་དཀར་དང་གཉེར་མ་མེད་པ་སོགས་ཕན་ཡོན་མང་ངོ་། །ལན་གཅིག་ལ་མ་བྱུང་ཡང་ཡང་ཡང་བསྐྱར་བས་འབྱུང་ཞིང་། མྱུ་གུ་མ་སྐྱེས་ཀྱང་ཕྱེ་མར་བཏགས་པ་མི་མ་ཡིན་ལ་སོགས་པས་ཟིན་པའི་མགོར་སྔགས་བཟླ་ཞིང་བཏབ་ན་གྲོལ་བར་འགྱུར་རོ། །དྲུག་པ་བཅུད་ལེན་ནི། ཀ་ར་དང་བཅས་པའི་འོ་མའི་འབྲས་ཐུག་གམ། ཀ་ར་དང་ཞོ་བསྲེས་པའི་འབྲས་ཆན་གྱི་སྣོད་ལག་པ་གཡོན་པར་བཞག་ལ། གཡས་པས་བཀབ་སྟེ། གཟའ་འཛིན་གྱི་དུས་སུ་སྔར་བཞིན་སྒོམ་བཟླས་ལ་བརྩོན་པར་བྱས་པས། རླངས་པ་དང་། དུ་བ་དང་། འོད་འབྱུང་བ་མ་ཟེགས་པར་ཟོས་པས་ལོ་ལྔ་བརྒྱར་འཚོ་བར་འགྱུར་རོ། །ཡང་དུར་ཁྲོད་དུ་མི་མགོ་གསུམ་ལས་སྒྱེད་པུ་བྱ། དེ་སྟེང་དུ་སྐྱེས་པའི་ཐོད་པར་ཚིལ་ཆེན་དང་རོ་རས་ལ་མེ་སྦར། བུད་མེད་ཀྱི་ཐོད་པས་བཅད་དེ་དུད་པ་བླངས་ལ་སྣག་ཚ་བཞིན་སྦྱར་ཞིང་། གསང་སྔགས་བཟླ་དེས་མིག་ལ་བྱུགས་ན་འཇིག་རྟེན་གསུམ་མཐོང་བར་འགྱུར་ཞིང་དཔྲལ་བར་ཐིག་ལེ་བྱས་ན་བདག་སུས་ཀྱང་མི་མཐོང་ལ། རྐང་པ་ལ་བྱུགས་ན་རྐང་མགྱོགས་འགྲུབ་ཅིང་། རྫས་དེ་གང་ལ་རེག་པའི་སྐྱེ་བོ་དེ་དག་བདག་གི་དབང་དུ་འགྱུར་རོ། །ཡང་དེང་སང་བོད་དུ་ལག་ལེན་བྱེད་པའི་སྔོ་རྟགས་དུ་སོགས་ཀྱི་བཅུད་ལེན་ཀྱི་རིགས་རྣམས། རང་གཞུང་ལྟར་སྨན་སྦྱོར་ཚུལ་བཞིན་བྱས་པའི་རིལ་བུ་དེ་རྫ་གསར་པར་བླུགས་ཏེ་ལག་གཡོན་དུ་བཞག་ནས། གཡས་པས་བཀབ་ཅིང་སྔ་མ་བཞིན་དུ་བཟླས་པས་འོད་དང་དུ་བ་དང་རླངས་པ་འབྱུང་བར་འགྱུར་ཏེ། མིག་ལ་བྱུགས་པ་དང་ཁོང་དུ་མིད་པས་ལྐོག་གྱུར་མཐོང་བ་དང་། རྒ་ནད་གྲོལ་བ་དང་། ཚེ་ཡི་རིག་འཛིན་འགྲུབ་པར་འགྱུར་རོ། །བདུན་པ་སྦྱིན་སྲེག་ནི། རྒྱས་པའི་ཐབ་སེར་པོ་སྟེགས་བུ་གྲུ་བཞི་པ། ལོགས་རེར་ཁྲུ་བཞི་བཞི་ཡོད་པ། དཔངས་སུ་ཁྲུ་གང་བ། ཡང་ན་བྲིས་ཐབ་བྱས་ཀྱང་རུང་། མུ་རན་སོར་བརྒྱད་པ་ལ་རིན་པོ་ཆེའི་ཕྲེང་བས་བརྒྱན་པ། ཕྱི་རོལ་སྟེགས་བུ་གྲུ་བཞི་པའི་ཟུར་བཞིར་རིན་པོ་ཆེ་རེ་རེས་མཚན་པ། ཐབ་ཀྱི་དབུས་སུ་འཁོར་ལོ་སེར་པོ་རྩིབས་བརྒྱད་པའི་ལྟེ་བར་རིན་པོ་ཆེས་མཚན་པ། ཕྱི་ནང་ཀུན་ཏུ་དྲི་སེར་པོ་དང་། བ་ལང་གི་ལྕི་བས་བྱུགས། འོ་མ་ཅན་གྱི་ཤིང་གི་བུད་ཤིང་བརྩིགས། ཡམ་ཤིང་འོ་མ་ཅན་གྱི་ཤིང་དབུས་ཀྱི་ཆ་སྲིད་དུ་ཁྲུ་གང་། སྦོམ་ཕྲ་མཐེའུ་ཆུང་གི་ཚད་ཙམ་དང་། སྲེག་རྫས་གཞན་རྣམས་འདྲ་ལ། ཁྱད་པར་དུ་མེ་ཏོག་པདྨ་འབུམ་ཕྲག་ལྷག་བཅས་བཞགཔདྨ་དངོས་ཀོང་པོར་སྐྱེ་བར་བཤད། ཉའི་སྔ་དྲོ་ནས་བརྩམས་ཏེ་སྒྲུབ་པ་པོ་ཁ་བྱང་དུ་ཕྱོགས། བཟང་པོའི་འདུག་སྟངས་དང་དགའ་བའི་ཡིད་ཀྱིས་བྱ། ཆོ་ག་གཞན་རྣམས་སྤྱི་ལྟར་ལ། མེ་ལྷ་སྐུ་མདོག་སེར་པོ་དང་། བཅོམ་ལྡན་འདས་ཀྱི་སྐུ་མདོག་ཀྱང་དཀར་ལ་སེར་བའི་མདངས་ཆགས་པར་བསྒོམ། གཙོ་བོའི་སྔགས་རེ་དང་སྦྲེལ་བའི་པདྨའི་སྦྱིན་སྲེག་འབུམ་རྫོགས་པ་ན་བཅོམ་ལྡན་འདས་འཇམ་པའི་རྡོ་རྗེའི་ཞལ་མངོན་སུམ་དུ་མཐོང་བར་འགྱུར་རོ། །ཡང་ཆོ་ག་གཞན་སྔར་བཞིན་ལས། རྫས་ཀྱི་གཙོ་བོ་བིལ་བའི་འབྲས་བུ་སྐྱོན་མེད་པ་ལ་བྱ་སྟེ། རྫས་འབུམ་རྫོགས་པ་ན་གང་འདོད་པའི་རྒྱལ་སྲིད་ཐོབ་པར་འགྱུར་རོ། །ཡང་ཁྱད་པར་ཀྱི་རྫས་དྲི་ཞིམ་པོའི་མེ་ཏོག་དཀར་པོའི་སྦྱིན་སྲེག་འབུམ་རྫོགས་པ་ན། ཁྱད་པར་དུ་འཕགས་པའི་ངག་གི་དངོས་གྲུབ་ཐོབ་པར་འགྱུར་རོ། །ཡང་མར་ལ་བཏགས་པའི་འབྲུ་ལྔའི་སྦྱིན་སྲེག་འབུམ་ཕྲག་བཞི་བྱས་ན་གནོད་སྦྱིན་མོ་དང་། ཀླུའི་བུ་མོ་སོགས་གང་འདོད་འགུགས་པར་གསུངས་སོ། །བརྒྱད་པ་ངག་འགྲོལ་བ་ནི། གྲིབ་དང་བྱད་ཕུར་སོགས་ཀྱི་གནོད་པས་ངག་ལ་དིག་ལྐུགས་སྨྲ་མི་བདེ་བ་སོགས་བྱུང་ན་རང་འཇམ་དཀར་དུ་གསལ་བའི་ལྕེའི་སྟེང་དུ་ཉེས་པའི་ངོ་བོ་ཡི་གེ་ཀཾ་ནག་པོ། མགྲིན་པའི་ནང་དུ་ཡེ་ཤེས་ཀྱི་ངོ་བོ་ཡི་གེ་རཾ་དམར་པོ། སྙིང་ཁར་འཁོར་ལོ་རྩིབས་དྲུག་གི་ལྟེ་བར་ཡཾ་སྔོ་སྐྱ་གསལ་བའི་འཁོར་ལོ་གཡས་དང་ཡཾ་གཡོན་དུ་འཁོར་བའི་ཡཾ་ལས་རླུང་གཡོས་མགྲིན་པའི་རཾ་ལ་ཕོག་པས་ཡེ་ཤེས་ཀྱི་མེ་འབར་བས་ལྕེ་སྟེང་གི་ཀཾ་ཐུལ་གྱིས་བསྲེགས། ངག་གི་ཉེས་སྐྱོན་ཐམས་ཅད་དག་ནས་ཀཾ་གྱི་ཤུལ་དེར་ཡི་གེ་ཨ་དཀར་པོ་གཅིག་བསམ། ངག་ཏུ་བཟླ། ངག་གིས་མི་ནུས་ན་ཡིད་ཀྱིས་བཟླ། དེ་ལྟར་ཡང་ཡང་བྱས་པས་ངག་གི་ཉེས་པ་ལས་གྲོལ་ནས་ངག་ཚངས་པའི་དབྱངས་སམ་མིའམ་ཅིའི་བུ་མོའི་མགྲིན་པ་ལྟར་འགྱུར་རོ། །དགུ་པ་རྟེན་འབྲེལ་སྙིང་པོས་ཇག་རྐུན་འཆིང་བ་ནི། རས་སམ་བལ་དཀར་པོའི་སྲད་བུ་འདོམ་གང་བ་ལ་མདུད་པ་བཅུ་གཉིས་བྱས་ལ། རང་འཇམ་དཀར་དུ་གསལ་བའི་ཐུགས་ཀར་ཟླ་བའི་དབུས་སུ་ཡི་གེ་དྷཱིཿལ་རྟེན་འབྲེལ་སྙིང་པོས་བསྐོར་བར་བསྒོམས་ལ་རྟེན་འབྲེལ་སྙིང་པོ་འབུམ་ཕྲག་བཟླས་ལ་སྲད་བུ་ལ་ཕུ་བཏབ་སུས་ཀྱང་མི་མཐོང་བར་བྱ། ནམ་ཞིག་ལས་ལ་སྦྱོར་ཚེ་རྒྱ་ཤོག་ལ་དུག་ཁྲག་གིས་ལིངྒ་ཁོག་པར་མིང་རུས་བྲི། མིང་རུས་མ་ཤེས་ན་ཡུལ་ཆེ་གེ་མོའི་ཆོམ་རྐུན་ཇག་པ་ཁུག་ཆིངས་སོགས་བྲི། རཱུ་པའི་མཐའ་མ་རིག་པའི་མུན་པའི་སྨག་རུམ་དུ་ཕོབ་ཅིགསོགས་རྟེན་འབྲེལ་བཅུ་གཉིས་ཀྱི་དམོད་པ་སྦྱར་བས་བསྐོར་དགུག་འདྲེན་བྱ། རཱུ་པ་ལྟེ་བ་ལ་གོང་གི་སྲད་བུས་བཅིངས་པས་ཇག་པ་རྣམས་རྟེན་འབྲེལ་སྙིང་པོའི་གུར་དུ་བཅིངས་པར་བསམས་ལ་རང་ལུས་ལ་བཅང་། འཇིགས་པ་གྲོལ་ནས་སྲད་བུ་སྔར་བཞིན་མི་མཐོང་བར་སྦ། རཱུ་པ་དྲི་བཟང་གི་ཆུས་བཀྲུས་ལ་རྗེས་མི་མངོན་པར་བྱའོ། །བཅུ་པ་རེའུ་མིག་ཞེ་དགུས་རིགས་སྔགས་བཟློག་པ་ནི། མཐིང་ཤོག་མཐོ་གང་ལ་གསེར་གྱིས་དཔེའུ་རིས་ལྟར་བྲིས་ལ་གཞི་མ་དཀར་པོའི་སྟེང་དུ་བཞགརང་འཇམ་དཀར་དུ་གསལ་བས་རེའུ་མིག་དེ་དག་རེ་རེ་གཞལ་ཡས་ཁང་རེ་རེར་གྱུར་པའི་དབུས་སུ་ཡིག་འབྲུ་རེ་རེ་ཞིང་འཇམ་དཀར་རེ་རེར་གྱུར་བར་བསམ། ཡེ་ཤེས་པ་སྤྱན་དྲངས་བསྟིམ། དབང་ལྷས་དབང་བསྐུར། རིགས་བདག་གི་རྒྱས་གདབ་པ་སོགས་སྔར་ལྟར་བྱས་ལ། ཨ་ཨཱཿསརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ། ཧ་ར་ཧ་ར། ༀ་ཧཱུྃ་ཧྲཱིཿབྷ་ག་ཝཱན་ཛྙཱ་ན་མུརྟི་ཝཱ་གི་ཤྭ་ར་མ་ཧཱ་ཝཱ་ཙ། སརྦ་ངྷརྨཱ་ཱག་ག་ན་ཨ་མ་ལ་སུ་པ་རི་ཤུདྡྷཿངྷརྨཱ་ངྷ་ཏུ་ཛྙཱ་ན་གརྦྷ་ཨཿཞེས་ཁྲི་ཕྲག་གཅིག་བཟླས་ལ་མཐར་རྟེན་འབྲེལ་སྙིང་པོ་བརྒྱ་རྩས་རབ་གནས་བྱ། ལྷ་འོད་དུ་ཞུ་ནས་ཡིག་འབྲུར་གྱུར་པར་བསམ། དར་སྣ་ཚོགས་ཀྱིས་དཀྲིས་ལ་སྔགས་པ་དམ་ཉམས་ཀྱིས་མ་རེག་པར་བྱས་ལ་རང་ལུས་སུ་བཅངས་པས་ཕ་རོལ་མི་དང་མི་མིན་གྱིས་རྦོད་གཏོང་ཐམས་ཅད་ཀྱིས་མི་ཚུགས་ཤིང་ཕར་ལ་འཇོམས་པའི་ནུས་པ་དང་ལྡན་པར་འགྱུར་རོ། །བཅུ་གཅིག་པ་དབང་དུ་བྱ་བ་ལ་གཉིས་ཀྱི་ཨཱ་དིས་དབང་དུ་བྱ་བ་ནི། རང་འཇམ་དཀར་དུ་གསལ་བའི་སྤྱི་བོར་ཨ་ཨཱ། མིག་གཉིས་ལ་ཨི་ཨཱི། སྣ་ལ་ཨུ་ཨཱུ། ལྕེ་ལ་རྀ་རཱྀ། རྣ་བ་གཉིས་ལ་ལྀ་ལཱྀ། སྙིང་ལ་ཨེ་ཨཻ། ལག་པ་གཉིས་ལ་ཨོ་ཨཽ། རྡོ་རྗེའི་རྩེ་མོར་ཨཾ། འོག་སྒོར་ཨཱཿརྣམས་གསལ་བས་དབྱངས་ཡིག་རྣམས་ཁྲི་ཕྲག་གསུམ་བཟླ། དེ་ཐེམ་ནས་གང་དབང་དུ་བསྡུ་བ་དེ་མདུན་དུ་དམིགས་ལ། རང་གི་གནས་སོ་སོའི་ཡིག་འབྲུ་རྣམས་ལས་ཡིག་འབྲུ་དམར་པོ་ལྕགས་ཀྱུ་ལྟ་བུ་སྤྲོས། ཁོའི་གནས་སོ་སོ་ནས་བཟུང་། ཁོའི་ཚེ་བསོད་དཔལ་འབྱོར་བཀྲག་མདངས་སྟོབས་རྫུ་འཕྲུལ་ལུས་ངག་ཡིད་གསུམ་རང་དབང་མེད་པར་བཀུག་ནས་རང་ལ་ཐིམ་པས་རང་ཉིད་ཕུན་སུམ་ཚོགས་པར་དར་ཞིང་རྒྱས་ཁོ་རང་དབང་མེད་པར་དབང་དུ་འདུས་པར་བསམ་པས། ཨཱ་དིའི་མཐར་ཆེ་གེ་མོ་ཝ་ཤཾ་ཀུ་རུ་ཡེ་ཨཾ་གུ་ཤ་ཛཿཧྲིཾ་ཧྲིཾ། ཞེས་སྟོང་ཡན་ཆད་བཟླས། ཚུལ་དེ་ལྟར་ཟླ་བ་ཉ་ལ་བབ་པའི་ཚེ་ཡང་ཡང་བྱས་པས་དབང་དུ་འདུ་བར་ངེས་སོ། །དབང་དུ་གྱུར་ནས་འདོད་དོན་གྲུབ་མ་ཐག་གནས་སུ་བསྐྱལ་ཏེ་ཆོས་ཀྱིས་ཕན་གདགས་པར་བྱའོ། །རྫས་ཀྱིས་དབང་དུ་བྱེད་ན། པྲི་ཡངྐུའི་མེ་ཏོག་ཆ་གཅིག་དང་། སིཧླ་ཆ་གཅིག་དང་། རུ་རྟ་ཆ་ཕྱེད་དང་། ནཱ་ག་གེ་སར་ཆ་ཕྱེད་དང་གཉིས་ཀྱི་ཕྱེ་མ་རྣམས་བྱུག་རྫས་དང་། ལ་ཝརྞ་ཁོ་ཌཱི་དང་། ནཱ་གཾ་དང་། ཙན་དན་དམར་པོ་དང་། ག་བུར་དང་། ཨ་ག་རུ་རྣམས་ཆ་མཉམ་པར་སྦྱར་བའི་བདུག་སྤོས་རྣམས། གཟའ་འཛིན་གྱི་དུས་སུ་སྔར་བཞིན་བསྒྲུབས་ཏེ། གང་དབང་དུ་བྱ་བར་འདོད་པ་དེ་ལ་བྱུག་རྫས་ཀྱིས་ལུས་ལ་བྱུགས་ཤིང་བདུག་སྤོས་ཀྱི་དྲི་ཚོར་བར་བྱས་ཙམ་གྱིས་དབང་དུ་འགྱུར་རོ། །བཅུ་གཉིས་པ་ཀཱ་དིས་ཚེ་བསྲིང་བ་ནི། མཎྜལ་དྲི་བཟང་གིས་བྱུགས་པའི་དབུས་སུ་པདྨ་སྔགས་བཅས་དཔེའུ་རིས་ལྟར་རེ་ཁ་དཀར་པོ་བྲིས་པའི་ལྟེ་བར་བུམ་པའི་ནང་དུ་བ་དང་འབྲི་ཡི་འོ་མར་ལྔ་ཚན་ལྔའི་རྫས་བཏབ་པ་རྒྱུན་འབབས་ཀྱི་ཆུས་བཀང་བ་ཁ་རྒྱན་འབྲས་བུ་ཅན་དང་དར་དཀར་པོའི་བུམ་དཀྲིས་བྱ། མཆོད་གཏོར་བཤམས། རང་འཇམ་དཀར་དུ་བསྒོམ་ཞིང་། བུམ་པའི་ནང་དུའང་དེ་བཞིན་གསལ་བཏབ་ལ་མཆོད་བསྟོད་བྱ། བུམ་ལྷའི་ཐུགས་ཀར་ཟླ་བའི་དབུས་སུ་དྷཱིཿཡིག་གི་མཐར་ཀཱ་དིས་བསྐོར་བ་ལས་འོད་འཕྲོས་འཁོར་འདས་ཀྱི་ཚེ་བཅུད་བསྡུས་པ་བུམ་པའི་ལྷ་ལ་བསྟིམ། དེའི་ཐུགས་ཀ་ནས་བདུད་རྩི་བབས། བུམ་པ་གང་ཞིག་ལུད་པ་རང་གི་སྤྱི་བོར་བབས། ལུས་ཐམས་ཅད་གང་། འཆི་མེད་ཚེ་ཡི་རིག་འཛིན་ཐོབ་པར་བསམས་ལ། ཀཱ་དི་ཁྲི་ཕྲག་གསུམ་ཡན་ཆད་ཅི་འགྲུབབཟླ། ཐུན་བར་མཆོད་བསྟོད་གཏོར་མ་འབུལ། མཐར་ལྷ་དེ་འོད་དུ་ཞུ་ནས་བུམ་ཆུ་དང་དབྱེར་མེད་དུ་བསམས་ལ་བུམ་ཆུ་བཏུང་ཞིང་ཁྲུས་བྱས་པས་ཚེ་ཡི་བར་ཆད་ཐམས་ཅད་ངེས་པར་ཞི་བར་འགྱུར་རོ། །རྗེས་ཀྱི་བྱ་བ་རྣམས་སྤྱི་དང་འདྲའོ། །བཅུ་གསུམ་པ་གཞུང་ལུགས་འཆད་པ་ན། མགྲིན་པ་དུང་དཀར་པོ་གཡས་སུ་འཁྱིལ་བར་གྱུར་པའི་ནང་ཐམས་ཅད་ཨཱ་ལི་ཀཱ་ལིས་གང་བ་ལས་འོད་ཟེར་དམར་པོ་ལྕགས་ཀྱུའི་རྣམ་པ་ཅན་འཕྲོས་པས། སངས་རྒྱས་བྱང་སེམས་རྣམས་ཀྱི་གསུང་གི་ཡེ་ཤེས་རྣམས་དབྱངས་གསལ་གྱི་ཡི་གེའི་རྣམ་པར་སྤྱན་དྲངས་ཏེ། མགྲིན་པའི་ཨཱ་ལི་ཀཱ་ལི་ལ་ཐིམ་པས། དེ་ལས་ཆོས་ཀྱི་སྒྲ་དབྱངས་རྒྱུན་མི་འཆད་པ་ལྷང་ལྷང་འབྱུང་བར་བསམས་ལ་འཆད་པ་ལ་འཇུག་པས། གཞུང་གང་འཆད་ཀྱང་ཐོགས་པ་མེད་པ་དང་། གདུལ་བྱ་ལ་ཕན་ཐོགས་པར་འགྱུར་རོ། །བཅུ་བཞི་པ་གཞན་དང་རྩོད་པ་བྱེད་ན། རང་གི་ལག་གཡས་པའི་མཐེ་བོང་ངམ་ཡང་ན་ལྕེ་ཤེས་རབ་ཀྱི་རལ་གྲི་སྔོན་པོ་མེ་འབར་བར་གྱུར་པའི་རྩ་བར་ཤེས་རབ་ཀྱི་ངོ་བོ་ཨ་ཡིག་དཀར་པོ་ལས་འོད་ཟེར་དམར་པོ་ལྕགས་ཀྱུའི་རྣམ་པ་ཅན་འཕྲོས་པས། ཕས་རྒོལ་གྱི་བློ་གྲོས་དང་ནུས་པ་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བླངས་པ་ལྟར་བསྡུས་ཏེ་རང་གི་སྙིང་གར་ཐིམ་པས་སྔགས་ཀྱི་འཁོར་ལོ་གཟི་བརྗིད་ལྡན་པར་གྱུར་སླར་ཡང་རལ་གྲི་ལས་དེ་འདྲ་བ་དཔག་ཏུ་མེད་པ་འཕྲོས་པས་ཕས་རྒོལ་གྱི་ལྕེ་ཉལ་ཉལ་དུ་གཏུབ་ཅིང་ལྷག་མ་ཡེ་ཤེས་ཀྱི་མེས་བསྲེགས་པར་བསམས་ལ་རྩོད་པས་རང་མི་རྒྱལ་མི་སྲིད་དོ། །བཅོ་ལྔ་པ་བསྟན་བཅོས་རྩོམ་པ་ན། བདག་ཉིད་འཇམ་དཔལ་དུ་གསལ་བའི་ཐུགས་དཔལ་གྱི་བེའུ་གསེར་ཞུན་མའི་མདོག་ཅན་དུ་གྱུར་པའི་དབུས་ཀྱི་ཁོང་སེང་དུ་ཨ་ཡིག་དཀར་པོས་མཚན་པ་ལས་འོད་ཟེར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། འཕགས་པ་ཉན་ཐོས་དང་རང་སངས་རྒྱས། སོ་སོ་སྐྱེ་བོ་ཤེས་རབ་དང་བསོད་ནམས་ཅན་ཐམས་ཅད་ཀྱི་ཤེས་རབ་དང་ཡོན་ཏན། ནོར་བུ་དང་། སྨན་དང་། སྔགས་ལ་སོགས་པ་བརྟན་གཡོའི་དྭངས་བཅུད་ཐམས་ཅད་ཨཱ་ལི་ཀཱ་ལིའི་རྣམ་པར་བསྡུས་ནས་ཐུགས་ཀའི་ས་བོན་ལ་ཐིམ་པས་སྤོབས་པའི་གཏེར་ཆེན་པོ་བརྒྱད་གྲོལ་བར་བསམས་ལ། རིགས་སྔགས་ཀྱི་རྒྱལ་པོ་བཟླ་བཞིན་དུ་རྩོམ་ན་ཚིག་དོན་ཕུན་སུམ་ཚོགས་པས་མཁས་པ་རྣམས་ཡིད་འཕྲོག་པར་འགྱུར་རོ། །གཞན་ཡང་། གྲི་ལྕགས་ལ་རྒྱལ་གྱི་ཉིན་པར་རལ་གྲི་སོར་བཅུ་གཉིས་པ་བྱས་ཏེ་ལག་པར་བཟུང་ནས་སྔགས་བཟླས་ན་རལ་གྲིའི་རིག་འཛིན་དང་མཁའ་ལ་འགྲོ་བར་འགྱུར་རོ། །གི་ཝཾ། ལྡོང་རོས། གུརྒུམ། ཙན་དན་དམར་པོ་རྣམས་སྦྱར་བའི་རིལ་བུ་གསེར་དངུལ་ཟངས་གསུམ་གྱིས་དཀྲིས་པ་གཟའ་འཛིན་གྱི་དུས་སུ་བསྒྲུབས་ནས་དཔྲལ་བར་ཐིག་ལེ་བྱས་པས་སུས་ཀྱང་མི་མཐོང་བའི་མི་སྣང་བ་འགྲུབ་བོ། །ཤིང་ཤལ་མཱ་ལིའི་ཁུ་བ་དང་། གོ་རོ་ཙ་ན་སྦྱར་བའི་ཁུ་བ་གཟའ་འཛིན་གྱི་དུས་སུ་བསྒྲུབས་ནས་རྐང་པ་ལ་བསྐུས་ན་རྐང་མགྱོགས་ཀྱི་དངོས་གྲུབ་ཐོབ་བོ། །ཉི་ཟླ་གཟས་བཟུང་བའི་དུས་སུ། ཁབ་ལེན་གྱི་ལྕགས་གཉིས་གང་རུང་ལས་བྱས་པའི་རལ་གྲི་ལག་གཡོན་པར་བཟུང་ནས་ཇི་སྲིད་དུ་བ་དང་མེ་འོད་མ་བྱུང་གི་བར་དུ་སྔགས་བཟླས་ན། དེ་ཉིད་ཐོགས་པ་ཙམ་གྱིས་ནམ་མཁའ་ལ་གང་འདོད་དུ་འགྲོ་བར་འགྱུར་རོ། །གསེར་སོགས་ལས་བྱས་པའི་འཁོར་ལོ། ནཱ་ག་གེ་སར་གྱི་ཤིང་ལས་བྱས་པའི་རྡོ་རྗེ། བྱང་ཆུབ་ཀྱི་ཤིང་ལས་བྱས་པའི་རྩེ་གསུམ། སྨྱུག་མ་ལས་བྱས་པའི་མདའ། བུར་ཤིང་སོགས་ལས་བྱས་པའི་ཐོ་བ། གསེར་དངུལ་ཟངས་ལྕགས་རག་གཤའ་ཞ་ཉེ་འཁར་བ་སྟེ་ལྕགས་བརྒྱད་གང་རུང་ལས་བྱས་པའི་ཞགས་པ། ལྕགས་ཀྱུ། ཆུ་གྲི། རལ་གྲི་སྒུར་པོ། འཕོང་མདུང་། བེ་ཅོན། མདུང་། མདའ་བོ་ཆེ། ཤཀྟི། གཏུན་ཤིང་། དབྱུག་པ། ནོར་བུ། རྨ་བྱའི་མཇུག་སྒྲོ། སྡེར་སྣོད། གདུགས། རྔ་ཡབ། རྒྱལ་མཚན། བ་དན། པདྨ། ཨུཏྤལ། ཏཱ་ལི་འདབ་མ། དགྲ་སྟྭ་རྣམས་གང་རུང་གཟའ་འཛིན་གྱི་དུས་སུ་རྟགས་མ་བྱུང་བར་སྒྲུབ་པས་རེ་རེས་ཀྱང་མཁའ་སྤྱོད་ཀྱི་དངོས་གྲུབ་འགྲུབ་པར་གསུངས་སོ། །མཐར་ཐུག་གི་ལས་སྦྱོར་ནི། བསྙེན་སྒྲུབ་སོགས་ཀྱི་མཚན་མ་རྙེད་ནས་ཀྱང་དུས་ཀུན་ཏུ་བླ་མ་དང་འཇམ་དཔལ་དབྱེར་མེད་པ་བསྙེན་ཅིང་གསོལ་བ་ཤུགས་དྲག་ཏུ་བཏབ་པས་ཡི་དམ་གྱི་ལྷས་ཡང་ཡང་བྱིན་གྱིས་བརླབས་པས་རིག་པ་འཛིན་པའི་ལུས་ཐོབ་ཅིང་། བདག་མེད་རྟོགས་པའི་ཤེས་རབ་ཁྱད་པར་ཅན་གྱིས་འཕགས་པའི་ཡེ་ཤེས་ཁོང་དུ་ཆུད་པས་ས་བཅུ་དང་ལམ་ལྔ་སོགས་རིམ་གྱིས་རྫོགས་ནས་བཅོམ་ལྡན་འདས་འཇམ་དཔལ་རྡོ་རྗེའི་ངོ་བོར་མངོན་པར་བྱང་ཆུབ་པའི་གོ་འཕང་བརྙེས་ཏེ། སྐུ་དང་། ཡེ་ཤེས་དང་། ཕྲིན་ལས་བསམ་གྱིས་མི་ཁྱབ་པ་ལ་དབང་འབྱོར་པ་ནི་ངེས་པའོ། །སླར་སྨྲས་པ། འཇམ་དཔལ་ཞེས་པའི་མཚན་གྱི་རིན་ཆེན་ཡང་། །བསྐལ་མང་བསོད་ནམས་ཟོང་གིས་ཁུག་མིན་ན། །འདི་འདྲའི་གདམས་ཟབ་སྙིང་གི་བུམ་པ་རུ། །བསྐྱིལ་རྣམས་ཨེ་མ་སྐལ་བ་ཅིས་མི་བཟད། །རྨད་བྱུང་འཁོར་ལོ་བཞི་ཡི་ཡལ་འདབ་རྩེར། །ཕུལ་བྱུང་སྡེ་བཞིའི་འབྲས་བཟང་སྨིན་འདོད་ལ། །གདམས་ཟབ་བདུད་རྩིའི་དགའ་སྟོན་འདི་འདྲ་བ། །སྟོང་གསུམ་བདོག་དགུ་སྤུངས་ཀྱང་མཚོན་ནུས་ཅི། །རྒྱུད་སྡེའི་དགོངས་བཅུད་ཡིན་གྱི་ཁུངས་མེད་མིན། །ཚད་ལྡན་གཞུང་ནས་ཡིན་གྱི་རང་བཟོས་མིན། །བརྒྱུད་པའི་མན་ངག་ཡིན་གྱི་འབྲེལ་མེད་མིན། །ཕན་སེམས་བསམ་པས་ཡིན་གྱི་གྲགས་འདོད་མིན། །དེ་སླད་གཞུང་བཟང་འོ་མའི་ཆུ་གཏེར་ཆེར། །འཁྲུལ་རྟོག་རྙོག་མས་བསླད་པ་མེད་སྙམ་ཡང་། །གལ་ཏེ་བདག་བློ་དམན་པས་གོས་སྲིད་ན། །མཁས་གྲུབ་ཀེ་ཏ་ཀ་ཡིས་བགྲུང་བར་འོས། །རབ་དགེ་དྲི་མེད་ཤིན་ཏུ་བསིལ་གྱུར་སྐལ་ལྡན་ཤིང་རྟའི་རྒྱུན་བཟང་མཆོག །དུས་གསུམ་གཤེགས་པའི་མི་མཆོག་སྲས་བཅས་གང་ལས་བཞུད་པའི་རྒྱུན་ཕྱོགས་སུ། །ལེགས་གཞོལ་བྱང་ཆེན་མཆོག་གི་རྒྱ་མཚོར་འཇམ་མགོན་ཀླུ་ཡི་དབང་པོ་ཡི། །གསང་མཛོད་མཆོག་དང་མཉམ་པ་ཉིད་བྱས་འགྲོ་ཀུན་ངལ་འཚོའི་གཞིར་གྱུར་ཅིག །ཅེས་པའང་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རིགས་སྔགས་ལ་གུས་པ་ལྷུར་ལེན་པའི་ཟེ་ཆེན་པ་འཇམ་དབྱངས་བློ་གྲོས་རྒྱ་མཚོས། རང་གཞན་ལ་སྨན་པའི་བློས་སྔོན་བྱོན་མཁས་གྲུབ་དམ་པ་རྣམས་ཀྱི་གསུང་རབ་ཀྱི་བཅུད་བསྡུས་ཏེ། རང་གནས་བསྟན་གཉིས་དར་རྒྱས་གླིང་གི་ཆོས་གྲྭ་ཆེན་པོར་སྦྱར་བའི་དགེ་བས་འགྲོ་ཀུན་སོ་སོར་རྟོགས་པའི་ཤེས་རབ་ཀྱི་སྣང་བ་མཆོག་ཏུ་རྒྱས་པའི་རྒྱུར་གྱུར་ཅིག། །།

ཕུར་བུའི་ལུགས་ཀྱི་དབྱངས་ཅན་དཀར་མོའི་བརྒྱུད་པའི་གསོལ་འདེབས་བློ་ཡི་མུན་སེལ།

༄༅། །ཕུར་བུའི་ལུགས་ཀྱི་དབྱངས་ཅན་དཀར་མོའི་བརྒྱུད་པའི་གསོལ་འདེབས་བློ་ཡི་མུན་སེལ་ཞེས་བྱ་བ་བཞུགས་སོ། །པད་དཀར་འཆང་བའི་ཚེམས་གྱི་ཆུ་གཏེར་ལས། །ཉེར་འཁྲུངས་རྒྱལ་ཀུན་མཁྱེན་པའི་དཀྱིལ་འཁོར་རྫོགས། །ཀུན་རྨོངས་གདུང་བ་བཅིལ་བྱེད་ག་བུར་འཛིན། །འཕགས་མ་སྒྲ་དབྱངས་ལྷ་མོར་གསོལ་བ་འདེབས། །གང་དེས་རྗེས་བཟུང་བྲམ་ཟེ་ཕུར་བུའི་ཞབས། །གཏུམ་པོའི་སྡེ་དང་མཆོད་སྡོང་སེང་གེའི་མཚན། །ཉི་སེང་དཔེ་མེད་མཚོ་དང་རྒྱ་མཚོ་ཆེ། །སུམ་པ་ལོ་ཙཱ་རྣམས་ལ་གསོལ་བ་འདེབས། །བཟང་རིན་པོ་དང་རིན་རྩེ་བློ་གྲོས་དཔལ། །ངྷརྨའི་མཚན་དང་ངག་དབང་ལྷ་མོ་ཡིས། །རྗེས་བཟུང་སྨྲ་བའི་སེང་གེ་བསམ་ཡས་པ། །ཚུལ་ཁྲིམས་བློ་གྲོས་ཞབས་ལ་གསོལ་བ་འདེབས། །ཆོས་རྗེ་སངས་རྒྱས་དབོན་དང་སེམས་དཔའ་ཆེ། །སངས་ཡེ་སངས་རྒྱས་རྒྱལ་མཚན་ཚུལ་རྒྱལ་བ། །རྩེ་ལེ་ཡབ་སྲས་པད་དབང་རིན་དར་མཚན། །ཕྲིན་ལས་ལྷུན་གྲུབ་རྣམས་ལ་གསོལ་བ་འདེབས། །ངེས་གསང་བསྟན་པའི་སྒྲོན་མེ་གཏེར་ཆེན་རྗེ། །རིན་ཆེན་རྣམ་རྒྱལ་ཐེག་མཆོག་བསྟན་འཛིན་བཟང་། །ཀུན་བཟང་རྣམ་རྒྱལ་བསྟན་འཛིན་ཆོས་ཀྱི་རྒྱལ། །པཎ་ཆེན་མཐུ་སྟོབས་མཚན་ལ་གསོལ་བ་འདེབས། །ཕུལ་བྱུང་སྐྱེས་ཐོབ་བློ༵་གྲོ༵ས་འཆི་མེད་ལམ། །སྦྱོར་བརྩོན་ཐུགས་རྗེ་སྣང་བའི་མཛོད་ཀྱི་གཟིས། །མཐ༵འ་ཡས༵་བསྟན་འགྲོའི་ཕན་བདེའི་འདབ་བརྒྱའི་ཚལ། །བཞད་མཛད་འཁོར་ལོའི་མགོན་པོར་གསོལ་བ་འདེབས། །དེ་ལྟར་མི་ཕྱེད་གུས་པས་གསོལ་བཏབ་མཐུས། །མཆོག་བྱིན་མ་ལ་ཡ་སྐྱེས་དྲི་བཞོན་གྱིས། །ཀུན་རྨོངས་ཉེས་བརྒྱའི་ཚད་གདུང་གཏན་བཅིལ་ནས། །བློ་མཆོག་སྤོབས་པའི་ངལ་མཚོའི་མཆོག་སྦྱིན་མཛོད། །རིམ་པས་རྒྱུད་སྨིན་དམ་ཚིག་རྣམ་པར་དག །བསྙེན་སྒྲུབ་མཐར་ཕྱིན་མི་མཐུན་གེགས་ལས་གྲོལ། །ལས་བཞིའི་སྦྱོར་བས་དོན་གཉིས་པདྨོའི་ཚལ། །སྐལ་བཟང་རྐང་དྲུག་དགའ་བའི་དཔྱིད་དཔལ་མཛོད། །ཁྱད་པར་ཟུང་འཇུག་སྤྲོས་པ་བྲལ་བའི་མཁར། །མཚན་དཔེའི་འོད་སྟོང་དྲྭ་བས་བྲིས་པའི་གར། །གང་སྐུ་ཟླ་བ་རྒྱས་པའི་ལང་ཚོའི་དཔལ། །མངོན་སུམ་མིག་གི་བདུད་རྩིར་སིམ་པར་མཛོད། །སྒྲ་ཚིག་བྱ་རྩོལ་མཚན་མ་རིང་འདས་ཀྱང་། །སྙན་འགྱུར་ཡན་ལག་འབུམ་རྫོགས་ངོ་མཚར་དབྱངས། །ས་གསུམ་མ་རིག་གཉིད་ལས་སློང་བའི་དཔལ། །བདག་གི་ངག་ལ་མྱུར་དུ་འཇུག་པར་མཛོད། །ཀུན་རྟོག་འཆིང་བ་ལས་གྲོལ་ཆོས་དབྱིངས་མདངས། །ལྷས་རྩེན་ཕ་མཐའ་བརྒལ་བའི་མཁྱེན་བརྩེའི་གཟི། །རབ་འབར་ཐུགས་ཀྱི་གསང་བ་མ་ཎི་ཀཿ། །བདག་ཡིད་ཀུན་གཞིའི་མཚོ་ལ་བརྟན་པར་མཛོད། །དེ་མཐུས་འཆད་པས་མཁས་མང་ཡིད་དབང་འཕྲོག །ལུང་རིགས་རྩོད་པས་ཕས་རྒོལ་དྲེགས་པ་བསྙིལ། །ལེགས་བཤད་རྩོམ་པས་ཐུབ་བསྟན་ཆེས་གསལ་བའི། །སྨྲ་བའི་ཉི་མ་གཅིག་པུར་བདག་གྱུར་ཅིག །མདོར་ན་འདི་ནས་ཚེ་རབས་ཕྲེང་བ་རུ། །བླ་མ་མཆོག་དང་དབྱེར་མེད་ཚངས་སྲས་ལྷའི། །ཞབས་ཀྱི་པདྨོས་བསྲུང་བའི་དགེ་མཚན་གྱིས། །རྣམ་ཀུན་མཁྱེན་པའི་ཡེ་ཤེས་མངོན་བྱེད་ཤོག །ཅེས་པའང་འཕགས་མའི་རིགས་སྔགས་ལ་གུས་པས་ལྷུར་ལེན་པའི་ཟེ་ཆེན་པ་དབྱངས་ཅན་དགྱེས་པའི་སྡེས་གསོལ་བ་བཏབ་པ་སིངྔྷི་རསྟུ།

བྲམ་ཟེ་ཕུར་བུའི་ལུགས་ཀྱི་དབྱངས་ཅན་དཀར་མོའི་སྒྲུབ་ཐབས་ཀྱི་ངག་འདོན་སྙིང་པོར་དྲིལ་བ་ཀུན་མཁྱེན་དགྱེས་པའི་ཞལ་ལུང་།

༄༅། །བྲམ་ཟེ་ཕུར་བུའི་ལུགས་ཀྱི་དབྱངས་ཅན་དཀར་མོའི་སྒྲུབ་ཐབས་ཀྱི་ངག་འདོན་སྙིང་པོར་དྲིལ་བ་ཀུན་མཁྱེན་དགྱེས་པའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ། །བྲམ་ཟེ་ཕུར་བུའི་ལུགས་ཀྱི་དབྱངས་ཅན་མ་དཀར་མོའི་སྒྲུབ་ཐབས་ཀྱི་ངག་འདོན་སྙིང་པོར་དྲིལ་བ་ཀུན་མཁྱེན་དགྱེས་པའི་ཞལ་ལུང་ཞེས་བྱ་བ། སྙན་ངག་གི་ལྷ་མོ་ཕྱག་འཚལ་ལོ། །མཚན་རྟོག་སྤྲོས་དང་མཛའ་མིན་ཡེ་ཤེས་ཆེ། །མཆོག་ཏུ་མི་འགྱུར་ཟག་མེད་བདེ་ཆེན་གཟིས། །སྲིད་ཞིའི་མུན་པ་དྲུང་འབྱིན་བླ་མ་དང་། །དབྱེར་མེད་སྒྲ་དབྱངས་ལྷ་མོས་དགེ་ལེགས་སྩོལ། །འཕགས་བོད་མཁས་གྲུབ་གདམས་ཟབ་མཐོ་རིས་ཀླུང་། །ཀུན་མཁྱེན་དྲང་སྲོང་ལྟོ་བར་བསྐྱིལ་བ་ལས། །ལེགས་འོང་ཀུན་རྨོངས་དྲི་མ་འཁྲུད་པའི་ཆབ། །དོན་གཉེར་གསེར་གྱི་ཡོལ་གོར་བསྐྱིལ་འདིའོ། །དེའང་ཆོས་རབ་རྣམ་འབྱེད་ཀྱི་ཤེས་རབ་དྲི་མ་མེད་པ་ལ་བརྟེན་ནས་རང་གཞན་གྱི་དོན་གཉིས་བདེ་བླག་ཏུ་བསྒྲུབ་པར་འདོད་པ་རྣམས་ཀྱིས་ངག་གི་དཔལ་མོ་དབྱངས་ཅན་མའི་རྣལ་འབྱོར་ཟབ་མོ་ལ་འཇུག་པར་བྱ་སྟེ། ཐོག་མར་ལུགས་འདི་ཡི་རྗེས་སུ་གནང་བས་རྒྱུད་སྨིན་པ་དང་དམ་ཚིག་རྣམ་པར་དག་པ་གཞིར་བཞག་ནས། གོས་གཙང་མ་བགོ །ཟས་གཙང་མ་བཟའ། དབེན་པའི་ས་ཕྱོགས་གཙང་མར། ཁྲུས་དང་གཙང་སྦྲ་ལ་གནས་པས། སྟན་དཀར་པོ་གཙང་མར་འདུག་སྟེ། ངེས་པར་འབྱུང་བ་དང་བྱང་ཆུབ་སེམས་ཀྱི་རྩིས་ཟིན་པའི་ངང་ནས་སྐྱབས་སུ་འགྲོ་བ་ནི། གང་གི་ཐུགས་རྗེའི་གྲིབ་བསིལ་སྣུམ་པོའི་དཔལ། །སུ་ཞིག་བརྟེན་ལ་འཇིགས་གསུམ་ཚད་གདུང་དབལ། །འཇུག་པའི་གོ་སྐབས་ནམ་ཡང་འཚལ་མིན་པ། །མཆོག་གསུམ་དཔལ་གྱི་དུམ་བུ་སྐྱབས་སུ་བསྟི། །ལན་གསུམ། སེམས་བསྐྱེད་པ་ནི། སྟོང་ཉིད་ལང་ཚོ་བདོ་བའི་སྨིན་ལེགས་མ། །སྙིང་རྗེའི་ཐབས་ཀྱི་དཔའ་བོར་རྗེས་ཆགས་གར། །འགྲོ་ཁམས་མི་གཏོང་འཆིང་བའི་དགེ་མཚན་གྱིས། །རྣམ་མཁྱེན་གྲོང་ཁྱེར་མཛེས་པའི་ཤིས་པ་སྒྲུབ། །ལན་གསུམ། བདེ་བའི་སྨན་ཤིང་དགེ་བཅུའི་རྩ་བ་བརླིང་། །སྡུག་བསྔལ་མྱུ་གུ་ཀུན་འབྱུང་ས་བོན་ཆད། །དགའ་བའི་མེ་ཏོག་བཏང་སྙོམས་ཟིལ་དངར་འཇོ། །མཉམ་ཉིད་ངང་དུ་འགྲོ་ཀུན་ངལ་འཚོ་ཤོག །ཅེས་ཚད་མེད་བཞི་བསྒོམ་པ་སྔོན་དུ་འགྲོ་བས། དངོས་གཞི་ནི། ༀ་སྭ་བྷཱ་ཝ་སོགས། མཐའ་བཞིའི་དྲི་མས་ནོངས་མིན་སྟོང་ཆེན་མདངས། །ལྷ་དང་དྲང་སྲོང་གྲུབ་པའི་སྐྱེད་མོས་ཚལ། །སྲིད་ཞིའི་དྭངས་བཅུད་བྱེད་པོའི་ཕྱག་རྒྱ་ཡིས། །གསར་དུ་བསྡོམས་པའི་འཕྲུལ་ལས་བཀོད་པ་བཞིན། །ལྦུ་ཕྲེང་སོ་ཡི་འཛུམ་དཀར་ཆེར་རྒོད་པའི། །རབ་མཛེས་འོ་མཚོ་ལྷ་ཡི་མེ་ན་ཀཱ། །པད་དཀར་ལན་བུའི་ཐོར་ཚུགས་མཛེས་པའི་སྟེང་། །རྒྱུ་སྐར་རྒྱལ་པོའི་ཐོད་རྒྱན་གཅིག་ཏུ་བརླིང་། །རང་སེམས་ཧྲཱིཾཿདཀར་འབར་བའི་འོད་ཟེར་གྱིས། །སྲས་བཅས་རྒྱལ་བའི་མཁྱེན་རབ་བདུད་རྩིའི་འོད། །གཅིག་ཏུ་བཞུས་པའི་ཁུ་བས་ཞུན་ལུགས་སུ། །འཕྲུལ་བའི་རྣམ་དཔྱོད་མེས་པོས་བསྐྲུན་དུ་ཅི། །སྲིད་ན་དཀར་བའི་དངོས་ཀུན་གཅིག་བསྡོམས་པར། །བརྒྱ་ཕྲག་བཅུ་གཉིས་མཚན་དཔེའི་རི་མོ་ཡིས། །རྣམ་སྤྲས་ཟག་མེད་བདེ་བའི་ལང་ཚོའི་གཟིས། །འཁྱུད་ན་སྤུན་ཟླར་འགོད་འོས་མཛེས་སྐུའི་དཔལ། །རིན་བྲལ་རིན་ཆེན་རྒྱན་གྱི་འོད་ཟེར་གྱིས། །རྟ་ལྗང་ཅན་གྱི་གཟི་ཡང་མོག་པོ་རུ། །བྱེད་མཐོང་རལ་པའི་ནགས་ཀླུང་རྩེ་མོ་ནས། །གཉིས་སྐྱེས་རྒྱལ་པོ་མཚར་བས་དགོད་པ་འདྲ། །རབ་དཀར་ལྷ་རྫས་གསར་པའི་སྟོད་གཡོགས་དང་། །སྣ་ཚོགས་དར་གྱི་སྨད་ཤམ་གཡོ་བས་ཀྱང་། །གང་སྐུའི་མཛེས་སྡུག་སྒྲིབ་སྙམ་སྲེད་ལྡན་གྱི། །སྙིང་ལ་ཀུན་རྟོག་རི་མོ་ཅིར་ཡང་འགོད། །ཤེས་བྱའི་ཁོངས་སུ་རྫོགས་མིན་ཟུར་མིག་མདའ། །སྙན་གོང་ཨུཏྤལ་སྟན་ལས་བརྒལ་མཐོང་ནས། །ཅུང་ཟད་འཛུམ་པའི་ཞལ་བཅས་དུད་པའི་ལུས། །འོ་འཛིན་ལྕི་བའི་ཁུར་གྱིས་དུབ་པར་དོག །ཤེལ་ལྕུག་ཡལ་འདབ་ལྡེམ་འདྲའི་ཕྱག་སོར་རྩེར། །བཻཌཱུར་རྒྱུད་མངས་སྦྲེངས་པའི་ངོ་མཚར་འབུམ། །སྒྲོགས་ལ་མཉན་པས་མ་ངོམས་གསེར་མངལ་ཅན། །ཐོས་འཛིན་ཟུང་བཞིར་སྤྲུལ་པའི་ངལ་བ་བསྟེན། །དཀར་མཛེས་མེ་ཏོག་རྒྱན་གྱིས་ཆེར་སྤུད་ཅིང་། །མུ་མེད་འོད་ཟེར་འཕྲོ་བའི་འགྱིང་བག་གར། །ཙོག་པུའི་ཚུལ་ཅན་གསལ་སྟོང་ཟུང་འཇུག་འཕྲུལ། །རྒྱབ་བརྟེན་ཟླ་གཞོན་དཔལ་དང་མཚོན་མ་ཡིན། །ཞེས་གསལ་བཏབ་ལ། རང་གི། སྙིང་རྩེ་གྱེན་བསླང་ཟླ་དཀྱིལ་ༀ་དཀར་ལས། །འོད་ཟེར་དཀར་པོའི་གཤོག་ཡངས་མཛེས་པའི་བྱ། །གཡོན་མིན་དྲི་འཛིན་མཁའ་ལ་བསྐྱོད་པའི་གར། །ཚངས་སྲས་ཐུགས་སྲོག་འོ་མཚོར་ཡུད་ཀྱིས་རྩེན། དེ་ལས་ཡེ་ཤེས་སེམས་དཔའི་འཁོར་ལོ་མཆོག །རིགས་སྔགས་ཤིང་རྟའི་འཕྲུལ་གྱིས་ཉེར་དྲངས་ནས། །དད་པའི་ཡིད་མཁར་མངོན་སུམ་བཞུགས་པ་ཡང་། །སྤྲིན་མེད་མཁའ་ལ་སྟོན་ཟླའི་དཔལ་བཞིན་མཛེས། །ཞེས་མོས་ལ། སྲིད་འབྱོར་ཟོང་གིས་ཁུག་མིན་ཟག་བྲལ་གྱི། །ཡོན་ཏན་འབུམ་ཕྲག་འཇོ་བའི་ལྷ་རྫས་ཆར། །འཛད་མེད་ནམ་མཁའ་མཛོད་ཀྱི་རོལ་མོ་ཡིས། །དཔལ་མོ་བློ་ཡི་མུན་སེལ་མཉེས་པར་བགྱི། །ༀ་པྲི་ཏཱི་དེ་བཱི་དཱི་བྱ་པུཥྤེ་ཧཱུྃ། དེ་བཞིན་དུ། དྷཱུ་པེ་གནྡྷེ་ནེ་ཝི་ཏྱཱ་ཨཱ་ལོ་ཀཻ། བི་ལི་པ་ནི། རྣམས་སྦྱར་མཆོད། ༀ་པྲི་ཏཱི་དེ་བཱི་མེ་ཧྲཱིཿཥྚི་ཏིཥྛི་ཧྲཱིཾཿཞེས་ཤུབ་བུར་བརྗོད་ནས་དབུགས་ནང་དུ་རྔུབ་པ་དང་། ཙཀྲ་འོད་ཞུ་དྲི་འཛིན་གཡོན་ནས་ཞུགས། །ༀ་དཀར་དང་འདྲེས་ཡོངས་གྱུར་རང་གི་སྙིང་། །འདབ་བརྒྱད་པད་དཀར་ལྟེ་བར་ཟླ་སྟེང་ཧྲཱིཾཿ། །འདབ་མར་གཉིས་གཉིས་དབྱངས་ཡིག་ཕྲེང་བས་མཛེས། །ཤིན་ཏུ་འབར་བའི་འོད་ཟེར་མེ་ལྕེ་ཡིས། །ཀུན་རྨོངས་མུན་པའི་བུད་ཤིང་ཟོས་པ་དང་། །ཆབས་ཅིག་སྲོག་འཁོར་གངས་རི་བཞུས་པའི་ཆུས། །ལུས་ཀུན་ཡོངས་གང་བདེ་ཆེན་ཉམས་བརྒྱས་སྒེག །ཞེས་མོས་ལ་ལྷར་སྣང་སྒྱུ་མ་ལྟ་བུ་ལ་སེམས་འཛིན། དེས་སྐྱོན་བཟླས་པ་བྱ་བ་ནི། ཧྲཱིཿལས་རང་འདྲའི་སྔགས་ཕྲེང་མགལ་མེ་བཞིན། །ཚིག་ལམ་ནས་ཐོན་སྤྲུལ་པའི་འཁོར་ལོར་ཞུགས། །ཧྲཱིཿཐིམ་བར་མེད་འཁོར་བའི་འོད་ཟེར་གྱིས། །སྙིང་གི་མུན་པ་མ་ལུས་བསལ་བར་བྱས། །འཁོར་འདས་བརྟན་གཡོའི་ཚེ་བསོད་སྟོབས་དཔལ་གཟི། །མཁྱེན་བརྩེ་ནུས་པ་གཟུངས་སྤོབས་འཆད་རྩོད་རྩོམ། །གང་འདོད་དབང་བསྡུས་ཐུགས་སྲོག་སྔགས་ལ་ཐིམ། །སྒོ་གསུམ་ཡོངས་གང་ནུས་མཐུའི་རྩལ་རྫོགས་གྱུར། །ཞེས་མོས་ལ། ཧྲཱིཾཿཞེས་པའི་རིག་པ་འབྲུ་གཅིག་པ་ཉིད་བཟླས་པའི་སྐྱོན་རྣམས་སྤངས་ཏེ་རྩེ་གཅིག་ཏུ་བཟླ། གྲངས་ཀྱི་ཚད་ནི་འབུམ་ཕྲག་གཅིག་དང་ཉི་ཁྲི་ལྔ་སྟོང་གསུང་བ་ད་ལྟ་བཞི་འགྱུར་དུ་བྱ་དགོས་པས་འབུམ་ཕྲག་ལྔ། དེ་ཉིད་ལན་གསུམ་དུ་བསྐྱར་བས་གྲངས་བསྙེན་དང་། དེ་ལས་གྲུབ་པའི་མཚན་མ་རྣམས་ཀྱང་རིམ་བཞིན་མཐོང་བར་འགྱུར་རོ། །རྗེས་ཐུན་འཇོག་པ་ན། སྔགས་ཕྲེང་ཧྲཱིཾཿཡིག་ལ་ཐིམ་འབར་བའི་ཟེར། །གང་འདོད་ཤེས་རབ་འགུགས་པའི་བཅུད་ལེན་རྩིས། །ལུས་གང་ཀུན་རྨོངས་མཐར་བྱས་ཤེས་བྱའི་ཆོས། །མཐའ་དག་གསལ་བའི་བློ་མིག་རྒྱས་པར་གྱུར། །ཞེས་རང་གང་འདོད་པའི་ཤེས་རབ་དེ་ལན་གསུམ་དུ་བསྡུས་པས་ལུས་ཁེངས་པར་དམིགས་པ་གཏད། ཐུན་གཤམ་དུ་གཏོར་མ་འབུལ་ན། མཆོད་པ་དང་གཏོར་མ་རྣམས་བསངས་སྦྱངས་བྱིན་གྱིས་བརླབས་ཏེ། དྲན་པས་ཡེ་ཤེས་མཆོག་སྦྱིན་དབྱངས་ཀྱི་རྒྱལ། །རབ་འབྱམས་སྲས་བཅས་རྒྱལ་བའི་འཁོར་དང་བཅས། །དྭངས་པའི་ཆུ་མཚོར་གཟའ་སྐར་ཤར་བ་བཞིན། །དད་པའི་མདུན་མཁར་ལྷམ་མེར་བཞུགས་པར་གྱུར། །ཞེས་མོས་ལ། ཧྲཱིཾཿབ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལྔའམ་བདུན་གྱིས་གཏོར་མ་ཕུལ། སླར་ཡང་། རབ་གཙང་ཡན་ལག་བརྒྱད་ལྡན་ལྷ་ཆུའི་རྒྱུན། །རབ་མཛེས་མུ་ཏིག་དཀར་པོའི་སྦུ་ཕྲེང་ཅན། །རབ་གུས་གསེར་གྱི་བུམ་པར་བསྐྱིལ་བའི་སྐྱེམས། །རབ་འབྱམས་རྒྱལ་ཀུན་བསྐྱེད་ཡུམ་ཁྱོད་ལ་སྟོབས། །ༀ་སྭ་ར་སྭ་ཏཱི་དེ་ཝཱི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏི་ཙྪ་སྭཱ་ཧཱ། མ་དག་དྲི་མས་གཞར་ཡང་ནོངས་མིན་ཡང་། །མ་རིག་འཛིན་པའི་རང་རྒྱུད་རྙོག་བྲལ་སླད། །མ་འདྲེས་གཟུགས་བརྙན་ཀུན་འཛིན་དྭངས་པའི་ཆབ། །མ་གཅིག་ཞབས་ཀྱི་ཆུ་སྐྱེས་ཟེའུ་འབྲུར་བསྟི། །པ་དྱྃ། རྣམ་བཀྲའི་ལྷ་རྫས་གསར་པའི་དྲི་བསུང་གིས། །རྣམ་མང་ནགས་ཀྱི་བུང་བ་བཟུང་བའི་གར། །རྣམ་དག་ཆུ་སྐྱེས་གསར་པའི་ཕྲེང་བ་ཡང་། །རྣམ་མཁྱེན་བསྐྱེད་ཡུམ་གང་གི་རྒྱན་དུ་སྤུད། །པུཥྤེ། མང་མང་ལྷན་ཅིག་སྐྱེས་དང་སྦྱར་བྱུང་རིགས། །ཞིམ་ཞིམ་དབང་ཤེས་ཚིམ་པའི་ལོངས་སྤྱོད་མཆོག །མཚར་མཚར་རྒྱལ་ཀུན་དགྱེས་བསྐྱེད་ཚུལ་ཁྲིམས་དང་། །ཡང་ཡང་འཕགས་མའི་མདུན་མཁར་སྤྲིན་བཞིན་དཀྲིགས། །དྷཱུ་པེ། ཉི་ཟླ་ནོར་བུ་འབར་བའི་འོད་ཟེར་གྱིས། །ཕྱི་རོལ་ནམ་མཁའི་པགས་པ་དབྲལ་བ་དང་། །ཆབས་ཅིག་ཀུན་རྨོངས་ནང་གི་མུན་པའི་དཔུང་། །གཞིལ་བྱེད་རྣམ་གསུམ་ཤེས་རབ་སྒྲོན་མེས་བསྙེན། །ཨཱ་ལོ་ཀེ། རང་བཞིན་བསིལ་བའི་རེག་བྱས་རྟག་འཁྱུད་ཅིང་། །མ་བགོས་ཚུལ་ཁྲིམས་དྲི་ཡིས་སྲིད་ཞིའི་ཁྱོན། །ཁྱབ་མོད་བདག་རྒྱུད་སྙིང་རྗེས་བརླན་སླད་དུ། །རྣམ་དག་དྲི་ཡི་བྱུག་པས་ཉེ་རེག་སྟོབས། །གནྡྷེ། ཟག་མེད་ཏིང་འཛིན་ཟས་ཀྱིས་མཐའ་ཀླས་འགྲོ། །གསོ་བའི་དཔལ་མང་ཁྱོད་ལ་མངའ་མོད་ཀྱི། །བཀྲེན་ལྡན་ཡིད་ཀྱི་ཤིང་རྟ་འགེངས་པའི་སླད། །རོ་བརྒྱ་ལྡན་པའི་བཤོས་ཀྱི་བསྙེན་བཀུར་དབུལ། །ནཻ་བིདྱཱ། བརྟན་གཡོའི་སྒྲ་དབྱངས་ཀུན་བསྡོམས་ཁྱོད་གསུང་ལ། །འགྲན་བཟོད་ངོ་མཚར་ནོར་བུའི་ཏམ་བུ་རས། །དཔག་ཡས་ཡོན་ཏན་རྒྱ་མཚོའི་བསྔགས་བརྗོད་སྤྲིན། །ཞིང་ཁམས་རྒྱ་མཚོར་སྲིད་མཐར་གནས་གྱུར་ཅིག །ཤཔྟ། ཞེས་སྦྱར་བས་མཆོད། བསྟོད་པ་ནི། སྤྱན་རས་གཟིགས་དབང་མཆེ་བའི་རྩེ་ལས་མངོན་སྤྲུལ་ཞིང་། །སོགས་བྲམ་ཟེ་ཕུར་བུས་མཛད་པ་དང་། མཆོག་དགའི་རང་བཞིན་ལྷ་མོ་ནི། །སོགས་ཀུན་མཁྱེན་ཆེན་པོའི་གསུང་རབ་ལས་འབྱུང་བས་མཚོན་ཚིག་དོན་ཕུན་སུམ་ཚོགས་པའི་བསྟོད་པ་ཅི་ཤེས་ཀྱིས་བསྟོད། གལ་ཏེ་དེ་དག་གི་དཔེ་མ་འབྱོར་ཞིང་མི་ནུས་ན། དཀྱུས་ཙམ་དུ། ངེས་དོན་རྒྱལ་ཀུན་བསྐྱེད་པའི་ཡུམ་གྱུར་ཀྱང་། །བཅུ་དྲུག་ལང་ཚོ་མ་རྙིང་པདྨའི་ཚལ། །འཇམ་དཔལ་དགྱེས་སྤྱན་བུང་བ་ཆགས་པའི་རྟེན། །དྲན་པས་བདེ་སྟེར་མཆོག་དགའི་ལྷ་མོར་འདུད། །ཟག་བྲལ་བདེ་ཆེན་ཡེ་ཤེས་ཉིན་བྱེད་གཟིས། །ཟླ་གཞོན་བྱེ་བ་བཞུས་པའི་ཁུ་བ་ཡིས། །ལན་སྟོང་བྱུག་པ་ཁྱོད་སྐུའི་རྣམ་འགྱུར་གྱིས། །སྲེད་སྤངས་འཕགས་པའི་ཡིད་ཀྱི་བརྟན་པའང་འཕྲོག །དབྱངས་ཀྱི་ཡན་ལག་རྫོགས་པའི་དཔལ་ཁོ་ནས། །ཁྱོད་གསུམ་རྒྱལ་དང་མཚུངས་ཞེས་བརྗོད་མིན་ཏེ། །འགྲོ་ཁམས་རྒྱ་མཚོའི་མོས་པའི་རྗེས་ཞུགས་ནས། །བསམ་འདས་ཐེག་པའི་སྒོ་འཕར་འབྱེད་འདིས་ཀྱང་། །ཀུན་མཁྱེན་སྤྱན་གྱིས་གཟིགས་པའི་ཤེས་བྱའི་གཟུགས། །མ་ལུས་མཁྱེན་བཟང་མེ་ལོང་གཙང་མའི་ངོས། །འཆར་བ་ཁྱོད་གཅིག་ཁོ་ནར་ངེས་རྙེད་ནས། །ཡང་ཡང་ཟུར་ཕུད་ལྔ་པ་རྩེན་པར་ཤེས། །ཀུན་གསལ་གཟུགས་སུ་གྲུབ་མིན་དེ་སྲིད་དུ། །འགྲོ་ཁམས་རྗེས་སུ་འཆིང་བའི་སྙིང་རྗེའི་ཞགས། །མི་གཏོང་དམ་བཅའི་གོ་ཆ་འདི་གཅིག་པུས། །གྲུ་འཛིན་མགོན་གྱི་ཟློས་གར་སུ་ཡིས་འགོག །ཡོན་ཏན་ཤིན་ཏུ་ལྕི་བའི་མངལ་ཁུར་གྱིས། །ནོན་པས་འདར་ལྡན་ནོར་འཛིན་བུ་མོའི་ལུས། །ཆུ་གཏེར་རུམ་དུ་ཆུད་དོགས་སྲེད་མེད་བུས། །ངལ་བས་བརྟེན་པ་མིན་ནམ་འཕགས་མ་ཀྱེ། །ཕྲིན་ལས་གདུགས་དཀར་གཅིག་གིས་ཆོས་དབྱིངས་ཁྱོན། །ཡོངས་ཁེབ་གང་ལ་བརྟེན་ན་ཉེས་བརྒྱའི་དབལ། །སླད་ནས་མིང་ཙམ་འཚལ་བའི་སྐབས་མིན་ཞེས། །གྲགས་པའི་རྔ་ཆེན་ཐོས་ནས་ཁྱོད་དྲུང་བསྙེགས། །འདར་ལྡན་ལུས་ཀྱི་འཁྲི་ཤིང་ཆེར་གཡོ་ཡང་། །ལྷག་བསམ་མཁར་བ་ལ་བརྟེན་གུས་པའི་ཡིད། །བརྟུལ་ཞུགས་གཙང་མའི་གོས་ཀྱིས་སྤུད་ལགས་ན། །འཕགས་མའི་དགྱེས་སྤྱན་འབབ་སྟེགས་འཆའ་བར་འོས། །ཡོན་ཏན་ནུ་ཞོ་ནུ་འདོད་ཉམ་ཐག་བུས། །བསྟོད་ཚིག་གདུང་དབྱངས་བསྐུལ་འདི་གསན་མཛོད་ལ། །རྟག་ཏུ་རེ་བའི་མགོན་གཅིག་བརྩེ་ལྡན་མས། །དབུགས་འབྱིན་ཕྱག་གིས་དེ་རིང་དྲོང་དུ་གསོལ། །ཁྱོད་ལ་བརྟེན་གང་རྒུད་པ་གནས་མིན་ཕྱིར། །མཆོག་བྱིན་ནུ་ཞོ་མངར་པོས་ཁོ་བོའི་ཡིད། །གཏེར་བརྒྱད་སྤོབས་པའི་ལུས་ཟུང་བརྟས་བྱས་ནས། །ངག་གི་དབང་ཕྱུག་དམ་པ་དེང་འདིར་སྩོལ། །སྲོག་འཁོར་ལས་སྐྱེས་འོད་ཟེར་བདུད་རྩི་ཡིས། །སྒྲིབ་གཞིལ་སྤོབས་པ་བརྟན་ཞིང་འབྱོར་ཚོགས་འཕེལ། །ཆགས་སོགས་འཆིང་བས་བཅིང་མིན་སྙིང་རླུང་སངས། །ཡོན་ཏན་དཀྱིལ་འཁོར་ཡོངས་སུ་གང་བར་མཛོད། །མཐར་ཐུག་ཤེས་དང་ཤེས་བྱ་རོ་མཉམ་པའི། །མི་ཕྱེད་ཐུགས་ཀྱི་རྡོ་རྗེ་འདུས་མ་བྱས། །ངེས་དོན་འཕགས་མའི་དགོངས་པ་མངོན་གྱུར་ནས། །དོན་གཉིས་འདོད་པ་འཇོ་བའི་མཆོག་སྩོལ་ཅིག །གནས་སྐབས་སྐྱེ་ཀུན་ཁྱོད་ཞབས་ནོར་བུའི་ཏོག །རབ་བསྟེན་མཁས་ཚུལ་དགུ་དང་ཕྲིན་ལས་བཞིས། །རླབས་ཆེན་བསྟན་འགྲོའི་བདེ་སྐྱིད་པདྨོའི་ཚལ། །བཞད་བྱེད་སྨྲ་བའི་ཉི་མར་བདག་སྒྱུར་ཅིག །ཅེས་བསྟོད་ཅིང་འདོད་པའི་དོན་ལ་གསོལ་བ་བཏབ་མཐར། བུམ་བཟང་མནྡཱ་རཿཡིས་མཚོན་མིན་པར། །རེ་བའི་མོད་ལ་སྲིད་ཞིའི་དཔལ་སྦྱིན་མཆོག །མིག་ལ་ཟླ་བ་ཡིད་ལ་བདུད་རྩིའི་རྒྱུན། །འབྲལ་མེད་སྙིང་དབུས་དྭངས་མའི་དཔྱིད་དུ་གྱུར། །ཞེས་བརྗོད་ལ་མདུན་གྱི་དབྱངས་ཅན་མ་གཙོ་འཁོར་རང་ལ་བསྡུ་ཞིང་མཆོད་བསྟོད་མདོར་བསྡུས་བྱ། གཏོར་འབུལ་མི་བྱེད་ཚེ་བདག་བསྐྱེད་ལ་དམིགས་ནས་གོང་གི་མཆོད་བསྟོད་རྒྱས་པར་བྱ་བ་ནི་ཁྱད་པར་རོ། །གང་ལྟར་ཡང་མཐར། རང་ཉིད་སྐད་ཅིག་རྗེ་བཙུན་འཇམ་པའི་དབྱངས། །མཚམས་སྤྲིན་གསར་པའི་མདངས་འཕྲོག་གླེགས་རལ་འཛིན། །རྡོ་རྗེའི་སྐྱིལ་ཀྲུང་རྣམ་མང་རྒྱན་གྱིས་སྒེག །སྣང་སྟོང་ཟུང་འཇུག་ཡེ་ཤེས་ཆེན་པོར་གསལ། །ཞེས་ལྷ་སྐུའི་གསལ་སྣང་ལ་སེམས་ཅུང་ཟད་འཛིན་ཏེ། འདི་ནི་ཤེས་རབ་འགྲིབ་པའི་གེགས་སེལ་དང་། བློ་གྲོས་ཀྱི་མཐུ་བརྟན་ཅིང་ནུས་པ་ཕུན་སུམ་ཚོགས་པར་བྱེད་པའི་མན་ངག་ཁྱད་པར་ཅན་ནོ། །སྤྲོ་ན་ཤེས་རབ་བློ་འཕེལ་གྱི་གཟུངས་ཀྱང་ཅི་རིགས་པ་བཟླའོ། །མཐར། འདིར་འབད་དགེ་འབྲས་ནོར་བུའི་སྒྲོན་མ་ཡིས། །ས་གསུམ་རྒུད་པའི་མུན་པ་གཏན་བཅིལ་ནས། །དོན་གཉིས་ལྷུན་གྲུབ་རྣམ་མཁྱེན་འདོད་དགུའི་ཆར། །འགྲོ་ལ་སྦྱིན་པའི་དགའ་སྟོན་དར་གྱུར་ཅིག །ཕུལ་བྱུང་སྐྱེས་སྦྱངས་བློ་གྲོས་མ་ཀུ་རར། །འཆར་མིན་ཀུན་མཁྱེན་མཛོད་དུ་ཤེས་བྱའི་དངོས། །ཡོད་མེད་འཕགས་རྣམས་སོམ་ཉིར་ཆུད་ཉེ་བའི། །སྣང་བ་དམ་པས་འཇིག་རྟེན་མཛེས་གྱུར་ཅིག །གཙུག་ལག་བྱེ་བའི་ཆུ་ཀླུང་ཧུབ་གཅིག་གིས། །ཉེར་དྲངས་རྩོད་འཆད་རྩོམ་པའི་བདུད་རྩིའི་བཅུད། །སྐྱུག་པས་རིས་བྲལ་བསྟན་པའི་རྫིང་བུ་འབུམ། །གཅིག་ཅར་འགེང་པའི་བྱེད་པོར་བདག་གྱུར་ཅིག །ཚེ་རབས་ཀུན་ཏུ་འཕགས་མའི་ཞབས་སྐྱེས་རྡུལ། །གནས་ལྔའི་ལྕུག་ཕྲན་རྩེ་ནས་ཡོལ་མིན་པར། །དཀར་པོའི་རིགས་ཀྱི་ནུས་པ་མྱུར་རྫོགས་ནས། །ས་ལམ་ཡོན་ཏན་མེ་འབྲས་ཆེར་རྒྱས་ཤོག །བཀྲ་ཤིས་གང་ཞིག་ཆོས་དབྱིངས་འདུས་མ་བྱས། །ཟག་མེད་ཡོན་ཏན་བྱེ་བའི་ལང་ཚོ་ཡིས། །རྟག་འཁྱུད་རིག་སྟོང་ཟུང་འཇུག་འཕགས་མའི་ཞལ། །མངོན་གྱུར་ཕ་རོལ་ཕྱིན་བཞིས་འབྱོར་གྱུར་ཅིག །ཅེས་སོགས་བསྔོ་བ་དང་སྨོན་ལམ་གྱིས་རྒྱས་བཏབ་སྟེ། ཆོས་དང་མཐུན་པའི་སྤྱོད་ལམ་གྱིས་གནས་པར་བྱའོ། །ཡང་བསྙེན་པ་སོགས་ཀྱི་ཚེ་ལྟས་འཚུབ་པར་བྱུང་ན། གོང་གི་འཇམ་དབྱངས་བསྒོམ་པའི་ཚབ་ཏུ་སྐད་ཅིག་གིས་མི་གཡོ་བ་གསལ་བཏབ་ལ་བཟླས་པ་བྱ། བསྙེན་པ་སོགས་ཀྱི་སྐབས་སུ་ནོར་རྒྱུན་མ་ལའང་གཏོར་འབུལ་རེ་དགོས་པས། མཆོད་གཏོར་བསངས་སྦྱངས། འབྲུ་གསུམ་ཉེར་གཅིག་གིས་བྱིན་གྱིས་བརླབས་ལ། མདུན་མཁར་འདོད་འབྱུང་བུམ་པ་བསྣོལ་མའི་སྟེང་། །གསེར་སྦྱངས་ཁུ་བས་བྱུགས་འདྲའི་ནོར་སྦྱིན་མ། །ཕྱག་གཡས་འབྲས་སྙེ་གཡོན་པས་གཏེར་བུམ་འཛིན། །སྒེག་བཞད་འཛུམ་པའི་ཉམས་ལྡན་བཞེངས་སྟབས་རོལ། །ཞེས་མོས་ལ། ༀ་བ་སུ་ངྷཱ་རི་བཾ་སྭཱ་ཧཱ། ཞེས་སྔགས་ལྔའམ་བདུན་གྱིས་ཕུལ། དངོས་འབྱོར་ཡིད་སྤྲུལ་ལྷ་མིའི་འདོད་ཡོན་སྤྲིན། །བཀྲ་ཤིས་རྫས་རྟགས་དཔག་བསམ་ནོར་བུའི་གཏེར། །སྲིད་ཞིའི་ཕུན་ཚོགས་ནམ་མཁའ་མཛོད་ཀྱི་སྒོས། །འཕྲུལ་དགའི་ཞིང་གི་ཁེངས་པ་འཕྲོག་སྟེ་འབུལ། །སརྦ་པཱུ་ཛ་ཧོཿཞེས་མཆོད། གང་སྐུ་གཟི་བརྗིད་སྐྱེས་ཀྱི་ལྷུན་པོ་ལ། །པདྨའི་གཉེན་གྱི་གསལ་བ་འཕོས་པ་བཞིན། །དྲན་པས་འདོད་པ་མཆོག་སྦྱིན་ནོར་རྒྱུན་མ། །ཁྱོད་ལ་བསྟོད་དོ་འདོད་དགུའི་ཆར་འབེབས་མཛོད། །བདག་དབྱངས་ཅན་མ་སྒྲུབ་པ་ལ་ཕྲག་དོག་དང་བར་ཆད་མ་མཛད་པར་ནོར་འཕེལ་བར་མཛད་དུ་གསོལ། ཞེས་འདོད་དོན་གསོལ། དགོས་གལ་ཆེ་ན་ནོར་རྒྱུན་མ་རང་ལ་བསྡུས་ནས་ཐུན་མོང་གི་གེགས་སེལ་ལས་འབྱུང་བ་བཞིན་བསྒོམ་པར་བྱའོ། །ཚུལ་འདི་ནི་གངས་རིའི་ཁྲོད་ཀྱི་སྨྲ་བའི་སེངྒེ་གཅིག་པུ་པ། དཔལ་བསམ་ཡས་པ་ཀུན་མཁྱེན་ངག་གི་དབང་པོ་ཡབ་སྲས་ཀྱི་ཞལ་ལུང་གི་མན་ངག་ལས་བྱུང་བ་བཞིན། ངག་འདོན་སྙིང་པོར་དྲིལ་ནས་བརྗོད་པ་སྟེ། བསྙེན་སྒྲུབ་དང་གེགས་སེལ་ལས་སྦྱོར་སོགས་ནི་རྩ་བའི་ཡིག་རྙིང་དང་ཀུན་མཁྱེན་ཉིད་ཀྱི་གསུང་རབ་སོགས་ལས་རྟོགས་པར་བྱ་བ་ཁོ་ནའོ། །སླར་སྨྲས་པ། གྲུབ་པའི་ཞལ་ལུང་མན་ངག་འགྱུར་རྩིའི་མཆོག །ཆ་ཤས་རེས་ཀྱང་བློ་དམན་གསེར་དགྲའི་ཁམས། བསྔགས་འོས་ཡོན་ཏན་རྨད་བྱུང་སུ་ཝརྞར། །བསྒྱུར་ནདོན་གཉེར་སྙིམས་པས་མི་ལེན་སུ། །འཁོར་ལོ་བཞི་ལྡན་རྟེན་བཟང་རིན་ཆེན་གྲུ། །ཤེར་བརྩོན་བ་དན་གཡོ་བའི་རྟེན་ཐོབ་ནས། །མང་ཐོས་རྒྱ་མཚོའི་ཕ་མཐར་བརྒལ་འདོད་ལ། །གདམས་ཟབ་འདི་ནི་དེད་དཔོན་མཁས་པ་འདྲ། །ཟབ་དོན་ནོར་བུ་གྲམ་བུར་བརྡལ་དུས་འདིར། །རང་སྐལ་རྒྱལ་མཚན་རྩེ་མོར་མི་མཆོད་པར། །རྣམ་གཡེང་འདུ་འཛིའི་ཁོལ་བོར་རྒྱུག་དགའ་བ། །ཤེས་རིག་བཀྲ་ཡང་ཐོ་ཡོར་མི་གཟུགས་དངོས། །དེ་སླད་དོན་མཐུན་གྲོགས་པོ་འགའ་མཆིས་ན། །ལེགས་བཤད་གདམས་པའི་བཅུད་ལེན་འདི་གསོལ་ནས། །བསྟན་འགྲོར་སྨན་པའི་ལྷག་བསམ་ཁུར་བཞེས་དང་། །རྣམ་མཁྱེན་གྲོང་ཁྱེར་བགྲོད་ལ་དགའ་བ་ཅི། །དེ་ལས་བྱུང་བའི་དགེ་འབྲས་སྟོན་ཟླའི་གཟིས། །ས་གསུམ་ཉེས་པའི་ཚད་གདུང་གཏན་བཅིལ་ནས། །ཕན་བདེའི་སྟེང་འཐུང་དཀར་པོ་བཞད་པ་དང་། །ཆབས་ཅིག་ངེས་གྲོལ་ཆུ་གཏེར་འཕེལ་གྱུར་ཅིག །ཅེས་པའང་མདོ་ཁམས་ལྷོ་ཕྱོགས་ཀྱི་རྒྱུད་དུ་སྐྱེས་པའི་སྙན་ངག་མཁན་ཟེ་ཆེན་པ་དབྱངས་ཅན་དགྱེས་པའི་སྡེས། རང་གནས་བསྟན་གཉིས་དར་རྒྱས་གླིང་གི་ཆོས་གྲྭ་ཆེན་པོར་སྦྱར་བ་སྟེ། འདིས་ཀྱང་ཐུབ་བསྟན་རིན་པོ་ཆེ་ཡུན་དུ་གསལ་བའི་རྒྱུར་གྱུར་ཅིགསརྦ་དཱ་ཀ་ལྱཱ་ཎི་བྷ་བ་ཏུ། །། །

ཤེས་རབ་བློ་འཕེལ་གྱི་གཟུངས།

༄༅། །ཤེས་རབ་བློ་འཕེལ་གྱི་གཟུངས་ནི། ན་མོ་མཉྫུ་ཤྲཱི་ཡེ་ཀུ་མཱ་ར་བྷཱུ་ཏཱ་ཡ། བོ་ངྷི་ས་ཏྭཱ་ཡ། མ་ཧཱ་ས་ཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ༀ་ཨ་ར་ཛེ། བི་ར་ཛེ། ཤུདྡྷེ་བི་ཤུདྡྷེ། ཤོ་ངྷ་ཡ་བི་ཤོ་ངྷ་ཡ། ཨ་མ་ལེ། བི་མ་ལེ། ནིརྨ་ལེ། ཛ་ཡ་ཝ་རེ། རུ་རུ་ཙ་ལེ། ཧཱུྃ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་ཕཊ྄་སྭཱ་ཧཱ། མི་གཡོ་བའི་སྒོམ་བཟླས་ནི། པད་ཉིའི་སྟེང་དུ་རང་ཉིད་སྐད་ཅིག་གིས། །ཁྲོ་རྒྱལ་མི་གཡོ་སྔོན་པོ་སྤྱན་གསུམ་འབར། །ཕྱག་གཉིས་རལ་གྲི་རྡོ་རྗེའི་ཞགས་པ་བསྣམས། །མེ་དབུས་པུས་གཡོན་གཙུགས་པའི་སྟབས་ཀྱིས་རོལ། ཁྲོ་བོའི་ཆས་རྫོགས་ཐུགས་ཀར་པད་ཉིའི་དབུས། །ཧཱུྃ་མཐར་སྔགས་འཕྲེང་སྔོན་པོས་བསྐོར་བ་ལས། །རབ་འབར་མེ་འོད་ཚྭ་ཚྭ་འཕྲོས་པ་ཡིས། །བར་ཆད་མི་མཐུན་ཕྱོགས་ཀུན་བསྲེགས་སྦྱངས་གྱུར། །ༀ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། ཅེས་བརྒྱ་སྟོང་སོགས་བཟླའོ། །མདྒལཾ།

དབྱངས་ཅན་དཀར་མོའི་བསྙེན་སྒྲུབ་ལས་གསུམ་གྱི་ཡི་གེ་བློ་གྲོས་ཆུ་གཏེར་འཕེལ་བའི་ཟླ་གཞོན།

༄༅། །དབྱངས་ཅན་དཀར་མོའི་བསྙེན་སྒྲུབ་ལས་གསུམ་གྱི་ཡི་གེ་བློ་གྲོས་ཆུ་གཏེར་འཕེལ་བའི་ཟླ་གཞོན་ཞེས་བྱ་བ་བཞུགས་སོ། །ༀ་སྭསྟི་སིངྔྷི་ཧཱུྃ། གང་གི་རང་བཞིན་སྤྲོས་དང་བྲལ་ཡང་སྤྲོས་པ་ཅན་ལ་ཅིར་ཡང་སྟོན། །དོན་དམ་འཕགས་བཞི་བསྐྱེད་ཡུམ་གྱུར་ཀྱང་བཅུ་དྲུག་ལང་ཚོ་ཉམས་པ་མེད། །ཀུན་ཏུ་ཐུགས་རྗེའི་གྲིབ་མ་བསིལ་ཡང་རྨོངས་པའི་བུད་ཤིང་བསྲེག་མཛད་མ། །མཚོ་བྱུང་ལྷ་མོ་ནམ་ཡང་ཡིད་ཀྱི་དཔལ་དུ་འབྲལ་བར་མ་གྱུར་ཅིག །གང་གི་ཞབས་སེན་བསིལ་ཟེར་བྱེད་པའི་སྣང་བ་ཡིས། །རེག་པས་འདི་ན་བློ་མཆོག་ཀུ་མུ་ད་ཡི་ཁ། །ལེགས་བཞད་མཁས་ཚུལ་དགུ་ཡི་ཀེ་སར་ཆེར་མཛེས་པའི། །དམ་པའི་བཤེས་གཉེན་བརྒྱུད་པར་བཅས་ཀུན་ཕྱག་གི་གནས། གང་ལ་བརྟེན་ན་བློ་གྲོས་ཆུ་གཏེར་ཆེ། །ཆེས་ཆེར་འཕེལ་བའི་གདམས་ཟབ་ཟླ་གཞོན་མཆོག །རྣམ་དཔྱོད་ཡངས་པའི་མཁའ་ལ་དེང་འཆར་བས། སྐལ་བཟང་དོན་མཐུན་གྲོགས་རྣམས་དགའ་བར་མཛོད། །དེ་ཡང་རྨད་དུ་བྱུང་བའི་སློབ་དཔོན་ཆེན་པོ་རྒྱལ་སྲས་ཞི་བ་ལྷས། ཡན་ལག་འདི་དག་ཐམས་ཅད་ཀུན། །ཐུབ་པས་ཤེས་རབ་དོན་དུ་གསུངས། །དེ་ཡི་ཕྱིར་ན་སྡུག་བསྔལ་དག །ཞི་བར་འདོད་པས་ཤེས་རབ་བསྐྱེད། །ཅེས་དང་། དབུ་མ་བཞི་བརྒྱ་པ་ལས། མཐོང་དང་མ་མཐོང་ཡོན་ཏན་ནི། །ཀུན་གྱི་རྩ་བ་ཤེས་རབ་སྟེ། །ཞེས་གསུངས་པ་ལྟར་མངོན་པར་མཐོ་བ་དང་། ངེས་པར་ལེགས་པའི་ཡོན་ཏན་མཐའ་དག་གི་རྩ་བ་ནི་དྲི་མ་མེད་པའི་ཤེས་རབ་ཕུན་སུམ་ཚོགས་པ་ལ་རག་ལས་ཤིང་། སྤྱིར་ཤེས་རབ་ཀྱི་ངོ་བོ་ནི། བརྟག་བྱའི་དངོས་པོ་ལ་རྗེས་སུ་དམིགས་ནས་རང་དང་སྤྱིའི་མཚན་ཉིད་རབ་ཏུ་རྣམ་པར་འབྱེད་པའི་སེམས་པ་ས་བོན་དང་བཅས་པའོ། །ངེས་ཚིག་ནི། པྲ་ཛྙཱ་ཞེས་པའི་སྒྲ་ལས་དྲངས་ན། ལེགས་པར་ཤེས་པ་སྟེ་གང་ལ་དམིགས་པའི་ཡུལ་གྱི་མཚན་ཉིད་མ་ནོར་བར་ཁོང་དུ་ཆུད་པའོ། །དབྱེ་ན་ཡུལ་དང་ཡུལ་ཅན་གྱི་སྒོ་ནས་རྣམ་པ་དུ་མར་འགྱུར་བ་ལས། རེ་ཞིག་ཕྱི་ཐུན་མོང་གི་རིག་པའི་གནས་གཏན་ལ་འབེབས་པ་དང་། ནང་ཐུན་མོང་མ་ཡིན་པ་སྡེ་སྣོད་དང་རྒྱུད་སྡེའི་གནས་གཏན་ལ་འབེབས་པའི་ཤེས་རབ་རྣམ་པ་གཉིས་སུ་འདུ་ཞིང་། དེ་དག་བསྐྱེད་པར་བྱེད་པའི་ཐབས་ཀྱང་ཕྱི་ནང་གི་རིག་པ་དང་གཙུག་ལག་གི་གནས་རྒྱ་ཆེར་ཐོས་པ་དང་། ཚུལ་བཞིན་དུ་བསམ་པ་དང་། རྩེ་གཅིག་ཏུ་ཡིད་ལ་བྱེད་པ་དང་། ཐོས་པ་འཛིན་པ་དང་། གཞན་ལ་སྟོན་པ་དང་། གླེགས་བམ་དང་དེ་ལ་ཉེ་བར་མཁོ་བའི་ཡོ་བྱད་སྦྱིན་པ་སོགས་ཐུན་མོང་བའི་ཐབས་རྒྱ་ཆེར་གསུངས་པ་རྣམས་ལས་མཆོག་ཏུ་གྱུར་པ་ནི། ཤེས་བྱ་ཐམས་ཅད་ལ་དབང་འབྱོར་བར་བྱེད་པ་གཟུངས་ཀྱི་སྒོ་བསྒྲུབ་དགོས་ཤིང་། དེ་ལའང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལས། ཨ་ར་པ་ཙ་ན་ལ་སོགས་པ་བསྒོམས་པས་དེའི་དོན་ལ་བཟོད་པ་སྐྱེ་བ་ནི་བཟོད་པའི་གཟུངས་སོ། །དེ་ལ་བརྟེན་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔས་བསྟན་པའི་ཆོས་ཀྱི་ཕུང་པོ་འཛིན་པའི་རྒྱུར་གྱུར་པ་ནི་ཆོས་ཀྱི་གཟུངས་སོ། །དེའི་སྟོབས་ཀྱིས་ཆོས་ཐམས་ཅད་ཀྱི་དོན་རྟོགས་པ་ནི་དོན་གྱི་གཟུངས་སོ། །དེ་ནས་སེམས་ཅན་ཡོངས་སུ་བསྡུ་བའི་ཕྱིར་ཆོས་ཐམས་ཅད་སྟོན་པ་དང་སྔགས་སྦྱོར་བ་དོན་ཡོད་པ་ལ་དབང་བ་ནི་སྔགས་ཀྱི་གཟུངས་སོ། །ཞེས་རྣམ་པ་བཞིར་གསུངས་པ་ཇི་བཞིན་དུ་འགྲུབ་པ་ནི་འཕགས་པ་ས་ཆེན་པོ་ལ་གཏོགས་པ་རྣམས་ཀྱི་སྤྱོད་ཡུལ་ཡིན་ཀྱང་། དེའི་ཉེར་ལེན་དུ་གྱུར་པ་དང་། ཆ་ཤས་ཅི་རིགས་པ་ཟབ་མོའི་རྣལ་འབྱོར་དང་རིག་སྔགས་ཀྱི་མཐུ་ལ་བརྟེན་ནས་ལས་དང་པོ་པས་ཀྱང་དཀའ་བ་མེད་པར་བདེ་བླག་ཏུ་སྒྲུབ་ནུས་པ་ལ་དགོངས་ནས། སྟོན་པ་བླ་ན་མེད་པས་རྡོ་རྗེ་ཐེག་པའི་རྒྱུད་སྡེ་རིན་པོ་ཆེ་རྣམས་སུ་ཤེས་རབ་རྒྱས་པར་བྱེད་པའི་ལྷ་སྔགས་ཀྱི་རིམ་པ་ཇི་སྙེད་ཅིག་གསུངས་པ་རྣམས་ཀྱི་ནང་ནས་ཆེས་ཆེར་བསྔགས་པ་རྗེ་བཙུན་འཇམ་པའི་དབྱངས་དང་། འཕགས་མ་དབྱངས་ཅན་མ་གཉིས་སུ་ངེས་ཤིང་། དེ་ལས་ཀྱང་ཕྱི་མ་ནི་ཕྱི་ནང་གི་གདུལ་བྱ་རིས་སུ་མ་ཆད་པ་སྐྱོང་ཞིང་རྗེས་སུ་འཛིན་པའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པའི་བདག་ཉིད་ཅན་ཏེ། དེ་ཡང་རིགས་བྱེད་ཀྱི་གཏམ་རྒྱུད་ལས་འབྱུང་བ་ལྟར་ན། སྔོན་གྱི་ཚེ་ཚངས་པ་ཆེན་པོའི་ཞལ་ལས་ཆུའི་ཕུང་པོ་ཞིག་བྱུང་བ་འཛམ་གླིང་གི་ལྷོ་ཕྱོགས་སུ་འཁྱིལ་བ་ལ་ཡིད་ཀྱི་རོལ་མཚོ་ཞེས་གྲགས་ཤིང་། དེ་ལས་རྦ་རླབས་ཀྱི་གདངས་ལས་སྭ་ར་སྭ་སྟཱི་ཞེས་པའི་དབྱངས་སྙན་ཕུན་སུམ་ཚོགས་པ་ཞིག་བྱུང་བ་ནི་ཡུམ་དང་། ཚངས་པ་ཆེན་པོ་དེ་ལ་ཆགས་པའི་ཐུགས་ཀྱིས་གསན་པ་ཡབ་ཀྱི་དོད་དུ་བྱས་ཏེ། རྒྱ་མཚོ་དེ་ལོ་སྟོང་དུ་བསྲུབས་པའི་སྙིང་པོ་ལས་བྱུང་བས་ན་དབྱངས་ཅན་མ་ཞེས་གྲགས་ལ། དེང་སང་ཡང་གནས་དེར་དྲི་ཟ་ཏུམ་བུ་རུའི་ཆུང་མའི་ཚུལ་དུ་མཛད་ནས་བཞུགས་པར་བཤད་དེ། བྲམ་ཟེ་ཕུར་བུས། བིཥྞུའི་གཟུགས་ཅན་ཏུམ་བུ་རུ་ལ་དགའ་བ་སྐྱེད་ཚུལ་འཛིན་མ། ཞེས་གསུངས། ནང་པ་སངས་རྒྱས་པའི་དབང་དུ་བྱས་ན། ཟ་མ་ཏོག་བཀོད་པའི་མདོའི་ལེའུ་དང་པོ་ལས། རིགས་ཀྱི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཞེས་བྱ་བ་རིག་པ་དང་རྐང་པར་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སྔོན་འཇིག་རྟེན་དུ་བྱུང་བར་གྱུར་ཏོ། །དེའི་ཚེ་དེའི་དུས་ན་ང་ནི་སྤོས་ཀྱི་ཚོང་པའི་བུར་གྱུར་ཏེ། དེའི་ཚེ་ངས་དེ་བཞིན་གཤེགས་པ་རྣམ་པར་གཟིགས་ལས་སྤྱན་རས་གཟིགས་ཀྱི་དབང་པོའི་ཡོན་ཏན་བརྗོད་པ་ཐོས་སོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོའི་ཡོན་ཏན་བརྗོད་པ་ཇི་སྐད་དུ་གསན། བཀའ་སྩལ་པ། མིག་ལས་ནི་ཉི་མ་ཟླ་བ་བྱུང་། དཔྲལ་བ་ལས་དབང་ཕྱུག་ཆེན་པོ། ཕྲག་པ་ལས་ཚངས་པ། སྙིང་ལས་ནི་མཐུ་བོ་ཆེ། མཆེ་བ་གཉིས་ལས་ནི་ལྷ་མོ་དབྱངས་ཅན། ཁ་ལས་ནི་རླུང་ལས་སྐྱེས་པ་རྣམས་བྱུང་། རྐང་པ་ལས་ནི་ས། ལྟོ་བ་ལས་ནི་ཆུ་ལྷ་རྣམས་བྱུང་བར་གསུངས་པ་བཞིན། བསྟོད་པ་ལས་ཀྱང་། སྤྱན་རས་གཟིགས་དབང་མཆེ་བའི་རྩེ་ལས་མངོན་སྤྲུལ་ཞིང་། །ཞེས་གསུངས། དོན་དམ་པར་འཕགས་བཞི་བསྐྱེད་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཉིད་གང་ལ་གང་འདུལ་གདུལ་བྱའི་མོས་ངོར་ངོ་མཚར་མཚན་དཔེའི་རྣམ་རོལ་དུ་འཕྲུལ་བ་སྟེ། མདོ་སྡེ་གསེར་འོད་དམ་པའི་ལེའུ་བཅོ་ལྔ་པ་ལས། ཕྱག་འཚལ་བཅོམ་ལྡན་དབྱངས་ཅན་མཆོག །བྱང་ཆུབ་ཆེན་མོ་དབྱངས་ཅན་མཆོག །འཕགས་པ་རང་རྒྱལ་དབྱངས་ཅན་མཆོག །ཟུང་བཞི་ཡ་བརྒྱད་དབྱངས་ཅན་མཆོག །བདེན་པ་བཞི་གསུང་དབྱངས་ཅན་མཆོག །ཡང་དག་གཟིགས་སོགས་དབྱངས་ཅན་མཆོག །ཞེས་སོགས་གསུངས་པས་མཚོན་མདོ་དང་། འཇམ་དཔལ་རྩ་བའི་རྒྱུད། འཇམ་དཔལ་དཔའ་བོ་གཅིག་གྲུབ། མཁའ་འགྲོ་རྒྱ་མཚོ་རྡོ་རྗེ་གུར་དགྲ་ནག་གི་རྒྱུད་ལ་སོགས་པའི་རྒྱུད་སྡེ་དུ་མ་ནས་འདིའི་ལྷ་དང་། སྔགས་དང་། མཚན་ལ་སོགས་པ་མི་འདྲ་བ་ཅི་རིགས་པར་བསྟན་པ་བཞིན། གྲུབ་པའི་སློབ་དཔོན་སོ་སོ་ལ་བཀའ་བབས་པའི་ལུགས་སྲོལ་མི་འདྲ་བ་དུ་མ་ཞིག་ཡོད་དེ། འཕགས་མས་དངོས་སུ་རྗེས་སུ་བཟུང་བས་ངག་གི་དབང་ཕྱུག་གྲུབ་ཅིང་། ཀུ་རུ་ཀུལ་ལེའི་རིགས་སྔགས་ཀྱི་མཐུས་ཀླུ་ཡི་རྒྱལ་པོ་ནོར་རྒྱས་ཀྱི་བུ་ཡང་དངོས་སུ་འགུགས་ཤིང་བསྐྲོད་པར་ནུས་པའི་གྲུབ་པའི་སློབ་དཔོན་ཆེན་པོ་བྲམ་ཟེ་ཕུར་བུ་ནས་རིམ་པར་བརྒྱུད་དེ་སུམ་པ་ལོ་ཙཱ་བས་བོད་དུ་དར་བར་མཛད་པའི་དབྱངས་ཅན་དཀར་མོ་བྲམ་ཟེ་ཕུར་བུའི་ལུགས་ཞེས་ཡོངས་སུ་གྲགས་པ་རིང་བརྒྱུད་དང་། དེ་ལ་བརྟེན་ནས་དཔལ་བསམ་ཡས་པ་ཀུན་མཁྱེན་ངག་གི་དབང་པོ་འཕགས་མའི་ཡེ་ཤེས་ཀྱི་སྐུས་མངོན་སུམ་དུ་རྗེས་སུ་བཟུང་ཞིང་ཕྱག་མཐིལ་དུ་བཞག་ནས་གླིང་བཞི་རི་རབ་དང་བཅས་པ་ཞག་བདུན་དུ་བསྟན་པའི་གཟིགས་སྣང་ལ་བརྟེན་ནས་ས་ཡི་སྟེང་ན་འགྲན་ཟླ་དང་བྲལ་བའི་ཐམས་ཅད་མཁྱེན་པའི་གནས་ལ་བདག་གིར་མཛད་ནས། ཐེག་མཆོག་སེང་གེའི་སྒྲ་དབྱངས་ཕྱོགས་ཐམས་ཅད་དུ་འཇིགས་པ་མེད་པར་སྒྲོག་པར་མཛད་པ་ལས་འོང་བའི་ཉེ་བརྒྱུད་ཐུན་མིན་དང་། བོ་དོང་པཎྜི་ཏ་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་ལ་ལྷ་མོ་ཉིད་ཀྱིས་ཞལ་བསྟན་པས་སྤོབས་པའི་གཏེར་མཛོད་ཆེན་པོ་གྲོལ་ཏེ། དེ་ཉིད་འདུས་པ་ལ་སོགས་པའི་བསྟན་བཅོས་གླེགས་བམ་བརྒྱ་ཕྲག་ཐལ་བ་གསུང་རྩོམ་གནང་བ་སོགས་བསྟན་པ་ཉིན་མོ་ལྟར་གསལ་བར་མཛད་པ་དེ་ལས་བརྒྱུད་པའི་དབྱངས་ཅན་དཀར་མོ་བོ་དོང་ལུགས་སུ་གྲགས་པ་བཅས་མ་བུ་གསུམ་དང་། འཕགས་ཡུལ་གྱི་སློབ་དཔོན་ས་མནྟ་ཤྲཱི་ལས་བརྒྱུད་པའི་གདམས་པ། ཐུགས་སྲས་ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ་ལ་བཀའ་བབས་པ་ས་མནྟ་ཤྲཱིའི་ལུགས་དང་། གཤིན་རྗེ་གཤེད་དགྲ་ནག་གི་རྒྱུད་ཀྱི་རྗེས་སུ་འབྲངས་ནས་ཁ་ཆེའི་པཎྜི་ཏ་བིཀྵ་ས་ར་མ་སོགས་ལས་ཉེ་བར་བརྒྱུད་པ་དབྱངས་ཅན་དམར་མོ་གསང་སྒྲུབ་ཀྱི་སྐོར་དང་། གཞན་ཡང་སྒྲུབ་ཐབས་རྒྱ་མཚོ་སོགས་ནས་འབྱུང་བའི་གདམས་སྐོར་དང་། ཤིན་ཏུ་ཟབ་པ་ཨོ་རྒྱན་དུས་གསུམ་མཁྱེན་པའི་ཞལ་ལུང་ཟབ་གཏེར་ལས་བྱོན་པ་སོགས་མང་དུ་བཞུགས་ཤིང་། ཚར་ཆེན་བློ་གསལ་རྒྱ་མཚོས་ཞག་བདུན་དུ་བསྒྲུབས་པས་མེ་ཏོག་དཀར་པོའི་ཆར་བབས་ཤིང་དངོས་སུ་ཞལ་གཟིགས་པས་སྙན་ངག་རྩོམ་པ་ལ་ཐོགས་མེད་དུ་གྱུར་པ་དང་། རྒྱལ་བ་དགེ་འདུན་རྒྱ་མཚོས་བསྒྲུབས་པས་ཞལ་དངོས་སུ་བསྟན་ནས་ཇ་སྦྱོར་རེའི་ཡུན་ལ་ཤླཽ་ཀ་བརྒྱ་རེ་ཙམ་ཟིན་པའི་ཐུགས་རབ་ཕུན་སུམ་ཚོགས་པ་བྱུང་བ་སོགས་གྲུབ་མཐའ་རིས་མེད་ཀྱི་སྐྱེས་ཆེན་ཕལ་མོ་ཆེ་ལྷག་པའི་ལྷ་མོ་འདི་ཉིད་ལ་བརྟེན་ནས་དངོས་གྲུབ་བརྙེས་པ་ཤ་སྟག་ཡིན། དེས་ན་བྱིན་རླབས་ཀྱི་ཚན་ཁ་གཞན་ལས་ཁྱད་པར་དུ་འཕགས་པའི་བཀའ་སྲོལ་ཇི་སྙེད་ཅིག་བཞུགས་པ་དེ་དག་ཀུན་གྱི་ནང་ནས། རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་མཐོ་ཞིང་འགྲན་ཟླ་ཐམས་ཅད་དང་བྲལ་བ་ནི། ཀུན་མཁྱེན་ཆེན་པོའི་ཉེ་བརྒྱུད་ཐུན་མོང་མ་ཡིན་པ་ཉིད་ཡིན་པས། འདིར་དེ་ཉིད་རྩ་བར་བཟུང་། རིང་བརྒྱུད་ཕུར་བུའི་ལུགས་དང་བོ་དོང་འཇིགས་བྲལ་ཆེན་པོའི་མན་ངག་གི་ཟབ་བཅུད་སོགས་ཀྱིས་ཟུར་བརྒྱན་ཏེ་བཤད་པར་བྱའོ། །དེ་ལ་སྒྲུབ་ཐབས་རྩ་བ་འོད་ཀྱི་དྲྭ་བ་ལས། རྗེས་གནང་སྒྲུབ་ཐབས་གེགས་སེལ་དང་། །ལས་སུ་སྦྱར་དང་རྣམ་པ་བཞི། །ལྷ་མོ་སྐལ་བཟང་དབྱངས་ཅན་གྱི། །ཡོངས་སུ་སྒྲུབ་པ་བསྟན་པ་ཡིན། །ཞེས་གསུངས་པ་ལྟར་བཞི་ལས། དང་པོ་བློ་གྲོས་མཆོག་སྟེར་འཕགས་མ་དབྱངས་ཅན་གྱི་རྗེས་སུ་གནང་བའི་ཆོ་ག་ནི། གནས་དབེན་པར་མཎྜལ་ལེགས་པར་བྲིས་ཏེ་མཆོད་པ་བཤམས་ལ། སློབ་དཔོན་ལྷ་མོའི་སྐུར་གསལ་བའི་ཐུགས་ཀའི་འོད་ཟེར་གྱིས་ལྷོ་ཕྱོགས་རྒྱ་མཚོའི་ནང་ནས་དབྱངས་ཅན་མའི་འཁོར་ལོ་སྤྱན་དྲངས་ལ། མདུན་གྱི་འཁོར་ལོ་ལ་བསྟིམས་ཏེ་མཆོད་ནས་སློབ་མའི་གྲངས་དང་མཉམ་པའི་མར་མེ་འཁོར་ལོའི་སྟེང་དུ་བཀོད་པའི་འོག་ཏུ་སློབ་མ་རྣམས་ཁྲུས་བྱས་ཏེ་གྲལ་ལ་འཁོད། བགེགས་བསྐྲད། ལྷ་མོ་འཁོར་དང་བཅས་པར་བསྒོམ་དུ་བཅུག་སྟེ། མདུན་གྱི་མར་མེ་དབྱངས་ཅན་མའི་འཁོར་ལོར་བསམ་ལ། དབྱངས་ཡིག་བརྗོད་ཅིང་ཟར་བཅུག་པས་ངག་གི་དངོས་གྲུབ་ཐོབ་པར་བསམ། དེ་ནས་རྡུལ་ཚོན་རྣམས་གཡོན་པའི་སྲིན་ལག་གིས་གང་ལ་རེག་པའི་ཡི་གེ་དེའི་མིང་ནས་བརྗོད་ཅིང་། སློབ་མའི་དཔྲལ་བ། མགྲིན་པ། སྙིང་ག་རྣམས་སུ་བྱུགས་པས་ལུས་ངག་ཡིད་གསུམ་ནུས་པ་དང་ལྡན་ཞིང་དབྱངས་ཅན་མར་དངོས་སུ་བསམས་ལ་གསལ་བཏབ་པས་ཡེ་ཤེས་པ་ཕེབས་པར་འགྱུར་རོ། །གལ་ཏེ་ཡེ་ཤེས་མ་ཕེབས་ན་སྙིང་གའི་ཡི་གེ་རྣམས་འདར་ཞིང་གཡོ་བ་ལ་སེམས་འཛིན་དུ་བཅུག་པས་མི་ཕེབས་པ་མི་སྲིད་དོ། །ཡེ་ཤེས་ཕེབས་པའི་རྟགས་གསུམ་ལས་ལུས་བདེ་ཞིང་འཕར་བ་སོགས་དང་། ངག་དགོད་ཅིང་སྨྲ་བ་སོགས་དང་། ཡིད་གསལ་ཞིང་དྭངས་པ་ལ་སོགས་ཏེ། སྐུ་གསུང་ཐུགས་གསུམ་གྱི་བྱིན་རླབས་ཞུགས་པའི་རྟགས་ཡིན་ནོ། །ཞེས་གསུངས་པའི་དོན་བརྒྱུད་པའི་མན་ངག་གིས་ཁ་བསྐོང་བ་དང་བཅས། རྩོད་དུས་ཀྱི་ཐམས་ཅད་མཁྱེན་པ་རྗེ་གཏེར་ཆེན་བླ་མའི་ཞལ་སྔ་ནས་སྩལ་པའི། སྒྲུབ་ཐབས་རིན་པོ་ཆེ་འདོད་པ་འཇོ་བའི་བུམ་བཟང་དུ་བཞུགས་པ་ལས་ཤེས་པར་བྱའོ། །གཉིས་པ་དངོས་གྲུབ་སྒྲུབ་པའི་ཐབས་བསྙེན་པ་ཇི་ལྟར་བྱ་བའི་ཚུལ་ལ་གསུམ། དང་པོ་སྦྱོར་བ་ནི། ཇི་སྐད་བཤད་པའི་རྗེས་གནང་ཐོབ་ཅིང་དམ་ཚིག་དང་སྡོམ་པ་ལ་གནས་པས། ར་བ་བཞིའི་ཡར་ངོའི་ཚེས་བརྒྱད་སོགས་ཚེས་གྲངས་གཟའ་སྐར་སྦྱོར་བྱེད་དེ་ཡན་ལག་ལྔའི་འབྲས་བུ་མཆོག་ཏུ་དགེ་བའི་སྔ་དྲོའི་ཆར། གནས་ཁང་གཙང་ཞིང་དབེན་པར་ཕྱག་དར་ལེགས་པར་བྱས། འཕགས་མའི་བྲིས་སྐུ་ཡོད་ན་དགྲམ། བ་དཀར་དམར་གང་རུང་ལས་བྱུང་བའི་དཀར་གསུམ་སྦྲང་དཀར་ནས་དཀར་ལས་བཅོས་པའམ། འབགས་མ་ཤོར་བའི་ཕྱེ་ཕུད་གཙང་མ་ལས་གཏོར་མ་དཀར་ཟླུམ་གཉིས་དང་མཆོད་པ། ཉེ་ལོགས་ཅི་བདེར་ཆངས་བུའི་གཏོར་མ་དང་། ཆ་གསུམ་བཅས་བཤམས། སྒྲུབ་པ་ལ་འཇུག་ཁར་ཚོགས་བསགས་རིམ་གྲོ་དག་གྲུབ་ན་བྱ། རྣམ་འཇོམས་སྨེ་བརྩེགས་སོགས་བཟླས་པའི་བུམ་ཆུས་ཁྲུས་བྱ། འདི་ཐུན་མཚམས་རྣམས་སུ་གྲུབ་ན་ལེགས། རྣམ་འཇོམས་སྨེ་བརྩེགས་སོགས་ཀྱི་བཟླས་པའང་ཅི་རིགས་བྱ། འཛོམས་ཤིང་ནུས་ན་ལུས་རིལ་པོར་ཁྲུས་ལན་གསུམ་བྱ། རླན་མ་བྲལ་བ་ལ་དྲི་བཟང་གི་ཆུས་ལུས་ཐམས་ཅད་བྱུགཁ་དྲི་ཞིམ་པོས་བགོ །དར་རམ་རས་དཀར་པོའི་གོས་གཙང་མ་སྔར་ལོངས་མ་སྤྱད་པ་གྱོན། རས་དཀར་པོ་གཙང་མའི་གདན་སྟེང་དུ་འབྲས་དཀར་པོའི་པདྨ་འདབ་བརྒྱད་ཟླ་གདན་དང་བཅས་པ་བྲི། དེའི་སྟེང་དུ་ཀུ་ཤ་གསར་པ་རྩེ་མོ་ནང་དུ་བསྟན་པ་དགྲམ། གང་ལྟར་ཡང་ཁྲུས་དང་གཙང་སྦྲ་ལ་གནས་པས་ཆ་གསུམ་བཏང་ལ་མཚམས་བཅད། གཉིས་པ་དངོས་གཞི་སྒྲུབ་པའི་ཐབས་ནི། མདུན་གྱི་ནམ་མཁར་སྐྱབས་ཡུལ་རྣམས་གསལ་བར་དམིགས་ཏེ། འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རྟག་པར་བདག་ནི་སྐྱབས་སུ་མཆི། །ཞེས་མང་དུ་བརྗོད་ལ་སྐྱབས་སུ་འགྲོ། ཤེས་རབ་སྙིང་བརྩེ་དང་བཅས་པའི། །བརྩོན་པས་སེམས་ཅན་དོན་དུ་བདག །སངས་རྒྱས་མདུན་དུ་གནས་བཅས་ཏེ། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་བགྱི། །ཞེས་ལན་གསུམ་གྱིས་སེམས་བསྐྱེད། སྤྲོ་ན། རང་སྐད་ཅིག་གིས་སྒྲ་དབྱངས་ལྷ་མོ་དབྱངས་ཅན་མར་གསལ་བའི་ཐུགས་ཀའི་ཧྲཱིཾཿལས་འོད་ཟེར་ཟླ་བ་ཤར་བ་ལྟ་བུ་འཕྲོས་པས། རང་བཞིན་གྱི་གནས་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལྷ་མོ་དབྱངས་ཅན་མ་འཁོར་དང་བཅས་པའི་རྣམ་པར་མདུན་གྱི་ནམ་མཁར་ༀ་བཛྲ་ས་མཱ་ཛཿས་ཚོགས་ཞིང་སྤྱན་དྲངས། སྭཱ་ར་སྭ་ཏཱི་ས་པ་རི་ཝཱ་རེ་ན་མཱ་མི། ཞེས་པས་ཕྱག་བྱ། ༀ་སྭཱ་ར་སྭ་ཏཱི་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤཔྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། སོགས་ལན་གསུམ་གྱིས་སྡོམ་པ་བཟུང་བ་རྣམས་ཀྱིས་བསོད་ནམས་ཀྱི་ཚོགས་བསགས་ལ་ཚོགས་ཞིང་རང་ལ་བསྟིམ། གང་ལྟར་ཡང་ཚད་མེད་བཞི་བསྒོམ་རྗེས། ཡེ་ཤེས་ཀྱི་ཚོགས་བསགས་པའི་སླད་དུ། ༀ་སྭ་བྷཱ་བ་ཤུདྡྷཿསརྦ་ངྷརྨཱཿསྭ་བྷཱ་བ་ཤུངྔྷོ྅་ཧཾ། ཞེས་བརྗོད་པས་འཁོར་འདས་ཀྱི་ཆོས་ཐམས་ཅད་འོད་གསལ་སྟོང་ཉིད་ནམ་མཁའི་དབྱིངས་ལྟ་བུར་གྱུར་བར་བསམས་ལ་ཅུང་ཟད་མཉམ་པར་བཞགདེ་ནས་ཚོགས་གཉིས་ཀྱི་རང་འབྲས་སྒྱུ་མ་ལྟ་བུའི་ལྷའི་འཁོར་ལོ་བསྒོམ་པ་ནི། སྟོང་པའི་ངང་ལས་གནས་ཁང་ལྷ་དང་དྲང་སྲོང་དྲི་ཟ་གྲུབ་པའི་ཚོགས་ཀྱིས་བསྟེན་པའི་གཞི། རི་བོ་ནགས་ཚལ་སྨན་ལྗོངས་ཉམས་དགའ་བའི་དབུས་སུ་འོ་མའི་རྒྱ་མཚོ་དཀར་ལ་དྭངས་པའི་ནང་དུ་པཾ་ལས་པདྨ་དཀར་པོ་སྡོང་བུ་དང་བཅས་པའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་སེམས་ཉིད་ཀྱི་ངོ་བོ་ཧྲཱིཾཿདཀར་པོ་ཡོངས་སུ་གྱུར་པ་ལས། རང་ཉིད་ལྷ་མོ་དབྱངས་ཅན་མ་སྐུ་མདོག་དཀར་མོ་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ཕྱག་གཉིས་བཻཌཱུརྱའི་པི་ཝང་རྒྱུད་སྟོང་དང་ལྡན་པ་སྦྲེང་{སྒྲེང}ཞིང་ཞལ་འཛུམ་པའི་མདངས་དང་ལྡན་པ། སྐུ་སྨད་ལ་ལྷའི་གོས་སྣ་ཚོགས་པ་གསོལ་ཞིང་། སྐུ་སྟོད་ལ་དར་དཀར་པོའི་ན་བཟའ་ནོར་བུ་དང་མེ་ཏོག་གི་དྲྭ་བས་གཡོགས་པས་ཁེབས་པ། དབུ་སྐྲ་སིལ་བུ་གཡོན་དུ་འཕྱང་ཞིང་ཟླ་བ་ཚེས་པས་སྤྱི་གཙུག་བརྒྱན་པ། འོད་ཟེར་མུ་མེད་པ་འཕྲོ་ཞིང་ཟླ་བའི་རྒྱབ་ཡོལ་ལ་བརྟེན་ནས་ཞབས་གཉིས་ཙོག་པུའི་ཚུལ་གྱིས་བཞུགས་པ། སྣང་ལ་རང་བཞིན་མེད་པའི་སྐུ་ཅན་དུ་གསལ་བའི་སྙིང་མགོ་མཐུར་དུ་འཕྱངས་པ་བློས་གྱེན་དུ་བསླངས་པའི་ནང་དུ་ཟླ་བའི་དཀྱིལ་འཁོར་ཉ་གང་བ། དེའི་དབུས་སུ་ༀ་དཀར་པོ་ནཱ་ད་དང་བཅས་པ་ལས་འོད་ཟེར་དཀར་པོ་སྟོན་ཟླའི་བསིལ་ཟེར་ལྟ་བུ་སྣ་བུག་གཡས་ནས་རླུང་ཕྱིར་ལྡང་བ་དང་ལྷན་ཅིག་ཏུ་ཐོན། ལྷོ་ཕྱོགས་ཡིད་ཀྱི་རོལ་མཚོ་རིན་པོ་ཆེའི་ཁང་བཟང་ནང་གི་བསྒོམས་པ་ལྟ་བུའི་འཕགས་མ་དབྱངས་ཅན་མ་བཞུགས་པའི་ཤངས་བུག་གཡོན་ནས་ཞུགས། ཐུགས་ཀའི་འཁོར་ལོ་ལ་རེག་པས་ཡེ་ཤེས་སེམས་དཔའི་ངོ་བོ་འཁོར་ལོར་ཤར་བ་ཤངས་བུག་གཡས་ནས་ཐོན། སྟོན་ཀའི་ཟླ་བ་ཤར་བ་ལྟར་མདུན་གྱི་ནམ་མཁར་བྱོན་པར་གྱུར་པ་ལ། གློ་བུར་དུ་བྱུང་བའི་ལྷ་མོ། མེ་ཏོག་དང་། བདུག་པ་དང་། མར་མེ་དང་། བྱུག་སྤོས་ཐོགས་པ་རྣམས་ཀྱིས་གང་བར་བསྒོམ་ཞིང་། ༀ་པྲྀ་ཏཱི་དེ་བཱི་དཱི་བྱ་པུཥྤེ་ཧཱུྃ། དེ་བཞིན་དུ། དྷཱུ་པེ་གནྡྷེེ་ནཻ་བི་དྱ། ཨཱ་ལོ་ཀེ་བི་ལེ་པ་ནི་ཧཱུྃ། ཞེས་སྦྱར་བའི་སྔགས་རྣམས་རིམ་པ་བཞིན་ཤུབ་བུར་བརྗོད་པས། མེ་ཏོག་གི་ཆར་དབབ། བདུག་སྤོོས་ཀྱིས་བདུགམར་མེས་སྣང་བ་གསལ་བར་བྱས། བྱུག་སྤོས་ཀྱིས་བྱུགས་པས་འཁོར་ལོར་ཚིམ་པར་བསམ་ཞིང་མཆོད་དོ། །མཆོད་པས་མཉེས་པར་གྱུར་ཏེ། ༀ་པྲྀ་ཏཱི་དེ་བཱི་མེ་ཧྲཱིཾཿཥྚི་ཏིཥྛཧྲཱིཾཿཞེས་ཤུབ་བུར་བརྗོད་ཅིང་སྣ་བུག་གི་རླུང་ནང་དུ་རྔུབ་པ་དང་ལྷན་ཅིག་ཏུ། འཁོར་ལོ་འོད་དུ་ཞུ་བ་རང་གི་སྣ་བུག་གཡོན་ནས་ཞུགས་ཏེ་ཐུགས་ཀའི་ༀ་དང་འདྲེས། དེ་ཡོངས་སུ་གྱུར་པ་ལས་སྙིང་པདྨ་འདབ་བརྒྱད་མཆོག་ཏུ་དཀར་ཞིང་འཚེར་བའི་ལྟེ་བར་ཟླ་བ་ལ་ཧྲཱིཾཿཔད་འདབ་བརྒྱད་ལ་མདུན་ནས་བརྩམས་ཏེ་གཡས་བསྐོར་དུ། ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿཞེས་པའི་དབྱངས་ཡིག་གཉིས་གཉིས་མར་མེའི་ཕྲེང་བ་ལྟར་འབར་བའི་འོད་ཀྱིས་མི་ཤེས་པའི་མུན་པ་ཐམས་ཅད་བསལ། སྤྱི་བོ་ནས་རྐང་མཐིལ་གྱི་བར་ཐམས་ཅད་འཁོར་ལོ་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་རྩིས་མེར་གྱིས་ཁེངས་པས་ལུས་ངག་ཡིད་གསུམ་བདེ་བ་ཆེན་པོས་ཁྱབ་པར་བསམ་ལ་ལྷར་སྣང་སྒྱུ་མ་ལྟ་བུ་ལ་སེམས་འཛིན། དེའང་སྐུའི་རྣམ་འགྱུར་རེ་རེ་དང་རྫོགས་པར་གསལ་བཏབ་ནས་རྩ་བའི་སེམས་འཛིན་བྱ། མདུན་དུ་བྲིས་སྐུ་མཚར་ཞིང་ཡིད་དུ་འོང་བ་དགྲམ་པ་ལ་བལྟས་ནས་གསལ་སྣང་བསྒྲུབས་པས་བོགས་འདོན། ལྷོ་ཕྱོགས་རྒྱ་མཚོའི་འགྲམ་ནས་ལྷ་མོ་འཁོར་བཅས་བྱོན་ཏེ་མདུན་དུ་བཞུགས་པར་བསམས་ནས་མངོན་སུམ་ལྟ་བུའི་ངེས་ཤེས་སྐྱེས་སྐྱེས་སུ་བསྒོམ། དེ་ཉིད་རང་ལ་བསྟིམས་ནས་རང་ལྷ་མོ་དངོས་སུ་གྱུར་པར་བསམས་ལ་བྱིན་རླབས་ཀྱི་སྟོབས་ལ་སེམས་འཛིན། དེ་འདྲ་ཡང་ནས་ཡང་དུ་བྱས་པས་བྱིང་ན་རང་ལུས་གངས་རི་ལྟར་དཀར་པ། ཆུ་ཤེལ་ལྟར་གསལ་བ། དབང་པོའི་གཞུ་ལྟར་དྭངས་པ། འོད་དང་འོད་ཟེར་མཐའ་ཡས་པ་འཕྲོ་བ་ཡང་དང་ཡང་དུ་བསྒོམ་པར་བྱའོ། །རབ་ཏུ་རྒོད་ན་སྙིང་གི་ཆུ་ཤེལ་གྱི་སྟེང་གི་ཧྲཱིཾཿཡིག་ལ་དམིགས་པ་གཏད་དེ་བསྒོམ། ཡང་སྣ་རྩེའི་རླུང་འགྲོ་འོང་ལ་སེམས་གཏད་དེ་འབད་རྩོལ་མེད་པར་ལྷན་ནེར་བཞག་སྟེ་བསྒོམས་པས་སེལ། དེ་ལྟར་རྒྱུན་བསྲིངས་པས་གསལ་སྣང་རགས་ཕྲ་མཐར་ཕྱིན་པ་ན་ལྷ་མོ་དབང་པོའི་མངོན་སུམ་དུ་མཐོང་བར་འགྱུར་རོ་ཞེས་བོ་དོང་འཇིགས་བྲལ་ཆེན་པོའི་མན་ངག་ལས་སོ། །དེས་སྐྱོན་བཟླས་པ་བྱ་བ་ནི། འཁོར་ལོའི་དབུས་ཀྱི་ཧྲཱིཾཿལས་ཧྲཱིཾཿཡིག་གི་ཕྲེང་བ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱུང་བ་ཞལ་ནས་ཐོན། ལྟེ་བ་ནས་ཞུགས་ཏེ་ཧྲཱིཾཿལ་ཐིམ། སླར་ཡང་མགལ་མེ་ལྟར་འཁོར་བའི་འོད་ཀྱིས་སྙིང་གི་མུན་པ་ཐམས་ཅད་བསལ། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། ཉན་ཐོས་དང་རང་སངས་རྒྱས། མཁས་པ་པཎྜི་ཏ། ཉི་མ་ཟླ་བ། སྨན་དང་ནགས་ཚལ། ཚངས་པ་དང་བརྒྱ་བྱིན་འཁོར་ལོས་སྒྱུར་བ་ལ་སོགས་མདོར་ན་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་མཁྱེན་བརྩེ་ནུས་པའི་ཡེ་ཤེས་དང་ཚེ་དང་བསོད་ནམས། སྟོབས་དང་གཟི་བརྗིད། བདེ་ལེགས་ཀྱི་ཡོན་ཏན་ཐམས་ཅད་བསྡུས་ནས་སྙིང་གའི་སྔགས་ཕྲེང་ལ་ཐིམ། དེ་ལས་བྱུང་བའི་འོད་ཟེར་གྱི་དྭངས་མ་ཧྲཱིཾཿཡིག་ལ་ཐིམ་པས་བདག་ཉིད་སྲིད་པ་དང་ཞི་བའི་ནུས་མཐུ་ཕུན་སུམ་ཚོགས་པ་དང་ལྡན་ཅིང་། ཁྱད་པར་འཆད་རྩོད་རྩོམ་གསུམ་དང་གཟུངས་དང་སྤོབས་པ་སོགས་ཡིད་ལ་ཇི་ལྟར་འདོད་པའི་ཤེས་རབ་དེ་ཉིད་བསྡུས་ཏེ། སྙིང་གའི་ཧྲཱིཾཿལ་ཐིམ་པས་གང་འདོད་པའི་ཤེས་རབ་ཀྱི་མཐུ་ཕུལ་དུ་བྱུང་བས་ལུས་ངག་ཡིད་གསུམ་གྱི་རྒྱུད་ཡོངས་སུ་གང་བར་བསམ་ལ་བཟླས་པའི་སྔོན་དུ་འབྲུ་གསུམ་མགོར་བཏགས་པའི་དབྱངས་གསལ་ལན་གསུམ་དང་ནོར་བུ་རྒྱས་པའི་གཞལ་མེད་ཁང་གི་གཟུངས་ལས་འབྱུང་བའི་ཕྲེང་སྔགས། ༀ་རུ་ཙི་ར་མ་ཎི་པྲ་ཝརྔྷ་ནཱ་ཡ་སྭཱ་ཧཱ། ཞེས་པའི་སྔགས་འདིས་ཕྲེང་བ་ལ་བཏབ་ཀྱང་ཕུན་སུམ་ཚོགས་པའི་ཡན་ལག་ཏུ་འགྱུར་ལ་མ་བྱས་ཀྱང་ཆད་པའི་སྐྱོན་མེད། ཤེར་སོགས་ལས་མཐུན་གྱི་ཕྲེང་བའམ་ལས་ཐམས་ཅད་ལ་བསྔགས་པ་བོ་ངྷི་ཙིའི་ཕྲེང་བ་བཟུང་ལ། བཟླ་བྱའི་སྔགས་ནི། ཧྲཱིཾཿཞེས་པ་རིག་པ་འབྲུ་གཅིག་པ་ཉིད། མི་ཚིག་གིས་བར་མ་ཆོད་ཅིང་མྱུར་བ་ལ་སོགས་པའི་སྐྱོན་དང་བྲལ་བའི་སྒོ་ནས་ཇི་ཙམ་ནུས་ཀྱི་བར་བཟླ། དེའང་རྣམ་རྟོག་རྒྱ་འབྱམས་སུ་བཏང་ནས་བཟླས་བརྗོད་སོགས་བྱེད་པ་ནི་བྱས་ལ་མ་བསགས་པའི་ལས་ཡིན་པས་སྤོང་དགོས་ཏེ། སྤྱོད་འཇུག་ལས། བཟླས་བརྗོད་པ་ནི་དཀའ་ཐུབ་སོགས། །ཡུན་རིང་དུས་སུ་སྤྱད་བྱས་ཀྱང་། །སེམས་གཞན་གཡེངས་པས་བྱས་པ་ནི། །དེ་ཉིད་རིག་པས་དོན་མེད་གསུངས། །ཞེས་པ་ལྟར་རོ། །དེས་ན་སེམས་བྱིང་རྒོད་ཀྱི་དབང་དུ་མི་གཏོང་བར་དམིགས་པ་ལ་རྩེ་གཅིག་ཏུ་གཏད། དེ་ཡང་དམིགས་པ་གཅིག་ཁོ་ནས་སྐྱོན། རེས་ལྷ་ཡི་སྐུ་སྣང་ལ་རང་བཞིན་མེད་པ་ལ་སེམས་བཟུང་། རེས་སྔགས་ཀྱི་སྒྲ་ལ་ཡིད་གཏད། རེས་ཐུགས་ཀའི་འཁོར་ལོ་ཡིག་འབྲུ་དང་བཅས་པ་ལ་སེམས་འཛིན། རེས་སེམས་ཀྱི་གནས་ལུགས་བརྗོད་བྲལ་གྱི་ངང་དུ་ངལ་གསོ་བ་སོགས་མདོར་ན་ཐ་མལ་གྱི་རྣམ་པར་རྟོག་པའི་གཞན་དབང་དུ་མ་སོང་བར་ཅི་ནས་ཀྱང་བྱ། གཞན་ཡང་ལེགས་གྲུབ་རྒྱུད་ལས། མཁས་པས་རིག་སྔགས་ཟློས་པའི་ཚེ། །སྦྲིད་པ་ལུ་བ་སོགས་བྱུང་ན། །ཉེ་རེག་བྱས་ནས་ཕྱག་འཚལ་ཏེ། །གཞི་ནས་ཀུན་ཏུ་བརྩི་བར་བྱ། །བཟླས་བརྗོད་ཀྱི་ནི་གེགས་རྣམས་དང་། །མཁས་པས་བཟླས་བརྗོད་སྐྱོན་རྣམས་ལ། །སླར་ཡང་གྲངས་ཀྱི་ཐོག་མ་ནས། །ཀུན་ཏུ་བརྩམ་པར་བྱ་བར་བཤད། །ཅེས་སོགས་གསུངས་པ་རྣམས་ཀྱང་སྙིང་གི་བུམ་པར་བཅང་བ་གལ་ཆེ་ཞིང་། སྐབས་འདིར། བཟླས་པ་བྱ་བའི་ཚེ་སེམས་ཅན་ཐམས་ཅད་ཀྱང་རང་ཉིད་ལྟ་བུའི་ལྷ་མོ་འཁོར་དང་བཅས་པར་གྱུར་ཏེ་རང་དང་མཉམ་དུ་སྔགས་ཀྱི་སྒྲ་དི་རི་རི་བསྒྲགས་པས་དེ་རྣམས་ཀྱང་སྡིག་སྒྲིབ་དག་ནས་ཤེས་བྱ་ཐམས་ཅད་ལ་བློ་གྲོས་ཀྱི་སྣང་བ་ཐོགས་མེད་དུ་རྒྱས་པར་བསམ་པས་མྱུར་དུ་འགྲུབ་པར་འགྱུར་ཞེས་རྒྱལ་བ་དགེ་འདུན་རྒྱ་མཚོའི་ཡིག་ཆར་འབྱུང། གང་ལྟར་ཡང་ཐུན་འཇོག་པ་ན། དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་རྣམས་བཟླས་པས་སྔགས་ལྷག་ཆད་ཀྱི་ཉེས་པ་སྐོང་ཞིང་ནུས་པ་བརྟན་པར་བྱས་རྗེས། སྔགས་ཕྲེང་སྙིང་གའི་ཧྲིཾཿལ་ཐིམ་པས་མཆོག་ཏུ་འབར་བའི་འོད་ཟེར་གྱིས་གང་འདོད་པའི་ཤེས་རབ་ཐམས་ཅད་འོད་ཀྱི་རྣམ་པར་བསྡུས། ལུས་ཀྱི་ནང་ཐམས་ཅད་གང་། མི་ཤེས་པའི་མུན་པ་བསལ། ཤེས་བྱ་མཐའ་དག་ལ་བློ་གྲོས་ཀྱི་སྣང་བ་གསལ་ཞིང་བརྟན་པར་བསམས་ལ་དམིགས་པ་གསལ་ངེས་པ་ལན་གསུམ་དུ་བསྒོམ། དེ་ནས་མཆོད་པ་རྣམས་བསངས་སྦྱངས་བྱིན་གྱིས་བརླབས་ལ། སྤྲོ་ན་ཁོ་བོས་བྱས་པའི་སྒྲུབ་ཐབས་ཚིགས་བཅད་མའི་གཤམས་ལྟར་རམ། བསྡུ་ན་གོང་ལྟར་མཆོད་ཅིང་བསྟོད་པ་རྒྱས་པའམ། མཆོག་དགའི་རང་བཞིན་ལྷ་མོ་ནི། །ཡོན་ཏན་རྒྱ་མཚོའི་གླིང་ན་བཞུགས། །རྒྱལ་བ་སྲས་བཅས་ཀུན་གྱི་ཡུམ། །དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །དེང་ནས་སྐྱེ་བ་ཐམས་ཅད་དུ། །དཔལ་མོ་ཁྱོད་ཀྱིས་རྗེས་བཟུང་ནས། །བློ་གྲོས་ཐོག་པ་མི་མངའ་བའི། །ཤེས་རབ་ཆེན་པོ་ཉིད་གྱུར་ཅིག །ཅེས་བསྟོད་ཅིང་གསོལ་བ་གདབ། རང་སྐད་ཅིག་གིས་རྗེ་བཙུན་འཇམ་པའི་དབྱངས་སྐུ་མདོག་དམར་སེར་ཞལ་གཅིག་ཕྱག་གཉིས་པ། གཡས་ཤེས་རབ་ཀྱི་རལ་གྲི་འཕྱར་ཞིང་། གཡོན་ཨུཏྤལ་ལར་གནས་པའི་ཤེར་ཕྱིན་གྱི་པུསྟི་འཛིན་པ་རལ་པའི་ཟུར་ཕུད་ལྔ་གཡོན་དུ་འཕྱང་ཞིང་དར་དང་རིན་པོ་ཆེས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་སྐུར་གྱུར་པར་བསམ་ལ་ལྷ་སྐུའི་གསལ་སྣང་ལ་སེམས་ཅུང་ཟད་འཛིན་ཏེ། འདི་ནི་ཤེས་རབ་འགྲིབ་པའི་གེགས་སེལ་བ་དང་། བློ་གྲོས་ཀྱི་མཐུ་བརྟན་ཅིང་ནུས་པ་ཕུན་སུམ་ཚོགས་པར་བྱེད་པའི་མན་ངག་ཁྱད་པར་ཅན་ཡིན་ནོ། །སྤྲོ་ན། ན་མོ་མཉྫུ་ཤྲཱི་ཡེ་ཀུ་མཱ་ར་བྷཱུ་ཏཱ་ཡ། བོ་ངྷི་ས་ཏྭཱ་ཡ། མ་ཧཱ་ས་ཏྭཱ་ཡ། མ་ཧཱ་ཀ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ༀ་ཨ་ར་ཛེ། བི་ར་ཛེ། ཤུདྡྷེ་བི་ཤུདྡྷེ། ཤོངྷ་ཡ་བི་ཤོངྷ་ཡ། ཨ་མ་ལེ། བི་མ་ལེ། ནིརྨ་ལེ། ཛ་ཡ་ཝ་རེ། རུ་རུ་ཙ་ལེ། ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ཞེས་ཤེས་རབ་བློ་འཕེལ་གྱི་གཟུངས་འདི་ཉིད་ཀྱང་ཅི་རིགས་པར་བཟླ། གང་ལྟར་ཡང་། དགེ་བ་འདི་ཡིས་མྱུར་དུ་བདག །སྒྲ་དབྱངས་ལྷ་མོ་འགྲུབ་གྱུར་ནས། །སོགས་བསྔོ་སྨོན་གྱིས་རྒྱས་གདབ། གལ་ཏེ་ལྟས་འཚུབས་པར་བྱུང་ན། གོང་དུ་འཇམ་དབྱངས་བསྒོམ་པའི་ཚབ་ཏུ། རང་ཉིད་སྐད་ཅིག་གིས་པད་ཉིའི་གདན་ལ་ཁྲོ་བོ་མི་གཡོ་བ་སྔོན་པོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། ཕྱག་གཡས་རལ་གྲི་དང་། གཡོན་རྡོ་རྗེའི་ཞགས་པ་བསྣམས་པ། ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་པུས་གཡོན་བཙུགས་པའི་སྟབས་ཀྱིས་རོལ་བ། ཁྲོ་བོའི་ཆས་ཀྱིས་བརྒྱན་པའི་ཐུགས་ཀར་པད་ཉིའི་དབུས་སུ་ཧཱུྃ་མཐིང་གའི་མཐར་སྔགས་ཕྲེང་འཁོར་བ་ལས་འོད་ཟེར་ཚ་ཞིང་རྩུབ་པ་འཕྲོས་པས་བར་ཆད་ཐམས་ཅད་བསྲེག་པར་བསམ་ལ། ༀ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ྄། ཅེས་བཟླས་པ་ཅི་རིགས་བྱ། གཏོར་འབུལ་ནི་སྔ་ཐུན་གྱི་གཤམ་དུ་བྱ་བར་གསུངས་པས་གོང་གི་མཆོད་བསྟོད་ཀྱི་མགོར། གཏོར་མ་ལ་ཆབ་གཙང་མས་བྲན་ཏེ། ༀ་ཨ་མྲྀ་ཏེ་ཧཱུྃ་ཕཊ྄། ཀྱིས་བསངས། སྭཱ་བྷཱ་བས་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུྃ། ཞེས་འབྲུ་གསུམ་ཉེར་གཅིག་གིས་བྱིན་གྱིས་བརླབས། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་སྒྲ་དབྱངས་ལྷ་མོ་དབྱངས་ཅན་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ༀ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ༀ་སྭ་ར་སྭསྟཱི་ས་པ་རི་ཝ་རེ་བྷྱཿཨོ་ཨ་ཀཱ་རོ་སོགས་ལན་གསུམ་གྱིས་ཕུལ། ཚོགས་ཞིང་གི་སྐབས་ལྟར་མཆོད། བསྟོད་པ་རྒྱས་བསྡུས་གང་ཤེས་ཀྱིས་བསྟོད། སྒྲ་དབྱངས་ལྷ་མོ་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་དང་། འཕགས་མ་དབྱངས་ཅན་མ་བདག་ལ་ཐུགས་བརྩེ་བར་མཛད་དུ་གསོལ། བདག་དང་སེམས་ཅན་ཐམས་ཅད་ཀྱི་མ་རིག་པའི་མུན་པ་བསལ་ནས། ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཤེས་རབ་ཁྱད་པར་ཅན་སྩལ་ཏུ་གསོལ། ཞེས་སོགས་ཇི་ལྟར་རིགས་པས་འདོད་པའི་དོན་ལ་གསོལ་བ་གདབ། གཏོར་མ་གཉིས་པ་བསང་སྦྱང་བྱིན་རླབས་གོང་བཞིན་བྱ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་འཕགས་མ་ནོར་རྒྱུན་མ་འཁོར་དང་བཅས་པ་ༀ་བཛྲ་ས་མཱ་ཛཿༀ་བཱ་སུ་ངྷཱ་རི་ཧཱུྃ་ཛཿༀ་པྲ་ཀ་ར་ཛ་མེ་སྭཱ་ཧཱ། ཞེས་བདུན་ནམ་ཉེར་གཅིག་གིས་ཕུལ། བདག་མིང་འདི་ཞེས་བགྱི་བ་དཔལ་ལྷ་མོ་དབྱངས་ཅན་མ་སྒྲུབ་པ་ལ་ཕྲག་དོག་མ་མཛད་པར་ནོར་འཕེལ་བར་མཛད་དུ་གསོལ། ཞེས་འདོད་དོན་གསོལ། ཆངས་བུའི་གཏོར་མ་བསང་སྦྱང་བྱིན་གྱིས་བརླབ། སྲིད་པ་གསུམ་གྱི་འབྱུང་པོ་ཐམས་ཅད་མདུན་དུ་འཁོད་པར་བསམས་ལ་ན་མཿསརྦ་ཏ་ཐཱ་ག་ཏ་སོགས་ལན་བདུན་གྱིས་བསྔོ། དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད། སྲིད་གསུམ་འབྱུང་པོའི་ཚོགས་རྣམས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། སྒྲུབ་པ་ལ་བར་ཆད་མ་མཛད་ཅིགདཀར་ཕྱོགས་སྐྱོང་བ་མཐུ་དང་ལྡན་རྣམས་ཀྱིས་བར་ཆད་སྲུང་ཞིང་། དངོས་གྲུབ་སྩོལ་བའི་མཐུན་རྐྱེན་མཛོད་ཅིགཅེས་ཕྲིན་ལས་གསོལ། གཏོར་མགྲོན་རྟེན་ཡོད་པ་རྣམས་བརྟན་བཞུགས་དང་མེད་པ་རྣམས། བཛྲ་མུཿས་གཤེགས་སུ་གསོལ། སརྦ་བྷཱུ་ཏ་གཙྪས་འཇིག་རྟེན་པ་རྣམས་རང་གནས་སུ་བཏང་། རྗེས་ཀྱི་བྱ་བ་རྣམས་བྱས་ནས་ཐུན་མཚམས་ལ་འཇུག་བར་བྱ། དེ་ཡང་དཔུང་བཟང་ལས། བཟླས་པས་སྐྱོ་ན་མདོ་སྡེ་བཀླག་པར་བྱ། །གཙང་ཞིང་དབེན་པའི་ས་ཕྱོགས་རྣམས་སུ་ནི། །འཇིམ་པའམ་ནི་བྱེ་མ་ལས་བྱས་པའི། །བདེ་གཤེགས་མཆོད་རྟེན་རྟེན་འབྲེལ་སྙིང་པོ་ཅན། །སྡིག་པ་སྦྱོང་བའི་ཕྱིར་ནི་རྟག་ཏུ་གདབ། །ཅེས་དང་། བཟླས་བརྗོད་ཟིན་ནས་ཅུང་ཟད་སྨྲ་བར་བྱ། །སྨྲ་ནས་ལུད་པ་བཤང་གཅི་དོར་ནས་ཀྱང་། །ཆུ་ཡི་ནང་དུ་ཞུགས་ནས་ཁྲུས་ཀྱང་བྱ། །མེ་ཏོག་དྲི་སྣོད་མར་མེ་ཕུལ་བ་དང་། །ཚུལ་ཁྲིམས་བརྩོན་འགྲུས་དཀའ་ཐུབ་བྱས་པ་ཡི། །དགེ་བ་དེ་ཡང་བླ་ན་མེད་པ་ཡི། །སངས་རྒྱས་བྱང་སེམས་བླ་མེད་མཆོག་ཏུ་བསྔོ། །ཞེས་སོགས་གསུངས་པའི་དོན་བཞིན། ཐུན་མཚམས་ཐམས་ཅད་དུ་ལྷའི་ང་རྒྱལ་དང་མ་བྲལ་བས་སྤྱོད་ལམ་དགེ་བའི་ཕྱོགས་ལ་བརྩོན་པས་སྒོ་གསུམ་དོན་ཡོད་པར་བྱ། ཁྱད་པར་ཁྲོ་བོ་གང་རུང་གི་བསྙེན་པ་བཟླ་བ་དང་། འཕགས་མའི་བྲིས་སྐུའི་མདུན་དུ་ཡན་ལག་བདུན་པ་དང་། མཎྜལ་དང་། བསྟོད་པ་བྱིན་རླབས་ཅན་རྣམས་ཀྱིས་བསྟོད་ཅིང་གསོལ་བ་གདབ། བཟའ་བཏུང་ལ་ལོངས་སྤྱད་པའི་ཚེ་སྙིང་གའི་ཧྲཱིཾཿལས་འོད་ཟེར་འཕྲོས། བརྟན་གཡོ་སྲིད་ཞིའི་དྭངས་བཅུད་ཐམས་ཅད་བསྡུས་ཏེ་ཐིམ་པས་དངོས་གྲུབ་མཐའ་དག་སྩོལ་བའི་རྫས་སུ་བསམས་ལ་རོལ། ཉལ་བའི་ཚེ་སྙིང་གའི་ཧྲཱིཿལས་བྱུང་བའི་འོད་ཀྱིས་ལུས་གང་། གཏི་མུག་གི་མུན་པ་བསལ་བར་བསམས་ལ་སྣང་བའི་འདུ་ཤེས་ཀྱིས་གཉིད་ལོགལྡང་བ་ན་འཁོར་གྱི་ལྷ་དང་། དྲང་སྲོང་དང་། དྲི་ཟའི་བུ་མོའི་ཚོགས་ཀྱིས་པི་ཝང་གི་སྒྲ་དང་བསྟོད་པའི་གླུས་བསྐུལ་ནས་སད་པར་བསམ་ལ་ཁྲུས་བྱས་ཏེ་རྣལ་འབྱོར་ལ་འཇུགདེ་ལྟ་བུའི་རྣལ་འབྱོར་ཐུན་བཞིའི་རིམ་པས་སྔགས་ཡི་གེ་གཅིག་པ་ཉིད་འབུམ་ཕྲག་ལྔ་ཁ་སྐོང་དང་བཅས་པ་བཟླ་བ་ནི་གྲངས་བསྙེན་ལས་རུང་ཙམ་ཡིན་ལ། ངེས་པར་མཚན་མ་མཐོང་བ་དོན་དུ་གཉེར་ན་འབུམ་ཕྲག་བཅོ་ལྔ་བཟླས་པས། དངོས་སུ་སྔར་བས་དྲན་པ་གསལ་བ། ལོག་པོས་བློ་རྣོ་བ་འོང་ཞིང་། རྨི་ལམ་དུ་བུ་མོ་གཞོན་ནུ་མས་བཟའ་བཏུང་སྦྱིན་པ་དང་། ཤེལ་དང་མེ་ཏོག་གི་ཕྲེང་བ་རྙེད་པ་དང་། ནམ་ལངས་པ་དང་། ཉི་མ་ཤར་བ་དང་། ཆུ་གཙང་མའི་རྒྱུན་འཐུང་ཞིང་ཁྲུས་བྱེད་པ་དང་། མེ་ཏོག་གི་ཚལ་ན་མེ་ཏོག་ལ་རྩེ་བ་དང་། འཇའ་དང་འོད་ཁྱིམ་གྱིས་གནམ་ས་ཟ་འོག་གི་གུར་ཁྱིམ་ལྟར་ཁེབས་པ་དང་། བྱ་དང་རི་དྭགས་སྔོན་མ་མཐོང་བ་རྨིས་པ་དང་། ནམ་མཁའ་ལ་འཕུར་བ་དང་། ཞིང་རྨོ་བ་དང་། སྣག་ཚ་འཐུང་བ་དང་། རི་མཐོན་པོའི་རྩེ་ལ་ཕྱིན་པ་དང་། མཚོན་ཆ་དང་། པི་ཝང་དང་། མེ་ལོང་རྙེད་དང་། མཐོང་བ་ལ་སོགས་པ་རྨིའོ། །དེ་ཡང་སྒྲུབ་པ་ལ་བརྩོན་པ་ན་འདི་རྣམས་རྨིས་པ་ནི་སྤྲོ་བ་བསྐྱེད་པ་དང་། བསྒྲུབས་ནས་ཞག་བདུན་ནམ་བཅུ་གཅིག་ཚུན་ནས་བྱུང་ན། རྗེས་སུ་བཟུང་བ་དང་། ཞག་བཅུ་གཅིག་གམ་བཅོ་ལྔའི་དུས་སུ་བྱུང་ན་གྲུབ་པའི་མཚན་མ་སྟེ། མཚན་མ་གསུམ་འབྱུང་ཞིང་། རིམ་གྱིས་སྨྲ་བའི་དབང་ཕྱུག་ཆེན་པོའི་གནས་ཐོབ་པར་འགྱུར་རོ། །དེ་དག་གི་སྐབས་སུ་དངོས་གྲུབ་ཆེན་པོ་བཞི་འབྱུང་ཁར་གེགས་བཞི་འབྱུང་བས་དེ་བསལ་བ་ནི། དེ་ལ་ཐོག་མར་ལྕེ་བདེ་བའི་དངོས་གྲུབ་འབྱུང་བ་ཡིན་ལ། སྐབས་དེར་གྲིབ་གྱིས་ཕོག་ན་གེགས་སུ་འགྱུར་བས། དེ་བསལ་བ་ནི། དང་པོ་སྒྲུབ་པ་ལ་འཇུག་པ་མན་ཆད་རང་གནས་ཀྱི་གཞི་བདག་དང་། ལྷན་ཅིག་སྐྱེས་པའི་ལྷ་འདྲེ་ལ་གཏོར་མ་བྱིན་ཏེ་གྲོགས་གཞོལ། དེ་ནས་སྙན་ངག་དང་སྨྲ་སྤོབས་ཀྱི་དངོས་གྲུབ་འབྱུང་ཁར་ལྕེ་དིག་པའམ་ལྕི་བ་ཡོང་བས། ནུས་པ་ཅན་གྱི་སྔགས་ཆུའམ། རྡོ་རྗེ་རྣམ་འཇོམས་ལ་སོགས་པའི་བུམ་ཆུའམ། རྟེན་བྱིན་རླབས་ཅན་ལ་སྐུ་ཁྲུས་གསོལ་བའི་ཆུས་ཁ་བཤལ་ཞིང་གདོང་ཡང་བཀྲུའོ། །འཛིན་བློ་བཟང་བའི་དངོས་གྲུབ་འབྱུང་ཁར། བུད་མེད་ལ་ཆགས་པ་ཉོན་མོངས་པ་དྲག་པོ་སྐྱེས་ནས་དབང་པོ་མི་ཐུབ་པའི་སྐྱོན་འབྱུང་བས་དེ་བསལ་བ་ནི། དབང་པོ་ལྔ་ཡི་སྒོ་ཀུན་ནས་སྙིང་ལ་ཐུག་གི་བར་དུ་རྒྱུ་མའི་ནང་ཙམ་རེ་སྟོང་སང་ངེ་བར་བསམ་མོ། །དེ་གཅིག་ཆར་བྱ་མི་རུང་། དེས་སེལ་བ་ལ་ཐེ་ཚོམ་མེད། རྩོད་པ་དང་གྲགས་པ་བཟང་པོའི་དངོས་གྲུབ་འབྱུང་ཁར་ཤེས་པ་སྨྱོ་འབོག་གི་ཚུལ་སྟོན་པས་དེ་བསལ་བ་ལ་འོག་ནས་འབྱུང་བའི་གེགས་སེལ་གྱི་གནད་བསྒོམ་པར་འཇིགས་བྲལ་ཆེན་པོས་གསུངས་པ་དང་། ཀུན་མཁྱེན་ཆེན་པོས། འདིར་རང་ཉིད་ཐ་མལ་དུ་གནས་པའི་སྙིང་ནང་དུ་འཁོར་ལོ་སྒོམ་པ་དང་། ལྷ་གཞན་མར་བསྒོམས་པའི་སྙིང་གར་འཁོར་ལོ་སྒོམ་པ་དང་། དབྱངས་ཅན་མར་བསྒོམས་པའི་ཐུགས་ཀར་འཁོར་ལོ་སྒོམ་པ་གསུམ་གང་མོས་སུ་བྱ་བར་གསུངས་ཀྱང་། རང་ཐ་མལ་དུ་སྒོམ་པ་ཆགས་པའི་སྐྱོན་དུ་འགྱུར་ཞིང་། ལྷ་གཞན་དུ་བསྒོམས་པའི་སྙིང་གར་འཁོར་ལོ་བསྒོམས་པས་སྙིང་རླུང་དུ་འགྱུར་རོ། །འདིས་ནོར་འགྲིབ་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། གེགས་སེལ་གནད་ཀྱི་ཟླ་འོད་ལས། རང་ཉིད་ཡི་དམ་ལྷ་མོར་ལེགས་བསྒོམས་པས། །ཕྱི་རོལ་བུད་མེད་དག་ལ་ཆགས་མི་འགྱུར། །ཆགས་སྐྱེས་རྒྱུད་རྩུབ་དབུལ་པོར་མི་འགྱུར་ཞེས། །བྲམ་ཟེ་ཕུར་བུས་གཏུམ་པོའི་སྡེ་ལ་བཤད། །ཅེས་སོ། །འོན་ཀྱང་ནོར་འགྲིབ་དོགས་ན་འོག་ཏུ་འཆད་པའི་ཏིང་ངེ་འཛིན་བསྒོམ་པར་བྱའོ། །ཞེས་གསུངས་ཤིང་། དེ་དང་མཐུན་པར་ལོ་ཆེན་བི་ཛས་མཛད་པའི་སྒྲུབ་སྐོར་ཚིགས་བཅད་མ་ལས། རང་ཉིད་ལྷ་མོར་རབ་བསྒོམ་ན། །ཆགས་པ་དྲག་པོ་སྐྱེ་མི་འགྱུར། །སྙིང་གི་འཁོར་ལོ་བསྒོམ་གྱུར་ན། །ཁམས་འདུས་རྣ་བས་ཐོས་པ་ཙམ། །རང་ཉིད་ལྷ་མོ་ནོར་རྒྱུན་མར། །བསྒོམ་སྟེ་བ་སུ་ངྷཱ་རིའི་གཟུངས། །བཟླས་ན་ནོར་རྫས་འཕེལ་བར་འགྱུར། །དཔལ་མོ་བསྒོམ་པའང་མན་ངག་ཡིན། །སྐབས་སུ་གསང་སྔགས་དྲག་པོའང་བགྲང་། །གཏོར་མ་དུས་སུ་གཏོང་བར་བྱ། །སྲུང་འཁོར་འདོགས་དང་ལུག་རུ་བསྟེན། །དེ་སོགས་རྣམས་ལའང་འགལ་བ་མེད། །བུད་མེད་མེད་པའི་ས་ཕྱོགས་སུ། གཙང་སྦྲ་གནས་པ་ཤིན་ཏུ་གཅེས། །ཐོག་མར་སྐྱབས་འགྲོ་སེམས་བསྐྱེད་དང་། །མཇུག་ཏུ་བསྔོ་བ་ཡང་བྱས་ན། །བར་ཆད་མིང་ཡང་མི་འབྱུང་ངོ་། །འདི་ནི་རིང་དུ་གསང་བར་བྱ། །ཕྱི་ནང་གཉིས་ཀྱི་ཐུན་མོང་བའི། །བློ་གྲོས་སྤེལ་བའི་མན་ངག་འདིས། །ཞག་བདུན་ཙམ་གྱིས་འགྲུབ་འགྱུར་བས། །གཞན་ལས་ལྷག་པའི་ཁྱད་པར་ཡོད། །རང་ཉིད་ཉམས་སུ་མི་ལེན་ན། །བརྒྱུད་པ་མང་པོས་ཅི་ཞིག་བྱ། །རང་ཉིད་ཉམས་སུ་ལེན་གྱུར་ན། །བརྒྱུད་པ་མེད་ཀྱང་ལྷ་མོས་སྐྱོང་། །ཞེས་གསུང་། ཡང་ཡུན་རིང་བསྒྲུབས་ཀྱང་མ་གྲུབ་ན་གྲུབ་པར་བྱ་བའི་སླད་དུ་བོགས་འདོན་སྤོགས་ཆོག་གི་རིམ་པ་འཇིགས་བྲལ་དབྱངས་ཅན་དགའ་བའི་མན་ངག་ལས་འབྱུང་བ་ནི། གོང་དུ་སྨོས་པའི་བླ་མའི་མན་ངག་ལྟར་བསྐྱེད་རིམ་གྱི་ཁྲིད་ལ་གནས་པ་དང་། ལྷོ་ཕྱོགས་རྒྱ་མཚོའི་འགྲམ་ལྷ་མོ་གནས་པའི་ས་ནས་ཡང་དང་ཡང་དུ་ལྷ་མོ་སྤྱན་དྲངས་ནས་རང་ལུས་ལ་བསྟིམ། སྒྲུབ་ཁང་གི་ཕྱོགས་ཐམས་ཅད་དྲི་ཟའི་བུ་མོ་དཀར་ཞིང་མཛེས་ལ་འོད་ཆགས་པ་རས་དཀར་པོའི་གོས་ཅན་པི་ཝང་སྒྱུར་ཞིང་ཟློས་གར་རྩེ་བ་རྣམས་ཀྱིས་བསྐོར་བར་བསྒོམ། མེ་ཏོག་དཀར་པོའི་ཚལ་དང་། བྱ་ངང་པའི་རྒྱལ་པོ་དང་། ངང་པའི་བུ་མོ་རྣམས་སྐད་སྙན་པར་སྒྲོག་པ་དང་། གླང་པོ་ཆེ་དཀར་པོ་འགྱིང་བ་དང་། དྲང་སྲོང་དུ་མ་བསམ་གཏན་མཛད་པ་དང་། རབ་ཏུ་ཞི་བའི་སྦྱིན་སྲེག་ལ་གནས་པའི་ཚལ་དུ་ལྷ་མོ་མངོན་སུམ་དུ་མཐོང་ནས་ཞབས་ལ་འཇུས་ཏེ་ཕྱག་བྱས་པར་མོས་ནས་དད་པ་དང་གུས་པ་ལ་ཉིན་མཚན་དུ་བསྒོམ་པར་བྱའོ། །དེས་ཀྱང་མ་གྲུབ་ན། ཧྲཱིཾཿཡིག་དཀར་པོའི་མགོ་ཐུར་ལ་བསྟན་པ་ལ་དམིགས་ནས་ཆོས་ཐམས་ཅད་ཀྱི་སྤྲོས་པ་ལྡོག་སྟེ། མཚན་ཐོག་ཐག་ཏུ་བཟླས་བརྗོད་ལ་གནས་ནས། ཐོ་རངས་ཀྱི་ཚེ་ཞི་བའི་སྦྱིན་སྲེག་བླ་མའི་མན་ངག་གིས་བརྒྱན་པར་བྱ་སྟེ། མ་གྲུབ་ན་སྦྱིན་སྲེག་བརྒྱ་རྩ་བརྒྱད་ཀྱི་བར་དུ་བྱའོ། །གསུམ་པ་རྗེས་ནི། རྟགས་མཐོང་བའམ་གྲངས་རྫོགས་པ་ན་འོག་ནས་འབྱུང་བ་ལྟར་སྦྱིན་སྲེག་བསྙེན་པའི་བཅུ་ཆ་སོགས་ཅི་ནུས་འབུལ། གྲུབ་ན་རྗེས་གནང་གི་སྐབས་ལྟར་མདུན་བསྐྱེད་ཀྱི་མཎྜལ་བཤམས་ལ་སྒྲུབ་མཆོད་བཟླས་པ་དང་བཅས་པ་ཅི་འགྲུབ་བྱས་ལ། མཐར་འཁོར་ལོ་སྦྲང་རྩི་དང་བ་དམར་མོའི་དཀར་གསུམ་སྦྱར་བའི་ཆུའི་ཁྲུས་བགྱིས་པ་དངོས་གྲུབ་ཀྱི་ཚུལ་དུ་ལོངས་སྤྱད། གང་ལྟར་ཡང་གཟའ་སྐར་སྦྱོར་བྱེད་ཤིས་པའི་ཉི་ཤར་ལ་མཚམས་གྲོལ་ནས། རྒྱུན་དུའང་ལྷ་མོའི་དམ་ཚིག་ལ་གནས་པས་རྣལ་འབྱོར་ལ་བརྩོན་པར་བྱ། དེ་ལ་རྒྱུན་ཁྱེར་གྱི་བདག་བསྐྱེད་ནི། སྐྱབས་སེམས་སྔོན་དུ་འགྲོ་བས་ལྷ་བསྐྱེད་པ་ནས་བཟུང་བཟླས་པའི་བར་གོང་ལྟར་དང་། བཟླས་པའི་མཇུག་ཏུ་མཆོད་བསྟོད་འདོད་དོན་གསོལ། ཡི་གེ་བརྒྱ་པ་དང་བཛྲ་ས་ཏྭའི་སྔགས་ཀྱིས་ལྷག་ཆད་ཁ་བསྐང་རྗེས། སྐད་ཅིག་གིས་འཕགས་པ་འཇམ་དཔལ་གྱི་སྐུར་བསྒོམས་ནས་བསྔོ་སྨོན་དང་ཤིས་བརྗོད་བཅས་བྱའོ། །རྩ་བའི་གསུམ་པ་གེགས་སེལ་ནི་དེ་ལྟར་སྒྲུབ་པ་བྱེད་ན་གེགས་སེལ་བ་ཤེས་དགོས་པས་ན། དེ་ལ་གཉིས་ཏེ་ཐུན་མོང་དང་ཐུན་མོང་མ་ཡིན་པའོ། །དེའི་དང་པོ་ལ་གསུམ་ལས། སྙིང་རླུང་གི་གེགས་བསལ་བ་ནི། དེ་ལྟར་བསྒོམས་པས་ཤེས་པ་འཕྲོ་ཞིང་རྒོད་པ་དང་། ས་གཅིག་ཏུ་མི་ཚུགས་པ་སོགས་བྱུང་ན། རང་གི་སྙིང་ཆུ་ཤིང་གི་ཡལ་ག་ལྟར་མགོ་ཐུར་དུ་བལྟས་ཏེ་གནས་པ་ལ་རེ་ཞིག་བློས་གྱེན་དུ་བསླངས་ཏེ། གསེར་གྱི་རྡོ་རྗེ་རྒྱ་གྲམ་སྲ་ཞིང་ལྕི་བས་མནན་པར་བསྒོམས་ཏེ་ཤེས་པ་ཡུལ་ལ་མི་འཕྲོ་བར་འཇོགཡང་ན་སྙིང་གི་པདྨ་ཅུང་ཟད་ཟུམ་པ་ལ་དམིགས་པ་གཏད་པས་སེལ། དེས་མ་སེལ་ན་སྙིང་གི་པདྨ་ཟུམ་པའི་ནང་ན་འཁོར་ལོ་ཡོད་པའི་ཕྱི་ནས་ཁྲོ་བོ་གང་རུང་གི་སྔགས་ཀྱིས་དཀྲིས་ཏེ་བུམ་སྐུ་བསྡུས་པ་ལྟ་བུའི་སྟེང་དུ་གསེར་གྱི་རྡོ་རྗེ་རྒྱ་གྲམ་དེས་མི་གཡོ་བར་མནན་པ་ལ་དམིགས་པ་གཏད་པས་སེལ་ལོ། །དེས་ཀྱང་མ་སེལ་ན་འཁོར་ལོ་མི་བསྒོམ་པར་སྙིང་མགོ་བོ་ཐུར་དུ་ལྟ་བ་ལ་དམིགས་ཏེ། སྙིང་ནང་དུ་བདུད་རྩིས་ཁེངས་པ་ལ་ཤེས་པ་གཏད་པར་བྱའོ། །དེས་ནི་ཞི་ངེས་སོ། །དེ་ནས་སྔ་མ་བཞིན་བསྒོམ་མོ། །ཆགས་པའི་གེགས་བསལ་བ་ནི། དེ་ལྟར་བསྒོམས་པས་ཆགས་པའི་གེགས་བྱུང་ན། མེ་ཏོག་ལུག་རུ་དམར་པོའམ་སེར་པོ་བུད་མེད་ཀྱིས་མ་རེག་པ་གྲིབ་སྐམ་བྱས་ལ་ལྔའམ་བདུན་དགུ་ཚུན་ཆད་ཆུ་གྲང་དུ་བཅུག་པའི་ཁུ་བ་ལྟོ་སྟོང་ལ་ལན་གསུམ་མམ་ལྔའམ་བདུན་བཏང་བས་སེལ་ལོ། །དེས་མ་སེལ་ན་གང་ལ་ཆགས་པའི་བུ་མོ་དེ་ཆགས་པ་ཐམས་ཅད་དང་བྲལ་བའི་ལྷ་མོ་དབྱངས་ཅན་མའི་སྐུར་བསྒོམས་ལ། སྲིད་པ་གསུམ་པོ་མ་ལུས་པ་དེ་ལ་བཅུག་སྟེ། དེའང་རང་གི་སྙིང་གའི་དབུས་སུ་བསྟིམས་ནས་ཧྲཱིཾཿཡིག་འབར་བ་ཆེན་པོ་ལ་སེམས་བཞག་སྟེ། མཐར་གྱིས་དེའང་སྟོང་པར་བྱས་ནས་འོད་གསལ་སྟོན་ཀའི་ནམ་མཁའ་སྤྲིན་མེད་པ་ལྟ་བུ་ལ་སེམས་བཞགཡང་ན་སྣ་རྩེའི་རླུང་འགྲོ་འོང་ལ་སེམས་བསྡུས་ནས་རླུང་དེའང་རྩ་བ་ཐམས་ཅད་དང་བྲལ་བའི་ནམ་མཁའི་ངོ་བོ་ལྟ་བུར་བསྒོམ་པ་སོགས་ཀུན་མཁྱེན་བོ་དོང་བའི་མན་ངག་ལས་འབྱུང་བ་དང་། བདུད་རྩི་གྲང་མོ་འཁོར་ལོ་ལས་བབས་པས་ལུས་ཁེངས་པར་བསམས་པས་ངེས་པར་སེལ་ལོ། །ནོར་འགྲིབ་པའི་གེགས་བསལ་བ་ནི། དྲི་ཟ་ཏམ་བུ་ར་ལ་ཆུང་མ་དབྱངས་ཅན་མ་དང་ནོར་རྒྱུན་མ་གཉིས་ཡོད་པ་ལས་དེ་གཉིས་ཕན་ཚུན་ཕྲག་དོག་བྱེད་པས་གཅིག་མཆོད་ན་གཅིག་ཁྲོ་བས། དེས་ན་དབྱངས་ཅན་མ་བསྒྲུབས་ན་ནོར་རྒྱུན་མ་ཁྲོས་ཏེ་ལོངས་སྤྱོད་ལ་གནོད་པས། མཁས་པ་ཕལ་ཆེར་དབུལ་པོར་གནས། ཞེས་འབྱུང་བས། དེའི་ཚེ་ནོར་འགྲིབ་པའམ་འགྲིབ་རྟགས་བྱུང་ན། ཐུན་མཚམས་སུ་ནོར་རྒྱུན་མའི་གཏོར་འབུལ་གོང་བཞིན་བྱ། དེས་མ་སེལ་ན་རང་ཉིད་ནོར་རྒྱུན་མ་སེར་མོ་བུམ་པ་བསྣོལ་མའི་སྟེང་ན་བཞེངས་པ། དར་དང་རིན་པོ་ཆེས་བརྒྱན་ཞིང་ཕྱག་གཡས་པས་འབྲས་ཀྱི་སྙེ་མ་ཐུགས་ཀར་འཛིན་པ། གཡོན་པས་བུམ་པ་རིན་པོ་ཆེས་གང་བ་པུས་མོའི་སྟེང་དུ་བརྐྱངས་པས་འཛིན་པར་གསལ་ལ་དེའི་ཐུགས་ཀར་དབྱངས་ཅན་མའི་འཁོར་ལོ་བསྒོམས། དེས་ཀྱང་མ་ཞི་ན་འཁོར་ལོ་མི་བསྒོམ་པར་དེའི་མལ་དུ་བྃ་ཡིག་གི་མཐར་སྔགས་ཕྲེང་གིས་བསྐོར་བར་དམིགས་ཏེ། ༀ་བཱ་སུ་ངྷཱ་རི་ཎི་ཧཱུྃ་སྭཱ་ཧཱ། ཞེས་པ་ཅི་རིགས་བཟླ། འོད་ཟེར་སེར་པོ་ཕྱོགས་བཅུར་འཕྲོས་ནས་འཇིག་རྟེན་ཁམས་ཀྱི་ཟས་ནོར་དང་ལོངས་སྤྱོད་ཐམས་ཅད་བསྡུས། རང་གི་ཁོག་པར་ཐིམ་པས་ལུས་ཀྱི་ནང་ཁེངས་ནས་གཟི་བརྗིད་བཀྲག་མདངས་ཚེ་དང་བསོད་ནམས་ཐམས་ཅད་རྒྱས་པར་བསམས། འདི་ནི་ནོར་སྒྲུབ་ཏུའང་འགྱུར་རོ། །གཞན་ཡང་གནས་སྐབས་སུ་རྒུད་པ་སྤང་བའི་ཕྱིར་ཛམ་བྷ་ལའི་ཆུ་སྦྱིན་མ་ཆག་པར་བྱ། གེགས་མྱུར་བ་ལྟར་འགྲུབ་པའང་མྱུར་ལ། གེགས་མེད་པར་འགྲུབ་པ་ཡོང་མི་སྲིད། དེས་ན་གེགས་སེལ་གལ་ཆེའོ་གསུངས། གཉིས་པ་ཐུན་མོང་མ་ཡིན་པའི་གེགས་སེལ་ནི། སྒྲུབ་ཐབས་འོད་ཀྱི་དྲྭ་བ་ལས། བླ་མའི་མན་ངག་བརྒྱུད་པ་ལས་འོངས་ཏེ། དེའང་དང་པོ་ཉིད་ནས་སྒྲུབ་པའི་ཚེ་ཉི་མ་དྲོས་པ་ནས་ནམ་ལངས་པ་དང་། ཐོ་རངས་ཀྱི་བར་དུ་ཞི་བའི་དུས་ཏེ་སྙིང་གའི་འཁོར་ལོ་ལས་བདུད་རྩི་དཀར་པོ་དངུལ་ཆུའི་རང་བཞིན་དུ་བབས་པས་སྒྲིབ་པའི་དངོས་པོ་ཀུན་བསལ་བ་ལ་དམིགས་པ་གཏད་དེ་བསྒོམས་པས་སེལ་ལ། དེ་མེད་ན་ཇི་ཙམ་བསྒྲུབས་ཀྱང་ཤེས་རབ་ཆེར་མི་འཕེལ་བར་གྲིབ་ཅུང་ཟད་བྱུང་བ་དང་། སྔར་གྱི་ཤེས་རབ་ཅུང་ཟད་ཡོད་པའང་འགྲིབ་པ་འབྱུང་སྟེ་གེགས་འདི་སེལ་བ་ལ་མན་ངག་འདི་མཆོག་ཏུ་བཤད་དོ། །ཉི་མ་དྲོས་ཆེན་ནས་གུང་སྨད་ཀྱི་བར་རྒྱས་པའི་དུས་དེར་རང་གི་འཁོར་ལོ་ལས་འོད་ཟེར་སེར་པོ་འཕྲོས། འཇིག་རྟེན་གྱི་ཟས་ནོར་བསྡུས་པས། རང་གི་སྒྲུབ་ཁང་ཁེངས་པའི་གཟི་བརྗིད་ཀྱིས་ནང་ཁེངས་པ་ལ་སེམས་བཟུང་བས་ནོར་འགྲིབ་པའི་སྐྱོན་གཏན་ནས་མི་འབྱུང་ངོ་། །ཉི་མ་གུང་སྨད་ནས་ནུབ་ཀྱི་བར་དབང་གི་དུས་ཏེ། རང་གི་འཁོར་ལོའི་འོད་ཟེར་དམར་པོ་ལས་བདུད་རྩི་དམར་པོ་བབས་པས། ནང་གི་ཉོན་མོངས་པ་ཐམས་ཅད་བསྲེགས་ཤིང་བཤལ་ཏེ། ཉོན་མོངས་ཐམས་ཅད་དང་བྲལ་བར་བསམས་པ་ལ་སེམས་བཟུང་ངོ་། །ཉི་མ་ནུབ་ནས་ནམ་གུང་གི་བར། དྲག་པོའི་དུས་ཏེ་རང་གི་འཁོར་ལོ་ལས་བདུད་རྩི་སྔོན་པོ་བབས་ལུས་ཁེངས་སྙིང་རླུང་ལ་སོགས་པའི་སྐྱོན་བསལ་ཞིང་སྙིང་ནང་བདུད་རྩིས་ཁེངས་པས་ཆོས་ཐམས་ཅད་མངོན་སུམ་དུ་ཤེས་པའི་ཤེས་རབ་ཀྱིས་ལུས་ངག་ཡིད་གསུམ་རྒྱས་པར་བསམས་པས་སྐྱོན་གང་ཡང་མི་འབྱུང་བ་ཉིད་དོ། །མན་ངག་འདི་ནི་བླ་མ་ལས་བརྒྱུད་པ་མ་ཉམས་ཤིང་། རང་གི་ཉམས་སུ་མྱོང་བའི་སྟོབས་ཀྱིས་ཤིན་ཏུ་བརྗོད་པར་ཕངས་ནའང་། བློ་དམན་པ་དག་ལ་ཕན་ཕྱིར་གབ་པ་རྣམས་མངོན་དུ་ཕྱུང་ནས་ཕྱིན་ཅི་མ་ལོག་པར་བཀོད་པ་ཡིན་ནོ། །གཞན་མ་དག་ལ་སྦས་ཏེ་བསྟན་པའི་གནས་མེད་པས་སྙིང་གི་གཏེར་དུ་སྦོས་ཤིགས་མ་ཡ། ཞེས་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས་གདམས་པར་མཛད་པ་ཡིན་ནོ། །རྩ་བའི་བཞི་པ་དེ་ལྟར་གེགས་སྤངས་ཏེ་བསྒྲུབས་པས་གྲུབ་པའི་རྣལ་འབྱོར་པ་དགགྲུབ་པའི་རྟགས་དངོས་སུ་བསྟན་པའི་ཕྱིར་ལས་སྦྱོར་གྱི་རིམ་པ་བཤད་པར་བྱའོ། །དེ་ལ་གསུམ་ལས། དང་པོ་གྲུབ་བའི་དགའ་སྟོན་སྤེལ་བའི་སླད་དུ་རྫས་ཀྱི་སྦྱོར་བ་སྒྲུབ་པའི་ཚུལ་ནི། ལས་སྦྱོར་རྩ་བ་དྲང་སྲོང་མངོན་ཤེས་ཅན་གྱིས་མཛད་པ་ལས། ལྕེ་བདེ་མགྲིན་པ་བདེ་བ་དང་། །དབྱངས་སྙན་དྲན་པ་གསལ་བ་ལ། །ཨ་རུ་སྐྱུ་རུ་པི་པི་ལིང་། །ཤིང་མངར་དུག་ཉུང་སྒྲོན་ཤིང་དང་། །གོ་སྙོད་ལ་སོགས་རྩི་བཞིན་བཏགས། །དར་གྱི་ཚགས་མ་ལ་བཙགས་ཏེ། །ཀ་ར་སྦྲང་རྩིས་རིལ་བུ་བྱ། །ཞེས་དང་། སྨན་འདི་སྦྱར་བའི་དུས་ཚོད་ནི། །དྲང་སྲོང་ཕུར་བུ་དག་ལ་སྦྱར། །མགྲིན་པ་བདེ་ཞིང་བློ་རྣོ་འགྱུར། །ཞེས་པས། རབ་རྒྱལ་ཕུར་འཛོམ་པའམ། དེ་མིན་རེས་གཟའ་ཕུར་བུ་དར་བའི་ཉིན། ༡ཨ་རུ་ར་གསེར་མདོག༢བ་རུ་ར། ༣སྐྱུ་རུ་ར། ༤སྒྲོན་ཤིང་། ༥གོ་སྙོད་ཀྱི་འབྲས་བུ། ༦དུག་མོ་ཉུང་གི་འབྲས་བུ། ༧ལུག་རུ་དཀར་༨དམར་༩སེར་གསུམ། ༡༠སྤང་རྒྱན་དཀར་པོ། ༡༡པི་པི་ལིང་། ༡༢ཤིང་མངར་རྣམས་ཆ་མཉམ་པར་བྱས་ལ། ཞིབ་ཏུ་བཏགས་ནས་དར་ཚགས་ལ་དྲངས་པ། ཚིལ་གྱིས་བཞུས་པ་མ་ཡིན་པའི་ཀ་ར་དང་། སྦྲང་རྩི་གཙང་མ། བ་དམར་མོའི་འོ་མ་བཅས་དང་། གོང་བཤད་དངོས་གྲུབ་བླང་བའི་འཁོར་ལོའི་བདུད་རྩི་རྣམས་སྦྱར་ལ་རིལ་བུ་སྲན་སྤོས་ཙམ་དུ་དྲིལ་ནས་གྲིབ་སྐམ་བྱ། སྨན་སྦྱོར་རྐྱང་པ་བསྟེན་པས་ཀྱང་ཕན་ཡོན་ཅི་རིགས་པ་འབྱུང་མོད། ལྷ་སྔགས་ཀྱི་མཐུས་བྱིན་གྱིས་བརླབས་ན་རྣོ་ལ་ངར་གྱིས་གདགས་པ་ལྟར་ནུས་པ་མཆོག་དང་ལྡན་ཕྱིར་སྒྲུབ་པའི་སྦྱོར་བ་བརྩམ་པར་བྱ་སྟེ། རིལ་བུ་རྣམས་རིན་པོ་ཆེའི་སྣོད་དུ་བླུགས་ལ་སྟེགས་བུའི་དབུས་སུ་བཀོད། མཆོད་གཏོར་བཤམས། བགེགས་བསྐྲད་སྐྱབས་སེམས་ནས་བདག་བསྐྱེད་བཟླས་པ་དང་བཅས་པ་བྱ། དེ་ནས་མདུན་རྟེན། ཨ་མྲྀ་ཏས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་ལྷ་དང་དྲང་སྲོང་སོགས་ནས། ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རིལ་བུ་རྣམས་ཧྲཱིཾཿདཀར་པོ་ཡོངས་སུ་གྱུར་པ་ལས་ལྷ་མོ་དབྱངས་ཅན་མ་སོགས་དང་། སྣང་ལ་རང་བཞིན་མེད་པའི་སྐུ་ཅན་དུ་གསལ་བའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ཉ་གང་བ། དེའི་དབུས་སུ་ༀ་དཀར་པོ་སོགས་དང་འཁོར་ལོ་འོད་དུ་ཞུ་བ་མདུན་བསྐྱེད་ཀྱི་ཤངས་བུག་གཡོན་ནས་ཞུགས་ཏེ་ཐུགས་ཀའི་ༀ་དང་འདྲེས། དེ་ཡོངས་སུ་གྱུར་པ་ལས་པདྨ་འདབ་བརྒྱད་སོགས་ནས་དབྱངས་ཡིག་གཉིས་གཉིས་མར་མེའི་ཕྲེང་བ་ལྟར་འབར་བར་གྱུར་ཞེས་པའི་བར་གྱིས་བསྐྱེད། མཆོད་པ་རྣམས། ༀ་ཨ་མྲྀ་ཏེ་ཧཱུྃ་ཕཊ྄། ཀྱིས་བསང་། སྭ་བྷ་བས་སྦྱང་། སྟོང་པའི་ངང་ལས་ༀ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ༀ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་ཞལ་ཟས་རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་ཀླས་པར་གྱུར། ༀ་བཛྲ་ཨརྒྷཾ་ཨཱཿཧཱུྃ། ནས་ཤཔྟའི་བར་སྦྱར་བས་བྱིན་གྱིས་བརླབ། ཐལ་མོ་སྦྱར་ལ། འཇིག་རྟེན་ཁམས་ནི་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་རྣམས། །འཕགས་མ་འཁོར་དང་བཅས་ལ་འབུལ། །བློ་དང་མཆོག་གི་དངོས་གྲུབ་སྩོལ། །ༀ་སྭ་ར་སྭསྟཱི་དེ་ཝཱི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ། དེ་བཞིན་དུ་སྦྱར་བས་རོལ་མོའི་བར་དུ་འབུལ། སྤྲོ་ན་རིན་ཆེན་བདུན་འདོད་ཡོན་ལྔ་བཀྲ་ཤིས་རྟགས་རྫས་སོགས་ཀྱིས་ཀྱང་མཆོད། བསྟོད་པ་ནི། སྤྱན་རས་གཟིགས་དབང་མཆེ་བའི་རྩེ་ལས་མངོན་སྤྲུལ་ཞིང་། །སོགས་བྲམ་ཟེར་ཕུར་བུས་བསྟོད་པ་དང་། ཀུན་མཁྱེན་གསུང་། མཆོག་དགའི་རང་བཞིན་ལྷ་མོ་ནི། །ཡོན་ཏན་རྒྱ་མཚོའི་གླིང་ན་བཞུགས། །རྒྱལ་བ་སྲས་བཅས་བསྐྱེད་པའི་ཡུམ། །དབྱངས་ཅན་མ་ལ་ཕྱག་འཚལ་བསྟོད། །ཞེས་དང་། བོ་དོང་པའི་གསུང་། མཁྱེན་བཟང་རབ་ཏུ་རྒྱས་བའི་པདྨ་དང་། །ཐུགས་རྗེ་དྲི་མེད་ཟླ་བའི་གདན་ལ་འགྱིང་། །སྒྲ་དབྱངས་ལྷ་མོ་པི་ཝང་གསུང་སྙན་གྱིས། །ཁམས་གསུམ་དབུགས་འབྱིན་ལྷ་མོ་ཁྱོད་ལ་འདུད། །ཅེས་པ་ཙམ་མམ། རྒྱས་པར་སྤྲོ་ན་བསྟོད་པ་ཕྱི་མ་གཉིས་ཡོངས་རྫོགས་དང་། གཞན་ཡང་ཚིག་དོན་ཕུན་སུམ་ཚོགས་པའི་བསྟོད་པ་ཅི་ཤེས་ཀྱིས་བསྟོད། མདུན་བསྐྱེད་ཀྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་མ་རིག་པའི་མུན་པ་བསལ། ཤེས་རབ་ཀྱི་སྣང་བ་ལ་བཀོད། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ། མཁྱེན་བརྩེ་ནུས་པའི་ཡེ་ཤེས། བརྟན་གཡོའི་དྭངས་བཅུད་ཐམས་ཅད་བསྡུས་ནས་ཐུགས་ཀའི་ས་བོན་ལ་ཐིམ་པར་བསམས་ལ་ཧྲཱིཾཿཞེས་ཅི་ནུས་དང་། ཐུན་མཐར་དབྱངས་གསལ་དང་། ༀ་ཧྲཱིཾཿམ་ཧཱ་མཱ་ཡཱ་ཡཱངྒཻ་མ་ཧཱ་སྭ་ར་སྭ་དྱཻ་ན་མཿཞེས་དང་། ༀ་བཱ་གྦཱ་དི་ནི་བཱ་ཙརྨ་ནི་ཡཙྪ་སྭ་ར་སྭ་ཏཱི་མ་ཧཱ་ཤྭེ་ཏེ་སྭཱ་ཧཱ། ཞེས་དང་། ཨོཾ་ཙནྡྲ་གོ་མི་སལ་སལ་ཕྱེ་ཕྱེ་ཧཱུྃ་ཧཱུྃ་སྭཱ་ཧཱ། ཞེས་པ་རྣམས་ཀྱང་བཟླ། གཏོར་མ་དང་པོ་མདུན་བསྐྱེད་ལ་འབུལ་བའི་ཁྱད་པར་ཙམ་ལས་སྒྲུབ་ཐབས་ལྟར་གཏོར་མ་གསུམ་ཕུལ། ལྷག་ཆད་ཁ་བསྐང་། བཟོད་གསོལ་བསྔོ་སྨོན་ཤིས་བརྗོད་བཅས་བྱ། ཐུན་ཕྱི་མ་རྣམས་སུ་མདུན་བསྐྱེད་སྔར་ཡོད་གསལ་གདབ་ཀྱི་ཚུལ་དུ་བསྐྱེད་ལ་ཇི་སྐད་བཤད་པ་བཞིན་ཉམས་སུ་བླངས་ཏེ། དེ་ལྟར་རྨི་ལམ་སོགས་རྟགས་མཚན་དགེ་བ་མ་མཐོང་བའི་བར་དུ་བསྒྲུབ། ཐུན་ཐ་མར་གཏོར་མ་ཕུལ་བའི་རྗེས་སུ་དབྱངས་ཅན་མ་འོད་དུ་ཞུ་བ་ཡོངས་སུ་གྱུར་པ་ལས་སྨན་གྱི་རིལ་བུ་བློ་གྲོས་ཀྱི་མཐུ་ཐོགས་པ་མེད་པ་སྟེར་བའི་ནུས་བྱིན་དང་ལྡན་པར་བསམས་ལ། རྟེན་འབྲེལ་སྙིང་པོ་མང་དུ་བཟླས་པའི་མེ་ཏོག་གི་ཆར་དབབ་ལ་ཤིས་པ་བརྗོད། གཏོར་མགྲོན་རྟེན་མེད་པ་གཤེགས་སུ་གསོལ་བ་སོགས་སྐབས་དང་སྦྱར། རང་ཉིད་འཇམ་དཔལ་ལམ་མི་གཡོ་བའི་སྐུར་ལང་ལ་བསྔོ་སྨོན་ཤིས་བརྗོད་བྱའོ། །དེ་ལྟར་བསྒྲུབས་པའི་རིལ་བུ་དེ་ཉིད་རིན་པོ་ཆེ་སོགས་སྣོད་གཙང་མར་རླུང་མི་འཆོར་བར་བྱས་ལ་བཅང་། ཟླ་བ་གང་རུང་གི་ཡར་ངོའི་ཚེས་གཅིག་གི་ཐོ་རངས་ནས་བརྩམས་ཏེ་ལྟོ་སྟོང་གི་དུས་སུ་ཁྲུས་བྱས་ལ། རིལ་བུ་ལག་མཐིལ་དུ་བཞགསྟོང་པའི་ངང་ལས་རང་ཉིད་ནི། །སྒྲ་དབྱངས་ལྷ་མོ་སྐུ་མདོག་དཀར། །ཞལ་གཅིག་ཕྱག་གཉིས་སྐྱིལ་ཀྲུང་ཅན། །ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི། །བདུད་རྩིའི་གང་བའི་བུམ་པ་འཛིན། །ལྷ་རྫས་དར་གྱི་ན་བཟའ་དང་། །རིན་ཆེན་རྒྱན་གྱིས་རྣམ་པར་བརྒྱན། །པདྨ་ཟླ་བའི་གདན་ལ་བཞུགས། །རིལ་བུ་སྲིད་དང་ཞི་བ་ཡི། །དྭངས་བཅུད་འདུས་པའི་ངོ་བོ་ཉིད། །ཟོས་པས་རྨོངས་པའི་མུན་པ་བསལ། །ཡེ་ཤེས་སྣང་བ་རྒྱས་པར་གྱུར། །ཅེས་བརྗོད་ཅིང་བསམས་ལ། ༀ་ཙནྡྲ་གོ་མི་སལ་སལ་ཕྱེ་ཕྱེ་ཧཱུྃ་ཧཱུྃ་སྭཱ་ཧཱ། ཞེས་ལན་བདུན་བཟླས་ལ་མིད། དེ་ལྟར་ཚུལ་བཞིན་བསྟེན་པའི་ཕན་ཡོན་ནི། ཞག་བདུན་ཟོས་པས་དིག་པ་དང་། །ལྐུག་པ་གླེན་པ་དག་ཀྱང་འཚོ། །བཅུ་གཅིག་སྐད་བཟང་མགྲིན་པ་བདེ། །ཉི་ཤུས་མི་བརྗེད་གཟུངས་ཐོབ་འགྱུར། །ཟླ་བ་གཅིག་ཏུ་ཟོས་གྱུར་ན། །བློ་ནི་མེ་དང་འདྲ་བར་འགྱུར། །རབ་ཏུ་བསྟེན་ན་ཚེ་རིང་ཞིང་། །རྒས་པའི་སྐྱོན་གྱིས་གོས་པ་མེད། །ཅེས་གསུངས་སོ། །གཉིས་པ་རང་གཞན་ལ་ཕན་པ་སྒྲུབ་པའི་ལས་སྣ་ཚོགས་པའི་རིམ་པ་ནི། དེ་ལའང་རྣམ་པ་བཞི་སྟེ། སྒྲུབ་ཐབས་འོད་ཀྱི་དྲྭ་བར། དུག་གཞིལ་བ་དང་ཕྲན་ཚེགས་བསྟན། །དབང་དུ་བྱ་དང་རྩོད་པ་ཟློག །དེ་ལྟར་རྣམ་བཞིའི་རིམ་པ་བཞིན། །ཞི་རྒྱས་དབང་དང་དྲག་པོར་བཤད། །ཅེས་པས། དེའང་ཞི་བའི་ཆོ་གས་དུག་སོགས་ཞི་བར་བྱ་བ་ནི། ནད་པ་དེའི་དཔྲལ་བའི་དཀྱིལ་དུ་པདྨ་འདབ་བརྒྱད་མཆོག་ཏུ་དཀར་བའི་ལྟེ་བར་ཧྲཱིཾཿལས་བདུད་རྩི་དཀར་པོ་བབས་པས་ནད་ཐམས་ཅད་དང་གདོན་རིགས་ཐམས་ཅད་བཤལ་ཏེ་ནད་གདོན་ལས་ཐར་བར་བསམ་ཞིང་ཧྲཱིཾཿཞེས་འབུམ་ཉི་ཁྲི་ལྔ་སྟོང་བཟླས་པས་ནད་ཐམས་ཅད་དང་ཁྱད་པར་དུ་དུག་ནད་རབ་ཏུ་ཞི་བར་བྱེད་པའོ། །གཉིས་པ་རྒྱས་པའི་ཆོ་གའི་ལས་ཕྲན་ཚེགས་བསྟན་པ་ནི། བྱིས་པ་བཙས་མ་ཐག་པའི་ལྕེ་ལ་ཙན་དན་ག་བུར་གུརྒུམ་གི་ཝང་བཞི་སྦྱར་བས་ཧྲཱིཾཿབྲིས་པ་ལ་དབྱངས་ཅན་མའི་འཁོར་ལོ་དགུག་གཞུག་བྱས་པས་བློ་རྣོ་བ་ངག་གི་དབང་ཕྱུག་དང་མཚུངས་པར་འགྱུར་རོ། །ཡང་འཆད་པ་ན་ལྕེ་ལ་འཁོར་ལོ་གསལ་བཏབ་ནས་བཤད་ན་ཉན་པ་པོའི་རྣ་བར་སྙན་ཞིང་ཆོས་ཀྱི་ཚུལ་སྔོན་མི་ཤེས་པའི་ལེགས་བཤད་འཆད་ནུས་པའོ། །ཡང་འབེལ་གཏམ་དང་གླེང་སློང་ལ་སོགས་ཆོས་ཀྱི་ཚིག་དོན་བྱེད་པ་ན་དབྱངས་ཅན་མའི་འཁོར་ལོ་གསལ་བཏབ་ནས་བཤད་ན་སྤོབས་པ་ཐོགས་པ་མེད་ཅིང་ཀུན་གྱི་རྣ་བར་སྙན་པར་འགྱུར་རོ། །དེ་དག་གི་འཁོར་ལོ་སེར་པོ་འོད་དང་བཅས་པ་བསམ་པར་བྱའོ། །གསུམ་པ་དབང་གི་ཆོ་གས་འགུགས་པའི་ལས་རྩོམ་པ་ནི། གང་བྱ་བའི་བསྒྲུབ་བྱ་དེ་ཡི་རྣམ་ཤེས་ཀྱི་ངོ་བོ། ཨཿཐུང་ཚེག་དྲག་ཅན་དོང་རྩེ་བརྩེགས་པ་ལྟ་བུའི་དཀྱིལ་ན་བུག་པ་གྲུ་གསུམ་པདྨ་འདབ་མ་བཞི་པའི་ལྟེ་བར་གཏད་པའི་ཧྲཱིཾཿདམར་པོ་ཚེག་དྲག་ཅན་བསམས་ལ། རང་གི་སྙིང་གའི་འཁོར་ལོ་དམར་པོ་བསམ་པའི་འོད་ཟེར་ཧྲཱིཾཿདང་ཨཿཐུང་ལ་ཕོག་པས་ཚུར་གཅིག་ལ་གཅིག་མཐུད་དེ་རང་གི་སྙིང་གའི་ཧྲཱིཾཿལ་ཐིམ་པར་བསམས་ལ། ཧྲཱིཾཿཆེ་གེ་མོ། ཨཱ་ཀཪྵ་ཡ་ཧྲཱིཾ༔ཛཿཞེས་བཟླས་ཏེ་བསམས་པས་ཕོ་མོ་གང་ཡང་ཞག་བདུན་གྱིས་འགུགས་པར་ནུས་པ་ཉིད་དོ། །བཞི་པ་དྲག་པོའི་ཆོ་གས་རྩོད་པ་སྨྲ་བ་ཚར་གཅད་པ་ནི། རང་གི་ལྕེ་འཁོར་ལོ་མཐིང་གར་གསལ་བཏབ་ནས། ཕ་རོལ་པོའི་ཡ་རྐན་ལ་ཟངས། མ་རྐན་ལ་ལྕགས་ཀྱི་འཁོར་ལོ་རྩིབས་བརྒྱད་པ་ལྕེ་སྟེང་གསེར་གྱི་རྡོ་རྗེ་རྒྱ་གྲམ་སྟེ་གསུམ་གྱི་ལྟེ་བར་ཧྲཱིཾཿནག་པོ་གཅིག་གིས་མི་འགྱུར་བར་བསྡམས་པར་བསམས་པའི་གྲེ་བར་ཁྲོ་ཆུའི་མཆོད་རྟེན་ནག་པོ་གདུགས་ཆོས་འཁོར་དང་བཅས་པ་མགོ་མཇུག་ལོག་པས་བཀབ་པར་བསམ་སྟེ། ཆེ་གེ་མོའི་ངག་སྟྭམ་བྷ་ཡ་ནན། ཞེས་བརྒྱ་ལ་སོགས་པ་བཟླས་ནས། རྩོད་དུས་དམིགས་པ་གསལ་བཏབ་ན་རྒྱལ་ངེས་སོ། །དེ་ཤིན་ཏུ་རྒྱས་པའི་དབང་དུ་བྱས་པའོ། །རྩོད་པ་ཕལ་པ་དང་ཤགས་འདྲེན་པ་ལ། རང་གི་ལྕེ་འཁོར་ལོ་གསལ་བཏབ་པས་རྒྱལ་ངེས་སོ། །ཞེས་གསུངས་ཤིང་། རིང་བརྒྱུད་ཕུར་བུའི་ལུགས་ཀྱི་སྒྲུབ་སྐོར་གཞན་ལས། །དེ་ནས་ལས་ལ་སྦྱར་བའི་ཚེ། །ཤགས་འགྱེད་རྩོད་པ་གལ་ཆེ་ན། །འདི་བཞིན་བྱེད་ཀྱིས་གཞན་དུ་སྡིག །རང་ལྕེ་འཁོར་ལོ་བསྒོམས་པས་ཆོག །འགྲན་ཟླ་དེ་ཡི་ཡར་རྐན་ལ། །ལྕགས་ཀྱི་འཁོར་ལོ་རྩིབས་བརྒྱད་པ། །མར་རྐན་ཟངས་ཀྱི་འཁོར་ལོ་བསྒོམ། །ལྕེ་ལ་གསེར་གྱི་རྡོ་རྗེ་འབར། །རྒྱ་གྲམ་ཆེན་པོས་མནན་པར་བསྒོམ། །དེ་རྣམས་ལྟེ་བར་ཡི་གེ་ཧྲཱིཾཿ། །ནག་པོས་མི་འགྱུར་བསྡམས་པར་བསམ། །དེ་ཡི་ཁོང་པར་གསེར་གྱི་ནི། །མཆོད་རྟེན་ཆེན་པོ་བང་རིམ་ལྡན། །ཆར་ཁེབ་ཏོག་དང་ལྡན་པ་ཡི། །རྩེ་མོས་གྲེ་[བུམ་མ་དཔེ་མི་གསལ། ]ཁེངས་པར་བསམ། །རང་གི་ལྕེ་ལ་དབྱངས་ཅན་མའི། །འཁོར་ལོ་ཤིན་ཏུ་གསལ་བར་བསྒོམ། །ངག་ཏུ་མིང་རུས་ཆེ་གེ་མོའི། །ཝཱ་ཀ་སྟམྦྷ་ཡ་ནཱན། ཞེས་པའི་སྔགས་འདི་བཟླས་བྱས་ན། །སྨྲ་མཁས་ལྕེ་བདེ་དྲན་གསལ་བ། །ཐམས་ཅད་བདག་གི་དབང་དུ་འགྱུར། །མཁས་པ་རྣམས་དང་རྒྱལ་པོ་དང་། །དེ་བཞིན་བློན་པོ་བུ་མོ་སོགས། །བདག་གི་དབང་དུ་བྱེད་འདོད་ན། །བསྒྲུབ་བྱ་མངོན་སུམ་མཐོང་བ་ལ། །དེ་ཡི་དཔྲལ་བ་པདྨ་དམར། །ལྟེ་བར་ཟླ་བར་ཟུར་གསུམ་པ། །དམར་ལ་ཚ་བའི་རེག་བྱར་ལྡན། །དེ་ཡི་དབུས་སུ་ཡི་གེ་ཧྲཱིཾཿ། །ཟླ་ཚེས་ནཱ་ད་ལྡན་པ་འགོད། །རང་གི་ཧྲཱིཾཿལས་ཧྲཱིཾཿའཕྲོས་ཏེ། །དཔྲལ་བའི་ཧྲཱིཾཿདང་དབྱེར་མེད་འདྲེས། །འོད་ཟེར་དམར་པོའི་ཁོངས་སུ་བཅུག །དེ་ཡི་ལུས་སེམས་དབང་དུ་བསྡུས། །ཡི་གེ་ཧྲཱིཾཿགི་རྣམ་པར་གྱུར། །ཚུར་འདུས་རང་གི་ཧྲཱིཾཿལ་འདྲེས། །ངག་ཏུ་མིང་རུས་ཆེ་གེ་མོ། །ཨཱ་ཀཪྵ་ཡ་ཛ་བྷཥྨི་ཀུ་རུ་ཧོཿཞེས་པའི་གསང་སྔགས་བཟླས་གྱུར་ན། །དགེ་སྦྱོང་དག་དང་བྲམ་ཟེ་དང་། །རྒྱལ་པོ་ལ་སོགས་ལྟ་ཅི་སྨོས། །དབང་པོ་དཔལ་མོར་བཅས་པ་ཡང་། །བྲན་བཞིན་དབང་དུ་བྱེད་འགྱུར་ཞིང་། །བསྒོ་བའི་ངག་ལ་ཉན་པར་འགྱུར། །དུག་གིས་ཟིན་པའི་སྐྱེས་བུ་ཡི། །སྤྱི་བོར་པདྨ་འདབ་བརྒྱད་དཀར། །དེ་སྟེང་ཟླ་བ་ཆ་གཉིས་རྫོགས། །དབུས་སུ་དབྱངས་ཡིག་མེད་པ་ཡི། །ཧྲཱིཾཿདཀར་ཟླ་ཚེས་ནཱ་ད་བྲལ། །ཐིག་ལེ་དངུལ་ཆུ་ལྟ་བུ་བསྒོམ། །དེ་ལས་བདུད་རྩིའི་རྒྱུན་བབས་ཏེ། །སྤྱི་བོ་ནས་ཞུགས་རྩ་རྣམས་གང་། །དུག་རྣམས་སྒོ་ནས་བུད་པར་བསམ། །ངག་ཏུ་མིང་རུས་ཆེ་གེ་མོའི་། །བི་ཥ་ཤཱནྟིངྐུརུ་སྭཱ་ཧཱ། ཞེས་པའི་གསང་སྔགས་བཟླས་གྱུར་ན། །དུག་གིས་ཟིན་ནས་ཤི་ལ་ཐུག །ཐམས་ཅད་སོས་པར་ཐེ་ཚོམ་མེད། །གཞན་ཡང་བྱིས་པ་བཙས་མ་ཐག །རྐེད་ལ་ཉི་གྲིབ་ཕྱེད་མར་བྱ། །གི་ཧཾ་རྒྱ་སྐྱེགས་འདྲེས་པ་ཡིས། །ལྕེ་ལ་དབྱངས་ཅན་འཁོར་ལོ་དགོད། །དགུག་གཞུག་བཅིངས་པས་དབྱེར་མེད་བྱ། །ཧྲཱིཾཿཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿཞེས་པའི་སྔགས་ཀྱིས་བརྟན་པར་བྱ། །རིག་པ་འདི་ཡིས་བྱིས་པ་རྣམས། །དབྱངས་ཅན་ཉིད་དང་མཚུངས་པར་འགྱུར། །ཞེས་འབྱུང་། ཚུལ་འདི་གཉིས་གང་གི་ལུགས་ལྟར་བྱས་ཀྱང་སྤྱིར་མི་འགལ་མོད། རང་ལུགས་གཙོ་བོར་སྔ་མའི་རྗེས་སུ་འབྲང་བར་བྱའོ། །གསུམ་པ་བསྙེན་སྒྲུབ་ལས་སྦྱོར་མཐའ་དག་ལ་ཉེ་བར་མཁོ་བའི་སྦྱིན་སྲེག་གི་ཆོ་ག་བཤད་པ་ལ། སྦྱོར་བ་དང་དངོས་གཞི་གཉིས་ལས། དང་པོ་ནི། དུས་བཟང་པོ་ལ་གང་དུ་བྱ་བའི་སར། གཞི་བགེགས་ལ་གཏོར་མ་བཏང་། ཐབ་ཀྱི་གཞིར་སྟེགས་བུ་ཁྲུ་དོ་གྲུ་བཞིར་བརྩིགས་པའམ། དེ་དང་རྒྱ་མཉམ་པའི་གཞི་ལ་བ་བྱུང་དང་དྲི་བཟང་གིས་བྱུགདེ་ལ་ཚངས་ཟུར་གྱི་ཐིག་བཏབ་པའི་དབུས་ནས་མཐོ་གང་ཟླུམ་པོར་བསྐོར་བའི་ཕྱིར་སོར་བཞི་བ་ཉིས་རིམ་དུ་བསྐོར་བ་ནི་ཐབ་དང་ཁ་ཁྱེར་མུ་རན་ནོ། །དབུས་སུ་དབྱངས་ཅན་གྱི་འཁོར་ལོ་འོག་ཏུ་འཆད་པར་འགྱུར་བ་ལྟར་དང་། ཁ་ཁྱེར་ལ་པད་འདབ་བཅུ་དྲུགམུ་རན་ལ་རྡོ་རྗེའི་ཕྲེང་བ་བྱས་པའི་ཕྱིའི་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེ་དང་བཅས་པ་རྡུལ་ཚོན་དཀར་པོས་དགང་ཞིང་། དམར་པོའི་བཅད་ཀྱིས་ཕྱེ། ཐབ་ཀྱི་ཁར་སྲོག་ཆགས་མེད་པའི་ལྕི་བས་ཟླུམ་པོར་བརྩིགས་པའི་ནང་དུ་དྲི་ཞིམ་པོའི་ཤིང་གྲུ་བཞི་བསྣོལ་མས་བཀང་བའི་དབུས་སུ་མེ་ཚང་ཏིང་ལོ་དང་བཅས་པ་བྱ། རང་གི་གཡས་སུ་བ་བྱུང་གི་མཎྜལ་གྱི་སྟེང་དུ། བསྲེག་རྫས་ཙན་དན་དཀར་དམར་སོགས་སྤོས་སྣ་ཚོགས་དང་། མེ་ཏོག་དཀར་སེར། ཏིང་ལོ་གྲངས་ལྡན། ཙནྡན་དཀར་པོ། གླ་རྩི། གུརྒུམ། གི་ཝཾ་བཞི་སྦྱར་བའི་བཞི་མཉམ་གྱི་ལྡེ་གུ་དང་ཕྱེ་མ། མངར་གསུམ་མར་དང་སྦྱར་བའི་ཟས་མཆོག་གི་རིལ་བུ་གྲངས་ལྡན། བཞི་མཉམ་དང་མངར་གསུམ་གྱིས་སྤགས་པའི་ཀུ་ཤནས་གྲོ་འབྲས་སྲན་མ་ཏིལ་དཀར་ནག་སོགས་འབྲུ་སྣ་ཚོགས་བསྲེས་པ་དང་། བ་དམར་སེར་གྱི་མར་ཁུ་དང་། ཤིང་ཐོག་སྣ་ཚོགས་རྣམས་བཞགརང་གི་གཡོན་དུ་བསྙེན་པའི་སྐབས་བཞིན་མཆོད་པ་ལྔ་དང་གཏོར་མ་རྣམས་བཤམས། ཉེ་ལོགས་ཅི་བདེ་བར་ཆངས་བུའི་གཏོར་མ། གཞན་ཡང་བསང་ཆུ་དང་མེ་ལྷའི་བསྲེག་རྫས་རྣམས་ཀྱང་ཚོགས་པར་བྱའོ། །གཉིས་པ་ནི། སྐྱབས་འགྲོ་ནས་བརྩམས་ཏེ་བདག་བསྐྱེད་བཟླས་པའི་མཐར་ཐུག་པ་སྔོན་དུ་འགྲོ་བས། བསང་ཆུ་ཨ་མྲྀ་ཏ་བརྒྱའམ་ཉེར་གཅིག་གིས་བསྔགས། རྫས་རྣམས་ལ་གཏོར་ཏེ་བསང་སྦྱང་། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། མཆོད་རྫས་དང་བསྲེག་རྫས་ལྷ་མཉེས་པ་དང་སོ་སོའི་ལས་སྒྲུབ་པའི་ནུས་པ་དང་ལྡན་པར་བསམས་ལ། ཨརྒྷཾ་ནས་ཤཔྡའི་བར་དང་། ༀ་ཨཱཿ་ཧཱུྃ་གིས་བྱིན་གྱིས་བརླབ་ཐབ་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་བྱུང་བའི་ཐབ་ཁུང་གསེར་བཙོ་མ་ལྟར་འབར་བ། ཁ་ཁྱེར་མུ་རན་དང་བཅས་པ་དྭངས་གསལ་ཐོགས་པ་མེད་པའི་ནང་ལྷ་རྫས་ཀྱི་བུད་ཤིང་གིས་གང་བར་བསམས་ནས། དགེ་འདུན་གྱི་ཚང་མང་ངམ་རྒྱལ་པོའི་ཕོ་བྲང་གི་མེས། ༀ་ཨགྣེ་ཛྭ་ལ་རྃ། ཞེས་བརྗོད་ཅིང་སྦར། དེར་རྃ་ལས་དྲང་སྲོང་མེ་ལྷའི་ངོ་བོ་མེ་འབར་བའི་རྣམ་པ་ཅན་དུ་གྱུར། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་མེ་ལྷ་འཁོར་བཅས་ༀ་བཛྲ་ས་མཱ་ཛཿཞེས་དབྱུ་གུ་རྩེ་གསུམ་པའི་ཕྱག་རྒྱ་རྣ་བའི་དྲུང་དུ་གཡོབ་ཅིང་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿའབར་བའི་རྣམ་པ་དང་གཉིས་སུ་མེད་པར་གྱུར། ༀ་ཨགྣ་ཡེ་ཨཱ་དཱི་བྱ་ཨཱ་དཱི་བྱ་ཨཱ་བི་ཤ་ཨཱ་བི་ཤ་ཧ་བྱ་ཀ་བྱ་བཧྣཱཡ་སྭཱ་ཧཱ། ཞེས་དང་། ༀ་ཨགྣ་ཡེ་སྭཱ་ཧཱ། ལན་བདུན་གྱིས་མར་བླུགས་གཟར་བདུན་གྱིས་དགང་གཟར་བཀང་ལ་ཕུལ། སླར་ཡང་བསྲེག་རྫས་ཐམས་ཅད་གཅིག་ཏུ་བསྲེས་ལ། ༀ་ཨགྣ་ཡེ་སྭཱ་ཧཱ། ཞེས་ལན་ཉི་ཤུ་རྩ་གཅིག་ཙམ་ཕུལ། དེ་ནས་མེ་བསང་སྦྱང་། སྟོང་པའི་ངང་ལས་མེ་འབར་བའི་དབུས་སུ། བྲིས་པའི་འཁོར་ལོ་ཉིད་དབྱངས་ཅན་གྱི་འཁོར་ལོ་པདྨ་དཀར་པོ་འདབ་མ་བརྒྱད་པ་ཤིན་ཏུ་རྒྱས་ཤིང་འདབ་མ་འཇམ་པ། ལྟེ་བ་ལྗང་སེར་ཟེའུ་འབྲུ་དམར་སེར་གྱིས་ཡོངས་སུ་བསྐོར་བ། ལྟེ་བའི་སྟེང་ན་ཟླ་བ་ཉ་གང་བ་དྲི་མ་མེད་པའི་དབུས་སུ་ཧྲཱིཾཿདཀར་པོ་མགོ་གྱེན་དུ་བསྟན་པ་ནཱ་ད་དང་བཅས་པ། པད་འདབ་རྣམས་ལ་མདུན་ནས་བརྩམས་ཏེ་གཡས་སྐོར་དུ་ཨ་ཨཱ་ནས། ཨཾ་ཨཿཞེས་པའི་དབྱངས་ཡིག་བཅུ་དྲུག་མཆོག་ཏུ་དཀར་བ་རིན་པོ་ཆེའི་སྒྲོན་མེ་ལྟར་འོད་གསལ་བ། པད་འདབ་རེ་ལ་གཉིས་གཉིས་གནས་པ་སྟེ། པདྨ་དང་ཟླ་བ་ཡིག་འབྲུ་རྣམས་ཀྱི་འོད་ཟེར་དཀར་པོས་ས་གསུམ་གྱི་མུན་པ་མ་ལུས་པ་སེལ་བར་གྱུར། ཞེས་མོས། འདི་རྗེ་གཏེར་ཆེན་རིན་པོ་ཆེའི་ཡིག་ཆར་མི་འབྱུང་ཡང་། ཀུན་མཁྱེན་བརྩེ་བ་ཆེན་པོའི་གསུང་རབ་ལས་ཁ་བསྐང་བ་སྟེ། དེས་བསྒྲེས་གོང་འོག་གི་ངག་འདོན་གྱི་ཁྱད་པར་ཅུང་ཟད་རྣམས་ཤེས་པར་བྱའོ། །དེ་ནས། རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས། སྣ་བུག་གཡས་ནས་ཐོན། ལྷོ་ཕྱོགས་རྒྱ་མཚོའི་འགྲམ་རིག་པ་འཛིན་པའི་དགའ་བའི་ཚལ་ན་ལྷ་མོ་དབྱངས་ཅན་མ་བཞུགས་པའི་ཤངས་བུག་གཡོན་ནས་ཞུགས། ཐུགས་ཀ་ནས་ངོ་བོ་ཡེ་ཤེས་པ་རྣམ་པ་དབྱངས་ཅན་གྱི་འཁོར་ལོ་འོད་འབར་བ་སྤྱན་དྲངས་ཏེ་ཤངས་བུག་གཡས་ནས་ཐོན། སྟོན་ཀའི་ཟླ་བ་ཤར་བ་ལྟར་སྐད་ཅིག་གིས་མདུན་གྱི་ནམ་མཁར་བྱོན་པར་བསམས་ལ། ༀ་པྲྀ་ཏཱི་དེ་ཝཱི་དཱི་བྱ་པུཥྤེ་ཧཱུྃ། དེ་བཞིན་དུ་སྦྱར་ཏེ། དྷཱུ་པེ། གནྡྷེ། ཨཱ་ལོ་ཀེ། བི་ལེ་པ་ནི། ཞེས་པས་མཆོད། ༀ་པྲྀ་ཏཱི་དེ་ཝཱི་མེ་ཧྲཱིཾཿཥྚྀ་ཏིཥྚྀ་ཧྲཱིཾཿམདུན་གྱི་འཁོར་ལོ་དམ་ཚིག་པ་ལ་གཉིས་སུ་མེད་པར་ཐིམ་པས་འཁོར་ལོའི་འོད་ལས་ལྷ་མོའི་སྐུར་གྱུར། ཞེས་པ་ཙམ་མམ། སྤྲོ་ན། སྐུར་གྱུར་པ་ནི། སྐུ་མདོག་དཀར་མོ་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་སོགས་ནས། སྣང་ལ་རང་བཞིན་མེད་པའི་སྐུ་ཅན་དུ་གྱུར། ཞེས་པའི་བར་སྒྲུབ་ཐབས་ལྟར་བརྗོད་ལ་གསལ་བཏབ། གང་ལྟར་ཡང་། ༀ་པྲྀ་ཏཱི་དེ་ཝཱི་ཧྲཱིཾཿཨ་ཨཱ་ནས་ཨཾ་ཨཱཿལན་བདུན་བརྗོད་པས་བརྟན་པར་བྱ། དེ་ནས་མཚན་སྔགས་ཀྱི་མཐར་ཨརྒྷཾ་སོགས་ཆུ་གཉིས་ཉེར་སྤྱོད་རོལ་མོར་བཅས་པས་མཆོད་ནས། མཆོག་དགའི་རང་བཞིན་ལྷ་མོ་ནི། །སོགས་ཅི་ཤེས་པས་བསྟོད་ནས་བསྲེག་རྫས་འབུལ་བ་ནི། ༀ་པྲྀ་ཏཱི་དེ་ཝཱི་ཧྲཱིཾཿདཱི་བྱ་དྷཱུ་པེ་ཧཱུྃ་མེ་པྲཛྙཱ་ཝརྔྷ་མཱ་ནཱ་ཡ་ༀ། ཞེས་པས་བདུག་སྤོས་དང་། ༀ་པྲྀ་ཏཱི་དེ་བཱི་ཧྲཱིཿདཱི་བྱ་པུཥྤེ་ཧཱུྃ་མེ་པྲཛྙཱ་ཝརྡ་མཱ་ནཱ་ཡ་ༀ། ཞེས་པས་མེ་ཏོག་དང་། དེ་བཞིན་དུ་སྔགས་ཐོག་ཐ་འདྲ་བ་ལ། དཱི་པེ་ཞེས་ཏིང་ལོ་དང་། བི་ལེ་པ་ནི་ཞེས་པས་ལྡེ་གུ་དང་། ནཻ་ཝི་དྱ་ཟས་མཆོག་དང་། ཨགྣ་ཡིས་མར་ཁུ་དང་། ཨ་པྲ་ཏི་ཧ་ཏ་ཞེས་པས་ཀུ་ཤ་དང་། བཱི་ཛཱ་ཡས་འབྲུ་སྣ་ཚོགས། ཤྲཱི་ཕ་ལཱ་ཡིས་ཤིང་ཐོག་སྣ་ཚོགས་རྣམས་འབུལ། གྲངས་ཟས་མཆོག་ལ་འཛིན་ཅིང་ཐུན་རེ་ལ་བརྒྱ་སྟོང་སོགས་ཇི་ལྟར་རིགས་པ་འབུལ་ལོ། །འཇུག་ཏུ་སྒྲུབ་ཐབས་ལྟར་གཏོར་མ་གསུམ་ཕུལ་ནས། མགྲོན་རྣམས་བཛྲ་མུཿཞེས་གཤེགས། ༀ་པྲྀ་ཏཱི་དེ་ཝཱི་མེ་ཧྲཱིཾཿཥྚི་ཏིཥྛི་ཧྲཱིཾཿཞེས་བརྗོད་དེ་རང་ལ་ཐིམ་པར་བསམ། སོལ་བ་ཆུས་བྲན་ཏེ། དམ་ཚིག་གི་འཁོར་ལོ་བསྡུ་བའི་ཕྱིར། སོལ་བའི་ཕྱོགས་གཅིག་སྣ་བུག་ཏུ་རྔུབས་ཏེ། ཐབ་ནང་དུ་བྲིས་པའི་འཁོར་ལོ་འཇུག་པའི་རླུང་དང་ལྷན་ཅིག་སྣ་བུག་གཡོན་ནས་སྙིང་གའི་འཁོར་ལོ་ལ་ཐིམ་པར་བསམ། སླར་ཡང་མེ་ལྷ་ལ་མར་ཁུ་དང་བསྲེག་རྫས་ལྷག་མ་རྣམས། ཨགྣའི་སྔགས་ཀྱིས་ཕུལ། ཨགྣ་ཡེ་གཙྪ། ཞེས་དབྱུ་གུའི་ཕྱག་རྒྱ་ཕྱིར་བསྟན་ནས་གཤེགས་སུ་གསོལ། སྨོན་ལམ་དང་བཀྲ་ཤིས་བྱའོ། །དེ་ནི་རྒྱས་པའི་ཚུལ་ལོ། །དེ་ལས་མཆོད་པའི་སྐབས་རྣམས་བོར་བས་འབྲིང་པོའོ། །ཁ་ཁྱེར་མུ་རན་སྟེགས་བུ་རྣམས་མི་འབྲི་བ་དང་། བསྲེག་རྫས་རྣམས། ཧྲཱིཾཿམེ་པྲཛྙཱ་ཝརྔྷ་མཱ་ནཱ་ཡ་ༀ། ཞེས་པ་ཁོ་ནས་འབུལ་བ་ནི་བསྡུས་པ་དང་། ཤིན་ཏུ་བསྡུས་པ་ནི། ཧྲཱིཾཿཞེས་པ་ཁོ་ནས་བསྲེག་རྫས་རྣམས་འབུལ་བའོ། །གཞན་ནི་སྔར་ལྟར་རོ། །གང་ལྟར་ཡང་འོད་དྲྭ་ནས་འབྱུང་བ་ལྟར། ལྷ་མོ་བདག་གི་མཆོད་པ་འདི་བཞེས་ལ་བདག་གི་ཤེས་རབ་སྤེལ་བར་མཛད་དུ་གསོལ། །ཞེས་འདོད་པའི་དོན་ལ་གསོལ་བ་གདབ། ཐལ་བ་རི་རྩེའམ་ཆུ་ཆེན་པོ་ལ་བསྐྱལ་བས་གྲགས་པ་ཆེན་པོར་འགྱུར་རོ། །ཚུལ་འདི་ནི་བསྙེན་སྒྲུབ་ལས་སྦྱོར་མཐའ་དག་ལ་མཁོ་ཆེ་ཞིང་། སྡིག་སྒྲིབ་ཞི་བ་དང་། སྒྲུབ་པའི་བོགས་དངོས་སུ་འབྱིན་ཅིང་། བར་ཆད་ཐམས་ཅད་ཞི་བ་དང་། ཚོགས་རྫོགས་པ་སོགས་ལྷ་དགྱེས་པའི་ཐབས་བླ་ན་མེད་པ་ཡིན་ཏེ། སྒྲུབ་སྐོར་ཚིགས་བཅད་མ་ལས། རང་དང་གཞན་གྱི་དོན་གྱི་ཕྱིར། །སྦྱིན་བསྲེགས་བྱས་ན་ལྐུགས་པ་ཡང་། །སྙན་དངགས་མཁན་དུ་འགྱུར་བར་གསུངས། །ཞེས་པ་ལྟར་སྒྲུབ་ཐབས་འདི་ལ་བརྟེན་ཏེ་ཤེས་རབ་མཆོག་ཏུ་སྐྱེད་པའི་མྱུར་ལམ་ཁྱད་པར་ཅན་ཡིན་ནོ། །དེ་ནས་མཐའ་རྟེན་དམ་ཚིག་གི་རིམ་པ་ནི་སྤྱིར་རང་གིས་ཇི་ཙམ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་དག་པར་བྱ་བ་གཞིར་བཞག་ནས། བྱེ་བྲག་ཏུ་སྡིག་པ་སྤང་། ཚངས་པར་སྤྱོད། རྫུན་མི་སྨྲ། ཤ་ཆང་སྒོག་བཙོང་སོགས་མི་གཙང་བའི་ཟས་དང་། གདན་དང་སྒ་སྔས་སུ་འཇུག་པ། ལྷྭམ་དང་གོས་རྙིང་སྐྲད་རྙིང་གི་འོག་ཏུ་ཉལ་བ་སོགས་མི་གཙང་བའི་སྤྱོད་ལམ་སྤང་། གོས་གཙང་མ་གྱོན་ཞིང་རྟག་ཏུ་ཁྲུས་དང་གཙང་སྦྲ་ལ་གནས། ཤེས་རབ་ཀྱི་རློམ་པས་གཞན་ལ་མི་དམད་བླ་མ་དང་ཆོས་ལ་སོགས་པ་མཆོད་པར་འོས་པ་རྣམས་ལ་མི་དམད། ཆོས་ཡིག་འབྲུ་གཅིག་ལའང་གུས་པར་བྱ། དུང་ལ་སོགས་པ་དེ་བཞིན་གཤེགས་པའི་ཕྱག་མཚན་ལའང་མི་འགོམ། རྟག་པར་འཕགས་མའི་བསྙེན་སྒྲུབ་ཀྱི་དམ་བཅའ་སྔགས་བརྒྱ་རྩ་རེ་མ་ཆག་པར་ཞག་རེ་ལ་བཟླ་བར་བྱའོ། །ཚུལ་འདི་ནི་འཕགས་མ་སྒྲ་དབྱངས་ལྷ་མོ་དངོས་ཀྱི་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་ཞིང་གསུང་གི་གདམས་པ་སྩལ་པའི་འཕགས་བོད་ཀྱི་མཁས་གྲུབ་དམ་པ་རྣམས་ཀྱི་ཞལ་ལུང་རྣམས་རང་བཟོས་བསླད་པ་མེད་པར་རང་གཞན་ལ་སྨན་པའི་བློས་ཕྱོགས་གཅིག་ཏུ་བསྡུས་པ་ཡིན་པས། ཉམས་ལེན་ཚུལ་བཞིན་བྱེད་པ་མ་གཏོགས་གཞན་ལ་དཔེ་ཙམ་ཡང་གསང་ཞིང་རང་ཉིད་ཀྱིས་ཚུལ་བཞིན་དུ་ཉམས་སུ་བླངས་ན། མཚུངས་པ་མེད་པའི་སྙན་ངག་དང་། འཆད་པ་དང་། འཛིན་པ་ལ་སོགས་པ་གང་འདོད་པའི་ཤེས་རབ་མཁའ་ལྟར་རྒྱ་ཆེ་ཞིང་ཉི་ཟླ་ལྟར་གྲགས་པས་འཇིག་རྟེན་ཀུན་ཏུ་མཛེས་ཤིང་ནད་དང་གནོད་པ་མ་ལུས་པ་ཞི་ནས། གནས་སྐབས་མཐར་ཐུག་གི་སྨྲ་བའི་དབང་ཕྱུག་གི་གོ་འཕང་ཐོབ་སྟེ། རྣམ་པ་ཀུན་མཁྱེན་པའི་ཤེས་རབ་ཐོབ་པར་འགྱུར་བ་ནི་ངེས་པའོ། །སླར་སྨྲས་པ། ཨེ་མ་སྲིད་པའི་མཚན་མོ་དང་འགྲོགས་པའི། །ལུས་ཅན་སྙིང་ལ་ཉལ་བའི་ཀུན་རྨོངས་དཔུང་། །རབ་བསལ་གཟུངས་སྤོབས་བློ་གྲོས་ཨུཏྤལ་ཁ། །འབྱེད་བྱེད་འདི་འདྲའི་གདམས་ཟབ་སུ་ཡིས་མྱོང་། །འཕགས་བོད་མཁས་གྲུབ་ཞལ་ལུང་གསེར་འགྱུར་རྩིས། །རེག་པའི་མོད་ལ་རྨོངས་ཆེན་ལྕགས་ཁམས་ཡང་། །བསྔགས་འོས་རིན་ཐང་བྲལ་བའི་སུ་ཝརྞར། །བསྒྱུར་ན་སེམས་ཤེས་སུ་ཞིག་བརྩོན་མི་བྱེད། །དེ་སླད་མཁས་དང་གྲགས་འདོད་མ་ཡིན་ཏེ། །རང་དང་སྐལ་མཉམ་འགའ་ལའང་སྨན་སྙམ་ནས། །མན་ངག་རིན་ཆེན་དབྱིག་འདི་ཁོ་བོས་བསྡུས། །འདི་ལ་རང་བཟོའི་རྨོངས་དྲིས་མ་སྦགས་སྙམ། །འོན་ཀྱང་བདག་བློ་དམན་པས་ནོངས་སྲིད་ན། །ཐོག་མེད་གོམས་པའི་ཀུན་དཀྲིས་འདམ་རྫབ་ཀྱིས། །སེམས་ཀྱི་རིན་ཆེན་རྙོགས་མར་བྱས་དེ་དང་། །ཆབས་ཅིག་སྟོབས་བཞིའི་ཁྲུས་ཀྱིས་སྦྱང་བར་བགྱི། །དེ་ལས་བྱུང་བའི་རབ་དགེ་དྲི་མེད་འོ་མཚོ་དང་། །ཁ་བ་མུ་ཏིག་དུང་དང་པད་རྩ་ཟླ་གཞོན་ལྟར། །ཆེས་ཆེར་དཀར་བས་འགྲོ་བློའི་རྨོངས་མུན་གཏན་བཅོམ་ནས། །རྣམ་མཁྱེན་ཡེ་ཤེས་སྣང་བ་དམ་པས་མཛེས་བྱེད་ཤོག །ཁྱད་པར་རིས་བྲལ་ཐུབ་པའི་བསྟན་མཆོག་དག་བྱེད་གཏེར། །མཁས་གྲུབ་གདེངས་ཅན་བྱེ་བས་ཉེ་བར་བཟུང་བའི་དཔལ། །བསླབ་གསུམ་གཤོག་ཡངས་ཆེས་དཀར་བློ་གསལ་ངང་མོའི་ཁྱུ། །རྣམ་པར་རྩེན་པའི་དུས་སྟོན་སླར་ཡང་དར་གྱུར་ཅིག །བདག་ཀྱང་སྐྱེ་ཀུན་འཕགས་མའི་ཐུགས་རྗེའི་གྲིབ་བསིལ་ལ། །ངལ་འཚོ་ཐོབ་པའི་སྐལ་བཟང་ནམ་ཡང་ཡོལ་མིན་པར། །དོན་གཉིས་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོའི་མངའ་ཐང་ལ། དབང་འབྱོར་ཡང་དག་རིག་བཞིའི་ཆོས་དབྱངས་སྙན་སྒྲོགས་ཤོག །ཅེས་དབྱངས་ཅན་དཀར་མོའི་བསྙེན་སྒྲུབ་ལས་གསུམ་གྱི་ཡི་གེ་བློ་གྲོས་ཆུ་གཏེར་འཕེལ་བའི་ཟླ་གཞོན་ཞེས་བྱ་བ་འདི་ནི། ངེས་པ་དོན་གྱི་ཐམས་ཅད་མཁྱེན་པ་འཇམ་མགོན་རྣམ་གསུམ་གྱི་ཞབས་ཀྱི་ཆུ་སྐྱེས་ལ་སྤྱི་བོས་རེག་པའི་མདོ་ཁམས་ཟེ་ཆེན་གྱི་བཙུན་པ། འཇམ་དབྱངས་བློ་གྲོས་རྒྱ་མཚོ་དབྱངས་ཅན་དགྱེས་པའི་སྡེས། རྩ་བའི་ཡིག་རྙིང་རྣམས་དང་ཀུན་མཁྱེན་བརྩེ་བ་ཆེན་པོའི་གསུང་རབ་ཀྱི་གནད་བསྡུས་ཏེ། རང་གནས་དཔལ་ཟེ་ཆེན་བསྟན་གཉིས་དར་རྒྱས་གླིང་གི་ཆོས་གྲྭར་བྲིས་པའོ། །ཨི་དཾ་ཤཱ་ས་ནཉྩ་སརྦ་ས་ཏྭཱཾ་ཧི་ཏོ་བྷ་བནྟུ། འདིས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་པར་གྱུར་ཅིག། །།

ཡང་རྒྱུན་ཁྱེར་ངག་འདོན་ཤིན་ཏུ་བསྡུས་པ།

༄༅། །ཡང་རྒྱུན་ཁྱེར་ངག་འདོན་ཤིན་ཏུ་བསྡུས་པར་འདོད་ན། སྐྱབས་སེམས་སྔོན་དུ་འགྲོ་བས། སྟོང་པའི་ངང་ལས་བྃ་པྃ་ཨ་དཀར་ལས། །མཚོ་དབུས་པད་དཀར་ཟླ་བའི་གདན་གྱི་སྟེང། །ཧྲཱིཾཿལས་རང་ཉིད་དབྱངས་ཅན་སྐུ་མདོག་དཀར། །ཞལ་གཅིག་ཕྱག་གཉིས་ནོར་བུའི་རྒྱུད་མང་སྦྲེང་། །ཟླ་བར་རྒྱབ་བརྟེན་ཙོག་པུའི་ཚུལ་གྱིས་བཞུགས། །ཐུགས་སྲོག་ཟླ་སྟེང་ༀ་གྱི་འོད་ཟེར་གྱིས། །ཡེ་ཤེས་འཁོར་ལོ་མདུན་མཁར་སྤྱན་དྲངས་མཆོད། །འཁོར་ལོ་འོད་ཞུ་སྣ་བུག་གཡོན་ནས་ཞུགས། །ཐུགས་སྲོག་པད་དཀར་ཟླ་སྟེང་དབུས་སུ་ཧྲཱིཾཿ། །འདབ་བརྒྱད་དབྱངས་ཡིག་གཉིས་གཉིས་ཧྲཱིཾཿཡིག་ལས། །སྔགས་ཕྲེང་མར་མེ་ལྟར་འཁོར་འོད་ཟེར་གྱིས། །བརྟན་གཡོ་སྲིད་ཞིའི་དྭངས་བཅུད་གཟུངས་སྤོབས་བསྡུས། །ཐུགས་སྲོག་ལ་ཐིམ་བློ་མཆོག་གྲུབ་པར་གྱུར། །ཅེས་མོས་ལ་རིག་པ་འབྲུ་གཅིག་པ་ཉིད་ཅི་ནུས་སུ་བཟླ། ཐུན་མཐར་གསོལ་བ་གདབ་ཅིང་མི་དམིགས་པའི་ངང་དུ་བཞགསླར་འཕགས་པའི་སྐུར་ལང་ལ་དགེ་བ་བསྔོ་བ་སོགས་བྱའོ། །ཞེས་པའང་དབྱངས་ཅན་དགྱེས་པས་སོ། །

རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་སྒོམ་བཟླས་སྙིང་པོར་དྲིལ་བ་།

༄༅། །རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་སྒོམ་བཟླས་སྙིང་པོར་དྲིལ་བ་ནི། སྐྱབས་ཀུན་འདུས་པའི་བདག་ཉིད་ཆེ། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ། །བྱང་ཆུབ་བར་དུ་སྐྱབས་མཆི་ཞིང་། །འགྲོ་ལ་ཕན་ཕྱིར་རྣལ་འབྱོར་བསྒོམ། །ༀ་སྭ་བྷཱ་སོགས། ཆོས་དབྱིངས་སྤྲོས་དང་བྲལ་བའི་ཀློང་། །ཀུན་ཁྱབ་སྙིང་རྗེའི་རང་མདངས་ལས། །རང་སེམས་རིག་པ་དྷཱིཿདམར་གསལ། །དེ་ཉིད་འཕྲོ་འདུས་ཡོངས་གྱུར་པ། །རྗེ་བཙུན་འཕགས་པ་འཇམ་པའི་དབྱངས། །དམར་སེར་རལ་གྲི་གླེགས་བམ་འཛིན། །མཚན་དཔེའི་གཟི་འབར་ལོངས་སྐུའི་ཆས། །པདྨ་ཟླ་བའི་གདན་ལ་བཞུགས། །གནས་གསུམ་འབྲུ་གསུམ་འོད་ཟེར་གྱིས། །ཡེ་ཤེས་སྤྱན་དྲངས་གཉིས་མེད་བསྟིམ། །ཐུགས་ཀར་དྷཱིཿམཐར་སྔགས་ཀྱིས་བསྐོར། །བཟླས་པའི་རྐྱེན་གྱིས་འོད་འབར་བས། །འཕགས་མཆོད་འགྲོ་བའི་རྨོངས་མུན་བསལ། །ཚུར་འདུས་མཁྱེན་གཉིས་ཡེ་ཤེས་རྒྱས། །སྣང་བ་ལྷ་ལ་གྲགས་པ་སྔགས། །དྲན་རྟོག་འོད་གསལ་ཆེན་པོའི་ངང་། །ཡེ་ཤེས་ཆེན་པོར་ལྷུན་འགྲུབ་གྱུར། །ༀ་ཨ་ར་པ་ཙ་ན་དྷཱིཿཞེས་ཅི་ནུས་བཟླ། ཐུན་མཐར། སྣང་བཅས་བསྐྱེད་པའི་རིམ་པ་ཀུན། །སྣང་མེད་འོད་གསལ་འཁོར་ལོར་ཐིམ། །དེ་ལས་རྗེས་ཐོབ་སྒྱུ་མའི་རྩལ། །ཅིར་སྣང་ལྷ་སྐུའི་རོལ་པར་ཤར། །དགེ་བ་འདི་ཡིས་མྱུར་དུ་བདག །འཇམ་དཔལ་དཔའ་བོ་འགྲུབ༴ སོགས་བསྔོ་སྨོན་ཅི་ལྟར་རིགས་པས་མཐའ་བརྒྱན་པར་བྱའོ། །ཞེས་པའང་པདྨ་བི་ཛས་སོ། །

འཕགས་མཆོག་སྤྱན་རས་གཟིགས་ཀྱི་སྒོམ་བཟླས་སྙིང་པོར་དྲིལ་བ།

༄༅། །འཕགས་མཆོག་སྤྱན་རས་གཟིགས་ཀྱི་སྒོམ་བཟླས་སྙིང་པོར་དྲིལ་བ་ནི། བདག་དང་མཐའ་ཡས་འགྲོ་བ་ཀུན། །སྲིད་ཞིའི་འཇིགས་པ་ལས་གྲོལ་ཕྱིར། །སྐྱབས་གནས་ཡོངས་ལ་སྐྱབས་མཆི་ཞིང་། །འཕགས་པའི་སྒོམ་བཟླས་ལ་བརྩོན་བགྱི། །ༀ་སྭ་བྷཱ་ཝ་སོགས། སྤྲོས་བྲལ་དེ་བཞིན་ཉིད་ཀྱི་དབྱིངས། །ཀུན་སྣང་སྙིང་རྗེའི་རང་རྩལ་ལས། །རང་སེམས་ཧྲཱིཿདཀར་འོད་འབར་བ། །འཕྲོ་འདུས་ཡོངས་གྱུར་སྤྱན་རས་གཟིགས། །དཀར་གསལ་ཞལ་གཅིག་ཕྱག་བཞི་པ། །ཐལ་སྦྱར་བགྲང་ཕྲེང་པད་དཀར་འཛིན། །དར་དང་རིན་ཆེན་རྒྱན་གྱིས་སྤྲས། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གིས། །པདྨ་ཟླ་བའི་གདན་ལ་བཞུགས། །གནས་གསུམ་རྡོ་རྗེའི་འབྲུ་གསུམ་ལས། །འོད་འཕྲོས་ཡེ་ཤེས་སྤྱན་དྲངས་བསྟིམ། །ཐུགས་ཀར་ཟླ་སྟེང་ཧྲཱིཿདཀར་མཐར། །སྔགས་ཕྲེང་གཡས་འཁོར་འོད་ཟེར་གྱིས། །འཕགས་མཆོད་བྱིན་བསྡུས་འགྲོ་སྒྲིབ་བསལ། །བརྩེ་ཆེན་ཐུགས་རྗེའི་སྣང་བ་རྒྱས། །ཚུར་འདུས་སྣང་གྲགས་དྲན་རྟོག་ཀུན། །ལྷ་སྔགས་ཆོས་ཉིད་འཁོར་ལོར་གྱུར། །ཅེས་མོས་ལ་ཡིག་དྲུག་ཅི་ནུས་བཟླ། ཐུན་མཐར། སྣང་གྲགས་རིག་པའི་དཀྱིལ་འཁོར་གསུམ། །འོད་གསལ་ཆོས་ཉིད་ཀློང་དུ་ཐིམ། །སླར་ཡང་དྲན་རིག་སྒྱུ་མའི་སྐུ། །སྒོ་གསུམ་རྡོ་རྗེ་གསུམ་དུ་གྱུར། །དགེ་བ་འདི་ཡིས་མྱུར་དུ་བདག །སྤྱན་རས་གཟིགས་དབང་འགྲུབ་གྱུར་ནས། །སོགས་བསྔོ་སྨོན་ཇི་ལྟར་རིགས་པས་མཐའ་བརྒྱན་པར་བྱའོ། །ཞེས་པའང་པདྨ་བི་ཛས་སོ། །

གསང་བདག་རྡོ་རྗེ་གཏུམ་པོའི་སྒོམ་བཟླས་སྙིང་པོ།

༄༅། །གསང་བདག་རྡོ་རྗེ་གཏུམ་པོའི་སྒོམ་བཟླས་སྙིང་པོར་དྲིལ་བ་ནི། བླ་མ་མཆོག་གསུམ་ཡི་དམ་ལྷར། །བྱང་ཆུབ་བར་དུ་སྐྱབས་མཆི་ཞིང་། །འགྲོ་རྣམས་བདུད་བཞིའི་འཇིགས་པ་ལས། །སྐྱོབ་ཕྱིར་གསང་བདག་རྣལ་འབྱོར་སྒོམ། །ༀ་སྭ་བྷཱ་ཝ་སོགས། ཀ་དག་སྤྲོས་པ་ཀུན་བྲལ་དབྱིངས། །ལྷུན་གྲུབ་སྙིང་རྗེའི་རང་མདངས་ལས། །རིགས་རྩལ་མ་འགགས་ཧཱུྃ་མཐིང་གསལ། །འཕྲོ་འདུས་ཡོངས་གྱུར་གསང་བའི་བདག །མཐིང་གསལ་རྡོ་རྗེ་སྡིགས་མཛུབ་ཅན། །གར་དགུའི་ཉམས་འབར་ཁྲོ་ཆས་རྫོགས། །ཞབས་གཉིས་དོར་སྟབས་པད་ཉིར་རོལ། །གནས་གསུམ་རྡོ་རྗེའི་འབྲུ་གསུམ་མཚན། །དེ་ལས་འོད་འཕྲོས་ཡེ་ཤེས་བསྟིམ། །ཐུགས་ཀར་ཉི་སྟེང་ཧཱུྃ་མཐིང་མཐར། །སྔགས་ཕྲེང་གཡས་བསྐོར་འོད་ཟེར་གྱིས། །འཕགས་མཆོད་བྱིན་བསྡུས་གདུག་བྱེད་བསྒྲལ། །ཚུར་འདུས་ནུས་མཐུའི་རྩལ་ཆེན་རྫོགས། །ཕྱི་སྣོད་དུར་ཁྲོད་དྲག་པོའི་ཞིང་། །ནང་བཅུད་གསང་བདག་ཁྲོ་བོའི་སྐུ། །སྒྲ་གྲགས་བཛྲ་པཱ་ཎིའི་དབྱངས། །དྲན་རྟོགས་འོད་གསལ་ཆོས་སྐུའི་དབྱིངས། །ཡེ་ཤེས་ཆེན་པོར་ལྷུན་འགྲུབ་འགྱུར། །ༀ་བཛྲ་པཱ་ཎི་ཧཱུྃ། ཞེས་ཅི་ནུས་བཟླས་མཐར་ཐུན་བསྡུ་བ་ནི། ཀུན་རྫོབ་སྣང་ཆའི་བསྐྱེད་རིམ་ཀུན། །དོན་དམ་ཆོས་ཉིད་ཀློང་དུ་ཐིམ། །ཡེ་གྲོལ་ཀློང་ཆེན་དགོངས་པའི་རྩལ། །སྒོ་གསུམ་དཀྱིལ་འཁོར་གསུམ་དུ་ཤར། །དགེ་བ་འདི་ཡིས་མྱུར་དུ་བདག །གསང་བའི་བདག་པོ་འགྲུབ་སོགས་བསྔོ་སྨོན་ཇི་ལྟར་རིགས་པས་མཐའ་བརྒྱན་པར་བྱའོ། །ཞེས་པའང་པདྨ་བི་ཛས་སོ། །

གསང་བའི་བདག་པོ་ལ་བསྟོད་པ་གྲུབ་གཉིས་མཆོག་སྩོལ།

༄༅། །གསང་བའི་བདག་པོ་ལ་བསྟོད་པ་གྲུབ་གཉིས་མཆོག་སྩོལ་བཞུགས། ཧཱུྃ། རྒྱལ་བ་ཀུན་གྱི་ཐུགས་ཀྱི་གསང་བ་མཆོག །གཟོད་མ་ཉིད་ནས་ཞི་ལ་རྟག་གནས་ཀྱང་། །སྙིང་རྗེ་ཆེན་པོས་བགེགས་ལ་ཁྲོ་ཚུལ་སྟོན། །དཔའ་ཆེན་རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །འབར་བ་ཆེན་པོ་གར་དགུས་རོལ་པའི་སྐུ། །རྔམས་པའི་བཞད་སྒྲས་སྲིད་གསུམ་གཡོ་བྱེད་པའི། །བྱམས་ཆེན་འགྲན་ཟླ་བྲལ་བ་བདུད་སྡེའི་གཤེད། །མཐུ་སྟོབས་བདག་པོ་ཁྱོད་ལ་ཕྱག་འཚལ་ལོ། །སྒྱུ་འཕྲུལ་དྲྭ་བ་རིགས་རྣམས་ཀུན་གྱི་གཙོ། །གསང་སྔགས་མགོན་པོ་རིགས་སྔགས་ཀུན་གྱི་བདག །ཡེ་ཤེས་ཉི་མ་ལྷ་ཡི་ལྷར་གྱུར་པའི། །བཅོམ་ལྡན་རྡོ་རྗེ་གཏུམ་པོར་ཕྱག་འཚལ་ལོ། །མགོན་པོ་མཆོག་ཁྱོད་རྟག་པར་རྗེས་དྲན་ནས། །རྩེ་གཅིག་གསོལ་བ་འདེབས་པའི་སྐལ་བཟང་ལ། །སྒྲིབ་མེད་ཡེ་ཤེས་གཟིགས་པས་རྗེས་དགོངས་ཏེ། །རྡོ་རྗེ་གསུམ་གྱི་བྱིན་རླབས་སྩལ་དུ་གསོལ། །ༀ་བཛྲ་པཱ་ཎི་ཧཱུྃ། རྡོ་རྗེའི་ཡེ་ཤེས་འབར་བའི་གཟི་བྱིན་གྱིས། །གཟུང་འཛིན་ཉོན་མོངས་གདོན་བགེགས་ཚར་བཅད་ནས། །རྒྱལ་ཀུན་ཐུགས་ཀྱི་རྡོ་རྗེ་མཆོག་གྲུབ་སྟེ། །མགོན་པོ་ཁྱོད་དང་རྣམ་ཐར་མཚུངས་པར་ཤོག །

སྤྱན་རས་གཟིགས་ལ་བསྟོད་པ་ཕན་བདེའི་ཆར་རྒྱུན།

༄༅། །སྤྱན་རས་གཟིགས་ལ་བསྟོད་པ་ཕན་བདེའི་ཆར་རྒྱུན་བཞུགས། ཨཱཿབརྗོད་མེད་བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །བསམ་མི་ཁྱབ་ཀྱང་བསམ་བྱ་ཀུན་གྱི་གཞི། །ཡེ་ཤེས་སྐུ་ཅན་སྒྱུ་འཕྲུལ་དྲྭ་བའི་བདག །འཕགས་མཆོག་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཡེ་ཤེས་མེ་ཡིས་ཉོན་མོངས་ཆུ་བོ་སྐེམ། །སྙིང་རྗེའི་སྤྱན་གྱིས་བརྒྱུད་ལྔའི་འགྲོ་ལ་གཟིགས། །བྱམས་པའི་ཕྱག་གིས་འཁོར་བའི་འདམ་ནས་འདྲེན། །བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ས་བཅུའི་དབང་ཕྱུག་རྒྱལ་ཀུན་བསྐྱེད་པའི་ཡབ། །སྲིད་མཐར་མི་གནས་ཞི་མཐར་ཞེན་པ་སྤངས། །དོན་གཉིས་མཐར་ཕྱིན་ཕྲིན་ལས་བསམ་མི་ཁྱབ། །འཕགས་མཆོག་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །བདག་གིས་རྩེ་གཅིག་འཕགས་མཆོག་ཁྱོད་དྲན་ནས། །སྒོམ་བཟླས་ལེགས་མཆོད་གསོལ་བ་བཏབ་པའི་མཐུས། །སྒྲིབ་མེད་མགོན་པོ་མཆོག་གིས་རྗེས་བཟུང་ནས། །ཚེ་རབས་ཀུན་ཏུ་བླ་མ་མཛད་དུ་གསོལ། །ༀ་མ་ཎི་པདྨེ་ཧཱུྃ། འཕགས་མཆོག་ཁྱེད་ཀྱི་ཐུགས་བསྐྱེད་སྨོན་ལམ་དང་། །མཛད་པ་ཕྲིན་ལས་མཁྱེན་བརྩེ་ནུས་པའི་སྟོབས། །ཡེ་ཤེས་སྒྱུ་འཕྲུལ་རྣམ་ཐར་ཅི་འདྲ་བ། །དེ་འདྲ་ཁོ་ནར་བདག་ཀྱང་འགྱུར་བར་ཤོག །

འཇམ་པའི་དབྱངས་ལ་བསྟོད་པ་བློ་གྲོས་མཆོག་སྟེར།

༄༅། །འཇམ་པའི་དབྱངས་ལ་བསྟོད་པ་བློ་གྲོས་མཆོག་སྟེར་བཞུགས། ༀ། ཡེ་ཤེས་སྐུ་ཅན་བགྲེས་རྒུད་བྲལ་བའི་དཔལ། །སྲིད་ཞི་ཀུན་ཁྱབ་མཉམ་ཉིད་བདེ་བ་ཆེ། །མཁའ་ཁྱབ་སྒྱུ་འཕྲུལ་དྲྭ་བའི་རོལ་གར་མཁན། །མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་བསྟོད། །གསུང་གི་དབང་ཕྱུག་གཞོམ་མེད་ནཱ་དའི་སྒྲ། །བརྗོད་མེད་རྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །སྒྲ་ཀུན་རྗེས་ཞུགས་བསམ་འདས་ཆོས་སྒོ་འབྱེད། །མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་བསྟོད། །ཡེ་ཤེས་སེམས་དཔའ་ཐུགས་མཆོག་འགྱུར་བ་མེད། །གཉུག་མའི་སེམས་ཏེ་འདུས་མ་བྱས་པའི་དབྱིངས། །འོད་གསལ་རང་བཞིན་མཁྱེན་བརྩེ་གཏིང་མཐའ་མེད། །མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་བསྟོད། །ཡོན་ཏན་དཔག་ཡས་སྒྲིབ་བྲལ་ཟག་མེད་དབྱིངས། །སྟོབས་སོགས་བྲལ་སྨིན་ཉི་དང་མཁའ་བཞིན་དུ། །ཡེ་ནས་འབྲལ་མེད་རྟག་བརྟན་རྡོ་རྗེའི་བདག །མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་བསྟོད། །འབད་རྩོལ་ཀུན་རྟོག་གཡོ་བའི་སྤྲོས་པ་ཡིས། །གོས་མིན་ལྷུན་གྱིས་གྲུབ་པའི་ཕྲིན་ལས་རྒྱུན། །སྲིད་པ་ཇི་སྲིད་ཕན་བདེའི་འདོད་པ་འཇོ། །མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་བསྟོད། །ལྷ་ཡི་ཡང་ལྷ་རྒྱལ་ཀུན་ཡེ་ཤེས་སེམས། །བདུད་ཀྱི་བདུད་ཆེན་འཇིགས་རུང་མཐར་བྱེད་གཤེད། །གང་ལ་གང་འདུལ་རྣམ་འཕྲུལ་ཚད་བཟུང་བྲལ། །མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་བསྟོད། །བདག་གིས་འཇམ་དཔལ་མགོན་ཁྱོད་རྗེས་དྲན་ནས། །སྒོམ་བཟླས་ལེགས་མཆོད་རྩེ་གཅིག་གསོལ་འདེབས་ན། །རྨོངས་དང་འཆི་བདུད་རྒྱུ་ལམ་ཀུན་བཅད་ནས། །མི་འགྱུར་རྟག་པ་དམ་པའི་མཆོག་སྩོལ་ཅིག །ༀ་ཨ་ར་པ་ཙ་ན་དྷཱིཿཧཱུྃ། རིག་སྟོང་རིག་པའི་དབྱིངས་སུ་ཆོས་ཐམས་ཅད། །མཉམ་པ་ཉིད་གྱུར་གཟུངས་སྤོབས་བྱེ་བའི་གཏེར། །ལེགས་འབྱེད་བློ་གྲོས་ཡེ་ཤེས་སྣང་བ་ཅན། །སྨྲ་བའི་ཉི་མ་མཆོག་ཏུ་བདག་གྱུར་ཅིག །རྒྱལ་ཀུན་ཐུགས་གསུང་སྐུ་ཡི་བདག །རྒྱལ་སྲས་རིགས་གསུམ་སེམས་དཔའ་ལ། །བསྟོད་ཅིང་གསོལ་བ་འདེབས་པའི་སྒོ། །རིགས་འདུས་པདྨའི་མྱུ་གུས་བྲིས། །དགེ་བས་བདག་གཞན་འགྲོ་བ་ཀུན། །སྒོ་གསུམ་འཁྲུལ་པའི་སྦུབས་རྒྱ་ལས། །ཡོངས་གྲོལ་གཉུག་མའི་རྡོ་རྗེ་གསུམ། །མངོན་གྱུར་གདོད་མའི་མགོན་གྲུབ་ཤོག །

འཕགས་མ་ཡིད་བཞིན་འཁོར་ལོའི་བསྒོམ་བཟླས་འཆི་མེད་མཆོག་སྟེར།

༄༅། །འཕགས་མ་ཡིད་བཞིན་འཁོར་ལོའི་བསྒོམ་བཟླས་འཆི་མེད་མཆོག་སྟེར་ནི། ངེས་པར་འབྱུང་བའི་ཀུན་སློང་དང་། །དད་དང་སྙིང་རྗེས་གཞི་བཟུང་ནས། །དང་པོར་སྐྱབས་སུ་འགྲོ་བ་དང་། །བྱང་ཆུབ་མཆོག་ཏུ་སེམས་མཆོག་བསྐྱེད། །ཏཱྃཿའཁོར་འདས་ཆོས་ཀུན་འོད་གསལ་སྟོང་པའི་དབྱིངས། །སྙིང་རྗེའི་རང་མདངས་མ་འགགས་སྒྱུ་མའི་རྩལ། །རང་རིག་ཏཱྃཿཡིག་དཀར་པོ་འོད་ཟེར་འབར། །འཕྲོ་འདུས་ཡོངས་གྱུར་པད་དཀར་ཟླ་གདན་སྟེང་། །རྗེ་བཙུན་འཕགས་མ་ཚེ་སྦྱིན་ལྷ་མོའི་སྐུ། །ཞི་བསིལ་སྟོན་གྱི་ཟླ་བ་རྒྱས་པ་བཞིན། །མཚན་དཔེའི་འོད་ཟེར་སྟོང་གིས་དྲྭ་བས་འབྲེལ། །ཕྱག་གཡས་མཆོག་སྦྱིན་གཡོན་གྱིས་པད་དཀར་འཛིན། །བྱང་ཆུབ་ཡན་ལག་བདུན་གྱིས་གཟིགས་པ་བཀྲ། །ཞབས་ཟུང་མི་གཡོ་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །ལྷ་ཡི་ཆ་ལུགས་ལྷ་ལས་ཁྱད་འཕགས་པའི། །དར་གོས་རིན་ཆེན་ནོར་བུའི་རྒྱན་གྱིས་སྤྲས། །ཐུགས་སྲོག་ཟླ་སྟེང་ཏཱྃཿདཀར་འོད་ཟེར་གྱིས། །དབྱིངས་ནས་ཡེ་ཤེས་སྤྱན་དྲངས་གཉིས་མེད་བསྟིམ། །དམ་ཚིག་ཡེ་ཤེས་དབྱེར་མེད་ཡོངས་གྲུབ་ལྷ། །དྲན་པས་ཚེ་དབང་ཡེ་ཤེས་སྩོལ་མཛད་པའི། །བདེ་སྟོང་དྲྭ་བ་ཆེན་པོའི་སྐུ་རུ་གསལ། །ཐུགས་སྲོག་སྔགས་ཕྲེང་འཁོར་ལས་འོད་ལྔའི་ཟེར། །འཕྲོས་པས་རྒྱལ་བ་རབ་འབྱམས་བྱིན་རླབས་དང་། །འཁོར་འདས་བརྟན་གཡོའི་ཚེ་དང་དྭངས་བཅུད་བསྡུས། །སྣོད་བཅུད་ལྷ་སྔགས་ཡེ་ཤེས་འཁོར་ལོར་སྦྱངས། །འཕོ་མེད་བདེ་ཆེན་རྡོ་རྗེའི་སྐུ་འགྲུབ་གྱུར། །ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་ཨཱ་ཨུ་པུཎྱེ་ཛྙཱ་ན་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། །ཞེས་གྲངས་བསོགཐུན་མཐར། སྣང་སྲིད་སྣོད་བཅུད་དག་པ་རབ་འབྱམས་ཞིང་། །བདེ་སྟོང་དཀར་དམར་ཐབས་ཤེས་ངོ་བོར་ཞུ། །དྭངས་པའི་རླུང་འགྲོགས་སྲོག་གི་འཁོར་ལོར་ཐིམ། །ཟག་མེད་བདེ་སྟོང་ཡེ་ཤེས་རྒྱས་པར་གྱུར། །ཞེས་མོས་ལ་འཇམ་རླུང་བུམ་པ་ཅན་བཟུང་ཞིང་འབྲུ་གསུམ་རྡོར་བཟླས་ཀྱང་བྱའོ། །དེ་ནས། སླར་ཡང་ལྷར་སྣང་འོད་གསལ་ཆེན་པོར་ཐིམ། །དེ་ལས་ཟུང་འཇུག་འཕགས་མའི་སྐུར་ལྡང་བའི། །གནས་གསུམ་འབྲུ་གསུམ་མཚན་པའི་འོད་ཟེར་གྱིས། །ཅིར་སྣང་ལྷ་སྔགས་ཡེ་ཤེས་འཁོར་ལོར་སད། །དགེ་བ་འདི་ཡིས་ཡོངས་གྲུབ་འདུས་མ་བྱས། །དོན་དམ་འཕགས་མའི་གོ་འཕང་མངོན་གྱུར་ཏེ། །འགྲོ་ཀུན་བདུད་བཞིའི་འཇིགས་པ་ལས་བསྒྲལ་ནས། །འཕོ་མེད་རྟག་པའི་ཡེ་ཤེས་ལ་གནས་ཤོག །ཅེས་སོགས་བསྔོ་སྨོན་ཤིས་བརྗོད་བྱའོ། །ཞེས་པ་འདིའང་སྤྲུལ་མིང་འཆི་མེད་རྟག་པའི་རྡོ་རྗེས་གནས་དུས་བཟང་པོར་བྲིས་པ་དགེ་ལེགས་སུ་གྱུར་ཅིག ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཁམས་གསུམ་འགྲོ་ལ་བརྩེ་བས་རྗེས་དགོངས་ཏེ། །འཇིགས་པ་ཀུན་ལས་དབུགས་འབྱིན་སྩོལ་མཛད་པའི། །རྒྱལ་ཀུན་ཕྲིན་ལས་ཨཱརྱ་ཏཱ་རེ་མ། །ཁྱོད་ལ་སྐྱབས་སུ་མཆིའོ་ཐུགས་རྗེས་ཟུངས། །རྡོ་རྗེ་སྒྲོལ་མ་མཐིང་མདོག་མཆོག་སྦྱིན་དང་། །སྐྱབས་སྦྱིན་ཨུཏྤལ་རྡོ་རྗེ་རྩེ་ལྔ་འཛིན། །ཁྱོད་ལ་སྐྱབས་སུ་མཆིའོ་ཐུགས་རྗེས་ཟུངས། །ང་རྒྱལ་ས་ཡི་འཇིགས་ལས་སྐྱབ་ཏུ་གསོལ། །པདྨ་སྒྲོལ་མ་དམར་མོ་མཆོག་སྦྱིན་དང་། །སྐྱབས་སྦྱིན་ཨུཏྤལ་ནོར་བུ་མེ་ཤེལ་འཛིན། །ཁྱོད་ལ་སྐྱབས་སུ་མཆིའོ་ཐུགས་རྗེས་ཟུངས། །འདོད་ཆགས་ཆུ་ཡི་འཇིགས་ལས་བསྐྱབ་{སྐྱབ}ཏུ་གསོལ། །རིན་ཆེན་སྒྲོལ་མ་གསེར་མདོག་མཆོག་སྦྱིན་དང་། །སྐྱབས་སྦྱིན་ཨུཏྤལ་ནོར་བུ་ཆུ་ཤེལ་འཛིན། །ཁྱོད༴ ཞེ་སྡང་མེ་ཡི་འཇིགས་ལས་བསྐྱབ་ཏུ་གསོལ། །བདེ་གཤེགས་སྒྲོལ་མ་དཀར་གསལ་མཆོག་སྦྱིན་དང་། །སྐྱབས་སྦྱིན་ཨུཏྤལ་རི་རབ་འཁོར་ལོ་འཛིན། །ཁྱོད་ལ་སྐྱབས་སུ་མཆིའོ་ཐུགས་རྗེས་ཟུངས། །ཕྲག་དོག་རླུང་གི་འཇིགས་ལས་བསྐྱབ་ཏུ་གསོལ། །ལས་ཀྱི་སྒྲོལ་མ་ལྗང་གསལ་མཆོག་སྦྱིན་དང་། །སྐྱབས་སྦྱིན་ཨུཏྤལ་སྣ་ཚོགས་རྡོ་རྗེ་འཛིན། །ཁྱོད་ལ་སྐྱབས་སུ་མཆིའོ་ཐུགས་རྗེས་ཟུངས། །གནམ་ལྕགས་ཐོག་སེར་འཇིགས་པ་བསྐྱབ་ཏུ་གསོལ། །མདོར་ན་ཁྱོད་མཚན་དྲན་པའི་མོད་ཉིད་ན། །བརྒྱད་གཉིས་འཇིགས་པའི་དཔུང་ཀུན་གཞིལ་ཞེས་གྲགས། །དེ་སླད་བདག་སོགས་རྟག་པར་སྐྱབས་མཆི་ན། །འཇིགས་དང་སྡུག་བསྔལ་ཀུན་ལས་བསྐྱབ་ཏུ་གསོལ། །འདི་ནས་བཟུང་སྟེ་ཚེ་རབས་ཕྲེང་བ་རུ། །རྗེ་བཙུན་སྒྲོལ་མའི་ཐུགས་རྗེའི་གྲིབ་བསིལ་ལ། །མཁའ་ཁྱབ་འགྲོ་ཀུན་དབུགས་འབྱིན་ཐོབ་ནས་ཀྱང་། །བགེགས་ཞི་བསམ་ཀུན་ལྷུན་གྱིས་གྲུབ་གྱུར་ཅིག །ཅེས་པའང་པདྨ་བི་ཛས་སོ། །

ཕུར་པ་ཡང་གསང་སྤུ་གྲིའི་བསྙེན་སྒྲུབ་ཆིག་ཆོད་ཤིན་ཏུ་མདོར་བསྡུས།

༄༅། །ༀ་སྭསྟི། འདིར་ཕུར་པ་ཡང་གསང་སྤུ་གྲིའི་བསྙེན་སྒྲུབ་ཆིག་ཆོད་ཤིན་ཏུ་མདོར་བསྡུས་བྱ་བའི་ཚུལ་ལ། དབང་ཐོབ་ཅིང་དམ་ཚིག་ལ་གནས་པའི་སྒྲུབ་པ་པོས། དཀོན་མཆོག་གི་མཆོད་པ་སོགས་དགེ་བའི་རྒྱབ་དཔུང་ཅི་འགྲུབ་སྔོན་དུ་སོང་ནས། མགོ་ཕུར་འཛོམས་པ་ལྟ་བུའི་དུས་ཚེས་དགེ་བར། གནས་དབེན་པར་བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས་ཞིང་སྐྱོང་གཞི་བདག་དཀར་ཕྱོགས་སྐྱོང་བ་རྣམས་ལ་གཏོར་མ་ཕུལ་ཞིང་ཕྲིན་ལས་བཅོལ། ནག་ཕྱོགས་རྣམས་ལ་བགེགས་གཏོར་བསྔོ་ཞིང་བཀའ་བསྒོས་ཏེ་དྲག་པོའི་ཚམ་རྔམས་ཀྱིས་བསྐྲད། སྒོ་དྲུང་དུ་ཐོ་བརྩེགས་པར་རྒྱལ་ཆེན་བཞིའི་སྐུའམ་སྔགས་བྱང་བྲིས་པ་གཟུགས། དེ་ཉིད་ལ་བསྐྱེད་བསྟིམས་ཕྲིན་བཅོལ་སོགས་སྤྱི་ལྟར་བྱས་ཏེ་ཕྱི་མཚམས་བཅད། ནང་དུ་ལོག་ནས་ལས་བྱང་ལྟར་མཚམས་གཅོད་སྲུང་འཁོར་བསྒོམ་པ་ནང་མཚམས་དང་གསང་མཚམས་བར་དུ་གཅད་བྱ་གཅོད་བྱེད་ཐམས་ཅད་སེམས་ཀྱི་རྟོག་པ་སྟེ། སེམས་ཉིད་སྟོང་གསལ་ཆོས་སྐུར་རྟོགས་པས་བར་ཆད་ཀྱི་མིང་ཙམ་ཡང་མ་གྲུབ་པར་བསམ་ལ་ལྟ་བས་རྒྱས་གདབ། སྲུང་འཁོར་འདི་དག་མཚམས་གྲོལ་རྒྱུའི་ཐུན་ཐ་མའི་ཚེ་མ་གཏོགས་མི་བསྡུ་ཞིང་དངོས་གཞིའི་ཐུན་མགོ་རྣམས་སུའང་བར་ཆད་མི་འཇུག་པའི་ཕྱིར་གསལ་འདེབས་བསྐྱར་མ་རེ་ཡང་བྱ། རང་གི་མདུན་དུ་བྲིས་སྐུ་རབ་གནས་ཅན་དགྲམ། དེའི་མདུན་སྟེགས་བུར་བདུད་རྩི་ལྔའི་ཆག་ཆག་བཏབ་པར། འཛོམས་ན་རས་བྲིས་དགྲམ། མ་འཛོམས་ན་འབྲུ་ནག་གི་ཚོམ་བུའི་ཁར་ཐོད་པ་གླིང་བཞི་མར་ཆུ་ཆོན་ཀྱི་འཁོར་ལོ་སེར་པོ་རྩིབས་བརྒྱད་བྲིས་པའི་ནང་འབྲུ་ནག་གིས་བཀང་བ་ལས། བྱུགས་བདུག་བྲབ་གསུམ་གྱིས་གཟི་བྱིན་བསྐྱེད་པའི་ཕུར་བུ་འབྱོར་ན་ལྷ་གྲངས་དང་མཉམ་པ་སྤོམ་སྟེའམ་མ་འབྱོར་ན་གཙོ་ཕུར་ཉིད་བཙུགས་ནས་བཀོད། དེའི་རྒྱབ་མདུན་གང་བདེར་སྒྲུབ་གཏོར་དཔལ་གཏོར་ཆེ་བ་གཅིག་ལ་འཁོར་རང་འདྲ་བཅུས་བསྐོར་བའི་རྩེ་སྐུར་{སྐུང}རྟེན་དར་གདུགས་ཀྱིས་བརྒྱན་པ། དེའི་གཡས་གཡོན་དུ་སྟེགས་ཅུང་དམའ་བར་ཡི་དམ་གྱི་མཆོད་གཏོར་དང་། ཕུར་སྲུང་སྤྱི་བྱེ་བྲག་གི་སྲུང་མའི་གཏོར་མ་རྣམས་ཀྱང་བཤམས་པའི་གཡས་གཡོན་དུ་སྨན་རཀྟ་དང་། མཐའ་བསྐོར་དུ་ཕྱི་ནང་གི་མཆོད་པའི་ཡོ་བྱད་སོགས་ཕྱག་ལེན་ལྟར་བཤམས། རང་མདུན་རྡོར་དྲིལ་ཌ་རུ་ནང་མཆོད་འཐོར་ནས་སོགས་དང་། གཞན་ཡང་ཚོགས་ཀྱི་ཡོ་བྱད་སོགས་དགོས་པའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱ། དེ་ནུབ་དཀོན་མཆོག་ལ་མཆོད་པ་རྒྱ་ཆེར་ཕུལ་ཞིང་ཉམས་ཆག་སྐོང་བའི་ཆོ་ག་སོགས་བྱ། བླ་མ་ཡི་དམ་ལ་མོས་གུས་ཆེན་པོས་བསྙེན་སྒྲུབ་ལ་བར་ཆད་མི་འབྱུང་བ་དང་དངོས་གྲུབ་མྱུར་དུ་ཐོབ་པའི་གསོལ་བ་བཏབ། སང་ཞོག་སྔ་ཐུན་ནས་བསྙེན་པའི་མགོ་བཟུང་བར་གསུང་བས། བརྒྱུད་པའི་གསོལ་འདེབས་སྔོན་དུ་འགྲོ་བས། སྔོན་འགྲོ་ལས་བདུན་ནས་བརྩམས། དངོས་གཞིའི་སྐབས་ཏིང་འཛིན་རྣམ་གསུམ་ནས་བཟུང་རང་དང་མདུན་བསྐྱེད་སྒྲུབ་རྟེན་ཕུར་བུ་དང་བཅས་པ་དབྱེར་མེད་དུ་དམ་ཚིག་གི་འཁོར་ལོར་བསྐྱེད་པ་ནས་བསྟོད་པའི་བར་ལས་བྱང་བཞིན་གཞུང་བསྲང་། བཟླས་པའི་མགོར། བདག་ཉིད་ལས་མདུན་རྟེན་གྱི་དཀྱིལ་འཁོར་ཕཊ་ཛས་ཕྱེ་བ་མདུན་གྱི་ནམ་མཁར་མེ་རི་འདབ་འབྱོར་གྱི་ཚུལ་དུ་བཞུགས་པར་མོས་ལ། ཕྲེང་བ་དང་ངག་བྱིན་རླབས་སྔོན་དུ་འགྲོ་བས། ལས་བྱང་ལྟར་སྐུ་ཕྱག་རྒྱ། གསུང་ཡི་གེ །ཐུགས་ཆོས་ཉིད་ལ་དམིགས་པ་གསུམ་གཙོ་བོ་དང་ཡོན་ཏན་དང་ཕྲིན་ལས་གྱི་དམིགས་པ་གཉིས་པོའང་སྐབས་དང་སྦྱར་ཏེ་བཟླ་བའམ། ཡང་ན་བླ་མའི་ཞལ་ཤེས་ཐུན་མིན་བསྙེན་སྒྲུབ་ཆིག་ཆོད་ཀྱི་ལུགས་ལྟར་བྱ། བཟླ་བྱའི་སྔགས་ཀཱི་ལ་ཡ་འབྲུ་བཅུ་བདུན་མ་ཉིད་ལ་གཙོ་བོར་བྱ་ཞིང་། ཐུན་གཤམ་དུ་མ་རག་མོ་ཡག་མོ་སོགས་སྤུ་གྲིའི་དྲག་སྔགས་ཉིད་ཤམ་བུར་སྦྲེལ་ལ་ཅི་རིགས་པར་བཟླ། སྤྲོ་ན་ཚེ་སྒྲུབ་སོགས་ཀྱང་སྦྱར། གང་ལྟར་ཡང་ཏིང་འཛིན་གྱི་གསལ་སྣང་དང་ང་རྒྱལ་བརྟན་པོས་སྒྲ་གསལ་ཞིང་དག་པར་བཟླ་བ་ལ་རྩེ་གཅིག་ཏུ་བསླབ། ཐུན་མཐར་ཛབ་ཁང་རང་ལ་བསྡུ་ཞིང་། དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་རྣམས་ཀྱིས་སྔགས་ཀྱི་ཉེས་པ་བསྐང་ཞིང་ནུས་པ་བརྟན་པར་བྱས་རྗེས། སྟོར་{སྟོང}ཚིག་གིས་མཆོད་བསྟོད་བསྡུས་པ་རེ་བྱ་ཞིང་། ཧཱུྃ་གསུམ་གྱིས་འོད་གསལ་དུ་བསྡུ། ཕཊ་གསུམ་གྱིས་ཐུན་མཚམས་གྱི་ལྷར་ལྡང་སྟེ་རྒྱུན་གྱི་རྣལ་འབྱོར་ལ་འཇུགཉིན་གཉིས་པ་མན་གྱི་ཐོར་ཐུན་ལའང་དེ་བཞིན་ལས། ཉིན་དང་པོའི་དགོངས་ཐུན་དང་སྲོད་ཐུན། ཉིན་གཉིས་པ་མན་ཀྱི་སྔ་དགོང་སྲོད་ཀྱི་ཐུན་གསུམ་གྱི་མགོར་སྲུང་འཁོར་གསལ་འདེབས་ཙམ་བྱས་རྗེས་ཏིང་ངེ་འཛིན་གསུམ་ལ་འཇུག་པས་ཆོགཕྲེང་བ་བྱིན་རླབས་ཀྱང་མི་དགོས། རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་རྣམ་པ་བློ་ཡུལ་དུ་གསལ་ཐེབ་ཕྱིན་བསྙེན་པ་འགྲོ་ཆེ་ཁྱད་ཀྱིས་ལས་བྱང་བསྡུས་པ་ལྟ་བུར་བརྟེན་ཀྱང་མི་འགལ་བར་བསྙེན་ཡིག་རྩ་བར་གསུངས། གང་ལྟར་ཡང་སྲོད་ཐུན་གྱི་མཐར་སྤྱི་བྱེ་བྲག་གི་གཏོར་བསྔོ་རྣམས་བྱ་ཞིང་། འབྱོར་ན་ཕུར་པ་རང་གཞུང་གི་རྒྱུན་གཏོར་རེ་དང་ཚོགས་མཆོད་རེ་ཡང་ངེས་པར་བྱ། གལ་སྟེ་མ་འབྱོར་ན། ཚུགས་གྲོལ་གཉིས་ཀྱི་ཐུན་ཐོག་མཐའ་དང་། ངོ་གཉིས་ཀྱི་བརྒྱད་དང་ཉ་སྟོང་སྟེ་དུས་བཞི་ལ་ཆག་ཏུ་མི་རུང་། ཚོགས་གཏོར་རྣམས་དཀྱིལ་འཁོར་གྱི་འཁོར་ལོ་བསྡུས་ནས་ཐུན་མཚམས་ཀྱི་ལྷས་བྱས་ཀྱང་མི་འགལ། རྒྱུན་གྱི་དགེ་སྦྱོར་ཆག་མེད་བྱེད་རྒྱུ་ཡོད་ན་ཐུན་མཚམས་གང་བདེར་བྱས་པས་ཆོག་ཅིང་། གཞན་དུ་ན་ཐུན་མཚམས་ལ་ཡང་ལྷའི་གསལ་སྣང་དང་མ་བྲལ་བའི་ངང་ནས་བཟླས་པ་བྱ་ཞིང་གྲངས་ཚད་ལ་མི་བརྩི། གཞན་མཚམས་ཀྱི་སྤང་བླང་རྣམས་རྩ་བའི་བསྙེན་ཡིག་སོགས་ལས་གསུངས་པ་ལྟར་སྤྱི་འགྲེ་ཤེས་པར་བྱ་ལ། དེ་ལྟ་བུའི་ཚུལ་གྱིས་ཐུན་བཞིའི་རིམ་པས་གྲངས་དུས་རྟགས་གསུམ་གྱི་བསྙེན་པ་གང་རུང་ཐེམ་པར་བྱས་རྗེས། མཇུག་དངོས་གྲུབ་བླང་བ་ནི། མཆོད་གཏོར་བཟེད་དུ་བཤམས། གཏའ་གཏོར་རྙིང་པ་ཁ་གསོ། བྷཉྫ་མཚན་ལྡན་དུ་ཆང་བཟང་པོ་ལ་ཨ་མྲྀ་ཏ་དང་མངར་གསུམ་བཏབ་པ་ༀ་ཨཱཿཧཱུྃ་གིས་བདུད་རྩིར་བྱིན་གྱིས་བརླབས་ལ་བཞགསྣོད་བཟང་པོར་ཕྱེ་མར་ཨ་མྲྀ་ཏ་དང་སྤོད་ཀྱིས་བྲན་པ་ལ་དངོས་གྲུབ་ཀྱི་རྫས་དབུས་སུ་རིན་པོ་ཆེ་འབར་བའི་ནང་འདོད་དོན་གྱི་གསོལ་བྱད་བཅུག་པ་དང་། དེའི་མཐར་ལས་བཞིའི་འབྲང་རྒྱས་སོགས་དངོས་གྲུབ་ཀྱི་རྫས་རྣམས་འདུ་བྱ། ནུབ་ཐ་མའི་སྲོད་ཐུན་གྱི་བསྙེན་པའི་སྐབས་སུ་གཙོ་བོར་ཡོན་ཏན་ལ་དམིགས་པའི་ཛབ་དགོངས་གཉིས་ལ་བརྟེན་ནས་དངོས་གྲུབ་བསྡུ་བསྟིམ་ཀྱི་དམིགས་པས་འཕྲོ་འདུ་ལམ་དུ་བྱས་ཏེ་ལྷ་ལས་དངོས་གྲུབ་ལེན་པ་དང་། ནམ་གུང་གི་ཐུན་མཐར་ཚོགས་མཆོད་དང་འབྲེལ་བར་སྨད་ལས་གདབ་ཁ་རྒྱས་པ་སྦྱར་ཏེ་ཚེ་བསོད་རང་ལ་བསྡུ་བའི་དམིགས་པས་སྒྲོལ་བ་ལམ་དུ་བྱས་ཏེ་དགྲ་ལས་དངོས་གྲུབ་ལེན་པ་དང་། སྤྲོ་ན་དྲག་པོའི་སྲེག་བླུགས་ཀྱང་བྱ། ཐོ་རངས་ཡབ་ཡུམ་མཁའ་གསང་སྙོམས་པར་ཞུགས་པས་དངོས་གྲུབ་བསྐྱིལ་བའི་བཟླས་དམིགས་བཅས་བསྙེན་ཡིག་ལྟར་གྱིས་སྦྱོར་བ་ལམ་དུ་བྱས་ཏེ་ཡུམ་ལས་དངོས་གྲུབ་ལེན་པའི་ཚུལ་རྒྱུད་ཀྱི་དགོངས་པ་ལྟར་བླ་མའི་མན་ངག་ཕྱག་བཞེས་སུ་གནང་ཞིང་། དེ་ནས་སྐྱ་རེངས་ཤར་བ་ན། སྔར་བྱིན་གྱིས་བརླབས་པའི་ཨ་མྲྀ་ཏས་མཆོད་ཅིང་དངོས་གྲུབ་བསྐུལ་བའི་ཚིག་རྩ་བའི་བསྙེན་ཡིག་དུ་གསལ་བ་ལྟར་གྱིས་སྒྲུབ་རྟེན་གནས་གསུམ་དུ་གཏུགས་ལ་དངོས་གྲུབ་བླང་། སྒྲུབ་རྫས་ཆ་བཞིར་བསྒོས་ཏེ། གཅིག་བླ་མ་དང་། གཅིག་རིག་འཛིན་ལ་འབུལ། གཅིག་བདག་གིས་རོལ། གཅིག་སྒྲུབ་གྲོགས་ལ་སྟེར། དེ་ནས་ནམ་ལངས་པ་དང་རང་གཞུང་གི་རྒྱུན་གཏོར་དང་སྲུང་མའི་གཏོར་ཆོག་རྣམས་རྒྱས་པར་བྱ་ཞིང་། དེ་ཉིད་ལྷག་ཆོག་དང་འབྲེལ་སྔར་ཀྱི་ལྷག་མ་རྣམས་ཀྱང་བཏང་ལ་སྨོན་ལམ་དང་བཟོད་གསོལ་བྱ། སྒྲུབ་གཏོར་ཆ་གསུམ་དུ་བགོས་པའི་ཆ་གཅིག་སྒྲུབ་ཁང་གི་འོག་ཏུ་གཏེར་དུ་སྦ། ཆ་གཅིག་སྦྱིན་སྲེག་གི་དུས་སུ་སྲེག་རྫས་སུ་འབུལ། ཆ་གཅིག་གཏོར་མ་གཞན་རྣམས་དང་བསྡེབས་ནས་ཕྱིར་བསྣུར་ཏེ་ཐ་ཚིག་བསྒྲགས་ཤིང་བརྟན་སྐྱོང་བྱས་ལ་བཏང་། གཏོར་ཟོར་འཕངས་ནས་ལས་བཞིའི་བྲོ་དང་ཚེ་འགུགས། དེ་ནས་དཀྱིལ་འཁོར་གཏང་རག་གི་མཆོད་བསྟོད་རྒྱས་པར་བྱས་ལ་ནོངས་པ་བཤགས། ཡེ་ཤེས་པ་གཤེགས་སུ་གསོལ་བའམ་རྟེན་ལ་བརྟན་བཞུགས་སྐབས་དང་སྦྱར། དམ་ཚིག་པ་བསྲུང་འཁོར་དང་བཅས་པ་བསྡུ་ཞིང་། ཐུན་མཚམས་ཀྱི་ལྷར་ལངས་པས་རྟག་ཆད་ཀྱི་མཐའ་བསལ། ཟུང་འཇུག་གི་ཏིང་ངེ་འཛིན་ཆུ་བོའི་རྒྱུན་ལྟ་བུ་ལ་སྦྱར། བསྔོ་སྨོན་དང་ཤིས་བརྗོད་ཀྱིས་མཐའ་བརྒྱན། དེ་རྗེས་ཁ་སྐོང་གི་ཞི་བའི་སྲེག་བླུགས་ཀྱང་བསྙེན་པའི་བཅུ་ཆའི་གྲངས་ལོངས་སུ་བསག་ཅིང་། ཐོ་ལ་མཆོད་གཏོར་སྔར་བཞིན་ཕུལ་ནས་གཤེགས་སུ་གསོལ་ལ་ཐོ་འགྲོལ། དེ་ནས་ཀྱང་བག་གསེང་ཞིང་གནས་བསྲུང་བ་སོགས་བསྙེན་སྒྲུབ་སྤྱིའི་སྐབས་ལྟར་ཤེས་པར་བྱའོ། །ཞེས་པའང་མཆོག་སྤྲུལ་དམ་པའི་བཞེད་སྐོང་བཞིན་བསྙེན་ཡིག་རྩ་བ་དང་བདག་གི་བླ་མའི་ཞལ་ཁྲིད་ཕྱག་ལེན་ཟུང་བསྟུན་ནས་བན་རྒན་རྡོར་དབང་གིས་བདེ་ཆེན་པདྨ་འོད་གླིང་དུ་མགོ་ཕུར་འཛོམས་པའི་དུས་ཚེས་ཉིན་བསྙེལ་ཐོར་བྲིས་པ་དགེ། །། །

ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་བསྙེན་སྒྲུབ།

༄༅། །ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་བསྙེན་སྒྲུབ་བྱ་ཚུལ། ན་མོ་གུ་རུ། འདིར་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་བསྙེན་སྒྲུབ་བྱ་ཚུལ། བསྙེན་ཡིག་ཅུང་རྒྱས་པས། བསྙེན་རྐྱང་ལ་དབྱེ་བསྡུ་ཅུང་ཤེས་དཀའ་ན། དང་པོར་སྒྲུབ་པ་ལ་འཇུག་པའི་སྔོན་དུ་སྣ་སེལ། བསངས་བརྔན། བཤགས་རྒྱུད་ཡིག་བརྒྱ། མཆོད་སྦྱིན་ཚོགས་གསོག་སོགས་སྣ་སེལ་ཅི་འགྲུབ་བྱ། དེ་ནས་གནས་ཁང་ཕྱི་བདར་སོགས་བྱས་ཏེ། གུང་དུ་ཐང་སྐུ་སོགས་བཤམས་པའི་མདུན་དུ་སྟེགས་གཙང་མར་དབུས་དང་གཡས་གཡོན་དུ་འབྲུ་ཚོམ་ལྔ་རེ་བཀོད་པའི་དབུས་སུ། བླ་གཏོར་ཟླུམ་པོ་འཁོར་རང་འདྲ་བཞི་ཅན་མཐེབ་ཀྱུས་བསྐོར་བ། གཡས་སུ་གུར་དྲག་དཔལ་བཤོས་ཟུར་གསུམ་འཁོར་རང་འདྲ་ལྔ་པ་མཐེབ་ཀྱུས་བསྐོར་བ། གཡོན་དུ་སེང་གདོང་ལ་གྲུ་གསུམ་དམར་པོ་རང་འདྲ་བཞི་དང་མཐེབ་ཀྱུས་བསྐོར་བའི་མདུན་གཡས་ཀླུ་བདུད་དམར་གཏོར་སྦྲུལ་དཀྲིས། གཡོན་དུ་མཚོ་སྨན་དཀར་ཟླུམ་བུ་ཁུར། དེ་དག་གི་གཡས་གཡོན་དུ་སྨན་རཀམདུན་དུ་ཉེར་སྤྱོད་སོགས་བཀོད་མཛེས་སུ་བཤམས། ཚོགས་དང་། ཆད་བརྟན་དཀར་བགེགས་སོགས་སྤྱི་ལྟར། རང་ཉིད་རྟེན་དང་ཞལ་སྤྲོད་ཀྱི་གདན་འོག་འབྲུ་དཀར་གྱི་གཡུང་དྲུང་བྲི་བ་སོགས་སྤྱི་ལྟར་བྱ། དེ་ནས་རྣམ་འཇོམས་བཟླས་ཁྲུས་ཆུ་འཐོར་འཐུང་། བདུད་རྩི་འཁྱིལ་བས་བསྔགས་པའི་གུ་གུལ་བདུག་པ་སོགས་བྱ། སྒོ་དྲུང་དུ་ཐོ་བརྩེགས་པར་རྒྱལ་ཆེན་བཞིར་དམིགས་ནས་མཆོད་གཏོར་འབུལ་བ་སོགས་སྤྱི་ལྟར་བྱ། ཕྱི་མཚམས་བཅད། དགོངས་ཐུན་ནས་དབུ་བཟུང་། ཚིག་བདུན་གསོལ་འདེབས་དང་། བརྒྱུད་འདེབས་སྔོན་དུ་འགྲོ་བས། རང་རྟ་མགྲིན་དུ་གསལ་བས་བགེགས་གཏོར་བཏང་ལ་བགེགས་བསྐྲད། ལས་གཞུང་བཞིན་སྲུང་འཁོར་བསྒོམ། འདི་མཚམས་གྲོལ་རྒྱུའི་ཐུན་ཐ་མ་བར་མི་བསྡུ་བར་ཐུན་མགོ་རྣམས་ལ་གསལ་འདེབས་ཡང་བསྐྱར་བྱེད། དེ་ནས་སྐྱབས་སེམས། ཡིག་བརྒྱ། མཎྜལ། བླ་མའི་རྣལ་འབྱོར་རྣམས་གང་འགྲུབ་རེ་བཏང་ནས། མཆོད་པ་བྱིན་རླབས་སོགས་ལ་འཇུག་ཅིང་། སྒོམ་ཚུལ་སོགས་བསྙེན་ཡིག་གཞུང་ལྟར། གུ་རུ་ཞི་བའི་ལས་གཞུང་ནར་དེད་དུ་བཏང་། བསྙེན་མགོར་ཕྲེང་བ་བྱིན་རླབས་བྱས་མཐར། དབྱངས་གསལ་ལན་གསུམ་བརྗོད། དེ་ནས་ཐོད་ཕྲེང་རྩལ་གྱི་འཛབ་སྔགས་ཐོག་མར་བདུན་ནམ་ཉེར་གཅིག་ཙམ་ཌ་དྲིལ་དབྱངས་བཅས་བྱ། དེ་ནས་ཤུབ་བུར་བཟླ། བཟླས་དམིགས་སོགས་བསྙེན་ཡིག་ལྟར་དམིགས་པ་གསལ་བ་དང་། བཟླ་ཚུལ་བསྙེན་སྤྱི་ལས་གསུངས་པའི་སྤང་བླང་མ་འཛོལ་བར་ལག་ཏུ་ལོན་པར་བྱ། ཐུན་མཐར་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་ལན་གསུམ་བཟླས་ལ་མཆོད་བསྟོད་དང་བསྔོ་སྨོན་བཀྲ་ཤིས་བསྡུ་རིམ་ཡན་བྱས་མཐར། བཛྲ་གུ་རུ་ལན་གཅིག་བརྗོད་པའི་རྐྱེན་གྱིས་ཐུན་མཚམས་ཀྱི་ལྷར་ལྡང་ནས། སྤྱོད་ལམ་ལ་འཇུགདེ་ནས་སྲོད་ཐུན། སྲུང་འཁོར་སྐྱབས་སེམས་ཡན་ལག་བདུན་པ་མཆོད་པ་བྱིན་རླབས་ནས་བསྟོད་པའི་བར་གཏེར་གཞུང་བཞིན་ཞི་སྐྱང་ལུགས་སུ་བཏང་ནས། འཛབ་བཟླས་དང་ཐུན་མཚམས་བར་སྔར་ལྟར་ལ། སྲུང་མའི་གཏོར་འབུལ་སྐབས་གང་བདེར་བྱས་ལ། མཐར་ཉལ་བའི་རྣལ་འབྱོར་གྱིས་ཉལ། ཐོ་རང་ལྡང་བའི་རྣལ་འབྱོར་གྱིས་ལངས་ནས། རླུང་རོ་བསལ། ངག་བྱིན་རླབས་དང་བདུད་རྩི་མྱོང་། བགེགས་གཏོར་ནུབ་དང་པོ་ལས་མི་དགོས། སྔོན་འགྲོ་ནས་བརྩམས་གཞན་ཐམས་ཅད་ཁར་སང་དགོངས་ཐུན་ལྟར་བྱ། སྔ་ཐུན་སོགས་ཐུན་ཕྱི་མ་གསུམ་པོ་སྲོད་ཐུན་ལྟར་བྱ། དགོངས་ཐུན་དང་སྲོད་ཐུན་གང་རུང་གི་ཐུན་མཐའི་མཆོད་བསྟོད་གྲུབ་ནས། རྩ་གསུམ་གཏོར་འབུལ་སོགས་གཏོར་སྔོ་དང་། འགྲུབ་ན་ཚོགས་མཆོད་རེ་ཡང་གལ་ཆེ། མ་གྲུབ་ན་ཚུགས་གྲོལ་གཉིས་ཀྱི་ཐོག་ཐ་དང་། ཚེས་བཅུ་ཉེར་ལྔ་ལ་ངེས་པར་བྱ་དགོས། དེ་ལྟར་ཐུན་བཞིར་བཅད་ནས་ཞག་བདུན་ཕྲག་གཅིགགྲངས་འབུམ་ཕྲག་གཅིག་མ་མཐའ་བྱ། བཟླ་ཞིང་དེ་ལས་ཇི་ཙམ་མང་ཡང་ལེགས་པ་གཞིར་བཅས་ཏེ་ཕྱི་སྒྲུབ་བསྙེན་པ་ལགས། དེ་ནས་ནང་སྒྲུབ་ནི་བསྙེན་སྒྲུབ་ཀྱི་དངོས་གཞི་ཡིན་པས། ཕྱི་སྒྲུབ་ཟིན་རྗེས། མཆོད་བཤམས་ཁ་གསོ། བརྒྱུད་འདེབས་དང་། བགེགས་གཏོར། སྲུང་འཁོར་ནས་བསྟོད་པའི་བར་ཆོ་ག་ཐུན་བཞིའི་འགྲོས་སྔ་མ་བཞིན་ལ་སྤྱན་འདྲེན་སྐབས་དམིགས་པ་དང་བཅས་ཐོད་ཕྲེང་རྩལ་བརྒྱའམ་ཉེར་གཅིག་སོགས་བཟླ། དངོས་གཞི་ཛབ྄་བཟླས་སྐབས་ཐོག་མར་གཞི་འགོད་པ། སེམས་དཔའ་སུམ་བརྩེགས་སྔགས་ཕྲེང་དང་བཅས་པ་གསལ་ནས་སྤྲོ་བསྡུ་བྱེད་པ་སོགས་ནང་སྒྲུབ་བསྙེན་དམིགས་ལྟར་བྱས་ལ། བཛྲ་གུ་རུ་ཉིད་ལ་ཆིག་དྲིལ་དུ་བཟླ། ཐུན་གྱི་རྗེས་བསྡུ་དང་། ཐུན་གཅོད་ཚུལ་སོགས་སྔ་མ་ལྟར་རོ། །དེ་ལྟ་བུའི་ཟླ་བ་དྲུག་གམ་གསུམ་མམ། ཟླ་གཅིག་མ་མཐའ་བྱས་ལ། གྲངས་ཚད་འབྲུ་འབུམ་ཁ་སྐོང་དང་བཅས་པ་ཡིན་ལ། རྩོད་དུས་བཞི་འགྱུར་དུ་བཟླ་བར་གསུངས་སོ། །མཐའ་ནའང་སིངྔྷི་བྱེ་བ་ཁ་སྐོང་བཅས་མ་སོང་ཐབས་མེད་དོ། །དེ་ལྟར་གྱིས་ནང་སྒྲུབ་ཐེམ་པའི་ཐུན་ཐ་མར་གཏོར་འབུལ་ཚོགས་མཆོད་དངོས་གྲུབ་བླང་བ་སོགས་རྒྱས་པར་བྱ་ཞིང་གསང་སྒྲུབ་ལ་འཇུགགསང་སྒྲུབ་ནི་མཆོད་པ་གསར་དུ་བརྗེ་བའམ་ཁ་གསོ། །སླར་ཡང་བརྒྱུད་འདེབས་བགེགས་གཏོར་ནས་བརྩམས་ཆོ་ག་ཚང་བར་བཏང་སྟེ། གུ་རུ་ཞི་བའི་བཟླས་པ་ཅུང་ཟད་བྱས་རྗེས་ཞི་བ་ཉིད་གནས་གྱུར་ཏེ་གུ་རུ་དྲག་པོར་བསྐྱེད་པ་སོགས་གཞུང་ལྟར་གྱིས་སྤྱན་འདྲེན་མཆོད་བསྟོད་བྱས་མཐར་དབུ་གཙུག་ཏུ་གུ་རུ་ཞི་བ་རིགས་བདག་གི་ཚུལ་དུ་བཞུགས་པར་སྒོམ་ལ། འཛབ་དམིགས་སོགས་གཞུང་ནས་བཤད་པ་ལྟར་གྱིས། ཁྲོ་བསྙེན་ཨ་རྩིག་ཉིད་བཟླ། དྲག་སྒྲུབ་རྐང་ཚུགས་བྱེད་ན་ཛབ་ཁང་ཕྱེས་ཏེ་དོ་ལིའི་བཟླས་པ་སོགས་དགོས་ཀྱང་། འདིར་ཞི་སྒྲུབ་ཀྱི་ཆ་ལག་ལྟ་བུར་བྱེད་ཚེ་མི་དགོས་སྤྲོ་བསྡུའི་བཟླས་པ་ཁོ་ནས་ཆོགཐུན་གྱི་རྗེས་བསྡུ་ཐུན་མཚམས་སོགས་སྔར་བཞིན་ལས། འདིར་བསྐྱེད་ཆོག་དང་མཐུན་པའི་བསྡུ་རིམ་ཡིན་པས་དམིགས་མེད་ཀ་དག་གི་ངང་དུ་བཞག་པས་ཀྱང་ཆོག་གསུངས། ཐུན་རྗེས་མ་རྣམས་ལ་སྲུང་འཁོར་སྐྱབས་སེམས་ཚོགས་བསགས་མཆོད་པ་བྱིན་རླབས་མཚམས། སྐད་ཅིག་ལ་དྲག་པོའི་སྐུར་གསལ་གདབ་ནས་དྲག་པོའི་ལས་བྱང་ལ་འཇུག་པས་ཆོགགཏོར་འབུལ་དང་། ཚོགས་གྲོལ་ཁའི་བྱ་བ་སོགས་སྔར་དང་འདྲ། སྔ་ཐུན་རྣམས་ལ། སྔོན་འགྲོ་རྣམས་དང་། གུ་རུ་ཞི་བ་རྒྱས་པར་བཏང་། གྲངས་བསྙེན་ཙམ་རྫོགས་ནས། སྡེ་བརྒྱད་ཤམ་འདོགས་ཅི་རིགས་པའང་སྦྱར། གྲངས་ཚད་ཞི་བསྙེན་ཇི་ཙམ་བཟླས་པའི་བཅུ་གཉིས་ཆ་གཅིག་བསླ་བར་བཞེད་པས། དཔེར་ན་ཞི་བསྙེན་འབུམ་ཕྲག་བཅུ་གཉིས་ཡིན་ན་དྲག་པོ་འབུམ་ཕྲག་གཅིག་དགོས། ཡང་གསང་དེ་ཁོ་ན་ཉིད་དུ་སྒྲུབ་པ་ནི། དྲག་པོ་འགྲུབ་པའི་རྗེས་ཐོག་དེ་ཉིད་དུ་མཆོད་གཏོར་གསར་དུ་བཤམས། ཐུན་དང་པོ་ལ་བགེགས་གཏོར་ནས་བརྩམས་གུ་རུ་ཞི་དྲག་གི་བསྒོམ་བཟླས་འཁྱུག་ཙམ་སོང་རྗེས། གུར་དྲག་འོད་དུ་ཞུ་ནས་སེང་གདོང་མར་བསྒོམས་ཏེ། སྤྱན་འདྲེན་མཆོད་བསྟོད་སོགས་གཞུང་བཞིན་བྱས་ནས་རང་ལ་བསྟིམ་ཞིང་རིགས་བདག་པད་འབྱུང་གིས་དབུ་བརྒྱན་པར་བསམ་ལ། སྤྲོ་བསྡུའི་གཞི་དགོད་པ་སོགས་གཞུང་ལྟར་གྱིས། ཨཿཀཿསཿམཿསོགས་བཟླས་པ་བྱ། གྲངས་ཐེམ་ནས། སྤྲོ་ན་བསྲུང་བཟློག་སོགས་ལས་སྦྱོར་ཀྱི་དམིགས་བཟླས་ཀྱང་བྱ། མཐུན་མཇུག་མཆོད་བསྟོད་སོགས་ཞི་དྲག་སྤྱི་ལྟར་རྗེས་སྡུད་ཀྱང་དྲག་པོ་ལྟར་རོ། །ཐུན་རྗེས་མ་རྣམས་ལ་སྲུང་འཁོར། མཆོད་བརླབས་ནས། སེང་གདོང་ལས་བྱང་ལ་འཇུགཐོག་མར་རྩ་བའི་དམིགས་བཟླས་ཁོ་ན་ལ་དྲིལ། བསྙེན་གྲངས་ཐེམ་ནས་ལས་སྦྱོར་ཀྱི་བཟླས་པ་བྱ། དེ་ལས་བསྲུང་དམིགས་ནི་བསྙེན་པ་མ་སོང་སྔོན་དུ་འགལ་བ་མེད་པས་ཐུན་གཤམ་སོགས་སུ་ཅུང་བཟླས་ཀྱང་ལེགས། བཟློག་དམིགས་ནི་བསྙེན་པ་སྔོན་དུ་མ་ཐེམ་པར་མི་བྱ། དེ་ནས་ཅི་རིགས་བྱས་པས་ཆོགབསད་པ་ནི་བསྙེན་སྒྲུབ་ཀྱི་སྐབས་འདིར་མི་དགོས་སོ། །གྲངས་ཚད་ནི་དྲག་པོའི་ཕྱེད་ཆ་སྟེ་དྲག་བསྙེན་འབུམ་ཕྲག་ཙམ་བྱས་ན། འདིར་དེའི་ཕྱེད་ཁྲི་ལྔ་ཁ་སྐོང་དང་བཅས་པའོ། །དེ་ལྟར་གྲུབ་རྗེས་མཐའ་རྒྱས་ལས་བཞིའི་སྒྲུབ་པ་དང་། བྱེ་བྲག་ཚེ་སྒྲུབ་རྣམས་བྱ་སྟེ། དེ་དག་གི་དམིགས་རིམ་དུས་གནད་གྲངས་ཚད་སོགས་བསྙེན་ཡིག་གཞུང་ལས་གསལ་བ་ལྟར་ལ། རྩ་གསུམ་གྱི་བསྙེན་སྒྲུབ་གྲུབ་མ་ཐག་པར་འདོན་འགྲིགས་སོགས་དཀྱུས་བཞིན་ལས། ཐུན་དང་པོར་ཞི་དྲག་སེང་གསུམ་གྱི་བསྙེན་པ་ཐུང་ཙམ་བཏང་ནས། སླར་རང་ཉིད་པདྨ་འོད་འབར་དུ་གསལ། ཐུན་ཕྱི་མ་རྣམས་སུ་ཞི་བའི་ལས་བྱང་ཁོ་ནས་འཐུས། ཐུན་གཤམ་རྣམས་སུ་སྨོན་ལམ་ཡང་བརྒྱའམ་བདུན་ལ་སོགས་པ་བརྗོད། བར་སྐབས་སུ་ལས་མྱུར་ཕྱིར་ལས་བཞིའི་སྦྱིན་སྲེག་རྒྱས་བསྡུས་གང་འོས་གྲུབ་ཀྱང་ལེགས། ཚེ་སྒྲུབ་ལ། སྤྲོས་མེད་བསྙེན་པ། རྩ་གསུམ་བསྙེན་པའི་མཇུག་མཐུད་དུ། བགེགས་གཏོར་སྲུང་འཁོར་ནས་བཟུང་སྔར་བཤད་པ་ལྟར་ལས། ཞི་བསྙེན་ཅུང་ཟད་བཟླས་མཐར། གསོལ་འདེབས་དང་དམིགས་བཟླས་སོགས་གཞུང་ལྟར་གྱིས་ཚེ་ཛབ་བཟླ། ཐུན་གཤམ་དུ། ཚེ་འགུགས་དང་། ཚེ་བཅུད་བསྡུ་བསྟིམ་གྱི་དམིགས་པ་དང་། སྔགས་བཟླ་ཞིང་སྨོན་ལམ་ཡང་གདབ། ཐུན་མཐར་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་མཆོད་བསྟོད་སོགས་ཞི་སྒྲུབ་ལྟར། བསྟེན་ཚད་ཞག་བདུན་སོགས་དང་། འབུམ་ཕྲག་ཡན་ཆད་གང་ལྕོགས་བྱ། བསྒྲུབ་པ་བྱ་ན་ཚེ་དཀྱིལ་སོགས་ཐམས་ཅད་ཚང་བར་བཤམས། འདོན་འགྲིགས་སྔར་དང་འདྲ། བདག་མདུན་བུམ་གསུམ་མཉམ་དུ་བསྐྱེད་པ་ལ་ཛབ྄་ཁང་དབྱེ་བ་སོགས་བྱས་ལ་བཟླ་བ་སོགས་བསྙེན་ཡིག་གཞུང་ན་གསལ། བསྙེན་པ་རྫོགས་ནས་ཐུན་མཚམས་སུ་སྦྱིན་སྲེག་སོགས་བྱ་རྗེས་ཚོགས་བསྐང་རྒྱས་པ་དང་། དངོས་གྲུབ་ལེན་པའི་ཕྱིར་བདག་འཇུག་རྒྱས་པར་ལེན། སྒྲུབ་རྫས་དངོས་གྲུབ་ཏུ་རོལ། ནོངས་བཤགས་བསྔོ་སྨོན་སོགས་མཐར་དབྱུང་ཞིང་སྔར་གྱི་སྲུང་འཁོར་ཡང་བསྡུ་ཞིང་བསྡུ་ལྡང་{བསྡང}། དགའ་སྟོན་གནས་སྲུང་ཐོ་འགྲོལ་སོགས་སྤྱི་ལྟར་བྱ་བ་ལགས་སོ། །ཞེས་སྐྱབས་རྗེ་རིན་པོ་ཆེའི་ཟིན་ཐོ་ཕྱག་བྲིས་གནང་བ་ལས་ཞལ་བཤུས་པ་དགེ །

འཇམ་དཔལ་ཞི་བའི་རྒྱུན་ཁྱེར།

༄༅། །འཇམ་དཔལ་ཞི་བའི་རྒྱུན་ཁྱེར་བཞུགས། ན་མོ་མཉྫུ་ཤྲི་ཡེ། འདིར་དབང་ཐོབ་ཅིང་དམ་ཚིག་ལ་གནས་པས་འཇམ་དཔལ་ཡེ་ཤེས་སེམས་དཔའི་སྒོམ་བཟླས་བྱ་བར་འདོད་པས་ངེས་པར་འབྱུང་བ་དང་བྱང་ཆུབ་ཀྱི་སེམས་བསྒོམ་པ་སྔོན་དུ་འགྲོ་བས། ཨ། འཁོར་འདས་ཆོས་ཀུན་མི་དམིགས་སྟོང་པའི་ངང་། །མཁའ་ཁྱབ་འགྲོ་ལ་སྙིང་རྗེ་ཆེན་པོའི་མདངས། །ངྷིཿཡིག་དམར་སེར་འོད་ཀྱི་འཕྲོ་འདུ་ལས། །སེང་ཁྲི་པད་ཟླར་རང་ཉིད་འཇམ་དཔལ་དབྱངས། །གུར་གུམ་མདོག་ཅན་གཞོན་ཚུལ་མཛེས་པའི་སྐུ། །ཞལ་གཅིག་ཕྱག་གཉིས་རལ་གྲི་པུསྟི་འཛིན། །ཟུར་ཕུད་ལྔ་པ་མཚན་དཔེའི་ལང་ཚོ་རྒྱས། །ལོངས་སྐུའི་རྒྱན་རྫོགས་སྐྱིལ་མོ་དཀྲུང་གིས་བཞུགས། །གནས་གསུམ་འབྲུ་གསུམ་ཐུགས་སྲོག་འོད་ཟེར་གྱིས། །ཡེ་ཤེས་སྤྱན་དྲངས་རྟེན་དང་གཉིས་མེད་བསྟིམ། །དབང་ལྷས་དབང་བསྐུར་དཔག་ཡས་མཆོད་པས་མཆོད། །ཐུགས་སྲོག་ཟླ་སྟེང་སྔགས་ཕྲེང་གཡས་སུ་འཁོར། །དེ་ལས་འོད་འཕྲོས་བདེ་གཤེགས་སྲས་བཅས་མཆོད། །མཁྱེན་བརྩེ་ནུས་པའི་བྱིན་རླབས་མ་ལུས་བསྡུས། །འགྲོ་བའི་སྒྲིབ་སྦྱངས་སངས་རྒྱས་ས་ལ་བཀོད། །སྣོད་བཅུད་ལྷ་སྔགས་ཡེ་ཤེས་རོལ་པ་གྱུར། །ཞེས་མོས་ལ། ༀ་ཨ་ར་པ་ཙ་ན་དྷཱིཿཞེས་ཅི་ནུས་སུ་བཟླའོ། །མཐར། སྲས་བཅས་རྒྱལ་བའི་མཁྱེན་རབ་ཡེ་ཤེས་མཆོག །དྲན་པས་སྙིང་གི་མུན་པ་ཀུན་འཕྲོག་ཅིང་། །ཟབ་དང་རྒྱ་ཆེའི་བློ་མཆོག་སྦྱིན་མཛད་པའི། །མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་བསྟོད། །ཁྱོད་ལ་གསོལ་བཏབ་སྒོམ་བཟླས་བགྱིས་པའི་མཐུས། །བདག་བློའི་ཉོན་མོངས་རྟོག་པ་རབ་ཞི་ནས། །མཁྱེན་གཉིས་ཡེ་ཤེས་སྣང་བ་རྒྱས་པ་དང་། །མཐར་ཐུག་ཆོས་དབྱིངས་ཆེན་པོར་བྱང་ཆུབ་ཤོག །ཅེས་བརྗོད་ཅིང་གསོལ་བ་གདབ་ནས་བསྐྱེད་རིམ་འོད་གསལ་དུ་བཅུག་སྟེ་བསྐྱེད་རྫོགས་དབྱེར་མེད་ཀྱི་དགོངས་པ་བསྐྱངས་རྗེས་བསྔོ་སྨོན་ཤིས་བརྗོད་ཇི་ལྟར་རིགས་པས་མཐའ་བརྒྱན་པར་བྱའོ། །ཞེས་པའང་བསླབ་གསུམ་ལྡན་པ་འབྲོག་པ་བླ་མ་ཚུལ་རྣམ་གྱི་བཞེད་སྐོང་དུ་འཇམ་དབྱངས་བློ་གྲོས་རྒྱ་མཚོས་གྲུབ་པའི་སྦྱོར་བ་བཟང་པོ་ལ་བྲིས་པ་དགེའོ། །

འཇམ་དཔལ་བསྟོད་སྒྲུབ་གྱི་ཉམས་ལེན་བྱ་ཚུལ་མདོར་བསྡུས།

༄༅། །འཇམ་དཔལ་བསྟོད་སྒྲུབ་གྱི་ཉམས་ལེན་བྱ་ཚུལ་མདོར་བསྡུས་ནི། ན་མོ་གུ་རུ་མཉྫུ་ཤྲཱི་ཡེ། འཇམ་དཔལ་བསྟོད་སྒྲུབ་གྱི་ཉམས་ལེན་བྱ་ཚུལ་མདོར་བསྡུས་ནི། སྐྱབས་སེམས་སྔོན་དུ་འགྲོ་བས། ༀ་སྭ་བྷ་ཝ་སོགས། ཆོས་ཀུན་སྤྲོས་བྲལ་སྟོང་བའི་ངང་ཉིད་ལས། །རྟེན་འབྱུང་མ་འགགས་གནས་གསུམ་འབྲུ་གསུམ་དང་། །སྙིང་དབུས་ཟླ་སྟེང་དྷཱིཿལས་འོད་འཕྲོས་པས། །འཇམ་དཔལ་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ། །མདུན་མཁར་པད་ཟླར་དགྱེས་རོལ་གུར་གུམ་མདངས། །ཟུང་བཞིའི་ན་ཚོད་རལ་གྲི་པུསྟི་འཛིན། །ཟུར་ཕུད་ལྔ་ལྡན་དར་དང་རིན་ཆེན་བརྒྱན། །རྡོ་རྗེའི་སྐྱིལ་ཀྲུང་མུ་མེད་འོད་ཟེར་འབར། །གནས་གསུམ་འབྲུ་གསུམ་ཐུགས་སྲོག་དྷཱིཿཡིག་ལས། །འོད་འཕྲོས་དབང་ལྷ་སྤྱན་དྲངས་དབང་བསྐུར་ཞིང་། །མི་སྐྱོད་རྒྱས་གདབ་གུས་བསྟོད་གསོལ་བཏབ་མཐུས། །ཐུགས་སྲོག་ཉིད་ལས་བསྟོད་ཚོགས་སྔགས་ཕྲེང་འཕྲོས། །བདག་སྙིང་ལ་ཞུགས་མི་ཤེས་མུན་པ་བསལ། །མཁྱེན་བརྩེ་ནུས་པའི་ཡེ་ཤེས་མཆོག་ཐོབ་གྱུར། །ཞེས་མོས་ལ། གང་བློ་མ་དང་། ཨ་ར་པ་ཙ་ཅི་ནུས་བཟླ། མཐར་བསྟོད་པ་དང་། བརྩེ་ལྡན་ཁྱེད་ཀྱི་སོགས་འདོད་དོན་ལ་གསོལ་བ་གདབ། མདུན་གྱི་ལྷ་རང་ལ་བསྟིམས་ནས་ཞི་ལྷག་ཟུང་འཇུག་གི་རྣལ་འབྱོར་བསྒོམ། དེ་ལས་ལྡང་བ་ན། དགེ་བ་འདི་ཡིས་སོགས་བསྔོ་སྨོན་ཇི་ལྟར་རིགས་པས་མཐའ་བརྒྱན་པར་བྱའོ། །ཞེས་པའང་བསླབ་གསུམ་མཛོད་འཆང་མཁན་པདྨ་འོད་ཟེར་གྱི་ཐུགས་བཞེད་བཞིན། འཇམ་དབྱངས་བློ་གྲོས་རྒྱ་མཚོས་ཉུང་གསལ་སྙིང་པོར་དྲིལ་བ་དགེ །༈ ༀ་སྭ་སྟི། རབ་འབྱམས་རྒྱལ་བའི་མཁྱེན་རབ་ཕུང་པོ་ནི། །ཀུན་ཏུ་བཅུ་དྲུག་གཞོན་ནུའི་ལང་ཚོས་འཁྱུད། །དྲན་པས་སྙིང་གི་མུན་སེལ་ལྷག་པའི་ལྷ། །འཇམ་དཔལ་དཔའ་བོ་ཡིད་མཁར་འབྲལ་མེད་མཛོད། །ངེས་དོན་འཕགས་བཞི་བསྐྱེད་པའི་ཡུམ་གྱུར་མཆོག །རྣམ་རོལ་མ་འགགས་ཚངས་སྲས་ལྷ་མོའི་སྐུ། །སྙན་ངག་ཆུ་བོ་སྟོང་གི་འབབས་སྟེགས་མཆོག །མགྲིན་པའི་འོ་མཚོར་རྟག་ཏུ་རོལ་མཛོད་ཀྱེ། །དཔག་མེད་དུས་ནས་ལེགས་བཤད་གོམས་པའི་ཤུགས། །སོ་སོ་ཡང་དག་རིག་བཞིའི་ཆོས་གཏེར་དབྱེ། །གངས་ཁྲོད་སྨྲ་བའི་སེང་ཆེན་གཅིག་པུ་པ། །འཇམ་མགོན་བླ་མས་བདག་རྒྱུད་བྱིན་གྱིས་རློབས། །དེང་འདིར་ལྷག་བསམ་བརྩོན་པའི་ཁུར་ལེན་ལ། །གེགས་མེད་བསམ་པ་ཡིད་བཞིན་འགྲུབ་པ་དང་། །ཡིད་ལ་ཡེ་ཤེས་སྣང་བ་རབ་ཞུགས་ནས། །རང་གཞན་དོན་གཉིས་གྲུབ་པའི་དངོས་གྲུབ་སྩོལ། །ཅེས་པའང་བློ་གྲོས་རྒྱ་མཚོས་འདོད་པའི་དོན་ལ་གསོལ་བ་བཏབ་པ་དགེའོ། །དགེའོ། །དགེའོ། །

རིགས་གསུམ་པདྨའི་སྒྱུ་འཕྲུལ་སེང་ཆེན་ཡིད་བཞིན་ནོར་བུའི་གསོལ་མཆོད་དཔག་བསམ་ཡོངས་འདུའི་འཁྲི་ཤིང་།

༄༅། །རིགས་གསུམ་པདྨའི་སྒྱུ་འཕྲུལ་སེང་ཆེན་ཡིད་བཞིན་ནོར་བུའི་གསོལ་མཆོད་དཔག་བསམ་ཡོངས་འདུའི་འཁྲི་ཤིང་ཞེས་བྱ་བ་བཞུགས་སོ། །ན་མོ་པདྨཱ་ཀ་ར་ཡེ། དགེ་ལེགས་ཚོགས་གཉིས་ནོར་བུའི་སྤྲིན་ཆེན་ལས། །གྲུབ་གཉིས་འདོད་དགུའི་ཆར་རྒྱུན་འཇོ་བ་ཡིས། །ས་གསུམ་རེ་བའི་ཤིང་རྟ་འགེང་མཛད་པ། །རྩ་གསུམ་འདུས་ཞལ་པདྨ་རྒྱལ་པོས་སྐྱོངས། །བདེ་ཆེན་ཡེ་ཤེས་གཅིག་གི་རང་རྩལ་ལས། །ཞི་ཆགས་ཁྲོ་བོའི་རྣམ་འགྱུར་མཐའ་ཡས་པས། །ལུས་ཅན་ཕན་བདེའི་རེ་བ་རྫོགས་མཛད་པ། །སྲས་བཅས་རྒྱལ་བའི་ཐབས་མཁས་ཚུལ་འདི་རྨད། །རིགས་གསུམ་པདྨའི་སྒྱུ་འཕྲུལ་སེང་ཆེན་རྗེ། །མཆོད་ལས་རྣམ་བཞིའི་ཕྲིན་ལས་འདོད་དགུའི་དཔལ། །ཅི་དགར་འཇོ་བ་ལྷ་ཡི་དཔག་བསམ་དབང་། །སྐལ་བཟང་ལྷ་ཕྲུག་དགའ་བའི་གསོས་སུ་སྤེལ། །དེ་ཡང་སྒྲུབ་བཀའ་སྤྱི་བྱེ་བྲག་གི་དབང་དང་ཁྱད་པར་བསྟན་སྲུང་དགྲ་ལྷའི་དབང་པོ་འདི་ཉིད་ཀྱི་སྲོག་གཏད་ཀྱི་ཆོ་ག་ལེགས་པར་ཐོབ་ཅིང་། སྤྱི་དང་བྱེ་བྲག་གི་དམ་ཚིག་ལ་གནས་པའི་སྒྲུབ་པ་པོས་ཇི་ལྟར་མཆོད་ཅིང་བསྟེན་པའི་ལས་རིམ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་ཀྱི་བྱ་བའོ། །དང་པོ་ལ། རྫས་བཤམས་པ། བདག་གི་རྣལ་འབྱོར་བསྒོམ་པ། མཆོད་པའི་ཡོ་བྱད་བྱིན་གྱིས་བརླབ་པའོ། །དང་པོ་ནི། གནས་ཁང་རྒྱན་གྱིས་བརྒྱན་པའི་དབུས་སུ། སྐུ་གཟུགས་བླ་རྡོ་སྲོག་འཁོར་སོགས་ཇི་ལྟར་འཛོམས་ཤིང་རིགས་པ་དང་། སྟེགས་བུ་སུམ་རིམ་ལ། སྟེགས་དང་པོར་བདག་བསྐྱེད་གང་ལ་བརྟེན་པའི་འདས་གཏོར་དང་། གཉིས་པར་དགྲ་ལྷའི་གཏོར་མ་མཁར་ཐབས་ནོར་བུས་མཚན་པ་གཡས་གཡོན་དུ་སྨན་རཀ་བཅས། གསུམ་པར་ཕྱི་ནང་གི་ཉེར་སྤྱོད་ཞི་དྲག་སྦྲེལ་མ་དང་། གཞན་ཡང་འོག་ཏུ་དགོས་པའི་མཆོད་པའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱའོ། །གཉིས་པ་ནི། བླ་མ་གསང་འདུས། ཡི་དམ་བཀའ་བརྒྱད་སྤྱི་བྱེ་བྲག་སོགས་ལྷག་པའི་ལྷ་གང་རུང་གི་རྣལ་འབྱོར་སོ་སོའི་གཞུང་བཞིན་བྱེད། བསྡུ་ན། རྟ་མགྲིན་ཡང་གསང་ཁྲོས་པའི་རྒྱུན་ཁྱེར་ནི། སྐྱབས་སེམས་དང་ཚད་མེད་བཞི་བསྒོམ་པ་སྔོན་དུ་འགྲོ་བས། ཧཱུྃ། ཆོས་ཉིད་ནམ་མཁའི་ཀློང་ཡངས་ལས། །མ་རྟོགས་སེམས་ཅན་སྙིང་རེ་རྗེ། །རྒྱུ་ཡི་རིག་པ་ཡི་གེ་ཧྲཱིཿ། །བདག་ཉིད་རྟ་མགྲིན་པདྨ་དབང་། །ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད། །གཡས་དཀར་གཡོན་ལྗང་དབུས་དམར་ནག །སྤྱི་བོར་རྟ་མགོ་ལྗང་ཞུར་འཚེར། །སྐུ་མདོག་བསྐལ་པའི་མེ་ལྟར་འབར། །སྤྱན་གསུམ་ལྗགས་འགྲིལ་སྨར་སྨིན་སེར། །རལ་པ་ཁམ་ནག་གྱེན་དུ་བརྫེས། །རྩ་ཕྱག་པདྨ་ཐོད་ཁྲག་འཛིན། །བདེ་ཆེན་ཡུམ་དང་གཉིས་མེད་འཁྲིལ། །གཡས་གཉིས་ལྕགས་ཀྱུ་བེ་ཅོན་དང་། གཡོན་གཉིས་ཞགས་པ་རལ་གྲི་མེ། །དཔལ་དང་དུར་ཁྲོད་ཆས་ཀྱིས་བརྒྱན། །རྡོ་རྗེའི་གཤོག་པ་གཡས་གཡོན་གདེངས། །གསང་ཡུམ་པདྨ་གར་དབང་ནི། །མཐིང་ནག་ཞལ་གཅིག་ཕྱག་གཉིས་མ། །གཡས་གཡོན་ཙིཏྟ་ཐོད་ཁྲག་འཛིན། །ཡབ་ཡུམ་གཉིས་སུ་མེད་པར་འཁྲིལ། །ཡེ་ཤེས་མེ་དཔུང་ཀློང་ན་གསལ། །གནས་གསུམ་ཡི་གེ་འབྲུ་གསུམ་མཚན། །འོད་འཕྲོས་ཡེ་ཤེས་སྤྱན་དྲངས་གྱུར། །ཧཱུྃ། དམིགས་མེད་མཁའ་ལྟར་ཁྱབ་ཅིང་དག་པའི་སྐུ། །སྤྱན་འདྲེན་གཤེགས་སུ་གསོལ་བར་མི་དམིགས་ཀྱང་། །ཐུགས་རྗེའི་ངང་ཉིད་ཆོས་སྐུར་དག་པ་ལས། །ཡེ་ཤེས་སྒྱུ་མར་རོལ་ཅིང་གཤེགས་སུ་གསོལ། །བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་གཉིས་མེད་དུ་བསྟིམ། ཨ་ཏཱི་པཱུ་ཧོཿཔྲ་ཏིཙྪ་ཧོཿས་ཕྱག་འཚལ་ལོ། །ཧཱུྃ། བླ་མེད་མཆོག་གི་མཆོད་པ་དམ་པ་ནི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ། །ༀ་མ་ཧཱ་པདྨ་ཀྲོ་ངྷ་ཀྲོ་ངྷི་ཤྭ་རི་ས་པཱ་རི་ཝ་ར་ཨརྒྷཾ་ནས་ཤཔྟ་པཉྩ་རཀྟ་བྷ་ལིངྟ་བོ་ངྷི་ཙིཏྟ་སྭཱ་ཧཱ། ཞེས་མཆོད། འོད་གསལ་དབྱིངས་ལས་མ་གཡོས་ཀྱང་། །ཟུང་འཇུག་བདེ་ཆེན་རྣམ་འགྱུར་ལས། །སྣ་ཚོགས་སྤྲུལ་པའི་སྐུར་སྟོན་པ། །རྟ་མཆོག་དཔལ་ལ་ཕྱག་འཚལ་བསྟོད། །ཞེས་བསྟོད། བཟླས་པ་ནི། ཐུགས་ཀར་པདྨ་འདབ་བརྒྱད་ཀྱི། །གེ་སར་ལ་ནི་སྙིང་པོ་ཧྲཱིཿ། །འདབ་མ་བརྒྱད་ལ་སྔགས་ཀྱིས་བསྐོར། །འོད་ཟེར་འཕྲོ་འདུས་དོན་གཉིས་བྱས། །སྣང་གྲགས་ལྷ་སྔགས་ཆོས་ཉིད་ངང་། །དག་པ་རབ་འབྱམས་འཁོར་ལོར་སད། །ཅེས་མོས་ལ། ཧྲཱིཿབཛྲ་ཀྲོ་ངྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ཅེས་ཅི་ནུས་སུ་བཟླས་མཐར་ཉེར་བསྡུ་བྱས་ཏེ། ཐུན་མཚམས་ཀྱི་ལྷར་ལྡང་ངོ་། གསུམ་པ་ནི། ༀ་བཛྲ་ཨ་མྲྀ་ཏས་བསངས། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་གནས་ཁང་ཐར་པ་ཆེན་པོའི་གཞལ་མེད་ཕུན་སུམ་ཚོགས་པར་ཨཱཿལས་བྷཉྫ་འབར་བའི་སྣོད་བཟང་ཞིང་རྒྱ་ཆེ་བ་རྣམས་སུ་ཧཱུྃ་ཡིག་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོགབདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པ་ཕྱི་ནང་གསང་བའི་མཆོད་པའི་དངོས་པོ་རྣམས་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པ་འཕགས་པ་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་གྱི་ཕུང་པོ་ལྟ་བུས་ནམ་མཁའི་མཐའ་ཀླས་པར་གང་བར་མོས་ལ། ༀ་བཛྲ་ཨརྒྷཾ་ཨཱཿཧཱུྃ་ནས་ཤཔྟའི་བར་དང་། ༀ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋ། ༀ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜལ་ལ་ཧཱུྃ་ཧྲཱིཿཋ། ༀ་ཨཱཿཧཱུྃ་མ་ཧཱ་བ་ལིང་ཏ་ཏེ་ཛྭ་བ་ལིང་ཏ་བ་ལ་ཝཱ་ཏྱེ་གུ་ཧྱ་ས་མཱ་ཡ་ཧཱུྃ་ཧྲཱིཿཋ། །ཞེས་ལན་གསུམ་གྱིས་བྱིན་གྱིས་བརླབ་བོ། །གཉིས་པ་དངོས་གཞིའི་ལས་རིམ་ལ་བཅུ་གཉིས་ལས། དང་པོ་རྟེན་བསྐྱེད་ཅིང་སྤྱན་འདྲེན་པ་ནི། ༀ་མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། གིས་སྟོང་པར་སྦྱངས། སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་འཇའ་སྤྲིན་ཁ་དོག་སྣ་ལྔ་འཁྲིགས་པའི་དབུས་སུ་རིན་པོ་ཆེའི་ཁྲི་དང་ཉི་ཟླ་པདྨ་བདུད་བཞི་བསྣོལ་བའི་གདན་གྱི་སྟེང་དུ་ཡི་གེ་ཨ་དཀར་པོ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། རྒྱལ་དབང་མཚོ་སྐྱེས་རྡོ་རྗེ་དང་རིགས་གསུམ་ཞི་ཁྲོའི་སྒྱུ་འཕྲུལ་གཅིག་ཏུ་འདུས་པ། གེ་སར་སྐྱེས་བུ་ཆེན་པོ་རིག་འཛིན་ནོར་བུ་དགྲ་འདུལ། སངས་རྒྱས་ཀུན་གྱི་ངོ་བོ། ཡི་དམ་ཞི་ཁྲོའི་ཁྱབ་བདགམ་མོ་མཁའ་འགྲོའི་ཚོགས་རྗེ། ཆོས་སྐྱོང་སྲུང་མའི་གཙོ་བོ། ནོར་ལྷ་རྒྱ་མཚོའི་སྙིང་ནོར། དགྲ་བླ་ཡོངས་ཀྱི་རྒྱལ་པོ། ཝེར་མ་ཡོངས་ཀྱི་སྲོག་སྙིང་། སྡེ་བརྒྱད་ཡོངས་ཀྱི་སྤྱི་རྗེ། དྲེགས་པ་ཡོངས་ཀྱི་སྲོག་བདགདཀར་ཕྱོགས་ཡོངས་ཀྱི་ཁ་འཛིན། སྐྱེ་བོ་ཡོངས་ཀྱི་དགྲ་བླ། སེམས་ཅན་ཡོངས་ཀྱི་དཔལ་མགོན། རིག་འཛིན་ཡོངས་ཀྱི་སྲོག་ཤིང་། བན་བོན་ཡོངས་ཀྱི་རྒྱབ་རྟེན{བརྟེན}། བདུད་འདུལ་ལས་ཀྱི་དབང་ཕྱུགནག་ཕྱོགས་ཀུན་གྱི་གཤེད་མ། དམ་ཉམས་ཀུན་གྱི་སྲོག་གཅོད། བདུད་སྲིན་ཀུན་གྱི་ཤན་པ་ཆེན་པོ། སྐུ་དགྱེས་པའི་གར་གྱིས་སྲིད་གསུམ་ཟིལ་གྱིས་གནོན་པ། གསུང་རྔམས་པའི་འབྲུག་སྒྲས་ཁམས་གསུམ་དབང་དུ་སྡུད་པ། ཐུགས་འོད་གསལ་གྱི་ཀློང་ནས་མཁྱེན་བརྩེའི་དཀྱིལ་འཁོར་རྒྱས་པ། དྲན་པ་ཙམ་གྱིས་བྱིན་རླབས་དངོས་གྲུབ་སྤྲིན་ལྟར་འདུ་བ། རྡོ་རྗེ་རྐྱང་རྒོད་ཕེར་པོ་ལ་ཆིབས་ནས་བར་སྣང་ཁམས་སུ་རྒྱུ་བ། ཀི་ལ་འདུ་ཞིང་བསྭོ་ལ་དགྱེས་པ། ཆད་ལ་བཙན་ཞིང་། ཆོས་ལ་རྩི་བ། ཕྱག་གཡས་སྦ་ལྕགས་བསམ་པའི་དོན་གྲུབ་ལས་དགོས་འདོད་ནོར་བུའི་ཆར་འབེབས་པ། གཡོན་པའི་མདུང་མོ་ཁམས་གསུམ་དགྲ་འདུལ་ལ་དགྲ་བླའི་བ་དན་གཡོ་བ། སྐུ་ལ་དགྲ་བླའི་སྐུ་ཆས་ཡོངས་སུ་རྫོགས་པ། དགྲ་བླ་ཝེར་མའི་སྤྲིན་ཕུང་འཕྲོ་བ། འཁོར་དུ་དཀར་ཕྱོགས་ཀྱི་ཆོས་སྐྱོང་། གཙང་རིགས་ཀྱི་དཔལ་མགོན། དགྲ་བླ་ཝེར་མ། ཐུགས་ཀར་ཅོང་སེའི་དམག་ཚོགས་མ་ཚང་བ་མེད་པས་བསྐོར་བ། དེའི་མདུན་དུ་བདུད་རྩིའི་སྤྲིན་དཀར་ལང་ལིང་དུ་འཁྲིགས་པའི་ཀློང་དུ། བཀྲ་ཤིས་ཚེ་གཡང་ལོངས་སྤྱོད་ཀྱི་རྒྱལ་པོ། སེང་ཆེན་འཁོར་ལོས་སྒྱུར་བའི་ཆས་ཅན། ཕྱག་གཡས་ན་བཀྲ་ཤིས་རྟགས་ཀྱིས་མཚན་པའི་པདྨ་དཀར་པོ་དང་། གཡོན་འཆི་མེད་བདུད་རྩིའི་གང་བའི་བུམ་པ་བསྣམས་པ། ཞི་ཞིང་དྭངས་པའི་ཉམས་ཅན། དགྱེས་ཞལ་ཟླ་བ་ལྟར་ངོམ་པ། འདོད་དགུའི་སྤྲིན་ལས་དགའ་བའི་གར་གྱིས་རྩེན་པ། མཐོང་བས་ཡིད་འཕྲོག་པ། དྲན་པས་ཚེ་སྤེལ་བ། བསྒྲུབས་པས་དཔལ་བསྐྱེད་པ། འཆི་མེད་ཚེ་ཡི་བདག་པོ། བདུད་རྩིའི་ཆར་བ་འབེབས་པ། བདེ་སྐྱིད་སྙན་གསུམ་འཕེལ་བའི་གཡང་འཕེལ་ཆེན་པོ། བཀྲ་ཤིས་པ་ཐམས་ཅད་ཀྱི་འབྱུང་གནས། སྐལ་བ་བཟང་པོ་ཐམས་ཅད་ཀྱི་གཞི་མ། ལེགས་པའི་ཡོན་ཏན་ཐམས་ཅད་ཀྱི་རྟེན་གནས། དཔལ་དང་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་བདག་ཉིད་ཆེན་པོ། རྒུད་པ་སེལ་བའི་ནོར་བུ། ནད་འཇོམས་པའི་བདུད་རྩི། དམན་པ་རྣམས་ལ་དབུགས་དབྱུང་བའི་གཡུལ་རྒྱལ་ལྷའི་རྔ་སྒྲ་ཆེན་པོ་འཁོར་དཔལ་ལྡན་དགྲ་བླ་ཝེར་མའི་དམག་དཔུང་དང་བཅས་པས་བསྐོར་བ། དེའི་ཕྱི་རོལ་གྱི་ཤར་དུ། ནམ་མཁའ་འཇའ་སྤྲིན་གྱི་གུར་ཁྱིམ་ན། སྣང་གསལ་ཨ་དཀར་འོད་ཀྱི་ཝེར་མ་སྐྱེས་བུ་སེང་ཆེན་འཕྲུལ་གྱི་རྒྱལ་པོ། ཁྱེའུ་བཅུ་དྲུག་ལང་ཚོའི་ཉམས་ཅན། དཀར་གསལ་དག་པའི་ཤེལ་འདྲ་བ། ཕྱག་གཡས་ན་རིན་པོ་ཆེའི་སྒྲོན་མེ་ཐོགས་པ། ཁམས་གསུམ་ས་ལེར་གསལ་བ། གཡོན་ན་དངུལ་དཀར་གྱི་མེ་ལོང་བསྣམས་པ། སྲིད་གསུམ་ལྷང་ངེར་སྟོན་པ། ཕོ་རྒྱུད་དཔའ་བོའི་གར་སྟབས་བྱེད་པ། མོ་རྒྱུད་དཔའ་མོའི་བརྡ་གླུ་ལེན་པ། སྣང་གསལ་པྲ་ཡི་མངའ་བདགཀུན་གསལ་ཝེར་མའི་རྒྱལ་པོ། སྲིད་པ་འཕྲུལ་གྱི་གསས་མཁར་ན་བཞུགས་ཤིང་། རྣོ་མཐོང་འཕྲུལ་གྱི་མངོན་ཤེས་འཆད་པ། སྣང་སྲིད་ཀྱི་ལེགས་ཉེས་སྟོན་པ། ཤེས་བཞི་མཐོང་བརྒྱད་ཀྱི་མངའ་བདག་ཆེན་པོ། ཡེ་ཤེས་འཕྲུལ་གྱི་སྒྲོན་མེ་འདེགས་པ། ཤེས་རབ་མེ་ལྕེ་གསལ་ཞིང་འབར་བ། མངོན་ཤེས་རིག་པའི་གསང་སྒོ་འབྱེད་པ། བློ་གསལ་སྤོབས་པའི་གཏེར་ཆེན་འབྱིན་པ། འཁོར་ཀུན་གསལ་ཝེར་མའི་དཔུང་དང་བཅས་པས་བསྐོར་བ། ལྷོར་སྲིད་ཞིའི་དཔལ་ཡོན་འདུ་བའི་གཞལ་མེད་ཁང་ཆེན་པོར། སེང་ཆེན་ཡིད་བཞིན་ནོར་བུ་བསམ་འཕེལ། སྣང་སྲིད་འདོད་རྒུར་སྒྱུར་བའི་རྒྱལ་པོའི་ཚུལ་དུ་བཞུགས་པ། བརྗིད་ཅིང་ཚིམས་པའི་ཉམས་ཅན། ཕྱག་གཡས་བསམ་འཕེལ་དབང་གི་རྒྱལ་པོ་དང་། ཕྱག་གཡོན་ཟད་མེད་གཏེར་གྱི་བུམ་པ་བསྣམས་པ། དཔག་བསམ་ལྗོན་པའི་དགའ་ཚལ་ལ་རྩེ་བ། ཡིད་བཞིན་གཏེར་གྱི་བདག་པོ། རིན་པོ་ཆེ་ནོར་བུའི་རྒྱལ་པོ། རྒྱ་བོད་ཀྱི་ནོར་བདགཟས་ནོར་འགུགས་པའི་ལྕགས་ཀྱུ། མཁའ་ལ་ལྷ་གཡང་བདུད་རྩིའི་སྤྲིན་སྡུད་པ། བར་སྣང་ན་མི་གཡང་དགེ་མཚན་གྱི་ན་བུན་འཁྲིགས་པ། ས་གཞི་ལ་ཀླུ་གཡང་དམུ་ཞག་གི་རྒྱ་མཚོ་བསྐྱིལ་བ། རྨ་གཡང་འདོད་དགུའི་ཆར་པ་འབེབས་པ། སྙན་པའི་བ་དན་ཆེན་པོ་གྲགས་པའི་འབྲུག་སྒྲ་བརྒྱ་ལྡན། སྲིད་ཞིའི་དྭངས་བཅུད་ཀྱི་བདག་པོ། ཕྱྭ་གཡང་ལོངས་སྤྱོད་ཀྱི་གཞི་མ། སྣ་ཚོགས་འདོད་རྒུའི་རོལ་མོ། མཐོང་བས་ཡིད་འཕྲོག་པའི་མཛེས་གཡང་ཆགས་པ། བཟང་རྒུའི་རྒྱལ་ཁ་ལེན་ཅིང་། ཆེ་རྒུའི་ཅོད་པཎ་འགྲིམ་པ། ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་ཀྱི་འཁོར་ལོས་སྒྱུར་བ་ཆེན་པོ། ཆོས་སྲིད་ཀྱི་དབུ་འཕང་དགུང་ལས་མཐོ་བ། མངའ་ཐང་གི་ཁྱབ་རྒྱ་མཁའ་ལས་ཆེ་བ། འཁོར་གཏེར་བདག་དགྲ་བླ་ཝེར་མའི་དམག་དཔུང་དང་བཅས་པས་བསྐོར་བ། ནུབ་ཏུ་བརྟན་གཡོ་ཀུན་ཁྱབ་འོད་དམར་གྱི་ཀློང་ན། སེང་ཆེན་ཡིད་བཞིན་དབང་གི་རྒྱལ་པོ། འཛུམ་ཞིང་ཆགས་པའི་ཉམས་ཅན། རྡོ་རྗེ་ལྕགས་ཀྱུ་ཞགས་པའི་འཕྲུལ་ཐབས་ཀྱིས་སྲིད་ཞིའི་དྭངས་བཅུད་གཡོ་ཞིང་འགུགས་པ། སྐུ་དགྱེས་པའི་གར་གྱིས་སྲིད་གསུམ་གཡོ་ཞིང་ཡིད་འཕྲོག་པ། གསུང་བཞད་པའི་ང་རོས་ཁམས་གསུམ་འགུགས་ཤིང་བྲན་དུ་བྱེད་པ། སྲིད་ཞིའི་དཔལ་ཡོན་དྭངས་བཅུད་ལ་རོལ་ཞིང་ཟུར་མིག་རྩེན་པ། མཛེས་པའི་མདངས་ཀྱིས་དགྱེས་པའི་གར་བྱེད་ཅིང་། སྙན་པའི་གདངས་ཀྱིས་དགའ་བའི་གླུ་ལེན་པ། སྣོད་བཅུད་འོད་དམར་དུ་བསྒྱུར་བ། དགྲ་བླའི་འབྲུག་སྒྲ་དགོད་པ། ཝེར་མའི་བ་དན་གཡོ་བ། ཉམས་འགྱུར་སྣ་ཚོགས་ཀྱི་རོལ་རྩེད་གློག་ལྟར་གཡོ་བ། བདེ་སྟོང་རྡོ་རྗེ་ཆགས་པའི་ཐུགས་དང་ལྡན་པ། སྣང་སྲིད་ཀྱི་ཡིད་སྣང་དབང་མེད་དུ་འཕྲོག་པ། འཁོར་དབང་མཛད་དགྲ་ལྷ་ཝེར་མའི་དམག་དཔུང་དང་བཅས་པས་བསྐོར་བ། བྱང་དུ་མེ་རླུང་ཁྲག་མཚོ་འཁྲུགས་པའི་ཀློང་དུ། སྒྲོལ་བྱེད་དྲག་པོ་ནོར་བུ་དགྲ་འདུལ་རྩལ། འཇིགས་བྱེད་ཁྲོས་པའི་ཚུལ་ཅན། ཐབས་ཤེས་ཀྱི་མདའ་གཞུས་བདུད་སྲིན་དཔྲལ་བའི་མཚོ་མོ་དཀྲུགས་པ། གནམ་ལྕགས་ཀྱི་རལ་གྲིས་མ་རུངས་སྲིན་པོའི་མགོ་བོ་འབྲེག་པ། རྡོ་རྗེའི་མདུང་གིས་དམ་ཉམས་པའི་སྙིང་ལ་གཟིར་བ། དྲག་པོའི་ལྕགས་ཀྱུས་དགྲ་བོའི་མིག་འབྱིན་པ། འབར་བའི་གྲི་གུག་གིས་དགྲ་བོའི་སྲོག་རྩ་གཅོད་པ། སྲུང་མའི་ཟི་ར་ཁོལ་བ། སྡེ་བརྒྱད་གནད་ལ་གཅུན་པ། ཕོ་རྒྱུད་རྦབ་ལྟར་བསྒྲིལ་བ། མོ་རྒྱུད་མདའ་ལྟར་འཕེན་པ། ཝེར་མའི་སྐར་མདའ་འཕྲོ་བ། སྣང་སྲིད་ཆ་ལང་བསྡེབ་པ། སྤྱན་མིག་ཉི་ཟླ་ལ་བསྐལ་པའི་མེ་འབར་བ། ལྗགས་ཀྱི་གློག་དམར་ལ་དྲག་སྔགས་ཀྱི་ཐོག་སེར་འཕྲོ་བ། ཞལ་གྱི་རྦ་ཀློང་ལ་རཀྟའི་རྒྱ་མཚོ་འཁྲུགས་པ། ཤངས་ཀྱི་རླུང་སྒྲོམ་ལ་བསྐལ་པའི་རླུང་ནག་འཚུབ་པ། སྐུ་ཡི་དཔའ་རྫོང་ལས་དགྲ་བླའི་དམག་སྤྲིན་འཁྲིགས་པ། ཚེམས་གྱི་གངས་རི་ལས་སྐྱིན་ཐང་དུག་མདའ་འཕྲོ་བ། ཐུགས་འོད་གསལ་གྱི་ངང་ནས་རྡོ་རྗེ་ཁྲོས་པའི་མེ་ཆེན་འབར་བ། དགྲ་བོའི་ཤ་ཁྲག་སྲོག་དབུགས་ལ་ཆེར་རྔམ་ཞིང་རོལ་བ། སྣང་སྲིད་ཀྱི་ཁམས་ན་ཆེ་བཙན་འགྲན་ཟླ་དང་བྲལ་བ་ལན་མེད་རྡོ་རྗེའི་མཚོན་གཅིག་འཁོར་དགྲ་བགེགས་འདུལ་བའི་ཝེར་མ་རྒྱ་མཚོ་དང་བཅས་པས་བསྐོར་བ། དེ་དག་གི་ཕྱི་རོལ་གྱི་ཕྱོགས་མཚམས་གནམ་ས་བར་སྣང་གི་ཁྱོན་ཀུན་ཏུ། མ་ངེས་རྫུ་འཕྲུལ་གྱི་རོལ་པས་ཀུན་ཏུ་རྒྱུ་ཞིང་། རབ་འབྱམས་ཕྲིན་ལས་ཀུན་ལ་མངའ་དབང་འབྱོར་པ། བསམ་པ་ཙམ་གྱིས་དངོས་གྲུབ་སྩོལ་བ། བོས་པ་ཙམ་གྱིས་གློག་ལྟར་གཡོ་བ། བསྒྲུབ་པ་ཙམ་གྱིས་དམ་ལ་འདུ་བ། བསྐུལ་བ་ཙམ་གྱིས་ལས་ལ་རྒྱུ་བ། སེང་ཆེན་རྡོ་རྗེ་དགྲ་བླ་ཝེར་མའི་དམག་དཔུང་སྤྱི་དང་། ཁྱད་པར་གསང་བའི་དགྱེས་སྡེ་བཞི། དམག་དཔོན་མིག་དམར་ཆེན་པོ། དམ་ཅན་རྡོ་རྗེ་ལེགས་པ། སྨན་བཙུན་རྡོ་རྗེ་གཡུ་སྒྲོན། རྨ་རྒྱལ་རྡོ་རྗེ་དྲག་རྩལ། ཕུ་བོ་དུང་ཁྱུང་དཀར་པོ། སྟེང་ཕྱོགས་ལྷ་ཡི་དམག་དཔུང་། ཡབ་གེར་མཛོད་གཉན་པོ། བར་ཕྱོགས་གཉན་གྱི་དམག་དཔུང་། ནུ་བོ་ཀླུ་སྦྲུལ་འོད་ཆུང་། འོག་ཕྱོགས་ཀླུ་ཡི་དམག་དཔུང་། ཨ་ནེ་གུང་སྨན་རྒྱལ་མོ། སྣང་སྲིད་མ་མོའི་དཀྱིལ་འཁོར། སྲིང་ལྕམ་ཐ་ལེ་འོད་དཀར། འབྱུང་བ་ལྔ་ཡི་ལྷ་མོ། རྫུ་འཕྲུལ་ཀླུང་རྟ་ལྷ་བཞི་མགྲོན་གཡག་དར་མ་བཅུ་གསུམ། དགྲ་བླའི་དྲ་མ་ཆེ་དགུ། མགོན་པོ་དགྲ་བླ་བཅུ་གསུམ། མཆེད་གསུམ་ལྕམ་དྲལ། སྣོད་བཅུད་སྲིད་པའི་དགྲ་བླ། ཕྲིན་ལས་སྣ་ཚོགས་ཀྱི་དགྲ་བླ། འགོ་བའི་ལྷ་མགོན་གཉན་པོ། དཀར་ཕྱོགས་སྐྱོང་བའི་དགྲ་བླ། ཐུགས་ཀར་སུམ་བརྒྱ་དྲུག་ཅུ། ཅོང་སེ་ལམ་ལྷ་གཉན་པོ། གནམ་ས་བར་གྱི་ཝེར་མ། སྐུ་འཁོར་དགྲ་ལྷ་ཝེར་མ། ཌཱ་ཀི་དྭངས་སྨན། དཔའ་བརྟུལ་དཔའ་བོའི་སྡེ་ཚོགས། བཀའ་འབངས་སྤྲུལ་པའི་ལྷ་དམག་བཀའ་སྡོད་སྣང་སྲིད་དྲེགས་པ། སྣང་སྲིད་དགྲ་ལྷ་ཝེར་མ་སོགས། མདོར་ན་སེང་ཆེན་དགྲ་འདུལ་རྒྱལ་པོའི་དཀྱིལ་འཁོར་དུ་ཡེ་ཤེས་དང་འཇིག་རྟེན་དང་ལས་ཀྱི་ཚུལ་འཛིན་པའི་ཆོས་སྐྱོང་དགྲ་བླ་ཝེར་མའི་དམག་དཔུང་མ་ལུས་ཤིང་ལུས་པ་མེད་པས་ཡོངས་སུ་བསྐོར་བར་གྱུར། དེ་ལྟར་གསལ་བའི་སྤྱི་བོར་ༀ། མགྲིན་པར་ཨཱཿཐུགས་ཀར་ཧཱུྃ་གིས་མཚན་པ་དང་། བདག་གི་ཐུགས་སྲོག་ལས་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་དཔག་ཏུ་མེད་པ་འཕྲོས་པས་རང་བཞིན་གར་བཞུགས་ཀྱི་གནས་ནས་རྩ་གསུམ་ཀུན་འདུས་དགྲ་ལྷའི་རྒྱལ་པོ་གེ་སར་སྐྱེས་བུ་འཁོར་དང་བཅས་པ་མདུན་གྱི་ནམ་མཁར་སྤྲིན་ཕུང་གཏིབ་པ་བཞིན་བྱོན་པར་བསམས་ལ། སྤོས་རོལ་དང་བཅས་གདུང་བའི་དབྱངས་ཀྱིས་སྤྲོ་ན་ཚིག་བདུན་གསོལ་འདེབས་སྔོན་དུ་འགྲོ་བས། ཧཱུྃ་ཧྲཱིཿའཇིགས་རུང་སྲིན་པོའི་གྲོང་ཁྱེར་དཔལ་གྱི་རི། །སྐུ་གསུམ་རྒྱལ་བའི་ཞིང་ཁམས་པདྨ་འོད། །དམར་ནག་མེ་དཔུང་འཁྲུགས་པ་དྲག་པོའི་ཞིང་། །ནང་ལྟར་རྡོ་རྗེ་ལུས་ཀྱི་ཙིཏྟའི་གྲོང་། །རིག་འཛིན་དཔའ་བོ་མཁའ་འགྲོའི་ཕོ་བྲང་ནས། །སྲིད་ཞི་མཉམ་ཉིད་ཡེ་ཤེས་རྡོ་རྗེའི་སྐུ། །རབ་འབྱམས་རྒྱལ་བའི་སྤྱི་གཟུགས་མཚོ་སྐྱེས་རྗེ། །ཐུགས་རྗེའི་རྩལ་སྣང་སྒྱུ་མར་རོལ་པའི་གཟུགས། །རྣལ་འབྱོར་གྲུབ་པ་ཕོ་མོའི་ཚོགས་དང་བཅས། །མོས་ལྡན་བུ་ལ་བྱིན་གྱིས་བརླབ་པའི་ཕྱིར། །བརྟུལ་ཞུགས་རྡོ་རྗེའི་གར་གྱི་མཁའ་ལམ་ནས། །བདུད་འདུལ་དགྲ་བླ་ཝེར་མའི་སྐུར་བཞེངས་ཏེ། །རིག་འཛིན་ཆེན་པོ་འཛམ་གླིང་རྒྱན་མཆོག་རྩལ། །ཤེས་རབ་རལ་གྲི་མདའ་གཞུའི་འཁྲུལ་འཁོར་གྱིས། །སྲིད་པའི་དགྲ་སྡེ་འཇོམས་པའི་མཐུ་བོ་ཆེ། །སྐྱེས་མཆོག་སེང་ཆེན་ནོར་བུ་སྐུ་འཁོར་དཔུང་། །མ་ལུས་འཁོར་དང་ཅས་པ་ཐམས་ཅད་ཀུན། །དཔའ་བའི་ཀི་བསྭོ་ཆ་སྒྲ་འབྲུག་ལྟར་སྒྲོགས། །དགེ་མཚན་སྙན་པའི་བ་དན་མཁའ་ལ་འཕྱར། །རྡོ་རྗེའི་རྟ་མཆོག་བཞོན་པའི་བྲོ་གར་གྱིས། །བར་ཆད་དམ་སྲིའི་སྲོག་སྙིང་ཚལ་བར་འགེམ། །བྱིན་རླབས་སྤྲིན་འཁྲིགས་དངོས་གྲུབ་ཆར་རྒྱུན་འབེབས། །སྐལ་ལྡན་བདག་གིས་མཆོད་ཅིང་མངའ་གསོལ་ན། །ཐོགས་མེད་ཐུགས་རྗེའི་དབང་གིས་འདིར་གཤེགས་ཤིག །ཐུགས་རྗེ་དགོངས་ཤིག་སེང་ཆེན་རིན་པོ་ཆེ། །དམ་བཅའ་མ་གཡེལ་རིགས་གསུམ་སྤྲུལ་པའི་སྐུ། །དེང་ནས་བྱང་ཆུབ་བར་དུ་མི་འབྲལ་བར། །སྲུང་སྐྱོབ་བྱིན་གྱིས་རློབས་ལ་ཕྲིན་ལས་སྒྲུབས། །ཁྱོད་ནི་སྙིང་རྗེ་མཆོག་གི་རང་བཞིན་ཏེ། །ཐུགས་རྗེ་ཆེན་པོའི་མཚོན་ཆེན་རྣམ་པར་འཆང་། །བདུད་ཀྱི་དཔུང་རྣམས་འདུལ་ལ་མཆོག་ཏུ་གྱུར། །བདུད་བཞིའི་འཇིགས་པ་མཐའ་དག་ཁྱོད་ཀྱིས་སེལ། །མཁྱེན་རབ་དགོངས་པའི་ཀློང་ནས་རྩལ་ཕྱུང་ལ། །སྐལ་ལྡན་སྙིང་གི་དབུས་སུ་བྱིན་ཆེན་ཕོབ། །རྩ་རླུང་རིག་ཁམས་ཡེ་ཤེས་རྩིས་ཐོབ་ལ། །གང་བྱས་བྱང་ཆུབ་ལམ་དུ་བསྒྱུར་བར་མཛོད། །ཅེས་དང་སིངྔྷིའི་མཐར། ༀ་ཏྲི་མ་ཞིམ་ཀྵིཾ་མེ་མུ་ཏྲ་འབར་ར་ཧཾ། ཨ་ལ་ལི་ལ་མོཿགཏུང་བ་ཁྱེ་ཨ་ཧོ་ཡེ་སིངྔྷི་ཧཱུྃ༔ཏྲཀྵེར་ཁྱེམཿསྲོག་དུང་དུང་ཛཿསརྦ་ས་མ་ཡ་ཐིབ་ཐིབ་འདུ་འདུ་དུང་དུང་ཡིད་ཡིད་ཛ་ཛཿཞེས་དགྲ་ལྷའི་འབོད་སྔགས་སྦྱར་བ་དང་། བཛྲ་ས་མ་ཡ་ཛཿཞེས་པས་སྤྱན་དྲངས་ལ། གཉིས་པ་བཞུགས་སུ་གསོལ་བ་ནི། ཧཱུྃ། རིགས་གསུམ་ཀུན་འདུས་པདྨ་ཐོད་ཕྲེང་གི། །ཐུགས་རྗེའི་འོད་ཟེར་འཛམ་གླིང་དཔལ་དུ་ཤར། །སྐྱེས་བུ་སེང་ཆེན་ནོར་བུ་དགྲ་འདུལ་ཆེ། །འཁོར་བཅས་དགྱེས་པའི་གདན་ལ་བརྟན་པར་བཞུགས། །ཛཿཧཱུྃ་བཾ་ཧོཿས་མ་ཡ་སྟཾ་ཏིཥྛ་བཛྲ། ཞེས་བསྟིམ། གསུམ་པ་དམ་བསྲེ་བ་ནི། ཨ། དོན་དམ་ཆོས་ཉིད་ཀློང་དུ་དབྱེར་མེད་ཀྱང་། །ཀུན་རྫོབ་སྣང་ངོར་རྟ་མཆོག་དབང་གི་རྒྱལ། །པདྨ་ཐོད་ཕྲེང་རིག་འཛིན་བརྒྱུད་པ་ཡི། །སྤྱན་སྔར་ཞལ་བཞེས་དམ་ལས་མ་འདའ་ཞིག །ༀ་བཛྲ་ས་མ་རཀྵན་ཏུ་པཉྩ་ཨ་མྲྀ་ཏེ་ད་ཀ་ཋ་ཋ་ཋ་ཧཱུྃ། ཞེས་གསོལ་བས་ལས་ཐམས་ཅད་སྒྲུབ་ཅིང་བཀའ་ནོད་པར་བསམ། བཞི་པ་ཕྱག་བྱ་བ་ནི། ཧཱུྃ། ངོ་བོ་དཔལ་ལྡན་འཇམ་པའི་རྡོ་རྗེ་ཉིད། །རྣམ་པ་སྣང་སྲིད་དགྲ་བླའི་རྒྱལ་པོའི་ཚུལ། །སྔོན་ཚེ་རིག་འཛིན་པདྨ་འབྱུང་གནས་ཏེ། །ད་ལྟ་སེང་ཆེན་ནོར་བུ་དགྲ་འདུལ་རྩལ། །མ་འོངས་རིགས་ལྡན་དྲག་པོ་འཁོར་ལོ་ཅན། །བདག་དང་དབྱེར་མེད་སྙིང་གི་ལྷ་མཆོག་ཆེ། །ཟུང་འཇུག་སྒྱུ་འཕྲུལ་དྲྭ་བའི་རོལ་གར་ལ། །རྩེ་གཅིག་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །ༀ་ན་མོ་ན་མ་མི། ལྔ་པ་མཆོད་པ་འབུལ་བ་ནི། ཧཱུྃ་ཧྲཱིཿརབ་འབྱམས་ཞིང་ཁམས་རྒྱ་མཚོའི་མཆོད་པའི་སྤྲིན། །མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་དང་། །ཞལ་ཟས་རོལ་མོ་འདོད་པའི་ཡོན་ཏན་ལྔ། །ཁྲག་ཆང་ཨརྒྷཾ་དབང་པོའི་མེ་ཏོག་དང་། །ཚིལ་གསུར་ཙོང་ཐུག་ཞུན་ཆེན་སྒྲོན་མེ་དང་། །ཤ་ཆེན་རྐང་གླིང་ཐོད་རྔ་དྲག་པོའི་རྫས། །བདུད་རྩི་སྨན་དང་དམར་ཆེན་རཀྟ་དང་། །བ་ལིང་གཏོར་མ་ཛ་གད་དཔའ་བོའི་ཕུད། །བདེ་ཆེན་དགའ་བཞི་འདྲེན་པའི་རིག་མ་འབུམ། །རྒྱལ་སྲིད་རིན་ཆེན་ཉེར་རྫས་ནོར་སྣ་སོགས། །ལྷ་མིའི་འབྱོར་པ་རྒྱ་མཚོས་ཡོངས་གཏམས་པའི། །འདོད་རྒུ་ལྷུན་གྱིས་གྲུབ་པའི་མཆོད་སྤྲིན་འདི། །རྩ་གསུམ་ཆོས་སྲུང་དགྲ་ལྷའི་ཚོགས་ལ་འབུལ། །དགྱེས་ཉམས་བདེ་བ་ཆེན་པོའི་རོལ་རྩེད་ཀྱིས། །བདུད་རྩི་དཔའ་སྐྱེམས་ཕུད་ཀྱི་མཆོད་པ་བཞེས། །བཅུད་ལྡན་ཡིད་བཞིན་གཏོར་མའི་མཆོད་པ་བཞེས། །ཁྲག་ཆང་མྱོས་བྱེད་ཨརྒྷཾ་མཆོད་པ་བཞེས། །འོད་གསལ་དྲི་མ་བསང་གི་མཆོད་པ་བཞེས། །དར་སྣ་བ་དན་རོལ་མོའི་མཆོད་པ་བཞེས། །བདེ་སྟོང་ཉམས་མྱོང་གསང་བའི་མཆོད་པ་བཞེས། །སྣང་སྲིད་གཞིར་བཞེངས་མདོས་ཀྱི་མཆོད་པ་བཞེས། །ཐམས་ཅད་མཉམ་ཉིད་ཡེ་ཤེས་མཆོད་པ་བཞེས། །ཉམས་ཆག་འགལ་འཁྲུལ་ཆོས་ཀྱི་དབྱིངས་སུ་དག །བདེ་སྟོང་རྡོ་རྗེ་གསང་བའི་དམ་ཚིག་གིས། །རྟག་ཏུ་འདུ་འབྲལ་མེད་པའི་ངང་ཉིད་ནས། །མྱུར་དུ་དངོས་གྲུབ་འདོད་དགུའི་དཔལ་སྩོལ་ཅིག །ༀ་ཏྲི་མ་ཞིམ་ཁྱིམ་ས་པཱ་རི་ཝཱ་ར་ཨརྒྷཾ། པ་ཏྱཾ། པུཥྤེ། དྷཱུ་པེ། ཨ་ལོ་ཀེ། གྷནྡྷེ། ནཻ་ཝིདྱ། ཤཔྟ་ཨཥྚ་མངྒ་ལཾ། དྲ་ཕྱམ། ལིངྒ། སབྟ་རཏྣ་པཉྩ། ཀ་མ་གུ་ཎ་ཨ་མྲྀ་ཏ་རཀྟ་བ་ལིངྟ་པཱུ་ཛཿཔྲ་ཏཱིཙྪ་སྭཱ་ཧཱ། ཞེས་སྤྱིར་མཆོད། བྱེ་བྲག་ཏུ་སྐྱེམས་ཕུད་སྦྲེངས་{བསྒྲེངས}ཤིང་བར་བར་རོལ་མོ་དང་བཅས། ཧོ་དགོངས་སུ་གསོལ་ལོ། །ནས། ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་མཛོད། ཀྱི་བར་གསོལ་མཆོད་ཕྲིན་ལས་མྱུར་འགྲུབ་དང་། སྤྲོ་ན་བཟང་ཤིང་སྣ་ཚོགས་དང་བཤོས་གཙང་བྱེ་མར་དར་སྣ་སོགས་མེར་བསྲེགས་ཤིང་ཝེར་མའི་ལྷ་བསང་རིང་མོ་དགྲ་བླའི་དཔའ་གླུ་སོགས་ཀྱང་སྦྱར། གང་ལྟར་ཡང་གཏོར་མ་འབུལ་བ་ནི། གེ་སར་སྐྱེས་བུ་ཆེན་པོ་འཁོར་དང་བཅས་པའི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བས་དགྱེས་ཤིང་ཚིམ་པར་བསམ་ལ། ༀ་ཏྲི་མ་ཞིམ་ཁྱིམ་མེ་མུ་ཏྲ་འབར་ར་ཧཾཿཨ་ལ་ལི་མོ། གཏུང་བ་ཁྱེ་ཨ་ཧོ་ཡེ་སིངྔྷི་ཧཱུྃ། ཏྲཀྵེར་ཁྱིམ་ས་པཱ་རི་ཝཱ་ར་ཨི་དམ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་དང་། ཨ་ཀ་རོ་སོགས་ཀྱིས་འབུལ། བསྟན་པའི་བཀའ་སྲུང་ཆེན་པོ་གེ་སར་འཕྲུལ་གྱི་རྒྱལ་པོ་གསང་ཡུམ་བློན་འཁོར་དགྲ་བླ་ཝེར་མ་སྲུང་མ་དང་བཅས་པ་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་སངས་རྒྱས་ཀྱི་བསྟན་པ་སྲུང་། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་དང་ཆོས་ཀྱི་རྒྱལ་སྲིད་སྐྱོངས། འཇིག་རྟེན་གྱི་རྒུད་པ་སོལ་སོགས་ནས། མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད་ཅིགཅེས་འདོད་གསོལ་སྤྱི་དང་བྱེ་བྲག་ཏུ་ཕྲིན་ལས་བཅོལ་ལོ། །དྲུག་པ་བསྟོད་པ་བྱ་བ་ནི། ཧཱུྃ། རྒྱལ་བ་ཀུན་དངོས་པདྨ་ཐོད་ཕྲེང་དང་། །རིགས་གསུམ་ཞི་དང་ཁྲོ་བོའི་སྒྱུ་འཕྲུལ་གར། །གཅིག་ཏུ་བསྡུས་པ་རྒྱལ་བསེན་དམ་སྲིའི་གཤེད། །གེ་སར་ནོར་བུ་དགྲ་འདུལ་ཁྱོད་ལ་བསྟོད། །ཐུགས་རྗེ་ལས་སྨོན་དག་པའི་རྟེན་འབྲེལ་གྱིས། །འཛམ་གླིང་བོད་ཀྱི་རྒྱལ་པོའི་སྐུར་བསྟན་ནས། །དྲན་པས་ཚེ་གཡང་འདོད་རྒུའི་མཆོག་སྩོལ་བའི། །རྡོ་རྗེ་ཚེ་ཡི་རྒྱལ་པོ་ཁྱེད་ལ་བསྟོད། །དགྱེས་པའི་གར་གྱིས་སྲིད་གསུམ་ཟིལ་གྱིས་གནོན། །རྔམས་པའི་ང་རོས་ཁམས་གསུམ་དབང་དུ་སྡུད། །མཁྱེན་བརྩེའི་ཐུགས་ཀྱིས་སྲིད་གསུམ་ས་ལེར་གཟིགས། །སྒྲུབ་ལ་དོན་གཉིས་མཆོག་སྦྱིན་ཁྱེད་ལ་བསྟོད། །ཕྱག་གཡས་སྦ་ལྕག་འདོད་དགུའི་ཆར་རྒྱུན་འབེབས། །གཡོན་པས་མདུང་དར་དགྲ་སྙིང་ཐལ་བར་འབིག །རྡོ་རྗེ་རྐྱང་རྒོད་འཕེལ་པོའི་སྟེང་ན་འགྱིང་། །རྫུ་འཕྲུལ་མཐུ་སྟོབས་རྨད་བྱུང་ཁྱེད་ལ་བསྟོད། །རབ་དཀར་ཟླ་བ་རྒྱས་འདྲའི་ཞལ་རས་ཅན། །ཤིས་པའི་རྟགས་མཚན་པད་དཀར་ཚེ་བུམ་འཛིན། །ཕྱོགས་དུས་ཀུན་ན་བཀྲ་ཤིས་བདེ་ལེགས་སྤེལ། །ཚེ་དཔལ་གཡང་གི་བདག་པོ་ཁྱེད་ལ་བསྟོད། །ཡིད་འོང་བཅུ་དྲུག་ལང་ཚོས་སྒེག་པའི་གར། །རིན་ཆེན་སྒྲོན་མེ་དངུལ་དཀར་མེ་ལོང་ལས། །སྲིད་གསུམ་རྣོ་མཐོང་འཕྲུལ་གྱི་མངོན་ཤེས་སྟོན། །ཨ་དཀར་འོད་ཀྱི་ཝེར་མ་ཁྱེད་ལ་བསྟོད། ཉི་འབུམ་གཟི་ཡིས་མི་མཚོན་བརྗིད་པའི་ཉམས། །ཡིད་བཞིན་ནོར་དང་གཏེར་གྱི་བུམ་བཟང་ལས། །ཅི་འདོད་ཕྱྭ་གཡང་ལོངས་སྤྱོད་ཆར་དུ་བསྐྱིལ། །བསམ་འཕེལ་ཡིད་བཞིན་ནོར་བུ་ཁྱེད་ལ་བསྟོད། །ས་གསུམ་བརྟན་པ་འཕྲོག་པའི་ཆགས་ཉམས་དང་། །རྡོ་རྗེ་ལྕགས་ཀྱུ་ཞགས་པའི་འཕྲུལ་ཐབས་ཀྱིས། །ཁམས་གསུམ་དབང་བྱེད་སྲིད་གསུམ་བྲན་དུ་བཀོལ། །སེང་ཆེན་དབང་གི་རྒྱལ་པོ་ཁྱེད་ལ་བསྟོད། །ཁྲོས་པའི་སྡང་མིག་གཡོ་བས་བགེགས་ཚོགས་བསྲེག །རྔམས་པའི་ཞལ་གྱིས་བདུད་དགྲའི་སྙིང་ཁྲག་གསོལ། །རྣོ་མྱུར་མཚོན་གྱིས་དམ་ཉམས་སྲོག་རྩ་གཅོད། །སྒྲོལ་བྱེད་དྲག་པོའི་སེང་ཆེན་ཁྱོད་ལ་བསྟོད། །དངོས་གཅིག་དུ་མར་འཆར་བའི་རོལ་རྩེད་ལས། །ཐུགས་ཀྱི་དགྱེས་སྡེ་བཀའ་འཁོར་སྤྲུལ་པ་བཅས། །རྣམ་བཞིའི་ལས་ཀུན་ཐོགས་མེད་སྒྲུབ་མཛད་པའི། །བསྟན་སྲུང་དགྲ་ལྷའི་རྒྱལ་པོ་ཁྱེད་ལ་བསྟོད། །སྐལ་བཟང་གང་ཞིག་ཁྱེད་ལ་དད་པའི་མོད། །སྟོབས་དཔལ་མཐུ་ནུས་བསྐལ་པའི་མེ་བཞིན་སྤེལ། །དགྲ་གདོན་འབྱུང་པོའི་བླ་སྲོག་ཕྱེ་མར་བྱེད། །སེང་ཆེན་བདུད་འདུལ་དཔའ་བོ་ཁྱོད་ལ་བསྟོད། །ས་གསུམ་ཆེ་རྒུ་ཀུན་གྱི་ཅོད་པཎ་ལ། །གསང་གསུམ་རྒྱལ་ཐབས་ཐོབ་པར་དབང་བསྒྱུར་ཞིང་། །སྙན་པའི་བ་དན་ཕྱོགས་བཅུར་རྒྱས་མཛད་པ། །དོན་གྲུབ་ཝེར་མ་དཀར་པོ་ཁྱེད་ལ་བསྟོད། །དེང་འདིར་རིག་འཛིན་རྣལ་འབྱོར་བདག་ཅག་གི། །མི་འབྲལ་རྡོ་རྗེ་གསང་བའི་དམ་ཚིག་ཆུས། །སྲོག་གི་སྙིང་པོ་གཅིག་ཏུ་བསྡུ་ལགས་ན། །ཐུགས་ཀྱིས་དགོངས་ནས་མྱུར་དུ་འགྲུབ་པར་མཛོད། །སྐབས་འདི་སྤྲོ་ན། ཞལ་དཀར་འབུམ་པའི་ཕྲིན་ལས་རྡོ་རྗེའི་རླུང་ཤུགས་སོགས་ཀྱང་སྦྱར་རོ། །བདུན་པ་བཟླས་པ་བྱ་བ་ནི། རང་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། སྐྱེས་བུ་ཆེན་པོའི་ཐུགས་ཀར་ཉི་མའི་གདན་ལ་ཨ་ཡིག་དཀར་པོའི་མཐར་སྔགས་ཀྱི་ཡི་གེས་བསྐོར་བ་ལ་ཕོགདེ་ལས་འོད་ཟེར་སྣ་ལྔ་བྱུང་བ་རང་ལ་ཐིམ་པས་ལས་བཞིའི་ཕྲིན་ལས་བསམ་པ་ཙམ་གྱིས་ཐོགས་མེད་དུ་འགྲུབ་པའི་བདག་ཉིད་དུ་འགྱུར་བར་བསམས་ལ། དམིགས་པ་རྩེ་གཅིག་ཏུ་གཏད་དེ། ༀ་ཏྲི་མ་ཞིམ་ཁྱིམ་མེ་མུ་ཏྲ་འབར་ར་ཧཾཿཨ་ལ་ལི་ལ་མོཿགཏུང་པ་ཁྱེ་ཨ་ཧོ་ཡེ་སིངྔྷི་ཧཱུྃ༔ཏྲཀྵིར་ཁྱིམ་ཤིཾནྟཾཔུཥྚཾ་ཝ་ཤཾ་མ་ར་ཡ་སིདྡྷི་ཧཱུྃ་ཛཿཞེས་ཅི་ནུས་བཟླས་མཐར་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་བཟླ། ༀ་ཏྲི་མ་ཞིམ་ཁྱིམ་ས་པཱ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། ཧཱུྃ་རྒྱལ་བ་ཀུན་དངོས་སོགས་ཤླཽ་ཀས་བསྟོད་དོ། །བརྒྱད་པ་ཐུགས་དམ་བསྐང་བ་ནི། བསྐང་རྫས་རྣམས། ཨ་མྲྀ་ཏས་བསངས། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་བྷཱུྃ་ལས་གནས་ཁང་ཡིད་འཕྲོག་ནོར་བུའི་གཞལ་མེད་ཁང་ཆེན་པོར་ཕྱི་ནང་གསང་བའི་མཆོད་པ་སྤྱན་གཟིགས་མཐུན་རྫས་རྟེན་རྫས་བསྐང་རྫས་ལ་སོགས་པ་ཐམས་ཅད་སྲིད་ཞིའི་འདོད་ཡོན་གྱི་རྣམ་པ། མཁོ་དགུ་ཚང་བ། བཟང་དགུས་འབྱོར་པ། མཛེས་དགུས་བརྒྱན་པ། ངོ་བོ་ཡེ་ཤེས་སྒྱུ་མའི་རང་བཞིན་བདེ་བའི་རྣམ་པ་ཐམས་ཅད་པར་འཆར་བས་ནམ་མཁའི་ཁམས་གང་བར་གྱུར། ཞེས་དང་། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་དང་། བཛྲ་སྥར་ཎ་ཁཾ་གིས་བྱིན་གྱིས་བརླབས་ཤིང་ཟད་མི་ཤེས་པར་སྤེལ་ལ། ཧཱུྃ་ཧྲཱིཿརང་བྱུང་ཀ་ནས་དག་པའི་ཐིག་ལེ་ནི། །གདོད་ནས་སྣང་སྟོང་མཉམ་པའི་ཡེ་ཤེས་ཉིད། །རང་ཤར་ལྷུན་གྱིས་གྲུབ་པའི་རྩལ་སྣང་ལས། །སྣང་སྲིད་རྣམ་དག་ནོར་བུའི་གཞལ་མེད་ཁང་། །རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པའི་དབུས། །བུམ་བཟང་དཔག་བསམ་ཤིང་དང་འདོད་འཇོའི་བ། །ལྷ་དང་བྱང་ཆུབ་སེམས་དཔའི་ནོར་བུའི་རིགས། །རིན་ཆེན་རི་བོ་བདུད་རྩིའི་ཆུ་མཚོ་དང་། །མ་རྨོས་ལོ་ཏོག་གྲུབ་པའི་དམ་རྫས་ཚོགས། །སྣ་ཚོགས་ནོར་གྱི་ཁྱུ་དང་རཏྣའི་གཏེར། །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་རིན་ཆེན་སོགས། །ལྷ་ཀླུ་མི་ཡི་འབྱོར་པ་རྨད་བྱུང་བས། །ཕྱོགས་རྣམས་ཀུན་ཏུ་ཕྱུར་བུར་གང་བྱས་ཤིང་། །མཁའ་ལ་གསེར་གྱི་སྙིང་པོའི་སྤྲིན་ཆེན་ལས། །བསྟོད་བསྔགས་སྙན་པའི་འབྲུག་སྒྲ་འབུམ་འཁྲོལ་ཞིང་། །ཡིད་འོང་གསེར་འབར་གློག་གི་ཟློས་གར་རྩེས། །དགོས་འདོད་ནོར་བུའི་ཆར་པ་སི་ལི་ལི། །དཔའ་མཛངས་མཛེས་པའི་སྐྱེས་བུ་བྱེ་བ་སྙེད། །དགྱེས་པའི་བྲོ་གར་འདུ་འགྲོ་ཡིད་དུ་འོངས། །རྨད་བྱུང་ལྟ་ན་སྡུག་པའི་སྨིན་ལེགས་འབུམ། །ཡིད་འཕྲོག་འཇོ་སྒེག་རོལ་པའི་རྒྱང་གླུ་རྩེ། །དམ་རྫས་སྨན་རཀ་གཏོར་མ་རི་མཚོར་བསྐྱིལ། །འདོད་ཡོན་དྲུག་ལྡན་མཆོད་པའི་སྤྲིན་ཕུང་འཐིབ། །རྡོ་རྗེའི་རིགས་མ་འབུམ་གྱིས་དགྱེས་འཛུམ་འཁྱུད། །མདོར་ན་ཕྱི་དང་ནང་དང་གསང་བ་ཡི། །འཇིག་རྟེན་འཇིག་རྟེན་འདས་པའི་མཆོད་པའི་སྤྲིན། །མ་ལུས་ལུས་པ་མེད་པར་ལྷུན་གྲུབ་པ། །དགོས་འབྱུང་འཛད་མེད་སྒྱུ་འཕྲུལ་དྲྭ་བའི་གར། །སྣང་སྲིད་བདེ་བ་ཆེན་པོར་རང་ཤར་བ། །རྨད་བྱུང་རྡོ་རྗེ་བཀོད་པའི་མཆོད་སྤྲིན་འདི། །ཡེ་ཤེས་འདོད་དགུའི་རོལ་མོར་འཆར་བའི་འཕྲུལ། །ཀུན་བཟང་མཆོད་སྤྲིན་རྟག་ཁྱབ་ལྷུན་གྲུབ་གཏེར། །དཔལ་ལྡན་འབྱོར་པ་མཆོག་གི་མཆོད་ཆེན་འདིས། །སྐྱབས་གནས་དཀོན་མཆོག་རྒྱ་མཚོའི་ཐུགས་དམ་བསྐང་། །རབ་འབྱམས་རྩ་བ་གསུམ་གྱི༴ ཆོས་སྐྱོང་ནོར་ལྷ་གཏེར་བདག༴ ཁྱད་པར་དོན་གྲུབ་ཝེར་མ་དཀར་པོ་ནི། །སྐུ་རྗེ་སེང་ཆེན་ནོར་བུ་དགྲ་འདུལ་རྩལ། །རྡོ་རྗེ་ཚེ་གཡང་ལོངས་སྤྱོད་རྒྱལ་པོ་ཆེ། །སྣང་གསལ་ཨ་དཀར་འོད་ཀྱི་ཝེར་མ་མཆོག །འདོད་དགུའི་དཔལ་སྟེར་བསམ་འཕེལ་ཡིད་བཞིན་དབང་། །ས་གསུམ་དབང་བྱེད་སེང་ཆེན་དབང་གི་རྒྱལ། །བདུད་དགྲ་ཀུན་འདུལ་སྒྲོལ་བྱེད་དྲག་རྩལ་ཅན། །སྣང་སྲིད་དགྲ་ལྷའི་རྒྱལ་པོའི་ཐུགས་དམ་བསྐང་། །དགྱེས་ཡུམ་མཁའ་འགྲོ་བཞི་ཡི༴ དམག་དཔོན་མིག་དམར་ཆེན་པོའི༴ དམ་ཅན་རྡོ་རྗེ་ལེགས་པའི༴ སྨན་བཙུན་རྡོ་རྗེ་གཡུ་སྒྲོན༴ རྨ་རྒྱལ་རྡོ་རྗེ་དྲག་རྩལ༴ ཕུ་བོ་དུང་ཁྱུང་དཀར་པོའི༴ སྟེང་ཕྱོགས་ལྷ་ཡི་གཏེར་བདག༴ ཕ་ཡབ་གེར་མཛོ་གཉན་པོའི༴ བར་ཕྱོགས་གཉན་གྱི་གཏེར་བདག༴ ནུ་བོ་ཀླུ་སྦྲུལ་འོད་འབྱུང་༴ འོག་ཕྱོགས་ཀླུ་ཡི་གཏེར་བདག༴ ཨ་ནེ་གུང་སྨན་རྒྱལ་མོའི༴ སྣང་སྲིད་མ་མོའི་ཚོགས་ཀྱི༴ སྲིང་ལྕམ་ཐ་ལེ་འོད་དཀར༴ འབྱུང་བ་ལྔ་ཡི་ལྷ་མོའི༴ རྫུ་འཕྲུལ་རླུང་རྟ་ལྷ་བཞིའི༴ མགྲོན་གཡག་དར་མ་བཅུ་གསུམ༴ གནམ་ས་བར་གྱི་ཝེར་མའི༴ སྐུ་འཁོར་དགྲ་བླ་ཝེར་མའི༴ ཌཱ་ཀི་དྭངས་སྨན་ཚོགས་ཀྱི༴ དཔའ་བརྟུལ་དཔའ་བོའི་ཚོགས་ཀྱི༴ བཀའ་འབངས་སྤྲུལ་པའི་ལྷ་དམག༴ བཀའ་སྡོད་སྣང་སྲིད་དྲེགས་པའི༴ སྣང་སྲིད་དགྲ་བླ་ཝེར་མའི་ཐུགས་དམ་བསྐང་། །མདོར་ན་སེང་ཆེན་ནོར་བུའི་དཀྱིལ་འཁོར་དུ། །དགྱེས་བཞིན་བཞུགས་པ་རབ་འབྱམས་ནོར་ལྷའི་ཚོགས། །ཡེ་ཤེས་ལས་དང་འཇིག་རྟེན་ཚུལ་འཛིན་པ། །མ་ལུས་ལུས་པ་མེད་པའི་ཐུགས་དམ་བསྐངས། །དག་མཉམ་བདེ་བ་ཆེན་པོར་རྟག་དགྱེས་ནས། །བདག་ཅག་སྒྲུབ་པ་པོ་ལ་ཚེ་དང་གཡང་། །བསོད་ནམས་དཔལ་འབྱོར་བདེ་སྐྱིད་ཆོས་དང་དབང་། །གཟུངས་སྤོབས་བློ་དང་གཟི་བརྗིད་བཀྲག་མདངས་བཅུད། །ཉམས་དང་རྟོགས་པ་མཐུ་སྟོབས་ནུས་པའི་རྩལ། །ཡར་ངོའི་ཟླ་བ་བཞིན་དུ་འཕེལ་བ་དང་། །ཕྱོགས་དང་དུས་ཀྱིས་བསྡུས་པའི་ཕྱྭ་གཡང་དཔལ། །ཆར་ཕོབ་མཚོ་ལྟར་བསྐྱིལ་ལ་སྤྲིན་ལྟར་བསྡུས། །བདེ་སྟོང་རྡོ་རྗེ་ཐུགས་ཀྱི་ངང་ཉིད་ནས། །རྟག་ཏུ་མི་འབྲལ་དགྱེས་རྒུར་སྐྱོང་མཛད་དེ། །བདེ་ནས་བདེ་བར་རྣམ་མཁྱེན་ནོར་བུ་གླིང་། །ཇི་དགར་བགྲོད་པའི་སྐལ་བཟང་མཆོག་སྩོལ་ཞིང་། །དཔལ་ལྡན་ནོར་ལྷ་རྒྱ་མཚོའི་དཀྱིལ་འཁོར་གྱིས། །བྱིན་ནུས་ཕྱྭ་གཡང་གནས་འདིར་ཆགས་གྱུར་ནས། །ཁམས་གསུམ་སྲིད་གསུམ་དབང་དུ་འདུ་བ་དང་། །ཕྱོགས་ལས་རྣམ་པར་རྒྱལ་བའི་མཆོག་སྩོལ་ཅིག །སྙན་དང་གྲགས་པས་རྒྱལ་ཁམས་ཀུན་ཏུ་གང་། །བཀྲ་ཤིས་བསྟན་པ་ཕྱོགས་ཀྱི་ཐ་གྲུར་ཁྱབ། །མངའ་ཐང་དབུ་འཕང་སྲིད་པའི་རྩེ་མོར་བསྟོད། །ཕུན་ཚོགས་བསམ་རྒུ་འགྲུབ་པར་མཛད་དུ་གསོལ། །བཀྲ་ཤིས་དགེ་མཚན་བྱེ་བའི་གཟི་བྱིན་གཡང་། །རྟག་ཏུ་སྣང་སྟོང་ཐིག་ལེར་འཁྱིལ་མཛད་ཅིང་། །མི་ཤིགས་ཀུན་འབྱུང་བུམ་པ་བཟང་པོ་ནས། །མཆོག་ཏུ་ཚིམ་བྱེད་གྲུབ་པའི་རྒྱལ་ཐབས་སྩོལ། །མཐའ་ཡས་འགྲོ་བ་ཀུན་ལ་དུས་རྟག་ཏུ། །ཕན་བདེ་མི་ཟད་མཆོག་གི་གཞིར་གྱུར་པ། །ཡེ་ཤེས་ནོར་བུ་འབར་བའི་གཟི་བྱིན་འོད། །ཆོས་ཀྱི་དབྱིངས་དང་མཉམ་པར་རྒྱས་པར་མཛོད། །བདུད་འདུལ་དྲག་པོ་སྔགས་ཀྱི་གཟི་འབར་ཞིང་། །སྐྱེ་རྒུ་མོས་སྣང་ཆོས་ལ་བསྒྱུར་བ་ཡི། །ཚར་གཅོད་རྗེས་སུ་བཟུང་བའི་ཕྲིན་ལས་ལ། །དབང་འབྱོར་མཐུ་སྟོབས་ནུས་པའི་དངོས་གྲུབ་སྩོལ། །སྙིང་ག་དཔལ་གྱི་བེའུའི་གསང་མཛོད་ནས། །གཟུངས་སྤོབས་བློ་གྲོས་ནོར་བུའི་གཏེར་སྒོ་ཕྱེས། །གཞན་ཕན་མཁའ་དང་མཉམ་པའི་ཕྲིན་ལས་ཀྱིས། །དོན་གཉིས་ཡིད་བཞིན་འགྲུབ་པར་མཛད་དུ་གསོལ། །བྱང་ཆུབ་སེམས་ལྡན་ཀུན་བཟང་སྤྱོད་པ་ཡིས། །ཟབ་མོ་རྡོ་རྗེའི་ཐེག་མཆོག་ལ་གནས་ནས། །ས་ལམ་མངོན་པར་རྟོགས་པ་ཆེར་འཕེལ་ཞིང་། །མྱུར་དུ་རྣམ་གྲོལ་རྒྱལ་བའི་དབང་པོར་མཛོད། །དགུ་པ་བཤགས་པ་ནི། ཧཱུྃ། རྩ་གསུམ་ཀུན་འདུས་གེ་སར་ཡིད་བཞིན་ནོར། །ཐུགས་རྗེ་བརྩེ་བས་བདག་ལ་དགོངས་སུ་གསོལ། །བདག་ཅག་མ་རིག་འཁྲུལ་པའི་གཞན་དབང་གིས། །སྐུ་གསུང་ཐུགས་དང་རྩ་བ་ཡན་ལག་གི། །དམ་ཚིག་ཆག་ཉམས་འགལ་བ་ཅི་མཆིས་པ། །ཐོགས་མེད་ནས་བསགས་སྡིག་སྒྲིབ་ཉེས་པའི་ཚོགས། །འགྱོད་པས་བཤགས་སོ་བྱང་ཞིང་དག་པ་དང་། །མི་སྒྲིབ་ཚངས་པ་མཆོག་གི་དངོས་གྲུབ་སྩོལ། །ཅེས་དང་ཡི་གེ་བརྒྱ་པ་བཟླ། བཅུ་པ་མངའ་གསོལ་ནི། ཧཱུྃ། རྒྱལ་བ་ཀུན་གྱི་ཕྲིན་ལས་དཔའ་བོ་ཆེ། །ནག་ཕྱོགས་གདུལ་དཀའ་མ་ལུས་འཇོམས་པའི་གཉེན། །དཀར་ཕྱོགས་རྣམ་པར་རྒྱལ་བའི་རྒྱལ་མཚན་མཆོག །སེང་ཆེན་དགྲ་བླ་ཝེར་མའི་རྒྱལ་པོ་ཁྱོད། །རྣལ་འབྱོར་བདག་གི་བྱང་ཆུབ་སྙིང་པོའི་བར། །རེ་ལྟོས་མི་འགྱུར་ཡིད་བཞིན་ནོར་བུའི་ཚུལ། །ཕྱོགས་ལས་རྣམ་པར་རྒྱལ་བའི་བ་དན་དུ། །དཔང་བསྟོད་མངའ་གསོལ་རྡོ་རྗེའི་དམ་ཚིག་བསྲེ། །བསམ་འགྲུབ་བདེ་བ་ཆེན་པོའི་ཕོ་བྲང་དུ། །སྣང་སྲིད་དྲེགས་པ་ཡོངས་ཀྱི་སྲོག་གི་བདག །རིག་འཛིན་ཆེན་པོ་འཛམ་གླིང་རྒྱན་མཆོག་རྩལ། །རྣལ་འབྱོར་སྙིང་གི་ཐིག་ལེར་མངའ་གསོལ་ལོ། །དཔའ་བོ་ཆེན་པོ་བདུད་དགྲ་བདུད་འདུལ་བ། །ཤེས་རབ་རལ་གྲི་མདའ་གཞུ་རྣམ་པར་འཛིན། །དྲན་པས་འཁྲུལ་སྣང་འཁོར་བའི་གཡུལ་འཇོམས་པ། །རོ་མཉམ་རྡོ་རྗེའི་དབྱིངས་སུ་མངའ་གསོལ་ལོ། །སྲིད་གསུམ་སྐྱེ་རྒུ་ཀུན་གྱི་ཅོད་པཎ་ལ། །ཆེ་བཙན་འགྲན་ཟླ་མེད་པར་དབང་བསྒྱུར་ཞིང་། །སྣང་སྲིད་དགྲ་བླ་ཝེར་མའི་དཀྱིལ་འཁོར་གྱི། །རྗེ་བཙུན་དཔའ་བོ་ཁྱེད་ཉིད་མངའ་གསོལ་ལོ། །ལྷ་དབང་གཡུལ་ལས་རྒྱལ་བའི་རྔ་སྒྲ་ལྟར། །མི་འཇིགས་སྤོབས་པའི་བདུད་རྩི་ཟླ་མེད་པ། །མྱུར་དུ་སྙིང་ལ་སྩོལ་བའི་ཕྲིན་ལས་ཀྱི། །རྣོ་མྱུར་ཐོགས་པ་མེད་པར་གཡོ་བར་མཛོད། །བཅུ་གཅིག་པ་ཐུགས་དམ་བསྐུལ་ཞིང་ཕྲིན་ལས་བཅོལ་བ་ནི། སླར་ཡང་བདུད་རྩིའི་ཕུད་གཏོར་ལ། ཧཱུྃ་ཧཱུྃ། དགྲ་ལྷའི་རྒྱལ་པོ་རྡོ་རྗེ་ཚེ་ཡི་རྒྱལ། །སྔོན་གྱི་དམ་བཅའ་གཉེན་པོའི་དུས་ལ་བབས། །རྣལ་འབྱོར་བདག་གི་རེ་བ་ཆུད་མ་གསན། །ལས་སྨོན་འབྲས་བུ་བསླུ་བ་མེད་པར་མཛོད། །སྐལ་ངན་སྙིགས་མའི་ཡང་མཐའ་འདི་ན་ནི། །ནག་ཕྱོགས་བདུད་སྲིན་འབྱུང་པོའི་དཔུང་བསྐྱེད་ནས། །ཐེག་མཆོག་བསྟན་པའི་མངའ་ཐང་སྨད་པའི་ཚེ། །ཁྱོད་ལ་འབོད་དོ་ཡེ་ཤེས་སྤྱན་གྱིས་གཟིགས། །མཐའ་བཞིའི་དམག་དཔུང་གློ་བུར་གདུག་པའི་རྐྱེན། །དགྲ་སྡེ་སྟོབས་ཤུགས་དར་བའི་ནགས་ཚལ་ལ། །མྱུར་དུ་རྔམས་པ་དགྲ་འདུལ་རྡོ་རྗེའི་མེ། །དཔའ་བོ་ཁྱེད་ཀྱི་དམ་བཅའ་དགོངས་པར་མཛོད། །རིག་འཛིན་རྣལ་འབྱོར་བདག་ལ་འཚེ་བ་དང་། །གསང་ཆེན་བསྟན་ལ་འཁུ་བ་རྡུལ་དུ་རློག །ཚེ་དཔལ་འབྱོར་པ་མི་ཟད་གཏེར་དུ་བསྐྱིལ། །ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་མཛོད། །འོད་གསལ་རྡོ་རྗེ་སྙིང་པོའི་བཤད་སྒྲུབ་སྡེས། །ནོར་འཛིན་ཐ་གྲུ་ཀུན་ལ་ཁྱབ་པ་དང་། །བཀྲ་ཤིས་ལས་མཐའ་བཙན་ཞིང་ཆོས་བརྒྱུད་འཕེལ། །ཆོས་མཐུན་བསམ་རྒུ་ཡིད་བཞིན་འགྲུབ་པར་མཛོད། །འདི་ནས་བྱང་ཆུབ་བར་དུ་བདག་ཅག་ལ། །ལུས་དང་གྲིབ་མ་བཞིན་དུ་མི་འབྲལ་བར། །རྟག་ཏུ་ལེགས་དང་སྤྲོད་ལ་ཉེས་དང་བསྣོལ། །ཅི་བཅོལ་ཕྲིན་ལས་ཐོགས་པ་མེད་པར་སྒྲུབས། །སྙན་གྲགས་དགེ་མཚན་དཀར་བའི་བ་དན་གྱིས། །སྲིད་པ་གསུམ་པོ་ཟིལ་གྱིས་ནོན་པ་ཡི། །ངོ་མཚར་དགྲ་བླ་ཝེར་མའི་སྟོབས་ཤུགས་ཀུན། །ད་ལྟ་ཉིད་དུ་བདག་ལ་འཇུག་པར་མཛོད། །གནས་སྐབས་ཞི་རྒྱས་དབང་དང་དྲག་པོའི་ལས། །བསམ་པ་ཙམ་གྱིས་ཐོགས་མེད་འགྲུབ་པ་དང་། །མཐར་ཐུག་ཁྱེད་ཐུགས་གདོད་མའི་གཞི་དབྱིངས་སུ། །རང་བྱུང་ཡེ་ཤེས་ཀུན་ཏུ་འགྲུབ་པར་མཛོད། །ཅེས་འདོད་པའི་དོན་ལ་ཕྲིན་ལས་བཅོལ་ཞིང་གསོལ་བ་གདབ། སྐབས་འདིར་དགོས་གལ་བྱུང་ན། ཝེར་མའི་གསོལ་ལོ་ཆེན་མོའི་བྲོ་ཡི་ལས་མཐའ་དང་། མ་སང་དགྲ་བྲུབ་སོགས་ཀྱང་སྐབས་དང་བསྟུན་ལ་སྦྱར་བར་བྱའོ། །བཅུ་གཉིས་པ་གཏོར་མ་སྟོབ་པ་ནི། མཆོད་གཏོར་ལ་སྨན་རཀྟ་བྲན་ཞིང་འབྲུ་གསུམ་གྱི་བྱིན་གྱིས་བརླབས་ལ། ༀ་མ་ཧཱ་སིངྔྷི་མ་ཎི་རཱ་ཛ་ས་པཱ་རི་ཝཱ་ར་ཨི་དམ་བ་ལིཾ་ཏ་ཁཱ་ཧི། ལན་གསུམ་གྱིས་ཕུལ་ལ། ཧཱུྃ་ཧཱུྃ། དབྱིངས་ནས་ཐུགས་རྗེ་མ་གཡེལ་སེང་ཆེན་རྗེ། །རྩ་གསུམ་ཀུན་འདུས་ནོར་བུ་དགྲ་འདུལ་རྩལ། །ཆོས་སྐྱོང་དགྲ་བླ་ཝེར་མ་འཁོར་དང་བཅས། །ཐུགས་རྗེ་ཐུགས་དམ་དབང་གིས་འདིར་གཤེགས་ལ། །དམ་རྫས་བདུད་རྩི་གཏོར་མའི་མཆོད་པ་བཞེས། །སྒྲུབ་པའི་རྟགས་མཚན་དངོས་སུ་བསྟན་པ་དང་། །རེ་བའི་འབྲས་བུ་ཡིད་བཞིན་འགྲུབ་པར་མཛོད། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །རྩ་གསུམ་ཀུན་འདུས་སྐྱེས་མཆོག་དགྲ་ལྷ་རྗེ། །ཡིད་བཞིན་ནོར་བུ་སེང་ཆེན་དགྲ་འདུལ་རྩལ། །སྙིང་གི་པདྨོར་ཁྱེད་གཅིག་རྟག་བརྟེན་ནས། །དད་པ་འགྱུར་བ་མེད་པས་ཁྱོད་བསྙེན་ཅིང་། །དམ་ཚིག་རྣམ་པར་དག་པས་ཁྱོད་བསྟེན་ལ། །གཉིས་མེད་ཡེ་ཤེས་ཆེན་པོར་ཁྱོད་སྒྲུབ་བོ། །བྱང་ཆུབ་བར་དུ་སྲུང་སྐྱོབ་གཡེལ་མེད་པར། །ཡེ་ཤེས་སྤྱན་གྱིས་གཟིགས་ལ་མཐུ་སྐྱེད་ཅིག །དང་པོའི་ལས་ཅན་སྒྲིབ་པས་མནར་བ་བདག །ནོངས་པ་གང་མཆིས་ཁྱེད་ལ་སྙིང་ནས་བཤགས། །མཐུ་དཔུང་ཁྱེད་བརྟན་རྒྱལ་མཚན་ཁྱེད་ཕྱར་ཞིང་། །གཏན་དུ་མི་བསླུའི་བློ་གཏད་ཁྱེད་ལ་འཆའ། །སྙིགས་དུས་ཕྱི་ནང་ཉེས་པ་དུ་མས་མནར། །སུ་ལའང་ཡིད་བརྟན་རེ་བ་མེད་མཐོང་ནས། །བུ་ཆུང་མ་ལ་གདུང་བཞིན་ཁྱེད་དྲན་ན། །དུས་གསུམ་ཕ་ལྟར་མགོན་མཛད་ཁྱེད་ཉིད་ཀྱིས། །སྲིད་གསུམ་དགྲ་རུ་ལངས་ཀྱང་བདག་གཅིག་ལ། །ཕྱོགས་ལས་རྣམ་རྒྱལ་སྙན་པའི་བ་དན་སྩོལ། །དཔལ་འབྱོར་དཔག་བསམ་བུམ་བཟང་ནོར་བུའི་གཏེར། །ལག་པའི་མཐིལ་ན་གནས་པ་ཉིད་དུ་མཛོད། །རྐང་གཉིས་རྣམས་ལས་འཁོར་ལོས་སྒྱུར་བ་དང་། །རྐང་བཞི་རྣམས་ལས་གདོང་ལྔའི་དབང་པོ་ལྟར། །མངོན་འཕགས་ངོ་མཚར་ཉི་མ་ཆེན་པོ་ཡིས། །འགྲན་འདོད་ཟླ་བ་སྐར་མའི་ཚོགས་ནོན་ཅིག །མཁའ་ཁྱབ་ཕན་བདེའི་དཔལ་དུ་རྟག་གྱུར་པ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་བདག་སྒྲུབ་ཀྱིས། །སྲས་བཅས་རྒྱལ་བའི་ཕྲིན་ལས་དཔའ་བོ་ཡིས། །བདག་གི་ཡིད་ལ་རེ་བ་ཡོངས་རྫོགས་མཛོད། །ཡིད་ལ་གང་དང་གང་བསམ་ཐོགས་མེད་དུ། །བཞད་པའི་གད་རྒྱངས་བཅས་ཏེ་ངོ་མཐོར་སྒྲུབས། །རང་བྱུང་ཡེ་ཤེས་མཁའ་མཉམ་ནོར་བུའི་སྐུ། །འཇམ་དཔལ་དཔལ་དང་ལྡན་པར་བདག་གྲུབ་མཛོད། །ཅེས་གཏོར་མ་སྟོབ་ཅིང་འདོད་དོན་གསོལ་ལོ། །གསུམ་པ་རྗེས་ཀྱི་ཆོ་ག་ལ་ལྔ་ལས། དང་པོ་གཏང་རག་གི་མཆོད་བསྟོད་ནི། ༀ་བཛྲ་གུ་རུ་དྡྷེ་ཝ་ཌཱ་ཀི་ནི་ངྷཱརྨ་པཱ་ལ་མ་ཎི་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། བསྟོད་པ་ནི། མཐོང་བས་ཡིད་འཕྲོག་ཉམས་བརྒྱས་སྒེག་པའི་སྐུ། །ཐོས་པས་རབ་དགའ་སྙན་པའི་དབྱངས་ལྡན་གསུང་། །དྲན་པས་མཆོག་སྟེར་མཁྱེན་བརྩེས་ཁྱབ་པའི་ཐུགས། །རྩ་གསུམ་འདུས་ཞལ་ཁྱོད་ལ་ཕྱག་འཚལ་བསྟོད། །ཞེས་དང་། གཉིས་པ་ནོངས་བཤགས་ནི། མ་རྙེད་ཡོངས་སུ་མ་ཚང་དང་། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །ཞེས་དང་། ཡི་གེ་བརྒྱ་པ་བཟླ། གསུམ་པ་བརྟན་བཞུགས་ནི། རྟེན་ཡོད་ན། འདིར་ནི་རྟེན་དང་ལྷན་ཅིག་ཏུ། །སོགས་བརྟན་བཞུགས་སྤྱི་དང་མཐུན། མེད་ན་དགྲ་བླ་ལུས་གཞུག་བྱ་བའམ་གཤེགས་གསོལ་སྤྱི་ལྟར་བྱའོ། །བཞི་པ་སྨོན་ལམ་ནི། རབ་དགེ་དྲི་མེད་ནོར་བུའི་སྤྲིན་ཆེན་ལས། །གནས་སྐབས་ཚེ་དཔལ་འདོད་རྒུའི་ཆར་འབེབས་ཤིང་། །མཐར་ཐུག་འགྲོ་ཀུན་བདུད་བཞི་ལས་རྒྱལ་ནས། །རང་བྱུང་འཇམ་དཔལ་དཔའ་བོའི་སྐུ་འགྲུབ་ཤོག །ལྔ་པ་ཤིས་བརྗོད་ནི། ༀ། མཁའ་ལ་རྩ་གསུམ་བྱིན་རླབས་སྤྲིན་ཆེན་འཁྲིགས། །བར་ན་དགྲ་ལྷ་དགྱེས་པའི་འབྲུག་སྟོང་ལྡིར། །ས་ལ་སྡེ་བཞིའི་མངའ་ཐང་ཆུ་གཏེར་འཕེལ། །དོན་གཉིས་བསམ་ཀུན་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་སོགས་བཀྲ་ཤིས་པའི་ཚིགས་སུ་བཅད་པ་དུ་མས་ཕྱོགས་ཀུན་ཏུ་བདེ་ལེགས་ཀྱི་སྣང་བ་ཆེན་པོས་ཁྱབ་པར་བྱའོ། །དཔའ་བོ་གང་ཞིག་དྲན་པ་ཙམ་གྱིས་ཀྱང་། །མི་མཐུན་ཉེས་བརྒྱའི་གཡུལ་ལས་རྣམ་རྒྱལ་ཞིང་། །ཕུན་ཚོགས་སྡེ་བཞིའི་དཔལ་མང་སྦྱིན་མཛད་པ། །རྩ་གསུམ་ཀུན་འདུས་སེང་ཆེན་ཡིད་བཞིན་དབང་། །ཇི་ལྟར་མཆོད་པའི་ལས་རིམ་འཇུག་བདེའི་ཁྲིགས། །འཇམ་མགོན་བླ་མའི་གསུང་གི་བཅུད་བསྡུས་ཤིང་། །རིག་འཛིན་བརྒྱུད་པའི་ཕྱག་བཞེས་གྱིས་བརྒྱན་ཏེ། །སྤེལ་འདི་མི་དབང་དགྱེས་པ་བསྐྱེད་བསླད་ཡིན། །དེ་ལས་བྱུང་བའི་ལེགས་བྱས་ཟླ་གཞོན་གྱིས། །སྙིགས་ལྔའི་རྒུད་པའི་ཚ་དབལ་ཀུན་ཞི་ཞིང་། བསྟན་འགྲོའི་བདེ་སྐྱིད་རྣམ་བཀྲའི་ཀུ་མུཏ་ཚལ། །རབ་བཞད་ཕན་བདེའི་ཆུ་གཏེར་འཕེལ་གྱུར་ཅིག །ཅེས་པའང་༧གངས་ལྗོངས་ལྷ་མིའི་བླ་མ་སྐྱབས་མཆོག་ཐམས་ཅད་མཁྱེན་པའི་ཕྲིན་ལས་ཀྱི་ཁ་ལོ་པ། རིས་མེད་པའི་བསྟན་འགྲོ་ལ་སྨན་པའི་ཐུགས་བསྐྱེད་རྨད་དུ་བྱུང་བའི། སྡེ་སྤྱི་གཙང་མདའ་ཁྱུང་རི་མཆོག་ནས་བཀའ་ཕེབས་བཞིན། སྨུག་པོ་ལྡོང་གི་རིགས་ལས་སྐྱེས་པའི་རྙིང་བཙུན་འགྱུར་མེད་པདྨ་བསྟན་འཛིན་གྱིས་དུས་ཚེས་དགེ་བར་བྲིས་ཏེ་ཕུལ་པ་དགེ་ལེགས་ཀྱི་སྣང་བ་ཆེན་པོས་ཁྱབ་ཅིང་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་རྒྱུར་གྱུར་ཅིག། །།

གེ་སར་གསོལ་བསྡུས།

༄༅། །གེ་སར་གསོལ་བསྡུས། ཧཱུྃ་ཧཱུྃ། དབྱིངས་ནས་ཐུགས་རྗེ་མ་གཡེལ་སེང་ཆེན་རྗེ། །རྩ་གསུམ་ཀུན་འདུས་ནོར་བུ་དགྲ་འདུལ་རྩལ། །ཆོས་སྐྱོང་དགྲ་བླ་ཝེར་མའི་འཁོར་དང་བཅས། །ཐུགས་རྗེ་ཐུགས་དམ་དབང་གིས་འདིར་གཤེགས་ལ། །དམ་རྫས་བདུད་རྩི་གཏོར་མའི་མཆོད་པ་བཞེས། །སྒྲུབ་པའི་རྟགས་མཚན་དངོས་སུ་བསྟན་པ་དང་། །རེ་བའི་འབྲས་བུ་ཡིད་བཞིན་འགྲུབ་པར་མཛོད། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ༀ་མ་ཧ་སིངྔྷི་མ་ཎི་རཱ་ཛ་ས་པ་རི་ཝཱ་ར་ཨེ་དམ་བ་ལིངྟ་ཁཱ་ཧི། ངྷཱི་མིང་པས་སོ། །

དགྲ་བླའི་རྒྱལ་པོ་གེ་སར་གྱི་རྒྱུན་གསོལ་བསམ་དོན་ལྷུན་འགྲུབ།

༄༅། །དགྲ་བླའི་རྒྱལ་པོ་གེ་སར་གྱི་རྒྱུན་གསོལ་བསམ་དོན་ལྷུན་འགྲུབ་བཞུགས་སོ། །ༀ་ཨཱཿཧཱུྃ། གསོལ་ལོ་མཆོད་དོ་རྩ་གསུམ་ཀུན་འདུས་སེང་ཆེན་ནོར་བུ་དགྲ་འདུལ། བདུད་འདུལ་ལས་ཀྱི་དབང་ཕྱུགརྣལ་འབྱོར་ཡོངས་ཀྱི་ཕོ་ཉ། རིག་འཛིན་ཡོངས་ཀྱི་སྲོག་ཤིང་སྐྱེས་བུ་ཡོངས་ཀྱི་དགྲ་ལྷ་ཆེན་པོ་ཡབ་ཡུམ་སྲས་འཁོར་དང་བཅས་པ་རྣམས་དང་། ཕུ་བོ་འབུམ་པ་ཞལ་དཀར་སོགས་ཕུ་ནུ་སུམ་ཅུ། དཔལ་ལྡན་ཌཱ་ཀིའི་གཙོ་མོ་སོགས་དྭངས་སྨན་བཅོ་བརྒྱད། ལྷ་ཀླུ་གཉན་གྱི་དམག་ཚོགས། དགྲ་བླ་ཝེར་མའི་དཔུང་རོགས། བཀའ་སྡོད་སྣང་སྲིད་དྲེགས་པ་དང་བཅས་པ་ཁྱེད་རྣམས་ལ་དམ་རྫས་ཕུད་ཀྱི་མཆོད་པ་སོགས་དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་པ་རྒྱ་ཆེན་པོས་མཆོད་དོ། །བསྟོད་དོ། །མངའ་གསོལ་ལོ། །དུས་འདི་ནས་བྱང་ཆུབ་སྙིང་པོའི་བར་དུ་རྣལ་འབྱོར་པ་བདག་གི་ཕོ་ལྷ་དང་དགྲ་ལྷ་མཛོད་ཅིགམགོན་སྐྱབས་དང་དཔུང་གྲོགས་མཛོད་ཅིགནད་གདོན་བར་ཆད་མི་མཐུན་པའི་ཕྱོགས་ཀུན་ལས་སྲུང་བ་དང་། ཚེ་བསོད་དཔལ་འབྱོར་མངའ་ཐང་སྙན་གྲགས་གཟི་བརྗིད་སྤོབས་པ་རིགས་བརྒྱུད་ལ་སོགས་པ་འདོད་པའི་དོན་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པ་དང་། ལྷ་འདྲེ་མི་གསུམ་ལ་སོགས་པ་གང་བསམ་དབང་དུ་འདུ་བ་དང་། གནོད་བྱེད་བསམ་སྦྱོར་ངན་པའི་དགྲ་བགེགས་ཐམས་ཅད་ཚར་གཅོད་པ་དང་། ས་དང་ལམ་གྱི་ཡོན་ཏན་མྱུར་དུ་རྫོགས་ཏེ་བླ་ན་མེད་པའི་བྱང་ཆུབ་ཐོབ་པ་དང་། དགྲ་བླ་ཝེར་མ་རྒྱ་མཚོའི་སྐུ་ཤུགས་བདག་ལ་ཞུགས་ནས་ཕྱོགས་མཐའ་དག་ལས་རྣམ་པར་རྒྱལ་བའི་དངོས་གྲུབ་མ་ལུས་པ་སྩོལ་བར་མཛོད་ཅིགཅེས་པའང་ཚངས་སྲས་འཇམ་དཔལ་རྡོ་རྗེས་བཀའ་ལུང་ཕེབས་པ་ལྟར་མི་ཕམ་རྣམ་པར་རྒྱལ་བས་དཔལ་ལྡན་ལྷུན་གྲུབ་སྟེང་དུ་རབ་ཚེས་ཤིང་ལུག་མཆུ་ཟླའི་ཡར་ཚེས་བཅུ་གསུམ་པར་སྤེལ་བ་འདིས་ཆོས་ལྡན་གྱི་རྒྱལ་པོའི་དབུ་འཕང་མཆོག་ཏུ་མཐོ་ཞིང་བསྟན་འགྲོའི་དོན་ལྷུན་གྱིས་གྲུབ་པར་གྱུར་ཅིགམངྒལཾ།

རིག་གསུམ་པདྨའི་སྒྱུ་འཕྲུལ་འཛམ་གླིང་གེ་སར་རྒྱལ་པོ་བརྟེན་སྒྲུབ་མཆོད་པའི་ལས་རིམ་འདོད་འབྱུང་ནོར་བུའི་དགའ་ཚལ།

༄༅། །རིག་གསུམ་པདྨའི་སྒྱུ་འཕྲུལ་འཛམ་གླིང་གེ་སར་རྒྱལ་པོ་བརྟེན་སྒྲུབ་མཆོད་པའི་ལས་རིམ་འདོད་འབྱུང་ནོར་བུའི་དགའ་ཚལ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་མཉྫུ་ཤྲཱི་ཡེ། ཤེས་རབ་རལ་གྲི་མདའ་གཞུ་ཐོགས། །ཉོན་མོངས་མི་ཤེས་གཡུལ་ངོ་སེལ། །དཔའ་བོ་བདུད་དགྲ་བདུད་འདུལ་བ། །གང་འདུལ་སྒྱུ་འཕྲུལ་དྲྭ་བར་འདུད། །རིགས་གསུམ་པདྨ་ཐོད་ཕྲེང་གི། །སྒྱུ་འཕྲུལ་འཛམ་གླིང་དགྲ་བླའི་རྒྱལ། །སེང་ཆེན་ཡིད་བཞིན་ནོར་བུ་མཆོག །སྒྲུབ་ཅིང་མཆོད་པའི་ལས་རིམ་བྲི། །འདིར་དབང་ཐོབ་ཅིང་དམ་ཚིག་ལ་གནས་པས་སེང་ཆེན་ཡིད་བཞིན་ནོར་བུ་བསྒྲུབ་པར་འདོད་པས་གནས་གཙང་མར། འཛོམས་ན་དགྲ་བླའི་སྐུ་འབག་དང་བླ་རྡོ་སྲོག་འཁོར་བཤམས་པའི་མདུན་དུ་རྩ་གསུམ་ཆོས་སྲུང་གི་མཆོད་གཏོར་སྤྱི་དང་། ཁྱད་པར་དགྲ་བླའི་གཏོར་མ་མཁར་ཐབས་ཀྱི་རྩེ་མོར་ནོར་བུ་འབར་བས་བརྒྱན་པ། འཁོར་བཤོས་བུ་བཞི་དང་རིལ་བུ་གྲངས་མེད་པས་བསྐོར། རྒྱུན་ཁྱེར་སོགས་ལ་མཆོད་གཏོར་མཐོང་བརྒྱུད་ལྟར་བཤམས་པ་མཆན། བའི་གཡས་གཡོན་དུ་སྨན་རག་དང་མདུན་དུ་ཕྱི་ནང་ཉེར་སྤྱོད་ཚོགས་གཏོར་སོགས་ཅི་འབྱོར་བའི་མཆོད་པ་དང་། གཞན་ཡང་བསྐང་རྫས་སྤྱན་གཟིགས་དཀོར་ནོར་རོལ་མོའི་བྱེ་བྲག་སོགས་ཇི་ལྟ་ར ིགས་པ་མངོན་པར་འདུ་བྱས་ཏེ། སྒྲུབ་པ་པོ་བདེ་བའི་སྟན་ལ་འཁོད་ནས། ཐོག་མར་འཁོར་བར་ངེས་འབྱུང་དང་གཞན་ཕན་བྱང་ཆུབ་སེམས་ཀྱི་ཀུན་ནས་བསླངས་ཏེ། འཁོར་འདས་ཀྱི་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་སྤྲོས་པའི་མཚན་མ་མཐའ་དག་དང་བྲལ་བ་ཡིན་ཡང་། རང་བཞིན་འོད་གསལ་ཀྱི་འཆར་སྒོ་ཅིར་ཡང་མ་འགགས་པས། རབ་འབྱམས་རྩ་གསུམ་ཆོས་སྲུང་དགྲ་བླའི་རོལ་པ་བསམ་གྱིས་མི་ཁྱབ་པར་འཆར་བས་ན། དེ་ཐམས་ཅད་ཀྱང་མཁའ་ཁྱབ་ཡེ་ཤེས་སྒྱུ་མའི་རོལ་མོ་གང་འདུལ་སྒྱུ་འཕྲུལ་དྲྭ་བར་སྣང་བའི་ཕྱིར་དངོས་གཅིག་དུ་མར་འཕྲུལ་བའི་ཚུལ་གྱིས་གནས་ཚུལ་ལ་བཟང་ངན་དམན་མཆོག་གི་དབྱེ་བསལ་རྡུལ་ཙམ་མ་དམིགས་ཤིང་། ཀུན་ཀྱང་རང་སེམས་གཉུག་མའི་རང་རྩལ་དུ་རྟོགས་པའི་ལྟ་བའི་གདེང་དང་ལྡན་པའི་ངང་ནས། ཐོག་མར་སྐྱབས་སུ་འགྲོ་བ་ནི། སྐྱབས་ཀྱི་དམ་པ་སྐྱབས་སུ་འོས། །འཇིག་རྟེན་དགྲ་སྟེ་རབ་ཀྱི་མཆོག །འཇིགས་པ་མ་ལུས་སེལ་བ་པོ། །སྐྱབས་གནས་རྣམས་ལ་སྐྱབས་སུ་མཆི། །ལན་གསུམ། སེམས་བསྐྱེད་པ་ནི། མི་ཤེས་འདམ་དུ་བྱིང་བ་ཡི། །སེམས་ཅན་ཀུན་ལ་སྨན་པ་དང་། །བླ་མེད་འབྲས་བུ་འཐོབ་བྱའི་ཕྱིར། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །ལན་གསུམ། ཚོགས་བསགས་ཡན་ལག་བདུན་པ་ནི། འགྲོ་བའི་བླ་མ་སྟོན་པ་པོ། །དམ་ཚིག་ཆེན་པོ་དེ་ཉིད་མཁྱེན། །དབང་པོ་བསམ་པ་མཁྱེན་མཆོག་གི། །བཅོམ་ལྡན་འདིར་ནི་དགོངས་པར་མཛོད། །བཅོམ་ལྡན་འདས་ཀྱི་ཡེ་ཤེས་སྐུ། །ཡེ་ཤེས་སྐུ་སྟེ་རང་བྱུང་བ། །རིག་གསུམ་པདྨ་རྒྱལ་པོ་ལ། །གུས་པས་ཕྱག་འཚལ་སྐྱབས་སུ་མཆི། །མཆོག་གི་དང་པོ་སྐུ་གསུམ་འཆང་། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཆེ། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །དོན་ཟབ་དོན་ནི་རྒྱ་ཆེ་ཞིང་། །དོན་ཆེན་མཚུངས་མེད་རབ་ཞི་བ། །ཐོག་མ་བར་དང་མཐར་དགེ་བ། །དམ་པའི་ཆོས་ལ་ཕྱག་འཚལ་ལོ། །མྱ་ངན་འདས་ཞི་མྱ་ངན་འདས། །ལེགས་པར་མྱ་ངན་འདས་དང་ཉེ། །བདེ་སྡུག་སེལ་བ་མཐར་གྱུར་པའི། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །མཆོད་འོས་བསྟོད་འོས་ཕྱག་གི་གནས། །རྟག་ཏུ་རི་མོར་བྱ་བའི་འོས། །བཀུར་འོས་བརྗོད་པར་བྱ་བའི་མཆོག །ཀུན་ལའང་གུས་པས་ཕྱག་འཚལ་ལོ། །ཁྱབ་བདག་བདག་ལ་སྨན་པ་དང་། །བདག་དོན་བདག་ལ་ཐུགས་བརྩེའི་ཕྱིར། །བདག་ལུས་ལོངས་སྤྱོད་དགེ་རྩར་བཅས། །ཀུན་བཟང་མཆོད་པའི་སྤྲིན་དུ་བཞེས། །ཉོན་མོངས་པས་ནི་སེམས་དཀྲུགས་ཤིང་། །མི་ཤེས་འདམ་དུ་བྱིང་བ་ཡི། །བྱིས་པ་བདག་གི་ནོངས་པ་ཀུན། །སྙིང་ནས་འགྱོད་པས་བཤགས་ཤིང་སྡོམ། །སྨོན་ལམ་ཡེ་ཤེས་རྒྱ་མཚོ་སྟེ། །བྱམས་ཆེན་རང་བཞིན་དཔག་ཏུ་མེད། །སྙིང་རྗེ་ཆེན་པོ་བློ་ཡི་མཆོག །དེ་ལ་བདག་ནི་ཡི་རང་ངོ་། །ཉོན་མོངས་མ་ལུས་བསལ་བ་དང་། །མི་ཤེས་མ་ལུས་སྤང་བའི་ཕྱིར། །བསམ་པའི་ཁྱད་པར་ཇི་བཞིན་དུ། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །སངས་རྒྱས་སྤྲུལ་པའི་རྒྱུད་འཆང་བ། །ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་འགྱེད། །ཇི་བཞིན་འགྲོ་བའི་དོན་བྱེད་པ། །ཀུན་ལ་རྟག་པར་བཞུགས་གསོལ་འདེབས། །རྣམ་པར་མི་རྟོག་དབྱིངས་མི་ཟད། །ཆོས་དབྱིངས་དམ་པ་ཟད་མི་ཤེས། །བསོད་ནམས་ལྡན་པ་བསོད་ནམས་ཚོགས། །ཀུན་ཀྱང་ཡེ་ཤེས་ཆེན་པོར་བསྔོ། །ལན་གསུམ། སྤྲོ་ན་སྐབས་འདིར་རྗེ་བླ་མའི་གསུང་ལྟར་གེ་སར་བླ་མའི་རྣལ་འབྱོར་སྦྱར། གང་ལྟར་ཡང་བགེགས་ལ་བཀའ་བསྒོ་བ་ནི། བགེགས་གཏོར་རཾ་ཡཾ་ཁཾ་གིས་བསངས། ༀ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས། ༀ་སརྦ་བྷུ་ཏ་ཨཱ་ཀཪྵཱ་ཡ་ཛཿས་མགྲོན་དགུགས། ༀ་སརྦ་བིགྷྣན་ན་མ་སརྦ་ཏ་ཐཱ་ག་ཏ་བྷྱོ་སོགས་ལན་གསུམ་གྱིས་བསྔོ། ཧཱུྃ། བླ་མ་རྣམས་ཀྱི་བྱིན་རླབས་དང༔ཡི་དམ་ལྷ་ཡི་ཏིང་འཛིན་དངཿམཁའ་འགྲོ་རྣམས་ཀྱི་མཐུ་རྩལ་གྱིསཿདངོས་གྲུབ་བར་ཆད་བྱེད་པའི་བགེགསཿལོག་པར་འདྲེན་པ་བདུད་ཀྱི་ཚོགསཿའདི་རུ་མ་འདུག་གཞན་དུ་དེངས༔ཞེས་དང་ཧཱུྃ་བཞི་པའི་སྔགས་བརྗོད་ཅིང་གཏོར་མ་ཕྱི་རོལ་དོར་ལ་བགེགས་བསྐྲད། མཚམས་གཅོད་པ་ནི། ཧཱུཾ། ང་ནི་ཡེ་ནས་ངང་གིས་ཁྲོ༔མཚམས་གཅོད་ཁྲོ་བོས་ནམ་མཁའ་གང༔བགེགས་འདུལ་ཁྲོ་བོའི་རོལ་མཚམས་ལསཿསུ་ཡང་འདའ་བར་མ་བྱེད་ཅིགཿༀ་བཛྲ་ཀྲོ་ངྷ་རཀྵ་རཀྵ་ཧཱུྃ༔ཞེས་བསྲུང་འཁོར་བསྒོམ། བྱིན་དབབ་པ་ནི། ཧཱུྃ། ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམསཿཔདྨ་གེ་སར་སྡོང་པོ་ལ༔ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔བདྨ་འབྱུང་གནས་ཞེས་སུ་གྲགས༔འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིཿབྱིན་གྱིས་རློབས་ཕྱིར་གཤེགས་སུ་གསོལ༔ད་ལྟ་སྙིགས་མ་ལྔ་ཡི་དུས། །ནག་ཕྱོགས་རྒྱ་འདྲེའི་འཚུབ་འགྱུར་དང་། །མཐའ་དམག་གདུག་པའི་ཁ་གནོན་དུ། །ཁྱོད་ཉིད་དགྲ་བླའི་སྐུར་བཞེངས་པ། །གེ་སར་རྒྱལ་པོའི་བྱིན་ཕོབ་ཅིག༔བཀྲ་ཤིས་གསང་བའི་གནས་མཆོག་འདི། །གཞལ་ཡས་ཁང་དུ་བྱིན་གྱིས་རློབས། །སྒྲུབ་རྫས་རྣམས་ལ་བྱིན་འོད་ཕོབ། །རྣལ་འབྱོར་བདག་ལ་དབང་བཞི་བསྐུར། །བགེགས་དང་ལོག་འདྲེན་བར་ཆད་སོལ༔མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིངྔྷི་ཕ་ལ་ཧཱུྃ༔ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ཞེས་དབབ། མཆོད་རྫས་བྱིན་གྱིས་རླབས་པ་ནི། རཾ་ཡཾ་ཁཾ་གིས་བསང་སྦྱངས། ཧཱུྃ། རྣམ་དག་ཆོས་དབྱིངས་ངང་ཉིད་ལས༔རང་བྱུང་མཆོད་པའི་ཕུང་པོ་ནིཿཀུན་བཟང་མཆོད་པའི་སྤྲིན་ལྟ་བུ༔དཔག་ཡས་ནམ་མཁའ་གང་བར་གྱུར༔ༀ་བཛྲ་ཨརྒྷཾ་ནས་ཤཔྟ་ཨཱ་ཧཱུྃ་གི་བར་དང་། ༀ་སརྦ་པཉྩ་ཨ་མྲྀ་ཏ་ཨཱཿཧཱུྃ༔ༀ་མ་ཧཱ་རཀྟ་ཨཱཿཧཱུྃ༔ༀ་མ་ཧཱ་བ་ལིངྟ་ཨཱཿཧཱུྃཿགིས་བརླབ། བཛྲ་སྥ་ར་ཎ་ཁཾ་གྱིིས་མཁའ་ཁྱབ་ཏུ་སྤེལ་ལོ། དེས་ཆོ་གའི་སྔོན་འགྲོ་རྣམས་སོང་ནས། དངོས་གཞིའི་ཐོག་མར་བདག་བསྐྱེད་བསྒོམ་པ་ནི། ཆོས་དབང་བླ་མ་གསང་བ་འདུས་པ་ལྟར་བྱ་སྟེ། ༀ། ཆོས་སྐུ་མི་འགྱུར་རྡོ་རྗེའི་སེམས༔པདྨ་རྒྱལ་པོ་འདི་སྐད་སྨྲ༔དང་པོ་ཆོས་རྣམས་དམིགས་མེད་ཅིང༔སྨྲ་བརྗོད་བྲལ་བ་རྫོགས་པ་ཆེ༔བློ་འདས་ཆོས་སྐུ་མི་འགྱུར་བའི༔དེ་བཞིན་ཉིད་ཀྱི་ཏིང་འཛིན་བསྒོམ༔ཨཱཿབློ་བྲལ་དེ་ཡི་ངང་ཉིད་ལས༔སེམས་ཅན་ཀུན་ལ་ཁྱབ་པ་ཡིསཿབརྩེ་བའི་སྙིང་རྗེ་ཆེན་པོ་བསྒོམ༔ཧཱུྃ༔སྟོང་ཉིད་སྙིང་རྗེའི་ངང་ཉིད་ལས༔འགྲོ་དོན་དཔག་མེད་བྱེད་པའི་སླད༔རང་རིག་གསེར་གྱི་རྡོ་རྗེར་བསྒོམ༔རྡོ་རྗེའི་འོད་ལས་གཞལ་ཡས་ཁང༔པདྨ་རིན་ཆེན་འབར་བར་སྤེལ༔འཇའ་ཚོན་བྲེས་པ་ལྟ་བུའི་ནང༔ལྟེ་དབུས་ཉི་ཟླ་པདྨའི་སྟེང༔རྡོ་རྗེ་གནས་གྱུར་དྲན་རྫོགས་སུ༔རྟ་མགྲིན་དབང་ཆེན་སྐུ་མདོག་དམར༔ཞལ་གཅིག་ཕྱག་གཉིས་དབུ་ཡི་གཙུག༔རྟ་མགོ་རྟ་སྐད་ཕྱོགས་བཅུར་སྒྲོག༔ཕྱག་གཡས་དབང་སྡུད་གྲི་གུག་འཕྱར༔ཕྱག་གཡོན་ཐོད་པ་ཁྲག་བཀང་གསོལ༔རུས་པའི་རྒྱན་དྲུག་ཁ་ཊྭཱཾ་བསྣམས༔གཡས་བསྐུམ་གཡོན་བརྐྱང་བདུད་བཞི་བརྫིས༔ཉི་ཟླ་པད་སྟེང་འགྱིང་ཞིང་བརྗིད༔གཡོན་ནས་རྡོ་རྗེ་ཕག་མོ་འཁྱུད༔ཆ་ལུགས་ཡབ་འདྲ་སྤྱི་བོའི་གཙུག༔ཕག་ཞལ་མཐིང་ག་ངུར་སྒྲ་སྒྲོག༔གཞོན་ཚུལ་ནུ་མ་བྷ་ག་རྒྱས༔བསྐལ་པའི་མེ་དཔུང་ཀློང་ན་བཞུགས༔འོད་ཟེར་རྡོ་རྗེའི་ཚྭ་ཚྭ་འཕྲོ༔དེ་ཉིད་སྤྱི་གཙུག་ཉི་ཟླའི་སྟེང༔པདྨ་གེ་སར་སྙིང་པོ་ལ༔བདག་ཉིད་པདྨ་ཐོད་འཕྲེང་རྩལ༔རྡོ་རྗེ་སེམས་དཔའི་ཆ་ལུགས་ཅན༔མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔གཅེར་བུ་སྤྱན་གསུམ་རུས་རྒྱན་ཅན༔ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན༔ཕྱག་གཡོན་དྲིལ་བུ་ཡུམ་ལ་འཁྱུད༔ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔དེ་ཡི་འཕང་གཡོན་རིག་མ་ནི༔ཡེ་ཤེས་མཁའ་འགྲོ་འཚོ་རྒྱལ་མ༔བཅུ་དྲུག་ལོན་པའི་གཞོན་ཚུལ་ཅན༔པད་མདོག་ནུ་མ་བྷ་ག་རྒྱས༔རིན་ཆེན་རུས་རྒྱན་ཅོད་པན་ཅན༔ཕྱག་གཡས་ཡབ་ཀྱི་མགུལ་ནས་འཁྱུད༔ཕྱག་གཡོན་ཐོད་པའི་བདུད་རྩི་སྟོབ༔ཞབས་གཉིས་ཡབ་ཀྱི་སྐེད་ལ་འཁྲིལ༔སྐུ་མདོག་དཀར་དམར་འཛུམ་མདངས་ཅན༔སྐྲ་གྲོལ་གཅེར་བུ་འོད་ལྡན་བསམ༔ཕྱོགས་བཞིར་རིགས་བཞི་ཐོད་ཕྲེང་རྩལ༔དཀར་སེར་དམར་དང་ལྗང་གུའི་མདོག༔ལས་བཞི་བསྒྲུབ་ཕྱིར་མོས་པས་བསྐྱེད༔ཁོར་ཡུག་འཇའ་ཡི་དྲྭ་བར་བསྒོམ༔ཕྱོགས་མཚམས་རིན་ཆེན་ཟུར་བརྒྱད་ཀྱི༔འཛུམ་སྟེང་བར་སྣང་འཇའ་འོད་ཀློང༔སྤྲུལ་པའི་གུ་རུ་མཚན་བརྒྱད་གསལ༔ཧྲཱིཿཕོ་བྲང་ཕྱོགས་བཞིར་པད་འདབ་བཞི༔དཀར་སེར་དམར་ལྗང་རིན་ཆེན་འབྲུའི༔ནང་ཁོང་ཞིང་གི་གདན་བཞི་ལཿརྡོ་རྗེ་རིན་ཆེན་པདྨ་དང༔ལས་ཀྱི་མཁའ་འགྲོ་ཡབ་ཡུམ་རྣམས༔སྐུ་མདོག་རིགས་ཀྱི་ཁ་དོག་ལ༔འཁྲིལ་སྦྱོར་རྒྱན་དང་ཆ་ལུགས་རྣམས༔གཙོ་བོ་ཡབ་ཡུམ་གཉིས་ལྟར་བསྐྱེད༔སྣ་ཚོགས་པད་འཁོར་ཕྱི་མ་ལ༔བདག་སྐྱོབ་ལྷ་དང་རིག་འཛིན་དང༔རིགས་འདུས་མཁའ་འགྲོ་ཆོས་སྐྱོང་རྣམས༔དངོས་གྲུབ་སྟེར་ཞིང་བར་ཆད་སེལ༔གླུ་དང་གར་བྱེད་རོལ་མོ་སྒྲོག༔འདོད་ཡོན་མཆོད་པ་སྣ་ཚོགས་སྟོབ༔ཆར་སྤྲིན་གཏིབས་པ་ལྟ་བུར་བསྐྱེད༔དུ་མར་སྣང་ཡང་རང་དུ་གཅིག༔ཅེས་གསལ་གདབ། བཟླས་པ་བྱ་བ་ནི། སྣང་སྲིད་གཞལ་ཡས་བླ་མ་ལྷ༔ཐམས་ཅད་ཕྱག་རྒྱའི་དཀྱིལ་འཁོར་ཆེ༔དཔེར་ན་ཆུ་ཟླ་འཇའ་ཚོན་ལྟར༔སྣང་ལ་རང་བཞིན་མེད་པར་བསྒོམ༔ཞེས་པའི་དགོངས་པ་སྲོག་ཏུ་བཟུང་ནས་སྤྱི་བོའི་བླ་མ་ལ་སེམས་རྩེ་གཅིག་པའི་མོས་གུས་གདུང་ཤུགས་དྲག་པོས། ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིངྔྷི་ཧཱུྃ༔ཞེས་བསྙེན་པའི་ཚུལ་དུ་བཟླ་དབང་བཞི་ལེན་པའི་དམིགས་གནད་དང་སྦྱར་སྟེ། ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ༔སིངྔྷི་ཕ་ལ་ཧཱུྃ་ཨཱཿཞེས་བཟླས་མཐར། རང་རྟ་མགྲིན་དུ་གསལ་བའི་ཐུགས་རྗེའི་འོད་ཀྱིས་རིགས་བཞིའི་ཐོད་ཕྲེང་བསྐུལ་བས་སྐུ་དང་འོད་ཟེར་གྱི་སྤྲོ་བསྡུས་ཕྲིན་ལས་གང་འདོད་སྒྲུབ་པར་བསམས་པ། ཧྲཱི་མ་ཧ་རི་ནི་ས་ར་ཙ་ཧྲཱི་ཡ་ཙིཏྟ་ཧྲིང་ཧྲིཾ་བཛྲ་སརྦ་སིངྔྷི་ཤནྟིཾ་པུཥྚིང་ཝཱ་ཤཾ་མཱ་ར་ཡ་རྦད༔ཅེས་པའང་ཅི་རིགས་སུ་བཟླའོ། །དེ་ནས་མདུན་བསྐྱེད་ཀྱི་ལས་གཞུང་དངོས་ནི། རྡོ་རྗེ་ཚེ་རྒྱལ་གྱི་བསྐང་གསོལ་འདོད་རྒུ་མྱུར་འགྲུབ་ཉིད་མཐར་ཆགས་སུ་གཏོང་བ་ལས་གཞན་མ་དགོས་ཤིང་བྱིན་རླབས་ཀྱི་ཚན་ཁ་ཆེ་བས་ཚིག་ཉོབ་ཀྱང་མི་དགོས། ལྷ་བསྐྱེད་ཀྱི་སྐུའི་རྣམ་འགྱུར་ཡང་གཞུང་གསལ་ལྟར། སྐབས་སུ་གང་བབ་ཁ་བསྒྱུར་ཀྱང་དེར་གསལ་བ་བཞིན་བྱ་བ་ལས་གཞན་མ་དགོས། སྤྱན་འདྲེན་སོགས་གཞུང་ལྟར་ལ། དམ་བཞག་འཕྲོར་སྤྲོ་ན། ཧཱུྃ། ཤེས་རབ་རལ་གྲི་མདའ་གཞུ་ཐོགས། །ཉོན་མོངས་མི་ཤེས་གཡུལ་ངོ་སེལ། །དཔའ་བོ་བདུད་དགྲ་བདུད་འདུལ་བ། །ཁྱོད་ལ་གུས་པས་ཕྱག་འཚལ་ལོ། །ༀ་ན་མོ་ན་མ་མི། ཞེས་པས་ཕྱག་བྱ། ཧཱུྃ། མཆོད་པ་ཆེན་པོ་དགའ་བ་ཆེ། །དགའ་བ་ཆེན་པོ་མགུ་བ་ཆེ། །དགའ་ཆེན་རོལ་མོ་བསམ་ཡས་པ། །ཀུན་བཟང་མཆོད་པའི་སྤྲིན་གྱིས་མཆོད། །ༀ་ཏྲི་ཞིམ་ཁྱིམ་ས་པཱ་རི་ཝཱར་ཨརྒྷཾ་སོགས་སྦྱར་ཡང་མི་འགལ་ལོ། །བཤགས་པ་ནས་བཟུང་བསྟོད་པའི་བར་དང་། བཟླས་དམིགས་གཞུང་གསལ་ལྟར་གྱིས་བསྙེན་པ་བྱེད་ན་ཡིག་འབྲུ་རེ་ལ་ཁྲི་རེ་ཁ་སྐོང་དང་བཅས་པ་བཟླ་བ་སོགས་སྤྱི་ལྟར། ཐུན་མཐར་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་རྣམས་གསུམ་གསུམ་བཟླས་པས་སྔགས་ཀྱི་ནུས་པ་ཉམས་པ་གསོ་ཞིང་བརྟན་པར་བྱས་ལ། ཧཱུྃ། དངོས་འབྱོར་ཡིད་ལས་བྱུང་བ་ཡི། །ཉེར་སྤྱོད་འདོད་ཡོན་བཀྲ་ཤིས་རྫས། །སྨན་གཏོར་རཀྟ་མཁོ་དགུའི་རྫས། །མི་འཛད་ནམ་མཁའ་མཛོད་དུ་འབུལ། །ཞེས་དང་གོང་གི་མཆོད་སྔགས་ཀྱིས་མཆོད། ཧཱུྃ། རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་གར། །རིགས་གསུམ་པདྨའི་སྒྱུ་འཕྲུལ་མཆོག །རྡོ་རྗེ་ཚེ་རྒྱལ་འཁོར་བཅས་ལ། །གུས་པས་བསྟོད་དོ་དངོས་གྲུབ་སྩོལ། །ཞེས་བསྟོད། སྐབས་འདིར་སྤྲོ་ན། ཀུན་མཁྱེན་བླ་མའི་གསུངས་ཝེར་མའི་བསང་དང་གསེར་སྐྱེམས་གསོལ་མཆོད་ཕྲིན་ལས་མྱུར་འགྲུབ་སོགས་ཇི་ལྟར་འོས་པ་བྱ། གཞན་ཡང་ཚོགས་མཆོད་འབུལ་བར་སྤྲོ་ན། དམ་ཚིག་རྫས་རྣམས་ཚོགས་པར་བྱས་ལ་ནང་མཆོད་ཀྱིས་བྲན་ཏེ། རཾ་ཡཾ་ཁཾ། ༀ། ཕྱི་སྣོད་རྣམ་དག་རང་བྱུང་ཀ་པཱ་ལར། །ནང་བཅུད་རྣམ་དག་ཤ་ལྔ་བདུད་རྩི་ལྔ། །འདོད་ཡོན་ཟག་མེད་ཡེ་ཤེས་ཆེན་པོའི་སྤྲིན། །མཁའ་ཁྱབ་ནམ་མཁའ་མཛོད་ཀྱི་འཁོར་ལོར་གྱུར། །ༀ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿབྱིན་གྱིས་བརླབས། ཧྲཱིཿམི་འགྱུར་བདེ་བ་ཆེན་པོའི་ཡེ་ཤེས་ནི། །རྣམ་མང་འགྲོ་བ་འདུལ་ཕྱིར་ཕྱག་རྒྱའི་གར། །གང་འདུལ་སྒྱུ་འཕྲུལ་དྲྭ་བའི་རོལ་གར་མཁན། །རིགས་གསུམ་པདྨའི་སྒྱུ་འཕྲུལ་སེང་ཆེན་རྗེ། །རབ་འབྱམས་རྩ་གསུམ་དགྲ་བླའི་དཔུང་ཚོགས་བཅས། །ཐུགས་རྗེའི་ཐུགས་དམ་དབང་གིས་འདིར་གཤེགས་ལ། །འདོད་ཡོན་ཟག་མེད་བདུད་རྩིའི་ཚོགས་མཆོད་བཞེས། །ཉམས་ཆག་འགལ་འཁྲུལ་ཆོས་དབྱིངས་ཀློང་དུ་བཤགས། །མི་ཕྱེད་རོ་མཉམ་ཆེན་པོར་ཐུགས་དམ་བསྐང་། །བར་ཆད་བདུད་བཞིའི་འཚེ་བ་དབྱིངས་སུ་སྒྲོལ། །བསྟན་དགྲ་དམ་ཉམས་གདུག་པའི་སྙིང་ཁྲག་བཞེས། །ཚེ་བསོད་དབང་ཐང་རླུང་རྟ་རྒུད་པ་གསོས། །ཕྱོགས་ལས་རྣམ་རྒྱལ་སྙན་པའི་འབྲུག་སྒྲ་སྒྲོགས། །བསམ་པའི་དོན་ཀུན་ཡིད་བཞིན་འགྲུབ་པ་དང་། །མཐའ་དམག་དམ་སྲི་རྒྱ་འདྲེས་འཚེ་བ་ཟློག །སངས་རྒྱས་བསྟན་པ་རྒྱས་པའི་ཕྲིན་ལས་མཛོད། །མ་ཧཱ་ག་ན་ཙཀྲ་པཱུ་ཛ་ཁཱ་ཧི། ཞེས་སྤྱན་དྲངས་ལ་ཚོགས་མཆོད་སོགས་ཕུལ་ཞིང་ཕྲིན་ལས་གསོལ་ལ་ཡིག་བརྒྱ་བཟླ། གུ་རུའི་གསོལ་འདེབས་བསམ་པ་ལྷུན་གྲུབ་མ་འདོན་ཞིང་ཚོགས་ལ་རོལ། ལྷག་མ་རྣམས་གསོག་འཇོག་མེད་པར་བསྡུས་ལ། ༀ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿས་བྱིན་གྱིས་བརླབ་ལ། ཨེ་ཨ་རལླི་ཧྲཱིཾ་ཧྲཱིཾ་ཕིཾ་ཕིཾ་གྱིས་ལྷག་མགྲོན་དགུགས་ལ། ཧཱུྃ། རྡོ་རྗེའི་དམ་ཚིག་བླ་མེད་འདོད་ཡོན་རྫས། །བཀའ་ཡི་ཕམ་ཕབ་ཟག་མེད་བདུད་རྩིའི་སྤྲིན། །ལྷག་ལ་དབང་རྣམས་ཅི་བདེར་བཞེས་མཛོད་ལ། །འཁོར་སྲུང་རྐྱེན་ཟློག་བཅོལ་པའི་ཕྲིན་ལས་མཛོད། །ༀ་ཨུཙྪིཥྚ་བ་ལིངྟ་ཁཱ་ཧི། ཞེས་བརྗོད་ལ་ལྷག་མ་ཕྱི་རོལ་དུ་དོར། འདིར་གཏེར་བདག་ཝེར་མའི་བསྐང་བ་ནོར་བུ་རྒྱས་པའི་སྤྲིན་ཆེན་དང་། གཡང་འགུགས་སྲིད་ཞིའི་དྭངས་བཅུད་སྡུས་པའི་ནོར་བུ་སོགས་སྤྲོ་ན་སྦྱར་ཞིང་། གཞུང་གི་མངའ་གསོལ་ཕྲིན་བཅོལ་བཅས་མཐར་དབྱུང་། དེ་ནས་མཆོད་གཏོར་ལ་དགྲ་བགེགས་འགུགས་བསྟིམ་སྤྱི་ལྟར་བྱས་ལ། ༀ་ཨཱཿཧཱུྃ་ཧོཿས་བྱིན་གྱིས་བརླབས། རང་སྔགས་ལ་གཏོར་སྔགས་བཏགས་པ་ལན་གསུམ། ཧཱུྃ་ཧྲཱི༔འཇིགས་རུང་སྲིན་པོའི་གྲོང་ཁྱེར་དཔལ་གྱི་རི། །སོགས་ཕྲིན་སྒྲུབ་ལྟར་གྱི་མཆོད་གཏོར་གཙང་སར་ཕུལ། རྗེས་མཆོད་བསྟོད་སོགས་གོང་བཞིན་དང་། ནོངས་བཤགས་རྟེན་བཞུགས་བཅས་སྤྱི་ལྟར་བྱ། དེ་ནས་བདག་བསྐྱེད་བསྡུ་བ་ནི། བླ་མ་རྡོ་རྗེ་སེམས་དཔའ་ཉིད༔དགྱེས་པ་ཆེན་པོས་རང་ལ་ཐིམ༔རང་ཡང་ཀུན་གཞི་མ་བཅོས་པའི༔ངང་ལ་ཡིད་ནི་འཛིན་པ་བྲལ༔རྣམ་དག་སྤྲོས་བྲལ་ཆོས་ཀྱི་སྐུ༔ཞེས་པས་དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་སྤྱི་བོའི་བླ་མ་ལ་འདུས་ཤིང་དེ་ཉིད་རང་ལ་ཐིམ་པར་མོས་ཏེ། བླ་མ་དང་རང་སེམས་གཉིས་མེད་སྤྲོས་བྲལ་བློ་འདས་ཀྱི་དགོངས་པ་བསྐྱང་ངོ་། །བསྔོ་སྨོན་ནི། ཨེ་མ་ཧོཿབདག་གིས་འགྲོ་བ་ཀུན་དོན་དུ༔བསྐལ་པ་དཔག་མེད་ཚུན་ཆད་ནས༔ཐ་མ་ད་ལྟར་ཐུག་གི་བར༔བདག་གི་ལུས་ངག་ཡིད་གསུམ་ཀྱིས༔བླ་མ་སྐྱེས་མཆོག་ཡི་དམ་ལྷ༔སངས་རྒྱས་བྱང་སེམས་ཌཱ་ཀིའི་ཚོགས༔བསྒོམས་བསྒྲུབས་མཆོད་ཅིང་བསྟོད་པ་དང༔བྲིས་བཀླགས་བཅངས་ཤིང་ཀུན་ཆུབ་བགྱིས༔ལྟ་དགོངས་ལ་སོགས་དགེ་སྤྱད་པའི༔འབྲས་བུ་དུས་འདིར་སྨིན་གྱུར་ནས༔ཀུན་མཁྱེན་ཡེ་ཤེས་མཆོག་ཐོབ་ཤོག༔གཞན་ཡང་ཕྱོགས་བཅུ་དུས་གསུམ་གྱི༔བླ་མའི་ཐུགས་དགོངས་རབ་རྫོགས་ཤིང༔དུས་གསུམ་ཕ་མས་སྣ་དྲངས་པའི༔འགྲོ་དྲུག་སེམས་ཅན་མ་ལུས་ཀུན༔བླ་མ་མཆོག་གིས་རྗེས་བཟུང་ནས༔ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ཅེས་དང་། ཨེ་མ་ཧོ༔ཤེས་བྱའི་དོན་ལ་མ་རྨོངས་པའི༔བླ་མ་དམ་པའི་བཀྲ་ཤིས་ཤོག༔གང་ལ་བསམ་པའི་དོན་འགྲུབ་པའི༔དོན་འགྲུབ་མཆོག་གི་བཀྲ་ཤིས་ཤོག༔སྐུ་གསུང་ཐུགས་ཀྱི་བྷ་ག་ནས༔ཕྱག་རྒྱ་ཆེན་པོའི་བཀྲ་ཤིས་ཤོག༔ཅེས་ཤིས་བརྗོད་ཀྱི་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག་གོ །ཡང་གཡང་སྒྲུབ་གཙོར་བྱེད་ན་བཅས་བཤམས་སོགས་གཡང་སྒྲུབ་གཞུང་གསལ་ལྟ་བུ་འདུ་བགྱིས་ཤིང་། ཆོ་གའི་སྤྱི་ཁོག་སྐྱབས་སེམས་ནས་བདག་བསྐྱེད་བར་གོང་གསལ་ལྟར་ལ། དེ་ནས་མདུན་བསྐྱེད་རྡོ་རྗེ་ཚེ་རྒྱལ་གྱི་ཚབ་ཏུ་གསང་སྒྲུབ་ཡིད་བཞིན་ནོར་བུ་བསམ་འཕེལ་ལྟར་བྱས་ཏེ། ཛབ་དམིགས་དང་སྦྲགས་བཟླས་པ་ཅི་འགྲུབ་སོགས་རྗེས་དབྱངས་གསལ་རྟེན་སྙིང་ཡིག་བརྒྱ་དང་། གོང་གསལ་ལྟར་མཆོད་བསྟོད་སོང་མཚམས་ཕུད་མཆོད་སོགས་སྤྲོ་ན་བྱ། དེ་ནས་ཚོགས་གོང་གསལ་དང་། རང་གཞུང་བསྐང་བ་དང་གཡང་འགུགས་སོགས་ཇི་ལྟར་རིགས་པ་གྲངས་བསགས། མཐར་ནོངས་བཤགས་དང་མཆོད་བསྟོད་སོང་རྗེས། རྟེན་རྫས་རང་གི་གནས་གསུམ་དུ་རེག་ལ། ཧཱུྃ། ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔སོགས་གཡང་འགུགས་རང་གཞུང་གི་སྤྱན་འདྲེན་ལྟར། མི་ཤིགས་ཐིག་ལེར་རྒྱས་ཐོབ་ལ༔རྡོ་རྗེའི་ཚེ་གཡང་དངོས་གྲུབ་སྩོལ༔ཞེས་དང་ཐོད་ཕྲེང་རྩལ་དང་རང་སྔགས་མཐར་ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིངྔྷི་ཕ་ལ་ཧཱུྃཿཞེས་བཏགས་ལ་དངོས་གྲུབ་བླངས། ཨཱཿསྣང་སྟོང་མཉམ་པ་ཆེན་པོའི་ཐིག་ལེ་རུ༔སོགས་བརྗོད་ལ་མཉམ་པར་བཞག་པས་རྒྱས་བཏབ། བརྟན་བཞུགས་དང་ཤིས་བརྗོད་རྒྱས་པར་བྱས་ཏེ། བདག་བསྐྱེད་བསྡུ་ལྡང་སོགས་སྤྱི་ལྟར་བྱ། གཞན་རླུང་རྟ་བསྐྱེད་པ། དགྲ་བླ་ལུས་གཞུགདགྲ་བྲུབ། ལྕགས་ཚན་དང་། བ་དན་བསྒྲུབ་པ་སོགས་ནི་རང་རང་གི་གཞུང་ནས་བསྟན་པ་བཞིན་བྱས་པས་དོན་འགྲུབ་པ་ཡིན་ནོ། །གང་མཚན་དཔྱིད་ཀའི་དཔལ་མོའི་གླུ་དབྱངས་ཀྱིས། །བདེ་སྐྱིད་དབྱར་གྱི་རྒྱལ་མོ་མགྲོན་འབོད་པའི། །རིགས་གསུམ་པདྨའི་སྒྱུ་འཕྲུལ་སེང་ཆེན་རྗེ། །སྒྲུབ་ཚུལ་ཁྱབ་བདག་བླ་མའི་གསུང་བཞིན་སྤེལ། །འཁོར་འདས་ཆོས་ཀུན་ཐིག་ལེ་ཉག་གཅིག་ཀློང་། །གདོད་ནས་རོ་མཉམ་མངོན་པར་བྱང་ཆུབ་པའི། །གང་ལ་གང་འདུལ་མཛད་པའི་ཕྲིན་ལས་ནི། །ཅིར་ཡང་འཆར་བ་རྟེན་འབྱུང་ཟབ་མོའི་ཚུལ། །དེ་སླད་བུམ་བཟང་དཔག་བསམ་གཏེར་བཞིན་དུ། །སྐྱེ་རྒུའི་རེ་བ་ཡིད་བཞིན་རྫོགས་མཛད་པས། །སྲས་བཅས་རྒྱལ་བའི་རྣམ་ཐར་ཟབ་མོ་རུ། །ཤེས་ནས་དད་རྣམས་འཕྲལ་ཡུན་ཀུན་ཏུ་དགེ །།ཕུན་ཚོགས་སྡེ་བཞིའི་ས་བོན་མ་རྨས་པ། །ཐབས་མཁས་རྟེན་འབྲེལ་རིག་སྔགས་ཆར་བཟང་གིས། །བརླན་ནས་ཚོགས་གཉིས་དཔག་བསམ་ལྗོན་པའི་རྩེར། །ཐར་གྲོལ་འབྲས་བཟང་སྨིན་པ་སོམ་ཉི་ཅི། །ལེགས་བྱས་ཉིན་མོར་བྱེད་པའི་གཟི་འོད་ཀྱིས། །མི་མཐུན་རྒུད་པའི་གྲང་རེག་གཏན་བཅིལ་ནས། །དོན་གཉིས་ཕན་བདེའི་པད་ཚལ་རབ་བཞད་པའི། །དགེ་ལེགས་སྣང་བས་ཕྱོགས་ཀུན་ཁྱབ་གྱུར་ཅིག །ཅེས་པའང་ལུགས་གཉིས་དཔལ་གྱིས་མངོན་པར་མཐོ་བ་ཨ་དྲན་བུ་བླ་མའི་བཞེད་སྐོང་དུ་སྨུག་པོ་གདོང་གི་རིགས་ལས་སྐྱེས་པའི་བྱ་བྲལ་བ་རྒན་པོ་འཇམ་དབྱངས་བློ་གྲོས་རྒྱ་མཚོའི་སྒྲ་དབྱངས་ཀྱིས་བཀའ་བརྒྱད་བདེ་གཤེགས་འདུས་པའི་ཚོགས་ཁང་དུ་བྲིས་བ་དགེ་ལེགས་ཀྱི་སྣང་བས་ཕྱོགས་ཀུན་ཁྱབ་པའི་རྒྱུར་གྱུར་ཅིགསརྦ་མངྒ་ལཾ། དགེའོ། །དགེའོ། །དགེའོ། །

རྙིང་ལུགས་བླ་མེད་ཀྱི་དབང་བསྐུར་སྤྱིའི་སྔོན་འགྲོའི་ཆོས་བཤད་ལེ་ཚན་ཨུཏྤ་ལའི་ཆུན་པོ།

༄༅། །རཏྣསྱམཱལྱཾནཱམོམེངྷྲསྱཔཔཱཏྲཱཔྲཏྲིསནྡྷིབིཤྭབིཧརཏིསྨ། །
༄༅། །ཉེར་མཁོའི་དབང་གི་མཚམས་སྦྱོར་སྣ་ཚོགས་པ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །
༄༅། །རྙིང་ལུགས་བླ་མེད་ཀྱི་དབང་བསྐུར་སྤྱིའི་སྔོན་འགྲོའི་ཆོས་བཤད་ལེ་ཚན་ཨུཏྤ་ལའི་ཆུན་པོ་བཞུགས།
༄༅། །ༀ་སྭསྟི་སིདྡྷཱི། དཔག་མེད་ཡོན་ཏན་ཕན་བདེའི་གྲུ་ཆར་གྱིས། །འགྲོ་ཁམས་རྒྱ་མཚོ་ཡོངས་སུ་སྨིན་མཛད་པའི། །སངས་རྒྱས་ཀུན་དངོས་རྩ་བའི་བླ་མ་ལ། །འདུད་དོ་བྱང་ཆུབ་བར་དུ་རྗེས་བཟུང་མཛོད། །འདིར་དབང་བསྐུར་སྤྱིའི་སྔོན་དུ་ཆོས་བཤད་ཅུང་ཟད་སྤྲོ་ན། སློབ་མ་རྣམས་ལ་ཁྲུས་བྱ། བགེགས་བསྐྲད། སྲུང་འཁོར་བསྒོམ་པ་ཡན་སོང་རྗེས། དེ་ལྟར་ཡང་གྲུབ་པའི་སློབ་དཔོན་ཆེན་པོ་སངས་རྒྱས་གསང་བས། དག་པ་ཁྲུས་ནས་མ་དབྱུང་བར། །གསང་སྔགས་དབང་གི་སྒོ་མི་དབྱེ། །བྱུར་དང་མི་ཤིས་མ་བསལ་བར། །གསང་སྔགས་དབང་གི་གྲལ་མི་བསྒྲིག །སྲུང་བའི་འཁོར་ལོ་མ་བསྒོམས་པར། །གསང་སྔགས་དབང་གི་ཆོས་མི་བཤད། །ཅེས་གསུངས་པ་ལྟར། ཕྱི་འཇུག་གི་ཡན་ལག་ཁྲུས་དང་བགེགས་ཕྲལ། སྲུང་བའི་འཁོར་ལོ་སྒོམ་པའི་རིམ་པ་རྣམས་སོང་ནས། སླར་ཡང་འདི་ལྟར་ཐུགས་ལ་ངེས་པར་བྱ་དགོས་ཏེ། གསང་བ་བསམ་མི་ཁྱབ་པའི་མདོ་ལས། འཇིག་རྟེན་སངས་རྒྱས་འབྱུང་བ་བརྒྱ་ལམ་སྟེ། །མི་ཡི་ལུས་འདི་ཚོགས་ཀྱིས་རྙེད་པ་ཡིན། །ཨེ་མ་དད་པ་དང་ནི་ཆོས་ཉན་པ། །འདི་འདྲ་བསྐལ་པ་བརྒྱར་ཡང་རྙེད་པར་དཀའ། །ཞེས་དང་། རྒྱལ་སྲས་ཞི་བ་ལྷས། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུས་དོན་གྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་ནས་ཡང་དག་འབྱོར་པར་ག་ལ་འགྱུར། །ཞེས་དང་། ཨོ་རྒྱན་དུས་གསུམ་མཁྱེན་པས་ཀྱང་། རྙེད་དཀའི་དལ་འབྱོར་མི་ལུས་རིན་ཆེན་འདི། །རྒྱུ་རྐྱེན་དཔེ་གྲངས་གང་ལ་བརྟག་དཔྱད་ཀྱང་། །ངེས་པར་དཀའ་སྟེ་རྒྱལ་ཀུན་འདིར་བརྟེན་འདུས། །དེ་ཕྱིར་དལ་འབྱོར་རྙེད་དཀའ་བསམ་པ་ལ། །ཕོངས་པས་གཏེར་རྙེད་བཞིན་དུ་སྤྲོ་བ་བསྐྱེད། །ཉིན་མཚན་མི་དལ་དམ་ཆོས་བསྒྲུབ་པར་བྱ། །ཞེས་གསུངས་པ་ལྟར་འོ་སྐོལ་རྣམས་ད་རེས། ཁྱད་གཞི་མི་ཁོམ་པའི་གནས་རིས་བརྒྱད་དུ་མ་སྐྱེས་པས་རྟེན་གྱི་ངོ་བོ་དལ་བ་ཕུན་སུམ་ཚོགས་པ་ལ། ཁྱད་པར་གྱི་ཆོས་རང་གཞན་གྱི་འབྱོར་པ་ལྔ་ཕྲག་གཉིས་དང་ལྡན་པའི་མི་ལུས་རིན་པོ་ཆེ་ཐོབ་པ་འདི་ཉིད། རྒྱུ་སྔོན་ཚུལ་ཁྲིམས་རྣམ་པར་དག་པ་དང་། རྐྱེན་སྦྱིན་སོགས་དགེ་བ་རླབས་པོ་ཆེ་དང་། གྲོགས་སྨོན་ལམ་རྣམ་པར་དག་པས་མཚམས་སྦྱར་བ་ལས་བྱུང་བས་ན། ཕྱིས་ཡང་ཡང་རྙེད་དཀའ་བའི་དཔེ་ཨུ་དུམ་ཝཱ་རའི་མེ་ཏོག་དང་ཆོས་མཚུངས་ཏེ་སྤྱིར་སེམས་ཅན་གྱི་གྲངས་ཙམ་ལ་བསམས་ཀྱང་མི་ལུས་ཐོབ་པ་ནི་ཉིན་མོའི་སྐར་མ་དང་འདྲ། བྱེ་བྲག་ཆོས་མིན་སྤྱོད་པའི་སྐྱེ་བོའི་གྲངས་ལ་བསམས་ཀྱང་ཆོས་ལ་སྤྱོད་པའི་སྐྱེས་བུ་ནི་སྲིད་མཐའ་མ་བཀག་ཙམ་དུ་ངེས་ཤིང་། གལ་ཏེ་རྙེད་ན་གནས་སྐབས་སུ་ལྷ་མིའི་བདེ་འབྲས་དང་། མཐར་ཐུག་ཐེག་པ་གསུམ་གྱི་རང་འབྲས་གང་འདོད་ཚེགས་མེད་པར་སྒྲུབ་ནུས་པས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལས་ཀྱང་དོན་ཆེ་སྟེ། ཨོ་རྒྱན་ཆེན་པོས། ཡང་ཡང་རྙེད་དཀའ་ཨུ་དུམྦཱ་ར་འདྲ། །རྙེད་པ་དོན་ཆེ་ཡིད་བཞིན་ནོར་ལས་ལྷག །ད་རེས་ཕུན་ཚོགས་རྐྱེན་ཀུན་འཛོམས་དུས་འདིར། །བརྩོན་འགྲུས་དྲག་པོས་སྲིད་ལས་སྒྲོལ་བར་མཛོད། །ཅེས་དང་། ཞི་བ་ལྷས། མི་ཡི་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །གྲུ་འདི་ཕྱིན་ཆད་རྙེད་དཀའ་བས། །རྨོངས་པ་དུས་སུ་གཉིད་མ་ལོག །ཅེས་དང་། ཕ་དམ་པས། དལ་འབྱོར་མི་ལུས་རིན་ཆེན་གླིང་དང་འདྲ། །མདོ་མེད་སྟོང་ལོག་མ་བྱེད་དིང་རི་བ། །ཞེས་གསུངས། དེས་ན་གྲུ་ཡོད་དུས་ཆུ་བོ་ལས་བརྒལ་བའམ། དཔའ་བའི་དཔུང་ཚོགས་དུས་དགྲ་སྡེ་འདུལ་བའམ། ཆུ་ལུད་དྲོད་གཤེར་འཛོམས་དུས་ས་བོན་ཅི་ཐེབས་ལ་བརྩོན་དགོས་པ་བཞིན་དུ་གཏན་གྱི་འདུན་མ་དམ་པའི་ཆོས་གཤའ་མ་ཞིག་ཅིས་ཀྱང་བྱེད་དགོས། དེའང་སང་བྱ་དང་གནང་བྱའི་དབང་དུ་བཞག་པས་མི་ཕན་ཏེ། མདོ་ལས། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་ལྟ་དང་མཚུངས། །འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་ཞིང་། །རི་གཟར་འབབ་ཆུ་བཞིན་དུ་མྱུར་མགྱོགས་འགྲོ། །ཞེས་དང་། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། །ས་དང་ལྷུན་པོ་རྒྱ་མཚོ་ཉི་མ་བདུན། །འབར་བས་བསྲེགས་པའི་ལུས་ཅན་འདི་དག་ཀྱང་། །ཐལ་བར་ཡང་ནི་ལུས་པར་མི་འགྱུར་ན། །ཤིན་ཏུ་ཉམ་ཆུང་མི་ལྟ་སྨོས་ཅི་འཚལ། །ཞེས་དང་། རྟ་དབྱངས་ཀྱིས། ས་འམ་འོན་ཏེ་མཐོ་རིས་ན། །སྐྱེས་ནས་ལ་ལ་མ་འཆི་བ། །འགའ་ཞིག་ཁྱོད་ཀྱིས་མཐོང་བའམ། །ཐོས་སམ་འོན་ཏེ་ཐེ་ཚོམ་ཟ། །ཞེས་དང་། སློབ་དཔོན་ཆེན་པོས། ཚེ་འདི་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །མཛའ་བཤེས་གཉེན་འདུན་ཚོང་འདུས་མགྲོན་པོ་འདྲ། །འཆི་བདག་བདུད་ནི་དགོངས་ཀའི་གྲིབ་སོ་འདྲ། །འཇིག་རྟེན་ཕྱི་མ་སོས་ཀའི་ཉ་རྡོས་འདྲ། །ཚེ་འདིའི་སྣང་བ་མདང་གི་རྨི་ལམ་འདྲ། །འདོད་ཡོན་ལོངས་སྤྱོད་སྒྱུ་མའི་དགའ་སྟོན་འདྲ། །དོན་མེད་བྱ་བ་ཆུ་ཡི་གཉེར་མ་འདྲ། །ཞེས་དང་། མདོར་ན་སྐྱེས་པའི་ཐ་མ་འཆི་བ་སྟེ། །འགྲོགས་པའི་ཐ་མ་དེ་བཞིན་འབྲལ་བ་ཡིན། །བསགས་པ་འཛད་ཅིང་འབྱོར་པ་རྒུད་པའི་རྒྱུ། །ཞེས་གསུངས་པས། ཕྱི་སྣོད་ཀྱི་འཇིག་རྟེན་ཆགས་གནས་འཇིག་སྟོང་། ནང་བཅུད་ཀྱི་སེམས་ཅན་སྐྱེ་རྒ་ན་འཆི། བར་ལོ་ཟླ་ཞག་དུས་དང་དགྲ་གཉེན་བར་མའི་འགྱུར་ལྡོག་གང་ལ་བསམས་ཀྱང་འདུས་བྱས་ཀྱི་རང་བཞིན་ལ་རྟག་ཐུབ་པ་གཅིག་ཀྱང་མེད། ཁྱད་པར་དུ་སྔར་ཕན་ཆད་སྐྱེས་པའི་སེམས་ཅན་ལ་མ་ཤི་བར་ལུས་པ་མེད་པ་དང་། ཚེ་ལ་སྣོན་པ་མེད་ཅིང་འབྲིད་པ་ཡོད་པ་དང་། ལུས་སེམས་འདུས་བྱས་ཀྱི་ཚོགས་པ་ཡིན་པའི་ཕྱིར། མིའི་ལུས་རྟེན་འདི་སྐྱེས་ཕན་ཆད་ངེས་པར་འཆི་བ་ལས་མ་འདས་ཏེ། དཔེ་སྙིང་ལ་མཚོན་ཕོག་པའི་སྐྱེས་བུ་དང་འདྲ། དེ་ཡང་རང་རེ་འཛམ་བུ་གླིང་པའི་ཚེ་ལ་ངེས་པ་མེད། འཆི་བའི་རྐྱེན་མང་། ཚེ་ལ་དུས་བཏབ་དང་རྐྱེན་ལ་ངེས་པ་མེད། འདུས་བྱས་འཇིག་པའི་རང་བཞིན་ཅན་ཡིན་པས་ནམ་འཆི་ཆ་མེད་དེ་རྩ་རྩེའི་ཟིལ་པའམ་རླུང་གསེབ་ཀྱི་མར་མེ་དང་འདྲ། འཆི་བ་དེ་ཐོག་བབ་ཏུ་བྱུང་བའི་ཚེ། འབྲེལ་བའི་གཉེན། འདྲེས་པའི་གྲོགས། བསགས་པའི་ནོར། བརྩིགས་པའི་མཁར། མཛངས་པའི་བློ། མཁས་པའི་ཤགས། དཔའ་བའི་དཔུང་། འཚོ་བའི་སྨན་གང་གིས་ཀྱང་མི་བཟློག་པ་དཔེ་ཉི་མ་རྒས་པའི་གྲིབ་སོ་དང་འདྲ། མདོར་ན་དེ་རིང་ཁོ་ན་ཙམ་དུའང་མི་འཆི་བའི་གདེང་མེད་པས་ཆོས་ལ་བརྩོན་འགྲུས་དྲག་པོ་སྒེག་མོའི་མགོ་ལ་མེ་ཤོར་བ་ལྟ་བུར་འབད་དགོས་ཏེ། འདུལ་བ་ལུང་ལས། མཐུ་ཆེན་ནུས་དང་གྲགས་འབར་བ། །ཚངས་དང་བརྒྱ་བྱིན་ཁྱབ་འཇུག་དང་། །མུན་བྱེད་སྐྲ་ངན་སྐྱ་སེང་བུ། །དེས་ཀྱང་འཆི་བ་བཟློག་མི་ནུས། །མཐར་བྱེད་པ་ལ་སྨན་དག་དང་། །རིགས་སྔགས་ཀུན་དང་དཔུང་དག་དང་། །ལྷ་དང་སྲུང་མ་རྟེན་འབྲེལ་དང་། །ནོར་དང་ཉེ་དུས་སྐྱོབ་མི་ནུས། །ཞེས་དང་། ཀུན་མཁྱེན་ཆོས་རྗེས། ཚེ་འདི་མི་རྟག་འཇིམ་པའི་བུམ་པ་འདྲ། །སང་དང་འཇིག་རྟེན་ཕྱི་མའི་སྣང་བ་གཉིས། །སྔོན་ལ་སུ་འབྱུང་ངེས་པ་འགའ་མེད་པས། །དེ་རིང་ཉིད་ནས་དམ་པའི་ཆོས་མཛོད་ཅིག །ཅེས་དང་། དམ་པས། ཡེངས་པའི་བར་ལ་འཆི་བདག་བདུད་ཀྱིས་འཛིན། །ད་ལྟ་ཉིད་དུ་སྒྲུབས་ཤིག་དིང་རི་བ། །ཞེས་གསུངས། འཆི་བའི་ཚེ་རང་གི་རྗེས་སུ་འབྲང་བ་ནི་ལས་དཀར་ནག་གཉིས་མ་གཏོགས་གཞན་གང་ཡང་མེད་དེ། རྒྱལ་པོ་ལ་གདམས་པའི་མདོ་ལས། དུས་ཀྱིས་བསྙེན་ཏེ་རྒྱལ་པོ་འགྲོ་འགྱུར་ན། །ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲང་། །སྐྱེས་བུ་དག་ནི་གང་གནས་གར་འགྲོ་ཡང་། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲངས། །ཞེས་དང་། སྙིང་རྗེ་པདྨ་དཀར་པོ་ལས། འཇིག་རྟེན་ནི་ལས་ཀྱིས་བྱས་པ་ལས་ཀྱིས་སྤྲུལ་པའོ། །སེམས་ཅན་ནི་ལས་ཀྱིས་བྱས་པ། ལས་ཀྱིས་རྒྱུ་ལས་བྱུང་བ། ལས་ཀྱིས་རབ་ཏུ་ཕྱེ་བའོ། །ཞེས་དང་། ལས་བརྒྱ་པ་ལས། ལུས་ཅན་རྣམས་ཀྱི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སོ་སོར་སྨིན། །ཞེས་གསུངས་པས། ལས་འབྲས་ཡིད་ཆེས་ཀྱི་ལྟ་བ་རྣམ་པར་དག་པས་བླང་དོར་གྱི་གནས་རྣམས་ལ་འཇུག་ལྡོག་གི་ལག་ལེན་ཕྱིན་ཅི་མ་ལོག་པར་བརྩོན་དགོས། དེ་ཡང་ཀུན་སློང་ཆགས་སྡང་རྨོངས་གསུམ་གྱིས་ཀུན་ནས་བསླངས་པའི་ལས་གང་ཉེས་པར་སྤྱོད་པ་སྟེ་དངོས་སམ་བརྒྱུད་ནས་སྡུག་བསྔལ་གྱི་རྒྱུར་གྱུར་པ་ནི་སྡིག་པ་མི་དགེ་བའི་ལས་ཡིན། དེ་ལ་དབྱེ་ན། གང་སྤྱད་པ་ཉིད་ན་སྡིག་ཏུ་འགྱུར་བ་མི་དགེ་བ་བཅུ། མཚམས་མེད་པ་ལྔ། དེ་དང་ཉེ་བ་ལྔ་སོགས་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་། གང་བཅས་པ་ཉིད་ན་ལྟུང་བར་འགྱུར་བ་སྡོམ་པ་གསུམ་གྱི་ཉེས་ལྟུང་ལྟ་བུ་བཅས་པའི་ཁ་ན་མ་ཐོ་བ་དང་། འཇིག་རྟེན་གྱི་མནའ་དང་ཁྲེལ་ལས་འགལ་བ་དང་གཞན་གྱི་སྡིག་རྐྱེན་བྱེད་པ་སོགས་འཇིག་རྟེན་གྱི་ཁ་ན་མ་ཐོ་བ་དང་གསུམ་སྟེ། མདོར་ན་གཞན་ལ་གནོད་པ་གཞི་དང་བཅས་པ་ནི་སྤང་བྱ་མི་དགེ་བའི་ཕྱོགས་དང་། དུག་གསུམ་མེད་པའི་སེམས་ཀྱིས་ཀུན་ནས་བསླངས་པའི་ལས་གང་ལེགས་པར་སྤྱོད་པ་སྟེ་དངོས་སམ་བརྒྱུད་ནས་བདེ་བ་བསྐྱེད་པར་བྱེད་པས་ན་དགེ་བ་སྟེ། དེ་ལའང་དབྱེ་ན་འཁོར་གསུམ་དམིགས་པ་དང་བཅས་ཤིང་མངོན་མཐོའི་འབྲས་བུ་ཙམ་དོན་དུ་གཉེར་བྱེད་ཀྱི་ལས་བསོད་ནམས་ཆ་མཐུན། ངེས་འབྱུང་གི་བསམ་པ་རྣམ་པར་དག་པས་རང་ཉིད་ཞི་བདེའི་འབྲས་བུ་དོན་དུ་གཉེར་བ་ཐར་པ་ཆ་མཐུན། སྲིད་ཞི་མཉམ་ཉིད་དུ་རྟོགས་པའི་དབང་གིས་འཁོར་གསུམ་དུ་རྟོག་པའི་མཚན་མ་དང་བྲལ་བ་བླ་ན་མེད་པའི་དགེ་བ་དང་གསུམ་སྟེ། མདོར་ན་གཞན་ལ་ཕན་པ་གཞི་དང་བཅས་པ་ནི་བླང་བྱ་དགེ་བའི་ཕྱོགས་ཡིན། དེ་ལྟ་བུའི་དགེ་མི་དགེའི་ལས་གང་ཡང་རང་གིས་བྱས་པ་གཞན་ལ་མི་འཕོ། གཞན་གྱིས་བྱས་པ་རང་ལ་མི་སྨིན། མ་བྱས་པའི་ལས་དང་མི་འཕྲད། བྱས་པའི་ལས་ཆུད་མི་ཟ། དཀར་ནག་གི་འབྲས་བུ་མི་འཆོལ་བར་རྒྱུ་ཆུང་ཡང་འབྲས་བུ་མང་དུ་བསྐྱེད་པ་ཞིང་ས་གཤིན་པོ་ལ་ས་བོན་བཏབ་པ་དང་འདྲ་བས་ཤིན་ཏུ་ཕྲ་བ་ནས་འདོར་ལེན་བྱེད་པ་ཅིས་ཀྱང་གལ་ཆེ་སྟེ། དེ་ལྟར་ཡང་རིན་ཆེན་ཕྲེང་བ་ལས། འདོད་ཆགས་ཞེ་སྡང་གཏི་མུག་དག །དེས་བསྐྱེད་ལས་ནི་མི་དགེ་བ། །མ་ཆགས་མི་སྡང་གཏི་མུག་མེད། །དེས་བསྐྱེད་ལས་ནི་དགེ་བའོ། །ཞེས་དང་། བཞི་བརྒྱ་པ་ལས། བསམ་པ་བྱང་ཆུབ་སེམས་དཔའ་ལ། །དགེའམ་གལ་ཏེ་མི་དགེའང་རུང་། །ཐམས་ཅད་དགེ་ལེགས་ཉིད་འགྱུར་ཏེ། །གང་ཕྱིར་ཡིད་དེའི་དབང་འགྱུར་ཕྱིར། །ཞེས་དང་། དྲན་པ་ཉེར་བཞག་ཆུང་བ་ལས། དགེ་བ་ཡིས་ནི་བདེ་བ་འཐོབ། །མི་དགེ་བ་ལས་སྡུག་བསྔལ་འབྱུང་། །དེ་ལྟར་དགེ་དང་མི་དགེ་བའི། །ལས་ཀྱི་འབྲས་བུ་གསལ་བར་སྟོན། །ཞེས་དང་། དེས་པས་ཞུས་པའི་མདོ་ལས། ས་བོན་ཚ་བ་རྣམས་ལས་ནི། །འབྲས་བུ་ཚ་བ་སྐྱེ་བར་འགྱུར། །ས་བོན་མངར་བ་རྣམས་ལས་ནི། །འབྲས་བུ་མངར་བ་སྐྱེ་བར་འགྱུར། །དཔེ་ཟླར་བྱས་པ་འདི་ཡིས་ནི། །སྡིག་པའི་རྣམ་སྨིན་ཚ་བ་དང་། །དཀར་པོའི་རྣམ་སྨིན་མངར་བར་ཡང་། །མཁས་པ་ཡིས་ནི་ཤེས་པར་བྱ། །ཞེས་དང་། འདུལ་བ་ལུང་ལས། སྡིག་པ་ཆུང་ངུ་དག་ལ་ཡང་། །མི་གནོད་སྙམ་དུ་བརྙས་མི་བྱ། །མེ་རྟག་ཆུང་ངུ་ཙམ་གྱིས་ནི། །རྩྭ་ཕུང་རི་ཙམ་བསྲེག་པར་འགྱུར། །དགེ་བ་ཆུང་ངུ་དག་ལ་ཡང་། །མི་ཕན་སྙམ་དུ་བརྙས་མི་བྱ། །ཆུ་ཡི་ཐིགས་པ་གསོག་པ་ཡིས། །སྣོད་ཆེན་རིམ་གྱིས་གང་བར་འགྱུར། །ཞེས་གསུངས། དེ་ཡང་འདུ་བྱེད་ཟག་བཅས་ཀྱི་ལས་ཀྱིས་འགྲོ་བ་དྲུག་གི་ས་གནས་རིས་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་ཏེ། །མདོ་ལས། འདོད་པའི་ཁམས་ནི་སྐྱོན་དང་བཅས་པ་སྟེ། །དེ་བཞིན་གཟུགས་ཀྱི་ཁམས་ཀྱང་སྐྱོན་དང་བཅས། །གཟུགས་མེད་ཁམས་ཀྱང་སྐྱོན་དང་བཅས་པ་སྟེ། །མྱ་ངན་འདས་པ་འབའ་ཞིག་སྐྱོན་མེད་མཐོང་། །ཞེས་དང་། རྒྱལ་ཚབ་ས་བཅུའི་དབང་ཕྱུག་གིས་ཀྱང་། མི་གཙང་བ་ལ་དྲི་ཞིམ་མེད་བཞིན་འགྲོ་ལྔ་དག་ན་བདེ་བ་མེད། །དེ་ཡི་སྡུག་བསྔལ་རྟག་ཏུ་མེ་མཚོན་རྒྱ་ཚྭ་ལ་སོགས་རེག་སྐྱེས་བཞིན། །ཞེས་དང་། ཀུན་མཁྱེན་བླ་མས། ཨེ་མ་བརྟག་དཀའ་འཁོར་བའི་ཕ་མཐའ་ཡས། །སྲིད་ལམ་དུབ་པ་དག་གི་སྡུག་བསྔལ་ནི། །གང་དུ་སྐྱེས་ཀྱང་བདེ་བ་འགའ་མེད་དེ། །མི་དགེས་བསྐྱེད་པའི་འབྲས་བུ་མི་བཟད་པ། །རང་ཉིད་སྣང་ལོག་རྨི་ལམ་ནང་བཞིན་དུ། །འགྲོ་དྲུག་སོ་སོར་མྱོང་བའི་རང་བཞིན་ནི། །མེད་སྣང་འཁྲུལ་པས་སྡུག་བསྔལ་དཔག་ཏུ་མེད། །ཅེས་གསུངས་པ་བཞིན། སྡུག་བསྔལ་གྱི་རང་བཞིན། སྡུག་བསྔལ་གྱི་ངོ་བོ། སྡུག་བསྔལ་གྱི་ཡོ་ལང། རྩ་བའི་སྡུག་བསྔལ་བཞི་ལུ་གུ་རྒྱུད་དང་འདྲ་སྟེ་གཅིག་གཤམ་ལ་གཅིག་འབྲེལ། ཡན་ལག་གི་སྡུག་བསྔལ་རྒྱ་མཚོའི་རྦ་རླབས་དང་འདྲ་སྟེ་བུད་པ་དང་སངས་པ་མེད། ཉིང་ལག་གི་སྡུག་བསྔལ་གནམ་གྱི་སྐར་མ་དང་འདྲ་སྟེ་གྲངས་དང་ཚད་མེད། དེས་ན་གང་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན། སུ་དང་འགྲོགས་ཀྱང་སྡུག་བསྔལ་གྱི་གྲོགས་པོ། གང་དུ་ཕྱིན་ཀྱང་སྡུག་བསྔལ་གྱི་གནས་ཁང་། གང་ཅི་ཡིན་ཀྱང་སྡུག་བསྔལ་གྱི་སྣོན་མར་འདུག་སྟེ། འཇིག་རྟེན་གྱི་ཕུན་སུམ་ཚོགས་པ་ཀུན་སྡུག་བསྔལ་གྱི་རྒྱུ། མ་ཚོགས་པ་ཐམས་ཅད་སྡུག་བསྔལ་གྱི་འབྲས་བུ་སྟེ། མདོར་ན་འདོད་པ་སེམས་ཀྱི་སྡུག་བསྔལ། མྱོང་བ་ལུས་ཀྱི་སྡུག་བསྔལ། སྣང་བ་ཡུལ་གྱི་སྡུག་བསྔལ། སྒོ་གསུམ་རྩོལ་སྒྲུབ་ཀྱི་སྡུག་བསྔལ་ཏེ་སྡུག་བསྔལ་དུ་མ་གྱུར་པ་གཅིག་ཀྱང་མེད་པས་རྒྱལ་པོའི་བཙོན་རའམ། མེ་ཡི་འོབས་སམ། སྲིན་མོའི་གླིང་ལྟ་བུར་ཤེས་པར་བྱ་སྟེ། མདོ་དྲན་པ་ཉེར་བཞག་ལས། སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །ཡི་དྭགས་བཀྲེས་ཤིང་སྐོམ་པས་ཉམས། །དུད་འགྲོ་གཅིག་ལ་གཅིག་ཟས་ཉམས། །མི་རྣམས་འཚོ་བ་ཐུང་བས་ཉམས། །ལྷ་མིན་འཐབ་ཅིང་རྩོད་པས་ཉམས། །ལྷ་རྣམས་བག་མེད་པ་ཡིས་ཉམས། །འཁོར་བ་ཁབ་ཀྱི་རྩེ་ཙམ་ཡང་། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་དང་། བཤེས་སྤྲིང་ལས། ལྷ་ཡུལ་འདོད་བདེ་ཤིན་ཏུ་ཆེན་པོ་དང་། །ཚངས་ཉིད་ཆགས་བྲལ་བདེ་བ་ཐོབ་ནས་སླར། །མནར་མེད་མེ་ཡི་བུད་ཤིང་གྱུར་པ་ཡི། །སྡུག་བསྔལ་རྒྱུན་མི་འཆད་པ་བརྟེན་འཚལ་ལོ། །ཞེས་དང་། ཀུན་མཁྱེན་བླ་མས། ཇི་ལྟར་མེ་ནང་གཅན་གཟན་མི་རྒོད་ཁྲོད། །རྒྱལ་པོའི་བཙོན་རར་ཆུད་པའི་འགྲོ་བ་ལྟར། །སྡུག་བསྔལ་སྔ་ཕྱི་བརྒྱུད་མས་མནར་བཞིན་དུ། །ད་དུང་ཐར་པའི་སྐབས་མེད་སྐྱོ་བ་འཕེལ། །ཞེས་དང་། ད་ལྟའི་སྡུག་བསྔལ་ཅུང་ཟད་མི་བཟོད་ན། །སྲིད་པའི་སྡུག་བསྔལ་མི་བཟད་ཇི་ལྟར་བཟོད། །དེ་ལྟར་བཤད་ཀྱང་ཅུང་ཟད་མི་སྐྱོ་བར། །བདག་སྙིང་ལྕགས་ཀྱི་གའུ་ཆེན་པོའམ། །རྡོ་ཡི་ཁམས་བཞིན་སེམས་པ་མེད་པར་མངོན། །ཞེས་དང་། དམ་པས། འཁོར་བའི་ཉེས་དམིགས་དྲན་ན་སྙིང་རླུང་ལྡང་། །འདི་ལ་གད་མོ་མི་འོང་དིང་རི་བ། །ཞེས་གསུངས། དེ་ལྟ་བུའི་སྡུག་བསྔལ་ཅན་གྱི་འཁོར་བ་ལས་རང་ཉིད་གཅིག་པུ་ཐར་པ་ཙམ་གྱིས་མི་ཆོག་སྟེ། ཀླུ་སྒྲུབ་ཀྱིས། གང་གི་མངལ་དུ་ལན་གཅིག་མིན་པར་བདག །མ་གནས་པའམ་བདག་ལ་གང་མ་གནས། །སེམས་ཅན་དེ་ནི་འདི་ན་གང་ཡང་མེད། །དེ་ཕྱིར་ཐམས་ཅད་གཉེན་དུ་གྱུར་པ་ཡིན། །ཞེས་དང་། མ་ཡི་ཐུག་མཐའ་རྒྱ་ཤུག་ཚི་གུ་ཙམ། །རིལ་ལུར་བསྒྲངས་ཀྱང་ས་ཡིས་ལང་མི་འགྱུར། །ཞེས་གསུངས་པ་བཞིན། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཚད་མེད་པ་འདི་དག་ཐམས་ཅད་སྐྱེ་བ་སྔ་མ་རྣམས་སུ་ལན་གྲངས་དུ་མར་ཕ་མ་མ་བྱས་པ་ནི་གཅིག་ཀྱང་མེད། ཕ་མ་བྱས་པའི་སྐབས་སུ་ད་ལྟའི་རྩ་བའི་ཕ་མ་ཇི་ལྟ་བར། ཕན་གདགས་ནུས་ཚད་ཀྱིས་བཏགས། གནོད་པ་ལས་བསྐྱབ་ནུས་ཚད་ཀྱིས་བསྐྱབས་ཏེ། མདོར་ན་རང་གི་སྲོག་ལས་ཀྱང་གཅེས་པར་བསྐྱངས་པའི་དྲིན་ཆེན་ཤ་སྟག་ཡིན། འདི་ཐམས་ཅད་འདོད་པ་བདེ་བ་འདོད་ཀྱང་གླེན་ཞིང་ཐབས་ལ་མི་མཁས་པའི་དབང་གིས་སྒྲུབ་པ་སྡུག་བསྔལ་གྱི་རྒྱུ་སྡིག་པ་མི་དགེ་བ་ཁོ་ན་ལ་སྤྱོད་པས། ཞེ་འདོད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་གྱུར་ནས་མ་རིག་པའི་མུན་པས་ནི་འཐོམས། ཉོན་མོངས་པས་ཡིད་དཀྲུགས་ཏེ་སྨྱོ། བླང་དོར་ལ་ལྟ་བའི་མིག་དང་ནི་བྲལ། དགེ་བའི་བཤེས་གཉེན་གྱི་ལོང་ཁྲིད་ནི་མེད། འཁོར་བའི་གཡང་ས་ཆེན་པོར་ལྷུང་བས་ཤིན་ཏུ་ཉམ་ཐག་ཅིང་སྙིང་རྗེ་བ་འདི་དག་ཡལ་བར་དོར་ན་དེ་ལས་ཁྲེལ་ཆུང་བ་སུ་ཞིག་ཡོད་དེ། སློབ་སྤྲིང་ལས། ཉེ་དུ་འཁོར་བའི་རྒྱ་མཚོའི་ནང་དུ་ཆུད་གྱུར་པ། །གློང་གི་ནང་དུ་ལྷུང་བ་ལྟ་བུར་སྣང་བཞིན་དུ། །སྐྱེ་ཤི་འཕོས་པས་ངོ་མ་ཤེས་པ་དེ་བོར་ནས། །གལ་ཏེ་གཅིག་ཐར་བྱེད་ན་དེ་ལས་ཁྲེལ་བོར་མེད། །བྱིས་པ་པང་ན་བཙའ་བ་ཅི་ཡང་མི་ནུས་པ། །གང་གི་ནུ་ཞོ་བྱམས་པའི་ཤུགས་ཀྱིས་གཟག་འཐུངས་ཤིང་། །ངལ་བ་མང་བརྟེན་ཤིན་ཏུ་བྱམས་ལྡན་རྟེན་མ་རྣམས། །ཤིན་ཏུ་མ་རབས་ཞིག་ནའང་སྤོང་བར་སུ་ཞིག་སྤྲོ། །ཞེས་གསུངས་པས། བདག་གིས་ད་རེས་དྲིན་ལྡན་གྱི་མ་དེ་རྣམས་སྡུག་བསྔལ་སྲིད་པའི་རྒྱ་མཚོ་ལས་བསྒྲལ་བར་བྱ་དགོས། དེའི་ནུས་པ་ད་ལྟ་བདག་ལ་མེད་པས་བདག་གིས་བླ་ན་མེད་པའི་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་རིན་པོ་ཆེ་དེ་ཅིས་ཀྱང་ཐོབ་པར་བྱ། དེའང་ཐེག་པ་ཐུན་མོང་བའི་ལམ་ལ་ཞུགས་ན་བསྐལ་པ་གྲངས་མེད་གསུམ་ལ་སོགས་པར། རྩོལ་སྒྲུབ་ཀྱིས་ཡུན་རིང་དུ་འགོར་བས། དེའི་བར་ལ་མ་རྒན་རྣམས་ཤིན་ཏུ་སྡུག་བསྔལ་དོས་དྲགས་པོས་མནར་བར་འདུག་པས། ད་རེས་ཚེ་གཅིག་ལུས་གཅིག་གིས་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་བྱ་བའི་ཕྱིར་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པའི་སྒོར་ཞུགས་པར་བྱ། དེ་ཡང་སྨིན་བྱེད་ཀྱི་དབང་བསྐུར་སྔོན་དུ་མ་སོང་བར་འཇུག་ཏུ་མི་རུང་སྟེ། གསང་སྙིང་ལས། སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་པར་མ་བྱས་པར། །ཉན་པ་ལ་སོགས་བརྩོན་པ་ནི། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །ཞེས་གསུངས་ཤིང་། དབང་ལེགས་པར་ཐོབ་ན་ཧེ་རུ་ཀ་མངོན་འབྱུང་ལས། དཀྱིལ་འཁོར་བདག་པོ་མཐོང་ནས་ནི། །ཅུང་ཟད་དེ་ནི་མི་འགྲུབ་མེད། །སྡིག་པ་ཀུན་ལས་རྣམ་པར་གྲོལ། །དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར། །ཞེས་གསུངས་པས་ཐོག་མར་སྨིན་བྱེད་ཀྱི་དབང་བསྐུར་ཞུས་ནས་ལམ་རིམ་གཉིས་ཀྱི་རྣལ་འབྱོར་ལ་ཚུལ་བཞིན་དུ་འཇུག་པར་བགྱིའོ་སྙམ་དུ་བསམ་པ་བཟང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། ཆོས་གསན་པའི་ཀུན་ཏུ་སྤྱོད་པའང་། སྐྱེས་རབས་ལས། རབ་ཏུ་དམའ་བའི་སྟན་ལ་འདུག །དུལ་བའི་དཔལ་ནི་རབ་ཏུ་བསྐྱེད། །དགའ་དང་ལྡན་པའི་མིག་གིས་བལྟ། །ཚིག་གི་{ནི}བདུད་རྩི་འཐུང་བ་བཞིན། །ཞེས་དང་། དཀྱིལ་འཁོར་གྱི་ཆོ་ག་རྡོ་རྗེ་འབྱུང་བ་ལས། རྟོག་པ་ཐམས་ཅད་ལེགས་པར་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བཟང་དང་ལྡན་པས་ཉོན། །བརྗེད་ངེས་བློ་ལ་རྡོ་རྗེ་སེམས་དཔའ་སོགས། །བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་རློབ། །ཅེས་གསུངས་པས་ན་དགེ་བའི་བཤེས་གཉེན་ལ་དཀྱིལ་འཁོར་གྱི་བདག་པོར་དངོས་སུ་མོས་པའི་གུས་པ་དང་ལྡན་པས་སྒོ་གསུམ་ལེགས་པར་བསྡོམས་ཏེ་གཞན་དུ་མ་ཡེངས་པའི་སྒོ་ནས་གསན་འཚལ། དེ་ཡང་འོ་སྐོལ་གྱི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་མངའ་བ་དེ་ཉིད་ཀྱིས། སེམས་ཅན་རྣམས་ཀྱི་བསམ་པ་དང་། དབང་པོ་དང་། སྐལ་བའི་ཁྱད་པར་དང་རྗེས་སུ་མཐུན་པའི་ཆོས་ཀྱི་བདུད་རྩི་བསམ་གྱིས་མི་ཁྱབ་པ་ཞིག་སྩལ་བར་མཛད་པ་ཡིན་ཏེ། ལང་ཀར་གཤེགས་པ་ལས། ཇི་སྲིད་སེམས་ནི་འཇུག་པའི་བར། །ཐེག་པ་དག་ལ་ཐུག་པ་མེད། །ཅེས་དང་། ཀུན་བྱེད་རྒྱལ་པོའི་རྒྱུད་ལས། འདོད་ཆགས་འདུལ་བའི་གཉེན་པོར་གསུངས་པ་ནི། །འདུལ་བའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཞེ་སྡང་འདུལ་བའི་གཉེན་པོར་གསུངས་པ་ནི། །མདོ་སྡེའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །གཏི་མུག་འདུལ་བའི་གཉེན་པོར་གསུངས་པ་ནི། །མངོན་པའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །དུག་གསུམ་ཆ་མཉམ་འདུལ་བའི་གཉེན་པོར་ནི། །སྡེ་སྣོད་བཞི་པ་ཉི་ཁྲི་ཆིག་སྟོང་གསུངས། །ཞེས་གསུངས། དེ་དག་ཀྱང་བསྡུ་ན་ཐེག་པ་རིམ་པ་དགུར་འདུ་སྟེ། སྤྱི་མདོ་དགོངས་པ་འདུས་པ་ལས། དོན་དམ་ངེས་པའི་ཐེག་པ་ནི། །གསུམ་དུ་ངེས་པར་བསྟན་པ་སྟེ། །ཀུན་འབྱུང་འདྲེན་དང་དཀའ་ཐུབ་རིག །དབང་སྒྱུར་ཐབས་ཀྱི་ཐེག་པའོ། །ཞེས་པས། ཀུན་འབྱུང་འདྲེན་པའི་ཐེག་པ། ཉན་ཐོས། རང་རྒྱལ། བྱང་ཆུབ་སེམས་དཔའི་ཐེག་པ་སྟེ་མཚན་ཉིད་སྡེ་གསུམ་དང་། དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ། ཀྲཱི་ཡ་བྱ་བ། ཨུ་པ་ཡ་སྤྱོད་པ། ཡོ་ག་རྣལ་འབྱོར་གྱི་རྒྱུད་དེ་ཕྱི་རྒྱུད་གསུམ་དང་། དབང་བསྒྱུར་ཐབས་ཀྱི་ཐེག་པ། བསྐྱེད་པ་མ་ཧཱ། ལུང་ཨ་ནུ། རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་སྟེ་ནང་རྒྱུད་སྡེ་གསུམ་དང་དགུའོ། །དེ་ཡང་བསྡུ་ན་རྒྱུ་འབྲས་ཀྱི་ཐེག་པ་གཉིས་སུ་འདུར་རུང་སྟེ། ཀུན་བྱེད་ལས། ཐེག་པ་རྣམ་པ་གཉིས་ཡིན་ཏེ། །མཚན་ཉིད་རྒྱུ་ཡི་ཐེག་པ་དང་། །འབྲས་བུ་རྡོ་རྗེ་ཐེག་པའོ། །ཞེས་གསུངས་པ་ལས། འདིར་ནི་རྒྱུ་མཚན་ཉིད་ཀྱི་ཐེག་པ་ལས། ལམ་མྱུར་བ་དང་། བདེ་བ་དང་། ཐབས་ལ་མཁས་པ་སོགས་ཀྱིས་ཁྱད་པར་དུ་གྱུར་པའི་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་ཡིན། དེ་ལའང་གསར་རྙིང་གཉིས་ལས་རྙིང་མ་ལ་མཚོན་ན། འདིར་གསར་མ་ལས། སྤྱན་འདྲེན་པ་པོ་ཡོན་བདགཕྱག་བཞེས་ཀྱི་གཙུག་ལག་ཁང་། འཆད་པ་པོ་པཎ་ཆེན། སྒྱུར་བྱེད་ཀྱི་ལོ་ཙཱ་བ། ཞུ་རྟེན་གྱི་མེ་ཏོགབརྗོད་བྱ་ཆོས་ཀྱི་ཆེ་བ་སྟེ། ཆེ་བ་དྲུག་ལྡན་གྱི་སྒོ་ནས་ཁྱད་པར་དུ་འཕགས་པ་གསང་སྔགས་རྙིང་མ་ཡིན། དེ་ལའང་བཀའ་གཏེར་དག་སྣང་གི་བརྒྱུད་པའི་ཁྱད་པར་གསུམ་ལས། ས་གཏེར་ལ་མཚོན་ན། འདིར་བཀའ་མ་ལས། བཀའ་བབ་ལུང་བསྟན། སྨོན་ལམ་དབང་བསྐུར། མཁའ་འགྲོ་གཏད་རྒྱའི་བརྒྱུད་པ་གསུམ་གྱིས་ཁྱད་པར་དུ་འཕགས་ཤིང་། གཙོ་བོར་བརྒྱུད་ཐག་ཉེ་ཞིང་བྱིན་རླབས་ཀྱི་ཚན་ཁ་ཆེ་ཞིང་། གཏེར་ཡིག་གི་དཔེ་དཔང་མངའ་བས་ཁུངས་བཙུན་པ་དང་། གང་ལ་གང་འདུལ་གྱིས་དུས་དང་འཚམས་པར་མངོན་པར་སྣང་བས་ཟབ་ལམ་ནུབ་པ་མེད་པའི་ཕྱིར། ཁྱད་པར་དུ་འཕགས་པ་གཏེར་གྱི་ཕྱོགས་སུ་གཏོགས་པ་སྟེ། ཇི་སྐད་དུ། ཤིན་ཏུ་ཟབ་པའི་མཐར་ཐུག་སྙིང་པོ་རྣམས། །སྤྱིར་ཡང་བོད་ཁམས་གསར་ངས་ཆེ་བ་དང་། སྙིགས་མའི་འགྲོ་ལ་ལྷག་པར་སྙིང་རྗེ་བས། །མཐའ་དབུས་ཐམས་ཅད་གཏེར་གྱིས་བཀང་ནས་བཞག །ལས་ཅན་བུ་དང་འཕྲད་པའི་སྨོན་ལམ་བཏབ། །མ་འོངས་དུས་སུ་རྟོག་གེ་ཐ་སྙད་མཁན། །སྒོམ་ཆེན་ལ་སོགས་ཕྱོགས་དང་རིས་དྲེགས་ཅན། །རང་ཆེ་འབྱིན་ཅིང་གཏེར་ལ་རྩོད་ན་ཡང་། །སྙིགས་མའི་ཆོས་བྱེད་ཕལ་ཆེར་གཏེར་གྱིས་འདྲེན། །ཟབ་ལ་ཁ་ཚང་མ་བསྒྲིབས་མཐའ་རྒྱས་ཤིང་། །གདམས་པ་སྣ་རེས་གང་ཟག་གྲོལ་བར་ངེས། །དེ་བས་ལས་སད་སྐལ་ལྡན་སྦྱངས་པ་ཅན། །འཆི་བ་དྲན་ན་གཏེར་ཆོས་ཉམས་སུ་ལོངས། །ཚེ་གཅིག་ཐར་པ་ཐོབ་བོ་རྗེ་འབངས་རྣམས། །ཞེས་གསུངས་པ་ལྟར་བོད་དང་བོད་ཆེན་པོའི་ཡུལ་འདིར་རྒྱུ་བའི་སྐྱེ་དགུ་རྣམས་ཀྱི་ཕན་བདེའི་རྩ་ལག་དུས་བབ་ཀྱི་ཟབ་གཏེར་ལ་རག་ལས་པ་ཡིན་ལ་དེ་ཉིད་སྤྱན་འདྲེན་པ་པོ་ཡང་། སྔོན་གྱི་ལོ་པཎ་དང་རྒྱལ་བློན་ས་ཆེན་པོ་ལ་བཞུགས་པའི་འཕགས་ཆེན་རྣམས། གང་འདུལ་སྤྲུལ་པའི་སྣང་བརྙན་གཏེར་སྟོན་དུ་བསྟན་ནས་འབྱོན་པ་ལས། འདིར་སྐབས་སུ་བབ་པ་ནི། ཞེས་སོགས་སམ། ཡང་དེ་ལས་ཅུང་ཟད་བསྡུས་པར་འདོད་ན། དེ་ཡང་རྨད་དུ་བྱུང་བའི་སློབ་དཔོན་ཆེན་པོ་ཙཎྜ་གོ་མིས། གང་ཞིག་ཐོབ་ནས་སྐྱེ་བའི་རྒྱ་མཚོ་མཐར་འབྱིན་ཅིང་། །བྱང་ཆུབ་མཆོག་གི་ས་བོན་དགེ་བའང་འདེབས་འགྱུར་བ། །ཡིད་བཞིན་ནོར་བུ་བས་ཀྱང་ཡོན་ཏན་ཆེས་ལྷག་པའི། །མི་ཉིད་དེ་ནི་སུ་ཞིག་འབྲས་བུ་མེད་པར་བྱེད། །བདེ་གཤེགས་ལམ་བསྟན་འགྲོ་བ་འདྲེན་པར་ཆས་གྱུར་ཅིང་། །སེམས་ཀྱི་སྟོབས་ཆེན་མི་ཡི་རྙེད་པ་གང་ཡིན་པ། །ལམ་དེ་ལྷ་དང་ཀླུ་ཡིས་མི་རྙེད་ལྷ་མིན་དང་། །མཁའ་ལྡིང་རིག་འཛིན་མིའམ་ཅི་དང་ལྟོ་འཕྱེས་མིན། །མི་ཡི་དངོས་པོ་ཤིན་ཏུ་རྙེད་དཀའ་རྙེད་གྱུར་ན། །དོན་དུ་བརྣག་པ་གང་ཡིན་དེ་ནི་བསྟུན་ཏེ་སྒྲུབས། །ཞེས་གསུངས་པ་ལྟར། ངོ་བོ་རྒྱུ་རྐྱེན་དཔེ་གྲངས་ཚུལ་གང་ལ་བསམས་ཀྱང་ཤིན་ཏུ་རྙེད་དཀའ་ཞིང་ཕན་ཐོགས་ཆེ་བའི་དལ་འབྱོར་བཅོ་བརྒྱད་དང་ལྡན་པའི་མི་ལུས་རིན་པོ་ཆེ་འདི་ཉིད་ཐོབ་པའི་གནས་སྐབས་སུ། གྲུ་ཡོད་དུས་ཆུ་བོ་ལས་བརྒལ་དགོས་པ་བཞིན་དུ་སྡུག་བསྔལ་མུ་མཐའ་མེད་པ་སྲིད་པའི་རྒྱ་མཚོ་ལས་སྒྲོལ་བའི་ཕྱིར་དུ། དམ་པའི་ཆོས་གཤའ་མ་ཞིག་ཅིས་ཀྱང་བྱ་དགོས། དེའང་སང་བྱ་དང་གནང་བྱའི་དབང་དུ་བཞག་པས་མི་ཕན་ཏེ། ཕྱི་སྣོད་ཀྱི་འཇིག་རྟེན། ནང་བཅུད་ཀྱི་སེམས་ཅན། དམ་པའི་སྐྱེས་བུ། འཆི་རྐྱེན་ངེས་མེད། དཔེ་དོན་སྣ་ཚོགས་ཚུལ་གང་ལ་བསམས་ཀྱང་མི་རྟག་པའི་རང་བཞིན་ལས་མ་འདས་པས། དོ་ནུབ་ཙམ་དུའང་མི་འཆི་བའི་ངེས་པ་མེད་དེ། མཚན་མོ་བཟང་པོས་ཞུས་པའི་མདོ་ལས། སང་ཙམ་འཆིའམ་སུས་ཤེས་ཀྱིས། །དེ་རིང་ཉིད་དུ་བསྟུན་ཏེ་སྒྲུབས། །འཆི་བདག་སྡེ་ཆེན་དེ་དང་ནི། །ཁྱོད་ཉིད་བཤེས་པ་མ་ཡིན་ནོ། །ཞེས་དང་། བཤེས་སྤྲིང་ལས། ཚེ་ནི་གནོད་མང་རླུང་གིས་བཏབ་པ་ཡི། །ཆུ་ཡི་ཆུ་བུར་བས་ཀྱང་མི་རྟག་ན། དབུགས་དབྱུང་དབུགས་རྔུབ་གཉིད་ཀྱིས་གང་ལོག་པ། སད་ཁམས་གང་ལགས་དེ་ནི་ངོ་མཚར་ཆེ། །ཞེས་དང་། སྤྱོད་འཇུག་ལས། དེ་རིང་ཁོ་ནར་མི་འཆི་ཞེས། །བདེ་བར་འདུག་པ་རིགས་མ་ཡིན། །ཞེས་གསུངས། འཆི་བའི་ཚེ་རང་གི་རྗེས་སུ་འབྲང་བ་ནི་ལས་དཀར་ནག་གཉིས་མ་གཏོགས་གཞན་གང་ཡང་མེད་དེ། ཆོས་ལྡན་རབ་འབྱོར་གྱིས། དགེ་དང་སྡིག་པ་མ་གཏོགས་པ། །འགྲོ་བ་ཐམས་ཅད་ཕྱིར་ལྡོག་ནས། །འགའ་ཡང་ཁྱོད་རྗེས་མི་འབྲང་བར། །མཁྱེན་པར་གྱིས་ལ་ལེགས་པར་སྤྱོད། །ཅེས་གསུངས། དེའང་དགེ་བ་རང་གིས་མ་བྱས་པར་ཁྱེར་རྒྱུ་ནི་མེད། སྡིག་པ་བྱས་ཟིན་པ་སྐྱུར་དབང་ནི་མེད། ལས་དཀར་ནག་གི་འབྲས་བུ་ནམ་ཡང་མི་འཆོལ་བར་རང་རང་གི་ཟིན་འབྱུང་གི་ཕུང་པོའི་སྟེང་དུ་སྨིན་ངེས་ཏེ། ལས་བརྒྱ་པ་ལས། ལུས་ཅན་རྣམས་ཀྱི་བདེ་སྡུག་ནི། །ལས་རྣམས་ཡིན་པར་ཐུབ་པས་གསུངས། །ལས་རྣམས་ཀྱང་ནི་སྣ་ཚོགས་ལ། །དེ་ཡིས་འགྲོ་འདི་སྣ་ཚོགས་བྱས། །སྣ་ཚོགས་རྣམ་པར་འཁྱམས་ཤིང་འཇུག །ལས་ཀྱི་དྲྭ་བ་འདི་ཆེའོ། །ཞེས་དང་། དྲན་པ་ཉེར་བཞག་ལས། མེ་ནི་གྲང་བར་འགྱུར་ཡང་སྲིད། །རླུང་ནི་ཞགས་པས་ཟིན་ཡང་སྲིད། །ཉི་ཟླ་ཐང་ལ་རྒྱུ་ཡང་སྲིད། །ལས་ཀྱི་རྣམ་སྨིན་བསླུ་མི་སྲིད། །ཅེས་གསུངས། དེས་ན་ཀུན་སློང་ཆགས་སྡང་རྨོངས་གསུམ་གྱིས་བསྐྱེད་པའི་སྦྱོར་བ་གཞན་ལ་གནོད་པ་གཞི་དང་བཅས་པ་འདི་དང་གཏན་དུ་རང་འབྲས་ཡིད་དུ་མི་འོང་བ་བསྐྱེད་པར་བྱེད་པ་སྡིག་པ་མི་དགེ་བའི་རིགས་སྲོག་ལ་བབས་ཀྱང་སྤངས་ཤིང་། ཕན་སེམས་བསམ་པ་བཟང་པོ་བྱང་ཆུབ་སེམས་ཀྱིས་ཀུན་ནས་བསླང་བའི། སྦྱོར་བ་གཞན་ལ་ཕན་པ་གཞི་དང་བཅས་པ། འདི་དང་གཏན་དུ་རང་འབྲས་ཡིད་དུ་འོང་བ་བསྐྱེད་པར་བྱེད་པ་དཀར་པོ་དགེ་བའི་ལས་ལ་ཅི་ནུས་སུ་འབད་པ་གལ་ཆེ་སྟེ། ཆེད་དུ་བརྗོད་པའི་ཚོམ་ལས། སྡིག་པ་ཆུང་ངུར་བྱས་པས་ཀྱང་། །འཇིག་རྟེན་ཕ་རོལ་འཇིགས་ཆེན་དང་། །ཕུང་ཁྲོལ་ཆེན་པོ་བྱེད་འགྱུར་ཏེ། །ཁོང་པར་སོང་བའི་དུག་བཞིན་ནོ། །བསོད་ནམས་ཆུང་ངུ་བྱས་པས་ཀྱང་། །འཇིག་རྟེན་ཕ་རོལ་བདེ་ཆེན་འདྲེན། །དོན་ཆེན་དག་ཀྱང་བྱེད་འགྱུར་ཏེ། །འབྲུ་རྣམས་ཕུན་སུམ་ཚོགས་པ་བཞིན། །ཞེས་གསུངས། འདུ་བྱེད་ཟག་བཅས་ཀྱི་ལས་ཀྱིས་འཁོར་བའི་གནས་རིས་མཐོ་དམན་གང་དུ་སྐྱེས་ཀྱང་། དམྱལ་བ་ཚ་གྲང་། ཡི་དྭགས་བཀྲེས་སྐོམ། དུད་འགྲོ་བླུན་རྨོངས། མི་སྐྱེ་རྒ་ན་འཆི། ལྷ་མ་ཡིན་འཐབ་རྩོད། ལྷ་འཕོ་ལྟུང་སྟེ་རྩ་བའི་སྡུག་བསྔལ་ཆེན་པོ་དྲུག་དང་། ཡོད་པ་སྲུང་མི་བཏུབ། མེད་པ་བཙལ་གྱིས་མི་རྙེད། དགྲ་སྡང་བ་དང་ཕྲད། གཉེན་བྱམས་པ་དང་བྲལ་བ་སོགས་ཡན་ལག་གི་སྡུག་བསྔལ་མཐའ་ཡས། མདོར་ན་ཟག་བཅས་ཀྱི་ཕུང་པོ་འདི་གྲུབ་ཕྱིན་སྡུག་བསྔལ་གྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ་དང་། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གསུམ་ལས་མ་འདས་ཏེ། མདོ་ལས། སྲིད་པའི་སྡུག་བསྔལ་ནི་བསིལ་བའི་སྐབས་མེད་པ་མེ་ཡི་འོབས་ལྟ་བུའོ། །འཇིགས་ཤིང་ཉམ་ང་བ་གཅན་གཟན་ཁྲོ་བོ་དང་མི་རྒོད་ཀྱི་ནང་ན་གནས་པ་ལྟ་བུའོ། །ཐར་པའི་དུས་སྐབས་དཀའ་བས་རྒྱལ་པོའི་ཁྲི་མུན་ལྟ་བུའོ། །ཡང་དང་ཡང་དུ་འབྱུང་བ་རྒྱ་མཚོའི་རླབས་ལྟ་བུའོ། །བདེ་འགྲོའི་སྲོག་འཇོམས་པ་ཧ་ལ་ཧ་ལ་ལྟ་བུའོ། །ཞེས་དང་། བཤེས་སྤྲིང་ལས། འཁོར་བ་དེ་འདྲ་ལགས་པས་ལྷ་མི་དང་། །དམྱལ་བ་ཡི་དྭགས་དུད་འགྲོ་རྣམས་དག་ཏུ། །སྐྱེ་བ་བཟང་པོ་མ་ལགས་སྐྱེ་བ་ནི། །གནོད་པ་དུ་མའི་སྣོད་གྱུར་མཁྱེན་པར་མཛོད། །ཅེས་གསུངས། དེ་ལྟ་བུའི་སྡུག་བསྔལ་སྲིད་པའི་གནས་ལས་རང་ཉིད་གཅིག་པུ་ཐར་པ་ཙམ་གྱིས་མི་ཕན་ཏེ། འདི་ལྟར་ནམ་མཁའ་ལ་མཐའ་དང་མུ་མེད་པ་བཞིན་དུ་སེམས་ཅན་གྱི་ཁམས་ལའང་མཐའ་དང་མུ་མེད། དེ་ཐམས་ཅད་ཚེ་རབས་ཐོག་མ་མེད་པ་ནས་རང་གི་ཕ་མ་བྱས་པའི་དྲིན་ཆེན་ཤ་སྟག་སྟེ། འདི་ཐམས་ཅད་འདོད་པ་བདེ་བ་འདོད་ཀྱང་ཐབས་ལ་མི་མཁས་པའི་དབང་གིས་བདེ་བའི་རྒྱུ་ཆོས་དགེ་བ་བཅུ་ནི་སྒྲུབ་མ་ཤེས། སྡུག་བསྔལ་མི་འདོད་ཀྱང་སྡུག་བསྔལ་གྱི་རྒྱུ་སྡིག་པ་མི་དགེ་བ་ནི་སྤོང་མ་ཤེས། ཞེ་འདོད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་གྱུར་པའི་སྨྱོན་པ་ལྟ་བུའི་སེམས་ཅན་འདི་ཐམས་ཅད་སྙིང་རེ་རྗེ། ད་སྙིང་རེ་རྗེ་ཞེས་བཞག་པས་ཅི་ཕན། བདག་ད་རེས་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཐོབ། མཚན་ལྡན་གྱི་དགེ་བའི་བཤེས་གཉེན་དང་མཇལ། ཟབ་པ་དང་རྒྱ་ཆེ་བའི་གདམས་ངག་ཐོབ། ཆོས་བྱེད་ཐབས་ཤེས། བྱེད་དབང་ཡོད་པའི་སྐབས་སུ། མ་སེམས་ཅན་ཐམས་ཅད་གཅིག་ཀྱང་མ་ལུས་པར་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བདག་གཅིག་པུས་ཅི་ནས་ཀྱང་བསྒྲལ་བར་བྱ། དེའི་ནུས་པ་ད་ལྟ་རང་ལ་མེད་ཅིང་། རང་ལས་ཆེ་བར་གྲགས་པའི་ལྷ་ཀླུ་འཇིག་རྟེན་སྐྱོང་བ་ཆེན་པོ་རྣམས་ལའང་མེད། དེ་ལས་ཀྱང་ཆེས་ཆེ་བར་གྲགས་པའི་ཉན་ཐོས་དང་རང་བྱང་ཆུབ་སྟེ་ཞི་བ་ཕྱོགས་རེ་བའི་ལམ་ལའང་མེད། དེ་གང་ལ་མངའ་ན་རྫོགས་པའི་སངས་རྒྱས་ཀྱི་ས་ཁོ་ན་ཡིན་པའི་ཕྱིར་དེ་བདག་གིས་དུས་མྱུར་བ་ཉིད་དུ་ཅི་ནས་ཀྱང་ཐོབ་པར་བྱ། དེའི་ཆེད་དུ་གསང་སྔགས་ལམ་གྱི་རྩ་བ་སྨིན་བྱེད་དབང་བསྐུར་གྱི་ཆོ་ག་ཟབ་མོ་ཞུས་ནས་དོན་རང་རྒྱུད་ལ་སྦྱར་བར་བགྱིའོ་སྙམ་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། ཆོས་ཉན་པའི་ཀུན་ཏུ་སྤྱོད་པའང་མདོ་རྒྱུད་བསྟན་བཅོས་དྲི་མ་མེད་པ་རྣམས་ནས་ཇི་སྐད་གསུངས་པ་བཞིན་ལེགས་པར་གསལ་བཏབ་སྟེ་གསན་པར་ཞུ། དེ་ལ་འདིར་གང་གསན་པར་བྱ་བ་ནི། རྒྱལ་བའི་ཆོས་ཚུལ་བསམ་གྱིས་མི་ཁྱབ་པ་ཞིག་མཆིས་པ་དེ་ཐམས་ཅད་ཀྱང་བསྡུ་ན་ཐེག་པ་ཆེ་ཆུང་གཉིས་སུ་འདུ་བ་ལས། འདིར་ནི་ཐེག་པ་ཆེན་པོ་མདོ་སྡེ་རྒྱན་ལས། དམིགས་པ་ཆེ་བ་ཉིད་དང་ནི། །དེ་བཞིན་བསྒྲུབ་པ་གཉིས་དག་དང་། །ཡེ་ཤེས་བརྩོན་འགྲུས་བརྩམས་པ་དང་། །ཐབས་ལ་མཁས་པ་གང་ཡིན་དང་། ཡང་དག་གྲུབ་པ་ཆེན་པོ་དང་། །སངས་རྒྱས་ཕྲིན་ལས་ཆེན་པོ་སྟེ། །ཆེན་པོ་བདུན་དང་ལྡན་པའི་ཕྱིར། །ཐེག་ཆེན་ཞེས་ནི་ངེས་པར་བརྗོད། །ཅེས་གསུངས་པ་ལྟར་ཐེག་པ་ཆུང་ངུ་ལས་ཆེན་པོ་བདུན་གྱི་སྒོ་ནས་ཁྱད་པར་དུ་འཕགས་པ་ཐེག་པ་ཆེན་པོ་ཡིན། དེ་ལའང་རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་། འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་གཉིས་ཏེ། དེ་གཉིས་ཀའང་མཐར་ཐུག་རྣམ་བྱང་སྒྲུབ་པར་བྱེད་པ་ལ་དོན་གཅིག་ཀྱང་། གནས་སྐབས་ཐབས་ལ་མ་རྨོངས་པ་དང་། ཐབས་མང་བ་དང་། ཐབས་སླ་བ་དང་། དབང་པོ་རྣོན་པོའི་ངོ་སྐལ་དུ་བྱས་པས་སྔ་མ་ལས་ཁྱད་པར་དུ་འཕགས་པ་འབྲས་བུ་རྡོ་རྗེ་ཐེག་པ་སྟེ། ཚུལ་གསུམ་སྒྲོན་མེ་ལས། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་ཏེ། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་གསུངས། དེ་ལ་སྤྱིར་སྔགས་ཀྱི་མཚན་གཞི་ནི། འོད་གསལ་བའི་རང་བཞིན་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དབྱིངས་རང་བཞིན་གྱིས་དག་པ་དང་དེ་ལ་བརྟེན་པའི་ཆོས་སྦྱང་བྱ་སྦྱོང་བྱེད་དང་བཅས་པ་ཐམས་ཅད་དེ། དེ་ཡང་སྦྱང་གཞི་གདོད་མ་ནས་རྣམ་པར་དག་པའི་ཆོས་དབྱིངས་བདེ་བར་གཤེགས་པའི་སྙིང་པོ་རང་བཞིན་གྱིས་འོད་གསལ་བ། སྦྱང་བྱ་གློ་བུར་གྱི་དྲི་མ་ཟག་བཅས་ལས་ཉོན་འཁོར་བའི་ཆོས་ཀུན་གཞི་ཚོགས་བརྒྱད་དང་བཅས་པ། སྦྱོང་བྱེད་སྨིན་གྲོལ་བསྐྱེད་རྫོགས་ལ་བརྟེན་ནས་གསར་དུ་ཡོན་ཏན་སྐྱེ་བ་དང་བཅས་པའི་ཆ་ལས་ཡེ་ཤེས་ལམ་གྱི་ཆར་གཏོགས་པ་ཐམས་ཅད། སྦྱངས་འབྲས་ཟག་པ་མེད་པའི་དབྱིངས་ལ་སྒྲིབ་བྱེད་མཐའ་དག་དང་བྲལ་བས་ཁམས་ཉིད་བྱང་ཆུབ་ཏུ་གནས་གྱུར་ནས་སྐུ་དང་ཡེ་ཤེས་ལྷུན་གྲུབ་ཏུ་རང་སྣང་བའོ། །མཚན་ཉིད་ནི་དབྱིངས་རང་བཞིན་གྱིས་དག་པ་དང་རྗོད་བྱེད་ཐུགས་རྡོ་རྗེའི་གསང་བ་འཁོར་དང་བཅས་པ། ངེས་ཚིག་ནི་མནྟྲ་ཡ་ན་ཞེས་པའི་སྒྲ་ལས་སྔགས་ཀྱི་ཐེག་པ་སྟེ་ཡིད་ཤེས་བདེ་མྱུར་གྱི་སྒོ་ནས་སྐྱོབ་པར་བྱེད་པས་སོ། །དབྱེ་ན་བྱ་སྤྱོད་རྣལ་འབྱོར་བླ་མེད་ཀྱི་རྒྱུད་སྡེ་ཆེན་པོ་བཞི་ལས། འདིར་ཀུན་རྫོབ་རྫས་ཡོད་དུ་མི་འདོད་ཀྱང་བཏགས་པས་ཡོད་པ་མི་འགོག་པས་སྒྱུར་བའི་ཐབས་ལ་བརྟེན་པ་ཀྲི་ཡོག་སྡེ་གསུམ་ལས། ཀུན་རྫོབ་ཏུའང་ཆོས་རྣམས་ལ་མི་གཉིས་པའི་བསམ་སྤྱོད་དང་ལྡན་པས་འབྲས་བུའི་ངོ་བོ་སྣང་སྟོང་ཟུང་འཇུག་གི་ཆོས་སྐུར་རྟོགས་པར་བྱས་ནས། དེའི་ངང་ལ་བསལ་བཞག་མེད་པར་སྐྱོང་བའི་ཏིང་ངེ་འཛིན་གྱིས་གོམས་པར་བྱེད་པས་སྤང་གཉེན་གྱི་ཐ་སྙད་ལས་གྲོལ་བས་ཁྱད་པར་དུ་འཕགས་པ་རྣལ་འབྱོར་བླ་ན་མེད་པའི་ཐེག་པ་ཡིན། དེའང་གསར་རྙིང་གཉིས་ལས། འདིར་གསར་མ་ལས་ཆེ་བ་དྲུག་གིས་ཁྱད་པར་དུ་འཕགས་པ་གསང་སྔགས་རྙིང་མ་ཡིན། རྙིང་མ་དེ་ལའང་རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་ཀྱི་སྔ་མ་ལ། ཆོས་ཐམས་ཅད་སེམས་ཉིད་སྣང་སྟོང་དབྱེར་མེད་ཀྱི་ཆོ་འཕྲུལ་དུ་རྟོགས་པས། ཐབས་བསྐྱེད་པའི་རིམ་པ་དང་སྤྱོད་པ་གཙོ་བོར་སྟོན་པ་རྒྱུད་མ་ཧཱ་ཡོ་གཆོས་ཐམས་ཅད་སེམས་ཉིད་དབྱིངས་ཡེ་ཤེས་གཉིས་སུ་མེད་པའི་རྩལ་ཏུ་རྟོགས་པས། ཤེས་རབ་རྫོགས་པའི་རིམ་པ་དང་ཏིང་ངེ་འཛིན་གཙོ་བོར་སྟོན་པ་ལུང་ཨ་ནུ་ཡོ་གཆོས་ཐམས་ཅད་ཡེ་ནས་སྐྱེ་འགག་མེད་པའི་རང་བྱུང་གི་ཡེ་ཤེས་རང་སྣང་བར་རྟོགས་པས། ཡེ་ཐོག་ཏུ་གྲོལ་བར་བྱེད་པའི་ཐབས་སྤང་བླང་རེ་དོགས་དང་བྲལ་བ་སྟེ། ལྟ་བ་གཙོ་བོར་སྟོན་པ་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་དང་གསུམ་དུ་བཞུགས་པ་ལས། འདིར་བསྐྱེད་རྫོགས་རྣམ་པ་གསུམ་གྱི་སྙིང་པོའི་བཅུད་ཕྱུང་བ་ཞེས་སོགས་སྐབས་ཐོབ་གང་ཡིན་དང་སྦྱར། དེ་ལས་ཀྱང་བསྡུས་པར་འདོད་ན། འོ་སྐལ་ལྡན་རིགས་ཀྱི་བུ་རྣམས་གསན་འཚལ། འདི་ལྟར་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་དོན་དམ་པར་སྟོང་ཞིང་བདག་མེད་པ་སྤྲོས་པའི་མཚན་མ་ཐམས་ཅད་བྲལ་བས་ན་རང་བཞིན་མཉམ་པ་ཉིད་ཡིན་ནའང་། དེ་ལྟར་མ་རྟོགས་པའི་དབང་གིས་གཟུང་འཛིན་གྱི་འཁྲུལ་བ་ལུ་གུ་རྒྱུད་ལ་འཕྱན་པར། མེད་སྣང་སྲིད་པའི་བཙོན་རར་སྡུག་བསྔལ་གསུམ་གྱི་ཆད་པ་སངས་དུས་མེད་པས་མནར་བའི་འགྲོ་བ་འདི་ཐམས་ཅད་ཚེ་རབས་ཀྱི་ཕ་མ་དྲིན་ཆེན་ཤ་སྟག་ཡིན་པས། འདི་ཐམས་ཅད་རྣམ་མཁྱེན་གདོད་མའི་རྒྱལ་ཐབས་ལ་འགོད་པའི་སླད་དུ། སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་སྐུ་ཚེ་འདི་ཉིད་ལ་ཅིས་ཀྱང་ཐོབ་པར་བྱ། དེའི་ཆེད་དུ་གསང་ཆེན་ལམ་གྱི་རྩ་བ་སྨིན་བྱེད་དབང་བསྐུར་གྱི་ཆོ་ག་ཟབ་མོ་ཞུས་ནས་ལམ་རིམ་པ་གཉིས་གྱི་ཚུལ་ལ་སློབ་པར་བགྱིའོ་སྙམ་དུ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་ནི། བྱང་ཆུབ་སྒྲུབ་པའི་རྒྱུའི་གཙོ་བོའམ་ཐབས་མ་ནོར་བ་ཡིན་པས་ཅིས་ཀྱང་གལ་ཆེ་སྟེ། དབུ་མ་འཇུག་པ་ལས། ཉན་ཐོས་སངས་རྒྱས་འབྲིང་རྣམས་ཐུབ་དབང་སྐྱེས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ལས་འཁྲུངས་ཤིང་། །སྙིང་རྗེའི་སེམས་དང་གཉིས་སུ་མེད་བློ་དང་། །བྱང་ཆུབ་སེམས་ནི་རྒྱལ་སྲས་རྣམས་ཀྱི་རྒྱུ། །ཞེས་དང་། རྣམ་སྣང་མངོན་བྱང་ལས། གསང་བའི་བདག་པོ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ནི་སྙིང་རྗེའི་རྩ་བ་ལས་བྱུང་བ་ཡིན། བྱང་ཆུབ་སེམས་ཀྱི་རྒྱུ་ལས་བྱུང་བ་ཡིན། ཐབས་ཀྱིས་མཐར་ཕྱིན་པ་ཡིན། ཞེས་དང་། བྱང་ཆུབ་སེམས་འགྲེལ་ལས། བྱང་ཆུབ་སེམས་ནི་མ་བསྐྱེད་པར། །སངས་རྒྱས་ནམ་ཡང་མི་ཐོབ་ཅིང་། །འཁོར་བར་རང་གཞན་དོན་སྒྲུབ་པའི། །ཐབས་གཞན་ཡོད་པ་མ་ཡིན་ནོ། །ཞེས་གསུངས་ཤིང་། ཆོས་གསན་པའི་ཀུན་ཏུ་སྤྱོད་པའང་། བདག་ཉིད་ལ་ནད་པ། ཆོས་ལ་སྨན། དགེ་བའི་བཤེས་གཉེན་ལ་སྨན་པ་མཁས་པ། ནན་ཏན་ཉམས་སུ་ལེན་པ་ལ་ནད་ཉེ་བར་འཚོ་བའི་འདུ་ཤེས་བཞག་ནས་ལེགས་པར་གསན་པར་ཞུ། དེ་ཡང་གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། འཁྲུལ་འཁོར་ལས་བྱས་སིལ་སྙན་ནི། །རླུང་གིས་བསྐྱོད་པས་སྒྲ་འབྱིན་ཞིང་། །དེ་ལ་བརྡུང་བ་འགའ་མེད་མོད། །དེ་ལྟ་ནའང་སྒྲ་འབྱུང་ལྟར། །དེ་བཞིན་སྔོན་ལེགས་སྦྱང་བའི་ཕྱིར། །སེམས་ཅན་རྣམས་ཀྱི་བསམ་པ་ཡིས། །བསྐུལ་བས་སངས་རྒྱས་གསུང་འབྱུང་ངོ་། །ཞེས་དང་། དགོངས་པ་ལུང་སྟོན་ལས། རྟོག་པ་མེད་ཅིང་འཁྲུལ་མེད་པ། །ཡིད་འོང་རྡོ་རྗེའི་ཚིག་གཅིག་པུ། །གདུལ་བྱའི་བསམ་པའི་དབང་གིས་ནི། །བྱེ་བྲག་མང་པོས་འགྱུར་བ་ཡིན། །ཞེས་གསུངས་པ་བཞིན། སངས་རྒྱས་ཀྱི་གསུང་རྣམ་པ་ཐམས་ཅད་པ་ནི། དོན་དམ་པར་སྒྲ་ཚིག་ཡི་གེ་ཀུན་ལས་འདས་ཀྱང་ཀུན་རྫོབ་ཏུ་གདུལ་བྱའི་མོས་པ་དང་། སངས་རྒྱས་ཀྱི་བྱིན་རླབས་དང་། དུས་སུ་ཚོགས་པའི་རྐྱེན་གསུམ་ནམ་འཛོམས་པ་ན་སྒྲ་སྙན་ནམ་ལྷ་ཡི་རྔ་བོ་ཆེའི་སྒྲ་བཞིན་དུ་གདུལ་བྱ་རང་རང་གི་སྐལ་བ་དང་འཚམ་པར་བསམ་གྱིས་མི་ཁྱབ་པ་ཞིག་སྣང་བ་ཡིན་པས་སྤྱིར་འདི་ཙམ་ཞེས་ཚུར་མཐོང་གི་བློས་ཚད་བཟུང་མི་ནུས་ཀྱང་། གདུལ་བྱའི་རྒྱུད་ཀྱི་སྤང་གཉེན་ལ་ལྟོས་ནས། རྒྱུད་ལས། ཉོན་མོངས་པ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་གཉེན་པོར་ཆོས་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་གསུངས་སོ་གསུང་ངོ་གསུང་བར་འགྱུར་རོ། །ཞེས་གསུངས་པ་ལྟར་ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་དུ་གསུངས་པ་དེ་ཐམས་ཅད་ཀྱི་མཐར་ཐུག་གི་དགོངས་པའི་སྐྱེལ་སོ་སྔགས་བླ་མེད་ཀྱི་ཐེག་པར་འདུ་སྟེ། འཇམ་དཔལ་མཚན་བརྗོད་ལས། ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །འགྲོ་བའི་དོན་ལ་རྟོག་པ་པོ། །ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་དང་། སྒྱུ་འཕྲུལ་རྒྱས་པ་ལས། མཉམ་ཉིད་དོན་རྟོགས་རང་རིག་རྒྱལ་པོ་ནི། །རྒྱ་མཚོ་ཆེན་པོར་ཆུ་ཀླུང་ཀུན་འབབས་ལྟར། །བླ་མེད་དོན་རྟོགས་ཐབས་ཆེན་འདི་དག་ཏུ། །རྣམ་ཐར་ཐེག་པ་མ་ལུས་བསམ་ཡས་འདུ། །ཞེས་གསུངས། དེ་ལྟ་བུའི་གསང་སྔགས་འབྲས་བུའི་ཐེག་པ་དེ་ཡང་རང་རེ་གངས་ཅན་པ་རྣམས་ཀྱི་གདུལ་བྱའི་མགོན་དུ་ཕེབས་པའི་དུས་སྔ་ཕྱིའི་དབང་གིས་གསར་རྙིང་གཉིས་སུ་གྲགས་པ་ལས་འདིར་ཕྱི་མ། དེ་ལའང་རྒྱ་ཆེ་བ་རྒྱུད་སྡེ་དང་། ཟབ་པ་སྒྲུབ་སྡེ་གཉིས་ལས། འདིར་སྒྲུབ་སྡེ། དེ་ལའང་བྱིན་རླབས་ཀྱི་རྩ་བ་བླ་མ། དངོས་གྲུབ་ཀྱི་རྩ་བ་ཡི་དམ། ཕྲིན་ལས་ཀྱི་རྩ་བ་མཁའ་འགྲོ་དང་ཆོས་སྐྱོང་སྟེ། རྩ་བ་གསུམ་གྱི་སྒྲུབ་སྐོར་སྤྱི་དང་། ཁྱད་པར་འཇམ་དཔལ་སྐུ། པདྨ་གསུང་། ཡང་དག་ཐུགས། བདུད་རྩི་ཡོན་ཏན། ཕུར་པ་ཕྲིན་ལས། རྦོད་གཏོང་མ་མོ། དམོད་པ་དྲག་སྔགས། འཇིག་རྟེན་མཆོད་བསྟོད་དེ་སྒྲུབ་པ་ཆེན་པོ་བཀའ་བརྒྱད་སྤྱི་བྱེ་བྲག་གི་སྒྲུབ་བཀའ་བསམ་གྱིས་མི་ཁྱབ་པ་ཞིག་བཞུགས་པ་ལས། འདིར་བྱིན་རླབས་ཀྱི་རྩ་བ་བླ་མ་སྒྲུབ་པའི་སྐོར་ཏེ། ཞེས་པ་ལྟ་བུ་གང་ཡིན་གྱི་ལོ་རྒྱུས་ལ་འཇུགདེ་ལ་སྤྱིར་དབང་གི་ངོ་བོ་ནི། ཐུགས་ཐིག་ལས། རྒྱུ་གཉིས་རྐྱེན་བཞི་ཡན་ལག་སྙེད། །དྲུག་ལ་གནས་པའི་ཐོབ་བྱ་སྟེ། །ངོ་བོ་ཉིད་ཅེས་རྣམ་པར་བཤད། །ཅེས་གསུངས་པ་ལྟར། རྒྱུ་གཉིས་དང་རྐྱེན་བཞི་ཚོགས་པ་ལ་བརྟེན་ནས་གོ་འཕང་གི་ཆོས་རྒྱུད་ལ་འཇོག་པ་སྟེ། དེ་ཡང་རྒྱུ་གཉིས་ནི། མཚུངས་ལྡན་གྱི་རྒྱུ་གདོད་མ་ནས་རང་ལ་རང་ཆས་སུ་བཞུགས་པའི་ཆོས་ཉིད་དེ། བྱེ་བྲག་ཏུ། ལུས་ཕུང་ཁམས་སྐྱེ་མཆེད་ལྷ་རུ་གནས་པ་བུམ་དབང་གི་མཚུངས་ལྡན། ངག་རླུང་དང་ཡི་གེ་སྔགས་སུ་གནས་པ་གསང་དབང་གི་མཚུངས་ལྡན། ཁམས་དྭངས་མ་ཀུན་ད་བདེ་ཆེན་དུ་གནས་པ་ཤེར་དབང་གི་མཚུངས་ལྡན། སེམས་སངས་རྒྱས་ཆོས་སྐུར་གནས་པ་བཞི་པའི་མཚུངས་ལྡན་ཏེ། དབང་མཆོག་རྒྱལ་པོའི་རྒྱུད་ལས། དབང་མཆོག་རང་ལ་མེད་གྱུར་ན། །བསྐུར་བས་ཐོབ་པར་ག་ལ་འགྱུར། །བྲ་སྲན་འབྲས་སུ་དབང་བསྐུར་ཡང་། །དེ་ལ་འབྲས་ཀྱི་དངོས་སྣང་མེད། །ཅེས་གསུངས། ལྷན་ཅིག་བྱེད་པའི་རྒྱུ་རྡོ་རྗེ་སློབ་དཔོན་ལྟ་དགོངས་དང་ལྡན་པས་ཏིང་ངེ་འཛིན་གྱི་བྱིན་གྱིས་བརླབས་ཤིང་རབ་ཏུ་གནས་པའི་དབང་རྫས་ཁྱད་པར་ཅན་དེ་དང་དེའི་ནུས་པ་དང་ལྡན་པའོ། །རྐྱེན་བཞི་ནི། དད་བརྩོན་བརྟུལ་ཞུགས་དང་ལྡན་པས་སྨིན་བྱེད་ཀྱི་སྣོད་དུ་རུང་བའི་སློབ་བུ་རྒྱུའི་རྐྱེན། ཕྱི་ནང་གི་མཚན་ཉིད་ཀུན་ཚང་ཞིང་སྣོད་ལྡན་གྱི་སློབ་མའི་རྒྱུད་སྨིན་པར་ནུས་པའི་སློབ་དཔོན་བདག་པོའི་རྐྱེན། བརྒྱུད་པའི་མན་ངག་དང་ལྡན་ཞིང་རྫས་སྔགས་ཏིང་འཛིན་སོགས་གཞུང་ལས་བཤད་པའི་ཆོ་གའི་ཡན་ལག་མཐའ་དག་ཚང་བའི་ནུས་པ་ཁྱད་པར་ཅན་དམིགས་པའི་རྐྱེན། དབང་སྔ་མ་སྔ་མས་གོ་ཕྱེ་ནས་ཕྱི་མ་ཕྱི་མས་འབྱུང་ཞིང་རིམ་པར་བརྡ་དོན་ངོ་འཕྲོད་པ་ནི་དེ་མ་ཐག་རྐྱེན་ནོ། །དེ་ལྟ་བུའི་རྒྱུ་རྐྱེན་གྱི་ཆོས་དྲུག་པོ་ཚོགས་པ་ལ་བརྟེན་ནས་གོ་འཕང་གི་ཆོས་དབང་གི་ཡེ་ཤེས་རྒྱུད་ལ་འཇོག་པའི་ལས་ཀྱིས་ཐར་པའི་མྱུ་གུ་མངོན་དུ་བསྐྱེད་པའམ། སྐྱེ་ངེས་ཀྱི་ནུས་རུང་དུ་སྨིན་པར་བྱེད་པའོ། །ངེས་ཚིག་ནི། ཨ་བྷི་ཥིཉྩའི་སྒྲ་ལས་དྲངས་ནས། ཨ་བྷི་ནི་མངོན་པ། ཥིཉྩ་གཏོར་བའམ་བླུགས་པ་སྟེ། དབང་གིས་སྒོ་གསུམ་གྱི་དྲི་མ་འཁྲུད་པའི་ཆ་ནས་མངོན་པར་གཏོར་བ་དང་། འབྲས་བུ་ཡེ་ཤེས་ཀྱི་ནུས་པ་ཁྱད་པར་ཅན་རྒྱུད་ལ་འཇོག་པའི་ཆ་ནས་མངོན་པར་བླུགས་པས་ན་དབང་སྟེ། བརྟག་གཉིས་ལས། གཏོར་དང་བླུགས་ཞེས་བྱ་བ། །དེས་ན་དབང་ཞེས་བརྗོད་པར་བྱ། །ཞེས་གསུངས། དབྱེ་བ་ནི། སྤྱིར་གང་ཟག་གི་རྒྱུད་ཚོད་ལ་སྦྱར་ནས། སྨིན་བྱེད་རྒྱུའི་དབང་། གྲོལ་བྱེད་ལམ་གྱི་དབང་། མཐར་ཕྱིན་འབྲས་བུའི་དབང་སྟེ་གསུམ་དུ་བཞག་པ་དང་། རྣམ་པའི་བྱེ་བྲག་ཏུ་དབྱེ་བ། ཡེ་ཤེས་ཐིག་ལེ་ལས། ཆུ་ཡི་དབང་བསྐུར་དབུ་རྒྱན་དག །བྱ་བའི་རྒྱུད་ལས་རབ་ཏུ་གྲགས། །རྡོ་རྗེ་དྲིལ་བུ་དེ་བཞིན་མིང་། །སྤྱོད་པའི་རྒྱུད་ལས་རབ་ཏུ་གསལ། །ཕྱིར་མི་ལྡོག་པ་ཡི་ནི་དབང་། །རྣལ་འབྱོར་རྒྱུད་དུ་གསལ་བར་བྱས། །དེ་ནི་དྲུག་པའི་བྱེ་བྲག་དབང་། །དེ་ནི་སློབ་དཔོན་དབང་ཞེས་བྱ། །རྣལ་འབྱོར་བླ་མ་ཡི་ནི་མཚན། །གསང་བ་ཡི་ནི་དབང་རྒྱལ་བཤད། །ཤེས་རབ་ཡེ་ཤེས་བླ་ན་མེད། །བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་གསུངས་པ་བཞིན་རྒྱུད་སྡེ་བཞིའི་དབང་གི་བབས་མི་འདྲ་བ་བཞིར་བཞག་པ་སོགས་སྤྱི་བྱེ་བྲག་གི་དབྱེ་བ་མཐའ་ཡས་ཀྱང་། གསང་བ་བླ་མེད་ཀྱི་སྐབས་འདིར་ནི། སྙིང་པོའི་རྒྱུད་ཕྱི་མ་ལས། སློབ་དཔོན་གསང་བ་ཤེས་རབ་དང་། །དེ་མ་ཐག་པ་བཞི་པ་སྟེ། །རྣམ་རྟོག་དྲི་མ་དག་བྱའི་ཕྱིར། །དབང་བསྐུར་རྣམ་པ་བཞི་ཡིན་ནོ། །ཞེས་དང་། པདྨའི་ལམ་རིམ་ཆེན་མོ་ལས། བུམ་གསང་ཡེ་ཤེས་བདེ་ཆེན་དབང་བཞི་བསྐུར། །ཞེས་གསུངས་པས། ལུས་རྩ་ཡི་སྒྲིབ་པ་དག་ཅིང་སྣང་སྟོང་སྐུ་རྡོ་རྗེའི་ལམ་ཁྱེར་བསྐྱེད་རིམ་དབྱིབས་ཀྱི་རྣལ་འབྱོར་སྒོམ་པའི་སྣོད་རུང་དུ་བྱེད་པ་དང་། འབྲས་བུ་སྤྲུལ་པའི་སྐུའི་གོ་འཕང་གི་ཆོས་རྒྱུད་ལ་འཇོག་པར་བྱེད་པ་བུམ་པའི་དབང་ཕྱི་མཚན་མ་རྫས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་བསྐུར་བ་དང་། ངག་རླུང་གི་སྒྲིབ་པ་དག་ཅིང་གསལ་སྟོང་གསུང་རྡོ་རྗེའི་ལམ་ཁྱེར་རླུང་སྔགས་རྡོ་རྗེའི་བཟླས་པ་བདག་བྱིན་གྱིས་བརླབས་པའི་རྣལ་འབྱོར་གྱི་སྣོད་རུང་དུ་བྱེད་པ་དང་། འབྲས་བུ་ལོངས་སྤྱོད་རྫོགས་པའི་གོ་འཕང་གི་ཆོས་རྒྱུད་ལ་འཇོག་པར་བྱེད་པ་གསང་དབང་ནང་ལུས་དཀྱིལ་ལམ་ཀུན་རྗོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་བསྐུར་བ་དང་ཡིད་ཐིག་ལེའི་སྒྲིབ་པ་དག་ཅིང་བདེ་སྟོང་ཐུགས་རྡོ་རྗེའི་ལམ་ཁྱེར་གཞན་ལུས་ཕོ་ཉའི་ལམ་གྱི་སྣོད་རུང་དུ་བྱེད་པ་དང་། འབྲས་བུ་ཆོས་སྐུའི་གོ་འཕང་གི་ཆོས་རྒྱུད་ལ་འཇོག་པར་བྱེད་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གསང་བ་བྷ་གའི་དཀྱིལ་འཁོར་ལ་བརྟེན་ནས་བསྐུར་བ་དང་། ཆ་སྙོམས་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་དག་ཅིང་རིག་སྟོང་ཡེ་ཤེས་རྡོ་རྗེའི་ལམ་ཁྱེར་རྫོགས་པ་ཆེན་པོ་ཀ་དག་དང་ལྷུན་གྲུབ་ཀྱི་ལམ་གྱི་སྣོད་རུང་དུ་བྱེད་པ་དང་། འབྲས་བུ་ངོ་བོ་ཉིད་སྐུའི་གོ་འཕང་གི་ཆོས་རྒྱུད་ལ་འཇོག་པར་བྱེད་པ་བདེ་བ་ཆེན་པོའི་དབང་དམ་ཚིག་དབང་རིན་པོ་ཆེ་ཡང་གསང་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་བསྐུར་བ་དང་རྣམ་པ་བཞིར་ངེས་པ་ལས། འདིར་སྤྲོས་བཅས་བུམ་པའི་དབང་བསྐུར་བ་སྐབས་སུ་བབས་པ་སོགས་འབྲེལ་ཆགས་པར་སྦྱོར་ཤེས་དགོས་ཤིང་། ཁྱད་པར་རྒྱུད་སྡེ་གོང་འོག་གི་བབས་དང་སྔགས་གསར་རྙིང་གི་ཆོ་གའི་ཁྱད་པར། དབང་དང་བྱིན་རླབས་རྗེས་གནང་། རིགས་གཏད་སོགས་སོ་སོའི་དབྱེ་བསལ་དགོས་ཆེད་རྣམས་ཞིབ་པར་ཤེས་དགོས་མོད། དེ་དག་མཐའ་ཡས་པའི་ཕྱིར་འདིར་བྲིར་མ་ལང་བས་དམ་པ་གོང་མ་རྣམས་ཀྱི་གསུང་རབ་ལ་འདྲིས་པ་ཅིས་ཀྱང་གལ་ཆེ་སྟེ། རྡོ་རྗེ་སློབ་དཔོན་གྱི་དེ་ཉིད་བཅུའི་གཙོ་བོ་ཡིན་པའི་ཕྱིར་རོ། །སྨྲས་པ། ཕུལ་བྱུང་མཁྱེན་རབ་མེ་ལོང་གཙང་མའི་ངོགས། །རྒྱ་ཆེན་ཤེས་བྱའི་གཟུགས་བརྙན་འབུམ་བཀྲ་བའི། །སྔོན་བྱོན་དམ་པའི་ལེགས་བཤད་ཆེས་མང་ན། །འདི་འདྲའི་བརྗོད་པས་སུ་ལ་ཅི་ཞིག་འཚལ། །འོན་ཀྱང་འཆད་འདོད་བློ་གྲོས་གསར་བུ་བའི། །མགུལ་བའི་རྒྱན་དུ་འདི་ཙམ་བཟུང་ན་ཡང་། །བློ་ལྡན་ཡིད་ལ་དགའ་བའི་དཔལ་སྟེར་བྱེད། །དེ་ཕྱིར་རང་འདྲ་འགའ་ལ་ཕན་ནམ་སྙམ། །ཁྱད་པར་འཁོར་ལོའི་དབང་ཕྱུག་སྤྲུལ་པའི་སྐུ། །སྐྱེས་ཐོབ་མཁྱེན་པའི་རྩ་བ་རབ་བརླིང་ཡང་། །སྦྱོར་བརྩོན་ཡལ་གའི་ཁོ་ལག་མ་རྫོགས་པས། །འདི་ཙམ་གྱིས་ཀྱང་ཐུགས་ཕན་གསོབ་པར་མཐོང་། །དེ་སླད་ཉུང་ངུའི་ངག་གིས་མདོ་ཙམ་དུ། །བརྗོད་པ་འདིས་ཀྱང་མཆོག་གི་སྤྲུལ་པའི་སྐུའི། །ཐུགས་རབ་འཕེལ་ཞིང་གསན་བསམ་སྒོམ་གསུམ་གྱི། །ཡོན་ཏན་ཡར་ཟླའི་དཔལ་བཞིན་རྒྱས་གྱུར་ཅིག །འགྲོ་ཁམས་རྒྱ་མཚོའི་དད་པའི་ཞིང་ས་ལ། །སྨིན་བྱེད་དབང་བཞིའི་ས་བོན་གསོས་ཐེབས་ཤིང་། །རིམ་གཉིས་ལམ་གྱི་སྙེ་མ་གཡུར་ཟ་བས། །དོན་གཉིས་འདོད་པ་འཇོ་བའི་བཀྲ་ཤིས་ཤོག །ཅེས་པའང་མཆོག་སྤྲུལ་རིན་པོ་ཆེ་སྐུ་ན་ཕྲ་བས་ཐུགས་འཛིན་བདེ་བའི་སླད་དུ། ཞེ་ཆེན་པ་རྒན་པོ་འགྱུར་མེད་པདྨ་བསྟན་འཛིན་གྱིས་བྲིས་པ་མངྒལཾ། །། །

ཉེར་མཁོའི་སླད་དུ་དབང་བཤད་ཁ་ཤས་བསྙེལ་ཟིན་དུ་སྤེལ་བ།

༄༅། །ༀ་སྭསྟི། འདིར་ཉེར་མཁོའི་སླད་དུ་དབང་བཤད་ཁ་ཤས་བསྙེལ་ཟིན་དུ་སྤེལ་བ་ལ། སྨིན་གཏེར་འཇམ་དཔལ་གཤིན་རྗེ་དྲེགས་པ་འཇོམས་བྱེད་ལ། དེ་ཡང་གསང་ཆེན་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེ་འདི་ལ་རྒྱུད་སྡེ་དང་སྒྲུབ་སྡེའི་བབས་སོ་ཆེན་པོ་གཉིས་སུ་བཞུགས་པ་ལས། འདིར་ཟབ་པ་སྒྲུབ་སྡེ། དེ་ལའང་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ལྷའི་སྒྲུབ་ལུགས་ལྔ་དང་འཇིག་རྟེན་པའི་ཚུལ་དུ་སྟོན་པ་གཉིས། ཆ་མཐུན་གཅིག་སྟེ་སྒྲུབ་པ་ཆེན་པོ་བཀའ་བརྒྱད་དུ་གྲགས་པ་ལས། ཡེ་ཤེས་ལྷ་ཡི་སྒྲུབ་ལུགས་ཆེན་པོ་ལྔའི་ཡ་གྱལ། སྐུ་མཆོག་འཇམ་དཔལ་དྲག་པོར་སྒྲུབ་པའི་སྐོར་ཡིན། དེ་ལའང་བཀའ་གཏེར་དག་སྣང་གི་ཁྱད་པར་གསུམ་དུ་བཞུགས་པ་ལས། འདིར་བཀའ་བབས་ལུང་བསྟན། སྨོན་ལམ་དབང་བསྐུར། མཁའ་འགྲོ་གཏད་རྒྱ་སྟེ་བརྒྱུད་པ་གསུམ་གྱིས་ཁྱད་པར་དུ་འཕགས་པ་ཟབ་མོ་གཏེར་གྱི་ཕྱོགས་ལས་དབུས་གཏེར་ཟུག་པ་རྩ་བ་ལྟ་བུའི་ཆོས་སྡེར་གཏོགས་པ་སྟེ། རང་གཞུང་ལས། བདག་འདྲ་མཚོ་སྐྱེས་རྡོ་རྗེ་ཐོད་ཕྲེང་རྩལ༔སྤྲེའུའི་ལོ་ལ་ཀོ་ཤའི་གླིང་དུ་འཁྲུངས༔སུམ་སྟོང་ཉེ་བར་རྒྱ་གར་ཨོ་རྒྱན་སོགས༔བསྟན་པའི་རྒྱལ་མཚན་རྩོད་མེད་སེངྒེར་གྲགས༔ཆོས་རྒྱལ་ངོ་དང་སྨོན་ལམ་ཡུལ་གཟིགས་ནས༔སྟག་གི་ལོ་ལ་གངས་ཅན་ཡུལ་འདིར་སླེབས༔གཙུག་ལག་ས་བརྟུལ་རབ་གནས་མངའ་གསོལ་བྱས༔ཆོས་དང་གདམས་པ་བསྟན་སྲུང་དྲག་སྔགས་བཅས༔སྨོན་ལམ་དབང་གིས་རྗེ་འབངས་རྣམས་ལ་བཤད༔མ་འོངས་དོན་ཕྱིར་གཏེར་ཁ་དཔག་མེད་སྦས༔ཁྱད་པར་ལོ་ཙཱ་བཻ་རོ་ཙ་ན་ལ༔སྙིང་པོའི་བཅུད་མཆོག་གཤིན་རྗེའི་གདམས་པ་བསྟན༔སྤེལ་བར་མི་བྱ་སྙིང་ལ་གབ་བྱས་ནས༔མ་འོངས་དོན་དུ་ཟབ་མོའི་གཏེར་དུ་སྦོས༔འདི་ནི་ཐུགས་ཀྱི་བརྣག་པ་མིན་རེ་སྐན་{ཀན}༔ཞེས་གསུངས་པ་ལྟར། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་པའི་ཡེ་ཤེས་གཅིག་ཏུ་བསྡུས་པའི་སྤྱི་གཟུགས། དཔལ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་སམ་བྷ་ཝ་དེ་ཉིད་ཀྱིས། སྔོན་དུས་ལས་ཅན་རྗེ་འབངས་རྣམས་དང་། མ་འོངས་ཕྱི་རབས་ཀྱི་གདུལ་བྱ་རྣམས་ཀྱི་དོན་དུ་དགོངས་ཏེ་ཟབ་རྒྱས་ཀྱི་གདམས་པ་མཐའ་ཡས་པ་ཞིག་སྩལ་པར་མཛད་པ་ལས། འདི་ནི་བྲག་དམར་དཔལ་གྱི་བསམ་ཡས་མཆིམས་ཕུའི་གསང་ཕུག་ཏུ་བཞུགས་པའི་སྐབས། གཤིན་རྗེ་ཟླ་གསང་ནག་པོའི་རྒྱུད་དང་། གྲུབ་པའི་སློབ་དཔོན་ཤཱནྟིཾ་གརྦྷའི་མན་ངག་གི་བཅུད་ཕྱུང་སྟེ། སྤྲུལ་པའི་ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ན་ལ། འཇམ་དཔལ་གཤིན་རྗེ་གཤེད་དྲེགས་པ་འཇོམས་བྱེད་ཀྱི་གདམས་པ་མཐའ་དག་མནོག་ཆོས་སུ་སྩལ་པ། མ་འོངས་ཕྱི་དུས་ཀྱི་བསྟན་པའི་བཙས་སུ་དགོངས་ཏེ་གུ་རུས་ལུང་བསྟན་པ་བཞིན་ཟབ་མོའི་གཏེར་དུ་སྦས་པ་ལས། ཕྱིས་དུས་ལ་བབ་པའི་ཚེ་ལོ་ཙཱ་བ་ཆེན་པོ་འབྲས་བུ་མཐར་ཕྱིན་པའི་ཡེ་ཤེས་ཀྱི་རོལ་གར། གངས་ཅན་གྱི་ལྗོངས་ཙམ་ན་འགྲན་ཟླ་དང་བྲལ་བའི་མཁས་གྲུབ་རིག་འཛིན་ཡོངས་ཀྱི་སྤྱི་དཔལ། སྔ་འགྱུར་བསྟན་པའི་ཉི་མ་གཅིག་པུར་གྱུར་པ། ཆོས་རྒྱལ་གཏེར་བདག་གླིང་པའམ་པདྨ་གར་དབང་འགྱུར་མེད་རྡོ་རྗེ་རྩལ་ཞེས་མཚན་ཉི་ཟླ་ལྟར་ཡོངས་སུ་གྲགས་པ་དེ་ཉིད་ཀྱིས། ཡར་ཀླུང་ཤེལ་བྲག་དཔལ་ཆེན་སྒྲུབ་ཕུག་གི་བྱང་འདབས་རྒྱལ་མཚན་འདྲ་བའི་བྲག་མེ་ལོང་ལྟ་བུའི་ངོས་ནས་མེ་མོ་ལུག་གི་ལོ་ལ་རྫུ་འཕྲུལ་གྱི་བཀོད་པ་ངོ་མཚར་བ་དང་བཅས་ཏེ་སྤྱན་འདྲེན་པར་མཛད་དེ། ལུང་ཟིན་རྩ་བའི་ཆོས་བདག་འཇམ་པའི་དབྱངས་ཁྲི་སྲོང་ལྡེའུ་བཙན་གྱི་རྣམ་པར་འཕྲུལ་བ་རྒྱལ་མཆོག་ལྔ་པ་ཆེན་པོ་སོགས་ལ་བསྩལ་པས་བར་ཆད་ཀྱི་གཡུལ་ལས་རྒྱལ་བའི་དགེ་མཚན་དང་བྱིན་རླབས་ཀྱི་ཚན་ཁ་གཞན་ལས་ཁྱད་པར་དུ་འཕགས་པ་སྟེ། མདོར་ན་གུ་རུ་རིན་པོ་ཆེའི་རྡོ་རྗེའི་གསུངས་ལས། བདག་གི་ཐུགས་ཀྱི་ཏི་ཀ་མཆོག༔ཟབ་འདྲིལ་དྲེགས་པ་འཇོམས་བྱེད་འདི༔སྔོན་ཆད་རྒྱ་དང་བོད་གཉིས་ཀར༔རླུང་ཕྱོགས་ཙམ་དུ་མ་གྲགས་ཀྱང༔སྨོན་ལམ་ལས་ཀྱི་འབྲེལ་བ་དང༔སྣོད་དང་ལྡན་ཕྱིར་བདག་གིས་བཤད༔མི་སྤེལ་ཉམས་སུ་ལེན་པ་གཅེས༔གཞན་དུ་སྤེལ་ན་དམ་ཚིག་ཉམས༔དེས་ན་འདི་ཉིད་སྲ་བའི་གོ༔ཆོས་མཛད་སྐྱེས་བུ་བསྲུང་བའི་མཁར༔བདེ་གཤེགས་སྤྱི་དགྲ་སྒྲོལ་བའི་མཚོན༔ཕས་ཀྱི་རྦོད་གཏོར་བཟློག་པའི་གཤེད༔འདི་ཡི་སྔགས་དང་བསྲུང་བ་ཙམ༔གང་གིས་མཐོང་རེག་ཙམ་གྱིས་ཀྱང༔བདུད་ཚོགས་བ་མོར་ཉི་ཇི་བཞིན༔དེ་བས་འདི་ལ་ནན་ཏན་མཛོད༔ཅེས་རྗེས་སུ་བསྔགས་པའི་གདམ་པ་ཟབ་མོ་འདི་ཉིད་ཀྱི་སྒོ་ནས་སྨིན་བྱེད་དབང་གི་ཆོ་གས་སྣོད་ལྡན་གྱི་སློབ་མ་རྗེས་སུ་འཛིན་པར་བྱེད་པ་ལ་སློབ་དཔོན་གྱིས་བགྱི་བར་འོས་པ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག

ཀར་གླིང་ཞི་ཁྲོའི་དབང་གི་མཚམས་སྦྱོར་ངག་འདོན་སྨིན་ལུགས་བཞིན་བཀོད་པ་ཉུང་གསལ་སྒྲོན་མེ།

༄༅། །ཀར་གླིང་ཞི་ཁྲོའི་དབང་གི་མཚམས་སྦྱོར་ངག་འདོན་སྨིན་ལུགས་བཞིན་བཀོད་པ་ཉུང་གསལ་སྒྲོན་མེ་ཞེས་བྱ་བ་བཞུགས། ༀ་སྭསྟི། རབ་འབྱམས་ཞི་དང་ཁྲོ་བོའི་དཀྱིལ་འཁོར་ལྷ། །སྤྲོ་བསྡུའི་བྱེད་པོ་བླ་མ་ཀུན་ཏུ་བཟང་། །སྙིང་དབུས་ཉི་ཟླའི་ཁྲི་ལ་ཉེར་བཀོད་ནས། །ཀར་གླིང་ཞི་ཁྲོའི་དབང་གི་མཚམས་སྦྱོར་བྲི། དེའང་དབང་རྒྱུན་ལ་མཁོ་བའམ་སྤྲོས་པ་ལ་དགའ་ན་སྔོན་འགྲོ་རིན་ཆེན་སྒྲོན་མེ་བཞིན་སྔོན་དུ་སྦྱར་ནས་འདིར་འཇུགསྤྱི་ཙམ་དུ་ཆོ་ག་སྡིག་སྒྲིབ་རྣམ་སྦྱོང་ལྟར། བདག་ཉིད་དཀྱིལ་འཁོར་དུ་གཞུག་ཅིང་སློབ་མ་འཇུག་པར་གནང་བ་ཞུ་བའི་བར་སོང་རྗེས། བཅས་བཤམས་རྣམས་ཡོལ་བས་བསྒྲིབས་ཏེ་བཞགསློབ་མ་རྣམས་ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་བྱས་ཏེ་གྲལ་དུ་འཁོད། བགེགས་གཏོར། ཨ་མྲྀ་ཏས་བསངས། སྭཱ་བྷ་ཝཱས་སྦྱངས། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ༀ་ཨཱཿཧཱུྃ་ཧོཿས་བརླབས། ༀ་སརྦ་བྷུ་ཏ་ཨ་ཀཪྵ་ཡ་ཛཿས་མགྲོན་དགུགༀ་སརྦ་བིགྷྣཱཾ་ན་མ་ཿསརྦ་སོགས་ཀྱིས་བསྔོས་ལ། ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ༴ ཆོས་ཀྱི་བཀའ༴ དགེ་འདུན༴ གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་། སྙིང་པོ་དང་ཕྱག་རྒྱ་ཏིང་ངེ་འཛིན་རྣམས་ཀྱི༴ ཆོས་ཉིད་གདོད་ནས་སྟོང་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་དུ་ངན་སོང་ཐམས་ཅད་རྣམ་པར་སྦྱོང་བ་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་རྣམས་ཀྱི་བདེན༴ སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི༴ བདེན་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས་རྡོ་རྗེའི་སློབ་མ་འདི་རྣམས་ལ་སྨིན་བྱེད་དབང་བསྐུར་གྱི་ཆོ་ག་ཟབ་མོ་སྒྲུབ་པར་བྱེད་པ་ལ་བར་དུ་གཅོད་པའི་བགེགས་ཚོགས་ཐམས་ཅད་གཏོར་མ་འདིས་ཚིམས་པར་གྱིས་ལ་འདིར་མ་གནས་པར་གཞན་དུ་དེངས་ཤིགགལ་ཏེ་མི་འགྲོ་ན་ཁྲོ་བོ་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་འདིས་བགེགས་ཁྱོད་རྣམས་ཀྱི་མགོ་བོ་ཚལ་བ་བརྒྱར་འགས་པར་འགྱུར་ཏ་རེ། ཞེས་དང་། ༀ་བོ་ངྷི་ཙིཏྟ་དང་རུ་ལུ་དང་སུམྦྷ་ནིའི་དྲག་སྔགས་གུལ་ཡུངས་རོལ་མོ་དང་བཅས་པས་བགེགས་བསྐྲད། བཛྲ་རཀྵ་རཀྵ་ཧཱུྃ། ཞེས་བརྗོད་པས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་རྭ་བ་དྲྭ་བ་གུར་བླ་རེ་ཡེ་ཤེས་ཀྱི་མེ་དཔུང་མཐའ་མེད་དུ་འཕྲོ་བས་བཅིངས་ཏེ་ཅིས་ཀྱང་མི་ཤིགས་པའི་མོས་པ་མཛོད། དེ་ནས་ལས་རྡོར་གྱིས་མེ་ཏོག་བཀྱེ་བསྡུ་བྱ་ཞིང་སློབ་དཔོན་གྱིས། འོ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཟུང་འཇུག་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་ཅན་ཁྱབ་བདག་གདོད་མའི་མགོན་པོ་ཀུན་བཟང་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་དམ་པ་ཐོབ་པར་བྱ། དེའི་ཆེད་དུ་གསང་སྔགས་རྡོ་རྗེ་ཐེག་པའི་སྒོ་ནས་མངོན་པར་དབང་བསྐུར་བ་ཟབ་མོ་གསན་ཏེ། བདག་གཞན་སེམས་ཅན་ཐམས་ཅད་ཀྱི་དོན་རྒྱ་ཆེན་པོ་བྱ་སྙམ་པའི་སེམས་བསྐྱེད་ཡང་དག་པ་དང་བཅས་ཏེ་ཆོས་ཉན་པའི་ཀུན་སྤྱོད་མདོ་རྒྱུད་བསྟན་བཅོས་རྣམས་ལས་ཇི་སྐད་གསུངས་པ་བཞིན་ལེགས་པར་གསན་འཚལ། དེ་ཡང་འོ་སྐོལ་གྱི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་ཉིད་ཀྱིས་སེམས་ཅན་གྱི་བསམ་པ་དང་མཐུན་པའི་ཆོས་ཀྱི་བདུད་རྩི་བསམ་གྱིས་མི་ཁྱབ་པ་ཞིག་བསྟན་པ་ཐམས་ཅད་ཀྱང་བསྡུ་ན་ཐེག་པ་ཆེ་ཆུང་གཉིས་ལས་འདིར་ཐེག་པ་ཆེན་པོ། དེ་ལའང་གསར་རྙིང་གཉིས་ལས་འདིར་ཕྱི་མ། དེ་ལའང་ཕྱི་རྒྱུད་སྡེ་གསུམ་ནང་རྒྱུད་སྡེ་གསུམ་དུ་ཕྱེ་བའི་ནང་ཚན་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གདེ་ལ་འདིར་བསྐྱེད་རྫོགས་རྣམ་པ་གསུམ་གྱི་སྒོར་ཞུགས་པའི་རྣལ་འབྱོར་པ་རྣམས་ཀྱི་ཉམས་ཆག་སྐོང་ཞིང་རྟོག་སྒྲིབ་སྦྱངས་ལ། སེམས་ཅན་ཐམས་ཅད་ངན་སོང་གི་སྡུག་བསྔལ་ལས་དྲངས་ནས་བླ་ན་མེད་པའི་དངོས་གྲུབ་ཀྱི་སྐལ་བ་ཅན་དུ་བྱེད་པའི་ཐབས་མཁས་ཀྱི་སྒོ་རྨད་དུ་བྱུང་བ་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་སྒོ་ནས་དབང་བསྐུར་བ་ཡིན་པས། ཐོག་མར་ལོ་རྒྱུས་མདོ་ཙམ་ནི། སྔོན་འདོད་ཁམས་ཀྱི་གནས་འདི་ན་བྲམ་ཟེ་དུང་གི་ཕྲེང་བ་ཅན་ཞེས་བྱ་བ་རིག་པའི་གནས་ལྔ་ལ་མཁས་པ་ཞིག་ལ་སློབ་མ་རྒྱལ་པོའི་བུ་ཞིག་ཡོད་པ་དེས་སློབ་སྦྱོང་མཐར་ཕྱིན་པ་ན། ད་ནི་ང་ཡི་གོང་ན་རིག་པ་སྨྲ་བ་སློབ་དཔོན་འདི་ཙམ་དུ་ཟད་པས་འདི་གོང་དུ་མི་གཏོང་སྙམ་དུ་བསམས་ནས་སློབ་དཔོན་ལ་ཐོ་བཙམས་ཤིང་། སློབ་དཔོན་གྱིས་ཀྱང་ཞེ་སྡང་གིས་དམོད་བོར་བའི་ལས་ཀྱིས་གཉིས་ཀ་ངན་འགྲོར་ལྟུང་ནས་སྡུག་བསྔལ་གྱིས་ཉམ་ཐག་པར་གྱུར་པ་ལ། ཡུལ་དང་འཕྲད་པའི་ཐུགས་རྗེ་སྐྱེས་ཏེ། དཔལ་རྡོ་རྗེ་སེམས་དཔའ་མངོན་སུམ་དུ་བྱོན་ནས་འགྱོད་ཚངས་ཀྱི་བཤགས་པ་དང་ཡིག་བརྒྱའི་སྔགས་བསྟན་པས་སྔོན་གྱི་གནས་དྲན་ཏེ་འགྱོད་པ་དྲག་པོ་སྐྱེས་པ་ལ། གསང་བའི་བདག་པོས་ཕྱི་ནང་གསང་བའི་དབང་བསྐུར་བས་དགེ་བའི་གསོས་ཐེབས་ཏེ་བྱང་ཆུབ་ཀྱི་མྱུ་གུ་སྐྱེས་པས་རིམ་གྱིས་རིག་འཛིན་གྱི་ས་ལ་གནས་པར་གྱུར་ཏེ། དེ་ལྟར་ཀུན་བཟང་རྡོ་རྗེ་འཆང་ཆེན་པོས་རྡོ་རྗེ་སེམས་དཔའ་ལ་དགོངས་པས་བྱིན་གྱིས་བརླབས་པས་རྒྱལ་བ་དགོངས་བརྒྱུད། རྡོ་རྗེ་སེམས་དཔས་མན་ངག་གི་གནད་རྫོགས་ཆེན་འཁོར་འདས་རང་གྲོལ། བཏགས་གྲོལ་རྒྱུད་དྲུག་གི་ཆོས་སྐོར་སོགས་བརྡའི་སྒོ་ནས་རིག་འཛིན་དགའ་རབ་རྡོ་རྗེ་དང་། དེས་ཤྲཱི་སིངྷ། དེས་སངས་རྒྱས་གཉིས་པ་པདྨ་འབྱུང་གནས་སོགས་ལ་བརྡ་ཙམ་བསྟན་པས་དོན་ཁོང་དུ་ཆུད་ལ། དེ་ཡན་རིག་འཛིན་བརྡ་བརྒྱུད། འགྱོད་ཚངས་བཤགས་པའི་རྒྱུད་ནི་གླང་ཆེན་རབ་འབོག་གི་རྟོག་པ་གཅིག་ཁོལ་དུ་བྱུང་བ་ཡིན་ཞིང་དེ་ནི་གསང་བདག་གི་མཐུས་རྒྱལ་པོ་ཛཿལ་གླེགས་བམ་གྱི་ཆར་བབས་པའི་ནང་ཚན་ཡིན་ཞིང་འཕགས་ཡུལ་གྱི་རིག་འཛིན་རྣམས་ལས་བརྒྱུད་དེ་ཤིང་རྟ་ཆེན་པོ་སངས་རྒྱས་གསང་བ་ལ་བཀའ་བབ། དེ་ཉིད་ཀྱིས་བི་མ་ལ་དང་པདྨ་འབྱུང་གནས་ལ་གནང་ཞིང་པདྨ་འབྱུང་གནས་ཀྱིས་གངས་ཅན་གྱི་ལྗོངས་སུ་ཡོ་གའི་རྒྱུད་དང་ཨ་ཏིའི་མན་ངག་ཟུང་དུ་བསྡེབས་པས་བསྐྱེད་རྫོགས་རྣམ་པ་གསུམ་གྱི་སྒོར་ཞུགས་པའི་རྣལ་འབྱོར་པ་རྣམས་ཀྱི་ཉམས་ཆག་སྐོང་ཞིང་རྟོག་སྒྲིབ་སྦྱངས་ལ་སེམས་ཅན་ཐམས་ཅད་ངན་སོང་གི་སྡུག་བསྔལ་ལས་དྲངས་ནས་བླ་ན་མེད་པའི་དངོས་གྲུབ་ཀྱི་སྐལ་བ་ཅན་དུ་བྱེད་པ་ལ་ཐབས་མཁས་ཀྱི་སྒོ་རྨད་དུ་བྱུང་བ་རྣལ་འབྱོར་སྤྱི་ཁྲུས་ན་རཀ་དོང་སྤྲུག་གི་ཆོ་ག་མང་དུ་མཛད་པ་གཉགས་ལོ་ཡེ་ཤེས་གཞོན་ནུ་ལ་བཀའ་བབས་ཏེ་བཀའ་མ་ལྟར་དུ་དར་བར་མཛད། དེ་ལྟར་དོང་སྤྲུག་ལས་ཁོལ་དུ་ཕྱུང་བའི་དགོངས་པ་རང་གྲོལ་འདི་ཉིད་རྒྱུད་བསྐྱེད་པ་མ་ཧཱ་ཡོ་ག་ལྟར་ཁོག་ཕུབ་ལ་ལྟ་སྒོམ་རྫོགས་པ་ཆེན་པོ་གཙོ་བོར་བཏོན་ཏེ་སྒྲུབ་ཕྲིན་གྱི་རིམ་པ་དང་། འཁོར་འདས་ཀྱི་ཆོས་ཐམས་ཅད་བར་དོ་རྣམ་པ་དྲུག་གིས་གཏན་ལ་ཕབ་སྟེ་ལམ་རྫོགས་ཆེན་ལྟར་ཉམས་སུ་ལེན་བྱའི་གདམས་པ་ཟབ་མོ་འདི་ནི། བོད་ཡུལ་ལ་སྐུ་དངོས་ཀྱིས་འདུལ་བའི་མཛད་པ་མཐར་ཕྱིན་ཏུ་ཉེ་བའི་སྐབས་ཤིག་མངའ་བདག་ཡབ་སྲས་དང་། ལོ་ཙཱ་བ་ཅོག་རོ་ཀླུའི་རྒྱལ་མཚན་སོགས་ཀྱིས་གསེར་གཡུའི་མཎྜལ་ཕུལ་ནས་ཁྱེད་ཀྱི་ཐུགས་རྗེའི་བཀའ་དྲིན་ལ་དུས་སྐབས་མ་མཆིས་ཤིང་། སྔོན་ཆད་ཀྱང་ཐེག་པ་ཕྱི་ནང་གི་ཆོས་ཀྱི་སྒྲོན་མེ་དཔག་ཏུ་མེད་པ་ཐུགས་ལ་བཏགས་མོད་ཀྱང་། ད་དུང་ཡང་བདག་ཅག་རྗེ་བློན་གྲོགས་འབངས་རྣམས་དང་། མ་འོངས་སྙིགས་དུས་ཀྱི་འགྲོ་བ་རྣམས་ཀྱི་དོན་དུ་ཐེག་པ་ཕྱི་ནང་གི་ཆོས་ཐམས་ཅད་ཀྱི་དོན་འགག་གཅིག་ཏུ་དྲིལ་ནས་ཚེ་གཅིག་ལ་སངས་རྒྱས་པའི་ཆོས་ཡུན་རིང་པོར་དཀའ་སྤྱད་སྙིང་རུས་ཀྱིས་འབད་རྩོལ་ལ་མ་ལྟོས་པར། ཐོས་པ་ཙམ་གྱིས་གྲོལ་བའི་ཆོས་ཟབ་ཅིང་ཉུང་ལ་དོན་འདུས་པ་ཞིག་བཀའ་སྩལ་ཏུ་གསོལ་ཞེས་གསོལ་བ་བཏབ་པས། སློབ་དཔོན་ཆེན་པོས། ཀྱེ་ལགས་མངའ་བདག་རྒྱལ་པོ་ཡབ་སྲས་རྗེ་བློན་རྣམས་ཀྱི་ཐུགས་བཞེད་ལྟར། དཔལ་ཀུན་ཏུ་བཟང་པོའི་དགོངས་པ་མངོན་དུ་ཕྱུང་བ་རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་གནད་འགག་གཅིག་ཏུ་དྲིལ་ནས་ཐོས་པ་ཙམ་གྱིས་ངན་སོང་གི་སྒོ་གཅོད་པ། གོ་བ་ཙམ་གྱིས་བདེ་ཆེན་གྱི་ས་ལ་གཤེགས་པ། དོན་ཡིད་ལ་བྱེད་པ་རྣམས་ནི་ལྷུན་གྱིས་གྲུབ་པའི་རིག་འཛིན་ཕྱིར་མི་ལྡོག་པའི་ས་ལ་གཤེགས་པར་བྱེད་པ། གང་འབྲེལ་ཐམས་ཅད་དོན་ཆེན་དང་ལྡན་པའི་ཆོས་དེ་ལྟ་བུ་ཞིག་བདག་ལ་ཡོད་ཀྱང་། གདུལ་བྱ་བློ་ཆུང་ཐེག་དམན་གྱི་རིགས་སྐལ་མེད་ལོག་ལྟ་ཐེ་ཚོམ་ཅན་གྱི་བློར་མི་ཤོང་ནས་སླར་སྐུར་བ་འདེབས་པས་ངན་སོང་དུ་འཕེན་པས་ན་ཁྱེད་རྣམས་ཀྱིས་རླུང་ཕྱོགས་ཙམ་ཡང་མ་སྒྲོགས་ཤིག་མ་འོངས་སྙིགས་མའི་དུས་ཀྱི་དོན་དུ་གཏེར་ལ་སྦ་བར་བྱའོ། །ཞེས་གསུངས་ནས་ཆོས་ཐམས་ཅད་ཀྱི་མདོ་འགག་གཅིག་ཏུ་དྲིལ་ཏེ་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་དུ་མཚན་གསོལ་ནས་ལོ་ཙཱ་བ་ཀླུའི་རྒྱལ་མཚན་གྱི་སྐལ་བར་གནང་། མ་འོངས་སྙིགས་དུས་ཀྱི་འགྲོ་བ་བསོད་ནམས་དམན་པ་རྣམས་ཀྱི་དོན་དུ། བཀའ་བབ་ལུང་བསྟན། སྨོན་ལམ་དབང་བསྐུར། མཁའ་འགྲོ་གཏད་རྒྱའི་བརྒྱུད་པ་སུམ་ལྡན་དུ་གཏེར་དུ་སྦ་བ་མཛད་པ། ཕྱིས་དུས་ལ་བབ་པའི་ཚེ་ལོ་ཙཱ་བ་ཉིད་འབྲས་བུ་མཐར་ཕྱིན་པའི་ཡེ་ཤེས་ཀྱི་རོལ་གར་གཏེར་སྟོན་གྲུབ་ཐོབ་ཆེན་པོ་ཀརྨ་གླིང་པས་སྒམ་པོ་གདར་གྱི་རི་བོ་ལྷ་བྲན་གར་བྱེད་པ་འདྲ་བའི་གཏེར་གནས་ནས་ཐུགས་རྗེ་ཆེན་པོ་པདྨ་ཞི་ཁྲོའི་སྐོར་དང་ལྷན་ཅིག་སྤྱན་དྲངས་ཏེ་སྐུའི་སྲས་ཉི་ཟླ་ཆོས་རྗེ་སོགས་ལུང་ཟིན་གྱི་སློབ་མ་བཅུ་བཞི་ལ་པདྨ་ཞི་ཁྲོའི་སྐོར་དང་། ཐུན་མོང་གི་རྗོགས་རིམ་བར་དོ་ཁྲིད་དྲུག་སོགས་གནང་། ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཆོས་སྐོར་རྣམས་བཀའ་རྒྱ་དམ་པས། སྲས་ཁོ་ན་ལ་བཀའ་ཕལ་ཆེར་ཚང་བ་དང་ལུང་ཟིན་གྱི་སློབ་མ་མཆོག་གྱུར་དངོས་གྲུབ་རྒྱ་མཚོ་ལ་དབང་བཞི་ཡོངས་རྗོགས། འོག་སྒོ་བདེ་ཆེན་རང་གྲོལ་སོགས་རྫོགས་པར་གནང་། གཉིས་ཀ་ལ་བརྒྱུད་པ་གསུམ་གྱི་བར་དུ་གཅིག་བརྒྱུད་ལས་མི་སྤེལ་བའི་བཀའ་རྒྱས་བཏབ། ཉི་ཟླ་ཆོས་རྗེས་རྩི་དཀར་དྲུང་པ་མཁས་གྲུབ་ཉི་ཟླ་འོད་ཟེར་ལ་གནང་། དེས་ལྷ་ལྕམ་གང་འབུམ་གྱི་སྐྱེ་བ་རྒྱ་ར་བ་ནམ་མཁའ་ཆོས་ཀྱི་རྒྱལ་མཚན་ལ་གནང་། ཕྱིས་གྲུབ་ཐོབ་དངོས་གྲུབ་རྒྱ་མཚོ་ཆོས་སྒོ་སྐྱེལ་དུ་ཕེབས་ནས་དབང་བཞི་ཡོངས་རྫོགས་དང་འོག་སྒོ་བདེ་ཆེན་རང་གྲོལ་གྱི་སྐོར་གནང་བས། ཁོང་ལ་ཆོས་བཀའ་འདིའི་བཀའ་བབས་ཤིང་བརྒྱུད་པ་གསུམ་པའང་ཡིན་པས་ཀུན་ལ་སྤེལ་བར་ལུང་བསྟན་པ་ལྟར་ཁྱབ་བརྡལ་དུ་སྤེལ་བ་ལས་བརྒྱུད་ཚུལ་མི་འདྲ་བ་དུ་མ་དང་། ཆོ་གའི་རྒྱས་བསྡུས་ཕྱག་ལེན་སོགས་འདྲ་མིན་ཇི་སྙེད་ཅིག་བྱུང་བ་ལས། འདིར་ནི་གངས་ཅན་གྱི་ལྗོངས་ཙམ་ན་འགྲན་ཟླ་དང་བྲལ་བ་མཁས་ཤིང་གྲུབ་པའི་འཁོར་ལོས་སྒྱུར་བ་ཆེན་པོ་སྔ་འགྱུར་བསྟན་པའི་སྲོག་ཤིང་གཅིག་པུར་གྱུར་པ་དཔལ་སྨིན་གླིང་པ་ཡབ་སྲས་ནས་རིམ་པར་བརྒྱུད་དེ་བདག་ཅག་གི་རྣམ་འདྲེན་དམ་པ་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ནས་སྨོས་ན། འདི་ཞེས་བྱ་བའི་ཞལ་སྔ་ནས་ཐོབ་པ་ནི་གང་ལས་བྱུང་བའི་བརྒྱུད་པའི་ལོ་རྒྱུས་ཡིན་ལ། ལོ་རྒྱུས་དེ་ལྡན་གྱི་གདམས་པ་འདི་ནི་མ་བསྒོམས་པར་འཚང་རྒྱ་བའི་གདམས་པ་དྲུག་གི་ནང་ཚན་ཚིག་རྣ་བར་ཐོས་པ་ཙམ་གྱིས་གྲོལ་ནུས་པའི་རྒྱུད་ཐོས་གྲོལ་ཆེན་མོ་ཞེས་བྱ་བ། ཐོས་པ་ཙམ་གྱིས་གྲོལ་བ་ཐོབ་པའི་ཆོས་སྡིག་པོ་ཆེ་གསང་ལམ་དུ་འཁྲིད་པའི་ཆོས་སྐད་ཅིག་གཅིག་གི་བྱེ་བྲག་གིས་རྫོགས་སངས་རྒྱས་པའི་ཆོས་ཟབ་མོ་མཚམས་མེད་པ་ལྔ་བསགས་པའི་མིའི་རྣ་ལམ་དུ་ཐོས་ནའང་ངེས་པར་གྲོལ་བར་འགྱུར་བས་ཏེ། དཔལ་ཀུན་ཏུ་བཟང་པོ་ཉིད་ཀྱི་ཞལ་ནས་ཀྱང་། གལ་ཏེ་རྣལ་འབྱོར་ཕོ་མོ་གང་ཞིག་གིས་དཀྱིལ་འཁོར་གྱི་ལྷ་འདི་རྣམས་ཀྱི་མཚན་རྣ་བར་ལན་གཅིག་ཐོས་པ་ཙམ་གྱིས་ཀྱང་ན་རཀ་ཆེན་པོར་མི་ལྟུང་ངོ་། །ཞེས་གསུངས་པ་དང་། གཞན་ཡང་། རང་བཞིན་སྒྱུ་འཕྲུལ་དཀྱིལ་འཁོར་ལ༔གང་ཞིག་གུས་པས་ཕྱག་འཚལ་ན༔ཉམས་ཆག་སྐོང་ཞིང་དངོས་གྲུབ་ཐོབ༔ཅེས་གསུངས་པའི་གདམས་པ་ཁྱད་པར་ཅན་འདི་ལ་སྨིན་གྲོལ་གཉིས་ལས། འདིར་སྨིན་བྱེད་དབང་བསྐུར་བ་སྐབས་སུ་བབ་པ་ཡིན། དེ་ལའང་རྡོ་རྗེ་སློབ་དཔོན་གྱི་བྱ་བ་དང་། སློབ་མའི་བྱ་བ་གཉིས་ལས། སློབ་དཔོན་གྱི་བགྱི་འོས་དཀྱིལ་འཁོར་བཞེངས་པ་སྒྲུབ་ཅིང་མཆོད་པ། བདག་ཉིད་དཀྱིལ་འཁོར་དུ་འཇུག་ཅིང་དབང་བླང་བ་སོགས་བླ་མ་དམ་པ་རྣམས་ཀྱི་ཕྱག་བཞེས་ལས་ཇི་ལྟར་འབྱུང་བ་ལྟར་ཆད་ལྷག་དང་ནོར་འཁྲུལ་མེད་པར་སྔོན་དུ་སོང་གྲུབ། ད་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་འབུལ་མཛོད། ཅེས་བརྡ་སྦྱར་ལ། སློབ་མས་མཎྜལ་འབུལ། དེ་ལྟར་མཎྜལ་ཕུལ་ནས་དཀྱིལ་འཁོར་དུ་འཇུག་པའི་ཕྱིར་ཆས་སུ་འཇུག་པ་ནི། སྔོན་ཆད་གཉིས་འཛིན་གྱི་ཞེན་རྟོག་འཐུག་པོས་མིག་ལྡོང་སྟེེ་དཀྱིལ་འཁོར་གྱི་ལྷ་ཚོགས་མ་མཇལ་བའམ། མཇལ་ནའང་དཀྱིལ་འཁོར་སོ་མ་འདི་ཉིད་མ་མཇལ་བའི་མཚོན་བྱེད་དུ་རས་དམར་པོ་རེས་གདོང་བཅིངས་པའི་མོས་པ་མཛོད། ༀ་ཨཱཿཧཱུྃ་གིས་མིག་དར་བཅིངས། དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཚེ་ཕྱག་སྟོང་པར་མཇལ་དུ་མི་རུང་བས། ཕྱག་རྟེན་དུ་ཨུ་དུམ་ཝཱ་རའི་མེ་ཏོག་གི་ཕྲེང་བ་ཁ་དོག་ལྔ་པ་རེ་བྱིན་པའི་མོས་པ་མཛོད། ཨཱ་ཁཾ་ཝཱི་ར་ཧཱུྃ་གིས་མེ་ཏོག་གཏད། དེ་ནས་གསོལ་བ་གདབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ས་ཕྱོགས་འདི་ཉིད་དག་པ་རབ་འབྱམས་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོར་གྱུར་པའི་དབུས་སུ་སློབ་དཔོན་ཉིད་དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའི་རྣམ་པར་བཞུགས་པ་ལ་མི་ཕྱེད་དད་པའི་གདུང་ཤུགས་དྲག་པོའི་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཨེ་མ་མགོན་པོ་ཐུགས་རྗེ་ཅན༔སོགས་ལན་གསུམ། དེ་ནས་སློབ་དཔོན་གྱིས་གནང་བ་སྦྱིན་པ་འདི་ལ་གསན་པས་ཁྱབ་པར་གདའ། ཨེ་མ་འདིར་འདུས་སྐལ་ལྡན་ལས་ཅན་རྣམས༔སོགས་བརྗོད། དེ་ནས་སྐྱབས་སུ་འགྲོ་བའི་སླད་དུ་མདུན་གྱི་ནམ་མཁའ་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་གཉིས་སུ་མེད་པའི་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའི་རྣམ་པར་བཞུགས་པ་ལ་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱིས་བསྐོར་བ་མངོན་སུམ་དུ་སད་པའི་སྤྱན་སྔར་དུས་འདི་ནས་བཟུང་སྟེ་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་སྐྱབས་སུ་འགྲོ་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། ཨེ་མ༔ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དང༔སོགས་ལན་གསུམ། དེ་ནས་མཁའ་མཉམ་གྱི་སེམས་ཅན་སྡུག་བསྔལ་གྱི་རྒྱུ་འབྲས་ལ་རྟག་པར་སྤྱོད་པ་འདི་རྣམས་སྡུག་བསྔལ་ལས་བསྒྲལ་ནས་རྣམ་གྲོལ་གཏན་གྱི་བདེ་བ་ལ་འགོད་པར་བྱ། དེའི་ཆེད་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། ཧོཿབླ་མ་ཀུན་བཟང་ཞི་ཁྲོ་དགོངས༔སོགས་ལན་གསུམ། དེ་ནས་དབང་བསྐུར་བ་དེ་ཡང་རྟེན་དཀྱིལ་འཁོར་ལ་བརྟེན་ནས་ཐོབ་ནའང་དབང་འཛིན་པ་ནི་དམ་ཚིག་དང་སྡོམ་པ་ལ་རག་ལས་པས་སྨིན་བྱེད་ཀྱི་རྟེན་སྡོམ་ལྡན་ཏུ་སྒྲུབ་པའི་ཕྱིར་ཁྱད་པར་གྱི་སྡོམ་པ་རྣམས་བཟུང་བར་བྱ་སྟེ། དེ་ཡང་རིགས་ལྔའི་དམ་ཚིག་ཐུན་མོང་དང་ཐུན་མོང་མ་ཡིན་པ་ལ་སོགས་པ་སྤྱི་དང་ཁྱད་པར་ལྷག་པས་བསྡུས་པའི་རྩ་བ་དང་ཡན་ལག་གི་དམ་ཚིག་དང་སྡོམ་པ་མ་ལུས་པ་བཟུང་བར་བྱ་སྙམ་པས་འདིའི་རྗེས་ཟློས་མཛོད། བླ་མ་ཀུན་བཟང་ཞི་ཁྲོ་དགོངས༔སོགས་ལན་གསུམ། དེ་ནས་སློབ་དཔོན་གྱིས་དབྱེ་བའི་རྒྱ་དང་བཅས་སྟེ། ཛཿཧཱུྃ་བྃ་ཧོཿཔྲ་བེ་ཤ་ཡ་ཕཊ༔ཞེས་བརྗོད་པས། དཀྱིལ་འཁོར་གྱི་སྒོ་བཞི་ཤག་གིས་ཕྱེ་བར་གྱུར། ཞེས་བརྗོད་ལ་ཡོལ་བ་བསལ། ཁྱེད་རང་རྣམས་ལས་ཀྱི་རྡོ་རྗེའི་ཕྱག་གི་རྡོ་རྗེ་ལ་འཇུས་ཏེ་ཚད་མེད་པ་བཞིའི་འཇུག་པས་སྒོར་ཕྱོགས་སུ་དཀྱིལ་འཁོར་གྱི་སྒོ་བཞི་དང་། སླར་ཡང་ཤར་སྒོ་ནས་ཞུགས་ཏེ་དཀྱིལ་འཁོར་གྱི་ལྷ་ལ་ཕྱག་བྱ་བའི་མོས་པ་མཛོད། སློབ་དཔོན་གྱིས་ཕྱག་གི་རྡོ་རྗེ་ལ་འཇུར་བཅུག་སྟེ། ཧཱུྃ་ཛཿཞེས་བརྗོད། དེ་ནས་རིགས་ངེས་པར་བྱ་བའི་ཕྱིར་མེ་ཏོག་དོར་བ་ནི། འདི་ན་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་རྣམས་བཞུགས་པ་ཡིན་ཏེ། དེ་ཉིད་ངོ་བོ་ཡེ་ཤེས་གཅིག་གི་རོལ་པར་ཤར་བ་མ་གཏོགས་བཟང་ངན་མེད་ཀྱང་རང་གི་ལས་འབྲེལ་ཡོད་པའི་ལྷ་དེ་ལ་དབབ་པར་ཤོག་སྙམ་དུ་འདིའི་རྗེས་ཟློས་དང་བཅས་ཏེ་ལྟོས་པ་མེད་པར་དོར་མཛོད། བདག་ཅག་རིག་པའི་མེ་ཏོག་འདི༔སོགས་ཀྱིས་དོར་དུ་བཅུག་ནས་གང་ལ་བབས་པའི་རིགས་ངེས་པར་བྱས་ལ། མེ་ཏོག་དེ་ཉིད་རིགས་གང་གིས་བཞེས་པའི་ལྷ་དེ་ཉིད་སྤྱན་དྲངས་ནས་ཁྱེད་རང་རྣམས་ལ་ཐིམ་པས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་མི་འབྲལ་བར་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། ཧཱུྃ་བཛྲ་ས་ཏྭ་སོགས་ཀྱིས་མེ་ཏོག་མགོ་བོར་བཅིང་། དེ་ནས་སློབ་དཔོན་གྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་གསེར་གྱི་ཐུར་མ་ལྟ་བུ་བྱུང་ནས་ཁྱེད་རང་རྣམས་ཀྱི་མ་རིག་པའི་སྒྲིབ་པ་དང་མིག་དར་ལྷན་ཅིག་ཏུ་བསལ་བར་མོས་ཤིགགསེར་ཐུར་ཐོགས་ལ། ཇི་ལྟར་མིག་མཁན་སོགས་ཀྱི་གདོང་གཡོགས་བསལ། དེ་ལྟར་ཡེ་ཤེས་ཀྱི་མིག་གསར་དུ་ཐོབ་པ་དེ་ལ་མཐོང་བ་བསྟན་པ་ནི། ཧེ་བཛྲ་པ་ཤྱ། བཅོམ་ལྡན་འདས་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་ཆེན་པོ་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་བཞིན་དུ་མཇལ་བའི་མོས་པ་མཛོད། ཞེས་པ་ཙམ་མམ། སྤྲོ་ན། དེའང་འོག་གཞི་འབྱུང་བ་རིམ་བརྩེགས་རི་རབ་སྣ་ཚོགས་པདྨ་རྒྱ་གྲམ་དང་བཅས་པའི་ལྟེ་བར་ཕྱི་རིན་པོ་ཆེ་ལས་གྲུབ་ཅིང་ནང་དུར་ཁྲོད་ཀྱི་ཆས་རྣམས་ཀྱིས་འཇིགས་པར་བྱས་པའི་ཐར་པ་ཆེན་པོའི་གཞལ་ཡས་ཁང་གྲུ་བཞི་སྒོ་ཁང་རྟ་བབ་ཐོག་ཕུབ་མཆོད་རྟེན་གྱི་དབྱིབས་ཅན་རྒྱན་དང་བཀོད་པ་ཚད་མེད་པ་དང་ལྡན་པའི་ཕྱི་རོལ་དུར་ཁྲོད་བརྒྱད་རྡོ་རྭ་མེ་རི་དང་བཅས་པས་བསྐོར་བ། གཞི་ལམ་འབྲས་བུའི་སྐུ་གསུམ་གྱི་ཡོན་ཏན་དང་ཡེ་ཤེས་ཀྱི་རོལ་པ་རྣམ་པར་ཐར་པའི་ཆོས་རྣམས་མཚོན་པའི་ནང་རོལ་དུ། སོ་སོའི་གདན་ལ་ཡིད་ཆོས་གནས་སུ་དག་པ་ཁྱབ་བདག་ཀུན་བཟང་ཡབ་ཡུམ། ཕུང་ལྔ་ཁམས་ལྔ་དག་པ་རིགས་ལྔ་ཡབ་ཡུམ། ཚོགས་བརྒྱད་ཡུལ་བརྒྱད་དག་པ་སེམས་དཔའ་སེམས་མ་བཅུ་དྲུགཉོན་མོངས་དྲུག་དག་པ་ཐུབ་པ་ཆེན་པོ་དྲུགརྟག་ཆད་མུ་བཞི་དག་པ་སྒོ་བ་ཡབ་ཡུམ་བརྒྱད་དེ་བདེ་གཤེགས་ཞི་བ་བཞི་བཅུ་རྩ་གཉིས། བདག་འཛིན་མ་རིག་པའི་ངོ་བོ་གནས་གྱུར་པ་ཁྱབ་བྱེད་གཙོ་བོ་ཆེ་མཆོག་ཡབ་ཡུམ། དུག་ལྔ་ཡུལ་ལྔ་གནས་གྱུར་པ་ཧེ་རུ་ཀ་ཡབ་ཡུམ་བཅུ། ཚོགས་བརྒྱད་ཡུལ་བརྒྱད་གནས་གྱུར་པ་ཀཽ་རི་མ་བརྒྱད་དང་སིངྷ་མ་བརྒྱད། སྐྱེ་གནས་བཞི་གནས་གྱུར་པ་རྟ་གདོང་སྒོ་མ་བཞི། ཉོན་མོངས་པའི་རྟོག་ཚོགས་གནས་གྱུར་པ་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་དེ་ཁྲག་འཐུང་ཁྲོ་བོ་ལྔ་བཅུ་རྩ་བརྒྱད་དང་། གཞན་ཡང་བར་ཁྱམས་སུ་གཙོ་བོ་ཡབ་ཡུམ་དང་། ཐུབ་དྲུག་ཁྲོས་པའི་རོལ་གར་སྤོར་བྱེད་ཆེན་མོ་བརྒྱད། ལྔ་ཚན་གྱི་ཆོས་རྣམ་པར་དག་པ་རིག་འཛིན་ཡབ་ཡུམ་བཅུའི་ཚོམ་བུ་སྟེ་ཐམས་ཅད་ཀྱང་སྣང་སྟོང་ཟུང་འཇུག་སྒྱུ་མ་ཆུ་ཟླ་འཇའ་ཚོན་གྱི་ཚུལ་ཅན། ཡེ་ཤེས་ཀྱི་རྒྱན་དང་བཀོད་པའི་གཟི་བྱིན་ཚད་མེད་པ་དང་ལྡན་པ། རང་བྱུང་སྣང་སྲིད་གཞིར་བཞེངས་ཀྱི་དཀྱིལ་འཁོར་འཇའ་འོད་ཟེར་ཐག་ཐིག་ལེ་ཐིག་ཕྲན་མེར་མེར་ཤིག་ཤིག་ཏུ་གཡོ་ཞིང་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་རྣམ་འགྱུར་བསམ་གྱིས་མི་ཁྱབ་པ་དང་ལྡན་པའོ། །བུམ་པ་ལ་སོགས་པའི་རྒྱན་དང་བཀོད་པ་ཐམས་ཅད་ཀྱང་ལམ་དང་འབྲས་བུའི་ཆོས་རྣམས་ཀྱི་བརྡ་དོན་རྟགས་གསུམ་མཚོན་པར་བྱེད་པ་ཡིན་ནོ། །འོ་ཁྱེད་རྣམས་དེ་སྔ་ཕན་ཆད་དཀྱིལ་འཁོར་འདི་འདྲ་བ་མ་མཐོང་བས༔ཁམས་གསུམ་དུ་འཁོར་ཞིང་རིགས་དྲུག་ཏུ་འཁྱམས་པ་ཡིན་གྱིས༔ཁར་སང་ཕན་ཆད་ཤིན་ཏུ་ཅོལ་ཆུང༔མི་ཚེ་སྟོང་ཟད་བྱས་པ་དོན་མེད་དེ་ཙམ་བྱས༔ད་ནི་དཀྱིལ་འཁོར་འདི་ལྟ་བུར་ཚུད་ཅིང་མཇལ་བས་ད་ལྟ་ཤི་ཡང་བདེ་བ་ཆེན་པོར་འཚང་རྒྱ་བ་ཡིན་པས༔སྤྲོ་བ་སྒོམས་ཤིག༔ཅེས་བརྗོད། དེ་ནས་དབང་བསྐུར་བ་དངོས་ལ། ཐོག་མར་སྦྱོར་བ་སྡིག་སྒྲིབ་ཞི་བྱེད་ཀྱི་དབང་ཞུ་བའི་དོན་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཨེ་མ་མགོན་པོ་ཐུགས་རྗེ་ཅན༔སོགས་གསུམ། ཞེས་གསོལ་བ་བཏབ་པས་རིན་པོ་ཆེའི་བུམ་པ་ཡེ་ཤེས་ལྔའི་བདུད་རྩིའི་ཆུ་རྒྱུན་གྱིས་གང་བ་ཐོགས་ནས། ཁྱེད་རང་རྣམས་ལ་ཁྲུས་བྱས་པས་ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་བཀྲུས་ཤིང་དག་ནས་རིགས་དྲུག་གི་དུཿཁ་ལས་གྲོལ་ཏེ་སྐུ་ལྔ་ཡེ་ཤེས་ལྔ་ཡི་དབང་ཐོབ་པ་ཡིན་སྙམ་པའི་མོས་པ་མཛོད། ཧཱུྃ༔ཀུན་བཟང་ཡབ་ཡུམ་བུམ་པ་ན༔སོགས་དང་། ཞི་ཁྲོའི་རྩ་སྔགས་དང་། ཡིག་བརྒྱ་ལ་ངན་འགྲོ་སྦྱོང་བའི་སྔགས་བཏགས་པས་འཁྲུད། གཞན་ཡང་ཡིག་བརྒྱ་དང་རྣམ་སྣང་མི་འཁྲུགས་པའི་གཟུངས་སོགས་བཟླ་ཞིང་སྔར་བསྔགས་པའི་བྱེ་ཐུན་གྱིས་ཀྱང་བྲབས་པས་ངན་འགྲོར་སྐྱེ་བའི་ས་བོན་བག་ཆགས་དང་བཅས་པ་བྱང་བར་བསམས་ལ། རིགས་ཀྱི་བུས་ཚེ་འཁོར་བ་ཐོག་མ༴ ཞེས་པ་ནསབཀྲ་ཤིས་པར་གྱུར་ཅིགདེ་ནས་དངོས་གཞི་ཡོན་ཏན་བསྐྱེད་པའི་དབང་ལ་བྱིན་རླབས་ཀྱི་གཞི་འགོད་པ་ཡེ་ཤེས་པ་དབབ་པ་ཡིན་པས། ཁྱེད་རང་རྣམས་ལུས་ཀྱི་གནད་སྐྱིལ་ཀྲུང་དྲང་པོར་སྲོངས། ངག་གི་གནད་རླུང་ཁ་སྦྱོར་དུ་ཆིངས། སེམས་ཀྱི་གནད་གཞན་དུ་མ་ཡེངས་པར་དམིགས་པ་འདི་བཞིན་མཛོད། སློབ་དཔོན་གྱི་ཐུགས་ནས་འོད་ཟེར་འཕྲོས་ཁྱེད་རང་རྣམས་ལ་ཕོགརྣམ་སྨིན་ཤ་ཁྲག་གདོས་བཅས་ཀྱིས་མཚོན་པའི་མ་དག་པའི་སྣང་བ་ཐམས་ཅད་མེ་ལོང་གི་རླངས་ཡལ་བ་ལྟར་མི་དམིགས་ཏེ་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཆུ་ལས་ཉ་ལྡང་བ་ལྟར་ཁྱེད་རང་རྣམས་དཀྱིལ་འཁོར་གྱི་ཤར་སྒོར་དབང་སྟེགས་སེང་གེས་བཏེག་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་སྐད་ཅིག་གིས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ཐུགས་ཀར་ཞི་བ་དང་། སྤྱི་བོར་ཁྲག་འཐུང་། མགྲིན་པར་རིག་འཛིན་མཁའ་འགྲོ་ཡབ་ཡུམ་དང་བཅས་པ་རྣམས་གསལ་བའི་གནས་གསུམ་དུ་ༀ་ཨཱཿཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས་པས། བཅོམ་ལྡན་འདས་ཞི་ཁྲོ་རབ་འབྱམས་རྒྱལ་བ་རྒྱ་མཚོའི་སྐུ་དང་ཡིག་འབྲུ་ཕྱག་མཚན་གྱི་རྣམ་པ་ཁ་ཆར་བུ་ཡུག་འཚུབས་པ་བཞིན་སྤྱན་དྲངས་ཏེ་དབྱེར་མེད་དུ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམས་ལ། འབེབས་པའི་རྫས་བདུག་ཐོད་རྔ་དང་དྲིལ་བུའི་སྒྲས་བསྐུལ་ལ། སྤྲོ་ན། འཕགས་མཆོག་ཐུགས་རྗེའི་དུས་ལ་བབས་སོགས་གྱེར། རྩ་སྔགས་ཀྱི་མཐར། བཛྲ་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཨཱ་ཨཱཿཛཿཧཱུྃ་བྃ་ཧོཿཞེས་དབབ། ཁྱེད་རང་རྣམས་ཀྱི་སེམས་མ་བཅོས་པར་རང་བབས་སུ་གློད་དེ་ངོ་བོ་རྗེན་པའི་སྟེང་དུ་ཞོག་ལ་ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྒོ་གསུམ་ལ་བརྟན་པར་བྱས་པའི་མོས་པ་མཛོད། ཛྙཱ་ན་སརྦ་ཏིཥྛ་བཛྲ༔ཞེས་བརྟན་པར་བྱ། དེ་ནས་བུམ་དབང་གི་སྔོན་འགྲོ་ཐུན་མོང་རིག་པའི་དབང་ལྔ་ལས། དང་པོ་མི་བསྐྱོད་པའི་ངོ་བོ་བུམ་པའི་ཆུས་དབང་བསྐུར་བར་མོས་ཤིགཧཱུྃ༔སྐུ་གསུམ་དམ་ཚིག་སོགས། མི་བསྐྱོད་པའི་རང་བཞིན་ཞེས་པ་ནས། དབུ་བརྒྱན་པར་གྱུར། དེ་ལྟར་ན་སྐལ་ལྡན་རིག་པ༴ ཞེས་པ་ནས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་བྱས་པ་ཡིན་ནོ། །དེ་བཞིན་དུ། གཉིས་པར་རིན་ཆེན་འབྱུང་ལྡན་གྱི་ངོ་བོ་དབུ་རྒྱན་སྤྱི་བོར་བཅིང་པར༴ དང་། གསུམ་པར་སྣང་བ་མཐའ་ཡས་ཀྱི་ངོ་བོ་རྡོ་རྗེས་མགོར་བཞག་ཅིང་ལག་གཡས་སུ་སྦྱིན་པ༴ དང་། བཞི་པར་དོན་ཡོད་གྲུབ་པའི་ངོ་བོ་དྲིལ་བུ་གསིལ་ཞིང་ལག་གཡོན་ཏུ་གཏད་པར༴ དང་། ལྔ་པར་རྣམ་པར་སྣང་མཛད་ཀྱི་ངོ་བོ་རྡོ་རྗེ་མིང་གིས་མངོན་པར་དབང་བསྐུར་བར་མོས་ལ། གསང་མཚན་ཡིད་ལ་གྱིས་ཤིགཞེས་བརྡའ་སྦྱར་ཞིང་། མིང་དབང་མཐར། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས་པ་ཡིན་ནོ། །ཞེས་པའི་རྗེས་སུ། དེ་ལྟར་དབང་ལྔ་པོ་ཐོབ་པས་སྤང་བྱ་མ་རིག་པ་ལྔ་སྤངས་ནས་ཐོབ་བྱ་རིག་པའི་ཡེ་ཤེས་ལྔའི་ནུས་པ་འཇོག་པར་བྱེད་པ་ཡིན་པས་ན་རིག་པའི་དབང་ལྔ་ཞེས་གྲགས་པ་ཡིན་ནོ། །དེ་ནས་སྨིན་བྱེད་ཀྱི་དངོས་གཞི་སྤྲོས་བཅས་བུམ་དབང་ཆེན་མོ་ཞུ་བའི་ཡོན་དུ་མཎྜལ་ཕུལ། དེ་ལྟར་མཎྜལ་ཕུལ་ནས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཀྱེ་ཧོ༔བླ་མ་རྡོ་རྗེ་འཛིན་པ་ཆེ༔སོགས་ལན་གསུམ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་གདན་གསུམ་ཚང་བའི་དབང་གི་ལྷ་ནམ་མཁའ་གང་བར་སྤྱན་དྲངས། དེ་རྣམས་ལ་སློབ་དཔོན་གྱིས་མཆོད་ཅིང་གསོལ་བ་བཏབ་པའི་མོས་པ་མཛོད། ༀ་སརྦ་ཏ་ཐཱ་ག་ཏ་ས་པཱ་རི་ཝཱ་ར་པུཥྤེ་པྲ་ཏཱིཙྪ་སོགས་ཀྱིས་མཆོད། དེ་བཞིན་གཤེགས་པ་རྣམས་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་སྩལ་ཏུ་གསོལ། ཞེས་གསོལ་པ་བཏབ་པས་ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་ཡབ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། ཡུམ་རྣམས་ཀྱིས་བུམ་པའི་ཆུ་རྒྱུན་གྱིས་དབང་བསྐུར། འཁོར་གྱི་སེམས་དཔའ་སེམས་མ་རྣམས་ཀྱིས་ཤིས་པ་བརྗོད། ཁྲོ་བོ་ཁྲོ་མོ་རྣམས་ཀྱིས་བགེགས་བསྐྲད་པའི་སྦྱོར་བ་དང་བཅས་ཏེ་དབང་བསྐུར་བར་གྱུར། ཧཱུྃ༔རིན་ཆེན་བུམ་པ་གཞལ་ཡས་ཁང་༔སོགས་ཀྱིས་རྣམ་བུམ་མགོ་བོར་བཞག་ཅིང་བུམ་ཆུ་འཐོར་འཐུང་བྱ། ཞི་ཁྲོ་རབ་འབྱམས་འདུས་པའི༴ ཞེས་པ་ནས། ཆོས་ཀྱི་རྒྱལ་པོར་མངའ་གསོལ་བ་ཡིན་ནོ། །རིགས་ལྔའི་ཕྱག་མཚན་ལག་ཏུ་གཏད་ལ། ཧཱུྃ༔རྡོ་རྗེ་འཁོར་ལོ་རིན་པོ་ཆེ༔སོགས་ནས། ཕྲིན་ལས་ལ་དབང་འབྱོར་བ་ཡིན་ནོ། །དེ་ནས་ནང་ནུས་པ་འཇུག་པ་ལྷ་སྐུ་ཕྱག་རྒྱའི་དབང་བསྐུར་བ་ཞུ་བའི་དོན་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཀྱེ་ཧོ༔བླ་མ་རྡོ་རྗེ་འཛིན་པ་ཆེ༔སོགས་ལན་གསུམ། ཁྱེད་རང་རྣམས་སེང་གེས་བཏེག་པའི་ཁྲི་ལ༴ ཞེས་པ་ནས། གཉིས་མེད་དུ་ཐིམ་པར་གྱུར་པའི་མོས་པ་མཛོད། ཧཱུྃ༔སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔སོགས་ཀྱིས་ལྷ་ཙཀ་རྣམས་སྤྱི་བོར་བཞག་སྤྲོ་ན་འགྲོ་དྲུག་རང་གྲོལ་དབང་གཞུང་ལྟར་སྨོན་ལམ་དང་ངོ་སྤྲོད་བཅས་རྒྱས་པར་སྦྱར། བསྡུ་ན་དངོས་བསྟན་གྱིས་ཆོགགང་ལྟར་ཡང་། དེ་ལྟར་སྐལ་ལྡན་རིག་པ་འཛིན་པ་ཁྱོད་ལ༴ ཞེས་པ་ནས་རང་རིག་ཡེ་ཤེས་ཀྱི་ངོ་བོར་རྣམ་པར་དག་པ་ཡིན་ནོ། །དེ་ལྟར་ཕྱི་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ་ལུས་ཀྱི་དྲི་མ་དགལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་སོ། །ཁྲོམ་དབང་ལྟ་བུ་ལ་མཆོག་དབང་གསུམ་པོ་བསྐུར་དུ་མི་རུང་བས་འདི་ནས་འོག་གི་གཏོར་དབང་དང་མཐའ་རྟེན་སྦྱར་རོ། །གལ་ཏེ་རྫོགས་རིམ་དོན་དུ་གཉེར་བའི་གང་ཟག་བརྟུལ་ཞུགས་ཅན་ལ་མཆོག་དབང་གོང་མ་གསུམ་བསྐུར་བར་འདོད་ན། རང་གཞུང་ལྟར་རམ། ཡང་ན་སྨིན་གླིང་རྡོར་སེམས་ལྟར་གནང་བ་རྡོ་རྗེ་འཆང་མཁྱེན་བརྩེའི་དབང་པོའི་ཕྱག་བཞེས་འཁྲུལ་མེད་ཡིན་པས། དེ་ལྟ་ན། བླ་མ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་རྗེས་སུ་ཆགས་པའི་སྦྱོར་བས་སྙོམས་པར་ཞུགས་པའི་ཀུན་ད་བྱང་ཆུབ་ཀྱི་སེམས་ལྷན་ཅིག་སྐྱེས་པའི་རྟེན་དུ་གྱུར་པ་ཐོད་པའི་བདུད་རྩི་དང་རོ་གཅིག་པ་ལྕེ་ལ་བཞག་པའི་མོས་པ་མཛོད། ཨཱཿམཚན་ལྡན་རྡོ་རྗེའི་ཀ་པཱ་ལར༔བདེ་སྟོང་རོལ་བའི་བྱང་སེམས་གནས༔སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔བདེ་ཆེན་ཡེ་ཤེས་རྒྱས་པར་ཤོག༔ཐོད་པ་སྤྱི་བོར་བཞགབདུད་རྩི་ངག་ཏུ་བླུད་ཅིང་། ༀ་བྷོ་ངྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུྃ༔ཞེས་བདུད་རྩི་མྱོང་བས་རྩ་ཁམས་ཐམས་ཅད་བདུད་རྩིའི་གང་། དུག་གསུམ་གྱི་རྣམ་རྟོག་འགགས། བདེ་བའི་ཡེ་ཤེས་ཆེར་སྐྱེས་པར་བསམ། དེ་ལྟར་གསང་བའི་དབང་བསྐུར་བས་ངག་གི་དྲི་མ་དགལམ་རང་ལུས་བདེ་བ་ཆེན་པོ་བསྒོམ་པ་ལ་དབང་། སྒྱུ་མ་ཆུ་ཟླ་ལྟ་བུར་བདག་བྱིན་གྱིས་བརླབས་པའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་སོ། །བདེ་སྟོང་དབྱེར་མེད་མཚོན་བྱེད་སིནྡྷུ་རའི་མཎྜལ་ཁྱོད་རང་གི་ལག་ཏུ་གཏད་ཅིང་ཐིག་ལེ་སྙིང་གར་བཀོད་པས་གཟུགས་དང་ལང་ཚོ་རྫོགས་པའི་ཤེས་རབ་མ་སྙེམ་མའི་ངོ་བོ་ཅན་པང་དུ་འཁོད་པའི་མོས་པ་མཛོད། ཧཱུྃ༔འདི་དེ་སངས་རྒྱས་ཐམས་ཅད་ཀྱི༔བླ་མེད་བྱང་ཆུབ་མཆོག་གི་ལམ༔སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔དགའ་བཞིའི་ཡེ་ཤེས་རྒྱས་པར་ཤོག༔སིནྡྷུརའི་མེ་ལོང་ལག་ཏུ་གཏད། སྙིང་གར་ཐིག་ལེ་བྱ་ཞིང་། ཀརྨ་མུ་དྲ་ཛྙཱ་ན་སིངྔྷི་ཧཱུྃ༔ཞེས་འདུ་ཤེས་གསུམ་ལྡན་གྱིས་རིག་མ་དང་མཉམ་པར་སྦྱར་བས་དགའ་བ་བཞིའི་རིམ་པས་ལྷན་སྐྱེས་ཀྱི་བདེ་བ་བརྟན་པར་མོས་ལ་ལག་གཉིས་འཁྱུད་རྒྱ་དང་བཅས་སྔགས་འདིའི་རྗེས་ཟློས་མཛོད། ༀ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་ར་ག་ན་བཛྲ་སྭ་བྷཱ་བ་ཨཏྨ་ཀོ྅་ཧཾ༔འཁྱུད་རྒྱ་བཅའ། དེ་ལྟར་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བས་ཡིད་ཀྱི་དྲི་མ་དགལམ་ཕོ་ཉ་བསྒོམ་པ་ལ་དབང་། ཆོས་ཐམས་ཅད་ཀྱི་རང་བཞིན་བདེ་བ་ཆེན་པོར་རྟོགས་པའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་སོ། །དེ་ནས་ཁྱེད་རང་རྣམས་ལུས་གནད་མི་གཡོ། ངག་རླུང་རང་བབ། སེམས་གང་ཤར་གྱི་ངོ་བོར་ལྟོས་ལ་རང་རིག་རང་གསལ་འཛིན་མེད་ཀྱི་ངང་ལ་ཁྲིག་གེར་ཞོགདེ་ཡང་རང་བྱུང་གི་ཡེ་ཤེས་གསལ་ལ་མི་རྟོག་པ་དེ་ཉིད་རྡོ་རྗེ་སེམས་དཔའི་མེ་ལོང་འདིས་མཚོན་པ་ཡིན་པས་བརྡ་དོན་རྡོ་རྗེའི་ཚིག་གིས་ངོ་སྤྲོད་པའི་དོན་གོ་བར་གྱིས་ཤིགཤེལ་རྡོ་མིག་སྔར་བསྟན་ལ། ཧོ༔ཐོག་མཐའ་མེད་པ་རིག་པའི་གཤིས༔གཟུང་འཛིན་གང་དུའང་མི་དམིགས་ཤིང༔སྟོང་པའི་ཡེ་ཤེས་བདེ་བར་འཆར༔དྲི་མེད་ཤེལ་ལ་འཇའ་ཚོན་བཞིན༔ༀ་ངྷརྨ་ངྷཱ་ཏུ་ཨ་ཏི་ཧོ༔ཞེས་གསུངས་པའི་མཐར་རྟོགས་པའི་རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གསལ་ལ་མི་རྟོག་པའི་རང་མདངས་བསྐྱངས་ལ་ཅུང་ཟད་མཉམ་པར་འཇོག་མཛོད། ཅེས་མཉམ་པར་འཇོག་ཏུ་བཅུགདེ་ལྟར་དབང་བཞི་པ་བསྐུར་བས་བག་ཆགས་ཀྱི་དྲི་མ་དགལམ་ཁྲེགས་ཆོད་དང་ཐོད་རྒལ་བསྒོམ་པ་ལ་དབང་། ཤིན་ཏུ་རྣམ་པར་དག་པའི་ལྷན་ཅིག་སྐྱེས་པའི་བདེ་ཆེན་གྱི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། །ཞེས་དང་། དེ་ནས་གཏོར་དབང་ནི། བྷ་ལིང་བཏེགས་ལ། འོ། སྐལ་ལྡན་རིགས་ཀྱི་བུ། དད་པ་དང་དམ་ཚིག་ལྡན་པ་རྣམས་ཉོན་ཅིགཞེས་པ་ནས་མོས་གུས་དྲག་པོ་བསྐྱེད་ཅིག༔ༀ་ཨཱཿཧཱུྃ༔སྐྱེ་མེད་དབྱིངས་ཀྱི་གཏོར་སྣོད་དུ༔སོགས་ནས། སྐུ་གསུམ་ལྷུན་གྱིས་གྲུབ་པར་ཤོག༔ཆོས་སྐུ་ཀུན་ཏུ་བཟང་པོ། དྲུག་པ་རྡོ་རྗེ་འཆང་ཆེན། སྟོན་པ་རྡོ་རྗེ་སེམས་དཔའ། རིག་འཛིན་དགའ་རབ་རྡོ་རྗེ། མཁས་པ་ཤྲཱི་སེངྷ། འཆི་མེད་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། རྗེ་འབངས་ཉི་ཤུ་རྩ་ལྔ། གཏེར་སྟོན་གྲུབ་ཐོབ་ཡབ་སྲས། རིག་འཛིན་བརྒྱུད་པའི་བླ་མ། ཞི་བ་བཞི་བཅུ་རྩ་གཉིས། ཁྲག་འཐུང་ལྔ་བཅུ་རྩ་བརྒྱད། དག་པ་རིག་འཛིན་ལྷ་ཚོགས། བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱིས་སློབ་མ་འདི་རྣམས་ལ་དབང་བསྐུར་ཞིང་བྱིན་གྱིས་བརླབ་པར་མཛད་དུ་གསོལ། ཉམས་ཆག་དང་རྟོག་སྒྲིབ་ཐམས་ཅད་དག་པར་མཛད་དུ་གསོལ། ནད་གདོན་འགལ་རྐྱེན་བར་ཆད་ཞི་བར་མཛད་དུ་གསོལ། ཚེ་བསོད་དབང་འབྱོར་ཐམས་ཅད་རྒྱས་པར་མཛད་དུ་གསོལ། ཉམས་རྟོགས་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། འགྲོ་བ་རིགས་དྲུག་གི་སྐྱེ་སྒོ་ཆོད་ནས་འཁོར་བ་དོང་ནས་སྤྲུགས་པར་མཛད་དུ་གསོལ། ཚེ་འདིར་སྣང་བ་བཞིའི་མྱུར་ལམ་མཐར་ཕྱིན་ནས་གདོད་མའི་གྲོལ་སར་ཕྱིན་པར་མཛད་དུ་གསོལ། འཆི་བ་ཆོས་ཀྱི་སྐུར་འཚང་རྒྱ་བར་མཛད་དུ་གསོལ། བར་དོ་ལོངས་སྤྱོད་རྫོགས་པའི་སྐུར་གྲོལ་བར་མཛད་དུ་གསོལ། སྐྱེ་བ་སྤྲུལ་པའི་སྐུ་ཐོབ་ནས་དོན་གཉིས་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། ཅེས་གཏོར་མ་གནས་གསུམ་དུ་བཞག་ལ། ༀ་གུ་རུ་ངྷེ་ཝ་ཌཱ་ཀི་ནཱི་སིངྔྷི་ཕ་ལ་ཨ་བྷི་ཥིཉྩ༔ༀ་ཨཱཿཧཱུྃ་ཧྲཱི༔མཐར་གཏོར་མའི་ལྷ་འོད་དུ་ཞུ་ནས་དངོས་གྲུབ་བདུད་རྩིའི་བཅུད་དུ་འཁྱིལ་བ་འདི་ཉིད། ཁྱེད་རང་ལུས་ཡི་དམ། མགྲིན་པར་བླ་མ། ལྟེ་བར་མཁའ་འགྲོའི་ཚོགས་རྣམས་གསལ་བཏབ་སྟེ་རོལ་བས་མཆོག་དང་ཐུན་མོང་གི་དངོས་གྲུབ་སྟན་ཐོག་ཅིག་ཏུ་ཐོབ་པར་མོས་ཤིགལག་གཡས་སུ་གཏོར་ཟན། གཡོན་དུ་བདུད་རྩི་སྦྱིན་ལ། ཀཱ་ཡ་སིངྔྷི་ༀ༔ཝཱཀ་སིངྔྷི་ཨཱ༔ཙིཏྟ་སིངྔྷི་ཧཱུྃ༔སརྦ་སིངྔྷི་ཧྲཱི༔ཞེས་བརྗོད། དེ་ལྟར་དབང་རྫོགས་པར་ཐོབ་པའི་མཐའ་རྟེན་དུ་རྒྱལ་སྲིད་རིན་པོ་ཆེ་རྣམ་པ་བདུན་དང་། བཀྲ་ཤིས་པའི་རྟགས་བརྒྱད་ཕུལ་ཏེ་མངའ་གསོལ་བར་མོས་ཤིགཅེས་བརྡ་སྦྱར་ལ་རང་གཞུང་གི་འབུལ་ཚིག་རྒྱས་པའམ། བསྡུས་པ་སྤྱི་འགྲེ་གང་མོས་ཀྱིས་སྦྱིན་མཐར། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་རྩ་བརྒྱུད་ཀྱི་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་གི་ཚོགས་དང་བཅས་པ་མདུན་གྱི་ནམ་མཁར་སྤྲིན་ཕུང་འཁྲིགས་པ་ལྟར་བྱོན་ནས་ཁྱེད་རང་རྣམས་ལ་དབང་དོན་གྱི་ཡེ་ཤེས་པ་དེ་ཉིད་མ་སྐྱེས་པ་བསྐྱེད་ཅིང་སྐྱེས་པ་རྣམས་མི་ཉམས་ཤིང་བརྟན་པར་རབ་ཏུ་གནས་པའི་ཕྱིར་མེ་ཏོག་གི་ཆར་འབེབས་ཤིང་ཤིས་བརྗོད་མཛད་པའི་མོས་པ་མཛོད། རང་གཞུང་གི་ཤིས་བརྗོད་སོགས་བྱ། དེ་ལྟར་ན་དེ་དག་རྣམས་ཀྱི་སྒོ་ནས་མཆོག་གི་གླིང་པ་ལྔའི་ཡ་གྱལ་གཏེར་སྟོན་གྲུབ་ཐོབ་ཆེན་པོ་ཀརྨ་གླིང་པའི་ཟབ་གཏེར་ལས་བྱོན་པའི་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་དབང་བཞི་མཐའ་རྟེན་དང་བཅས་ལེགས་པར་གྲུབ་པ་ཡིན་པས་གནས་སྐབས་དེ་དག་ཏུ་ཐོབ་ཅིང་ཁས་བླངས་པའི་དམ་ཚིག་རྣམས་བསྲུང་སྡོམ་གྱི་འདུན་པ་དྲག་པོས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་བཀའ་སྩལ་པ། སོགས་ལན་གསུམ། དེ་ལྟར་ལེགས་པར་ཐོབ་པའི་བཀའ་དྲིན་གཏང་རག་གི་དོན་དུ་མཎྜལ་ཕུལ་མཛོད། ཅེས་མཎྜལ་འབུལ་དུ་བཅུགསླར་ཡང་ལུས་ལོངས་སྤྱོད་དགེ་ཚོགས་རྒྱ་མཚོ་དང་བཅས་པ་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཀྱི་འབྱོར་པ་ལྟར་སྤྲུལ་ཏེ་འབུལ་ནའང་ཆ་ཤས་ནས་བཞེས་ལ་ལོངས་སྤྱོད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམས་ཏེ་བདག་དྲན་སོགས། དེ་ལྟར་ཐོབ་པའི་དགེ་ཚོགས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་བར་མཛོད། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་སོགས་གྱིས་བསྔོ་བར་བྱའོ། །རིག་འཛིན་བརྒྱུད་པའི་ཕྱག་བཞེས་བསླད་མེད་བཞིན། །དགོངས་པ་རང་གྲོལ་དབང་གི་མཚམས་སྦྱོར་དུ། །སྤེལ་འདིས་འགྲོ་ཀུན་སྲིད་མཚོ་ལས་བརྒལ་ནས། །སྐུ་བཞིའི་བདག་ཉིད་རྡོ་རྗེ་འཛིན་ཐོབ་ཤོག །ཅེས་པ་འདི་ཡང་ཆོས་མིག་རྡུལ་དང་བྲལ་བའི་བཤེས་གཉེན་པདྨ་ཆོས་འབྱོར་རྒྱ་མཚོ་ནས་ལྷ་རྫས་བཟང་པོ་དང་རིན་ཆེན་གཉིས་པའི་མེ་ཏོག་གི་སྐྱེས་དང་བཅས་ནན་ཀྱིས་བསྐུལ་བའི་གཡར་ཁྲལ་དུ་སྙོམ་ལས་པ་འགྱུར་མེད་པདྨ་རྣམ་རྒྱལ་གྱིས་སུག་བྲིས་སུ་བསྟར་བ་སྟེ། རྩ་བའི་དབང་ཚིག་དང་ལྷན་ཐབས་ཀྱི་མཚམས་སྦྱོར་ཧོར་ཁུངས་སུ་སྨོས་པ་རྣམས་འདི་ཁོ་ན་ལྟར་ལས་ཁ་བསྐངས་ཏེ་བཀླག་ཆོག་མར་དཀྱུས་སུ་འབྲི་བར་མི་བྱའོ། །འདིས་ཀྱང་འགྲོ་བ་མང་པོ་ལ་ཕན་ཐོགས་པར་གྱུར་ཅིག། །།

བཀའ་བརྒྱད་བདེ་གཤེགས་འདུས་པའི་རྣལ་འབྱོར་རྒྱུན་གྱི་དབང་ཆོག་སྒྲུབ་ཆེན་དང་འབྲེལ་བར་བསྐུར་ཚུལ་ངག་འདོན་སྙིང་པོ།

༄༅། །བཀའ་བརྒྱད་བདེ་གཤེགས་འདུས་པའི་རྣལ་འབྱོར་རྒྱུན་གྱི་དབང་ཆོག་སྒྲུབ་ཆེན་དང་འབྲེལ་བར་བསྐུར་ཚུལ་ངག་འདོན་སྙིང་པོར་དྲིལ་བ་བཀླགས་པས་དོན་གྲུབ་བཞུགས། ༀ་སྭསྟི། བདེ་ཆེན་ཐིག་ལེ་གཅིག་གི་རོལ་རྩལ་ལས། །སྒྲུབ་སྡེ་བརྒྱད་སོགས་རབ་འབྱམས་ཞི་ཁྲོའི་སྤྲིན། །སྤྲོ་བསྡུའི་བྱེད་པོ་བླ་མ་ཧེ་རུ་ཀཿ། །འབྲལ་མེད་སྙིང་དབུས་དྭངས་མའི་དཔྱིད་དུ་བསྟི། །འཕགས་བོད་མཁས་གྲུབ་རྣམ་བཞིའི་དགོངས་ཉམས་བཅུད། །རྒྱུད་ལུང་བྱེ་བའི་ཡང་སྙིང་ཟླ་མེད་ཕུལ། །གང་འབྲེལ་རིག་འཛིན་ས་ལ་དབུགས་འབྱིན་པའི། །བདེ་འདུས་སྙིང་པོ་དོན་གྱི་དབང་ཟིན་སྤེལ། །འདིར་ས་ཟླའི་སྒྲུབ་མཆོད་ཆེན་མོ་དང་རྗེས་སུ་འབྲེལ་བར་རྣལ་འབྱོར་རྒྱུན་གྱི་དབང་ཆོག་བསྐུར་བའི་ཚུལ་ལ། སྦྱོར་བ་ཡོ་བྱད་ཀྱི་བཤམས་དང་། དངོས་གཞི་སྒྲུབ་པའི་ཐབས་གཉིས་ནི་སྒྲུབ་པ་ཆེན་པོ་དང་རྗེས་སུ་འབྲེལ་བའི་ཕྱིར་སྔོན་དུ་སོང་གྲུབ་ནས། འདིར་དབང་བསྐུར་བ་དངོས་ལ་འཇུག་པ་དང་དབང་དངོས་གཉིས་ལས། དང་པོ་ནི། སློབ་མ་རྣམས་ཕྱག་བྱས་ནས་གྲལ་དུ་འཁོད་ལ། ཧཱུྃ། ཇི་ལྟར་བལྟམས་པ་ཙམ་སོགས་དང་ཡི་གེ་བརྒྱ་པས་ཁྲུས་བྱ། བགེགས་གཏོར། ༀ་བཛྲ་ཨ་མྲྀ་ཏས་བསངས། ༀ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ༀ་ཨཱཿཧཱུྃ་ཧོཿས་བརླབས། ཕེཾ་གྱིས་མགྲོན་བཀུགༀ་སརྦ་བིགྷྣ་ན་མཿསརྦ་སོགས་ཀྱིས་བསྔོས་ལ། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི༴ ཆོས་ཀྱི༴ དགེ་འདུན་གྱི༴ གསང་སྔགས་དང་རིགས་སྔགས་དང་གཟུང་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི༴ ཆོས་ཉིད་གདོད་ནས་སྟོང་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི༴ ཁྱད་པར་དུ་སྒྲུབ་པ་བཀའ་བརྒྱད་བདེ་གཤེགས་འདུས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི༴ སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས་རྡོ་རྗེའི་རིག་པ་འཛིན་པ་ཆེན་པོ་རྣམས་དང་རྡོ་རྗེའི་སློབ་མ་འདི་རྣམས་ལ་སྨིན་བྱེད་དབང་བསྐུར་གྱི་ཆོ་ག་སྒྲུབ་པར་བྱེད་པ་ལ་བར་དུ་གཅོད་བའི་བགེགས་ཚོགས་ལོག་པར་འདྲེན་པ་ཐམས་ཅད་གཏོར་མ་འདིས་ཚིམས་པར་གྱིས་ལ་འདིར་མ་གནས་པར་གཞན་དུ་དེངས་ཤིགགལ་ཏེ་མི་འགྲོ་ན་ཁྲོ་བོ་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་འདིས་ཁྱོད་རྣམས་ཀྱི་མགོ་བོ་ཚལ་བ་བརྒྱར་འགས་པར་འགྱུར་ཏ་རེ། ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཀྲོ་ངྷ་ཛྭ་ལ་མཎྜལ་ཕཊ་ཕཊ་ཕཊ་ཧ་ལ་ཧ་ལ་ཧཱུྃ། ༀ་སུམ་བྷ་ནི་སོགས་དྲག་སྔགས་སྤོས་རོལ་དང་བཅས་པས་བགེགས་བསྐྲད། བཛྲ་རཀྵ་རཀྵ་ཧཱུྃ། ཞེས་བརྗོད་པས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་ར་བ་དྲྭ་བ་གུར་བླ་བྲེ་ཡེ་ཤེས་ཀྱི་མེ་དཔུང་མཐའ་མེད་དུ་འཕྲོ་བས་བཅིངས་ཏེ་ཅིས་ཀྱང་མི་ཤིགས་པའི་མོས་པ་མཛོད། དེ་ནས་ལས་རྡོར་གྱིས་མེ་ཏོག་བཀྱེ་བསྡུ་བྱ་ཞིང་སློབ་དཔོན་གྱིས། འོ། མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ། ཐོབ་བྱ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད། ཁྱབ་བདག་གདོད་མའི་མགོན་པོ་ཀུན་བཟང་ཧེ་རུ་ཀཿའི་གོ་འཕང་སྐུ་ཚེ་འདི་ཉིད་ལ་ཅི་ནས་ཀྱང་ཐོབ་པར་བྱ། དེའི་ཆེད་དུ་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་མངོན་པར་དབང་བསྐུར་བ་ཟབ་མོ་གསན་ནས་དོན་ཐུགས་ཉམས་སུ་བཞེས་པར་བགྱིའོ་སྙམ་པའི་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་དང་། ཆོས་གསན་པའི་ཀུན་ཏུ་སྤྱོད་པའང་མདོ་རྒྱུད་བསྟན་བཅོས་རྣམས་ནས་ཇི་སྐད་གསུངས་པ་བཞིན་ལེགས་པར་གསལ་བཏབ་སྟེ་གསན་པར་ཞུ་འཚལ། དེ་ལ་འོ་སྐོལ་གྱི་སྟོན་པ་ཐབས་མཁས་ཤིང་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་ཉིད་ཀྱིས་མཐའ་ཀླས་གདུལ་བྱའི་བློ་དང་འཚམ་པར་ཆོས་ཀྱི་ཕུང་པོ་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་དེ་ཐམས་ཅད་ཀྱང་བསྡུ་ན་རྒྱུ་འབྲས་ཀྱི་ཐེག་པ་གཉིས་སུ་འདུ་སྟེ། ཀུན་བྱེད་ལས། ཐེག་པ་རྣམ་པ་གཉིས་ཡིན་ཏེ། །མཚན་ཉིད་རྒྱུ་ཡི་ཐེག་པ་དང་། །འབྲས་བུ་རྡོ་རྗེ་ཐེག་པའོ། །ཞེས་གསུངས། དེ་ལས་འདིར་སྐབས་སུ་བབས་པ་ནི། མཚན་ཉིད་རྒྱུ་ཡི་ཐེག་པ་ལས་ཁྱད་ཆོས་དུ་མའི་སྒོ་ནས་ཁྱད་པར་དུ་འཕགས་པ་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་ནང་རྒྱུད་སྡེ་གསུམ་གྱི་སྙིང་པོའི་བཅུད་ཕྱུང་བ་དཔལ་སྒྲུབ་པ་བཀའ་བརྒྱད་ཚོམ་བུ་གཅིག་ཏུ་དྲིལ་ཏེ་སྒྲུབ་པའི་སྐོར་ཡིན། དེ་ཡང་གནས་འོག་མིན་གསང་བ་མཆོག་གི་དཀྱིལ་འཁོར་ཆོས་འབྱུང་དབྱིངས་ཀྱི་ཞིང་མེ་རི་འབར་བར། སྟོན་པ་དཔལ་ཆེན་ཀུན་བཟང་རྡོ་རྗེ་སེམས་དཔའ་ཉིད་ཞི་བ་དང་། རང་བྱུང་ཆེ་མཆོག་ཧེ་རུ་ཀ་ཁྲོ་བོའི་དཀྱིལ་འཁོར་དུ་བཞེངས་ནས། འཁོར་རང་རིགས་ཀྱི་ཚོམ་བུར་སྣང་བ་རྣམས་ལ། དུས་ཐོག་མཐའ་མེད་པ་མཉམ་པ་ཉིད་ཀྱི་ངང་དུ་ཆོས་ཉིད་རྡོ་རྗེའི་རང་སྒྲས་རྡོ་རྗེ་ཐེག་པ་སྤྱི་དང་བྱེ་བྲག་བདེ་གཤེགས་འདུས་པའི་སྤྱི་རྒྱུད་ལྔ། དགོངས་རྒྱུད་བཅུ། ཡན་ལག་སོ་སོའི་སྒྲུབ་ལུགས་བསམ་གྱིས་མི་ཁྱབ་པར་གསུངས་པ་རྣམས། གསང་བདག་རྡོ་རྗེ་ཆོས་ཀྱིས་རང་ཉིད་ཚོམ་བུ་དགུའི་དཀྱིལ་འཁོར་གྱི་འཁོར་ལོར་སྣང་བར་མཛད་ནས་ཐོག་མར་ངག་ཏུ་བསྡུས། དེ་ནས་གླེགས་བམ་ལ་བཀོད་དེ་དགོངས་འགྲེལ་ལུང་ལྔ་ཡང་མཛད་ནས་མཁའ་འགྲོ་ལས་ཀྱི་དབང་མོ་ཆེ་ལ་གཏད། དེས་སྤྱི་དང་བྱེ་བྲག་གི་རྒྱུད་རྣམས་སོ་སོར་ཕྱེས་ཏེ་རིན་པོ་ཆེའི་སྒྲོམ་བུ་སོ་སོར་བཅུག་ནས་མཆོད་རྟེན་བདེ་བྱེད་བརྩེགས་པར་གཏེར་དུ་སྦས་པ། ཕྱིས་རིག་འཛིན་གྱི་རྒྱལ་པོ་ཀུཉྫ་རའི་ཐུགས་ཡེ་ཤེས་ཀློང་དགུའི་རང་རྩལ་རང་བྱུང་གྲུབ་པ་བརྙེས་པའི་སློབ་དཔོན་ཆེན་པོ་བརྒྱད། ཀུན་འདུས་རིག་འཛིན་ཡོངས་ཀྱི་འཁོར་ལོས་སྒྱུར་བ་རྒྱལ་དབང་པདྨ་ཐོད་ཕྲེང་རྩལ་དང་དགུར་སྣང་སྟེ། སློབ་དཔོན་ཆེན་པོ་བརྒྱད་དུར་ཁྲོད་བསིལ་བའི་ཚལ་དུ་དགུང་བདུན་དགོངས་པ་ལ་བཞུགས་པའི་ཚེ་སྨུག་ནག་དབང་གི་མཁའ་འགྲོ་མས་སྒྲུབ་སྡེ་བརྒྱད་ཀྱི་སྒྲོམ་བུ་རྣམས་ཕྱུང་ནས། ཆེ་མཆོག་གི་གསེར་སྒྲོམ་བི་མ་ལ། ཡང་དག་གི་དངུལ་སྒྲོམ་ཧཱུྃ་ཀཱ་ར། གཤིན་རྗེའི་ལྕགས་སྒྲོམ་འཇམ་དཔལ་བཤེས་གཉེན། རྟ་མགྲིན་གྱི་ཟངས་སྒྲོམ་ནཱ་ག་རྫུ་ན། ཕུར་པའི་གཡུ་སྒྲོམ་པྲ་བྷ་ཧསྟི། མ་མོའི་བསེ་སྒྲོམ་ངྷ་ན་སཾ་སྐྲྀ་ཏ། མཆོད་བསྟོད་ཀྱི་མཆོང་སྒྲོམ་རམྦུ་གུ་ཧྱ། དྲག་སྔགས་ཀྱི་གཟི་སྒྲོམ་ཤནྟིཾ་གརྦྷ་རྣམས་ལ་གཏད་ནས་སོ་སོར་བཀའ་བབས་ཤིང་། སྒྲུབ་པ་མཛད་པས་དཔལ་ཆེན་གཙོ་བོ་བརྒྱད་དང་མི་གཉིས་པའི་གོ་འཕང་བརྙེས། རྒྱལ་དབང་པདྨ་ཀ་རས་སློབ་དཔོན་དེ་དག་ལས་སྒྲུབ་ཐབས་བྱེ་བྲག་པའི་རྒྱུད་ལུང་མན་ངག་རྣམས་གསན་ནས་དེ་རྣམས་ལས་ཀྱང་གོ་འཕང་མཐོན་པོར་གཤེགས་པའི་ཚུལ་བསྟན་ཅིང་། ཁྱད་པར་མཆོད་རྟེན་བདེ་བྱེད་བརྩེགས་པ་ནས་སྔར་རྒྱ་མ་ཁྲོལ་བའི་རིན་པོ་ཆེ་སྣ་བརྒྱད་ཀྱི་སྒྲོམ་བུ་བདེ་གཤེགས་འདུས་པ་ཚོམ་བུ་གཅིག་ཏུ་སྒྲུབ་པའི་རྒྱུད་ལུང་མན་ངག་གི་སྐོར་རྣམས་སྤྱན་དྲངས། ཧེ་རུ་ཀ་དང་གསང་བའི་བདག་པོ་ལ་སོགས་པས་གསང་སྔགས་ཀྱི་རྒྱུད་སྡེ་མ་ལུས་པའི་བཀའ་དབང་བསྒྱུར་བར་མངའ་གསོལ་ཞིང་མཐར་ལམ་ལྷུན་གྱིས་གྲུབ་པའི་རིག་འཛིན་གྱི་གོ་འཕང་མངོན་དུ་མཛད་ནས་སྔོན་གྱི་སློབ་དཔོན་བརྒྱད་ལའང་ཆོས་ཀྱི་སྐྱེས་འབུལ་བར་མཛད་དེ། མདོར་ན་ཨོ་རྒྱན་དུས་གསུམ་མཁྱེན་པ་དེ་ཉིད་ལ། ཡི་དམ་ལྷ་ཡི་དབང་། བཀའ་རྟགས་གླེགས་བམ་གྱི་དབང་། མཁས་པ་པཎྜི་ཏའི་དབང་གསུམ་གྱི་བཀའ་ཡང་བབས་ཤིང་། རང་རིག་པ་རྩལ་གྱི་དབང་རང་ཉིད་ཀྱིས་བརྙེས་པས་དབང་གི་ཆུ་བོ་བཞི་ཀ་རྫོགས་པ་ཡིན། དེ་ལྟ་བུའི་རྗེ་བཙུན་རིག་འཛིན་ཆེན་པོ་དེ་ཉིད་གངས་ཅན་གདུལ་བྱའི་མགོན་དུ་ཕེབས་པའི་སྐབས། མངའ་བདག་རྒྱལ་པོས་གསོལ་བ་བཏབ་པའི་ངོར། བསམ་ཡས་མཆིམས་ཕུའི་བྲག་དམར་ཀེའུ་ཚང་དུ། སྒྲུབ་པ་བཀའ་བརྒྱད་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཏེ་ལས་ཅན་རྗེ་འབངས་འདུས་པའི་ཚོགས་རྣམས་རྗེས་སུ་བཟུང་ཞིང་སྨིན་གྲོལ་གྱི་གདམས་པ་མཐའ་ཡས་པ་བསྩལ་པས་ཀུན་ཀྱང་རིག་འཛིན་གྱི་ས་ལ་བཀོད་། ཁྱད་པར་མངའ་བདག་རྒྱལ་པོའི་མེ་ཏོག་དབུས་སུ་བབས་པ་སོགས་བཀའ་བབས་ལས་ཅན་སྙིང་གི་བུ་དགུ་པོས་སོ་སོའི་རིགས་ཀྱི་དཀྱིལ་འཁོར་བསྒྲུབས་པས། རང་རིགས་ཀྱི་ཞལ་མཐོང་ཞིང་གྲུབ་པ་བརྙེས་ནས། རྫུ་འཕྲུལ་གྱི་བཀོད་པ་བསམ་མི་ཁྱབ་པས་སྐལ་ལྡན་རྣམས་དད་པའི་ས་ལ་བཀོད་པར་མཛད་ཅིང་། མཐར་རིགས་ཀྱི་གཙོ་བོའི་ཐུགས་ཀློང་དུ་ཐིམ། གདམས་སྐོར་རྣམས་ཞང་ཛྙཱ་ན་སོགས་ལ་བཀའ་བརྒྱུད་དུ་བཞག་ཅིང་། ཕལ་ཆེར་མ་འོངས་ཕྱི་རབས་ཀྱི་དོན་དུ་དགོངས་ནས་ཟབ་མོའི་གཏེར་དུ་སྦ་བར་མཛད་པ་ལས། ཀུན་གྱི་ཕྱི་མོའམ་རྩ་བ་ལྟ་བུར་གྱུར་པ། པད་འབྱུང་། བི་མ། བཻ་རོ། ནམ་སྙིང་སྟེ་གྲུབ་པའི་སློབ་དཔོན་རྣམ་བཞིའི་དགོངས་ཉམས་གཅིག་ཏུ་དྲིལ་བ། བདེ་གཤེགས་འདུས་པའི་ཆོས་བཀའ་ཟབ་ཅིང་རྒྱ་ཆེ་བའི་སྐོར་རྣམས་མངའ་བདག་རྒྱལ་པོའི་སྐལ་བར་གནང་ནས་སྨོན་ལམ་གཏད་རྒྱ་དང་བཅས། བྲག་དམར་མགྲིན་བཟང་དུ་གཏེར་དུ་སྦས་པ། མཁའ་འགྲོ་མ་རྣམས་ཀྱིས་གཏེར་སྒོ་སྤོས་ཏེ་ལྷོ་བྲག་མཁོ་མཐིང་རྣམ་སྣང་གི་སྐུ་རྒྱབ་ཏུ་བཞུགས་པ་ལས། ཕྱིས་དུས་ལ་བབས་པའི་ཚེ། མངའ་བདག་ཚངས་པ་ལྷ་ཡི་མེ་ཏོག་ཉིད་འབྲས་བུ་མཐར་ཕྱིན་པའི་ཡེ་ཤེས་ཀྱི་རོལ་གར། གཏེར་སྟོན་གྲུབ་ཐོབ་རྒྱ་མཚོའི་སྤྱི་མེས་མཆོག་གཉིས་སུ་གྲགས་པའི་ཡ་གྱལ། མངའ་བདག་ཉང་ཉི་མ་འོད་ཟེར་གྱིས་སྤྱན་དྲངས་ཤིང་། གྲུབ་ཐོབ་དངོས་གྲུབ་ལས་ཀྱང་བཀའ་བརྒྱད་བཀའ་མའི་ཆོས་སྐོར་གསན་པས་བཀའ་གཏེར་ཆུ་བོ་གཅིག་འདྲེས་སུ་གྱུར་པ་བཀའ་བབས་ཀྱི་བུ་ལྔ་སོགས་ལས་རིམ་པར་གྲུབ་བརྙེས་ཀྱི་བརྒྱུད་པ་མི་འདྲ་བ་དུ་མ་གྱེས་པ་ལས། ཁྱད་པར་དུ་གྱུར་པ་སྲས་ཆུང་འགྲོ་བའི་མགོན་པོ་སོགས་མངའ་བདག་གདུང་རབས་བརྒྱུད་པ་བདུན་གྱི་མཐར། མངའ་བདག་ཀུན་དགའ་འོད་ཟེར་གྱི་སློབ་མ། རི་བྲག་ལ་ཟང་ཐལ་དུ་འཕུར་བ་སོགས་གྲུབ་པ་བརྙེས་པའི་རྟགས་མཚན་ཐུན་མོང་དུ་སྟོན་ནུས་པ་རྗེའུ་རིགས་ནམ་མཁའི་རྣལ་འབྱོར་གྱི་ཐུགས་སྲས། ཆོས་རྒྱལ་ཆེན་པོའི་ཡོན་ཏན་གྱི་སྤྲུལ་པ་མངའ་རིས་པཎ་ཆེན་པདྨ་དབང་རྒྱལ་རྡོ་རྗེས་བཀའ་བརྒྱད་བཀའ་གཏེར་གྱི་དབང་ལུང་ལན་གྲངས་ཉེར་ལྔ་གསན་པ་སོགས་རྒྱུད་ལུང་མན་ངག་གི་བཀའ་ཐམས་ཅད་བབས་ཤིང་། དེ་ནས་བརྒྱུད་པ་འགའ་ཞིག་གི་མཐར། ལོ་ཆེན་བཻ་རོ་ཙ་ནའི་རྣམ་འཕྲུལ་སྔ་འགྱུར་བསྟན་པའི་ཉི་མ་གཅིག་པུར་གྱུར་པ། རྗེ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འགྲོ་འདུལ་གཏེར་བདག་གླིང་པ་མངའ་བདག་ཉང་ཆེན་པོའི་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་ཞིང་དོན་གྱི་མཛོད་གཏད། ཚིག་གི་སྡུད་པ་པོར་རྗེས་སུ་གནང་བ་སྩལ་པ་ལྟར་ལག་ལེན་འཇུག་པ་བདེ་བར་མཛད་པའི་རྗེས་འབྲང་རིམ་པར་བརྒྱུད་དེ་བདག་ཅག་གི་བླ་མ་དམ་པའི་བར་དུ་བྱོན་པ། སྟེང་ན་རིག་འཛིན་བརྒྱུད་པའི་གྲལ་མ་ཞིགས་ལ་དཀྱིལ་འཁོར་སྒྲུབ་པའི་བཀྲག་མ་ཡལ། བར་དུ་སྨན་རཀ་བདུད་རྩིའི་མཚོ་མ་སྐམ། དམ་ཉམས་དང་འདྲེས་ཁྱེར་གྱི་ལྷད་མ་ཞུགས་པའི་སྙན་བརྒྱུད་ཚད་མ་བཞི་ལྡན་གྱི་སྒོ་ནས་སྒྲུབ་པ་ཆེན་པོ་དང་རྗེས་སུ་འབྲེལ་བར། སྙིང་པོ་དོན་གྱི་དབང་བསྐུར་རྣལ་འབྱོར་རྒྱུན་དབང་དུ་གྲགས་པ་འདི་ཉིད་འབུལ་བར་བྱེད་པ་ལ། རྡོ་རྗེ་སློབ་དཔོན་གྱི་བྱ་བ་དང་། སློབ་མའི་བྱ་བ་གཉིས་ལས། སློབ་དཔོན་གྱི་བགྱི་འོས། དཀྱིལ་འཁོར་བཞེངས་ཤིང་སྒྲུབ་པ། བདག་ཉིད་དཀྱིལ་འཁོར་དུ་འཇུག་ཅིང་དབང་བླང་བ་སོགས་རིག་འཛིན་གོང་མ་རྣམས་ཀྱི་ཕྱག་བཞེས་ལས་ཇི་ལྟར་འབྱུང་བ་བཞིན་ལྷག་ཆད་མེད་པར་སྔོན་དུ་སོང་གྲུབ། ད་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ། ལྷ་དང་སྐལ་བ་མཉམ་པའི་ཆེད་དུ་དཀྱིལ་འཁོར་དུ་འཇུག་པའི་ཆོས་དང་། ཞུགས་ནས་དབང་བསྐུར་བའི་ཆོ་ག་གཉིས་ཡོད་པ་ལས་འདིར་འཇུག་པའི་སྐབས་ཡིན། དེ་ལ་ཕྱི་མཚན་མའི་དཀྱིལ་འཁོར་དུ་འཇུག་པ་དང་། ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པ་གཉིས་ལས། ཕྱི་འཇུག་གི་ཡན་ལག་ཁྲུས་དང་བགེགས་བསལ། སྲུང་འཁོར་བསྒོམ་པ་རྣམས་སོང་ནས། འདིར་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་ལ་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་གསན་པའི་ཡོན་དུ་མཎྜལ་ཕུལ་མཛོད། ཅེས་བརྡ་སྦྱར་ལ་སློབ་མས་མཎྜལ་འབུལ། དེ་ལྟར་མཎྜལ་ཕུལ་ནས་དཀྱིལ་འཁོར་དུ་འཇུག་པའི་ཕྱིར་ཆས་སུ་འཇུག་པ་ནི། སྔོན་ཆད་གཉིས་འཛིན་གྱི་ཞེན་རྟོག་འཐུག་པོས་མིག་ལྡོངས་ཏེ་དཀྱིལ་འཁོར་གྱི་ལྷ་ཚོགས་མ་མཇལ་བའམ་མཇལ་ནའང་དཀྱིལ་འཁོར་སོ་མ་འདི་ཉིད་མ་མཇལ་བའི་མཚོན་བྱེད་དུ་རས་དམར་པོ་རེས་གདོང་བཅིངས་པའི་མོས་པ་མཛོད། ༀ་ཙཀྵུ་བྷཎྡྷ་ཝ་ར་མ་ཎ་ཡ་སྭཱ་ཧཱ། ཞེས་མིག་དར་བཅིངས། དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཚེ་ཕྱག་སྟོང་པར་མཇལ་དུ་མི་རུང་བས། ཕྱག་རྟེན་དུ་ཨུ་དུམྦཱ་རའི་མེ་ཏོག་གི་ཕྲེང་བ་ཁ་དོག་ལྔ་པ་རེ་བྱིན་པའི་མོས་པ་མཛོད། ཨཱ་ཁཾ་ཝཱི་ར་ཧཱུྃ་གིས་མེ་ཏོག་གཏད། དེ་ནས་གསོལ་བ་གདབ་པའི་སླད་དུ་ཐུགས་མོས་འདི་བཞིན་དུ་མཛོད། ས་ཕྱོགས་འདི་ཉིད་འོག་མིན་གསང་ཆེན་རོལ་བའི་ཞིང་ཁམས་རྒྱན་དང་བཀོད་པ་ཚད་མེད་པས་མངོན་པར་དཀྲིགས་པའི་དབུས་སུ། སློབ་དཔོན་ཉིད་དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་ཆེ་མཆོག་ཧེ་རུ་ཀའི་རྣམ་པར་བཞུགས་པ་ལ་མི་ཕྱེད་དད་པའི་གདུང་ཤུགས་དྲག་པོས་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧོ༔བླ་མ་ཡི་དམ་དགོངས་སུ་གསོལ༔བདེ་གཤེགས་ཀུན་འདུས་དཀྱིལ་འཁོར་འདིར༔བདག་ཅག་དད་པས་འཇུག་པར་འཚལ༔ཐུགས་རྗེས་དཀྱིལ་འཁོར་བསྟན་པར་ཞུ༔ཞེས་ལན་གསུམ། དེ་ནས་སྡོམ་པ་ཀུན་གྱི་རྟེན་གཞི་སྐྱབས་སུ་འགྲོ་བ་དང་ཐེག་པ་ཆེན་པོའི་ལམ་རྩ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་སླད་དུ། མདུན་གྱི་ནམ་མཁར་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་གཉིས་སུ་མེད་པ་དཔལ་ཆེན་ཚོམ་བུ་དགུ་ཡི་དཀྱིལ་འཁོར་གྱི་ལྷ་ཚོགས་བདུན་བརྒྱ་ཉེར་ལྔ་ལ། སྐྱབས་གནས་དཀོན་མཆོག་རྩ་གསུམ་རྒྱ་མཚོ་མ་ཚང་བ་མེད་པའི་འཁོར་གྱིས་བསྐོར་བ་སྤྲིན་གཏིབས་པ་ལྟར་མངོན་སུམ་དུ་བཞུགས་པའི་སྤྱན་སྔར། བདག་གཞན་མཁའ་ཁྱབ་ཀྱི་འགྲོ་བ་མཐའ་དགདུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་བར་བགྱིའོ་སྙམ་པའི་སྐྱབས་འགྲོ་དང་། འགལ་རྐྱེན་སྡིག་སྒྲིབ་བཤགས་པ། གཞན་དོན་དུ་རྫོགས་བྱང་དོན་གཉེར་གྱི་བློ་བཅོས་མ་མ་ཡིན་པའི་སྒོ་ནས་སྨོན་འཇུག་དོན་དམ་གྱི་སེམས་གསུམ་བསྐྱེད་པ་བཅས་ཚིག་འདིའི་རྗེས་ཟློས་མཛོད། བླ་མ་སངས་རྒྱས་འཁོར་དང་བཅས༔ཀུན་ནས་བདག་ལ་དགོངས་སུ་གསོལ༔བླ་མ་དཀོན་མཆོག་རྣམ་གསུམ་པོ༔བྱང་ཆུབ་མ་ཐོབ་བར་དུ་ནི༔སྐྱབས་ཀྱི་མཆོག་ཏུ་བཟུང་བར་བགྱི༔སྔོན་ནས་བསགས་པའི་སྡིག་སྒྲིབ་བཤགས༔འགྲོ་དོན་སངས་རྒྱས་ཐོབ་བྱ་སྙམ༔སྨོན་པའི་བྱང་ཆུབ་སེམས་བསྐྱེད་དོ༔སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར༔འཇུག་པའི་བྱང་ཆུབ་སེམས་བསྐྱེད་ཅིང༔གསང་སྔགས་སྤྱོད་པ་རླབས་ཆེན་སྤྱད༔དོན་དམ་སྤྲོས་བྲལ་བྱང་ཆུབ་སེམས༔རང་བྱུང་མཐའ་བྲལ་སྟོང་གསལ་བསྒོམ༔ཞེས་ལན་གསུམ་གྱིས་རྒྱུད་སྦྱངས། དེ་ནས་ཚོགས་ཞིང་ཁྱད་པར་ཅན་དེ་དག་གི་སྤྱན་སྔར་ཚོགས་བསགས་ཡན་ལག་བཅུ་པ་ཚིག་རྗེས་སུ་དོན་དྲན་བཞིན་པའི་སྒོ་ནས་འདིའི་རྗེས་ཟློས་མཛོད། བླ་མ་ཡི་དམ་མཁའ་འགྲོ་གཤེགས༔ཉི་ཟླ་པདྨའི་གདན་ལ་བཞུགས༔ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ཕྱི་ནང་གསང་བའི་མཆོད་པ་འབུལ༔ཉམས་ཆག་སྡིག་སྒྲིབ་མཐོལ་ཞིང་བཤགས༔གསང་སྔགས་སྒྲུབ་ལ་རྗེས་ཡི་རང༔སྨིན་གྲོལ་གསང་སྔགས་ཆོས་འཁོར་བསྐོར༔ལྷུན་གྱིས་གྲུབ་པར་བཞུགས་གསོལ་འདེབས༔སྙིང་པོ་སེམས་ཅན་དོན་དུ་བསྔོ༔ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ཅེས་ལན་གསུམ་གྱིས་ཚོགས་བསགས། དེ་ནས་དབང་བསྐུར་བ་དེ་ཡང་རྟེན་དཀྱིལ་འཁོར་ལ་བརྟེན་ནས་ཐོབ་ནའང་། དབང་འཛིན་པ་ནི་དམ་ཚིག་དང་སྡོམ་པ་ལ་རག་ལས་པས། སྨིན་བྱེད་ཀྱི་རྟེན་སྡོམ་ལྡན་དུ་སྒྲུབ་པའི་ཕྱིར་ཁྱད་པར་གྱི་སྡོམ་པ་རྣམས་བཟུང་བར་བྱ་སྟེ། རྡོ་རྗེ་ཐེག་པ་ཐུན་མོང་མ་ཡིན་པའི་སྡོམ་པ་རིགས་ལྔ་སྤྱི་དང་བྱེ་བྲག་ཁྱད་པར་གྱིས་བསྡུས་པའི་དམ་ཚིག་རྣམས་ལེགས་པར་བླངས་ཏེ་ཚུལ་བཞིན་དུ་བསྲུང་སྙམ་པས་འདིའི་རྗེས་ཟློས་མཛོད། སྡོམ་པ་ཡི་ནི་ཚུལ་ཁྲིམས་དང༔དགེ་བའི་ཆོས་ནི་སྡུད་པ་དང༔སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ༔ནམ་ཡང་བདག་གིས་མི་སྤོང་ངོ༔རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང༔ཡང་དག་ཉིད་དུ་བཟུང་བར་བགྱི༔སློབ་དཔོན་དག་ཀྱང་བཟུང་བར་བགྱི༔ཉིན་རེ་བཞིན་དུ་དུས་དྲུག་ཏུ༔སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན༔ཕྱི་ནང་གསང་བའི་ཐེག་གསུམ་གྱི༔དམ་ཆོས་མ་ལུས་ཡོངས་སུ་བཟུང༔སྡོམ་པ་ཐམས་ཅད་དང་ལྡན་པས༔མཆོད་པའི་ལས་ཀྱང་ཅི་ནུས་བགྱི༔བདག་གིས་སྡོམ་པ་མ་ལུས་བཟུང༔ཞེས་ལན་གསུམ་གྱིས་རིགས་ལྔའི་སྡོམ་པ་བཟུང་། སྐབས་འདིར་སྤྲོ་ན། རྩ་བར་སེམས་བསྐྱེད་བྱ་བར་བཤད་པས། ཁྱེད་རང་རྣམས་ཀྱི་སྙིང་གར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་ཉ་གང་བའི་སྟེང་དུ། དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་རེ་གསལ་ཐོབ་ལ་འདིའི་རྗེས་ཟློས་མཛོད། ༀ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ཏ་ཡཱ་མི༔ལན་གསུམ། རྡོ་རྗེ་མེ་ཏོག་དང་བཅས་སྙིང་གར་བཞག་པས་བརྟན་པར་བྱས་པའི་མོས་པ་མཛོད། སུ་ར་ཏེ་ས་མ་ཡ་སྟྭཾ་མ་ཧོཿསིངྔྷི་བཛྲ་ཡ་ཐཱ་སུ་ཁཾ༔ཞེས་རྡོ་རྗེ་སྙིང་གར་བཞགམི་སྤྲོ་ན་གོང་གི་སེམས་བསྐྱེད་ཀྱིས་ཀྱང་ཆོག་པར་གསུངས་སོ། །དེ་དག་ནི་ཕྱི་མཚན་མའི་དཀྱིལ་འཁོར་དུ་འཇུག་པའོ། །དེ་ནས་ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པའི་སླད་དུ་སྦྱོར་བ་དམ་ལ་བཞག་པ་ནི་དམ་ཚིག་གི་རྡོ་རྗེའི་མནའ་ཆུ་འདི་ཉིད་ལྕེ་ལ་བཞག་པ་ཡིན་ཏེ། ཧཱུྃ༔འདི་ནི་དམ་ཚིག་དམྱལ་བའི་ཆུ༔དམ་ཚིག་ཉམས་ན་སྲེག་པར་བྱེད༔དམ་ཚིག་བསྲུང་ན་དངོས་གྲུབ་ནི༔རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ༔ཅེས་ལས་བུམ་གྱི་ཆུ་སྦྱིན། དམ་ཚིག་ཚུལ་བཞིན་དུ་སྲུང་སྙམ་པས་རྡོ་རྗེའི་བྲོ་བོར་བ་འདིའི་རྗེས་ཟློས་མཛོད། ས་མ་ཡ་རཀྵ་ཨི་དམ་ན་ར་སྐན{ཀན}༔ཞེས་བྲོ་བོར་དུ་གཞུགདེ་ནས་ནང་འཇུག་གི་དངོས་གཞི་ཡེ་ཤེས་པ་དབབ་པ་ཡིན་པས། ཁྱེད་རང་རྣམས་སྐུ་ལུས་ཀྱི་གནད་དྲང་པོར་བསྲང་། ངག་གནད་རླུང་ཁ་སྦྱོར་དུ་ཆིངས། ཐུགས་ཀྱི་གནད་གཞན་དུ་མ་ཡེངས་པར་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་རྣམས་ལ་ཕོགརྣམ་སྨིན་ཤ་ཁྲག་གདོས་བཅས་ཀྱིས་མཚོན་མ་དག་པའི་སྣང་བ་ཐམས་ཅད་མི་དམིགས་ཏེ་སྟོང་པར་སྦྱངས། སྟོང་པའི་ངང་ལས། པཾ་ལས་པདྨ་དང་། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ཡེ་ཤེས་ལྔའི་འོད་ཟེར་མཆོག་ཏུ་འབར་བ་ཡོངས་སུ་གྱུར་པ་ལས། ཁྱེད་རང་རྣམས་བཅོམ་ལྡན་འདས་ཆེ་མཆོག་ཧེ་རུ་ཀ་སྐུ་མདོག་མཐིང་ནགམཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་རྡོ་རྗེ་རྩེ་དགུ་རྩེ་ལྔ་རྩེ་གསུམ་པ་དང་། གཡོན་གསུམ་ཐོད་པ་ཁྲག་གིས་གང་བ་འཛིན་པ། དབྱིངས་ཕྱུག་མ་སྔོན་མོ་ཁ་ཊྭཱྃ་དང་ཐོོད་པ་འཛིན་པ་དང་སྙོམས་པར་འཇུག་པ། ཞབས་བཞི་གཡོན་བརྐྱང་གིས་དྲེགས་པ་ཕོ་མོའི་གདན་ལ་གནས་པ། དུར་ཁྲོད་རོལ་པའི་ཆས་ཅན། གར་གྱི་ཉམས་དགུ་དང་ལྡན་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་དུ་རྣམ་པར་དག་པའི་སྐུ་ཅན་བསྐལ་པའི་མེ་དཔུང་འབར་བའི་ཀློང་ན་བཞུགས་པའི་ཡབ་ཀྱི་ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་ཡིག་སྔོན་པོ་མར་མེ་ལྟར་འབར་བར་གསལ་བ་དང་། རྩ་བའི་དཀྱིལ་འཁོར་གྱི་ནམ་མཁའི་གནས་སུ། རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་རྣམས་དང་། ཡི་དམ་རྒྱལ་བ་རབ་འབྱམས་སྤྲིན་ཕུང་གཏིབས་པ་བཞིན་དུ་ཐིབས་ཀྱིས་བཞུགས་པ་ལ་མོས་གུས་གདུང་ཤུགས་དྲག་ཏུ་བསྐྱེད་པས། དེ་རྣམས་ལས་སྐུ་དང་ཡིག་འབྲུ་ཕྱག་མཚན་གྱི་ཚོགས་ཁ་ཆར་དང་བུ་ཡུག་འཚུབ་པ་བཞིན་དུ་བྱུང་། སྤྱི་བོ་ནས་ཞུགས་སྙིང་གའི་ཧཱུྃ་ལ་སིབ་སིབ་ཐིམ་པར་སྒོམས་ཤིགབྱས་ལ། ༀ་བཛྲ་གུ་རུ་སརྦ་ས་མ་ཡ་ཨཱ་བེ་ཤ་ཨ་བྷི་ཥིཉྩ་ཨ་ཨཱཿཞེས་དྲག་ཏུ་བརྗོད་ཅིང་། གུ་གུལ་དང་ཚིལ་ཆེན་གྱིས་བདུགཌཱ་དྲིལ་གྱིས་དྲངས་པའི་རོལ་མོ་དྲག་པོ་ཡུན་རིང་དུ་བྱས་པས་ལུས་འཕར་གཡོ། ངག་སྨྲ་དགོད། སེམས་རྟོག་མེད་ཀྱི་རྟགས་བྱུང་བ་ན། དེ་ལྟར་བྱིན་དབབ་པའི་ཡེ་ཤེས་པ་རྣམས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བརྟན་པར་གྱུར་པའི་མོས་པ་མཛོད། ཏིཥྛ་བཛྲ༔ཞེས་རྡོ་རྗེ་སྦྱི་བོར་བཞག་པས་བརྟན་པར་བྱའོ། །དེ་ནས་རིགས་བརྟག་པའི་ཕྱིར་མེ་ཏོག་དོར་བ་ནི། འདི་ན་དཔལ་ཆེན་ཚོམ་བུ་དགུ་ཡི་དཀྱིལ་འཁོར་གྱི་ལྷ་ཚོགས་བཞུགས་པ་ཡིན་པས་ངོ་བོ་ལ་བཟང་ངན་མེད་ཀྱང་། རང་གི་ལས་འབྲེལ་ཡོད་པའི་ལྷ་དེ་ལ་དབབ་པར་ཤོག་སྙམ་དུ་འདིའི་རྗེས་ཟློས་དང་བཅས་ཏེ་ལྟོས་པ་མེད་པར་དོར་མཛོད། ཧོ༔བདག་གི་རིག་པའི་མེ་ཏོག་འདི༔དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ༔སྔོན་སྦྱངས་ལས་འཕྲོ་གང་ཡོད་པའི༔ཡི་དམ་ལྷ་ལ་འབབ་པར་ཤོག༔བིདྱཱ་རཏྣ་པུཥྤེ་ཨཱ་བེ་ཤ་ཡ་ཨཱ༔ཞེས་འདོར་དུ་བཅུགསྤྲོ་ཞིང་ནུས་ན་གང་དུ་བབས་པའི་རིགས་དང་མཐུན་པར་དབུས་དང་ཤར་སོགས་རིམ་བཞིན། ཆེ་མཆོགཐུགས་མཆོགསྐུ་མཆོགདབང་ཆེན། དྲག་པོ། བླ་མེད། བདེ་བ། དབང་ཕྱུགསྟོབས་མཆོག་རྣམས་ཀྱི་མགོར་རྡོ་རྗེ་དང་། མཐར་རྩལ་ཞེས་པའི་མིང་སྦྱིན། དཀྱུས་ཙམ་དུ། ཁྱེད་རྣམས་ཀྱི་གསང་བའི་མཚན་རྡོ་རྗེ་ཆེ་མཆོག་འདུས་པ་རྩལ་ཞེས་སྦྱིན་པ་ཡིན་ནོ། །ཞེས་བསྒྲགས། དེ་ལྟར་ཕུལ་བའི་མེ་ཏོག་གི་ཕྲེང་བ་དེ་ཉིད་རིགས་གང་གིས་བཞེས་པའི་ལྷ་དེས་སླར་ཡང་ཁྱེད་རང་གི་སྤྱི་བོར་དབང་རྟགས་ཅོད་པཎ་གྱི་ཚུལ་དུ་བཅིངས་པའི་མོས་པར་མཛོད། པྲ་ཏི་གྲྀ་ཧྣ་མ་ཧཱ་བ་ལ་ཏིཥྛ༔ཞེས་མེ་ཏོག་སྤྱི་བོར་བཀོད། དེ་ནས་མ་རིག་པའི་ལིང་ཐོག་མིག་དར་དང་ལྷན་ཅིག་ཏུ་བསལ་བའི་མོས་པ་མཛོད། ཐུར་མ་ཐོགས་ལ། ཧཱུྃཿསྔོན་གྱི་མིག་མཁན་རྒྱལ་པོ་ཡིས༔ཐུར་མས་ལིང་ཐོག་བསལ་བ་ལྟར། མ་རིག་པ་ཡི་ལིང་ཐོག་ནི༔རྒྱལ་བའི་དགོངས་པས་བསལ་བར་བྱ༔ཙཀྵུ་པྲ་ཝེ་ཤ་ཡ་ཕ྄ཊ༔ཅེས་མིག་དར་དཀྲོལ། དེ་ནས་ཡེ་ཤེས་ཀྱི་མིག་གསར་དུ་ཐོབ་པ་དེ་ལ་མཐོང་བ་བསྟན་པ་ནི། ཧཱུྃ༔བུ་ཁྱོད་རྩོལ་སེམས་མ་ཆུང་བར༔དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས༔ད་ནི་དད་པ་རབ་ཏུ་སྐྱེད༔དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར༔ཞེས་བརྗོད་ནས། འདི་ལྟར་མཚོན་བྱེད་དཔེའི་དཀྱིལ་འཁོར་ལས། མཚོན་བྱ་དོན་གྱི་དཀྱིལ་འཁོར་ཡེ་ཤེས་རང་སྣང་ལས་གྲུབ་པ་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་རང་བཞིན་གྲུ་བཞི་སྒོ་བཞི་པ་རྟ་བབས་དང་བཅས་པའི་ནང་དུ་ཕོ་བྲང་དགུ་ཚོམ་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་དབུས་མའི་ལྟེ་བར་དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཀ་དང་། ཕྱོགས་མཚམས་ཀྱི་དཀྱིལ་འཁོར་བརྒྱད་ཀྱི་སྙིང་པོར་དཔལ་ཆེན་ཡང་དག་ལ་སོགས་པ་བརྒྱད་རང་རང་གི་ཡུམ་དང་སོ་སོའི་འཁོར་དང་བཅས་པ། ཕྱིའི་ཁོར་ཡུག་ལ་མཁའ་འགྲོ་གིང་ལང་མ་སྲིང་འབར་མ་སོགས་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པའི་དཀྱིལ་འཁོར་འཁོར་ལོའི་རྣམ་རོལ་ཆོས་ཀྱི་དབྱིངས་མངོན་སུམ་པ་བཞིན་མཐོང་བར་གྱུར་སྙམ་པ་གྱིས་ཤིགཅེས་པ་ཙམ་མམ། སྤྲོ་ན་གཙོ་བོའི་མངོན་རྟོགས་དང་འཁོར་རྣམས་ཀྱི་མཚན་ཙམ་བརྗོད་པས་མཚོན་རྒྱས་བསྡུས་ཇི་ལྟར་རིགས་པས་མཐོང་བ་བསྟན་ཞིང་སྤྲོ་བ་སྐྱེད། དེ་དག་གིས་ལྷ་དང་སྐལ་བ་མཉམ་པའི་ཆེད་དུ་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ལེགས་པར་སོང་ནས། ཞུགས་པའི་དཀྱིལ་འཁོར་དེར་མངོན་པར་དབང་བསྐུར་བ་ཞུ་བའི་དོན་དུ་མཎྜལ་ཕུལ། ཅེས་མཎྜལ་འབུལ་དུ་གཞུགདེ་ནས་དངོས་གཞི་དབང་བསྐུར་བ་ལ། སྤྱིར་དབང་གི་ངོ་བོ་ནི། ཐོབ་བྱའི་འབྲས་བུ་མངོན་དུ་བསྐྱེད་ནུས་པའམ་སྐྱེ་ངེས་ཀྱི་ནུས་རུང་དུ་སྨིན་པར་བྱེད་པ། ངེས་ཚིག་ནི། ཨ་བྷིཥིཉྩའི་སྒྲ་ལས་དྲངས་ན་མངོན་པར་གཏོར་བའམ་བླུགས་པ་སྟེ། དངོས་སུ་ལུས་ངག་ཡིད་གསུམ་གྱི་དྲི་མ་འཁྲུད་པ་དང་། བརྒྱུད་ནས་སྐལ་བ་འཇོག་པས་ན་དབང་ངོ་། །དེ་ཡང་སྤྱིར་སྦྱང་གཞི་ནི་ཐོབ་བྱ་རང་ལ་གནས་པ་ཤིན་ཏུ་ཕྲ་བ་མི་ཤིགས་པའི་བདག་ཉིད་ཅན་གྱི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའོ། །སྦྱང་བྱ་ནི་རང་གནས་ཀྱི་ཡེ་ཤེས་དེ་ཉིད་སྒྲིབ་བྱེད་གློ་བུར་གྱི་དྲི་མ་ཕྲ་རགས་རྣམས་སོ། །སྦྱོང་བྱེད་ནི་གདུལ་བྱའི་བློའི་ཐེག་ཚད་དང་སྦྱར་བའི་དབང་བསྐུར་བས་དེ་དང་རྗེས་སུ་མཐུན་པའི་ལམ་སྒོམ་རུང་དུ་སྨིན་པར་བྱེད་པ་ཡིན། སྦྱངས་འབྲས་ནི་དབང་ཐོབ་པ་སྟེ་སྐུ་བཞིའི་ས་བོན་ནམ་ནུས་པ་ཁྱད་པར་ཅན་རྒྱུད་ལ་བཞག་པའོ། །བསྐུར་བྱའི་དབང་ལ་དབྱེ་ན། བུམ་གསང་ཤེས་རབ་ཡེ་ཤེས་དེ་ཁོ་ན་ཉིད་དེ་རྩ་བའི་དབང་བཞི་དང་། མཐའ་རྟེན་{བརྟེན}སྒྲོལ་དབང་བཅས་རྣམ་པ་ལྔར་མཆིས་པ་ལས། ཐོག་མར་བུམ་པའི་དབང་བསྐུར་བ་དེ་ལའང་། ཕྱི་དབང་རྫས་ལ་བརྟེན་ཏེ་བསྐུར་བ་དང་། ནང་ལྷ་ཡི་དབང་གཉིས་ལས། ཐོག་མར་རྫས་དབང་གི་སྔོན་དུ་འགྲོ་བ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ༔ཇི་ལྟར་མཆོད་ཅིང་བསྙེན་པ་ལྟར༔བདག་ཀྱང་སྐྱོབ་པའི་དོན་གྱི་ཕྱིར༔ནམ་མཁའ་རྡོ་རྗེ་བདག་ལ་སྩོལ༔ལན་གསུམ། བུམ་པ་རང་བྱུང་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཁང་གི་ནང་དུ་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བྱང་ཆུབ་སེམས་ཀྱི་བདུད་རྩིར་ཞུ་བ་ཁྱེད་རང་གི་སྤྱི་བོ་ནས་ཞུགས་པས་སྒོ་གསུམ་གྱི་དྲི་མ་སྦྱངས། རྡོ་རྗེ་གསུམ་གྱི་རྟོགས་པ་རྒྱུད་ལ་བཞག་པར་མོས་ཤིགཅེས་བུམ་པ་སྤྱི་བོར་བཞག་སྟེ། ཧཱུྃ༔རིན་ཆེན་རྒྱན་ལྡན་བུམ་པ་ན༔རྒྱལ་བ་ཞི་ཁྲོ་འོད་དུ་ཞུ༔སྐལ་ལྡན་སྤྱི་བོར་དབང་བསྐུར་བས༔སྒོ་གསུམ་སྒྲིབ་པ་བྱང་བར་ཤོག༔ༀ་བཛྲ་ཀ་ལཱ་ཤ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔སུ་ར་ཏ་སྟྭཱཾ་ཨ་ཧཾ༔ཞེས་དབང་བསྐུར་ནས་བུམ་ཆུ་འཐུང་དུ་གཞུགདབུ་རྒྱན་རིགས་ལྔ་རིན་པོ་ཆེའི་ཟེ་སྲོག་ཁང་བུ་ལྔ་པའི་ནང་དུ་དེ་བཞིན་གཤེགས་པ་རིགས་ལྔ་དྭངས་གསལ་སྒྲིབ་མེད་དུ་བཞུགས་པ་འདི་ཉིད་སྤྱི་བོར་བཞག་པས་རིགས་ལྔའི་དངོས་གྲུབ་ཐོབ་པར་མོས་ཤིགཧཱུྃ༔སྙིང་པོ་ལྔ་ལས་ཕྱག་མཚན་ལྔ༔དེ་ལས་རིགས་ལྔས་དབུ་བརྒྱན་པས༔ཁམས་གསུམ་ཡེ་ཤེས་བསྐྱེད་པའི་ཕྱིར༔སྐུ་ལྔ་ཡེ་ཤེས་ལྔ་ཐོབ་ཤོག༔ༀ་ཨཱཿཧཱུྃ་སྭཱ་ཧཱ་བཛྲ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཧཱུྃ༔སུ་ར་ཏ་སྟྭཱཾ་ཨ་ཧཾ༔ཞེས་དབུ་རྒྱན་མགོར་བསྐོན། ཡེ་ཤེས་ལྔ་ལྷུན་གྱིས་གྲུབ་ཅིང་ཐབས་ཤེས་ཟུང་འཇུག་གསང་སྔགས་ཀྱི་བརྡས་འགྲོ་དོན་སྤྱོད་པའི་མཐུ་ཐོབ་པར་མོས་ཤིགརྡོར་དྲིལ་ལག་གཡས་གཡོན་དུ་གཏད་ལ། ཧཱུྃ༔སྐུ་ལྔ་ཡེ་ཤེས་ལྔའི་རྡོ་རྗེ༔སངས་རྒྱས་དབྱངས་ཀྱི་རྗེས་འགྲོ་དྲིལ༔ཐབས་དང་ཤེས་རབ་དབང་བསྐུར་བས༔ཟུང་འཇུག་ལམ་ལ་སྤྱོད་པར་ཤོག༔ༀ་ཛྙཱ་ན་བཛྲ་ཧཱུྃ༔གྷཎྜེ་ཨ་ཨཱ༔ༀ་ཨ་ངྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་མཱིཿཏིཥྛ་བཛྲ་ས་མ་ཡ༔ཞེས་བརྗོད་ཅིང་རྡོ་རྗེ་གསོར་བ་དང་དྲིལ་བུ་དཀྲོལ་དུ་འཇུགསྨན་རཀ་གཏོར་མ་དམ་ཚིག་གི་རྫས་ཀྱིས་ལྷ་རྣམས་བསྙེན་ཅིང་སྒྲུབ་པ་སོགས་གསང་སྔགས་ཟབ་མོའི་ཐབས་ལ་བརྟེན་ནས་འཁོར་འདས་ཐམས་ཅད་འདོད་ཡོན་ཟག་མེད་ཡེ་ཤེས་ཀྱི་རྣམ་རོལ་ཆེན་པོར་ལོངས་སྤྱོད་པའི་མཐུ་ཐོབ་པར་མོས་ཤིགཧཱུྃ༔སྨན་རཀ་གཏོར་མ་མཆོད་པའི་ཚོགས༔དམ་རྫས་རྣམས་ཀྱིས་དབང་བསྐུར་བས༔ལྷ་དང་དམ་ཅན་རྟེན་མཆོད་དང༔སྒོམ་སྒྲུབ་ཉན་འཆད་དབང་ཐོབ་ཤོག །སྨན་རཀ་ལག་གཡས་གཡོན་དང་གཏོར་མ་སྤྱིི་བོར་བཞག་སྟེ། ཨ་མྲྀ་ཏ་ཨ་བྷི་ཥིཉྩ་ཨཱ་བེ་ཤ་ཡ་ཨཱ༔དེ་བཞིན་དུ། རཀྟ་དང་བ་ལིང་ཏ། ཞེས་པའི་མཐར་ཡང་སྦྱར་བས་བསྐུར་རོ། །དུར་ཁྲོད་ཀྱི་ཆས་བརྒྱད་བཀོད་པས་དཔལ་ཆེན་པོ་ཧེ་རུ་ཀའི་གནས་ཐོབ་སྟེ་མ་མོ་དང་མཁའ་འགྲོ་ཡོངས་ཀྱི་རྗེ་བོར་དབང་བསྒྱུར་བར་མོས་ཤིགཧཱུྃ༔དེ་རིང་དུས་འདིར་བུ་ཁྱོད་ལ༔ཀོ་རློན་ཞིང་ལྤགས་ཐོད་ཕྲེང་དང༔སྦྲུལ་ཆུན་སྟག་ཤམ་ལ་སོགས་པས༔བརྒྱན་པས་དཔལ་ཆས་དབང་ཐོབ་ཤོག༔ༀ་ཤྲཱི་ཧེ་རུ་ཀ་ཨ་བྷི་ཥིཉྩ་ས་མ་ཡ་ཤྲཱི་ཡེ་སྭཱ་ཧཱ༔ཞེས་ཆས་རྣམས་ཀྱིས་བརྒྱན། དེ་དག་ནི་ཕྱི་རྫས་ལ་བརྟེན་པའི་དབང་ངོ་། །གཉིས་པ་ནང་དབང་ལུས་ལ་བརྟེན་ཏེ་ཞི་བ་དང་ཁྲོ་བོའི་ལྷ་དབང་བསྐུར་བ་ལ། ཐོག་མར་དཀྱིལ་འཁོར་གྱི་གཙོ་བོ་ལས་ཞི་བ་རིགས་བཞི་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་བྱོན། སློབ་མ་དཔལ་ཆེན་པོར་གསལ་བའི་གནས་བཞིར་དྭངས་གསལ་སྒྲིབ་མེད་དུ་བཞུགས་པར་མོས་ཤིགཧཱུྃ༔སྤྱི་བོར་འཇམ་དཔལ་ཡེ་ཤེས་སེམས༔མགྲིན་པར་སྤྱན་རས་གཟིགས་དབང་སྟེ༔ཐུགས་ཀར་རྡོ་རྗེ་སེམས་དཔའ་ཉིད༔ལྟེ་བར་དྲུག་པ་རྡོ་རྗེ་འཆང༔རྒྱལ་བ་རིགས་བཞིས་དབང་བསྐུར་བས༔སྐུ་བཞི་ལྷུན་འགྲུབ་དབང་ཐོབ་ཤོག༔ༀ་ཝཱ་གཱི་ཤྭ་རི་མུཾཿཨཱརྱ་ཨ་བ་ལོ་ཀི་ཤྭ་རཱ་ཡ༔བཛྲ་ས་ཏྭ་མ་ཧཱ་བཛྲ་ངྷཱ་ར་ཨ་བྷི་ཥིཉྩ་ཨཱ༔ཞེས་གནས་བཞིར་བསྐུར། དེ་ལྟར་ཞི་བ་རིགས་བཞིའི་ལྷ་སྐུ་ཕྱག་རྒྱས་དབང་བསྐུར་བས་བདེ་གཤེགས་ཞི་བ་ཡོངས་རྫོགས་ཀྱི་མཐུ་དབང་ཐོབ་པའི་མོས་པ་མཛོད། གཉིས་པ་ཁྲོ་བོའི་ལྷ་དབང་བསྐུར་བ་ནི། དཀྱིལ་འཁོར་དགུའི་ལྷ་ཚོགས་སོ་སོ་ལས་ལྷ་གཉིས་པ་རེ་སྔར་བཞིན་བྱོན། སློབ་མའི་སྙིང་ཁ་ཆོས་ཀྱི་འཁོར་ལོའི་རྩ་འདབ་ཕྱོགས་མཚམས་བརྒྱད་ལས་ལུས་ཀྱི་གནས་སོ་སོར་གྱེས་པའི་འདབ་མ་སོ་སོ་ལ་ཐིམ་པས་ལྷ་དེ་དང་དེའི་ཡོན་ཏན་དང་ནུས་པ་ཐམས་ཅད་ཐོབ་པར་མོས་ཤིགཆེ་མཆོག་གི་སྐུ་རྟེན་སྤྱི་བོར་བཞག་སྟེ། ཧཱུྃ༔བཅོམ་ལྡན་ཆེ་མཆོག་ཧེ་རུ་ཀ༔སྨུག་ནག་དབུ་གསུམ་ཕྱག་དྲུག་པ༔གཡས་པ་རྡོ་རྗེ་རྣམ་གསུམ་བསྣམས༔གཡོན་པ་བྷནྷ་རྣམ་གསུམ་འཛིན༔གནམ་ཞལ་ཡུམ་དང་གཉིས་མེད་འཁྲིལ༔ཆེ་མཆོག་ལྷ་ཚོགས་འཁོར་དང་བཅས༔སྐལ་ལྡན་འདི་ལ་དབང་བསྐུར་བས༔ཡོན་ཏན་ལྷུན་གྱིས་འགྲུབ་པར་ཤོག༔ༀ་བཛྲ་ཀྲོ་ངྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱཿཞེས་སྲོག་རྩ་གཞིའི་ལྷ་དང་དབྱེར་མེད་དུ་བསམ། གཤིན་རྗེའི་སྐུ་སྤྱི་བོར་བཞག་སྟེ། ཧཱུྃ༔བཅོམ་ལྡན་འཇམ་དཔལ་གཤིན་རྗེའི་གཤེད༔མཐིང་ནག་དབུ་གསུམ་ཕྱག་དྲུག་པ༔འཁོར་ལོ་རལ་གྲི་དགྲ་སྟྭ་གཡས༔སྡིགས་མཛུབ་མདུང་ཐུང་བྷན་དམར་གཡོན༔བེ་ཏ་ཛཱ་ཊི་གཉིས་མེད་འཁྲིལ༔གཤེད་པོའི་ལྷ་ཚོགས་འཁོར་དང་བཅས༔སྐལ་ལྡན་འདི་ལ་དབང་བསྐུར་བས༔སྐུ་ལྔ་ལྷུན་གྱིས་གྲུབ་པར་ཤོག༔ༀ་ཧྲཱིཿཥྚི་ཝཱི་ཀྲི་ཏཱ་ན་ན་སརྦ་ས་མ་ཡ་ཨ་བྷི་ཥི་ཉྩ་ཨཱ༔དེ་བཞིན་དུ་དབང་ཆེན་མགྲིན་པར་བཞག་སྟེ། ཧཱུྃ༔དཔལ་ཆེན་རྟ་མགྲིན་དབང་གི་ལྷ༔དམར་ནག་ཞལ་གསུམ་ཕྱག་དྲུག་པ༔ཨེ་ཀ་ཛཱ་ཊི་ཡུམ་དང་འཁྲིལ༔ཁ་ཊྭཱཾ་རྡོ་རྗེ་སྦྲུལ་ཞགས་གཡས༔དྲིལ་བུ་བྷན་དམར་ལྕགས་སྒྲོག་གཡོན༔རྟ་མགོ་ལྗང་གུ་རྟ་སྐད་འཚེར༔དབང་ཆེན་ལྷ་ཚོགས་འཁོར་དང་བཅས༔སྐལ་ལྡན་འདི་ལ་དབང་བསྐུར་བས༔གསུང་དབྱངས་ལྷུན་རྫོགས་ཐོབ་པར་ཤོག༔ཨོཾ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔ཡང་དག་ཐུགས་ཀར་བཞག་སྟེ། ཧཱུྃ༔བཅོམ་ལྡན་བཛྲ་ཧེ་རུ་ཀ༔མཐིང་ནག་དབུ་གསུམ་ཕྱག་དྲུག་པ༔རྡོ་རྗེ་ཁ་ཊྭཱཾ་རྔེའུ་ཆུང་གཡས༔ཏིར་དབྱུག་དུང་དམར་རྒྱུ་ཞགས་གཡོན༔ཀྲོ་ངྷཱིི་ཤྭ་རི་ཡུམ་དང་འཁྲིལ༔ཡང་དག་ལྷ་ཚོགས་འཁོར་དང་བཅས༔སྐལ་ལྡན་འདི་ལ་དབང་བསྐུར་བས༔ཐུགས་མཆོག་ཡེ་ཤེས་ལྔ་རྫོགས་ཤོག༔ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་སརྦ་ས་མ་ཡ་ཨབྷི་ཥིཉྩ་ཨཱ༔ཕུར་པ་ལྟེ་བར་བཞག་སྟེ། ཧཱུྃ༔དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུ༔མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔རྡོ་རྗེ་རྩེ་དགུ་རྩེ་ལྔ་གཡས༔གཡོན་གཉིས་ཁ་ཊྭཱྃ་མེ་དཔུང་བསྣམས༔ཐ་མ་གཉིས་ན་ཕུར་པ་འདྲིལ༔འཁོར་ལོ་རྒྱས་འདེབས་གཉིས་མེད་འཁྲིལ༔ཕུར་པའི་ལྷ་ཚོགས་འཁོར་དང་བཅས༔སྐལ་ལྡན་འདི་ལ་དབང་བསྐུར་བས༔ཕྲིན་ལས་ལྷུན་རྫོགས་དབང་ཐོབ་ཤོག༔ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔བླ་མེད་ཧེ་རུ་ཀ་གསང་བར་བཞག་སྟེ། ཧཱུྃ༔བཅོམ་ལྡན་བླ་མེད་ཧེ་རུ་ཀ༔མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔རྡོ་རྗེ་སྦྲུལ་ཁྱུང་སྦྲུལ་ཞགས་གཡས༔བྷཉྫ་ཞིང་གཡབ་གའུ་གཡོན༔ཀུན་བཟང་ཡུམ་དང་གཉིས་མེད་འཁྲིལ༔མ་མོའི་ལྷ་ཚོགས་འཁོར་དང་བཅས༔སྐལ་ལྡན་འདི་ལ་དབང་བསྐུར་བས༔མ་མོ་མཁའ་འགྲོའི་དབང་ཐོབ་ཤོག༔ༀ་ཀྲོ་ངྷི་ཤྭ་རི་མ་མ་ཡོ་གི་ནཱི་རུ་ལུ་རུ་ལུ་ཧཱུྃ་བྷྱོ༔ཧཱུྃ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔རིག་འཛིན་སྤྱི་གཙུག་ཏུ་བཞག་སྟེ། ཧཱུྃ༔རིག་འཛིན་ཐོད་པ་རྩལ་ལ་སོགས༔བརྒྱུད་པ་རྩ་བའི་བླ་མ་རྣམས༔ཞལ་གཅིག་ཕྱག་གཉིས་གར་བསྒྱུར་བ༔གཡས་གཡོན་རྡོ་རྗེ་དྲིལ་བུ་བསྣམས༔སྐལ་ལྡན་འདི་ལ་དབང་བསྐུར་བས༔མཐུ་དང་བྱིན་རླབས་ཕུན་ཚོགས་ཤོག༔ༀ་བཛྲ་གུ་རུ་སརྦ་ཡོ་གི་ནི་སརྦ་ས་མ་ཡ་ཨབྷི་ཥིཉྩ་ཨཱ༔དྲེགས་འདུལ་པུས་མོ་གཡས་པར་བཞག་ལ། ཧཱུྃ༔དཔལ་ཆེན་དྲེགས་པ་ཀུན་འདུལ་ནི༔མཐིང་ནག་དབུ་གསུམ་ཕྱག་དྲུག་པ༔རྡོ་རྗེ་དུང་ཁྲག་དང་པོ་གཉིས༔གཡས་པ་ལྷ་བརྒྱད་མགོ་བོ་ལ༔གཡོན་པ་ཀླུ་བརྒྱད་མགོ་བོ་བསྣམས༔ཁམས་གསུམ་སྤྱི་འདུལ་གཉིས་མེད་འཁྲིལ༔ཆོས་སྐྱོང་སྲུང་མ་འཁོར་དང་བཅས༔སྐལ་ལྡན་འདི་ལ་དབང་བསྐུར་བས༔དྲེགས་པ་དབང་དུ་སྡུད་པར་ཤོག༔སརྦ་རུ་དྲ་ཧྲཱིཾ་ཧྲཱིཾ་ཛཿསརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔སྟོབས་ལྡན་པུས་མོ་གཡོན་པར་བཞག་སྟེ། ཧཱུྃ༔བཅོམ་ལྡན་སྟོབས་ལྡན་ནག་པོ་ནི༔མཐིང་ནག་དབུ་གསུམ་ཕྱག་དྲུག་པ༔རྡོ་རྗེ་དུང་ཁྲག་དང་པོ་གཉིས༔གཡས་པ་ལྷ་བརྒྱད་ཙིཏྟ་ལཿགཡོན་པ་ཀླུ་བརྒྱད་ཙིཏྟ་བསྣམས༔འབྱུང་ལྔའི་བདག་མོ་གཉིས་མེད་འཁྲིལ༔སྔགས་བདག་དྲེགས་པ་འཁོར་དང་བཅས༔སྐལ་ལྡན་འདི་ལ་དབང་བསྐུར་བས༔བསྟན་པའི་དགྲ་བགེགས་སྒྲོལ་བར་ཤོག༔སརྦ་དུཥྚཱན་ཨེ་ཛ་བྷྱོཿསརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔བྱ་ཁྱུང་དཀར་ནག་དཔུང་པ་གཡས་གཡོན་དུ་བཞག་སྟེ། ཧཱུྃ༔ཀླུ་འདུལ་བྱ་ཁྱུང་ག་རུ་ཎ༔སྐུ་མདོག་དཀར་ནག་རྣམ་པ་གཉིས༔རྡོ་རྗེའི་མཆུ་ཡིས་གདུག་པ་ཟ། རལ་གྲིའི་གཤོག་པ་ལྕགས་ཀྱུའི་སྡེར༔རིགས་ལྔ་སྤྲུལ་པའི་ཁྱུང་དང་བཅས༔སྐལ་ལྡན་འདི་ལ་དབང་བསྐུར་བས༔གདུག་པ་མ་ལུས་འདུལ་བར་ཤོག༔ཁྲོཾ་ག་རུ་ཎ་ཧཱུྃ་ཕཊ༔སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔དེ་ལྟར་ལྷ་ཚོགས་རྣམས་གནས་སོ་སོར་ཐིམ་པས་སྒྲུབ་སྡེ་དགུའི་སྐུའི་རྣམ་འགྱུར་གང་དང་གང་གིས་འདུལ་བ་དེ་དང་དེའི་རྣམ་རོལ་འགོག་མེད་སྣང་སྟོང་ཆུ་ཟླའི་གར་བཞིན་སྤྱོད་པའི་མཐུ་ཐོབ་པ་ཡིན་ནོ། །དེའི་རྗེས་འབྲེལ་དུ་བཟླས་ལུང་འབོག་པ་ནི། ལྷ་བསྒོམ་སྔགས་བཟླས་ལུང་འབོག་ལ༔བདེ་གཤེགས་ཀུན་འདུས་སྒྲུབ་པར་བསྒོ༔ཞེས་གསུངས་པས། བླ་མ་དཔལ་ཆེན་ཧེ་རུ་ཀའི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་རྣམས་སྒྲ་དང་བཅས་པ་འོད་འཕྲོ་བཞིན་པར་བྱུང་། ཁྱེད་རང་རྣམས་ཀྱི་སྙིང་ཁའི་ས་བོན་ལ་ཐིམ་པར་མོས་ལ་སྔགས་འདིའི་རྗེས་ཟློས་མཛོད། ༀ་བྷོ་ངྷི་ཙིཏྟ་སོགས། ༀ་བཛྲ་ཙཎྜ་སོགས་ཞི་ཁྲོའི་སྤྱིི་སྔགས་དང་། ༀ་བཛྲ་ཀྲོ་ངྷ་མ་ཧཱ་ཤྲཱི་སོགས་གཙོ་དགུའི་སྙིང་པོ་རྣམས་དང་། ༀ་བཛྲ་མ་ཧཱ་ཀྲོ་ངྷ་སོགས་སྤྱིི་དྲིལ་ལམ་མེ་དཔུང་མར་གྲགས་པར་བཅས་རྗེས་ཟློས་བྱར་བཞུགདེས་ནི་དཔལ་ཆེན་པོའི་གསང་སྔགས་ཀྱི་རྣམ་པ་ཐམས་ཅད་པས་བསྙེན་སྒྲུབ་ལས་སྦྱོར་མཐའ་དག་ལ་དབང་ཞིང་། གྲགས་སྟོང་བྲག་ཆ་ལྟ་བུར་སྤྱོད་པའི་མཐུ་ཐོབ་པ་ཡིན་ནོ། །དེ་དག་ནི་ནང་ལྷ་ཡི་དབང་ངོ་། །དེ་ལྟར་ཕྱི་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དགཡུལ་སྣང་སྟོང་དུ་རྟོགས། ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། སྦྱོར་ལམ་མན་ཆད་ཀྱི་ནུས་པ་རྒྱུད་ལ་བཞགའབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །གཉིས་པ་གསང་བའི་དབང་བསྐུར་བ་ནི། བླ་མ་ཧེ་རུ་ཀ་ཡབ་ཡུམ་སྙོམས་པར་ཞུགས་པའི་དགའ་བའི་སྒྲ་དང་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས། སྤྱི་བོ་ནས་ཞུགས་པ་འདོད་ཆགས་ཆེན་པོའི་མེས་བྱང་ཆུབ་ཀྱི་སེམས་ཞུ་བ་མཁའ་གསང་ལས་ཕྱུང་སྟེ་ཐོད་པའི་ཛ་གད་དང་ལྷན་ཅིག་པ་ལྕེ་ལ་བཞག་པའི་མོས་པ་བརྟན་པོ་མཛོད་ཅིགཧཱུྃ༔བླ་མ་ལྷ་ཚོགས་ཡབ་ཡུམ་རྣམས༔གཉིས་མེད་སྦྱོར་བའི་བྱང་ཆུབ་སེམས༔སྐལ་ལྡན་ངག་ལ་དབང་བསྐུར་བས༔བདེ་ཆེན་གསང་བའི་དབང་ཐོབ་ཤོག༔ༀ་སརྦ་པཉྩ་ཨ་མྲྀ་ཏ་མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཨཱ་བེ་ཤ་ཡ་ཨ་ཨཱ༔ཞེས་བྱིན་པ་དེ་ཉིད་སངས་རྒྱས་ཐམས་ཅད་འདུས་པའི་ཡེ་ཤེས་ཀྱི་ངོ་བོར་མོས་ལ་སྔགས་འདིའི་རྗེས་ཟློས་མཛོད། ཨ་ཧོ་མ་ཧཱ་སུ་ཁ༔ཞེས་མྱོང་བས། ཡེ་ཤེས་ཀྱི་བདུད་རྩི་ཤེལ་ལྟར་དྭངས་ཤིང་བདེ་བ་དང་མི་ཕྱེད་པས་ལུས་ཐམས་ཅད་གང་། གསལ་སྟོང་ནམ་མཁའ་དང་མཉམ་པའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེས་པར་མོས་ཤིགདེ་ལྟར་བླ་མ་ཡབ་ཡུམ་གྱི་ལུས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་གི་དྲི་མ་དགསེམས་གསལ་སྟོང་བརྗོད་བྲལ་དུ་རྟོགས། ལམ་རྩ་རླུང་གི་རྣལ་འབྱོར་སྒོམ་པ་ལ་དབང་། མཐོང་ལམ་ས་དང་པོའི་ནུས་པ་རྒྱུད་ལ་བཞགའབྲས་བུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ནི། མཚན་ཉིད་དང་ལྡན་པའི་ལས་རྒྱ་དངོས་སམ་དེར་མོས་པའི་གཟུགས་བརྙན་གྱི་ལག་གཡོན་སློབ་མའི་ལག་པ་གཡས་སུ་གཏད་པར་མོས་ཤིགཧཱུྃ༔མཚན་ལྡན་བཀྲ་ཤིས་གཟུངས་མ་འདི༔བརྟེན་ན་གཉིས་མེད་བདེ་བ་སྐྱེ༔འཁོར་ལོའི་གནས་བཞིར་དབབ་བཟུང་གིས༔བདེ་ཆེན་ཆོས་ཉིད་རྟོགས་པར་གྱིས༔ཨ་ཧོ་སུ་ཁ་བྷཉྫ་མོ྅་ཥ་ཧོ༔ཞེས་གཏད་ནས། སློབ་མ་ཆེ་མཆོག་ཧེ་རུ་ཀ་དང་། ལས་རྒྱ་གནམ་ཞལ་དབྱིངས་ཕྱུག་མར་གསལ་བའི་ཡབ་ཀྱི་གསང་གནས་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་ལྟེ་བར་ཟླ་བ་ལ་ༀ་གྱིས་མཚན་པ། ཡུམ་གྱི་མཁའ་པཾ་ལས་པདྨ་འདབ་མ་བརྒྱད་པའི་ཟེའུ་འབྲུར་ཉི་མ་ལ་མཱུྃ་གྱིས་མཚན་པར་བསམས་ནས་འདོད་པའི་ཡོན་ཏན་ལྔའི་བདེ་བ་དང་རོ་མཉམ་པས། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་བཛྲ་ཛྙཱ་ན་ཨཱཏྨ་ཀོ྅་ཧཾ༔ཞེས་རྡོ་རྗེ་པདྨར་རེག་ཅིང་ཞུགས་པ་དང་བསྲུབས་པས་བྱང་ཆུབ་ཀྱི་སེམས་གཡོས། འཁོར་ལོ་བཞིའི་གནས་སུ་དགའ་བཞིའི་ཡེ་ཤེས་ཉམས་སུ་མྱོང་བ་ལས། སླར་ཡང་ཧཱུྃ་གི་སྦྱོར་བས་ཡུམ་གྱི་དྭངས་མ་དང་ལྷན་ཅིག་གྱེན་དུ་དྲངས། ལུགས་ལྡོག་གི་དགའ་བཞི་རིམ་གྱིས་སྤྱི་བོར་བརྟན་པ་ལས་སོ་སོ་རང་རིགས་བདེ་སྟོང་སྤྲོས་པ་དང་བྲལ་བའི་ངང་ལ་མཉམ་པར་འཇོག་མཛོད། དེ་ལྟར་ཕྱག་རྒྱ་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དགརང་རིག་བདེ་སྟོང་བརྗོད་བྲལ་དུ་རྟོགས། ལམ་ཕོ་ཉ་སྒོམ་པ་ལ་དབང་། སྒོམ་ལམ་ས་དགུའི་ནུས་པ་རྒྱུད་ལ་བཞགའབྲས་བུ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །བཞི་པ་དེ་ཁོ་ན་ཉིད་ཀྱི་དབང་བསྐུར་བ་ནི། གཟུགས་བརྙན་གསལ་བའི་མེ་ལོང་དང་མན་ཤེལ་རྐྱེན་དང་སྤྲད་པ་མིག་ལ་བསྟན། དྲིལ་བུ་དཀྲོལ་ཞིང་རྡོ་རྗེ་མཁའ་ལ་གསོར་བའི་བརྡ་ལ་བརྟེན་ནས། ཁྱེད་རང་རྣམས་སྔར་ཤེར་དབང་གི་དུས་སུ་ཉམས་སུ་མྱོང་བའི་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་ངོ་བོ་མཚོན་པར་གྱིས་ལ་སྤྲོས་བྲལ་བདེ་བ་ཆེན་པོའི་ངང་དུ་མཉམ་པར་ཞོག་མཛོད། ཧཱུྃ༔སེམས་ཉིད་ཀ་དག་ལྷུན་རྫོགས་པའི༔སྣང་སྟོང་ཟུང་འཇུག་སྒྱུ་མའི་སྐུ༔གཉིས་མེད་འཛིན་བྲལ་སྤྲུལ་པའི་སྐུ༔ཡང་དག་ངེས་དོན་རྟོགས་པར་གྱིས༔ཛྙཱ་ན་པཉྩ་ངྷརྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཨ་ཨཱ༔ཞེས་པས་སེམས་ཀྱི་གཤིས་གང་དུ་ཡང་མ་གྲུབ་པའི་སྤྲོས་བྲལ་ཀ་ནས་དག་པ་དེ་ཉིད། མདངས་འགག་མེད་བདེ་བ་ཆེན་པོའི་རྣམ་རོལ་སྐུ་དང་ཡེ་ཤེས་ཀྱི་ཡོན་ཏན་ཐམས་ཅད་ཡེ་ནས་ལྷུན་གྲུབ་ཏུ་རྫོགས་པ། སྣང་སྟོང་དབྱེར་མེད་ཟུང་འཇུག་སོ་སོ་རང་རིག་གདོད་མའི་གནས་ལུགས་ནམ་མཁའ་དང་མཉམ་པའི་ཏིང་ངེ་འཛིན་གྱི་ངང་བསྐྱང་བ་ནི་དེ་ཁོ་ན་ཉིད་ཀྱི་དབང་ངོ་། །དེ་ལྟར་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ། སྒོ་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་དགབསམ་གྱིས་མི་ཁྱབ་པའི་བདེ་བ་ཆེན་པོ་བརྗོད་བྲལ་དུ་རྟོགས། ལམ་རང་བྱུང་གི་ཡེ་ཤེས་སྒོམ་པ་ལ་དབང་། མཐར་ལམ་རྒྱུན་མཐའི་ཡེ་ཤེས་ཀྱི་ནུས་པ་རྒྱུད་ལ་བཞགའབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུ་ཐོབ་བའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །ལྔ་པ་མཐའ་རྟེན་མངོན་སྤྱོད་བསྒྲལ་བ་དྲག་པོའི་ཕྲིན་ལས་ཀྱི་དབང་བསྐུར་བ་ནི། དེའང་བསྒྲལ་ལས་ཐམས་ཅད་ཀྱི་རྩ་བ་རྟོགས་པས་བདག་བསྒྲལ་བ་དང་། ཐུགས་རྗེས་གཞན་སྒྲོལ་བ་གཉིས་སུ་འདུ་བས། དང་པོ་རྟོགས་པས་བདག་བསྒྲལ་བ་ནི། རང་རྒྱུད་ཀྱི་མ་རིག་པ་ངའམ་བདག་ཏུ་འཛིན་པ་འདི་ཁམས་གསུམ་འཁོར་བའི་རྩ་བ་ཡིན་ཞིང་བྱང་ཆུབ་ཐོབ་ཏུ་མི་སྟེར་བའི་གེགས་བྱེད་འདི་ཁོ་ན་ཡིན་ལ། འདི་ཉིད་རིག་པ་ཡེ་ཤེས་ཀྱི་ཕུར་བུ་སྐུ་གསུམ་དབྱེར་མེད་ཀྱི་དབལ་དང་ལྡན་པས་ཆོས་ཉིད་གནས་ལུགས་ཀྱི་ཧོམ་ཁུང་དུ་མ་བཅོས་མཉམ་པ་ཉིད་ཀྱི་ཏིང་འཛིན་གྱིས་བསྒྲལ་པས་གཉིས་སྣང་གི་རྟོག་པ་ཟད་པ་འདི་དོན་ཆོས་ཉིད་ཀྱིས་བསྒྲལ་ཚུལ་ཡང་ཡིན་པས་བསྒྲལ་ལས་ཐམས་ཅད་ཀྱི་ཐོག་མར་གནད་དུ་ཐེབ་དགོས། དེ་ལ་རང་དབང་ཐོབ་ནས་ཐུགས་རྗེས་གཞན་སྒྲོལ་བ་ལ་སྤྱིར་ཁམས་གསུམ་འཁོར་བའི་སེམས་ཅན། སྒོས་ལོག་རྟོག་གདུག་ཅན་གྱི་གདུལ་བྱ་རྣམས་ལ། ཞེ་སྡང་ཁོང་ཁྲོ་གནོད་སེམས་ཀྱིས་མ་ཡིན་པར། སྙིང་རྗེ་བྱང་ཆུབ་སེམས་ཀྱིས་ཀུན་ནས་བསླངས་ཏེ། ལྟ་བའི་རྫོང་ལ་གཞི་བཅའ། སྒོམ་པའི་འཕྲང་གིས་གནད་བཟུང་། སྤྱོད་པའི་སྲོག་གི་མན་ངག་གཏན་ལ་ཕབ་ནས། ལོག་སྤྱོད་སྐྱེ་འགྲོ་རྣམས་ལས་ངན་གྱི་རྒྱུན་བཅད། ཚོགས་གཉིས་ཀྱི་ས་བོན་བསྐྲུན་ནས་ཐབས་མཁས་ཀྱི་ཆོ་གས་བྱང་ཆུབ་སྙིང་པོར་སྦྱོར་བ་ལ་རྟགས་ཆོ་གས་བསྒྲལ་བ་ཞེས་བྱའོ། །དེ་ལྟ་བུའི་གནད་དོན་ངེས་པའི་ངང་ནས་ལས་ཕུར་འདི་ཉིད་ཁྲོ་ཆེན་འདུས་པའི་སྲས་མཆོག་ཀཱི་ལ་ཡ་སྐུ་སྟོད་སྲིན་པོ་ཁྲོས་པའི་རྣམ་པ་ཅན་མཐིང་ནག་ཕུར་བུ་སྒྲིལ་བ། ལྟེ་བ་མན་ཆད་ཆུ་སྲིན་གྱི་ཁ་ནས་གནམ་ལྕགས་འབར་བའི་ཕུར་པ་དབལ་གསུམ་དུས་མེའི་ཚྭ་ཚྭ་འཕྲོ་བའི་རང་བཞིན་དུ་གསལ་བ་ལག་ཏུ་གཏད་ཅིང་ཕྱོགས་བཅུར་འདྲིལ་བ་ཙམ་གྱིས། མ་རུང་གདུག་པའི་དགྲ་བགེགས་ཐམས་ཅད་ཚར་གཅོད་ཅིང་རྣམ་ཤེས་བདེ་ཆེན་དུ་སྐྱེལ་ནུས་པའི་མཐུ་དབང་ཐོབ་པའི་མོས་པ་མཛོད་ཅིག །སློབ་མ་ལ་ལས་ཕུར་གཏད། མདུན་དུ་བྲུབ་ཁུང་ཉ་བོ་བཅས་བཀོད་ལ། ཧཱུྃ༔ཕྲིན་ལས་མ་ལུས་སྒྲུབ་པའི་རྫས༔དྲག་པོའི་ལྕགས་ཕུར་ལྷར་གསལ་ནས༔དྲིལ་ཏེ་འདེབས་པར་དབང་བསྐུར་བས༔ཕྲིན་ལས་མ་ལུས་འགྲུབ་པར་ཤོག༔ཅེས་གཏད་ནས། མདུན་གྱི་བྲུབ་ཁུང་དུ་ལིངྒ་བཀོད་པ་གནོད་བྱེད་དངོས་སུ་གསལ། ཁྱེད་རང་སློབ་མ་རྣམས་དཔལ་ཆེན་པོ་དང་། ལག་གི་ཕུར་བུ་སྲས་མཆོག་ཀཱི་ལ་ཡར་གསལ་བ་སྟེ་གསལ་བ་གསུམ་དང་ལྡན་པའི་ངང་ནས་བདེན་སྟོབས་བརྗོད་པའི་ཚེ་དམིགས་བྱ་བཀུག་ཅིང་བསྟིམ་པ་སོགས་དམིགས་པའི་རིམ་པ་རྣམས་སོ་སོར་མཛོད་ཅིགན་མོ་རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་སོགས་ནས། ཁྱད་པར་བཅོམ་ལྡན་འདས་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་བསྟན་དང་འགྲོ་བའི་སྤྱི་དགྲ་སོགས་འགུགས་པ་སྤྱི་ལྟར་དང་། དྲག་སྔགས་སོ་ལྔ་པའི་མཐར། རྒྱ་དང་བཅས། ཨཾ་ཀུ་ཤ་ཛཿཔཱ་ཤ་ཧཱུྃ། སྥོ་ཊ་བཾ། གྷཎྜེ་ཧོཿཞེས་ཕྱག་རྒྱ་བཞིས་བཀུག་བཅིངས་བསྡམས་མྱོས་སུ་བྱས་ནས་སྐྱབས་བྲལ་མགོན་མེད་ཉམ་ཐག་པའི་ཚུལ་དུ་གནས་པར་གྱུར། ཧཱུྃ༔ཆོས་ཀྱི་དབྱིངས་ལས་རང་བྱུང་གྲུབ་པའི་ལྷ༔ཁྲོ་བོ་རོལ་བའི་དུར་ཁྲོད་ཆེན་པོ་ནས༔ཤིན་ཏུ་མི་བཟད་རབ་འཇིགས་སྐུར་སྟོན་པ༔དཔལ་ཆེན་ཡོངས་རྫོགས་དྲག་པོའི་ཕྲིན་ལས་མཛོད༔ཅེས་བསྐུལ། ཧཱུྃ་ཛཿདཔལ་ཆེན་ཆེ་མཆོག་ཧེ་རུ་ཀ༔གཏུམ་དྲག་ཕོ་ཉའི་ཚོགས་དང་བཅས༔དྲག་པོའི་ཕྲིན་ལས་དུས་ལ་བབས༔མ་རུངས་ཞིང་བཅུའི་དགྲ་བགེགས་ཚོགས༔དུག་གསུམ་སྲིད་པའི་བཙོན་ཁང་དུ༔རྣོ་དབལ་འབར་བའི་མཚོན་ཆ་ཡིས༔གཟུགས་ཕུང་རྡུལ་ཕྲན་བཞིན་དུ་ཤིགས༔རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤོར༔ཞེས་དང་དྲག་སྔགས་སོ་ལྔ་པར་ཕུར་སྐོར་བྱ་སྟེ། དེ་ཡང་། ༀ་བཛྲ་མ་ཧཱ་ཀྲོ་ངྷ་ལ་བསྲུང་བའི་ཕྱིར་དབལ་ནས་བཟུང་སྟེ་ཀླད་ལ་ལན་གསུམ་པདྨ་ཀྲོ་ངྷཱི་ཤྭ་རཱི་ལ་རང་ལ་མི་བཟློག་པའི་ཕྱིར་རྐེད་ལ་ལན་གསུམ། བཛྲ་ཀཱི་ལི་ཀཱི་ལ་ཡ། གཟིར་ཕྱིར་མདུན་དུ་དྲིལ་གསུམ། མ་ཧཱ་ཡཀྵ། ཕོ་རྒྱུད་དགུག་ཕྱིར་གཡས་སུ་ཚམ་རྔམས་གསུམ། ཀཱ་ལ་རཱུ་པ་དབང་དུ་སྡུད་ཕྱིར་དྲིལ་གསུམ། ཀརྨ་རཾ་རཾ་མོ་རྒྱུད་དགུག་ཕྱིར་གཡོན་དུ་ཚམ་རྔམས་གསུམ། ཛྭ་ལ་རཾ་རཾ། གཟིར་ཕྱིར་དྲིལ་གསུམ། གནོད་བྱེད་འབྱུང་པོ་ཐམས་ཅད་མཱ་ར་ཡ་ཧཱུཾ་ཕཊ༔ཅེས་གཟུགས་ལ་གདབ་བོ། །དེ་ལྟར་གསལ་བ་གསུམ་ལྡན་གྱི་ངང་ནས་ཕུར་བུ་ལིངྒ་ལ་བཏབ་པས། ཕུར་རྩེའི་འོད་ཀྱིས་གཟས་པོའི་ལས་ཉོན་སྦྱངས། ཚེ་བསོད་བཀྲག་མདངས་ཐམས་ཅད་འོད་ཀྱི་ཐིག་ལེའི་རྣམ་པར་རང་ལ་ཐིམ། རྣམ་ཤེས་ཨ་ཡིག་གི་རྣམ་པས་དཔལ་ཆེན་པོའི་ཐུགས་ཀར་འཕངས་ཏེ་རང་བྱུང་གི་ཡེ་ཤེས་དང་རོ་གཅིག་ཏུ་གྱུར་བར་མོས་པ་སྟེ་ཚེ་ཁྲུས་ཀྱི་དགོངས་པ་དང་ལྡན་པས་བརྟེན་པ་དབྱིངས་སུ་བསྒྲལ། རྟེན་གཞི་བག་ཆགས་ཀྱི་རྟེན་མཚོན་ཆས་དུམ་བུར་གཏུབས་པའི་ཤ་ཁྲག་བདུད་རྩིར་སྤེལ་བ་དཀྱིལ་འཁོར་པ་དང་སློབ་མ་ལ་བཏབ་པས་ཟག་མེད་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་རྒྱས་ཐེབས་པར་མོས་ཤིག །ཅེས་ལིངྒ་མཚོན་ཆས་དུམ་བུར་གཏུབས་ལ་དཀྱིལ་འཁོར་དུ་མཆོད་ཅིང་སློབ་མ་ལའང་སྦྱིན་ནོ། །དེ་ལྟར་དབང་བསྐུར་བས་ཁམས་གསུམ་གྱི་སེམས་ཅན་དུག་གསུམ་གྱིས་རྒྱུད་དཀྲུགས་པས་ངན་སོང་གསུམ་དུ་འཁྱམས་པ་ཐམས་ཅད་སྙིང་རྗེ་ཆེན་པོ་ཞེ་སྡང་དུ་ཤར་བས་སྐུ་གསུམ་གྱི་དབྱིངས་སུ་སྦྱོར་བ་དྲག་པོ་མངོན་སྤྱོད་ཀྱི་ལས་རབ་འབྱམས་ལ་དབང་བར་བྱས་པ་ཡིན་ནོ། །དེ་ལྟར་ཕྱི་ནང་གསང་བའི་དབང་དེ་དག་ཐོབ་པའི་ཕན་ཡོན་ནི། འདི་ཉིད་ལས། བླ་མ་རྒྱལ་བ་མ་ལུས་པའི༔སྐུ་གསུང་ཐུགས་དང་ཡོན་ཏན་དང༔ཕྲིན་ལས་བདག་ཉིད་ཆེན་པོར་འགྱུར༔ཞེས་དང་། གཞན་ལས་ཀྱང་། དུས་འདི་ཕྱིན་ཆད་རྒྱལ་བའི་སྲས། །ངན་སོང་ཐམས་ཅད་མེད་པ་དང་། ཚེ་རིང་བདེ་བ་ཕུན་སུམ་ཚོགས། །མཐོ་རིས་ཐར་པའི་བདག་པོར་འགྱུར། །ཞེས་གསུངས་པ་བཞིན་ལགས་པས་དགའ་བ་དང་སྤྲོ་བ་རྒྱ་ཆེན་པོ་བསྐྱེད་འཚལ། ཞེས་སྤྲོ་བ་བསྐྱེད། ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་དོན་གྱི་ཡེ་ཤེས་པ་དེ་ཉིད་མ་སྐྱེས་པ་བསྐྱེད་ཅིང་། སྐྱེས་པ་རྣམས་མི་ཉམས་ཤིང་བརྟན་པར་རབ་ཏུ་གནས་པའི་ཕྱིར་མེ་ཏོག་གི་ཆར་དབབ་ཅིང་ཤིས་བརྗོད་མཛད་པའི་མོས་པ་མཛོད། ༀ་ཡེ་ངྷརྨ་སོགས་བྱིན་རླབས་མཆོག་སྩོལ་སོགས་བཀྲ་ཤིས་ཅི་རིགས་བརྗོད། དེ་ལྟར་སྒྲུབ་ཆེན་བཀའ་བརྒྱད་བདེ་གཤེགས་འདུས་པའི་དཀྱིལ་འཁོར་དུ་རྣལ་འབྱོར་རྒྱུན་གྱི་དབང་ཆོག་བརྒྱུད་པའི་ཕྱག་བཞེས་བཞིན་ལེགས་པར་ཕུལ་གྲུབ་པ་ཡིན་པས་དེ་དག་གི་སྐབས་སུ་ཞལ་གྱིས་བཞེས་པའི་རྩ་བ་དང་ཡན་ལག་གི་དམ་ཚིག་རྣམས་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱིད། །ལན་གསུམ། དེ་ལྟར་ལེགས་པར་གསན་པའི་བཀའ་དྲིན་གཏང་རག་གི་ཡོན་དུ་མཎྜལ་ཕུལ། ས་གཞི་སྤོས་སོགས། སླར་ཡང་ལུས་ལོངས་སྤྱོད་དགེ་ཚོགས་རྒྱ་མཚོ་དང་བཅས་པ་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཀྱི་འབྱོར་བ་ལྟར་སྤྲུལ་ནས་འབུལ་བའང་ཆ་ཤས་ནས་ལོངས་སྤྱད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ན། ཁྱེད་ཀྱིས་སློབ་མར་བཟུང་བ་དང་། །ཆ་ཤས་ཀྱང་ནི་སྤྱད་དུ་གསོལ། །ལན་གསུམ། དེ་ལྟར་དབང་ལེགས་པར་ཐོབ་པའི་དགེ་རྩ་སེམས་ཅན་གྱི་དོན་དུ་བསྔོ་བ་དང་། ལམ་འདི་ཡི་སྒོ་ནས་ཀྱང་རང་གཞན་གྱི་དོན་རྒྱ་ཆེན་པོ་མཛད་པར་ཞུ། བསོད་ནམས་འདི་ཡི་སོགས་དགེ་བསྔོ་དང་། རྗེས་ཀྱི་བྱ་བ་རྣམས་གཞུང་བཞིན་བྱའོ། །དྲུག་ལྡན་བརྒྱུད་པའི་མན་ངག་བདུད་རྩིའི་བཅུད། །ཌཱ་ཀིའི་ཞལ་གྱི་དྲོད་རླངས་མ་ཡལ་ཞིང་། །དམ་ཉམས་འདྲེས་ཁྱེར་དུག་ཆུས་བསླད་མིན་པ། །ཨེ་མ་འདི་འདྲའི་གདམས་བཟང་སྲིད་ན་སུ། །གཞི་རྒྱུད་དབང་བཞིས་སྨིན་པའི་བྱང་ཆུབ་སེམས། །ལམ་རྐྱེན་ཚོགས་ཀྱི་སྒྲུབ་པའི་ཉེ་རྒྱུ་ཡིས། །མཐར་འབྲས་རིག་འཛིན་རྣམ་བཞིའི་རྒྱལ་ཐབས་ཆེར། །སྦྱོར་གང་སྔ་འགྱུར་བརྒྱུད་པའི་ཁྱད་ཆོས་ལགས། །དེ་ཕྱིར་རིག་འཛིན་བརྒྱུད་པའི་ཞལ་ལུང་བཞིན། །འདུས་གསལ་ཁྱེར་བདེའི་ངག་གི་མཎྜལ་འདི། །བདེ་ཆེན་འཁོར་ལོའི་རྒྱན་དུ་རྟག་བརྟན་པའི། །མཚུངས་མེད་བླ་མའི་ཡང་སྤྲུལ་དགྱེས་སླད་ཡིན། །ལེགས་བྱས་གཟི་ལྡན་ནོར་བུའི་སྒྲོན་མེ་ཡིས། །ས་གསུམ་རྒུད་པའི་མུན་ཚོགས་གཏན་བཅིལ་ནས། །དགེ་ལེགས་ཕན་བདེའི་སྣང་བས་ཡོངས་ཁྱབ་ཅིང་། །དོན་གཉིས་ཆར་གྱིས་འགྲོ་ཀུན་དགའ་བྱེད་ཤོག །ཅེས་པའང་མཆོག་སྤྲུལ་རིན་པོ་ཆེ་ཀུན་བཟང་བློ་གྲོས་གཞན་ཕན་མཐའ་ཡས་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོའི་གཟིགས་དཔེར། ལམ་འདི་ཉིད་ཀྱི་སྨིན་གྲོལ་ཟབ་མོའི་སྣོད་དུ་གྱུར་ཅིང་། བསྙེན་སྒྲུབ་སོགས་བཟང་པོས་འབྲེལ་བའི་སྔགས་བཙུན་རྒན་པོ་རྡོ་རྗེ་དབང་མཆོག་དགྱེས་པ་རྩལ་གྱིས་རྗེ་གཏེར་ཆེན་བླ་མས་མཛད་པའི་དབང་ཆོག་བདུད་རྩིའི་ཐིགས་པ་སོར་བཞག་ཐོགསྐབས་བབ་ཀྱིས་མཚམས་སྦྱོར་ཅི་རིགས་པས་བརྒྱན་ཏེ་བཀླགས་པས་གྲུབ་པར། རང་གནས་དཔལ་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་གི་ཆོས་གྲར་གྲུབ་པའི་སྦྱོར་བ་ལ་བྲིས་པ། མཆོག་སྤྲུལ་རིན་པོ་ཆེ་ཐུགས་རབ་འཕེལ་ཞིང་གསན་བསམ་བསྒོམ་པའི་ཡོན་ཏན་མཐར་ཕྱིན་པའི་རྒྱུར་གྱུར་ཅིག། །།

གནུབས་ལུགས་གཤིན་རྗེ་ཁ་ཐུན་ནག་པོའི་དབང་གི་ཟིན་ཐུན་ཆུ་བབས་སུ་འགོད་པ་བློ་དམན་འཇུག་བདེ།

༄༅། །གནུབས་ལུགས་གཤིན་རྗེ་ཁ་ཐུན་ནག་པོའི་དབང་གི་ཟིན་ཐུན་ཆུ་བབས་སུ་འགོད་པ་བློ་དམན་འཇུག་བདེ་བཞུགས། ན་མོ་གུ་རུ་མཉྫུ་ཤྲཱི་ཡེ། རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ། །བླ་མ་འཇམ་དཔལ་ཁྲོ་བོ་ལ། །བཏུད་ནས་ཁ་ཐུན་ནག་པོ་ཡི། །དབང་གི་ཟིན་ཐུན་མདོ་ཙམ་སྤེལ། འདི་ལ་གསུམ། སྦྱོར་བ་ཡོ་བྱད་ཀྱི་ཤོམ། དངོས་གཞི་སྒྲུབ་པའི་ཐབས། དབང་གི་ཆོ་གའོ། དང་པོ་གཉིས་ནི། སྨིན་གླིང་རྒྱལ་སྲས་འགྱུར་མེད་རིན་ཆེན་རྣམ་རྒྱལ་གྱིས་མཛད་པའི་དཀྱིལ་ཆོག་དང་སྒྲུབ་དཀྱིལ་ལས་ཤེས་པར་བྱ་ལ། འདིར་དབང་བསྐུར་བ་དངོས་ལ་གཉིས། སྔོན་འགྲོ་སྟ་གོན་དང་། དངོས་གཞིའི་དབང་བསྐུར་བའོ། །དང་པོ། ལྷ་དང་བུམ་པ་སྟ་གོན་གཉིས་སོང་མཚམས་དཀྱིལ་འཁོར་ཡོལ་བས་སྒྲིབ། ཕྱི་རོལ་དུ་སློབ་མ་རྣམས་ཁྲུས་བྱ། ནང་དུ་འཚོགས་ནས། བགེགས་གཏོར་བཏང་ཞིང་བགེགས་བསྐྲད། སྲུང་འཁོར་བསྒོམ། ལས་རྡོར་གྱིས་མེ་ཏོག་བཀྱེ་བསྡུ་བྱ། སློབ་དཔོན་གྱིས་ཆོས་བཤད་ཅི་རིགས་སྔོན་དུ་འགྲོ་བས། འདིར་རྒྱལ་བའི་ཆོས་ཚུལ་བསམ་གྱིས་མི་ཁྱབ་པ་ཞིག་བཞུགས་པ་དེ་ཐམས་ཅད་ཀྱང་བསྡུ་ན། རྒྱུ་འབྲས་ཀྱི་ཐེག་པ་གཉིས་སུ་འདུ་བ་ལས་འདིར་འབྲས་བུ་ལམ་དུ་བྱེད་ལ་གསང་སྔགས་རྡོ་རྗེ་ཐེག་པ། དེ་ལའང་དབྱེ་ན་བྱ་སྤྱོད་རྣལ་འབྱོར་བླ་མེད་ཀྱི་རྒྱུད་སྡེ་ཆེན་པོ་བཞི་ལས། འདིར་ཀུན་རྫོབ་རྫས་ཡོད་དུ་མི་འདོད་ཀྱང་བཏགས་པས་ཡོད་པ་མི་འགོག་པས་བསྒྱུར་བའི་ཐབས་ལ་བརྟེན་པ་ཀྲི་ཡོག་སྡེ་གསུམ་ལས། ཀུན་རྫོབ་ཏུ་ཡང་ཆོས་རྣམས་ལ་མི་གཉིས་པའི་བསམ་སྤྱོད་དང་ལྡན་པས་འབྲས་བུའི་ངོ་བོ་སྣང་སྟོང་ཟུང་འཇུག་གི་ཆོས་སྐུར་རྟོགས་པར་བྱས་ནས། དེའི་ངང་ལ་བསལ་བཞག་མེད་པར་སྐྱོང་བའི་ཏིང་ངེ་འཛིན་གྱིས་གོམས་པར་བྱེད་པར་སྤང་གཉེན་གྱི་ཐ་སྙད་ལས་གྲོལ་བས་ཁྱད་པར་དུ་འཕགས་པ་རྣལ་འབྱོར་བླ་ན་མེད་པའི་ཐེག་པ་ཡིན། དེ་ལའང་གསར་རྙིང་གཉིས་ལས། འདིར་གསར་མ་ལས་ཆེ་བ་དྲུག་གིས་ཁྱད་པར་དུ་འཕགས་པ་གསང་སྔགས་རྙིང་མ། རྙིང་མ་ལའང་བཀའ་གཏེར་དག་སྣང་གི་བརྒྱུད་པའི་ཁྱད་པར་གསུམ་ལས། རིང་བརྒྱུད་བཀའ་མ། དེ་ལ་རྒྱུད་དང་སྒྲུབ་སྡེའི་བཀའི་སྲོལ་ཆེན་པོ་གཉིས་ལས། འདིར་སྒྲུབ་སྡེའི་ནང་ཚན་འཇམ་དཔལ་སྐུའི་རིགས་ཏེ། དེའང་འོག་མིན་གསང་བ་མཆོག་གི་གནས་སུ་སྟོན་པ་ཀུན་བཟང་ཆེ་མཆོག་ཧེ་རུ་ཀས་ཆོས་ཉིད་ཀྱི་རང་སྒྲས་གསུངས་པའི་རྒྱུད་རྣམས་གསང་བདག་རྡོ་རྗེ་ཆོས་ཀྱིས་རང་ཉིད་ཚོམ་བུ་དགུ་ཡི་དཀྱིལ་འཁོར་དུ་སྣང་བར་མཛད་ནས་ཐོག་མར་ངག་ཏུ་བསྡུས། དེ་ནས་པུསྟི་ལ་བཀོད་དགོངས་འགྲེལ་ལུང་ལྔ་ཡང་མཛད་ནས་མཁའ་འགྲོ་ལས་ཀྱི་དབང་མོ་ཆེ་ལ་གཏད། དེས་སྤྱི་བྱེ་བྲག་གི་རྒྱུད་རྣམས་སོ་སོར་ཕྱེས་ཏེ་རིན་པོ་ཆེའི་སྒྲོམ་བུ་སོ་སོར་བཅུག་ནས་མཆོད་རྟེན་བདེ་བྱེད་བརྩེགས་པར་གཏེར་དུ་སྦས་པ་ཉིད། ཕྱིས་དུས་ལ་བབས་པའི་ཚེ་གྲུབ་པའི་རིག་འཛིན་ཆེན་པོ་བརྒྱད་ཀྱིས་གཏེར་སྲུང་རྣམས་ལ་བཀའ་བསྒོས་པས་སྒྲུབ་བཀའ་བྱེ་བྲག་པའི་སྒྲོམ་བུ་རྣམས་སོ་སོར་ཕུལ་བ་ལས། འཇམ་དཔལ་ཞི་ཁྲོའི་སྐོར་རྣམས་སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་གྱི་ཕྱག་ཏུ་བབས་པ་དེ་ལས་བརྒྱུད་པའི་གདམས་པ་ཟབ་མོ། ཨོ་རྒྱན་པདྨ་འབྱུང་གནས། སློབ་དཔོན་ཤནྟིཾ་གརྦྷ། རྒྱ་གར་ངྷ་ན་ངྷ་ལ། བལ་པོ་བཱ་སུ་ངྷ་ར། གནུབས་སངས་རྒྱས་ཡེ་ཤེས། ཁུ་ལུང་པ་ཡོན་ཏན་རྒྱ་མཚོ་སོགས་ཀྱིས་ཞལ་ནས་ཞལ་དང་། སྙན་ནས་སྙན། ཐུགས་ནས་ཐུགས་སུ་བརྒྱུད་པ། འཇམ་དཔལ་གཤིན་རྗེ་གཤེད་དམར་ནག་ཏུ་གྲགས་པ་ལས། འདིར་འཇམ་དཔལ་གཤིན་རྗེ་ཁ་ཐུན་ནག་པོ། སྨིན་བྱེད་རྩ་བ་ཨོ་རྒྱན་ཆེན་པོས་བལ་པོ་བཱ་སུ་ངྷ་ར་ལ་གཏད་པ་དང་། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པའི་དབང་ཆུའི་གསལ་བྱེད་ཀུན་མཁྱེན་རི་ཁྲོད་པ་ངག་དབང་གྲགས་པས་མཛད་པ་གཉིས་མ་བུ་ཟུང་སྡེབ་ཀྱི་ཚུལ་དུ་བླ་མའི་ཕྱག་བཞེས་ལས་ཇི་ལྟར་འབྱུང་བ་ལྟར་སྒྲུབ་པར་བྱེད་པ་ལ། སྔོན་འགྲོ་སྟ་གོན་གྱི་ཆོས་དང་། དངོས་གཞི་དབང་བསྐུར་བ་གཉིས་སུ་ཡོད་པ་ལས། འདིར་སྔོན་འགྲོ་སྟ་གོན་གྱི་སྐབས་ཡིན། དེ་ལ་རྡོ་རྗེ་སློབ་དཔོན་དང་སློབ་མའི་བྱ་བ་གཉིས་ལས། སློབ་དཔོན་གྱིས་བགྱི་བར་འོས་པ་རྣམས་སོང་ནས། ད་སློབ་མའི་ངོ་སྐལ་དུ་ལྷག་གནས་ཀྱི་ཆོས་རྣམས་གསན་པའི་ཡོན་དུ་མཎྜལ་ཕུལ། ཞེས་བརྡ་སྦྱར་ལ་འབུལ་དུ་གཞུགདེ་ནས་སྙིམ་པ་མེ་ཏོག་དང་བཅས་ཏེ་ཐལ་མོ་སྦྱར་ནས་འདིའི་རྗེས་ཟློས་མཛོད། དགའ་ཆེན་སྟོན་པ་ཁྱོད་གཅིག་པུ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་དཀྱིལ་འཁོར་དུ། །མགོན་པོས་བདག་ནི་གཞུག་པར་མཛོད། །ལན་གསུམ་གྱི་གསོལ་བ་གདབ། དེ་ནས་སློབ་དཔོན་གྱིས་གནང་བ་སྦྱིིན་ཅིང་སྤྲོ་བ་བསྐྱེད་པ་ནི། བུ་ཚུར་ཤོག་ཅིག་ཐེག་ཆེན་པོའི། །གསང་སྔགས་ཟབ་མོའི་སྣོད་ཡིན་ཏེ། །གསང་སྔགས་ཆོ་ག་ཁྱད་པར་ཅན། །ཁྱོད་ལ་ཡང་དག་བཤད་པར་བྱ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །དུས་གསུམ་འབྱུང་བའི་སངས་རྒྱས་རྣམས། །རྡོ་རྗེ་སྔགས་ཀྱི་ཆོ་ག་ཡིས། །གསང་བ་བླ་མེད་འགྲུབ་པར་འགྱུར། །དེ་ཕྱིར་ཁྱོད་ཀྱིས་འདིར་འབད་བྱོས། །ཞེས་བརྗོད། དེ་ནས་ཚོགས་བསགས་རྒྱུན་བཤགས་བྱ་བ་ནི། སློབ་མས། སངས་རྒྱས་ཆོས་དང་དགེ་འདུན་ཆེ། །དམ་པ་གསུམ་ལ་སྐྱབས་སུ་མཆི། །དངོས་དང་ཡིད་ཀྱིས་མཆོད་པའི་སྤྲིན། །རྒྱལ་བ་སྲས་དང་བཅས་ལ་འབུལ། །ལུས་ངག་ཡིད་ཀྱི་སྡིག་པའི་ཚོགས། །མ་ལུས་སོ་སོར་བཤགས་པར་བགྱི། །དུས་གསུམ་རྒྱལ་བ་སྲས་བཅས་ཀྱི། །ཟག་མེད་དགེ་ལ་རྗེས་ཡི་རང་། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ལ། །ཕྱོགས་བཅུར་ཆོས་འཁོར་བསྐོར་དུ་གསོལ། །དུས་རིང་མྱ་ངན་མི་འདའ་བཞུགས། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ལ། །བདག་ལུས་ཡོངས་སུ་འབུལ་བགྱི་ཞིང་། །སྨོན་འཇུག་ལམ་དང་ལྡན་པ་ཡི། །བྱང་ཆུབ་སེམས་མཆོག་བསྐྱེད་པར་བགྱི། །དགེ་བའི་རྩ་བ་འདི་དག་ཀུན། །བྱང་ཆུབ་ཆེན་པོར་བསྔོ་བར་བགྱི། །ལན་གསུམ། ཁྱད་པར་རིགས་ལྔའི་སྡོམ་པ་བཟུང་ཞིང་སེམས་བསྐྱེད་པ་ནི། བདེ་གཤེགས་རྒྱལ་བའི་དཀྱིལ་འཁོར་ཀུན། །མ་ལུས་བདག་ལ་དགོངས་སུ་གསོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་སྡོམ་པ་རྣམས། །ཡང་དག་ཉིད་དུ་བཟུང་བར་བགྱི། །རྡོ་རྗེའི་རིགས་རྣམས་བསྡུས་པ་ལ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་བཟུང་བར་བགྱི། །སློབ་དཔོན་དག་ཀྱང་བཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་མཆོག་དག་པ་ཡི། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ཀྱང་མ་ལུས་བཟུང་། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །ཚུལ་ཁྲིམས་ཀྱིས་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་བསྡུད་པ་དང་། །སེམས་ཅན་དོནབྱེད་ཚུལ་ཁྲིམས་གསུམ། །དེ་དག་བརྟན་པོར་བཟུང་བར་བགྱི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །སངས་རྒྱས་ཉིད་དུ་བསྒྲུབས་ནས་ནི། །འཁོར་བའི་རྒྱ་མཚོར་བྱིང་བ་རྣམས། །བྱང་ཆུབ་གནས་སུ་བསྒྲལ་བར་བགྱི། །ལན་གསུམ། དེ་ནས་གནས་གསུམ་བྱིན་གྱིས་བརླབ་པ་ནི། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། སློབ་བུའི་ཉེར་ལེན་གྱི་ཕུང་པོ་སྡིག་སྒྲིབ་བག་ཆགས་དང་བཅས་པ་བསྲེགས་ཤིང་སྦྱངས་ནས་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་སྐུར་གྱུར། དེའི་གནས་གསུམ་དུ་དྲིས་ཐིག་ལེ་བྱས་ཏེ། ༀ་ཨཱཿཧཱུྃ། དེ་ཉིད་སྤྱི་བོར་འཁོར་ལོ་ལ་ༀ་དཀར་པོ། མགྲིན་པར་པདྨ་ལ་ཨཱཿདམར་པོ། སྙིང་གར་རྡོ་རྗེ་ལ་ཧཱུྃ་མཐིང་གས་མཚན་པ་ལས་འོད་ཟེར་འཕྲོས་པས་རྡོ་རྗེ་གསུམ་གྱི་ལྷ་ཚོགས་ནམ་མཁའ་གང་བར་སྤྱན་དྲངས་ཏེ་གཉིས་མེད་དུ་ཐིམ་པས། སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་རང་བཞིན་དུ་བྱིན་གྱིས་བརླབ་བོ། །དེ་ཉིད་མཆོད་པའི་ཡུལ་དུ་བྱས་ཏེ། མེ་ཏོག་སྤྱན་ལ་ཕུལ་བའི་མོས་པ་མཛོད། ༀ་བཛྲ་པུཥྤེ་པྲ་ཏིཥྩ་ཡེ་སྭཱ་ཧཱ། དེ་བཞིན་དུ་བདུག་སྤོས་ཤངས་ལ་དྷཱུ་པེ། མར་མེ་ཐུགས་ཀར་ཨཱ་ལོ་ཀེ། དྲི་ཆབ་སྐུ་ལ་གྷནྡྷེ། ཞལ་ཟས་ལྗགས་ལ་ནཻ་ཝིདྱ་ཞེས་སྦྱར་ལ་མཆོད་ཅིང་གསལ་བར་བསྐྱེད་དོ། །དེ་ནས་སོ་ཤིང་དོར་བ་ནི། དངོས་གྲུབ་ཀྱི་ལྟས་བརྟག་པའི་ཕྱིར་སོ་ཤིང་སོར་བཅུ་གཉིས་པ་དྲིས་བྱུགས་ཤིང་རྩེ་མོར་མེ་ཏོག་གི་ཅོད་པཎ་བཅིངས་པ་ཐལ་མོའི་བར་དུ་བཟུང་ནས་ཚིག་འདིའི་རྗེས་ཟློས་དང་བཅས་རྩ་བས་སོ་དྲུད་ཅིང་ཚོམ་བུའི་ར་བར་འདོར་བར་ཞུ། ༀ་བཛྲ་ཧ་ས་ད་ན་ཏ་མཱ་ལ་བིཤུངྷེ་ཧཱུྃ་ཕཊ༔ཅེས་ལྟོས་མེད་དུ་དོར། དེ་ཡང་རྩེ་མོ་སྟེང་དུ་བསྟན་ན་མཁའ་སྤྱོད། འོག་ཏུ་བསྟན་ན་ས་སྤྱོད། ཕྱོགས་བཞིར་ཞི་སོགས་ཕྲིན་ལས་བཞི། མཚམས་བཞིར་ཕྲ་མོའི་དངོས་གྲུབ་གྲུབ་པ་ཡིན་ནོ། །ཞེས་བཤད་དེ་ནས་ཁྱོར་ཆུ་སྦྱིན་པ་ནི། རྨི་ལམ་གསལ་བར་བྱ་བའི་ཕྱིར་བཾ་ལས་བྱུང་བའི་དྲི་བཟང་གི་ཆུ་ཁྱོར་བར་ལན་གསུམ་དུ་བྱིན་པ་འཐུང་ལ་ལྷག་མ་རྒྱབ་ཏུ་དོར་མཛོད། ༀ་ཧཱུྃ་བི་ཤུདྡྷ་ངྷརྨཱ་ས་ཏྭ་པཱ་ས་ནིཥྩ་ཨ་སྱ་ཤྭ་ངྷ་ཡཱ་བི་ཀལྤ་ཨ་པ་ན་ཡ་ཧཱུྃ། ཞེས་སྦྱིིན། དེ་ནས་སྲུང་སྐུད་གདགས་པ་ནི། རྨི་ལམ་བར་ཆད་སྲུང་བའི་ཕྱིར་སྲུང་སྐུད་དམར་པོ་ལ་རྡོ་རྗེའི་མདུད་པ་བྱས་པ། རྩ་བའི་སྔགས་ཀྱིས་བཏབ་པ་ཕོའི་དཔུང་པ་གཡོན་དང་། མོའི་གཡས་སུ་བཅིངས། བུམ་ཆུ་དང་བཅས་པའི་རྡོ་རྗེས་རེག་ལ། ༀ་བུདྡྷ་མེ་ཏྲི་ཀ་རུ་ཎ་རཀྵ་རཀྵ་སྭཱ་ཧཱ། ཞེས་བརྗོད། དེ་ནས་ཀུ་ཤ་གཏད་པ་ནི། རྨི་ལམ་རྣོ་བར་བྱ་བའི་ཕྱིར་ཧཱུྃ་དང་དྷཱིཿལས་བྱུང་བའི་ཀུ་ཤ་སྔོ་ལྗང་རྩ་རྩེ་མ་ཉམས་པ་སྔས་དང་སྟན་གྱི་དོན་དུ་སྦྱིན་ཞིང་། ༀ་བཛྲ་ཏིཀྵ་བྃ། ཞེས་བརྗོད། དེ་ནས་མི་ལྡོག་པའི་ཕྱིར་ཆོས་བཤད་པ་ནི། འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས། །ཨུ་དུམྦཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་སེམས་ཅན་མཉམ་མེད་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །སྤྱོད་མཆོག་འདི་ལ་གང་གནས་ཀྱིས། །བློ་གྲོས་ཤིན་ཏུ་དྲི་མ་མེད། །དེ་རྣམས་ཀྱིས་ནི་སྡུག་བསྔལ་ཀུན། །འབྱུང་བའི་ངན་འགྲོ་ཡང་དག་ཞི། །བདག་ཉིད་ཆེན་པོ་དེ་རྣམས་ཀྱིས། །དེ་རིང་རྙེད་པ་མཉམ་མེད་བརྙེས། །ཞེས་བརྗོད་ནས། མདོར་ན་གསང་སྔགས་ཀྱི་ཚུལ་འདི་ནི་འབྱུང་བར་དཀོན་ལ་ཕན་ཡོན་ཆེན་པོ་ཚད་མེད་པ་དང་ལྡན་པ་ཡིན་པས་ཐེག་པ་དམན་པ་ལ་བློ་མ་འགྱུར་བར་ཉམས་སུ་ལེན་པར་གྱིས་ཤིགཅེས་བསྒོ། དེ་ནས་རྨི་ལམ་བརྟག་པ་ནི། ཁྱེད་རྣམས་དོ་ནུབ་ཀུ་ཤའི་སྔས་སྟན་ལ་དགེ་བའི་སེམས་ཀྱིས་བླ་མ་དང་དཀྱིལ་འཁོར་ལ་མགོ་བོ་ཕྱོགས་པས་ཉོལ་ལ་རྨི་ལམ་གང་མཐོང་མ་བརྗེད་པར་ཟུངས་ལ་ནང་པར་ང་ལ་སྨྲོས་ཤིགཅེས་བརྗོད་ཅིང་རང་གནས་སུ་བཏང་ལ་འཇུག་ཆོག་རྣམས། གཞུང་ལྟར་བྱའོ། །དེ་དག་ནི་ལྷག་པར་གནས་པའི་ཆོ་གའོ། །གཉིས་པ་དངོས་གཞིའི་དབང་བསྐུར་བ་ལ། སྒྲུབ་ཅིང་མཆོད་པ་དང་། བདག་ཉིད་དཀྱིལ་འཁོར་དུ་འཇུག་པ་རྒྱས་བསྡུས་གང་འོས་གཞུང་ལྟར་གྲུབ་རྗེས། སློབ་མ་རྣམས་ཁྲུས་ནས་དབྱུང་ཞིང་བགེགས་བསྐྲད་སྲུང་འཁོར་བསྒོམ། ལོ་རྒྱུས་གོང་ལྟར་བཤད་ལ། འདིར་དངོས་གཞི་དབང་བསྐུར་བ་ལ་དཀྱིལ་འཁོར་དུ་འཇུག་པའི་ཆོས་དང་ཞུགས་ནས་དབང་བསྐུར་བ་གཉིས་སུ་ཡོད་པ་ལས། ཐོག་མར་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་ཞེས་བརྡ་སྦྱར་ལ་མཎྜལ་འབུལ་དུ་གཞུགདེ་ནས་ཕྱི་འཇུག་གི་ཐོག་མར་གསོལ་བ་གདབ་པའི་སླད་དུ་ཐུགས་མོས་འདི་བཞིན་དུ་མཛོད། ས་ཕྱོགས་འདི་ཉིད་འོག་མིན་གསང་ཆེན་རོལ་བའི་གཞལ་ཡས་ཁང་ཆེན་པོར་གྱུར་པའི་དབུས་སུ་སློབ་དཔོན་ཉིད་དུས་གསུམ་རྒྱལ་བ་འདུས་པའི་ངོ་བོ་བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད་པོའི་རྣམ་པར་བཞུགས་པ་ལ་མི་ཕྱེད་དད་པས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་བདག་སྐྱབས་མཆི། །དཀྱིལ་འཁོར་དབང་ཕྱུག་ཚོགས་ལ་འདུད། །ཐར་པ་ཆེན་པོའི་གྲོང་ཁྱེར་མཆོག །དཀྱིལ་འཁོར་དམ་པར་གཞུག་ཏུ་གསོལ། །ལན་གསུམ། རིགས་ངེས་པར་བྱ་བའི་ཕྱིར་འདོད་དོན་ལ་སྤྲོ་བ་འདྲི་བ་ནི། བུ་ཁྱོད་འདོད་དོན་གང་ཞིག་ཡིན། །སློབ་མས་ལན་དུ། སྐལ་བཟང་བདག་ནི་བདེ་ཆེན་འདོད། །ཞེས་བརྗོད། དེ་ནས་ཆས་སུ་འཇུག་པ་ནི། གསང་ཆེན་དཀྱིལ་འཁོར་གཉན་པོར་འཇུག་པ་ལ་ཐ་མལ་གྱི་ཞེན་རྟོག་དང་ཆས་གོས་རང་ཁ་མས་འཇུག་ཏུ་མི་རུང་བས་ཁྱེད་རང་རྣམས་གཉུག་མའི་ལྷ་དཔལ་ལྡན་གཤིན་རྗེ་གཤེད་ཞལ་གཅིག་ཕྱག་གཉིས་པའི་རྣམ་པར་འཁོད་པ་ལ་སྟག་ལྤགས་ཀྱི་སྨད་དཀྲིས་གསོལ་བའི་མོས་པ་མཛོད། ༀ་བྱ་ཀྲྀ་ཙརྨ་ཧཱུྃ། མི་ལྤགས་ཀྱི་སྟོད་གཡོགས་གསོལ་བའི་མོས་པ་མཛོད། ༀ་ན་ར་ཙརྨ་ཧཱུྃ། སྔོན་ཆད་དཀྱིལ་འཁོར་མ་མཐོང་བའི་བརྡར་གདོང་གཡོགས་འཆིང་མཛོད། ཙཀྵུ་བྷནྡྷ་ཧཱུྃ། ཡེ་ཤེས་ཀྱི་ལྷ་དང་མཇལ་བའི་ཚེ་ཕྱག་རྟེན་དུ་མེ་ཏོག་གི་ཕྲེང་བ་རེ་འཛིན་མཛོད། བཛྲ་པུཥྤེ་མ་ལེ་ཏྲཾ། ཞེས་སོ་སོར་སྦྱིན། སྐབས་འདིར་རྒྱུན་བཤགས་སྡོམ་བཟུང་གོང་གི་སྟ་གོན་ལྟར་རམ། ཅུང་ཟད་རྒྱས་པར་སྤྲོ་ན། མདུན་གྱི་ནམ་མཁར་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མེད་པ་ལ་རབ་འབྱམས་རྩ་གསུམ་རྒྱ་མཚོས་བསྐོར་བ་མངོན་སུམ་དུ་བཞུགས་པའི་སྤྱན་སྔར་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་སྐྱབས་སུ་འགྲོ་བའི་བློས། ན་མོ། བརྒྱུད་པ་རྩ་བའི་བླ་མ་རྗེ། །ཞེས་སོགས་ལས་བྱང་ལྟར་ལན་གསུམ། མ་གྱུར་སེམས་ཅན་ཐམས་ཅད་འཁོར་བ་ལས་བསྒྲལ་འདོད་ཀྱི་བློས་བྱང་ཆུབ་ཏུ་སེམས་བསྐྱེད་པ། ཁམས་གསུམ་འཁོར་བའི་སེམས་ཅན་རྣམས། སོགས་ལན་གསུམ། ཚོགས་ཞིང་ཁྱད་པར་ཅན་དེ་དག་གི་སྤྱན་སྔར་རྒྱུན་བཤགས་ཡན་ལག་བདུན་པ། ཧཱུྃ། འཇམ་དཔལ་རྡོ་རྗེ་ལ་སོགས་པའི། སོགས་ལན་གསུམ། དབང་བསྐུར་བ་དེ་ཡང་རྟེན་དཀྱིལ་འཁོར་ལ་བརྟེན་ནས་ཐོབ་ནའང་། དབང་འཛིན་པ་ནི་དམ་ཚིག་དང་སྡོམ་པ་ལ་རག་ལས་པས་སྨིན་བྱེད་ཀྱི་རྟེན་སྡོམ་ལྡན་དུ་སྒྲུབ་པའི་ཕྱིར་སྤྱི་དང་ཁྱད་པར་གྱི་དམ་ཚིག་རྣམས་བཟུང་བའི་བློས། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །སོགས་ནས། བཀའ་སྩལ་མ་ལུས་བགྱི། ཞེས་པའི་བར་ལན་གསུམ། སླར་ཡང་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཧཱུྃ། བླ་མེད་བྱང་ཆུབ་སྒྲུབ་པ་ལ། །ཚེ་འདིར་བར་ཆད་འདུལ་བའི་ཕྱིར། །གཤིན་རྗེ་གཤེད་པོའི་དཀྱིལ་འཁོར་དུ། །བདག་ཅག་བླ་མས་གཞུག་ཏུ་གསོལ། །ལན་གསུམ། གཙོ་བོའི་ཐུགས་ཀ་ནས་ཕྱེ་བའི་ལས་ཀྱི་རྡོ་རྗེས་དཀྱིལ་འཁོར་གྱི་ནང་དུ་དྲངས་པའི་མོས་པ་མཛོད། །ཛཿཧཱུྃ་བཾ་ཧོ་པྲ་ཝེ་ཤ་ཡ་ཕཊ། ཅེས་ཡོལ་བ་ཡོད་ན་བསལ། ཚད་མེད་པ་བཞིའི་འཇུག་པས་ཞུགས་ཏེ་དཀྱིལ་འཁོར་གྱི་ཤར་སྒོར་འཁོད་པའི་མོས་པ་མཛོད། དེ་ནི་ཕྱི་མཚན་མའི་དཀྱིལ་འཁོར་དུ་འཇུག་པའོ། །དེ་ནས་ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པའི་ཕྱིར་སྦྱོར་བ་དམ་ལ་བཞག་པ་ནི། དེང་ཁྱོད་ཁྲོ་རྒྱལ་གཤིན་རྗེའི་གཤེད། །རིགས་མཆོག་དམ་པར་གཞུག་འགྱུར་བའི། །གསང་བའི་དཀྱིལ་འཁོར་འདི་ཉིད་ནི། །ཤིན་ཏུ་གསང་བར་བྱ་དགོས་སོ། །གལ་ཏེ་མི་གསང་དམ་ཚིག་ཉམས། །ཞེས་བསྒོས་པ་ལ། སློབ་མས་ཁས་བླང་ཞིང་དམ་ཚིག་དཔོག་པར་གསོལ་བ་གདབ་པ་འདིའི་རྗེས་ཟློས། བདག་དོན་གཞན་དོན་མཐར་དབྱུང་ཕྱིར། །བདག་ཀྱང་དུས་འདི་ཕན་ཆད་ནས། །བླ་མའི་བཀའ་བཞིན་བསྒྲུབ་ལགས་ཀྱི། །དམ་ཚིག་སྡོམ་པ་དཔོག་ཏུ་གསོལ། །ལན་གསུམ། དེ་ནས་བླ་མས་སྡོམ་པ་དཔོག་པ་ལ། དམ་ཚིག་སྤྱིར་བསྒྲག་པ་དང་དམ་བཞག་དངོས་གཉིས་ལས། དང་པོར་སྤྱིར་བསྒྲག་པ་ནི། སློབ་དཔོན་མཆེད་ལ་སྨད་མི་བྱ། །དཔྱ་སེམས་བསྐྱེད་པར་མི་བྱ་ཞིང་། །རྟག་ཏུ་ཡ་མཱནྟ་ཀ་བསྒོམ། །འདི་ནི་སྐུ་ཡི་དམ་ཚིག་གོ །དཔལ་ལྡན་གཤིན་རྗེའི་གསང་སྔགས་ལ། རྒྱུན་དུ་མི་ཡེངས་བཟླས་པ་དང་། མཆོད་དང་བསྟོད་ལ་བརྩོན་པར་བྱ། །དེ་ནི་གསུང་གི་དམ་ཚིག་ཡིན། །སྐྱེ་བ་མེད་པའི་དོན་རྟོགས་ཤིང་། །སྙིང་རྗེས་འགྲོ་བའི་དོན་ལ་སེམས། །གསང་བའི་མན་ངག་སྤེལ་མི་བྱ། །དེ་ནི་ཐུགས་ཀྱི་དམ་ཚིག་ཡིན། །གཉིས་པ་ཁྱད་པར་དམ་ཚིག་ནི། །བེ་ཅོན་འབར་བ་རྟག་ཏུ་བཅང་། །ཤ་ཆེན་མུར་ཞིང་ཏིང་འཛིན་གསལ། །ལམ་མི་བཟུར་ཞིང་ཕྱག་མི་བཙལ། །རཀྴ་ཐོད་རུས་ཕྲེང་བ་བགྲངས། །འཇམ་དཔལ་མཚན་ནི་རྟག་ཏུ་འདོན། །གཤིན་རྗེ་གཤེད་པོའི་དམ་ཚིག་ཡིན། །ཞེས་བསྒྲགས། གཉིས་པར་དམ་ལ་བཞག་པ་དངོས་ལ་བཞི་ལས། དང་པོ་ཕན་ཡོན་གྱི་སྒོ་ནས་དམ་ལ་བཞག་པ་ནི། རྡོ་རྗེ་སྤྱི་བོར་བཞག་ལ། དཔལ་ལྡན་གཤིན་རྗེ་མཐར་བྱེད་ཀྱི། །ཡེ་ཤེས་ཁྱོད་ལ་བསྐྱེད་བྱ་ཡིས། །ཁྱོད་ཀྱིས་དེ་བཞིན་གཤེགས་རྣམས་ཀྱི། །དངོས་གྲུབ་དམ་པའང་འཐོབ་འགྱུར་ན། །དངོས་གྲུབ་གཞན་ལྟ་སྨོས་ཅི་དགོས། །ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོང་བའི། །མདུན་དུ་སྨྲ་བར་མ་བྱེད་ཅིག །གལ་ཏེ་སྨྲས་པར་གྱུར་ན་ནི། །དམ་ཚིག་ཉམས་ཏེ་དམྱལ་བར་ལྟུང་། །གཉིས་པ་ཉེས་དམིགས་ཀྱི་སྒོ་ནས་དམ་ལ་བཞག་པ་ནི། རྡོ་རྗེ་སྙིང་གར་གཏད་ལ། དཔལ་ལྡན་གཤིན་རྗེ་གཤེད་པོ་རང་། །ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས། གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་བྲལ་ཏེ་གཤེགས། །གསུམ་པ་ཁེ་ཉེན་གཉིས་ཀའི་སྒོ་ནས་དམ་ལ་བཞག་པ་ནི། དམ་ཚིག་རྡོ་རྗེའི་མནའ་ཆུ་སྦྱིན་ཏེ། ཧཱུྃ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ༀ་བཛྲ་ཨ་མྲྀ་ཏ་ཨུ་ཏ་ཀ་ཋ་ཧཱུྃ། སློབ་མས་རྡོ་རྗེས་བྲོ་བོར་བ། ཨི་དན་ཏེ་ན་ར་སྐན{ཀན}། དེ་ལྟར་ཆུ་དེ་ལྕེ་ལ་བཞག་ཀྱང་སྙིང་གི་དཀྱིལ་དུ་བབས་ཏེ་གལ་ཏེ་དམ་ཚིག་ལས་འདས་ན་བཛྲ་ཡཀྴ་ཀྲོ་ངྷ་ཞེས་བྱ་བ་སྡིག་པ་མགོ་དགུ་པར་གྱུར་ནས་སྙིང་ཁྲག་འཇིབ་པས། མཐོང་ཆོས་སུའང་ཚེ་ཐུང་ནད་མང་། ཕྱི་མ་དམྱལ་བའི་གནས་སུ་ལྷུང་ནས་ཉམ་ཐག་པར་འགྱུར་ལ། དམ་ཚིག་བསྲུངས་ན་ལྷ་ཡེ་ཤེས་སེམས་དཔར་གྱུར་ནས་རྟག་ཏུ་བྱིན་གྱིས་བརླབས་ཤིང་འདི་ཕྱིའི་ཕན་བདེ་མ་ལུས་པ་སྟེར་བར་འགྱུར་རོ། །ཞེས་བརྗོད། བཞི་པ་རྡོ་རྗེ་སློབ་དཔོན་བཀའ་གཉན་པའི་སྒོ་ནས་དམ་ལ་བཞག་པ་ནི། རྡོ་རྗེ་མགོ་བོར་བཞག་ལ། དེང་ནས་བརྩམས་ཏེ་བུ་ཁྱོད་ཀྱི། །དཔལ་ལྡན་གཤིན་རྗེ་མཐར་བྱེད་པ། །ང་ཡིས་ཇི་ལྟར་བསྒོ་བ་བཞིན། །ཁྱོད་ཀྱིས་ཀྱང་ནི་བྱ་དགོས་སོ། །གལ་ཏེ་ང་ལ་བརྙས་བྱས་ན། །སེམས་ཅན་དམྱལ་བ་ཆེན་པོར་ལྟུང་། །ཞེས་བརྗོད། དེ་ལྟར་དམ་ལ་བཞག་པ་བཞིའི་སྒོ་ནས་རྒྱུད་བརྟན་པར་བྱས་ནས། ནང་འཇུག་གི་དངོས་གཞི་ཡེ་ཤེས་པ་དབབ་པའི་སླད་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཕྱོགས་བཅུའི་སངས་རྒྱས་སྲས་བཅས་དང་། །དཔལ་ལྡན་གཤིན་རྗེ་གཤེད་པོ་ཡི། །སྐུ་གསུང་ཐུགས་དང་ཡོན་ཏན་ཆེ། །ཕྲིན་ལས་དངོས་གྲུབ་སྩལ་དུ་གསོལ། །ཞེས་གསོལ་བ་གདབ། དེ་ནས་ཁྱེད་རང་རྣམས་ཀྱི་སྒོ་གསུམ་གྱི་གནད་ཆིངས་ལ་མ་ཡེངས་པར་དམིགས་པ་འདི་བཞིན་དུ་མཛོད་ཅིགསློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཁྱེད་རང་རྣམས་ལ་ཕོག་པས་རྣམ་སྨིན་ཤ་ཁྲག་གདོས་བཅས་ཀྱིས་མཚོན་པའི་མ་དག་པའི་སྣང་བ་ཐམས་ཅད་སྟོང་པར་སྦྱངས། སྟོང་པའི་ངང་ལས་སྐད་ཅིག་གིས་དྲེགས་པ་ཆུ་གླང་པད་ཉིའི་སྟེང་དུ་བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད་སྐུ་མདོག་དུག་ཆེན་ཧ་ལའི་མདོག་ལྟར་ནག་པ། ཞལ་གསུམ། ཕྱག་དྲུགཞབས་བཞི་པ། གཡས་གསུམ་དབྱུག་ཏོ་དགྲ་སྟ་རལ་གྲི། གཡོན་གསུམ་ཞགས་པ་མདུང་ཐུང་བྷན་དམར་འཛིན་པ་འཇིགས་རུང་གར་དགུའི་ཉམས་ལྡན་དུར་ཁྲོད་དྲག་པོའི་ཆས་ཀྱིས་བརྒྱན་པ། ཡུམ་རྡོ་རྗེ་རོ་ལངས་མ་ཏྲི་ཤུལ་དང་ཐོད་ཁྲག་འཛིན་པ་དང་མཉམ་པར་སྦྱོར་བ་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་ན་བཞུགས་པའི་སྤྱི་བོར་ༀ། མགྲིན་པར་ཨཱཿཐུགས་ཀར་ཧཱུྃ། ཐུགས་སྲོག་ཡ་ཡིག་ནག་པོ་རྣམས་ཀྱིས་མཚན་པར་གྱུར། དེ་ལྟར་གསལ་བའི་ཐུགས་སྲོག་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་ལྷ་ཚོགས་རྣམས་ཆར་དབབ་པ་ལྟར་སྤྱན་དྲངས་ཏེ་སིབ་སིབ་ཏུ་ཐིམ་པའི་མོས་པ་མཛོད། ཅེས་རྩ་སྔགས་ལ་ཨ་བེ་ཤ་ཡ་བཏགས་པ་ཟླ་ཞིང་སྤོས་རོལ་བྱ། དེ་ལྟར་བྱིན་དབབ་པའི་ཡེ་ཤེས་པ་རྣམས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བརྟན་པར་བྱས་པའི་མོས་པ་མཛོད། ༀ་བཛྲ་ཀྲོ་ངྷ་ཡ་མནྟ་ཀ་ཧཱུྃ་ཏིཥྛ་བཛྲ་ཧཱུྃ། ཞེས་སྤྱི་བོར་རྡོ་རྗེ་རྒྱ་གྲམ་བཀོད་ལ་བརྟན་པར་བྱ། དེ་ནས་དངོས་གྲུབ་ཀྱི་ལྟས་བརྟག་པའི་ཕྱིར་མིག་རས་ཀྱི་འོག་ནས་དཀྱིལ་འཁོར་གྱི་བར་སྣང་ལ་ལྟོས་ལ་ཁ་དོག་གང་མཐོང་བ་སྨྲོས་ཤིགཅེས་སྨྲ་རུ་གཞུགདེ་ཡང་དཀར་པོས་ཞི་བ། སེར་པོས་རྒྱས་པ། དམར་པོས་དབང་། སྔོན་པོའམ་ནག་པོས་དྲག་པོ། ལྗང་གུའམ་ཁྲ་བོ་མཐོང་ན་ལས་སྣ་ཚོགས་འགྲུབ་པར་འགྱུར་རོ། །ཞེས་ལུང་བསྟན། དེ་ནས་མེ་ཏོག་དོར་བ་ནི། དཀྱིལ་འཁོར་གྱི་གཙོ་བོ་ཡེ་ཤེས་ལྷའི་དབུ་ལ་དོར་བའི་མོས་པས་འདིའི་རྗེས་ཟློས་དང་བཅས་ཏེ་མེ་ཏོག་དོར་མཛོད། ༀ་པུཥྤེ་མ་ལེ་པྲ་ཏིཙྪ་བཛྲ་ཧོ། ཞེས་འདོར་དུ་གཞུགརིགས་ཀྱི་གཙོ་བོས་མེ་ཏོག་དེ་ཉིད་སླར་ཡང་དབང་རྟགས་ཅོད་པཎ་གྱི་ཚུལ་དུ་སྤྱི་བོར་བཅིང་བའི་མོས་པ་མཛོད། སེམས་དཔའ་སྟོབས་ཆེན་ཁྱོད་ཀྱིས་ནི། །མེ་ཏོག་འདི་ནི་བླང་བར་གྱིས། །ༀ་བཛྲ་རཏྣ་ཀ་མ་ལ་ཨ་བྷི་ཥིཉྩ་མཾ། ཞེས་བརྗོད་ལ་མེ་ཏོག་མགོ་བོར་བཞགདེ་ནས་མིག་དབྱེ་བར་གསོལ་བ་གདབ་པ་འདིའི་རྗེས་ཟློས། ཧཱུྃ། མ་རིག་མིག་གི་ལིང་ཏོག་གིས། །བདག་ཅག་ལྡོང་བར་གྱུར་ལགས་ན། །བླ་མའི་ཐུགས་རྗེ་ཆེན་པོ་ཡིས། །མ་རིག་ལིང་ཏོག་བསལ་དུ་གསོལ། །ཞེས་གསོལ་བ་བཏབ་པས། བླ་མའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་གསེར་གྱི་ཐུར་མ་ལྟ་བུ་བྱུང་ནས་མ་རིག་ལིང་ཏོག་མིག་དར་དང་ལྷན་ཅིག་བསལ་བའི་མོས་པ་མཛོད། ༀ་བཛྲ་ནེ་ཏྲ་ཨ་ས་ཧ་ར་པ་ཊ་ལཾ་ཧྲཱིཿཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་རབ་རིབ་བསལ་བ་ལྟར། །དཔལ་ལྡན་གཤིན་རྗེ་མཐར་བྱེད་ཀྱིས། །བུ་ཁྱོད་མི་ཤེས་རབ་རིབ་བསལ། །ཞེས་སམ་ཡང་ན་ལྷན་ཐབས་ལྟར། ཧཱུྃ། སྔོན་གྱི་མིག་མཁན་རྒྱལ་པོ་ཡིས། །སོགས་བརྗོད། གང་ལྟར་ཡང་མཐར་ཙཀྵུ་པྲ་ཝེ་ཤ་ཡ་ཕཊ། ཞེས་གདོང་གཡོགས་བསལ། དེ་ལྟར་ཡེ་ཤེས་ཀྱི་མིག་གསར་དུ་ཐོབ་པ་དེ་ལ་མཐོང་བ་བསྟན་པ་ནི། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེས། །ད་ནི་དད་པ་རབ་ཏུ་བསྐྱེད། །དངོས་གྲུབ་ཀུན་གྱི་རྒྱུར་གྱུར་ཏོ། །ཞེས་ལྟ་བར་བསྐུལ་ཏེ། དེ་ཡང་དཀྱིལ་འཁོར་འདིར་དབུས་མཐིང་ག་གྲུ་གསུམ་དུ་བྱུང་བ་ནི། དཔལ་ལྡན་ཡ་མནྟ་ཀ་ཉིད་སྐུ་གསུང་ཐུགས་ལྷུན་གྱིས་གྲུབ་པའི་རྟགས་སོ། །དེའི་ཕྱིར་ཟླ་གམ་དམར་པོ་གསུམ་གནས་པ་ནི་ཁམས་གསུམ་དབང་དུ་སྡུད་པའི་རྟགས་སོ། །དེའི་ཕྱིར་མུ་ཁྱུད་ཟླུམ་པོས་བསྐོར་བ་ནི་དོན་ཆོས་ཉིད་སྤྲོས་པ་དང་བྲལ་བའི་རྟགས་སོ། །དེའི་ཕྱི་རིམ་འཁོར་ལོ་རྩིབས་བརྒྱད་ནི། རྣམ་པར་ཤེས་པའི་ཚོགས་བརྒྱད་རང་སར་དག་པའི་རྟགས་སོ། །དེའི་ཕྱི་རོལ་ཐོད་ཕྲེང་ཚར་གསུམ་གྱིས་སྤྲས་པ་ནི། དུས་གསུམ་གྱི་སངས་རྒྱས་ཡིན་པའི་རྟགས་སོ། །གྲུ་ཆད་བཞི་ནི་ཡེ་ཤེས་རྣམ་པ་བཞི་མཐར་ཕྱིན་པའི་རྟགས་སོ། །སྒོ་བཞི་ནི་ཚད་མེད་བཞི་དང་ལྡན་པའི་རྟགས་སོ། །ནང་བྷནྡྷ་འབར་བའི་གཞལ་ཡས་ཁང་ནི་ཐམས་ཅད་སེམས་སུ་གཅིག་པའི་བརྡའོ། །དུར་ཁྲོད་བརྒྱད་ནི་འཇིགས་པའི་སྒོ་ནས་གཞན་ཟིལ་གྱིས་གནོན་པའི་རྟགས་སོ། །ཕྱི་པཉྩ་རེ་ཁ་ནི་ཡེ་ཤེས་ལྔ་དང་ལྡན་པའི་རྟགས་སོ། །ཀུན་ཏུ་གྲུ་བཞིར་གནས་པ་ནི། ཆེ་བའི་ཡོན་ཏན་རྒྱས་པའི་རྟགས་སོ། །མུ་ཁྱུད་ཟླུམ་པོ་ལ་མེ་རིས་བསྐོར་བ་ནི། ཐམས་ཅད་ཟིལ་གྱིས་ནོན་པའི་ཐིག་ལེ་གཅིག་ཏུ་འདུ་ཞིང་ཉོན་མོངས་པ་བསྲེགས་པའི་རྟགས་སོ། །ནང་ལྷའི་དག་པ་ཡང་། ཀུན་གཞིའི་རྣམ་པར་ཤེས་པ་རིག་པའི་ཆ་འདི་ཡབ་བོ། །ཀུན་གཞི་སྟོང་པའི་ཆ་འདི་ཡུམ་དུ་ཤར་བའོ། །དེ་དག་གི་སྤྲུལ་པ་མ་འགགས་པའི་རིག་པ་ནི་འཁོར་དུ་ཤར་བའོ། །ཞེས་ངོ་སྤྲོད། དེ་དག་གིས་ལྷ་དང་སྐལ་བ་མཉམ་པའི་ཆེད་དུ་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ལེགས་པར་སོང་ནས། ཞུགས་པའི་དཀྱིལ་འཁོར་དེར་མངོན་པར་དབང་བསྐུར་བ་ཞུ་བའི་དོན་དུ་མཎྜལ་ཕུལ། གསོལ་བ་གདབ་པ་འདིའི་རྗེས་ཟློས། རྡོ་རྗེ་ཅན་གྱི་སངས་རྒྱས་ཀྱིས། །སངས་རྒྱས་སྲས་རྣམས་དབང་བསྐུར་ལྟར། །དེ་ལྟར་བདག་ལའང་དབང་བསྐུར་ཞིང་། །སངས་རྒྱས་ཉིད་དུ་འགྲུབ་པར་མཛོད། །ལན་གསུམ། དེ་ནས་དངོས་གཞིའི་དབང་བསྐུར་བ་ལ། སྤྱིར་དབང་གི་ངོ་བོ་ནི། ཐོབ་བྱའི་འབྲས་བུ་མངོན་དུ་བསྐྱེད་ནུས་པའམ་སྐྱེ་ངེས་ཀྱི་ནུས་རུང་དུ་སྨིན་པར་བྱེད་པ། ངེས་ཚིག་ནི་ཨ་བྷི་ཥིཉྩའི་སྒྲ་ལས་དྲངས་ན་མངོན་པར་གཏོར་བ་སྟེ། དངོས་སུ་ལུས་ངག་ཡིད་གསུམ་གྱི་དྲི་མ་འཁྲུད་པ་དང་། བརྒྱུད་ནས་སྐལ་བ་འཇོག་པས་ན་དབང་ངོ་། །དེ་ཡང་སྤྱིར་དབང་གི་སྦྱང་གཞི་ནི། ཐོབ་བྱ་རང་ལ་གནས་པ་ཤིན་ཏུ་ཕྲ་བ་མི་ཤིགས་པའི་བདག་ཉིད་ཅན་གྱི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའོ། །སྦྱང་བྱ་ནི་རང་གནས་ཀྱི་ཡེ་ཤེས་དེ་ཉིད་སྒྲིབ་བྱེད་གློ་བུར་གྱི་དྲི་མ་རྣམས་སོ། །སྦྱོང་བྱེད་ནི་གདུལ་བྱའི་བློའི་ཐེག་ཚད་དང་སྦྱར་བའི་དབང་བསྐུར་བས། དེ་དང་རྗེས་སུ་མཐུན་པའི་ལམ་བསྒོམ་རུང་དུ་སྨིན་པར་བྱེད་པ་ཡིན། སྦྱངས་འབྲས་ནི་དབང་ཐོབ་པ་སྟེ་སྐུ་བཞིའི་ས་བོན་ནམ་ནུས་པ་ཁྱད་པར་ཅན་རྒྱུད་ལ་བཞག་པའོ། །བསྐུར་བྱའི་དབང་ལ་དབྱེ་ན། བུམ་པ། གསང་བ། ཤེས་རབ་ཡེ་ཤེས། དེ་ཁོ་ན་ཉིད་རྗེས་མཐའ་རྟེན་{བརྟན}དང་བཅས་པ་རྣམས་སུ་བཞུགས་པ་ལས། ཐོག་མར་བུམ་པའི་དབང་ལའང་དད་པ་ཅན་རྗེས་སུ་འཛིན་པ་ཕན་པའི་དབང་ལྔ་དང་། བརྩོན་འགྲུས་ཅན་རྗེས་སུ་འཛིན་པ་ནུས་པའི་དབང་གཉིས་ལས། དང་པོ་ཕན་དབང་གི་དོན་དུ་ཐུགས་མོས་འདི་བཞིན་ཏུ་མཛོད་ཅིགསློབ་མ་རྣམས་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་འཇམ་དཔལ་གཤིན་རྗེ་གཤེད་པོའི་རྣམ་པས་འཁོད་པར་གྱུར། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་གདན་གསུམ་ཚང་བའི་དབང་གི་ལྷ་ཚོགས་ནམ་མཁའ་གང་བར་སྤྱན་དྲངས། དེ་རྣམས་ལ་སློབ་དཔོན་གྱིས་མཆོད་ཅིང་གསོལ་བ་བཏབ་པའི་མོས་པ་མཛོད། ༀ་བཛྲ་པུཥྤེ་པྲ་ཏིཙྪ་སྭཱ་ཧཱ་ནས་ཤཔྟའི་བར་གྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་སྩལ་ཏུ་གསོལ། ཞེས་གསོལ་པ་བཏབ་པས་ནམ་མཁའ་གང་བའི་དབང་ལྷ་རྣམས་དང་དཀྱིལ་འཁོར་པ་དབྱེར་མ་མཆིས་པས་བཀྲ་ཤིས་ཀྱི་རྣམ་པ་དུ་མ་དང་བཅས་ཏེ་དབང་བསྐུར་བའི་མོས་པ་མཛོད། དང་པོ་བུམ་པའི་དབང་ནི་དབང་རྫས་མི་བསྐྱོད་པ་ཡབ་ཡུམ་འོད་དུ་ཞུ་བ་ལས་བྱུང་བའི་བུམ་པ་བདུད་རྩིའི་གང་བ་སློབ་བུའི་སྤྱི་བོར་བཞག་ལ། ཧཱུྃ། ཆེ་བའི་ཡོན་ཏན་ཀུན་རྫོགས་ཤིང་། །བྱང་ཆུབ་སེམས་རབ་ཆུས་གང་བའི། །རྣམ་པར་དག་པའི་བུམ་པ་འདིས། །དེ་རིང་བུ་ཁྱོད་དབང་བསྐུར་རོ། །ཞེས་རྗོད་རྩ་སྔགས་དང་། བཛྲ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བསྐུར་ལ་བུམ་ཆུ་སྦྱིན། གཉིས་པ་དབུ་རྒྱན་གྱི་དབང་ནི། དབང་རྫས་རིན་འབྱུང་ཡབ་ཡུམ་འོད་དུ་ཞུ་བའི་དབུ་རྒྱན་དང་དར་དཔྱངས་སྤྱི་བོར་བཅིངས་ལ། ཧཱུྃ། བདེ་གཤེགས་ཀུན་གྱི་དབུ་རྒྱན་ཆེ། །སངས་རྒྱས་ཀུན་གྱིས་རབ་བསྔགས་པའི། །དབུ་རྒྱན་རིན་ཆེན་དམ་པ་དང་། །དར་དཔྱངས་ཀྱིས་ནི་དབང་བསྐུར་རོ། །ༀ་བཛྲ་མུ་ཀུ་ཏྲ་རཏྣ་ཨ་བྷི་ཥིཉྩ་མུཾ། ༀ་བཛྲ་པ་ཊ་ལམ་ཏུཥྱ་ཧོ། ཞེས་བཅིང་། གསུམ་པ་རྡོ་རྗེའི་དབང་ནི། དབང་རྫས་འོད་དཔག་ཡབ་ཡུམ་འོད་དུ་ཞུ་བ་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་པ་ལག་གཡས་སུ་གཏད་ལ། ཧཱུྃ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །བྱང་ཆུབ་སེམས་ཀྱི་རྡོ་རྗེ་མཆོག །གཉིས་མེད་ཡེ་ཤེས་ངོ་བོ་ཉིད། །དེ་རིང་ཁྱོད་ལ་དབང་བསྐུར་རོ། །ༀ་བཛྲ་ཛྙ་ན་བཛྲ་ཨ་བྷི་ཥིཉྩ་མཾ། ཞེས་སྙིང་གར་བཟུང་དུ་བཅུགབཞི་པ་དྲིལ་བུའི་དབང་ནི། དབང་རྫས་དོན་གྲུབ་ཡབ་ཡུམ་འོད་དུ་ཞུ་བ་ལས་བྱུང་བའི་དྲིལ་བུ་ལག་གཡོན་དུ་གཏད་ལ། ཧཱུྃ། ཡེ་ཤེས་དག་པའི་ངོ་བོ་སྟེ། །བླ་ན་མེད་པར་རབ་སྦྱོར་བ། །ཆོས་ཀྱི་དྲིལ་བུ་བླ་ན་མེད། ལས་ཀྱི་རྡོ་རྗེས་དབང་བསྐུང་རོ། །ༀ་བཛྲ་ཀརྨ་མཎྜ་ལ་ཨ་བྷི་ཥིཉྩ་མཾ། ཞེས་དཀྲོལ་ཞིང་དཀུར་བརྟེན་དུ་གཞུགལྔ་པ་མིང་གི་དབང་ནི། དབང་རྫས་རྣམ་སྣང་ཡབ་ཡུམ་འོད་དུ་ཞུ་བ་ལས་བྱུང་བའི་རྡོར་དྲིལ་སྤྱི་བོར་བཟུང་ལ། ཧཱུྃ། སངས་རྒྱས་ཀུན་གྱིས་རབ་བསྔགས་པའི། །སངས་རྒྱས་ཀུན་གྱི་རྡོ་རྗེའི་མིང་། །གཏི་མུག་རྡོ་རྗེར་རབ་གྲགས་པའི། །རྡོ་རྗེའི་མིང་གི་དབང་བསྐུར་རོ། །ༀ་བཛྲ་ན་མ་བཛྲ་ཨ་བྷི་ཥིཉྩ་མཾ། ཞེས་སྤྱི་བོར་དཀྲོལ་ལོ། །དེ་རྣམས་ཐུན་མོང་དུ་རྟོགས་པ་བརྗོད་པ་ནི། ཉོན་མོངས་ལྔ་པོ་རྣམ་དག་ཅིང་། །ཕུང་པོ་ལྔ་པོ་གནས་གྱུར་པ། །ཡེ་ཤེས་ལྔ་ཡི་བདག་ཉིད་ཅན། །རིགས་ལྔའི་སངས་རྒྱས་འགྲུབ་པར་འགྱུར། །དེ་ལྟར་དབང་ལྔ་པོ་ཐོབ་པས་ནི་སྤང་བྱ་མ་རིག་པ་ལྔ་སྤངས་ནས་ཐོབ་བྱ་རིག་པའི་ཡེ་ཤེས་ལྔའི་ནུས་པ་ལ་འཇོག་པར་བྱེད་པས་ན་རིག་པའི་དབང་ངམ། རིགས་ལྔ་པོ་དང་འབྲེལ་བའི་ཕྱི་དཀྱིལ་དྲང་དོན་གྱི་བསྐྱེད་རིམ་རྣམས་ཉན་དུ་རུང་བ་ཙམ་ལས་ད་ལྟ་ཉིད་ནས་དོན་གཉིས་སྒྲུབ་པའི་ནུས་པ་སོ་སོར་བཞག་ཏུ་མེད་པས་ན་ཕན་པའི་དབང་ཞེས་གྲགས་པ་ཡིན་ནོ། །དེ་ནས་བརྩོན་འགྲུས་ཅན་རྗེས་སུ་འཛིན་པ་ནུས་པའི་དབང་ལ་གཉིས་ཏེ། རྡོ་རྗེ་སློབ་དཔོན་གྱི་དབང་དང་། དེའི་རྗེས་འབྲེལ་སྐུ་གསུང་ཐུགས་ཡོན་གྱི་རྗེས་གནང་སྦྱིན་པ་གཉིས་ལས། དང་པོ་རྡོ་རྗེ་སློབ་དཔོན་གྱི་དབང་གི་དོན་དུ་མཎྜལ་ཕུལ། གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། དཔལ་ལྡན་བླ་མ་ཁྱེད་དྲིན་ལས། །རང་གཞན་དོན་གཉིས་སྒྲུབ་ནུས་ཅན། །རྡོ་རྗེ་སློབ་དཔོན་དབང་བསྐུར་ཆེ། །བདག་ལ་དེ་རིང་སྩལ་ཏུ་གསོལ། །ལན་གསུམ། སློབ་མ་རྡོ་རྗེ་སློབ་དཔོན་མཆོག་ཏུ་མངའ་གསོལ་བའི་ཕྱིར་དཀྱིལ་འཁོར་ཀྱི་དབུས་སུ་མ་ཧེ་དང་སེང་གེའི་ཁྲི་པད་ཉི་ལ་གནས་པའི་སྟེང་དུ་གདུགས་ཕུབ་རྒྱལ་མཚན་སྒྲེང་ཞིང་དཔལ་ལྡན་གཤིན་རྗེ་གཤེད་དངོས་སུ་གསལ་བ་ལ། དབང་ལྷ་ནམ་མཁའ་གང་བ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་བཅས་ཏེ་རྣམ་རྒྱལ་བུམ་པའི་ཆུས་དབང་བསྐུར་ཞིང་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་མངའ་དབང་གསོལ་བའི་མོས་པ་མཛོད། བུམ་པ་བཏེག་ལ། ཧཱུྃ། ཁམས་གསུམ་པ་ཡི་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་ཆེ། །རྡོ་རྗེ་ཆེན་པོ་ལས་བྱུང་བའི། །ཡེ་ཤེས་ཆུ་བོས་དབང་བསྐུར་རོ། །ༀ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། ༀ་བུདྡྷ་ཨ་བྷི་ཥིཉྩ་ཨཱོཾཿༀ་རཏྣ་ཨ་བྷི་ཥིཉྩ་ཏྲཾ། ༀ་པདྨ་ཨ་བྷི་ཥིཉྩ་ཧྲཱིཿༀ་ཀརྨ་ཨ་བྷི་ཥིཉྩ་ཨཱཿཞེས་བསྐུར་ཞིང་སྤྱི་བོར་བླུགདེ་ལྟར་དབང་བསྐུར་བས་སྐུ་གང་། དྲི་མ་དགཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་རིགས་ཀྱི་བདག་པོ་མི་བསྐྱོད་པས་དབུ་བརྒྱན། ནམ་མཁར་བཞུགས་པའི་དབང་ལྷ་རྣམས་སློབ་མ་ལ་ཐིམ་པར་གྱུར། ༀ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། དེས་རྡོ་རྗེ་སློབ་དཔོན་གྱི་ལས་རབ་འབྱམས་ལ་དབང་བར་བྱས་པ་ཡིན་ནོ། །དེ་ནས་དབང་གཞུང་དུ། སྐུ་ལྷའི་ལྷ་ཚོགས་སྙིང་གར་གཞུགས། གསང་བསྔགས་ཀྱི་བཟླས་ལུང་སྦྱིན། ཐུགས་ཀྱི་ས་བོན་སེམས་ལ་བཞགཞེས་སོགས་གསུངས་པ་བཞིན། དེའི་རྗེས་འབྲེལ་དུ་སྐུ་གསུང་ཐུགས་ཡོན་གྱི་རྗེས་གནང་སྦྱིན་པ་ལ། ཐོག་མར་སློབ་མས་མཎྜལ་ཕུལ། གསོལ་བ་གདབ་པ་འདིའི་རྗེས་ཟློས། འོག་མིན་དགའ་ལྡན་ལྷ་ཡུལ་དུ། །ཐུགས་མཆོག་ཡ་མ་ར་ཛ་ལ། །ཡ་མན་ཏ་ཀའི་དབང་བསྐུར་བཞིན། །བདག་ལ་བླ་མས་དབང་བསྐུར་མཛོད། །དེ་ནས་བླ་མས། འཇིགས་བྱེད་གཤིན་རྗེ་གཤེད་པོ་ཡིས། །ཐུགས་མཆོག་ཡ་མ་ར་ཛ་ལ། །སྒྲོལ་གིང་བདག་པོ་དབང་བསྐུར་ལྟར། །སྒྲོལ་གིང་དབང་མཆོག་ཁྱོད་ལ་བསྐུར། །ཞེས་གནང་བ་སྦྱིན། དང་པོ་ལུས་ཐ་མལ་གྱི་ཞེན་རྟོག་སྦྱང་བ་སྐུ་ཡི་དབང་ནི། སློབ་དཔོན་དང་མདུན་བསྐྱེད་ཀྱི་སྐུ་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་སྐུ་གཉིས་པ་རེ་འཕྲོས་ནས་ཁྱེད་རང་ལྷར་གསལ་བའི་སྐུ་ཡི་གནས་སོ་སོར་ཐིམ་པའི་མོས་པ་མཛོད། སྐུ་ཙཀ་རྣམས་ཀྱིས་རིམ་པར་བསྐུར་ཞིང་ལག་ཏུ་གཏད་ལ། ཧཱུྃ། དཔལ་ལྡན་གཤེད་པོ་འཁོར་བཅས་ཀྱིས། །བུ་ལ་དབང་མཆོག་འདི་བསྐུལ་མས། །གིང་བདུད་ལས་ལ་ཁོལ་བ་དང་། །སྒྲིབ་པ་རྣམ་པ་གཉིས་གྲོལ་ནས། །རང་བྱུང་རིག་པའི་དབང་ཐོབ་ཤོག །ཨ་ཀྲོའི་རྗེས་སུ། ཨ་བྷི་ཥིཉྩ་ཨཱཿཧཱུྃ། ཁྲོ་རྒྱལ་ཐུགས་དམ་དགྱེས་བསྐུལ་མ། །ཡུམ་ཆེན་ཟ་བྱེད་བེ་ཏ་ལིས། །སྐལ་ལྡན་བུ་ལ་དབང་བསྐུར་བས། །རྟག་ཏུ་ལྷ་མཆོག་མཉེས་པ་དང་། །ཆོས་དབྱིངས་དག་པའི་དབང་ཐོབ་ཤོག །ༀ་བེ་ཏ་ལི་ཨ་བྷི་ཥིཉྩ་ཨཱཿཧཱུྃ། ཡབ་ཡུམ་གཉིས་མེད་ཐུགས་ཀྱི་སྲས། །སྒྲོལ་བྱེད་ཡ་མ་ར་ཙ་ཡིས། །སྐལ་ལྡན་བུ་ལ་དབང་བསྐུར་བས། །དགྲ་བགེགས་སྒྲོལ་བའི་དབང་ཐོབ་ཤོག །ཡ་མ་ར་ཙ་ཨ་བྷི་ཥིཉྩ་ཨཱཿཧཱུྃ། གཤིན་རྗེ་ཆོས་ཀྱི་རྒྱལ་པོ་དང་། །དཔལ་ལྡན་ནག་མོ་རེ་མ་ཏི། །ནག་མོ་འབུམ་གྱི་ཚོགས་བཅས་ཀྱང་། །ཁྱོད་ཀྱི་འཁོར་དུ་དབང་བསྐུར་གྱིས། །ཉི་མ་དང་པོའི་ཕྲིན་ལས་ཀྱིས། །ཚངས་པའི་གཙུག་རྩ་བཅད་པ་དང་། །མགོ་བོ་འཁོར་བའི་ཕྲིན་ལས་ཀྱིས། །ཡ་མ་ར་ཙ་ཨ་བྷི་ཥིཉྩ་ཨཱཿཧཱུྃ། གཤིན་རྗེ་གཤེད་པོའི་ཕོ་ཉ་སྟེ། །སྲིད་པའི་གཞི་འཛིན་རེ་བ་ཏི། །དཔལ་ལྡན་སྨུག་མོ་རེ་མ་ཛི། །སྨུག་མོ་འབུམ་ཚོགས་བཅས་པ་ཡང་། །ཁྱོད་ཀྱི༴ ཉི་མ་གཉིས་པའི་ཕྲིན་ལས་ཀྱིས། །མགྲིན་པའི་རྩ་རྣམས་བཅད་པ་དང་། །ཁྲག་ཏུ་སྐྱུག་པའི་ཕྲིན་ལས་ཀྱིས། །ཡ་མ༴ ཧཱུྃ། གཤིན་རྗེ་སྲིད་པའི་གོ་འབུབ་གླང་མགོ་ཅན། །དཔལ་ལྡན་སེར་མོ་རེ་མ་ཛ། །སེར་མོ་འབུམ༴ ཁྱོད་ཀྱི༴ ཉི་མ་གསུམ་པའི༴ ལྟེ་བའི་སྲིད་རྩ་གཅོད་པ་དང་། །ལུས་སེམས་བརྒྱལ་བའི་ཕྲིན་ལས་ཀྱིས། །ཡ་མ༴ ཧཱུྃ། གཤིན་རྗེ་སྲིད་པའི་བྱན་པོོ་རལ་བ་ཚར་དགུ་དང་། །དཔལ་ལྡན་དཀར་མོ་རེ་མ་ཛུ། །དཀར་མོ་འབུམ༴ ཁྱོད་ཀྱི༴ ཉི་མ་བཞི་པའི་ཕྲིན་ལས་ཀྱིས། །སྙིང་གི་རྩ་ཆེན་གཅོད༴ མ་ར་གསོད་པའི་ལས་གྱིས་ཤིག །ཡ་མ༴ ཧཱུྃ། གཤིན་རྗེ་སྲིད་པའི་བཀོས་བདག་ཕྱ་སངས་དང་། །མཚན་མོ་ནག་མོ་རེ་མ་འབར། །སྔོན་མོ་འབུམ༴ ཁྱོད་ཀྱི༴ ཉི་མ་དང་པོའི་ཕྲིན་ལས་ཀྱིས། །སྲིད་པའི་བཀོས་ཐབས་ཁྲོཾ་ལ་ཐོབ། །ཡ་མ༴ ཧཱུྃ། གཤིན་རྗེ་སྲིད་པའི་དབུགས་ལེན་ཏེལ་པ་དང་། །བེ་ཅོན་ནག་མོ་མེ་འབར་མ། །དཀར་མོ་འབུམ༴ ཁྱོད་ཀྱི༴ ཉི་མ་གཉིས་པའི་རྣལ་འབྱོར་པས། །སྲིད་པའི་དབུགས་ལེན་ལས་གྱིས་ཤིག །ཡ་མ༴ ཧཱུྃ། གཤིན་རྗེ་སྲིད་པའི་བླ་རྐུན་རྨིག་པ་དང་། །སྨུག་མོ་ཁ་ལ་མེ་འབར་མ། །སྨུག་མོ་འབུམ་ཚོགས༴ ། ཁྱོད་ཀྱི༴ ཉི་མ་གསུམ༴ བླ་ཚེ་འགུགས་པའི་ལས་གྱིས་ཤིག །ཡ་མ༴ ཧཱུྃ། གཤིན་རྗེ་སྲིད་པའི་སྲོག་གཅོད་མིག་དམར་དང་། །སྣ་བ་ནག་མོ་མེ་འབར་མ། །ནག་མོ་འབུམ་ཚོགས་བཅས་པ་ཡང་། །ཁྱོད་ཀྱི་འཁོར་དུ་དབང་བསྐུར་གྱིས། །ཉི་མ་བཞི་པའི་རྣལ་འབྱོར་པས། །ཚེ་སྲོག་གཅོད་པའི་ལས་གྱིས་ཤིག །ཡ་མ་ཨ་བྷི་ཥིཉྩ་ཨཱཿཞེས་བསྐུར། དེས་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་སྐུ་ཡི་བྱིན་རླབས་ལུས་ལ་ཞུགས་ནས་ལུས་ཐ་མལ་གྱི་སྣང་ཞེན། ལྷ་སྐུའི་ཕྱག་རྒྱར་རྫོགས་ཤིང་སྐུ་ཡི་སྒོ་ནས་ཁམས་གསུམ་དུས་གཅིག་ཏུ་སྒྲོལ་ནུས་པའི་མཐུ་དབང་ཐོབ་པ་ཡིན་ནོ། །དེ་ཉིད་བརྟན་པར་བྱ་བའི་ཕྱིར། ༀ་སརྦ་ཏ་ཐཱ་ག་ཏ་ཀ་ཡ་བཛྲ་སྭ་བྷ་ཝ་ཨཏྨ་ཀོ྅་ཧཾ། ཞེས་ང་རྒྱལ་བཟུང་དུ་གཞུགགཉིས་པ་ངག་ཐ་མལ་གྱི་ཞེན་རྟོག་སྦྱང་བ་གསུང་གི་བཟླས་ལུང་སྦྱིན་པ་ནི། སློབ་དཔོན་དང་མདུན་བསྐྱེད་ཀྱི་ཐུགས་སྲོག་ས་བོན་དང་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་ཞིག་འཕྲོས། ཁྱེད་རང་ཡ་མནྟ་ཀར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀར་ཉི་མའི་དཀྱིལ་འཁོར་ཐེ་བོང་ཙམ་གྱི་དབུས་སུ་ཡེ་ཤེས་སེམས་དཔའ་ཚོན་གང་བར། དེའི་ཐུགས་ཀར་རྡོ་རྗེ་ནས་ཙམ་གྱི་ལྟེ་བར་ཉི་མའི་དཀྱིལ་འཁོར་སྲན་ཆུང་ཙམ་གྱི་དབུས་སུ་ཧཱུྃ་ཡིག་གི་མཐར་འཁོད་པར་མོས་ལ་འདིའི་རྗེས་ཟློས་མཛོད། ཕྲེང་བ་གཏད་ལ། ༀ་ཧྲཱིཥྚི་ཝིཥྚི་ཏ་ན་ན་ཧཱུྃ་ཕཊཿཅེས་དང་། ༀ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊཿཞེས་བཟླ་རུ་གཞུགདེས་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་གསུང་གི་བྱིན་རླབས་ངག་ལ་ཞུགས་ཏེ་ངག་རླུང་གི་རྒྱུ་བ་གཞོམ་མེད་ནཱ་དར་གྲོལ་ཏེ་གསུང་གི་སྒོ་ནས་འགྲོ་བ་མ་ལུས་པ་འདུལ་ནུས་པའི་མཐུ་དབང་ཐོབ་པ་ཡིན་ནོ། །དེ་བརྟན་པར་བྱ་བའི་ཕྱིར། ༀ་སརྦ་ཏ་ཐཱ་ག་ཏ་ཝཱཀྐ་བཛྲ་སྭཱ་བྷ་ཨཏྨ་ཀོ྅་ཧཾ། ཞེས་ང་རྒྱལ་འཛིན་དུ་གཞུགགསུམ་པ་ཡིད་ཐ་མལ་གྱི་ཞེན་རྟོག་སྦྱང་བ་ཐུགས་ཀྱི་དབང་ནི། སློབ་དཔོན་དང་དཀྱིལ་འཁོར་བའི་ཐུགས་ཀ་ནས་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཡི་གེ་ཧཱུྃ་མཐིང་ནག་གི་རྣམ་པར་འཕྲོས་ནས་ཁྱེད་རང་གི་ཐུགས་སྲོག་ལ་ཐིམ་པའི་མོས་པ་མཛོད་ཅིགཧཱུྃ་ཡིག་སྙིང་གར་བཞག་ལ། ༀ་ཤྲཱི་མཉྫུ་ཀུ་མ་ཛྙ་ན་ས་ཏྭ་ཨ་བྷི་ཥིཉྩ་ཧཱུྃ་ཨ། ཞེས་བརྗོད། དེས་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་ཐུགས་ཀྱི་བྱིན་རླབས་ཡིད་ལ་ཞུགས་ཏེ་ཡིད་ཐ་མལ་དུ་འཛིན་པའི་མཚན་རྟོག་རང་སར་གྲོལ་ཏེ་རིག་སྟོང་སྤྲོས་བྲལ་བདེ་བ་ཆེན་པོའི་ཐུགས་ཀྱི་འཁོར་ལོར་རྫོགས་ཏེ་མཁྱེན་གཉིས་ཡེ་ཤེས་ཀྱིས་འགྲོ་བ་འདུལ་བའི་མཐུ་དབང་ཐོབ་པ་ཡིན་ནོ། །དེ་ཉིད་བརྟན་པར་བྱ་བའི་ཕྱིར། ༀ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭཱ་བྷ་ཝ་ཨཏྨ་ཀོ྅་ཧཾ། ཞེས་ང་རྒྱལ་འཛིན་དུ་གཞུགབཞི་པ་ཆེ་བའི་ཡོན་ཏན་ལྷུན་གྱིས་རྫོགས་པའི་ཕྱིར་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་མངའ་གསོལ་བ་ནི། ཆས་རྣམས་རིམ་པ་སྦྱིན་ལ། ཧཱུྃ། སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །གླང་ཆེན་ཀོ་རློན་དབང་བསྐུར་པས། །ཐེག་ཆེན་མཆོག་གི་དབང་ཐོབ་ཤོག །དེ་བཞིན་དུ། ཧཱུྃ། སྐལ་ལྡན༴ ཞིང་ཆེན་གཡང་གཞིས༴ མཁའ་འགྲོ་འདུལ་བའི་དབང་ཐོབ་ཤོགཧཱུྃ། སྐལ་ལྡན༴ སྟག་གི་ཤམ་ཐབས༴ འཇིགས་བྱེད་དབའ་བརྟུལ་དཔང་ཐོབ༴ ཧཱུྃ། སྐལ་ལྡན༴ སྦྲུལ་ཕྱི་ཆུན་པོས༴ གདུག་པ་འདུལ་བའི་དབང་ཐོབ་ཤོག །ཧཱུྃ། སྐལ་ལྡན༴ ཐོད་ཕྲེང་གིས་ནི་དབང་བསྐུར་བས། །སྐུ་གསུམ་རྫོགས་པའི་དབང་ཐོབ་ཤོགཧཱུྃ། སྐལ་ལྡན༴ རཀྟའི་ཐིག་ལེས་དབང་༴ ཐུགས་རྗེ་ཆགས་པའི་དབང་ཐོབ་ཤོག །ཧཱུྃ། སྐལ་ལྡན༴ ཞག་གི་ཟོ་རིས་དབང་༴ དོན་དམ་བཅུད་ཀྱི་དབང་ཐོབ་ཤོག །ཧཱུྃ། སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །ཐལ་ཆེན་ཚོམ་བུས་དབང་བསྐུར་བས། །དགྲ་བགེགས་ཐལ་བར་རློག་པའི་དབང་ཐོབ་ཤོག །ཅེས་སོ་སོར་བསྐུར། དེས་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་ཆེ་བའི་ཡོན་ཏན་མཐའ་དག་ལ་མངའ་དབང་འབྱོར་པ་ཡིན་ནོ། །ཞེས་དང་། ཕུན་སུམ་ཚོགས་པ་སོགས་ཤིས་བརྗོད་བྱའོ། །དེས་ཕྱི་མཚན་མ་རྫས་ཀྱི་དཀྱིལ་འཁོར་དུ་སྤྲོས་བཅས་བུམ་དབང་རྗེས་འབྲེལ་དང་བཅས་པ་ཐོབ། ལུས་རྩ་ཡི་སྒྲིབ་པ་དགབསྐྱེད་རིམ་དབྱིབས་ཀྱི་རྣལ་འབྱོར་བསྒོམ་པ་ལ་དབང་། སྦྱོར་བའི་ལམ་དང་སྐལ་བ་མཉམ། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་བའི་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །གཉིས་པ་གསང་བའི་དབང་བསྐུར་བ་ནི། བླ་མ་འཇམ་དཔལ་གཤིན་རྗེ་གཤེད་ཡབ་ཡུམ་མཉམ་པར་སྦྱོར་བའི་བདེ་བའི་སྒྲ་དང་འོད་ཟེར་གྱིས་ཕྱོགས་བཅུའི་སངས་རྒྱས་སྲས་དང་བཅས་པ་སྤྱན་དྲངས་འདོད་ཆགས་ཆེན་པོའི་མེས་བྱང་ཆུབ་ཀྱི་སེམས་སུ་ཞུ་བ་སློབ་དཔོན་གྱི་སྤྱི་བོ་ནས་ཞུགས། ཧཾ་ཡིག་བདེ་བ་ཆེན་པོར་ཞུ་བའི་རྒྱུན་ཤེས་རབ་ཀྱི་དམར་ཆ་དང་ལྷན་ཅིག་ཏུ་འདྲེས་པ་མཁའ་གསང་ལས་ཕྱིར་ཕྱུང་བ་ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་གྱུར་པའི་ཕུད་ཀྱིས་བླ་མ་དང་ཡི་དམ་རྣམས་མཆོད་པས་མཉེས་པར་བྱས། དེ་ནས་སློབ་མའི་ལྕེ་ཐོག་ཏུ་བཞག་པའི་མོས་པ་མཛོད། ཧཱུྃ། དཔལ་ལྡན་ཆེན་པོ་ང་ཡི་ཐུགས་ཀྱི་བཅུད། །བྱང་ཆུབ་སེམས་ཀྱི་བདེ་ཆེན་འདི། །སྐལ་ལྡན་བུ་ལ་དབང་བསྐུར་བས། །དོན་དམ་བཅུད་ཀྱི་དབང་ཐོབ་ཤོག །ཅེས་དང་། གསང་བའི་དབང་བསྐུར་བྱང་ཆུབ་སེམས། །སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །བྱང་ཆུབ་སེམས་ཀྱི་རྡོ་རྗེ་མཆོག །རྨད་བྱུང་རྫས་ཀྱིས་དབང་བསྐུར་བས། །བུ་ཁྱོད་དྭངས་མའི་སེམས་ཀྱིས་ལྟོས། །ༀ་པྲཛྙཱ་ཨུ་པ་ཡ་གུ་ཧྱ་ཨ་བྷི་ཥིཉྩ་མཾ། ཞེས་བདུད་རྩི་བྱིན་ལ། སློབ་མས་ཨ་ཧོ་མ་ཧཱ་སུ་ཁ། ཞེས་མྱང་བས་རྩ་ཁམས་ཐམས་ཅད་བདེ་བས་ཁྱབ། རང་བཞིན་བརྒྱད་བཅུའི་རྟོག་པ་དབྱིངས་སུ་འགགས། གསལ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་མོས་ལ་ཅུང་ཟད་མཉམ་པར་ཞོག་མཛོད། དེས་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཏུ་གསང་བའི་དབང་ཐོབ། ངག་རླུང་གི་སྒྲིབ་པ་དགལམ་རྩ་རླུང་གཏུམ་མོ་བསྒོམ་པ་ལ་དབང་། མཐོང་བའི་ལམ་དང་སྐལ་བ་མཉམ། འབྲས་བུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ནི། གཟུགས་དང་ལང་ཚོས་བརྒྱན་པའི་ཤེས་རབ་མ་དབང་རྟེན་གྱི་དོན་དུ་བུ་ལ་གཏད་པར་མོས་ལ། ཤེས་རབ་མའི་ཙཀ་ལི་གཏད་ལ། གཟུགས་མ་ཡིད་འོང་འདི་ཁྱོད་ཀྱིས། །བརྟེན་བྱར་སངས་རྒྱས་རྣམས་ཀྱིས་གསུང་། །འཁོར་ལོ་རིམ་པས་སྦྱོར་བ་ཡིས། །བདེ་བ་དམ་པ་མྱོང་བར་གྱིས། །ཞེས་བྱིན་པས། ལྷ་མོ་དེས་ཀྱང་དེ་ལ་དགའ་བའི་བཞིན་གྱིས་བལྟས་ཏེ་འཛུམ་པ་དང་བཅས་བྷ་ག་ཕྱེ་བ་བསྟན་ནས། ཨེ་མ་བདག་གི་པདྨ་འདི། །བདེ་བ་ཐམས་ཅད་ཀྱི་ནི་གནས། །གང་ལ་ཆོ་གས་བརྟེན་བྱེད་ན། །དེ་ཡི་མདུན་དུ་བདག་གནས་ཏེ། །སངས་རྒྱས་བརྟེན་པར་ལ་སོགས་པ། །པདྨར་བྱ་བ་ཇི་བཞིན་གྱིས། །བདེ་ཆེན་རྒྱལ་པོ་རང་ཉིད་ནི། །འདི་ཉིད་དུ་ནི་རྟག་ཏུ་གནས། །བྷཉྫ་མོཀྵ་ཧོ། ཞེས་པང་དུ་བྱོན་པས། སློབ་མ་བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད་དང་། ཡུམ་རྡོ་རྗེ་རོ་ལངས་མར་གསལ་བ་ལྷ་ཡི་འདུ་ཤེས། ཡབ་ཀྱི་གསང་གནས་ཧཱུྃ་ལས་རྡོ་རྗེ་ནོར་བུར་ༀ་གྱིས་མཚན་པ་དང་། ཡུམ་གྱི་མཁའ་ཧྲིཿལས་པདྨའི་ཟེའུ་འབྲུ་ༀ་གྱིས་མཚན་པར་གསལ་བ་སྔགས་ཀྱི་འདུ་ཤེས། ལམ་འདི་ལ་བརྟེན་ནས་བདེ་སྟོང་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་མངོན་དུ་བྱའོ་སྙམ་པ་ཆོས་ཀྱི་འདུ་ཤེས་ཏེ། འདུ་ཤེས་གསུམ་ལྡན་གྱིས་མཉམ་པར་སྦྱོར་བས་ཡས་བབས་དང་མས་བརྟན་གྱི་དགའ་བཞིའི་ཡེ་ཤེས་ཁྱད་པར་ཅན་རྒྱུད་ལ་སྐྱེས་པར་མོས་ལ། ཨ་ཧཾ་འཁོར་ལོར་འབར་འཛག་གི། །དགའ་བདེ་བཅུ་དྲུག་ཉམས་མྱོང་གིས། །ཕྱག་རྒྱ་བདེ་བའི་རོལ་བ་འདི། །སངས་རྒྱས་ཀུན་གྱི་གསང་བའི་གནས། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་ར་ག་ཎ་བཛྲ་སྭཱ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ཞེས་བརྗོད་ལ། བདེ་སྟོང་རྣམ་པར་མི་རྟོག་པའི་ངང་ལ་མཉམ་པར་ཞོག་མཛོད། དེས་ཕྱག་རྒྱ་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ཐོབ། ཡིད་ཐིག་ལེའི་སྒྲིབ་པ་དགལམ་གཞན་ལུས་ཕོ་ཉའི་རྣལ་འབྱོར་བསྒོམ་པ་ལ་དབང་། བསྒོམ་པའི་ལམ་དང་སྐལ་བ་མཉམ། འབྲས་བུ་ཐུགས་རྡོ་རྗེ་ཆོས་སྐུ་འགྲུབ་པའི་སྐལ་བ་ཅན་ཏུ་བྱས་པ་ཡིན་ནོ། །བཞི་པ་དེ་ཁོ་ན་ཉིད་ཀྱི་དབང་ནི། སྔར་གསུམ་པའི་དབང་གི་སྐབས་སུ་སྐྱེས་པའི་མཚོན་བྱེད་དཔེ་ཡི་ཡེ་ཤེས་དེ་ཉིད་མཚོན་བྱ་དོན་གྱི་ཡེ་ཤེས་སུ་ངོ་སྤྲད་པ་རྡོ་རྗེའི་ཚིག་འདི་ལ་གསན་པས་ཁྱབ་པར་གདའ། དུས་གསུམ་རྟོག་པ་དང་བྲལ་བ། །ཅིར་ཡང་མི་རྟོག་ཕྱག་རྒྱ་ཆེ། །ཐོག་མཐའ་དབུས་མེད་སྤྲོས་ལས་འདས། །སྣང་མཆེད་ཐོབ་དང་ཉེར་ཐོབ་པ། །ཁམས་གསུམ་ཡིན་ཏེ་སངས་རྒྱས་ཞིང་། །མཐའ་བྲལ་བདེ་ཆེན་ཞིང་དུ་ལྟོས། །ༀ་མ་ཧཱ་མུ་དྲ་ངྷརྨ་ངྷརྟུ་ཨ་བྷི་ཥིཉྩ་མཾ། དེ་ལྟར་ངོ་སྤྲད་པའི་དོན་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་དང་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་ཟུང་དུ་འཇུག་པའི་རིག་སྟོང་ཀ་དག་གི་དབྱིངས་སུ་མཉམ་པར་འཇོག་མཛོད། དེས་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཚིག་དབང་རིན་པོ་ཆེའམ་བདེ་བ་ཆེན་པོའི་དབང་ཐོབ་ཡེ་ཤེས་ཀྱི་དྲི་མ་སྦྱངས། ལམ་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང་། མཐར་ལམ་པ་དང་སྐལ་བ་མཉམ། འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་ཀྱི་སྐུ་འགྲུབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །དེ་ལྟར་དབང་བཞི་ཡོངས་སུ་རྫོགས་པའི་མཐའ་རྟེན་དུ་ལུང་བསྟན་དབུགས་དབྱུང་དང་། གཞན་དོན་ཕྲིན་ལས་ཀྱི་རྗེས་སུ་གནང་བར་བྱ་བ་གཉིས་ལས་དང་པོ་ནི། སློབ་མ་སྔར་སྨོས་པ་ལྟར་དབང་སྟེགས་མ་ཧས་བཏེགས་པའི་ཁྲི་ལ་གཙོ་བོ་ཡབ་ཡུམ་ཡེ་ཤེས་ཀྱི་ལྷ་དང་གཉིས་སུ་མེད་པར་བཞུགས་པ་ལ་བཀྲ་ཤིས་བུམ་པས་དབང་བསྐུར་ཞིང་ཅོད་པཎ་སྤྱི་བོར་བཅིངས་ལ་ཤིས་བརྗོད་ཀྱི་མེ་ཏོག་དང་བཅས་ཏེ་མངའ་གསོལ་བར་མོས་ལ། ལས་བྱང་གི་བཀྲ་ཤིས་བརྗོད་དེ་ནས། སློབ་དཔོན་མཆོག་གི་སྤྲུལ་སྐུའི་ཆས་སུ་ཞུགས་ཏེ་བཞེངས་ལ། ཆོས་གོས་ཀྱི་གྲྭ་རི་དྭགས་ཀྱི་རྣ་བ་ལྟ་བུ་གཡོན་པའི་ཁུ་ཚུར་གྱིས་བཟུང་ཞིང་གཡས་མི་འཇིགས་པའི་ཕྱག་རྒྱ་བྱས་ཏེ། རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །ཕྱོགས་བཅུའི་སངས་རྒྱས་ཞིང་རྣམས་སུ། །བླ་ན་མེད་པ་རྡོ་རྗེའི་མིང་། །ཆེ་གེ་ཞེས་བྱར་ལུང་བསྟན་བྱ། །སིངྔྷི་ས་མ་ཡ་སྟཾ་བྷུ་རུ་བྷུ་བ་སྭ། ཞེས་སློབ་དཔོན་གྱིས་ལུང་བསྟན་པ་བཞིན་དུ་དུས་གསུམ་གྱི་རྒྱལ་བ་རྣམས་ཀྱིས་ཕྱོགས་བཅུ་ནས་གསུང་དབྱངས་མཐུན་པའི་སྒྲ་སྐད་ཀྱིས་ལུང་བསྟན་པར་མཛད་དེ། ཀྱེ། རིགས་ཀྱི་བུ་ཁྱོད་ཀྱི་སྲིད་པ་ཐ་མ་ནི་འདི་ཡིན་ཏེ། གསང་བ་བླ་ན་མེད་པའི་ཐེག་པར་དབང་བཞི་ཡོངས་སུ་རྫོགས་པས་ཕྱག་རྒྱ་ཆེན་པོ་དང་གསང་སྔགས་ཀྱི་མཐུས་རིགས་ཀྱི་དཀྱིལ་འཁོར་དུ་གནས་ཤིང་མངོན་པར་བྱང་ཆུབ་པར་འགྱུར་རོ། །ཞེས་ལུང་བསྟན། གཉིས་པ་རྗེས་སུ་གནང་བ་ནི། གཤིན་རྗེའི་སྐུ། པོ་ཏི། གཞན་ཡང་ཐུན་སྣ་ཚོགས་སོགས་གཏད་ལ། ཇི་ལྟར་འོག་མིན་གནས་མཆོག་ཏུ། །དཔལ་ལྡན་ཡ་མན་ཏ་ཀ་ཡིས། །ཐུགས་ཀྱི་སྲས་མཆོག་དབང་བསྐུར་ལྟར། །སྐལ་ལྡན་བུ་ལ་དབང་བསྐུར་གྱི། །བསྒོམ་སྒྲུབ་བཤད་དང་དབང་བསྐུར་གྱིས། །གཅོད་བཅད་ལ་སོགས་ཕྲིན་ལས་རྣམས། །ཁྱོད་ཀྱིས་མ་ལུས་ཀུན་གྱིས་ཤིག །འབྱོར་པའི་སེམས་སྟོབས་བསྐྱེད་པར་ཤོག །ཅེས་དང་འཁོར་ལོ་སོགས་སྦྱིན་ལ། སེམས་ཅན་ཀུན་ལ་ཕན་དོན་དུ། །འཇིག་རྟེན་ཀུན་ནས་ཐམས་ཅད་དུ། །སྣ་ཚོགས་ཇི་ལྟར་འདུལ་གྱུར་པས། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ༀ་དྷརྨ་ཙཀྲ་ཝརྟི་ཀ་ཧཱུྃ། དེ་བཞིན་དུ་ཚིག་ཕྱི་མར། རྡོ་རྗེའི་འཁོར་ལོ༴ རིན་ཆེན་འཁོར་ལོ༴ པདྨའི་འཁོར་ལོ༴ ལས་ཀྱི་འཁོར་ལོ་བསྐོར་བར་གྱིས། །ཞེས་དང་སྔགས་ཀྱང་། བཛྲ་རཏྣ་པདྨ་ཀརྨ་ཞེས་སྦྱར། དུང་གཏད་ལ། ཚིག་ཕྱི་མ་ལ། ཆོས་ཀྱི་དུང་ཆེན་རབ་ཏུ་བུས། །བཛྲ་བྷ་ཥ་བྷ་ཥ་ཧཱུྃ། ཞེས་དང་ཕྱག་ཤིང་གཏད་ལ། ཆོས་རྣམས་རབ་ཏུ་བཤད་པར་གྱིས། །ༀ་ངྷརྨ་དེ་ཤ་ཧཱུྃ། ཞེས་སྦྱར་ལ་སྦྱིན། དེས་རང་གཞན་གྱི་དོན་ཐོགས་པ་མེད་པའི་ཕྲིན་ལས་ལ་མངའ་དབང་འབྱོར་པ་ཡིན་པས་རང་གཞན་གྱི་དོན་རྒྱ་ཆེན་པོ་མཛད་འཚལ། ཞེས་བསྒོས་པ་ལ་སློབ་མས་ཞལ་གྱིས་བཞེས་པ་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །ཕྲིན་ལས་ལས་རྣམས་ཅི་ནུས་པ། །འགྲོ་ལ་ཕན་པའི་དོན་སླད་དུ། །བདག་གིས་ཉེ་བར་བསྒྲུབ་པར་བགྱི། །ལན་གསུམདེས་ཁྱེད་རྣམས་ལ་འཇམ་དཔལ་གཤིན་རྗེ་གཤེད་ཁ་ཐུན་ནག་པོའི་རྩ་བ་དང་ཡན་ལག་གི་དབང་བསྐུར་ཡོངས་སུ་རྫོགས་པ་ཡིན་པས། ངེས་གསང་བླ་ན་མེད་པའི་རིགས་མཆོག་ཏུ་ངེས་པའི་ཕྱིར། ཕྱོགས་དུས་ཀྱི་རྒྱལ་བ་རྒྱལ་སྲས་རིག་པ་འཛིན་པ་རྣམས་ཀྱིས་ཉེ་བའི་སྲས་དང་སྤུན་གྲོགས་ཀྱི་ཚུལ་དུ་དགོངས་ཤིང་འཇིག་རྟེན་གྱི་ལྷ་ཆེན་པོ་རྣམས་ཀྱིས་གཙུག་གི་ནོར་བུ་བཞིན་བཀུར་བར་འགྱུར་བ་དང་། དམ་ཚིག་མ་ཉམས་ཤིང་ཚུལ་བཞིན་དུ་བརྩོན་ན་སྐྱེ་བ་འདིའམ། གཞན་དུ་ཟུང་འཇུག་གི་འབྲས་བུ་མངོན་དུ་བྱེད་པར་འགྱུར་ངེས་པས་དགའ་བ་དང་སྤྲོ་བ་ཡང་དག་པ་བསྐྱེད་ལ་ཚིག་འདིའི་རྗེས་ཟློས་མཛོད། འཇམ་དཔལ་དཀྱིལ་འཁོར་ཞུགས་པས་ན། །དེ་རིང་བདག་དོན་འབྲས་བུར་བཅས། །བདག་གསོན་པའང་དོན་ཡོད་འགྱུར། །དེ་རིང་སངས་རྒྱས་སྲས་གྱུར་ཏོ། །ཞེས་བརྗོད། བཀའ་དྲིན་གཏང་རག་གི་ཡོན་དུ་མཎྜལ་འབུལ། སླར་ཡང་ལུས་ལོངས་སྤྱོད་དང་བཅས་པ་འབུལ་བའི་བློས། དེང་ནི་བདག་ལུས་ལོངས་སྤྱོད་དང་། །བཅས་པ་ཁྱེད་ལ་འབུལ་ལགས་ཀྱི། །ཁྱེད་ཀྱིས་བརྩེ་བར་ཉེར་དགོངས་ཏེ། །ཆ་ཤས་ཀྱང་ནི་སྤྱད་དུ་གསོལ། །ཞེས་བརྗོད། རྗེས་དགེ་རྩ་བསྔོ་བ་དང་ཆོ་གའི་ཡན་ལག་གཞན་རྣམས་སྤྱི་དང་མཐུན་པར་བྱའོ། །སྔ་འགྱུར་རིག་འཛིན་བརྒྱུད་པའི་མན་ངག་བཅུད། །འཇུག་བདེའི་ཁྲིགས་སུ་སྡེབས་ལ་ནོངས་པའི་ཆ། །གང་མཆིས་བཤགས་ཤིང་དགེ་བས་ངེས་གསང་གི། །བསྟན་པ་རིན་ཆེན་མི་ནུབ་གསལ་གྱུར་ཅིག །ཅེས་པའང་སྐྱབས་གཅིག་འཁོར་ལོའི་དབང་ཕྱུག་ཟུར་མང་དྲུང་རིན་པོ་ཆེའི་བཀའ་སྩལ་སྤྱི་བོར་ཕེབས་པ་བཞིན། སྙོམ་ལས་པ་རྒན་པོ་འགྱུར་མེད་པདྨ་བསྟན་འཛིན་གྱིས་བདེ་ཆེན་པདྨ་འོད་གླིང་དུ་བྲིས་པ་དགེ །༈ ༀ་སྭསྟི། དབང་བསྐུར་སྤྱིའི་མཐའ་རྟེན་དུ་སྦྱར་རྒྱུའི་བཀྲ་ཤིས་རྟགས་རྫས་དང་རྒྱལ་སྲིད་སྣ་བདུན་སྦྱིན་པའི་ཚིགས་བཅད་ནི། ༀ། བཀྲ་ཤིས་ཚོགས་གཉིས་ལྗོན་པའི་མྱུ་གུ་ལས། །བཀྲ་ཤིས་མཚན་བཟང་མེ་ཏོག་རྒྱས་པའི་དཔལ། །བཀྲ་ཤིས་རྟགས་མཆོག་བརྒྱད་ཀྱིས་དབང་བསྐུར་བས། །བཀྲ་ཤིས་སྲིད་མཐར་མི་ཉམས་བརྟན་གྱུར་ཅིག །ཨཱཿཕུན་ཚོགས་སྲིད་ཞིའི་མཆོད་སྡོང་མཚུངས་པ་མེད། །ཕུན་ཚོགས་དཔལ་ཀུན་སྩོལ་མཛད་ཐུབ་པ་ཆེས། །ཕུན་ཚོགས་བཀྲ་ཤིས་རྫས་སུ་བྱིན་རླབས་འདིས། །ཕུན་ཚོགས་སྡེ་བཞིའི་མངའ་ཐང་རྒྱས་གྱུར་ཅིག །ཧཱུྃ། དགེ་བཅུའི་ཁ་ལོ་གྱེན་ལ་བསྒྱུར་མཛད་པའི། །དགེ་ཚོགས་རྨད་བྱུང་འཁོར་ལོས་སྒྱུར་རྒྱལ་གྱིས། །དགེ་མཚན་རིན་ཆེན་བདུན་གྱིས་མངའ་གསོལ་བས། །དགེ་འདུན་སྡེ་འཕེལ་ཆོས་སྲིད་དར་གྱུར་ཅིག །ཡང་ན། དཔལ་ལྡན་ཚོགས་མཆོག་ནོར་བུའི་སྤྲིན་ཆེན་ལས། །དགེ་ལེགས་གྲུབ་གཉིས་འདོད་དགུའི་ཆར་འབེབས་པ། །རྒྱལ་བའི་མཚན་བཟང་ངོ་མཚར་བཀྲ་ཤིས་རྟགས། །དེང་འདིར་སྦྱིན་ནོ་དུས་ཀུན་ཤིས་གྱུར་ཅིག །དགེ་མཚན་དཔྱིད་ཀྱི་དཔལ་མོའི་དབྱངས་སྙན་གྱིས། །ཕུན་ཚོགས་མགྲོན་དུ་འགུགས་མཛད་སྟོབས་བཅུའི་བདག །གང་གིས་བྱིན་རླབས་བཀྲ་ཤིས་རྫས་མཆོག་བརྒྱད། །དེང་འདིར་སྦྱིན་ནོ་ཚེ་བསོད་འཕེལ་གྱུར་ཅིག །བསོད་ནམས་གསེར་གྱི་ཤིང་རྟས་གླིང་བཞིའི་ཁྱོན། །དབང་བསྒྱུར་མི་མཆོག་འཁོར་ལོས་སྒྱུར་རྒྱལ་གྱི། །ཆེ་རྟགས་དགེ་མཚན་ངོ་མཚར་རིན་ཆེན་བདུན། །དེང་འདིར་སྦྱིན་ནོ་ཆོས་སྲིད་བརྟན་གྱུར་ཅིག །ཡང་ན། གདུགས་དང་གསེར་ཉ་བུམ་བཟང་པདྨ་དང་། །དུང་དཀར་དཔལ་བེ་རྒྱལ་མཚན་འཁོར་ལོ་སྟེ། །བཀྲ་ཤིས་རྫས་མཆོག་བརྒྱད་ཀྱིས་དབང་བསྐུར་བས། །ཁྱེད་ཅག་དུས་རྣམས་ཀུན་ཏུ་ཤིས་གྱུར་ཅིག །ༀ་མངྒ་ལཾ་ཀུ་རུ་ཨ་བྷི་ཥིཉྩ་ཧཱུྃ། མེ་ལོང་གི་ཝཾ་ཞོ་དང་དུརྦའི་མྱུག །བིལ་བ་དུང་དང་ལི་ཁྲི་ཡུངས་དཀར་ཏེ། །བཀྲ་ཤིས་རྫས་མཆོག་བརྒྱད་གྱིས་དབང་བསྐུར་བས། །བཀྲ་ཤིས་དཔལ་གྱིས་རྟག་ཏུ་མཚོ་གྱུར་ཅིག །ཨཥྚ་མངྒ་ལམ་ཨ་བྷི་ཥཉྩ་ཧཱུྃ། འཁོར་ལོ་ནོར་བུ་ཡིད་འོང་བཙུན་མོ་དང་། །བློན་པོ་གླང་པོ་རྟ་མཆོག་དམག་དཔོན་ཏེ། །རྒྱལ་སྲིད་རིན་ཆེན་བདུན་གྱིས་མངའ་གསོལ་བས། །བསོད་ནམས་ཆེན་པོའི་དགེ་མཚན་རྒྱས་གྱུར་ཅིག །སཔྟ་{སྟ}མ་ཧཱ་རཏྣ་ཨ་བྷི་ཥཉྩ་ཧཱུྃ། ཞེས་པའང་ཉེར་འཁོའི་སླད་དུ་ཞེ་ཆེན་འགྱུར་མེད་པདྨ་བསྟན་འཛིན་གྱིས་བྲིས་པ་དགེ །

ཐུན་མཚམས་ཆོས་སྤྱོད་ཀྱི་འདོན་འགྲིགས་ཀུན་མཁྱེན་བླ་མའི་ཞལ་ལུང་།

༄༅། །ཐུན་མཚམས་ཆོས་སྤྱོད་ཀྱི་འདོན་འགྲིགས་ཀུན་མཁྱེན་བླ་མའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ། །ན་མཿསརྦ་བུདྡྷ་བོ་ངྷི་ས་ཏྭ་བྷྱ༔གང་མཚན་རྨད་བྱུང་ནོར་བུའི་ཏམྦུ་ར། །དད་གསུམ་སོར་མོའི་འཕྲུལ་གྱིས་སྦྲེངས་པ་ཡིས། །སྲིད་ཞིའི་དགེ་ལེགས་དབྱངས་ཀྱིས་ཤིས་མཛད་པ། །དཀོན་མཆོག་རིན་ཆེན་གསུམ་ལ་གུས་ཕྱག་འཚལ། །ཞེས་མཆོད་པར་བརྗོད་ནས། དེ་ཡང་རང་ཉིད་གང་དུ་གནས་པའི་ཕྱོགས་དེར་ཕྱག་དར་ལེགས་པར་བྱས། གོང་དུ་དཀོན་མཆོག་གསུམ་གྱི་རྟེན་བཤམས་པའི་མདུན། གཙང་ཞིང་གཙང་མར་སྦྱར་བའི་མཆོད་པའི་རྫས་ཅི་འབྱོར་དང་ལྷག་པར་སྤོས་མེ་ཞལ་ཟས་སོགས་གྲངས་ཇི་ལྟར་རིག་པ་གྲལ་གྱི་བཀོད་པས་མཛེས་པར་བཤམས། གཞན་ཡང་འོག་ནས་འབྱུང་བའི་ཁྲུས་ཀྱི་སྐབས་ཀྱི་མཁོ་བའི་ཡོ་བྱད་རྣམས་ཀྱང་ཚོགས་པར་བྱ། རང་ཉིད་བདེ་བའི་སྟན་ལ་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་འཁོད་ནས། ཐོག་མར་བློ་ཆོས་ལ་བསྐུལ་བའི་ཕྱིར། ཐུན་མོང་གི་སྔོན་འགྲོ་བློ་ལྡོག་རྣམ་པ་བཞིའི་དོན་ཡིད་ལ་བྱས་ཏེ་འདི་སྐད་དོ། །དལ་འབྱོར་འདི་ནི་སོགས་ནས་འགྱུར། སློབ་དཔོན་ཞི་བ་ལྷའི་སྤྱོད་འཇུག་ལས་སོ། སྲིད་གསུམ་མི་རྟག་སོགས་འགྲོ། །མདོ་རྒྱ་ཆེ་རོལ་པ་ལས་སོ། །དུས་ཀྱི་བསྙེན་ནས་སོགས་འབྲངས། །རྒྱལ་པོ་ལ་གདམས་པའི་མདོ་ལས་སོ། །སྲེད་སྲིད་མ་རིག་སོགས། སྲིད་གསུམ་རྒ་དང་སོགས་བཞིན། འདུལ་བ་ལུང་ལས་སོ། །ཞེས་པ་རྣམས་ཚིག་ངག་ཏུ་བརྗོད་ཅིང་དོན་ཡིད་ལ་བསམ་མོ། །དེ་ལྟ་བུའི་ཚུལ་ལ་ངེས་འབྱུང་གིས་བློས་དྲངས་ནས། དེ་ལྟར་འཇིགས་རུང་འཁོར་བའི་སྡུག་བསྔལ་ལས། །མར་གྱུར་མཁའ་མཉམ་འགྲོ་རྣམས་བསྒྲལ་བའི་ཕྱིར། །བླ་མ་མཆོག་དང་དཀོན་མཆོག་གསུམ་རྣམས་ལ། །མི་ཕྱེད་དད་པས་སྐྱབས་སུ་འགྲོ་བར་བགྱི། །ཞེས་པས་མཚམས་སྦྱར། སྐབས་འདིར་དཀོན་མཆོག་རྗེས་དྲན་གྱི་མདོ་འདོན་ནའང་ལེགས་པའི་ཡན་ལག་ཏུ་འགྱུར་རོ། །གང་ལྟར་ཡང་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པ་ནི། བདག་དང་འགྲོ་བ་སོགས་ནས། དཔལ་ལྡན་བླ་མ་སོགས་ལན་གསུམ། ནམ་མཁའི་གནས་སུ་སོགས་ལན་གསུམ་བྱས་ནས། སངས་རྒྱས་ཆོས་སོགས་ལན་གསུམ། བདག་དང་མཐའ་ཡས་སོགས་ལན་གསུམ། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་བརྗོད། དེ་ནས་བདེན་པ་བརྗོད་ཅིང་གནས་དང་ཡོ་བྱད་བྱིན་གྱིས་བརླབ་པ་ནི། དྲི་བཟང་དང་སྦགས་པའི་ཆུ་གཙང་གིས་བྲན་ལ། དཀོན་མཆོག་གསུམ་གྱི་བདེན་པ་སོགས་དང་། ཐམས་ཅད་དུ་ཡང་ས་གཞི་སོགས། ཕུན་སུམ་ཚོགས་པའི་ཞིང་སོགས་དང་། དེ་ལས་གཞན་ཡང་སོགས་ཀྱི་མཐར་མཆོད་རོལ་ནང་མཆོད་གཟུངས་འདི་ཉིད་གདོན་པར་བྱ་སྟེ། ན་མོ་རཏྣ་ཏྲ་ཡཱ་ཡ། ༀ་ན་མོ་བྷ་ག་སོགས་ལན་གསུམ་བརྗོད། དེ་ནས་ཚོགས་ཞིང་སྤྱན་འདྲེན་པ་ནི། དད་གུས་རྩེ་གཅིག་པས། ཕྱོགས་དུས་ཀུན་ནས་སོགས། མ་ལུས་སེམས་ཅན༴ བཅོམ་ལྡན་སྐལ་བ༴ ཆོས་རྣམས་ཀུན་གྱི༴ གཤེགས་སུ་གསོལ། །གྱི་མཐར་རོལ་མོ་བྱ། མཆོད་ཡོན་འབུལ་བ་ནི། བཅོམ་ལྡན་འདི་ནི་སོགས་ནས། གནང་བར་མཛོད། །ཁྲུས་ཁང་བསྐྱེད་པ་ནི། ཁྲུས་ཀྱི་ཁང་པ་སོགས་ནས་སྐུ་ཁྲུས་གསོལ། །ཁྲུས་གསོལ་དངོས་ནི། ཇི་ལྟར་བལྟམས་པ༴ འདིར་ནི་ཁྲུས༴ རྒྱལ་བའི་སྐུ་གསུང་ཐུགས༴ བགྱིའོ། །རོལ་མོ་བྱ། སྐུ་ཕྱི་བ་ནི། དེ་དག་སྐུ་ལ༴ གོས་འབུལ་བ་ནི། དེ་ནས་དེ་ལ༴ སྣ་ཚོགས་དབང་༴ དྲི་མེད་མཚན༴ ཤོག །དྲིས་བྱུག་པ་ནི། སྟོང་གསུམ་ཀུན་ཏུ༴ བྱུག་པར་བགྱི༴ བཞུགས་སུ་གསོལ་བ་ནི། བདག་དང་འགྲོ་ལ༴ གསོལ། །དེ་ནས་ཚོགས་བསགས་ཡན་ལག་བདུན་ལ་འཇུག་པའི་ཐོག་མར་ཕྱག་འཚལ་བ་ནི། ཡིད་འོང་རྫིང་བུའི༴ གུས་ཕྱག་འཚལ། །དེ་ནས་ཐུབ་དབང་མཛད་བཅུའི་བསྟོད་པ་གང་རིག་མཐར་ཆོས་སྤྱོད་གཞུང་ལས་བྱུང་བའི། བླ་མ་མཉམ་མེད་སོགས་ནས་དཀར་ཕྱོགས་སྐྱོང་བ་རྣམས་ལ་ཕྱག་འཚལ་ལོ། །ཞེས་པའི་བར་རིང་དུ་སྦྱར་བའམ། བསྡུ་ན་གོང་གི་ཤླཽ་ཀའི་མཐར། ཐབས་མཁས་ཐུགས་རྗེ༴ མགོན་པོ་ཐུགས་རྗེ༴ དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །ཇི་སྙེད་སུ་དག་སོགས་ནས། བདག་གིས་བསྟོད། །མཆོད་པ་འབུལ་བ་ནི། སྐབས་འདིར་སྤྱོད་འཇུག་མཆོད་པའི་ལེའུ་སྦྱར་ཞིང་། བསྡུ་ན། མེ་ཏོག་དམ་པ༴ སོགས་ནས་མཆོད་པར་བགྱི། །མཆོད་རོལ་ནང་མཆོད་གཟུངས་ཚར་གསུམ་བརྗོད། སྡིག་པ་བཤགས་པ་ནི། བདག་དང་སེམས་ཅན་ཐམས་ཅད་དུས་རྟག་པར་བླ་མ་ལ་སྐྱབས་སུ་སོགས་ནས་ཉེ་བར་མཆིའོ། །ཞེས་པའི་བར་དང་། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་སོགས་ནས་མ་བཤགས་མ་མཐོལ་ན་ནི་མི་འགྱུར་རོ། །སོགས་གང་རིགས་ཀྱི་མཐར། འདོད་ཆགས་ཞེ་སྡང་སོགས། རྣམ་པར་དཀར་བའི་བསོད་ནམས་ཀྱི་ལས་ལ་རྗེས་སུ་ཡི་རང་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ། མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ། དགེ་བའི་རྩ་བ་བྱང་ཆུབ་མཆོག་གི་རྒྱུར་བསྔོ་བའི་ཡན་ལག་རྣམས་རིམ་བཞིན་གྱིས་དོན་དྲན་བཞིན་པས། ཕྱོགས་བཅུའི་རྒྱལ་བ་སོགས། ཕྱིར་བསྔོའོ། །དེ་ནས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྐྱེད་པའི་སྡོམ་པ་ཉམས་པ་གསོ་ཞིང་། མ་ཉམས་པ་གོང་དུ་སྤེལ་བ་དང་། སླར་ཡང་ནན་ཏན་གྱི་སྡོམ་པ་བཟུང་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི། ཕྱོགས་བཅུ་ན་བཞུགས་པའི་སོགས། བདག་བྱང་ཆུབ་སེམས་དཔའ་ཞེས་བགྱི་བས་དུས་འདི་ནས་བཟུང་སྟེ། བྱང་ཆུབ་སྙིང་པོར་སོགས་ནས་སྐྱབས་སུ་མཆི། ལན་གསུམ། ཇི་ལྟར་སྔོན་གྱི་སོགས་བསླབ་པར་བགྱི། །ལན་གསུམ། དེང་དུས་བདག་ཚེ་སོགས་འགྲུབ་པར་ཤོག །ཞེས་པའི་བར་སོང་མཐར། འདས་པའི་སངས་རྒྱས་སོགས་བཟང་པོ་སྤྱོད་པའི་སྨོན་ལམ་དང་གཞན་ཡང་བསྔོ་སྨོན་གྱི་རིམ་པ་རྒྱས་བསྡུས་གང་རིགས་ཀྱི་མཐར། ༀ་ཡེ་ངྷརྨ་སོགས། ཕུན་སུམ་ཚོགས་པ༴ ཆེ་བའི་ཆེ་མཆོག་སོགས་ཤིས་བརྗོད་རྒྱས་བསྡུས་ཅི་རིགས་ཀྱི་མཐར་རོལ་མོ་བྱའོ། །ཐུན་མཚམས་ཆོས་སྤྱོད་ཐར་ལམ་རབ་གསལ་ལས། །སྔོན་འགྲོ་ཚོགས་བསགས་ཡན་ལག་བདུན་སོགས་ཀྱིས། །འདོན་འགྲིགས་ཀུན་མཁྱེན་བླ་མའི་ཞལ་རྒྱུན་ནི། །ཉམས་མེད་ཡི་གེའི་གཟུགས་སུ་གསལ་བར་བྱས། །འདིར་འབད་དགེ་འབྲས་མི་འཕྲོག་སྟོན་ཟླའི་གཟིས། །ཚོགས་གཉིས་བསོད་ནམས་ཆུ་གཏེར་ཆེར་འཕེལ་ཞིང་། །བྲལ་སྨིན་ཡོན་ཏན་རླབས་ཕྲེང་གཡོ་བ་ཡིས། །བསྟན་འགྲོའི་རྒུད་པའི་ཚ་གདུང་བཅིལ་གྱུར་ཅིག །ཅེས་པའང་སྙིགས་དུས་ཀྱི་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་འཇམ་དཔལ་དབྱངས་དངོས་མཁྱེན་བརྩེའི་དབང་པོས་ཞལ་རྒྱུན་བསླད་མེད་བསྙེལ་ཐོར་བྲིས་པ་པོ་ནི། རྗེ་དེ་ཉིད་ཀྱི་བཀའ་དྲིན་གྱིས་འཚོ་བའི་ཆོས་འབངས་སྐལ་བ་བཟང་པོ་ཅན། འགྱུར་མེད་པདྨ་རྣམ་པར་རྒྱལ་བའི་སྡེ་སྟེ་འདིས་ཀྱང་རང་གཞན་གྱི་ཚོགས་གཉིས་རྫོགས་ནས་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་རིན་པོ་ཆེ་མྱུར་དུ་ཐོབ་པའི་རྒྱུར་གྱུར་ཅིགཤུ་བྷམ་སྟུ་སརྦ་མ་ཛ་ག་ཏམ།

མཚན་བསྡུས་ཕྱག་འཚལ་ཐར་པའི་ཤིང་རྟ།

༄༅། །མཚན་བསྡུས་ཕྱག་འཚལ་ཐར་པའི་ཤིང་རྟ་བཞུགས། ན་མོ་བུདྡྷཱ་ཡ། ན་མོ་ངྷརྨཱ་ཡ། ན་མོཿསཾ་གྷཱ་ཡ། འཆག་ཅིང་འདུག་དང་འགྲེང་ཞིང་ཉལ་བ་ན། །མི་གང་ཐུབ་པའི་ཟླ་བ་དྲན་བྱེད་པ། །དེ་ཡི་མདུན་དུ་རྟག་ཏུ་སྟོན་པ་བཞུགས། །དེ་ནི་རྒྱ་ཆེན་མྱ་ངན་འདས་པར་འགྱུར། །དྭངས་པའི་ཡིད་མཁར་དད་བརྒྱའི་མཆོད་སྤྲིན་དབུས། །དྲན་པ་ཙམ་གྱིས་སྲིད་ཞིའི་འཇིགས་འཕྲོག་པའི། །རབ་འབྱམས་བླ་མ་རྒྱལ་བ་སྲས་དང་བཅས། །མ་ལུས་འགྲོ་ལ་བརྩེ་བས་རྗེས་དགོངས་གྱུར། །ཡིད་འོང་རྫིང་བུའི་ནང་ན་གནས་པ་ཡི། །འཆར་ཁའི་པདྨོ་ཁ་འབུས་བྱེ་འདྲ་བ། །ལག་གཉིས་སྤྱི་བོར་ཐལ་སྦྱར་བསྟོད་དབྱངས་བཅས། །ལུས་དཔག་མེད་པར་སྤྲུལ་ནས་གུས་ཕྱག་འཚལ། །བླ་མ་མཉམ་མེད་སངས་རྒྱས་རིན་པོ་ཆེ། །དུས་གསུམ་བདེ་གཤེགས་སྲས་བཅས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རང་བཞིན་བྱིན་བརླབ་པའི། །བཀའ་དྲིན་ཆེན་པོའི་ཞབས་ལ་ཕྱག་འཚལ་ལོ། །སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། །སྐྱོབ་པ་བླ་མེད་དམ་ཆོས་རིན་པོ་ཆེ། །འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ། །སྐྱབས་གནས་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་སུ་འཁྲུངས། །གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་བཅོམ་པ། །གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །ཤཱཀྱའི་རྒྱལ་པོ་ཆེ་ལ་ཕྱག་འཚལ་ལོ། །མར་མེ་མཛད་སོགས་རྒྱལ་བ་འདས་པ་དང་། །བྱང་ཆུབ་ཆེན་པོ་ད་ལྟར་བཞུགས་པ་དང་། །བྱམས་པ་ལ་སོགས་སླད་ནས་འབྱོན་པ་ཡི། །དུས་གསུམ་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །མཐུན་པའི་དགེ་ཚོགས་སྨོན་ལམ་རྨད་བྱུང་ཞིང་། །སྤྱད་པ་སྤྱོད་ཚེ་ནའང་མཆེད་གྱུར་ལ། །སྐལ་བཟང་གཅིག་ལ་མཛད་པ་མཐར་ཕྱིན་པའི། །རྫོགས་པའི་སངས་རྒྱས་སྟོང་ལ་ཕྱག་འཚལ་ལོ། །སངས་རྒྱས་རྣམ་གཟིགས་གཙུག་ཏོར་ཐམས་ཅད་སྐྱོབ། །འཁོར་བ་འཇིགས་དང་གསེར་ཐུབ་འོད་སྲུང་དང་། །ཤཱཀྱ་ཐུབ་པ་གོ་ཏམ་ལྷ་ཡི་ལྷ། །སངས་རྒྱས་དཔའ་བོ་བདུན་ལ་ཕྱག་འཚའ་ལོ། །མཚན་ལེགས་རིན་ཟླ་གསེར་བཟང་མྱ་ངན་མེད། །ཆོས་བསྒྲགས་མངོན་མཁྱེན་སྨན་བླ་ཤཱཀྱ་ཐུབ། །རྒྱ་ཆེན་སྨོན་ལམ་ཡོངས་སུ་རྫོགས་པ་ཡི། །བདེ་བར་གཤེགས་པ་བརྒྱད་ལ་ཕྱག་འཚལ་ལོ། །རིན་ཆེན་འོད་ཟླ་མེ་ཏོག་འོད་རྣམ་རོལ། །སཱ་ལའི་རྒྱལ་པོ་ཟླ་དཀྱིལ་རྣམ་པར་དག །རབ་ཞི་གཟི་དབང་བརྩོན་འགྲུས་ཡང་དག་གནས། །ད་ལྟར་བཞུགས་པ་རྣམས་ལ་ཕྱག་འཚལ་ལོ། །སྨན་ལྷ་རིན་ཆེན་གཙུག་ཕུད་དྲི་མེད་འབྱུང་། །རབ་ཞི་འོད་དཔག་མེད་པ་པདྨོ་འབྱུང་། །རྡོ་རྗེ་མཁྲེགས་པ་མྱང་བྲལ་འཇིགས་རབ་ཞི། །འགྲོ་བ་ཡོངས་སྦྱོང་ངན་སོང་རྣམ་ཞི་མཛད། །བློ་གྲོས་རྣམ་དག་དབང་པོའི་བློ་གྲོས་དང་། །ཟླ་རྒྱས་དྲི་མེད་ངན་འགྲོ་རྣམ་ཞི་མཛད། །སེམས་ཅན་སྡུག་མཐོང་དགའ་དཔལ་ཙནྡ་དཔལ། །དཔའ་བོ་བདུད་ཀྱི་སྟོབས་འཇོམས་གཙུག་ཕུད་ཅན། །ཐམས་ཅད་སྐྱོབ་དང་ལོག་དད་སེལ་གསེར་ཐུབ། །འོད་སྲུང་རྣམས་ལ་གུས་པས་ཕྱག་འཚལ་ལོ། །བློ་གྲོས་མི་ཟད་རིན་ཆེན་རྒྱལ་མཚན་དང་། །དྲི་མེད་སྙིང་པོ་རྣམ་འཕྲུལ་དྭངས་བྱེད་གྲགས། །སྤྲིན་དཔུང་སེངྒེ་རྣམ་རོལ་ལྷུན་པོའི་རྒྱལ། །དམ་ཆོས་ཀུན་སྲུང་ཏོག་ལ་ཕྱག་འཚལ་ལོ། །ཤཱཀ་ཐུབ་འགྲོ་བ་ཡོངས་སྦྱོང་མིག་སྦྱོང་རྒྱལ། །པལ་གླང་དྲི་འོད་གསལ་རྒྱལ་མེ་ཏོག་དཔལ། །ས་འཛིན་རྒྱལ་དང་མར་མེ་རི་རབ་རྒྱལ། །རིན་རྒྱལ་རིན་ཆེན་གཙུག་ཕུད་ཚེ་དཔག་མེད། །རྣམ་གཟིགས་རིན་ཆེན་མང་དང་ཤཱཀྱ་ཐུབ། །ཆོས་སྡུད་འཛིན་དང་བརྗོད་འདས་དཔེ་ཟླ་མེད། །མུ་མེད་ཆོས་དང་བསམ་དཀའ་སྟོབས་གནས་སྟོབས། །འཇིགས་མེད་སྟོབས་བཅུ་འཇིག་རྟེན་གསུམ་གྱི་གཙོ། །ཐམས་ཅད་འདྲེན་སྟོན་འཆིང་གཅོད་ཕ་མཐར་ཕྱིན། །འཇིག་རྟེན་འདས་ཟིན་འཁོར་རྒྱུད་ཡོངས་སུ་བྲལ། །ཏིང་འཛིན་རྣམ་གྲོལ་མཁའ་ལྟར་དམིགས་སུ་མེད། །ཆོས་ཀྱི་རྒྱལ་པོ་བདུད་བཞིའི་ཚོགས་འཇོམས་པ། །བྱམས་ཆེན་གཙུག་ཏོར་ཅན་ལ་ཕྱག་འཚལ་ལོ། །ཉི་ཟླ་མར་མེ་སྣང་སྟོང་ཕྲག་ཉི་ཤུ། །སྟོང་ཕྲག་སུམ་ཅུའི་གྲངས་རྙེད་མར་མེ་མཛད། །རྒྱལ་བུ་བཅུ་དྲུག་གདོན་མི་ཟ་འབུམ་བརྒྱ། །འོད་གྲངས་མེད་པ་སྤྲུལ་པའི་སྐུ་ཐམས་ཅད། །ཡོན་ཏན་ཉི་ཟླ་ལྟར་སྣང་ཀླུ་དབང་རྒྱལ། །འབྲུག་སྒྲའི་སྤྲིན་རྒྱལ་འོད་སྣང་རྣམ་དག་རྒྱལ། །རི་རབ་ལྷ་ཡི་དབུ་རྒྱན་དྲི་མ་མེད། །བློ་གྲོས་རྒྱ་མཚོ་ཆགས་མེད་སྐྱོ་ཡིད་སྤངས། །མཆོག་དམ་བྱང་ཆུབ་མེ་ཏོག་ཐེ་ཚོམ་སེལ། །མོས་པ་རྣམ་དག་ཡོངས་དགེ་བྱིན་གྱིས་རློབས། །གསུང་དཔག་མེད་པ་འཇིག་མེད་སྟོབས་ཀྱི་རྒྱལ། །ཡིད་བཞིན་རྒྱལ་མཚན་རྡོ་རྗེ་སྲ་བརྟན་དང་། །ཐུགས་རྗེའི་སྟོབས་རྒྱལ་བྱམས་སྙིང་བཀོད་པའི་རྒྱལ། །སྐུ་མདོག་ཀུན་སྟོན་ཡེ་ཤེས་འོད་མི་གཡོ། །བདུད་རྒྱལ་རྣམ་བཏུལ་ཤེས་རབ་སྟོབས་ཀྱི་རྒྱལ། །རབ་དགའ་འཁྲུགས་མེད་གསུང་དབྱངས་ཚད་མེད་རྒྱལ། །ཐོགས་མེད་རྒྱལ་སོགས་སྔོན་འདས་བདེ་བར་གཤེགས། །ལུས་པ་མེད་པའི་ཚོགས་ལ་གུས་ཕྱག་འཚལ། །རིན་ཆེན་འབྱུང་གནས་གངྒཱའི་བྱེ་སྙེད་གྲངས། །རིན་ཆེན་དམ་པ་རིན་ཆེན་དམ་པ་གཙོ། །རིན་ཆེན་འབྱུང་བ་རིན་ཆེན་སྣང་བ་དང་། །རིན་ཆེན་ཏོག་དང་རིན་ཆེན་རབ་སྣང་བ། །མི་འཁྲུགས་པ་དང་འོད་ཆེན་དབྱངས་དཔག་མེད། །བདུད་རྩི་དབྱངས་དང་གྲགས་ཆེན་གྲགས་མཐའ་ཡས། །རིན་ཆེན་སྣང་བ་བདེ་བ་ཆེན་པོ་ཐོང་། །སྐར་མ་མར་མེ་སྣང་བ་བདེན་པའི་དབྱངས། །དྲི་མེད་མཐའ་ཡས་ཟླ་བ་ལྟར་དཀའ་བ། །ཟླ་འོད་དྲི་མེད་འོད་དང་འོད་དག་པ། །ཉི་འོད་རིན་ཆེན་མཐའ་ཡས་པདྨོའི་བླ། །ཡན་ལག་བླ་མ་གསེར་འོད་དམ་པ་དང་། །ཚངས་པའི་དབང་ཕྱུག་རྒྱལ་པོ་གསེར་ལྟར་སྣང་། །གསེར་གྱི་འབྱུང་གནས་ཀླུ་ཡི་དབང་ཕྱུག་རྒྱལ། །མེ་ཏོག་དྲི་ཡི་དབང་ཕྱུག་སཱ་ལའི་རྒྱལ། །དཔའ་བརྟན་ཉོན་མོངས་སེལ་ལ་ཕྱག་འཚལ་ལོ། །དཔལ་གྱི་སྙིང་པོར་སྣང་བ་སྤོས་དཔག་མེད། །སེང་གེའི་དབྱངས་དང་མཐུ་ཆེན་བརྩོན་འགྲུས་ངེས། །སྙིང་པོ་ཟིལ་གནོན་རྔ་དབྱངས་རྒྱལ་པོ་དང་། །ཟླ་བའི་བླ་མ་མེ་ཏོག་ཟིལ་གྱིས་གནོན། །འཇིག་རྟེན་སྒྲོན་མ་མེ་དང་རིན་ཆེན་རྨང་། །རྟག་པར་ཡོངས་སུ་མྱང་འདས་ཟུག་རྔུ་མེད། །སྤྲུལ་པ་ཚད་མེད་རི་རབ་རྣམ་པར་གནོན། །རིན་ཆེན་གླང་པོ་རིན་ཆེན་འདུས་པའི་དཔལ། །མི་ལྡོག་འཁོར་ལོ་རིན་ཆེན་རྟོག་དོན་དཔལ། །ཀུན་ཏུ་རྣམ་པར་སྣང་མཛད་རྣམ་དག་ཐོབ། །ཉི་ཟླ་སྒྲོན་མ་རི་རབ་རི་རབ་མངོན། །རི་རབ་འདྲ་བ་ཀུན་སྤོས་ཡོངས་སུ་དག །ཆོས་ཀྱི་བླ་མ་སྤོས་ཀྱི་དབང་ཕྱུག་རྒྱལ། །ཡོན་ཏན་ཆེན་པོ་སྤོས་འོད་འོད་འཕྲོ་བ། །འོད་ཚད་མེད་དང་འོད་བཏང་ཟླ་སྒྲོན་མ། །ཟླ་འོད་ཟླ་བ་སྣང་བ་མེ་འོད་དང་། །རྣམ་པར་རྒྱལ་བའི་དབྱངས་དང་མཆོག་མཛད་དཔལ། །མང་པོའི་བླ་མ་པད་སྡེ་པདྨོའི་དབྱངས། །རིན་ཆེན་མང་དང་སེང་གེའི་ང་རོ་དང་། །སེང་གེའི་དབྱངས་དང་སངས་རྒྱས་དཔའ་པོའི་སྡེ། །ཡང་དག་བླང་བ་ལས་བརྒལ་ཐེ་ཚོམ་གཅོད། །བདེ་གཤེགས་འཁོར་རིན་མེ་ལྟ་མྱ་ངན་མེད། །དམ་པའི་དགའ་ལྡན་དབང་པོའི་འབྱུང་གནས་དང་། །དབྱངས་ཚད་མེད་པ་རིན་སྣང་མར་མེ་མཛད། །ཚེ་དཔག་མེད་པ་རྣམ་པར་རྒྱལ་མངའ་བ། །རྣམ་པར་རྒྱལ་དབྱངས་དཔལ་བརྩེགས་རྣམ་བསྒྲགས་རྒྱལ། །རྡོ་རྗེའི་རབ་ཏུ་འཇོམས་དང་རིན་ཆེན་མེ། །ཟླ་བའི་འོད་དང་བཟང་པོ་དམ་པའི་དཔལ། །པདྨོ་ལ་བཞུང་རྣམ་ལ་ཕྱག་འཚལ་ལོ། །གསེར་སྣང་རྣམ་པར་གནོན་པ་མ་ཕམ་དཔལ། །ཚད་མེད་བླ་མ་བདེ་རྒྱལ་མ་རླན་གླང་། །བརྩོན་འགྲུས་གྲངས་མེད་དགོངས་པ་བརྗོད་མི་ལང་། །གཏི་མུག་མེད་པའི་སྤོས་དཔལ་ཟླ་བ་དཔལ། །རྣམ་པར་མི་རྟོག་འོད་དང་ནམ་མཁའ་སྣང་། །སྤྱོད་པ་ཡང་དག་གཏེར་ལེགས་གནས་ཞི་རྒྱལ། །དོན་གྲུབ་ཤེས་རབ་སྦེད་དཔལ་གཏམ་ཡོངས་དག །བཻཌཱུརྱའི་སྙིང་པོ་ཡོན་ཏན་རིན་ཆེན་གནོན། །ཡོན་ཏན་ཡོངས་དག་རིན་ཆེན་གནོན་མཆོད་རྟེན། །ཚད་མེད་ཁྲེལ་ཡོད་པདྨ་རྣམ་འཕྲུལ་དཔལ། །རིན་ཆེན་དག་འབྱུང་དཔལ་ལ་ཕྱག་འཚལ་ལོ། །གློག་གི་སྒྲོན་ཏོག་ཏ་ལའི་རྒྱལ་མངོན་འཕགས། །ཆོས་ནམ་མཁའི་སྒྲོན་ཡོན་ཏན་ཐམས་ཅད་འབྱུང་། །བཟང་པོའི་ཏོག་རྒྱན་རིན་ཆེན་ཐམས་ཅད་ཀྱིས། །བརྒྱན་པའི་གཟུགས་འཛིན་དཔལ་ལ་ཕྱག་འཚལ་ལོ། །རྗེས་སྤྱོད་བག་ཚ་དང་བྲལ་རྣམ་པར་གནོན། །རིན་ཆེན་གཟུགས་བཀོད་འོད་གནོན་བདུད་ཡིད་འཇོམས། །འཁོར་ལོ་འབྱུང་དཔལ་རིན་ཆེན་གདུགས་འཕགས་སྣང་། །བྱང་སེམས་འདུལ་བ་ཏིང་འཛིན་མངོན་འཕགས་རྒྱལ། །ཐེ་ཚོམ་གཅོད་མཛད་རྣམས་ལ་ཕྱག་འཚལ་ལོ། །ཤིན་ཏུ་ཡོངས་སྒྲགས་དབང་པོའི་ཏོག་རྒྱལ་མཚན། །རྣམ་གནོན་གྲགས་མཆོག་གཡུལ་ལས་ཤིན་རྣམ་རྒྱལ། །ཡོན་ཏན་བཀོད་དཔལ་སྨན་རྒྱལ་དཔལ་ཐོགས་མེད། །པདྨ་རྣམ་གནོན་རིན་ཆེན་པདྨ་ལ། །རབ་གནས་སཱ་ལའི་རྒྱལ་ལ་ཕྱག་འཚལ་ལོ། །མཚན་ཡོངས་བསྒྲགས་དཔལ་ཀུན་སྣང་གཡུལ་ལས་རྒྱལ། །དབང་པོའི་ཏོག་རྒྱན་ཡོན་ཏན་མཐའ་སྣང་དབང་། །ཐོགས་མེད་སྟོན་དཔལ་རིན་ཆེན་པདྨ་གནོན། །རི་དབང་རྒྱལ་པོ་རྣམས་ལ་ཕྱག་འཚལ་ལོ། །སྒྲོན་མེའི་རྒྱལ་པོ་རྩལ་བརྟན་དོན་གྲུབ་དགོངས། །ཀུན་དགོངས་རྒྱ་ཆེར་གྲགས་ཅན་བྱམས་རྒྱན་དཔལ། །དགེ་བར་གྲགས་དཔལ་ལྷུན་པོ་ལྟར་འཕགས་གྲགས། །སེམས་ཅན་ལ་དགོངས་གྲགས་དཔལ་ཡིད་ཚིམ་མཛད། །རྩལ་རབ་གྲགས་པའི་དཔལ་ལ་ཕྱག་འཚལ་ལོ། །ཡོན་ཏན་དཔག་མེད་ཡོན་ཏན་རིན་ཆེན་བཀོད། །ཆོས་སྤོབས་བཀོད་དཔལ་སྤོབས་པ་དཔག་མེད་བཀོད། །སྤྲིན་སྒྲ་དབྱངས་སྟོང་ཉི་དཔལ་གཟི་བརྗིད་འབྱུང་། །རྣམ་མང་གཟི་བརྗིད་རྒྱལ་པོ་ཀུན་ཏུ་འབྱུང་། །གསེར་མཁའ་ངེས་སྒྲོགས་བཀོད་དཔལ་གཟི་བརྗིད་འབྱུང་། །ཆོས་ཚུལ་རྣམ་འཕྲུལ་གཟི་འབྱུང་ལ་ཕྱག་འཚལ། །ཆགས་མེད་རིན་ཆེན་རྒྱལ་པོ་ཏོག་རྒྱལ་མཚན། །བཀོད་པ་དྲི་མེད་སྤོབས་པའི་རྒྱན་ལ་དགོངས། །དྲི་མེད་ཟླ་ཏོག་མེ་ཏོག་བཀོད་སྣང་མཛད། །འོད་མཛད་རིན་ཆེན་མཆོག་ཏོག་རྣམ་པར་གཟིགས། །འཇིགས་བྲལ་སེང་གེ་བསྒྱིངས་པའི་མིད་པ་དང་། །གསེར་འོད་གཟི་བརྗིད་འཇིགས་བྲལ་རྒྱལ་ཕྱག་འཚལ། །ཏིང་འཛིན་གླང་པོ་དད་དཔལ་པད་དམ་དཔལ། །ཉི་དཀྱིལ་སྣང་བ་རིན་ཆེན་གདུགས་གཅིག་པ། །ཏིང་འཛིན་རྣམ་གནོན་གཟི་བརྗིད་མངོོན་འཕགས་རྒྱལ། །རིན་ཆེན་མེ་ཏོག་ཀུན་སྣང་རིན་ཆེན་སྙིང་། །རྣམ་པར་གནོན་པ་སྤོས་མཆོག་མཐའ་ཡས་རྒྱལ། །རིན་ཆེན་དམ་པ་དང་ནི་མཐུ་སྣང་ཆེ། །རིན་ཆེན་དམ་པ་རྣམས་ལ་ཕྱག་འཚལ་ལོ། །དཔལ་བཟང་ཙནྡ་དཔལ་དང་སྣང་མཐའ་ཡས། །མེ་ཏོག་དཔལ་དང་མྱ་ངན་མེད་པའི་དཔལ། །རིན་ཆེན་མཆོད་སྡོང་མེ་ཏོག་དཔལ་མངོན་ཤེས། །ཆུང་འབྲིང་ཆེན་པོས་རྣམ་རོལ་སྣང་བའི་དཔལ། །ནོར་དཔལ་རྣམས་ལ་གུས་པས་ཕྱག་འཚལ་ལོ། །ཤཱཀ་ཐུབ་ཚེ་དཔག་མེད་པ་རྡོ་རྗེ་འཇོམས། །འོད་ཟེར་ཤིན་སྡུག་པདྨ་རབ་རྒྱས་སྐུ། །ཆོས་ཀྱི་རྒྱལ་མཚན་སེང་གེ་རྣམ་སྣང་མཛད། །ཆོས་ཀྱི་འོད་ཟེར་མེ་ཏོག་རབ་རྒྱས་སྐུ། །འོད་ཟེར་རྒྱལ་པོ་ཟླ་བའི་བློ་གྲོས་དང་། །རྒྱལ་བ་བཟང་པོའི་དཔལ་ལ་ཕྱག་འཚལ་ལོ། །ངན་སོང་ཐམས་ཅད་ཡོངས་སྦྱོང་གཟི་བརྗིད་རྒྱལ། །ཚེ་འོད་དཔག་ཏུ་མེད་དང་མི་འཁྲུགས་པ། །ཚེ་དཔག་མེད་ངེས་དབང་པོའི་རྒྱལ་པོ་དང་། །རིན་ཆེན་རྒྱལ་བ་འོད་ཆེན་སྣང་མཛད་དཔལ། །རྣམ་པར་སྣང་མཛད་དོན་རྣམ་གྲུབ་པ་དང་། །ཤཱཀྱ་ཐུབ་པ་མི་འཁྲུགས་རིན་ཆེན་ཏོག །ཚེ་དཔག་མེད་དང་ལྷ་ཡི་སེང་སྒྲའི་རྒྱལ། །ལེགས་འོང་དྲི་མེད་གྲགས་རྒྱལ་སྣང་བའི་རྒྱལ། །རྣམ་དག་ཟླ་བའི་འོད་ཟེར་མཚན་གྲགས་རྒྱལ། །མཆོག་ཏུ་རྣམ་པར་རྒྱལ་བའི་རྒྱལ་པོ་དང་། །ཚངས་པ་རྣམ་པར་དག་པའི་རྒྱལ་པོ་དང་། །བཀྲ་ཤིས་བློ་ཡི་རྒྱལ་པོ་ཞེས་བྱ་དང་། །བདེ་གཤེགས་རྣམ་པར་སྣང་མཛད་གངས་ཆེན་མཚོ། །ཆོས་ཀྱི་ཆུ་བོ་རྣམ་པར་སངས་རྒྱས་པ། །ནམ་མཁའ་མཐའ་ཡས་རྒྱལ་པོ་ཞེས་བྱ་དང་། །ཀུན་མཁྱེན་འོད་དཔལ་རི་བོའི་རྒྱལ་པོ་དང་། །སྤོས་མངོན་སྣང་བ་ཡོན་ཏན་རིན་ཆེན་བརྒྱན། །ཡེ་ཤེས་ཀྱི་དཔལ་ཀུན་དབྱངས་རྒྱལ་པོ་དང་། །ཐམས་ཅད་ཆོས་ལ་མི་འཇིགས་སྒྲོན་མ་ནི། །ཀུན་ཏུ་དགའ་བའི་ཤུགས་དཔལ་རྒྱལ་པོ་དང་། །སྒོ་ཀུན་ནས་ནི་ཡེ་ཤེས་རྣམ་སྣང་དབྱངས། །ཡོན་ཏན་རྒྱ་མཚོ་ཚད་མེད་པ་ཡི་འོད། །ཆོས་དབྱིངས་སྣང་བར་མཛད་པའི་འོད་ཟེར་ཅན། །ཡོན་ཏན་གྲགས་པ་ཐོགས་མེད་རྣམ་སྣང་རྒྱལ། །དཔལ་སྙིང་བརྩེགས་པ་རྣམ་པར་བསྒྲགས་པའི་རྒྱལ། །ཡོན་ཏན་མཐའ་ཡས་རབ་གསལ་དབང་ཕྱུག་རྒྱལ། །དབང་པོའི་ཏོག་གི་རྒྱལ་མཚན་རྒྱལ་པོ་དང་། །རིན་ཆེན་པདྨར་རབ་གནས་རི་དབང་རྒྱལ། །དཔལ་བརྩེགས་རྒྱལ་པོ་ནོར་བུ་བརྩེགས་པའི་རྒྱལ། །སཱ་ལའི་དབང་པོའི་རྒྱལ་དང་ཡེ་ཤེས་རྒྱལ། །ཀུན་ནས་འོད་ཟེར་ཡོན་ཏན་རྟག་ཏུ་ནི། །མང་བ་རྒྱ་མཚོའི་རྒྱལ་པོ་ཞེས་བྱ་དང་། །འཕགས་འོད་དམ་པའི་འོད་དང་ལེགས་པའི་འོད། །སེང་གེའི་འོད་དང་དྲི་མ་མེད་པའི་འོད། །གསེར་འོད་ཏོག་དང་གསེར་བརྒྱའི་འོད་སྙིང་པོ། །རིན་ཆེན་འོད་དང་སེང་གེའི་འོད་ཟེར་དང་། །མཆོག་གི་འོད་དང་རྡོ་རྗེའི་འོད་ཟེར་དང་། །སྤོས་ཀྱི་འོད་ཟེར་དགའ་བའི་སྟོབས་རྒྱ་མཚོ། །ཀུན་ཏུ་སྣང་བའི་འོད་ཀྱི་དབང་པོའི་དཔལ། །དག་ཤུགས་ཡོན་ཏན་གྲགས་པའི་དབང་འོད་ཟེར། །ཆགས་མེད་ཡེ་ཤེས་ཕྱོགས་ཀུན་རྣམ་སྣང་འོད། །ཆོས་དབྱིངས་ནམ་མཁའ་ཀུན་ཏུ་སྣང་བའི་འོད། །དཔལ་ལྡན་རྣམ་པར་སྣང་བའི་མཛོད་སྤུའི་འོད། །མངོན་པར་མཁྱེན་པ་ཐམས་ཅད་ཀྱི་འོད་ཟེར། །གསེར་འོད་དམ་པ་གསེར་གདུགས་རིན་ཆེན་བརྩེགས། །རིན་ཆེན་སྙིང་པོ་རིན་ཆེན་གཙུག་ཕུད་དང་། །རིན་ཆེན་ཅན་དང་རིན་ཆེན་འབར་དང་ནི། །རིན་ཆེན་རྩལ་གྱིས་རྣམ་པར་གནོན་པ་དང་། །གཡུལ་ལས་རྣམ་པར་རྒྱལ་བའི་དཔལ་དང་ནི། །མྱ་ངན་མེད་པའི་དཔལ་དང་དཔལ་བཟང་པོ། །འོད་ཀྱི་དཔལ་དང་ནོར་དཔལ་དྲན་པའི་དཔལ། །དྲི་མ་མེད་འོད་ཡེ་ཤེས་དཔལ་གྱི་དཔལ། །ཚངས་པའི་དབང་པོའི་དཔལ་དང་དཔལ་དགྱེས་དང་། །ཆོས་ཀྱི་དབྱིངས་ནི་ཤིན་ཏུ་འཕགས་པའི་དཔལ། །སྟོབས་ལ་ཐུབ་པ་མེད་པའི་ཀུན་སྣང་དཔལ། །ཆོས་མཆོག་རྣམ་པར་ངེས་དང་ཆོས་རྒྱལ་མཚན། །ཆོས་ཀྱི་འོད་ཟེར་སྐུ་ཡི་པདྨོ་རྒྱས། །ཡངས་པའི་ཡོན་ཏན་མང་པོ་ཡོན་ཏན་སྣང་། །སྤོབས་བརྩེགས་རྒྱལ་པོ་སྤོབས་པས་རབ་ཏུ་དགོངས། །རྟོགས་པས་འཇིགས་མེད་དབང་ཕྱུག་ཅེས་བྱ་དང་། །བསྙེངས་པ་མི་མངའ་བ་ཡི་གྲགས་པ་དང་། །མངོན་པར་དགའ་བའི་གཟུགས་སྐུ་བཀོད་པའི་མཆོག །རྡོ་རྗེ་སྙིང་པོས་རབ་འཇོམས་དམ་པའི་སྒྲ། །རྣམ་པར་རྒྱལ་བའི་པདྨ་རྣམ་པར་གཟིགས། །སྣང་བའི་སྙིང་པོ་བླ་མ་འཕགས་པའི་སྐུ། །ཤེས་རབ་བརྩེགས་པ་སངས་རྒྱས་མཐུ་བོ་ཆེ། །སྨོན་ལམ་ཀུན་འབྱུང་རིན་ཆེན་གཟི་བརྗིད་འཕགས། །ཟླ་འོད་དང་ནི་མཛེས་ཆེན་ཀུན་ཏུ་བཟང་། །གང་ཞིག་དྲན་པས་མཆོག་རྣམས་ལེགས་སྩོལ་བ། །ཕྱོགས་བཅུའི་སངས་རྒྱས་ཀུན་ལ་ཕྱག་འཚལ་ལོ། །ཆོས་ཀུན་མཉམ་པ་ཉིད་དུ་སངས་རྒྱས་པས། །མཁའ་ལྟར་མི་གཡོ་ཡེ་ཤེས་སྐུ་མངའ་བ། །ཡོན་ཏན་ཀུན་གྱི་ཕ་རོལ་བྱོན་པ་ཡི། །སྐུ་གསུམ་ཡེ་ཤེས་ལྔ་ཡི་བདག་ཉིད་ལ། །རྒྱལ་བ་རང་བྱུང་ཀུན་མཁྱེན་བདེ་གཤེགས་སོགས། །མཚན་གྱི་སྙན་པ་སྲིད་མཐར་རབ་གྲགས་པ། །ཐོས་དང་དྲན་པས་དོན་ཀུན་གྲུབ་མཛད་པའི། །རྫོགས་པའི་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོར་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །མདོ་སྡེ་དབྱངས་བསྙད་ལུང་བསྟན་ཚིགས་སུ་བཅད། །ཆེད་བརྗོད་གླེང་གཞི་རྟོགས་བརྗོད་དེ་ལྟར་བྱུང་། །སྐྱེས་རབས་རྒྱས་དང་རྨད་བྱུང་གཏན་ལ་དབབ། །གསུང་རབ་ཡན་ལག་བཅུ་གཉིས་ལ་ཕྱག་འཚལ་ལོ། །འཇམ་དབྱངས་ཕྱག་ན་རྡོ་རྗེ་སྤྱན་རས་གཟིགས། །ས་ཡི་སྙིང་པོ་སྒྲིབ་པ་རྣམ་པར་སེལ། །ནམ་མཁའི་སྙིང་པོ་བྱམས་པ་ཀུན་ཏུ་བཟང་། །ཉེ་བའི་སྲས་ཆེན་བརྒྱད་ལ་ཕྱག་འཚལ་ལོ། །རླབས་ཆེན་སྤྱོད་པའི་ཚུལ་ནི་རབ་བཟུང་ཞིང་། །བསྡུ་བ་རྣམ་བཞིས་འགྲོ་དོན་མཛད་གྱུར་པའི། །རབ་དགའ་ལ་སོགས་ས་ལ་བཞུགས་པ་ཡིས། །བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །བླ་མེད་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །བསམ་པ་རྣམ་དག་སྦྱོར་བ་ཕུན་སུམ་ཚོགས། །ལྷག་བསམ་ཁུར་ཁྱེར་ཕ་རོལ་ཕྱིན་དྲུག་སྤྱོད། །ཚད་མེད་བཞི་ལྡན་མངོན་ཤེས་ལྔ་མངའ་བ། །བསྡུ་དངོས་བཞི་ཡིས་སེམས་ཅན་དོན་མཛད་ཅིང་། །སོ་སོ་ཡང་དག་རིག་པ་བཞི་ཡིས་མཛེས། །རྟོན་{རྟོག}པ་བཞི་ལྡན་ཚོགས་གཉིས་ལེགས་བསགས་ཏེ། །བྱང་ཆུབ་ཕྱོགས་ཆོས་སུམ་ཅུ་བདུན་ལ་བསླབས། །ཞི་ལྷག་ཟུང་འབྲེལ་གཟུངས་དང་སྤོབས་པའི་མཛོད། །སྡོམ་བཞིའི་ཆོས་ཆར་འཇིག་རྟེན་ཁམས་སུ་འབེབས། །བགྲོད་གཅིག་ལམ་ཞུགས་ཐབས་མཁས་ཚད་མེད་པས། །རྫོགས་སྨིན་སྦྱངས་པ་མཐའ་རུ་ཕྱིན་མཛད་པ། །རྒྱལ་སྲས་རྒྱལ་བའི་མྱུ་གུ་རྒྱལ་བའི་གཞི། །རྒྱལ་བྱེད་རྩལ་ལྡན་བློ་ལྡན་འཕགས་མཆོག་སོགས། །མཚན་གྱི་གྲགས་པས་ཕྱོགས་ཀུན་ཁྱབ་གྱུར་པའི། །བྱང་ཆུབ་སེམས་དཔའ་རྣམ་ལ་ཕྱག་འཚལ་ལོ། །འགྲོ་བའི་མགོན་པོ་ཤཱཀྱ་སེངྒེ་ཡིས། །སངས་རྒྱས་བསྟན་པ་གང་གི་ཕྱག་ཏུ་བཞག །གསུང་རབ་རིན་ཆེན་སྒྲོམ་གྱི་ཁ་འབྱེད་པའི། །དགྲ་བཅོམ་གནས་བརྟན་རྣམས་ལ་ཕྱག་འཚལ་ལོ། །ཤཱ་རིས་བུ་དང་མོའུ་འགལ་གྱི་བུ། །ཀུན་དགའ་སྒྲ་གཅན་འཛིན་དང་མ་འགགས་པ། །གང་པོ་རབ་འབྱོར་འོད་སྲུང་ཉེ་འཁོར་སོགས། །ཉན་ཐོས་གྲངས་ལས་འདས་ལ་ཕྱག་འཚལ་ལོ། །སྟོན་པའི་གཏད་རབ་བདུན་དང་རྒྱན་མཆོག་ཚོགས། །མཁན་སློབ་ཆོས་རྒྱལ་སྤྲུལ་པའི་ལོ་པཎ་རིགས། །བཤད་བརྒྱུད་ཀ་ཆེན་བཅུ་དང་སྒྲུབ་བརྒྱུད་བརྒྱད། །རིང་ལུགས་བརྒྱུད་འཛིན་ཡོངས་ལ་གུས་ཕྱག་འཚལ། །མདོར་ན་ཕྱོགས་དུས་རབ་འབྱམས་ཞིང་བཞུགས་པའི། །བླ་མ་རྒྱལ་བ་སྲས་བཅས་ཉན་རང་ཚོགས། །སྐུ་གཟུགས་གླེགས་བམ་མཆོད་རྟེན་ལ་སོགས་པའི། །བསོད་ནམས་ཞིང་གྱུར་ཀུན་ལ་མགོས་ཕྱག་འཚལ། །སྲིད་ཞིའི་ཁམས་ན་ཕུན་ཚོགས་མཆོད་འོས་རྫས། །བདག་པོས་བཟུང་དང་མ་བཟུང་ཇི་སྙེད་དང་། །བདག་ལུས་ཕུང་ཁམས་དུས་གསུམ་དགེ་རྩར་བཅས། །ཡོན་གནས་དམ་པ་རྣམ་ལ་འབུལ་གྱིས་བཞེས། །བདག་གཞན་ཐོག་མ་མེད་ནས་ད་ལྟའི་བར། །མི་ཤེས་ཉོན་མོངས་བག་མེད་དབང་གྱུར་པས། །བཅས་དང་རང་བཞིན་འགལ་བའི་ནོངས་པ་ཀུན། །སྙིང་ནས་འགྱོད་བཤགས་སླན་ཆད་མི་བགྱིད་དོ། །འཁོར་འདས་དགེ་བའི་རྩ་ལ་རྗེས་ཡི་རངས། །འཕགས་རྣམས་འགྲོ་ལ་སྨན་སླད་ཆོས་འཁོར་བསྐོར། །གཟུགས་སྐུའི་བཀོད་པ་གཡོ་མེད་རྟག་བཞུགས་གསོལ། །འདིས་མཚོན་དགེ་ཚོགས་བྱང་ཆུབ་ཆེན་པོར་བསྔོ། །སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །བདེ་གཤེགས་སྲས་བཅས་ཀུན་གྱི་ཐུགས་བསྐྱེད་དང་། །མཛད་པ་སྨོན་ལམ་མཁྱེན་བརྩེ་ནུས་པའི་ཚུལ། །བླ་མེད་ཡེ་ཤེས་སྒྱུ་འཕྲུལ་ཇི་འདྲ་བ། །དེ་འདྲ་ཁོ་ནར་འགྲོ་ཀུན་འགྱུར་བར་ཤོག །ཕན་བདེའི་འབྱུང་གནས་བསྟན་པ་འཕེལ་གྱུར་ཅིག །ཚེ་རབ་ཀུན་ཏུ་ཆོས་ལ་སྤྱོད་གྱུར་ཅིག །རྒྱལ་ཁམས་ཀུན་ཏུ་བཀྲ་ཤིས་རྒྱས་གྱུར་ཅིག །འགྲོ་ཀུན་ཕྱམ་གཅིག་སངས་རྒྱས་འགྲུབ་པར་ཤོག །གང་དུ་སྐྱེས་པའི་སྐྱེ་བ་ཐམས་ཅད་དུ། །མཐོ་རིས་ཡོན་ཏན་བདུན་ལྡན་ཐོབ་པར་ཤོག །སྐྱེས་མ་ཐག་ཏུ་ཆོས་དང་འཕྲད་གྱུར་ནས། །ཚུལ་བཞིན་སྒྲུབ་པའི་རང་དབང་ཡོད་པར་ཤོག །དེར་ཡང་བླ་མ་དམ་པ་མཉེས་བྱས་ནས། །ཉིན་དང་མཚན་མོ་ཆོས་ལ་སྤྱོད་པར་ཤོག །ཆོས་རྟོགས་ནས་ནི་སྙིང་པོའི་དོན་སྒྲུབ་སྟེ། །ཚེ་དེས་སྲིད་པའི་རྒྱ་མཚོ་བརྒལ་བར་ཤོག །སྲིད་པར་དམ་པའི་ཆོས་རབ་སྟོན་བྱེད་ཅིང་། །གཞན་ཕན་སྒྲུབ་ལ་སྐྱོ་ངལ་མེད་པར་ཤོག །རླབས་ཆེན་གཞན་དོན་ཕྱོགས་རིས་མེད་པ་ཡིས། །ཐམས་ཅད་ཕྱམ་གཅིག་སངས་རྒྱས་འགྲུབ་པར་ཤོག །སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་དང་། །ཆོས་ཉིད་མི་འགྱུར་བདེན་པའི་བྱིན་རླབས་དང་། །དགེ་འདུན་མི་ཕྱེད་འདུན་པའི་བྱིན་རླབས་ཀྱིས། །ཇི་ལྟར་བསྔོས་བཞིན་སྨོན་ལམ་འགྲུབ་པར་ཤོག །ཅེས་པའང་དགེ་བའི་ཐུགས་འདུན་ཅན་དགེ་རྩེ་དཀོན་མཆོག་ཕུན་ཚོགས་ནས་བློ་དམན་སྦྱོར་ཀློག་མི་ཤེས་པ་རྣམས་ལ་དག་སྤོད་བློ་འཛིན་ཁྱེར་བདེའི་སླད་དུ་བསྐུལ་བའི་ངོར། བཙུན་པ་གཞན་ཕན་ཆོས་ཀྱི་བློ་གྲོས་ཀྱིས་བྲིས་པ་བློ་དམན་རྣམས་ལ་ཕན་པའི་རྒྱུར་གྱུར་ཅིགདཔེ་ཀློག་མཁྱེན་པ་རྣམས་ཀྱིས་ནི་༧ཀུན་གཟིགས་འཇམ་པའི་རྡོ་རྗེའི་ཞལ་སྔ་ནས་བཀའ་བསྡུ་གནང་བའི་མཚན་འབུམ་ནོར་བུའི་ཕྲེང་བ་ཉིད་ལ་ཐུགས་དམ་དུ་གཞོལ་བ་ལས་འདི་ཙམ་གྱིས་དེས་ཆོག་སླ་ཆོས་སུ་མི་བྱའོ། །སརྦ་དཱ་མངྒལཾ་བྷ་ཝནྟུ། ༈ རྟེན་ལ་མེ་ཏོག་འབུལ་ན། དེ་བཞིན་གཤེགས་པ་མེ་ཏོག་དཔལ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། པུཥྤེ་པུཥྤེ་སུ་པུཥྤེ་ཡེ་སྭཱ་ཧཱ། ལན་ཉེར་གཅིག་དང་། ན་མོ་བྷ་ག་ཝ་ཏེ་པུཥྤ་ཀེ་ཏུ་རཱ་ཛཱ་ཡ། ཏ་ཐཱ་ག་ཏ་ཡ་ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ༀ་པུཥྤེ་པུཥྤེ་མ་ཧཱ་པུཥྤེ། སུ་པུཥྤེ་པུཥྤེ་ཨུདྦྷ་ཝེ། པུཥྤེ་སཾ་བྷ་ཝེ། པུཥྤེ་ཨ་བ་ཀི་ར་ཎི་སྭཱ་ཧཱ། ཞེས་ལན་བདུན་དང་། སྤྲོ་ན་མཆོད་པའི་སྤྲིན་གཟུངས་དང་རྟེན་སྙིང་ཡང་བརྗོད། སྟོང་དང་རྟེན་འབྱུང་འགགས་པ་མེད་པའི་འཕྲུལ། །དྲི་མེད་ཡིད་འོང་ལྷ་རྫས་གསར་པའི་ཕྲེང་། །ཟག་བྲལ་ཀུན་བཟང་རོལ་མོའི་སྤྲིན་ཕུང་མཆོག །ནམ་མཁའི་མཐར་མཉམ་ཆོས་དབྱིངས་རྒྱས་པར་དཀྲིགས། །པདྨའི་འོད་ཟེར་ཡིད་འཕྲོག་ལྷ་མོའི་ཚོགས། །སྒེག་བཞད་གཡོ་བའི་གར་སྟབས་སྣ་ཚོགས་ཀྱིས། །ངོ་མཚར་སྲིད་ཞིའི་མཆོད་ཚོགས་མ་ཚངས་མེད། །སྲས་བཅས་རྒྱལ་བའི་མདུན་མཁར་ཆར་དུ་བསྙིལ། །ལྷག་བསམ་རྙོག་བྲལ་རྫིང་བུ་ལས་ཐོན་པའི། །སྨོན་འཇུག་བྱང་ཆུབ་སེམས་ཀྱི་པདྨ་དཀར། །བསླབ་གསུམ་ཟིལ་མངར་འཇོ་བའི་དགྱེས་བསྐྱེད་རྫས། །སྲིད་མཐར་མི་གཏོང་དམ་བཅའི་ཆུ་བ་བརླིང་། །དད་པའི་འདབ་མ་རབ་ཡང་ཨུཏྤ་ལར། །དགྱེས་སྤྱན་ཞི་བསིལ་ཟླ་བའི་བདུད་རྩིས་བྲན། །སྲིད་ཞིས་དགེ་ལེགས་དཔལ་གྱིས་རབ་མཛེས་ཤིང་། །གྲུབ་གཉིས་སྦྲང་རྩིའི་བཅུད་ལ་དབང་འབྱོར་སྩོལ། །ཕུན་ཚོགས་སྣོད་བཅུད་དགེ་མཚན་རྐང་དྲུག་ཁྱུ། །ཡོངས་བསྡུས་དོན་གཉིས་འདོད་པ་འཇོ་བའི་གླུ། །ས་གསུམ་སྐྱེ་རྒུའི་རྣ་བའི་བཅུད་ལེན་དུ། །རབ་སྨིན་ཐར་གྲོལ་དཔྱིད་དཔལ་རྒྱས་པར་མཛོད། །ཚངས་པའི་དབྱངས་ལྟར་སྙན་པའི་འགྱུར་བ་བརྒྱས། །ཡོན་ཏན་བསྔགས་པ་མི་ཟད་རོལ་མོའི་སྒྲས། །རབ་འབྱམས་ཞིང་ཀུན་འགེང་བའི་ཁྱད་པར་གྱིས། །ཕྱི་མའི་མུར་ཡང་རྒྱལ་རྣམས་མཉེས་པ་སྒྲུབས། །འགྲོ་རྒྱུད་ཚད་མེད་སྙིང་རྗེས་རྒྱུད་བརླན་ཞིང་། །སྲས་བཅས་རྒྱལ་བའི་རྣམ་ཐར་རྗེས་སློབ་མཐུས། །དཀའ་བ་མེད་པར་ཐར་བའི་གྲོང་ཁྱེར་བསྙེགས། །ཞི་བའི་བདུད་རྩིས་བཅུད་ལ་སྤྱོད་གྱུར་ཅིག །ཅེས་པ་འདི་ཡང་ས་ཟླའི་ཚེས་༡༥ཉིན་འཇམ་དཔལ་མེ་ཏོག་མཆོད་པའི་དུས་སུ་སྤྲུལ་མིང་འགྱུར་མེད་པདྨ་རྣམ་རྒྱལ་གྱིས་གང་དྲན་ཤར་བྲིས་སུ་བགྱིས་པ་ཚོགས་གཉིས་ཡོངས་སུ་རྫོགས་པའི་རྒྱུར་གྱུར་ཅིག༈ རྟེན་ལ་མེ་ཏོག་འབུལ་ན། མཆོད་པའི་སྤྲིན་གཟུངས་སྔོན་དུ་འགྲོ་བས། ༀ། བརྟན་གཡོ་སྲིད་པའི་མཛེས་ཆོས་མ་ལུས་ཀུན། །བྱེད་པོའི་ཕྱག་གིས་གཅིག་ཏུ་བསྡོམས་པ་ལྟའི། །དྲི་མེད་ཡིད་འོད་ལྷ་རྫས་མེ་ཏོག་ཕྲེང་། །སྐྱབས་གནས་དཀོན་མཆོག་རྒྱ་མཚོའི་སྤྱན་སྔར་འབུལ། །བསིལ་བཅུད་རྐང་པས་འཐུངས་པས་ལུས་སྟོབས་རྒྱས། །དྲོད་བཅུད་སྤྱི་བོས་ལེན་པས་བཞིན་བཟང་ངོམས། །བསུང་ཞིམ་དྲི་ལ་བུང་བའི་ཚོགས་རྣམས་འཁོར། །རྣམ་དག་གཙང་མའི་མཆོད་པ་འདི་རྨད་བྱུང་། །གནས་པའི་དགེ་མཚན་གྱིས་བསྐྱེད་ས་མོས་ཚལ། །སྣ་ཚོགས་ཚོན་གྱིས་མི་མཚོན་མཛེས་མདངས་གསལ། །སྲིད་ན་མཚར་བའི་དངོས་པོ་གཅིག་ཉིད་འདིས། །ལྷར་བཅས་སྐྱེ་དགུ་ཡོངས་ཀྱི་ཡིད་དབང་འཕྲོག །དེ་ལྟའི་བླ་ན་མེད་པའི་མཆོད་པའི་རྫས། །ཀུན་ཏུ་བཟང་པོའི་ཏིང་འཛིན་ལས་སྤྲུལ་བཞིན། །ཆོས་ཀྱི་དབྱིངས་ཀུན་རྒྱས་པར་དཀྲིགས་བྱས་ནས། །བསོད་ནམས་ཞིང་མཆོག་རྣམས་ལ་དབུལ་བར་བགྱི། །མོས་དང་ལྷག་བསམ་དག་པའི་རྫིང་བུ་ལས། །ཉེར་ཐོན་དད་བརྒྱའི་འདབ་སྟོང་རབ་ཡངས་ཤིང་། །ཚུལ་ཁྲིམས་དྲི་བསུང་དངར་པོའི་མཛོད་འཛིན་པའི། །མཆོད་པའི་མཆོག་འདིས་རྒྱལ་རྣམས་མཉེས་གྱུར་ཅིག །འདི་ནས་བཟུང་སྟེ་ཚེ་རབ་ཕྲེང་བ་ཀུན། །དཀོན་མཆོག་མཆོད་པའི་རིགས་སུ་བདག་སྐྱེས་ཤིང་། །ཚོགས་གཉིས་བསོད་ནམས་ཆུ་གཏེར་ཆེར་འཕེལ་བས། །སྲིད་པའི་ཚད་གདུང་མ་ལུས་བཅིལ་བར་ཤོག །ཅེས་པའང་ཤིང་འབྲུག་ཟླ་ཚེས་མེ་ཏོག་མཆོད་པའི་སྐབས་པདྨ་བི་ཛ་ཡས་ཤར་མར་བྲིས་པ་དགེ་ལེགས་འཕེལ། ༈ རྟེན་ལ་སྤོས་འབུལ་ན། ཕུན་ཚོགས་ལྷ་ཆབ་བདུད་རྩིའི་ཟེག་ཐིགས་བཅུད། །ནོར་འཛིན་བུ་མོའི་ལྟོ་བར་བཟུང་བའི་འབྲས། །རོ་བཅུད་ཉི་མའི་ཟེར་གྱིས་བསྐྱེད་བསྲིངས་པའི། །ཙནྡན་ས་མཆོག་ཨ་གར་དུ་རུ་ཀ །སྨན་སྤོས་ཤིང་རྩི་ལྷན་སྐྱེས་དྲི་དང་ལྡན། །ལེགས་སྦྱར་མཆོད་པའི་བྱེ་བྲག་བླ་མེད་འདི། །བླ་མ་རྩ་གསུམ་རྒྱལ་བ་སྲས་དང་བཅས། །བསོད་ནམས་ཞིང་གྱུར་རྣམས་ལ་མཆོད་པ་འབུལ། །བདག་དང་འགྲོ་ཀུན་ཚོགས་གཉིས་ཡོངས་རྫོགས་ཤིང་། །སྐྱེ་ཀུན་དྲི་མེད་ཚུལ་ཁྲིམས་བསུང་ཞིམ་འཐུལ། །ཐོས་བསམ་སྒོམ་པའི་ལང་ཚོ་ཆེར་རྒྱས་ནས། །ཆོས་ཀྱི་རྒྱལ་པོའི་སྲིད་ལ་དབང་འབྱོར་ཤོག །ཅེས་པའང་པདྨ་བི་ཛ་ཡས་སོ། །༈ མར་མེ་འབུལ་བ། གཙང་མའི་རྩི་བཅུད་བཞུས་པའི་ཁུ་བ་ནི། །རིན་ཆེན་མཛེས་པའི་སྣོད་མཆོག་ཡངས་པར་འཁྱིལ། །གསེར་ཞུན་དྭངས་པའི་ཁ་དོག་རྣམ་པར་འཛིན། །བརྒྱ་ཕྲག་ཉི་མའི་མེ་འོད་གསལ་བ་འདི། །བླ་མ་རྩ་གསུམ་ཞི་ཁྲོའི་ཚོགས་ལ་འབུལ། །བདག་སོགས་སྒྲིབ་གཉིས་མུན་པ་ཡོངས་སུ་གཞིལ། །མཁྱེན་རྟོགས་ཡེ་ཤེས་སྣང་བ་ཆེར་རྒྱས་ནས། །དོན་གཉིས་ལྷུན་གྱིས་གྲུབ་པའི་བྱིན་རླབས་སྩོལ། །འཇིགས་རུང་སྲིད་པའི་མུན་པ་མི་བཟད་པ། །ཅིག་ཆར་འཇོམས་པའི་སྣང་བ་ཟླ་མེད་ཕུལ། །རང་བྱུང་ཡེ་ཤེས་གསལ་བའི་སྒྲོན་མེ་ཡིས། །འགྲོ་བ་ཀུན་ལ་རྟག་ཏུ་སྲུང་གྱུར་ཅིག །བསླབ་གསུམ་བྱང་ཆུབ་སེམས་ཀྱི་ཀོང་བུ་རུ། །རླབས་ཆེན་རྒྱལ་སྲས་སྤྱོད་པའི་མར་ཁུས་གཏམས། །ཡང་དག་ལྟ་བའི་སྣང་བ་འོད་པོ་ཆེས། །སྐུ་བཞིས་ཞིང་མཆོག་མངོན་སུམ་གསལ་གྱུར་ཅིག །ཅེས་པ་འདིའང་སྤྲུལ་མིང་པདྨ་བི་ཛས་སོ། །༈ གཙང་མའི་མཆོད་མེ་རྣམས་བཀོད་པ་ཁྱད་པར་འཕགས་པ་བསྒྲིགས། མཆོད་པའི་སྤྲིན་གཟུངས་ཚར་གསུམ་གྱིས་བརླབས་ཤིང་སྤེལ་ལ། བླ་མ་རྒྱལ་བ་སྲས་དང་བཅས་པ་ལ། །དད་མོས་ལྷག་པའི་རྣམ་པར་དག་པ་ཡིས། །གཙང་སྦྱར་སྣང་བ་གསལ་བའི་སྒྲོན་མེའི་ཕྲེང་། །ཕུལ་བས་བདག་སོགས་ཚོགས་གཉིས་ཡོངས་རྫོགས་ཤོག །ཡེ་ཤེས་མེ་ལྕེའི་འོད་ཟེར་འཕྲོ་བའི་རྩེར། །ལྷ་མོ་རྣམ་ཀྱིས་སྲིད་ཞིས་མཆོད་རྫས་ཐོགས། །ཆོས་དབྱིངས་དང་མཉམ་མཆོད་པའི་སྤྲིན་ཆེན་འདིས། །སྲིད་པ་ཇི་སྲིད་ཚོགས་མཆོག་མཉེས་པ་སྒྲུབ། །མེ་འོད་སྣང་བ་གསར་པས་རིགས་དྲུག་ཁྱབ། །རང་རང་ལས་སྣང་སྡུག་བསྔལ་མུན་པ་ཞི། །ཐར་པ་བདེ་བའི་ལམ་བཟང་གསལ་གྱུར་ནས། །བདེ་ཆེན་ཞིང་ལ་རང་དབང་སྤྱོད་པར་ཤོག །གཞན་ཕན་བྱང་ཆུབ་སེམས་ཀྱི་ཀོང་བུ་རུ། །རིག་པའི་ཡེ་ཤེས་མར་མེ་འོད་གསལ་བས། །འཁོར་བའི་མུན་ཁུང་མཐའ་དག་གཞོམ་ནས་ཀྱང་། །ཆོས་ཀྱི་སྣང་བས་འཇིག་རྟེན་མཛེས་བྱེད་ཤོག །མཁན་སློབ་མཆེད་གྲོགས་འཁོར་སློབ་ཡོན་བདག་དང་། །ཕ་མས་ཐོག་དྲངས་བཟང་ངན་འབྲེལ་ཐོག་ཀུན། །སྣང་གསལ་མར་མེ་འདི་ཡིས་རྒྱུད་སྦྱངས་ནས། །ཀུན་ཏུ་འོད་དང་འཁོར་ལོ་ཚོགས་ཆེན་སར། །ཚོམ་བུ་གཅིག་ཏུ་མངོན་པར་བྱང་ཆུབ་ཤོག །བསོད་ནམས་འདིས་མཚོན་དུས་གསུམ་བསགས་བའི་དགེ །།ཀུན་ཏུ་བཟང་པོའི་དགོངས་སྤྱོད་ཇི་བཞིན་དུ། །མ་རྣམས་གཏན་བདེ་བྱང་ཆུབ་ཐོབ་པའི་རྒྱུར། །ཡོངས་སུ་བསྔོ་བ་གེགས་མེད་འགྲུབ་གྱུར་ཅིག །ཅེས་པའང་མཆོད་མེ་འབུམ་ཐེར་གྱི་ཚོགས་བསགས་བསྒྲུབས་པའི་ཐོག་མར་སྤྲུལ་མིང་པདྨ་བི་ཛ་ཡ་རང་གིས་སྨྲས་པ་དགེ་ལེགས་འཕེལ། ༈ ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་རྒྱ་མཚོ་ནས། །བཞུགས་པའི་བླ་མ་མཆོག་གསུམ་ཡི་དམ་ལྷ། །མཁའ་འགྲོ་ཆོས་སྐྱོང་ནོར་ལྷ་གཏེར་གྱི་བདག །མ་ལུས་མཆོད་འོས་ཀུན་གི་སྤྱན་ལམ་དུ། །སྣང་གསལ་མར་མེའི་རྣམ་བཀྲའི་མེ་ཏོགདྲི་ཞིམ་སྤོས་མཆོག་སོགས་གང་རིགས་ཁ་བསྒྱུར། མཆོད་པ་འདི་ཕུལ་བས། །ཀུན་ཏུ་བཟང་པོའི་རྣམ་པར་འཕྲུལ་བ་བཞིན། །ཆོས་ཀྱི་དབྱིངས་ཀུན་མ་ལུས་ཡོངས་གང་ནས། །སྲིད་པ་ཇི་སྲིད་མཉེས་པ་སྒྲུབ་པ་ཤོག །བསོད་ནམས་འདིས་མཚོན་དུས་གསུམ་བསགས་པའི་དགེ །།མཁའ་ཁྱབ་འགྲོ་བ་ཡོངས་ལ་ཕངས་མེད་བསྔོ། །ལས་དང་ཉོན་མོངས་སྒྲིབ་པ་ཀུན་བྱང་ནས། །གཏན་བདེ་བྱང་ཆུབ་གོ་འཕང་མྱུར་ཐོབ་ཤོག །ཅེས་པའང་སྤྲུལ་མིང་པདྨ་བི་ཛས་སོ། །༈ རབ་འབྱམས་རྩ་གསུམ་རྒྱལ་བའི་སྤྱན་ལམ་དུ། །སྣང་གསལ་མར་མེའི་མཆོད་པ་འདི་འབུལ་བས། །བདག་དང་འགྲོ་ཀུན་མ་རིག་མུན་སངས་ནས། །ཀུན་མཁྱེན་ཡེ་ཤེས་སྣང་བ་ཐོབ་གྱུར་ཅིག །ཅེས་པའང་པདྨའི་བི་ཛས་སོ། །

བླ་མ་རྒྱང་འབོད་མདོར་བསྡུས་མོས་གུས་གསོལ་འདེབས།

༄༅། །བླ་མ་རྒྱང་འབོད་མདོར་བསྡུས་མོས་གུས་གསོལ་འདེབས་བཞུགས་སོ། །བླ་མ་མཁྱེན་ནོ། །བླ་མ་མཁྱེན་ནོ། །བླ་མ་མཁྱེན་ནོ། །རབ་འབྱམས་རྒྱལ་བ་ཀུན་གྱི་ཡེ་ཤེས་ཀྱི་སྤྱི་གཟུགས། །དྲན་པས་སྙིང་གི་གདུང་སེལ་དྲིན་ཆེན་གྱི་བླ་མ། །འབྲལ་མེད་ཚངས་གནས་དད་པའི་པདྨོ་རུ་བཞུགས་ནས། །བདག་རྒྱུད་སྨིན་ཅིང་གྲོལ་བའི་དངོས་གྲུབ་ཅིག་སྩོལ་མཛོད། །ཡེ་གྲོལ་གདོད་མའི་མགོན་པོ་ས་མནྟ་བྷ་དྲ། །ཡེ་ཤེས་རང་མདངས་མ་འགགས་རྡོ་རྗེ་ཡི་སེམས་དཔའ། །འོད་གསལ་བསྟན་པའི་ཤིང་རྟ་དགའ་རབ་ནི་རྡོ་རྗེ། །སྐུ་གསུམ་རིག་འཛིན་འདུས་པའི་ཚོམ་བུ་གསུམ་མཁྱེན་ནོ། །ཤེས་བྱ་ཀུན་མཁྱེན་པཎ་ཆེན་འཇམ་དཔལ་ནི་བཤེས་གཉེན། །སྣང་བཞི་ཟད་སར་འཁྱོལ་བ་ཤྲཱི་ཡི་སེངྷ། །འོད་ལུས་མངོན་པར་བྱང་ཆུབ་ཛྙཱ་ན་ནི་སུ་ཏྲ། །ཟླ་མེད་རིག་འཛིན་བྱེ་བའི་གཙུག་ནོར་གསུམ་མཁྱེན་ནོ། །པཎ་གྲུབ་ལྔ་བརྒྱའི་གཙུག་རྒྱན་བི་མ་ལ་མི་ཏྲ། །འཕོ་ཆེན་རྡོ་རྗེའི་སྐུར་བཞེངས་མཚོ་སྐྱེས་ཀྱི་རྡོ་རྗེ། །ངེས་གསང་བཀའ་ཡི་སྡུད་མོ་དབྱིངས་ཕྱུག་ནི་མཚོ་རྒྱལ། །ངོ་མཚར་བཀའ་དྲིན་ཁྱད་འཕགས་རྣམ་གསུམ་དེ་མཁྱེན་ནོ། །ལྷ་སྲས་རྣམ་འཕྲུལ་གྲུབ་དབང་ཀུན་བཟང་ནི་གཞན་ཕན། །ཕྱག་ན་པདྨོ་འཇིགས་མེད་རྒྱལ་བ་ཡི་མྱུ་གུ། །བཀའ་བབས་བདུན་ལྡན་འོད་གསལ་སྤྲུལ་པ་ཡི་རྡོ་རྗེ། །འགྲོ་དོན་མཁའ་དང་མཉམ་པའི་འདྲེན་མཆོག་གསུམ་མཁྱེན་ནོ། །སྒྲུབ་བརྩོན་རྣལ་འབྱོར་དབང་ཕྱུག་འཇམ་དབྱངས་ནི་གྲགས་པ། །མདོ་སྔགས་བསྟན་པའི་སྒྲོན་མེ་ཆོས་ཀྱི་ནི་ཉིན་བྱེད། །གོང་མས་རྗེས་བཟུང་འགྱུར་མེད་པདྨ་ནི་རྣམ་རྒྱལ། །བཀའ་དྲིན་མཚུངས་པ་མེད་པའི་སྐྱེས་ཆེན་གསུམ་མཁྱེན་ནོ། །གཞན་ཡང་སྨིན་བྱེད་དབང་བཞིའི་ཆུ་བོ་ཀུན་སྩོལ་ཞིང་། །གསང་བའི་ཏན་ཏྲ་འགྲོལ་དང་མན་ངག་མཆོག་སྦྱིན་མཛད། །ཉམས་ཆག་སྐོང་དང་ཤེས་རྒྱུད་འགྲོལ་བ་ཡི་བླ་མ། །ལུས་པ་མེད་ཀུན་མཁྱེན་ནོ་ཐུགས་རྗེ་ཡི་དགོངས་མཛོད། །རྙེད་དཀའ་དོན་ཆེན་དལ་འབྱོར་རྟེན་བཟང་འདི་ཐོབ་ཚེ། །མི་རྟག་སྙིང་ལ་ཞུགས་པའི་རྩོན་པ་ནི་དྲག་པོས། །དཀར་ནག་ལས་འབྲས་བླང་དོར་ཚུལ་བཞིན་དུ་བརྩོན་པས། །སྡུག་བསྔལ་སྲིད་མཚོ་བརྒལ་ནུས་བྱིན་གྱིས་རང་རློབས་ཤིག །ཐར་པ་བྱང་ཆུབ་མཆོག་གི་ཡོན་ཏན་དེ་དྲན་ནས། །ནམ་ཡང་མི་བསླུ་མཆོག་གསུམ་སྐྱབས་གནས་སུ་བརྟེན་ཅིང་། །ཉམ་ཐག་མ་རྒན་སྒྲོལ་བའི་གོ་ཆ་ཡི་ཁུར་ཁྱེར། །སྒྲིབ་སྦྱང་ཚོགས་བསགས་མཐར་ཕྱིན་བྱིན་གྱིས་རང་རློབས་ཤིག །ཁྱད་པར་མོས་གུས་བླ་མའི་ལམ་ཁྱེར་ལ་བརྟེན་ཏེ། །དགོངས་བརྒྱུད་བྱིན་རླབས་འཕོ་བའི་དབང་མཆོག་དེ་ཐོབ་ནས། །རྟོགས་གྲོལ་དུས་མཉམ་ཚེ་འདིར་ཀ་དག་གི་གྲོལ་སར། །གདོད་མའི་གསང་མཆོག་གྲུབ་པའི་བྱིན་རླབས་ཤིག་སྩོལ་མཛོད། །གལ་སྲིད་འཆི་བ་བཟློག་མེད་བཙན་ཐབས་སུ་བྱུང་ན། །འདའ་ཀ་གསེང་ལམ་སྒོམ་པའི་མན་ངག་ལ་བརྟེན་ནས། །དབྱིངས་ཕྱུག་ཌཱ་ཀི་དགྱེས་པའི་བསུ་མ་དང་བཅས་ཏེ། །དག་པ་མཁའ་སྤྱོད་བགྲོད་{བསྒྲོད}པའི་བྱིན་རླབས་མཆོག་སྩོལ་མཛོད། །མདོར་ན་འདི་ནས་བཟུང་སྟེ་བྱང་ཆུབ་ཀྱི་བར་དུ། །རེ་ས་གཞན་ན་མེད་དོ་ཐུགས་རྗེ་ཡིས་དགོངས་ལ། །ཆོས་མཐུན་བསམ་ཀུན་གེགས་མེད་ཡིད་བཞིན་དུ་འགྲུབ་ནས། །དོན་གཉིས་ཕུན་སུམ་ཚོགས་པའི་དངོས་གྲུབ་ཅིག་སྩོལ་མཛོད། །ཅེས་པའང་དད་མོས་ལྡན་པ་སིབ་དགོན་གྲྭ་རིགས་དབང་དགའ་ནས་འདི་ལྟར་བྲིས་ཞེས་གསུང་ནན་ངོར་པདྨ་བི་ཛས་གང་ཤར་བརྗོད་པ་བླ་མའི་བྱིན་རླབས་སེམས་ལ་འཇུག་པའི་རྒྱུར་གྱུར་ཅིག༈ ན་མོ་གུ་རུ། འགྱུར་མེད་ཡོངས་གྲུབ་དོན་དམ་བདེ་གཤེགས་སྙིང་། །རང་བཞིན་འོད་གསལ་ལྷུན་གྲུབ་འདུས་མ་བྱས། །གློ་བུར་འཁྲུལ་པའི་སྦུབས་རྒྱ་ལས་གྲོལ་བའི། །བློ་བྲལ་དོན་གྱི་བླ་མར་གསོལ་བ་འདེབས། །གདོད་མའི་དབྱིངས་ལས་གཞི་སྣང་ཤར་བའི་ཚེ། །རང་ཡུལ་གཞིར་ཐིམ་ཀུན་བཟང་ཆོས་དྲུག་གིས། །མ་རིག་དྲུག་བཅོམ་མཁྱེན་ཆ་ནང་གསལ་སྐུ། །སྤྲོས་བྲལ་ཆོས་སྐུའི་བླ་མར་གསོལ༴ གཏིང་གསལ་འགགས་པ་མེད་པའི་ལྷུན་གྲུབ་གདངས། །ཕྱིར་གསལ་ལྔ་ལྡན་རང་སྣང་ཚོམ་བུའི་སྤྲིན། །ཞི་དང་ཁྲོ་བོའི་རོལ་གར་འབྱམས་ཀླས་པ། །ཁ་སྦྱོར་ལོངས་སྐུའི་བླ་མར་གསོལ༴ རྩལ་སྣང་ཐུགས་རྗེའི་རོལ་གར་བསམ་ཡས་ཤིང་{ཞིང}། །འདུལ་བཞིས་ཆོ་འཕྲུལ་ཕ་མཐའ་མི་མངོན་པའི། །སྟོན་པ་བཅུ་གཉིས་རིགས་གསུམ་དྲྭ་མ་ལྔ། །འགྲོ་འདུལ་སྤྲུལ་སྐུའི་བླ་མར་གསོལ༴ སྐུ་ལྔ་ལྷུན་གྲུབ་ཡེ་ཤེས་རྡོ་རྗེ་ཅན། །མཚན་མཆོག་བརྒྱད་དང་འཁྲུལ་མཚན་ཉེར་ལྔ་སོགས། །བསམ་ཡས་སྒྱུ་འཕྲུལ་དྲྭ་བའི་རོལ་གར་མཁན། །ཁྱབ་བདག་མཚོ་སྐྱེས་བླ་མར་གསོལ༴ ལྟ་བའི་རྫོང་ཟིན་སྒོམ་པའི་འཕྲང་ལས་གྲོལ། །སྤྱོད་པའི་སྲོག་ཐོབ་གདེང་བཞིས་གྲོལ་ཚད་བརྙེས། །གྲུབ་གཉིས་རོལ་རྩེད་ནམ་མཁའི་མུ་ཁྱུད་བརྡལ། །དུས་གསུམ་རིག་འཛིན་བླ་མར་གསོལ༴ ཁྱད་པར་ཡེ་ཤེས་སྐུ་ཅན་འཁོར་ལོའི་མགོན། །དྲན་པས་གཟུང་འཛིན་སྲིད་པའི་འཁྲུལ་འཁོར་གཞིག །བརྗོད་བྲལ་ལྷན་སྐྱེས་ཡེ་ཤེས་མཆོག་སྩོལ་བའི། །སྐྱབས་གཅིག་དྲིན་ཆེན་བླ་མར་གསོལ༴ རབ་འབྱམས་རྩ་གསུམ་དཀྱིལ་འཁོར་རྒྱ་མཚོའི་སྤྲིན། །སྤྲོ་བསྡུའི་བྱེད་པོ་ཁྱབ་བདག་ཧེ་རུ་ཀཿ། །ཁྱོད་མིན་བདག་ལ་སྐྱབས་གཞན་མ་མཆིས་པས། །ཡེ་ཤེས་གཟིགས་པས་འབྲལ་མེད་རྗེས་འཛིན་མཛོད། །འཁོར་འདས་ཆོས་ཀུན་ཡེ་ནས་སངས་རྒྱས་གཤིས། །དག་མཉམ་བདེན་གཉིས་དབྱེར་མེད་ལྷག་པའི་ཆོས། །དེ་ལྟར་མ་རྟོགས་འཁྲུལ་འཛིན་ཞེན་པས་བཅིངས། །དུས་རིང་སྲིད་པའི་ལམ་འདིར་ཉམས་ཉེས་གྱུར། །སྣ་ཚོགས་ལས་ཀྱིས་བྲིས་{དྲིས}པའི་འགྲོ་བ་རྣམས། །དོན་ལ་མེད་ཀྱང་འཁྲུལ་པའི་གཞན་དབང་གིས། །བརྒྱ་ཕྲག་སྡུག་བསྔལ་ནད་ཀྱིས་ཉེན་པ་ན། །བརྩེ་ལྡན་ཐུགས་རྗེའི་སྨན་གྱིས་གསོ་བར་མཛོད། །རྩེ་གཅིག་གསོལ་བ་འདེབས་པའི་སྐལ་བཟང་ལ། །དགོངས་བརྒྱུད་བྱིན་རླབས་འཕོ་བའི་དབང་ཆེན་གྱིས། །རྟོགས་གྲོལ་དུས་མཉམ་སྣང་བཞིའི་གསེང་ལམ་ནས། །གདོད་མའི་གསང་མཆོག་ཚེ་འདིར་འགྲུབ་བྱིན་རློབས། །འཆི་སྲིད་ཀ་དག་ཆོས་སྐུའི་ངང་དུ་འཕོ། །བར་དོ་འོད་གསལ་ལྷུན་གྲུབ་ལོངས་སྐུར་ལྡང་། །སྐྱེ་གནས་དག་པ་རྣམ་གྲོལ་དབུགས་འབྱིན་བསྒྲོད། །དོན་གཉིས་མཐའ་རུ་ཕྱིན་པའི་དཔལ་རྩོལ་ཅིག །མདོར་ན་འདི་ནས་བྱང་ཆུབ་སྙིང་པོའི་བར། །རེ་ས་གཞན་ན་མེད་དོ་བརྩེ་བས་དགོངས། །འཇིགས་གསུམ་ཆུ་སྲིན་རྒྱུ་བའི་འཁོར་མཚོ་ལས། །མྱུར་བསྒྲལ་རྣམ་གྲོལ་གླིང་ལ་འགོད་མཛོད་ཀྱེ། །གཞན་ཡང་རྒྱལ་བའི་བསྟན་པ་དར་ཞིང་རྒྱས། །བསྟན་འཛིན་སྐྱེས་བུ་ཐམས་ཅད་སྐུ་ཚེ་བརྟན། །ཡངས་པའི་རྒྱལ་ཁམས་བདེ་སྐྱིད་ཆོས་ལ་སྤྱོད། །སྲིད་ཞིས་དགེ་མཚན་རྒྱས་པའི་བཀྲ་ཤིས་ཤོག །ཅེས་པ་འདིའང་ཨོ་རྒྱན་བསམ་འགྲུབ་ལགས་ཀྱིས་ཐུགས་ཀྱིས་བཞེད་དོན་བསྒྲུབ་པའི་སླད་དུ། སྤྲུལ་མིང་འཇམ་དབྱངས་འཁས་གྲུབ་རྒྱ་མཚོས་བྲིས་པའི་དགེ་བས་སྐྱེ་བ་ཀུན་ཏུ་དཔལ་ལྡན་བླ་མའི་བྱིན་རླབས་རྒྱུད་ལ་འཇུག་པའི་རྒྱུར་གྱུར་ཅིག༈ ཨེ་མ་ཧོ། ངོ་བོ་ཀ་དག་འོད་གསལ་ཆོས་ཀྱི་སྐུ། །རང་བཞིན་ལྷུན་འགྲུབ་ལྔ་ལྡན་ལོངས་སྐུའི་རྩལ། །གང་འདུལ་དེར་སྣང་འགྲོ་འདུལ་མཚན་མཆོག་བརྒྱད། །རྣམ་ཐར་དཔག་ཡས་མཆོག་ལ་གསོལ་བ་འདེབས། །དགོངས་བརྡ་སྙན་བརྒྱུད་རིག་འཛིན་འདུས་པའི་སྐུ། །རྒྱུད་སྡེ་བཞི་དྲུག་ཡི་དམ་སྤྲིན་ཕུང་འཕྲོ། །ལྷན་སྐྱེས་ཞིང་སྔགས་དཔའ་བོ་མཁའ་འགྲོའི་རྗེ། །རྩ་གསུམ་འདུས་ཞལ་མཆོག་ལ་གསོལ་བ་འདེབས། །དགོངས་ཀློང་དུས་གསུམ་རྒྱལ་དང་རབ་མཉམ་ཞིང་། །བརྒྱད་ཁྲི་བཞི་སྟོང་ཆོས་ཆར་སྤྲོ་མཛད་གསུང་། །ཐེག་གསུམ་དགེ་འདུན་འདུས་པའི་གཙུག་ནོར་མཆོག །སྐྱབས་གསུམ་ཀུན་འདུས་མཆོག་ལ་གསོལ་བ་འདེབས། །འབྱུང་བཞིའི་གཡོ་འཁྲུགས་གནོད་བྱེད་ཕྱི་ཡི་སྒྲ། །རྩ་རླུང་ཐིག་ལེའི་གེགས་ཆགས་ནང་གི་གདོན། །གཟུང་འཛིན་སེམས་ཀྱི་རྟོག་ཚོགས་གསང་བའི་བདུད། །ཐམས་ཅད་ཀ་དག་ཆོས་དབྱིངས་ཀློང་དུ་བཟློག །ཕྱི་སྣོད་འཇིག་རྟེན་དགེ་བཅུའི་འབྱོར་པ་རྒྱས། །ནང་བཅུད་འགྲོ་ཀུན་བདེ་ལྡན་ཆོས་ལ་སྤྱོད། །བསྟན་འཛིན་ཞབས་བརྟན་བཤད་སྒྲུབ་བསྟན་པ་དར། །དོན་གཉིས་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་པའང་མེ་ཁྱི་ཟླ་བ་གཉིས་པའི་ཚེས་བཅུར་གུ་རུའི་སྒྲུབ་གནས་འོ་ཡུག་མ་ར་ལུག་གདོང་དུ་ཚོགས་ཀྱི་མཆོད་པ་དང་རྗེས་སུ་འབྲེལ་བར་གསོལ་བ་འདེབས་པ་པོ་ནི་རྙིང་བན་པདྨ་རྣམ་རྒྱལ་ལོ། །༈ ན་མོ་གུ་རུ། གཞི་གྲོལ་ཀ་དག་སྤྲོས་པ་བྲལ་བའི་མཁར། །འོད་གསལ་ལྷུན་གྲུབ་ཉི་ཟླའི་ཚོམ་བུ་བཀྲ། །གདུལ་བྱའི་མོས་ངོར་གང་འདུལ་གཟུགས་བརྙན་ངོམ། །དུས་གསུམ་རྩ་བརྒྱུད་བླ་མར་གསོལ་བ་འདེབས། །མཆོག་བྱིན་ཉི་མ་འབར་བའི་གཟི་བྱིན་གྱིས། །བདག་བློའི་རྨོངས་ཆེན་མུན་པ་ཀུན་བསལ་ནས། །ཇི་ལྟ་ཇི་སྙེད་ཤེས་བྱའི་སྣང་བ་ཡིས། །བློ་གྲོས་འདབ་སྟོང་བཞད་པར་མཛད་དུ་གསོལ། །ངེས་འབྱུང་འཛིན་མའི་གཞི་ལས་ཉེར་འཁྲུངས་པའི། །རྣམ་དག་ཚུལ་ཁྲིམས་གཙང་མའི་ཨུཏྤ་ལ། །འཆལ་སྤྱོད་དུས་ཀྱི་བ་མོས་གོས་མིན་པར། །ངེས་ལེགས་སྦྲང་རྩིའི་བཅུད་ཀྱིས་གཏམ་པར་མཛོད། །རྣམ་གཡེང་འདུ་འཛིའི་དགྲ་ཡིས་མི་བརྫི་བའི། །དབེན་གསུམ་རྡོ་རྗེའི་མཁར་རྫོང་རབ་བརླིང་ཞིང་། །རྨད་བྱུང་བྱང་ཆུབ་སེམས་ཀྱི་བཅུད་ལེན་རྩིས། །རང་དོན་ཡིད་བྱེད་གཅོང་ནང་གཞིལ་བར་མཛོད། །རྣམ་དག་དད་དམ་ཞིང་ས་གཤིན་པོའི་གཞིར། །དབང་བཞིའི་ཆར་གྱིས་བརླན་པའི་རིགས་ཁམས་སོན། །རིམ་གཉིས་གསེར་གྱི་སྙེ་མ་མྱུར་འཁྲུངས་ཏེ། །རྡོ་རྗེ་གསུམ་གྱི་འབྲས་བཟང་གཡུར་སྨིན་མཛོད། །ཀ་དག་རིག་སྟོང་རྗེན་པ་གཉུག་མའི་གཤིས། །མ་བཅོས་ཆོས་ཟད་དགོངས་པ་བླ་མའི་ཞལ། །དོན་བརྒྱུད་བྱིན་རླབས་མཐུ་ཡིས་མྱུར་མཇལ་ནས། །ཚེ་འདིར་གདོད་མའི་གྲོལ་ས་སྙོགས་བྱིན་རློབས། །སྐྱེ་ཀུན་བླ་མ་མཆོག་དང་མི་འབྲལ་ཞིང་། །ཐེག་མཆོག་སྙིང་པོའི་ཆོས་དང་འཕྲད་གྱུར་ནས། །ཆོས་བརྒྱད་འཁྲུལ་པའི་མགོ་སྐོར་མི་འབྱུང་བར། །དོན་གཉིས་བསམ་ཀུན་ཡིད་བཞིན་འགྲུབ་པར་ཤོག །ཅེས་པའང་དད་དམ་རྨད་བྱུང་བཙུན་ཚུང་པདྨ་ཚེ་སྒྲུབ་ལགས་ཀྱི་བཞེད་སྐོང་དུ་ཤཱཀྱའི་དགེ་ཚུལ་སྙོམ་ལས་པ་འགྱུར་མེད་པདྨ་རྣམ་རྒྱལ་གྱིས་ཤར་མར་བྲིས་པ་དགེ །མངྒལཾ།

བླ་མའི་རྣལ་འབྱོར་ཞིང་མཆོག་སྒོ་འབྱེད།

༄༅། །བླ་མའི་རྣལ་འབྱོར་ཞིང་མཆོག་སྒོ་འབྱེད་བཞུགས། ན་མོ་གུ་རུ། ལམ་ཟབ་བླ་མའི་རྣལ་འབྱོར་ལ་བརྟེན་ནས་ཞིང་མཆོག་བགྲོད་པར་འདོད་པ་རྣམས་ཀྱིས་འདི་ལྟར་བསྒོམ་པར་བྱ་སྟེ། ཨཱཿའཁོར་འདས་ཆོས་ཀུན་མི་དམིགས་སྟོང་པའི་ངང་། །འོད་གསལ་རང་མདངས་བདེ་བ་ཅན་གྱི་ཞིང་། །ངོ་མཚར་བཀོད་པ་བསམ་འདས་གཞལ་མེད་དབུས། །རང་ཉིད་གཞི་ལུས་འཕགས་པ་སྤྱན་རས་གཟིགས། །དཀར་གསལ་ཕྱག་གཉིས་མཆོག་སྦྱིན་པད་དཀར་འཛིན། །སྤྱི་བོར་རྨ་བྱས་བཏེགས་པའི་ཁྲི་རྐང་དང་། །པད་ཟླའི་གདན་སྟེང་རྩ་བའི་བླ་མ་མཆོག །འོད་མཚན་དཔག་མེད་བྱེ་རུའི་ལྷུན་པོ་ལ། །ཉི་འབུམ་གཟིས་འཁྱུད་མཚན་དཔེའི་གཟི་བརྗིད་འབར། །སྤྲུལ་སྐུའི་ཆ་ལུགས་མཉམ་བཞག་ལྷུང་བཟེད་འཛིན། །འཁོར་དུ་སེམས་དཔའ་གཉིས་དང་སངས་རྒྱས་སྟོང་། །པདྨ་འབྱུང་གནས་རྩ་བརྒྱུད་བླ་མའི་ཚོགས། །སྐྱབས་གནས་དཀོན་མཆོག་རྒྱ་མཚོ་སྤྲིན་བཞིན་འཐིབ། །དྲན་པ་ཙམ་གྱིས་ངན་འགྲོའི་སྒོ་འགེགས་པའི། །བྱིན་རླབས་ཡེ་ཤེས་མཚུངས་པ་མེད་པར་གསལ། །སྐྱབས་མཆོག་རྣམས་ལ་གུས་པས་སྐྱབས་མཆི་ཞིང་། །མ་གྱུར་འགྲོ་ཀུན་སྲིད་ལས་བསྒྲལ་བའི་ཕྱིར། །བྱམས་དང་སྙིང་རྗེ་ཆེན་པོས་ཀུན་བསླངས་ནས། །གཞན་དོན་བྱང་ཆུབ་སྒྲུབ་པར་སེམས་བསྐྱེད་དོ། །བདག་གཞན་སྒོ་གསུམ་གུས་པས་ཕྱག་འཚལ་ཞིང་། །མཆོད་ཚོགས་ཀུན་འབུལ་སྡིག་ལྟུང་འགྱོད་བཤགས་བསྡམས། །ཡི་རང་བསྐུལ་ཞིང་མྱ་ངན་མི་འདར་གསོལ། །དགེ་ཚོགས་འགྲོ་ཀུན་ཞིང་མཆོག་བགྲོད་ཕྱིར་བསྔོ། །མ་ལུས་སྐྱབས་ཀུན་འདུས་པའི་ངོ་བོ་ཉིད། །མཚན་ཐོས་ཙམ་གྱིས་འཁོར་མཚོ་དོང་སྤྲུགས་པའི། །ཁྱབ་བདག་བླ་མ་འོད་དཔག་མེད་མགོན་ལ། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །བདག་གཞན་འདི་ནས་ཉིང་མཚམས་སྦྱོར་མ་ཐག །མ་དག་འཁྲུལ་བའི་སྣང་བ་མི་འབྱུང་ཞིང་། །ཡེ་ཤེས་གསལ་བའི་སྣང་བས་མདུན་བསུས་ནས། །རྣམ་དག་བདེ་བ་ཅན་དུ་སྐྱེ་བར་ཤོག །འཁོར་རྣམས་འོད་ཞུ་གཙོ་བོའི་སྐུ་ལ་ཐིམ། གཙོ་བོའི་སྐུ་ལས་འོད་ཟེར་བདུད་རྩིའི་རྒྱུན། །རང་གི་སྤྱི་བོ་ཚངས་པའི་བུ་ག་ནས། །ཉེར་ཞུགས་སྡིག་ལྟུང་ཉམས་ཆག་ཉེས་ཚོགས་སྦྱངས། །འཁོར་ལོ་བཞི་གང་དབང་བཞིའི་ཡེ་ཤེས་བསྐྱེད། །ལམ་བཞི་མངོན་གྱུར་སྐུ་བཞི་གསོས་ཐེབས་བསམ། །མཐར་ནི་རང་སེམས་སྐར་མདའ་འཕང་བ་ལྟར། །སྤྱི་བོ་ནས་ཐོན་བླ་མའི་ཐུགས་ཀར་ཐིམ། །དབྱིངས་རིག་དབྱེར་མེད་ཟུང་འཇུག་འཕོ་བ་ཆེ། །མ་བཅོས་རྫོགས་པ་ཆེན་པོའི་ཀློང་དུ་ཨ། །རྗེས་ཐོབ་ཅིར་སྣང་ཕྱི་སྣོད་དག་པའི་ཞིང་། །ནང་བཅུད་སེམས་ཅན་འགྲོ་འདུལ་འཕགས་པའི་སྐུ། །སྒྲ་གྲགས་གསང་སྔགས་དྲན་རྟོག་ཆོས་སྐུའི་ཀློང་། །རྡོ་རྗེ་གསུམ་གྱི་ལམ་ཁྱེར་ཨེ་མ་ཧོ། །ཞེས་བརྗོད་ཅིང་བསམས་ལ། བཟང་སྤྱོད་དང་བདེ་སྨོན་རྒྱས་བསྡུས་ཇི་ལྟར་རིགས་པས་མཐའ་བརྒྱན་པར་བྱའོ། །ཞེས་པའང་རྒྱལ་རོང་གནམ་མཚོ་བླ་མ་བསྟན་འཕེལ་ལགས་ཀྱི་བཞེད་སྐོང་དུ་རིགས་འདུས་པདྨའི་མྱུ་གུ་རྩལ་གྱིས་གང་ཤར་སྨྲས་པ་འབྲེལ་བཅས་བདེ་བ་ཅན་དུ་སྐྱེ་བའི་རྒྱུར་གྱུར་ཅིགམངྒལཾ། ༈ ཨེ་མ་ཧོ། རང་སྣང་རྣམ་དག་བདེ་བ་ཅན་གྱི་ཞིང་། །བཀོད་པ་ཁྱད་འཕགས་ངོ་མཚར་མཆོད་སྤྲིན་དབུས། །རྩ་བའི་བླ་མ་མགོན་པོ་འོད་དཔག་མེད། །མཚན་དཔེའི་དཔལ་འབར་མཆོག་གི་སྤྲུལ་སྐུའི་ཚུལ། །བྱང་ཆུབ་ཤིང་ལ་སྐུ་རྒྱབ་བརྟེན་པ་ཡི། །མཐའ་བསྐོར་སེམས་དཔའ་གཉིས་སོགས་གྲངས་མེད་འཁོར། །རྟེན་དང་བརྟེན་པའི་བཀོད་པ་འབྱམས་ཀླས་ཕུལ། །དང་བའི་ཡིད་མཁར་ཡང་ཡང་བཀོད་བྱས་ནས། །རྡུལ་སྙེད་ལུས་སྤྲུལ་སྒོ་གསུམ་གུས་ཕྱག་འཚལ། །ལུས་དང་ལོངས་སྤྱོད་དུས་གསུམ་དགེ་ཚོགས་འབུལ། །ཚེ་རབས་བྱས་བསགས་སྡིག་ལྟུང་འགྱོད་བཤགས་སྡོམ། །འཁོར་འདས་ལམ་གྱི་དགེ་རྩར་རྗེས་ཡི་རང་། །ཐེག་གསུམ་ཆོས་འཁོར་རྟག་པར་བསྐོར་བར་བསྐུལ། །འགྲོ་གནས་བར་དུ་གཟུགས་སྐུ་རྟག་བཞུགས་གསོལ། །དགེ་ཚོགས་འཁོར་གསུམ་ཡང་དག་ཆེན་པོར་བསྔོ། །སངས་རྒྱས་སྲས་བཅས་བདག་ལ་དགོངས་སུ་གསོལ། །ཇི་ལྟར་དུས་གསུམ་མགོན་རྣམས་ཐུགས་བསྐྱེད་ལྟར། །སྨོན་འཇུག་བྱང་ཆུབ་སེམས་མཆོག་བསྐྱེད་བགྱིས་ནས། །རླབས་ཆེན་རྒྱལ་སྲས་སྤྱོད་ལ་བསླབ་འཚལ་ན། །དཔའ་ཆེན་རྣམས་ཀྱི་ཐུགས་རྗེས་བྱིན་རློབས་ལ། །སྡིག་སེམས་སྐད་ཅིག་ཙམ་ཡང་མི་སྐྱེ་ཞིང་། །ཉིན་མཚན་བརྩོན་པ་ཆོས་ཀྱིས་འདའ་བ་དང་། །སྟོང་དང་སྙིང་རྗེ་ཟུང་འབྲེལ་བྱང་ཆུབ་སེམས། །བཅོས་མིན་ཡར་ངོའི་ཟླ་ལྟར་འཕེལ་བར་མཛོད། །བདག་དང་བདག་ལ་འབྲེལ་ཐོབ་འགྲོ་བ་ཀུན། །ཚེ་འདིར་ཚེ་རིང་བདེ་སྐྱིད་ཉམས་རྟོགས་འཕེལ། །འཆི་ཁར་གནད་གཅོད་སྡུག་བསྔལ་མི་འབྱུང་ཞིང་། །བླ་མ་མཆོག་དང་དབྱེར་མེད་བཅོམ་ལྡན་འདས། །འོད་སྣང་དཔག་མེད་མགོན་པོ་སྲས་དང་བཅས། །མངོན་སུམ་ལྟར་སྣང་དགྱེས་པས་མདུན་བསུས་ནས། རྣམ་དག་བདེ་བ་ཅན་དུ་སྐྱེ་བར་ཤོག །ངོ་མཚར་པདྨའི་སྟེང་ན་གཞོན་མཛེས་གཟུགས། །ལག་པའི་མཐིལ་ནས་མཆོད་ཚོགས་ཆར་བསྙིལ་ཚེ། །བསོད་ནམས་བྱེ་བའི་ཕྱག་གིས་ཉུག་མཛད་ནས། །བྱང་ཆུབ་ལུང་བསྟན་དམ་པ་ཐོབ་གྱུར་ཅིག །དེར་ནི་རྫོགས་སྨིན་སྦྱངས་པའི་ཁྱད་པར་གྱིས། །འོད་དཔག་མེད་མགོན་ཞིང་དང་སྐུ་ཚེའི་ཚད། །རྣམ་ཐར་ཡེ་ཤེས་ཚད་མེད་ཇི་འདྲ་བར། །གྱུར་ནས་སྲིད་པའི་རྒྱ་མཚོ་སྐམ་བྱེད་ཤོག །ཆོས་ཉིད་བསམ་མི་ཁྱབ་པའི་བདེན་བྱིན་དང་། །ཆོས་ཅན་རྒྱུ་འབྲས་རྟེན་འབྲེལ་བསླུ་མེད་མཐུས། །ཇི་ལྟར་གསོལ་བཏབ་སྨོན་པའི་འབྲས་བུ་ཀུན། །གེགས་མེད་ཡོངས་སུ་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་པའང་པདྨ་བི་ཛས་སོ། །༈ ཨེ་མ་ཧོ། གདོད་ནས་རྣམ་གྲོལ་འོད་གསལ་གཉུག་མའི་གཤིས། །ལྟ་སྒོམ་བྱ་རྩོལ་བྲལ་བའི་དབྱིངས་ཆེན་པོར། །མདུན་མཁར་ཡིད་འཕྲོག་མཆོད་སྤྲིན་གཏིབས་པའི་དབུས། །རྩ་བའི་བླ་མ་རཏྣ་ཐོད་ཕྲེང་རྩལ། །གསེར་མདོག་བརྗིད་ཆགས་མདའ་དར་གཏེར་བུམ་འཛིན། །རང་འོད་བདེ་སྟེར་རིན་ཆེན་མཁའ་འགྲོས་འཁྱུད། །སྣ་ཚོགས་དར་དང་རིན་ཆེན་བརྒྱན་གྱིས་སྤྲས། །མཐའ་བསྐོར་རྩ་གསུམ་ནོར་ལྷ་གཏེར་བདག་དང་། །དམ་ཅན་ཆོས་སྐྱོང་དཀར་ཕྱོགས་སྐྱོང་བས་བསྐོར། །དབྱིངས་ནས་ཡེ་ཤེས་སྤྱན་དྲངས་དབྱེར་མེད་གྱུར། །བརྟན་གཡོ་སྲིད་ཞིའི་ཕུན་ཚོགས་དགེ་བའི་དཔལ། །བདག་པོའི་བཟུང་དང་མ་བཟུང་ལོངས་སྤྱོད་སྤྲིན། །བློ་ཡིས་བླངས་ནས་རྩ་གསུམ་ལྷ་ལ་འབུལ། །བདག་དང་འགྲོ་ཀུན་ཚོགས་གཉིས་ཡོངས་རྫོགས་ཤོག །དེ་ནས་མོས་གུས་རྩེ་གཅིག་པས་གུ་རུའི་གསོལ་འདེབས་བསམ་པ་ལྷུན་གྲུབ་དང་ཁྱད་པར་འབྱུང་བ་དགྲར་ལང་མ་བརྒྱ་སྟོང་ཁྲི་འབུམ་སོགས་ཅི་ནུས་ཕུར་ཚུགས་སུ་གསོལ་བ་བཏབ་མཐར། གུ་རུའི་ཐུགས་སྲོག་ཧྲཱིཿལས་འོད་ཟེར་འཕྲོས། །འཁོར་གྱི་རྩ་གསུམ་ནོར་ལྷའི་ཐུགས་བརྒྱུད་བསྐུལ། །དེ་དག་ཐུགས་ལས་འོད་ལྔའི་ཟེར་འཕྲོས་པས། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་མཉེས་མཆོད་ཕུལ། །རིགས་དྲུག་འགྲོ་བའི་སེར་སྣའི་སྒྲིབ་ཀུན་བསལ། །སྣོད་བཅུད་རིན་ཆེན་སེམས་དཔའི་ཞིང་དུ་གྱུར། །སླར་འཕྲོས་འཁོར་འདས་བརྟན་གཡོའི་དྭངས་བཅུད་དང་། ཚེ་བསོད་དཔལ་འབྱོར་ཕྱྭ་གཡང་ལོངས་སྤྱོད་ཚོགས། །བཀྲ་ཤིས་རྫས་རྟགས་འཇའ་ཟེར་རྣམ་པར་བསྡུས། །རང་ལ་ཐིམ་པས་འཆི་བ་མེད་པའི་ཚེ། །རྒུད་མེད་ལང་ཚོ་འཛད་མེད་ལོངས་སྤྱོད་སོགས། །ཐུན་མོངས་མཆོག་གི་དངོས་གྲུབ་མཐའ་དག་ཐོབ། །སླར་ཡང་འཁོར་རྣམས་འོད་ཞུ་གཙོ་བོར་ཐིམ། །དེ་ཡང་དགྱེས་པས་འོད་ཞུ་རང་ལ་ཐིམ། །རང་རིག་མ་བཅོས་བླ་མའི་ཐུགས་དང་གཅིག །སྤྲོས་བྲལ་འཛིན་མེད་གཉུག་མའི་ངང་ལ་བཞག །རྗེས་ཐོབ་དགེ་བ་མཐའ་ཡས་འགྲོ་ལ་བསྔོ། །ཐུན་མཚམས་ཀུན་ཏུ་ཚོགས་བསགས་ཅི་འགྲུབ་བྱ། །འདི་ཡང་བན་རྒན་དགྱེས་པའི་དགའ་སྟོན་དུ། །པདྨ་བི་ཛས་གང་དྲན་ལྷུག་པར་བྲིས། །དགེ་བས་འགྲོ་ཀུན་ཚོགས་གཉིས་མཐར་ཕྱིན་ཤོག །

བླ་མའི་རྣལ་འབྱོར་ནི།

༈ བླ་མའི་རྣལ་འབྱོར་ནི། སྐྱབས་ཀུན་འདུས་ཞལ་བླ་མར་སྐྱབས་སུ་མཆི། །འགྲོ་སྒྲོལ་སླད་དུ་བླ་མའི་རྣལ་འབྱོར་བསྒོམ། །སེམས་ཅན་བདེ་ལྡན་སྡུག་བསྔལ་རྒྱུར་བཅས་བྲལ། །བདེ་ལྡན་བཏང་སྙོམས་ངང་ལ་གནས་གྱུར་ཅིག །ཅེས་སྐྱབས་སེམས་ཚད་མེད་བཞི་བསྒོམ་རྗེས། དངོས་གཞི་རྟེན་བསྐྱེད་པ་ནི། ཨ། མདུན་གྱི་ནམ་མཁར་སེང་ཁྲི་པད་ཟླའི་སྟེང་། །དུས་གསུམ་རྒྱལ་བའི་ཡེ་ཤེས་གཅིག་བསྡུས་པ། །འདྲེན་མཆོག་མགོན་པོ་རྩ་བའི་བླ་མ་ཉིད། །མཚན་དཔེའི་གཟི་འབར་མངོན་སུམ་བཞིན་དུ་གསལ། །ཞེས་མོས་ལ། ཡན་ལག་བདུན་པ་འབུལ་བ་ནི། སངས་རྒྱས་ཀུན་འདུས་རྩ་བའི་བླ་མ་ལ། །སྒོ་གསུམ་ཕྱག་འཚལ་མཆོད་འབུལ་སྡིག་ལྟུང་བཤགས། །དགེ་ལ་ཡི་རང་བསྐུལ་ཞིང་གསོལ་བ་འདེབས། །དགེ་བ་གང་མཆིས་བྱང་ཆུབ་ཆེན་པོར་བསྔོ། །དེ་ནས་གསོལ་བ་གདབ་པ་ནི། བླ་མ་མཉམ་མེད་སངས་རྒྱས་རིན་པོ་ཆེ། །དུས་གསུམ་བདེ་གཤེགས་སྲས་བཅས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རང་བཞིན་བྱིན་རླབས་པའི། །བཀའ་དྲིན་ཆེན་པོའི་ཞབས་ལ་གསོལ་བ་འདེབས། །ཞེས་སོགས་གང་མོས་ཅི་ནུས་མཐར་དབང་བླང་བ་ནི། བླ་མའི་གནས་གསུམ་འབྲུ་གསུམ་འོད་ཟེར་འཕྲེང་། །བདག་ཐིམ་སྒྲིབ་སྦྱང་ལམ་བཞིའི་སྣོད་རུང་བྱས། །སྐུ་བཞིའི་གོ་འཕང་ཐོབ་པའི་སྐལ་ལྡན་གྱུར། །མཐར་ནི་བླ་མ་འོད་ཞུ་རང་ལ་ཐིམ། །ཐུགས་ཡིད་གཅིག་འདྲེས་དགོངས་པའི་རྩལ་ཆེན་རྫོགས། །རྗེས་ཐོབ་ཅིར་སྣང་བླ་མའི་རོལ་པར་ཤར། །དགེ་བས་སྐྱེ་ཀུན་བླ་མས་རྗེས་བཟུང་མཐུས། །དོན་གཉིས་མཐར་ཕྱིན་རྡོ་རྗེ་འཆང་འགྲུབ་ཤོག །ཅེས་པའང་བསྟན་པའི་སྣང་བྱེད་གནམ་མཚོ་མཆོག་སྤྲུལ་དམ་པའི་བཞེད་ངོར་བྱ་བྲལ་བ་རྒན་པོ་བི་ཛ་ཡས་བྲིས་པ་དགེ །

བླ་མའི་རྣལ་འབྱོར་སྙིང་པོར་དྲིལ་བ།

༄༅། །བླ་མའི་རྣལ་འབྱོར་སྙིང་པོར་དྲིལ་བ་བཞུགས། ༀ་སྭསྟི། བླ་མའི་རྣལ་འབྱོར་ཉུང་བསྡུས་ནི། བླ་མ་སངས་རྒྱས་ཆོས་ཚོགས་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །གཞན་དོན་རྫོགས་བྱང་ཐོབ་བྱའི་ཕྱིར། །བླ་མའི་རྣལ་འབྱོར་བསྒོམ་པར་བགྱི། །ༀ་སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་པད་ཟླའི་སྟེང་། །བླ་མ་འཆི་མེད་འཚོ་སྐྱེས་རྗེ། །མཐིང་གསལ་རྡོ་རྗེ་དྲིལ་བུ་འཛིན། །དར་དང་རིན་ཆེན་རྒྱན་གྱིས་མཛེས། །དབྱིངས་ཕྱུག་ཡུམ་དང་གཉིས་མེད་འཁྲིལ། །གནས་གསུམ་རྡོ་རྗེའི་འབྲུ་གསུམ་ལས། །འོད་འཕྲོས་བླ་མ་རྩ་གསུམ་ལྷ། །སྤྱན་དྲངས་དམ་ཡེ་གཉིས་མེད་གྱུར། །ཕྱག་འཚལ་མཆོད་འབུལ་སྡིག་ལྟུང་བཤགས། །དགེ་ལ་ཡི་རང་ཆོས་འཁོར་བསྐོར། །མྱ་ངན་མི་འདའ་བཞུགས་གསོལ་འདེབས། །དགེ་བ་སེམས་ཅན་དོན་དུ་བསྔོ། །རབ་འབྱམས་རྒྱལ་བ་སྲས་བཅས་ཀྱི། །ཡེ་ཤེས་གཅིག་ཏུ་བསྡུས་པའི་བདག །བླ་མ་མཆོག་ལ་གསོལ་བ་འདེབས། །བདག་ལ་དབང་དང་བྱིན་རླབས་སྩོལ། སིངྔྷི་དང་བཛྲ་མ་ཧཱ་གུ་རུ་སོགས་བཟླ། བླ་མའི་སྐུ་ཡི་གནས་བཞི་ནས། །འོད་འཕྲོས་རང་གི་གནས་བཞིར་ཐིམ། །དབང་བཞིའི་ཡེ་ཤེས་མངོན་བྱས་ནས། །སྐུ་བཞིའི་གོ་འཕང་མྱུར་ཐོབ་གྱུར། །མཐར་ནི་བླ་མ་རང་ལ་ཐིམ། །རང་སེམས་བླ་མའི་ངོ་བོ་ཤར། །འཛིན་མེད་མ་བཅོས་གཉུག་མའི་ངང་། །སྒོ་གསུམ་རྡོ་རྗེ་གསུམ་དུ་གྱུར། །དགེ་བ་འདི་ཡིས་མྱུར་དུ་བདག །དཔལ་ལྡན་བླ་མ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། དེ་ཡི་ས་ལ་འགོད་པར་ཤོག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་དེ། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །ཅེས་པའང་མོས་ལྡན་དམ་པ་འགྱུར་མེད་ཆོས་དར་གྱི་བཞེད་ངོར་རྒན་པོ་བི་ཛ་ཡས་སོ། །༈ བླ་མའི་རྣལ་འབྱོར་བསྡུས་པ་ནི། སྐྱབས་སེམས་སྔོན་དུ་འགྲོ་བས། ཨཱཿའཁོར་འདས་ཆོས་ཀུན་གདོད་ནས་སྤྲོས་བྲལ་དབྱིངས། །འོད་གསལ་ཟུང་འཇུག་སྣང་སྟོང་སྒྱུ་མའི་རྩལ། །གནས་ཡུལ་རྣམ་དག་པདྨ་དྲྭ་བའི་དབྱིངས། །ཡེ་ཤེས་ལྔ་ལྡན་འཇའ་ཟེར་ཐིག་ལེའི་དབུས། །འདྲེན་མཆོག་མགོན་པོ་རྩ་བའི་བླ་མ་དང་། །དབྱེར་མེད་མཚོ་སྐྱེས་རྡོ་རྗེ་ཐོད་འཕྲེང་རྩལ། །དཀར་དམར་མདངས་ལྡན་རྡོ་རྗེ་ཐོད་བུམ་འཛིན། །མཚན་དཔེའི་གཟི་འབར་རོལ་པའི་སྟབས་ཀྱིས་བཞུགས། །མཐའ་བསྐོར་དགོངས་བརྡ་སྙན་བརྒྱུད་བླ་མ་དང་། །ཡི་དམ་ཞི་ཁྲོ་གནས་གསུམ་འཁའ་འགྲོའི་སྤྲིན། །གྲངས་མེད་ཉི་ཟེར་རྡུལ་འཁྲིགས་ལྟ་བུར་གསལ། །རབ་འབྱམས་རྩ་གསུམ་ཞི་ཁྲོའི་དཀྱིལ་འཁོར་སྤྲིན། །སྤྲོ་བསྡུའི་བྱེད་པོ་བླ་མ་རྡོ་རྗེ་འཆང་། །དབྱིངས་ནས་བརྩེར་དགོངས་ཐུགས་རྗེའི་རྩལ་བསྐྱེད་ལ། །འདིར་གཤེགས་དབང་བསྐུར་བྱིན་ཕོབ་དངོས་གྲུབ་སྩོལ། །ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིངྔྷི་ཧཱུྃ། ཞེས་བཟླ། བླ་མའི་གནས་གསུམ་འབྲུ་གསུམ་འདུད་རྩིའི་ཟེར། །འཕྲོས་པས་སྒོ་གསུམ་སྒྲིབ་དག་དབང་བཞི་ཐོབ། །མཐར་ནི་བླ་མ་འོད་ཞུ་རང་ལ་ཐིམ། །ཐུགས་ཡིད་གཅིག་འདྲེས་བློ་བྲལ་གཉུག་མའི་གཤིས། །རིག་སྟོང་ཟུང་འཇུག་ཆོས་སྐུའི་རང་ཞལ་བལྟ། །དགེ་བ་འདི་ཡིས་མཐའ་ཀླས་ཡིན་ཅན་ཀུན། །འཁོར་ལོའི་མགོན་གྱིས་འབྲལ་མེད་རྗེས་བཟུང་ནས། །དད་དང་དམ་ཚིག་མོས་གུས་རྣམ་དག་པས། །དོན་གཉིས་མཐར་ཕྱིན་རྡོ་རྗེ་འཆང་འགྲུབ་ཤོག །ཅེས་པའང་སྨིན་གྲོལ་གྱི་བཞེད་ངོར་བི་ཛས་གང་ཤར་བྲིས་པ་དགེ །

བླ་མའི་རྣལ་འབྱོར་སྐལ་ལྡན་དགྱེས་པའི་དགའ་སྟོན།

༄༅། །བླ་མའི་རྣལ་འབྱོར་སྐལ་ལྡན་དགྱེས་པའི་དགའ་སྟོན་བཞུགས། ཨཱཿཀ་དག་སྤྲོས་པ་བྲལ་བའི་དབྱིངས། །ལྷུན་གྲུབ་འགག་པ་མེད་པའི་གདངས། །རོལ་རྩལ་མ་འགགས་བླ་མའི་སྐུ། །རིག་འདུས་བཛྲ་ས་ཏྭ་ཆེ། །དཀར་གསལ་རྡོ་རྗེ་དྲིལ་བུ་འཛིན། །རང་འོད་སྙེམ་མའི་བདེ་བས་འཁྱུད། །མཚན་དཔེའི་གཟི་འབར་ལོངས་སྐུའི་ཆས། །སྣང་སྟོང་ཟུང་འཇུག་ཡེ་ཤེས་སྐུ། །དྲན་པ་ཙམ་གྱིས་མཆོག་སྟེར་བའི། །སྐྱབས་ཀུན་འདུས་པའི་ངོ་བོར་གསལ། །རང་རིག་དོན་གྱི་བླ་མ་ལ། །རང་ངོ་ཤེས་པའི་ཕྱག་གིས་འདུད། །ཅིར་སྣང་རྒྱན་ཤར་མཆོད་སྤྲིན་སྟོབས། །ཉོན་མོངས་རང་གྲོལ་ཆེན་པོར་བཤགས། །ཟག་མེད་དགེ་ལ་རྗེས་ཡི་རང་། །རིག་རྩལ་འགག་མེད་ཆོས་འཁོར་བསྐོར། །འོད་གསལ་གཉུག་མའི་ཐིག་ལེར་བཞུགས། །སྲིད་ཞི་མཉམ་ཉིད་ཀློང་དུ་བསྔོ། །ཡེ་གྲོལ་གདོད་མའི་མགོན་པོ་ལ། །བློ་བྲལ་རྗེན་པར་གསོལ་བ་འདེབས། །བསྐུར་ཐོབ་བྲལ་བའི་དབང་བསྐུར་ལ། །གདོད་གཞི་གྲོལ་བར་བྱིན་གྱིས་རློབས། །བླ་མ་འོད་ཞུ་རང་ལ་ཐིམ། །རང་སེམས་བླ་མའི་ངོ་བོར་ཤར། །ཅིར་སྣང་ཀུན་བཟང་སྤྱོད་པའི་བརྒྱན། །བདེ་བ་ཆེན་པོའི་ཀློང་དུ་ཨཱཿ། །དེ་ལྟར་བླ་མའི་རྣལ་འབྱོར་ཚུལ། །ཉུང་ངུས་ངག་གི་གསལ་བྱེད་པ། །སྔགས་བཙུན་པདྨ་བི་ཛ་དེས། །ཨ་ཚོགས་དགྱེས་པའི་དགའ་སྟོན་ནོ། །དགེའོ། །༈ དྭངས་པའི་ཡིད་མཁར་དད་བརྒྱའི་ཆུ་འཛིན་དབུས། །རྩ་བའི་བླ་མ་ཨོ་རྒྱན་རྡོ་རྗེ་འཆང་། །བདེ་སྟོང་ཟག་མེད་རྡོ་རྗེ་ཚེ་བུམ་འཛིན། །དྲན་པས་སྲིད་ཞིའི་འཇིགས་འཕྲོག་ལྷམ་མེར་གསལ། །རབ་འབྱམས་རྩ་གསུམ་འདུས་ཞལ་པད་འབྱུང་དང་། །དབྱེར་མེད་དྲིན་ཆེན་རྩ་བའི་བླ་མ་ལ། །མི་ཕྱེད་སྙིང་ནས་གུས་པས་གསོལ་བ་འདེབས། །དབང་བསྐུར་བྱིན་རློབས་སྨིན་གྲོལ་དངོས་གྲུབ་སྩོལ། །བླ་མའི་གནས་གསུམ་འབྲུ་གསུམ་བདུད་རྩིའི་ཟེར་། །འཕྲོས་པས་སྒོ་གསུམ་སྒྲིབ་དག་དབང་བཞི་ཐོབ། །བླ་མ་དགྱེས་པས་འོད་ཞུ་རང་ལ་ཐིམ། །ཐུགས་ཡིད་གཅིག་འདྲེས་དགོངས་པའི་རྩལ་རྫོགས་གྱུར། །དགེ་བ་འདི་ཡིས་བདག་སོགས་ཡིད་ཅན་ཀུན། །འཁོར་ལོའི་མགོན་གྱིས་འབྲལ་མེད་རྗེས་བཟུང་ནས། །དད་དང་དམ་ཚིག་མོས་གུས་རྣམ་དག་པས། །རྗེ་བཙུན་བླ་མའི་གོ་འཕང་མྱུར་ཐོབ་ཤོག །ཅེས་པའང་བློ་བསྟན་ངོར་བི་ཛས་བྲིས་སོ། །

འཇམ་མགོན་མི་ཕམ་རྒྱ་འཚོ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་བྱིན་རླབས་མྱུར་འཇུག

༄༅། །འཇམ་མགོན་མི་ཕམ་རྒྱ་འཚོ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་བྱིན་རླབས་མྱུར་འཇུག་ཅེས་བྱ་བཞུགས་སོ། །ན་མོ་གུ་རུ་མཉྫུ་ཤྲཱི་ཡེ། འདིར་ངེས་པར་འབྱུང་བ་དང་བྱང་ཆུབ་སེམས་ཀྱིས་ཀུན་ནས་བསླངས་ཏེ། ཚེ་གཅིག་གིས་གྲོལ་བ་དོན་དུ་གཉེར་བ་རྣམས་ཀྱིས་ལམ་ཟབ་མོ་བླ་མའི་རྣལ་འབྱོར་བསྒོམ་པར་འདོད་ན། མ་ལུས་སྐྱབས་ཀུན་འདུས་པའི་བདག །བླ་མ་མཆོག་ལ་སྐྱབས་མཆི་ཞིང་། །གཞན་དོན་རྫོགས་བྱང་ཐོབ་བྱའི་ཕྱིར། །བླ་མའི་རྣལ་འབྱོར་བསྒོམ་པར་བགྱི། །ཞེས་སྐྱབས་སེམས་སྔོན་དུ་འགྲོ་བས། རྟེན་བསྐྱེད་པ་ནི། ཨ། སྣོད་བཅུད་རྣམ་དག་འོག་མིན་དག་པའི་ཞིང་། །ཕུན་ཚོགས་མཆོད་པའི་སྤྲིན་ཕུང་འཁྲིགས་པའི་ཀློང་། །མདུན་གྱི་ནམ་མཁར་སེང་ཁྲི་པད་ཟླའི་སྟེང་། །ཀུན་མཁྱེན་བླ་མ་མི་ཕམ་རྣམ་རྒྱལ་ནི། །དཀར་གསལ་མཛེས་འཛུམ་པཎྜི་ཏ་ཡི་ཆས། །ཆོས་འཆད་ཕྱག་རྒྱས་རལ་གྲི་གླེགས་བམ་འཛིན། །རྡོ་རྗེའི་སྐྱིལ་དཀྲུང་ལྟ་སྟངས་མཁའ་ལ་གཟིགས། །སྐུ་ལ་གདན་གསུམ་དཀྱིལ་འཁོར་ཡོངས་སུ་རྫོགས། །དྲན་པ་ཙམ་གྱིས་ཡེ་ཤེས་སྐྱེད་ནུས་པའི། །སྐྱབས་ཀུན་འདུས་པའི་ངོ་བོར་ལྷམ་མེར་གསལ། །ཚོགས་བསགས་པ་ནི། སྐྱབས་ཀུན་འདུས་ཞལ་དྲིན་ཆེན་བླ་མ་ལ། །གུས་པས་ཕྱག་འཚལ་མཆོད་འབུལ་སྡིག་ལྟུང་བཤགས། །དགེ་ལ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་ཚོགས་འགྲོ་ཀུན་རྣམ་མཁྱེན་ཐོབ་ཕྱིར་བསྔོ། །དེ་ནས་གསོལ་བ་གདབ་བ་ནི། སྨྲ་བའི་སེང་གེའི་མཁྱེན་རབ་ཐུགས་ལ་ཤར། །ཀུན་ཏུ་བཟང་པོའི་སྨོན་ལམ་རྣམ་པར་སྦྱངས། །སྲས་བཅས་རྒྱལ་བའི་ཕྲིན་ལས་སྒྲུབ་མཛད་པ། །འཇམ་དཔལ་དགྱེས་པའི་རྡོ་རྗེར་གསོལ་བ་འདེབས། །རང་རིག་བླ་མའི་ངོ་བོར་ངེས་རྙེད་མཐུས། །གཟུངས་སྤོབས་བློ་གྲོས་བྱེ་བའི་གཏེར་ལ་དབང་། །རྩོད་འཆད་རྩོམ་པས་རྒྱལ་བསྟན་གསལ་ནུས་པ། །མགོན་པོ་མཆོག་དང་མཉམ་པར་བྱིན་གྱིས་རློབས། །ཞེས་ཕུར་ཚུགས་སུ་ཐུན་ཀྱི་དངོས་གཞིར་བྱས་ལ། མཇུག་ཏུ་མཚན་སྔགས་བཟླ་བར་སྤྲོ་ན། ཨོ་ཨཱཿགུ་རུ་མཉྫུ་ཤྲཱི་ཨ་ཛི་ཏ་སརྦ་སིངྔྷི་ཕ་ལ་ཧཱུྃ། ཞེས་ཅི་རིགས་བཟླས་མཐར། དབང་བླང་བ་ནི། བླ་མའི་གནས་གསུམ་རྡོ་རྗེའི་འབྲུ་གསུམ་ཟེར། །རང་གི་གནས་གསུམ་ཐིམ་པས་དབང་བཞི་ཐོབ། །སྒྲིབ་བཞི་བྱང་ཞིང་ལམ་བཞིའི་རྟེན་འབྲེལ་སྒྲིགས། །སྐུ་བཞིའི་གོ་འཕང་རྒྱུད་ལ་བཞག་པར་གྱུར། །མཐར་ནི་བླ་མ་འོད་ཞུ་རང་ལ་ཐིམ། །ཐུགས་ཡིད་གཅིག་འདྲེས་དགོངས་པའི་རྩལ་ཆེན་རྫོགས། །ཡེ་གྲོལ་བློ་འདས་བདེ་ཆེན་གཉུག་མའི་གཤིས། །མ་བཅོས་རྫོགས་པ་ཆེན་པོའི་ཀློང་དུ་ཨ། །ཞེས་ཅི་གནས་སུ་མཉམ་པར་བཞགདེ་ལས་ལྡང་བ་ན་དགེ་བ་བསྔོ་ཞིང་ཅིར་སྣང་བླ་མའི་ལམ་ཁྱེར་དང་མ་བྲལ་བར་བྱའོ། །ཞེས་པའང་ལྔ་རིགས་སྨྲ་བ་ཚེ་དབང་རིག་འཛིན་གྱི་བཞེད་སྐོང་དུ། མགོན་པོ་གང་གི་ཚད་མེད་པའི་ཐུགས་རྗེས་བསྐྱངས་པའི་སློབ་འབངས་ཐ་ཤལ་བ། འཇམ་དབྱངས་བློ་གྲོས་རྒྱ་མཚོས་གྲུབ་པའི་སྦྱོོར་བ་དང་ལྡན་པའི་ཚེས་བཟང་པོར་བྲིས་ཤིང་གསོལ་བ་བཏབ་པ་སྐྱེ་བ་ཀུན་ཏུ་བླ་མས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིགསརྦ་མངྒལཾ། དགེའོ། །དགེའོ། །དགེའོ། །

བླ་མའི་རྣལ་འབྱོར་མདོར་བསྡུས་མོས་གུས་གསོལ་འདེབས།

༄༅། །བླ་མའི་རྣལ་འབྱོར་མདོར་བསྡུས་མོས་གུས་གསོལ་འདེབས་བཞུགས་སོ། །ན་མོ་གུ་རུ་བཛྲ་ངྷ་རཱ་ཡ། འདིར་སྐལ་བ་དང་ལྡན་པའི་གང་ཟག་བླ་མ་སངས་རྒྱས་སུ་མཐོང་བའི་མོས་གུས་དང་ལྡན་པ་རྣམས་ཀྱིས་ལམ་ཟབ་བླ་མའི་རྣམ་འབྱོར་ཉམས་སུ་ལེན་པར་འདོད་ན། སྐྱབས་སེམས་སྔོན་དུ་འགྲོ་བས། ཨ། འཁོར་འདས་ཆོས་ཀུན་མི་དམིགས་སྟོང་པའི་ངང་། །འོད་གསལ་རང་མདངས་དག་པའི་ཞིང་ཁམས་མཆོག །ཕུལ་བྱུང་མཆོད་པའི་སྤྲིན་གྱི་ལྡིང་ཁང་དབུས། །རང་ཉིད་ལྷར་གསལ་སྤྱི་བོའི་ནམ་མཁའ་ལ། །སེང་ཁྲི་པདྨ་ཐབས་ཤེས་ཉི་ཟླའི་སྟེང་། །རིགས་ཀུན་ཁྱབ་བདག་མཁན་ཆེན་རཏྣའི་མཚན། །ཆོས་འཆད་མཉམ་བཞག་གླེགས་རལ་ལྷུང་བཟེད་འཛིན། །གཡས་སུ་འདྲེན་མཆོག་ཆོས་ཀྱི་ཉིན་མོར་བྱེད། །ཕྱག་གཉིས་ཆོས་འཆད་བདེ་སྟོང་རྡོར་དྲིལ་འཛིན། །གཡོན་དུ་རིགས་འདུས་པདྨའི་མྱུ་གུ་རྩལ། །ངལ་གསོའི་ཕྱག་རྒྱ་ལྟ་སྟངས་མཁའ་ལ་གཏད། །གསུམ་ཀ་ཞི་འཛུམ་པཎྜི་ཏ་ཡི་ཆས། །ཆོས་གོས་གསུམ་གསོལ་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །མཐའ་བསྐོར་སྤྱི་དང་འདྲེན་དང་དམ་ཚིག་དབང་། །ཉམས་ཆག་སྐོང་དང་ཤེས་རྒྱུད་འགྲོལ་བ་དང་། །མན་ངག་ལུང་གི་སློབ་དཔོན་ལ་སོགས་པའི། །རིག་འཛིན་རྩ་བརྒྱུད་བླ་མ་སྤྲིན་ལྟར་འཁྲིགས། །ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཚོགས། །གྲངས་མེད་ཏིལ་གང་ཁ་ཕྱེས་བཞིན་དུ་གྱུར། །ཡེ་ཤེས་གཅིག་ཉིད་དུ་མར་འཆར་བའི་འཕྲུལ། །རབ་འབྱམས་རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་སྤྲིན། །སྤྲོ་བསྡུའི་བྱེད་པོ་བླ་མ་རིན་པོ་ཆེར། །མི་ཕྱེད་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །དངོས་འབྱོར་ཡིད་སྤྲུལ་ཀུན་བཟང་སྤྲིན་གྱིས་མཆོད། །ཚེ་རབས་བསགས་པའི་སྡིག་ལྟུང་སྙིང་ནས་བཤགས། །འཁོར་འདས་ལམ་གྱི་དགེ་རྩར་རྗེས་ཡི་རངས། །གང་འདུལ་འགྲོ་ངོར་ཆོས་འཁོར་བསྐོར་བར་བསྐུལ། །གཟུགས་སྐུ་རྡོ་རྗེ་ལྟ་བུར་བརྟན་བཞུགས་གསོལ། །འདིས་མཚོན་དགེ་ཚོགས་བྱང་ཆུབ་སྙིང་པོར་བསྔོ། །སྡེ་སྣོད་རྒྱུད་སྡེ་རྒྱ་མཚོའི་དེ་ཉིད་གཟིགས། །དྲི་མེད་བསླབ་གསུམ་ནོར་བུའི་རྒྱལ་མཚན་སྒྲེང་། །མཁས་ཚུལ་གསུམ་གྱིས་ཐུབ་བསྟན་གསལ་མཛད་པའི། །མཁན་ཆེན་རཏྣའི་ཞབས་ལ་གསོལ་བ་འདེབས། །ཡེ་ནས་རྣམ་གྲོལ་ཆོས་སྐུ་མངོན་བརྙེས་ཀྱང་། །སྙིང་རྗེ་ཆེན་པོས་སྲིད་པར་རྗེས་ཆགས་གར། །འབྲེལ་ཚད་དོན་ལྡན་ངེས་གསང་རྒྱལ་སྲིད་སྐྱོང། །ཆོས་ཀྱི་ཉིན་བྱེད་ཞབས་ལ་གསོལ་བ་འདེབས། །གོང་མས་རྗེས་བཟུང་སྨིན་གྲོལ་གདམས་སྲོལ་འཛིན། །སྒྲུབ་བརྒྱུད་བརྒྱད་སོགས་རིས་མེད་བསྟན་ལ་གུས། །གཡོ་སྒྱུ་མེད་པའི་ལྷག་པའི་བསམ་པ་བརྟན། །པདྨའི་མྱུ་གུའི་ཞབས་ལ་གསོལ་བ་འདེབས། །དེ་ལྟར་མི་ཕྱེད་གུས་པས་གསོལ་བཏབ་མཐུས། །ཡེ་ཤེས་གཟིགས་པས་ཉེ་བར་དགོངས་མཛོད་ལ། །བདག་རྒྱུད་དབང་བཞིའི་ཡེ་ཤེས་མྱུར་སྐྱེད་ནས། །རྟོགས་གྲོལ་དུས་མཉམ་ཆེན་པོའི་དངོས་གྲུབ་སྩོལ། །བླ་མའི་གནས་གསུམ་རྡོ་རྗེའི་འབྲུ་གསུམ་ལས། །འོད་ཟེར་བདུད་རྩི་དཀར་དམར་མཐིང་ཁའི་རྒྱུན། །རང་གི་སྒོ་གསུམ་ལ་ཐིམ་དབང་བཞི་ཐོབ། །སྒྲིབ་དག་ལམ་སྦྱང་སྐུ་བཞིའི་སྐལ་ལྡན་གྱུར། །མཐར་ནི་དགྱེས་པས་འོད་ཞུ་རང་ལ་ཐིམ། །ཐུགས་ཡིད་གཅིག་འདྲེས་དགོངས་པའི་རྩལ་ཆེན་རྫོགས། །ཡིད་ལ་མི་བྱེད་གསལ་སྟོང་ཕྱག་རྒྱ་ཆེ། །མ་བཅོས་ཐ་མལ་ཤེས་པའི་ཀློང་དུ་ཨ། །དགེ་བ་འདི་ཡིས་བདག་དང་མཁའ་མཉམ་འགྲོ། །སྐྱེ་ཀུན་བླ་མ་མཆོག་གིས་རྗེས་བཟུང་ནས། །ཐེག་མཆོག་ལམ་གྱི་རྟེན་འབྲེལ་མཐའ་དག་འགྲིགས། །དོན་གཉིས་མཐར་ཕྱིན་རྡོ་རྗེ་འཆང་འགྲུབ་ཤོག །ཅེས་མོས་ལ་མོས་གུས་ཕྱག་རྒྱ་ཆེན་པོའི་ལམ་ཁྱེར་དང་མ་བྲལ་བར་བྱའོ། །ཅེས་པའང་བསླབ་གསུམ་ནོར་བུའི་མཛོད་འཆང་བླ་མ་ཀརྨ་བློ་དགའི་ཐུགས་བཞེད་བཞིན་རྨོངས་པ་པདྨ་བི་ཛས་བྲིས་པ་དགེ །༈ ཨ་འཁོར་འདས་ཆོས་ཀུན་རོ་མཉམ་བདེ་བ་ཆེའི། །རིག་རྩལ་མ་འགགས་གང་འདུལ་ཕྱག་རྒྱའི་གར། །རྩ་བའི་བླ་མ་མཚན་རྫོགས་སྤྲུལ་པའི་སྐུ། །སྐྱབས་ཀུན་འདུས་པའི་ངོ་བོར་ལྷམ་མེར་གསལ། །རང་བྱུང་རིག་པ་གདོད་མའི་མགོན་པོ་ལ། །དབྱེར་མེད་རོ་མཉམ་ཆེན་པོར་གསོལ་བ་འདེབས། །ཡེ་ཤེས་ཆེན་པོའི་བྱིན་རླབས་སྙིང་ལ་ཞུགས། །རྟོགས་གྲོལ་དུས་མཉམ་དགོངས་པའི་རྩལ་རྫོགས་མཛོད། །ཅིར་སྣང་ཡེ་ཤེས་ཆེན་པོའི་རོལ་པར་ཤར། །འགྲོ་འོང་སྲོག་རྩོལ་གཞོམ་མེད་ནཱ་དར་རྫོགས། །འཕོ་མེད་བདེ་ཆེན་ཡེ་ཤེས་སྙིང་དབུས་སད། །སྐུ་བཞིའི་འབྲས་བུ་ཚེ་འདིར་མངོན་བྱེད་ཤོག །ཅེས་པའང་བླ་མ་རིན་པོ་ཆེ་འོད་གསལ་འཇའ་ལུས་རྡོ་རྗེའི་ཐུགས་ཀྱི་བཞེད་སྐོང་དུ་སྙོམ་ལས་པ་པདྨ་བི་ཛས་བྲིས་པ་དགེ །༈ ན་མོ་གུ་རུ། གདོད་ནས་འོད་གསལ་འདུས་མ་བྱས། །གློ་བུར་འཁྲུལ་པའི་སྦུབས་རྒྱ་ལས། །ཡོངས་གྲོལ་ཆོས་སྐུ་ཀུན་བཟང་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ནད་མཚོན་དུག་གཡོས་འབྱུང་བཞིའི་འཇིགས། །དགྲ་གདོན་རྒྱལ་པོའི་ཆད་ལས་སོགས། །དུས་མིན་འཆི་བ་བཟློག་པ་དང་། །སྣང་བ་དབང་བསྒྱུར་དངོས་གྲུབ་སྩོལ། །བདེ་ཆེན་ཁ་སྦྱོར་བདུན་གྱི་བདག །ལྷུན་རྫོགས་ངེས་པ་ལྔ་ལྡན་མཆོག །ལོངས་སྐུ་ཚེ་བདག་རིགས་ལྔ་ལ། །གསོལ་བ་འདེབས་སོ༴ ནད་མཚོན༴ དགྲ་གདོན༴ དུས་མིན༴ སྣང་བ༴ ཚེ་བདག་གྲུབ་པའི་རིགས་སྔགས་གཟིས། །ཚེ་བདུད་རྒྱུ་བ་རྒྱུན་བཅད་པའི། །སྤྲུལ་སྐུ་པད་འབྱུང་ཡབ་ཡུམ་ལ། །གསོལ་བ༴ ནད་མཚོན༴ དགྲ་གདོན༴ དུས་མིན༴ སྣང་བ༴ རླུང་སེམས་ལས་སུ་རུང་བའི་མཐུས། །འབྱུང་བ་བཞི་ལ་མངའ་དབང་བསྒྱུར། །རིག་འཛིན་གྲུབ་ཐོབ་རྒྱ་མཚོ་ལ། །གསོལ་བ༴ ནད་མཚོན༴ དགྲ་གདོན༴ དུས་མིན༴ སྣང་བ༴ ཡེ་ཤེས་དགུ་ཀློང་འབར་བའི་རྩལ། །འདས་དང་མ་འདས་ཆ་སྙོམས་ཚུལ། །དཔལ་ཆེན་གཙོ་དགུའི་དཀྱིལ་འཁོར་ལྷར། །གསོལ་བ༴ ནད་མཚོན༴ དགྲ་གདོན༴ དུས་མིན༴ སྣང་བ༴ དབྱིངས་ཀྱི་རྗེ་མོ་ཕག་ཞལ་ཅན། །གདུལ་དཀའ་འདུལ་མཛད་སེང་ཧ་ནི། །འཇིགས་པ་བརྒྱད་སྐྱོབ་ཏཱ་རེ་མ། །གསོལ་བ༴ ནད་མཚོན༴ དགྲ་གདོན༴ དུས་མིན༴ སྣང་བ༴ གཞན་ཡང་གནས་ཡུལ་དུར་ཁྲོད་བདག །ལྷན་སྐྱེས་ཞིང་སྔགས་ཌཱ་ཀིའི་སྤྲིན། །དཔའ་བོ་རྣལ་འབྱོར་མ་ཚོགས་ལ། །གསོལ་བ༴ ནད་མཚོན༴ དགྲ་གདོན༴ དུས་མིན༴ སྣང་བ༴ ཡེ་ཤེས་འཇིག་རྟེན་དྲེགས་ཚུལ་གྱིས། །ལེགས་ཉེས་སྟངས་འཛིན་སྒྲུབ་མཆོག་སྐྱོངས། །བརྒྱུད་གསུམ་དམ་ཅན་གཏེར་བདག་ལ། །གསོལ་བ༴ ནད་མཚོན༴ དགྲ་གདོན༴ དུས་མིན༴ སྣང་བ༴ དེ་ལྟར་རབ་འབྱམས་རྩ་གསུམ་སྤྲིན། །སྤྲོ་བསྡུའི་བྱེད་པོ་ཧེ་རུ་ཀཿ། །ཁྱབ་བདག་འཁོར་ལོའི་མགོན་པོ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ནད་མཚོན་དུག་གཡོས་འབྱུང་བཞིའི་འཇིགས། །དགྲ་གདོན་རྒྱལ་པོས་ཆད་ལས་སོགས། །དུས་མིན་འཆི་བ་བཟློག་པ་དང་། །སྣང་བ་དབང་བསྒྱུར་དངོས་གྲུབ་སྩོལ། །ཆོས་ཀུན་སེམས་ཀྱི་རང་རྩལ་ཏེ། །སེམས་ནི་དུས་གསུམ་རྒྱལ་བས་ཀྱང་། །མ་གཟིགས་མི་གཟིགས་གཟིགས་མི་འགྱུར། །སྟོང་ཉིད་བསྲུང་བ་བླ་ན་མེད། །དེ་སླད་སྐྱེ་འགག་གནས་བྲལ་བའི། །དོན་དམ་བློ་བྲལ་གཉུག་མའི་གཤིས། །འཕོ་མེད་དོན་གྱི་པདྨ་འབྱུང་། །མངོན་འགྱུར་རྡོ་རྗེའི་སྐུ་འགྲུབ་ཤོག །ཨཀྵ་རས་སོ། །༈ གང་མཚན་ཐོས་དང་དྲན་པ་ཙམ་གྱིས་ཀྱང་། །དུག་གསུམ་རྒྱུ་འབྲས་ནད་ཀུན་སེལ་མཛད་ཅིང་། །ངན་འགྲོའི་རྒྱུན་གཅོད་སངས་རྒྱས་སྨན་གྱི་ལྷ། །བཻཌཱུརྱ་ཡི་འོད་ལ་གསོལ་བ་འདེབས། །བདེ་གཤེགས་བརྒྱད་དང་ཆོས་དང་སེམས་དཔའི་ཚོགས། །ཚངས་དང་བརྒྱ་བྱིན་འཇིག་རྟེན་སྐྱོང་བ་བཞི། །གནོད་སྦྱིན་སྡེ་དཔོན་ཆེན་པོ་གཡོག་འཁོར་བཅས། །སྟོན་པའི་དམ་ཆོས་སྐྱོང་བར་མཛད་རྣམས་དང་། །ལྷ་མི་སྨན་གྱི་རིག་འཛིན་དྲང་སྲོང་ཚོགས། །ཀུན་ལ་ཕྱག་འཚལ་སྐྱབས་མཆི་གསོལ་བ་འདེབས། །གཞན་ཕན་བྱང་ཆུབ་སེམས་ཀྱི་གཞི་བཟུང་ནས། །ཀུན་ཕན་སྨན་གྱི་ཕྲིན་ལས་སྐྱོང་བ་ལ། །མི་མཐུན་འགལ་རྐྱེན་གནོད་པ་ཀུན་ཞི་ནས། །འགྲོ་ལ་རིང་འཚོའི་དགའ་སྟོན་ཀུན་འཕེལ་ཞིང་། །མཐར་ཐུག་དུག་གསུམ་རྒྱུ་འབྲས་རྒྱུན་ཆད་ནས། །རྣམ་མཁྱེན་གོ་འཕང་ཐོབ་པར་བྱིན་གྱིས་རློབས། །ཞེས་པའང་མོས་ལྡན་དམ་པའི་ངོར་བི་ཛ་ཡས་སོ། །དགེའོ། །དགེའོ། །དགེའོ། །༈ རབ་འབྱམས་རྒྱལ་བའི་ཡེ་ཤེས་སྒྱུ་མའི་སྐུ། །དྲན་པ་ཙམ་གྱིས་སྙིང་གི་མུན་སེལ་ཞིང་། །གཟུངས་སྤོབས་བློ་གྲོས་སྣང་བ་མཆོག་སྦྱིན་པ། །ཁྱབ་བདག་འཇམ་དཔལ་རྡོ་རྗེར་གསོལ་བ་འདེབས། །དུས་འདི་ནས་བཟུང་ཚེ་རབས་ཐམས་ཅད་དུ། །འབྲལ་མེད་ཡེ་ཤེས་གཟིགས་པས་རྗེས་དགོངས་ནས། །རབ་འབྱམས་ཤེས་བྱའི་ཆོས་ཀུན་ལེགས་རྟོགས་པའི། །བློ་མཆོག་སྤོབས་པའི་སྣང་བ་སྩལ་ཏུ་གསོལ། །དལ་འབྱོར་རྟེན་ཐོབ་ཐེག་མཆོག་རིགས་ཁམས་སད། །བྱང་ཆུབ་སེམས་འབྱོང་ཕྱིན་དྲུག་ལམ་ལ་སློབ། །ས་ལམ་ཡོན་ཏན་དཀའ་བ་མེད་པར་རྫོགས། །དོན་གཉིས་མཐར་ཕྱིན་སངས་རྒྱས་མྱུར་ཐོབ་ཤོག །ཅེས་པའང་མིང་དོན་མཐུན་པའི་གྲོགས་པོ་འཇམ་དབྱངས་བློ་གསལ་གྱི་བཞེད་ངོར། འཇམ་དབྱངས་བློ་གྲོས་རྒྱ་མཚོས་རྒྱལ་དང་ཕུར་བུའི་འགྲུབ་སྦྱོར་དགེ་བར་བྲིས་ཤིང་གསོལ་བ་བཏབ་པ་དགེ །༈ རྒྱལ་བ་ཀུན་གྱི་ཡེ་ཤེས་སྒྱུ་མའི་སྐུ། །དྲན་པས་སྙིང་གི་མུན་པ་སེལ་མཛད་པ། །རྗེ་བཙུན་འཇམ་པའི་དབྱངས་ལ་གསོལ་བ་འདེབས། །བློ་གྲོས་ཕུན་སུམ་ཚོགས་པ་སྩལ་དུ་གསོལ། །ཅེས་པའང་ཚུལ་ཁྲིམས་བསྟན་འཛིན་གྱི་བཞེད་ངོར་བི་ཛས་བྲིས་པ་དགེ །༈ རྩ་གསུམ་རྒྱ་མཚོའི་སྤྱི་དཔལ་པདྨ་འབྱུང་། །དྲན་པས་འདུད་བཞིའི་འཇིགས་འཕྲོག་ཧེ་རུ་ཀ །སྙིགས་ལྔའི་རྒུད་པ་སྐྱོབས་ལ་དྲིན་ཆེན་རྗེ། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །འབྱུང་པོའི་རྒྱུད་དཀྲུགས་སྐྱེ་བོས་ལོག་པར་སྤྱོད། །མཐའ་ཡས་དམགས་དཔུང་ནད་མཚོན་མུ་གེ་ལྡང་། །བསྟན་འགྲོའི་བདེ་སྐྱིད་རླུང་གསེབ་མར་མེ་འདྲ། །འདི་ལས་སྐྱོབས་ཤིག་མ་ཧཱ་གུ་རུ་རྗེ། །རྒྱལ་བསེན་དམ་སྲིའི་འཚེ་བ་སྤྲིན་བཞིན་ལྡང་། །གློ་བུར་དུས་མིན་འཆི་རྐྱེན་སེར་ལྟར་འཁྲུགས། །མི་མཐུན་འགལ་རྐྱེན་གློག་དམར་འཁྱུག་དུས་འདིར། །ཐུགས་རྗེའི་དགོངས་ཤིིག་དྲིན་ཅན་སྤྲུལ་པའི་སྐུ། །ཁྱོད་ཀྱི་རྗེས་འཇུག་རྒུད་པའི་དུས་ལ་བབས། །སྐྱབས་མེད་བདག་ལ་དགོས་པའི་དུས་བྱུང་ངོ་། །ཐུགས་དམ་ཞལ་བཞེས་དགོངས་པའི་རྩལ་བསྐྱེད་ལ། །འཇིགས་དང་སྡུག་བསྔལ་ཀུན་ལས་སྐྱབས་དུ་གསོལ། །དུས་མིན་འཆི་བའི་མཚན་མ་བཟློག་པ་དང་། །བྱང་ཆུབ་སྒྲུབ་པའི་འགལ་རྐྱེན་ཀུན་ཞི་ཞིང་། །ཆོས་མཐུན་བསམ་ཀུན་འབད་མེད་ཡིད་བཞིན་འགྲུབ། །དོན་གཉིས་ལྷུན་གྱིས་འགྲུབ་པར་མཛད་དུ་གསོལ། །ཅེས་འདིའང་རྡོ་རྗེ་དབང་མཆོག་དགྱེས་རབ་རྩལ་གྱིས་སྙིང་ཐག་པ་ནས་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིགདགེའོ། །༈ ཧཱུྃ། གཞི་གྲོལ་ཀ་དག་སྤྲོས་པ་བྲལ་བའི་དབྱིངས། །ལྷུན་གྲུབ་གཏིང་གསལ་འགག་པ་མེད་པའི་གདངས། །མ་འགགས་རང་རྩལ་ཞི་དང་ཁྲོ་བོའི་གར། །སྤྲོ་བསྡུའི་བྱེད་པོ་ཨོ་རྒྱན་རྡོ་རྗེ་འཆང་། །གར་དགུའི་ཉམས་བརྗིད་པདྨ་ཧེ་རུ་ཀ །རབ་འབྱམས་རྩ་གསུམ་དཀྱིལ་འཁོར་འཁོར་ལོའི་སྤྲིན། །མཐུ་ལྡན་ཆོས་སྲུང་དམ་ཅན་སྤྲུལ་འཁོར་བཅས། །ཐུགས་དམ་གནད་ནས་བསྐུལ་ལོ་དབྱིངས་ནས་བཞེངས། །དེང་དུས་སྙིགས་མ་ལྔ་བདོའི་ཐ་མ་འདིར། །མི་མཐུན་འགལ་རྐྱེན་སྡེ་བརྒྱད་འབྱུང་པོའི་དཔུང་། །ཕ་རོལ་བྱད་གཏད་གནོད་བྱེད་སྲི་སྐེག་སོགས། །སྣ་ཚོགས་འཁྲུགས་པའི་ཚ་དབལ་མི་བཟད་པས། །ཁྱེད་ཀྱི་རྗེས་འཇུག་སྡུག་པའི་དུས་ལ་བབས། །འདི་ལས་སྐྱོབས་ཤིག་མ་ཧཱ་གུ་རུ་རྗེ། །མ་རུངས་སྲི་སྐེག་སྡེ་བརྒྱད་འབྱུང་པོའི་རིགས། །ཉོན་མོངས་དུག་ལྔའི་རང་གཟུགས་སྨིན་པའི་འབྲས། །དུག་ལྔ་རང་གྲོལ་སྐྱེ་མེད་སྟོང་པའི་ངང་། །རང་རྩལ་མ་འགགས་ཡེ་ཤེས་ལྔ་རུ་ཤར། །དེ་སླད་སྲིད་གསུམ་ཡེ་ནས་སངས་རྒྱས་ཞིང་། །ཕུང་ཁམས་སྐྱེ་མཆེད་རྫོགས་པ་ཆེན་པོའི་དལ། །ཁམས་གསུམ་ཡེ་གྲོལ་སྐུ་གསུམ་དགོངས་པའི་ཀློང་། །མ་དག་རྣམ་རྟོག་འཁྲུལ་འཁོར་དབྱིངས་སུ་ཟློག །བསམ་དོན་ཆོས་བཞིན་འགྲུབ་པར་བྱིན་གྱིས་རློབས། །སྐྱེ་བ་ཀུན་ཏུ་གུ་རུ་པདྨ་ཡི། །རྗེས་བཟུང་རིག་འཛིན་རྣམ་བཞིའི་གསེང་ལམ་ནས། །དོན་གཉིས་ལྷུན་གྲུབ་རྣམ་བཞིའི་ཕྲིན་ལས་ཀྱིས། །མཐའ་ཡས་འགྲོ་ཀུན་སྒྲོལ་བའི་དཔལ་ཐོབ་ཤོག །པདྨ་བི་ཛས་སོ། །༈ ཧཱུྃ། དགོངས་ཤིག་བླ་མ་རིག་འཛིན་པདྨ་འབྱུང་། །བཞེངས་ཤིག་རབ་འབྱམས་རྩ་གསུམ་སྲུང་མའི་ཚོགས། །ཡེ་ཤེས་དབྱིངས་ནས་དགོངས་པའི་རྩལ་སྐྱེད་ལ། །སྐལ་ལྡན་བུ་ཡི་ཤེས་རྒྱུད་བྱིན་གྱིས་རློབས། །ཕུང་ཁམས་སྐྱེ་མཆེད་གདན་གསུམ་ཡོངས་རྫོགས་ལྷ། །ཡེ་ནས་དག་མཉམ་ཆོས་སྐུའི་རོལ་པ་ལ། །བརླབ་དང་རློབ་པར་བྱ་བ་མི་དམིགས་ཀྱང་། །ཀུན་རྫོབ་རྟེན་འབྱུང་སྒྱུ་མའི་རོལ་རྩེད་བཞིན། །ལུས་ལ་འགྱུར་མེད་སྐུ་ཡི་བྱིན་ཆེན་ཕོབ། །ངག་ལ་ཚངས་དབྱངས་གསུང་གི་བྱིན་ཆེན་ཕོབ། །ཡིད་ལ་འཁྲུལ་མེད་ཐུགས་ཀྱི་བྱིན་ཆེན་ཕོབ། །སྒོ་གསུམ་རྡོ་རྗེ་གསུམ་དང་མཉམ་སྦྱོར་མཛོད། །རང་དོན་ཐོས་བསམ་སྒོམ་པའི་ཡོན་ཏན་རྫོགས། །གཞན་དོན་འཆད་རྩོད་རྩོམ་ལ་སྤོབས་པ་མཐོ། །གཉིས་དོན་འཁོར་ལོ་གསུམ་གྱི་ཕྲིན་ལས་རྒྱས། །དོན་གཉིས་ལྷུན་གྱིས་འགྲུབ་པར་མཛད་དུ་གསོལ། །མི་ཤིགས་སྲོག་གི་ཀ་བ་ལོ་བརྒྱར་བརྟན། །ངོ་མཚར་སྙན་གྲགས་ཆེན་པོས་ས་སྟེང་ཁྱབ། །ལེགས་དགུའི་རྟེན་འབྲེལ་མཐའ་དག་གཅིག་ཏུ་འཚོགས། །འབྲེལ་ཚད་དོན་ལྡན་གཞན་ཕན་འཁའ་མཉམ་ཤོག །ཅེས་པའང་རྟེན་འབྱུང་ཤིན་ཏུ་དགེ་བར་འགྱུར་མེད་པདྨ་བསྟན་འཛིན་དོན་ཐམས་ཅད་འགྲུབ་པའི་སྡེེས་བྲིས་པ་མངྒལཾ། ༈ ན་མོ་གུ་རུ། དད་བརྒྱའི་ཡིད་མཁར་ཡུད་ཙམ་ཤར་བས་ཀྱང་། །མཆོག་ཐུན་འདོད་དགུའི་དངོས་གྲུབ་བྱེ་བའི་གཏེར། །ཅིག་ཅར་འབྱེད་མཛད་པདྨ་འབྱུང་གནས་ལ། །སྙིང་ནས་གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །ནམ་ཞིག་འདིར་སྣང་ནུབ་པར་གྱུར་མ་ཐག །འཇིགས་སྐྲག་བར་དོའི་སྣང་བ་མི་འབྱུང་ཞིང་། །དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་མདུན་བསུས་ནས། །རྔ་ཡབ་དཔལ་གྱི་རི་བོར་འཁྲིད་པར་ཤོག །དེར་ནི་ལས་ཉོན་མཆིང་བའི་སྦུབས་དྲལ་ནས། །རྩ་གསུམ་འདུས་པའི་སྤྱི་དཔལ་མཚོ་སྐྱེས་རྗེས། །ལུང་བསྟན་དབུགས་དབྱུང་མངོན་པར་བྱང་ཆུབ་ནས། །འབད་མེད་ལྷུན་གྲུབ་འགྲོ་དོན་མཐར་ཕྱིན་ཤོག །གུ་རུ་པད་འབྱུང་ཁྱེད་སྐུ་ཅི་འདྲ་དང་སོགས། དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག །རཏྣ་ཨཱཡུནྡྲའི་ངོར་བི་ཛས་བྲིས་པ་དགེ །༈ ཨེ་མ་ཧོ། ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་བཅས་ཀྱི། །མཁྱེན་བརྩེ་ནུས་པའི་ཡོན་ཏན་མ་ལུས་པ། །གཅིག་བསྡོམས་དྲན་པས་གདུང་སེལ་མཚོ་སྐྱེས་རྗེར། །མི་ཕྱེད་སྙིང་ནས་གུས་པས་གསོལ་བ་འདེབས། །འདི་ནས་བཟུང་ཏེ་ཚེ་རབས་ཕྲེང་བ་རུ། །འབྲལ་མེད་བྱང་ཆུབ་བར་དུ་རྗེས་བཟུང་མཐུས། །སྲིད་དང་ཞི་བའི་ཕུན་ཚོགས་ཀུན་འཕེལ་བས། །དོན་གཉིས་དགའ་སྟོན་རྒྱས་པར་མཛད་དུ་གསོལ། །ནམ་ཞིག་འདིར་སྣང་ནུབ་པར་གྱུར་མ་ཐག །རིག་འཛིན་མཁའ་འགྲོའི་ཚོགས་ཀྱིས་མདུན་བསུས་ནས། །རྔ་ཡབ་གླིང་ཕྲན་ཟངས་མདོག་དཔལ་རིའི་རྩེར། །རྗེ་བཙུན་པདྨའི་ཞབས་དྲུང་སྐྱེ་བར་ཤོག །ཅེས་པའང་བི་ཛས་སོ། །༈ རབ་འབྱམས་སྐྱབས་ཀུན་འདུས་པའི་བདག་ཉིད་མཆོག །རྩ་བའི་བླ་མ་ཨོ་རྒྱན་ཆེན་པོ་ལ། །གསོལ་བ་འདེབས་སོ་ཕྱི་ནང་བར་ཆད་སོལ། །བསམ་དོན་ཡིད་བཞིན་འགྲུབ་པར་བྱིན་གྱིས་རློབས། །འཆི་ཁར་གནད་གཅོད་སྡུག་བསྔལ་མི་འབྱུང་ཞིང་། །བར་དོའི་འཁྲུལ་སྣང་འོད་གསལ་ཆེན་པོར་ཤར། །དག་པའི་སྣང་བ་ཆེན་པོས་མདུན་བསུས་ནས། །རང་བཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །ཞེས་པའང་དད་མོས་ལྡན་པ་སྐལ་བཟང་རྡོ་རྗེ་ནས་བསམ་ལྷུན་འབུམ་ཐེར་གྱི་ཁས་ལེན་བཅས་བསྐུལ་ངོར་པདྨ་བི་ཛས་དུས་ཚེས་དགེ་བར་བྲིས་ཤིང་གསོལ་བ་བཏབ་པ་དོན་དང་ལྡན་པར་གྱུར་ཅིགམངྒལཾ། ༈ ཕྱི་ལྟར་ཉི་ཤུ་རྩ་གཞིའི་གནས་ཀྱི་མཆོག །ནང་ལྟར་དཔའ་བོ་མཁའ་འགྲོ་འབུམ་གྱི་གྲོང་། །གསང་བ་འཁོར་ལོ་སྡོམ་པའི་ཕོ་བྲང་དངོས། །དཔལ་གྱི་ཙཱ་རི་ཏྲ་ལ་གསོལ་བ་འདེབས། །ལས་ངན་སྡིག་སྒྲིབ་རྐྱེན་ངན་བར་ཆད་སོགས། །ཕྱི་ནང་གསང་བའི་རྒུད་པ་ཀུན་ཞི་ཞིང་། །ཚེ་བསོད་དཔལ་འབྱོར་ལུང་རྟོགས་ཡོན་ཏན་སོགས། །མཆོག་ཐུན་འདོད་དགུའི་དངོས་གྲུབ་སྩལ་ཏུ་གསོལ། །ཞེས་པའང་པདྨ་བི་ཛས་ཙཱ་རི་སྒྲོན་མ་ལ་ནས་གནས་ཆེན་དག་པ་ཤྲཱིའི་བཀོད་པ་མཇལ་བའི་སྐབས་གུས་པས་གསོལ་བ་བཏབ་པ་དགེ །༈ དབྱིངས་ཕྱུག་ཡེ་ཤེས་ཌཱ་ཀིའི་སྒྱུ་མའི་གར། །ངོ་མཚར་རྫུ་འཕྲུལ་བྱེ་བའི་བཀོད་པ་ཡིས། །འགྲོ་ཀུན་ཐར་པའི་ལམ་དུ་འདྲེན་མཛད་པ། །བསོད་ནམས་དཔལ་འདྲེན་ཞབས་ལ་གསོལ་བ་འདེབས། །གནས་མཆོག་ཡ་ང་ཙཱ་འདྲར་གསོལ་བ་བཏབ་པའོ། །༈ ན་མོ་མཉྫུ་གྷོ་ཥ་ཡ། རྒྱལ་ཀུན་ཡེ་ཤེས་སྐུ་ཅན་འཇ༵མ་པའི་དབྱང༵ས། །ལྔ་བདོའི་འགྲོ་ལ་རྗེས་ཆགས་མཁྱེན༵་བརྩེ༵འི་གཟུགས། །མཁས་གྲུབ་དབ༵ང་པོ༵་འགྲོ་ཀུ༵ན་དག༵འ་བའི་གཉེན། །བསྟ༵ན་པ༵འི་རྒྱལ༵་མཚ༵ན་མཆོག་ལ་གསོལ་བ་འདེབས། །དྲི་མེད་བཤེས་གཉེན་ཐུགས་རྗེས་ས་བོན་འབྲས། །རྒྱལ་སྲས་ལྷ་རྗེའི་ཡང་སྲིད་བཅུ་གསུམ་པར། །ལེགས་སྨིན་ངེས་གསང་བསྟན་པའི་བདག་པོ་མཆོག །འོད་གསལ་སྤྲུལ་པའི་རྡོ་རྗེར་གསོལ་བ་འདེབས། །ངོ་མཚར་བཀའ་བབས་བདུན་གྱི་གསང་མཛོད་འཛིན། །སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་བསྟན་སྲོག་མཐུད། །རིས་སུ་མ་ཆད་ཐུབ་བསྟན་ཡོངས་ཀྱི་བདག །པདྨ་མདོ་སྔགས་གླིང་པར་གསོལ་བ་འདེབས། །ངོ་མཚར་སྙན་པས་འཇིག་རྟེན་ཡོངས་ལ་ཁྱབ། །འབྲེལ་ཚད་དོན་ལྡན་ལྷར་བཅས་སྐྱེ་དགུའི་མགོན། །རྩོད་དུས་རྒྱལ་བ་གཉིས་པའི་ཕྲིན་ལས་ཅན། །རྡོ་རྗེ་གཟི་བརྗིད་ཞབས་ལ་གསོལ་བ་འདེབས། །དེ་ལྟར་མི་ཕྱེད་སྙིང་ནས་གསོལ་འདེབས་ན། །བྱང་ཆུབ་བར་དུ་རིགས་ཀྱི་བདག་པོ་རུ། །འབྲལ་མེད་ཚང་གནས་རྒྱན་དུ་ལེགས་བཞུགས་ནས། །དགོངས་བརྒྱུད་འཕོ་བའི་བྱིན་ཆེན་དབབ་ཏུ་གསོལ། །རང་དོན་ཐོས་བསམ་སྒོམ་པའི་ནོར་གྱིས་འབྱོར། །གཞན་ཕན་འཆད་རྩོད་རྩོམ་པའི་ཕྲིན་ལས་རྒྱས། །རླབས་ཆེན་འཁོར་ལོ་གསུམ་གྱི་འཇུག་པ་ཡིས། །དོན་གཉིས་མཐར་རུ་ཕྱིན་པར་མཛད་དུ་གསོལ། །ཅེས་པའང་མཆོག་སྤྲུལ་རིན་པོ་ཆེའི་ཐུགས་བཞེད་བཞིན་དམ་པ་གང་གིས་ཚད་མེད་པའི་བཀའ་དྲིན་གྱིས་རྗེས་སུ་བསྐྱངས་པའི་སྙོམ་ལས་པ་འཇམ་དབྱངས་བློ་གྲོས་རྒྱ་མཚོས་བྲིས་ཤིང་གསོལ་བ་བཏབ་པ་སིངྔྷི་རསྟུ། ༈ ཧཱུྃ། དགོངས་ཤིག་ཕྱོགས་དུས་བདེ་གཤེགས་སྲས་བཅས་ཀྱི། །ཡེ་ཤེས་གཅིག་ཏུ་བསྡུས་པའི་སྤྱི་དཔལ་མཆོག །དྲན་པས་གདུང་སེལ་མཚུངས་མེད་ཆོས་ཀྱི་རྗེ། །མི་མངོན་དབྱིངས་ནས་ཐུགས་རྗེས་ཉེར་དགོངས་ལ། །རྒྱལ་བསྟན་སྤྱི་དང་ཁྱད་པར་སྔ་འགྱུར་གྱི། །བསྟན་པ་རིན་ཆེན་ཕྱོགས་མཐར་རྒྱས་སླད་དུ། །ཐོག་མཐའ་བར་དགེ་ལེགས་གསུང་སྙིང་པོའི་བཅུད། །ཉན་བཤད་སྒྲུབ་ལ་བཀའ་ཡི་གནང་བ་སྩོལ། །རྡོ་རྗེའི་ཡེ་ཤེས་འབེབས་པའི་ཆོ་ག་ཡིས། །དམ་ལྡན་སྐྱེས་བུའི་སྒོ་གསུམ་བྱིན་རློབས་ལ། །དོན་གཉིས་མཐར་ཕྱིན་གཞན་ཕན་ཕྲིན་ལས་རྒྱུན། །མི་ནུབ་སྲིད་མཐར་རྒྱས་པར་མཛད་དུ་གསོལ། །འདི་འཇམ་མགོན་མི་ཕམ་རིན་པོ་ཆེ་ཞིང་ཁམས་སུ་ཕེབས་སྐབས་སྐུ་གདུང་མདུན་ལུང་ལེན་མཛད་སྐབས་གསུངས་པ་ཕྱག་བྲིས་ལས་དཔེ་བཤུས་དགེ །༈ མི་འགྱུར༵་འཕོ་མེད༵་བདེན་དོན་མངོན་སུམ་གཟིགས། །ཀུན་བཟང་ཞལ་ཚབ་ངེས་གསང་བསྟན་འགྲོའི་གཉེན། །སྨྲ་བའི་ཉི་མ་ཕྱོགས་ལས་རྣམ༵་པར་རྒྱལ༵། །མཚུངས་མེད་བླ་མའི་ཞབས་ལ་གསོལ་བ་འདེབས། །ཞེས་པའང་དད་ལྡན་བློ་བསྟན་ངོར་པདྨ་བི་ཛས་སོ། །༈ མཁྱེན་རྟོགས་དཀྱིལ་འཁོར་རྫོགས་པའི་ཉིན་མོར་བྱེད། །གཞན་ཕན་ཐུགས་རྗེའི་འོད་ཟེར་འབུམ་ཕྲག་གིས། །མཐའ་ཀླས་བསྟན་འགྲོའི་ཕན་བདེ་སྤེལ་མཛད་པ། །ཨོ་རྒྱན་རང་བྱུང་རྡོ་རྗེར་གསོལ་བ་འདེབས། །བླ་མ་སངས་རྒྱས་དངོས་ཀྱི་རྗེས་བཟུང་ཞིང་། །སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་གདམས་བཅུད་ཐོབ། །རིས་མེད་བསྟན་ལ་དག་པའི་སྣང་བ་དཀར། །འཇམ་དབྱངས་མཁས་གྲུབ་རྒྱ་མཚོར་གསོལ་བ་འདེབས། །ཅེས་པའང་མཆོག་སྤྲུལ་དཔོན་སློབ་ཀྱི་ཐུགས་བཞེད་ལྟར་པདྨ་བི་ཛས་སོ། །༈ ཚུལ་ཁྲིམས་རྣམ་དག་མང་དུ་ཐོས་པས་ཕྱུག །བྱང་ཆུབ་སེམས་འབྱོངས་གཞན་ཕན་ཕྲིན་ལས་རྒྱས། །འབྲེལ་ཚད་དོན་ལྡན་ཐུབ་བསྟན་མཛེས་པའི་རྒྱན། །བཀྲ་ཤིས་འོད་ཟེར་ཞབས་ལ་གསོལ་བ་འདེབས། །ཞེས་པའང་ཡོངས་འཛིན་དགེ་བའི་བཤེས་གཉེན་བཀའ་དྲིན་ཅན་རྗེས་སུ་དྲན་པའི་དད་པས་པད་རྣམས་ཀྱིས་གསོལ་བ་བཏབ་པའོ། །༈ སྦྱངས་པ་མཐར་ཕྱིན་ཆོས་ཀུན་དེ་ཉིད་གཟིགས། །མོས་གུས་མཐར་ཕྱིན་རྟོགས་པ་ཀློང་དུ་གྱུར། །དོན་གཉིས་མཐར་ཕྱིན་ནམ་མཁའི་རྣལ་འབྱོར་པ། ཤེས་རབ་ཡར་འཕེལ་ཞབས་ལ་གསོལ་བ་འདེབས། །ཞེན་མེད་མཐུ་ཡིས་སྒྲུབ་པའི་རྒྱལ་མཚན་ཚུགས། །བྱར་མེད་ཀློང་དུ་བྱས་ཆོས་གྲུབ་མཐའ་ཞིག །སྒོམ་མེད་ངང་ནས་ཆོས་སྐུའི་རྒྱལ་ས་ཟིན། །མཚུངས་མེད་རྗེ་དང་མཉམ་པར་བྱིན་གྱིས་རློབས། །ཞེས་པའང་སྒྲུབ་བླ་ཆོས་ཉིད་རྒྱ་མཚོའི་ཞལ་འདོན་རྒྱུར་འདུ་གསུམ་པ་པདྨ་བི་ཛས་བྲིས་ཤིང་གསོལ་བ་བཏབ་པ་དགེ །༈ ཨེ་མ་ཧོ། ངེས་གསང་སྙིང་པོའི་བསྟན་པའི་མཛོད་འཛིན་པ། །དགོངས་བརྡ་སྙན་རྒྱུད་བླ་མའི་ཚོགས་རྣམས་ཀྱི། །ཡེ་ཤེས་གཅིག་ཏུ་བསྡམས་པའི་སྤྱི་དཔལ་མཆོག །ཨོ་རྒྱན་ཐུགས་མཆོག་རྡོ་རྗེར་གསོལ་བ་འདེབས། །དལ་འབྱོར་སྙིང་པོ་ལོན་པར་བྱིན་གྱིས་རློབས། །ལང་མེད་རྒྱུད་ལ་སྐྱེ་བར༴ འདིར་སྣང་ཞེན་པ་ལྡོག་པར༴ དབེན་གནས་རི་ཁྲོད་ཟིན་པར༴ བདག་རྒྱུད་སྨིན་ཅིང་གྲོལ་བར༴ ཟབ་ལམ་རྟོགས་པ་སྐྱེ་བར༴ ལམ་མཆོག་མཐའ་རུ་ཕྱིན་པར་ཕྱིན་གྱིས་རློབས། །ཚེ་གཅིག་སངས་རྒྱས་འགྲུབ་པར་བྱིན་གྱིས་རློབས། །ༀ་ཨཱཿམ་ཧཱ་གུ་རུ་སརྦ་སིངྔྷི་ཧཱུྃ་ཧྲཱི༔ཞེས་པ་འདིའང་སྒྲུབ་བླ་བུདྡྷའི་མཚན་ཅན་གྱི་ཞལ་འདོན་དུ་ཐུགས་མཆོག་རྡོ་རྗེ་རང་ཉིད་ཀྱིས་བྲིས་པ་དགེ །༈ དུས་གསུམ་ཀུན་མཁྱེན་པ༵དྨ༵་ཀ་ར་ཡི། །རིང་ལུགས་དྲི་མེད་སྔ་འགྱུར་གདམས་པའི་སྲོལ། །འཛིན་མཛད་ཕྱོགས་ལས་རྣམ༵་པར་རྒྱལ༵་བའི་ལྷ། །མཚུངས་མེད་བླ་མའི་ཞབས་ལ་གསོལ་བ་འདེབས། །འདི་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་པར། །འབྲལ་བ་མེད་པར་ཐུགས་རྗེས་ཉེར་བཟུང་ནས། །འཇིག་རྟེན་འཇིག་རྟེན་འདས་པའི་དགེ་མཚན་གྱིས། །དོན་གཉིས་བསམ་ཀུན་འགྲུབ་པར་བྱིན་གྱིས་རློབས། །ཞེས་པའང་མོས་ལྡན་དམ་པ་ཨ་ནནྟ་མ་ཏིའི་བཞེད་ངོར་བི་ཛས་གང་ཤར་བརྗོད་པ་དགེ །༈ འགྱུར༵་མེད༵་བདེན་དོན་མངོན་གཟིགས་པའི། །དམ་པའི་མགོན་གྱིས་རྗེས་བཟུང་ཞིང་། །བསྟན་ལ་ལྷག་པའི་བསམ་པ་ཅན། །མ༵དྨ༵་རྣམ༵་པར་རྒྱལ༵་བར་འདུད། །འདི་ནས་ཚེ་རབས་ཕྲེང་བ་རུ། །འབྲལ་མེད་རྗེས་སུ་བཟུང་བའི་མཐུས། །དོན་གཉིས་བསམ་ཀུན་འགྲུབ་པ་དང་། །བཀྲ་ཤིས་བདེ་ལེགས་འཕེལ་རྒྱས་མཛོད། །༈ གསན་བསམ་སྒོམ་པའི་ཡོ༵ན་ཏན༵་ཕུལ་དུ་ཕྱིན། །རླབས་ཆེན་འཆད་རྩོད་རྩོམ་པའི་ཕྲིན་ལས་ཀྱིས། །གདུལ་བྱ་རྒྱ༵་མཚོ༵་ཡོངས་སུ་སྨིན་མཛད་པའི། །མཁན་ཆེན་རྡོ་རྗེ་འཛིན་ལ་གསོལ་བ་འདེབས། །ཞེས་པའང་སློབ་བུ་པདྨ་ཚེ་སྒྲུབ་གྱི་བཞེད་ངོར་བི་ཛ་ཡས་གསོལ་བ་བཏབ་པ་དགེ །༈ ཟུང་འཇུག་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི། །རྟོགས་པའི་མྱོས་གླུས་སྐལ་བཟང་ཡིད་འགུགས་པའི། །ཤེས་བྱ་ཀུན་མཁྱེན་མ་ཧཱ་པཎྜི་ཏ། །ཀརྨ་དྷརྨ་ཝ་རྡར་གསོལ་བ་འདེབས། །༈ རབ་འབྱམས་སྐྱབས་ཀུན་འདུས་པའི་སྤྱི་གཟུགས་མཆོག །རྩ་བའི་བླ་མ་པདྨ་རྣམ་རྒྱལ་དང་། །ཀུན་བཟང་བློ་གྲོས་གཞན་ཕན་མཐའ་ཡས་ལ། །མི་ཕྱེད་སྙིང་ནས་གུས་པས་གསོལ་བ་འདེབས། །ངེས་པར་འབྱུང་བའི་ཚུལ་ཁྲིམས་རྣམ་པར་དག །བྱང་ཆུབ་སེམས་འབྱོང་ཐོས་བསམ་བསྒོམ་མཐར་ཕྱིན། །དམ་ཚིག་རྣམ་དག་རིམ་གཉིས་གསེང་ལམ་ནས། །མཆོག་གི་གོ་འཕང་འགྲུབ་པར་བྱིན་གྱིས་རློབས། །ཞེས་པའང་སློབ་བུ་ཐུབ་བསྟན་རྒྱ་མཚོས་བཞེད་ངོོར་བི་ཛས་བྲིིས་པ་དགེ །༈ ངོ་བོ་ཀ་དག་ཆོས་ཀྱི་སྐུ། །རང་བཞིན་འོད་གསལ་ལོངས་སྤྱོད་རྫོགས། །རིག་རྩལ་མ་འགགས་སྤྲུལ་པའི་སྐུ། །རང་ངོ་ཤེས་པས་གསོལ་བ་འདེབས། །དགོངས་རྒྱུད་འཕོ་བའི་བྱིན་རླབས་ཀྱིས། །གཉུག་མའི་གཏན་སྲིད་ཟིན་པ་དང་། །བསམ་ཀུན་འགྲུབ་པར་བྱིན་གྱིས་རློབས། །ཞེས་པའང་དད་ལྡན་རྨད་བྱུང་དཔོན་རིན་ཆེན་རྣམ་རྒྱལ་ལ་བི་ཛ་ཡས་སོ། །༈ མ་རིག་མུན་སེལ་ཡེ་ཤེས་སྒྲོན་མེ་མཆོག །ཐར་ལམ་སྟོན་པའི་དེད་དཔོན་བླ་མ་རྗེར། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །ཐུགས་ཡིད་གཅིག་ཏུ་འདྲེས་པར་བྱིན་གྱིས་རློབས། །ཞེས་པའང་བི་ཛས་སོ། །༈ རབ་འབྱམས་ཕྱོགས་དུས་རྒྱལ་བ་སྲས་བཅས་ལ། །མི་ཕྱེད་སྙིང་ནས་གུས་པས་གསོལ་བ་འདེབས། །ཕྱི་ནང་གསང་བའི་བར་ཆད་ཀུན་ཞི་ཞིང་། །ཆོས་མཐུན་བསམ་ཀུན་འགྲུབ་པར་བྱིན་གྱི་རློབས། །དད་ལྡན་མའི་ཁ་འདོན་རྒྱུར་བྲིས་པ་དགེ །།༈ རྒྱལ་ཀུན་འདུས་ཞལ་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་དགོངས་པའི་བྱིན་གྱིས་རློབས། །གནས་སྐབས་མི་མཐུན་ཀུན་ཞི་བསམ་དོན་འགྲུབ། །མཐར་ཐུག་གདོད་མའི་གསང་མཆོག་འགྲུབ་བྱིན་རློབས། །ཞེས་པའང་བསླབ་གསུམ་ལྡན་པ་སྤྲུལ་སྨན་ལྷའི་ཞལ་འདོན་རྒྱུར་བི་ཛས་བྲིས་པ་དགེ །༈ ན་མོ་རཏྣ་ཏྲ་ཡཱ་ཡ། རབ་འབྱམས་ཕྱོགས་བཅུའི་ཞིང་ན་བཞུགས་པ་ཡི། །དོན་གཉིས་མཐར་ཕྱིན་བདེ་གཤེགས་སྲས་བཅས་དང་། །བླ་མ་ཡི་དམ་ཌཱ་ཀི་ཆོས་སྲུང་ཚོགས། །ཕྱོགས་སྐྱོང་སྡེ་བརྒྱད་དཀར་ཕྱོགས་སྐྱོང་རྣམས་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་མཆི་གསོལ་བ་འདེབས། །བདག་ཅག་ཕྱོགས་བཞི་མཚམས་བརྒྱད་གར་འགྲོ་ཡང་། །དགྲ་ཇག་ཆོམ་རྐུན་མེ་ཆུ་དུག་མཚོན་སོགས། །མི་མཐུན་གནོད་པ་ཀུན་ལས་སྐྱོབ་ཏུ་གསོལ། །བདག་ནི་རྟག་པར་ཁྱེད་བརྟེན་ཁྱེད་གསོལ་ན། །མཐུ་རྩལ་མ་ཆུང་སྔོན་གྱི་ཞལ་བཞེས་དགོངས། །ཡིད་བཞིན་ནོར་དང་བུམ་པ་བཟང་པོ་བཞིན། །ཇི་ལྟར་རེ་བའི་དོན་ཀུན་མྱུར་སྩོལ་མཛོད། །འདོད་སར་ཕྱིན་ཞིང་ཇི་ལྟར་བརྣག་པའི་དོན། །གེགས་མེད་ཡོངས་གྲུབ་ངལ་དུབ་སྐྱོན་མེད་པར། །དོན་མཐུན་མགྲོན་དང་ལྷན་ཅིག་སླར་ལྡོག་ནས། །གཉེན་དང་ལྷན་ཅིག་རྩེ་དགའ་དགོད་གྱུར་ཅིག །།དུས་འདི་ནས་བཟུང་བྱང་ཆུབ་སྙིང་པོའི་བར། །འགལ་རྐྱེན་ལམ་གྱི་བར་ཆད་ཀུན་སེལ་ཞིང་། །རྨད་བྱུང་རྒྱལ་སྲས་སྤྱོད་པའི་གཞུང་ལམ་ལས། །དོན་གཉིས་ནོར་བུའི་གླིང་ལ་དབང་འབྱོར་ཤོག །བཀྲ་ཤིས་བསླུ་མེད་སྲས་བཅས་རྒྱལ་རྣམས་ཀྱི། །བཀྲ་ཤིས་བདེན་གསུང་ཤིས་པའི་མེ་ཏོག་གིས། །བཀྲ་ཤིས་ས་གསུམ་འཇིག་རྟེན་ཀུན་ཁྱབ་པའི། །བཀྲ་ཤིས་དགེ་མཚན་བྱེ་བས་སྲུང་གྱུར་ཅིག །ཅེས་ཕར་ཕྱིན་གྲངས་ཀྱིས་མཛེས་པའི་ཚིགས་སུ་བཅད་པ་འདིའང་རྒྱལ་སྲས་གཞན་ཕན་ཆོས་ཀྱི་བློ་གྲོས་ཀྱིས་བྲིས་པ་དགེ་ལེགས་སུ་གྱུར་ཅིགམངྒལཾ། ༈ དོན་གྲུབ་བསམ་པ་འགྲུབ་མཛད་པའི། །བླ་མ་རྒྱལ་བ་སྲས་བཅས་ལ། །མི་ཕྱེད་སྙིང་ནས་གསོལ་འདེབས་ན། །ཆོས་མཐུན་བསམ་པ་འགྲུབ་བྱིན་རློབས། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་མཆི་ན། །ལམ་གྱི་འཇིགས་པ་ཀུན་ལས་སྐྱོབས། །བསམ་དོན་ཡིད་བཞིན་འགྲུབ་པར་མཛོད། །རབ་འབྱམས་རྩ་གསུམ་སྲུང་མའི་ཚོགས། །མཐུ་ལྡན་དཀར་ཕྱོགས་སྐྱོང་རྣམས་ཀྱིས། །སྲུང་སྐྱོབ་ཕྲིན་ལས་གཡེལ་མེད་པས། །ཆོས་ལྡན་བགྱི་བ་གེགས་མེད་མཛོད། །བཀྲ་ཤིས་དཔལ་འབར་སྲིད་ཞིའི་རྒྱན། །དགེ་ལེགས་འདོད་པ་འཇོ་བའི་དཔྱིད། །དོན་གཉིས་བསམ་པ་འགྲུབ་པ་ཡི། །ཕུན་ཚོགས་བཀྲ་ཤིས་བྱེད་པར་ཤོག །མངྒལཾ། ༈ རབ་འབྱམས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དང་། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་རིགས། །ཀུན་ལ་ཕྱག་འཚལ་སྐྱབས་མཆི་གསོལ་བ་འདེབས། །བར་ཆད་ཀུན་སེལ་བསམ་དོན་མྱུར་འགྲུབ་མཛོད། །༈ ཕྱོགས་བཅུར་དུས་བཞིར་གཤེགས་ཤིང་བཞུགས་པ་ཡི། །བླ་མ་སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག །ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ལ། །གུས་པས་ཕྱག་འཚལ་སྐྱབས་མཆི་གསོལ་བ་འདེབས། །བདག་ཅག་གར་འགྲོར་ཕྱོགས་ངན་གནོད་པ་ཞི། །དགྲ་ཇག་ཆོམ་རྐུན་འབྱུང་བཞིའི་འཇིགས་ལས་སྐྱོབས། །ཁར་ཆར་བུ་ཡུག་འཚུབ་མས་ཉམས་ཉེས་སོལ། །བཀྲ་ཤིས་བདེ་ལེགས་བསམ་དོན་ཀུན་འགྲུབ་ཤོག །ཅེས་པའང་པདྨ་བི་ཛས་སོ། །༈ རབ་འབྱམས་རྩ་གསུམ་སྐྱབས་ཀུན་འདུས་པའི་བདག །ཨོ་རྒྱན་དཔའ་བོའི་གིང་ཆེན་འཁོར་བཅས་ལ། །གསོལ་བ་འདེབས་སོ་གནོད་བྱེད་ལྕེ་སྤྱང་སོགས། །མི་མཐུན་འགལ་རྐྱེན་ཀུན་ལས་སྐྱོབ་ཏུ་གསོལ། །ཞེས་དང་བཛྲ་གུ་རུ་རྒྱུན་བཟླས་བྱའོ། །ཞེས་པའང་བླ་མ་ཞིང་སྐྱོང་བཞེད་ངོར་བི་ཛས་སོ། །༈ ན་མོ་རཏྣ་ཏྲ་ཡཱ་ཡ། མཚན་ཐོས་ཙམ་གྱིས་བསྐལ་ཆེན་བརྒྱད་ཁྲི་ཡི། །སྒྲིབ་པའི་མུན་པ་སྟུག་པོ་གཞིལ་མཛད་པའི། །ཐུབ་ཆེན་འགྲོ་བའི་བླ་མ་སྲས་བཅས་ལ། །སྙིང་ནས་གསོལ་བ་འདེབས་སོ་ཐུགས་རྗེས་དགོངས། །གང་གིས་སྔོན་རབས་སྐུ་ཚེ་དཔག་མེད་ནས། །འགྲོ་ལ་ཕན་པ་རྒྱ་ཆེན་མཛད་པ་ཡི། །ཐུགས་བསྐྱེད་སྨོན་ལམ་ཡེ་ཤེས་ཁྱད་འཕགས་པའི། །བདེན་པའི་སྟོབས་ཀྱིས་ནད་ཀུན་ཞི་གྱུར་ཅིག །དཔལ་གྱི་མགུལ་ལས་བདེན་གསུང་སེང་གེའི་སྒྲས། །རྗེས་བསྔགས་བདེ་བར་གཤེགས་པ་མཆེད་བདུན་གྱིས། །སྔོན་གྱི་ཐུགས་བསྐྱེད་སྨོན་པའི་བདེན་བྱིན་མཐུས། །སྲིད་པའི་རིམས་ནད་མ་ལུས་ཞི་གྱུར་ཅིག །འགྲོ་ལ་བརྩེ་བས་རྗེས་དགོངས་རྒྱལ་སྲས་ཀྱིས། །ཚུལ་གྱིས་སྲིད་མཐར་གཟིགས་པ་ཟླ་བྲལ་བའི། །ཉེ་སྲས་བརྒྱད་སོགས་བྱང་སེམས་འཕགས་རྣམས་ཀྱི། །བདེན་པའི་མཐུ་ཡིས་རིམས་ནད་ཞི་གྱུར་ཅིག །ཚངས་དང་རྒྱ་བྱིན་འཇིག་རྟེན་སྐྱོང་བ་བཞི། །གནོད་སྦྱིན་སྡེ་དཔོན་ཆེན་པོ་བཅུ་གཉིས་སོགས། །བསྟན་ལ་རབ་དགའ་དཀར་ཕྱོགས་སྐྱོང་རྣམས་ཀྱིས། །ཐུགས་དམ་རྗེས་དགོངས་ནད་རིམས་རྒྱུན་ཆོད་ཅིག །ཐོས་ཙམ་གྱིས་ཀྱང་སེམས་ཀྱི་ཟུག་རྔུ་འབུམ། །སྐྱེས་བྱེད་ཉིན་གཅིག་པ་དང་རྟག་པའི་རིམས། །འཇིག་རྟེན་ཀུན་དང་ཁྱད་པར་ལྗོངས་འདི་ཡི། །འགྲོ་བ་ཀུན་ལ་འབྱུང་བར་མ་གྱུར་ཅིག །གནོད་སེམས་ཁོང་ནས་འབར་བའི་དུག་རླངས་ཀྱིས། །འགྲོ་ལ་མི་བདེ་སྦྱིན་པའི་བགེགས་ཚོགས་ཀྱང་། །དེང་ནས་བྱང་ཆུབ་སེམས་ཀྱིས་རྒྱུད་བརླན་ནས། །ཐར་གྲོལ་ནོར་བུའི་མཛོད་ལ་དབང་འབྱོར་ཤོག །ཟུག་རྔུ་སྙིང་ལ་ཞེན་པའི་མྱ་ངན་སྒྲས། །དམྱལ་གནས་འདོམས་པ་ལྟ་བུའི་སྣང་ཚུལ་འགྲོ། །འཆི་བདག་ཁ་སྒོར་གནས་པས་ཆེར་སྔངས་{སྡངས}རྣམས། །བདེན་པའི་སྟོབས་ཀྱིས་དེང་ནས་ཐར་གྱུར་ཅིག །མི་བསྲུན་ནད་ཀྱིས་འཚེ་བ་མཐར་བྱས་པའི། །འགྲོ་ཚོགས་འདིས་མཚོན་མཐའ་ཀླས་སྐྱེ་དགུ་རྣམས། །དེང་ནས་སྲིད་ལམ་རྒྱུ་བ་ཡོངས་བཅད་ནས། །བདེ་དགའ་རྣམ་གྲོལ་འབྱོར་བས་མཛེས་གྱུར་ཅིག །དེ་ལྟར་བྱམས་དང་སྙིང་རྗེས་གཞི་བཟུང་ནས། །ཁ་ཙམ་མིན་པར་སྙིང་ནས་སྨོན་པའི་མཐུས། །འགྲོ་ཀུན་སྲིད་པའི་རིམས་ནད་ཡོངས་བྱང་ནས། །དོན་གཉིས་མཐར་ཕྱིན་སྨན་རྒྱལ་སྐུ་འགྲུབ་ཤོག །སྙིང་ཐག་པ་ནས་སྨོན་པ་དེ་དེ་བཞིན་དུ་འགྲུབ་པར་བླ་མ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབས་ཏུ་གསོལ། པདྨ་བི་ཛས་སོ། །༈ ཨེ་མ་ཧོ། རབ་འབྱམས་ཕྱོགས་དུས་ཞིང་ན་བཞུགས་པ་ཡི། །བླ་མ་རྒྱལ་བ་སྲས་བཅས་ཐུགས་རྗེ་ཅན། །ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ལ། །གུས་པས་ཕྱག་འཚལ་སྐྱབས་མཆི་གསོལ་བ་འདེབས། །སྐྱེ་འདི་ནས་བཟུང་ཚེ་རབས་ཕྲེང་བ་རུ། །འབྲལ་མེད་ཐུགས་རྗེ་ཆེན་པོས་རྗེས་བཟུང་སྟེ། །རང་གཞན་དོན་གཉིས་མཐའ་རུ་ཕྱིན་པ་དང་། །ཇི་ལྟར་སྨོན་པ་དེ་བཞིན་འགྲུབ་བྱིན་རློབས། །སྐྱེ་བ་ཀུན་ཏུ་དལ་འབྱོར་རྟེན་རྙེད་ཅིང་། །ཐེག་མཆོག་རིགས་སད་དགེ་བའི་བཤེས་ཀྱིས་ཟིན། །ཚུལ་ཁྲིམས་རྣམ་དག་ཐོས་བསམ་སྒོམ་པས་འབྱོར། །བསྟན་དང་འགྲོ་བའི་དོན་ཆེན་སྒྲུབ་བྱེད་ཤོག །ཚེ་འདིར་ཆོས་འགལ་བསམ་པ་མི་སྐྱེ་ཞིང་། །ཆོས་མཐུན་བསམ་སྦྱོར་མཐའ་དག་གེགས་མེད་འགྲུབ། །ངེས་པར་འབྱུང་དང་བྱང་ཆུབ་སེམས་གཉིས་འབྱོངས། །རིམ་གཉིས་ལམ་ལ་བརྟན་པ་མཐར་ཕྱིན་ཤོག །དཔལ་ལྡན་བླ་མའི་སྐུ་ཚེ་རབ་བརྟན་ཞིང་། །བཤད་སྒྲུབ་ཕྲིན་ལས་ཟབ་མོས་ཕྱོགས་ཀུན་ཁྱབ། །རྒྱལ་བསྟན་སྤྱི་དང་ཁྱད་པར་སྔ་འགྱུར་གྱི། །བསྟན་པའི་ཉི་མས་ཕྱོགས་ཀུན་ཁྱབ་གྱུར་ཅིག །དེའི་མཐུས་ཡངས་པའི་རྒྱལ་ཁམས་བདེ་ཞིང་སྐྱིད། །ནད་མུག་འཁྲུགས་སོགས་སྐལ་ངན་མིང་མི་གྲགས། །ཀུན་ཀྱང་ཡང་དག་ལྟ་བས་རྒྱུད་གྲོལ་ནས། །རྫོགས་ལྡན་དུས་བཞིན་སྣོད་བཅུད་འབྱོར་གྱུར་ཅིག །མདོར་ན་བླ་མ་རྒྱལ་བ་སྲས་བཅས་ཀྱིས། །བསྟན་འགྲོར་སྨན་པའི་སྨོན་ལམ་གང་བཏབ་པ། །དེ་དག་ཐམས་ཅད་དེང་འདིར་འགྲུབ་གྱུར་ནས། །ཀུན་ཀྱང་རྣམ་གྲོལ་དཔལ་ལ་སྐྱོད་པར་ཤོག །ཅེས་པའང་དད་དམ་རྨད་བྱུང་དགེ་ཐུབ་བསྟན་ཆོས་འཕེལ་གྱི་ཞལ་འདོན་རྒྱུར། རྒན་པོ་བི་ཛ་ཡས་ཤིང་གླང་ཆོ་འཕྲུལ་ཟླ་བའི་ཚེས་ལ་བྲིས་པ་དགེ །༈ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྲུང་དང་། །ནོར་ལྷ་གཏེར་བདག་གཞི་གནས་དཀར་ཕྱོགས་སྐྱོང། །ཀུན་ལ་ཕྱག་འཚལ་སྐྱབས་མཆི་གསོལ་འདེབས་ན། །བར་ཆད་ཀུན་སེལ་བསམ་དོན་མྱུར་འགྲུབ་མཛོད། །ལྕགས་ཁྱི་གསར་ཚེས་ལ་བི་ཛས་བརྗོད་པ་དགེ །༈ མི་འགྱུར༵་འཕོ་མེད༵་བདེ་ཆེན་རྡོ་རྗེའི་སེམས། །གཟུང་འཛིན་འཁྲུལ་རྟོག་པ༵དྨ༵འི་སྦུབས་རྒྱ་ལས། །ཡོང་གྲོལ་བདུད་བཞིའི་གཡུལ་ལས་རྣམ༵་རྒྱལ༵་ཞིང་། །དོན་གཉིས་བསམ་ཀུན་ཡིད་བཞིན་འགྲུབ་གྱུར་ཅིག །ཅེས་པའང་བི་ཛས་སོ། །༈ རྒྱལ་བའི་བསྟན་དར་བསྟན་འཛིན་ཞབས་པད་བརྟན། །དགེ་འདུན་མཐུན་ཞིང་བཤད་སྒྲུབ་མངའ་ཐང་རྒྱས། །སྐྱེ་དགུ་བདེ་སྐྱིད་དགེ་བཅུའི་དཔལ་གྱིས་མཚོ། །རྫོགས་ལྡན་གསར་དུ་འཆར་བའི་བཀྲ་ཤིས་ཤོག །བི་ཛས་སོ། །༈ རྩ་གསུམ་སྤྱི་ལ་སྦྱར་ཆོག་པའི་ཚོགས་མཆོད་ཉུང་བསྡུས་ནི། ཤ་ཆང་གཙོ་བོར་གྱུར་པའི་དམ་ཚིག་ཏུ་འོས་པའི་རྫས་རྣམས་བཤམས་ལ་བསང་ཆུས་བྲན། ཐུན་མཚམས་ཀྱི་ལྷག་པའི་ལྷ་ཡི་གསལ་སྣང་བརྟན་པོའི་ངང་ནས། རྃ་ཡྃ་ཁྃ། ཧཱུྃ་ཧྲཱིཿཚོགས་གཞོང་སྟོང་གསུམ་ཁྱོན་མཉམ་ཀ་པཱ་ལར། །ཚོགས་རྫས་འདོད་ཡོན་ཤ་ལྔ་བདུད་རྩི་ལྔ། །ཟག་མེད་ཡེ་ཤེས་བདུད་རྩིའི་སྤྲིན་ཆེན་པོ། །རྩ་གསུམ་དགྱེས་བསྐྱེད་ཆོས་དབྱིངས་ཡོངས་གང་གྱུར། །ༀ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿས་བྱིན་གྱིས་བརླབས། ཧཱུྃ་ཧྲཱིཿབདེ་མཆོག་བདེ་བའི་གར་མཁན་བླ་མ་རྗེའི། །རྣམ་རོལ་མ་འགགས་རྩ་གསུམ་ཆོས་སྲུང་ཚོགས། །མ་ལུས་དཀྱིལ་འཁོར་གཅིག་ཏུ་ཡོངས་ཤར་བ། །འདོད་ཡོན་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །ༀ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ངྷེ་ཝ་ངྷཱ་ཀི་ནི་ཤྲཱི་ངྷརྨ་པཱ་ལ་བ་སུ་དེ་བ་ནི་ངྷི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཚོགས་ཕུད་ཆ་གསུམ་གྱིས་དང་པོ་མཆོད་པ་ནི། ཧཱུྃ་ཧྲཱིཿཡེ་ཤེས་གཅིག་གིས་འཁོར་འདས་སྤྲོ་ཞིང་སྡུད། །བླ་མ་རྩ་གསུམ་ཞི་ཁྲོ་རབ་འབྱམས་ལྷ། །ཆོས་སྲུང་ནོར་ལྷ་གཏེར་བདག་ཚོགས་བཅས་ལ། །ཚོགས་མཆོད་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ། །ༀ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ངྷེ་ཝཱ་ངྷ་ཀི་ནི་ཤྲཱི་ངྷརྨ་པ་ལ་ས་པ་རི་ཝཱ་ར་སརྦ་ག་ཎ་ཙཀྲ་པཱུ་ཛ་ཧོ། བར་པ་བཤགས་པ་ནི། ཧཱུྃ་ཧྲཱིཿགཞི་གྲོལ་ཀ་དག་སྤྲོས་པ་བྲལ་བའི་ཀློང་། །གཞི་སྣང་ཡེ་ཤེས་ལྔ་ལྡན་འདོད་ཡོན་རྫས། །རབ་འབྱམས་ནམ་མཁའི་ཁྱོན་ཀུན་ཡོངས་གང་བས། རྩ་གསུམ་ཆོས་སྲུང་ནོར་ལྷ་གཏེར་གྱི་བདག །དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་ཐུགས་དམ་བསྐང་། །དམ་ཚིག་ཉམས་ཆག་མ་ལུས་སོར་ཆུད་ནས། །ཚེ་དབང་མཆོག་གི་དངོས་གྲུབ་སྩལ་ཏུ་གསོལ། །ཡིག་བརྒྱ་བརྗོད། ཐ་མ་བསྒྲལ་བསྟབ་ནི། ཨེ་ནྲྀ་ཏྲི་སརྦ་ཤཱ་ཏྲུན་བྷིགྷྣཾན་ཛཿཧཱུྃ་བྃ་ཧོ། ཧཱུྃ། ཡེ་ཤེས་རང་རྩལ་འབར་བའི་མཚོན་ཆ་ཡིས། །འཁྲུལ་རྟོག་ཡན་པར་ཤོར་བའི་གདོན་བགེགས་རྣམས། །རང་གྲོལ་ཀ་དག་ཆེན་པོའི་དབྱིངས་སུ་བསྒྲལ། །འཁོར་འདས་མཉམ་ཉིད་ཀློང་དུ་འབུལ་གྱིས་བཞེས། །མཱ་ར་ཡ་རྦད། མ་ཧཱ་མྃ་ས་རཀྟ་ཀིཾ་ནི་རི་ཏི་ཁཱ་ཧི། དེ་ནས་ཚོགས་རྫས་ནང་གི་བསྲེག་བླུགས་ཀྱིས་རོལ་ཞིང་རྡོ་རྗེ་གླུ་དང་ཡེ་ཤེས་ཀྱི་ཉམས་བསྐྱངས་མཐར་སྨོན་ལམ་གདབ། ཚོགས་ཀྱི་ཕུད་ལྷག་རྣམས་གཅིག་ཏུ་བསྲེས། ༀ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧ་ཧོ་ཧྲཱིཿས་བྱིན་གྱིས་བརླབས་ཤིང་བདུད་རྩི་བྲན། ཨེ་ཨ་ར་ལི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ། ཞེས་མགྲོན་བཀུག་ལ། ཧཱུྃ་ཧྲཱི༔བླ་མ་རྩ་གསུམ་ཞི་ཁྲོ་རབ་འབྱམས་ཀྱི། །སྤྱན་སྔར་ཁས་བླངས་དམ་ཅན་མཁའ་འགྲོའི་ཚོགས། །ལྷག་གཏོར་བཞེས་ལ་སྔོན་གྱི་དམ་བཅས་བཞིན། །ཕྲིན་ལས་རྣམ་བཞི་འགྲུབ་པའི་སྡོང་གྲོགས་མཛོད། །ཨུ་ཙིཥྚ་བ་ལིཾ་ཏ་ཁཱ་ཧཱི། ཞེས་ལྷག་གཏོར་ཕྱིར་དོར། ཡ་ཧི་གཙྪས་ལྷག་མགྲོན་རྣམས་གཤེགས། དེ་ནས་དཀྱིལ་འཁོར་གང་ཡིན་གྱི་དཀྱུས་ལ་འཇུག་པར་བྱའོ། །ཞེས་པའང་པདྨ་བི་ཛས་སོ། །༈ སྒྲོལ་མའི་ཚོགས་བསྡུས་ནི། ༀ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿཚོགས་གཞོང་རྣམ་དག་པདྨ་འབར་བ་རུ། །ཚོགས་རྫས་ངོ་བོ་ཡེ་ཤེས་བདུད་རྩིའི་སྤྲིན། །ཟག་མེད་འདོད་ཡོན་རྒྱན་གྱི་རོལ་མོ་མཆོག །མི་འཛད་ནམ་མཁའ་མཛོད་ཀྱི་འཁོར་ལོར་གྱུར། །ཏཱྃ། པོ་ཊཱ་ལ་སོགས་རབ་འབྱམས་ཞིང་ཀུན་ནས། །དུས་གསུམ་རྒྱལ་བའི་ཡུམ་གྱུར་ཏཱ་རེ་མ། །རྣམ་འཕྲུལ་ཉེར་གཅིག་རྩ་གསུམ་དཀྱིལ་འཁོར་སྤྲིན། །མ་ལུས་འཁོར་དང་བཅས་པ་གཤེགས་སུ་གསོལ། །འདོད་ཡོན་ཟག་མེད་ཚོགས་ཀྱི་མཆོད་པ་བཞེས། །མི་མཐུན་འགལ་འཁྲུལ་ཉམས་ཆག་ཉེས་ལྟུང་བཤགས། །གཟུང་འཛིན་ཉོན་མོངས་ཡེ་ཤེས་ཆེན་པོར་སྟོབས། །སྐུ་གསུང་ཐུགས་ཀྱི་བྱིན་ཆེན་དབབ་ཏུ་གསོལ། །ལྷག་མ་བཤལ་ཆུར་རེ་ཀུན་མཉེས་ཤིང་ཚིམས། །ཕྱི་ནང་འགལ་རྐྱེན་བར་ཆད་མཐའ་དག་སོལ། །འཇིགས་བརྒྱད་ཞི་སོགས་ལས་བཞིའི་དངོས་གྲུབ་སྩོལ། །དག་པ་མཁའ་སྤྱོད་འགྲོད་པའི་གྲོགས་མཛོད་ཅིག །ཡེ་ཤེས་པ་རྣམས་ཆོས་ཀྱི་དབྱིངས་སུ་གཤེགས། །སླད་ནས་དམ་ཚིག་དབང་གིས་འབྱོན་མཛོད་ལ། །བྱང་ཆུབ་བར་དུ་འབྲལ་མེད་རྗེས་སུ་ཟུངས། །དོན་གཉིས་བསམ་ཀུན་འགྲུབ་པའི་བཀྲ་ཤིས་སྩོལ། །ཅེས་པའང་སྒྲུབ་བླ་མགོན་པོ་ལྷ་དར་གྱི་བཞེད་སྐོང་དུ་པདྨ་རྣམ་པར་རྒྱལ་བས་བྲིས་པ་དགེ །༈ ཚོགས་རྫས། རཾ་ཡཾ་ཁཾ། ༀ་ཨཱཿཧཱུྃ་ཧོཿས་བྱིན་གྱིས་བརླབས། ཧཱུྃ། རབ་འབྱམས་རྩ་གསུམ་དཀྱིལ་འཁོར་སྒྲུབ་སྡེ་བརྒྱད། །ཁྱད་པར་དཔལ་ཆེན་ཕུར་པའི་ལྷ་ཚོགས་རྣམས། །ཡེ་ཤེས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །འདོད་ཡོན་ལྔ་ལྡན་ཟག་མེད་ཚོགས་མཆོད་འབུལ། །རྩ་བ་ཡན་ལག་དམ་ཚིག་ཉམས་ཆག་བཤགས། །གཟུང་འཛིན་གཉིས་སྣང་དགྲ་བགེགས་དབྱིངས་སུ་བསྒྲལ། །གཉིས་མེད་བདེ་བ་ཆེན་པོར་ཐུགས་དམ་བསྐང་། །སྒྲུབ་མཆོག་རྣམས་ལ་དབང་བསྐུར་བྱིན་རློབས་ལ། །མཆོག་དང་ཐུན་མོངས་དངོས་གྲུབ་སྩལ་དུ་གསོལ། །ཅེས་པའང་ཁྲག་འཐུང་ཕྲིན་ལས་གྲུབ་པ་རྩལ་གྱིས་བྲིས་པ་དགེ །༈ ཧཱུྃ། མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས། །ཕོ་བདུད་དྲེགས་པ་བརྫིས་པའི་གདན་སྟེང་དུ། །དཔལ་ཆེན་རྡོ་རྗེ་གཞོན་ནུ་དཔའ་བོའི་སྐུ། །བདུད་འདུལ་ཁྲོ་བཅུ་ཁྲ་ཐབས་འཁོར་གྱིས་བསྐོར། །རྡོ་རྗེ་ཕུར་པའི་ལྷ་ཚོགས་འཁོར་དང་བཅས། །དབང་དང་དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ། །འདོད་ཡོན་ཟག་མེད་ཚོགས་ཀྱི་མཆོད་པ་བཞེས། །ཐུགས་དམ་གཉེན་པོ་ཆོས་ཀྱི་དབྱིངས་སུ་བསྐངས། །ཉམས་ཆག་འགལ་འཁྲུལ་ནོངས་པ་དབྱིངས་སུ་བཤགས། །མ་རུངས་ཞིང་བཅུའི་རུ་ཏྲ་ཞལ་དུ་སྦྱོར། །དེ་ལྟར་ཚོགས་མཆོད་བསྐང་བཤགས་ཕུལ་བའི་མཐུས། །ཨ་བྷི་ཙརྱའི་དངོས་གྲུབ་དེང་སྩོལ་ཅིག །ཕུང་ཁམས་སྐྱེ་མཆེད་གདན་གསུམ་འཁོར་ལོའི་ལྷ། །ཡེ་ནས་དག་མཉམ་དཀྱིལ་འཁོར་འཁོར་ལོའི་ཚུལ། །སྲིད་པ་ཕུར་བུས་སྣང་ཞེན་ལྷར་སྦྱངས་པས། །སྣང་སྟོང་སྐུ་ཡི་རྡོ་རྗེར་འགྲུབ་བྱིན་རློབས། །རྡོ་རྗེ་ལུས་ཀྱི་རྩ་རླུང་ཐིག་ལེའི་སྤྲིན། །བྱང་སེམས་ཕུར་བུ་ཨ་ཧཾ་འབར་འཛག་གིས། །དགའ་བཞིའི་འགྲོ་ཐིམ་ས་ལམ་དབུ་མ་རྫོགས། །བདེ་སྟོང་གསུང་གི་རྡོ་རྗེར་འགྲུབ་བྱིན་རློབས། །དབྱིངས་རིག་ཟུང་འཇུག་འོད་གསལ་གཉུག་མའི་གཤིས། །སྒྲོན་དྲུག་སྣང་བཞིའི་ཉེ་ལམ་ཟླ་མེད་ཕུལ། །རིག་པའི་ཕུར་བུ་ཆོས་ཀྱི་དབྱིངས་ཐེབས་པས། །རིག་སྟོང་ཐུགས་ཀྱི་རྡོ་རྗེ་འགྲུབ་བྱིན་རློབས། །ཚད་མེད་སྙིང་རྗེས་འགྲོ་ཁམས་རྒྱ་ཡིས་ཐེབས། །རྗས་ཀྱི་ཕུར་བུས་དགྲ་བགེགས་རྩད་ནས་གཅོད། །སྒྲོལ་བ་གཉིས་ཀྱི་ཐབས་མཁས་མཛད་ཕྲིན་གྱིས། །དོན་གཉིས་བསམ་ཀུན་འགྲུབ་པའི་བཀྲ་ཤིས་སྩོལ། །ཅེས་པའང་པདྨ་བི་ཛས་སོ། །༈ རཾ་ཡཾ་ཁཾ། ༀ་ཨཱཿཧཱུྃ། རབ་འབྱམས་རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་གཤེགས། །ཡེ་ཤེས་ལྔ་ལྡན་འདོད་ཡོན་ཚོགས་མཆོད་བཞེས། །ཐུགས་དམ་བསྐང་ཞིང་ཉམས་ཆག་འགལ་འཁྲུལ་བཤགས། །གཟུང་འཛིན་དབྱིངས་སྒྲོལ་མཆོག་ཐུན་དངོས་གྲུབ་སྩོལ། །ཡིག་བརྒྱ་བརྗོད། པདྨ་བི་ཛས་སོ། །༈ སྣང་སྲིད་ཡེ་སངས་རྒྱས་པའི་དཀྱིལ་འཁོར་ལྷར། །གང་ཤར་འདོད་ཡོན་རྒྱན་གྱིས་ཚོགས་མཆོད་འབུལ། །གཟུང་འཛིན་སེམས་བྱུང་འཁྲུལ་བ་དབྱིངས་སུ་བཤགས། །ཀ་དག་གཞོན་ནུ་བུམ་སྐུའི་དངོས་གྲུབ་སྩོལ། །ཅེས་པའང་མཁན་བསོད་རྡོར་ངོར་རྒྱལ་ཚབ་སྤྲུལ་མིང་པས་སོ། །༈ ཚོགས་མཆོད་མདོར་བསྡུས་ནི། རཾ་ཡཾ་ཁཾ། ༀ་ཨཱཿཧཱུྃ། ཀ་དག་སྤྲོས་བྲལ་དབྱིངས་ཀྱི་བྷནྡྷ་རུ། །ལྷུན་གྲུབ་རང་རྩལ་བདེ་སྟོང་མཆོད་པའི་སྤྲིན། །རིག་རྩལ་རོལ་པ་རྒྱན་གྱི་དམ་རྫས་འདིས། །རང་རིག་རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་མཆོད། །གཟུང་འཛིན་སྒྲིབ་ཚོགས་ཀ་དག་དབྱིངས་སུ་བཤགས། །འཁྲུལ་རྟོག་ཉོན་མོངས་རང་གྲོལ་མཚོན་ཆས་བསྒྲལ། །རིག་སྟོང་འོད་གསལ་གཉུག་མའི་ཞལ་དུ་སྦྱོར། །སེམས་བྱུང་འཁྲུལ་པའི་ལྷག་སྡུད་གཏོར་མ་ལོངས། །སྣང་བཞི་མཐའ་རུ་ཕྱིན་པའི་ཕྲིན་ལས་མཛོད། །གྷ་ན་ཙཀྲ་པཱུ་ཛ་ཧོ། ཞེས་པའང་པདྨ་བི་ཛས་སོ། །༈ རྡོ་རྗེ་སློབ་དཔོན་ཞབས་པད་བསྐལ་བརྒྱར་བརྟན། །རྡོ་རྗེའི་མཆེད་ལྕམ་དམ་ཚིག་རྣམ་པར་དག །རྡོ་རྗེ་གསུམ་གྱི་ཉམས་ལེན་མཐར་ཕྱིན་ནས། །རྡོ་རྗེའི་གསང་མཆོག་ཚེ་འདིར་འགྲུབ་གྱུར་ཅིག །བི་ཛ་ཡས་སོ། །༈ ༀ། སྣང་སྲིད་བདེ་སྟོང་རང་བྱུང་མཆོད་བསྐང་རྫས། །ཕྱི་ནང་ཉེར་སྤྱོད་ལྷ་མིའི་འདོད་ཡོན་སྤྲིན། །སྨན་གཏོར་རཀྟ་སྦྱོར་སྒྲོལ་གསང་མཆོད་སོགས། །ཟག་མེད་ཀུན་བཟང་རྒྱན་གྱི་རོལ་མོ་འདིས། །རིགས་ཀུན་ཁྱབ་བདག་རྩ་རྒྱུད་བླ་མ་དང་། །ཚེ་བདག་རྒྱལ་བ་རིགས་ལྔ་ཡབ་ཡུམ་དང་། །ཚེ་ལྷ་འགྱོགས་མ་སྒོ་སྲུང་སྤྲུལ་འཁོར་བཅས། །རབ་འབྱམས་རྩ་གསུམ་ཚེ་ལྷའི་ཐུགས་དམ་བསྐང་། །ཉམས་ཆག་འགལ་འཁྲུལ་ནོངས་པ་མཐོལ་ལོ་བཤགས། །སྐུ་གསུང་ཐུགས་ཀྱི་དབང་བསྐུར་བྱིན་རློབས་ལ། །དུས་མིན་འཆི་བའི་འཇིགས་ཀུན་ཞི་བ་དང་། །རྡོ་རྗེའི་ཚེ་མཆོག་འགྲུབ་པའི་དངོས་གྲུབ་རྩོལ། །ཅེས་པའང་ཉེར་མཁོ་གྲངས་གསོག་བདེ་བའི་སླད་དུ་པདྨ་བི་ཛས་བྲིས། ༈ ན་མོ་གུ་རུ་བཛྲ་ས་ཏྭཱ་ཡ། འདིར་རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་ཚོགས་གྲངས་བསོགས་སྐབས་བསྐང་བ་བསྡུས་པར་སྤྲོ་ན། རྩ་གཞུང་གི་བསྐང་བ་རྒྱས་པ་སྔོན་དུ་སོང་རྗེས། ཧཱུྃ། ཆོས་ཀུན་འོད་གསལ་གདོད་ནས་སྤྲོས་བྲལ་དབྱིངས། །འགགས་མེད་རོལ་པ་སྣང་སྟོང་ཐབས་ཤེས་སྤྲིན། །ཟག་མེད་འདོད་ཡོན་ནམ་མཁའ་མཛོད་ཀྱི་སྒོ། །བདུད་རྩི་གཏོར་ཆེན་རཀྟ་དམར་གྱི་བཅུད། །སྣང་གསལ་སྒྲོན་མེ་ཕྱི་ནང་མཆོད་བསྐང་རྫས། །མ་ཚང་མེད་པའི་ལོངས་སྤྱོད་རྒྱ་ཆེན་པོའི། །ཡིད་ཆོས་གནས་དག་ཀུན་བཟང་ཡབ་དང་ཡུམ། །ཕུང་ཁམས་གནས་དག་གཤེགས་པ་གཤེགས་མ་བཅུ། །ཚོགས་བརྒྱད་གནས་དག་བྱང་ཆུབ་སེམས་དཔའ་བརྒྱད། །ཡུལ་བརྒྱད་གནས་དག་བྱང་ཆུབ་སེམས་མའི་ཚོགས། །ལུས་ཀྱི་ཆོས་བཞི་གནས་དག་ཁྲོ་བོ་བཞི། །རྟག་ཆད་མུ་བཞི་གནས་དག་ཁྲོ་མོ་ཡུམ། །ཉོན་དྲུག་གནས་དག་སྤྲུལ་སྐུ་ཐུབ་དྲུག་སྟེ། །བདེ་གཤེགས་ཞི་བའི་ལྷ་ཚོགས་ཐུགས་དམ་བསྐང་། །ཀུན་གཞི་ཡིད་ཆོས་གནས་གྱུར་དཔལ་ཆེན་ཡུམ། །ཉོན་མོངས་དུག་ལྔ་གནས་གྱུར་ཁྲག་འཐུང་ལྔ། །འབྱུང་བ་ཡུལ་ལྔ་གནས་གྱུར་ཁྲོ་མོ་ཡུམ། །རྣམ་བཞིའི་རྟོག་པ་གནས་གྱུར་ཧེ་རུ་བཞི། །སྐྱེ་གནས་བཞི་པོ་གནས་གྱུར་རྣམ་བཞིའི་ཡུམ། །རྣམ་འགྱུར་ཚོགས་བརྒྱད་གནས་གྱུར་ཁྲོ་མོ་བརྒྱད། །རྣམ་འགྱུར་ཡུལ་བརྒྱད་གནས་གྱུར་ཕྲ་མེན་ཚོགས། །རྟག་ཆད་མཐའ་བཞི་གནས་གྱུར་སྒོ་མ་བཞི། །སྣ་ཚོགས་རྟོག་པ་གནས་གྱུར་དབང་མོ་སྟེ། །ཁྲག་འཐུང་ཁྲོ་བོའི་ཚོགས་ཀྱི་ཐུགས་དམ་བསྐང་། །མི་ཤིགས་སྐུ་དང་འགགས་མེད་རྡོ་རྗེའི་གསུངས། །འགྱུར་མེད་ཐུགས་མཆོག་ཡོན་ཏན་མི་ཟད་གཏེར། །ཕྲིན་ལས་ཚད་མེད་ཡེ་ཤེས་རྒྱན་འཁོར་ལོའི། །ཐུགས་དམ་གཉེན་པོ་དབྱིངས་སུ་བསྐང་བའི་མཐུས། །ཉམས་ཆག་བསྐང་ཤིང་རྟོག་སྒྲིབ་ཐམས་ཅད་བྱང་། །དབང་དང་དངོས་གྲུབ་མ་ལུས་དེང་འདིར་སྩོལ། །རིགས་ཀུན་བདག་པོའི་གོ་འཕང་མྱུར་འགྲུབ་མཛོད། །ཅེས་འཁོར་གསུམ་མི་རྟོག་ཡེ་ཤེས་ཀྱི་དབྱིངས་སུ་རོ་མཉམ་པར་བསྐང་ངོ་། ཞེས་པའང་ལྷག་པའི་ལྷ་མཆོག་འདི་ཉིད་ལས་དངོས་གྲུབ་བརྙེས་པའི་བླ་མརིན་པོ་ཆེ་ཚུལ་ཁྲིམས་ལགས་ཀྱི་ཐུགས་བཞེད་བཞིན་ལམ་འདི་ལ་བཟང་པོའི་འབྲེལ་བའི་རིག་འཛིན་གྱི་བཙུན་པ་རྡོ་རྗེ་དབང་མཆོག་དགྱེས་པ་རྩལ་གྱིས་བྲིས་པ་མངྒལཾ། ༈ ཧཱུྃ། བདེ་ཆེན་ཐིག་ལེ་གཅིག་གི་རང་རྩལ་ལས། །ཞི་ཆགས་ཁྲོ་སོགས་རྣམ་རོལ་མཐའ་ཡས་པས། །གྲུབ་གཉིས་འདོད་དགུའི་ཆར་རྒྱུན་འབེབས་མཛད་པའི། །བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ལྷ་ཚོགས་དགོངས། །ཕྱི་ནང་གསང་མཆོད་སྨན་རཀ་གཏོར་མ་དང་། །སྦྱོར་སྒྲོལ་གླུ་དབྱངས་ཕྱག་རྒྱ་གར་ལ་སོགས། །འདོད་ཡོན་ལྔ་ལྡན་བླ་མེད་མཆོད་བསྐོང་རྫས། །ཏིང་འཛིན་ནམ་མཁའ་མཛོད་ཀྱི་རོལ་མོ་འདིས། །བདེ་གཤེགས་ཞི་ཁྲོའི་ལྷ་ཚོགས་ཐུགས་དམ་བསྐང་། །འཇམ་དཔལ་སྐུ་ཡི་ལྷ་ཚོགས་ཐུགས༴ པདྨ་གསུང་གི་ལྷ་ཚོགས༴ ཡང་དག་ཐུགས་ཀྱི་ལྷ་ཚོགས༴ ཆེ་མཆོག་ཡོན་ཏན་ལྷ་ཚོགས༴ ཕུར་པ་ཕྲིན་ལས་ལྷ་ཚོགས༴ མངོན་རྫོགས་མ་མོའི་ལྷ་ཚོགས༴ རིག་འཛིན་སློབ་དཔོན་ལྷ་ཚོགས༴ འཇིག་རྟེན་མཆོད་བསྟོད་ལྷ་ཚོགས༴ དམོད་པ་དྲག་སྔགས་ལྷ་ཚོགས༴ བཀའ་སྡོད་རབ་འཇིགས་སྲུང་མའི་ཐུགས་དམ་བསྐང་། །དམ་ཚིག་ཉམས་ཆག་འགལ་འཁྲུལ་དབྱིངས་སུ་གཤགས། །རྣལ་འབྱོར་བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །མི་མཐུན་འགལ་རྐྱེན་མཐའ་དག་ཞི་བ་དང་། །མཐུན་རྐྱེན་ཚེ་བསོད་དཔལ་འབྱོར་གོང་དུ་འཕེལ། །དོན་གཉིས་བསམ་པ་ཡིད་བཞིན་འགྲུབ་པར་མཛོད། །ཕུང་ཁམས་སྐྱེ་མཆེད་གདན་གསུམ་ལྷ་སྐུར་སྨིན། །འགྲོ་འོང་སྲོག་རྩོལ་རྡོ་རྗེའི་སྔགས་སུ་དག །དྲན་རྟོག་སྐྱེ་མེད་འོད་གསལ་ཆོས་སྐུར་གྲོལ། །རྡོ་རྗེའི་གསང་མཆོག་ཚེ་འདིར་འགྲུབ་པར་ཤོག །ཅེས་པའང་མཆོག་སྤྲུལ་བྷེ་ཥ་ཛྱའི་བཞེད་ངོར་སྔགས་བན་རྒན་པོ་རྡོ་རྗེ་དབང་མཆོག་དགྱེས་པ་རྩལ་གྱིས་བྲིས་པ་དགེ །

ཕུར་པ་ཡང་གསང་སྤུ་གྲིའི་བཟློག་བསྡུས་དུས་ཀྱི་འཐོར་རླུང་།

༄༅། །ཕུར་པ་ཡང་གསང་སྤུ་གྲིའི་བཟློག་བསྡུས་དུས་ཀྱི་འཐོར་རླུང་བཞུགས། ཧཱུྃ། ཆོས་དབྱིངས་ངང་ལས་སྙིང་རྗེས་ཁྲོས་པའི་གར། །བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཆེ། །ཡུམ་ཆེན་ཁྲོ་མོ་འཁོར་ལོར་རྒྱས་འདེབས་མ། །ཡབ་ཡུམ་ཐབ་ཤེས་རོལ་པའི་ཆོ་འཕྲུལ་ལས། །སྲས་མཆོག་ཉེར་གཅིག་ཁྲོ་བཅུ་ཕྲ་ཕྱག་བཅས། །སྒོ་སྐྱོང་ཕུར་སྲུང་མ་སྲིང་དབང་མོ་སོགས། །སྤྲུལ་དང་ཡང་སྤྲུལ་བཀའ་ཉན་ཕོ་ཉའི་ཚོགས། །ཐུགས་དམ་བསྐུལ་ལོ་བཟློག་པའི་ཕྲིན་ལས་མཛོད། །རྣལ་འབྱོར་བདག་ཅག་དཔོན་སློབ་འཁོར་བཅས་ལ། །མ་ཧཱ་དེ་བ་ཕྱོགས་སྐྱོང་བཅུ་ལ་སོགས། །དབུས་དང་སྟེང་འོག་ཕྱོགས་མཚམས་གདོན་བགེགས་རིགས། །བཟློག་བསྒྱུར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ཡས་ཀྱི་བདུད་གཡོས་མས་ཀྱི་སྲི་ལངས་བཟློག །ཉེ་བའི་བྱོལ་པོ་ཕ་ཚན་རྒྱ་འདྲེ་བཟློག །མ་བུའི་བྱུར་འདྲེ་གཤིན་རྗེའི་འཁྲུལ་འཁོར༴ མ་མོའི་ཁྲག་ཟོར་བདུད་ཀྱི་ཁྲམ་ཁ༴ བཙན་གྱི་གཟེར་ཁ་ས་བདག་བྱད་ཁ༴ རྒྱལ་པོའི་སྨྱོ་འབོག་གཟའ་ཡི་ཀིང་ཀང་༴ མུ་སྟེགས་ངན་སྔགས་ཐེ་བྲང་སྲིས་རྐུན༴ ནད་ཁ་རིམས་ཁ་སྔགས་པའི་ཕུར་ཁ༴ བོན་པོའི་ལྷ་ཟོར་སུམ་པའི་གླང་ཟོར༴ མེ་ཉག་འབོ་ལེ་ལོ་ཟླ་ཞག་སྐེག༴ མོ་ངན་རྩིས་ངན་ལྟས་ངན་མཚན་ངན༴ ཕོ་བརྒྱས་མདའ་བརྡར་མོ་བརྒྱས་དུག་གཡོས༴ སྐྱེ་བོའི་ཡ་ག་བྲན་འཁོར་དམོད་མཆུ༴ མི་མཐུན་ལྟས་ངན་ནད་རིགས་མཐའ་དག༴ གནོད་བྱེད་གདོན་དང་བགེགས་རིགས་འཚེ་བ༴ གློ་བུར་ཡེ་འབྲོག་དུས་མིན་འཆི་རྐྱེན་བཟློག །འཇིགས་པ་བརྒྱད་སོགས་འགལ་རྐྱེན་ཐམས་ཅད་བཟློག །བྷྱོ། ང་ནི་འཁོར་འདས་ཀུན་གྱི་སྤྱི་དཔལ་ཆེ། །སྐུ་གསུང་ཐུགས་ཀྱིས་མི་བསྒྱུར་མི་བཟློག་མེད། །དེ་ཕྱིར་ཕས་རྒོལ་མི་མཐུན་འགལ་རྐྱེན་རིགས། །བཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་བཟློག །བསྒྱུར་རོ་དཔལ་ཆེན་དཀྱིལ་འཁོར་མཐུ་ཡིས་བསྒྱུར། །ཟོར་རོ་གནོད་བྱེད་དགྲ་དང་བགེགས་ལ་ཟོར། །དཔལ་ཆེན་རྡོ་རྗེ་ཕུར་བུའི་ལྷ་ཚོགས་རྣམས། །དམ་རྫས་ཤ་ཁྲག་མཆོད་པ་འདི་བཞེས་ལ། །བཟློག་བསྒྱུར་བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ཅེས་པའང་བཟློག་གཞུང་གྲངས་བསགས་བདེ་བའི་ཆེད་དུ་རྡོ་རྗེ་ཕུར་པའི་སྔགས་རིག་འཛིན་པ་རྡོ་རྗེ་དབང་མཆོག་ཕྲིན་ལས་འདུས་པ་རྩལ་གྱིས་བྲིས་པ་སྟེ། འདིས་ཀྱང་འགྲོ་ཀུན་འདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་བར་གྱུར་ཅིགམངྒལཾ། ༈ རྒྱལ་ཀུན་བསྐྱེད་ཡུམ་ཤེས་རབ་ཕ་རོལ་ཕྱིན། །གང་འདུལ་འགྲོ་དོན་སྣ་ཚོགས་སྤྲུལ་པའི་གར། །ཕྱི་ལྟར་རིགས་སྔགས་ལྷ་མོ་འོད་ཟེར་ཅན། །ནང་ལྟར་གཤིན་རྗེའི་སྦྱོར་ཡུམ་རོ་ལངས་མ། །གསང་བ་འཕགས་མ་རྒྱལ་མཚན་རྩེ་མོ་ཞེས། །དྲན་པ་ཙམ་གྱིས་འཇིགས་དང་སྡུག་བསྔལ་ལས། །དབུགས་འབྱིན་མཛད་མ་ཁྱོད་ལ་གུས་བསྟོད་ཅིང་། །རྟག་པར་གསོལ་འདེབས་སྙིང་ནས་སྐྱབས་མཆི་ན། །བདག་ཅག་གཡུལ་སྐྲོད་འཐབ་རྩོད་འགྱེད་ལ་སོགས། །དུས་རྣམས་ཀུན་ཏུ་སྲུང་ཞིང་འཇིགས་ལས་སྐྱོབས། །དཔལ་དང་བཀྲ་ཤིས་བདེ་ལེགས་འཕེལ་བ་དང་། །ཕས་རྒོལ་གཡུལ་ལས་རྣམ་པར་རྒྱལ་བར་མཛོད། །ཁྱད་པར་དགྲ་ཇག་ཆོམ་རྐུན་བྱད་ལྟེམ་དང་། །ནད་འཁྲུགས་ཕུང་འདྲེ་མི་ཁ་བྲ་མཆུ་ཟློགས། །མཐུན་རྐྱེན་བསམ་འགྲུབ་རླུང་རྟ་སྙན་གྲགས་སྤེལ། །བྱང་ཆུབ་བར་དུ་ལྷ་དང་དཔལ་མཛོད་ཅིག །སྙིང་པོ། ༀ་ངྷཱ་ཛ་ཨ་གྲ་ཀེ་ཡུ་རེ་བྷྲུྃ་བྷྲུྃ་ཕཊ་ཕཊ་སྭཱ་ཧཱ། བཟློག་པ་ནི། ཧཱུྃ། དབྱིངས་ཀྱི་ཡེ་ཤེས་ལྷ་མོའི་བདེན་སྟོབས་ཀྱིས། །རྟག་ལྟ་བདག་འཛིན་དགྲ་བགེགས་སྟོང་པར་བཟློག །ལེ་ལོ་རྣམ་གཡེང་ལོག་ལྟ་ཆོས་སུ་བཟློག །མཚན་འཛིན་འདུ་འཛིའི་བར་ཆད་དབྱིངས་སུ་བཟློག །སྭཱ་བྷཱ་ཝ་བཟློག་བཟློག །ཅེས་དགེ་བརྩེ་དཔོན་པོ་དམ་པའི་བཞེད་ངོར་སྔགས་བན་རྣམ་པར་རྒྱལ་བའི་སྡེས་དུས་ཚེས་དགེ་བར་བྲིས་ཤིང་གསོལ་བ་བཏབ་པ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་རྒྱུར་གྱུར་ཅིག༈ གང་མཚན་ཐོས་དང་དྲན་པ་ཙམ་གྱིས་ཀྱང་། །ངན་འགྲོར་སྲིད་པའི་སྡུག་བསྔལ་རྒྱུན་གཅོད་པའི། །བདེ་གཤེགས་སུམ་ཅུ་རྩ་ལྔ་འཁོར་བཅས་ལ། །ཕྱག་འཚལ་མཆོད་འབུལ་སྡིག་ལྟུང་འགྱོད་བཤགས་སྡོམ། །ཡི་རང་བསྐུལ་ཞིང་གསོལ་བ་བཏབ་པའི་མཐུས། །བདག་གཞན་སྡིག་ལྟུང་ཉོན་མོངས་ཀུན་ཞི་ནས། །བླ་མེད་རྫོགས་པའི་བྱང་ཆུབ་མྱུར་ཐོབ་ཤོག །ཅེས་པའང་དད་ལྡན་ཚུལ་རྣམ་ངོར་བི་ཛས་བརྗོད་པ་དགེ །

ཟབ་ལམ་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་བརྒྱུད་འདེབས།

༄༅། །ཟབ་ལམ་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་བརྒྱུད་འདེབས་ཁ་སྐོང་ནི། རྗེ་གཏེར་ཆེན་རིན་པོ་ཆེའི་འཕྲོར། ཤེས་བྱའི་ཆོས་ཀུན་མཁྱེན་པའི་ཕོ་བྲང་དུ། །ངྷརྨ་ཤྲཱི་རྒྱལ་སྲས་པད་འགྱུར་མཚན། །རིན་ཆེན་རྣམ་རྒྱལ་ཨཽ་ཌི་ཡཱ་ན་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །བཀའ་གཏེར་ཆོས་ཚུལ་རྒྱ་མཚོའི་ཕོ་བྲང་དུ། །ཕྲིན་ལས་རྣམ་རྒྱལ་ཕྲིན་ལས་ཆོས་ཀྱི་སྒྲོན། །རྡོ་རྗེ་གཟི་བརྗིད་བློ་གྲོས་མཐའ་ཡས་ལ། །གསོལ་བ༴ ཞེས་སམ། ཡང་ན་ཞེ་རྫོགས་ཀྱི་བརྒྱུད་ལུགས། གཏེར་ཆེན་འཕྲོར། ཐུགས་རྗེས་འགྲོ་འདུལ་སྤྲུལ་སྐུའི་ཕོ་བྲང་དུ། །ཐེག་མཆོག་བསྟན་འཛིན་ཀུན་བཟང་རྣམ་པར་རྒྱལ། །བསྟན་འཛིན་ཆོས་རྒྱལ་མཐུ་སྟོབས་རྣམ་རྒྱལ་ལ། །གསོལ་བ༴ སྤྱི་གཙུག་བདེ་ཆེན་འཁོར་ལོའི་ཕོ་བྲང་དུ། །རྡོ་རྗེ་གཟི་བརྗིད་པདྨ་གར་གྱི་དབང་། །བདེ་ཆེན་རྒྱལ་པོ་རྩ་བའི་བླ་མ་ལ། །གསོལ་བ༴ ཞེས་སམ། ཡང་ན། སྨིན་གླིང་ནས་བརྒྱུད་ལུགས་གཅིགརྗེ་བཙུན་མ་ཕྲིན་ལས་ཆོས་སྒྲོན་གྱི་འཕྲོར། སངས་རྒྱས་ཀུན་དགའ་ཡིད་བཞིན་དབང་རྒྱལ་ལ། །གསོལ་བ༴ འབྲེལ་ཚད་དོན་ལྡན་སྨིན་གྲོལ་རྒྱལ་ཁབས་སུ། །བདེ་ཆེན་མཆོག་གྲུབ་བདེ་ཆེན་ཆོས་སྒྲོན་དང་། །པདྨ་བི་ཛ་རྩ་བརྒྱུད་བླ་མ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཅེས་རང་རང་གང་མོས་ཀྱི་བརྒྱུད་པ་འདྲེན་པས་ཆོག་གོ །འདི་ཡང་དམ་པ་གང་གི་བཞེད་སྐོང་དུ་བི་ཛ་ཡས་བྲིས་པ་དགེ །

རྡོར་སེམས་འཕོ་བའི་ངག་འདོན་ཉུང་གསལ།

༄༅། །རྡོར་སེམས་འཕོ་བའི་ངག་འདོན་ཉུང་གསལ་ནི། ན་མོ་གུ་རུ། རང་ལུས་སྟོང་གསལ་འོད་ཀྱི་གོང་བུའི་ཞིང་། །ངན་འགྲོའི་སྒོ་དགུར་ཧཱུྃ་ཡིག་མཐིང་ནག་འབར། །དྭངས་གསལ་དྷཱུ་ཏིའི་མར་སྣ་རླུང་དཀྱིལ་ན། །རྣམ་ཤེས་མི་འགྱུར་ཐིག་ལེ་འབར་ཞིང་གཡོ། །བདེ་ཆེན་འཁོར་ལོར་རྒྱལ་ཀུན་འདུས་པའི་དཔྱིད། །རྩ་བའི་བླ་མ་ཁྱབ་བདག་རྡོ་རྗེ་སེམས། །དཀར་གསལ་རྡོ་རྗེ་དྲིལ་འཛིན་མཚན་དཔེར་ལྡན། །མཐོང་ཐོས་དྲན་རེག་སྒྲོལ་བའི་མགོན་པོར་བཞུགས། །ཀུན་བཟང་རྡོར་སེམས་དགའ་རབ་ཤྲཱི་སེང་། །པད་འབྱུང་ཧཱུྃ་ཀར་བི་མ་བཻ་རོ་རྗེ། །མཁར་ཆེན་མཚོ་རྒྱལ་གཏེར་ཆེན་ཆོས་ཀྱི་རྒྱལ། །ངྷརྨ་ཤྲཱི་མི་འགྱུར་དཔལ་གྱི་སྒྲོན། །ཨཽ་ཌི་ཡཱ་ན་ཕྲིན་ལས་རྣམ་པར་རྒྱལ། །ཕྲིན་ལས་ཆོས་སྒྲོན་འཇམ་དབྱངས་མཁྱེན་བརྩེའི་དབང། །བློ་གྲོས་མཐའ་ཡས་བདེ་ཆེན་རྒྱལ་པོ་རྩལ། །པདྨ་བི་ཛ་རྩ་བརྒྱུད་བླ་མ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་ལྕགས་ཀྱུས་ཟུངས། །རང་ལུས་འབྱུང་ལུས་སྒྱུ་མའི་གཡར་ཁང་ནས། །རྣམ་ཤེས་མགྲོན་པོ་དྭངས་མའི་ཐིག་ལེའི་དཔྱིད། །གནད་གསུམ་ཟབ་ལམ་བགྲོད་པ་ཚངས་པའི་སྒོར། །དཔག་ཆེན་མདའ་བཞིན་དབྱིངས་སུ་འཕོ་བར་ཤོག །ཧིཀ྄དགེ་བ་འདི་ཡིས་སོགས་བསྔོ་སྨོན་གྱིས་མཐའ་བརྒྱན་ནོ། །ཞེས་པའང་རྩ་བའི་ཡི་གེ་ལས་སྙིང་པོ་ཉུང་ངུར་བསྡུས་པ་དགེ །༈ བདེ་བ་ཅན་དུ་མགོན་པོ་འོད་དཔག་མེད། །རི་བོ་ཏཱ་ལར་འཕགས་མཆོག་སྤྱན་རས་གཟིགས། །རྔ་ཡབ་དཔལ་རིར་རྗེ་བཙུན་པདྨ་འབྱུང་། །སྐུ་གསུམ་དབྱེར་མེད་བླ་མར་གསོལ་བ་འདེབས། །ནམ་ཞིག་འདིར་སྣང་ནུབ་པར་གྱུར་པའི་ཚེ། །རླུང་སེམས་ཐིག་ལེ་དྭངས་མའི་དྷཱུ་ཏིར་ཞུགས། །རིགས་བདག་བླ་མའི་ཐུགས་དང་དབྱེར་མེད་འདྲེས། །རྫོགས་སྨིན་མཐར་ཕྱིན་མངོན་པར་སངས་རྒྱས་ཤོག །ཕཊ། ཕཊ། ཕཊ། ཅེས་པའང་དད་པ་ལྡན་པའི་རྒན་རྒོན་རྣམས་ཀྱི་ངོར་བི་ཛ་ཡས་བརྗོད་པ་དགེ །༈ ན་མོ་རཏྣ་ཊ་ཡཱ་ཡ། ཁྲུས་དང་གཙང་སྦྲ་དང་ལྡན་པས། སངས་རྒྱ་ཆོས་དང་ཚོགས་སོགས་ཀྱིས་སྐྱབས་སེམས་དང་། སེམས་ཅན་བདེ་དང་སོགས་ཚད་མེད་བཞི་སྒོམ། དངོས་སུ་བཤམས་པའི་མཆོད་པ་ཡོད་ན་མཆོད་པའི་སྤྲིན་གཟུངས་ཀྱིས་བྱིན་གྱིས་བརླབས། གང་ལྟར་ལས། ཨ། སྟོང་དང་རྟེན་འབྱུང་མ་འགགས་སྒྱུ་མའི་འཕྲུལ། །གནས་ཡོ་རྣམ་དག་འོག་མིན་བདེ་ཆེན་ཞིང་། །བཀོད་པ་རབ་རྫོགས་མཆོད་སྤྲིན་འཁྲིགས་པའི་དབུས། །རིན་ཆེན་སེང་ཁྲི་པད་ཟླའི་གདན་གྱི་སྟེང་། །བླ་མ་མཆོག་དང་དབྱེར་མེད་བཅོམ་ལྡན་འདས། །མགོན་པོ་འོད་མི་འཁྲུགས་པ་སྤྲུལ་སྐུའི་ཆས། །མཐིང་མདོག་ས་གནོན་མཉམ་བཞག་རྡོ་རྗེས་མཚན། །མཚན་དཔེའི་དཔལ་འབར་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །མཐའ་སྐོར་སངས་རྒྱས་བྱང་སེམས་གྲངས་མེད་བཅས། །དྲན་པས་སྲིད་ཞིའི་གདུང་སེལ་ཆེན་པོར་གསལ། །ཞེས་སངས་རྒྱས་ཀྱི་སྐུ་ལ་དམིགས་པ་རྩེ་གཅིག་ཏུ་གཏད་ནས་དངོས་སུ་བཞུགས་ཡོད་སྙམ་པའི་མོས་པ་བརྟན་པོས། བླ་མ་སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལས་ཀྱི་སྒྲིབ་པ་ཐམས་ཅད་སྦྱོང་མཛད་མགོན་པོ་འོད་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ཞེས་གྲངས་ཅི་ནུས་དང་། དངོས་བཤམས་གཟུངས་རིགས་མོས་སྟོབས་ཀྱིས་སྤྲུལ་པའི། །མཆོད་ཚོགས་ཀུན་འབུལ་སྡིག་ལྟུང་འགྱོད་བཤགས་བསྡོམས། །དགེ་ལ་ཡི་རང་བསྐུལ་ཞིང་གསོལ་བ་འདེབས། །འདིས་མཚོན་དགེ་བ་བྱང་ཆུབ་ཆེན་པོར་བསྔོ། །བདེ་གཤེགས་མི་འཁྲུགས་མགོན་གྱི་ཐུགས་བསྐྱེད་དང་། །མཛད་པ་སྨོན་ལམ་མཁྱེན་བརྩེ་ནུས་པའི་སྟོབས། །བླ་མེད་ཡེ་ཤེས་སྒྱུ་འཕྲུལ་ཇི་འདྲ་བ། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག །ཅེས་དང་། དྲན་པ་ཙམ་གྱིས་ལས་སྒྲིབ་རྒྱུན་གཅོད་པའི། །བླ་མ་རྒྱལ་བ་མི་འཁྲུགས་སྲས་འཁོར་བཅས། །མགོན་མེད་འགྲོ་ལ་ཐུགས་བརྩེས་ཉེར་དགོངས་ནས། །ད་ལྟ་ཉིད་དུ་བྱིན་རླབས་མཆོག་དངོས་སྩོལ། །སྔོན་སྨོན་ཐུགས་བསྐྱེད་བཙན་པོའི་ཁྱད་པར་གྱིས། །སངས་རྒྱས་གཞན་ལས་བྱིན་རླབས་མྱུར་ཞེས་གྲགས། །དེ་སླད་ཁྱོད་ལ་སྐྱབས་གསོལ་མགོན་བགྱིད་ན། །ལས་སྒྲིབ་སྡུག་བསྔལ་ཀུན་ལས་བསྐྱབ་ཏུ་གསོལ། །སྙིགས་མའི་འགྲོ་བ་དཀར་མིན་ཁུར་ལྕིས་གནོན། །ལྡང་བའི་དུས་མེད་སྡུག་བསྔལ་རྦ་ལ་འཆེལ། །འདི་ལ་མི་དགོངས་ཐུགས་བསྐྱེད་ཇི་ལྟར་འགྱུར། །དུས་མཁྱེན་ཆེན་པོས་དབུགས་དབྱུང་དེང་སྩོལ་ཅིག །ཅེས་གསོལ་བ་བཏབ་པས་བདེ་གཤེགས་སྲས་དང་བཅས་པའི་སྐུ་ཡི་གནས་རྣམས་ནས་འོད་ཟེར་བྱེ་བ་ཕྲག་བསམ་གྱིས་མི་ཁྱབ་པ་འཕྲོས་བདག་དང་དམིགས་ཡུལ་གྱི་གཙོས་སེམས་ཅན་ཐམས་ཅད་ལ་ཕོགསྡིག་ལྟུང་སྒྲིབ་པའི་ཚོགས་མ་ལུས་པ་ལྷག་མེད་དུ་བྱང་། སྡུག་བསྔལ་རྒྱུ་འབྲས་དང་བཅས་པ་ཐམས་ཅད་རྒྱུན་ཆད། ཐམས་ཅད་ཐེག་པ་ཆེན་པོའི་སྐལ་ལྡན་འབའ་ཞིག་དུ་བྱས་པར་མོས་ལ། ན་མོ་རཏྣ་ཏྲ་ཡཱ་ཡ་སོགས་གཟུངས་ཅི་ནུས་སུ་བཟླ་ཞིང་། སྔགས་ཆུ་དང་བྱེ་མ་ཡོད་ན་ཕུས་གདབ་ལ་ཁྲུས་སོགས་བྱ། མཐར་ཡན་ལག་བདུན་པ་འབུལ་ཞིང་འདོད་པའི་དོན་ལ་གསོལ་བ་གདབ་སྟེ་གཤིས་ལུགས་སྤྲོས་བྲལ་གྱི་ངང་དུ་བཞག་ལ་བསྔོ་བ་སྨོན་ལམ་དང་བཅས་པས་རྒྱས་གདབ་པར་བྱའོ། །ཞེས་པའང་ཤཱ་ས་ན་ངྷ་ར་མ་ཎིས་བཞེད་ངོར། ཨཀྵ་ར་པདྨ་བི་ཛ་ཡས་བྲིས་པ་དགེ །སརྦ་མདྒལཾ། ༈ ན་མོ་གུ་རུ་པྲ་ཛྙཱ་པ་ར་མི་ཏ་ཡེ། གཅོད་ཀྱི་རྒྱུན་ཁྱེར་ལུས་སྦྱིན་གྱི་གཤམ་དུ་ཚོགས་མཆོད་ཕུལ་བར་སྤྲོ་ན། ཚོགས་རྫས་རྣམས་བཤམས། ནང་མཆོད་ཀྱིས་བྲན་ལ། ཐོག་མར་གསོལ་བ་གདབ་པ་ནི། ཕ་རྒྱུད་ཐབས་ཀྱི་བརྒྱུད་པ་ལ་གསོལ་བ་འདེབས། །མ་རྒྱུད་ཤེས་རབ་ཀྱི་བརྒྱུད་པ་ལ༴ གཉིས་མེད་དོན་གྱི་བརྒྱུད་པ་ལ༴ སྐལ་ལྡན་ཉམས་ཀྱི་བརྒྱུད་པ་ལ༴ གྲུབ་ཐོབ་གཅོད་ཀྱི་བརྒྱུད་པ་ལ༴ མཁའ་འགྲོ་བརྡ་ཡི་བརྒྱུད་པ་ལ༴ སྟོབས་ལྡན་ཆོས་སྐྱོང་གི་བརྒྱུད་པ་ལ༴ འཁྲུལ་སྣང་འཇིག་རྟེན་གྱི་བྱ་བ་ལ། །ཞེན་པ་ལོག་པར་བྱིན་གྱིས་རློབས། །འབྱུང་བཞིས་བསྡུས་པའི་སྒྱུ་ལུས་ལ། །གཅེས་འཛིན་བྲལ་བར་བྱིན་གྱིས་རློབས། །འགལ་རྐྱེན་ནད་གདོན་བར་གཅོད་ལ། །རོ་སྙོམས་ནུས་པར་བྱིན་གྱིས་རློབས། །སྣང་སྲིད་སེམས་ཀྱི་ཆོ་འཕྲུལ་ལ། །རང་ངོ་ཤེས་པར་བྱིན་གྱིས་རློབས། །རང་རིག་སྐུ་གསུམ་ལྷུན་གྲུབ་ལ། །རང་དབང་ཐོབ་པར་བྱིན་གྱིས་རློབས། །སྤྱིར་བདག་དང་འགྲོ་དྲུག་སེམས་ཅན་རྣམས། །རྒྱུ་གཉིས་འཛིན་གྱི་དྲི་མ་ཀུན་སྤངས་ནས། །བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །ཕཊ། དེ་ནས་བསྟོད་བསྐུལ་བྱིན་འབེབས་ནི། ཀྱེ་མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །མ་ཕ་རོལ་ཕྱིན་དྲུག་ཐུགས་ལ་མངའ། །ཡང་དག་དོན་རྟོགས་འགྲོ་བའི་མགོན། །མ་གཅིག་ཁྱེད་ལ་ཕྱག་འཚལ་བསྟོད། །རིགས་ལྔའི་མཁའ་འགྲོ་སྤྲུལ་འཁོར་བྱེ་བ་འབུམ། །ཡང་དག་བདེ་ཆེན་བསྐྱེད་པའི་ཌཱ་ཀི་ལ། །དད་མོས་དྲག་པོའི་སྟོབས་ཀྱིས་གསོལ་བ་འདེབས། །ཐུགས་རྗེ་རྒྱུན་ཆད་མེད་པར་དགོངས་མཛོད་ལ། །ལས་ཅན་ཕོ་མོ་རྣམས་ལ་བྱིན་གྱིས་རློབས། །དད་ལྡན་སྐྱེས་བུ་རྣམས་ལ་བཅུད་དུ་ཕོབ། །རྗེ་མཁའ་འགྲོའི་ཚོགས་བཅས་གཤེགས་སུ་གསོལ། །མཁའ་འགྲོའི་ཚོགས་བཅས་གཤེགས་ནས་ཀྱང་། །དུག་ལྔ་གཅོད་ཕྱིར་པད་ཟླའི་གདན་ལ་བཞུགས། །ཕ་རོལ་ཕྱིན་དྲུག་རྫོགས་ལ་གུས་ཕྱག་འཚལ། །གཟུགས་སྒྲ་དྲི་རོ་རེག་བྱའི་ཚོགས་མཆོད་འབུལ། །སྟོང་ཉིད་བཅོ་བརྒྱད་གནས་ལ་གུས་ཕྱག་འཚལ། །ཀྱེ་ཚོགས་ཁང་གཞལ་ཡས་འབར་བ་འདི། །ཨོ་རྒྱན་གནས་སུ་བྱིན་གྱིས་རློབས། །འདིར་ཚོགས་སྐྱེས་བུ་ཕོ་མོ་རྣམས། །དཔའ་བོར་དཔའ་མོར་བྱིན་གྱིས་རློབས། །རིན་ཆེན་ལ་སོགས་སྣ་ཚོགས་སྣོད། །པདྨ་བྷཉྫར་བྱིན་གྱིས་རློབས། །བཅུད་ཀྱི་ཞལ་ཟས་ཐམས་ཅད་ཀྱང་། །ཟག་མེད་བདུད་རྩིར་བྱིན་གྱིས་རློབས། །མཎྜལ་འདི་ལ་རྟེན་ཆོས་ལ། །མར་མེ་འདི་ལ་མདངས་ཤིག་ཕྱུང་། །སློབ་མ་རྣམས་ལ་དབང་བཞི་བསྐུར། །ཚོགས་གཏོར་འདི་ལ་བཅུད་ཅིག་ཕོབ། །འདིར་འཚོགས་བར་ཆད་ཞི་བ་དང་། །མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ། །ཕཊ། ཚོགས་གཏོར་བྱིན་རླབས་ནི། ༀ་ཨཱཿཧཱུྃ། མ་གཅིག་མ་ལ་གསོལ་བ་འདེབས། །སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་རློབས། །འབྲུ་གསུམ་བདུད་རྩིའི་བྱིན་རླབས་ཀྱིས། །གཞོང་པ་ཉི་ཟླའི་གཏོར་གཞོང་དུ། །ཚོགས་ཀྱང་འོད་དུ་ལྟེམ་མེར་ཞུ། །འོད་ཕུང་འབར་བའི་ཚོགས་མཆོད་འདིས། །རྗེ་བླ་མ་ཡི་དམ་མཁའ་འགྲོ་དང་། །རྒྱལ་བའི་དཀྱིལ་འཁོར་མཉེས་གྱུར་ཅིག །ཆོས་སྐྱོང་མ་མགོན་ལྕམ་དྲལ་དང་། །དམ་ཅན་སྲུང་མའི་ཐུགས་དམ་བསྐང་གྱུར་ཅིག །དེ་ནས་བསྟབ་པ་ནི། ཀྱེ། དྲུག་པ་རྡོ་རྗེ་འཆང་ཆེེན་མན་ཆད་ནས། །དྲིན་ཆེན་རྩ་བའི་བླ་མ་ཡན་ཆད་དང་། །ཡི་དམ་དཔའ་བོ་མཁའ་འགྲོ་རྣལ་འབྱོར་མ། །ཆོས་སྐྱོང་གཞི་བདག་སྣང་སྲིད་ལྷ་འདྲེའི་ཚོགས། །རིགས་དྲུག་ཕ་མ་ལན་ཆགས་བགེགས་ཀྱི་རིགས། །ཁྱད་པར་ཌཱ་ཀི་སྡེ་ལྔ་བཀའ་སྡོད་བཅས། །མ་ལུས་འཁོར་བཅས་འདིར་གཤེགས་ཚོགས་ལ་རོལ། །ལ་ལ་ཕྱི་ཡི་ཚོགས་ལ་རོལ། །ལ་ལ་ནང་གི་ཚོགས་ལ་རོལ། །ལ་ལ་གསང་བའི་ཚོགས་ལ་རོལ། །ལ་ལ་དེ་ཉིད་ཀྱི་ཚོགས་ལ་རོལ། །མ་ལུས་འཁོར་བཅས་ཚོགས་ལ་རོལ། །ཨ་ལ་ལ་ཏེ་དགྱེས་པར་རོལ། །ཕུད་ལྷག་མ་མེད་པར་མཆོད་པར་བཞེས། །ཕཊ། དེ་ནས་གཏོར་བསྔོ་ནི། ༀ་ཨཱཿཧཱུྃ། ཕྱི་སྣོད་ཀྱི་འཇིག་རྟེན་གཏོར་གཞོང་དུ། །ནང་འབྱུང་བཞིའི་དངོས་པོ་བྷ་ལིང་ཏ། །དེ་རྒྱལ་བ་ཞི་ཁྲོའི་ཚོགས་ལ་འབུལ། །ལས་རབ་འབྱམས་འགྲུབ་པར་བྱིན་གྱིས་གྱིས་རློབས། །ལུས་དབང་ཆེན་པགས་པའི་གཏོར་གཞོང་དུ། །ནང་ཤ་ཁྲག་རུས་པ་བྷ་ལིང་ཏ། །དེ་བསྟན་སྲུང་རྒྱ་མཚོའི་ཚོགས་ལ་འབུལ། །ཚེ་ཉི་ཟླ་དང་མཉམ་པར་བྱིན་གྱིས་རློབས། །སེམས་སྣང་བ་སྣ་ཚོགས་གཏོར་གཞོང་དུ། །ནང་དྲན་རིག་གསལ་བའི་བྷ་ལིང་ཏ། །དེ་མཁའ་ཁྱབ་ཆོས་ཀྱི་སྐུ་ལ་འབུལ། །རྒྱུད་ཡེ་ཤེས་ལྔ་རུ་བྱིན་གྱིས་རློབས། ཁ་ཁ་ཁཱ་ཧི་ཁཱ་ཧི། འདིར་སྐང་བཤགས་མདོར་བསྡུས་བྱ་ན། ཧཱུྃ། རང་ལུས་ཟག་མེད་འདོད་ཡོན་སྤྲིན་ཕུང་འདིས། །རྩ་བརྒྱུད་བླ་མ་ཡི་དམ་ཞི་དང་ཁྲོ། །མཁའ་འགྲོ་ཆོས་སྲུང་ནོར་ལྷ་གཞི་བདག་རིགས། །མ་ལུས་འཁོར་བཅས་ཐུགས་དམ་བསྐངས་གྱུར་ཅིག །སྙེམ་བྱེད་བདག་འཛིན་རྩ་བ་མ་ཆོད་ཅིང་། །མཁའ་ཁྱབ་འགྲོ་ཀུན་ཕ་མར་མ་ཤེས་པས། །རྩ་བ་ཡན་ལག་དམ་ཚིག་ཉམས་པ་རྣམས། །མཐོལ་ཞིང་བཤགས་སོ་བྱང་ཞིང་དག་གྱུར་ཅིག །དེ་ནས་ཚོགས་ལ་རོལ། ལྷག་མ་བྱིན་གྱིས་བརླབས་ལ། ཕཊ། ཕྱོགས་བཞི་འཇིགས་པའི་དུར་ཁྲོད་ནས། །རིགས་ལྔའི་མཁའ་འགྲོ་སྤྲུལ་འཁོར་བཅས། །ཁྱོད་དོན་གྱི་རྣལ་འབྱོར་ཡིན་མོད་ཀྱང་། །བདག་སྒྲུབ་པ་པོ་ལ་ཕན་གདགས་ཕྱིར། །བྲན་གྱི་ཚུལ་དུ་ཁས་བླངས་པས། །ལྷག་མའི་གཏོར་མ་འདི་བཞེས་ལ། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ཕཊ། ཅེས་གྲངས་བསགས། དེ་ནས་སྤྲོ་ན་མཁའ་འགྲོའི་གཏོར་མ་འབུལ་བ་སོགས་རྗེས་སྤྱི་ལྟར་བྱའོ། །ཅེས་དམ་པ་ཟུང་གི་གསུང་བསྐུལ་ངོར། པདྨ་བི་ཛས་ཚོགས་ལས་ཡོན་ཏན་ཀུན་འབྱུང་གི་གཞུང་ནས་བཏུས་པ་དགེ །༈ ཧཱུྃ། རྒྱལ་བ་ཀུན་གྱི་མཐུ་སྟོབས་ནུས་པའི་འཕྲུལ། །མ་ལུས་གཅིག་བསྡོམས་བླ་མ་གསང་བའི་བདག །ཁྱོད་ལ་བྱང་ཆུབ་བར་དུ་སྐྱབས་མཆི་ན། །ཡེ་ཤེས་ཆེན་པོའི་བྱིན་རླབས་དེར་འདིར་སྩོལ། །བྱང་ཆུབ་ལམ་གྱི་བར་ཆད་ཀུན་ཞི་ཞིང་། །ཆོས་མཐུན་བསམ་སྦྱོར་མཐའ་དག་འབད་མེད་འགྲུབ། །མྱུར་དུ་རྫོགས་སྨིན་སྦྱངས་པ་མཐར་ཕྱིན་ནས། །མགོན་པོ་མཆོག་དང་མཚུངས་པར་བྱིན་གྱིས་རློབས། །ༀ་བཛྲ་པཱ་ཎི་ཧཱུྃ། བཅོམ་ལྡན་གསང་བའི་བདག་པོའི་ཐུགས་བསྐྱེད་དང་། །སོགས། ༈ ཧཱུྃ། རབ་འཇིགས་དུས་མཐའི་མེ་ཆེན་འཁྲིགས་པའི་དབུས། །གར་དགུའི་རྣམ་རོལ་དབང་སྔོན་ཞུན་མའི་མདོག །རྡོ་རྗེའི་སྡིགས་མཛུབ་གཡོ་བའི་གར་སྟབས་ཅན། །ཁྲོ་ཆེན་སྨེ་བ་བརྩེགས་ལ་ཕྱག་འཚལ་བསྟོད། །སྔོན་ཚེ་བདག་མེད་རྟོགས་པའི་ཧེ་རུ་ཀཿས། །བདག་ལྟའི་རུ་ཏྲ་མ་ལུས་བརྟུལ་བའི་ཚེ། །བསྣམས་ནས་ཁྲོ་བོའི་སྐུ་རུ་རྣམ་འཕྲུལ་བ། །ཁྲོ་ཆེན་སྨེ་བ་བརྩེགས་ལ་ཕྱག་འཚལ་བསྟོད། །སྔོན་གྱི་དམ་ཚིག་གཉན་པོའི་ཁྱད་པར་གྱིས། །མི་གཙང་ཉམས་གྲིབ་དྲི་ཀུན་ཟས་སུ་ཟ། །སྒྲུབ་པ་པོ་ལ་མཆོག་ཐུན་དངོས་ཀུན་སྟེར། །ཁྲོ་ཆེན་སྨེ་བ་བརྩེགས་ལ་ཕྱག་འཚལ་བསྟོད། །ཁྱོད་ནི་དཔའ་བོའི་ནང་ནས་དཔའ་ཆེན་ཏེ། །རྡོ་རྗེ་རི་རབ་འབར་བའི་གཟི་བྱིན་གྱིས། །གཞན་གྱིས་གཞོམ་པར་དཀའ་བའི་ཉམས་གྲིབ་དཔུང་། །རྩྭ་སྤུར་ཕྲ་ལ་དུས་མཐའི་ཞུགས་བཞིན་འབར། །གང་གི་ཡིད་ལ་ཡུད་ཙམ་ཤར་བས་ཀྱང་། །བརྣག་དཀའི་ཉེས་ཚོགས་དྲི་མ་ཡོངས་བགྲུངས་ཤིང་། །དགེ་ལེགས་བྱེ་བའི་ཆུ་གཏེར་འཕེལ་མཛད་པས། །ཁྱོད་ནི་འགྲོ་བ་ཡོངས་ཀྱི་གཉེན་མཆོག་ལགས། །ཁྱད་པར་དེང་སང་ལྔ་བདོ་སྙིགས་མའི་མཐར། །སྔགས་ལམ་ཞུགས་ཀྱང་སྔགས་སྡོམ་མི་ལྡན་པའི། །ཉམས་པའི་ཉེས་པས་སྣོད་བཅུད་རྒུད་པའི་ཚེ། །སྐྱོབ་བྱེད་དཔའ་བོ་ཁྱོད་མཚུངས་སྲིད་ན་སུ། །དེ་ཕྱིར་དཔའ་བོ་ཁྱོད་ལ་དུས་རྟག་ཏུ། །རིངས་པར་འབོད་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས། །སྔོན་གྱི་དམ་བཅའི་དུས་ཀྱང་དེང་ལགས་པས། །དག་ཚངས་ཁྲུས་ཀྱིས་སྐལ་བཟང་ངལ་འཚོར་མཛོད། །དམ་ཚིག་ཉམས་ཆག་ཉེས་པའི་སྐྱོན་ཆགས་པའི། །འགལ་རྐྱེན་མི་མཐུན་མཚན་མ་ཀུན་ཞི་ནས། །རིགས་སྔགས་ཟབ་མོའི་རྟེན་འབྱུང་གྲུབ་གཉིས་ནོར། །འབད་མིན་སུག་རྩེར་སྨིན་པའི་དགེ་ལེགས་བྱིན། །ལྷ་ཀླུ་དགའ་བས་འགྲོ་ལ་ཤིས་པ་སྒྲུབ། །འགྲོ་བསོད་དགེ་བས་སྣོད་བཅུད་དཔལ་ཀུན་འཕེལ། །བསྟན་འཛིན་ཞབས་བརྟན་བཤད་སྒྲུབ་མངའ་ཐང་དར། །དགེ་ལེགས་ཕྱོགས་མཐར་ཁྱབ་པའི་བཀྲ་ཤིས་ཤོག །ཅེས་པའང་དགོས་གལ་མཐོང་ནས་རྡོ་རྗེ་དབང་མཆོག་དགྱེས་པ་རྩལ་གྱིས་གང་དྲན་བཟོ་བཅོས་མེད་པར་བྲིས་པ་དགེ །མངྒལཾ།

རྡོ་རྗེ་ཕུར་པའི་སྒོ་ནས་བཀའ་བསྒོ་བྱ་ཚུལ་འདུས་གསལ་སྙིང་པོར་དྲིལ་བ།

༄༅། །རྡོ་རྗེ་ཕུར་པའི་སྒོ་ནས་བཀའ་བསྒོ་བྱ་ཚུལ་འདུས་གསལ་སྙིང་པོར་དྲིལ་བ་ནི། ན་མོ་གུ་རུ་བཛྲ་ཀཱི་ལ་ཡ་ཡ། འདིར་བསྒྲུབ་བྱ་རྣམས་མདུན་དུ་འཁོད། རང་ཉིད་གཉུག་མའི་ཧེ་རུ་ཀ་དཔལ་རྡོ་རྗེ་གཞོན་ནུའི་སྐུར་ལངས་ལ། ཧཱུྃ། བླ་མ་རྣམས་ཀྱི་བྱིན་རླབས་དང་། །ཡི་དམ་ལྷ་ཡི་ཏིང་འཛིན་དང་། །མཁའ་འགྲོ་རྣམས་ཀྱི་མཐུ་རྩལ་གྱིས། །དམིགས་བྱ་འདི་ལ་གནོད་བྱེད་པའི། །ལོག་འདྲེན་བགེགས་དང་འབྱུང་པོའི་ཚོགས། །འདི་རུ་མ་འདུག་གཞན་དུ་དེངས། །གལ་ཏེ་མི་འགྲོ་འཚེ་བྱེད་ན། །རྡོ་རྗེའི་མེ་ཡིས་བསྲེགས་ཏ་རེ། །ༀ་བཛྲ་ཀཱི་ལི་ཀི་ལ་ཡ་སརྦ་བིགྷྣན་བྃ་ཧཱུྃ་ཕཊ། མ་རཀྨོ་སོགསཧཱུྃ་ཕཊ། ༀ་སུམྦྷ་སོགས་ཀྱིས་བགེགས་རྣམས་བསྐྲད་ལ། །སྲུང་བྱའི་སྤྱི་བོར་སྐད་ཅིག་གིས། །རྡོ་རྗེ་གཞོན་ནུ་སྐུ་མདོག་མཐིང་། །ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད། །གཡས་དཀར་གཡོན་དམར་རྔམ་བཞད་གཤེ། །ཕྱག་དྲུག་ཡེ་ཤེས་རོལ་པའི་རྟགས། །གཡས་གཉིས་རྡོ་རྗེ་རྩེ་དགུ་ལྔ། །གཡོན་གཉིས་མེ་དཔུང་ཁ་ཊྭཱཾ་དང་། །ཐ་མས་རི་རབ་ཕུར་བུ་འདྲིལ། །ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ། །མཐིང་སྐྱ་ཨུཏྤལ་དུང་ཁྲག་བསྣམས། །དཔལ་དང་དུར་ཁྲོད་རོལ་པའི་ཆས། །པད་ཉི་ལྷ་ཆེན་ཁྱོ་ཤུགས་སྟེང་། །ཁམས་གསུམ་ཟིལ་གནོན་ཆེན་པོར་བཞེངས། །གནས་གསུམ་ༀ་ཨཱཿཧཱུྃ་གིས་མཚན། །ཐུགས་སྲོག་འོད་ཀྱིས་ཡེ་ཤེས་པ། །སྤྱན་དྲངས་དམ་ཡེ་དབྱེར་མེད་གྱུར། །བཛྲ་ས་མ་ཡ་ཛ༔ཛཿཧཱུྃ་བྃ་ཧོཿཧཱུྃ། བླ་མེད་མཆོག་གི་མཆོད་པ་ནི། །ཡེ་ཤེས་ལྔ་ཡི་འོད་ཟེར་འཕྲོས། །ཡུལ་དང་དབང་པོ་གཉིས་མེད་པ། །བདེ་ཆེན་ལོངས་སྤྱོད་ཆེན་པོར་རོལ། །ༀ་ཤྲཱི་བཛྲ་ཀུ་མཱ་ར་ས་པ་རི་ཝ་ར་ཨརྒྷཾ་སོགས་ཀྱིས་མཆོད། ཧཱུྃ། སྒེག་པ་དཔའ་བ་མི་སྡུག་རྡོ་རྗེའི་སྐུ། །རྒོད་གཤེ་དྲག་ཤུལ་སྔགས་ཀྱི་སྒྲ་གདངས་ཅན། །སྙིང་རྗེ་རྔམ་ཞིང་ཡེ་ཤེས་སྲོག་ལྡན་པའི། །ཕྲིན་ལས་འདུས་པའི་ལྷ་ལ་ཕྱག་འཚལ་བསྟོད། །སྤྲོ་ན་རྩ་སྔགས་སྲུང་ཤམ་ཅན་ཅུང་ཟད་བཟླ། གང་ལྟར་ཡང་། ཧཱུྃ། ལྷག་པའི་ལྷ་མཆོག་རྡོ་རྗེ་གཞོན་ནུ་ཡིས། །བསྲུང་བྱ་འདི་ཡི་སྒོ་གསུམ་བྱིན་གྱིས་རློབས། །ཕྱིན་ཆད་སྡེ་བརྒྱད་འབྱུང་པོའི་གནོད་པ་ལས། །རྟག་ཏུ་སྲུང་ཞིང་སྐྱོབ་པར་མཛད་དུ་གསོལ། །ལྷ་མཆོག་འོད་ཞུ་ཡི་གེ་ཧཱུྃ་དུ་གྱུར། བསྒྲུབ་བྱའི་སྤྱི་བོ་ནས་ཞུགས་སྙིང་གར་ཐིམ། །དེ་ལས་འཕྲོས་པའི་འོད་ཟེར་མེ་མཚོན་དང་། །རྡོ་རྗེའི་གོ་ཆས་ལུས་ཀུན་ཡོངས་གཏམས་གྱུར། །ཕྱོགས་བཅུ་དུས་བཞིའི་བདེ་གཤེགས་སྲས་བཅས་དང་། །རིག་འཛིན་རྣལ་འབྱོར་བདག་གི་བདེན་པའི་མཐུས། །འགྲོ་བ་འདི་ནི་བདག་གིས་བསྲུངས་ཟིན་པས། །ཕྱིན་ཆད་སུས་ཀྱང་གནོད་པ་མ་བྱེད་ཅིག །བཛྲ་རཀྵ་རཀྵ་ཧཱུྃ། ཡང་དག་འཇམ་དཔལ་གཤིན་རྗེ་སོགས་ཀྱིས་ཤིས་བརྗོད་ཅི་རིགས་བྱའོ། །འདི་ནི་དམ་ཚིག་དང་ལྡན་པ་རྣམས་ལ་བྱ་ཡི། ཐུན་མོང་དག་ལ་ནི། གོང་གི་བགེགས་བསྐྲད་ཀྱི་མཇུག་ཏུ། ཕྱོགས་བཅུ་དུས་བཞིའི་སོགས་མཇུག་གི་ཤླཽ་ཀ་གཅིག་སྦྱར་ནས་ཤིས་བརྗོད་བྱས་ན་ཕྱོགས་མཚོན་གྱིས་དགོས་པ་འགྲུབ་པར་མངོན་ནོ། །ཞེས་པའང་ཉེར་མཁོའི་ཡན་ལག་ཏུ་ཟེ་ཆེན་པ་འགྱུར་མེད་པདྨ་བསྟན་འཛིན་གྱིས་བྲིས་པ་དགེ །༈ ༀ་སྭསྟི། དགོངས་ཤིག་རྩ་གསུམ་ཀུན་འདུས་པདྨ་འབྱུང་། །བྱིན་གྱིས་རློབས་ཤིག་ཡི་དམ་ཞི་དང་ཁྲོ། །བར་ཆད་སོལ་ཅིག་མཁའ་འགྲོ་ཆོས་སྲུང་ཚོགས། །བསམ་དོན་མཐའ་རུ་ཕྱིན་པའི་དངོས་གྲུབ་སྩོལ། །ཟོལ་མེད་ངེས་འབྱུང་བཟང་པོའི་རྒྱུད་བསྐུལ་ནས། །རང་གཞན་རྣམ་གྲོལ་མཆོག་ལ་སྦྱོར་བའི་ཕྱིར། །རྩེ་གཅིག་བསྙེན་སྒྲུབ་ཟབ་མོའི་རྣལ་འབྱོར་འདིར། །བར་ཆད་མི་འབྱུང་གྲུབ་འབྲས་མངོན་འབྱིན་མཛོད། །རྒྱལ་ཆེན་བཞི་སོགས་དཀར་ཕྱོགས་སྐྱོང་རྣམས་ཀྱིས། །ཕྱི་ནང་བར་ཆད་བགེགས་ཀྱི་མཚམས་ཆོད་ལ། །དོན་གཉིས་བསམ་པ་ཡིད་བཞིན་འགྲུབ་པ་དང་། །བཀྲ་ཤིས་བདེ་ལེགས་ཆེན་པོས་ཁྱབ་པར་མཛོད། །ༀ་ངྷྲི་ཊ་རཥྚ་ཡེ་སྭཱ་ཧཱ༔ༀ་བཻ་རུ་ངྷ་ཀཱ་ཡེ་སྭཱ་ཧཱ། ༀ་བི་རུ་པཱཀྵ་ཡེ་སྭཱ་ཧཱ། ༀ་བཻ་ཤྲ་མ་ཎཱ་ཡེ་སྭཱ་ཧཱ། ༀ་སུ་པྲ་ཏིཥྠ་བཛྲ་ཡེ་སྭཱ་ཧཱ། ༈ ཨེ་མ་ཧོ། གདོད་མའི་མགོན་པོ་ཆོས་སྐུ་ཀུན་ཏུ་བཟང་། །སྟོན་པ་བཅུ་གཉིས་རིག་འཛིན་རྩལ་འཆང་སོགས། །དུས་གསུམ་དགོངས་བརྡ་བསྙན་བརྒྱུད་བླ་མ་ལ། །མི་ཕྱེད་སྙིང་ནས་གུས་པས་གསོལ་བ་འདེབས། །ཀ་དག་ཁྲེགས་ཆོད་དགོངས་པའི་རྩལ་ཆེན་རྫོགས། །ལྷུན་གྲུབ་ཐོད་རྒལ་སྣང་བཞི་མཐའ་རུ་ཕྱིན། །འཕོ་ཆེན་འཇའ་ལུས་རྡོ་རྗེའི་གསེང་ལམ་ནས། །དོན་གཉིས་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །ཞེས་པའང་མོས་ལྡན་དམ་པའི་བཞེད་ངོར་བི་ཛ་ཡས་བྲིས་ཤིང་གསོལ་བཏབ་པ་དགེ །

སྨིན་གླིང་པའི་བླ་བརྒྱུད་གསོལ་འདེབས།

༄༅། །སྨིན་གླིང་པའི་བླ་བརྒྱུད་གསོལ་འདེབས་ནི། ཡེ་ནས་མངོན་རྫོགས་ཆོས་སྐུར་རྟག་གནས་ཀྱང་། །ལྔ་བདོའི་འགྲོ་ལ་རྗེས་བརྩེས་བཤེས་གཉེན་ཚུལ། །སྔ་འགྱུར་བསྟན་པའི་མེ་རོ་གསོ་མཛད་པ། །ཨོ་རྒྱན་གཏེར་བདག་གླིང་པར་གསོལ་བ་འདེབས། །མཁྱེན་བརྩེ་ནུས་པའི་ཆ་ཤས་ཡོངས་སུ་རྫོགས། །མཁས་བཙུན་བཟང་པོའི་སྣང་བ་འབུམ་བརྡལ་ཞིང་། །འཆད་རྩོད་རྩོམ་པས་གང་ལྗོངས་མུན་སེལ་བ། །ངག་དབང་ཆོས་དཔལ་རྒྱ་མཚོར༴ པདྨ་དབང་ཆེན་ཁྲོས་པའི་སྒྱུ་འཕྲུལ་གར། །དྲི་མེད་བསླབ་གསུམ་ནོར་བུའི་རྒྱན་ཆས་སྒེག །ལུང་རྟོགས་བསྟན་པའི་རྒྱལ་མཚན་སྒྲེང་མཛད་པ། །པདྨ་འགྱུར་མེད་རྒྱ་མཚོར༴ དྲི་མེད་བཤེས་གཉེན་ཐུགས་རྗེའི་ཟླ་ཟེར་ལས། །ཉེར་ཐོན་སྐྱེ་དགུའི་བླ་ན་མངོན་མཐོ་ཞིང་། །ངེས་གསང་བསྟན་སྲོག་མཐུད་པའི་ཕྲིན་ལས་ཅན། །འགྱུར་མེད་རིན་ཆེན་རྣམ་རྒྱལ་གསོལ༴ རྣམ་དག་རྒྱུད་ལུང་མན་ངག་གཙང་བྱེད་འབུམ། །མཆོག་ཐུགས་ཟབ་དབྱིངས་རྒྱ་མཚོར་བསྐྱིལ་ནས་སླར། །གདམས་ཟབ་བདུད་རྩིས་སྐལ་བཟང་གདུང་སེལ་བ། །པདྨ་བསྟན་འཛིན་ཞབས་ལ་གསོལ༴ རིག་འཛིན་བརྒྱུད་པའི་གངས་རིར་གནས་བཅས་ཤིང་། །གྲུབ་གཉིས་རྟོགས་པའི་རྩལ་གསུམ་རབ་རྫོགས་ནས། །ཐེག་མཆོག་ང་རོས་སྲིད་གསུམ་ཁྱབ་མཛད་པ། །ཁྲི་ཆེན་ཀརྨ་བི་ཛར་གསོལ༴ ཁམས་གསུམ་ཆོས་ཀྱི་རྒྱལ་པོ་གཏེར་ཆེན་རྗེ། །སླར་ཡང་བསྟན་འགྲོའི་མགོན་དུ་མངོན་སྣང་བ། །ཐམས་ཅད་མཁྱེན་པ་ལྷར་བཅས་སྐྱེ་{རྐྱེན}དགུའི་མགོན། །པདྨ་དབང་གི་རྒྱལ་པོར༴ མཁྱེན་པའི་མཁའ་ལ་བརྩེ་བའི་ཆུ་འཛིན་དཀྲིགས། །མཛད་པའི་ཕྲིན་ལས་བདུད་རྩིའི་ཟེགས་མ་ཡིས། །མདོ་སྔགས་བསྟན་པའི་མྱུ་གུ་སྐྱེད་མཛད་པ། །འགྱུར་མེད་སངས་རྒྱས་ཀུན་དགར༴ ཐུགས་བསྐྱེད་སྨོན་པའི་རང་གཟུགས་སྨིན་པ་ལས། །བཀའ་གཏེར་ཐེག་མཆོག་ཆོས་ཀྱི་མཛོད་འཆང་ཞིང་། །རྨད་བྱུང་འཁོར་ལོ་གསུམ་གྱི་ཕྲིན་ལས་ཅན། །འགྱུར་མེད་ཡིད་བཞིན་དབང་རྒྱལ༴ ཕུལ་བྱུང་བྱང་ཆུབ་སེམས་ཀྱི་གསེར་སྦྱངས་ཁམས། །བསྡུ་དངོས་བཞི་ཡི་རྩིབས་སྟོང་རྣམ་བཀྲ་བས། །འགྲོ་ཀུན་ཁ་ལོ་དགེ་ལ་སྒྱུར་མཛད་པ། །བདེ་ཆེན་མཆོག་གྲུབ་ཞབས་ལ་གསོལ་བ་འདེབས། །

ཟེ་ཆེན་པའི་བླ་བརྒྱུད་གསོལ་འདེབས།

༄༅། །ཟེ་ཆེན་པའི་བླ་བརྒྱུད་གསོལ་འདེབས་ནི། མྱ་ངན་མེད་སྤྲུལ་མཁྱེན་པའི་རྩལ་གསུམ་རྫོགས། །ཡང་དག་ཚད་མ་གསུམ་གྱི་ང་རོ་ཡིས། །ལྟ་དམན་ཝ་སྐྱེས་སྔངས་མཛད་རབ༵་འབྱམ༵ས་པ། །བསྟ༵ན་པའི་རྒྱལ༵་མཚ༵ན་ཞབས་ལ་གསོལ་བ་འདེབས། །མཁྱེན་བརྩེ་ནུས་པའི་གཏེར་འཆང་མཚུངས་པ་མེད། །རྩོད་འཆད་རྩོམ་པས་ཐུབ་བསྟན་རབ་གསལ་ཞིང་། །མཁས་བཙུན་བཟང་ཡོན་རྨད་བྱུང་ཟེ་ཆེན་པ། །འགྱུར༵་མེད༵་ཀུན༵་བཟ༵ང་རྣམ༵་རྒྱལ༵་ལ༴ བསླབ་གསུམ་རྣམ་དག་གསེར་གྱི་བུམ་བཟང་ཆེར། །ཐེག་མཆོག་བདུད་རྩིའི་བཅུད་ཀྱིས་རབ་བལྟམས་ནས། །སྐལ་བཟང་སྐྱེ་བོའི་རེ་བ་སྐོང་མཛད་པ། །རིག་འཛིན༵་དཔལ༵་འབྱོ༵ར་རྒྱ༵་མཚོ༵ར༴ གུ་རུའི་རྗེས་བཟུང་ཟབ་མོའི་ཆོས་གཏེར་འབྱེད། །བརྟུལ་ཞུགས་སྤྱོད་པའི་སྔགས་སྨྱོན་ཧེ་རུ་ཀཿ། །གདུལ་དཀའ་དམུ་རྒོད་འདུལ་བའི་ཕྲིན་ལས་ཅན། །གར༵་དབང༵་ཆོས༵་ཀྱི་རྒྱལ༵་མཚན༵༴ རང་བྱུང་པ༵དྨ་རྒྱལ་པོ་དགྱེས་པའི་སྲས། །ངེས་གསང་ཐེ༵ག་མཆོ༵ག་བསྟན༵་པའི༵་རྒྱལ༵་མཚ༵ན་འཛིན། །འཁོར་ལོ་གསུམ་གྱི་ཕྲིན་ལས་ཕུལ་བྱུང་བའི། །མཚུངས་མེད་དཔལ་ལྡན་བླ་མར༴ ནམ་མཁའི་སྙིང་པོ་ཡེ་ཤེས་སྒྱུ་མའི་འཕྲུལ། །ཆོས་བརྒྱད་འཆིང་བྲལ་སྒྲུབ་བརྩོན་ཆོས་ཀྱི་རྗེ། །རིག་པ་ཚད་ལ་ཕེབས་པའི་རྣལ་འབྱོར་པ། །པདྨ༵་རྒྱལ༵་མཚན༵་ཞབས་ལ༴ མཚོ་སྐྱེས་རྒྱལ་བས་རྗེས་བཟུང་བྱིན་གྱིས་བརླབས། །འོད་གསལ་རྫོགས་པ་ཆེན་པོའི་དེ་ཉིད་རྟོགས། །ཐེག་མཆོག་བསྟན་པའི་སྣང་བྱེད་རྒྱལ་ཚབ་པ། །བསྟན༵་འཛིན༵་ཆོས༵་ཀྱི་རྒྱལ༵་པོར་གསོལ༴ རིམ་གཉིས་ལམ་ལ་བརྟན་པ་མཐར་ཕྱིན་པས། །རབ་འབྱམས་ལྷག་པའི་ལྷ་ཡིས་དགྱེས་ཞལ་གཟིགས། །མཁའ་ཁྱབ་འགྲོ་ཀུན་སྐྱོང་མཛད་ཆོས་ཀྱི་རྗེ། །ཨོ༵་རྒྱན༵་རང༵་བྱུང༵་རྡོ༵་རྗེར༵་གསོལ༴ རིས་མེད་མཁས་གྲུབ་དུ་མའི་ཞབས་པད་བསྙེན། །བཀའ་གཏེར་གསར་རྙིང་གདམས་པའི་བདུད་རྩིས་ཕྱུག །དྲི་མེད་བསྟན་ལ་ལྷག་བསམ་རབ་དཀར་བ། །འགྱུར༵་མེད༵་པ༵དྨ་རྣམ༵་རྒྱལ༵༴ གཡུ་སྒྲའི་རྣམ་འཕྲུལ་མ་ཧཱ་པཎྜི་ཏ། །ངེས་དོན་དབུ་མའི་ལམ་སྲོལ་གསལ་མཛད་ཅིང་། །སྔ་འགྱུར་བསྟན་ལ་གཞན་དྲིང་མི་འཇོག་པ། །འགྱུར༵་མེད༵་མཐུ༵་སྟོབ༵ས་རྣམ༵་རྒྱལ༵༴ དེ་ལྟར་མི་ཕྱེད་དད་པས་གསོལ་བཏབ་མཐུས། །ཚེ་རབས་ཕྲེང་བར་མི་འབྲལ་རྗེས་བཟུང་སྟེ། །མི་མཐུན་ཉེས་བརྒྱའི་གཡུལ་ལས་རྣམ་རྒྱལ་ཞིང་། །ཆོས་མཐུན་བསམ་སྦྱོར་ཡིད་བཞིན་འགྲུབ་པར་ཤོག །སྨིན་བྱེད་དབང་བཞིས་དུལ་བའི་ཞིང་ས་ལས། །ཐབས་ཤེས་བསྐྱེད་རྫོགས་མྱུ་གུ་ལེགས་བཀྲུན་ཞིང་། །དད་དམ་རྣམ་དག་དྲོད་གཤེར་གྱིས་བསྐྱེད་པས། །སྐུ་བཞིའི་འབྲས་བཟང་ཚེ་འདིར་སྨིན་གྱུར་ཅིག །ཅེས་པའང་དགེ་བའི་བཤེས་གཉེན་པདྨ་ཆོས་འབྱོར་རྒྱ་མཚོས་བཞེད་སྐོང་དུ་པདྨ་བི་ཛས་བྲིས་པ་དགེ །༈ དོན་གཉིས་མཐར་ཕྱིན་སྟོན་མཆོག་ཤཱཀྱའི་ཏོག །གནས་བསྟན་བཅུ་དྲུག་འཕགས་པའི་ཚོགས་རྣམས་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །བསྟན་པ་ཡུན་རིང་གནས་པར་བྱིན་གྱིས་རློབས། །ཕྱོགས་བཅུ་དུས་བཞིའི་བདེ་གཤེགས་སྲས་བཅས་ལ། །མི་ཕྱེད་སྙིང་ནས་གུས་པས་གསོལ་བ་འདེབས། །འདི་ནས་བྱང་ཆུབ་བར་དུ་རྗེས་ཟུངས་ལ། །དོན་གཉིས་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །སྐྱབས་ཀུན་འདུས་ཞལ་ཨོ་རྒྱན་ཐོད་ཕྲེང་ལ། །མི་ཕྱེད་སྙིང་ནས་གུས་པས་གསོལ་བ་འདེབས། །ཕྱི་ནང་གསང་བའི་བར་ཆད་ཞི་བ་དང་། །བསམ་དོན་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས། །གཟོད་མ་ཉིད་ནས་མངོན་པར་སངས་རྒྱས་ཀྱང་། །རྒྱལ་སྲས་ཚུལ་གྱིས་འཁོར་བ་མ་སྟོང་བར། །འགྲོ་དོན་མཛད་པ་ཉེ་བའི་སྲས་བརྒྱད་ལ། །གསོལ་བ་འདེབས་སོ་བྱིན་རླབས་མཆོག་སྩོལ་མཛོད། །ཕུལ་བྱུང་ཤེས་རབ་རལ་གྲི་འབར་བའི་གཟིས། །རྨོངས་ཆེན་བློ་ཡི་མུན་པ་སེལ་མཛད་པའི། །འཇམ་དཔལ་གཞོན་ནུ་དབྱངས་ཀྱི་རྒྱལ་མོར་བཅས། །སྙིང་གི་བུམ་པར་འབྲལ་མེད་གནས་གྱུར་ཅིག །དྲན་པ་ཙམ་གྱིས་སྲིད་ཞིའི་འཇིགས་འཕྲོག་པའི། །མྱུར་མ་དཔལ་མོ་ཡེ་ཤེས་ཚེ་འཕེལ་མར། །གསོལ་བ་འདེབས་སོ་འཇིགས་བརྒྱད་ཞི་བ་དང་། །འཆི་མེད་ཚེ་མཆོག་གྲུབ་པའི་བྱིན་རླབས་སྩོལ། །པད་དཀར་འཆང་བའི་ཐུགས་རྗེའི་འོད་ཟེར་ཆ། །ལྔ་བདོའི་འགྲོ་བ་འདྲེན་ཕྱིར་བཤེས་གཉེན་ཚུལ། །སྲིད་མཚོ་དོང་ནས་སྤྲུགས་པའི་ཕྲིན་ལས་ཅན། །ཀརྨ་ཆགས་མེད་ཞབས་ལ་གསོལ་བ་འདེབས། །གངས་ལྗོངས་སྒྲུབ་བརྒྱུད་ཤིང་རྟ་ཆེ་བརྒྱད་ཀྱི། །རིང་ལུགས་སྲིད་མཐའི་བར་དུ་འཛིན་མཛད་པའི། །སྟོན་དང་བསྟན་འཛིན་འཕགས་པའི་ཚོགས་རྣམས་ལ། །གསོལ་བ་འདེབས་སོ་བདག་བརྒྱུད་བྱིན་གྱིས་རློབས། །འཇམ་དཔལ་གཞོན་ནུ་སྙིགས་འགྲོ་སྐྱོབ་པའི་མགོན། །བཀའ་བབས་བདུན་ལྡན་གྲུབ་མཆོག་ཡོངས་ཀྱི་རྗེ། །མདོ་སྔགས་གླིང་པའི་ཞབས་ལ་གསོལ་བ་འདེབས། །བསྟན་པ་ཡུན་རིང་གནས་པར་བྱིན་གྱིས་རློབས། །མི་འགྱུར༵་འཕོ་མེ༵ད་བདེན་དོན་མངོན་སུམ་གཟིགས། །པདྨ༵འི༵་ཞལ་ཚབ་རིག་འཛིན་དུ་མ་ཡིས། །རྗེས་བཟུང་རིས་མེད་བསྟན་ལ་ལྷག་བསམ་ཅན། །རྣ༵མ་པར་རྒྱལ༵་བའི་དཔའ་བོར་གསོལ་བ་འདེབས། །བླ་མ་སངས་རྒྱ་དངོས་ཀྱི་རྗེས་བཟུང་ཞིང་། །སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་གདམས་བཅུད་ཐོབ། །རིས་མེད་བསྟན་ལ་དག་པའི་སྣང་བ་དཀར། །འཇམ་དབྱངས་མཁས་གྲུབ་རྒྱ་མཚོར་གསོལ་བ་འདེབས། །རབ་འབྱམས་རྒྱལ་བའི་ཡེ་ཤེས་གཅིག་བསྡུས་པ། །གདུལ་དཀའི་ཞིང་དུ་སངས་རྒྱས་མཛད་པ་ཅན། །མཚན་ཐོས་ཙམ་གྱིས་འགྲོ་ཀུན་སྨིན་མཛད་པའི། །རྩ་བའི་བླ་མའི་ཞབས་ལ་གསོལ་བ་འདེབས། །སྐྱེ་བ་འདི་བཟུང་ཚེ་རབས་ཕྲེང་བ་ཀུན། །འབྲལ་མེད་སྙིང་གི་པདྨོར་ལེགས་བཞུགས་ནས། །འཇིག་རྟེན་འཇིག་རྟེན་འདས་པའི་དགེ་མཚན་གྱིས། །དོན་གཉིས་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །པདྨ་བི་ཛས་སོ། །

རབ་གནས་ཤིན་ཏུ་བསྡུས་པའི་ལུགས་ཉུང་གསལ་སྙིང་པོར་དྲིལ་བ།

༄༅། །རབ་གནས་ཤིན་ཏུ་བསྡུས་པའི་ལུགས་ཉུང་གསལ་སྙིང་པོར་དྲིལ་བ་བཞུགས། ༀ་སྭསྟི། འདིར་འཕྲལ་དུ་རྟེན་ལ་རབ་གནས་ཤིན་ཏུ་མགྱོགས་པར་བྱ་དགོས་ན། སྦྱོར་དངོས་རྗེས་གསུམ་གྱི། དང་པོ་ནི། བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཀོ྅་ཧཾ། ཞེས་རང་ཉིད་གཉུག་མའི་ཧེ་རུ་ཀ་ལམ་གྱིས་གསལ་ལ་རྟེན་རྣམས་ལ། ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཀྲོངྷ་ཛྭ་ལ་མཎྜལ་ཕཊ་ཕཊ་ཕཊ་ཧ་ལ་ཧ་ལ་ཧཱུྃ། ཞེས་དང་། སུམ་བྷ་ནིས་བགེགས་བསྐྲད། བཛྲ་རཀྵས་བསྲུང་འཁོར་བསྒོམ་མོ། །གཉིས་པ་ནི། ༀ་མ་ཧཱ་ཤུ་ནྱ་ཏ་སོགས། རྟེན་རྣམས་མི་དམིགས་སྟོང་པའི་ངང་ཉིད་ལས། །སེང་གེ་གླང་ཆེན་རྟ་མཆོག་རྨ་བྱ་དང་། །ཤང་ཤང་རིན་ཆེན་པདྨ་ཉི་ཟླའི་སྟེང་། །རིགས་ཀྱི་ས་བོན་ཕྱག་མཚན་ཡོངས་གྱུར་ལས། །རྣམ་སྣང་མི་བསྐྱོད་རིན་འབྱུང་སྣང་མཐའ་ཡས། །དོན་གྲུབ་རང་འོད་རིག་མའི་བདེ་བ་རྒྱས། །གཡས་པ་རང་རྟགས་གཡོན་པས་དྲིལ་བུ་འཛིན། །ཞི་ཚུལ་མཚན་དཔེའི་དཔལ་འབར་རྒྱན་ཆས་སྒེག །ཡེ་ཤེས་ལྔ་ལྡན་མུ་མེད་འོད་ཟེར་འབར། །དབྱིངས་ནས་ཡེ་ཤེས་སྤྱན་དྲངས་གཉིས་མེད་བསྟིམ། །གནས་གསུམ་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱས་གདབ། །དབང་ལྷས་དབང་བསྐུར་ཡེ་ཤེས་དབུ་རྒྱན་གྱུར། །ༀ་ཨེ་ཧྱེ་ཧི་བྷ་ག་ཝན་མ་ཧཱ་ཀ་རི་ཎི་ཀ་དྲྀ་ཤྱ་ཧོ། །ས་མ་ཡ་སྟྭཾ། ཛཿཧཱུྃ་བྃ་ཧོཿༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་ཝཱཀྐ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། །ༀ་སརྦ་ཏ་ཐ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ༀ་ཧཱུྃ་ཏྲཾ་ཧྲཱིཿཨཱཿཔཉྩ་ཀུ་ལ་མུ་ཀུ་ཊ་ཨ་བྷི་ཥིཉྩ་མཾ། ༀ་ཙཀྵུ་ཙཀྵུཿས་མནྟ་ཙཀྵུཿབི་ཤུངྷ་ནི་སྭཱ་ཧཱ། ཞེས་སྤྱན་དྲངས་དགུག་བསྟིམ་རྒྱས་གདབ་དབང་བསྐུར་སྤྱན་དབྱེ་བཅས་གྲུབ་ནས། ཕྱོགས་བཅུ་རབ་འབྱམས་རྒྱལ་བའི་ཞིར་ཁམས་ན། །ཉེར་སྤྱོད་འདོད་ཡོན་རིག་མའི་བདེ་གར་སོགས། །དངོས་དང་ཡིད་ཀྱི་རྣམ་སྤྲུལ་ཇི་སྙེད་པས། །རྒྱལ་བ་རྒྱ་མཚོའི་ཚོགས་རྣམས་མཆོད་པར་བགྱི། །ༀ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝ་ར་པུཥྤེ་སོགས་ནས་ཤཔྟ་པྲ་ཏིཙྪ་སྭཱ་ཧཱ། །ཞེས་མཆོད། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་སོགས་ཀྱིས་བསྟོད། དེ་ནས་སྙིམ་པ་མེ་ཏོག་བཅས་ཏེ་ཐལ་མོ་སྦྱར་ལ། ཇི་སྲིད་ས་ཆུ་མེ་དང་ནི། །རླུང་གི་བསྐལ་པས་འཇིག་བར་དུ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བཅོམ་ལྡན་ཁྱེད་ནི་བཞུགས་པར་མཛོད། །འདིར་ནི་རྟེན་དང་སོགས་དང་། ཕྱོགས་བཅུ་ན་བཞུགས་པའི་སོགས་ཀྱིས་གསོལ་བ་གདབ་མཐར། ཡེ་ངྷརྨ་དང་། སུ་པྲ་ཏིཥྛས་མེ་ཏོག་འཐོར་རོ། །གསུམ་པ་ནི། སླར་ཡང་ཐལ་མོ་སྦྱར་ལ། ས་དང་ཆུ་དང་མེ་རླུང་ལས། །ལྷ་རྣམས་ཀུན་གྱི་རྟེན་འདི་ལ། །བསྐལ་པ་བརྒྱ་རུ་བསྲུང་བ་དང་། །དགྱེས་ཤིང་ཡིད་བཟང་གྱུར་པ་ཡིས། །སློབ་དཔོན་ཡོན་གྱི་བདག་པོར་བཅས། །ཀུན་ནས་ཞི་དང་རྒྱས་པ་དང་། །རྟག་ཏུ་བཀྲ་ཤིས་མཛད་དུ་གསོལ། །ཞེས་དང་། འབད་དང་རྩོལ་བ་སོགས་དང་། འཇིག་རྟེན་བདེ་ཞིང་སོགས། ཇི་ལྟར་རིགས་པའི་ཤིས་པ་བརྗོད་ཅིང་མེ་ཏོག་གི་ཆར་བསྙིལ་བར་བྱའོ། །ཚུལ་འདི་ནི་རབ་གནས་ཀྱི་ཆོ་ག་དགེ་ལེགས་འདོད་འཇོ་ལས་ཤིན་ཏུ་བསྡུས་པའི་ཚུལ་གསུངས་པ་ཉིད་ལག་ཏུ་བླང་ཞིང་ཁྱེར་བདེ་བའི་སླད་དུ་ཟེ་ཆེན་པ་འགྱུར་མེད་པདྨ་བསྟན་འཛིན་གྱིས་བྲིས་པ་མངྒལཾ། ༈ ཧཱུྃ། བཀྲ་ཤིས་ཡོན་ཏན་བྱེ་བས་བརྒྱན་པའི་དཔལ། །བཀྲ་ཤིས་ཀུན་འབྱུང་རྒྱལ་བའི་མཚན་དཔེའི་གར། །བཀྲ་ཤིས་རྟགས་ཏུ་ཤར་བ་རྣམ་བརྒྱད་ཀྱིས། །བཀྲ་ཤིས་དཔལ་གྱིས་དུས་གསུམ་དགེ་གྱུར་ཅིག །ༀ་མངྒ་ལམ་ཀུ་རུ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། ཕུན་ཚོགས་སྲིད་ཞིའི་དགེ་མཚན་དཔལ་ཡོན་ཀུན། །ཕུན་ཚོགས་མགྲོན་དུ་འགུགས་མཛད་ལྷ་ཡི་ལྷས། །ཕུན་ཚོགས་བཀྲ་ཤིས་རྫས་སུ་བྱིན་རླབས་བརྒྱད། །ཕུན་ཚོགས་ཡོན་གྱིས་དུས་ཀུན་ཤིས་གྱུར་ཅིག །ཨཥྚ་མངྒལཾ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། དགེ་བཅུའི་ཁ་ལོ་གྱེན་དུ་འདེགས་བྱེད་པའི། །དགེ་ཚོགས་རྨད་བྱུང་འཁོར་ལོས་སྒྱུར་རྒྱལ་ལ། །དགེ་མཚན་རིན་ཆེན་བདུན་གྱིས་འབྱོར་པ་ལྟར། །དགེ་ལེགས་དཔལ་གྱི་དུས་ཀུན་འཚོ་གྱུར་ཅིག །སཔྟ་མ་ཧཱ་རཏྣ་ཨ་བྷི་ཥིཉྩ་ཧཱུྃ། བི་ཛས་སོ། །༈ ཆོས་དབྱིངས་འོད་གསལ་ལྷ་ཡི་ལམ་ལས་འོང་། །ཕུལ་བྱུང་མཚན་དཔེ་དབང་པོའི་གཞུ་ཡིས་སྤྲས། །ཐུགས་རྗེའི་ཆར་གྱིས་རྣམ་གྲོལ་མྱུ་གུ་སྐྱེད། །སྟོན་མཆོག་སངས་རྒྱས་རྣམས་ཀྱི་བཀྲ་ཤིས་ཤོག །ཆགས་བྲལ་འོ་མའི་མཚོ་ལས་ཉེར་ཐོན་པའི། །བདེན་གཉིས་རི་མོ་གཡས་སུ་འཁྱིལ་བའི་དཔལ། །སྲིད་པའི་རིམས་ནད་གཅོད་པའི་སྐྱེ་ལྔའི་སྒྲ། །ཞི་གྱུར་དམ་པའི་ཆོས་ཀྱི་བཀྲ་ཤིས་ཤོག །རིགས་དང་གྲོལ་བའི་ཡོན་ཏན་པད་མོའི་ཚལ། །བསླབ་གསུམ་སྦྲང་རྩིས་དུད་པའི་གེ་སར་ལས། །གཞན་ཕན་དྲི་བསུང་སྐྱེ་དགུ་ངལ་འཚོའི་གཉེན། །འཕགས་ཚོགས་དགེ་འདུན་རྣམས་ཀྱི་བཀྲ་ཤིས་ཤོག །དཔག་ཡས་བྱིན་རླབས་རྫོགས་ལྡན་སྤྲིན་ཆེན་ལས། །སྨིན་གྲོལ་བདུད་རྩིའི་ཆར་རྒྱུན་བསྐྱིལ་བ་ཡིས། །རིག་འཛིན་རྣམ་བཞིའི་འབྲས་བཟང་སྨིན་མཛད་པའི། །རྩ་བརྒྱུད་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །དཔག་མེད་ཡོན་ཏན་ཡོངས་གང་རིན་ཆེན་མཚོ། །གྲུབ་གཉིས་འདོད་དགུའི་རླབས་ཕྲེང་གཡོ་བ་ཡིས། །ས་གསུམ་སྐྱེ་དགུའི་རེ་བ་སྐོང་མཛད་པའི། །ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག །ནུས་མཐུའི་སྤྲིན་ཆེན་ཐུགས་རྗེའི་གློག་ཕྲེང་བཅས། །རྣམ་བཞིའི་ཕྲིན་ལས་དབྱར་རྔའི་སྒྲ་དབྱངས་ཀྱིས། །སྐལ་བཟང་རྨ་བྱ་དགའ་བའི་གཉེན་གཅིག་པུ། །གནས་གསུམ་མཁའ་འགྲོའི་ཚོགས་ཀྱི་བཀྲ་ཤིས་ཤོག །རྒྱལ་དབང་རིག་འཛིན་བརྒྱུད་པའི་བཀའ་ཉན་འབངས། །སྒྲུབ་མཆོག་རྣལ་འབྱོར་སྐྱོང་མཛད་བྱམས་བརྩེའི་མ། །བདུན་ལྡན་ཉམས་པ་སྒྲོལ་མཛད་སྲོག་གི་གཤེད། །བརྒྱུད་གསུམ་དམ་ཅན་སྲུང་མའི་བཀྲ་ཤིས་ཤོག །ཐུབ་བསྟན་ཡོངས་སུ་རྫོགས་པའི་ལྷ་ལམ་ངོགས། །མཁས་གྲུབ་ཉི་ཟླའི་ཕྲེང་བས་ཡོངས་མཛེས་ཤིང་། །ཡོ་ག་རྣམ་གསུམ་བཤད་སྒྲུབ་ཟེར་ཕྲེང་གིས། །ས་གསུམ་རྒུད་མུན་སེལ་བའི་བཀྲ་ཤིས་ཤོག །རབ་དཀར་བསོད་ནམས་ཆེན་པོའི་ཡུ་བ་བརླིང་། །རྣམ་དག་དགེ་བཅུའི་ཁྲིམས་ཀྱི་དར་ཤམ་གཡོ། །ཕུལ་བྱུང་སྡེ་བཞིའི་ནོར་བུའི་ཏོག་མཛེས་པའི། །རྫོགས་ལྡན་རྒྱལ་མཚན་གསར་པའི་བཀྲ་ཤིས་ཤོག །དཀྱིལ་འཁོར་ཀུན་བདག་བླ་མའི་ཞབས་པད་བརྟན། །དཀྱིལ་འཁོར་གཅིག་པའི་མཆེད་ལྕམ་དམ་ཚིག་གཙང་། །དཀྱིལ་འཁོར་ཕྲིན་སྒྲུབ་སྨིན་གྲོལ་ཕྲིན་ལས་རྒྱས། །དཀྱིལ་འཁོར་གཅིག་ཏུ་གྲོལ་བའི་བཀྲ་ཤིས་ཤོག །ཉམས་མཚར་དུ་བཀྲ་ཤིས་ཞལ་བསྐོར་བགྱིས་པའི་སྐབས། ལྡོང་རིགས་སུ་སྐྱེས་པའི་བན་ཆུང་ཚེ་རིང་འབྲུག་རྒྱལ་གྱི་སོར་མོ་རླུང་གི་རྟ་ལ་བསྐྱོན་ནས་བྲིས་པ་དགེ །

རྗེ་བཙུན་སྒྲོལ་མའི་བསང་མཆོད་བཀྲ་ཤིས་ཆར་འབེབས།

༄༅། །རྗེ་བཙུན་སྒྲོལ་མའི་བསང་མཆོད་བཀྲ་ཤིས་ཆར་འབེབས་ཞེས་བྱ་བ་བཞུགས་སོ། །ན་མོ་ཨཱརྱཱ་ཏཱ་རཱ་ཡེ། ཐུགས་རྗེའི་དབང་ཕྱུག་རྗེ་བཙུན་མར། །ཕྱག་བྱས་དེ་ཉིད་མཉེས་བྱེད་པའི། །བསང་མཆོད་བཀྲ་ཤིས་ཆར་འབེབས་པས། །ས་གསུམ་དགེ་བའི་དཔལ་འདི་སྦྱིན། །དེ་ཡང་གནས་སྐབས་མཐར་ཐུག་གི་བར་དུ་གཅོད་པ་ཐམས་ཅད་ཞི་ཞིང་། འདོད་རྒུའི་རེ་བ་ཡིད་བཞིན་དུ་འཇོ་བའི་ཆེད་དུ། རྗེ་བཙུན་འཕགས་མ་སྒྲོལ་མ་ཐུགས་རབ་ཏུ་མཉེས་པར་བྱེད་པའི་བསང་མཆོད་འབུལ་བར་སྤྲོ་ན། དཀར་གསུམ་མངར་གསུམ། ཟས་སྣའི་ཕུད་གཙང་སོགས་བསང་དུ་མཆོད་འོས་ཀྱི་རྫས་ཅི་འབྱོར། ལྷན་སྐྱེས་དྲི་ལྡན་བཟང་ཤིང་སྨན་སྤོས་དང་སྦྱར་ནས་མེར་བསྲེགས་པའི་དུད་སྤྲིན་གཏོང་། ཆུ་གཙང་གིས་བྲན། རང་ཉིད་དད་པ་སོགས་དགེ་བའི་སེམས་དང་ལྡན་པས་སྟན་བདེ་བར་འཁོད་ལ། ཐོག་མར། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །སོགས་སྐྱབས་སེམས་ལན་གསུམ། ༀ་ཨཱཿཧཱུྃ་ཧོ། དངོས་སུ་བཤམས་ཤིང་ལྷ་རྫས་ལས་གྲུབ་པའི་བསང་གི་རྫས་བདེན་པའི་བྱིན་རླབས་དང་ཏིང་ངེ་འཛིན་དང་མོས་པའི་སྟོབས་ཀྱི་སྤྲུལ་པའི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པས་ཀུན་ཏུ་བཟང་པོའི་རྣམ་པར་རོལ་པས་ནམ་མཁའི་ཁམས་ཐམས་ཅད་ཁྱབ་པར་གྱུར་པར་བསམ་ལ། ན་མས་སརྦ་ཏ་ཐཱ་ག་ཏ་བྷྱོ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བྱིན་གྱིས་བརླབས། ༀ་སྭཱ་བྷཱ་ཝ་སོགས་ཀྱིས་སྦྱངས། སྟོང་པའི་ངང་ལས་སྐད་ཅིག་གིས། །གནས་ཡུལ་རྣམ་དག་བདེ་ཆེན་ཞིང་། །ངོ་མཚར་བཀོད་པ་ཡོངས་རྫོགས་པའི། །མདུན་མཁར་མཆོད་སྤྲིན་འཁྲིགས་པའི་དབུས། །པདྨ་ཟླ་བའི་གདན་སྟེང་དུ། །སྐྱབས་ཀུན་འདུས་པའི་ངོ་བོ་ཉིད། །རྗེ་བཙུན་སྒྲོལ་མ་སྐུ་མདོག་ལྗང་། །ཞལ་གཅིག་ཕྱག་གཉིས་ཞི་ཞིང་འཛུམ། །ཕྱག་གཡས་མཆོག་སྦྱིན་ཕྱག་རྒྱ་མཛད། །གཡོན་པས་སྐྱབས་སྦྱིན་ཨུཏྤལ་བསྣམས། །དར་གོས་རིན་ཆེན་རྒྱན་གྱིས་མཛེས། །ཞབས་གཉིས་ཕྱེད་སྐྱིལ་རོལ་པས་བཞུགས། །སྐུ་ལས་རང་འདྲའི་རྗེ་བཙུན་མ། །ནམ་མཁའ་གང་བར་སྤྲོས་ཏེ་གསལ། །དམ་ཡེ་དབྱེར་མེད་ལྷུན་གྱིས་གྲུབ། །དྲན་པ་ཙམ་གྱིས་སྲིད་དང་ཞིའི། །འཇིག་པ་ཀུན་ལས་སྐྱབས་ནུས་པའི། །བྱིན་རླབས་གཟི་བྱིན་འབར་བར་གྱུར། །ཞེས་པས་མཆོད་ཡུལ་གྱི་རྟེན་བསྐྱེད། ན་མོ། ཐུགས་རྗེ་ཆེན་པོ་པདྨའི་སྤྱན། །སྙིང་རྗེའི་ཆུ་གཏེར་འཁྲུགས་པ་ལས། །འགྲོ་བ་སྐྱོབ་པའི་འཕགས་མར་སྤྲུལ། །རྒྱལ་ཡུམ་སྒྲོལ་མར་ཕྱག་བགྱིའོ། །ཞེས་ཕྱག་འཚལ། ༀ་ཨཱཿཧཱུྃ། གཙང་ཞིང་དག་པའི་རིན་ཆེན་སྨན་དང་སྤོས། །དར་གོས་འབྲུ་སོགས་བཟའ་བཏུང་འབྱོར་རྒུའི་རིགས། །འབྱུང་བ་ཡུམ་གྱི་མཁའ་ལ་རྣམ་པར་སྦྱངས། །ཏིང་འཛིན་སྔགས་དང་ཕྱག་རྒྱའི་བྱིན་རླབས་ཀྱིས། །དུ་བ་ནོར་བུའི་སྤྲིན་ཆེན་མཁའ་དབྱིངས་ཁྱབ། །སྤྲུལ་པའི་ལྷ་མོ་མང་སྤྲོས་མཆོད་རྫས་ཐོག །མཛེས་སྡུག་ཡིད་འོང་བདེ་བའི་ཉམས་འགྱུར་བཅས། །གུས་པས་འདུད་ཅིང་མཆོད་པའི་སྤྲིན་གྱིས་མཆོད། །དྲི་མེད་ཡིད་འོང་ལྷ་རྫས་ལས་གྲུབ་པའི། །མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དང་། །སྣང་གསལ་དྲི་ཆབ་ཞལ་ཟས་རོལ་མོའི་སྒྲ། །འདོད་ཡོན་ལྔ་དང་བཀྲ་ཤིས་རྫས་རྟགས་བརྒྱད། །རྒྱལ་སྲིད་སྣ་བདུན་ཉེ་བའི་རིན་ཆེན་དང་། །ཡིད་བཞིན་ནོར་བུ་བུམ་བཟང་དཔག་བསམ་ཤིང་། །ལྷ་མིའི་བསོད་ནམས་དགེ་བའི་ཕུན་ཚོགས་དཔལ། །བྱང་ཆུབ་སེམས་དཔའི་སྤྲུལ་པའི་མཆོད་པ་སོགས། །མ་ཚང་མེད་པར་ལྷུན་གྱིས་གྲུབ་པ་ཡིས། །རབ་འབྱམས་ནམ་མཁའི་ཁམས་ཀུན་ཡོངས་བསྐངས་ནས། །ཐུགས་རྗེའི་བདག་ཉིད་རྗེ་བཙུན་སྒྲོལ་མར་འབུལ། །བརྩེ་བས་བཞེས་ནས་བདག་སོགས་སེམས་ཅན་གྱི། །སྒྲིབ་སྦྱངས་ཚོགས་རྫོགས་འཕགས་མས་རྗེས་བཟུང་ནས། །མྱུར་དུ་སངས་རྒྱས་གོ་འཕང་ལ་འགོད་མཛོད། །ཅེས་མཆོད། དེ་ནས། ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ། །སོགས་ནས། འཇོམས་པ་ཏུ་རེ་རབ་མཆོག་ཉིད་མ། །ཞེས་པའི་བར་གྱིས་རྒྱུད་བསྟོད་ཕྱག་འཚལ་ཉེར་གཅིག་ཚང་བར་འདོན། རྗེ་བཙུན་བཅོམ་ལྡན་འདས་མ་ཐུག་རྗེ་ཅན། །སོགས་ནས། ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པར་མཛོད། །ཞེས་པའི་བར་གྱིས་འདོད་པའི་དོན་ལ་གསོལ་བ་གདབ། མ་འབྱོར་པ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་རྩལ་བ། །དེ་ཀུན་འཕགས་མས་བཟོད་པར་མཛོད། །ཞེས་བཟོད་གསོལ་འབུལ། སླར་ཡང་། ལྷ་དང་ལྷ་མིན་ཅོད༴ སོགས། སྒྲོལ་མ་ཡུམ་ལ་གསོལ་བ་འདེབས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཞེས་ལན་གསུམ་གྱིས་གསོལ་བ་དྲག་ཏུ་བཏབ་པས། འཕགས་མའི་སྐུ་ལས་འོད་འཕྲོས་འཁོར་རྣམས་བསྡུས། །སྐྱབས་སྦྱིན་ཕྱག་རྒྱའི་འོག་ཏུ་བདག་སོགས་ཚུད། །འཁོར་བའི་འཇིགས་པ་ཀུན་ལས་དབུགས་དབྱུང་ཞིང་། །སྲིད་ཞིའི་དགེ་ལེགས་མ་ལུས་རྒྱས་པར་གྱུར། །འཕགས་མ་དགྱེས་པས་འོད་ཞུ་རང་ལ་ཐིམ། །གསང་གསུམ་བྱིན་རླབས་ནུས་པའི་དབང་མཆོག་ཐོབ། །གནས་ལུགས་འོད་གསལ་བདེ་ཆེན་ཆོས་ཀྱི་སྐུ། །མངོན་སུམ་རང་ཞལ་མཇལ་བའི་ཀློང་དུ་ཨ། །ཞེས་དབང་དང་བྱིན་རླབས་ཞུས་ནས་རང་ལ་བསྟིམས་པས་བསྡུ་རིམ་བྱས་ནས་གནས་ལུགས་ངོ་བོའི་ཐོག་ཏུ་ཅི་གནས་སུ་མཉམ་པར་འཇོག་མཐར། དགེ་བ་འདི་ཡི་མྱུར་དུ་བདག །རྗེ་བཙུན་སྒྲོལ་སོགས་བསྔོ་སྨོན་ཅི་རིགས་བརྗོད། བདག་གིས་ཚེ་རབས་སྔོན་ནས་བསྒྲུབ་པའི་ལྷ། །སོགས་བཀྲ་ཤིས་པའི་ཚིགས་བཅད་དུ་མ་བརྗོད་ཅིང་མེ་ཏོག་གི་ཆར་བསྙིལ་བས་ཕྱོགས་ཀུན་ཏུ་བདེ་ལེགས་སུ་བྱའོ། །དེ་ལྟར་མཆོད་པའི་ཕན་ཡོན་ཡང་། །ལྷ་མོ་ལ་གུས་ཡང་དག་ལྡན་པས། །སོགས་གཞུང་ནས་ཇི་ལྟར་བཤད་པ་རྣམས་ཐོབ་པར་འགྱུར་བ་ནི་བསླུ་མེད་བདེན་པའི་གསུང་གིས་གསལ་བར་འདོམས་པ་ལ་ངེས་ཤེས་སུ་བྱའོ། །བསང་མཆོད་རྨ་བྱའི་མགྲིན་དབྱངས་ཀྱིས། །འཕགས་མའི་ཐུགས་རྗེའི་སྤྲིན་ཆེན་བསྐུལ། །བྱིན་རླབས་བཀྲ་ཤིས་ཆར་འབེབས་པར། །ཕན་བདེའི་མྱུ་གུ་རྒྱས་གྱུར་ཅིག །ཅེས་པ་འདིའང་མཁས་བཙུན་བཟང་པོའི་ཡོན་ཏན་གྱིས་ཐུགས་རྒྱུད་ཡོངས་སུ་ཕྱུག་པ་མཁན་པོ་བློ་གྲོས་ཀྱི་བཞེད་སྐོང་དུ། ཞེ་སྤྲུལ་མིང་འཛིན་འགྱུར་མེད་པདྨ་རྣམ་རྒྱལ་དཔལ་བཟང་པོས་བྲིས་པའི་དགེ་བས་རང་གཞན་སེམས་ཅན་ཐམས་ཅད་རྗེ་བཙུན་འཕགས་མ་སྒྲོལ་མའི་ཐུགས་རྗེས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག

བསང་བསྡུས།

༄༅། །བསང་བསྡུས། ཀྱཻ། ཀ་དག་སྤྲོས་པ་ཀུན་བྲལ་ཡེ་ཤེས་ཆེའི། །རང་མདངས་མ་འགགས་སྣོད་བཅུད་དག་པའི་ཞིང་། །ཟག་མེད་བསང་མཆོད་ཡེ་ཤེས་རོལ་པའི་རྒྱན། །མི་གཙང་ཉེས་ཀུན་སེལ་བའི་བདུད་རྩིའི་ཆར། །མགྲོན་རིགས་ཐུགས་ལ་གང་བཞེད་དེར་འཆར་བའི། །རབ་འབྱམས་དཀོན་མཆོག་རྩ་གསུམ་དཀྱིལ་འཁོར་ལྷ། །བདེ་ཆེན་པདྨ་བཛྲ་ཡབ་དང་ཡུམ། །བུདྡྷ་ཐོད་ཕྲེང་མི་བསྐྱོད་རྡོ་རྗེ་དང་། །པདྨ་དབང་ཆེན་རིག་འཛིན་ཐོད་པ་རྩལ། །མདོག་དམར་མེ་ཕྲེང་སངས་རྒྱས་དཔའ་བོ་རྗེ། །དཔལ་ཆེན་རྟ་མགྲིན་གསང་བདག་རྡོ་རྗེ་འཛིན། །རང་རིག་ཚོམ་བུ་སྒོ་སྐྱོང་སྤྲུལ་འཁོར་དང་། །རྟ་ནག་དྲེགས་པ་ཤ་ཟ་ཁ་མོ་ཆེ། །འབར་བ་སྤུན་བདུན་བཀའ་འཁོར་བཅས་པ་སོགས། །བླ་མ་དགོངས་འདུས་དཀྱིལ་འཁོར་བཀའ་སྡོད་བཅས། །སྣང་སྲིད་མགྲོན་དུ་གྱུར་པ་མ་ལུས་བསང་། །སྡོམ་གསུམ་དང་འགལ་ཉེས་ལྟུང་སྒྲིབ་པའི་ཚོགས། །མི་མཐུན་འགལ་རྐྱེན་ཉེས་ཀུན་བྱང་ཞིང་དག །མཆོག་ཐུན་དངོས་གྲུབ་བསམ་ཀུན་ཡིད་བཞིན་འགྲུབ། །བཀྲ་ཤིས་བདེ་ལེགས་འཕེལ་ཞིང་རྒྱས་པར་མཛོད། །ཅེས་པའང་བླ་མ་མགོན་པོ་ལྷ་དར་གྱི་བཞེད་སྐོང་དུ་པདྨ་རྣམ་པར་རྒྱལ་བས་བྲིས་པ་དགེ །༈ རཾ་ཡྃ་ཁྃ། ༀཨཱཿཧཱུྃ། སྣོད་བཅུད་དག་མཉམ་བདེ་བ་ཆེན་པོའི་ངང་། །མ་དག་མཚན་མ་རྡུལ་ཙམ་མ་དམིགས་ཀྱང་། །སྒྱུ་མ་མཁན་གྱི་སྒྱུ་མའི་རོལ་རྩེད་བཞིན། །ཟག་མེད་བསང་མཆོོད་བདུད་རྩིའི་སྤྲིན་ཆེན་འདིས། །རབ་འབྱམས་རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་དང་། །ཁྱད་པར་འཕགས་བཞི་བསྐྱེད་ཡུམ་ཤེར་ཕྱིན་མ། །རྣམ་རོལ་མ་འགགས་རྒྱལ་མཚན་རྩེ་མོ་ཞེས། །ཕྱོགས་ལས་རྣམ་རྒྱལ་དངོས་གྲུབ་སྦྱིན་མཛད་པའི། །རིག་སྔགས་ལྷ་མོ་འཁོར་དང་བཅས་པ་བསང་། །མི་མཐུན་དམ་རྨེ་བང་ནལ་མཛེ་ཡུག་སོགས། །མི་གཙང་གྲིབ་ཀྱིས་གོས་ཀུན་སོར་ཆུད་ནས། །སྲོག་ལུས་དབང་རླུང་སྙན་གྲགས་མངའ་ཐང་སྤེལ། །ཕུན་ཚོགས་སྡེ་བཞིའི་དཔལ་ཀུན་འདུ་བར་མཛོད། །རྟེན་འབྱུང་འཆི་མེད་དབང་པོའི་རྔ་སྒྲ་ཡིས། །དཀར་ཕྱོགས་རྣམ་པར་རྒྱལ་བའི་རུ་མཚོན་སྒྲེང་། །ནག་ཕྱོགས་ལྷ་མིའི་གདུག་པའི་ཚ་དབལ་ཞི། །དོན་གཉིས་དགའ་སྟོན་རྒྱས་པའི་བཀྲ་ཤིས་སྩོལ། །ཅེས་པའང་ཆོས་སྲིད་ཕྲིན་ལས་ཀྱི་དཔལ་འདབ་རྣམ་པར་བཀྲ་བ་དཔོན་དམ་པའི་བཞེད་ངོར། རྙིང་བན་རྒན་པོ་བི་ཛ་ཡས་བྲིས་པ་དགེ་ལེགས་ཀྱི་སྣང་བ་ཆེན་པོས་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་རྒྱུར་གྱུར་ཅིགསརྦ་མངྒལཾ། ༈ རཾ་ཡཾ་ཁཾ། ༀ་ཨཱཿཧཱུྃ། བཟང་ཤིང་འབྲུ་སྨན་ཕྱེ་མར་ཇ་ཆང་སོགས། །བཟའ་བཏུང་ཕུད་གཙང་འབར་བྱེད་མེ་དང་སྦྱར། །དུ་བ་ནོར་བུའི་སྤྲིན་གྱིས་མཁའ་ཀུན་ཁྱབ། །མི་འཛད་འདོད་ཡོན་མཆོད་པའི་ཆར་འབེབས་འདིས། །རྩ་བརྒྱུད་བླ་མ་ཞི་ཁྲོ་རབ་འབྱམས་ལྷ། །མཁའ་འགྲོ་ཆོས་སྐྱོང་ཡུལ་ལྷ་གཏེར་གྱི་བདག །ཁྱད་པར་གནོད་སྦྱིན་བཙན་གྱི་རྒྱལ་པོ་མཆོག །ཀུན་ཁྱབ་རྡོ་རྗེ་དྲག་རྩལ་འཁོར་བཅས་མཆོད། །བདག་ཅག་མི་མཐུན་འགལ་རྐྱེན་ཀུན་ཞི་ཞིང་། །ལེགས་ཚོགས་ཡོན་ཏན་ཡར་ངོའི་ཟླ་ལྟར་རྒྱས། །ཆོས་མཐུན་བསམ་པའི་དོན་ཀུན་ལྷུན་གྲུབ་ནས། །བདེ་སྐྱིད་དཔལ་ལ་སྤྱོད་པའི་བཀྲ་ཤིས་ཤོག །ཅེས་པའང་མཆོག་སྤྲུལ་དཔོན་སློབ་ཐུགས་བཞེད་ལྟར་སྤྲུལ་མིང་པདྨ་བི་ཛས་བྲིས་པ་དགེ །

སེང་ཆེན་ཡིད་བཞིན་ནོར་བུ་ལ་བརྟེན་པའི་ཚོགས་མཆོད་མདོར་བསྡུས་ཀུན་གསལ་མེ་ལོང་།

༄༅། །སེང་ཆེན་ཡིད་བཞིན་ནོར་བུ་ལ་བརྟེན་པའི་ཚོགས་མཆོད་མདོར་བསྡུས་ཀུན་གསལ་མེ་ལོང་བཞུགས། རྃ་ཡྃ་ཁྃ། ༀ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿཀྱཻ། དཔལ་ལྡན་རྒྱལ་བའི་མཁྱེན་བརྩེ་ནུས་པའི་འཕྲུལ། །རྒྱལ་སྲས་རིགས་གསུམ་སེམས་དཔའི་སྒྱུ་འཕྲུལ་གར། །དུས་གསུམ་ཀུན་མཁྱེན་པདྨའི་བཀའ་སྡོད་གཙོ། །སེང་ཆེན་ནོར་བུ་དགྲ་འདུལ་འཁོར་བཅས་དགོངས། །དགྱེས་པའི་ཞལ་རས་འཛུམ་མདངས་མུ་ལུ་ལུ། །གསང་བའི་བརྡ་སྐད་སྙན་དབྱངས་ཀྱུ་རུ་རུ། །སྒྲིབ་མེད་མཁྱེན་གཉིས་ཡེ་ཤེས་ལམས་སེ་ལམ། །འདིར་གཤེགས་འདོད་ཡོན་བསང་སོགས་ཀྱི་སྐབས་ཡིན་ན། བསང་དང་གསེར་སྐྱེམས་བཞེས། ཞེས་ཁ་བསྒྱུར། ཚོགས་ཀྱི་དགའ་སྟོན་བཞེས། །ཕྱི་མཆོད་ལྷ་རྫས་ཉེར་སྤྱོད་སྐར་ལྟར་བཀྲམ། །ནང་མཆོད་སྨན་རཀ་གཏོར་མཆོད་མཚོ་ལྟར་བསྐྱིལ། །གསང་བ་ཐབས་ཤེས་བདེ་སྟོང་དགའ་བཞིའི་འཕྲུལ། །མི་འཛད་ནམ་མཁའ་མཛོད་ཀྱི་འཁོར་ལོར་འབུལ། །རོ་བག་དམེ་ནལ་འཁོར་གཙོག་ཕྱི་ཡི་གྲིབ། །སྡོམ་དང་དམ་ཚིག་འཆལ་བ་ནང་གི་དྲི། །གཟུང་འཛིན་སེམས་ཀྱི་ཀུན་རྟོག་གསང་བའི་སྐྱོན། །མ་ལུས་བཤགས་སོ་བྱང་ཞིང་དག་པར་མཛོད། །དགྲ་བླའི་རུ་མཚོན་སྲིད་པའི་རྩེ་མོར་སྒྲེངས། །རྣོ་བའི་མཚོན་དབལ་དགྲ་འདྲེའི་སྙིང་ལ་ཐོབ། །ཉམས་པའི་སྙིང་ཁྲག་ནང་ཁྲོལ་ཞལ་དུ་བཞེས། །ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་མཛོད། །ཁྱད་པར་ཤེས་རབ་རལ་གྲི་མདའ་གཞུ་ཅན། །ཉོན་མོངས་མི་ཤེས་གཡུལ་ངོ་ཟློག་བྱེད་པའི། །དཔའ་བོ་ཁྱོད་མཆོད་ཁྱོད་ལ་རྟག་བརྟེན་ན། །རྨོངས་དང་ཐེ་ཚོམ་རབ་རིབ་ཀུན་སེལ་མཛོད། །ཤེས་བྱའི་ཁོངས་ན་བཀྲ་བའི་གཟུགས་བརྙན་འབུམ། །བདག་ཡིད་ཀུན་གསལ་ཤེལ་གྱི་ཨ་དཪྴར། །ལེགས་འཆར་ངོ་མཚར་སྙན་པས་ས་གསུམ་ཁྱོན། །ཡོངས་ཁྱབ་ཕན་བདེའི་དགའ་སྟོན་འཕེལ་བར་མཛོད། །བཀྲ་ཤིས་ཡོན་ཏན་བྱེ་བའི་གཏེར་ཆེན་ལས། །དགེ་ལེགས་ཕན་བདེའི་འདོད་པ་ཀུན་འཇོ་བས། །སྐྱེ་དགུའི་རེ་བ་ཡིད་བཞིན་རྫོགས་བྱེད་པའི། །ཕུན་ཚོགས་དཔལ་གྱིས་ཕྱོགས་དུས་ཀུན་ཁྱབ་ཤོག །ཅེས་གེ་སར་པྲ་འབེབས་སོགས་ཀྱི་སྐབས་སུ་ཉེ་བར་མཁོ་བའི་ཚོགས་མཆོད་ཚིགས་སུ་བཅད་པ་བཀྲ་ཤིས་རྟགས་ཀྱི་གྲངས་ལྡན་འདིའང་། མཁྱེན་སྤྱན་རྣམ་པར་བཀྲ་བ་ཨ་དྲན་བུ་བླ་མའི་བཞེད་སྐོང་དུ། སྨུག་པོ་གདོང་གི་རིགས་སུ་སྐྱེས་པའི་བནྡེ་བཀྲ་ཤིས་ཚེ་རིང་འབྲུག་རྒྱལ་གྱིས་བྲིས་པ་དགེ །༈ ཡང་མདའ་མོའི་སྐབས་ཡིན་ན། ཚིགས་བཅད་རྗེས་མའི་གོང་དུ། རྣལ་འབྱོར་བདག་གི་ཡིད་ལ་བསམ་པའི་དོན། །ལེགས་ཉེས་བླང་དོར་མ་ནོར་ཤན་ཕྱེས་ལ། །རྫུ་འཕྲུལ་མདའ་མོ་འདི་ལ་རྣོ་རྟགས་སྟོན། །རིགས་སྔགས་ཟབ་མོའི་བདེན་འབྲས་མངོན་གསལ་མཛོད། །ཅེས་སྦྱར་ཞིང་། ཁྱད་པར་གྱི་རིགས་སྔགས་ཉིད་བཟླ། རྒྱལ་པོ་འགྱུར་མེད་གདན་ལ་བཞུགས། །བློན་པོ་ཉག་ཕྲན་འཁྲུལ་འཁོར་རྩེ། །འབངས་འཁོར་འབྲུ་ཡི་དཔྱ་ཕུལ་ན། །འདོད་འབྲས་མི་བསླུ་མངོན་སུམ་འབྱིན། །ངེས་པར་ཨུ་པ་དེ་ཤའོ། །མངྒལཾ།

དམ་ཅན་གཡང་སྒྲུབ་མདོར་བསྡུས།

༄༅། །དམ་ཅན་གཡང་སྒྲུབ་མདོར་བསྡུས་ནི། གཡང་རྫས་སོགས་འདུ་བྱས་ནས། ལས་གཞུང་བསྲང་བའི་མཇུག་ཐོག་མདའ་དར་གཡབ་ལ། ཀྱེ། དུས་གསུམ་རྒྱལ་བའི་བཀའ་སྡོད་མཐུ་བོ་ཆེ། །ཡེ་ཤེས་བརྙེས་ཀྱང་འཇིག་རྟེན་ཚུལ་འཛིན་པའི། །དམ་ཅན་ནོར་བདག་སྐྱེས་བུ་ཐིག་ལེ་རྩལ། །དགྱེས་ཡུམ་ཀོང་བཙུན་དེ་མོ་སྨན་གཅིག་མ། །ཛམ་ལྷ་བརྒྱད་དང་དགེ་བསྙེན་ཉེར་གཅིག་དང་། །བསྟན་མ་བཅུ་གཉིས་མཆེད་འཁོར་སུམ་བརྒྱ་སོགས། །འཁོར་བཅས་དམ་ཚིག་དབང་གིས་དགྱེས་དགོངས་ཏེ། །དེ་རིང་བཀྲ་ཤིས་ལྷ་ཡི་ཉི་མ་ཆེ། །ཕྱྭ་ཆ་གཡང་རྫས་མ་ལུས་བཀྲམ་ནས་ཀྱང་། །རྣལ་འབྱོར་དད་པའི་གདུང་བས་འབོད་ལགས་ན། །བརྟན་གཡོ་སྲིད་ཞིའི་ཕྱྭ་གཡང་མ་ལུས་ཁུག །འཆི་མེད་ཚེ་དང་རྒས་མེད་ལང་ཚོའི་དཔལ། །རྒུད་མེད་རྣམ་དཔྱོད་བརྗིད་ཆེན་གོས་དང་ནི། །བཅུད་ཆེན་ཟས་དང་ནོར་ཕྱུགས་རྐང་འགྲོས་རིགས། །རིན་ཆེན་འབྲུ་སྨན་ལྷ་མའི་དཀོར་ཆའི་ཚོགས། །མ་ལུས་དབང་དུ་སྡུས་ལ་དེང་འདིར་སྩོལ། །སྟེང་ཕྱོགས་ལྷ་གཡང་མ་ལུས་སྤྲིན་ལྟར་གཏིབས། །འོག་ཕྱོགས་ཀླུ་ཡི་ཕྱྭ་གཡང་མཚོ་ལྟར་བསྐྱིལ། །བར་ཕྱོགས་མི་ཡི་རྨུ་གཡང་ཆར་བཞིན་ཕོབ། །བདག་དང་སྦྱིན་བདག་རེ་བ་ཡོངས་སྐོང་མཛོད། །མདོར་ན་ཕུན་ཚོགས་སྡེ་བཞིའི་དཔལ་ཡོན་ཀུན། །མ་ལུས་དབང་དུ་བསྡུས་ལ་དེང་འདིར་བརྩོལ། །ཆོས་མཐུན་བསམ་སྦྱོར་མཐའ་དག་ཡིད་བཞིན་འགྲུབ། །སྦྱིན་པའི་ཕར་ཕྱིན་ཡོངས་སུ་རྫོགས་པར་མཛོད། །ཕན་བདེའི་གཞིར་གྱུར་རྒྱལ་བསྟན་ཡུན་དུ་གནས། །དགེ་འདུན་སྡེ་འཕེལ་བཤད་སྒྲུབ་ཕྲིན་ལས་རྒྱས། །རྒྱལ་ཁམས་བདེ་སྐྱིད་རྫོགས་ལྡན་དཔལ་གྱིས་འཚོ། །དོན་གཉིས་བསམ་ཀུན་འགྲུབ་པའི་བཀྲ་ཤིས་སྩོལ། །ཅེས་གྱེར་ལ་མཐར་རྟེན་རྣམས་ལ་བསྟིམ་ཞིང་ཤིས་བརྗོད་གྱི་མེ་ཏོག་འཐོར་བས་དགེ་ལེགས་སུ་བྱའོ། །ཞེས་པའང་རྒྱལ་རོང་གནམ་མཚོ་མཆོག་སྤྲུལ་དམ་པའི་བཞེད་སྐོང་དུ་ཞེ་ཆེན་པ་འགྱུར་མེད་པདྨ་བསྟན་འཛིན་གྱིས་འཕྲལ་མར་བྲིས་པ་དགེ་ལེགས་ཀྱི་སྣང་བ་རྟག་ཏུ་ཁྱབ་པའི་རྒྱུར་གྱུར་ཅིག

རྒྱུན་གྱི་གསུར་མཆོད་ཉུང་ངུ་།

༄༅། །རྒྱུན་གྱི་གསུར་མཆོད་ཉུང་ངུ་ནི། གསུར་རྫས་གཙང་མ་ལ་ཆབ་ཀྱིས་བྲན་ཏེ། རྃ་ཡྃ་ཁྃ་གིས་བསངས། འབྲུ་གསུམ་དང་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་གྱིས་བརླབས་ཏེ། གསུར་མཆོད་ཟག་མེད་འདོད་ཡོན་བདུད་རྩིའི་སྤྲིན། །རང་རང་བཞེད་དགུར་འཆར་བའི་ལོངས་སྤྱོད་འདིས། །དཀོན་མཆོག་སྲི་ཞུའི་མགྲོན་རྣམས་དགྱེས་བསྐྱེད་ནས། །བདག་ལ་མཆོག་ཐུན་འདོད་དགུའི་དངོས་གྲུབ་བསྩོལ། །མགོན་པོ་ཡོན་ཏན་མགྲོན་ཀུན་མཉེས་གྱུར་ཏེ། །བྱང་ཆུབ་ལམ་གྱི་བར་ཆད་ཀུན་སེལ་ཞིང། །རིགས་དྲུག་སྙིང་རྗེའི་མགྲོན་ཀུན་མགུ་ཞིང་ཚིམས། །སྡུག་བསྔལ་ཀུན་བྲལ་ཐོག་མེད་དྲིན་ལན་འཁོར། །གནོད་བྱེད་བགེགས་རིགས་ལན་ཆགས་མགྲོན་ལ་བསྔོ། །ཤ་འཁོན་ཀུན་ཞི་གནོད་སེམས་གདུག་རྩུབ་ཞི། །ཀུན་ཀྱང་ཐེག་པ་ཆེན་པོས་རྒྱུད་གྲོལ་ནས། །ཕྱམ་གཅིག་སངས་རྒྱས་གོ་འཕང་ཐོབ་གྱུར་ཅིག །ཅེས་བསྔོའོ། །འདི་ཡང་མོས་ལྡན་པདྨ་ཚེ་སྒྲུབ་དང་། ཆོས་སྐྱོང་དར་རྒྱས་གཉིས་ཀྱི་བཞེད་ངོར་བི་ཛ་ཡས་བྲིས་པ་དགེ །༈ རྃ་ཡྃ་ཁྃ། ༀ་ཨཱཿཧཱུྃ། གསུར་མཆོད་ཟག་མེད་འདོད་ཡོན་སྤྲིན་ཆེན་འདིས། །དཀོན་མཆོག་སྲི་ཞུའི་མགྲོན་ཀུན་མཉེས་པར་བགྱི། །མགོན་པོ་ཡོན་ཏན་མགྲོན་གྱི་ཐུགས་དམ་བསྐང་། །རིགས་དྲུག་སྙིང་རྗེའི་མགྲོན་གྱུར་ཡོངས་ལ་སྦྱིན། །ཁྱད་པར་བགེགས་རིགས་ལན་ཆགས་མགྲོན་ལ་བསྔོ། །བར་སྲིད་གནས་པའི་འགྲོ་རྣམས་ཚིམས་གྱུར་ཅིག །དེ་ལྟར་མཆོོད་སྦྱིན་གསུར་མཆོད་ཕུལ་བའི་མཐུས། །ཚོགས་རྫོགས་སྒྲིབ་བྱང་ལན་ཆགས་ཤ་འཁོན་བྱང་། །ཀུན་ཀྱང་ཐེག་པ་ཆེན་པོས་རྒྱུད་གྲོལ་ནས། །ཕྱམ་གཅིག་གདོད་མའི་རྒྱལ་སར་དབང་འབྱོར་ཤོག །ཅེས་པའང་དམ་པ་གང་གི་བཞེད་ངོར་བི་ཛས་སོ། །མངྒལཾ། ༈ ༀ་ཨཱཿཧཱུྃ། སྲིད་ཞི་མཉམ་ཉིད་རྟོགས་པའི་རིག་རྩལ་མདངས། །མ་འགགས་བྱམས་དང་སྙིང་རྗེར་ཤར་བའི་སྤྲིན། །རྫས་སྔགས་ཏིང་འཛིན་ཕྱག་རྒྱས་བྱིན་བརླབས་པའི། །ཟག་མེད་གསུར་མཆོད་འདོད་ཡོན་སྤྲིན་ཕུང་འདིས། །མཆོད་སྤྱིན་དམ་པའི་ཡུལ་གྱུར་འགྲོན་སྤྱི་དང་། །ཁྱད་པར་གཉུག་གནས་གློ་བུར་ལྷགས་པ་ཡི། །ཤི་འདྲེ་གསོན་འདྲེ་ནད་ཡམས་དར་གྱི་བདག །གདུག་ཅིང་གཏུམ་པའི་སེམས་འཆང་མ་ལུས་པ། །མཉེས་ཚིམས་ཞི་དང་བྱམས་པའི་སེམས་ལྡན་ཤོག །ཆོས་ཉིད་ཆོས་ཅན་རྟེན་འབྱུང་བསླུ་མེད་མཐུས། །རབ་འབྱམས་རྩ་གསུམ་རྒྱལ་བའི་བདེན་བྱིན་གྱིས། །འགྲོ་ཀུན་བདེ་སྐྱིད་བྱང་ཆུབ་སེམས་ལྡན་ནས། །དོན་གཉིས་མཐར་ཕྱིན་རྣམ་འདྲེན་དཔལ་ཐོབ་ཤོག །པདྨ་བི་ཛས་སོ། །༈ རྃ་ཡྃ་ཁྃ། ༀ་ཨཱཿཧཱུྃ། ཟག་མེད་གསུར་མཆོད་འདོད་ཡོན་དྲུག་ལྡན་འདི། །བགེགས་རིགས་ལན་ཆགས་སྤྱི་དང་ཕྱོགས་འདི་རུ། །གནོད་པའི་མི་ཕྱུགས་དལ་ཡམས་བདག་རྣམས་ལ། །བསྔོའོ་གནོད་འཚེ་གདུགས་རྩུབ་ཞི་གྱུར་ཅིག །ཅེས་སྙིང་རྗེའི་བསམ་པས་ཡིག་དྲུག་བཟླ། ཞེས་པའང་བི་ཛས་སོ། །༈ གྲུབ་ཐོབ་གཅོད་ཡུལ་བརྒྱུད་པའི་བླ་མ་ལ་གསོལ་བ་འདེབས། །གཉན་ས་རི་ཁྲོད་ཟིན་པར་བྱིན་གྱིས་རློབས། །དགོས་མེད་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །བདག་འཛིན་རྣམ་རྟོག་ཆོམས་པར་བྱིན་གྱིས་རློབས། །ཚེ་འདི་བློ་ཡིས་ཐོངས་པར་བྱིན་གྱིས་རློབས། །རོ་སྙོམས་ལམ་དུ་ལོངས་པར་བྱིན་གྱིས་རློབས། །ཆོས་སྐུའི་རྒྱལ་ས་ཟིན་པར་བྱིན་གྱིས་རློབས། །༈ སྐྱིད་ན་སྐྱིད་པ་ཚོགས་སུ་བསྔོ། །ཚོགས་གཉིས་ཀྱི་ནམ་མཁའ་གང་བར་ཤོག །སྡུག་ན་སྔོན་བསགས་ཀྱི་ལས་ངན་འཛད། །སྡུག་བསྔལ་ཀྱི་རྒྱ་མཚོ་སྐེམ་པར་ཤོག །ཕཊ་ཕཊ་ཕཊཿཐོགས་བཅས་བདུད་དང་ཐོགས་མེད་བདུད། །དགའ་བྲོོད་བདུད་དང་སྙེམས་བྱེད་བདུད། །དེ་ཡང་སྙེམས་བྱེད་བདུད་ལ་འདུས། །བདུད་བཞི་དབྱིངས་སུ་ཆོད་པར་ཤོག །ཕཊ་ཕཊ་ཕཊཿཐོགས་བཅས་ཕྱི་ཡི་ཡུལ་ལ་ཕཊཿཐོགས་མེད་ནང་གི་བློ་ལ་ཕཊཿདགའ་བྲོད་མངོན་པར་ཞེན་ལ་ཕཊཿསྙེམས་བྱེད་གཉིས་འཛིན་རྟོག་ལ་ཕཊཿདགྲ་ཆོས་བརྒྱད་རྣམ་རྟོག་ཞི་བར་ཤོག །ཕཊ་ཕཊ་ཕཊཿ༈ ཧཱུྃ། བཀའ་བརྒྱུད་གཏེར་བརྒྱུད་དག་སྣང་བརྒྱུད་པ་ཡི། །ཟབ་དོན་གཅོད་ཀྱི་བཀའ་སྲུང་ཐམས་ཅད་ལ། །ཟག་མེད་འདོད་ཡོན་མཆོད་པ་འདི་འབུལ་བས། །བདུད་བཞི་དབྱིངས་སུ་གཅོད་པའི་གྲོགས་མཛོད་ཅིག །བི་ཛས་སོ། །༈ སྐྱེ་བ་འདི་དང་ཚེ་རབས་ཐམས་ཅད་དུ། །ཐེག་མཆོག་རིགས་སད་དགེ་བའི་བཤེས་ཀྱིས་ཟིན། །བྱང་ཆུབ་སེམས་འབྱོང་ཐོས་བསམ་སྒོམ་མཐར་ཕྱིན། །རིས་བྲལ་བསྟན་འགྲོའི་ཕན་བདེ་སྤེལ་བྱེད་ཤོག །༈ བདག་གཞན་དུས་གསུམ་བྱས་བསགས་རྣམ་དཀར་མཐུས། །རྒྱལ་བསྟན་དར་ཞིང་བསྟན་འཛིན་ཞབས་པད་བསྟན། །བོད་ཁམས་བདེ་སྐྱིད་དགེ་བཅུའི་སྣང་བ་རྒྱས། །དོན་གཉིས་མཐར་ཕྱིན་རྣམ་གྲོལ་ཐོབ་པར་ཤོག །

རྩ་གསུམ་གཏོར་འབུལ་ཉུང་གསལ་ཁྱེར་བདེ།

༄༅། །རྩ་གསུམ་གཏོར་འབུལ་ཉུང་གསལ་ཁྱེར་བདེ་བཞུགས། ཧཱུྃ། ཀ་དག་སྤྲོས་པ་བྲལ་བའི་དབྱིངས། །ལྷུན་གྲུབ་འགགས་པ་མེད་པའི་གདངས། །རིག་རྩལ་རོལ་པ་པདྨ་འབྱུང་། །རྩ་གསུམ་འདུས་པའི་སྤྱི་དཔལ་གྱུར། །ཐུགས་ལས་རྃ་ཡྃ་ཁྃ་འཕྲོས་པས། །མཆོད་རྫས་འབགས་གཙོག་ཉེས་སྐྱོན་སྦྱངས། །ཟག་མེད་འདོད་ཡོན་མཆོད་པའི་སྤྲིན། །མི་ཟད་ནམ་མཁའ་མཛོད་དུ་གྱུར། །རྃ་ཡྃ་ཁྃ། ༀ་ཨཱཿཧཱུྃ། རང་བཞིན་སྐྱེ་བ་མེད་པ་ལས། །རང་རྩལ་འགགས་མེད་རྩ་གསུམ་ལྷ། །ཁྱད་པར་བརྒྱུད་གསུམ་དམ་ཅན་རིགས། །འདིར་གཤེགས་རང་མཐུན་གདན་ལ་བཞུགས། །སྒོ་གསུམ་གུས་པས་ཕྱག་འཚལ་ཞིང་། །དངོས་འབྱོར་ཡིད་ལས་བྱུང་བ་ཡི། །ཕྱི་ནང་གསང་མཆོད་སྨན་རཀ་གཏོར། །ཟག་མེད་འདོད་ཡོན་རྒྱ་མཚོས་མཆོད། །ཡེ་ཤེས་གཅིག་ཉིད་དུ་མའི་གར། །ཞི་དང་ཁྲོ་ཚུལ་བསམ་མི་ཁྱབ། །སྒྲུབ་ལ་མཆོག་ཐུན་དངོས་སྟེར་བའི། །རྩ་གསུམ་ཆོས་སྲུང་ཡོངས་ལ་བསྟོད། །ཀྱེ། བྱིན་རླབས་མཆོག་སྩོལ་བླ་མ་དང་། །དངོས་གྲུབ་ཆར་འབེབས་ཡི་དམ་ལྷ། །ཕྲིན་ལས་ཐོགས་མེད་མཁའ་འགྲོའི་ཚོགས། །ཁྱད་པར་དཔལ་ལྡན་ཡེ་ཤེས་མགོན། །ལེགས་ལྡན་ཕྱག་བཞི་ཚེ་ཡི་མགོན། །མ་ནིང་ཕྱག་དྲུག་སྟག་ཞོན་བིང་། །ཞལ་བཞི་སྡེ་བདུན་ཨེ་ཀ་ཛཿ། །རེ་ཏི་གཤོག་རྒོད་སྲོག་སྒྲུབ་མ། །ལྷ་ཆེན་བཟའ་བདུད་བཤན་པ་དམར། །རྣམ་སྲས་ཞང་བློན་ཛམ་བྷ་ལ། །ཞིང་སྐྱོང་དབང་མོ་སེང་གེའི་གདོང་། །སྡེ་དཔོན་སུམ་བཅུ་དྲེགས་ཆེན་བརྒྱད། །ཕུར་སྲུང་བཅུ་གཉིས་སྨན་བཙུན་ལྔ། །བསྟན་མ་བཅུ་གཉིས་རྡོ་རྗེ་ལེགས། །བྲག་བཙན་པེེ་ཧར་ཙི་དམར་ར། །བེ་ཝ་ས་ཏྭ་བདུད་བཙན་ཀླུ། །ཐང་ལྷ་སྤོམ་ར་སྨྱོ་ཁ་སོགས། །ཀུན་བཟང་རྡོར་སེམས་པདྨ་འབྱུང་། །རིག་འཛིན་རྒྱུད་པའི་དམ་ནོས་ཤིང་། །སྔར་འགྱུར་བཀའ་གཏེར་བསྟན་སྐྱོང་བའི། །ཆོས་སྲུང་ཡུལ་ལྷ་དཀར་ཕྱོགས་རིགས། །མཆོད་བརྟེན་སྒྲུབ་པའི་འོས་གྱུར་རྣམས་། །ཟག་མེད་འདོད་ཡོན་མཆོད་པའི་རྫས། །ཉེར་སྤྱོད་སྨན་རཀ་བ་ལིང་ཏ། །དགྲ་བགེགས་བསྒྲལ་བའི་ཤ་རུས་སོགས། །རང་རང་མཐུན་པའི་རྟེན་རྫས་རིགས། །དངོས་བཤམས་ཡིད་ཀྱིས་སྤྲུལ་ནས་འབུལ། །དམ་ཚིག་གཉན་པོ་རྗེས་དགོངས་ཏེ། །སངས་རྒྱས་བསྟན་པ་དར་བ་དང་། །བསྟན་འཛིན་སྐྱེས་བུའི་ཕྲིན་ལས་སྒྲུབ། །ཁྱད་པར་རྣལ་འབྱོར་བདག་ཅག་ལ། །ཞི་རྒྱས་དབང་དྲག་མཆོག་ལ་སོགས། །གང་འདོད་འབྲས་བུ་མཆིས་པར་མཛོད། །མདོར་ན་འདི་ནས་བྱང་ཆུབ་བར། །མི་འབྲལ་ལུས་དང་གྲིབ་བཞིན་འགྲོགས། །རྟག་ཏུ་སྲུང་སྐྱོབ་ཕྲིན་ལས་ཀྱིས། །དོན་གཉིས་བསམ་ཀུན་འགྲུབ་པར་མཛོད། །ཅེས་དམ་ཅན་སྤྱི་གཏོར་ནང་དུ་འཛུད་རྒྱུའི་གསོལ་བསྡུས་ཉེར་མཁོ་འདི་ཡང་མོས་ལྡན་དམ་པའི་ངོར་བི་ཛ་ཡས་འཕྲལ་མར་བརྗོད་པ་དགེ །

རྩ་གསུམ་གྱི་གཏོར་འབུལ་ཁྱེར་བདེ་གྲུབ་གཉིས་ཆར་འབེབས།

༄༅། །རྩ་གསུམ་གྱི་གཏོར་འབུལ་ཁྱེར་བདེ་གྲུབ་གཉིས་ཆར་འབེབས་བཞུགས་སོ། །ན་མོ་པདྨཱ་ཀ་ར་ཡེ། འདིར་སྐྱབས་སེམས་སྔོན་དུ་འགྲོ་བའི་རང་ཉིད་གཉུག་མའི་ལྷ་གང་ཡང་རུང་བའི་སྐུར་ལམ་གྱིས་གསལ་ཞིང་མཆོད་གཏོར་སོགས་འབྲུ་གསུམ་གྱི་སྔགས་ཀྱིས་བྱིན་གྱིས་རླབས་ལ་འདི་སྐད་དོ། །ཧྲཱིཿཡེ་གྲོལ་ཀ་དག་སྤྲོས་པ་བྲལ་བའི་ཀློང་། །ལྷུན་གྲུབ་ཡེ་ཤེས་ལྔ་ལྡན་གཞལ་མེད་དབུས། །རིག་རྩལ་མ་འགགས་རྩ་གསུམ་འཁོར་ལོའི་སྤྲིན། །དམ་ཡེ་དབྱེར་མེད་དཀྱིལ་འཁོར་ཆེན་པོར་བཞུགས། །སྣང་སྲིད་བྷནྡྷ་འབར་བའི་གཏོར་གཞོང་དུ། །ཚོགས་དྲུག་རང་གྲོལ་འདོད་ཡོན་དམ་ཚིག་རྫས། །མ་ཚང་མེད་པའི་ཟག་མེད་མཆོད་སྤྲིན་འདིས། །རིགས་ཀུན་ཁྱབ་བདག་རྩ་རྒྱུད་བླ་མ་དང་། །དངོས་གྲུབ་ཆར་འབེབས་ཡི་དམ་ཞི་ཁྲོའི་ལྷ། །གནས་གསུམ་མཁའ་འགྲོ་དམ་ཅན་གཏེར་སྲུང་ཚོགས། །རབ་འབྱམས་རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་མཆོད། ཁྱད་པར་དཔལ་མགོན་ལེགས་ལྡན་ཚོགས་ཀྱི་བདག །ཕྱག་བཞི་པ་དང་མགོན་དཀར་ཚེ་ཡི་བདག །མ་ནིང་སྟག་ཞོན་བིང་ལ་སོགས་པ་ཡིས། །ཡེ་ཤེས་མགོན་པོ་འཁོར་དང་བཅས་ཀུན་མཆོད། །ཨེ་ཀ་ཛ་ཊི་སྡེ་བདུན་གཙོ་རྐྱང་དང་། །རང་བྱུང་རྒྱལ་མོ་གཤོག་རྒོད་སྲོག་སྒྲུབ་རྣམས། །གཟའ་རྒོད་བཤན་པ་དམར་ནག་རྡོ་རྗེ་ལེགས། །ཞིང་སྐྱོང་སེང་གདོང་དུར་ཁྲོད་དབང་མོ་དང་། །བསྟན་མ་བཅུ་གཉིས་དཀོར་བདག་པེ་ཧར་སོགས། །བསྟན་སྲུང་གཉན་པོ་འཁོར་དང་བཅས་ཀུན་མཆོད། །རྣམ་སྲས་ཕྱི་ནང་གསང་བ་ཡང་གསང་བཅས། །ཞང་བློན་ཛམ་དམར་དབང་ཕྱུག་ཆེན་པོ་སོགས། །ནོར་ལྷ་གཏེར་བདག་དཀར་ཕྱོགས་སྐྱོང་བའི་གཉན། །དམ་ལྡན་ཆོས་སྲུང་འཁོར་དང་བཅས་ཀུན་མཆོད། །ཡེ་ནས་དག་མཉམ་ཆོས་སྐུའི་ཀློང་ཡངས་སུ། །མ་དག་གཟུང་འཛིན་རྡུལ་ཙམ་མ་དམིགས་ཀྱང་། །ཀུན་རྫོབ་སྣང་ངོར་འདས་དང་མ་འདས་ཚུལ། །རབ་འབྱམས་དཀྱིལ་འཁོར་འཁོར་ལོ་སྟོན་ལ་འདུད། །དུག་ལྔ་རང་སར་གྲོལ་བའི་ཨམྲྀ་ཏ། །གཟུང་འཛིན་ཉོན་མོངས་བསྒྲལ་བའི་དམར་ཆེན་བཅུད། །བདེ་སྟོང་འདུ་འབྲལ་མེད་པའི་གཏེར་ཆེན་པོས། །རང་བྱུང་རང་ཤར་དཀྱིལ་འཁོར་ལྷ་ཚོགས་བསྐང་། །ཉམས་ཆག་འགལ་འཁྲུལ་ཆོས་ཀྱི་དབྱིངས་སུ་བཤགས། །ཕྱི་ནང་གསང་བའི་བར་ཆད་དབྱིངས་སུ་བཟློག །འདི་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་བར། །མི་འབྲལ་རྩ་གསུམ་ཆོས་སྲུང་གཉན་པོའི་ཚོགས། །བརྟེན་སྒྲུབ་མཆོད་ཅིང་བསྙེན་པའི་ལེགས་བྱས་ཀྱིས། །དོན་གཉིས་བསམ་ཀུན་འགྲུབ་པའི་དགའ་སྟོན་སྩོལ། །རྒྱལ་བའི་བསྟན་དར་བསྟན་འཛིན་ཞབས་པད་བརྟན། །གང་ལྗོངས་བདེ་སྐྱིད་ཀླ་ཀློའི་འཇིགས་ཀུན་ཞི། །བཤད་སྒྲུབ་སྡེ་འཕེལ་དགེ་བཅུའི་མངའ་ཐང་དང་། །རྫོགས་ལྡན་དཔལ་འབྱོར་དར་བའི་བཀྲ་ཤིས་ཤོག །ཅེས་བརྗོད་མཆོད་གཏོར་གཙང་སར་འབུལ་བ་སོགས་རྗེས་སྤྱིར་ལྟར་བྱའོ། །འདི་ཡང་དམ་པ་དུ་མས་གསུང་བསྐུལ་གནང་ངོར་སྙོམ་ལས་པ་གཞན་ཕན་ཆོས་ཀྱི་བློ་གྲོས་ཀྱིས་བྲིས་པ་དགེ །༈ ན་མོ་གུ་རུ་བཛྲ་ངྷཱ་ར་ཡ། རྒྱུན་གྱི་གསོལ་མཆོད་ཤིན་ཏུ་བསྡུས་པར་སྤྲོ་ན། མཆོད་གཏོར་སོགས་གང་འཛོམས་བཤམས་ལ། རང་ཉིད་ལྷར་གསལ་ཐུགས་ལས་རྃ་ཡྃ་ཁྃ། །འཕྲོས་པས་མཆོད་རྫས་མ་དག་ཉེས་སྐྱོན་སྦྱངས། །ༀ་ཨཱཿཧཱུྃ་གིས་ཟག་མེད་བདུ་རྩིའི་བཅུད། །མི་འཛད་ནམ་མཁའ་མཛོད་ཀྱི་འཁོར་ལོར་གྱུར། །ཧཱུྃ། འོག་མིན་གནས་དང་དུར་ཁྲོད་དྲག་པོའི་ཞིང་། །རང་རང་གནས་ནས་རྒྱུད་གསུམ་དམ་ཅན་ཚོགས། །ཐུགས་དམ་དབང་གིས་སྤྱན་འདྲེན་འདིར་གཤེགས་ལ། །རང་མཐུན་གདན་ལ་དགྱེས་པར་བཞུགས་སུ་གསོལ། །སྒོ་ལྔ་ལོངས་སྤྱོད་ཕྱི་ཡི་མཆོད་པ་དང་། །སྨན་རཀ་གཏོར་གསུམ་སྦྱོར་སྒྲོལ་ནང་གི་མཆོད། འཁོར་འདས་མཉམ་སྦྱོར་བདེ་ཆེན་གསང་མཆོད་རྣམས། །གུས་པས་འབུལ་གྱི་བརྩེ་བས་བཞེས་སུ་གསོལ། །བདེ་ཆེན་བྱང་ཆུབ་སེམས་ཀྱི་རང་རྩལ་ལས། །ཡེ་ཤེས་འཇིག་རྟེན་སྣ་ཚོགས་སྐུར་སྟོན་པས། །རྒྱལ་བསྟན་སྲུང་ཞིང་སྒྲུབ་མཆོག་སྐྱོང་མཛད་པའི། །དམ་ཅན་སྲུང་མའི་ཚོགས་ལ་ཕྱག་འཚལ་བསྟོད། །འཇིག་རྟེན་ལྷ་མིའི་དཀོར་ནོར་སྤྱན་གཟིགས་རིགས། །ཕྱི་ནང་གསང་བ་སྒྲུབ་དང་མཆོད་སྐོང་རྫས། །དངོས་འབྱོར་ཡིད་སྤྲུལ་ནམ་མཁའ་མཛོད་ཀྱི་སྒོ། །བཞེད་དགུར་འཆར་བས་ཐུགས་དམ་གཉན་པོ་བསྐང་། །མི་མཐུན་ཐུགས་འགལ་ཉམས་ཆག་མ་ལུས་བཤགས། །སྒྲུབ་མཆོག་རྣལ་འབྱོར་མགོན་དུ་མངའ་གསོལ་ན། །སྔོན་གྱི་ཐ་ཚིག་གཉན་པོ་རྗེས་དགོངས་ལ། །དོན་གཉིས་འདོད་དགུར་འཇོ་བའི་ཕྲིན་ལས་མཛོད། །ནད་མུག་མཚོན་འཁྲུགས་འབྱུང་བཞིའི་འཇིགས་སོགས་ཞི། །ཚེ་བསོད་དཔལ་འབྱོར་བཤད་སྒྲུབ་བསྟན་པ་རྒྱས། སྣང་སྲིད་སྐྱེ་འགྲོ་མོས་བཞིས་དབང་དུ་བསྡུས། །ཕས་རྒོལ་བསམ་ངན་སྦྱོར་རྩུབ་ཚར་གཅོད་མཛོད། །དམ་ཉམས་དགྲ་བོའི་ཤ་རུས་ཞལ་དུ་བཞེས། །ཕྱོགས་ལས་རྣམ་རྒྱལ་ཕན་བདེའི་དགའ་སྟོན་གྱིས། །སྒྲུབ་མཆོག་བྱང་ཆུབ་བར་དུ་རྗེས་སྐྱོངས་ལ། །མཐུན་པའི་རྟེན་འདིར་རྟག་པར་དགྱེས་བཞུགས་མཛོད། །རྩ་བརྒྱུད་བླ་མའི་བྱིན་རླབས་སྤྲིན་ཆེན་འཁྲིགས། །ཡི་དམ་ཞི་ཁྲོའི་དངོས་གྲུབ་ཆར་རྒྱུན་འཇོ། །མཁའ་འགྲོ་དམ་ཅན་ཕྲིན་ལས་གློག་ཕྲེང་མཛེས། །བདེ་ལེགས་འབྲུག་སྒྲས་ཕྱོགས་ཀུན་ཁྱབ་གྱུར་ཅིག །ཅེས་མཆོད་གཏོར་གཙང་སར་འབུལ་ལོ། །ཞེས་པའང་རིག་འཛིན་གྱི་བཙུན་པ་བི་ཛ་ཡས་སོ། །

གསོལ་བསྡུས་དངོས་གྲུབ་རྫིང་བུ།

༄༅། །གསོལ་བསྡུས་དངོས་གྲུབ་རྫིང་བུ་བཞུགས། ཧཱུྃ། ཀུན་བཟང་ཧེ་རུ་ཀ་དཔལ་པདྨ་འབྱུང་། །བརྒྱུད་གསུམ་རིག་འཛིན་བླ་མའི་སྤྱན་སྔ་རུ། །སངས་རྒྱས་བསྟན་པ་སྲུང་བར་དམ་ནོས་པའི། །ཡེ་ཤེས་ལས་དང་འཇིག་རྟེན་དྲེགས་པའི་ཚོགས། །རང་རང་འཁོར་གཡོག་སྤྲུལ་པ་ཡང་སྤྲུལ་བཅས། །འདིར་གཤེགས་རང་མཐུན་གདན་ལ་དགྱེས་པར་བཞུགས། །ཉེར་སྤྱོད་འདོད་ཡོན་ལྷ་མིའི་འབྱོར་བའི་ཚོགས། །དྲག་པོའི་མཐུན་རྫས་སྨན་རཀ་བ་ལིངྟ། །སྦྱོར་སྒྲོལ་གླུ་གར་ཕྱག་རྒྱ་རོལ་མོ་སོགས། །མ་ཚང་མེད་པའི་མཆོད་སྤྲིན་རྒྱ་མཚོས་མཆོད། །ཡེ་ཤེས་སྤྱན་གྱིས་ཁམས་གསུམ་ས་ལེར་གཟིགས། །ཐུགས་རྗེ་ཆེན་པོས་སྒྲུབ་མཆོག་བུ་བཞིན་སྐྱོང་། །ནུས་མཐུ་ཚད་མེད་ཉམས་པ་སྒྲོལ་བའི་གཤེད། །དམ་ལྡན་བསྟན་སྲུང་ཚོགས་ལ་ཕྱག་འཚལ་བསྟོད། །ཏིང་འཛིན་ནམ་མཁའ་མཛོད་ཀྱི་རོལ་མོ་ལས། །བྱུང་བའི་ཕྱི་ནང་གསང་སྒྲུབ་མཆོད་བསྐང་རྫས། །ཆོས་དབྱིངས་རབ་འབྱམས་ནམ་མཁའི་མཐར་ཁྱབ་པས། །རྒྱུད་གསུམ་དམ་ཅན་སྲུང་མའི་ཐུགས་དམ་བསྐང་། །རྩ་བ་ཡན་ལག་དམ་ཚིག་ཆག་ཉམས་སོགས། །མི་མཐུན་ཐུགས་འགལ་ནོངས་པ་ཅི་མཆིས་བཤགས། །དགྱེས་པའི་ཞལ་བཟང་དེང་འདིར་སྟོན་པར་མཛོད། །ཁྱེད་རྣམས་དམ་ལྡན་བསྟན་པའི་གཉེར་ཁ་བ། །བདག་ཅག་རིག་འཛིན་གོང་མའི་རྗེས་སུ་ཞུགས། །གཡོ་སྒྱུ་མེད་པས་དཀོན་མཆོག་གཙུག་ཏུ་ཁུར། །ལྷག་བསམ་དག་པས་སྤང་ཀློག་བྱ་བར་བརྩོན། །རྒྱལ་མཚན་དམ་པར་ཁྱེད་རྣམས་འཕྱར་ལགས་ན། །སྔོན་གྱི་ཐ་ཚིག་གཉན་པོ་རྗེས་དགོངས་ལ། །སྲུང་སྐྱོབ་ཕྲིན་ལས་རྣམ་བཞིའི་སྒོ་འཕར་ཕྱེས། །རྒྱལ་བསྟན་སྤྱི་དང་ཁྱད་པར་སྔ་འགྱུར་གྱི། །བསྟན་པ་རིན་ཆེན་ཕྱོགས་མཐར་རྒྱས་པ་དང་། །དེར་འཛིན་སྐྱེས་བུའི་སྐུ་ཚེ་མཛད་ཕྲིན་སྤེལ། །དགེ་འདུན་སྡེ་ཚོགས་དབྱར་མཚོ་ལྟར་འཕེལ་མཛོད། །ཀུན་ཀྱང་ལྟ་སྤྱོད་ཏིང་འཛིན་དོན་མཐུན་ཞིང་། །ཚུལ་ཁྲིམས་རྣམ་དག་མང་དུ་ཐོས་པས་ཕྱུག །བཤད་སྒྲུབ་བསྟན་པ་ཡར་ཟླའི་དཔལ་ལྟར་འཕེལ། །སྙན་གྲགས་འཛམ་གླིང་ཡོངས་ལ་ཁྱབ་པར་མཛོད། །སྐྱེ་དགུ་མཐའ་དག་དཀོན་མཆོག་བསྟན་ལ་གུས། །ཆོས་སྲིད་ཕྲིན་ལས་མི་ཉམས་སྲིད་མཐར་རྒྱས། །སྣོད་བཅུད་བདེ་སྐྱིད་དགེ་བཅུའི་དཔལ་གྱིས་འཚོ། །རྫོགས་ལྡན་དུས་སྟོན་གསར་དུ་ངོམས་པར་མཛོད། །བསྟན་ལ་འཚེ་བའི་མི་དང་མི་མིན་རིགས། །མཐུ་སྟོབས་གནམ་ལྕགས་རྡོ་རྗེའི་མེ་ཆར་གྱིས། །སྟོབས་འབྱོར་སྡེར་བཅས་ཐལ་བའི་རྡུལ་དུ་རློགས། །ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་མཛོད། །མདོར་ན་འདི་ནས་བྱང་ཆུབ་སྙིང་པོའི་བར། །མི་འབྲལ་ལུས་དང་གྲིབ་མ་བཞིན་འགྲོགས་ཏེ། །བྱང་ཆུབ་ལམ་གྱི་འགལ་རྐྱེན་ཀུན་སེལ་ཞིང་། །བསམ་པའི་དོན་ཀུན་ཡིད་བཞིན་འགྲུབ་པར་མཛོད། །ཕུན་ཚོགས་དགེ་ལེགས་བྱེ་བའི་སྤྲིན་ཆེན་ལས། །གྲུབ་གཉིས་འདོད་དགུའི་གྲུབ་ཆར་འཇོ་བ་ཡིས། །ས་གསུམ་ཕན་བདེའི་མྱུ་གུ་བསྐྱེད་བསྲིང་བའི། །བཀྲ་ཤིས་ཕྱོགས་དུས་ཀུན་ན་ཁྱབ་གྱུར་ཅིག །ཅེས་པའང་སློབ་གྲྭ་གསར་དུ་འཛུགས་པའི་སྐབས་རིག་འཛིན་གྱི་བཙུན་པ་རྡོ་རྗེ་དབང་མཆོག་དགྱེས་པ་རྩལ་གྱིས་བྲིས་ཤིང་ཕྲིན་ལས་གསོལ་བ་དགེ །

རྩ་གསུམ་ནོར་ལྷའི་གསོལ་བསྡུས་འདོད་དགུའི་ཆར་འབེབས།

༄༅། །རྩ་གསུམ་ནོར་ལྷའི་གསོལ་བསྡུས་འདོད་དགུའི་ཆར་འབེབས་བཞུགས། ཛཾ། ཚོགས་གཉིས་ནོར་བུ་རྒྱས་པའི་སྤྲིན་ཆེན་ལས། །དགེ་ལེགས་འདོད་དགུའི་ཆར་རྒྱུན་འབེབས་མཛད་པའི། །རབ་འབྱམས་རྩ་གསུམ་ནོར་ལྷའི་ཚོགས་རྣམས་དང་། །ཁྱད་པར་རྨུག་འཛིན་གཏེར་བདག་འཁོར་བཅས་གཤེགས། །ཉེར་སྤྱོད་འདོད་ཡོན་ཤིས་པའི་རྫས་རྟགས་བརྒྱད། །རིན་ཆེན་སྣ་བདུན་ལྷ་མིའི་འབྱོར་པའི་ཚོགས། །ཟག་མེད་ཀུན་བཟང་མཆོད་པའི་སྤྲིན་ཆེན་པོས། །རྩ་གསུམ་ནོར་ལྷའི་ཚོགས་རྣམས་མཉེས་པར་བགྱི། །སྦྱིན་པའི་ཕར་ཕྱིན་ཡོངས་སུ་རྫོགས་པའི་སྐུ། །དྲན་པ་ཙམ་གྱིས་ཕུན་ཚོགས་སྡེ་བཞིའི་དཔལ། །ཅིག་ཅར་སྦྱིན་མཛད་བུམ་བཟང་དཔག་བསམ་ཤིང་། །རྩ་གསུམ་ནོར་ལྷའི་ཚོགས་ལ་ཕྱག་འཚལ་བསྟོད། །འཕགས་པ་ནམ་མཁའ་མཛོད་ལ་མངའ་བརྙེས་ཤིང་། །ས་གསུམ་དབུལ་བའི་གདུང་བ་འཕྲོག་ལགས་ན། །དེང་འདིར་ཆོས་འབྱོར་འདོད་དགུའི་ཆར་བཟང་པོས། །ཡིད་ལ་བསམ་པ་མཐའ་དག་རྫོགས་པར་མཛོད། །སྲིད་ཞིའི་ཕན་བདེ་མ་ལུས་འབྱུང་བའི་གནས། །ཀུན་མཁྱེན་བསྟན་པའི་སྙིང་པོ་ལུང་རྟོགས་ཆོས། །ཚུལ་བཞིན་འཛིན་མཛད་བཤད་དང་སྒྲུབ་པའི་སྡེའི། །འཚོ་སྐྱོང་ཡོན་གྱི་བདག་པོ་ཁྱེད་ཀྱིས་མཛོད། །འགུག་བྱེད་ཟེར་གྱིས་སྲིད་གསུམ་དབང་དུ་སྡུས། །དཔལ་འབྱོར་འཛད་མེད་དབྱར་ཀྱི་མཚོ་ལྟར་བསྐྱིལ། །ཕྱོགས་ལས་རྣམ་རྒྱལ་སྙན་གྲགས་དབྱར་གྱི་རྔས། །ཕྱོགས་དུས་འཇིག་རྟེན་ཀུན་ཏུ་ཁྱབ་པར་མཛོད། །བསླབ་པ་གསུམ་ལྡན་དགེ་འདུན་འདུ་བ་འཕེལ། །རྟོན་པ་བཞི་ལྡན་བཤད་སྒྲུབ་ཕྲིན་ལས་རྒྱས། །འབྲེལ་ཚད་དོན་ལྡན་ཐུབ་བསྟན་ཡུན་དུ་གནས། །ལེགས་པར་ཀུན་ལྡན་བཀྲ་ཤིས་རྟག་ཁྱབ་ཤོག །ཅེས་ཚིགས་སུ་བཅད་པ་འཕགས་ནོར་གྱི་གྲངས་ལྡན་འདིའང་བསླབ་གྲྭ་གསར་འཛུགས་ཀྱི་སྐབས་སུ་རྒྱལ་སྲས་གཞན་ཕན་ཆོས་ཀྱི་བློ་གྲོས་ཀྱིས་བྲིས་ཤིང་ཕྲིན་ལས་སུ་གསོལ་བ་དགེ །༈ ཧྲཱིཿམཆོག་སྦྱིན་རྫོགས་ལྡན་ནོར་བུའི་སྤྲིན་ཆེན་ལས། །དགེ་ལེགས་འདོད་དགུའི་ཆར་འབེབས་པདྨ་འབྱུང་། །རབ་འབྱམས་རྩ་གསུམ་དཀྱིལ་འཁོར་འཁོར་ལོའི་ལྷར། །གསོལ་ལོ་མཆོད་དོ་བདག་རྒྱུད་བྱིན་གྱིས་རློབས། །རྡོ་རྗེའི་རྟ་སྐད་རྔམ་པའི་བཞད་སྒྲ་ཡིས། །སྲིད་གསུམ་དབང་སྒྱུར་ཆེ་བཙན་དྲེགས་པའི་རྗེ། །འཆོལ་བའི་ཁྲོ་རྒྱལ་གཏུམ་ཆེན་ལྕགས་རལ་ཅན། །གསོལ་ལོ་མཆོད་དོ་མཆོག་ཐུན་དངོས་གྲུབ་སྩོལ། །ཡེ་ཤེས་ཀློང་དགུའི་རྩལ་ལས་རང་ཤར་བའི། །འདས་དང་མ་འདས་ཆ་མཉམ་ཚོམ་བུ་དགུ། །བཀའ་གཏེར་བསྟན་སྐྱོང་དམ་ཚིག་རྗེས་གཅོད་རྣམས། །གསོལ་ལོ་མཆོད་དོ་ལས་བཞིའི་དངོས་གྲུབ་སྩོལ། །ཁྱད་པར་ཡེ་ཤེས་མགོན་པོ་ཚོགས་ཀྱི་བདག །དགྲ་ལྷ་བཅུ་གསུམ་དམ་ཅན་ཞིང་སྐྱོང་སོགས། །རྟག་ཏུ་བརྟེན་ཅིང་མཆོད་པའི་ལྷ་སྲུང་རྣམས། །གསོལ་ལོ་མཆོད་དོ་སྒྲུབ་མཆོག་བུ་བཞིན་སྐྱོངས། །དེ་ལྟར་གུས་པས་གསོལ་མཆོད་ཕུལ་བའི་མཐུས། །རྒྱལ་བའི་བསྟན་དར་བསྟན་འཛིན་ཞབས་པད་བརྟན། །བོད་ཁམས་བདེ་སྐྱིད་སྡེ་བཞིའི་དཔལ་འབྱོར་རྒྱས། །ཕུན་ཚོགས་བསམ་ཀུན་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་པའང་དད་དམ་ཐུགས་སྨོན་དཀར་བ་ཝ་ཤུལ་རྡོ་ལིའི་བཞེད་ངོར་དུ་པདྨ་བི་ཛས་བྲིས་པ་དགེ་ལེགས་འཕེལ། ༈ ཧཱུྃ། ཀུན་བཟང་པདྨའི་བཀའ་བརྒྱུད་འཛིན་མཛད་པ། །རིག་འཛིན་བརྒྱུད་པའི་ཐ་ཚིག་ལ་གནས་པའི། །བཀའ་དང་གཏེར་བདག་དམ་ཅན་རྒྱ་མཚོའི་ཚོགས། །གསོལ་ལོ་མཆོད་དོ་འདོད་དོན་ཀུན་འགྲུབ་མཛོད། །པདྨ་བི་ཛས་བྲིས་པ་དགེ །༈ ཨ། དབྱིངས་ལས་ཡེ་ཤེས་རང་ཤར་ཨེ་ཀ་ཛ། །འོད་གསལ་རིག་པ་ཟང་ཐལ་རཱ་ཧུ་ལ། །ཟུང་འཇུག་དྭངས་མའི་ཐིག་ལེ་རྡོ་རྗེ་ལེགས། །ཐུགས་རྗེའི་ཆོ་འཕྲུལ་བསམ་ཡས་རིགས་པའི་ཚོགས། །དགོངས་བརྡའ་སྙན་བརྒྱུད་བླ་མའི་ཐ་ཚིག་བཞིན། །དམ་ཚིག་གསང་བའི་གནས་འདིར་གཤེགས་སུ་གསོལ། །སྒོ་ལྔ་རྒྱ་ཡན་ཚོགས་དྲུག་འཛིན་བྲལ་གཤིས། །ཅིར་སྣང་འདོད་ཡོན་ཡེ་ཤེས་རོལ་པའི་རྒྱན། །དུག་ལྔ་གནས་སུ་དག་པའི་ཨ་མྲྀ་ཏ། །སྲིད་རྩ་དབྱིངས་སུ་བསྒྲལ་བའི་དམར་ཆེན་པོ། །ཕུང་ཁམས་སྐྱེ་མཆེད་རྣམ་དག་བ་ལིངྟ། །ཡེ་གྲོལ་གདོད་མའི་དབྱིངས་སུ་བཞེས་ནས་ཀྱང་། །རིག་སྟོང་ཆོས་ཟད་རྗེན་པའི་རང་མདངས་མཆོག །ཤེས་ཉམས་ཡིད་དཔྱོད་འཛིན་པ་ལས་གྲོལ་ཞིང་། །འོད་གསལ་ལྷུན་གྲུབ་སྣང་བཞིའི་གསེང་ལམ་ནས། །འཕོ་ཆེན་འཇའ་ལུས་འགྲུབ་པའི་གྲོགས་མཛོད་ཅིག །གནས་སྐབས་སུ་ཡང་བྱང་ཆུབ་ལམ་གྱི་གེགས། །མི་མཐུན་ཉེས་བརྒྱའི་འཇིགས་པ་ཀུན་ཞི་ཞིང་། །ལས་བཞི་གྲུབ་པ་བརྒྱད་སོགས་ཐུན་མོང་དང་། །མཆོག་དངོས་འདོད་པ་ཡིད་བཞིན་འཇོ་བར་མཛོད། །གངས་ལྗོངས་བཤད་སྒྲུབ་བསྟན་པའི་དར་ཤམ་རྩེར། །འོད་གསལ་རྡོ་རྗེ་རྩེ་མོའི་ཏོག་འབར་བས། །དམན་ལམ་ཡིད་དཔྱོད་གྲུབ་མཐས་བརྫི་མིན་པར། །གྲོལ་བ་དྲུག་གི་ཕྲིན་ལས་ཀུན་ཁྱབ་མཛོད། །ཅེས་པའང་ལུང་རྟོགས་བསྟན་པའི་མངའ་བདག་མཆོག་གི་བཞེད་སྐོང་དུ། སྔགས་བཙུན་རྡོ་རྗེ་དབང་མཆོག་དགྱེས་རབ་རྩལ་གྱིས་བྲིས་ཤིང་ཕྲིན་ལས་སུ་གསོལ་བ་ཛ་ཡནྟུ། ༈ བྷྱོཿསྐྱེ་བ་མེད་པའི་མཁའ་ཀློང་ནས། །འགགས་པ་མེད་པའི་གདངས་ཤར་བའི། །དབྱིངས་ཕྱུག་ཨེ་ཀ་ཛ་ཊི་མ། །འཁོར་བཅས་འདིར་བྱོན་གདན་ལ་བཞུགས། །ཕྱི་ནང་གསང་བའི་མཆོད་པ་བཞེས། །ཐུགས་དམ་བསྐང་ཞིང་ཉམས་ཆག་བཤགས། །ངེས་གསང་བསྟན་པ་བསྲུང་བ་དང་། །སྒྲུབ་མཆོག་བུ་བཞིན་སྐྱོང་བར་མཛོད། །ཅེས་པའང་མཆོག་སྤྲུལ་རིན་པོ་ཆེའི་བཀའ་ཕེབས་བཞིན་རྒན་པོ་བི་ཛས་སོ། །༈ བྷྱོཿསྐྱེ་བ་མེད་པའི་མཁའ་ཀློང་ནས། །འགགས་པ་མེད་པའི་སྐུར་ཤར་བའི། །དབྱིངས་ཕྱུག་ཨེ་ཀ་ཛཱ་ཊི་མ། །གདུང་བས་འབོད་ཀྱིས་བརྩེ་བས་དགོངས། །ཁྱོད་ནི་དབྱིངས་ཀྱི་མཁའ་འགྲོ་སྟེ། །ཀུན་ཏུ་བཟང་མོའི་སྤྲུལ་པའི་གར། །བཅུ་བདུན་རྒྱུད་ཀྱི་བཀའ་སྲུང་མཆོག །བདག་ནི་རིག་འཛིན་སྒྲུབ་པ་པོ། །རྩོལ་མེད་ཨ་ཏིའི་ལམ་ལ་མོས། །མ་ཅིག་ཁྱོད་ལ་རྟག་ཏུ་བརྟེན། །དེ་ཕྱིར་ལུས་དང་གྲིབ་མ་བཞིན། །འབྲལ་མེད་རྗེས་སུ་སྐྱོང་བར་མཛོད། །སྣང་སྲིད་མ་མོ་མཁའ་འགྲོ་རྣམས། །ཁྱོད་ཀྱི་འཁོར་དང་གཡོག་ལགས་པས། །དམ་རྫས་ཕུད་གཏོར་འདི་བཞེས་ལ། །འཁོར་ལ་བཀའ་ནན་མ་ཆུང་ཅིག །བདག་ཅག་མི་ཤེས་བག་མེད་པས། །རྡོ་རྗེའི་དཔོན་ལ་བརྙས་པ་དང་། །མཆེད་ལ་འཁུ་ཞིང་འཁོར་ལ་ཁྲོ། །གསང་བ་གཡེལ་ཞིང་དམ་ལས་འགལ། །ཐུགས་འགལ་ནོངས་ཀུན་མཐོལ་བཤགས་ན། །མི་མཐུན་དལ་ཡམས་མཚོན་འཁྲུགས་སོགས། །མ་མོ་འཁྲུགས་པའི་ཉེས་ཀུན་ཞི། །མཐུན་རྐྱེན་ཚེ་བསོད་འབྱོར་དྲུག་རྒྱས། །སྲིད་ཞིའི་དཔལ་ཀུན་དབང་དུ་བསྡུས། །མི་དང་མི་མིན་འཚེ་བ་དང་། །ཁྱད་པར་ཀླ་ཀློའི་གཡོ་འཕྲུལ་བཟློག །ཐེག་མཆོག་བསྟན་པ་དར་བ་དང་། །བསྟན་འཛིན་ཞབས་བརྟན་བཤད་སྒྲུབ་འཕེལ། །བོད་ཁམས་བདེ་སྐྱིད་དགེ་ལ་སྤྱོད། །དོན་གཉིས་མཐར་ཕྱིན་དངོས་གྲུབ་སྩོལ། །ཅེས་པའང་སྔགས་བཙུན་རྡོ་རྗེ་དབང་མཆོག་དགྱེས་རབ་རྩལ་གྱིས་བྲིས་པ་དགེ །༈ བྷྱོཿཟག་མེད་བདེ་ཆེན་སྒྱུ་འཕྲུལ་རྡོ་རྗེའི་སྤྲིན། །ཕྱི་ནང་གསང་བ་མཆོད་སྐོང་སྒྲུབ་པའི་རྫས། །མ་ཚང་མེད་པའི་འདོད་ཡོན་རྒྱ་ཆེན་པོས། །དབྱིངས་ཀྱི་ཡུམ་ཆེན་ཨེ་ཀ་ཛ་ཊི་དང་། །དྲང་སྲོང་གཟའ་ཡི་དགེ་བསྙེན་རཱ་ཧུ་ལ། །སྐྱེས་མཆོག་བཛྲ་ས་དྷཱུ་སྤྲུལ་འཁོར་སོགས། །ཨ་ཏིའི་བསྟན་སྲུང་ཡོངས་ཀྱི་ཐུགས་དམ་བསྐངས། །ཉམས་ཆག་འགལ་འཁྲུལ་ཞིག་རལ་དབྱིངས་སུ་བཤགས། །སྒྲུབ་མཆོག་རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ཞི་སོགས་ཕྲིན་ལས་རྣམ་བཞིའི་སྒོ་འཕར་ཕྱེས། །སྲུང་སྐྱོབ་སྡོང་གྲོགས་གཡེལ་བ་མེད་པ་ཡིས། །འདོད་དོན་བསམ་པའི་དོན་ཀུན་འགྲུབ་པར་མཛོད། །ཁྱད་པར་ཕྱི་རུ་ཡུལ་སྣང་བདེན་ཞེན་ཤིག །ནང་དུ་རྩ་རླུང་འཁྲུགས་པའི་སུན་མ་བཟློག །གསང་བ་སེམས་བྱུང་རྙོག་པའི་དྲི་མ་སོལ། །སྣང་བཞིའི་ལམ་མཐར་ཕྱིན་པའི་ཕྲིན་ལས་མཛོད། །ཅེས་པའང་ངེས་གསང་ཨ་ཏིའི་བསྟན་འཛིན་མཚུངས་བྲལ་མཆོག་གི་བཞེད་སྐོང་དུ། རིག་འཛིན་གྱི་བཙུན་པ་རྡོ་རྗེ་དབང་མཆོག་དགྱེས་རབ་རྩལ་གྱིས་བྲིས་པ་དགེ །

གར་གྱི་དབང་ཕྱུག་ལྷ་ཆེན་ལྕམ་དྲལ་གྱི་གཏོར་ཆོག་འདོད་འཇོའི་བུམ་བཟང་།

༄༅། །གར་གྱི་དབང་ཕྱུག་ལྷ་ཆེན་ལྕམ་དྲལ་གྱི་གཏོར་ཆོག་འདོད་འཇོའི་བུམ་བཟང་བཞུགས་སོ། །ཧྲཱིཿཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་དབང་གིས། །གསང་ཆེན་དཀྱིལ་འཁོར་གཉེན་པོའི་བཀའ་སྲུང་ཆེ། །འཇིག་རྟེན་མེས་པོ་སྲིད་གསུམ་དབང་དུ་བྱེད། །ལྷ་ཆེན་དབང་ཕྱུག་ཨུ་མ་ཡུམ་འཁོར་བཅས། །སྐུ་མདོག་དམར་གསལ་མཛེས་འཛུམ་ཆགས་ཉམས་རྒྱས། །དར་དང་མེ་ཏོག་དམར་པོའི་རྒྱན་གྱིས་བརྒྱན། །ཕྱག་མཚན་ལྕགས་ཀྱུ་ཞགས་པས་སྐྱེ་འགྲོ་ཀུན། །འགུགས་འཆིང་འོད་ཟེར་དམར་པོས་དབང་དུ་སྡུད། །ཆེ་བཙན་དྲེགས་པ་ཡོངས་ཀྱི་རྗེ་བོོ་ཆེ། །དད་པ་དམ་ཚིག་དབང་གིས་སྤྱན་འདྲེན་གཤེགས། །པད་རཀ་ཁང་བཟང་ཟླ་གམ་དབང་གི་ཁྲིར། །དགྱེས་པར་བརྟན་བཞུགས་གུས་པས་ཕྱག་ཀྱང་འཚལ། །དངོས་སུ་བཤམས་དང་ཡིད་ལས་སྤྲུལ་པ་ཡི། །ཕྱི་ནང་གསང་མཆོད་སྨན་རཀ་གཏོར་མ་དང་། །ཁྱད་པར་མཐུན་ཞིང་དགྱེས་པའི་དམ་རྫས་རིགས། །མ་ཚང་མེད་པའི་འདོད་ཡོན་རྒྱ་མཚོ་འབུལ། །མཐུ་སྟོབས་དབང་ཕྱུག་བསྐལ་པའི་མེ་ལྟར་འབར། །འདོད་པའི་ཆགས་པ་ཆེན་པོས་བདེ་ལ་རོལ། །སྣོད་བཅུད་ཡོན་ཏན་མ་ལུས་དབང་དུ་སྡུད། །སྲིད་གསུམ་དབང་ཕྱུག་ཆེན་པོ་ཁྱོད་ལ་བསྟོད། །དབང་དང་དངོས་གྲུབ་ཀུན་གྱི་འབྱུང་གནས་ཆེ། །ཁྱད་པར་ཅན་གྱི་སྲུང་མར་མངའ་དབང་གསོལ། །མི་ཤེས་མ་རིག་བག་མེད་དབང་གྱུར་བའི། །ནོངས་པ་གང་མཆིས་རབ་གནོང་བཟོད་པར་གསོལ། །ལྷ་ཆེན་དབང་ཕྱུག་ཡབ་ཡུམ་འཁོར་དང་བཅས། །སྔོན་ཚེ་པདྨ་གར་དབང་ཨོ་རྒྱན་རྗེ། །རིག་འཛིན་བརྒྱུད་པས་བཀའ་བསྒོས་དམ་བཞག་ཚེ། །ཇི་ལྟར་ཁས་བླངས་བཅོལ་བའི་ཕྲིན་ལས་སྒྲུབས། །སངས་རྒྱས་བསྟན་སྲུངས་དཀོན་མཆོག་དབུ་འཕང་བསྟོད། །དགེ་འདུན་སྡེ་རྒྱས་བཤད་སྒྲུབ་ཕྲིན་ལས་སྤེལ། །འབྱུང་བ་ཁོད་སྙོམས་སྐྱེ་འགྲོ་བདེ་ཞིང་སྐྱིད། །སྣོད་བཅུད་ཕུན་ཚོགས་དཔལ་གྱིས་འབྱོར་པར་མཛོད། །ཁྱད་པར་ཆེ་བཙན་སྟོབས་འབྱོར་དྲེགས་པ་ཅན། །དམིགས་བྱའི་སྙིང་ལ་འགུགས་བྱེད་ལྕགས་ཀྱུས་ཐོབ། །གློག་གི་ཞགས་པས་ཡིད་ཆིང་དབང་མེད་དྲོང་། །མོས་པ་རྣམ་བཞིས་དབང་དུ་བསྡུ་བར་མཛོད། །ལྷག་བསམ་དག་པས་བསྟན་དང་འགྲོ་བའི་དོན། །བསྒྲུབ་ལ་ཕྲིན་ལས་རྣམ་བཞི་ལྷུན་གྱིས་འགྲུབ། །དངོས་གྲུབ་རྒྱ་མཚོའི་དཔལ་གྱིས་འབྱོར་པ་ཡི། །འདོད་དོན་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་པའང་ཁྱད་པར་གྱི་སྲུང་མ་ལྷ་ཆེན་ལྕམ་དྲལ་ལ་ཕྲིན་ལས་སུ་བཅོལ་བ་འདིའང་། དུས་ཚེས་བཟང་པོར་སྤྲུལ་མིང་པདྨ་བི་ཛས་བྲིས་པ་དགེ །༈ ཛཿཀ་ར་བུ་རའི་མེ་ཏོག་མདངས་འཕྲོག་པའི། །ཁ་དོག་རབ་དམར་ཁྲོ་ཆགས་སྒེག་པའི་ཉམས། །ག་རུ་བལྟས་ཀུན་འདོད་པས་དབང་བྱེད་པའི། །ང་ཡི་གྲོགས་པོ་མ་ཧཱ་དེ་ཝར་འབོད། །ཅ་ག་ལྷ་རྫས་འདོད་ཡོན་དཀོར་ནོར་རིགས། །ཆ་ཤས་ཡོངས་རྫོགས་མཆོད་སྐོང་སྒྲུབ་པའི་རྫས། །ཇ་ཆང་མངར་གསུམ་ཕུད་ཀྱིས་མཆོད་ལགས་ན། །ཉ་རྒྱས་ཟླ་འདྲའི་དགྱེས་པའི་ཞལ་རས་སྟོན། །ཏ་ཐཱ་ག་ཏའི་བསྟན་སྲུང་མཐུ་བོོ་ཆེ། ཐ་ཚིག་རྡོ་རྗེའི་དམ་ལ་རྟག་གནས་ཤིང་། །ད་ལྟ་སྒྲུབ་མཆོག་བུ་བཞིན་སྐྱོང་མཛད་པའི། །ན་ཆུང་ཨུ་མའི་བདག་པོ་ཁྱོད་ལ་བསྟོད། །པ་ལ་ལོ་ཀ་ཡོངས་ཀྱི་སྡེ་དཔོན་མཆོག །ཕ་ཁུ་རིགས་ཀྱི་ལྷ་བཞིན་བསྐུར་བྱེད་ན། །བ་གླང་སྤྱོད་སོགས་གླིང་བཞི་རྒྱུ་བའི་འགྲོ། །མ་ལུས་བདག་གི་དབང་དུ་བསྡུ་བར་མཛོད། །ཙ་ར་དཀོར་ནོར་སྲིད་པའི་མཁོ་དགུའི་རྫས། །ཚ་གྲངས་ནད་སེལ་སྨན་མཆོག་བདུད་རྩིའི་རིགས། །ཛྭ་ལ་རིགས་སྔགས་ལས་སྦྱོར་ནུས་མཐུ་ཡི། །ཝ་ཆུའི་རྒྱུན་བཞིན་དངོས་གྲུབ་ཆར་དུ་བསྙིལ། །ཞྭ་ལྟར་ལྷ་ཁྱོད་བསྐུར་ཞིང་མཆོད་སྒྲུབ་ན། །ཟ་མ་ཙམ་ཡང་འབྲལ་མེད་རྗེས་སུ་འགྲོགས། །འ་འུར་ཙམ་མིན་རྣམ་བཞིའི་ཕྲིན་ལས་དོན། །ཡ་མཚན་རྟགས་བཅས་མྱུར་བ་ཉིད་དུ་སྒྲུབས། །ར་བ་བརྟན་ལྡན་ནོར་འཛིན་ཡོངས་པའི་ཁྱོན། །ལ་ལུང་མདོ་གཙང་ཀུན་ལ་དབང་བྱེད་པའི། །ཤ་ཟ་གནོད་སྦྱིན་ཚོགས་རྣམས་ཁྱོད་ཀྱི་འབངས། །ས་བཅུའི་བཀའ་རྟགས་ངེས་པའི་ཆོ་ག་བྱིན། །ཧ་སེ་དགྱེས་པའི་འགྱུར་དབྱངས་དང་བཅས་ཏེ། །དགེ་མཚན་མེ་ཏོག་སིལ་མའི་ཆར་ཆེན་པོས། །རྫོགས་ལྡན་དབྱར་གྱི་དཔལ་མོ་མགྲོན་བོས་པས། །ཨ་ཏིའི་བསྟན་མཆོག་དར་བའི་བཀྲ་ཤིས་ཤོག །ཅེས་དབང་མཛད་ལྷ་ཆེན་མ་ཧཱ་དེ་ཝར་ཕྲིན་ལས་སུ་གསོལ་བ་འདིའང་སྤྲུལ་མིང་པདྨ་བི་ཛས་ཤར་མར་བྲིས་པ་དགེ །

ཞིང་སྐྱོང་དུར་ཁྲོད་མ་མོར་གཏོར་འབུལ་འདོད་འཇོའི་ལྗོན་བཟང་།

༄༅། །ཞིང་སྐྱོང་དུར་ཁྲོད་མ་མོར་གཏོར་འབུལ་འདོད་འཇོའི་ལྗོན་བཟང་ནི། བྷྱོཿཀུན་ཏུ་བཟང་མོ་ཞི་ལས་མ་གཡོས་ཀྱང་། །མ་རུངས་{རུང}ལོག་འདྲེན་འདུལ་ཕྱིར་དྲག་མོའི་སྐུར། །ཡོངས་ཤར་གསང་སྔགས་བཀའ་ཡི་སྲུང་མའི་གཙོ། །ཞིང་སྐྱོང་དུར་ཁྲོད་མ་མོ་གནས་འདིར་བྱོན། །དངོས་སུ་འབྱོར་དང་ཏིང་འཛིན་ལས་སྤྲུལ་པའི། །ཕྱི་ནང་གསང་མཆོད་སྨན་རཀ་གཏོར་མ་སོགས། །མ་ཚང་མེད་པའི་འདོད་ཡོན་དགྱེས་དགུའི་རྫས། །འབུལ་ལོ་བཞེས་ལ་ཐུགས་དམ་གཉན་བསྐོངས་གསོལ། །ཡེ་ཤེས་དབྱིངས་ལས་ཤར་བའི་བསྟན་སྲུང་མ། །འཇིགས་གཟུགས་སྲིན་མོ་ཁྲོས་པའི་སྐུར་སྟོན་ཅིང་། །དགྲ་བགེགས་སྲོག་དབུགས་ལེན་པའི་མཐུ་མོ་ཆེ། །ཞིང་སྐྱོང་མ་མོ་འཁོར་དང་བཅས་ལ་བསྟོད། །བདག་ནི་ཨོ་རྒྱན་རྗེས་འཇུག་རིག་པ་འཛིན། །ཁྱོད་ནི་གསང་སྔགས་སྲུང་མ་དམ་ཚིག་ཅན། །སྔོན་ཚེ་ཁས་བླངས་དམ་བཅས་ཇི་བཞིན་དུ། །རྣལ་འབྱོར་བཅོལ་པའི་ལས་ཀུན་མྱུར་འགྲུབ་མཛོད། །ཐུབ་བསྟན་སྙིང་པོ་མདོ་དང་སྔགས་ཀྱི་གཞུང། །གངས་ཅན་ལྗོངས་འདིར་བསྒྱུར་བཤད་སྒོམ་སྒྲུབ་ཀྱིས། །ཚིག་ཙམ་མ་ཡིན་དོན་བརྒྱུད་རྣལ་མའི་བསྟན། །མཚོ་སྐྱེས་རྒྱལ་བའི་རིང་ལུགས་རྒྱས་པར་མཛོད། །ཁྱད་པར་གྲུབ་པའི་སློབ་དཔོན་གཏེར་བདག་གླིང་། །ཡབ་སྲས་བརྒྱུད་པར་བཅས་པའི་ཐུགས་སྨོན་ནི། །ཉམས་པ་མེད་པར་གོང་ནས་གོང་འཕེལ་ཞིང་། །ཕྲིན་ལས་འཛམ་གླིང་ཡོངས་ལ་ཁྱབ་པར་མཛོད། །བདག་ཅག་རྣལ་འབྱོར་དཔོན་སློབ་འཁོར་བཅས་ཀྱི། །ཕྱི་ནང་གསང་བའི་བར་ཆད་རྐྱེན་ཀུན་ཞི། །ཚེ་བསོད་དཔལ་འབྱོར་ལེགས་ཚོགས་ཡོན་ཏན་རྒྱས། །བདུད་དགྲའི་གཡུལ་ལས་རྒྱལ་བའི་ཕྲིན་ལས་མཛོད། །མདོར་ན་འདི་ནས་བྱང་ཆུབ་སྙིང་པོའི་བར། །འབྲལ་མེད་འགྲོགས་པའི་ཏིང་འཛིན་རྩེ་ཅིག་གིས། །ལྷ་མོ་ཁྱོད་མཆོད་བསྙེན་ཅིང་གསོལ་འདེབས་ན། །འདི་ཕྱིའི་བདེ་ལེགས་མ་ལུས་ཀུན་འགྲུབ་མཛོད། །ཅེས་པའང་ལུང་རྟོགས་བསྟན་པའི་མཛོད་མངའ་མཆོག་སྤྲུལ་བསོད་ནམས་མཆོག་གྲུབ་ཀྱི་བཞེད་སྐོང་དུ་སྤྲུལ་མིང་པདྨ་བི་ཛས་བྲིས་པ་དགེ་ལེགས་འཕེལ།

ཞིང་སྐྱོང་དུར་ཁྲོད་ལྷ་མོའི་གསོལ་མཆོད་ཉུང་ངུ་།

༄༅། །ཞིང་སྐྱོང་དུར་ཁྲོད་ལྷ་མོའི་གསོལ་མཆོད་ཉུང་ངུ་ནི། བྷྱོཿདབྱིངས་ཕྱུག་ཀུན་ཏུ་བཟང་མོའི་རང་རྩལ་ལས། །མ་རུངས་ལོག་འདྲེན་འདུལ་ཕྱིར་དྲག་མོའི་སྐུར། །ཡོངས་ཤར་གསང་སྔགས་བཀའ་ཡི་སྲུང་མ་མཆོག །ཞིང་སྐྱོང་དབང་མོ་འཁོར་བཅས་སྤྱན་འདྲེན་གཤེགས། །ཏིང་འཛིན་ནམ་མཁའ་མཛོད་ཀྱིས་ལེགས་སྤྲུལ་པའི། །ཉེར་སྤྱོད་འདོད་ཡོན་ལོངས་སྤྱོད་དཀོར་ནོར་རིགས། །སྨན་གཏོར་རཀྟ་སྣང་སྲིད་མཆོད་བསྐང་རྫས། །མ་ཚང་མེད་པའི་མཆོད་སྤྲིན་འབུལ་གྱིས་བཞེས། །ཆོས་དབྱིངས་ངང་ལས་སྙིང་རྗེས་དྲག་མོའི་སྐུར། །ཡོངས་བཞེངས་དུས་གསུམ་རྒྱལ་བའི་བསྟན་སྲུང་གཙོ། །ཉམས་པ་ཚར་གཅོད་སྒྲུབ་མཆོག་བུ་བཞིན་སྐྱོངས། །དུར་ཁྲོད་མ་མོ་འཁོར་དང་བཅས་ལ་བསྟོད། །སྔོན་ཚེ་རིག་འཛིན་བརྒྱུད་པའི་སྤྱན་སྔ་རུ། །ཐ་ཚིག་རྡོ་རྗེའི་དམ་བཅའ་དྲན་མཛོད་ལ། །རིས་བྲལ་བསྟན་འགྲོའི་ཕན་བདེ་སྤེལ་བ་དང་། །རྣལ་འབྱོར་བཅོལ་པའི་ལས་ཀུན་འགྲུབ་པར་མཛོད། །ཅེས་པའང་དགེ་སློང་བློ་བཟང་རྡོ་རྗེའི་བཞེད་སྐོང་དུ་པདྨ་བི་ཛས་བྲིས་ཤིང་ཕྲིན་ལས་སུ་གསོལ་བ་ཛ་ཡན་ཏུ། ༈ བྷྱོཿསྐྱེ་བ་མེད་པའི་མཁའ་ཀློང་ལས། །འགགས་པ་མེད་པའི་སྐུར་ཤར་བའི། །དབྱིངས་ཕྱུག་ཨེ་ཀ་ཛ་ཊི་མ། །དཔལ་ལྡན་འདོད་ཁམས་བདག་མོ་དང་། །ཞིང་སྐྱོང་དུར་ཁྲོད་དབང་མོ་སོགས། །སྣང་སྲིད་མ་མོ་མཁའ་འགྲོའི་ཚོགས། །འབུམ་ཕྲག་ཡངས་པའི་འཁོར་དང་བཅས། །ཕྱི་མཆོད་འདོད་ཡོན་སྣ་ལྔ་དང་། །ནང་མཆོད་སྨན་རཀ་བྷ་ལིངྟ། །གསང་བ་སྦྱོར་སྒྲོལ་ལ་སོགས་པའི། །མ་མོ་དགྱེས་པའི་དམ་རྫས་རིགས། །མ་ཚང་མེད་པའི་ལོངས་སྤྱོད་མཆོག །དངོས་བཤམས་ཡིད་ཀྱིས་སྤྲུལ་བྱས་ནས། །ཐུགས་དམ་གཉན་པོ་བསྐང་ལགས་ན། །བདག་ཅག་སྙིགས་སྤྱོད་བརླང་པོ་ཡིས། །མ་མོ་འཁྲུགས་པའི་རྒྱུ་དང་རྐྱེན། །ཉམས་ཆག་འགལ་འཁྲུལ་ཀུན་སངས་ནས་། །ནད་ཁ་ཆོད་ལ་རིམས་ཁ་བསྒྱུར། །ཁྲམ་ཁ་ཕྱེས་ལ་ཤྭ་རྡེལ་སྤོས། །ནད་གདོན་བར་ཆད་བསྒྱུར་དུ་གསོལ། །མོ་ངན་མཚེར་རྩུབ་རྨིས་ངན་སོགས། །མི་མཐུན་ལྟས་ངན་ཆོ་འཕྲུལ་རིགས། །མ་ལུས་མྱུར་དུ་ཞི་བ་དང་། །མཐུན་རྐྱེན་ཚེ་བསོད་འཕེལ་བར་མཛོད། །མི་དང་མི་མིན་སྲིད་ཞིའི་དཔལ། །མ་ལུས་དབང་དུ་འདུ་བ་དང་། །མི་བསྲུན་དགྲ་བགེགས་འབྱུང་པོའི་ཚོགས། །ཐམས་ཅད་ལྷག་མ་མེད་པར་མཛོད། །རྒྱལ་བའི་བསྟན་པ་དར་བ་དང་། །བསྟན་འཛིན་ཞབས་པད་སྐལ་བརྒྱར་བརྟན། །གངས་ལྗོངས་བདེ་སྐྱིད་ཆོས་ལ་སྤྱོད། །དོན་གཉིས་ཕུན་སུམ་ཚོགས་པར་མཛོད། །ཅེས་པའང་བི་ཛ་ཡས་སོ། །༈ བྷྱོཿསྐྱེ་བ་མེད་པའི་མཁའ་ཀློང་ནས། །འགག་པ་མེད་པའི་གདངས་ཤར་བའི། །ཞིང་སྐྱོང་དུར་ཁྲོད་དབང་མོ་མཆོག །འཁོར་བཅས་འདིར་གཤེགས་བརྟན་པར་བཞུགས། །དམར་ཆེན་མཆོད་ཡོན་དབང་ལྔའི་མདངས། །ཤ་ཆེན་གསུར་དུད་ཚིལ་ཆེན་མེ། །མཁྲིས་སྣའི་དྲི་ཆབ་ཤ་རུས་བཅུད། །རྐང་གླིང་ཐོད་རྔ་སྨན་གཏོར་རཀ །ཕྱི་ནང་གསང་བའི་མཆོད་པ་བཞེས། །ངང་ཉིད་གདོད་ནས་རྣམ་དག་ཀྱང་། །སྣ་ཚོགས་རོལ་གར་བསམ་ཡས་སྟོན། །སྒྲུབ་མཆོག་རྣལ་འབྱོར་སྐྱོང་བའི་གཉན། །མ་གཅིག་ཁྱོད་ལ་ཕྱག་འཚལ་བསྟོད། །ཏིང་འཛིན་ནམ་མཁའ་མཛོད་ཀྱི་སྤྲིན། །ཕྱི་ནང་གསང་རྟེན་མཆོད་བསྐང་རྫས། །ཕུན་ཚོགས་སྲིད་ཞིའི་དཔལ་ཡོན་ཚོགས། །མ་ཚང་མེད་པས་ཐུགས་དམ་བསྐང་། །མི་མཐུན་ཐུགས་འགལ་ཉམས་ཆག་བཤགས། །ལུས་དང་གྲིབ་བཞིན་འགྲོགས་ནས་ཀྱང་། །རྟག་ཏུ་སྲུང་སྐྱོབ་གཡེལ་མེད་པར། །རྣམ་བཞིའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་པའང་བཙུན་པ་པདྨ་ཚེ་སྒྲུབ་ཀྱི་བཞེད་ངོར་རྡོ་རྗེ་དབང་མཆོག་དགྱེས་པ་རྩལ་གྱིས་བྲིས་པ་དགེ །༈ བྷྱོཿསྐྱེ་མེད་དབྱིངས་ལས་འགག་མེད་ཤར་བའི་འཕྲུལ། །དབྱིངས་ཀྱི་རྗེ་མོ་ཨེ་ཀ་ཛ་ཊི་མ། །འདོད་པ་ཁམས་ཀྱི་དབང་ཕྱུག་རེ་མ་ཏི། །སྦས་པའི་དཀོར་སྲུང་ཞིང་སྐྱོང་མ་མོ་སོགས། །སྣང་སྲིད་མ་མོ་མཁའ་འགྲོའི་ཚོགས་རྣམས་དགོངས། །སྣང་སྲིད་མ་མོ་མཁའ་འགྲོ་དགྱེས་བསྐང་རྫས། །གང་མཆིས་དངོས་བཤམས་ཡིད་ཀྱི་སྤྲུལ་བྱས་ནས། །ཡེ་ཤེས་ལས་དང་འཇིག་རྟེན་ཌཱ་ཀི་ནི། །འབུམ་ཕྲག་ཡོངས་པའི་ཚོགས་ཀྱི་ཐུགས་དམ་བསྐང་། །ཕྱི་རུ་སྡེ་འཁྲུགས་ནང་དམེ་དམ་ཉམས་གྲིབ། །ནང་དུ་རྩ་རླུང་བྱང་སེམས་འཁྲུགས་པའི་རྐྱེན། །གསང་བ་གཟུང་འཛིན་སེམས་ཀྱི་ཉེས་སྐྱོན་སོགས། །མ་མོ་འཁྲུགས་པའི་རྒྱུ་ཀུན་བྱང་གྱུར་ཅིག །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ཀྱི། །མི་མཐུན་ཉེས་བརྒྱའི་འཚེ་བ་ཀུན་ཞི་ཞིང་། །མཐུན་རྐྱེན་ཚེ་བསོད་དཔལ་འབྱོར་ཉམས་རྟོགས་སྤེལ། །དོན་གཉིས་བསམ་ཀུན་ཡིད་བཞིན་འགྲུབ་པར་མཛོད། །ཅེས་པའང་སྔགས་བན་རྒན་པོ་རྡོ་རྗེ་དབང་མཆོག་དགྱེས་རབ་རྩལ་གྱིས་ཤར་མར་བྲིས་པ་དགེ །༈ བྷྱོཿསྐྱེ་མེད་དབྱིངས་ལས་འགག་མེད་ཤར་བའི་འཁྲུལ། །དབྱིངས་ཀྱི་རྒྱལ་མོ་ཨེ་ཀ་ཛཱ་ཊི་དང་། །སྦས་པའི་དཀོར་སྲུང་ཞིང་སྐྱོང་མ་མོ་ཆེ། །འཁོར་བཅས་ཐུགས་དམ་དབང་གིས་འདིར་གཤེགས་དགོངས། །ཚོགས་དྲུག་རྒྱན་ཤར་ཅིར་སྣང་ཕྱི་ཡི་མཆོད། །དུག་ལྔ་རང་གྲོལ་འདོད་ཡོན་ནང་གི་རྫས། །བདེ་སྟོང་ཟག་མེད་གསང་བའི་མཆོད་སྤྲིན་ཆེ། །གུས་པས་འབུལ་ལོ་མངའ་གསོལ་དགྱེས་པར་བཞུགས། །རྩ་བརྒྱུད་བླ་མ་མགོ་བོའི་ཐོད་དུ་བཀུར། །མ་ཉམས་དམ་ཚིག་གཙང་མ་སྲོག་ཏུ་བཙའ། །རྣམ་དག་བྱང་ཆུབ་སེམས་ཀྱི་རྟེན་རྫས་ལ། །མི་འབྲལ་ལུས་དང་གྲིབ་མ་ལྟར་འགྲོགས་མཛོད། །ཡེ་ཤེས་ལྷ་ལྟར་མངའ་གསོལ་བྱིན་མ་གཡེལ། །འཇིག་རྟེན་དྲེགས་ལྟར་མངའ་གསོལ་ལས་མ་འགྱངས། །མཛའ་བའི་གྲོགས་ལྟར་མངའ་གསོལ་སྙིང་མ་རེངས། །དམ་ལྡན་བསམ་པའི་དོན་ཀུན་འགྲུབ་པར་མཛོད། །ཀུན་བཟང་པདྨའི་ཐུགས་བཅུད་སྔ་འགྱུར་གྱིས། །བསྟན་དང་བསྟན་འཛིན་གང་དུ་བཞུགས་པ་དེར། །སྲུང་སྐྱོབ་ཕྲིན་ལས་རྣམ་བཞིའི་སྒོ་ཕྱེས་ལ། །ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་མཛོད། །རྒྱལ་བསྟན་སྤྱི་དང་བྱེ་བྲག་ངེས་གསང་གི། །བསྟན་ལ་འཁུ་དང་དམ་ལོག་བཀའ་རྐུན་པ། །རྒྱུད་དཀྲུགས་ལུང་དཀྱུས་མན་ངག་བསྲེ་བསླད་མཁན། །ཉམས་པ་བདུན་ལྡན་སྙིང་ཁྲག་ཐང་ལ་ཕོས། །རྣལ་འབྱོར་དཔོན་སློབ་བརྒྱུད་འཛིན་ཡོན་བདག་བཅས། །ཁྱོད་ལ་གཉེར་དུ་གཏད་དོ་མེལ་ཚེ་མཛོད། །མཐུ་རྩལ་མ་ཆུང་འདོད་དོན་ཡིད་བཞིན་སྒྲུབས། །བྱང་ཆུབ་སྒྲུབ་པའི་འགལ་རྐྱེན་ཀུན་སོལ་ཅིག །འཇིག་རྟེན་བདེ་སྐྱིད་བཀྲ་ཤིས་ཆོས་འཕེལ་ཞིང་། །ནག་ཕྱོགས་ཀླ་ཀློ་གདུག་པའི་མིང་མི་གྲགས། །བཤད་སྒྲུབ་སྡེ་རྒྱས་རྟག་པར་དོན་མཐུན་པས། །རྫོགས་ལྡན་གསར་དུ་འཆར་བའི་བཀྲ་ཤིས་ཤོག །ཅེས་པའང་པདྨ་བི་ཛས་སོ། །

བོད་སྐྱོང་བརྟན་མ་བཅུ་གཉིས་ཀྱི་གསོལ་མཆོད་ཉུང་བསྡུས།

༄༅། །བོད་སྐྱོང་བརྟན་མ་བཅུ་གཉིས་ཀྱི་གསོལ་མཆོད་ཉུང་བསྡུས་ནི། དངོས་སུ་བཤམས་པའི་མཆོད་གཏོར་སོགས་བྱིན་གྱིས་བརླབ་ལ་རང་པད་འབྱུང་དུ་གསལ་བའི་ང་རྒྱལ་བརྟན་པོས་འདི་སྐད་དོ། །ཧཱུྃ། རྟེན་འབྲེལ་བཅུ་གཉིས་གནས་སུ་དག་པ་ཡི། །རང་རྩལ་ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མ། །པདྨའི་བཀའ་ཉན་བོད་སྐྱོང་བརྟན་མའི་ཚོགས། །དམ་ཚིག་དབང་གིས་འདིར་བྱོོན་གདན་ལ་བཞུགས། །ཏིང་འཛིན་ནམ་མཁའ་མཛོད་ཀྱི་སྤྲིན་ཆེན་ལས། །བྱུང་བའི་ཕྱི་ནང་གསང་མཆོད་བསྐང་བའི་རྫས། །མ་ཚང་མེད་པའི་འདོད་ཡོན་རྒྱ་ཆེན་པོ། །འབུལ་ལོ་བཞེས་ལ་ལས་བཞིའི་དངོས་གྲུབ་སྩོལ། །རྟོགས་ན་ཆོས་ཀྱི་དབྱིངས་དང་རོ་མཉམ་ཡང་། །མ་རྟོགས་སྣང་ངོར་བོད་སྐྱོང་ཡོངས་ཀྱི་རྗེ། །དམ་ལྡན་སྲུང་ཞིང་ཉམས་པ་ཚར་གཅོད་པའི། །བརྟན་མ་ཆེན་པོ་འཁོར་དང་བཅས་ལ་བསྟོད། །ཇི་ལྟར་སྔོན་གྱི་དམ་བཅས་རྗེས་དགོངས་ལ། །མཆོད་གཏོར་གསེར་སྐྱེམས་སོགས་ཁ་བསྒྱུར། འདི་བཞེས་ལོག་སྨོན་བདོ་བའི་དཔུང་། །བསྟན་ལ་འཚེ་བའི་མུ་སྟེགས་ཀླ་ཀློའི་རིགས། །མིང་གི་ལྷག་མར་གཞོམ་པའི་ཕྲིན་ལས་མཛོད། །རྒྱལ་བསྟན་སྤྱི་དང་ཁྱད་པར་སྔ་འགྱུར་གྱི། །བཤད་སྒྲུབ་ཐོས་བསམ་སྒོམ་པས་ས་སྟེང་ཁྱབ། །གངས་ལྗོངས་བདེ་སྐྱིད་དགེ་བཅུའི་དཔལ་འབྱོར་རྒྱས། །འདོད་དོན་བསམ་ཀུན་འགྲུབ་པའི་བཀྲ་ཤིས་སྩོལ། །ཅེས་བརྗོད་ཅིར་མཆོད་གཏོར་གཙང་སར་འབུལ། བརྟན་མ་རྣམས་དགྱེས་བཞིན་བཅོལ་པའི་ཕྲིན་ལས་རྣམས་བསྒྲུབས་ནས་རང་གནས་སུ་གཤེགས་པར་བསམ་མོ། །ཞེས་པའང་ལུང་རྟོགས་བསྟན་པའི་སྣང་བྱེད་མཆོག་སྤྲུལ་རིན་པོ་ཆེའི་ཐུགས་བཞེད་བཞིན། རིག་འཛིན་གྱི་བཙུན་པ་རྡོ་རྗེ་དབང་མཆོག་དགྱེས་རབ་རྩལ་གྱིས་བྲིས་པ་དགེ །

གནོད་སྦྱིན་ཆེན་པོའི་གསོལ་མཆོད་ཉུང་ངུ་།

༄༅། །གནོད་སྦྱིན་ཆེན་པོའི་གསོལ་མཆོད་ཉུང་ངུ་ནི། ཧྲཱིཿདབང་དྲག་རོལ་པའི་བཀའ་སྡོད་དྲེགས་པའི་རྗེ། །མྱུར་མགྱོགས་ཤུགས་ལྡན་རོལ་བ་རྐྱ་བདུན་ཚོགས། །ཐུགས་རྗེ་ཐུགས་དམ་དབང་གིས་སྐུ་བསྐྱོད་ལ། །འདིར་གཤེགས་རང་མཐུན་གདན་ལ་དགྱེས་པར་བཞུགས། །ཕྱི་མཆོད་འདོད་ཡོན་ལོངས་སྤྱོད་སྐར་ལྟར་བཀྲམ། །ནང་མཆོད་སྨན་རཀ་གཏོར་ཚོགས་རི་ལྟར་སྤུངས། །གསང་མཆོད་བླ་རྡོ་སྲོག་འཁོར་རྟེན་རྫས་རིགས། །མི་འཛད་ནམ་མཁའ་མཛོད་ཀྱི་འཁོར་ལོས་མཆོད། །རྟོགས་ན་གདོད་མའི་མགོན་དང་རོ་གཅིག་ཀྱང་། །མ་རྟོགས་སྣང་ངོར་ཆེ་བཙན་དྲེགས་པའི་རྗེ། །དམ་ལྡན་སྔགས་འཆང་ཡོངས་ཀྱི་གཉེན་གཅིག་པུ། །གནོད་སྦྱིན་ཆེན་པོ་འཁོར་དང་བཅས་ལ་བསྟོད། །སྔོན་ཚེ་སློབ་དཔོན་པདྨ་འབྱུང་གནས་ཀྱི། །སྤྱན་སྔར་ཁས་བླངས་དམ་བཅས་རྗེས་དགོངས་ལ། །ངེས་གསང་བསྟན་འགྲོའི་ཕན་བདེ་སྤེལ་བ་དང་། །སྒྲུབ་མཆོག་རྣལ་འབྱོར་ལུས་དང་གྲིབ་བཞིན་འགྲོགས། །བདག་ནི་ཨོ་རྒྱན་མཁན་པོའི་རིགས་སྔགས་འཆང་། །ཁྱོད་ནི་དམ་ལྡན་ཆོས་སྲུང་མཐུ་རྩལ་ཅན། །དེ་ཕྱིར་འཁུ་ལྡོག་ཀོ་ལོང་མ་མཛད་པར། །འདོད་དོན་བཅོལ་པའི་ལས་ཀུན་འགྲུབ་པར་མཛོད། །ཅེས་པའང་སྔགས་བན་རྡོ་རྗེ་དབང་མཆོག་དགྱེས་རབ་རྩལ་གྱིས་ཕྲིན་ལས་སུ་གསོལ་བ་དགེ །༈ ན་མོ་གུ་རུ་པདྨ་ཀྲོ་ངྷ་ཡ། འདིར་གནོད་སྦྱིན་ཆེན་པོ་ལ་ཕུད་མཆོད་འབུལ་བར་སྤྲོ་ན། གཙང་མར་སྦྱར་བའི་གསེར་སྐྱེམས་ཨརྒྷཾ་དཀར་སྔོན་སོགས་ཆབ་ཀྱིས་བྲན། སྔགས་དྲུག་ཕྱག་དྲུག་གམ་འབྲུ་གསུམ་གྱིས་བྱིན་གྱིས་བརླབས་ལ། ཧོ་དགོངས་སུ་གསོལ་ལོ། །བྱིན་རླབས་ཀྱི་གཏེར་མཛོད། དངོས་གྲུབ་ཀྱི་འབྱུང་གནས། རྣམ་བཞིའི་ཕྲིན་ལས་ལ་ཐོགས་པ་མེད་པ། དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་ཡི་དམ་རྒྱུད་སྡེ་བཞི་དྲུག་གི་དཀྱིལ་འཁོར་གྱི་ལྷ་ཚོགས། གནས་གསུམ་གྱི་དཔའ་བོ་དང་མཁའ་འགྲོ་དཔལ་མགོན་ཕོ་རྒྱུད། སྔགས་སྲུང་མོ་རྒྱུད། མ་ནིང་གཉིས་མེད་ཀྱི་རྒྱུད་དེ། རྒྱུད་གསུམ་དམ་ཅན་སྲུང་མ་གཙང་རིས་ཀྱི་དཔལ་མགོན་བདུན་ཅུ་རྩ་ལྔ་སོགས་དཀར་ཕྱོགས་སྐྱོང་བ་འཁོར་དང་བཅས་པ་རྣམས་སྤྱི་དང་། ཁྱད་པར་གནོད་སྦྱིན་དགྲ་ལྷའི་རྒྱལ་པོ་རྩིའུ་དམར་པོ་ལ་བཙན་རྒོད་རོལ་པ་སྐྱ་བདུན་སྤྲུལ་འཁོར་རུ་འདྲེན་དང་བཅས་པ་རྣམས་ཀྱིས་སྔོན་གྱི་ཐུགས་དམ་དང་ཐ་ཚིག་གཉན་པོ་རྗེས་སུ་དགོངས། སྐུ་དགྱེས་པའི་མདངས་ཕྱུང་། གསུང་སྙན་པའི་སྒྲ་སྒྲོགས། ཐུགས་དམིགས་མེད་ཀྱི་མཁྱེན་བརྩེའི་རྗེས་སུ་དགོངས་ཏེ། ཐོགས་པ་མེད་པའི་རྫུ་འཕྲུལ་ཆེན་པོས་གནས་འདིར་གཤེགས་ལ། གཙང་མ་ཕུད་ཀྱི་མཆོད་པ། ཟག་མེད་འདོད་ཡོན་གྱི་བདུད་རྩི། དགྱེས་དགུར་འཆར་བའི་ལོངས་སྤྱོད་ཀུན་བཟང་མཆོད་པའི་སྤྲིན་ཆེན་པོར་སྤྲུལ་ཏེ་གུས་པས་འབུལ་བ་འདི་བཞེས་ལ། བདག་ཅག་རྣལ་འབྱོར་པ་འཁོར་དང་བཅས་པ་རྣམས་ལ་དབང་བསྐུར། བྱིན་གྱིས་རློབས། རྡོ་རྗེའི་ཡེ་ཤེས་བསྐྱེད། ལས་བཞིའི་ཕྲིན་ལས་སྒྲུབས། དོན་གཉིས་ཀྱི་དཔལ་ཕུན་སུམ་ཚོགས་པའི་འབྱོར་པ་ཐམས་ཅད་འཕེལ་ཞིང་རྒྱས་ལ་བརྟན་པར་མཛད་དུ་གསོལ། ༀ་ཨཱཿཧཱུྃ། པདྨ་དབང་གི་བཀའ་སྡོད། སྣང་སྲིད་དྲེགས་པའི་སྡེ་དཔོན། ཆོས་འཁོར་གཉན་ཀྱི་སྲུང་མ། ཡེ་ཤེས་བརྙེས་ཀྱང་འཇིག་རྟེན་གྱི་ཚུལ་འཛིན་པ། ལེགས་ཉེས་ཀྱི་སྟངས་འཛིན། དམ་ཚིག་གི་རྗེས་གཅོད། དམ་ལྡན་སྲུང་ཞིང་ཉམས་པ་སྒྲོལ་བའི་གཤེད་པོ། གནོད་སྦྱིན་དགྲ་ལྷའི་རྒྱལ་བོ་ཙིའུ་དམར་པོ་ལ་གསོལ་ལོ། །མཆོད་དོ། །སྐུ་ལྷ་ཞལ་གྱི་ལྷ་བཙན་ལ་གསོལ་ལོ། །མཆོད་དོ། །གྲོ་ཤོད་བོད་གྱི་སྒང་དམག་རྗེ་ལ༴ ར་ཙ་གོང་སྔོན་གྱི་ཀླུ་བཙན་ལ་གསོལ༴ རྡོ་རིང་དམར་པོའི་གྲིབ་བཙན་ལ༴ ཀང་ཀ་ཐོད་ནག་བདུད་བཙན་ལ༴ རྩལ་ཐོབ་རྒྱུག་གི་གྲི་བཙན་ལ༴ གཞན་ཡང་ཐུགས་ཀྱི་དགྱེས་སྡེ་བཙུན་མོ་བཀའ་བློན་ལྷ་སྲིན་སྡེ་བརྒྱད། སྤྲུལ་འཁོར་རུ་འདྲེན་སྡེ་བཞི། ལས་མཁན་ཁྱི་སྤྱང་འབག་སེང་སོགས། སྤྲུལ་པ་ཡང་སྤྲུལ་བཀའ་ཉན་བྲན་གཡོག་འཁོར་དང་བཅས་པ་ལ་གསོལ་ལོ། །མཆོད་དོ། །འབུལ་ལོ། །ཐུགས་དམ་བསྐང་ངོ་། །ཉམས་ཆག་བཤགས་སོ། །དགྱེས་པ་བསྐྱེད་དོ། །ཁྱེད་རྣམས་ལ་ཕྲིན་ལས་སུ་བཅོལ་པ་ཡི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་རྟ་མཆོག་རྒྱལ་པོ། སྤྲུལ་སྐུ་པདྨ་འབྱུང་གནས་སོགས་བརྒྱུད་གསུམ་རིག་འཛིན་བླ་མའི་སྤྱན་སྔར་ཇི་ལྟར་ཞལ་གྱིས་བཞེས་པའི་དམ་བཅའ་གཉན་པོ་རྣམས་རྗེས་སུ་དྲན་པར་མཛོད་ལ། སྤྱིར་ཀུན་མཁྱེན་ཤཱཀྱ་སེང་གེའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་དང་། བྱེ་བྲག་གསང་ཆེན་སྔ་འགྱུར་རྡོ་རྗེ་ཐེག་པ་ཟབ་མོ་ནང་རྒྱུད་སྡེ་གསུམ་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་ཕྲིན་ལས་མཛོད་ཅིགཁྱད་པར་དུའང་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རིག་འཛིན་གཏེར་བདག་གླིང་པ་ཡབ་སྲས་བརྒྱུད་པ་དང་བཅས་པའི་རིང་ལུགས་འཛིན་པའི་ཆོས་སྡེ་སྤྱི་དང་། བྱེ་བྲག་ཆོས་འཁོར་ཆེན་པོ་འདི་ཉིད་ཀྱི་དགོན་གནས་མ་བུ་ཡོན་བདག་དང་བཅས་པ་རྣམས་རྟག་ཏུ་སྲུང་ཞིང་སྐྱོང་བ་དང་ལེགས་ཚོགས་ཀྱི་ཡོན་ཏན་ཡར་ངོའི་ཟླ་བ་ལྟར་འཕེལ་ཞིང་རྒྱས་པའི་ཕྲིན་ལས་མཛོད་ཅིགབསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་སྐུ་ཚེ་དང་མཛད་ཕྲིན་བསྟན། བཤད་སྒྲུབ་ཀྱི་མངའ་ཐང་དར། དགེ་འདུན་གྱི་འདུ་ཚོགས་འཕེལ། ལྟ་སྤྱོད་དང་དམ་སྡོམ་གཙང་། བསླབ་གསུམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ་ཏེ་རང་གཞན་གྱི་དོན་གཉིས་ལྷུན་གྱིས་གྲུབ་པའི་ཕྲིན་ལས་མཛོད་ཅིགཡངས་པའི་རྒྱལ་ཁམས་ཀུན་ཏུ་ནད་མུག་མཚོན་འཁྲུགས་ཞི། ལེགས་དགུའི་འབྱོར་པ་རྒྱས། སྣོད་བཅུད་ཀྱི་དཔལ་གཡང་འདུ། ནག་ཕྱོགས་ཀྱི་ཚ་དབལ་བཅོམ། ཀུན་ཀྱང་བདེ་སྐྱིད་རྗོགས་ལྡན་གྱི་དཔལ་ཡོན་འཛད་མི་ཤེས་པ་ལ་ཅི་དགར་ལོངས་སྤྱོད་པའི་ཕྲིན་ལས་རྒྱ་ཆེན་པོ་མཛོད་ཅིགཧྲཱིཿདུས་གསུམ་རྒྱལ་བའི་བཀའ་སྡོད་དྲེགས་པའི་རྗེ། རོལ་པ་སྐྱ་བདུན་འཁོར་དང་བཅས་རྣམས་ཀྱིས། །ཟག་མེད་མཐུན་རྫས་གསེར་སྐྱེམས་འདི་བཞེས་ལ། །རབ་འབྱམས་རྣམ་བཞིའི་ལས་ཀུན་འགྲུབ་པར་མཛོད། །རྒྱལ་བསྟན་སྤྱི་དང་ཁྱད་པར་སྔ་འགྱུར་གྱི། །བསྟན་དང་བསྟན་འཛིན་མངའ་ཐང་འཕེལ་ཞིང་རྒྱས། །བདག་ཅག་སྒྲུབ་མཆོག་འཁོར་དང་བཅས་པ་རྣམས། རྟག་ཏུ་སྲུང་སྐྱོབ་ཕྲིན་ལས་གཡེལ་མེད་སྒྲུབས། །རྒྱལ་ཁམས་སྤྱི་དང་ཁྱད་པར་ལྗོངས་འདི་རུ། །ནད་མུག་མཚོན་འཁྲུགས་འབྱུང་བཞིའི་འཇིགས་པ་སོགས། །མི་མཐུན་འགལ་རྐྱེན་འཚེ་བ་ཀུན་བྲལ་ཞིང་། །ཆོས་སྲིད་སྡེ་བཞིའི་དཔལ་ཡོན་དར་བར་མཛོད། །སྣོད་ལ་གཡང་ཆགས་རྩི་ལྡན་དུས་སུ་སྨིན། །བཅུད་ལ་དཔལ་འཕེལ་ལེགས་དགུའི་འབྱོར་པ་རྒྱས། །ཀུན་ཀྱང་ཐེག་པ་མཆོག་གི་རྒྱུད་གྲོལ་ནས། །དོན་གཉིས་བསམ་ཀུན་འགྲུབ་པའི་བཀྲ་ཤིས་སྩོལ། །ཅེས་པའང་རིང་ལུགས་བསྟན་པའི་སྣང་བྱེད་ཆེན་པོ་ཕུག་ཁུང་མཆོག་སྤྲུལ་རིན་པོ་ཆེས་བཀའ་ཕེབས་བཞིན། ཟེ་ཆེན་བན་རྒན་རྡོ་རྗེ་དབང་མཆོག་དགྱེས་པ་རྩལ་གྱིས་བྲིས་པ་དགེ །

ཡང་གཏེར་ཡཀྴ་ཛམ་བྷ་ལའི་གཏེར་སྲུང་མཆོད་ཐབས།

༄༅། །ཡང་གཏེར་ཡཀྴ་ཛམ་བྷ་ལའི་གཏེར་སྲུང་མཆོད་ཐབས་ནི། མཆོད་གཏོར་འབྲུ་གསུམ་གྱིས་བྱིན་གྱིས་བརླབས་ལ། ཧཱུྃ། སྣང་སྲིད་ཟིལ་གནོན་པདྨ་ཐོད་ཕྲེང་གི། །བཀའ་ཉན་སྣང་སྲིད་དྲེགས་པའི་ཚོགས་རྣམས་དང་། །ཁྱད་པར་གཏེར་སྲུང་བྲག་བཙན་འཁོར་དང་བཅས། །འདིར་གཤེགས་རང་མཐུན་གདན་ལ་དགྱེས་པར་བཞུགས། །ཕྱི་ནང་གསང་མཆོད་སྨན་རཀ་བ་ལིངྟ། །དགྲ་བགེགས་ཤ་ཁྲག་ལ་སོགས་མཁོ་དགུའི་རྫས། །ཟག་མེད་ནམ་མཁའ་མཛོད་ཀྱི་འཁོར་ལོར་འབུལ། །མི་མཐུན་ཉམས་ཆག་ཐུགས་འགལ་ནོངས་པ་བཤགས། །སྣང་སྲིད་རོ་མཉམ་ཆེན་པོར་དམ་བསྲེ་ན། །འབྲལ་མེད་རྡོ་རྗེའི་ཐ་ཚིག་རྗེས་དགོངས་ཏེ། །བདག་ཅག་སྒྲུབ་མཆོག་རྣལ་འབྱོར་འཁོར་བཅས་ཀྱི། །མི་མཐུན་འགལ་རྐྱེན་བར་ཆད་ཀུན་ཞི་ཞིང་། །ཚེ་བསོད་དཔལ་འབྱོར་ཡར་ངོའི་ཟླ་ལྟར་འཕེལ། །གང་བཅོལ་རྣམ་བཞིའི་ལས་ཀུན་འགྲུབ་པར་མཛོད། །ཅེས་གཏོར་མ་གཙང་སར་འབུལ་ལོ། །འདི་ཡང་བསླབ་གསུམ་ལྡན་པ་བླ་མ་ཕན་བདེ་ལགས་ཀྱི་བཞེད་ངོར་བི་ཛ་ཡས་གང་དྲན་སྨྲས་པ་དགེ །

ལྷ་ཆེན་ཡེ་བརྫུ་དཀར་བའི་གསོལ་མཆོད་ཉུང་བསྡུས།

༄༅། །ལྷ་ཆེན་ཡེ་བརྫུ་དཀར་བའི་གསོལ་མཆོད་ཉུང་བསྡུས་ནི། བཟའ་བཏུང་གི་ཕུད་གཙང་ཅི་འབྱོར་བཤམས། རྃ་ཡྃ་ཁྃ། ༀ་ཨཱཿཧཱུྃ། སྣང་སྲིད་ཟིལ་གནོན་པདྨ་ཐོད་ཕྲེང་གི། །དམ་བཞག་ཕུར་པའི་སྲུང་མར་ཁས་བླངས་པ། །དམ་ཅན་ཡེ་བརྫུ་དཀར་པོ་རྒོད་ཐུལ་མནབ། །རྟ་དཀར་རླུང་གཤོག་ཆིབས་ཤིང་{ཆིབ་ཅིང}ཐོག་ཟོར་འཕེན། །མཆེད་འཁོར་སུམ་བརྒྱ་དྲུག་ཅུའི་དཔུང་དང་བཅས། །མྱུར་མགྱོགས་མཐུ་ལྡན་རྫུ་འཕྲུལ་བསམ་མི་ཁྱབ། །དམ་ལྡན་རྣལ་འབྱོར་མཆོད་པའི་མགྲོན་དུ་གཤེགས། །རང་རང་དགྱེས་མཐུན་གདན་ལ་བརྟན་པར་བཞུགས། །ལྷ་སྔགས་ཏིང་འཛིན་ཟབ་མོས་བྱིན་རླབས་པའི། །འདོད་ཡོན་མཆོད་པའི་སྤྲིན་ཕུང་མི་ཟད་རྒྱན། །དགྱེས་དགུར་འཆར་བའི་ལོངས་སྤྱོད་རྒྱ་ཆེན་པོ། །རབ་དྭངས་བློ་ཡིས་འབུལ་ལོ་བཞེས་སུ་གསོལ། །ཡེ་ནས་སྲིད་པ་ཆགས་པའི་ལྷ་ཆེན་ཉིད། །མི་བརྫུ་དགུ་བརྫུ་སྤྲུལ་པ་སྣ་ཚོགས་འགྱེད། །ཆེ་བཙན་དྲེགས་པ་ཡོངས་ཀྱི་རྗེ་བོ་ཆེ། །དགྲ་ལྷ་མཆེད་འཁོར་སྤྲུལ་པར་བཅས་ལ་བསྟོད། །སྔོན་ཚེ་པདྨའི་སྤྱན་སྔར་ཁས་བླངས་བཞིན། །དམ་ལྡན་སྔགས་འཆང་མཆོད་པ་ཆུད་མ་གསན། །མ་གདུང་བུ་ལ་བརྩེ་བཞིན་དགྱེས་འབྲངས་ནས། །ཇི་ལྟར་བཅོལ་པའི་ལས་ཀུན་ཐོགས་མེད་སྒྲུབས། །མ་རིག་བག་མེད་ལུས་དང་ངག་སེམས་ཀྱི། །ཕོག་ཐུག་འགྲམས་འཁྲུགས་ནོངས་པ་ཅི་མཆིས་བཤགས། །བྱང་དག་དགྱེས་པའི་ལྷ་ཞལ་དུང་ལྟར་དཀར། །མི་འབྲལ་འགོ་བའི་ལྷ་རུ་བརྟན་བཞུགས་ཤིང་། །ཆོས་འབྱོར་བདེ་བའི་བཀྲ་ཤིས་རྒྱས་པར་མཛོད། །མཆོད་པ་གཙང་སར་ཕུལ། ཞེས་པ་འདིའང་དགོས་གལ་ཆེ་བར་བྱུང་བ་ལ་བརྟེན་སྤྲུལ་མིང་པདྨ་བིི་ཛས་གང་ཤར་རླུང་ལྟར་བྲིས་པས་འདོད་པའི་དོན་ཀུན་འགྲུབ་པའི་རྒྱུར་གྱུར་ཅིག

ཡས་བརྫུའི་གསོལ་མཆོད་ཉུང་ངུ་།

༄༅། །ཡས་བརྫུའི་གསོལ་མཆོད་ཉུང་ངུ་ནི། རྃ་ཡྃ་ཁྃ། ༀ་ཨཱཿཧཱུྃ། སྣང་སྲིད་ཟིལ་གནོན་པདྨ་ཐོད་ཕྲེང་གི། །སྤྱན་སྔར་ཁས་བླངས་ཕུར་སྲུང་ཡོངས་ཀྱི་རྗེ། །ཡས་བརྫུ་མཆེད་འཁོར་སུམ་བརྒྱ་དྲུག་བཅུའི་ཚོགས། །འདིར་བྱོན་དགྱེས་པའི་གདན་ལ་བཞུགས་སུ་གསོལ། །ལྷ་སྔགས་ཏིང་འཛིན་ཟབ་མོས་བྱིན་རླབས་པའི། །ཕུན་ཚོགས་མཆོད་པའི་སྤྲིན་ཕུང་མི་ཟད་རྒྱན། །དགྱེས་དགུར་འཆར་བའི་ལོངས་སྤྱོད་རྒྱ་ཆེན་པོ། །རབ་དྭངས་བློ་ཡིས་འབུལ་ལོ་བཞེས་སུ་གསོལ། །རྟོགས་ན་གདོད་མའི་མགོན་དང་དབྱེར་མེད་ཀྱང་། །མ་རྟོགས་སྣང་ངོར་དྲེགས་པ་ཡོངས་ཀྱི་རྗེ། །དམ་ལྡན་བསྟན་སྐྱོང་ཉམས་པ་སྒྲོལ་བའི་གཤེད། །ཡས་བརྫུ་མཆེད་འཁོར་སྤྲུལ་པར་བཅས་ལ་བསྟོད། །སྔོན་ཚེ་རིག་འཛིན་བརྒྱུད་པའི་བཀའ་མ་བཅག །ད་ལྟ་དམ་ལྡན་མཆོད་པ་ཆུད་མ་གསོན། །མ་གདུང་བུ་ལ་བརྩེ་བ་ཇི་བཞིན་དུ། །སྒྲུབ་མཆོག་ལུས་དང་གྲིབ་མ་བཞིན་དུ་འགྲོགས། །ཉམས་ཆག་ཕོག་ཐུག་འགལ་འཁྲུལ་བཟོད་བགྱིས་ལ། །འདོད་དོན་བཅོལ་པའི་ལས་ཀུན་འགྲུབ་པར་མཛོད། །འདི་ཡང་དགོས་གལ་བྱུང་ཚེ་པདྨ་བི་ཛས་ཉུང་ངུར་བྲིས་པ་དགེ །

ཆོས་སྲུང་གི་བསྐང་བསྡུས།

༄༅། །ཆོས་སྲུང་གི་བསྐང་བསྡུས་སྤྲོ་ན། དམ་རྫས་རྣམས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་གྱིས་བརླབས་ལ། ཧཱུྃ། ཏིང་འཛིན་ནམ་མཁའ་མཛོད་ཀྱི་རོལ་མོ་ལས། །བྱུང་བའི་ཕྱི་ནང་གསང་མཆོད་སྨན་རག་གཏོར། །མཐུན་རྫས་རྟེན་རྫས་སྤྱན་གཟིགས་དཀོར་ཆའི་རིགས། །མ་ཚང་མེད་པའི་འདོད་ཡོན་རྒྱ་ཆེན་འདིས། །བརྒྱུད་གསུམ་རིག་འཛིན་བླ་མའི་ཐུགས་དམ་བསྐངས། །ཡི་དམ་ཞི་ཁྲོ་རབ་འབྱམས༴ གནས་གསུམ་དཔའ་པོ་མཁའ་འགྲོའི༴ རྒྱུད་མགོན་ལེགས་ལྡན་ནག་པོའི༴ ཡེ་ཤེས་མགོན་པོ་ཕྱག་བཞིའི༴ དཔལ་མགོན་མ་ནིང་ནག་པོའི༴ གཏེར་བདག་དྲག་པོ་ཞལ་བཞིའི༴ དབྱིངས་ཕྱུག་ཨེ་ཀ་ཛ་ཊིའི༴ དབང་མཛད་ལྷ་ཆེན་ཡབ་ཡུམ༴ གཟའ་བདུད་རཱ་ཧུ་ལ་ཡིི༴ རྒྱལ་ཆེན་རྣམ་ཐོས་སྲས་ཀྱི༴ དཀོར་སྲུང་ཞིང་སྐྱོང་དབང་མོའི༴ ལས་ཀྱི་གཤིན་རྗེ་ནག་པོའི༴ དམ་ཅན་རྡོ་རྗེ་ལེགས་པའི༴ བཙན་རྒོད་རོལ་པ་རྐྱ་བདུན༴ ལས་མཁན་ཙིའུ་དམར་པོའི༴ གཏེར་བདག་གཏེར་སྲུང་ཡོངས་ཀྱི༴ ཡུལ་གཞིས་གནས་ཀྱི་བདག་པོའི་ཐུགས་དམ་བསྐངས། །དེ་ལྟར་ཐུགས་དམ་གཉན་པོ་བསྐངས་པའི་མཐུས། །ཉམས་ཆག་འགལ་འཁྲུལ་ནོངས་པ་སོར་ཆུད་ནས། །སྔོན་གྱི་ཐུགས་དམ་ཞལ་བཞེས་ཇི་བཞིན་དུ། །རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ཕན་བདེའི་གཞིར་གྱུར་རྒྱལ་བསྟན་ཡུན་དུ་གནས། །དེར་འཛིན་ཞབས་བརྟན་བཤད་སྒྲུབ་ཕྲིན་ལས་རྒྱས། །བོད་ཁམས་བདེ་སྐྱིད་དགེ་བཅུའི་མངའ་ཐང་དར། །རྫོགས་ལྡན་གསར་པའི་དགའ་སྟོན་རྒྱས་པར་མཛོད། །ཁྱད་པར་རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །མི་མཐུན་འགལ་རྐྱེན་གདུང་བ་མཐའ་དག་ཞི། །ཚེ་བསོད་དཔལ་འབྱོར་རིགས་རྒྱུད་ཡོན་ཏན་འཕེལ། །བསམ་པའི་དོན་ཀུན་རྩོལ་མེད་ལྷུན་གྱིས་གྲུབ། དོན་གཉིས་མཐའ་རུ་ཕྱིན་པའི་བཀྲ་ཤིས་རྩོལ། །ཅེས་པའང་མོས་ལྡན་འགའ་ཞིག་གི་བཞེད་སྐོང་དུ། སྤྲུལ་མིང་པདྨ་བི་ཛས་རང་ཤག་གསར་པ་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ་ཤར་མར་བྲིས་པ་དགེ་ལེགས་འཕེལ།

བསྐང་བསྡུས་པདྨའི་རྫིང་བུ།

༄༅། །བསྐང་བསྡུས་པདྨའི་རྫིང་བུ་བཞུགས། ཧཱུྃ། ཆོས་དབྱིངས་བདེ་བ་ཆེན་པོའི་ཡེ་ཤེས་རྩལ། །རྣམ་མང་འབྱོར་པའི་ཁྱད་པར་མི་ཟད་རྒྱན། །མེ་ཏོག་བདུག་སྤོས་སྣང་གསལ་དྲི་ཞལ་རོལ། །འདོད་ཡོན་ལྔ་དང་བཀྲ་ཤིས་རྫས་རྟགས་བརྒྱད། །རིན་ཆེན་སྣ་བདུན་ལྷ་མའི་འབྱོར་པའི་སྤྲིན། །སྨན་རག་གཏོར་མ་སྦྱོར་སྒྲོལ་ཚོགས་མཆོད་དང་། །དྲག་པོའི་ཉེར་སྤྱོད་བཟའ་བཏུང་གོས་རྒྱན་མཚོན། །མཐུན་པའི་ལོངས་སྤྱོད་སྤྱན་གཟིགས་དཀོར་ཆའི་རིགས། །ཕྱི་ནང་གསང་རྟེན་སྒྲུབ་དང་མཆོད་བསྐང་རྫས། །མ་ཚང་མེད་པའི་འདོད་ཡོན་རྒྱ་ཆེན་པོ། །དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་ཏེ། །རབ་འབྱམས་རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་དང་། །ཁྱད་པར་དཔལ་མགོན་ལེགས་ལྡན་ཚོགས་ཀྱི་བདག །ཕྱག་བཞི་མ་ནིང་ཞལ་བཞི་སྔགས་སྲུང་མ། །ལྷ་ཆེན་གཟའ་བདུད་རྣམ་སྲས་ཛམ་བྷ་ལ། །ཞིང་སྐྱོང་དབང་མོ་ལས་གཤིན་འདོད་ཁམས་བདག །ཞིང་སྐྱོང་སེང་གདོང་སྡེ་དཔོན་སུམ་བཅུ་དང་། །ཕུར་སྲུང་བཅུ་གཉིས་བརྟན་མ་སྨན་བཙུན་ལྔ། །དམ་ཅན་རྡོར་ལེགས་བྲག་བཙན་པེ་ཧ་ར། །ཙིའུ་དམར་པོ་བདུད་བཙན་ཀླུ་གསུམ་དང་། །གཉན་ཆེན་ཐང་ལྷ་བཀའ་གཏེར་སྲུང་མའི་རིགས། །ཡུལ་ལྷ་གཞི་བདག་དཀར་ཕྱོགས་སྐྱོང་བའི་གཉན། །འགོ་བའི་ལྷ་ལྔ་སྐྱོབ་པའི་ལྷ་སྲུང་ཚོགས། །ཐུགས་དམ་གཉན་{གཉེན}པོ་ཆོས་ཀྱི་དབྱིངས་སུ་བསྐང་། །རྩ་བ་ཡན་ལག་ཉམས་ཆག་འགལ་འཁྲུལ་བཤགས། །སྒྲུབ་མཆོག་བདག་ལ་ལས་བཞིའི་དངོས་གྲུབ་སྩོལ། །བྱང་ཆུབ་བར་དུ་མི་འབྲལ་རྗེས་སྐྱོངས་ལ། །དོན་གཉིས་བསམ་ཀུན་ལྷུན་གྱིས་འགྲུབ་པར་མཛོད། །ཅེས་པའང་བི་ཛས་གང་ཤར་བརྗོད་པ་མངྒ་ལཾ། ༈ ཀྱེ། རབ་འབྱམས་རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་དང་། །ཆོས་སྲུང་ནོར་ལྷ་གཞི་གནས་གཏེར་བདག་རིགས། །ཁྱད་པར་ཕྱོགས་འདིར་གནས་པའི་ལྷ་སྲིན་ཚོགས། །གཙང་སྦྱར་གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །རྣལ་འབྱོར་བདག་གི་བསམ་པ་འགྲུབ་པར་མཛོད། །བླ་མེད་ཐེག་པ་ཆེན་པོར་སེམས་བསྐྱེད་ཅིང་། །འགྲོ་ཀུན་ཐར་པའི་ལམ་དུ་འཛུད་ཕྱིར་དང་། །མཚུངས་མེད་རྒྱལ་བའི་བསྟན་པ་རྒྱས་པའི་ཕྱིར། །ཕྱོགས་འདིར་རྣམ་དཀར་ཕྲིན་ལས་རྩོམ་པ་ལ། །མི་མཐུན་འགལ་རྐྱེན་མཚན་མ་ཀུན་ཞི་ཞིང་། །མཐུན་རྐྱེན་ཚེ་དཔལ་འདོད་དགུའི་སྒོ་འཕར་ཕྱེས། །སྲིད་གསུམ་དབང་སྡུས་ལོག་འདྲེན་བགེགས་ཚོགས་སྒྲོལ། །ཕྱོགས་ལས་རྣམ་པར་རྒྱལ་བའི་དཔལ་སྩོལ་ཅིག །དུང་དུང་སྙིང་ནས་མོས་པས་རྗེས་དྲན་ཞིང་། །ཡང་ཡང་རྩ་གསུམ་ལྷ་ལ་གསོལ་བྱེད་ན། །འཛུམ་འཛུམ་དགྱེས་པའི་ཞལ་བཟང་མྱུར་སྟོན་ལ། །ལེགས་ལེགས་ཕན་བདེའི་དགའ་སྟོན་རྒྱས་པར་མཛོད། །ཅེས་པའང་མཆོག་སྤྲུལ་དམ་པའི་བཞེད་སྐོང་དུ་བི་ཛ་ཡས་བྲིས་པ་དགེ །༈ ཀ་དག་རྫོགས་པ་ཆེན་པོའི་རིང་ལུགས་མཆོག །ཁ་བའི་ལྗོངས་སོགས་གང་དུ་གནས་པ་དེར། །ག་བུར་དྲི་བཞིན་འབྲལ་མེད་འགྲོགས་མཛད་པའི། །ང་ཡི་གྲོགས་པོ་དམ་ཅན་ཚོགས་རྣམས་དགོངས། །ཅ་ཅོ་གྲགས་པའི་རྗེས་འབྲང་ཙམ་མིན་པར། །ཆ་ཤས་ཡོན་ཏན་ཡོངས་གང་སྔ་འགྱུར་བསྟན། །ཇ་རིལ་མགོ་བོའི་རྒྱན་མཆོད་སྒྲུབ་པོ་ལ། །ཉ་རྒྱས་ཟླ་འདྲ་དགྱེས་པའི་ཞལ་སྟོན་མཛོད། །ཏ་ཐཱ་ག་ཏའི་བསྟན་མཆོག་སྲུང་བ་ཡི། །ཐ་ཚིག་རྡོ་རྗེའི་ཞལ་འཆེས་དགོངས་མཛོད་ལ། །ད་ལྟ་ངེས་གསང་བསྟན་དང་བསྟན་འཛིན་སྡེ། །ན་མ་རེ་བཞིན་སྲུང་སྐྱོབ་ཕྲིན་ལས་སྤེལ། །པ་སངས་ལྟར་དཀར་ལྷག་པའི་བསམ་པ་ཡིས། །ཕ་མཆོག་པདྨའི་རིང་ལུགས་འཛིན་པ་ངས། །བ་མཆོག་དཔག་བསམ་བུམ་བཟང་ཁྱོད་བརྟེན་ན། །མ་ལུས་འདོད་པའི་རེ་བ་སྐོང་བར་མཛོད། །ཙ་རི་ཏྲ་སོགས་དབེན་གནས་རི་ཁྲོད་དུ། །ཚ་གྲངས་དཀའ་སྤྱད་སྒྲུབ་ལ་ཞུགས་རྣམས་ལ། །ཛ་ལང་བདུད་ཀྱི་བར་གཅོད་མི་འབྱུང་ཞིང་། །ཝ་ཆུའི་རྒྱུན་བཞིན་གྲུབ་གཉིས་འདོད་དགུར་བྱིན། །ཞྭ་ལྟར་བརྒྱུད་ལྡན་བླ་མ་གཙུག་ན་ཁུར། །ཟ་ཆོག་དཔེ་གྲིམ་ཙམ་མིན་ངེས་གསང་བསྟན། །འ་འུར་བཤད་སྒྲུབ་བརྩོན་པ་ལྷུར་ལེན་རྣམས། །ཡ་མཚན་ལེགས་ཚོགས་མཐའ་རུ་ཕྱིན་པར་ཤོག །ར་བ་གངས་ཁྲོད་བསྟན་འགྲོའི་བདེ་སྐྱིད་ཆེ། །ལ་འུར་འཇོམས་བྱེད་མཐའ་དམག་ཀླ་ཀློའི་སྡེའི། །ཤ་ཁྲག་དྲོད་དབུགས་དགྱེས་པའི་ཟས་སུ་རོལ། །ས་གསུམ་དཀར་ཕྱོགས་རྒྱལ་བའི་རུ་མཚོན་ཕྱོར། །ཧ་ཧ་དཀར་ཕྱོགས་དགྱེས་པའི་བཞད་སྒྲ་ཡིས། །ནག་ཕྱོགས་གདུག་པའི་དགྲ་ཚོགས་ཀླད་པ་འགེམ། །ཨ་ཏི་རྫོགས་པ་ཆེན་པོའི་བསྟན་པ་མཆོག །ཕྱོགས་དུས་མཐའ་རུ་དར་སྨིན་རྒྱས་གྱུར་ཅིག །ཅེས་པའང་སྤྲུལ་མིང་པདྨ་བི་ཛས་དམ་ལྡན་ཆོས་སྲུང་ཚོགས་ལ་ཕྲིན་བཅོལ་དུ་ཤར་མར་བྲིས་པ་དགེ །༈ ཧཱུྃ། ཡེ་ཤེས་སྤྱན་གྱིས་མ་བསྒྲིབས་ས་ལེར་གཟིགས། །ཐུགས་རྗེ་ཆེན་པོས་སྒྲུབ་མཆོག་བུ་བཞིན་སྐྱོངས། །ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་པའི། །ཆོས་སྲུང་དམ་ཅན་གཉན་རྣམས་དགོངས་སུ་གསོལ། །རྨད་བྱུང་བྱང་ཆུབ་སེམས་ཀྱི་གཞི་བཟུང་ནས། །རླབས་ཆེན་བསྟན་འགྲོའི་ཕན་བདེ་སྤེལ་བ་དང་། །སྐལ་མེད་རྒྱུད་ལ་ཐར་པའི་གསོས་འདེབས་པ། །རྒྱལ་བའི་སྲས་ཀྱི་ཁྱད་ཆོས་མ་ལགས་སམ། །དེ་སླད་སྙིང་རྗེའི་ཡུལ་གྱུར་གདུལ་དཀའི་འགྲོར། །བཟང་འབྲེལ་ཐུགས་རྗེའི་དཔྱང་ཐག་གཡོ་བ་ལ། །མཐུ་ལྡན་དམ་ཅན་སྲུང་མའི་ཚོགས་རྣམས་ཀྱིས། །ཀོ་ལོང་རུ་ང་ཕྲག་དོག་མ་མཛད་ཅིག །ཤིན་ཏུ་མི་བསྲུན་ཉམས་པ་བདུན་ལྡན་རིགས། །དྲག་པོའི་ལས་ལས་གཞན་གྱིས་གདུལ་དཀའ་ཞིང་། བཀའ་སྲུང་དྲེགས་པའི་ཟ་ཁ་ཟུག་རྣམས་ལ། །ཆོས་སྐྱོང་སྲུང་མའི་ཚོགས་ཀྱི་ཟ་ངུ་མཛོད། །རྣམ་བཞིའི་ཕྲིན་ལས་གྲུབ་པའི་རིགས་སྔགས་གཟས། །རྒྱལ་བསྟན་དར་ཞིང་བསྟན་འཛིན་ཞབས་པད་བརྟན། །བཤད་སྒྲུབ་དཔལ་འབྱོར་མངའ་ཐང་གོང་དུ་འཕེལ། །དོན་གཉིས་བསམ་ཀུན་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་པའང་རྒྱལ་སྲས་གཞན་ཕན་ཆོས་ཀྱི་བློ་གྲོས་ཀྱིས་བྲིས་པ་དགེ་ལེགས་འཕེལ། ༈ ཧཱུྃ། སློབ་དཔོན་པདྨ་ཐོད་ཕྲེང་གི། །བཀའ་དང་དམ་ཚིག་ལ་གནས་པའི། །སྲུང་མ་གཉན་པོ་འཁོར་དང་བཅས། །འདིར་གཤེགས་མཐུན་པའི་གདན་ལ་བཞུགས། །ཉེར་སྤྱོད་འདོད་ཡོན་ཤིས་པའི་རྫས། །སྨན་གཏོར་རཀྟ་ནང་གི་བཅུད། །སྦྱོར་སྒྲོལ་གསང་བའི་མཆོད་པའི་ཚོགས། །མ་ཚང་མེད་པ་འབུལ་གྱིས་བཞེས། །ངང་ཉིད་ཞི་ལས་མ་གཡོས་ཀྱང་། །གང་འདུལ་ཐབས་མཁས་རོལ་རྩེད་ཀྱིས། །ལོག་འདྲེན་ཞིང་བཅུ་ཚར་གཅོད་པའི། །དམ་ལྡན་བསྟན་སྲུང་ཚོགས་ལ་བསྟོད། །དངོས་བཤམས་ཡིད་ཀྱིས་རྣམ་སྤྲུལ་བའི། །ཕྱི་ནང་གསང་རྟེན་སྒྲུབ་པའི་རྫས། །ལྷ་མིའི་འབྱོར་པ་རྒྱ་མཚོ་ཡིས། །ཐུགས་དམ་གཉན་པོ་དབྱིངས་སུ་བསྐང་། །མི་མཐུན་ཉམས་ཆག་འགལ་འཁྲུལ་བཤགས། །གཡར་དམ་གཉན་པོ་རྗེས་དགོངས་ལ། །སངས་རྒྱས་བསྟན་པ་སྲུང་བ་དང་། །དཀོན་མཆོག་དབུ་འཕང་མཐོ་བར་མཛོད། །མི་བསྲུན་ལོག་འདྲེན་ཆོམ་ལ་ཕོབ། །སྒྲུབ་མཆོག་རྣལ་འབྱོར་བདག་ཅག་ལ། །འགོ་ཞིང་སྡོང་གྲོགས་མི་གཡེལ་བར། །འདོད་དོན་བཅོལ་བའི་ཕྲིན་ལས་མཛོད། །ཅེས་པའང་བི་ཛ་ཡས་སོ། །༈ ཧཱུྃ། རྒྱལ་དབང་པདྨ་ཐོད་ཕྲེང་གི། །བཀའ་ཉན་སྣང་སྲིད་དྲེགས་པའི་ཚོགས། །འདིར་གཤེགས་དམ་རྫས་ཕུད་བསྐོང་བཞེས། །སྔོན་གྱི་ཐ་ཚིག་དྲན་མཛོད་ལ། །རྒྱལ་བསྟན་སྤྱི་དང་སྔ་འགྱུར་གྱི། །བསྟན་དང་བསྟན་འཛིན་ལ་འཁུ་ཞིང་། །ཁྱད་པར་བདག་ཅག་དཔོན་སློབ་ལ། །གནོད་ཅིང་འཚེ་བར་བྱེད་པ་ཡི། །མི་དང་མི་མིན་འབྱུང་པོའི་རིགས། །གནོད་བྱེད་བྱད་མ་ཇག་རྐུན་དང་། །ཁ་མཆུ་གྱོད་ཚོལ་བྱེད་ལ་སོགས། །བསམ་ངན་སྦྱོར་རྩུབ་འཆང་བའི་རིགས། །མ་ལུས་མིང་གི་ལྷག་མར་མཛོད། །ཡིད་ལ་བརྣག་པའི་དགྲ་བོ་འདི། །འཆོར་མེད་དུས་ཀྱི་ཞགས་པས་ཆིངས། །སྡང་མེད་འབྱུང་བའི་འོག་ཏུ་ནོན། །ཤ་རུས་ལྷག་མ་མེད་པར་རོལ། །རྡུལ་ཕྲན་ཙམ་ཡང་མ་བཞག་ཅིག །དུས་ལ་བབ་པོ་ས་མ་ཡ། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །སྔགས་ནག་ཞེ་སྡང་རྡོ་རྗེས་ཚེས་ནག་ཉི་ཤུ་དགུ་ལ་བྲིས་པའོ། །༈ ཧོ། རབ་འབྱམས་རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་དང་། །ཁྱད་པར་བརྒྱུད་གསུམ་དམ་ཅན་དྲེགས་པའི་ཚོགས། །ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ། །ཞིང་བཅུའི་ལོག་འདྲེན་ཚོགས་རྣམས་རྡུལ་དུ་རློག །གངས་ཅན་སྐྱེ་དགུའི་ཕན་བདེ་འབྱུང་བའི་སྒོ། །རྒྱལ་བསྟན་སྤྱི་དང་ཁྱད་པར་སྔ་འགྱུར་གྱི། །བསྟན་དང་བསྟན་འཛིན་ཡོངས་ལ་གནོད་པ་དང་། །རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ལ། །སྔ་དགྲ་ལག་བརྡར་ཕྱི་དགྲ་ཡིད་སེམས་དང་། །ད་དགྲ་གདུག་པའི་བསམ་སྦྱོར་འཆང་བ་ཡི། །གནོད་བྱེད་དགྲ་རྐུན་ཇག་གསུམ་བྱད་མར་བཅས། །ཞལ་དུ་བཏབ་བོ་རྗེས་ཤུལ་ལྷག་མེད་མཛོད། །རྒྱལ་བའི་བསྟན་དར་བསྟན་འཛིན་མངའ་ཐང་བརྟན། །གངས་ལྗོངས་བདེ་སྐྱིད་མཐའ་དམག་དུས་འཁྲུགས་ཞི། །རྫོགས་ལྡན་དུས་བཞིན་སྣོད་བཅུད་འབྱོར་པ་ཡི། །དགེ་མཚན་ནུབ་པ་མེད་པའི་དཔལ་སྩོལ་ཅིག །ཅེས་པའང་བི་ཛས་སོ། །༈ ན་མོ། དགོངས་སུ་གསོལ་ལོ་དཀོན་མཆོག་རྩ་བ་གསུམ། །མཁྱེན་པར་མཛོད་ཅིག་བརྒྱུད་གསུམ་དྲེགས་པའི་ཚོགས། །དེང་འདིར་རྣལ་འབྱོར་བདག་གིས་བསྐུལ་ལགས་ན། །མ་གཡེལ་མ་གཡེལ་དྲག་པོའི་ཕྲིན་ལས་མཛོད། །རྒྱལ་བསྟན་སྤྱི་དང་ཁྱད་པར་སྔ་འགྱུར་གྱི། །བསྟན་དང་བསྟན་འཛིན་ཡོངས་ལ་གནོད་པ་དང་། །བྱེ་བྲག་ཆོས་གྲྭ་ཆེན་པོ་འདི་ཉིད་ལ། །དོ་སྡོ་{བདོ}ཕོད་དུ་བཙུག་པའི་སྡང་བྱེད་རིགས། །ཞིང་བཅུ་ཚང་བའི་བསྟན་པ་སྤྱི་ཡི་དགྲ། །བླ་མའི་ཐུགས་དཀྲུགས་དགེ་འདུན་སྡེ་ལ་བརྙས། །ཆོས་སྲུང་ཁྱད་གསོད་སྔ་དགྲ་ལག་བརྡར་དང་། །ཕྱི་དགྲ་ཡིད་སེམས་ད་དགྲ་ཐད་དུ་བཙུགས། །དམག་སྣ་ཇག་སྣ་རྐུན་སྣ་བསྟན་མི་དང་། །ཁ་མཆུ་གྱོད་འཚོལ་ཟ་འདོད་སྙད་འདེགས་རིགས། །རི་རྒྱ་རྔོན་རྒྱ་ཆོས་ཁྲིམས་བཀའ་རྒྱ་ཕེད། །བསམ་ངན་སྦྱོར་རྩུབ་བྱད་མ་ལྷ་སྲུང་བཅས། །ཞལ་དུ་བཏབ་བོ་ལྷག་མ་མེད་པར་བཞེས། །ཕྱོགས་ལས་རྣམ་པར་རྒྱལ་པའི་དཔལ་སྩོལ་ཅིག །བླ་མའི་ཞབས་བརྟན་བཤད་སྒྲུབ་བསྟན་པ་དར། །དགེ་འདུན་སྡེ་རྒྱས་ཆོས་སྤྱོད་བྱ་བ་འཕེལ། །རྒྱལ་ཁམས་བདེ་སྐྱིད་མཐའ་དམག་དུས་འཁྲུགས་ཞི། །བསམ་དོན་ཡིད་བཞིན་འགྲུབ་པའི་ཕྲིན་ལས་མཛོད། །ཅེས་པའང་སྔགས་བན་ཞེ་སྡང་རྡོ་རྗེས་བྲིས་པ་དགེ །༈ ཀྱཻ། བསྟན་པའི་བདག་པོ་ཤཱཀྱ་སེང་གེ་ཡི། །བསྟན་པ་རིན་ཆེན་གཉེར་དུ་གཏད་མཛད་ལ། །བསྟན་སྐྱོང་རྒྱལ་ཆེན་སྡེ་བཞི་འཁོར་དང་བཅས། །བསྟན་པ་སྲུང་བའི་སླད་དུ་སྤྱན་འདྲེན་གཤེགས། །རབ་མཛེས་ནོར་བུའི་གཞལ་མེད་ཁང་བཟང་དབུས། །རབ་བརྗིད་རིན་ཆེན་ཁྲི་བཟང་དར་ཟབ་སྟེང་། །རབ་དགའི་སར་གནས་རྒྱལ་པོ་ཆེན་པོ་བཞི། །རབ་དགྱེས་མི་གཡོ་བརྟན་པར་བཞུགས་སུ་གསོལ། །ཚོགས་གཉིས་རྒྱ་མཚོའི་མཇིང་ལས་མངོན་སྣང་བའི། །དོན་གཉིས་ཕན་བདེའི་པད་ཚལ་བཞད་པའི་གཉེན། །རྐང་གཉིས་གཙོ་བོའི་གསུང་གི་རྒྱུད་འགྲོལ་བའི། །བསྟན་གཉིས་སྐྱོང་མཛད་ཁྱེད་ལ་ཕྱག་འཚལ་ལོ། །རྣམ་ཀུན་མི་འཛད་ཏིང་འཛིན་རོལ་མོའི་སྤྲིན། །རྣམ་བཀྲའི་མཆོད་ཚོགས་འདོད་ཡོན་ཟད་མེད་གཏེར། །རྣམ་མང་དགྱེས་རྒུར་འཆར་བའི་ལོངས་སྤྱོད་ཆེ། །རྣམ་མཁྱེན་རྒྱལ་བའི་བསྟན་སྲུང་ཁྱོད་ལ་འབུལ། །རྒྱལ་སྲས་འཕགས་པའི་གོ་འཕང་མངོན་བརྙེས་ཀྱང་། །རྒྱལ་བསྟན་སྐྱོང་ཕྱིར་འཇིག་རྟེན་ཆ་ལུགས་འཛིན། །རྒྱལ་བའི་བསྟན་སྲུང་ཡོངས་ཀྱི་རྗེེ་བོ་ཆེ། །རྒྱལ་པོ་ཆེན་པོ་བཞི་ཞེས་གྲགས་ལ་བསྟོད། །དགེ་ལེགས་རྒྱ་མཚོའི་འབྱུང་གནས་ཐུབ་བསྟན་རྒྱས། །དགེ་ལ་འདུན་པའི་བཤེས་གཉེན་ས་སྟེང་གང་། །དགེ་བཅུའི་ཆོས་ཀྱིས་སེམས་ཅན་བདེ་ཞིང་སྐྱིད། །དགེ་མཚན་དུ་མས་རྟག་ཏུ་ཤིས་མཛོད་ཀྱི། །བཀྲ་ཤིས་མཚན་རིང་བཀྲ་བའི་ཐུབ་ཆེན་གྱིས། །བཀྲ་ཤིས་བསྔགས་པའི་མེ་ཏོག་ཆར་བསིལ་བ། །བཀྲ་ཤིས་སྙན་དང་གྲགས་པའི་རྣམ་ཐར་འཆང། །བཀྲ་ཤིས་རྒྱལ་ཆེན་བཞི་ཡི་ཡུལ་འཁོར་སྲུང་། །བཀྲ་ཤིས་རྒྱལ་བའི་བསྟན་ལ་ལེགས་ཞུགས་ཤིང་། །བཀྲ་ཤིས་ཆོས་ལ་སྤྱོད་པའི་སྐལ་བཟང་བདག །བཀྲ་ཤིས་དཔལ་དང་འབྱོར་པ་མ་ལུས་རྒྱས། །བཀྲ་ཤིས་དཔལ་འབར་འཛམ་གླིང་ཀུན་ཁྱབ་མཛོད། །བཀྲ་ཤིས་དཔལ་མང་བརྩེགས་པའི་ལྷུན་པོ་མཐོ། །བཀྲ་ཤིས་ཉི་མའི་འོད་ཟེར་རབ་ཏུ་གསལ། །བཀྲ་ཤིས་གྲགས་པ་གསར་པས་ས་སྟེང་ཁྱབ། །བཀྲ་ཤིས་ཀུན་གྱིས་བཀྲ་ཤིས་རྒྱས་གྱུར་ཅིག །ཅེས་པའང་དབེན་པའི་རི་ངོགས་སུ་རང་གནས་བསམ་གཏན་གྱི་ཁང་བུ་གསར་དུ་བགྱིས་པའི། བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་བཏགས་ཤིང་། རྒྱལ་ཆེན་བཞི་ལ་རྟེན་འབྱུང་གི་སྨོན་ཚིག་ཕྲིན་བཅོལ་ཤིས་བརྗོད་དུ་སྤྲུལ་མིང་པ་ཨོ་རྒྱན་ཐུགས་མཆོག་རྡོ་རྗེ་ཚེ་དབང་གྲུབ་པའི་མགོན་པོས་བརྗོད་པ་སྭ་སྟི་སིངྔྷི་མངྒལཾ་བྷ་ཝནྟུ།

དགྲ་ལྷའི་གསོལ་མཆོད་མདོར་བསྡུས།

༄༅། །དགྲ་ལྷའི་གསོལ་མཆོད་མདོར་བསྡུས་བཞུགས་སོ། །རྃ་ཡྃ་ཁྃ། ༀ་ཨཱཿཧཱུྃ། ཀྱེ། རབ་དཀར་བསོད་ནམས་སྟོབས་ཀྱི་རུ་མཚོན་གྱིས། །ནག་ཕྱོགས་བདུད་དགྲའི་དཔུང་ཚོགས་གཞོམ་མཛད་པའི། །བསྟན་སྐྱོང་དགྲ་ལྷའི་རྒྱལ་པོ་འཁོར་དང་བཅས། །ཐོགས་མེད་རྫུ་འཕྲུལ་དབང་གིས་གཤེགས་སུ་གསོལ། །ཇ་ཆང་འོ་ཞོ་ཕྱེ་མར་དཀར་མངར་ཕུད། །གོ་མཚོན་དཀོར་ནོར་སྤྱན་གཟིགས་མཁོ་དགུའི་རིགས། །འདོད་པའི་ཡོན་ཏན་མ་ཚང་མེད་པའི་སྤྲིན། །དངོས་བཤམས་ཡིད་ཀྱི་སྤྲུལ་ཏེ་འབུལ་གྱིས་བཞེས། །བདག་དང་རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ལ། །ལུས་དང་གྲིབ་མ་བཞིན་དུ་འབྲལ་མེད་འགྲོགས། །ཚེ་བསོད་དཔལ་འབྱོར་རླུང་རྟ་གྱེན་ལ་བསྐྱེད། །བསམ་པའི་དོན་ཀུན་འགྲུབ་པའི་ཕྲིན་ལས་མཛོད། །ཅེས་པའང་པདྨ་བི་ཛས་བྲིས་པ་དགེ །

ཡུལ་སྐྱོང་དགེ་བསྙེན་ཆེན་པོ་ནོར་བུ་དབང་རྒྱལ་གྱི་གསོལ་མཆོད་འདོད་འཇོའི་ལྗོན་བཟང་།

༄༅། །ཡུལ་སྐྱོང་དགེ་བསྙེན་ཆེན་པོ་ནོར་བུ་དབང་རྒྱལ་གྱི་གསོལ་མཆོད་འདོད་འཇོའི་ལྗོན་བཟང་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་པདྨ་ཀ་ར་ཡེ། འོད་མཚན་མཐའ་ཡས་སྤྲུལ་པའི་སྐུ། །ཐུགས་རྗེའི་སྟོབས་ཀྱིས་དྲེགས་པ་འདུལ། །པདྨ་འབྱུང་གནས་ལ་བཏུད་ནས། །ཡུལ་སྐྱོང་དབང་པོ་མཆོད་ཐབས་བྲི། །དེ་ལ་ཡུལ་འདི་སྐྱོང་བའི་ལྷ་ཡི་གཙོ་བོ་དགེ་བསྙེན་ཆེན་པོ་ནོར་བུ་དབང་རྒྱལ་གསོལ་མཆོད་བྱེད་པར་སྤྲོ་ན་རིན་པོ་ཆེ་ལ་སོགས་པའི་སྣོད་དུ་གཙང་ཞིང་དག་པའི་ཟས་སྣ་གཏོར་མ་བསང་གསུར་{བསུར}སོགས་ཇི་ལྟར་འབྱོར་པའི་མཆོད་རྫས་རྣམས་བཤམས་ལ་བསང་ཆུས་བྲན། རྃ་ཡྃ་ཁྃ། ལན་གསུམ་གྱིས་སྦྱངས། དངོས་སུ་བཤམས་པ་དང་། ཡིད་ལས་སྤྲུལ་པའི་མཆོད་པ་ནམ་མཁའ་མཛོད་ཀྱི་འཁོར་ལོའི་སྤྲིན་ཆེན་པོ་ལས་འདོད་དགུའི་ལོངས་སྤྱོད་ཆར་བཞིན་དུ་འབེབས་པར་བསམ་ལ་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་ལན་གསུམ་གྱིས་སྤེལ། དེ་ནས་རྔ་རོལ་སྙན་པའི་དབྱངས་བཅས་འདི་སྐད་དོ། །ཧྲཱིཿརྩ་གསུམ་ཀུན་འདུས་པདྨ་འབྱུང་གནས་ཀྱི། །བཀའ་དང་དམ་ལ་གནས་པའི་དགེ་བསྙེན་ཆེ། །ཡུལ་སྐྱོང་ཟོ་དོར་ནོར་བུ་དབང་རྒྱལ་མཆོག །བཙུན་མོ་སྲས་བློན་བྲན་དང་བཅས་པ་རྣམས། །ཀི་བསོ་སྙན་པའི་དབྱངས་བཅས་མདའ་དར་གཡབ། །ཕུན་ཚོགས་མཆོད་པའི་མགྲོན་དུ་སྤྱན་འདྲེན་ན། །ཁུ་བྱུག་དཔྱིད་ཀྱི་དཔལ་མོས་བསུས་པ་བཞིན། །དམ་བཅས་དུས་ལ་བབས་ཀྱིས་མྱུར་བར་གཤེགས། །གེ་སར་རབ་མཛེས་ཆུ་སྐྱེས་གསར་པ་སོགས། །རང་རང་མཐུན་པའི་གདན་ལ་བཞུགས་ནས་ཀྱང་། །ངོ་མཚར་སྟོན་ཟླའི་གསལ་བ་ལ་འཁུ་བའི། །དགྱེས་ཞལ་མིག་གི་བདུད་རྩིར་སྟོན་པར་མཛོད། །ཅི་ནས་ལྷ་ཁྱོད་དགྱེས་པ་བསྐྱེད་པའི་ཕྱིར། །རིན་ཆེན་དུ་མ་ལས་གྲུབ་སྣོད་མཆོག་ན། །ཆུ་གཙང་སྦྱར་བའི་གསེར་སྐྱེམས་གཡུ་སྐྱེམས་དང་། །རྒྱ་ཇ་འབྲུ་ཆང་འོ་མའི་ཕུད་གཙང་མཆོད། །ཇི་{ཇེ}ཞིག་མ་ཡིན་ཉོན་མོངས་གདུང་སེལ་བའི། །དྲི་བཟང་ཤིང་སྣ་སྨན་སྤོས་འབྲུ་ཡི་རིགས། །ཉོ་ཚོང་བཟའ་བཏུང་གཙང་མའི་ཕུད་བསྒྱུར་ནས། །བསྲེགས་པའི་དྭངས་མར་བདུད་རྩིར་འཆར་བས་མཆོད། །ཏི་རིའི་ཁྱུ་དང་ཅང་ཤེས་གླང་པོ་ཆེ། །ནོར་བུའི་གོ་ཁྲབ་ལྷ་ཡི་གཞལ་མེད་ཁང་། །ཐུ་བོ་སྲིད་ན་ཆེ་དགུའི་དཀོར་ཆའི་རིགས། །མ་ཚང་མེད་པའི་དངོས་པོ་དུ་མས་མཆོད། །དེ་ལས་ཁྱད་པར་མཐུན་པའི་དམ་རྫས་རིགས། །དཀར་དམར་གཏོར་མ་རིན་ཆེན་སྨན་འབྲུ་གོས། །ནོ་པའི་ཀ་ཡི་འབྱོར་པ་རྒྱ་མཚོ་ཡི། །ཐུགས་དམ་བསྐོངས་ཤིང་ཕོག་ཐུགས་འགྲམས་འཁྲུགས་བཤགས། །པི་ཝང་སྒྲ་ཡིས་མི་མཚོན་སྙན་ཚིག་གིས། །བསྟོད་ཅིང་སྲིད་པའི་ལྷ་ཆེན་མངའ་གསོལ་ན། །ཕུ་མདའ་ཉིན་སྲིབ་ཡུལ་འདིས་ས་གཞིས་ཁྱོན། །དབང་བཟུང་ལེགས་ཉེས་མཁྱེན་པའི་བྱ་ར་མཛོད། །བོ་ལོ་རྩྭ་ཆུས་འཚོ་བའི་རི་སྐྱེས་ལ། །ཁྱོད་ལས་སྐྱབས་གཞན་མེད་པས་འཚོ་སྐྱོང་རེམ། །མོ་རྩིས་རྨིས་འཁྲུགས་ལྟས་ངན་ཆོ་འཕྲུལ་གྱིས། །འདོད་སྲེད་སྲིན་པོའི་རིགས་རྣམས་ཚར་གཅོད་མཛོད། །ཙི་ན་འཕགས་བལ་ཡུལ་གྱི་མཐའ་བསྐོར་བའི། །ལྟ་ལོག་ཕྱི་རོལ་ཀླ་ཀློའི་རྒྱུ་འཕྲུལ་ཀུན། །ཚུ་རོལ་གངས་ལྗོངས་མཐའ་དབུས་ཀུན་ཏུ་སྲུངས། །བསྟན་དང་འགྲོ་བའི་བདེ་སྐྱིད་འཕེལ་བར་མཛོད། །ཛེ་ཏའི་ཚལ་དུ་རྒྱལ་བའི་ཕྲིན་ལས་བཞིན། །གནས་འདིར་མཁས་བཙུན་གྲུབ་པའི་ཚོགས་གྱིས་གང་། །ཝོ་ཛི་ཧས་ཀྱང་བསྔགས་པ་བརྗོད་དཀའ་བའི། །བཤད་སྒྲུབ་བསྟན་པ་དར་རྒྱས་ཡུན་གནས་མཛོད། །ཞི་བའི་ཏིང་འཛིན་སྒོམ་ཞིང་སྒྲུབ་པའི་སྡེ། །ཉམས་དང་རྟོགས་པའི་ཡོན་ཏན་ཆེས་དཀར་བ། །ཟུ་ལེའི་གངས་ཀྱི་རི་བོའི་རྗེས་འགྲོ་ཞིང་། །དོན་གཉིས་མཐའ་རུ་ཕྱིན་པའི་ལེགས་པ་བྱིན། །འོ་{འ}ཞེས་འབོད་ཚེ་ལྷ་ཁྱོད་སྙན་མ་སྲ། །ལས་ལ་བསྐུལ་བའི་དུས་སུ་སྒབ་མ་ལྗི། །ཡོ་ག་སྡེ་གསུམ་བསྟན་ལ་འཚེ་བྱེད་པ། །བསྒྲལ་བའི་ཞིང་གྱུར་གང་ན་འདུག་ཀྱང་སྒྲོལ། །རི་གླིང་དགོན་གནས་ལྟོས་འཁོར་བཅས་པ་རྣམས། །ཁྱེད་ལ་གཉེར་དུ་བཅོལ་བས་སྲུང་སྐྱོབས་གྱིས། །ལུ་མའི་རྫིང་བཞིན་ཕྱྭ་གཡང་ལོངས་སྤྱོད་སྤེལ། །ཆོས་འབྱོར་བདེ་བའི་ལང་ཚོ་དར་བར་མཛོད། །ཤེ་མུན་ལྟ་བུའི་དུས་ཀྱི་རྒུད་པ་སངས། །འབྱུང་བ་ཁོད་སྙོམས་ལོ་ལེགས་ཕྱུག་འཕེལ་སོགས། །སོ་སོ་ཡིད་ལ་གང་འདོད་བསམ་པའི་དོན། །མཐའ་དག་འབད་མེད་ཡོངས་སུ་འགྲུབ་པར་མཛོད། །ཧི་ཧི་བཞད་པའི་སྒྲ་དང་ལྷན་ཅིག་པར། །ཞི་དང་བྱམས་པའི་སེམས་ཀྱིས་ཡུལ་འདི་སྐྱོངས། །ཨུ་རྒྱན་རིག་འཛིན་བརྒྱུད་པར་བཅས་པ་ཡི། །ཕྲིན་ལས་རྣམ་བཞི་ལྷུན་གྱིས་འགྲུབ་པར་མཛོད། །སངས་རྒྱས་བསྟན་པ་རིན་ཆེན་དར་ཞིང་རྒྱས། །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་མཛད་འཕྲིན་འཕེལ། །ཡངས་པའི་རྒྱལ་ཁམས་ནད་མུག་འཁྲུགས་རྩོད་ཞི། །བདེ་སྐྱིད་དཔལ་ལ་རོལ་བའི་ཀྲ་ཤིས་ཤོག །ཅེས་བརྗོད་པས་དོན་འགྲུབ་པ་ཡིན་ནོ། །ཡུལ་རིས་དཀར་ཕྱོགས་སྐྱོང་བའི་དགེ་བསྙེན་ཆེ། །མཆོད་ཐབས་སྔོན་མེད་དཔག་བསམ་ལྗོན་བཟང་ལས། །ཅི་འདོད་དངོས་ཀུན་འཇོ་བའི་དགེ་མཚན་གྱིས། །བསྟན་འགྲོའི་བདེ་སྐྱིད་ཡུན་དུ་བརྟན་གྱུར་ཅིག །ཅེས་པའང་པདྨ་བི་ཛས་སོ། །

ཡུལ་ལྷའི་གསོལ་བསྡུས།

༄༅། །ཡུལ་ལྷའི་གསོལ་བསྡུས། ཀྱཻ། པདྨའི་དགེ་བསྙེན་ནོར་བུ་དབང་རྒྱལ་མཆོག །རྩེ་བླ་བཅུ་གསུམ་དགྱེས་ཡུམ་སྤྲུལ་འཁོར་བཅས། །ཟག་མེད་འདོད་ཡོན་མཆོད་གཏོར་འདི་བཞེས་ལ། །སངས་རྒྱས་བསྟན་པ་རྒྱས་པའི་ཕྲིན་ལས་མཛོད། །ཅེས་པའང་རྣམ་པར་རྒྱལ་བའི་ལྷས་སོ། །༈ པདྨའི་དགེ་བསྙེན་མཐུ་ལྡན་དཀར་ཕྱོགས་སྐྱོང་། །ནོར་བུ་དབང་རྒྱལ་རྩེ་བླ་བཅུ་གསུམ་སོགས། །ཟག་མེད་གསེར་སྐྱེམས་འདོད་ཡོན་རྒྱ་མཚོས་མཆོད། །དོན་གཉིས་བསམ་ཀུན་འགྲུབ་པའི་སྡོང་གྲོགས་མཛོད། །

གླིང་ཡུལ་ཟོ་དོར་སྤྱིའི་བསང་མཆོད་བཀྲ་ཤིས་དཔལ་སྐྱེད།

༄༅། །གླིང་ཡུལ་ཟོ་དོར་སྤྱིའི་བསང་མཆོད་བཀྲ་ཤིས་དཔལ་སྐྱེད་བཞུགས། ན་མོ་གུ་རུ་པདྨཱ་ཀ་ར་ཡེ། དེ་ལ་འདིར་བཙོག་ནལ་དམར་གྱིས་མ་སྦགས་པའི་རིན་ཆེན་འབྲུ་སྨན་དར་གོས་ཕྱེ་མར་རིགས། བཟང་ཤིང་དྲི་ལྡན་གྱི་མེར་བསྲེགས་ཤིང་། ཇ་ཆང་འོད་ཕུད་ཀྱི་སྐྱེམས་འཐོར་ལ། ཐོག་མར་སྐྱབས་སེམས་སྔོན་དུ་འགྲོ་བས་འདི་སྐད་དོ། །ཧྲཱིཿདོན་དམ་ཆོས་ཉིད་བདེ་གཤེགས་སྙིང་པོའི་ཁམས། །སྐྱེ་སོགས་སྤྲོས་པའི་མཚན་མ་མི་དམིགས་ཀྱང་། །ཀུན་རྫོབ་རྟེན་འབྱུང་མ་འགགས་སྣང་ཆའི་རྩལ། །གནས་ཡུལ་རྣམ་དག་པདྨ་དྲྭ་བའི་ཞིང་། །བཀོད་པ་ཁྱད་འཕགས་འཇའ་ཟེར་ཐིག་ལེའི་ཀློང་། །རང་རིག་རྗེ་བཙུན་མ་ཧཱ་གུ་རུའི་སྐུ། །དཀར་དམར་མཚན་རྫོགས་རྡོ་རྗེ་ཐོད་བུམ་འཛིན། །སྣང་སྲིད་ཟིལ་གནོན་རོལ་པའི་སྟབས་ཀྱིས་བཞུགས། །ཐུགས་སྲོག་འོད་ཀྱིས་མཆོད་རྫས་ཉེས་སྐྱོན་སྦྱངས། །ཟག་མེད་ཡེ་ཤེས་བདུད་རྩི་བྱིན་གྱིས་རློབས། །མི་འཛད་ནམ་མཁའ་མཛོད་ཀྱི་འཁོར་ལོར་སྤེལ། །རྃ་ཡྃ་ཁྃ། །ༀ་ཨཱཿཧཱུྃ། ཀྱཻ། ཕུན་ཚོགས་དགེ་བཅུ་མ་ལུས་གཡང་དུ་འཁྱིལ། །སྡེ་བཞིའི་དཔལ་འབྱོར་འཛད་མེད་འདུ་བའི་ལྗོངས། །གླིང་རྗེས་དབང་བསྒྱུར་ཡུལ་ཁམས་སྐྱོང་བའི་ལྷ། །རྫོང་བྲག་དགེ་བསྙེན་རྡོ་རྗེ་གཡུང་དྲུང་དཔལ། །བྲ་མ་མདུང་རྩེ་ཚེ་རྒྱལ་བྲག་དཀར་ལྷ། །གཉན་ཆེན་གེ་མཛོ་སྙིང་རྨོག་དཔལ་ཞུ་དང་། །བྲག་དཀར་ལུ་གུ་སྤུན་གསུམ་འུ་སུག་སྤུན། །མེ་རིང་མདུང་རྩེ་འབུས་ར་སྟག་ཙེ་དང་། །གདོང་འཛོམ་བྲག་ཅོག་ཉ་འབྲང་རྨ་ར་སྣ། །རྨ་ལྡེ་དཀར་ཡག་ཨ་མྱེ་ལྟུ་ཆུ་བཙན། །མཚོ་སྨན་རྒྱལ་མོ་ལ་སོགས་ཟོ་དོར་གཉན{གཉེན}། །ཡབ་ཡུམ་སྲས་བློན་མངག་གཞུག་སྤྲུལ་འཁོར་དང་། །གཡས་རུ་ཉང་ཕུ་ཚེ་ཡག་མཚོ་དགུས་མཚོན། །སྤྱི་སྒེར་{དགེར}དབང་བྱེད་དཀར་ཕྱོགས་ཡུལ་ལྷའི་གཙོ། །མིང་དང་མཚན་ནས་མ་ཐོན་མཐུ་ལྡན་རིགས། །ཀུན་ཀྱང་བསང་གི་མགྲོན་ལ་སྤྱན་འདྲེན་གཤེགས། །རང་རང་མཐུན་པའི་གདན་ལ་དགྱེས་བཞུགས་གསོལ། །ཀྱཻ། བརྟན་གཡོ་སྲིད་པའི་དྭངས་བཅུད་རྩི་སྨན་འབྲུ། །དར་གོས་རིན་ཆེན་བཟང་ཤིང་ཇ་ཆང་ཕུད། །འབར་བྱེད་ཡུམ་མཁར་སྦྱང་བའི་དུད་པའི་སྤྲིན། །མི་གཙང་གྲིབ་ཀུན་སེལ་བྱེད་བདུད་རྩིའི་ཆར། །རང་རང་གང་བཞེད་འཆར་བའི་འདོད་ཡོན་རྫས། །ཟག་མེད་བསང་མཆོད་ཡེ་ཤེས་རོལ་མོ་འདིས། །སྣང་སྲིད་མཆོད་སྦྱིན་མགྲོན་གྱུར་མ་ལུས་དང་། །ཁྱད་པར་འགོ་བའི་ལྷ་ལྔ་སྐྱོབ་པའི་མགོན། །དཀར་ཕྱོགས་ཡུལ་ལྷ་ཟོ་དོར་གཉན་རྣམས་བསང་། །དྲི་བཟང་ཤིང་སྣའི་དུད་པ་སྤྲིན་ལྟར་གཏིབ། །ཇ་ཆང་འོ་ཞོའི་སྐྱེམས་ཕུད་མཚོ་ལྟར་བསྐྱིལ། །སྤྱན་གཟིགས་ཕྱེ་མར་དཀོར་ནོར་རི་ལྟར་སྤུངས། །ཡུལ་སྐྱོང་ཟོ་དོར་གཉན་རྣམས་བསང་ཞིང་བརྔན། །འཕྲུལ་དགའི་ཞིང་གི་འབྱོར་ཚོགས་ཟིལ་ནོན་པའི། །དབང་ལྔའི་ལོངས་སྤྱོད་ཟག་མེད་འདོད་ཡོན་སྤྲིན། །ཆོས་དབྱིངས་དང་མཉམ་རྒྱས་པར་འགེངས་པ་ཡིས། །དམ་ལྡན་གནས་གཏེར་སྐྱོང་རྣམས་བསང་ཞིང་བརྔན། ཤིས་པའི་རྟགས་རྫས་རྒྱལ་སྲིད་རྣམ་བདུན་དང་། །ཉེ་བའི་རིན་ཆེན་བདུན་སོགས་ལྷ་མའི་རྫས། །ཏིང་འཛིན་ནམ་མཁའ་མཛོད་ཀྱིས་རོལ་མོ་འདིས། །མཆོད་སྦྱིན་མགྲོན་གྱུར་མ་ལུས་བསང་ཞིང་བརྔན། །རུ་མཚོན་བ་དན་མཛེས་པས་ཆུ་མཐོང་འགོག །ཀུ་བསོ་རྔམ་པའི་ཆ་སྒྲས་སྲིད་གསུམ་གཡོ། །རྟ་བ་ཞུབ་ཆེན་དཔུང་གི་ས་གཞི་གང་། །བསྟན་སྲུང་དགྲ་ལྷའི་ཚོགས་རྣམས་བསང་ཞིང་བརྔན། །རྫས་སྔགས་ཏིང་འཛིན་ཆོ་ག་ཟབ་མོ་འདིས། །སྡོམ་པ་གསུམ་དང་འགལ་བའི་ཉམས་གྲིབ་དང་། །རྨེ་ནལ་བང་མཛེ་བག་ཡུག་འཁོན་མནོལ་བཙོག །མི་གཙང་གྲིབ་ཀྱིས་གོས་ཀུན་སང་{སད}གྱུར་ཅིག །ཧྲཱིཿསྣང་སྲིད་ཟིལ་གནོན་པདྨ་རྒྱལ་པོ་ཡི། །གངས་ལྗོངས་ལྷ་སྲིན་མ་ལུས་དབང་དུ་བསྡུས། །མི་འདའ་རྡོ་རྗེའི་ཐ་ཚིག་སྤྱི་བོར་བཅིངས། །དཀར་ཕྱོགས་བསྟན་པ་སྐྱོང་བར་གཉེར་དུ་གཏད། །མ་འོངས་ཐར་པ་ཐོབ་པར་ལུང་ཡང་བསྟན། །བདག་ནི་རིག་འཛིན་རྣལ་འབྱོར་དེ་ཡི་རྒྱུད། །ཁྱོད་ནི་དཀར་ཕྱོགས་ལྷ་འདྲེ་གཡར་དམ་ཅན། །དེ་ཕྱིར་འདོད་ཡོན་བསང་མཆོད་འདི་བཞེས་ལ། །ཁས་བླངས་མ་བསྙེལ་བཅོལ་བའི་ལས་འདི་སྒྲུབས། །དགེ་ལེགས་བྱེ་བའི་དཔལ་གྱིས་མངོན་མཐོ་བའི། །དྲི་མེད་ཐུབ་བསྟན་ནོར་བུའི་གདུགས་དཀར་པོ། །བཤད་སྒྲུབ་སྲོག་ཤིང་བརླིང་བས་སྲིད་པའི་ཁྱོན། །ཡོངས་ཁྱབ་ཕན་བདེའི་གྲིབ་བསིལ་རྟག་བརྟན་མཛོད། །ཁྱད་པར་མཚོ་སྐྱེས་རིང་ལུགས་མ་ཎི་ཀ །འགྲོ་བསོད་རྒྱལ་མཚན་རྩེ་མོར་རྟག་མཆོད་པས། །གྲོལ་བ་དྲུག་ལྡན་ཕྲིན་ལས་འདོད་དགུའི་ཆར། །འབེབས་པས་དོན་གཉིས་འབྱོར་ཚོགས་རྒྱས་པར་མཛོད། །རྨད་བྱུང་འཁོར་ལོ་གསུམ་གྱི་ཕྲག་པ་ཡིས། །ཐུབ་བསྟན་ས་ཆེན་འདེགས་ལ་མི་ངལ་བའི། །རིས་མེད་སྐྱེས་ཆེན་ཁྱབ་འཇུག་གཟུགས་ཅན་རྣམས། །མཛད་ཕྲིན་ཡར་ཟླའི་དཔལ་ལྟར་གོང་འཕེལ་མཛོད། །མཚམས་སྤྲིན་གསར་པའི་མདངས་འཕྲོག་བླ་གོས་དང་། །བསླབ་གསུམ་ནོར་བུའི་རྒྱན་གྱིས་ཆེར་སྒེག་པས། །ངེས་ལེགས་ཞི་བའི་གྲོང་དུ་བགྲོོད་བརྩོན་པའི། །མཆོད་གནས་སྡེ་གཉིས་གང་དུ་འདུག་ཀྱང་སྐྱོངས། །མ་རྨས་གླིང་དཀར་རིགས་ཀྱི་མྱུ་གུ་ལས། །ཉེར་འཁྲུངས་ས་ཡི་ཚངས་ཆེན་ཡོང་འདུའི་ལྗོན། །སྡེ་བཞིའི་ཡལ་འདབ་རྒྱས་པས་མངའ་རིས་ཁྱོན། །དགེ་བཅུའི་གྲིབ་བསིལ་སྣུམ་པོས་སྲུང་བར་མཛོད། །དྲང་པོའི་མཁར་གནས་རྣམ་དཔྱོད་བསིལ་ཟེར་གྱིས། །ཆབ་འབངས་ཕན་བདེའི་ཆུ་གཏེར་འཕེལ་བརྩོན་པའི། །ཡ་རབས་མཛངས་བློན་དྲ་མའི་ཟླ་གཞོན་ཚོགས། །ཕྲིན་ལས་སྣང་བ་གསར་པས་མཛེས་པར་མཛོད། །དགེ་བཅུའི་བཀའ་ཁྲིམས་བཙན་པོའི་དུནྡྷུ་བྷིས། །བག་མེད་གདོལ་སྤྱོད་གཉིད་ལས་ཆེར་བཟློག་པའི། །དགེ་མཚན་སྣོད་བཅུད་དཔལ་དུ་ཉེར་ཤར་བས། །རྫོགས་ལྡན་དུས་སྟོན་གསར་དུ་འཆར་བར་མཛོད། །ཁྱད་པར་ཁྱོད་ལ་བརྟེན་ནས་བག་ཕེབས་སུ། །སྤྲོ་སེམས་མགྲིན་པ་བཏེགས་ནས་རྒྱུ་བ་ཡི། །ཉམ་ཆུང་རྩྭ་ཆུས་འཚོ་བའི་རི་སྐྱེས་ཚོགས། །མི་འཇིགས་སྲོག་གི་སྦྱིན་པ་ཁྱོད་ཀྱིས་བྱིན། །ཡུལ་ཕྱོགས་སྤྱི་དང་བྱེ་བྲག་ལྗོངས་འདི་རུ། །ནད་མུག་མཚོན་འཁྲུགས་བཙའ་སད་སེར་གསུམ་དང་། །མི་རུང་ཐན་ལྟས་འབྱུང་བཞིས་འཇིགས་པ་སོགས། །འགལ་བྱེད་གདུག་པའི་མིང་ཡང་མི་གྲགས་མཛོད། །སྣོད་ལ་གཡང་ཆགས་ལོ་ཕྱུགས་རྟག་ཏུ་ལེགས། །བཅུད་ལ་དཔལ་སྐྱེད་རྒབ་འཕེལ་བཞོན་བཅུད་རྒྱས། །ཀུན་ཀྱང་བྱམས་པས་རྒྱུན་བརླན་དགེ་བཅུར་སྤྱོད། །བསྐལ་པ་རྫོགས་ལྡན་དཔལ་ལ་ལོངས་སྤྱོད་ཤོག །དེ་ལྟར་ཟག་མེད་བསང་གི་དགའ་སྟོན་གྱིས། །དཀར་ཕྱོགས་ཟོ་དོར་གཉན་རྣམས་མཉེས་ཚིམས་ནས། །རང་རང་སོ་སོའི་གནས་སུ་གཤེགས་ནས་ཀྱང་། །སླད་ནས་མཆོད་སྦྱིན་མགྲོན་ལ་གཤེགས་པར་འཚལ། །བཀྲ་ཤིས་ཀུན་གྱི་འབྱུང་གནས་མཆོག་གསུམ་ལྷའི། །བཀྲ་ཤིས་བདེན་གསུང་ཆར་གྱི་རྒྱུན་བཟང་པོས། །བཀྲ་ཤིས་སྲིད་ཞིའི་ཁོངས་སུ་རྟག་ཁྱབ་པས། །བཀྲ་ཤིས་ཕན་བདེའི་རྩི་སྨན་རྒྱས་གྱུར་ཅིག །ཅེས་སོགས་ཤིས་པ་བརྗོད་པས་དགེ་ལེགས་སུ་བྱའོ། །ཞེས་པ་འདིའང་བསླབ་གསུམ་ཡོན་ཏན་བྱེ་བའི་དཔལ་གྱིས་མངོན་པར་མཐོ་བའི་མཁན་ཆེན་ཚེ་ཡི་རིགས་བྱེད་པ་ཆེན་པོ་ཚུལ་ཁྲིམས་རྒྱལ་མཚན་ནས་གསུང་བསྐུལ་གནང་བ་བཞིན། ཟེ་ཆེན་རྒྱལ་ཚབ་པ་འཇམ་དབྱངས་མཁས་གྲུབ་རྒྱ་མཚོ་དབྱངས་ཅན་དགྱེས་པའི་སྡེས་ཤར་མར་བྲིས་པ་དགེ་ལེགས་ཀྱི་སྣང་བ་ཆེན་པོས་ས་གསུམ་ཁྱབ་པའི་རྒྱུར་གྱུར་ཅིག་གུ།

ཁྲོ་ཤུལ་ཡུལ་ལྷའི་བསང་མཆོད་ཕན་བདེའི་སྤྲིན་ཕུང་།

༄༅། །ཁྲོ་ཤུལ་ཡུལ་ལྷའི་བསང་མཆོད་ཕན་བདེའི་སྤྲིན་ཕུང་བཞུགས། ན་མོ་པདྨཱ་ཀ་ར་ཡེ། གཟའ་སྐར་ཚེས་གྲངས་བཟང་པོའི་སྔ་ཆར་གཙོག་ནལ་དམར་གྱིས་མ་སྦགས་པའི་རིན་ཆེན་འབྲུ་སྨན་དར་ཟབ་དཀར་མངར་ཕྱེ་མར་ཟས་སྣའི་རིགས་བཟང་ཤིང་དྲི་ལྡན་གྱི་མེ་ལ་བསྲེག་ཅིང་། ཇ་ཆང་འོ་ཕུད་གཙང་མས་མཆོད་ལ་སྐྱབས་སེམས་སྔོན་དུ་འགྲོ་བས་འདི་སྐད་དོ། །ཧྲཱིཿཀ་དག་སྤྲོས་པ་བྲལ་བའི་དབྱིངས་ཆེན་པོར། །ལྷུན་འགྲུབ་རང་གསལ་ཡེ་ཤེས་ལྔ་ལྡན་ཀློང་། །རིག་རྩལ་རོལ་པ་པདྨ་ཐོད་ཕྲེང་རྩལ། །འཁོར་འདས་ཟིལ་གནོན་རོལ་བའི་སྟབས་ཀྱིས་བཞུགས། །ཐུགས་སྲོག་འོད་ཀྱིས་དངོས་འཛིན་འབགས་གཙོག་སྦྱང་། །ཡེ་ཤེས་བཅུད་དྲངས་ཟག་མེད་བདུད་རྩིར་སྦར། །འདས་དང་མ་འདས་སྣང་སྲིད་མཆོད་སྦྱིན་མགྲོན། །མ་ལུས་འདིར་གཤེགས་ཡིད་མཐུན་གདན་ལ་བཞུགས། །ཏིང་འཛིན་ནམ་མཁའ་མཛོད་ཀྱི་རོལ་མོ་ལས། །བྱུང་བའི་ཉེར་སྤྱོད་འདོད་ཡོན་རིན་ཆེན་བདུན། །བཀྲ་ཤིས་རྟགས་རྫས་ལྷ་མའི་དཔལ་འབྱོར་རིགས། །མ་ཚང་མེད་པའི་ལོངས་སྤྱོད་རྒྱ་མཚོས་མཆོད། །རང་རིག་བྱང་ཆུབ་སེམས་ཀྱི་མཁའ་དབྱིངས་སུ། །འཁོར་འདས་རྟོག་པའི་སྤྲིན་ཚོགས་ཅིར་སྣང་ཡང་། །གདོད་ནས་རྣམ་གྲོལ་དབྱིངས་ཀྱི་རྒྱན་ཆེན་པོར། །རྟོགས་པས་བསལ་བཞག་དྲལ་བའི་ངང་དུ་བསྟོད། །ཀྱཻ། ཕྱི་སྣོད་རྣམ་དག་བདེ་ཆེན་ཡུམ་ལྔའི་ཀློང་། །ནང་བཅུད་སྐྱེ་འགྲོ་ལྷ་དང་ལྷ་མོའི་སྤྲིན། །གདོད་ནས་རྣམ་གྲོལ་འོད་གསལ་ཆེན་པོའི་ངང་། །མ་དག་ཉེས་པའི་དྲི་མ་མི་དམིགས་ཀྱང་། །སྒྱུ་མ་མཁན་གྱི་སྒྱུ་མའི་རོལ་རྩེད་བཞིན། །ཟག་མེད་བསང་མཆོད་བདུད་རྩིའི་སྤྲིན་ཕུང་འདིས། །གཏན་གྱི་སྐྱབས་གྱུར་དཀོན་མཆོག་རྩ་གསུམ་བསངས། །དཔལ་མགོན་ཆོས་སྲུང་དཀར་ཕྱོགས་སྐྱོང་ཀུན་དང་། ཁྱད་པར་གནོད་སྦྱིན་ནོར་ལྷ་གཏེར་གྱི་བདག །དགྲ་ལྷ་ཝེར་མ་ཟོ་དོར་གཉན་གྱི་ལྷ། །འགོ་བའི་ལྷ་ལྔ་སྐྱོབ་པའི་མགོན་རྣམས་བསང་། །འོམ་རྒྱལ་རྒྱས་བཟང་ལྕང་མ་རྟ་ཕྱུགས་དང་། །འབྲི་ལུང་ཆུ་བཟང་རི་དམར་ཨ་བསེ་གེ །།ཁྲ་རིང་ཤིང་བལ་ཀ་ལ་སྟག་རྩེ་དང་། །ནོར་བུ་དགྲ་འདུལ་གཡུ་རྩེ་བྲག་དམར་བསང་། །གཞན་ཡང་མིང་དང་མཚན་ནས་མ་ཐོན་པའི། །ཕུ་མདའ་ཉིན་སྲིབ་གཡས་གཡོན་ཡུལ་གཞིས་བདག །ལྷ་ཀླུ་གཉན་བཙན་དམུ་བདུད་ཐེ་རང་རིགས། །རྣོ་མྱུར་ཤུགས་ལྡན་དྲེགས་པའི་དཔུང་ཚོགས་བསང་། །ཚེ་རབས་ཐོག་མེད་དུས་ནས་ད་ལྟའི་བར། །ལན་ཆགས་ཤ་འཁོན་བུ་ལོན་གཉེར་རྣམས་དང་། །སྙིང་རྗེའི་ཡུལ་གྱུར་བརྒྱུད་ལྔའི་འགྲོ་བ་སོགས། །སྣང་སྲིད་མགྲོན་དུ་འོས་པ་མ་ལུས་བསང་། །ཤིས་པའི་རྟགས་རྫས་རྒྱལ་སྲིད་རིན་ཆེན་བདུན། །གོ་མཚོན་དཀོར་ནོར་སྤྱན་གཟིགས་མཁོ་དགུའི་རྫས། །ལྷ་མིའི་དཔལ་འབྱོར་འདོད་ཡོན་འཛད་མེད་སྤྲིན། །དགྱེས་དགུར་འཆར་བའི་ལོངས་སྤྱོད་རྒྱ་མཚོས་བརྔན། །དེ་ལྟར་སྣང་སྲིད་མཆོད་སྦྱིན་མགྲོན་རིགས་རྣམས། །བདུད་རྩི་བསང་གིས་མཆོད་ཅིང་བརྔན་པའི་མཐུས། །མི་གཙང་གྲིབ་ཀྱི་ཉེས་པ་ཀུན་ཞི་ནས། །ཕན་བདེའི་དགའ་སྟོན་མཆོག་ཏུ་རྒྱས་པར་མཛོད། །དྲི་མེད་ཐུབ་བསྟན་སྙིང་པོའི་བ་དན་རྩེར། །སྔ་འགྱུར་བཀའ་གཏེར་ནོར་བུའི་ཏོག་འབར་ཞིང་། །བཤད་སྒྲུབ་ཕྲིན་ལས་འདོད་དགུའི་གྲུ་ཆར་གྱིས། །གངས་ལྗོངས་རྒུད་པའི་དབུལ་བ་གཏན་བཅིལ་ཞིང་། །བསླབ་གསུམ་ཡོན་ཏན་བཟང་པོའི་འདབ་གཤོག་མཛེས། །ངོ་མཚར་མཁས་ཚུལ་གསུམ་གྱི་མགྲིན་དབྱངས་འཁྲོལ། །ཐེག་མཆོག་སྙིང་པོའི་མཁའ་དབྱིངས་མཛེས་བྱེད་པའི། །བསྟན་འཛིན་ངང་པའི་ཚོགས་ཀྱི་མཛད་ཕྲིན་སྤེལ། །སྨིན་བྱེད་དབང་བཞིའི་དུལ་བའི་ཞིང་ས་ཆེར། །དམ་ཚིག་རྣམ་པར་དག་པའི་མྱུ་གུའི་རྩེར། །རིམ་གཉིས་གསེར་གྱི་སྙེ་མ་གཡུར་སྨིན་པའི། །སྔགས་སྤྱོད་སྐྱེས་བུའི་གང་བཅོལ་ཕྲིན་ལས་སྒྲུབས། །དགེ་བཅུའི་བཀའ་ཁྲིམས་བཙན་པོའི་སྐྱ་རེངས་ཀྱིས། །གདོལ་སྤྱོད་གདུག་པའི་མུན་པ་མཐར་བསྐྲད་ནས། །རྫོགས་ལྡན་ཉིན་བྱེད་གསར་དུ་འདྲེན་པའི་དཔལ། །ཆོས་སྐྱོང་རྒྱལ་པོའི་མངའ་ཐང་ཆབ་སྲིད་སྤེལ། །དྲང་པོའི་མཁར་གནས་རྣམ་དཔྱོད་བསིལ་ཟེར་གྱིས། །གཡོན་ཅན་སྡིག་པའི་ཨུཏྤལ་ཟུམ་པ་དང་། །ཆོས་ལྡན་དགེ་བའི་ཀུན་མུཏ་བཞད་ནུས་པའི། །ཡ་རབས་མཛངས་བློན་དྲ་མའི་བློ་རྩལ་བསྐྱེད། །དད་པའི་ཟུར་མིག་གཡོ་བའི་སྨིན་ལེགས་མས། །རབ་དཀར་བསོད་ནམས་ཆོ་ག་འགུགས་བརྩོན་པའི། །ཆོས་ལྡན་ཡུལ་ཁམས་གང་དུ་གནས་པ་དེར། །ཕུན་ཚོགས་སྡེ་བཞིའི་སྒོ་འཕར་གསར་དུ་ཕྱེས། །ལོག་སྨོན་དུག་གི་ས་བོན་སྨིན་པའི་འབྲས། །ལུས་ཅན་ཕན་བདེའི་སྲོག་ལ་གཟན་པ་ཡི། །ནག་ཕྱོགས་སྡེ་དང་བཅས་པའི་ཤེ་མོང་དཔུང་། །མཐུ་སྟོབས་རྡོ་རྗེའི་ཆར་གྱིས་མིང་མཐར་བྱོས། །ཁྱད་པར་ཡུལ་ཕྱོགས་འདིར་གནས་སྐྱེ་འགྲོ་ཡིས། །ཡབ་རྐུད་ཕ་མེས་བཞིན་དུ་རྟག་བརྟེན་ན། །བུ་སྡུག་ཚ་བོ་བཞིན་དུ་ཁྱེད་ཀྱིས་སྲུངས། །འདོད་དོན་རེ་བ་མ་ལུས་ཡོངས་སྐོང་མཛོད། །མི་མཐུན་རྐྱེན་གེགས་དགྲ་འདྲེའི་གནོད་པ་ཞི། །ཚེ་བསོད་དཔལ་འབྱོར་རིགས་བརྒྱུད་ཡོན་ཏན་སྤེལ། །སྲོག་ལུས་དབང་ཐང་རླུང་རྟ་གྱེན་ལ་བསྐྱེད། །ཕྱོགས་ལས་རྣམ་རྒྱལ་གྲགས་པའི་རྔ་ཆེན་ལྡིར། །རྩོད་དང་དོན་གཉེར་ཀུན་ལས་རྒྱལ་ཁ་ལོངས། །གཞི་བྱེས་ལམ་གསུམ་ཀུན་ཏུ་སྡོང་གྲོགས་མཛོད། །འདོད་དོན་བཅོལ་པའི་ལས་ཀུན་འགྲུབ་པར་མཛོད། །སྲིད་ཞིའི་དགེ་མཚན་ཨུཏྤལ་གཞོན་ནུའི་བཅུད། །རྟེན་འབྲེལ་བུང་བའི་མཐུ་ཡིས་ཡོངས་བསྡུས་པས། །དོན་གཉིས་སྦྲང་རྩིའི་དགའ་སྟོན་འགྱེད་པ་ཡིས། །ཕན་བདེའི་ལུས་སྟོབས་མཆོག་ཏུ་རྒྱས་གྱུར་ཅིག །མ་འབྱོར་པ་དང་ཉམས་པའི་སྐྱོན་ལ་སོགས། །ནོངས་པ་ཐམས་ཅད་མཐོལ་བཤགས་བཟོད་མཛོད་ལ། །མགྲོན་རིགས་ཐམས་ཅད་རང་རང་གནས་སུ་གཤེགས། །སླན་ཆད་མཆོད་སྦྱིན་མགྲོན་ལ་གཤེགས་པར་འཚལ། །སྣོད་ལ་གཡང་ཆགས་རྩིཤིང་འབྲུ་སྨན་རྒྱས། །བཅུད་ལ་དཔལ་འཕེལ་སྡེ་བཞིའི་མངའ་མཐང་དར། །འགྲོ་རྣམས་ཐེག་པ་ཆེན་པོས་རྒྱུད་གྲོལ་ནས། །ཕྱམས་ཅིག་འོད་སྐུར་གྲོལ་བའི་བཀྲ་ཤིས་ཤོག །ཅེས་པའང་རིགས་གཟུགས་སྟོབས་འབྱོར་གྱིས་མངོན་པར་མཐོ་བ་{ལྡོང}སྡོང་རིགས་དགེ་རྩེ་ཁྲོ་ཤུལ་གོང་མའི་དཔོན་སྡེ་ཐུན་མོང་ནས་བསྐུལ་ངོར་ཞེ་ཆེན་རྒྱལ་ཚབ་སྤྲུལ་མིང་པ་ཨོ་རྒྱན་མི་འགྱུར་ཀུན་བཟང་བསྟན་པའི་རྒྱལ་མཚན་གྱིས་ཤར་མར་བྲིས་པ་དགེ་ལེགས་ཀྱི་སྣང་བ་ཆེན་པོས་ས་གསུམ་ཁྱབ་པའི་རྒྱུར་གྱུར་ཅིག

འཕན་ལེགས་ཡུལ་ལྷའི་བསང་མཆོད་ནོར་བུའི་སྤྲིན་ཕུང་།

༄༅། །འཕན་ལེགས་ཡུལ་ལྷའི་བསང་མཆོད་ནོར་བུའི་སྤྲིན་ཕུང་བཞུགས། ཀྱཻ། ཕུན་ཚོགས་དགེ་བཅུ་གཡང་དུ་འཁྱིལ་བའི་ལྗོངས། །མདོ་ཁམས་ཤར་ཟླའི་རྒྱུད་ལ་དབང་བྱེད་པའི། །ལྷ་སྲིན་གཉན་པོ་སྤྱི་དང་ཁྱད་པར་དུ། །འཕན་ལེགས་ཡུལ་སྐྱོང་རྡོ་རྗེ་དགྲ་འདུལ་རྩལ། །ལྷ་ཡི་དགེ་བསྙེན་ཞི་འཛུམ་བརྗིད་པའི་སྐུ། །མི་དཀར་རྟ་དཀར་འཁོར་གསུམ་མདུང་དར་མཛེས། །གསང་ཡུམ་ལྷ་སྨན་རྡོ་རྗེ་གཡུ་སྒྲོན་མ། །མཛེས་གཟུགས་ཡིད་འཕྲོག་ནོར་བུ་རྦ་གླིང་འབུད། །བཀའ་བློན་ནབ་སོ་ཀླུ་བདུད་ཁྲོས་པའི་ཚུལ། །མི་སྔོན་རྟ་སྔོན་མདུང་དར་སྦྲུལ་ཞགས་ཅན། །རྣམ་འགྱུར་ཆ་ལུགས་མ་ངེས་སྣ་ཚོགས་སྟོན། །གཞན་ཡང་ལྷ་ཀླུ་བཙན་འཁོར་དཀར་ཕྱོགས་སྐྱོང་། །མིང་དང་མཚན་ནས་མ་ཐོན་མཐུ་ལྡན་རིགས། །འདིར་གཤེགས་རང་རང་མཐུན་པའི་གདན་ལ་བཞུགས། །མི་མཐུན་ཉེས་ཀུན་སེལ་བའི་བསང་མཆོད་དང་། །གསེར་སྐྱེམས་གཡུ་སྐྱེམས་ཇ་ཆང་གཙང་མའི་ཕུད། །བཤོས་གཙང་མཐུན་རྫས་སྤྱན་གཟིགས་དཀོར་ཆའི་རིགས། །རང་རང་ཡིད་ལ་གང་བཞེད་འདོད་དགུའི་སྤྲིན། །མི་མཛད་ནམ་མཁའ་མཛོད་ཀྱི་འཁོར་ལོ་རུ། །ལྷ་སྔགས་ཏིང་འཛིན་ཟབ་མོས་བྱིན་རླབས་ཏེ། །དགའ་དང་གུས་པའི་ཡིད་ཀྱིས་འབུལ་ལགས་ན། །དགྱེས་པ་རབ་སྐྱེད་ཕོག་ཐུག་འགྲམ་འཁྲུགས་ཞི། །སྔོན་བྱོན་རིག་འཛིན་བརྒྱུད་པའི་ཐ་ཚིག་བཞིན། །བོད་ཡུལ་མཐའ་དབུས་བདེ་ཞིང་སྐྱིད་པ་དང་། །རྒྱལ་བསྟན་ཕྱོགས་མཐར་རྒྱས་པའི་ཕྲིན་ལས་མཛོད། །ཁྱད་པར་ཡུལ་འདིར་གནས་པའི་སྐྱེ་འགྲོ་ཀུན། །ཚེ་བསོད་དཔལ་འབྱོར་ཡར་ངོའི་ཟླ་ལྟར་སྤེལ། །དགྲ་ཇགས་ཆོམ་རྐུན་ལོ་ཉེས་སད་སེར་སོགས། །མི་མཐུན་འགལ་རྐྱེན་གནོད་པའི་ཕྱོགས་ལས་སྲུངས། །བསམ་པའི་དོན་ཀུན་ཡིད་བཞིན་འགྲུབ་པར་མཛོད། །སྣོད་ལ་གཡང་ཆགས་འབྲུ་སྨན་རྩི་བཅུད་སྨིན། །བཅུད་ལ་དཔལ་འཕེལ་ཚེ་བསོད་འབྱོར་དྲུག་རྒྱས། །ཀུན་ཀྱང་བྱམས་ལྡན་དགེ་བཅུའི་ཁྲིམས་སྲོལ་ཆེས། །རྫོགས་ལྡན་ལང་ཚོ་དར་བའི་བཀྲ་ཤིས་ཤོག །ཅེས་པའང་དད་ལྡན་སྐལ་བཟང་ཕུན་ཚོགས་གཙོས་འཕན་ལེགས་སྡེ་སྤྱི་ནས་བསྐུལ་བའི་དེ་མ་ཐག་པར་ཞེ་ཆེན་རྒྱལ་ཚབ་པ་འགྱུར་མེད་པདྨ་རྣམ་རྒྱལ་དཔལ་བཟང་པོས་གང་ཤར་ཤུགས་འབྱུང་དུ་བྲིས་པ་སྟེ་འདིས་ཀྱང་དགེ་ལེགས་ཀྱི་སྣང་བ་ཆེན་པོས་ས་གསུམ་ཁྱབ་པའི་རྒྱུར་གྱུར་ཅིག

བཀྲ་ནང་གཞི་བདག་སྤྱིའི་བསང་མཆོད་བཀྲ་ཤིས་དཔལ་སྟེར།

༄༅། །བཀྲ་ནང་གཞི་བདག་སྤྱིའི་བསང་མཆོད་བཀྲ་ཤིས་དཔལ་སྟེར་ཞེས་བྱ་བ་བཞུགས་སོ། །ༀ་སྭསྟི། དྲི་མེད་མདངས་ལྡན་པདྨའི་གེ་སར་རྩེར། །ངོ་མཚར་རྫུས་འཁྲུངས་རང་བྱུང་སྤྲུལ་པའི་སྐུ། །རྒྱལ་ཀུན་འདུས་ཞལ་པད་འབྱུང་ལ་བཏུད་ནས། །ཡུལ་ལྷའི་བསང་མཆོད་བཀྲ་ཤིས་དཔལ་སྟེར་བྲི། །དེ་ཡང་གཟའ་སྐར་ཚེས་གྲངས་བཟང་པོ་སྔ་གྲོའི་ཆ་ལ། གཙོག་ནལ་དམར་གྱིས་མ་སྦགས་བའི་ཟས་སྣའི་རིགས་ཅི་འབྱོར་མཁན་ཤུགས་བལ་བུ་སོགས་དྲི་བཟང་པོ་ཅན་གྱི་ཤིང་སྣའི་མེ་ལ་བསྲེགས་པའ་ིདུད་སྤྲིན་ནམ་མཁའ་གང་བ་བཏང་ཞིང་གཙང་མའི་ཆབ་ཀྱིས་བྲན་ལ་འདི་སྐད་དོ། །ཧྲཱིཿཆོས་ཀུན་སྤྲོས་བྲལ་དེ་བཞིན་ཉིད་ཀྱི་ངང་། །རིག་རྩལ་མ་འགགས་པད་འབྱུང་སྐུར་གསལ་བའི། །ཐུགས་ཀའི་ཧཱུྃ་ལས་རྃ་ཡྃ་ཁྃ་གསུམ་འཕྲོས། །བསང་རྫས་ལ་ཕོག་ཉེས་སྐྱོན་བསྲེགས་གཏོར་བཀྲུས་{བསྐྲུས}། །ༀ་ཨཱཿཧཱུྃ་གིས་ཟག་མེད་འདུད་རྩིར་བསྒྱུར། །འདོད་ཡོན་ལྷ་མོའི་མཆོད་སྤྲིན་སྤྲོ་བར་གྱུར། །ཀྱཻ། ཕུན་ཚོགས་དགེ་བཅུའི་དཔལ་གྱིས་མཛེས་པ་ཡི། །རི་མཐོ་ས་གཙང་ཆུ་དྭངས་ཉམས་དགའ་བའི། །བཀྲ་ཡི་ཕུ་མདའ་ཉིན་སྲིབ་རི་དང་བྲག །ཆུ་དང་ལྗོན་ཤིང་སོགས་ལ་གནས་བཅས་པའི། །ཡུལ་སྐྱོང་དབང་པོ་དཀར་ཡུ་དྲེད་མགོ་དང་། །རྦབ་རི་ལ་སོགས་ལྷ་ཀླུ་གཉན་གྱི་རིགས། །རྨུ་བཙན་ཐེ་བྲང་བྲག་སྲིན་འབྱུང་པོའི་ཚོགས། །གང་མཆིས་མ་ཚང་མེད་པ་སྤྱན་འདྲེན་གྱིས། །ཐོགས་མེད་རྫུ་འཕྲུལ་སྟོབས་ཀྱིས་གཤེགས་ནས་ཀྱང་། །རང་རང་མཐུན་པའི་གདན་ལ་བཞུགས་སུ་གསོལ། །ཀྱཻ། དེ་རིང་བཀྲ་ཤིས་ལྷ་ཡི་ཉི་མ་ལ། །གཟའ་སྐར་དགེ་ཞིང་ཚེས་གྲངས་བཟང་བའི་དུས། །བདག་ཅག་རྣལ་འབྱོར་ཡོན་མཆོད་འཁོར་བཅས་ཀྱིས། །གཙང་ཞིང་དག་པར་སྦྱར་བའི་བཟའ་བཏུང་ཕུད། །བཟང་ཤིང་བདུད་རྩི་ཅན་གྱི་མེ་ལ་བསྲེགས། །དྲི་ཞིམ་དུད་པའི་སྤྲིན་གྱིས་ནམ་མཁའ་ཁེངས། །ཉེར་སྤྱོད་འདོད་པའི་ཡོན་ཏན་ཆར་དུ་འབེབས། །བཀྲ་ཤིས་རྟགས་རྫས་རྒྱལ་སྲིད་རིན་ཆེན་བདུན། །གོས་རྒྱན་ནོར་དབྱིགས་མཐུན་རྫས་གཏོར་མ་དང་། །ཇ་ཆང་འོ་ཞོ་གཙང་མའི་སྐྱེམས་ཀྱི་ཕུད། །རང་རང་ཡིད་ལ་གང་བཞེད་འདོད་དགུའི་སྤྲིན། །མི་འཛད་ནམ་མཁའ་མཛོད་ཀྱི་འཁོར་ལོ་རུ། །ལྷ་སྔགས་ཏིང་འཛིན་ཟབ་མོས་བྱིན་བརླབས་ཏེ། །མོས་ཤིང་དྭངས་པའི་བློ་ཡིས་འབུལ་ལགས་ན། །ཞི་དལ་དགའ་མགུའི་སེམས་ཀྱིས་བཞེས་སུ་གསོལ། །བདག་ཅག་མི་ཤེས་བག་མེད་དབང་གྱུར་པས། །ཐུགས་འགལ་ཉེས་པའི་ཚོགས་རྣམས་ཅི་བགྱིས་དང་། །ཁྱད་པར་རོ་བག་རྨེ་མནོལ་བཙོག་དང་འཁོན། །མཛེ་ཡུགས་ཐབ་གཞོབ་གྲིབ་ཀྱིས་གོས་པ་རྣམས། །བསང་གི་ཆོ་ག་འདི་ཡིས་དག་གྱུར་ཅིག །གྲུབ་པའི་རིག་འཛིན་པདྨ་ཐོད་ཕྲེང་སོགས། །རིག་འཛིན་བརྒྱུད་པའི་བཀའ་དམ་དྲན་གྱིས་ལ། །སངས་རྒྱས་བསྟན་བསྲུང་དཀོན་མཆོག་དབུ་འཕང་བསྟོད། །ཁྱད་པར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །མི་ཡི་ན་ཚ་ཕྱུགས་ཀྱི་གོད་ཁ་ཆོད། །དགྲ་ཇག་ཆོམ་རྐུན་གཅན་སྤྱང་འཚེ་བ་སྐྱོབས། །བསམ་པའི་དོན་ཀུན་ཡིད་བཞིན་འགྲུབ་པར་མཛོད། །བསང་མགྲོན་དགྱེས་པས་རང་རང་གནས་སུ་གཤེགས། །ཞི་དང་བྱམས་པའི་སེམས་ཀྱིས་ཡུལ་འཁོར་སྲུངས། །ལྷ་མི་མཐུན་འགྲོགས་བདེ་སྐྱིད་ཆོས་ལ་སྤྱོད། །བཀྲ་ཤིས་དཔལ་གྱིས་ཕྱོགས་དུས་ཀུན་ཁྱབ་ཤོག །ཞེས་བརྗོད་པས་དོན་འགྲུབ་པ་ཡིན་ནོ། །ཞེས་པའང་དད་ལྡན་བློ་བྲོས་རབ་འཕེལ་ནས་འདི་ལྟ་བུ་ཞིག་དགོས་ཞེས་ནན་གྱིས་བསྐུལ་ངོར་ཟེ་ཆེན་སྤྲུལ་མིང་འཛིན་པ་འཇམ་དབྱངས་མཁས་གྲུབ་རྒྱ་མཚོས་གང་དྲན་ཡི་གེའི་རིས་སུ་བྲིས་པ་འདིས་ཀྱང་བསྟན་འགྲོའི་བདེ་སྐྱིད་དགུང་ལ་རེག་པའི་རྒྱུར་གྱུར་ཅིག

ཡུལ་སྐྱོང་འབྲིི་རྫི་ཕྱུག་མོའི་བསང་མཆོད་བཀྲ་ཤིས་ཆར་འབེབས།

༄༅། །ཡུལ་སྐྱོང་འབྲིི་རྫི་ཕྱུག་མོའི་བསང་མཆོད་བཀྲ་ཤིས་ཆར་འབེབས་ཞེས་བྱ་བ་བཞུགས་སོ། །ན་མོ་པདྨ་ཀ་ར་ཡེ། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །པདྨ་འབྱུང་གནས་ལ་བཏུད་ནས། །ཡུལ་སྐྱོང་དབང་མོ་དགྱེས་བསྐྱེད་པའི། །བསང་མཆོད་བཀྲ་ཤིས་ཆར་འབེབས་བྲི། །དེ་ལ་འདིར་ཡུལ་ལྷའི་གཙོ་མོར་བསང་མཆོད་འབུལ་ན། གང་ལ་ཚེས་བཟང་པོའི་སྔ་གྲོའི་ཆར། གཙོག་ནལ་དམར་སོགས་དང་མ་འདྲེས་པའི་རིན་ཆེན་འབྲུ་སྨན་ཟས་སྣའི་རིགས་ཅི་འཛོམས་ཤུག་པ་སོགས་དྲི་ལྡན་གྱི་མེར་བསྲེགས་ཤིང་ཆུ་གཙང་འཐོར་ལ་འདི་སྐད་དོ། །ཧྲཱིཿཀ་དག་སྤྲོས་བྲལ་ཆོས་དབྱིངས་ལས། །མ་འགགས་རང་ཤར་པད་མ་འོད། །ངོ་མཚར་ཞིང་གི་བཀོད་པའི་དབུས། །བདག་ཉིད་སྐད་ཅིག་དྲན་རྫོགས་སུ། །པདྨ་འབྱུང་གནས་སྐུ་རུ་གསལ། །ཐུགས་སྲོག་ཧཱུྃ་གི་འོད་ཟེར་གྱིས། །བསང་རྫས་མི་གཙང་ཉེས་སྐྱོན་སྦྱངས། །འདོད་ཡོན་བདུད་རྩིར་བྱིན་གྱིས་རླབས། །ནམ་མཁའ་རབ་འབྱམས་གང་བར་སྤེལ། །རྃ་ཡྃ་ཁྃ། ལན་གསུམ། ༀ་ཨཱཿཧཱུྃ༔ལན་གསུམ། ཀྱཻ། ཆོས་ཀྱི་དབྱིངས་ཉིད་སྤྲོས་པ་བྲལ་བ་ལ། །གཟུང་དང་འཛིན་པའི་མཚན་མ་མི་དམིགས་ཀྱང་། །ཀུན་རྫོབ་རྟེན་འབྲེལ་སྣང་བའི་གཟུགས་ཤར་བ། །རྨ་རི་རྡོ་རྗེ་དྲག་མོའི་འཕྲུལ་བའི་ཆ། །སིབ་ཀྱི་ཡུལ་སྐྱོང་འབྲི་རྫི་ཕྱུག་མོ་ཆེ། །གཙོ་འཁོར་བྲན་བཅས་བསང་མཆོད་མགྲོན་དུ་འབོད། །ཐོགས་མེད་རྫུ་འཕྲུལ་སྟོབས་ཀྱིས་འདིར་གཤེགས་ལ། །ཞི་དང་དགའ་བས་རང་མཐུན་གདན་ལ་བཞུགས། །ཀྱཻ། རྣམ་པར་དག་པ་ཡུམ་ལྔའི་མཁའ་དབྱིངས་ལས། །འབད་མེད་རྟེན་འབྲེལ་རྫས་སུ་ཡོངས་ཤར་བ། །རིན་ཆེན་སྨན་སྤོས་མེ་ཏོག་འབྲས་བུ་རིགས། །དཀར་གསུམ་མངར་གསུམ་གཙང་མའི་ཟས་སྣའི་ཕུད། །ལྷ་ཤིང་བདུད་རྩི་ཅན་གྱི་དྲི་དང་སྦྱར། །འབར་བྱེད་ཀློང་དུ་བསྲེགས་པའི་དུ་བའི་རྩེར། །གཟུགས་སོགས་མཛེས་སྡུག་ལྷ་མོ་གྲངས་མེད་འཕྲོས། །འདོད་ཡོན་ལྔ་དང་བཀྲ་ཤིས་རྫས་རྟག་བརྒྱད། །རིན་ཆེན་དར་གོས་འབྲུ་སྨན་དཀོར་ནོར་རྫས། །བཞེད་དགུའི་འབྱོར་པ་རྒྱ་མཚོའི་སྤྲིན་སྤྲོ་བས། །ཡུལ་སྐྱོང་སྨན་བཙུན་ལྷ་མོ་བསངས་ཤིང་མཆོད། །མི་གཙང་གྲིབ་ཀྱིས་གོས་པའི་ནད་ཀུན་བསལ། །ཕོག་ཐུག་འགྲམ་འཁྲུགས་འགལ་བ་མ་ལུས་ཞི། །སྟོབས་རྩལ་གཟི་མདངས་ཕུན་སུམ་ཚོགས་པར་ཤོག །ཀྱཻ། པདྨའི་བཀའ་ཉན་བོད་ཁམས་སྐྱོང་བའི་གཙོ། །རྨ་རི་རབ་འབྱམས་རྡོ་རྗེ་དྲག་མོའི་འཕྲུལ། །སྨན་བཙུན་བཀྲ་ཤིས་འབྲི་རྫི་ཕྱུག་མོ་ནི། །སྐུ་མདོག་དཀར་གསལ་གཞོན་མཛེས་ལྟ་ན་སྡུག །ཕྱག་གཡས་མདའ་དར་སྲིད་ཞིའི་ཕྱྭ་གཡང་སྡུད། །གཡོན་པས་མེ་ལོང་ལེགས་ཉེས་པྲ་རུ་སྟོན། །དར་གོས་རིན་ཆེན་རྒྱན་གྱིས་རྣམ་པར་མཛེས། །འཁོར་དུ་སྨན་ཕྲན་དུ་མས་བརྩེ་འཇོ་བསྒྱུར། །བསྟན་ལ་རབ་དགའི་མཐུ་དང་རྫུ་འཕྲུལ་ལྡན། །དཀར་ཕྱོགས་སྐྱོང་བའི་ཡུལ་ལྷ་ཆེན་མོ་ལ། །མཆོད་ཅིང་བསྟོད་པས་རབ་ཏུ་མཉེས་གྱུར་ཅིག །ཁྱོད་ལ་བཅོལ་ཞིང་ཕྲིན་ལས་ཞུ་བ་ནི། །སངས་རྒྱས་བསྟན་དར་སེམས་ཅན་བདེ་ཞིང་སྐྱིད། །ཁྱད་པར་ཡུལ་འདིས་མི་ཕྱུགས་མཐའ་དག་གི། །ནད་མུག་ཀུན་ཞི་ཆོས་འབྱོར་བདེ་བས་འཚོ། །རྫོགས་ལྡན་ལང་ཚོ་རབ་ཏུ་དར་བར་མཛོད། །ཡུལ་སྐྱོང་དབང་མོ་དགྱེས་བཞིན་རང་གནས་གཤེགས། །ཞི་དང་བྱམས་པའི་སེམས་ཀྱིས་ཡུལ་རིས་སྲུངས། །ལྷ་མི་མཐུན་འགྲོགས་བདེ་སྐྱིད་ཆོས་ལ་སྤྱོད། །བཀྲ་ཤིས་དཔལ་གྱིས་ཕྱོགས་དུས་ཀུན་ཁྱབ་ཤོག །ཅེས་ཨར་རྒོད་བླ་མ་པདྨ་རང་བྱུང་གིས་སྐྱེས་བཅས་བསྐུལ་ངོར། ར་ཉག་གྲུབ་དབང་རིན་པོ་ཆེའི་གསུང་རྒྱུན་དང་རང་གི་རྣམ་རྟོག་གོ་སྦྱར་ནས་མི་འགལ་བའི་ཁུལ་གྱིས་ཞེ་ཆེན་སྤྲུལ་གཟུགས་འཛིན་པ་འགྱུར་མེད་པདྨ་རྣམ་རྒྱལ་དཔལ་འཟང་པོས་བྲིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག༈ རྃ་ཡྃ་ཁྃ། ༀ་ཨཱཿཧཱུྃ། གསེར་སྐྱེམས་ཟག་མེད་འདོད་ཡོན་བདུད་རྩིའི་སྤྲིན། །མགྲོན་རིགས་ཐུག་ལ་གང་བཞེད་དེ་འཆར་བའི། །ངོ་མཚར་ཀུན་བཟང་མཆོད་པའི་སྤྲིན་ཆེན་འདི། །རིགས་ཀུན་ཁྱབ་བདག་རྩ་བརྒྱུད་བླ་མ་དང་། །ཡི་དམ་ཞི་ཁྲོ་མཁའ་འགྲོ་ཆོས་སྐྱོང་ཚོགས། །ཡུལ་ལྷ་གཞི་བདག་སྲིད་ཞི་མགྲོན་ཀུན་དང། །ཁྱད་པར་ས་བརྒྱད་ནོན་པའི་སེམས་དཔའ་མཆོག །རྨ་རྒྱལ་སྤོམ་ར་རྡོ་རྗེ་གྲགས་མོ་རྒྱལ། །གཉན་ཆེན་གཡུ་རྩེ་རྫ་ཡི་གསེར་ཁྲབ་སོགས། །རྨ་ལུང་སྟོད་སྨད་སྲིད་པའི་གཞི་བདག་དང་། །གཡས་གཡོན་མདུན་རྒྱབ་ཕུ་མདའ་ཉིན་སྲིབ་ཀྱི། །གནས་བདག་ལྷ་ཀླུ་གཉན་བཙན་རྨུ་བདུད་རིགས། །རང་རང་མིང་དང་མཚན་ནས་མ་ཐོན་པར། །ང་ཆེ་ང་བཙན་དྲག་སེམས་འཆང་བ་ཡི། །ཕན་གནོད་ལས་ལ་དབང་བའི་མགྲོན་ཀུན་མཆོད། །གནས་མགྲོན་དམ་ཚིག་གཉན་པོ་རྗེས་དགོངས་ལ། །རུ་ང་ཕྲག་དོག་འཁྲེན་གཟེར་མ་མཛད་པར། །དཀར་ཕྱོགས་སྡོང་གྲོགས་མཐུན་རྐྱེན་ཡིད་བཞིན་སྒྲུབས། །འདོད་དོན་བསམ་པའི་དོན་ཀུན་འགྲུབ་པར་མཛོད། །ཅེས་པའང་དད་པ་དང་སྨོན་ལམ་དཀར་བ་དགེ་བའི་བསམ་པ་ལྡན་པའི་བཞེད་སྐོང་དུ་འདུ་གསུམ་པ་པདྨ་བི་ཛས་བྲིས་པ་དགེ །

ཟླ་བརྒྱུད་མཛེས་ལུང་གི་གནས་བདག་ཟོ་དོར་ཁྲ་རི་གཉན་པོ་ལ་བསང་མཆོད།

༄༅། །ཟླ་བརྒྱུད་མཛེས་ལུང་གི་གནས་བདག་ཟོ་དོར་ཁྲ་རི་གཉན་པོ་ལ་བསང་མཆོད་འབུལ་བར་འདོད་ན། གཙང་མའི་སྣོད་དུ་གཉན་བཤོས་དང་དཀར་དམར་གཏོར་མ་རིན་པོ་ཆེའི་ཕྱེ་མ་དར་ཟབ་འབྲུ་སྨན་གཟུགས་འགྲོས་ཀྱིས་བསྐོར། སྣོད་གཅིག་ཏུ་ཕྱེ་མར་ཇ་ཆང་འོ་ཕུད་མདའ་དར་སོགས་བཤམས། རང་ཉིད་ཡི་དམ་ལྷའི་ང་རྒྱལ་གྱིས་སྔགས་དྲུག་ཕྱག་དྲུག་དང་། རྃ་ཡྃ་ཁྃ། ༀ་ཨཱཿ་ཧཱུྃ་གིས་བྱིན་གྱིས་བརླབས་ལ་བསྐང་ཞིང་རྫས་མེ་ལ་བསྲེགས་ཤིང་། ཀྱཻ། མཛེས་ཡུལ་སྐྱོང་བའི་ཟོར་དོར་ཁྲ་རི་ཞེས། །རིགས་དང་སྡེ་ཚན་གཉན་གྱི་ཕྱོགས་སུ་གཏོགས། །ཆ་ལུགས་རྣམ་འགྱུར་མ་ངེས་ཅིར་ཡང་སྟོན། །འཁོར་དུ་ཀླུ་བཙན་གཉན་བདུད་དུ་མས་སྐོར། །ཀུན་ཀྱང་དྲག་གཏུམ་རྔམ་པའི་ལས་ལ་དགྱེས། །འདིར་གཤེགས་བསང་གི་དགའ་སྟོན་བཞེས་སུ་གསོལ། །དྲི་བཟང་ཤིང་སྣའི་དུད་སྤྲིན་མཁའ་དབྱིངས་ཁྱབ། །དཀར་མངར་ཇ་ཆང་འོ་ཕུད་རྫིང་གུར་སྐྱིལ། །རིན་ཆེན་འབྲུ་སྨན་ཕྱེ་མར་རི་ལྟར་སྤུངས། །དགྱེས་པའི་སྤྱན་གཟིགས་དཀོར་ནོར་གཅལ་དུ་བཀྲམ། །ཀུན་ཀྱང་ལྷ་སྔགས་ཆོ་གས་བྱིན་རླབས་མཐུས། །དབང་ལྔར་སིམ་པ་བསྐྱེད་པའི་འདོད་ཡོན་སྤྲིན། །མི་གཙང་ཉེས་ཀུན་སེལ་བའི་བསང་མཆོད་འདིས། །གནས་བདག་ཆེན་པོ་འཁོར་བཅས་བརྔན་པའི་མཐུས། །མི་མཐུན་ཐུགས་འགལ་ནོངས་ཀུན་སངས་གྱུར་ཅིག །རྨད་བྱུང་བྱུང་ཆུབ་སེམས་ཀྱི་གཞི་བཟུང་ནས། །རྟེན་འབྲེལ་ཐབས་མཁས་ཆོ་ག་ཟབ་མོ་འདིས། །གཉན་ཆེན་དགྱེས་པའི་ལྷ་ཞལ་རབ་དཀར་ལས། །སྣོད་བཅུད་དགེ་མཚན་རྒྱས་པའི་ཤིས་པ་སྩོལ། །ཡུལ་ཁམས་སྤྱི་དང་ཁྱད་པར་ལྗོངས་འདིའི་འགྲོར། །གནས་འགྲོན་དམ་ཚིག་གཉན་པོ་རྗེས་དགོངས་ལ། །ནད་གདོན་འགལ་རྐྱེན་ལྷ་འདྲེའི་འཚེ་བ་བཟློག །ཚེ་དཔལ་བསོད་ནམས་དབང་ཐང་རླུང་རྟ་བསྐྱེད། །མཐུན་རྐྱེན་བསམ་པའི་དོན་ཀུན་འགྲུབ་པར་མཛོད། །ཅེས་པའང་མཛེས་ཆུ་ངོག་དགོན་གྱི་བླ་གྲྭ་རྣམས་ནས་གསུངས་བསྐུལ་ངོར་པདྨ་རྣམ་པར་རྒྱལ་བས་བྲིས་པའོ། །༈ ཀྱཻ། དཀར་ཕྱོགས་སྐྱོང་བའི་ཡུལ་ལྷ་མཐུ་བོོ་ཆེ། །ཨ་མྱེ་མི་སྔོན་འཁོར་དང་བཅས་རྣམས་ཀྱིས། །མཐུན་རྫས་གསེར་སྐྱེམས་གཙང་མ་འདི་བཞེས་ལ། །འདོད་དོན་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་པའང་དད་ལྡན་འགྱུར་མེད་དངོས་གྲུབ་ནས་ཚེ་ཐར་བཞི་བཅུ་བཅས་ནན་གྱིས་བསྐུལ་ངོར་པདྨ་བི་ཛས་བྲིས་པ་དགེ །

བསང་མཆོད་སོགས་ཁ་བསྒྱུར།

༄༅། །བསང་མཆོད་སོགས་ཁ་བསྒྱུར། སྡེ་བརྒྱད་སྤྱིའི་བསང་མཆོད་མདོར་བསྡུས་བྱེད་པར་སྤྲོ་ན། བསང་རྫས་རྣམས་ཆབ་ཀྱིས་བྲན་ལ། ཧྲཱིཿཀ་དག་སྤྲོས་པ་བྲལ་བའི་མཁའ་དབྱིངས་སུ། །ལྷུན་གྲུབ་ཡེ་ཤེས་ལྔ་ལྡན་འཇའ་ཟེར་སྦུབས། །རིག་རྩལ་མ་འགགས་པདྨ་ཐོད་ཕྲེང་རྩལ། །སྣང་སྲིད་དབང་སྡུད་དཀྱིལ་འཁོར་ཆེན་པོར་གྱུར། །ཐུགས་སྲོག་འོད་ཀྱིས་བསང་རྫས་དངོས་འཛིན་སྦྱངས། །འབྲུ་གསུམ་ཡེ་ཤེས་བདུད་རྩིར་བྱིན་རླབས་པས། །སྣང་ཞིང་སྲིད་པའི་འདོད་ཡོན་མཁོ་དགུའི་རྫས། །མི་འཛད་ནམ་མཁའ་མཛོད་ཀྱི་འཁོར་ལོར་གྱུར། །ཀྱཻ། སྤྲོས་བྲལ་གཤིས་ལ་བཟང་ངན་མ་མཆིས་ཀྱང་། །རོལ་པའི་སྣང་ཆ་མ་འགགས་རྟེན་འབྱུང་རྩལ། །སྲིད་ཞིའི་མགྲོན་རིགས་མ་ཚང་མེད་པའི་སྤྲིན། །འདིར་གཤེགས་བསང་གི་དགའ་སྟོན་བཞེས་སུ་གསོལ། །ཟག་མེད་བསང་མཆོད་ཀུན་བཟང་རོལ་པའི་རྒྱན། །མི་གཙང་གྲིབ་ཀུན་སེལ་བའི་བདུད་རྩིའི་ཆར། །མགྲོན་རིགས་ཐུགས་ལ་གང་བཞེད་དེར་འཆར་བས། །བླ་མ་ཡི་དམ་ཌཱ་ཀི་ཆོས་སྲུང་དང་། །གནོད་སྦྱིན་ནོར་ལྷ་གཞི་གནས་གཏེར་བདག་རིགས། །ཁྱད་པར་གངས་ལྗོངས་སྤྱི་ལ་དབང་སྒྱུར་བའི། །དྲེགས་ལྡན་སྡེ་བརྒྱད་མི་བསྲུན་འབྱུང་པོའི་ཚོགས། །ལན་ཆགས་ཤ་འཁོན་གཉེར་ཞིང་ཆགས་ལ་སོགས། །མཆོད་སྦྱིན་མགྲོན་གྱུར་མ་ལུས་བསང་ཞིང་བརྔན། །རྨད་བྱུང་བྱང་ཆུབ་སེམས་ཀྱི་རྟེན་འབྲེལ་གྱིས། །ཆོས་ཀུན་མཉམ་པ་ཆེན་པོའི་དོན་རྟོགས་ནས། །མ་དག་ཉེས་པའི་དྲི་མ་ཀུན་སངས་ཏེ། །སྣོད་བཅུད་དཀྱིལ་འཁོར་ཆེན་པོར་བྱང་ཆུབ་ཤོག །བདག་འཛིན་རྣམ་རྟོག་དུག་ལྔའི་རང་གཟུགས་གེགས། །བདག་མེད་ཆོས་ཉིད་མཁའ་ལ་རང་གྲོལ་ནས། །ཡེ་ཤེས་ལྔ་ལྡན་ཕན་བདེའི་གྲུ་ཆར་གྱིས། །དོན་གཉིས་འདོད་པ་འཇོ་བའི་བཀྲ་ཤིས་ཤོག །ཅེས་པའང་ལུགས་ཟུང་མཁྱེན་སྤྱན་བཀྲ་བ་སྡོང་རིགས་དགེ་རྩེ་དབོན་པོ་དཔོན་ནས་བསྐུལ་ངོར་སྙོམ་ལས་པ་པདྨ་བི་ཛས་བྲིས་པ་དགེ་ལེགས་སུ་གྱུར་ཅིག

ༀ་ཨཱཿཧཱུྃ། བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་དང་། །ཆོས་སྲུང་ནོར་ལྷ་གཞི་གནས་གཏེར་བདག་རིགས། །འགོ་བའི་ལྷ་ལྔ་སྐྱོབ་པའི་མགོན་གྱུར་རྣམས། །གསོལ་ལོ་མཆོད་དོ་སྲུང་སྐྱོབས་སྡོང་གྲོགས་མཛོད། ༈ ། མདོ་སྒྱུ་སེམས་ཀློང་སྒྲུབ་པ་སྡེ་བརྒྱད་སོགས། །བཀའ་གཏེར་བསྟན་སྐྱོང་བརྒྱུད་གསུམ་དྲེགས་པའི་ཚོགས། །གསོལ་ལོ་མཆོད་དོ་རྒྱལ་བསྟན་དར་བ་དང་། །སྒྲུབ་མཆོག་བསམ་པའི་དོན་ཀུན་འགྲུབ་པར་མཛོད། ༈ ། སྔ་འགྱུར་བཀའ་གཏེར་བཀའ་གདམས་ལམ་འབྲས་དང་། །མར་ཤངས་བཀའ་བརྒྱུད་ཞི་གཅོད་སྦྱོར་བ་དྲུག །ཨོ་རྒྱན་བསྙེན་སྒྲུབ་རྩ་གསུམ་ཆོས་སྲུང་ཚོགས། །གསོལ་ལོ་མཆོད་དོ་འདོད་རྒུའི་དངོས་གྲུབ་སྩོལ། ༈ ། རྫོགས་པའི་སངས་རྒྱས་བློས་གྲོས་མཐའ་ཡས་ཀྱི། །བཀའ་དང་ཐ་ཚིག་ལ་གནས་མཛོད་ཆེན་ལྔའི། །རིང་ལུགས་སྲུང་ཞིང་སྐྱོང་བའི་དམ་ཅན་ཚོགས། །གསོལ་ལོ་མཆོད་དོ་ལས་བཞིའི་དངོས་གྲུབ་སྩོལ། ༈ ། རྫོགས་ལྡན་བསོད་ནམས་སྤྲིན་གྱི་ལྡིང་ཁང་ནས། །ཕུན་ཚོགས་འདོད་དགུའི་གྲུབ་ཆར་འཇོ་མཛད་པའི། །བླ་མ་རྩ་གསུམ་ནོར་ལྷའི་ཚོགས་དང་བཅས། །གསོལ་ལོ་མཆོད་དོ་དངོས་གྲུབ་ཡིད་བཞིན་སྩོལ། ༈ ། བྷྱོཿདཔལ་ལྡན་དམག་ཟོར་རྒྱལ་མོ་འཁོར་བཅས་ལ། །མཐུན་རྫས་གསེར་སྐྱེམས་མཆོད་གཏོར་འདི་འབུལ་བས། །རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་དང་བཅས། །རྟག་ཏུ་སྲུང་སྐྱོབ་སྡོང་གྲོགས་གཡེལ་མེད་མཛོད། ༈ ། ཧཱུྃ། གསང་བདག་རྡོ་རྗེ་འཛིན་པའི་སྤྱན་སྔ་རུ། །ཤཱཀྱའི་བསྟན་པ་སྲུང་བར་ཞལ་བཞེས་པའི། །སྐྱེས་མཆོག་རྡོ་རྗེ་ལེགས་པ་འཁོར་དང་བཅས། །གསོལ་ལོ་མཆོད་དོ་སྲུང་སྐྱོབ་ཕྲིན་ལས་མཛོད། ༈ ། ཀྱཻ། དུས་གསུམ་ཀུན་མཁྱེན་པདྨའི་བཀའ་སྡོད་མཆོག །ཀླུ་བཙན་དགེ་བསྙེན་རྡོ་རྗེ་འབར་བ་རྩལ། །འདིར་གཤེགས་ཟག་མེད་བདུད་རྩིའི་མཆོད་གཏོར་བཞེས། །འདོད་དོན་བསམ་པ་ཡིད་བཞིན་འགྲུབ་པར་མཛོད། ༈ ། ས་བརྒྱད་ནོན་པའི་སེམས་དཔའ་དགྲ་ལྷའི་རྒྱལ། །གེ་སར་སྐྱེས་བུ་དཔའ་བརྟུལ་ཕུ་ནུ་ཚོགས། །ཇ་ཆང་འོ་ཞོ་གཙང་མའི་ཕུད་ཀྱིས་མཆོད། །འདོད་དོན་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །ས་བརྒྱད་སེམས་དཔའ་གེ་སར་དགྲ་ལྷའི་རྒྱལ། །དཔལ་བརྟུལ་ཕུ་ནུ་མགྲོན་གཡག་དར་མའི་ཚོགས། །སྣང་ཞིང་སྲིད་པའི་དགྲ་ལྷ་མ་ལུས་པ། །གསོལ་ལོ་མཆོད་དོ་རླུང་རྟ་གྱེན་ལ་བསྐྱེད། །ནད་གདོན་བགེགས་ཞི་ཚེ་དཔལ་འབྱོར་པ་རྒྱས། །ཁ་རྗེ་དབང་ཐང་རླུང་རྟ་གུད་པ་སོལ། །གཞི་རུ་བཀྲ་ཤིས་བྱེས་སུ་དོན་འགྲུབ་ཅིང་། །ཕྱོགས་ལས་རྣམ་རྒྱལ་བཀྲ་ཤིས་དཔལ་འབར་མཛོད། ༈ ། ཧཱུྃ། བརྒྱུད་གསུམ་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ལ། །དགྲ་བགེགས་ཤ་ཁྲག་མཆོད་གཏོར་འདི་འབུལ་བས། །ཀོ་ལོང་རུ་ང་ཕྲག་དོག་མ་མཛད་པར། །བར་ཆད་ཀུན་སོལ་མཐུན་རྐྱེན་ཀུན་འགྲུབ་མཛོད། ༈ ། ཧཱུྃ། བརྒྱུད་གསུམ་དམ་ཅན་དྲེགས་པའི་ཚོགས་རྣམས་ཀྱིས། །དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ། །ཕས་རྒོལ་དགྲ་འདྲེའི་འཚེ་བ་ཀུན་བཟློག་ལ། །བདག་ཅག་དཔོན་སློབ་ཕྱོགས་ལས་རྣམ་རྒྱལ་མཛོད། ༈ ། རབ་འབྱམས་རྩ་གསུམ་ཆོས་སྲུང་ཚོགས་རྣམས་ལ། །ཕྱག་འཚལ་མཆོད་འབུལ་ཉམས་ཆག་འགལ་འཁྲུལ་བཤགས། །མི་མཐུན་ཐུགས་འགལ་ནོངས་པ་སོར་ཆུད་ནས། །དོན་གཉིས་བསམ་ཀུན་ཡིད་བཞིན་འགྲུབ་པར་མཛོད། །ༀ་བཛྲ་སཏྭ་ཨཱཿ༈ ཀུན་བཟང་པདྨ་རྒྱལ་པོའི་སྤྱན་སྔ་རུ། །རྒྱལ་བསྟན་སྐྱོང་བར་ཞལ་གྱིས་བཞེས་པ་ཡིས། །བརྒྱུད་གསུམ་དམ་ཅན་གཏེར་བདག་ཚོགས་རྣམས་ཀུན། །གསོལ་ལོ་མཆོད་དོ་ལས་བཞིའི་དངོས་གྲུབ་སྩོལ། ༈ ། རིག་འཛིན་པདྨའི་བཀའ་བསྒོས་དམ་གནས་པའི། །བོད་ཁམས་སྐྱོང་བའི་བསྟན་སྐྱོང་ཡ་མའི་ཚོགས། །དགེ་བསྙེན་ཡུལ་ལྷ་གཏེར་བདག་ཚོགས་རྣམས་ཀུན། །གསོལ་ལོ་མཆོད་དོ་གངས་ལྗོངས་བདེ་བར་མཛོད། ༈ ། ཧཱུྃ། ཡེ་ཤེས་དབྱིངས་ལས་སྙིང་རྗེ་ཁྲོས་པའི་སྐུ། །གར་དགུའི་རྣལ་རོལ་གདུག་པ་སྒྲོལ་བའི་གཤེད། །ངེས་གསང་རྒྱུད་སྡེ་ཀུན་གྱི་སྲུང་མ་མཆོག །དཔལ་མགོན་ལེགས་ལྡན་ཚོགས་ཀྱི་བདག་པོ་དགོངས། །ཅིར་སྣང་རྒྱན་དུ་ཤར་བའི་འདོད་ཡོན་སྤྲིན། །ཟག་མེད་བདེ་སྟོང་བདུད་རྩིའི་སྦུ་ཕྲེང་མཛེས། །དུག་གསུམ་དབྱིངས་སུ་བསྒྲལ་པའི་དམར་ཆེན་བཅུད། །གཟུང་འཛིན་མཚན་མ་གྲོལ་བའི་བྷ་ལིང་ཏ། །རང་ཤར་རང་གྲོལ་ཆེན་པོའི་དབྱིངས་སུ་འབུལ། །སྣང་སྲིད་ཡེ་སངས་རྒྱས་པའི་མཁའ་ཀློང་དུ། །མ་དག་མཚན་མ་རྡུལ་ཙམ་མི་དམིགས་ཀྱང་། །ཀུན་རྫོབ་སྣང་ཆར་ཤར་བའི་ལོག་འདྲེན་དཔུང་། །མིང་གི་ལྷག་མར་གྱུར་པའི་ཕྲིན་ལས་མཛོད། །ངེས་གསང་རྒྱུད་སྡེའི་མངའ་བདག་རྡོ་རྗེ་འཛིན། །དཀྱིལ་འཁོར་ཀུན་ཀྱི་དབང་ཕྱུག་ཧེ་རུ་ཀ །གསང་གསུམ་རྟག་པ་དམ་པར་རབ་བཞུགས་ནས། །ལེགས་མཛད་གླིང་བཞིའི་ཁྱོན་ཡོངས་ཁྱབ་པར་མཛོད། །དབང་བཞིའི་སྨིན་པའི་རིག་པ་བྱང་ཆུབ་སེམས། །དམ་ཚིག་རྣམ་དག་རིམ་གཉིས་དྲོད་གཤེར་གྱིས། །རྣམ་བཞིའི་རིག་འཛིན་འབྲས་བུ་སྨིན་ཕྱོགས་པའི། །འདུས་པའི་ཚོགས་ཀྱི་སྡོང་གྲོགས་དབྱེར་མེད་མཛོད། །གདོད་མའི་མགོན་པོའི་དགོངས་བཅུད་མཐར་ཐུག་ཕུལ། །ཟབ་གསང་རྒྱུད་ཀྱི་རྒྱལ་པོའི་མ་ཎི་ཀཿ། །བཤད་སྒྲུབ་རྒྱལ་མཚན་རྩེ་མོར་རྟག་བརྟན་པས། །ས་འདི་འཕུར་འགྲོའི་ཞིང་བཞིན་འབྱོར་པར་མཛོད། །མདོར་ན་རྣལ་འབྱོར་ཡིད་ལ་བརྣག་པའི་དོན། །མ་ལུས་ཡོངས་སུ་གྲུབ་པའི་དགེ་མཚན་ཕུལ། །ཕྱོགས་ལས་རྣམ་རྒྱལ་གྲགས་པའི་རྔ་གསང་གིས། །རྫོགས་ལྡན་ལང་ཚོ་གསལ་བའི་བཀྲ་ཤིས་སྩོལ། །ཅེས་པའང་བསླབ་གསུམ་ནོར་བུའི་མཛོད་འཆང་མཁན་པུཎྱེ་བཛྲ་གསུང་བསྐུལ་ངོར་རིག་འཛིན་གྱི་བཙུན་པ་རྡོ་རྗེ་དབང་མཆོག་དགྱེས་རབ་རྩལ་གྱིས་གང་ཤར་ཕྲལ་མར་ཕྲིན་ལས་སུ་གསོལ་བ་དགེ །༈ ཧྲཱིཿཡེ་ཤེས་བརྙེས་ཀྱང་སྲིད་པར་རྗེས་ཆགས་གར། །པདྨའི་བཀའ་སྡོད་དྲེགས་པ་ཡོངས་ཀྱི་རྗེ། །མྱུར་མགྱོགས་ཤུགས་ལྡན་རོལ་པ་རྐྱ་བདུན་སོགས། །ཆོས་སྲུང་དམ་ཅན་རྒྱ་མཚོ་དབྱིངས་ནས་དགོངས། །པདྨའི་རྗེས་འཇུག་རིག་འཛིན་སྒྲུབ་པ་པོ། །དམ་ལྡན་སྔགས་འཆང་བརྒྱུད་པར་བཅས་ཀུན་གྱིས། །རྟག་ཏུ་བསྙེན་སྒྲུབ་མཆོད་ཅིང་གསོལ་བྱེད་ན། །གང་འདོད་བཅོལ་པའི་འབྲས་ཀུན་མཆིས་པར་མཛོོད། །རིས་བྲལ་རྒྱལ་བསྟན་ཡུན་དུ་གནས་པ་དང་། །དེར་འཛིན་མཆོག་རྣམས་ཞབས་པད་རབ་བརྟན་ཞིང་། །ཐུགས་མཐུན་ཁྲིམས་གཙང་བཤད་སྒྲུབ་སྡེ་འཕེལ་བས། །དགེ་ལེགས་ཕན་བདེའི་སྒོ་འཕར་དབྱེ་བར་མཛོད། །བསྟན་ལ་སྐབས་བཙལ་ཀླ་ཀློའི་དཔུང་ལ་སོགས། །མི་མཐུན་ཉེས་བརྒྱའི་གཡུལ་ལས་རྣམ་རྒྱལ་ཞིང་། །ཆར་ཆུ་དུས་བབ་ལོ་ཕྱུགས་རྟག་འཕེལ་བས། །བོད་ཁམས་བདེ་སྐྱིད་དགེ་བཅུའི་འཚོ་བར་མཛོད། །ཁྱད་པར་རིག་འཛིན་པདྨ་ཀ་ར་ཡི། །རིང་ལུགས་རྒྱལ་མཚན་སྒྲེང་བའི་ཆོས་གྲྭ་རྣམས། །མི་མཐུན་འཚེ་བྲལ་བཤད་སྒྲུབ་བསྟན་པ་རྒྱས། །མངའ་ཐང་ཕྲིན་ལས་ཕྱོགས་ཀྱི་མཐར་ཁྱབ་མཛོད། །རིག་འཛིན་གོང་མའི་གདན་ས་ཁྱད་འཕགས་པ། །བསྟན་གཉིས་དར་རྒྱས་གླིང་གི་ཆོས་གྲྭ་ཆེ། །གྲྭ་སློབ་འབངས་འཁོར་དགོན་ལག་མ་བུ་བཅས། །གཉེར་དུ་གཏད་དོ་སྲུང་སྐྱོབ་གཡེལ་མེད་མཛོད། །དེར་འཚོགས་འདུས་པའི་སྡེ་རྣམས་ཐུགས་མཐུན་ཞིང་། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་རིན་པོ་ཆེའི། །ཡོན་ཏན་བྱེ་བའི་མཛོད་ཀྱིས་རབ་ཕྱུག་སྟེ། །ཆོས་སྲིད་ཕྲིན་ལས་ཡར་ཟླ་ལྟར་འཕེལ་མཛོད། །སྔ་འགྱུར་རིག་འཛིན་བརྒྱུད་པའི་ཁྱད་ནོར་མཆོག །མདོ་སྒྱུ་སེམས་ཀློང་བཀའ་དགོངས་ཕུར་གསུམ་དང་། །སྙིང་ཐིག་རྣམ་གསུམ་མཛོད་བདུན་ངལ་གསོ་ཡི། །བཤད་སྒྲུབ་བསྟན་མཆོག་ཉིན་མོ་ལྟར་རྒྱས་མཛོད། །བདེ་ཆེན་པདྨ་འོད་གླིང་སྒྲུབ་སྡེ་འདིར། །འོད་གསལ་ཐེག་མཆོག་སྙིང་པོའི་བསྟན་རྒྱས་ཏེ། །འདུ་འཛིའི་གཡེང་བ་སྤངས་པའི་སྒོམ་ཆེན་རྣམས། །འཕོ་ཆེན་འཇའ་ལུས་རྡོ་རྗེའི་ཕྲེང་བ་སྤེལ། །དྲི་མེད་ལྷག་བསམ་བཟང་པོའི་ཆུ་གཏེར་ལས། །ཉེར་འཁྲུངས་ལེགས་མཛད་ཟླ་བ་གསར་པ་ཅན། །རྒྱལ་བསྟན་འཛིན་སྐྱོང་སྤེལ་བའི་ཚོགས་རྣམས་གྱིས། །ཐུགས་ཀྱི་བཞེད་དོན་མཐའ་དག་འགྲུབ་པར་མཛོད། །བདག་ཀྱང་མི་མཐུན་ཕྱོགས་ལས་རྣམ་རྒྱལ་ཏེ། །བསྟན་འགྲོར་སྨན་པའི་བསམ་སྦྱོར་སྤྱི་བྱེ་བྲག །གེགས་མེད་ཡོངས་སུ་འགྲུབ་པའི་ཕྲིན་ལས་སོགས། །ཕུན་ཚོགས་འདོད་དགུའི་གྲུ་ཆར་བསྙིལ་བར་མཛོད། །མདོར་ན་རྗེ་བཙུན་པདྨ་ཐོད་ཕྲེང་གི། །སྤྱན་སྔར་ཐུགས་དམ་ཞལ་བཞེས་དགོངས་མཛོད་ལ། །ངེས་གསང་བསྟན་འགྲོའི་ཕན་བདེ་སྤེལ་བ་དང་། །རྣལ་འབྱོར་བཅོལ་པའི་ལས་ཀུན་འགྲུབ་པར་མཛོད། །ཅེས་གནོད་སྦྱིན་དགྲ་ལྷའི་རྒྱལ་པོའི་གཙོས་རྡོ་རྗེ་ཆོས་སྲུང་རྣམས་ལ་ཕྲིན་ལས་སུ་བཅོལ་པ་འདི་ནི་ཤིང་ཁམས་ཤུགས་འཆང་གི་ལོ་ལ་ཤཱཀྱའི་བཙུན་པ་ཨོ་རྒྱན་ཐུགས་མཆོག་རྡོ་རྗེས་ཆེད་དུ་བྲིས་པ་འདོད་དོན་ཡིད་བཞིན་དུ་འགྲུབ་པར་གྱུར་ཅིག

གངས་ལྗོངས་བཤད་རྒྱུན་འདེགས་པའི་ཀ་ཆེན་བཅུ། །སྒྲུབ་བརྒྱུད་ཤིང་རྟ་ཆེ་བརྒྱད་རྗེས་འབྲང་བཅས། །མཁས་གྲུབ་ཡོངས་ཀྱི་ཐུགས་མཚོར་གནས་བཅས་པའི། །བསྟན་མཆོག་སྲིད་མཐར་མི་ཉམས་དར་རྒྱས་ཤོག༈ ། ཟབ་གསལ་གཉིས་མེད་ཆོས་དབྱིངས་འདུས་མ་བྱས། །བརྟན་གཡོ་དངོས་པོ་ཀུན་གྱི་སྲོག་གྱུར་པའི། །བདེན་པ་དེ་ཡིས་ངེེས་དོན་སྙིང་པོའི་སྲོལ། །སྨག་ལ་ཉི་ཟླའི་སྒྲོན་བཞིན་གསལ་གྱུར་ཅིག༈ ། ལེགས་མཛད་ཕན་བདེའི་སྣང་བ་འབུམ་ཕྲག་གིས། །ས་གསུམ་རྒུད་པའི་མུན་པ་གཏན་བཅིལ་ནས། །དོན་གཉིས་འདོད་པ་འཇོ་བའི་ཡིད་བཞིན་དབང་། །བསྟན་འཛིན་མཆོག་རྣམས་ཞབས་པད་བརྟན་གྱུར་ཅིག༈ ། བསླབ་གསུམ་ཡོན་ཏན་རྫོགས་པའི་གོས་བཟང་རྩེར། །ལུང་རྟོགས་ནོར་བུའི་ཏོག་གིས་ཡོངས་མཛེས་པའི། །ངུར་སྨྲིག་རྒྱལ་མཚན་འཛིན་པའི་འདུས་པའི་སྡེས། །འཁོར་ལོ་གསུམ་གྱི་ཕྲིན་ལས་རྟག་ཁྱབ་ཤོག༈ ། མཐོ་རིས་ཡོན་ཏན་བདུན་གྱི་རྐང་འཐུང་རྩེར། །ཕུན་ཚོགས་སྡེ་བཞིའི་འབྲས་ཁུལ་ཆོས་ལྡན་པའི། །སྐྱེ་བོའི་ཚོགས་ཀྱིས་ས་སྟེང་ཡོང་གང་བས། །རྫོགས་ལྡན་དགའ་སྟོན་འཕེལ་བའི་བཀྲ་ཤིས་ཤོག༈ ། ཐུབ་པས་ལུང་བསྟན་གསང་བདག་རྡོ་རྗེ་ཆོས། །རབ་འབྱམས་བཀའ་ཡི་སྡུད་པོར་ཡོངས་བཞེངས་པའི། །བློ་གྲོས་སྤོབས་པ་མཐའ་ཡས་རྒྱལ་བ་ཡི། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག༈ ། རྒྱལ་གསུང་ངེས་དོན་འཁོར་ལོ་ཐ་མའི་སྲོལ། །མ་ཕམ་མགོན་དང་ཤིང་རྟ་རྣམ་གཉིས་ཀྱི། །ཟབ་དགོངས་མ་དཀྱོགས་གཞན་སྟོང་དབུ་མ་ཡི། །རིང་ལུགས་ཕྱོགས་མཐར་རྒྱས་པའི་བཀྲ་ཤིས་ཤོག༈ ། རབ་འབྱམས་རྩ་གསུམ་དཀྱིལ་འཁོར་བྱེད་པོ་མཆོག །ཧེ་རུ་ཀ་དཔལ་མཚུངས་མེད་བླ་མ་ཡིས། །རྗེས་བཟུང་དོན་གཉིས་གཏེར་ཁ་འབྱེད་པ་ཡི། །བཀྲ་ཤིས་དགེ་མཚན་དཔལ་དུ་འབར་གྱུར་ཅིག༈ ། ངེས་དོན་ཕྱིར་མི་ལྡོག་པའི་སེང་གེའི་སྒྲས། །ལྟ་དམན་རི་དྭགས་ཚོགས་རྣམས་སྐྲག་མཛད་པའི། །སྟོན་པ་བཞི་ལྡན་ཀུན་མཁྱེན་ཇོ་ནང་པའི། །བསྟན་པ་ཡུན་རིང་གནས་བའི་བཀྲ་ཤིས་ཤོག །བདག་ཀྱང་སྐྱེ་ཀུན་རྟོན་པ་བཞི་ལྡན་གྱིས། །རྗེས་བཟུང་ངེས་དོན་དབུ་མ་ཆེན་པོའི་ཚུལ། །ཇི་བཞིན་རྟོགས་ནས་མ་ནོར་ལམ་སྟོན་པས། །ཀུན་མཁྱེན་བསྟན་ལ་བྱ་བ་བྱེད་གྱུར་ཅིག །གདོད་ནས་བྲི་གང་བྲལ་བའི་ཆོས་དབྱིངས་ཁམས། །གློ་བུར་དྲི་མའི་སྦུབས་རྒྱ་ལས་གྲོལ་ནས། །དམ་པ་དང་པོའི་ངོ་བོར་བྱང་ཆུབ་སྟེ། །ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་པར་ཤོག །ཅེས་པ་རྣམས་བི་ཛས་སོ། །དགེའོ། །

བླ་མའི་རྣལ་འབྱོར་མདོར་བསྡུས།

༄༅། །བླ་མའི་རྣལ་འབྱོར་མདོར་བསྡུས་ནི། ཨ་དྭངས་པའི་ཡིད་མཁར་དད་བརྒྱའི་ཆུ་འཛིན་དབུས། །རྩ་བའི་བླ་མ་མཁན་ཆེན་རྡོ་རྗེ་འཆང་། །ཆོས་གོས་གསུམ་གསོལ་མཉམ་བཞག་ཆོས་འཆད་མཛད། །འཁོར་དུ་བརྒྱུད་གསུམ་བླ་མ་སྤྲིན་ལྟར་གཏིབ། །དྲན་པ་ཙམ་གྱིས་སྲིད་ཞིའི་འཇིགས་འཕྲོག་པའི། །སྐྱབས་ཀུན་འདུས་པའི་ངོ་བོར་ལྷམ་མེར་གསལ། །རང་སེམས་བླ་མར་རྟོགས་པའི་ཕྱག་གིས་འདུད། །རྣམ་དག་སྡོམ་གསུམ་གཙང་མའི་མཆོད་པ་འབུལ། །བཅས་དང་རང་བཞིན་ཉམས་པའི་སྡིག་ལྟུང་བཤགས། །རླབས་ཆེན་རྒྱལ་སྲས་མཛད་པར་རྗེས་ཡི་རང་། །མཛད་མེད་སྨིན་གྲོལ་ཆོས་འཁོར་བསྐོར་བར་བསྐུལ། །གཟུགས་སྐུ་བསྐལ་པ་རྒྱ་མཚོར་གཡོ་མེད་གསོལ། །འདིས་མཚོན་དགེ་ཚོགས་བྱང་ཆུབ་སྙིང་པོར་བསྔོ། །དྲི་མེད་བསླབ་གསུམ་གསེར་གྱི་བུམ་པ་རུ། །གཞན་ཕན་བྱང་ཆུབ་སེམས་ཀྱི་བདུད་རྩིས་གཏམས། །རིས་མེད་སྐལ་བཟང་སྐྱེ་བོའི་གདུང་སེལ་དཔལ། །མཁན་ཆེན་ཚུལ་ཁྲིམས་རྒྱ་མཚོར་གསོལ་བ་འདེབས། །རྣམ་དག་དད་བསོད་མོས་དགེའི་རྒྱལ་མཚན་རྩེར། །གཟུགས་སྐུ་ནོར་བུའི་ཏོག་མཆོག་རྟག་བརྟན་ཞིང་། །བྱིན་རླབས་འདོད་དགུའི་གྲུ་ཆར་འཇོ་བ་ཡིས། །དོན་གཉིས་རེ་བ་མཐའ་དག་རྫོགས་པར་མཛོད། །ༀ་ཨཱཿཧཱུྃ་གུ་རུ་ཤཱི་ལ་ས་མུ་དྲ་སརྦ་སི་ངྔྷིི་ཧཱུྃ། བླ་མའི་གནས་གསུམ་འབྲུ་གསུམ་བདུད་རྩིའི་ཟེར། །རང་གི་གནས་གསུམ་ཐིམ་པས་དབང་བཞི་ཐོབ། །སྒྲིབ་པ་བཞི་དག་ལམ་བཞིའི་རྟེན་འབྲེལ་སྒྲིགས། །མཐར་ཐུག་སྐུ་བཞི་ཐོབ་པའི་སྐལ་ལྡན་གྱུར། །མཐར་ནི་བླ་མ་འོད་ཞུ་རང་ལ་ཐིམ། །ཐུགས་ཡིད་གཅིག་འདྲེས་དགོངས་པའི་བཙན་ས་ཟིན། །རིག་སྟོང་ཟུང་འཇུག་དོན་དམ་བླ་མའི་ཞལ། །སྤང་བླང་བསལ་བཞག་བྲལ་བའི་ཀློང་དུ་ཨ། །དགེ་བ་འདི་ཡི་བདག་གཞན་མཁའ་མཉམ་འགྲོ། །ཡང་དག་བླ་མ་མཆོག་གིས་རྗེས་བཟུང་མཐུས། །ཐེག་མཆོག་ལམ་བཟང་དཀའ་བ་མེད་པར་བགྲོད། །རྡོ་རྗེ་འཆང་གི་གོ་འཕང་མྱུར་འགྲུབ་ཤོག །ཅེས་པའང་བློ་གསལ་འགྱུར་མེད་ཚུལ་ཁྲིམས་ཀྱིས་བསྐུལ་བའི་རྐྱེན་ལས། དམ་པ་གང་གི་ཞབས་པད་བསྟེན་པའི་དགེ་སྦྱོང་རྒན་བུ་འགྱུར་མེད་པདྨ་རྣམ་རྒྱལ་གྱིས་བྲིས་ཤིང་གསོལ་བ་བཏབ་པ་དགེ །

གཤིན་རྗེ་དྲེགས་པ་འཇོམས་བྱེད་ཀྱི་འཇམ་དཔལ་ཞི་སྒྲུབ་བཀླག་ཆོག་ཏུ་བཀོད་པ།

༄༅། །གཤིན་རྗེ་དྲེགས་པ་འཇོམས་བྱེད་ཀྱི་འཇམ་དཔལ་ཞི་སྒྲུབ་བཀླག་ཆོག་ཏུ་བཀོད་པ་བཞུགས། ན་མོ་མཉྫུ་ཤྲཱི་ཡེ། འཇམ་དཔལ་ཞི་སྒྲུབ་སྐབས། ཐོར་ཐུན་ལ་ཐུན་མོང་གི་རྒྱུད་སྦྱང་བ་དང་ཚོགས་བསགས་རྗེས་ང་རྒྱལ་སྲུང་འཁོར་བྱིན་འབེབས་མཆོད་རྫས་བྱིན་རླབས་རྣམས་ཁྲོ་བོའི་ལས་བྱང་གཞུང་ལས་འབྱུང་བ་ལྟར་བྱ་ཞིང་། དེ་ལས་ཐུན་རྗེས་མ་རྣམས་ཀྱི་མགོར། ༀ་མ་ཧཱ་ཀྲོ་ངྷ་རཀྴ་ཛྭ་ལ་རཾ་ཧཱུྃ་ཕཊ། ཅེས་སྲུང་འཁོར་གསལ་འདེབས་ཙམ་བྱས་རྗེས། བདག་གི་དལ་འབྱོར་རིན་ཆེན་འདི༔ཨུ་དུམྦཱ་རའི་མེ་ཏོག་ལྟརཿཕྱིས་ནས་ཡང་ཡང་རྙེད་དཀའ་བས༔ད་རེས་བླ་མེད་དོན་ཡོད་བྱ༔ཕུན་ཚོགས་རིན་ཆེན་ལུས་འདི་ཡང༔མི་རྟག་རྩྭ་ཁའི་ཟིལ་བ་ལྟར༔ནམ་འཆི་ངེས་པའི་གདེང་མེད་པས༔བརྩོན་འགྲུས་དྲག་པོས་བྱང་ཆུབ་སྒྲུབ༔མཐའ་མེད་འཁོར་བའི་རྒྱ་མཚོ་ཆེ༔སྐྱེ་རྒ་ན་འཆིའི་རྦ་ཀློང་འཁྲུགས༔ཐར་དཀའི་གཏིང་མཐའ་མེད་འདི་ལས༔ཐར་ཕྱིར་དམ་པའི་སྤྱད་པ་སྤྱོད༔ཅེས་བློ་སྦྱང་ལ། རང་གི་སྤྱི་བོར་པད་ཉིའི་སྟེང༔སངས་རྒྱས་ཀུན་འདུས་བླ་མ་དང༔དཀོན་མཆོག་སྐྱབས་གནས་མ་ལུས་པ༔སྤྲིན་ཕུང་གཏིབས་པ་ལྟ་བུར་བསམ༔ཞེས་མོས་ལ། ན་མོ༔བདག་དང་མཐའ་ཡས་སེམས་ཅན་ཀུན༔དེང་ནས་བྱང་ཆུབ་སྙིང་པོའི་བར༔བསླུ་མེད་སྐྱབས་གནས་ཐམས་ཅད་ལ༔སྒོ་གསུམ་དང་བས་སྐྱབས་སུ་མཆི༔ཞེས་སྐྱབས་སུ་འགྲོ། རང་རིག་རང་ངོ་མ་ཤེས་པའི༔མ་རིག་འཁྲུལ་པའི་སེམས་ཅན་ཀུན༔བདེ་ཆེན་ས་ལ་འགོད་བྱའི་ཕྱིར༔བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ཞེས་སེམས་བསྐྱེད། སྤྲོས་པ་ཀུན་ཞི་ཆོས་དབྱིངས་ཀྱི༔རང་མདངས་ཟུང་འཇུག་བདེ་བའི་སྐུ༔འཕགས་མཆོག་འཇམ་དཔལ་དབྱངས་ཉིད་ལ༔བདག་ནི་དད་པས་ཕྱག་འཚལ་ཞིང༔དཔག་ཡས་མཆོད་པ་རྒྱ་མཚོས་མཆོད༔ཉེས་བཤགས་དགེ་ལ་རྗེས་ཡི་རང༔བླ་མེད་ཆོས་འཁོར་བསྐོར་བ་དང༔མྱ་ངན་མི་འདའ་གསོལ་བ་འདེབས༔བདག་ལ་བྱིན་གྱིས་བརླབ་ཏུ་གསོལ༔མཆོག་དང་ཐུན་མོངས་དངོས་གྲུབ་སྩོལ༔ཞེས་ཚོགས་བསགས། ༀ་སྭ་བྷ་ཝ་ཤུངྔྷོ྅ཧཾ༔སྣང་སྲིད་འཁོར་འདས་ཐམས་ཅད་ཀུན༔སྣང་ཙམ་ཉིད་དུ་ངོ་བོས་སྟོང༔རང་བཞིན་ཆུ་ཟླ་ལྟ་བུ་ལ༔ངོ་བོ་སྟོང་པ་ཉིད་དུ་གནས༔སུས་ཀྱང་མ་བཅིངས་བཅིང་བ་མེད༔འཆིང་བར་བྱ་བའང་ཡོད་མ་ཡིན༔སྟོང་གསལ་ནམ་མཁའ་ཉིད་དུ་གནས༔རང་བྱུང་རིག་པ་ཡི་གེ་དྷཱིཿདྷཱིཿལས་འོད་འཕྲོས་དོན་གཉིས་བྱས༔དེ་ལས་མི་འཇིགས་སེངྒེའི་ཁྲི༔པདྨ་ཉི་ཟླའི་གདན་སྟེང་དུ༔རང་ཉིད་འཕགས་པ་འཇམ་དཔལ་དབྱངས༔གུརྒུམ་མདངས་ལྡན་གཞོན་ནུའི་ཚུལ༔ཕྱག་གཉིས་རལ་གྲི་ཨུཏྤལ་སྟེང༔སྟོང་ཕྲག་བརྒྱ་པའི་གླེགས་བམ་བསྣམས༔ཟུར་ཕུད་ལྔ་པ་མཚན་དཔེ་དང༔ལོངས་སྤྱོད་རྫོགས་པའི་རྒྱན་གྱིས་མཛེས༔རྒྱལ་བ་རྒྱ་མཚོའི་ཚོགས་གྱིས་བསྐོར༔འོད་ཟེར་ཀློང་ན་གསལ་བ་ཡི༔ཐུགས་ཀར་སེམས་དཔའ་ཚོན་གང་གི༔ནང་དུ་ཟླ་སྟེང་དྷཱིཿཡིག་ལ༔གསང་སྔགས་ཕྲེང་བས་འཁོར་བར་བསམས༔ཞེས་དམ་ཚིག་པ་བསྐྱེད་ལ། དེ་ལྟར་གསལ་བའི་སྤྱི་བོར་ༀ། མགྲིན་པ་ཨཱ༔ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་སྒོམ་པ་དང་འདྲ་བའི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་པར་བསམ་ལ། ༀ། ཚུར་བྱོན་ཚུར་བྱོན་འཇམ་པའི་དབྱངས༔བཅོམ་ལྡན་ཐུགས་རྗེ་ཆེ་ལྡན་ཆེ༔མ་ལུས་འཁོར་དང་བཅས་པ་རྣམས༔འགྲོ་བའི་དོན་ཕྱིར་གཤེགས་སུ་གསོལ༔ༀ་མཉྫུ་ཤྲཱི་ཨེ་ཧྱེ་ཧི། ཞེས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿགཉིས་སུ་མེད་པར་གྱུར༔ཞེས་བསྟིམས། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་གདན་གསུམ་ཚང་བའི་དབང་གིས་ལྷ་ཚོགས་ནམ་མཁའ་གང་བར་བཛྲ་ས་མཱ་ཛཿས་དབང་ལྷ་སྤྱན་དྲངས། དེ་རྣམས་ཀྱིས། ༀ་ཧཱུྃ་སྭ་ཨཾ་ཧཿཨ་བྷི་ཥིཉྩ་མི༔ཞེས་གསུངས་ཤིང་རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུས་གང་བས་དབང་བསྐུར། སྐུ་གང་། དྲི་མ་དགཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས། རྡོ་རྗེ་སེམས་དཔས་དབུ་བརྒྱན་པར་གྱུར། ཞེས་མོས། སྤྲོ་ན་ཕྱི་ནང་གི་མཆོད་པ་ཡོངས་རྫོགས་ཁྲོ་དཀྱིལ་ལས་བྱུང་བ་ཉིད་ཁ་བསྒྱུར། བསྡུ་ན། ཧཱུྃ༔དངོས་བཤམས་ཡིད་ལས་རྣམ་སྤྲུལ་བའི༔མེ་ཏོག་བདུག་སྤོས་མར་མེ་དྲི༔ཞལ་ཟས་རོལ་མོ་འདོད་ཡོན་ལྔ༔ཀུན་བཟང་མཆོད་པའི་སྤྲིན་ལྟ་བུར༔དཔག་ཡས་ནམ་མཁའི་ཁྱོན་བཀང་སྟེ༔འཕགས་མཆོག་འཇམ་དཔལ་དབྱངས་ལ་འབུལ༔ༀ་མུཉྫུ་ཤྲཱི་ས་པ་རི་ཝཱ་ར་པུཥྤེ་ནས་ཤཔྟ་རཱུ་པ་ཤཔྟ་གྷནྡྷེ་རཱ་ས་སྤཪྴེ་ངྷརྨཱ་ཱངྷཱ་ཏུ་མ་ཧཱ་པཱུ་ཛ་ཧོཿཞེས་པ་ཙམས་གྱིས་མཆོད་ནས། བཟླས་དམིགས་ནི། རང་གི་སྙིང་གར་པད་ཟླའི་གདན་ལ་རང་འདྲ་བའི་ཡེ་ཤེས་སེམས་དཔའ་ཚོན་གང་བ། དེའི་ཐུགས་ཀར་ཏིང་འཛིན་སེམས་དཔའ་དྷཱིཿཡིག་དམར་སེར་སྤུས་བྲིས་པ་ལྟ་བུ། དེའི་མཐར། ༀ་ཨ་ར་པ་ཙ་ན་དྷཱིཿཞེས་པའི་ཡིག་འབྲུ་བདུན་པོ་ཕྲ་ཞིང་གསལ་བ་གཡས་སུ་རང་སྒྲ་དང་བཅས་ཏེ་འཁོར་བ་ལས་འོད་ཉི་ཟེར་ལྟ་བུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འཕྲོས་པས་རྒྱལ་བ་སྲས་དང་བཅས་པ་ལ་མཉེས་མཆོད་ཕུལ། མཁྱེན་བརྩེ་ནུས་པའི་བྱིན་རླབས་ཐམས་ཅད་བསྡུས་ཏེ་སྔགས་ཕྲེང་ལ་ཐིམ། རིག་དྲུག་གི་སེམས་ཅན་ཐམས་ཅད་ཀྱི་ལས་སྒྲིབ་སྦྱངས། སངས་རྒྱས་ཀྱི་ས་ལ་བཀོད། འོད་ཟེར་དེས་རེག་པའི་ཞིང་ཐམས་ཅད་ལྷ་སྔགས་ཡེ་ཤེས་ཀྱི་རོལ་བར་མོས་ལ། བགྲང་ཕྲེང་བསང་སྦྱང་། སྟོང་པའི་ངང་ལས་དྷཱིཿཡིག་ལས་བྱུང་བའི་འཇམ་དཔལ་གཞོན་ནུའི་སྐུར་གྱུར། དེ་འོད་དུ་ཞུ་བ་ལས་བགྲང་ཕྲེང་དུ་གྱུར་པར་མོས་ཏེ། ༀ་རུ་ཙི་ར་མ་ཎི་པྲ་བརྔྷ་ཡེ་ཧཱུྃ་ཕཊ། ཞེས་བཟླས་ལ་ཕུ་འདེབས་ཤིང་དབྱངས་གསལ་ལན་གསུམ་བརྗོད་རྗེས། ༀ་ཨ་ར་པ་ཙ་ན་དྷཱིཿཞེས་དམིགས་གསལ་ཞིང་བཟླས་པའི་སྐྱོན་དང་བྲལ་བར་ཅི་ནུས་སུ་བཟླའོ། །མཐར་དབྱངས་གསལ་སྤེལ་ཚིག་ཅན་ལན་བདུན་བཟླས་ནས། ཆོས་དབྱིངས་ཡེ་ཤེས་རང་བཞིན་ལས༔ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་ནས༔འགྲོ་བའི་ཉོན་མོངས་འཇོམས་མཛད་པའི༔འཇམ་དཔལ་དབྱངས་ལ་ཕྱག་འཚལ་བསྟོད༔ཁྱོད་མཚན་ཐོས་དང་དྲན་པས་ཀྱངཿཉོན་མོངས་རྟོག་པ་རབ་ཞི་ནས༔ཡེ་ཤེས་སྣང་བ་རྒྱས་པ་དང༔ཆོས་དབྱིངས་ཆེན་པོར་བྱང་ཆུབ་ཤོག༔ཅེས་བསྟོད་ཅིང་གསོལ་བ་གདབ། བསྐྱེད་རྫོགས་དབྱེར་མེད་ཀྱི་དགོངས་པ་ལ་རྩལ་སྦྱངས། མཐར། ཧཱུྃ། རང་རིག་ཡེ་ནས་འཇམ་དཔལ་ལྷར༔གཤེགས་བྱ་གཤེགས་བྱེད་དངོས་པོས་སྟོང༔འོན་ཀྱང་སྣང་ཚུལ་ཡེ་ཤེས་པ༔སྐྱེ་མེད་ཀློང་དུ་བཛྲ་མུ༔ཞེས་དང་། ཧཱུྃ་གསུམ་གྱིས་འོད་གསལ་དུ་བསྡུ། སླར་ཡང་རྩ་སྔགས་བརྗོད་པའི་རྐྱེན་གྱིས་སྒྱུ་མའི་སྐུར་ལང་ནས་དགེ་བ་བསྔོ་ཞིང་ཐུན་མཚམས་ཀྱི་བྱ་བ་ལ་འཇུགདགོངས་ཐུན་ནམ་སྲོད་ཐུན་གྱི་མཇུག་ཏུ་ཚོགས་མཆོད་དང་ཆོས་སྐྱོང་སྤྱི་དགོས་ཀྱི་གཏོར་འབུལ་སོགས་ཀྱང་རྒྱས་པར་བྱའོ། །ཞེས་པའང་ཉེར་མཁོའི་ཆེད་དུ་བི་ཛས་སོ། །

གུ་རུ་དྲག་པོ་མེ་ཡི་འཁོར་ལོའི་ཚོགས་མཆོད་མདོར་བསྡུས་སུ་འབུལ་བར་སྤྲོ་ན།

༄༅། །ན་མོ་གུ་རུ་བཛྲ་ཀྲོ་ངྷ་ཡ། འདིར་གུ་རུ་དྲག་པོ་མེ་ཡི་འཁོར་ལོའི་ཚོགས་མཆོད་མདོར་བསྡུས་སུ་འབུལ་བར་སྤྲོ་ན། དམ་ཚིག་གི་རྫས་སུ་འོས་པའི་ལོངས་སྤྱོད་རྣམས་ཇི་ལྟར་འཚོགས་པ་བཤམས་ལ། བྱིན་གྱིས་བརླབ་པ་ནི། རྃ་ཡྃ་ཁྃ་སྭཱ་ཧཱཿༀ་ཨཱཿཧཱུྃ་ཧྲཱིཿཧཱུྃ༔ཆོས་དབྱིངས་རོལ་པའི་དཀྱིལ་འཁོར་ནས༔བྱིན་རླབས་འཕྲོ་འདུའི་འོད་ཟེར་གྱིས༔དཔག་མེད་ནམ་མཁའི་མཐར་གྱུར་པའི༔འདོད་པའི་ལོངས་སྤྱོད་སྤྲིན་ལྟར་གཏིབས༔ཧཱུྃ་གིས་རྣམ་རྟོག་དབྱིངས་སུ་སྦྱང༔ཨཱཿཡིས་དྲི་མེད་བདུད་རྩིར་གྱུར༔ༀ་གྱིས་འདོད་ཡོན་སྤྲིན་ཚོགས་གཏིབས༔ཧྲཱིཿཡིས་སྣང་སྲིད་མཆོད་པས་བསྐང༔མཆོད་པའི་ལྷ་མོ་དཔག་མེད་གྱིས༔གསེར་དངུལ་གཡུ་ཡི་གཞོང་པ་རུ༔ལོངས་སྤྱོད་དཔག་མེད་ཚོགས་ཀྱིས་བསྐང༔གར་དང་ཕྱག་རྒྱས་བསྒྱུར་ཞིང་མཆོད༔ཨ་ལ་ལ་སྟེ་མཆོད་པ་བཞེས༔དགྱེས་བསྐང་བདག་ལ་དངོས་ལ་དངོས་གྲུབ་སྩོལ༔ཚོགས་ཞིང་སྤྱན་འདྲེན་པ་ནི། ཧཱུྃམི་མངོན་དབྱིངས་ཀྱི་ཕོ་བྲང་ནས༔སྐྱེ་མེད་ཆོས་སྐུའི་བླ་མ་ཡང༔ཐུགས་རྗེའི་དབང་གི་གཤེགས་སུ་གསོལ༔དག་པ་མཁའ་སྤྱོད་ཞིང་ཁམས་ནས༔ལྷུན་གྲུབ་ལོངས་སྐུའི་༴ འགྲོ་བ་འདུལ་ཕྱིར་༴ ཐུགས་རྗེའི་འགྲོ་འདུལ་ཞིང་༴ ཕྲིན་ལས་སྤྲུལ་སྐུའི་༴ ཐུགས་རྗེའི་དབང་གིས་༴ བདེ་ཆེན་འབར་བའི་དཀྱིལ་འཁོར་ནས༔དབང་གི་རྒྱལ་པོ་རྟ་མགྲིན་ཡང༔དབང་སྡུད་མཛད་ཕྱིར་༴ བདེ་སྟོང་སྒྱུ་མའི་ཕོ་བྲང་ནས༔རྡོ་རྗེ་ཕག་མོ་མཁའ་འགྲོ་འབུམ༔དངོས་གྲུབ་སྩོལ་ཕྱིར་༴ བསིལ་བ་ཚལ་གྱི་དུར་ཁྲོད་ནས༔མ་ཧཱ་ཀ་ལ་ལྕམ་དྲལ་བཅས༔བསྟན་པ་སྲུང་ཕྱིར་༴ གནས་དང་ཡུལ་གྱི་མ་ཚོགས་དང་༔ལྷ་སྲིན་སྡེེ་བརྒྱད་ཐམས་ཅད་ཀྱང་༔བར་ཆད་བསལ་ཕྱིར་གཤེགས་སུ་གསོལ༔གུ་རུ་དེ་ཝ་ཌཱཀྐི་ནི་སརྦ་ས་མ་ཡ༔ཛཿཧཱུྃ་བྃ་ཧོཿདེ་ནས་ཚོགས་ཕུད་ཆ་གསུམ་དུ་སྤྲོས་ལ། དང་པོ་མཆོད་པ་ནི། ཧཱུྃ༔བླ་མ་ཡི་དམ་མཁའ་འགྲོ་ལ༔འདོད་ཡོན་ཚོགས་ཀྱི་མཆོད་པ་འབུལ༔དགྱེས་པ་ཆེན་པོར་རོལ་ནས་ཀྱང་༔འདོད་པའི་དངོས་གྲུབ་ཐམས་ཅད་སྩོལ༔གུ་རུ་དེ་ཝ་ཌཱ་ཀྐི་ནི་ག་ཎ་ཙཀྲ་པཱུ་ཛ་ཧོ༔བར་པ་བཤགས་པ་ནི། ཧཱུྃ༔དབང་གྱུར་སྐྱབས་མཆོག་མ་ལུས་པ༔ཚེ་རབས་སྔོན་ནས་ད་ལྟའི་བར༔འགལ་འཁྲུལ་ཉམས་ཆག་མ་ལུས་ཀུན༔ཚོགས་ཀྱིས་བསྐང་ཞིང་བཤགས་པར་བགྱི༔གུ་རུ་དེ་ཝ་ཌཱ་ཀྐི་ནི་ག་ཎ་ཙཀྲ་པཱུ་ཛ་ཁ་ཧིཿཤུདྡྷེ་ཨཿཚོགས་ཐ་མ་ནི། ཨེ་ནྲྀ་ཏྲི་ཞེས་པས་དམིགས་བྱ་རྟེན་དང་བཅས་པ་བསྐྱེད། ཛཿཧཱུྃ་བྃ་ཧོཿས་དགུག་གཞུག་བྱ། ཧཱུྃ་ཆེ་མཆོག་དྲག་པོ་ཐོད་ཕྲེང་རྩལ༔རྔམ་བྱེད་འབར་བའི་ཁྲོ་ཚོགས་བཅས༔རྡོ་རྗེ་ཕུར་པ་ལྕགས་ཀྱུ་དང་༔ཞགས་པ་ཐོ་ཆེན་འབར་བ་ཐོགས༔དགྲ་བགེགས་གདུག་པའི་ལྔ་ཕུང་འདི༔ལྕགས་ཀྱུས་ཟུང་ལ་ཕུར་པས་ཐོབ༔རྡུལ་ཕྲན་བཞིན་དུ་བརླག་པར་མཛོད༔རྣམ་ཤེས་ཆོས་ཀྱི་དབྱིངས་སུ་བསྒྲལ༔གུ་རུ་བཛྲ་ཀྲོ་ངྷ་ནྲྀ་ཏྲི་ཤ་ཏྲཱུཾ་མ་ར་ཡ་རྦད༔ཅེས་བསྒྲལ་ཞལ་བསྟབ་ནི། དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས༔དོན་སྙིང་ནང་ཁྲོལ་བཅས་པ་རྣམས༔ཡེ་ཤེས་བདུད་རྩིར་བྱིན་བརླབས་ནས༔བཞེས་ཤིག་རོལ་ཅིག་དགྱེས་པར་མཛོད༔མཾ་ས་རཀྟ་ཀེཾ་ནི་རི་ཏི་ཁཱ་ཧི༔ཚོགས་ལ་རོལ་ནས་ལྷག་མ། ༀ་བཛྲ་ཨ་མྲྀ་ཏ་ཨུཥྩིཥྚ་ཡ་ཧཱུྃ་ཕཊ༔ཀྱིས་བརླབས་ལ། ཧཱུྃ༔དང་པོ་ཕུད་ཀྱིས་ལྷ་ཚོགས་མཆོད༔བར་དུ་ཚོགས་ཀྱིས་མཆེད་ལྕམ་བསྐང༔ཐ་མ་ལྷག་མའི་གཏོར་མ་འདིས༔གང་ལ་དབང་བ་ཚིམ་གྱུར་ཅིག༔ༀ་ཨུ་ཙིཥྚ་བྷཀྵ་ཁཱ་ཧི༔ཞེས་ཕྱིར་བཏང་། ཐུགས་དམ་བསྐུལ་བ་ནི། ཧཱུྃ༔བཞེངས་ཤིག་བཞེངས་ཤིག་དབྱིངས་ནས་བཞེངས༔བསྐུལ་ལོ་བསྐུལ་ལོ་གནད་ནས་སྐུལ༔གུ་རུ་དྲག་པོ་འཁོར་བཅས་རྣམས༔ཞི་རྒྱས་དབང་དྲག་ལས་མཛོད་ཅིག༔ཆད་མདོ་ནི། ཧཱུྃ་བྷྱོ༔འཇིག་རྟེན་འདས་དང་མ་འདས་པའི༔བཀའ་ཡི་སྲུང་མ་དམ་ཚིག་ཅན༔སྔོན་གྱི་ཐ་ཚིག་རྗེས་དགོངས་ལ༔གཏོར་མ་ལོངས་ཤིག་ཕྲིན་ལས་མཛོད༔བརྟན་མ་སྐྱོང་བ་ནི༔ཧཱུྃ༔སྣང་ཞིང་སྲིད་པའི་འཇིག་རྟེན་ན༔གནས་པའི་བརྟན་སྐྱོང་གནས་འདིར་བྱོན༔བརྒྱན་པའི་གཏོར་མ་འདི་བཞེས་ལ༔བཅོལ་པའི་ལས་རྣམས་འགྲུབ་པར་མཛོད༔གཏོར་བྲོ་ནི། ཧཱུྃ༔ཉོན་མོངས་རྒྱུ་དྲུག་རྐྱེན་བཞིའི་ཚོགས༔མ་རིག་གིས་བསྐྱེད་བགས་ཆགས་རྣམས༔རང་བྱུང་རིག་རྟོགས་རི་རབ་འོག༔གཞི་རྫོགས་བར་མཚམས་མེད་པར་མནན༔ༀ་ཨཱཿཧཱུྃ་ལཾ་སྟམྦྷ་ཡ་ནན༔མདུན་བསྐྱེད་དང་འབྲེལ་ན་མཆོད་བསྟོད་ནོངས་བཤགས་བརྟན་བཞུགས་བསྡུ་ཆོག་སོགས་ཆོ་གའི་རྗེས་རྣམས་གཞུང་ལྟར་བྱས་པས་དོན་གྲུབ་བོ། །ཞེས་པའང་བསླབ་གསུམ་ལྡན་པའི་བླ་མ་འབྱུང་གནས་ལགས་ཀྱི་བཞེད་ངོར་རྣམ་པར་རྒྱལ་བའི་མིང་ཅན་གྱིས་རང་གཞུང་རྩ་བ་དང་རིགས་མཐུན་གཞན་ནས་ཀྱང་ཁ་སབ་སྟེ་ཉུང་གསལ་དུ་བྲིས་པ་ནོངས་པ་མཆིས་ན་སྙིང་ནས་བཤགས་ཤིང་དགེ་བས་བསྟན་པ་རིན་པོ་ཆེ་ཡུན་དུ་གནས་པའི་རྒྱུར་གྱུར་ཅིགམངྒལཾ། དགེའོ། །ཕྱག་བྲིས་ལས་བཤུས་སོ། །༈ ཧྲཱིཿདོན་དམ་གཤིས་ངོར་འཁོར་འདས་རོ་མཉམ་ཡང་། །མ་རྟོགས་སྣང་ངོར་རང་བརྒྱུད་དྲེགས་པའི་ཚུལ། །ཆེ་བཙན་དགྲ་ལྷའི་རྒྱལ་པོ་ཡང་ལེ་བེར། །སྔོན་སྨོན་ཐུགས་དམ་གཉན་པོའི་ཉེ་བར་དགོངས། །ཁྱོད་ནི་རྒྱལ་དབང་པདྨའི་བསྟན་སྐྱོང་གཙོ། །བདག་ནི་རིག་འཛིན་དེ་ཡི་རྗེས་སུ་ཞུགས། །དེ་སླད་རྟག་པར་ཁྱོད་བརྟེན་ཁྱོད་མཆོད་ན། །མཐུ་རྩལ་མ་ཆུང་བཅོལ་བའི་ལས་ཀུན་མཛོད། །རྒྱལ་བསྟན་སྤྱི་དང་ཁྱད་པར་སྔ་འགྱུར་གྱི། །བསྟན་དང་བསྟན་འཛིན་བུ་བཞིན་སྐྱོང་བ་དང་། །མི་མཐུན་དགྲ་སྡེའི་ཚོགས་ཀུན་ཆོམ་ལ་ཕོབ། །ཕྱོགས་ལས་རྣམ་པར་རྒྱལ་བའི་དགེ་མཚན་བྱིན། །ཁྱད་པར་རྣལ་འབྱོར་ཡིད་ལ་བརྣག་པ་ཡིས། ཞི་རྒྱས་དབང་དང་དྲག་པོའི་ཕྲིན་ལས་ཀུན། །གེགས་མེད་མྱུར་དུ་གྲུབ་པའི་དགེ་མཚན་གྱིས། །དཀར་ཕྱོགས་རྒྱལ་བའི་དབུ་རྨོག་བཙན་པར་མཛོད། །མདོར་ན་འདི་ནས་བཟུང་སྟེ་བྱང་ཆུབ་བར། །འབྲལ་མེད་རྡོ་རྗེའི་ཐ་ཚིག་ཉེར་དགོངས་ཏེ། །བྱང་ཆུབ་ལམ་གྱི་བར་ཆད་ཀུན་སེལ་ཞིང་། །ཆོས་ལྡན་བསམ་པའི་དོན་ཀུན་འགྲུབ་པར་མཛོད། །ཅེས་པའང་མཆོག་སྤྲུལ་དམ་པའི་བཞེད་ངོར་བི་ཛས་ཕྲིན་ལས་སུ་གསོལ་བ་ཛ་ཡནྟུ། ༈ ཧཱུྃ། སྣང་སྲིད་རྣམ་དག་བདེ་བ་ཆེན་པོའི་ཞིང་། །ཕུང་ཁམས་སྐྱེ་མཆེད་གདན་གསུམ་ཡོངས་རྫོགས་ལྷ། །དག་པ་རབ་འབྱམས་ཆེན་པོའི་དཀྱིལ་འཁོར་ལ། །མ་དག་ཉེས་པའི་དྲི་མ་མི་དམིགས་ཀྱང་། །ཀུན་རྫོབ་སྣང་ངོར་སྒྱུ་མའི་བཀོད་པ་བཞིན། །རྫས་སྔགས་ཏིང་འཛིན་ཕྱག་རྒྱས་བྱིན་བརླབས་པའི། །ཟག་མེད་བསང་མཆོད་ཀུན་བཟང་རོལ་པའི་རྒྱན། །རང་རང་གང་བཞེད་འཆར་བའི་འདོད་དོན་སྤྲིན། །མི་གཙང་ཉེས་ཀུན་སེལ་བའི་ཆར་རྒྱུན་འདིས། །རིགས་ཀུན་ཁྱབ་བདག་རྩ་བརྒྱུད་བླ་མ་དང་། །ཡི་དམ་ཞི་ཁྲོ་གནས་གསུམ་ཌཱ་ཀི་ནི། །ཆོས་སྲུང་ནོར་ལྷ་གཞི་གནས་གཏེར་གྱི་བདག །སྙིང་རྗེའི་མགྲོན་སོགས་མཆོད་སྦྱིན་ཡུལ་ཀུན་དང་། །ཁྱད་པར་ནམ་མཁའ་འབྲུག་རྒྱལ་ཐེ་སེ་བློན། །རི་མོ་དབང་ཞུ་ནོར་བུ་དགྲ་འདུལ་རྩལ། །རྡོ་རྗེ་མཆེད་ཡག་རིན་ནག་དཀར་མོ་ལེབ། །བྲག་དམར་ལྷ་རྩེ་སྙུག་བུ་སྟག་རྩེ་དང་། །ཅོག་རོ་ལ་སོགས་ཕྱོགས་འདིར་གནས་པ་ཡི། །ལྷ་ཀླུ་གཉན་བཙན་སྡེ་བརྒྱད་དྲག་རྩལ་ཅན། །ང་ཆེ་ང་བཙན་དྲེགས་པའི་སེམས་འཆང་བ། །ཇི་སྙེད་མཆིས་ཀུན་བསང་ཞིང་བརྔན་པའི་མཐུས། །དམེ་ནལ་བང་མཛེ་བག་ཡུགས་གྲིབ་ལ་སོགས། །ཉམས་ཆག་ཐུགས་འགལ་ནོངས་པ་ཀུན་སངས་ནས། །དགྱེས་པའི་ལྷ་ཞལ་ཟླ་ལྟར་དཀར་བར་མཛོད། །རྣམ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ལ། །ཞི་སོགས་ཕྲིན་ལས་རྣམ་བཞིའི་སྒོ་ཕྱེས་ཏེ། །ཕྱོགས་ལས་རྣམ་པར་རྒྱལ་བའི་རུ་མཚོན་སྒྲེངས། །དོན་གཉིས་བསམ་ཀུན་ཡིད་བཞིན་འགྲུབ་པར་མཛོད། །བཀྲ་ཤིས་སྲིད་དང་ཞི་བའི་ཕུན་ཆོགས་དཔལ། །མ་ལུས་རྟེན་འབྲེལ་ཆོ་གས་དབང་བྱས་མཐུས། །སྡེ་བཞིའི་ཟིལ་དངར་འཇོ་བའི་ཨུཏྤ་ལ། །སྐྱེ་དགུ་རྐང་དྲུག་དགའ་བའི་གསོས་{གསོལ}གྱུར་ཅིག །ཅེས་པའང་ཆོས་སྲིད་ཕྲིན་ལས་ཀྱི་ཡལ་འདབ་རྣམ་པར་བཀྲ་བ་འཇུ་ཨ་མྱེ་ཚེ་སྒྲུབ་རབ་དགའ་ནས་ནན་གྱིས་བསྐུལ་བའི་དོན། ཞེ་ཆེན་པ་རྡོ་རྗེ་དབང་མཆོག་ཕྲིན་ལས་འདུས་པ་རྩལ་གྱིས་གང་དྲན་ཤར་མར་སྤེལ་བ་དགེ་ལེགས་ཀྱི་སྣང་བ་ཆེན་པོས་ཕྱོགས་ཀུན་ཏུ་ཁྱབ་པའི་རྒྱུར་གྱུར་ཅིགསརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།

གཡང་འགུགས་མདོར་བསྡུས་ནི།

༄༅། །གཡང་འགུགས་མདོར་བསྡུས་ནི། ཀྱཻ། ཚོགས་གཉིས་ནོར་བུ་རྒྱས་པའི་སྤྲིན་ཆེན་ལས། །དགེ་ལེགས་འདོད་དགུ་གྲུ་ཆར་འཇོ་བ་ཡིས། །ས་གསུམ་སྐྱེ་རྒུའི་རེ་བ་སྐོང་མཛད་པའི། །རྩ་གསུམ་ནོར་ལྷའི་ཚོགས་རྣམས་དགོངས་སུ་གསོལ། །དེ་རིང་བཀྲ་ཤིས་ལྷ་ཡི་ཉི་མ་ལ། །ཕྱྭ་ཆ་གཡང་རྫས་མ་ལུས་དགྲམ་ནས་ཀྱང་། །རྟེན་འབྲེལ་ཆོ་ག་ཟབ་མོ་འདི་བགྱིད་ན། །ཐུགས་དམ་མ་བསྙེལ་འདོད་འབྲས་མཆིས་པར་མཛོད། །ཆོས་ཉིད་བསམ་མི་ཁྱབ་པའི་བདེན་སྟོབས་དང་། །ཆོས་ཅན་རྒྱུ་འབྲས་རྟེན་འབྱུང་བསླུ་མེད་མཐུས། །སྲིད་ཞིའི་ཁམས་ཀྱི་ཕྱྭ་གཡང་དཔལ་འབྱོར་བཅུད། །དེ་རིང་བཀྲ་ཤིས་གནས་འདིར་མྱུར་དུ་ཁུག །འཆི་མེད་ཚེ་དང་རྒས་མེད་ལང་ཚོའི་དཔལ། །མཛད་མེད་ནོར་དང་རྣམ་དཔྱོོད་བློ་གྲོས་ཕུལ། །ཕུན་ཚོགས་སྡེ་བཞིའི་དཔལ་འབྱོར་ཇི་སྙེད་པ། །དེ་རིང་བཀྲ་ཤིས་གཡང་ར་འདི་རུ་ཁུག །སངས་རྒྱས་བྱང་སེམས་བསྟན་འཛིན་འཕགས་རྣམས་ཀྱི། །བྱིན་རླབས་ཐུགས་རྗེ་ནུས་པའི་མཐུ་སྟོབས་དང་། །ལུང་རྟོགས་བཤད་སྒྲུབ་སྙིང་པོའི་ཕྲིན་ལས་རྒྱུན། །མ་ལུས་དེ་རིང་བཀྲ་ཤིས་གནས་འདིར་ཁུག །འབྱུང་བ་ཉི་ཟླ་རི་གླིང་རྩི་ཤིང་སྨན། །བུམ་བཟང་དཔག་བསམ་གཏེར་དང་མ་རྨོས་ཚལ། །ལྷ་ཀླུ་མི་ཡི་དཔལ་འབྱོར་ཕུན་ཚོགས་བཅུད། །ཇི་སྙེད་མཆིས་ཀུན་དེ་རིང་གཡང་དུ་ཁུག །སྣོད་ལ་གཡང་ཆགས་རྩི་སྨན་ལོ་ཏོག་རྒྱས། །བཅུད་ལ་དཔལ་གནས་ཚེ་རིང་མདངས་སྟོབས་ལྡན། །རྒྱལ་བསྟན་དར་རྒྱས་བསྟན་འཛིན་དབུ་འཕང་མཐོ། །དོན་གཉིས་བསམ་ཀུན་འགྲུབ་པའི་བཀྲ་ཤིས་སྩོལ། །ཅེས་འཕགས་ནོར་གྱི་གྲངས་ཀྱིས་མཛེས་པའི་ཚིགས་སུ་བཅད་པ་འདིའང་རྒྱལ་སྲས་གཞན་ཕན་ཆོས་ཀྱི་བློ་གྲོས་ཀྱིས་བྲིས་པ་དགེ་ལེགས་སུ་གྱུར་ཅིག

རྫོགས་ཆེན་རབ་འབྱམས་དྲུག་པ་ཁྲིར་བཀོད་སྐབས་ཀྱི་སྟོང་ཐུན་ཉེར་མཁོ་ཕན་བདེའི་ཨུདྤལ།

༄༅། །རྫོགས་ཆེན་རབ་འབྱམས་དྲུག་པ་ཁྲིར་བཀོད་སྐབས་ཀྱི་སྟོང་ཐུན་ཉེར་མཁོ་ཕན་བདེའི་ཨུདྤལ་ཞེས་བྱ་བ་བཞུགས་སོ། །ༀ་སྭ་སྟི་པྲ་ཛ་བྷྱཿཕུན་ཚོགས་དགེ་ལེགས་བྱེ་བའི་འབྱུང་གནས་ཆེ། །ཕུལ་བྱུང་ཡོན་ཏན་རྒྱ་མཚོའི་གཏེར་མངའ་བའི། །བླ་མ་མཆོག་དང་དབྱེར་མེད་ལྷག་པའི་ལྷས། །དུས་གསུམ་ཀུན་ཏུ་དགེ་བའི་ཤིས་པ་སྩོལ། །དེ་ཡང་ཐོག་མར་མཆོག་སྤྲུལ་རིན་པོ་ཆེ་ཁྲིར་ཕེབས་འཕྲལ་འདུས་པ་རྣམས་ནས་ཚིག་བདུན་གསོལ་འདེབས་དང་། རང་ལུགས་སྐྱེ་འཕྲེང་གསོལ་འདེབས་བཅས་སྔོན་དུ་སོང་རྗེས་སྐལ་བཟང་རྣམ་འདྲེན་བཞི་པའི་རྒྱལ་ཚབ་ཟབ་རྒྱས་ཐེག་མཆོག་ཆོས་ཀྱི་བང་མཛོད། རིགས་དང་དཀྱིལ་འཁོར་ཀུན་གྱི་མངའ་བདགལྷར་བཅས་སྐྱེ་དགུ་ཡོངས་ཀྱི་འདྲེན་མཆོགསྲིད་ཞིའི་ཁོངས་ན་མཚུངས་ཟླ་ཐམས་ཅད་དང་བྲལ་བའི་སྟོན་འཁོར་ཕུན་སུམ་ཚོགས་པ་གསེར་རིའི་ཕྲེང་བཟང་ཚར་དུ་དངར་བའི་སྙན་དབང་དུ། ཇི་སྐད་དུ། ལེགས་པའི་ཕྱོགས་སུ་རྟེན་འབྲེལ་སྒྲིགས་པ་ནི། །ཕུན་སུམ་ཚོགས་པ་རང་གི་བྱེད་པ་མཆོག །ཅེས་དང་། རྗེ་གཏེར་ཆེན་རིན་པོ་ཆེས། གང་སྣང་ལས་ཀྱི་སྒྱུ་མ་ཡིན་མོད་ཀྱི། །ལས་སྣང་རྐྱེན་གྱི་རྗེས་སུ་འབྲང་བའི་ཕྱིར། །ལེགས་པའི་ཕྱོགས་སུ་ཟབ་མོའི་རྟེན་འབྲེལ་ནི། །སྒྲིགས་པའི་ཚུལ་ལ་རྣམ་པ་ཀུན་ཏུ་འཇུག །ཅེས་དང་། རྣལ་འབྱོར་ཀྱི་དབང་ཕྱུག་ཀུན་དགའ་ལེགས་པས། ཅི་བསམ་འགྲུབ་པ་བཀྲ་ཤིས་ཀུན་གྱི་གཙོ། །རང་གིས་བསྒྲིགས་ན་མི་འགྲིགས་གང་ཡང་མེད། །ལེགས་པའི་ཕྱོགས་སུ་རྟེན་འབྲེལ་ཟབ་མོ་སྒྲིགས། །ཕུན་སུམ་ཚོགས་པ་འབྱུང་ངོ་སྙིང་གཏམ་ཡིན། །ཞེས་གསུངས་པ་ལྟར། མཚུངས་བྲལ་འཁོར་ལོའི་དབང་ཕྱུག་གི་ཡང་སྤྲུལ་གང་ཉིད། ཐེག་མཆོག་ཆོས་ཀྱི་རྒྱལ་སྲིད་ཆེན་པོར་མངའ་དབང་བསྐུར་བའི་སྐབས་འདིར། ཕུན་སུམ་ཚོགས་པ་ལྔ་དང་འབྲེལ་བའི་སྟོང་ཐུན་གྱི་སྦྱོར་བ་ཅུང་ཟད་ཞུ་ན། དེ་ཡང་ལེགས་སྦྱར་གྱི་སྐད་ལས། ཤྲཱིི་དང་། [སམྦ་མ་དཔེ་མི་གསལ། ]དང་། པརྡ། ལཛྙཱིི་རྣམས་ཀྱི་སྒྲ་ལས། ཕུན་སུམ་ཚོགས་པའི་དངོས་པོར་སྒྲུབ་པ་སྟེ། མདོ་སྔགས་ཀྱི་གླེང་གཞི་ཐམས་ཅད་ཕུན་སུམ་ཚོགས་པ་ལྔ་ཡི་ཁོངས་སུ་འདུ་བ་ལས། ད་ལམ་རྟེན་འབྲེལ་གྱི་བབས་ཁྱད་པར་དུ་འཕགས་པའི་དབང་གིས་ཐེག་རྩེ་བླ་ན་མེད་པའི་དགོངས་པ་དང་སྦྱར་ན། གདོད་མའི་མགོན་པོ་དཔལ་ཀུན་ཏུ་བཟང་པོ་ཉིད་ཡེ་ཐོག་དང་པོའི་གཞི་ལ་རིག་པའི་ཡེ་ཤེས་གཟུང་འཛིན་ཀྱི་སྦུབས་རྒྱ་ལས་གྲོལ་ཏེ་ཁྱད་ཆོས་དྲུག་གི་ཚུལ་ཀྱིས་མངོན་པར་བྱང་ཆུབ་ནས་ནང་དབྱིངས་གཞོན་ནུ་བུམ་པ་སྐུའི་ཞིང་ཁམས་ཆེན་པོར་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པ་འོད་གསལ་བའི་ངང་ལ་དུས་གསུམ་འཕོ་འགྱུར་མེད་པར་བཞུགས་པ་ལས། གཞི་སྣང་ཡེ་ཤེས་ཆེན་པོའི་སྣང་ཆར་རང་བྱུང་བའི་ཚུལ་གྱིས་གནས་ཕུན་སུམ་ཚོགས་པ་ལྷུན་གྲུབ་སྟུག་པོ་བཀོད་པར། སྟོན་པ་ཕུན་སུམ་ཚོགས་པ་རིགས་ཐམས་¡eཅད་ཞུ་མཆན། ¡fཀྱི་ཁྱབ་བདག་རྡོ་རྗེ་འཆང་མཚན་དཔེའི་གསལ་རྫོགས་ཀྱི་སྐུ་ཤར་བས། འཁོར་ཕུན་སུམ་ཚོགས་པ་རིགས་ལྔའི་ཚོམ་བུ་ཡེ་ཤེས་ཀྱི་རང་མདངས་སུ་སྣང་བ། གཅིག་དང་ཐ་དད་ཀྱི་སྤྲོས་པ་དང་བྲལ་བ་ལ། ཆོས་ཕུན་སུམ་ཚོགས་པ་ཟབ་གསང་རྡོ་རྗེ་ཐེག་པ་དང་བསྐྱེད་རྫོགས་གསུམ་ཀྱི་འཁོར་ལོ་སྒྲ་ཚིག་རང་མཚན་ལས་འདས་པའི་གསུང་གིས། དུས་ཕུན་སུམ་ཚོགས་པ་དུས་བཞི་མཉམ་པ་ཉིད་འཕོ་འགྱུར་དང་བྲལ་བའི་ངང་དུ་རྟག་པ་རྒྱུན་གྱི་འཁོར་ལོ་གསུང་བར་མཛད་པ་ལས་དེ་ཉིད་ཀྱི་རང་རྩལ་འགག་པ་མེད་པར། གང་འདུལ་གདུལ་བྱའི་སྣང་ངོར། ཕུན་སུམ་ཚོགས་པ་ལྔ་ཡི་བཀོད་པ་ལན་བཅུ་གཉིས་སུ་སྣང་བར་མཛད་པ་ཡིན་ཏེ། དང་པོ་གནས་ཕུན་སུམ་ཚོགས་པ་སྐལ་བ་དང་པོ་དགའ་ལྡན་བརྩེགས་པ་ཞེས་བྱ་བར། སྟོན་པ་ཕུན་སུམ་ཚོགས་པ་ཁྱེའུ་སྣང་བ་བསམ་གྱིས་མི་ཁྱབ་པས། འཁོར་ཕུན་སུམ་ཚོགས་པ་སངས་རྒྱས་སྟོང་རྩ་གཅིག་ལ་ཆོས་ཕུན་སུམ་ཚོགས་པ་བསྟན་པ་ཀུན་གྱི་རྩ་བ། སྒྲ་ཐལ་འགྱུར་རྩ་བའི་རྒྱུད། དུས་ཕུན་སུམ་ཚོགས་པ་སེམས་ཅན་རྣམས་ཚེ་ལོ་དཔག་ཏུ་མེད་པ་ཐུབ་པའི་དུས་སུ་གསུངས་ཤིང་། སྡུད་པ་པོ་ལྷའི་བུ་དགའ་བྱེད་དབང་ཕྱུག་དང་། གྲོགས་ལྷའི་བུ་ཉི་མ་རབ་ཏུ་སྣང་བྱེད་གཉིས་ཀྱིས་མཛད། གཉིས་པ་གནས་ཕུན་སུམ་ཚོགས་པ་འཇིག་རྟེན་མི་མཇེད་དུ། སྟོན་པ་ཕུན་སུམ་ཚོགས་པ་ཁྱེའུ་འོད་མི་འཁྲུགས་པས། འཁོར་ཕུན་སུམ་ཚོགས་པ་མཁའ་འགྲོ་མ་འབུམ་ཕྲག་བཅུ་གཉིས་ལ། ཆོས་ཕུན་སུམ་ཚོགས་པ་སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི་རྒྱུད་ལྔ། དུས་ཕུན་སུམ་ཚོགས་པ་ཚེ་ལོ་བྱེ་བ་ཐུབ་པའི་དུས་སུ་གསུངས། གསུམ་པ་གནས་ཕུན་སུམ་ཚོགས་པ་དྲོད་གཤེར་འདུས་པ་འོད་ཀྱི་སྤུངས་པར། སྟོན་པ་ཕུན་སུམ་ཚོགས་པ་དཔལ་འཇིགས་པ་སྐྱོབ་པའི་ཡིད་ཀྱིས། འཁོར་ཕུན་སུམ་ཚོགས་པ་བྱང་ཆུབ་སེམས་དཔའ་འབུམ་ཕྲག་དྲུག་ལ། ཆོས་ཕུན་སུམ་ཚོགས་པ་འཁོར་བ་དོང་སྤྲུགས། རྨ་བྱ་མཇིང་བསྣོལ། དཔལ་འབྱུང་བཞི་ཟད་པའི་རྒྱུད་རྣམས། དུས་ཕུན་སུམ་ཚོགས་པ་ཚེ་ལོ་འབུམ་པའི་དུས་སུ་གསུངས། བཞི་པ་གནས་ཕུན་སུམ་ཚོགས་པ་ཆགས་འབྱུང་མངལ་དུ་སྣང་བར། སྟོན་པ་ཕུན་སུམ་ཚོགས་པ་གཞོན་ནུ་རོལ་བ་རྣམ་པར་རྩེ་བས། འཁོར་ཕུན་སུམ་ཚོགས་པ་གནོད་སྦྱིན་དང་སྲིན་པོ་སྟོང་ཕྲག་གཅིག་ལ། ཆོས་ཕུན་སུམ་ཚོགས་པ་སེམས་སྡེ་རྩ་བའི་རྒྱུད་ལྔ་དང་། ཡན་ལག་གི་རྒྱུད་དྲུགདུས་ཕུན་སུམ་ཚོགས་པ་ཚེ་ལོ་བརྒྱད་ཁྲི་པའི་དུས་སུ་གསུངས། ལྔ་པ་གནས་ཕུན་སུམ་ཚོགས་པ་འཚོ་བྱེད་གཞོན་ནུའི་ལྡུམ་རར། སྟོན་པ་ཕུན་སུམ་ཚོགས་པ་དྲུག་པ་རྡོ་རྗེ་འཆང་གིས། འཁོར་ཕུན་སུམ་ཚོགས་པ་སངས་རྒྱས་རབ་བདུན་སོགས་ལ། ཆོས་ཕུན་སུམ་ཚོགས་པ་ཕ་རོལ་དུ་ཕྱིན་པ་དྲུག་སོགས། དུས་ཕུན་སུམ་ཆོགས་པ་ཚེ་ལོ་བདུན་ཁྲི་པའི་དུས་སུ་གསུངས། དྲུག་པ་གནས་ཕུན་སུམ་ཚོགས་པ་གསང་ཆེན་རོལ་པའི་དུར་ཁྲོད་མེ་རི་འབར་བར། སྟོན་པ་ཕུན་སུམ་ཚོགས་པ་གཞོན་ནུ་དཔའ་བོ་སྟོབས་ལྡན་གྱིས། འཁོར་ཕུན་སུམ་ཚོགས་པ་བྱང་ཆུབ་སེམས་དཔའ་སྤྲིན་གྱི་ཤུགས་ཅན་བདུན་ལ། ཆོས་ཕུན་སུམ་ཚོགས་པ་ཕ་རྒྱུད་མ་རྒྱུད་ལ་སོགས་པ་རྒྱུད་སྡེ་དུ་མ། དུས་ཕུན་སུམ་ཚོགས་པ་ཚེ་ལོ་དྲུག་ཁྲི་པའི་དུས་སུ་གསུངས། བདུན་པ་གནས་ཕུན་སུམ་ཚོགས་པ་སྲིན་ཕུག་རུ་ལུའི་སྒྲ་དང་ལྡན་པར། སྟོན་པ་ཕུན་སུམ་ཚོགས་པ་དྲང་སྲོང་ཁྲོས་པའི་རྒྱལ་པོས། འཁོར་ཕུན་སུམ་ཚོགས་པ་སྲིན་པོ་བྱེ་བ་གཅིག་ལ། ཆོས་ཕུན་སུམ་ཚོགས་པ་རགས་པ་འདུལ་བའི་རྒྱུད་བཅུ་ལ་སོགས་པ། དུས་ཕུན་སུམ་ཚོགས་པ་ཚེ་ལོ་ཆིག་ཁྲི་ཐུབ་པའི་དུས་སུ་གསུངས། བརྒྱད་པ་གནས་ཕུན་སུམ་ཚོགས་པ་བྱ་རྒོད་ཕུང་པོའི་རྒྱ་པོའི་ཁབ་ན། སྟོན་པ་ཕུན་སུམ་ཚོགས་པ་དགྲ་བཅོམ་པ་གསེར་འོད་དམ་པས། འཁོར་ཕུན་སུམ་ཚོགས་པ་འཕགས་པ་ཉན་ཐོས་རྫུ་འཕྲུལ་དང་ལྡན་པ་དཔག་ཏུ་མེད་པ་ལ། ཆོས་ཕུན་སུམ་ཚོགས་པ་འདུལ་བ་ཁྲི་ཕྲག་དཔག་ཏུ་མེད་པ། དུས་ཕུན་སུམ་ཆོགས་པ་ཚེ་ལོ་ལྔ་སྟོང་ཐུབ་པའི་དུས་སུ་གསུངས། དགུ་པ་གནས་ཕུན་སུམ་ཚོགས་པ་སོག་པོ་གཡུ་ཡི་སྨིན་མ་ཅན་བྱང་ཆུབ་ཀྱི་ཤིང་རྣམ་པར་རྒྱལ་བའི་དྲུང་དུ། སྟོན་པ་ཕུན་སུམ་ཚོགས་པ་བརྩེ་བ་རོལ་པའི་བློ་གྲོས་ཀྱིས། འཁོར་ཕུན་སུམ་ཚོགས་པ་ས་བརྒྱད་པའི་བྱང་ཆུབ་སེམས་ཅན་རྣམས་ལ། ཆོས་ཕུན་སུམ་ཚོགས་པ་ཕ་རྒྱུད་བདུན་ལ་སོགས་པ། དུས་ཕུན་སུམ་ཚོགས་པ་ཚེ་ལོ་སྟོང་གི་དུས་སུ་གསུངས། བཅུ་པ་གནས་ཕུན་སུམ་ཚོགས་པ་བྱ་རྒོད་སྤུངས་པར། སྟོན་པ་ཕུན་སུམ་ཚོགས་པ་འོད་སྲུང་བགྲེས་པོས། འཁོར་ཕུན་སུམ་ཚོགས་པ་ཚེ་དང་ལྡན་པ་བདུན་ལ། ཆོས་ཕུན་སུམ་ཚོགས་པ་མདོ་སྡེ་དང་ཀྲྀ་ཡ། ལུང་ཨ་ནུའི་ཆོས་ཁྲི་ཕྲག་བརྒྱད་ལ་སོགས་པ། དུས་ཕུན་སུམ་ཚོགས་པ་ཚེ་ལོ་ལྔ་བརྒྱ་ཐུབ་པའི་དུས་སུ་གསུངས། བཅུ་གཅིག་པ་གནས་ཕུན་སུམ་ཚོགས་པ་རྡོ་རྗེ་གདན་བྱང་ཆུབ་འབྱུང་བའི་ཤིང་དྲུང་དུ། སྟོན་པ་ཕུན་སུམ་ཚོགས་པ་མངོན་རྫོགས་རྒྱལ་པོས། འཁོར་ཕུན་སུམ་ཚོགས་པ་རིགས་གསུམ་མགོན་པོ་ལ། ཆོས་ཕུན་སུམ་ཚོགས་པ་ངེས་པའི་དོན་འབའ་ཞིགདུས་ཕུན་སུམ་ཚོགས་པ་ཚེ་ལོ་སུམ་བརྒྱ་པའི་དུས་སུ་གསུངས། བཅུ་གཉིས་པ་གནས་ཕུན་སུམ་ཚོགས་པ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བར། སྟོན་པ་ཕུན་སུམ་ཚོགས་པ་མཉམ་མེད་ཤཱཀྱ་ཐུབ་པས། འཁོར་ཕུན་སུམ་ཚོགས་པ་དགེ་བསྙེན་དགེ་ཚུལ་དགེ་སློབ་དགེ་སློང་སྟེ་རྣམ་པ་བཞི་ལ། ཆོས་ཕུན་སུམ་ཚོགས་པ་བདེན་བཞིའི་ཆོས་འཁོར་ལན་བཅུ་གཉིས་སུ་བཟླས་ཏེ། དུས་ཕུན་སུམ་ཚོགས་པ་ཚེ་ལོ་བརྒྱ་པའི་དུས་སུ་གསུངས། དེ་ཐམས་ཅད་ཀྱང་གོང་དུ་སྨྲོས་པ་ལྟར་སངས་རྒྱས་ཀུན་ཏུ་བཟང་པོའི་ཡེ་ཤེས་ཀྱི་རོལ་གར་གཅིག་ལས་ཤར་བ་མ་གཏོགས་རྒྱུད་ཐ་དད་པས་བསྡུས་པའི་གང་ཟག་རང་རྒྱུད་པ་ནི་མ་ཡིན་ནོ། །དེ་ལྟར་ཐུབ་པ་མཆོག་གིས་སྐུ་དངོས་ཀྱི་ཞིང་འདིའི་མཛད་པ་རྫོགས་པར་ཉེ་བར་ན། ང་ནི་འདི་ནས་མི་སྣང་བར། །ལོ་ནི་བཞི་གཉིས་ལོན་པ་ན། །ངྷ་ན་ཀོ་ཤའི་མཚོ་གླིང་དུ། །མེ་ཏོག་པདྨའི་སྡོང་པོ་ལས། །པདྨ་འབྱུང་གནས་ཞེས་བྱ་བ། །ང་ལས་ལྷག་པའི་སྐྱེས་བུ་འབྱུང་། །ཞེས་ལུང་བསྟན་པ་ལྟར། རྒྱལ་ཀུན་གསུང་རྡོ་རྗེའི་རང་མདངས་འགག་པ་མེད་པར། ངོ་མཚར་ངྷ་ན་ཀོ་ཤའི་མཚོ་གླིང་དུ་མེ་ཏོག་པདྨའི་སྡོང་པོ་ལས་བརྫུས་ཏེ་སྐུ་འཁྲུངས་པའི་ཚུལ་བསྟན་ཏེ། འཕགས་བོད་ཀུན་ཏུ་སངས་རྒྱས་ཀྱི་བསྟན་པ་ལ་སྟོན་པ་གཉིས་པ་ལྟ་བུའི་ཕྲིན་ལས་མཛད་པ་ལས། བྱེ་བྲག་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་བོད་ཁ་བ་ཅན་གྱི་ལྗོང་འདིར། གནས་ཕུན་སུམ་ཚོགས་པ་ཟབ་ཡང་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ལ་སོགས་པར། སྟོན་པ་ཕུན་སུམ་ཚོགས་པ་འཆི་མེད་འཇའ་ལུས་རྡོ་རྗེའི་སྐུ་བརྙེས་ཏེ་འཁོར་བ་མ་སྟོང་གི་བར་དུ་རྟག་ཁྱབ་ལྷུན་གྱིས་གྲུབ་པའི་ཕྲིན་ལས་རྒྱུན་མི་ཆད་པ་ཨོ་རྒྱན་དུས་གསུམ་མཁྱེན་པས། འཁོར་ཕུན་སུམ་ཚོགས་པ་ལས་ཅན་དག་པའི་འཁོར་ལྔ་གཙོ་བོར་གྱུར་པའི་རྗེ་འབངས་འདུས་པའི་རིག་འཛིན་རྩལ་འཆང་གྲང་ལས་འདས་པར། ཆོས་ཕུན་སུམ་ཚོགས་པ་དབང་རྣོན་ཚེ་གཅིག་ལུས་གཅིག་ལ་གྲོལ་པ་ཉེར་བྱེད་ནང་པ་ཐབས་ཀྱི་རྒྱུད་བླ་ན་མེད་པའི་ཆོས་འཁོར། དུས་ཕུན་སུམ་ཚོགས་པ་མཁན་སློབ་ཆོས་གསུམ་གྱི་ཐུགས་བསྐྱེད་དུས་སུ་སྨིན་པའི་གདུལ་བྱ་སྣོད་བཅུད་འཛོམས་པའི་སྐབས་སུ་བསྐོར་བར་མཛད་པ་ཡིན་ལ། གཞན་ཡང་སྐབས་དེ་ཉིད་དུ། ཆོས་རྒྱལ་བྱང་ཆུབ་སེམས་དཔའི་བཀའ་དྲིན་ལས། རྒྱ་གར་འཕགས་པའི་ཡུལ་ནས་མཁན་ཆེན་བོ་ངྷི་ས་ཏྭ། པཎ་ཆེན་བི་མ་མི་ཏྲ་ལ་སོགས་ཏེ་པཎ་གྲུབ་བརྒྱ་རྩ་གཅིག་སྤྱན་དྲངས། བཻ་རོ་སྐ་ཅོག་ལ་སོགས་སྤྲུལ་པའི་ལོ་ཙཱ་ཁྱད་པར་འཕགས་པ་རྣམས་ཀྱིས་འཕགས་ཡུལ་ཐུན་མོང་དུ་གྲགས་པའི་མདོ་རྒྱུད་དགོངས་འགྲེལ་ཀྱི་ཚོགས་སྤྱི་དང་། ཁྱད་པར་ཐུན་མོང་མ་ཡིན་པ་ཨོ་རྒྱན་མཁའ་འགྲོའི་གླིང་ལ་སོགས་པའི་གནས་ཐ་དད་པ་ནས་ཆོས་ལ་དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་དང་། གྲུབ་པ་དང་། རིག་པ་འཛིན་པ་དང་། མཁའ་འགྲོ་མ་སོགས་ཀྱིས་བཟུང་བའི་ཟབ་གསང་དབྱིངས་ཀྱི་མཁའ་འགྲོའི་ཞལ་གྱི་དྲོད་རླངས་ཐོལ་ལེ་བ་རྣམས་གྲུབ་མཆོག་རིག་འཛིན་གྱི་རྒྱལ་པོ་རྣམས་ཀྱིས་རྫུ་འཕྲུལ་གྱིས་བླངས་སྟེ་བསྒྱུར་བཤད་སྒོམ་སྒྲུབ་ཀྱིས་གཏན་ལ་ཕབ་པས་མཁས་པ་དང་གྲུབ་པའི་སྐྱེས་བུ་གནམ་གྱི་སྐར་ཚོགས་ལས་ཀྱང་གྲངས་མང་བ་བྱུང་ཞིང་། མན་ངག་གི་གནད་རྣམས་ཕལ་ཆེར་རྟོག་གེ་ངན་པས་རང་བཟོས་སླད་དུ་མེད་པར་གངས་བྲག་མཚོ་ལ་སོགས་པར་མི་འཇིགས་པའི་ཕྱག་རྒྱས་གཏབ་སྟེ་གཏེར་སྲུང་གཉེར་པོ་རྣམས་ལ་གཉེར་དུ་གཏད། ཕྱིས་དུས་ལ་བབས་པའི་ཚེ། སྔོན་གྱི་རྒྱལ་བློན་ས་ཆེན་པོ་ལ་བཞུགས་པའི་འཕགས་ཆེན་རྣམས་བསམ་བཞིན་སྲིད་པའི་མྱུ་གུ་ཉེ་བར་བཟུང་ནས་ཕ་ནོར་བུ་ཡི་སྤྱོད་པའི་ཚུལ་དུ་རང་གིར་བཞེས་ནས་དུས་ཀྱི་མཐའ་ཡང་གུ་རུ་པདྨའི་ཕྲིན་ལས་རྒྱ་ཆེ་ལ་རྒྱུན་ཆགས་པར་འབྱུང་བའི་ངོ་མཚར་རྨད་དུ་བྱུང་བ་ཡིན་ལ། དེ་དག་གི་སྐབས་སུ་བསྒྱུར་པའི་ཆོས་རྣམས་ལ་གསང་ཆེན་སྔ་འགྱུར་སྙིང་མར་གྲགས་པ་སྟེ་འདི་ལ་ཕྱི་འགྱུར་གསར་མ་ལས་ཁྱད་པར་དུ་འཕགས་པའི་ཆེ་བ་དྲུག་ཡོད་དེ། དང་པོ་སྤྱན་འདྲེན་པ་པོ་ཡོན་བདག་གི་ཆེ་བ། སྔ་འགྱུར་པའི་ཡོན་བདག་འཕགས་པ་རིགས་གསུམ་མགོན་པོའི་རྣམ་འཕྲུལ་ཆོས་རྒྱལ་མེས་དབོན་རྣམ་གསུམ་ཡིན་པས་ཕྱི་འགྱུར་གྱི་ཡོན་བདག་དང་མི་འདྲ། གཉིས་པ་གང་དུ་བསྒྱུར་པའི་གནས་ཀྱང་། སྔོན་སྤྲུལ་པའི་གཙུག་ལག་ཁང་བསམ་ཡས་སོགས་ཆོས་འཁོར་སྟོད་སྨད་ཡིན་པས་ད་ལྟའི་གྲོང་དགོན་ཕག་ཕུག་དང་མི་འདྲ། གསུམ་པ་སྒྱུར་བྱེད་ལོ་ཙཱ་ཡང་། སྔོན་སྒྲ་སྒྱུར་བཻ་རོ་ཙ་ན། སྐ་ཅོག་ཞང་གསུམ། རྨ་གཉགས་གནུབས་སོགས་སྤྲུལ་པའི་ལོ་ཙཱས་བསྒྱུར་པའི་ཆོས་ཡིན། ད་ལྟ་བརྡ་སྤྲོད་ཙམ་རེ་ཤེས་པ་ལོ་ཙཱར་བཏགས་ཏེ་དབྱར་མང་ཡུལ་དུ་བསྡད། དགུན་བལ་ཡུལ་དུ་ཡུག་རེ་ཕྱིན་ནས་བསྒྱུར་པ་དང་མི་འདྲ། བཞི་པ་པཎྜི་ཏ་སྔོན་ཞི་བ་མཚོ། སངས་རྒྱས་གསང་བ། པད་འབྱུང་། བི་མ་ལ་སོགས་སངས་རྒྱས་དང་ས་ཆེན་པོ་ལ་བཞུགས་པའི་བྱང་འཕགས་རྣམས་ཀྱིས་སྤྱན་དྲངས་པའི་ཆོས་ཡིན། ད་ལྟ་གསེར་འདོད་དུ་འཁྱམས་པ་རྣམས་དང་མི་འདྲ། ལྔ་པ་ཞུ་རྟེན་གྱི་མེ་ཏོགསྔར་གསེར་ཤ་བའི་རླིད་བུ་དང་བྲེ་ལ་གཞལ་ཏེ་ཕུལ་བའི་ཆོས་ཡིན། ད་ལྟ་མཆན་ནས་གསེར་ཞོ་རེ་གཉིས་བཏོན་ནས་ཞུས་པ་དང་མི་འདྲ། དྲུག་པ་ཆོས་ཀྱི་ཆེ་བ་སྔོན་འཕགས་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་གྲ་མ་ཉམས་དུས་བསྒྱུར་བར་མ་ཟད། འཕགས་ཡུལ་དུ་མེད་པའི་རྒྱུད། བྱང་ཆུབ་སེམས་དཔའ་དང་། གྲུབ་པ་དང་། རིག་འཛིན་དང་། མཁའ་འགྲོ་མ་རྣམས་ཀྱིས་བཟུང་སྟེ་དག་པའི་ཞིང་ན་བཞུགས་པ་དང་། འཛམ་བུ་གླིང་གི་བྱེ་བྲག་ཨོ་རྒྱན་དང་སིངྒ་ལ་ཡི་གླིང་སོགས་ནས་སློབ་དཔོན་པདྨ་དང་། བི་མ་ལ་སོགས་གྲུབ་པའི་ཁྱུ་མཆོག་རྣམས་ཀྱིས་རྫུ་འཕྲུལ་གྱི་བཀོད་པས་བླངས་ནས་བསྒྱུར་བ་ཡིན། འགྱུར་ཡང་སྔོན་གྱི་ལོ་ཙཱ་བ་རྣམས་སྤྲུལ་པའི་སྐུ་ཡིན་པས་དོན་ཇི་ལྟ་བ་བཞིན་དུ་གཏན་ལ་ཕེབས་པས་གོ་སླ་ཞིང་བྱིངས་འཇལ་བ་ལ་རླབས་ཆེ། ཕྱིས་ཀྱི་ལོ་ཙཱ་བ་རྣམས་ཀྱིས་དོན་བསྒྱུར་མ་ནུས་པ་རྒྱ་དཔེའི་གོ་རིམ་ལྟར་སྒྲ་བསྒྱུར་བྱས་པས་ཚིག་ཕྲི་ལ་གོ་དཀའ། བྱིངས་འཇལ་བ་ལ་རླབས་ཆུང་བས་མི་འདྲ་བ་ཡིན། ཞེས་གངས་ཁྲོད་སྨྲ་བའི་སེང་ཆེན་རོང་ཟོམ་པ་ཆོས་ཀྱི་བཟང་པོས་གསུངས། དེ་ལྟ་བུའི་ཆེ་བ་དྲུག་དང་ལྡན་པའི་གསང་ཆེན་རྙིང་མ་པའི་ཆུ་མགོ་གངས་ལ་ཐུག་པ་ལྟ་བུ། དེང་སང་གི་དུས་ན། སྟོད་ན་རྡོར་སྨིན། བར་ན་ཞེ་རྫོགས། སྨད་ན་ཀཿདཔལ་ཞེས་འཛམ་གླིང་ན་ཉི་ཟླ་ལྟར་གྲགས་པའི་ནང་ཚན། ལྷ་དང་བཅས་པའི་འགྲོ་བ་མཐའ་དག་གི་ཕྱག་གི་གནས། མཆོད་པའི་འོས། ངོ་མཚར་བའི་སྙན་པས་ཕྱོགས་ཀྱི་ཐ་གྲུ་ཀུན་ལ་ཁྱབ་པ། བདག་སོགས་གདུལ་བྱ་རྣམས་ཀྱི་སྐྱབས་དང་མགོན་དང་། གླིང་དང་། དཔུང་གཉེན་གཅིག་པུར་གྱུར་པ་བདེ་གཤེགས་མྱ་ངན་མེད་མཆོག་བསམ་བཞིན་སྲིད་པ་ཉེ་བར་བཟུང་བ། སྨྲ་བའི་སེངྒེ་རྫོགས་ཆེན་རབ་འབྱམས་པ་ཆེན་པོའི་སྐྱེ་འཕྲེང་ནོར་བུའི་ཕྲེང་བ་ཚར་དུ་དངར་བ་ལས་དྲུག་པ། མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ནས་སྨོས་ན། ཉིད་ཞབས་པད་མི་ཤིགས་རྡོ་རྗེའི་ཁྲི་ལ་ཐོག་མར་མངའ་གསོལ་བའི་ཕྱིར། སྐུ་ཚེ་མཛད་ཕྲིན་ཆོས་སྲིད་ཐམས་ཅད་ཡར་ངོའི་ཟླ་བ་བཞིན་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་འདིར་འཚོགས་འདུས་པ་རྒྱ་མཚོ་ནས་ཀྱང་ཐུགས་སྨོན་གྱི་མཚམས་སྦྱོར་ཡང་དག་པས། ཐོག་མར་རྟེན་འབྱུང་གི་སྒོ་འཕར་མངོན་དུ་འབྱེད་པའི་ཕྱིར་དཀོན་མཆོག་གསུམ་གྱི་བདེན་པའི་ཤིས་རྗོད་ཀྱི་ཆར་ཆེན་འབེབས་པར་ཞུ། ཞྭ་བཞེས། ༀ་ཡེངྷརྨ། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །སོགས། ཤླཽ་ཀ་གསུམ་ཙམ་རྟ་བཅས་བཏོན་ནས། མེ་ཏོག་འཐོར། དེ་ནས་བགེགས་སྦྱང་བ་དང་། ཁྲུས་གསོལ་གཞུང་ལྟར་སོང་ནས་ཚེ་དཔག་མེད་ཀྱི་སྐུར་བསྐྱེད་པ་སོང་འཕྲལ། རྒྱལ་ཚབ་ནས། དེ་ཡང་ཇི་སྐད་དུ། རབ་དགྱེས་རྒྱལ་པོ་བདེ་ཐོབ་ཏུ། །སེངྒེའི་གདན་རབ་འཇོག་བྱེད་ཅིང་། །བཞི་དང་བཞི་ཡི་མཆོག་ཉིད་ཀྱིས། །དེ་ནི་སྲིད་པར་དབང་བསྐུར་རོ། །ཞེས་པས་ཐེག་པ་འོག་མ་ཟིལ་གྱིས་ནོན་ཞིང་མི་འགྱུར་མི་ཤིགས་ཡེ་ཤེས་ལྔ་དང་ལྡན་པའི་ཁྲི་ལ་ཞབས་པད་བཀོད་དེ། སྲི་ཞི་ཀུན་ན་དཔལ་དང་བཀྲ་ཤིས་མཐའ་དག་གི་མཐར་ཐུག་པའི་དབང་ཕྱུག་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱིས་བཀྲ་ཤིས་པའི་ཚིག་དང་། མེ་ཏོག་གི་སིལ་མ་མངོན་པར་མཐོར་བ་དང་། གེགས་ཀྱི་འཚུབ་མ་ཞི་ཞིང་། བཀྲ་ཤིས་དགེ་མཚན་བསམ་གྱིས་མི་ཁྱབ་པའི་དགའ་སྟོན་ཉམས་སུ་བསྟར་བའི་ཕྱིར། བྱང་ཆུབ་སེམས་དཔའི་ཐེག་དབང་དུ་བྱུང་བའི་སངས་རྒྱས་ཀྱི་མཛད་པའི་ཆ་ནས་བཞག་པའི་རྫས་དབང་ཉི་ཤུས། མངའ་དབང་འབུལ་བ་ལས། ཐོག་མར། སྔོན་བྱང་ཆུབ་སེམས་དཔའ་དམ་པ་ཏོག་དཀར་པོ་དགའ་ལྡན་གྱི་གནས་ནས་ཡུམ་སྒྱུ་མ་ལྷ་མཛེས་ཀྱི་ལྷུམས་སུ་གཤེགས་པའི་ཚེ་དབུ་ལས་རིན་པོ་ཆེའི་སྲོག་ཞུ་ཕུད་ནས། མི་ཕམ་མགོན་ལ་ཆོས་ཀྱི་རྒྱལ་ཚབ་ཏུ་ལྷ་རྣམས་ཀྱི་སྟོན་པར་དབང་བསྐུར་བ་དེ་བཞིན་དུ། དེང་འདིར་ཡང་སྲིད་ཞིའི་གཙུག་རྒྱན་མཆོག་གི་སྤྲུལ་པའི་སྐུ་ལ་རིན་པོ་ཆེའི་ཅོད་པན་གྱི་དབང་བསྐུར་བས་ཆོས་ཀྱི་རྒྱལ་ཚབ་བྱེད་པའི་དབང་དང་ལྡན་ཞིང་། རྫས་འདི་ལ་བརྟེན་ནས་སྐུ་ཚེ་མཛད་ཕྲིན་བསྟན་སྲིད་ཐམས་ཅད་འཕེལ་ཞིང་རྒྱས་ཏེ་ཡངས་པའི་རྒྱལ་ཁམས་ཐམས་ཅད་དུ་དགེ་ཞིང་བཀྲ་ཤིས་པ་གྱུར་ཅིགཧཱུྃ། མི་ཕམ་མགོན་ལ་སོགས། དབྱངས་བཏང་ཞིང་དབུ་རྒྱན་གསོལ། དེ་བཞིན་དུ་རིམ་པར། སྔོན་བྱང་ཆུབ་སེམས་དཔའ་དམ་པ་ཏོག་དཀར་པོ་དེ་ཡུམ་གྱི་ལྷུམས་ནས་བཞུགས་པའི་ཚེ་ཡུམ་གྱི་ཕྱག་གིས་སེམས་ཅན་རྣམས་ལ་རེག་ཅིང་དབང་བསྐུར་བས་སེམས་ཅན་རྣམས་ཀྱི་ནད་དང་སྡུག་བསྔལ་ཐམས་ཅད་ཞི་བར་གྱུར་པ་དེ་བཞིན་དུ། དེང་འདིར་ཡང་སྲིད་ཞིའི་གཙུག་རྒྱན་མཆོག་གི་སྤྲུལ་པའི་སྐུ་ལ་ཡུམ་གྱི་ཕྱག་གིས་རེག་ཅིང་དབང་བསྐུར་བས་ཉོན་མོངས་པ་དང་། ནད་དང་སྡུག་བསྔལ་ཐམས་ཅད་ཞི་ཞིང་། རྫས་འདི་ལ་བརྟེན་ནས་སྐུ་ཚེ་མཛད་ཕྲིན་བསྟན་སྲིད་ཐམས་ཅད་འཕེལ་ཞིང་རྒྱས་ཏེ་ཡངས་པའི་རྒྱལ་ཁམས་ཐམས་ཅད་དགེ་ཞིང་བཀྲ་ཤིས་པ་གྱུར་ཅིགརྒྱལ་བ་ལྷུམས་བཞུགས་སོགས། སྔོན་བྱང་ཆུབ་སེམས་དཔའ་ལུམ་བི་ནའི་ཚལ་དུ་ཡུམ་གྱི་ལྷུམས་ནས་བལྟམས་པའི་ཚེ་སེང་གེའི་ཕྲུ་གུ་ཟུང་ཞིག་གིས་བསྐོར་བ་བྱས་ཤིང་དབང་བསྐུར་བས། རྒོལ་བའི་ཕྱོགས་ཐམས་ཅད་ཟིལ་གྱིས་གནོན་པའི་དབང་ཐོབ་པ་དེ་བཞིན་དུ། དེང་འདིར་ཡང་སྲིད་ཞིའི་གཙུག་རྒྱན་མཆོག་གི་སྤྲུལ་པའི་སྐུ་ལ་སེང་ཕྲུག་ཟུང་གི་དབང་བསྐུར་བས་ཕྱིར་རྒོལ་གྱི་ཕྱོགས་ཐམས་ཅད་ཟིལ་གྱིས་གནོན་པའི་སྟོབས་དང་ལྡན་ཞིང་། རྫས་འདི་ལ་བརྟེན་ནས་སྐུ་ཚེ་མཛད་ཕྲིན་བསྟན་སྲིད་ཐམས་ཅད་འཕེལ་ཞིང་རྒྱས་ཏེ་ཡངས་པའི་རྒྱལ་ཁམས་ཐམས་ཅད་དུ་དགེ་ཞིང་བཀྲ་ཤིས་པ་གྱུར་ཅིགབལྟམས་པའི་མོད་ལ་སོགས། སྔོན་བྱང་ཆུབ་སེམས་དཔའ་གྲོང་ཁྱེར་སེར་སྐྱ་ན་བཞུགས་པའི་ཚེ། གླང་པོ་ཆེའི་ཕྲུ་གུ་གཉིས་ཀྱི་སྣས་བྱུགས་ཤིང་དབང་བསྐུར་བས་འཇིག་རྟེན་འདེགས་པའི་སྟོབས་ཀྱི་དབང་ཐོབ་པ་དེ་བཞིན་དུ། དེང་འདིར་ཡང་སྲིད་ཞིའི་གཙུག་རྒྱན་མཆོག་གི་སྤྲུལ་པའི་སྐུ་ལ་གླང་པོ་ཆེའི་ཕྲུ་གུ་ཟུང་གི་དབང་བསྐུར་བས་འཇིག་རྟེན་འདེགས་པའི་སྟོབས་དང་ལྡན་ཞིང་། རྫས་འདི་ལ་བརྟེན་ནས་སྐུ་ཚེ་མཛད་ཕྲིན་བསྟན་སྲིད་ཐམས་ཅད་འཕེལ་ཞིང་རྒྱས་ཏེ་ཡངས་པའི་རྒྱལ་ཁམས་ཐམས་ཅད་དུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིགསེར་སྐྱའི་གྲོང་བཞུགས་སོགས། སྔོན་བྱང་ཆུབ་སེམས་དཔའ་ལུམ་བིའི་ནའི་ཚལ་དུ་སྐུ་བལྟམས་པའི་ཚེ་ཚངས་པ་དང་བརྒྱ་བྱིན་གྱིས་བླངས་ནས། ན་བཟའ་ཀ་ཤི་ཀའི་རས་གསོལ་ཏེ་དབང་བསྐུར་བས་མཁྱེན་པའི་བྱེ་བྲག་གསལ་ཞིང་མ་འདྲེས་པའི་དབང་ཐོབ་པ་དེ་བཞིན་དུ། དེང་འདིར་ཡང་སྲིད་ཞིའི་གཙུག་རྒྱན་མཆོག་གི་སྤྲུལ་པའི་སྐུ་ལ་ན་བཟའ་ཀ་ཤི་ཀའི་རས་ཀྱིས་དབང་བསྐུར་བས་མཁྱེན་པའི་ཡེ་ཤེས་གསལ་ཞིང་། རྫས་འདི་ལ་བརྟེན་ནས་སྐུ་ཚེ་མཛད་ཕྲིན་བསྟན་སྲིད་ཐམས་ཅད་འཕེལ་ཞིང་རྒྱས་ཏེ་ཡངས་པའི་རྒྱལ་ཁམས་ཐམས་ཅད་དུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིགལུམ་བིའི་ཚལ་བལྟམས་སོགས། སྔོན་བྱང་ཆུབ་སེམས་དཔའ་ཡུམ་གྱི་ལྷུམས་ནས་བལྟམས་པའི་ཚེ་ཀླུའི་རྒྱལ་པོ་དགའ་བོ་དང་། ཉེར་དགའ་གཉིས་ཀྱི་ལྷོ་ཕྱོགས་ཆུ་མིག་རྟེན་འཛིན་ནས་བདུད་རྩིའི་ཆུ་བླངས་ཏེ་ཁྲུས་གསོལ་བས་ཉོན་མོངས་པའི་དྲི་མ་དག་པའི་དབང་ཐོབ་པ་དེ་བཞིན་དུ། དེང་འདིར་ཡང་སྲིད་ཞིའི་གཙུག་རྒྱན་མཆོག་གི་སྤྲུལ་པའི་སྐུ་ལ་བུམ་པའི་ཆུས་དབང་བསྐུར་བས་ཉོན་མོངས་པའི་བག་ཆགས་ཀྱི་དྲི་མ་བྱང་ཞིང་དག་ནས། རྫས་འདི་ལ་བརྟེན་ནས་སྐུ་ཚེ་མཛད་ཕྲིན་བསྟན་སྲིད་ཐམས་ཅད་འཕེལ་ཞིང་རྒྱས་ཏེ་ཡངས་པའི་རྒྱལ་ཁམས་ཐམས་ཅད་དུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིགབཅོམ་ལྡན་སྐུ་བལྟམས་སོགས། སྔོན་བྱང་ཆུབ་སེམས་དཔའ་བལྟམས་ནས། གུང་བདུན་ལོན་པའི་ཚེ་ཤཱཀྱའི་རིགས་རྣམས་འཚོགས་ནས་གཞོན་ནུ་དོན་འགྲུབ་ཅེས་མཚན་བཏགས་ཏེ་དབང་བསྐུར་བས་ཤེས་བྱ་ལ་མ་རྨོངས་པའི་དབང་ཐོབ་པ་དེ་བཞིན་དུ། དེང་འདིར་ཡང་སྲིད་ཞིའི་གཙུག་རྒྱན་མཆོག་གི་སྤྲུལ་པའི་སྐུ་ལ་རྒྱལ་བའི་སྲས་པོ། འདི་ཞེས་བྱ་བའི་མིང་གིས་དབང་བསྐུར་བས་ཤེས་བྱ་ལ་མ་རྨོངས་པའི་དབང་དང་ལྡན་ཞིང་། རྫས་འདི་ལ་བརྟེན་ནས་སྐུ་ཚེ་མཛད་ཕྲིན་བསྟན་སྲིད་ཐམས་ཅད་འཕེལ་ཞིང་རྒྱས་ཏེ་ཡངས་པའི་རྒྱལ་ཁམས་ཐམས་ཅད་དུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིགགཞོན་ནུ་དོན་རྣམས་གྲུབ་སོགས། སྔོན་བྱང་ཆུབ་སེམས་དཔའ་ལ་སྲུ་སྐྱེ་དགུའི་བདག་མོས་རྒྱན་གྱི་བྱེ་བྲག་གིས་བརྒྱན་ཅིང་དབང་བསྐུར་བས་སྲེད་ཅིང་ཞེན་པ་དང་བྲལ་བའི་དབང་ཐོབ་པ་དེ་བཞིན་དུ། དེང་འདིར་ཡང་སྲིད་ཞིའི་གཙུག་རྒྱན་མཆོག་གི་སྤྲུལ་པའི་སྐུ་ལ་རྒྱན་གྱི་བྱེ་བྲག་གི་དབང་བསྐུར་བས་ལེགས་པའི་ཡོན་ཏན་མཐའ་དག་མཐར་ཕྱིན་ཏེ། རྫས་འདི་ལ་བརྟེན་ནས་སྐུ་ཚེ་མཛད་ཕྲིན་བསྟན་སྲིད་ཐམས་ཅད་འཕེལ་ཞིང་རྒྱས་ཏེ་ཡངས་པའི་རྒྱལ་ཁམས་ཐམས་ཅད་དུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིགསྐྱེ་དགུའི་བདག་མོས་སོགས། སྔོན་བྱང་ཆུབ་སེམས་དཔའ་ཡིག་དཔོན་ཀུན་གྱི་བཤེས་གཉེན་ལ་ཡི་གེ་སློབ་པའི་ཚེ། ཙནྡན་སྦྲུལ་གྱི་སྙིང་པོའི་བྱང་ཤིང་གསེར་གྱི་ཝོ་མིག་བཏན་པ་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ་ཕུལ་ཏེ་ཡི་གེ་སློབ་པའི་དབང་བསྐུར་བས། ལྷ་མིའི་ཡི་གེ་ཀུན་ལ་མཁས་པའི་དབང་ཐོབ་པ་དེ་བཞིན་དུ། དེང་འདིར་ཡང་སྲིད་ཞིའི་གཙུག་རྒྱན་མཆོག་གི་སྤྲུལ་པའི་སྐུ་ལ་ཡིག་ཤིང་གི་དབང་བསྐུར་བས་ཆོས་ཀྱི་སྒྲ་སྒྲོགས་པའི་དབང་དང་ལྡན་ཞིང་། རྫས་འདི་ལ་བརྟེན་ནས་སྐུ་ཚེ་མཛད་ཕྲིན་བསྟན་སྲིད་ཐམས་ཅད་འཕེལ་ཞིང་རྒྱས་ཏེ་ཡངས་པའི་རྒྱལ་ཁམས་ཐམས་ཅད་དུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིགཀུན་གྱི་བཤེས་གཉེན་སོགས། སྔོན་བྱང་ཆུབ་སེམས་དཔའ་སྒྱུ་རྩལ་གྱི་སྟོབས་འགྲན་པའི་ཚེ་མེས་པོ་སེང་གེའི་འགྲམ་གྱི་གནམ་རུ་བརྡུངས་པས་སྒྲ་ཡི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་བྱུང་སྟེ་སྒྱུ་རྩལ་གྱིས་འདུལ་བའི་དབང་ཐོབ་པ་དེ་བཞིན་དུ། དེང་འདིར་ཡང་སྲིད་ཞིའི་གཙུག་རྒྱན་མཆོག་གི་སྤྲུལ་པའི་སྐུ་ལ་གནམ་རུས་དབང་བསྐུར་བས་སྙན་པའི་སྒྲ་སྒྲོགས་ཤིང་བདུད་དཔུང་འདུལ་བའི་འཕོང་རྩལ་དང་ལྡན་ཞིང་། རྫས་འདི་ལ་བརྟེན་ནས་སྐུ་ཚེ་མཛད་ཕྲིན་བསྟན་སྲིད་ཐམས་ཅད་འཕེལ་ཞིང་རྒྱས་ཏེ་ཡངས་པའི་རྒྱལ་ཁམས་ཐམས་ཅད་དུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིགརྒྱལ་བས་སྟོབས་འགྲན་སོགས། སྔོན་བྱང་ཆུབ་སེམས་དཔའ་རྒྱལ་སྲིད་ཁབ་ཏུ་བཞེས་པའི་ཚེ་ཤཱཀྱ་ས་མཚོ་མ་ཁབ་ཏུ་ཕུལ་ཏེ་དབང་བསྐུར་བས། རིགས་མི་ནུབ་ཅིང་འགྲོ་བ་ཁྱིམ་དང་འདུ་འཛིན་འདུལ་བའི་དབང་ཐོབ་པ་དེ་བཞིན་དུ། དེང་འདིར་ཡང་སྲིད་ཞིའི་གཙུག་རྒྱན་མཆོག་གི་སྤྲུལ་པའི་སྐུ་ལ་བཙུན་མོའི་དབང་བསྐུར་བས་རིགས་མི་ནུབ་ཅིང་ཇི་ལྟར་འདུལ་བ་བཞིན་དུ་འགྲོ་བའི་དོན་བྱེད་པའི་མཐུ་དང་ལྡན་ཞིང་། རྫས་འདི་ལ་བརྟེན་ནས་སྐུ་ཚེ་མཛད་ཕྲིན་བསྟན་སྲིད་ཐམས་ཅད་འཕེལ་ཤིང་རྒྱས་ཏེ་ཡངས་པའི་རྒྱལ་ཁམས་ཐམས་ཅད་དུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིགཤཱཀྱ་ས་མཚོ་སོགས། སྔོན་བྱང་ཆུབ་སེམས་དཔའ་གྲོང་ཁྱེར་གྱི་ཕྱོགས་བཞིར་ཤིང་རྟའི་ཁ་ལོ་བསྒྱུར་བས་མཁོར་བའི་ཆོས་ཐམས་ཅད་མི་རྟག་པར་མཁྱེན་པའི་དབང་ཐོབ་པ་དེ་བཞིན་དུ། དེང་འདིར་ཡང་སྲིད་ཞིའི་གཙུག་རྒྱན་མཆོག་གི་སྤྲུལ་པའི་སྐུ་ལ་ཤིང་རྟས་དབང་བསྒྱུར་བས་སྐྱེ་རྒ་ན་འཆིའི་སྡུག་བསྔལ་སུན་དབྱུང་ཞིང་། རྫས་འདི་ལ་བརྟེན་ནས་སྐུ་ཚེ་མཛད་ཕྲིན་བསྟན་སྲིད་ཐམས་ཅད་འཕེལ་ཞིང་རྒྱས་ཏེ་ཡངས་པའི་རྒྱལ་ཁམས་ཐམས་ཅད་དུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིགགྲོང་ཁྱེར་ཕྱོགས་བཞིར་སོགས། སྔོན་བྱང་ཆུབ་སེམས་དཔའ་ཁབ་ནས་བྱུང་བའི་ཚེ་འབངས་མོས་པ་འདི་ཆིབས་པ་བསྔགས་ལྡན་རིན་པོ་ཆེས་བརྒྱན་ཏེ་ཕུལ་བས་རྒྱལ་བྱེད་ལ་དཔག་ཚད་བརྒྱ་འདས་ཏེ་རབ་ཏུ་བྱུང་བས་ཉོན་མོངས་ལས་ཐར་པའི་དབང་ཐོབ་པ་དེ་བཞིན་དུ་དེང་འདིར་ཡང་སྲིད་ཞིའི་གཙུག་རྒྱན་མཆོག་གི་སྤྲུལ་པའི་སྐུ་ལ་རྟ་མཆོག་གིས་དབང་བསྐུར་བས་རབ་ཏུ་བྱུང་ཞིང་ཉོན་མོངས་པའི་འཆིང་བ་ལས་གྲོལ་བའི་མཐུ་དབང་ཐོབ་ཅིང་། རྫས་འདི་ལ་བརྟེན་ནས་སྐུ་ཚེ་མཛད་ཕྲིན་བསྟན་སྲིད་ཐམས་ཅད་འཕེལ་ཞིང་རྒྱས་ཏེ་ཡངས་པའི་རྒྱལ་ཁམས་ཐམས་ཅད་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིགཁབ་ནས་བྱུང་ཚེ་སོགས། སྔོན་བྱང་ཆུབ་སེམས་དཔའ་མཆོད་རྟེན་རྣམ་དག་དྲུང་དུ་རབ་ཏུ་བྱུང་བའི་ཚེ་སུམ་ཅུ་རྩ་གསུམ་གྱི་ལྷ་མཛེས་པའི་ཏོག་གི་རལ་གྲི་ཕུལ་ནས་ཉོན་མོངས་པའི་དྲྭ་བ་གཅོད་པའི་དབང་ཐོབ་པ་དེ་བཞིན་དུ། དེང་འདིར་ཡང་སྲིད་ཞིའི་གཙུག་རྒྱན་མཆོག་གི་སྤྲུལ་པའི་སྐུ་ལ་རལ་གྲིས་དབང་བསྐུར་བས་ཉོན་མོང་པའི་དྲྭ་བ་གཅོད་པའི་མཐུ་དབང་ཐོབ་ཅིང་། རྫས་འདི་ལ་བརྟེན་ནས་སྐུ་ཚེ་མཛད་ཕྲིན་བསྟན་སྲིད་ཐམས་ཅད་འཕེལ་ཞིང་རྒྱས་ཏེ་ཡངས་པའི་རྒྱལ་ཁམས་ཐམས་ཅད་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིགརྣམ་དག་དྲུང་སོགས། སྔོན་བྱང་ཆུབ་སེམས་དཔའ་ཆུ་བོ་ནཻརཉྫ་ནའི་འགྲམ་དུ་དཀའ་ཐུབ་རྫོགས་པའི་ཚེ་སུམ་ཅུ་རྩ་གསུམ་པའི་ལྷའི་བུ་ཡིད་བཞིན་འབྱུང་བའི་གསེག་ཤང་དང་པར་བུ་ཕུལ་བས་འགྲོ་དོན་མཐར་ཕྱིན་པའི་དབང་ཐོབ་པ་དེ་བཞིན་དུ། དེང་འདིར་ཡང་སྲིད་ཞིའི་གཙུག་རྒྱན་མཆོག་གི་སྤྲུལ་པའི་སྐུ་ལ་གསེག་ཤང་དང་པར་བུའི་དབང་བསྐུར་བས་འགྲོ་དོན་མཐར་ཕྱིན་པའི་དབང་ཐོབ་ཅིང་། རྫས་འདི་ལ་བརྟེན་ནས་སྐུ་ཚེ་མཛད་ཕྲིན་བསྟན་སྲིད་ཐམས་ཅད་འཕེལ་ཞིང་རྒྱས་ཏེ་ཡངས་པའི་རྒྱལ་ཁམས་ཐམས་ཅད་དུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིགདཀའ་ཐུབ་རྫོགས་པར་སོགས། སྔོན་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བའི་ཚེ་སུམ་ཅུ་རྩ་གསུམ་གྱི་ལྷའི་བུས་ན་བཟའ་ངུར་སྨྲིག་ཕུལ་བས་སྲིད་པའི་གདུང་བ་ལས་སྐྱོབ་པའི་དབང་ཐོབ་པ་དེ་བཞིན་དུ། དེང་འདིར་ཡང་སྲིད་ཞིའི་གཙུག་རྒྱན་མཆོག་གི་སྤྲུལ་པའི་སྐུ་ལ་ན་བཟའ་ངུར་སྨྲིག་གི་དབང་བསྐུར་བས་སྲིད་པའི་གདུང་བ་ལས་སྐྱོབ་པའི་དབང་ཐོབ་ཅིང་། རྫས་འདི་ལ་བརྟེན་ནས་སྐུ་ཚེ་མཛད་ཕྲིན་བསྟན་སྲིད་ཐམས་ཅད་འཕེལ་ཞིང་རྒྱས་ཏེ་ཡངས་པའི་རྒྱལ་ཁམས་ཐམས་ཅད་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །སུམ་ཅུ་རྩ་གསུམ་སོགས། སྔོན་བྱང་ཆུབ་སེམས་དཔའ་ཆུ་བོ་ནཻརཉྫ་ནའི་འགྲམ་དུ་ལོ་གཉིས་ལ་འབྲས་ཉག་མ་རེ། ལོ་གཉིས་ལ་ཆུ་ཐིགས་པ་རེ། ལོ་གཉིས་ལ་ཅི་ཡང་མ་གསོལ་བ་ལ་ཚོར་བ་མི་མངའ་ཡང་སྐུ་རིད་ཅིང་སྙེམ་པའི་ཚེ་གྲོང་པའི་བུ་མོ་ལེགས་སྐྱེས་མས་འོ་ཐུག་འབྲས་ཆེན་འཁར་གཞོང་གང་ཕུལ་བས་སྐུ་གསེར་གྱི་གཏན་པ་ཕྱིས་པ་ལྟར་གྱུར་ཏེ་མཚན་དང་དཔེ་བྱད་ལྡན་པའི་དབང་ཐོབ་པ་དེ་བཞིན་དུ། དེང་འདིར་ཡང་སྲིད་ཞིའི་གཙུག་རྒྱན་མཆོག་གི་སྤྲུལ་པའི་སྐུ་ལ་འབྲས་ཆན་གྱིས་དབང་བསྐུར་བས་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་དབང་ཐོབ་ཅིང་། རྫས་འདི་ལ་བརྟེན་ནས་སྐུ་ཚེ་མཛད་ཕྲིན་བསྟན་སྲིད་ཐམས་ཅད་འཕེལ་ཞིང་རྒྱས་ཏེ་ཡངས་པའི་རྒྱལ་ཁམས་ཐམས་ཅད་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིགལེགས་སྐྱེས་འོ་ཐུག་སོགས། སྔོན་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་ཤིང་དྲུང་དུ་གཤེགས་པའི་རྩྭ་མཚོ་བཀྲ་ཤིས་ཀྱིས་རྩྭ་རྨ་བྱའི་མགྲིན་པ་ལྟར་སྔོ་བ་ཕྱག་ཏུ་ཕུལ་བ་སྟན་དུ་བཏིང་སྟེ་བཞུགས་པས་བདུད་ཀྱི་བར་ཆད་ཀྱིས་མི་ཚུགས་པའི་དབང་ཐོབ་པ་དེ་བཞིན་དུ། དེང་འདིར་ཡང་སྲིད་ཞིའི་གཙུག་རྒྱན་མཆོག་གི་སྤྲུལ་པའི་སྐུ་ལ་རྩྭ་ཀུ་ཤའི་རྫས་ཀྱི་དབང་བསྐུར་བས་བར་ཆད་ཐམས་ཅད་ཀྱིས་མི་ཚུགས་པའི་དབང་ཐོབ་ཅིང་། རྫས་འདི་ལ་བརྟེན་ནས་སྐུ་ཚེ་མཛད་ཕྲིན་བསྟན་སྲིད་ཐམས་ཅད་འཕེལ་ཞིང་རྒྱས་ཏེ་ཡངས་པའི་རྒྱལ་ཁམས་ཐམས་ཅད་དུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིགཤིང་དྲུང་གཤེགས་པར་སོགས། སྔོན་བཅོམ་ལྡན་འདས་མ་ག་ངྷཱར་བསོད་སྙོམས་ལ་གཤེགས་པའི་ཚེ་སྤྲེའུས་སྦྲང་རྩི་ལྷུང་བཟེད་གང་ཕུལ་བས་བཀྲ་ཤིས་པའི་རྫས་ལ་མངའ་བརྙེས་པར་གྱུར་པ་དེ་བཞིན་དུ། དེང་འདིར་ཡང་སྲིད་ཞིའི་གཙུག་རྒྱན་མཆོག་གི་སྤྲུལ་པའི་སྐུ་ལ་བཀྲ་ཤིས་པའི་རྫས་ཀྱིས་དབང་བསྐུར་བས་སྐུ་གསུམ་ལྷུན་རྫོགས་ཀྱི་འབྲས་བུ་ཕུན་སུམ་ཚོགས་པ་ལ་དབང་འབྱོར་ཞིང་རྫས་འདི་ལ་བརྟེན་ནས་སྐུ་ཚེ་མཛད་ཕྲིན་བསྟན་སྲིད་ཐམས་ཅད་འཕེལ་ཞིང་རྒྱས་ཏེ་ཡངས་པའི་རྒྱལ་ཁམ་ཐམས་ཅད་དུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིགབཅོམ་ལྡན་མ་ག་དྷཱར་སོགས། སྔོན་བཅོམ་ལྡན་འདས་སྐྱེས་བུ་གྱད་ཀྱི་ཉེ་འཁོར་ན་བཞུགས་པའི་ཚེ་བྱང་ཕྱོགས་ཀྱི་ཚོང་པ་ག་གོན་དང་། བཟང་པོས་བུ་རམ་དང་སྦྲང་རྩི་ཕུལ་བ་བཞེས་པས་ཤིན་ཏུ་བཀྲ་ཤིས་པའི་རྫས་ལ་མངའ་བརྙེས་པར་གྱུར་པ་དེ་བཞིན་དུ། དེང་འདིར་ཡང་སྲིད་ཞིའི་གཙུག་རྒྱན་མཆོག་གི་སྤྲུལ་པའི་སྐུ་ལ་ཤིན་ཏུ་བཀྲ་ཤིས་པའི་རྫས་ཀྱི་དབང་བསྐུར་བས་སྐྱེ་འཆི་མེད་པའི་དཔལ་ལ་དབང་འབྱོར་ཞིང་། རྫས་འདི་ལ་བརྟེན་ནས་སྐུ་ཚེ་མཛད་ཕྲིན་བསྟན་སྲིད་ཐམས་ཅད་འཕེལ་ཞིང་རྒྱས་ཏེ་ཡངས་པའི་རྒྱལ་ཁམས་ཐམས་ཅད་དུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིགབཅོམ་ལྡན་གྱད་ཀྱི་སོགས། དེས་མཛད་པ་ཉི་ཤུའི་མངའ་དབང་འབུལ་བ་སོགས་ནས། དེའི་རྗེས་འབྲེལ་དུ་བཀྲ་ཤིས་པའི་རྟགས། རྫས་དང་རྒྱལ་སྲིད་རིན་པོ་ཆེ་རྣམ་པ་བདུན་གྱི་མངའ་གསོལ་བ་ནི། སྔོན་བཅོམ་ལྡན་འདས་ལ་བདུད་ཀྱིས་རྒོལ་བའི་ཚེ་བཀྲ་ཤིས་པའི་རྟགས་དོན་སྐུ་ལ་རང་ཆས་སུ་བྱུང་བ་ལྟར། དེང་འདིར་ཡང་སྲིད་ཞིའི་གཙུག་རྒྱན་མཆོག་གི་སྤྲུལ་པའི་སྐུ་ལ། བཀྲ་ཤིས་པའི་རྟགས་བརྒྱད་ཀྱིས་དབང་བསྐུར་བས་རྫས་དེ་རྣམས་ཀྱི་བརྡ་རྟགས་ལ་རང་དབང་དུ་འབྱོར་པའི་མཐུས་སྐུ་ཚེ་མཛད་ཕྲིན་བསྟན་སྲིད་ཐམས་ཅད་ཤིན་ཏུ་འཕེལ་ཞིང་རྒྱས་ཏེ་ཡངས་པའི་རྒྱལ་ཁམས་ཐམས་ཅད་དུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིགཤར་ལྷོ་ནུབ་བྱང་སོགས། སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་གཟུགས་ཀྱི་ལྷ་མོ་འོད་འཆང་མས་མེ་ལོང་། གླང་པོ་ཆེ་ས་སྲུང་གི་སྨན་གི་ཝང་། ཞིང་པའི་བུ་མོ་ལེགས་སྐྱེས་མས་ཞོ། བྲམ་ཟེ་ཀུནྜ་ལཱིས་རྩྭ་དུར་བ། ཤིང་གི་ལྷ་མོས་ཤིང་ཐོག་བིལྦ། ལྷའི་དབང་པོ་བརྒྱ་བྱིན་གྱིས་དུང་གཡས་སུ་འཁྱིལ་བ། ས་ཡི་ལྷ་མོ་བརྟན་མས་ལི་ཁྲི། གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་ཡུངས་ཀར་ཕུལ་བ་རྣམས་བཀྲ་ཤིས་པའི་རྫས་སུ་བྱིན་ཀྱིས་བརླབས་པ་དེ་བཞིན་དུ་དེང་འདིར་ཡང་སྲིད་ཞིའི་གཙུག་རྒྱན་མཆོག་གི་སྤྲུལ་པའི་སྐུ་ལ་བཀྲ་ཤིས་པའི་རྫས་བརྒྱད་ཀྱིས་མངའ་གསོལ་བའི་མཐུ་ལ་བརྟེན་ནས། སྐུ་ཚེ་མཛད་ཕྲིན་བསྟན་སྲིད་ཐམས་ཅད་འཕེལ་ཞིང་རྒྱས་ཏེ་ཡངས་པའི་རྒྱལ་ཁམས་ཐམས་ཅད་དུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིགམེ་ལོང་ཡེ་ཤེས་རྒྱ་མཚོ་སོགས་རྫས་བརྒྱད་པོ་མཐར་ཆགས་སུ་འབུལ། གང་ཡང་བསོད་ནམས་ཆེན་པོའི་དཔལ་དང་ལྡན་པའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཆེན་པོ་གང་དུ་བྱུང་བ་ན་དེ་ཉིད་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གོ་འཕང་ལ་དབང་བསྐུར་བའི་ཡོ་བྱད་ཐུན་མོང་མ་ཡིན་པའི་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་ཡིན་ལ། དེ་ཡང་འཁོར་ལོ་ལ་སོགས་པ་བདུན་རེ་རེ་ལ་ཡང་རང་བཞིན་གྱིས་གྲུབ་པའི་ཡོན་ཏན་བདུན་དང་། རྫུ་འཕྲུལ་གྱི་ཡོན་ཏན་བདུན་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། ཆོས་ཀྱི་ཡོན་ཏན་བདུན་རྣམས་དང་ལྡན་ཏེ། དེ་ལྟར་ཕུན་སུམ་ཚོགས་པའི་དགེ་ལེགས་ཆེན་པོའི་དཔལ་གྱིས། དེང་འདིར་ཡང་སྲིད་ཞིའི་གཙུག་རྒྱན་མཆོག་གི་སྤྲུལ་པའི་སྐུ་ལ་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་གྱིས་མངའ་གསོལ་བའི་མཐུ་ལ་བརྟེན་ནས་འཕགས་པའི་ནོར་བདུན་དང་བྱང་ཆུབ་ཀྱི་ཡན་ལག་བདུན་ལ་མངའ་དབང་འབྱོར་ཞིང་སྐུ་ཚེ་མཛད་ཕྲིན་བསྟན་སྲིད་ཐམས་ཅད་འཕེལ་ཞིང་རྒྱས་ཏེ་ཡངས་པའི་རྒྱལ་ཁམས་ཐམས་ཅད་དུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིགལྷ་རྫས་ལས་བྱས་ལྟེ་བ་སོགས་ཚིགས་སུ་བཅད་པ་རོལ་མོའི་སྒྲ་དང་བཅས་པས་ཕྱོགས་དུས་ཀུན་ཏུ་བཀྲ་ཤིས་པར་བྱའོ། །ཇི་ལྟར་ཡོངས་སུ་སྦྱང་བའི་བཻཌཱུརྱ། །ཟ་འོག་རྒྱལ་མཚན་རྩེར་མཆོད་འདོད་སྟེར་བཞིན། །ཆེ་བའི་ཡོན་ཏན་ཀུན་རྫོགས་སྤྲུལ་པའི་སྐུ། །བསྙེན་ལས་དོན་གཉིས་མཆོག་སྩོལ་དངོས་པོའི་གཤིས། །གཏེར་ཆེན་བླ་མའི་ཕྱག་བཞེས་གསེར་སྦྱངས་ཁམས། །དཔྱད་གསུམ་རྣམ་པར་དག་པའི་མཎྜ་ལར། །སྟོང་ཐུན་གཡུ་སྤྱང་ཕྲ་ཚོམ་ཁོ་བོས་བཀོད། །སྐྱེས་ཆེན་མཆོག་གི་སྤྱན་སྔར་འབུལ་གྱིས་བཞེས། །དེ་ལས་བྱུང་བའི་རབ་དགེ་དྲི་མེད་ཀྱིས། །རྒྱལ་བསྟན་དར་རྒྱས་བསྟན་འཛིན་ཞབས་པད་བརྟན། །འཇིག་རྟེན་རྒུད་ཞི་བཀྲ་ཤིས་ཆོས་འཕེལ་ཞིང་། །རིགས་བདག་བླ་མའི་གོ་འཕང་མངོན་བྱེད་ཤོག །ཅེས་པའང་ཉེ་བར་མཁོ་བས་མཚམས་སྦྱར་ཏེ་ཤཱཀྱའི་བཙུན་པ་འཇམ་དབྱངས་བློ་གྲོས་རྒྱ་མཚོས་གནས་དུས་དགེ་བར་སྦྱར་བ་སྟེ། འདིས་ཀྱང་ཕྱོོགས་དུས་གནས་སྐབས་ཀུན་ཏུ་དགེ་ལེགས་ཀྱི་དཔལ་ཕུན་སུམ་ཚོགས་པ་ཡར་ངོའི་ཟླ་བ་བཞིན་གོང་ནས་གོང་དུ་འཕེལ་བའི་རྒྱུར་གྱུར་ཅིག། །།

འདུས་མདོའི་དབང་གི་ཞལ་སབ་ནི།

༄༅། །འདུས་མདོའི་དབང་གི་ཞལ་སབ་ནི། རྒྱལ་མོ་གཡུ་སྒྲ་སྙིང་པོ་ཉིད། །བསམ་བཞིན་སྲིད་པར་རྗེས་ཆགས་གར། །གསང་ཆེན་བསྟན་པའི་ཉི་མ་མཆོག །ལོ་ཆེན་དྷརྨ་ཤྲཱི་ཡང་པ། །གསང་མཚན་རྡོ་རྗེ་གཟི་འབར་རྩལ། །འོག་མིན་གནས་བཞུགས་བྱིན་རླབས་ཅན། །འདིར་གཤེགས་དབང་བསྐུར་བྱིན་གྱིས་རློབས། །ༀ་མ་ཧཱ་གུ་རུ་ཤ་རི་རམ་གཱིི་ལི་ཧཱུྃ། ཨ་བྷི་ཥིཉྩ་ཧཱུྃ། གཏེར་ཆེན་བླ་མའི་རིགས་སྲས་མཆོག །དཔལ་ཆེན་རྣམ་འཕྲུལ་པཎྜི་ཏ། །བསླབ་གསུམ་བསྟན་པའི་རྒྱལ་མཚན་འཛིན། །པདྨ་འགྱུར་མེད་རྒྱ་མཚོའི་སྡེ། །འོག་མིན་གནས་བཞུགས༴ འདིར་གཤེགས༴ ༀ་མ་ཧཱ་གུ་རུ༴ མི་མཐུན་གཡུལ་ལས་རྣམ་པར་རྒྱལ། །སྔ་འགྱུར་བསྟན་པའི་མེ་རོ་གསོས། །བི་མའི་རྣམ་འཕྲུལ་རིག་པ་འཛིན། །འགྱུར་མེད་རིན་ཆེན་རྣམ་རྒྱལ་ནི། །གསང་མཚན་རྗོ་རྗེ་བདུད་འདུལ་རྩལ། །འོག་མིན༴ འདིར་གཤེགས༴ ། ༀ་མ་ཧཱ༴ དབང་ཆེན་ཧ་ཡ་གྲཱི་ཝ་ཉིད། །སྨིན་གྲོལ་ཆོས་ཀྱི་རྒྱལ་སྲིད་གང་། །འཛིན་སྐྱོང་སྤེལ་སླད་སླར་བྱོན་པ། །འགྱུར་མེད་པདྨ་བསྟན་འཛིན་མཆོག །འོག་མིན༴ འདིར་གཤེགས༴ ༀ་མ་ཧཱ༴ གང་དེའི་སྐུ་གསུང་ཐུགས་ཀྱི་སྲས། །སྔ་འགྱུར་བསྟན་པའི་སྲོག་ཤིང་མཆོག །འབྲེལ་ཚད་དོན་ལྡན་རྡོ་རྗེ་འཆང་། །འགྱུར་མེད་ཕྲིན་ལས་རྣམ་པར་རྒྱལ། །འོག་མིན༴ འདིར་གཤེགས༴ ༀ་མ་ཧཱ༴ ལྔ་བདོར་རྗེས་བརྩེའི་ཐུགས་རྗེའི་མཐུ། །དར་དྲགས་མདོ་སྔགས་བསྟན་པའི་སྲོག །འཛིན་མཛད་མཁས་བཙུན་གྲུབ་པའི་མཆོག །ཆོས་རྗེ་ངྷརྨ་རཱ་ཛ་ནི། །གསང་མཚན་མཆོག་གྲུབ་རྡོ་རྗེ་རྩལ། །འོག་མིན༴ འདིར་གཤེགས༴ ༀ་མ་ཧཱ་གུ་རུ༴ བདེ་གཤེགས་མྱ་ངན་མེད་པའི་དཔལ། །གང་འདུལ་གདུལ་བྱའི་དཔལ་དུ་སྤྲུལ། །གསང་ཆེན་བསྟན་པའི་མངའ་བདག་མཆོག །རིག་འཛིན་དཔལ་འབྱོར་རྒྱ་མཚོའི་སྡེ། །འོག་མིན༴ འདིར་གཤེགས༴ ༀ་མ་ཧཱ་གུ་རུ༴ པཎ་ཆེན་བི་མའི་རྣམ་པར་འཕྲུལ། །ཨ་ཏིའི་དགོངས་པའི་རྩལ་ཆེན་རྫོགས། །མི་འགྱུར་ནམ་མཁའི་རྡོ་རྗེ་ནི། །གསང་མཚན་ཨོ་རྒྱན་ཆེ་མཆོག་རྩལ། །འོག་མིན༴ འདིར་གཤེགས༴ ༀ་མ་ཧཱ་གུ་རུ༴ བཻ་རོའི་རྣམ་འཕྲུལ་གཏེར་ཆེན་རྗེའི། །ཡང་སྤྲུལ་མདོ་སྒྱུ་སེམས་གསུམ་གྱིས། །བསྟན་པ་རིན་ཆེན་གསལ་མཛད་པ། །རྒྱལ་སྲས་གཞན་ཕན་མཐའ་ཡས་ནི། །གསང་མཚན་རིག་པའི་རྡོ་རྗེ་རྩལ། །འོག་མིན༴ འདིར་གཤེགས༴ ༀ་མ་ཧཱ་གུ་རུ༴ བསླབ་གསུམ་བསྟན་པའི་རྒྱལ་མཚན་བསྒྲེངས། །ངེས་གསང་རྒྱུད་སྡེའི་གསང་མཛོད་འཛིན། །མཁན་ཆེན་པདྨ་བཛྲ་ནི། །གསང་མཚན་རོལ་པའི་རྡོ་རྗེ་རྩལ། །འོག་མིན༴ འདིར་གཤེགས༴ ༀ་མ་ཧཱ་གུ་རུ༴ སོ་སྟོན་ཆེན་པོའི་ཡེ་ཤེས་སྐུས། །རྗེས་བཟུང་ཉེ་རྒྱུད་གདམས་པའི་གཏེར། །བཀའ་བབས་བདུན་ལྡན་ཐམས་ཅད་མཁྱེན། །བསིལ་ལྗོངས་བསྟན་འགྲོ་ཡོངས་ཀྱི་མགོན། །འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ནི། །གསང་མཚན་རྡོ་རྗེ་གཟིི་བརྗིད་རྩལ། །འོག་མིན༴ འདིར་གཤེགས༴ ༀ་མ་ཧཱ་གུ་རུ༴ གསང་རྒྱུད་མངའ་བདག་རྒྱལ་པོ་ཛ། །བསམ་བཞིན་སྲིད་པར་རྗེས་ཆགས་གར། །བཀའ་གཏེར་བསྟན་པའི་སྲོག་མཐུད་པའི། །སྔོན་མེད་མཛོད་ལྔའི་ཤིང་རྟ་བ། །རྒྱལ་སྔགས་བློ་གྲོས་མཐའ་ཡས་མཆོག །གསང་མཚན་རྡོ་རྗེ་གཡུང་དྲུང་གླིང་། །འོག་མིན༴ འདིར་གཤེགས༴ ༀ་མ་ཧཱ་གུ་རུ༴ མཁས་གྲུབ་སྐྱེས་ཆེན་རྣམ་བཞི་ལས། །མདོ་དབང་ཟབ་མོའི་བདུད་རྩི་བཞེས། །སྐལ་ལྡན་གདུལ་བྱ་སྨིན་གྲོལ་མཛད། །མཆོག་སྤྲུལ་པདྨ་ཆོས་རྒྱལ་ནི། །གསང་མཚན་རྡོ་རྗེ་བདེ་གཤེགས་རྩལ། །སྒོ་གསུམ་ཞབས་ཏོག་མ་འགྲུབ་ཀྱང་། །བྱང་ཆུབ་བར་དུ་རིགས་ཀྱི་བདག །འོག་མིན་གནས་བཞུགས་བྱིན་རླབས་ཅན། །འདིར་གཤེགས་དབང་བསྐུར་བྱིན་གྱིས་རློབས། །ༀ་མ་ཧཱ་གུ་རུ་ཤ་རི་རཾ་གཱི་ལི་ཧཱུྃ། ཨ་བྷི་ཥིཉྩ་ཧཱུྃ། གནུབས་ཆེན་ནམ་མཁའི་སྙིང་པོ་ཉིད། །སྙིང་འགྲོའི་གདུལ་བྱའི་མགོན་སྣང་བ། །ཀུན་གཟིགས་མ་ཧཱ་པཎྜི་ཏ། །འགྱུར་མེད་པདྨ་རྣམ་རྒྱལ་ཡང་། །གསང་མཚན་རྡོ་རྗེ་ཐུགས་མཆོག་རྩལ། །འོག་མིན་གནས་བཞུགས་བྱིན་རླབས་ཅན། །འདིར་གཤེགས་དབང་བསྐུར་བྱིན་གྱིས་རློབས། །ༀ་མ་ཧཱ་གུ་རུ་ཤ་རི་རཾ་གཱི་ལི་ཧཱུྃ། ཨ་བྷི་ཥིཉྩ་ཧཱུྃ། ཞེས་པའང་རྒྱལ་ཚབ་རིན་པོ་ཆེའི་གསུང་ཕྱག་བྲིས་ལས་ཞལ་བཤུས་ཤིང་མཇུག་གི་ཤླཽ་ཀ་ཀོང་སྤྲུལ་པས་བསྣན་པ་དགེ། །