སྤྱོད་ཡུལ་ལམ་ཁྱེར་གྱི་རྒྱུན་གྱི་ཉམས་ལེན་ཁྱེར་བདེ་སྙིང་པོར་དྲིལ་བ་བྱང་ཆུབ་གཞུང་ལམ།

༄༅། །སྤྱོད་ཡུལ་ལམ་ཁྱེར་གྱི་རྒྱུན་གྱི་ཉམས་ལེན་ཁྱེར་བདེ་སྙིང་པོར་དྲིལ་བ་བྱང་ཆུབ་གཞུང་ལམ་བཞུགས་སོ། །ན་མོ་གུ་རུ་པྲ་ཛྙཱ་པ་ར་མི་ཏཱ་ཡ། འདིར་མདོ་སྔགས་ཐམས་ཅད་ཀྱི་ལམ་ཁྱེར་སྙིང་པོ་མ་གཅིག་ཡེ་ཤེས་མཁའ་འགྲོའི་གསང་ཚིག་ཟབ་མོ་གཅོད་ཀྱི་གདམས་པ་ཉམས་སུ་ལེན་པ་ལ། སྦྱོར་དངོས་རྗེས་གསུམ་གྱི། ཐོག་མར་ཀུན་སློང་གི་བློ་བཅོས་པ་ནི། ཀྱེ་མ་དལ་འབྱོར་རིན་ཆེན་རྙེད་པར་དཀའ། །མི་རྟག་འཆི་བ་ནམ་འབྱུང་ཆ་མ་མཆིས། །དཀར་ནག་ལས་འབྲས་མི་བསླུ་ཕྱི་བཞིན་འབྲང་། །མཐའ་མེད་འཁོར་བའི་སྡུག་བསྔལ་བཟོད་པར་དཀའ། །དེར་སྐྱེས་འགྲོ་རྣམས་ཕ་མའི་རང་བཞིན་ལ། །ད་ལྟ་གཉིས་འཛིན་འཁྲུལ་བའི་གདོན་གྱིས་ཟིན། །དགྲ་གཉེན་ཕྱོགས་རིས་འཛིན་པ་མཚང་རེ་ཆེ། །འགྲོ་སྒྲོལ་སླད་དུ་སྤྱོད་ཡུལ་ལམ་ཁྱེར་བསྒོམ། །ཞེས་ངག་ཏུ་བརྗོད་ལ་དོན་ཡིད་ལ་ངེས་པར་བྱ། དེ་ནས་སྐྱབས་ཡུལ་གསལ་གདབ་པ་ནི། ཕཊ། མདུན་གྱི་ནམ་མཁར་སེང་ཁྲི་པད་ཟླའི་སྟེང་། །རྩ་བའི་བླ་མ་ཆོས་སྐུ་ཡུམ་ཆེན་མོ། །སྐྱབས་ཡུལ་དཀོན་མཆོག་རྒྱ་མཚོའི་འཁོར་གྱིས་བསྐོར། །གདུལ་བྱའི་ཡུལ་ལ་དགྱེས་བཞིན་བཞུགས་པར་གྱུར། །ཞེས་མོས་ལ་སྐྱབས་སེམས་བྱ་བ་ནི། ཕཊ། བདག་སོགས་འགྲོ་ཀུན་དེང་ནས་བྱང་ཆུབ་བར། །སྐྱབས་འོས་རྣམས་ལ་གུས་པས་སྐྱབས་སུ་མཆི། །མཁའ་མཉམ་འགྲོ་ཀུན་སྲིད་མཚོ་ལས་སྒྲོལ་ཕྱིར། །སྨོན་འཇུག་དོན་དམ་བྱང་ཆུབ་སེམས་མཆོག་བསྐྱེད། །ཞེས་ལན་གསུམ་སོགས་རྒྱུད་ལ་འདྲེས་ངེས་བྱ། ཀུན་རྫོབ་བྱང་སེམས་ཀྱི་ལམ་ཁྱེར་གཙོ་བོ་བློ་སྦྱོང་གི་དམིགས་པ་ནི། ཕཊ། བདག་གི་བདེ་དགེ་འགྲོ་བ་ཡོངས་ལ་སྨོན། །དེ་དག་སྡིག་སྡུག་བདག་ལ་མྱུར་སྨིན་ནས། །སེམས་ཅན་བདེ་ལྡན་སྡུག་བསྔལ་རྒྱུར་བཅས་བྲལ། །བདེ་ལས་མི་ཉམས་བཏང་སྙོམས་ཆེར་གནས་ཤོག །ཅེས་ཡང་ནས་ཡང་དུ་མྱོང་བ་ཐོན་ཐོན་དུ་བསྒོམ། དེས་ཐེག་པ་ཆེན་པོའི་ལམ་དུ་ཚུད། ཉོན་མོངས་པ་ཞེ་སྡང་གི་གཉེན་པོ་བྱེད། གདོན་ཕོ་རིགས་ཐུལ། ནད་རླུང་ནད་དང་ཟུག་གཟེར་རིགས་ཞི་བར་འགྱུར་རོ། །དེ་ནས་ཚོགས་ཞིང་གསལ་གདབ་པ་ནི། ཕཊ། མདུན་མཁར་གཞལ་མེད་པདྨ་ཉི་ཟླའི་སྟེང་། །རྒྱལ་ཀུན་བསྐྱེད་ཡུམ་ཨ་མ་ལབ་ཀྱི་སྒྲོན། །དཀར་གསལ་ཞལ་གཅིག་ཕྱག་གཉིས་ཌཱ་དྲིལ་འཁྲོལ། །སྤྱན་གསུམ་མཁར་གཟིགས་བརྐྱང་བསྐུམ་གར་གྱིས་རོལ། །སྙན་གོང་གཡས་གཡོན་དམ་པ་རྒྱ་གར་དང་། །ཕག་མོ་ལྷ་ལྔ་དབུ་སྟེང་ཤཱཀྱ་ཐུབ། །དེའི་དབུར་རྣམ་སྣང་སྒྲོལ་མ་གངས་ཅན་མཚོ། །དཀོན་མཆོག་རྩ་གསུམ་གྲུབ་ཐོབ་རྒྱ་མཚོས་བསྐོར། །གདན་འོག་གཙང་རིས་དཔལ་མགོན་བདུན་ཅུ་སོགས། །མགོན་པོ་ཡོན་ཏན་དེ་འོག་སྙིང་རྗེའི་མགྲོན། །བགེགས་རིགས་ལན་ཆགས་མགྲོན་བཅས་གུས་པས་འདུད། །ལྷ་ཚོགས་སྐུ་ཡི་གནས་གསུམ་འབྲུ་གསུམ་མཚན། །འོད་འཕྲོས་ཡེ་ཤེས་སྤྱན་དྲངས་གཉིས་མེད་གྱུར། །ཞེས་སྨོོས་ལ། ཡན་ལག་བདུན་པ་འབུལ་བ་ནི། ཕཊ། བདག་སོགས་འགྲོ་ཀུན་གུས་པས་ཕྱག་འཚལ་ཞིང་། །མཆོད་ཚོགས་ཀུན་འབུལ་སྡིག་ལྟུང་འགྱོར་པས་བཤགས། །དགེ་ལ་ཡི་རང་བསྐུལ་ཞིང་གསོལ་བ་འདེབས། །དགེ་བས་ཡུམ་ཆེན་གོ་འཕང་མྱུར་ཐོབ་ཤོག །དེ་ནས་སྒྲིབ་སྦྱང་ཡེ་ཤེས་ཆུ་རྒྱུན་གྱི་དམིགས་རིམ་ནི། ཕཊ། མ་གཅིག་ཐུགས་སྲོག་ཧཱུྃ་མཐར་སྔགས་ཕྲེང་འཁོར། །འོད་འཕྲོས་བྱིན་བསྡུས་བདུད་རྩིའི་ཆུ་རྒྱུན་བབས། །ཞབས་གཡོན་མཐེ་བོང་ལས་རྡོལ་བདག་གཞན་གྱི། །སྡིག་སྒྲིབ་ཉེས་ལྟུང་ནད་གདོན་ཀུན་སྦྱངས་གྱུར། །ཞེས་མོས་ལ། གལ་ཏེ་བཟླ་ཞིང་དམིགས་བསལ་ཞི་དྲག་གི་དམིགས་པ་གང་འོས་སྐབས་དང་སྦྱར། དེ་ནས་ཚོགས་བསགས་པ་ནི། ཕཊ། བདག་ལུས་མཎྜལ་དུས་གསུམ་དགེ་ཚོགས་དང་། །སྣང་གྲགས་རྟོག་གསུམ་སྐུ་གསུང་ཐུགས་ཀྱི་ངང་། །བདེ་སྡུག་བཀྲ་ཤིས་རྟགས་ཀྱི་ཕྱག་རྒྱ་རུ། །འབུལ་ལོ་བདག་གཞན་ཚོགས་གཉིས་ཡོངས་རྫོགས་ཤོག །ཅེས་གཞུང་གི་དམིགས་པ་ཁྱད་པར་པ་དང་སྦྲགས་ལ་འབུལ། དེ་ནས་གསོལ་བ་གདབ་པ་ནི། ཕཊ། སྐྱབས་གནས་ཀུན་འདུས་ཡུམ་ཆེན་ལབ་ཀྱི་སྒྲོན། །གྲུབ་ཐོབ་གཅོད་ཡུལ་བརྒྱུད་པའི་བླ་མ་ལ། །གསོལ་བ་འདེབས་སོ་དགོངས་པས་བྱིན་གྱིས་རློབས། །འཁྲུལ་རྟོག་དབྱིངས་སུ་ཆོད་པར་བྱིན་གྱིས་རློབས། །ཞེས་དྲག་ཏུ་གསོལ་བ་བཏབ། དབང་ལེན་པ་ནི། ཕཊ། མ་གཅིག་གཙོ་མོའི་སྐུ་ཡི་གནས་གསུམ་དུ། །ༀ་དཀར་ཨཱཿདམར་ཧཱུྃ་མཐིང་མཚན་པ་ལས། །འོད་ཟེར་རབ་འཕྲོས་བདག་གཞན་གནས་གསུམ་ཐིམ། །སྒོ་གསུམ་རྡོ་རྗེ་གསུམ་དང་དབྱེར་མེད་གྱུར། །ཞེས་མོས་ལ་མཉམ་པར་བཞག་སྟེ་དེ་དག་ནི་སྔོན་དུ་འགྲོ་བའི་ཆོས་སོ། །གཉིས་པ་དངོས་གཞི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དོན་དམ་སེམས་བསྐྱེད་དངོས་ཀྱི་ལམ་ཁྱེར་ལ། ཐོག་མར་དབྱིངས་རིག་བསྲེ་བ་ནི། ཕཊ། རྐང་མཐིལ་རླུང་སེམས་དྭངས་མའི་ཐིག་ལེ་ཟུང་། །གསང་གནས་ནས་འདྲེས་དྷཱུ་ཏིའི་ལམ་བརྒྱུད་པས། །བདག་གཞན་རིགས་དྲུག་སྐྱེ་བའི་བག་ཆགས་སྦྱངས། །སྤྱི་བོ་ནས་ཐོན་ཡུམ་མཁར་དབྱེར་མེད་འདྲེས། །ཕཊ། ཅེས་ནམ་མཁའ་སྒོ་འབྱེད་ཀྱི་དམིགས་པ་རྒྱས་འབྲིང་བསྡུས་གསུམ་རྟེན་ཅན་རྟེན་མེད་གང་རུང་ལ་བརྟེན་ནས་ངོ་བོ་བསྲེ་བྱ་སྲེ་བྱེད་དང་བྲལ་བའི་ཆོས་ཉིད་མཉམ་པ་ཆེན་པོའི་ཀློང་དུ་བཞགདེ་ནས་ཡུམ་དོན་དགོངས་པའི་གསལ་འདེབས་ནི། ཕཊ། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་གྱི་དགོངས་པའོ། །ཞེས་རྡོ་རྗེའི་ཚིག་གིས་གསལ་བཏབ་སྟེ། རང་སེམས་གསལ་སྟོང་འཛིན་མེད་སྨྲ་བསམ་བརྗོད་བྲལ་ནམ་མཁའ་ལྟ་བུའི་གཤིས་ལུགས་སུ། ལྷ་དང་འདྲེ། བདག་དང་གཞན། འཁོར་བ་དང་མྱང་འདས་སོགས་གཉིས་ཆོས་ཀྱི་མཚན་མ་རྡུལ་ཙམ་ཡང་མ་གྲུབ་ཅིང་། ངོ་བོ་སྐྱེ་འགག་གནས་གསུམ་དང་བྲལ་བའི་ཡེ་ཤེས་ཟུང་འཇུག་སྤྲོས་བྲལ་ཆེན་པོ་ཉིད། སོ་སོ་རང་རིག་པའི་ཚུལ་གྱིས་མཐོང་བྱ་མཐོང་བྱེད་དང་བྲལ་བར་ལེགས་པར་རྟོགས་པ་ནི་ཡུམ་ཆེན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྟེ། དེའི་ངང་ལ་བློ་བྲལ་འཛིན་མེད་དུ་མཉམ་པར་འཇོག་པ་ནི་དངོས་གཞིའི་ཉམས་ལེན་ནོ། །དེའི་ངང་ནས་བདུད་བཞི་དབྱིངས་སུ་གཅོད་པ་ནི། ཕཊ། ཚོགས་དྲུག་ཡུལ་གྱིས་བསླུ་བ་ཐོགས་བཅས་བདུད། །ཡུལ་མེད་སེམས་ཀྱི་རེ་དོགས་ཐོགས་མེད་བདུད། །བཟང་ཞེན་རློམ་པས་འཆིང་བ་དགའ་བྲོད་བདུད། །ཀུན་རྩ་བདག་འཛིན་རྣམ་རྟོག་སྙེམས་བྱེད་བདུད། །བདུད་བཞི་སྐྱེ་མེད་ཡུམ་ཆེན་ཀློང་དུ་བཅད། །ཕཊ། ཅེས་གང་ཤར་གྱི་ངོ་བོ་ལ་བལྟས་ནས་སྐྱེ་མེད་ཀྱི་དབྱིངས་སུ་གཅོད་པར་བྱེད་པ་སྟེ། མ་ཅིག་གིས། ཐོགས་བཅས་ཡུལ་གྱི་འཁྲི་བ་བཅད། །ཐོགས་མེད་ཡིད་ཀྱི་འཁྲི་བ་བཅད། །དགའ་བྲོད་ཞེན་པའི་འཁྲི་བ་བཅད། །སྙེམས་བྱེད་བདག་གི་འཁྲི་བ་བཅད། །ཅེས་གསུངས། དེ་ཡང་གཟུགས་སོགས་ལ་བརྟེན་ན་ས་ཆགས་སྡང་ལམ་དུ་ཤར་བ་དེ་སློང་ཡིན། དེའི་དབང་དུ་སོང་ན་ཐོགས་བཅས་ཀྱི་བདུད་ཀྱིས་ཟིན། དེ་ལ་འཛིན་མེད་དུ་ཕཊ་ཅེས་བརྗོད་ནས་ཡུམ་གྱི་ངང་དུ་འཇོག་པ་ནི་གཅོད། དེ་རང་སར་རང་ངོ་ཤེས་ཏེ་གསལ་སྟོང་བློ་བྲལ་དུ་རྗེན་པར་ཤར་བ་ནི་ཆོད་ཚད་དང་ཚར་ཚད་དོ། །དེས་གཞན་རྣམས་ལའང་འགྲེའོ། །གསུམ་པ་རྗེས་ཐོབ་ཏུ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་བོགས་འདོན་ཕུང་པོ་མཆོད་སྦྱིན་བྱ་བ་ལས། དཀར་འགྱེད་མགྲོན་བཞི་མ་ནི། ཕཊ། རང་སེམས་དབྱིངས་ཐོན་རྡོ་རྗེ་རྣལ་འབྱོར་མས། །རང་ལུས་ཐོད་པ་རང་བྱུང་སྒྱེེད་པུར་བཙུགས། །ཤ་ཁྲག་དྲོད་དབུགས་དྭངས་མའི་བདུད་རྩིར་སྦར། །ཟག་མེད་འདོད་ཡོན་ལོངས་སྤྱོད་མཁའ་ཁྱབ་སྤེལ། །ཞེས་མོས་ལ། །ༀ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿཞེས་བརྗོད། མགྲོན་འགུགས་པ་ནི། ཕཊ། དཀོན་མཆོག་སྲི་ཞུ་མགོན་པོ་ཡོན་ཏན་མགྲོན། །རིགས་དྲུག་ཕ་མ་ལན་ཆགས་བགེགས་རིགས་སོགས། །མཆོད་སྦྱིན་མགྲོན་དུ་འོས་པ་གང་མཆིས་པ། །ཐོགས་པ་མེད་པར་སྤྲིན་བཞིན་གཏིབས་པར་གྱུར། །ཞེས་མོས་ལ། ཕཊ། དོན་གཉིས་མཐར་ཕྱིན་བྱིན་རླབས་དངོས་གྲུབ་གཏེར། །དཀོན་མཆོག་རྩ་གསུམ་མཆོད་འོས་རྒྱ་མཚོ་ལ། །བདག་ལུས་ཟག་མེད་བདུད་རྩིའི་མཆོད་པ་འབུལ། །བདག་དང་འགྲོ་ཀུན་ཚོགས་གཉིས་མྱུར་རྫོགས་ཤོག །ཕཊ། ཡེ་ཤེས་ལས་གྲུབ་མངོན་ཤེས་རྫུ་འཕྲུལ་ལྡན། །ལེགས་ཉེས་སྟངས་འཛིན་རྒྱུད་གསུམ་སྲུང་མ་དང་། །གཙང་རིས་དཔལ་མགོན་དཀར་ཕྱོགས་སྐྱོང་རྣམས་ལ། །འབུལ་ལོ་བྱང་ཆུབ་ལམ་གྱི་བར་ཆད་སོལ། །ཕཊ། སྙིང་རྗེའི་ཡུལ་གྱུར་ཐོག་མེད་དྲིན་ལྡན་མ། །སྐྱེ་བཞི་བརྒྱུད་ལྔས་བསྡུས་པའི་མགྲོན་ཚོགས་ལ། །སྦྱིན་ནོ་སྡུག་བསྔལ་གསུམ་གྱི་འཁྲུལ་སྣང་ཞི། །བདེ་དགའ་རྒྱ་མཚོས་རྟག་ཏུ་འཚོ་གྱུར་ཅིག །ཕཊ། ཁྱད་པར་ཐོག་མ་མེད་ནས་ད་ལྟའི་བར། ལན་ཆགས་ཤ་འཁོན་གཉེར་བའི་གདོན་ཚོགས་ལ། །བསྔོའོ་གནོད་སེམས་གདུག་རྩུབ་ཀུན་ཞི་ནས། །བྱམས་དང་སྙིང་རྗེས་ཤེས་རྒྱུད་གྲོལ་བར་ཤོག །ཅེས་བརྗོད་ཅིང་། སྤྲུལ་པའི་ཌཱ་ཀི་མ་རྣམས་ཀྱིས་བདུད་རྩི་ཐོད་ཞལ་གྱིས་བཅུས་ཏེ་མགྲོན་རྣམས་ལ་འགྱེད་པར་མོས་པ་ནི་རྩ་བའི་དམིགས་པ་སྟེ། གཞན་བདུད་རྩི་བུམ་འགྱེད་མ་སོགས་གང་མོས་བྱ། ཁྲ་འགྱེད་དུ་བྱེད་ན་ངོ་བོ་རང་ལུས་ཟག་མེད་བདུད་རྩི་ལ། རྣམ་པ་ཉེར་སྤྱོད་འདོད་ཡོན་བཀྲ་ཤིས་རྫས་རྟགས་གནས་མལ་ལོངས་སྤྱོད་སོགས་གང་ལ་གང་འཚམ་ཅི་འདོད་དུ་སྤྲུལ་ནས་མགྲོན་རྣམས་དགྱེས་པ་བསྐྱེད་པ་སྟེ་འདོན་ཚིག་གོང་གིས་འཐུས་སོ། །དགོང་མོ་ལྟ་བུར་དམར་འགྱེད་བྱེད་ན། ནམ་མཁའ་སྒོ་འབྱེད་བྱས་ནས། ཕཊ། བདག་ལུས་པགས་པ་སྟོང་གསུམ་མཉམ་པའི་སྟེང་། །ཤ་རུས་ལྷུན་པོ་ཁྲག་ཆུ་མཚོ་ལྟར་བསྐྱིལ། །དོན་སྙིང་ནང་ཁྲོལ་ཀླད་ཞག་ལྦུ་འཕྲེང་འཁྲིགས། །མྱོང་གྲོལ་འཛད་མེད་ནམ་མཁའ་མཛོད་དུ་སྤེལ། །ༀ་ཨཱཿ་ཧཱུྃ་ཞེས་མོས་ལ། ཕཊ། མཆོད་སྦྱིན་མགྲོན་འོས་སྤྱིི་དང་ཁྱད་པར་དུ། །ཤ་ཁྲག་ཟས་ལ་རྔམས་པ་འབྱུང་པོའི་རིགས། །ལས་གདོན་ལུས་གདོན་གནས་གདོན་ལ་སོགས་པ། །ཚེ་རྐུ་སྲོག་འཕྲོག་དཔལ་ལ་འཚེ་བྱེད་རིགས། །གདོན་བགེགས་ལན་ཆགས་མགྲོན་གྱུར་ཡོངས་ལ་སྦྱིན། །ཁྱེད་རྣམས་སྔོན་ཆད་བདག་གི་ཕ་མ་སྟེ། །ད་ལྟ་དངོས་འཛིན་མ་རིག་གདོན་གྱིས་མྱོས། །གནོད་བྱ་གནོད་བྱེད་འཛིན་པ་སྙིང་རེ་རྗེ། །དེ་རིང་བུ་ཡི་ཤ་ཁྲག་རོལ་དུ་བྱོན། །བདག་ལུས་སྒྱུ་མའི་ལུས་འདི་ཅིས་ཀྱང་འདོར། །དེ་རིང་དོན་ཆེན་བྱང་ཆུབ་རྒྱུ་རུ་གཏོང་། །སྤྱིར་དུ་ཕ་མ་སེམས་ཅན་གླུད་དུ་བསྔོ། །སྒོས་སུ་ཆོས་མཛད་ཡོངས་ཀྱི་གླུད་དུ་གཏོང་། །ཡང་དགོས་རྩ་བའི་བླ་མའི་གླུད་དུ་འབུལ། །ཁྱད་པར་གནོད་བྱེད་ཡོངས་ལ་ཕན་ཕྱིར་སྦྱིན། །དོགས་པ་མེད་པའི་ཚུལ་གྱིས་ཅི་དགར་རོལ། །ཁྱེད་ཅག་རིངས་ན་རྗེན་པར་གྱུར་མིད་ཐོངས། །མི་རིངས་ལྷོད་ན་དུམ་བུར་ཚོས་ལ་ཟོ། །ཤ་ཟོ་ཁྲག་འཐུང་རུས་མུར་རྐང་ཀླད་གཞིབ། །རྡུལ་ཕྲན་ལྷག་མ་ཙམ་ཡང་མ་བཞག་ཅིག །ཁྱེད་ཅག་འགྲོ་བ་གཞན་ལ་འཚེ་བྱེད་ན། །རྣམ་སྨིན་རྩུབ་མོས་ལུས་སེམས་བརླག་པར་བྱེད། །དེ་བས་བདག་ལུས་ཤ་ཁྲག་ཕུང་པོ་འདི། །འཛད་མེད་སྔགས་དང་ཕྱག་རྒྱས་བྱིན་གྱིས་རླབས། །སྟོང་ཉིད་སྙིང་རྗེས་མྱོང་གྲོལ་རྫས་སུ་སྦར། །དྲི་ཚོར་ཙམ་གྱིས་ངན་འགྲོའི་སྐྱེ་སྒོ་ཁེགས། །ཁྱེད་ཅག་གཏན་གྱི་ལོངས་སྤྱོད་འདི་ལ་གྱིས། །སྔོན་ཡང་ཕ་མར་གྱུར་པས་སྐུ་དྲིན་ཆེ། །དེང་ཡང་སྒྲིབ་སྦྱོང་ཚོགས་གཉིས་སྤེལ་བའི་གྲོགས། །འོ་སྐོལ་བྱང་ཆུབ་བར་དུ་མི་འབྲལ་འགྲོགས། །བདུད་རྩིའི་བགོ་བཤའ་ཐོག་མར་ཁྱེད་ལ་འགྱེད། །དེ་བས་བག་ཕེབས་སྒྱུ་མའི་ལུས་འདི་རོལ། །བདག་འཛིན་རྩད་ནས་བརླག་པའི་གྲོགས་མཛོད་ཅིག །ཅེས་བརྗོད་ཅིང་འགྱེད་པ་ནི་རྩ་བའི་དམིགས་པ་སྟེ། གཞན་རོ་འགྱེད་ལ་སོགས་དམིགས་པ་གང་འོས་བྱ། དེ་ལྟར་དཀར་འགྱེད་དང་དམར་འགྱེད་འདི་གཉིས་རྩ་བ་ཡིན་ལ། གཞན་སྐབས་འགར་གདོན་ཚོགས་དགུ་མ་སོགས་ཀྱང་སྦྱར་བར་སྤྲོོ་ན་བྱའོ། །དེ་ནས་ལྷག་མ་ནི། ཕཊ། གློ་བུར་ལྷགས་དང་ལྷག་ལ་དབང་བའི་མགྲོན། །ཀུན་ལ་བདག་ལུས་ཟག་མེད་འདོད་ཡོན་འབུལ། །ཀུན་ཀྱང་མཉེས་ཚིམ་སྡུག་བསྔལ་གནོད་ཀུན་བྲལ། །མཐར་ཐུག་ཐར་པའི་ས་བོན་ཐེབས་པར་ཤོག །ཅེས་བརྗོད་ཅིང་བསྔོ། དེ་ལྟར་ལུས་སྦྱིན་བཏང་བས་གཙོ་བོར་ཉོན་མོངས་པ་འདོད་ཆགས་འཇོམས། ནད་ལྡང་དུབ་དང་ཁྲག་མཁྲིས་རིགས་ཞི། གདོན་མོ་རིགས་ཐུལ་བར་འགྱུར་རོ། །དེ་དག་གི་སྐབས་སུ་སྙེམས་རྟོག་བྱུང་ན་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱིས་དབྱིངས་སུ་བཅད་པ་ནི། ཕཊ། སྒྱུ་མའི་ལུས་ནི་ལྷ་འདྲེར་བྱིན་ཟིན་ཅིང་། །སེམས་ནི་ངོ་བོ་ཉིད་མེད་གནས་མེད་པས། །འདྲེ་བས་སངས་རྒྱས་ཀྱིས་ཀྱང་གཟིགས་པ་མེད། །དེ་བས་ཕན་གནོད་རྫུན་སྣང་དབྱིངས་སུ་ཡལ། །ཞེས་མོས་ལ་དཔའ་གདིང་བསྐྱེད། མཐར། ཕཊ། དེ་ལྟར་མཆོད་བྱ་མཆོད་བྱེད་མཆོད་ཡུལ་མགྲོན། །ཀུན་ཀྱང་བདེན་མེད་སྒྱུ་མའི་རོལ་པ་སྟེ། །འཁོར་གསུམ་རྟོག་བྲལ་མཉམ་ཉིད་བྱང་ཆུབ་སེམས། །བློ་བྲལ་རྗོགས་པ་ཆེན་པོའི་ཀློང་དུ་ཨཱཿ། །ཞེས་བརྗོད་ལ་འཁོར་གསུམ་བདེན་མེད་ཀྱི་ངང་ལ་མཉམ་པར་བཞགའདིས་ཉོན་མོངས་པ་གཏི་མུག་གི་གཉེན་པོ་བྱེད། ཀླུ་གདོན་དང་ནད་བྱིང་ཅན་བད་ཀན་རིགས་ཞི། མཐར་ཐུག་བླ་ན་མེད་པའི་མཆོད་སྦྱིན་ཚོགས་གཉིས་ཟུང་འབྲེལ་གྱི་འབྲས་བུ་མངོན་དུ་འབྱིན་པ་ཡིན་ནོ། །དེ་ལས་ལང་བ་ན། རང་ཉིད་སྐད་ཅིག་འཕགས་པ་སྦྱན་རས་གཟིགས། །སྐུ་ལས་བདུད་རྩིའི་རྒྱུན་བབ་མགྲོན་ཚོགས་མཉེས། །སྒྲིབ་དག་ཀུན་ཀྱང་འཕགས་པའི་སྐུར་གྱུར་ནས། །སྔགས་སྒྲ་སྒྲོགས་པས་འཁོར་བ་དོང་སྤྲུགས་གྱུར། །ཞེས་མོས་ལ་ཡིག་དྲུག་བཟླ། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །སོགས་ཆོས་སྦྱིན་ཅི་རིགས་བྱས་མཐར་ཐམས་ཅད་དགའ་ཞིང་མགུ་ནས་ཕན་བདེ་བྱང་ཆུབ་ཀྱི་སེམས་དང་ལྡན་པས་རང་གནས་སུ་གྱེས་པར་མོས། ཚོགས་ཞིང་རྣམས་མི་དམིགས་པར་འཇོག་པའམ། ཡང་ན། འཁོར་རྣམས་འོད་ཞུ་གཙོ་མོའི་སྐུ་ལ་ཐིམ། །གཙོ་མོ་མ་གཅིག་དགྱེས་བཞིན་སྤྱི་བོར་བྱོན། །ཚངས་བུག་ནས་ཞུགས་སྙིང་དབུས་པདྨོ་རུ། །འབྲལ་མེད་བྱང་ཆུབ་བར་དུ་བཞུགས་པར་གྱུར། །ཞེས་པདྨ་ཞི་ཟླུམ་དྲག་ཟླུམ་གང་རུང་གི་དམིགས་པ་སྒོམ་ཞིང་མཐར་མི་དམིགས་པའི་དབྱིིངས་སུ་མཉམ་པར་བཞག་གོ །མཐར་བསྔོ་བ་བྱ་བ་ནི། ཀུན་བརྟགས་ལྷ་དང་འདྲེར་སྣང་རང་གི་སེམས། །གཞན་དབང་རྟེན་འབྲེལ་ཆོས་ཀུན་སྒྱུ་མར་རྟོགས། །ཡོངས་གྲུབ་སེམས་ཉིད་སྐྱེ་འགག་གནས་གསུམ་བྲལ། །སྤྲོས་བྲལ་ཡུམ་ཆེན་དགོངས་ཀློང་མངོན་གྱུར་ཤོག །ཐོགས་བཅས་ཡུལ་སྣང་སྒྱུ་མའི་རོལ་པར་ཤེས། །ཐོགས་མེད་རྣམ་རྟོག་འཆིང་བ་རང་སར་གྲོལ། །དགའ་བྲོད་ཉམས་ཀྱི་ཞེན་པ་དབྱིངས་སུ་དག །སྙེམས་བྱེད་བདག་འཛིན་རྩ་བ་ཆོད་པར་ཤོག །སྟོང་ཉིད་སྙིང་རྗེའི་ལམ་མཆོག་ཟུང་དུ་འཇུག །སྐྱིད་སྡུག་རོ་སྙོམས་སྤྱོད་པའི་བརྟུལ་ཞུགས་རྫོགས། །ཆོས་བརྒྱད་འཆིང་གྲོལ་དབྱིངས་རིག་ཟད་སར་འཁྱོལ། །ཡུམ་ཆེན་ཀློང་དུ་འགྲོ་ཀུན་སངས་རྒྱས་ཤོག །ཅེས་དང་། བསོད་ནམས་འདི་ཡིས་དང་། སྦྱིན་པ་རྒྱ་ཆེན་དང་། འབྱུང་པོ་གང་དག་དང་། འཇམ་དཔལ་དཔའ་བོས་སོགས་ཇི་ལྟར་རིགས་པའི་ཐེག་པ་ཆེན་པོའི་སྨོན་ལམ་དང་ཤིས་བརྗོད་ཀྱིས་མཐའ་བརྒྱན་པར་བྱའོ། །དེ་ལྟར་ལུས་གཟན་དུ་བསྒྱུར་བ་སྦྱིན་པའི་ཕར་ཕྱིན། དེ་སེམས་ཅན་གྱི་དོན་དུ་གཏོང་བ་ཚུལ་ཁྲིམས། ཁོང་ཁྲོ་མེད་པར་གཏོང་བ་བཟོད་པ། ཡང་དང་ཡང་དུ་གཏོང་བ་བརྩོན་འགྲུས། དམིགས་པ་མ་ཡེངས་པ་བསམ་གཏན། རྗེས་གནས་ལུགས་སྟོང་ཉིད་དུ་འཇོག་པ་ཤེས་རབ། དེས་ཚོགས་གཉིས་རྫོགས་པར་བྱེད་པས་ཐབས། སྡུག་བསྔལ་དང་ཉོན་མོངས་པ་འཇོམས་པས་སྟོབས། དགེ་རྩ་གཞན་དོན་དུ་བསྔོ་བ་སྨོན་ལམ། དེ་ཐམས་ཅད་ལ་འཁོར་གསུམ་བདེན་འཛིན་དང་བྲལ་བ་ཡེ་ཤེས་ཏེ། ཕ་རོལ་དུ་ཕྱིན་པ་བཅུའི་ལམ་ཁྱེར་མཐའ་དག་ཚང་བས་ཐམས་ཅད་མཁྱེན་པའི་དངོས་རྒྱུ་བླ་ན་མེད་པ་ཡིན་པས་ན་ལྟོ་ཕྱིར་འདྲེ་འདུལ་ཙམ་དུ་མི་འཛིན་པར་བདག་ལེགས་སུ་འདོད་པ་རྣམས་ཀྱིསཉམས་ལེན་གྱི་སྙིང་པོར་གཟུང་བར་བྱ་ཞིང་། དེ་ལྟ་བུའི་ལྟ་སྒོམ་ལ་བོགས་ཐོན་པའི་ཆེད་དུ་རྗེས་སྤྱོད་ཞི་གཅོད་ནི་དཀར་འགྱེད། དྲག་གཅོད་ནི་དམར་འགྱེད། ཞི་དྲག་ཕྱེད་མ་ནི་ཁྲ་འགྱེད་ལ་སོགས་པ་སྟེ་དེ་དག་ལ་སྤྲོས་བཅས་ཀྱི་གཅོད་དུ་གྲགས་ཤིང་། བྱམས་སྙིང་རྗེ་དང་དབྱིངས་རིག་བསྲེ་བ་སྤེལ་མར་བསྒོམ་བ་ནི་སྤྲོས་མེད་ཀྱི་གཅོད། ཡུམ་དོན་ཁོ་ན་ལ་མཉམ་པར་འཇོག་པ་ནི་ཤིན་ཏུ་སྤྲོས་མེད་ཀྱི་གཅོད་དེ་དེ་གསུམ་ཀ་ཉམས་སུ་བླངས་པར་བྱས་ན་མགོ་རྐང་ཚང་བར་འགྱུར་ལ། དུས་རྒྱུན་དུ་ངེས་འབྱུང་རྒྱུད་ལ་བསྐུལ། མོས་གུས་ཀྱི་སྲོག་མཁར་བཟུང་། རྐྱེན་སྣང་ལམ་དུ་ཁྱེར། རོ་སྙོམ་ཐོག་རྫིས་ཀྱི་སྤྱོད་པས་རེ་དོགས་ཞེ་འཁྲིས་རྩ་བ་ནས་ཆོད་པར་བྱ་དགོས་ཏེ། མདོར་ན་གཅོད་ཀྱི་རྩ་བ་ནི་རེ་དོགས་མེད་པ་ཡིན་པས་སོ། །ཞེས་པ་འདིའང་གཅོད་ཡུལ་ལ་མོས་པ་ལམ་བྱེད་ཞེ་ཆེན་པ་འགྱུར་མེད་པདྨ་བསྟན་འཛིན་གྱིས་རང་གི་ཉམས་ལེན་ཁྱེར་བདེ་སྙིང་པོར་དྲིལ་ཏེ་སྦྱར་བའོ། །འདིས་ཀྱང་འགྲོ་ཀུན་ཆོས་སྐུ་ཡུམ་ཆེན་མོའི་གོ་འཕང་མྱུར་དུ་ཐོབ་པའི་རྒྱུར་གྱུར་ཅིག