བོད་སྐྱོང་བརྟན་མ་བཅུ་གཉིས་ཀྱི་གསོལ་མཆོད་ཉུང་བསྡུས།

༄༅། །བོད་སྐྱོང་བརྟན་མ་བཅུ་གཉིས་ཀྱི་གསོལ་མཆོད་ཉུང་བསྡུས་ནི། དངོས་སུ་བཤམས་པའི་མཆོད་གཏོར་སོགས་བྱིན་གྱིས་བརླབ་ལ་རང་པད་འབྱུང་དུ་གསལ་བའི་ང་རྒྱལ་བརྟན་པོས་འདི་སྐད་དོ། །ཧཱུྃ། རྟེན་འབྲེལ་བཅུ་གཉིས་གནས་སུ་དག་པ་ཡི། །རང་རྩལ་ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མ། །པདྨའི་བཀའ་ཉན་བོད་སྐྱོང་བརྟན་མའི་ཚོགས། །དམ་ཚིག་དབང་གིས་འདིར་བྱོོན་གདན་ལ་བཞུགས། །ཏིང་འཛིན་ནམ་མཁའ་མཛོད་ཀྱི་སྤྲིན་ཆེན་ལས། །བྱུང་བའི་ཕྱི་ནང་གསང་མཆོད་བསྐང་བའི་རྫས། །མ་ཚང་མེད་པའི་འདོད་ཡོན་རྒྱ་ཆེན་པོ། །འབུལ་ལོ་བཞེས་ལ་ལས་བཞིའི་དངོས་གྲུབ་སྩོལ། །རྟོགས་ན་ཆོས་ཀྱི་དབྱིངས་དང་རོ་མཉམ་ཡང་། །མ་རྟོགས་སྣང་ངོར་བོད་སྐྱོང་ཡོངས་ཀྱི་རྗེ། །དམ་ལྡན་སྲུང་ཞིང་ཉམས་པ་ཚར་གཅོད་པའི། །བརྟན་མ་ཆེན་པོ་འཁོར་དང་བཅས་ལ་བསྟོད། །ཇི་ལྟར་སྔོན་གྱི་དམ་བཅས་རྗེས་དགོངས་ལ། །མཆོད་གཏོར་གསེར་སྐྱེམས་སོགས་ཁ་བསྒྱུར། འདི་བཞེས་ལོག་སྨོན་བདོ་བའི་དཔུང་། །བསྟན་ལ་འཚེ་བའི་མུ་སྟེགས་ཀླ་ཀློའི་རིགས། །མིང་གི་ལྷག་མར་གཞོམ་པའི་ཕྲིན་ལས་མཛོད། །རྒྱལ་བསྟན་སྤྱི་དང་ཁྱད་པར་སྔ་འགྱུར་གྱི། །བཤད་སྒྲུབ་ཐོས་བསམ་སྒོམ་པས་ས་སྟེང་ཁྱབ། །གངས་ལྗོངས་བདེ་སྐྱིད་དགེ་བཅུའི་དཔལ་འབྱོར་རྒྱས། །འདོད་དོན་བསམ་ཀུན་འགྲུབ་པའི་བཀྲ་ཤིས་སྩོལ། །ཅེས་བརྗོད་ཅིར་མཆོད་གཏོར་གཙང་སར་འབུལ། བརྟན་མ་རྣམས་དགྱེས་བཞིན་བཅོལ་པའི་ཕྲིན་ལས་རྣམས་བསྒྲུབས་ནས་རང་གནས་སུ་གཤེགས་པར་བསམ་མོ། །ཞེས་པའང་ལུང་རྟོགས་བསྟན་པའི་སྣང་བྱེད་མཆོག་སྤྲུལ་རིན་པོ་ཆེའི་ཐུགས་བཞེད་བཞིན། རིག་འཛིན་གྱི་བཙུན་པ་རྡོ་རྗེ་དབང་མཆོག་དགྱེས་རབ་རྩལ་གྱིས་བྲིས་པ་དགེ །