Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བཅུ་གཉིས་པ།


   
   
   
   
   
བླ་མའི་རྣལ་འབྱོར་གྲུབ་གཉིས་འདོད་དགུའི་ཆར་འབེབས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབླ་མའི་རྣལ་འབྱོར་གྲུབ་གཉིས་འདོད་དགུའི་ཆར་འབེབས།next

བླ་མའི་རྣལ་འབྱོར་གྲུབ་གཉིས་འདོད་དགུའི་ཆར་འབེབས།

༄༅། །བླ་མའི་རྣལ་འབྱོར་གྲུབ་གཉིས་འདོད་དགུའི་ཆར་འབེབས་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བཛྲ་ས་ཏྭ་ཡ། འདིར་ཐེག་པ་ཆེན་པོའི་ལམ་གྱི་རྟེན་འབྲེལ་མཐར་དག་བདག་རྐྱེན་དགེ་བའི་བཤེས་གཉེན་ལ་བརྟེན་ནས་བསྒྲིག་དགོས་པའི་ཕྱིར། བླ་མ་སངས་རྒྱས་ཆོས་ཀྱི་སྐུར་ལྟ་བའི་མོས་གུས་དང་མ་བྲལ་བའི་སྐལ་བ་མཆོག་དང་ལྡན་པ་དག་གིས་ལམ་ཟབ་མོ་བླ་མའི་རྣལ་འབྱོར་ཉམས་སུ་ལེན་པར་འདོད་པས། ཐོག་མར་ངེས་པར་འབྱུང་བའི་བློ་བཅོས་མ་མ་ཡིན་པས་ཀུན་ནས་བསླངས་ཏེ་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི། གང་ཞིག་དྲན་པས་ལྷན་སྐྱེས་བདེ་ཆེན་གྱི། །ཡེ་ཤེས་མཆོག་གིས་ས་གསུམ་ཁྱབ་མཛད་པ། །དཀྱིལ་འཁོར་ཀུན་གྱི་དབང་ཕྱུག་རྡོ་རྗེ་སེམས། །འབྲལ་མེད་བྱང་ཆུབ་བར་དུ་སྐྱབས་སུ་བསྟེན། །མཁའ་མཉམ་འགྲོ་ཀུན་བདེ་གཤེགས་སྙིང་པོ་ཅན། །རང་བཞིན་དག་པའི་ཆོས་ཉིད་རྟག་བཞུགས་ཀྱང་། །བློ་བུར་དྲི་མས་ཉོན་མོངས་གྱུར་པ་རྣམས། །རང་གནས་ཡེ་ཤེས་མཆོག་ལ་སྦྱོར་བར་བགྱི། །ལན་གསུམ་སོགས་རྒྱུད་ལ་འདྲེས་ངེས་བྱ། དངོས་གཞི་རྟེན་བསྐྱེད་པ་ནི། ཨཱཿསྣོད་བཅུད་རྒྱུད་རྣམས་དག་རྟོགས་མཉམ་པའི་ངང་། །འོད་གསལ་རང་མདངས་ཡེ་ཤེས་གཞལ་མེད་ཁང་། །ཟག་མེད་ཀུན་བཟང་མཆོད་སྤྲིན་འཁྲིགས་པའི་དབུས། །སེང་ཁྲི་པདྨ་ཐབས་ཤེས་ཉི་ཟླའི་སྟེང་། །རིགས་ཀུན་ཁྱབ་བདག་རྩ་བའི་བླ་མ་ནི། །རྣམ་རོལ་མ་འགགས་བཅོམ་ལྡན་རྡོ་རྗེ་སེམས། །དཀར་གསལ་ཞི་ཚུལ་མཚན་དཔེའི་ལང་ཚོ་རྒྱས། །ཞལ་གཅིག་ཕྱག་གཉིས་ཐབས་ཤེས་རྡོར་དྲིལ་འཛིན། །ལོངས་སྐུའི་རྒྱན་རྫོགས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །རང་འོད་ཤེས་རབ་སྙེམ་མའི་བདེ་བས་དགྱེས། །སྐུ་ལ་གདན་གསུམ་ཡོངས་རྫོགས་དཀྱིལ་འཁོར་ཆེ། །བསམ་འདས་སྒྱུ་འཕྲུལ་དྲྭ་བའི་བཀོད་པ་རྫོགས། །དྲན་པ་ཙམ་གྱིས་སྲིད་ཞིའི་འཇིགས་འཕྲོག་པའི། །སྐྱབས་ཀུན་འདུས་པའི་ངོ་བོར་ལྷམ་མེར་གསལ། །ཞེས་མོས་ལ་ཚོགས་བསགས་པ་ནི། དབྱིངས་རིག་ཟུང་འཇུག་སྤྲོས་པ་བྲལ་བའི་མཁར། །ཁ་སྦྱོར་ཡན་ལག་བདུན་ལྡན་མཚན་དཔེའི་དཔལ། །གང་འདུལ་དེར་སྟོན་འདུལ་བཞིའི་ཕྲིན་ལས་ཅན། །སྐུ་གསུམ་མཉམ་ཉིད་བླ་མར་གུས་ཕྱག་འཚལ། །བརྟན་གཡོ་སྲིད་ཞིའི་དཔལ་འབྱོར་འདོད་དགུའི་སྤྲིན། །བདག་ལུས་ཕུང་ཁམས་སྐྱེ་མཆེད་དགེ་རྩར་བཅས། །ཟག་མེད་ཏིང་འཛིན་རོལ་མོ་བསམ་ཡས་པས། །རིགས་འདུས་མ་ཧཱ་གུ་རུའི་མཉེས་པར་བགྱི། །དོན་དམ་གཤིས་ལ་མཚན་རྟོག་མ་དམིགས་ཀྱང་། །ཀུན་རྫོབ་འཁྲུལ་ངོར་མ་རིག་ནོངས་པའི་དྲི། །བཅས་དང་རང་བཞིན་འགལ་བའི་ཉེས་ལྟུང་ཀུན། །ཁྱབ་བདག་རྡོ་རྗེ་སེམས་དཔའི་སྤྱན་སྔར་བཤགས། །ཆོས་ཀུན་མཉམ་པ་ཉིད་དུ་རྟོགས་གྱུར་ཀྱང་། །གཉིས་འཛིན་འཁྲུལ་པས་བསླད་པའི་འགྲོ་བ་རྣམས། །གདོད་མའི་རྒྱལ་ཐབས་མཆོག་ལ་སྦྱོར་མཛད་པའི། །ཕྲིན་ལས་བསམ་མི་ཁྱབ་ལ་རྗེས་ཡི་རང་། །འབད་སོགས་རྣམ་རྟོག་གཡོ་བ་མི་མངའ་ཡང་། །མཁྱེན་བརྩེའི་ཡེ་ཤེས་གཏིང་མཐའ་མི་དཔོག་པ། །གང་འདུལ་འགྲོ་ལ་ཐེག་གསུམ་འདུད་རྩིའི་ཆར། །ཕྱི་མའི་མུ་མཐར་རྟག་པར་འཇོ་བར་མཛོད། །དོན་དམ་འདུས་མ་བྱས་ཆེན་ཆོས་ཀྱི་སྐུ། །སྐྱེ་སོགས་སྤྲོས་པའི་མཚན་མ་མ་དམིགས་ཀྱང་། །ཀུན་རྫོབ་གདུལ་བྱར་སྣང་བ་གཟུགས་ཀྱི་སྐུ། །ལོག་རྟོག་དབང་གིས་ནམ་ཡང་མི་སྒྲིབ་གསོལ། །འདིས་མཚོན་དུས་གསུམ་བྱས་བསགས་རྣམ་དཀར་རྒྱུན། །འཁོར་གསུམ་རྟོག་པའི་རྙོག་མས་བསླད་མིན་པར། །ཡོངས་བསྔོ་རྒྱལ་བ་དགྱེས་པའི་ལམ་ཞུགས་ཏེ། །བྱང་ཆེན་རྒྱ་མཚོར་མཉམ་པ་ཉིད་གྱུར་ཅིག །དེ་ནས་གསོལ་བ་གདབ་པ་ནི། གང་གི་དྲིན་གྱིས་གནས་སྐབས་མཐར་ཐུག་གི། །ཕན་བདེའི་འདོད་པ་མ་ལུས་རྫོགས་མཛད་པའི། །ཡེ་ཤེས་སྐུ་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །མགོན་ཁྱོད་གཟོད་ནས་རྣམ་གྲོལ་མཆོག་བརྙེས་ཀྱང་། །སྙིང་རྗེ་ཆེན་པོས་སྲིད་པར་རྗེས་ཆགས་གར། །བདག་སོགས་འགྲོ་ངོར་དགེ་བའི་བཤེས་སུ་སྤྲུལ། །མདོ་རྒྱུད་ཀུན་ནས་སངས་རྒྱས་དངོས་སུ་བསྟན། །དོན་གྱི་དགོངས་པ་རྒྱལ་བ་ཀུན་དང་མཉམ། །མཛད་སྤྱོད་གང་ལའང་འཁྲུལ་པའི་དྲི་མ་བྲལ། །འབྲེལ་ཚད་དོན་ལྡན་རྣམ་ཐར་བསམ་མི་ཁྱབ། །བདག་ལ་སངས་རྒྱས་ལས་ཀྱང་བཀའ་དྲིན་ཆེ། །ཐུགས་རྗེས་གཟིགས་ཤིག་བླ་མ་རིན་པོ་ཆེ། །དུས་ཀྱིས་མནར་བའི་སྐྱེ་བོ་བདག་འདྲ་བ། །དལ་འབྱོར་ཐོབ་ཀྱང་དོན་མེད་གཡེང་བས་ཁྱེར། །བསམ་སྦྱོར་ཐམས་ཅད་ཚེ་འདིའི་ལག་ཆར་སོང་། །མ་རིག་དབང་གིས་ལས་འབྲས་འཆོལ་བར་སྤྱོད། །རྟག་འཛིན་གདོན་གྱིས་ལོ་བརྒྱར་སྡོད་རྩིས་ཤོམ། །སྐྱོན་རྟོག་རགས་པས་དག་སྣང་སྒོ་མོ་འགག །སངས་རྒྱས་དངོས་སྣང་བླ་མ་མི་རུ་བཟུང་། །གདམས་ཟབ་བསྟན་པའི་བཀའ་དྲིན་ངང་གིས་བརྗེད། །མཆེད་ལ་འཁུ་དང་མི་རུང་རྟོག་ངན་འགྱུས། །སྡོམ་དང་དམ་ཚིག་འཆལ་བར་གྱུར་བ་ཡིས། །ཐར་པའི་སྐབས་མེད་རྨུ་རྒོད་བདག་འདྲ་ལ། །ཐུགས་རྗེས་གཟིགས་ཤིག་དྲིན་ཆེན་སྤྲུལ་པའི་སྐུ། །དུས་འདི་ནས་བཟུང་བྱང་ཆུབ་སྙིང་པོའི་བར། །ཁྱོད་མིན་བདག་ལ་སྐྱབས་གཞན་མ་མཆིས་པས། །འབྲལ་མེད་ཡེ་ཤེས་གཟིགས་པས་རྗེས་དགོངས་ལ། །སེམས་རྒྱུད་ཆོས་དང་འདྲེས་པར་བྱིན་གྱིས་རློབས། །ཚེ་འདི་བློ་ཡིས་ཐོང་བར་བྱིན་གྱིས་རློབས། །ལོངས་མེད་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །ལས་ལ་ཡིད་ཆེས་སྐྱེ་བར་བྱིན་གྱིས་རློབས། །ལམ་ལ་བར་ཆད་མེད་པར་བྱིན་གྱིས་རློབས། །དག་སྣང་ཕྱོགས་མེད་འབྱོང་བར་བྱིན་གྱིས་རློབས། །བྱམས་དང་སྙིང་རྗེ་སྐྱེ་བར་བྱིན་གྱིས་རློབས། །ཉིན་མཚན་ཆོས་ཀྱིས་འདའ་བར་བྱིན་གྱིས་རློབས། །བསླབ་སྡོམ་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །ཅི་བྱས་གཞན་དོན་འགྱུར་བར་བྱིན་གྱིས་རློབས། །གཉུག་མའི་གནས་ལུགས་རྟོགས་པར་བྱིན་གྱིས་རློབས། །ཐུགས་ཡིད་གཅིག་ཏུ་འདྲེས་པར་བྱིན་གྱིས་རློབས། །དོན་གཉིས་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །རྗེ་བཙུན་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །ཞེས་མོས་གུས་ཀྱི་རྟོགས་པ་གོང་འཕེལ་དུ་མ་གྱུར་གྱི་བར་དུ་གདུང་ཤུགས་དྲག་པོས་གསོལ་བ་གདབ་སྐབས་འདིར་སྤྲོ་ན། རང་རང་གི་རྩ་བའི་བླ་མའི་གསོལ་འདེབས་བྱེ་བྲག་པ་རྣམས་ཀྱང་འདོན་ཞིང་། ༀ་ཨཱཿགུ་རུ་བཛྲ་ས་ཏྭ་ཧཱུྃ། ཞེས་པའང་ཅུང་ཟད་བཟླ། མཐར་དབང་བཞི་ལེན་པ་ནི། དཔལ་ལྡན་རིགས་ཀུན་ཁྱབ་བདག་རྡོ་རྗེ་སེམས། །དྲན་པས་བདེ་སྟེར་མཚུངས་མེད་ཆོས་ཀྱི་རྗེ། །བདག་སོགས་འགྲོ་ལ་མཁྱེན་བརྩེས་རྗེས་དགོངས་ནས། །སྨིན་གྲོལ་དབང་དང་དངོས་གྲུབ་སྩལ་དུ་གསོལ། །རིགས་འདུས་བླ་མའི་སྐུ་ཡི་གནས་བཞི་ནས། །འོད་ཟེར་བྱུང་བ་བདག་གི་གནས་བཞིར་ཐིམ། །དབང་བསྐུར་སྒྲིབ་དག་ལམ་བཞིའི་རྟེན་འབྲེལ་སྒྲིགས། །སྐུ་བཞིའི་གོ་འཕང་རྒྱུད་ལ་བཞག་པར་གྱུར། །མཐར་ནི་བླ་མ་འོད་ཞུ་རང་ལ་ཐིམ། །གཟུང་འཛིན་རྟོག་པས་མ་བསླད་གཉུག་མའི་གཤིས། །རིག་སྟོང་ཆོས་ཟད་དགོངས་པ་བླ་མའི་ཞལ། །མ་བཅོས་རྫོགས་པ་ཆེན་པོའི་ཀློང་དུ་ཨཿ། །ཞེས་མོས་ལ་ཅི་ནུས་སུ་མཉམ་པར་བཞག་རྗེས། གཟུགས་སྣང་ཐམས་ཅད་གསལ་སྟོང་བླ་མའི་སྐུ། །གྲགས་སྟོང་སྐྱེ་མེད་རང་བྱུང་རྡོ་རྗེའི་སྒྲ། །དྲན་རྟོག་ཡེ་གྲོལ་ཀུན་བཟང་དགོངས་པའི་ཀློང་། །ཅིར་སྣང་དག་མཉམ་ཆོས་སྐུའི་རོལ་པར་ཤར། །དགེ་བ་འདི་ཡིས་བདག་སོགས་ཡིད་ཅན་འགྲོ། །འཁོར་ལོའི་མགོན་གྱིས་འབྲལ་མེད་རྗེས་བཟུང་ཞིང་། །དད་དང་དམ་ཚིག་བསྐྱེད་རྫོགས་མཐར་ཕྱིན་ནས། །རིགས་འདུས་བླ་མའི་གོ་འཕང་མྱུར་ཐོབ་ཤོག །ཅེས་དང་། བླ་མ་ཡི་དམ་ལྷ་ཚོགས་དགོངས་སུ་གསོལ། །ཞེས་སོགས་ཇི་ལྟར་རིགས་པའི་བསྔོ་སྨོན་གྱིས་མཚམས་སྦྱར་ནས། མོས་གུས་བླ་མའི་ལམ་ཁྱེར་དང་མ་བྲལ་བར་བྱའོ། །ཞེས་པའང་དད་དམ་རྨད་བྱུང་བློ་གསལ་རཏྣའི་མིང་ཅན་གྱིས། ལུས་ཕྱག་འབུམ་ཐེར་གྱི་ཁས་ལེན་དང་བཅས་ནན་གྱིས་བསྐུལ་ངོར། ཞེ་ཆེན་པ་རྡོ་རྗེ་དབང་མཆོག་དགྱེས་པ་རྩལ་གྱིས་བྲིས་པ་རང་གཞན་ཀུན་གྱི་རྒྱུད་ལ་དཔལ་ལྡན་བླ་མའི་བྱིན་རླབས་མྱུར་དུ་འཇུག་པའི་རྒྱུར་གྱུར་ཅིག


previousབླ་མའི་རྣལ་འབྱོར་གྲུབ་གཉིས་འདོད་དགུའི་ཆར་འབེབས།next