Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བཅུ་གཉིས་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བྲམ་ཟེ་ཕུར་བུའི་ལུགས་ཀྱི་དབྱངས་ཅན་དཀར་མོའི་སྒྲུབ་ཐབས་ཀྱི་ངག་འདོན་སྙིང་པོར་དྲིལ་བ་ཀུན་མཁྱེན་དགྱེས་པའི་ཞལ་ལུང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབྲམ་ཟེ་ཕུར་བུའི་ལུགས་ཀྱི་དབྱངས་ཅན་དཀར་མོའི་སྒྲུབ་ཐབས་ཀྱི་ངག་འདོན་སྙིང་པོར་དྲིལ་བ་ཀུན་མཁྱེན་དགྱེས་པའི་ཞལ་ལུང་།next

བྲམ་ཟེ་ཕུར་བུའི་ལུགས་ཀྱི་དབྱངས་ཅན་དཀར་མོའི་སྒྲུབ་ཐབས་ཀྱི་ངག་འདོན་སྙིང་པོར་དྲིལ་བ་ཀུན་མཁྱེན་དགྱེས་པའི་ཞལ་ལུང་།

༄༅། །བྲམ་ཟེ་ཕུར་བུའི་ལུགས་ཀྱི་དབྱངས་ཅན་དཀར་མོའི་སྒྲུབ་ཐབས་ཀྱི་ངག་འདོན་སྙིང་པོར་དྲིལ་བ་ཀུན་མཁྱེན་དགྱེས་པའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ། །བྲམ་ཟེ་ཕུར་བུའི་ལུགས་ཀྱི་དབྱངས་ཅན་མ་དཀར་མོའི་སྒྲུབ་ཐབས་ཀྱི་ངག་འདོན་སྙིང་པོར་དྲིལ་བ་ཀུན་མཁྱེན་དགྱེས་པའི་ཞལ་ལུང་ཞེས་བྱ་བ། སྙན་ངག་གི་ལྷ་མོ་ཕྱག་འཚལ་ལོ། །མཚན་རྟོག་སྤྲོས་དང་མཛའ་མིན་ཡེ་ཤེས་ཆེ། །མཆོག་ཏུ་མི་འགྱུར་ཟག་མེད་བདེ་ཆེན་གཟིས། །སྲིད་ཞིའི་མུན་པ་དྲུང་འབྱིན་བླ་མ་དང་། །དབྱེར་མེད་སྒྲ་དབྱངས་ལྷ་མོས་དགེ་ལེགས་སྩོལ། །འཕགས་བོད་མཁས་གྲུབ་གདམས་ཟབ་མཐོ་རིས་ཀླུང་། །ཀུན་མཁྱེན་དྲང་སྲོང་ལྟོ་བར་བསྐྱིལ་བ་ལས། །ལེགས་འོང་ཀུན་རྨོངས་དྲི་མ་འཁྲུད་པའི་ཆབ། །དོན་གཉེར་གསེར་གྱི་ཡོལ་གོར་བསྐྱིལ་འདིའོ། །དེའང་ཆོས་རབ་རྣམ་འབྱེད་ཀྱི་ཤེས་རབ་དྲི་མ་མེད་པ་ལ་བརྟེན་ནས་རང་གཞན་གྱི་དོན་གཉིས་བདེ་བླག་ཏུ་བསྒྲུབ་པར་འདོད་པ་རྣམས་ཀྱིས་ངག་གི་དཔལ་མོ་དབྱངས་ཅན་མའི་རྣལ་འབྱོར་ཟབ་མོ་ལ་འཇུག་པར་བྱ་སྟེ། ཐོག་མར་ལུགས་འདི་ཡི་རྗེས་སུ་གནང་བས་རྒྱུད་སྨིན་པ་དང་དམ་ཚིག་རྣམ་པར་དག་པ་གཞིར་བཞག་ནས། གོས་གཙང་མ་བགོ །ཟས་གཙང་མ་བཟའ། དབེན་པའི་ས་ཕྱོགས་གཙང་མར། ཁྲུས་དང་གཙང་སྦྲ་ལ་གནས་པས། སྟན་དཀར་པོ་གཙང་མར་འདུག་སྟེ། ངེས་པར་འབྱུང་བ་དང་བྱང་ཆུབ་སེམས་ཀྱི་རྩིས་ཟིན་པའི་ངང་ནས་སྐྱབས་སུ་འགྲོ་བ་ནི། གང་གི་ཐུགས་རྗེའི་གྲིབ་བསིལ་སྣུམ་པོའི་དཔལ། །སུ་ཞིག་བརྟེན་ལ་འཇིགས་གསུམ་ཚད་གདུང་དབལ། །འཇུག་པའི་གོ་སྐབས་ནམ་ཡང་འཚལ་མིན་པ། །མཆོག་གསུམ་དཔལ་གྱི་དུམ་བུ་སྐྱབས་སུ་བསྟི། །ལན་གསུམ། སེམས་བསྐྱེད་པ་ནི། སྟོང་ཉིད་ལང་ཚོ་བདོ་བའི་སྨིན་ལེགས་མ། །སྙིང་རྗེའི་ཐབས་ཀྱི་དཔའ་བོར་རྗེས་ཆགས་གར། །འགྲོ་ཁམས་མི་གཏོང་འཆིང་བའི་དགེ་མཚན་གྱིས། །རྣམ་མཁྱེན་གྲོང་ཁྱེར་མཛེས་པའི་ཤིས་པ་སྒྲུབ། །ལན་གསུམ། བདེ་བའི་སྨན་ཤིང་དགེ་བཅུའི་རྩ་བ་བརླིང་། །སྡུག་བསྔལ་མྱུ་གུ་ཀུན་འབྱུང་ས་བོན་ཆད། །དགའ་བའི་མེ་ཏོག་བཏང་སྙོམས་ཟིལ་དངར་འཇོ། །མཉམ་ཉིད་ངང་དུ་འགྲོ་ཀུན་ངལ་འཚོ་ཤོག །ཅེས་ཚད་མེད་བཞི་བསྒོམ་པ་སྔོན་དུ་འགྲོ་བས། དངོས་གཞི་ནི། ༀ་སྭ་བྷཱ་ཝ་སོགས། མཐའ་བཞིའི་དྲི་མས་ནོངས་མིན་སྟོང་ཆེན་མདངས། །ལྷ་དང་དྲང་སྲོང་གྲུབ་པའི་སྐྱེད་མོས་ཚལ། །སྲིད་ཞིའི་དྭངས་བཅུད་བྱེད་པོའི་ཕྱག་རྒྱ་ཡིས། །གསར་དུ་བསྡོམས་པའི་འཕྲུལ་ལས་བཀོད་པ་བཞིན། །ལྦུ་ཕྲེང་སོ་ཡི་འཛུམ་དཀར་ཆེར་རྒོད་པའི། །རབ་མཛེས་འོ་མཚོ་ལྷ་ཡི་མེ་ན་ཀཱ། །པད་དཀར་ལན་བུའི་ཐོར་ཚུགས་མཛེས་པའི་སྟེང་། །རྒྱུ་སྐར་རྒྱལ་པོའི་ཐོད་རྒྱན་གཅིག་ཏུ་བརླིང་། །རང་སེམས་ཧྲཱིཾཿདཀར་འབར་བའི་འོད་ཟེར་གྱིས། །སྲས་བཅས་རྒྱལ་བའི་མཁྱེན་རབ་བདུད་རྩིའི་འོད། །གཅིག་ཏུ་བཞུས་པའི་ཁུ་བས་ཞུན་ལུགས་སུ། །འཕྲུལ་བའི་རྣམ་དཔྱོད་མེས་པོས་བསྐྲུན་དུ་ཅི། །སྲིད་ན་དཀར་བའི་དངོས་ཀུན་གཅིག་བསྡོམས་པར། །བརྒྱ་ཕྲག་བཅུ་གཉིས་མཚན་དཔེའི་རི་མོ་ཡིས། །རྣམ་སྤྲས་ཟག་མེད་བདེ་བའི་ལང་ཚོའི་གཟིས། །འཁྱུད་ན་སྤུན་ཟླར་འགོད་འོས་མཛེས་སྐུའི་དཔལ། །རིན་བྲལ་རིན་ཆེན་རྒྱན་གྱི་འོད་ཟེར་གྱིས། །རྟ་ལྗང་ཅན་གྱི་གཟི་ཡང་མོག་པོ་རུ། །བྱེད་མཐོང་རལ་པའི་ནགས་ཀླུང་རྩེ་མོ་ནས། །གཉིས་སྐྱེས་རྒྱལ་པོ་མཚར་བས་དགོད་པ་འདྲ། །རབ་དཀར་ལྷ་རྫས་གསར་པའི་སྟོད་གཡོགས་དང་། །སྣ་ཚོགས་དར་གྱི་སྨད་ཤམ་གཡོ་བས་ཀྱང་། །གང་སྐུའི་མཛེས་སྡུག་སྒྲིབ་སྙམ་སྲེད་ལྡན་གྱི། །སྙིང་ལ་ཀུན་རྟོག་རི་མོ་ཅིར་ཡང་འགོད། །ཤེས་བྱའི་ཁོངས་སུ་རྫོགས་མིན་ཟུར་མིག་མདའ། །སྙན་གོང་ཨུཏྤལ་སྟན་ལས་བརྒལ་མཐོང་ནས། །ཅུང་ཟད་འཛུམ་པའི་ཞལ་བཅས་དུད་པའི་ལུས། །འོ་འཛིན་ལྕི་བའི་ཁུར་གྱིས་དུབ་པར་དོག །ཤེལ་ལྕུག་ཡལ་འདབ་ལྡེམ་འདྲའི་ཕྱག་སོར་རྩེར། །བཻཌཱུར་རྒྱུད་མངས་སྦྲེངས་པའི་ངོ་མཚར་འབུམ། །སྒྲོགས་ལ་མཉན་པས་མ་ངོམས་གསེར་མངལ་ཅན། །ཐོས་འཛིན་ཟུང་བཞིར་སྤྲུལ་པའི་ངལ་བ་བསྟེན། །དཀར་མཛེས་མེ་ཏོག་རྒྱན་གྱིས་ཆེར་སྤུད་ཅིང་། །མུ་མེད་འོད་ཟེར་འཕྲོ་བའི་འགྱིང་བག་གར། །ཙོག་པུའི་ཚུལ་ཅན་གསལ་སྟོང་ཟུང་འཇུག་འཕྲུལ། །རྒྱབ་བརྟེན་ཟླ་གཞོན་དཔལ་དང་མཚོན་མ་ཡིན། །ཞེས་གསལ་བཏབ་ལ། རང་གི། སྙིང་རྩེ་གྱེན་བསླང་ཟླ་དཀྱིལ་ༀ་དཀར་ལས། །འོད་ཟེར་དཀར་པོའི་གཤོག་ཡངས་མཛེས་པའི་བྱ། །གཡོན་མིན་དྲི་འཛིན་མཁའ་ལ་བསྐྱོད་པའི་གར། །ཚངས་སྲས་ཐུགས་སྲོག་འོ་མཚོར་ཡུད་ཀྱིས་རྩེན། དེ་ལས་ཡེ་ཤེས་སེམས་དཔའི་འཁོར་ལོ་མཆོག །རིགས་སྔགས་ཤིང་རྟའི་འཕྲུལ་གྱིས་ཉེར་དྲངས་ནས། །དད་པའི་ཡིད་མཁར་མངོན་སུམ་བཞུགས་པ་ཡང་། །སྤྲིན་མེད་མཁའ་ལ་སྟོན་ཟླའི་དཔལ་བཞིན་མཛེས། །ཞེས་མོས་ལ། སྲིད་འབྱོར་ཟོང་གིས་ཁུག་མིན་ཟག་བྲལ་གྱི། །ཡོན་ཏན་འབུམ་ཕྲག་འཇོ་བའི་ལྷ་རྫས་ཆར། །འཛད་མེད་ནམ་མཁའ་མཛོད་ཀྱི་རོལ་མོ་ཡིས། །དཔལ་མོ་བློ་ཡི་མུན་སེལ་མཉེས་པར་བགྱི། །ༀ་པྲི་ཏཱི་དེ་བཱི་དཱི་བྱ་པུཥྤེ་ཧཱུྃ། དེ་བཞིན་དུ། དྷཱུ་པེ་གནྡྷེ་ནེ་ཝི་ཏྱཱ་ཨཱ་ལོ་ཀཻ། བི་ལི་པ་ནི། རྣམས་སྦྱར་མཆོད། ༀ་པྲི་ཏཱི་དེ་བཱི་མེ་ཧྲཱིཿཥྚི་ཏིཥྛི་ཧྲཱིཾཿཞེས་ཤུབ་བུར་བརྗོད་ནས་དབུགས་ནང་དུ་རྔུབ་པ་དང་། ཙཀྲ་འོད་ཞུ་དྲི་འཛིན་གཡོན་ནས་ཞུགས། །ༀ་དཀར་དང་འདྲེས་ཡོངས་གྱུར་རང་གི་སྙིང་། །འདབ་བརྒྱད་པད་དཀར་ལྟེ་བར་ཟླ་སྟེང་ཧྲཱིཾཿ། །འདབ་མར་གཉིས་གཉིས་དབྱངས་ཡིག་ཕྲེང་བས་མཛེས། །ཤིན་ཏུ་འབར་བའི་འོད་ཟེར་མེ་ལྕེ་ཡིས། །ཀུན་རྨོངས་མུན་པའི་བུད་ཤིང་ཟོས་པ་དང་། །ཆབས་ཅིག་སྲོག་འཁོར་གངས་རི་བཞུས་པའི་ཆུས། །ལུས་ཀུན་ཡོངས་གང་བདེ་ཆེན་ཉམས་བརྒྱས་སྒེག །ཞེས་མོས་ལ་ལྷར་སྣང་སྒྱུ་མ་ལྟ་བུ་ལ་སེམས་འཛིན། དེས་སྐྱོན་བཟླས་པ་བྱ་བ་ནི། ཧྲཱིཿལས་རང་འདྲའི་སྔགས་ཕྲེང་མགལ་མེ་བཞིན། །ཚིག་ལམ་ནས་ཐོན་སྤྲུལ་པའི་འཁོར་ལོར་ཞུགས། །ཧྲཱིཿཐིམ་བར་མེད་འཁོར་བའི་འོད་ཟེར་གྱིས། །སྙིང་གི་མུན་པ་མ་ལུས་བསལ་བར་བྱས། །འཁོར་འདས་བརྟན་གཡོའི་ཚེ་བསོད་སྟོབས་དཔལ་གཟི། །མཁྱེན་བརྩེ་ནུས་པ་གཟུངས་སྤོབས་འཆད་རྩོད་རྩོམ། །གང་འདོད་དབང་བསྡུས་ཐུགས་སྲོག་སྔགས་ལ་ཐིམ། །སྒོ་གསུམ་ཡོངས་གང་ནུས་མཐུའི་རྩལ་རྫོགས་གྱུར། །ཞེས་མོས་ལ། ཧྲཱིཾཿཞེས་པའི་རིག་པ་འབྲུ་གཅིག་པ་ཉིད་བཟླས་པའི་སྐྱོན་རྣམས་སྤངས་ཏེ་རྩེ་གཅིག་ཏུ་བཟླ། གྲངས་ཀྱི་ཚད་ནི་འབུམ་ཕྲག་གཅིག་དང་ཉི་ཁྲི་ལྔ་སྟོང་གསུང་བ་ད་ལྟ་བཞི་འགྱུར་དུ་བྱ་དགོས་པས་འབུམ་ཕྲག་ལྔ། དེ་ཉིད་ལན་གསུམ་དུ་བསྐྱར་བས་གྲངས་བསྙེན་དང་། དེ་ལས་གྲུབ་པའི་མཚན་མ་རྣམས་ཀྱང་རིམ་བཞིན་མཐོང་བར་འགྱུར་རོ། །རྗེས་ཐུན་འཇོག་པ་ན། སྔགས་ཕྲེང་ཧྲཱིཾཿཡིག་ལ་ཐིམ་འབར་བའི་ཟེར། །གང་འདོད་ཤེས་རབ་འགུགས་པའི་བཅུད་ལེན་རྩིས། །ལུས་གང་ཀུན་རྨོངས་མཐར་བྱས་ཤེས་བྱའི་ཆོས། །མཐའ་དག་གསལ་བའི་བློ་མིག་རྒྱས་པར་གྱུར། །ཞེས་རང་གང་འདོད་པའི་ཤེས་རབ་དེ་ལན་གསུམ་དུ་བསྡུས་པས་ལུས་ཁེངས་པར་དམིགས་པ་གཏད། ཐུན་གཤམ་དུ་གཏོར་མ་འབུལ་ན། མཆོད་པ་དང་གཏོར་མ་རྣམས་བསངས་སྦྱངས་བྱིན་གྱིས་བརླབས་ཏེ། དྲན་པས་ཡེ་ཤེས་མཆོག་སྦྱིན་དབྱངས་ཀྱི་རྒྱལ། །རབ་འབྱམས་སྲས་བཅས་རྒྱལ་བའི་འཁོར་དང་བཅས། །དྭངས་པའི་ཆུ་མཚོར་གཟའ་སྐར་ཤར་བ་བཞིན། །དད་པའི་མདུན་མཁར་ལྷམ་མེར་བཞུགས་པར་གྱུར། །ཞེས་མོས་ལ། ཧྲཱིཾཿབ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལྔའམ་བདུན་གྱིས་གཏོར་མ་ཕུལ། སླར་ཡང་། རབ་གཙང་ཡན་ལག་བརྒྱད་ལྡན་ལྷ་ཆུའི་རྒྱུན། །རབ་མཛེས་མུ་ཏིག་དཀར་པོའི་སྦུ་ཕྲེང་ཅན། །རབ་གུས་གསེར་གྱི་བུམ་པར་བསྐྱིལ་བའི་སྐྱེམས། །རབ་འབྱམས་རྒྱལ་ཀུན་བསྐྱེད་ཡུམ་ཁྱོད་ལ་སྟོབས། །ༀ་སྭ་ར་སྭ་ཏཱི་དེ་ཝཱི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏི་ཙྪ་སྭཱ་ཧཱ། མ་དག་དྲི་མས་གཞར་ཡང་ནོངས་མིན་ཡང་། །མ་རིག་འཛིན་པའི་རང་རྒྱུད་རྙོག་བྲལ་སླད། །མ་འདྲེས་གཟུགས་བརྙན་ཀུན་འཛིན་དྭངས་པའི་ཆབ། །མ་གཅིག་ཞབས་ཀྱི་ཆུ་སྐྱེས་ཟེའུ་འབྲུར་བསྟི། །པ་དྱྃ། རྣམ་བཀྲའི་ལྷ་རྫས་གསར་པའི་དྲི་བསུང་གིས། །རྣམ་མང་ནགས་ཀྱི་བུང་བ་བཟུང་བའི་གར། །རྣམ་དག་ཆུ་སྐྱེས་གསར་པའི་ཕྲེང་བ་ཡང་། །རྣམ་མཁྱེན་བསྐྱེད་ཡུམ་གང་གི་རྒྱན་དུ་སྤུད། །པུཥྤེ། མང་མང་ལྷན་ཅིག་སྐྱེས་དང་སྦྱར་བྱུང་རིགས། །ཞིམ་ཞིམ་དབང་ཤེས་ཚིམ་པའི་ལོངས་སྤྱོད་མཆོག །མཚར་མཚར་རྒྱལ་ཀུན་དགྱེས་བསྐྱེད་ཚུལ་ཁྲིམས་དང་། །ཡང་ཡང་འཕགས་མའི་མདུན་མཁར་སྤྲིན་བཞིན་དཀྲིགས། །དྷཱུ་པེ། ཉི་ཟླ་ནོར་བུ་འབར་བའི་འོད་ཟེར་གྱིས། །ཕྱི་རོལ་ནམ་མཁའི་པགས་པ་དབྲལ་བ་དང་། །ཆབས་ཅིག་ཀུན་རྨོངས་ནང་གི་མུན་པའི་དཔུང་། །གཞིལ་བྱེད་རྣམ་གསུམ་ཤེས་རབ་སྒྲོན་མེས་བསྙེན། །ཨཱ་ལོ་ཀེ། རང་བཞིན་བསིལ་བའི་རེག་བྱས་རྟག་འཁྱུད་ཅིང་། །མ་བགོས་ཚུལ་ཁྲིམས་དྲི་ཡིས་སྲིད་ཞིའི་ཁྱོན། །ཁྱབ་མོད་བདག་རྒྱུད་སྙིང་རྗེས་བརླན་སླད་དུ། །རྣམ་དག་དྲི་ཡི་བྱུག་པས་ཉེ་རེག་སྟོབས། །གནྡྷེ། ཟག་མེད་ཏིང་འཛིན་ཟས་ཀྱིས་མཐའ་ཀླས་འགྲོ། །གསོ་བའི་དཔལ་མང་ཁྱོད་ལ་མངའ་མོད་ཀྱི། །བཀྲེན་ལྡན་ཡིད་ཀྱི་ཤིང་རྟ་འགེངས་པའི་སླད། །རོ་བརྒྱ་ལྡན་པའི་བཤོས་ཀྱི་བསྙེན་བཀུར་དབུལ། །ནཻ་བིདྱཱ། བརྟན་གཡོའི་སྒྲ་དབྱངས་ཀུན་བསྡོམས་ཁྱོད་གསུང་ལ། །འགྲན་བཟོད་ངོ་མཚར་ནོར་བུའི་ཏམ་བུ་རས། །དཔག་ཡས་ཡོན་ཏན་རྒྱ་མཚོའི་བསྔགས་བརྗོད་སྤྲིན། །ཞིང་ཁམས་རྒྱ་མཚོར་སྲིད་མཐར་གནས་གྱུར་ཅིག །ཤཔྟ། ཞེས་སྦྱར་བས་མཆོད། བསྟོད་པ་ནི། སྤྱན་རས་གཟིགས་དབང་མཆེ་བའི་རྩེ་ལས་མངོན་སྤྲུལ་ཞིང་། །སོགས་བྲམ་ཟེ་ཕུར་བུས་མཛད་པ་དང་། མཆོག་དགའི་རང་བཞིན་ལྷ་མོ་ནི། །སོགས་ཀུན་མཁྱེན་ཆེན་པོའི་གསུང་རབ་ལས་འབྱུང་བས་མཚོན་ཚིག་དོན་ཕུན་སུམ་ཚོགས་པའི་བསྟོད་པ་ཅི་ཤེས་ཀྱིས་བསྟོད། གལ་ཏེ་དེ་དག་གི་དཔེ་མ་འབྱོར་ཞིང་མི་ནུས་ན། དཀྱུས་ཙམ་དུ། ངེས་དོན་རྒྱལ་ཀུན་བསྐྱེད་པའི་ཡུམ་གྱུར་ཀྱང་། །བཅུ་དྲུག་ལང་ཚོ་མ་རྙིང་པདྨའི་ཚལ། །འཇམ་དཔལ་དགྱེས་སྤྱན་བུང་བ་ཆགས་པའི་རྟེན། །དྲན་པས་བདེ་སྟེར་མཆོག་དགའི་ལྷ་མོར་འདུད། །ཟག་བྲལ་བདེ་ཆེན་ཡེ་ཤེས་ཉིན་བྱེད་གཟིས། །ཟླ་གཞོན་བྱེ་བ་བཞུས་པའི་ཁུ་བ་ཡིས། །ལན་སྟོང་བྱུག་པ་ཁྱོད་སྐུའི་རྣམ་འགྱུར་གྱིས། །སྲེད་སྤངས་འཕགས་པའི་ཡིད་ཀྱི་བརྟན་པའང་འཕྲོག །དབྱངས་ཀྱི་ཡན་ལག་རྫོགས་པའི་དཔལ་ཁོ་ནས། །ཁྱོད་གསུམ་རྒྱལ་དང་མཚུངས་ཞེས་བརྗོད་མིན་ཏེ། །འགྲོ་ཁམས་རྒྱ་མཚོའི་མོས་པའི་རྗེས་ཞུགས་ནས། །བསམ་འདས་ཐེག་པའི་སྒོ་འཕར་འབྱེད་འདིས་ཀྱང་། །ཀུན་མཁྱེན་སྤྱན་གྱིས་གཟིགས་པའི་ཤེས་བྱའི་གཟུགས། །མ་ལུས་མཁྱེན་བཟང་མེ་ལོང་གཙང་མའི་ངོས། །འཆར་བ་ཁྱོད་གཅིག་ཁོ་ནར་ངེས་རྙེད་ནས། །ཡང་ཡང་ཟུར་ཕུད་ལྔ་པ་རྩེན་པར་ཤེས། །ཀུན་གསལ་གཟུགས་སུ་གྲུབ་མིན་དེ་སྲིད་དུ། །འགྲོ་ཁམས་རྗེས་སུ་འཆིང་བའི་སྙིང་རྗེའི་ཞགས། །མི་གཏོང་དམ་བཅའི་གོ་ཆ་འདི་གཅིག་པུས། །གྲུ་འཛིན་མགོན་གྱི་ཟློས་གར་སུ་ཡིས་འགོག །ཡོན་ཏན་ཤིན་ཏུ་ལྕི་བའི་མངལ་ཁུར་གྱིས། །ནོན་པས་འདར་ལྡན་ནོར་འཛིན་བུ་མོའི་ལུས། །ཆུ་གཏེར་རུམ་དུ་ཆུད་དོགས་སྲེད་མེད་བུས། །ངལ་བས་བརྟེན་པ་མིན་ནམ་འཕགས་མ་ཀྱེ། །ཕྲིན་ལས་གདུགས་དཀར་གཅིག་གིས་ཆོས་དབྱིངས་ཁྱོན། །ཡོངས་ཁེབ་གང་ལ་བརྟེན་ན་ཉེས་བརྒྱའི་དབལ། །སླད་ནས་མིང་ཙམ་འཚལ་བའི་སྐབས་མིན་ཞེས། །གྲགས་པའི་རྔ་ཆེན་ཐོས་ནས་ཁྱོད་དྲུང་བསྙེགས། །འདར་ལྡན་ལུས་ཀྱི་འཁྲི་ཤིང་ཆེར་གཡོ་ཡང་། །ལྷག་བསམ་མཁར་བ་ལ་བརྟེན་གུས་པའི་ཡིད། །བརྟུལ་ཞུགས་གཙང་མའི་གོས་ཀྱིས་སྤུད་ལགས་ན། །འཕགས་མའི་དགྱེས་སྤྱན་འབབ་སྟེགས་འཆའ་བར་འོས། །ཡོན་ཏན་ནུ་ཞོ་ནུ་འདོད་ཉམ་ཐག་བུས། །བསྟོད་ཚིག་གདུང་དབྱངས་བསྐུལ་འདི་གསན་མཛོད་ལ། །རྟག་ཏུ་རེ་བའི་མགོན་གཅིག་བརྩེ་ལྡན་མས། །དབུགས་འབྱིན་ཕྱག་གིས་དེ་རིང་དྲོང་དུ་གསོལ། །ཁྱོད་ལ་བརྟེན་གང་རྒུད་པ་གནས་མིན་ཕྱིར། །མཆོག་བྱིན་ནུ་ཞོ་མངར་པོས་ཁོ་བོའི་ཡིད། །གཏེར་བརྒྱད་སྤོབས་པའི་ལུས་ཟུང་བརྟས་བྱས་ནས། །ངག་གི་དབང་ཕྱུག་དམ་པ་དེང་འདིར་སྩོལ། །སྲོག་འཁོར་ལས་སྐྱེས་འོད་ཟེར་བདུད་རྩི་ཡིས། །སྒྲིབ་གཞིལ་སྤོབས་པ་བརྟན་ཞིང་འབྱོར་ཚོགས་འཕེལ། །ཆགས་སོགས་འཆིང་བས་བཅིང་མིན་སྙིང་རླུང་སངས། །ཡོན་ཏན་དཀྱིལ་འཁོར་ཡོངས་སུ་གང་བར་མཛོད། །མཐར་ཐུག་ཤེས་དང་ཤེས་བྱ་རོ་མཉམ་པའི། །མི་ཕྱེད་ཐུགས་ཀྱི་རྡོ་རྗེ་འདུས་མ་བྱས། །ངེས་དོན་འཕགས་མའི་དགོངས་པ་མངོན་གྱུར་ནས། །དོན་གཉིས་འདོད་པ་འཇོ་བའི་མཆོག་སྩོལ་ཅིག །གནས་སྐབས་སྐྱེ་ཀུན་ཁྱོད་ཞབས་ནོར་བུའི་ཏོག །རབ་བསྟེན་མཁས་ཚུལ་དགུ་དང་ཕྲིན་ལས་བཞིས། །རླབས་ཆེན་བསྟན་འགྲོའི་བདེ་སྐྱིད་པདྨོའི་ཚལ། །བཞད་བྱེད་སྨྲ་བའི་ཉི་མར་བདག་སྒྱུར་ཅིག །ཅེས་བསྟོད་ཅིང་འདོད་པའི་དོན་ལ་གསོལ་བ་བཏབ་མཐར། བུམ་བཟང་མནྡཱ་རཿཡིས་མཚོན་མིན་པར། །རེ་བའི་མོད་ལ་སྲིད་ཞིའི་དཔལ་སྦྱིན་མཆོག །མིག་ལ་ཟླ་བ་ཡིད་ལ་བདུད་རྩིའི་རྒྱུན། །འབྲལ་མེད་སྙིང་དབུས་དྭངས་མའི་དཔྱིད་དུ་གྱུར། །ཞེས་བརྗོད་ལ་མདུན་གྱི་དབྱངས་ཅན་མ་གཙོ་འཁོར་རང་ལ་བསྡུ་ཞིང་མཆོད་བསྟོད་མདོར་བསྡུས་བྱ། གཏོར་འབུལ་མི་བྱེད་ཚེ་བདག་བསྐྱེད་ལ་དམིགས་ནས་གོང་གི་མཆོད་བསྟོད་རྒྱས་པར་བྱ་བ་ནི་ཁྱད་པར་རོ། །གང་ལྟར་ཡང་མཐར། རང་ཉིད་སྐད་ཅིག་རྗེ་བཙུན་འཇམ་པའི་དབྱངས། །མཚམས་སྤྲིན་གསར་པའི་མདངས་འཕྲོག་གླེགས་རལ་འཛིན། །རྡོ་རྗེའི་སྐྱིལ་ཀྲུང་རྣམ་མང་རྒྱན་གྱིས་སྒེག །སྣང་སྟོང་ཟུང་འཇུག་ཡེ་ཤེས་ཆེན་པོར་གསལ། །ཞེས་ལྷ་སྐུའི་གསལ་སྣང་ལ་སེམས་ཅུང་ཟད་འཛིན་ཏེ། འདི་ནི་ཤེས་རབ་འགྲིབ་པའི་གེགས་སེལ་དང་། བློ་གྲོས་ཀྱི་མཐུ་བརྟན་ཅིང་ནུས་པ་ཕུན་སུམ་ཚོགས་པར་བྱེད་པའི་མན་ངག་ཁྱད་པར་ཅན་ནོ། །སྤྲོ་ན་ཤེས་རབ་བློ་འཕེལ་གྱི་གཟུངས་ཀྱང་ཅི་རིགས་པ་བཟླའོ། །མཐར། འདིར་འབད་དགེ་འབྲས་ནོར་བུའི་སྒྲོན་མ་ཡིས། །ས་གསུམ་རྒུད་པའི་མུན་པ་གཏན་བཅིལ་ནས། །དོན་གཉིས་ལྷུན་གྲུབ་རྣམ་མཁྱེན་འདོད་དགུའི་ཆར། །འགྲོ་ལ་སྦྱིན་པའི་དགའ་སྟོན་དར་གྱུར་ཅིག །ཕུལ་བྱུང་སྐྱེས་སྦྱངས་བློ་གྲོས་མ་ཀུ་རར། །འཆར་མིན་ཀུན་མཁྱེན་མཛོད་དུ་ཤེས་བྱའི་དངོས། །ཡོད་མེད་འཕགས་རྣམས་སོམ་ཉིར་ཆུད་ཉེ་བའི། །སྣང་བ་དམ་པས་འཇིག་རྟེན་མཛེས་གྱུར་ཅིག །གཙུག་ལག་བྱེ་བའི་ཆུ་ཀླུང་ཧུབ་གཅིག་གིས། །ཉེར་དྲངས་རྩོད་འཆད་རྩོམ་པའི་བདུད་རྩིའི་བཅུད། །སྐྱུག་པས་རིས་བྲལ་བསྟན་པའི་རྫིང་བུ་འབུམ། །གཅིག་ཅར་འགེང་པའི་བྱེད་པོར་བདག་གྱུར་ཅིག །ཚེ་རབས་ཀུན་ཏུ་འཕགས་མའི་ཞབས་སྐྱེས་རྡུལ། །གནས་ལྔའི་ལྕུག་ཕྲན་རྩེ་ནས་ཡོལ་མིན་པར། །དཀར་པོའི་རིགས་ཀྱི་ནུས་པ་མྱུར་རྫོགས་ནས། །ས་ལམ་ཡོན་ཏན་མེ་འབྲས་ཆེར་རྒྱས་ཤོག །བཀྲ་ཤིས་གང་ཞིག་ཆོས་དབྱིངས་འདུས་མ་བྱས། །ཟག་མེད་ཡོན་ཏན་བྱེ་བའི་ལང་ཚོ་ཡིས། །རྟག་འཁྱུད་རིག་སྟོང་ཟུང་འཇུག་འཕགས་མའི་ཞལ། །མངོན་གྱུར་ཕ་རོལ་ཕྱིན་བཞིས་འབྱོར་གྱུར་ཅིག །ཅེས་སོགས་བསྔོ་བ་དང་སྨོན་ལམ་གྱིས་རྒྱས་བཏབ་སྟེ། ཆོས་དང་མཐུན་པའི་སྤྱོད་ལམ་གྱིས་གནས་པར་བྱའོ། །ཡང་བསྙེན་པ་སོགས་ཀྱི་ཚེ་ལྟས་འཚུབ་པར་བྱུང་ན། གོང་གི་འཇམ་དབྱངས་བསྒོམ་པའི་ཚབ་ཏུ་སྐད་ཅིག་གིས་མི་གཡོ་བ་གསལ་བཏབ་ལ་བཟླས་པ་བྱ། བསྙེན་པ་སོགས་ཀྱི་སྐབས་སུ་ནོར་རྒྱུན་མ་ལའང་གཏོར་འབུལ་རེ་དགོས་པས། མཆོད་གཏོར་བསངས་སྦྱངས། འབྲུ་གསུམ་ཉེར་གཅིག་གིས་བྱིན་གྱིས་བརླབས་ལ། མདུན་མཁར་འདོད་འབྱུང་བུམ་པ་བསྣོལ་མའི་སྟེང་། །གསེར་སྦྱངས་ཁུ་བས་བྱུགས་འདྲའི་ནོར་སྦྱིན་མ། །ཕྱག་གཡས་འབྲས་སྙེ་གཡོན་པས་གཏེར་བུམ་འཛིན། །སྒེག་བཞད་འཛུམ་པའི་ཉམས་ལྡན་བཞེངས་སྟབས་རོལ། །ཞེས་མོས་ལ། ༀ་བ་སུ་ངྷཱ་རི་བཾ་སྭཱ་ཧཱ། ཞེས་སྔགས་ལྔའམ་བདུན་གྱིས་ཕུལ། དངོས་འབྱོར་ཡིད་སྤྲུལ་ལྷ་མིའི་འདོད་ཡོན་སྤྲིན། །བཀྲ་ཤིས་རྫས་རྟགས་དཔག་བསམ་ནོར་བུའི་གཏེར། །སྲིད་ཞིའི་ཕུན་ཚོགས་ནམ་མཁའ་མཛོད་ཀྱི་སྒོས། །འཕྲུལ་དགའི་ཞིང་གི་ཁེངས་པ་འཕྲོག་སྟེ་འབུལ། །སརྦ་པཱུ་ཛ་ཧོཿཞེས་མཆོད། གང་སྐུ་གཟི་བརྗིད་སྐྱེས་ཀྱི་ལྷུན་པོ་ལ། །པདྨའི་གཉེན་གྱི་གསལ་བ་འཕོས་པ་བཞིན། །དྲན་པས་འདོད་པ་མཆོག་སྦྱིན་ནོར་རྒྱུན་མ། །ཁྱོད་ལ་བསྟོད་དོ་འདོད་དགུའི་ཆར་འབེབས་མཛོད། །བདག་དབྱངས་ཅན་མ་སྒྲུབ་པ་ལ་ཕྲག་དོག་དང་བར་ཆད་མ་མཛད་པར་ནོར་འཕེལ་བར་མཛད་དུ་གསོལ། ཞེས་འདོད་དོན་གསོལ། དགོས་གལ་ཆེ་ན་ནོར་རྒྱུན་མ་རང་ལ་བསྡུས་ནས་ཐུན་མོང་གི་གེགས་སེལ་ལས་འབྱུང་བ་བཞིན་བསྒོམ་པར་བྱའོ། །ཚུལ་འདི་ནི་གངས་རིའི་ཁྲོད་ཀྱི་སྨྲ་བའི་སེངྒེ་གཅིག་པུ་པ། དཔལ་བསམ་ཡས་པ་ཀུན་མཁྱེན་ངག་གི་དབང་པོ་ཡབ་སྲས་ཀྱི་ཞལ་ལུང་གི་མན་ངག་ལས་བྱུང་བ་བཞིན། ངག་འདོན་སྙིང་པོར་དྲིལ་ནས་བརྗོད་པ་སྟེ། བསྙེན་སྒྲུབ་དང་གེགས་སེལ་ལས་སྦྱོར་སོགས་ནི་རྩ་བའི་ཡིག་རྙིང་དང་ཀུན་མཁྱེན་ཉིད་ཀྱི་གསུང་རབ་སོགས་ལས་རྟོགས་པར་བྱ་བ་ཁོ་ནའོ། །སླར་སྨྲས་པ། གྲུབ་པའི་ཞལ་ལུང་མན་ངག་འགྱུར་རྩིའི་མཆོག །ཆ་ཤས་རེས་ཀྱང་བློ་དམན་གསེར་དགྲའི་ཁམས། བསྔགས་འོས་ཡོན་ཏན་རྨད་བྱུང་སུ་ཝརྞར། །བསྒྱུར་ནདོན་གཉེར་སྙིམས་པས་མི་ལེན་སུ། །འཁོར་ལོ་བཞི་ལྡན་རྟེན་བཟང་རིན་ཆེན་གྲུ། །ཤེར་བརྩོན་བ་དན་གཡོ་བའི་རྟེན་ཐོབ་ནས། །མང་ཐོས་རྒྱ་མཚོའི་ཕ་མཐར་བརྒལ་འདོད་ལ། །གདམས་ཟབ་འདི་ནི་དེད་དཔོན་མཁས་པ་འདྲ། །ཟབ་དོན་ནོར་བུ་གྲམ་བུར་བརྡལ་དུས་འདིར། །རང་སྐལ་རྒྱལ་མཚན་རྩེ་མོར་མི་མཆོད་པར། །རྣམ་གཡེང་འདུ་འཛིའི་ཁོལ་བོར་རྒྱུག་དགའ་བ། །ཤེས་རིག་བཀྲ་ཡང་ཐོ་ཡོར་མི་གཟུགས་དངོས། །དེ་སླད་དོན་མཐུན་གྲོགས་པོ་འགའ་མཆིས་ན། །ལེགས་བཤད་གདམས་པའི་བཅུད་ལེན་འདི་གསོལ་ནས། །བསྟན་འགྲོར་སྨན་པའི་ལྷག་བསམ་ཁུར་བཞེས་དང་། །རྣམ་མཁྱེན་གྲོང་ཁྱེར་བགྲོད་ལ་དགའ་བ་ཅི། །དེ་ལས་བྱུང་བའི་དགེ་འབྲས་སྟོན་ཟླའི་གཟིས། །ས་གསུམ་ཉེས་པའི་ཚད་གདུང་གཏན་བཅིལ་ནས། །ཕན་བདེའི་སྟེང་འཐུང་དཀར་པོ་བཞད་པ་དང་། །ཆབས་ཅིག་ངེས་གྲོལ་ཆུ་གཏེར་འཕེལ་གྱུར་ཅིག །ཅེས་པའང་མདོ་ཁམས་ལྷོ་ཕྱོགས་ཀྱི་རྒྱུད་དུ་སྐྱེས་པའི་སྙན་ངག་མཁན་ཟེ་ཆེན་པ་དབྱངས་ཅན་དགྱེས་པའི་སྡེས། རང་གནས་བསྟན་གཉིས་དར་རྒྱས་གླིང་གི་ཆོས་གྲྭ་ཆེན་པོར་སྦྱར་བ་སྟེ། འདིས་ཀྱང་ཐུབ་བསྟན་རིན་པོ་ཆེ་ཡུན་དུ་གསལ་བའི་རྒྱུར་གྱུར་ཅིགསརྦ་དཱ་ཀ་ལྱཱ་ཎི་བྷ་བ་ཏུ། །། །


previousབྲམ་ཟེ་ཕུར་བུའི་ལུགས་ཀྱི་དབྱངས་ཅན་དཀར་མོའི་སྒྲུབ་ཐབས་ཀྱི་ངག་འདོན་སྙིང་པོར་དྲིལ་བ་ཀུན་མཁྱེན་དགྱེས་པའི་ཞལ་ལུང་།next