Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བཅུ་གཉིས་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དབྱངས་ཅན་དཀར་མོའི་བསྙེན་སྒྲུབ་ལས་གསུམ་གྱི་ཡི་གེ་བློ་གྲོས་ཆུ་གཏེར་འཕེལ་བའི་ཟླ་གཞོན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདབྱངས་ཅན་དཀར་མོའི་བསྙེན་སྒྲུབ་ལས་གསུམ་གྱི་ཡི་གེ་བློ་གྲོས་ཆུ་གཏེར་འཕེལ་བའི་ཟླ་གཞོན།next

དབྱངས་ཅན་དཀར་མོའི་བསྙེན་སྒྲུབ་ལས་གསུམ་གྱི་ཡི་གེ་བློ་གྲོས་ཆུ་གཏེར་འཕེལ་བའི་ཟླ་གཞོན།

༄༅། །དབྱངས་ཅན་དཀར་མོའི་བསྙེན་སྒྲུབ་ལས་གསུམ་གྱི་ཡི་གེ་བློ་གྲོས་ཆུ་གཏེར་འཕེལ་བའི་ཟླ་གཞོན་ཞེས་བྱ་བ་བཞུགས་སོ། །ༀ་སྭསྟི་སིངྔྷི་ཧཱུྃ། གང་གི་རང་བཞིན་སྤྲོས་དང་བྲལ་ཡང་སྤྲོས་པ་ཅན་ལ་ཅིར་ཡང་སྟོན། །དོན་དམ་འཕགས་བཞི་བསྐྱེད་ཡུམ་གྱུར་ཀྱང་བཅུ་དྲུག་ལང་ཚོ་ཉམས་པ་མེད། །ཀུན་ཏུ་ཐུགས་རྗེའི་གྲིབ་མ་བསིལ་ཡང་རྨོངས་པའི་བུད་ཤིང་བསྲེག་མཛད་མ། །མཚོ་བྱུང་ལྷ་མོ་ནམ་ཡང་ཡིད་ཀྱི་དཔལ་དུ་འབྲལ་བར་མ་གྱུར་ཅིག །གང་གི་ཞབས་སེན་བསིལ་ཟེར་བྱེད་པའི་སྣང་བ་ཡིས། །རེག་པས་འདི་ན་བློ་མཆོག་ཀུ་མུ་ད་ཡི་ཁ། །ལེགས་བཞད་མཁས་ཚུལ་དགུ་ཡི་ཀེ་སར་ཆེར་མཛེས་པའི། །དམ་པའི་བཤེས་གཉེན་བརྒྱུད་པར་བཅས་ཀུན་ཕྱག་གི་གནས། གང་ལ་བརྟེན་ན་བློ་གྲོས་ཆུ་གཏེར་ཆེ། །ཆེས་ཆེར་འཕེལ་བའི་གདམས་ཟབ་ཟླ་གཞོན་མཆོག །རྣམ་དཔྱོད་ཡངས་པའི་མཁའ་ལ་དེང་འཆར་བས། སྐལ་བཟང་དོན་མཐུན་གྲོགས་རྣམས་དགའ་བར་མཛོད། །དེ་ཡང་རྨད་དུ་བྱུང་བའི་སློབ་དཔོན་ཆེན་པོ་རྒྱལ་སྲས་ཞི་བ་ལྷས། ཡན་ལག་འདི་དག་ཐམས་ཅད་ཀུན། །ཐུབ་པས་ཤེས་རབ་དོན་དུ་གསུངས། །དེ་ཡི་ཕྱིར་ན་སྡུག་བསྔལ་དག །ཞི་བར་འདོད་པས་ཤེས་རབ་བསྐྱེད། །ཅེས་དང་། དབུ་མ་བཞི་བརྒྱ་པ་ལས། མཐོང་དང་མ་མཐོང་ཡོན་ཏན་ནི། །ཀུན་གྱི་རྩ་བ་ཤེས་རབ་སྟེ། །ཞེས་གསུངས་པ་ལྟར་མངོན་པར་མཐོ་བ་དང་། ངེས་པར་ལེགས་པའི་ཡོན་ཏན་མཐའ་དག་གི་རྩ་བ་ནི་དྲི་མ་མེད་པའི་ཤེས་རབ་ཕུན་སུམ་ཚོགས་པ་ལ་རག་ལས་ཤིང་། སྤྱིར་ཤེས་རབ་ཀྱི་ངོ་བོ་ནི། བརྟག་བྱའི་དངོས་པོ་ལ་རྗེས་སུ་དམིགས་ནས་རང་དང་སྤྱིའི་མཚན་ཉིད་རབ་ཏུ་རྣམ་པར་འབྱེད་པའི་སེམས་པ་ས་བོན་དང་བཅས་པའོ། །ངེས་ཚིག་ནི། པྲ་ཛྙཱ་ཞེས་པའི་སྒྲ་ལས་དྲངས་ན། ལེགས་པར་ཤེས་པ་སྟེ་གང་ལ་དམིགས་པའི་ཡུལ་གྱི་མཚན་ཉིད་མ་ནོར་བར་ཁོང་དུ་ཆུད་པའོ། །དབྱེ་ན་ཡུལ་དང་ཡུལ་ཅན་གྱི་སྒོ་ནས་རྣམ་པ་དུ་མར་འགྱུར་བ་ལས། རེ་ཞིག་ཕྱི་ཐུན་མོང་གི་རིག་པའི་གནས་གཏན་ལ་འབེབས་པ་དང་། ནང་ཐུན་མོང་མ་ཡིན་པ་སྡེ་སྣོད་དང་རྒྱུད་སྡེའི་གནས་གཏན་ལ་འབེབས་པའི་ཤེས་རབ་རྣམ་པ་གཉིས་སུ་འདུ་ཞིང་། དེ་དག་བསྐྱེད་པར་བྱེད་པའི་ཐབས་ཀྱང་ཕྱི་ནང་གི་རིག་པ་དང་གཙུག་ལག་གི་གནས་རྒྱ་ཆེར་ཐོས་པ་དང་། ཚུལ་བཞིན་དུ་བསམ་པ་དང་། རྩེ་གཅིག་ཏུ་ཡིད་ལ་བྱེད་པ་དང་། ཐོས་པ་འཛིན་པ་དང་། གཞན་ལ་སྟོན་པ་དང་། གླེགས་བམ་དང་དེ་ལ་ཉེ་བར་མཁོ་བའི་ཡོ་བྱད་སྦྱིན་པ་སོགས་ཐུན་མོང་བའི་ཐབས་རྒྱ་ཆེར་གསུངས་པ་རྣམས་ལས་མཆོག་ཏུ་གྱུར་པ་ནི། ཤེས་བྱ་ཐམས་ཅད་ལ་དབང་འབྱོར་བར་བྱེད་པ་གཟུངས་ཀྱི་སྒོ་བསྒྲུབ་དགོས་ཤིང་། དེ་ལའང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལས། ཨ་ར་པ་ཙ་ན་ལ་སོགས་པ་བསྒོམས་པས་དེའི་དོན་ལ་བཟོད་པ་སྐྱེ་བ་ནི་བཟོད་པའི་གཟུངས་སོ། །དེ་ལ་བརྟེན་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔས་བསྟན་པའི་ཆོས་ཀྱི་ཕུང་པོ་འཛིན་པའི་རྒྱུར་གྱུར་པ་ནི་ཆོས་ཀྱི་གཟུངས་སོ། །དེའི་སྟོབས་ཀྱིས་ཆོས་ཐམས་ཅད་ཀྱི་དོན་རྟོགས་པ་ནི་དོན་གྱི་གཟུངས་སོ། །དེ་ནས་སེམས་ཅན་ཡོངས་སུ་བསྡུ་བའི་ཕྱིར་ཆོས་ཐམས་ཅད་སྟོན་པ་དང་སྔགས་སྦྱོར་བ་དོན་ཡོད་པ་ལ་དབང་བ་ནི་སྔགས་ཀྱི་གཟུངས་སོ། །ཞེས་རྣམ་པ་བཞིར་གསུངས་པ་ཇི་བཞིན་དུ་འགྲུབ་པ་ནི་འཕགས་པ་ས་ཆེན་པོ་ལ་གཏོགས་པ་རྣམས་ཀྱི་སྤྱོད་ཡུལ་ཡིན་ཀྱང་། དེའི་ཉེར་ལེན་དུ་གྱུར་པ་དང་། ཆ་ཤས་ཅི་རིགས་པ་ཟབ་མོའི་རྣལ་འབྱོར་དང་རིག་སྔགས་ཀྱི་མཐུ་ལ་བརྟེན་ནས་ལས་དང་པོ་པས་ཀྱང་དཀའ་བ་མེད་པར་བདེ་བླག་ཏུ་སྒྲུབ་ནུས་པ་ལ་དགོངས་ནས། སྟོན་པ་བླ་ན་མེད་པས་རྡོ་རྗེ་ཐེག་པའི་རྒྱུད་སྡེ་རིན་པོ་ཆེ་རྣམས་སུ་ཤེས་རབ་རྒྱས་པར་བྱེད་པའི་ལྷ་སྔགས་ཀྱི་རིམ་པ་ཇི་སྙེད་ཅིག་གསུངས་པ་རྣམས་ཀྱི་ནང་ནས་ཆེས་ཆེར་བསྔགས་པ་རྗེ་བཙུན་འཇམ་པའི་དབྱངས་དང་། འཕགས་མ་དབྱངས་ཅན་མ་གཉིས་སུ་ངེས་ཤིང་། དེ་ལས་ཀྱང་ཕྱི་མ་ནི་ཕྱི་ནང་གི་གདུལ་བྱ་རིས་སུ་མ་ཆད་པ་སྐྱོང་ཞིང་རྗེས་སུ་འཛིན་པའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པའི་བདག་ཉིད་ཅན་ཏེ། དེ་ཡང་རིགས་བྱེད་ཀྱི་གཏམ་རྒྱུད་ལས་འབྱུང་བ་ལྟར་ན། སྔོན་གྱི་ཚེ་ཚངས་པ་ཆེན་པོའི་ཞལ་ལས་ཆུའི་ཕུང་པོ་ཞིག་བྱུང་བ་འཛམ་གླིང་གི་ལྷོ་ཕྱོགས་སུ་འཁྱིལ་བ་ལ་ཡིད་ཀྱི་རོལ་མཚོ་ཞེས་གྲགས་ཤིང་། དེ་ལས་རྦ་རླབས་ཀྱི་གདངས་ལས་སྭ་ར་སྭ་སྟཱི་ཞེས་པའི་དབྱངས་སྙན་ཕུན་སུམ་ཚོགས་པ་ཞིག་བྱུང་བ་ནི་ཡུམ་དང་། ཚངས་པ་ཆེན་པོ་དེ་ལ་ཆགས་པའི་ཐུགས་ཀྱིས་གསན་པ་ཡབ་ཀྱི་དོད་དུ་བྱས་ཏེ། རྒྱ་མཚོ་དེ་ལོ་སྟོང་དུ་བསྲུབས་པའི་སྙིང་པོ་ལས་བྱུང་བས་ན་དབྱངས་ཅན་མ་ཞེས་གྲགས་ལ། དེང་སང་ཡང་གནས་དེར་དྲི་ཟ་ཏུམ་བུ་རུའི་ཆུང་མའི་ཚུལ་དུ་མཛད་ནས་བཞུགས་པར་བཤད་དེ། བྲམ་ཟེ་ཕུར་བུས། བིཥྞུའི་གཟུགས་ཅན་ཏུམ་བུ་རུ་ལ་དགའ་བ་སྐྱེད་ཚུལ་འཛིན་མ། ཞེས་གསུངས། ནང་པ་སངས་རྒྱས་པའི་དབང་དུ་བྱས་ན། ཟ་མ་ཏོག་བཀོད་པའི་མདོའི་ལེའུ་དང་པོ་ལས། རིགས་ཀྱི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཞེས་བྱ་བ་རིག་པ་དང་རྐང་པར་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སྔོན་འཇིག་རྟེན་དུ་བྱུང་བར་གྱུར་ཏོ། །དེའི་ཚེ་དེའི་དུས་ན་ང་ནི་སྤོས་ཀྱི་ཚོང་པའི་བུར་གྱུར་ཏེ། དེའི་ཚེ་ངས་དེ་བཞིན་གཤེགས་པ་རྣམ་པར་གཟིགས་ལས་སྤྱན་རས་གཟིགས་ཀྱི་དབང་པོའི་ཡོན་ཏན་བརྗོད་པ་ཐོས་སོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོའི་ཡོན་ཏན་བརྗོད་པ་ཇི་སྐད་དུ་གསན། བཀའ་སྩལ་པ། མིག་ལས་ནི་ཉི་མ་ཟླ་བ་བྱུང་། དཔྲལ་བ་ལས་དབང་ཕྱུག་ཆེན་པོ། ཕྲག་པ་ལས་ཚངས་པ། སྙིང་ལས་ནི་མཐུ་བོ་ཆེ། མཆེ་བ་གཉིས་ལས་ནི་ལྷ་མོ་དབྱངས་ཅན། ཁ་ལས་ནི་རླུང་ལས་སྐྱེས་པ་རྣམས་བྱུང་། རྐང་པ་ལས་ནི་ས། ལྟོ་བ་ལས་ནི་ཆུ་ལྷ་རྣམས་བྱུང་བར་གསུངས་པ་བཞིན། བསྟོད་པ་ལས་ཀྱང་། སྤྱན་རས་གཟིགས་དབང་མཆེ་བའི་རྩེ་ལས་མངོན་སྤྲུལ་ཞིང་། །ཞེས་གསུངས། དོན་དམ་པར་འཕགས་བཞི་བསྐྱེད་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཉིད་གང་ལ་གང་འདུལ་གདུལ་བྱའི་མོས་ངོར་ངོ་མཚར་མཚན་དཔེའི་རྣམ་རོལ་དུ་འཕྲུལ་བ་སྟེ། མདོ་སྡེ་གསེར་འོད་དམ་པའི་ལེའུ་བཅོ་ལྔ་པ་ལས། ཕྱག་འཚལ་བཅོམ་ལྡན་དབྱངས་ཅན་མཆོག །བྱང་ཆུབ་ཆེན་མོ་དབྱངས་ཅན་མཆོག །འཕགས་པ་རང་རྒྱལ་དབྱངས་ཅན་མཆོག །ཟུང་བཞི་ཡ་བརྒྱད་དབྱངས་ཅན་མཆོག །བདེན་པ་བཞི་གསུང་དབྱངས་ཅན་མཆོག །ཡང་དག་གཟིགས་སོགས་དབྱངས་ཅན་མཆོག །ཞེས་སོགས་གསུངས་པས་མཚོན་མདོ་དང་། འཇམ་དཔལ་རྩ་བའི་རྒྱུད། འཇམ་དཔལ་དཔའ་བོ་གཅིག་གྲུབ། མཁའ་འགྲོ་རྒྱ་མཚོ་རྡོ་རྗེ་གུར་དགྲ་ནག་གི་རྒྱུད་ལ་སོགས་པའི་རྒྱུད་སྡེ་དུ་མ་ནས་འདིའི་ལྷ་དང་། སྔགས་དང་། མཚན་ལ་སོགས་པ་མི་འདྲ་བ་ཅི་རིགས་པར་བསྟན་པ་བཞིན། གྲུབ་པའི་སློབ་དཔོན་སོ་སོ་ལ་བཀའ་བབས་པའི་ལུགས་སྲོལ་མི་འདྲ་བ་དུ་མ་ཞིག་ཡོད་དེ། འཕགས་མས་དངོས་སུ་རྗེས་སུ་བཟུང་བས་ངག་གི་དབང་ཕྱུག་གྲུབ་ཅིང་། ཀུ་རུ་ཀུལ་ལེའི་རིགས་སྔགས་ཀྱི་མཐུས་ཀླུ་ཡི་རྒྱལ་པོ་ནོར་རྒྱས་ཀྱི་བུ་ཡང་དངོས་སུ་འགུགས་ཤིང་བསྐྲོད་པར་ནུས་པའི་གྲུབ་པའི་སློབ་དཔོན་ཆེན་པོ་བྲམ་ཟེ་ཕུར་བུ་ནས་རིམ་པར་བརྒྱུད་དེ་སུམ་པ་ལོ་ཙཱ་བས་བོད་དུ་དར་བར་མཛད་པའི་དབྱངས་ཅན་དཀར་མོ་བྲམ་ཟེ་ཕུར་བུའི་ལུགས་ཞེས་ཡོངས་སུ་གྲགས་པ་རིང་བརྒྱུད་དང་། དེ་ལ་བརྟེན་ནས་དཔལ་བསམ་ཡས་པ་ཀུན་མཁྱེན་ངག་གི་དབང་པོ་འཕགས་མའི་ཡེ་ཤེས་ཀྱི་སྐུས་མངོན་སུམ་དུ་རྗེས་སུ་བཟུང་ཞིང་ཕྱག་མཐིལ་དུ་བཞག་ནས་གླིང་བཞི་རི་རབ་དང་བཅས་པ་ཞག་བདུན་དུ་བསྟན་པའི་གཟིགས་སྣང་ལ་བརྟེན་ནས་ས་ཡི་སྟེང་ན་འགྲན་ཟླ་དང་བྲལ་བའི་ཐམས་ཅད་མཁྱེན་པའི་གནས་ལ་བདག་གིར་མཛད་ནས། ཐེག་མཆོག་སེང་གེའི་སྒྲ་དབྱངས་ཕྱོགས་ཐམས་ཅད་དུ་འཇིགས་པ་མེད་པར་སྒྲོག་པར་མཛད་པ་ལས་འོང་བའི་ཉེ་བརྒྱུད་ཐུན་མིན་དང་། བོ་དོང་པཎྜི་ཏ་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་ལ་ལྷ་མོ་ཉིད་ཀྱིས་ཞལ་བསྟན་པས་སྤོབས་པའི་གཏེར་མཛོད་ཆེན་པོ་གྲོལ་ཏེ། དེ་ཉིད་འདུས་པ་ལ་སོགས་པའི་བསྟན་བཅོས་གླེགས་བམ་བརྒྱ་ཕྲག་ཐལ་བ་གསུང་རྩོམ་གནང་བ་སོགས་བསྟན་པ་ཉིན་མོ་ལྟར་གསལ་བར་མཛད་པ་དེ་ལས་བརྒྱུད་པའི་དབྱངས་ཅན་དཀར་མོ་བོ་དོང་ལུགས་སུ་གྲགས་པ་བཅས་མ་བུ་གསུམ་དང་། འཕགས་ཡུལ་གྱི་སློབ་དཔོན་ས་མནྟ་ཤྲཱི་ལས་བརྒྱུད་པའི་གདམས་པ། ཐུགས་སྲས་ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ་ལ་བཀའ་བབས་པ་ས་མནྟ་ཤྲཱིའི་ལུགས་དང་། གཤིན་རྗེ་གཤེད་དགྲ་ནག་གི་རྒྱུད་ཀྱི་རྗེས་སུ་འབྲངས་ནས་ཁ་ཆེའི་པཎྜི་ཏ་བིཀྵ་ས་ར་མ་སོགས་ལས་ཉེ་བར་བརྒྱུད་པ་དབྱངས་ཅན་དམར་མོ་གསང་སྒྲུབ་ཀྱི་སྐོར་དང་། གཞན་ཡང་སྒྲུབ་ཐབས་རྒྱ་མཚོ་སོགས་ནས་འབྱུང་བའི་གདམས་སྐོར་དང་། ཤིན་ཏུ་ཟབ་པ་ཨོ་རྒྱན་དུས་གསུམ་མཁྱེན་པའི་ཞལ་ལུང་ཟབ་གཏེར་ལས་བྱོན་པ་སོགས་མང་དུ་བཞུགས་ཤིང་། ཚར་ཆེན་བློ་གསལ་རྒྱ་མཚོས་ཞག་བདུན་དུ་བསྒྲུབས་པས་མེ་ཏོག་དཀར་པོའི་ཆར་བབས་ཤིང་དངོས་སུ་ཞལ་གཟིགས་པས་སྙན་ངག་རྩོམ་པ་ལ་ཐོགས་མེད་དུ་གྱུར་པ་དང་། རྒྱལ་བ་དགེ་འདུན་རྒྱ་མཚོས་བསྒྲུབས་པས་ཞལ་དངོས་སུ་བསྟན་ནས་ཇ་སྦྱོར་རེའི་ཡུན་ལ་ཤླཽ་ཀ་བརྒྱ་རེ་ཙམ་ཟིན་པའི་ཐུགས་རབ་ཕུན་སུམ་ཚོགས་པ་བྱུང་བ་སོགས་གྲུབ་མཐའ་རིས་མེད་ཀྱི་སྐྱེས་ཆེན་ཕལ་མོ་ཆེ་ལྷག་པའི་ལྷ་མོ་འདི་ཉིད་ལ་བརྟེན་ནས་དངོས་གྲུབ་བརྙེས་པ་ཤ་སྟག་ཡིན། དེས་ན་བྱིན་རླབས་ཀྱི་ཚན་ཁ་གཞན་ལས་ཁྱད་པར་དུ་འཕགས་པའི་བཀའ་སྲོལ་ཇི་སྙེད་ཅིག་བཞུགས་པ་དེ་དག་ཀུན་གྱི་ནང་ནས། རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་མཐོ་ཞིང་འགྲན་ཟླ་ཐམས་ཅད་དང་བྲལ་བ་ནི། ཀུན་མཁྱེན་ཆེན་པོའི་ཉེ་བརྒྱུད་ཐུན་མོང་མ་ཡིན་པ་ཉིད་ཡིན་པས། འདིར་དེ་ཉིད་རྩ་བར་བཟུང་། རིང་བརྒྱུད་ཕུར་བུའི་ལུགས་དང་བོ་དོང་འཇིགས་བྲལ་ཆེན་པོའི་མན་ངག་གི་ཟབ་བཅུད་སོགས་ཀྱིས་ཟུར་བརྒྱན་ཏེ་བཤད་པར་བྱའོ། །དེ་ལ་སྒྲུབ་ཐབས་རྩ་བ་འོད་ཀྱི་དྲྭ་བ་ལས། རྗེས་གནང་སྒྲུབ་ཐབས་གེགས་སེལ་དང་། །ལས་སུ་སྦྱར་དང་རྣམ་པ་བཞི། །ལྷ་མོ་སྐལ་བཟང་དབྱངས་ཅན་གྱི། །ཡོངས་སུ་སྒྲུབ་པ་བསྟན་པ་ཡིན། །ཞེས་གསུངས་པ་ལྟར་བཞི་ལས། དང་པོ་བློ་གྲོས་མཆོག་སྟེར་འཕགས་མ་དབྱངས་ཅན་གྱི་རྗེས་སུ་གནང་བའི་ཆོ་ག་ནི། གནས་དབེན་པར་མཎྜལ་ལེགས་པར་བྲིས་ཏེ་མཆོད་པ་བཤམས་ལ། སློབ་དཔོན་ལྷ་མོའི་སྐུར་གསལ་བའི་ཐུགས་ཀའི་འོད་ཟེར་གྱིས་ལྷོ་ཕྱོགས་རྒྱ་མཚོའི་ནང་ནས་དབྱངས་ཅན་མའི་འཁོར་ལོ་སྤྱན་དྲངས་ལ། མདུན་གྱི་འཁོར་ལོ་ལ་བསྟིམས་ཏེ་མཆོད་ནས་སློབ་མའི་གྲངས་དང་མཉམ་པའི་མར་མེ་འཁོར་ལོའི་སྟེང་དུ་བཀོད་པའི་འོག་ཏུ་སློབ་མ་རྣམས་ཁྲུས་བྱས་ཏེ་གྲལ་ལ་འཁོད། བགེགས་བསྐྲད། ལྷ་མོ་འཁོར་དང་བཅས་པར་བསྒོམ་དུ་བཅུག་སྟེ། མདུན་གྱི་མར་མེ་དབྱངས་ཅན་མའི་འཁོར་ལོར་བསམ་ལ། དབྱངས་ཡིག་བརྗོད་ཅིང་ཟར་བཅུག་པས་ངག་གི་དངོས་གྲུབ་ཐོབ་པར་བསམ། དེ་ནས་རྡུལ་ཚོན་རྣམས་གཡོན་པའི་སྲིན་ལག་གིས་གང་ལ་རེག་པའི་ཡི་གེ་དེའི་མིང་ནས་བརྗོད་ཅིང་། སློབ་མའི་དཔྲལ་བ། མགྲིན་པ། སྙིང་ག་རྣམས་སུ་བྱུགས་པས་ལུས་ངག་ཡིད་གསུམ་ནུས་པ་དང་ལྡན་ཞིང་དབྱངས་ཅན་མར་དངོས་སུ་བསམས་ལ་གསལ་བཏབ་པས་ཡེ་ཤེས་པ་ཕེབས་པར་འགྱུར་རོ། །གལ་ཏེ་ཡེ་ཤེས་མ་ཕེབས་ན་སྙིང་གའི་ཡི་གེ་རྣམས་འདར་ཞིང་གཡོ་བ་ལ་སེམས་འཛིན་དུ་བཅུག་པས་མི་ཕེབས་པ་མི་སྲིད་དོ། །ཡེ་ཤེས་ཕེབས་པའི་རྟགས་གསུམ་ལས་ལུས་བདེ་ཞིང་འཕར་བ་སོགས་དང་། ངག་དགོད་ཅིང་སྨྲ་བ་སོགས་དང་། ཡིད་གསལ་ཞིང་དྭངས་པ་ལ་སོགས་ཏེ། སྐུ་གསུང་ཐུགས་གསུམ་གྱི་བྱིན་རླབས་ཞུགས་པའི་རྟགས་ཡིན་ནོ། །ཞེས་གསུངས་པའི་དོན་བརྒྱུད་པའི་མན་ངག་གིས་ཁ་བསྐོང་བ་དང་བཅས། རྩོད་དུས་ཀྱི་ཐམས་ཅད་མཁྱེན་པ་རྗེ་གཏེར་ཆེན་བླ་མའི་ཞལ་སྔ་ནས་སྩལ་པའི། སྒྲུབ་ཐབས་རིན་པོ་ཆེ་འདོད་པ་འཇོ་བའི་བུམ་བཟང་དུ་བཞུགས་པ་ལས་ཤེས་པར་བྱའོ། །གཉིས་པ་དངོས་གྲུབ་སྒྲུབ་པའི་ཐབས་བསྙེན་པ་ཇི་ལྟར་བྱ་བའི་ཚུལ་ལ་གསུམ། དང་པོ་སྦྱོར་བ་ནི། ཇི་སྐད་བཤད་པའི་རྗེས་གནང་ཐོབ་ཅིང་དམ་ཚིག་དང་སྡོམ་པ་ལ་གནས་པས། ར་བ་བཞིའི་ཡར་ངོའི་ཚེས་བརྒྱད་སོགས་ཚེས་གྲངས་གཟའ་སྐར་སྦྱོར་བྱེད་དེ་ཡན་ལག་ལྔའི་འབྲས་བུ་མཆོག་ཏུ་དགེ་བའི་སྔ་དྲོའི་ཆར། གནས་ཁང་གཙང་ཞིང་དབེན་པར་ཕྱག་དར་ལེགས་པར་བྱས། འཕགས་མའི་བྲིས་སྐུ་ཡོད་ན་དགྲམ། བ་དཀར་དམར་གང་རུང་ལས་བྱུང་བའི་དཀར་གསུམ་སྦྲང་དཀར་ནས་དཀར་ལས་བཅོས་པའམ། འབགས་མ་ཤོར་བའི་ཕྱེ་ཕུད་གཙང་མ་ལས་གཏོར་མ་དཀར་ཟླུམ་གཉིས་དང་མཆོད་པ། ཉེ་ལོགས་ཅི་བདེར་ཆངས་བུའི་གཏོར་མ་དང་། ཆ་གསུམ་བཅས་བཤམས། སྒྲུབ་པ་ལ་འཇུག་ཁར་ཚོགས་བསགས་རིམ་གྲོ་དག་གྲུབ་ན་བྱ། རྣམ་འཇོམས་སྨེ་བརྩེགས་སོགས་བཟླས་པའི་བུམ་ཆུས་ཁྲུས་བྱ། འདི་ཐུན་མཚམས་རྣམས་སུ་གྲུབ་ན་ལེགས། རྣམ་འཇོམས་སྨེ་བརྩེགས་སོགས་ཀྱི་བཟླས་པའང་ཅི་རིགས་བྱ། འཛོམས་ཤིང་ནུས་ན་ལུས་རིལ་པོར་ཁྲུས་ལན་གསུམ་བྱ། རླན་མ་བྲལ་བ་ལ་དྲི་བཟང་གི་ཆུས་ལུས་ཐམས་ཅད་བྱུགཁ་དྲི་ཞིམ་པོས་བགོ །དར་རམ་རས་དཀར་པོའི་གོས་གཙང་མ་སྔར་ལོངས་མ་སྤྱད་པ་གྱོན། རས་དཀར་པོ་གཙང་མའི་གདན་སྟེང་དུ་འབྲས་དཀར་པོའི་པདྨ་འདབ་བརྒྱད་ཟླ་གདན་དང་བཅས་པ་བྲི། དེའི་སྟེང་དུ་ཀུ་ཤ་གསར་པ་རྩེ་མོ་ནང་དུ་བསྟན་པ་དགྲམ། གང་ལྟར་ཡང་ཁྲུས་དང་གཙང་སྦྲ་ལ་གནས་པས་ཆ་གསུམ་བཏང་ལ་མཚམས་བཅད། གཉིས་པ་དངོས་གཞི་སྒྲུབ་པའི་ཐབས་ནི། མདུན་གྱི་ནམ་མཁར་སྐྱབས་ཡུལ་རྣམས་གསལ་བར་དམིགས་ཏེ། འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རྟག་པར་བདག་ནི་སྐྱབས་སུ་མཆི། །ཞེས་མང་དུ་བརྗོད་ལ་སྐྱབས་སུ་འགྲོ། ཤེས་རབ་སྙིང་བརྩེ་དང་བཅས་པའི། །བརྩོན་པས་སེམས་ཅན་དོན་དུ་བདག །སངས་རྒྱས་མདུན་དུ་གནས་བཅས་ཏེ། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་བགྱི། །ཞེས་ལན་གསུམ་གྱིས་སེམས་བསྐྱེད། སྤྲོ་ན། རང་སྐད་ཅིག་གིས་སྒྲ་དབྱངས་ལྷ་མོ་དབྱངས་ཅན་མར་གསལ་བའི་ཐུགས་ཀའི་ཧྲཱིཾཿལས་འོད་ཟེར་ཟླ་བ་ཤར་བ་ལྟ་བུ་འཕྲོས་པས། རང་བཞིན་གྱི་གནས་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལྷ་མོ་དབྱངས་ཅན་མ་འཁོར་དང་བཅས་པའི་རྣམ་པར་མདུན་གྱི་ནམ་མཁར་ༀ་བཛྲ་ས་མཱ་ཛཿས་ཚོགས་ཞིང་སྤྱན་དྲངས། སྭཱ་ར་སྭ་ཏཱི་ས་པ་རི་ཝཱ་རེ་ན་མཱ་མི། ཞེས་པས་ཕྱག་བྱ། ༀ་སྭཱ་ར་སྭ་ཏཱི་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤཔྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། སོགས་ལན་གསུམ་གྱིས་སྡོམ་པ་བཟུང་བ་རྣམས་ཀྱིས་བསོད་ནམས་ཀྱི་ཚོགས་བསགས་ལ་ཚོགས་ཞིང་རང་ལ་བསྟིམ། གང་ལྟར་ཡང་ཚད་མེད་བཞི་བསྒོམ་རྗེས། ཡེ་ཤེས་ཀྱི་ཚོགས་བསགས་པའི་སླད་དུ། ༀ་སྭ་བྷཱ་བ་ཤུདྡྷཿསརྦ་ངྷརྨཱཿསྭ་བྷཱ་བ་ཤུངྔྷོ྅་ཧཾ། ཞེས་བརྗོད་པས་འཁོར་འདས་ཀྱི་ཆོས་ཐམས་ཅད་འོད་གསལ་སྟོང་ཉིད་ནམ་མཁའི་དབྱིངས་ལྟ་བུར་གྱུར་བར་བསམས་ལ་ཅུང་ཟད་མཉམ་པར་བཞགདེ་ནས་ཚོགས་གཉིས་ཀྱི་རང་འབྲས་སྒྱུ་མ་ལྟ་བུའི་ལྷའི་འཁོར་ལོ་བསྒོམ་པ་ནི། སྟོང་པའི་ངང་ལས་གནས་ཁང་ལྷ་དང་དྲང་སྲོང་དྲི་ཟ་གྲུབ་པའི་ཚོགས་ཀྱིས་བསྟེན་པའི་གཞི། རི་བོ་ནགས་ཚལ་སྨན་ལྗོངས་ཉམས་དགའ་བའི་དབུས་སུ་འོ་མའི་རྒྱ་མཚོ་དཀར་ལ་དྭངས་པའི་ནང་དུ་པཾ་ལས་པདྨ་དཀར་པོ་སྡོང་བུ་དང་བཅས་པའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་སེམས་ཉིད་ཀྱི་ངོ་བོ་ཧྲཱིཾཿདཀར་པོ་ཡོངས་སུ་གྱུར་པ་ལས། རང་ཉིད་ལྷ་མོ་དབྱངས་ཅན་མ་སྐུ་མདོག་དཀར་མོ་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ཕྱག་གཉིས་བཻཌཱུརྱའི་པི་ཝང་རྒྱུད་སྟོང་དང་ལྡན་པ་སྦྲེང་{སྒྲེང}ཞིང་ཞལ་འཛུམ་པའི་མདངས་དང་ལྡན་པ། སྐུ་སྨད་ལ་ལྷའི་གོས་སྣ་ཚོགས་པ་གསོལ་ཞིང་། སྐུ་སྟོད་ལ་དར་དཀར་པོའི་ན་བཟའ་ནོར་བུ་དང་མེ་ཏོག་གི་དྲྭ་བས་གཡོགས་པས་ཁེབས་པ། དབུ་སྐྲ་སིལ་བུ་གཡོན་དུ་འཕྱང་ཞིང་ཟླ་བ་ཚེས་པས་སྤྱི་གཙུག་བརྒྱན་པ། འོད་ཟེར་མུ་མེད་པ་འཕྲོ་ཞིང་ཟླ་བའི་རྒྱབ་ཡོལ་ལ་བརྟེན་ནས་ཞབས་གཉིས་ཙོག་པུའི་ཚུལ་གྱིས་བཞུགས་པ། སྣང་ལ་རང་བཞིན་མེད་པའི་སྐུ་ཅན་དུ་གསལ་བའི་སྙིང་མགོ་མཐུར་དུ་འཕྱངས་པ་བློས་གྱེན་དུ་བསླངས་པའི་ནང་དུ་ཟླ་བའི་དཀྱིལ་འཁོར་ཉ་གང་བ། དེའི་དབུས་སུ་ༀ་དཀར་པོ་ནཱ་ད་དང་བཅས་པ་ལས་འོད་ཟེར་དཀར་པོ་སྟོན་ཟླའི་བསིལ་ཟེར་ལྟ་བུ་སྣ་བུག་གཡས་ནས་རླུང་ཕྱིར་ལྡང་བ་དང་ལྷན་ཅིག་ཏུ་ཐོན། ལྷོ་ཕྱོགས་ཡིད་ཀྱི་རོལ་མཚོ་རིན་པོ་ཆེའི་ཁང་བཟང་ནང་གི་བསྒོམས་པ་ལྟ་བུའི་འཕགས་མ་དབྱངས་ཅན་མ་བཞུགས་པའི་ཤངས་བུག་གཡོན་ནས་ཞུགས། ཐུགས་ཀའི་འཁོར་ལོ་ལ་རེག་པས་ཡེ་ཤེས་སེམས་དཔའི་ངོ་བོ་འཁོར་ལོར་ཤར་བ་ཤངས་བུག་གཡས་ནས་ཐོན། སྟོན་ཀའི་ཟླ་བ་ཤར་བ་ལྟར་མདུན་གྱི་ནམ་མཁར་བྱོན་པར་གྱུར་པ་ལ། གློ་བུར་དུ་བྱུང་བའི་ལྷ་མོ། མེ་ཏོག་དང་། བདུག་པ་དང་། མར་མེ་དང་། བྱུག་སྤོས་ཐོགས་པ་རྣམས་ཀྱིས་གང་བར་བསྒོམ་ཞིང་། ༀ་པྲྀ་ཏཱི་དེ་བཱི་དཱི་བྱ་པུཥྤེ་ཧཱུྃ། དེ་བཞིན་དུ། དྷཱུ་པེ་གནྡྷེེ་ནཻ་བི་དྱ། ཨཱ་ལོ་ཀེ་བི་ལེ་པ་ནི་ཧཱུྃ། ཞེས་སྦྱར་བའི་སྔགས་རྣམས་རིམ་པ་བཞིན་ཤུབ་བུར་བརྗོད་པས། མེ་ཏོག་གི་ཆར་དབབ། བདུག་སྤོོས་ཀྱིས་བདུགམར་མེས་སྣང་བ་གསལ་བར་བྱས། བྱུག་སྤོས་ཀྱིས་བྱུགས་པས་འཁོར་ལོར་ཚིམ་པར་བསམ་ཞིང་མཆོད་དོ། །མཆོད་པས་མཉེས་པར་གྱུར་ཏེ། ༀ་པྲྀ་ཏཱི་དེ་བཱི་མེ་ཧྲཱིཾཿཥྚི་ཏིཥྛཧྲཱིཾཿཞེས་ཤུབ་བུར་བརྗོད་ཅིང་སྣ་བུག་གི་རླུང་ནང་དུ་རྔུབ་པ་དང་ལྷན་ཅིག་ཏུ། འཁོར་ལོ་འོད་དུ་ཞུ་བ་རང་གི་སྣ་བུག་གཡོན་ནས་ཞུགས་ཏེ་ཐུགས་ཀའི་ༀ་དང་འདྲེས། དེ་ཡོངས་སུ་གྱུར་པ་ལས་སྙིང་པདྨ་འདབ་བརྒྱད་མཆོག་ཏུ་དཀར་ཞིང་འཚེར་བའི་ལྟེ་བར་ཟླ་བ་ལ་ཧྲཱིཾཿཔད་འདབ་བརྒྱད་ལ་མདུན་ནས་བརྩམས་ཏེ་གཡས་བསྐོར་དུ། ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿཞེས་པའི་དབྱངས་ཡིག་གཉིས་གཉིས་མར་མེའི་ཕྲེང་བ་ལྟར་འབར་བའི་འོད་ཀྱིས་མི་ཤེས་པའི་མུན་པ་ཐམས་ཅད་བསལ། སྤྱི་བོ་ནས་རྐང་མཐིལ་གྱི་བར་ཐམས་ཅད་འཁོར་ལོ་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་རྩིས་མེར་གྱིས་ཁེངས་པས་ལུས་ངག་ཡིད་གསུམ་བདེ་བ་ཆེན་པོས་ཁྱབ་པར་བསམ་ལ་ལྷར་སྣང་སྒྱུ་མ་ལྟ་བུ་ལ་སེམས་འཛིན། དེའང་སྐུའི་རྣམ་འགྱུར་རེ་རེ་དང་རྫོགས་པར་གསལ་བཏབ་ནས་རྩ་བའི་སེམས་འཛིན་བྱ། མདུན་དུ་བྲིས་སྐུ་མཚར་ཞིང་ཡིད་དུ་འོང་བ་དགྲམ་པ་ལ་བལྟས་ནས་གསལ་སྣང་བསྒྲུབས་པས་བོགས་འདོན། ལྷོ་ཕྱོགས་རྒྱ་མཚོའི་འགྲམ་ནས་ལྷ་མོ་འཁོར་བཅས་བྱོན་ཏེ་མདུན་དུ་བཞུགས་པར་བསམས་ནས་མངོན་སུམ་ལྟ་བུའི་ངེས་ཤེས་སྐྱེས་སྐྱེས་སུ་བསྒོམ། དེ་ཉིད་རང་ལ་བསྟིམས་ནས་རང་ལྷ་མོ་དངོས་སུ་གྱུར་པར་བསམས་ལ་བྱིན་རླབས་ཀྱི་སྟོབས་ལ་སེམས་འཛིན། དེ་འདྲ་ཡང་ནས་ཡང་དུ་བྱས་པས་བྱིང་ན་རང་ལུས་གངས་རི་ལྟར་དཀར་པ། ཆུ་ཤེལ་ལྟར་གསལ་བ། དབང་པོའི་གཞུ་ལྟར་དྭངས་པ། འོད་དང་འོད་ཟེར་མཐའ་ཡས་པ་འཕྲོ་བ་ཡང་དང་ཡང་དུ་བསྒོམ་པར་བྱའོ། །རབ་ཏུ་རྒོད་ན་སྙིང་གི་ཆུ་ཤེལ་གྱི་སྟེང་གི་ཧྲཱིཾཿཡིག་ལ་དམིགས་པ་གཏད་དེ་བསྒོམ། ཡང་སྣ་རྩེའི་རླུང་འགྲོ་འོང་ལ་སེམས་གཏད་དེ་འབད་རྩོལ་མེད་པར་ལྷན་ནེར་བཞག་སྟེ་བསྒོམས་པས་སེལ། དེ་ལྟར་རྒྱུན་བསྲིངས་པས་གསལ་སྣང་རགས་ཕྲ་མཐར་ཕྱིན་པ་ན་ལྷ་མོ་དབང་པོའི་མངོན་སུམ་དུ་མཐོང་བར་འགྱུར་རོ་ཞེས་བོ་དོང་འཇིགས་བྲལ་ཆེན་པོའི་མན་ངག་ལས་སོ། །དེས་སྐྱོན་བཟླས་པ་བྱ་བ་ནི། འཁོར་ལོའི་དབུས་ཀྱི་ཧྲཱིཾཿལས་ཧྲཱིཾཿཡིག་གི་ཕྲེང་བ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱུང་བ་ཞལ་ནས་ཐོན། ལྟེ་བ་ནས་ཞུགས་ཏེ་ཧྲཱིཾཿལ་ཐིམ། སླར་ཡང་མགལ་མེ་ལྟར་འཁོར་བའི་འོད་ཀྱིས་སྙིང་གི་མུན་པ་ཐམས་ཅད་བསལ། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། ཉན་ཐོས་དང་རང་སངས་རྒྱས། མཁས་པ་པཎྜི་ཏ། ཉི་མ་ཟླ་བ། སྨན་དང་ནགས་ཚལ། ཚངས་པ་དང་བརྒྱ་བྱིན་འཁོར་ལོས་སྒྱུར་བ་ལ་སོགས་མདོར་ན་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་མཁྱེན་བརྩེ་ནུས་པའི་ཡེ་ཤེས་དང་ཚེ་དང་བསོད་ནམས། སྟོབས་དང་གཟི་བརྗིད། བདེ་ལེགས་ཀྱི་ཡོན་ཏན་ཐམས་ཅད་བསྡུས་ནས་སྙིང་གའི་སྔགས་ཕྲེང་ལ་ཐིམ། དེ་ལས་བྱུང་བའི་འོད་ཟེར་གྱི་དྭངས་མ་ཧྲཱིཾཿཡིག་ལ་ཐིམ་པས་བདག་ཉིད་སྲིད་པ་དང་ཞི་བའི་ནུས་མཐུ་ཕུན་སུམ་ཚོགས་པ་དང་ལྡན་ཅིང་། ཁྱད་པར་འཆད་རྩོད་རྩོམ་གསུམ་དང་གཟུངས་དང་སྤོབས་པ་སོགས་ཡིད་ལ་ཇི་ལྟར་འདོད་པའི་ཤེས་རབ་དེ་ཉིད་བསྡུས་ཏེ། སྙིང་གའི་ཧྲཱིཾཿལ་ཐིམ་པས་གང་འདོད་པའི་ཤེས་རབ་ཀྱི་མཐུ་ཕུལ་དུ་བྱུང་བས་ལུས་ངག་ཡིད་གསུམ་གྱི་རྒྱུད་ཡོངས་སུ་གང་བར་བསམ་ལ་བཟླས་པའི་སྔོན་དུ་འབྲུ་གསུམ་མགོར་བཏགས་པའི་དབྱངས་གསལ་ལན་གསུམ་དང་ནོར་བུ་རྒྱས་པའི་གཞལ་མེད་ཁང་གི་གཟུངས་ལས་འབྱུང་བའི་ཕྲེང་སྔགས། ༀ་རུ་ཙི་ར་མ་ཎི་པྲ་ཝརྔྷ་ནཱ་ཡ་སྭཱ་ཧཱ། ཞེས་པའི་སྔགས་འདིས་ཕྲེང་བ་ལ་བཏབ་ཀྱང་ཕུན་སུམ་ཚོགས་པའི་ཡན་ལག་ཏུ་འགྱུར་ལ་མ་བྱས་ཀྱང་ཆད་པའི་སྐྱོན་མེད། ཤེར་སོགས་ལས་མཐུན་གྱི་ཕྲེང་བའམ་ལས་ཐམས་ཅད་ལ་བསྔགས་པ་བོ་ངྷི་ཙིའི་ཕྲེང་བ་བཟུང་ལ། བཟླ་བྱའི་སྔགས་ནི། ཧྲཱིཾཿཞེས་པ་རིག་པ་འབྲུ་གཅིག་པ་ཉིད། མི་ཚིག་གིས་བར་མ་ཆོད་ཅིང་མྱུར་བ་ལ་སོགས་པའི་སྐྱོན་དང་བྲལ་བའི་སྒོ་ནས་ཇི་ཙམ་ནུས་ཀྱི་བར་བཟླ། དེའང་རྣམ་རྟོག་རྒྱ་འབྱམས་སུ་བཏང་ནས་བཟླས་བརྗོད་སོགས་བྱེད་པ་ནི་བྱས་ལ་མ་བསགས་པའི་ལས་ཡིན་པས་སྤོང་དགོས་ཏེ། སྤྱོད་འཇུག་ལས། བཟླས་བརྗོད་པ་ནི་དཀའ་ཐུབ་སོགས། །ཡུན་རིང་དུས་སུ་སྤྱད་བྱས་ཀྱང་། །སེམས་གཞན་གཡེངས་པས་བྱས་པ་ནི། །དེ་ཉིད་རིག་པས་དོན་མེད་གསུངས། །ཞེས་པ་ལྟར་རོ། །དེས་ན་སེམས་བྱིང་རྒོད་ཀྱི་དབང་དུ་མི་གཏོང་བར་དམིགས་པ་ལ་རྩེ་གཅིག་ཏུ་གཏད། དེ་ཡང་དམིགས་པ་གཅིག་ཁོ་ནས་སྐྱོན། རེས་ལྷ་ཡི་སྐུ་སྣང་ལ་རང་བཞིན་མེད་པ་ལ་སེམས་བཟུང་། རེས་སྔགས་ཀྱི་སྒྲ་ལ་ཡིད་གཏད། རེས་ཐུགས་ཀའི་འཁོར་ལོ་ཡིག་འབྲུ་དང་བཅས་པ་ལ་སེམས་འཛིན། རེས་སེམས་ཀྱི་གནས་ལུགས་བརྗོད་བྲལ་གྱི་ངང་དུ་ངལ་གསོ་བ་སོགས་མདོར་ན་ཐ་མལ་གྱི་རྣམ་པར་རྟོག་པའི་གཞན་དབང་དུ་མ་སོང་བར་ཅི་ནས་ཀྱང་བྱ། གཞན་ཡང་ལེགས་གྲུབ་རྒྱུད་ལས། མཁས་པས་རིག་སྔགས་ཟློས་པའི་ཚེ། །སྦྲིད་པ་ལུ་བ་སོགས་བྱུང་ན། །ཉེ་རེག་བྱས་ནས་ཕྱག་འཚལ་ཏེ། །གཞི་ནས་ཀུན་ཏུ་བརྩི་བར་བྱ། །བཟླས་བརྗོད་ཀྱི་ནི་གེགས་རྣམས་དང་། །མཁས་པས་བཟླས་བརྗོད་སྐྱོན་རྣམས་ལ། །སླར་ཡང་གྲངས་ཀྱི་ཐོག་མ་ནས། །ཀུན་ཏུ་བརྩམ་པར་བྱ་བར་བཤད། །ཅེས་སོགས་གསུངས་པ་རྣམས་ཀྱང་སྙིང་གི་བུམ་པར་བཅང་བ་གལ་ཆེ་ཞིང་། སྐབས་འདིར། བཟླས་པ་བྱ་བའི་ཚེ་སེམས་ཅན་ཐམས་ཅད་ཀྱང་རང་ཉིད་ལྟ་བུའི་ལྷ་མོ་འཁོར་དང་བཅས་པར་གྱུར་ཏེ་རང་དང་མཉམ་དུ་སྔགས་ཀྱི་སྒྲ་དི་རི་རི་བསྒྲགས་པས་དེ་རྣམས་ཀྱང་སྡིག་སྒྲིབ་དག་ནས་ཤེས་བྱ་ཐམས་ཅད་ལ་བློ་གྲོས་ཀྱི་སྣང་བ་ཐོགས་མེད་དུ་རྒྱས་པར་བསམ་པས་མྱུར་དུ་འགྲུབ་པར་འགྱུར་ཞེས་རྒྱལ་བ་དགེ་འདུན་རྒྱ་མཚོའི་ཡིག་ཆར་འབྱུང། གང་ལྟར་ཡང་ཐུན་འཇོག་པ་ན། དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་རྣམས་བཟླས་པས་སྔགས་ལྷག་ཆད་ཀྱི་ཉེས་པ་སྐོང་ཞིང་ནུས་པ་བརྟན་པར་བྱས་རྗེས། སྔགས་ཕྲེང་སྙིང་གའི་ཧྲིཾཿལ་ཐིམ་པས་མཆོག་ཏུ་འབར་བའི་འོད་ཟེར་གྱིས་གང་འདོད་པའི་ཤེས་རབ་ཐམས་ཅད་འོད་ཀྱི་རྣམ་པར་བསྡུས། ལུས་ཀྱི་ནང་ཐམས་ཅད་གང་། མི་ཤེས་པའི་མུན་པ་བསལ། ཤེས་བྱ་མཐའ་དག་ལ་བློ་གྲོས་ཀྱི་སྣང་བ་གསལ་ཞིང་བརྟན་པར་བསམས་ལ་དམིགས་པ་གསལ་ངེས་པ་ལན་གསུམ་དུ་བསྒོམ། དེ་ནས་མཆོད་པ་རྣམས་བསངས་སྦྱངས་བྱིན་གྱིས་བརླབས་ལ། སྤྲོ་ན་ཁོ་བོས་བྱས་པའི་སྒྲུབ་ཐབས་ཚིགས་བཅད་མའི་གཤམས་ལྟར་རམ། བསྡུ་ན་གོང་ལྟར་མཆོད་ཅིང་བསྟོད་པ་རྒྱས་པའམ། མཆོག་དགའི་རང་བཞིན་ལྷ་མོ་ནི། །ཡོན་ཏན་རྒྱ་མཚོའི་གླིང་ན་བཞུགས། །རྒྱལ་བ་སྲས་བཅས་ཀུན་གྱི་ཡུམ། །དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །དེང་ནས་སྐྱེ་བ་ཐམས་ཅད་དུ། །དཔལ་མོ་ཁྱོད་ཀྱིས་རྗེས་བཟུང་ནས། །བློ་གྲོས་ཐོག་པ་མི་མངའ་བའི། །ཤེས་རབ་ཆེན་པོ་ཉིད་གྱུར་ཅིག །ཅེས་བསྟོད་ཅིང་གསོལ་བ་གདབ། རང་སྐད་ཅིག་གིས་རྗེ་བཙུན་འཇམ་པའི་དབྱངས་སྐུ་མདོག་དམར་སེར་ཞལ་གཅིག་ཕྱག་གཉིས་པ། གཡས་ཤེས་རབ་ཀྱི་རལ་གྲི་འཕྱར་ཞིང་། གཡོན་ཨུཏྤལ་ལར་གནས་པའི་ཤེར་ཕྱིན་གྱི་པུསྟི་འཛིན་པ་རལ་པའི་ཟུར་ཕུད་ལྔ་གཡོན་དུ་འཕྱང་ཞིང་དར་དང་རིན་པོ་ཆེས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་སྐུར་གྱུར་པར་བསམ་ལ་ལྷ་སྐུའི་གསལ་སྣང་ལ་སེམས་ཅུང་ཟད་འཛིན་ཏེ། འདི་ནི་ཤེས་རབ་འགྲིབ་པའི་གེགས་སེལ་བ་དང་། བློ་གྲོས་ཀྱི་མཐུ་བརྟན་ཅིང་ནུས་པ་ཕུན་སུམ་ཚོགས་པར་བྱེད་པའི་མན་ངག་ཁྱད་པར་ཅན་ཡིན་ནོ། །སྤྲོ་ན། ན་མོ་མཉྫུ་ཤྲཱི་ཡེ་ཀུ་མཱ་ར་བྷཱུ་ཏཱ་ཡ། བོ་ངྷི་ས་ཏྭཱ་ཡ། མ་ཧཱ་ས་ཏྭཱ་ཡ། མ་ཧཱ་ཀ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ༀ་ཨ་ར་ཛེ། བི་ར་ཛེ། ཤུདྡྷེ་བི་ཤུདྡྷེ། ཤོངྷ་ཡ་བི་ཤོངྷ་ཡ། ཨ་མ་ལེ། བི་མ་ལེ། ནིརྨ་ལེ། ཛ་ཡ་ཝ་རེ། རུ་རུ་ཙ་ལེ། ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ཞེས་ཤེས་རབ་བློ་འཕེལ་གྱི་གཟུངས་འདི་ཉིད་ཀྱང་ཅི་རིགས་པར་བཟླ། གང་ལྟར་ཡང་། དགེ་བ་འདི་ཡིས་མྱུར་དུ་བདག །སྒྲ་དབྱངས་ལྷ་མོ་འགྲུབ་གྱུར་ནས། །སོགས་བསྔོ་སྨོན་གྱིས་རྒྱས་གདབ། གལ་ཏེ་ལྟས་འཚུབས་པར་བྱུང་ན། གོང་དུ་འཇམ་དབྱངས་བསྒོམ་པའི་ཚབ་ཏུ། རང་ཉིད་སྐད་ཅིག་གིས་པད་ཉིའི་གདན་ལ་ཁྲོ་བོ་མི་གཡོ་བ་སྔོན་པོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། ཕྱག་གཡས་རལ་གྲི་དང་། གཡོན་རྡོ་རྗེའི་ཞགས་པ་བསྣམས་པ། ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་པུས་གཡོན་བཙུགས་པའི་སྟབས་ཀྱིས་རོལ་བ། ཁྲོ་བོའི་ཆས་ཀྱིས་བརྒྱན་པའི་ཐུགས་ཀར་པད་ཉིའི་དབུས་སུ་ཧཱུྃ་མཐིང་གའི་མཐར་སྔགས་ཕྲེང་འཁོར་བ་ལས་འོད་ཟེར་ཚ་ཞིང་རྩུབ་པ་འཕྲོས་པས་བར་ཆད་ཐམས་ཅད་བསྲེག་པར་བསམ་ལ། ༀ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ྄། ཅེས་བཟླས་པ་ཅི་རིགས་བྱ། གཏོར་འབུལ་ནི་སྔ་ཐུན་གྱི་གཤམ་དུ་བྱ་བར་གསུངས་པས་གོང་གི་མཆོད་བསྟོད་ཀྱི་མགོར། གཏོར་མ་ལ་ཆབ་གཙང་མས་བྲན་ཏེ། ༀ་ཨ་མྲྀ་ཏེ་ཧཱུྃ་ཕཊ྄། ཀྱིས་བསངས། སྭཱ་བྷཱ་བས་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུྃ། ཞེས་འབྲུ་གསུམ་ཉེར་གཅིག་གིས་བྱིན་གྱིས་བརླབས། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་སྒྲ་དབྱངས་ལྷ་མོ་དབྱངས་ཅན་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ༀ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ༀ་སྭ་ར་སྭསྟཱི་ས་པ་རི་ཝ་རེ་བྷྱཿཨོ་ཨ་ཀཱ་རོ་སོགས་ལན་གསུམ་གྱིས་ཕུལ། ཚོགས་ཞིང་གི་སྐབས་ལྟར་མཆོད། བསྟོད་པ་རྒྱས་བསྡུས་གང་ཤེས་ཀྱིས་བསྟོད། སྒྲ་དབྱངས་ལྷ་མོ་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་དང་། འཕགས་མ་དབྱངས་ཅན་མ་བདག་ལ་ཐུགས་བརྩེ་བར་མཛད་དུ་གསོལ། བདག་དང་སེམས་ཅན་ཐམས་ཅད་ཀྱི་མ་རིག་པའི་མུན་པ་བསལ་ནས། ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཤེས་རབ་ཁྱད་པར་ཅན་སྩལ་ཏུ་གསོལ། ཞེས་སོགས་ཇི་ལྟར་རིགས་པས་འདོད་པའི་དོན་ལ་གསོལ་བ་གདབ། གཏོར་མ་གཉིས་པ་བསང་སྦྱང་བྱིན་རླབས་གོང་བཞིན་བྱ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་འཕགས་མ་ནོར་རྒྱུན་མ་འཁོར་དང་བཅས་པ་ༀ་བཛྲ་ས་མཱ་ཛཿༀ་བཱ་སུ་ངྷཱ་རི་ཧཱུྃ་ཛཿༀ་པྲ་ཀ་ར་ཛ་མེ་སྭཱ་ཧཱ། ཞེས་བདུན་ནམ་ཉེར་གཅིག་གིས་ཕུལ། བདག་མིང་འདི་ཞེས་བགྱི་བ་དཔལ་ལྷ་མོ་དབྱངས་ཅན་མ་སྒྲུབ་པ་ལ་ཕྲག་དོག་མ་མཛད་པར་ནོར་འཕེལ་བར་མཛད་དུ་གསོལ། ཞེས་འདོད་དོན་གསོལ། ཆངས་བུའི་གཏོར་མ་བསང་སྦྱང་བྱིན་གྱིས་བརླབ། སྲིད་པ་གསུམ་གྱི་འབྱུང་པོ་ཐམས་ཅད་མདུན་དུ་འཁོད་པར་བསམས་ལ་ན་མཿསརྦ་ཏ་ཐཱ་ག་ཏ་སོགས་ལན་བདུན་གྱིས་བསྔོ། དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད། སྲིད་གསུམ་འབྱུང་པོའི་ཚོགས་རྣམས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། སྒྲུབ་པ་ལ་བར་ཆད་མ་མཛད་ཅིགདཀར་ཕྱོགས་སྐྱོང་བ་མཐུ་དང་ལྡན་རྣམས་ཀྱིས་བར་ཆད་སྲུང་ཞིང་། དངོས་གྲུབ་སྩོལ་བའི་མཐུན་རྐྱེན་མཛོད་ཅིགཅེས་ཕྲིན་ལས་གསོལ། གཏོར་མགྲོན་རྟེན་ཡོད་པ་རྣམས་བརྟན་བཞུགས་དང་མེད་པ་རྣམས། བཛྲ་མུཿས་གཤེགས་སུ་གསོལ། སརྦ་བྷཱུ་ཏ་གཙྪས་འཇིག་རྟེན་པ་རྣམས་རང་གནས་སུ་བཏང་། རྗེས་ཀྱི་བྱ་བ་རྣམས་བྱས་ནས་ཐུན་མཚམས་ལ་འཇུག་བར་བྱ། དེ་ཡང་དཔུང་བཟང་ལས། བཟླས་པས་སྐྱོ་ན་མདོ་སྡེ་བཀླག་པར་བྱ། །གཙང་ཞིང་དབེན་པའི་ས་ཕྱོགས་རྣམས་སུ་ནི། །འཇིམ་པའམ་ནི་བྱེ་མ་ལས་བྱས་པའི། །བདེ་གཤེགས་མཆོད་རྟེན་རྟེན་འབྲེལ་སྙིང་པོ་ཅན། །སྡིག་པ་སྦྱོང་བའི་ཕྱིར་ནི་རྟག་ཏུ་གདབ། །ཅེས་དང་། བཟླས་བརྗོད་ཟིན་ནས་ཅུང་ཟད་སྨྲ་བར་བྱ། །སྨྲ་ནས་ལུད་པ་བཤང་གཅི་དོར་ནས་ཀྱང་། །ཆུ་ཡི་ནང་དུ་ཞུགས་ནས་ཁྲུས་ཀྱང་བྱ། །མེ་ཏོག་དྲི་སྣོད་མར་མེ་ཕུལ་བ་དང་། །ཚུལ་ཁྲིམས་བརྩོན་འགྲུས་དཀའ་ཐུབ་བྱས་པ་ཡི། །དགེ་བ་དེ་ཡང་བླ་ན་མེད་པ་ཡི། །སངས་རྒྱས་བྱང་སེམས་བླ་མེད་མཆོག་ཏུ་བསྔོ། །ཞེས་སོགས་གསུངས་པའི་དོན་བཞིན། ཐུན་མཚམས་ཐམས་ཅད་དུ་ལྷའི་ང་རྒྱལ་དང་མ་བྲལ་བས་སྤྱོད་ལམ་དགེ་བའི་ཕྱོགས་ལ་བརྩོན་པས་སྒོ་གསུམ་དོན་ཡོད་པར་བྱ། ཁྱད་པར་ཁྲོ་བོ་གང་རུང་གི་བསྙེན་པ་བཟླ་བ་དང་། འཕགས་མའི་བྲིས་སྐུའི་མདུན་དུ་ཡན་ལག་བདུན་པ་དང་། མཎྜལ་དང་། བསྟོད་པ་བྱིན་རླབས་ཅན་རྣམས་ཀྱིས་བསྟོད་ཅིང་གསོལ་བ་གདབ། བཟའ་བཏུང་ལ་ལོངས་སྤྱད་པའི་ཚེ་སྙིང་གའི་ཧྲཱིཾཿལས་འོད་ཟེར་འཕྲོས། བརྟན་གཡོ་སྲིད་ཞིའི་དྭངས་བཅུད་ཐམས་ཅད་བསྡུས་ཏེ་ཐིམ་པས་དངོས་གྲུབ་མཐའ་དག་སྩོལ་བའི་རྫས་སུ་བསམས་ལ་རོལ། ཉལ་བའི་ཚེ་སྙིང་གའི་ཧྲཱིཿལས་བྱུང་བའི་འོད་ཀྱིས་ལུས་གང་། གཏི་མུག་གི་མུན་པ་བསལ་བར་བསམས་ལ་སྣང་བའི་འདུ་ཤེས་ཀྱིས་གཉིད་ལོགལྡང་བ་ན་འཁོར་གྱི་ལྷ་དང་། དྲང་སྲོང་དང་། དྲི་ཟའི་བུ་མོའི་ཚོགས་ཀྱིས་པི་ཝང་གི་སྒྲ་དང་བསྟོད་པའི་གླུས་བསྐུལ་ནས་སད་པར་བསམ་ལ་ཁྲུས་བྱས་ཏེ་རྣལ་འབྱོར་ལ་འཇུགདེ་ལྟ་བུའི་རྣལ་འབྱོར་ཐུན་བཞིའི་རིམ་པས་སྔགས་ཡི་གེ་གཅིག་པ་ཉིད་འབུམ་ཕྲག་ལྔ་ཁ་སྐོང་དང་བཅས་པ་བཟླ་བ་ནི་གྲངས་བསྙེན་ལས་རུང་ཙམ་ཡིན་ལ། ངེས་པར་མཚན་མ་མཐོང་བ་དོན་དུ་གཉེར་ན་འབུམ་ཕྲག་བཅོ་ལྔ་བཟླས་པས། དངོས་སུ་སྔར་བས་དྲན་པ་གསལ་བ། ལོག་པོས་བློ་རྣོ་བ་འོང་ཞིང་། རྨི་ལམ་དུ་བུ་མོ་གཞོན་ནུ་མས་བཟའ་བཏུང་སྦྱིན་པ་དང་། ཤེལ་དང་མེ་ཏོག་གི་ཕྲེང་བ་རྙེད་པ་དང་། ནམ་ལངས་པ་དང་། ཉི་མ་ཤར་བ་དང་། ཆུ་གཙང་མའི་རྒྱུན་འཐུང་ཞིང་ཁྲུས་བྱེད་པ་དང་། མེ་ཏོག་གི་ཚལ་ན་མེ་ཏོག་ལ་རྩེ་བ་དང་། འཇའ་དང་འོད་ཁྱིམ་གྱིས་གནམ་ས་ཟ་འོག་གི་གུར་ཁྱིམ་ལྟར་ཁེབས་པ་དང་། བྱ་དང་རི་དྭགས་སྔོན་མ་མཐོང་བ་རྨིས་པ་དང་། ནམ་མཁའ་ལ་འཕུར་བ་དང་། ཞིང་རྨོ་བ་དང་། སྣག་ཚ་འཐུང་བ་དང་། རི་མཐོན་པོའི་རྩེ་ལ་ཕྱིན་པ་དང་། མཚོན་ཆ་དང་། པི་ཝང་དང་། མེ་ལོང་རྙེད་དང་། མཐོང་བ་ལ་སོགས་པ་རྨིའོ། །དེ་ཡང་སྒྲུབ་པ་ལ་བརྩོན་པ་ན་འདི་རྣམས་རྨིས་པ་ནི་སྤྲོ་བ་བསྐྱེད་པ་དང་། བསྒྲུབས་ནས་ཞག་བདུན་ནམ་བཅུ་གཅིག་ཚུན་ནས་བྱུང་ན། རྗེས་སུ་བཟུང་བ་དང་། ཞག་བཅུ་གཅིག་གམ་བཅོ་ལྔའི་དུས་སུ་བྱུང་ན་གྲུབ་པའི་མཚན་མ་སྟེ། མཚན་མ་གསུམ་འབྱུང་ཞིང་། རིམ་གྱིས་སྨྲ་བའི་དབང་ཕྱུག་ཆེན་པོའི་གནས་ཐོབ་པར་འགྱུར་རོ། །དེ་དག་གི་སྐབས་སུ་དངོས་གྲུབ་ཆེན་པོ་བཞི་འབྱུང་ཁར་གེགས་བཞི་འབྱུང་བས་དེ་བསལ་བ་ནི། དེ་ལ་ཐོག་མར་ལྕེ་བདེ་བའི་དངོས་གྲུབ་འབྱུང་བ་ཡིན་ལ། སྐབས་དེར་གྲིབ་གྱིས་ཕོག་ན་གེགས་སུ་འགྱུར་བས། དེ་བསལ་བ་ནི། དང་པོ་སྒྲུབ་པ་ལ་འཇུག་པ་མན་ཆད་རང་གནས་ཀྱི་གཞི་བདག་དང་། ལྷན་ཅིག་སྐྱེས་པའི་ལྷ་འདྲེ་ལ་གཏོར་མ་བྱིན་ཏེ་གྲོགས་གཞོལ། དེ་ནས་སྙན་ངག་དང་སྨྲ་སྤོབས་ཀྱི་དངོས་གྲུབ་འབྱུང་ཁར་ལྕེ་དིག་པའམ་ལྕི་བ་ཡོང་བས། ནུས་པ་ཅན་གྱི་སྔགས་ཆུའམ། རྡོ་རྗེ་རྣམ་འཇོམས་ལ་སོགས་པའི་བུམ་ཆུའམ། རྟེན་བྱིན་རླབས་ཅན་ལ་སྐུ་ཁྲུས་གསོལ་བའི་ཆུས་ཁ་བཤལ་ཞིང་གདོང་ཡང་བཀྲུའོ། །འཛིན་བློ་བཟང་བའི་དངོས་གྲུབ་འབྱུང་ཁར། བུད་མེད་ལ་ཆགས་པ་ཉོན་མོངས་པ་དྲག་པོ་སྐྱེས་ནས་དབང་པོ་མི་ཐུབ་པའི་སྐྱོན་འབྱུང་བས་དེ་བསལ་བ་ནི། དབང་པོ་ལྔ་ཡི་སྒོ་ཀུན་ནས་སྙིང་ལ་ཐུག་གི་བར་དུ་རྒྱུ་མའི་ནང་ཙམ་རེ་སྟོང་སང་ངེ་བར་བསམ་མོ། །དེ་གཅིག་ཆར་བྱ་མི་རུང་། དེས་སེལ་བ་ལ་ཐེ་ཚོམ་མེད། རྩོད་པ་དང་གྲགས་པ་བཟང་པོའི་དངོས་གྲུབ་འབྱུང་ཁར་ཤེས་པ་སྨྱོ་འབོག་གི་ཚུལ་སྟོན་པས་དེ་བསལ་བ་ལ་འོག་ནས་འབྱུང་བའི་གེགས་སེལ་གྱི་གནད་བསྒོམ་པར་འཇིགས་བྲལ་ཆེན་པོས་གསུངས་པ་དང་། ཀུན་མཁྱེན་ཆེན་པོས། འདིར་རང་ཉིད་ཐ་མལ་དུ་གནས་པའི་སྙིང་ནང་དུ་འཁོར་ལོ་སྒོམ་པ་དང་། ལྷ་གཞན་མར་བསྒོམས་པའི་སྙིང་གར་འཁོར་ལོ་སྒོམ་པ་དང་། དབྱངས་ཅན་མར་བསྒོམས་པའི་ཐུགས་ཀར་འཁོར་ལོ་སྒོམ་པ་གསུམ་གང་མོས་སུ་བྱ་བར་གསུངས་ཀྱང་། རང་ཐ་མལ་དུ་སྒོམ་པ་ཆགས་པའི་སྐྱོན་དུ་འགྱུར་ཞིང་། ལྷ་གཞན་དུ་བསྒོམས་པའི་སྙིང་གར་འཁོར་ལོ་བསྒོམས་པས་སྙིང་རླུང་དུ་འགྱུར་རོ། །འདིས་ནོར་འགྲིབ་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། གེགས་སེལ་གནད་ཀྱི་ཟླ་འོད་ལས། རང་ཉིད་ཡི་དམ་ལྷ་མོར་ལེགས་བསྒོམས་པས། །ཕྱི་རོལ་བུད་མེད་དག་ལ་ཆགས་མི་འགྱུར། །ཆགས་སྐྱེས་རྒྱུད་རྩུབ་དབུལ་པོར་མི་འགྱུར་ཞེས། །བྲམ་ཟེ་ཕུར་བུས་གཏུམ་པོའི་སྡེ་ལ་བཤད། །ཅེས་སོ། །འོན་ཀྱང་ནོར་འགྲིབ་དོགས་ན་འོག་ཏུ་འཆད་པའི་ཏིང་ངེ་འཛིན་བསྒོམ་པར་བྱའོ། །ཞེས་གསུངས་ཤིང་། དེ་དང་མཐུན་པར་ལོ་ཆེན་བི་ཛས་མཛད་པའི་སྒྲུབ་སྐོར་ཚིགས་བཅད་མ་ལས། རང་ཉིད་ལྷ་མོར་རབ་བསྒོམ་ན། །ཆགས་པ་དྲག་པོ་སྐྱེ་མི་འགྱུར། །སྙིང་གི་འཁོར་ལོ་བསྒོམ་གྱུར་ན། །ཁམས་འདུས་རྣ་བས་ཐོས་པ་ཙམ། །རང་ཉིད་ལྷ་མོ་ནོར་རྒྱུན་མར། །བསྒོམ་སྟེ་བ་སུ་ངྷཱ་རིའི་གཟུངས། །བཟླས་ན་ནོར་རྫས་འཕེལ་བར་འགྱུར། །དཔལ་མོ་བསྒོམ་པའང་མན་ངག་ཡིན། །སྐབས་སུ་གསང་སྔགས་དྲག་པོའང་བགྲང་། །གཏོར་མ་དུས་སུ་གཏོང་བར་བྱ། །སྲུང་འཁོར་འདོགས་དང་ལུག་རུ་བསྟེན། །དེ་སོགས་རྣམས་ལའང་འགལ་བ་མེད། །བུད་མེད་མེད་པའི་ས་ཕྱོགས་སུ། གཙང་སྦྲ་གནས་པ་ཤིན་ཏུ་གཅེས། །ཐོག་མར་སྐྱབས་འགྲོ་སེམས་བསྐྱེད་དང་། །མཇུག་ཏུ་བསྔོ་བ་ཡང་བྱས་ན། །བར་ཆད་མིང་ཡང་མི་འབྱུང་ངོ་། །འདི་ནི་རིང་དུ་གསང་བར་བྱ། །ཕྱི་ནང་གཉིས་ཀྱི་ཐུན་མོང་བའི། །བློ་གྲོས་སྤེལ་བའི་མན་ངག་འདིས། །ཞག་བདུན་ཙམ་གྱིས་འགྲུབ་འགྱུར་བས། །གཞན་ལས་ལྷག་པའི་ཁྱད་པར་ཡོད། །རང་ཉིད་ཉམས་སུ་མི་ལེན་ན། །བརྒྱུད་པ་མང་པོས་ཅི་ཞིག་བྱ། །རང་ཉིད་ཉམས་སུ་ལེན་གྱུར་ན། །བརྒྱུད་པ་མེད་ཀྱང་ལྷ་མོས་སྐྱོང་། །ཞེས་གསུང་། ཡང་ཡུན་རིང་བསྒྲུབས་ཀྱང་མ་གྲུབ་ན་གྲུབ་པར་བྱ་བའི་སླད་དུ་བོགས་འདོན་སྤོགས་ཆོག་གི་རིམ་པ་འཇིགས་བྲལ་དབྱངས་ཅན་དགའ་བའི་མན་ངག་ལས་འབྱུང་བ་ནི། གོང་དུ་སྨོས་པའི་བླ་མའི་མན་ངག་ལྟར་བསྐྱེད་རིམ་གྱི་ཁྲིད་ལ་གནས་པ་དང་། ལྷོ་ཕྱོགས་རྒྱ་མཚོའི་འགྲམ་ལྷ་མོ་གནས་པའི་ས་ནས་ཡང་དང་ཡང་དུ་ལྷ་མོ་སྤྱན་དྲངས་ནས་རང་ལུས་ལ་བསྟིམ། སྒྲུབ་ཁང་གི་ཕྱོགས་ཐམས་ཅད་དྲི་ཟའི་བུ་མོ་དཀར་ཞིང་མཛེས་ལ་འོད་ཆགས་པ་རས་དཀར་པོའི་གོས་ཅན་པི་ཝང་སྒྱུར་ཞིང་ཟློས་གར་རྩེ་བ་རྣམས་ཀྱིས་བསྐོར་བར་བསྒོམ། མེ་ཏོག་དཀར་པོའི་ཚལ་དང་། བྱ་ངང་པའི་རྒྱལ་པོ་དང་། ངང་པའི་བུ་མོ་རྣམས་སྐད་སྙན་པར་སྒྲོག་པ་དང་། གླང་པོ་ཆེ་དཀར་པོ་འགྱིང་བ་དང་། དྲང་སྲོང་དུ་མ་བསམ་གཏན་མཛད་པ་དང་། རབ་ཏུ་ཞི་བའི་སྦྱིན་སྲེག་ལ་གནས་པའི་ཚལ་དུ་ལྷ་མོ་མངོན་སུམ་དུ་མཐོང་ནས་ཞབས་ལ་འཇུས་ཏེ་ཕྱག་བྱས་པར་མོས་ནས་དད་པ་དང་གུས་པ་ལ་ཉིན་མཚན་དུ་བསྒོམ་པར་བྱའོ། །དེས་ཀྱང་མ་གྲུབ་ན། ཧྲཱིཾཿཡིག་དཀར་པོའི་མགོ་ཐུར་ལ་བསྟན་པ་ལ་དམིགས་ནས་ཆོས་ཐམས་ཅད་ཀྱི་སྤྲོས་པ་ལྡོག་སྟེ། མཚན་ཐོག་ཐག་ཏུ་བཟླས་བརྗོད་ལ་གནས་ནས། ཐོ་རངས་ཀྱི་ཚེ་ཞི་བའི་སྦྱིན་སྲེག་བླ་མའི་མན་ངག་གིས་བརྒྱན་པར་བྱ་སྟེ། མ་གྲུབ་ན་སྦྱིན་སྲེག་བརྒྱ་རྩ་བརྒྱད་ཀྱི་བར་དུ་བྱའོ། །གསུམ་པ་རྗེས་ནི། རྟགས་མཐོང་བའམ་གྲངས་རྫོགས་པ་ན་འོག་ནས་འབྱུང་བ་ལྟར་སྦྱིན་སྲེག་བསྙེན་པའི་བཅུ་ཆ་སོགས་ཅི་ནུས་འབུལ། གྲུབ་ན་རྗེས་གནང་གི་སྐབས་ལྟར་མདུན་བསྐྱེད་ཀྱི་མཎྜལ་བཤམས་ལ་སྒྲུབ་མཆོད་བཟླས་པ་དང་བཅས་པ་ཅི་འགྲུབ་བྱས་ལ། མཐར་འཁོར་ལོ་སྦྲང་རྩི་དང་བ་དམར་མོའི་དཀར་གསུམ་སྦྱར་བའི་ཆུའི་ཁྲུས་བགྱིས་པ་དངོས་གྲུབ་ཀྱི་ཚུལ་དུ་ལོངས་སྤྱད། གང་ལྟར་ཡང་གཟའ་སྐར་སྦྱོར་བྱེད་ཤིས་པའི་ཉི་ཤར་ལ་མཚམས་གྲོལ་ནས། རྒྱུན་དུའང་ལྷ་མོའི་དམ་ཚིག་ལ་གནས་པས་རྣལ་འབྱོར་ལ་བརྩོན་པར་བྱ། དེ་ལ་རྒྱུན་ཁྱེར་གྱི་བདག་བསྐྱེད་ནི། སྐྱབས་སེམས་སྔོན་དུ་འགྲོ་བས་ལྷ་བསྐྱེད་པ་ནས་བཟུང་བཟླས་པའི་བར་གོང་ལྟར་དང་། བཟླས་པའི་མཇུག་ཏུ་མཆོད་བསྟོད་འདོད་དོན་གསོལ། ཡི་གེ་བརྒྱ་པ་དང་བཛྲ་ས་ཏྭའི་སྔགས་ཀྱིས་ལྷག་ཆད་ཁ་བསྐང་རྗེས། སྐད་ཅིག་གིས་འཕགས་པ་འཇམ་དཔལ་གྱི་སྐུར་བསྒོམས་ནས་བསྔོ་སྨོན་དང་ཤིས་བརྗོད་བཅས་བྱའོ། །རྩ་བའི་གསུམ་པ་གེགས་སེལ་ནི་དེ་ལྟར་སྒྲུབ་པ་བྱེད་ན་གེགས་སེལ་བ་ཤེས་དགོས་པས་ན། དེ་ལ་གཉིས་ཏེ་ཐུན་མོང་དང་ཐུན་མོང་མ་ཡིན་པའོ། །དེའི་དང་པོ་ལ་གསུམ་ལས། སྙིང་རླུང་གི་གེགས་བསལ་བ་ནི། དེ་ལྟར་བསྒོམས་པས་ཤེས་པ་འཕྲོ་ཞིང་རྒོད་པ་དང་། ས་གཅིག་ཏུ་མི་ཚུགས་པ་སོགས་བྱུང་ན། རང་གི་སྙིང་ཆུ་ཤིང་གི་ཡལ་ག་ལྟར་མགོ་ཐུར་དུ་བལྟས་ཏེ་གནས་པ་ལ་རེ་ཞིག་བློས་གྱེན་དུ་བསླངས་ཏེ། གསེར་གྱི་རྡོ་རྗེ་རྒྱ་གྲམ་སྲ་ཞིང་ལྕི་བས་མནན་པར་བསྒོམས་ཏེ་ཤེས་པ་ཡུལ་ལ་མི་འཕྲོ་བར་འཇོགཡང་ན་སྙིང་གི་པདྨ་ཅུང་ཟད་ཟུམ་པ་ལ་དམིགས་པ་གཏད་པས་སེལ། དེས་མ་སེལ་ན་སྙིང་གི་པདྨ་ཟུམ་པའི་ནང་ན་འཁོར་ལོ་ཡོད་པའི་ཕྱི་ནས་ཁྲོ་བོ་གང་རུང་གི་སྔགས་ཀྱིས་དཀྲིས་ཏེ་བུམ་སྐུ་བསྡུས་པ་ལྟ་བུའི་སྟེང་དུ་གསེར་གྱི་རྡོ་རྗེ་རྒྱ་གྲམ་དེས་མི་གཡོ་བར་མནན་པ་ལ་དམིགས་པ་གཏད་པས་སེལ་ལོ། །དེས་ཀྱང་མ་སེལ་ན་འཁོར་ལོ་མི་བསྒོམ་པར་སྙིང་མགོ་བོ་ཐུར་དུ་ལྟ་བ་ལ་དམིགས་ཏེ། སྙིང་ནང་དུ་བདུད་རྩིས་ཁེངས་པ་ལ་ཤེས་པ་གཏད་པར་བྱའོ། །དེས་ནི་ཞི་ངེས་སོ། །དེ་ནས་སྔ་མ་བཞིན་བསྒོམ་མོ། །ཆགས་པའི་གེགས་བསལ་བ་ནི། དེ་ལྟར་བསྒོམས་པས་ཆགས་པའི་གེགས་བྱུང་ན། མེ་ཏོག་ལུག་རུ་དམར་པོའམ་སེར་པོ་བུད་མེད་ཀྱིས་མ་རེག་པ་གྲིབ་སྐམ་བྱས་ལ་ལྔའམ་བདུན་དགུ་ཚུན་ཆད་ཆུ་གྲང་དུ་བཅུག་པའི་ཁུ་བ་ལྟོ་སྟོང་ལ་ལན་གསུམ་མམ་ལྔའམ་བདུན་བཏང་བས་སེལ་ལོ། །དེས་མ་སེལ་ན་གང་ལ་ཆགས་པའི་བུ་མོ་དེ་ཆགས་པ་ཐམས་ཅད་དང་བྲལ་བའི་ལྷ་མོ་དབྱངས་ཅན་མའི་སྐུར་བསྒོམས་ལ། སྲིད་པ་གསུམ་པོ་མ་ལུས་པ་དེ་ལ་བཅུག་སྟེ། དེའང་རང་གི་སྙིང་གའི་དབུས་སུ་བསྟིམས་ནས་ཧྲཱིཾཿཡིག་འབར་བ་ཆེན་པོ་ལ་སེམས་བཞག་སྟེ། མཐར་གྱིས་དེའང་སྟོང་པར་བྱས་ནས་འོད་གསལ་སྟོན་ཀའི་ནམ་མཁའ་སྤྲིན་མེད་པ་ལྟ་བུ་ལ་སེམས་བཞགཡང་ན་སྣ་རྩེའི་རླུང་འགྲོ་འོང་ལ་སེམས་བསྡུས་ནས་རླུང་དེའང་རྩ་བ་ཐམས་ཅད་དང་བྲལ་བའི་ནམ་མཁའི་ངོ་བོ་ལྟ་བུར་བསྒོམ་པ་སོགས་ཀུན་མཁྱེན་བོ་དོང་བའི་མན་ངག་ལས་འབྱུང་བ་དང་། བདུད་རྩི་གྲང་མོ་འཁོར་ལོ་ལས་བབས་པས་ལུས་ཁེངས་པར་བསམས་པས་ངེས་པར་སེལ་ལོ། །ནོར་འགྲིབ་པའི་གེགས་བསལ་བ་ནི། དྲི་ཟ་ཏམ་བུ་ར་ལ་ཆུང་མ་དབྱངས་ཅན་མ་དང་ནོར་རྒྱུན་མ་གཉིས་ཡོད་པ་ལས་དེ་གཉིས་ཕན་ཚུན་ཕྲག་དོག་བྱེད་པས་གཅིག་མཆོད་ན་གཅིག་ཁྲོ་བས། དེས་ན་དབྱངས་ཅན་མ་བསྒྲུབས་ན་ནོར་རྒྱུན་མ་ཁྲོས་ཏེ་ལོངས་སྤྱོད་ལ་གནོད་པས། མཁས་པ་ཕལ་ཆེར་དབུལ་པོར་གནས། ཞེས་འབྱུང་བས། དེའི་ཚེ་ནོར་འགྲིབ་པའམ་འགྲིབ་རྟགས་བྱུང་ན། ཐུན་མཚམས་སུ་ནོར་རྒྱུན་མའི་གཏོར་འབུལ་གོང་བཞིན་བྱ། དེས་མ་སེལ་ན་རང་ཉིད་ནོར་རྒྱུན་མ་སེར་མོ་བུམ་པ་བསྣོལ་མའི་སྟེང་ན་བཞེངས་པ། དར་དང་རིན་པོ་ཆེས་བརྒྱན་ཞིང་ཕྱག་གཡས་པས་འབྲས་ཀྱི་སྙེ་མ་ཐུགས་ཀར་འཛིན་པ། གཡོན་པས་བུམ་པ་རིན་པོ་ཆེས་གང་བ་པུས་མོའི་སྟེང་དུ་བརྐྱངས་པས་འཛིན་པར་གསལ་ལ་དེའི་ཐུགས་ཀར་དབྱངས་ཅན་མའི་འཁོར་ལོ་བསྒོམས། དེས་ཀྱང་མ་ཞི་ན་འཁོར་ལོ་མི་བསྒོམ་པར་དེའི་མལ་དུ་བྃ་ཡིག་གི་མཐར་སྔགས་ཕྲེང་གིས་བསྐོར་བར་དམིགས་ཏེ། ༀ་བཱ་སུ་ངྷཱ་རི་ཎི་ཧཱུྃ་སྭཱ་ཧཱ། ཞེས་པ་ཅི་རིགས་བཟླ། འོད་ཟེར་སེར་པོ་ཕྱོགས་བཅུར་འཕྲོས་ནས་འཇིག་རྟེན་ཁམས་ཀྱི་ཟས་ནོར་དང་ལོངས་སྤྱོད་ཐམས་ཅད་བསྡུས། རང་གི་ཁོག་པར་ཐིམ་པས་ལུས་ཀྱི་ནང་ཁེངས་ནས་གཟི་བརྗིད་བཀྲག་མདངས་ཚེ་དང་བསོད་ནམས་ཐམས་ཅད་རྒྱས་པར་བསམས། འདི་ནི་ནོར་སྒྲུབ་ཏུའང་འགྱུར་རོ། །གཞན་ཡང་གནས་སྐབས་སུ་རྒུད་པ་སྤང་བའི་ཕྱིར་ཛམ་བྷ་ལའི་ཆུ་སྦྱིན་མ་ཆག་པར་བྱ། གེགས་མྱུར་བ་ལྟར་འགྲུབ་པའང་མྱུར་ལ། གེགས་མེད་པར་འགྲུབ་པ་ཡོང་མི་སྲིད། དེས་ན་གེགས་སེལ་གལ་ཆེའོ་གསུངས། གཉིས་པ་ཐུན་མོང་མ་ཡིན་པའི་གེགས་སེལ་ནི། སྒྲུབ་ཐབས་འོད་ཀྱི་དྲྭ་བ་ལས། བླ་མའི་མན་ངག་བརྒྱུད་པ་ལས་འོངས་ཏེ། དེའང་དང་པོ་ཉིད་ནས་སྒྲུབ་པའི་ཚེ་ཉི་མ་དྲོས་པ་ནས་ནམ་ལངས་པ་དང་། ཐོ་རངས་ཀྱི་བར་དུ་ཞི་བའི་དུས་ཏེ་སྙིང་གའི་འཁོར་ལོ་ལས་བདུད་རྩི་དཀར་པོ་དངུལ་ཆུའི་རང་བཞིན་དུ་བབས་པས་སྒྲིབ་པའི་དངོས་པོ་ཀུན་བསལ་བ་ལ་དམིགས་པ་གཏད་དེ་བསྒོམས་པས་སེལ་ལ། དེ་མེད་ན་ཇི་ཙམ་བསྒྲུབས་ཀྱང་ཤེས་རབ་ཆེར་མི་འཕེལ་བར་གྲིབ་ཅུང་ཟད་བྱུང་བ་དང་། སྔར་གྱི་ཤེས་རབ་ཅུང་ཟད་ཡོད་པའང་འགྲིབ་པ་འབྱུང་སྟེ་གེགས་འདི་སེལ་བ་ལ་མན་ངག་འདི་མཆོག་ཏུ་བཤད་དོ། །ཉི་མ་དྲོས་ཆེན་ནས་གུང་སྨད་ཀྱི་བར་རྒྱས་པའི་དུས་དེར་རང་གི་འཁོར་ལོ་ལས་འོད་ཟེར་སེར་པོ་འཕྲོས། འཇིག་རྟེན་གྱི་ཟས་ནོར་བསྡུས་པས། རང་གི་སྒྲུབ་ཁང་ཁེངས་པའི་གཟི་བརྗིད་ཀྱིས་ནང་ཁེངས་པ་ལ་སེམས་བཟུང་བས་ནོར་འགྲིབ་པའི་སྐྱོན་གཏན་ནས་མི་འབྱུང་ངོ་། །ཉི་མ་གུང་སྨད་ནས་ནུབ་ཀྱི་བར་དབང་གི་དུས་ཏེ། རང་གི་འཁོར་ལོའི་འོད་ཟེར་དམར་པོ་ལས་བདུད་རྩི་དམར་པོ་བབས་པས། ནང་གི་ཉོན་མོངས་པ་ཐམས་ཅད་བསྲེགས་ཤིང་བཤལ་ཏེ། ཉོན་མོངས་ཐམས་ཅད་དང་བྲལ་བར་བསམས་པ་ལ་སེམས་བཟུང་ངོ་། །ཉི་མ་ནུབ་ནས་ནམ་གུང་གི་བར། དྲག་པོའི་དུས་ཏེ་རང་གི་འཁོར་ལོ་ལས་བདུད་རྩི་སྔོན་པོ་བབས་ལུས་ཁེངས་སྙིང་རླུང་ལ་སོགས་པའི་སྐྱོན་བསལ་ཞིང་སྙིང་ནང་བདུད་རྩིས་ཁེངས་པས་ཆོས་ཐམས་ཅད་མངོན་སུམ་དུ་ཤེས་པའི་ཤེས་རབ་ཀྱིས་ལུས་ངག་ཡིད་གསུམ་རྒྱས་པར་བསམས་པས་སྐྱོན་གང་ཡང་མི་འབྱུང་བ་ཉིད་དོ། །མན་ངག་འདི་ནི་བླ་མ་ལས་བརྒྱུད་པ་མ་ཉམས་ཤིང་། རང་གི་ཉམས་སུ་མྱོང་བའི་སྟོབས་ཀྱིས་ཤིན་ཏུ་བརྗོད་པར་ཕངས་ནའང་། བློ་དམན་པ་དག་ལ་ཕན་ཕྱིར་གབ་པ་རྣམས་མངོན་དུ་ཕྱུང་ནས་ཕྱིན་ཅི་མ་ལོག་པར་བཀོད་པ་ཡིན་ནོ། །གཞན་མ་དག་ལ་སྦས་ཏེ་བསྟན་པའི་གནས་མེད་པས་སྙིང་གི་གཏེར་དུ་སྦོས་ཤིགས་མ་ཡ། ཞེས་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས་གདམས་པར་མཛད་པ་ཡིན་ནོ། །རྩ་བའི་བཞི་པ་དེ་ལྟར་གེགས་སྤངས་ཏེ་བསྒྲུབས་པས་གྲུབ་པའི་རྣལ་འབྱོར་པ་དགགྲུབ་པའི་རྟགས་དངོས་སུ་བསྟན་པའི་ཕྱིར་ལས་སྦྱོར་གྱི་རིམ་པ་བཤད་པར་བྱའོ། །དེ་ལ་གསུམ་ལས། དང་པོ་གྲུབ་བའི་དགའ་སྟོན་སྤེལ་བའི་སླད་དུ་རྫས་ཀྱི་སྦྱོར་བ་སྒྲུབ་པའི་ཚུལ་ནི། ལས་སྦྱོར་རྩ་བ་དྲང་སྲོང་མངོན་ཤེས་ཅན་གྱིས་མཛད་པ་ལས། ལྕེ་བདེ་མགྲིན་པ་བདེ་བ་དང་། །དབྱངས་སྙན་དྲན་པ་གསལ་བ་ལ། །ཨ་རུ་སྐྱུ་རུ་པི་པི་ལིང་། །ཤིང་མངར་དུག་ཉུང་སྒྲོན་ཤིང་དང་། །གོ་སྙོད་ལ་སོགས་རྩི་བཞིན་བཏགས། །དར་གྱི་ཚགས་མ་ལ་བཙགས་ཏེ། །ཀ་ར་སྦྲང་རྩིས་རིལ་བུ་བྱ། །ཞེས་དང་། སྨན་འདི་སྦྱར་བའི་དུས་ཚོད་ནི། །དྲང་སྲོང་ཕུར་བུ་དག་ལ་སྦྱར། །མགྲིན་པ་བདེ་ཞིང་བློ་རྣོ་འགྱུར། །ཞེས་པས། རབ་རྒྱལ་ཕུར་འཛོམ་པའམ། དེ་མིན་རེས་གཟའ་ཕུར་བུ་དར་བའི་ཉིན། ༡ཨ་རུ་ར་གསེར་མདོག༢བ་རུ་ར། ༣སྐྱུ་རུ་ར། ༤སྒྲོན་ཤིང་། ༥གོ་སྙོད་ཀྱི་འབྲས་བུ། ༦དུག་མོ་ཉུང་གི་འབྲས་བུ། ༧ལུག་རུ་དཀར་༨དམར་༩སེར་གསུམ། ༡༠སྤང་རྒྱན་དཀར་པོ། ༡༡པི་པི་ལིང་། ༡༢ཤིང་མངར་རྣམས་ཆ་མཉམ་པར་བྱས་ལ། ཞིབ་ཏུ་བཏགས་ནས་དར་ཚགས་ལ་དྲངས་པ། ཚིལ་གྱིས་བཞུས་པ་མ་ཡིན་པའི་ཀ་ར་དང་། སྦྲང་རྩི་གཙང་མ། བ་དམར་མོའི་འོ་མ་བཅས་དང་། གོང་བཤད་དངོས་གྲུབ་བླང་བའི་འཁོར་ལོའི་བདུད་རྩི་རྣམས་སྦྱར་ལ་རིལ་བུ་སྲན་སྤོས་ཙམ་དུ་དྲིལ་ནས་གྲིབ་སྐམ་བྱ། སྨན་སྦྱོར་རྐྱང་པ་བསྟེན་པས་ཀྱང་ཕན་ཡོན་ཅི་རིགས་པ་འབྱུང་མོད། ལྷ་སྔགས་ཀྱི་མཐུས་བྱིན་གྱིས་བརླབས་ན་རྣོ་ལ་ངར་གྱིས་གདགས་པ་ལྟར་ནུས་པ་མཆོག་དང་ལྡན་ཕྱིར་སྒྲུབ་པའི་སྦྱོར་བ་བརྩམ་པར་བྱ་སྟེ། རིལ་བུ་རྣམས་རིན་པོ་ཆེའི་སྣོད་དུ་བླུགས་ལ་སྟེགས་བུའི་དབུས་སུ་བཀོད། མཆོད་གཏོར་བཤམས། བགེགས་བསྐྲད་སྐྱབས་སེམས་ནས་བདག་བསྐྱེད་བཟླས་པ་དང་བཅས་པ་བྱ། དེ་ནས་མདུན་རྟེན། ཨ་མྲྀ་ཏས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་ལྷ་དང་དྲང་སྲོང་སོགས་ནས། ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རིལ་བུ་རྣམས་ཧྲཱིཾཿདཀར་པོ་ཡོངས་སུ་གྱུར་པ་ལས་ལྷ་མོ་དབྱངས་ཅན་མ་སོགས་དང་། སྣང་ལ་རང་བཞིན་མེད་པའི་སྐུ་ཅན་དུ་གསལ་བའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ཉ་གང་བ། དེའི་དབུས་སུ་ༀ་དཀར་པོ་སོགས་དང་འཁོར་ལོ་འོད་དུ་ཞུ་བ་མདུན་བསྐྱེད་ཀྱི་ཤངས་བུག་གཡོན་ནས་ཞུགས་ཏེ་ཐུགས་ཀའི་ༀ་དང་འདྲེས། དེ་ཡོངས་སུ་གྱུར་པ་ལས་པདྨ་འདབ་བརྒྱད་སོགས་ནས་དབྱངས་ཡིག་གཉིས་གཉིས་མར་མེའི་ཕྲེང་བ་ལྟར་འབར་བར་གྱུར་ཞེས་པའི་བར་གྱིས་བསྐྱེད། མཆོད་པ་རྣམས། ༀ་ཨ་མྲྀ་ཏེ་ཧཱུྃ་ཕཊ྄། ཀྱིས་བསང་། སྭ་བྷ་བས་སྦྱང་། སྟོང་པའི་ངང་ལས་ༀ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ༀ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་ཞལ་ཟས་རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་ཀླས་པར་གྱུར། ༀ་བཛྲ་ཨརྒྷཾ་ཨཱཿཧཱུྃ། ནས་ཤཔྟའི་བར་སྦྱར་བས་བྱིན་གྱིས་བརླབ། ཐལ་མོ་སྦྱར་ལ། འཇིག་རྟེན་ཁམས་ནི་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་རྣམས། །འཕགས་མ་འཁོར་དང་བཅས་ལ་འབུལ། །བློ་དང་མཆོག་གི་དངོས་གྲུབ་སྩོལ། །ༀ་སྭ་ར་སྭསྟཱི་དེ་ཝཱི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ། དེ་བཞིན་དུ་སྦྱར་བས་རོལ་མོའི་བར་དུ་འབུལ། སྤྲོ་ན་རིན་ཆེན་བདུན་འདོད་ཡོན་ལྔ་བཀྲ་ཤིས་རྟགས་རྫས་སོགས་ཀྱིས་ཀྱང་མཆོད། བསྟོད་པ་ནི། སྤྱན་རས་གཟིགས་དབང་མཆེ་བའི་རྩེ་ལས་མངོན་སྤྲུལ་ཞིང་། །སོགས་བྲམ་ཟེར་ཕུར་བུས་བསྟོད་པ་དང་། ཀུན་མཁྱེན་གསུང་། མཆོག་དགའི་རང་བཞིན་ལྷ་མོ་ནི། །ཡོན་ཏན་རྒྱ་མཚོའི་གླིང་ན་བཞུགས། །རྒྱལ་བ་སྲས་བཅས་བསྐྱེད་པའི་ཡུམ། །དབྱངས་ཅན་མ་ལ་ཕྱག་འཚལ་བསྟོད། །ཞེས་དང་། བོ་དོང་པའི་གསུང་། མཁྱེན་བཟང་རབ་ཏུ་རྒྱས་བའི་པདྨ་དང་། །ཐུགས་རྗེ་དྲི་མེད་ཟླ་བའི་གདན་ལ་འགྱིང་། །སྒྲ་དབྱངས་ལྷ་མོ་པི་ཝང་གསུང་སྙན་གྱིས། །ཁམས་གསུམ་དབུགས་འབྱིན་ལྷ་མོ་ཁྱོད་ལ་འདུད། །ཅེས་པ་ཙམ་མམ། རྒྱས་པར་སྤྲོ་ན་བསྟོད་པ་ཕྱི་མ་གཉིས་ཡོངས་རྫོགས་དང་། གཞན་ཡང་ཚིག་དོན་ཕུན་སུམ་ཚོགས་པའི་བསྟོད་པ་ཅི་ཤེས་ཀྱིས་བསྟོད། མདུན་བསྐྱེད་ཀྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་མ་རིག་པའི་མུན་པ་བསལ། ཤེས་རབ་ཀྱི་སྣང་བ་ལ་བཀོད། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ། མཁྱེན་བརྩེ་ནུས་པའི་ཡེ་ཤེས། བརྟན་གཡོའི་དྭངས་བཅུད་ཐམས་ཅད་བསྡུས་ནས་ཐུགས་ཀའི་ས་བོན་ལ་ཐིམ་པར་བསམས་ལ་ཧྲཱིཾཿཞེས་ཅི་ནུས་དང་། ཐུན་མཐར་དབྱངས་གསལ་དང་། ༀ་ཧྲཱིཾཿམ་ཧཱ་མཱ་ཡཱ་ཡཱངྒཻ་མ་ཧཱ་སྭ་ར་སྭ་དྱཻ་ན་མཿཞེས་དང་། ༀ་བཱ་གྦཱ་དི་ནི་བཱ་ཙརྨ་ནི་ཡཙྪ་སྭ་ར་སྭ་ཏཱི་མ་ཧཱ་ཤྭེ་ཏེ་སྭཱ་ཧཱ། ཞེས་དང་། ཨོཾ་ཙནྡྲ་གོ་མི་སལ་སལ་ཕྱེ་ཕྱེ་ཧཱུྃ་ཧཱུྃ་སྭཱ་ཧཱ། ཞེས་པ་རྣམས་ཀྱང་བཟླ། གཏོར་མ་དང་པོ་མདུན་བསྐྱེད་ལ་འབུལ་བའི་ཁྱད་པར་ཙམ་ལས་སྒྲུབ་ཐབས་ལྟར་གཏོར་མ་གསུམ་ཕུལ། ལྷག་ཆད་ཁ་བསྐང་། བཟོད་གསོལ་བསྔོ་སྨོན་ཤིས་བརྗོད་བཅས་བྱ། ཐུན་ཕྱི་མ་རྣམས་སུ་མདུན་བསྐྱེད་སྔར་ཡོད་གསལ་གདབ་ཀྱི་ཚུལ་དུ་བསྐྱེད་ལ་ཇི་སྐད་བཤད་པ་བཞིན་ཉམས་སུ་བླངས་ཏེ། དེ་ལྟར་རྨི་ལམ་སོགས་རྟགས་མཚན་དགེ་བ་མ་མཐོང་བའི་བར་དུ་བསྒྲུབ། ཐུན་ཐ་མར་གཏོར་མ་ཕུལ་བའི་རྗེས་སུ་དབྱངས་ཅན་མ་འོད་དུ་ཞུ་བ་ཡོངས་སུ་གྱུར་པ་ལས་སྨན་གྱི་རིལ་བུ་བློ་གྲོས་ཀྱི་མཐུ་ཐོགས་པ་མེད་པ་སྟེར་བའི་ནུས་བྱིན་དང་ལྡན་པར་བསམས་ལ། རྟེན་འབྲེལ་སྙིང་པོ་མང་དུ་བཟླས་པའི་མེ་ཏོག་གི་ཆར་དབབ་ལ་ཤིས་པ་བརྗོད། གཏོར་མགྲོན་རྟེན་མེད་པ་གཤེགས་སུ་གསོལ་བ་སོགས་སྐབས་དང་སྦྱར། རང་ཉིད་འཇམ་དཔལ་ལམ་མི་གཡོ་བའི་སྐུར་ལང་ལ་བསྔོ་སྨོན་ཤིས་བརྗོད་བྱའོ། །དེ་ལྟར་བསྒྲུབས་པའི་རིལ་བུ་དེ་ཉིད་རིན་པོ་ཆེ་སོགས་སྣོད་གཙང་མར་རླུང་མི་འཆོར་བར་བྱས་ལ་བཅང་། ཟླ་བ་གང་རུང་གི་ཡར་ངོའི་ཚེས་གཅིག་གི་ཐོ་རངས་ནས་བརྩམས་ཏེ་ལྟོ་སྟོང་གི་དུས་སུ་ཁྲུས་བྱས་ལ། རིལ་བུ་ལག་མཐིལ་དུ་བཞགསྟོང་པའི་ངང་ལས་རང་ཉིད་ནི། །སྒྲ་དབྱངས་ལྷ་མོ་སྐུ་མདོག་དཀར། །ཞལ་གཅིག་ཕྱག་གཉིས་སྐྱིལ་ཀྲུང་ཅན། །ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི། །བདུད་རྩིའི་གང་བའི་བུམ་པ་འཛིན། །ལྷ་རྫས་དར་གྱི་ན་བཟའ་དང་། །རིན་ཆེན་རྒྱན་གྱིས་རྣམ་པར་བརྒྱན། །པདྨ་ཟླ་བའི་གདན་ལ་བཞུགས། །རིལ་བུ་སྲིད་དང་ཞི་བ་ཡི། །དྭངས་བཅུད་འདུས་པའི་ངོ་བོ་ཉིད། །ཟོས་པས་རྨོངས་པའི་མུན་པ་བསལ། །ཡེ་ཤེས་སྣང་བ་རྒྱས་པར་གྱུར། །ཅེས་བརྗོད་ཅིང་བསམས་ལ། ༀ་ཙནྡྲ་གོ་མི་སལ་སལ་ཕྱེ་ཕྱེ་ཧཱུྃ་ཧཱུྃ་སྭཱ་ཧཱ། ཞེས་ལན་བདུན་བཟླས་ལ་མིད། དེ་ལྟར་ཚུལ་བཞིན་བསྟེན་པའི་ཕན་ཡོན་ནི། ཞག་བདུན་ཟོས་པས་དིག་པ་དང་། །ལྐུག་པ་གླེན་པ་དག་ཀྱང་འཚོ། །བཅུ་གཅིག་སྐད་བཟང་མགྲིན་པ་བདེ། །ཉི་ཤུས་མི་བརྗེད་གཟུངས་ཐོབ་འགྱུར། །ཟླ་བ་གཅིག་ཏུ་ཟོས་གྱུར་ན། །བློ་ནི་མེ་དང་འདྲ་བར་འགྱུར། །རབ་ཏུ་བསྟེན་ན་ཚེ་རིང་ཞིང་། །རྒས་པའི་སྐྱོན་གྱིས་གོས་པ་མེད། །ཅེས་གསུངས་སོ། །གཉིས་པ་རང་གཞན་ལ་ཕན་པ་སྒྲུབ་པའི་ལས་སྣ་ཚོགས་པའི་རིམ་པ་ནི། དེ་ལའང་རྣམ་པ་བཞི་སྟེ། སྒྲུབ་ཐབས་འོད་ཀྱི་དྲྭ་བར། དུག་གཞིལ་བ་དང་ཕྲན་ཚེགས་བསྟན། །དབང་དུ་བྱ་དང་རྩོད་པ་ཟློག །དེ་ལྟར་རྣམ་བཞིའི་རིམ་པ་བཞིན། །ཞི་རྒྱས་དབང་དང་དྲག་པོར་བཤད། །ཅེས་པས། དེའང་ཞི་བའི་ཆོ་གས་དུག་སོགས་ཞི་བར་བྱ་བ་ནི། ནད་པ་དེའི་དཔྲལ་བའི་དཀྱིལ་དུ་པདྨ་འདབ་བརྒྱད་མཆོག་ཏུ་དཀར་བའི་ལྟེ་བར་ཧྲཱིཾཿལས་བདུད་རྩི་དཀར་པོ་བབས་པས་ནད་ཐམས་ཅད་དང་གདོན་རིགས་ཐམས་ཅད་བཤལ་ཏེ་ནད་གདོན་ལས་ཐར་བར་བསམ་ཞིང་ཧྲཱིཾཿཞེས་འབུམ་ཉི་ཁྲི་ལྔ་སྟོང་བཟླས་པས་ནད་ཐམས་ཅད་དང་ཁྱད་པར་དུ་དུག་ནད་རབ་ཏུ་ཞི་བར་བྱེད་པའོ། །གཉིས་པ་རྒྱས་པའི་ཆོ་གའི་ལས་ཕྲན་ཚེགས་བསྟན་པ་ནི། བྱིས་པ་བཙས་མ་ཐག་པའི་ལྕེ་ལ་ཙན་དན་ག་བུར་གུརྒུམ་གི་ཝང་བཞི་སྦྱར་བས་ཧྲཱིཾཿབྲིས་པ་ལ་དབྱངས་ཅན་མའི་འཁོར་ལོ་དགུག་གཞུག་བྱས་པས་བློ་རྣོ་བ་ངག་གི་དབང་ཕྱུག་དང་མཚུངས་པར་འགྱུར་རོ། །ཡང་འཆད་པ་ན་ལྕེ་ལ་འཁོར་ལོ་གསལ་བཏབ་ནས་བཤད་ན་ཉན་པ་པོའི་རྣ་བར་སྙན་ཞིང་ཆོས་ཀྱི་ཚུལ་སྔོན་མི་ཤེས་པའི་ལེགས་བཤད་འཆད་ནུས་པའོ། །ཡང་འབེལ་གཏམ་དང་གླེང་སློང་ལ་སོགས་ཆོས་ཀྱི་ཚིག་དོན་བྱེད་པ་ན་དབྱངས་ཅན་མའི་འཁོར་ལོ་གསལ་བཏབ་ནས་བཤད་ན་སྤོབས་པ་ཐོགས་པ་མེད་ཅིང་ཀུན་གྱི་རྣ་བར་སྙན་པར་འགྱུར་རོ། །དེ་དག་གི་འཁོར་ལོ་སེར་པོ་འོད་དང་བཅས་པ་བསམ་པར་བྱའོ། །གསུམ་པ་དབང་གི་ཆོ་གས་འགུགས་པའི་ལས་རྩོམ་པ་ནི། གང་བྱ་བའི་བསྒྲུབ་བྱ་དེ་ཡི་རྣམ་ཤེས་ཀྱི་ངོ་བོ། ཨཿཐུང་ཚེག་དྲག་ཅན་དོང་རྩེ་བརྩེགས་པ་ལྟ་བུའི་དཀྱིལ་ན་བུག་པ་གྲུ་གསུམ་པདྨ་འདབ་མ་བཞི་པའི་ལྟེ་བར་གཏད་པའི་ཧྲཱིཾཿདམར་པོ་ཚེག་དྲག་ཅན་བསམས་ལ། རང་གི་སྙིང་གའི་འཁོར་ལོ་དམར་པོ་བསམ་པའི་འོད་ཟེར་ཧྲཱིཾཿདང་ཨཿཐུང་ལ་ཕོག་པས་ཚུར་གཅིག་ལ་གཅིག་མཐུད་དེ་རང་གི་སྙིང་གའི་ཧྲཱིཾཿལ་ཐིམ་པར་བསམས་ལ། ཧྲཱིཾཿཆེ་གེ་མོ། ཨཱ་ཀཪྵ་ཡ་ཧྲཱིཾ༔ཛཿཞེས་བཟླས་ཏེ་བསམས་པས་ཕོ་མོ་གང་ཡང་ཞག་བདུན་གྱིས་འགུགས་པར་ནུས་པ་ཉིད་དོ། །བཞི་པ་དྲག་པོའི་ཆོ་གས་རྩོད་པ་སྨྲ་བ་ཚར་གཅད་པ་ནི། རང་གི་ལྕེ་འཁོར་ལོ་མཐིང་གར་གསལ་བཏབ་ནས། ཕ་རོལ་པོའི་ཡ་རྐན་ལ་ཟངས། མ་རྐན་ལ་ལྕགས་ཀྱི་འཁོར་ལོ་རྩིབས་བརྒྱད་པ་ལྕེ་སྟེང་གསེར་གྱི་རྡོ་རྗེ་རྒྱ་གྲམ་སྟེ་གསུམ་གྱི་ལྟེ་བར་ཧྲཱིཾཿནག་པོ་གཅིག་གིས་མི་འགྱུར་བར་བསྡམས་པར་བསམས་པའི་གྲེ་བར་ཁྲོ་ཆུའི་མཆོད་རྟེན་ནག་པོ་གདུགས་ཆོས་འཁོར་དང་བཅས་པ་མགོ་མཇུག་ལོག་པས་བཀབ་པར་བསམ་སྟེ། ཆེ་གེ་མོའི་ངག་སྟྭམ་བྷ་ཡ་ནན། ཞེས་བརྒྱ་ལ་སོགས་པ་བཟླས་ནས། རྩོད་དུས་དམིགས་པ་གསལ་བཏབ་ན་རྒྱལ་ངེས་སོ། །དེ་ཤིན་ཏུ་རྒྱས་པའི་དབང་དུ་བྱས་པའོ། །རྩོད་པ་ཕལ་པ་དང་ཤགས་འདྲེན་པ་ལ། རང་གི་ལྕེ་འཁོར་ལོ་གསལ་བཏབ་པས་རྒྱལ་ངེས་སོ། །ཞེས་གསུངས་ཤིང་། རིང་བརྒྱུད་ཕུར་བུའི་ལུགས་ཀྱི་སྒྲུབ་སྐོར་གཞན་ལས། །དེ་ནས་ལས་ལ་སྦྱར་བའི་ཚེ། །ཤགས་འགྱེད་རྩོད་པ་གལ་ཆེ་ན། །འདི་བཞིན་བྱེད་ཀྱིས་གཞན་དུ་སྡིག །རང་ལྕེ་འཁོར་ལོ་བསྒོམས་པས་ཆོག །འགྲན་ཟླ་དེ་ཡི་ཡར་རྐན་ལ། །ལྕགས་ཀྱི་འཁོར་ལོ་རྩིབས་བརྒྱད་པ། །མར་རྐན་ཟངས་ཀྱི་འཁོར་ལོ་བསྒོམ། །ལྕེ་ལ་གསེར་གྱི་རྡོ་རྗེ་འབར། །རྒྱ་གྲམ་ཆེན་པོས་མནན་པར་བསྒོམ། །དེ་རྣམས་ལྟེ་བར་ཡི་གེ་ཧྲཱིཾཿ། །ནག་པོས་མི་འགྱུར་བསྡམས་པར་བསམ། །དེ་ཡི་ཁོང་པར་གསེར་གྱི་ནི། །མཆོད་རྟེན་ཆེན་པོ་བང་རིམ་ལྡན། །ཆར་ཁེབ་ཏོག་དང་ལྡན་པ་ཡི། །རྩེ་མོས་གྲེ་[བུམ་མ་དཔེ་མི་གསལ། ]ཁེངས་པར་བསམ། །རང་གི་ལྕེ་ལ་དབྱངས་ཅན་མའི། །འཁོར་ལོ་ཤིན་ཏུ་གསལ་བར་བསྒོམ། །ངག་ཏུ་མིང་རུས་ཆེ་གེ་མོའི། །ཝཱ་ཀ་སྟམྦྷ་ཡ་ནཱན། ཞེས་པའི་སྔགས་འདི་བཟླས་བྱས་ན། །སྨྲ་མཁས་ལྕེ་བདེ་དྲན་གསལ་བ། །ཐམས་ཅད་བདག་གི་དབང་དུ་འགྱུར། །མཁས་པ་རྣམས་དང་རྒྱལ་པོ་དང་། །དེ་བཞིན་བློན་པོ་བུ་མོ་སོགས། །བདག་གི་དབང་དུ་བྱེད་འདོད་ན། །བསྒྲུབ་བྱ་མངོན་སུམ་མཐོང་བ་ལ། །དེ་ཡི་དཔྲལ་བ་པདྨ་དམར། །ལྟེ་བར་ཟླ་བར་ཟུར་གསུམ་པ། །དམར་ལ་ཚ་བའི་རེག་བྱར་ལྡན། །དེ་ཡི་དབུས་སུ་ཡི་གེ་ཧྲཱིཾཿ། །ཟླ་ཚེས་ནཱ་ད་ལྡན་པ་འགོད། །རང་གི་ཧྲཱིཾཿལས་ཧྲཱིཾཿའཕྲོས་ཏེ། །དཔྲལ་བའི་ཧྲཱིཾཿདང་དབྱེར་མེད་འདྲེས། །འོད་ཟེར་དམར་པོའི་ཁོངས་སུ་བཅུག །དེ་ཡི་ལུས་སེམས་དབང་དུ་བསྡུས། །ཡི་གེ་ཧྲཱིཾཿགི་རྣམ་པར་གྱུར། །ཚུར་འདུས་རང་གི་ཧྲཱིཾཿལ་འདྲེས། །ངག་ཏུ་མིང་རུས་ཆེ་གེ་མོ། །ཨཱ་ཀཪྵ་ཡ་ཛ་བྷཥྨི་ཀུ་རུ་ཧོཿཞེས་པའི་གསང་སྔགས་བཟླས་གྱུར་ན། །དགེ་སྦྱོང་དག་དང་བྲམ་ཟེ་དང་། །རྒྱལ་པོ་ལ་སོགས་ལྟ་ཅི་སྨོས། །དབང་པོ་དཔལ་མོར་བཅས་པ་ཡང་། །བྲན་བཞིན་དབང་དུ་བྱེད་འགྱུར་ཞིང་། །བསྒོ་བའི་ངག་ལ་ཉན་པར་འགྱུར། །དུག་གིས་ཟིན་པའི་སྐྱེས་བུ་ཡི། །སྤྱི་བོར་པདྨ་འདབ་བརྒྱད་དཀར། །དེ་སྟེང་ཟླ་བ་ཆ་གཉིས་རྫོགས། །དབུས་སུ་དབྱངས་ཡིག་མེད་པ་ཡི། །ཧྲཱིཾཿདཀར་ཟླ་ཚེས་ནཱ་ད་བྲལ། །ཐིག་ལེ་དངུལ་ཆུ་ལྟ་བུ་བསྒོམ། །དེ་ལས་བདུད་རྩིའི་རྒྱུན་བབས་ཏེ། །སྤྱི་བོ་ནས་ཞུགས་རྩ་རྣམས་གང་། །དུག་རྣམས་སྒོ་ནས་བུད་པར་བསམ། །ངག་ཏུ་མིང་རུས་ཆེ་གེ་མོའི་། །བི་ཥ་ཤཱནྟིངྐུརུ་སྭཱ་ཧཱ། ཞེས་པའི་གསང་སྔགས་བཟླས་གྱུར་ན། །དུག་གིས་ཟིན་ནས་ཤི་ལ་ཐུག །ཐམས་ཅད་སོས་པར་ཐེ་ཚོམ་མེད། །གཞན་ཡང་བྱིས་པ་བཙས་མ་ཐག །རྐེད་ལ་ཉི་གྲིབ་ཕྱེད་མར་བྱ། །གི་ཧཾ་རྒྱ་སྐྱེགས་འདྲེས་པ་ཡིས། །ལྕེ་ལ་དབྱངས་ཅན་འཁོར་ལོ་དགོད། །དགུག་གཞུག་བཅིངས་པས་དབྱེར་མེད་བྱ། །ཧྲཱིཾཿཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿཞེས་པའི་སྔགས་ཀྱིས་བརྟན་པར་བྱ། །རིག་པ་འདི་ཡིས་བྱིས་པ་རྣམས། །དབྱངས་ཅན་ཉིད་དང་མཚུངས་པར་འགྱུར། །ཞེས་འབྱུང་། ཚུལ་འདི་གཉིས་གང་གི་ལུགས་ལྟར་བྱས་ཀྱང་སྤྱིར་མི་འགལ་མོད། རང་ལུགས་གཙོ་བོར་སྔ་མའི་རྗེས་སུ་འབྲང་བར་བྱའོ། །གསུམ་པ་བསྙེན་སྒྲུབ་ལས་སྦྱོར་མཐའ་དག་ལ་ཉེ་བར་མཁོ་བའི་སྦྱིན་སྲེག་གི་ཆོ་ག་བཤད་པ་ལ། སྦྱོར་བ་དང་དངོས་གཞི་གཉིས་ལས། དང་པོ་ནི། དུས་བཟང་པོ་ལ་གང་དུ་བྱ་བའི་སར། གཞི་བགེགས་ལ་གཏོར་མ་བཏང་། ཐབ་ཀྱི་གཞིར་སྟེགས་བུ་ཁྲུ་དོ་གྲུ་བཞིར་བརྩིགས་པའམ། དེ་དང་རྒྱ་མཉམ་པའི་གཞི་ལ་བ་བྱུང་དང་དྲི་བཟང་གིས་བྱུགདེ་ལ་ཚངས་ཟུར་གྱི་ཐིག་བཏབ་པའི་དབུས་ནས་མཐོ་གང་ཟླུམ་པོར་བསྐོར་བའི་ཕྱིར་སོར་བཞི་བ་ཉིས་རིམ་དུ་བསྐོར་བ་ནི་ཐབ་དང་ཁ་ཁྱེར་མུ་རན་ནོ། །དབུས་སུ་དབྱངས་ཅན་གྱི་འཁོར་ལོ་འོག་ཏུ་འཆད་པར་འགྱུར་བ་ལྟར་དང་། ཁ་ཁྱེར་ལ་པད་འདབ་བཅུ་དྲུགམུ་རན་ལ་རྡོ་རྗེའི་ཕྲེང་བ་བྱས་པའི་ཕྱིའི་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེ་དང་བཅས་པ་རྡུལ་ཚོན་དཀར་པོས་དགང་ཞིང་། དམར་པོའི་བཅད་ཀྱིས་ཕྱེ། ཐབ་ཀྱི་ཁར་སྲོག་ཆགས་མེད་པའི་ལྕི་བས་ཟླུམ་པོར་བརྩིགས་པའི་ནང་དུ་དྲི་ཞིམ་པོའི་ཤིང་གྲུ་བཞི་བསྣོལ་མས་བཀང་བའི་དབུས་སུ་མེ་ཚང་ཏིང་ལོ་དང་བཅས་པ་བྱ། རང་གི་གཡས་སུ་བ་བྱུང་གི་མཎྜལ་གྱི་སྟེང་དུ། བསྲེག་རྫས་ཙན་དན་དཀར་དམར་སོགས་སྤོས་སྣ་ཚོགས་དང་། མེ་ཏོག་དཀར་སེར། ཏིང་ལོ་གྲངས་ལྡན། ཙནྡན་དཀར་པོ། གླ་རྩི། གུརྒུམ། གི་ཝཾ་བཞི་སྦྱར་བའི་བཞི་མཉམ་གྱི་ལྡེ་གུ་དང་ཕྱེ་མ། མངར་གསུམ་མར་དང་སྦྱར་བའི་ཟས་མཆོག་གི་རིལ་བུ་གྲངས་ལྡན། བཞི་མཉམ་དང་མངར་གསུམ་གྱིས་སྤགས་པའི་ཀུ་ཤནས་གྲོ་འབྲས་སྲན་མ་ཏིལ་དཀར་ནག་སོགས་འབྲུ་སྣ་ཚོགས་བསྲེས་པ་དང་། བ་དམར་སེར་གྱི་མར་ཁུ་དང་། ཤིང་ཐོག་སྣ་ཚོགས་རྣམས་བཞགརང་གི་གཡོན་དུ་བསྙེན་པའི་སྐབས་བཞིན་མཆོད་པ་ལྔ་དང་གཏོར་མ་རྣམས་བཤམས། ཉེ་ལོགས་ཅི་བདེ་བར་ཆངས་བུའི་གཏོར་མ། གཞན་ཡང་བསང་ཆུ་དང་མེ་ལྷའི་བསྲེག་རྫས་རྣམས་ཀྱང་ཚོགས་པར་བྱའོ། །གཉིས་པ་ནི། སྐྱབས་འགྲོ་ནས་བརྩམས་ཏེ་བདག་བསྐྱེད་བཟླས་པའི་མཐར་ཐུག་པ་སྔོན་དུ་འགྲོ་བས། བསང་ཆུ་ཨ་མྲྀ་ཏ་བརྒྱའམ་ཉེར་གཅིག་གིས་བསྔགས། རྫས་རྣམས་ལ་གཏོར་ཏེ་བསང་སྦྱང་། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། མཆོད་རྫས་དང་བསྲེག་རྫས་ལྷ་མཉེས་པ་དང་སོ་སོའི་ལས་སྒྲུབ་པའི་ནུས་པ་དང་ལྡན་པར་བསམས་ལ། ཨརྒྷཾ་ནས་ཤཔྡའི་བར་དང་། ༀ་ཨཱཿ་ཧཱུྃ་གིས་བྱིན་གྱིས་བརླབ་ཐབ་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་བྱུང་བའི་ཐབ་ཁུང་གསེར་བཙོ་མ་ལྟར་འབར་བ། ཁ་ཁྱེར་མུ་རན་དང་བཅས་པ་དྭངས་གསལ་ཐོགས་པ་མེད་པའི་ནང་ལྷ་རྫས་ཀྱི་བུད་ཤིང་གིས་གང་བར་བསམས་ནས། དགེ་འདུན་གྱི་ཚང་མང་ངམ་རྒྱལ་པོའི་ཕོ་བྲང་གི་མེས། ༀ་ཨགྣེ་ཛྭ་ལ་རྃ། ཞེས་བརྗོད་ཅིང་སྦར། དེར་རྃ་ལས་དྲང་སྲོང་མེ་ལྷའི་ངོ་བོ་མེ་འབར་བའི་རྣམ་པ་ཅན་དུ་གྱུར། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་མེ་ལྷ་འཁོར་བཅས་ༀ་བཛྲ་ས་མཱ་ཛཿཞེས་དབྱུ་གུ་རྩེ་གསུམ་པའི་ཕྱག་རྒྱ་རྣ་བའི་དྲུང་དུ་གཡོབ་ཅིང་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿའབར་བའི་རྣམ་པ་དང་གཉིས་སུ་མེད་པར་གྱུར། ༀ་ཨགྣ་ཡེ་ཨཱ་དཱི་བྱ་ཨཱ་དཱི་བྱ་ཨཱ་བི་ཤ་ཨཱ་བི་ཤ་ཧ་བྱ་ཀ་བྱ་བཧྣཱཡ་སྭཱ་ཧཱ། ཞེས་དང་། ༀ་ཨགྣ་ཡེ་སྭཱ་ཧཱ། ལན་བདུན་གྱིས་མར་བླུགས་གཟར་བདུན་གྱིས་དགང་གཟར་བཀང་ལ་ཕུལ། སླར་ཡང་བསྲེག་རྫས་ཐམས་ཅད་གཅིག་ཏུ་བསྲེས་ལ། ༀ་ཨགྣ་ཡེ་སྭཱ་ཧཱ། ཞེས་ལན་ཉི་ཤུ་རྩ་གཅིག་ཙམ་ཕུལ། དེ་ནས་མེ་བསང་སྦྱང་། སྟོང་པའི་ངང་ལས་མེ་འབར་བའི་དབུས་སུ། བྲིས་པའི་འཁོར་ལོ་ཉིད་དབྱངས་ཅན་གྱི་འཁོར་ལོ་པདྨ་དཀར་པོ་འདབ་མ་བརྒྱད་པ་ཤིན་ཏུ་རྒྱས་ཤིང་འདབ་མ་འཇམ་པ། ལྟེ་བ་ལྗང་སེར་ཟེའུ་འབྲུ་དམར་སེར་གྱིས་ཡོངས་སུ་བསྐོར་བ། ལྟེ་བའི་སྟེང་ན་ཟླ་བ་ཉ་གང་བ་དྲི་མ་མེད་པའི་དབུས་སུ་ཧྲཱིཾཿདཀར་པོ་མགོ་གྱེན་དུ་བསྟན་པ་ནཱ་ད་དང་བཅས་པ། པད་འདབ་རྣམས་ལ་མདུན་ནས་བརྩམས་ཏེ་གཡས་སྐོར་དུ་ཨ་ཨཱ་ནས། ཨཾ་ཨཿཞེས་པའི་དབྱངས་ཡིག་བཅུ་དྲུག་མཆོག་ཏུ་དཀར་བ་རིན་པོ་ཆེའི་སྒྲོན་མེ་ལྟར་འོད་གསལ་བ། པད་འདབ་རེ་ལ་གཉིས་གཉིས་གནས་པ་སྟེ། པདྨ་དང་ཟླ་བ་ཡིག་འབྲུ་རྣམས་ཀྱི་འོད་ཟེར་དཀར་པོས་ས་གསུམ་གྱི་མུན་པ་མ་ལུས་པ་སེལ་བར་གྱུར། ཞེས་མོས། འདི་རྗེ་གཏེར་ཆེན་རིན་པོ་ཆེའི་ཡིག་ཆར་མི་འབྱུང་ཡང་། ཀུན་མཁྱེན་བརྩེ་བ་ཆེན་པོའི་གསུང་རབ་ལས་ཁ་བསྐང་བ་སྟེ། དེས་བསྒྲེས་གོང་འོག་གི་ངག་འདོན་གྱི་ཁྱད་པར་ཅུང་ཟད་རྣམས་ཤེས་པར་བྱའོ། །དེ་ནས། རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས། སྣ་བུག་གཡས་ནས་ཐོན། ལྷོ་ཕྱོགས་རྒྱ་མཚོའི་འགྲམ་རིག་པ་འཛིན་པའི་དགའ་བའི་ཚལ་ན་ལྷ་མོ་དབྱངས་ཅན་མ་བཞུགས་པའི་ཤངས་བུག་གཡོན་ནས་ཞུགས། ཐུགས་ཀ་ནས་ངོ་བོ་ཡེ་ཤེས་པ་རྣམ་པ་དབྱངས་ཅན་གྱི་འཁོར་ལོ་འོད་འབར་བ་སྤྱན་དྲངས་ཏེ་ཤངས་བུག་གཡས་ནས་ཐོན། སྟོན་ཀའི་ཟླ་བ་ཤར་བ་ལྟར་སྐད་ཅིག་གིས་མདུན་གྱི་ནམ་མཁར་བྱོན་པར་བསམས་ལ། ༀ་པྲྀ་ཏཱི་དེ་ཝཱི་དཱི་བྱ་པུཥྤེ་ཧཱུྃ། དེ་བཞིན་དུ་སྦྱར་ཏེ། དྷཱུ་པེ། གནྡྷེ། ཨཱ་ལོ་ཀེ། བི་ལེ་པ་ནི། ཞེས་པས་མཆོད། ༀ་པྲྀ་ཏཱི་དེ་ཝཱི་མེ་ཧྲཱིཾཿཥྚྀ་ཏིཥྚྀ་ཧྲཱིཾཿམདུན་གྱི་འཁོར་ལོ་དམ་ཚིག་པ་ལ་གཉིས་སུ་མེད་པར་ཐིམ་པས་འཁོར་ལོའི་འོད་ལས་ལྷ་མོའི་སྐུར་གྱུར། ཞེས་པ་ཙམ་མམ། སྤྲོ་ན། སྐུར་གྱུར་པ་ནི། སྐུ་མདོག་དཀར་མོ་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་སོགས་ནས། སྣང་ལ་རང་བཞིན་མེད་པའི་སྐུ་ཅན་དུ་གྱུར། ཞེས་པའི་བར་སྒྲུབ་ཐབས་ལྟར་བརྗོད་ལ་གསལ་བཏབ། གང་ལྟར་ཡང་། ༀ་པྲྀ་ཏཱི་དེ་ཝཱི་ཧྲཱིཾཿཨ་ཨཱ་ནས་ཨཾ་ཨཱཿལན་བདུན་བརྗོད་པས་བརྟན་པར་བྱ། དེ་ནས་མཚན་སྔགས་ཀྱི་མཐར་ཨརྒྷཾ་སོགས་ཆུ་གཉིས་ཉེར་སྤྱོད་རོལ་མོར་བཅས་པས་མཆོད་ནས། མཆོག་དགའི་རང་བཞིན་ལྷ་མོ་ནི། །སོགས་ཅི་ཤེས་པས་བསྟོད་ནས་བསྲེག་རྫས་འབུལ་བ་ནི། ༀ་པྲྀ་ཏཱི་དེ་ཝཱི་ཧྲཱིཾཿདཱི་བྱ་དྷཱུ་པེ་ཧཱུྃ་མེ་པྲཛྙཱ་ཝརྔྷ་མཱ་ནཱ་ཡ་ༀ། ཞེས་པས་བདུག་སྤོས་དང་། ༀ་པྲྀ་ཏཱི་དེ་བཱི་ཧྲཱིཿདཱི་བྱ་པུཥྤེ་ཧཱུྃ་མེ་པྲཛྙཱ་ཝརྡ་མཱ་ནཱ་ཡ་ༀ། ཞེས་པས་མེ་ཏོག་དང་། དེ་བཞིན་དུ་སྔགས་ཐོག་ཐ་འདྲ་བ་ལ། དཱི་པེ་ཞེས་ཏིང་ལོ་དང་། བི་ལེ་པ་ནི་ཞེས་པས་ལྡེ་གུ་དང་། ནཻ་ཝི་དྱ་ཟས་མཆོག་དང་། ཨགྣ་ཡིས་མར་ཁུ་དང་། ཨ་པྲ་ཏི་ཧ་ཏ་ཞེས་པས་ཀུ་ཤ་དང་། བཱི་ཛཱ་ཡས་འབྲུ་སྣ་ཚོགས། ཤྲཱི་ཕ་ལཱ་ཡིས་ཤིང་ཐོག་སྣ་ཚོགས་རྣམས་འབུལ། གྲངས་ཟས་མཆོག་ལ་འཛིན་ཅིང་ཐུན་རེ་ལ་བརྒྱ་སྟོང་སོགས་ཇི་ལྟར་རིགས་པ་འབུལ་ལོ། །འཇུག་ཏུ་སྒྲུབ་ཐབས་ལྟར་གཏོར་མ་གསུམ་ཕུལ་ནས། མགྲོན་རྣམས་བཛྲ་མུཿཞེས་གཤེགས། ༀ་པྲྀ་ཏཱི་དེ་ཝཱི་མེ་ཧྲཱིཾཿཥྚི་ཏིཥྛི་ཧྲཱིཾཿཞེས་བརྗོད་དེ་རང་ལ་ཐིམ་པར་བསམ། སོལ་བ་ཆུས་བྲན་ཏེ། དམ་ཚིག་གི་འཁོར་ལོ་བསྡུ་བའི་ཕྱིར། སོལ་བའི་ཕྱོགས་གཅིག་སྣ་བུག་ཏུ་རྔུབས་ཏེ། ཐབ་ནང་དུ་བྲིས་པའི་འཁོར་ལོ་འཇུག་པའི་རླུང་དང་ལྷན་ཅིག་སྣ་བུག་གཡོན་ནས་སྙིང་གའི་འཁོར་ལོ་ལ་ཐིམ་པར་བསམ། སླར་ཡང་མེ་ལྷ་ལ་མར་ཁུ་དང་བསྲེག་རྫས་ལྷག་མ་རྣམས། ཨགྣའི་སྔགས་ཀྱིས་ཕུལ། ཨགྣ་ཡེ་གཙྪ། ཞེས་དབྱུ་གུའི་ཕྱག་རྒྱ་ཕྱིར་བསྟན་ནས་གཤེགས་སུ་གསོལ། སྨོན་ལམ་དང་བཀྲ་ཤིས་བྱའོ། །དེ་ནི་རྒྱས་པའི་ཚུལ་ལོ། །དེ་ལས་མཆོད་པའི་སྐབས་རྣམས་བོར་བས་འབྲིང་པོའོ། །ཁ་ཁྱེར་མུ་རན་སྟེགས་བུ་རྣམས་མི་འབྲི་བ་དང་། བསྲེག་རྫས་རྣམས། ཧྲཱིཾཿམེ་པྲཛྙཱ་ཝརྔྷ་མཱ་ནཱ་ཡ་ༀ། ཞེས་པ་ཁོ་ནས་འབུལ་བ་ནི་བསྡུས་པ་དང་། ཤིན་ཏུ་བསྡུས་པ་ནི། ཧྲཱིཾཿཞེས་པ་ཁོ་ནས་བསྲེག་རྫས་རྣམས་འབུལ་བའོ། །གཞན་ནི་སྔར་ལྟར་རོ། །གང་ལྟར་ཡང་འོད་དྲྭ་ནས་འབྱུང་བ་ལྟར། ལྷ་མོ་བདག་གི་མཆོད་པ་འདི་བཞེས་ལ་བདག་གི་ཤེས་རབ་སྤེལ་བར་མཛད་དུ་གསོལ། །ཞེས་འདོད་པའི་དོན་ལ་གསོལ་བ་གདབ། ཐལ་བ་རི་རྩེའམ་ཆུ་ཆེན་པོ་ལ་བསྐྱལ་བས་གྲགས་པ་ཆེན་པོར་འགྱུར་རོ། །ཚུལ་འདི་ནི་བསྙེན་སྒྲུབ་ལས་སྦྱོར་མཐའ་དག་ལ་མཁོ་ཆེ་ཞིང་། སྡིག་སྒྲིབ་ཞི་བ་དང་། སྒྲུབ་པའི་བོགས་དངོས་སུ་འབྱིན་ཅིང་། བར་ཆད་ཐམས་ཅད་ཞི་བ་དང་། ཚོགས་རྫོགས་པ་སོགས་ལྷ་དགྱེས་པའི་ཐབས་བླ་ན་མེད་པ་ཡིན་ཏེ། སྒྲུབ་སྐོར་ཚིགས་བཅད་མ་ལས། རང་དང་གཞན་གྱི་དོན་གྱི་ཕྱིར། །སྦྱིན་བསྲེགས་བྱས་ན་ལྐུགས་པ་ཡང་། །སྙན་དངགས་མཁན་དུ་འགྱུར་བར་གསུངས། །ཞེས་པ་ལྟར་སྒྲུབ་ཐབས་འདི་ལ་བརྟེན་ཏེ་ཤེས་རབ་མཆོག་ཏུ་སྐྱེད་པའི་མྱུར་ལམ་ཁྱད་པར་ཅན་ཡིན་ནོ། །དེ་ནས་མཐའ་རྟེན་དམ་ཚིག་གི་རིམ་པ་ནི་སྤྱིར་རང་གིས་ཇི་ཙམ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་དག་པར་བྱ་བ་གཞིར་བཞག་ནས། བྱེ་བྲག་ཏུ་སྡིག་པ་སྤང་། ཚངས་པར་སྤྱོད། རྫུན་མི་སྨྲ། ཤ་ཆང་སྒོག་བཙོང་སོགས་མི་གཙང་བའི་ཟས་དང་། གདན་དང་སྒ་སྔས་སུ་འཇུག་པ། ལྷྭམ་དང་གོས་རྙིང་སྐྲད་རྙིང་གི་འོག་ཏུ་ཉལ་བ་སོགས་མི་གཙང་བའི་སྤྱོད་ལམ་སྤང་། གོས་གཙང་མ་གྱོན་ཞིང་རྟག་ཏུ་ཁྲུས་དང་གཙང་སྦྲ་ལ་གནས། ཤེས་རབ་ཀྱི་རློམ་པས་གཞན་ལ་མི་དམད་བླ་མ་དང་ཆོས་ལ་སོགས་པ་མཆོད་པར་འོས་པ་རྣམས་ལ་མི་དམད། ཆོས་ཡིག་འབྲུ་གཅིག་ལའང་གུས་པར་བྱ། དུང་ལ་སོགས་པ་དེ་བཞིན་གཤེགས་པའི་ཕྱག་མཚན་ལའང་མི་འགོམ། རྟག་པར་འཕགས་མའི་བསྙེན་སྒྲུབ་ཀྱི་དམ་བཅའ་སྔགས་བརྒྱ་རྩ་རེ་མ་ཆག་པར་ཞག་རེ་ལ་བཟླ་བར་བྱའོ། །ཚུལ་འདི་ནི་འཕགས་མ་སྒྲ་དབྱངས་ལྷ་མོ་དངོས་ཀྱི་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་ཞིང་གསུང་གི་གདམས་པ་སྩལ་པའི་འཕགས་བོད་ཀྱི་མཁས་གྲུབ་དམ་པ་རྣམས་ཀྱི་ཞལ་ལུང་རྣམས་རང་བཟོས་བསླད་པ་མེད་པར་རང་གཞན་ལ་སྨན་པའི་བློས་ཕྱོགས་གཅིག་ཏུ་བསྡུས་པ་ཡིན་པས། ཉམས་ལེན་ཚུལ་བཞིན་བྱེད་པ་མ་གཏོགས་གཞན་ལ་དཔེ་ཙམ་ཡང་གསང་ཞིང་རང་ཉིད་ཀྱིས་ཚུལ་བཞིན་དུ་ཉམས་སུ་བླངས་ན། མཚུངས་པ་མེད་པའི་སྙན་ངག་དང་། འཆད་པ་དང་། འཛིན་པ་ལ་སོགས་པ་གང་འདོད་པའི་ཤེས་རབ་མཁའ་ལྟར་རྒྱ་ཆེ་ཞིང་ཉི་ཟླ་ལྟར་གྲགས་པས་འཇིག་རྟེན་ཀུན་ཏུ་མཛེས་ཤིང་ནད་དང་གནོད་པ་མ་ལུས་པ་ཞི་ནས། གནས་སྐབས་མཐར་ཐུག་གི་སྨྲ་བའི་དབང་ཕྱུག་གི་གོ་འཕང་ཐོབ་སྟེ། རྣམ་པ་ཀུན་མཁྱེན་པའི་ཤེས་རབ་ཐོབ་པར་འགྱུར་བ་ནི་ངེས་པའོ། །སླར་སྨྲས་པ། ཨེ་མ་སྲིད་པའི་མཚན་མོ་དང་འགྲོགས་པའི། །ལུས་ཅན་སྙིང་ལ་ཉལ་བའི་ཀུན་རྨོངས་དཔུང་། །རབ་བསལ་གཟུངས་སྤོབས་བློ་གྲོས་ཨུཏྤལ་ཁ། །འབྱེད་བྱེད་འདི་འདྲའི་གདམས་ཟབ་སུ་ཡིས་མྱོང་། །འཕགས་བོད་མཁས་གྲུབ་ཞལ་ལུང་གསེར་འགྱུར་རྩིས། །རེག་པའི་མོད་ལ་རྨོངས་ཆེན་ལྕགས་ཁམས་ཡང་། །བསྔགས་འོས་རིན་ཐང་བྲལ་བའི་སུ་ཝརྞར། །བསྒྱུར་ན་སེམས་ཤེས་སུ་ཞིག་བརྩོན་མི་བྱེད། །དེ་སླད་མཁས་དང་གྲགས་འདོད་མ་ཡིན་ཏེ། །རང་དང་སྐལ་མཉམ་འགའ་ལའང་སྨན་སྙམ་ནས། །མན་ངག་རིན་ཆེན་དབྱིག་འདི་ཁོ་བོས་བསྡུས། །འདི་ལ་རང་བཟོའི་རྨོངས་དྲིས་མ་སྦགས་སྙམ། །འོན་ཀྱང་བདག་བློ་དམན་པས་ནོངས་སྲིད་ན། །ཐོག་མེད་གོམས་པའི་ཀུན་དཀྲིས་འདམ་རྫབ་ཀྱིས། །སེམས་ཀྱི་རིན་ཆེན་རྙོགས་མར་བྱས་དེ་དང་། །ཆབས་ཅིག་སྟོབས་བཞིའི་ཁྲུས་ཀྱིས་སྦྱང་བར་བགྱི། །དེ་ལས་བྱུང་བའི་རབ་དགེ་དྲི་མེད་འོ་མཚོ་དང་། །ཁ་བ་མུ་ཏིག་དུང་དང་པད་རྩ་ཟླ་གཞོན་ལྟར། །ཆེས་ཆེར་དཀར་བས་འགྲོ་བློའི་རྨོངས་མུན་གཏན་བཅོམ་ནས། །རྣམ་མཁྱེན་ཡེ་ཤེས་སྣང་བ་དམ་པས་མཛེས་བྱེད་ཤོག །ཁྱད་པར་རིས་བྲལ་ཐུབ་པའི་བསྟན་མཆོག་དག་བྱེད་གཏེར། །མཁས་གྲུབ་གདེངས་ཅན་བྱེ་བས་ཉེ་བར་བཟུང་བའི་དཔལ། །བསླབ་གསུམ་གཤོག་ཡངས་ཆེས་དཀར་བློ་གསལ་ངང་མོའི་ཁྱུ། །རྣམ་པར་རྩེན་པའི་དུས་སྟོན་སླར་ཡང་དར་གྱུར་ཅིག །བདག་ཀྱང་སྐྱེ་ཀུན་འཕགས་མའི་ཐུགས་རྗེའི་གྲིབ་བསིལ་ལ། །ངལ་འཚོ་ཐོབ་པའི་སྐལ་བཟང་ནམ་ཡང་ཡོལ་མིན་པར། །དོན་གཉིས་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོའི་མངའ་ཐང་ལ། དབང་འབྱོར་ཡང་དག་རིག་བཞིའི་ཆོས་དབྱངས་སྙན་སྒྲོགས་ཤོག །ཅེས་དབྱངས་ཅན་དཀར་མོའི་བསྙེན་སྒྲུབ་ལས་གསུམ་གྱི་ཡི་གེ་བློ་གྲོས་ཆུ་གཏེར་འཕེལ་བའི་ཟླ་གཞོན་ཞེས་བྱ་བ་འདི་ནི། ངེས་པ་དོན་གྱི་ཐམས་ཅད་མཁྱེན་པ་འཇམ་མགོན་རྣམ་གསུམ་གྱི་ཞབས་ཀྱི་ཆུ་སྐྱེས་ལ་སྤྱི་བོས་རེག་པའི་མདོ་ཁམས་ཟེ་ཆེན་གྱི་བཙུན་པ། འཇམ་དབྱངས་བློ་གྲོས་རྒྱ་མཚོ་དབྱངས་ཅན་དགྱེས་པའི་སྡེས། རྩ་བའི་ཡིག་རྙིང་རྣམས་དང་ཀུན་མཁྱེན་བརྩེ་བ་ཆེན་པོའི་གསུང་རབ་ཀྱི་གནད་བསྡུས་ཏེ། རང་གནས་དཔལ་ཟེ་ཆེན་བསྟན་གཉིས་དར་རྒྱས་གླིང་གི་ཆོས་གྲྭར་བྲིས་པའོ། །ཨི་དཾ་ཤཱ་ས་ནཉྩ་སརྦ་ས་ཏྭཱཾ་ཧི་ཏོ་བྷ་བནྟུ། འདིས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་པར་གྱུར་ཅིག། །།


previousདབྱངས་ཅན་དཀར་མོའི་བསྙེན་སྒྲུབ་ལས་གསུམ་གྱི་ཡི་གེ་བློ་གྲོས་ཆུ་གཏེར་འཕེལ་བའི་ཟླ་གཞོན།next