Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བཅུ་གཉིས་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྗེ་བཙུན་སྒྲོལ་མའི་བསང་མཆོད་བཀྲ་ཤིས་ཆར་འབེབས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྗེ་བཙུན་སྒྲོལ་མའི་བསང་མཆོད་བཀྲ་ཤིས་ཆར་འབེབས།next

རྗེ་བཙུན་སྒྲོལ་མའི་བསང་མཆོད་བཀྲ་ཤིས་ཆར་འབེབས།

༄༅། །རྗེ་བཙུན་སྒྲོལ་མའི་བསང་མཆོད་བཀྲ་ཤིས་ཆར་འབེབས་ཞེས་བྱ་བ་བཞུགས་སོ། །ན་མོ་ཨཱརྱཱ་ཏཱ་རཱ་ཡེ། ཐུགས་རྗེའི་དབང་ཕྱུག་རྗེ་བཙུན་མར། །ཕྱག་བྱས་དེ་ཉིད་མཉེས་བྱེད་པའི། །བསང་མཆོད་བཀྲ་ཤིས་ཆར་འབེབས་པས། །ས་གསུམ་དགེ་བའི་དཔལ་འདི་སྦྱིན། །དེ་ཡང་གནས་སྐབས་མཐར་ཐུག་གི་བར་དུ་གཅོད་པ་ཐམས་ཅད་ཞི་ཞིང་། འདོད་རྒུའི་རེ་བ་ཡིད་བཞིན་དུ་འཇོ་བའི་ཆེད་དུ། རྗེ་བཙུན་འཕགས་མ་སྒྲོལ་མ་ཐུགས་རབ་ཏུ་མཉེས་པར་བྱེད་པའི་བསང་མཆོད་འབུལ་བར་སྤྲོ་ན། དཀར་གསུམ་མངར་གསུམ། ཟས་སྣའི་ཕུད་གཙང་སོགས་བསང་དུ་མཆོད་འོས་ཀྱི་རྫས་ཅི་འབྱོར། ལྷན་སྐྱེས་དྲི་ལྡན་བཟང་ཤིང་སྨན་སྤོས་དང་སྦྱར་ནས་མེར་བསྲེགས་པའི་དུད་སྤྲིན་གཏོང་། ཆུ་གཙང་གིས་བྲན། རང་ཉིད་དད་པ་སོགས་དགེ་བའི་སེམས་དང་ལྡན་པས་སྟན་བདེ་བར་འཁོད་ལ། ཐོག་མར། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །སོགས་སྐྱབས་སེམས་ལན་གསུམ། ༀ་ཨཱཿཧཱུྃ་ཧོ། དངོས་སུ་བཤམས་ཤིང་ལྷ་རྫས་ལས་གྲུབ་པའི་བསང་གི་རྫས་བདེན་པའི་བྱིན་རླབས་དང་ཏིང་ངེ་འཛིན་དང་མོས་པའི་སྟོབས་ཀྱི་སྤྲུལ་པའི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པས་ཀུན་ཏུ་བཟང་པོའི་རྣམ་པར་རོལ་པས་ནམ་མཁའི་ཁམས་ཐམས་ཅད་ཁྱབ་པར་གྱུར་པར་བསམ་ལ། ན་མས་སརྦ་ཏ་ཐཱ་ག་ཏ་བྷྱོ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བྱིན་གྱིས་བརླབས། ༀ་སྭཱ་བྷཱ་ཝ་སོགས་ཀྱིས་སྦྱངས། སྟོང་པའི་ངང་ལས་སྐད་ཅིག་གིས། །གནས་ཡུལ་རྣམ་དག་བདེ་ཆེན་ཞིང་། །ངོ་མཚར་བཀོད་པ་ཡོངས་རྫོགས་པའི། །མདུན་མཁར་མཆོད་སྤྲིན་འཁྲིགས་པའི་དབུས། །པདྨ་ཟླ་བའི་གདན་སྟེང་དུ། །སྐྱབས་ཀུན་འདུས་པའི་ངོ་བོ་ཉིད། །རྗེ་བཙུན་སྒྲོལ་མ་སྐུ་མདོག་ལྗང་། །ཞལ་གཅིག་ཕྱག་གཉིས་ཞི་ཞིང་འཛུམ། །ཕྱག་གཡས་མཆོག་སྦྱིན་ཕྱག་རྒྱ་མཛད། །གཡོན་པས་སྐྱབས་སྦྱིན་ཨུཏྤལ་བསྣམས། །དར་གོས་རིན་ཆེན་རྒྱན་གྱིས་མཛེས། །ཞབས་གཉིས་ཕྱེད་སྐྱིལ་རོལ་པས་བཞུགས། །སྐུ་ལས་རང་འདྲའི་རྗེ་བཙུན་མ། །ནམ་མཁའ་གང་བར་སྤྲོས་ཏེ་གསལ། །དམ་ཡེ་དབྱེར་མེད་ལྷུན་གྱིས་གྲུབ། །དྲན་པ་ཙམ་གྱིས་སྲིད་དང་ཞིའི། །འཇིག་པ་ཀུན་ལས་སྐྱབས་ནུས་པའི། །བྱིན་རླབས་གཟི་བྱིན་འབར་བར་གྱུར། །ཞེས་པས་མཆོད་ཡུལ་གྱི་རྟེན་བསྐྱེད། ན་མོ། ཐུགས་རྗེ་ཆེན་པོ་པདྨའི་སྤྱན། །སྙིང་རྗེའི་ཆུ་གཏེར་འཁྲུགས་པ་ལས། །འགྲོ་བ་སྐྱོབ་པའི་འཕགས་མར་སྤྲུལ། །རྒྱལ་ཡུམ་སྒྲོལ་མར་ཕྱག་བགྱིའོ། །ཞེས་ཕྱག་འཚལ། ༀ་ཨཱཿཧཱུྃ། གཙང་ཞིང་དག་པའི་རིན་ཆེན་སྨན་དང་སྤོས། །དར་གོས་འབྲུ་སོགས་བཟའ་བཏུང་འབྱོར་རྒུའི་རིགས། །འབྱུང་བ་ཡུམ་གྱི་མཁའ་ལ་རྣམ་པར་སྦྱངས། །ཏིང་འཛིན་སྔགས་དང་ཕྱག་རྒྱའི་བྱིན་རླབས་ཀྱིས། །དུ་བ་ནོར་བུའི་སྤྲིན་ཆེན་མཁའ་དབྱིངས་ཁྱབ། །སྤྲུལ་པའི་ལྷ་མོ་མང་སྤྲོས་མཆོད་རྫས་ཐོག །མཛེས་སྡུག་ཡིད་འོང་བདེ་བའི་ཉམས་འགྱུར་བཅས། །གུས་པས་འདུད་ཅིང་མཆོད་པའི་སྤྲིན་གྱིས་མཆོད། །དྲི་མེད་ཡིད་འོང་ལྷ་རྫས་ལས་གྲུབ་པའི། །མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དང་། །སྣང་གསལ་དྲི་ཆབ་ཞལ་ཟས་རོལ་མོའི་སྒྲ། །འདོད་ཡོན་ལྔ་དང་བཀྲ་ཤིས་རྫས་རྟགས་བརྒྱད། །རྒྱལ་སྲིད་སྣ་བདུན་ཉེ་བའི་རིན་ཆེན་དང་། །ཡིད་བཞིན་ནོར་བུ་བུམ་བཟང་དཔག་བསམ་ཤིང་། །ལྷ་མིའི་བསོད་ནམས་དགེ་བའི་ཕུན་ཚོགས་དཔལ། །བྱང་ཆུབ་སེམས་དཔའི་སྤྲུལ་པའི་མཆོད་པ་སོགས། །མ་ཚང་མེད་པར་ལྷུན་གྱིས་གྲུབ་པ་ཡིས། །རབ་འབྱམས་ནམ་མཁའི་ཁམས་ཀུན་ཡོངས་བསྐངས་ནས། །ཐུགས་རྗེའི་བདག་ཉིད་རྗེ་བཙུན་སྒྲོལ་མར་འབུལ། །བརྩེ་བས་བཞེས་ནས་བདག་སོགས་སེམས་ཅན་གྱི། །སྒྲིབ་སྦྱངས་ཚོགས་རྫོགས་འཕགས་མས་རྗེས་བཟུང་ནས། །མྱུར་དུ་སངས་རྒྱས་གོ་འཕང་ལ་འགོད་མཛོད། །ཅེས་མཆོད། དེ་ནས། ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ། །སོགས་ནས། འཇོམས་པ་ཏུ་རེ་རབ་མཆོག་ཉིད་མ། །ཞེས་པའི་བར་གྱིས་རྒྱུད་བསྟོད་ཕྱག་འཚལ་ཉེར་གཅིག་ཚང་བར་འདོན། རྗེ་བཙུན་བཅོམ་ལྡན་འདས་མ་ཐུག་རྗེ་ཅན། །སོགས་ནས། ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པར་མཛོད། །ཞེས་པའི་བར་གྱིས་འདོད་པའི་དོན་ལ་གསོལ་བ་གདབ། མ་འབྱོར་པ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་རྩལ་བ། །དེ་ཀུན་འཕགས་མས་བཟོད་པར་མཛོད། །ཞེས་བཟོད་གསོལ་འབུལ། སླར་ཡང་། ལྷ་དང་ལྷ་མིན་ཅོད༴ སོགས། སྒྲོལ་མ་ཡུམ་ལ་གསོལ་བ་འདེབས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཞེས་ལན་གསུམ་གྱིས་གསོལ་བ་དྲག་ཏུ་བཏབ་པས། འཕགས་མའི་སྐུ་ལས་འོད་འཕྲོས་འཁོར་རྣམས་བསྡུས། །སྐྱབས་སྦྱིན་ཕྱག་རྒྱའི་འོག་ཏུ་བདག་སོགས་ཚུད། །འཁོར་བའི་འཇིགས་པ་ཀུན་ལས་དབུགས་དབྱུང་ཞིང་། །སྲིད་ཞིའི་དགེ་ལེགས་མ་ལུས་རྒྱས་པར་གྱུར། །འཕགས་མ་དགྱེས་པས་འོད་ཞུ་རང་ལ་ཐིམ། །གསང་གསུམ་བྱིན་རླབས་ནུས་པའི་དབང་མཆོག་ཐོབ། །གནས་ལུགས་འོད་གསལ་བདེ་ཆེན་ཆོས་ཀྱི་སྐུ། །མངོན་སུམ་རང་ཞལ་མཇལ་བའི་ཀློང་དུ་ཨ། །ཞེས་དབང་དང་བྱིན་རླབས་ཞུས་ནས་རང་ལ་བསྟིམས་པས་བསྡུ་རིམ་བྱས་ནས་གནས་ལུགས་ངོ་བོའི་ཐོག་ཏུ་ཅི་གནས་སུ་མཉམ་པར་འཇོག་མཐར། དགེ་བ་འདི་ཡི་མྱུར་དུ་བདག །རྗེ་བཙུན་སྒྲོལ་སོགས་བསྔོ་སྨོན་ཅི་རིགས་བརྗོད། བདག་གིས་ཚེ་རབས་སྔོན་ནས་བསྒྲུབ་པའི་ལྷ། །སོགས་བཀྲ་ཤིས་པའི་ཚིགས་བཅད་དུ་མ་བརྗོད་ཅིང་མེ་ཏོག་གི་ཆར་བསྙིལ་བས་ཕྱོགས་ཀུན་ཏུ་བདེ་ལེགས་སུ་བྱའོ། །དེ་ལྟར་མཆོད་པའི་ཕན་ཡོན་ཡང་། །ལྷ་མོ་ལ་གུས་ཡང་དག་ལྡན་པས། །སོགས་གཞུང་ནས་ཇི་ལྟར་བཤད་པ་རྣམས་ཐོབ་པར་འགྱུར་བ་ནི་བསླུ་མེད་བདེན་པའི་གསུང་གིས་གསལ་བར་འདོམས་པ་ལ་ངེས་ཤེས་སུ་བྱའོ། །བསང་མཆོད་རྨ་བྱའི་མགྲིན་དབྱངས་ཀྱིས། །འཕགས་མའི་ཐུགས་རྗེའི་སྤྲིན་ཆེན་བསྐུལ། །བྱིན་རླབས་བཀྲ་ཤིས་ཆར་འབེབས་པར། །ཕན་བདེའི་མྱུ་གུ་རྒྱས་གྱུར་ཅིག །ཅེས་པ་འདིའང་མཁས་བཙུན་བཟང་པོའི་ཡོན་ཏན་གྱིས་ཐུགས་རྒྱུད་ཡོངས་སུ་ཕྱུག་པ་མཁན་པོ་བློ་གྲོས་ཀྱི་བཞེད་སྐོང་དུ། ཞེ་སྤྲུལ་མིང་འཛིན་འགྱུར་མེད་པདྨ་རྣམ་རྒྱལ་དཔལ་བཟང་པོས་བྲིས་པའི་དགེ་བས་རང་གཞན་སེམས་ཅན་ཐམས་ཅད་རྗེ་བཙུན་འཕགས་མ་སྒྲོལ་མའི་ཐུགས་རྗེས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག


previousརྗེ་བཙུན་སྒྲོལ་མའི་བསང་མཆོད་བཀྲ་ཤིས་ཆར་འབེབས།next