Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བཅུ་གཉིས་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གླིང་ཡུལ་ཟོ་དོར་སྤྱིའི་བསང་མཆོད་བཀྲ་ཤིས་དཔལ་སྐྱེད།
   
   
   
   
   
   
   
   
   
   
   
   


 
previousགླིང་ཡུལ་ཟོ་དོར་སྤྱིའི་བསང་མཆོད་བཀྲ་ཤིས་དཔལ་སྐྱེད།next

གླིང་ཡུལ་ཟོ་དོར་སྤྱིའི་བསང་མཆོད་བཀྲ་ཤིས་དཔལ་སྐྱེད།

༄༅། །གླིང་ཡུལ་ཟོ་དོར་སྤྱིའི་བསང་མཆོད་བཀྲ་ཤིས་དཔལ་སྐྱེད་བཞུགས། ན་མོ་གུ་རུ་པདྨཱ་ཀ་ར་ཡེ། དེ་ལ་འདིར་བཙོག་ནལ་དམར་གྱིས་མ་སྦགས་པའི་རིན་ཆེན་འབྲུ་སྨན་དར་གོས་ཕྱེ་མར་རིགས། བཟང་ཤིང་དྲི་ལྡན་གྱི་མེར་བསྲེགས་ཤིང་། ཇ་ཆང་འོད་ཕུད་ཀྱི་སྐྱེམས་འཐོར་ལ། ཐོག་མར་སྐྱབས་སེམས་སྔོན་དུ་འགྲོ་བས་འདི་སྐད་དོ། །ཧྲཱིཿདོན་དམ་ཆོས་ཉིད་བདེ་གཤེགས་སྙིང་པོའི་ཁམས། །སྐྱེ་སོགས་སྤྲོས་པའི་མཚན་མ་མི་དམིགས་ཀྱང་། །ཀུན་རྫོབ་རྟེན་འབྱུང་མ་འགགས་སྣང་ཆའི་རྩལ། །གནས་ཡུལ་རྣམ་དག་པདྨ་དྲྭ་བའི་ཞིང་། །བཀོད་པ་ཁྱད་འཕགས་འཇའ་ཟེར་ཐིག་ལེའི་ཀློང་། །རང་རིག་རྗེ་བཙུན་མ་ཧཱ་གུ་རུའི་སྐུ། །དཀར་དམར་མཚན་རྫོགས་རྡོ་རྗེ་ཐོད་བུམ་འཛིན། །སྣང་སྲིད་ཟིལ་གནོན་རོལ་པའི་སྟབས་ཀྱིས་བཞུགས། །ཐུགས་སྲོག་འོད་ཀྱིས་མཆོད་རྫས་ཉེས་སྐྱོན་སྦྱངས། །ཟག་མེད་ཡེ་ཤེས་བདུད་རྩི་བྱིན་གྱིས་རློབས། །མི་འཛད་ནམ་མཁའ་མཛོད་ཀྱི་འཁོར་ལོར་སྤེལ། །རྃ་ཡྃ་ཁྃ། །ༀ་ཨཱཿཧཱུྃ། ཀྱཻ། ཕུན་ཚོགས་དགེ་བཅུ་མ་ལུས་གཡང་དུ་འཁྱིལ། །སྡེ་བཞིའི་དཔལ་འབྱོར་འཛད་མེད་འདུ་བའི་ལྗོངས། །གླིང་རྗེས་དབང་བསྒྱུར་ཡུལ་ཁམས་སྐྱོང་བའི་ལྷ། །རྫོང་བྲག་དགེ་བསྙེན་རྡོ་རྗེ་གཡུང་དྲུང་དཔལ། །བྲ་མ་མདུང་རྩེ་ཚེ་རྒྱལ་བྲག་དཀར་ལྷ། །གཉན་ཆེན་གེ་མཛོ་སྙིང་རྨོག་དཔལ་ཞུ་དང་། །བྲག་དཀར་ལུ་གུ་སྤུན་གསུམ་འུ་སུག་སྤུན། །མེ་རིང་མདུང་རྩེ་འབུས་ར་སྟག་ཙེ་དང་། །གདོང་འཛོམ་བྲག་ཅོག་ཉ་འབྲང་རྨ་ར་སྣ། །རྨ་ལྡེ་དཀར་ཡག་ཨ་མྱེ་ལྟུ་ཆུ་བཙན། །མཚོ་སྨན་རྒྱལ་མོ་ལ་སོགས་ཟོ་དོར་གཉན{གཉེན}། །ཡབ་ཡུམ་སྲས་བློན་མངག་གཞུག་སྤྲུལ་འཁོར་དང་། །གཡས་རུ་ཉང་ཕུ་ཚེ་ཡག་མཚོ་དགུས་མཚོན། །སྤྱི་སྒེར་{དགེར}དབང་བྱེད་དཀར་ཕྱོགས་ཡུལ་ལྷའི་གཙོ། །མིང་དང་མཚན་ནས་མ་ཐོན་མཐུ་ལྡན་རིགས། །ཀུན་ཀྱང་བསང་གི་མགྲོན་ལ་སྤྱན་འདྲེན་གཤེགས། །རང་རང་མཐུན་པའི་གདན་ལ་དགྱེས་བཞུགས་གསོལ། །ཀྱཻ། བརྟན་གཡོ་སྲིད་པའི་དྭངས་བཅུད་རྩི་སྨན་འབྲུ། །དར་གོས་རིན་ཆེན་བཟང་ཤིང་ཇ་ཆང་ཕུད། །འབར་བྱེད་ཡུམ་མཁར་སྦྱང་བའི་དུད་པའི་སྤྲིན། །མི་གཙང་གྲིབ་ཀུན་སེལ་བྱེད་བདུད་རྩིའི་ཆར། །རང་རང་གང་བཞེད་འཆར་བའི་འདོད་ཡོན་རྫས། །ཟག་མེད་བསང་མཆོད་ཡེ་ཤེས་རོལ་མོ་འདིས། །སྣང་སྲིད་མཆོད་སྦྱིན་མགྲོན་གྱུར་མ་ལུས་དང་། །ཁྱད་པར་འགོ་བའི་ལྷ་ལྔ་སྐྱོབ་པའི་མགོན། །དཀར་ཕྱོགས་ཡུལ་ལྷ་ཟོ་དོར་གཉན་རྣམས་བསང་། །དྲི་བཟང་ཤིང་སྣའི་དུད་པ་སྤྲིན་ལྟར་གཏིབ། །ཇ་ཆང་འོ་ཞོའི་སྐྱེམས་ཕུད་མཚོ་ལྟར་བསྐྱིལ། །སྤྱན་གཟིགས་ཕྱེ་མར་དཀོར་ནོར་རི་ལྟར་སྤུངས། །ཡུལ་སྐྱོང་ཟོ་དོར་གཉན་རྣམས་བསང་ཞིང་བརྔན། །འཕྲུལ་དགའི་ཞིང་གི་འབྱོར་ཚོགས་ཟིལ་ནོན་པའི། །དབང་ལྔའི་ལོངས་སྤྱོད་ཟག་མེད་འདོད་ཡོན་སྤྲིན། །ཆོས་དབྱིངས་དང་མཉམ་རྒྱས་པར་འགེངས་པ་ཡིས། །དམ་ལྡན་གནས་གཏེར་སྐྱོང་རྣམས་བསང་ཞིང་བརྔན། ཤིས་པའི་རྟགས་རྫས་རྒྱལ་སྲིད་རྣམ་བདུན་དང་། །ཉེ་བའི་རིན་ཆེན་བདུན་སོགས་ལྷ་མའི་རྫས། །ཏིང་འཛིན་ནམ་མཁའ་མཛོད་ཀྱིས་རོལ་མོ་འདིས། །མཆོད་སྦྱིན་མགྲོན་གྱུར་མ་ལུས་བསང་ཞིང་བརྔན། །རུ་མཚོན་བ་དན་མཛེས་པས་ཆུ་མཐོང་འགོག །ཀུ་བསོ་རྔམ་པའི་ཆ་སྒྲས་སྲིད་གསུམ་གཡོ། །རྟ་བ་ཞུབ་ཆེན་དཔུང་གི་ས་གཞི་གང་། །བསྟན་སྲུང་དགྲ་ལྷའི་ཚོགས་རྣམས་བསང་ཞིང་བརྔན། །རྫས་སྔགས་ཏིང་འཛིན་ཆོ་ག་ཟབ་མོ་འདིས། །སྡོམ་པ་གསུམ་དང་འགལ་བའི་ཉམས་གྲིབ་དང་། །རྨེ་ནལ་བང་མཛེ་བག་ཡུག་འཁོན་མནོལ་བཙོག །མི་གཙང་གྲིབ་ཀྱིས་གོས་ཀུན་སང་{སད}གྱུར་ཅིག །ཧྲཱིཿསྣང་སྲིད་ཟིལ་གནོན་པདྨ་རྒྱལ་པོ་ཡི། །གངས་ལྗོངས་ལྷ་སྲིན་མ་ལུས་དབང་དུ་བསྡུས། །མི་འདའ་རྡོ་རྗེའི་ཐ་ཚིག་སྤྱི་བོར་བཅིངས། །དཀར་ཕྱོགས་བསྟན་པ་སྐྱོང་བར་གཉེར་དུ་གཏད། །མ་འོངས་ཐར་པ་ཐོབ་པར་ལུང་ཡང་བསྟན། །བདག་ནི་རིག་འཛིན་རྣལ་འབྱོར་དེ་ཡི་རྒྱུད། །ཁྱོད་ནི་དཀར་ཕྱོགས་ལྷ་འདྲེ་གཡར་དམ་ཅན། །དེ་ཕྱིར་འདོད་ཡོན་བསང་མཆོད་འདི་བཞེས་ལ། །ཁས་བླངས་མ་བསྙེལ་བཅོལ་བའི་ལས་འདི་སྒྲུབས། །དགེ་ལེགས་བྱེ་བའི་དཔལ་གྱིས་མངོན་མཐོ་བའི། །དྲི་མེད་ཐུབ་བསྟན་ནོར་བུའི་གདུགས་དཀར་པོ། །བཤད་སྒྲུབ་སྲོག་ཤིང་བརླིང་བས་སྲིད་པའི་ཁྱོན། །ཡོངས་ཁྱབ་ཕན་བདེའི་གྲིབ་བསིལ་རྟག་བརྟན་མཛོད། །ཁྱད་པར་མཚོ་སྐྱེས་རིང་ལུགས་མ་ཎི་ཀ །འགྲོ་བསོད་རྒྱལ་མཚན་རྩེ་མོར་རྟག་མཆོད་པས། །གྲོལ་བ་དྲུག་ལྡན་ཕྲིན་ལས་འདོད་དགུའི་ཆར། །འབེབས་པས་དོན་གཉིས་འབྱོར་ཚོགས་རྒྱས་པར་མཛོད། །རྨད་བྱུང་འཁོར་ལོ་གསུམ་གྱི་ཕྲག་པ་ཡིས། །ཐུབ་བསྟན་ས་ཆེན་འདེགས་ལ་མི་ངལ་བའི། །རིས་མེད་སྐྱེས་ཆེན་ཁྱབ་འཇུག་གཟུགས་ཅན་རྣམས། །མཛད་ཕྲིན་ཡར་ཟླའི་དཔལ་ལྟར་གོང་འཕེལ་མཛོད། །མཚམས་སྤྲིན་གསར་པའི་མདངས་འཕྲོག་བླ་གོས་དང་། །བསླབ་གསུམ་ནོར་བུའི་རྒྱན་གྱིས་ཆེར་སྒེག་པས། །ངེས་ལེགས་ཞི་བའི་གྲོང་དུ་བགྲོོད་བརྩོན་པའི། །མཆོད་གནས་སྡེ་གཉིས་གང་དུ་འདུག་ཀྱང་སྐྱོངས། །མ་རྨས་གླིང་དཀར་རིགས་ཀྱི་མྱུ་གུ་ལས། །ཉེར་འཁྲུངས་ས་ཡི་ཚངས་ཆེན་ཡོང་འདུའི་ལྗོན། །སྡེ་བཞིའི་ཡལ་འདབ་རྒྱས་པས་མངའ་རིས་ཁྱོན། །དགེ་བཅུའི་གྲིབ་བསིལ་སྣུམ་པོས་སྲུང་བར་མཛོད། །དྲང་པོའི་མཁར་གནས་རྣམ་དཔྱོད་བསིལ་ཟེར་གྱིས། །ཆབ་འབངས་ཕན་བདེའི་ཆུ་གཏེར་འཕེལ་བརྩོན་པའི། །ཡ་རབས་མཛངས་བློན་དྲ་མའི་ཟླ་གཞོན་ཚོགས། །ཕྲིན་ལས་སྣང་བ་གསར་པས་མཛེས་པར་མཛོད། །དགེ་བཅུའི་བཀའ་ཁྲིམས་བཙན་པོའི་དུནྡྷུ་བྷིས། །བག་མེད་གདོལ་སྤྱོད་གཉིད་ལས་ཆེར་བཟློག་པའི། །དགེ་མཚན་སྣོད་བཅུད་དཔལ་དུ་ཉེར་ཤར་བས། །རྫོགས་ལྡན་དུས་སྟོན་གསར་དུ་འཆར་བར་མཛོད། །ཁྱད་པར་ཁྱོད་ལ་བརྟེན་ནས་བག་ཕེབས་སུ། །སྤྲོ་སེམས་མགྲིན་པ་བཏེགས་ནས་རྒྱུ་བ་ཡི། །ཉམ་ཆུང་རྩྭ་ཆུས་འཚོ་བའི་རི་སྐྱེས་ཚོགས། །མི་འཇིགས་སྲོག་གི་སྦྱིན་པ་ཁྱོད་ཀྱིས་བྱིན། །ཡུལ་ཕྱོགས་སྤྱི་དང་བྱེ་བྲག་ལྗོངས་འདི་རུ། །ནད་མུག་མཚོན་འཁྲུགས་བཙའ་སད་སེར་གསུམ་དང་། །མི་རུང་ཐན་ལྟས་འབྱུང་བཞིས་འཇིགས་པ་སོགས། །འགལ་བྱེད་གདུག་པའི་མིང་ཡང་མི་གྲགས་མཛོད། །སྣོད་ལ་གཡང་ཆགས་ལོ་ཕྱུགས་རྟག་ཏུ་ལེགས། །བཅུད་ལ་དཔལ་སྐྱེད་རྒབ་འཕེལ་བཞོན་བཅུད་རྒྱས། །ཀུན་ཀྱང་བྱམས་པས་རྒྱུན་བརླན་དགེ་བཅུར་སྤྱོད། །བསྐལ་པ་རྫོགས་ལྡན་དཔལ་ལ་ལོངས་སྤྱོད་ཤོག །དེ་ལྟར་ཟག་མེད་བསང་གི་དགའ་སྟོན་གྱིས། །དཀར་ཕྱོགས་ཟོ་དོར་གཉན་རྣམས་མཉེས་ཚིམས་ནས། །རང་རང་སོ་སོའི་གནས་སུ་གཤེགས་ནས་ཀྱང་། །སླད་ནས་མཆོད་སྦྱིན་མགྲོན་ལ་གཤེགས་པར་འཚལ། །བཀྲ་ཤིས་ཀུན་གྱི་འབྱུང་གནས་མཆོག་གསུམ་ལྷའི། །བཀྲ་ཤིས་བདེན་གསུང་ཆར་གྱི་རྒྱུན་བཟང་པོས། །བཀྲ་ཤིས་སྲིད་ཞིའི་ཁོངས་སུ་རྟག་ཁྱབ་པས། །བཀྲ་ཤིས་ཕན་བདེའི་རྩི་སྨན་རྒྱས་གྱུར་ཅིག །ཅེས་སོགས་ཤིས་པ་བརྗོད་པས་དགེ་ལེགས་སུ་བྱའོ། །ཞེས་པ་འདིའང་བསླབ་གསུམ་ཡོན་ཏན་བྱེ་བའི་དཔལ་གྱིས་མངོན་པར་མཐོ་བའི་མཁན་ཆེན་ཚེ་ཡི་རིགས་བྱེད་པ་ཆེན་པོ་ཚུལ་ཁྲིམས་རྒྱལ་མཚན་ནས་གསུང་བསྐུལ་གནང་བ་བཞིན། ཟེ་ཆེན་རྒྱལ་ཚབ་པ་འཇམ་དབྱངས་མཁས་གྲུབ་རྒྱ་མཚོ་དབྱངས་ཅན་དགྱེས་པའི་སྡེས་ཤར་མར་བྲིས་པ་དགེ་ལེགས་ཀྱི་སྣང་བ་ཆེན་པོས་ས་གསུམ་ཁྱབ་པའི་རྒྱུར་གྱུར་ཅིག་གུ།


previousགླིང་ཡུལ་ཟོ་དོར་སྤྱིའི་བསང་མཆོད་བཀྲ་ཤིས་དཔལ་སྐྱེད།next