Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བཅུ་གཉིས་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བསང་མཆོད་སོགས་ཁ་བསྒྱུར།
   
   
   
   
   
   


 
previousབསང་མཆོད་སོགས་ཁ་བསྒྱུར།next

བསང་མཆོད་སོགས་ཁ་བསྒྱུར།

༄༅། །བསང་མཆོད་སོགས་ཁ་བསྒྱུར། སྡེ་བརྒྱད་སྤྱིའི་བསང་མཆོད་མདོར་བསྡུས་བྱེད་པར་སྤྲོ་ན། བསང་རྫས་རྣམས་ཆབ་ཀྱིས་བྲན་ལ། ཧྲཱིཿཀ་དག་སྤྲོས་པ་བྲལ་བའི་མཁའ་དབྱིངས་སུ། །ལྷུན་གྲུབ་ཡེ་ཤེས་ལྔ་ལྡན་འཇའ་ཟེར་སྦུབས། །རིག་རྩལ་མ་འགགས་པདྨ་ཐོད་ཕྲེང་རྩལ། །སྣང་སྲིད་དབང་སྡུད་དཀྱིལ་འཁོར་ཆེན་པོར་གྱུར། །ཐུགས་སྲོག་འོད་ཀྱིས་བསང་རྫས་དངོས་འཛིན་སྦྱངས། །འབྲུ་གསུམ་ཡེ་ཤེས་བདུད་རྩིར་བྱིན་རླབས་པས། །སྣང་ཞིང་སྲིད་པའི་འདོད་ཡོན་མཁོ་དགུའི་རྫས། །མི་འཛད་ནམ་མཁའ་མཛོད་ཀྱི་འཁོར་ལོར་གྱུར། །ཀྱཻ། སྤྲོས་བྲལ་གཤིས་ལ་བཟང་ངན་མ་མཆིས་ཀྱང་། །རོལ་པའི་སྣང་ཆ་མ་འགགས་རྟེན་འབྱུང་རྩལ། །སྲིད་ཞིའི་མགྲོན་རིགས་མ་ཚང་མེད་པའི་སྤྲིན། །འདིར་གཤེགས་བསང་གི་དགའ་སྟོན་བཞེས་སུ་གསོལ། །ཟག་མེད་བསང་མཆོད་ཀུན་བཟང་རོལ་པའི་རྒྱན། །མི་གཙང་གྲིབ་ཀུན་སེལ་བའི་བདུད་རྩིའི་ཆར། །མགྲོན་རིགས་ཐུགས་ལ་གང་བཞེད་དེར་འཆར་བས། །བླ་མ་ཡི་དམ་ཌཱ་ཀི་ཆོས་སྲུང་དང་། །གནོད་སྦྱིན་ནོར་ལྷ་གཞི་གནས་གཏེར་བདག་རིགས། །ཁྱད་པར་གངས་ལྗོངས་སྤྱི་ལ་དབང་སྒྱུར་བའི། །དྲེགས་ལྡན་སྡེ་བརྒྱད་མི་བསྲུན་འབྱུང་པོའི་ཚོགས། །ལན་ཆགས་ཤ་འཁོན་གཉེར་ཞིང་ཆགས་ལ་སོགས། །མཆོད་སྦྱིན་མགྲོན་གྱུར་མ་ལུས་བསང་ཞིང་བརྔན། །རྨད་བྱུང་བྱང་ཆུབ་སེམས་ཀྱི་རྟེན་འབྲེལ་གྱིས། །ཆོས་ཀུན་མཉམ་པ་ཆེན་པོའི་དོན་རྟོགས་ནས། །མ་དག་ཉེས་པའི་དྲི་མ་ཀུན་སངས་ཏེ། །སྣོད་བཅུད་དཀྱིལ་འཁོར་ཆེན་པོར་བྱང་ཆུབ་ཤོག །བདག་འཛིན་རྣམ་རྟོག་དུག་ལྔའི་རང་གཟུགས་གེགས། །བདག་མེད་ཆོས་ཉིད་མཁའ་ལ་རང་གྲོལ་ནས། །ཡེ་ཤེས་ལྔ་ལྡན་ཕན་བདེའི་གྲུ་ཆར་གྱིས། །དོན་གཉིས་འདོད་པ་འཇོ་བའི་བཀྲ་ཤིས་ཤོག །ཅེས་པའང་ལུགས་ཟུང་མཁྱེན་སྤྱན་བཀྲ་བ་སྡོང་རིགས་དགེ་རྩེ་དབོན་པོ་དཔོན་ནས་བསྐུལ་ངོར་སྙོམ་ལས་པ་པདྨ་བི་ཛས་བྲིས་པ་དགེ་ལེགས་སུ་གྱུར་ཅིག

ༀ་ཨཱཿཧཱུྃ། བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་དང་། །ཆོས་སྲུང་ནོར་ལྷ་གཞི་གནས་གཏེར་བདག་རིགས། །འགོ་བའི་ལྷ་ལྔ་སྐྱོབ་པའི་མགོན་གྱུར་རྣམས། །གསོལ་ལོ་མཆོད་དོ་སྲུང་སྐྱོབས་སྡོང་གྲོགས་མཛོད། ༈ ། མདོ་སྒྱུ་སེམས་ཀློང་སྒྲུབ་པ་སྡེ་བརྒྱད་སོགས། །བཀའ་གཏེར་བསྟན་སྐྱོང་བརྒྱུད་གསུམ་དྲེགས་པའི་ཚོགས། །གསོལ་ལོ་མཆོད་དོ་རྒྱལ་བསྟན་དར་བ་དང་། །སྒྲུབ་མཆོག་བསམ་པའི་དོན་ཀུན་འགྲུབ་པར་མཛོད། ༈ ། སྔ་འགྱུར་བཀའ་གཏེར་བཀའ་གདམས་ལམ་འབྲས་དང་། །མར་ཤངས་བཀའ་བརྒྱུད་ཞི་གཅོད་སྦྱོར་བ་དྲུག །ཨོ་རྒྱན་བསྙེན་སྒྲུབ་རྩ་གསུམ་ཆོས་སྲུང་ཚོགས། །གསོལ་ལོ་མཆོད་དོ་འདོད་རྒུའི་དངོས་གྲུབ་སྩོལ། ༈ ། རྫོགས་པའི་སངས་རྒྱས་བློས་གྲོས་མཐའ་ཡས་ཀྱི། །བཀའ་དང་ཐ་ཚིག་ལ་གནས་མཛོད་ཆེན་ལྔའི། །རིང་ལུགས་སྲུང་ཞིང་སྐྱོང་བའི་དམ་ཅན་ཚོགས། །གསོལ་ལོ་མཆོད་དོ་ལས་བཞིའི་དངོས་གྲུབ་སྩོལ། ༈ ། རྫོགས་ལྡན་བསོད་ནམས་སྤྲིན་གྱི་ལྡིང་ཁང་ནས། །ཕུན་ཚོགས་འདོད་དགུའི་གྲུབ་ཆར་འཇོ་མཛད་པའི། །བླ་མ་རྩ་གསུམ་ནོར་ལྷའི་ཚོགས་དང་བཅས། །གསོལ་ལོ་མཆོད་དོ་དངོས་གྲུབ་ཡིད་བཞིན་སྩོལ། ༈ ། བྷྱོཿདཔལ་ལྡན་དམག་ཟོར་རྒྱལ་མོ་འཁོར་བཅས་ལ། །མཐུན་རྫས་གསེར་སྐྱེམས་མཆོད་གཏོར་འདི་འབུལ་བས། །རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་དང་བཅས། །རྟག་ཏུ་སྲུང་སྐྱོབ་སྡོང་གྲོགས་གཡེལ་མེད་མཛོད། ༈ ། ཧཱུྃ། གསང་བདག་རྡོ་རྗེ་འཛིན་པའི་སྤྱན་སྔ་རུ། །ཤཱཀྱའི་བསྟན་པ་སྲུང་བར་ཞལ་བཞེས་པའི། །སྐྱེས་མཆོག་རྡོ་རྗེ་ལེགས་པ་འཁོར་དང་བཅས། །གསོལ་ལོ་མཆོད་དོ་སྲུང་སྐྱོབ་ཕྲིན་ལས་མཛོད། ༈ ། ཀྱཻ། དུས་གསུམ་ཀུན་མཁྱེན་པདྨའི་བཀའ་སྡོད་མཆོག །ཀླུ་བཙན་དགེ་བསྙེན་རྡོ་རྗེ་འབར་བ་རྩལ། །འདིར་གཤེགས་ཟག་མེད་བདུད་རྩིའི་མཆོད་གཏོར་བཞེས། །འདོད་དོན་བསམ་པ་ཡིད་བཞིན་འགྲུབ་པར་མཛོད། ༈ ། ས་བརྒྱད་ནོན་པའི་སེམས་དཔའ་དགྲ་ལྷའི་རྒྱལ། །གེ་སར་སྐྱེས་བུ་དཔའ་བརྟུལ་ཕུ་ནུ་ཚོགས། །ཇ་ཆང་འོ་ཞོ་གཙང་མའི་ཕུད་ཀྱིས་མཆོད། །འདོད་དོན་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །ས་བརྒྱད་སེམས་དཔའ་གེ་སར་དགྲ་ལྷའི་རྒྱལ། །དཔལ་བརྟུལ་ཕུ་ནུ་མགྲོན་གཡག་དར་མའི་ཚོགས། །སྣང་ཞིང་སྲིད་པའི་དགྲ་ལྷ་མ་ལུས་པ། །གསོལ་ལོ་མཆོད་དོ་རླུང་རྟ་གྱེན་ལ་བསྐྱེད། །ནད་གདོན་བགེགས་ཞི་ཚེ་དཔལ་འབྱོར་པ་རྒྱས། །ཁ་རྗེ་དབང་ཐང་རླུང་རྟ་གུད་པ་སོལ། །གཞི་རུ་བཀྲ་ཤིས་བྱེས་སུ་དོན་འགྲུབ་ཅིང་། །ཕྱོགས་ལས་རྣམ་རྒྱལ་བཀྲ་ཤིས་དཔལ་འབར་མཛོད། ༈ ། ཧཱུྃ། བརྒྱུད་གསུམ་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ལ། །དགྲ་བགེགས་ཤ་ཁྲག་མཆོད་གཏོར་འདི་འབུལ་བས། །ཀོ་ལོང་རུ་ང་ཕྲག་དོག་མ་མཛད་པར། །བར་ཆད་ཀུན་སོལ་མཐུན་རྐྱེན་ཀུན་འགྲུབ་མཛོད། ༈ ། ཧཱུྃ། བརྒྱུད་གསུམ་དམ་ཅན་དྲེགས་པའི་ཚོགས་རྣམས་ཀྱིས། །དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ། །ཕས་རྒོལ་དགྲ་འདྲེའི་འཚེ་བ་ཀུན་བཟློག་ལ། །བདག་ཅག་དཔོན་སློབ་ཕྱོགས་ལས་རྣམ་རྒྱལ་མཛོད། ༈ ། རབ་འབྱམས་རྩ་གསུམ་ཆོས་སྲུང་ཚོགས་རྣམས་ལ། །ཕྱག་འཚལ་མཆོད་འབུལ་ཉམས་ཆག་འགལ་འཁྲུལ་བཤགས། །མི་མཐུན་ཐུགས་འགལ་ནོངས་པ་སོར་ཆུད་ནས། །དོན་གཉིས་བསམ་ཀུན་ཡིད་བཞིན་འགྲུབ་པར་མཛོད། །ༀ་བཛྲ་སཏྭ་ཨཱཿ༈ ཀུན་བཟང་པདྨ་རྒྱལ་པོའི་སྤྱན་སྔ་རུ། །རྒྱལ་བསྟན་སྐྱོང་བར་ཞལ་གྱིས་བཞེས་པ་ཡིས། །བརྒྱུད་གསུམ་དམ་ཅན་གཏེར་བདག་ཚོགས་རྣམས་ཀུན། །གསོལ་ལོ་མཆོད་དོ་ལས་བཞིའི་དངོས་གྲུབ་སྩོལ། ༈ ། རིག་འཛིན་པདྨའི་བཀའ་བསྒོས་དམ་གནས་པའི། །བོད་ཁམས་སྐྱོང་བའི་བསྟན་སྐྱོང་ཡ་མའི་ཚོགས། །དགེ་བསྙེན་ཡུལ་ལྷ་གཏེར་བདག་ཚོགས་རྣམས་ཀུན། །གསོལ་ལོ་མཆོད་དོ་གངས་ལྗོངས་བདེ་བར་མཛོད། ༈ ། ཧཱུྃ། ཡེ་ཤེས་དབྱིངས་ལས་སྙིང་རྗེ་ཁྲོས་པའི་སྐུ། །གར་དགུའི་རྣལ་རོལ་གདུག་པ་སྒྲོལ་བའི་གཤེད། །ངེས་གསང་རྒྱུད་སྡེ་ཀུན་གྱི་སྲུང་མ་མཆོག །དཔལ་མགོན་ལེགས་ལྡན་ཚོགས་ཀྱི་བདག་པོ་དགོངས། །ཅིར་སྣང་རྒྱན་དུ་ཤར་བའི་འདོད་ཡོན་སྤྲིན། །ཟག་མེད་བདེ་སྟོང་བདུད་རྩིའི་སྦུ་ཕྲེང་མཛེས། །དུག་གསུམ་དབྱིངས་སུ་བསྒྲལ་པའི་དམར་ཆེན་བཅུད། །གཟུང་འཛིན་མཚན་མ་གྲོལ་བའི་བྷ་ལིང་ཏ། །རང་ཤར་རང་གྲོལ་ཆེན་པོའི་དབྱིངས་སུ་འབུལ། །སྣང་སྲིད་ཡེ་སངས་རྒྱས་པའི་མཁའ་ཀློང་དུ། །མ་དག་མཚན་མ་རྡུལ་ཙམ་མི་དམིགས་ཀྱང་། །ཀུན་རྫོབ་སྣང་ཆར་ཤར་བའི་ལོག་འདྲེན་དཔུང་། །མིང་གི་ལྷག་མར་གྱུར་པའི་ཕྲིན་ལས་མཛོད། །ངེས་གསང་རྒྱུད་སྡེའི་མངའ་བདག་རྡོ་རྗེ་འཛིན། །དཀྱིལ་འཁོར་ཀུན་ཀྱི་དབང་ཕྱུག་ཧེ་རུ་ཀ །གསང་གསུམ་རྟག་པ་དམ་པར་རབ་བཞུགས་ནས། །ལེགས་མཛད་གླིང་བཞིའི་ཁྱོན་ཡོངས་ཁྱབ་པར་མཛོད། །དབང་བཞིའི་སྨིན་པའི་རིག་པ་བྱང་ཆུབ་སེམས། །དམ་ཚིག་རྣམ་དག་རིམ་གཉིས་དྲོད་གཤེར་གྱིས། །རྣམ་བཞིའི་རིག་འཛིན་འབྲས་བུ་སྨིན་ཕྱོགས་པའི། །འདུས་པའི་ཚོགས་ཀྱི་སྡོང་གྲོགས་དབྱེར་མེད་མཛོད། །གདོད་མའི་མགོན་པོའི་དགོངས་བཅུད་མཐར་ཐུག་ཕུལ། །ཟབ་གསང་རྒྱུད་ཀྱི་རྒྱལ་པོའི་མ་ཎི་ཀཿ། །བཤད་སྒྲུབ་རྒྱལ་མཚན་རྩེ་མོར་རྟག་བརྟན་པས། །ས་འདི་འཕུར་འགྲོའི་ཞིང་བཞིན་འབྱོར་པར་མཛོད། །མདོར་ན་རྣལ་འབྱོར་ཡིད་ལ་བརྣག་པའི་དོན། །མ་ལུས་ཡོངས་སུ་གྲུབ་པའི་དགེ་མཚན་ཕུལ། །ཕྱོགས་ལས་རྣམ་རྒྱལ་གྲགས་པའི་རྔ་གསང་གིས། །རྫོགས་ལྡན་ལང་ཚོ་གསལ་བའི་བཀྲ་ཤིས་སྩོལ། །ཅེས་པའང་བསླབ་གསུམ་ནོར་བུའི་མཛོད་འཆང་མཁན་པུཎྱེ་བཛྲ་གསུང་བསྐུལ་ངོར་རིག་འཛིན་གྱི་བཙུན་པ་རྡོ་རྗེ་དབང་མཆོག་དགྱེས་རབ་རྩལ་གྱིས་གང་ཤར་ཕྲལ་མར་ཕྲིན་ལས་སུ་གསོལ་བ་དགེ །༈ ཧྲཱིཿཡེ་ཤེས་བརྙེས་ཀྱང་སྲིད་པར་རྗེས་ཆགས་གར། །པདྨའི་བཀའ་སྡོད་དྲེགས་པ་ཡོངས་ཀྱི་རྗེ། །མྱུར་མགྱོགས་ཤུགས་ལྡན་རོལ་པ་རྐྱ་བདུན་སོགས། །ཆོས་སྲུང་དམ་ཅན་རྒྱ་མཚོ་དབྱིངས་ནས་དགོངས། །པདྨའི་རྗེས་འཇུག་རིག་འཛིན་སྒྲུབ་པ་པོ། །དམ་ལྡན་སྔགས་འཆང་བརྒྱུད་པར་བཅས་ཀུན་གྱིས། །རྟག་ཏུ་བསྙེན་སྒྲུབ་མཆོད་ཅིང་གསོལ་བྱེད་ན། །གང་འདོད་བཅོལ་པའི་འབྲས་ཀུན་མཆིས་པར་མཛོོད། །རིས་བྲལ་རྒྱལ་བསྟན་ཡུན་དུ་གནས་པ་དང་། །དེར་འཛིན་མཆོག་རྣམས་ཞབས་པད་རབ་བརྟན་ཞིང་། །ཐུགས་མཐུན་ཁྲིམས་གཙང་བཤད་སྒྲུབ་སྡེ་འཕེལ་བས། །དགེ་ལེགས་ཕན་བདེའི་སྒོ་འཕར་དབྱེ་བར་མཛོད། །བསྟན་ལ་སྐབས་བཙལ་ཀླ་ཀློའི་དཔུང་ལ་སོགས། །མི་མཐུན་ཉེས་བརྒྱའི་གཡུལ་ལས་རྣམ་རྒྱལ་ཞིང་། །ཆར་ཆུ་དུས་བབ་ལོ་ཕྱུགས་རྟག་འཕེལ་བས། །བོད་ཁམས་བདེ་སྐྱིད་དགེ་བཅུའི་འཚོ་བར་མཛོད། །ཁྱད་པར་རིག་འཛིན་པདྨ་ཀ་ར་ཡི། །རིང་ལུགས་རྒྱལ་མཚན་སྒྲེང་བའི་ཆོས་གྲྭ་རྣམས། །མི་མཐུན་འཚེ་བྲལ་བཤད་སྒྲུབ་བསྟན་པ་རྒྱས། །མངའ་ཐང་ཕྲིན་ལས་ཕྱོགས་ཀྱི་མཐར་ཁྱབ་མཛོད། །རིག་འཛིན་གོང་མའི་གདན་ས་ཁྱད་འཕགས་པ། །བསྟན་གཉིས་དར་རྒྱས་གླིང་གི་ཆོས་གྲྭ་ཆེ། །གྲྭ་སློབ་འབངས་འཁོར་དགོན་ལག་མ་བུ་བཅས། །གཉེར་དུ་གཏད་དོ་སྲུང་སྐྱོབ་གཡེལ་མེད་མཛོད། །དེར་འཚོགས་འདུས་པའི་སྡེ་རྣམས་ཐུགས་མཐུན་ཞིང་། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་རིན་པོ་ཆེའི། །ཡོན་ཏན་བྱེ་བའི་མཛོད་ཀྱིས་རབ་ཕྱུག་སྟེ། །ཆོས་སྲིད་ཕྲིན་ལས་ཡར་ཟླ་ལྟར་འཕེལ་མཛོད། །སྔ་འགྱུར་རིག་འཛིན་བརྒྱུད་པའི་ཁྱད་ནོར་མཆོག །མདོ་སྒྱུ་སེམས་ཀློང་བཀའ་དགོངས་ཕུར་གསུམ་དང་། །སྙིང་ཐིག་རྣམ་གསུམ་མཛོད་བདུན་ངལ་གསོ་ཡི། །བཤད་སྒྲུབ་བསྟན་མཆོག་ཉིན་མོ་ལྟར་རྒྱས་མཛོད། །བདེ་ཆེན་པདྨ་འོད་གླིང་སྒྲུབ་སྡེ་འདིར། །འོད་གསལ་ཐེག་མཆོག་སྙིང་པོའི་བསྟན་རྒྱས་ཏེ། །འདུ་འཛིའི་གཡེང་བ་སྤངས་པའི་སྒོམ་ཆེན་རྣམས། །འཕོ་ཆེན་འཇའ་ལུས་རྡོ་རྗེའི་ཕྲེང་བ་སྤེལ། །དྲི་མེད་ལྷག་བསམ་བཟང་པོའི་ཆུ་གཏེར་ལས། །ཉེར་འཁྲུངས་ལེགས་མཛད་ཟླ་བ་གསར་པ་ཅན། །རྒྱལ་བསྟན་འཛིན་སྐྱོང་སྤེལ་བའི་ཚོགས་རྣམས་གྱིས། །ཐུགས་ཀྱི་བཞེད་དོན་མཐའ་དག་འགྲུབ་པར་མཛོད། །བདག་ཀྱང་མི་མཐུན་ཕྱོགས་ལས་རྣམ་རྒྱལ་ཏེ། །བསྟན་འགྲོར་སྨན་པའི་བསམ་སྦྱོར་སྤྱི་བྱེ་བྲག །གེགས་མེད་ཡོངས་སུ་འགྲུབ་པའི་ཕྲིན་ལས་སོགས། །ཕུན་ཚོགས་འདོད་དགུའི་གྲུ་ཆར་བསྙིལ་བར་མཛོད། །མདོར་ན་རྗེ་བཙུན་པདྨ་ཐོད་ཕྲེང་གི། །སྤྱན་སྔར་ཐུགས་དམ་ཞལ་བཞེས་དགོངས་མཛོད་ལ། །ངེས་གསང་བསྟན་འགྲོའི་ཕན་བདེ་སྤེལ་བ་དང་། །རྣལ་འབྱོར་བཅོལ་པའི་ལས་ཀུན་འགྲུབ་པར་མཛོད། །ཅེས་གནོད་སྦྱིན་དགྲ་ལྷའི་རྒྱལ་པོའི་གཙོས་རྡོ་རྗེ་ཆོས་སྲུང་རྣམས་ལ་ཕྲིན་ལས་སུ་བཅོལ་པ་འདི་ནི་ཤིང་ཁམས་ཤུགས་འཆང་གི་ལོ་ལ་ཤཱཀྱའི་བཙུན་པ་ཨོ་རྒྱན་ཐུགས་མཆོག་རྡོ་རྗེས་ཆེད་དུ་བྲིས་པ་འདོད་དོན་ཡིད་བཞིན་དུ་འགྲུབ་པར་གྱུར་ཅིག

གངས་ལྗོངས་བཤད་རྒྱུན་འདེགས་པའི་ཀ་ཆེན་བཅུ། །སྒྲུབ་བརྒྱུད་ཤིང་རྟ་ཆེ་བརྒྱད་རྗེས་འབྲང་བཅས། །མཁས་གྲུབ་ཡོངས་ཀྱི་ཐུགས་མཚོར་གནས་བཅས་པའི། །བསྟན་མཆོག་སྲིད་མཐར་མི་ཉམས་དར་རྒྱས་ཤོག༈ ། ཟབ་གསལ་གཉིས་མེད་ཆོས་དབྱིངས་འདུས་མ་བྱས། །བརྟན་གཡོ་དངོས་པོ་ཀུན་གྱི་སྲོག་གྱུར་པའི། །བདེན་པ་དེ་ཡིས་ངེེས་དོན་སྙིང་པོའི་སྲོལ། །སྨག་ལ་ཉི་ཟླའི་སྒྲོན་བཞིན་གསལ་གྱུར་ཅིག༈ ། ལེགས་མཛད་ཕན་བདེའི་སྣང་བ་འབུམ་ཕྲག་གིས། །ས་གསུམ་རྒུད་པའི་མུན་པ་གཏན་བཅིལ་ནས། །དོན་གཉིས་འདོད་པ་འཇོ་བའི་ཡིད་བཞིན་དབང་། །བསྟན་འཛིན་མཆོག་རྣམས་ཞབས་པད་བརྟན་གྱུར་ཅིག༈ ། བསླབ་གསུམ་ཡོན་ཏན་རྫོགས་པའི་གོས་བཟང་རྩེར། །ལུང་རྟོགས་ནོར་བུའི་ཏོག་གིས་ཡོངས་མཛེས་པའི། །ངུར་སྨྲིག་རྒྱལ་མཚན་འཛིན་པའི་འདུས་པའི་སྡེས། །འཁོར་ལོ་གསུམ་གྱི་ཕྲིན་ལས་རྟག་ཁྱབ་ཤོག༈ ། མཐོ་རིས་ཡོན་ཏན་བདུན་གྱི་རྐང་འཐུང་རྩེར། །ཕུན་ཚོགས་སྡེ་བཞིའི་འབྲས་ཁུལ་ཆོས་ལྡན་པའི། །སྐྱེ་བོའི་ཚོགས་ཀྱིས་ས་སྟེང་ཡོང་གང་བས། །རྫོགས་ལྡན་དགའ་སྟོན་འཕེལ་བའི་བཀྲ་ཤིས་ཤོག༈ ། ཐུབ་པས་ལུང་བསྟན་གསང་བདག་རྡོ་རྗེ་ཆོས། །རབ་འབྱམས་བཀའ་ཡི་སྡུད་པོར་ཡོངས་བཞེངས་པའི། །བློ་གྲོས་སྤོབས་པ་མཐའ་ཡས་རྒྱལ་བ་ཡི། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག༈ ། རྒྱལ་གསུང་ངེས་དོན་འཁོར་ལོ་ཐ་མའི་སྲོལ། །མ་ཕམ་མགོན་དང་ཤིང་རྟ་རྣམ་གཉིས་ཀྱི། །ཟབ་དགོངས་མ་དཀྱོགས་གཞན་སྟོང་དབུ་མ་ཡི། །རིང་ལུགས་ཕྱོགས་མཐར་རྒྱས་པའི་བཀྲ་ཤིས་ཤོག༈ ། རབ་འབྱམས་རྩ་གསུམ་དཀྱིལ་འཁོར་བྱེད་པོ་མཆོག །ཧེ་རུ་ཀ་དཔལ་མཚུངས་མེད་བླ་མ་ཡིས། །རྗེས་བཟུང་དོན་གཉིས་གཏེར་ཁ་འབྱེད་པ་ཡི། །བཀྲ་ཤིས་དགེ་མཚན་དཔལ་དུ་འབར་གྱུར་ཅིག༈ ། ངེས་དོན་ཕྱིར་མི་ལྡོག་པའི་སེང་གེའི་སྒྲས། །ལྟ་དམན་རི་དྭགས་ཚོགས་རྣམས་སྐྲག་མཛད་པའི། །སྟོན་པ་བཞི་ལྡན་ཀུན་མཁྱེན་ཇོ་ནང་པའི། །བསྟན་པ་ཡུན་རིང་གནས་བའི་བཀྲ་ཤིས་ཤོག །བདག་ཀྱང་སྐྱེ་ཀུན་རྟོན་པ་བཞི་ལྡན་གྱིས། །རྗེས་བཟུང་ངེས་དོན་དབུ་མ་ཆེན་པོའི་ཚུལ། །ཇི་བཞིན་རྟོགས་ནས་མ་ནོར་ལམ་སྟོན་པས། །ཀུན་མཁྱེན་བསྟན་ལ་བྱ་བ་བྱེད་གྱུར་ཅིག །གདོད་ནས་བྲི་གང་བྲལ་བའི་ཆོས་དབྱིངས་ཁམས། །གློ་བུར་དྲི་མའི་སྦུབས་རྒྱ་ལས་གྲོལ་ནས། །དམ་པ་དང་པོའི་ངོ་བོར་བྱང་ཆུབ་སྟེ། །ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་པར་ཤོག །ཅེས་པ་རྣམས་བི་ཛས་སོ། །དགེའོ། །


previousབསང་མཆོད་སོགས་ཁ་བསྒྱུར།next