ན་མོ་རཏྣ་ཏྲ་ཡཱ་ཡ། སྐལ་བཟང་རྣམ་འདྲེན་འདབ་སྟོང་བཞད་པའི་དབུས།

༄༅། །ན་མོ་རཏྣ་ཏྲ་ཡཱ་ཡ། སྐལ་བཟང་རྣམ་འདྲེན་འདབ་སྟོང་བཞད་པའི་དབུས། །ཐུགས་བསྐྱེད་པད་དཀར་ལྟར་བསྔགས་ཤཱཀྱའི་སྲས། །མཚན་ཐོས་ཙམ་གྱིས་གྲོལ་བ་སྟེར་མཛད་པའི། །ཆོས་དང་དགེ་འདུན་བཅས་ལ་དང་བས་འདུད། །སྐྱོབ་པ་མཆོག་གིས་ང་ཉིད་འདས་ཕྱིན་ནས། །རྗེས་འཇུག་རྣམས་ཀྱི་སྟོན་པ་འདི་ཡིན་ཞེས། །ལེགས་པར་བསྔགས་པའི་ཆོས་འདུལ་རིན་པོ་ཆེ། །སྲིད་མཐའི་བར་དུ་མི་ཉམས་དར་རྒྱས་ཤོག །སངས་རྒྱས་བྱང་ཆུབ་སེམས་དཔའ་ལས་འཁྲུངས་ཤིང་། །དེ་ཡི་རྩ་བ་ཤེས་རབ་སྙིང་རྩེའི་བདག །ཐེག་ཆེན་ལམ་གྱི་རྩ་བ་འདི་ཁོ་ནར། །ངེས་པ་རྙེད་ནས་འགྲོ་ཀུན་སློབ་གྱུར་ཅིག །དུས་གསུམ་རྒྱལ་བའི་བགྲོད་པ་གཅིག་པུའི་ལམ། །དབང་རྣོན་ཚེ་གཅིག་གདོད་གཞིར་གྲོལ་བྱེད་པའི། །རྡོ་རྗེ་ཐེག་པའི་ལམ་མཆོག་ཟླ་མེད་པར། །ཚུལ་བཞིན་ཞུགས་ནས་གྲུབ་མཐའ་སྙེག་གྱུར་ཅིག །ཐུབ་པ་མཆོག་གིས་གྲངས་མེད་བསྐལ་པ་རུ། །དམ་ཆོས་བཙལ་དང་སྲུང་དང་སྐྱོང་ལ་སོགས། །རླབས་ཆེན་ཚོགས་གཉིས་རྒྱ་མཚོར་གོམས་གྱུར་པའི། །བདེན་པའི་སྟོབས་ཀྱིས་ཐུབ་བསྟན་རྒྱས་གྱུར་ཅིག །སྟོན་པས་བསྟན་པ་གང་ལ་གཉེར་གཏད་པའི། །གནས་བརྟན་བཅུ་དྲུག་རྒྱལ་ཆེན་བཞི་སོགས་དང་། །མཁན་སློབ་ཆོས་རྒྱལ་སྤྲུལ་པའི་ལོ་པཎ་ཚོགས། །ཐུགས་དམ་རྗེས་དགོངས་དེང་འདིར་ཤིས་པ་སྩོལ། ངེས་འབྱུང་ས་གཞིར་སྨོན་འཇུག་རྩ་བ་བརླིང་། །དབང་བཞིའི་ཡལ་འདབ་རིམ་གཉིས་འབྲས་བུས་ཕྱུག །བསྡུ་བཞིའི་གྲིབ་བསིལ་སྐལ་བཟང་སྐྱེ་དགུའི་གསོས། །འདུས་པའི་ཚོགས་ཀྱི་ཕྱོགས་ཀུན་ཁྱབ་གྱུར་ཅིག །ཀུན་ཀྱང་ལྟ་སྤྱོད་དོན་མཐུན་བཞེད་པ་འགྲུབ། །འཁོར་ལོ་གསུམ་གྱི་མཛད་ཕྲིན་ཡར་ཟླ་ལྟར། །ཆེར་རྒྱས་བདུད་དགྲའི་འཚེ་བའི་མིང་མི་གྲགས། །བསླབ་གསུམ་ཡོན་ཏན་ཉིན་བཞིན་གོང་འཕེལ་ཤོག །དཀར་ཕྱོགས་ལྷ་ཀླུ་དགའ་བས་ཤིས་པ་སྒྲུབ། །འབྱོར་ལྡན་རྒྱལ་བློན་ཡ་རབས་སྐྱེ་བོས་མཆོད། །ཚུལ་གནས་ཐོས་བསམ་སྒོམ་པའི་ཡོན་ཏན་གྱིས། །རང་གཞན་བསྟན་འགྲོའི་དོན་ཆེན་འགྲུབ་གྱུར་ཅིག །བླ་མའི་ཞབས་བརྟན་བཤད་སྒྲུབ་འདུས་པ་རྒྱས། །དཀར་ཕྱོགས་སྟོབས་འཕེལ་ནག་ཕྱོགས་ཕྲུ་མ་གཞོམ། །རྒྱལ་ཁམས་བདེ་སྐྱིད་རྫོགས་ལྡན་འབྱོར་པ་རྒྱས། །ཐུབ་བསྟན་སྲིད་མཐར་ཁྱབ་པའི་བཀྲ་ཤིས་ཤོག །ཅེས་པའང་བསླབ་གསུམ་ཡོན་ཏན་གྱིས་མངོན་པར་མཐོ་བ་རང་གི་ཚ་བོ་སྒྲུབ་སྤྲུལ་དམ་པ་པདྨ་མཁས་གྲུབ་རྒྱ་མཚོ་ནས་རིག་འཛིན་མཁའ་སྤྱོད་གླིང་དུ་དབྱར་གནས་གསར་འཛུགས་ཀྱི་སྐབས་སུ་བྱ་བྲལ་བ་རྒན་པོ་འགྱུར་མེད་པདྨ་རྣམ་རྒྱལ་གྱིས་སོ། །