རྒྱལ་བཀའ་རིན་པོ་ཆེའི་བཀླགས་ལུང་ལེགས་པར་གྲུབ་པའི་དགེ་རྩ་བྱང་ཆུབ་ཏུ་བསྔོ་བའི་ཚིགས་སུ་བཅད་པ་གཞན་ཕན་ནོར་བུའི་སྤྲིན་ཆེན།༄༅། །རྒྱལ་བཀའ་རིན་པོ་ཆེའི་བཀླགས་ལུང་ལེགས་པར་གྲུབ་པའི་དགེ་རྩ་བྱང་ཆུབ་ཏུ་བསྔོ་བའི་ཚིགས་སུ་བཅད་པ་གཞན་ཕན་ནོར་བུའི་སྤྲིན་ཆེན་ཞེས་བྱ་བ་བཞུགས་སོ། །ༀ་སྭསྟི་པྲ་ཛྙཱ་བྷྱ༔ དགེ་ལེགས་བྱེ་བའི་དཔལ་གྱིས་མངོན་མཐོ་ཚངས་སོགས་སྐྱེ་དགུས་ཕྱག་བྱས་ཤིང་། །ཕས་རྒོལ་ཚར་གཅོད་བདུད་ཀྱི་དཔུང་བཅོམ་ཐེག་གསུམ་གདུལ་བྱ་ཆོས་ཀྱིས་སྐྱོང་། །མཚན་ཐོས་ཙམ་གྱིས་འགྲོ་ཀུན་སྨིན་མཛད་ཐུབ་ཆེན་ལྷ་ཡི་ལྷར་གྱུར་པ། །ཆོས་དང་དགེ་འདུན་བཅས་ཀུན་དད་བརྒྱའི་འདབ་སྟོང་གཡོ་བའི་གཙུག་གིས་མཆོད། །ཞིང་གཞན་བསྐལ་པར་གོམས་ལས་འདི་རུ་ཡུད་ཙམ་བགྱི་བ་དོན་ཆེ་ཞིང་། །གང་གི་བསྟན་ལ་སློབ་མར་གྱུར་གང་ཇི་ལྟར་དམན་ཡང་བསྐལ་བཟང་འདིར། །འབྲས་ཐོབ་འགྱུར་ཞེས་བདེན་གསུང་སེང་གེའི་སྒྲ་ཡིས་ཆེས་ཆེར་བསྔགས་མཛད་པའི། །ངོ་མཚར་བཀའ་དྲིན་ཟླ་བྲལ་མཆོག་གི་ཞབས་ཀྱི་པདྨོར་ཕྱག་བགྱིའོ། །མགོན་པོ་གང་གི་དཔག་མེད་དུས་ནས་ཕུལ་བྱུང་དམ་བཅའི་གོ་བགོས་ཏེ། །ཡུ་བུའི་དོན་དུ་ཚོགས་གཉིས་དཔུང་བསྐུལ་རླབས་ཆེན་བརྩོན་པས་སྒྲུབ་པའི་བཅུད། །ཕངས་མེད་བསྩལ་པའི་བཀའ་དྲིན་ལུས་སྲོག་བྱེ་བས་གཞལ་ཡང་གསོབ་ནུས་ཅི། །དེ་སླད་སྲིད་མཐའི་བར་དུ་དམ་པའི་ཆོས་མཛོད་འཛིན་པའི་གཡར་དམ་འཆའ། །དུས་རིང་ཐོག་མ་མེད་ནས་གཉེན་གྱུར་གང་གི་དབུ་དང་ཡན་ལག་སོགས། །གྲངས་མེད་གཏོང་བཞིན་བསྲུང་བའི་འགྲོ་ལ་མ་འཚལ་བཞིན་དུ་གནོད་པ་བགྱིས། །དམ་ཆོས་སྤངས་སོགས་བྱང་ཆུབ་མཆོག་ལ་སྒྲིབ་པའི་ནོངས་ཀུན་འགྱོད་བཤགས་བསྡོམས། །ཕྱིན་ཆད་བློ་ངན་བདག་འཛིན་འདི་དང་ནམ་ཡང་མཛའ་བར་མ་གྱུར་ཅིག །མགོན་པོ་སྲས་དང་སློབ་མར་བཅས་པའི་རྫོགས་སྨིན་སྦྱངས་པ་རྒྱ་མཚོའི་ཕུལ། །དེ་དག་ཀུན་ལ་དགའ་བས་ཡི་རང་ད་དུང་ཇི་སྲིད་འགྲོ་གནས་བར། །ཟབ་རྒྱས་ཐེག་པའི་སྒོ་འཕར་འབྱེད་བཞིན་ངོ་མཚར་གཟུགས་སྐུའི་བཀོད་པ་མཆོག །ལོག་རྟོག་དབང་གིས་ནམ་ཡང་སྒྲིབ་མིན་བསྐལ་པ་མཆོག་གིས་འགྲོ་འདི་སྲུངས། །རྡུལ་སྙེད་བསྐལ་པར་སྲིད་གསུམ་བདོག་དགུས་མི་མཆོག་འཁོར་བཅས་བསྙེན་བྱས་ལས། །ཚིགས་བཅད་གཅིག་མཉན་དོན་ཆེན་འགྱུར་ན་མཐའ་དག་ཡོན་ཏན་དཔེར་འོས་སུ། །དེ་སླད་དཔག་དཀའི་བསོད་ནམས་བསགས་འདི་བློ་མཆོག་མངའ་བ་སྲས་བཅས་ཀྱི། །དགོངས་པ་ཇི་བཞིན་བྱང་ཆུབ་ཕྱིར་བསྔོ་ལུས་ཅན་འཁོར་བ་དོང་སྤྲུགས་ཤོག །བསོད་ནམས་འདི་ཡིས་སྐྱེ་དགུའི་སྙིང་ལ་ཐོག་མེད་ནས་ཉལ་མ་རིག་མཚོ། །ཚུལ་མིན་ཡིད་བྱེད་རླུང་གིས་རབ་དཀྲུག་ཕྲ་རྒྱས་ཀུན་འབྱུང་རྦ་རླབས་ཅན། །སྡུག་བསྔལ་གསུམ་གྱི་ཅ་ཅོ་སྒྲོགས་གང་ལམ་བདེན་མེ་ཡིས་ལྷག་མེད་དུ། །སྐེམ་ནས་ཟག་མེད་ཞི་བའི་ཡོན་ཏན་ཕུན་ཚོགས་འབྱོར་པས་མཛེས་གྱུར་ཅིག །སྲིད་ན་རིན་ཐང་བྲལ་བའི་དངོས་གཅིག་ཕན་བདེའི་འདོད་པ་འཇོ་བའི་དཔྱིད། །ལྷར་བཅས་སྐྱེ་དགུའི་གཙུག་གི་རྒྱན་དུ་བསྐལ་པ་བྱེ་བར་ཐོབ་དཀའ་བའི། །རྒྱལ་བསྟན་ལུང་རྟོགས་སྙིང་པོའི་དབྱིག་མཆོག་བཤད་སྒྲུབ་ཕྲིན་ལས་གོས་བཟང་རྩེར། །ཆེས་བརླིང་རྒོལ་ངན་ཀླ་ཀློའི་འཇིགས་བྲལ་དགའ་སྟོན་རྒྱལ་མཚན་སྒྲེང་གྱུར་ཅིག །མགོན་ཁྱོད་སློབ་ཚེ་ཚིགས་བཞི་རེའི་ཕྱིར་འཁོར་སྒྱུར་རྒྱལ་སྲིད་ཡོངས་གཏོང་ཞིང་། །སྐུ་ལ་ཤ་ཡི་ཀོང་བུ་བྲུས་སོགས་བརྣག་དཀའི་མཛད་པ་དཔག་ཡས་ཀྱི། །བདེན་པའི་མཐུ་དང་དེ་རིང་བདག་གི་ལེགས་བྱས་རྒྱ་ཆེན་བསགས་པ་འདིས། །བསྟན་པ་རིན་ཆེན་ཡུན་གནས་འཁོར་ལོ་གསུམ་གྱི་ཕྲིན་ལས་བླར་འཕེལ་ཤོག །གང་གི་བསྟན་མཆོག་འཛིན་པར་ཞལ་བཞེས་བློ་ཆེན་རྒྱལ་སྲས་དཔའ་རྣམས་དང་། །གནས་བརྟན་བཅུ་དྲུག་འཕགས་པའི་ཚོགས་བཅས་ཚངས་དབང་འཇིག་རྟེན་སྐྱོང་བ་བཞི། །ལྷ་ཀླུ་གནོད་སྦྱིན་དཀར་ཕྱོགས་སྐྱོང་རྣམས་དེ་རིང་དགྱེས་པའི་ཞལ་སྟོན་ལ། །བཀྲ་ཤིས་ངོ་མཚར་སྐྱེ་ལྔའི་སྒྲ་ཡིས་ཕྱོགས་དུས་ཀུན་ཏུ་སྙན་པར་མཛོད། །རྒྱལ་བའི་ཞལ་ཚབ་སྙིགས་འགྲོའི་མགོན་གཅིག་མཚུངས་མེད་བླ་མའི་ཞབས་པད་བརྟན། །བསླབ་པ་གསུམ་ལྡན་འདུས་པའི་སྡེ་འཕེལ་རྟག་ཏུ་མཐུན་ཞིང་དོན་རྣམས་འགྲུབ། །སྤང་ཀློག་ཕྲིན་ལས་ཉིན་བཞིན་གོང་འཕེལ་རྫོགས་ལྡན་དང་པོའི་དགའ་བ་ལྟར། །ཕུལ་བྱུང་ཡོན་ཏན་འབྱོར་པས་ཡོངས་གཏམས་རྣམ་མཁྱེན་གྲོང་ཁྱེར་མཛེས་བྱེད་ཤོག །ས་གཞི་སྐྱོང་རྣམས་ཆོས་ལ་རྟག་གནས་འབངས་འཁོར་མཐའ་དག་བདེ་ཞིང་སྐྱིད། །ཀུན་ཀྱང་ཕན་ཚུན་བྱམས་པས་རྒྱུད་གྲོལ་འཐབ་དང་རྩོད་པའི་མིང་མི་གྲགས། །ལས་འབྲས་ཡིད་ཆེས་ལྟ་བ་ལ་བརྟེན་དགེ་བཅུའི་ཐེམ་སྐས་ཆེར་འཛེགས་ནས། །ཐར་གྲོལ་ཁང་བཟང་ཉམས་དགར་འཇུག་ལ་དཀའ་བ་མེད་པའི་མཐུ་ཐོབ་ཤོག །བདག་ཀྱང་དུས་འདི་ནས་བཟུང་ཇི་སྲིད་འཁོར་མཐའ་གཏུགས་པ་དེ་སྲིད་དུ། །རླབས་ཆེན་བྱང་ཆུབ་སེམས་དང་མི་འབྲལ་རྒྱལ་བའི་ཆོས་མཛོད་མ་ལུས་འཛིན། །མཐའ་ཀླས་གདུལ་བྱའི་རེ་བ་ཡོངས་སྐོང་སངས་རྒྱས་ཆོས་རྣམས་རྫོགས་བྱེད་པ། །འཇམ་དཔལ་ཀུན་ཏུ་བཟང་པོའི་རྣམ་ཐར་ཇི་འདྲ་དེ་བཞིན་ཉིད་གྱུར་ཅིག །གང་དག་བདག་གི་མིང་ཙམ་ཐོས་སམ་དྲན་དང་བསྟོད་དམ་སྨད་ཀྱང་རུང་། །དེ་དག་སྡིག་ཟད་ཉོན་མོངས་རྒྱུན་ཆད་བདེ་དགའ་རྒྱ་མཚོས་འཚོ་བ་དང་། །རྟག་ཏུ་གཞན་ཕན་སྤྱོད་པར་ཆེས་སྤྲོ་བདུད་བཞིའི་འཇིགས་པའི་གཡུལ་ལས་རྒྱལ། །རྣམ་གྲོལ་མཆོག་གི་ལམ་ལས་ནམ་ཡང་ཕྱིར་ལྡོག་འགྱུར་བར་མ་གྱུར་ཅིག །བདག་གི་བདེ་དགེ་འགྲོ་ལ་ཡོངས་སྨིན་དེ་ཀུན་མ་འབད་བཞིན་དུ་གྲོལ། །དེ་དག་སྡིག་སྡུག་བདག་ལ་མྱུར་སྨིན་གྲོང་ཁྱེར་རྣམ་དྲུག་ཡུད་ཀྱིས་ཞིག །ཆོས་ཀུན་སྒྱུ་མ་ལྟ་བུར་རྟོགས་པས་འཇིགས་དང་རློམ་སེམས་འགའ་ཡང་མེད། །ལམ་ལྔ་ས་བཅུའི་ཡོན་ཏན་མཐའ་དག་མིག་འཕྲུལ་བཞིན་དུ་བགྲོད་གྱུར་ཅིག །བཅུད་ཀྱི་སྤྱོད་པས་སྣོད་ལ་དཔལ་སྐྱེད་དེས་ཀྱང་འགྲོ་ལ་ཕན་པ་སྒྲུབ། །སློབ་མའི་དད་པས་བླ་མའི་རྒྱུད་བསྐུལ་དེ་ཡི་ཐུགས་རྗེས་གདུལ་བྱ་སྨིན། །ཀུན་ཀྱང་ཕན་ཚུན་རྒྱུ་རྐྱེན་རྟེན་འབྲེལ་རང་བཞིན་ལེགས་པའི་ཕྱོགས་སུ་འགྲིགས། །དོན་གཉིས་བསམ་ཀུན་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་དཔལ་གྱིས་འབྱོར་གྱུར་ཅིག །ཅེས་གནས་དུས་སྟོན་འཁོར་ཕུན་སུམ་ཚོགས་པ་དང་འབྲེལ་བར་རྒྱལ་བཀའ་རིན་པོ་ཆེ་གངས་རིའི་ཁྲོད་དུ་འགྱུར་རོ་ཅོག་གི་བཀླགས་ལུང་གི་རྒྱུན་གང་བཞུགས་གེགས་མེད་མཐའ་རྒྱས་སུ་གྲུབ་པའི་སྐལ་བཟང་ཉམས་སུ་མྱོང་བའི་སྐབས། བྱང་འདྲེན་གཞོན་ནུ་བློ་གསལ་བསོད་ནམས་རྩེ་མོ་ནས་བསྐུལ་བའི་རྐྱེན་བྱས་ཏེ། ཤཱཀྱའི་སྲས་ཀྱི་རྗེས་སུ་ཞུགས་ཤིང་རྒྱལ་བའི་སྲས་ཀྱི་མིང་ཙམ་གྱིས་སྙན་པའི་ཟེ་ཆེན་པ་གཞན་ཕན་ཆོས་ཀྱི་བློ་གྲོས་ཀྱིས་བཤད་སྒྲུབ་ཀྱི་ཆོས་གྲྭ་བྱང་ཆུབ་ཆོས་གླིང་གི་འཚོགས་ཁང་དུ། མཁན་ཆེན་ཐམས་ཅད་མཁྱེན་པའི་སྤྱན་སྔ་ནས་བྲིས་ཤིང་ལྷག་བསམ་རྩེ་གཅིག་པས་སྨོན་པ་དེ་བཞིན་དུ་འགྲུབ་པར་བླ་མ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་པར་མཛད་དུ་གསོལ། དགེའོ། ། |