བྱང་ཆུབ་སེམས་དཔའི་སྐྱེས་རབས་ནོར་བུའི་མེ་ལོང་།༄༅། །༨ཨཱཿ་༈༢་༅་༥ོ༅༈་ྀི་ཾོༀ་བཞུགས་སོ། །བྱང་ཆུབ་སེམས་དཔའི་སྐྱེས་རབས་ནོར་བུའི་མེ་ལོང་ཞེས་བྱ་བ་བཞུགས་སོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །སྟོབས་མཆོག་སྟོབས་ཀྱིས་བདུད་ཀྱི་དཔུང་རྣམས་ཚར་བཅད་ཅིང་། །ཡེ་ཤེས་མེ་ཡིས་སྒྲིབ་པའི་བུད་ཤིང་ཀུན་བསྲེགས་ནས། །ས་གསུམ་སྐྱེ་དགུ་མཐའ་ཡས་ཆོས་ཀྱིས་སྐྱོང་མཛད་པ། །འགྲོ་བའི་གཙོ་བོ་ཀུན་མཁྱེན་དེ་ལ་ཕྱག་འཚལ་ལོ། །གང་གིས་ཐོས་ན་ཆོས་དཀར་སྣང་བ་རྒྱས་འགྱུར་ཞིང་། །དཔག་ཡས་བསོད་ནམས་ཆུ་མཚོ་རྣམ་པར་འཕེལ་མཛད་པ། །བདེ་གཤེགས་ཐུབ་པའི་སྐྱེས་རབས་རིན་ཆེན་ཕྲེང་བའི་ཚོགས། དད་པའི་ངག་གིས་ཅུང་ཟད་ཙམ་ཞིག་བརྗོད་པར་བགྱི། །ཡོན་ཏན་རྒྱ་མཚོའི་དཔལ་མངའ་སྙིང་རྗེའི་གཏེར་ཆེན་དེས། །བཀྲེས་པས་ཟིལ་ནོན་རང་གི་བུ་ཡང་ཟ་འདོད་པའི། །སྟག་མོ་ལ་ནི་དགྱེས་བརྩེས་རང་ལུས་ཡོངས་གཏོང་བར། །ས་གསུམ་སྐྱེད་གུའི་ཚོགས་ཀྱིས་གུས་པས་ཕྱག་བྱས་གྱུར། །སྙིང་རྗེའི་གཞུ་ལ་སྦྱིན་པའི་མདའ་ནི་རྣམ་བཀོང་སྟེ། །འཇིག་རྟེན་རྒུད་བྱེད་དབུལ་བའི་དགྲ་རྣམས་ཆེས་བཅོམ་ནས། །པདྨ་རྒྱས་འདྲའི་སྤྱན་ཟུང་བྲམ་ཟེར་ཡོངས་གཏོང་རྒྱུས། །སྒྲིབ་བྲལ་ལྷ་ཡི་མིག་ཐོབ་དཔལ་ལྡན་ཤི་པི་བདག །སྔོན་རབས་དམན་པར་གྱུར་ཚེ་ཟན་དྲོན་ཆང་གཅིག་གིས། །དགེ་འདུན་བཞི་སྡེ་མཆོད་པའི་བསོད་ནམས་འབྲས་སྨིན་པས། །དཔལ་རྒྱས་ཀོ་ས་ལ་ཡི་བདག་པོར་གྱུར་ཤེས་ནས། །ངོ་མཚར་སྒྲ་བསྒྲགས་སྦྱིན་པའི་སྒོ་འཕར་བརྒྱ་ཕྱེས་གྱུར། །མི་བཟད་དམྱལ་སྤྲུལ་ལོག་བརྗོད་ལྟ་བུས་བཀག་གྱུར་ཀྱང་། །སྦྱིན་ལ་དཔའ་བ་ཚོང་དཔོན་སྙིང་སྟོབས་གོ་ཆ་ཅན། །དམྱལ་སྐྱེས་པད་སྡོང་ལ་འཛེག་འཕགས་པ་ལེགས་མཆོད་པས། །བདུད་ཀྱི་སྟོབས་བཅོམ་ལྷ་དང་མི་ཡིས་རབ་བསྔགས་གྱུར། །ལྷ་ཡི་དབང་པོས་ནོར་རྣམས་ཡོང་སྦས་བཟློག་གྱུར་ཀྱང་། །ཞུམ་དང་སེར་སྣའི་དགྲ་ཡིས་ཟིལ་གྱིས་མི་ནོན་པའི། །ཚོང་དཔོན་སྦྱིན་ལ་རབ་དགའི་སྙིང་སྟོབས་བརྩོན་འགྲུས་ལ། །འཆི་མེད་རྒྱལ་པོ་ཆེས་མགུ་ཡོ་བྱད་འཛད་མེད་ཉིད། །རབ་འབར་མེ་སྟག་ཁྲོམ་ཁྲོམ་འཕྲོ་བ་བྱིན་ཟའི་ཀློང་། །མགྲོན་ལ་བརྩེ་བས་ཉེར་བཞུགས་སྡོམ་ལྡན་རི་བོང་རྒྱལ། །མཆོད་སྦྱིན་བརྒྱ་བས་ལེགས་མཆོད་གུས་པས་བསྔགས་གྱུར་པའི། །ངོ་མཚར་བཀོད་པ་རབ་གསལ་ཟླ་བའི་དབུས་ན་མཛེས། །རྒྱ་ཆེའི་དཔལ་སྤོང་མཚོ་གླིང་དབེན་པར་ཞུགས་གྱུར་པའི། །ཆོག་ཤེས་དཀའ་ཐུབ་ནོར་ལྡན་བྲམ་ཟེ་ཨ་གསྟི། །རྒུད་པར་གྱུར་ཀྱང་འཁྲུགས་པ་མི་མངའ་ལེགས་བཤད་ཀྱིས། །ལྷ་དབང་རབ་མགུ་ཡོན་གྱིས་འཕགས་རྣམས་མཉེས་པར་བྱས། །གང་གིས་དགེ་བས་བསྲུང་བའི་ཡུལ་འཁོར་ཙམ་ལའང་། །གནོད་སྦྱིན་གདུག་པ་འབུམ་གྱིས་འཕྲོག་པར་ནུས་མིན་པའི། །དཔལ་ལྡན་ས་བདག་བྱམས་པའི་སྟོབས་ཀྱིས་མཚན་རྒྱུ་ལྔ། །རང་གི་ཤ་ཁྲག་སྦྱིན་པས་མགུ་ཞིང་ཞི་བར་མཛད། །སློང་བ་རྣམས་ཀྱི་དཔག་བསམ་ཤིང་གྱུར་ཐམས་ཅད་སྒྲོལ། །དགྲ་ལ་དམ་པ་བྱིན་པས་ནགས་སུ་བསྐྲད་གྱུར་ཀྱང་། ཞུམ་པ་མེད་པར་བུ་དང་བུ་མོ་ཆུང་མར་བཅས། །ཡོངས་སུ་གཏོང་ལ་སྤྱན་སྟོང་ཅན་གྱིས་མངོན་མཆོད་གྱུར། །མཆོད་སྦྱིན་བརྩམས་ཕྱིར་བྲམ་ཟེས་སྡིག་ལ་བསྐུལ་གྱུར་ཀྱང་། །ཐབས་མཁས་མཐུ་ཡིས་སྐྱབས་ཀྱི་སྦྱིན་པ་མཆོག་སྩལ་ཅིང་། །ཡོན་ཏན་དཔལ་གྱིས་མངོན་མཛེས་ཆབ་འབངས་དགེ་བའི་འགྲོ། །རང་རང་གང་འདོད་ཡོ་བྱད་མཆོག་གིས་མགུ་བར་མཛད། །ལྷ་མིན་གཡུལ་ལས་ཕམ་གྱུར་བྲོས་པའི་བརྒྱ་བྱིན་གཟུགས། །ཤིང་རྟས་མཁའ་ལྡིང་གྲུ་གུ་ཉམས་མཐོང་སྙིང་བརྩེ་བས། །དཔལ་འབྱོར་ལུས་སྲོག་ལ་ཡང་ལྟོས་མེད་དགྲ་ཡི་ཁར། །བདག་ཉིད་གཅིག་པུའི་ཤིང་རྟ་ཕྱིར་ལོག་རྣམ་རྒྱལ་གྱུར། །བྲམ་ཟེ་རྣམས་ནི་རྒུད་ཚེ་རྐུ་བ་ཆོས་ཡིན་ཞེས། རིག་བྱེད་ནས་འབྱུང་སད་ཕྱིར་མཁར་པོས་བསྐུལ་གྱུར་ཀྱང་། །ཁྲེལ་ཡོད་ངོ་ཚའི་གོས་ལྡན་མཁས་པས་ཉེར་བཟློགས་ནས། །ལེགས་བཤད་བདུད་རྩིས་སློབ་དཔོན་སྔོན་མེད་དགའ་སྐྱེད་གྱུར། །འཇིག་རྟེན་མྱོས་བྱེད་བུད་མེད་རིན་ཆེན་མཐོང་གྱུར་ཏེ། །འདོད་ལྷའི་མདའ་ཡིས་དྲན་དབང་རབ་ཏུ་བཅོམ་གྱུར་ཅིང་། །སྣ་ཚོགས་ཐབས་ཀྱིས་གཡེམ་ལ་བློན་གྱིས་བསྐུལ་གྱུར་ཀྱང་། །ས་བདག་ཚུལ་ཁྲིམས་ལ་ནི་གུས་པ་ལྷོད་མ་གྱུར། །དོན་མཐུན་ཚོང་པས་གསོལ་བཏབ་རྒྱ་མཚོར་ཞུགས་གྱུར་པ། །མི་མཐུན་རླུང་གིས་རབ་འདས་ཀློང་གི་ཁར་སོན་གྲུ། །འཚེ་བ་རྣམ་སྤངས་བདེན་ཚིག་མཐུ་ཡིས་ཕྱིར་ལྡོག་ནས། །ལེགས་པར་ཕ་རོལ་ཕྱིན་པ་འདོད་དོན་ཀུན་འགྲུབ་གྱུར། །མ་རུངས་དུས་ཀྱི་ཐན་པས་རབ་ཏུ་རྒུད་པ་ཡིས། །ཁྭ་སོགས་བྱ་ཡིས་འཚེ་གྱུར་འཁོར་ལ་སྙིང་བརྩེ་བས། །བདེན་པའི་ཚིག་གིས་ལྷ་ཡི་དབང་པོས་ཆར་ཕབ་སྟེ། །གདུང་བ་ཀུན་ཞི་ཉ་ཡི་བདག་པོ་སེམས་དཔའ་ཆེ། །ཤུགས་དྲག་རླུང་གིས་རབ་བསྐྱོད་མེ་ལྕེེའི་ཕྲེང་བ་ཡིས། །ནམ་མཁའི་ཁྱབ་བྱས་སྲེག་བླུགས་ཟ་བར་ཆས་པ་གང་། །བདེན་པར་སྨྲ་བ་དེ་ཡི་བདེན་པའི་ཚིག་དག་གིས། །ཆུ་ཡིས་གཞིལ་བ་བཞིན་དུ་སྐད་ཅིག་ཞི་བར་གྱུར། །ཐམས་ཅད་བཤེས་གཉེན་མི་བདག་ཆང་གིས་ཉམས་མཐོང་ནས། །བརྩེ་བས་རྗེས་ཆགས་ལྷ་དབང་བྲམ་གཟུགས་བུམ་པ་ཅན། །དེ་ཡི་མྱོས་གྱུར་རྣམ་པར་རྨད་པའི་ལེགས་བཤད་ཆུས། །སྲེད་པའི་མེ་བཅིལ་ཉེས་པའི་དྲི་མ་འཁྲུད་པར་མཛད། །སྡུག་བསྔལ་འབྱུང་གནས་སྲིད་པ་ལ་ནི་རྒྱབ་ཕྱོགས་ཤིང་། །ཞི་བ་དོན་གཉེར་དཀའ་ཐུབ་ནགས་སུ་རབ་བྱུང་དེས། །བསླུ་བྱེད་མཛའ་བོར་ཁྱིམ་གྱི་ཉེས་པ་རབ་བསྟན་ནས། །ཆགས་བྲལ་རབ་མཆོག་གནས་ཀྱི་བདེ་བ་རྙེད་པར་གྱུར། །ཕ་མ་གཤེགས་ནས་ཁྱིམ་སྤོང་དཀའ་ཐུབ་སྤྱོད་པ་ཡི། །འཚོ་སྐལ་པད་རྩ་ཞག་ལྔ་དབང་པོས་བརྐུས་གྱུར་ཀྱང་། །འཁྲུགས་པ་མི་མངའ་བསམ་གཏན་བདུད་རྩིས་འཚོ་དེ་ཡི། །ཟིལ་གནོན་གཏམ་གྱིས་ལྷ་དབང་དྲེགས་པ་གཞོམ་པར་བྱས། །སྦྱིན་སོགས་དཔལ་གྱིས་མངོན་འཁྱུད་ཚོང་དཔོན་ཆེན་པོ་ནི། །ཡོན་ཏན་མེད་ལ་ཡོད་པར་བསྒྲགས་པས་རབ་བསྐུལ་ནས། །མཆིལ་མས་བརླན་པའི་མིག་ལྡན་གཉེན་བཤེས་རྣམས་བོར་ཆེ། །ཆགས་བྲལ་དཀའ་ཐུབ་ནགས་སུ་ཏིང་འཛིན་བདེ་མྱོང་གྱུར། །ཆུང་མ་དང་བཅས་ཆགས་བྲལ་དཀའ་ཐུབ་སྤྱོད་པ་ལ། །ཡུལ་གྱི་རྒྱལ་པོ་ཆགས་པས་ངང་ཚུལ་བརྟག་ནས་ནི། །དཀའ་ཐུབ་མ་འཕྲོག་ཁྲོ་བས་སྤྱོས་ཀྱང་འཁྲུགས་མེད་པར། །ལེགས་བཤད་བདུད་རྩིས་དད་ལ་རྣམ་སྦྱར་གཙུག་ཕུད་མཆོག །ཡིད་བཞིན་མཚོར་གནས་ངང་རྒྱལ་སེམས་ཅན་ཕན་ལ་དགའ། །ཝཱ་རཱ་ཎ་སཱིའི་མི་སྐྱོང་འཕྲུལ་གྱིས་ཞགས་པ་ཡིས། །བཅིངས་ཀྱང་འཁྲུགས་པ་མི་མངའ་ཆོས་ཀྱི་གཏམ་བཟང་པོས། །ཚངས་བྱིན་འཁོར་བཅས་ཉོན་མོངས་རྙི་ལས་འགྲོལ་བར་མཛད། །རྒྱལ་པོས་ལེགས་མཆོད་ཤེས་རབ་རྒྱ་ཆེན་ཀུན་ཏུ་རྒྱུ། །བས་མཐར་གཤེགས་དེས་མངོན་ཤེས་རྫུ་འཕྲུལ་མཐུ་གྲུབ་ནས། །སླར་ཡང་ལོག་སྨྲ་གདུག་པའི་བློན་རྣམས་ཕམ་བྱས་ཏེ། །ས་ཡི་བདག་པོ་ལམ་གོལ་གཡང་ལས་སྐྱབས་པར་མཛད། །འཇིག་རྟེན་ལྷ་མི་ལས་ལྷག་ལེགས་པའི་ཡོན་ཏན་ཅན། །དགོན་པར་གཅིག་པུར་རྒྱུ་བའི་སྤྲེའུ་ཆེན་པོ་ཡིས། །གཡང་ལྷུང་ཉམ་ཐག་མི་ལྟོགས་ཕྱུང་དེས་སླར་བརྒོལ་ཡང་། །འཁྲུགས་པ་མི་མངའ་བརྩེ་བས་ལམ་བསྟན་མཛད་དེ་རྒྱལ། །དྲི་མེད་ཡོན་ཏན་ཤིན་ཏུ་རྒྱ་ཆེན་ཤ་ར་བྷས། །བདག་གསོད་ཕྱིར་བརྒྱུགས་འཕོང་སྐྱེན་ས་ཡི་བདག་པོ་ནི། །མི་བཟད་གཡང་ས་གཤིན་རྗེའི་ཁ་རུ་ལྷུང་གྱུར་གང་། །བརྩེ་བས་རང་གི་བུ་བཞིན་ཡོངས་སུ་འདོན་པར་མཛད། །ཤུགས་དྲག་ཆུས་ཁྱེར་མྱ་ངན་སྒྲ་སྒྲོགས་མི་བྱུང་ངེས། །ཉེར་དྲངས་ས་བདག་དམག་གིས་ནགས་མཐའ་ཡོངས་བསྐོར་ཞིང་། །བསྟན་ཕྱིར་ལག་བསྒྲེངས་མཁྲིག་མ་ཆད་གང་སླར་སྐྱབས་ནས། །མི་སྐྱོང་ཐར་ལམ་གསལ་མཛད་རུ་རུ་མཆོག་དེ་མཛེས། །ཤིང་མཆོག་འབྲས་བུར་རབ་ཆགས་ས་བདག་ཁྲོས་པ་ཡིས། །གཉེན་རྣམས་འཇོམས་ལས་བསྐྱབ་ཕྱིར་ལུས་སྲོག་ལྟོས་མེད་པར། །རྦ་ཐག་རྐང་བཅིངས་ལུས་ཀྱི་ཟམ་པ་ཉེར་བཙུགས་པའི། །སྤྲེའུའི་རྒྱལ་པོ་དེ་ནི་མཐོ་རིས་གཤེགས་པར་གྱུར། །མ་བརྟགས་འདོད་ཕྱིར་རབ་འཁྲུགས་ཚུལ་མིན་རྒྱལ་པོ་ཡིས། །རྣོ་ལྡན་རལ་གྲིས་ལུས་ཀྱི་འཁྲི་ཤིང་ཀུན་བཅད་ཀྱང་། །བཟོད་པའི་ཆར་གྱི་ཞེ་སྡང་མེ་ཚོགས་རབ་གཞིལ་ཏེ། །སྲོག་ལ་ལྟོས་མེད་དྲང་སྲོང་དཀའ་ཐུབ་ཨེ་མ་ཧོ། །ཆད་ལྟས་ཟིལ་ནོན་ཉམས་པ་ཡན་ལག་བྱིན་གྱི་ནི། །མདུན་མཁར་མངོན་བཞུགས་དམ་ཆོས་འོད་སྟོང་འབྱེད་པ་ཡིས། །ལྟ་ངན་མུན་བསལ་ཐར་ལམ་པད་ཚལ་བཞད་མཛད་པའི། །ཚངས་པའི་དྲང་སྲོང་བརྩེ་ལྡན་ཉིན་མོར་བྱེད་དེ་རྒྱལ། །ནགས་སུ་བསྐྲད་གྱུར་ཉམ་ཐག་བདུན་བརྒྱ་ཉེར་མཐོང་ནས། །བརྩེ་བས་ལམ་བསྟན་དབུགས་དབྱུང་རི་བོའི་རྩེ་མོ་ལས། །བདག་ཉིད་ལུས་མཆོད་ངོ་མཚར་ལྷ་ཡིས་མཆོད་གྱུར་པ། །སྙིང་རྗེའི་གཏེར་གྱུར་ནགས་ཀྱི་གླང་པོ་མཆོག་དེ་རྨད། །ཤིན་ཏུ་མི་བཟད་མི་རྣམས་ཟད་བྱེད་མ་རུངས་པ། །གདུལ་དཀའ་སྲིན་པོ་རྐང་ཁྲའི་སྡིག་པའི་ལྗོན་ཤིང་ནི། །བྱམས་ཆེན་ལེགས་བཤད་རལ་གྲི་རྣོན་པོས་བཅད་མཛད་པའི། །མི་ཡི་དབང་པོ་ཟླ་བའི་གྲགས་པ་སྲིད་ན་གསལ། །རྒ་ན་འཆི་དང་རྒུད་པའི་འཇིགས་པ་མང་མཐོང་ནས། །རྒྱལ་པོའི་ཕུན་ཚོགས་རྩྭ་ཡི་ཟིལ་པ་བཞིན་བོར་ཏེ། །ལྕགས་ཁྱིམ་ཆེན་པོར་སྲུང་གྱུར་ས་བདག་སྲས་པོ་ནི། །མཆོག་ཏུ་ཞི་བ་ཐོབ་ཕྱིར་ནགས་སུ་སོང་བར་གྱུར། །རྡོ་རྗེའི་རྭ་ཡིས་གདོང་ལྔ་འཇིགས་བྱེད་མ་ཧེ་ལ། །ཤིང་གནས་རི་དྭགས་འཁྲུགས་པས་རྟག་པར་གཙེས་གྱུར་ཅིང་། །གནོད་སྦྱིན་དག་གིས་གཞོམ་པར་ནན་གྱིས་བསྐུལ་གྱུར་ཀྱང་། །འཁྲུགས་པ་མི་མངའ་བཟོད་པའི་གཏེར་མཆོག་ཨེ་མ་ཧོ། །བརྒྱ་ཕྲག་ཡོན་ཏན་མཆོག་མངའ་གཤོག་རྒྱས་ཤིང་རྟ་མོས། །རུས་པའི་མདའ་རྣོན་གྲེ་བར་ཟུག་གྱུར་ཁ་ལྔ་པ། །ཉམ་ཐག་ལས་སྐྱབས་དེ་ཡིས་སླར་གཙེས་བརྙས་གྱུར་ཚེ། །གཞོམ་ལ་དཀའ་བ་མིན་ཡང་བཟོད་པས་ཁྲོ་མ་གྱུར། །ཨེ་མ་མཐའ་ཡས་འགྲོ་ལ་ཕན་མཛད་ཐུབ་པ་མཆོག །སྔོན་ཚེ་སྐྱེ་བ་དམན་པར་གྱུར་ཀྱང་རྨ་མེད་པའི། །རླབས་ཆེན་རྒྱལ་བའི་སྲས་ཀྱི་སྤྱོད་པ་འདི་འདྲ་ན། །ཡང་དག་རྫོགས་བྱང་མངོན་དུ་གྱུར་ཚེ་སྨོས་ཅི་འཚལ། །སྦྱིན་པའི་ཞིང་ས་ཚུལ་ཁྲིམས་གཙང་མའི་ས་བོན་བཏབ། །བཟོད་དང་བརྩོན་འགྲུས་དྲོད་གཤེར་བཅུད་ཀྱིས་ལེགས་སྐྱོང་བས། །བསམ་གཏན་མྱུ་གུ་ཤེས་རབ་འབྲས་བུའི་ཁུལ་དུད་པའི། །ཐུབ་དབང་རིན་ཆེན་སྙེ་མ་དེ་ལ་ཕྱག་འཚལ་ལོ། །ཐབས་མཁས་རྩ་བརྟན་སྟོབས་ཀྱི་ཡལ་ག་རྣམ་པར་རྒྱས། །སྨོན་ལམ་ཐུགས་རྗེའི་གྲིབ་བསིལ་ཤིན་ཏུ་རྒྱ་ཆེ་ཞིང་། །ཡེ་ཤེས་གཏེར་མཆོག་མཐའ་ཡས་འགྲོ་བ་ངལ་འཚོའི་སྨན། །བདེ་གཤེགས་ལྷ་ཡི་དཔག་བསམ་དེ་ལ་ཕྱག་འཚལ་ལོ། །བསོད་ནམས་བྱེ་བས་ལེགས་བསྐྲུན་མཚན་དཔེའི་སྐུ་མངའ་ཞིང་། །དབྱངས་ཀྱི་ཡན་ལག་རྒྱ་མཚོས་ཆོས་སྒྲ་སྙན་སྒྲོགས་པ། །མཁྱེན་བརྩེའི་ཐུགས་ཀྱིས་སྲིད་ཞི་ཀུན་ལ་ཁྱབ་པའི་དཔལ། །ལྷ་མིའི་བླ་མ་ཟས་གཙང་སྲས་ལ་ཕྱག་འཚལ་ལོ། །དཔག་ཡས་ཡོན་ཏན་བསམ་མི་ཁྱབ་པའི་གཏེར་མངའ་ཞིང་། །མཁའ་དང་རབ་མཉམ་ཕྲིན་ལས་ཟབ་མོའི་འཇུག་པ་ཡིས། །མཐའ་ཡས་སྐྱེ་དགུ་ངེས་ལེགས་དཔལ་ལ་འགོད་མཛད་པའི། །བཅོམ་ལྡན་ཐམས་ཅད་སྐྱོབ་པ་དེ་ལ་སྐྱབས་སུ་མཆི། །གང་གིས་ལུང་བསྟན་བསྟོད་པ་བྱེད་པ་རྣམས་ཀྱི་མཆོག །དཔལ་ལྡན་དཔའ་བོས་མཛད་པའི་སྐྱེས་རབས་རྒྱས་བསྡུས་ཀྱི། །སྙིང་པོ་གོ་སླ་ཚིག་གི་སྲད་བུར་བརྒྱུས་པ་འདིས། །འགྲོ་ཀུན་སྲིད་ཞིར་མི་གནས་མྱ་ངན་འདས་ཐོབ་ཤོག །ཅེས་པའང་རྨོངས་བརྟུལ་གྱི་ན་བ་པདྨ་རྣམ་རྒྱལ་གྱིས་ཚིག་གི་སྡེབ་སྦྱོར་ལྷུར་མ་བླངས་པར་གོ་སླ་གཙོ་བོར་སྟོན་ཏེ་བྲིས་པ་དགེ། |