Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བཅུ་གསུམ་པ།


   
   
   
   
   
   
བསྔོ་སྨོན་དང་བཀྲ་ཤིས་ཀྱི་སྐོར་དགེ་ལེགས་རྒྱ་མཚོའི་སྤྲིན་ཆེན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབསྔོ་སྨོན་དང་བཀྲ་ཤིས་ཀྱི་སྐོར་དགེ་ལེགས་རྒྱ་མཚོའི་སྤྲིན་ཆེན།next

བསྔོ་སྨོན་དང་བཀྲ་ཤིས་ཀྱི་སྐོར་དགེ་ལེགས་རྒྱ་མཚོའི་སྤྲིན་ཆེན།

༄༅། །བསྔོ་སྨོན་དང་བཀྲ་ཤིས་ཀྱི་སྐོར་དགེ་ལེགས་རྒྱ་མཚོའི་སྤྲིན་ཆེན་ཞེས་བྱ་བ་བཞུགས་སོ། །རྒྱུན་གྱི་སྨོན་ལམ་ནར་མར་བྱ་བ་རིན་པོ་ཆེའི་ཤིང་རྟ་ཞེས་བྱ་བ་བཞུགས་སོ། །ན་མོ་རཏྣ་ཏྲ་ཡ་ཡ། གང་ལ་ཉེས་པའི་དྲི་མ་མི་མངའ་ཞིང་། །ཕུལ་བྱུང་ཡོན་ཏན་བྱེ་བའི་དཔལ་གྱིས་མཛེས། །འགྲོ་ལ་ཕན་བདེའི་ལམ་བཟང་སྣང་མཛད་པའི། །སྐྱབས་མཆོག་རྣམས་ལ་གུས་པས་ཕྱག་འཚལ་ལོ། །དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི། །སྲིད་ཞིའི་འབྱོར་ཚོགས་མ་ཚང་མེད་པའི་སྤྲིན། །བདག་ལུས་ཕུང་ཁམས་དུས་གསུམ་དགེ་རྩར་བཅས། །ཡོན་གནས་དམ་པ་རྣམས་ལ་འབུལ་གྱིས་བཞེས། །ཐོག་མེད་དུས་ནས་མ་རིག་གཟུང་འཛིན་མཐུས། །སྲིད་པའི་འབྲོག་དགོན་སྟུག་པོར་འཁྱམས་གྱུར་ཚེ། །བྱང་ཆུབ་མཆོག་ལ་སྒྲིབ་པའི་ལས་བསགས་ཀུན། །གནོང་འགྱོད་དྲག་པོས་མཐོལ་བཤགས་བཟོད་པར་བཞེས། །ཚོགས་གཉིས་རང་བཞིན་ཕན་བདེ་འབྱུང་བའི་གཞི། །འཕགས་དང་སོ་སྐྱེའི་རྣམ་དཀར་དགེ་བའི་ཚོགས། །བྱས་དང་བྱེད་འགྱུར་དེ་བཞིན་བགྱིད་ཀུན་ལ། །རབ་དྭངས་བློ་ཡིས་རྣམ་ཀུན་རྗེས་ཡི་རང་། །ལས་ཉོན་འདུ་བ་འཁྲུག་པའི་རྐྱེན་དབང་གིས། །སྡུག་བསྔལ་གསུམ་གྱི་ཟུག་རྔུས་མནར་བའི་འགྲོར། །གང་འདུལ་དམ་ཆོས་བདུད་རྩིའི་སྨན་ཆེན་པོ། །སྨན་རྒྱལ་དམ་པ་རྣམས་ཀྱིས་སྩལ་དུ་གསོལ། །རྒྱལ་རྣམས་ཆོས་དབྱིངས་ཞི་ལ་གཞོལ་མིན་པར། །འགྲོ་ལ་ཕན་ཕྱིར་གཟུགས་ཀྱི་སྐུར་བཞེངས་ནས། །ཇི་སྲིད་འཁོར་མཐས་གཏུགས་པ་དེ་སྲིད་དུ། །གཞོམ་བྲལ་རྡོ་རྗེ་ལྟ་བུར་བརྟན་པར་མཛོད། །འདིས་མཚོན་བདག་གཞན་དུས་གསུམ་དགེ་ཚོགས་རྣམས། །འཁོར་གསུམ་དམིགས་པའི་མཚན་མས་ཡོངས་བཏང་སྟེ། །མཁྱེན་བརྩེའི་མངའ་བདག་སྲས་བཅས་རྒྱལ་རྣམས་ཀྱི། །དགོངས་པ་ཇི་བཞིན་བྱང་ཆུབ་ཆེན་པོར་བསྔོ། །འགྲོ་ལ་བདེ་སྐྱིད་མ་ལུས་འབྱུང་བའི་གཞི། །ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ། །རྒོལ་ངན་ཀླ་ཀློའི་དཔུང་གིས་མི་བརྫི་བར། །སྲིད་མཐའི་བར་དུ་ཡར་ཟླ་ལྟར་རྒྱས་ཤོག །གངས་ལྗོངས་བཤད་རྒྱུན་འདེགས་པའི་ཀ་ཆེན་བཅུའི། །རིང་ལུགས་མ་ཉམས་འོ་མའི་ཆུ་གཏེར་ཆེ། །ལུང་རིགས་རླབས་ཕྲེང་གཡོ་བའི་འཛུམ་ཟེར་ལ། །བློ་གསལ་ངང་མོའི་ཚོགས་ཀྱིས་རྩེན་བྱེད་ཤོག །ཤིང་རྟ་ཆེ་བརྒྱད་རིང་ལུགས་མ་ཎི་ཀ །སྒྲུབ་བརྒྱུད་རྒྱལ་མཚན་རྩེ་མོར་རྟག་བརྟན་པས། །གྲུབ་གཉིས་འདོད་དགུའི་གྲུ་ཆར་འཇོ་བ་ཡིས། །ས་འདི་འཕུར་འགྲོའི་ཞིང་བཞིན་འབྱོར་བར་ཤོག །ཁྱད་པར་སྔ་འགྱུར་རིང་ལུགས་ཉིན་མོར་བྱེད། །འགྲོ་བསོད་ཡངས་པའི་མཁའ་ལ་རྟག་འཆར་ཞིང་། །གྲོལ་བ་དྲུག་ལྡན་ཕྲིན་ལས་འོད་སྟོང་གིས། །རིག་འཛིན་རྣམ་བཞིའི་པད་ཚལ་མཛེས་བྱེད་ཤོག །ཕྱོགས་དང་རིས་མེད་ཡོངས་འཛིན་དམ་པ་རྣམས། །ཞབས་པད་བསྐལ་བརྒྱའི་བར་དུ་རྟག་བརྟན་ངོས། །འཁོར་ལོ་གསུམ་གྱི་ཕྲིན་ལས་རྨད་པོ་ཆེས། །བསྟན་པ་རིན་ཆེན་ཕྱོགས་བརྒྱར་རྒྱས་བྱེད་ཤོག །ཁྱད་པར་བདག་ལ་སྡོམ་གསུམ་འབོགས་པ་ཡི། །ཡོན་གནས་དམ་པ་སྐུ་དྲིན་ཆེ་ལྡན་པ། །སྔ་རབས་འདས་པ་རྣམས་ཀྱི་ཐུགས་དགོངས་མཆོག །ཟག་མེད་ཆོས་དབྱིངས་ཆེན་པོར་རྫོགས་བྱེད་ཤོག །ཞལ་བཞུགས་རྣམས་ཀྱང་སྐུ་ཚེ་རབ་བརྟན་ཞིང་། །ངོ་མཚར་སྙན་གྲགས་ཆེན་པོས་ས་སྟེང་ཁྱབ། །བཤད་སྒྲུབ་ཕྲིན་ལས་ཟབ་མོས་འཛམ་གླིང་ཁྱོན། །ཡོངས་ཁྱབ་ཐུགས་ཀྱི་བཞེད་དོན་ཀུན་འགྲུབ་ཤོག །དམ་ཚིག་གཅིག་པའི་རྡོ་རྗེའི་མཆེད་ལྕམ་རྣམས། །བར་ཆད་བདུད་དགྲའི་དཔུང་གིས་མི་བརྫི་བར། །བསྙེན་སྒྲུབ་རྣམ་པ་བཞི་ཡི་གསེང་ལམ་ནས། །གདོད་མའི་གསང་མཆོག་ཚེ་འདིར་འགྲུབ་པར་ཤོག །རི་ཀུན་སྤང་བ་བསམ་གཏན་སྡེ་ཡིས་ཕྱུག །ཀླུང་ཀུན་ཀློག་པ་ཐོས་བསམ་གྲྭ་ཡིས་འབྱོར། །ཀུན་ཀྱང་ཕྱོགས་རིས་སྡེ་འཁྲུགས་རྩོད་པ་བྲལ། །བསླབ་གསུམ་ཡོན་ཏན་ཉིན་བཞིན་གོང་འཕེལ་ཤོག །གཙུག་ལག་ཁང་རྣམས་སྐུ་གཟུགས་མཆོད་རྟེན་དང་། །རིན་ཆེན་གླེགས་བམ་བྱེ་བས་མཛེས་གྱུར་ཅིང་། །དེར་ཡང་ཕུལ་བྱུང་མཆོད་པའི་སྤྲིན་དང་བཅས། །ཀློག་དང་དེ་སེམས་པས་ཀྱང་མཛེས་གྱུར་ཅིག །རབ་ཏུ་བྱུང་རྣམས་རྙེད་བཀུར་འཕེལ་འགྱུར་ཞིང་། །དེར་ཡང་མ་ཆགས་ངེས་འབྱུང་བརྩོན་འགྲུས་ཀྱིས། །ཚུལ་ཁྲིམས་ཕུང་པོ་ཡོངས་སུ་དག་པ་དང་། །ཐོས་བསམ་བ སྒོམ་གྱི་བྱ་བས་འདའ་གྱུར་ཅིག ཐོས་མང་ཚུལ་ཁྲིམས་ནོར་གྱིས་ཕྱུག་པ་དག །དེང་ནས་བག་ཡོད་དབེན་པའི་གནས་ཐོབ་ནས། །རྣམ་གཡེང་འདུ་འཛིའི་དགྲ་བོ་ཕམ་བྱས་ཏེ། །ཟབ་མོའི་ལམ་ལ་མཉམ་པར་འཇོག་པར་ཤོག །རིག་སྔགས་འཆང་རྣམས་དམ་ཚིག་རྣམ་དག་ངོས། །དབང་བཞིའི་ལམ་ཁྱེར་བསྐྱེད་རྫོགས་རྫོགས་པ་ཆེར། །བརྩོན་པའི་འབྲས་རྟག་དུས་ལས་ཡོལ་མིན་པར། །ལས་དང་དངོས་གྲུབ་ཐོགས་མེད་འགྲུབ་པར་ཤོག །དད་པའི་མྱུ་གུ་གསར་དུ་འཁྲུངས་གྱུར་ཀྱང་། །མང་ཐོས་སྙེ་མའི་ཁུར་གྱིས་ལྕི་མིན་རྣམས། །བཤེས་གཉེན་དེད་དཔོན་མཆོག་དང་འཕྲད་གྱུར་ནས། །ཟབ་མོའི་ལམ་ལ་གོལ་འཆུག་མེད་པར་ཤོག །ཟབ་གཏེར་སྤྱོད་རྣམས་མ་ཧཱ་གུ་རུ་ཡི། །བཀའ་ལུང་རྡོ་རྗེའི་རྒྱ་ལས་འདའ་མིན་པར། །ཕྱི་ནང་གསང་བའི་རྟེན་འབྲེལ་ལེགས་འགྲིགས་ནས། །གངས་ལྗོོངས་ཕན་བདེའི་སྒོ་བརྒྱ་འབྱེད་པར་ཤོག །དེ་མཐུས་ཡངས་པའི་རྒྱལ་ཁམས་ཐམས་ཅད་དུ། །ཆར་ཆུ་དུས་བབས་ལོ་ལེགས་ཕྱུགས་འཕེལ་ཞིང་། །ནད་མུག་མཚོན་འཁྲུགས་དུས་ཀྱི་རྒུད་ཀུན་ཞི། །རྫོགས་ལྡན་གསར་པའི་དགའ་སྟོན་རྒྱས་པར་ཤོག །ཁྱད་པར་ས་གཡོས་མེ་དགྲ་འབྱུང་བཞིའི་འཇིགས། །མཐའ་དམག་དུས་འཁྲུགས་མི་རུང་ཐན་ལྟས་རིགས། །གངས་ལྗོངས་བསྟན་དང་འགྲོ་ལ་འཚེ་བྱེད་པ། །མ་ལུས་ཞི་ཞིང་རྩད་ནས་འཇོམས་པར་ཤོག །ས་གཞི་སྐྱོང་རྣམས་ཆོས་ལ་རྟག་གནས་ཤིང་། །འབངས་འཁོར་མཐའ་དག་དགེ་བཅུའི་དཔལ་ལ་སྤྱོད། །ཀུན་ཀྱང་ཕན་ཚུན་བྱམས་པའི་སེམས་ལྡན་ཏེ། །འཐབ་དང་རྩོད་པ་འགའ་ཡང་མེད་པར་ཤོག །ཕ་མ་གཉེན་གྲོགས་འཁོར་སློབ་ཡོན་བདག་དང་། །གནོད་པའི་གདོན་བགེགས་བར་ཆད་འབྱུང་པོ་སོགས། །བདག་ལ་བཟང་ངན་ལས་ཀྱི་འབྲེལ་ཐོབ་ཀུན། །ཚེ་འཕོས་བདེ་བ་ཅན་དུ་སྐྱེ་བར་ཤོག །ཞེ་སྡང་རང་གཟུགས་འབར་བའི་མེ་ཆེན་གྱིས། །ཀུན་ནས་ཉམས་གྱུར་སེམས་དམྱལ་འཇིག་རྟེན་ཡང་། །བཟོད་དང་སྙིང་རྗེའི་ཆར་རྒྱུན་བསིལ་པོ་ཡིས། །བརླན་བྱས་དེང་ནས་ལྷ་བཞིན་འབྱོར་བར་ཤོག །སེར་སྣའི་དུག་ཆེན་འབར་བའི་སྡང་མིག་གིས། །བལྟས་པས་ཡུལ་གྱི་ཕུན་ཚོགས་བརླག་ནུས་པའི། །གཤིན་རྗེའི་འཇིག་རྟེན་དག་ཀྱང་གཏོང་སེམས་ཀྱིས། །ལེགས་མཛེས་སྒྲ་མི་སྙན་ལྟར་བདེར་གནས་ཤོག །རྨོངས་པའི་མུན་པ་འཐུག་པོའི་གོ་ར་རུ། །མནར་གཅོད་སྡུག་བསྔལ་དྲག་པོས་ནོན་གྱུར་པའི། །དུད་འགྲོའི་འཇིག་རྟེན་དག་ཀྱང་ཤེས་རབ་ཀྱི། །སྣང་བ་དམ་པས་དེང་ནས་མཛེས་གྱུར་ཅིག །སྐྱེ་རྒ་ན་འཆིའི་ཆུ་བོ་རབ་མེད་དུ། །ཀུན་ནས་བྱིང་གྱུར་རྐང་གཉིས་འགྲོ་རྣམས་ཀྱང་། །འཕགས་པའི་བདེན་བཞིའི་གྲུ་གཟིངས་བཟང་པོ་ལ། །ཞུགས་ནས་ཐར་པའི་སྐམ་སར་སྙེགས་པར་ཤོག །ཕྲག་དོག་རླུང་གིས་བསྐུལ་བའི་དེ་མ་འདྲོག །མཚོན་ཆའི་ཆད་པས་ཉམས་གྱུར་སྦྱིན་སྐྱེས་ཚོགས། །དགའ་བའི་ལྷུན་པོ་མཆོག་ལ་གནས་བཅས་ཏེ། །དེང་ནས་འཕགས་པའི་ཡོན་གྱིས་མཛེས་གྱུར་ཅིག །བག་མེད་གཉིད་ལ་ཡོལ་བའི་ལྷ་རྣམས་ཀྱང་། །བག་ཡོད་འཆི་མེད་རྔ་སྒྲས་ལེགས་བསྐུལ་རྒྱུས། །ཞི་གནས་མུན་པར་འཐོམ་པའི་བསམ་གཏན་ཡང་། །དེང་ནས་ལྷག་མཐོང་སྣང་བས་མཛེས་གྱུར་ཅིག །མཁའ་མཉམ་འགྲོ་ཀུན་མི་ཁོམ་རྣམས་སྤངས་ཏེ། །ཡང་དག་དགེ་བའི་བཤེས་ཀྱིས་རྗེས་བཟུང་ཞིང་། །ངེས་འབྱུང་དད་བརྩོན་ཤེས་རབ་སྙིང་རྗེ་སོགས། །དཀར་པོའི་རིགས་ཀྱི་ནུས་པ་རྫོགས་གྱུར་ཅིག །དེ་ཚེ་གསུམ་ལ་སྐྱབས་འགྲོ་ནས་བཟུང་སྟེ། །ཐེག་རྩེ་བླ་མེད་ཨ་ཏི་ཡོ་གའི་བར། །འགལ་མེད་སྟན་ཐོག་གཅིག་ཏུ་ཉམས་བླངས་མཐུས། །ཚེ་དེས་སྲིད་པའི་རྒྱ་མཚོ་བརྒལ་བར་ཤོག །བདག་ཀྱང་སྐྱེ་ཀུན་དགེ་བའི་བཤེས་ཀྱིས་ཟིན། །ཚུལ་གནས་ཐོས་བསམ་སྒོམ་པའི་བློ་གྲོས་ཀྱིས། །དག་པའི་སྣང་བ་དཀར་པོའི་སྒོ་ཕྱེས་ནས། །རིས་མེད་བསྟན་ལ་བྱ་བ་བྱེད་པར་ཤོག །རྣམ་གཡེངས་སྤྲོས་པའི་འཁོར་ལོར་མི་གཡེང་ཤིང་། །ཆགས་སྡང་ཆོས་བརྒྱད་འདམ་དུ་བྱིང་མིན་པར། །དབེན་པའི་གནས་སུ་མཉམ་པར་འཇོག་པ་ཡིས། །རང་གཞན་དོན་གཉིས་ལྷུན་གྱིས་འགྲུབ་པར་ཤོག །སྐད་ཅིག་ཙམ་ཡང་སྡིག་སེམས་མི་སྐྱེ་ཞིང་། །ཉིན་མཚན་བརྩོན་པ་ཆོས་ཀྱིས་འདའ་བ་དང་། །བྱང་ཆུབ་སེམས་ཀྱི་རྟེན་འབྲེལ་རྨད་པོ་ཆེས། །གཞན་སྣང་དབང་འདུས་འགྲོ་དོན་དཔག་མེད་ཤོག །རབ་འབྱམས་རྩ་གསུམ་ལྷ་ཡིས་བྱིན་གྱིས་བརླབས། །དམ་ལྡན་ཆོས་སྲུང་ལུས་དང་གྲིབ་བཞིན་འགྲོགས། །གང་བརྩམས་རྣམ་བཞིའི་ཕྲིན་ལས་འབད་མེད་འགྲུབ། །ཀུན་ཀྱང་བསྟན་དང་འགྲོ་ལ་སྨན་གྱུར་ཅིག །མཁྱེན་རབ་འཇམ་དཔལ་དབྱངས་ལྟར་ཚད་མེད་ཅིང་། །བརྩེ་ཆེན་སྤྱན་རས་གཟིགས་ལྟར་མཚུངས་པ་མེད། །ནུས་མཐུ་གསང་བའི་བདག་པོ་ལྟར་གྱུར་ནས། །ཁམས་གསུམ་འཁོར་བ་དོང་ནས་སྤྲུག་པར་ཤོག །གང་དག་བདག་ཉིད་མཐོང་ཐོས་དྲན་དང་རེག །བཟང་ངན་ལས་ཀྱི་འབྲེལ་ཐོབ་གང་ཡིན་པ། །བདག་གི་བྱང་ཆུབ་སྤྱོད་པའི་གྲུ་གཟིངས་ཀྱིས། །ཀུན་ཀྱང་རྣམ་གྲོལ་ས་ལ་འགོད་པར་ཤོག །ནམ་མཁའ་ཇི་སྲིད་སེམས་ཅན་དེ་སྲིད་དེ། །དེ་སྲིད་བདག་ཀྱང་ས་སོགས་འབྱུང་བ་ལྟར། །སེམས་ཅན་ཀུན་གྱི་དོན་རབ་སྒྲུབ་པ་ལ། །སྐད་ཅིག་ཙམ་ཡང་དཀའ་བ་མེད་པར་ཤོག །གང་དག་འགྲོ་རེའི་མདུན་ན་བདག་ལུས་རེ། །མངོན་སྣང་གང་ལ་གང་འདུལ་ཐབས་ཚུལ་གྱིས། །ཀུན་ཀྱང་ཐེག་ཆེན་བཞོན་པ་ལ་བཀོད་ནས། །སྲིད་ཞིའི་ཆུ་བོའི་ཕ་མཐར་སྒྲོལ་བར་ཤོག །མདོར་ན་རྒྱལ་སྲས་འཇམ་དཔལ་དཔའ་བོ་ཡིས། །འགྲོ་ལ་ཕན་ཕྱིར་ཐུགས་བསྐྱེད་གང་བཞེས་པ། །དེ་ཀུན་བདག་གིས་སྒྲུབ་པའི་གཡར་དམ་མཆོག ཚེ་རབས་ཀུན་ཏུ་མི་བསྙེལ་རྟག་བརྩོན་ཤོག །བྱང་ཆུབ་སེམས་ཀྱིས་ཀུན་ནས་བསླངས་པ་ཡིས། །ཁ་ཙམ་མིན་པར་སྙིང་ནས་སྨོན་པའི་འབྲས། གེགས་མེད་འགྲུབ་པར་རྒྱལ་བ་སྲས་བཅས་དང་། །བླ་མ་མཆོག་གི་མཐུན་འགྱུར་སྩལ་ཏུ་གསོལ། །ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། །ཆོས་ཅན་རྒྱུ་འབྲས་བསླུ་མེད་བདེན་པའི་སྟོབས། །བླ་མ་ལྷག་པའི་ལྷ་ཡི་བཀའ་དྲིན་གྱིས། །ཇི་ལྟར་སྨོན་པ་དེ་བཞིན་འགྲུབ་གྱུར་ཅིག །མཁའ་ལ་རིག་འཛིན་བརྒྱུད་པའི་སྤྲིན་ཆེན་འཁྲིགས། །ས་ལ་དམ་ལྡན་སློབ་མའི་འདུ་ཚོགས་རྒྱས། །བར་ན་སྨིན་གྲོལ་འདོད་དགུའི་གྲུ་ཆར་འཇོ། །མཆོག་གསང་བསྟན་པ་དར་སྨིན་བཀྲ་ཤིས་ཤོག །ཅེས་པའང་བསམ་གཏན་གྱི་ཁང་བུ་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ་ངག་མཚམས་ཀྱི་བཅད་རྒྱ་དམ་པོར་ཐོག་མར་ཞུགས་པའི་སྐབས་སུ། ཤཱཀྱའི་བཙུན་པ་འགྱུར་མེད་པདྨ་རྣམ་རྒྱལ་གྱིས་སྣང་གསལ་གྱི་ངོགས་སུ་བྲིས་ཤིང་ལྷག་པའི་བསམ་པས་སྨོན་ལམ་དུ་བགྱིས་པ། དེ་དེ་བཞིན་དུ་འགྲུབ་པར་བླ་མ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ།། །།
༄༅། །ༀ་སྭསྟི། ཐུབ་ཆེན་འགྲོ་བའི་བླ་མ་གཟི་བརྗིད་ཅན། །མཐོང་ན་མི་མཐུན་མེད་པའི་སྐུ་མངའ་བ། །དྲན་པས་ཡིད་ཀྱི་གདུང་བ་ཀུན་སེལ་བའི། །ཡིད་བཞིན་ནོར་འདྲ་ཁྱེད་ལ་ཕྱག་འཚལ་ལོ། །མགོན་པོ་ཁྱོད་ཀྱི་སྐུ་གཟུགས་མཐོང་བ་དང་། །རྣམ་ཐར་བཀའ་དྲིན་རྗེས་སུ་དྲན་པ་ཡིས། །རྩེ་གཅིག་གསོལ་བ་འདེབས་པའི་སྐལ་བཟང་བདག །དོན་གཉིས་བསམ་ཀུན་འགྲུབ་པར་བྱིན་གྱིས་རློབས། །སྐྱེ་ཞིང་སྐྱེ་བར་དལ་འབྱོར་རྟེན་ཐོབ་ནས། །མཚུངས་མེད་མགོན་པོ་མཆོག་གི་བསྟན་སྒོར་ཞུགས། །དྲི་མེད་ཚུལ་ཁྲིམས་གསུམ་གྱིས་རྒྱུད་ཕྱུག་ཅིང་། །ཐོས་བསམ་སྒོམ་པའི་ཡོན་ཏན་རྫོགས་པར་ཤོག །གཞན་དབང་ཆོས་བརྒྱད་ཞགས་པས་བཅིང་མིན་པར། །རང་དབང་དམ་པའི་ཆོས་ལ་སྤྱོད་པ་ཡིས། །དགེ་བའི་བཤེས་གྲོགས་གནས་མལ་འཚོ་ཆས་སོགས། །ཆོས་མཐུན་འབྱོར་པ་དག་ཀྱང་ལྡན་གྱུར་ཅིིག །འཁོར་བ་སྡུག་བསྔལ་ཤེས་པའི་ངེས་འབྱུང་དང་། །འགྲོ་ཀུན་ཕ་མར་གོ་བའི་སྙིང་རྗེའི་ཤུགས། །ཆོས་ཀུན་བདེན་མེད་རྟོགས་པའི་ཤེས་རབ་གསུམ། །བཅོས་མིན་ལྷན་སྐྱེས་རྒྱུད་ལ་མཛའ་གྱུར་ཅིག །ཕྱོགས་ཙམ་གོ་ཚེ་གཞན་ལ་བཤད་འདོད་དང་། །ཟ་ཟིའི་ཉམས་ལ་མཆོག་འཛིན་རློམ་སེམས་སོགས། །འདིར་སྣང་བདུད་ཀྱི་དབང་དུ་མི་འགྲོ་བར། །དབེན་པའི་གནས་སུ་རང་རྒྱུད་འདུལ་བར་ཤོག །སྔ་འགྱུར་བཀའ་གཏེར་བཀའ་གདམས་ལམ་འབྲས་དང་། །མར་ཤངས་བཀའ་བརྒྱུད་ཞི་གཅོད་སྦྱོར་བ་དྲུག །རྡོ་རྗེའི་རྣལ་འབྱོར་སྒྲུབ་བརྒྱུད་ཤིང་རྟ་བརྒྱད། །མ་ནོར་སྙིང་པོའི་ལམ་བཟང་རྟོགས་གྱུར་ཅིག །ཕྱོགས་ལྷུང་ཆགས་སྡང་གདོན་གྱིས་རློམ་མིན་པར། །དག་པའི་སྣང་བ་དཀར་པོའི་སྒོ་ཕྱེས་ནས། །ཤིང་རྟའི་ལམ་སྲོལ་སོ་སོར་མ་འདྲེས་གཞུང་། །འཆད་རྩོད་རྩོམ་གྱིས་སྲིད་མཐར་འཛིན་གྱུར་ཅིག །རང་དོན་ཡིད་བྱེད་དུག་ཆུས་བསླད་མིན་པར། །རྟག་པར་གཞན་ཕན་ཁོ་ནའི་བསམ་པ་ཡིས། །རྨད་བྱུང་རྒྱལ་སྲས་སྤྱོད་པ་རྒྱ་མཚོའི་ཚུལ། །སློབ་ལ་དཀའ་བ་མེད་པའི་མཐུ་ཐོབ་ཤོག །གང་དག་འགྲོ་རེའི་མདུན་དུ་བདག་ལུས་ཀྱང་། །དེ་སྙེད་སྤྲུལ་ནས་ཐེག་གསུམ་བདུད་རྩི་ཡིས། །རབ་བརྟུལ་མཐར་ཐུག་བླ་མེད་གསེང་ལམ་ཆེར། །གདོད་མའི་རྒྱལ་ཐབས་མཆོག་ལ་འགོད་བྱེད་ཤོག །ཚེ་འདིར་མི་མཐུན་ཉེས་བརྒྱའི་གཡུལ་ལས་རྒྱལ། །ཆོས་ལྡན་བགྱི་འོས་མཐའ་དག་གེགས་མེད་འགྲུབ། །འབྲེལ་ཚད་དོན་ལྡན་བསྟན་པའི་སྒྲོན་མེ་སྦར། །དོན་གཉིས་བསམ་ཀུན་ཡིད་བཞིན་འགྲུབ་གྱུར་ཅིག །མཚུངས་མེད་ཆོས་རྗེ་བླ་མའི་ཞབས་པད་བརྟན། །བསྟན་འཛིན་སྡེ་རྒྱས་བཤད་སྒྲུབ་ཕྲིན་ལས་འཕེལ། །འགྲོ་ཀུན་བདེ་སྐྱིད་དགེ་བཅུའི་མངའ་ཐང་རྒྱས། །ཀུན་ཀྱང་རྣམ་བྱང་ཡོན་གྱིས་འབྱོར་གྱུར་ཅིག །བཀྲ་ཤིས་དཔལ་མངའ་སྲས་བཅས་རྒྱལ་རྣམས་ཀྱི། །བཀྲ་ཤིས་བདེན་བྱིན་རྫོགས་ལྡན་སྤྲིན་ཆེན་ལས། །བཀྲ་ཤིས་ཕན་བདེའི་ནོར་བུའི་གྲུ་ཆར་གྱིས། བཀྲ་ཤིས་སྲིད་ཞིའི་ཁམས་ཀུན་འབྱོར་གྱུར་ཅིག །ཅེས་པའང་ཡོངས་རྫོགས་བསྟན་པའི་མངའ་བདག་སངས་རྒྱས་འཇིག་རྟེན་དུ་བྱོན་པ་ལྟ་བུ་ངེས་པ་དོན་གྱི་རྡོ་རྗེ་འཆང་ཆེན་པོ་རྒྱལ་བས་ལུང་བསྟན་ཀུན་གཟིགས་བློ་གྲོས་མཐའ་ཡས་ཀྱི་ཞལ་སྔ་ནས། འཕགས་པ་ཀླུ་སྒྲུབ་ཀྱི་ཕྱག་བཟོ་འཁྲུལ་མེད་རྒྱ་གར་རྡོ་རྗེ་གདན་གྱི་ནང་རྟེན་ཁྱད་འཕགས་བསོད་ནམས་ཀྱི་སྐལ་བར་ཕེབས་པ་དང་དུས་འགྲིགས་པས་རྟེན་འབྱུང་དགེ་ཞིང་། རྟེན་འདི་སངས་རྒྱས་དངོས་དང་ཞལ་མི་གཉིས་པ་ཡིན་པས་སྤྱན་སྔར་སྨོན་ལམ་གང་བཏབ་འགྲུབ་ངེས་པས། ད་རེས་ཁྱོད་ཀྱིས་གང་འདོད་ཀྱི་སྨོན་ལམ་ཞིག་ཐོབ་ཅིག་ཅེས་བཀའ་སྩལ་ཐོབ་པ་ལ་བརྟེན་ནས། ཡིད་ལ་གང་ཤར་བཅོས་མེད་དུ་གུས་སློབ་ཤཱཀ་བཙུན་འགྱུར་མེད་པདྨ་རྣམ་རྒྱལ་གྱིས་གསོལ་འདེབས་སྨོན་ལམ་དུ་བགྱིས་པ་འགྲུབ་པའི་མཐུན་འགྱུར་རྗེ་བླ་མ་རིན་པོ་ཆེས་བསྩལ་པའི་སྐལ་བཟང་ཉམས་སུ་མྱོང་བ་ཡིན་ནོ། །


previousབསྔོ་སྨོན་དང་བཀྲ་ཤིས་ཀྱི་སྐོར་དགེ་ལེགས་རྒྱ་མཚོའི་སྤྲིན་ཆེན།next