Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བཅུ་གསུམ་པ།


   
   
   
   
   
   
   
དམ་ཆོས་མཛོད་ལྔ་འཛིན་པའི་སྨོན་ལམ་རྫོགས་ལྡན་སྤྲིན་ཆེན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདམ་ཆོས་མཛོད་ལྔ་འཛིན་པའི་སྨོན་ལམ་རྫོགས་ལྡན་སྤྲིན་ཆེན།next

དམ་ཆོས་མཛོད་ལྔ་འཛིན་པའི་སྨོན་ལམ་རྫོགས་ལྡན་སྤྲིན་ཆེན།

༄༅། །དམ་ཆོས་མཛོད་ལྔ་འཛིན་པའི་སྨོན་ལམ་རྫོགས་ལྡན་སྤྲིན་ཆེན། ན་མོ་གུ་རུ་བཛྲ་དྷཱ་ར་ཡ། ཡེ་ཤེས་སྐུ་ཅན་མཚན་དཔེའི་གཟི་བྱིན་འབར། །ཡན་ལག་དྲུག་ཅུའི་གསུང་དབྱངས་ཆོས་སྒྲ་སྒྲོགས། །མཁྱེན་གཉིས་ཐུགས་ཀྱིས་ཤེས་བྱའི་ཆོས་ཀུན་གཟིགས། བདེ་མཆོག་བདེ་བའི་རྡོ་རྗེར་ཕྱག་བགྱི་འོ། །བདག་གཞན་ལུས་དང་ལོངས་སྤྱོད་དགེ་རྩར་བཅས། །ཀུན་བཟང་མཆོད་པའི་སྤྲིིན་དུ་ལེགས་དམིགས་ནས། །གདོད་མའི་མགོན་པོ་བློ་གྲོས་མཐའ་ཡས་ལ། །གུས་པས་འབུལ་ལོ་སྐྱེ་ཀུན་རྗེས་འཛིན་མཛོད། །སངས་རྒྱས་ཀུན་དངོས་རྡོ་རྗེ་འཆང་ཆེན་པོར། །ཐ་མལ་མི་རུ་བཟུང་སོགས་ཀུན་རྟོག་ངན། །བཅས་དང་རང་བཞིན་ཉམས་པའི་སྡིག་ལྟུང་ཚོགས། །སྙིང་ནས་བཤགས་སོ་བྱང་ཞིང་དག་གྱུར་ཅིག །རྒྱལ་བའི་རྣམ་འཕྲུལ་མཛད་པ་བསམ་མི་ཁྱབ། །གདུལ་བྱར་ཕན་བདེའི་ཕྲིན་ལས་དཔོག་པར་དཀའ། །འགྲོ་ཁམས་དགེ་སེམས་ཙམ་ཡང་ཁྱོད་ཀྱི་མཐུ། །དེ་སླད་ཀུན་ལ་དགའ་བས་རྗེས་ཡི་རང་། །གདུལ་བྱའི་ཞིང་ནི་ནམ་མཁའི་མཐའ་དང་མཉམ། །ཀུན་ཀྱང་བདེ་གཤེགས་སྙིང་པོའི་རང་བཞིན་ཕྱིར། །སྣོད་དུ་མ་གྱུར་ཡིད་ཅན་གང་ཡང་མེད། །དེ་སླད་གང་འདུལ་ཆོས་ཆར་སྤྲོ་བར་མཛོད། །འཕེལ་འབྲི་མེད་པར་མཁའ་ཟླ་ཆུ་སྣོད་བཞིན། །གདུལ་བྱའི་ཡུལ་ལ་སྣང་བ་གཟུགས་སྐུའི་ཚོགས། །ནམ་ཡང་ལོག་རྟོག་རྙོག་མས་སྒྲིབ་མིན་པར། །བསྐལ་པ་རྒྱ་མཚོར་རྟག་ཏུ་བརྟན་པར་མཛོད། །འདིས་མཚོན་བདག་གཞན་ལེགས་བྱས་དུས་གསུམ་དགེ། །འཁོར་གསུམ་རྟོག་པའི་དྲི་ཡིས་བསླད་མིན་པར། །རྡོ་རྗེ་འཆང་དབང་འགྲུབ་པའི་རྒྱུར་བསྔོ་ན། །རིགས་བདག་བླ་མའི་གོ་འཕང་མངོན་བྱེད་ཤོག །དེ་མ་ཐོབ་ཀྱི་ཚེ་རབས་ཕྲེང་བ་རུ། །མི་ཁོམ་བརྒྱད་སོགས་གནས་ངན་གཏན་སྤངས་ཤིང་། །མཐོ་རིས་ཡོན་ཏན་བདུན་གྱི་རྟེན་རྙེད་ནས། །རིགས་བདག་བླ་མ་མཆོག་དང་མི་འབྲལ་ཤོག །གང་གི་རང་ལུགས་ཟབ་རྒྱས་སྙིང་པོའི་བཅུད། །མཛོད་ཆེན་ལྔ་ཡི་ཤིང་རྟའི་ལམ་སྲོལ་དང་། །འཕྲད་ནས་ཐེ་ཚོམ་ལོག་ལྟ་སྐད་ཅིག་ཀྱང་། །མི་སྐྱེ་ཐོས་བསམ་སྒོམ་པས་འཛིན་གྱུར་ཅིག །མཛོད་ལྔའི་འཆད་ཉན་འཛམ་གླིང་ཁྱབ་པར་བརྡལ། །དེ་ལ་སྡང་བྱེད་མུ་ཅོར་སྨྲ་བའི་ཚོགས། །བདག་གི་ལུང་རིགས་མཚོན་ཆས་མཐར་བྱས་ནས། ལེགས་བཤད་རྩོམ་པས་སྲིད་མཐར་རྒྱས་བྱེད་ཤོག །སྤང་ཀློག་བྱ་བ་གང་དང་ཅི་བྱེད་ཀྱང་། །འཇམ་མགོན་བླ་མ་མཆོག་གི་བསྟན་པ་ལ། །རྟག་ཏུ་རི་མོར་བགྱིད་པ་འབའ་ཞིག་ཏུ། །གྱུར་ནས་སྒོ་གསུམ་བདོག་པ་དོན་ལྡན་ཤོག །མེ་ཚོགས་སྤུ་གྲིའི་སོ་ཡང་བརྒལ་ནས་ནི། །ཕྱི་མཐར་ཐུག་གི་བར་དུ་མཆོག་གི་བསྟན། །འཛིན་དང་སྐྱོང་དང་སྲུང་དང་སྤེལ་སོགས་ལ། །ནུས་མཐུ་འཕགས་ཆེན་ཡོངས་དང་མཚུངས་པར་ཤོག །སྤྱོད་ལམ་བཞི་སོགས་གནས་སྐབས་དུས་ཀུན་ཏུ། །སྐད་ཅིག་ཙམ་ཡང་མགོན་ཁྱོད་མི་བསྙེལ་ཞིང་། །སྐྱེ་འཆི་བར་དོའི་ཚེ་རབས་ཀུན་ཏུ་ཡང་། །སྒྲིབ་མེད་མངོན་སུམ་བཞིན་དུ་མཐོང་གྱུར་ཅིག །བདག་ནི་འདི་ནས་བྱང་ཆུབ་ཐོབ་བར་དུ། །མགོན་པོ་ཁྱོད་ལས་སྐྱབས་གཞན་རྨི་ལམ་དུའང་། །མི་འཚོལ་དམ་བཅའ་སྙིང་གི་དཔལ་བེ་རུ། རྟག་ཏུ་བསྟིའོ་འདྲེན་{དྲན}མཆོག་ཆོས་ཀྱི་རྗེ། །ཡེ་ཤེས་གཟིགས་པས་དེང་འདིར་རྗེས་དགོངས་སྟེ། །རྡོ་རྗེའི་ཚེ་དང་མི་འཇིགས་སྤོབས་པ་དང་། །ཕྱོགས་ལས་རྣམ་རྒྱལ་གྲུབ་པའི་དགེ་མཚན་གྱིས། །མཛོད་ལྔའི་བསྟན་ལ་སྲི་ཞུ་འགྲུབ་བྱིན་རློབས། །རྒྱལ་བས་ལུང་བསྟན་རྒྱལ་བའི་མཛད་པ་ཅན། །རྒྱལ་མཆོག་གང་གིས་ཆོས་མཛོད་གཉེར་གཏད་པའི། །རྒྱལ་བསྟན་སྲུང་བྱེད་དཀར་ཕྱོགས་སྐྱོང་རྣམས་ཀྱིས། །རྒྱལ་བསྟན་སྙིང་པོ་ཕྱོགས་མཐར་འཕེལ་རྒྱས་མཛོད། །རྩ་གསུམ་འདུས་ཞལ་བླ་མའི་ཐུགས་རྗེ་དང་། །བདག་ཅག་དད་མོས་ལྷག་བསམ་དག་པའི་མཐུས། །ཇི་ལྟར་སྨོན་ཞིང་གསོལ་བ་བཏབ་པའི་འབྲས། །གེགས་མེད་མངོན་དུ་སྣང་བའི་རྒྱུར་གྱུར་ཅིག །མཁའ་ལ་རིག་འཛིན་བརྒྱུད་པའི་སྤྲིན་ཆེན་འཁྲིགས། །ས་ལ་དམ་ལྡན་སློབ་མའི་འདུ་ཚོགས་རྒྱས། །བར་ན་སྨིན་གྲོལ་གདམས་པའི་གྲུ་ཆར་འཇོ། །བཤད་སྒྲུབ་སྙིང་པོས་ས་གསུམ་ཁྱབ་གྱུར་ཅིག །སྐྱེ་དགུ་མཐའ་དག་མཆོག་གི་བསྟན་ལ་གུས། །ནག་ཕྱོགས་ལོག་སྨྲ་གདུག་པའི་རྩུབ་འགྱུར་ཞི། །ཕྱོགས་ལས་རྣམ་རྒྱལ་སྙན་པའི་བ་དན་མཆོག །མི་ཉམས་སྲིད་ཞིའི་ཁོངས་ན་སྒྲེང་གྱུར་ཅིག །དཔལ་ལྡན་བླ་མའི་སྐུ་ཚེ་རབ་བརྟན་ཞིང་། །ཐུགས་ཀྱི་བཞེད་དོན་མཐའ་དག་གེགས་མེད་འགྲུབ། །འདུས་ཚོགས་ཐུགས་མཐུན་ལྟ་སྤྱོད་རྣམ་པར་དག །དོན་གཉིས་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །ཅེས་པའང་སྐྱབས་གཅིག་བཀའ་དྲིན་མཚུངས་མེད་ཟུར་མང་དྲུང་རིན་པོ་ཆེ་ཀརྨ་ཆོས་ཀྱི་ཉིན་བྱེད་ཀྱི་བཀའ་སྩལ་སྤྱི་བོར་ཕེབས་པ་བཞིན། རྡོ་རྗེ་འཆང་བློ་གྲོས་མཐའ་ཡས་རིགས་བདག་ཏུ་ཐོབ་ཅིང་སྐྱེ་ཀུན་བླ་མའི་བྲན་དུ་སྨོན་ལམ་འདེབས་པའི་བྱ་བྲལ་རྒན་པོ་འཇམ་དབྱངས་བློ་གྲོས་རྒྱ་མཚོའི་སྒྲ་དབྱངས་ཀྱིས་གང་ཤར་སྐད་ཅིག་ཉིད་དུ་བྲིས་ཤིང་སྨོན་ལམ་དུ་བགྱིས་པ་དེ་དེ་བཞིན་དུ་འགྲུབ་པར་བླ་མ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ།། །།


previousདམ་ཆོས་མཛོད་ལྔ་འཛིན་པའི་སྨོན་ལམ་རྫོགས་ལྡན་སྤྲིན་ཆེན།next