Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བཅུ་གསུམ་པ།


   
   
   
   
   
   
   
   
ན་མོ་གུ་རུ་རཏྣ་ཏྲ་ཡཱ་ཡ། དཔག་མེད་ཡོན་ཏན་རྣམ་ཀུན་མཆོག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousན་མོ་གུ་རུ་རཏྣ་ཏྲ་ཡཱ་ཡ། དཔག་མེད་ཡོན་ཏན་རྣམ་ཀུན་མཆོགnext

ན་མོ་གུ་རུ་རཏྣ་ཏྲ་ཡཱ་ཡ། དཔག་མེད་ཡོན་ཏན་རྣམ་ཀུན་མཆོག

༄༅། །ན་མོ་གུ་རུ་རཏྣ་ཏྲ་ཡཱ་ཡ། དཔག་མེད་ཡོན་ཏན་རྣམ་ཀུན་མཆོག་ལྡན་པའི། །ཆོས་ཀྱི་དབྱིངས་ནི་ཤིན་ཏུ་དག་གྱུར་པ། །མཐར་ཐུག་དཀོན་མཆོག་གསུམ་གྱི་རང་བཞིན་དུ། །ལེགས་པར་རྟོགས་ནས་གུས་པས་ཕྱག་བགྱིའོ། ༡ ། གང་ཞིག་དམ་པ་དྲུག་དང་རྗེས་འབྲེལ་བའི། །ལེགས་བྱས་འདིས་མཚོན་དུས་གསུམ་བསགས་ཡོད་དགེ། །བདག་གཞན་ལུས་དང་ལོངས་སྤྱོད་མཆོད་སྤྲིན་ཚོགས། །དྭངས་བས་འབུལ་ལོ་བརྩེ་བས་མགོན་གྱིས་བཞེས། ༢ ། དོན་དམ་རང་བཞིན་མཚན་མ་མ་དམིགས་ཀྱང་། །ཀུན་རྫོབ་སྣང་ཆའི་རྟེན་འབྱུང་བསླུ་མེད་ཕྱིར། །ཐོག་མེད་ནས་བསགས་དཀར་མིན་སྒྲིབ་པའི་དྲི། །སྟོབས་བཞིའི་ཁྲུས་ཀྱི་ཆོ་གས་འཁྲུད་པར་བགྱི། ༣ ། གང་དང་འབྲེལ་ན་ཕན་བདེར་སྦྱོར་བའི་རྒྱུ། །ཟག་བཅས་ཟག་པ་མེད་གྱུར་རྣམ་དཀར་རིགས། །མཐར་འབྲས་བྱང་ཆུབ་གསུམ་གྱི་ཁྱད་པར་ལའང་། །སྙིང་ནས་དགའ་བས་རྗེས་སུ་ཡི་རང་ངོ་། ༤ ། གང་དག་སྒྲ་རྟོག་མཚན་མའི་ཡུལ་མིན་ཡང་། །སྒྲིབ་གསུམ་མྱུ་གུ་གཅོད་ལ་ཆེས་རྣོ་བའི། །ཟབ་དང་རྒྱ་ཆེའི་ཆོས་ཆར་བསིལ་པོའི་བཅུད། །གདུལབྱའི་སྣོད་དུ་རྟག་པར་སྩོལ་མཛོད་ཀྱེ། ༥ ། དཔའ་བོ་གང་ཞིག་འཆི་བདག་གཡུལ་ངོ་ལས། །རྣམ་རྒྱལ་རྫུ་འཕྲུལ་རྐང་པར་དབང་འབྱོར་ཕྱིར། །ཇི་སྲིད་སྲིད་པ་གནས་པར་དེ་སྲིད་དུ། །གཟུགས་སྐུའི་བཀོད་པ་ནམ་ཡང་གཡོ་མེད་མཛོད། ༦ ། འདིས་མཚོན་འཁོར་འདས་ལམ་གྱིས་བསྡུས་པའི་དགེ། །འཁོར་གསུམ་རྟོག་པའི་རྙོག་མས་བསླད་མིན་ཆབ། །འཇམ་དཔལ་མཁྱེན་པའི་གངྒཱར་རོ་གཅིག་ཏུ། །འདྲེས་ནས་བྱང་ཆེན་རྒྱ་མཚོར་འཇུག་གྱུར་ཅིག ༧ ། ལེགས་བྱས་དབང་ཕྱུག་རལ་པའི་རྒྱན་གྱུར་འདིས། །སྙིགས་ལྔའི་རྒུད་པའི་ཚད་གདུང་གཏན་བཅིལ་ནས། །སྡེ་བཞིའི་ཀུ་མུཏ་རྒྱས་པའི་གེ་སར་བཅུད། །དཀར་ཕྱོགས་རྐང་དྲུག་དགའ་བའི་གསོས་གྱུར་ཅིག ༨ ། ལོག་སྨོན་དུག་གི་ས་བོན་སྨིན་པའི་འབྲས། །སྟོབས་འབྱོར་ཡལ་འདབ་རྒྱས་པའི་མི་བསྲུན་ཚལ། །ལེགས་སྨོན་དུས་མཐའི་ཞུགས་ཀྱིས་མྱུར་བཅོམ་ནས། །བསྟན་འགྲོའི་བདེ་སྐྱིད་སྲོག་ཟུངས་བརྟན་གྱུར་ཅིག ༩ ། གཞན་ཕན་གྲིབ་བསིལ་བསྣུམ་པའི་སྨན་ཤིང་ལྗོན། །ལོག་སྤྱོད་སྟྭ་གྲིས་ནམ་ཡང་འཚེ་མིན་པར། །དགེ་བཅུའི་འབྲས་ཁུར་ལྕི་བས་ཡངས་པའི་ཁྱོན། །རྫོགས་ལྡན་ལང་ཚོ་མཆོག་ཏུ་གསལ་གྱུར་ཅིག ༡༠ ། སྲིད་ན་ཕན་བདེའི་འདབ་སྟོང་བཞད་པའི་གཉེན། །བཤད་སྒྲུབ་ཁྱུང་སྔོན་སྐྱེས་ཀྱིས་ཉེར་དྲངས་རྒྱུས། །ལུང་རྟོགས་འོད་སྟོང་འཕྲོ་བས་སྡིག་ལྟའི་མུན། །འཇུག་པའི་གོ་སྐབས་ནམ་ཡང་མ་གྱུར་ཅིག ༡༡ ། སྲས་བཅས་རྒྱལ་བའི་འཕྲུལ་མཚན་ནོར་བུའི་ཏོག །མཚམས་སྤྲིན་གསར་པའི་མདངས་འཕྲོག་བླ་གོས་རྩེར། །མངོན་མཛེས་ཕྱོགས་ལས་རྣམ་པར་རྒྱལ་བའི་མཚན། །དུས་ཀྱི་མཐར་ཡང་ནུབ་པར་མ་གྱུར་ཅིག ༡༢ ། ཀུན་ཀྱང་ལྟ་སྤྱོད་དོན་རྣམས་མཐུན་པའི་རྒྱུས། །བདུད་རིས་བྱེ་བས་ནམ་ཡང་ཕྱེད་མིན་པར། །བསླབ་གསུམ་ཡོན་ཏན་བཟང་པོའི་ནོར་བུའི་སྒྲོམ། །ཉིན་རེ་བཞིན་ཡང་གོང་དུ་འཕེལ་གྱུར་ཅིག ༡༣ ། ལེགས་བྱས་འདི་དང་འབྲེལ་བཅས་མཁའ་ཁྱབ་འགྲོ། །སྐྱེ་ཀུན་ལུས་སེམས་རྡོ་རྗེ་ལྟར་བརྟན་ཞིང་། །བདུད་དགྲའི་འཚེ་བྲལ་ཆོས་མཐུན་བསམ་པའི་དཔལ། །གེགས་མེད་སུག་མཐིལ་གཏེར་བཞིན་སྤྱོད་གྱུར་ཅིག ༡༤ ། མཐོ་རིས་ཡོན་ཏན་བདུན་གྱི་ཞིང་ས་ལ། །རྨད་བྱུང་འཁོར་ལོ་བཞི་ཡི་བརླན་དྲོད་ཀྱིས། །རིགས་ཁམས་ས་བོན་རྣམ་གྲོལ་ལྗོན་པ་ཆེར། །འཁྲུངས་པའི་བསྐལ་བཟང་འགྲོ་འདིས་ཐོབ་གྱུར་ཅིག ༡༥ ། ཀུན་བཟང་སྤྱོད་པའི་རྗེས་འགྲོ་གསེར་སྦྱངས་ཁམས། །འབུམ་ཕྲག་བཅུ་ཡི་སྨོན་པའི་རྩིབས་སྟོང་བཀྲ། །རྫོགས་སྨིན་སྦྱངས་པའི་ལྟེ་བ་མུ་ཁྱུད་ཅན། །ཆོས་དབྱིངས་མཁའ་ལ་དེང་ནས་འགྲོ་གྱུར་ཅིག ༡༦ ། རྟེན་མཆོག་འདི་ཡང་ས་དང་ལྷུན་པོ་དང་། །མཚོ་ཆེན་བཞིན་དུ་སྲིད་པ་ཇི་སྲིད་བར། །མཐའ་ཀླས་སྐྱེ་དགུའི་བསོད་ནམས་ཞིང་གྱུར་ནས། །སྲས་བཅས་རྒྱལ་བའི་མཛད་པ་སྒྲུབ་གྱུར་ཅིག ༡༧ ། བདག་ཀྱང་སྐྱེ་ཀུན་འཇམ་པའི་དབྱངས་ཀྱི་ཞབས། །གུས་པས་བསྟེན་པའི་སྐལ་བས་ཕོངས་མིན་པར། །སྤོབས་པའི་གཏེར་ཆེན་བརྒྱད་ལ་ལོངས་སྤྱོད་ནས། །རིས་བྲལ་བསྟན་འགྲོའི་ཕན་བདེ་སྤེལ་བྱེད་ཤོག ༡༨ ། བཀྲ་ཤིས་གང་ཞིག་སྲས་བཅས་རྒྱལ་རྣམས་ཀྱིས། །བདེན་ཚིག་ཤིས་པའི་གླུ་དབྱངས་དང་བཅས་ཏེ། །ཇི་ལྟར་འདོད་ཅིང་སྨོན་པའི་འབྲས་བཟང་དཔལ། །ཅི་དགར་འཇོ་བའི་སྐལ་བཟང་དེང་སྩོལ་ཅིག ༡༩ ། ཅེས་གསང་ཆེན་སྔ་འགྱུར་རྡོ་རྗེ་ཐེག་པའི་རྒྱུད་འབུམ་རིན་པོ་ཆེ་གཙོ་བོར་གྱུར་པའི། རྒྱལ་བའི་བཀའ་དང་། དགོངས་འགྲེལ་བསྟན་བཅོས་ཀྱི་ཚོགས་གངས་ཅན་གྱི་ལྗོངས་སུ་འགྱུར་རོ་ཅོག་གིས་མཚོན་གསུང་རབ་གླེགས་བམ་རིན་པོ་ཆེ་མང་ཞིག་བསོད་ནམས་ཀྱི་ཞིང་དུ་མངོན་པར་འདུ་བགྱིས་ཟིན་པའི་རྗེས་ཐོབ་དེ་མ་ཐག་པར། ཤཱཀྱའི་བཙུན་པ་འཇམ་དབྱངས་བློ་གྲོས་རྒྱ་མཚོས་སྨོན་པ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག་གུ།། །།


previousན་མོ་གུ་རུ་རཏྣ་ཏྲ་ཡཱ་ཡ། དཔག་མེད་ཡོན་ཏན་རྣམ་ཀུན་མཆོགnext