Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བཅུ་གསུམ་པ།


   
   
   
   
   
   
   
   
   
   
ན་མོ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ཡ། རྣམ་མང་འགྲོ་ལ་ཕན་མཛད་ཐུབ་དབང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousན་མོ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ཡ། རྣམ་མང་འགྲོ་ལ་ཕན་མཛད་ཐུབ་དབང་།next

ན་མོ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ཡ། རྣམ་མང་འགྲོ་ལ་ཕན་མཛད་ཐུབ་དབང་།

༄༅། །ན་མོ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ཡ། རྣམ་མང་འགྲོ་ལ་ཕན་མཛད་ཐུབ་དབང་ལྷ་ཡི་ལྷ། །དེས་གསུང་ལུང་དང་རྟོགས་པ་ཟུང་འབྲེལ་དམ་པའི་ཆོས། །དེ་འཛིན་རིག་གྲོལ་ཡོན་གནས་ཕྱིར་མི་ལྡོག་རྣམས་ལ། །རབ་ཏུ་དྭངས་པའི་བློ་ཡིས་གུས་པས་ཕྱག་བགྱིའོ། །གང་ལ་སེམས་མཆོག་མངའ་དེའི་ཤིང་རྟའི་འདྲེན་ཐག་ཀྱང་། །ཐུབ་རྣམས་དབུ་ལ་དཀྲི་བའི་བསྟི་བསྟང་བགྱིར་གསུངས་ཕྱིར། །རྨད་བྱུང་ཡོན་ཏན་མཆོག་དེས་ལྷག་པར་བྱས་རྣམས་ལ། །ཤིན་ཏུའང་དགའ་དང་གུས་པའི་ཡིད་ཀྱིས་འདུད་པར་བགྱི། །གཞན་ཡང་ཕྱོགས་བཅུའི་ཞིང་ཁམས་ཀུན་ན་བཞུགས་པ་ཡི། །སྐུ་གཟུགས་དག་དང་དེ་བཞིན་གླེགས་བམ་མཆོད་རྟེན་སོགས། །ཕུལ་བྱུང་བསོད་ནམས་ཞིང་དུ་གྱུར་ཏོ་ཅོག་རྣམས་དང་། །དགེ་བའི་བཤེས་ལའང་རྟག་ཏུ་གུས་པས་འདུད་པར་བགྱི། །སྲིད་ན་བདག་པོས་ཡོངས་སུ་བཟུང་དང་མ་བཟུང་བའི། །ཕུན་ཚོགས་ཡིད་འོང་དངོས་པོ་ཇི་སྙེད་མཆིས་རྣམས་དང་། །བདག་ལུས་ལོངས་སྤྱོད་དུས་གསུམ་བྱས་བསགས་དགེ་ཚོགས་རྒྱུན། །མ་ལུས་བློ་ཡིས་ཡོངས་བསྡམས་གུས་པས་འབུལ་གྱིས་བཞེས། །ཚད་མེད་རྣམ་བཞིས་ཡོངས་སྦྱངས་ལྷག་བསམ་མཎྜལ་ལར། །སྨོན་འཇུག་བྱང་ཆུབ་སེམས་ཀྱི་ཚོམ་བུ་བཀོད་ལེགས་ཤིང་། །བསླབ་གསུམ་ཡོན་ཏན་བྱེ་བའི་རྒྱན་གྱིས་མཛེས་འབར་བས། །སྲིད་མཐའི་བར་དུ་མཚུངས་མེད་མགོན་རྣམས་མཉེས་པར་བགྱི། །བདག་ནི་རྣམ་ཀུན་ཐུབ་པ་མཆོག་ལ་མངོན་དགའ་ཞིང་། །དེ་མཉེས་ཐབས་ཀྱང་སེམས་ཅན་མགུ་བར་བྱ་བ་ལས། །གཞན་ཡོད་མ་ཡིན་དེ་སླད་དེང་ནས་བདག་གི་ལུས། །ཕངས་མེད་འགྲོ་བ་ཀུན་ལ་བྲན་དུ་འབུལ་བར་བགྱི། །ཀྱི་ཧུད་ཐོག་མ་མེད་ནས་བདག་གཅེས་འཛིན་པ་ཡི། །བློ་ངན་འདིས་བསླུས་བག་མེད་གཞན་ལ་གནོད་པ་བགྱིས། །བདེ་མེད་ངན་སོང་གསུམ་དུ་གཏན་གྱི་ཕ་ཡུལ་བྱས། །དེ་ནི་ངོ་ཚ་འཇིགས་སྐྲག་འགྱོད་པས་མགོན་ལ་བཤགས། །ཕྱིན་ཆད་བློ་ངན་འདི་དང་ཀུན་ཏུ་མཛའ་མིན་པའི། །གཡར་དམ་བགྱིའོ་ནམ་ཡང་མགོན་རྣམས་བསླུ་མ་ལགས། །སྲོག་ལ་བབས་ཀྱང་བྱང་ཆུབ་སེམས་ནི་ཡང་མི་གཏོང་། །ཅི་འདི་རྨི་ལམ་ཙམ་དུའང་བརྗེད་པར་མ་གྱུར་ཅིག །དེ་བཞིན་གཤེགས་པ་རྣམས་དང་དེ་ཡི་སྲས་རྣམས་ཀྱིས། །འགྲོ་ལ་ཕན་པར་མཛད་པའི་རྣམ་ཐར་དཔག་ཡས་དང་། །ཡིད་ཅན་ཀུན་གྱིས་ལེགས་པར་སྤྱད་པ་གང་ཡིན་ལ། །སྙིང་ནས་དགའ་དང་དྭངས་པས་རྟག་ཏུ་ཡི་རང་ངོ་། །འགྲོ་ལ་སྨན་པར་མཛད་སླད་ཟབ་ཞིའི་བདུད་རྩི་མཆོག །བྱང་ཆུབ་ཤིང་དྲུང་ཐོག་མར་བདག་གིར་བཞེས་རྣམས་ལ། །དད་གསུམ་གསེར་གྱི་རྩིབས་སྟོང་འབར་བས་མདུན་བདར་ནས། །ཐེག་གསུམ་བདུད་རྩིའི་བགོ་བཤའ་དེང་འདིར་སྩོལ་བར་བསྐུལ། །ཀུན་ནས་འབར་གྱུར་དཔག་ཚད་ཙམ་པའི་མེ་འོབས་ཀྱང་། །བརྒལ་ལ་སྙིང་སྟོབས་མི་ཞུམ་དམ་ཆོས་ཡོངས་བཙལ་{བརྩལ} ནས། །གང་དུ་སངས་རྒྱས་མཚན་ཙམ་གྲགས་པར་གྱུར་མིན་པར། །དེར་ནི་ཡོངས་སུ་སྒྲོགས་ཤིང་བརྩོན་པས་འཛིན་པར་བགྱི། །རིགས་ཅན་གསུམ་གྱི་གདུལ་བྱ་རྒྱ་མཚོ་སྨིན་ནས་སླར། །གང་དུ་མགོན་པོ་ཞི་བའི་གྲོང་དུ་མནལ་བཞེད་པ། །དེ་དག་ཀུན་ལ་བདག་གི་འཚོ་བའི་ལྷག་མ་འདི། །གུས་པས་འབུལ་གྱིས་བཞེས་ལ་བསྐལ་བརྒྱར་རྟག་བརྟན་མཛོད། །དེ་ལྟར་བགྱིས་འདི་བདག་ལ་རང་འདོད་སེམས་པ་མེད། །འགྲོ་བ་སྡུག་བསྔལ་གསུམ་གྱི་རྦ་ལ་གཡེངས་པ་རྣམས། །ཐར་བདེའི་ངལ་སྟེགས་མཆོག་ལ་འགོད་སླད་བསྔོ་བགྱི་ན། །བློ་མཆོག་མངའ་བ་རྣམས་ཀྱི་དགོངས་དབྱིངས་རོ་གཅིག་ཤོག །བདག་གི་དུས་གསུམ་བྱས་བསགས་རྣམ་དཀར་དགེ་བའི་ཚོགས། །མ་ལུས་མཐའ་ཀླས་འགྲོ་བའི་རྒྱུད་ལ་མྱུར་སྨིན་ནས། །ཅུང་ཟད་ཙམ་ཡང་འབད་པ་མེད་པར་རྣམ་གྲོལ་གྱི། །ཡོན་ཏན་རྒྱ་མཚོའི་དཔལ་གྱིས་ཀུན་ནས་འབྱོར་གྱུར་ཅིག །འགྲོ་བ་ཀུན་གྱི་སྡིག་སྡུག་རྣམ་སྨིན་སྒྲིབ་པའི་ཁུར། །ལུས་པ་མེད་པར་བདག་ལ་དེ་རིང་ཉིད་ནས་སྨིན། །དེ་ཀུན་མྱ་ངན་འཁྲུགས་སོགས་ཡིད་མི་བདེར་གྱུར་བའི། །སྒྲ་ཙམ་དེང་ནས་རྣ་བར་གྲགས་པར་མ་གྱུར་ཅིག །མེ་ལྕེའི་ཕྲེང་བ་སྙིང་ལ་ཆེར་ཞུགས་འབར་བའི་ལུས། །མྱ་ངན་སྒྲ་ལ་སེམས་རྒྱུན་སྡིག་པས་དམ་བཅིངས་པའི། །མནར་མེད་ལ་སོགས་ཤིན་ཏུ་མི་བཟད་དམྱལ་གནས་རྣམས། །བདག་གི་མཐུ་ཡིས་དེང་ནས་ལྷ་བཞིན་འབྱོར་གྱུར་ཅིག །འཇུར་བྱེད་མི་གཙང་ཁུ་བ་འཐུང་བས་རིད་པའི་ལུས། །ཏཱ་ལི་ཡང་ཏོག་སྐམ་འདྲ་ཡུལ་གྱི་ཕུན་ཚོགས་ཀུན། །བལྟས་པ་ཙམ་གྱིས་ཟད་བྱེད་གཤིན་རྗེའི་འཇིག་རྟེན་རྣམས། །དེང་ནས་འཕྲུལ་དགའི་ཞིང་བཞིན་ཀུན་ནས་བརྒྱན་གྱུར་ཅིག །ཤིན་ཏུ་མི་བཟད་གཏི་མུག་གདོན་གྱིས་ཆེར་མྱོས་པས། །ལམ་དང་ལམ་མིན་མི་འབྱེད་འཆོལ་བའི་གོམས་པ་ཅན། །དུད་འགྲོའི་སྐྱེ་གནས་དག་ཀྱང་དེང་ནས་ཤེས་རབ་ཀྱི། །རིག་སྔགས་གྲུབ་པའི་བཅུད་ལེན་མཆོག་གི་དབང་གྱུར་ཅིག །ལྷ་བརྒྱའི་གཙུག་གི་ཅོད་པཎ་མཚུངས་མེད་སྙིང་རྗེའི་ལྷ། །དབུགས་འབྱིན་མཛད་པ་དེ་ཡི་དགྱེས་པའི་ཕྱག་བརྐྱངས་པས། །བདེ་ལྡན་ཞིང་མཆོག་པདྨའི་གེ་སར་ལ་རྩེན་པའི། །དགའ་སྟོན་གསར་པས་གྲོང་ཁྱེར་རྣམ་དྲུག་གཞིག་གྱུར་ཅིག །ཇི་སྲིད་འགྲོ་བ་ཕྱི་མའི་མུ་མཐར་གནས་ཀྱི་བར། །དེ་སྲིད་བདག་ཀྱང་ས་སོགས་འབྱུང་བ་ཆེན་པོ་ལྟར། །ཡིད་ཅན་ཀུན་གྱི་ཉེར་འཚོའི་ངལ་སྟེགས་མཆོག་གྱུར་ཅིང་། །སྐད་ཅིག་ཙམ་ཡང་སྐྱོ་དང་སུན་པར་མ་གྱུར་ཅིག །གང་དག་བདག་ལ་བརྟེན་ནས་འགྲོ་ཀུན་སྡིག་མ་གྱུར། །གང་ཞིག་བདག་གི་མིང་ཙམ་ཐོས་དང་དྲན་པས་ཀྱང་། །དེ་ཡི་ཉོན་མོངས་ཀུན་ཟད་སྲིད་ལམ་རྒྱུ་བ་བཅད། །བྱང་ཆུབ་མཆོག་ལས་ནམ་ཡང་ཕྱིར་ཟློག་མ་གྱུར་ཅིག །གལ་ཏེ་འགྲོ་བ་འགའ་ལ་ཕན་པའི་སྐབས་མཆིས་ན། །འདབ་མ་རལ་གྲི་ཀུན་ནས་འཁྲུགས་པའི་ཚལ་ལ་ཡང་། །ལྷ་ཡི་སྐྱེད་ཚལ་བཞིན་དུ་སྤྲོ་བས་ཞུགས་བྱས་ནས། །ཕྱི་མཐའི་བར་དུ་གནས་ལ་བརྩོན་པ་མི་འདོར་ཤོག །མགོ་དང་ཡན་ལག་དེ་བཞིན་རྐང་དང་ཁྲག་ལ་སོགས། །གངྒཱའི་བྱེ་མའི་གྲངས་སྙེད་གཏོང་ལའང་མི་ངལ་ཞིང་། །ཇི་སྲིད་སྲིད་པའི་དམ་བཅའ་ཧྲུལ་པོར་མ་གྱུར་པ། །དེ་སྲིད་བདག་བློ་ཞི་ལ་སྤྲོ་བར་མ་གྱུར་ཅིག །མདོར་ན་སངས་རྒྱས་སྲས་ཀྱི་བསྐོར་བའི་མགོན་རྣམས་ཀྱིས། །གྲངས་མེད་འགྲོ་ལ་ཕན་པའི་ཐུགས་བསྐྱེད་གང་ལགས་དང་། །མཛད་པ་ཕྲིན་ལས་རྣམ་ཐར་ཟབ་མོ་ཇི་སྙེད་པ། །མ་ལུས་བདག་གིས་ཡོངས་བཟུང་འཁོར་བ་དོང་སྤྲུགས་ཤོག །ཅེས་པ་འདིའང་དགེ་བའི་བཤེས་གཉེན་བུདྡྷ་བཛྲ་ཐེག་པ་ཆེན་པོར་བློ་སྦྱོང་བའི་ཞལ་འདོན་སྨོན་ལམ་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་བའི་ངོར་སྤྲུལ་མིང་འགྱུར་མེད་པདྨ་རྣམ་རྒྱལ་དཔལ་བཟང་པོས་སྙིང་ཐག་པ་ནས་སྨོན་པ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག་གུ།


previousན་མོ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ཡ། རྣམ་མང་འགྲོ་ལ་ཕན་མཛད་ཐུབ་དབང་།next