Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བཅུ་གསུམ་པ།


   
   
   
   
   
   
   
   
   
   
   
   
སྐྱབས་ཀུན་འདུས་ཞལ་དྲིན་ཆེན་ཆོས་ཀྱི་རྗེ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྐྱབས་ཀུན་འདུས་ཞལ་དྲིན་ཆེན་ཆོས་ཀྱི་རྗེ།next

སྐྱབས་ཀུན་འདུས་ཞལ་དྲིན་ཆེན་ཆོས་ཀྱི་རྗེ།

༄༅། །སྐྱབས་ཀུན་འདུས་ཞལ་དྲིན་ཆེན་ཆོས་ཀྱི་རྗེ། །དྲན་པ་ཙམ་གྱིས་སྲིད་ཞིའི་འཇིགས་འཕྲོག་པའི། །ཕ་གཅིག་པདྨར་འབོད་དོ་བརྩེ་བས་དགོངས། །སྨོན་ལམ་ཡོངས་སུ་འགྲུབ་པར་བྱིན་གྱིས་རློབས། །ད་རེས་དལ་འབྱོར་ལན་གཅིག་རྙེད་ཟིན་ཀྱང་། །ཡུན་དུ་མི་བརྟན་རྨི་ལམ་རྒྱལ་སྲིད་འདྲ། །སྡུག་བསྔལ་སྲིད་པའི་ཆུ་བོ་བརྒལ་རེ་དཀའ། །བཅོས་མིན་ངེས་འབྱུང་རྒྱུད་ལ་སྐྱེ་བར་ཤོག །མི་བསྲུན་སེམས་ཀྱི་སྤྲེའུ་ཅོལ་རེ་ཆུང་། །འདོད་ཡོན་སྲིན་མོའི་བསླུ་བྲིད་སྒྱུ་རེ་མཁས། །ཆོས་བརྒྱད་གདུག་པའི་མཚོན་ཆ་དབལ་རེ་ཚ། །བདག་འཛིན་གཉིས་ཕུང་འགོང་པོ་ཐུལ་བར་ཤོག །ཐུབ་གསུང་མཐའ་དག་ངེས་དོན་ཀློང་དུ་གཅིག །འཕགས་པ་ཐམས་ཅད་རྣམ་ཐར་མཛད་ཕྲིན་མཉམ། །གདུལ་བྱའི་དབང་གིས་འདུལ་བྱེད་སོ་སོར་སྣང་། །དག་སྣང་དཀར་པོའི་བློ་མིག་རྒྱས་པར་ཤོག །ཕྱི་ཚུལ་སོ་ཐར་ཁྲིམས་ཀྱི་རྩ་བ་བརླིང་། །ནང་དུ་བྱང་ཆུབ་སེམས་ཀྱི་ཡལ་འདབ་རྒྱས། གསང་བ་རིམ་གཉིས་འབྲས་བཟང་གཡུར་སྨིན་པའི། །སྡོམ་གསུམ་གནང་བཀག་ཞིབ་མོར་སྤྱོད་པར་ཤོག །བཤེས་གཉེན་མཁས་པའི་ཞལ་ནས་ཐོས་པའི་དོན། །དྲི་མེད་བསམ་བྱུང་དབང་གིས་གཏན་དབབ་ནས། །གཡེང་བ་སྤོང་ནས་རྩེ་གཅིག་སྒོམ་པའི་མཐུས། །མཐར་འཛིན་ལྟ་བའི་མུན་པ་སངས་གྱུར་ཅིག །ཅུང་ཟད་ཐོས་ཚེ་ཁེངས་སེམས་མི་སྐྱེ་ཞིང་། །ཕྱོགས་ཙམ་རྟོགས་ཚེ་གཞན་ལ་མི་སྒྲོགས་པར། །གྲུབ་ཐོབ་གོང་མའི་རྣམ་ཐར་རྗེས་བསྙེགས་ནས། །དབེན་པའི་གནས་སུ་རང་སེམས་འདུལ་བར་ཤོག །གཞན་སྐྱོན་མི་རྟོག་ཡོན་ཏན་འབའ་ཞིག་སྒྲོགས། །རང་སྐྱོན་ངན་པ་མི་སྦེད་ཐེར་ལ་འདོན། །བསགས་སྦྱངས་ཐམས་ཅད་གཞན་དོན་འབའ་ཞིག་གཉེར། །བཀའ་གདམས་གོང་མའི་རྣམ་ཐར་འཁྱོང་བར་ཤོག །རབ་བྱུང་ཡིན་པས་འཇིག་རྟེན་ཁུར་ཐང་སྤངས། །ཆོས་པ་ཡིན་པས་མི་ཡི་ཁྱུ་ནས་བུད། །དབེན་པའི་གནས་སུ་འབྲེལ་འདྲིས་ཀུན་སྤངས་ནས། །རྩེ་གཅིག་ཟབ་མོའི་རྣལ་འབྱོར་སྒོམ་པར་ཤོག །སེམས་ལས་འདས་པའི་འོད་གསལ་རྫོགས་པ་ཆེ། །བློ་དང་ཡིད་དཔྱོད་ཉམས་ཀྱིས་བཅིང་མིན་པར། །བྱིན་རླབས་སྟོབས་ཀྱིས་ཡེ་ཤེས་ཁོང་ནས་ཤར། །ལྷུན་འགྲུབ་སྣང་བཞིའི་ཉམས་ལེན་མཐར་ཕྱིན་ཤོག །ཆོས་ཅན་སྣང་སེམས་འཛིན་པའི་བུན་ལོང་ཀུན། །འོད་གསལ་གཉུག་མའི་མཁའ་ལ་རང་དེངས་པའི། །རྣམ་ཀུན་མཆོག་ལྡན་པདྨ་ཀུན་དུ་འཆང་། །མངོན་དུ་གྱུར་ནས་འགྲོ་ཀུན་འདྲེན་པར་ཤོག །དཀོན་མཆོག་རྩ་གསུམ་རྒྱ་མཚོའི་བྱིན་མཐུ་དང་། །ཆོས་ཉིད་རྣམ་པར་དག་པའི་བདེན་པའི་སྟོབས། །བདག་ཅག་ལྷག་བསམ་རྣམ་པར་དཀར་བའི་མཐུས། །སྨོན་ལམ་བཏབ་པ་དེ་བཞིན་འགྲུབ་གྱུར་ཅིག །ཅེས་འདི་གནས་ཆེན་ཡེར་བ་རུ། །སྙིང་པོའི་སྒྲུབ་པ་ལྷུར་ལེན་པའི། །བཤེས་གཉེན་པདྨ་དོན་འགྲུབ་ངོར། །པདྨ་བི་ཛས་བྲིས་པ་དགེ།


previousསྐྱབས་ཀུན་འདུས་ཞལ་དྲིན་ཆེན་ཆོས་ཀྱི་རྗེ།next