Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བཅུ་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
མཁྱེན་རབ་མཁའ་ལ་བྱམས་བརྩེའི་སྤྲིན་ཆེན་འཁྲིགས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམཁྱེན་རབ་མཁའ་ལ་བྱམས་བརྩེའི་སྤྲིན་ཆེན་འཁྲིགས།next

མཁྱེན་རབ་མཁའ་ལ་བྱམས་བརྩེའི་སྤྲིན་ཆེན་འཁྲིགས།

༄༅། །མཁྱེན་རབ་མཁའ་ལ་བྱམས་བརྩེའི་སྤྲིན་ཆེན་འཁྲིགས། །ཐུགས་རྗེའི་ཆར་གྱིས་སྲིད་པའི་ཚད་ནད་སེལ། །ཤཱཀྱའི་རྒྱལ་སོགས་འདྲེན་པ་སྟོང་རྩ་ལ། །སྙིང་ནས་གུས་པས་ཕྱག་འཚལ་སྐྱབས་སུ་མཆི། །བདག་ནི་འདི་བཟུང་ཚེ་རབས་ཕྲེང་བ་ཀུན། །རྒྱལ་བ་རྣམས་ཀྱི་ཆོས་ཀྱི་གདུལ་བྱར་སྐྱེས། །དལ་འབྱོར་རྟེན་ཐོབ་ཤེས་རབ་མིག་དང་ལྡན། །རྒྱུ་འབྲས་ཡིད་ཆེས་སྤྱོད་པ་དག་པར་ཤོག །སྦྱིན་སོགས་དགེ་བའི་ཕྱོགས་ལ་ལྷག་པར་སྤྲོ། །ཉོན་མོངས་རྐྱེན་གྱིས་མི་འཁྲུགས་བཟོད་པར་ལྡན། །ཉེས་པའི་སྐྱོན་གྱིས་མ་གོས་ཚུལ་ཁྲིམས་གཙང་། །ཆོས་ལ་འཇུག་པའི་བརྩོན་འགྲུས་མཐར་ཕྱིན་ཤོག །མཚན་ལྡན་དགེ་བའི་བཤེས་ཀྱིས་རྗེས་སུ་ཟིན། །སྣ་ཚོགས་ཐེག་པར་ཐབས་ཚུལ་དུ་མའི་ལམ། །དཀའ་བ་མེད་པར་འཇུག་དང་བསྒོམས་པའི་མཐུས། །ཚོགས་གཉིས་མཐར་ཕྱིན་སངས་རྒྱས་སྐུ་འགྲུབ་ཤོག །ཕན་བདེའི་འབྱུང་གནས་བསྟན་ལ་སྲི་ཞུ་དང་། །སྲིད་པ་ཇི་སྲིད་འགྲོ་ལ་ཆོས་སྟོན་སོགས། །གཞན་དོན་སྒྲུབ་ལ་སྐྱོ་ངལ་མེད་པ་ཡི། །རྒྱལ་བའི་སྲས་ཀྱི་ཕྲིན་ལས་མཐར་ཕྱིན་ཤོག །དཀོན་མཆོག་རིན་ཆེན་གསུམ་གྱི་ཐུགས་རྗེ་དང་། །བདག་གི་ལྷག་བསམ་རྣམ་པར་དག་པའི་དགེས། །ཇི་ལྟར་སྨོན་པའི་དོན་རྣམས་མ་ལུས་པ། །གེགས་མེད་ཡིད་བཞིན་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་པའང་དད་ལྡན་འགའ་ཞིག་གི་བཞེད་སྐོང་ཆེད་དུ་སྤྲུལ་མིང་འགྱུར་མེད་པདྨ་རྣམ་རྒྱལ་ནས་བྲིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག་གུ།


previousམཁྱེན་རབ་མཁའ་ལ་བྱམས་བརྩེའི་སྤྲིན་ཆེན་འཁྲིགས།next