Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བཅུ་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
སྟོང་ཉིད་སྙིང་རྗེའི་གྲུ་ཆེན་གྱིས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྟོང་ཉིད་སྙིང་རྗེའི་གྲུ་ཆེན་གྱིས།next

སྟོང་ཉིད་སྙིང་རྗེའི་གྲུ་ཆེན་གྱིས།

༄༅། །སྟོང་ཉིད་སྙིང་རྗེའི་གྲུ་ཆེན་གྱིས། །སྲིད་པའི་རྒྱ་མཚོ་རབ་བརྒལ་ཏེ། །ལུས་ཅན་མཐའ་དག་སྐྱོབ་པའི་དཔལ། །བདེ་གཤེགས་སྲས་བཅས་དགོངས་སུ་གསོལ། །སྒྲིབ་མེད་ཡེ་ཤེས་གཟིགས་པ་ཡིས། །རྟག་པར་འགྲོ་ལ་རྗེས་དགོངས་ཏེ། །མོས་ལྡན་རེ་བ་སྐོང་རྣམས་ཀྱིས། །བདག་གི་སྨོན་ལམ་འགྲུབ་པར་མཛོད། །བདག་གིས་ལེགས་པར་སྤྱད་ཀུན་གྱིས། །ཐོག་མེད་དྲིན་གྱིས་ལེགས་སྐྱོང་བའི། །མ་རྣམས་སྲིད་ལས་རྣམ་གྲོལ་ཏེ། །རྫོགས་པའི་བྱང་ཆུབ་མངོན་བྱེད་ཤོག །དེ་མ་ཐོབ་ཀྱི་སྐྱེ་ཀུན་ཏུ། །དལ་འབྱོར་ཕུན་ཚོགས་ཐོབ་པ་དང་། །ཚེ་རིང་ནད་མེད་རིགས་གཟུགས་དང་། །སྐལ་བ་བཟང་དང་ནོར་དང་ནི། །ཤེས་རབ་དག་གིས་ཕྱུག་གྱུར་ཅིག །སྡིག་པའི་བཤེས་ཀྱིས་མི་ཟིན་ཞིང་། །ཡང་དག་ལམ་སྟོན་བཤེས་གཉེན་མཆོག །མཉེས་པ་གསུམ་གྱིས་རབ་མཆོད་པས། །ཐེག་མཆོག་བདུད་རྩི་ཐོབ་གྱུར་ཅིག །བདག་བས་གཞན་གཅེས་བློ་འབྱོང་བས། །སྡིག་སེམས་ཡིད་ལ་མི་འགྱུ་ཞིང་། །རླབས་ཆེན་ཕྱིན་དྲུག་སྤྱོད་པ་ཡིས། །ཉིན་མཚན་ཆོས་ཀྱིས་འདའ་བར་ཤོག །སོ་སོ་ཐར་དང་བྱང་ཆུབ་སེམས། །རིག་འཛིན་སྔགས་ཀྱི་སྡོམ་པ་ཡི། །སྲུང་མཚམས་ཕྲ་ཞིབ་ཇི་སྙེད་པ། །ཁས་བླངས་བཞིན་དུ་ཉམས་མེད་ཤོག །མང་དུ་ཐོས་དང་བསམ་པ་ཡིས། །བློ་ཡི་སྤྲོས་པ་ཀུན་བཅད་ནས། །དེ་དོན་ཚུལ་བཞིན་བསྒོམ་པ་ཡིས། །སྲིད་རྩའི་ས་བོན་གཞོམ་གྱུར་ཅིག །དྲི་མེད་ལྷག་པའི་བསམ་པ་དང་། །སྤང་དང་ཀློག་པའི་ཕྲིན་ལས་ཀྱིས། །ཐུབ་དབང་ལུང་དང་རྟོགས་པའི་བསྟན། །སྙིགས་མའི་མཐར་ཡང་འཛིན་གྱུར་ཅིག །ནམ་ཞིག་འཆི་ཚེ་གནད་གཅོད་ཀྱི། །འཇིགས་པ་མེད་ཅིང་སྣང་མཐའ་ཡས། །མདུན་ན་མངོན་སུམ་བཞུགས་མཐོང་ནས། །བདེ་བ་ཅན་དུ་སྐྱེ་བར་ཤོག །དེར་ནི་ས་ལམ་མྱུར་རྫོགས་ཏེ། །ཡང་དག་མངོན་པར་བྱང་ཆུབ་པ། །ཞིང་དང་འཁོར་དང་སྐུ་ཚེའི་ཚད། །ཚེ་མཐའ་ཡས་པ་བཞིན་གྱུར་ཅིག །དཀོན་མཆོག་གསུམ་གྱི་བདེན་པ་དང་། །བདག་ཅག་ལྷག་བསམ་དག་པའི་མཐུས། །ཇི་ལྟར་སྨོན་པའི་དོན་རྣམས་ཀུན། །བདེ་བླག་ཉིད་དུ་འགྲུབ་གྱུར་ཅིག །ཅེས་པའང་པདྨ་བི་ཛས་སོ། །
༄༅། །བདག་གཞན་སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། །དལ་འབྱོར་རྟེན་རྙེད་ཐེག་མཆོག་རིགས་སད་ནས། །གྲོལ་བ་དྲུག་ལྡན་རྡོ་རྗེ་རྩེ་མོ་ཡི། །ལམ་ལས་སྐུ་བཞིའི་གོ་འཕང་མྱུར་འགྲུབ་ཤོག །
༄༅། །གཞན་ཕན་བྱང་ཆུབ་སེམས་ཀྱི་ནོར་གྱིས་ཕྱུག །རྣམ་དག་མཁས་ཚུལ་དགུ་ཡི་ཕྲིན་ལས་རྒྱས། །དོན་གཉིས་མཐར་ཕྱིན་ཐུབ་བསྟན་རྒྱལ་མཚན་མཆོག །མི་ནུབ་སྲིད་མཐའི་བར་དུ་སྒྲེང་གྱུར་ཅིག །ཅེས་པའང་མོས་ལྡན་དམ་པའི་བཞེད་ངོར་བི་ཛ་ཡས་བྲིས་ཤིང་སྨོན་པ་དགེ ། སརྦ་མངྒལཾ། དགེའོ། །
༄༅། །ན་མོ་རཏྣ་ཏྲ་ཡཱ་ཡ། བླ་མ་རྒྱལ་བ་སྲས་བཅས་ཡི་དམ་ལྷ། །མཁའ་འགྲོ་དམ་ཅན་ཆོས་སྐྱོང་སྲུང་མའི་ཚོགས། །མོས་པའི་ཡིད་མཁར་མངོན་སུམ་བཞུགས་ནས་ཀྱང་། །སྨོན་ལམ་ཡོངས་སུ་འགྲུབ་པའི་དཔང་པོར་མཛོད། །འདི་ལྟར་བགྱིས་པའི་དགེ་བས་མཚོན་བྱས་ཏེ། །དུས་གསུམ་བྱས་བསགས་རྣམ་དཀར་ཇི་སྙེད་པ། །འཁོར་གསུམ་སྤྲོས་པའི་མཚན་མ་མི་དམིགས་བཞིན། །འོད་གསལ་ཆོས་དབྱིངས་ཆེན་པོར་བསྔོ་བར་བགྱི། །དེའི་མཐུས་བདག་དང་བདག་ལ་འབྲེལ་ཐོབ་རིགས། །བླ་མ་མཁན་སློབ་མཆེད་གྲོགས་ཆོས་ཀྱི་འབྲེལ། །ཕ་མ་གཉེན་བཤེས་འཁོར་གཡོག་ཉེ་དུའི་འབྲེལ། །གནོད་བྱེད་གདོན་བགེགས་ལན་ཆགས་ཤ་འཁོན་འབྲེལ། །གསོན་གཤིན་དད་རྫས་ལོག་འཚོ་དཀོར་གྱི་འབྲེལ། །ཤ་ཁྲག་འོ་ཞོ་པགས་གོས་འཚོ་བ་བརྟེན། །ཞོན་རྟ་འགེལ་ཁལ་སྒོ་ཟོག་ཆེ་ཕྲའི་རིགས། །བཤའ་བཙང་བེད་སྤྱད་{བཅད} དྲིན་དུ་ཆེ་བ་དང་། །རྩྭ་ཐུ་ཤིང་བྲེག་སོ་ནམ་མེ་ཐབ་སོགས། །སྤྱོད་ལམ་ཀུན་ཏུ་དངོས་སམ་བརྒྱུད་ནས་ཀྱང་། །འབུ་སྦྲང་སྲོག་ཆགས་བསད་སོགས་གནོད་འཚེའི་རིགས། །ཇི་སྙེད་བགྱིས་མཚོན་འཁོར་ཚེ་ཐོག་མེད་ནས། །བཟང་ངན་ལས་ཀྱིས་འབྲེལ་གྱུར་མཁའ་ཁྱབ་འགྲོ། །ཀུན་ཀྱང་སྲིད་པར་འཆིང་བྱེད་ལས་ཉོན་གྱི། །སྒྲིབ་པའི་དྲྭ་བ་མ་ལུས་མཐར་བྱས་ཏེ། །མཐོ་རིས་ཡོན་ཏན་བདུན་གྱི་རྟེན་ཐོབ་ཅིང་། །ཐེག་མཆོག་རིགས་སད་དགེ་བའི་བཤེས་ཀྱིས་ཟིན། །ཚུལ་གནས་ཐོས་བསམ་སྒོམ་པའི་ཡོན་ཏན་གྱིས། །ཚེ་དེར་སྲིད་པའི་རྒྱ་མཚོ་རབ་བརྒལ་ཏེ། །བདེ་བ་ཅན་སོགས་དག་པའི་ཞིང་རྣམས་སུ། །སངས་རྒྱས་སྲས་ཀྱིས་བསྐོར་བའི་ཞལ་མཐོང་ཞིང་། །ལུང་བསྟན་དབུགས་དབྱུང་རྫོགས་སྨིན་སྦྱངས་གསུམ་གྱིས། །དོན་གཉིས་མཐར་ཕྱིན་མངོན་པར་སངས་རྒྱས་ཤོག །ཅེས་པའང་པདྨ་དབང་ཆེན་བཞེད་སྐོང་དུ་པདྨ་བི་ཛས་བྲིས་ཤིང་སྨོན་པ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག་གུ།
༄༅། །ན་མོ་གུ་རུ་རཏྣ་ཏྲ་ཡཱ་ཡ། སྒྲིབ་མེད་ཡེ་ཤེས་གཟིགས་ལས་དུས་ཀུན་ཏུ། །འགྲོ་བ་ཀུན་གྱི་ཁམས་དབང་བསམ་པའི་སྟོབས། །མ་འདྲེས་མཁྱེན་པའི་མགོན་པོ་སྲས་དང་བཅས། །དེང་འདིར་བདག་ལ་དགོངས་ཤིང་གསན་དུ་གསོལ། །བདག་ནི་མཐོ་རིས་འཇིག་རྟེན་དབང་ཕྱུག་སོགས། །དམན་པའི་འབྲས་བུ་དོན་དུ་གཉེར་མིན་ཏེ། །ངེས་པར་འགྲོ་ལ་ཕན་སླད་བྱང་ཆུབ་མཆོག །ཐོབ་པར་སྤྲོ་ལ་སྨོན་པའི་འབྲས་སྩོལ་ཅིག །འདི་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་བར། །ཆོས་བརྒྱད་མ་རུངས་དུག་ཆུས་མྱོས་མིན་པར། །བསྟན་དང་འགྲོ་ལ་སྨན་པའི་ལྷག་བསམ་སྒོ། །རྨི་ལམ་དུའང་ཉམས་པར་མ་གྱུར་ཅིག །ཡང་སྲིད་ཀུན་ཏུ་ཆོས་ལམ་རིང་གྱུར་པའི། །བརྒྱད་ཚན་གསུམ་གྱི་མི་ཁོམ་གཏན་སྤངས་ནས། །འཁོར་ལོ་བཞི་སོགས་འབྱོར་པའི་ཁྱད་པར་གྱིས། །ཐེག་ཆེན་རིགས་ཀྱི་མཐུན་རྐྱེན་རྫོགས་{པར་ལྷག} གྱུར་ཅིག །ཡིད་ལ་བསམ་ཚད་ཕྱིན་ཅི་ལོག་གི་གཞི། །ལག་ཏུ་གང་ལེན་གཞན་ལ་གནོད་པའི་སྒོ། །བྱས་ཚད་དོན་མེད་ངན་འགྲོའི་གཅོང་རྡོ་ཅན། །སྡིག་ལྡན་སྐྱེ་བོའི་ལུས་སུ་བདག་མ་སྐྱེས། །ཚུ་རོལ་མཛེས་པ་སྡིག་ལྡན་རྒྱལ་བློན་བྲན། །བསྟན་སེལ་འཇུག་པའི་རྟོག་གེ་ཐ་སྙད་མཁན། །རང་གཞན་གཉིས་བརླག་ངན་སྔགས་དུག་སྦྱོར་བདག །འཇིག་རྟེན་ཕུང་བྱེད་གསུམ་དུ་བདག་མ་སྐྱེས། །དགོན་ཆུང་བླ་གཟུགས་ཁོལ་པོ་གླ་མེད་པོ། །ཆོས་ལམ་མི་གཉེར་ལོག་འཚོ་སྒྲུབ་པའི་ཟོང་། །འདི་ཕྱི་གཉིས་མེད་དམ་ཉམས་སྡུད་པའི་དཔོན། །གནས་ངན་ལེན་དེར་ནམ་ཡང་བདག་མ་སྐྱེས། །དམ་ཉམས་དཀོར་རྐུན་ཡི་དྭགས་བ སྒྲུབ་པའི་རྒྱུ། །མཆེད་ལ་འཁུ་ཞིང་དམ་འདྲལ་དམྱལ་བའི་ཟོང་། །གཏན་དུ་ཕུང་བའི་ཁ་དྲགས་ཕེར་ཡངས་པོ། །དགོན་སྡེའི་ལས་བྱེད་རྣམས་སུའང་བདག་མ་སྐྱེས། །འགྲོ་ཕན་སྒོ་བགགས་གསང་བ་གཞན་ལ་སྤེལ། །སྒྲོོ་སྐུར་ངན་པས་རང་གཞན་ཕུང་ལ་སྦྱོར། །རྟེན་འབྲེལ་ལོག་སྦྱོར་བསྟན་ལ་སྨ་འབེབས་པའི། །ཡུམ་འཁོར་སློབ་མ་ངན་པར་བདག་མ་སྐྱེས། །མ་རྟོགས་ཚེ་ན་ལུག་ལྟར་བླུན་ཞིང་འཁོར། །ཕྱོགས་ཙམ་གོ་ཚེ་ང་རྒྱལ་སྐྱོན་རྟོག་རགས། །རང་ལ་མི་ཕན་གཞུང་ངན་གཞན་ལ་འཆད། །ཅོལ་ཆུང་བྱ་མང་ལུས་སུ་བདག་མ་སྐྱེས། །རང་ཚོད་མི་བསྟུན་དོན་མེད་དྲན་རྒྱ་སྐྱེད། །མཁོས་ཀ་མེད་ཀྱང་བྱ་བྱེད་སུ་བས་མང་། །དུས་སུ་མ་བབས་སྨྱོ་སྤྱོད་ཐོ་ཅོས་གཡེངས། །ཀླད་མེད་མགོ་སྟོང་ལུས་སུ་བདག་མ་སྐྱེས། །ལག་ཏུ་མི་ལོན་ཁས་ལེན་གང་ཆེ་འདོམས། །བྱེད་རྒྱུ་མང་ལ་གྲུབ་འབྲས་ཁྱི་བས་ལོད། །གྲོགས་པོ་མང་སྡེབ་གྲོས་མཐུན་གཅིག་ཀྱང་མེད། །རང་སྡུག་རང་ཉོ་མཁན་དུ་བདག་མ་སྐྱེས། །ཆོས་འགལ་སྤོང་ན་ལུས་རྟེན་དམན་ཡང་རུང་། །རང་རྒྱུད་དུལ་ན་ཆས་སྤྱོད་གང་ཡང་འདྲ། །ལྷག་བསམ་འབྱོང་ན་གང་བྱས་དོན་ལྡན་ཉིད། །ནམ་ཡང་སྒྲིབ་གསུམ་འཆིང་བས་བཅིངས་མ་གྱུར། །འཕོས་མ་ཐག་པར་ཤནྟ་པུ་རིའི་གྲོང་། །རིགས་བདག་བླ་མ་བཞུགས་པའི་ཞབས་དྲུང་དུ། །སྐྱེས་ནས་མཆོག་གསང་ལམ་གྱི་ཉེ་རྒྱུ་ཡིས། །རྣམ་བཞིའི་རིག་འཛིན་དཀའ་བ་མེད་བགྲོད་ཤོག །བདག་གི་ཡབ་གཅིག་རྗེ་བཙུན་རིགས་གསུམ་མགོན། །ཚེ་རབས་ཀུན་ཏུ་དགེ་བའི་བཤེས་གྱུར་ཏེ། །དད་བརྩེ་ཤེར་ཏིང་གཟུངས་སྤོབས་བློ་གྲོས་སོགས། །མ་འབད་ན་ཡང་ངང་གིས་འབྱོར་གྱུར་ཅིག །གནས་གྲོགས་འཚོ་བ་བཟང་ལྡན་ལྟ་སྤྱོད་གཙང་། །ནམ་ཡང་སྡིག་གྲོགས་ངན་པའི་དབང་མི་འགྲོ། །བསམ་སྦྱོར་མཐའ་དག་གཞན་ཕན་འབའ་ཞིག་འབྱུང་། །ངང་ཚུལ་བརྟན་ཞིང་རང་དབང་འབྱོར་གྱུར་ཅིག །བསླབ་གསུམ་ཉེས་ལྟུང་དྲི་མས་མི་གོས་ཤིང་། །ཐོས་བསམ་སྒོམ་པའི་བྱ་བར་མི་ཚེ་འདའ། །དེར་ཡང་ཆགས་སྡང་རློམ་སེམས་འཆིང་བ་མེད། །རྩོམ་པ་མཐར་ཕྱིན་བསྟན་འགྲོར་སྨན་གྱུར་ཅིག །སྒྲ་ཚད་བཟོ་གསོ་ནང་དོན་རིགས་སྤྱི་དང་། །བྱེ་བྲག་བཤད་བརྒྱུད་བཅུ་དང་སྒྲུབ་བརྒྱུད་བརྒྱད། །ཤིང་རྟའི་ལམ་སྲོལ་ཟླ་མེད་མཁས་ཚུལ་དགུས། །སྲིད་མཐའི་བར་དུ་ཕྱོགས་ཀུན་གསལ་བྱེད་ཤོག །ཐུན་མིན་སྡེ་གསུམ་དགོངས་པའི་གསང་མཛོད་ཕུལ། །གྲོལ་བ་དྲུག་ལྡན་རྡོ་རྗེ་རྩེ་མོའི་སྲོག །སྙིང་སྟོབས་བརྩོན་པ་དྲག་པོས་ལེགས་བཟུང་ནས། །སྣང་བཞིའི་ལམ་དུ་འགྲོ་ཀུན་ངལ་འཚོ་ཤོག །ནང་གི་ཡེ་ཤེས་མངོན་དུ་མ་གྱུར་བར། །ཟ་ཟིའི་སྤྱོད་པས་རང་མགོ་མི་བསྐོར་བར། །དབེན་གསུམ་བདུད་རྩིའི་གྲིབ་བསིལ་ལ་བརྟེན་ནས། །ཟུང་འཇུག་གྲུབ་པའི་གོ་འཕང་མངོན་བྱེད་ཤོག །ནམ་ཞིག་འགྲ་ོལ་ཕན་པའི་གནས་ཐོབ་ཚེ། །སྐད་ཅིག་ཙམ་ཡང་ཞི་བདེར་ཞེན་མིན་པར། །སྒྲོལ་བ་གཉིས་སོགས་ཐབས་མཁས་ཕྲིན་ལས་ཀྱིས། །མཐའ་ཡས་སྐྱེ་དགུ་འདྲེན་པའི་དཔལ་ཐོབ་ཤོག །མིང་ཙམ་གྱིས་ཀྱང་སངས་རྒྱས་མཛད་པ་སྒྲུབ། །རྣམ་འཕྲུལ་ཚད་མེད་ཆོས་དབྱིངས་ཁྱབ་པར་འཕྲོ། །འདུལ་བཞིའི་ཆོ་འཕྲུལ་བསམ་མི་ཁྱབ་པ་ཡིས། །འཁོར་བ་དོང་སྤྲུགས་བཀྲ་ཤིས་འཕེལ་གྱུར་ཅིག །མཆོག་གསུམ་ཐུགས་རྗེ་འགྲོ་བའི་རྒྱུད་ལ་ཞུགས། །འགྲོ་རྣམས་ལས་འབྲས་ཡིད་ཆེས་བསྟན་ལ་གུས། །ཀུན་ཀྱང་ཐེག་པ་མཆོག་གི་རྒྱུད་དགྲོལ་ནས། །ཐར་གྲོལ་ལང་ཚོ་རྒྱས་པའི་བཀྲ་ཤིས་ཤོག །ཅེས་པའང་སྐྱེ་མེད་ཀྱི་ཡི་གེ་སྤྲིན་སྒྲས་སྒེག་པ་སྐྱོ་སུན་འདྲེས་པའི་རྗེས་ཐོབ་ཏུ་གང་ཤར་སྨོན་པ་དེ་དེ་བཞིན་དུ་འགྲུབ་པར་བླ་མ་རྒྱལ་བ་སྲས་དང་བཅས་པས་མཛད་དུ་གསོལ།


previousསྟོང་ཉིད་སྙིང་རྗེའི་གྲུ་ཆེན་གྱིས།next