Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བཅུ་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
ཐུབ་དབང་གནསབརྟན་བཅུ་དྲུག་གི་ཤིས་པ་བརྗོད་པ་བཀྲ་ཤིས་སྐྱེ་བ་ལྔ་པའི་སྒྲ་དབྱངས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཐུབ་དབང་གནསབརྟན་བཅུ་དྲུག་གི་ཤིས་པ་བརྗོད་པ་བཀྲ་ཤིས་སྐྱེ་བ་ལྔ་པའི་སྒྲ་དབྱངས།next

ཐུབ་དབང་གནསབརྟན་བཅུ་དྲུག་གི་ཤིས་པ་བརྗོད་པ་བཀྲ་ཤིས་སྐྱེ་བ་ལྔ་པའི་སྒྲ་དབྱངས།

༄༅། །ཐུབ་དབང་གནསབརྟན་བཅུ་དྲུག་གི་ཤིས་པ་བརྗོད་པ་བཀྲ་ཤིས་སྐྱེ་བ་ལྔ་པའི་སྒྲ་དབྱངས་ཞེས་བྱ་བ། ༀ་སྭསྟི་པྲ་ཛ་བྷྱཿ། བཀྲ་ཤིས་ཡོན་ཏན་བྱེ་བས་བརྒྱན་པའི་སྐུ། །དྲན་པ་ཙམ་གྱིས་ཕན་བདེའི་རེ་སྐོང་བའི། །ཐུབ་དབང་སྲས་ཀྱིས་བསྐོར་བའི་མགོན་རྣམས་ཀྱིས། །དེང་འདིར་བཀྲ་ཤིས་བདེ་ལེགས་མཛད་པར་གྱུར། །བསྐལ་བཟང་སྒྲོན་མ་སྟོང་ལས་པད་དཀར་ལྟར། །ཆེར་བསྔགས་ཐུགས་བསྐྱེད་རྨད་བྱུང་དོན་ཀུན་གྲུབ། །དོན་གཉིས་བསམ་ཀུན་རྫོགས་བྱེད་བཀྲ་ཤིས་ལྷ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཤཱ་རིའི་བུ་ནི་ཤེས་རབ་ཅན་གྱི་མཆོག །མའུ་གལ་མཐུ་སྟོབས་རྫུ་འཕྲུལ་འགྲན་ཟླ་བྲལ། །ཤེས་རབ་སྟོབས་དཔལ་བསྐྱེད་པའི་བཀྲ་ཤིས་ལྷ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཡན་ལག་འབྱུང་ནི་སྤོས་ཕོར་རྔ་ཡབ་འཛིན། །དགྲ་བཅོམ་སྟོང་དང་སུམ་བརྒྱའི་འཁོར་གྱིས་བསྐོར། །འཆལ་སྤྱོད་དྲི་མ་གཞིལ་བའི་བཀྲ་ཤིས་ལྷ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །མ་ཕམ་པ་ནི་མཉམ་བཞག་ཕྱག་རྒྱ་མཛད། །དགྲ་བཅོམ་བརྒྱ་ཕྲག་གཅིག་གི་འཁོར་གྱིས་བསྐོར། །ཐོས་བསམ་ཡོན་ཏན་འཕེལ་བྱེད་བཀྲ་ཤིས་ལྷ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ནགས་ན་གནས་ནི་སྡིགས་མཛུབ་རྔ་ཡབ་འཛིན། །དགྲ་བཅོམ་སྟོང་དང་བཞི་བརྒྱའི་འཁོར་གྱིས་བསྐོར། །མི་མཐུན་གནོད་ཀུན་ཞི་བའི་བཀྲ་ཤིས་ལྷ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །འཕགས་པ་དུས་ལྡན་གསེར་གྱི་རྣ་ཀོར་འཛིན། །དགྲ་བཅོམ་སྟོང་དང་ཆིག་བརྒྱའི་འཁོར་གྱིས་བསྐོར། །འཁོར་འདུ་སྤངས་རྟོགས་སྩོལ་བའི་བཀྲ་ཤིས་ལྷ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །རྡོ་རྗེ་མོ་བུ་སྡིགས་མཛུབ་རྔ་ཡབ་འཛིན། །དགྲ་བཅོམ་སྟོང་ཕྲག་གཅིག་གི་འཁོར་གྱིས་བསྐོར། །དོན་རྣམས་འགྲུབ་པར་བྱེད་པའི་བཀྲ་ཤིས་ལྷ། །བཀྲ་ཤིས་དེས་ཀྱང་{དེང་དེངས་འདིའི་རིགས་འདི་ལྟར་ཞུས། }འདིར་བདེ་ལེགས་ཤོག །འཕགས་པ་བཟང་པོ་ཆོས་འཆད་མཉམ་བཞག་མཛད། །དགྲ་བཅོམ་སྟོང་དང་ཉིས་བརྒྱའི་འཁོར་གྱིས་བསྐོར། །དོན་རྟོགས་ཏིང་འཛིན་གྲུབ་པའི་བཀྲ་ཤིས་ལྷ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །གསེར་གྱི་བེའུ་རིན་ཆེན་ཞགས་པ་འཛིན། །དགྲ་བཅོམ་ཆེན་པོ་ལྔ་བརྒྱའི་འཁོར་གྱིས་བསྐོར། །གཟུངས་དང་སྤོབས་པ་སྦྱིན་པའི་བཀྲ་ཤིས་ལྷ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བྷ་ར་དྷྭ་ཛ་མཉམ་བཞག་ཕྱག་རྒྱ་མཛད། །དགྲ་བཅོམ་ཆེན་པོ་བདུན་བརྒྱའི་འཁོར་གྱིས་བསྐོར། །ངན་སོང་འཇིགས་ལས་སྒྲོལ་བའི་བཀྲ་ཤིས་ལྷ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བ་ཀུ་ལ་ནི་གཏེར་གྱི་ནེའུ་ལེ་འཛིན། །དགྲ་བཅོམ་ཆེན་པོ་དགུ་བརྒྱའི་འཁོར་གྱིས་བསྐོར། །ལོངས་སྤྱོད་འབྱོར་པ་རྒྱས་བྱེད་བཀྲ་ཤིས་ལྷ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །སྒྲ་གཅན་འཛིན་ནི་རིན་ཆེན་སྲོག་ཞུ་འཛིན། །དགྲ་བཅོམ་སྟོང་དང་ཆིག་བརྒྱའི་འཁོར་གྱིས་བསྐོར། །ལྟུང་གཞིལ་ཆོས་ཀུན་རྟོགས་བྱེད་བཀྲ་ཤིས་ལྷ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ལམ་ཕྲན་བསྟན་ནི་མཉམ་བཞག་ཕྱག་རྒྱ་མཛད། །དགྲ་བཅོམ་སྟོང་དང་དྲུག་བརྒྱའི་འཁོར་གྱིས་བསྐོར། །ཉོན་མོངས་སྡུག་བསྔལ་ཞི་བྱེད་བཀྲ་ཤིས་ལྷ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བསོད་སྙོམས་ལེན་པ་གླེགས་བམ་ལྷུང་བཟེད་འཛིན། །དགྲ་བཅོམ་སྟོང་ཕྲག་གཅིག་གི་འཁོར་གྱིས་བསྐོར། །སྡུག་བསྔལ་མཐའ་དག་ཞི་བའི་བཀྲ་ཤིས་ལྷ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །འཕགས་པ་ལམ་བསྟན་ཆོས་འཆད་གླེགས་བམ་འཛིན། །དགྲ་བཅོམ་ཆེན་པོ་སུམ་བརྒྱའི་འཁོར་གྱིས་བསྐོར། །བློ་མཆོག་སྤོབས་པ་བསྐྱེད་པའི་བཀྲ་ཤིས་ལྷ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཀླུ་ཡི་སྡེ་ནི་བུམ་པ་མཁར་གསིལ་འཛིན། །དགྲ་བཅོམ་སྟོང་དང་ཉིས་བརྒྱའི་འཁོར་གྱིས་བསྐོར། །འདོད་འབྱུང་སྡུག་བསྔལ་ཞི་བའི་བཀྲ་ཤིས་ལྷ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །གནས་བརྟན་སྦེད་བྱེད་ཆེན་པོ་གླེགས་བམ་འཛིན། །དགྲ་བཅོམ་སྟོང་དང་བཞི་བརྒྱའི་འཁོར་གྱིས་བསྐོར། །ལྔ་ཕྲག་རིགས་ལམ་རྟོགས་བྱེད་བཀྲ་ཤིས་ལྷ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །མི་ཕྱེད་པ་ནི་བྱང་ཆུབ་མཆོད་རྟེན་འཛིན། །དགྲ་བཅོམ་སྟོང་ཕྲག་གཅིག་གི་འཁོར་གྱིས་བསྐོར། །དོན་འགྲུབ་སྡིག་པ་ཞི་བའི་བཀྲ་ཤིས་ལྷ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །དྷརྨ་ཏ་ཡིས་རྔ་ཡབ་བུམ་པ་འཛིན། །དགྲ་བཅོམ་ཆེན་པོ་ལྔ་བཅུའི་འཁོར་གྱིས་བསྐོར། །གདུལ་བྱ་སྨིན་ཅིང་གྲོལ་བའི་བཀྲ་ཤིས་ལྷ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །འཕགས་པ་ཧྭ་ཤང་བྱེ་རུ་རྣམ་རྒྱལ་འཛིན། །གཞོན་མཛེས་བྱིས་པ་བཅུ་དྲུག་འཁོར་གྱིས་བསྐོར། །འགྲོ་བ་དབང་དུ་སྡུད་པའི་བཀྲ་ཤིས་ལྷ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །རྒྱལ་ཆེན་ཡུལ་འཁོར་སྲུང་ནི་པི་ཝཾ་སྦྲེངས། །དཀར་ཕྱོགས་དྲི་ཟ་མང་པོའི་འཁོར་གྱིས་བསྐོར། །ཕྱི་ནང་འཁྲུགས་རྩོད་ཞི་བའི་བཀྲ་ཤིས་ལྷ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །རྒྱལ་ཆེན་འཕགས་སྐྱེས་པོ་ནི་རལ་གྲི་འཛིན། །དཀར་ཕྱོགས་གྲུལ་བུམ་མང་པོའི་འཁོར་གྱིས་བསྐོར། །དུས་མིན་འཆི་བ་བཟློག་པའི་བཀྲ་ཤིས་ལྷ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །རྒྱལ་ཆེན་སྤྱན་མི་བཟང་ནི་སྦྲུལ་ཞགས་འཛིན། །དཀར་ཕྱོགས་ཀླུ་ཕྲུག་མང་པོའི་འཁོར་གྱིས་བསྐོར། །ནོར་ཕྱུགས་དངོས་གྲུབ་སྤེེལ་བའི་བཀྲ་ཤིས་ལྷ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །རྒྱལ་ཆེན་རྣམ་ཐོས་སྲས་ནི་རྒྱལ་མཚན་འཛིན། །འཁོར་དུ་དཀར་ཕྱོགས་གནོད་སྦྱིན་མང་པོས་བསྐོར། །ཐུན་མོང་འདོད་པ་འཇོ་བའི་བཀྲ་ཤིས་ལྷ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །མཆོག་གསུམ་བདེན་བྱིན་གདུལ་བྱའི་ཡུལ་ལ་ཞུགས། །ལྷ་ཀླུ་དགའ་བས་དུས་བཞིར་ཤིས་པ་སྒྲུབས། །མི་དབང་ཆོས་ལྡན་དགེ་བཅུའི་དཔལ་འབྱོར་རྒྱས། །རྫོགས་ལྡན་ལང་ཚོ་དར་བའི་བཀྲ་ཤིས་ཤོག །མཁས་གྲུབ་བཤེས་གཉེན་དུ་མས་ཕྱོགས་ཀུན་ཁྱབ། །རིགས་བཟང་བློ་གསལ་ཁྲིམས་ལྡན་འདུ་བ་རྒྱས། །བླ་སློབ་རྟེན་འབྲེལ་བཤད་སྒྲུབ་ཆོས་ཕྱོགས་འགྲིགས། །ལུང་རྟོགས་བསྟན་པ་རྒྱས་པའི་བཀྲ་ཤིས་ཤོག །མཁས་པའི་རྣམ་དཔྱོད་གྲགས་དཀར་ས་གསུམ་ཁྱབ། །གྲུབ་པའི་ཉམས་རྟོགས་བརྟུལ་ཞུགས་རྩལ་ཆེན་རྫོགས། །ཀུན་ཀྱང་བསྟན་ལ་ཕྱག་བཞེས་གཅིག་ཏུ་དཀར། །ཐེག་མཆོག་བསྟན་པ་དར་སྨིན་བཀྲ་ཤིས་ཤོག །མཆོད་གནས་ཡོན་གྱིས་འབྱོར་ལྡན་ཡིད་དབང་འཕྲོག །འབྱོར་ལྡན་ནོར་གྱིས་མཆོད་འོས་མངའ་ཐང་བསྐྱེད། །ཡོན་མཆོད་རྟེན་འབྲེལ་ཐེག་ཆེན་ལམ་དུ་གཅིག །དོན་གཉིས་བསམ་པ་འགྲུབ་པའི་བཀྲ་ཤིས་ཤོག །རྟེན་འབྲེལ་ཆོས་ཀུན་སྟོང་ཉིད་ངོ་བོར་མཉམ། །སྟོང་པའི་རང་མདངས་རྟེན་འབྱུང་སྒྱུ་མར་ཤར། །ཟུང་འཇུག་ངོ་བོ་རྣམ་ཐར་བཞི་རུ་ཟླུམ། །རྩོལ་མེད་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །ཅེས་པའང་མེ་རྟ་ལོ་གསར་ཚེས་ཆོ་འཕྲུལ་ཟླ་བའི་ཚེས་བཟང་རྒྱལ་དང་ཕུར་བུའི་སྦྱོར་བ་ཕུན་སུམ་ཚོགས་པའི་ཉིན་རང་གནས་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ་འཇམ་དབྱངས་བློ་གྲོས་རྒྱ་མཚོས་བྲིས་པའི་བཀྲ་ཤིས་ཀྱི་སྣང་བ་ཆེན་པོས་ཕྱོགས་ཀུན་ཏུ་ཁྱབ་པའི་རྒྱུར་གྱུར་ཅིག་གུ། དགེའོ། །དགེའོ། །དགེའོ།། །།
༄༅། །ན་མོ་རཏྣ་ཏྲ་ཡ་ཡ། ཆོས་དབྱིངས་མཁའ་ལ་མཁྱེན་བརྩེའི་ཆུ་འཛིན་འཁྲིགས། །ནུས་མཐུའི་ཆར་གྱིས་འགྲོ་ཀུན་རེ་སྐོང་བའི། །སྐྱབས་འོས་ཀུན་ལ་གུས་པས་སྐྱབས་སུ་མཆི། །འཇིགས་དང་སྡུག་བསྔལ་ཀུན་ལས་བསྐྱབ་ཏུ་གསོལ། །བདེ་གཤེགས་བརྒྱད་དང་དམ་ཆོས་འཕགས་པའི་ཚོགས། །ཚངས་དབང་རྒྱལ་ཆེན་དཀར་ཕྱོགས་སྐྱོང་རྣམས་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་མཆི་གསོལ་བ་འདེབས། །དུག་གསུམ་རྒྱུ་འབྲས་ནད་ཀུན་ཞི་བར་མཛོད། །ཚེ་དཔག་མེད་དང་ལྷ་མོ་རྣམ་པར་རྒྱལ། །ཡིད་བཞིན་འཁོར་ལོ་སྤྲུལ་འཁོར་བཅས་རྣམས་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་མཆི་གསོལ་བ་འདེབས། །དུས་མིན་འཆི་བའི་འཇིགས་ལས་སྐྱོབས་པར་མཛོད། །རྒྱལ་བའི་མཚན་བཟང་ལས་འཁྲུངས་གཙུག་ཏོར་ཅན། །ཡེ་ཤེས་ཌཱ་ཀིའི་གཙོ་མོ་སེང་ཧའི་ཞལ། །ཕྱག་འཚལ༴ བྱད་ཕུར་མནན་གཏད་རང་སར་གྲོལ་བར་མཛོད། །རིགས་ཀུན་བདག་པོ་བཅོམ་ལྡན་རྡོ་རྗེ་སེམས། །རྣམ་པར་འཇོམས་དང་སྨེ་བ་བརྩེགས་པ་ལ། །ཕྱག་འཚལ༴ མི་གཙང་དམ་གྲིབ་ཉམས་ཆག་བྱང་བར་མཛོད། །དུག་གསུམ་འཆིང་བྲལ་ཐུབ་དབང་སྲས་བཅས་དང་། །རིག་པའི་རྒྱལ་མོ་རྨ་བྱ་ཆེན་མོ་ལ། །ཕྱག་འཚལ༴ དུག་རྣམས་མ་ལུས་རང་སར་ཞི་བར་མཛོད། །ལྷག་པའི་ལྷ་མཆོག་བཛྲ་ཀཱི་ལ་ཡ། །ཁྲོ་བཅུ་ཡབ་ཡུམ་ཟ་གསོད་སྒོ་སྐྱོང་ཚོགས། །ཕྱག་འཚལ༴ བར་ཆད་བདུད་སྡེའི་གཡུལ་ལས་རྣམ་རྒྱལ་མཛོད། །ཚེ་ལ་དབང་ཐོབ་རིག་འཛིན་པདྨ་འབྱུང་། །འཆི་མེད་གྲུབ་པའི་དྲང་སྲོང་རིག་འཛིན་ཚོགས། །ཕྱག་འཚལ༴ འཆི་མེད་རྡོ་རྗེའི་ཚེ་མཆོག་གྲུབ་པར་མཛོད། །གཞན་ཡང་རྩ་གསུམ་ཆོས་སྲུང་ནོར་ལྷའི་ཚོགས། །འགྲོ་ལ་ཕན་པ་རྒྱ་ཆེན་མཛད་རྣམས་ལ། ཕྱག་འཚལ༴ དབང་བཅུ་མཐར་ཕྱིན་འདོད་དགུའི་དངོས་གྲུབ་སྩོལ། །ཁྱད་པར་ཡེ་ཤེས་སྐུ་ཅན་འཁོར་ལོའི་མགོན། །དྲན་པས་གདུང་སེལ་རྩ་བའི་བླ་མ་ལ། །ཕྱག་འཚལ༴ རང་གཞན་དོན་གཉིས་འགྲུབ་པར་མཛད་དུ་གསོལ། །གསོལ་བ་འདེབས་སོ་སྐྱབས་གནས་རྒྱ་མཚོའི་ཚོགས། །དགོངས་པར་མཛོད་ཅིག་མཁྱེན་ནུས་བརྩེ་བའི་གཏེར། །བྱིན་གྱིས་རློབས་ཤིག་བརྒྱུད་གསུམ་བླ་མའི་ཚོགས། །བར་ཆད་སོལ་ཅིག་མཁའ་འགྲོ་ཆོས་སྐྱོང་རྣམས། །ལུས་རྟེན་འདི་ལ་བྱང་ཆུབ་མ་ཐོབ་བར། །བར་ཆད་བདུད་དགྲའི་འཚེ་བ་མི་འབྱུང་ཞིང་། །ལུས་སེམས་རྡོ་རྗེ་ལྟ་བུར་བརྟན་པ་དང་། །ཚེ་དང་སྒྲུབ་པ་མཉམ་པར་བྱིན་གྱིས་རློབས། །སྒྲུབ་འབྲས་བསྟན་འགྲོ་ཡོངས་ལ་སྨན་པ་དང་། །ཁྱད་པར་སྐྱབས་མཆོག་འཇམ་མགོན་རྣམ་གསུམ་གྱི། །རིང་ལུགས་ཁྱད་འཕགས་ངེས་གསང་སྙིང་པོའི་ཚུལ། །བཤད་སྒྲུབ་མཐུ་ཡིས་སྲིད་མཐར་འཛིན་བྱེད་ཅིང་། །ཐུགས་ཀྱི་བཞེད་པ་མ་ལུས་ཡོངས་སྐོང་ཤོག །ནམ་ཞིག་འདི་སྣང་ནུབ་པའི་དེ་མ་ཐག །རིག་འཛིན་དཔའ་བོ་མཁའ་འགྲོས་མདུན་བསུས་ནས། །རིགས་བདག་བླ་མའི་ཞབས་དྲུང་ལེགས་སྐྱེས་ནས། །ལམ་མཆོག་མཐར་ཕྱིན་དགོངས་ཀློང་དབྱེར་མེད་ཤོག །དེ་མ་ཐོབ་ཀྱི་ཚེ་རབས་ཐམས་ཅད་དུ། །རྙེད་སོགས་ཆོས་བརྒྱད་ཞགས་པས་འཆིང་མིན་པར། །རང་དབང་བདེར་སྤྱོད་ཐེག་པ་མཆོག་དང་འཕྲད། །ཚུལ་བཞིན་སྒྲུབ་པའི་སྐལ་བས་འབྱོར་གྱུར་ཅིག །ནམ་ཞིག་རང་དོན་རྫོགས་ནས་གཞན་གྱི་དོན། །མཁའ་ཁྱབ་ཞིང་དུ་སྲིད་པ་གནས་ཀྱི་བར། །གང་འདུལ་སྤྲུལ་པའི་རོལ་པ་ཚད་མེད་པས། །རྒྱལ་བ་རྒྱ་མཚོའི་རྣམ་ཐར་འཛིན་གྱུར་ཅིག །ཕན་བདེའི་གཞིར་གྱུར་ཐུབ་བསྟན་ཡུན་དུ་གནས། །ཕན་བདེའི་བྱེད་པོ་བསྟན་འཛིན་ཞབས་པད་བརྟན། །ཕན་བདེའི་འབྱུང་གནས་བཤད་སྒྲུབ་ཕྲིན་ལས་རྒྱས། །ཕན་བདེའི་སྣང་བས་ཕྱོགས་ཀུན་ཁྱབ་གྱུར་ཅིག །དགེ་བཅུའི་དཔལ་འཕེལ་རྩི་སྨན་འབྲུ་བཅུད་རྒྱས། །དགེ་བཅུའི་ཁྲིམས་སྲོལ་མི་ཉམས་ཕྱོགས་ཀུན་ཁྱབ། །དགེ་བཅུའི་འབྲས་བུ་ཐར་གྲོལ་འབྱོར་པས་མཛེས། །དགེ་བཅུའི་ཡོན་གྱིས་སྣོད་བཅུད་འབྱོར་གྱུར་ཅིག །བླ་སློབ་མི་འབྲལ་བྱང་ཆུབ་བར་དུ་འགྲོགས། །ངེས་གསང་ཆོས་འཁོར་རྒྱུན་མི་འཆད་པར་བསྐོར། །ལྟ་སྤྱོད་ཏིང་འཛིན་དོན་གཉིས་ལྷུན་གྱིས་གྲུབ། །བསམ་དོན་མཐའ་རུ་ཕྱིན་པའི་བཀྲ་ཤིས་ཤོག །ཅེས་པའང་བཟང་ལུང་པདྨ་བདེ་ལྡན་དུ་གྲུབ་པའི་སྦྱོར་བ་བཟང་པོར་ཚེ་ཡི་རིག་བྱེད་པ་ཆེན་པོ་མཆོག་སྤྲུལ་པདྨ་བསྟན་འཛིན་ནས་རིང་འཚོའི་བདེན་སྨོན་གནང་བའི་སྐབས་སུ། བྱ་བྲལ་པ་རྒན་པོ་ཟུང་འཇུག་གྲུབ་པའི་རྡོ་རྗེས་རྟེན་འབྱུང་གསོལ་འདེབས་སྨོན་ལམ་དུ་བགྱིས་པ་དགེའོ། །
༄༅། །ཨེ་མ་ཧོ། ཆོས་དབྱིངས་དང་མཉམ་རྒྱལ་བའི་ཞིང་ཀུན་ན། །ཡོངས་ཁྱབ་ཏིལ་གྱི་གོང་བུ་བཞིན་གང་བའི། །བླ་མ་རྒྱལ་བ་སྲས་བཅས་ཐུགས་རྗེ་ཅན། །ཡི་དམ་མཁའ་འགྲོ་དམ་ཅན་དགོངས་སུ་གསོལ། །བདག་གིས་འདི་ལྟར་བགྱིས་པའི་དགེ་བས་མཚོན། དུས་གསུམ་བསགས་ཡོད་འཁོར་འདས་དགེ་བའི་ཚོགས། །མ་ལུས་གཅིག་ཏུ་བློ་ཡིས་བསྡོམས་བྱས་ཏེ། །མི་གནས་བྱང་ཆེན་མཆོག་གི་རྒྱུ་རུ་བསྔོ། །དེའི་མཐུས་འཇམ་དཔལ་དབྱངས་དང་ཀུན་ཏུ་བཟང་། །སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ་ལ་སོགས། །རབ་འབྱམས་སྲས་བཅས་རྒྱལ་བའི་རྗེས་ཞུགས་ཏེ། །རྣམ་ཐར་དཔག་ཡས་བདག་གིས་འཛིན་གྱུར་ཅིག །ཁྱད་པར་བདག་གི་ཕ་མ་སློབ་དཔོན་གཉེན། །བཟང་ངན་ལས་ཀྱིས་འབྲེལ་བའི་མཁའ་ཁྱབ་འགྲོ། །ཚེ་འདིར་མི་མཐུན་འཚེ་བ་རྣམ་བྲལ་ཞིང་། །མཐུན་རྐྱེན་ཚེ་ཆོས་བསམ་ཀུན་འགྲུབ་གྱུར་ཅིག །བདག་གཞན་འདིར་སྣང་ནུབ་པར་གྱུར་མ་ཐག །བླ་མ་ལྷག་པའི་ལྷ་ཡིས་མདུན་བསུས་ནས། །བདེ་བ་ཅན་སོགས་དག་པའི་ཞིང་བགྲོད་དེ། །རྫོགས་སྨིན་སྦྱངས་པ་མཐར་ཕྱིན་སངས་རྒྱས་ཤོག །དེ་མ་ཐོབ་ཀྱི་ཚེ་རབས་ཕྲེང་བ་རུ། །མི་ཁོམ་ལོག་པར་ལྟུང་གི་མིང་མི་གྲགས། །མཐོ་རིས་ཡོན་ཏན་བདུན་གྱིས་བརྒྱན་པའི་ལུས། །རྣམ་དག་འཁོར་ལོར་བཞི་ཡིས་མཛེས་གྱུར་ཅིག །ཁྱད་པར་མཚན་ཉིད་ཀུན་ལྡན་བླ་མ་ལས། །སོ་བྱང་སྔགས་ཀྱི་སྡོོམ་པས་རྒྱུད་བསྡམས་ནས། །དེ་དང་དེ་ཡི་བསྲུང་མཚམས་རྣམ་དག་ངོས། །ངེས་འབྱུང་བྱང་སེམས་དག་སྣང་ཀུན་འབྱོང་ཤོག །མང་དུ་ཐོས་པས་ཕྱོགས་འཛིན་འཁྲུལ་བ་སངས། །བསམ་བྱུང་མཐུ་ཡིས་ཟབ་མོའི་གནད་ཀུན་རིག །རྩེ་གཅིག་བསྒོམས་པས་ཡེ་ཤེས་སྙིང་དབུས་སད། །རྩོད་འཆད་རྩོམ་པས་རྒྱལ་བསྟན་འཛིན་གྱུར་ཅིག །བསྐྱེད་པའི་རིམ་པས་ཅིར་སྣང་ལྷ་སྐུར་ཤར། །སྲོག་རྩོལ་མཐུ་ཡིས་ལས་རླུང་དབུ་མར་དེངས། །རྫོགས་རིམ་ཟབ་མོས་དཔེ་དོན་ཡེ་ཤེས་འདྲེེན། །འཕོ་མེད་བདེ་ཆེན་ལྷན་སྐྱེས་སྐུ་འགྲུབ་ཤོག །ཚེ་རབས་ཀུན་ཏུ་རྒྱལ་བའི་ཆོས་མཛོད་འཛིན། །རང་འདོད་འཁྲིས་བྲལ་གཞན་ཕན་སྒོ་བརྒྱར་འཇུག །འབྲེལ་ཚད་དོན་ལྡན་རྣམ་འཕྲུལ་ཚད་མེད་པས། །མཁའ་ཁྱབ་འཁོར་བ་དོང་ནས་སྤྲུགས་བྱེད་ཤོག །ཕན་བདེའི་གཞིར་གྱུར་རྒྱལ་བསྟན་ཕྱོགས་མཐར་རྒྱས། །བསྟན་འཛིན་ཞབས་བརྟན་བཤད་སྒྲུབ་ཕྲིན་ལས་རྒྱས། །རྒྱལ་ཁམས་བདེ་སྐྱིད་དགེ་བཅུའི་སྣང་བས་རྒྱས། །རྫོགས་ལྡན་དུས་སྟོན་གསར་དུ་འཆར་གྱུར་ཅིག །བཀྲ་ཤིས་གང་ཞིག་ཆོས་དབྱིངས་ཟབ་མོའི་མཐུས། །བཀྲ་ཤིས་ཆོས་ཅན་རྟེན་འབྱུང་བསླུ་བ་མེད། །བཀྲ་ཤིས་བདེན་མཐུས་ཇི་ལྟར་སྨོན་པའི་འབྲས། །བཀྲ་ཤིས་དོན་གཉིས་བསམ་ཀུན་འགྲུབ་གྱུར་ཅིག །ཅེས་པའང་རིས་མེད་པའི་བསྟན་དང་འགྲོ་བ་ལ་སྨན་པའི་ཐུགས་བསྐྱེད་རྨད་དུ་བྱུང་བ་སྡེ་དགེ་སྤར་དཔོན་བླ་མ་ངག་དབང་འཇིགས་མེད་དབེེན་པར་སྒྲུབ་ལ་གཤེགས་པའི་སྐབས་སུ་ཞལ་འདོན་རྒྱུར་སྨོན་ཚིག་འདི་ལྟར་བྲིས་ཞེས་གསུང་བསྐུལ་གནང་བའི་ངོར། རྒྱལ་སྲས་འཇམ་དབྱངས་བློ་གྲོས་རྒྱ་མཚོའི་སྒྲ་དབྱངས་སུ་འབོད་པའི་སྙོམ་ལས་པས་བྲིས་ཏེ་ཕུལ་བ་དེ་དེ་བཞིན་དུ་འགྲུབ་པའི་རྒྱུར་གྱུར་ཅིག དགེའོ། །


previousཐུབ་དབང་གནསབརྟན་བཅུ་དྲུག་གི་ཤིས་པ་བརྗོད་པ་བཀྲ་ཤིས་སྐྱེ་བ་ལྔ་པའི་སྒྲ་དབྱངས།next