Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བཅུ་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བྱེའུ་ཆུང་འཇོལ་མོའི་གཏམ་པུཎྜ་རི་ཀའི་ཆུན་པོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབྱེའུ་ཆུང་འཇོལ་མོའི་གཏམ་པུཎྜ་རི་ཀའི་ཆུན་པོ།next

བྱེའུ་ཆུང་འཇོལ་མོའི་གཏམ་པུཎྜ་རི་ཀའི་ཆུན་པོ།

༄༅། །བྱེའུ་ཆུང་འཇོལ་མོའི་གཏམ་པུཎྜ་རི་ཀའི་ཆུན་པོ་ཞེས་བྱ་བ་བཞུགས། བླ་མ་ལ་ཕྱག་འཚལ་ལོ། །སྐབས་ཤིག་བྱེའུ་ཆུང་འཇོལ་མོ་དེ་ལྗོན་བཟང་ཡིད་དུ་འོང་བ་ལོ་མ་མེ་ཏོག འབྲས་བུ་ཕུན་སུམ་ཚོགས་པའི་ཁུར་གྱིས་དུད་པ་ཞིག་གི་རྩེར་འཁྲིལ་ནས་བདག་ལ་སྙན་པའི་དབྱངས་ཀྱིས་འདི་སྐད་ཟེར་ཏོ། །ཀྱེ་ཀྱེ། ཡིད་འོང་ལྗོན་བཟང་རྩེ་ལ་འཁྲིལ་བའི། །ཡིད་འོད་བྱེའུ་ཆུང་བདག་གིས་བདེན་ཚིག །ལེགས་པར་བཤད་ལ་མི་ཁྱོད་མ་ཁྲོ། །ལེགས་པར་ཉོན་དང་གོ་རྒྱུ་རེ་ཡོད། །ཀྱེ་ཀྱེ། མི་ལུས་ཐོབ་པ་ཤིན་ཏུ་དཀའ་ཞིང་། །ཁྱད་པར་དལ་འབྱོར་ཚངས་པའི་རྟེན་བཟང་། །ཨུ་དུམྦཱ་ར་ལས་ཀྱང་དཀོན་ན། །མི་ཁྱོད་རོ་ཉལ་བྱེད་པ་ཕོད་དམ། །ཀྱེ་ཀྱེ། བསོད་ནམས་བྱེ་བའི་དཔལ་ལས་གྲུབ་པའི། །བདེ་གཤེགས་མཛེས་སྐུ་རྟག་པ་མིན་ན། །སོ་སྐྱེའི་སྒྱུ་ལུས་ཅི་སྟེ་མི་འཇིག །མི་ཁྱོད་སོས་དལ་སྡོད་པ་ཕོད་དམ། །ཀྱེ་ཀྱེ། སྡིག་པ་ཆུང་ངུ་བྱས་པ་ཙམ་གྱིས། །བདེ་མེད་བྱིན་ཟའི་ཚལ་དུ་སྐྱེ་ཞིང་། །བསྐལ་པར་སྡུག་བསྔལ་ཁུར་གྱིས་ནོན་ན། །མི་ཁྱོད་སྡིག་ལས་བྱེད་པ་ཕོད་དམ། །ཀྱེ་ཀྱེ། དལ་འབྱོར་རྟེན་གྱི་ཞིང་ས་གཤིན་པོར། །རྣམ་དཀར་ལས་ཀྱི་ས་བོན་བཏབ་ན། །ཐར་གྲོལ་སྙེ་མ་མྱུར་འཁྲུངས་ངེས་པས། །མི་ཁྱོད་རྣམ་གཡེང་བྱེད་པ་ཕོད་དམ། །ཀྱེ་ཀྱེ། ད་ནི་མི་ཁྱོད་རོ་ཉལ་མ་བྱེད། །བླ་མ་མཆོག་ལས་ཐོབ་པའི་གདམས་ཟབ། །གཡེང་བ་སྤོངས་ནས་བརྩོན་པས་སྒོམས་དང་། །རང་གཞན་དོན་གཉིས་འགྲུབ་པར་འགྱུར་རོ། །ཟེར་ནས་འཕུར་བར་བརྩམས་པ་ན་ཁོ་བོས་ལན་འདི་སྨྲས་སོ། །ཀྱེ་ཀྱེ་ངོ་མཚར་ལྷ་ཡི་བྱ། །ཀྱེ་མ་མི་རྟག་ཆོས་བཤད་པ། །ལེགས་སོ་ལེགས་སོ་ངེས་པར་བདེན། །ལེགས་བཤད་ད་དུང་ཤོད་ཅིག་ཨང་། །སྨྲས་ལན་བྱེའུ་ཆུང་འཇོལ་མོ་དེས་གཤོག་འགྱུར་ལན་གསུམ་བྱས་ནས་བདག་ལ་དགའ་བའི་རྣམ་འགྱུར་དུ་མ་དང་བཅས་ཏེ་འདི་སྐད་ཟེར་ཏོ། །ཀྱེ་ཀྱེ། ཕྱོགས་དུས་ཀྱི་རྒྱལ་བ་སྲས་བཅས་ཀྱི། །ཡེ་ཤེས་ཚོགས་གཅིག་ཏུ་བསྡོམས་པའི་སྐུ། །རྡོ་རྗེ་འཆང་དྲིན་ཆེན་བླ་མ་རྗེ། །ཁོ་བོ་ཡི་སྤྱི་གཙུགས་རྒྱན་བཞུགས་ནས། །ཀྱེ་ཀྱེ། །རྟག་འཛིན་གྱི་འགོང་པོའི་རི་བོ་འདི། །མཆོག་བྱིན་གྱིས་རྡུལ་དུ་དེང་ནས་ཀྱང་། །མི་རྟག་གི་མཛའ་བོས་རྒྱུད་བསྐུལ་བས། །བདག་བློ་འདི་ཆོས་ལ་བསྒྱུར་དུ་གསོལ། །ཀྱེ་ཀྱེ། ཁྱེད་སྔོན་ནས་འགྲོགས་པའི་གྲོགས་པོ་ལ། །བྱེའུ་ཆུང་གིས་སྙིང་དང་འདྲ་བའི་གཏམ། །ཆོས་ཟབ་རྒྱས་བདུད་རྩི་འདི་སྟོབས་པས། །སེམས་དགའ་དང་སྤྲོ་བས་ཉན་པར་བྱོས། །ཀྱེ་ཀྱེ། ཕྱི་སྣོད་ཀྱི་གཏན་པ་འབྱུང་བཞིའི་འཇིག །ནང་བཅུད་ཀྱི་འགྲོ་བ་འཆི་བའི་ཆོས། །བདེ་གཤེགས་ཀྱི་གཟུགས་སྐུའི་བཀོད་པ་བསྡུས། །འདི་བསམ་ཚེ་འཆི་བ་མི་དྲན་ནམ། །ཀྱེ་ཀྱེ། སྤྱིར་སྙིགས་མ་ལྔ་བདོའི་ཡང་ཐར་སྐྱེས། །སྒོས་ནད་མཚོན་དུག་གཡོས་འཆི་རྐྱེན་མང་། །ཚེ་འདིར་ཡང་དགྲ་གཉེན་དུ་མ་འདས། །འདི་བསམ་ཚེ་འཆི་བ་མི་དྲན་ནམ། །ཀྱེ་ཀྱེ། ཚེ་འདི་ནི་རྟག་ཏུ་འཛད་གྱུར་ལ། །ཅུང་ཟད་ཀྱང་བསྣོན་པ་ཡོད་མིན་ཅིང་། །དགྲ་འཆི་བདག་དགོང་ཀའི་གྲིབ་སོ་འདྲ། །འདི་བསམ་ཚེ་འཆི་བ་མི་དྲན་ནམ། །ཀྱེ་ཀྱེ། ལས་དཀར་དང་དཀར་མིན་ས་བོན་གྱིས། །འབྲས་བདེ་སྡུག་སྣ་ཚོགས་མྱོང་བར་བྱེད། །དུས་དེང་སྐབས་ལན་གཅིག་དལ་འབྱོར་ཐོབ། །འདི་བསམ་ཚེ་དམ་ཆོས་མི་དྲན་ནམ། །ཀྱེ་ཀྱེ། ཁམས་གསུམ་གྱི་འཁོར་བའི་མེ་འོབས་ལས། །མྱང་འདས་ཀྱི་ཞིང་དུ་དཀྲི་བའི་སྒོོ། །སངས་རྒྱས་པའི་གྲལ་དུ་ཆུད་པའི་ཐབས། །ཐེག་ཀུན་གྱི་ལམ་སྟེགས་སྐྱབས་འགྲོ་ཡིན། །ཀྱེ་ཀྱེ། ཆོས་ཀུན་གྱི་སྙིང་པོའི་ཡང་བཅུད་ཆེ། །དུས་ནམ་ཡང་གོལ་བའི་སྐྱོན་བྲལ་བ། །ཐེག་མཆོག་གི་རྩ་བ་བྱང་ཆུབ་སེམས། །སྨོན་པ་དང་འཇུག་པའི་བདག་ཉིད་དོ། །ཀྱེ་ཀྱེ། གཞི་བདེ་གཤེགས་སྙིང་པོའི་མ་ཀུ་ར། །ལས་སྒྲིབ་གཉིས་གཡའ་ཡིས་བགོས་པར་སྣང་། །འདི་མ་བསལ་མྱང་འདས་ཐོབ་ཐབས་བྲལ། །དོན་དེ་ཕྱིར་སྟོབས་བཞིར་འབད་པ་གནད། །ཀྱེ་ཀྱེ། མ་འགྲོ་བ་རིགས་དྲུག་བསྒྲལ་བའི་ཕྱིར། །མགོན་རྫོགས་པའི་སངས་རྒྱས་ཆོས་ཀྱི་སྐུ། །རླབས་ཆེན་གྱི་ཚོགས་གཉིས་བསགས་ལས་གྲུབ། །དོན་དེ་ཕྱིར་སྐུ་གསུམ་ཞིང་ཁམས་འབུལ། །ཀྱེ་ཀྱེ། རྒྱལ་ཀུན་གྱི་ངོ་བོ་བླ་མ་ཡི། །ཐུགས་རྒྱུད་ཀྱི་བྱིན་རླབས་མ་འཕོས་ན། །རྫོགས་ཆེན་གྱི་དགོངས་པ་མི་རྟོགས་པས། །མོས་གུས་ཀྱིས་དབང་བཞི་ཡང་ཡང་བློངས། །ཀྱེ་ཀྱེ། དེ་སྔོན་དུ་འགྲོ་བའི་ཆོས་ལྔ་ཡིན། །ཆོས་དངོས་གཞི་ལས་ཀྱང་ཟབ་པར་གསུངས། །འདིས་ལམ་གྱི་རྨིང་རྡོ་ཐེམ་པ་གཙོར། །དོན་དེ་ཕྱིར་སྔོན་འགྲོའི་ཆོས་ལྔར་འབུངས། །ཀྱེ་ཀྱེ། གཞི་སྦྱང་བྱ་ལུས་ཀྱི་སྒྲིབ་པ་རྣམས། །ལམ་སྦྱོང་བྱེད་བསྐྱེད་རིམ་དག་དྲན་གྱིས། །འབྲས་སྤྲུལ་སྐུའི་རྒྱལ་སར་མངའ་འབྱོར་ཕྱིར། །བུམ་དབང་གི་ལམ་ལ་འབད་པ་གནད། །ཀྱེ་ཀྱེ། གཞི་སྦྱང་བྱ་ངག་གི་སྒྲིབ་པ་ཀུན། །ལམ་སྦྱོང་བྱེད་རླུང་སྔགས་བཟླས་པ་ཡིས། །འབྲས་ལོངས་སྐུའི་རྒྱལ་སར་དབང་འབྱོར་ཕྱིར། །གསང་དབང་གི་ལམ་ལ་འབད་པ་གནད། །ཀྱེ་ཀྱེ། གཞི་སྦྱང་བྱ་ཡིད་ཀྱི་སྒྲིབ་པའི་ཚོགས། །ལམ་སྦྱོང་བྱེད་ཐིག་ལེའི་རྣལ་འབྱོར་གྱིས། །འབྲས་ཆོས་སྐུའི་རྒྱལ་སར་མངའ་འབྱོར་ཕྱིར། །ཤེར་དབང་གི་ལམ་ལ་འབད་པ་གནད། །ཀྱེ་ཀྱེ། གཞི་སྦྱང་བྱ་ཤེས་བྱའི་སྒྲིབ་པ་དག །ལམ་སྦྱོང{སྦྱོངས}བྱེད་རྫོགས་པ་ཆེན་པོ་ཡིས། །འབྲས་ངོ་བོ་ཉིད་ཀྱི་སྐུ་འགྲུབ་ཕྱིར། །ཚིག་དབང་གི་ལམ་ལ་འབད་པ་གནད། །ཀྱེ་ཀྱེ། གཟུགས་སྣང་སྟོང་ལྷ་ཡི་ཕྱག་རྒྱ་ཆེ། །སྒྲ་གྲགས་སྟོང་སྔགས་ཀྱི་རང་བཞིན་ལ། །སེམས་རྟོག་ཚོགས་འཛིན་མེད་ཆོས་སྐུའི་ངང་། །རྗེས་ཐོབ་ཏུ་དགོས་པའི་ཆོས་གསུམ་ལགས། །ཀྱེ་ཀྱེ། དཔལ་ཀུན་ཏུ་བཟང་པོའི་དགོངས་པའི་མཐིལ། །སྔོན་གྲུབ་རིགས་རྒྱ་མཚོ་གཤེགས་པའི་ཤུལ། །ཐེག་ཀུན་གྱི་རྩེ་རྒྱལ་རྫོགས་པ་ཆེའི། །ཉམས་ལེན་གྱི་དངོས་གཞི་དེ་ཀ་ལགས། །ཀྱེ་ཀྱེ། ཆོས་ཀུན་གྱི་རྗེས་སུ་མེད་མི་རུང་། །ལས་རྣམ་དཀར་མི་འཛད་འཕེལ་བའི་ཐབས། །འཁོར་གསུམ་གྱི་མཚན་མ་མི་དམིགས་པའི། །མཇུག་བསྔོ་བ་འདི་ལ་འབད་འཚལ་ལོ། །ཀྱེ་ཀྱེ། དེ་ཚུལ་གྱི་སྦྱོར་དངོས་རྗེས་གསུམ་པོ། །དུས་རྟག་པར་གནད་དུ་བསྣུན་བྱེད་པས། །ཚེ་འདི་ལ་སྐུ་བཞིའི་རྒྱལ་ཐབས་ཆེར། །འབྲས་མངོན་དུ་བྱེད་པ་ཨ་ལ་ལ། །ཀྱེ་ཀྱེ། ང་ནགས་སུ་གནས་པའི་བྱེའུ་ཆུང་གིས། །ཁྱོད་སྔོན་ནས་མཛའ་བའི་བཙུན་པ་ལ། །ཟབ་ཆོས་ཀྱི་བདུད་རྩི་འདི་སྟོབས་པ། །དྲན་དབང་གི་ཏི་ལ་ཀར་བསྟིམ་བྱོས། །ཟེར་བའི་ལན་དུ་ཁོ་བོས་འདི་སྐད་སྨྲས་སོ། །ལེགས་ལེགས་རྒྱལ་བ་སྲས་དང་བཅས་རྣམས་ཀྱིས། །ཡང་ཡང་བསྟན་པའི་དམ་ཆོས་བདུད་རྩིའི་རྒྱུན། །ལེགས་ལེགས་བརྟེན་རྣམས་འཕྲལ་ཕུག་ཀུན་དགེ་བ། །ཡང་ཡང་བདག་ལ་བསྩལ་པ་བཀའ་དྲིན་ཆེ། །གང་གསུངས་ལེགས་བཤད་བདུད་རྩིའི་ཉིང་ཁུ་ཆེས། །བདག་ཅག་བློ་ཡི་ཡོལ་གོ་བཀང་བྱས་ནས། །རྨོངས་གཡེང་རྟག་ལྟའི་འཇིགས་ཚོགས་ཀུན་བཅོམ་པས། །བྱེའུ་ཆུང་ཁྱེད་ནི་དགེ་བའི་བཤེས་སུ་རྟོགས། །ཁོ་བོ་དལ་འབྱོར་རིན་ཆེན་གླིང་ཕྱིན་ཀྱང་། །ཡིད་སྲུབ་སྲིན་མོས་ཐར་སྲོག་ལ་འཚེའི་ཚེ། །མྱང་འདས་གྲོང་དུ་བསྒྲལ་བའི་ཅང་ཤེས་མཆོག །ཁྱོད་ནི་རྒྱལ་བའི་མྱུ་གུ་ཉིད་དུ་ངེས། །འདུ་འཛིའི་རྣམ་པར་བྲེེལ་བའི་མཚོ་འགྲམ་དུ། །ཆོས་བརྒྱད་སྦྲུལ་གྱིས་འཁྱུད་པའི་ཡིད་དབང་འདི། །ཕྱིན་དྲུག་ལམ་ལ་འཛུད་པའི་གདོང་ལྔ་པ། །ཁྱོད་ནི་རྒྱལ་བའི་ཡེ་ཤེས་འཇུག་པ་ཅན། །དེ་ཕྱིར་ཁྱོད་གསུངས་ཚད་མར་བཅང་ལགས་ན། །ཡང་དག་མངོན་པར་བྱང་ཆུབ་མ་ཐོབ་བར། །བར་ཆད་བདུད་ཀྱི་བསླུ་བྲིད་འབྱུང་སྲིད་ན། །འཕུར་འགྲོའི་གཙོ་བོས་བདག་ལ་ལུང་བསྟན་གསོལ། །ཅེས་སྨྲས་པའི་ལན་དུ་འདི་སྐད་ཟེར་ཏོ། །ཀྱེ་ཀྱེ། རིང་ནས་མཛའ་བའི་ཤཱཀྱའི་བཙུན་པ་ལ། །སྙིང་གཏམ་དམར་པོར་བཤད་པ་སེམས་ལ་ཆོངས། །བུད་སྙེགས་ཐོབ་གསུམ་གཏད་ས་རྣམ་བཞི་སོགས། །དམ་པ་གོང་མའི་རྣམ་ཐར་སྐྱོང་བར་རིགས། །ཀྱེ་ཀྱེ། སྟོང་ཉིད་ལུས་ལ་སྙིང་རྗེའི་རྒྱན་གྱིས་སྤྲས། །ལྟ་བ་མཐོ་ལ་སྤྱོད་པ་ཞིབ་པ་ཅན། །དག་སྣང་ཆེ་ལ་ཆོས་སྤང་ལས་མི་གསོག །འདི་བྱས་ཡང་དག་ལམ་ལས་གཞན་འགྱུར་མིན། །ཀྱེ་ཀྱེ། དབེན་པའི་གནས་དང་དགེ་བའི་གྲོགས་པོ་དང་། །ཆོས་མཐུན་ཡོ་བྱད་སྡིག་བྲལ་འཚོ་བ་སོགས། །དམ་པ་གོང་མའི་རྣམ་ཐར་སྐྱོང་བ་དང་། །རྟག་པར་སེམས་ལ་བརྟགས་ཤིང་འདུལ་བར་བྱོས། །ཀྱེ་ཀྱེ། ཕྱིས་སུ་ལྟ་སྒོམ་སྤྱོད་པའི་འཕྲང་དག་ལ། །གེགས་དང་གོལ་ས་ལ་སོགས་འབྱུང་བའི་ཚེ། །བདག་ཉིད་ཁྱོད་ཀྱི་མོས་མཁར་ཡོང་ནས་ཀྱང་། །གེགས་སེལ་བོགས་འདོན་ཆོ་ག་བགྱིད་འཚལ་ལོ། །ཀྱེ་ཀྱེ། དེ་ཚུལ་བཤད་པ་ཐུགས་ལ་ལེགས་པར་ཆོངས། །ད་ནི་སྤྲོས་བྲལ་བལྟ་བའི་ནམ་མཁའ་ལ། །ཐབས་ཤེས་གཉིས་ཀྱི་གཤོག་སྒྲོ་ལེགས་བརྐྱངས་ནས། །གཞོན་ནུ་བུམ་སྐུའི་ཚང་ལ་ད་འཕུར་རོ། །ཀྱེ་ཀྱེ། ཟེར་ནས་ཤར་ཕྱོགས་ཀྱི་ནམ་མཁའ་གཡའ་དང་བྲལ་བའི་ངོགས་སུ་འཇའ་ཚོན་སྣ་ལྔའི་གུར་ཁང་གི་མངོན་པར་མཛེས་པ་ཞིག་ཏུ་ཐལ་གྱིས་འཕུར་ཐལ་ལོ། །ཞེས་པའང་བཙུན་ཆུང་པདྨ་བི་ཛས་སོ། །སརྦ་དཱ་མངྒལཾ།
༄༅། །བླ་མ་ལ་ཕྱག་འཚལ་ལོ། །རྒྱལ་བ་རྫོགས་པའི་སངས་རྒྱས་དེས། །ཆོས་ཀུན་རྒྱུ་མེད་ལས་མིན་ཞིང་། །རྒྱུ་མིན་ཕྱ་དང་དབང་ཕྱུག་མིན། །ཀུན་ཀྱང་ལས་ལས་འབྱུང་བར་བསྟན། །སྐྱོབ་པ་མཚུངས་མེད་དེ་ཡི་བཀའ། །ནམ་ཡང་གཞན་དུ་འགྱུར་མི་སྲིད། །དེ་ཕྱིར་དེ་ལ་བློ་གཏད་ན། །འཕྲལ་ཡུན་ཀུན་ཏུ་དགེ་བར་འགྱུར། །མདོ་སྡེ་དྲན་པ་ཉེར་བཞག་དང་། །ལས་བརྒྱ་པ་དང་མཛངས་བླུན་སོགས། །དུས་དང་དུས་སུ་ཀློག་མཛོད་ལ། །ལས་འབྲས་ཡིད་ཆེས་དད་པ་སྐྱེད། །རྒྱུ་འབྲས་ཡོད་པར་ལྟ་བ་འདི། །འཇིག་རྟེན་པ་ཡི་ཡང་དག་ལྟ། །མཐོ་རིས་བགྲོད་པའི་ཐེམ་སྐས་ཏེ། །ངེས་ལེགས་སྒྲུབ་པའི་གཞི་མའང་ཡིན། །རང་བཞིན་དྲངས་ལ་ཀུན་གྱིས་བྱམས། །གཡོ་སྒྱུ་ཅན་ལ་ལྷས་ཀྱང་ཁྲེལ། །རང་འདོད་ཆེ་བ་ཐ་མ་ཕུང་། །སྤྱི་སེམས་བཟུང་ན་ཀུན་གྱིས་བཀུར། །བཀའ་བློ་བདེ་ན་ཀུན་དང་མཛའ། །བློ་མཐུན་པ་ཡིས་གང་བྱས་འགྲུབ། །བརྟགས་ཤིང་དཔྱད་ན་འགྱོད་པ་མེད། །བསོད་ནམས་བསགས་ན་བསམ་དོན་འགྲུབ། །དཀོན་མཆོག་མཆོད་ན་ཡུལ་ཁམས་བདེ། །བླ་མ་བསྟེན་ན་བྱིན་རླབས་འཇུག །ཡི་དམ་སྒྲུབ་ན་དངོས་གྲུབ་ཉེ། །མཁའ་འགྲོ་བསྙེན་ན་ཕྲིན་ལས་མྱུར། །ཆོས་སྐྱོང་བསྐུལ་ན་དྲག་རྩལ་ཆེ། །དམ་ཚིག་གཙང་མས་གང་སྒྲུབ་འགྲུབ། །ཆོས་བཞིན་སྤྱོད་ན་འདི་ཕྱིར་དགེ། །ཕ་མ་བཀུར་ན་དྲིན་ལན་འཁོར། །བཟང་ངོ་བསྟོད་ན་བཟང་བྱེད་མང་། ངན་རྨ་དབབ་ན་ངན་སྤྱོད་ཉུང་། །དེ་ཕྱིར་ཡ་རབས་དྲ་མའི་སྲོལ། །སྔར་ཡོད་མི་སྣུབ་དར་བར་མཛོད། །ཁྱད་པར་རྐུན་དང་ཐ་མ་ཀ །ཁྱི་བཀྱེ་དམར་མཆོད་ལྡུམ་བརྐོ་སོགས། །མི་རུང་གདོལ་སྤྱོོད་སྣ་ཚོགས་པ། །ཀུན་ནས་འགེགས་པའི་ཆོས་ཁྲིམས་སྲོལ། །དམ་པའི་རྡོ་རྗེ་སློབ་དཔོན་ལས། །ཁས་བླངས་བཅའ་ཁྲིམས་གང་ཡོད་རིགས། །མི་ཉམས་སྲུང་ན་དོན་ཆེ་བ། །ཀུན་གྱི་ཐུགས་ལ་འཇོག་ཀྱང་འཚལ། །འདི་ནི་སྔོན་ཆད་འདྲིས་པའི་རྒྱུས། །ཉེ་བའི་མཆིད་དུ་གསོལ་བ་ལས། །གཞན་དུ་བསྒྲང་བྱ་བཞི་བཅུའི་སྐེག །ཉེ་ལ་མི་ཆོས་ཕེར་ཡང་ཅི། །དེ་ཕྱིར་ཁྱེད་ལ་ཕན་པའི་ངག །བཤད་གང་ཁྱད་དུ་གསོད་མིན་པར། །ལག་ལེན་གནད་དུ་དྲིལ་མཛོད་དང་། །འཕྲལ་ཡུན་དགེ་བའི་སྐྱབས་སྲུང་བགྱིད། །དགེ་བར་གྱུར་ཅིག་མངྒལཾ། །
༄༅། །སྐྱེ་བ་འདི་དང་ཚེ་རབས་ཕྲེང་བ་རུ། །འབྲལ་མེད་སྐྱོང་བའི་དྲིན་ཆེན་ཆོས་ཀྱི་རྗེ། །མི་མངོན་དབྱིངས་ནས་ཐུགས་རྗེའི་སྤྱན་གྱིས་གཟིགས། །བློ་སྣ་ཆོས་ལ་འགྱུར་བར་བྱིན་གྱིས་རློབས། །འདུ་བྱེད་ཐམས་ཅད་འགྱུར་ཞིང་རྙིང་པའི་ཆོས། །མི་རྟག་གློག་གི་གར་མཁན་གཡོ་བ་ལྟའི། །སྣང་ཚུལ་འདི་མཐོང་སྐྱོ་སེམས་མགྲིན་པའི་ངག །རིང་བའི་ཚུལ་གྱིས་རྡབ་རྡིབ་བསྒྱུར་འདིའོ། །ན་སོ་སྨིན་པས་དབང་ཤེས་སྟོབས་ཀྱང་བྲི། །འཆི་བ་མྱུར་དུ་འབྱུང་སྙམ་བློ་མ་བདེ། །སོ་དཀར་གཞོན་པའི་དུས་དང་ཅུང་མ་འདྲ། །སྙན་སྙན་ལེགས་ལེགས་སྒྲིག་པའི་གཉེར་མི་འདུག །ཨུ་ནུས་མ་མཛད་ད་ནི་སྐུ་ཚེ་རིང་། །རང་སྐྱོན་རང་གིས་བརྟགས་ན་རང་ངོ་ཚ། །གཞན་སྐྱོན་གཞན་གྱིས་མཐོང་ཚེ་གཞན་ལ་ཁྲེལ། །གཅིག་ལས་གཅིག་ཐུ་གཅིག་སྐྱོན་གཅིག་ལ་འགེལ། །སྙིགས་ལྔའི་རང་མཚང་ངོམ་ལ་སུས་ཅི་བྱ། །བཤད་པས་ཅི་བྱེད་ཉན་མཁན་སུ་ཞིག་ཡོད། །ཤེས་པས་ཅི་ཕན་ལག་ཏུ་ལེན་མཁན་སུ། །མདོ་རྒྱུད་བཀའ་བསྟན་འཕགས་བོད་མཁས་པའི་གཞུང། །གྲུབ་པའི་ཉམས་ཡིག་ཐོལ་བྱུང་དོ་ཧའི་སྐོར། །མན་ངག་རིན་ཆེན་དེང་དུས་རྡུལ་ཁྲོད་ལྷུང་། །དོན་གཉེར་མཁན་མེད་ཁྱི་ལ་རྩྭ་བྱིན་འདྲ། །དམ་པའི་ཆོས་ལས་ཤ་སྐལ་འདམ་པའི་དུས། །ཙནྡན་སྡོང་དུམ་ཕྱེ་དང་མུ་ཏིག་མཉམ། །རྒྱལ་པོ་ཀྲྀ་ཀྲྀའི་{ཀྲི་ཀའི} རྨི་ལྟས་ཐོག་ཏུ་སྨིན། །ཨ་གསར་གསར་འགྲོགས་ཆེ་བའི་མཚང་རྟགས་སུ། །གསར་བྱུང་ཚིག་འཁྱལ་བྱུང་ན་མོས་མདོག་ཁ། །བསྟན་པ་ཉམས་རྟགས་ཡིན་གྱི་ཡ་མཚན་ཅི། །དེ་བས་དོན་མེད་ལབ་གླིང་མ་མང་བར། །བློ་འདི་ནང་དུ་ཁུག་ལ་རང་རྒྱུད་རྟོག །དུས་བཞིའི་འགྱུར་བ་ནམ་ཟླའི་འཕོ་འཆུགས་དང་། །དགྲ་གཉེན་འབྱོར་རྒུད་འདུ་འབྲལ་སྐྱེ་འཆི་སོགས། །གཟིགས་དང་གདམས་ངག་ཁྱད་འཕགས་དེ་ན་བདོག །རང་ལའང་འབྱུང་བའི་བྱ་སྟོན་ལགས་པར་དགོངས། །ལྷན་ཅིག་སྐྱེས་པའི་ལུས་ཀྱང་འདོར་ངེས་ན། །རིགས་གཟུགས་གཉེན་གྲོགས་སྲིད་སྡེ་འབྱོར་པས་ཅི། །ནམ་ཞིག་མིང་གི་ལྷག་མའང་མི་གནས་ན། །སྙན་གྲགས་བདུད་ཀྱི་བྱེ་གཏོར་དེས་ཅི་བྱ། །ཡོན་ཏན་ཡོད་ན་ཀུན་གྱིས་བསྟོད་བཀུར་བརྩི། །ཡོན་ཏན་མེད་ན་རང་མཐོང་བྱས་ཅི་ཕན། །ཡོན་བདག་དད་པས་བྱིན་པ་ཆུད་མ་གསོན། །ཡོན་སྦྱང་ཚུལ་གནས་ཐོས་བསམ་སྒོམ་ལ་སྦྱོར། །སྡིག་པའི་ལས་ནི་མེ་མཚོན་སྦྲུལ་ལས་ཐུ། །སྡིག་སེམས་མདག་མེ་འབར་བའི་ཁྲི་མུན་དུ། །སྡིག་ལྡན་ལས་ཀྱི་རྙི་{སྙི}ལ་ཐོགས་པའི་ཚེ། །སྡིག་ལ་འགྱོད་ཀྱང་དེ་དུས་འཕྱིས་པར་ཟད། །རང་བྱས་རང་ལ་སྨིན་གྱི་གཞན་ལ་མིན། །རང་སྡུག་རང་གིས་མ་ཉོ་མནོ་བས མ་ཐོངས། །རང་མགོ་རང་གིས་འདོན་དུས་དེང་ལགས་པས། །རང་དྲིན་རང་ལ་ཆེའོ་གཞན་གནོད་སྤངས། །གཞན་ཕན་ཡང་དག་སྒྲུབ་པ་རང་དོན་རྩེ། །གཞན་གནོད་གཞིར་བཅས་སྤངས་པ་འཕགས་པའི་ལམ། །གཞན་རྒྱུད་མ་དཀྲུགས་གཞན་སེམས་རྟག་ཏུ་ཟུང་། །གཞན་ལ་བྱས་ཡུས་མ་འདྲེན་དམན་ས་ཟུང་། །གཅིག་སེམས་གཅིག་གིས་བསྲུངས་ན་འདི་ཕྱིར་བདེ། །གཅིག་རྒྱུད་གཅིག་གིས་དཀྲུགས་ན་ཕུང་ཀྲོལ་གཞི། །གཅིག་གིས་གཅིག་བཀུར་བཟང་པོའི་དུས་ཞེས་གླེང་། །གཅིག་གིས་གཅིག་སྨོད་སྙིགས་མའི་མངོན་རྟགས་ལགས། །ཐུབ་པས་སེམས་ཅན་མགུ་བྱ་མ་གཏོགས་པ། །རྒྱལ་བ་དགྱེས་པའི་ཐབས་གཞན་མེད་ཅེས་གསུངས། །གཞན་དོན་ཡང་དག་སྒྲུབ་པ་རང་དོན་རྩེ། །དེ་ཕྱིར་གཞན་ཕན་སྒྲུབ་ལ་ནན་ཏན་མཛོད། །
༄༅། །གང་མཚན་ཐོས་དང་དྲན་པས་ཀྱང་། །སྲིད་པའི་སྡུལ་བསྔལ་མཐར་འབྱིན་པའི། །མཚན་ལྡན་བླ་མའི་ཞབས་པདྨོར། །བཏུད་ནས་ཕན་པའི་གཏམ་འདི་སྒྲོགས། །དལ་འབྱོར་རྙེད་དཀའ་འཇིག་སླ་ཞིང་། །ལས་འབྲས་མི་བསླུ་སོ་སོར་སྨིན། །འཁོར་བའི་སྡུག་བསྔལ་མཐའ་མེད་པས། །འདི་ལ་སྐྱོ་བ་སྐྱེ་བ་རིགས། །སྔོན་ཆད་མཐོང་ཐོས་འདྲིས་པའི་གྲོགས། །ཇི་སྙེད་འཇིག་རྟེན་ཕ་རོལ་དུ། །དབང་མེད་སོང་བའི་ཚུལ་སོམས་ལ། །རང་ལ་བློ་གདེང་ཅི་ཡོད་ལྟོས། །སང་ཕོད་ལོ་དང་སླད་མའི་དུས། །སྔོན་ལ་སུ་འབྱུང་ཆ་ཡོད་དམ། །དེ་བས་དོན་མེད་བྱ་བ་སྤོངས། །སྙིང་ནས་འཆི་ཆོས་སྒྲུབ་པ་གནད། །འཆི་བདག་ཟེར་བའི་དབང་ཆེན་འདིས། །སྔོན་ཆད་དགྲ་གཉེན་ཕྱེས་པ་མེད། །བཟློག་མེད་ཐོག་ཏུ་བབས་པའི་ཚེ། །མཛའ་བཤེས་གཉེན་གྲོགས་ནོར་གྱིས་ཅི། །ཐམས་ཅད་བོར་ཏེ་འགྲོ་དགོས་ན། །དེ་དུས་ཕན་པ་དམ་པའི་ཆོས། །དེ་ལས་སྐྱབས་གཞན་ཡོད་མིན་ན། །ཅི་ཕྱིར་བརྩོན་པས་འབད་མི་བྱེད། །ད་ལྟ་རང་དབང་རང་ལ་ཡོད། །དགེ་སྡིག་བླང་དོར་ཆ་ཙམ་ཤེས། །གཏན་འདུན་ལེགས་ཉེས་ད་རེས་ཡིན། །རང་མགོ་རང་གིས་མ་གཡོགས་ཨང་། །རྒྱལ་བས་ཆོས་སྒོ་བརྒྱད་ཁྲི་བོ། །གདུལ་བྱའི་ཉོན་མོངས་འདུལ་ཐབས་བསྟན། །རང་རྒྱུད་ཐུལ་ན་དེ་ཀ་ཡིན། །ཉམས་ལ་མ་སྦྱར་དེས་ཅི་ཕན། །དང་པོ་བློ་ལྡོག་རྣམ་བཞི་ཡིས། རང་རྒྱུད་གྱོང་པོ་ཅི་ཐུལ་བྱ། །འདི་མེད་ཐེག་དགུའི་ཆོས་བཤད་ཀྱང་། །ཁ་ཆོས་ཡིན་གྱི་དོན་ཆོས་མིན། །ངེས་པར་འཁོར་བ་བཙོན་དོང་ལྟར། །ལེགས་མཐོང་བཅོས་མིན་ངེས་འབྱུང་རྟ། །ལོང་མེད་དྲན་པའི་ལྕག་བསྐུལ་ན། །ཆོས་ཀྱི་ཕྱེད་ཀ་ཚར་བ་ལགས། །མཁའ་ཁྱབ་འགྲོ་ཀུན་ཕ་མ་སྟེ། །འདི་ཡི་དྲིན་ལན་འཁོར་མཐའ་བྲལ། །དམ་ཆོས་སྒྲུབ་ན་འཁོར་བ་ཡིན། །དེ་སླད་སྙིང་ལ་རི་མོ་བྲིས། སེམས་ཅན་མགུ་བྱ་མ་གཏོགས་པ། །རྒྱལ་བ་མཉེས་པའི་ཐབས་མེད་གསུངས། །འདི་དག་མགུ་བྱས་མང་པོ་ཞིག །ཕུན་ཚོགས་ཕ་རོལ་སོང་ཞེས་གྲགས། །དེས་ན་སྲོག་ལ་བབས་གྱུར་ཀྱང་། །འགྲོ་སྒྲོལ་གོ་ཆ་མི་འདོར་ངོས། །སྒོ་གསུམ་དགེ་ལ་སྦྱོར་བ་འདི། །ཐེག་ཆེན་ལམ་གྱི་མདོ་འགག་ཡིན། །དེ་ཕྱིར་སྦྱོར་བ་སེམས་བསྐྱེད་དང་། །དངོས་གཞི་འཁོར་གསུམ་རྟོག་པ་མེད། །རྗེས་ལ་བྱང་ཆུབ་ཡོངས་བསྔོོ་བ། །མེད་ཐབས་མེད་པའི་ཆོས་གསུམ་ལགས། །དུས་རྒྱུན་རང་གི་རྒྱུད་ལ་རྟོག །དགེ་བར་འདུག་ན་གཟེངས་བསྟོད་ལ། །ཉེས་པ་འདུག་ན་ཚར་བཅད་ནས། །ཡང་དག་ལམ་དུ་ཅི་འགྲོ་བྱོས། །མདོར་ན་དམ་པ་རྒྱ་གར་གྱིས། །རང་ཉིད་ཇི་ལྟར་འདོད་པ་དེ། །གཞན་ལའང་དེ་བཞིན་སྦྱར་བར་མཛོད། །གདམས་ངག་ཚིག་གཅིིག་ཡིན་ནོ་གསུངས། །བསླབ་བྱའི་གནད་རྣམས་འདིར་འ དུས་པས། །རྟག་པར་སྙིང་ལ་སྒོམ་པ་དང་། །ཅི་ནུས་ལག་ཏུ་ལོན་པར་མཛོད། །དེ་ཡིས་དུས་ཀུན་དགེ་བར་འགྱུར། །དེ་སྐད་དགེ་སྦྱོར་སྙོམ་ལས་མཁན། །པདྨ་བི་ཛར་འབོད་དེ་ཡིས། །ཤཱི་ལའི་མཚན་ཅན་ཁྱོད་ལ་གདམས། །དགེ་བས་སངས་རྒྱས་འགྲུབ་གྱུར་ཅིག །
༄༅། །མགོན་རྫོགས་པའི་སངས་རྒྱས་མི་གཟུགས་ཅན། །ཕ་བླ་མའི་ཞབས་ལ་གསོལ་བ་འདེབས། །བུའི་བློ་སྣ་ཆོས་ལ་འགྱུར་བར་ཤོག །ཀྱེ་ལེགས་པར་ཉོན་དང་དོན་མཐུན་གྲོགས། །རྗེ་རྒྱལ་བ་རྫོགས་པའི་སངས་རྒྱས་དེས། །ཆོས་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཡང་། །དོན་བདག་འཛིན་འདུལ་བའི་གཉེན་པོ་བསྟན། །ད་རང་སེམས་ཐུལ་ཅིག་དགེ་བའི་གྲོགས། །སྔོན་བསོད་ནམས་བསགས་པའི་འབྲས་བུ་ཡིས། །དུས་ལན་གཅིག་དལ་འབྱོར་ཐོབ་པ་འདི། །དཔེ་ཡིད་བཞིན་ནོར་བུ་རྙེད་ལས་ལྷག །ད་དོན་མེད་དབང་དུ་མ་བཏང་ཅིང་། །དཔེ་གསོད་སར་ཁྲིད་པའི་དུད་འགྲོ་བཞིན། །དུས་སྐད་ཅིག་རེས་ཀྱང་འཆི་ལ་ཉེེ། །སང་ཙམ་ཡང་མི་འཆིའི་གདེང་ཚད་ཅི། །ད་ལོང་མེད་བློ་སྣ་བཙན་ཐབས་སྟུངས། །ལས་དཀར་ནག་རྒྱུ་འབྲས་རྟེན་འབྱུང་འདི། །དཔེ་དཔྱིད་བཏབ་ས་བོན་བཟང་དང་འདྲ། །དུས་ནམ་ཡང་མི་བསླུ་རང་ལ་སྨིན། །འདི་བསམ་བཞིན་འཇུག་ལྡོག་ཚུལ་བཞིན་མཛོད། །གནས་ཁམས་གསུམ་འཁོར་བའི་འཇིག་རྟེན་ན། །དོན་བདེ་མེད་སྡུག་བསྔལ་གསུམ་གྱི་སྣོད། །དཔེ་ནག་ཅན་བཙོན་རར་ཆུད་པ་འདྲ། །ཚུལ་འདི་ལ་སྐྱོ་བ་སྐྱེད་པར་རིགས། །སྐྱབས་དཀོན་མཆོག་གསུམ་པོ་མ་གཏོགས་པ། །དོན་བློ་གཏད་ཁེལ་པ་གཅིག་ཀྱང་མེད། །བུ་བདེ་སྡུག་ལེགས་ཉེས་ཅི་བྱུང་ཡང་། །དུས་གཏན་གྱི་སྐྱབས་གནས་ཁོང་ལ་ཞུས། །སྤྱིར་ངེས་འབྱུང་རྒྱུད་ལ་མ་སྐྱེས་ན། །ལས་ཇི་ལྟར་བྱས་ཀྱང་འཁོར་བ་པ། །དེས་གཏན་གྱི་འདུན་མ་འགྲུབ་མི་སྲིད། །བུ་ངེས་འབྱུང་རྒྱུད་ལ་བསྐྱེད་པ་གལ། །བྱམས་སྙིང་རྗེ་བྱང་སེམས་མི་ལྡན་ན། །ཚུལ་ཇི་ལྟར་སྣང་ཡང་དམན་པའི་ལམ། །རྣམ་མཁྱེན་གྱི་འབྲས་བུ་དེ་ལ་མེད། །བུ་ཐེག་ཆེན་ལམ་ལ་སློབ་པ་འཚལ། །སྨིན་གྲོལ་དང་དམ་ཚིག་མི་ལྡན་ན། །ལུས་ཕྱིི་ཚུགས་བཟང་ཡང་སྙིང་པོས་སྟོང་། །གྲུབ་གཉིས་ཀྱི་འབྲས་བུ་ཐོབ་མི་སྲིད། །བུ་རང་མགོ་རང་གིས་འདོན་རེ་རན། །དུས་ད་རེས་ལམ་སྣ་མ་ཟིན་ན། །ནམ་གཏན་གྱི་འདུན་མ་འཆུག་ངེས་པས། །བློ་མལ་དུ་ཁུག་ལ་བསམ་དཔྱོད་ཐོངས། །སེམས་ཆོས་དང་འདྲེས་པའི་ཉམས་ལེན་ཞུ། །ཚུལ་དེ་སྐད་དགེ་སྦྱོར་སྙོམ་ལས་མཁན། །མི་མདོ་མེད་བི་ཛས་གང་ཤར་སྨྲས། །བུ་ངེས་དོན་བསྟན་འཕེལ་སྙིང་ལ་ཆོངས། །དོན་ལག་ཏུ་ལེན་པའི་བཀའ་དྲིན་ཞུ། །མངྒལཾ།
༄༅། །བླ་མ་ལ་ཕྱག་འཚལ་ལོ། །ཀྱེ་ཧོ་སྔོན་བསགས་རྣམ་པར་དཀར་བའི་མཐུས། །ད་རེས་མངོན་མཐོའི་རྟེན་གྱིས་འབྱོར་དུས་འདིར། །དོན་མེད་བྱ་བར་རང་མགོ་མི་བསྐོར་བར། །གཏན་དུ་ཕན་པའི་དམ་པའི་ཆོས་མཛོད་ཅིག །ཚེ་ནི་མི་རྟག་དགོང་ཀའི་ཉི་བཞིན་འགྲོ། །ལང་ཚོའི་མེ་ཏོག་སྟོན་གཞུག་སེར་བུས་བཅོམ། །འཆི་བདག་བདུད་ནི་མི་སྡོད་ཚུར་ཚུར་འོང་། །དོན་ནུབ་ཙམ་ཡང་མི་འཆིའི་བློ་གདེང་ཅི། །འཇིག་རྟེན་བྱ་བའི་ལས་ལ་འཛད་པ་མེད། །ཇི་ཙམ་འགྲུབ་བཞིན་དགོས་དགོས་སྔར་བས་མང་། །ཚེ་མཐའ་གཏུགས་ཀྱང་བྱ་བས་གཏུགས་པ་མེད། །དེ་བས་ད་ནས་རང་ཚོད་བཟུང་ན་ལེགས། །དཀར་ནག་འདྲེས་མའི་ལས་ཀྱི་རྣམ་སྨིན་འདི། །ནམ་ཡང་མི་བསླུ་བདེ་སྡུག་སོ་སོར་སྨིན། །ཇི་ལྟར་དཔྱིད་བཏབ་འབྲས་བུ་སྨིན་པ་བཞིན། །རང་བྱས་རང་ལ་སྨིན་གྱི་གཞན་ལ་མིན། །དེ་ཕྱིར་རང་གི་རྒྱུད་ལ་ལེགས་རྟོག་ནས། །སྔར་བྱས་སྡིག་པའི་ལས་ལ་བཤགས་སྡོམ་དང་། །གཉེན་པོ་དགེ་བའི་ལས་ལ་གཅིག་ཏུ་དྲིལ། །དེ་ཡང་སྦྱོར་རྗེས་སྡིག་དང་མ་འདྲེས་གལ། །འཁོར་བའི་གནས་ན་བདེ་བ་ཅུང་ཟད་མེད། །བདེ་བར་སྣང་ཡང་འགྱུར་དང་འདུ་བྱེད་ཉིད། །དེ་ཕྱིར་ངེས་འབྱུང་གཙང་མའི་རྟ་ཞོན་ལ། །བདེ་ཆེན་ཐར་པའི་བཙན་ས་སྙོག་རེ་རན། །འཁོར་བའི་དཔོན་ནི་ཇི་ཙམ་བཟང་ཡང་བསླུ། །མི་བསླུ་ངེས་པ་དཀོན་མཆོག་གསུམ་ཁོ་ན། །དེ་ཕྱིར་དེ་ལ་བློ་གཏད་ཡིད་ཆེས་ཀྱིས། །སྐྱབས་སུ་སོངས་དང་སྲིད་པའི་འཇིགས་སྐྱོབ་ངེས། །འགྲོ་བ་འདི་ཀུན་ཚེ་སྔོན་ཕ་མ་སྟེ། །ཐམས་ཅད་བདེར་འདོད་སྡུག་བསྔལ་མི་འདོད་མཚུངས། །དེ་བས་བདག་ཕྱིར་གཞན་གནོད་བསམ་སྦྱོར་སྤོངས། །གཞན་ཕན་བྱང་ཆུབ་སེམས་ལ་ནན་ཏན་མཛོད། །དུས་ཆེན་བཞི་དང་ཉ་སྟོང་བརྒྱད་སོགས་སུ། །བསྙེན་གནས་ལ་སོགས་དུས་དང་གཏན་བླངས་ཁྲིམས། །རྨ་ཡི་བག་བཞིན་རྟག་ཏུ་སྲུང་མཁས་ན། །མངོན་མཐོ་ངེས་ལེགས་བགྲོད་ལ་ཐག་མི་རིང་། །དེ་ཀུན་གཞི་ནི་ལས་འབྲས་ཡིད་ཆེས་ཀྱི། །ལྟ་བ་འདི་ཡིན་འདི་ཡོད་ཅི་བྱས་དགེ། །འདི་མེད་ཇི་ལྟར་བྱས་ཀྱང་དགོས་འབྲས་སྟོར། །དེ་ཕྱིར་དཔང་པོ་རང་གི་སེམས་ལ་ཆོལ། །རང་སེམས་དཀར་ན་གང་བྱས་དགེ་བ་སྟེ། །རང་སེམས་ནག་ན་བྱས་ཚད་མི་དགེའི་རྒྱུ། །དེས་ན་འདུན་མ་ཐམས་ཅད་སེམས་ལ་གླེང་། །རྟག་ཏུ་དྲན་ཤེས་བག་ཡོད་འབྲལ་མེད་མཛོད། །རང་གིས་སེམས་འདི་རང་གིས་མ་བརྟུལ་ན། །གཞན་ནས་འདུལ་མཁན་སུ་ཡང་མི་འབྱུང་བས། །ཡང་དང་ཡང་དུ་རང་གི་སེམས་ལ་ལྟོས། །དགེ་ན་གཟེངས་བསྟོད་མི་དགེ་ཚར་གཅོད་མཛོད། །ངེས་འབྱུང་དད་མོས་སྙིང་རྗེ་བྱང་ཆུབ་སེམས། །ནམ་ཡང་མེད་ཐབས་མེད་པའི་ཆོས་བཞི་ཡིན། །འདི་དང་འགྲོགས་ན་མི་བསླུ་རྒྱལ་བའི་བཀའ། །ནམ་ཡང་ཐར་པ་མཆོག་ལས་གཞན་དུ་མིན། །འདི་མེད་ལྟ་དགོངས་མཐོན་པོའི་སྟོང་སྐད་དང་། །ངས་བྱས་བྱས་ཡུས་འདྲེན་པའི་དགེ་སྦྱོར་ཕལ། །ཐར་པའི་ལམ་དུ་ཇི་བཞིན་འགྱུར་བ་དཀའ། །དེ་ཕྱིར་ཡང་ཡང་རང་རྒྱུད་འདུལ་བ་གནད། །ཁྱིམ་པ་རྣམས་ལ་གྲུབ་མཐའི་གཉེར་མེད་པས། །རང་ལུགས་གཞན་ལུགས་ཆགས་སྡང་མི་གསོག་པར། །ཀུན་ལ་དད་དང་དག་སྣང་སྦྱོང་བ་དང་། །མཆོད་སྦྱིན་ཚོགས་གསོག་རང་ནུས་ཅི་ཡོད་བརྩོན། །རྩ་གསུམ་ལྷ་ཚོགས་བླ་མའི་རྣམ་རོལ་ཏེ། །དུས་གསུམ་སངས་རྒྱས་དགོངས་ཀློང་མཉམ་པ་ཉིད། །གདུལ་བྱའི་སྣང་ངོར་བཀོད་པ་སྣ་ཚོགས་སྟོན། །གང་ལ་ཕུལ་ཡང་དོན་ལྡན་འབྲས་བུར་བཅས། །གཅིག་ལ་མཆོད་པས་རྒྱལ་ཀུན་མཆོད་པར་འགྱུར། །ཁྱད་པར་རྒྱལ་བ་དགྱེས་པའི་ཐབས་གཙོ་ནི། །སེམས་ཅན་མགུ་བར་བྱ་ལས་གཞན་ཡོད་མིན། །སངས་རྒྱས་ཞིང་དང་སེམས་ཅན་ཞིང་ཞེས་གསུངས། །ཚོགས་གསོག་ཕུལ་ལའང་ཁྱད་པར་ཅུང་ཟད་མེད། །དེ་ཕྱིར་དམན་དང་མགོན་མེད་ལ་སོགས་པར། །ལྷག་པར་བྱམས་བྱོས་ཕན་འདོགས་གནོད་སྐྱོབ་མཛོད། །མཐར་ཐུག་བྱང་ཆུབ་ལ་འགོད་སྨོན་ལམ་ཐོབ། །དེ་ཡིས་རྒྱལ་སྲས་སྤྱོད་ལས་ཉམས་མི་འགྱུར། །སྲོག་ལ་བབས་ཀྱང་སྨོན་པའི་སེམས་མ་འདོར། །གལ་ལ་ཐུག་ཀྱང་སྡིག་པའི་ལས་མ་བྱེད། །ཅི་ལ་ཐུག་ཀྱང་དཀོན་མཆོག་གསུམ་མ་སྤོངས། །གལ་མདོ་ངེས་པའི་སྙིང་པོ་དེ་གསུམ་ལགས། །འདི་གསུམ་ལག་ཏུ་ལོན་ན་དེ་ཀས་ཆོག །དེ་སྐད་བློ་ཚོད་དང་འཚམ་བསླབ་བྱ་འདི། །གསུང་གིས་བསྐུལ་ངོར་དགེ་སྦྱོང་རྒན་པོས་གདམས། །དགེ་བས་ཁྱོད་བློ་དགེ་ལ་རབ་གཞོལ་ཞིང་། །དོན་གཉིས་བསམ་ཀུན་འགྲུབ་པའི་བཀྲ་ཤིས་ཤོག །
༄༅། །དཔའ་བོ་གང་ཞིག་དྲན་པའི་མོད་ཉིད་ནས། །ལུས་ཅན་སྙིང་ལ་ཉལ་བའི་ཀུན་རྨོངས་དཔུང། །སླད་ནས་མཛའ་བ་མིན་པའི་མཆོག་སྦྱིན་པའི། །འཇམ་དཔལ་མགོན་དེས་ཁྱོད་ལ་སྲུང་གྱུར་ཅིག །ལང་ཚོའི་མྱུ་གུ་གསར་པའི་ཁྲི་ཤིང་རྩེར། །རྣམ་རིག་མེ་ཏོག་བཀྲ་བའི་དལ་བའི་དཔལ། །རྒ་དང་རྒུད་པའི་ཟོར་བས་ཟོས་མིན་ཚེ། །རྣམ་གསུམ་ཤེས་རབ་ཟིལ་དངར་གསོག་པ་གཅེས། །ཟླ་བྲལ་དེད་དཔོན་མཁས་པའི་རྗེས་བསྙེགས་ཏེ། །ཟབ་རྒྱས་གཙུག་ལག་ནོར་བུའི་གྲམ་བརྡལ་ལས། །རང་སྐལ་མ་ཆད་ཚགས་སུ་ཚུད་བྱེད་པ། །དེ་དང་མཉམ་པའི་མདོ་ཅན་གཞན་སུ་ཞིག །དེ་སླད་ཚོང་པ་རིན་གླིང་ཞུགས་པ་བཞིན། །ཡོངས་འཛིན་མཁས་པའི་ཞབས་དྲུང་སྙོགས་པ་ཁྱོད། །གསན་བསམ་བསྒོམ་ལ་བར་ཆད་མི་འབྱུང་བའི། །བསྐྱབ་བསྲུང་མཉམ་བཞག་མལ་ནས་ཁོ་བོས་བགྱིད། །ཁྱེད་ཀྱང་བག་མེད་རྣམ་གཡེང་དགྲ་བོ་ཡིས། །བརྫི་མིན་བརྩོན་འགྲུས་རྡོ་རྗེའི་མཁར་བརྟན་ངོས། །ཕྱོགས་ཞེན་ཆོས་སྤང་གཡང་ལས་འཕྱན་མིན་པར། །རིས་བྲལ་དག་སྣང་དཀར་པོའི་སྒོ་དབྱེ་འཚལ། །དེ་ལྟར་སྙིགས་ལྔའི་མཐར་ཐུག་བསྟན་ཞབས་འདིར། །ཚིགས་བཅད་གཅིག་ཙམ་ཉན་བཤད་སྒོམ་སྒྲུབ་ཀྱི། །བསོད་ནམས་དཔག་ཡས་ཐུབ་པས་རྗེས་བསྔགས་ཚུལ། །ཡང་ཡང་སོམས་ལ་དྲན་པའི་ལྕག་འདེབས་འཚལ། །རང་མཐོང་ང་རྒྱལ་མ་ཆེ་དམན་ས་ཟུངས། །ཕྱོགས་རིས་འདམ་ཁ་མ་བྱེད་གང་ཐོབ་ཞུས། །ཐོས་དོན་ཡན་གར་མ་བཏང་བསམ་སྒོམ་གྱིས། །ཀུན་ཀྱང་ཉོན་མོངས་གཉེན་པོར་ཅི་འགྲོ་མཛོད། །དེ་སྐད་ཕན་སེམས་དཀར་པོའི་ཉེར་ལེན་གྱིས། །ལེགས་པར་འདོམས་སོ་ཐུགས་ལ་བཅང་བར་འོས། །བསམ་གཞིག་ཨེ་འདུག་ཕྱིས་ནས་ཁོ་བོས་བལྟ། །བསླབ་སྦྱང་མཐར་རུ་ཕྱིན་པའི་བཀྲ་ཤིས་ཤོག །
༄༅། །ༀ་སྭསྟི། རྒྱལ་བའི་བསྟན་ལ་རྒྱལ་བའི་མཛད་པ་ཅན། །རྒྱལ་བསྟན་བདག་པོར་རྒྱལ་བས་ལུང་བསྟན་པའི། །རྒྱལ་བ་གཉིས་པ་རྒྱལ་སྲས་ཆོས་ཀྱི་རྗེ། །བློ་གྲོས་མཐའ་ཡས་ཞབས་ལ་ཕྱག་བྱས་ནས། །ལུགས་གཉིས་བྱ་བས་ཡོངས་བཏང་ཀུ་སཱ་ལི། །པདྨ་བི་ཛར་འབོད་པའི་སྙོམ་ལས་པས། །སྒྲུབ་བརྒྱུད་བསྟན་པའི་མངའ་བདག་མཆོག་སྤྲུལ་ཆེར། སོར་བཅུའི་ཐལ་མོ་སྦྱོར་ནས་མཆིད་འདི་གསོལ། །ཀྱེ་ལགས་དེང་སང་སྙིགས་ལྔའི་རྙོག་མ་ཡིས། །ཐུབ་བསྟན་མཚོ་ཆེན་རྒུད་ལ་ཕྱོགས་དུས་འདིར། །རླབས་ཆེན་ཐུགས་བསྐྱེད་བརྩོན་པའི་དཔུང་བསྐྱེད་ནས། །འཁོར་ལོ་གསུམ་གྱི་ཕྲིན་ལས་བླར་འཕེལ་མཛོད། །ཐུགས་རྗེའི་བདག་ཉིད་རྒྱལ་བ་སྲས་བཅས་ཀྱིས། །ཡང་ཡང་དཀའ་བས་བཙལ་ཞིང་བརྣག་པའི་དོན། །དྲི་མེད་ཐུབ་བསྟན་ལུང་རྟོགས་གཉིས་ཁོ་ན། །དེ་སླད་བཤད་སྒྲུབ་བརྩོན་པས་འཛིན་པར་འོས། །སྲིད་གསུམ་བདག་པོའི་འབྱོར་པས་མཚོན་མིན་པའི། །སྒྲུབ་བརྒྱུད་ཡིད་བཞིན་ནོར་བུའི་རིང་ལུགས་མཆོག །དེང་དུས་རྨོངས་པའི་སྐྱེ་བོས་འདོར་དུ་ཆ། །ཚུལ་འདིར་གཟིགས་ལ་བརྩོན་པའི་གོ་བགོ་འཚལ། །གཞན་ཕན་ཕྲིན་ལས་ཀུན་གྱི་རྩ་བ་ནི། །དྲི་མེད་ཚུལ་ཁྲིམས་རིན་ཆེན་རྒྱན་འདི་ཡིན། །འདི་མེད་མཁས་ཀྱང་བསྟན་འགྲོའི་དོན་འགྲུབ་དཀའ། །དེ་སླད་འཆལ་སྤྱོད་དྲི་མས་མ་ནོངས་གལ། །འགྲོ་ལ་ཕན་བཞེད་རྒྱལ་སྲས་མཆོག་རྣམས་ཀྱིས། །མི་བསླབ་ཤེས་བྱའི་དངོས་པོ་སྲིད་མིན་ཕྱིར། །བཟོ་གསོ་སྒྲ་ཚད་ནང་རིག་ཡན་ལག་བཅས། །ཐུགས་ཀྱི་དཔལ་བེར་ཡོངས་སུ་བསྟི་བར་མཛོད། །མཁས་པ་ཀུན་བརྟེན་མཁས་པའི་ལེགས་བཤད་ཚོལ། །གྲུབ་པ་ཀུན་བརྟེན་གྲུབ་པའི་དགོངས་ཉམས་ལེན། །རང་དོན་ཚགས་ཚུད་བསྡུ་བཞིའི་ཕྲིན་ལས་ཀྱིས། །གཞན་དོན་སྐྱོང་ལ་བསྟན་འཛིན་ཆེན་པོར་གྲགས། །གངས་ལྗོངས་བཤད་བཀའ་བཅུ་དང་སྒྲུབ་བརྒྱུད་བརྒྱད། །ཤིང་རྟའི་རིང་ལུགས་མ་ཉམས་པདྨོའི་ཚལ། །བརྒྱུད་པའི་ཁུངས་དང་རྣམ་ཐར་སོ་སོར་ཆེ། །ཀུན་ཀྱང་ངེས་དོན་སྙིང་པོའི་ཀློང་དུ་གཅིག །འདི་ལ་བཟང་ངན་དབྱེ་བས ལ་མ་མཆིས་ཀྱང་། །རང་རང་གང་འབྲེེལ་མེ་ཏོག་ཕོག་པའི་ལྷ། །ཚུལ་དེ་འཛིན་སྐྱོང་སྤེལ་ལ་བརྩོན་མཛད་པ། །སྔོན་བྱོན་དམ་པ་རྣམས་ཀྱི་རྣམ་ཐར་ལགས། །དེ་སླད་བཀའ་ཕྱག་བརྒྱུད་པའི་གསེར་སྦྱངས་ཁམས། །བཀའ་གཏེར་ཟབ་དོན་གདམས་པའི་མུ་ཁྱུད་བརླིང་། །དོན་བརྒྱུད་མན་ངག་རྩིབས་སྟོང་རྣམ་བཀྲ་བའི། །ཟབ་རྒྱས་ཆོས་འཁོར་བསྐོར་བར་གསོལ་བ་འདེབས། །ཐུབ་བསྟན་གངས་རི་མཛེས་པའི་རྒྱན་གཅིག་པུ། །རང་བྱུང་རྒྱལ་བ་མི་ཡི་སེང་གེ་ཡིས། །བཞེད་སྲོལ་ངེས་དོན་སྙིང་པོའི་སེང་གེའི་སྒྲས། །ཕྱོགས་མཐར་ཁྱབ་པའི་ཐུགས་བསྐྱེད་མི་འདོར་འཚལ། །ཁྱད་པར་སྒྲུབ་བརྒྱུད་ཡིད་བཞིན་ནོར་བུའི་སྲོལ། །དོན་བརྒྱུད་བྱིན་རླབས་འཕོ་ལ་རག་ལས་ཕྱིར། །དུས་གསུམ་རྒྱལ་བའི་ཡབ་གཅིག་ཀརྨ་པ། །ཡབ་སྲས་བརྒྱུད་པའི་དགོངས་མཛོད་ལོན་མཛོད་ཀྱེ། །དེ་སྐད་དད་གུས་ལྷག་བསམ་འོ་མཚོ་ལས། །ཉེར་ཐོན་ཞུ་མཆིད་པུཎྜ་རི་ཀའི་ཕྲེང་། །མཆོག་སྦྱིན་དགྱེས་པའི་འབབས་སྟེགས་ལེགས་གྱུར་ནས། །དོན་གཉིས་ཕན་བདེའི་དགའ་སྟོན་རྒྱས་གྱུར་ཅིག །ཅེས་ལྷ་རྫས་རབ་དཀར་བཅས་རྒན་བུས་ནང་ལུགས་སུ་གསོལ་བ་དགེ།
༄༅། །བླ་མ་ལ་ཕྱག་འཚལ་ལོ། །ཕན་པའི་བསླབ་བྱ་ཀུན་གྱི་མདོ་འགག་ནི། །ཁྱོད་ཀྱི་ཚུལ་ཁྲིམས་མ་ཉམས་རྣམ་དག་མཛོད། །འདི་ནི་ས་བཞིན་ཡོན་ཏན་ཀུན་གྱི་གཞི། །འདི་ཡོད་ལྷར་བཅས་སྐྱེ་བོས་བཀུར་ཞིང་བརྩི། །འདི་མེད་དཀར་ཕྱོགས་ལྷ་ཡིས་འདོར་ཞིང་སྨོད། །ཕྱི་མར་རྣམ་སྨིན་མི་བཟད་ཕར་ཞོག་གིས། །རེ་ཞིག་ཚེ་འདི་ལ་ཡང་མི་ཁ་དང་། གཏམ་ངན་མི་ཟད་འབྱུང་བའི་སྒོ་གཅིག་སྟེ། །ནོར་ཉམས་གྲགས་པ་ཉམས་ཤིང་ཆོས་ཀྱང་ཉམས། །ཉམས་པ་དེ་དག་སུ་ཡིས་གསོ་བར་ནུས། །མི་གཙང་རང་བཞིན་བུད་མེད་སྒྱུ་མའི་ལུས། །སྡུག་པར་བཟུང་ན་སྲིད་པའི་མེ་ཆེན་འབར། །ཚངས་སྤྱོད་ལྗོན་ཤིང་རྨང་ནས་བསྲེགས་ངེས་པས། །བློ་ལྡན་སུ་ཞིག་འདི་ལ་འཇིགས་མི་སྐྱེད། །ཁྲིམས་འཁྱལ་གསོན་ལས་ཁྲིམས་ལྡན་ཤི་བ་ལེགས། །དེ་ནི་ལམ་རྒྱགས་ལེགས་པའི་མགྲོན་པོ་བཞིན། །བདེ་བའི་ལམ་ལས་བདེ་བའི་སར་རྒྱུ་ལ། །སེམས་ཤེས་སུ་ཞིག་དེ་ལ་གདུང་བ་སྐྱེད། །ཟབ་ཟབ་ལྟ་སྒོམ་མཐོན་པོའི་མཐོ་སྙབ་གཅིག །དགེ་སྡིག་ཕན་གནོད་མེད་པའི་སྟོང་སྐད་གཉིས། །བྱས་བྱས་རྣམ་གྲངས་བསྒྲངས་པའི་སྡུག་ཡུས་གསུམ། །མེད་ཀྱང་རང་རྒྱུད་ཐུལ་ན་ཆོས་པ་ཡིན། །ཁ་ཆོས་ཕྱི་ན་མེད་ཀྱི་ནང་དུ་ཡོད། །ནང་དུ་ཉོན་མོངས་གཉེན་པོས་ཆོམ་གྱུར་ན། །ཕྱི་ཚུལ་ཨོ་ཟོབ་ཕོ་ཚུགས་མེད་ཀྱང་བཟོད། །འདི་མེད་ཇི་ལྟར་བྱས་ཀྱང་དོན་གོ་ཆུང་། །སྔོན་འགྲོ་བློ་ལྡོག་རྣམ་བཞིའི་ཉམས་ལེན་འདི། །མཐོ་སྙབ་སྟོང་བཤད་མཁན་ལ་མི་མཁོ་ཡང་། །ཐར་པ་དོན་དུ་གཉེར་ལ་མེད་ཐབས་མེད། །བསྒོམ་མོས་མེད་ཀྱང་མ་བསྒོམས་ཐབས་ཆག་ཡིན། །ཆོས་མགོ་མཐའ་རུ་ཕྱིན་མིན་འདི་ལ་རག །སྟོང་དང་སྙིང་རྗེ་ཟུང་འབྲེལ་བྱང་ཆུབ་སེམས། །ཐེག་ཆེན་ལམ་གྱི་རྩ་བ་འདི་ཁོ་ན། །སངས་རྒྱས་གོ་འཕང་ཐོབ་མིན་འདི་ལ་རག །མེད་ཐབས་མེད་དོ་རང་གི་རྒྱུད་ལ་དྲིལ། །དེ་ལྟར་ངེས་འབྱུང་བྱང་ཆུབ་སེམས་གཉིས་ཀྱིས། །བློ་སྦྱོང་ལེགས་པར་གོམས་ནས་འབྲས་བུའི་ལམ། །སྨིན་གྲོལ་བསྐྱེད་རྫོགས་ཟབ་མོའི་ཉམས་ལེན་རིགས། །ད་གཟོད་ཉམས་སུ་ལེན་འདི་ཐེག་རིམ་ལགས། །དེང་སང་སུ་ལ་བལྟས་ཀྱང་ཡིད་ཆད་རྒྱུ། །གང་ལ་བསམ་ཀྱང་སྐྱོ་ཤས་སྐུལ་བའི་གྲོགས། །མི་བརྟན་སྙིང་པོ་མེད་པ་ཚེ་འདིའི་ཆེད། །དོན་མེད་བྱ་བ་མང་པོ་ཅི་བྱར་ཡོད། །ལོང་མེད་ལོང་མེད་སྡོད་པའི་ལོང་མི་འདུག །སང་ཙམ་མི་འཆིའི་གདེང་ཚད་འདུག་གམ་སོམས། །དེ་རིང་ཉིད་ནས་བརྩོན་པའི་གོ་བགོས་ལ། །འཆི་དུས་ཕན་པའི་ཐབས་ཤིག་འཚོལ་རེ་རན། །དལ་འབྱོར་མི་ལུས་རྙེད་པ་ད་རེས་ཙམ། །བསྟན་སྒོར་ཞུགས་པའི་དོན་འབྲས་ཅི་ལོན་ལྟོས། །རང་གིས་རང་བསླུ་མ་མཛད་སྐུ་ཚེ་རིང་། །འདི་དོན་ལག་ཏུ་ལེན་པའི་བཀའ་དྲིན་ཞུ། །
༄༅། །བླ་མ་རྗེ་མཁྱེན་ནོ་ཐུགས་རྗེས་ཡིས་དགོངས་མཛོད། །གསོལ་བ་རང་འདེབས་སོ་བྱིན་གྱིས་ནི་རློབས་ཤིག །གྲོགས་པོ་དག་གསན་མཛོད་རང་རྒྱུད་ནི་དུལ་མིན། །བདག་འདྲ་ཡི་འཆལ་ཚིག་དོན་འགྱུར་ནི་མི་སྲིད། །སྣག་ཤོག་གི་གྲོན་ལས་དགོས་འབྲས་ཀྱིས་དབེན་ཡང་། །དོ་གལ་འདྲ་གནང་ཕྱིར་ཆལ་ཆོས་འདི་སྨྲའོ། །འཐད་འཐད་ཞིག་འདྲ་ན་འདི་བཞིན་དུ་མཛོད་ཅིག །མི་འཐད་དུ་འདུག་ན་ཕ་ཚད་དུ་སྐྱུར་ཐོངས། །དོན་མཐུན་གྱིས་བསྡུས་པའི་ཡུ་བུ་ནི་ལྷ་གྲོགས། །སྔོན་བསགས་ནི་བཟང་པོས་དལ་འབྱོར་གྱི་རྟེན་ཐོབ། །ཁ་རྗེ་ནི་ཆེན་པོ་བསྟན་སྒོ་རུ་ཞུགས་འདུག །བསྐལ་པ་ནི་བཟང་འདུག་རྒྱལ་བཀའ་ཡི་སྣོད་གྱུར། །མཐུན་རྐྱེན་ནི་འཛོམ་མོ་བཤེས་གཉེན་གྱི་ཞབས་ཟིན། །རང་དབང་ནི་ཡོད་དོ་གཞན་དབང་དུ་མ་སོང་། །ཤེས་རིག་ནི་བཀྲའོ་བླུན་ལྐུགས་ནི་མ་ཡིན། །རྒྱུ་རྐྱེན་ནི་འཛོམས་འདུག་མདོ་ཅན་ཞིག་ཡོད་ན། །བསགས་ཅན་གྱི་ཕ་ཆུས་ལུང་རྟོགས་ཀྱི་རྒྱལ་སྲིད། །བཤད་སྒྲུབ་དང་ཐོས་བསམ་སྒོམ་པ་ཡིས་འཛིན་དགོས། །དོན་མེད་ཀྱི་བྱ་གཞག་སྨྱོན་པ་ཡི་ཟློས་གར། །ཡིད་བརྟན་ནི་མི་འདུག་འདུས་བྱས་ཀྱི་སྤྱི་ལུགས། །རྟག་འཛིན་གྱི་བདུད་ཀྱི་བསླུས་བསླུས་འདི་ཨེ་གཟིགས། །བྱས་བྱས་ཀྱི་ལས་ལ་ཟིན་དུས་ནི་མི་ཡོང་། །བྱར་མེད་དུ་བཞག་ན་ཐམས་ཅད་ནི་ཟིན་སྐད། །དགོས་དགོས་ཀྱི་ཡོ་བྱད་འཛོམས་དུས་ནི་མི་ཡོང་། །ཆོག་ཤེས་དང་ལྡན་ན་བདོག་དགུ་ཡིས་འབྱོར་འདུག །བསམ་བསམ་གྱི་ངང་ནས་མི་ཚེ་ནི་འཛད་འགྲོ། །དེ་རིང་ནས་བརྩོན་པའི་གོ་ཆ་ཞིག་བགོ་རན། །བསགས་བསགས་ཀྱི་ནོར་དང་བསྐྱངས་བསྐྱངས་ཀྱི་གཉེན་གྲོགས། །གཅེས་གཅེས་ཀྱི་ལུས་ཀྱང་ཤུལ་དུ་རང་བཞག་ནས། །བསྒྲུབས་བསྒྲུབས་ཀྱི་སྡིག་སྡུག་ཁུར་ཆེན་དང་འགྲོགས་ནས། །འཇིགས་འཇིགས་ཀྱི་བར་དོའི་འཕྲང་རིང་ནི་དོག་མོར། །དོ་ནུབ་ཙམ་མི་བགྲོད་གདེང་ཚད་འདྲ་བདོག་གམ། །དེ་དུས་སུ་མི་འཚེར་བློ་བདེ་འདྲ་ཆུབ་བམ། །རྒྱལ་བསྟན་དང་མཇལ་བའི་དོན་འབྲས་རེ་ལོན་ནམ། །ཚེ་འདི་ཡི་བྱ་བ་དོན་ལྡན་དུ་འགྱུར་རམ། །བློ་ཁ་འདི་ནང་དུ་ལྡོག་ལ་རང་ལྟོས་དང་། །མཛུབ་མོ་འདི་རང་སྐྱོན་ངན་པ་ལ་ཚུགས་དང་། །ལོ་འདོད་ཀྱི་འགོང་པོ་བཀར་ལེན་ཞིག་གྱིས་དང་། །འདུན་གྲོས་འདི་སྙིང་ནས་སྙིང་ལ་རང་ཐོབས་དང་། །ཁེ་ཉན་གྱི་འདམ་ཁ་ད་རེས་རང་ཡིན་ནོ། །ཚེ་འདི་ཡི་བདེ་སྡུག་རྨི་ལམ་གྱི་ཡུན་ཙམ། །སྟབས་ཕྲན་ཚེགས་ཉེས་ཀྱང་འགྱོད་རྒྱུ་རང་མི་འདུག །གནས་འཁོར་བའི་ཕྱི་མཐའ་ཚད་བཟུང་ནི་མི་གཏུབ། །རྟེན་འདུན་མ་ལེགས་ཉེས་ད་རེས་རང་ཡིན་པས། །འདི་འཆུགས་ན་ཕྱི་ནས་འཆོས་མཁན་ནི་སུ་ཡོང་། །གར་སྐྱེ་ཡང་བདེ་མེད་སྡུག་བསྔལ་གྱི་རང་བཞིན། །མྱོང་འགྱུར་གྱི་ལས་རྣམས་རང་རང་གི་གཉར་འབབ། །མ་བྱས་པའི་ལས་དང་འཕྲད་པ་ནི་མི་སྲིད། །བྱས་པ་རྣམས་ནམ་ཡང་ཆུད་འཛར་ནི་མི་འགྱུར། །ས་ལུང་སྟོང་བཙན་ཡང་བསྐལ་དོན་ནི་མི་འབྱུང་། །དུས་ད་ལྟ་རང་དབང་རང་ཉིད་ལ་ཡོད་ཚེ། །རང་སེམས་འདི་རང་ལ་དཀར་མཁན་ཞིག་ཡིན་ན། །གནས་འཁོར་བར་ཕྱི་ཕྱག་འཚལ་བ་ཞིག་མཛད་རན། །ནམ་འཆི་ཁར་བྲང་ལག་འཐབ་པ་ཡིས་ཅི་ཕན། །མཁའ་ཁྱབ་ཀྱི་འགྲོ་བ་ཚེ་རབས་ཀྱི་ཕ་མ། །ཉེ་རིང་དུ་བལྟ་བ་བྱིིས་པ་ཡི་བློ་སྐྱོན། །གཞན་ཕན་གྱི་བསམ་སྦྱོར་ཐེག་ཆེན་གྱི་མདོ་འགག །ཉམས་ལེན་གྱི་སྙིང་པོ་དེ་རང་ལ་དྲིལ་མཛོད། །ཆོས་སྣང་གི་སྒོ་མོ་དད་པ་དང་མོས་གུས། །ཡོན་ཏན་གྱི་གཞི་མ་སྡོམ་པ་དང་དམ་ཚིག །རབ་བྱུང་གི་ནོར་སྐལ་བསླབ་གསུམ་དང་སྦྱངས་ཡོན། །ཞེན་ལོག་དང་ངེས་འབྱུང་མེད་ཐབས་རང་མི་འདུག །ཁས་ལེན་དང་བྲལ་བ་ལྟ་བ་ཡི་རྒྱལ་པོ། །སྙིང་རྗེ་དང་འབྲེལ་བ་སྒོམ་པ་ཡི་ཉམས་མྱོང་། །རྟེན་འབྲེལ་དུ་ཤར་བ་སྤྱོད་པ་ཡི་ལམ་ཁྱེར། །དགྲ་བདག་འཛིན་འདུལ་ལ་མེད་ཐབས་ནི་མེད་སྐད། །ཟབ་མི་ཟབ་རང་གི་ཉམས་ལེན་ལ་རག་གོ །རང་རྒྱུད་ལ་སྦྱར་ན་སྐྱབས་འགྲོས་ཀྱང་ཆོག་འདུག །ཉམས་མ་བླངས་ཨ་ཏི་ཡོ་གས་ཀྱང་མི་ཕན། །བློ་ལང་ཤོར་སོང་ན་ཟབ་ཟབ་ནི་མི་བདོག །ཁྱོད་གྲོགས་གྱི་རྒྱུད་ཚོད་ཅི་ཡིན་ནི་མི་ཤེས། །དོན་རྒྱུད་ལ་སྦྱར་ན་ངོ་མཚར་ནི་ཆེའོ། །ཡི་རང་གི་མེ་ཏོག་ལན་བརྒྱར་ནི་ལོས་འབུལ། །རྒྱུད་ཆུད་ཟོས་བདག་འདྲའི་ངང་ཚུལ་ལ་དཔག་ན། །སེམས་སྐྱོ་བའི་ཚུལ་ལ་སངས་དུས་ནི་མི་འདུག །ཟབ་ཟབ་རུ་འཆད་ཀྱང་རང་རྒྱུད་ལ་མི་བདོག །སྙན་སྙན་དུ་བསྒྲགས་ཀྱང་ཞེ་གཏིང་ནས་ངོ་ཚ། །ཡིན་ཡིན་དུ་རློམ་ནས་ལྷ་ཤིང་གི་ལོ་རྒྱུས། །ངེས་ངེས་སུ་བརྗོད་འདི་ཟོག་པོ་ཡི་སྤྱི་ལུགས། །ཕན་སེམས་ནི་ཡོད་དེ་སྔར་འདྲིས་{འབྲིས}ཀྱི་ཉེར་ལེན། །བདེན་གཏམ་ནི་ཡིན་པས་ཅུང་ཟད་ཅིག་དཔྱོད་འཚལ། །ཞེས་པའང་ཆོས་གྲོགས་གཞོན་ནུ་རྣམས་ནས་ཤོག་བྱང་རེ་གཏད་ནས་ཞལ་གདམས་བསླབ་བྱ་སོགས་དགོས་ཞེས་གསུང་ནན་ཆེ་བའི་ཞལ་ངོ་མ་ལྡོག་ཙམ་དུ་འདུ་འཁྲུགས་ནད་ཀྱི་གྲོང་ཁྱེར་ན་འཁྲུལ་སེམས་གཟུང་འཛིན་གྱི་རྒྱལ་པོ་ཉོན་མོངས་དུག་ལྔའི་རྒྱལ་སྲིད་ལ་ལོངས་སྤྱོད་བཞིན་དུ། འདིར་སྣང་ཆོས་བརྒྱད་ཀྱི་གཟི་བྱིན་སྒྲུབ་པའི་གནས་དུས་དང་མཐུན་པའི་སྟོན་ཆེན། དོན་དང་མི་མཐུན་པའི་མིང་གཞན་ཕན་ཆོས་ཀྱི་བློ་གྲོས་སུ་འབོད་པས། མཁན་ཆེན་ཐམས་ཅད་མཁྱེན་པའི་སྤྱན་སྔ་ནས་འཛེམ་མེད་བྱུང་རྒྱལ་དུ་བྲིས་པའོ། །མངྒལཾ།
༄༅། །དགོངས་ཀློང་ཟབ་མོ་སངས་རྒྱས་ཀུན་དང་མཉམ། །གདུལ་དཀའི་འགྲོ་ལ་ལྷག་པར་ཐུགས་རྗེས་གཟིགས། །མཚན་ཐོས་ཙམ་གྱིས་འགྲོ་ཀུན་སྨིན་མཛད་པའི། །མཚུངས་མེད་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །ཀྱེ་ཧོ་གསོན་དང་འདིར་འདུས་རྡོ་རྗེའི་མཆེད། །འདྲིས་པའི་གྲོགས་ལ་ཉེ་བའི་གཏམ་འདི་གསོལ། །འོས་པར་རིགས་ན་སྙན་གྱི་དབང་པོ་གཏོད། །འཐད་པར་གཟིགས་ན་ཐུགས་ལ་བཅང་བར་འཚལ། །གསུམ་པའི་དབང་རྟེན་པདྨའི་ཟེའུ་འབྲུ་ཅན། །ཐབས་ཀྱིས་ཟིན་ན་ལམ་གྱི་གྲོགས་ཡིན་ཡང་། །རང་གར་སྤྱད་ན་ཕུང་དཀྲོལ་ཀུན་གྱི་གཞི། །དེ་བས་གྲོལ་ལམ་བག་ཡོད་སྤྱོད་པ་གཅེས། །ཀ་མ་ལ་ལྟར་མཛེས་པའི་མཛའ་ན་མོ། །ཁ་སྦྱོར་བདེ་བ་སྐྱེད་ལ་ཉེར་བརྩོན་ཀྱང་། །ག་ནས་བསམས་ཀྱང་ཕུང་བྱེད་སྲིན་མོ་དངོས། །ང་ཅག་མིག་ཟུར་ཙམ་ཡང་གཡོ་བྱ་མིན། །ཅ་ཅོ་ཆགས་པའི་གཏམ་གྱིས་མདུན་བསུས་ནས། །ཆ་ལུགས་སྒེག་སོགས་ཉམས་ཀྱི་འགྱུར་བ་བརྒྱས། །ཇ་ཆང་ནོར་གྱི་བསླུ་བྲིད་བརྩོན་ན་ཡང་། །ཉར་བྱེད་རྒྱུའི་ཚངས་སྤྱོད་མ་ཉམས་མཛོད། །ཏ་ཐཱ་ག་ཏའི་བསྟན་སྒོར་ཆུད་དུས་འདིར། །ཐ་མལ་སྐྱེ་བོའི་གྲལ་མཐར་ལྷུང་བ་བས། །ད་ནས་ལུས་སེམས་ཚོགས་པ་གྱེས་ན་དགའ། །ན་རྒ་འཆི་བ་ཀུན་ལ་འབྱུང་ཆོས་ཡིན། །པ་སངས་ལྟ་བུར་ཁྲིམས་མཆོག་རྣམ་དག་དང་། །ཕ་རོལ་གཤིན་རྗེའི་གྲོང་ཁྱེར་བགྲོད་{བསྒྲོད}ཀྱང་སླ། །བ་ལང་ལྟ་བུའི་རྨོངས་རྣམས་གདུང་སྐྱེད་ཀྱང་། །མ་ལྟར་བྱམས་པའི་མགོན་རྣམས་དགྱེས་པར་ངེས། །ཙཱ་གངས་སྦས་གནས་འགྲིམ་པའི་ངལ་དུབ་དང་། །ཚ་གྲང་དཀའ་སྤྱད་བཟོད་པར་མ་ནུས་ཀྱང་། །ཛ་ལང་གདུག་པའི་རང་རྒྱུད་འདུལ་བའི་ཕྱིར། །ཝ་ཆུའི་རྒྱུན་བཞིན་དྲན་ཤེས་འབྲལ་མེད་བསྟེན། །ཞྭ་གོས་འཕྱོར་ཆས་ངོམ་པའི་གཉེར་མེད་ཀྱང་། །ཟ་མ་ལུས་སོས་ཙམ་ལ་ཉེར་བརྟེན་ནས། །འ་འུར་ཐོས་བསམ་སྒོམ་ལ་འབོད་མཛོད་དང་། །ཡ་མཚན་ཆེ་བ་ཕྱི་ནས་མངོན་པར་འགྱུར། །ར་བ་གངས་ཁྲོད་འདི་ན་དེང་དུས་འདིར། །ལ་ལ་ཙམ་ལས་དགེ་བའི་གྲོགས་དཀོན་པས། །ཤ་ཚའི་གྲོས་འདེབས་ཕལ་ཆེར་བསླུ་བྱེད་བདུད། །ས་གསུམ་བླ་མའི་བཀའ་ལུང་སྒྲུབས་ཤིག་གུ། །ཧ་ཅང་བྱེད་སྤྱོད་མང་ན་འཆལ་བའི་རྒྱུ། །ཨ་དོན་སྐྱེ་མེད་དགོངས་པའི་གདེང་བཟུང་ནས། །བྱར་མེད་དོན་ལ་བབས་ཀྱིས་འཇོག་མཁས་ན། །བྱས་ཆོས་གྲུབ་མཐའ་མ་ལུས་ཞིག་པར་ངེས། །ཀ་ཡེ་སྐྱེས་པ་འདི་ཚོ་འཆི་ལུགས་ལ། །འདུས་བྱས་སྒྱུ་མའི་ལུས་འདིས་བསླུ་བསླུ་འདྲ། །སྔོན་ཆད་མི་རྟག་རྟག་པར་བཟུང་བས་འཁྲུལ། །ད་ནི་བློ་སྣ་བཙན་ཐབས་བསྟུངས་ན་ལེགས། །ཀ་ཡེ་འདུས་པ་འདི་ཚོ་འབྲལ་ལུགས་ལ། །གཉེན་གྲོགས་སྲིད་སྡེ་འདིས་ཀྱང་བསླུ་བསླུ་འདྲ། །སྔོོན་ཆད་ངོ་སྲུང་མཐུན་འཇུག་བྱས་པས་གཡེངས། །ད་ནི་འདྲིས་མེད་བཤེས་མེད་བྱས་ན་འཐད། །ཀ་ཡེ་བརྩེགས་པ་འདི་ཚོ་འགྱེལ་ལུགས་ལ། །གནས་མལ་མཁར་གཞི་འདིས་ཀྱང་བསླུ་བསླུ་འདྲ། །སྔོན་ཆད་དོན་མེད་སྡུག་ལས་བྱས་པས་གཡེངས། །ད་ནི་གནས་མེད་འཁོར་མེད་བྱ་བར་རིགས། །ཀ་ཡེ་འབྱོར་མཐའ་འདི་ཚོའི་རྒུད་ལུགས་ལ། །སྙན་གྲགས་ཆོས་བརྒྱད་འདིས་ཀྱང་བསླུ་བསླུ་འདྲ། །སྔོན་ཆད་མི་བདེན་བདེན་པར་བཟུང་བས་འཁྲུལ། །ད་ནི་མདོ་མེད་ལམ་ཟན་སྒུག་ན་ལེགས། །ཀ་ཡེ་བསགས་པ་འདི་ཚོའི་འཛད་ལུགས་ལ། །སྒྱུ་མའི་ནོར་རྫས་འདིས་ཀྱང་བསླུ་བསླུ་འདྲ། །སྔོན་ཆད་དོན་མེད་སྡུག་སོག་བྱས་པས་ཕུང་། །ད་ནི་གྲོས་ཕུག་འཆི་ལ་བཅོལ་ན་ལེགས། །ཀྱེ་ཧོ་ཡང་ཅིག་གསོན་དང་འདྲིས་པའི་གྲོགས། །མ་ཚོར་ངང་དུ་རྒ་བའི་ཞགས་པས་བཅིངས། །ན་དང་རྒུད་པའི་ཆད་པས་བར་མེད་གཙེས། །འཆི་བདག་རལ་གྲི་གདེངས་པའི་ཟུར་གནས་ན། །ཀྱི་ཧུད་སུ་ཞིག་བག་མེད་རྣམ་གཡེང་བྱེད། །སང་དང་འཇིག་རྟེན་ཕྱི་མའི་སྣང་བ་གཉིས། །སྔོན་ལ་སུ་འབྱུང་ངེས་པར་ཆ་མེད་ན། །སང་གི་ཚིས་ལ་མི་འབད་ཕྱི་མའི་ཆོས། །དོན་ཆེན་ཐར་པ་སྒྲུབ་ན་མི་ལེགས་སོམས། །ད་རེས་མཐུན་རྐྱེན་བཟང་དགུ་མཐའ་དག་འགྲིགས། །རང་དབང་རང་ལ་ཡོད་པའི་གནས་སྐབས་འདིར། །རང་མགོ་རང་གིས་མ་བཏོན་འདོན་མཁན་སུ། །ཕྱིས་ནས་ཅི་འགྱུར་སུ་ལ་ཆ་ཡོད་དམ། །ཚེ་འདིའི་བདེ་སྡུག་རྨི་ལམ་ཡུན་ཙམ་ལ། །ཕྱི་མ་ཕན་ཆད་ཚད་གཟུང་སུ་ཡིས་ནུས། །དོན་ཆུང་ཆེད་དུ་གཏན་འདུན་མི་བོར་བར། །སྙིང་ལ་རུས་པ་ཡོད་ན་སྐྱེད་རན་ལགས། །ཕྱི་མར་ཕན་པའི་ཆོས་ཤིག་མ་འགྲུབ་ན། །རིགས་གཟུགས་འབྱོར་པས་སུ་ལ་ཅི་བྱར་ཡོད། །རིན་ཆེན་གླིང་ནས་ལག་སྟོང་ལྡོག་ལ་ཉེ། །འདི་ཚུལ་དགོངས་ལ་བརྩོན་པའི་དཔུང་བསྐྱེད་འཚལ། །དེ་སྐད་སྔོན་ཆད་སྙིང་ལ་བརྣག་པའི་རྒྱུ། །འཕྲལ་རྐྱེན་ཀླུ་ཡི་དཔང་པོས་ཉེར་བསྐུལ་ཚེ། །བྱུང་རྒྱལ་གཏམ་འདི་མགྲིན་པའི་ལམ་ནས་ཐལ། །མཐར་ཐུག་ཚོམ་བུ་གཅིག་ཏུ་འཚོགས་པར་སྨོན། །
༄༅། །ན་མོ་གུ་རུ། ཨེ་ཝཾ་ཟུང་འཇུག་མཆོག་ཏུ་མི་འགྱུར་བའི། །བདེ་ཆེན་རྡོ་རྗེར་བསྡོམས་མཛད་འཁོར་ལོའི་མགོན། །འབྲལ་མེད་སྙིང་གི་ཐིག་ལེར་རྟག་བརྟན་ནས། །བྱུང་རྒྱལ་གཏམ་གྱི་ཕྲེང་བ་སྤེལ་འདིའོ། །རྩ་གསུམ་སྤྲིན་ཕུང་སྡུད་པའི་བླ་རྟེན་མཆོག །དམ་ཅན་ཁྱི་ལྟར་འབྲེང་བའི་སྲོག་འཁོར་ཕུལ། །ཀུན་རྫོབ་རྒྱུ་ཡི་ཐིག་ལེ་རིན་པོ་ཆེ། །ཡིད་བཞིན་ནོར་མཆོག་འབུམ་གྱིས་བསྒྲུན་{བཀྲུན} བྱ་མིན། །ཐབས་ཀྱིས་ཟིན་ན་བདེ་སྟོང་དགའ་བཞིའི་འགྲོས། །མཐར་ཐུག་དཔེ་ལས་དོན་གྱི་འོད་གསལ་མཆོག །མངོན་བྱེད་མི་སློབ་ཟུང་འཇུག་ཚེ་འདི་རུ། །སྦྱིན་ན་ཐུན་མོང་ཕྲན་ཚེགས་སྨོས་ཅི་དགོས། །དབང་རབ་སྡོམ་གསུམ་ཡར་ལྡན་རྫོགས་པ་ལ། །འཕོ་མེད་ཚུལ་ཁྲིམས་བརྟེན་པའི་ཁྱད་ཆོས་དེས། །རྡོ་རྗེ་འཛིན་པའི་རབ་ཏུ་འཇོག་བྱེད་ཀྱི། །ཡུལ་སྲོལ་ངན་པའི་གྲོང་སྔགས་སྡོམ་ཤོར་མིན། །གང་ལ་འཛག་མེད་བྱང་ཆུབ་སེམས་བརྟན་ན། །དེ་ལ་ཟག་པ་མེད་པའི་བདེ་བ་རྒྱས། །འདུ་བའི་ནད་ཀྱིས་དེ་ལ་དཀྲུགས་མིན་ཏེ། །དེ་ཡི་སྟོབས་ནི་གླང་པོ་བཞིན་དུ་འཕགས། །ལུས་བཅུད་དྭངས་མ་འཕེལ་བའི་ཁྱད་པར་གྱིས། །དེ་ཡི་མདངས་ནི་པདྨ་གསར་པ་བཞིན། །སྐྲ་དཀར་གཉེར་མ་མེད་ཅིང་སྣུམ་བག་ཆགས། །ཉི་ཟླ་ལྟ་བུའི་ཚེ་ཡང་དེ་ལ་འབྱུང་། །ཀུན་རྫོབ་རྒྱུ་ལ་དོན་དམ་ཁམས་བརྟེན་ཕྱིར། །རི་འདྲའི་མི་གཡོའི་ཏིང་འཛིན་ཟབ་མོ་དང་། །གཟུངས་དང་སྤོབས་པ་རྣམ་དཔྱོད་ཤེས་རབ་བློ། །ལེགས་ཚོགས་ཡོན་ཏན་མཐའ་དག་དེ་ལ་མཛའ། །མཆུ་འདབ་རླུང་གིས་བསྐྱོད་པའི་བཟླས་གྲངས་དང་། །ལོ་ཟླར་བུག་སྒོ་བཅད་པའི་སྡུག་ཡུས་ལ། །ལྟོས་མིན་ལས་བཞི་གྲུབ་པ་བརྒྱད་ལ་སོགས། །ཅི་འདོད་སུག་མཐིལ་རྫས་བཞིན་མྱུར་བར་འབྱིན། །དཀར་ཕྱོགས་ལྷ་ཀླུ་ཡོངས་ཀྱིས་སྲུང་ཤིང་སྐྱོབ། །གཟུར་གནས་སྐྱེ་བོ་ཡོངས་ཀྱིས་གྲགས་པ་སྒྲོགས། །རྙེད་བཀུར་གྲགས་འབྱོར་བདེ་བའི་ཡོན་ཏན་ཕུལ། །མང་པོའི་ནང་ནས་ལྷུན་པོ་བཞིན་དུ་འཕགས། །དེ་སླད་གཅེས་པའི་ནང་ནས་གཅེས་ནོར་མཆོག །བསྲུང་བྱ་ཀུན་གྱི་ནང་ན་རབ་ཀྱི་རྩེ། །འདི་ཡོད་སྲོག་དང་བཅས་པའི་སྐྱེས་བུ་སྟེ། །འདི་མེད་སྲོག་དང་བྲལ་བའི་རོ་དང་འདྲ། །ཁྱི་གུ་དཀར་ནག་སྤུ་མདོག་མི་འདྲ་ཡང་། །དེས་ཟིན་རྨ་གསར་བཏོད་ལ་ཁྱད་མེད་བཞིན། །བུད་མེད་བཙུན་ཆུང་རྟེན་དབང་ཐ་དད་ཀྱང་། །ཀུན་རྫོབ་རྒྱུ་ཡི་ཐིག་ལེ་ཉམས་རྐྱེན་གཅིག །གནང་བའི་སྐབས་མིན་རྒྱུད་སྡེ་མཁྱེན་ལ་དྲིས། །འཁྲིག་སྲེད་གློག་གི་ཐག་པ་ཆད་པའི་མོད། །འགྱོད་དང་མྱ་ངན་མུན་པས་བཞིན་ཁེབས་ཅིང་། །གྲགས་ངན་མཆི་མའི་ཆར་གྱིས་གདོང་བརླན་ཚེ། །འཆབ་འདོད་གྱ་གྱུ་འཁྲུགས་ཀྱང་འཕྱིས་ནས་མེད། །འདིས་ནི་མདངས་ཉམས་སྟོབས་ཉམས་ཚེ་ཡང་ཉམས། །གྲགས་ཉམས་ནོར་ཉམས་བློ་དང་ཤེས་རབ་ཉམས། །རྙེད་ཉམས་བཀུར་སྟི་ཉམས་ཤིང་ལྷས་ཀྱང་འདོར། །སྒྲུབ་ཀྱང་འབྲས་བུ་མི་འབྱིན་ཡ་མ་བརླ། །སྔགས་སུ་དང་པོའི་སངས་རྒྱས་བཀྲོངས་པ་དང་། །མཉམ་བཤད་ལྷ་སྐུ་འབུམ་ཕྲག་བཤིག་ལས་ལྕི། །སྡིག་པའི་ནང་ནས་སྡིག་པ་མི་བཟད་དེ། །འདི་དང་མཉམ་པའི་སྡིག་གཞན་སྲིད་ན་ཅི། །སྡིག་པའི་རང་གཟུགས་འབར་བའི་མེ་འོབས་སུ། །རྣམ་སྨིན་འཆིང་ཐག་སྲ་བས་དམ་བཅིངས་པས། །བསྐལ་པ་ཞིག་ཀྱང་དེ་ལ་ཐར་དུ་ཅི། །རྡོ་རྗེའི་དམྱལ་ཞེས་འཕགས་རྣམས་སྐྲག་པ་བསྐྱེད། །དེ་ཕྱིར་ཡུལ་སྲོལ་ངན་པའི་སྤྱོད་ངན་དེ། །དོར་ནས་ཡ་རབས་འཕགས་པ་དགྱེས་པའི་ལམ། །འཕོ་མེད་ཚུལ་ཁྲིམས་བསྲུང་ལ་བརྩོན་མཛོད་དང་། །དོན་གཉིས་བསམ་ཀུན་འགྲུབ་པ་དངོས་པོའི་གཤིས། །དེ་སྐད་ཡུལ་རྐྱེན་གཏམ་གྱིས་རྣར་གཙེས་ཚེ། །བྱུང་རྒྱལ་གཏམ་འདི་པདྨ་བི་ཛས་བསྒྲགས། །སྐལ་མཉམ་གྲོགས་པོ་ཡོད་ན་ཐུགས་ལ་ཆོངས། །གཞན་དག་བཀའ་བཀྱོན་མེད་པའི་བཀའ་དྲིན་ཞུ། །
༄༅། །ན་མོ་གུ་རུ། རྒྱལ་རྣམས་གང་ལས་འཁྲུངས་པའི་གཞི། །སྟོང་དང་སྙིང་རྗེ་ཟུང་འབྲེལ་བའི། །བྱང་ཆུབ་སེམས་ལ་ཕྱག་བྱས་ནས། །ཁྱོད་ལ་ཕན་པའི་གཏམ་འདི་སྤྲིང་། །ཐབས་ལ་མཁས་པའི་རྒྱལ་བ་ཡིས། །གདུལ་བྱའི་ཁམས་དབང་ལེགས་གཟིགས་ནས། །ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་གསུངས། །ཀུན་ཀྱང་རང་རང་བློ་ངོར་ཟབ། །རྒན་བྱིས་ཟས་སྤྱོད་ཐ་དད་བཞིན། །གཅིག་དཔེ་ཀུན་ལ་འཚམ་པ་མིན། །དེ་ཕྱིར་ཁྱེད་ཀྱི་བློ་ཚོད་དང་། །མཐུན་ནམ་མི་མཐུན་ཅི་ཆ་ཡང་། །སྤྱིར་ན་སྲིད་རྩ་བདག་འཛིན་ཉིད། །དེས་བསྐྱེད་ཉོན་མོངས་འདུ་བྱེད་ལས། །དེ་ཡིས་སྲིད་པ་འདིར་འཆིང་བས། །བདག་མེད་རྟོགས་པ་མཆོག་ཏུ་གསུངས། །དེ་ཡང་རི་མོ་མཁན་གྱི་དཔེ། །ཐབས་ཀྱི་ཡན་ལག་མ་ཚང་ན། །རྣམ་པ་ཀུན་གྱི་མཆོག་ལྡན་པ། །བསྐྱེད་ནུས་མིན་ཞེས་མདོ་ལས་བསྟན། །དེ་ཕྱིར་ཆོས་ཀུན་སྟོང་ན་ཡང་། །སྣང་བ་རྟེན་འབྱུང་བསླུ་མེད་ཕྱིར། །ཇི་སྲིད་གཟུང་འཛིན་མ་ནུབ་པར། །དེ་སྲིད་ལས་ཡོད་འབྲས་བུའང་ཡོད། །དེས་ན་སྟོང་འཛིན་ཁོ་ན་ཡི། །རྒྱུ་འབྲས་འཆོལ་བར་སྤྱོད་མིན་པར། །སྟོན་པས་བཅས་པའི་བསླབ་ཁྲིམས་རྣམས། །མིག་བཞིན་བསྲུང་བ་མཆོག་ཏུ་གོ །དེ་ཡི་རྩ་བ་ངེས་འབྱུང་སྟེ། །འཁོར་བ་སྲིན་གླིང་མེ་འོབས་འདྲ། །འདུས་བྱས་མར་མེའི་རྩེ་བཞིན་གཡོ། །གློག་འདྲའི་ཚེ་ལ་ཡིད་བརྟན་ཅི། །སྐྱེས་པ་འཆི་ཞིང་འདུས་པ་འབྲལ། །བསགས་པ་འཛད་ཅིང་འབྱོར་པ་རྒུད། །ཀུན་ལ་ཡིད་བརྟན་འདུག་གམ་ཅི། །ལེགས་པར་རྟོག་ལ་སྐྱོ་བ་སྐྱེད། །ད་ལྟ་མི་ལུས་རྟེན་གྱིས་འབྱོར། །གར་འགྲོ་རང་དབང་ཐོབ་དུས་འདིར། །མིག་ཡོད་གཡང་ལ་འཕྱན་མིན་པར། །གཏན་འདུན་ཚགས་སུ་ཚུད་པར་མཛོད། སྤྱིར་ན་དལ་འབྱོར་རྙེད་དཀའ་ཞིང་། །འཁོར་བའི་རྒྱ་མཚོ་བརྒལ་བར་དཀའ། །སྲིད་པ་ན་ཡང་བདེ་བ་མེད། །དེ་ཕྱིར་སྙིང་ལ་རུས་པ་སྐྱེད། །སྡིག་པ་མི་བྱ་དགེ་བ་སྒྲུབ། །རང་གི་སེམས་ནི་ཡོང་ཐུལ་ཞེས། །རྒྱལ་བས་ལེགས་པར་གསུངས་པའི་དོན། །གུས་པས་གཙུག་ཏུ་ལེན་པར་མཛོད། །འགྲོ་རྣམས་ཐོག་མེད་དྲིན་ལྡན་མ། །ད་ལྟ་དངོས་འཛིན་གདོན་གྱིས་མྱོས། །སྡུག་བསྔལ་མེ་ཡི་ཀླུབས་སུ་ཆུད། །འདི་ལ་སྙིང་བརྩེ་མི་སྐྱེའམ། །བདེ་འདོད་སྡུག་བསྔལ་མི་འདོད་པར། །བདག་དང་སེམས་ཅན་མཚུངས་པ་ན། །ཅི་ཕྱིར་གཞན་མིན་བདག་སྲུང་བྱེད། །དེ་བས་བདག་གཞན་མཉམ་པར་བྱོས། །གཞན་དོན་བརྩོན་པའི་ཐུབ་རྣམས་དང་། །རང་དོན་སེམས་པའི་བྱིས་པ་ཡི། །ཁེ་ཉེན་ཁྱད་པར་ཤེས་བྱོས་ལ། །བདག་བས་གཞན་གཅེས་བསྒོམ་པ་གནད། །བདག་བདེ་གཞན་གྱི་སྡུག་བསྔལ་དག །ཡང་དག་བརྗེ་བར་མ་བྱས་ན། །སངས་རྒྱས་འགྲུབ་པ་མིན་གསུང་ཕྱིར། །ངེས་པར་བདག་གཞན་བརྗེ་བ་སྒོམ། །འགྲོ་སྒྲོལ་དམ་བཅའི་གོ་བགོས་ནས། །སྦྱོར་བ་ཕར་ཕྱིན་དཔུང་ཚོགས་ཀྱིས། །ཉོན་མོངས་ཤེས་བྱའི་དགྲ་འཇོམས་པ། །དེ་དག་སྲིད་གསུམ་རྣམ་རྒྱལ་ངེས། །མ་བརྟགས་ཉམས་དགའ་ཀུན་བྱང་ཆོས། །བརྟགས་ན་མི་བདེན་སྒྱུ་མ་འདྲ། །ནན་གྱིས་བརྟགས་ན་སྤྲོས་པ་ཡི། །མཚན་མ་ཀུན་ལས་ངེས་གྲོལ་ཉིད། །དེ་སླད་སྣང་བ་མི་འགོག་ཅིང་། །སྟོང་པ་མི་སྒྲུབ་ཡོད་མི་བཙལ། །མེད་པར་མི་ཞེན་མཚན་མི་འཛིན། །སྤྲོས་བྲལ་མཉམ་པ་ཉིད་ཤེས་བྱོས། །ནམ་ཞིག་ཆོས་ཉིད་མཁའ་འདྲའི་གདངས། །འདི་ཞེས་སྨྲ་བློས་མཚོན་མིན་ཡང་། །ཐེ་ཚོམ་དཔྱང་ཐག་ཆད་པའི་ཉམས། །ངེས་ཤེས་ནང་ནས་འཆར་བར་འགྱུར། །དེ་ལྟར་གདེང་དུ་མ་གྱུར་ན། །ཙབ་ཙུབ་མང་པོ་འཆིང་བའི་གཟེབ། །མཐོང་མེད་མཐོང་དུ་རེ་བའི་ཡུས། །ནམ་ཡང་ལྡོག་པར་མི་འགྱུར་རོ། །དེས་ན་མཚན་ལྡན་བླ་མའི་ཞབས། །ལེགས་བསྟེན་གདམས་པའི་ཞལ་ཆུ་འཐུང་། །མོས་གུས་ལམ་གྱི་སྲོག་ཤིང་བཙུགས། །བསགས་སྦྱང་གནད་དུ་གང་འགྲོ་མཛོད། །མདོར་ན་དུས་རྒྱུན་རང་རྒྱུད་རྟོག །དགེ་བར་འདུག་ན་གཟེངས་བསྟོད་ཅིང་། །ཉེས་པར་འདུག་ན་ཚར་བཅད་ནས། །ཡང་དག་ལམ་དུ་ཅི་ཚུད་བྱོས། །དེ་སྐད་དགེ་སྦྱོང་འདུ་གསུམ་པས། །ཁྱོད་གསུང་མི་ལྡོག་ཙམ་དུ་ཕུལ། །དགེ་བས་རས་དཀར་བླ་གོས་ཅན། །དགེ་བློ་ཡར་ཟླའི་དཔལ་ལྟར་ཤོག །ཅེས་པའང་པདྨ་བི་ཛས་མཚམས་མལ་ནས་བྲིས་ཏེ་ཕུལ་བ་དགེ།
༄༅། །གང་གི་བ་སྤུའི་ཁུང་བུ་རེ་རེར་ཡང་། །སངས་རྒྱས་ཡོན་ཏན་རྒྱ་མཚོའི་རྡུལ་སྙེད་གནས། །དྲན་པ་ཙམ་གྱིས་ནམ་གྲོལ་མཆོག་སྟེར་བའི། །མཚུངས་མེད་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །འདི་ན་སློང་བས་མིག་དང་ལྡན་པ་ལ། །ལམ་སྟོན་ཇི་བཞིན་སྨྲ་བར་འོས་མིན་ཡང་། །སྒྲུབ་བརྩོན་རྣལ་འབྱོར་ཆེན་པོ་བཀའ་གཉན་ཕྱིར། །དད་དམ་གཙང་མའི་ནང་མཆོད་ཚུལ་དུ་འབུལ། །གཞན་དུ་བསྐལ་པ་བྱེ་བར་འབད་པ་བས། །འདི་རུ་སྐད་ཅིག་བརྩོན་པ་དོན་ཆེ་བར། །རྒྱལ་གསུང་སེང་གེའི་སྒྲ་ཡིས་རྗེས་བསྟན་པའི། །ཞིང་མཆོག་ཁྱད་འཕགས་མི་མཇེད་ཁམས་འདིར་སྐྱེས། །མཚན་ཐོས་ཙམ་གྱིས་བསྐལ་པ་བརྒྱད་ཁྲི་ཡི། །སྒྲིབ་པའི་མུན་པ་སྟུག་པོ་འཇོམས་མཛད་ཅིང་། །རྣམ་གྲོལ་ལམ་ལས་ཕྱིར་ལྡོག་འགྱུར་མིན་པ། །མཉམ་མེད་ཤཱཀྱའི་སྲས་ཀྱི་བསྟན་སྒོར་ཞུགས། །དཔག་མེད་གོང་ནས་མངོན་པར་བྱང་ཆུབ་ཀྱང་། །སྙིང་རྗེ་ཆེན་པོས་སྲིད་པ་ཉེར་བཟུང་བས། །གདུལ་དཀའི་ཞིང་འདིར་སངས་རྒྱས་མཛད་པ་ཅན། །ཟླ་བྲལ་སྐྱེས་ཆེན་དུ་མའི་ཞབས་ཀྱིས་ཟིན། །ཟབ་དང་རྒྱ་ཆེའི་ཆོས་མཛོད་སྙིང་པོའི་བཅུད། །ཚང་ལ་མ་ནོར་རིག་འཛིན་བརྒྱུད་པའི་ལུང། །བློ་རྣོན་ཚེ་འདིར་གྲོལ་བྱེད་གདམས་པའི་ཆབ། །དད་གསུམ་སྙིམ་པས་འཐུང་བའི་སྐལ་བཟང་ཐོབ། །མ་སྨད་{རྨད} སྐྱེས་ཐོབ་དགེ་བའི་གེ་ས་རར། །སྦྱོར་བྱུང་ཐོས་བསམ་སྒོམ་པའི་བདུད་རྩིས་ཕྱུག །བསླབ་གསུམ་འདབ་ཕྲེང་མཛེས་པའི་ཨུཏྤ་ལ། །གཟུར་གནས་སྐྱེ་བོ་མཆིས་ན་སྨོན་གནས་ཉིད། །དུས་མཐར་ཚིགས་བཅད་གཅིག་ཙམ་ཉན་བཤད་ཀློག །དམ་ཆོས་འཛིན་པ་ཡིན་ཞེས་ཐུབ་པས་བསྔགས། །དེ་ཡི་བསོད་ནམས་ཕུང་པོ་བསམ་མི་ཁྱབ། །ཚད་བཟུང་རྒྱལ་བས་ཀྱང་ནི་བསྒྲང་ནུས་མིན། །ཁྱད་པར་ལན་གཅིག་ཙམ་གྱིས་སྲིད་པའི་གྲོང་། །བརྒྱ་ཕྲག་རྡུལ་དུ་གཞིག་བྱེད་བསྙུང་བར་གནས། །སྟོང་ཕྲག་བརྒལ་བར་བརྩོན་པའི་ལེགས་བྱས་འབྲས། །གཟུགས་སུ་གྲུབ་ན་སྟོང་གསུམ་སྣོད་ཡང་དོག །དེ་སླད་མཆོག་ཏུ་དགའ་དང་དྭངས་པའི་བློས། །ཡིད་རང་སོར་བཅུའི་འདབ་སྟོང་གཡོ་བ་དང་། །ཆབས་ཅིག་བསྔགས་པའི་རོལ་མོ་འཁྲོལ་བ་ལས། །གཞན་པའི་བརྗོད་པར་བྱ་བ་ཅི་ཞིག་ཡོད། །ད་དུང་སྲིད་པ་ཇི་སྲིད་གནས་ཀྱི་བར། །རླབས་ཆེན་རྫོགས་སྨིན་སྦྱངས་པ་རྒྱ་མཚོ་ཆེར། །འཇུག་གང་བློ་ཆེན་འཕགས་པའི་རང་གཤིས་ཏེ། །གཞན་བསྐུལ་ཚིག་གི་རྐྱེན་ལ་ལྟོས་ཅི་དགོས། །ཐོས་པ་རྒྱ་མཚོའི་གླིང་ནས་རྙེད་པའི་ནོར། །བསམ་བྱུང་པཉྩ་ལི་ཀས་གཙང་བྱས་གང་། །སྒོམ་སྒྲུབ་རྒྱལ་མཚན་རྩེ་མོར་ལེགས་མཆོད་ན། །དོན་གཉིས་འདོད་པ་འཇོ་ལས་སོམ་ཉི་ཅི། །ཆོས་ཀྱི་དབྱིངས་དང་ནམ་མཁའ་སེམས་ཅན་མཐའ། །ཀུན་ནས་མཉམ་གྱུར་དེ་སྲིད་བརྩོན་པའི་གོ །བློ་ཆེན་ཀུན་ཏུ་བཟང་པོའི་རྣམ་ཐར་གྱི། །རྗེས་སུ་སློབ་འདོད་ཐེག་ཆེན་ལམ་སྙིང་གསུངས། །གང་དེ་ལམ་མཐར་ཕྱིན་རྣམས་གཤེགས་པའི་ཤུལ། །ལམ་གནས་བློ་མཆོག་ཡོངས་ཀྱིས་ཉེར་བརྟེན་པ། །མོས་སྤྱོད་དད་པའི་སྲབ་སྐྱོག་བསྒྱུར་གནས་ཏེ། །འདི་མེད་བྱང་ཆུབ་ལམ་དུ་ཅི་སྟེ་འགྲོ། །མ་དག་གཟུང་འཛིན་འཁྲུལ་པའི་ལྕགས་ཁམས་ཆེ། །སྟོང་དང་སྙིང་རྗེ་ཟུང་འབྲེལ་གསེར་འགྱུར་རྩིས། །རྣམ་གྲོལ་རིན་ཐང་བྲལ་བའི་དངོས་པོ་ཆེར། །བསྒྱུར་བའི་ཐབས་ཚུལ་ཉིན་མཚན་བར་མེད་འབད། །འོད་གསལ་རང་བཞིན་སེམས་ཀྱི་ཆོས་ཉིད་ཁམས། །མ་དག་གློ་བུར་འཁྲུལ་པའི་སྦུབས་རྒྱ་ལས། །ཡོངས་གྲོལ་ཡེ་ཤེས་ཆེན་པོའི་རྒྱལ་ཐབས་ལ། །སྦྱོར་བྱེད་རྣལ་འབྱོར་ཟབ་མོར་བརྩོན་པ་གལ། །སྣང་བའི་ཆོས་ཀུན་གཤིས་ལུགས་བབས་ཀྱིས་སྟོང་། །སྟོང་པའི་རང་མདངས་མ་འགགས་ཅིར་ཡང་སྣང་། །བདེན་གཉིས་ཟུང་འབྲེལ་རྟེན་འབྱུང་སྒྱུ་མའི་ཚུལ། །མཐའ་བྲལ་དབུ་མ་ཆེན་པོའི་གཤིས་ལུགས་ལྟོས། །ཆོས་ཀུན་སེམས་ཉིད་གཅིག་པུའི་ཆོ་འཕྲུལ་ཏེ། །མ་བཅོས་ཐ་མལ་ཤེས་པ་ཆོས་ཀྱི་སྐུ། །ཡིད་ལ་མི་བྱེད་རང་བབ་སྒོམ་པའི་བཅུད། །བློ་འདས་ཕྱག་ཆེན་གཉུག་མའི་རང་ཚུགས་ཟུངས། །ཡེ་གྲོལ་ཀློང་ཆེན་དགོངས་པའི་མཁའ་དབྱིངས་སུ། །འཁོར་འདས་ཆོས་ཀུན་དབྱེ་བསལ་མེད་པར་རྫོགས། །མ་བཅིངས་མ་བཀྲོལ་རང་བབ་ཅོག་བཞག་དང་། །གདོད་མའི་རྒྱལ་ས་ཚེ་འདིར་སྙོགས་པར་མཛོད། །གནས་ལུགས་ངང་ནས་ཆོས་ཀུན་མི་དམིགས་ཀྱང་། །སྣང་ལུགས་ཀུན་རྫོབ་རྒྱུ་འབྲས་བསླུ་བ་མེད། །ཐབས་ཤེས་ཟུང་འབྲེལ་ཚོགས་གཉིས་རླབས་པོ་ཆེར། །འཇུག་གང་རྒྱལ་བ་དགྱེས་པའི་ལམ་སྲོལ་ལགས། །རང་གིས་མི་སྒྲུབ་གཞན་ལ་སྐུལ་བའི་ངག །འོས་པ་མིན་ཡང་དམ་པའི་གསུང་ནན་ངོར། །སེམས་མེད་སྒྲ་ཡིས་སེམས་ལྡན་དགའ་བསྐྱེད་ལྟར། །བརྗོད་པ་འདི་ཡང་དོན་ལྡན་ཉིད་དུ་སྨོན། །ཅེས་པ་འདིའང་འཕགས་པའི་ས་ལ་བཞུགས་པའི་བཤེས་གཉེན་ཚེ་སྒྲུབ་ལགས་ཀྱིས་བཞེད་སྐོང་དུ་སྤྲུལ་མིང་པདྨ་བི་ཛ་ཡས་བྲིས་པ་དགེ།
༄༅། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཀུན་མཁྱེན་ཐུབ་པའི་བསྟན་པ་ལུང་རྟོགས་གཉིས། །དེ་འཛིན་བྱེད་པ་བཤད་དང་སྒྲུབ་པ་སྟེ། །རབ་བྱུང་རྣམས་ཀྱིས་ལས་སྐལ་འདི་ཁོ་ན། །རང་སྐལ་བཞག་ནས་གཞན་རྗེས་མི་བསྙེག་འཚལ། །དེང་སང་སྙིགས་དུས་བསྟན་མཆོག་འཇིག་ཉེའི་ཚེ། །ཚིག་བཅད་གཅིག་ཙམ་ཉན་བཤད་དོན་བསམ་པའི། །བསོད་ནམས་དཔག་མེད་རྒྱལ་བས་རྗེས་སུ་བསྔགས། །འདུས་བྱས་དགེ་ཚོགས་ཀུན་གྱིས་དཔེར་བྱ་མིན། །མཐུན་རྐྱེན་འཁོར་ལོ་བཞི་ཡི་འབྱོར་དུས་འདིར། །ཆོས་ལ་འཇུག་པའི་བརྩོན་འགྲུས་རྩོམ་པར་རིགས། །ཕྱིས་ནས་འགྱོད་པར་གྱུར་ན་མི་རུང་བས། །གཞན་དོན་ཚགས་སུ་ཚུད་མཛོད་སྙིང་གི་གྲོགས། །ཉམས་ལེན་ཉམས་ལེན་ཟེར་བ་མང་མོད་ཀྱི། །རང་རྒྱུད་ཆོས་ཀྱིས་འདུལ་ལས་གཞན་ཡོད་མིན། །དད་དང་ངེས་འབྱུང་སྟོང་ཉིད་སྙིང་རྗེ་ཡིས། །བདག་འཛིན་ཉོན་མོངས་ཆོམ་ན་དེ་རང་ཡིན། །དེ་ལས་གཞན་པའི་ཚེ་འདིས་ཤེས་བྱ་སོགས། །རྣམ་དཔྱོད་མང་ཡང་མཐར་ཐུག་ཕུང་བའི་རྒྱུ། །ཤེས་ནས་རང་མགོ་རང་གིས་མི་གཡོག་པར། །སྙིང་ལ་རུས་པ་བསྐྱེད་ཅིག་འདྲིས་པའི་གྲོགས། །གནད་ཀྱི་སྙིང་པོ་བསྡུས་པ་དེ་ལས་མེད། །སྙིང་ལ་ཆོངས་དང་འདི་ཕྱིའི་བདེ་ལེགས་འཕེལ། །ཉམས་ལེན་ཨི་བྱས་ཁོ་བོས་ཕྱི་ནས་ལྟ། །ཆོས་མཐུན་བསམ་པ་འགྲུབ་པའི་སྨོན་ལམ་ཞུ། །
༄༅། །གང་ཞིག་ཚེ་སྔོན་ལས་ཀྱི་བགོ་སྐལ་གྱིས། །དོན་མཐུན་མགྲོན་པོ་ལྷན་ཅིག་འཚོགས་པ་བཞིན། །ད་རེས་ལན་གཅིག་ཡུད་ཙམ་འགྲོགས་པ་ཡི། །གྲྭ་བཙུན་རྣམས་ཀྱི་སྙན་དུ་ཚིག་འདི་ཞུ། །སྔོན་བསགས་དགེ་བས་དལ་བའི་རྟེན་རྙེད་ཅིང་། །སངས་རྒྱས་བསྟན་དང་ལན་གཅིག་མཇལ་དུས་འདིར། །བློ་ཁ་དམ་པའི་ཆོས་ལ་མ་ཕྱོགས་ན། །འདི་ལས་བསླུས་པ་མེད་དོ་ཤེས་ལྡན་དག །ཚེ་གང་ཚེ་འདིས་བྱ་བར་ཞེན་ཞེན་ཀྱང་། །བྱས་པའི་ལས་ལ་ནམ་ཡང་ཟིན་དུས་མེད། །མ་ཚོར་ངང་དུ་འཆི་བ་ཐོག་བབས་འབྱུང་། །དེ་དུས་འགྱོད་ཀྱང་འཕྱིས་སོ་ཤེས་ལྡན་དག །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་བསླབ་གསུམ་ནོར། །ཐུབ་པ་མཆོག་གིས་རྗེས་འཇུག་ཡོངས་ལ་སྩལ། །སྐལ་བ་དམན་ལ་རང་སྐལ་ཆད་པ་བཞིན། །རང་གིས་རང་ཉིད་མ་བསླུ་ཤེས་ལྡན་དག །སངས་རྒྱས་ཞེས་བྱའི་མཚན་གྱི་སྒྲ་འདི་ཡང་། །སྐལ་བ་བྱེ་བ་དུ་མར་རྙེད་དཀའ་བས། །དེ་ཡི་རྗེས་སུ་འཇུག་པ་སྨོས་ཅི་དགོས། །འདི་ལ་སྤྲོ་བར་གྱིས་ཤིག་ཤེས་ལྡན་དག །ཉིན་ཞག་གཅིག་ཙམ་བསླབ་ཁྲིམས་བསྲུངས་ན་ཡང་། །བསོད་ནམས་དཔག་མེད་རྒྱལ་བ་མཆོག་གིས་བསྔགས། །དེ་ཕྱིར་རང་གི་སེམས་ལ་བསྐོར་མཛོད་དང་། །རང་དྲིན་རང་ལ་ཡོད་དོ་ཤེས་ལྡན་དག །མིག་ལྟོས་འཆའ་ན་གོང་མའི་རྣམ་ཐར་ལྟོས། །ལད་མོ་བྱེད་ན་ཡ་རབས་རྗེས་སུ་ཞུགས། །རང་མདོ་ཡོད་ན་ད་ནི་བརྩོན་རེ་རན། །ཚིག་འདི་བརྩེ་བས་སྨྲས་སོ་ཤེས་ལྡན་དག །ལུགས་གཉིས་བྱ་བ་མ་ཐོན་རྒན་འཆལ་བདག །ད་ནི་གད་ཕུག་ཁྱི་བཞིན་ཤི་སྙིང་འདོད། །མི་གྲལ་ཚུད་རེའི་བསམ་པ་བདག་ལ་མེད། །ཚིག་འདི་ཉན་ན་ཁྱེད་ཅག་དགེ་བར་འགྱུར། །
༄༅། །མ་ལུས་འགྲོ་བ་ཡོངས་ཀྱི་མགོན་གཅིག་པུ། །ཐུགས་རྗེའི་དབང་ཕྱུག་འཕགས་པ་སྤྱན་རས་གཟིགས། །བདག་སོགས་འགྲོ་ལ་བརྩེ་བས་རྗེས་དགོངས་ཏེ། །དད་ལྡན་བློ་སྣ་ཆོས་ལ་བསྒྱུར་ཏུ་གསོལ། །ཀྱེ་ཧོ་ཉོན་གཅིག་སྔོན་བསགས་བཟང་པོས་མཐུས། །ད་རེས་རྙེད་དཀའི་མི་ལུས་ཐོབ་དུས་འདིར། །ནམ་འཆི་ངེས་མེད་འཁོར་བའི་སྡུག་བསྔལ་རྣམས། །ལེགས་པར་སེམས་ལ་དགེ་བའི་དཔུང་བསྐྱེད་འཚལ། །དཀར་ནག་ལས་འབྲས་ནམ་ཡང་བསླུ་བ་མེད། །མྱོང་འགྱུར་ཐམས་ཅད་རང་གི་ཐོག་ཏུ་སྨིན། །གཉེན་གྲོགས་ནོར་གྱིས་འཆི་ཚེ་ཕན་མི་འདོགས། །དེ་བས་ལས་འབྲས་འདོར་ལེན་བརྩོན་པ་གལ། །སྔོན་ཆད་མཐོང་དང་མ་མཐོང་བསགས་པའི་སྡིག །ཁོང་དུ་དུག་སོང་བཞིན་དུ་འགྱོད་བཤགས་དང་། །ཕྱིན་ཆད་སྲོག་ལ་བབས་ཀྱང་སྡོམ་སེམས་ཀྱི། །གཉེན་པོ་དགེ་བའི་ལས་ལ་འཇུག་པ་གལ། །ནམ་ཡང་མི་བསླུ་དཀོན་མཆོག་རིན་པོ་ཆེ། །ཡིད་ཆེས་དད་པའི་གསོལ་བ་དུས་རྒྱུན་ཐོབ། །བསྙེན་གནས་ཡན་ལག་བརྒྱད་པའི་དུས་ཁྲིམས་བསྲུང་། །ཞིང་སྒྲུབ་བདེ་སྨོན་སོགས་ལ་བརྩོན་པར་གལ། །དེ་ལྟར་མཛད་ན་འདི་བདེ་ཕྱི་མ་སྐྱིད། །བདེ་ནས་བདེ་བར་འགྲོ་བ་ངེས་པའི་ལུང་། །དེ་ལྟར་མཛོད་ཅིག་དད་ལྡན་བྱང་ལོ་སོགས། །འདི་ཕྱི་དགེ་བའི་སྨོན་ལམ་རྒྱུན་ཞུ་བགྱིད། །ཅེས་པའང་དད་དམ་ལྡན་པའི་ངོར་བི་ཛས་སོ། །
༄༅། །ད་རེས་རྙེད་དཀའ་རྟེན་བཟང་ཐོབ་དུས། །གཏན་དུ་ཕན་པའི་ལྷ་ཆོས་མ་འགྲུབ། །བག་མེད་དབང་དུ་མི་ཚེ་ཡོལ་ན། །དེ་ལས་བསླུས་ཚབས་ཆེ་བ་ཅི་ཡོད། །མི་རྟག་འཆི་བ་ནམ་ཡོང་མི་ཤེས། །དེ་ཕྱིར་སྙིང་ལ་རི་མོ་བྲིས་ཏེ། །སྔར་བྱས་སྡིག་ལ་འགྱོད་སྡོམ་དྲག་པོས། །གཉེན་པོ་དགེ་བའི་ལས་ལ་འབད་འཚལ། །ནམ་ཡང་མི་བསླུ་དཀོན་མཆོག་རྣམ་གསུམ། །ཡིད་ཆེས་གུས་པས་བློོར་གཏད་ནུས་ན། །སྐྱབས་འདིའི་མི་སྐྱོབ་ནམ་ཡང་མི་སྲིད། །དེ་སླད་དེ་ལ་བློ་གཏད་ཆོལ་ཅིག །མཁའ་ཁྱབ་འགྲོ་ཀུན་ཕ་མའི་རང་བཞིན། །དགྲ་གཉེན་ཆགས་སྡང་འཆིང་བས་ཅི་བྱ། །ཀུན་ཀྱང་བླ་མེད་རྫོགས་བྱང་འགོད་པའི། །དམ་བཅའི་གོ་ཆ་རྟག་ཏུ་བགོས་ཤིག །འདི་ཡོད་ཐེག་ཆེན་ལམ་ལས་མི་བཟློག །འདི་མེད་ཇི་ལྟར་བརྩོན་ཡང་མི་ཕན། །འདིས་ཟིན་དགེ་འབྲས་རྒྱ་ཆེན་མི་ཟད། །འདི་ལས་དོན་འགངས་ཆེ་བ་མེད་དོ། །ཆོས་ཀུན་གདོད་ནས་ངོ་བོ་སྟོང་ཡང་། །རྟེན་འབྱུང་མི་འགག་སྒྱུ་མའི་བཀོད་པ། །ནམ་ཡང་མི་བསླུ་དཀར་ནག་ལས་འབྲས། །ཡིད་ཆེས་སྐྱེད་ལ་འཇུག་ལྡོག་རེམ་ཞིག །དགེ་རྩ་གང་འགྲུབ་མཐའ་ཡས་འགྲོ་ཀུན། །སྡུག་བསྔལ་སྲིད་པའི་མཚོ་ལས་སྒྲོལ་སླད། །རྣམ་མཁྱེན་རྫོགས་བྱང་ཐོབ་པའི་ཆེད་དུ། །ཡོངས་སུ་བསྔོོ་འདི་མེད་ཐབས་མེད་དོ། །དེས་ན་ཀུན་རྫོབ་སྨོན་སེམས་བརྟན་ངང་། །རྣམ་གསུམ་དམ་པས་ཟིན་པའི་དགེ་ལ། །ཅི་ནུས་འབད་ལས་དོན་ཆེན་མི་སྲིད། །རྒྱལ་སྲས་བསླབ་བྱའི་མདོ་འགག་དེའོ། །དེ་ལྟར་རྒྱུན་རིང་བརྩོན་པ་བསྐྱེད་ན། །ཡང་དག་ཐར་པའི་ལམ་སྣ་ཟིན་མཆིས། །མི་ལུས་རྙེད་པའི་དོན་གོ་དེའོ། །ཡིད་ལ་ཞོག་ཅིག་དད་ལྡན་བསོད་ཁོ། །བསམ་དོན་འགྲུབ་པའི་བཀྲ་ཤིས་ཤོག་ཅིག །བི་ཛས་སོ། །
༄༅། །བླ་མ་ལ་ཕྱག་འཚལ་ལོ། །ཁྱེད་ལ་མང་དུ་བརྗོད་པས་ཅི་བྱ་སྟེ། །ཐུགས་རྗེ་ཆེ་དངོས་མཆོག་གི་སྤྲུལ་སྐུ་དེས། །སྐྱབས་འགྲོ་ནས་བརྩམས་ཨ་ཏི་ཡོ་གའི་བར། །ཟབ་རྒྱས་གདམས་པའི་གནད་རྣམས་བསྟན་ཟིན་ནས། །དེ་ལས་ཟབ་པའི་གདམས་ངག་གཞན་ཅི་ཡོད། །ངེས་འབྱུང་མཐུ་ཡི་ཁྱིམ་གྱི་འདུ་འཛི་ལས། །རིང་བྱོལ་རྩེ་གཅིག་དགེ་ལ་སྦྱོར་བ་དེས། །ཁྱེད་ཀྱི་རྙེད་པ་དམ་པ་རྙེད་པ་ལགས། །བདག་ཀྱང་རྗེས་སུ་ཡི་རང་སྙིང་ནས་བསྐྱེད། །ད་དུང་དུ་ཡང་ཇི་སྲིད་ཚེ་མཐའི་བར། །ངེས་འབྱུང་བརྩོན་འགྲུས་རླུང་གིས་རབ་བསྐུལ་ནས། །ཐོས་དོན་ཉམས་ལེན་རྩེ་གཅིག་དྲིལ་བ་གནད། །དལ་འབྱོར་རྙེད་དཀའ་མི་བརྟན་མྱུར་དུ་འཇིག །སྲིད་པའི་ཕུན་ཚོགས་ཀུན་ལ་ཡིད་བརྟན་ཅི། །ལས་འབྲས་མྱོང་འགྱུར་མི་བསླུ་གཉའ་བར་འབབ། །འཁོར་བའི་སྡུག་བསྔལ་མཐའ་མེད་བཟོད་པ་དཀའ། །ད་རེས་མ་བསྒྲལ་ཕྱིས་ནས་སྒྲོལ་དུས་ཅི། །དེ་ཕྱིར་སྙིང་ནས་སྙིང་ལ་རུས་པ་བསྐྱེད། །མཁའ་ཁྱབ་འགྲོ་ཀུན་ཕ་མ་མ་གྱུར་མེད། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས་སྐྱེད་ལ། །སྲིད་མཚོ་དོང་ནས་སྤྲུག་ཕྱིར་བརྩོན་པའི་གོ །ཆེར་བགོས་བདུད་བཞིའི་གཡུལ་ལས་རྒྱལ་བར་མཛོད། །ཐོག་མར་དགེ་བ་ངེས་འབྱུང་རྩ་བ་བརྟན། །བར་དུ་དགེ་བ་གཞན་ཕན་ཡལ་འདབ་རྒྱས། །ཐ་མར་དགེ་བ་རིམ་གཉིས་འབྲས་བུ་སྨིན། །དོན་གཉིས་བསམ་ཀུན་འགྲུབ་པའི་བཀྲ་ཤིས་ཤོག །
༄༅། །མཁྱེན་བརྩེའི་ཡེ་ཤེས་མ་རྫོགས་ཉ་གང་གི་ཟླ་བ། །བྱིན་རླབས་ཐུགས་རྗེའི་བསིལ་ཟེར་མཁའ་ཁྱབ་ཏུ་བརྡལ་བས། །བསྟན་འགྲོའི་རྒུད་པའི་ཚད་གདུང་ལྷག་མེད་དུ་གཅིལ་མཛད། །འཇམ་དབྱངས་བླ་མ་མཁྱེན་བརྩེའི་དབང་པོ་ལ་འདུད་དོ། །དལ་རྟེན་མྱུ་གུ་གསར་པའི་ཁྲི་ཤིང་གི་རྩེ་ན། །ལང་ཚོའི་མེ་ཏོག་མཛེས་པའི་ཐོད་རྒྱན་གྱིས་སྤྲས་བཞིན། །དོན་མཐུན་ཉི་ཟེར་འཐུང་བའི་རྩེ་དགའ་ལ་རོལ་རྣམས། །བག་ཡང་རྐང་དྲུག་གཞོན་ནུའི་མགྲིན་གླུ་ལ་ཉོན་དང་། །འགལ་རྐྱེན་དུས་ཀྱི་གྲང་བའི་རེག་བྱ་ཡིས་མ་རྙིང་། །མཐུན་རྐྱེན་འཁོར་ལོ་བཞི་ཡི་འདབ་སྟོང་གིས་མཛེས་ཚེ། །ཚུལ་གནས་ཐོས་བསམ་སྒོམ་པའི་ཟིལ་དངར་ཞིག་སོགས་དང་། །དོན་གཉིས་ལུས་ཟུངས་རྒྱས་པའི་བཅུད་ལེན་དུ་འགྱུར་ངེས། །རིགས་གཟུགས་ནོར་གྱིས་ཕྱུག་པའི་དཔལ་འབྱོར་གྱི་ལྗོན་བཟང་། །བག་མེད་རྒྱགས་དང་དྲེགས་པས་ལྡེམ་ལྡེམ་དུ་བསྐྱོད་ཀྱང་། །མི་རྟག་རྩ་བ་རུལ་བའི་སྣང་ཚུལ་འདི་ཨེ་གཟིགས། །སྡོང་ཧྲུལ་འབུ་ཡིས་གཡེང་ཚེ་འགྱོད་དུས་ཤིག་འོང་ངོ་། །ན་གཞོན་ཤེས་རིག་བཀྲ་བའི་ཨུཏྤལ་ནི་གཞོན་ནུ། །ལེགས་སྨོན་དྲི་བསུང་འཐུལ་བ་ད་རེས་ཙམ་ལགས་པས། །རྒྱལ་བསྟན་པདྨའི་ཚལ་དུ་དགའ་བས་རང་ཞུགས་དང་། །མཁན་སློབ་ཐུགས་རྗེའི་ཉི་མ་ལྷག་པར་དུ་འཇུག་འདུག །ཡོངས་འཛིན་དམ་པའི་ཞབས་སེན་ཡིད་བཞིན་གྱི་ནོར་བུ། །དད་གསུམ་རྒྱལ་མཚན་རྩེ་མོར་གཡོ་མེད་དུ་བཀོད་ནས། །མཉེས་པ་གསུམ་གྱིས་མཆོད་པའི་སྐལ་བཟང་གི་ཚོགས་ལ། །གྲུབ་གཉིས་འདོད་རྒུའི་ཆར་བཟང་ཅི་དགའ་རུ་འབེབས་ངེས། །སྲིད་འབྱོར་བྱེ་བའི་རྒྱན་གྱིས་ཆ་ཙམ་ཡང་མཚོན་མིན། །བསླབ་གསུམ་ཡོན་ཏན་མཛེས་པའི་མགུལ་རྒྱན་དེ་གསོལ་དང་། །ཡ་རབས་མི་དང་དཀར་ཕྱོགས་ལྷ་ཀླུའི་ཚོགས་འདུས་ནས། །དགའ་སྟོན་བསྔགས་པའི་མེ་ཏོག་སིལ་མ་རུ་བསྙིལ་འོང་། །མི་བསྲུན་སྲིན་མོའི་བསླུ་བྲིད་འཛུམ་དཀར་གྱི་རྒྱ་ལ། །ཅོལ་ཆུང་སེམས་ཀྱི་གླང་པོ་བག་མེད་དུ་མ་གཡེང་། །ཉེས་བརྒྱའི་རང་བཞིན་ཁྱིམ་གྱི་ཁྲི་མུན་ནི་དོག་པོར། །དབང་མེད་སྡུག་བསྔལ་ལྕགས་ཀྱུའི་ཆད་ལས་ཀྱིས་མནར་འོང་། །འཁྲིག་སྲེད་བདེ་བའི་གློག་ཕྲེང་ཡུད་ཙམ་གྱིས་ཡལ་ཡང་། །གྲགས་ངན་མུན་པའི་བླ་རེས་དུས་མཐའ་བར་ཁེབ་ཅིང་། །རྒ་བའི་འཇིགས་གཟུགས་དང་འགྲོགས་འགྱོད་པ་ཡིས་གདུང་བའི། །མེ་ཆེན་སྙིང་ལ་འབར་བ་སུ་ཞིག་གིས་གཞིལ་ཨང་། །འཆལ་སྤྱོད་སྐྱོན་གྱིས་ནོངས་པའི་བཞིན་རས་ཀྱི་དྲེག་པ། །གཞན་གྱི་ཀུན་རྟོག་མེ་ལོང་དྭངས་པ་རུ་འཆར་དོགས། །འཆབ་འདོད་གྱ་གྱུའི་འཕྲུལ་གྱིས་ལྕང་ལོ་བཞིན་བསྐྱོད་པས། །བརྟན་ལྡན་དྲང་པོ་རྣམས་ཀྱང་གཅིག་ཤོས་སུ་བསྒྱུར་གཏོང་། །རྙེད་བཀུར་གྲགས་བདེ་ལ་སོགས་ལེགས་ཚོགས་ཀྱི་ཡོན་ཏན། །ཟླ་བ་མར་གྱི་ངོ་བཞིན་ཇེ་བས་ནི་ཇེ་འགྲིབ། །གླ་མེད་བུ་ཚའི་ཁོལ་པོ་སྡིག་སྡུག་གི་མུན་ཚོགས། །དུས་མཐས་གཏུགས་དར་ཇེ་བས་ཇེ་འཕེལ་འདི་ཨེ་གཟིགས། །འཆལ་སྤྱོད་སྡིག་པའི་རང་གཟུགས་རྣོ་མཚོན་གྱི་རི་ལ། །འབབ་འཇོག་སྤུ་གྲིས་ལུས་གཏམས་སྲིན་མོ་ཡིས་འཁྱུད་པའི། །ཟ་བྱེད་ཀླད་ཁྲག་གིས་སྤགས་འཇིགས་རྔམ་དེ་ཐོས་ཀྱང་། །དེ་རྒྱུ་མི་བཟློག་བརྩོན་གང་སྨྱོན་པ་ཡི་ཡང་ཐ། །གསང་སྔགས་ལམ་གྱི་གྲོགས་སུ་བརྟེན་ཚུལ་ཞིག་ཡོད་ཀྱང་། །སྟོན་ཀའི་ཁྱི་ལྡོམ་བཞིན་དུ་གྲོང་མཐའ་ཀུན་ཉུལ་ནས། །ལན་ཆགས་བྱི་ཕྲུག་སྤེལ་བའི་བྲེལ་དོ་ལ་གཡེང་བའི། །གྲོང་སྔགས་སྐྱ་མིན་སེར་མིན་འདི་འདྲ་ནི་མ་ལགས། །བརྒྱུད་ནས་བསྟན་འགྲོར་ཕན་པའི་དོན་ཆེན་ཞིག་ཡོད་ཅེས། །ཁ་ཕོ་འབྲུག་ལྟར་སྒྲོགས་ཀྱང་མངོན་གྱུར་གྱི་སྐབས་འདིར། །ཕལ་ཆེར་སྐུ་ཚེ་མཛད་ཕྲིན་ཁྱོར་ཆུ་བཞིན་ཟག་འདི། །མཐོང་ན་དཔྱོད་ལྡན་སུ་ཞིག་ཡིད་ཆེས་སུ་འགྱུར་ཨང་། །བཙུན་གྲོགས་པདྨ་གཞོན་ནུའི་ལུས་སྐྱེས་ཀྱི་ཁྲི་ཤིང་། །ཕན་ཚུན་རེག་པས་སིམ་པ་ཚངས་སྤྱོད་ཀྱི་ཆོམ་རྐུན། །ཚུལ་ཁྲིམས་བླ་གོས་དབྲལ་ལ་བྱ་བ་ནི་མཐུན་པས། །གྲགས་ངན་སྲིན་བྱ་དགོད་ལ་བག་གཟོན་རེ་གནང་འཚལ། །དེ་བས་ཐོས་སོགས་ཡོན་ཏན་དཀྱིལ་འཁོར་གྱིས་མཛེས་ཤིང་། །སྤང་ཀློག་ཟེར་གྱིས་དོན་གཉིས་ཕན་བདེ་ཡི་ཀུ་མུད། །བཞད་ལ་མངོན་པར་དགེས་རྣམས་ཚུལ་ཁྲིམས་ཀྱི་ཟླ་རྒྱས། །འཆལ་སྤྱོད་སྒྲ་གཅན་གནས་ནས་ཁྱིམ་གཞན་དུ་བྱོལ་མཛོད། །གང་ཞིག་རིགས་དང་གཟུགས་མེད་ཐོས་པ་ཡི་དབུལ་ཞིང་། །ཐ་ན་ཀློག་སྦྱོར་ཙམ་ཡང་ངེས་འདྲོངས་ཤིག་མེད་ཀྱང་། །ཡོན་ཏན་གཅིག་པུ་འདི་ཡི་རྒྱན་བཟང་གིས་སྤྲས་ན། །མང་པོའི་ཚོགས་གྲལ་བག་ཕེབས་སེང་གེ་བཞིན་རྒྱུའོ། །གྲངས་མེད་གསུམ་གྱི་སྔོན་ནས་ཚོགས་གཉིས་ཀྱི་དཔུང་ཤུགས། །ཡུ་བུའི་དོན་དུ་བསྐུལ་ནས་བྱང་ཆུབ་ཀྱི་ཤིང་དྲུང་། །བདུད་རྩི་མངོན་དུ་བརྙེས་པའི་དམ་ཆོས་ཀྱི་རྒྱལ་སྲིད། །ཕངས་མེད་སྩལ་པའི་བཀའ་དྲིན་བཤད་སྒྲུབ་ལས་སུས་འཁོར། །ཐོག་མེད་དུས་ནས་བརྩེ་བའི་འཛུམ་དཀར་གྱིས་བསུས་ནས། །ལུས་བཅུད་ནུ་ཞོ་མངར་པོའི་བསྙེན་བསྐུར་གྱིས་སྲུང་བའི། །མ་མ་སྡུག་བུ་ཡོངས་ཀྱི་དྲིན་ལེན་གྱི་ཁྱད་པར། །ཐོས་བསམ་སྒོམ་པའི་མཐུ་ལས་སུ་ཞིག་གིས་གསོབ་ནུས། །མ་རིག་ལྕགས་སྒྲོག་དམ་པོས་དབང་མེད་དུ་བཅིངས་ནས། །ལས་ཉོན་སྲིད་པའི་བཙོན་ར་ཐར་མེད་ཀྱི་གྲོང་དུ། །རྣམ་གསུམ་སྡུག་བསྔལ་ཆད་པ་སང་མེད་ཀྱིས་མནར་རྣམས། །ཚུལ་གནས་ཐོས་བསམ་སྒོམ་ལས་སུ་ཞིག་གིས་འབྱིན་ནུས། །འདི་ན་སྐྱེ་བོ་ཁ་ཅིག་གྱི་ན་ཡིས་ནོར་གཏོང་། །བསོད་ནམས་བསགས་པ་ཡིན་ཞེས་ངོ་སོ་རུ་འཁྱེར་ཀྱང་། །དམ་ཆོས་ཚིགས་བཞི་གཅིག་ཙམ་ཉན་ཀློག་དང་འདྲི་བཤད། །སྟོང་གསུམ་བདོག་པ་གཏོང་བའི་དཔེར་བྱར་ཡང་མི་ཕོད། །དེང་སང་སྙིགས་ལྔའི་ཡང་ཐ་དམ་ཆོས་ནི་འཇིག་ཉེར། །བསླབ་ཁྲིམས་ཉིན་གཅིག་བསྲུངས་པའི་བསོད་ནམས་ཀྱི་ཕུང་པོ། །གཟུགས་སུ་གྲུབ་ན་སྟོང་གསུམ་དོག་པོ་རུ་བགྱིད་ན། །སེམས་ཤེས་སྐྱེ་བོ་ཡོད་ན་ཅི་ཕྱིར་དུ་མི་བརྩོན། །རིགས་ཁམས་བདེ་གཤེགས་སྙིང་པོས་འགྲོ་ཀུན་ལ་ཁྱབ་ཕྱིར། །སྒྱིད་ལུག་ཞུམ་པ་མི་དགོས་ཤེར་བརྩོན་ལ་དྲིལ་དང་། །རིང་མིན་ཐམས་ཅད་མཁྱེན་པའི་རྒྱལ་ཐབས་ལ་འགོད་ན། །འཕྲལ་གང་བསླབ་ཤེས་ཕྲ་མོ་ཅི་ཕྱིར་དུ་མི་རྫོགས། །མ་བསླབས་མཁས་པར་གྱུར་པ་ཤེས་བྱ་ལ་མི་སྲིད། །བསླབས་ན་ཀུན་གྱིས་ཤེས་པ་ཐམས་ཅད་ཀྱི་སྤྱི་ལུགས། །དེ་བས་མཁས་པའི་ཞབས་སེན་སྤྱི་བོ་རུ་མཆོད་ནས། །དོན་གཉེར་བརྩོན་པའི་འཁོར་ལོ་བར་མེད་དུ་སྐོར་མཛོད། །ཤེས་རབ་མེ་ལྟར་འབར་རུང་བརྩོན་འགྲུས་ཀྱི་གྲོགས་མེད། །དེ་ལ་ཡོན་ཏན་ནོར་གྱིས་འབྱོར་བ་ནི་མི་སྲིད། །བརྩོན་པ་དྲག་པོས་གཙུབ་ཤིང་གཙུབ་སྟན་{རྩུབ་ཤིང་རྩུབ་གཏན}གྱི་འཁྲུལ་འཁོར། །བསྐོར་ན་དབང་པོ་རྟུལ་ཡང་སྣང་བྱེད་དུ་འགྱུར་ངེས། །ཤེས་བྱར་སྲིད་པའི་ཆོས་ཀུན་རྣམ་མཁྱེན་གྱི་ས་བོན། །ལམ་ཞུགས་སེམས་དཔའ་རྣམས་ཀྱིས་མི་བསླབ་ནི་འགའ་མེད། །གང་ལ་འདོར་ལེན་ཞེན་པ་བྱིས་པ་ཡི་བློ་ཅན། །ཕྱོགས་མེད་ཐོས་པ་འཚོལ་བ་ཡོན་ཏན་གྱི་སྒོ་མོ། །གངས་ལྗོངས་བཤད་སྒྲུབ་མངའ་བདག་བརྒྱུད་པ་ཡི་ཕྲེང་ཚོགས། །ཁུངས་དང་རྣམ་ཐར་ལོ་རྒྱུས་སོ་སོ་རུ་ཆེ་ཞིང་། །ཀུན་ཀྱང་ངེས་དོན་སྙིང་པོའི་དགོངས་ཀློང་དུ་གཅིག་པས། །གྲུབ་མཐའི་ཕྱོགས་ཞེན་སྤངས་བ་དག་སྣང་གི་སྒོ་མོ། །རིགས་པ་རྣམ་བཞིས་སྦྱངས་པའི་བསམ་བྱུང་གི་ཤེས་རབ། །ཡང་དག་རྟོན་པ་བཞི་ཡི་རྩིབས་སྟོང་གི་ངོ་བོར། །ལེགས་བསྒྱུར་དག་པའི་ཡིད་མཁའ་མངོན་འཕགས་རེ་མཛོད་དང་། །ངེས་དོན་རྒྱལ་སྲིད་སྐྱོང་ལ་དཀའ་རྒྱུ་རང་ཅི་ཡོད། །ཟབ་ཞི་སྤྲོས་པ་ཀུན་བྲལ་འོད་གསལ་གྱི་མཁའ་ལ། །གཟུང་འཛིན་རྟོག་པའི་སྤྲིན་ཚོགས་ཅི་དགའ་རུ་བོར་དང་། །རྣམ་པར་མི་རྟོག་ཡེ་ཤེས་ཉིན་བྱེད་ཀྱི་དཀྱིལ་འཁོར། །གཟུངས་སྤོབས་འོད་སྟོང་འགྱེད་ལ་སོམ་ཉི་རང་མི་འཚལ། །གཞན་ཕན་བྱང་ཆུབ་སེམས་ཀྱི་ཤིང་རྟ་ལ་ཞུགས་ནས། །རླབས་ཆེན་བསྡུ་དངོས་བཞི་ཡི་མངའ་འབངས་ཀྱི་འཁོར་བཅས། །རྣམ་མཁྱེན་གདོད་མའི་གྲོང་དུ་ངལ་གསོ་ལ་ཕེབས་ནས། །དོན་གཉིས་ལྷུན་གྱིས་གྲུབ་པའི་རྩེ་དགའ་ལ་རོལ་མཛོད། །དེ་སྐད་ལྷག་བསམ་འོ་མའི་ཆུ་གཏེར་ལས་སྐྱེས་པའི། །འཕྲལ་མང་ཡིད་ལ་གང་ཐོན་གླུ་དབྱངས་ཀྱི་མེ་ཏོག །དོན་མཐུན་མཆེད་གྲོགས་རྣམས་ཀྱི་སྤྱན་ལམ་དུ་འབུལ་ན། །ཚིག་དོན་སྦྲང་རྩི་མྱོང་བའི་བཀའ་དྲིན་འདྲ་ཞུའོ། །ཞེས་པའང་རྒྱལ་བཀའ་རིན་པོ་ཆེ་ཡི་ལུང་ཞབས་སུ་རང་ལུགས་ཆོས་བརྒྱུད་འཛིན་པའི་བཙུན་ཆུང་དུ་མ་འདུས་ནས་བསླབ་བྱ་དགོས་ཞེས་གསུང་གི་སྐུལ་བ། ཀུན་ལ་ཕན་སེམས་གོ་འདོད་ཀྱིས་ཚུལ་གྱིས། ཤཱཀྱའི་དགེ་སྦྱོང་གི་རྟགས་ཙམ་འཛིན་པ་སྤྲུལ་མིང་འགྱུར་མེད་པདྨ་རྣམ་རྒྱལ་གྱིས་ཆུ་བབ་ཏུ་བྲིས་ནས་ཕུལ་བའི་དགེ་བས་རང་གཞན་གྱི་རྒྱུད་ཡོངས་སུ་དག་ཅིང་བསླབ་པ་གསུམ་གྱི་ནོར་གྱིིས་ཕྱུག་པའི་རྒྱུར་གྱུར་ཅིག་གུ། །
༄༅། །སྐྱབས་དཀོན་མཆོག་གསུམ་ལ་གསོལ་བ་འདེབས། །བན་ཆོས་མགོ་ཐོན་པར་བྱིན་གྱིས་རློབས། །བན་ཆུང་ཆུང་བསླབ་ཁྲིམས་མ་གཙང་ན། །གཟུགས་སྐྱེ་འབྲས་ལེགས་ཀྱང་དོན་གོ་ཆུང་། །རྒྱན་གོ་ཟས་བཟང་ཡང་དེ་ཕོ་འདྲ། །བློ་སྨྲ་ལྕེ་བདེ་ཡང་ཅོལ་ཆུང་དངོས། །སྐད་ང་རོ་ཆེ་ཡང་བོང་བུ་ཡིན། །རང་མཐོ་འདོད་ཆེ་རུང་དམའ་དམའི་རྒྱུ། །དོན་དེ་ཕྱིར་སྙིང་ལ་རུས་པ་སྐྱེད། །སྡོམ་དམ་ཚིག་གཙང་མར་སྲུངས་ཤིག་གུ། །ཕུང་བྱེད་ཀྱི་སྲིན་མོའི་འཇོ་སྒེག་གིས། །བསླབ་སྡོམ་ཀྱི་སྲོག་རྩ་གཅོད་ཉེན་པས། །དགྲ་མི་བསྲུན་འདི་ལ་བག་ཟོན་མཛོད། །གཡུལ་དེ་ལས་རྒྱལ་ན་དཔའ་བོ་ཡིན། །བསླབ་ཤེས་ཀྱི་ཡོན་ཏན་མི་ལྡན་ན། །སེམས་རྣམ་རིག་བཀྲ་ཡང་རོ་དང་འདྲ། །ཕྱུག་རྒྱན་གྱིས་བརྒྱན་ཀྱང་དོན་འབྲས་ཅི། །དོན་དེ་ཕྱིར་ཤེས་བྱའི་ཆོས་ལ་སྦྱངས། །ཆོས་མ་བསླབས་མཁས་པར་གྱུར་པ་མེད། །དེ་བསླབས་ན་ཤེས་པ་ཀུན་གྱི་ལུགས། །དོན་དེ་སླད་བརྩོན་པ་ལྷུར་ལོངས་དང་། །བློ་ཡོན་ཏན་མཛོད་ཀྱིས་འབྱོར་ངེས་ཨང་། །བྱམས་སྙིང་རྗེས་སེམས་རྒྱུད་མ་བརླན་ན། །ལུས་སེར་གོས་གྱོན་ཡང་དོན་གོ་ཆུང་། །ཆོས་ཐེག་ཆེན་རིགས་ཀྱི་སྐལ་ཆད་ན། །རྣམ་མཁྱེན་གྱི་འབྲས་བུ་འཁྲུངས་དུས་ཅི། །བདག་གཅེས་པར་འཛིན་པའི་བློ་ངན་འདི། །ནམ་བྱང་ཆུབ་སེམས་ཀྱི་རྩིས་དུལ་ན། །མིང་རྒྱལ་བའི་སྲས་ཀྱིས་ཆེར་སྙན་ཞིང་། །དོན་ལྷར་བཅས་སྐྱེ་དགུའི་མཆོད་འོས་འགྱུར། །མགོན་ཐུབ་པས་གཞན་དོན་མཛད་པ་དང་། །མ་འགྲོ་བས་རང་དོན་བརྩོན་པ་གཉིས། །ཁེ་ཉེན་གྱི་ཁྱད་པར་ཤེས་བྱོས་ལ། །ཐེག་ཆེན་གྱི་ལམ་ལ་སློབས་ཤིག་ཨང་། །ལྟ་གྲུབ་ཀྱི་དགག་བཞག་མང་པོ་དང་། །ཐལ་འགྱུར་གྱི་རིགས་ལམ་རྣོ་ལགས་ཀྱང་། །བློ་ཐ་མལ་ཤོར་ན་ཕན་རྒྱུ་ཆུང་། །གང་ཤེས་ཀུན་རྒྱུད་ལ་སྦྱར་བ་གནད། །ནང་བདག་འཛིན་ཉོན་མོངས་མ་ཞི་ན། །ཕྱི་ཀུན་སྤྱོད་གཙང་རུང་དོན་གོ་ཆུང་། །རྒྱུད་དུལ་ན་ཆོས་ཀུན་དགོངས་པ་ལོངས། །དོན་དེ་ཕྱིར་ལྟ་རྟོག་ནང་དུ་མཛོད། །ཚུལ་དེ་སྐད་བན་སྡོམ་ཁྲེལ་མེད་དེས། །སྒྲུང་ལ་ཡུའི་སྒར་ཆུང་ཁྲ་མོ་ནས། །སྙིང་བརྩེ་བས་བློ་གསལ་ཁྱོད་ལ་བཤད། །རྩེེད་མཚར་འདི་དོན་དང་ལྡན་པར་སྨོན། །མངྒལཾ།
༄༅། །བླ་མ་ལ་ཕྱག་འཚལ་ལོ། །དལ་འབྱོར་རྙེད་དཀའ་བསམ་ལ་ཆོས་ལ་འབོད། །མི་རྟག་འཆི་བ་སོམས་ལ་བློ་སྣ་སྟུངས། །ལས་འབྲས་བསླུ་མེད་སོམས་ལ་འཇུག་ལྡོག་རེམ། །འཁོར་བའི་སྡུག་བསྔལ་སོམས་ལ་སྐྱོ་བ་སྐྱེད། །དཀོན་མཆོག་ཡོན་ཏན་སོམས་ལ་སྐྱབས་སུ་སོང་། །འགྲོ་ཀུན་ཕ་མར་ཤེས་པས་བྱམས་སྙིང་སྒོམས། །ཐེག་ཆེན་ལམ་གྱིི་རྩ་བ་བྱང་སེམས་བསྐྱེད། །མདོར་ན་ཅི་བྱེད་དགེ་བའི་ལས་ལ་འབོད། །དེ་ཡང་དམ་པ་གསུམ་གྱིས་རྩིས་ཟིན་གྱིས། །རང་མགོ་རང་གིས་མ་གཡོགས་ཉམས་ལེན་འབུངས། །བསླབ་བྱ་དེ་ལས་མེད་དོ་དད་པ་ཅན། །ཆོས་ལ་སེམས་འདྲེས་ལམ་སྣ་ཟིན་པར་ཤོག །
༄༅། །དལ་འབྱོར་རྙེད་པར་དཀའ་བས་སྒོ་གསུམ་ཆོས་ལ་དྲིལ། །ནམ་འཆི་ངེས་པ་མེད་པས་རྟག་ཏུ་བློ་སྣ་སྟུངས། །འཁོར་བའི་སྡུག་བསྔལ་མཐའ་མེད་འདི་ལ་སྐྱོ་བ་སྐྱེད། །ལས་འབྲས་བསླུ་མེད་ཡིན་པས་འཇུག་ལྡོག་ཚུལ་བཞིན་མཛོད། །ད་རེས་ལམ་སྣ་མ་ཟིན་ཕྱིས་ནས་འགྱོད་ཏ་རེ། །དེ་བས་གཏན་གྱི་འདུན་མ་ད་རེས་ཚགས་སུ་ཚུད། །ཆོས་མགོ་མཐའ་རུ་ཐོན་པར་ཅིས་ཀྱང་མཛད་པར་ཞུ། །འདི་དོན་ཐུགས་ལ་ཞོག་མཛོད་སྐུ་ཚེ་རིང་བར་ཤོག །པདྨ་བིི་ཛས་སོ། །
༄༅། །ཚེ་འདི་ལས་ཕྱི་མ་གཅེས་པར་ཟུངས། །མི་ཆོས་ལས་ལྷ་ཆོས་དམ་པར་ཟུངས། །རང་དོན་ལས་གཞན་དོན་གཙོ་བོར་ཟུངས། །འདི་བསླབ་བྱ་ལགས་སོ་ཐུགས་ལ་ཆོངས། །ཞེས་པའང་བི་ཛས་སྨྲས་སོ། །
༄༅། །ལྟ་བའི་རྒྱལ་པོ་མཐའ་དང་བྲལ་བ་གཅེས། །སྒོམ་པའི་རྒྱལ་པོ་ཞེན་འཛིན་མེད་པ་གཙོ། །སྤྱོད་པ་གང་ཡང་ཆོས་དང་མཐུན་པ་གལ། །དེ་ལྟར་མཛད་ན་འཕྲལ་ཡུན་དགེ་བར་འགྱུར། །ཅེས་པའང་བི་ཛས་སྨྲས་སོ། །
༄༅། །ཨ། ད་ལྟའི་ཐ་མལ་ཤེས་པ་འདི། །ཆོས་སྐུའི་དགོངས་པར་ཐག་ཆོད་ལ། །དགག་སྒྲུབ་འཛིན་པས་མ་བསླད་པར། །རང་བབས་ངང་དུ་ཅོག་གེར་ཞོག །རྩལ་རྟོག་བཟང་ངན་གང་ཤར་ཡང་། །མཁའ་ལ་འབྱུང་བཞིའི་འདུ་འགོད་བཞིན། །རང་ཤར་རང་གྲོལ་ཕན་གནོད་བྲལ། །གང་ཤར་གཉུག་མར་ཀློད་པ་གཅེས། །རྗེས་སྣང་ཚོགས་དྲུག་ཡུལ་སྣང་ཀུན། །བདེན་མེད་སྒྱུ་མར་ཤེས་པའི་ངང་། །ཀུན་རྫོབ་ལས་ཀྱི་འབྲས་བུ་ལ། །ཡིད་ཆེས་དཀར་ནག་བླང་དོར་མཛོད། །དུས་རྒྱུན་ངེས་འབྱུང་སྐྱོ་ཤེས་དང་། །འགྲོ་ཀུན་ཕ་མ་ཤེས་པའི་བློས། །བྱམས་དང་སྙིང་རྗེ་འབྲལ་མེད་དང་། །བླ་མའི་མོས་གུས་ལམ་གྱི་སྲོག །མདོར་ན་འདི་ཕྱི་བར་དོ་རུ། །བློ་གཏད་དཀོན་མཆོག་གསུམ་ལ་ཆོལ། །རང་རྒྱུད་ཆོས་དང་ཅི་འདྲེས་དང་། །རྒྱུ་འབྲས་ལག་ལེན་འཆོལ་མེད་མཛོད། །དེ་སྐད་ཕན་པའི་བློ་ཡིས་སྨྲས། །དེ་བཞིན་མཛོད་ཅིག་འདྲིས་པའི་གྲོགས། །དེ་ལྟར་མཛད་ན་འཕྲལ་ཡུན་དགེ། །དེ་ཚུལ་འགྲུབ་པའི་སྨོན་ལམ་ཞུ། །པདྨ་བི་ཛས་སོ། །
༄༅། །ཕ་མཚུངས་མེད་བླ་མའི་ཞབས་ལ་འདུད། །སྤྲང་དྲེད་པོའི་བློ་སྣ་ཆོས་ལ་དྲོངས། །སྔོན་བསྐལ་པ་རྫོགས་ལྡན་དང་པོའི་སྐབས། །མི་རྣམས་ཀྱང་དགེ་བཅུའི་དཔལ་ལ་སྤྱོད། །དེའི་སྟོབས་ཀྱིས་དཀར་ཕྱོགས་དབུ་འཕང་མཐོ། །སྣོད་བཅུད་ཀྱི་དཔལ་འབྱོར་འཛད་པ་མེད། །བསོད་ནམས་ཀྱི་བགོ་སྐལ་ལྷ་ལ་འགྲན། །བཟང་པོ་ཡི་དུས་ཞེས་ཀུན་གྱིས་སྨོན། །དུས་དེང་སང་སྙིགས་ལྔའི་མཐར་ལ་ཐུག །མི་རྣམས་ཀྱི་བསམ་སྤྱོད་ཕྱིན་ཅི་ལོག །དེའི་སྟོབས་ཀྱིས་ནག་ཕྱོགས་འབྱུང་པོ་དར། །ནད་མཚོན་དང་མུ་གེའི་བསྐལ་པ་དར། །ཕྱི་སྣོད་ལ་བཀྲག་མེད་དུས་ཚིགས་ལོག །ནང་བཅུད་ལ་དཔལ་མེད་ཡི་དྭགས་ཁྱུ། །སེམས་བསམ་ན་ཕྱིན་ཅི་ལོག་པ་དྲན། །ལས་བྱེད་ན་མི་རུང་སྣ་དགུ་བྱེད། །ཆས་བྱེད་ན་མཐར་མི་འབྱུང་པོའི་རྒྱན། །ཟས་ཟ་ན་ལྕི་བ་འཇོག་ཉོལ་སྤྱོད། །དུས་ལོ་རེ་ལས་ཀྱང་ལོ་རེས་ཞན། །ནང་མི་སྤྱོད་ཞག་དང་ཟླ་རེས་འགྱུར། །དུས་ངན་པའི་གནས་ཚུལ་གྱ་མ་དོའི། །སེམས་སྐྱོ་བའི་སྡུག་སྐད་ངག་ནས་འབྱིན། །གནས་སྦས་རྫོང་རྣམས་ལ་ཡིད་སྨོན་འཆའ། །རང་ལས་ལ་སྤྱོད་པ་མི་ཤེས་པའི། །གྱོང་གཞན་ལ་བརྡལ་པ་ཨ་ཙ་མ། །སྡེ་ཚོ་བའི་དུས་ངན་ཕྱིར་ཤར་ཡང་། །སྤྲང་རྨུ་རྒོད་ཀྱི་དུས་ངན་ནང་ནས་ཤར། །ངེས་འབྱུང་གི་ཐོང་གཤོལ་རྣོན་པོ་ཡིས། །བདག་འཛིན་གྱི་ཐ་རྒོད་མ་ཐུལ་བས། །ཡོན་ཏན་གྱི་མྱུ་གུ་འཁྲུང་མ་ཉན། །བསླབ་གསུམ་གྱི་རྒྱགས་ཕྱེ་ཆད་ལ་ཉེ། །བྱམས་སྙིང་རྗེའི་ཆར་རྒྱུན་མ་བབས་པས། །གཞན་ཕན་གྱི་སྐྱེ་ཤིང་སྐམ་དུ་ཆ། །རང་དོན་ཡིད་བྱེད་ཀྱི་གངས་ཐན་བབས། །ཐེག་ཆེན་གྱི་ནོར་སྐལ་སྟོང་དུ་ཉེ། །རྒྱུད་ཉོན་མོངས་དུག་ལྔའི་ཨར་ཇག་རྒོད། །དགེ་བློ་ཡི་བསགས་པ་ཕྲོག་ཏུ་ཆ། །ཐ་མལ་འཁྲུལ་འཛིན་གྱི་འདྲེ་གདོན་རྒོད། །རིམ་གཉིས་ཀྱི་སྲིས་ལ་རྐུ་རྐུ་འདྲ། །གཟུང་འཛིན་གྱི་མཐའ་དམག་སྙིང་ལ་ཞེན། །ལྟ་སྒོམ་གྱི་མཁར་རྫོང་བཤིག་ཏུ་ཆ། །འདི་བསམ་བཞིན་སྐྱོ་བ་གཏིང་ནས་སྐྱེས། །བློ་ཆོས་ལ་འགྱུར་བར་བྱིན་གྱིས་རློབས། །ལས་འབྲས་ཡིད་ཆེས་ཀྱི་སྦས་ཡུལ་ན། །མངོན་མཐོ་ཡི་སྨན་ཤིང་བཟང་དགུ་འཁྲུངས། །ལམ་དགེ་བཅུ་གཙང་མའི་གཞུང་ཆེན་ལ། །གྲོགས་འཇིགས་སྐྱོབ་དང་ལེགས་སྨོན་གྱི་ས་མཁན་བཟང་། །རྒྱགས་སྦྱིན་གཏོང་མཁས་པའི་ཚོང་ཟོང་བཟང་། །མི་ཡ་རབས་ཡོད་ན་ཐག་མི་རིང་། །ཁྱེད་དད་མོས་དང་ལྡན་རྣམས་གཤེགས་རེ་རན། །སྡིག་མི་དགེའི་ཕ་ཞིང་སྐྱུར་རེ་རན། །གཞི་རྣམ་དག་ཚུལ་ཁྲིམས་སྦས་ཡུལ་ན། །ཡོན་ཏན་གྱི་སྙེ་མ་མ་རྨོས་འཁྲུངས། །ལམ་ངེས་འབྱུང་གཙང་མའི་གཞུང་ཆེན་ལ། །གྲོགས་སྦྱངས་ཡོན་བཅུ་གཉིས་སྐྱེལ་མ་བཟང་། །རྒྱགས་ཐོས་བསམ་སྒོམ་པའི་ཁ་ཟས་བཟང་། །མི་མདོ་ཅན་ཡོད་ན་གཤེགས་རེ་རན། །འཆལ་ཚུལ་གྱི་མཐའ་དམག་ཕྱིར་ལ་ཟློག །བདག་བས་གཞན་གཅེས་ཀྱི་སྦས་ཡུལ་ན། །དོན་གཉིས་ལྷུན་གྲུབ་ཀྱི་བ་མེན་འཇོ། །ལམ་བྱང་ཆུབ་སེམས་ཀྱི་གཞུང་ཆེན་བཟང་། །གྲོགས་ཕ་རོལ་ཕྱིན་དྲུག་སྐྱེལ་མ་བཟང་། །རྒྱགས་སྟོང་ཉིད་སྙིང་རྗེའི་ཁ་ཟས་ཞིམ། །མི་བློ་ཆེན་ཡོད་ན་ཐག་མི་རིང་། །བློ་བསམ་ཤེས་ཡོད་ན་གཤེགས་རེ་རན། །རང་འདོད་ཀྱི་ཁྱི་རྐུན་ཕྱིར་ལ་བཟློག །དག་པ་རབ་འབྱམས་ཀྱི་སྦས་ཡུལ་ན། །ཅིར་སྣང་རྒྱན་ཤར་གྱི་འདོད་ཡོན་བདོག །རིག་པ་སྐྱེ་མེད་ཀྱི་ཚེ་མཆོག་སྒྲུབ། །གྲོགས་དམ་གཙང་ཡོད་ན་གཤེགས་རེ་རན། །ལམ་སྨིན་གྲོལ་བསྐྱེད་རྫོགས་ཀྱི་གཞུང་བཟང་ལགས། །གྲོགས་དམ་ཚིག་རྣམ་དག་གི་སྐྱེལ་མ་བཟང་། །འཁྲུལ་འཛིན་གྱི་ཕ་ཡུལ་ལ་འུར་སྤོངས། །རྟག་འཛིན་གྱི་གདོན་འདིས་བསླུས་བསླུས་འདྲ། །ལོང་ཡོད་ཀྱི་གྲོགས་ཀྱི་མགོ་སྐོར་བདོག །འཆི་བདག་གི་བདུད་ཀྱི་བར་གཅོད་འདུ། །དུས་དེ་རིང་ནས་གཤེགས་ཤིག་ཡིད་མཐུན་རྣམས། །གནས་དེ་འདྲའི་བཙན་རྫོང་མ་ཟིན་ན། །ས་ལུང་པ་བཙན་ཡང་སུ་ལ་ཅི། །ལས་བསགས་པ་སྨིན་པ་སུ་ཡི་སྐལ། །འགྲོ་དྲུག་གི་གཡང་ས་སུས་གཅོད་ཨང་། །དོན་ལེགས་པར་སོམས་དང་གྲོགས་པོ་དག །ཚུལ་དེ་སྐད་ཆོས་མེད་སྤྲང་པོ་ལ། །ཕྱིའི་ཡུལ་རྐྱེན་སྨིན་དྲུག་རྔ་ཚུབ་ལྡང་། །ནང་ཕུང་ལྔའི་གཡར་ཕུང་ཟ་མ་ཟི། །བར་དུག་ལྔའི་རྟོག་པ་ཕྱ་ཕྱོད་དང་། །ཚིག་འབྲེལ་མེད་འདི་ཡང་ངག་ནས་ཐལ། །རྒྱུད་གྱོང་པོ་ཆོས་ཀྱིས་ཐུལ་བར་ཤོག །
༄༅། །གང་སྐུའི་རྣམ་འགྱུར་ཆ་ཙམ་ཡིད་ཡུལ་ལ་གསལ་བས། །སྲིད་པའི་རིམས་ནད་དྲག་པོ་ཅིག་ཅར་དུ་གཞོམ་མཛད། །སངས་རྒྱས་ཀུན་དངོས་རྩ་བའི་བླ་མ་དེ་མཁྱེན་ནོ། །གཉིས་སྣང་འཁྲུལ་པ་ཞིག་པའི་དངོས་གྲུབ་ཅིག་སྩོལ་ཤོག །མཚན་ལྡན་བླ་མ་མཇལ་ཡང་མོས་གུས་ཀྱི་གདེང་ཞན། །གདམས་ངག་ཟབ་དགུ་ཐོབ་ཀྱང་རང་ཉམས་ལ་མ་བསྐོར། །ལྟར་སྣང་ཆོས་ལྟར་བཅོས་ཀྱང་ཆོས་བརྒྱད་ཀྱི་སྣོན་མ། །མདོ་མེད་རང་མགོ་མ་བསྐོར་བསམ་མནོ་ཞིག་ཐོང་དང་། །ལྷ་ལས་ལྷག་པའི་དལ་འབྱོར་མི་ལུས་ཀྱི་ལྗོན་བཟང་། སྔོན་བསགས་རྣམ་དཀར་མཐུ་ཡིས་ལན་གཅིག་ཏུ་རྙེད་ཚེ། །མནོག་ཆུང་ཚེ་འདིའི་བྱ་བས་རང་མགོ་འདི་མ་བསྐོར། །མཚན་ལྡན་བླ་མ་མཇལ་བའི་དོན་འབྲས་ཤིག་ལོངས་ཤིག །སྣང་སྲིད་ཆོས་ཀུན་མི་བརྟན་སྒྱུ་མ་ཡི་གྲོང་ཁྱེར། །ཁྱད་པར་སྙིགས་འགྲོའི་ཚེ་སྲོག་རླུང་དཀྱིལ་ཀྱི་མར་མེ། །དོ་ནུབ་ཙམ་ཡང་མི་འཆིའི་གདེང་ཚད་འདྲ་ཡོད་དམ། །ད་ལྟ་ཉིད་ནས་བརྩོན་པའི་གོ་ཆ་ཞིག་བགོས་ཤིག །ཆ་མེད་ཡུལ་དུ་གྲོགས་མེད་གཅེར་བུ་རུ་འགྲོ་ཚེ། །སྙན་གྲགས་ལྟར་སྣང་ལེགས་པའི་ཨོ་ཟོལ་དེས་མ་ཕན། །རྣམ་དཀར་ལས་ཀྱི་འབྲས་བུ་བསླུ་མེད་ཀྱི་ཆོས་ཉིད། །སྒོ་གསུམ་གཡོ་ཟོལ་སྤངས་པའི་ལྷ་ཆོས་ཤིག་སྒྲུབས་ཤིག །མི་རིག་དུག་སྦྲུལ་གདུག་པའི་འདོད་སྲེད་ཀྱི་སོས་བཏབ། །ཐར་མེད་ཁམས་གསུམ་འཁོར་བའི་སྡུག་བསྔལ་གྱི་གཅོང་ནད། །གཞིལ་མཛད་སྟོན་པའི་ཞལ་ལུང་རྩི་སྨན་གྱི་རྒྱལ་པོས། །རང་གཞན་འགྲོ་བའི་དུག་ནད་མི་བསལ་འདི་སྨྱོན་པ། །གཞན་སྐྱོན་ཀུན་ཏུ་རྟོག་པའི་མིག་བུ་འདི་རྣོ་ཡང་། །རང་སྐྱོན་རང་གི་མ་རིག་སྨྱོན་པ་ཡི་ལད་མོས། །དལ་འབྱོར་རིན་ཆེན་ཕལ་ཆེར་དོན་མེད་དུ་སྟོར་འདུག །རང་སེམས་རང་ལ་དཀར་ན་རང་མགོ་འདི་མ་བསྐོར། །གཞན་ངོར་སྤྱོད་ལམ་དུལ་ཡང་ལྐོག་ཏུ་ནི་མི་རྒོད། །གཞན་ཕན་སྐྱེ་མདོག་ཁ་ཕོས་རྐྱེན་ངན་ནི་མི་ཐེག །སྒོམ་སྒྲུབ་བྱས་ལོ་འདྲེན་ཡང་རང་སེམས་ནི་ཐ་མལ། །འདི་འདྲའི་གཉིས་མེད་སེང་གེའི་མགོ་བསྐོར་དེ་བོར་ཐོངས། །ནོར་རྫས་མི་མཁོ་སྐད་པས་རྙེད་པ་ལ་ཡི་རང་། །བདེ་སྡུག་མཉམ་པར་སྨྲ་ཡང་བདེ་བ་ལ་ཡིད་གཏད། །གཏམ་རྣམས་བྲག་ཆ་ཟེར་ཡང་སྙན་བསྟོད་ལ་རེ་བའི། །མི་ཆོས་བླ་མའི་རྫུན་གྱི་མགོ་བསྐོར་དེ་བོར་ཐོངས། །ཁར་སེང་སྙིང་དང་འདྲ་ཡང་ད་ནང་ནས་འགྱུར་ཡོད། །དབང་ཆོས་བཤད་ལོ་བྱས་ཀྱང་དམ་ཚིག་ནི་མི་བསྲུང་། །མཐུན་འཇུག་ཇི་ཙམ་བྱས་པ་དེ་ཙམ་དུ་རིང་བའི། །གཉེན་འཁོར་ཡོན་བདག་ངོ་འཛིན་མགོ་སྐོར་དེ་བོར་ཐོངས། ཐོག་མེད་མ་རིག་འཁྲུལ་པའི་སྦུབས་རྒྱ་ལ་ཚུད་པས། །རང་གི་གནས་ཚུལ་ཙམ་ཡང་དྲན་མཐུ་ནི་མེད་ཀྱང་། །འགྲོ་མང་ཡིད་དབང་བསླུ་བའི་སྟོང་སྐད་ཀྱི་འུར་སྒྲ། །མོ་རྩིས་རྨི་ལྟས་བརྟགས་པའི་མགོ་བསྐོར་དེ་བོར་ཐོངས། །རྒྱལ་བསྟན་ཡིན་རློམ་ཁྲེལ་མེད་དཔོན་པོ་ཡི་ངོ་བསྲུང་། །འབད་པས་བསྐྲུན་པའི་ལོག་འཚོ་དགྲ་གྱོད་ཀྱི་གཡབ་མོ། །དོན་མེད་བྱིས་པའི་ཐོག་ནས་གྱོད་སེལ་གྱི་བཤད་སྒྲུབ། །འདི་ཕྱིར་གཉིས་ཕུང་འཁྲུལ་པའི་མགོ་བསྐོར་དེ་བོར་ཐོངས། །ཀུན་སློང་དུག་དང་འདྲེས་པའི་དཀོན་མཆོག་གི་མཆོད་ལོ། །ལན་དང་རྣམ་སྨིན་རེ་བ་སྦྱིན་གཏོང་གི་གཟུགས་བརྙན། །ཚེ་འདིའི་སྙན་གྲགས་སྒྲུབ་པའི་མང་འགྱེད་ཀྱི་གཏོང་སྒོ། །ལྟར་སྣང་མིག་སྔར་མཛེས་པའི་མགོ་བསྐོར་དེ་བོར་ཐོངས། །ཆོས་སྤང་ལས་ངན་གསོག་བྱེད་དུག་ཅན་གྱི་ཐོས་པ། །ངས་བྱས་གདུག་ཡུས་འདྲེན་པའི་བསྙེན་སྒྲུབ་ཀྱི་གཟུགས་བརྙན། །འགྲན་སེམས་ཆགས་སྡང་ཅན་གྱི་ལྷ་བྲིས་དང་རྟེན་བཞེངས། །སྦྲུལ་གདུག་འཁྲི་ཤིང་ལྟ་བུའི་མགོ་བསྐོར་དེ་བོར་ཐོངས། །གཟུང་འཛིན་ཨ་འཐས་ཞེན་པའི་བསྐྱེད་རིམ་གྱི་ལྷ་སྐུ། །ཏིང་འཛིན་འཕྲོ་འདུ་མེད་པའི་ཆད་ལྷག་གི་བཟླས་པ། །ཡིད་དཔྱོད་མཆོག་འཛིན་མེད་དགག་ཆུད་ལྟ་ཡི་རྫོགས་རིམ། །ནམ་ཡང་ཡུག་པ་བརྐྱང་པའི་མགོ་བསྐོར་དེ་བོར་ཐོངས། །ན་ནིང་ཞིབ་རྒྱས་ཁྲིད་ཀྱང་ད་ལོ་ནས་རྗེས་མེད། །ཁར་སེང་ནན་དུ་བལྟས་ཀྱང་དེ་རིང་ནི་མི་དྲན། །ཅུང་ཟད་ཡིད་ན་གསལ་ཡང་རང་རྒྱུད་དུ་མི་འབྱོར། །དཔེ་མང་ངལ་བས་ཀློག་པའི་མགོ་བསྐོར་དེ་བོར་ཐོངས། །གཏོར་བླུགས་བྱིན་མཐུ་མེད་པའི་ཟན་གོང་གི་དབང་བསྐུར། །རང་རྒྱུད་མྱོང་བ་མེད་པའི་སྨྱོན་པ་ཡི་ལག་ཁྲིད། །བླུན་པོ་མི་མགོ་སྐོར་བྱེད་ལྗོན་ཤིང་གི་རང་འཐག །དེའདྲའི་རྣམ་སྨིན་ཁུལ་ལྕིའི་རང་མགོ་འདི་མ་བསྐོར། །སྔར་ཡང་རང་མགོ་བསྐོར་བས་སྲིད་པ་ནི་འཆིང་འདུག །ད་ཡང་རང་མགོ་བསྐོར་ན་ཐར་དུས་ནི་མི་ཡོང་། །རང་མགོ་མི་ཡི་བསྐོར་བ་ཉིན་གཅིག་གི་འདུན་མ། །རང་མགོ་རང་གི་བསྐོར་བ་ཐར་སྲོག་གི་སྤུ་གྲི། །ད་རེས་མཚན་ལྡན་བླ་མའི་ཐུགས་བརྩེ་ཡིིས་རྗེས་བཟུང་། །ཟབ་རྒྱས་གདམས་པའི་བདུད་རྩི་ཅི་དགའ་རུ་བྱིན་ཟིན། །རང་མགོ་རང་གིས་འདོན་པའི་དུས་ཚོད་ལ་བབས་པས། །སྒོ་གསུམ་གཡོ་ཟོལ་སྤོངས་ལ་ཉམས་ལེན་རེ་གྱིས་ཤིག །འཇིག་རྟེན་འཁོར་བའི་ལས་སྣང་རྒྱ་མཚོ་ཡི་རྦ་རླབས། །སྔ་ཕྱི་བརྩེགས་མས་ནོན་ལ་ཟད་མཐའ་ནི་མེད་ཀྱང་། །བྱར་མེད་ཅོམ་གྱིས་བཞག་ན་ཐམས་ཅད་ནི་འགག་འགྲོ། །བྱ་བྲལ་གུ་ཡངས་ཆེན་པོའི་མལ་ས་ན་ཉོལ་ཅིག །ཆོས་ཉིད་དོན་དམ་ཡངས་པའི་གཤིས་ལུགས་དེ་རྟོགས་ན། །ཆོས་ཅན་སྣ་ཚོགས་སྣང་བའི་བུན་ལོང་དེ་ཡལ་ནས། །གཏད་མེད་རྒྱ་ཡན་ཆེན་པོ་འཛིན་མེད་ཀྱི་ངང་ནས། །རང་གྲོལ་ཆོས་སྐུའི་རྒྱལ་སར་མངའ་དབང་དེ་འབྱོར་ཡོང་། །རིག་འཛིན་གོང་མས་བྱིན་རླབས་པདྨ་ཡི་འོད་གླིང་། །དབེན་པའི་ཡོན་ཏན་རྫོགས་པའི་བསམ་གཏན་གྱི་ཁང་བུར། །མདོ་མེད་ཐུགས་མཆོག་སྨྱོན་པས་རང་གྲོས་སུ་གདམས་སོ། །དགེ་བས་སྲིད་པའི་འཁྲུལ་སྣང་ཞིག་པ་རུ་སྨོན་ནོ། །དགེའོ། །
༄༅། །བླ་མ་ལ་ཕྱག་འཚལ་ལོ། །དལ་འབྱོར་གྱི་རྟེན་འདི་ཡིད་བཞིན་གྱི་ནོར་བུ་དང་འདྲ་སྟེ་རྙེད་དཀའ་ལ་དོན་ཆེ། ལང་ཚོའི་དཔལ་འདི་ནམ་གཞུག་གི་མེ་ཏོག་དང་འདྲ་སྟེ་ཡུད་ཀྱིས་རྙིང་། འཆི་བདག་གི་བདུད་པོ་ནི་དགོང་ཀའི་གྲིབ་སོ་དང་འདྲ་སྟེ་མྱུར་དུ་འོང་། ཚེ་འདིའི་བྱ་བཞག་ནི་རྨི་ལམ་གྱི་རྒྱལ་སྲིད་དང་འདྲ་སྟེ་སྙིང་པོ་མེད། ཚེ་ཕྱི་མར་ཕན་པ་ནི་དམ་པའི་ཆོས་ཁོ་ན་ལས་གཞན་གང་ཡང་མ་མཆིས་པས། ད་རེས་དལ་འབྱོར་གྱི་རྟེན་ཐོབ། དགེ་བའི་བཤེས་གཉེན་དང་མཇལ། ཟབ་དང་རྒྱ་ཆེ་བའི་ཆོས་ཀྱི་བདུད་རྩི་ནི་ཐོབ། རང་དབང་རང་ལ་ཆོད་པའི་སྐབས་འདིར་འདུན་མ་གཏན་ལེགས་དང་གཏན་ཉེས་ཀྱི་ས་མཚམས། ཡར་འགྲོ་མར་འགྲོའི་ས་མཚམས་རྟ་ཁ་སྲབ་ཀྱིས་བསྒྱུར་བ་དང་འདྲ་བའི་སྐབས་འདིར། རང་སེམས་རང་ལ་དཀར་ན་རང་དྲིན་རང་ལ་ཆེ་བའི་ཚུལ་སོམས་ཏེ། མི་མེད་དབེན་པའི་རི་བོར། རྒྱལ་བ་གོང་མའི་རྣམ་ཐར་ལྷུར་ལེན་པས། བློ་ཆགས་སྡང་ཆོས་བརྒྱད་ཀྱི་སྤྲོས་པ་ལིང་གིས་དོར་ནས། བློ་ཕུག་ཆོས། ཆོས་ཕུག་སྤྲང་། སྤྲང་ཕུག་འཆི། ཤི་ཕུག་གྲོག་སྟོང་ལ་གཏད་པས་གྱོང་ལྟོ་གོས་གཏམ་གསུམ་ལ་བསྐུར་ནས། ཞེན་ལོག་གི་རྟ་ཕོ་ཞོན། བརྩོན་འགྲུས་ཀྱི་ལྕག་གིས་བྲབ། དད་པའི་སྲབ་སྐྱོོག་དགེ་བའི་ལམ་ལ་བསྒྱུར་ནས་ཉིན་མཚན་སོས་དལ་དུ་སྐད་ཅིག་ཀྱང་མ་ལུས་པར་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་ལ་བློ་སྦྱོང་བའི་ངོས། ཕྱིན་དྲུག་སྤྱོད་པའི་གཞུང་ལམ་ཆེན་པོར་ཞུགས་ནས་རྒྱལ་བ་དགྱེས་པའི་ལམ་ལ་སློབ་འཚལ། དད་བརྩོན་བ་དན་གཡོ་བའི་གྲུ་གཟིངས་ཀྱིས། །བག་མེད་རྣམ་གཡེང་སྲིད་མཚོ་བརྒལ་མིན་ན། །བཤེས་གཉེན་དེད་དཔོན་མཁས་པས་རྗེས་བཟུང་ནས། །གདམས་ངག་གྲུ་འཛིན་བྱིན་པའི་དགོས་པ་གང་། །ལང་ཚོའི་མེ་ཏོག་ཕལ་ཆེར་ཟག་གྱུར་ཅིང་། །འཆི་བདག་ཕོ་ཉའི་ཕྲིན་པ་བསླེབས་ཟིན་ཀྱང་། །ཡུན་རིང་སྡོད་གྲབ་བྱེད་པའི་སྙིང་རུལ་པོ། །ད་ནི་འབུངས་གསུམ་ཆོས་ལ་བཏོན་ན་ལེགས། །ངེས་འབྱུང་དད་དང་སྙིང་རྗེ་སྟོང་ཉིད་ཀྱི། །ཡན་ལག་ཉམས་པའི་ཨོ་ཟོབ་ཅང་ཤེས་དེས། །ཁ་བཤད་སྟོང་པའི་འཚེར་སྒྲ་གསང་མཐོ་ཡང་། །རྣམ་གྲོལ་གྲོང་དུ་ཇི་ལྟར་ཉེ་བར་ནུས། །དེ་བས་འཆུགས་{འཁྱུགས}མེད་སྲས་བཅས་བགྲོད་གཅིག་ལམ། །བྱང་ཆུབ་སེམས་ཀྱི་ཤིང་རྟའི་ཁྲིར་ཞུགས་ནས། །ངེས་འབྱུང་དད་བརྩོན་འཁོར་ལོའི་སྒྱུར་ཐབས་ཀྱིས། །རྣམ་མཁྱེན་གྲོང་ཁྱེར་མཆོག་ཏུ་བཞུད་པར་འཚལ། །
༄༅། །བླ་མ་ལ་ཕྱག་འཚལ་ལོ། །ཁྱེད་རང་རྣམས་ཀྱི་བློ་ཆོས་ལ་འཇུག་པ་དེ་སྔོན་ལས་བཟང་པོའི་འབྲེལ་བ་ཙམ་ཡིན་ཤས་ཆེ་ཡང་། ད་རུང་དྲན་ཤེས་བཞིན་བག་ཡོད་གསུམ་དང་སྐད་ཅིག་ཙམ་ཡང་མ་བྲལ་ངང་བསླབ་སྡོམ་རྣམས་མིག་གི་འབྲས་བུ་བཞིན་བཙའ་བ་དང་། ཉོན་མོངས་པ་གཉེན་པོས་མ་བཅོམ་ན། བློ་ཐོག་མེད་ནས་བག་ཆགས་ངན་གོམས་ཀྱི་དུག་རོ་ཡུལ་རྐྱེན་ངན་པས་བསྐྱོད་ཚེ་ཆོས་ལམ་ལས་ལྡོག་པ་ལ་ཚེགས་མེད་པས། རྟག་པར་དལ་འབྱོར་རྙེད་དཀའ། ཚེ་མི་རྟག་པ། འཁོར་བའི་ཉེས་དམིགས། ལས་འབྲས་སྨིན་ཚུལ་རྣམས་ཁ་ཙམ་མིན་པར་སྙིང་ནས་སྒོམ་པ་གལ་ཆེ། དེ་ཡང་དྲན་པ་ནི་དམིགས་པའི་རྣམ་པ་མི་བརྗེད་པ་སྟེ། ལས་རྒྱུ་འབྲས་ཀྱི་རྣམ་གཞག བསླབ་སྡོམ་གྱིས་བཅས་མཚམས་སོགས་བླང་དོར་གྱི་གནས་རྣམས་ཐོག་མར་དགེ་བའི་བཤེས་གཉེན་གྱི་ཞལ་ནས་ཐོས་པ་དང་། ཁྲིད་ཡིག་སོགས་ལ་བལྟས་ཏེ་ཇི་ལྟར་ངེས་པའི་དོན་རྣམས་མི་བརྗེད་པར་ཡང་ཡང་རྒྱུད་ལ་གོམས་འདྲིས་ཀྱི་དྲན་པའི་ཟུངས་སུ་བཟུང་བ་དེ་ལ་ཟེར། ཤེས་བཞིན་ནི་རང་གི་རྒྱུད་ལ་རྟོག་པ་སྟེ། རང་གི་ལུས་ངག་ཡིད་གསུམ་པོ་དགེ་མི་དགེ་ལུང་མ་བསྟན་གྱི་བྱ་བ་གང་ལ་འཇུག་དུས་རྒྱུན་དུ་བརྟག་པ་དེ་ཡིན། དེ་གཉིས་ཡོད་ན་བག་ཡོད་པ་ཤུགས་ལ་འབྱུང་སྟེ། ངན་སོང་འཁོར་བའི་གཡང་ས་མི་བཟད་པར་ཤིན་ཏུ་འཇིགས་ཤིང་སྐྲག་པའི་དབང་གིས་བླང་དོར་ལ་གཟོབ་པ་ལྷུར་ལེན་པ་སྟེ། མི་དགེ་བའི་ལས་རྣམས་སྡར་མའི་པང་དུ་སྦྲུལ་ཞུགས་པ་ལྟར་སྐྲག་པས་མོད་ལ་འདོར་བ་དང་། ལུང་མ་བསྟན་གྱི་ལས་རྣམས་ཀྱང་དལ་འབྱོར་ཆུད་ཟོས་ཀྱི་རྒྱུར་ངེས་པས་སྤྱོད་ཡུལ་ཡང་དག་པའི་ལམ་ཁྱེར་གྱིས་དགེ་བའི་ལས་ལ་བསྒྱུར་ཅི་ནུས་དང་། དགེ་བའི་ལས་རྣམས་སྦྱོོར་དངོས་རྗེས་གསུམ་ཚང་བའི་ངང་ནས་ཐེག་ཆེན་གྱི་ལམ་དུ་གོང་ནས་གོང་དུ་འཕེལ་བར་བྱེད་པ་ལ་བརྩོན་པ་བསྐྱེད་པ་དེ་ཡིན། འདི་གསུམ་དང་མ་བྲལ་ན་ཐུབ་པ་དངོས་སུ་བཞུགས་པ་དང་འདྲ། དཀར་ཆོས་མཐའ་དག་ལག་མཐིལ་ན་གནས་པའི་གཏེར་བཞིན་དུ་འོང་། འདི་གསུམ་མེད་ན་ཐོས་སོགས་ཡོན་ཏན་ཇི་ལྟར་བཟང་རུང་དགོས་དུས་མི་ཕན་པས་སེམས་ལ་ཞོག དུས་ནམ་ཡང་མི་བསླུ་བ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ཡིན་པས་བློ་སྙིང་བྲང་གསུམ་རྒྱུན་དུ་ཁོལ། མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་ཕ་མའི་རང་བཞིན་ཡིན་པས་ཉེ་རིང་ཆགས་སྡང་གི་བློ་བོར་ལ་ཕན་འདོགས་ཀྱི་ཡུལ་དུ་སྙོམ་པར་མཛོད། སེམས་ཅན་རྣམས་བདེ་བ་དང་ལྡན་འདོད་ཀྱི་བྱམས་པ། སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེ། སྡུག་བསྔལ་མེད་པའི་བདེ་བ་ལ་གནས་ན་དགའ་བ་དེ་རྣམས་ལ་བློ་སྦྱང་། རང་གི་བདེ་བ་དང་དགེ་བ་སེམས་ཅན་ཐམས་ཅད་ལ་ཕངས་པ་མེད་པར་བཏང་། དེ་དག་གི་སྡིག་སྡུག་ཐེ་ཚོམ་མེད་པར་ཚུར་ལེན། དམིགས་པ་དེ་རླུང་འགྲོ་འོང་དང་སྦྲགས་ཏེ་རྒྱུན་དུ་གོམས་མཛོད། ཁྱད་པར་དུ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེ་ཐོབ་ནས་སེམས་ཅན་གཅིག་ཀྱང་མ་ལུས་པར་ཐམས་ཅད་བདག་གཅིག་པུས་འཁོར་བའི་སྡུག་བསྔལ་ལས་བསྒྲལ་བར་བྱའོ་སྙམ་པ་འདི་ལ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཞེས་བྱ། འདི་ཟ་ཉལ་འགྲོ་འདུག་སྤྱོད་ལམ་རྣམ་བཞི་གང་གི་སྐབས་སུའང་བློ་ཡུལ་དུ་མ་བརྗེད། འདི་མ་བརྗེད་ན་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཞེས་པའི་གྲངས་སུ་བགྲང་རུང་། རྒྱལ་བའི་སྲས་ཀྱི་བསླབ་བྱ་ཐམས་ཅད་འདུས། འདི་ལས་དོན་ཆེ་བ་དང་ཕན་ཡོན་ཆེ་བ་གཞན་མེད། དེ་སེམས་ལ་ཞོག རང་རྒྱུད་ལ་ཉོན་མོངས་པ་དྲག་པོ་གང་སྐྱེས་ཀྱི་སྐབས། དེ་ཉིད་དྲན་པས་ཙིར་གྱིས་བཟུང་སྟེ་ཕུང་བྱེད་འདིས་ཐོག་མ་མེད་པ་ནས་བདག་ལ་རྒྱུ་མཚན་གཞན་ཅི་ཡང་མེད་པར་ཐར་མེད་འཁོར་བའི་བརྩོན་རར་སྡུག་བསྔལ་གསུམ་གྱི་ཆད་ལས་སངས་དུས་མེད་པས་མནར་བ་ལ་དཔྱད་ཅིང་། ད་དུང་གཉེན་པོས་མ་བཅོམ་ན་འདི་ཞེས་ཚད་འཛིན་དུ་མེད་པས་ན་དགྲ་མི་ཤ་བོ་མཐོང་བ་བཞིན་འཁོན་རྣམས་དྲན་པར་བྱས་ཏེ་ཉོན་མོངས་རང་ཁ་མའི་དབང་དུ་སྐད་ཅིག་ཀྱང་གཏོང་རེ་ཤི་སྙམ་དུ་ཞེ་དམ་དྲག་པོ་སྔོན་དུ་འགྲོ་བས། རང་གཞན་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པའི་ཉོན་མོངས་པ་དང་། དེས་བསྐྱེད་པའི་ལས། དེའི་འབྲས་བུ་སྡུག་བསྔལ་དང་བཅས་པ་དང་། ཁྱད་པར་ཆོས་མཛད་དམ་པ་རྣམས་ཀྱི་ས་ལམ་ལ་བར་དུ་གཅོད་ཅིང་གེགས་བྱེད་པའི་ཉོན་མོངས་པ་རྣམས་ཐུབ་ཀྱིིས་བསྡུས་ཏེ་རང་རྒྱུད་ཀྱི་ཉོན་མོངས་པ་དེའི་སྟེང་དུ་སྤུང་། གཞན་རྣམས་ཉོན་མོངས་པ་སོགས་དང་བྲལ་བར་བསམ། རང་གི་ཉོན་མོངས་མེད་པའི་དགེ་བ་རྣམས་གཞན་ལ་གཏོང་བ་དེ་ཀུན་རྫོབ་སེམས་བསྐྱེད་ཀྱི་ལམ་ཁྱེར་ཡིན། དེའི་རྗེས་ལ་ཉོན་མོངས་པ་དེ་དང་པོ་གང་ནས་བྱུང་། བར་དུ་གང་ན་གནས། ཐ་མ་གང་དུ་འགྲོ། དབྱིབས་ཁ་དོག་སོགས་ཇི་ལྟར་འདུག་ལེགས་པར་བརྟགས་པས། གང་ནས་ཀྱང་མ་བྱུང་། གང་དུའང་མི་གནས། གར་ཡང་མི་འགྲོ། དབྱིབས་ཁ་དོག་ངོ་བོ་ངེས་བཟུང་སོགས་ཐམས་ཅད་བྲལ་བའི་ཆོས་ཉིད་ཀྱི་གཤིས་ལུགས་བརྗོད་བྲལ་ནམ་མཁའ་ལྟ་བུའི་ཉམས་སྐྱེ་བ་དེའི་ངང་དུ་བཅས་བཅོས་དགག་བསྒྲུབ་གང་ཡང་མི་བྱེེད་པར་རང་འབབས་སུ་སྐྱུར། ཁ་ཡན་ཀློད་དེ་མཉམ་པར་འཇོག་པ་དེ་དོན་དམ་སེམས་བསྐྱེད་ཀྱི་ལམ་ཁྱེར་ཡིན། རྗེས་ལ་དགེ་བ་བསྔོོ་ཞིང་སྤྱོད་ལམ་ཐམས་ཅད་དགེ་བའི་ལམ་ལ་བསྒྱུར་ཅི་ནུས་མཛོད། བློ་ཚོད་དང་མཐུན་པའི་བསླབ་བྱ་ཞིབ་པར་བྱས་པ་ཡིན། ཉམས་སུ་ཨེ་ལེན་ཁྱེད་རང་ཤེས། ཆོས་མགོ་མཐར་ཕྱིན་པའི་སྐྱབས་འཇུག་བགྱིད་བཞག ཨེ་ཐོན་རང་ལ་རག་ལས་པས་སྙིང་ལ་རུས་པ་ཐོན་པར་མཛོད། ཅེས་པའང་བི་ཛས་སོ། །སརྦ་མངྒ་ལཾ།
༄༅། །བླ་མ་ལ་ཕྱག་འཚལ་ལོ། །ཨ་ཁུ་བན་རྒན་ལ་ཉུང་གསལ་གོ་བདེ་གདམས་པ། འོ་སྐོལ་གྱི་སྟོན་པ་ཐུགས་རྗེ་ཅན་གྱིས་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གང་ཟག་གི་བློ་རིམ་དང་བསྟུན་ཏེ་གསུང་པ་ཐམས་ཅད་ཀྱང་རྩ་བ་བདག་འཛིན་ཉོན་མོངས་འདུལ་བ་ལ་གཅིག་ཏུ་འབབ་པ་ཡིན། ཇི་ཙམ་དུ་ཟབ་པའི་གདམས་པ་ཡིན་ཀྱང་རང་གི་ཉམས་སུ་མ་བླངས་ན་ཕན་མེད། རྒན་བུ་ན་ཚོད་དེ་སྨིིན་ཞིང་བློ་གྲོས་དབུལ་བས་ཤེས་བྱ་རྒྱ་ཆེན་པོ་ལ་སྦྱོང་བའི་བློ་མཐུ་མེད་ཀྱང་གང་ཤེས་དེ་རང་རྒྱུད་ལ་དྲིལ་ན་དེ་རང་ཟབ། སྤྱིར་འཇིག་རྟེན་ཐ་མལ་པ་དང་ཆོས་པ་གཉིས་ཀྱི་ཤགས་ཀྱང་རྟགས་དང་ཁས་བླངས་ཙམ་གྱིས་མི་འགྲུབ་སྟེ། ཉམས་ལེན་རང་རྒྱུད་དང་སྦྱར་ནས་སྦྱོོར་བ་ལག་ལེན་དུ་ཐེབས་དགོས། དེ་ཡང་ཚེ་འདི་ཁོ་ན་གཙོ་བོར་འཛིན་ན་སྐྱེ་བོ་ཐ་མལ་པ། ཕྱི་མ་ཕན་ཆད་གཙོ་བོར་འཛིན་ན་ཆོས་པ་ཡིན། འཇིག་རྟེན་པའི་བྱ་བ་ངན་པ་ལ་ཞུགས་ན་ཁྱིམ་པ་དང་དེ་ལས་ལྡོག་ན་ཆོས་པ་ཡིན། སྒོ་གསུམ་གྱི་ཉེས་སྤྱོད་མི་དགེ་བའི་ཚོགས་མི་སྤང་ན་ཁྱིམ་པ་དང་། སྤངས་པ་ཆོས་པ་ཡིན། ལེགས་སྤྱད་དགེ་བའི་དངོས་པོ་རྣམས་གཞུང་བཞིན་དུ་མི་སྒྲུབ་ན་ཁྱིམ་པ་དང་། སྒྲུབ་ན་ཆོས་པ་ཡིན། གཞན་ལས་རང་ཉིད་གཅེས་པ་འཛིན་ན་འཇིག་རྟེན་ཐ་མལ་པ་དང་། རང་ལས་གཞན་གཅེས་པར་འཛིན་ན་ཆོས་པ་ཡིན། མདོར་ན་སེམས་རྒྱུད་དང་ཀུན་སྤྱོད་ཀྱི་ཁྱད་པར་གང་ལའང་སྔར་ཁྱིམ་པའི་དུས་དང་མི་འདྲ་བའི་ཡར་སྐྱེད་རེ་མ་ཐོན་ཐབས་མེད་པས། ཐོན་ནམ་མ་ཐོན་རང་གི་རྒྱུད་ལ་དྲིས། རང་གིས་རང་མ་བསླུ། མགོ་མ་གཡོགས། རྫུན་མ་བཤད་པར་སྒོ་གསུམ་དམ་པའི་ཆོས་དང་ཅི་མཐུན་གྱིས། ཚེ་འདི་ཡི་བྱ་གཞག་རྨི་ལམ་གྱི་ཡུན་ཙམ་སྟེ་རྟག་མི་ཐུབ་ཅིང་སྙིང་པོ་མེད། འཇིག་རྟེན་ཕྱི་མའི་སྐྱེ་བའི་མཐའ་ལ་ཚད་གཟུང་དུ་མེད། འཁོར་བའི་གནས་རིས་གང་དུ་སྐྱེས་ཀྱང་སྡུག་བསྔལ་ལས་མ་འདས་དེར་མི་སྐྱེ་བའི་ཐབས་ཤིག་ད་རེས་ཀྱི་རྟེན་འདིར་མ་བྱས་ན་ཕྱིས་ནས་འདི་འདྲ་བའི་རྟེན་མཆོག་རྙེད་དཀའ། སང་བྱ་དང་གནང་བྱར་བཞག་པས་མི་ཕན་ཏེ་ཚེ་ལ་དུས་བཏབ་མེད། ནམ་འཆི་ངེས་མེད་ཀྱི་སྣང་ཚུལ་རང་གཞན་ཐམས་ཅད་ལ་རེས་མོས་སུ་འབབ་ཚུལ་མཐོང་ཆོས་མངོན་གྱུར་གྱི་ཚུལ་ལ་གཟིགས། དགེ་མི་དགེའི་ལས་བསགས་པའི་རྣམ་སྨིན་བདེ་སྡུག་གི་འབྲས་བུ་ལ་ལོངས་སྤྱོད་པ་པོ་རང་ཉིད་ལས་གཞན་སུ་ཡང་མེད་པས་འ དི་སྣང་གི་གཉེན་གྲོགས་སྲིད་སྡེ་རྣམས་ཀྱིས་ཅི་བྱེད། གཏན་དུ་མི་བསླུ་བའི་སྐྱབས་ནི་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལས་གཞན་མེད་པས་བློ་གཏད་དང་ཡིད་ཆེས་དེ་ལ་ཆོལ། གཏན་དུ་འགྲོགས་པའི་གྲོགས་ནི་ལེགས་སྤྱད་དགེ་བའི་དངོས་པོ་ཡིན་པས་བསོད་ནམས་ཀྱི་རྒྱབ་དཔུང་སྐྱེད། གཏན་དུ་ཕུང་བའི་དགྲ་ནི་བདག་གཅེས་འཛིན་ཡིན་པས་གཞན་གནོད་གཞི་དང་བཅས་པའི་བསམ་སྦྱོར་སྤོངས། གཏན་དུ་འཚེངས་པའི་གྲོགས་ནི་གཞན་ཕན་གྱི་བསམ་སྦྱོར་ཡིན་པས་གཞན་ལ་ཕན་པ་གཞི་དང་བཅས་པ་སྒྲུབས། གཏན་དུ་འཛད་པ་མེད་པའི་ནོར་ནི་འཕགས་པའི་ནོར་བདུན་ལགས་པས་ཡོན་ཏན་གྱི་སྣོད་དུ་སོགས། ནམ་ཡང་མེད་ཐབས་མེད་པའི་ལམ་སྟོན་དགེ་བའི་བཤེས་གཉེན་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་ཞོག དུས་རྒྱུན་མེད་ཐབས་མེད་པའི་དྲན་ཤེས་ཀྱི་བྱ་རས་རང་གི་རྒྱུད་ལ་རྟོགས། ནམ་ཡང་མེད་ཐབས་མེད་པས་ངེས་འབྱུང་དང་བརྩོན་འགྲུས་རྒྱུད་ལ་སྦྱོོར། ཐེག་པ་ཆེན་པོའི་ལམ་ཐམས་ཅད་ཀྱི་རྩ་བ། སྔོན་བྱོན་བདེ་གཤེགས་རྣམས་ཀྱི་གཤེགས་ཤུལ། བློ་ཆེན་རྒྱལ་སྲས་རྣམས་ཀྱི་བསླབ་གནས། མ་འོངས་བསྐལ་བཟང་ཡོངས་ཀྱི་འཇུག་ངོགས། ཡོད་ན་དེས་ཆོག མེད་ན་ཐབས་ཆག བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་ལ་བློ་སྦྱོང་བ་བས་ལྷག་པའི་ཆོས་ཟབ་མོ་ནི་བསྐལ་པ་བརྒྱར་བཙལ་ཀྱང་རྙེད་པར་མི་འགྱུར་བས་རྒན་བུས་ཉམས་ལེན་གྱི་དངོས་གཞི་དེ་རང་ལ་མཛོད། གཞན་ཡང་དད་པ་དག་སྣང་ནི་ཆོས་སྣང་བའི་སྒོ་གཅིག་པུ་ཡིན་པས་སྤྱིར་བདེ་གཤེགས་སྙིང་པོས་ཁྱབ་པའི་སེམས་ཅན་ཐམས་ཅད་དང་། བྱེ་བྲག་ཆོས་མཛད་དམ་པ་དགེ་བའི་བཤེས་གཉེན་རྣམས་ཀྱིས་སྐྱོན་ལ་མི་རྟོག་པར་ཡོན་ཏན་གྱི་ཁྱད་པར་ལ་སོགས། ཆོས་དང་གྲུབ་མཐའ་གང་ལའང་ཕྱོགས་ཞེན་དང་ཆགས་སྡང་མ་བྱེད། རང་རེ་ལ་དེའི་གཉེར་ཁ་མེད། ཁོང་མཁས་པ་རྣམས་དགག་སྒྲུབ་ཀྱི་བགྲོ་གླེང་གནང་བ་ལ་སོ་སོར་དགོངས་པའི་གཏད་སོ་རེ་ལོས་ཡོད། དགོངས་གཞི་ཅི་ཡིན་སུས་ཤེས། མཐར་ཐུག་ཐམས་ཅད་མཁྱེན་པའི་ལམ་དུ་གཅིག་པར་ཁུམས། སེམས་ཅན་ཐམས་ཅད་ཕ་མར་མ་གྱུར་པ་མེད་པས་ཉེ་རིང་ཆགས་སྡང་ཅི་ལ་བྱེད། ཐམས་ཅད་ལ་ཕན་སེམས་སྙིང་ལ་ཆོངས་ཏེ་སྒོ་གསུམ་གྱི་བྱ་བས་གང་ཕན་གྱིས། ཐམས་ཅད་མགུ་དུས་མི་ཡོང་ཡང་བཟོད་པའི་གོ་ཆ་མ་ཤོར། འདྲིས་པའི་གྲོགས་དང་ཧ་ཀྱང་བསྟུན་མ་ཆེ། རང་ཚུགས་ཟུངས་ལ་རང་གི་དགེ་སྦྱོར་འཕེལ་གང་ཆེ་ལྟོས། རྫོགས་སྨིན་སྦྱངས་པ་རྒྱ་མཚོ་ལྟ་བུ་བདེ་བླག་ཏུ་འགྲུབ་པའི་ཉེ་རྒྱུ་ཐུན་མོང་མ་ཡིན་པ་རྣམ་དག་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེ་བ་འཛིན་པའི་ཐབས་མཁས་ཀྱི་སྒོ་རྨད་དུ་བྱུང་བའི་རྒྱུ་མཆོག་བཞི་པོ་ལ་ཉིན་མཚན་དུས་དྲུག་ཏུ་འབད་པ་གལ་ཆེ། དགེ་བ་གང་བྱེད་ཀྱང་སྦྱོར་དངོས་རྗེས་གསུམ་དམ་པ་གསུམ་གྱིས་རྩིས་ཟིན་པར་མཛོད། ཆོས་ཐམས་ཅད་རྨི་ལམ་དང་སྒྱུ་མ་ལྟ་བུ་ཡིན་པས་གང་ལའང་ཨ་འཐས་དང་བདེན་འཛིན་མི་ཆེ་བར་མཛོད། ཁོ་བོས་གང་ཤེས་ཀྱི་བསླབ་བྱ་ནི་བཤད་ཟིན་པས་དོན་དང་ལྡན་མི་ལྡན་ནི་ཁྱེད་རང་ལ་རག་ལས་པས་དེ་བཞིན་ཐུགས་ལ་ཞོག་ཅིག ཨ་ཁུ་ཀླད་སྒགས་ཀྱི་བཞེད་ངོར། བནྡེ་རྒྱ་མཆུ་བ་དེས་སྣག་ངན་ཆུ་དང་འདྲ་བས་བྲིས་ངན་འབུ་བརྒྱུགས་རྗེས་འདྲ་ཞིག་བྱས་པ་ལགས། འཆད་ཡུལ་མགོ་ལ་སྐྲ་ཡི་དྲིས་མ་གོས། །འཆད་པོའི་ཁ་ནི་རྩིད་པའི་དྲྭ་བས་འཁོར། །ན་ཚོད་རྒས་ཀྱང་བྱེད་སྤྱོད་བྱིས་པའི་ཚུལ། །ཨ་མཚར་རྩེ་འཇོ་འཕེལ་བའི་བཀྲ་ཤིས་ཤོག །
༄༅། །འོ་ལག་ཏུ་རྔ་བརྡུང་ཞིང་ངག་ཏུ་དྲག་སྔགས་བཟླ་བ། ཉིན་མཚན་ཀུན་ཏུ་ལྷ་གསོལ་ལ་བརྩོན་པའི་ཨ་མྱེ་རལ་པ་ཅན་གྱི་ཡིད་ལ་རྒྱུན་དུ་ངེས་རྒྱུར། སྐྱབས་བསླུ་བ་མེད་པ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་བློ་གཏད་ཆོས། ནམ་ཡང་བསླུ་བ་མེད་པ་ལས་རྒྱུ་འབྲས་ལ་ཡིད་ཆེས་ཀྱི་དད་པ་སྐྱེད། སྔར་བྱས་ཀྱི་མི་དགེའི་ལས་ལ་འགྱོད་བཤགས་དྲག་པོ་དང་ཕྱིན་ཆད་སྲོག་ལ་བབས་ཀྱང་མི་བགྱིད་པའི་དམ་བཅའ་བརྟན་པོ་ཟུངས། ཁམས་གསུམ་སེམས་ཅན་ཐམས་ཅད་ཕ་མར་ཤེས་པའི་སྒོ་ནས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྐྱེད། བོད་གངས་རིའི་ལྗོངས་ཀྱི་བླ་མའི་སྐལ་བ་གུ་རུ་པདྨ་ཡིན་པས་བློོ་གཏད་ལིང་བསྐྱུར་གྱི་གསོལ་བ་ཐོབ། ལྷ་སྐལ་གཅིག་པུ་འཕགས་པ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཡིན་པས་ཡི་དམ་གྱི་ལྷར་ཟུངས། སྙིང་པོ་ཡི་གེ་དྲུག་མ་ལས་ཕན་ཡོན་ཆེ་བ་མེད་པས་གལ་ཆུང་དུ་མི་སྐྱུར་བར་རྒྱུན་དུ་བཟླ་བ་འདི་གལ་ཆེ་བར་ཁུམས། སངས་རྒྱས་འོད་དཔག་མེད་དང་ཞིང་ཁམས་བདེ་བ་ཅན་གྱི་ཡོན་ཏན་ཡང་ཡང་རྗེས་སུ་དྲན་པར་བྱོས་ལ་འདུན་པ་གཏོད། དེར་སྐྱེ་བའི་རྒྱུ་སྒོ་གསུམ་དགེ་བའི་ལས་ལ་འབད་ཅི་ནུས་གྱིིས། དགེ་བ་དེ་ཡང་རང་གཞན་སེམས་ཅན་ཐམས་ཅད་ནུབ་བདེ་བ་ཅན་གྱིས་ཞིང་ཁམས་སུ་སྐྱེ་བའི་རྒྱུར་བསྔོས། དེ་ལྟར་བྱས་ན་ཁ་དྲོ་བ། བཀྲ་ཤིས་པ། དོན་འགྲུབ་པ། ཀུན་གྱིས་ཨ་མྱེ་བཟང་པོར་བརྩི་ཞིང་། ཚེ་འདི་ཡི་ཟས་གོས་ཀྱིས་འབྱོར་པ་དང་། ཕྱི་མ་དོན་ཆེན་པོ་འགྲུབ་པ་ཡིན་པས་དེ་ལུགས་ངེས་པར་གྱིས། ཤིང་སྦྲུལ་ཟླ་བ་གསུམ་པའི་ཚེས་བཅུ་དྲུག་གི་ཉིན་འཚོགས་ཁང་བདུད་དཔུང་ཟིལ་གནོན་དུ་བྲིས་པ་དགེ །


previousབྱེའུ་ཆུང་འཇོལ་མོའི་གཏམ་པུཎྜ་རི་ཀའི་ཆུན་པོ།next