Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བཅུ་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལྷོ་གྲྭ་གཉིས་ལ་གདམས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལྷོ་གྲྭ་གཉིས་ལ་གདམས་པ།next

ལྷོ་གྲྭ་གཉིས་ལ་གདམས་པ།

༄༅། །ལྷོ་གྲྭ་གཉིས་ལ་གདམས་པ། ད་རེས་དལ་འབྱོར་གྱི་མི་ལུས་ཐོབ། སངས་རྒྱས་ཀྱི་བསྟན་པ་དང་མཇལ། དགེ་བའི་བཤེས་གཉེན་གྱིས་ཟིན། རང་ལའང་དགེ་བློ་ཅུང་ཟད་ཡོད་པ་འདི་སྔོན་བསགས་བཟང་པོའི་འབྲས་བུ་ཡིན། ཕྱིས་ཡང་ཡང་རྙེད་དཀའ་བས་དོན་མེད་ཆུད་ཟོས་སུ་མ་སོང་བར་སྙིང་པོ་དགེ་བ་ལ་འབོད། ནམ་འཆི་ངེས་པ་མེད་པས་ལོང་མེད་བློ་སྣ་སྟུངས། ནམ་ཡང་བསླུ་བ་མེད་པས་ལས་རྒྱུ་འབྲས་ལ་ཡིད་ཆེས་ཀྱི་བླང་དོར་ལ་བརྩོན་མཛོད། ཁམས་གསུམ་འཁོར་བའི་གནས་ན་བདེ་བ་མེད། ཅུང་ཟད་བདེ་བ་ལྟར་སྣང་ཡང་འགྱུར་དང་འདུ་བྱེད་ལས་མ་འདས། དེས་ན་དེ་ལས་ཐར་འདོད་ཀྱི་ངེས་འབྱུང་སྐྱེད་མཛོད། དཀར་པོའི་ཆོས་ལ་འཇུག་པའི་སྒོ་དད་པ་ཡིན། ལས་འབྲས་དང་དཀོན་མཆོག་ལ་ཡིད་ཆེས་ཀྱི་དད་པ་བསྐྱེད་པ་འདི་གལ་ཆེ། ཆོས་དང་གང་ཟག་ལ་ཕྱོགས་རིས་མ་བྱེད། དཀོན་མཆོག་ལ་སྐྱབས་སུ་འགྲོ་བ་འདི་ནང་པ་སངས་རྒྱས་པའི་ཁྱད་ཆོས། སྡོམ་པ་ཐམས་ཅད་ཀྱི་རྩ་བ། ཡོད་དེས་ཆོག་མེད་ཐབས་ཆག་ཡིན། དགག་སྒྲུབ་ཆ་མཐུན་སོགས་ཀྱི་བསླབ་བྱ་ལ་བརྩོན། ཁྱད་པར་དུ་སེམས་ཅན་ལ་འཚེ་བ་སྤོང་བ་འདི་གལ་ཆེ། མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཕ་མའི་རང་བཞིན་ཡིན། ཀུན་ལ་དགྲ་གཉེན་དང་ཆགས་སྡང་སྤོང་། བྱམས་པ་དང་སྙིང་རྗེ་བསྐྱེད་ཀུན་རྫོབ་སྨོན་འཇུག་གི་བྱང་སེམས་བསྐྱེད་པ་འདི་ཐེག་ཆེན་ལམ་གྱི་གཞུང་ཕུར་ཡིན། རྟག་ཏུ་དྲན་ཤེས་དང་ལྡན་པས་དཀར་ནག་ཆོས་བཞིར་བླང་དོར་དང་བདག་གཞན་མཉམ་བརྗེ་སོགས་ཐེག་ཆེན་བློ་སྦྱོང་ལ་གོམས་མཛོད། བསླབ་བྱ་སྤྱི་དང་། ཁྱད་པར་གཞན་དོན་ཁུར་ཁྱེར་ཀྱི་ལྷག་བསམ་བཟང་པོ་དང་མ་བྲལ་བར་མཛོད། སྨོན་སེམས་མི་འདོར་ཞིང་དགེ་རྩ་གང་བྱེད་དམ་པ་གསུམ་གྱིས་རྩིས་ཟིན་པར་མཛོད་དང་མདོ་དོན་དེའི་ནང་ན་ཚང་། མདོར་ན། སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་བྱེད། །རང་གི་སེམས་ནི་ཡོངས་སུ་ཐུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་གསུངས་པ་འདི་སེམས་ལ་ཆོངས་མཛོད། གཞན་བསླབ་བྱ་མང་པོ་ནད་ཁམས་ཀྱི་བྲི་མ་ལྕོགས་པས་འདི་ཙམ་ཐུགས་ལ་བཞག་ན་དོན་དུ་འགྱུར་སྲིད། མ་བཞག་ན་མང་པོ་བྲིས་ཀྱང་ཅི་ཕན། དེས་ན་སེམས་ལ་ཞོག བསླབ་བྱ་ཡིན། ཁ་ད་ཡིན། སྐྱབས་འཇུག་བགྱིད་བཞག ཁ་དྲོ་བཀྲ་ཤིས་ཨུ་གོ།


previousལྷོ་གྲྭ་གཉིས་ལ་གདམས་པ།next