Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བཅུ་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཙང་དགེ་འཕེལ་ལ་གདམས་པ།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཙང་དགེ་འཕེལ་ལ་གདམས་པ།next

གཙང་དགེ་འཕེལ་ལ་གདམས་པ།

༄༅། །གཙང་དགེ་འཕེལ་ལ་གདམས་པ། ད་རེས་དལ་འབྱོར་གྱི་རྟེན་ཐོབ། མཚན་ལྡན་གྱི་དགེ་བའི་བཤེས་གཉེན་དང་མཇལ། ཟབ་པ་དང་རྒྱ་ཆེ་བའི་གདམས་ངག་ཐོས། རང་དབང་རང་ལ་ཡོད་པའི་དུས་འདིར་ནམ་བཞག་གཏན་གྱི་བདེ་བ་ཆོས་བཤའ་མ་ཞིག་ཅིས་ཀྱང་བྱེད་དགོས། དེ་ཡང་སང་བྱ་དང་གནང་བྱས་མི་ཕན་ཏེ་སྣོད་བཅུད་གང་ལ་བསམས་ཀྱང་རྟག་ཐུབ་པ་མེད། ཁྱད་པར་སྐྱེས་བུའི་ཚེ་འགྲོ་བ་ནི་རི་གཟར་གྱི་འབབ་ཆུ་དང་འདྲ། ནམ་འཆི་ངེས་པ་མེད་པ་རླུང་གསེབ་ཀྱི་མར་མེ་དང་འདྲ། ཐ་ན་དོ་ནུབ་ཙམ་ཡང་མི་འཆི་བའི་བློ་གདེང་ནི་མེད། འཆི་བའི་ཚེ་ཆོས་མ་གཏོགས་གཞན་གང་ཡང་སྐྱབས་སུ་གྱུར་པ་མེད། ནམ་ཡང་མི་འབྲལ་བར་རྗེས་སུ་འབྲང་བ་ནི་ལས་དགེ་སྡིག་གཉིས་པོ་ཡིན་ཞིང་། དེ་ཡང་དགེ་བ་རང་གི་མ་བྱས་པ་ཁྱེར་རྒྱུ་ནི་མེད། སྡིག་པ་བྱས་ཟིན་པ་བསྐྱུར་རྒྱུ་ནི་མེད། གཤིན་རྗེའི་ཁྲིམས་ལ་རྫུན་དང་མགོ་སྐོར་མི་བཏུབ། དེས་ན་སྔར་བྱས་ཀྱི་སྡིག་པའི་ལས་ལ་འགྱོད་བཤགས་དང་། ཕྱིན་ཆད་མི་བྱེད་པའི་སྡོམ་སེམས་དྲག་པོས་གཉེན་པོ་དགེ་བའི་ལས་ལ་བརྩོན་པ་གལ་ཆེ་ཞིང་། དེ་ཡང་ཁ་ཆོས་ཙམ་གྱིས་མི་ཕན་སྙིང་ཐག་པ་ནས་རང་གི་རྒྱུད་ལ་བརྟགས་ཏེ་རང་རྒྱུད་ཀྱི་ཉོན་མོངས་པ་ཅི་ཐུལ་གྱིས། ནམ་ཡང་མི་བསླུ་བའི་གཏན་གྱི་སྐྱབས་ནི་དཀོན་མཆོག་གསུམ་ཡིན་པས་དེ་ལ་བློ་གཏད་ལིང་ཁེལ་གྱིས་སྐྱབས་སུ་སོང་། མཁའ་མཉམ་འགྲོ་བ་ཕ་མའི་རང་བཞིན་ཡིན་པས་བདེ་བ་དང་ལྡན་འདོད་ཀྱི་བྱམས་པ། སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེ། ཀུན་ཀྱང་སྲིད་མཚོ་ལས་གདོན་ཕྱིར་རྫོགས་བྱང་དོན་གཉེར་གྱི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལ་སྙིང་ཐག་པ་ནས་བློ་སྦྱོང་མཛོད། གངས་ཆེན་བོད་ཀྱི་ལྷ་སྐལ་འཕགས་མཆོག་སྤྱན་རས་གཟིགས་ཡིན་པས་དེ་ཉིད་ཡི་དམ་དུ་ཟུངས་ལ་སྙིང་པོ་ཡི་གེ་དྲུག་མ་ཅི་ནུས་བསྒྲང་མཛོད། དགེ་རྩ་གང་བྱེད་སེམས་ཅན་གྱི་དོན་དུ་བསྔོོས་ལ་མདོར་ན་ཚེ་མཇུག་ཅི་བྱེད་དགེ་བའི་ལམ་ལ་དྲིལ། རང་གིས་རང་ལ་རྫུན་མ་བཏང་། རང་མགོ་མ་གཡོགས། རང་མགོ་ཆོས་ཀྱིས་ཐོན་པར་མཛོད། དེ་ལྟར་མཛད་ན་མི་ལུས་དོན་དང་ལྡན་པ་ལགས།


previousགཙང་དགེ་འཕེལ་ལ་གདམས་པ།next