Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བཅུ་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ན་མོ་གུ་རུ། མ་རྒན་དད་པ་ཅན་གྱི་ཡིད་ལ་བཅང་རྒྱུར།
   
   
   
   
   
   
   
   
   
   
   
   
   
   
   


 
previousན་མོ་གུ་རུ། མ་རྒན་དད་པ་ཅན་གྱི་ཡིད་ལ་བཅང་རྒྱུར།next

ན་མོ་གུ་རུ། མ་རྒན་དད་པ་ཅན་གྱི་ཡིད་ལ་བཅང་རྒྱུར།

༄༅། །ན་མོ་གུ་རུ། མ་རྒན་དད་པ་ཅན་གྱི་ཡིད་ལ་བཅང་རྒྱུར། དེ་སྔོོན་མཚན་ལྡན་གྱི་བླ་མ་དམ་པ་དུ་མའི་ཞབས་པད་བསྟེན་ཞིང་ལས་རྒྱུ་འབྲས་ལ་ཡིད་ཆེས་ཀྱི་དད་པ་ཐོབ་ནས་དགེ་སྦྱོར་སྨན་པར་བྱུང་བ་ཤིན་ཏུ་ལེགས་ཤིང་རྗེས་སུ་ཡི་རང་། ད་དུང་ཡང་ཇི་སྲིད་མ་ཤི་ཚུན་ཆོད་བུ་ཚའི་ཁོལ་པོ་གླ་མེད་ལག་སྟོང་དུ་མ་གཏོང་བར་སྒོ་གསུམ་དགེ་བའི་ལས་ལ་ཅི་ནུས་སུ་འབད་མཛོད། འཆི་ཁར་ཕན་པའི་གདམས་ངག་སྔར་ཐོས་པ་རྣམས་གྱི་དོན་ལག་ལེན་དུ་ཐེབས་ན་དེས་ཡོང་། དེ་ལྟ་མ་ཡིན་པའི་ཟབ་ཟབ་མོ་རང་རྒྱུད་ལ་མ་སྦྱར་བར་ཅི་བསམ་ཚེ་འདིའི་ཕྱོགས་དང་། ཅི་བྱེད་འཁོར་བའི་བྱ་གཞག་ལ་ཞེན་ངང་། རྡོ་རྗེ་འཆང་གི་སར་ཀྲོང་ངེ་འགྲོ་བའི་ཐབས་གཞན་མེད། སྔོན་གྱི་མཁས་གྲུབ་དམ་པ་རྣམས་ཀྱང་ཟབ་མོའི་གདམས་ངག་དེ་དག་ལ་བརྟེན་ནས་ཉམས་སུ་བླངས་པས་ཚེ་གཅིག་ལུས་གཅིག་གིས་གདོད་མའི་རྒྱལ་ས་སྙོགས་པ་དེ་བྱུང་བར་འདུག རང་རེ་རྣམས་གདམས་ངག་དེ་ལྟ་བུ་དང་འཕྲད་ཀྱང་འཇིག་རྟེན་ཚེ་འདི་བློས་མ་ཐོང་བས་ཅི་བྱེད་ཚེ་འདིའི་འདུན་མ་དང་། ཅི་བསམ་ཕྱིན་ཅི་ལོག་ཏུ་གྱུར་ནས་གདམས་ངག་དཔེ་ལ་ལུས། རང་རྒྱུད་ཐ་མལ་དུ་ཤོར། སེམས་རྒྱུད་ཀྱི་ཉོན་མོངས་པ་སྣ་ཁ་གཅིག་མ་བྲི་བར་འབྲས་བུ་སངས་རྒྱས་ཀྱི་ས་དེར་འགྲོ་བ་དཀའ་སེ་ཞིག་མི་འདུག་གམ། འདི་གང་གིས་ལན་ན་འཆི་བ་སྙིང་ནས་མ་དྲན་པས་ལེ་ལན་དང་པོ་དེ་ལ་ཐུག སྐབས་རེར་དགེ་ལ་སྦྱོར་ལོ་བྱེད་ཀྱང་འཇིག་རྟེན་ཚེ་འདིའི་བྱ་བ་ནི་མེད་དུ་མི་རུང་བའི་གོ་ཆོད་གལ་ཆེན་པོར་འཛིན། དོན་ཆེན་དམ་པའི་ཆོས་ནི་ཞལ་བྱུང་སླ་ཆོས་སུ་གཏོང་ནས་བྱུང་ན་ལེགས་ཀྱང་མ་བྱུང་རུང་འདྲ་བའི་ཟོལ་གཅིག་བྱེད། དགེ་བ་ཕྲན་བུ་བསགས་ཀྱང་དེ་ལ་རློམ་སེམས་དང་རེ་བ་རི་བོ་ཙམ་ཞིག་འཆའ། མི་དགེ་བའི་ལས་ཇི་ཙམ་བསགས་ཀྱང་འགྱོད་མེད་ཀྱི་ཁར་ཕལ་ཆེར་ངོ་སོར་ཁྱེར། སྐྱིད་པ་བྱུང་ན་དཀོན་མཆོག་གི་ཐུགས་རྗེ་དང་སྔོན་བསགས་ཀྱི་འབྲས་བུར་མི་འཛིན་པར་རང་ཉིད་གོ་ཆོད་པོར་བརྩིས་ནས་གཞན་པ་ཁྱད་དུ་གསོད། སྡུག་བསྔལ་ཅུང་ཟད་རེ་བྱུང་ན་རང་བྱས་རང་ལ་སྨིན་པར་མི་ཤེས་པར་ལྷ་ལ་ཡིད་ཆད་དང་ཕ་རོལ་པོ་ལ་མགུ་འཁང་{འགུ་འཁར}བྱེད། སྐྱིད་པ་འདོད་ཀྱང་དེའི་རྒྱུ་བསོད་ནམས་ཀྱི་ཚོགས་མི་བསོག་པར་མི་འདོད་པའི་སྡུག་བསྔལ་གྱི་རྒྱུ་ལ་རྟག་ཏུ་སྤྱོད་པའི་ཞེ་འདོད་ལག་ལེན་ཕྱིན་ཅི་ལོག་ཏུ་གྱུར་པ་འདི་རྒྱུ་འབྲས་ཡིད་ཆེས་ཀྱི་དད་པ་མེད་པས་ལེ་ལན་གཉིས་པ་དེ་ལ་ཐུག ཆོས་ཐོས་བཞིན་རང་རྒྱུད་ཇེ་དུལ་དུ་འགྲོ་དགོས་རྒྱུ་ལ། ལོ་རེ་འགྲོ་བཞིན་རྒྱུད་ཇེ་ངན། གཤིས་ཇེ་རྩུབ། བདག་འཛིན་ཇེ་ཆེ། ནོག་མཁོན་ཇེ་མང་། རང་རྒྱལ་བ་ཙམ་གྱིས་མི་ཆོག་པར་ཕ་རོལ་པོ་གཏན་མེད་དུ་འདོད་པའི་བསམ་ནག་འཆང་། བཏོན་བཏོན་དང་བསྒྲུབས་བསྒྲུབས་ཀྱི་བྱས་ཡུས་ཇི་ཙམ་དུ་འདྲེན་ཡང་སེམས་རྒྱུད་ལ་ཕན་པ་རྡུལ་ཙམ་མེད་པར། རང་མགོ་རང་གིས་གཡོགས། རང་རྫུན་རང་ལ་གཏོང་། རང་གིས་རང་བསླུས། དལ་འབྱོར་ལན་གཅིག་རྙེད་པ་འདི་ཆུད་ཟོས་གཏོང་བ་ནི་བྱམས་སྙིང་རྗེ་བདག་བས་གཞན་གཅེས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྟོང་ཉིད་སྙིང་རྗེ་སྙིང་པོ་ཅན་ཐུན་གཅིག་ཀྱང་རང་ཉམས་ལ་སྦྱར་ཏེ་སྒོམ་མ་མྱོང་བར་དོན་མེད་སྟོང་འདང་གི་ཟོལ་གཏམ་ཁྱི་མཆོང་ཝ་འཆོང་གི་རྗེས་སུ་འབྲངས་ཏེ་མཐོ་སྙབ་བྱས་པའི་སྐྱོན་མཚང་སྟེ་ལེ་ལན་གསུམ་པ་དེ་ལ་ཐུག དེང་སང་གི་སེར་སྐྱ་ཕལ་ཆེར་ཞིག་ལ་ངེས་འབྱུང་དང་དད་པ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྒོམ་བྱས་ན་རྣ་བ་ལ་ཡང་ཡེ་མི་སྙན། ཞེ་ལ་ཡང་ཅུང་མི་འབབས། འཆི་ཁར་ཕན་པའི་གདམས་ངག་གི་ཟུར་ཙམ་དུ་ཡང་མི་འཛིན་ཅིང་། དེ་ལས་གཞན་པའི་ལྷ་མེད་འདྲེ་མེད་དང་། དགེ་མེད་སྡིག་མེད་སོགས་ཀྱི་གཤིས་ཀྱི་མཐོ་སྐད་སྦིར་རེ་བ་ཞིག་བྱས་ན། རྣ་བ་ལའང་དེ་སྙན་བློ་ལའང་དེ་འཐད། ལས་རྒྱུ་འབྲས་གང་ལའང་མི་ལྟོས་པར་སངས་རྒྱས་ཀྱི་སར་སླེབ་པའམ་ད་ལྟ་རྒྱུད་ལ་ཉམས་ལེན་སྣ་ཁ་གཅིག་ཀྱང་མེད་པར་འཆི་ཁའམ་བར་དོར་དག་པའི་ཞིང་ཁམས་སུ་རྡོ་འཕང་བ་འདྲ་བ་ཞིག་བྱེད་རྒྱུ་ཡོད་པར་རློམ་འདུག་ཀྱང་། རྒྱུ་ལ་མ་བརྟེན་པའི་འབྲས་བུ་དེ་བྱེ་མ་བརྩིར་ནས་མར་འདོད་པ་དང་འདྲ་སྟེ་ཅུང་ཟད་དཀའ་འམ་སྙམ། འོན་ཀྱང་གང་ཟག་གི་རྒྱུད་ཚོད་ཅི་ཡིན་མི་ཤེས། ནང་དུ་ལྟ་དགོངས་དང་གདེང་ཚད་དེ་འདྲ་ཡོད་ན་ཅི་ཤེས། ཡོད་ན་ངོ་མཚར་དང་བཀའ་དྲིན་ཆེ། དེ་མིན་ན་ཉམས་ལེན་རྒྱུད་ཚོད་དང་མཐུན་པ་ཞིག་ནི་དགོས་པ་འདྲ། ནང་གི་བདག་འཛིན་ཅུང་ཟད་ཙམ་ཡང་ཁ་མ་བྲི་བར་སངས་རྒྱས་ཐོབ་པའི་ཉེ་ལམ་ཞིག་ངས་ནི་མ་མཐོང་། གང་ལྟར་ཡང་རྒད་མོ་རང་དད་པ་ཅན་ཡིན་པ་འདྲའམ་སྙམ་ནས་ཕྱོགས་ཙམ་བརྗོད་པ་ཡིན་པས་གཤིས་ངན་དང་གཏུམ་ཚིག་ཏུ་མི་འཛིན་པར་སེམས་ལ་ཆོངས། ངེས་འབྱུང་རྒྱུད་ལ་དྲིལ། ཡེངས་མེད་དགེ་སྦྱོང་ལ་འབུངས ། ཉམས་ལེན་རྒྱུད་ལ་སྦྱོར། བླ་མ་དང་དཀོན་མཆོག་ལ་གསོལ་བ་ཐོབ། འཆི་ཁར་མི་འཚེ་བའི་ཐབས་ཞིག་ཚགས་སུ་ཚུད་པར་མཛོད། དགེ་སྦྱོང་འཕེལ་བའི་སྐྱབས་སྨོན་གང་ཤེས་དེང་ནས་བྱེད་བཞག དེ་ཚོ་གདམས་ངག་རེ་ནི་ཡིན་རྩིས་ཡིན་པས་སེམས་ལ་ཆོངས་མཛོད་ཅིག མངྒལཾ།


previousན་མོ་གུ་རུ། མ་རྒན་དད་པ་ཅན་གྱི་ཡིད་ལ་བཅང་རྒྱུར།next