Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བཅུ་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལགས། གསུང་བྲིས་གནང་འབྱོར་དོན།
   
   
   
   
   
   
   
   
   
   
   
   


 
previousལགས། གསུང་བྲིས་གནང་འབྱོར་དོན།next

ལགས། གསུང་བྲིས་གནང་འབྱོར་དོན།

༄༅། །ལགས། གསུང་བྲིས་གནང་འབྱོར་དོན། ཕྲན་ངན་ལ་ཆུང་ནས་ཆོས་ལ་མོས་པ་ཙམ་ཡོད་ཀྱང་། སྔོན་གྱི་བསགས་རྒྱབ་དམན་པ་དང་། འཕྲལ་དུ་དགོན་ཧྲུལ་གྱི་མགོ་སྡུད་ཀྱི་གཡེང་ནས། རང་ཐག་རང་གིས་མ་ཆོད་སྣ་ཐག་གཞན་ལ་ཤོར་རྐྱེན་གྱིས་ཐོས་བསམ་སྒོམ་པའི་བྱ་བ་གང་ཡང་གནད་དུ་མ་འབྱོར་བར་ལང་ཚོའི་ཉིན་བྱེད་རྒ་བའི་ནུབ་རིར་གཞོལ་བས་འགྱོད་པའི་མེས་གདུང་བ་ཙམ་ལས་ཡོན་ཏན་གྱི་རྣམ་པ་ཏིལ་ཙམ་མ་མཆིས་ཤིང་། ད་དུང་ཡང་དེ་མུར་ལྟ་བུ་ལས་འདོད་ཐོག་ཏུ་ཁེལ་བ་ཞིག་ཡོད་དཀའ་འདུག་པས་ཕྱིན་ཆད་འདི་བྱ་འདི་བྱེད་ཀྱི་དཀྲིགས་ཀ་གང་ཡང་མེད་ཅིང་། ད་ལྟའི་མཚམས་ཀྱི་གཟུགས་བརྙན་འདི་ཡང་མཐར་ཕྱིན་མིན་དང་དབང་ལུང་སོགས་དེ་འདྲའི་རིགས་ཅི་འགྱུར་མེད་པས་ཞུ་ཚོད་ག་ལ་ཐེང་། གཞན་གསུང་དོན་འདི་རྣམས་ཀྱང་ཕྲན་བུ་མི་ཚེ་དཀོར་ལ་འཁྱམས་པས་ཐོས་བསམ་སོགས་གང་ཡང་མ་གྲུབ། བར་སྐབས་འཕྲལ་གྱི་རྐྱེན་སེལ་ཙམ་ལ་རེ་བའི་བསྙེན་སྒྲུབ་ཀྱི་གཟུགས་བརྙན་རེ་བགྱིས་ཀྱང་དོན་མེད་ཆགས་སྡང་གི་རྣམ་རྟོག་ལུ་གུ་རྒྱུད་ཀྱི་བྲེལ་བ་ལས་སེམས་གནས་ཕྲ་མོ་ཙམ་གྱི་ཉམས་མྱོང་ཡང་མ་སྐྱེས་པས་ཞུ་རྔོོ་ག་ལ་ཐོགས་ཀྱང་། རང་བཞིན་འོལ་ཚོད་ལ། རྫོགས་ཆེན་གྱི་གཞི་དབྱིངས་ལུང་མ་བསྟན་པ་དང་ཐེག་པ་སྤྱི་སྐད་དུ་དྲི་བཅས་བདེ་གཤེགས་སྙིང་པོ་གཉིས་ཕྱོགས་མཚུངས་ཤིང་། དེ་ལས་གཞི་སྣང་ཤར་བའི་ཚེ་གྲོལ་འཁྲུལ་བྱེད་ཚུལ་ཡང་། སྔགས་གཞུང་སྤྱི་ལས་སྣང་གསུམ་མཐའི་འོད་གསལ་ཤར་ཚེ་ངོ་ཤེས་པ་རྣམས་གྲོལ་བ་དང་། མ་ཤེས་པ་རྣམས་འཁྲུལ་ཚུལ་གསུངས་པ་དང་དོན་གཅིག་སྟེ་དཔེར་ན་འཆི་བའི་འོད་གསལ་བཞིན། དེར་མ་ཟད་རྨི་ལམ་གྱི་སྐབས་སུའང་འདྲ་སྟེ། འདིའི་སྐབས་སུ་འོད་གསལ་ཟིན་པ་རྣམས་ལ་རྨི་ལམ་གྱི་འཁྲུལ་པ་མེད་པར་འོད་གསལ་ལ་འབྱམས་པར་གསུངས་ཤིང་། དེ་འདྲའི་ཉམས་མྱོང་མེད་པ་ལ་ཤར་ཡང་ཕན་ཐོགས་རྡུལ་ཙམ་མེད་པར་འཁྲུལ་སྣང་མུ་མེད་དུ་འཕྱན་པ་ནི་རང་རེ་རྣམས་ཀྱིས་མྱོང་བ་འདི་ལགས། རྫོགས་ཆེན་གྱི་སྐབས་སེམས་ཅན་གསར་སྐྱེ་ཟེར་ཡང་དོན་ལ་གསར་སྐྱེ་མ་ཡིན་ཏེ་ཆོས་ཉིད་རང་གི་ངོ་བོ་ལ་གྲོལ་འཁྲུལ་གཉིས་ཀ་མ་གྲུབ་པའི་གནད་ཀྱིས་སོ། །ཆོས་སྤྱི་སྐད་དུ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་སོགས་རྟེན་འབྲེལ་བཅུ་གཉིས་ཀྱི་ཐོག་མ་མ་རིག་པར་གསུངས་པ་ཙམ་ལས་ཞིབ་པར་མ་བསྟན་པ་ཐེག་པའི་རྒྱལ་པོ་འདིར་གསལ་བར་བསྟན་པས་ན་ཐེག་པའི་རྩེ་མོར་གྲུབ་པ་ལགས། རྫོགས་ཆེན་ནས་གྲོལ་གཞི་དང་གྲོལ་སའི་ཀ་དག་གི་ཁྱད་པར་གསུངས་པ། གཞན་དུ་རང་བཞིན་རྣམ་དག་དང་གློ་བུར་བྲལ་དག་གི་མྱང་འདས་ཀྱི་ཁྱད་པར་གསུངས་པ་དོན་གཅིག འཁོར་བའི་མཐའ་མེད་པར་གསུངས་པ་སྤྱི་མཚན་ལ་དགོངས་པ་འདྲ་སྟེ། དགོས་བཙན་དུ་ནི་དབུ་མའི་གཞུང་ལས་ཀྱང་རིགས་ཆད་ཞལ་གྱིས་མི་བཞེས་པ་འདྲའོ། །གཞུང་ཆེན་རིགས་ཀྱི་བཤད་པ་སོགས་མ་ཐོབ་ཅིང་རྒྱུས་ཆ་ཆུང་བས་ཞིབ་པར་མ་འཚལ་ཡང་སྤྱིར་གཞི་ལས་གཞིར་སྣང་ཤར་ཚེ་རང་ངོ་མ་རིག་པའི་དབང་གིས་ཕྲ་བའི་རླུང་སེམས་ཀྱི་ཆ་ལས་རིམ་པར་འཕེལ་ཏེ་ཇེ་རགས་སུ་འགྱུར་བ་ནི་ངེས་དོན་གྱི་རྒྱུད་སྡེ་ཟབ་མོ་རྣམས་ལས་གསུངས་པ་ལྟར་ཞིབ་པར་རྫོགས་ཆེན་ནས་བསྟན་པ་ལ་ཐེ་ཚོམ་ཅི་ཡོད། དེའི་ཕྱིར་ད་ལྟ་བླ་མེད་ཀྱི་རྒྱུད་སྡེ་ཐམས་ཅད་ནས་ཕྲ་ཐིག་སོགས་རྫོགས་རིམ་ཐམས་ཅད་ཀྱི་གཏུགས་ས་གཉུག་སེམས་འོད་གསལ་གྱི་དོན་གཏན་ལ་ཕབ་ནས་རྩོལ་བཅས་དང་རྩོལ་མེད་ཀྱི་ལམ་གོམས་པར་བྱེད་པ་སྟེ། དེ་རྣམས་ཀྱི་གནད་མཐར་ཐུག་དུས་འཁོར་སྦྱོར་དྲུག་དང་རྫོགས་ཆེན་སྣང་བཞི་སོགས་ཀྱིས་གཏན་ལ་ཕབ་པ་དེ་ལགས། དེ་ཡང་གཞུང་སྤྱིིར་མ་དག་དག་པ་སོགས་གསུམ་གྱི་གནས་སྐབས་ལ་སེམས་ཅན་བྱང་སེམས་སངས་རྒྱས་གསུམ་དུ་བཏགས་པ་བཞིན། འདིར་ཡང་ཡེ་རླུང་བག་ལ་ཞ་ནས་མ་དག་ལས་རླུང་འཁྲུལ་སེམས་ཀྱི་བྱེད་པ་འབའ་ཞིག་སྟོབས་སུ་གྱུར་པའི་སྐབས་འདིར་གཞི་སེམས་ཅན་དང་། གནས་ལུགས་གཏན་ལ་ཕབ་ནས་ཉམས་སུ་བླངས་པས། ལས་རླུང་དང་ཡེ་ཤེས་རླུང་གི་བྱེད་པ་འདྲེ་ཞིང་དེེ་ཡང་ཡེ་རླུང་སྟོབས་ཆེར་གྱུར་པའི་སྐབས་ལམ་གྱི་ཡེ་ཤེས་དང་མཐར་ལས་རླུང་སེམས་དང་བཅས་པའི་འགྱུ་ཆ་ཕྲ་མོའང་འགག་སྟེ་ཡེ་རླུང་འབའ་ཞིག་པ་མངོན་ཏུ་གྱུར་པའི་སྐབས་སུ་མཐར་འབྲས་སངས་རྒྱས་ཡིན་པས་དོན་གྱི་གནད་གཅིག་པར་ཤེས་པར་བྱའོ། །སྣང་བ་གདོང་འདེད་སོགས་གང་ཤར་གྱི་སྣང་བ་ཐམས་ཅད་ཡེ་སྟོང་ཀ་དག་གི་དབྱིངས་སུ་འཁྲུལ་པ་བ་དེད་ཀྱིས་རྫུན་ཕུག་དབྱིངས་སུ་བརྡིིབས་{གཏིབ}ནས་ཀ་དག་ཕྱམས་བརྡལ་ཆེན་པོའི་གཤིས་ལུགས་ལ་དགག་སྒྲུབ་ཀྱི་མཚན་མ་དབྱིངས་སུ་དག་པར་བྱས་ནས་དེའི་ངང་ལ་བསལ་བཞག་མེད་པར་སྐྱོང་བར་ཐམས་ཅད་འདུ་བ་འདྲ་ཞིང་། མཁྱེན་བརྩེ་ཡེ་ཤེས་རྡོ་རྗེའི་རྣམ་ཐར་གྱི་དཔེ་མེད་ཅིང་མཇལ་མ་མྱོང་ཡང་དེ་དང་འདྲའམ་སྙམ། ཟང་ཀ་མ་ཞེས་པ་ད་ལྟའི་འཁྲུལ་རྟོག་ཉོན་མོངས་ཅན་ཟང་མ་འདི་ལ་མི་གོ་བར། སེམས་ཀྱི་ཆོས་ཉིད་དམ་རིག་པའི་གཤིས་ལུགས་ཡེ་གྲོལ་བསལ་བཞག་དང་བྲལ་བའི་དངོས་པོའི་གནས་ཚུལ་མ་བཅོས་ཟང་ཀ་མ་ཉིད་ལ་གོ་བར་བྱ། ངོ་སྤྲོད་ཀྱི་སྐབས་སུ་གསལ་ལེ་ཧྲིག་གེ། རྗེན་ནེ་སོགས་གསུངས་པ་དམིགས་གཏད་ཅན་གྱི་གསལ་གསལ་ཧྲིག་ཧྲིག་མིག་གིས་བལྟ་རྒྱུ་དང་ལག་པས་གཟུང་རྒྱུ་ཡོད་པ་འདྲ་ཞིག་ལ་གོ་བར་མི་བྱ་སྟེ། སྤྱིར་ཆོས་ཉིད་དམ་དངོས་པོའི་གནས་ཚུལ་མཐར་ཐུག་པ་ནི་སྨྲ་བསམ་བརྗོད་མེད་ཀྱི་ཡེ་ཤེས་ཡིན་པས་ཚིག་དང་ཡི་གེར་མི་གནས་ཏེ། འཇམ་དཔལ་གྱིས་དྲིས་པ་ན། རྒྱལ་བའི་སྲས་པོ་ལོ་ཙཱ་ལིས་ཀྱང་ཅང་མི་གསུང་བར་བཞུགས་པས་ལན་བསྟན་པ་ལྟ་བུའོ། །དེའི་ཕྱིར་སྤྲོས་བྲལ་དང་བརྗོད་མེད་དང་བསམ་འདས་དང་ཡིད་ལ་མི་བྱེད་དང་བློ་འདས་སོགས་ཀྱིས་བསྟན་པ་སྟེ། མདོ་ལས་ཀྱང་མ་མཐོང་བ་ཉིད་མཐོང་བའི་མཆོག་ཏུ་གསུངས་པ་བཞིན་དུ་བླ་མས་བརྡ་སྤྲད་དུས་དེ་ལྟ་བུའི་ཚུལ་གྱིས་མ་བསྟན་ན་གོ་བར་མི་འགྱུར་བས་ན། ད་ལྟའི་དུས་ཀྱི་རིག་པའམ་སེམས་ཉིད་དམ་ཐ་མལ་གྱི་ཤེས་པ་སོགས་བརྗོད་ཀྱང་དེ་ཉིད་བརྗོད་པའི་གཞི། ད་ལྟའི་ཤེས་པ་སྐད་ཅིག་མའི་ངོ་བོ་ལ་བལྟས་ཚེ་འདས་པ་འགགས། མ་འོངས་པ་མ་སྐྱེས། ད་ལྟ་བ་ལ་བློས་མ་བཅོས་ཏེ་བཟང་རྟོག་ལྟ་སྒོམ་ཞེན་པའི་སྒྲོག་གིས་མ་བཅིངས། ངན་རྟོག་དུག་ལྔ་དུག་གསུམ་གྱི་འཛིན་པས་མ་བསླད། བར་དུ་ལུང་མ་བསྟན་གྱིས་མགོ་སྐོར་དུ་མ་སོང་བའི་གསལ་སྟོང་རྗེན་པའི་གནས་ལུགས་འདི་ཀ་ལ་བརྡ་མཛད་པར་གོ ཀུན་མཁྱེན་ཆེན་པོས། ཤག་མ་ཤིག བན་མ་བུན། ཆལ་མ་ཆོལ་སོགས་གསུངས་པ་ཆོས་ཉིད་ཟད་པའི་སྣང་བ་འཆར་དུ་ཉེ་བས། ད་ལྟའི་ཐ་མལ་གྱི་འཁྲུལ་སྣང་དང་འཁྲུལ་འཛིན་རང་རེ་རྣམས་ལ་ཡོད་པའི་བདེན་བདེན་གྲུབ་གྲུབ་བཅད་བཅད་དཀྲིགས་དཀྲིགས་པོ་འདི་དབྱིངས་སུ་དག་ནས་དངོས་པོའི་གནས་ཚུལ་དང་མཐུན་པའི་ཉམས་ཀྱི་སྣང་བ་མུ་མེད་དུ་ཤར་བ་སྟེ། ད་ལྟ་རང་རེ་རྣམས་ལ་ཡེ་གསང་ཐབས་ཀྱིས་ཆོད་པས་འདི་ཞེས་མཚོན་མི་ནུས་པ་འདྲའོ། །ལྷུན་འབྱམས་ཕྱལ་བ་རྒྱ་ཡན་སོགས་ཀྱང་། མ་བཅོས་ལྷུན་གྱིས་གྲུབ་པའི་གཤིས་ལུགས་ལ་རིག་པའི་ཡེ་ཤེས་འབྱམས་སུ་ཀླས་པ་དང་། མཉམ་ཉིད་བྱང་ཆུབ་སེམས་ཀྱི་ཀློང་དུ་གཉིས་ཆོས་མཚན་མའི་ཆོས་ཀུན་རང་སར་གྲོལ་བས་མཉམ་ཉིད་ཕྱོགས་ལྷུང་དང་བྲལ་བར་ཕྱལ་ཡས་སུ་སོང་བ་དང་། གང་ཤར་སྤང་བླང་བྲལ་བའི་གཤིས་ལུགས་སུ་རིག་པ་འཛིན་མེད་རྒྱ་གྲོལ་དུ་སོང་བའི་གཏད་མེད་རྒྱ་ཡན་ཆེན་པོ་སྟེ། འདི་རིགས་དོན་ལ་ཁྱད་པར་མེད་ཀྱང་། ལས་དང་པོ་པ་ཚིག་ཙམ་ལ་འཆེལ་བ་ཁ་ཅིག ཉམས་མྱོང་བློ་ཐག་ཆོད་པ་ནང་ནས་ནི་མ་སྐྱེས། ངོ་སྤྲོད་ཚུལ་བཞིན་བྱེད་པའི་བླ་མ་དང་མཆེད་གྲོགས་བཟང་པོ་མེད་པའམ་ཡོད་ཀྱང་གདམས་ངག་ལ་ཡིད་མ་ཆེས་ཤིང་བློ་མ་ཁེལ་བས། ཞི་གནས་དང་ལྷག་མཐོང་སེམས་དང་སེམས་ཉིད་སེམས་དང་རིག་པ་ཀུན་གཞི་དང་ཆོས་སྐུ་སོགས་མང་པོ་ཞིག་གིས་མགོ་འཁོར་ནས་རེ་དོགས་དང་སྤང་བླང་དགག་སྒྲུབ་མང་པོའི་ཁུར་གྱིས་ངལ་དུབ་དང་སྡུག་ཡུས་སངས་དུས་མེད་པའི་ངང་དུ་ཚེའི་མཐའ་གཏུགས་པ་མང་ཞིག་སྣང་བས། དེ་དག་གིས་རྩབ་རྩུབ་ཀྱི་བློ་སྣ་མང་པོ་དེ་བོར་ནས། གཙོ་བོར་བླ་མའི་མོས་གུས་དང་། ཚོགས་བསགས་སྒྲིབ་སྦྱང་། སེམས་ཉིད་མ་བཅོས་པའི་གཤིས་ལུགས་ལ་རེ་དོགས་ཀྱི་འཛིན་པས་མ་བསླད་པར་རང་བབས་སུ་སྐྱོང་བ་འདི་ཁོ་ན་དོན་ཆེ་བར་སྣང་བ་ནི་བབས་འཕྲོས་ཏེ། ཉིད་ཐུགས་རྒྱུ་བཟང་པོ་འདྲ་ཞིག་ཡོད་ཚོད་ཀྱི་རང་གི་དྲན་ཚུལ་སྦ་སྲི་མེད་པར་དྲང་པོར་ཞུས་པ་ཡིན་ཀྱང་། རང་ཉིད་ཐོས་པ་ཆུང་བ་དང་ཉམས་མྱོང་ཞན་པའི་རྒྱུས་ཡིད་རྟོན་འཆའ་རུང་མ་མཆིས་ཤིང་ནོངས་པར་གྱུར་ན་བཟོད་པར་མཛོད་ཅིག


previousལགས། གསུང་བྲིས་གནང་འབྱོར་དོན།next