Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བཅུ་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཀུན་མཁྱེན་ཆེན་པོས། སྣང་བ་སེམས་ཡིན།
   
   
   
   
   
   
   
   
   
   
   


 
previousཀུན་མཁྱེན་ཆེན་པོས། སྣང་བ་སེམས་ཡིན།next

ཀུན་མཁྱེན་ཆེན་པོས། སྣང་བ་སེམས་ཡིན།

༄༅། །ཀུན་མཁྱེན་ཆེན་པོས། སྣང་བ་སེམས་ཡིན། སྣང་ཡུལ་སེམས་མིན་གསུངས་པ ། ཐ་སྙད་ཀྱི་དབང་དུ་བྱས་ན། གཟུགས་མཐོང་། སྒྲ་ཐོས་སོགས་ཐ་སྙད་ཀྱི་རྣམ་གཞག་འདི་ཐམས་ཅད་རང་སེམས་ལ་སྣང་བའི་དབང་གིས་ཡིན་ལ། རང་སེམས་ལ་མ་སྣང་ན་ནི་གཟུགས་སྒྲ་སོགས་ཡུལ་ཡོད་པར་གང་གིས་ཀྱང་འཇོག་མི་ཤེས་པས་རང་སེམས་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པའི་ཕྱིར་སྣང་བ་སེམས་སུ་གྲུབ་ལ། སྣང་ཡུལ་རི་ལ་སོགས་པ་གང་ཡིན་དེ་སེམས་སུ་མི་འགྲུབ་སྟེ། གོ་ས་ཐ་དད་པ་དང་། བེམ་ཤེས་ཀྱི་ཁྱད་པར་དང་། རྗེས་སུ་འགྲོ་ལྡོག་བྱེད་མི་བྱེད་སོགས་ཀྱི་ཁྱད་པར་ཤིན་ཏུ་ཆེ། དོན་དམ་པར་གཉིས་ཀ་འཁྲུལ་སྣང་སྐྲ་ཤད་འཛག་པ་ལྟ་བུ་སྟེ་མེད་སྣང་སྟོང་གཟུགས་དོན་ལ་ཡོད་མ་མྱོང་བའི་ཕྱིར་འཁྲུལ་སྣང་འཁྲུལ་འཛིན་གྱི་ཤེས་པ་ཐམས་ཅད་སྟོང་ཉིད་ལས་མ་འདས་པས་གཉིས་ཀ་བདེན་རྫུན་གྱི་དབྱེ་གཞི་ཟད་པའི་དབྱེར་མེད་ཡིན། སེམས་ཙམ་རྣམ་རྫུན་པའི་གཉིས་སྟོང་གི་ཤེས་པ་རང་རིག་རང་གསལ་དང་། ཐེག་མཆོག་དབུ་མ་ཆེན་པོའམ་རྫོགས་ཆེན་ནས་བཤད་པའི་སོ་སོ་རང་རིག་གམ་རང་བཞིན་འོད་གསལ་གཉིས་ཀྱི་ཁྱད་པར། སེམས་ཙམ་པས་ཇི་ལྟར་གཉིད་ཀྱི་སྐབས་སུ་རྟ་གླང་དང་དེར་འཛིན་ཀྱི་ཤེས་པ་གཉིས་ཀ་བློ་འཁྲུལ་བ་ཡིན་པས་དོན་ལ་མ་གྲུབ་པས་བློ་གཉིས་སྟོང་ཡིན་ཡང་། སྟོང་གཞི་ད་ལྟའི་སེམས་གསལ་རིག་བེམ་པོ་ལས་ལྡོག་ཙམ་གྱི་རང་ཤེས་རང་གསལ་ཙམ་འདི་སྟོང་གཞིར་བཞག་པས་ཀུན་རྫོབ་རྣམ་ཤེས་ལས་བརྒལ་མི་ནུས་ཤིང་གྲུབ་མཐའི་ཞེ་འདོད་མ་ཟད་པ་ཡིན་ལ། ངེས་དོན་མཐར་ཐུག་རྫོགས་ཆེན་སོགས་སུ་རྣམ་ཤེས་ཚོགས་བརྒྱད་ཀྱིས་བསྡུས་པའི་འཁྲུལ་སྣང་འཁྲུལ་འཛིན་འཁྲུལ་གཞི་དང་བཅས་པ་དོན་ལ་ཡོད་མ་མྱོང་བའི་ཀ་དག་ཕྱམ་བརྡལ་ཆེན་པོ་ཉིད་གཏན་ལ་ཕབ་སྟེ། ཀ་དག་དེའི་རང་འོད་དམ་རང་གདངས་ལྷུན་གྲུབ་ཡེ་ཤེས་ཀྱི་སྣང་བ་མཁའ་ཡི་མུ་མཉམ་ཡང་། དེ་དག་འདུས་བྱས་བློས་སྤྲུལ་ཀྱི་གཡོ་བ་སྤུ་ཙམ་མེད་པར་ཡེ་ནས་གནས་པའི་ཆོས་ཉིད་ཀྱི་བབས་དོན་དམ་འདུས་མ་བྱས་ཆེན་དུ་གཏན་ལ་ཕབ་སྟེ། དེའི་ངོར་དག་མ་དག་འཁོར་འདས་སོགས་གཉིས་ཆོས་ཀྱི་སྤྲོས་པ་མཐའ་དག་དབྱིངས་སུ་ཞི་བའི་ཡེ་ཤེས་ཆེན་པོའི་རོལ་པ་འབའ་ཞིག་པ་རིན་པོ་ཆེ་གསེར་གླིང་དུ་ཕྱིན་པ་ལྟ་བུ་སྟེ། དོན་ལ་དག་མཉམ་བདེན་པ་དབྱེར་མེད་དོ། །རང་བཞིན་འོད་གསལ་དང་སྟོང་ཉིད་སྤྲོས་བྲལ་སོགས་མི་འགལ་བའི་གནད་ནི། ད་ལྟ་འཁྲུལ་པ་སེམས་ཅན་གྱི་སྐབས་སུའང་ཐོག་མེད་ནས་སེམས་ལ་བག་ཆགས་བཞག་པའི་གནས་དོན་ལུས་ཀྱི་སྣང་བ་མུ་མེད་པར་ཤར་བ་འདི་ཡང་། དཔེར་ན་གཉིད་ཀྱི་སྐབས་སུ་འཁྲུལ་སྣང་རྨི་ལམ་གྱི་རྟ་གླང་མེ་ཆུ་སོགས་དང་། དེར་འཛིན་གྱི་ཤེས་པ་དང་། རང་ལུས་སོགས་ཡོད་པར་སྣང་བ་དང་དོན་གཅིག་པས། འཁྲུལ་སྣང་དེ་ཐམས་ཅད་སྔོན་མེད་ཕྱིས་མེད་པར་དེར་མེད་བཞིན་སྣང་ཡང་སྣང་དུས་ནའང་རང་བཞིན་གྱིས་གྲུབ་པ་ཡོད་མ་མྱོང་ལ། མེད་བཞིན་འཁྲུལ་ངོར་དེ་ལྟར་སྣང་བའང་མི་འགལ་ཞིང་། རྨི་ལམ་སྣང་ཙམ་པོ་དང་། དེ་དུས་ཡོད་མ་མྱོང་བ་གཉིས་ཀ་དབྱེ་གཞི་སོ་སོ་མ་གྲུབ་པའི་སྣང་སྟོང་ཟུང་འཇུག་གམ་སྤྲོས་བྲལ་མཉམ་པ་ཆེན་པོ་དེ་ཤེས་དགོས། དེ་ལྟར་མ་ཤེས་ན། མཐར་ཐུག་སངས་རྒྱས་ཀྱི་སའི་སྒྲིབ་བྲལ་གྱི་སེམས་ཆེན་པོའམ་ཡེ་ཤེས་རང་འོད་གསལ་བའང་སྣང་སྟོང་ཐ་དད་དུ་དབྱེ་གཞི་ཟད་པའི་དབྱེར་མེད་སྤྲོས་བྲལ་ཆེན་པོ་དེ་འགྲུབ་ཐབས་མེད། དཔེར་ན་ད་ལྟའི་འཁྲུལ་སེམས་རྣམ་ཤེས་འདིས་ཀྱང་ཐ་སྙད་ཀྱི་ཤེས་བརྗོད་འཇུག་གསུམ་ཐམས་ཅད་ཀྱི་རྟེན་བྱེད་ཀྱང་། རང་གི་ངོ་བོ་སྟོང་ཉིད་ལས་བདེན་གྲུབ་ཡིན་མི་དགོས་པ་བཞིན་དུ། སངས་རྒྱས་ཀྱི་སའི་ཡེ་ཤེས་རྣམ་པ་ཐམས་ཅད་མཁྱེན་པས་ཀྱང་། གནས་དང་གནས་མིན་སོགས་ཀྱིས་མཚོན་སྟོབས་སོགས་མཁྱེན་པའི་ཡོན་ཏན་བསམ་མི་ཁྱབ་ཀྱང་དེ་ཐམས་ཅད་བདེན་གྲུབ་ཡིན་མི་དགོས་ཏེ་ཇི་ལྟ་བའི་གཤིས་ལུགས་ལས་མ་གཡོས་ཤིང་། མ་གཡོས་བཞིན་དུ་ཇིི་སྙེད་པའི་མཁྱེན་པ་འཆར་ཤེས་པ་ནི་བདེན་གཉིས་མཐར་ཐུག་གཟིགས་པའི་ཡུལ་ཅན་ཀྱི་མཁྱེན་པའི་ཡེ་ཤེས་ཡིན་པས་སོ། །དེ་བཞིན་ཡེ་ཤེས་ཆེན་པོའི་རང་རྩལ་སྐུ་དང་ཞིང་ཁམས་སོགས་ཀྱང་རྨི་ལམ་གྱི་གནས་ལུས་སེམས་ལས་གཞན་དུ་མ་གྲུབ་ཅིང་། དེ་ཡང་རང་བཞིན་མེད་པ་ལས་མ་འདས་བཞིན། སངས་རྒྱས་ཀྱི་ཡེ་ཤེས་ཆེན་པོའི་རང་སྣང་ཙམ་ལས་ཐ་དད་དུ་གྲུབ་པ་མེད་ལ། དེ་ཡང་ཆོས་ཀྱི་དབྱིངས་དང་ཐ་དད་མེད་པའི་དབང་གིས་སྤྲོས་བྲལ་མཉམ་ཉིད་ལས་མི་འདའ་འོ། །དེས་ན་ད་ལྟའི་སེམས་གསལ་རིག་སྐད་ཅིག་མ་འདིས་གྲོལ་འཁྲུལ་བཅིང་འགྲོ ལ་སོགས་ཐམས་ཅད་བྱེད་པ་བཞིན་དུ་འདི་ཉིད་སྒྲིབ་པ་ཐམས་ཅད་དང་བྲལ་བའི་གནས་གྱུར་ཐོབ་པའི་ཚེ་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་མཛད་པ་ཕྲིན་ལས་མཁྱེན་བརྩེ་ནུས་གསུམ་སོགས་ཐམས་ཅད་བྱེད་ཀྱང་དེ་ཐམས་ཅད་ཆོས་ཀྱི་དབྱིངས་དང་ཡེ་ནས་ཐ་དད་མེད་པས་ཟུང་འཇུག་ཡིན། སྤྲོས་བྲལ་ཡིན། འོད་གསལ་ཡིན། ཟུང་འཇུག་ཅེས་པའང་སྐུད་པ་དཀར་ནག་སྒྲིལ་བའམ། གསར་དུ་འོ་ཆུ་བསྲེས་པ་ལྟ་བུ་མིན། ཡེ་ནས་སྣང་སྟོང་ཟུང་འཇུག་ཡིན། སྤྲོས་བྲལ་ཟེར་ཡང་ཡོད་མེད་གང་རུང་ཕྱོགས་རེ་བ་ལ་སྤྲོས་བྲལ་ཡོད་མི་སྲིད། སྤྲོས་བྲལ་བློས་དམིགས་པ་ཙམ་མིན་ཆོས་ཐམས་ཅད་གདོད་ནས་སྤྲོས་བྲལ་གཉིས་སྣང་མེད་པ་ལ་ཟེར། འོད་གསལ་ཟེར་བའང་། སྟོང་པ་ལས་ཐ་དད་པའི་གསལ་གསལ་ཧྲིག་ཧྲིག་ཅིག་ཡོད་མི་དགོས། འོད་གསལ་གྱི་ངོ་བོ་སྟོང་ཉིད་ཡིན། སྟོང་ཉིད་ཟེར་ཡང་མེད་དགག་ཕྱང་ཆད་རི་རྭ་ལྟ་བུ་མ་ཡིན་མཁྱེན་ཆ་རང་འོད་གསལ་བ་ཡིན། དེ་གཉིས་གསར་དུ་ལྟོ་སྦྱར་བ་མིན། ཡེ་ནས་གསལ་སྟོང་ཟུང་འཇུག་སྤྲོས་བྲལ་ཡིན་ལགས། འདི་ཐུགས་ལ་ཞོག དགེའོ། །


previousཀུན་མཁྱེན་ཆེན་པོས། སྣང་བ་སེམས་ཡིན།next