Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བཅུ་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དབུ་མའི་སྐབས་སུ།
   
   
   
   
   
   


 
previousདབུ་མའི་སྐབས་སུ།next

དབུ་མའི་སྐབས་སུ།

༄༅། །དབུ་མའི་སྐབས་སུ། སྤྱིར་འཁོར་ལོ་བར་ཐའི་དགོངས་པ་འགྲེལ་ཚུལ་གྱི་དབང་གིས་བོད་འདིར་རང་སྟོང་དང་གཞན་སྟོང་གི་དབྱེ་བ་དང་དགག་སྒྲུབ་ཀྱི་སྤྲོས་པ་མང་དུ་སྣང་མོད། དོན་ལ་གནད་ཀྱིས་མི་འགལ་ཏེ་འཁོར་ལོ་བར་པའི་བསྟན་དོན་རིགས་ཚོགས་ཀྱི་དགོངས་པ་ཐུན་མིན་དཔལ་ལྡན་ཟླ་བས་བཀྲལ་བ་སོགས་སུ་སྙིང་པོའི་རང་བཞིན་དྲང་དོན་ཙམ་དུ་གསུངས་པ་ནི་ངོ་བོ་སྟོང་ཕྱོགས་ལ་དགོངས་ཤིང་རྒྱུ་འབྲས་སྔ་ཕྱིར་ཁས་ལེན་པ་མཚན་ཉིད་ཐེག་པ་སྤྱིའི་ལུགས་ཡིན་ལ། བསྟོད་ཚོགས་དང་རྒྱུད་བླ་སོགས་ནས་འཁོར་ལོ་ཐ་མའི་བསྟན་དོན་དེ་ཉིད་སྒྲ་ཇི་བཞིན་པར་གསུངས་པ་ནི་རང་བཞིན་འོད་གསལ་བ་ལ་དགོངས་ཏེ་དེ་ཡང་བྲལ་རྒྱུ་དང་བྲལ་འབྲས་ཙམ་ལས་དངོས་སུ་བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་འབྲས་མཚན་ཉིད་པར་ཞལ་གྱིས་མི་བཞེས་པས་འབྲས་བུ་སྔགས་ཀྱི་ཐེག་པ་དང་མཚམས་སྦྱོར་ཚུལ་ཐུན་མོང་མ་ཡིན་པ་སྟེ་མཐར་ཐུག་ཐེག་གཅིག་ཏུ་སྒྲུབ་པའི་ལམ་གྱི་གནད་ཀུན་འདི་ལ་ཐུག་གོ །དེའི་ཕྱིར་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས་མདོ་ཕྱོགས་ཀྱི་གྲུབ་མཐའ་འཆད་པའི་སྐབས་འདིར་དབུ་མ་ཐལ་འགྱུར་པ་ཉིད་གྲུབ་མཐའི་རྩེ་མོར་གསུངས་པ་ཡིན་ཞིང་ཐུན་མིན་རྡོ་རྗེ་ཐེག་པ་འཆད་པའི་སྐབས་སུ་གཞི་ལམ་འབྲས་བུའི་རྣམ་གཞག་ཐམས་ཅད་འཁོར་ལོ་ཐ་མ་ནས་གསུངས་པ་ཇི་ལྟ་བར་མཛད་ནས་ཤིང་རྟ་ཆེན་པོ་རྣམས་ཀྱི་ལུང་གིས་སོ་སོར་སྒྲུབ་པར་མཛད་པའི་གནད་ཀྱང་དེ་ཡིན་ནོ། །དེས་ན་སྔ་མ་ཤེས་རབ་རྒྱུའི་དབུ་མ་དང་། ཕྱི་མ་ཟུང་འཇུག་འབྲས་བུའི་དབུ་མ་ཡིན་པས་སྔ་མ་ཐབས་དང་། ཕྱི་མ་ཐབས་བྱུང་གི་འབྲས་བུ་ཡིན་པར་ཤེས་དགོས་པ་ནི་སྔ་འགྱུར་རིག་འཛིན་བརྒྱུད་པའི་དགོངས་པ་རྨ་མེད་པ་ཡིན་ཏེ། དོན་ལ་ཆོས་དབྱིངས་སྣང་སྟོང་ཟུང་འཇུག་སྤྲོས་བྲལ་ཆེན་པོར་གོ་དགོས་ལ། དེ་ལྟར་ཤེས་ན་དགོངས་པའི་གསང་མཛོད་ཡེ་ཤེས་ཀྱི་ཀློང་དུ་འགྲེ་བར་འགྱུར་རོ། །༈ རང་ལུགས་ནི་བར་བ་དྲང་ངེས་ཕྱེད་མའམ་གནས་སྐབས་པའི་ངེས་དོན་དང་། ཐ་མ་ཉིད་ངེས་དོན་དུ་འདོད་དེ། དེ་ཡང་། གཉིས་ཀས་གཞལ་བྱ་ཆོས་ཀྱི་དབྱིངས་ཉིད་གཏན་ལ་འབེབས་པར་གཅིག་ཀྱང་སྔ་མར་ངོ་བོ་སྟོང་ཉིད་ཀྱི་ཕྱོགས་ནས་བསྟན་ཏེ་ཆོས་ཐམས་ཅད་སྤྲོས་བྲལ་མཉམ་པ་ཆེན་པོར་གཏན་ལ་འབེབས་པ་ཡིན་ལ། ཕྱི་མར་རང་བཞིན་སྣང་ཕྱོགས་ནས་སྐུ་དང་ཡེ་ཤེས་སོགས་ཟག་པ་མེད་པའི་ཆོས་རྣམས་དང་ཡེ་ནས་འདུ་འབྲལ་མེད་པའི་རང་བཞིན་འདུས་མ་བྱས་ཆེན་པོ་ཟུང་འཇུག་འཕགས་པའི་ཡེ་ཤེས་ལྟར་གཏན་ལ་དབབ་པ་ཡིན་པས། སྔ་མར་དགག་ཕྱོགས་དང་། ཕྱི་མར་སྒྲུབ་ཕྱོགས་ནས་བསྟན་པ་ཙམ་ལས་ཁྱད་པར་ཅི་ཡང་མེད་དེ། དོན་དུ་དེ་གཉིས་འགལ་མེད་སྣང་སྟོང་ཟུང་འཇུག་གི་ཚུལ་དུ་གོ་དགོས་ལ། དེ་ལྟར་གོ་ན་ཐེག་ཆེན་ལམ་དང་འབྲས་བུའི་ཆོས་ཀུན་ལ་མ་རྨོངས་པར་འགྱུར་བས་དེ་ལྟར་ཤེས་པ་གལ་ཆེའོ། །དེ་ལྟར་རང་ལུགས་དྲང་ངེས་ཕྱེེ་བའི་ཚུལ་འདི་ནི། མདོ་སྡེ་དགོངས་པ་ངེས་འགྲེལ་མྱང་འདས་ཆེན་པོ་དང་། སོར་ཕྲེང་གི་མདོ་སོགས་ཀྱི་ལུང་ལས་གསལ་བར་བཤད་པའི་ཕྱིར་རོ། །༈ ཀུན་མཁྱེན་དྷརྨ་ཤྲཱིས། འོན་ཀྱང་ལྟ་བ་ནི་དེར་མ་ངེས་ཏེ་ཞེས་གསུངས་པའི་དོན། སྔ་འགྱུར་ལྟ་བ་ཀླུ་སྒྲུབ་ཀྱི་དགོངས་པ་དང་མི་མཐུན་ཞེས་པར་བཟུང་བར་མི་བྱ་སྟེ། འདི་ལྟར་གསུངས་པའི་དགོངས་པ་ནི། གང་ཟག་བློ་ཆུང་བ་འགའ་ཞིག་རིགས་ཚོགས་དང་འཇུག་པའི་ཚིག་སྒྲོས་ཙམ་ལ་ཞེན་ནས་འཁོར་ལོ་བར་ཐ་དང་ཀླུ་ཐོགས་རྣམ་གཉིས་ཀྱི་དགོངས་པ་གནད་གཅིག་པར་མ་ཤེས་ནས་དེ་གཉིས་ཁྱད་པར་ཆེན་པོ་ཡོད་པར་རློམ་སྟེ་མེད་དགག་ཕྱོགས་གཅིག་ལ་ཞེན་ནས་གཞན་ལ་འགལ་བ་བརྗོད་པའི་ལུགས་དེ་ལྟར་མ་ཡིན་ཏེ། གོང་སྨོས་ལྟར་འགལ་མེད་གནད་གཅིག་ཏུ་རྟོགས་དགོས་པ་ནི་ཀུན་མཁྱེན་ཆོས་རྗེ་སོགས་སྔ་འགྱུར་རིག་འཛིན་བརྒྱུད་པའི་དགོངས་པ་རྨ་མེད་པ་ཡིན་པས་འདིར་ཡང་དེ་ལྟར་གོ་བའི་ཆེད་དུ་གསུངས་པ་ཡིན་པས་དེ་ལྟར་ཤེས་པར་བྱ་བ་གལ་ཆེའོ། །༈ འདིར་མ་ཡིན་དགག་གི་སྒྲས་བསྟན་པ་ཡང་། གདོད་མ་ནས་རྣམ་པར་དག་ཅིང་རང་བཞིན་གྱིས་འོད་གསལ་བའི་ཆོས་ཀྱི་དབྱིངས་འདུས་མ་བྱས་ཆེན་ཟག་པ་མེད་པའི་ཡོན་ཏན་གྱི་ཆོས་རྣམས་དང་འདུ་འབྲལ་སྤངས་པའི་སྤྲོས་བྲལ་ཆེན་པོ་ཉིད། གློ་བུར་དྲི་མའི་བསླད་མ་ཞུགས་པའམ་མེད་དགག་ཙམ་གྱི་སྤྲོས་པའི་མཐར་མ་ལྷུང་བ་ལ་གོ་དགོས་ཀྱི། ཆོས་དབྱིངས་རང་གི་ངོ་བོ་མི་སྟོང་པའི་བདེན་གྲུབ་ཏུ་བཟུང་ནས་འཁྲུལ་བར་མི་བྱ་སྟེ། སྤྱིར་ཡང་གཞན་སྟོང་གི་གཞུང་རྣམས་ནས་རྟག་པ་བརྟན་པ་སོགས་ཇི་སྙེད་གསུངས་པ་དེ་ཐམས་ཅད་ཐ་སྙད་དཔྱོད་པའི་ཚད་མའི་ངོར་དེ་ལྟར་སྒྲུབ་པ་ཡིན་གྱི། དོན་དཔྱོད་ཀྱི་བདེན་གྲུབ་ཏུ་སྒྲུབ་པའི་ཚུལ་མིན་པ་ནི་ཀུན་མཁྱེན་བླ་མ་འཇམ་དཔལ་དགྱེས་པའི་རྡོ་རྗེས་གཞན་སྟོང་ཁས་ལེན་སེང་གེའི་ང་རོར་གསལ་བར་བསྟན་པ་བཞིན་ཤེས་པར་བྱ་བ་ནི་གནད་གལ་པོ་ཆེའོ། །


previousདབུ་མའི་སྐབས་སུ།next