Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བཅུ་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྐབས་སུ་བབས་པའི་བཅའ་ཡིག
   
   


 
previousསྐབས་སུ་བབས་པའི་བཅའ་ཡིགnext

སྐབས་སུ་བབས་པའི་བཅའ་ཡིག

༄༅། །སྐབས་སུ་བབས་པའི་བཅའ་ཡིག ༀ་སྭསྟི། ཐམས་ཅད་ནས་ཐུགས་ངེས་གནང་རྒྱུར། ཨོ་རྒྱན་སངས་རྒྱས་གཉིས་པའི་རིང་ལུགས་འཛིན་པ་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་གི་ཆོས་གྲྭ་ཆེན་པོ་འདིར། སྔོན་དུས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དུ་མ་བྱོན་ཅིང་། དེ་དག་གིས་འཁོར་ལོ་གསུམ་གྱི་ཕྲིན་ལས་རྒྱ་ཆེ་ལ་རྒྱུན་ཆགས་པར་བསྐྱངས་པས། གསང་ཆེན་རྙིང་མ་པའི་བསྟན་པའི་གཞི་མ་ཆེ་བར་གྲགས་ཤིང་གྲུབ་ལ། སྒྲིགས་ཁྲིམས་སོགས་ལུགས་གཉིས་གང་ཐད་ནས་མཚན་དོན་མཐུན་པར་ཡོད་ནའང་། དེང་སང་སྤྱིར་དུས་དབང་དང་། སྒོས་སྐྱེ་བོ་རྣམས་རྨུ་རྒོད་རྒྱལ་ཁྲིམས་ཉམས་པ་སོགས་གང་ཅིས་ཉམས་གུད་ཅུང་ཟད་བྱུང་ནའང་། ཕྲན་བླ་སྤྲུལ་བན་རྒན་གྲྭ་རིགས་ཐམས་ཅད་འདུན་བསམ་གཅིག་དྲིལ་གྲོས་མཐུན་ཐོག སྐབས་སུ་བབས་པའི་བཅའ་ཡིག་ཉུང་ངུ་གསར་དུ་འགོད་བ་ལ། ༧ སྐྱབས་རྗེ་གོང་མ་ན་རིམ་དང་། ༧ འཇམ་མགོན་རྡོ་རྗེ་འཆང་ཀོང་སྤྲུལ་རིན་པོ་ཆེ། ས་སྐྱོང་སྡེ་གླིང་སོགས་ཀྱི་བཅའ་ཡིག་གི་དགོངས་དོན་བཞིན། རབ་ཏུ་བྱུང་བ་རྣམས་ནས་དུས་རྒྱུན་དྲན་ཤེས་བག་ཡོད་དང་མ་བྲལ་བའི་ངང་ནས། ཕྱི་སོ་ཐར། ནང་བྱང་སེམས། གསང་བ་རིག་འཛིན་སྔགས་ཀྱི་བཅས་ཁྲིམས་མཐའ་དག་མིག་གི་འབྲས་བུ་བཞིན་དུ་བསྲུང་བའི་ཚུལ་ཁྲིམས་རྣམ་པར་དག་པའི་ངང་ནས། སྔ་འགྱུར་རང་རྐང་ཚུགས་ངེས་ཀྱི་བཤད་སྒྲུབ་ཐོས་བསམ་སྒོམ་པའི་བྱ་བ་ལ་ངོམས་པ་མེད་པར་བརྩོན་པ་གཞིར་བཞག་ཐོག དུས་རྒྱུན་དགོན་དུ་བཞུགས་སྐབས་ཀྱང་། ཐོག་མར་རབ་ཏུ་བྱུང་དུས་ནས་བརྗེེ་བ་གསུམ་བྱས་ཟིན་པ་བཞིན་རབ་བྱུང་གི་རྟགས་ཆས་ལས་མི་འདའ་བ་དང་། གསོ་སྦྱོང་དབྱར་གནས་སོགས་གཞི་གསུམ་གྱི་ཕྱག་བཞེས་གཙང་མ་སྔར་ཡོད་རྒྱུན་འཇགས་ཐུགས་ཁུར་བཞེས་གནང་དང་། དེ་འབྲེལ་དགོན་གྱི་སྐོར་ལམ་ཚུན་དུ་སྔར་རྒྱུན་ལྟར་བུད་མེད་ཀྱི་འགྲུལ་སྡོད་མི་ཆོག་ཅིང་། དགོན་གསེབ་ཏུ་རྟ་ཞོན་པ། མཚོན་འདོགས་པ། ཀི་བསོ་ཧ་རྒྱགས་བྱེད་པ་སོགས་མི་ཆོག་པ་དང་། དགོན་དུ་འཛིང་རྒྱབ་བྱེད་པ་ཕྱི་ནང་སུ་བྱུང་ཡང་རྒྱུ་ལུས་གཉིས་ཆར་ལ་ཆད་ལས་ཕྱི་ལམ་ཁེགས་པ་དང་། གྲི་མཚོན་གྱིས་ལས་བྱེད་མཁན་བྱུང་ན་མཚོན་ཆ་དེ་མགོན་ཁང་དུ་འདོགས་དགོས། བག་མེད་ཀུན་གྱི་རྩ་བ་ཆང་ནི་རབ་བྱུང་རྣམས་ཀྱིས་ཐོག་མ་ནས་གཏན་ཁྲིམས་བཞེས་གནང་ཟིན་པར་གྲུབ་ཟིན་སྒྲུབ་མ་དགོས་ཀྱང་བསླབ་པ་མ་ཞུས་པའི་དམན་པའི་རིགས་ནས་ཀྱང་དུས་མཆོད་སྐབས་སོགས་སུ་བཏུང་མི་ཆོག་ཅིང་། དེ་འབྲེལ་བཅའ་ཡིག་སྔོན་མ་རྣམས་ཀྱི་དགོངས་དོན་ལྟར་ཆེད་དུ་བསད་པའི་བསྔོས་ཤ་དང་། ཐ་མ་ཀའི་འགྱེད་སོགས་དུས་མཆོད་ཆེ་ཕྲ་གང་ལ་ཡང་མི་ཆོག གྲོང་ཡུལ་དུ་ཁྱིམ་འབུབ་པ་དང་རྔོན་སོགས་སེམས་ཅན་གྱི་སྲོག་ལའང་འབབ་པའི་རིགས་བསླབ་གཞི་སྣེ་གཅིག་ཀྱང་མི་བསྲུང་བར་ད་དུང་དགོན་གྱི་དཀོར་ལ་རྔམས་པའི་རིགས་ལ་ངན་པ་ཕྱི་ལམ་ཁེགས་པའི་ཆད་ལས་མཐའ་བཙན་དགོས། དགོན་གྱི་གྲྭ་ཁང་ཕེད་མཁན་སོགས་བྱུང་ན་དེ་འཕྲལ་ཡུལ་ཕྱོགས་མེད་དུ་རྒྱང་ཕུད་བཏང་རྒྱུ་ཡིན། དགོན་གྱི་ཉེ་སྐོར་མདུན་རི་རྒྱབ་རི་སོགས་ཀྱི་བཀག་ཤིང་དང་རྔོན་རྒྱ་རྩྭ་ཁྲིམས་སོགས་སྔ་གཤོ་གང་ཡོད་རིགས་སོར་གནས་བྱེད་དགོས། ཁྱད་པར། བུམ་སྒྲུབ། སྒྲུབ་མཆོད། ཚེས་བཅུ། དགུ་ཆེན་སྟེ་དུས་མཆོད་ཆེ་ཁག་བཞི་ལ་གྲྭ་རྒན་གཞོན་ཆེ་ཕྲ་ཡོད་རིགས་ཞིབ་འཚོགས་དགོས་ཤིང་། དེ་ཡང་བསྟན་དོན་དང་ཐར་པ་དོན་གཉེར་གྱི་བསམ་པས་ཟིན་ངེས་ཀྱིས་གཡོ་ཟོལ་མེད་པའི་ལོ་མཚམས་དང་གཞུང་བཤད་སོགས་བསླབ་སྦྱང་ཕྱིར་ཡིན་ངེས་མ་གཏོགས། གཞན་སྒྲིགས་ཁྲིམས་སོགས་ལ་བྱོལ་བའི་ངན་གཡོའི་ཁག་འཇོག་གི་མཚམས་སོགས་ཀྱི་གཟུགས་བརྙན་གྱིས་བྲོས་ཁུང་འཚོལ་བ་དག་ནི་ངེས་པར་འཚོགས་ལ་བྱོན་དགོས། སྤྱི་རིགས་སོགས་ལས་སྣེ་ཁག་འོས་མེད་ངེས་དང་། ཆོས་ཁོ་ནའི་ཕྱིར་གནས་སྐོར་ཡིན་ངེས་ཅན་རིགས་མ་གཏོགས། རང་འདོད་ཚོང་ཁེ་ཞེ་བཞག་གིས་གནས་སྐོར་ལ་སྙད་བཏགས་པ་དང་། ཟང་ཟིང་རྙེད་སྡུད་ཨ་མཆོད་རིགས་སོགས་ཐག་རིང་ཐུང་གང་ཡིན་ཀྱང་གོང་སྨོས་ཀྱི་དུས་མཆོད་བཞི་པོ་ཆག་མི་ཆོག་ཅིང་། གལ་སྲིད་ཆག་ཕྲི་བྱུང་ན་དུས་མཆོད་རེ་ལ་དངུལ་ཊམ་གསུམ་རེའི་ཆད་པ་འབུལ་དགོས་ཤིང་། འཆམ་སོགས་གསར་བསླབ་བླ་ཆོས་ནས་ཟླས་བཀོད་གནང་རིགས་ཀྱིས་ཚུལ་ལྡན་དུ་སྦྱང་བརྩོན་ལས། གལ་ཆུང་ལེ་ལྷོད་སོང་ཚེ་ཆད་པ་གོང་མཚུངས་ཊམ་གསུམ་རེ་ཡོད། དབྱངས་རོལ་བཅའ་འབུད་ཐིག་རྡུལ་འཆམ་སོགས་གང་ལའང་སྦྱང་བརྩོན་མཐའ་ཐུབ་དང་། དེ་ཡང་སྨིན་ལུགས་རིག་འཛིན་བརྒྱུད་པའི་ཕྱག་བཞེས་སྔོན་སྲོལ་འཆུག་མེད་ལས། འད ི་བས་འདི་ལེགས་དང་འདི་བས་འདི་སྙན་རང་བློའི་ཕོ་ཚོད་ཀྱིས་གསར་བཅོས་དང་། གཞན་གྱི་གཡོམ་རྒྱུགས་སོགས་གཏན་ནས་བྱེད་མི་ཆོག གཞན་དང་ནོག་འཁོན་སོགས་རེད་མིན་ཇི་འདྲ་ཡོད་ཀྱང་རང་རང་གིས་མཐའ་ཕུད་གཞན་གང་འོས་ནས་བྱེད་པ་ལས་སྒྲིགས་སོགས་ལ་སྣ་གཏད་ནས་བྱེད་མི་ཆོག དུས་མཆོད་སྐབས་འཆམ་སྒྲིགས་དང་ས་ཆོག་ལ་ཆག་ན་མར་མེ་མཚན་ཐུབ་རེའི་ཆད་པ། སྒྲིགས་ཆེན་ལ་ཆགས་ན་མཚན་ཐུབ་ལྔ་རེའི་ཆད་པ་ཡོད། ལོ་བསྟར་འདོན་རྒྱུགས་དང་འཆམ་རྒྱུགས་སོགས་བཅའ་ཡིག་སྔ་མ་རྣམས་ཀྱི་དགོངས་དོན་ལྟར་ལེ་ལྷོད་མེད་པར་བླ་མ་དབུ་ཆོས་ནས་གཟིགས་གནང་དང་། ཀུན་གྱིས་དང་ལེན་དགོས། སྤྱི་པ་རྣམས་ནས་ཀྱང་སྔར་གཤོ་ལྟར་མཆོད་པ་མར་མེ་གསོལ་བཅའ་འབུལ་བ་ཚྭ་ཕོག་སོགས་ཆགས་ཕྲིི་མེད་པར་ཞབས་ཞུས་ཚུལ་ལྡན་དུ་སྒྲུབ་དགོས་ཤིང་། བྱེ་བྲག་སློབ་གྲྭ་དང་། རྒྱུད་བཤད་སྐོར་སོགས་ལ་ཟླས་{དྷིལ}བཀོད་བྱེད་རིགས་ཆག་ཕྲི་མེད་པར་བཞུགས་གནང་དང་། འདི་དང་དབྱར་གནས་སྐབས་སོགས་སུ་རང་ལུགས་གསང་ཆེན་སྔ་འགྱུར་པའི་གྲུབ་མཐའི་རྐང་ཚུགས་ངེས་ཀྱི་མདོ་སྔགས་བཤད་པ་དང་སྦྱང་བརྩོན་རྒྱུགས་འབུལ་སོགས་དོ་དན་ཞིབ་ཆ་གནང་དགོས། འདི་སྐོར་དམིགས་བསལ་བ་རྣམས་ལ་ཡོན་ཁ་རྒྱབ་ཆོག་སོགས་སྒེར་གྱི་རིགས་ལ་སུས་ཀྱང་རྩོད་འཐེན་རིགས་གཏན་ནས་བྱེད་མི་ཆོག་ཅིང་། གཞན་དུས་མཆོད་རྣམས་ལ་གྲྭ་མང་བཅའ་ཡིག་སྔ་མའི་འབྲུ་དོན་ལྟར། སྤྱི་པ་རྣམས་ནས་ཐབ་བཟུང་ཡོད་ཚེ་ཊམ་བཞི་རེའི་བབ་ཕྱིན་གྱི་རྒྱབ་ཆོག་ཡོད་རིགས་སྤྱི་པས་ལེན་ཆོག་ཅིང་། དེ་ཡན་ཆོད་ཀྱི་དངོས་རྫས་ཆེ་ཕྲ་གང་བྱུང་གྲྭ་མང་གིས་ལེན་རྒྱུ་ཡིན་པས། ཡོན་བདག་གིས་སྤྱི་པར་ཁ་བསྔོས་ཀྱང་སྤྱི་པས་ལེན་མི་ཆོག གྲྭ་མང་ནས་ཀྱང་སྔ་གཤོ་ལྟར་གཙུག་ལག་ཁང་གི་ཞབས་ཏོག་དང་། ལོ་གསར་དང་བཅའ་བའི་ཚུགས་འགྲོལ་སོགས་ཀྱིས་མཚོན་དགོས་བྱའི་རིགས་ཆག་ཕྲི་ལེ་ལྷོད་མེད་པ་དང་། དངོས་རྫས་རིགས་ཆུད་ཟོས་སུ་གཏོང་མི་ཆོག སྤྱི་ཁག་ལས་སྣེ་བསྐོོ་བཞག་དང་དགོན་གྱི་ཕྱི་ནང་གི་བྱ་བ་ཆེ་ཕྲ་གང་ལ་ཡང་། བླ་མ་བླ་མཆན་མཛོད་ཆོས་དབུ་ཆེ་གསར་རྙིང་ཆེ་བགྲེས་བསམ་ཤེས་ཡོད་རིགས་ལྷན་འདུས་ཀྱི་ཐུགས་གྲོས་ཐོག་སོ་སོའི་རང་འདོད་འཐེན་ཁྱེར་ངན་གཡོ་ཁག་འཇོག་མེད་པར་ཐམས་ཅད་ནས་ལྷག་བསམ་གཅིག་དྲིལ་གྱིས་ཐུགས་ཁུར་ལེན་དགོས་ཤིང་། དེ་འབྲེལ་སྤྱི་ཁག་སོགས་ལས་སྣེ་ཆེ་ཕྲ་ཟླས་{རྡིལ}བཀོད་བྱས་པ་རྣམས་ནས་ཀྱང་དང་ལེན་ལས་བབ་འོས་ཡོད་མེད་རིགས་སོགས་ཞུ་མི་ཆོག སྤྱི་རིགས་རྩིས་སྤྲད་སྐབས་ཀྱང་ཐམས་ཅད་བྱོན་ནས་གཟིགས་གནང་གིས་སྔར་སྤྲད་དུས་སྟེང་ལས་རྩིས་རྔ་མི་ལུས་པ་དང་རྐང་རྩ་མི་ཞན་པའི་བཀོད་འདོམས་གང་ཟབ་དང་། གལ་སྲིད་རྩིས་རྔ་ལུས་ན་ལོ་ཟླའི་དུས་སྐྱེད་ཡུལ་ལུགས་དང་བསྟུན་པར་ཚུལ་ལྡན་བྱས་ནས་བླང་སྟེ་སྤྱི་གསར་གྱི་ལག་ཏུ་སྤྲོད་དགོས། གྲྭ་པ་བདག་ཡོད་རྣམས་ཀྱིས་རང་རང་གི་གྲྭ་ཁང་ཉར་ཚགས་དོ་དན་དང་བཤུ་འགེབ་སོགས་གང་དགོས་ཀྱིས་ཞིག་རལ་དུ་མ་སོང་བ་ལས་རང་བཞིན་གྱིས་ཁང་སྟོང་དུ་བསྐྱུར་བ་སོགས་གཏན་ནས་བྱེད་མི་ཆོག གཞན་ཡང་ཁང་ཁྲལ་དང་གོས་ཁྲལ་སོགས་སོ་སོར་གང་ལ་གང་འཚམ་གྱི་བཅས་ཁྲིམས་རིམ་ཅན་དུ་གནང་ཡོད་ཚེ་ཐམས་ཅད་ནས་དང་ལེན་ཞུ་དགོས་པ་བཅས་ཐུགས་གཞུག་དང་། མདོར་ན་བསྟན་དགོན་གྱི་བྱ་བ་ཆེ་ཕྲ་གང་ལ་ཡང་བླ་གྲྭ་བསམ་ཤེས་ཀུན་ནས་རང་འདོད་གཡོ་ཟོལ་མེད་པའི་ལྷག་བསམ་ཆུན་དྲིལ་གྱིས། ཆོས་ལྡན་གྱི་མཛད་སྒོ་སྔར་ཡོད་རྣམས་མ་ཉམས་་གོང་འཕེལ་དང་། ཉམས་པ་སོར་ཆུད་ཐུགས་མཐུན་ཁྲིམས་གཙང་རེ་གནང་ན། སྤྱིར་སངས་རྒྱས་བསྟན་པའི་ཞབས་འདེགས་དང་། གོང་མ་བདེ་བར་གཤེགས་པ་རྣམས་ཀྱི་ཐུགས་ཀྱི་དགོངས་རྫོགས། ད་ལྟ་ཞལ་བཞུགས། ༧ མཆོག་སྤྲུལ་རབ་འབྱམས་རིན་པོ་ཆེས་སྐུ་ཆུས་དང་ཐུགས་དགྱེས་པའི་རོལ་མོ་རང་རང་གི་ཚོགས་བསགས་སྒྲིབ་སྦྱང་གང་ལ་བསམས་ཀྱང་དེ་ལས་དོན་ཆེ་བ་མེད་ཅིང་། དུས་ཚོད་དང་བསྟུན་པར་སངས་རྒྱས་ཀྱི་བསྟན་པ་འཛིན་པའི་གྲངས་སུའང་འགྲོ། ལས་འབྲས་བསླུ་བ་མེད་པས་ཚེ་འདིར་ཡང་མི་མཐུན་འགལ་རྐྱེན་རིགས་ཞི་བ་དང་། མཐུན་རྐྱེན་ལེགས་ཚོགས་གོང་འཕེལ་དུ་འགྱུར་ཞིང་། མཐར་ཐུག་རྣམ་མཁྱེན་བླ་ན་མེད་པའི་རྒྱུར་འགྱུར་ངེས་པར་མ་ཟད། འཕགས་པའི་ས་ལ་བཞུགས་ངེས་པའི་ཐུབ་པའི་རྒྱལ་ཚབ་ཆེན་པོ་རྩོད་པ་དང་བྲལ་བ། ༧ འཇམ་མགོན་རྡོ་རྗེ་འཆང་ཆེན་པོ་སོགས་ཀྱིས་བསླུ་མེད་རྡོ་རྗེའི་བདེན་ཚིག་དང་། ཆོས་སྐྱོང་བའི་སྲུང་མ་གཉན་པོ་རྣམས་ལ་གཉེར་གཏད་ཕྲིན་བཅོལ་ཡང་གནང་འདུག་པས་དེ་ལུགས་ཀུན་གྱིས་ཐུགས་གཞུག་འཚལ། རབ་ཚེས་མེ་སྦྲུལ་ཟླ་བའི་ཡར་ཚེས་དགེ་བར་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་གི་ཆོས་གྲྭ་ཆེན་པོ་ནས་བྲིས་པ་དགེ་ཞིང་བཀྲ་ཤིས།། །།
༄༅། །རྣམ་གསུམ་ངུར་སྨྲིག་གི་རྒྱལ་མཚན་འཛིན་ཞིང་བསླབ་པ་གསུམ་གྱིས་ཐུགས་རྒྱུད་ཡོངས་སུ་དུལ་བའི་འཕགས་ཚོགས་འདུས་པ་རྣམས་ཀྱི་ཞབས་ཀྱི་པདྨོ་ལ་མགོ་བོས་བཏུད་དེ་གུས་ཤིང་དྭངས་པའི་བློས་གསོལ་བ། འོ་སྐོལ་གྱི་སྟོན་པ་མཉམ་མེད་ཐུབ་པའི་དབང་པོའི་བསྟན་པ་རིན་པོ་ཆེ་འདི་ལ་སྟོན་པ་གཉིས་པ་ལྟ་བུའི་ཕྲིན་ལས་ཅན། ངོ་མཚར་བའི་རྣམ་ཐར་དང་བཀའ་དྲིན་འགྲན་ཟླ་དང་བྲལ་བ། མཁན་ཆེན་བྱང་ཆུབ་སེམས་དཔའ་ཞི་བ་འཚོའི་ཞལ་ནས། ཀྱེ༔ ཚེ་དང་ལྡན་པ་ཀུན་ཉོན་ཅིག༔ སྟོན་པའི་སོ་སོ་ཐར་འདི་ནི༔ འགྲོ་བ་རྣམས་ཀྱི་མགོན་དང་སྐྱབས༔ སྟོན་པའི་འདུལ་བ་འཛིན་པ་རྣམས༔ འགྲོ་བ་རྣམས་ཀྱི་མཆོད་པའི་གནས༔ ཚེ་དང་ལྡན་པ་ཉམས་གྱུར་ན༔ སྟོན་པའི་བསྟན་པ་འཇིག་པར་འགྱུར༔འགྲོ་བ་རྣམས་ནི་བསླུ་བར་འགྱུར༔ ཉམས་པ་དེ་དག་ངན་འགྲོར་འགྲོ༔ འཁོར་ལོའི་མདོ་ནས་བསྟན་པ་ལྟར༔ བདུད་ཀྱི་ལས་ནི་འདིར་འབྱུང་བས༔ དེ་ནི་ཀུན་གྱིས་སྤང་བྱ་སྟེ༔ རྒྱལ་སྲིད་དག་ལ་དགའ་བ་མེད༔ དགེ་སློང་རྒྱལ་པོ་བྱེད་གྱུར་ན༔ དེ་ནི་བདུད་ཀྱི་ལས་ཡིན་པས༔ རྒྱལ་བའི་བསྟན་པ་འཇིག་པའི་རྐྱེན༔ ལོངས་སྤྱོད་རྣམས་ལ་རུང་བ་མེད༔ ཞལ་ལྕེ་བྱེད་རྣམས་ཕུང་བར་འགྱུར༔ འདུན་ན་འདོན་པ་བྱེད་གྱུར་ན༔ དགེ་སློང་ཕམ་ཞིང་རྒྱལ་ཁྲིམས་ཉམས༔ སྟོན་པའི་བསྟན་པ་རྨ་འབྱིན་པའི༔ བདུད་ཀྱི་ལས་ཏེ་སྤང་བར་རིགས༔ བུད་མེད་དག་ལ་རུང་བ་མེད༔ དགེ་སློང་ཁྱིམ་ན་གནས་གྱུར་ན༔ ཁྱིམ་པ་ཐམས་ཅད་སུན་འབྱིན་ཅིང༔ དགེ་སློང་དེ་ནི་ཉེས་པར་སྤྱོད༔ བདུད་ཀྱི་ལས་ཏེ་སྤང་བར་རིགས༔ སོ་སོ་ཐར་པའི་མདོ་འདི་ནི༔ སྟོན་པ་མྱ་ངན་འདས་འོག་ཏུ༔ དགེ་འདུན་རྣམས་ཀྱི་སྟོན་པར་གསུངས༔ འདི་ལ་ཤིན་ཏུ་གུས་པར་གྱིས༔ བྱ་བ་ཉུང་ལ་དོན་ཉུང་བས༔ སྟོན་པའི་དམ་ཆོས་སྐྱོངས་བར་གྱིས༔ དེ་ནི་ཕྱི་ཡི་ཞལ་ཆེམས་སོ༔ ཀྱེ༔ ཚེ་དང་ལྡན་པ་ཀུན་ཉོན་ཅིག༔ མ་འོངས་དུས་སུ་དགེ་སྦྱོང་རྣམས༔ དགེ་སྦྱོང་ཆོས་བཞི་མི་ལྡན་པས༔ ཁྲོ་བ་རྣམས་ལ་སླར་ཁྲོ་བས༔ དགེ་སློང་ཕམ་པའི་རྒྱུ་རུ་བྱེད༔ གཤེ་བ་རྣམས་ལ་སླར་གཤེ་བས༔ རྒྱལ་བའི་བསྟན་པ་རིས་སུ་ཆད༔ རྡེག་པ་རྣམས་ལ་སླར་རྡེག་པས༔ དགེ་སློང་གཡུལ་དུ་ཆས་ནས་སུ༔སྟོན་པའི་བསྟན་པ་མྱུར་དུ་བཤིག༔ དེ་ནི་བདུད་ཀྱི་དགེ་སྦྱོང་ཡིན༔ བདུད་ལས་རང་གིས་མི་ཤེས་པས༔ ཞལ་ཆེམས་སྒྲོགས་ཤིང་བག་ཡོད་གྱིས༔ བཟོད་པ་དམ་པ་བསྟེན་པ་དང༔དཀའ་ཐུབ་སྤོང་བའི་བརྟུལ་ཞུགས་ཀྱིས༔ རྟག་ཏུ་དགོན་དུ་གནས་པར་གྱིིས༔ མ་འོངས་ཚེ་དང་ལྡན་པ་ལ༔ བར་ཆད་ཁོང་ཁྲོ་འདི་འབྱུང་བས༔ སྤྱོད་ལམ་ཞི་ཞིང་དུལ་བར་གྱིས༔ སྟོན་པའི་བསྟན་པ་རིན་ཆེན་འདི༔ གངས་ཅན་ལྗོངས་སུ་ངས་གསལ་བས༔ བདག་གི་རྗེས་སུ་ཞུགས་ནས་ཀྱང༔ སྟོན་པའི་བསྟན་པ་མཆོག་ཏུ་ཟུངས༔ ལྷ་ག ཅིག་ཁྲི་སྲོང་ལྡེའུ་བཙན་དང༔ རྗེ་བཙུན་པདྨ་སམ་བྷ་ཝ༔ ཁོ་བོ་བོ་དྷི་ས་ཏྭ་ཡིས༔ བཀའ་ཁྲིམས་བཅས་པ་ཇི་བཞིན་དུཿ ཚེ་དང་ལྡན་རྣམས་བྱ་དགོས་སོ༔ རྒྱལ་བའི་བསྟན་པ་ཉམས་དམའ་ཞིང༔ ཚེ་དང་ལྡན་པ་ཉམ་ཐག་ནཿ སྟོན་པའི་ཐུགས་རྗེེ་བསྐུལ་བར་གྱིས༔ ང་ལ་གསོལ་བ་ཡང་ཡང་ཐོབསཿ ཕྱི་ལྟར་འདུལ་ཁྲིམས་ལེགས་པར་བསྲུང༔ ནང་ལྟར་བྱང་ཆུབ་སེམས་འབྱོངས་ནས༔ གསང་བ་སྔགས་ཀྱི་གྲུབ་པ་བརྙེས༔ ལྕང་ལོ་ཅན་དུ་མངོན་འཚང་རྒྱ༔ གསང་བའི་བདག་པོར་དབྱེར་མེད་ཅིང༔ སྤྲུལ་པས་བོད་ཀྱི་བསྟན་པ་སྐྱོང༔ དེ་ཕྱིན་བྱིན་རླབས་ངེས་པར་འཇུག༔ བདག་གིས་བསླབ་པ་དེ་བཞིན་དུ༔ ཕྱི་ལྟར་འདུལ་ཁྲིམས་མ་ཉམས་ཤིང༔ ནང་ལྟར་བྱང་ཆུབ་སེམས་སྦྱོངས་ལ༔ གསང་བ་སྔགས་ཀྱི་རིམ་གཉིས་བསྒོམ༔ སྤྱིར་ནི་རྒྱལ་བའི་སྐུ་གསུང་ཐུགས༔ ལེགས་པར་བཞེངས་ལ་བཀུར་སྟི་བྱ༔ རྟེན་འབྲེལ་བདག་གི་སྐུ་བཞེངས་ནས༔ བཀའ་ཆེན་བསྒྲགས་ལ་སེམས་བསྐྱེད་བྱ༔ མདུན་གྱི་ནམ་མཁར་སྤྱན་དྲངས་ལ༔ ཕྱག་འཚལ་མཆོད་བསྟོད་གསོལ་འདེབས་ན༔ རྣམ་དག་ཚུལ་ཁྲིམས་ལེགས་པར་འགྱུར༔ རང་གི་སྙིང་ཁར་གསལ་བསྒོམས་པས༔ བྱང་ཆུབ་སེམས་མཆོག་འབྱོང་བར་འགྱུར༔ དབྱེར་མེད་སྐུ་ཡི་ང་རྒྱལ་བཟུང༔ དངོས་གྲུབ་ཐོབ་ཅིང་དགེ་འདུན་འདུཿ དེ་ནི་ནང་གི་ཞལ་ཆེམས་སོ༔ཐམས་ཅད་སྟོང་པ་ཉིད་དུ་བཞག༔ གཟུགས་ནས་རྣམ་མཁྱེན་བར་དག་ཏུ༔ ཐམས་ཅད་རང་བཞིན་མེད་པར་གནས༔ སེམས་ཉིད་གཟུང་འཛིན་གྱིས་སྟོང་པས༔ རིས་མེད་བདག་གཞན་བྲལ་བ་ཡི༔ སྤྲོས་པ་མེད་པའི་ངང་དུ་ཞོག༔ དེ་ནི་གསང་བའི་སྙིང་ཐིག་གོ༔ ཞེས་ཕྱི་རབས་ཀྱི་རབ་བྱུང་རྣམས་ལ་བརྩེ་བས་ཞལ་ཆེམས་སུ་གནང་བ་བཞིན། སྲིད་ཞིི་ལེགས་ཚོགས་ཐམས་ཅད་ཀྱི་རྩ་བ་ནི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལས་གཞན་དུ་མ་དམིགས་ཤིང་། དེའང་དམ་པའི་ཆོས་འདུལ་བ་རིན་པོ་ཆེ་ལ་རག་ལས་པའི་ཕྱིར། ཆོས་གྲྭ་ཆེན་པོ་འདིར་ཡང་བར་སྐབས་ནས་འདུལ་བ་གཞི་གསུམ་གྱི་ཕྱག་ལེན་རྣམ་པར་དག་པའི་རྒྱུན་འཛུགས་གནང་བ་ལྟར། ཟླ་བ་ཕྱེད་ཕྱེད་ཀྱི་ཚེས་བཅོ་ལྔ་ལ་གསོ་སྦྱོང་དུས། དགོན་དུ་བཞུགས་རིགས་ཀྱི་དགེ་ཚུལ་སློང་རྣམས་ནས་ཀྱང་རང་རྒྱུད་ཀྱི་བསླབ་པ་གསོ་བ་དང་ཉེས་པ་སྦྱོང་བའི་སླད་དུ་ཆག་འཁྲི་མེད་པར་ཕེབས་གནང་མཛད་ན་ཕན་ཡོན་དང་དགོས་པ་བསམ་གྱིས་མི་ཁྱབ་ཅིང་ལུང་སོགས་མཐའ་ཡས་མོད་འདིར་མང་དུ་འབྲི་མ་ནུས་ལ། ཕྱོགས་མཚོན་ཙམ་དུ་དགེ་སློང་ལ་རབ་ཏུ་གཅེས་པ འི་མདོ་ལས། འདུལ་བ་ལ་ནི་ཉེ་བར་གནས། །ཚུལ་ཁྲིམས་བསླབ་པ་རང་ཡིད་ཆེས། །མི་དེ་ཉི་མ་གཅིག་ལ་ཡང་། །བསོད་ནམས་ཕུང་པོ་དཔག་ཏུ་མེད། །གསོག་ཅིང་སངས་རྒྱས་འབྲས་བུ་འབྱུང་། །ཞེས་དང་། ཚུལ་ཁྲིམས་ཀྱི་གཏམ་ལས། རྒྱ་མཚོ་དང་ནི་གླང་རྗེས་ཀྱི། །ཁྱད་པར་དག་ནི་གང་ཡིན་པ། །སྦྱིན་པ་དང་ནི་ཚུལ་ཁྲིམས་ཀྱི། །ཁྱད་པར་དག་ནི་དེ་ཡིན་ནོ། །གང་ཞིག་དད་པའི་སེམས་ཀྱིས་ནི། །ལོ་བརྒྱར་སྦྱིན་པ་བྱིན་པ་བས། །གང་ཞིག་ཉིན་གཅིག་ཚུལ་ཁྲིམས་ནི། །བསྲུངས་པ་དེ་བས་ཁྱད་པར་འཕགས། །ཞེས་གསུང་ཞིང་། ཁྱད་པར་དེང་སང་ལྟ་བུ་བསྟན་པ་འཇིག་ལ་ཉེ་བའི་སྐབས་ལྷག་པར་ཡང་ཕན་ཡོན་ཆེ་སྟེ། ཏིང་འཛིན་རྒྱལ་པོའི་མདོ་ལས། བསྐལ་པ་བྱེ་བ་གངྒའི་བྱེ་སྙེད་དུ། །དད་པའི་སེམས་ཀྱིས་ཟས་དང་སྐོམ་རྣམས་དང་། །གདུགས་དང་བ་དན་མར་མེའི་ཕྲེང་བ་ཡིས། །སངས་རྒྱས་བྱེ་བ་ཁྲག་ཁྲིག་རིམ་གྲོ་བྱས། །གང་གིས་དམ་ཆོས་རབ་ཏུ་འཇིག་པ་དང་། །བདེ་གཤེགས་བསྟན་པ་འགག་པར་གྱུར་པའི་ཚེ། །ཉིན་མཚན་དུ་ནི་བསླབ་པ་གཅིག་སྤྱོད་པ། །དེ་ནི་དེ་ལས་བསོད་ནམས་ཁྱད་པར་འཕགས། །ཞེས་དང་། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། །དེ་ནི་དེ་བཞིན་གཤེགས་ལ་བྱས་གཟོ་ཡིན། །རྒྱལ་བ་རྣམས་ཀྱི་མཛོད་འཛིན་ཡིད་བརྟེན་ཞིང་། །ཕྱོགས་བཅུ་རྣམས་སུ་སངས་རྒྱས་མཆོད་པ་ཡིན། །སངས་རྒྱས་སྤྱན་གྱིས་གཟིགས་པའི་ཞིང་མང་པོ། །རིན་ཆེན་བཀང་སྟེ་དེ་བཞིན་གཤེགས་ལ་ཕུལ། །ཟད་པའི་དུས་ན་ཇི་ལྟར་ཆོས་འཛིན་ལྟར། །བསོད་ནམས་ཕུང་པོ་དེ་ཙམ་འཕེལ་མ་ཡིན། །ཞེས་དང་། དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པའི་མདོ་ལས། འདི་ལྟར་རྒྱལ་བའི་ཆོས་ཀྱིས་ཉེར་གནས་ཤིང་། །ཆོས་ཀྱིས་ངེས་པར་འབྱུང་བའི་ཟང་ཟིང་མིན། །དེ་བས་གང་ཞིག་རྒྱལ་བའི་ཆོས་འཛིན་པ། །དེ་ནི་སངས་རྒྱས་ཀུན་ལ་བྱས་པ་གཟོ། །ཞེས་དང་། ནམ་མཁའ་མཛོད་ཀྱིས་ཞུས་པའི་མདོ་ལས། ཇི་ལྟར་བསྐལ་པ་བྱེ་བ་སྟོང་བརྗོད་ཀྱང་། །སངས་རྒྱས་ཡེ་ཤེས་མཐའ་ཡོད་མ་ཡིན་ལྟར། །དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པའི། །བསོད་ནམས་དེ་ཡང་ཚད་ཡོད་མ་ཡིན་ནོ། །ཞེས་གསུངས་པའི་ཚུལ་ལ་གཞིག་ནས་དགོངས་ཀློང་རིན་པོ་ཆེར་བསྟི་བ་མཁྱེན་མཁྱེན་ཞུ།། །།


previousསྐབས་སུ་བབས་པའི་བཅའ་ཡིགnext