Nitartha Digital Library
Tibetan
གུ་བཀྲའི་ཆོས་འབྱུང་།


   
   
   
སྤྱི་དོན་གཉིས་པ། སངས་རྒྱས་ཀྱི་བསྟན་པ་འཕགས་བོད་སོགས་སུ་ཇི་ལྟར་བྱོན་པའི་སྐོར།
   
   
   
   
   
   
   


 
previousསྤྱི་དོན་གཉིས་པ། སངས་རྒྱས་ཀྱི་བསྟན་པ་འཕགས་བོད་སོགས་སུ་ཇི་ལྟར་བྱོན་པའི་སྐོར། next

སྤྱི་དོན་གཉིས་པ། སངས་རྒྱས་ཀྱི་བསྟན་པ་འཕགས་བོད་སོགས་སུ་ཇི་ལྟར་བྱོན་པའི་སྐོར།

༡ རྒྱ་གར་འཕག་ཡུལ་དུ་བསྟན་པ་དར་ཚུལ་ལ་ཐུན་མིན་བརྒྱད་པ་གསུམ་གྱི་བབ་ལུགས་སྐོར། གཉིས་པ་བསྟན་པ་རིན་པོ་ཆེ་དེ་ཉིད་འཛམ་གླིང་འཕགས་བོད་སོགས་སུ་ཇི་ལྟར་བྱོན་ཞིང ་དེ་ཉིད་སྐྱེས་བུ་དམ་པ་སུ་དང་སུ་ཞིག་གིས་ཚུལ་ཇི་ལྟར་བསྐྱངས་པའི་ཚུལ་བརྗོད་པ་ལ། རྒྱ་བོད་གཉིས་ལས། དང་པོ་རྒྱ་གར་འཕགས་པའི་ཡུལ་དུ་ཇི་ལྟར་བྱུང་བའི་ཚུལ་བརྗོད་དེ། དེ་ཡང་དམ་ཆོས་འདུལ་བའི་བསྟན་པ་ནི། སངས་རྒྱས་མྱ་ངན་ལས་འདས་ནས་ཀྱང་ཉན་ཐོས་དགྲ་བཅོམ་པ་དག་གིས་བཟུངས་ཏེ་འཕེལ་འགྲིབ་མེད་པར་གནས་ཀྱང་། ཐེག་ཆེན་མདོ་སྔགས་གཉིས་ནི་ལྷ་ཀླུའི་གནས་དང་མཁའ་སྤྱོད་ཀྱི་ཞིང་སོགས་ལས་འཇིག་རྟེན་མིའི་ཡུལ་ན་མཚན་ཙམ་ཡང་མེད་དེ། དེ་དག་ཕལ་ཆེར་བསྡུ་བ་གཉིས་པའི་མཇུག་དང ་གསུམ་པའི་དུས་ཙམ་ནས་བྱུང་བར་གྲགས་སོ། དེ་ཡང་རང་ལུགས་ཐུན་མོང་མ་ཡིན་པ་འདིར་བསྟན་པའི་བབ་ལུགས་ཅེན་པོ་གསུམ་དུ་གནས་ཏེ། རྒྱལ་བ་དགོངས་པའི་བརྒྱུད་པ། རིག་འཛིན་བརྡའི་བརྒྱུད་པ། གང་ཟག་སྙན་ཁུང་གི་བརྒྱུད་པ་དང་གསུམ་སྟེ། བཤད་རྒྱུད་རྒྱ་མཚོ་ལས།(སྟོད་ཆ།༡༣༡)རྒྱལ་བསེམས་དཔའ་རྣལ་འབྱོར་ལ། དགོངས་པ་རིག་པ་རྣ་བར་བརྒྱུད་ཅིས་གསུངས་པའི་དོན་བཞིན། ཆོས་ཐམས་ཅད་ཀྱི་གཞི་ལྟ་བུ་བསྐྱེད་པ་མ་ཧཱ་ཡོ་ག ཆོས་ཐམས་ཅད་ཀྱི་ལམ་ལྟ་བུ་ལུང་ཨ་ནུ་ཡོ་ག །ཆོས་ཐམས་ཅད་ཀྱི་འབྲས་བུ་ལྟ་བུ་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ཞེས་ཡོ་ག་རྣམ་པ་གསུམ་གྱི་ཆོས་ཀྱི་བྱུང་ཚུལ་ལ། དང་པོ་རྒྱལ་བ་དགོངས་བརྒྱུད་ནི། འཁོར་འདས་ཡོངས་ཀྱི་སྤྱི་དཔལ་ཁྱབ་བདག་གདོད་མའི་མགོན་པོ་དཔལ་ཀུན་ཏུ་བཟང་པོ་རང་སྣང་དབྱིངས་ཀྱི་ཞིང་ཁམས་ཤིན་ཏུ་དག་པ་རྡོ་རྗེའི་འོག་མིན་ཆེན་པོར་མཚན་རྫོགས་རྡོ་རྗེ་འཆང་གི་རྣམ་པས། རང་བཞིན་གཉིས་སུ་མེད་པའི་འཁོར་རྒྱལ་བ་རིགས་ལྔའི་སྟོན་པ་དང་རང་སྣང་གི་འཁོར་རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་ཚད་མེད་པའྀ་རྣམ་པ་དང་བཅས་པར་སྣང་བ་རྣམས་ལ། འོད་གསལ་རྡོ་རྗེའི་སྙིང་པོ་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་རོལ་པ་སྨྲ་བརྗོད་དང་བྲལ་བའི་དེ་ཁོ་ན་ནིད་ཀྱི་ཡེ་ཤེས་དགོངས་པའི་བྱིན་གྱི་རླབས་ཀྱིས་རྟོགས་པར་མཛད་དེ་འོག་མིན་སྡུག་པོ་བཀོད་ན་བཞུགས་པའི་གཞན་སྣང་གིས་བསྡུས་པའི་ལོངས་སྐུ་ཆེན་པོ་དང་། ས་ཐོབ་ཙམ་ལ་སྣང་བའི་གཙང་གནས་འོག་མིན་ན་བཞུགས་པའི་ལོངས་སྐུ་ཙམ་པོ་བ་སོགས་ལ་གསུངས་ཏེ། དེ་ཡང་ཆོས་སྐུས་བྱིན་རླབས་ཀྱིས་རླབས་ཀྱིས་རང་གྲོལ་མངོན་སུམ་དུ་གསུངས། ལོངས་སྐུས་རང་གི་ངོ་བོས་གསུངས། གསང་བ་རྡོ་རྗེའི་སྐུས་བདེ་ཆེན་ཐབས་ཀྱིས་གསུངས་ཏེ། ཐུགས་རིག་པ་འོད་གསལ་བའི་ཀློང་དུ་དགོངས་པ་སྡུད་པར་མཛད་དོ། གཉིས་པ་རིག་འཛིན་བརྡའི་བརྒྱུད་པ་ལའང་གཉིས་ལས། རིག་འཛིན་མ་ཡིན་ལས་བརྒྱུད་པ་དང་། མི་དང་མི་མ་ཡིན་པ་གཉིས་ཀ་ལས་(སྟོད་ཆ།༡༣༢)བྱུང་བའོ། དང་པོ་ནི་སྟོན་པ་ཉིད་ཀྱི་སྤྲུལ་པ་རིགས་གསུམ་དུ་སྣང་བར་མཛད་པ། ལྷ་ཀླུ་གནོད་སྦྱིན་གསུམ་ལས་བརྒྱུད་པ་ཡང་། འཇམ་དཔལ་མཁྱེན་པའི་མངའ་བདག་ཏུ་གྱུར་པ་ནི། གཙོ་བོར་ཟབ་མོའི་ཕྱོགས་ཀྱི་འགྲོ་བའི་དོན་མཛད་པ་ལས་ལྟ་བའི་ཕྱོགས་སྟོན་སྤྱན་རས་གཟིགས་ཐུགས་རྗེའི་མངའ་བདག་ཏུ་གྱུར་ཏེ། གཙོ་བོར་བྱམས་སྙིང་རྗེས་སྐྱབས་པའི་ཕྱོགས་ཀྱི་དོན་མཛད་པ་ལས་སྒྲུབ་པའི་ཕྱོགས་སྟོན། ཕྱག་ན་རྡོ་རྗེ་མཐུ་སྟོབས་ཀྱི་མངའ་བདག་གྱུར་ཏེ། གཙོ་བོར་ཐབས་མཁས་པའི་དྲག་ཤུལ་ཕྱོགས་ཀྱི་དོན་མཛད་པ་ལས་སྒྲུབ་པའི་ཕྱོགས་སྟོན། ཁ་ཅིག་རེ་རེས་ཀྱང་ལྟ་སྒྲུབ་སྤྱོད་པའི་གསུམ་ཀ་བསྟན་པར་བཞེད་དོ། དེ་ཡང་འཇམ་དཔལ་གཞོན་ཚུལ་མཛེས་པའི་སྐུ་དང་ལྡན་པས། ལྷ་རྣམས་ཀྱི་ལུས་དང་བསམ་པ་དང་མཐུན་པར་བསྟན་ཏེ། ལྷའི་གནས་སུ་གྲགས་ལྡན་མཆོག་སྐྱོང་ལ་བཤད། དེས་ལྷ་ཚངས་པ་རིན་ཆེན་འོད་འབར། དེས་ཚངས་པ་སྐྱེ་རྒུའི་བདག དེས་ཚངས་པ་ཀུན་གྲོལ། དེས་གཙུག་ཕུད་འཛིན། དེས་ལྷ་དབང་བརྒྱ་བྱིན་ལ། དེས་ཚོམ་བུ་འབུམ་སྡེ་ལ་བཤད་དེ། ལྷ་རྣམས་ཀྱང་བྱང་ཆུབ་སེམས་དཔའི་ཚུལ་འཛིན་ཞིང་སངས་རྒྱས་ཀྱི་གདུང་སོབ་པར་གྱུར་ཏེ་འཁོར་ཚོམ་བུ་དང་བཅས་ཏེ་རྡོ་རྗེ་འཆང་གིས་བརྙེས་སོ། སྤྱན་རས་གཟིགས་བདུད་རྩི་སྨན་གྱི་སྐུ་དང་ལྡན་པ། ཀླུ་གདུག་པ་ཅན་གྱི་ཡུལ་དང་བསམ་པ་དང་མཐུན་པར་ཀླུ་རྒྱལ་རིགས་གྷྲི་ན་ནག་པོ་ལ་བསྟན། དེས་ཀླུ་མོ་མ་མཁའ་འདུལ། དེས་ཀླུ་མོ་འདུལ་ཚང་མ། དེས་ཀླུ་ཡིད་འོང་དགའ། དེས་ཀླུ་འཇོག་པོ་སོགས་ཀླུའི་རིག་འཛིན་ཚོམ་བུ་འབུམ་སྡེ་ལ་(སྟོད་ཆ།༡༣༣)བཤད་དེ་འཁོར་ཚོམ་བུ་དང་བཅས་སྔར་བཞིན་དུ་གྱུར་ཏོ། ཕྱག་ན་རྡོ་རྗེ་འཇིགས་ཚུལ་བསྡིགས་པའི་སྐུ་དང་ལྡན་པས་གནོད་སྦྱིན་གྱི་གནས་སུ་གནོད་སྦྱིན་གྱི་ལུས་དང་བསམ་པ་དང་མཐུན་པར་གནོད་སྦྱིན་ཀུན་ཏུ་བཟང་པོ་ལ་བསྟན། དེས་གནོད་སྦྱིན་ལག་ན་རྡོ་རྗེ་ལ། དེས་གནོད་སྦྱིན་སྐར་མདའ་གདོང་ལ། དེས་གནོད་སྦྱིན་ཚོམ་བུ་འབུམ་སྡེ་ལ་བཤད། དེས་འཁོར་ཚོམ་བུ་དང་བཅས་སྔར་བཞིན་དུ་རྡོ་རྗེ་འཆང་གིས་བརྙེས་པར་གྱུར་ཏོ། རྩོལ་མེད་ཨ་ཏིའི་ཐེག་པ་མངོན་དུ་གྲགས་པ་ནི། ཉོན་མོངས་རྒྱུད་དྲག་མོས་མཐུ་ཞན། ལས་ཀྱིས་ཚེ་ཐུང་བཀའ་དོན་སྟོར། བསྟན་རྙིང་གྲུབ་མཐའ་ངན་མས་བསྒྱུར། གཉེན་པོས་མི་ནོན་སྒྲུབ་ཚུལ་ཞན། དེ་ཚེ་རིག་པའི་རྣམ་རྟོག་ཤར། ཞེས་པ་ལྟར་སེམས་ཅན་རྣམས་ཉོན་མོངས་པ་རྒྱུད་དྲག དད་པ་མེད་ཅིང་མོས་པའི་མཐུ་ཞན། ལས་དབང་གིས་ཚེ་ཐུང་། བཀའི་དོན་ཙིག་ཙམ་ལབ་རྟེན་ཅིང་ཡིན་ཚུལ་གྱི་དོན་སྟོར། བསྟན་པའི་སྙིགས་མར་གྱུར་པས་གྲུབ་མཐའ་ངན་པ་ནུས་པ་ཆེ། ཉོན་མོངས་པ་གཉེན་པོས་མི་ནོན་ཞིང་རྩོལ་སྒྲུབ་ཞན་པའི་དུས་སུ། ཤན་འབྱེད། ལ་བཟླ། རང་གྲོལ། མངོན་སུམ་དུ་སྟོན་པས་ཨ་ཏིའི་བསྟན་པ་བྱུང་སྟེ། དུས་དེའི་ཚེ་སུམ་ཅུ་རྩ་གསུམ་གྱི་ལྷ་གནས་ན། ལྷ་དེ་བ་བཟང་སྐྱོང་ཞེས་བྱ་བར་བུ་ལྒ་བརྒྱ་རྩ་གཅིག་ཡོད་པའི་བ་ཀུན་དགའ་སྙིང་པོར་གྲགས་པ། སྐྱེད་ཟླ་གཞན་ལས་བློ་གྲོས་དང་སྒྱུ་རྩལ་ཁྱད་དུ་འཕགས་པ་ཞིག་བྱུང་། དེར་ལྷའི་བུ་གཞན་དག་དགའ་བའི་ཚལ་ལ་སོགས་པར་རོལ་མོ་དང་། རྩེད་འཇོ་དང་། གླུ་གར་ལ་སོགས་པར་དགའ་ནའང་། ཀུན་དགའ་སྙིང་པོ་བསམ་གཏན་གྱི་ཁང་བུར་གཅིག་པུར་འདུག་ཅིང་། རྡོ་རྗེའི་(སྟོད་ཆ།༡༣༤)བཟླས་པ་ལ་དགའ་འོ། །དེ་ལ་ལྷ་ཡི་བུ་སེམས་ལྷག་ཅན་ཞེས་བྱ་བར་གྲགས་སོ། ལྷ་ཡི་བུ་དེ་ཆུ་མོ་གླང་གི་ལོ་ཆོ་འཕྲུལ་གྱི་ཟླ་བ་ལ་རྨི་ལྟས་ཁྱད་པར་ཅན་བཞི་རྨིས་པར་གྲགས་པ་འདི་ལྟ་སྟེ། དང་པོར་སངས་རྒྱས་ཐམས་ཅད་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་ཏེ་མཐར་རང་ལ་འོད་ཟེར་ལ་སོགས་པས་བསྐོར་བ་བྱས་ཏེ་སྤྱི་གཙུག་ཏུ་ཐིམ་པ་རྨིས་སོ། གསུམ་པ་ལ་ནམ་མཁའི་དབྱིངས་སུ་ཉི་ཟླ་གཉིས་ཤར་ནས། དེ་གཉིས་རང་གི་ལག་ཏུ་བྱུང་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་འོད་ཀྱིས་གང་བར་བྱས་པ་རྨིས་སོ། ༢༨ི་པ་ལ་ནམ་མཁའ་ནས་སྤྲིན་རིན་པོ་ཆེའི་ཁ་དོག་ཅན་ལས་བདུད་རྩིའི་ཆར་བབས་ཏེ། རྩི་ཐོག་དང་ནགས་ཚལ་ཐམས་ཅད་རྒྱས་ནས་རིན་པོ་ཆེའི་མྱུ་གུ་མེ་ཏོག་དང་འབྲས་བུ་ཐམས་ཅད་དུས་གཅིག་ལ་རྒྱས་པར་རྨིས་སོ། དེ་ལྟར་རྨི་ལྟས་བཞི་པོ་ནང་པར་ལྷའི་དབང་པོ་ལ་བཟླས་པས། ལྷའི་དབང་པོ་ན་རེ། དེ་ལྟར་རྨི་ལྟས་བཞི་པོ་ནང་པར་ལྷའི་དབང་པོ་བཟླས་པས། ལྷའི་དབང་པོ་ན་རེ། ཨེ་མའོ་སྙིང་པོ་རྣལ་འམ་འབྱུང་བའི་དུས། ཡང་སྤྲུལ་སྣང་ནུས་དུས་གསུམ་བྱང་ཆུབ་རྫོགས། ལོ་ཀའི་མུན་སེལ་དུས་མཐའི་ས་བོན་པའི། ཐུགས་སྲས་འཛམ་གླིང་དཔལ་འགྱུར་ངོ་མཚར་ཡང་། ཞེས་བསྟོད་ནས་རྨི་ལམ་བཞི་ལ་འགྲེལ་པ་བྱས་པ་ནི། དང་པོ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཐུགས་སུ་ལོན་ནས། སངས་རྒྱས་ཐམས་ཅད་ཀྱི་རྒྱལ་ཚབ་བྱེད་པའི་རྟགས་ཡིན། གཉིས་པ་བདུད་ཐམས་ཅད་དབང་དུ་འདུས་ཤིང་དུག་གསུམ་མ་སྤོངས་པར་ཚད་བཅད་དེ། མངོན་པར་རྫོགས་པར་སངས་རྒྱས་པའི་རྟགས་ཡིན། གསུམ་པ་ཐབས་དང་ཤེས་རབ་ཟབ་པ་དང་རྒྱ་ཆེ་བའི་སྣང་བས་འགྲོ་བ་ཀུན་གྱི་མ་(སྟོད་ཆ།༡༣༥)རིག་པའི་མུན་སེལ་བའི་རྟགས་ཡིན། བཞི་པ་མན་ངག་རང་བྱུང་བདུད་རྩིའི་ཆུས་ཉོན་མོངས་པའི་གདུང་བ་གཏན་ནས་བསལ་ཏེ། རྩོལ་མེད་ཀྱིས་འབྲས་བུ་ལྷུན་གྱིས་གྲུབ་པའི་རྟགས་ཡིན་ཞེས་སྤྲོ་བ་བསྐྱེད་པས། ལྷའི་བུ་ཤིན་ཏུ་དགའ་བར་གྱུར་ཏེ། ཕྱོགས་བཞིར་གདོང་ཕྱོགས་ནས་སངས་རྒྱས་ཐམས་ཅད་ལ་བསྐུལ་བ། གསུང་གི་མངའ་བདག་ཐམས་ཅད་ཀྱིས། རྩོལ་པའི་ཐེག་པ་མཐར་བཏོན་ནས། རྩོལ་མེད་ཐེག་པ་མི་གསུང་བར། ཐུགས་རྗེ་ཅེན་པོ་ཡལ་ལམ་ཅི། སྐལ་ལྡན་གདུལ་བྱ་མཆིས་པ་ན། ལྷུན་གྱིས་གྲུབ་པ་གསུང་དུ་གསོལ། ཞེས་གསོལ་བ་བཏབས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་དང་རིགས་ལྔའི་སངས་རྣམས་ཀྱིས་དཔལ་རྡོ་རྗེ་སེམས་དཔར་བྱིནགཡིས་བརླབས་ཤིང་ཚིགས་སུ་བཅད་པས་རྩོལ་མེད་རྒྱུ་འབྲས་ལས་འདས་པའི་ཐེག་པ་སྣང་བར་བྱ་བའི་དུས་ལ་བབས་པར་བསྐུལ་བས། རྡོ་རྗེ་སེམས་དཔའི་ཞལ་ནས། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ། ཚིག་གིས་སྤྱོད་ཡུལ་མ་ཡིན་པས། བདག་གིས་བགྲོ་བར་ཤིན་ཏུ་དཀའ། མ་རྟོགས་པ་ལ་ཚིག་སྒོ་ནས། མཚོན་ནས་རྟོགས་པར་བྱ་བའི་ཕྱིར། ཅི་རིགས་པ་ནི་རྣམ་པར་བགྲོ། ཞེས་གསུངས་པར་ཁས་བླངས་པ་ནས་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་དང་མི་འགལ་བར་བྱ་བའི་ཕྱིར་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་རིགས་ལྔའི་ངོ་བོར་བཞུགས་པ་ལ་འདྲི་བ་དང་ལན་ལྡོན་པའི་ཚུལ་གྱིས་གཞི་འབྲས་ཀྱི་དོན་ལ་སྒྲོ་འདོགས་བཅད་པའི་མཐར་སུམ་ཅུ་གསུམ་གྱི་གནས་རྣམ་པར་རྒྱལ་བའི་ཁང་བཟང་གི་དབུ་རྩེ། སྲོག་ཤིང་རྡོ་རྗེ་དགུ་པ་དགུ་པ་དང་བཅས་པའི་གནས་སུ་བྱོན། དེའི་རྩེ་མོར་རིན་པོ་ཆེ་འབར་བའི་ཁྲི་བཤམས། རིན་(སྟོད་ཆ།༡༣༤)ཆེན་སྣ་ཚོགས་ལས་གྲུབ་པའི་གདུགས་ཕུབ། དེར་གསང་བ་འཛིན་པ་བཞུགས་པ་ནས་ལྷའི་བུ་སེམས་ལྷག་ཅན་ལ་རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་བསྐུར་ནས་མན་ངག་འཕྲུལ་གྱི་ལུང་བཅུ་ཕོག ལྷུན་གྲུབ་གསུམ་གྱི་དབང་བསྐུར་ནས་སྐུ་གསུམ་ཐུགས་ཕྲད་ཀྱི་གདམས་ངག་བྱིན། ཐིག་ལེ་ཆེན་པོའི་དབང་བསྐུ་རནས་སེམས་ཉིད་འགྱུར་མེད་ཀྱི་མན་ངག་བྱིན། མི་འགྱུར་བརྟན་པའི་དབང་བསྐུར་ནས་སེམས་ཉིད་འགྱུར་མེད་ཀྱི་མན་ངག་བྱིན། རིག་པ་སྤྱི་བླུགས་ཀྱི་དབང་བསྐུར་ནས་ཡེ་ཤེས་རྫོགས་པའི་མན་ངག་བྱིན། གཉིས་མེད་འདྲེས་པའི་དབང་བསྐུར་ནས་ཕྱག་རྒྱ་ཆེན་པོའི་མན་ངག་བྱིན། གཞན་ཡང་དབང་དང་མན་ངག་གི་རྒྱུད་སྡེ་མང་པོའི་དུས་མཐའི་སྐད་ཅིག་ལ་རྫོགས་པར་བྱིན་ནས། རྒྱལ་ཚབ་ཏུ་མངའ་གསོལ་བ་སྟེ། དེ་སྐད་དུ། རྨད་བྱུང་བསྟན་པའི་སྙིང་པོ་འདི། ལྷ་གནས་གསུམ་དུ་གྲགས་གྱུར་ནས། ཡང་སྤྲུལ་གང་ཟག་ཐུགས་སྲས་ཀྱིས། འཛམ་གླིངདབུས་སུ་རྒྱས་པར་བྱོས། ཞེས་སོ། གཉིས་པ་རིག་འཛིན་མི་དང་མི་མ་ཡིན་པ་གཉིས་ཀ་ལས་བརྒྱུད་པ་ནི། དགོངས་པ་ལུང་བསྟོན་པའི་མདོ་ལས། འདྲེན་པའི་ཐེག་པ་གསུམ་པོ་དག །བཅོམ་ལྡན་ངེས་པར་གསུངས་ལགས་ན། རྒྱུ་འབྲས་ལྷུན་གྲུབ་ཏུ་སྤྱོད་ཅིང་། །སངས་རྒྱས་གཞན་ནས་མི་འཚོལ་བའི། ངེས་པའི་ཐེག་པ་ཅིས་མི་གསུང་། ཞེས་ཞུས་པའི་ལན་དུ། རྒྱུ་ལ་མོས་པར་རྒྱུའི་ཆོས་ཀྱི། །འཁོར་ལོ་རབ་ཏུ་བསྐོར་བྱས་ནས། རྡོ་རྗེ་ཐེག་པའི་ཉེ་ལམ་ཞིག །མ་འོངས་དུས་ན་འབྱུང་བར་འགྱུར། ཞེས་གསུངས་པ་བཞིན། སྟོན་པ་མྱ་ངན་ལས་འདས་ནས་ལོ་ཉི་ཤུ་རྩ་བརྒྱད་འདས་པ་ན་ལྷ་གྲགས་(སྟོད་ཆ།༡༣༧)ལྡན་མཆོག་སྐྱོང་། ཀླུ་རྒྱལ་འཇོག་པོ། གནོད་སྦྱིན་སྐར་མདའ་གདོང་། སྲིན་པོ་བློ་གྲོས་ཐབས་ལྡན། དམ་པའི་རིག་ཅན་དྲ་མ་ལྔ་པོས་འཇིགརཏེན་ན་མགོན་པོ་ཡོངས་སུ་མྱ་ངན་ལས་འདས་པར་རང་གི་མངོན་པར་ཤེས་པས་ཤེས་ནས་ནང་དུ་ཡང་དག་པར་འཇོག་པ་ལས་ལངས་ཏེ་ལངྐའི་ཡུལ་གྱི་རི་མ་ལ་ཡའི་རྩེ་མོར་རྫུ་འཕྲུལ་གྱི་བྱ་བས་འདུས་ཏེ། ཀྱེ་མ་ཧོ། ཀྱེ་མ་འཇིག་རྟེན་ཀློང་། སྟོན་པ་སྒྲོན་མེའི་འོད་ནུབ་ཚེ། འཇིག་རྟེན་མུན་པ་གང་གིས་བསལ། ཞེས་པ་ལ་སོགས་པའི་གདུང་ཚིག་ཉི་ཤུ་རྩ་གསུམ་བཏོན་ཅིང་ག་ཆད་པར་དུས་སོ། དེའི་ཚེ་གསང་བའིབ་དག་པོ་ལག་ན་རྡོ་རྗེས་སངས་རྒྱས་ཀྱིས་གསང་སྔགས་སྟོན་པར་དབང་བསྐུར་བ་བརྙེས་པའི་ཕྱིར་དེར་མངོན་སུམ་དུ་སྣང་བར་མཛད་ནས་རིགས་ཅན་ལྔ་དང་གཞན་ཡང་རིག་པ་འཛིན་པའི་དགེ་འདུན་ཕལ་མོ་ཆེ་ལ་སྔོན་སྟོན་པས་འོག་མིན། དགའ་ལྡན། རི་རབ་ཀྱི་རྩེ་སྟེ་ལྷ་གནས་གསུམ་དུ་གྲགས་པ་ལ་སོགས་པར་གསང་སྔགས་བླ་ན་མེད་པའི་ཐེག་པ་བསྟན་པ་རྣམས་སླར་ཡང་བཟླས་ཏེ་སྟོན་པར་མཛད་ལ། དེ་རྣམས་སྲིད་པོ་བློ་གྲོས་ཐབས་ལྡན་གྱིས་གསེར་གྱི་ནམ་མཁའ་ལ་མི་མངོན་པར་རྒྱས་བཏབ་སྟེ་སྦས་སོ། དེ་ལ་རི་མ་ལ་ཡོད་པའི་ལངྐའི་ཡུལ་དེ་ཡང་འཛམ་བུའི་གླིང་གི་གླིང་གཡོག་རྔ་གཡབ་ཀྱི་ལང་ཀ་དེ་མ་ཡིན་ཏེ་བཅོམལྡན་འདས་ལངྐའི་བདག་པོ་སྒྲ་སྒྲོགས་ཀྱི་བུ་མགྲིན་བཅུས་སྤྱན་དྲངས་ཏེ། མདོ་ལང་ཀར་གཤེགས་པ་གསུངས་པའི་གནས་འཛམ་བུ་གླིང་གི་ཤར་ལྷོ་མཚམས་ཀྱི་རྒྱ་མཚོས་བཅད་པའི་གླིང་ཕྲན་ཞིག་ཡིན་ལ། ཡུལ་དེ་སྔོན་སྲིན་(སྟོད་ཆ།༡༣༨)པོ་སྒྲ་སྒྲོགས་ཀྱིས་བཟུང་བའི་པྱིར་དེ་ལྟར་གྲགས་ལ་ཕྱིས་སྲིན་པོའི་ཡུལ་སྟོངས་ནས་དེད་དཔོན་སེང་གེའི་བཟུག་བས་དེང་སང་སིངྒ་ལའི་གླིང་དུ་འབོད་པ་ཡིན་ཅིང་། ཡུལ་དེར་སྔོན་མིའི་རྒྱལ་པོ་ར་མ་ཎས་སིརན་པོ་ལངྐ་མགྲིན་བཅུ་འཇོམས་པའི་དུས་འཛམ་བུའི་གླིང་དང་དེ་གཉིས་ཀྱི་བར་རྒྱ་མཚོ་ཅེན་པོ་ལ་རྡོརའི་ཟམ་པ་བཙུས་ནས་ཕྱིན་བས་ད་ལྟ་རྒྱ་མཚོའི་ནང་དུ་རྡོའི་ཕུང་པོ་ཆེན་པོ་མངོན་སུམ་དུ་སྣང་ཞིང་། སྐབས་འགར་རྡོར་ཕུང་པོ་ལ་གཟིངས་ཐོགས་པས་བྱོལ་ནས་འགྲོ་དགོས་པ་དང་དེར་སྲིན་པོ་མགྲིན་བཅུ་བསད་པའི་ཁྲག་གིས་སྦགས་པ་ཡིན་ཟེར་བའི་རྡོ་དམར་པོ་ཁོ་ནས་ས་གཞི་ཁྱབ་པ་ལ་སྔ་དྲོ་ཙམ་འགྲོ་དགོངས་ཡོད་ཅིང་། དེའི་དབུས་སུ་མཎ་ཀུཊ་སྟེ་ཡིད་བཟང་བརྩེགས་པ་ཞེས་པའི་རི་སུལ་གཅིག་ཡན་ཆད་བྲག་རིའི་ཕྲེང་བས་བསྐོར་བས་སྐྱེ་བོ་ཕལ་གྱིས་བགྲོད་པར་མི་ནུས་པ་ཞིག་ཡོད་ལ། དེར་ཡོད་པའི་རོ་བོ་དེ་ཡང་ཐུན་མོང་དུ་མིང་དེ་ལྟར་གྲགས་ཀྱང་དོན་དུ་དྲག་ཤུལ་ཡོད་པའམ་མ་ལ་ཡའི་རི་ཡིན་ཅིང་མཚན་ཉིད་ཐམས་ཅད་ཀྱང་ཚང་བ་སྟེ། ཇི་སྐད་དུ། རྩེ་ན་རྩལ་གྱི་རྒྱལ་པོ་གནས། ངོས་ལ་བྲག་དཀར་ཁྲི་ཚུགས་པ། སེང་གེ་གནམ་དུ་འཕྱོང་འདྲས་བརྒྱན། རྩི་སྨན་རྩ་བརྒྱད་རྩ་བར་འཁྲུངས། འདུ་བའི་ནད་ཀྱིས་ཡོངས་མི་ཚུགས། སྤྱི་བོར་ཀ་ལནྟ་ཀ་ནི། མི་གཉིས་གཅིག་པུར་གནས་པ་ཡི། མཛོད་ལྡན་པ་ཡིས་ཚངས་བཅས་པ། སྐལ་ལྡན་རྣམས་ཀྱིས་བསྒྲོད་པར་སླ། སྐལ་མེད་རྣམས་ཀྱིས་ཡོངཤ་མི་ཐར། ཞེས་བཤད་པས་སོ། གླིང་གཞན་ལས་བསྔགས་པར་འོས་པའི་ཡོན་ཏན་གཞན་གྱིས་ཀྱང་འཕགས་པར་ཡོད་དེ་རི་དེའི་རྩ་བ་དང་ཉེ་བའི་བྱང་ངོས་སུ་གུ་ཎ་ཝེ་ར་ཞེས་པའི་མཆོད་རྟེན་ཆེན་པོ་སོགས་དེ་བཞིན་གཤེགས་(སྟོད་ཆ།༡༣༩)པའི་རིང་བསྲེལ་བཞུགས་པའི་མཆོད་རྟེན་མང་པོ་དང་། དེའི་ནུབ་ཕྱོགས་སུ་བུདྷ་ཤ་ར་ཎ་ཞེས་དེ་བཞིན་གཤེགས་པ་ཞག་བདུན་དུ་མཉམ་པར་བཞག་པ་ལ་བཞུགས་པའི་ཤིང་སྡོང་དང་། ཛ་ལཱི་མུ་སྟི་ཀཏ་ལཱི་མ་ཎཱི་ཀ། ར་ཎི་པ་ན་ཀུཉྫ་ར་གྷ་རི་པདྨ་ནཱི་ན་རི། བྷཱ་ལ་དེ་ཤ་སིངྒ་ལ། ཆུ་་རྣམས་མུ་ཏིག་ཁྱིམ་རྣམས་ནོར་བུས་གཅུག། ནགས་རྣམས་གླང པོ་ཁྱིམ་རྣམས་བུད་མེད་པདྨ་ཅན་གྱིས་གང་བའི་ཡུལ་སིངྒ་ལ། ཞེས་ཆེད་དུ་བརྗོད་པར་གྲགས་པ་དང་། བྱང་ཤར་དུ་ཀཎྜ་ལ་ཞེས་པའི་ཕུག་ནགས་འཐུག་པོ་ཟིག་ན་བྲག་ཕུག་འདུག་པ་དེར་ཤྲཱི་སཱ་དུ་ཀ་སྟེ་སངས་རྒྱས་ཀྱི་ཞབས་རྗེས་ཤིན་ཏུ་ཆེ་བ་ཞིག་ཡོད་ཅིང་དེར་ཞབས་རྗེས་ཀྱི་དུས་སྟོན་བྱེད་པ་ན་དགེ་སློང་སྟོང་ཕྲག་བཅུ་གཉིས་རེ་ཚོགས་པ་སོགས་སྔོན་ནས་ད་ལྟའི་བར་དུ་ཐེག་པ་ཆེ་ཆུང་གི་བསྟན་པ་ཤིན་ཏུ་དར་བ་ཡོད་དོ། ཞེས་པ་ནི་འཕྲོས་དོན་ནོ། གསུམ་པ་བསྟན་པ་དེ་ཉིད་མི་ཡུལ་དུ་བབས་པའི་གང་ཟག་སྙན་ཁུང་གི་བརྒྱུད་པར་ཇི་ལྟར་བྱོན་པ་ནི། སྤྱིར་ཐུན་མོང་གི་བཀའི་བསྡུ་བ་གཉིས་པའི་མཇུག་ཙམ་དུ། ཨོ་ཌི་བི་ཤའི་ཡུལ་གྱིརགཡལ་པོ་ཙནྜཱ་རཀྵ་ཏའི་ཁྱིམ་དུ་འཕགས་པ་འཇམ་དཔལ་དགེ་སློང་གི་གཟུགས་ཀྱིས་བྱོན་ཏེ་ཐེག་པ་ཆེན་པོ་ཅི་རིགས་པར་བཤད་ཅིང་གླེགས་བམ་ཞིག་ཀྱང་བཞག་གོ་ཞེས་འབྱུང་ལ། དེ་ནི་འཕགས་པ་བརྒྱད་སྟོང་པ་ཡིན་པར་འདོད་དོ། འདི་སྟོན་པ་མྱ་ངན་ལས་འདས་པའི་འོག་ཏུ་ཐེག་པཆེན་པོ་མི་ཡུལ་དུ་བྱུང་བའི་ཐོག་མ་ཡིན། ཐེག་ཆེན་དར་ནས་རིང་པོར་མ་ལོན་ནས་བྱ་སྤྱོད་ཀྱི་རྒྱུད་རྣམས་ཀྱང་གསང་ནས་ཉམས་སུ་ལེན་པ་ཆེས་མང་བར་བྱུང་ཞིང་། བླ་མེད་ཀྱི་རྒྱུད་སྡེ་ནི་སྐལ་བ་མཆོག་དང་ལྡན་པ་རེ་གཉིས་ལ་ཐོད་རྒལ་དུ་ལྷག་པའི་ལྷ་སོགས་(སྟོད་ཆ།༡༤༠)ཀྱིས་བསྟན་ཞིང་རང་ཉིད་གཅིག་པུས་ཉམས་སུ་བླངས་པས་དངོས་གྲུབ་ཐོབ་པ་ལས་རྗེས་སུ་གདམས་པ་བཞག་པ་དང་། བརྒྱུད་པར་རིམ་ཅན་དུ་འདོམས་པ་སོགས། མཚན་ཙམ་ཡང་མི་སཻས་སོ། གང་གི་ཚེ་གསང་བའི་བདག་པོས་རི་མ་ལཡར་རིགས་ཅན་ལྔ་ལ་གསང་སྔགས་ཀྱི་ཆོས་འཁོར་བསྐོར་བ་དེའི་ཚེ། ས་ཧོ་རིའི་རྒྱལ་པ་ཛཿ སང་སྔགས་ཕྱི་རྒྱུད་ཀྱི་སྒྲུབ་པར་བཞུགས་པ་ལ་རྨི་ལྟས་ངོ་མཚར་བ་བདུན་བྱུང་སྟེ། དེ་ཡང་། སྐུ་གསུང་ཐུགས་རྟགས་ཐིམ་པ་དང་། རིན་ཆེན་གླེགས་བམ་བབས་པ་དང་། ཆོས་ཀྱི་བགྲོ་བ་བྱེད་པ་དང་། ཀུན་གྱིས་དམ་པར་སྒྲོགས་པ་དང་། མཆོད་པ་ཆེན་པོ་བྱས་པ་དང་། ཀུན་གྱིས་དམ་པར་སྒྲོགས་པ་དང་། །སངས་རྒྱས་ས་ལ་ལུང་བསྟན་པའོ། ཞེས་སོ། དེ་ལ་རྒྱལ་པོ་ཛ་ནེ་སྟོན་པས་མདོ་རྒྱུད་ཐམས་ཅད་ནས་ལུང་བསྟན་པ་སྟེ། བདེ་མཆོག་སྡོམ་འབྱུང་གི་རྒྱུད་ཕྱི་མ་ལས། ང་ནི་འདི་ནས་མི་སྣང་ནས། ལོ་གྲངས་བརྒྱ་དང་བཅུ་གཉིས་ན། ལྷག་ནས་གསུམ་དུ་གྲགས་པ་ཡི། བསྟན་པའི་སྙིང་པོ་དམ་པ་ཞིག །འཛམ་གླིང་ཤར་གྱི་ཕྱོགས་མཚམས་ཀྱི། རྒྱལ་པོ་ཛ་ཞེས་བྱ་བ་ལ། བསོད་ནམས་ཆེན་པོའི་མཐུས་སྣང་བས། གསང་བའི་བདག་པོས་སྣག་བར་འགྱུར། ཞེས་པ་དང་། དེ་དང་མཚུངས་པར་སྤྱི་མདོ་དགོངས་འདུས་ལས་ཀྱང་འབྱུང་ངོ་། དེ་ཡང་རྒྱལ་པོ་ཛ་ཞེས་པ་གང་ཡིན་ངོས་འཛིན་ཚུལ་མང་ཡང་། དུས་དང་བསྟུན་ན་སློབ་དཔོན་ཀུ་ཀུ་ར་ཛ་དང་དུས་མཚུངས་སུ་བཤད་པས་དེ་ལྟ་ན། ཨིནྡྲ་བྷུ་ཏི་བལ་པ་ལ་བྱེད་དགོས་པ་འདྲ་ཞིང་། གང་ལྟར་ཡང་རྒྱལ་པོ་དེ་ཉིད་རྒྱུད་སྡེ་འོག་མའི་རྣལ་འབྱོར་བསྒོམ་ཞིང་བཞུགས་པའི་ཚེ་སྔར་གྱི་རྨི་ལྟས་དང་མཐུན་པར་དངོས་སུ་ (སྟོད་ཆ།༡༤༡)རྒྱལ་པོའི་ཁང་པར་སངས་རྒྱས་མཉམ་སྦྱོར་ལ་སོགས་པ་གསང་སྔགས་ཀྱི་སྡེ་སྣོད་ཆེན་པོ་རྣམས་ཀྱིས་གླེགས་བམ་དང་གསང་བའི་བདག་པོའི་སྐུ་ཁྲུ་གང་བ་ཞིག་བབ་པར་གྱུར་ཏོ། །དེ་ནས་གསོལ་བ་བཏབ་པས་རྡོར་སེམས་ཞལ་མཐོང་གི་ལེའུ་རྟོགས་ནས་དེ་དང་ཕྱག་ན་རྡོ་རྗེའི་སྐུ་ལ་བརྟེན་ནས་ཟླ་བ་བདུན་བསྒྲུབས་པས་རྡོ་རྗེ་སེམས་དཔའི་ཞལ་མཐོང་ཞིང་ཡེ་ཤེས་ཀྱི་དབང་བསྐུར་བ་ཐོབ་པས་གླེགས་བམ་གྱི་བརྡ་དང་དོན་མ་ལུས་པ་མཁྱེན་པར་གྱུར་ཏོ། དེ་དང་དུས་མཉམ་པར་ཨ་ནུ་ཡོ་གའི་སྡེ་སྣོད་རྣམས་ཀྱང་སིངྒ་ལའི་གླིང་དུ་བབ་པར་གྱུར་ཏེ། དེ་ནས་རྒྱལ་པོས་རྒྱུད་དོན་མ་ལུས་པ་མཁྱེན་པར་གྱུར་ཀྱང་དགེ་བའི་བཤེས་ཀྱི་རྐྱེན་ལ་མ་ལྟོས་པར་གདུལ་བྱ་རྣམས་རྒྱུད་ལ་རག་གར་འཇུག་པ་དགག་པའི་ཕྱིར་མ་རྟོགས་པ་ལྟར་མཛད་ནས་གླེགས་བམ་རྣམས་ཟ་ཧོར་གི་ཡུལ་ཙམ་ན་མཁྱེན་པ་ཆེ་བར་གྲགས་པ་སློབ་དཔོན་ཨུ་པ་རཱ་ཛ་ལ་བསྟན་པས་དེས་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་རྭ་བའི་རྡོར་སེམས་ཞལ་མཐོང་གི་ལེའུ་རྟོགས་ཏེ་བསྒྲུབས་པས་རྡོ་རྗེ་སེམས་དཔས་ཞལ་བསྟན་ནས་ད་སྟེ་རྒྱུད་ཀྱི་དོན་རྣམ་གསང་བདག་གིས་སྟོན་པར་འགྱུར་ཏོ། ཞེས་ལུང་བསྟན་དང་། ད་དུང་བསྒྲུབས་པས་གསང་བདག་དངོས་སོ་བྱོན་ནས་དོན་གྱི་བསྟན་པ་དང་། ཐེག་པ་ཐམས་ཅད་རྫོགས་པའི་དབང་བསྐུར་ནས་ཚིག་གི་བསྟན་པ་ལ་ཙ་བཱི་དྲི་མ་མེད་པ་ལ་ཞུས་ཤིང་ཅེས་ལུང་བྱིན་པ་ལྟར་སློབ་དཔོན་གྱིས་གསང་བདག་གི་བཀའ་ལྟར་རྒྱུད་སྡེ་ཆེན་པོ་བཅོ་བརྒྱད་དུ་ཕྱེས་ནས་རྒྱལ་པོ་ཛ་ལ་བསྟན་པར་བཤད་དེ། ཤེས་ཕྱིན་ཚུལ་བརྒྱ་ལྔ་བཅུ་པའི་འགྲེལ་པ་སློབ་དཔོན་ཡེ་ཤེས་བཤེས་གཉེན་གྱིས་མཛད་པ་ལས། སྔོན་(སྟོད་ཆ།༡༤༢)སངས་རྒྱས་མི་ཡུལ་ན་ལོ་བརྒྱད་ཅུ་བཞུགས་པའི་ཚེ་ན། སརྦ་བུདྡྷ་ས་མ་ཡོ་ག་དང་། གུ་ཧྱས་མཱ་ཛ་ལ་སོགས་པས་འདུལ་ཞིང་ཐེག་པ་དེ་དག་གི་སྣོད་དུ་གྱུར་པ་འཛམ་བུའི་གླིང་གི་མི་ཡུལ་ན་མེད་པས་རྒྱལ་ཆེན་བཞི་དང་སུམ་ཅུ་རྩ་གསུམ་དང་། དགའ་ལྡན་ལ་སོགས་པའི་གནས་ན་ལྷ་རྣམས་དང་སྐལ་བ་བཟང་པོའི་བྱང་ཆུབ་སེམས་དཔའ་ལ་སོགས་པ་སྣོད་དུ་གྱུར་ནས་དེའི་ཚེ་མདོ་སྡེ་དེ་ན་བཞུགས་སོ། སླད་ཀྱི་སངས་རྒྱས་མྱ་ངན་ལས་འདས་པའི་འོག་ཏུ་ཟ་ཧོར་རྒྱལ་པོ་འཁོར་དང་བཅས་པ་ངོ་མཚར་དུ་ཆོས་ལ་དད་པ་དག་ཅིག་འདུག་པ་ཐེག་པ་དེས་འདུལ་སྐལ་དུ་གྱུར་ཅིང་སྣོད་དུ་གྱུར་ནས་ས་རྦ་བུདྡྷ་ས་མ་ཡོ་ག་ལ་སོགས་པ་སྡེ་སྣོད་ཆེན་པོ་བཅོ་བརྒྱད་ཕྱག་ན་རྡོ་རྗེས་བྱིན་གྱི་རླབས་ཀྱིས་ཟ་ཧོར་གྱི་ཡུལ་དུ་གཤེགས་པ་དང་། ཟ་ཧོར་གྱི་རྒྱལ་པོ་ཨིནྡྲ་བྷུ་ཏིས་མདོ་སྡེ་དག་བལྟས་ན་བརྡ་མ་འཕྲོད་ནས་སྔོན་གྱི་ལས་ཀྱི་དབང་གིས་ན་མངོན་པར་ཤེས་པ་ཐོབ་པས་བལྟས་ན་ཡུལ་གྱི་དབུས་ཡུལ་མ་ལ་མ་ཎ་ཙཱ)་ཀུ་ཀུ་རཱ་ཛ་ཉིན་ཞིང་ཁྱི་སྟོང་ཙམ་ལ་ཆོས་འཆད་མཚན་ཞིང་ནི་ཁྱི་དེ་དག་ལ་དམ་ཚིག་གི་ལོངས་སྤྱོད་མཛད་པའི་ཁྱིའི་སློབ་དཔོན་མཛད་པ་ཞིག་བཞུགས་པ་དེ་ཐེག་པའི་སྣོད་དུ་གྱུར་ལ། བདག་གི་འདུལ་སྐལ་དུ་གྱུར་པ་ཡང་འདྲ་ནས་རྒྱལ་པོས་ཕོ་ཉ་བཏང་སྟེ་སློབ་དཔོན་གཤེགས་སུ་གསོལ་བ་དང་། སློབ་དཔོན་དེ་ཡང་སྔོན་གྱི་ལས་ཀྱི་དབང་གིས་ན་མངོན་པར་ཤེས་པ་ལྔ་དང་ལྡན་ནས། རྒྱལ་པོ་དེ་དག་གིས་འདུལ་སྐལ་དུ་འབབ་བམ་མི་འབབ་མདོ་སྡེ་དེ་དག་གི་སྣོད་དུ་བདག་གྱུར་རམ་མ་གྱུར་བརྟག་པ་ན། བདག་གི་འདུལ་སྐལ་དུ་ཡང་བབ། བདག་ཀྱང་མདོ་སྡེའི་སྣོད་དུ་ཡང་གྱུར། རྒྱལ་པོའི་ཐེ་ཚོམ་ཡང་སེལ་བར་འགྱུར་མོད་ཀྱི། འོན་ཀྱང་མདོ་སྡེ་དག་(སྟོད་ཆ།༡༤༣)སྔར་མ་བལྟས་ན་བརྒྱ་ལ་རྒྱལ་པོའི་ཐེ་ཚོམ་དག་མ་སོལ་བར་གྱུར་ནས་ཤིན་ཏུ་མི་ལེགས་པས་ཕོ་ཉ་ལ་སླར་སྤྲིངས་པ། མདོ་སྡེ་དག་ཁོ་བོས་སྔར་བལྟས་འཚལ་གྱིས་ཚུར་བསྐུར་ཞིག་ཅེས་སྤྲིངས་པ་དང ་། དེ་ནས་མདོ་སྡེ་དག་ཕས་གཤེགས་ཏེ་བལྟས་ན་མགོ་མཇུག་གར་བལྟ་བའི་ཆ་མ་མཆིས་ན་དེ་ཉིད་དུ་ལུས་བརྡབས་ཏེ་མགོན་མེད་དོ། སྐྱབས་མེད་དོ། ཞེས་བོས་པ་དང་དཔལ་རྡོ་རྗེ་སེམས་དཔའ་མངོན་པར་གཤེགས་ཏེ་ཁྱོད་ཅི་འདོད་ཅེས་དྲིས་པ་དང་། བདག་མདོ་སྡེ་ཟབ་མོ་འདི་བལྟས་པ་ཙམ་གྱིས་ཤེས་པར་འདོད་ཅེས་གསོལ་བ་དང་། དེ་བཞིན་གནང་ངོ་ཞེས་གསུངས་ནས་དེ་ནས་སརྦ་བུདྡྷ་ས་མ་ཡོ་ག་ལ་སོགས་པའི་གླེགས་བམ་རྣམས་མ་པྱེ་བར་དེ་དག་གི་དོན་ཡིད་ལ་མངོན་སུམ་དུ་གསལ་བར་གྱུར་ཏོ། དེ་ནས་སློབ་དཔོན་དེ་ཟ་ཧོར་གྱི་ཡུལ་དུ་གཤཻགས་ནས་རྒྱལ་པོ་འཁོར་དང་བཅས་པ་རྣམས་ལ་དྷརྨ་དེ་དག་བཤད་དེ་རྡོ་རྗེ་སེམས་དཔས་ལུང་བསྟན་ནས་རྒྱལ་པོ་འཁོར་དང་བཅས་པ་རྣམས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལྟར་བསྒོམ་དུ་སྩལ་ཏེ་དབུས་སུ་རྒྱལ་པོ་ཉིད། བཙུན་མོ་དམ་པ་བཞི་ཡུམ་གྱི་སར་བཀོད། བློན་པོ་བཞི་བཙུན་མོ་ཕལ་པ་རྣམས་ཕྱིའི་ལྷ་མོའི་སར་བཀོད། བློན་པོ་ཕལ་པ་རྣམས་སྒོ་སྲུང་བཞི་དང་། བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་ལྟར་བཀོད་པ་དང་། རྒྱལ་པོས་བསམ་པབ་དག་ཅག་འཁོར་དང་བཅས་པ་རིག་འཛིན་གྱི་གནས་སུ་གྲུབ་པའི་ཕྱིར་དང་དམ་པའི་ཆོས་འདི་མི་ནུབ་པར་བྱ་བའི་ཕྱིར་སྲས་ཤཱཀྲ་སུ་ཏི་རྒྱལ་ཚབ་ཏུ་དབང་བསྐུར་ནས། ཨཱ་ཙརྱ་ཀུ་ཀུ་པས་ལུང་དང་མན་ངག་བསྟན་པ་རྒྱལ་བུ་དེ་ལ་བསྟན་ཏེ་བཞག་ནས་(སྟོད་ཆ།༡༤༤)བསྒོམས་པ་དང་། རྒྱལ་པོ་འཁོར་དང་བཅས་པ་སྟོང་ས་ལ་གནས་པའི་བྱང་ཆུབ་སེམས་དཔའི་རིག་འཛིན་དུ་གྲུབ་བོ། དེའི་སྲས་ཤཱ་ཀྲ་སུ་ཏིས་ཀྱང་དེ་བཞིན་དུ་བསྒོམས་པ་དང་། འཁོར་སྒོམ་པ་བདུན་བརྒྱ་དང་ཡང་རིག་འཛིན་གནས་གྲུབ་བོ། ཡང་རྒྱལ་བུ་ཤཱ་ཀྲ་སུ་ཏིས་སྲས་མོ་བདེ་བྱི་ལ་དཔལ་དམ་པའི་ནང་ནས་ཚུལ་བརྒྱ་ལྔ་བཅུ་པ་བཀོད་དེ་བཤམས་ནས་ཨིདྲ་བྷུ་ཏིའི་ལུག་དེ་སྲས་མོ་ཡུལ་དད་པ་འཛིན་དུ་རྩལ་དེ་བསྟན་པ་ལས་སྲས་མོ་དེ་ཡང་འཁོར་དང་བཅས་པ་བརྒྱ་དང་ཡང་རིག་འཛིན་གྱི་གནས་གྲུབ་པོ། དེ་ནས་སྲས་མོ་དེས། རྒྱལ་བུ་ལ་ལུང་མན་ངག་བཞག་པ་ལས་འཕེལ་བ་ནི་དེང་དུ་འདི་ལགས་ཏེ། ཞེས་བཤད་ཅིང་། དེ་དང་མཚུངས་པར་མཉམ་སྦྱོར་འགྲེལ་པ་ལས་ཀྱང་། སྤྲུལ་པའི་སྐུ་འདས་ཕྱི་མའི་དུས་ཀྱི་ཚེ། རྒྱལ་བའི་བཀའ་གསང་འཛམ་གླིང་གནས་སུ་ཤར། རྒྱལ་པོའི་ཁབ་ཏུ་སྤྱན་དྲངས་མཆོད་བྱས་ཏེ། དགའ་ཞིང་གུས་བསྟོད་ལེགས་བལྟས་བརྡ་མ་མཇལ། ཐུགས་རྗེའི་འབྲེལ་ཤུགས་གསང་སྔགས་འཛིན་པར་གྲགས། དམ་པར་བཟུང་སྟེ་གླེགས་བམ་གཟིགས་པ་ཞུས། སྒྱུ་འཕྲུལ་ཐིག་ལེ་སྟོང་པའི་དཀྱིལ་འཁོར་གཞུང་། གྲུབ་ཐོབ་ལྷག་པའི་ལྷ་ཡིས་ལུང་བསྟན་མཛད། རྡོ་རྗེ་ཐེག་པའི་གཞུང་ལུགས་སྣ་ཚོགས་མཐའ། དམ་པ་རྣམས་ཀྱིས་གདམས་པ་ཇི་བཞིན་པ། མི་འགལ་ལེགས་པར་བསྡུས་ཤིག་རབ་བཀྲོལ་ཏེ། འགྲེལ་དང་བསྡུས་དོན་སྒྲུབ་ཐབས་མང་དུ་བསྟན། ཞེས་གསུགས་པའི་ཕྱིར་ལུགས་དེ་གཉིས་ཀ་འགལ་བ་མེད་ཀྱང་རྒྱལ་པོ་རང་ཉིད་ཀྱིས་རྟོགས་པའི་ཕྱོགས་ལེགས་པར་མངོན་ཏེ་ཉིད་ཀྱིས་མཛད་པའི་ལམ་རྣམ་བཀོད་དུ། ཤར་ཕྱོགས་ཨིནྡྲའི་ལུང་པ་ན། རྒྱ་ལུང་རྡོ་རྗེ་བརྩེགས་པ་རུ། རིགས་(སྟོད་ཆ།༡༤༥)ཅན་ཨིནྡྲ་བྷུ་ཏི་ངས། གསང་བའི་བདག་པོས་མངོན་བསྟན་པའི། སྒྱུ་འཕྲུལ་དྲ་བའི་སྒྲུབ་པ་ཡང་། །ཚོམ་བུ་ལྔ་བཅུ་སྟོང་དང་བཅས། ཕྱག་ན་རྡོ་རྗེར་མངོན་གྲུབ་སྟེ། སྤང་ལེན་བརྟུལ་ཞལུགས་སྤྱོད་པའི་དབང་། དགེ་བར་བསྐུལ་ནས་སྡིག་པ་མེད། དེ་ནས་ས་ལ་རིག་པར་བྱས། ཞེས་པ་ལ་སོགས་པས་རང་ཉིད་ཀྱིས་རྟོགས་པར་བཤད་པའི་ཕྱིར་རོ། དེ་ལ་སློབ་དཔོན་ཀུ་ཀུ་རཱ་ཛ་ཁྱིའི་རྒྱལ་པོ་ཞེས་པར་གྲགས་ཤིང་ལོ་རྒྱུས་འགའ་ཞིག་ཏུ་ཀུ་ཏ་རཱ་ཛ་ཞེས་ཀྱང་འབྱུང་སྟེ་ཉིན་མོ་ཁྱིའི་རྣམ་པ་ཅན་གྱི་དཔའ་བོ་དང་རྣལ་འབྱོར་མ་སྟོང་ཕྲག་རེ་ལ་ཆོས་སྟོན་ཅིང་མཚན་མོ་དེ་དག་དང་ལྷན་ཅིག་ཏུ་དུར་ཁྲོད་ཀྱི་གནས་རྣམས་སུ་གཤེགས་ནས་ཚོགས་ཀྱི་འཁོར་ལོ་ལ་སོགས་པ་དམ་ཚིག་གི་ཀུན་ཏུ་སྤྱོད་པ་ལ་གནས་ཤིང་དེ་ལྟར་ལོ་བཅུ་གཉིས་སུ་སྤྱད་པས་མཐར་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བརྙེས་པ་ཡིན་ལ། ཡང་ཁ་ཅིག་གིས་སློབ་དཔོན་འདིས་སྤྱོད་པ་ལ་གནས་པའི་ཚེ། ཨོ་རྒྱན་དུ་བྱོན་ནས་སླར་ཡང་རྒྱུད་སྡེ་ཆེན་པོ་བཅོ་བརྒྱད་ཀྱི་ནང་ནས་སངས་རྒྱས་མཉམ་སྦྱོར་ལ་སོགས་པའི་ནང་རྒྱུད་སྡེ་ལྔ་རྒྱ་ཆེར་བཤད་ཅིང་མཐར་གྱིས་ཟླ་གསང་ཐིག་ལེ་ལ་བརྟེན་ནས་མཆོག་གི་དངོས་གྲུབ་བརྙེས་པ་ཡིན་ནོ་ཞེས་ཀྱང་ཟེར་རོ། །དེ་ལྟར་མ་ཧཱ་ཡོ་གར་རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་སུ་ཡོད་པ་ལས་སྔ་མ་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་ནི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་གཞི་དང་རྩ་བར་གྱུར་པའི་རྒྱུད་སྡེ་ཆེན་པོ་ལྔ་དང་། སྒྲུབ་པའི་ཡན་ལག་ཏུ་འགྲོ་བའི་རྒྱུད་སྡེ་ལྔ་དང་། སྤྱོད་པའི་ཡན་ལག་ཏུ་འགྲོ་བའི་རྒྱུད་སྡེ་ལྔ་དང་། མ་ཚང་བ་ཁ་སྐོང་བའི་ཕྱི་མའི་རྒྱུད་གཉིས་དང་། ཐམས་ཅད་ཀྱི་བསྡུས་དོན་ལྟ་བུའི་རྒྱུད་སྡེ་གཅིག་དང་བཅོ་བརྒྱད་དོ། དེ་ཐམས་ཅད་རྒྱལ་པོས་ཀུ་ཀུ་(སྟོད་ཆ།༡༤༦)རཱ་ཛ་ལ་བཤད། དེས་སྲས་ཤ་ཀྲ་སུ་ཏྲིའམ་ཨིནྡྲ་བྷུ་ཏི་ཆུང་བ་ལ་བཤད། དེས་སེང་ཧ་རཱ་ཛ་ལ་བཤད། དེས་ཤ་ཀྲ་པུ་ཏིའམ་ཀུ་པ་རཱ་ཛ་ལ་བཤད། དེས་སྲས་མོ་གོ་མ་དེ་བཱི་མ་ལ་བཤད་ཅིང་སོ་སོའི་ཚོམ་བུ་དང་བཅས་པ་ཚོགས་སྒྲུབ་ཀྱི་ལམ་གྱིས་རྡོ་རྗེ་འཆང་གི་ས་ལ་གཤེགས་སོ། རྒྱལ་པོ་འདིས་སྒྱུ་འཕྲུལ་ལམ་རྣམ་བཀོད་དང་། རིམ་པ་གཉིས་པ་ལ་སོགས་པ་མཛད་ཅིང་བླ་མེད་ཀྱི་བསྟན་བཅོས་གཞན་ཡང་བདེ་མཆོག་རྩ་རྒྱུད་ཀྱི་འགྲེལ་པ་དང་། ཡེ་ཤེས་གྲུབ་པ་དང་། ལྷན་ཅིག་སྐྱེས་གྲུབ་སོགས་མཛད། འཕགས་ཡུལ་གྱི་གྲུབ་ཆེན་རྣམས་ཀྱི་རྒྱུད་དང་། གདམས་ངག་ཅི་རིགས་པ་ལས་ཕལ་ཆེར་རྒྱལ་པོའི་རིགས་ཀྱི་སློབ་དཔོན་འདི་ཉིད་ལས་བྱུང་བ་ཤས་ཆེ་ཞིང་། གྲུབ་ཐོབ་བྱིས་པའི་ཞབས་ས་ཛ་མནྡྷ་རི་བ་ནས། ནག་པོ་སྤྱོད་ས་སློབ་ཚོགས་དག་བཅས། ཏིལླི་པ་དང་ནཱ་རོ་པསལོབ་མའི་ཚོགས་དང་བཅས་པ་ཐམས་ཅད་ཀྱང་བརྒྱུད་པའི་སྲོལ་ཀ་འདི་ཉིད་ལས་བྱུང་བ་ཡིན་ནོ། སྲས་མོ་གོ་མ་དེ་བཱིས་རྒྱལ་པོ་ཀུ་ཀུ་རཱ་ཛ། དེས་སློབ་དཔོན་སྒེག་པ་རྡོ་རྗེ་དང་། སངས་རྒྱས་གསང་བ་གསུམ་ལ་བཤད་དེ། དེ་ལ་སློབ་དཔོན་སྒེག་པ་རྡོ་རྗེ་ནི་ཡུལ་ཥ་མ་ཥར་ལ་འཁྲུངས། ཨོ་རྒྱན་གྱི་གནས་སུ་རབ་ཏུ་བྱུང་ཞིང་སྡེ་སྣོད་གསུམ་ལ་སྦྱངས། ཁྱད་པར་ཐེགས་མེད་ལུགས་ཀྱི་གྲུབ་མཐའ་ལ་མཁས་ཤིང་ཐུན་མོང་གི་རིག་པའི་གནས་ཐམས་ཅད་ཀྱང་མཁྱེན། ཨོ་རྒྱན་གྱི་གླིང་ཕྲན་མ་དྷི་མ་ཞེས་བྱ་བར་འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་སྒྲུབ་པ་མཛད་པས། གྲུབ་པར་ཉེ་བ་ན་འཇམ་དཔལ་གྱི་བྲིས་སྐུའི་ཞལ་ལས་འོད་ཟེར་བྱུང་སྟེ་གླིང་དེ་ཡུན་རིང་དུ་སྣང་བར་བྱས་པས་ཉི་མ་དང་འདྲ་བ་ཞེས་བྱ་བར་མཚན་གསོལ། དུས་གཞན་ཞིག་ཏུ་ལྟ་བ་ལོག་པའི་སྒྲུབ་པ་པོ་ཞིག་ལ་ནང་པའི་པཎྜི་(སྟོད་ཆ།༡༤༧)ཏའི་དབང་པོ་ལྔ་བསྒྲུབ་རྫས་ལ་དགོས་པ་བྱུང་ནས་སློབ་དཔོན་བཀྲོང་དུ་འོངས་པ་ན་གླང་པོ་ཆེ་དང་། རྟ་དང་། ཁྱེའུ་དང་། བུ་མོ་དང་། མ་ཧེ་དང་། རྨ་བྱ་སོགས་སྣ་ཚོགས་པའི་གཟུགས་སུ་སྣང་བར་མཛད་པས་སློབ་དཔོན་གང་ཡིན་མ་ཤེས་པར་ཕྱིར་ལོག་པས་སྣ་ཚོགས་གཟུགས་ཅན་ཞེས་མཚན་དུ་གྲགས་ཤིང་སྐུའི་ཚེ་སྨད་ལ་ཨོ་རྒྱན་གྱི་ཡུལ་དུ་འགྲོ་བའི་དོན་རྒྱ་ཆེར་མཛད། སློབ་དཔོན་ཆེན་པོ་འདི་སྤྱིར་རྒྱུད་སྡེ་ཐམས་ཅད་དང་ཁྱད་པར་སྒྱུ་འཕྲུལ་དྲྭ་བ་ལ་མཁས་ཤིང་གྲུབ་པ་ལ་བརྙེས་པ་ཡིན། ན་ལནྟ་ར་ཡང་ལོ་བཅུ་བཞུགས་ཤིག་སྔགས་ཀྱི་བསྟན་པ་བསྐྱངས། མཚན་ཡང་དག་པར་བརྗོད་པ་བླ་མེད་རྒྱུད་དུ་བཀྲལ། རྒྱུད་གཞན་དང་། གསང་བབ་སྙིང་པོའི་འགྲེལ་བ་སྤར་ཁབ་སོགས། སྒྱུ་འཕྲུལ་ཕྱོགས་ལའང་བསྟན་བཅོས་མག་དུ་མཛད་ཅིང་རྒྱ་ཆེར་བཤད། མཐར་གྱིས་རྡོ་རྗེའི་སྐུ་བརྙེས་པ་ཡིན་ནོ། འདི་རབ་ཏུ་བྱུང་བའི་མཚན་དཔལ་ལྡན་བྱང་ཆུབ་མཆོག་གི་སྐལ་བ་དང་ལྡན་པ་ཞེས་བྱ། འདི་ལ་སློབ་དཔོན་ཡེ་ཤེས་ཞབས་ཀྱིས་ཀྱང་། ཏནྟྲ་སྡེ་བཅོ་བརྒྱད་ཀྱི་གཙོ་བོ་ནང་རྒྱུད་སྡེ་ལྔར་གྲགས་པ་རྣམས་གསན་ཅིང་བསྒོམ་པས་ཡེ་ཤེས་ལ་དབང་ཐོབ་པ་ཡིན་ནོ། སློབ་དཔོན་སངས་རྒྱས་གསང་བ་ནི་ཡུལ་དབུས་སུ་འཁྲུངས་ཤིག་ན་ལནྟ་ར་རབ་ཏུ་བྱུང་། ཝཱ་ར་ཎཱ་སཱིའི་གནས་ཤིག་ཏུ་འཕགས་པ་འཇམ་དཔལ་བསྒྲུབས་པས་ནམ་ཞིག་ན་བྲིས་སྐུ་བཞད་ཅིང་། དངོས་གྲུབ་ཀྱི་རྫས་བ་དམར་མོའི་མར་ཁུ་ཡང་ཁོལ། མེ་ཏོག་རྙིང་པ་རྣམས་ཀྱང་ཁ་འབུས་པས་དངོས་གྲུབ་ཀྱི་ལྟས་སུ་མཁྱེན་ཀྱང་ཐོག་མར་མེ་ཏོག་འབུལ་ལམ་མར་ཁུ་གསོལ་སྙམ་པའི་ཐེ་ཚོམ་གྱི་ངང་དུ་ཅུང་ཟད་ལུས་པས་གནོད་སྦྱིན་མོ་ཞིག་(སྟོད་ཆ།༡༤༨)གིས་གེགས་བྱས་ཏེ་སློབ་དཔོན་གྱི་འགྲམ་པར་ཐལ་ལྕག་བསྣུན་པས་ཅུང་ཟད་བརྒྱལ། དེ་སངས་ཙ་ན་བྲིས་སྐུ་རྡུལ་གྱིས་གོས། མེ་ཏོག་རྙིང་། མར་ཁུ་བོ་བ་ཡང་གཟིགས། འོན་ཀྱང་རྡུལ་ཕྱིས་མེ་ཏོག་དངུལ་ཕུལ། མར་ཁུ་གང་ཡོད་གསོལ་བས་སྐུ་ལུས་ནད་ཐམས་ཅད་དང་བྲལ་ཞིང་ཤིན་ཏུ་སྟོབས་དང་ལྡན་པ་དང་བློ་ཤིན་ཏུ་རྣོ་ཞིང་མངོན་པར་ཤེས་པ་ལ་དབང་བསྒྱུར་བ་བྱུང་། དེ་ནས་སྐབས་ཤིག་ཨོ་རྒྱན་དུ་བྱོན་ནས་སློབ་དཔོན་སྒེག་པའི་རྡོ་རྗེ་དང་མཇལ་ཞིང་། རྣལ་འབྱོར་རྒྱུད་དང་བླ་མེད་ནང་རྒྱུད་སྡེ་ལྔ་གསན་ཅིང་ཁྱད་པར་སྒྱུ་འཕྲུལ་ལ་མཁས། དུས་གཞན་ཞིག་ཏུ་སངས་རྒྱས་ཞི་བ་དང་མཉམ་དུ་རི་བོ་ཏ་ལར་འཕགས་པ་སྤྱན་རས་གཟིགས་མཇལ་བར་བྱོན་པས་རིིའི་རྩ་བར་འཕགས་མ་སྒྲོལ་མ་ཀླུའི་ཚོགས་ལ་ཆོས་སྟོན་པ་རྒན་མོ་བ་གླང་གི་ཁྱུ་ཆེན་པོ་འཚོ་བར་མཐོང་། སྐེད་པར་ཁྲོ་གཉེར་ཅན་མ་ལྷ་མ་ཡིན་དང་གནོད་སྦྱིན་གྱི་ཚོགས་ལ་ཆོས་སྟོན་པ་བུ་མོ་ར་ལུག་གི་ཁྱུ་ཆེན་པོ་འཚོ་བར་མཐོང་། རྩེ་མོར་འཕགས་པ་མངོན་སུམ་དུ་བཞུགས་པ་ཡང་རང་རང་གི་སྣང་བས་རྡོ་སྐུ་ཞིག་ལས་མེད་སྐད། དེར་རྩེ་གཅིག་གིས་གསོལ་བ་བཏབས་པས་སངས་རྒྱས་གསང་བས་ཞབས་ས་ལ་མི་རེག་པ་སོགས་དངོས་གྲུབ་ཀྱང་བརྙེས། འཕགས་མ་སྒྲོལ་མས་རི་ཁ་བ་ཅན་གྱི་གངས་ཏི་སེར་སོང་ལ་སྒྲུབ་པ་གྱིས་ཞེས་ལུང་བསྟན། ཚུར་སླེབས་ནས་ཝཱ་ར་ཎཱེ་སཱི་ལ་སོགས་པར་ལོ་མང་པོའི་བདག་དུ་ཆོས་བཤད་པས་སླར་ཡང་འཕགས་པ་འཇམ་དཔལ་གྱིས་སྔར་སྒྲོལ་མས་ལུང་བསྟན་པ་ལྟར་བསྐུལ་བས། རི་ཏི་སེར་བྱོན་ནས་སྒྲུབ་པ་མཛད་པས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལན་གྲངས་དུ་མར་གཟིགས་ཤིང་འཇམ་དཔལ་དབྱངས་དང་མི་དང་མི་ལབ་པ་བཞིན་དུ་གྱུར།(སྟོད་ཆ།༡༤༩) མི་མ་ཡིན་པ་རྣམས་ཀྱང་བྲན་དུ་ཁོལ། སློབ་དཔོན་འདིས་གསང་བ་སྙིང་པོ་ལ་འགྲེལ་པ་རྣམ་དབྱེ་འགྲེལ་དང་། རྡོ་རྗེ་ལས་རིམ་དང་། དཀྱིལ་འཁོར་ཆོས་དོན་དང་། དམ་བརྒྱན་དང་། དྲྭ་ཆེན་དྲྭ་ཆུང་དང་། ལམ་རིམ་ཆེ་ཆུང་གཉིས་དང་། ཞི་བ་དང་ཁྲོ་བོའི་མངོན་པར་རྟོགས་པའི་རིམ་པ་དང་། རྣལ་འབྱོར་རྒྱུད་ལའང་རྡོ་རྗེ་དབྱིངས་ཀྱི་སྒྲུ་བཐབས་ཡོ་ག་ལ་འཇུག་པ་དང་། རྣམ་སྣང་མངོན་བྱད་གི་བསྡུས་འགྲེལ་དང་། བསམ་གཏན་ཕྱི་མའི་རྒྱས་འགྲེལ་སོགས་ཤིན་ཏུ་མང་བར་མཛད་ཅིང་བོད་ལའང་བཀའ་དྲིན་ཆེ་བའི་ཚུལ་འོག་ཏུ་འཆད་པར་འགྱུར་ལ། མཐར་སྐུ་ལུས་མི་སྣང་བར་གྱུར་སྐད། ཡང་རྒྱལ་པོ་ཀུ་ཀུ་རཱ་ཛས། རོ་ལངས་བདེ་བའི་དངོས་གྲུབ་དང་། དྲང་སོརག་བྷཱ་ཥི་ཏ་གཉིས་ལ་བཤད། སྔ་མས་བཛྲ་ཧ་སྱ་ལ་བཤད། སློབ་དཔོན་འདི་ལས་གསང་བ་འདུས་པ་རྡོ་རྗེ་བཞད་པའི་སྐོར་གྱི་སྲོལ་ཀ་བྱུང་བ་དེ་ཡིན། འདིས་ན་ལནྡྲའི་ནུབ་སྒོ་སྲུང་བ་དག་གི་དབང་ཕྱུག་གྲགས་པ་ལ་འཁོར་ལོ་སྡོམ་པའི་དབང་བསྐུར་བ་མཛད་ཅིག་རྒྱུད་ཀྱང་བཤད་པས། ཟུང་འཇུག་གི་སྐུ་ཕྱག་རྒྱ་ཆེན་པོའི་རིག་འཛིན་དུ་གྱུར་པ་ཡིན་ནོ། སློབ་དཔོན་དེ་དང་དྲང་སྲོང་བྷ་ཥི་ཏ་གཉིས་ཀས་ཟ་ཧོར་རྒྱལ་པོ་པྲ་བྷཾ་ཧ་སྟི་ལ་བཤད་དོ། དེ་ལ་ལངས་རྒྱས་གསང་བ་སློབ་དཔོན་པདྨ་གཉིས་ཀྱིས་གསན་ཞིང་། སློབ་དཔོན་པདྨས་རྒྱལ་པོ་ཛ་ལས་ཀྱང་གསན་པར་བཤད་དོ། (སྟོད་ཆ།༡༥༠) ༢ སྒྲུབ་སྡེའི་ཕྱོགས་སུ་པཎ་གྲུབ་རྣམས་ལ་བཀའ་གཏེར་གཉིས་ཀྱི་བབ་རྩལ། སྒྲུབ་སྡེའི་ཕྱོགས་སུའང་བཀའ་གཏེར་གཉིས་ཀྱི་བབ་ཚུལ་ལས་དང་པོ་ནི། སློབ་དཔོན་འཇམ་དཔལ་བཤེས་གཉེན་ལ་སྐུ་རྣམ་སྣང་འདི་རིགས་འཇམ་དཔལ་ཕྲོས་པ་གསང་རྒྱུད་ལ་སོགས་གཤིན་རྗེ་གཤེད་ཀྱི་བཀའ་རྣམས་བབས་ཏེ། སློབ་དཔོན་འདི་ནི་རྒྱ་གར་ནུབ་ཕྱོགས་རིམ་པ་གཉིས་པ་ཞེས་བྱ་བའི་གྲོང་ཁྱེར་དུ་ཡབ་སཱ་དྷུ་སཱ་སྟྲི་དང་ཡུམ་སྣང་བ་སྒྲོན་མེ་ཞེས་བྱ་བའི་སྲས་སུ་འཁྲུངས། རིག་བྱེད་ཡན་ལག་དང་བཅས་པ་ལ་མཁས་པ་ཞིག་སྟེ་སློབ་དཔོན་ཆེན་པོ་རོ་ལངས་ཐལ་མདོག་ལ་སོགས་པ་ལས་སྔགས་ཕྱི་ནང་གི་དབང་བསྐུར་བ་དང་། གདམས་ངག་ཐུན་མོང་དང་ཐུན་མོང་མ་ཡིན་པ་ཐམས་ཅད་ཀྱང་ཐོབ། སློབ་དཔོན་རོལ་པའི་རྡོ་རྗེ་ལས་དགྲ་གདོང་ཇའིགས་གསུམ་སོགས་ཀྱང་གསན་ནོ་ཟེར། གང་ལྟར་ཐུན་མོང་གི་གྲུབ་པ་རྣམས་ཉམས་འོག་ཏུ་ཆུད་ཅིང་ཟུང་འཇུག་གི་གོ་འཕང་ཐོབ་པར་ཉེ་བ་ན་སྤྱོད་པ་ལ་གཤེགས་པས་མུ་སྟེགས་ཀྱི་ཁ་འཛིན་མཆོག་ཏུ་ཆེ་བའི་རྒྱལ་པོ་ཞིག་གླང་པོ་ཆེ་ལབ་ཞོན་ནས་འོངས་པ་དང་ཟམ་པ་གཅིག་གི་སྟེང་དུ་འཕྲད་པ་ན་ལམ་བཟུར་རེས་མ་བྱུང་བར་བར་སློབ་དཔོན་གྱིས་སྡིགས་མཛུབ་བསྟན་པས། རྒྱལ་པོ་གླང་པོ་ཆེ་དང་བཅས་པ་ཕྱིད་ཆལ་དུ་བཀས་ཏེ་ཟམ་པའི་གཡས་གཡོན་ནས་ལྷུང་ངོ་། དེར་རྒྱལ་པོའི་འཁོར་རྣམས་ཀྱིས་བཟོད་པ་རགསོལ་ཞིང་གསོལ་བ་བཏབ་པས་སླར་གསོས་ཏེ་ནང་པའི་བསྟན་པ་ལ་བཀོད་དོ། དེ་ཡང་ཇི་སྐད་དུ། འཇིག་རྟེན་ལྷ་ལ་ཕྱག་མི་(སྟོད་ཆ།༡༥༡)འཚལ། གླང་པོ་བྱུང་ཡང་ལམ་མི་བཟུར། ཁ་ནས་གསང་སྔགས་རྒྱལ་པོ་ཟློ། རྐང་པ་བྲག་རིར་ཐོགས་མེད་འགྲོ། །ཞེས་པའོ། ཇི་ཞིག་ན་འཕགས་པ་འཇམ་དཔལ་དབྱངས་དང་མི་གཉིས་པའི་ཟུང་འཇུག་གི་གོ་འཕང་མཐོན་པོར་གཤེགས་པ་ཡིན་ཅིང་འཇམ་དཔལ་ཡ་མཱནྟ་ཀ་མངོན་སུམ་དུ་སྣང་བས་དབང་བསྐུར་ཞིང་རྒྱུད་དང་མན་ངག་ཐམས་ཅད་བསྟན། སྤྲུལ་པའི་ལས་གཤིན་མང་པོས་བསྐོར་བ་བྱེད་ཅིང་སྲོག་སྙིང་ཕུལ། རི་མ་ལ་ཡ་ནས་ལས་བཞི་ཚང་པའི་གསེར་གྱི་གླེགས་བམ་བཻ་ཌཱུ)ས་བྲིས་པ་བཏོན། གཟིགས་པའི་མདོ་ལ་ཐུགས་ཆུ་ཆུད་དེ་མུ་སྟེགས་འདུལ་བའི་སྔགས་རྒོད་ལས་ལ་སྦྱར་བས་མུ་སྟེགས་ཀྱི་རྒྱལ་ཁམས་བརླག་པར་མཛད། གླེགས་བམ་དངོས་རདོ་རྗེ་གདན་གྱི་བྱང་དུ་མི་སྣང་བར་རྒྱས་བཏབ་བོ། དེ་ཉིད་ལ་སློབ་མ་བསམ་གྱིས་མི་ཁྱབ་པ་ཡོད་ཀྱི། གཙོ་བོ་ཧཱུྃ་ཀཱ་ར། པདྨ་འབྱུང་གནས། དྷ་ན་ཏེ་ལ་རྣམས་ལ་གསུངས་ནས་དར་བར་མཛད། འཇམ་དཔལ་བཤེས་གཉེན་འདི་ལོ་རྒྱུས་རྙིང་མ་རྣམས་སུ་རྒྱལ་རིགས་གཅིག། བྲམ་ཟེའི་རིགས་གཅིག །བརྫུས་ཏེ་སྐྱེས་པ་གཅིག་སྟེ་གསུམ་དུ་སྣང་བ་རང་ས་རང་སར་གསུམ་ག་འཐད་དེ། དོན་ལ་སྤྲུལ་པ་སྒྱུ་མ་ལྟ་བུས་འགྲོ་བའི་དོན་མཛད་པའི་ཕྱིར་རོ། སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ལ་གསུང་སྣང་མཐའི་རིགས་རྟ་མཆོག་རོལ་བ་སོགས་པདྨ་གསུང་ཏི་ག་ཏནྟྲ་རྣམས་ཀྱི་བཀའ་བབས་ཤིང་། སློབ་དཔོན་འདི་སྟོན་པ་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ན། ལྷོ་ཕྱོགས་བེ་ཏའི་ཡུལ་དུ་བྲམ་ཟེའི་རིགས་སུ་འཁྲུངས། མཚན་མཁན་ལ་བསྟན་པས་ཞག་བདུན་གྱི་ཚེ་ལས་མེད་དོ་ཞེས་ཟེར། ཐབས་དྲིས་པས།(སྟོད་ཆ།༡༥༢) བྲམ་ཟེ་བརྒྱ་ལ་སྟོན་མོ་དྲངས་ནས་ཟླ་བ་བདུན། དགེ་སློང་བརྒྱ་ལ་དྲངས་ན་ལོ་བདུན། དེ་ནས་ཐབས་མེད་ཟེར་བས་དེ་བཞིན་བྱས། ལོ་བདུན་དུ་ཉེ་བ་དང་བུའི་རོ་ཕ་མས་མཐོང་བ་མི་བཟོད་ཅེས་འཁོར་དང་བཅས་ལྗོངས་རྒྱུ་བར་བཏད། ཅི་ཞིག་ན་ན་ལེནྡྲའི་མཁན་པོ་སྒྲ་གཅན་འཛིན་བཟང་པའི་སྒོ་སོན་ནས་དེར་རིག་བྱེད་བསྒྲགས་པས་ནག་དུ་བོས། རྒྱུ་མཚན་དྲིས་པ་ལྟར་གསོལ་བས། རབ་ཏུ་འབྱུང་ནུས་སམ་གསུངས། འཇམ་དཔལ་རྩ་རྒྱུད་ལས། ལོ་ནི་དྲུག་བརྒྱ་དག་ཏུ་འཚོ། རིག་པ་རྨ་བྱ་ཆེན་མོ་ནི། བདག་ཉིད་ཆེན་པོ་དེས་འགྲུབ་པོ། ཞེས་པ་ལྟར། བདིན་པའི་ཚེ་གཟུངས་མཚན་རིལ་པོར་སྟོན་པས་འགྲུབ་སྟེ། ལོ་དྲུག་བརྒྱ་འཚོ་བའི་ཐུན་མོང་གི་དངོས་གྲུབ་བརྙེས། སླར་བསྙེན་པར་རྫོགས། གསེར་འགྱུར་མཛད་ནས་དགེའདུན་རྣམས་མུ་གེ་ལས་སྐྱོབས། མཁན་པོ་སྤྱོད་པ་ལ་གཤེགས་ནས་ན་ལེནྡྲ་མཁན་པོ་མཛད། ལྷ་མོ་ཙཎྜི་ཀ་བསྒྲུབས་པས་གྲུབ་སྟེ་བསྟན་པ་ཇི་སྲིད་གནས་ཀྱི་བར་དུ་ཐེག་ཆེན་གྱི་དགེ་འདུན་ལ་འཚོ་བ་སྦྱོར་བར་བསྒོས་པས་ལྷ་མོས་འཚོ་བ་སྦྱོར་ནས་གནས་པའི་ཚེ་ལོག་སྤྱོད་ཅན་ཞིག་གིས་བྱེད་པས་དེ་བཞིན་མ་གྲུབ་ཀྱང་དེས་ལོ་བཅུ་གཉིས་སུ་འཚོ་བ་སྦྱར། དེའི་རྗེས་སུ་སློབ་དཔོན་གྱིས་ཐེག་ཆེན་གྱི་ཆོས་བཞི་བརྒྱ་རྩ་བརྒྱད་བཙུགས། རྡོ་རྗེ་གདན་གྱི་བྱང ་ཆུབ་ཀྱི་ཤིང་ལ་གླང་པོས་གནོད་པ་བྱུང་བ་བཟློག་པའི་ཕྱིར་རྡོ་རིང་དང་། རྡོའི་དྲ་མིག་གིས་བསྐོར་ཅིང་ཕྱི་རོལ་དུ་མཆོད་རྟེན་བརྒྱ་རྩ་བརྒྱད་བཞེངས། ཀླུའི་ཡུལ་དུ་གཤེགས་ནས་ཀླུའི་རྒྱལ་པོ་ཟུག་རྔུ་ལས་གྲོལ་བར་མཛད་ཅིང་། ཤེས་(སྟོད་ཆ།༡༥༣)རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་སྡེ་ཡུམ་རྒྱས་པ་སྤྱན་དྲངས། ཀླུ་འཇིམ་ཡང་དེའི་ཚེ་བྱུང་སྟེ། མཆོད་རྟེན་བྱེ་བ་གཅིག་བཞེངས་པར་མཛད། སྤྱིར་ཐེག་པ་ཆེན་པོའི་བསྟན་པའི་སྲོག་ཤིང་དུ་གྱུར། ཁྱད་པར་བླ་མེད་ཐེག་པར་རབ་བཤད་ནས། ཞེས་པ་ལྟར་རྒྱུད་སྡེ་རྒྱ་མཚོའི་དེད་དཔོན་དུ་གྱུར་པ་དེས་རྟ་མཆོག་ཧེ་རུ་ཀའི་དགོངས་པ་མངོན་དུ་ཕྱུང་ནས་རིག་འཛིན་ཆེན་པོ་པདྨ་འབྱུག་གནས་ལ་བཤད་པ་ཡིན་ནོ། སློབ་དཔོན་ཧཱུྃ་ཀ་ར་ལ་ཐུགས་མི་བསྐྱོད་པའི་རིགས་ཧེ་རུ་ཀ་ལག་པོ་སོགས་ཡང་དག་ཐུགས་ཀྱི་བཀའ་བབས་ཏེ། རིག་འཛིན་བརྒྱད་ཀྱི་ནག་ཚན་ཧཱུྃ་ཀ་ར་ནི་རྒྱ་གར་གྱི་མཐའ་འཁོབ་ཅིག་ཏུ་འཁྲུངས། ཐོག་མར་སྟེགས་ཀྱི་ལུགས་མ་མཁས་ཤིང་ནུས་པ་གྲུབ་པ་ལས། ཕྱིས་སངས་རྒྱས་ཀྱི་བསྟན་པ་ལ་དད་ནས་ལནྡྲར་སློབ་དཔོན་མར་མེ་མཛད་བཟང་པོ་དང་དེའི་བླ་མ་སངས་རྒྱས་ཡེ་ཤེས་ཞབས་གཉིས་ལ་ཕ་རོལ་ཕྱིན་པ་ནས་བརྩམས་ཏེ་གསང་སྔགས་ཕྱི་ནང་གི་བར་ལ་ཐོས་པས་རྒྱུད་སྦྱངས། དབང་དང་གདམས་པ་མཐའ་དག་གསན། ཁྱད་པར་འདུས་པ་དང་ཧེ་རུ་ཀའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཚེ་མེ་ཏོག་ཁྲོ་བོ་ཧཱུྃ་མཛད་ལ་ཕོག །ཡུན་རིང་དུ་བསྒོམས་པས་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེས། གདོལ་པའི་རིགས་ཀྱི་ཕྱག་རྒྱ་ཞིག་ལ་བརྟེན་ནས་བསྒྲུབས་པས་ནམ་མཁའ་ནས་ཧཱུྃ་གི་སྒྲ་ཆེན་པོ་བསྒྲགས། ཧེ་རུ་ཀའི་དཀྱིལ་འཁོར་ཐམས་ཅད་མངོན་སུམ་དུ་གཟིགས། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ། གཞན་ཕན་གྱི་ཕྲིན་ལས་དཔག་མེད་བསྐྱངས་ནས་སྐུ་ལུས་དེ་ཉིད་ཕྱིས་ནི་མི་བསྐྱོད་པའི་ཞིང་དུ་གཤེགས་ཞེས་གསར་རྙིང་གཉིས་ཀ་ལ་ལོ་རྒྱུས་གུ་རུ་ལུགས་སུ་(སྟོད་ཆ།༡༥༤)སྣང་བའི་མཚན་གཞི་དེ་ལས་གསར་མ་རྣམས་སློབ་དཔོན་སྨན་པའི་ཞབས་དང་། རྙིང་མ་རྣམས་ཧཱུྃ་ཀ་ར་ཞེས་བརྗོད་ཅིང་དེ་ཉིད་སད་ན་ལེགས་ཀྱི་དུས་བོད་དུ་བྱོན་པར་འཆད་ལ། འཁྲུངས་ཡུལ་ནི་རྒྱ་གར་མཐའ་འཁོབ་ཅིག་ཡིན་པར་བཤད་དེ། ལོ་རྒྱུས་འགར་རྒྱ་གར་ཧཱུྃ་ཀ་རའི་སློབ་མ་བལ་པོ་ཧཱུྃ་ཀ་ར་ཡིན་པ་དང་། དེ་ཉིད་ཡང་དག་གི་རིག་འཛིན་དེ་ཡང་ཡིན་པར་འདྲ་ཞིག་དང་། ཡང་། ཡང ་དག་གི་རིག་འཛིན་ཧཱུྃ་ཀ་ར་ནི་རྒྱ་གར་ཧཱུྃ་ཀ་ར་ཡིན་ལ། བལ་པོ་ཧཱུྃ་ཀ་ར་ནི་ཕུར་པའི་སློབ་དཔོན་གསུམ་གྱི་ནང་ཚན་བལ་པོ་ཤྲཱི་ལ་མ་ཉྫཱའི་གསང་མཚན་ཧཱུྃ་ཀ་ར་སྟེ། དེ་ཉིད་རྒྱ་གར་ཧཱུྃ་ཀ་རའི་སློབ་མ་ཡིན་པར་བཤད་པའང་སྣང་ལབ་ཀའ་བརྒྱད་ཀྱི་རིག་འཛིནའདུས་པ་རྩ་བའི་རྒྱུད་ཀྱི་ལུང་བསྟན་ལྟར་ན་རྒྱ་གར་ཤར་ཕྱོགས་སིངྒའི་གླིང་ཞེས་ཟ་ཧོར་དག་ཁད་ཉེ་འབྲེལ་ཆགས་པ་དེ་ཉིད་ཡིན་པར་གྲུབ་སྟེ། སིང་ག་ལ་ཡི་ཡུལ་དུ་ནི། ཧཱུྃ་ཞེས་གྲགས་པ་འབྱུང་བ་དེས། ཁྱད་པར་ཐུགས་ཀྱི་སྒྲུབ་ལུགས་སྟོན། ཞེས་བཤད་པ་དང་ཡང་འགྲིག་གོ། དེས་ན་འདིར་རྒྱ་བལ་ཐ་དད་དུ་འདོད་པ་ལྟར་ལོ་རྒྱུས་སོ་སོར་སྣང་བས་བལ་པོ་ཧཱུྃ་ཀཱ་ར་ནི། བལ་པོའི་ཡུལ་དུ་འཁྲུངས། གོ་ལེབ་ཅེས་བྱ་བའི་དབུལ་པོར་གྱུར་པས་རྒྱ་གར་དུ་བྱོན་ནས་རྒྱལ་པོའི་ཕྱུགས་རྫི་བྱས། ནགས་གསེབ་ཏུ་ཕྱུགས་འཚོར་སོང་བ་ན། སློབ་དཔོན་ཀུ་ཀུ་ར་ཛ་སྒོམ་ལ་བཞུགས་པ་དང་མཇལ། ཤིན་ཏུ་དད་དེ་ཕྱག་དང་བསྐོར་བ་བྱས། མ་ཧེའི་འོ་མ་བཞེས་ཏེ་དྲངས་པས། བྱིས་པ་ཁྱོད་ཀྱིས་ཆོས་ནུས་སམ་གསུངས། ཆོས་ནུས་ཏེ་བརྒྱག་མེད་དུ་ཞུས་པས། བརྩོན་པས་ནུས་ན་གྲུབ་པ་ཡིན་(སྟོད་ཆ།༡༥༥)གསུངས་ནས་རྡོ་རྗེ་སེམས་དཔའ་རྒྱན་གཅིག་གི་སྒོམ་བཟླས་གནང་། དེར་ཕྱུགས་འཚོ་བཞིན་བསྒོམས་པས་རྡོ་རྗེ་སེམས་དཔའ་གྲུབ་སྟེ། ལན་ཅིག་བྲག་ལ་སྒོམ་པའི་ཚེ་རྒྱལ་པོས་དེའི་ཐད་ཀ་ན་རྡོ་རྗེ་སེམས་དཔའ་འོད་ཀྱིལ་ལེར་བཞུགས་པ་མཐོང་། དགོངས་ཁར་སོང་བ་དང་ཕྱུགས་ཐམས་ཅད་ཀྱང་དེར་འདུས། རྡོ་རྗེ་སེམས་དཔས་ཕྱུགས་དེད་ནས་འོང་བ་མཐོང་། ཕོ་བྲག་ལ་ཉེ་བར་སོང་དུས་ལྷ་མི་གསལ་དུ་སོང་། སྒོ་རྩར་སླེབས་དུས་ཕྱུགས་རྫི་རང་དུ་སྣང་བས་རྒྱལ་པོ་ཐེ་ཚོམ་སྐྱེས། ནང་པ་རགོས་བརྗེས་ནས་ཕྱུགས་རྫིའི་ཕྱི་བཞིན་པ་ལྟར་ཕྱིན་པས། ཡང་བྱིས་པ་དེ་རྡོ་རྗེ་སེམས་དཔའར་ཀྲོང་ངེར་སོང་། སླར་ཕྱུགས་རྫི་གཙང་ཁང་དུ་བོས། སྔོན་ཆད་མ་ཤེས་པ་བཟོད་པར་མཛོད་ལ་ངའི་མཆོད་གནས་མཛོད་ཅེས་བསྒོས་པས། བདག་ལ་ཆེ་བའི་ཡོན་ཏན་ཅི་ཡག་མེད་པས་མི་རུང་ཟེར། རྒྱལ་པོས་སྔར་གྱི་ལོ་རྒྱུས་བརྗོད་པས། ངས་སྐྱེ་བ་འདི་ལ་རྒྱལ་པོ་གདུལ་བར་བྱར་མེད། ཕྱི་མ་མངོན་པར་དགའ་བའི་ཞིང་དུ་མཇལ་ལོ་ཟེར། དེར་རྒྱལ་པོས་ངས་ཡོ་བྱད་སྦྱར་གྱིས་སྒྲུབ་པ་ལ་ཞུགས་སྨྲས་པ་ན། བཡིས་པ་སློབ་དཔོན་ཀུ་ཀུ་རཱ་ཛའི་དྲུང་དུ་སོང་ནས་སྒྲུབ་ཐབས་དངོས་གཞི་ཞུས་པས། སྔར་ལས་འཕྲོ་ཡོད་པས་ལྷ་ངོ་བསྟན་པ་ཡིན། ངས་ཁྱོད་འདུལ་བའི་དུས་ལ་མ་བབས་པས་ཨུ་ཏ་ཡའི་གྲོང་ཁྱེར་ན་སློབ་དཔོན་དུརཁརོད་བདེ་བ་ཡོད་པས་དེར་སོང་ཞེས་ལུག་བསྟན། བྱིས་པས་གྲོང་ཁྱེར་དེར་བཙལ་བས། སློབ་དཔོན་གྲོས་ནས་པུར་དུར་ཁྲོད་དུ་བསྐྱེལ་ཟེར། སླར་ལོག་ནས་ཀུ་ཀུ་རཱ་ཛ་ལ་ཞུས་པས། རོ་ལངས་སྒྲུབ་པའི་མན་ངག་གནང་སྟེ་ཞག་ཉེར་གཅིག་ལ་འགྲུབ། སློབ་དཔོན་ལངས་ཏེ་རོ་ལངས་བདེ་བའི་དངོས་གྲུབ། ཅེས་(སྟོད་ཆ།༡༥༦)གྲགས་སོ། གཤིན་རྗེ་མཁན་པོ་ཁ་ཅིག་གིས། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་འཇམ་དཔལ་ཏནྟྲ་འབུམ་སྡེ་དྤེ་ལ་བཀོད། མ་གཤིན་ཚོགས་ཀྱི་དཀྱིལ་འཁོར་ཞལ་ཕྱེ་ནས་བསྒྲུབས་པས། བི་མ་ལ་ཡེ་ཤེས་སེམས་དཔའ་དངོས་སུ་ཞུགས་ཏེ་བཞེངས་པ་རོ་ལངས་བདེ་བའི་དངོས་གྲུབ་ཅེས་གྲགས་སོ་ཟེར་རོ། གང་ལྟར་ཡང་དེས་ཡན་ལག་དྲུག་ཅུ་རྩ་བརྒྱད་ཀྱི་དཀྱིལ་འཁོར་བཞེངས་ནས་སྨིན་པར་བྱས། དཀྱིལ་འཁོར་གྱི་མེ་ཏོག་ཧཱུྃ་ཀཱ་ར་ལ་བབས་པས་གསང་མཚན་བཛྲ་ཧཱུྃ་ཀཱ་ར་ཞེས་གྲགས་ཟེར་རོ། དེར་གདམས་པ་མལུས་པ་རྫོགས་པའི་ཚེ་སློ་དཔོན་གྱིས། དངོས་གྲུབ་ཀྱི་རྟེན་དུ་ཕྱག་རྒྱ་མཚན་དང་ལྡན་པ་ཞིག་ཟུངས་ལ། བསེ་བྲག་བྱ་ཁྱུང་གི་ཚལ་དུ་བསྒྲུབ་པར་སོང་བསྐུལ། དེར་ཧཱུྃ་ཀཱ་རས་རིགས་ངན་གྱི་གྲོང་ཁྱེར་དུ་བྱོན་ནས་བཙལ་བས། རྒན་རྒོན་རང་ཐག་མཁན་གཉིས་ལ་བུ་མོ་མཚན་དང་ལྡན་པ་ཞིག་འདུག །འདི་ནི་ངའི་སྒྲུབ་བདེ་མོར་སྦྱིན་དགོས་བྱས་པས། བུ་མོ་ཁྱོད་ལ་མི་བསྐུར་ཟེར་སྟེར་དུ་མ་འདོད། རིན་འཇལ་བར་བྱས་ནས་ཡུལ་གྱི་རྒྱལ་པོ་ལ་དབང་པོ་བཅོལ་བས། གསེར་མོ་རང་དང་མཉམ་པ་དགོས་ཟེར། སླར་ལོག་ནས་སློབ་དཔོན་རོ་ལངས་ལ་ལོ་རྒྱུས་བརྗོད་པས། མི་རོ་གསེར་དུ་བསྒྲུབས་པས་ལོ་གཅིག་གིས་འགྲུབ། དེར་གསེར་དང་བུ་མོ་བརྗེས་ཏེ་གཉིས་ཀས་སློབ་དཔོན་ཀུ་ཀུ་རཱ་ཛའི་དྲུང་དུ་བྱོན་ནས་གདམས་པ་མཐའ་གཅོད་བྱས། ཡོ་གའི་ཤིང་རྟ་ཆེན་པོ་སངས་རྒྱས་གསང་བ་ལའང་གཏུགས་ཏེ་སྒྲོ་འདོགས་བཅད། དེ་བཞིན་དུ་སློབ་དཔོན་སོ་ཀྱ་དེ་ཝ་ལ་ཡང་དག་གི་སྒྲུབ་ལུང་མན་ངག་དག་ཞུས། བསེ་བྲག་བྱ་ཁྱུང་(སྟོད་ཆ།༡༥༧)ཚལ་དུ་བསྒྲུབས་པས། དཔལ་ཆེན་པོའི་ཞལ་མངོན་སུམ་དུ་མཐོང་། ཚེ་ལ་དབང་བའི་རིག་འཛིན་ཐོབ། ཡུམ་གྱིས་མཱ་མ་ཀཱའི་དངོས་སྒྲུབ་བརྙེས། གཞན་དོན་དུ་ཡང་དག་རྩ་བའི་སྒྲུབ་པ་མཛད། འདིས་རྒྱ་གར་སློབ་དཔོན་ཆེན་པོ་པདྨ་ལ་གསུངས་ནས་དར་བ་ཡིན་ནོ། ལོ་རྒྱུས་གཞན་རྣམས་སུ་ཐུགས་ཀྱི་རིག་འཛིན་ཧཱུྃ་ཀ་ར་འདི་དང་གཅིག་པར་མཛད་འདུག་ཀྱང་གཏེར་བདག་གླིང་པ་སོགས་ཀྱིས་སོ་སོར་གསུངས་འདུག་པས་འདིར་གཉིས་ཀ་བྲིས་པ་ཡིན་ནོ། སློབ་དཔོན་བཱི་མ་ལ་མི་ཏྲ་ལ་ཡོན་ཏན་རིམ་འབྱུང་གི་རིགས་བདུད་དཔོན་འདི་འཕགས་ཡུལ་ནུབ་ཕྱོགས་གླང་པོའི་ཚལ་ཞེས་བྱ་བར། ཡབ་ཁྱིམ་བདག་བདེ་ལྡན་བྱ་བ་དང་། ཡུམ་བདག་ཉིད་གསལ་རིག་ཅེས་བྱ་བའི་སྲས་སུ་འཁྲུངས། ལོ་བདུན་ནས་སློབ་གྲྭར་བཞུགས་པས་སུས་ཀྱང་འགྲན་དུ་མེད་པ་ཞིག་བྱུང་། རིག་པ་ཆེ་བའི་སྙན་པས་ཁྱབ་སྟེ་བསྟན་པ་ལ་བཙུད་ནས་རིག་གནས་རེ་རེ་ལ་སློབདཔོན་གསུམ་གསུམ་སྟེ། སློབ་དཔོན་བཅོ་ལྔ་བསྟེན་ནས་བསླབས་པས། ལོ་ཉི་ཤུ་རྩ་གཅིག་ནས་པཎྜི་ཏའི་གྲལ་དུ་ཚུད། རིག་པའི་གནས་ཡན་ལག་དང་བཅས་པ་ལ་མཁས། སྒྲ་སྐད་མི་འདྲ་བ་སུམ་བརྒྱ་དྲུག་ཅུ་མཁྱེན། འབྱུང་བ་བཞིའི་སྒྲ་དང་། དུད་འགྲོའི་སྐད་ལས་ཀྱང་དོན་འཆད་ནུས། མདོ་སྡེ་ཤེས་ཕྱིན་གྱི་བཀའ་ཐམས་ཅད་ཐུགས་སུ་ཆུད་ནས་ཞལ་འདོན་དུ་མཛད། སྡེ་སྣོད་འཛིན་པ་རྣམས་ལས་ཐེག་པ་ཆེ་ཆུང་གི་མདོ་སྡེ་རྣམས་ཀྱང་གསན་ཅིང་མཁས་པར་མཛད། བཤད་ལུང་དང་སྒོམ་ལུང་ནོད་པའི་སློབ་དཔོན་བརྒྱ་དང་དྲུག་(སྟོད་ཆ།༡༥༨)ཅུ་ལས་རྒྱུ་སྡེ་ཐམས་ཅད་དང་ཁྱད་པར་དུ་སློབ་དཔོན་བུདྡྷ་གུ་ཧྱ་ལས་བདུད་རྩི་ཡོན་ཏན་རྒྱུད་ཀྱི་རྒྱུད་སྡེ་མཐའ་དག་གསན་ཅིང་བསྒོམས་པས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཉམས་འོག་ཏུ་ཆུད། སྒྱུ་འཕྲུལ་ལ་ཁྱད་པར་དུ་མཁས་ཤིང་སྙིང་པོའི་འགྲེལ་པ་ཁོག་གཞུང་གསལ་སྒྲོན་དང་། འགྲེལ་ཆུང་སོགས་བསྟན་བཅོས་ཀྱང་མང་དུ་མཛད་དོ། དོན་གྲུབ་ཀྱི་རིགས་ཕྲིན་ལས་ཕུར་འི་རྒྱུད་རྣམས་ཀྱི་བཀའ་སློབ་དཔོན་པྲ་བྷ་ཧ་སྟི་དང་སློབ་དཔོན་པདྨ་ལ་བབས་ཤིང་། སློབ་དཔོན་འདི་ནི་འཕགས་ཡུལ་ནུབ་ཕྱོགས་སུ་རྒྱལ་རིགས་སུ་སྐུ་འཁྲུངས། ཙི་ཏ་བ་རིའི་ཡུལ་གྱི་སློབ་དཔོན་ཞི་བ་འོད་དང་མ་རུའི་ཡུལ་གྱི་འདུལ་འཛིན་ཆེན་པོ་བསོད་ནམས་གྲགས་པས་ལས་རབ་ཏུ་བྱུང་ཞིང་མཚན་ཤཱཀྱ་འོད་དུ་གྲགས། སྡེ་སྣོད་གསུམ་ཀ་ལ་མཁས་པར་སྦྱངས་ཤིག་སློབ་དཔོན་རྡོ་རྗེ་བཞད་པ་སོགས་སྔགས་ཀྱི་རྡོ་རྗེ་འཛིན་པ་ཡང ་ཆེས་མང་བར་བསྟེན་ཅིང་རྒྱུད་སྡེ་ཐམས་ཅད་ཐུགས་སུ་ཆུད་པ་དང་མཆོག་གི་དངོས་གྲུབ་བརྙེས་པ་ཡིན་ཞེས་གྲགས། སྔགས་སུ་ཞུགས་པའི་མཚན་གླང་པོའི་འོད་དེ་པྲ་བྷཱ་ཧ་སྟི་ཞེས་འབྱུང་། སློབ་དཔོན་འདིའི་སློབ་མ་ཤཱ་ཀྱ་བཤེས་གཉེན་ཏེ། འདི་གཉིས་ཀས་ཁ་ཆེར་བྱོན་ནས་འགྲོ་དོན་རྒྱ་ཆེན་པོ་མཛད་དོ། སློབ་དཔོན་ཆེན་པོ་པདྨ་སམ་བྷ་ཝས་ཀྱང་ཡང་ལེ་ཤོད་དུ་དཔལ་ཧེ་རུ་ཀའི་དཀྱིལ་འཁོར་ལ་བརྟེན་ནས་ཕྱག་རྒྱ་ཆེན་པོ་མཆོག་གི་རིག་འཛིན་མངོན་དུ་མཛད་པའི་སྐབས་ཀླུ་གྱོང་པོ་དང་། གནོད་སྦྱིན་རྒོད་མ་ཁ་དང་། བར་སྣང་ཁམས་ཀྱི་གློག་མ་སྤྲིན་གསུམ་གྱི་ཡིད་ལ་མི་བཟོད་པའི་ཚོར་བ་སྐྱེས་ཏེ་མཐོ་བརྩམས་པ་འདུལ་བའི་ཆེད་དུ་བི་ཏྟོ་མ་འབུམ་སྡེའི་རྒྱུད་ལ་བརྟེན་ནས་སྒྲུབ་པ་མཛད་(སྟོད་ཆ།༡༥༩)པས་བཛྲ་ཀུ་མཱ་རས་ཞལ་བསྟན་ཅིང་བར་ཆད་ཀྱི་མཚན་མ་རྣམས་བཅོམ། མ་མོ་བཅུ་གཉིས་དང་ས་བདག་མོ་བཞི་སོགས་དམ་འོག་ཏུ་བཅུག །སླར་སློབ་དཔོན་པྲ་བྷ་ད་སྟི་ལའང་ཀཱི་ལ་ཡའི་རྒྱུད་ཚར་བཅོ་བརྒྱད་གསན་པར་གྲགས་ཤིང་ཕྲིན་ལས་ཕུར་པའི་བཀའ་རྣམས་མ་ལུས་པའི་བདག་ཉིད་དུ་གྱུར་ཏོ། དེ་ལྟར་བཀའ་བར་པ་དེ་དག་གི་སློབ་དཔོན་དེ་རྣམས་སོ་སོར་རང་གིས་ཉམས་སུ་བླངས་ཤིང་སྐལ་པ་དང་ལྡན་པའི་གདུལ་བྱ་གཞན་ལའང་རྒྱ་ཆེར་བཤད་པར་མཛད་དོ། གཉིས་པ་གཏེར་མའི་ཕྱོགས་ནི། བྱང་ཆུབ་སེམས་དཔའ་རྡོ་རྗེ་ཆོས་ཀྱིས་སྒྲུབ་སྡེ་སྤྱི་བྱེ་བྲག་རྣམས་གླེགས་བམ་དུ་བཀོད་པ་རེ་ཞིག་མའི་འཇིག་རྟེན་དུ་བསྟན་པའི་ཡུལ་མ་གཟིགས་ནས་མཁའ་འགྲོ་ལས་ཀྱི་དབག་མོ་ཆེ་ལ་གཏད། དེས་སྒྲུབ་པ་བཀའ་བརྒྱད་ཀྱི་སྤྱི་རྒྱུད་ལྔ་དང་། དགོས་རྒྱུད་བཅུ་རྣམས་རིན་པོ་ཆེ་སྣ་བརྒྱད་ཀྱི་སྒྲོམ་བུར་བཅུག །དགོས་རྒྱུད་རྣམས་ཐ་དད་པའི་སྒྲོམ་བུར་བཅུག་ནས་དུར་ཁྲོད་བསིལ་བའི་ཚལ་གྱི་མཆོད་རྟེན་བདེ་བྱེད་བརྩེགས་པའི་ཚལ་དུ་མི་སྣང་བར་རྒྱས་བཏབ་བོ། དུས་ཕྱིས་གྲུབ་པའི་སློབ་དཔོན་ཆེན་པོ་བརྒྱད་ཀྱིས་མངོན་པར་ཤེས་པས་མཁྱེན་ཏེ་གནས་དེར་འདུས་ཤིང་དགོངས་པའི་བརྟུལ་ཞུགས་བསྐྱེད་དེ་འཇིག་རྟེན་པའི་མཁའ་འགྲོ་མ་དང་དྲགས་པའི་ཚོགས་ལ་བདེན་པའི་ཚིག་དང་མཐུན་པའི་རྫས་ཀྱིས་བཀྲོལ། གཞན་དོན་དུ་དགོངས་པའི་ཏིང་ངེ་འཛིན་གྱི་མཐུས་མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེ་མངོན་སུམ་དུ་བྱོན་ནས་སྒྲོམ་བུ་རྣམས་བླངས་ཏེ། ཆེ་མཆོག་གི་གསེར་སྒྲོམ་བི་མ་ལ། ཡང་དག་གི་དངུལ་སྒྲོམ་ཧཱུྃ་ཀཱ་ར། གཤིན་རྗེའི་ལྕགས་སྒྲོམ་འཇམ་དཔལ་བཤེས་གཉེན། རྟ་མགྲིན་གྱི་ཟངས་(སྟོད་ཆ།༡༦༠)སྒྲོམ་ནཱ་ག་ཛུ་མ། ཕུར་པའི་གཡུ་སྒྲོམ་པདྨ་འབྱུང་གནས། མ་མོའི་བསེ་སྒྲོམ་དྷ་ན་སཾ་ཀྲྀ་ཏ། མཆོད་བསྟོད་ཀྱི་མཆོད་སྒྲོམ་རོམ་བུ་གུ་ཧྱ། དྲག་སྔགས་ཀྱི་གཟི་སྒྲོམ་ཞི་བའི་སྙིང་པོ་རྣམས་ལ་སོ་སོར་གཏད་ཏེ་སོ་སོས་ཆོས་སྐོར་བཏོན་ནས་ཉམས་སུ་བླངས་པས་རང་རང་གི་དོན་ལ་མཁས་ཤིང་སྔགས་ཀྱི་དངོས་གྲུབ་བརྙེས་པར་གྱུར་པ་ཡིན་ཏེ། འདིའི་རིག་འཛིན་ཕྱི་མ་གསུམ་གྱི་ལོ་རྒྱུས་ཡི་གེར་འཁོད་པ་ཡོད་སྲིད་ཀྱང་མ་རྙེད་ལ། འཁྲུགས་ཡུལ་ཙམ་ནི་བདེ་འདུལ་རིག་འཛིན་རྩ་རྒྱུད་ལས། ཨོ་རྒྱན་ཐོ་གར་ཡུལ་དུ་ནི། སྐྱེས་པའི་དྷ་ན་སང་སྐྲྀ་ཏ་ས༔ མངོན་རྫོགས་ལྷ་ཡི་རྒྱལ་པོ་སྟན༔ ལྷ་ཡི་ཟླ་བ་ཞེས་བྱ་བས༔ འཇིག་རྟེན་རང་རྒྱུད་མང་པོ་སྟོན། ཞི་བའི་སྙིང་པོ་ཞེས་བྱ་བས༔ དྲག་སྔགས་སྤྱོད་པ་སྒྲུབ་ཅིང་སྟོན༔ ཞེས་གསུགཤ་པ་ལྟར་ན་གནས་དང་མཚན་གྱི་ཁྱད་པར་ཙམ་ལས་རགས་པ་ཡུལ་ཕྱོགས་གཅིག་པ་ལྟ་བུར་སྣང་ཞིང་། ཕྱི་མ་འདིས་བོད་དུའང་བྱོན་ནས་བསམ་ཡས་ཀྱི་རབ་གནས་ཀྱང་མཛད་བར་གྲགས་སོ། འཇིག་རྟེན་རང་རྒྱུད་པའི་སྡེ་གསུམ་སློབ་དཔོན་པདྨ་བོད་དུ་མཛད་པར་སྨྲ་བ་ནི་བབ་ཅོལ་ཙམ་སྟེ་བཀའ་བབ་ཀྱི་ལོ་རྒྱུས་འདིས་གསལ་ལོ། རིན་པོ་ཆེ་སྣ་བརྒྱད་ཀྱི་སྒྲོམ་བུ་ལས་བདེ་གཤེགས་འདུས་པ་ཚོམ་བུ་གཅིག་ཏུ་འདུས་པའི་རྒྱུད་མན་ངག་གི་བཀའ་རྣམས་བྱུང་བ་སློབ་དཔོན་པདྨ་ལ་བབས་པ་ཡིན་ནོ། གཉིས་པ་རྫོགས་པ་ཨ་ནུ་ཡོ་གའི་སྐོར་རྣམས་གསང་བའི་བདག་པོས་རྒྱལ་པོ་ཛའམ་ལུང་བསྟན་རྡོ་རྗེ་ལ་དབང་བསྐུར་ཞིང་བསྟན་པ་ཐམས་ཅད་ཐུགས་སུ་ཆུད་པ་ཡིན་མོད། འོན་ཀྱང་ཚུར་མཐོང་གིས་གསང་སྔགས་ལ།(སྟོད་ཆ།༡༦༡) རང་གར་འཇུག་པ་དགག་པའི་ཕྱིར་མིའི་རིག་འཛིན་དགེ་བསྙེན་ལི་ཙ་བཱི་དྲི་མེད་གྲགས་པ་བསྟེན་པའི་ཚུལ་གྱིས་དབང་བསྐུར་བ་དང་ཚིག་གི་བསྟན་པ་ཐམས་ཅད་ཀྱང་ཞུས། སྤྱི་མདོའི་འགྲེལ་པ་སོགས་བསྟན་བཅོས་ཀྱང་མཛད། དེས་སྔར་ལི་ཙ་བཱིལ་བསྟེན་པའི་དུས་ཀྱི་གྲོགས་སློབ་དཔོན་ཨུ་པ་རཱ་ཛ་དང་རང་གི་སྲས་ཤཱ་ཀྲ་པུ་ཏྲི་དང་། ནཱ་ག་པུ་ཏྲི་དང་། གུ་རུ་པུ་ཏྲི་གསུམ་ལ་སྤྲུལ་པའི་དཀྱིལ་འཁོར་དུ་དབང་བསྐུར་ཞིང་གདམས་ངག་ཀྱང་བསྟན། ཨུ་པ་རཱ་ཛ་ལ་ཤྲི་དྷ་ནའི་གླིང་དུ་དཔལ་ལྡན་འབྲས་སྤུངས་སམ་མཆོད་རྟེན་དཔལ་ཡོན་ཅན་དུ་དབང་བསྐུར་ཞིང་རྒྱུད་གཏད་དོ། དེ་ཡང་ཤཱ་ཀྲ་པུ་ཏྲི་ནི་ཨིནྡྲ་བྷུ་ཏི་ཆུང་བར་གྲེག་པ་དེ་ཡིན། ལྷན་ཅིག་སྐྱེས་གྲུབ་ཀྱི་འགྲེལ་པ་ལས་ཀྱང་དེ་ལྟར་བཤད་དོ། དེས་ཐོག་མར་སྔགས་ཀྱི་སློབ་དཔོན་ཅེན་པོ་ཞིག་ལས་དབང་བསྐུར་བ་ནོད་ཅིང་གདམས་པ་བསྒོམས་པས་ཡེ་ཤེས་རྟོགས་པར་གྱུར་པ་ན་དུས་གཞན་ཞིག་ཏུ་ཨོ་རྒྱན་གྱི་དྷུ་མ་སྠི་ར་མཁའ་འགྲོ་མའི་གྲོང་ཁྱེར་དུ་སོང་བས་མུ་སྟེགས་ཀྱི་མཀའ་འགྲོ་མ་རྣམས་ཀྱི་མེ་ཏོག་གི་ཕྲེང་བ་ལག་ཏུ་གཏད་པ་དེ་བླངས་པས་སངས་རྒྱས་པའི་མཁའ་འགྲོ་མ་རྣམས་ཀྱིས་བུ་མེ་ཏོག་བླངས་པ་མ་ལེགས། དེ་མུ་སྟེགས་ཀྱི་རྗེས་སུ་འཇུག་དགོས་ན་ཟེར། དེར་སློབ་དཔོན་གྱིས་ཏིང་ངེ་འདིན་བསྒོམས་ཤིང་བཞུགས་པས་བསྐྱེད་རིམ་གྱི་སྲུང་འཁོར་བསྒོམས་པའི་མཚམས་ཚུན་ལ་མ་གནོད། བསྐྱེད་རིམ་གྱི་ཕན་ཡོན་དེ་འདྲ་ན་རྫོགས་རིམ་གྱི་ནུས་པ་བསྟན་པར་བྱའོ་དགོངས་(སྟོད་ཆ།༡༦༢)ནས་མཚན་མ་མེད་པའི་ཏིང་ངེ་འཛིན་ལ་གནས་པས་རྡོ་ནམ་མཁའ་ལ་ཆགས་སོ། དེང་སང་ཡང་ཨོ་རྒྱན་གྱི་ཡུལ་སློབ་དཔོན་འདིའི་སྒྲུབ་ཕུག་གི་ནམ་མཁའ་ལ་ཕ་ཝང་ཆེན་པོ་རྟེན་མེད་དུ་ཡོད་པ་དང་། བྲག་མེ་ལོང་ལྟར་འཇམ་པའི་ངོས་ལའང་ཕ་ཝང་མང་པོ་ཆགས་པ་མངོན་སུམ་སྤྱོད་ཡུལ་དུ་གྱུར་པ་ཡོད། ལན་ཅིག་རྒྱལ་པོའི་ཕོ་བྲང་གི་སྒོ་དྲུག་ཁོ་ནར་གཟིམས་ནས་བཞུགས་ཤིང་ཕོ་བྲང་དུ་ཕྱིན་པ་ཐམས་ཅད་སློབ་དཔོན་ལ་ཕྱག་མ་བྱས་ན་བྱིན་པ་དེངས་འགྲོ་བ་ཁོ་ན་བྱུང་བས་ཐམས་ཅད་ཀྱིས་ཕྱག་བྱས་ནས་འགྲོ་དགོས་པ་བྱུང་། གཟིམས་ལོག་པའི་ཡུན་ནི་ལོ་གྲངས་བཅུ་གཉིས་ཡིན་ཏེ་སློབ་དཔོན་གྱི་ནི་འོད་གསལ་ཐུན་གཅིག་གོ། སྐབས་ཤིག་ཨོ་རྒྱན་གྱི་ཡུལ་གྱི་ཕྲ་མེན་མ་ལྔ་བརྒྱས་སློབ་དཔོན་ལ་བར་ཆད་བརྩམ་པར་འདོད་ནས་བཙལ་བས་སློབ་དཔོན་གྱི་ཤུལ་དུ་ལྭ་བ་ཞིག་ལས་གཞན་མི་འདུག་པས། ཀྱེ་མ་དགེ་སློང་འདིའི་སྒྱུ་མ་ལ་ལྟོས། རང་གི་ལུས་ལྭ་བར་བསྒྱུར་ནས་འདུག་ན་འདི་དུམ་བུ་སོ་སོར་བསྒོ་ནས་བཟའབ་ར་བྱའོ། ཞེས་ལྭ་བ་དེ་དུམ་བུ་ལྔ་བརྒྱར་བྱས་ནས་ཐོས་སོ། དེར་སློབ་དཔོན་གྱིས་ལུས་སྣང་བར་བྱས་ཏེ་དེ་རྣམས་ལ་དམོད་པ་བོར་བས་ཕྲ་མེན་ལྔ་བརྒྱ་པོ་རྣམས་ལུག་མ་མོ་ལྔ་བརྒྱར་གྱུར། དེ་རྣམས་རྒྱལ་པོའི་དྲུང་དུ་སོང་ནས་དགེ་སློང་དུར་ཁྲོད་བདག་པོས་བདག་ཅག་རྣམས་འདི་ལྟར་བྱས་པས་ལྷས་དགྲོལ་བའི་ཐབས་འཚལ་ལོ་ཟེར། དེར་རྒྱལ་པོས་སློབ་དཔོན་ལ་ཞུས་པས་སློབ་དཔོན་གཅེར་བུར་བཞེངས་ནས་རྒྱལ་པོ་ཁྱོད་ཀྱི་ཡུལ་གྱི་སྔགས་འཆང་མ་རྣམས་ཀྱིས། དགེ་སློང་ལ་ནོར་ལྭ་བ་གཅིག་ཡོད་པའང་ཟོས་སོ། དེ་བས་ན་སྔགས་འཆང་རྣམས་ཁུག་ཅིག་གསུངས། དེར་ཐམས་ཅད་བཀུག་ནས་རེ་རེ་ལ།(སྟོད་ཆ།༡༦༣) སྡིགས་མཛུབ་རེ་བསྟན་པས་མགོ་བརྙན་སྣ་ཚོགས་སུ་གྱུར་ནས་ལྭ་བའི་དུས་བུ་སོ་སོར་སྐྱུགས་སོ། དེ་དག་ཚེམ་བུ་བྱས་པས་ཅུང་ཟད་མ་འགྲིག ད་རུང་གསུམ་ཡོད་པ་ཁུག་ཅིག་གསུངས་པས་བཙུན་མོའི་འཁོར་གྱི་ནང་ནའང་གསུམ་ཡོད་པའང་བཀུག་ནས་སྔ་མ་བཞིན་སྐྱུགས་སུ་བཅུག་པས་འགྲིགས་ནས་སྐུ་ལ་གསོལ་བས་རྗེ་བཙུན་ལྭ་བ་པར་གྲགས་ཤིང་། གཞན་ཡང་འདི་དང་རྒྱལ་པོ་ཨིནྡྲ་བྷུ་ཏི་གཉིས་ཀྱིས་གྲུབ་པ་ཐོབ་པའི་རྟགས་སྐྱེ་བོ་རྣམས་ལ་བསྟན་པའི་ལོ་རྒྱུས་དང་། སློབ་དཔོན་འདི་དང་རོལ་པའིརདོ་རྗེ་གཉིས་སྐབས་ཤིག་ཨོ་རྒྱན་དུ་བྱོན་པས་རི་མུ་རུ་ཀ་ཞེས་བགྲོད་དཀའ་བ་ཡོད་པ་ལ་སློབ་དཔོན་གཉིས་བགྲོས་ནས་པར་ལམ་རོལ་པའི་རྡོ་རྗེའི་རྫུ་འཕྲུལ་དང་། ཚུར་ལམ་ལྭ་བའི་རྫུ་འཕྲུལ་གྱིས་བྱོན་པར་ཆད། དེར་རོལ་པའི་རྡོ་རྗེ་གཤིན་རྗེ་གཤེད་དུ་བྱས་པའི་པྱག་མཚན་གྱིས་རི་ཁག་གཉིས་སུ་ཕྱེས་པའི་ལམ་འཕྲང་དོག་མོ་ཞིག་ལ་གཤེགས། ཚུར་ལམ་རི་འདི་ཤིན་ཏུ་བགྲོད་དཀའ་བས་ཤ་ནང་སྔ་མོར་འགྲོ་ཞེས་གླེང་ནས་ནམ་ཕྱེད་བཞེངས་ཏེ་ཐང་བདེ་མོ་ཞིག་ལ་བྱོན་པས་ནམ་ལངས་པ་དང་ཕྱི་མིག་གཟིགས་པས་རི་ཡོལ་ཚར་བར་མཐོང་བས་རྫུ་འཕྲུལ་དུ་ཤེས་ནས་རོལ་པའི་རྡོ་རྗེས་ལྭ་བ་པའི་ཞབས་ལ་ཕྱག་མཛད་གདམས་པཞུས་པས་མཆོག་གི་དངོས་གྲུབ་ཐོབ་པ་ཡིན་ཅེས་གྲགས་སོ། ཕྱིས་ཨོ་རྒྱན་གྱི་ཡུལ་དེར་རྒྱལ་པོ་དག་སློབ་དཔོན་གཉིས་ཅར་གྱིས་གདམ་པ་བསྟན་པས་ཐམས་ཅད་རིག་པ་འཛིན་པར་གྱུར་ནས་ཨོ་རྒྱན་གྱི་ཡུལ་དེ་ཙམ་དུ་ཆེ་འབང་སྟོངས་སུ་ཉེ་བར་གྱུར་སྐད། དེ་ལྟར་ཨིནྡྲ་བྷུ་ཏི་ཆུང་བས་སིང་ཧ་སུ་ཏྲ་དང་ཀུ་ཀུ་རཱ་ཛཱ་ཕྱི་མ་གཉིས་ལ་རྒྱ་མཚོའི་འགྲམ་དུ་དབང་བསྐུར་ཞིང་རྒྱུད་བཤད། ཕྱི་མས་སློབ་དཔོན་ཆེན་པོ་རོ་ལངས་བདེ་བ་ལ་དབང་(སྟོད་ཆ།༡༦༤)བསྒྱུར་ཞིང་བཤད། འདི་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེའི་མཚན་གྱི་རྣམ་གྲངས་སོ། འདི་ཡན་ཆད་གྱི་བརྒྱུད་པ་དེ་རྣམས་རང་རང་གི་འཁོར་ཚོམ་བུ་ཁྲི་ཕྲག་གཅིག་གི་བར་གྱི་ཐམས་ཅད་ཀྱང་སྤྲོས་བཅས་ཀྱི་སྤྱོད་པ་ཚོགས་ཀྱི་སྒྲུབ་པས་ཟུང་འཇུག་གི་སྐུ་བརྙེས་ཏེ་མི་སྣང་བར་གྱུར་སྐད། སློབ་དཔོན་དེས་སློབ་དཔོན་རྡོ་རྗེ་བཞེད་པ་ལ་ཨཏྟ་པ་རའི་ཚལ་དུ་དབང་བསྐུར་ཞིང་རྒྱུད་ཀྱང་བཤད། དེས་སློབ་དཔོན་པྲ་བྷ་ཧ་སྟི་ལ་གྷ་ཛ་ནའི་ཡུལ་གྱི་ཆུ་ཀླུང་སིནྡྷུའི་འགྲམ་དུ་དབང་བསྐུར་བ་དང་རྒྱུད་བཤད། འདི་སྔར་སྨོས་པ་བཞིན་རབ་ཏུ་བྱུང་བའི་མཚན་ཤཱཀྱ་འོད་ཅེས་གྲགས་ཤིང་། དེས་སློབ་མ་ཤཱཀྱ་འོད་ཆུང་བ་དང་། ཤཱཀྱ་བཤེས་གཉེན་དང་། ཤཱཀྱ་སཻངྒ་གསུམ་ལ་བསྟན། བར་པ་འདི་རྣལ་འབྱོར་རྒྱུད་ལ་ཤིན་ཏུ་མཁས་པས་དེ་ཉིད་འསུལ་པའི་་འགྲེལ་པ་ཀོ་ས་ལའི་རྒྱན་ཅེས་བྱ་བ་ཡུལ་ཀོ་ས་ལར་བརྩམས་ཤིང་ཁོང་ཉིད་ཀྱིས་བླ་མ་བཅུ་གཅིག་ཙམ་ལ་ཞུས་པར་བཤད་ཅིང་སྐུ་ཚེའི་སྨད་དུ་ཁ་ཆེར་བྱོན་ནས་འགྲོ་དོན་ཆེར་མཛད། དེས་ལྷའི་བཤོས་ཁང་དགུ་ཐོག་ཏུ་སློབ་དཔོན་དྷ་ན་རཀྵི་ལ་བཤད། འདིས་མདོའི་རྣམ་གྲངས་འཆད་པའི་བསྟན་བཅོས་མཛད། རྒྱ་གར་དང་ཏ་སིག་གི་མཚམས་ཨ་སུ་རའི་བྲག་ཕུག་ཏུ་ཕྱག་རྒྱ་མོ་ག་ག་སིདྡྷ་ལ་བརྟེན་ནས་སྒྲུབ་པ་མཛད་པས་རིག་པ་འཛིན་པའི་སྐུར་གྱུར། དེའག་ལུས་མི་སྣང་བ་ནི་བཅུད་ལེན་དང་། ཐིག་ལེ་དབབ་བཟུང་དང་། སྒྲོན་མ་རླུང་གི་འཁོར་ལོ་སོགས་འཇིག་རྟེན་པའི་ལམ་ལས་འབྱུང་མོད། འདི་དག་ནི་མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཉེ་རྒྱུའི་སྤྱོད་པ་ལ་བརྟེན་ནས་རྣམ་སྨིན་གྱི་ལུས་འོད་གསལ་དུ་གནས་འགྱུར་ ༡༦༥)བ་ཡིན་པས་ཁྱད་པར་ཆེ་བར་ཤེས་པར་བྱའོ། སློབ་དཔོན་དེས་བདེ་བ་གསལ་མཛད་ལ་གྲོང་ཁྱེར་དཔལ་ཡོན་ཅན་དུ་དབང་བསྐུར་ཞིང་རྒྱུད་གཏད། འདིས་སློབ་དཔོན་ཧཱུྃ་ཀ་ར་ལའང་གསན། རིག་སྔགས་གྲུབ་པས་རིག་པ་འཛིན་པའི་སྐུར་གྱུར་མདོའི་ཡིག་སྣ་བཅོ་བརྒྱད་དང་རྣལ་འབྱོར་གྱི་རིམ་པ་ཐེག་ཆེན་སྒྲོན་མ་སོགས་མཛད། དེས་སྐལ་བ་མཆོག་དང་ལྡན་པའི་ཐུགས་སྲས་བཞི་ལ་བཤད་དེ། མ་ག་དྷར་མདོའི་མཁན་པོ་དྷརྨ་བོདྷི་ལ་བཤད། འདིས་མདོའི་དོན་བསྡུ་བ་དང་། ཤེས་རབ་སྒྲོན་མ་དང་བཀོལ་མདོ་རྣམས་མཛད། ཤྲི་ན་ལནྡྲར་མཁན་པོ་དྷརྨ་རཱ་ཛ་པཱ་ལར་དབང་བསྐུར་ཞིང་རྒྱུད་རྣམས་བཤད། བལ་པོའི་རྒྱལ་པོ་བ་སུ་དྷ་ར་དང་གཙུག་ལག་དཔལ་དགེ་གཉིས་ལ་རྒྱལ་པའི་ཁབ་ཀྱི་གྲོང་ཁྱེར་དུ་དབང་བསྐུར་ཞིང་རྒྱུད་ཀྱི་བཤད་པ་སྩལ། ཕྱི་མ་གསུམ་པོས་སློབ་དཔོན་དྷ་ན་རཀྵི་ཏ་ལས་ཀྱང་གསན་ཞེས་གྲགས། བཤད་པ་ཐག་པའི་བརྒྱུད་པ་དེ་ཐམས་ཅད་འདུས་པའི་བརྒྱུད་པ་ཡིན་ནོ། ཡང་སློབ་དཔོན་དེ་གསུམ་ཀས་བྲུ་ཤིའི་སློབ་དཔོན་ཆེ་བཙན་སྐྱེས་ལ་ཡུལ་དབུས་སུ་དབང་བསྐུར་ཞིང་རྒྱུད་བཤད། བསྒོམས་པས་གྲུབ་པ་ཐོབ་པ་ལ་ཕྱིས་སློབ་དཔོན་དྷ་ན་རཀྵི་ཏ་བྲུ་ཤའི་ཡུལ་དུ་སྤྱན་དྲངས་ཤིང་མདོ་དགོངས་འདུས་ལ་སོགས་པ་བསྒྱུར་བར་བརྩམས་པ་ན་མོས་པ་ཆུང་བས་མ་འགྱུར་ཏེ་བལ་ཡུལ་དུ་བྱོན་ནས་བ་སུ་དྷ་ར་དང་དྷརྨ་བོ་དྷི་ལ་བཤད། ཕྱིས་བྲུ་ཤའི་ཡུལ་དུ་དྷརྨ་བོ་དྷི་དང་དྷ་ན་རཀྵི་ཏའི་དྲུང་དུ་སློབ་དཔོན་ཆེ་བརྩན་སྐྱེས་ཀྱིས་བྲུ་ཤའི་སྐད་དང་ཡི་གེར་སྒྱུར་རོ། །(སྟོད་ཆ།༡༦༦) ༣ རིག་འཛིན་དགའ་རབ་རྡོ་རྗེ་ནས་བརྒྱུད་པའི་འཕགས་ཡུལ་པཎ་གྲུབ་རྣམས་ཀྱི་མཛད་བསྡུས་དང་སློབ་དཔོན་པདྨས་རྒྱ་བལ་དུ་མཛད་པ་བསྐྱངས་ཚུལ། རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་སྐོར་ནི། གང་གི་ཚེ་བཅོམ་ལྡན་འདས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་རི་རབ་ཀྱི་བྱང་ཕྱོགས་དུས་ཁྲོད་མེ་རི་འབར་བར་མཁའ་འགྲོ་དང་། མཁའ་འགྲོ་མ་དང་། གྲུབ་པ་དང་། རིག་པ་འཛིན་པའི་ཚོགས་ལ་གསང་བ་སྔགས་ཀྱི་ཆོས་སྟོན་པ་དེའི་ཚེ་འཕགས་ཡུལ་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དྡ་ན་ཀོ་ཤའི་གླིང་ཞེས་བྱ་བ་དེའང་ཀོ་ཤ་ཞེས་པཱི་སྲོག་ཆགས་ལུས་མི་ལ་གོ་དང་རིད་ཀྱི་རྣམ་པ་སྦར་མོ་ལྕགས་ཀྱིས་གཏམས་པ་ཁོ་ནས་གང་ཞིག་ཙན་དན་ལ་སོགས་ཤིང་ལྗོན་པ་མང་པོས་བསྐོར་བའི་ཕྱིར་དེ་སྐད་དུ་གྲགས་སོ། །ཡུལ་དེར་སྤྲུལ་པའི་སྐུ་རིག་འཛིན་གྱི་གཙོ་བོ་དགའ་རབ་རྡོ་རྗེ་འཁྲུངས་པའི་ལོ་རྒྱུས་ལ་གཅིག་ཏུ་མ་གཻས་པའི་རྣམ་པར་ཐར་པ་མཐའ་ཡས་པར་སྣང་བ་ནི། རྒྱུད་བླ་མ་ལས། སངས་རྒྱས་ཁམས་དང་སངས་རྒྱས་བྱང་ཆུབ་དང་། སངས་རྒྱས་ཡོན་ཏན་སངས་རྒྱས་ཕྲིན་ལས་རྣམས། དག་པའི་སེམས་ཅན་གྱིས་ཀྱང་བསམ་བྱ་མིན། ཞེས་པ་ལྟར་སྐུ་གསུང་ཐུགས་ཀྱི་རོལ་པ་ཚད་མེད་ཅིང་གདུལ་བར་བྱ་བའི་སྣང་ཚུལ་དང་བསྟུན་ནས་གང་ཟག་རེའི་མོས་ངོར་ཡང་མཛད་པ་མཐའ་ཡས་པར་སྟོན་པའི་ཕྱིར་རྟག་པ་ཏེར་ཟུག་ཏུ་སྨྲ་བར་མི་རིགས་ཀྱང་། རེ་ཞིག་གདུལ་བྱའི་ངོར་སྣང་གི་མཛད་པ་དང་བསྟུན་ནས་གླེང་ན། རྒྱ་གར་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ། དྷ་ན་ཀོ་ཤའི་གླིང་། མཚོ་ཀུ་ཏྲའི་འགྲམ་(སྟོད་ཆ།༡༦༧)རྡོ་རྗེ་གླིང་ཕུག་བྱའི་གནས་སུ། ཡབ་རྒྱལ་པོ་དྷ་ཧེ་ན་ཏ་ལོ་ཞེས་བྱ་བ་དང་། ཡུམ་རྒྱལ་མོ་བརྩོན་རྒྱསལ་གཉིས་ཀྱི་སྲས་མོ་པྲ་ར་ནི་ཞེས་བྱ་བ་མཚན་དང་ལྡན་པ་ལ། དགེ་བའི་སེམས་དང་བྱང་ཆུབ་ཀྱི་ཐུགས་ལྷག་པར་ལྡན་པ་ཞིག་ཡོད་པ། རབ་ཏུ་བྱུང་ནས་དགེ་སློང་མའི་ཁྲིམས་རྣམ་པར་དག་པ་བསྲུངས་ཤིང་། འཁོར་དགེ་སློང་མ་ལྔ་བརྒྱ་དང་བཅས་གནས་པ་ན། ཤིང་མོ་གླང ་གི་ལོ་དབྱར་ཟླ་ར་བའི་ཚེས་བརྒྱད་ཀྱི་ཐོ་རེངས་ཁའི་རྨི་ལམ་ན། དེ་བཞིན་གཤེགས་པ་ཐམས་ཅད་ལས་འོད་འཕྲོས་ཏེ་ཉི་ཟླ་གཉིས་སུ་གྱུར་པ་ལས། ཉི་མ་སྤྱི་བོ་ནས་མར་དང་ཟླ་བ་རྐང་པ་ལས་ཡར་ཐིམ་པ་རྨིས་སོ། དེའི་ནང་པར་རྟོག་པ་སྐྱེས། མཚོ་ཀུ་ཏྲིའི་འགྲམ་དུ་ཁྲུས་བྱས་ཏེ་ཁ་ཤར་དུ་ཕྱོགས་ནས་འདུག་པ་ལས། ཕྱག་ན་རྡོ་རྗེས་གསེར་གྱི་ངང་པ་ཞིག་སྤྲུལ་ནས་ལྷའི་བུ་སེམས་ལྷག་ཅན་ཡི་གེ་ཧཱུྃ་ཞིག་ཏུ་བསྡུས། སྤྲུལ་པའི་བྱ་ངང་པ་བཞི་དང་བཅས་ནམ་མཁའ་ལས་བབས་ཏེ་སྲས་མོའི་མདུན་དུ་ཁྲུས་བྱས་པའི་མཐར་སྤྲུལ་གཞི་ནམ་མཁའ་ལ་འཕུར། སྤྲུལ་པའི་གཙོ་བོ་གསེར་གྱི་བྱ་སྲས་མོའི་ཐུགས་ཀར་ཆགས་ཏེ་མཆུ་ལན་གསུམ་གཏུགས་ནས་ཧཱུྃ་འོད་འབར་བ་ཞིག་བསྟིམ་ཏེ་སྔར་གྱི་གནས་ལ་འཕུར་རོ། དེས་སྲས་མོ་ཡ་མཚན་དུ་གྱུར་ཏེ་རྨི་ལམ་དང་བྱ་ངང་པའི་ལོ་རྒྱུས་རང་གི་ཡབ་དང་འཁོར་སོགས་ལ་ཟློས་པས་ཡབ་ཡ་མཚན་པར་གྱུར་ཏེ་སངས་རྒྱས་ཀྱི་སྤྲུལ་པ་འབྱུང་ངེས་གསུངས་ཤིང་བྱ་དགའ་དང་རིམ་གྲོ་ཡང་མང་དུ་མཛད་དོ། ལོ་དུས་ན་སྲས་མོའི་ཐུགས་ཀ་ནས་གསེར་ལས་གྲུབ་པའི་རྡོ་རྗེ་རྩེ་དགུ་པ་ཞིག་བྱུང་བ་ལས་ཐམས་ཅད་ཡ་མཚན་པར་གྱུར་ཏོ། དེར་རྡོ་རྗེ་དེ་རང་ཞིག་པ་ལས་ཁྱེའུ་མཚན་དང་དཔེས་བརྒྱན་པ། ཕྱག་གཡས་ན་རྡོ་རྗེ་དང་། གཡོན་ན་རིན་པོ་ཆེའི་ཕྱག་ཤིང་(སྟོད་ཆ།༡༦༨)ཐོགས་པ། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་ལ་སོགས་པ་ཞལ་འདོན་དུ་མཛད་པ་ཞིག་བྱུང་ངོ་། ཁྱེའུ་དེར་ནངས་པར་ཉི་མའི་འོད་ཟེར་ལས་བ་སྤུའི་བུ་ག་ནས་དེ་བཞིན་གཤེགས་པ་ཐམས་ཅད་གཤེགས་བཞུད་མཛད་ཅིང་། དེ་དག་གིས་མགྲིན་གཅིག་ཏུ་ཁྱོད་ཀྱིས་སེམས་ཅན་གྱི་དོན་གྱིས་ཤིག་པར་ལུང་སྟོན་པ་དང་། ལྷ་མ་སྲིན་སྡེ་བརྒྱད་ཏམས་ཅད་ཀྱང་ཕྱག་བྱེད་པར་སྣང་ངོ་། རེ་ཞིག་ཚེ་དཔལ་རྡོ་རྗེ་སེམས་དཔའ་དངོས་སུ་བྱོན་ནས་གཡས་སུ་ཀློང་ཆེན་བམ་པོ་ཉི་ཁྲི་ཆིག་སྲོང་གི་པུ་ཏི་དང་། གཡོན་དུ་བྱང་ཆུབ་སེམས་ཀྱི་ཕྱག་ཤིང་ལ་སེམས་སྨད་བཅོ་བརྒྱད་ཡོད་པ་བསྟན་ནས། བྱང་ཆུབ་ཡེ་ནས་མ་བཅོས་པ། ཡེ་ནས་སངས་རྒྱས་པར་བཤད་ན། དེར་ཐམས་ཅད་དགའ་སྟེ་བྲམ་ཟེ་མཚན་མཁན་ལ་བསྟན་པས། བྲམ་ཟེ་ཤིན་ཏུ་ངོ་མཚར་ཏེ། འདི་ནི་སྤྲུལ་པའི་སྐུ་ཐེག་པ་མཆོག་གི་བསྟན་པའི་བདག་པོར་གྱུར་ཞེས་ལུང་བསྟན། མཚན་ཡང་དགའ་རབ་རྡོ་རྗེར་བཏགས་སོ། དེར་གཞོན་ནུ་ནས་རོལ་རྩེད་ལ་སོགས་པ་ཐམས་ཅད་ལ་ཕྱག་ན་རྡོ་རྗེ་དངོས་སུ་བྱོན་ནས། རྒྱལ་ཐབས་སྤྱི་བླུགས་རྫོགས་པའི་དབང་ལ་སོགས་པ་དབང་རྣམས་རྫོགས་པར་བསྐུར། ལྷོ་ནུབ་འདམ་ཤོད་ཀྱི་གླིང་ནས་པུ་ཏྲི་རྣམ་གསུམ་བཀུག་སྟེ་དབང་བསྐུར་དམ་ལ་བཞག ཀློང་དགུ་བམ་པོ་ཉི་ཁྲི་ལ་སོགས་པའི་རྒྱུད་དབང་མན་ངག་ཐམས་ཅད་དུས་མཐའི་སྐད་གཅིག་ལ་རྫོགས་པར་གཏད་ནས་བསྟན་པའི་སྒྲོན་མེ་ཆེན་པོར་དབང་བསྐུར་དམ་ཅན་རྣམས་ལ་གཉེར་དུ་གཏད་དོ། དེར་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་ཉིད་སྐད་ཅིག་ཉིད་(སྟོད་ཆ།༡༦༩)ལ་རྩོལ་མེད་རྫོགས་པ་ཆེན་པོའི་ས་ལ་མངོན་པར་སངས་རྒྱས། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་དང་དགོངས་པ་གཅིག་ཏུ་གྱུར། སྤྱིར་རྒྱུ་འབྲས་ཀྱི་ཆོས་མཐའ་ཡས་པ་དང་། ཁྱད་པར་རྩོལ་མེད་རྫོགས་པ་ཆེན་པོའི་བསྟན་པ་དམ་པའི་ཆོས། རྩ་བའི་རྒྱུད་ཀློང་དགུ་བམ་པོ་ཉི་ཁྲི། ཡན་ལག་གི་རྒྱུད་རྒྱལ་བ་རིགས་ལྔ། གསང་བདག་དཔའ་བོའི་བཤད་རྒྱུད། བྱེ་བྲག་གི་རྒྱུད་སྡེ་བསམ་གྱིས་མི་ཁྱབ་པ་ཐམས་ཅད་དང་རང་གྲོལ་མངོན་སུམ་དུ་སྟོན་པའི་མན་ངག་རྒྱལ་ཐབས་སྤྱི་བླུགས་ལ་སོགས་ཏེ་རྒྱལ་བ་སྐུ་བཞིའི་དབང་གི་ཆུ་བོ་ཐམས་ཅད་ཐུགས་འོད་གསལ་ནམ་མཁའ་ཀློང་ཆེན་གྱི་དབྱིངས་སུ་རྫོགས་ནས། རྩོལ་མེད་རང་རྫོགས་པ་ཆེན་པོའི་བསྟན་པ་འཁོར་ཐུན་མོང་མ་ཡིན་པ་ལ་སྒྲོགས་ཤིང་བཞུགས་སོ། དེ་ལྟ་བུའི་སློབ་དཔོན་དགའ་རབ་རྡོ་རྗེ་ལ་ཐུགས་ཀྱི་སྲས་འཇམ་དཔལ་བཤེས་གཉེན་གཙོ་བོར་གྱུར་པའི་གསུམ་བརྒྱུད། བདུན་བརྒྱུད། ཉི་ཤུ་རྩ་གཅིག་བརྒྱུད་པ་མཐའ་ཀླས་པར་ཡོད་དེ། དེ་ལས་ཤན་འབྱེད་པ་བྲམ་ཟེའི་སྐོར། བཟླ་བ་རྒྱལ་པོའི་སྐོར། རང་གྲོལ་མངོན་སུམ་དུ་སྟོན་པ་མན་ངག་གི་སྐོར་དང་གསུམ་ལས། ཁྱད་པར་དུ་གྱུར་པ་ཕྱི་མ་མན་ངག་གི་སྐོར་ལའང་བརྒྱུད་སྲོལ་ཐ་དད་པ་ཡོད་པ་དེ་འདིར་རིག་འཛིན་ངེས་པའི་ལུང་བསྟན་ལྟར་བརྡ་བསྟན་པ་ཙམ་གྱིས་རྟོགས་གྲོལ་དུས་མཉམ་དུ་གྱུར་ཀྱང་བསྟན་པ་ཡོངས་དུ་རྫོགས་པར་བྱ་ཕྱིར་རྒྱུད་དང་མན་ངག་ལ་ནན་ཏན་དུ་བྱས་པའི་སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་ནི། གང་གི་ཚེ་མ་གྷ་དྷ་རྡོ་རྗེ་གདན་གྱི་ནུ་ཕྱོགས་སུ་ཡབ་ཟེ་དཔལ་ལྡན་སྐྱོང་དང་། ཡུམ་བྲམ་ཟེ་ཀུ་ཧ་ན་ཞེས་བྱ་བ་ལ། འཇམ་དཔལ་དབྱངས་ཀྱི་སྤྲུལ་པ་སྲས་ཁྱེའུ་མཚན་(སྟོད་ཆ།༡༧༠)དང་ལྡན་པ་ཞིག་བྱུང་སྟེ། དེའི་མིང་བྲམ་ཟེ་སྙིང་པོ་གྲུབ་པའམ། བདེ་མཆོག་སྙིང་པོ་ཞེས་གྲགས་ཏེ་རིག་པའི་གནས་ལྔ་ལ་མཁས་པའི་དགེ་སློང་རྒྱུ་འབྲས་ཀྱ་ིཆོས་ཐམས་་སུ་ཆུད་པ་ཞིག་ཏུ་གྱུར་ཏོ། དེ་པཎྜི་ཏ་ལྔ་བརྒྱའི་མཆོག་ཏུ་གྱུར་ནས་བཞུགས་པའི་ཚེ། སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་ཞེས་བྱ་བས་རྒྱུ་འབྲས་ལས་འདས་པའི་རྨད་བྱུང་བསྟན་པའི་སྙིང་པོ། རྩོལ་མེད་རྫོགས་པ་ཆེན་པོ་ཞེས་བྱ་བ་སྒྲོག་གོ་ཞེས་པཎྜི་ཏ་ཀུན་གྱིས་ཐོས་པ་ལས། དེར་བྲམ་ཟེ་སྙིང་པོ་གྲུབ་པ་ལ་འཕགས་པ་འཇམ་དཔལ་གྱིས་ལུང་བསྟན་པ། ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དྷ་ན་ཀི་ཤའི་གླིང་། མཚོ་ཆེན་པོ་ཀུ་ཤའི་འགྲམ། དུར་ཁྲོད་གསེར་གླིང་ཧེ་ཆེན་བརྡལ་བའི་འདབས་རྡོ་རྗེ་གླིང་གི་ཕུག་ན། རྡོ་རྗེ་སེམས་དཔའི་སྤྲུལ་པ་སངས་རྒྱས་ཐམས་ཅད་ཀྱིས་རྩོལ་མེད་བསྟན་པའི་སྒྲོན་མེར་དབང་བསྐུར་བ། སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་ཞེས་བྱ་བ་ཡོད་ཀྱི། དེ་ལ་རྨད་བྱུང་བསྟན་པའི་སྙིང་པོ་ཨ་ཏི་ཡོ་ག་ཞེས་བྱ་བ་རྩོལ་མེད་པར་སྐད་ཅིག་ལ་འཚང་རྒྱ་བའི་ཆོས་ཡོད་པས་དེ་ལོངས་ལ་སྤྲུལ་པའི་སྡུད་པ་པོ་གྱིས་ཤིག་པའི་ལུང་བསྟན་ཏོ། དེར་པཎྜི་ཏ་གཞན་རྣམས་ན་རེ། རྒྱུ་འབྲས་ལས་འདས་པའི་ཆོས་ཡོད་པ་མི་རིགས་ཞེས་སུན་དབྱུང་བར་བགྲོས་སོ། བྲམ་ཟེ་སྙིང་པོ་གྲུབ་པས་ཀྱང་མཁྱེན་བཞིན་དུ་ཆོས་དང་གང་ཟག་གི་ཆེ་བ་འབྱིན་པའི་ཕྱིར་པཎྜི་ཏ་རྣམས་ཀྱི་རྗེས་སུ་འགྲོས་པ་ལས་ཐམས་ཅད་ཞལ་འཆམ་སྟེ་ཨོ་རྒྱན་གྱི་ཡུལ་ས་ཐག་རིང་བ་དང་། ཀུན་གྱིས་མི་བགྲོད་པས། སྙིང་པོ་གྲུབ་པ་དང་། རཱ་ཛ་ཧ་སྟི་ལ་སོགས་པ་བདུན་སུམ་དབྱུང་བར་མངགས་སོ། དེར་བདུན་པོས་དགའ་རབ་རྡོ་རྗེའི་དྲུང་དུ་བརྟོལ་ཏེ་ཉམས་སད་པའི་ཕྱིར་དུ་རྒྱུ་འབྲས་ཀྱི་ཐེག་པའི་ཆེ་བ་དང་། ཆོས་ཀྱ་ི)༡༧༡)བགྲོ་བ་བྱས་པས། རྒྱུའི་ཆོས་སྡེ་སྣོད་གསུམ་དང་། འབྲས་བུའི་ཆོས་གསང་སྔགས་ཕྱི་ནང་གཉིས་གང་གི་སྒོ་ནས་ཀྱང་མ་ཐུབ་པས། བདེ་མཆོག་སྙིང་པོས་མཁྱེན་བཞི་དུ་པཎྜི་ཏ་གཟན་རྣམས་ལ་འོ་ཅག་གིས་རོད་པ་ནོངས་སྤྲུལ་པའི་སྐུ་འདི་ལ་རྒྱུ་འབྲས་ལས་འདས་པའི་ཆོས་མི་ཞུ་འམ་ཞེས་བགྲོ་བ་ལྟར་མཛད་པས། པཎྜི་ཏ་ལ་ལ་ནི་སྐྱེངས་ནས་ངོ་གནག་པར་གྱུར་ཞིང་། ལ་ལ་ནི་འོ་ཅག་གིས་བརྩོད་དིང་བརྙས་པ་བྱས་པས་ཞུ་བར་མི་སྤོབས་ཟེར་རོ། དེར་བདེ་མཆོག་སྙིང་པོ་ལ་སོགས་པས་བཤགས་པ་བྱ་བར་བགྲོས་ཏེ་པཎྜི་ཏ་རྣམས་ཀྱིས་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་ལ་ཕྱག་དང་སྐོར་བ་བྱས། མཆི་མ་སྙིལ་བའི་ཚེ་སྙིང་པོ་གྲུབ་པས་རང་གི་ལྕེ་བཅད་དེ་བཤགས་པ་བྱ་བར་དགོངས་པ་དང་། རིག་འཛིན་མཆོག་གི་སྤྲུལ་སྐུ་དགའ་རབ་རྡོ་རྗེས་མཁྱེན་ཏི་ཚིགས་སུ་བཅད་པ་འདི་གསུངས་སོ། མཉམ་ཉིད་ཕྱོགས་བྲལ་ལྷུན་གྲུབ་བདེ་བ་ཆེ། ཆོས་རྣམས་ཐམས་ཅད་བྱང་ཆུབ་སྙིང་པོ་ལ། འགྲོ་དྲུག་རང་ལ་ཡུལ་བཟུང་ཞེན་པས་བཅིངས། མུ་སྟེགས་མཐར་འཛིན་རྟག་ཆད་ལོག་ལྟར་ཞུགས། ཐེག་བརྒྱད་ངང་ལ་གཉིས་བཟུང་ཡིན་མིན་གྱིས། ཞེ་འདོད་ཕྱོགས་རིས་དབྱིངས་ལ་ཕྱོགས་སུ་ཞེན། མཉམ་པའི་དོན་ལ་ཕྱོགས་དང་རིས་སུ་བཅད། རང་ལ་ཡོད་བཞག་མེད་པས་གཞན་དུ་འཚོལ། ལྷུན་གནས་བདེ་པོར་བརྩོལ་བས་དང་དུ་ལེན། རང་སེམས་སངས་རྒྱས་ནམ་ཞིག་དུས་ལ་ལྟོས། མཉམ་ཉིད་མ་རྟོགས་ཞེ་འདོད་ཕྱོགས་ལྟ་ལ། འདི་ཡི་ཐང་ཆད་ཡུས་རྒྱས་སྙིང་རེ་རྗེ། དེ་བས་ཕྱོགས་འཛིན་ཞེན་པའིི་དུག་ཆོམས་ལ། མཉམ་ཉིད་ཕྱོགས་བྲལ་བདེའི་དོན་ལ་ཞུགས། ཞེས་གསུངས་ནས་སྙིང་པོ་གྲུབ་པ་ལ་ཁྱོད་ཀྱིས། ལྕེ་བཅད་པས་སྡིག་པ་མི་དག་(སྟོད་ཆ།༡༧༢)རྒྱུ་འབྲས་ལས་འདས་པའི་ཆོས་ཁྱད་དུ་འཕགས་པ་ཞག་རྩོམས་ཤིག་དས་སྡིག་པ་འདག་པར་འགྱུར་རོ། །ཞེས་གསུངས་པས་ཕྱིན་ཆད་བྱང་སེམས་སྔ་ལ་འགྲེལ་པ་གསེར་ཞུན་བརྩམས་ཤིང་བཀའ་བསྡུ་བ་པོར་མཛད། དེར་བརྡ་བསྟན་པ་ཙམ་གྱིས་རྟོགས་གྲོལ་དུས་མཉམ་དུ་གུར་ཀྱང་བསྟན་པ་ཡོངས་སུ་རྫོགས་པར་བྱ་བའི་སླད་དུ་ཕྱག་དང་བསྐོར་བ་བྱས། རིན་པོ་ཆེའི་མཎྜལ་སྣ་ཚོགས་པ་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་ལ་ཕུལ་ནས་གསོལ་བ་བཏབ་སྟེ་སྙིང་པོའི་དོན་ཞུས་པས། སེམས་སྡེའི་སྐོར་རྩ་བའི་རྒྱུད་བརྒྱད་དང་། ཡན་ལག་གི་རྒྱུན་མཐའ་ཡས་པ། དབང་དང་མན་ངག་ལ་སོགས་པ་རྒྱས་པར་གནང་། དེ་ནས་ཀློང་སྡེའི་སྐོར། ཕྱི་རྩིབས་རྒྱ། ནང་གསང་རྒྱ། གསང་བ་རྒྱའུ་ཆུང་། དགོངས་པ་གཏད་རྒྱའི་སྐོར་ལ་སོགས་པ་རྒྱུད་མན་ངག་དང་བཅས་པས་མཚོན་ཏེ་ཨ་ཏི་ཡོ་གའི་རྒྱུད་དཔག་ཏུ་མེད་པ་གསུངས་སོ། དེས་ཀྱང་ཐུགས་མ་ཚིམ་པར་ཕྱག་དང་སྐོར་བ་བྱས་ཏེ་རིན་པོ་ཆེའི་མེ་ཏོག་ཕུལ་ནས་གསོལ་བ་བཏབ་པས། རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་བསྐུར། རང་གྲོལ་མངོན་སུམ་དུ་སྟོན་པ་མན་ངག་སྡེའི་སྐོར་ཡང་བྱིན་ཏེ་ཕྱི་ལྟར་འཇམ་དཔལ་བཤེས་གཉེན་ནང་ལྟར་རྡོ་རྗེ་བདེ་བ་རྩལ་དུ་མིང་བཏགས། འཇམ་དཔལ་བཤེས་གཉེན་གྱིས་གདུང་ཚིག་ལན་གསུམ་བཏོན་པས་ནམ་མཁར་འོད་ཕུང་གི་དཀྱིལ་ནས་སྐུ་མངོན་སུམ་དུ་སྣང་བར་མཛད་ནས་གསེར་གྱི་ཟ་མ་ཏོག་སེན་གང་བ་ཞིག་ཕྱག་ཏུ་བབས་པས་ཚིག་གསུམ་གནད་དུ་བརྡེག་པའི་འདས་རྗེས་ཀྱི་གླེགས་བམ་བབས་པ་གཙིགས་པ་ཙམ་གྱིས་ཐུགས་སུ་ཆུད། དགའ་རབ་རྡོ་རྗེ་དང་རྟོགས་པ་མཉམ་པར་གྱུར་པས་རྫོགས་པ་ཆེན་(སྟོད་ཆ།༡༧༣)པོའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞི་ལས་བཏུས་ནས་གནས་པ་སེམས་ཀྱི་སྡེ། བྱ་བྲལ་ཀློང་གི་སྡེ། ཟབ་པ་མན་ངག་གི་སྡེ་དང་གསུམ་དུ་ཕྱེ་ནས། གནད་ཟས་ཟབ་པ་སྙིང་གི་ཐིག་ལའེི་སྐོར་ལ་བཤད་རྒྱུད་དང་། རྣར་རྒྱུད་གཉིས་སུ་ཕྱེ་ནས་རྣར་རྒྱུད་མཚན་དུ་བཏབ། བཤད་རྒྱུད་སྙིང་གི་ཐིག་ལེ་སྤེལ་བའི་གནས་མ་རྙེད་པས་རྡོ་རྗེ་གདན་དུ་གཏེར་ལ་སྦས་ཏེ་རྒྱལ་པོ་དྷ་ཉེ་ན་ཏ་ལ་སོགས་ལ་དགོངས་པའི་དོན་སྟོན་བཞིན་སོས་གླིང་གི་དུར་ཁྲོད་དུ་ལོ་བརྒྱ་དང་ཉི་ཤུ་རྩ་དགུར་བཞུགས་ཤིང་། མི་སྡུག་པའི་མཁའ་འགྲོ་མ་རྣམས་དང་སྤྱོད་པ་ལ་གནས་པའི་སྒྲུབ་པ་པོ་དང་སེམས་ཅན་དཔག་ཏུ་མེད་པའི་དོན་མཛད་པར་གྲགས་སོ། སློབ་དཔོན་འདིའི་སློབ་མ་ནི་དཀྱིལ་འཁོར་ཆེན་པོའི་རྡོ་རྗེ་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཡིན་ཅིང་ཐོག་མར་སློབ་དཔོན་ཛ་ལན་དྷ་རི་བ་དང་། ཨོ་རྒྱན་གྱི་སློབ་དཔོན་སྒེག་པ་རྡོ་རྗེ་དང་། རྣལ་འབྱོར་མ་གུ་ནེ་རུ་སོགས་བླ་མ་མང་པོ་བསྟེན་ནས་གསང་སྔགས་ཀྱི་ཚུལ་རྣམས་མང་དུ་གསན། ཡོ་བྱད་རྣམས་རྨུགས་འཛིན་དང་ནོར་རྒྱུན་མས་སྦྱོར། ལན་ཅིག་ཀོང་ཀ་ནའི་སློབ་དཔོན་པཱ་ལི་ཏ་པཱ་ད་ལོ་དགུའི་བར་བསྟེན་ཅིང་འདུས་པའི་རྒྱུད་ཚར་བཅོ་བརྒྱད་མཉན་ཀྱང་དེ་ཁོ་ན་ཉིད་མ་རྟོགས་པར་བླ་མ་ལ་ཞུས་པས་དེ་ཁོ་བོས་ཀྱང་མ་རྟོགས་སོ་གསུངས། དེ་ནས་རྡོ་རྗེ་གདན་གྱི་རྒྱབ་ཀུ་ཡའི་ཚལ་ཟེས་བྱ་བར་བསྙེན་སྒྲུབ་ཡན་ལག་བཞི་སྤོག་ཆོག་དང་བཅས་པ་ཟླ་བ་བཅུ་གཉིས། དྲག་ཤུལ་སྤྱོད་པ་ཟླ་བ་དྲུག་སྟེ་བཅོ་བརྒྱད་དུ་བསྒྲུབས་པས་དེ་ཁོ་ན་ཉིད་རྟོགས་པར་འདོད་ན་འཕགས་པ་འཇམ་དཔལ་ལ་དྲིས་ཤིག་ཅེས་ལུང་བསྟན་བྱུང་བས། འོ་ན་འཇའམ་དཔལ་རྩེ་ལྔར་བཞུགས་པས་དེར་(སྟོད་ཆ།༡༧༤)འགྲོ་དགོས་དགོངས་ཏེ་དེ་ཕྱོགས་སུ་སོང་སོང་བ་ཉི་མ་ཕྱེད་ཙམ་ན་ཁང་པ་དཀར་ཙག་ཙག་ཞིག་གི་འགྲམ་ན་འཇམ་དཔལ་བཤེས་གཉེན་ཁྱིམ་བཙུན་རྒན་པོ་ཆོས་གོས་ཀྱི་ཐོད་བྱས་པ་བུད་མེད་ངན་ངོན་གཅིག་དང་ལྷན་ཅིག་ཞིང་རྨོ་བར་གཟིགས་པས་ཅུང་ཟད་མ་དད། དེའི་འགྲམ་ཞིག་ཏུ་ཀྱི་མོ་དཀར་པོ་ངན་མ་ཞིག་ཀྱང་ཉལ་ནས་འདུག དེར་ཟས་ཀྱི་དུས་ལ་བབ་པས་བསོད་སྣོམས་སློང་བ་ཞིག་ལ། ཡུར་བ་ནས་ཉ་ཞིག་བཟུང་སྟེ་ཁྱི་མོ་ལ་བྱིན། དེས་སྐྱུགས་པ་སློབ་དཔོན་ལ་དྲངས་པ་ན་རྣམ་པར་རྟོག་པས་མ་བླངས་པས། ཁྱིམ་བཙུན་ན་རེ། འཛམ་བུ་གླིང་པ་རྣམ་རྟོག་ཆེ། ཟས་བཟང་པོ་དྲོངས་གསུངས་ཏེ་གཞན་ཞིག་ཏུ་སོང་ངོ་། དེར་བུད་མེད་དེས་འབྲས་ཆན་དང་ཞོ་དྲངས་པ་གསོལ་ནས་འགྲོ་བར་བརྩམས་པས། དེ་རིང་ནི་མ་ཕྱིས་པས་གྲོག་དུ་ནི་མི་སླེབ། སང་ཉིན་སོང་ཟེར་བ་བཞིན་བཞུགས་ཏེ་གསང་འདུས་ཀྱི་རྒྱུད་བཀླགས་པས་སློབ་དཔོན་རང་ཉིད་ཐེ་ཚོམ་ཟ་བའི་གནས་གར་ཡོད་ཀྱི་ཐད་དེར་བུད་མེད་དེས་ཀྱང་མི་དགའ་བའི་རྣམ་འགྱུར་རེ་བྱས་པས། འདིས་གཞན་སེམས་ཤེས་པར་འདུག་དགོངས་ཏེ་ཐེ་ཚོམ་བསལ་བར་ཞུས་པས་ངས་མི་ཤེས། ད་ཅིའི་ཁྱིམ་བཙུན་དེ་འདུས་པ་ལ་ཤིན་ཏུ་མཁས་ཕྱི་མོ་རེ་ན་སླེབ་འོང་བས་དེ་ལ་ཐེ་ཚོམ་ཆོད་ཟེར་བ་ལྟར་ཕྱི་མོ་རང་ན་ཁྱིན་བཙུན་ཆང་གིས་བཟི་ནས་གོམ་པ་འཁྱོར་བཞིན་དུ་བྱུང་བས་དེར་སྔགས་ཀྱི་སྤྱོད་པ་ཅན་དུ་ཤེས་ཏེ་ཞབས་ལ་ཕྱག་བྱས་ནས་ཐེ་ཚོམ་གཅོད་པར་ཞུས་པས་དབང་བསྐུར་དགོས་དགོངས། གཞན་ནས་ཐོབ་ཞུས་པས། ངའི་ཆོས་སྟོན་པ་ལ་ང་རང ་གིས་དབང་བསྐུར་དགོས་གསུངས་ནས་ཁང་པ་ཞིག་ཏུ་སོང་། སྲོད་ཀྱི་དུས་སུ་སློབ་དཔོན་ནང་དུ་བོས་པ་ལ། འཇམ་དཔལ་(སྟོད་ཆ།༡༧༥)རྡོ་རྗེ་ལྷ་བཅུ་དགུའི་དཀྱིལ་འཁོར་སྤྲུལ་པའི་དྲུང་ན་ཁྱིམ་བཙུན་བུད་མེད་ཁྱི་མོ་དང་བཅས་པ་སྣང་སྟེ་དབང་སུ་ལས་ལེན་གསུངས་པས། དཀྱིལ་འཁོར་ལས་འཚལ་ལོ་ཞུས་པས་འོ་ན་ལོངས་ཤིག་གསུངས་ཏེ་གསུམ་ག་ཁང་པ་གཞན་ཞིག་ཏུ་སོང་དཀྱིལ་འཁོར་ཡང་མི་སྣང་བར་གྱུར། དེར་སློབ་དཔོན་ཐུགས་སྐྱེ་སྟེ། ཁྱོད་ནི་སེམས་ཅན་ཀུན་གྱི་ཡབ་གཅིག་ལ་སོགས་གདུང་བའི་ཡུས་ཀྱིས་གསོལ་བ་བཏབ་པས་སླར་ཡང་སྔར་བཞིན་དཀྱིལ་འཁོར་སྤྲུལ་ཏེ་དབང་བསྐུར། རྫོགས་པ་ཆེན་པོ་སེམས་སྡེའི་མན་ངག་བཤད་པས་རྟོགས་པ་ནམ་མཁའ་དང་མཉམ་པར་གྱུར། འཇམ་དཔལ་ཞལ་ལུང་ཞེས་རིམ་པ་གཉིས་ཀྱི་དེ་ཁོ་ན་ཉིད་བསྒོམ་པ་འདི་ཉིད་སློབ་དཔོན་གྱིས་སྡུད་པ་པོའི་ཚུལ་མཛད་པ་ཡིན། དེས་ཆོས་ཐམས་ཅད་ཀྱི་གཏིང་སླེབ། ཐོག་མར་ཁྱིས་སྐྱུགས་པའི་ཟས་དང་ཁྱིམ་བཙུན་གྱི་སྤྱོད་པ་སོགས་ལ་མ་དད་པའི་རྟེན་འབྲེལ་གྱིས་སྐུ་ལུས་དེ་ནིད་ཀྱིས་མཆོག་གི་དངོས་གྲུབ་མ་ཐོབ་ཀྱང་བར་དོར་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་མཛད་པ་ཡིན་ཞེས་གྲགས། སླར་བསྲུང་བའི་ཞབས་ཀྱིས་ཀྱང་སློབ་དཔོན་འདི་ལས་གདམས་པ་ཞུས་པས་གྲུབ་པ་ཐོབ་བོ། བསྟན་བཅོས་ཀྱང་གྲོལ་བའི་ཐིག་ལེ་དང་། སྒྲུབ་ཐབས་ཀུན་བཟང་སོགས་ཤིན་ཏུ་མང་བར་མཛད། སློབ་དཔོན་འདིའི་རྫོགས་རིམ་གྱི་མན་ངག་སྔོན་ཆད་བོད་དུ་འགྱུར་བ་རྣམས་སྡེ་སྡེ་ཁོ་ནའི་གྲུབ་མཐའ་གཙང་ཙིང་ངེ་བར་གནས་ཤིང་རྒྱུ་མཚན་དེས་རྗེས་འབྲངས་སློབ་མའི་ཚོགས་དང་བཅས་པའང་རྫོགས་པ་ཆེན་པོའི་དོན་གྱི་བརྒྱུད་པར་འགྲོ་ལ། འགའ་ཞིག་གིས་སློབ་དཔོན་ཤྲཱི་སིདྷ་ཡང་འདི་ནིད་ཀྱི་མཚན་གྱི་རྣམ་གྲངས་སུ་འདོད་པའང་ཐོས་སོ། དུས་དེ་ཙམ་ན་རྒྱ་ནག་ཞོ་ཤོའི་གླིང་གི་ཡབ་རྒྱལ་པོ་གྲུ་ཁྱེར། ཡུམ་ནན་(སྟོད་ཆ།༡༧༦)ཀ་ཞེས་བྱ་བ་གཉིས་ཀྱི་བུ། ཤྲཱི་སིདྷ་པྲ་བ་ཏ་ཞེས་བྱ་བ། པཎྜི་ཏ་ལྔ་བརྒྱ་ལ་རིག་པ་སྦྱངས་པས་རིག་པའི་གནས་ལྔ་ལ་མཁས་པ་ཞིག་ཡོད་པ་དེར། སྐབས་ཤིག་ནུབ་ཕྱོགས་ཀྱི་གྲོང་ཁྱེར་གསེར་གླིང་བྱ་བར་འགྲོ་བའི་ལམ་བར་དུ་འཕགས་པ་སྤྱན་རས་གཟིགས་ནས་ནམ་མཁར་བྱོན་ནས་སྐལ་ལྡན་འབྲས་བུ་ངེས་པར་འདོད་ཅན་རྒྱ་གར་གྱི་དུར་ཁྲོད་སོ་ས་གླིང ་དུ་སོང་ཞིག །ཅེས་ལུང་བསྟན་པས་སློབ་དཔོན་ཉིད་ཚིམ་པར་གྱུར་ཏེ་ད་དུང་འབྲས་བུ་བླ་ན་མེད་པ་དེ་ནིད་གོ་སླ་བའི་ཕྱིར་གསང་སྔགས་ཀྱི་གཞན་ལའང་མཁས་པསར་བྱ་སྙམ་དུ་དགོངས་ཏེ་རི་བོ་རྩེ་ལྔར་གདོལ་པའི་རིགས་ཀྱི་སློབ་དཔོན་ལྷ་ལ་ཀི་རྟིར་སྔགས་ཕྱི་ནང་གི་ཅོས་རྣམས་མ་ལུས་པར་གསན་ཅིང་ཉམས་འོག་ཏུ་ཆུད་པར་མཛད། རབ་ཏུ་བྱུང་ནས་དགེ་སློང་སྡེ་སྣོད་འཛིན་པ་མཛད་ཅིང་ལེ་སུམ་ཅུའི་བར་དུ་འདུལ་ཁྲིམས་ཀྱི་བརྟུལ་ཞུགས་སུ་གནས། སླར་ཡང་འཕགས་པའི་ལུང་གིས་སྔོན་བཞིན་བསྐུལ་བས་རྒྱ་གར་དུ་བགྲོད་པའི་ལམ་ལ་དཀའ་བ་མེད་པའི་རྫུ་འཕྲུལ་ཞིག་བསྒྲུབ་པར་བྱ་དགོངས་ཏེ་ལོ་གསུམ་དུ་སྒྲུབ་པ་མཛད་པས་རིག་པ་འཛིན་པའི་སྐུར་གྱུར། དེ་ནས་ཞབས་ས་ལ་ཁྲུ་གང་ཙམ་གྱིས་མ་རེག་པར་དུར་ཁྲོད་སོ་ས་གླིང་དུ་བྱོན་ནས་སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་མཇལ་ཞིང་བླ་མའི་བྱ་བ་རྣམས་བྱས། ཞེས་དང་། ལོ་རྒྱུས་ཁ་ཅིག་ཏུ། ཤྲཱི་སིདྷས་སློབ་དཔོན་བཙུན་པ་ཤམས་ཐབས་ཐོད་དུ་བཅིངས། ཐོང་གཤོལ་ཕྲག་པ་ལ་བཟུང་བའི་རྨོས་མཁན་དུ་མཐོང་སྟེ། ཤྲཱི་སིདྷ་ཡིད་མ་ཆེས་པས་འདི་ནི་འཇམ་དཔལ་བཤེས་གཉེན་ག་ལ་ཞིག་སྟེ་དེ་ནི་ཡང་ན་པཎྜི་ཏའམ། ཡང་ན་རྣལ་འབྱོར་པའི་ཆ་བྱད་དུ་འོང་ཐད་སྙམ་ནས་བཟའ་བ་ཞིག་བསླངས་པས།(སྟོད་ཆ།༡༧༧) ངའི་ཆུང་མ་ལ་སློངས་ཟེར། དེ་ནས་གྲོང་ཁྱེར་དུ་ཕྱིན་ནས་བསླངས་པས། ཇོ་མོས་ཚོང་འདུས་ནས་བྱིའུ་མཆིལ་པ་བདུན་ཉོས། དེ་འབྲས་ཆན་དང་བསྲེས་ནས་དྲངས་བྱུང་། ང་དགེ་སློང་ཡིན་པས་བཟའ་བར་མི་རུང་བྱས་པས་རྗེས་སུ་ཡི་རག་ཟེར་ལག་མཐིལ་དུ་བཞག །ཕུས་བཏབ་པས་ཅི་དིར་གྱིས་ནམ་མཁའ་ལ་དེངས། དེར་ཁྱིམ་བཙུན་བྱོན་ནས། འདི་ལ་བཟའ་བ་བྱིན་ནམ་གསུངས་པས། ཇོ་མོ་ན་རེ་བཟའ་བ་བྱིན་ཀྱང་ཁོང་མི་འདོད་པར་གདའ་གསུངས་པས། གང་ཟག་འཆིང་བ་ཅན་གསུངས། ཤྲཱི་སིདྷས་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ཞལ་འདོན་མཛད་པས། སློབ་དཔོན་གྱིས་དང་པོར་མལ་ལས་གཟིམས་བཞིན་དུ་གསན། དེ་ནས་བཞེངས་ཏེ་གསན། རྫོགས་པ་དང་དོན་ལ་ལྟ་ཅི་ཚིག་ལའང་རྨོངས་གསུངས་པས་འཇམ་དཔལ་བཤེས་གཉེན་ཡིན་པར་དགོངས་ཞེས་འབྱུང་ལ། དེར་རྗེས་སུ་གཟུང་བར་གསོལ་བ་བཏབ་པས་བླ་མས་ཀྱང་དགྱེས་བཞིན་དུ་གནང་། ལོ་ཉེར་ལྔའི་བར་ལ་གདམས་པ་དང་རྗེས་སུ་གདམས་པ་རྣམས་རྩལ་བའི་འོག་ཏུ་སློབ་དཔོན་ཆེན་པོ་ཉིད་སྐུ་འོད་ཕུང་དུ་ཡལ། དེའི་ཚེ་ཤྲཱི་སིདྷིས་སྨྲེ་སྔགས་ཀྱི་གདུང་དབྱངས་བཏོན་པས་ནམ་མཁའ་ནས་སློབ་དཔོན་གྱིས་སྐུ་དངོས་སུ་བསྟན་ཏེ་རིན་པོ་ཆེའི་ཟ་མ་ཏོག་སེན་གང་བ་ཞིག་ཕྱག་ཏུ་གཏད་པར་སྒོམ་ཉམས། དྲུག་པ་ཞེས་བྱ་བའི་འདས་རྗེས་བབ་པས་སློབ་དཔོན་ཉིད་དོན་གྱི་གདེང་དང་ལྡན་པས་གྱུར་ཏོ། དེ་ནས་སློབ་དཔོན་ཤྲཱི་སིདྷས་རྡོ་རྗེ་གདན་གྱི་འོག་ནས་སྔར་སྦས་པའི་རྒྱུད་རྣམས་བཏོན་ཏེ་རྒྱ་ནག་ཏུ་བྱོན་ཅིང་རྫོགས་པ་ཆེན་པོ་མན་ངག་གི་སྡེ་ལ། ཕྱི་སྐོར། ནང་སྐོར། གསང་སྐོར། གསང་བ་བླ་ན་མེད་པ་བཞིར་ཡེས་ནས་སྐོར་སྔ་མ་གསུམ་སྤྲོས་བཅས་(སྟོད་ཆ།༡༧༨)ཀྱི་དོན་དུ་བསྡེབས་ནས་བྱང་ཆུབ་ཤིང་གི་ལྷ་ཁང་བྱ་འདབས་སུ་གཏེར་དུ་སྦས། གསང་བ་བླ་ན་མེད་པའི་སྐོར་མཁའ་འགྲོས་ལུང་བསྟན་པ་ལྟར་བཀྲ་ཤིས་ཁྲི་སྒོའི་ཀ་བར་སྨོན་ལམ་གྱི་རྒྱས་བཏབ་སྟེ་སྦས། སློབ་དཔོན་ཉིད་བསིལ་བྱིན་ཞེས་དུར་ཁྲོད་ཅེན་པོས་གདུག་པའི་མི་མ་ཡིན་རྣམས་ཀྱི་བཀུར་སྟི་དང་བཅས་པས་ཏིང་ངེ་འཛིན་ལ་བཞུགས། དེ་ལ་སློབ་དཔོན་བི་མ་ལ་དང་ཛྙཱ་ན་སུ་ཏྲ་གཉིས་ཀྱིས་ཞུས་ཏེ། དེ་ལ་ཛྙཱ་ན་སུ་ཏྲ་ནི། ཡབ་གདོལ་པའི་རིགས་ཨ་པ་རྟ་ཛ་ན་བྱ་བ་དང་། ཡུམ་རྒྱ་མཚོ་མ་བྱ་བའི་བུ་སྦྲུལ་གྱི་གདེངས་ཀས་མཚན་པ་ཞིག་བྱུང་། ཕ་མ་གཉིས་སྐྲག་སྟེ་དུར་ཁྲོད་དུ་བསྐྱལ་ནས་ཁྱེའུ་ན་རེ། སྙིང་པོའི་དོན་ལ་ཐུགས་པངས་པའི་སྤྲུལ་པ་ཡིན་གྱིས། ལས་ཀྱིས་འབྲེལ་བའི་ཕ་མ་ཡིན་པས་གསོས་ཤིག་ཅེས་ཟེར་བས། བདེན་པར་བཟུང་ནས་བླངས་ཏེ་གསོས། བྱང་ཆུབ་སེམས་དཔའི་སྤྲུལ་པ་ཀླུའི་རྒྱལ་པོ་དགའ་བོས་རྩོལ་མེད་ཀྱི་ཐེག་པ་ལུག་པར་མཁྱེན་ནས་སྤྲུལ་པ་ཡིན་པས་མིང་ནཱ་ག་རཱ་ཛ་བ་ཏྲི་ཞེས་བྱ་བར་བཏགས། ཁྱེའུ་དེ་སྐྱེད་ཆེ་ཞིང་བློ་གྲོས་དག་ལྡན་པར་གྱུར་ནས་རྒྱལ་པོ་ཧ་སྟི་དང་། སྲས་མོ་པྲ་ར་ན་ནི་སོགས་ལས་སེམས་ཕྱོགས་ཀྱི་ཆོས་མང་དུ་ཉོན་ནོ། སློབ་དཔོན་བཱི་མ་ལ་མི་ཏྲ་ནི་རྣམ་པར་ཐར་པ་མཐའ་ཡས་ཀྱང་ལོ་རྒྱུས་ཅུང་ཟད་སྒྲུབ་སྡེའི་སྐབས་སུ་སྨྲས་ཟིན་པ་ལྟར་ཏེ། ལོ་རྒྱུས་ཁ་ཅིག་ཏུ། ཕ་མེད་ཀྱི་བུར་གྱུར་པས་ཡུམ་གནོང་སྟེ་གཡོག་མོས་བྱེ་མའི་ཁུང་དུ་སྦ་བར་མངགས། དེ་སྟར་བྱས་རྗེས་ཕྱིས་བལྟས་ཙ་ན་མིག་བཀྲ་ཧྲིག་གེ་མ་ཤི་བར་འདུག་པས་སྤྲུལ་པའི་སྐུ་ཡིན་པར་ཤེས་ནས་བླངས། སླར་པཎྜི་ཏ་ལྔ་བརྒྱའི་སྤྱི་ཕུད་དུ་གྱུར་ནས་དགེ་སློང་ཆེན་པོ་བཱི་མ་ལ་མི་ཏྲ་སྟེ་བོད་སྐད་དུ།(སྟོད་ཆ།༡༧༩) པཎ་ཆེན་དྲི་མེད་བཤེས་གཉེན་དུ་གྲགས་ཏེ་རིག་པའི་གནས་ལྔ་ལ་མཁས་པར་གྱུར་ཅེས་གྲགས་སོ། འདིར་བི་མ་ལ་མི་ཏྲ་ནི། དྲི་མེད་བཞེས་གཉེན་དང་། བྱེ་མ་ལ་མུ་དྲ་ནི་ལེགས་སྦྱར་སྐད་དངོས་ཀྱང་མིན་ལ། ཀུན་མཁྱེན་ཆེན་པོས་བ་ཡེམ་ལ་མུ་དྲ་སྟེ་ཕྱག་རྒྱ་ཆེན་དུ་བཀྲལ་མོད། ཁ་ཅིག་གིས། བི་མ་ལ་མི་ཏྲར་ཕྱག་རྒྱ་ཆེན་འཆད་པ་འཁྲུལ། ཞེས་དང་། བྱེ་མ་ལ་མུ་དྲ་བྱེ་མའི་ཁུང་བུར་བོར་བ་མིག་བཀྲ་བས་ཟེར་བ་སོགས་ནི་མ་བརྟག་པར་གྱ་ཚོམ་དུ་སྨྲ་བ་སྟེ་དཔྱད་པ་མ་ཞུགས་པའི་གཏམ་མོ། དེའི་ཕྱིར་ལོ་རྒྱུས་ལ་མི་མཁས་པ་རེ་ཙམ་གྱི་སྨྲ་བ་ལ་ཡིད་བརྟན་མི་རུང་ངོ་། དེ་ལྟ་བུའི་སློབ་དཔོན་གཉིས་ཀའང་མཁས་པའི་བྱ་བ་མཐར་པྱིན་པས་རྡོ་རྗེ་གདན་དུ་པཎྜི་ཏ་ལྔ་བརྒྱའི་གཙོ་བོར་གྱུར། ཚེ་སྔོན་སྤུན་ཟླར་གྱུར་པའི་རྟེན་འབྲེལ་ལས་ཐུགས་ཤིན་ཏུ་མཐུན་པར་གནས། རེ་ཞིག་ན་སྐྱོ་སངས་ལ་བྱོན་པས་ནམ་མཁར་དཔལ་རྡོ་རྗེ་སེམས་དཔའ་མངོན་དུ་བྱོན་ནས། །ཀྱེ་རིགས་ཀྱི་བུ་གཉིས། ཁྱེད་གཉིས་སྐྱེ་བ་ལྔ་བརྒྱར་པཎྜི་ཏའི་ལུས་བླངས་ཤིང་དམ་པའི་ཆོས་སྤྱོད་ཀྱང་འབྲས་བུ་སྔར་ཡང་མ་ཐོབ། ད་ཡང་མི་འཐོབ་པས་ཚེ་འདི་ཉིད་ཀྱིས་ཟག་བཅས་ཀྱི་ཕུང་པོ་མི་སྣང་བར་འཚང་རྒྱ་བར་འདོད་ན་རྒྱ་ནག་པོའི་བྱང་ཆུབ་ཤིང་དྲུང་གི་ལྷ་ཁང ་དུ་སོང་ཞིག །ཅེས་ལུང ་བསྟན་པས་བི་མ་ལ་མི་ཏྲ་བརྩོན་འགྲུས་ཆེ་བས་དེ་ཉིད་དུ་ལྷུང་བཟེད་བླངས་ཏེ་བྱོན་པས་སློབ་དཔོན་ཤྲཱི་སིདྷ་མཇལ་ཞིང་ལོ་ཉི་ཤུའི་བར་ལ་སྙན་བརྒྱུད་ཕྱི་ནང་གསང་གསུམ་གྱི་གདམས་པ་མ་ལུས་པར་རྩལ་མོད་ཀྱི། འོན་ཀྱང་དེ་དག་གི་དཔེ་ནི་མ་གནང་ངོ་། དེར་བི་མ་ལ་ཐུགས་ཚིམས་ཏེ་སླར་རྒྱ་གར་དུ་བྱོན་ནས་ཛྙཱ་ན་སཱུ་ཏྲ་ལ་ཇི་ལྟར་གྱུར་ས་རྣམས་བསྙད་པ་ཁོང་ཉིད་ཀྱང་(སྟོད་ཆ།༡༨༠)འབད་རྩོལ་ཆེན་པོས་རྒྱ་ནག་ཏུ་བྱོན་པས་བླ་མའི་བྱིན་རླབས་ཀྱིས་ཟླ་བ་དགུའི་ལམ་ཉིན་གཅིག་གིས་བཅད། མཛེས་མཆུ་ཡི་བུམ་པ་ཁྱེར་བས་བཀྲ་ཤིས་ཁྲི་སྒོ་ལུང་བསྟན། དེར་བརྟོལ་བ་ན་སློབ་དཔོན་བསིལ་སྦྱིན་དུ་དུར་ཁྲོད་ན་བཞུགས་སོ་ཟེས། མཁའ་འགྲོས་ལུང་བསྟན་པ་བཞིན་དུར་ཁྲོད་ཆེན་པོ་བསིལ་སྦྱིན་དུ་སློབ་དཔོན་དང་མཇལ། ལོ་གསུམ་གྱི་བར་བླ་མའི་བྱ་བ་ཅི་རིགས་པས་མཉེས་པར་མཛད་ཅིང་མཐར་གསེར་གྱི་མཇལ་ཕུལ་ནས་གདམས་པ་དང་གནང་བར་ཞུས་པས་ལོ་དགུའི་བར་དུ་སྙན་རྒྱུད་ཀྱི་གདམས་པ་དཔེ་དང་བཅས་པ་གནང་། དེ་ཙམ་གྱིས་ཐུགས་ཚིམས་ཏེ་འབྱོན་པར་བརྩམས་པ་ན་སློབ་དཔོན་གྱིས་རབ་ཏུ་ཚིམ་མམ་གསུངས་པས་ཚིམ་མོ་ཞུས་པ་ན། བླ་མས་གཏད་པ་མེད་དོ། གསུངས་པས་ཛྙཱ་ན་སུ་ཏྲ་རྟོག་པ་སྐྱེས་ཏེ་ད་དུང་རབ་ཏུ་ཟབ་པའི་གདམས་པ་གནང་བར་ཞུས་པས་འདི་ལ་དབང་བཀུར་ཐོབ་དགོས་གསུངས་ནས་ཕྱི་སྤྲོས་བཅས་ཀྱི་དབང་རྫོགས་པར་གནང་ནས་གསང་བ་བླ་ན་མེད་པའི་མན་ངག་རྣམས་ཀྱང་ལོ་གསུམ་གྱི་བར་དུ་གནང་། དེ་ནས་ཉམས་སུ་བླང་བར་ཞུས་པས་སྤྲོས་མེད་ཀྱི་དབང་རྫོགས་པར་གནང་ཞིང་རི་བོ་ཀོ་ས་ལའི་རྩེ་མོར་འཁོར་འདས་རུ་ཤན་དབྱེ་བའི་སྤྱོད་པ་མཛད་ཅིང་རབ་ཏུ་སྤྲོས་མེད་ཀྱི་དབང་དང་། རིམ་པས་ཤིན་ཏུ་སྤྲོས་མེད་ཀྱི་དབང་ཡང་རྫོགས་པར་གནང་། དེ་ནས་ལོ་བཅུ་དྲུག་ཏུ་ཉམས་སུ་བླངས་ནས་བསྒོམས། སློབ་དཔོན་ནི་ཁྱད་པར་གྱི་སྤྱོད་པ་སྣ་ཚོགས་པས་གནས་ཤིང་དུས་གཞན་ཞིག་ཏུ་ཡི་ཡུལ་གྱི་རྒྱལ་པོས་སྤྱན་དྲངས་ནས་དེར་བཞུད་པའི་ཞག་བདུན་ན་སྒྲ་དང་ལྟས་ཆེན་པོ་བྱུང་བས་ཡེ་ཤེས་མདོས་སྟེང་གི་ནམ་མཁའ་ལ་སློབ་དཔོན་བཞུགས་པ་མཐོང་བས་སྐུ་མྱ་ངན་ལས་འདས་(སྟོད་ཆ།༡༨༡)པར་ཤེས་ཏེ་སྨྲེ་སྔགས་ཀྱི་གདུང་ཚིག་བཏོན་པས། གཟེར་པུ་བདུན་པའི་ཞལ་ཆེམས་ཕྱག་ཏུ་བབ་པ་དང་། སྙིང་ཐིག་གསང་བའི་མན་ངག་གི་དཔེ་རྣམས་བཀྲ་ཤིས་ཁྲི་སྒོའི་ཀ་བའི་ནང་ན་ཡོད་པས་དེ་ལོངས་ལ་དུར་ཁྲོད་བྷ་སིང་དུ་སོང་ཞིག ཅེས་ལུང་བསྟན་པའང་ཐོས། དེར་ཛྙཱ་ན་སཱུ་ཏྲས་གསང་བའི་དཔེ་རྣམས་བཏོན་ནས་རྒྱ་གར་གྱི་དུར་ཁྲོད་བྷ་སིང་དུ་བྱོན་ཅིང་དེར་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་མཁའ་འགྲོ་དང་མཁའ་འགྲོ་མ་རྣམས་ལ་གསང་བ་སྙིང་ཐིག་གི་ཆོས་ཀྱི་འཁོར་ལོ་སྐོར་བཞིན་དུ་བཞུགས་པ་ལ། དེའི་ཚེ་བི་མ་ལ་སྤྱོད་པ་ལ་གནས་པར་མཁའ་འགྲོའི་ལུང་གིས། ཀྱེ་སྐལ་ལྡན། སྔར་བས་ཟབ་པའི་སྙིང་ཐིག་གི་གདམས་པ་བཞེད་ན་དུར་ཁྲོད་ཆེན་པོ་བྷ་སིང་གི་ནགས་སུ་སོང་ཞིག །ཅེས་ལུང་བསྟན་པ་བཞིན་དུ་དེ་ཉིད་དུ་བྱོན་ནས་ཛྙཱ་ན་སཱུ་ཏྲ་དང་མཇལ་ཞིང་ཆེས་ཟབ་པའི་གདམས་པས་རྗེས་སུ་གཟུང་བར་གསོལ་བ་བཏབ་པས། སློབ་དཔོན་གྱིས་ཆོ་འཕྲུལ་སྣ་ཚོགས་པ་སྣང་བར་མཛད་ཅིང་སྤྲོས་བཅས་དང་སྤྲོས་མེད་ཀྱི་དབང་རྣམས་བསྐུར། རི་བོ་སྣང་བྱེད་ཀྱི་རྩེ་མོར་འཁོར་འདས་རུ་ཤིན་འབྱེད་པའི་སྤྱོད་པ་དང་། ཤིན་ཏུ་ཕྲོས་མེད་ཀྱི་དབང་རྫོགས་པར་མཛད་པས་ཐུན་མོག་མ་ཡིན་པའི་རྟོགས་པ་འཁྲུངས། ཤངས་ཀྱི་རྩེ་མོར་ཡི་གེ་ཨ་དཀར་པོ་ཟག་ལ་ཁད་པ་གཅིག་ཀྱང་བྱུང་། དེ་ནས་རབ་ཏུ་སྤྲོས་མེད་ཀྱི་དབང་རྫོགས་པར་གནང་བས་སེམས་ཀྱི་དེ་ཉིད་རྗེན་པར་མཐོང་། དབང་དེ་དག་གི་རིམ་པ་བཞིན་རྫོགས་པ་ཆེན་པོ་སྐོར་བཞིའི་གདམས་པ་དཔེ་དང་བཅས་མ་ལུས་པར་གནང་། ལོ་བཅུའི་བར་ལ་ཞུན་ཐར་བཅད་ཅིང་དེའི་འོག་ཏུ་ཛྙཱ་ན་སཱུ་ཏྲ་ནིད་འོད་ཕུང་དུ་ཡལ་བར་རི་མ་ལས་སྨྲེ་སྔགས་དང་(སྟོད་ཆ།༡༨༢)གདུང་དབྱངས་བཏོན་པས་སླར་ཡང་སྐུ་མངོན་སུམ་དུ་སྣང་བར་མཛད་ནས་རིན་པོ་ཆེའི་ཟ་མ་ཏོག་རིན་ཆེན་སྣ་ལྔའི་རྒྱས་བཏབ་པ་ཞིག་ཕྱག་ཏུ་བབ་པ་ལས་བཞག་ཐབས་བཞི་པ་ཞེས་པའི་འདས་རྗེས་ཐོབ་པས་ཚིག་ལ་ལྷག་ཆེད་མེད་ཅིང་དོན་ལ་འཁྲུལ་པ་མེད་པའི་གདེང་ཐོབ་པར་གྱུར་ཏོ། དེ་ནས་སློབ་དཔོན་བི་མ་ལ་ཤར་ཕྱོགས་ཀ་མ་རུའི་གྲོང་ཁྱེར་དུ་རྒྱལ་པོ་སེང་གེ་བཟང་པོའི་བླ་མཆོད་དུ་ལོ་ཉི་ཤུར་བཞུགས་ཤིང་། དེ་ནས་ནུབ་ཕྱོགས་སུ་གྲོང་ཁྱེར་བྷིརྻི་ཞེས་པར་རྒྱལ་པོ་དྷརྨ་པཱ་ལའི་མཆོད་གནས་ཀྱང་མཛད། དེའི་འོག་ཏུ་རབ་ཏུ་སྣང་བྱེད་ཅེས་པའི་དུར་ཁྲོད་ཆེན་པོར་ཕྱོགས་ལས་རྣམ་པར་རྒྱལ་བའི་བརྟུལ་ཞུགས་ཀྱི་སྤྱོད་པ་སྤྱད་ཅིང་གདུག་པའི་ཚོགས་ལ་ཆོས་སྟོན་ཅིང་བཞུགས། གསང་བ་མཆོག་གི་དཔེ་རྣམས་ཚར་གསུམ་དུ་བྲིས་ནས། ཚར་གཅིག་ཨོ་རྒྱན་གྱི་ཡུལ་རྒྱ་མཚོ་གསེར་གྱི་བྱེ་མ་བརྟལ་བའི་གླིག་དུ་སྦས། ཚར་གཅིག་ཁ་ཆེའི་ཡུལ་གསེར་གླིང་ཞེས་པའི་བྲག་སྐྱིབས་སུ་སྦས། ཚར་གཅིག་དུར་ཁྲོད་དེར་མཁའ་འགྲོ་མ་རྣམས་ཀྱི་མཆོད་པའི་རྟེན་དུ་བཞུགས་སོ། སློབ་དཔོན་ཉིད་ཀྱིས་མཐར་འཕོ་བ་ཆེན་པོའི་སྐུ་གྲུབ་པས་འཕགས་ཡུལ་དུ་ཅི་རིགས་པར་བཞུགས་ཤིང་བོད་དུ་བྱོན་ཚུལ་ནི་འོག་ཏུ་འཆད་པར་འགྱུར་རོ། སྤྱིར་འཛམ་བུ་གླིང་ན་མཁའ་འགྲོ་ངེས་པར་འདུ་བའི་དུར་ཁྲོད་བརྒྱ་དང་བཅུ་གསུམ་ལས་སྤྱོད་པའི་གནས་དྲུག་ཉམས་སྐྱོང་བའི་གནས་བཅུ་བཞི་དམ་ཚིག་སྐོང་བའི་གནས་བརྒྱད་འདོད་ཅིང་འདུན་པའི་གནས་བཞི་སྟེ་སོ་གཉིས་རྒྱ་གར་ན་ཡོད་ལ། ཨོ་རྒྱན་ན་བརྒྱད་ཁ་ཆེ་ན་བཅུ་ལི་དང་ཧོར་ན་ལྔ་མི་ཉག་དང་ཟ་ཧོར་ན་བཅུ་རྒྱ་ཡུལ་ན་སོ་གཅིག་བོད་ན་གཉིས་ལྷག་མ་ཡུལ་གྲུ་གཞན་ལ་ཁ་འཐོར་དུ་ཡོད་ལ། དེ་རྣམས་ཀྱི་ནང་ནས་དུར་ཁྲོད་ཆེན་(སྟོད་ཆ།༡༨༣)པོ་བརྒྱད་ནི་རང་བཞིན་གྱི་མཁའ་འགྲོའ་གཙོ་མོ་གནས་པས་མཆོག་ཡིན་ལ། དེ་དག་ན་མཆོད་རྟེན་རེ་ཆུ་རེ་ལྷ་འདྲེ་དྲག་པོ་རེ་མ་མོ་རེ་གྲུབ་པའི་སློབ་དཔོན་རེ་དངོས་གྲུབ་རེ་ཡོད་ཅིང་ལྷ་དང་མ་མོ་དེ་དག་ལ་གྲུབ་ཐབས་ཟབ་མོ་རེ་ཡང་ཡོད་ལ། དུར་ཁྲོད་དངོས་དེ་རྣམས་སུ་སུས་ཀྱང་མ་བསྐྱལ་བར་གླིང་བཞི་ཀའི་སེམས་ཅན་གྱི་རོ་རང་བཞིན་གྱིས་འདུ་ཞིང་མཆོག་གི་དངོས་གྲུབ་འཐོབ་ལ། དུར་ཁྲོད་དངོས་དེ་དག་ནི་རྙེད་པར་ཤིན་ཏུ་དཀའ་ལ་རོ་མིས་སྐྱེལ་བའི་དུར་ཁྲོད་རྣམས་ནི་མི་མ་ཡིན་གདུག་པ་དང་ཤ་ཟ་མཁའ་འགྲོའི་གནས་ཏེ་བར་ཆད་ཀྱང་མང་ཐུན་མོང་གི་དངོས་གྲུབ་ཀྱི་གནས་ཙམ་དུ་ཟད་ཅིང་དུར་ཁྲོད་གཙོ་བོ་བརྒྱད་པོ་དང་མིང་གཅིག་པ་ཙམ་ནི་ཤིན་ཏུ་མང་ལ། བོད་ཀྱི་གཉིས་ནི་གཞོའི་ཏི་སྒྲོ་མཁའ་འགྲོ་རེས་འགའ་འདུ་བའི་གནས་དང་། ཙཱ་རི་ནི་མཆོག་གི་དངོས་གྲུབ་འཐོབ་པའི་གནས་ཡིན་པར་ལམ་ཡིག་ཅུག་ཟད་དང་བཅས་བཤད་ཅིང་འདིའི་ཡང་གནས་ཀྱི་སྙིང་པོ་ནི་མཁའ་འགྲོ་མ་ཁྲུས་བྱེད་ཀྱི་མཚོ་འོ་མ་ལྟ་བུ་ལ་སྔོ་དམར་གྱི་རི་མོ་ཡོད་པའི་དབུས་ན་ཤེལ་གྱི་མཆོད་རྟེན་སོག་བདུན་ཅུ་རྩ་བདུན་པ་ལྷ་ཚོགས་ཐམས་ཅད་ཀྱི་ཕོ་བྲང་དུ་བཞུགས་པར་བཤད་ལ། འཛམ་གླིང་གི་གྲུབ་པའི་གནས་དེ་ཐམས་ཅད་དུ་བཱི་མ་ལས་སྤྱོད་པ་མཛད་ལ་ཙཱ་རི་ན་ཡང་མུ་སྟེགས་ཀྱི་རྣལ་འབྱོར་པ་བཏུལ་བའི་བཱི་མ་ལའི་ཞབས་རྗེས་ཡོད་དོ། ཡང་སློབ་དཔོན་ཆེན་པོ་པདྨ་ལས་བརྒྱུད་པའི་ཚུལ་ནི། སྤྱིར་སློབ་དཔོན་ཆེན་པོ་འདི་ཉིད་སྐུ་གསུམ་གྱི་སྟོན་པ་རྒྱ་མཚོའི་ངོ་བོ་ནིད་ཡིན་པས་བརྒྱུད་པ་སྲེད་ཆགས་ཀྱི་མཚན་ལ་ལྟོས་པ་མེད་དེ། ཀླུ་གསུམ་གྱི་ཞིང་ཁམས་རྟེན་བརྟེན་པར་བཅས་པ་རང་གི་མཚན་ཉིད་དང་གཉིས་སུ་མེད་པས་(སྟོད་ཆ།༡༨༤)སོ། དེ་ལས་གཞན་སྣང་གི་ངོར་བསྟུན་པཎ་གྲུབ་སྤྱི་ལྟར་ཡང་གསང་ཆེན་རྒྱུད་སྡེ་རྒྱ་མཚོའི་མངའ་བདག་ཏུ་གྱུར་པར་མ་ཟད་ངེས་དོན་འོད་གསལ་རྫོགས་པ་ཆེན་པོ་སྙིང་ཐིག་ཟབ་མོའི་གནས་ལ་མངའ་དབང་འབྱོར་བའི་ཉེ་བརྒྱུད་གཞན་དུ་མ་གྲགས་པ་མངའ་བ་ཞིག་སྟེ། བཏགས་གྲོལ་སྙིང་པོའི་རྒྱུད་ལས། སྟོན་པ་ཀུན་བཟང་ཡབ་ཡུམ་གྱིས། ཉིད་ལས་མི་གཞན་སེམས་པའི་སྣོད། བྱིན་གྱིས་རླབས་ཀྱིས་བདག་ཉིད་ལ། བཏགས་པས་གཅིག་ཤེས་ཀུན་གྲོལ་ལོ། །བཅིངས་དང་གྲོལ་བའི་མཐའ་ལས་འདས། རྡོ་རྗེ་སེམས་དཔའི་བྱིན་རླབས་ཀྱིས། རང་བྱུང་དགའ་རབ་ཐུགས་ལ་ཤར། སིང་ཧ་ཉིད་ལ་རྒྱུད་གཏད་པ། འབྲས་བུ་ཡོངས་རྫོགས་བཏགས་གྲོལ་རྒྱུད། ཨོ་རྒྱན་པདྨ་ཉིད་ལ་གཏད། ལྔ་ལྡན་བུ་ལ་འདི་སྟོན་ཅིག །ཅེས་གསུངས་པ་ལྟར། སློབ་དཔོན་ཆེན་པོ་འདིས་དགའ་རབ་རྡོ་རྗེ་འཇམ་དཔལ་བཤེས་གཉེན། ཤྲཱི་སིདྷ་གསུམ་ཆར་ལས་གསན་མོད་ཀྱི། ཁྱད་པར་རྡོ་རྗེ་ཕག་མོས་ལུང་བསྟན་པ་ལྟར་རེ་ཞིག་གདུལ་བྱའི་སྣང་ཚུལ་ཙམ་དུ་གུ་རུ་ཤྲཱི་སིང་ཧ་ལས་གསན་པའི་ཚུལ་མཛད་པ་སྟེ། དེ་ཡང་བདག་ཉིད་ཆེན་པོ་འདིའི་རྣམ་པར་ཐར་པ་ནི་བསམ་གྱིས་མི་ཁྱབ་པའི་རང་བཞིན་ཏེ། སྤྱིར་སངས་རྒྱས་ཀྱི་ཞིང་གྲངས་མེད་པ་རྣམས་སུ་མདོ་སྟོན་པའི་སྟོན་པ་རེ་དང་སྔགས་སྟོན་པའི་སློབ་དཔོན་རེ། དེ་གཉིས་ལས་རེ་རེ་ལའང་སྤྲུལ་པ་བརྒྱད་དང་སྟེང་འོག་གི་འཇིག་རྟེན་དྲུག་རྣམས་སུ་ཐུབ་པ་དྲུག་དང་གུ་རུ་དྲུག་བྱུང་ཚུལ་སོགས་ཐང་ཡིག་ལས་རྒྱས་པར་བཤད་ཅིང་། གཞན་ཡང་འགྲོ་བ་རིགས་དྲུག་གི་སེམས་ཅན་རེ་རེའི་དྲུག་ན་གང་ལ་གང་འདུལ་གྱི་སྤྲུལ་པ་དེ་དང་དེའི་གཟུགས་སུ་བསྟན་པ་བསམ་གྱིས་མི་ཁྱབ་པ་ཡོད་ལ། གཞན་ཡང་འོག་མིན་དང་། དག་(སྟོད་ཆ།༡༨༥)པའི་ཞིང་ཁམས་ལྔ་ལ་སོགས་པར་རྡོ་རྗེ་འཆང་དང་རིགས་ལྔ་གངས་ཆེན་མཚོ་ལ་སོགས་པ་རྣམས་ཀྱང་སློབ་དཔོན་ཉིད་ལས་མ་འདས་ཏེ། ཉིད་ཀྱི་བཀའ་ལས། རང་བྱུང་པདྨ་ཞེས་བྱར་གྲགས་པ་བདག སངས་རྒྱས་སྣང་བ་མཐའ་ཡས་ཐུགས་ལས་བརྟོལ། འཕགས་པ་སྤྱན་རས་གཟིགས་དབང་གསུང་ལས་སྤྲུལ། མཁའ་འགྲོ་ཡོངས་ཀྱི་མིང་ཕོ་དཔའ་བོའི་རྒྱལ། དུས་གསུམ་སངས་རྒྱས་ཀུན་གྱི་ཕྲིན་ལས་བདག མཉམ་མེད་ཀུན་བཟང་རྡོ་རྗེ་འཆང་ཆེན་པོ། སྤྲུལ་པའི་སྐུར་སྣང་ཐུགས་རྗེ་ཆེན་པོ་ལྡན། གང་ལ་གང་འདུལ་ཕྲིན་ལས་རླབས་པོ་ཆེས། སེམས་ཅན་རྣམས་ཀྱི་རེ་འདོད་ཡིད་བཞིན་སྐོང་། ཞེས་གསུངས་ལྟར་ཏེ་དེ་དག་གི་ཚུལ་རྒྱས་པ་ཐང་ཡིག་སོགས་ལ་བལྟ་བར་བྱ་སྟེ། དེ་དག་ཀྱང་མཛད་པ་ཕྱོགས་གཅིག་གི་ཆ་ཤས་ཙམ་ཡིན་པར་སྣང་སྟེ་ཡོངས་སུ་རྫོགས་པ་ནི་རྒྱལ་བ་ཉིད་ཀྱི་སྤྱོད་ཡུལ་ལས་ས་ཆེན་པོ་ལ་བཞུགས་པའི་འཕགས་པ་རྣམས་ཀྱིས་ཀྱང་བརྗོད་པར་ནུས་པ་མ་ཡིན་ནོ། དེས་ན་བློ་ཆུང་འགའ་ཞིག་གིས་སངས་རྒྱས་ཀྱི་རྣམ་འཕྲུལ་གང་དང་གང་དུ་ཡང་སྣང་བ་དེ་མ་གོ་བར་པཎ་གྲུབ་རང་རྒྱུད་པ་ཞིག་ཏུ་སེམས་ནས། འདི་ནི་པདྨོ་ལས་རྫུས་ཏེ་སྐྱེས་པ་ཡིན་ཞེས་དང་། འདི་ནི་མངལ་སྐྱེས་ཁོ་ན་ཡིན་ཟེར་ནས་མཐའ་གཉིས་སུ་ལྷུང་ན་གཡག་ཞར་གྱི་རྩྭ་ལྟར་པྱོགས་རེས་འཛིན་པ་ནི་རང་ཉིད་ཀྱི་བློ་གྲོས་ཕུར་ཁུངས་ཐུག་པའི་གཏམ་ཡིན་ཏེ། བདེ་བར་གཤེགས་པའི་ཕྲིན་ལས་ཀྱི་གནས་ཟབ་ཅིང་རྒྱ་ཆེ་བའི་ཚུལ་ལ་བལྟ་བའི་བློ་གྲོས་ཀྱི་མིག་བརྟུལ་བའི་སྐྱོན་དུ་ཟད་དེ། གདུལ་བྱ་རང་རང་གི་ལས་སྣང་དང་རྗེས་སུ་མཐུན་པའི་སྣང་ཚུལ་གཅིག་ཏུ་མ་ངེས་པས་འགྲོ་བའི་དོན་མཛད་པའི་ཕྱིར་ཇི་ལྟར་སྣང་ཡང་འགལ་བ་མེད་དོ། རེ་ཞིག་གདུལ་(སྟོད་ཆ།༡༨༦)བྱའི་ངོར་སྣང་གི་འཇིག་རྟེན་ན་གྲགས་ཚོད་དང་མཐུན་པའི་མཛད་ཚུལ་ཅུང་ཟད་ཅིག་བརྗོད་ན། དེ་ཡང་སློབ་དཔོན་ཆེན་པོ་འདི་ཉིད་རྫུས་སྐྱེས་སུ་འདོད་པ་དང་། མངལ་སྐྱེས་སུ་འདོད་པ་ལུགས་གཉིས་ཀྱི་དང་པོ་ནི་རྒྱ་བོད་རྣམས་སུ་རྫུས་སྐྱེས་སུ་ཡོངས་སུ་གྲགས་པ་དང་། མདོ་རྒྱུད་དུ་མ་ནས་ལུང་དུ་བསྟན་པ་དང་མངལ་སྐྱེས་ཀྱི་ལུས་ཀྱིས་ལྷ་འདྲེའི་ཟེར་མི་ཐུབ་པ་སྟེ་དོན་གསུམ་གྱིས་རྫུས་སྐྱེས་སུ་འདོད་དོ། དེ་ཡང་དང་པོ་ནི། རྒྱ་བོད་ཐམས་ཅད་དུ་རྫུས་སྐྱེས་ཁོ་ན་ཡིན་པར་ཡོངས་སུ་གྲགས་ཤིང་གྲུབ་པ་སྟེ་རྒྱ་གར་གྱི་གཏམ་ཁུངས་མ་རྣམས་ནས་ཀྱང་བཤད་དོ། མདོ་རྒྱུད་ནས་ལུང་བསྟན་ཚུལ་ནི། དབུས་འགྱུར་འཆང་ལུང་བསྟན་པའི་མདོ་སྡེ་ནས། ཀུན་དགའ་བོས་སྟོན་པ་མྱ་ངན་ལས་འདས་ནས་མུན་པའི་སྨག་རུམ་དང་འདྲ་བར་ཐུགས་རྗེ་ཇི་ལྟར་འབྱུང་ཞུས་པས། ང་ནི་འདི་ནས་མི་སྣང་ནས། ལོ་ནི་བཞི་གཉིས་ལོན་པ་ན། ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས། དྷ་ན་ཀོ་ཤའི་མཚོ་གླིང་དུ། པདྨ་གེ་སར་སྡོང་པོ་ལས། ཀུན་ལས་ལྷག་པའི་སྐྱེས་བུ་འབྱུང་། ཞེས་དང་། འཇམ་དཔལ་སྒྱུ་དྲྭ་ལས། དཔལ་ལྡན་སངས་རྒྱས་པདྨ་སྐྱེས། ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། ཞེས་སོགས་མདོ་རྒྱུད་དུ་མ་ནས་ལུང་བསྟན་མང་ཡང་གཞན་རྣམས་བྲི་མར་ནུས་པས་གཞན་དུ་བལྟའོ། དེ་ལ་སྐུ་འཁྲུངས་ཚུལ་དངོས་ནི་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དུ་རྒྱལ་པོ་ཨིན་བྷུ་ཏི་ཞེས་བྱ་བ་རིམ་པར་བྱོན་པའི་བར་པའམ་གཉིས་པ་ཡིན་ཏེ། དེ་ཡང་སྤྱན་གཉིས་ལོང་བ་བཙུན་མོ་བརྒྱ་རྩ་གཅིག་ཡོད་པར་སྲས་མེད་ཅིང་སྲས་ཀྱིས་ཕོངས་པས། རྒྱལ་པོས་ལོངས་སྤྱོད་ཐམས་ཅད་སྤྱན་དང་སྲས་ཀྱི་དོན་སྦྱིན་པ་བཏང་སྟེ་དབྱར་ཟླ་རེ་བའི་བཅོ་(སྟོད་ཆ།༡༨༧)ལྔ་ལ་རང་བྱུང་གཟི་བཀྲའི་མཆོད་རྟེན་ལ་མཆོད་པ་རྒྱ་ཆེར་བཤམས། ཆོས་ཀྱི་སྤྲིན་ཞེས་བྱ་བའི་མདོ་ཡི་དམ་དུ་བྱས་ཏེ་བཏོན་པས། རྫུས་ཏེ་སྐྱེས་པའི་ཁྱེའུ་གཅིག་གིས་བུ་བྱས་ཏེ། རྒྱལ་སྲིད་འཛིན་པའི་ལྟས་ཁྱད་པར་ཅན་ཤར། དཀོར་མཛོད་ཟད་ནས་ཀྱང་སློང་མི་རྒྱུན་མི་ཆད་པར་བྱུང་བས་ཀླུའི་བོ་མོ་མཛེས་ལྡན་མར་ཡིད་བཞིན་གྱི་ནོར་བུ་ཡོད་པ་ལེན་པའི་ཕྱིར་ཕྱིའི་རྒྱ་མཚོ་ཆེན་པོར་འཇུག་པའི་ཆས་དར་པོ་ཆེ་ལ་སོགས་པའི་དགོས་ཆ་ཐམས་ཅད་ཆང་བར་མཛད་ནས་དེད་དཔོན་མཁས་པ་ཞིག་དང་ལྷན་ཅིག་ཏུ། གཟིངས་སུ་ཞུགས་ཏེ་ཕྱིན་ནས་ནོར་བུ་བསླངས་པས། རྒྱལ་པོའི་སྔོན་གྱི་ལེགས་བྱས་ཀྱིས་ཀཱི་རྒྱལ་པོའི་བུ་མོས་ནོར་བུ་རིན་པོ་ཆེ་བྱིན་པས། ཡིད་བཞིན་ནོར་བུ་ཕྱག་ཏུ་སོན། དེ་ལ་གསོལ་བ་བཏབ་པས་སྤྱན་གཡོན་པ་བྱེ། སླར་ཕྱིར་འོངས་པ་ན་བློན་པོ་ཀྲིཥྞ་འཛིན་བསུ་བར་བྱུང་བ་དང་ཕྲད་ཅིང་རྒྱལ་པོས་རྒྱང་རིང་པོ་ན་ངུར་པ་ཁྲུང་ཁྲུང་སོགས་ཆུ་བྱའི་རིགས་དུ་མས་བསྐོར་བའི་དབུས་ན་འཇའ་ཚོན་གྱི་གུར་ཕུབ་འདུག་པར་གཟིགས་པས་ཆོས་བློན་ཀྲྀཥྞ་འཛིན་ཕོ་ཉར་མངགས་ཏེ་བལྟ་བར་བཏང་། ཕྱིར་འཁོར་ནས་གནས་ཚུལ་ཞུས་པས། རྒྱལ་པོ་ལ་ནུབ་མོ་ལྟས་ཁྱད་པར་ཅན་བྱུང་བས་ཐུགས་ཤིན་ཏུ་དགྱེས་ཏེ་བློན་པོ་དག་མཉམ་དུ་གྲུ་ཆུང་ཞིག་ལ་ཞུགས་ནས་ཕྱིན་པ་དང་། དྷ་ན་ཀོ་ཤའི་གླིང་དུ། ནེའུ་གསིང་གསེར་གྱི་མདོག་ཅན་ཤིན་ཏུ་མཚར་བའི་དབུས་ན་ཆུ་མིག་གཡུའི་མདོག་ཅན་དུ་འཁྱིལ། དེའི་ནང་ནས་པདྨའི་སྡོང་པོ་ཁྲི་འཕང་འཁོར་ལོ་བཞི་པ་ཞིག་འཁྲུངས་པའི་དབུས་མའི་སྟེང་ན། ཁྱེའུ་མཛེས་ཤིག་ལྟ་ན་སྡུག་པ་ལོ་བརྒྱད་ལོན་པ་ཙམ་ཞིག་བཞུགས་འདུག་པ་དང་། ཤིང་སྦྲེལ་སྦྲེལ་ཟླའི་ཚེས་བཅུའི་ཉིན་མཇལ་(སྟོད་ཆ།༡༨༨)ཏེ་པད་སྡོང་ནས་ཕབ་སྟེ་ས་ལ་བཞག་པས། སླར་ཡང་པདྨ་གདན་གཅིག་སྐྱེས་ཏེ། སླར་ཕབ་ཀྱང་ཡང་ཡང་སྐྱེད་པས་བློན་པོ་ན་རེ། ཁྱེའུ་འདི་པདྨའི་འབྱུང་གནས་སུ་འདུག་གོ་ཟེར་བས་མཚན་ཡང་དེ་ལྟར་གྲགས། རྒྱལ་པོས་དོན་དང་འབྲེལ་བར་མཚོ་སྐྱེས་རྡོ་རྗེར་མཚན་དུ་གསོལ་ནས། དྲི་བ་རྣམ་པ་ལྔ་བྱས་ཏེ། ཁྱོད་ཀྱི་ཕ་ནི་སུ་ཡིན། མ་ནི་སུ། ཡུལ་ནི་གང་། ཟས་སུ་ཅི་ཟ། ལས་སུ་ཇི་ལྟར་བྱེད་པ་ཞིག་ཡིན་དྲིས་པས། ཁྱེའུ་ན་རེ། ངའི་ཕ་ནི་རང་རིག་པའི་ཡེ་ཤེས། མ་ནི་དབྱིངས་རིག་ཀུན་ཏུ་བཟང་མོ། ཡུལ་ནི་ཆོས་ཀྱི་དབྱིངས། ཟས་སུ་གཉིས་སྣང་གི་རྟོག་པ་ཟ། ལས་སུ་ཉོན་མོགས་པ་འདུལ་བའི་ལས་བྱེད་དོ་ཟེར་བས། རྒྱལ་པོ་ཤིན་ཏུ་ངོ་མཚར་སྐྱེས་ཏེ་སྱན་ཆབ་ཤོར་བས་སྤྱན་གཡས་པ་བྱེ་ཞིང་ཐུགས་ལ་དགྱེས་པ་དཔག་ཏུ་མེད་པ་འཁྲུངས་ནས་ཕོ་བྲང་དུ་གདན་དྲངས། ལམ་དུ་སྲིད་པ་བཟུང་བ་དང་རྒྱལ་སྲིད་ཐབས་ཀྱིས་སྤང་དགོས་པའི་ལྟས་ཀྱང་གཟིགས་ཏེ་ཕོ་བྲང་དུ་ཕེབས། རྒྱལ་པོས་ཡིད་བཞིན་ནོར་བུ་ལ་གསོལ་བ་བཏབ་པས་དཔལ་དང་འབྱོར་པ་ཚད་མེད་པར་འཕེལ་ཏེ་རྒྱལ་སྲིད་རིན་པོ་ཆེ་བདུན་སོགས་ལོངས་སྤྱོད་དང་ལྡན་པར་གྱུར། བང་མཛོད་སྟོང་པ་རྣམས་ཀྱང་སྔར་ལྟར་ཁེངས་པ་སོགས་ཅི་འདོད་པ་བཞིན་དུ་གྱུར་ཏེ་རྒྱལ་བུ་དེ་ལ་སྲས་ཀྱི་དམ་པར་བཟུང་ནས་འོད་འཆང་མ་སོགས་བཙུན་མོའི་འཁོར་དང་བཅས། རྒྱལ་སྲིད་ཀྱི་དཔལ་ལ་སྤྱོད་ཅིང་མདའ་དབང་བསྒྱུར་ནས་དགེ་བཅུའི་ཁྲིམས་བཅས་པས་མཚན་པདྨ་རྒྱལ་པོར་གྲགས། རྒྱལ་པོ་ཐོར་ཅོག་ཅན་ཡང་ཟེར། དེ་ནས་རྒྱལ་བུའི་ཐུགས་ལ་རྒྱལ་སྲིད་ནི་ཉེས་བརྒྱའི་འབྱུང་ཁུངས་སུ་གཟིགས་ནས་རབ་ཏུ་འབྱུང་བར་འདོད་ནའང་ཡབ་རྒྱལ་པོས་གནང་བར་མ་(སྟོད་ཆ།༡༨༩)བཏུབ་པས། ཐབས་ཀྱིས་རྒྱལ་སྲིད་སྤང་བར་དགོངས་ནས་ཕོ་བྲང་གི་རྩེ་ལ་གར་མཛད་དེ་ཕྱག་གི་ཁ་ཊཾ་རྩེ་གསུམ་ཤོར་སྟབས་སུ་བསྒྱུར་བར། བློན་པོ་ཀ་མ་ཏིའི་བུ་ལ་ཕོག་སྟེ་གུམ་པ་ན། རྒྱལ་ཁྲིམས་ཀྱི་ཆད་པས་སྐྱུགས་པར་བརྩམ་པའི་ཚེ་ཡབ་རྒྱལ་པོ་ན་རེ། རིན་ཆེན་མཚོ་གླིང་པདྨའི་སྡོང་པོ་ལ་ཕ་དང་མ་མེད་ཁྱེའུ་སྤྲུལ་པའི་སྐུ། སྲས་ཀྱིས་ཕོངས་པས་རྒྱལ་སར་དབང་བཀུར་བྱས༔ རྒྱལ་པོའི་སྤྱོད་པས་བློན་པོའི་ཕྲུག་གུ་བཀུམས༔ལ བློན་པོ་རྣམས་ཀྱིས་ཁྲིམས་ཀྱིས་ཆད་པ་གཅོད༔ མི་བསད་སྤྱུགས་པར་གནང་བས་ད་ནི་གག་དར་གཤེགས༔ ཞེས་གསུངས་རྒྱལ་བུ་ན་རེ། འཇིག་རྟེན་འདི་ན་ཕ་དང་མ་དགོན་ཡང་༔ ཡབ་དང་ཡུམ་དུ་བགྱིས་ནས་རྒྱལ་སར་ཕྱུང་༔ ལས་ཀྱི་ལན་ཆགས་བློན་པོའི་བུ་ཡང་དགུམ༔ ཡབ་ཀྱི་རྒྱལ་སྲིད་གཉན་པས་བདག་ནི་སྤྱུགས་པ་ལེགས༔ སེམས་ལ་སྐྱེ་འཆི་མེད་པས་བསད་ཀྱག་ང་མི་འཇིགས༔ ཡུལ་ལ་ཞེན་ཆགས་མེད་པར་སྤྱུགས་ཀྱང་མི་དགའ་མེད། ཡབ་དང་ཡུམ་སྐྱང་སྐུ་ཁམས་ཅི་བདེར་བཞུགས༔ ལས་ཀྱི་འབྲེལ་བས་ཕྱིན་ཆད་མཇལ་དེ་མཆིས༔ ཞེས་གསུངས། དེ་ནས་དུར་ཁྲོད་དུ་གཤེག་པར་བཤད་ལ། ཡང ་ཞར་བྱུང་མངལ་སྐྱེས་ཀྱི་པྱོགས་ཀྱང་གཏེར་སྟོན་བ་མཁལ་སྨུག་པོའི་ཐང་ཡིག་སོགས་ཕུར་པ་བདག་གིས། སྤྱིར་སློབ་དཔོན་ཆེན་པོ་འདི་པདྨ་ལས་རྫུས་ཏེ་སྐྱེས་པ་ཡིན་ན་ཡང་ཕྲིན་ལས་ཕུར་པའི་ཆོས་འདི་སྤེལ་བའི་སླད་དུ་མངལ་དུ་སྐྱེ་བ་བཟུང་བར་མཛད་པ་ཡིན་ཏེ། དེའི་རྒྱུ་མཚན་མངལ་སྐྱེས་ཀྱིས་གདུལ་བར་འོས་པ་རྣམས་རྫུས་སྐྱེས་ཀྱིས་མི་ཐུལ་བས། སངས་རྒྱས་རྣམས་ཀྱང་མཇལ་འཛིན་པའི་ཚུལ་སྟོན་དགོས་པའི་ཕྱིར། སློབ་དཔོན་གྱིས་ཀྱང་མངལ་དུ་བཞུགས་པའི་ཚུལ་བསྟན་པ་(སྟོད་ཆ།༡༩༠)ཡིན་ཅེས་བཤད་ཀྱང་མཐའ་གཅིག་ཏུ་མངལ་སྐྱེས་ཁོ་ནར་ཡང་མི་སྨྲ་སྟེ། སྐྱེ་བརྒྱུད་གཉིས་ལས་འཁྲུངས་ཤིང་རྨད་དུ་བྱུང་བའི་རིགས་གཉིགས་ལྡན། ཞེས་འབྱུང་སྟེ་གདུལ་བྱའི་སྣང་ཚུལ་དུ་བཤད་དོ། དེ་ལ་ཡང་ཕུར་པ་མཁན་པོ་རྣམས་ཀྱང་ནང་གསེས་བཤད་ཚུལ་མི་འདྲ་བ་འགའ་ཞིག་ཡོད་མོད་ཀྱི། འདིར་ཕུར་འགྲེལ་འབུལ་ནག་ལས་འདི་བཞིན་འབྱུང་སྟེ། ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་ན། རྒྱལ་པོ་ཤཱཀྱ་བྱ་བ་དང་། བཙུན་མོ་ཛ་ལནྡྷ་གཉིས་ལས། འབྲུག་གི་ལོའི་སྟོན་ཟླ་ཐ་ཆུང་གི་ཉི་ཤུ་གཅིག་ལ། གཟའ་པ་སངས། སྐར་མ་སྨལ་པོ་མགོ། དུས་ཉི་མ་རྩེ་ཤར་བ་ལ་སྲས་ཤིག་བཙས་པ་དང་། ཞལ་ཁྲོ་གཉེར་མཆེ་བ་བག་ཙམ་གཙིགས་པ། ལག་པ་གཡས་རལ་གྲིའི་ཕྱག་རྒྱ་ཅན་གཡོན་པ་གྷུནྷེའི་ཕྱག་རྒྱ་ཅན་ཅིག་བཙས་པ་ལ། མ་དེ་འཇིགས་ནས་སྨྲས་པ། མི་ཡི་བུ་མིན་འདྲེ་ཡི་བག་ཏུ་སྣང་། གཞན་གྱིས་མཐོང་ན་ལྟས་ངན་ཆེན་པོར་འགྱུར། དེ་བས་མ་ཚོར་བ་ལ་དབེན་པར་ཞོག་ཟེར་བ་དང་། ཡབ་ཀྱིས་སྨྲས་པ། སེམས་ཅན་སྐྱེ་བ་མི་ལུས་ཐོབ་པ་ལ། གཟུགས་དང་ཁ་དོག་མི་མཐུན་སོ་སོར་སྣང་། དེ་བས་བྲམ་ཟེ་མཚན་མཁན་ཁུག་ལ་སྟོན། ཟེར་ཏེ་མཚན་མཁན་ལ་བསྟན་པས། ཀྱེ་མ། གཡས་གཡོན་ཕྱག་ནི་ཕྱག་རྒྱར་ལྡན། ཁྲོ་གཉེར་སྐྲ་མཚམས་ཤིན་ཏུ་མཐོ། ཞལ་བསྒྲད་འཇོ་སྒེག་ཁྲོ་བོའི་སྐུ། རིག་བྱེད་དག་ལས་བཟང་བར་བཤད། ཅེས་བརྗོད་ནས། པཱུཙ་ཕུལ། ཕྱག་ཚལ་ནས་མཚན་བཤད་པ། གཡས་ཀྱི་ཕྱག་རྒྱ་འདིས། དུག་གསུམ་གྱི་དགྲ་བགེགས་འཇོམས་པ་ཡིན། གཡོན་གྱི་ཕྱག་རྒྱས་དངོས་གྲུབ་རྣམ་གསུམ་ཐོབ་པ་ཡིན། སྤྱན་ལྡོག་ཁྲོ་གཉེར་བདུད་དང་མུ་སྟེགས་འདུལ་བ་ཡིན་པས། རྒྱལ་པོ་རྡོ་(སྟོད་ཆ།༡༩༡)རྗེ་བདུད་འདུལ་དུ་ཐོགས་ཟེར་ནས་བཏགས་སོ། དེ་ཡང་འབྲུག་ལོ་ལ་སྐྱེས་པས་གྲགས་ཆེ་བར་འོང་། སྟོན་ཐ་ལ་སྐྱེས་པས་འབྲ་བུའི་ཐེག་པ། མགོ་ལ་སྐྱེས་པས་སྔགས་ཀྱི་མགོ་འདྲེན། པ་བ་སངས་སྡུག་བསྔལ་སངས། ཉི་མ་ཤར་བས་ཐུགས་རྗེ་ཆེ་བ་ཡིན་ནོ། ལོ་སྐོར་གཅིག་ཏུ་མི་ལམ་བསྟན། བསྟན་ན་འབངས་སྙིང་དང་འདྲ་བ་ཞིག་ལ་ངན་ནོ། །ཟེར་རོ། དེ་ནས་ལོ་བཅུ་ལོན་ཙམ་ན། ཕྱིར་ཤོར་བ་དང་། བློན་པོ་གུ་རུ་དྷེ་བ་ལ། གཞོན་ཙ་ན་བུ་མ་གསོས། ཤིན་ཏུ་རྒས་པའི་ཚེ། བུ་གཅིག་ཡོད་པ་ལ། དེ་ཤིང་གི་བསིལ་གྲིབ་ལབ་སྙལ་བའི་དཔྲལ་བ་ན་ཤ་སྦྲང་ཞིག་ཟ་ཡི་འདུག་པ་ལ་རྒྱལ་པོ་རྡོ་རྗེ་བདུད་འདུལ་གྱིས་རྡོ་བརྒྱབ་པས་སྦྲང་མ་དང་བཅས་པ་ཀླད་པའི་རྒྱས་སུ་བཙངས་སོང་ནས་ཤིའོ། དེར་བློན་པོ་རྣམས་ན་རེ། ཆད་པས་བཅད་དགོས་ཟེར་ཏེ། རྒྱལ་བུ་བསྲེགས་པ་ལས། བུ་བསད་ཀྱི་ཕ་གུ་རུ་དེ་བས་སྨྲས་པ། ལུས་ཀྱི་རྟེན་ནི་མགོ་བོ་ཡིན། མགོ་བཅད་ལུས་ཀྱིས་ཅི་བྱར་ཡོད། འབངས་ཀྱི་རྟེན་ནི་རྗེ་བོ་ཡིན། རྗེ་མེད་འབངས་ཀྱིས་ཅི་བྱར་ཡོད། དེ་བས་ཆད་པ་ཐ་མ་ཙམ། ཟེར་བ་དང་། ཆད་པ་ཐ་མ་སྤྱུགས་པ་ཡིན་པས་གཡོག་པོ་བྱིས་པ་ག་ར་བྱ་བ་དང་། ཙུ་ཏ་ཀ་ཞེས་བྱ་བ་གཉིས་གཡོག་ཏུ་བརྫངས་ནས་སྤྱུགས་སོ། ཞེས་བྱུང་ཞིང་། དེ་དང་མཐུན་པར་ཕྱོགས་གཉིས་ཀ་འཕགས་པའི་ཡུལ་གྱི་གཏམ་དུ་འང་གྲགས་མོད། དེ་ཡང་རྫུས་སྐྱེས་ལྟར་ན་མུ་རྨུ་ཛུ་དང་། སི་ཤོ་དྷ་ར་དང་། དྷ་ན་ཀོ་ས་དང་། ཏུགྨ་སོགས་གླིང་ཕྲན་རེ་ཡིན་ཅིང་ཨོ་ཌི་ཡ་ནའི་ཡུལ་དངོས་མ་ཡིན་ཀྱང་དེ་རྣམས་སུ་འགྲོ་དོན་ཅི་རིག་པར་མཛད་དོ། ཞེས་འབྱུང་ལ། ཨོ་(སྟོད་ཆ།༡༩༢)རྒྱན་གྱི་ཡུལ་ཉིད་དུའང་ཤར་དང ལྷོ་དང་བྱང་གསུམ་དུ་རྒྱ་མཚོ་ཆེན་པོ་རེ་ཡོད་པས། དེ་དག་གང་དུ་འཁྲུངས་པའི་ཚུལ་གསལ་ཀ་འཕགས་ཡུལ་པའི་གཏམ་རྒྱུད་དུ་མ་བྱུང་། འོན་ཀྱང་རྒྱ་གར་ནུབ་ཕྱོགས་ཆུ་བོ་སིནྡྷུ་བརྒལ་ནས་སོང་བར་སློབ་དཔོན་པདྨ་སྐུ་འཁྲུངས་པའི་གནས་དྷ་ན་ཀོ་ཤའི་མཚོ་ཡོད་ཟེར། གང་ལྟར་ཡག་ཨོ་ཌི་ཡཱ་ནའི་འཕྲལ་སྐད་དུ་པྲ་དོ་ཟེས་པ་རྒྱ་གར་བ་རྣམས་སྲིག་དྷ་རེ་མེ་ཏོག་ཕྲེང་བ་འཛིན་ཞེས་པ་ཨོ་རྒྱན་གྱི་རྒྱལ་པོའི་རིགས་སུ་གྱུར་པའི་བློན་པོ་དཀོན་མཆོག་གསུམ་ལ་བླ་མར་བྱེད་པ་ཞིག་གིས་ཐོག་མར་རྙེད་ཅིང་མཇལ་བར་བཤད། མཇལ་སྐྱེས་ཀྱི་ཕྱོགས་སུ་དེའི་སྲས་ཡིན་པར་འདོད། འདིའི་མིང་ཟུར་ཆག་པས་ཀྲིཥྞ་འཛིན་དུ་གྱུར་པ་དེ་ཡིན་ནོ། འདིར་ཁ་ཅིག་རྫུས་སྐྱེས་སུ་ཁས་ལེན་བཞིན་དུ་མངལ་སྐྱེས་སྨྲ་བ་མི་རིགས་སོ་སྙམ་ན་སྐྱོན་མེད་དེ། སྤྲུལ་པའི་རྣམ་འགྱུར་ནི་གདུལ་བྱ་གང་གིས་འདུལ་བར་འགྱུར་བ་དེ་དག་དེར་སྟོན་པ་ཆོས་ཉིད་ཡིན་ཏེ་བཅོམ་ལྡན་འདས་ཀྱིས་དྲི་ཟའི་རྒྱལ་པོ་རབ་དགའ་འཏུལ་བའི་ཚེ་པི་ཝང་འཛིན་པར་སྤྲུལ་པ་སོགས་དང་མཚུངས་ཏེ། ཇི་སྐད་དུ། གག་དང་གང་གིས་གང་ལ་ནི། གང་ཚེ་བྱ་བ་ཕན་འགྱུར་བ། དེ་དང་དེར་ནི་དེ་སྣང་ངོ་། ཞེས་དང་། སངས་རྒྱས་ཕལ་པོ་ཚེ་ལས་ཀྱང་། ཀྱེ་རིགས་ཀྱི་བུ། དེ་བཞིན་གཤེགས་པའི་སྤྲུལ་པ་ནི་ཚད་མེད་དེ། འགྲོ་བ་གང་དང་གང་འདུལ་བ་དེ་དང་དེའི་གཟུགས་དང་ཁ་དོག་དང་མིང་གིས་དོན་མཛད་དོ། ཞེས་དང་། རྒྱུད་བླ་མ་ལས། གདུལ་བྱའི་ཁམས་དང་གདུལ་བའི་ཐབས་དང་ནི། གདུལ་བྱའི་ཁམས་ཀྱིས་འདུལ་བའི་བྱེ་བ་དང་། དེ་ཡི་ཡུལ་དང་དུས་སུ་གཤེགས་པ་ལ། ཁྱབ་བདག་རྟག་ཏུ་ལྷུན་གྱིས་གྲུབ་པར་འཇུག །ཅེས་དང་། བདེ་གཤེགས་འདུས་(སྟོད་ཆ།༡༩༣)པ་མཛད་པ་ཆོ་འཕྲུལ་ལྷའི་ལུང་ལས་ཀྱང་། གང་གིས་འདུལ་བར་དེར་སྟོན་ཏེ༔ མཐུན་པས་མཐུན་པ་འདུལ་བར་བྱེད༔ ཅེས་གསུངས་པ་བཞིན་ནོ། དེས་ན་འདོད་དགུར་བསྒྱུར་བའི་གཟུགས་ཀྱི་རྣམ་རོལ་གདུལ་བྱའི་མོས་བློར་སྣང་ཚུལ་ཙམ་སྟེ། དཔེར་ན་ནོར་བུ་ཆུ་ཤེལ་དྲི་མ་མེད་པ་ནི་ཚོན་སྣ་ཚོགས་པ་གང་དང་འཕྲད་ན་དེ་དང་དེའི་ཁ་དོག་མདེས་པ་འཛིན་པ་ཇི་ལྟ་བ་དེ་བཞིན་དུ་ཤེས་པར་བྱ་སྟེ། གང་དང་གང་གི་གཟུགས་ཀྱིས་ནི། ལུས་ཅན་རྣམས་ནི་འདུལ་གྱུར་པ། དེ་དག་དེར་ནི་རྣམ་སྟོན་ཏེ། སྣ་ཚོགས་ནོར་བུ་ཇི་བཞིན་ནོ། ཞེས་པ་ལྟར་རོ། དེས་ན་སྤྲུལ་པ་སྒྱུ་མ་ལྟ་བུ་སྟེ་རྣམ་འཕྲུལ་བསམ་གྱིས་མི་ཁྱབ་པའི་རོལ་པ་ལ་དབང་འབྱོར་བའི་ཕྱིར། གསང་སྙིང་ལས། དེ་ཚོ་མི་མཐུན་སྣ་ཚོགས་ལ། སོ་སོར་འདྲ་བར་སྣང་བ་ནི། དེ་བཞིན་ཉིད་ལས་མ་གཡོས་ཀྱང་། ལས་ཀྱི་དབང་གིས་སོ་སོར་སྣང་། ཞེས་གསུངས་པ་ལྟར། དེ་ཡང་དཔེར་ན་མངོན་པ་ལུགས་ཀྱི་རི་རབ་གྲུ་བཞི་དང་དུས་འཁོར་ལུགས་ཀྱི་རི་རབ་ཟླུམ་པོ་གཉིས་གང་ཟག་སོ་སོའི་སྣང་ཚུལ་དུ་མཁས་པ་དག་གིས་བཞེད་པ་བཞིན་འདིར་ཡང་དེ་དང་མཚུངས་ཏེ་གདུལ་བྱ་རང་རང་གི་མོས་ངོར་སྣང་ཚུལ་ཙམ་ལས། དོན་ལ་ལས་ཀྱིས་སྐྱེས་པའི་སེམས་ཅན་སྐྱེ་བ་ལེན་པ་དང་མི་མཚུངས་ཏེ་སངས་རྒྱས་རྣམས་ཀྱི་སྤྲུལ་པའི་སྐུ་ནི་གདུལ་བྱའི་ངོར་ཚུལ་ཇི་ལྟར་སྣང་ཡང་དེ་དང་དེར་ཆེད་དུ་སྤྲུལ་པ་སོགས་མེད་ཀྱང་ཐུགས་རྗེ་དང་ཕྲིན་ལས་ཀྱིས་དེ་ལྟར་སྣང་བ་སྟེ། རྫུས་སྐྱེས་དང་མངལ་སྐྱེས་སོགས་ཇི་ལྟར་སྣང་ཡང་། དཔེར་ན་ནམ་མཁའ་ལ་མཐོ་དམན་སོགས་ཇི་ལྟར་མཐོང་ཡང་དེ་ལྟར་གྲུབ་པ་མེད་པ་བཞིན་དུ་སངས་རྒྱས་ཀྱི་སྐུ་ཡི་རྣམ་པའང་མཐོང་ཡང་དེ་ལྟར་མ་(སྟོད་ཆ།༡༩༤)གྲུབ་སྟེ། རྒྱུད་བླ་མར། མཁའ་ལ་ཇི་ལྟར་མཐོ་དང་དམའ། མཐོང་ཡང་དེ་ནི་དེ་ལྟ་མིན། དེ་བཞིན་ཐམས་ཅད་སངས་རྒྱས་ལ། མཐོང་ཡང་དེ་ནི་དེ་ལྟ་མིན། ཞེས་གསུངས་པ་བཞིན་ནོ། དེ་ལྟར་སྐྱེ་རྒྱུད་གཉིས་གང་དུ་བཟུང་ཡང་འགལ་བར་མི་འདུ་མོད། །འོན་ཀྱང་གོང་དུ་སྨྲོས་པ་ལྟར་པྱོགས་འདིར་ཡོངས་སུ་གྲགས་པ་དང་། མདོ་རྒྱུད་ནས་ལུང་བསྟན་པ་སོགས་ཀྱིས་རེ་ཞིག་འདིར་ཡང་རྫུས་སྐྱེས་སུ་བཟུང་བར་བྱེད་པ་ཡིན་ནོ། དེ་ལྟར་འཕྲོས་དོན་ཅུང་ཟད་གླེང་ནས་ཀྱུས་ལ་འཇུག་སྟེ། དེ་ལ་འཕགས་ཡུལ་པའི་གཏམ་རྒྱུད་དུའང་གསང་སྔགས་ཕྱི་ནང་གི་དབང་དང་གདམས་པ་མང་པོ་ཡང་ཞུས། བསྒྲུབས་པས་དངོས་གྲུབ་ཐོབ། ཡི་དམ་གྱི་ལྷས་་ཞལ་གཟིགས། རྒྱལ་སྲིད་ཀྱི་བྱ་བའང་ཅི་རིགས་མཛད། དུས་གཞན་ཞིག་ཏུ་་ཡུལ་དེའི་བློན་པོའི་ཚོགས་དང་མ་འཆམས་པ་ལྟར་མཛད་ནས་སྲིད་སྤངས་ཏེ་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དུ་བྱོན། ཞེས་འབྱུང་སྟེ། གང་ལྟར་ཡང་དུར་ཁྲོད་བསིལ་བའི་ཚལ་དུ་གཤེགས་པ་མཚུངས་ཏེ། ལྔ་ལྡན་ཡུལ་གྱི་བཀའ་སྐྱོང་བྲག་ཕུག་ཏུ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ནས་བསྒྲུབས་པས་ཞག་བདུན་ནས་ཞི་བའི་ལྷ་ཚོགས་རྣམས་ཞལ་གཟིགས་ཏེ་དངོས་གྲུབ་ཐོབ། བསིལ་བ་ཚལ་དུ་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་པས་སྲིན་པོ་ཤཱནྟ་རིཀྵ་ཏ་ཞེས་གྲགས། ཡུལ་མི་རྣམས་ཀྱིས་བསད་པར་བྱས་པས་མ་ཟིན་ཏེ། བདུད་ཤོར་བ་གཞོན་ནུར་ཡང་གྲགས་སོ། ཟ་ཧོར་གྱི་དུར་ཁྲོད་དགའ་བ་ཚལ་དུ་མཁའ་འགྲོ་བདུད་འདུལ་མས་དབང་བསྐུར་ཞིང་བྱིན་གྱིས་བརླབས། ཨོ་རྒྱན་གྱི་ལྷོ་པྱོགས་དུར་ཁྲོད་ཡོས་གླིང་དུ་མཁའ་འགྲོ་མ་ཞི་བ་མཚོས་བྱིན་གྱིས་བརླབས། འཁྲུངས་ཡུལ་དྷ་ན་ཀོ་ཤར་བྱོན་ནས་(སྟོད་ཆ།༡༩༥)གསང་སྔགས་མཁའ་འགྲོའི་བརྡ་སྐད་ཀྱིས་བསྒྲུབས་པས་རྒྱ་མཚོའི་གླིང་གི་མཁའ་འགྲོ་མ་རྣམས་དབང་དུ་འདུས། རྡོ་རྗེ་ཕག་མོས་བྱིན་གྱིས་བརླབས། རྒྱ་མཚོའི་ཀླུ་དང་ནམ་མཁའི་གཟའ་སྐར་ཐམས་ཅད་བྲན་དུ་བཀོལ་ཏེ་དམ་ལ་བཏགས། དེ་ནས་རྡོ་རྗེ་གདན་དུ་སྤྲུལ་པ་གླང་པོ་ཆེ་བརྒྱ་སྟོང་དུ་བྱས་ནས་རྟེན་ལ་མཆོད་པ་དང་སྐོར་བ་མཛད། རེས་འགའ་རྣལ་འབྱོར་པ་བརྒྱ་སྟོང་དུ་སྤྲུལ་ནས་སྤྱོད་པ་སྣ་ཚོགས་མཛད་པའི་དུས། མཚན་རྡོ་རྗེ་དྲག་པོ་རྩལ་དུ་གྲགས། དེ་ནས་ཟླ་བ་ཚལ་གྱི་གཙུག་ལག་ཁང་སོགས་སུ་འཚོ་བྱེད་གཞོན་ནུ་ལས་སྨན། པཎྜི་ཏ་ཀུན་གྱི་བཤེས་གཉེན་ལས་སྒྲ། བི་ཤྭ་མི་ཏྲ་ལས་བཟོ་རིགས་སྣ་ཚོགས། ཤཱཀྱའི་དྲང་སྲོང་སྲིད་སྒྲུབ་ལས་རྩིས། པཎྜི་ཏ་མང་པོ་ལས་ཚད་མ་རིག་པ་སྟེ། ཕྱི་ནང་གི་པཎྜི་ཏ་རྣམས་ལས་རིག་པའི་གནས་ལྔ་ཡན་ལག་དང་བཅས་པ་སོ་སོའི་སློབ་དཔོན་བསྟེན་ནས་བསླབ་སྦྱངས་མཛད་པའི་ཚུལ་བསྟན། དེ་ནས་བྲག་དམར་བྱ་ཁྱུང་ཚལ་ལམ་བྱ་སྐྱིབས་ཅན་དུ་གྲོགས་ཤཱཀྱ་པྲ་བྷ་དང་སཱཀྱ་མི་ཏྲ་གཉིས་དང་བཅས་ཏེ། སློབ་དཔོན་པྲ་བྷ་ཧ་སྟི་ལས་ཡོ་གའི་ཆོས་རྣམས་གསན་ཅིང་སྦྱངས། རྒྱུས་ཡོ་ག་བ་རྣམས་དང་མཐུན་པར་སྣང་ཞིང་། ཡང་ཕུར་པ་བ་རྣམས་ཀྱིས་གྲོགས་གཉིས་པོ་སྔར་སྤྱུགས་དུས་ཀྱི་བྱིས་པ་དེ་གཉིས་ཡིན་ཏེ་ཕྱིས་བི་མ་མི་ཏྲ་དང་། ཤི་ལ་མཉྫུ་གཉིས་ཡིན་ཟེར་བའང་ཡོད། སློབ་དཔོན་པྲ་བྷ་ཧ་སྟི་ལས་རབ་ཏུ་བྱུང་བར་བཤད་པའང་ཡོད་མོད། འགའ་ཞིག་གིས་མཁན་པོ་ཤཱཀྱ་བོ་དྷི་ལས་རབ་ཏུ་བྱུང་བའང་བཤད་ཀྱང་ཐང་ཡིག་ལས་ཨ་སུ་རའི་བྲག་ཕུག་ཏུ་དགྲ་བཅོམ་པ་ཉི་མའི་གུང་དང་ལྷན་ཅིག་ཏུ་འཕགས་པཀུན་དགའ་བོ་ལས་རབ་ཏུ་བྱུང་བར་བཤད། འཕགས་ཡུལ་གྱི་གཏམ་རྒྱུད་དུ་འོག་ཏུ་(སྟོད་ཆ།༡༩༦)འཆད་འགྱུར་ལྟར་སློབ་དཔོན་སངས་རྒྱས་ཡེ་ཤེས་ལས་རབ་ཏུ་བྱུང་ཚུལ་བཤད་པའང་ཡོད་དེ། མཚན་ཡང་ཤཱཀྱ་སེང་གེར་གྲགས། སླར་ལྷོ་ཕྱོགས་བཻདྷེའི་ཡུལ་གྱི་དུར་ཁྲོད་སྐུ་ལ་རྫོགས་སུ་མཁའ་འགྲོ་རྣམས་ཀྱིས་མཆོད་པ་ནས་ཆོས་གསུངས་པས་མཚན་ཉི་མ་འོད་ཟེར་དུ་གྲགས་སོ། དེ་ནས་ནགས་ཚལ་དྲྭ་བ་ཅན་དུ་བྱོན་ནས་སྲས་མོ་གོ་མ་དེ་ཝིས་ཕྱི་ནང་གསང་བའི་དབང་བསྐུར་ཞིང་། སློབ་དཔོན་འཇམ་དཔལ་བཤེས་གཉེན་མཇལ་བས་ངས་ཁྱོད་འདུལ་བའི་དུས་ལ་མ་སླེབས་པས་མཁའ་གྲོ་གསང་བ་ཡེ་ཤེས་དགེ་སློག་མ་ཀུན་དགའ་མོར་ཞུས་ཞེས་ལུང་བསྟན་པ་ལྟར། མཁའ་གྲོ་མ་བདེ་བའི་འཁོར་ལའམ། དགེ་སློང་ཀུན་དགའ་མོ་ལས་ཡི་ནང་གསང་བའི་དབང་རྣམས་རྫོགས་པར་བསྐུར་བ་ནོད་པར་བཤད་དོ། ལོ་རྒྱུས་འདི་ལ་འཕགས་ཡུལ་པའི་གཏམ་རྒྱུད་དུ་རྣལ་འབྱོར་མ་སུ་ཁ་དྷ་རི་ཡིན་པར་གྲགས་ཏེ་ངོ་བོ་གཅིག་པར་མངོན། གཞན་ཡང་འཛམ་བུའི་གླིང་དུ་གདོང་ནས་གྲུབ་པའི་དུར་ཁྲོད་ཅེན་པོ་བརྒྱད་ཡོད་པ་རྣམས་སུ་ཡང་སྔགས་བཟླས་པའི་རྫུ་འཕྲུལ་གྱིས་ཡང་ཡང་བྱོན། དེ་དག་ཏུ་འདོང་ནས་གྲུབ་པའི་སློབ་དཔོན་ཆེན་པོ་བརྒྱད་དང་ཡལ་མཇལ། ཐུན་མོང་གི་དངོས་གྲུབ་རེ་རེ་ཡང་ཐོབ་པས་རིག་པ་འཛིན་པར་གྱུར། དེ་ནས་སྤྱོད་པ་སྤྱད་དེ་སངས་རྒྱས་འཐོབ་པར་བྱ་འོ་དགོངས་པ་ལ། མནལ་ལམ་དུ་སངས་རྒྱས་འོད་དཔག་མེད་པ་ལུང་བསྟན་ཏེ། ཆོས་ཀྱི་མྱུ་གུའི་དགོན་པར་མཁན་པོ་སངས་རྒྱས་ཡེ་ཤེས་ཀྱིས་མཛད་ནས་དགེ་འདུན་ཕལ་ཆེན་སྡེའི་སྡེ་ལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པར་མཛད་དེ། འདུལ་འདིན་གཅིག་ལས་འདུལ་བ་འབུམ་སྡེ་ལན་གཅིག་ཉན་པས་དོན་ཐུགས་སུ་ཆུད་པར་མཛད། དེར་སློབ་དཔོན་སངས་(སྟོད་ཆ།༡༩༧)རྒྱས་ཡེ་ཤེས་ཞབས་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གསན་པས། ལྟ་བ་ནམ་མཁའ་དང་མཉམ་པར་གྱུར། སློབ་མ་གཞན་རྣམས་དབང་བསྐུར་ཞུ་བར་དཀའ་ཚེགས་ཆེན་པོ་དགོས་པ་ལ། སློབ་དཔོན་འདིས་དཀའ་ཚེགས་མེད་པར་དབང་ཐམས་ཅད་རྫོགས་པར་ཐོབ། སློབ་དཔོན་ཡེ་ཤེས་ཞབས་ཀྱི་སློབ་མ་སངས་རྒྱས་གསང་བ་ལས་ཀྱང་རྣལ་འབྱོར་གྱི་རྒྱུད་དུ་དབང་བསྐུར་བ་དང་མན་ངག་ཐོབ། སློབ་དཔོན་ཡེ་ཤེས་ཞབས་ལས། འདུས་པ་དང་། རྒྱུ་འཕྲུལ་དྲྭ་བ་དང་། ཟླ་གསང་ཐིག་ལེ་དང་། སངས་རྒྱས་མཉམ་སྦྱོར་དང་། ལས་ཀྱི་ཕྲེང་བ་སྟེ་ན་རྒྱུད་སྡེ་ལྔ་ལ་སོགས་པ་རྒྱུད་དང་མན་ངག་མཐའ་དག་གསན་ནོ། དེར་དབང་གི་ཡེ་སེས་ཇི་བཞིན་དུ་ངོ་འཕྲོད་ཟབ་གསལ་གཉིས་སུ་མེད་པའི་རྟོགས་པ་ལ་བརྟན་པ་ཐོབ། སངས་རྒྱས་གསང་བ་ལས་ཀྱང་རྣལ་འབྱོར་རྒྱུད་དང་གསང་བ་སྙིང་པོ་ལ་སོགས་རྒྱུད་སྡེ་མང་པོ་གསན་ཅིང་མཐའ་དག་པ་ལ་ཐུགས་སུ་ཆུད་པར་མཛད་ཅེས་འབྱུང་སྟེ། འདི་དུས་ཐང་ཡིག་ཏུ་དུར་ཁྲོད་བརྒྱད་སོ་སོར་བྱོན་ཚུལ་འབྱུང་བ་དང་། བཀའ་བརྒྱད་སྒྲུབ་སྡེ་བརྒྱད་ཀྱི་ལོ་རྒྱུས་སོགས་སུ་ནཱ་གརྫུ་ན་སོགས་སློབ་དཔོན་རྣམས་དང་མཇལ་ཚུལ་བཤད་པ་སོགས་དང་གུང་འགྲིགས་ཏེ་མཚན་ཡང་གུ་རུ་བློ་ལྡན་མཆོག་སྲེད་ཅེས་སུ་གྲགས་སོ། དེ་ནས་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་དང་། འཇམ་དཔལ་བཤེས་གཉེན་དང་། ཤྲི་སིདྷ་གསུམ་ལས་རྫོགས་པ་ཆེན་པོ་དོན་བརྒྱུད་ཀྱི་མན་ངག་རིག་པ་རྒྱལ་ཐབས་སྤྱི་བླུགས་ཀྱི་ཚུལ་དུ་ཐོབ་པས་ཟབ་གསལ་གཉིས་སུ་མེད་པའི་ཡེ་ཤེས་ནམ་མཁའ་དང་མཉམ་པ་ལ་རང་དབང་བརྙེས་ཤིང་རྡོ་རྗེ་འཆང་དང་མི་གཉིས་པར་གྱུར། ཁྱད་པར་དུ་རྡོ་རྗེ་ཕག་མོས་ལུང་བསྟན་པ་བཞིན་སེངྷ་(སྟོད་ཆ།༡༩༨)ལས་སྙིང་ཐིག་ཟབ་མོའི་སྐོར་རྣམས་ལོ་ཉི་ཤུ་རྩ་ལྔའི་བར་དུ་གསན་སྦྱངས་མཛད། རྫུ་འཕྲུལ་གྱིས་གནས་རྣམ་པ་སྣ་ཚོགས་སུ་མི་དང་མི་མ་ཡིན་པའི་འགྲོ་བ་རབ་ཏུ་མང་པོའི་དོན་མཛད་ཅིང་ཁྱད་པར་དུ་དུར་ཁྲོད་ཆེན་པོ་རྣམས་སུ་མཁའ་འགྲོ་འབབ་པའི་སྤྲིན་ཕུང་དང་ལྷན་ཅིག་གསང་སྔགས་ཀྱི་ཀུན་ཏུ་སྤྱོད་པས་གནས་པར་མཛད་དེ། འཕགས་ཡུལ་བའི་གཏམ་རྒྱུད་དུ་སློབ་དཔོན་འདི་ཉིད་ཡེ་སཻས་ཞབས་ཀྱི་སློབ་མ་མཐོང་བའི་ཆོས་སུ་མྱ་ངན་ལས་འདས་པ་བཞིའི་ཡ་གྱལ་བདེ་བ་ཆེན་པོ་པདྨ་བཛྲ་ཞེས་པ་ཡིན་ཅེས་གྲགས་ཏེ། སློབ་དཔོན་དེ་ཉིད་ཀྱིས་ལུང་བསྟན་པ་ལྟར་གྲོང་ཁྱེར་པཎྜ་བེའི་བྱང་ངོས་བཪྴི་བྱ་བའི་གནས་ཀྱི་མཐོངས་སུ་རི་དེའུ་ཞིག་ཡོད་པ་དེར་ཡིན་ཟེར། དོན་དུ་བྲག་པུག་མ་ར་ཏི་ཀར་པདྨ་ཅན་གྱི་ལས་རྒྱ་མནྡ་ར་ལ་བརྟེན་ནས་བདེ་བ་ཆེན་པོའི་ལམ་གྱིས་ཟླ་བ་དྲུག་ཏུ་སྒྲུབ་པ་ཆེན་པོ་མཛད་པས་ཕྲ་ཡང་སོགས་ཀྱིས་ཡོན་ཏན་དང་ལྡན་པའི་རྡོ་རྗེའི་སྐུར་གྱུར་ཏེ་ཚེའི་རིག་འཛིན་བརྙེས། མཚན་ཡང་འཆི་མེད་པདྨ་འབྱུང་གནས་སུ་གྲགས། འདི་དུས་རྣམ་ཐར་བོད་མ་རྣམས་སུ་ཟ་ཧོར་རྒྱལ་པོའི་བུ་མོ་ལྷ་ལྕམ་མནྡཱ་ར་བ་ལ་བརྟེན་ནས་ཟ་ཧོར་རྒྱལ་ཁམས་ཆོས་ལ་བསྒྱུར་བར་བཤད་དེ་མཚན་ཡང་པདྨ་སམྦྷ་ཝར་གྲགས། སླར་ཨོ་རྒྱན་གྱི་ཡུལ་དུ་བྱོན་ནས་རྫུ་འཕྲུལ་གྱིས་རྒྱལ་པོ་ཨིནྡྲ་བྷུ་དྷི་ཨོ་རྒྱན་གྱི་རྒྱལ་ཁམས་དང་བཅས་པ་ཆོས་ལ་བཀོད་པའི་ཚོ་མཚན་པདྨ་རྒྱལ་པོ་འམ་པདྨ་ཐོང་ཕྲེང་རྩལ་དུ་གྲགས་སོ། དེ་ནས་མ་ག་དྷའི་གྲོང་ཁྱེར་དུ་བྱོན། མེ་སྟེགས་ཀྱི་སྟོན་པ་ལྔ་བརྒྱ་དང་བརྩོད་པས་སློབ་དཔོན་ཉིད་རྒྱལ། མེ་སྟེགས་ཀྱིས་ནགས་གསེབ་ཏུ་མཐུ་བསྒྲུབས་པས། ཡེ་ཤེས་ཀྱི་མཁའ་འགྲོ་བདུད་འདུལ་མས་ལུང་བསྟན་པ་ལྟར་གཏེར་གྱི་སྒྲོམ་བུ་ཕྱུང་(སྟོད་ཆ།༡༩༩)ནས་ཐོག་སེར་གཏད་སོགས་ཀྱིས་ཞག་བདུན་ནས་མུ་སྟེགས་ཐམས་ཅད་ཚར་བཅད་ཕལ་ཆེར་ནང་པའི་བསྟན་པ་ལ་བཙུད་དེ་སངས་རྒྱས་ཀྱི་བསྟན་པ་རྒྱས་པར་མཛད་པས་མཚན་སེང་གེ་སྒྲ་སྒྲོག་ཏུ་གྲགས་སོ། དེ་ནས་འཔགས་ཡུལ་པའི་གཏམ་རྒྱུད་དུ་སེམས་ཅན་གྱི་དོན་ཅི་རིགས་པར་བྱའོ་དགོངས་ནས་ཏི་ར་ཧུ་ཏི་སོགས་ཏ་རུའི་རྒྱལ་ཁམས་དང་། ཀ་མ་རུ་དང་བལ་པོ་སོགས་བྱ་པྱོགས་ཀྱི་ཡུལ་རྣམས་སུའང་ཆོས་སྟོན་པ་དང་། ཐུན་མོང་གི་གྲུབ་པ་རྣམས་ཀྱིས་ཕན་འདོགས་པར་མཛད། གསེར་འགྱུར་གྱི་རྩི་དང་བཅུད་ལེན་གྱི་སྨན་སོགས་ཀྱིས་ཀྱང་སྐྱེ་བོ་སྟོང་ཕྲག་མང་པོ་ཚེ་བསྲིངས་བ་དང་ལོངས་སྤྱོད་རྒྱས་པར་མཛད། ཆུ་མེད་པ་རྣམས་སུ་ཆུ་འབྱུང་བ་དང་། ཆུ་ཆེ་བ་རྣམས་ས་འོག་ཏུ་འཇུག་པ་སོགས་མང་དུ་མཛད་དེ། ཐ་རུའི་ཡུལ་དང་། ཙམ་པའི་ཕྱོགས་དང་། ཁ་སྱ་སོགས་ཀྱི་ཡུལ་ཀུན་ན་སློབ་དཔོན་འདིའི་སྒྲུབ་ཆུ་དང་། ཆུ་ས་འོག་ཏུ་བཅུག་པ་སོགས་ད་ལྟ་ཡང་མང་དུ་ཡོད། ཙམྤཱ་(སྟོད་ཆ།འི་ཡུལ་དུ་ཆུ་བོ་བྷ་ཏྲཾ་ཆེན་པོ་ཞེས་པ་གཙང་ཆུ་རྒྱས་པ་ཙམ་ཞིག་ཉིན་ལམ་གཅིག་ཙམ་པའི་འོག་ཏུ་བཅུག་པ་གཅིག་དང་། ཚ་ལམ་ཙམ་རིར་བཙུགས་པ་གཉིས་ཡོད། དེ་སྐབས་ཙམ་དུ་རྒྱ་གར་ལྷོ་ཕྱོགས་ཏྲི་ལིང་ག་དང་ཉེ་བ་ཏྲི་མ་ལའི་ཡུལ་ལཀྵ་མཱན་གྱི་གནས་དང་ཉེ་བ་ན་ཤི་བ་སྠཱ་ན་ཞེས་པར་དབང་ཕྱུག་གི་ལིངྒ་ཁྲུ་གང་བ་ཙམ་ཞིག་རང་བྱུང་དུ་བྱུང་། ཉིན་རེ་བཞིན་སྲོག་ཆགས་མང་པོ་བསད་པའི་ཁྲག་གིས་མཆོད་པ་བྱེད་དགོས། དེར་མུ་སྟེགས་པ་རྣམས་ཀྱིས་དམོད་པ་དྲག་པོ་བྱས་པ་ཙམ་གྱིས་ནང་པའི་སྡེ་རྣམས་ལ་ནད་ཡམས་སོགས་མི་མཚམས་པ་དུ་མ་འབྱུང་བ་ཞིག་ཡོང་། དེས་ནང་པའི་སྡེ་རྣམས་དང་ལྷ་ཁང་སོགས་ལ་ཤིན་ཏུ་གནོད་པ་ཞིག་ཡོད་ལ།(སྟོད་ཆ།༢༠༠) ཡང་ཤར་ཕྱོགས་བྷཾ་བྷ་ལར་ཉེ་བ་ན་ཙནྡན་གྱི་ནགས་བ་རེནྡེའི་ལྷོ་ནུབ་པཱ་ག་ལ་ཞེས་བྱ་བར་མཚོ་ཆུང་ངུ་ཞིག་གསར་དུ་བརྡོལ་ཞིང་དེར་མུ་སྟེགས་པ་ལ་དགའ་བའི་ཀླུ་གདུག་པ་ཅན་ཞིག་ཀྱང་གནས་བཅས། མུ་སྟེགས་རྣམས་ཀྱིས་མཚོ་དེ་ལ་མཆོད་གཏོར་ཕུལ་བ་ཙམ་གྱིས་གསེར་དངུལ་མུ་ཏིག་ལ་སོགས་པའི་རིན་པོ་ཆེ་དཔག་ཏུ་མེད་པ་རྙེད་འོང་ཞིང་མང་དུ་འབྱོར་བས། དེའི་མཐུས་ཤར་ཕྱོགས་སུ་མུ་སྟེགས་ཀྱི་སྡེ་གསར་པ་མང་དུ་བྱུག །སངས་རྒྱས་པ་རྣམས་ལ་ཀལུ་དེ་ཤིན་ཏུ་ཆོ་འཕྲུལ་ཆེ་བས་གནོད་པར་གྱུར། མ་ག་དྷའི་རྒྱལ་པོའི་ཁབ་ན་ཤེལ་གྱི་ཕ་ཝང་གཅིག་ལ་མུ་སྟེགས་པའི་ལྷ་བྲམ་ཟེའི་རིགས་ཀྱི་འབྱུང་པོ་མང་དུ་གནས་པས་བསྒྲུབ་མི་དགོས་པར་མིག་མཐོང་དང་རྣ་སྒྲོགས་དང་མོ་རྩིས་ཀྱི་མངོན་ཤེས་སོགས་སྟོན་པ་ཞིག་བྱུང་། དེ་རྣམས་འདུལ་བར་དགོངས་ཏེ་རྡོ་རྗེ་གདན་དུ་སྒྲུབ་ཁང་མཛད་ནས་འཁོར་ལོས་བསྒྱུར་བ་དྲུག་གི་དཀྱིལ་འཁོར་ཞལ་ཕྱེས་ནས་དཔལ་ཡང་དག་ཧེ་རུ་ཀ་བསྒྲུབ་པས་འབར་བ་དང་། ཧ་ཧ་ཧི་ཧི་སོགས་བཞད་པ་བརྒྱད་ཀྱིས་བཞད་པའི་དཔལ་ཧེ་རུ་ཀས་ཞལ་བསྟན། ཕུར་བུ་གསུམ་བྱུང་བ་ལས་ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་གྱི་ཕུར་བུ་སློབ་དཔོན་ཉིད་ཀྱིས་བླངས་ཏེ་རྫུ་འཕྲུལ་གྱིས་ཡུད་ཙམ་ལ་ལྷོ་ཕྱོགས་སུ་བྱོན། ཏྲི་མ་ལའི་ལིངྒ་དང་ཉེ་བའི་ཤིང་སྡོང་གཅིག་ལ་བཏབ་པས་དེ་སྐོར་གྱི་ནགས་ཐམས་ཅད་ཚིག །ལིངྒ་ཕྱེད་ལྷག་ཙམ་ཐལ་བར་སོང་། ཕྱི་ནང་པ་ལ་གནོད་པ་མེད་ཅིང་མཆོད་པ་ཉམས་པ་རྣམས་ཀྱང་གསོས། ཁྲོ་བོ་བདུད་རྩི་འཁྱིལ་བའི་ཕུར་བུ་དཀྱིལ་འཁོར་གྱི་གཟུངས་ཡ་མན་དཱ་རའི་ངང་ཚུལ་ཅན་གྱིས་བླངས་ཏེ་བྷཾ་ག་ལའི་མཚོ་དེ་ལ་བཏབ་པས་ཀླུ་འཁོར་བཅས་ཐལ་བར་སོང་། ཞག་བདུན་ནས་མཚོ་ཡང་སྐམ་(སྟོད་ཆ།༢༠༡)མུ་སྟེགས་ཀྱི་སྡེ་དེ་རྣམས་ཞིག །ཕུར་བུ་ཆུང་བ་དེ་སྒྲུབ་གཡོག་ཀ་མ་རུའི་རྣལ་འབྱོར་པ་རཏྣ་ཤྲཱི་ལས་བླངས་ཏེ་རྒྱལ་པོའི་ཁབ་ཀྱི་ཤེལ་གྱི་ཕ་ཝང་དེ་ལ་བཏབ་པས་སིལ་གྱིས་ཞིག དེ་གཉིས་ཀྱིས་ཀྱང་སངས་རྒྱས་པའི་སྡེ་རྣམས་ལ་ཕན་པར་བྱུང་། གཉིས་ཀའང་རིག་པ་འཛིན་པའི་ལུས་སུ་གྱུར་ཏེ་མི་སྣང་ལ། འདོད་ན་སྤྲུལ་པའི་ལུས་ཀྱིས་སྣང་བར་བྱེད་དོ། སློབ་དཔོན་གྱིས་ཏྲི་མ་ལ་དང་བི་ཀྲ་མ་ཤཱི་ལར་ཐོགས་རེ་བཞུགས་ཤིང་ལྷ་ཁང་རེའང་བཞེངས། དེ་ནས་སླར་ཡང་ཨོ་རྒྱན་དུ་བྱོན། སྐལ་བ་དང་ལྡན་པ་རྣམས་རྣམས་ལ་གསང་སྔགས་ཕྱི་ནང་གི་ཆོས་མང་དུ་བསྟན་ཅིང་ཐམས་ཅད་ཀྱང་དངོས་གྲུབ་སྣ་རེ་མ་ཐོབ་པ་མེད། ལྷ་ཁང་ཆེན་པོ་གཅིག་ཀྱང་བཞེངས་ཞེས་འབྱུང་ལ། གཞན་ཡང་ལོ་རྒྱུས་ཁ་ཅིག་ན། ཨོ་རྒྱན་གྱི་རྒྱལ་པོ་ཨིནྡྲ་བྷུ་ཏི་ལ་ཆོས་བཤད་པས་བློན་པོའི་ཚོགས་ཀྱིས་རྒྱལ་པོ་རིགས་སླད་པར་མཐོང་ནས་མེའི་དག་བྱེད་བྱས་ཀྱང་འབྱུང་བའི་གནོདད་པས་མ་ཚུགས་པར་ཡབ་ཡུམ་གཉིས་ཀ་རྒྱ་མཚོའི་དབུས་ན་པདྨའི་སྡོང་པོ་སྐྱེས་པའི་སྟེང་ན་བཞུགས་པར་མཐོང་བས་དད་ཅིང་པདྨ་འབྱུང་གནས་སུ་མཚན་གསོན་ཞེས་ཟེར་ཏེ་པདྨ་བཛྲ་དུ་ཡང་གྲགས་པ་དང་། ཡང་ཨོ་རྒྱན་གྱི་རྒྱལ་པོ་མ་ཧཱ་ས་ལའམ། རྒྱལ་པོ་བི་སུ་ཀལྤར་གྲགས་པ། དེ་ལ་ཐུགས་རྗེ་ཆེན་པོས་ལུང་བསྟན་ཏེ་ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་དང་ཁྱོད་རང་འབྲེལ་བ་ཡོད་པས་དེ་ལ་དབང་བཀུར་སྒྲུབ་ཐབས་དང་བཅས་པ་ཞུས་ཤིག་གསུངས་པ་བཞིན་ཕྱོགས་ཐམས་ཅད་དུ་བཙལ་བས་མ་རྙེད་དེ་གླང་མའི་རི་བོ་ལ་ཁྱེའུ་པདྨ་བཛྲ་བྱ་བ་ཞིག་ཡོད་པ་ལ་ཕྱག་དང་སྐོར་བ་མང་པོ་བྱས་ཏེ་རྗེས་སུ་འཛིན་པར་གསོལ་བ་བཏབ་པས། ཁྱོད་ཀྱིས་ནོར་བ་མིན་ནམ་གསུངས་པས། དེ་ལྟར་མ་་ཡིན་འཕགས་པ་ཉིད་ཀྱིས་ལུང་(སྟོད་ཆ།༢༠༢)བསྟན་པ་ཡིན་ཞུས་པས་འོ་ན་དེ་ལྟར་ན་འདི་ལྟར་བྱའི་གསུངས་ནས་སེ་གོལ་ཞིག་ཅིག་གཏོགས་པས། ས་གཞི་དེ་གསེར་གྱི་རང་བཞིན་པད་སྡོང་ཉི་ཟླའི་སྟེང་དུ་ཁྱེའུ་སྤྱན་རས་གཟིགས་ཕྱག་སྡོང་སྤྱན་སྟོག་དུ་གྱུར་ནས་རྒྱལ་པོ་དང་མནྡ་ར་བ་དང་ཛ་ལན་དྷ་ར་དེ་གསུམ་ལ་དབང་བཞི་རྫོགས་པར་བསྐུར་བས་གསུམ་གས་མཆོག་གི་དངོས་གྲུབ་བརྙེས་པར་གྲགས་སོ། དེ་ལ་མནྡ་ར་བ་ནི། རྗེ་མར་པའི་དུས་རྣལ་འབྱོར་མ་མུ་རིས་ཀྱི་རྒྱན་ཅན་དང་ཆུ་ཤིང་གི་སྙེ་མ་ཅན་ན་མ་བྷང་ག་ལའི་ཕག་མོར་གྲགས་ཤིང་། ཁྱུང་པོ་རྣལ་འབྱོར་གྱི་དུས་ནེ་གུ་མ་དང་། གཉན་ལོའི་དུས་རི་སུལ་གྱི་རྣལ་འབྱོར་མ་དང་། རས་ཆུང་རྡོ་རྗེ་གྲགས་ཀྱི་དུས་མ་གཅིག་གྲུབ་པའི་རྒྱལ་མོ་གྲགས་ཏེ། དུས་སྐབས་དེ་དང་དེར་དེ་ལྟར་གྲགས་པ་ལས་དོན་ལ་མནྡ་ར་བ་ཉིད་ཡིན་ཅེས་བླ་མ་མཁས་པ་དག་གི་གསུང་ལས་ཐོས་སོ། ཡང་ཨོ་རྒྱན་དང་ཉེ་བའི་ཡུལ་ཀཙྪ་ན་ཞེས་པར་སངས་རྒྱས་པའི་སྡེ་བཟང་བ་ཞིག་ཡོད་པ་ལ། ཡུལ་མོ་ལ་ཏྲ་ནའི་གྲོང་ཁྱེར་བཱ་ག་དའི་རྒྱལ་པོ་སྟེག་གཟིག་ཏུ་རུཥྐ་ཡིན་པ་དེའི་དམག་གིས་ཡུལ་རྣམས་བཅོམས། ཆོས་གྲྭ་འགའ་ཞིག་ནི་བཤིགས། མང་པོ་ཞིག་འཇོམས་ལ་ཁད་ཀྱི་སྐབས་དམག་མི་རྣམས་ནཱི་ལ་ཞེས་པའི་ཆུ་ཀླུང་ལ་གྲུ་དང་རྐྱལ་གྱིས་བྱུང་བར། རྐྱལ་ཞིང་འོང་བའི་མི་དང་བཅས་པ་ཐམས་ཅད་ཆུར་བྱིངས་ནས་ཏུ་རི་ཥྐའི་དཔའ་བོ་ཐམས་ཅད་ཤིའོ། དེ་ཕྱིན་ཆད་ཕྱོགས་དེར་ཏུ་རུ་ཥྐའི་གནོད་པ་མ་བྱུང་ངོ་། གཞན་ཡང་ཐང་ཡིག་སོགས་ནས་ལི་ཡུལ་དང་ཡུལ་ཕྲན་མང་པོར་བྱོན་ཚུལ་དང་སྡིག་སྤྱོད་ཀྱི་རྒྱལ་པོ་ནོར་བུ་འོད་ལྡན་དང་རྒྱལ་(སྟོད་ཆ།༢༠༣)པོ་ཀླུའི་ཁྱབ་འཇུགས་བརྟུལ་ཚུལ་སོགས་དང་། ཟངས་གླིང་གི་རྒྱལ་པོས་ཟངས་ཁ་སྦྱོར་དུ་བཅུག་ནས་ཆུར་སྐྱུ་རཡང་ནམ་མཁར་བྱོན་ནས་གར་མཛད་པ་དང་། མེ་སྟེགས་ཀྱི་རྒྱལ་པོས་དུག་ཁལ་ལྔ་བརྒྱ་དྲངས་ཀྱང་མ་ཚུགས་པར་སླར་རྨ་བྱ་ལྟར་བཀྲག་མདགས་རྒྱས་པ་དང་། འབྲས་ལྡན་ཀ་ཀརྟའི་ཚོང་འདུས་སོགས་སུ་སྐྱེ་བདུན་གྱི་ཤ་ཚོལ་བ་དང་རྫུ་འཕྲུལ་གྱིས་སྟག་ལ་ཆིབས་པ་དང་། ཉི་མ་བརྟོད་ལ་མནན་ཅིང་ཆུ་བོ་གྱེན་ལ་ཟློག་ཚུལ་སོགས་ངོ་མཚར་ཅན་གྱི་མཛད་པ་མང་ཡང་འདིར་ཡི་གེ་མང་གིས་དོགས་ནས་མ་བྲིས་སོ། འདི་སྐབས་ཐང་ཡིག་ཏུ་མཚན་རྡོ་རྗེ་གྲོ་ལོད་དུ་གྲགས་པར་བཞེད། དེ་ནས་བལ་ཡུལ་ཕྱོགས་སུ་ཕེབས་ནས་ཡང་ལེ་ཤོད་དུ་དཔལ་ཡང་དག་ཧེ་རུ་ཀའི་སྒྲུབ་པ་ཚོམ་བུ་ལྔ་པའི་ཚོགས་ཀྱི་སྤྱོད་པ་སྤྲོས་བཅས་ཟླ་བ་དྲུག་ཏུ་སྤྱད་པས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་ཞལ་རྟག་ཏུ་སྟོན་ཅིང་གསུང་གླེང་མཛད་པ་དང་། འོད་གསལ་གྱི་སྐུ་ལས་ཟུང་འཇུག་གི་སྐུ་བཞེངས་ཏེ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་མངོན་དུ་མཛད་དོ། འདིའི་དུས་བལ་ཡུལ་གྱི་ལྷ་འདྲེ་ཀླུ་གྱོང་པོ་དང་གནོད་སྦྱིན་རྒོད་མ་ཁ་བྱི་དུར་གློག་དམར་སྤྲིན་གསུམ་གྱིས་བར་ཆད་བརྩམས་པ་ལ། འཕགས་ཡུལ་གྱི་སློབ་དཔོན་རྣམས་ལ་བར་ཆད་འདུལ་བའི་ཆོས་ཞུ་བར་བརྫངས་པས། རྡོ་རྗེ་ཕུར་པ་བྱི་ཏོ་ཏྟ་མའི་རྒྱུད་དང་ཕུར་པ་མི་ཁུར་གཉིས་བརྫངས་པས་ཡང་ལེ་ཤོད་དུ་ཕེབས་མ་ཐག་ནས་བར་ཆད་ཐམས་ཅད་ཞི་ཞེས་འབྱུང་་ལ། དེ་ནས་སློབ་དཔོན་གྱིས་བསྒྲུབས་པས་རྡོ་རྗེ་གཞོན་ནུས་ཞལ་གཟིགས། ཡང་ཕུར་སྦྲགས་མའི་སྒྲུབ་ཐབས་སོགས་བསྟན་བཅོས་ཀྱང་མང་དུ་མཛད། ཤྭ་ན་མ་བཞི་དང་། བདག་ཉིད་མ་བཞི་སོགས་དམ་ལ་བཏགས། སླར་རྒྱ་གར་དུ་ཆོས་ཀྱི་དག་(སྟོད་ཆ།༢༠༤)ཐེར་ལ་བྱོན་བས། ཡུལ་ཚ་པའི་ཚ་ཤོད་དུ་ནུབ་གཅིག་གཟིམས་པའི་ནམ་ཕྱེད་ན། ཆོ་འཕྲུལ་ཆེ་བ་སྙེམ་བྱེད་པ་ན་ཕྱག་གིས་ཉུལ་བས་མདུན་ན་ནེ་གུ་དྲུད་དྲུད་པ་གཅིག་འདུག །དེ་ཕྱག་རྒྱས་བསྡམས་ཏེ་ལྷུང་བཟེད་དུ་བཅུག་ནས་བཞག་སྟེ། ནང་པར་ཆུ་མིག་བྱང་ཆུབ་རིང་མོར་བྲོ་བཏབ་པའི་ཚེ་གཟིགས་པས། བུད་མེད་མཛེས་སྡུག་ཅན་བཞི་འདུག །ཁྱེད་རྣམས་སུ་ཡིན་བྱས་པས། ངེད་རྣམས་ཡུལ་ཚ་བའི་ཤོད་ལ་དབང་བྱེད་པའི་ས་བདག་མོ་བཞི་ཡིན་ཟེར། དེར་སློབ་དཔོན་གྱིས་དམ་ལ་བཏགས་ནས་རྡོ་རྗེ་ཕུར་པའི་སྲུང་མར་བསྐོས་སོ། གདུག་རྩུབ་ཆེས་པས་ཡུལ་སོ་སོར་ཁ་འཕྲལ་ནས་བཞག་ཅེས་འབྱུང་། སློབ་དཔོན་ཉིད་རྒྱ་གར་དུ་གཤེགས་ནས་སླར་ཡང་ཡང་ལེ་ཤོད་དུ་སློབ་དཔོན་རྣམ་གསུམ་གྱིས་ཕུར་པ་བསྒྲུབས་པའི་ལོ་རྒྱུས་གོང་དུ་སྨྲོས་པ་དེ་འདི་དུས་ཙམ་ཡིན་པར་མངོན་ནོ། མཚན་ཡང་རྡོ་རྗེ་ཐོད་ཕྲེང་རྩལ་དུ་གྲགས་སོ། ཡུལ་དེར་ཡུན་རིང་བཞུགས་པས། དེང་སང་བལ་པོའི་སྔགས་འཆང་རྣམས་ཀྱིས་ཞྭ་པད་ཞྭ་འདྲ་བ་གྱོན་ཅིང་ཨོ་རྒྱན་པདྨའི་ལུགས་ཡིན་ཟེར་བ་དང་། ཡུལ་དེར་སློབ་དཔོན་གྱིས་ལྷ་ཁང་ཞིག་བརྩིགས་པ་ཏིང་ངེ་འཛིན་གྱིས་གཟིར་ནས་དམ་ལ་བཏགས་པའི་ལོ་རྒྱུས་བལ་པོ་རྣམས་ཀྱིས་སྨྲ་བར་སྣང་། ཞེས་ཀུན་མཁྱེན་སི་ཏུ་རིན་པོ་ཆེས་གསུངས་སོ། ཡང་སློབ་དཔོན་འདི་འགྲོ་ལྡིང་སུ་བྱོན་པའི་ཚུལ་ལ། བོད་རྣམས་བོད་ཡུལ་ནས་སྲིན་པོའི་གླིང་དུ་བྱོན་པར་འདོད་ལ། འགྲོ་གྲིང་བ་རྣམས་འགྲོ་ལྡིང་ནས་དེར་ཕེབས་པར་འདོད་དེ། སྐུའི་བཀོད་པ་གཉིས་ཅིག་ཅར་བསྟན་པར་བྱས་ཀྱང་མི་འགལ་མོད། དེ་ཡང་རྒྱ་གར་ལྷོ་ཕྱོགས་(སྟོད་ཆ།༢༠༥)ནས་ནུབ་དྲང་ཐད་དུ་གྲུས་བརྒལ་ཏེ་འགྲོ་དགོས་པའི་སར་རྒྱ་མཚོའི་དབུས་ཀྱི་གླིང་ཆུང་ཌཱོ་མི་ཌོ་དི་པ་ཞེས་བྱ་བ་ཡོད་དེ། སྔོན་སྲིན་པོ་རང་མཁའ་འགྲོ་མ་ནམ་མཁའ་ལ་ལྡིང་ཞིག་འགྲོ་བ་ཁོ་ནས་གང་བ་ཡིན་པས། ཌཱོ་མི་ཊོ་སྟེ་འགྲོ་ལྡིག་ངོ་། དུས་དེའི་ཚེ་ཡང་བུད་མེད་ཤས་ཆེ་བ་ཞིག་ནི་གདུག་པའི་མཁའ་འགྲོ་མ་རིག་སྔགས་སྣ་ཚོགས་པ་བྱེད་པའི་ཕྱིར་སྔགས་འཆང་མ་ཞེས་བྱ་བ་དེ་འདྲ་ཡིན་ལ། སྐྱེས་པ་ཡང་འབྱུང་པོ་མའི་གཙུགས་ཅན་མང་པོ་ཡོད་དོ། དེར་སློབ་དཔོན་པདྨ་འབྱུང་གནས་ཀྱིས་ཡུལ་གྱི་སྐྱེ་བོ་རྣམས་འདུལ་བར་བཞེད་དེ། གླིང་དེའི་བྲག་ཕུག་ཅིག་ཏུ་བཞུགས། སློབ་དཔོན་གྱིས་དགོངས་པ་གཏད་པས། ཡུལ་དེའི་བདག་མོ་མ་མོ་དྲུག་ཅུ་རྩ་བཞིའི་སྤྲུལ་པ་རྒྱལ་པོའི་བཙུན་མོ་སྔགས་འཆང་མ་དྲུག་ཅུ་རྩ་བཞི་ཡོད་པ་དེ་རྣམས་ཏིང་ངེ་འཛིན་གྱི་ཐུས་དངོས་སུ་བཀུགས་ནས། རེངས་པ་དང་། ཚོར་བ་དྲག་པོ་གནད་དུ་ཕོག་པར་གྱུར། དེ་སྦྱིན་སྲེག་གི་ཐབ་ཏུ་བསྲེག་གོ་ཞེས་སྡིགས་པས། དེ་རྣམས་ཐུལ་ཏེ་སློབ་དཔོན་གྱིས་ཅི་གསུངས་བསྒྲུབ་པར་ཁགས་བླངས་སོ། དེ་རྣམས་ལ་སྔགས་འཆང་མའི་གཙོ་མོ་གཞན་ཐམས་ཅད་ཀྱང་བསྡུར་བཅུག་ནས་ཐམས་ཅད་འདུས་པ་ལ་ཆོས་བསྟན་ཏེ་དམ་བཞག་དང་པོ་མཛད་དོ། ལན་ཅིག་སློབ་དཔོན་གྲོང་ཁྱེར་དུ་བཞུད་པ་ལ། སྔགས་འཆང་མ་མང་པོས་འཛམ་བུའི་གླིང་གི་མི་མང་པོ་ཁྲིད་ནས་ཟ་བར་གཟིགས་ཏེ། ཡང་བྲག་པུག་ཅིག་ཏུ་ཁྲོ་བོའི་དཀྱིལ་འཁོར་ཆེན་པོར་བཞེངས་མཁའ་འགྲོ་མ་ཐམས་ཅད་དང་དབང་མེད་དུ་བཀུག་ནས་བསྡིགས་པས། དེ་རྣམས་འབྲོས་པར་བརྩམས་པ་ལས། ཐམས་ཅད་ཀྱི་ཡན་ལག་ལ་ཕུར་བུས་(སྟོད་ཆ།༢༠༦)བཏབ། ཕྱིན་ཆད་འཛམ་བུའི་གླིང་གི་མི་རྣམས་ལ་གནོད་པ་མི་བྱེད་པའི་མནའ་བོར་རོ། དུས་གཞན་ཞིག་ན་མགྲོན་ཁང་ཞིག་ཏུ་བོན་པས་དེ་ན་བུད་མེད་མང་པོས་ཆུ་བསྐོལ་གྱིན་འདུག་པ། ཇི་ཞིག་ན་ཆུ་རྣམས་ལ་ལ་ཁྲག་ཏུ་འགྲོ་ལ་ལ་ཚིལ་དུ་འགྲོ། ལ་ལ་ཐིག་ལེར་འགྲོ། ལ་ལ་ཤ་ཆེན་དུ་འགྲོ། ལ་ལ་མར་ཁུར་འགྲོ། ལ་ལ་བུ་རམ་དུ་འགྲོ། ལ་ལ་འབྲུ་ཅན་དུ་འགྲོ། ལ་ལ་ཆང ་དུ་འགྲོ་བ་སོགས་གཟིགས་ནས། དེ་རྣམས་ལ་དྲིས་པས། སློབ་དཔོན་ཡིན་པར་ངོ་མ་ཤེས་ཏེ། འདི་དག་ནི་འཛམ་བུའི་གླིང་པའི་མི་རྣམས་ཀྱི་ལུས་བཅུད་དང་ཟས་བཅུད་བཀུག་པ་ཡིན་ཟེར། ཁྱོད་རྣམས་ཀྱིས་སློབ་དཔོན་པདྨ་ཀ་རའི་དྲུང་དུ་མའ་བོར་བ་མ་ཡིན་ནམ་བྱས་པས། ངེད་རྣམས་ཀྱི་དཔོན་མོས་མནའ་བོར་ཡང་ཁོ་མོ་ཅག་གིས་མ་བོར་རོ་ཟེར་བས། ཡང་སྔར་གྱི་རི་ཕུག་དེར་དཀྱིལ་འཁོར་གྱིས་སྔགས་འཆང་མ་གཙོ་འཁོར་ཐམས་ཅད་བསྡུས་པས་འབུམ་ཕྲག་བཅུ་གཉིས་བྱུང་སྐད་དོ། ཐམས་ཅད་ཀྱི་སྲོག་སྔགས་དང་སྒྲུབ་ཐབས་བླངས་གཙོ་མོ་རྣམས་དཀྱིལ་འཁོར་དུ་བཅུག་འཁོར་རྣམས་ལ་སེམས་བསྐྱེད་ཕོག །གཞན་ཡང་ཡུལ་དེའི་གནོད་སྦྱིན་དང་སྲིན་པོ་དང་ཀླུ་གདུག་པ་ཅན་རྣམས་བཏུལ། ཡི་དྭགས་སརྦཱ་རེ་ཞེས་བྱ་བ་ཡུལ་དེའི་རྒྱལ་པོའི་ཕ་ལྷ་གདུག་རྩུབ་ཆེ་བ་ཞིག་ཡོད་པ་དེ་ཡང་བཏུལ། སངས་རྒྱས་ཀྱི་བསྟན་པ་དར་བའི་ཕྱིར། མི་རྣམས་ཀྱང་འདུལ་དགོས་པར་དགོངས་ཏེ། རྒྱལ་པོའི་ཕོ་བྲང་དང་ཉེ་བའི་ནགས་ཤིག་ཏུ་བཞུགས། དེར་རྒྱལ་པོའི་བཙུན་མོ་ཐམས་ཅད་དཀྱིལ་འཁོར་མཆོད་པའི་གཟུངས་མའི་དོན་དུ་ཏིང་ངེ་འཛིན་གྱི་མཐུས་ཡང་ཡང་བཀུག་པས་རྒྱལ་པོས་(སྟོད་ཆ།༢༠༧)ཀྱང་བཙུན་མོ་རྣམས་མི་སྡོང་པར་ཤེས་ནས། ཕལ་པའི་གཟུགས་སུ་བསྒྱུར་ནས་ཕྱི་བཞིན་དུ་འབྲངས་པས། སློབ་དཔོན་གྱི་མཐའ་བསྐོར་ནས་འདུག་པ་མཐོང་ངོ་། ནང་པར་རྒྱལ་པོ་དམག་དང་བཅས་པས་མཚོན་སྣ་ཚོགས་ཐོགས་ཏེ་སློབ་དཔོན་འཇོམས་དུ་འོངས་པ་ན། སློབ་དཔོན་གྱིས་ཡུངས་ཀར་གཏོར་བས་རྒྱལ་པོའི་འཁོར་གྱི་གོ་ཆ་དང་མཚོན་ཆ་རྣམས་ནི་ཚིག །མི་ཐམས་ཅད་ཀྱང་ཡན་ལག་ཁྲག་ཟག་ཅིང་ལུས་རེངས། ངག་ལྐུགས། སེམས་མྱོས་ཏེ་ཟག་གསུམ་ལུས། དེ་ནས་འཆི་བ་ལ་ཐུག་པ་ན། སྐྱེ་བོ་ཐམས་ཅད་ཀྱིས་གསོལ་བ་བཏབ་པས། སློབ་དཔོན་གྱིས་བུམ་པའི་ཆུས་བཀྲུས་པས་སྐད་ཅིག་ལ་ཐམས་ཅད་གོས་སོ། དེ་ནས་རྒྱལ་པོ་འཁོར་བཅ་སཀྱིས་ཀྱང་ཞབས་ལ་ཕྱག་བཙལ་སློབ་དཔོན་ཅི་གསུངས་བཞིན་དུསགརུབ་པར་བྱས་པས་སངས་རྒྱས་ཀྱི་བསྟན་པ་ཚུགས་ཤིག་གསུངས། ཡུལ་དབུས་མ་གདྷ་ནས་སྡེ་སྣོད་གསུམ་གྱི་མཁན་པོ་སྤྱན་དྲངས། དྷི་དྷ་ཞེས་པ་དང་། ཨཛྙ་ཞེས་པ་དང་། སུ་དྷཱ་ཞེས་པ་སྟེ་གཙུག་ལག་ཁང་གསུམ་བཞེངས། རབ་གནས་སློབ་དཔོན་གྱིས་མཛད། སྡེ་སྣོད་གསུམ་གྱི་བཤད་པ་དང་ལག་ལེན་རྐང་ཚུགས་པ་བཙུགས། རྒྱལ་པོ་འཁོར་བཅས་ལ་གསང་སྔགས་ཀྱི་ཆོས་ཀྱི་གདམས་པ་མང་དུ་གསུངས། སྐལ་བ་དང་ལྡན་པའི་སློབ་མ་དྲུག་ལ་རྒྱུད་དྲུག་བཤད། རྫོགས་རིམ་དང་ལས་ཚོགས་མང་དུ་གསུངས། སློབ་མ་དྲུག་པོས་ཀྱང་གྲུབ་པ་ཐོབ་བོ། ཡུལ་སོ་སོ་ན་ལྷ་ཁང་ཆུང་ངུ་ལྔ་བརྒྱ་ཙམ་བཞེངས་ཏེ་ཐམས་ཅད་ཆུ་ཚོད་གཅིག་ལ་དུས་གཅིག་ཏུ་གྲུབ་པ་ཡིན་སྐད། དེ་ལྟར་ཡུལ་དེར་ལོ་བཅུ་གནིས་ཙམ་བཞུགས་ནས་ལྷོ་ནུབ་རྔ་ཡབ་སྲིན་པོའི་གླིང་དུ་བཞུད་དེ་ཟེར། འགྲོ་ལྡིང་གི་གླིང་དེ་ན། བཤད་སྒྲུབ་(སྟོད་ཆ།༢༠༨)བྱེད་ཚལ་སློབ་དཔོན་འདིའི་ལུགས་ཁོ་ན་ཡིན་ལ། དགྱེས་རྡོར། ཟླ་གསང་ཐིག་ལེ། དཔལ་མཆོག་རྣམས་ཤིན་ཏུ་དར་ཞིང་། གཞན་ཡང་རྡོ་རྗེ་ཕུར་པ། ཁྲོ་བཅུའི་རྒྱུད། རྟ་མགྲིན། ཡང་དག །མ་མོའི་སྐོར་སོགས་རྒྱ་གར་ན་མ་གྲགས་པའི་རྒྱུད་སྡེ་མང་པོའང་ཡོད་དེ། དུས་ཕྱིས་རྒྱ་གར་གྱི་སློབ་དཔོན་བུདྡྷ་ནཱ་ཐ་གུ་སྟ་དེར་ཕེབས་ཤིག་སློབ་དཔོན་པདྨའི་ལུགས་ཀྱི་བདེ་མཆོག་དང་ཀྱཻ་རྡོ་རྗེ་སོགས་དང་རྒྱུད་ཀྱི་བཤད་པ་མང་པོའང་གསན། ཡུལ་དེར་དེང་སང་ཡང་རྒྱུད་སྡེ་བཞིའི་སྒོམ་སྒྲུབ་དང་ཉན་བཤད་ཐམས་ཅད་སློབ་དཔོན་པདྨའི་ལུགས་ཉིད་ཤིན་ཏུ་དར་ལ། མཁའ་འགྲོ་མ་རྣམས་དམ་བཞག་དང་པོ་མཛད་པའི་གནས་དེ་ལ་སཪྠ་ཟེར། བྲག་ལ་ཕྱག་གིས་བཅོས་པའི་མེ་ཐབ་ཀྱང་ཡོད། དམ་བཞག་ཕྱི་མ་གཉིས་མཛད་པའི་གནས་ལ་ཨཝ་སྠ་ཟེར་ཏེ། མཁའ་འགྲོ་མ་རྣམས་ལ་ཕུར་བུས་བཏབ་པའི་ཕུར་བུའི་རྗེས་སྟོང་ཕྲག་ཙམ་དང་། གྲུབ་པའི་ཕུར་བུ་དེ་རྣམས་སྐྱེ་བོ་ཕལ་པའི་སྤྱོད་ཡུལ་དུ་མི་སྡོད་པས། གཞན་རྣམས་ཡང་ཀྱང་། གཅིག་མ་འོངས་པའི་སེམས་ཅན་ཡོད་ཆེས་པའི་དོན་དུ་ཡེ་ཤེས་པ་སློབ་དཔོན་གྱི་སྐུ་ལ་བསྟིམས་ནས་རྫས་ཀྱི་ཕུར་བུ་བཞག་པ་ཡིན་ཟེར་བ་རྒྱུ་རྡོ་ཤིང་ཟངས་ལྕགས་སོགས་གང་དུ་ཡང་མཚོན་དུ་མེད་པ། བཅོས་མ་མི་འདྲ་བ་རང་བྱོན་ལྟ་བུ་ཆེ་ཚད་མའི་བོངས་སུམ་འགྱུར་ཙམ་ཞིག་ཡོད་ཅིང་། དེ་ཡང་དང་པོ་ཤིང་ལ་བཅོས་པའི་ཕུར་བུ་ཆུང་ངུ་རེ་ཡོད་པ་ལ། དེ་འགྲུབ་པའི་དུས་རབ་ཏུ་འཕེལ་ཞིང་ཆེ་ཆུང་བློས་གང་བྱས་སུ་འགྲོ་བ་འགྲོ་འོད་དང་གསུང་གི་སྣང་བ་སོགས་ལྷ་དངོས་དང་འདྲ་བ་འབར་འཕྲེང་འཁྲིགས་པ་ཞིག་ཏུ་གྱུར་ལ། དེ་སྐབས་ཕྲ་མེན་སྔགས་འཆང་མའི་གཙོ་མོ་ཞིག་ལུས་རི་རྒྱལ་(སྟོད་ཆ།༢༠༩)ཙམ་དུ་བསྒྱུར་ནས་འབྲོས་པར་བརྩམས་པ་ལ། ཕུར་བུ་དེ་རི་རབ་ཙམ་དུ་གྱུར་ནས་བཏབ། སླར་ཡེ་ཤེས་པ་སློབ་དཔོན་གྱི་སྐུ་ལ་བསྟིམས་པས། འོད་འཕྲོ་བ་དང་མེ་འབར་བ་སོགས་ཞི་ནས། ལྷག་རོ་ལུས་པའི་ཚུལ་དུ་དེ་ལྟར་གྱུར་སྐད་དོ། ཞན་ཡང་སློབ་དཔོན་འདིས། ཧུར་ལུ་ཛུ་ཞེས་ཞེས་པའི་གླིང་དང་། སི་ཀ་དྷ་ར་དང་། དྷ་ན་ཀོ་ཤ་དང་། རུག་མ་ལ་སོགས་པའི་ཡུལ་རྣམས་སུ་བྱོན་ནས་འགྲོ་བའི་དོན་མཛད་ཅེས་འཕགས་ཡུལ་དུ་གྲགས་ཀྱང་ལོ་རྒྱུས་མ་འཚལ་ལོ། གཞན་ཡང་རྒྱ་མོན་མཚམས་ཤིག་ན་སྒྲི་རྡོ་ཟེར་བའི་ཀླ་ཀློ་ལོངས་སྤྱོད་ཀྱི་གཙོ་བོ་བ་མེན་ལ་བྱེད་པ་ཞིག་ཡོད་དེ། སྔོན་སྲིན་བོ་མིའི་ཤ་ཁྲག་ལ་ལོངས་སྤྱོད་ཅིང་ཟ་བའི་རྫུ་འཕྲུལ་ཅན་གྱི་རིགས་ཡིན་པ་ལ་སློབ་དཔོན་གྱིས་རྫུ་འཕྲུལ་གྱིས་བཏུལ་ནས་དམ་འོག་ཏུ་བཅུག་པས། ད་ལྟའང་དམ་འོག་ཏུ་བཅུག་པའི་རྟགས་ཡིན་ཟེར་ནས། རྐང་ལག་གི་ངར་པ་ཚོར་རྩིད་སྐུད་ཀྱིས་དཀྲིས། མི་ཤ་མི་ཟ་བར་བཀར་བཏགས་ཚེ། བདག་ཅག་གིས་ལྟོ་མི་རྙེད་བྱས་པས། སློབ་དཔོན་གུ་རུས་ནམ་མཁའ་ནས་བ་མེན་ཕོ་མོའི་ས་བོན་བཀུག་ནས་འདིའི་འོ་མ་ལ་ལོངས་སྤྱོད་ཅེས་ལྟོ་སྐལ་དུ་བྱིན་པ་ཡིན་ཟེར། བ་མེན་གྱི་འོ་མ་ལ་ལོངས་སྤྱོད་པའི་སྡེ་རྒྱ་མོན་མཚམས་སུ་ཡོད་ལ། ཡང་ལྷོར་གྱི་ཡུལ་དུ་རྒྱལ་པོ་ཇི་ཆེ་མེར་གན་ཟེར་བ་མངོན་ཤེས་དང་རྫུ་འཕྲུལ་ཅན་ཞིག་བྱུག་སྟེ་ད་ལྟ་སྟིན་པོའི་ཁ་ནོན་དུ་བཞུགས་ཟེར་ཏེ་སློབ་དཔོན་འདི་ཡིན་ཟེར་རོ། གཞན་ཡང་ཤར་ཕྱོགས་སུ་མཐའ་འཁོབ་ཀྱི་ཡུལ་དང་ཡུལ་ཕྲན་མང་པོའི་སྤྱིའི་མིང་ཀོ་ཀིའི་ཡུལ་དུ་གྲགས་པ་དང་། ལྷོ་ཕྱོགས་སུ་ཌཱ་མི་ཌོ་པ་དང་། དྷ་ན་ཤྲཱིའི་གླིང་དང་། ཙནྡྲ་དྭི་པ་ལ་སོགས་པ་དང་། བྱང་གི་ཕྱོགས་སུ་གུ་ཛི་རཱ་ཐ་སོགས་ཅི་རིགས་པར་ཐེག་པ་ཆེ་ཆུང་དང་གསང་(སྟོད་ཆ།༢༡༠)སྔགས་ཀྱི་བསྟན་པ་སྔོན་ནས་དར་བ་མ་ཉམས་པ་དང་། གསར་དུ་བྱུང་བ་སོགས་ད་ལྟ་འང་བསྟན་པ་རྣལ་མ་བཞུགས་པ་གསང་སྔགས་པ་རྣམས་ནི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཞབས་ཀྱི་བཀའ་སྲོལ་འཛིན་པ་ཤས་ཆེ་བ་ཡོད་པར་གྲགས་སོ། གཞན་ཡང་སངས་རྒྱས་མྱ་ངན་ལས་འདས་ནས་བྱོན་པའི་ཆོས་རྒྱལ་མྱ་ངན་མེད་དུ་འདུལ་བའི་དགེ་ཚུལ་དེ་དང་དགེ་སློང་དབང་པོའི་སྡེ་དེ་ཡང་སློབ་དཔོན་གྱི་སྤྲུལ་པ་ཡིན་ཏེ། སྤྱོད་ཡུལ་རྣམ་པར་འཕྲུལ་པའི་མདོ་ལས། མྱ་ངན་ལས་འདས་ནས་རྒྱལ་པོ་མ་སྐྱེས་དགྲའི་སྐལ་བའི་རིང་བསྲེལ་དང་མདོ་འདི་ལྷན་ཅིག་ཏུ་རྒྱལ་པོའི་ཁབ་ཀྱི་ལྷོ་ཕྱོགས་སུ་མ་འོངས་པ་ན་རྒྱལ་པོ་མྱ་ངན་མེད་ཅེས་བྱ་བ་འབྱུང་བ་དེའི་དོན་དུ་སྦེད་པར་འགྱུར་ལ། དེའི་ཚེ་དགེ་སློང་དབང་པོའི་སྡེ་ཞེས་བྱ་བས་ཕྱུངས་ཏེ་མདོ་སྡེ་འདིས་རྒྱལ་པོ་དེ་འདུལ་ཞིང་། རྒྱལ་པོ་དེས་རིང་བསྲེལ་ཅན་གྱི་མཆོད་རྟེན་བརྒྱད་ཁྲི་བཞི་སྟོང་བྱེད་པར་འགྱུར་ཞིང་། དགེ་སློང་དེས་མདོ་སྡེ་འདི་བྱང་ཕྱོགས་སུ་འཇོག་པར་འགྱུར་མོད་ཀྱི། སུས་ཀྱང་ཤེས་པར་མི་འགྱུར་རོ། ཞེས་གསུངས་པས། ཡང་ཨོ་རྒྱན་དྷརྨ་གཉྫི་ལས་དགྱེས་རྡོར་གྱི་རྒྱུད་སྤྱན་འདྲེན་པ་པོ་སློབ་དཔོན་མཚོ་སྐྱེས་སུ་གྲགས་པ་དེ་ཡང་སློབ་དཔོན་འདི་ཉིད་ཡིན་ལ། དུས་ཕྱིས་བོད་དུ་བྱོན་པའི་ཇོ་བོ་མི་ཏྲ་ཛོ་ཀིའང་སློབ་དཔོན་ཉིད་ཡིན་ཏེ། བོད་དུ་བྱོན་དུས་གསེར་གྱི་པ་ཏྲ་ལ་གཡུ་ཡི་ཕྲ་བཏབས་པ་ཞིག་གཏེར་བཏོན་ནས་ཚོགས་ཀྱི་ཆ་རྐྱེན་མཛད་ནས་དམར་པོ་རིར་ཐུགས་རྗེ་ཆེན་པོའི་སྒྲུབ་མཆོད་མཛད་པའི་ཚེ། གསེར་གྱི་པ་ཏྲ་གཏེར་ནས་འདོན་པ་ཇི་ལྟར་ལགས་ཞུས་པས། སྔོན་བསམ་ཡས་སུ་ས་གཞི་འདུལ་དུ་འོང་བའི་དུས། རྒྱལ་(སྟོད་ཆ།༢༡༡)པོས་མགུལ་རྒྱན་ཕུལ་བ་སྦས་པ་ཡིན་གསུངས། འོ་ན་ཁྱེད་སློབ་དཔོན་པདྨ་ལགས་སམ་ཞུས་པས། ཅི་ཡང་མི་གསུང་བར་ཞལ་འཛུམ་པར་མཛད་ནས་ཕྱག་མཛུབ་ཉི་མ་གཏད་པར་མཛད་། ཡང་བསམ་ཡ་ས་སུ་བྱོན་དུས་རྣམ་སྣང་གི་དབུ་ཐོག་ཏུ་སྐྱིལ་ཀྲུང་མཛད་ནས་བཞུགས་པས། དཀོན་གཉེར་ཁྲོས་ནས་ཕབ་པར་བརྩམས་པའི་ཚེ་དེར་ཡོད་རྗེ་འབངས་ཀུན་གྱིས་སློབ་དཔོན་པདྨ་རུ་མཐོང་། ཇོ་བོ་ལྷ་བཙུན་གྱིས་ཁྱེད་སློབ་དཔོན་པདྨ་ཡིན་པར་འདུག་ཞུས་པས། པདྨ་འབྱུང་གནས་ཟེར་བ་དེ་ཨོ་རྒྱན་དུ་ཤི། དེའི་རོ་ཟོས་པས་ང་རེད་པ་ཡིན་གསུངས་སོ། གཞན་ཡང་། ཌོམྦི་པ་དང་། བཱི་རུ་པ་དང་། ནག་པོ་སྤྱོད་པ་ཆེན་པོ་ལ་སོགས་པ་རྣམས་ཀྱང་སློབ་དཔོན་ཉིད་སྐུའི་རྣམ་པ་གཞན་དང་མཚན་གཞན་གྱིས་ཡུལ་ཅི་རིགས་པར་འགྲོ་དོན་མ་ངེས་པར་མཛད་པར་གྲུབ་ལ། དེ་དག་ཀྱང་རྣམ་པ་འདི་དང་མཚན་འདིས་མཚོན་པའི་རྣམ་ཐར་གྱི་དབང་དུ་བྱས་པ་ཡིན་མོད། དངོས་རྒྱུད་ཀྱི་ཁྱད་པར་ཙམ་མ་གཏོགས་སྤྲུལ་པའི་སྐུ་འདི་ཉིད་ཀྱི་གདུལ་བྱའི་ཞིང་དུ་མ་གྱུར་པ་གཅིག་ཀྱང་མེད་པའི་ཕྱིར་ཟུང་འཇུག་གི་གོ་འཕང་ལ་བཞུགས་པ་རྣམས་ཀྱི་རྣམ་པར་ཐར་པའི་མཐའ་ནི་སུས་ཀྱང་བརྗོད་པར་མི་ནུས་སོ། གཞན་ཡང་རྒྱ་གར་ཤར་ནུབ་ལྷོ་དབུས་རྣམས་སུ་འགྲོ་དོན་ཅི་རིགས་པར་མཛད་ལ། དེ་ནས་ཆུ་གོ་གང་གཱའི་བྱང་ཕྱོགས་ནཱཻ་པ་ལའི་ཡུལ་ཕན་ཆད་དུ་འགྲོ་བའི་དོན་རྒྱ་ཆེར་མཛད། དེ་བས་ཀྱང་འགྲོ་ལྡིང་གི་ཡུལ་དུ་འགྲོ་དོན་ཆེ། དེ་བས་ཀྱང་བོད་ཀྱི་ཡུལ་དུ་འགྲོ་བའི་དོན་རྒྱ་ཆེ། དེ་ལས་ཀྱང་རྔ་ཡབ་གླིང་ཕྲན་སོགས་སུ་མི་མ་ཡིན་གྱི་འགྲོ་དོན་མཛད་པ་ཤིན་ཏུ་རྒྱ་ཆེས་ཆེ་བ་ཡིན་ཏེ། སྔ་མ་རྣམས་ནི་ཡུལ་ཉི་ཚེ་བ་དང་སྐྱེ་བོ་ཉུང་ངུ་ཙམ་དང་། དུས་ཀྱང་ལོ་གྲངས་(སྟོད་ཆ།༢༡༢)བརྒྱ་སྟོང་སྙེད་སོགས་ཡུན་ཐུང་དུ་ཅིག་ཡིན་ལ། ཕྱི་མ་འདི་ལ་ནི་ཡུལ་དུས་སྐྱེ་བོ་སོགས་ཚད་གཞལ་བར་དཀའ་བའི་ཕྱིར་སློབ་དཔོན་འདི་ཉིད་གཙོ་བོར་མི་མ་ཡིན་འདུལ་བའི་ཕྲིན་ལས་ཅན་ནོ། གཞན་ཡང་གྲུབ་ཐོབ་ཆེན་པོ་རྣམས་གདུལ་བྱ་ཕལ་གྱིས་མངོན་སུམ་དུ་མི་སྣང་བར་ཡུན་རིང་པོར་སོང་བ་ན་སླར་ཡང་སྣང་སྐུ་སྣང་བར་མཛད་ནས་དུས་རིང་པོར་བཞུགས་པ་དང་། སྐབས་རེརེ་ཡུལ་ལ་ལར་མི་སྣང་བར་ལ་ལར་སྣང་བ་དང་། ཁ་ཅིག་ཏུ་འཕོ་ཚུལ་མདད་ནས་ཁ་ཅིག་ཏུ་སྐྱེ་བར་སྟོན་པ་སོགས་རྣམ་འཕྲུལ་མཐའ་ཡས་པའི་ཕྱིར་སྔོན་བཱི་རུ་པ་མི་སྣང་བར་གྱུར་ནས་སླར་ཡང་སྐུ་དངོས་ཀྱིས་ལན་གསུམ་དུ་བྱོན་པ་དང་། ཛ་ལན་དྷ་རི་པ་ལན་ལྔ་བྱོན་པ་དང་། སྤྱོད་པ་བ་ཆེན་པོ་དེ་བཱི་ཀོ་ཊེ་གྲོངས་པའི་ཚུལ་མཛད་ནས་སློབ་མ་རྣམས་ཀྱིས་སྐུ་གདུང་བསྲེགས་པ་བཅས་གྲུབ་པ་ན་སླར་ཡང་ཡུལ་གཞན་དུ་སྔ་མའི་སྐུ་དེ་ཉིད་ཀྱིས་འགྲོ་དོན་མཛད་པ་དང་ཡུལ་ལ་ལར་སྐྱེ་བ་གསར་དུ་བཟུང་ནས་མཆོག་གི་དངོས་གྲུབ་བརྙེས་པའི་ཚུལ་མཛད་པར་གྲགས་པ་སོགས་ལ་སོ་སྐྱེའི་སྣང་ཚུལ་དང་བསྟུན་པའི་དུས་སྔ་ཕྱི་དང་གནས་ཡུལ་སོགས་ཁྲིག་ཁྲིག་ཀང་ཀང་སྒྲིག་ཏུ་མི་བཏུབ་ཅིང་ཕལ་པའི་རྣམ་གཞག་རྒྱལ་པོ་ལ་འགྲིགས་པའི་སྐབས་མེད་པ་བཞིན་ནོ། དེ་ཡང་སློབ་དཔོན་འདིའི་རྣམ་པར་ཐར་པ་ཐང་ཡིག་ཆེན་མོ་སོགས་གཏེར་ཁ་སོ་སོ་ནས་བྱུང་བ་དང་ཕུར་པ་བཀའ་མ་དང་རྟ་མགྲིན་སོགས་ཀྱི་ལོ་རྒྱུས་ལས་བྱུང་བ་ཟབ་ཅིང་རྒྱ་ཆེ་བ་མང་དུ་ཡོད་མོད་ཀྱང་འདིར་བྲི་བར་མ་ལོངས། འོན་ཏེ། སྤྱིར་སློབ་དཔོན་ཆེན་པོ་འདི་ཡོངས་གྲགས་བརྫུས་སྐྱེས་སུ་བཞེད་པས་མངལ་སྐྱེས་སུ་གླེང་བ་ན་རང་ཕྱོགས་ཐོས་ཆུང་ཁ་ཅིག་སྲོག་འགག་པ་ཙམ་བྱེད་པ་དང་། ཕྱིས་ཀྱི་མཁས་རློམ་འགའ་ཞིག་གིས་གང་ཟག་(སྟོད་ཆ།༢༡༣)རང་རྒྱུད་པ་ཞིག་གི་རྣམ་ཐར་ལྟར་ཡུལ་དུས་སོགས་མི་འགྲིག་བཞིན་དུ་ནན་གྱིས་སྒྲིག་པར་བྱེད་པ་སོགས་མཐོང་བས། ཇི་ལྟར་སྣང་ཡང་སྤྲུལ་པ་སྒྱུ་མ་ལྟ་བུས་འགྲོ་བའི་དོན་བྱེད་པ་སྟེ་རྣམ་འཕྲུལ་བསམ་མི་ཁྱབ་པའི་རོལ་པ་ལ་དབང་འབྱོར་བའི་ཕྱིར་ནམ་ཡང་འགལ་བར་མི་འདུ་བའི་ཚུལ་ཤེས་པའི་ཆེད་དུ་ཕྱོགས་གཉིས་ཀ་མདོ་ཙམ་སྨྲས་པ་ཡིན་ནོ། བོད་དུ་བྱོན་ཚུལ་ནི་གཤམ་དུ་འཆད་འགྱུར་ལས་འབྱུང་ངོ་། ༤ བོད་ཁ་བ་ཅན་གྱི་ལྗོངས་སུ་བསྟན་པ་ཇི་ལྟར་བྱོན་ཚུལ་དང་། བོད་ཀྱི་སྣོད་བཅུད་ཀྱི་གྲུབ་ཚུལ། རྒྱལ་བློན་གྱི་ལོ་རྒྱུས་བཅས་ཀྱི་སྐོར། དེ་ནས་རི་ཁ་བ་ཅན་གྱི་ཁོངས་སུ་བསྟན་པ་རིན་པོ་ཆེ་འདི་ཉིད་ཇི་ལྟར་བྱོན་ཅིང་བསྐྱངས་པའི་ཚུལ་ནི། ལྗོངས་འདིར་རྒྱལ་བའི་བསྟན་པ་དར་བའི་རྒྱུ་ནི་སློབ་དཔོན་ཆེན་པོ་པདྨའི་ཞབས་ཀྱི་བཀའ་དྲིན་ཁོ་ན་ལས་ཏེ། ཐོག་མར་ཆོས་བྱར་མ་བཏུབ་པ་ལ་སྒོ་དུ་མ་ནས་དམ་པའི་ཆོས་བྱར་བཏུབ་པའི་སྣོད་དུ་བྱིན་གྱིས་བརླབས་ཤིང་། གདོད་གཙུག་ལག་ཁང་བཞེངས། དེ་ནས་མདོ་དང་སྔགས་ཀྱི་གྲྭ་བཙུགས་ནས་བསྟན་པ་དངོས་གཞི་དར་བར་མཛད་པ་ཡིན་ཏེ། དེ་ཡང་བཀའ་རྩིས་ལས། རྡོ་རྗེ་གདན་ལ་མཉམ་བཞག་གནས་པའི་ཚེ༔ སྤྱན་རས་གཟིགས་ཀྱིས་རབ་བསྐུལ་བོད་མཆིས་ཀྱང་༔ བོན་གྱིས་དབང་བསྒྱུར་དམ་ཆོས་སྤེལ་དཀའ་ནས༔ ལྷ་གཤེན་ཐོད་དཀར་ཅེས་བྱར་སྐུ་སྤྲུལ་ཚེ༔ བོད་རྒྱལ་མཐོ་མཐོ་རི་ལ་བཀའ་རྟགས་སྩལ༔ ཆོས་ཕྱོགས་མོས་བསྒྱུར་དགེ་སྡིག་ངོ་ཤེས་ཤིང་༔ གཤེན་རབ་རྣམས་ཀྱང་(སྟོད་ཆ།༢༡༤)དཀར་ཆོག་བོན་བློར་བསྒྱུར༔ སླར་ལོག་རེ་བོ་ཏ་ལར་འོངས་ནས་ན༔ མ་ར་ཏི་ཀར་ཏན་ཏྲ་བཅོ་བརྒྱད་ཀྱི༔ དོན་བཀྲལ་དེ་ཚེ་སྤྲུལ་པ་བརྒྱད་བཀྱེས་ནས༔ ཨོ་རྒྱན་རྒྱ་གར་ཤར་ནུབ་དར་རྒྱས་བྱས༔ བོད་ཁམས་རྣམས་ཀྱང་རྒྱུ་འབྲས་ཆོས་གོ་ཙམ༔ གདུལ་བྱར་གཟིགས་ནས་ཆོས་རྒྱལ་སྤྲུལ་པར་བཀྱེས༔ དགེ་བཅུའི་ཁྲིམས་བཅས་དམ་ཆོས་སྲོལ་ཆེན་བཏོད༔ མཐའ་དབུས་གཙུག་ལག་བརྒྱ་དང་རྩ་བརྒྱད་བཞེངས༔ ཅེས་གསུངས་ཏེ། རྒྱལ་པོ་སྲོང་བཙན་སྒམ་པོའང་ཨོ་རྒྱན་ཉིད་ཡིན་ལ། ཡང་སྲོལ་བཙན་དུས་སུ་ཨོ་རྒྱན་ཤཱི་ཝ་མཉྫུ་ཞེས་པ་བྱུང་ཞེས་ཆོས་འབྱུང་ཁ་ཅིག་ལས་འབྱུང་ངོ་། དེ་ཡང་། ལྷ་མོ་དྲི་མ་མེད་པས་ཞུས་པའི་མདོ་ལས། ང་མྱངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་ན་གདོག་དམར་ཅན་གྱི་ཡུལ་དུ་དམ་པའི་ཆོས་དར་བར་འགྱུར་རོ། ཞེས་དང་། གཞན་ཡང་ཟ་མ་ཏོག་བཀོད་པའི་མདོ། ཤེར་ཕྱིན་བརྒྱད་སྟོང་རྡོ་རྗེ་མཁའ་འགྲོའི་རྒྱུད་ལ་སོགས་ལུང་གི་ཕྲེང་བ་མང་པོ་ནས་མངོན་པར་བསྔགས་པའི་ཡུལ་ཀྱཻ་ལ་ཤའི་ར་བས་ཡོངས་སུ་བསྐོར་བའི་ལྗོངས་འདི་ནི་ཐོག་མར་དག་བྱེད་ཀྱི་ཕུང་པོས་ཡོངས་སུ་གཏམས་ཤིང་བཻཌཱུ)་སྔོན་པོའི་མཎྜལ་ཕྱིས་པ་ལྟ་བུའི་མཚོར་ཡོད་པ། རིམ་གྱིས་བྲི་ནས་ཤུག་པ་ལ་སོགས་པའི་རྩི་ཤིང་ནགས་ཚལ་སྡུག་པོས་ཁེངས་ནས་ཡུལ་དུ་གྱུར་པ་ནི་ཇི་སྐད་དུ་འཇམ་དཔལ་རྩ་རྒྱུད་ལེའུ་སོ་དྲུག་པའི་བདག་ཉིད་ཅན་ནས། ད་ཡི་དུས་ནས་ལོ་བརྒྱ་ན། ཁ་བ་ཅན་དུ་མཚོ་བྲི་ནས། སཱ་ལའི་ནགས་ནི་འབྱུང་བར་འགྱུར། ཞེས་སོ། འདིར་བོད་ཀྱི་མཁས་པ་ཕལ་ཆེ་བས། ལྷ་ལས་ཕུལ་བྱུང་གི་བསྟོད་འགྲེལ་སློབ་དཔོན་ཤེས་རབ་གོ་ཆས་མཛད་པར་སྔོན་རྒྱལ་པོ་སྐྱ་བསེང་གི་བུ་ལྔ་དང་སྒྲ་(སྟོད་ཆ།༢༡༥)ངན་དཔུང་ཚོགས་བཅུ་གཉིས་འཐབ་པ་ན་རྒྱལ་པོ་རུ་པ་ཏེ་ཞེས་པ་འཁོར་བརྒྱ་དང་བཅས་བུད་མེད་ཀྱི་ཆས་སུ་ཞུགས་ནས་རི་ཁ་བ་ཅན་གྱི་ཁྲོད་དུ་བྲོས་པ་ལས་འཕེལ་བ་ལ་དེང་སང་ཡང་བོད་དུ་གྲགས་སོ། ཞེས་པ་ལྟར་སྨྲ་བར་བྱེད་དོ། དེ་ལ་དཔལ་གཙུག་ལག་པྲེང་བས། དེ་ནི་བོད་མི་མཐའ་དག་གི་ཁུངས་ནི་མ་ཡིན་ཏེ། ཞེས་དང་། དེ་དག་ནི་བོད་དང་ཉེ་བའི་མོན་ཡུལ་ཁ་ཅིག་ལ་བོད་ཀྱི་སྒྲ་བྱས་པ་དུ་མ་སྣང་བས་དེ་ལྟ་བུར་ཟད་དོ། ཞེས་སོགས་གསུངས་པས་དེ་ལྟར་འཐོད་པར་ཡང་སེམས་ཏེ། རྒྱལ་པོ་སྐྱ་བསེང་ནི་རྩོད་དུས་ཀྱི་ཐོག་མར་བྱུང་བར་གྲགས་པའི་ཕྱིར་སྟོན་པ་ལས་ཆེས་སྔ་བ་རྒྱ་ཆེ་རོལ་པའི་ལུང་གིས་ཀྱང་གྲུབ་ཏེ། དེ་ཡང་མདོ་དེར། བྱང་ཆུབ་སེམས་པ་རིགས་ལ་གཟིགས་པའི་སྐབས། ལྷའི་བུ་ཁ་ཅིག་གིས་གླང་པོའི་གྲོང་གི་རྒྱལ་པོ་སྐྱ་བསེང་གི་རིགས་རྒྱུད་ལས་སྐྱེས་ཤིང་གཞན་གྱི་ལྡེ་འཇོམས་པ་འདིར་རུང་ངོ་། ཁ་ཅིག་དེ་ནི་རིགས་རྒྱུད་རྣམ་པར་འཁྲུགས་ཏེ། ཞེས་སོགས་འབྱུང་བས་དེ་ལྟ་ན་འཇམ་དཔལ་རྩ་རྒྱུད་ཀྱི་ལུང་དང་འགལ་བའི་ཕྱིར་རོ། ཡང་ཁ་ཅིག་གིས་བོད་ཡུལ་ཡང་ཡུལ་གཞན་བཞིན་དུ་མི་དང་ཡུལ་སོགས་གདོད་ནས་ཡོད་པར་འདོད་པ་ལའང་ལུང་འདིས་གནོད་དོ། དེ་ཡང་བོད་འདིར་སྔོན་མ་གྲགས་པ་ཞིག་ལ་མཁས་ཁྱད་བྱེད་སྲོལ་ཞིག་འདུག་པ་མིན་ན། བོད་ཡུལ་གྱི་གཏམ་ཁུངས་སྲོང་བཙན་ཉིད་ཀྱི་མཛད་ཕྱིར། ཀ་བཀོལ་མ་དང་རྒྱལ་པོ་བཀའ་ཆེམས་སོགས་ལས་ཁུངས་བཙན་པ་གང་དུ་བཙལ། དེས་ན་དེ་དག་གི་དགོངས་པ་ཡོངས་གྲགས་ལྟར་འཆད་ན། དེ་ཡང་འདི་ལྟར་གྲགས་ཏེ། དང་པོ་མི་མ་ཡིན་གྱིས་རིམ་པར་བདག་ཏུ་བཟུང་ཞིང་། དེ་ཡང་ཐོག་མར་གནོད་སྦྱིན་གྱིས་བཟུང་སྟེ་ཡུལ་མིང་བཟང་ཡུལ་(སྟོད་ཆ།༢༡༦)རྒྱན་མེད་དང་། དེ་ནས་བདུད་ཀྱིས་བཟུང་སྟེ་བདུད་ཡུལ་ཁ་རག་མགོ་དགུ། དེ་ནས་སྲིན་པོས་བཟུང་ནས་སྲིན་པོ་ནག་པོ་དགུ་ཡུལ། དེ་ནས་ལྷས་བཟུང་སྟེ་ལྷ་ཡུལ་གུང་ཐང་། དེ་ནས་རྨུས་བཟུང་སྟེ་འཕྲང་ཅ་འཕྲང་། དེ་ནས་འདྲེས་བཟུང་སྟེ་ལང་ཐང་ལིང་ཐང་། དེ་ནས་མ་སངས་སྤུན་དགུས་བཟུང་སྟེ་བོད་ཁ་ཉ་དྲུག །དེ་ནས་ཀླུས་བཟུང་སྟེ་བོད་ཁམས་གླིང་དགུ། དེ་ནས་རྒྱལ་པོས་བཟུང་སྟེ་ངམ་པོ་རྩེ། དེ་ནས་འགོང་པོ་སྤུན་དགུས་བཟུང་སྟེ་སྟོང་སྡེ་བཅོ་བརྒྱད་ཅེས་ཡུལ་མི་ཐ་དད་དུ་གྲགས་པ་ལས། ཅི་ཞིག་ན་བདེ་བ་ཅན་དུ་སངས་རྒྱས་སྣང་བ་མཐའ་ཡས་ཀྱིས་འཕགས་པ་སྤྱན་རས་གཟིགས་ལ་བོད་གདུལ་བར་ལུང་བསྟན་པ་ལྟར་སྤྱན་རས་གཟིགས་ཀྱིས་ཕྱག་མཐིལ་གཡོན་ནས་འོད་ཟེར་སྤྲོས་ལས་སྤྲེའུ་ཞིག་སྤྲུལ། དེ་ལ་ཡོངས་རྫོགས་ཀྱི་དགེ་བསྙེན་བྱིན་ཏེ་བྱིན་གྱིས་བརླབས་ནས་ཁ་བ་ཅན་གྱི་རི་ལ་སྒོམ་དུ་བཏང་བས། དེ་བྲག་ལ་སྒོམ་པའི་ཚེ་སྒྲོལ་མའི་སྤྲུལ་པ་བྲག་སྲིན་མོ་ཞིག་འོངས་ཏེ་སྤྲེའུར་ཆགས་པའི་བརྡ་ཐབས་བསྟན་པ་ན། སྤྲེའུས་འཕགས་པའི་དགེ་བསྙེན་ཡིན་གྱི་ཁྱིམ་ཏཥས་བྱར་མི་རུང་བའི་ཚིག་གིས་བཀྲོལ་ཀྱང་བྲག་སྲིན་མོ་ལྡོག་ཏུ་མ་བཟོད་ནས་སྤྲེའུ་སྙིང་རྗེའི་བསམ་པས་པོ་ཊ་ལར་རྫུ་འཕྲུལ་གྱིས་བསྐྱོད་དོ། འཕགས་པས་སྤྲེའུ་ལ་གནང་བ་བྱིན་པ་ལྟར་སྔ་མའི་གནས་སུ་འདུག་པ་ལས། ཐོག་མར་སྤྲེའུ་ཕྲུག དེ་ནས་རིམ་གྱིས་མིར་གྱུར་པ་ལས་དེ་དག་ཆ་བཞིར་བགོས་པ། རིགས་སེད་རྨུ། ལྡོང་སྟོང་སྟེ་མིའུ་རིགས་བཞི་དང་། དབྲ་དང་འབྲུ་བསྣན་པས་དྲུག་ཏུའང་འགྱུར་ལ། གཞན་དུ་རིགས་དྲུག་ནས་ཚེ་འཕོས་པའི་སྤྱོད་ཚུལ་མི་འདྲ་བའི་ཕྲུག་གུ་དྲུག་བྱུང་བ་ཡང་། ཕ་རིགས་རྣམས་འཆར་སྒོ་མྱུར་ཞིང་སྙིང་རྗེ་ཆེ་བ་ཁག་གྲིམས་པ། མ་རིགས་(སྟོད་ཆ།༢༡༧)རྣམས་གདོང་དམར་སྡིག་ལས་ལ་རྔམས་ཤིག་རོ་གྱོང་བྱུང་བ་དེ་དག་ལས་རིམ་པར་འཕེལ་བས་བོད་མིའི་རྒྱལ་ཁམས་སུ་གྱུར་ཏེ། རུས་ཆེན་བཞི་ལས་གྱེས་པའི་ཁམས། ཡེ་སང་དཀར་པོ་གནམ་གྱི་འཇུ་ཐག་ཅན་དང་གཅིག་ཡེ་སྨོན་ནག་མོ་ཁྲོ་ཆུའི་ཕ་བོང་འདྲ་བ་དང་གཉིས། སྤྱང་ཁྲིག་ཡེ་ཤེས་ལྷའི་སྒྲོན་མེ་དང་གསུམ། མོན་རྫུ་ནག་པོ་ཁྱིའི་རྔ་ལྗང་ཅན་དང་བཞིར་དབྱེ་བ་བྱུང་། དེ་ལས་ཀྱང་རྒྱལ་ཕྲན་བཅུ་གཉིས་དང་། སིལ་མ་བཅུ་བཞི་ལ་སོགས་པས་རིམ་གྱིས་དབང་བྱས་ཀཡང་སྤྱི་ལ་དབང་བསྒྱུར་བ་ཞིག་མ་བྱུང་ན་སངས་རྒྱས་ཀྱི་བསྟན་པ་འབྱུང་དཀའ་བར་དགོངས་ནས། སྤྲུལ་པའི་བདག་ཉིད་ལི་ཙཱ་བིའི་རིགས་ལས་ཆད་པའི་བུ་གཅིག་བྱུང་བར་གྲགས་པ་ནི། འདི་སྐབས་འཆད་ཚུལ་ཞལ་མི་མཐུན་པ་མང་མོད་ཀྱི། གང་ལྟར་ཡང་འཇམ་དཔལ་རྩ་རྒྱུད་ཀྱི་ལུག་བསྟན་ལྟར་ན་རྒྱ་གར་གྱི་རྒྱལ་པོ་ཤཱཀྱ་ལི་ཙཱ་བིའི་རིགས་ཞིག་ལ་སྲས་མིག་མས་འགེབས་གཡུའི་སྨིན་མ་ཅན་དུང་སོ་འཁོར་མར་ཡོད་པ། ལག་པའི་མཐིལ་དུ་འཁོར་ལོའི་རི་མོ་ཡོད་པ་མི་ལས་འདས་པ་ཞིག་བཙས་པ། དེ་དག་གིས་ལྷ་འདྲེའི་སྤྲུལ་པ་ལྷ་བུར་དོགས་ནས་སྤྱུགས་པས་ལྷ་རི་གྱང་ཐོའི་རྩེར་བྱོན་ནས་གཟིགས་པས། དགེ་བཅུའི་མཚན་མ་ཕུན་སུམ་ཚོགས་པ་ཡུལ་ཡར་མོ་ཀླུང་། ཤམ་པོའི་གངས་རི་དཔྱད་བཟང་བར་མཁྱེན་ཅིང་གཟིགས་ནས་ལྷ་རི་རོལ་པའི་སྟེང་ནས་ལྷ་སྐས་བརྒྱུད་བཙན་ཐང་སྒོ་བཞིར་བྱོན་ཏེ། དེར་ཕྱུགས་སྐྱོང་བ་དག་གིས་མཐོང་སྟེ། དངོས་ལ་ཁྱོད་སུ་ཞིག་སྨྲས་པས། བཙན་པོ་ཞེས་དང་། གང་ནས་བྱོན་དྲིས་པས་གནམ་ལ་མཛུབ་མོ་བསྒྲེངས་པས་ལྷར་ངོས་བཟུང་། འདི་ནི་ཁོ་བོ་ཅག་གི་རྗེ་བོ་བྱེད་དོ་ཞེས་གཉའ་བར་ཁྲི་བྱས་ནས་གདན་དྲངས་པས་(སྟོད་ཆ།༢༡༨)གཉའ་ཁྲི་བཙན་པོར་གྲགས་ཏེ་རྗེ་ལ་སྔ་བ་ཡིན། བོན་རྣམས་རྨུ་ཐག་ལས་འོངས་ཟེར། དེའི་སྲས་མུ་ཁྲི་བཙན་པོ་ནས་རིམ་བཞིན། དེང་ཁྲི། སོ་ཁྲི། མེར་ཁྲི། གདགས་ཁྲི། སྲིབ་ཁྲི་བཙན་པོ་སྟེ་རྒྱལ་རབས་བདུན་པོ་འདི་ལ་གནམ་གྱི་ཁྲི་བདུན་ཟེར། སྲིབ་ཁྲི་བཙན་པོའི་སྲས་གྲི་གུམ་བཙན་པོ་ནས་བཟུང་། བྱ་ཁྲི་སྤུ་དེ་གུང་རྒྱལ་དེ་འདི་གཉིས་ལ་བར་གྱི་སྟེང་གཉིས་ཟེར། ཝུད་གུ་གུང་རྒྱལ་གྱི་སྲེས་ཨེ་ཤོ་ལེགས་ནས་བཟུང་། དེ་ཤོ་ལེགས། ཐི་ཤོ་ལེགས། གུང་རུ་ལེགས། འབྲོང་གཞིར་ལེགས། ཨི་ཤོ་ལེགས་ཏེ་དྲུག་པོ་འདི་ལས་ཡི་ལེགས་དྲུག་ཟེར། ཨི་ཤོ་ལེགས་ཀྱི་སྲས་ཟ་ནམ་ཟིན་སྡེ་ནས་བཟུང་། ལྡེ་འཕྲུལ་གནམ་གཞུང་བཙན། སེ་སྣོལ་གནམ་སྡེ། སེ་རྣོལ་སོ་སྡེ། སྡེ་སྣོལ་ནམ། སྡེ་རྣོལ་པོ། ལྡེ་རྒྱལ་པོ། ལྡེ་སྤྲིན་བཙན་ཏེ་བརྒྱད་ལ་བར་གྱི་སྡེ་བརྒྱད་ཟེར། ལྡེ་སྤྲིན་བཙན་གྱི་སྲས་རྒྱལ་ཏེ་རི་ལུང་བཙན་ནས་བཟུང་། ཁྲི་བཙན་ནམ། ཁྲི་སྒྲ་དཔུང་བཙན། ཁྲི་ཐོག་རྗེ་བཙན། ལྷ་ཐོ་ཐོ་རི་གཉན་བཙན་དང་ལྔ་ལ་བཙན་ལྔ་ཟེར། འདི་ཡན་ཆད་ལ་བོད་ན་དམ་པའི་ཆོས་ཀྱི་མི་ཡང་མི་གྲགས་པར་ཆབ་སྲིད་གནམ་མཆོད་པ་སོགས་བོན་གྱི་ལུགས་སུ་བསྐྱངས་པ་ཡིན། ཐོ་ཐོ་རི་གཉན་བཙན་འདི་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟག་པོའི་རྣམ་པར་འཕྲུལ་པ་ཡིན། དགུང་ལོ་བརྒྱད་ཅུའི་དུས་སུ་ཕོ་བྲང་ཡུམ་བུ་གླ་སྒང་གི་ཐོག་ལ་སྤང་ཀོང་ཕྱག་རྒྱ། གསེར་གྱི་མཆོད་རྟེན། སྤྱན་རས་གཟིགས་ཀྱི་མདོ་ཟ་མ་ཏོག་གི་སྙིང་པོ་ཡི་གེ་དྲུག་མ་ཙྪནྡྷ་མ་ཎིའི་སྐོར་ཕོར་རྣམས་ནམ་མཁའ་ནས་བབས་པའི་བྱིན་རླབས་ཀྱིས་རྒྱལ་པོ་སླར་ཡང་སྐུ་གཞོན་ནུར་གྱུར་ནས་ལོ་བཞི་བཅུ་ཐུབ་པས་དགུང་ལོ་(སྟོད་ཆ།༢༡༩)བརྒྱ་དང་ཉི་ཤུ་བར་བཞུགས་ཤིང་། དེ་དུས་ཆོས་དང་མཆོད་རྟེན་གྱི་མིང་བོད་ཀྱིས་མི་ཤེས་པས་ནམ་མཁའ་ནས་བབས་པའི་རྟེན་དེ་རྣམས་ཀྱི་མཚན་ལ་གཉན་པོ་གསང་བར་བཏགས་ནས་མཛོད་པུག་ཏུ་བཟག་ནས་མཆོད་པ་བྱས། རྒྱལ་པོས་ད་ཕྱིན་མི་རབས་ལྒ་ནས་འདིའི་དོན་ཤེས་པའི་རྒྱལ་རྒྱུད་འོང་པར་ལུང་བསྟན། ཐོ་ཐོ་རི་གཉན་བཙན་གྱི་སྲས་ཁྲི་གན་བཟུང་བཙན་ནས་བཟུང་འབྲོ་གཉན་ལེའུ་དམུས་ལོང་དཀོན་པ་བཀྲཱམ་སྟག་རི་གཉན་གཟིགས་ཏེ་འདིས་བྲག་གསུམ་ལྡིང་མའི་མཚོ་འགྲམས་ནས་རྟ་མདོ་ཅང་ཤེས་རྙེད་པ་ཆིབས་ནས་ཕུང་གཡག་ཐལ་དཀར་རུ་རིང་བྱ་བའི་འབྲོང་བསྙད་པའི་ཤ་རྟ་སྒ་ལ་བཏགས་པ་ས་ལ་ལྷུང་བ་བླངས་ནས་ཟོས་པས་ཚྭ་བྲོ་བས་དེ་པར་བོད་ན་ཚ་ངོ་མི་སཻས་པར་དེ་ནས་ཚྭ་འདེབས་པའི་སྲོལ་དོད། སྟག་རི་གཉན་གཟིགས་ཀྱི་སྲས་གནམ་རི་སྲོང་བཙན་ཏེ་འདིའི་རིང་ལ། རྒྱ་ནག་ནས་རྩིས་དང་སྨན་བྱུང་ཞིང་། གངས་ཅན་རི་ཡི་ནག་གནས་པའི། རྒྱལ་པོ་མི་ཡི་ལྷ་ཞེས་པ། ལེ་ཙ་བྱི་རྣམས་རིགས་སུ་འབྱུང་། ཞེས་པ་ལྟར་རྒྱལ་པོ་གནམ་རི་སྲོང་བཙན་གྱི་སྲས་སུ་འཕགས་པ་སྤྱན་རས་གཟིགས་རྒྱལ་པོའི་ཚུལ་བཟུང་བ་སྲོང་བཙན་སྒོམ་པོ་འཁྲུངས། སྔ་མིང་། འཇིག་རྟེན་སྒྲོན་མེ་ཞེས་གྲགས་དང་། ལྷ་མོ་གོས་དཀར་མོ་དང་ནི། དཀར་མོ་ཆེན་པོ་གཞན་ཕན་བརྩོན། ཞེས་པ་ལྟར་ཇོ་ཤཀ་རྣམ་གཉིས་སྤྱན་འེན་པའི་ཕྱིར་དུ་འཇིག་རྟེན་མཐུན་འཇུག་གི་ཚུལ་དུ་ཁྲོ་གཉེར་ཅན་གྱི་སྤྲུལ་པ་བལ་མོ་ཁྲི་བཙུན་དང་། སྒྲོལ་མ་དང་གཉིས་སུ་མེད་པའི་རྒྱ་མོ་བཟའ་འུ་ཤིང་ཀོ་ཇོ་གཉིས་ཁབ་ཏུ་བཞེས་པའི་རྫོངས་སུ་སངས་རྒྱས་དངོས་དང་(སྟོད་ཆ།༢༢༠) མཚུངས་པའི་ཤཱཀ་རྣམ་གཉིས་སྤྱན་དྲངས། ཐུ་མི་སམྦྷོ་ཊ་རྒྱ་གར་དུ་བརྫངས་ནས་སྔར་བོད་དུ་ཡི་གེ་མེད་པ་སཡི་གེ་འདྲི་ཀལོག་གི་སྲོལ་བཏོད་ཅིང་། སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་ལ་སོགས་པའི་བསྟན་བཅོས་བརྩམས། བོད་སྲིན་མོ་གན་རྐྱལ་གྱི་རྣམ་པ་རཡོད་པ་ལ་རས་ས་བསྐྱལ་ཞིང་། བཟོ་ཁྱད་ལས་འཕྲུལ་ལྟ་བུར་སྣང་བས་ར་ས་འཕྲུལ་སྣང་གྲགས་པས་མཚོན་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་རྣམས་བརྩིགས་ཤིང་ས་དགྲ་མནན། དགེ་བ་བཅུའི་ཁྲིམས་བཅས། ཀ་ཁོལ་མར། ཆོས་རྒྱལ་འདིའི་རིང་ལ་རྒྱ་གར་ནས་སློབ་དཔོན་ཀུ་ས་ར་དང་། བྲམ་ཟེ་ཀ་ར། བལ་་པོའི་སློབ་དཔོན་ཤི་ལ་མཉྫུ། རྒྱ་ནག་གི་སློབ་དཔོན་ཧཱ་ཤང་མ་ཧཱ་ཡཱ་ན་ལ་སོགས་སྤྱན་དྲངས་ནས་སྡེ་སྣོད་གསུམ་དང་། རྒྱུད་ཀྱི་ཆ་ལག་མང་ཙམ་བསྒྱུར་ཞིང་བསྟན་པའི་སྲོལ་བཏོད། དངོས་སུ་འཆད་ཉན་མ་བྱུང་ཡང་རྒྱལ་པོ་རང་གིས་སྐལ་ལྡན་མང་པོར་ལྐོག་ཆོས་ཀྱི་ཚུལ་དུ་ཐུགས་རྗེ་ཆེན་པོ་ཞི་ཁྲོའི་གདམས་པ་ཕོག་པ་ལས། དེ་དག་གིས་ཉམས་སུ་བླངས་ཤིང་དེའི་ཚེ་ཐུགས་རྗེ་ཆེན་པོའི་རྣལ་་འབྱོར་སྤྱོད་པའི་རལ་པ་ཅན་བརྒྱ་ཕྲག་ཙམ་ཉང་བྲན་ཕ་ཝང་ཁར་བྱུང་བ་འང་བཤད་དོ། སྲོང་བཙན་སྒམ་པོའི་སྲས་གུང རི་གུང་བཙན་ནས་བཟུང་། མང་སྲོང་མང་བཙན། འདུས་སྲོང་མང་པོ་རྗེའམ་རླུང་ནམ་འཕྲུལ་གྱི་རྒྱལ་པོ། ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་རྣམས་ཏེ། འདིའི་སྐུ་རིང་ལ་ཏི་སེ་ནས་རྒྱ་གར་གྱི་པཎྞི་ཏ་སངས་རྒྱས་གསང་བ་དང་སངས་རྒྱས་ཞི་བ་གཉིས་སྤྱན་དྲངས་པ་མ་བྱོན་ཀྱང་ཕོ་ཉ་བས་ཐེག་ཆེན་གྱི་མདོ་སྡེ་ལྔ་བློ་ལ་བཟུང་ནས་འོངས་པ་བཞེངས། རྒྱ་ཡུལ་ཀིམ་ཤི་ནས་གསེར་འོད་དང་། འདུལ་བ་ལས་རྣམ་འབྱེད་དང་(སྟོད་ཆ།༢༢༡)སྨན་དཔྱད་འགའ་ཞིག་བསྒྱུར། ལི་ཡུལ་ནས་རབ་བྱུང་མང་པོ་སྤྱན་དྲངས་ནས་མཆོད། རྒྱལ་པོ་འདིའི་སྲས་ཁྲི་སྲོང་ལྡེའུ་བཙན་ཡིན་ཏེ། རྒྱལ་རབས་དེ་རྣམས་ཀྱི་སྐུ་རིང་ལ་སྔ་ཕྱིར་བོད་ཀྱི་འཕྲུལ་བློན་མཛངས་པ་མི་བདུན་ཟེར་བ་བྱུང་སྟེ། གོང་གི་རྒྱལ་རབས་དགུ་པ་སྤུ་དེ་གུང་རྒྱལ་གྱི་དུས་འཕྲུལ་བློན་མཛངས་མི་དང་པོ་རུ་ལས་སྐྱེས་བྱུང་སྟེ། ཡན་ཆད་བོད་ལ་རྨོ་རྐོ་སོ་ནམ་མི་ཤེས་པར་བློན་པོ་འདིས་སོལ་བའི་མེ་བྱས་དེས་རྡོ་རྣམས་བཞུས་ནས་གསེར་དངུལ་ཟངས་ལྕགས་བཏོན། ལྕགས་ལ་འགར་བྱས། ཤིང་ལ་མིག་ཕུག་ནས་ཐོང་གཤོལ་དང་གཉའ་ཤིང་བྱས། ཆུ་ཡུར་བར་ཁྲིད་སྤང་ཐང་ཞིང་ལ་རྨོས། ཆུ་ཆེན་ལ་ཟམ་པ་བཙུགས་པ་སོགས་བྱས་ལོ་ཏོག་གི་སྔ་བ་འདི་ནས་བྱུང་བ་ཡིན། ཨི་ཤོ་ལེགས་ཀྱི་དུས་འཕྲུལ་བློན་མཛངས་མི་གཉིས་པ་ལྟ་བུ་མགོ་དཀར་བྱ་བ་བྱུང་སྟེ། ཞིང་ཆུ་མ་བྱས་ཞིང་གི་དོར་གྲངས་བརྩིས། ཕྱུག་དབུལ་གྱི་ཁྱད་པར་ཕྱེ་བར་བྱུང་། སྟག་རི་གཉན་གཟིགས་ཀྱི་དུས། འཕྲུལ་བློན་མཛངས་མི་གསུམ་པ་ཁྲོ་ངོར་སྣང་བཙུན་བྱུང་སྟེ། འདི་ཡན་ཆད་རྒྱ་འདོང་དམ་བྲེ་སྲང་དང་ཉོ་ཚོང་མི་ཤེས་པ་ལ། བློན་པོ་འདིས་བྲེ་ཕུལ། སྲང་ཉག་བཟོས། འབྲུ་རིགས་རྣམ་འདོང་མཇལ། ཡང་ལྗི་རྣམས་རྒྱ་འཇོག་དང་ཉོ་ཚོང་གི་སྲོལ་བཏོད། སྲོང་བཙན་སྒམ་པོའི་དུས་འཕྲུལ་བློན་མཛངས་མི་བཞི་པ་ཐོན་མི་སམྦྷོ་ཊ་བྱུང་སྟེ། དེ་ཡན་ཆད་བོད་ན་ཡི་གེ་དང་ཆོས་ཀྱི་ཉན་བཤད་མི་ཤེས་པར་ཆོས་བློན་འདིས་བོད་ཡིག་ཀ་ཁ་འབྲུ་སུམ་ཅུ་ལ་སོགས་པའི་ཡི་གེའི་གཟུགས་དང་བརྡ་སྤྲོད་པའི་བསྟན་བཅོས་བརྩམས། ཆོས་སྒྱུར་པའི་སྲོལ་བཏོད། འདི་དང་དུས་མཉམ་དུ་འཕྲུལ་(སྟོད་ཆ།༢༢༢)བློན་མཛངས་མི་ལྔ་པ་ཁྲི་བཟང་ཡང་སྟོན་གྱིས་དེ་ཡན་ཆད་བོད་ཀྱི་ཁང་པ་རི་ལ་ཡོད་པ་ལ་ཀླུང་དུ་ཕབ་ནས་གྲོང་པ་བཟོས། ས་བཙན་ལ་རྫོང་བརྩིགས་པ་སོགས་བྱས། གཞན་ཡང་ཆོས་རྒྱལ་འདི་ཡི་སྐུ་རིང་ལ་འཕྲུལ་བློན་བརྒྱ་ཐམ་པ་བྱུང་། མཐའ་བཞིའི་རྒྱལ་པོ་རྣམས་ཀྱི་ལོངས་སྤྱོད་དང་ལུང་ལས་ཀ་ཐམས་ཅད་ལ་དབང་བསྒྱུར། འདུསལ་སྲོང་མང་པོ་རྗེའི་དུས་རྩལ་པོ་ཆེའི་བློན་འབངས་མི་བདུན་བྱུང་སྟེ། རྔོག་རིང་ལ་ནག་པོས་གླང་པོ་ཆེ་ཁུར་ནུས། རྔོག་གླིང་ཁམས་ཀྱིས་བྱང་གཡག་ལྕོག །གནོན་རྒྱལ་མཚན་གྱིས་མདའ་སྟེའུ་ཁ་མས་བྱ་ཕྲ་འཕུར་ཞོར་གྱི་རྐང་པ་བཅད། སྦས་རྒོད་མདོངས་ཅན་གྱིས་མིག་རྒྱང་གསུམ་ལ་མདའ་རྒྱང་གང་རེས་སླེབས། མགོས་གཡག་ཆུང་གིས་ཤ་བའི་བླུད་བུ་བྱེ་མས་བཀང་སྟེ་ཀླད་ལ་བསྐོར། ཅོག་རོ་འབྲོང་བཤོར་གྱིས་འབྲོང་ཐུར་དུ་རྒྱུག་པ་གྱེན་དུ་འཐེན་ནུས། གནོན་ཁྲི་བདུན་གཡུ་བྱིན་གྱིས་རྟ་བཟང་པོ་གཡང་ལ་ལྷུང་བ་གྱེན་ལ་འཐེན་ཐུབ་པ་བྱུང་། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་དུས། འཕྲུལ་བློན་མཛངས་མི་དྲུག་པ་མགོས་ཁྲི་བཟང་ཡབ་ལྷག་གིས་ཁྲིམས་དང་ཞལ་ལྕེའི་བཅད་ཁྲ་ཐམས་ཅད་མི་རེའི་ཁྲིམས་རེ་ལྟ་བུ་བྱེད་རྒྱུ་མེད་པར་ཁྲིམས་ལམ་གཅིག་ཏུ་རྒྱུག་ཆོག་པའི་ཡི་གེ་བྱང་བུ་བཞགས། དེ་དང་དུས་མཉམ་དུ་འཕྲུལ་བློན་མཛངས་མི་བདུན་པ་སྟག་བཙན་གདོང་གཟིགས་ཀྱིས་འབངས་མི་ཁྱིམ་རེ་ལ་རྟ་རེ། མཛོ་རེ། བ་རེ། གླང་རེ་ཚགས་དགོས་པ་དང་། དེ་དག་དགུན་གསོ་ཆོས་ཀྱི་རྩྭ་སྔོན་དབྱར་ཀ་ནས་ཚགས་བྱེད་དགོས་པའི་ཁྲིམས་བྱས་པས་རྩྭ་ཐུ་བའི་སྲོལ་འདི་ནས་ཚུགས་པ་ཡིན་ནོ། དེ་དག་ནི་འཕྲུལ་བློན་མཛངས་མི་བདུན་ནོ། །(སྟོད་ཆ།༢༢༣) དེ་ནས་རྒྱལ་པོ་དེ་རྣམས་ཀུན་ལས་ལྷག་པར་བོད་གངས་ཅན་གྱི་ལྗོངས་འདི་ན་སངས་རྒྱས་ཀྱི་བསྟན་པའི་ཉི་མ་ཤར་བར་མཛད་པ་པོ་ནི་འཕགས་པ་འཇམ་དཔལ་གྱི་སྤྲུལ་པ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ཡིན་ཏེ། ཆོས་ཀྱི་རྒྱལ་པོ་འདིའི་ལོ་རྒྱུས་ཅུང་ཟད་གླེང་ན། དེའི་ཚེ་བོད་ཀྱི་ཡུལ་གངས་རིའི་ར་བས་བརྒྱན་པ༄༅ི་ནག་བྲག་དམར་མཚོ་མའི་མགུལ་དང་ཉེ་བར། བསིལ་ཁང་གི་ཕོ་བྲང་ན། རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་དང་བཙུན་མོ་གྱིམ་ཤིང་ཀོང་ཇོ་གཉིས་རིན་པོ་ཆེའི་ཁྲི་ལ་གཟིམས་པའི་རྨི་ལམ་དུ་རྒྱ་ནག་པོའི་རི་བོ་རྩེ་ལྔ་ནས་འོད་ཉི་མ་ཤར་བ་ལྟ་བུའི་རྩེ་ལས་ཁྱེའུ་ཞིག་བྱུང་ནས་བཙུན་མོའི་ལྷུམས་སུ་ཞུགས་པ་རྨིས་ཏེ་རྒྱལ་པོ་ལ་བཤད་པས་ཧཱ་ཤང་མགོན་ཤེས་མཁན་ཞིག་བཞུགས་པ་ལ་དྲིས་པས། སྲས་བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱི་སྤྲུལ་པ་ཞིག་འཁྲུངས་པའི་ལྟས་ལགས་པས་རིམ་འགྲོ་ཆེར་སྐྱེད་ཅེས་ཅིག་ཟེར་རོ། དེའི་ཚེ་ཕོ་བྲང་གི་བྱང་ཤར་དུ་ཚེ་དཔག་ཏུ་མེད་པའི་མཆོད་རྟེན་བརྒྱ་རྩ་བརྒྱད་བཞེངས་པའི་འཇིམ་པ་ལྷག་མ་ལས་མཆོད་རྟེན་གཅིག་བརྩིགས་པས་གཟུགས་མ་ཐུབ་ནས་གྲེས་ཐག་གིས་བསྡམས་པས་གླེད་པོར་ཤོར་ཞེས་ཐམས་ཅད་བཞད་གད་དིར་དིར་བྱུང་བས་དེའི་མིང་མཆོད་རྟེན་གླེད་པོ་གྲེས་ཐག་ཅན་ཞེས་གྲགས་ཤིང་རྒྱལ་པོ་སྐུ་ཚེ་རིང་བར་རྟོགས་སོ། དེ་ནས་སྣ་ཚོགས་ཞེས་པ་ཆུ་ཕོ་རྟའི་ལོའི་དཔྱད་ཟླ་ར་བའི་སྐར་མ་རྒྱལ་གྱི་ཉིན་པར་སྐུ་བལྟམས། དུས་དེར་རྒྱལ་པོའི་བཙུན་མོ་སྣ་ནམ་བཟའ་ཞི་སྟིང་གིས་ཀྱང་རྒྱལ་པོའི་སྲས་ཤིག་མངལ་དུ་ཆགས་པ་སྐད་ཟེར་ནས་ཀོང་ཇོའི་སྲས་ཕྲོགས་ཏེ་ཁོང་རང་ལས་སྐྱེས་པ་ལྟར་བྱས་པས། རྗེ་བློན་རྣམས་ཐེ་ཚོམ་དུ་གྱུར་པས་ཞལ་ལྕེ་གཅོད་པའི་སྤོབས་པ་མ་བྱུང་ཞིང་།(སྟོད་ཆ།༢༢༤) ཀོང་ཇོ་ཡིད་མ་རངས་པར་བོད་ཀྱི་ས་དཔྱད་བཟང་བ་འགའ་ཞིག་ཉམས་སུ་བཅུག །མི་རིང་བར་སྲས་ཞཥས་འཛུགས་ཀྱི་དགའ་སྟོན་ལ་བཙུན་མོ་གཉིས་ཀྱི་ཕ་མིང་བློན་འབངས་རྣམས་ཚོགས་པའི་དབུས་སུ། རྒྱལ་པོས་འབྲས་ཆང་གིས་བཀང་བིའ་གསེར་གྱི་པོར་པ་སྲས་ཀྱི་ལག་ཏུ་གཏད། སྣོད་གསེར་སྐྱོགས་ཆང་གིས་གང་བ་འིད། བུ་ཁྱོད་རང་གི་ཞང་པོའི་ལག་ཏུ་ཐོད། མ་གང་ཡིན་གྱི་ཡིད་ཅཻས་དེ་ལ་བྱེད། གསུངས་པས། སྲས་ཀྱིས་རིན་པོ་ཆེའི་ཕོར་པ་རྒྱ་རྣམས་ཀྱི་ལག་ཏུ་གཏད་ནས། ང་ཁྲི་སྲོང་ལྡེའུ་བཙན་རྒྱ་ཚ་ཡིན། སྣ་ནམ་ཞང ་གི་དོན་མི་འཚལ། གསུངས་པ་དང་། ཀོང་ཇོ་ཡིད་རབ་ཏུ་དགའ་སྟེ། ཚེ་སྔོན་མའི་ལས་ཀྱི་འཕེན་པ་ཡིས། ང་རྒྱ་ནས་འོང་བའི་བུ་མོ་ལ། རྗེ་འགྲན་མེད་རྒྱལ་པོའི་སྲས་ཤིག་འཁྲུངས། ཞེས་སོགས་ཀྱི་གཏམ་སྲས་ནས། སྔར་ས་དཔྱད་ཉམས་སུབ་ཅུག་པ་རྣམས་བསོད་སྐད། དེ་ནས་སྲས་དགུང་ལོ་ལྔ་ལ་ཡུམ་གཤེགས། སྲས་དགུང་ཆུང་ངུའི་དུས། རྒྱ་ཡུལ་དུ་སང་ཤི་གཙུག་ལག་འགའ་ཞིག་ལེན་དུ་བཏང་བ་ལམ་དུ་ཞུགས་པ་དང་། རྒྱ་ཡུལ་གྱི་ཇུ་ཞག་མཁན་མཁས་པ་ཞིག་གིས། ད་སྟེ་ཟླ་བ་གསུམ་ན་ནུབ་ཕྱོགས་ནས་བོད་བཙད་པོའི་ཕོ་ཉ་རྟགས་དང་ཤ་ཚུགས་འདི་འདྲ་བ་འབྱུང་ཞེས་གཟུགས་བརྣན་བྲིས་ནས་རྒྱལ་པོར་གསོལ་བ་བཞིན་བྱུང་བས་རྒྱ་རྗེ་དགྱེས། དུས་སྐབས་དེ་དག་ན་བོད་དུ་ཡབ་རྒྱལ་པོ་དགུང་ལོ་དྲུག་ཅུ་རེ་གསུམ་ལ་གཤེགས། སང་ཤི་སླར་བོད་དུ་ཡོང་བའི་ལམ་དུ་ཧཱ་ཤང་མངོན་ཤེས་ཅན་ཞིག་ལ་བོད་ཀྱི་བདེ་དོག་དྲིས་པས། བཙད་པོ་གཤེགས། རྒྱལ་བུ་ནར་མ་སོན། བདུད་བློན་རྣམས་ཀྱིས་ཁྲིམས་བུ་ཆུང་བཅས་ནས་ཆོས་བསྣུན་པ་སོགས་ཀྱི་ལུང་(སྟོད་ཆ།༢༢༥)བསྟན། ཧཱ་ཤང་གཅིག་ཁྲིད་ནས་བོད་དུ་འོངས་པ་ན། རྒྱལ་བུ་སྐུ་ནར་མ་སོན་པས་མ་ཞང་གྲོམ་པ་སྐྱེས་སོགས་བློན་པོ་ཚོས་ལ་མི་དགའ་བ་རྣམས་ཀྱིས་ཁྲིམས་བུ་ཆུང་བཅས་ནས་ཆོས་བཤིག །རྒྱལ་པོ་སྐུ་ཚེ་ཐུང་བ་དང་བཀྲ་མི་ཤིས་པ་ཆོས་ཀྱིས་ལན་པས་ཆོས་བྱས་ན་ཕོ་རེང་ལ་སྤྱུགས་ཏེ་བཏང་ཟེར་ནས་ཆོས་བྱར་མེད་པའི་ཁྲིམས་བཅས་ཏེ། མཁར་བྲག་དང་། བྲག་དམར་མགྲིན་བཟང་བཤིག ཤཱཀྱ་མུ་ནེ་རྒྱ་ཡུལ་དུ་སྐྱེལ་བའི་ཐབས་བྱས་ཀྱང་མ་ཏེག་པས་ས་འོག་ཏུ་སྦས། འཕྲུལ་སྣང་དུ་བཤས་ར་བྱས། དུས་དེར་སྣ་ནམ་ཁྲི་ཐོག་རྗེ་ཐང་ལྷ་འབར་བྱ་བ་རྒྱ་གས་ནས་ཤི། ལྕོག་རོ་སྐྱེས་བཟང་རྒྱལ་མགོ་བྱད་བསྐམས་ནས་ཤི་བས། ལྟས་མཁན་དང་མི་ཕལ་ཆེར་གྱིས་ལྷ་ས་འོག་ཏུ་སྦས་པས་ལན་ཟེར་བས་ཇོ་བོ་སྐྱིད་གྲོང་དུ་བསྐྱལ། དེར་སང་ཤིས་སླེབ་པས་རྒྱའི་གླེགས་བམ་རྣམས་མཆིམས་ཕུའི་རྫ་ལ་སྦས། གསལ་སྣང་ཆོས་ཀྱི་ཆེད་དུ་ལྷོ་བལ་དུ་འགྲོ་བར་རྗེ་ལ་གསོལ་བས་མང་ཡུལ་གྱི་ཁང་དཔོན་དུ་བརྫངས་པས། དེར་གསལ་སྣང་གིས་གཙུག་ལག་ཁང་གཉིས་བརྩིགས་ཤིང་རྐྱེན་རིས་ཀྱང་བཅད། བལ་པོར་མཁན་པོ་ཞི་བ་འཚོ་བཞུགས་པ་མཇལ་དུ་ཕྱིན་ནས་སེམས་བསྐྱེད་ཞུས་བོད་དུ་འབྱོན་པར་གསོལ་བས། བོད་ངའི་གདུལ་ཞིང་ཡིན་ནའང་། བཙན་པོ་དང་ཁྱོད་མ་སྐྱེས་པས། ངས་འདི་ན་བོད་ཀྱི་རྒྱལ་རབས་དགུའི་བར་དུ་སྒུག་གིན་བསྡད་པ་ཡིན། ད་ཁྱོད་གཉིས་ཀྱང་ནར་སོན་པས་འོ་སྐོལ་རྣམས་ཀྱིས་བོད་དུ་བསྟན་པ་འཛུགས་པའི་དུས་ལ་བབ། ཅེས་གསུངས། མི་རིང་བར་རྒྱལ་བུ་སྐུ་ནར་སོན་ཏེ། མེས་རྣམས་ཀྱི་ཡིག་ཚང་གཟིགས་པས་ཆོས་མཛད་པར་དགོངས་པའི་གཏམ་མཛད་པས་སང་ཤིས་སྔར་ཧཱ་ཤང་གིས་(སྟོད་ཆ།༢༢༦)ལུང་བསྟན་པའི་དུས་དེར་གོ་ནས་གླེགས་བམ་རྣམས་རྫ་ཁྲོད་ནས་བླངས་ཏེ། དགེ་བ་བཅུའི་མདོ། རྡོར་གཅོད། སཱ་ལུ་ལྗང་པ་རྣམས་གཟིགས་སུ་ཕུལ་བས་ལྷ་སྤྱོད་དག་ཅིང་ཟུང་དུ་འབྲེལ་བར་གོ་ནས་དད་དོ། ཆོས་བློན་རྣམས་ཀྱིས་སང་ཤི་སྟོད་དུ་བརྫངས། དེ་ནས་གསལ་སྣང་གིས་རྡོ་རྗེ་གདན་དུ་མ་ཧཱ་བོ་དྷི་ལ་མཆོད་པ་བྱེད་དུ་ཕྱིན། སླར་ལོག་སྟེ་དབུས་སུ་འོངས་ནས། བཙན་པོ་ལ་མཁན་པོའི་གསུང་རྣམས་གསོལ་བས། བཙན་པོའི་ཞལ་ནས། མ་ཞང་གིས་ཆད་པ་བཆད་དོགས་ཡོད་པས་ཁྱོད་རང་མྱུར་དུ་སོང་། ངས་ལྐོག་ཏུ་འགོས་རྒན་དང་གྲོས་བྱས་ནས་ཐབས་ཀྱིས་སྤྱན་འདྲེན་དུ་བཏང་གི་གསུངས། དེར་བློན་པོ་ཆེན་པོ་མ་ཞང་གྲོམ་པ་སྐྱེས་དབང་ཆེ་ནས་ཆོས་དར་དུ་ནི་མ་བཏུབ། ཐམས་ཅད་བོན་ལ་བཀོད་ནས་ཆབ་སྲིད་འཛིན་པའི་ཚེ་རྒྱལ་པོ་ཐུགས་མ་བདེ་ནས། བློན་པོ་ཆེན་པོ་འགོས་ལ་བོད་ཐམས་ཅད་དམ་པའི་ཆོས་ལ་འགོད་པའི་ཐབས་དྲིས་པས། འགོས་ཀྱི་མཆིད་ནས་དེ་ཤིན་ཏུ་ལེགས་པས་རྒྱལ་པོ་སྐུ་ཆག་ཆེ་བའི་གླུད་དུ་བློན་པོ་ཆེན་པོ་གཉིས་ལོ་གསུམ་མཆད་པར་བཅུག་ན་ཕན་ཞེས་སྒྲོག་ཏུ་གཞུག་གིས། དེ་དུས་དེ་ལྟར་མཛད་པར་ཞུ་གླེང་ནས་མོ་རྩིས་པ་རྣམས་ལ་བརྔན་པ་བྱིན་ནས་སྒྲོག་ཏུ་བཅུག་པས་རྒྱལ་ཁམས་ཐམས་ཅད་དུ་བསྒྲགས་པའི་ཚེ་རྒྱལ་པོས་བློན་འཁོར་ཀུན་བསགས་ནས་ངའི་གླུད་ལ་འགྲོ་ནུས་པ་སུ་ཡོད་དྲིས་པས། འགོས་རྒན་པོ་ལངས་ཏེ་ངས་གཅིག་འགྲོ་བར་ཞུ་ཟེར་བ་དང་། མ་ཞང་ཡང་འགྲན་པས་ལངས་ཏེ་ངས་ཀྱང་འགྲོ་བར་ཞུ་ཟེར་རོ། དེ་ནས་སྟོད་ལུང་བྲང་མདར་མཆད་པ་བརྩིགས་ཏེ་ལོ་གསུམ་གྱི་ཡོ་བྱད་དང་བློན་པོ་ཆེན་པོ་གཉིས་བཅུག་དུས། གྱད་ཀྱི་སྐུ་བློན་ལོ་ཏེ་གུ་ལ་རྒྱལ་(སྟོད་ཆ།༢༢༧)པོས་འགོས་རྒན་ཐོན་ཅིག་གསུངས་པས། དེར་མཆད་པའི་སྒོ་ཕ་ཝང་ཆེན་པོས་གཅོད་དུས། འགོས་ཀྱིས་བྱ་རྒོད་ཀྱི་ལྷམ་དང་ཐུལ་བགྱོན་ནས། ཕ་བ་གོལ་གོལ་ཐོག་སཏེ་བུག་སྐོར་འོངས་པའི་ཕྱི་བཞིན་མ་ཞང་གིས་ཀྱང་འབྲངས་པས། ཐལ་མོ་བརྡབས་ནས་ཕ་ན་ཞེས་ལགས་པ་དེད་བྱས་པས། དོང་ནས་ཡར་ཐོན་པ་ལ་མ་ཞང་གིས་འཇུས་པས་རྒོད་སྤུ་སྤར་གང་ཐོབ་ནས་ལུས་སོ། དེ་ནས་སྒོ་བཅད་ཏེ་མཆད་པ་སྲུང་མི་བཞག་ནས་ཚུར་འོངས་ཏེ། རྒྱ་ཚ་ལྷས་སྣང་བྱང་མི་མེད་ལུང་སྟོང་དུ་གནག་རྟ་འཚོ་བ་ལ་སྙད་བཏགས་ནས་སྤྱུགས། སྦས་རྒྱལ་ཏོ་རི་འཛུམ་ལྷག་སྐྱེད་ཀྱིས་ཤི་བས་ཆོས་ལ་མི་དགའ་བའི་བློན་པོ་གཅིག་ཀྱང་མེད་པའི་ཚེ། རྗེ་ཡིས་བློན་འབངས་མང་དུ་ཚོགས་པའི་ཚེ་བཀའ་སྩལ་པ། ངའི་ཡབ་མེས་ཀྱིས་ལྷ་ཆོས་མཛད་པ་མ་ཞང་གིས་བཤིགས་པ་དེ་ཤིན་ཏུ་མ་ལེགས། རྒྱའི་ལྷ་ཤཱཀྱ་མུ་ནེ་ཡང་སླར་སྤྱན་དྲོངས། ངེད་རང་ཡང་ཆོས་བྱར་རུང་བས་ཆོས་བྱའོ་གསུངས་ནས་ཐམས་ཅད་ཆོས་བྱ་བར་གྲོས་འཆམ་མོ། དེ་ནས་གསལ་སྣང་པཎྜི་ཏ་གདན་འདྲེན་པར་མངགས། དེ་ནས་འགོས་ཀྱིས་རྒྱལ་པོ་ལ་གསོལ་པ། བོད་ཀྱི་བློན་འཁོར་ནི་ཆོས་ལ་དད་པ་ཉུང་བས་དང་པོ་ནས་གཟུག་ལག་ཁང་བཞེངས་པར་བྱས་ན་མི་དགའ་བས་ཐབས་བྱེད་དགོས་སོ། ཐམས་ཅད་ཚོགས་པ་ན་སྔོན་གྱི་ཡབ་མེས་རྣམས་ཀྱིས་ཕྱག་རིས་དག་མངའ་ཐང་རྒྱ་ཆེར་མཛད་པའི་རྗེས་སུ་འཇུག་དགོས་པས། ཤངས་རི་མི་འགྱུར་རིན་པོ་ཆེའི་རྩེ་ལ་ཤེལ་གྱི་མཁར་ཐོག་སྟོང་དང་ལྡན་པ་ཤར་ཕྱོགས་སུ་ཞང་པོ་རྒྱ་ཡི་ཡུལ་མཐོང་བ་ཞིག་བརྩེགས་གམ། ཧས་པོ་རི་ཟངས་ཀྱི་སྦུབས་སུ་འཐུམ་མམ། ཝ་ལུང་གྲོག་པོ་གསེར་ཕྱེས་འགེངས་སམ། ཀ་ཆུའི་ཐང་ལ་ཁྲོན་པ་(སྟོད་ཆ།༢༢༨)འདོམ་དགུ་བརྒྱ་དང་དགུ་བཅུ་རྩ་དགུ་ཡོད་པ་ཞིག་འདྲུའམ། གཙུག་ལག་ཁང་བྲེའི་ཞབས་ཙམ་ཞིག་བཞེངས། གང་བྱེད་དྲིས་ཤིག་ཅེས་ཞུས་ནས། ལོ་གསར་རྒྱལ་གྱི་ཟླ་བ་ལ་ཐམས་ཅད་ཚོགས་པའི་ཚེ་རྒྱལ་པསོ་དེ་སྐད་བཀའ་སྩལ་བ་དང་། ཐམས་ཅད་ཀྱིས་ལན་མ་ཐེབས་པར་ཁ་རོག་ལུས་པ་ལས་འགོས་ཀྱིས་ལངས་ཏེ། རྗེ་གཅིག་ལགས་ཤངས་རིའི་སྟེང་དུ་ཤེལ་གྱི་མཁར་ཞང་པོ་རྒྱ་ཡི་ཡུལ་མཐོང་བ་སུས་ཀྱང་མི་འབྱོངས། འབྱོངས་ཀྱང་དེ་ལ་དགོས་པ་ཆུང་། བོད་ཀྱི་ཕྲུ་བ་དང་གཟར་བུ་ཡན་ཅོད་ཟངས་སུ་སོང་ཡང་ཧས་པོ་རི་མི་ཐུམ། ཝ་ལུང་གྲོག་པོ་གཙང་འགྲམ་གྱི་བྱེ་མས་ཀྱང་མི་ཁེངས་ན་གསེར་ཕྱེས་ག་ན་ཁེངས། ཀ་ཆུའི་ཐང་ལ་ཁྲོན་པ་འདོམ་གང་འདྲུས་པ་དང་ཆུས་ཁེངས་ནས་འདྲུ་ས་མེད་ན་དགུ་བརྒྱ་དང་དགུ་བཅུ་རྩ་དགུ་ཇི་ལྟར་འདྲུ། དེ་བས་ཀྱང་གཙུག་ལག་ཁང་བྲེ་ཞབས་ཙམ་ཞིག་བཞེངས་ནས་ཚེ་འདི་ཕྱི་གཉིས་ཀར་བདེ་ཞིང་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་འཐོབ་པ་ཞིག་འབྱུང་བས་དེ་མི་འཐད་ལགས་སམ་ཞེས་ཞུས་པས། བོད་འབངས་ཀྱི་བློན་འཁོར་ཐམས་ཅད་དགའ་སྟེ་འཐད་དི་རིར་བྱུང་ངོ་། ༥ མཁན་སློབ་རྣམ་གཉིས་གདན་དྲངས་བོད་དུ་སངས་རྒྱས་ཀྱི་བསྟན་པ་དར་སྤེལ་གནང ་ཚུལ། དེ་ནས་ཕོ་ཉ་མངགས་པ་གསལ་སྣང་གིས་མཁན་པོ་སྤྱན་དྲངས་ནས་ལྷ་སར་ཕྱག་ཕེབས། བཙན་པོས་བློན་པོ་རྣམས་ལ་ཨཱ་ཙརྱ་དེ་ཇི་ལྟར་འདུག་ལྟོས་ལ་ཤོག་ཅིག །བཟང་པོ་ཞིག་འདུག་ན་འདིར་ཡང་སྤྱན་འདྲེན་ནོ་གསུངས། བློན་པོ་རྣམས་ཀྱིས་ཕྱིན་ཏེ་དྲིས་པས། མཁན་པོའི་ཞལ་(སྟོད་ཆ།༢༢༩)ནས་ཁོ་བོའི་ཆོས་ལུགས་ནི་རིག་པས་བརྟགས་ནས། གང་འཐད་པ་དེ་བྱེད། མི་འཐད་པ་དེ་མི་བྱེད་གསུངས། དེར་རྒྱལ་བློན་མཐུན་པས་སྤྱན་དྲངས་ཏེ་འོམ་བུའི་ཚལ་དུ་མཇལ། བཙན་པོས་ཕྱག་མཛད་པའི་ཚེ་ཨཱ་ས)འི་ཞལ་ནས། འོ་ལྐོལ་འོད་སྲུང་གི་བསྟན་པ་ལ་བལ་པོའི་མཆོད་རྟེན་གྱི་དྲུང་དུ་བོད་དུ་དམ་ཆོས་སྤེལ་བར་སྨོན་ལམ་བཏབ་པ་དེ་རྒྱལ་པོས་བསྙེལ་གསུངས་པའི་ལན་དུ་སྒོམ་ཡུན་ཐུང་བས་མ་འཚལ་ཞུས་པ་ན། མཁན་པོས་བྱིན་གྱིས་བརླབས་པས་བཙན་པོས་སྔོན་གྱིསཀཡེ་བ་ཡང་དག་པར་རྗེས་སུ་དྲན། དེ་ནས་ཕོ་བྲང་ཀླུངས་ཚུགས་ཀྱི་ཡང་ཐོག་ཏུ་དར་གྱི་གུར་ཕུབ་པར་བཞུགས་སུ་བཅུག །ཟླ་བ་བཞིར་ཁ་ཆེ་ཨ་ནནྟས་ལོ་ཙཱ་བྱས་ནས་བཙན་པོ་ལ་དགེ་བ་བཅུ་དང་རྟེན་འབྲེལ་བཅུ་གནིས་ཁམས་བཅོ་བརྒྱད་རྣམས་ལས་བརྩམས་ཏེ་ཆོས་བཤད་པས། བོད་འདྲེ་རྣམས་ཁྲོས་ཏེ་ཕོ་བྲང་ཕོང་ཐང་ཆུས་ཁྱེར། དམར་པོ་རིའི་ཕོ་བྲང་ལ་ཐོག་བརྒྱབ། ཡུལ་ཁམས་རྣམས་སུ་ལོ་ཉེས་དང་མི་ནད་ཆེན་པོ་བྱུང་བས། བོད་འབངས་ཐམས་ཅད་ཆོས་བྱས་པ་སལན་ཟེར་ཆོས་བྱར་མ་བཏུབ་ནས། བཙན་པོས་མཁན་པོ་ལ་གསེར་ཕྱེ་བྲེ་གང་གི་ཡོན་ལན་གསུམ་ཕུལ་ནས་འདི་སྐད་ཅེས། ཨཱ་ཙརྱ་རེ་ཞིག་བལ་ཡུལ་དུ་བཞུད་ལ་དེ་བར་བོད་མི་རྣམས་ལྷ་ཆོས་མི་བྱེད་དུ་མི་རུང་བར་གླེང་ཞིང་བརྔན་པ་སྦྱིན། ཞང་བློན་རྣམས་ཐབས་ཀྱིས་བྲིད་ནས་ཆོས་བྱར་བཏུབ་པའི་ཚེ་སླར་སྤྱན་འདྲེན་ནོ་ཞུས་པས། མཁན་པོའི་ཞལ་ནས། ཡབ་མེས་ཀྱི་རིང་ལ་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་བཞེངས་པ། ཆོས་བསྒྱུར་བ་སོགས་མཛད་ནའང་། ལྷ་སྲིན་རྣམས་མ་བཏུལ་བས། བཙན་པོ་འགའ་ཞིག་གི་སྐུ་ཚེ་ལ་བར་ཆད་དང་། ཆོས་(སྟོད་ཆ།༢༣༠)ལ་སྐེད་ཉག་སོགས་སྐྱོན་འགའ་ཞིག་བྱུང་འདུག་པས། ས་གཞི་འདི་དག་དྲག་པོས་འདུལ་བའི་ཆེད་དུ། ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་ནས་ཞེས་བྱ་བ་འཛམ་བུ་གླིང་ན་ཆེ་བའི་རིགས་སྔགས་མཁན་ཞིག་ཡོད་པ་དེ། རྒྱལ་པོ་ཉིད་དང་སྔོན་མཆོད་རྟེན་བྱ་རུང་ཁ་ཤོར་བཞེངས་པའི་དུས་སུ་སྨོན་ལམ་གྱི་འབྲེལ་བ་ཡོད་པས་སྤྱན་དྲངས་ན། བཙན་པོའི་རྣམ་པར་དཀར་བའི་ཐུགས་ཀྱི་བཞེད་པ་མཐའ་དག་འགྲུབ་གསུངས། གསེར་ཁྱེར་བ་གང་བལ་པོའི་རྒྱལ་པོ་ལ་སྦྱིན་དགོས་གསུངས་ནས་བསྣམས། ལྷག་མ་བཙན་པོ་ལ་གཏད་དེ། ཕྱི་ལྟར་ན་བསྐྲད་པ་ལྟར་བྱས་ཏེ་གསལ་སྣང་དང་ལང་འགྲོ་སྣ་རས་བལ་ཡུལ་གྱི་བར་དུ་བསྐྱལ། སླར་ལོག་ནས་གསལ་སྣང་ཆོས་ཀྱི་སྤྱན་བར་བསྐོས་ཏེ་འཁོར་སུམ་ཅུ་དང་བཅས་རྒྱ་ནག་ཏུ་ཕོ་ཉར་ཕྱིན། དེ་བར་ཞང་བློན་ཐམས་ཅད་བསྡུས་ནས་ཆོས་བྱེད་པའི་ཆད་པོ་གྲུབ་པའི་ཚེ་རྒྱ་རྗེས་ཕོ་ཉ་རྣམས་ལ་བྱ་དགའ་ཆེན་པོ་དང་། བཙན་པོ་ལ་དར་ཡུག་ཁྲི་ཕྲག་སོགས་སྐྱེས་མང་པོ་དང་བཅས་ཏེ་བསླེབས། དེ་ནས་མཁན་པོས་ལུང་བསྟན་པ་དེ་རྨི་ལམ་དུ་བྱུང་བ་ལྟར་མཛད་ནས། སློབ་དཔོན་སྤྱན་འདྲེན་པའི་ཕོ་ཉ་སྔ་རྟིང་དུ་བརྫངས་ཤིང་། སླར་སྣ་ནམ་རྡོ་རྗེ་བདུད་འཇོམས་སོགས་ལམ་དུ་བཤད་རྩོལ་དྲག་པོས་རིན་པོ་ཆེའི་ཕྱག་རྟེན་དང་བཅས་པ་ཏེ་མངགས་པས་ཕོ་ཉ་རྣམས་ངལ་ཞིག་དུབ་པ་སློབ་དཔོན་གྱིས་མཁྱེན་ནས། རྫུ་འཕྲུལ་གྱིས་མང་ཡུལ་གུང་ཐང་དུ་ཕེབས་པ་ན། ཕོ་ཉ་བ་རྣམས་ཀྱིས་མཇལ་བས་སྐུ་ལ་མོས་པ་ཐོབ། ཕྱག་རྟེན་གྱི་གསེར་ཕྱེ་བསྐུར་བ་ཕུལ་བ་གཏོར་ནས་མ་འོངས་པ་དེར་གསེར་ཁ་འབྱུང་བར་བྱིན་གྱིས་བརླབས། ཕོ་ཉ་རྣམས་ཕངས་སེམས་སྐྱེས་པས་རྡོ་དང་གསེག་མ་ལ་(སྟོད་ཆ།༢༣༡)འཁར་སིལ་བསྣུན་པས་ཐམས་ཅད་གསེར་དུ་གྱུར། མང་ཡུལ་གྱི་གཡས་རི་རྣམས་གཡོན་དང་གཡོན་རི་རྣམས་གཡས་སོ་སྤོ་པའི་རྫུ་འཕྲུལ་བསྟན། དེ་ནས་རིམ་གྱིས་ལམ་དུ་ཞུགས་ཏེ་ཕེབས་པ་ན། མང་ཡུལ་གྱི་གྲོང་ཁྲོང་ཟེར་བྱ་བར་ཕེབས། དེའི་དུས་མང་ཡུལ་ན་ཁྱིམ་བདུན་ལས་མེད། རྒན་མོ་གསུམ་ལ་གདམས་པ་བཏབ་པས་སྐད་ཅིག་ལ་གྲོལ། དེ་དུས་བོད་ཀྱི་ལྷ་འདྲེ་རྣམས་ཀྱིས་ཉི་མ་ཕྱེད་ན་ནམ་སྲོས་སུ་བཙུག་པས། ལྕགས་ཀྱུའི་ཕྱག་རྒྱས་སྐད་ཅིག་ཉིད་ལ་བཀུག་ནས་ཞག་བདུན་དུ་ཉི་མ་མ་བཏང་བར་ལྷ་འདྲཱེི་ཁ་གནོན་དུ་ཁྲོང་ཟེའི་གོང་ཁ་དེར་ལྷ་ཁང་བརྩིགས། དེ་ལ་དེ་དུས་མུན་པའི་ལྷ་ཁང་ཟེར་རོ། དེའི་རྩ་ན་ཆུ་མིག་གཉན་པོ་སུས་ཀྱང་རེག་མི་ནུས་པ་ཞིག་ཡོད་པ་དེའི་ཀླུ་བཏུལ་ནས་ཆུ་ཞིང་ལ་དྲངས། ལྷ་ཁང་དུ་ཐུགས་རྗེ་ཆེན་པོ་བཞུགས་སུ་གསོལ་ལོ། རི་གོང་ཞིག་ཏུ་བལ་པོའི་ལྷ་འདྲེ་ཕྱིར་འབྲེངས་པ་རྣམས་ཀྱི་ཁ་གནོན་དུ་རྡོའི་མཆོད་རྟེན་བཞེངས། ཕུར་པ་གསུམ་རྡོ་ལ་ནུབ་པར་བཏབ་ནས་བཞག་པ་ད་ལྟའང་ཡོད། དེ་ནས་ཡ་ཚད་པ་ནས་ཁུང་བུ་ནས་རླུང་འོང་བའི་ས་དེ་བོད་ལ་གནོད་པར་གཟིགས་ནས་ལྷ་ཁང་བརྩིགས་པས་མང་ཡུལ་བྱམ་སྤྲིན་ཡིན། དེ་ནས་ཡར་བྱོན་ཏེ་མ་ཆུང་གི་བར་དུ་གྲོ་གསོལ། དེར་སློབ་དཔོན་ལ་ལྷ་འེས་མ་ཚུགས། འཁོར་རྣམས་སྨྱོ་བས་སྨྱོན་ཐ ང་དུ་གྲགས། དེ་འདུལ་བའི་དོན་དུ་མཆོད་རྟེན་བརྒྱ་རྩ་བརྒྱད་མཛད་དོ། ཡང་ཞང ཞུང་ཡུལ་ཏེ་གུ་གེ་ལ་བྱོན། དེའི་གཞི་བདག་དགྲ་ལྷ་མུ་ཙ་མེད་ཀྱིས་མ་བཟོད་ནས། རི་ཕན་ཚུན་འཐབ་པའི་བར་དུ་སློབ་དཔོན་གཡོག་བཅས་བཅར་བ་བརྩམས་པས་གསེག་ཤང་གི་ཡུ་བ་བསྣུན་པས་རི་ཕན་ཚུན་དུ་བསྒྱེལ་ནས། དཔོན་(སྟོད་ཆ།༢༣༢)གཡོག་རྣམས་ནམ་མཁའ་ལ་གཤེགས། དགྲ་ལྷ་མུ་ཙ་མེད་སྐྲག་སྟེ་བྲོས་པ་ལ། ཕྱག་མཚན་རྡོ་རྗེ་གསོར་བས། མོ་དྲུང་དུ་ལྷགས་ཏེ་སྲོག་སྙིང་ཕུལ་བྲན་དུ་ཁས་བླངས་ཏེ་དམ་ལ་བཏགས་སོ། དེ་ནས་ལྷ་ཡུལ་གུང་ཐང་དུ་བྱོན། དགེ་བསྙེན་རྣམས་དབང་དུ་བསྡུས་ནས་ཆོས་ཀྱི་སྲུང་མར་བསྐོས་སོ། དེ་ནས་མང་ཡུལ་ཁ་ལའི་རོང་སྒོ་རུ་བསྟན་མ་བཅུ་གཉིས་ཀྱིས་ཐོག་མདའ་བཅུ་གཉིས་དུས་གཅིག་ལ་ཕབ། སྡིགས་མཛུབ་ཀྱི་རྩེ་ལ་བླངས་ཏེ་ཀླད་ལ་བསྐོར་བས། སོལ་དུམ་བཅུ་གཉིས་སུ་ནག་ཧྲུལ་གྱིས་སོག་བས་བསྟན་མ་སྐྲག་སྟེ་སྲོག་སྙིང་ཕུལ་ནས་དམ་ལ་བཏགས། དེ་དུས་གཙོ་མོ་གགཤ་དཀར་མ་ཤེའུ་གཟས་བྲོས་ཏེ་དཔལ་མོ་ལྷ་མཚོའི་ནག་བྲོས་པས། སློབ་དཔོན་གྱིས་དཔལ་མཚོ་ནས་ཆུ་སྤར་བུ་གང་བླངས་ནས་དགོངས་པ་གཏད་པས། སྐད་ཅིག་ལ་སྤར་བུའི་ཆུ་ལ་རླངས་ངད་ཆིལ་གྱིས་བྱུང་བ་དང་མཚོ་ཡང་རླངས་པ་ཕྱུར་གྱིས་བྱུང་། སྤར་བུའི་ཆུ་དེ་ཁོལ་བ་དང་མཚོ་ཡང་ཁོལ་བས་མོས་མ་བཟོད་དེ། མཚོ་ལས་ཐོན་པདང་ཤ་རུས་བྲལ་ནས་ཀེང་རུས་སུ་སོང་བ་ལ། ཕྱག་མཚན་རྡོ་རྗེ་འཕངས་པས་མིག་ཡ་གཅིག་བཅར་བས་མོ་སྐྲག་ནས་སྲོག་སྙིང་ཕུལ། སྔར་བསྟན་མའི་གཙོ་མོ་ཡིན་པ་ལ་ཕྱིས་རང་མཉམ་དུ་བཞག་གོ། །དེ་ནས་གཙང་ལྷས་ལྷག་ཕུག་ཏུ་བསྙེན་བཀུར་ནས་བཀའ་འབངས་སུ་བྱས་ཏེ་དམ་ལ་བཏགས་སོ། དེ་རྣམས་སུ་ལྷ་འདྲེ་ཐམས་ཅད་ལྟར་ལ་བརྒྱུས་པ་དམ་ལ་བཏགས་པས་ཆུའི་མིང་ཡང་དམ་ཆུ་ཞེས་གྲགས། དེ་ནས་བྱང་ལམ་ཚུར་ཐ་ནས་བྱོན། སྟག་མོ་སྡིངས་ཀྱི་ཁ་ནས་གྲོམ་པ་ལྷ་ཁང་གི་རབ་གནས་མཛད་པས། གྲོམ་པ་རྒྱང་དུ་དེ་ནས་(སྟོད་ཆ།༢༣༣)གྲགས། བྱང ཕྱི་གོང་ནས་མར་ལ་བྱོན། འོ་ཡུག་བྲེ་མོ་ལ་ཁ་རུ་ལྷ་སྲིན་ཐམས་ཅད་དམ་ལ་བཏགས། དེ་ནས་ཐང་ལྷ་དམ་འོག་ཏུ་གཞུག་པར་དགོངས་ནས། ལུག་བོང་གི་ཤ་བཅོས་པའི་ཐབ་ཞབས་ཀྱིས་སྒྱེལ་ནས་དམར་ཐབ་མཛད་པས་ཁོ་ཁྲོས་ཏེ། ཐང་ལྷའི་གངས་ལ་གློང་བར་དུ་སྤྲིན་ནག་པོ་ཆགས་གློག་དང་འབྲུག་དང་སེར་བ་སོགས་སྐྱེ་བོ་ཕལ་གྱིས་བཟོད་པ་རདཀའ་བའི་ཆོ་འཕྲུལ་ཆེན་པོ་བསྟན། ཀླུའི་ཕྲུ་གུ་མི་སྲུན་པ་ཞིག་ཀྱང་རྒྱ་མཚོར་བྲོས་གསུངས་ནས་ཞག་གསུམ་དགོངས་པ་མདད་པས་ཆོ་འཕྲུལ་ཐམས་ཅད་ཞི་ཐུག་ཚོམ་ཡང་མ་མཆིས་ཡུལ་ཡང་འཇམ་པར་གྱུར། ཀླུ་དམ་ལ་ཐོགས་ཏེ་ཐང་ལྟས་ཀྱང་བཀའ་ཉན་དུ་ཁས་བླངས་ཤིང་གདུགས་ཚོད་དྲངས་སོ། དེ་ནས་ལེ་ཤོར་དུ་བྱོན་ནས་འཕན་ཡུལ་གཟིགས་པས་ཡུལ་ངན་རྟ་རོ་དམར་པོ་ཁ་བྱེ་བ་འདྲ་བ་འདི་ལ་མི་འགྲོ་གསུངས་ནས་སྟོད་ལུངས་ཡ་རལ་ན་ཡར་བྱོན། བཙུན་མོ་ཕྲེང་གི་བྲག་ལ་ཨ་ཙ་ར་འགྲོ་འཕྲོ་ལ་རེངས་པ་འདྲ་བ་འདིའི་གོང་མ་བཅད་ན་མུ་སྟེགས་ཅན་གྱི་རིགས་བོད་དུ་འཆོར་གསུངས་ནས་བཅད། གཞོང་པར་གྲོ་ཐོབ་གསུངས་ནས་ཆུ་མ་མཆིས་བྱས་པས་ཆས་དབྱུང་བར་བྱ་གསུངས་ནས་གསེག་ཤང་གི་ཡུ་བ་ས་ལ་ཐམས་ཐམས་བརྒྱབ་པས་ཆུ་ཀ་བདུན་བྱུང་སྟེ་གཞོང་པའི་ལྷ་ཆུར་གྲགས། སྙེ་འཕྲེད་དུ་ངའི་གྲོ་རན་གསུང་བ་དང་མཁར་ནག་གི་མཚོ་འདི་ལ་ཀླུ་བཙན་དྲག་པོ་འདུག་པས་འདུལ་ལོ་གསུངས། འདི་ནི་ཤིན་ཏུ་ཐུ་བ་ཞིག་འདུག་པས་འདུལ་བྱེད་ཅིག་བྱ་གསུངས་ནས་བྲག་ལ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྐུ་ཞིག་བསྐྱེད་པས་རང་བྱུང་དུ་བྱུང་། བལ་པོའི་རྡོ་མཁན་ན་རེ་བོད་ཀྱི་རྡོ་ལ་གཟོ་བཏུབ་མི་བཏུབ་བལྟའོ་ཟེར་ནས་བྲག་ལ་ཤ་བའི་གཟུགས་(སྟོད་ཆ།༢༣༤)ཤིག་བརྐོས་སོ། དེ་ནས་ངམ་ཤོད་ལ་བྱོན་ཟུར་མཁར་འཕྲང་ལ་རྡོའི་མཆོད་རྟེན་ལྔ་མཛད། དེ་ནས་ཕོ་བྲང་བྲག་དམར་འོམ་བུའི་ཚལ་དུ་ཕེབས། བཙུན་པོ་དང་མཇལ་བ་ལ་ཕོ་ཉས་བརྡ་སྦྱར། ཕྱག་བཞེད་ཟེར་བ་ལ། སློབ་དཔོན་ན་རེ། ང་ཡི་ཕྱག་བཙན་པོས་མི་ཐུབ་གསུངས་ནས། ཕ་ཝང་ཞིག་ལ་ཕྱག་འཚལ་བས་ཤག་སེར་གས། རྒྱལ་པོའི་ན་བཟའ་ཕུད་པ་ལ་ཕྱག་མཛད་པས་ཐུལ་གྱིས་ཚིག །དེར་བཙུན་པོས་སློབ་དཔོན་གྱི་ཞབས་ལ་ཕྱག་ཕུལ། དེའི་གོང་དུ་སང་ཤིས་བྲག་དམར་མགྲིན་བཟང་དུ་རྒྱ་ནག་གི་ལྷ་ཁང་གོའུ་དེ་ཤན་ལ་དཔེ་བླངས་པ་ཞིག་བཞེངས་ནི་གྲུབ། ཞལ་སྲོ་ནི་མ་གྲུབ་པའི་སྐབས་ཡིན་པས། སློབ་དཔོན་ཆེན་པོ་དེར་གདན་ཕེབས་པ་ཞུས་ནས་ཕེབས། རབ་གནས་མངའ་གསོལ་གྱི་ཚེ། རྒྱལ་པོ་དང་བློན་པོ་ཆེན་པོ་ནི་མ་བྱོན། གནང་ཆེན་པོ་དང་། གཟིམ་མལ་བ་ཀུན་གྱིས་ལྟ་བར་འོངས། སློབ་དཔོན་གྱིས་ལྷ་སྐུ་ཆེན་པོ་ཐམས་ཅད་ལ་མི་ལ་བྱ་བ་བཞིན་དུ་བྱས་ནས། ནམ་ཕྱེད་ལ་དེ་ཀུན་གྱིས་མར་མེ་ཀྱེར་ནས་བལྟས་པས་ནང་ན་འཇིམ་སྐུ་གཅིག་ཀྱང་མེད་པ་སྟོང་པར་འདུག །དབྱུག་པས་བཙལ་ཀྱང་རེག་ཐོགས་མི་འདུག་པས་ཡིད་ཆེས། ནང་པར་སྒོ་གསེབ་ནས་བལྟས་པས་སྐུ་གཟུགས་ཐམས་ཅད་སྔར་བཞིན་འཁོད་པ་ལ། སློབ་དཔོན་པདྨས་མཅོད་པ་མཛད་པ་དང་ལྷ་རྣམས་ཀྱིས་བཤོས་གསོལ་ཞིང་གཏམ་མཛད་པ་དངོས་སུ་མཐོང་ངོ་། དེའི་ཉིན་མོ་སྤོས་མར་མེ་ཐམས་ཅད་རང་འབར། རོལ་མོ་ཐམས་ཅད་རང་འཁྲོལ། ཅོང་རྣམས་རང་སྒྲ་སྒྲོགས། འཕན་ལྔ་བཏགས་པས་ལྔ་བརྒྱར་འཕེལ། སྡེར་མ་ཞིག་ཏུ་རྒུན་འབྲུམ་སྙིམ་པ་གང་(སྟོད་ཆ།༢༣༥)ཡོད་པ་དེར་ཚོགས་ཀྱི་མི་རྣམས་ཀྱིས་ཅི་ཙམ་ཟོས་ཀྱང་ཉུང་དུ་མ་སོང་། ཐམས་ཅད་ངོ་མཚར་སྐྱེས་སོ། དེའི་ནག་པར་གཟིམས་མལ་བ་ལྟ་ལུང་མཚོ་གཞེད་གཉན་ལེགས་ཞེས་བྱ་བ་ལ་པྲ་རྟེན་བྱས། ལྷ་མོ་འོད་ཟེར་ཅན་མའི་པྲ་སེན་ཕེབས་སྨྲ་རུ་བཅུག་པས། བོད་ཀྱི་ལྷ་ཀླུ་མི་སྲུན་པ་ཐམས་ཅད་ཀྱི་མིང་སྨྲས། འཕང་ཐོང་དུ་ཆུ་ཐོག་འབེབས་པ་ཤམ་པོ། དམར་པོ་རི་ལ་ཐོག་འབེབས་པ་ཐང་ལྷ། མི་ནད་ཕྱུགས་ནད་གཏོང་བ་བརྟན་མ་བཅུ་གཉིས། སད་སེར་གཏོང་བ་བོད་ཀྱི་ལྷ་གཉན་དགུ་ཡིན་ནོ། ཞེས་སོགས་སྨྲས། གཞན་ཡང་ཆོ་རིགས་བཟང་བའི་བྱིས་པ་མང་པོ་ལ་རྒྱལ་ཆེན་བཞིའི་པྲ་ཕབ། གནོད་སྦྱིན་མེ་ལྷས་ཞལ་མངོན་སུམ་དུ་བསྟན། ལྷ་ཀླུ་གདུག་པ་ཅན་ཐམས་ཅད་ཀྱི་མིང་དང་གནས་དང་སྤྱོད་ཚུལ་སྨྲས། དེ་ནས་རྒྱལ་བློན་སོགས་ཡིད་ཆེས་པའི་ཕྱིར་དུ། ལྷ་འདྲེ་མ་རུངས་པ་རགས་རིམ་ཞིག་དངོས་སུ་མི་ལ་ཕབས་ནས་བསྡིགས་ཤིང་གཟིར་བ་དང་ཆོ་ག་བཤད་ནས་དམ་འོག་ཏུ་བཅུག་པས་རང་རང་གི་སྲོག་སྔགས་དང་ཆོ་ག་རྣམས་སློབ་དཔོན་ལ་ཕུལ། དེས་ཀྱང་མ་ཐུལ་བ་རྣམས་སྦྱིན་སྲེག་མཛད་པ་སོགས་ཐབས་སྣ་ཚོགས་ཀྱིས་བཏུལ། དེ་འདྲ་བ་ལན་གཉིས་མཛད། དེར་སློབ་དཔོན་ན་རེ། སླན་ཆད་ལྷ་ཆོས་ཅི་བདེར་མཛོད། གཙུག་ལག་ཁང་དགོངས་པ་བཞིན་དུ་རྩིགས་ཤིག །སྔར་ལྷ་ཀླུ་དམ་འོག་ཏུ་ལན་གཉིས་ཆུད་ལགས་ཏེ། ད་དུག་ལན་གཅིག་བགྱིད་དེ་འཚམ་གསུངས། དེ་ནས་ཕོ་བྲང་ཟུར་ཕུད་རྒྱང་བུ་ཚལ་དུ་ཡང་ཕེབས། དེར་བཞུགས་དུས་མ་གྲོས་གཟི་ཅན་ལ་སོགས་པའི་ཀླུ་རྣམས་བཏུལ། མ་གྲོས་གཟི་ཅན་ན་རེ་། ས་སྟེང་ན་(སྟོད་ཆ།༢༣༦)བཙན་པོ་ཁྲི་སྲོང་ལྡེའུ་བཙན་ཆེ། ས་འོག་ན་ང་ཆེ། ངེད་གཉིས་གྲོགས་པོ་བྱ། རྒྱལ་པོའི་ལྷ་ཁང་བཞེངས་པའི་གསེར་ཕྱེ་དྲེའུ་ཁལ་བཅུ་བཞི་འབུལ་བས་གསེར་ཁུད་ཀློང་སྣར་ལེན་ཐོངས་ཟེར་བ་བཞིན་གསེར་རྣམས་དེ་ཁོ་ན་ལྟར་བྱུང་། ཤབ་སྤང་ཐང་ལྷའི་མཚོ་མལ་་གྲོལའི་ནང་སོགས་ན་དམྱལ་བ་ཉི་ཚེ་བའི་གནས་ཆུ་ཐམས་ཅད་ཟངས་ཞུན་ལྟར་ཁོལ་ཞིང་ས་གཞི་ལྕགས་བསྲེགས་པ་འདྲ་བ་ནམ་མཁའ་ལ་བྱ་རྒྱུ་བ་ཡང་འཚིག་ཅིང་ལྷུང་བ་དེ་ལྟ་བུ་མང་དུ་ཡོད་པ་རྣམས་སུ་དཀྱིལ་འཁོར་གྱི་ཆོ་ག་མཛད་དེ་གཟུངས་ཆུ་དང་བྱེ་མ་གཏོར་བས་དམྱལ་བ་པ་རྣམས་དག་པའི་ཞིང་དུ་དྲངས། དམྱལ་བའི་མེ་ཞི་སྡེ་ས་གཞི་ཡུལ་དུ་རུང་བར་གྱུར། རྒྱལ་པོ་པེ་ཧར་ཡང་བཏུལ་ཏེ། དེ་ཡང་ཁོང་འདུལ་བའི་དཀྱིལ་འཁོར་སྒྲུབ་དུས་པེ་ཧར་གྱིས་དཀྱིལ་འཁོར་བལྟར་འོངས་པས་མིག་ལ་ཕུར་བུ་བཏབ། སྔགས་ཉན་པས་རྣ་བ་ལ་བཏབ། སྔགས་ཟློས་པའི་ལེན་མོ་བྱས་པས་ལྕེ་ལ་བཏབ། དེ་ནས་འབྲོས་པ་འདོད་པ་ཡན་ལག་བཞི་ལ་བཏབ་པས་འགྲོ་མ་ཏུབ། དེ་བསྲེག་གོ་ཅེས་གསུངས་པས་ཤིན་ཏུ་སྐྲག་ཏེ་མནའ་བོར་དམ་ལ་བཏགས་སོ། ཡང་ཤམ་པོ་འདུལ་བར་ཕེབས་པས་ཤམ་པོས་སློབ་དཔོན་གྱི་སྟེང་དུ་ཆུ་ཆེན་པོ་ཕོབས་ན་སློབ་དཔོན་གྱིས་བེར་སྣ་ནས་རྡོ་རྗེ་གདེངས་པས་ཆུ་གྱེན་ལ་སླར་ལོག་པར་ལྷ་རྫིང་དུ་གྲགས། དེར་རྡོ་རྗེ་འཕངས་པས་ཆུ་ཁོལ་ཏེ་ཤམ་པོའི་གངས་ཀྱི་སུམ་ཆ་ཙམ་ཞུ། དེར་ཁོ་གངས་ཀྱི་རྩེ་ལ་བསྡད་ནས། ང་ལ་དེ་ཙམ་དུ་མཐོ་མཚམས་པ་ཟེར། སློབ་དཔོན་གྱི་ཞལ་ནས། ཁྱོད་ཀྱང་ང་ལ་དེ་ཙམ་མཐོ་མཚམས་པ་ད་ཕྱིན་དམ་འོག་ཏུ་མ་འཛུལ་ན་བསྲེག་གོ་གསུངས་པས། དེས་སློབ་དཔོན་གྱི་ཞབས་ལ་ཕྱག་འཚལ་བཞིན་དུ།(སྟོད་ཆ།༢༣༧) བདག་ནག་པོའི་རིགས་ཡིན་པས་ཆོས་བགྱི་བའི་རྔོ་མི་ཐོགས། ཕྱིན་ཆད་གནོད་པ་མི་བགྱིའི་ཞེས་དམ་བཅས། དེ་ལྟར་ལ་བ་དྲུག་ཙམ་གྱི་རིང་ལ་མི་མ་ཡིན་ཕལ་ཆེར་དམ་འོག་ཏུ་ཆུད་པར་མཛད་དོ། སྐབས་དེར་རྒྱལ་པོའི་དབུ་སྐྲ་འཁྲུ་བ་ནས། མཁན་པོའི་གསུག་གིས་རི་རབ་བྱང་ངོས་ཀྱི་ཆུ་མིག་རྟག་ཏུ་སྣང་བའི་ཆུས་བཀྲུས་ན་ལེགས་ཚོགས་ཆེ་ཚུལ་གསུངས་པ་བཞིན་སློབ་དཔོན་གྱིས་ཆུ་དེ་རྫུ་འཕྲུལ་གྱིས་བླངས་ཀྱང་བདུད་བློན་རྣམས་ཀྱིས་མོན་གྱི་སྨྱོ་ཆུ་ཡིན་ལས་ཆེ་ཟེར་ནས་ཕོས་སོ། དེ་ནས་རྒྱལ་པོ་ལ་དབང་མཛད་པའི་ཚེ། བཙུན་མོ་མཆོག་རྣམས་ཀྱིས་དཀྱིལ་འཁོར་མཆོད་པའི་གཟུངས་མ་བྱེད་པར་ཞུས་པས། དེ་ཀུན་སྐལ་པ་དང ་ལྡན་པ་ཁོ་ནར་མི་སྣང་གསུངས། མཆིམས་བཟའ་ལྷ་མོ་བཙུན་དང་མཁར་ཆེན་བཟའ་མཚོ་རྒྱལ་གཉིས་མཆོད་པའི་གཟུངས་མ་བྱེད་པའི་སྐལ་བ་ཅན་དུ་ལུང་བསྟན་པས། ས་ཐགས་རིང་པོ་ལ་ཇི་ལྟར་བགྱི་ཞུས་པས། འདི་ལ་ཚེགས་མེད་གསུངས་ནས། སློབ་དཔོན་གྱིས་དགོངས་པ་ལ་མཉམ་པར་བཞག་པས། ཡུད་ཙམ་ཞིག་ན་དེ་གཉིས་དཀྱིལ་འཁོར་གྱི་མཐའ་རུ་སླེབས་སོ། དེར་མ་ཟད་དེ་གཉིས་ལ་ལྷུན་གྱིས་གྲུབ་པའི་དགོངས་པ་སྐྱེས་ནས་ཕྱིས་འཇིག་རྟེན་གྱི་ལས་སྤངས་ཏེ་སྒྲུབ་པ་ལ་བཞུགས་སོ། ཡང་རྒྱལ་པོའི་ལྷ་ཁང་གི་ས་འདུལ་མཛད་པའི་ཚེ། དཀྱིལ་འཁོར་བཞེངས་པའི་ཐིག་སྐུད་འཐེན་པ་ལ། བོད་ཀྱི་ཡུལ་ཁམས་ཀྱི་བུ་མོ་གཙང་མ་མཚར་བའི་མཐར་ཐུག་པ་གཉིས་དགོངས་པ་བྱུང་བ་ལ། བོད་ཙམ་པའི་ཡུལ་ཁམས་ཆེ་བ་ན། མཚར་བའི་མཐར་ཐུག་པ་སུ་ཡིན་མི་ཤེས་པས། འགུགས་པར་ཞུས་པས། སློབ་དཔོན་དགོངས་པ་ལ་མཉམ་པར་བཞག་པས། དར་ཅིག་ནས་ཅོག་(སྟོད་ཆ།༢༣༨)རོ་བཟའ་བུ་ཆུང་སྨན་དང་། ཅོག་རོ་བཟའ་ལྷ་བུ་སྨན་གཉིས་གང་ནས་བྱུང་ཆ་མེད་པར་དེར་བྱུང་། དེ་ལ་ཡེ་ཤེས་ཀྱི་ལྷ་ཕབ་སྟེ་ཐིག་སྣ་བ་བྱས་སོ། ཕྱིས་བོད་འབངས་ཀྱི་མི་ཐམས་ཅད་བསྡུས་པས་ཀྱང་། དེ་གཉིས་ལས་མཚར་བ་ཡེ་མ་བྱུང་སྐད། ཡང་ཁྱུང་པོ་སྟག་ཚ་ཟར་བའི་བློན་པོ་གཅིག་ཆོས་ལ་ཤིན་ཏུ་མི་དད་པ་དེའི་བསམ་པ་ལ། བྲག་དམར་མགྲིན་བཟང་དང་སྔགས་མཁན་འདི་མེ་ལ་བསྲེག་དགོས་པར་འདུག་བསམ་ནས་སློབ་དཔོན་གྱི་དྲུང་དུ་ཕྱིན་པ་ཞིག་ལ། བློན་པོ་སོགས་སྐྱེ་བོ་མང་པོཡོད་པའི་དབུས་དེར། ཁྱོད་འདི་ལྟ་བུ་བསམ་མམ་ཞེས་གསུངས་པས། ཤིན་ཏུ་ངོ་ཚ་ཞིང་ཕྱིར་སོག་ནས་མཐའི་མོན་བུ་འདིས་ཅི་ཡང་ཤེས་པར་འདུག་ཟེར་སྐད། ཡང་དབས་སྟོང་གཟིགས་ཟེར་བ་ཆོས་ལ་ཤིན་ཏུ་ཞེ་གནག་པ་ཞིག་ཡོད་པ་ལ། འདི་མི་རིང་བར་དབང་ཆེ་བར་གྱུར་ཏེ་ཆོས་དར་དུ་མི་སྟེར་བ་ཞིག་ཡོང་བར་འདུག་པས་ཚར་གཅོད་འི་ཁོ་དུས་དེ་རང་དུ་ལུས་ལས་ཁྲག་ཟགས་ནས་ཤི། ཡང་སློབ་དཔོན་གྱི་གསུང་ལས། བཙན་པོ་ཁྱོད་ཀྱི་ཡུལ་འདི་བཟང་པོར་བྱ། ངམ་ཤོད་ཀྱི་བྱེ་མ་ཚལ་དང་ནེ་གསེང་དུ་བྱེ། གྲ་དང་དོལ་དང་རྟ་ལ་དང་ཡུལ་པོ་ཆེ་ཚུན་ཆད་ཆབ་མེད་པ་རྣམས་སུ་ཆུད་དབྱུང་། གྲམ་པ་ཐམས་ཅད་ཀྱང་ཞིང་སར་འགྱུར་བར་བྱས་ལ་བོད་འཚོ་བར་བྱ། བཻ་ཤྲ་མ་ཎ་ལ་ནོར་བླངས་འཛམ་བུའི་གླིང་གི་དཀོར་ནོར་ཡོད་དོ་ཅོག་གི་འབྱུང་ཁུངས་བོད་དུ་འབྱུག་བར་བྱ། གཙང་པོ་སྦུབས་སུ་འཇུག །ཆབ་འདི་ལས་ཆེ་བ་ཞིག་ཀྱང་ངེས་སྦུབས་སུ་བཅུག་པ་ཡིན་གསུངས་པ་དང་། རྒྱ་དང་ཧོར་ལ་སོགས་པའི་རྒྱལ་པོ་(སྟོད་ཆ།༢༣༩) ཐམས་ཅད་ཀྱང་བོད་ཀྱི་དབང་དུ་འདུས་པར་བྱའོ་སོགས་བཀའ་མཆིད་རྒྱ་ཆེར་གསུངས་པ་ལ་དེ་ལྟར་འོང་ངམ་ཉམས་སད་པའི་ཕྱིར་མཛད་པར་ཞུས་པས། དཀྱིལ་འཀོར་བཞེངས་ནས་སྔ་དྲོ་ཅིག་དགོངས་པ་མཛད་པས་བྲག་དམར་གྱི་སྐམ་པ་ཞིག་ཏུ་ཆུ་ཆེན་པོ་རྡོག །མུ་ཀླུ་རྫིང་དུ་བཏགས། ད་དུང་མཛད་དགོས་ཞུས་པས་བྲག་དམར་མཚོ་མོ་འགུར་སྔར་བྱེ་མར་ཡོད་པ་ནེ་གསེང་དུ་སྔོ་ཆམ་གྱིས་སོང་། ད་ཞིང་ས་གང་བྱེད་གསུངས། དེ་ལྟར་ཐམས་ཅད་འོང་ངེས་པར་འདུག་པ་ལ། ཕྱིས་སེམས་ཅན་སྤྱི་མཐུན་གྱི་ལས་དང་། ནག་ཕྱོགས་ཁྱི་འདྲེ་དང་བདུན་བློན་རྣམས་ཀྱི་རྐྱེན་གྱིས་མ་གྲུབ། ལྷ་སྲིན་དམ་འདོག་དང་སྦྱིན་སྲེག་གསུམ་པ་ཡང་མ་གྲུབ་སྟེ་ལུས་སོ། སྐབས་འདིར་ཐམས་ཅད་མཀྱེན་པ་ལྔ་པ་རིན་པོ་ཆེས། སློབ་དཔོན་བོད་དུ་ཡུན་རིང་བཞུགས་མ་བཞུགས་ཀྱི་ལོ་རྒྱུས་དུ་མ་སྣང་བ། མཆོག་དམན་གྱི་བློ་ངོར་ཤར་ཚུལ་ཡིན་ཡང་། རྒྱུ་མཚན་མ་གོ་བར་སོ་སོའི་ལུགས་ལ་ཞེན་ཏེ་གཏམ་སྣ་ཚོགས་སྨྲ་བ་ནི་རྗེ་ས་པཎ་གྱིས། མཁས་པ་རང་གིས་དཔྱོད་ཤཻས་ཀྱི། བླུན་པོ་གྲགས་པའི་རྗེས་སུ་འབྲང་། ཁྱི་རྒན་ཀུ་ཅོ་འདོན་པ་ན། རྒྱུ་མཚན་མེད་པ་གཞན་དག་རྒྱུག །ཅེས་གསུངས་པའི་རྣམ་ཐར་འཛིན་པ་ཡིན་ཞིང་། བྱ་བ་སྤྲུལ་པའི་སྐུ་པདྨ་དཀར་པོར་གྲགས་པའི་སྙིགས་དུས་ཀྱི་མཁས་པ་ཆེན་པོ་དེའི་གསུང་ལས། དེ་ནི་དུས་གཅིག་ལསཀུའི་བཀོད་པ་སྣ་ཚོགས་སྟོན་པའི་རྫུ་འཕྲུལ་ཅན་ཡིན་པས། དེ་དག་ལ་གོ་རིམ་མི་དགོས་ཀྱི་གཏན་ཚིགས་སུ་བསྒྲུབ་དཀའོ། ཞེས་པ་ནི་རྣམ་དཔྱོད་ཀྱི་རྩལ་དང་ལྡན་པའི་ལེགས་བཤད་ཀྱི་གསུང་ཡིན་(སྟོད་ཆ།༢༤༠)ནོ། །ཞེས་གསུངས་སོ། འོན་ཀྱང་མཁས་པ་ཕྱི་མ་འགའ་ཞིག་གིས་སྦ་བཞེད་ལས་ཟླ་བ་བཅོ་བརྒྱ་དལས་བཞུགས་པར་མ་བཤད་ཅེས་ནན་གྱིས་སྒྲོགས་པར་བྱེད་མོད་ཀྱི། དེ་ལ་ཡང་ངེས་པ་མ་མཐོང་སྟེ་བཀའ་མའི་ལོ་རྒྱུས་དང་། སྦ་བཞེད་ཁ་ཅིག་ནས་བསམ་ཡས་ཀྱི་རབ་གནས་མཛད་པར་བཤད། མཁས་མཆོག་བུ་སྟོན་རིན་པོ་ཆེ་དང་། ཆོས་རྗེ་བླ་མ་དམ་པ་སོགས་ཀྱིས་ཀྱང་དེ་ལྟར་དུ་བཞེད་པ་ཡིན་ཏེ་སོ་སོའིའ་ཆོས་འབྱུང་ལས་ཀྱང་དེ་བཞིན་བཤད་པར་སྣང་ལ། འཁོར་ས་ཆེན་མོའི་ངོས་རིས་ལའང་བྲིས་ཡོད་པར་ཆོས་འབྱུང་མཁས་པའི་དགའ་སྟོན་ལས་བཤད་དོ། སྤྱིར་ཡང་སྦ་བཞེད་དང་། ཕུར་པའི་སྟོང་ཐུན་སོགས་ལོ་རྒྱུས་ཕྱོགས་རེ་བ་ཡིན་གྱི་སློབ་དཔོན་གྱི་རྣམ་ཐར་མཐར་ཆང་ཚང་བར་བརྗོད་པ་མིན་པས་སྐབས་དེ་དང་དེའི་ལོ་རྒྱུས་ཙམ་ལས་ལོ་རྒྱུས་བྲེང་ཆགས་སུ་བྲིས་པ་མེད་དོ། འོན་ཀྱང་བོད་མ་དག་པ་འགའ་ཞིག་གི་སྣང་ངོར་གཤེགས་པ་ལྟར་མཛད་ནས། སླར་སྐུ་ཁྱབ་གདལ་དུ་སྣང་བས་རབ་གནས་སོགས་རྒྱལ་པོའི་དགོངས་པ་བསྒྲུབས་ཤིག་བོད་ཡུལ་དུ་ལོ་བརྒྱ་དང་བཅུ་གཅིག་ལ་སོགས་པར་བཞུགས་ནས་སྒྲུབ་གནས་རྣམས་བྱིན་གྱིས་བརླབས་པ་དང་ཟབ་གཏེར་སྦ་བ་སོགས་ཐང་ཡིག་ནས་བཤད་པ་ལྟར་ཀུན་མཁྱེན་ལྔ་པ་སོགས་མཁས་གྲུབ་ཕལ་ཆེར་གྱིས་བཞེད་དོ། དེ་བཞིན་ཐང་ཡིག་ཁ་ཅིག་ལས། ལོ་ལྔ་བཅུ་རྩ་གཅིག་དང་། ཕལ་ཆེར་བརྒྱ་དང་བཅུ་གཅིག་འབྱུང་བའང་ཕྱེད་ལོ་དང་སྒང་ལོའི་ཁྱད་ཡིན་པར་ཀོང་པོ་རྒོད་ཚང་བ་དང་འཇམ་མགོན་སཱ་རའི་ཞབས་ཀྱིས་བཞེད་ཅིང་དེར་མཚུངས་རྒྱ་གར་ནས་བྱོན་ལོའང་སུམ་སྟོང་ལོན་ནས་ཞེས་པ་དང་སྟོང་དང་དྲུག་བརྒྱ་ཞེས་འབྱུང་བ་འང་ཕྱེད་ལོ་དང་(སྟོད་ཆ།༢༤༡)སྒང་ལོའི་ཁྱད་པར་དུ་བཀྲལ་བར་མཛད་དོ། དོན་ལའང་གནས་པར་སྣང་ངོ་། དེས་ན་རེ་ཞིག་གདུལ་བྱ་ཕལ་ཆེ་བའི་སྣང་ངོར་བཞུགས་ཚུལ་སོགས་ཐང་ཡིག་ལྟར་ཁས་ལེན་དགོས་ཏེ། ཅིའི་ཕྱིར་ཞེ་ན། སློབ་དཔོན་ཉིད་ཀྱི་གཟུངས་མ་མཁར་ཆེན་བཟའ་དང་རྗེ་འབངས་ཞབས་འབྲིང་བདག་གིས་བཀོད་པ། ཕྱིས་གཏེར་སྟོན་ཚད་ལྡན་རྣམས་ཀྱི་གཏེར་ཆོས་སླང་མེད་ལས་བྱུང་བ་ལ་སོམ་ཉི་དགོས་པ་མི་སྣང་ལ། བཀའ་མའི་ལོ་རྒྱུས་སྣང་ལ་མ་ངེས་པ་སྣ་ཚོགས་སྨྲ་བ་དག་ལ་ཡིད་བརྟན་དགོས་པ་མེད་དོ། དེས་ན་བོད་ཡུལ་དུ་བཞུགས་ཚུལ་ཀུན་གྱི་མཐོང་བར་སྣང་ཚུལ་མཐུན་པ་དེ་ཙམ་ཞིག་ལས་གཞན་དུ་ཟུང་འཇུག་གྲུབ་པ་དག་གི་རྣམ་པ་ཐར་པ་སུ་ཞིག་གི་བརྟགས་པར་ནུས་ཏེ་རྫུ་འཕྲུལ་མཐའ་ཡས་པ་ལ་མངའ་བརྙེས་པའི་ཕྱིར་མངའ་གཅིག་ཏུ་འདིན་པར་མ་ནུས་སོ། འདི་དག་གི་དུས་སུའང་མ་དག་པ་གིས་མ་མཐོང་བའང་སྲིད་དེ། ཐོགས་མེད་ཀྱིས་བྱམས་པ་བསྒྲུབ་ནས་གཞན་ལ་བསྟན་པ་འགྲིབ་ལ་ཉེ་བ་ན། དག་པས་ང་རང་དངོས་སུ་མཐོང་ཡང་སྲིད། ཅེས་དང་། ང་ལ་འགྲོ་སྡོད་གཉིས་སུ་ག་ལ་ཡོད། ཅེས་དང་། གསོལ་བ་ཐོབ་དང་པད་འབྱུང་སྒོ་ཉལ་ཡོད། ཅེས་སོགས་གསུངས་པ་བཞིན་ནོ། དེ་ལྟར་འཕྲོས་དོན་ཅུང་ཟད་སྨྲོས་ནས། སྔ་མའི་འཕྲོར། དེ་ནས་མཁར་སློབ་གདན་འཛོམ་སྟེ་སློབ་དཔོན་གྱིས་སྡེ་བརྒྱད་ཐམས་ཅད་དམ་ལ་བཏགས་ཏེ་ལྷ་འདྲེ་རྣམས་དགའ་བའི་མཐུན་རྫས་དང ་བཅས། དྲེགས་པ་ཟིལ་གནོན་གྱི་མགུར་གསུངས་ནས་ནམ་མཁའ་ལ་(སྟོད་ཆ།༢༤༢)རྡོ་རྗེའི་གར་མདད་ཅིང་ས་གཞི་བྱིན་གྱིས་བརླབས། སྐུའི་གྲིབ་མ་གང་བྱུང་སར་ལྕགས་རི་བརྩིགས་པས་ལྕགས་རི་ཟུར་མང་པོ་བྱུང་བར་གྲགས། རྒྱལ་པོས་དར་དཀར་གྱི་ན་བཟའ་གསོལ། གསེར་གྱི་སྟ་རེ་ཐོགས་ནས་རྨང་བརྐོས་པས་གྲུ་གང་ཙམ་གྱི་འོག་ནས་ས་ཞག་དཀར་སེར་དམར་གསུམ་རོ་ཕུན་སུམ་ཚོགས་པ་བྲོ་བ་བྱུང་བས་བཙན་པོ་ཐུགས་དགྱེས་སོ། དེ་ནས་མཁན་པོས་གཙུག་ལག་ཁང་གི་བཟོ་དབྱིབས་ཀྱི་བཀོད་པ་མཛད་པར་བཞེད་དེ། སྔོན་མུ་སྟེགས་ཀྱི་རིག་འཛིན་ཞིག་གིས་རོ་ལངས་བསྒྲུབས་པའི་དགོས་གྲུབ་ལེན་པ་ཉེ་བ་ན། གྲོགས་རྟགས་མཚན་དང་ལྡན་པ་ཞིག་དགོས་པས། དབུས་འགྱུར་འཆང་གི་དགེ་སློང་སྒྲུབ་པ་པོའི་གཡོག་དགེ་ཚུལ་ཞིག་མཚན་དང་ལྡན་པ་ཤེས་ནས། དགེ་ཚུལ་གྱི་རིན་དུ་གསེར་གྱི་མཎྜལ་ཕུལ། དགེ་ཚུལ་དང་ལྷན་ཅིག་ཏུ་སྒྲུབ་ཁང་དུ་ཕྱིན་ཏེ། དགེ་ཚུལ་ལ་རོའི་ལྕེ་གཅོད་ཚུལ་བསླབས་ཏེ། ལྕེ་གསེར་གྱི་རལ་གྲིར་འགྲོ་བ་བཟུང ནས་ཡིད་ལ་གང་འདོད་པར་འགྲོ་ནུས་པ་དེ་ངེད་ལ་ཐོད། རོ་གསེར་དུ་འགྲོ་བ་ཁྱོད་ལ་རྔན་པ་བྱིན་ནོ་ཟེར་བས། ལྕེ་དར་ཤམ་ཙམ་པ་ལན་གཉིས་སུ་བྱུང་ཡང་མ་ཟིན། དེར་མུ་སྟེགས་ཀྱིས། ད་ལན་ཅིག་འོང་བ་དེ་ལ་མ་ཟིན་ན། ངེད་རང་གཉིས་ཀིས་འགོ་བྱས་པའི་སྲིད་པ་གསུམ་གྱི་སེམས་ཅན་གསོད་པས་སྒྲིམས་ཤིག་ཟེར་བ་དང་། ལྕེ་སོས་བཟུང་ནས་བཅད་པས་རལ་གྲིར་གྱུར་པ་ན་དགེ་ཚུལ་གྱིས་ནམ་མཁའ་ལ་དབྱུགས་ནས་རི་རབ་ཀྱི་ཁར་ཕྱིན་གླིང་བཞི་ཕྲན་ལྕོག་དང་བཅས་པ་ལེགས་པར་བལྟས་ནས་སླར་གྲི་མུ་སྟེགས་ལ་གཏད། རོ་གསེར་རུ་གྱུར་པས་ཡོ་བྱད་བྱས་ནས་རི་རབ་གླིང་བཞི་གླིང་ཕྲན་དག་བཅས་པ་ལ་དཔེ་བྱས་ནས་(སྟོད་ཆ།༢༤༣)བཞེངས་པ་ལ་ཨོ་ཏནྟ་པུ་རིའི་གཙུག་ལག་ཁང་ཞེས་བྱ་བ་ཨ་མཚན་ཅན་ཞིག་ཡོད་པས། དེ་ལ་དཔེ་བྱ་བར་གསུངས་ཏེ། ཆུ་ཕོ་སྟག་གི་ལོ་ལ། དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་རྨང་བཏིང་རྒྱ་ཁྱོན་གྱི་ཚད། བཙད་པོ་རང་གི་མདའ་རྒྱང་གང་བྱ་བར་གསུངས་པས། བློན་པོ་རྣམས་ཀྱིས་ལྐོག་ཏུ་བགྲོས་ཏེ། རྗེའི་མདའ་རྒྱང་གང་ལ་གཞན་གྱི་གསུམ་ཡོད་པས་དེ་ཙམ་མི་འགྲུབ་ཅིང་། བཀའ་བཅག་པ་ཡང་མི་རིགས་པས་ཐབས་ཤིག་བྱེད་པ་རམཐུན་ཏེ། མདའི་སྨྱུགས་སྦུབས་སུ་དངུལ་ཆུ་བླུགས་པས་གཞན་གྱི་མདའ་རྒྱང་གང་དང་མཉམ་པ་བྱུང་ལ། དེར་ས་རྣམས་ཡར་ཀླུངས་གང་པ་ཐོག་དང་། རྡོ་ཧས་པོ་རི་ནས་ཤིང་རྟ་ལ་དྲངས། ཤིང་ཤུགས་པ་ལ་བྱས། སློབ་དཔོན་ཆེན་པོས་ལྷ་འདྲེ་དམ་འོག་ཏུ་བཙུད་དེ་ལས་ལ་བཀོལ་བས་ཉིན་པར་མིས་བརྩིགས་པ་ལས་མཚན་མོ་ལྷ་འདྲེས་བརྩིགས་པ་འཚར་ཆེ་བའི་ལོ་རྒྱུས་ལ་ཕྱིས་ཞིག་གསོའི་དུས་གྱང་ཁ་ནས་མི་མ་ཡིན་གྱི་རྐང་རྗེས་ཁྲུ་གང་པ་དང་ཆེ་ཆུང་སྣ་ཚོགས་ཐོན་པ་སོགས་ཀྱིས་ངེས་པ་འདྲོངས། ལྷ་ཁང་འབྱོངས་ནས་སྐུ་གཟུགས་ཇི་ལྟ་བུ་བགྱི་དགོངས་པ་ན་བཙན་པོའི་མནལ་ལམ་དུ་མི་དཀར་པོ་གཅིག་གིས་ས་གཞི་འདི་ཇོ་མོ་སྒྲོལ་མས་བྱིན་གྱིས་བརླབས་པ་ཡིན། ཧས་པོ་རིའི་རྩེ་ན་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་པའི་ཤཱཀྱ་ཐུབ་པ་གཙོ་འཁོར་བཅུ་གསུམ་ཡོད་ཅེས་ལུང་བསྟན་པ་ལྟར། ནང་པར་བློན་པོ་ཁམས་པ་གོ་ཆ་ཁྲིད་དེ་བལྟར་བྱོན་པས་བྱེ་མའི་འབོལ་ནས་རྡོ་སྐུ་རང་བྱུང་ཐེའུའི་རྗེས་མེད་པ་སྤྱན་བཀྲ་ཧྲིག་གེ་བའི་ཇོ་བོ་བྱང་ཆུབ་ཆེན་པོ་རྙེད། དེ་ཤིང་རྟ་ལ་སྤྱན་དྲངས་པས་གཙུག་ལག་ཁང་གི་ཤར་སྒོར་བྱོན་པ་དང་ས་(སྟོད་ཆ།༢༤༤)གཡོས། དྲི་གཙང་ཁང་དུ་བྱོན་པ་དང་ཆེར་གཡོས། ཁྲི་ལ་བཞུགས་སུ་གསོལ་བ་ན་ཕྱ་མཁན་ན་རེ། བཙན་པོའི་ལྷ་ཁང་ལ་དཔག་ན་ལྷ་སྐུ་ཚད་ཆུང་མཆི་ཟེར་བས། སྤྲུལ་པའི་བཟོ་བོས་འཇག་མ་དང་དར་རྒྱས་ཀྱིས་གཡོགས། གསེར་ལ་སོགས་རིན་པོ་ཆེ་འབའ་ཞིག་བསྲེས་པའི་འཇིམ་ལས་བཟོ་གནས་བོད་ཀྱི་ལུགས་སུ་བྱས་པས་མཐོང་ན་མི་མཐུན་པ་མེད་པའི་སྐུ་རྒྱལ་བ་མངོན་སུམ་པའི་མཚན་དཔེ་རྫོགས་པར་བྱོན། རྒྱུད་རིས་མདོ་སྡེ་དང་མཐུན། ལྷ་ཚོགས་གསང་སྔགས། མཐུན་པའི་ལུགས་གསུམ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ཁང་ཞེས་གྲགས་ལ། དེ་ཡང་ཟན་ཞེས་པ་ལུགས་དང་གཡང་ཞེས་པ་གསུམ་གྱི་བརྡ་རྙིང་ཡིན་ཏེ་ཟན་གཡང་དུ་གྲགས་སོ། བཟོ་གནས་ཀྱང་རྒྱ་གར། རྒྱ་ནག ལི་ཡུལ་ཐ་དད་པའི་ལུགས་སུ་བྱས་པས་སིང་བསྒྲིགས་དང་བཀོད་པའི་རྣམ་ཆ་ཡང་བློ་ཡུལ་དུ་འདོམས་པར་མི་ནུས་པ་ཇོ་མོ་གླིང་གསུམ་དང་བཅས་མེ་ཕོ་རྟའི་ལོ་ལ་རྫོགས་པར་གྲུབ་སྟེ། མཁན་སློབ་གཉིས་ཀྱིས་རབ་ཏུ་གནས་པར་མཛད་པས། དབུ་རྩེའི་ལྷ་རྣམས་ཕྱི་རོལ་དུ་བྱོན་པ། རྟ་མགྲིན་གྱིས་རྟ་སྐད་ཐེངས་གསུམ་བཏོན་པ། པདྨའི་སྡོང་པོ་སྐྱེས་པ་སོགས་ངོ་མཚར་བའི་ལྷས་ཁྱད་པར་དུ་འཕགས་པ་བསམ་གྱིས་མི་ཁྱབ་པ་དུ་མས་སྐྱེ་རྒུ་ཐམས་ཅད་ངོ་མཚར་ཡ་མཚན་གྱི་གནས་ལ་བཀོད། རྗེ་འབངས་རྣམས་ཀྱིས་དགའ་སྟོན་ཆེན་པོ་ལོ་བཅུ་གཉིས་སུ་བྱས་སོ། དེ་རྗེས་བྲི་ཀ་མ་ཤཱི་ལའི་གཙུག་ལག་ཁང་ནས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་སློང་བཅུ་གཉིས་སྤྱན་དྲངས་ཏེ། ལུག་གི་ལོ་ལ་ཨ་ཙརྱ་(སྟོད་ཆ།༢༤༥)བོ་དྷི་སཏྭས་མཁན་པོ་མཛད་དེ་སད་མི་བདུན་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། དེ་ནས་ཀྱང་དད་པ་ཅན་དང་ཤེས་རབ་ཅན་གསུམ་བརྒྱ་ཙམ་དང་གཞན་མང་པོ་རབ་ཏུ་བྱུང་ཞིང་ཁྲི་སྲོང་གི་རིང་ལ་བོད་ཀྱི་ཡུལ་འདིར་ཆོས་གྲྭ་ཆེན་པོ་བཅུ་གཉིས་དང་། ཡེར་པ་ཆུ་བོར་རི་དང་མཆིམས་ཕུ་རྣམས་སུ་སྒོམ་གྲྭ་ཅེན་པོ་བཙུགས་ཏེ། ཡེར་པ་གྲུབ་ཆེན་བརྒྱ་དང་བརྒྱད། ཆུ་བོ་རིར་བརྒྱ་དང་བརྒྱ། མཆིམས་ཕུར་གྲུབ་ཆེན་ཉི་ཤུ་རྩ་ལྔ་རྣམས་ལས་དཔལ་གྱི་རྡོ་རྗེ་མ་གཏོགས་ཐམས་ཅད་ཀྱིས་འོད་ལས་གྲུབ། རབ་བྱུང་ཐམས་ཅད་ཀྱི་འཚོ་བ་བླ་ནས་སྦྱར། སློབ་དཔོན་གྱིས་སྤྲུལ་པའི་ལོ་ཙཱ་བཻ་རོ་ཀ་ཅོག་རྣམས་ལུང་བསྟན་ཅིང་། གཞན་ཡང་ལོ་ཙཱ་བ་བརྒྱ་རྩ་བརྒྱད་དང་། པཎྜི་ཏ་མང་པོ་སྤྱན་དྲངས་ནས། མཚན་ཉིད་ཀྱི་ཆོས་ཐམས་ཅད་དང་བསྟན་བཅོས་ཀྱང་ཕལ་མོ་ཆེ་བསྒྱུར་ཞིང་ཉན་བཤད་ཀྱིས་གཏན་ལ་ཕབ། སྔགས་བླ་མེད་རྣམས་ཁྱབ་གདལ་དུ་བསྒྱུར་བར་མ་མཛད་པར་སྐལ་བ་དང་ལྡན་པ་དག་གི་སྤྱད་བྱར་གནང་། བཻ་རོ་ནམ་སྙིང་སོགས་ཀྱིས་རྒྱ་གར་ནས་ཟབ་དོན་གྱིབ་དུད་རྩི་བླངས་ཀྱང་། བདུད་བློན་རྣམས་ཀྱི་ཕྲ་མས་རེ་ཞིག་སྤྱུགས་དང་། སླར་སྤྱན་དྲངས། ཁྱད་པར་དུ་པཎ་ཆེན་བི་མ་ལ་མི་ཏྲ་གདན་དྲངས་ཏེ། རྫོགས་པ་ཆེན་པོའི་ཆོས་རྣམས་བསྒྱུར། སྔར་བོད་འདིར་བོན་དར་ཞིང་ཕལ་ཆེར་དེའི་རྗེས་སུ་འཇུག་པས། ཆོས་སྒྲུབ་པའི་གེགས་མང་དུ་ཕྱུང་བར། དུས་དེར་ལོ་པཎ་རྣམས་ཀྱིས་བོན་གྱི་རིང་ལུགས་མཐའ་དྲི་མེད་པའི་གཏན་ཚིགས་རིག་པས་ཚར་བཅད་ནས་སུན་བྱུང་། ཕྱིན་ཆད་བོན་བགྱིད་དུ་མི་གནང་བར་བཀས་བཅད་ནས་བོན་པོ་རྣམས་མཐར་སྤྱུགས་སོ། གཞན་ཡང་སྔོན་(སྟོད་ཆ།༢༤༦)མ་ཞང་གྲོམ་པ་སྐྱེས་ལ་སོགས་པས་ཆོས་བཤིག་པ་ཐུགས་ལ་བཅགས་ནས་ཕྱིན་ཆད་དེ་ལྟ་བུ་མི་འབྱུང་བའི་ཕྱིར་བོད་སུས་ཀྱང་ཆོས་མི་བཤིག་པའི་བཀའ་གཙིགས་བཅས། དབུ་སྙུང་བཞེས་མནའ་བསྒྲགས་ཏེ་དེ་འདྲ་ལན་གཉིས་མཛད་དེ། རྗེ་བློན་ཀུན་གྱིས་དབུ་སྙུང་དང་བྲོ་བོར་བ་ཡང་མཛད། དེ་ནས་གཙུག་ལག་ཁང་གི་སྲུག་མར་མཁན་སློབ་ཆོས་གསུམ་བཀའ་བགྲོས་ཏེ། སློབ་དཔོན་རིན་པོ་ཆེས་ཀླུ་རྒྱལ་ཟུར་ཕུད་པ་ལྔ་པ་ལ་བཀའ་བསྒོས་པས། ཀླུས་ངེད་རྣས་དགུན་ཟླ་གསུམ་ལ་ཉལ་བས་དེའི་དུས་ཅི་ཡང་མི་ཤེས་པས་དེ་བས་དམུའི་རིགས་ལ་ཀླུའི་ཚ་བོ་རྒྱལ་པོ་ཧུ་ཞེས་བྱ་བ་ནོར་རྒྱ་ཁབ་ཙམ་གྱི་པྱིར་ལ་བྱ་རྒོད་པའི་ཉིན་ལམ་བཅོ་བརྒྱད་ཙམ་རེ་འགྲོ་བ་ཞིག་ཡོད་པ་དེ་བསྐོ་བར་ཞུས། དེ་དུས་ལྷ་སྲས་མུ་རུབ་བཙད་པོ་བྱང་གི་སོ་ཁ་བསྲུང ་བར་བྱོན་པས། སློབ་དཔོན་ཆེན་པོས་རྣམ་སྲས་རྟ་བདག་བརྒྱད་ལ་བཀའ་བསྒོས་ཏེ་གྲོགས་སུ་བརྫངས་ནས་རྒྱལ་བུ་དཔུང་དང་བཅས་ཁམས་ཀྱི་གཡར་མོ་ཐང་དུ་ཕེབས། རྣམ་སྲས་ཀྱི་སྤྲུལ་པའི་དམག་ཤར་ནས་བྱ་ཁྲའི་གདོང་ཅན་དང་། ལྷོ་ནས་གྲུལ་བུམ་རྐང་རྩེའི་དམག་རྟ་བོང་གི་རྐང་པ་ཅན། ནུབ་ནས་མི་ལུས་བྱི་བའི་མཇག་མ་ཅན་དང་། བྱང་ནས་མི་ལུས་བོང་བུའི་རྣ་བ་ཅན་སོགས་བགྲང་བ་ལས་འདས་པ་བྱུང་ཞིང་། དེ་རྣམས་ཀྱིས་རྒྱ་ཧོར་གྲུ་གུའི་ཡུལ་རྣམས་བཅོམ། རྒྱལ་པོ་པེ་ཧར་སྐྲག་སྟེ་བྱ་རྒོད་དུ་སྤྲུལ་ནས་བྲོས་པར་གནོད་སྦྱིན་ཞིག་གིས་མདའ་འཕངས་པ་གཤོག་པ་ལ་ཐེབས་ནས་ས་ལ་ལྷུངས། རྣམ་སྲས་འཁོར་བཅས་ཀྱིས་བཟུང་སྟེ་བསམ་ཡས་སུ་བསྐྱལ་ཞེས་འབྱུང་སྟེ། གང་ལྟར་ཡང་མཁན་སློབ་ཆོས་གསུམ་བཀའ་བགྲོས་པ་ལྟར། རྒྱལ་པོའི་དམག་གིས་བྷ་ཏ་ཧོར་གྱི་སྒོམ་(སྟོད་ཆ།༢༤༧)གྲྭ་བཅོམ་པའི་ཀ་ཅའི་རྗེས་སུ་པེ་ཧར་འབྲངས་ཏེ་བྱུང་བ་ལ། སློབ་དཔོན་ཆེན་པོས་པེ་ཧར་གླིང་དུ་རྟེན་བཅས་ཏེ་བོད་ཡུལ་གྱི་གཙུག་ལག་ཁང་ཐམས་ཅད་ཀྱི་སྲུང་མར་བསྐོས་ནས་གཉེར་དུ་གཏད་དོ། ས་སྐྱའི་བསེ་འབག་སྨུག་ཆུང་དང་བསམ་ཡས་ཀྱིས་བསེ་འབག་གཉིས་ཀྱང་འདི་དུས་འཕུར་ནས་བྱུང་བ་ཡིན་པར་སྣང་ངོ་། སློབ་དཔོན་གྱིས་མཆིམས་ཕུ་སོགས་སྒྲུབ་གནས་རྣམས་སུ་ངེས་གསང་རྡོ་རྗེ་ཐོག་པའི་རྒྱུད་དང་། སྒྲུབ་ཐབས་མང་དུ་བསྒྱུར་ཏེ། མཁས་པ་དང་གྲུབ་པ་བརྙེས་པའི་སྐྱེས་བུས་གངས་ཅན་གྱི་ཡུལ་ཐམས་ཅད་མཛེས་པར་བྱས། མཚན་ཡང་སྤྲུལ་པའི་སྐུ་པདྨ་འབྱུང་གནས་སུ་གྲགས་སོ། །དུས་ཕྱིས་ཇོ་བོ་དཱི་པམ་ཀ་རས་བསམ་ཡས་སུ་ཕེབས་ནས་པེ་ཧར་གླིང་དུ་བཞུགས། རྒྱ་དཔེ་མང་པོ་འདུག་པ་གཟིགས་པས་ཤིན་ཏུ་དགྱེས་ཏེ། སྔོན་བོད་དུ་བསྟན་པ་བྱུང་བ་འདྲ་བ་རྒྱ་གར་དུ་ཡང་མ་བྱུང་བ་འདུག་ཅེས་བསྔགས་པར་མཛད་དོ། མཁན་པོ་དགུང་ལོ་དགུ་བརྒྱ་བཞེས་པའི་ཚེ་བོད་ཡུལ་དུ་བྱོན་ཞེས་གྲགས་པ་ནི། མཁན་པོ་ཉིད་ཐོ་ཐོ་རི་གཉེན་བཙན་དང་དུས་མཉམ་པ་ཙམ་བྱས་ན་བོད་དུ་བྱོན་གྱི་བར་ལ་རགས་རྩིས་ལོ་བཞི་བརྒྱ་ལྷག་ཙམ་སོང་བས་དགུ་བརྒྱ་ཞེས་པ་ནི་ཕྱེད་ལོ་ཡིན་པར་མངོན་ལ། དེ་ལྟར་ན་ཐོ་ཐོ་རིའི་དུས་ལོ་ཙཱ་བ་ལི་ཐེ་སེས་སྤྱན་དྲངས་པའི་པཎྜི་ཏ་བློ་སེམས་འཚོ་ཞེས་པ་དེ་ཡང་བོ་དྷི་སཏྭ་བློ་སེམས་དང་། འཚོ་ཞེས་པ་ཞི་བ་འཚོ་ལ་འབྱོར་བར་འགོས་ལོ་ཙཱ་བ་ཆེན་པོ་བཞེད་པ་དང་། བོད་ཀྱི་རྒྱལ་རབས་དགུའི་བར་ཁྲི་སྲོང་སྒུག་གིན་བཞུགས་པ་སོགས་དང་ཡང་སྒྲིག་ནུས་སོ། དེ་ནས་བོད་ཀྱི་ཡུལ་འདིར་ཡང་ལོ་བཞི་བཅུའི་བར་དུ་བསྟན་པ་བསྐྱངས་མཐར་བྲག་(སྟོད་ཆ།༢༤༨)དམར་གྱི་ཕོ་བྲང་དུ་རྟས་ཕྲ་བརྒྱབ་པའི་རྐྱེན་བྱས་ཏེ་སྐུ་གཤེགས་པའི་ཚུལ་བསྟན་ནས། སྐུ་གདུང་ཧས་པོ་རིའི་རྒྱབ་ཏུ་མཆོད་རྟེན་བཞེངས་པར་བཞུགས་སོ། གཞན་ཡང་བསམ་་ཡས་གྲུབ་ཙམ་ནས་བཙུན་མོ་དང་བློན་པོ་རྣམས་བགྲོས། མཁན་པོ་དང་སློབ་དཔོན་བཀྲོང་ཟེར་ནས་རྒྱལ་པོ་མཛད་དཀར་བསྟན་པའི་ཚེ་སློབ་དཔོན་ལ་ཞུས་ནས། སློབ་དཔོན་གྱི་གསུང་བཞིན་དབུ་ཚལ་གསེར་ཁང་དུ་ལོ་པཎ་ཐམས་ཅད་དགདན་དྲངས་ནས་བསྙེན་བཀུར་ཕུལ་བའི་ཚེ་བཙུན་མོ་དང་བློན་པོ་རྣམས་ཀྱིས་མཐོ་བརྩམ་ནས་གཤེད་མ་བཀྱེ་བ་ན། དེར་སློབ་དཔོན་གྱིས་ལོ་པཎ་ཐམས་ཅད་སྔ་གྲོ་སྤྱན་རས་གཟིགས་དང་ཉིན་གུང་རིན་པོ་ཆེ་འབར་བ། དགོང་མོ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་རྣམས་སུ་སྤྲུལ་པས་གཤེད་མ་རྣམས་ལྟས་མོ་ལ་ཡེངས། དེ་ནས་སྲོད་ལ་གཤེད་མ་རྣམས་ལོ་པཎ་ཀུན་གསོད་དུ་ཕྱིན་པ་ན་སློབ་དཔོན་ཉིད་ཁྲོ་བོའི་སྐུར་བཞེངས་པའི་སྐུ་ལས་ཁྲོ་བོའི་ཚོགས་བསམ་གྱིས་མི་ཁྱབ་པ་བྱུང་བས་གཤེད་མ་རྣམས་སྐྲག་ནས་བྲོས་པས་ལྕགས་རིའི་རྒྱབ་ཏུ་ཐམས་ཅད་འགྱེལ་ནས་འཇོམ་གཟུགས་ལྟར་རེངས་པར་གྱུར། དེར་སློབ་དཔོན་གྱིས་རྒྱལ་པོ་ལ་ས་སྤར་གང་གནང་ནས་གཏོར་དུ་བཅུག་པས་ཐམས་ཅད་སོས་ནས་རང་རང་གི་ཁྱིམ་དུ་སོང་སྟེ་དེ་ནས་བཟུང་། ལོ་པཎ་རྣམས་ལ་གནོད་པ་ཅི་ཡང་བྱེད་མ་ནུས་སོ། དེ་ནས་ལྷ་སྲས་མུ་རུབ་བཙད་པོས་ཀྱང་བྱང་གི་སོ་ཁ་སྲུང་བར་ལོ་ལྔ་བཞུགས་ནས་ཡར་བྱོན་ནས་བསམ་ཡས་མཆིམས་ཕུར་སློབ་དཔོན་དྲུང་དུ་སྡིག་པ་བཤགས་ཤིང་ཆོས་གསན་པས་རྡོ་རྗེ་ཕུར་པའི་ཞལ་གཟིགས། སླར་ཀོང་པོར་ཕེབས་པས་མཆིམ་གྱི་གད་པ་སྐྱ་བོར་ཐུགས་དམ་གྱི་ལྷ་ཁང་དེང་སང་ཡང་ཡོད། དེ་ནས་མི་རིང་བར་(སྟོད་ཆ།༢༤༩)མདོ་ཁམས་སྨད་ནས་འུ་ར་བཀྲ་ཤིས་ཟེར་བ་རྒྱ་ནག་ལ་ངོ་ལོག །མངའ་རིས་སྟོད་ནས་ཞང་ཞུང་ཧ་ལ་འབར་བྱ་བ་མུ་སྟེགས་གུ་ལང་ལ་ངོ་ལོག་པ་སོགས་བྱུང་བ་སློབ་དཔོན་ལ་ཞུས་པས་དེ་གཉིས་ཀྱི་ལིང་ག་ཁྱི་སྤྱང་གི་ཐོད་པར་མནན་པས་ཟླ་བ་གསུམ་ནས་དབང་དུ་འདུས་ཤིང་། ཡང་དམྱལ་བ་སྤུན་གཉིས་ཕ་གཞིས་ལ་མ་འཆམ་པ་འཐབ་ཏེ་འཁྲུག་པ་ཆེན་པོ་ལངས་པ་ཡང་སྐད་ཅིག་གིས་འདུམ་པར་མཛད་དོ། ཡག་དཔལ་བསམ་ཡས་ཀྱི་རབ་གནས་མངའ་གསོལ་སོགས་གྲུབ་ནས་ཀུན་དད་ཅིང་འདུན་པས་རྒྱ་དཀར་ནག་ཁ་ཆེ་ཏ་གཟིགས་སོགས་དབང་དུ་འདུས་ཏེ་ཡབ་མེས་ཀྱི་དུས་ལས་མངའ་ཐང་བདུན་འགྱུར་དུ་འཕེལ་ཡང་། གེ་སར་གྱི་རྒྱལ་པོ་ལི་ཧར་བྱ་བས་བསྐུལ་ནས་རྒྱ་དཀར་ནག་ཏ་གཟིག་གེ་སར་སོགས་མཐའ་བཞིའི་རྒྱལ་པོའི་དམག་གིས་བོད་ཁམས་ཐམས་ཅད་འཇོམས་སུ་ཉེ་བ་ན། རྒྱལ་བློན་རྣམས་ཀྱིས་སློབ་དཔོན་ཆེན་པོ་བསམ་ཡས་མཆིམས་ཕུར་བཞུགས་པའི་སྤྱན་སྔར་བྱོན་ནས་ཐབས་ཞུས་པས། རྒྱལ་པོ་ཆེན་པོ་འདི་ཤིན་ཏུ་འཇིགས་པས་གཟབ་འཚལ། སེམས་ཅན་སྣ་ཚོགས་ཀྱི་ཐོད་པ་འཚོལ་ཞིག་གསུངས། མཐའི་དམག་དཔོན་རྣམས་ཀྱི་ལིངྒ་ཐོད་པར་བཅུག་ནས་སོ་སོའི་གཤེད་ཀྱི་ཐོད་པས་མནན་ནས་ཕྱོགས་བཞིར་ངོ་ལེན་ཆེན་པོ་བཞི་སྦས་པས། དམག་རྣམས་རང་སར་གྱེས་ཏེ་བོད་ལ་གནོད་པ་མ་བྱུང་། སླར་མཐའ་བཞིའི་རྒྱལ་པོ་རྣམས་ཀྱིས་སྐྱེས་ཕུལ་ཏེ་གུས་འདུད་བྱེད་པ་བྱུང་སྟེ་འཛམ་གླིག་སུམ་གཉིས་དབང་དུ་འདུས་སོ། སྐབས་འདི་ཙམ་ཞིག་ན་གངས་ཏི་སེ་ནས་བོན་པོ་རྣམས་ཀྱིས་ཐོག་མདའ་སྟོང་རྩ་བརྒྱད་ཕབ་བྱུག་བ་དེ་མཁྱེན་ནས་ཕྱག་མཚན་རྡོ་རྗེ་འཕངས་པ་ནམ་མཁར་སོང་ཏེ་ཉང་སྟོད་ཁུའི་ལེའུ་ཐང་དུ་ཐོག་གི་རྫ་མ་(སྟོད་ཆ།༢༥༠)ལ་ཕོག་པས་ཐོགས་མར་དུ་ཞུ་བས་མར་ཁུ་གཤོང་དུ་གྲགས། ཡང་སྐབས་འགའ་ཞིག་ནས། མཆིམས་ཕུར་སྒྲུབ་ཆེན་བཀའ་བརྒྱད་ཀྱི་དཀྱིལ་འཁོར་དུ་རྗེ་འབངས་ཉེར་ལྔ་སྨིན་པར་མཛད་ཚུལ་དང་། གཞུ་སྟོང་ཏི་སྒྲོར་མཁའ་འགྲོ་མ་འབུམ་ཕྲག་གཅིག་ལ་ཟབ་གསང་མཁའ་འགྲོ་སྙིང་ཐིག་གི་ཆོས་འཁོར་བསྐོར་ཞིང་པདྨ་གསལ་ལུང་བསྟན། སྒྲུབ་གནས་རྣམས་སུ་ཟབ་གཏེར་སྦ་བ་དང་སྤྲུལ་པའི་གཏེར་སྟོན་རྣམས་ལུང་མཛད་ཚུལ་དང་། མན་ངག་ལྟ་བའི་ཕྲེང་བ་གསུངས་ཚུལ་སོགས་འབྱུང་། གཞན་ཡང་རྒྱལ་པོའི་སྐུ་ཚེ་བསྲིང་བར་བཞེད་ནས་གཡའ་མ་ལུང་དུ་ཚེ་སྒྲུབ་མཛད་ཀྱང་རྟེན་འབྲེལ་གཞན་དབང་དུ་སོང་བས་བཞེད་པ་བཞིན་མ་འགྲུབ་སྟེ། རྣམ་ཐར་གསེར་གྱི་ཕྲེང་བར། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ཉིད། མི་ཡུལ་ཚེ་ལོ་སྟོང་ཕྲག་གསུམ། བཞུགས་པའི་ཚེ་ཆུ་ངས་བསྒྲུབས་ཀྱང་། རྒྱལ་པོ་བདུད་བློན་དབང་དུ་ཐལ། འོན་ཀྱང་ལོ་སྐོར་གཅིག་དུ་བསྲིང་། ཞེས་འབྱུང་ངོ་། གཞན་ཡང་འོན་ལ་མོ་ལུག་རིང་བྱ་བ་ན། བདུད་དང་དམུ་དང་དམ་སྲི་ཤིན་ཏུ་མཐུ་ཆེ་བས་འགྲོ་བ་རྣམས་ལ་གནོད་པར་གཟིགས་ནས་འདུལ་བར་བརྩམས་པ་ན་དམུ་དེས་སྟག་ཆེན་པོ་ཞིག་ཏུ་སྤྲུལ་ནས་ཚོར་རྒོལ་བར་སློབ་དཔོན་ཉིད་རྡོ་རྗེ་ཁྲོ་བའི་སྐུར་བཞེངས་ནས་ཞབས་གཉིས་བགྲད་པའི་སྟང་སྟབས་ཀྱིས་སྟག་བརྫིས་ཤིང་། ཕྱག་གི་རྡོ་རྗེ་དང་ཕུར་པས་གདུག་ཅན་རྣམས་ཀྱི་སྙིང་ལ་གཟིར་ཏེ་དྲེག་ཚོགས་རྣམས་བཏུལ་བས་མཚན་ཡང་རྡོ་རྗེ་གྲོ་ལོད་དུ་གྲགས། མཚན་འདི་སྔར་ལི་ཡུལ་དུ་འང་གྲགས་མོད་ཀྱི་གཙོ་ཆེར་བོད་ཡུལ་དུ་གྲགས་ཤིང་། མོན་སྤ་གྲོ། འོན་ཕུ་སྟག་ཚང་། ཁམས་ཀྱི་རྡོ་རྗེ་གྲོ་ལོད་རྣམས་སུ་སྐུའི་བཀོད་པ་ཅིག་ཅར་དུ་བསྟན་ནས་དྲེགས་པ་ཅན་རྣམས་བཏུལ་(སྟོད་ཆ།༢༥༡) བས་གནས་སོ་སོར་ཕྱག་ཞབས་ཀྱི་རྗེས་དང་སྐུ་རང་བྱོན་སོགས་ཤིན་ཏུ་གསལ་བ་ཡོད་ལ། ལི་ཡུལ་ཞེས་པའང་རྒྱ་ནག་སྐད་དུ་ལི་ཀྱང་ཧུ་ཞེས་པ་བསྒྱུར་བ་ལི་ཡུལ་ཏེ་ད་ལྟ་འཇང་ཡུལ་ཡིན་ལ། ལྕང་ར་སྨུག་པོའང་འཇང་རི་སྨུག་པོ་ཡིན་ཏེ་ཡུལ་དེ་སྔོན་རྒྱ་གར་གྱི་རྒྱལ་པོས་བདག་བྱས་པའི་ལོ་རྒྱུས་ཏའི་ལིའི་ཕྱོགས་སུ་རྒྱ་གར་གྱི་རྡོ་རིང་ལ་ཡི་གེ་གསལ་བར་ཡོད་ཅེས་ཀུན་མཁྱེན་བསྟན་པའི་ཉིན་བྱེད་གསུང་ལས་ཐོས་སོ། ཙཱ་ནའི་སྐད་དུ་ལི་ཀྱང་ཧུ་ཞེས་པ་འཇང་གི་ཡུལ་དུ་སྔོན་ཆོས་མི་དར་བ་ལ། ཆོས་ཀྱི་རྗེ་ཀརྨ་པ་དམར་མཐིང་ཅོད་པན་འཛིན་པ་རྣམས་དེར་བྱོན་པས་དམ་པ་ཆོས་ཀྱི་སྲོལ་དོད་པར་གྱུར་ཏེ། ཡུལ་འདི་རྒྱ་འོག་ཏུ་གཏོགས་པས་མཐའ་དམག་གིས་བརྫི་བར་མ་ནུས་ཤིང་། ཕྱིས་སུ་འཇམ་མགོན་སི་ཏུ་བསྟན་པའི་ཉིན་བྱེད་ཉིད་ལན་དུ་མར་ཕེབས་པས་སྔ་ཕྱིར་ས་མཐམ་འོག་མིན་གླིང་དང་འཇང་རི་སྨུག་པོ། ཀུན་རྡོར་དར་རྒྱས་གླིང་། ལ་གཤིས་སོགས་དང་། ཁྲ་འབུར་ཕུན་ཚོགས་བསྟན་འཕེལ་གླིང་སྟེ་ཆོས་སྡེ་ཆེ་ཕྲ་མང་པོ་ཚུགས་ཤིང་དེ་རྣམས་སུ་བླ་བླ་མ་གསང་འདུས་ཀྱི་ཚེས་བཅུ་ཆེན་མོ། རཏ་གླིང་ཆོས་བསྐོར། ཀར་གླིང་ཞི་ཁྲོ། རིག་འཛིན་འཇའ་ཚོན་སྙིང་པོ་དང་། ཡང་དགེ་མི་འགྱུར་རྡོ་རྗེ། གཏེར་ཆེན་ཆོས་རྗེ་གླིང་པ་སོགས་ཀྱི་ཆོས་སྐོར་རྣམས་དར་ཞིང་། ས་ཐམ་རྒྱལ་པོའི་ཕོ་བྲང་དུ་འང་ལོ་ཏར་བཞིན་འཕགས་མཆོག་ཐུགས་རྗེ་ཆེན་པོ་ཡང་གསང་འདུས་པའི་མ་ཎི་བུམ་སྒྲུབ་འཛུགས་པ་སོགས་ཀར་རྙིང་གཉིས་ཀའི་བསྟན་པ་དེང་སང་གི་བར་དུ་དར་རྒྱས་ཆེ་བར་ཡོད་ལ། དེ་བཞིན་དུ་གླ་ཕི་དམ་པ་གནས་སུ་རྗེ་འབྲི་གུང་པའི་ཆོས་སྡེ་ཡོད་པ་རྣམས་ཀྱིས་ཀྱང་རྙིང་མའི་ཆོས་གཙོ་བོར་སྤྱོད་པ་ཤ་སྟག་ཡིན་ནོ། གཞན་ཡང་བོད་ཀྱི་(སྟོད་ཆ།༢༥༢)གངས་ཆེན་བཞི་དང་། བྲག་ཕུན་ཆེན་པོ་བརྒྱད་ལ་སོགས་པར་ཡུན་རིང་དུ་བཞུགས་ནས་སྒྲུབ་གནས་མང་པོ་བྱིན་གྱིས་བརླབས་ནས་ཟབ་མོའི་གཏེར་ཁ་གྲངས་མེད་སྦས། ལྷ་མོན་ཕྱོག་བུམ་ཐང་དང་བྲག་ལོ་ཕྲང་སོགས་ལ་སྐུ་རྗེས་བརྒྱ་དང་བརྒྱད་ཕྱོགས་བཞིའི་བྲག་ལ་ཞབས་རྗེས། མཚོ་ཆེན་བཞི་ལ་ཕྱག་རྗེས་སོགས་་རྫུ་འཕྲུལ་གྱི་བཀོད་པ་གྲངས་ལས་འདས་པ་བསྟན་ཏེ་ངོ་མཚར་བའི་མདད་པ་བསམ་གྱིས་མི་ཁྱབ་བོ། ཡང་མཁན་པོ་འདས་སློབ་དཔོན་སྒྲུབ་གནས་སུ་གཤེགས་པ་ན། རྒྱའི་ཧ་ཤང མ་ཧ་ཡ་ན་བྱུང་སྟེ་ལུས་ངག་གི་དགེ་བས་འཚང་མི་རྒྱ། ཅི་ཡང་ཡིད་ལ་མི་བྱེད་པས་འཚང་རྒྱ་ཟེར་ནས་བོད་འབངས་མང་པོ་ལོག་པའི་ལམ་ལ་ཁྲིད། བཙན་པོ་ཡང་བཀས་བཅད་དཀའ་བར་གྱུར་ཀྱང་མཁན་པོའི་གསུང་དྲན་ཏེ། རྒྱ་གར་ནས་ཀ་མ་ལ་ཤི་ལ་གདན་དྲངས་པ་བཞིན་བྱོན་ཏེ། ཏྭོན་རྩེན་རྩོད་པས་ཏྭོན་མུན་ཕམ་སྟེ་ཧཱ་ཤང་རྒྱ་ཡུལ་དུ་བརྫངས། དེའི་ལུགས་མི་བྱེད་པར་བཀས་བཅད་དོ། དེ་ནས་རྒྱལ་པོའང་ལྕགས་ཕོ་འབྲུག་གི་ལོ་ལ་བོད་འབངས་བྱིངས་ཀྱི་སྣང་ངོར་ཚན་པའི་སྙུན་གྱིས་མྱ་ངན་ལས་འདས་ཏེ་རྗེ་བཙུན་འཇམ་དཔལ་རྡོ་རྗེའི་ཐུགས་ཀར་ཐིམ་མོ། དེ་ཡང་རྒྱལ་པོ་འདས་ལོ་ལྔ་བཅུ་རྩ་དགུ་དང་། དྲུག་ཅུ་རེ་དགུ་ཐང་ཡིག་སོ་སོ་ནས་བཤད་པའང་དོན་ལ་མི་འགལ་བའང་། རྒྱལ་པོ་སྐུ་ཚེ་ང་དྲུག་ལས་མེད་པར་རིམ་གྲོ་བྱས་ཏེ་ལོ་གསུམ་དངོས་ཀྱི་སྐུ་ཚེ་སྲིངས་བ་དང་མི་ལོ་བཅུ་གསང་བསྡམས་ཏེ་ཡོད་ཚུལ་དུ་སྐུ་ཚེ་བསྲིངས་པའི་དབང་གིས་ཁྱོན་བརྗོད་དོན་འདོམས་ཏེ་བཅུ་གསུམ་སྐུ་ཚེ་བསྲིངས་པའང་སྟག་ལོར་གསང་བརྟོལ་བའི་དབང་དུ་བྱས་ཞེས་རིག་ལྡན་ཆེན་པོ་འཇམ་མགོན་སཱ་རའི་ཞབས་ཀྱིས་བཞད་(སྟོད་ཆ།༢༥༣)དོ། ཆོས་ཀྱི་རྒྱལ་པོ་འདི་ལ་བཙུན་མོ་འགའ་ཞིག་ཡོད་ཀྱང་ཚེ་སྤོང་བཟའ་ལ་སྲས་གསུམ་བྱུང་བའི་ཆེ་བ་མུ་ནེ་བཙན་པོ་རྒྱལ་སར་བསྐོས། འབངས་ཀྱི་ལྟོགས་ཕྱུག་ལན་གསུམ་དུ་སྙོམས་ཀྱང་། མ་འགྱགས་པར་སྔར་བཞིན་གྱུར་པར། ལོ་པཎ་རྣམས་ཀྱིས་སྔོན་གྱི་སྦྱིན་པའི་འབྲས་བུ་ཡིན་པར་གསུངས་པས། རྣམ་དཀར་གྱི་ལས་ལ་ལྷག་པར་མོས་པ་ཐོབ་སྟེ། བསམ་ཡས་སོགས་སུ་སྡེ་སྣོད་གསུམ་གྱི་མཆོད་པ་བཙུགས། མདོ་སྡེའི་མཆོད་པ་དེང་སང་ཡང་ཡོད། རྒྱལ་སྲིད་མདད་ནས་ལོ་གཅིག་དང་ཟླ་བ་བདུན་ལ་ཡབ་ཀྱི་བཀས་ཡབ་ཀྱི་བཙུན་མོ་རུ་ཡག་མོད་རྒྱལ་ཁབ་བཞེས་པ་ལ་ཕྲག་དོག་སྐྱེས་ནས་ཡུམ་གྱིས་དུག་བཏབ་ནས་བཀྲོངས། འབྲིང་པོ་མུ་རུབ་བཙན་པོ་ནི་སྔར་ཞང་གི་བུ་འུ་རིང་བསད་པས། རེ་ཞིག་སྤྱུགས་པ་སླར་མོན་ནས་སྤྱན་དྲངས་ཏེ་རྒྱལ་སྲིད་ལ་བསྐོར་བར་རྩོམ་པ་ན། བློན་པོའི་ཤུལ་མི་ཞང་སྣ་ནམ་གྱིས་ཚིགས་སྐྲོལ་ནས་བཀྲོངས་སོ། སྲས་ཆུང་བ་མུ་ཏིག་བཙན་པོ་སད་ན་ལེགས་མཇིང་ཡོན་གྱིས་དགུང་ལོ་བཞིའི་སྟེང་དུ་རྒྱལ་སྲིད་བཟུང་། སློབ་དཔོན་གྱིས་ཆོས་སྐལ་སྩལ། ཡབ་མེས་ཀྱི་གཙུག་ལག་ཁང་རྣམས་ལ་མཆོད་པ་དང་། ཤུལ་ན་བཞུགས་པའི་ལོ་པཎ་རྣམས་ལ་ཕུལ་དུ་བྱུང་བའི་བསྙེན་བཀུར་དག་བཅས་ཏེ། སྔར་མ་འགྱུར་བའི་གསུང་རབ་འགའ་ཞིག་ཀྱང་བསྒྱུར། སྐབས་འདིར་ཁྲི་སྲོང་གཤེགས་པའི་ལོ་ཏེ་ལ་སློབ་དཔོན་སྲིན་ཡུལ་དུ་གཤེགས་པའི་ལུགས་གཅིག་དང་། གསང་ནས་ལོ་གསུམ་སློབ་དཔོན་གྱིས་རྒྱལ་སྲིད་མཛད་ནས་གཤེགས་ཞེས་འབྱུང་སྟེ། གཉིས་ཀའང་དོན་ལ་འགལ་བར་མི་འདུ་སྟེ་གང་ཟག་སོ་སོའི་སྣང་ངོར་ཟད་(སྟོད་ཆ།༢༥༤)དོ། ཁྲི་སྲོང ་གཤེགས་ནས། སློབ་དཔོན་དང་། ལྷ་སྲས་མུ་ཁྲི་བཙན་པོ་བཅའ་ཟབ་བུ་ལུང་དུ་བྱོན། ལྷ་སྲས་ཀྱི་སྐུ་ཚེ་སྐྱོབ་པ་ལ་རྣམ་རྒྱལ་མཆོད་རྟེན་བཞེངས། ཤོག་བསེ་ལ་སློབ་དཔོན་གྱི་སྐུ་འདྲ་བྱ་པ་ད་ལྟ་འང་ཡོད། དེ་ནས་སློབ་དཔོན་སྲིན་པོ་འདུལ་དུ་གཤེགས་པར་བཞེད་པས་རྒྱལ་བློན་ཐམས་ཅད་མྱ་ངན་གྱིས་གདུང་སྟེ་འཛམ་བུ་གླིང་གི་ནོར་ཐམས་ཅད་ཕུལ་ནས་བཤོལ་བཏབ་ཀྱང་བཞུགས་པར་མ་གནང་། ཡར་ལུང་ཁྲ་འབྲུག་ཏུ་ཕེབས་ནས་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་དཀྱིལ་འཁོར་ཞལ་ཕྱེས་ནས་དབང་སྒྲུབ་མཛད་པའི་ས་སྟེགས་དང་སློབ་དཔོན་ང་འདྲ་མའི་སྐུ་ད་ལྟ་འང་ཡོད། འདི་དུས་ལྷ་ལྕམ་མནྡ་ར་བས་སྐུ་ཚབ་མཚོ་སྐྱེས་རྡོ་རྗེ་ཨོ་རྒྱན་སྤྲིན་ནག་འདུས་པའི་དུར་ཁྲོད་ནས་བླངས་ཏེ། ཕུལ་བ་ཉང་གི་གཏེར་ནས་ཕྱུང་བས་ད་ལྟ་བསམ་ཡས་ན་བཞུགས་པ་འདི་ཡིན། སླར་ཡང་ལྷ་ས་བསམ་ཡས་རྣས་སུ་ཕེབས་ནས་བོད་ཀྱི་རྒྱལ་བློན་རྗེ་འབངས་སྤྱི་དང་བྱེ་བྲག་སོ་སོར་ཞལ་གདམས་རྒྱས་པར་སྩལ་ནས་རྗེ་བློན་རྣམས་ཀྱིས་མང་ཡུལ་གུང་ཐང་དུ་བསྐྱལ་བའི་ཚེ། ལྷ་སྲས་ཉིད་ཀྱིས། བདག་གི་ཡབ་གཅིག་ཁྲི་སྲོང་ལྡེའུ་བཙན་དེ། སྲོང་བཙན་སྒམ་པོ་ལྟ་བུར་མ་གྱུར་པས། རྒྱལ་པོའི་དབང་ཕྱེད་བློན་པོའི་ལག་ཏུ་ཤོར། གོ་མ་ཆོད་ཀྱིས་ནོར་བ་བག་རེ་བྱུང་། ཐལ་ཟིན་ལྡོག་ཏུ་མེད་པའི་འགྱོད་པས་སླེབ། ད་ནི་གུ་རུ་གཤེགས་པའི་དུས་ཀྱང་བྱུང་། ཞེས་པ་ལ་སོགས་པའི་སྨྲེ་སྔགས་དང་། སྤྱན་ཆབ་མང་པོ་ཟགས་ཤིང་། ཕྱག་ལ་འཇུས་ནས་ཕྱག་སེན་ཞོག་ཅིག་ཞུས་ཤིང་ཧ་ཅང་གདུང་བ་དྲག་པོ་གནང་བའི་ཚེ། རྡོ་ལ་ཞབས་རྗེས་ཟུང་(སྟོད་ཆ།༢༤༥)ཞིག་བཞག་ནས་གནང་བ་ཡ་གཅིག་དམར་པོ་རིར་ལོ་ཀི་ཤྭ་རའི་མདུན་དང་། ཡ་གཅིག་བསམ་ཡས་སུ་བཞུགས་པ་དེང་སང་ཡང་མཇལ་དུ་ཡོད་པ་འདིའོ། དུས་ཀྱི་ཐ་མ་ལ་ལྷ་སྲས་ཀྱི་གདུང་བརྒྱུད་གུང་ཐང་དུ་འོང་བར་ལུང་བསྟན། ཡིད་བཞིན་ནོར་བུ་ལྟ་བུའི་མན་ངག་བཅུ་གསུམ་སོགས་གདམས་པ་མང་དུ་སྩལ། དེ་ནས་སློབ་དཔོན་ཉིད་ནམ་མཁར་འཇའ་ཚོན་གྱིས་འཁྲིགས་པའི་དབུས་སུ་ལྷ་དང་ལྷ་མོ་མང་པོས་མཆོད་པའི་ཡོ་བྱད་དུ་མས་མཆོད་ཅིང་གཤེགས་ཏེ་སེང་གེ་དང་རྟ་མཆོག་ཆིབས་པ་སོགས་མཐོང་ཚུལ་ི་འདྲ་བའང་སྣ་ཚོགས་བྱུང་ན་སྣང་ངོ་། དེ་ནས་ལྷ་སྲས་འཁོར་བཅས་བསམ་ཡས་སུ་ལོག་ནས་བྱོན་ཏེ། ཡབ་མེས་ཀྱི་མཛད་སྲོལ་བཟང་པོས་མངའ་རིས་ཆོས་བཞིན་དུ་བསྐྱངས་ཞིང་། ཧས་པོ་རིས་དམ་པས་རྒྱ་མཁར་རྩེ་དགུ་བཞེངས་པའི་ཤུལ་དེང་སང་རྫིང་དུ་སོང་བར་དམ་པ་རྫིང་དུ་གྲགས། ཁྱད་པར་སྐྱི་ཤོད་དུ་དཀར་ཆུང་རྡོ་རྗེ་དབྱིངས་ཀྱི་ལྷ་ཁང་བཞེངས། བློན་འབངས་ཐམས་ཅད་ལ་དམ་པའི་ཆོས་ི་གཞིག་ཅིང་དཀོན་མཆོག་གསུམ་དབང་བཙན་པར་བྱ་བའི་བཀའ་ཁྲིམས་བསྒྲགས་ཤིང་རེ་རེ་ནས་བཀར་ཏེ་མནའ་འབོར་དུ་བཅུ་གཔ་སོགས་བསྟན་པ་དར་རྒྱས་སུ་འགྲོ་བའི་ཐབས་དུ་མས། བོད་ཀུན་ཕན་པ་དག་བདེ་བའི་ལམ་དུ་འགོད་པར་མཛད་ནས་གཤེགས་སོ། དེ་ཡང་ལྷ་སྲས་མུ་ཏིག་བཙན་པོ་དང་། སད་ན་ལེགས་མཇིང་ཡོན་དོན་གཅིག་མིང་གི་རྣམ་གྲངས་ཡིན་ཅིང་། འདི་སྐབས་ཆོས་འབྱུང་རྣམས་སུ་ཞལ་མི་མཚུངས་པ་དང་། ཁྲི་སོརང་ལ་སྲས་བཞི་་ཡོད་པར་འདོད་པ་སོགས་སྣ་ཚོགས་ཤིག་འདུག་ཀྱང་། ཐམས་ཅད་མཁྱེན་པ་ལྔ་པ་རིན་པོ་ཆེས། མེ་ནེ་བཙན་པོ། མུ་རུབ་བཙན་པོ། མུ་ཏིག་བཙན་པོ་སྟེ།(སྟོད་ཆ།༢༥༦) གསུམ་དུ་ཞལ་ཚོན་གཅོད་པར་གནང་བ་དོན་ལའང་གནས་ཤིང་། དེ་བཞིན་མུ་ཏིག་སྲས་ལའང་གཙང་མ། དར་མ། རལ་པ་ཅན། ལྷ་རྗེ། ལྷུན་གྲུབ་ལྔར་བཞེད་པ་དོན་ལ་གནས་སོ། ༦ སློབ་དཔོན་བོད་ནས་སྲིན་ཡུལ་དུ་བཞུད་ཅིང་འགྲོ་དོན་བསྐྱངས་ཚུལ། དེ་ནས་སློབ་དཔོན་ཉིད་སྲིན་ཡུལ་གླིག་དགུའི་དབུས་ན་མཁའ་སྤྱོད་ཟངས་མདོག་དཔལ་རིའི་རྩེར་ཡེ་ཤེས་རང་རྩ་གྱི་མདངས་ལས་ཤར་བའི་པདྨ་འོད་ཀྱི་གཞལ་ཡས་ཁང་དུ་སྐྱེ་ཤི་བགྲེས་རྒུད་སྤངས་པའི་རྡོ་རྗེའི་སྐུས་འཁོར་བ་མ་སྟོངས་ཀྱི་བར་དུ་བཞུགས་ཏེ་གསང་གསུམ་སྒྱུ་འཔྲུལ་རྡོ་རྗེའི་རོལ་པ་མཐའ་ཡས་པའི་རྫུ་འཕྲུལ་གྱིས་སྲིན་པོ་རྣམས་ཆོས་ལ་འཛུད་པ་དང་། གདུལ་བྱ་རྣམས་རྗེས་སུ་འཛིན་པའི་ཕྲིན་ལས་ཀྱི་འཇུག་པ་མི་བརྟུལ་བས་བོད་ཡུལ་ཁ་བ་ཅན་གྱི་འགྲོ་ལ་ལྷག་པར་བརྩེ་བའི་ཐུགས་རྗེ་གཞན་ལས་འཕགས་པར་ཞལ་གྱིས་བཞེས་པ་བཞིན་དུ་ཡེ་ཤེས་ཀྱི་གཟིགས་པ་དུས་ལས་མི་ཡོལ་བས་བསྐྱངས་ཏེ་བཞུགས་སོ། སློབ་དཔོན་རིན་པོ་ཆེ་འདི་རྒྱ་གར་འཕགས་པའི་ཡུལ་སོགས་དང་། བོད་ཡུལ་དུ་ཇི་ཙམ་བཞུགས་པའི་ལོ་ཟླའི་གྲངས་ངེས་ཐང་ཡིག་ཏུ་རྒྱས་པར་གསུངས་ཀྱང་འདིར་ཡི་གེ་མད་ཀྱི་དོགས་ནས་མ་བྲིས། དེར་མཚུངས་ཞལ་སློབ་ཀྱང་བསམ་མི་ཁྱབ་པ་བྱོན་ཀྱང་རེ་རེ་ནས་འགྲངས་པར་མི་ནུས་མོད། འོན་ཀྱང་འཁོར་གྱི་གཙོ་བོ་ཐུགས་སྲས་རྗེ་འབངས་ཉེར་ལྔའི་ལོ་ཀུས་ཅུང་གླེང་བར་བྱ་སྟེ། དེ་ཡང་གོང་དུ་སྨོས་པ་ལྟར་དཔལ་གྱི་བསམ་ཡས་མཆིམས་ཕུའི་ཡང་དབེན་དུ་བཀའ་བརྒྱད་བདེ་(སྟོད་ཆ།༢༥༧)གཤེགས་འདུས་པིའ་དཀྱིལ་འཁོར་ཞལ་ཕྱེས་ནས་རྗེ་འབངས་རྣམས་ལ་དབང་བསྐུར་བའི་ཚེ་གསེར་སྲང་བཅུ་རེ་ལ་མེ་ཏོག་བྱས་ཏེ་དཀྱིལ་འཁོར་ལ་ཕུལ་བས་གང་དུ་མེ་ཏོག་ཕོག་པའི་ལྷ་སོ་སོར་བཀའ་བབས་ཏེ་གྲུབ་པ་ཐོབ་པས་རྗེ་འབངས་ཉེར་ལྔར་གྲགས་པ་བྱུང་སྟེ། འདི་དུས་ལྷ་སྲིན་རྣམས་ཀྱིས་སློབ་དཔོན་ལ་མཐོ་འཚམས་ཕྱིར་ཀླད་ཀྱི་རྫ་མོ་སྙིལ་བ་སློབ་དཔོན་གྱིས་ཧཱུྃ་ཞེས་གསུངས་པས་རྫ་མོ་ཉིལ་བ་ཡར་ལོག་སྟེ་ཡི་གེ་ཧཱུྃ་གི་གཟུགས་སུ་གནས་པར་དེང་སང་རྫ་མོ་ཧཱུྃ་འདྲ་མར་གྲགས་སོ། འདིར་ཁྲི་སྲོང་རྣམ་འཕྲུལ་དབང་པོའི་སྡེས། ཐུགས་སྲས་མི་རྗེ་འབངས་རིགས་ཉེར་ལྔ། ཞེས་གསུངས་པས། མི་རྗེ་ཁྲི་སྲོང་ལྡེའུ་བཙན་ནི་ལོ་རྒྱུས་རྒྱས་པ་བཤད་མ་ཐག་པ་དེ་ལྟར་ལས། དབང་བཀུར་ཞུ་བའི་དུས་མེ་ཏོག་དབུས་སུ་བབས་པས། སློབ་དཔོན་གྱིས་གསང་མཚན་ཚངས་པ་ལྷའི་མེ་ཏོག་རྩལ་དུ་གནང་། ཆེ་མཆོག་བདེ་གཤེགས་འདུས་པའི་བཀའ་བབས་ཏེ། ཏིང་ངེ་འཛིན་ལས་མི་གཡོ་བར་ལྷུན་གྲུབ་ཀྱི་དགོངས་པ་སྐྱེས། མཁན་པོ་བོ་དྷི་ས་ཏཱ་ལས་མདོ་པྱོགས་གསན་པས་ཤེས་ཕྱིན་གྱི་རྟོགས་པ་འཁྲུངས་ནས་བཀའ་ཡང་དག་པའི་ཚད་མ་ཞེས་པའི་བསྟན་བཅོས་དང་། འབུམ་གྱི་ཊི་ཀ་སོགས་བསྟན་བཅོས་མང་པོ་མཛད། སྤྲུལ་པའི་དམག་བྱེ་བ་ཕྲག་བཅུ་བཞིས་རྒྱ་གར་མཆོད་རྟེན་པདྨ་ཅན་ནས་དེ་བཞིན་གཤེགས་པའི་རིང་བསྲེལ་ལེན་པ་དང་། གཙུག་ལག་ཁང་བརྒྱ་རྩ་བརྒྱད་བཞེངས་པར་མཛད་དེ། ཆོས་ཀྱི་རྒྱལ་པོ་འདི་བསིལལདན་ཁ་བའི་ལྗོངས་འདིར་རྒྱལ་བསྟན་ཉིན་བྱེད་འདྲེན་པའི་ཤིང་རྟ་གཅིག་པུར་གྱུར་པ་དེའོ། །(སྟོད་ཆ།༢༥༨) ༧ གུ་རུའི་ཐུགས་སྲས་རྗེ་འབངས་ཉེར་ལྔའི་སྐོར་དང་མཁས་ཆེན་གཞན་གྱིས་ལོ་ཙཱ་བར་གདེང་འཇོག་མཛད་སྟངས་ཀྱི་དཔྱད་བརྗོད། འབངས་ཉེར་ལྔ་ལས་གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་ནི། ཡུལ་གནུབས་ཡུལ་རོང་དུ་འཁྲུངས། ལོ་རྒྱུས་རྒྱས་པ་འོག་ཏུ་འབྱུང་ལ། མེ་ཏོག་སྐུ་གཤིན་རྗེར་ཕོག་པས་ལྷ་ཚོགས་ཐམས་ཅད་ཀྱིས་ཞལ་གཟིགས། བྲག་ལ་ཕུར་པ་བཏབས་པ་དང་། ཉི་ཟླ་གདན་དུ་བཏིང་བ་སོགས་གྲུབ་པའི་རྟགས་མཚན་མངོན་སྣང་དུ་སྟོན་པར་ནུས། རྒྱ་གར་དང་བལ་ཡུལ་དུ་ལན་བདུན་བྱོན། བལ་པོ་བྷ་སུ་དྷ་ར་ལས་མངོནསཔཡོད་ཀྱི་ལས་མང་དུ་ཞུས་ཤིང་དྲག་པོའི་ཕྲིན་ལས་མང་དུ་མཛད། ཁྱད་པར་དུ་རྒྱལ་པོ་གླང་དར་མས་སངས་རྒྱས་ཀྱི་བསྟན་པ་བཤིགས་པའི་དུས་སློ་དཔོན་འདིས་རྒྱལ་པོ་སྡིག་ཅན་སྐྲག་པར་མཛད་དེ། རྒྱལ་པོས་ཁྱོད་ལ་ནུས་པ་ཅི་ཡོད་ཟེར་བས་ངས་སྔགས་ཙམ་བཟླས་པའི་ནུས་པ་འདི་ལ་གཟིགས་ཤིག་ཅེས་སྡིགས་མཛུབ་གནམ་དུ་ཕྱར་བས་སྡིགས་མཛུབ་ཀྱི་སྟེང་ན་ལྕགས་ཀྱི་སྡིག་པ་ནག་པོ་གཡག་པོ་ཙམ་དགུ་རྩེགས་སུ་འདུག་པ་མཐོང་བས་རྒྱལ་པོ་སྐྲག་སྟེ་དཀོན་མཆོག་སྔགས་པ༄༅ི་སྐུ་ལ་མི་སྡོ་འོ་ཆོས་མཛོད་ཅིག་ཟེར། ད་དུང་ནུས་པ་འདི་ལ་གཟིགས་ཤིག་ཟེར་ནས་སྡིགས་མཛུབ་ཀྱིས་ཐོག་ཕབ་སྟེ་པ་རིའི་བྲག་ལ་བསྣུན་པས་ཚལ་བར་སོང་། དེར་རྒྱལ་པོ་འཇིགས་ཤིང་སྐྲག་ནས་ཁྱེད་འཁོར་བཅས་ལ་གནོད་པ་མི་བྱེད་དོ་ཟེར་ནས་བཏང་སྟེ། སྔགས་འཆང་གོས་དཀར་ལྕང་ལོ་ཅན་རྣམས་ལ་གནོད་པ་མ་བྱུང་བ་ཁོང་གི་དྲིན་དུ་མངོན་ཏེ་སངས་རྒྱས་ཀྱི་བསྟན་པ་སྤྱི་ལའང་ཕན་ཆེར་བྱུང་ངོ་། འདིའི་སྒྲུབ་གནས་(སྟོད་ཆ།༢༥༩)སྒྲགས་ཡངས་རྫོང་ཡིན་པས། ཆོས་འབྱུང་མཁན་རྣམས། སྒྲགས་པ་དང་། གནུབས་པ་གཉིས་སུ་འཁྲུལ་བ་དེས་ཡིན་པ་འདྲའོ། ཚེ་ཡི་རིག་འཛིན་བརྙེས་པས་མངའ་བདག་དཔལ་འཁོར་བཙན་གྱི་དུས་བར་བཞུགས་སོ། ངན་ལམ་རྒྱལ་བ་མཆོག་དབྱངས་ནི། དབུ་རུ་ཕན་ཡུལ་དུ་འཁྲུངས། རུས་ངན་ལམ། མཁན་པོ་བོདྷི་ས་ཏྭ་ལས་རབ་ཏུ་བྱུང་སྟེ་བོད་འདིར་རབ་བྱུང་གི་སྔ་བ་སད་མི་བདུན་གྱི་གྲས་ཡིན། སྐུ་ཤིན་ཏུ་བཙུན་པར་གྲགས་ཏེ། སྦ་བཞེད་ཀྱི་ལོ་རྒྱུས་ལས་རབ་ཀྱི་མི་དགུ་འདྲེན་པ་ན། བཙུན་པའི་རབ་ནི་ངན་ལམ་ལྷ་ལུང་གཉིས། ཞེས་འབྱུང་ངོ་། མེ་ཏོག་གསུང་རྟ་མགྲིན་ལ་ཕོག དབེན་རྩར་སྒྲུབ་པ་མཛད་པས་ཡུལ་གསུམ་གྱད་དུ་གྱུར་ཏེ་དབུ་གཙུག་ནས་རྟ་མགོ་ཐོན་ཞིང་རྟ་སྐད་འཚེར་བ་བྱུང་། ཚེ་ཡི་རིག་འཛིན་བརྙེས་པས། མངའ་བདག་དཔལ་འཁོར་བཙན་གྱི་དུས། རྨ་བན་བྱང་ཆུབ་བློ་གྲོས་སྟོད་དུ་འབྲོ་རྣམས་ཀྱིས་མི་ཤ་ལ་བཀུམས་པ་རྒྱལ་པོར་སྐྱེས་ཏེ་མངའ་བདག་ལ་གནོད་པ་ལ། རྒྱལ་བ་མཅོག་དབྱངས་ཀྱིས་རྒྱལ་པོ་རྩེ་མདོར་མཛད་ནས། བཙན་པོ་སྙུངས་ལས་གྲོལ་བར་མཛད། མདོས་དེའི་སྨྲེང་མཁར་ཆུར་གཏེར་དུ་སྦས་པ། དུས་ཕྱིས་ཁམས་པ་དར་བེར་ཅན་གྱིས་བཏོན་པར་གྲགས་སོ། དགེ་སློག་ནམ་མཁའི་སྙིང་པོ་ནི་རུས་གནུབས། འཁྲུངས་ཡུལ་གཉལ་སྨད་ཉང་དཀར་མདའ་ཤམ་བུར་འཁྲུངས། མཁན་པོ་ལས་རབ་ཏུ་བྱུང་། རྟེན་དགེ་སློང་། སློབ་དཔོན་ཆེན་པོས་དབང་བསྐུར་དུས་མེ་ཏོག་ཡང་དག་ཐུགས་ལ་ཕོག་པས་གྲུབ་པའི་མཚན་མ་བརྙེས་ཏེ་ཉི་ཟེར་ལས་གཤེགས་བཞུད་མཛད། ལོ་ཙྪ་ལེགས་པར་སྦྱངས་ནས་རྒྱ་གར་ལ་བྱོན། སློབ་(སྟོད་ཆ།༢༦༠)དཔོན་ཧཱུྃ་ཀ་ར་སོགས་པཎ་གྲུབ་མང་པོ་དང་མཇལ། དབང་དང་གདམས་པ་མང་པོ་གསན་ནས་བོད་དུ་བྱོན། བོན་བློན་རྣམས་ཀྱི་ཕྲ་མས། རེ་ཞིག་ལྷོ་བྲག་མཁར་ཆུར་བྱོན། སྐབས་ཤིག་འཁྲུངས་ཡུལ་གྱི་ཉེ་འཁོར། བྲག་དམར་ཞེས་བྱ་བའི་ཕུག་པར་བཟུགས་པ་ན། གཅུང་པོ་འཇིག་རྟེན་འཛིན་པ་ཞིག་ཡོད་པ་དེ། སློབ་དཔོན་ལ་ཞུ་བར་ཕྱིན་པས། ཁྱོད་འཇིག་རྟེན་པ་ལ་ས་བོན་མེད་ན། ང་རི་ཁྲོད་འགྲིམ་པ་ལ་ས་བོན་གང་ལས་འོང་། འོན་ཀྱང་འདི་གཏོར་ལ་སོ་ནམ་བྱེད་པ་བཞིན་གྱིས། མི་ལ་ངོ་ཚ་གསུངས་ནས་ལྡེའུ་ཕད་བུ་གང་གནང་བ་དེ། གཅུང་པོས་ཀྱང་བཀའ་བཞིན་བྱས་པས། ཡུལ་མི་གཞན་ལས་ལྷག་པའི་ལོ་ཐོག་སྐྱེས། ཡང་ལན་གཅིག་གནས་དེ་ནས། གཞལ་སྨད་ཀྱིད་གྱེ་རིའི་རྩེར་ནམ་མཁའ་ལ་འཕུར་ནས་བྱོན་པ་ན། ལམ་དུ་ཕྱག་ཕྲེང་ཟགས་པ་ཉང་སྨད་འཁར་ཐང་དཀྱིལ་དུ་ལྷུང་བ། ནམ་མཁའ་ནས་རྫུ་འཕྲུལ་གྱིས་ཕྱག་བརྐྱངས་ནས་བླངས་པས། ས་ལ་ཕྱག་སོར་ལྔའི་རྗེས་བྱུང་བ་ལ་མེ་ཏོག་ལྔ་སྐྱེས། དེ་ལ་མཁའ་འགྲོ་སྡེ་ལྔ་དང་། འབྱུང་བ་བཞིའི་ལྷ་མོས་མཆོད་རྟེན་ལྔ་བཞེངས་པ་ད་ལྟ་ཡང་ཡོད། དགྱེ་རི་སྤྱང་དམར་ཕུག་པར་བཞུགས་སྐབས། དགྱེ་རིའི་འདབ་དཔེ་སྤེ་དྲིལ་གྱི་གཞོན་པ་མང་པོས་བཟའ་བཅའ་སྣ་ཚོགས་ཁྱེར་ནས་རི་ལྟས་ལ་ཕྱིན་པ་ན། དགེ་སློང་དང་མཇལ། ཁོང་ཚོས་ཚོགས་འཁོར་ཞུས་པས། འགྲོ་ཕར་བྱིན་རླབས་ཡིན་གསུངས་ནས། མི་རེ་ལ་རྡེའུ་དམར་པོ་འགའ་རེ་གནང་བས། མདའ་བཏོན་པན། གཡུ་ཐོན། སྔར་སློབ་དཔོན་གྱིས་རྡེའུ་གནང་བ་(སྟོད་ཆ།༢༦༡)དེ་དངོས་གྲུབ་ཡིན་པར་ཤེས་ནས་གཞན་ཚོ་ལ་བཤད་པས། རྡེའུ་ཕོས་པར་འགྱོད་ནས། སླར་སློབ་དཔོན་ལ་དངོས་གྲུབ་ཞུ་བར་ཕྱིན་པས། ཕུག་པའི་ནང་ན་སློབ་དཔོན་ནི་མེད་པར་སྤྱང་ཀི་དམར་པོ་ཞིག་མཐོང་བས། སྤྱང་དམར་ཕུག་པར་གྲགས། སྔར་གྱི་གཡུ་དེ་རྣམས་ལ། ཐོད་པ་དྲུག་དམར། ཙད་པོ་བརྒྱད་དཀར། སྐར་མ་མིག་བཞི་སོགས་གཡུ་མིང་ཅན་འགའ་བྱུང་བར་གྲགས། ཡང་ལོ་རྒྱུས་གཞན་ཞིག་ན། སློབ་དཔོན་ལ་བུད་མེད་ཞིག་གི་ནང་རེ་བཞིན་ཞོ་རྫིའུ་རེ་ཕུལ་བས་སྐབས་ཤིག་སློབ་དཔོན་གྱིས་ཞོ་སྣོད་རྡེའུས་བཀང་ནས་གནང་བས་མོས་ཀྱང་དངོས་གྲུབ་ཡིན་པར་ཤེས་ནས་ཁྱིམ་དུ་ཁྱེར་ཏེ་ཞག་འགའ་ཞིག་ནས་བལྟས་པས་རྡེའུ་ཐམས་ཅད་གཡུ་རུ་སོང་འདུག་ཟེར་བའང་སྣང་། ལྷོ་བྲག་མཁར་ཆུར་དཔལ་གྱི་ཕུག་རིང་ལ་སོགས་པར་སྒྲུབ་པ་མཛད་པས་ཡི་དམ་མང་པོའི་ཞལ་གཟིགས་ཤིང་། ཕྱག་རྒྱ་ཆེན་པོའི་རིག་འདིན་བརྙེས་ནས། ལུས་མ་སྤངས་པར་མཁའ་སྤྱོད་དུ་གཤེགས་ཏེ། རྒྱལ་པོའི་བསྙུང་བསལ་ཚུལ་སོགས་ཐང་ཡིག་བཞིན་དང་། ཤེལ་དཀར་བཟའ་རྡོ་རྗེ་མཚོ་དང་མཇལ་ཚུལ་གཞན་དུ་ཤེས་སོ། གཉག་ལོ་ཡེ་ཤེས་གཞོན་ནུ་འམ་ཛྙཱ་ན་ཀུ་མ་རཱ་ནི། གདུང་རུས་གཉག་རྟེན་དགེ་སློང་། ལོ་ཙྪ་མཁས་པར་མཁྱེན་ཏེ་རྨ་གཉག་གཉིས་སུ་གྲགས་པའི་ཡ་གྱལ་ཡིན། ལོ་རྒྱུས་རྒྱས་པ་གཤམ་དུ་འཆད་འགྱུར་ནས་ཤེས། སློབ་དཔོན་གྱི་དབང་བསྐུར་དུས་མེ་ཏོག་རྒྱལ་པོ་དང་ལྷན་ཅིག་དབུ་ཀྱི་ཆེ་མཆོག་ལ་ཕོག་པས། གསང་མཚན་དྲི་མེད་ཟླ་ཤར་ཏེ་བདུད་རྩི་སྨན་གྱི་བཀའ་བབས། སྒྲུབ་གནས་ཡར་ལུང་ཤེལ་བྲག་ནས་རྫུ་འཕྲུལ་གྱིས་སྒྲུབ་ཆུ་བཏོན་པ་ད་ལྟ་འང་ཡོད། ཡང་ངན་ལམ་རྒྱལ་བ་མཆོག་དབྱངས་དང་(སྟོད་ཆ།༢༦༢)ལྷན་ཅིག་ཡེར་པར་སྒྲུབ་པ་མཛད་པས་གྲུབ་པ་ཐོབ་པ་སྟེ་བྱ་རོ་གཅིག་ཏུ་བརྫུས་ནས་གྲོགས་པོའི་རྩར་བྱོན་པས་རྒྱལ་བ་མཆོག་དབྱངས་ཀྱིས་ཀྱང་ངོ་མཁྱེན་པས། སླར་རྔ་མོང་ཆུང་ངུ་ཞིག་ཏུ་སྤྲུལ་ནས་སྐོར་བ་ལན་གསུམ་བྱས་ནས་མཆོག་དབྱངས་ལ་སྤྱད་རབ་བྱུང་གསུངས་སྐད་དེ། དབེན་པ་དེར་དེང་སང་ཡང་བྱ་རོག་རྫོང་དུ་གྲགས། བཀའ་བབ་མི་བརྒྱད་ཀྱི་དུས་གཉག་མི་བགྲང་བའང་འདུག་སྟེ། དབང་པོའི་སྡེས་ཀྱང་བགྲང་བར་མ་གནང་ཡང་། འདིར་བཀའ་བརྒྱད་བདེ་འདུས་ལྟར་བྲིས་པ་ཡིན། དབྱངས་ཅན་སྤྲུལ་པ་ཡེ་ཤེས་མཚོ་རྒྱལ་ནི། འདིའི་འཁྲུངས་ཡུལ་དང་། ཡབ་ཡུམ་གྱི་མཚན་སོགས་ལ་མི་འདྲ་བ་མང་དུ་སྣང་ཡང་ཐང ཡིག་ལྟར་ན། ཡབ་ནམ་མཁའ་ཡེ་ཤེས་དང་། ཡུམ་གནུབས་མོ་དགེ་བ་འབུམ་གྱི་སྲས་སུ། སྒྲགས་ཀྱི་གྲོང་མོ་ཆེར་འཁྲུངས། རུས་མཁར་ཆེན་ཏེ། འཁྲུངས་ཡུལ་དེར་སྐུ་གཞོན་ནུའི་དུས་ཀྱི་ཞབས་རྗེས་དང་། བླ་མཚོ་ཆུང་ངུ་ཞིག་ཀྱང་ཡོད། སྔོན་རྒྱལ་པོའི་བཙུན་མོ་ཡིན་ཡང་སློབ་དཔོན་ལ་དབང་ཡོན་དུ་ཕུལ་བས་གུ་རུའི་ཐུགས་ཀྱི་གཟུང་མར་གྱུར། སློབ་དཔོན་དང་མཇལ་ཚུལ་ལ་ཡང་མི་འདྲ་བ་སྣ་ཚོགས་ཡོད་མོད། མེ་ཏོག་ཕུར་པའི་དཀྱིལ་འཁོར་མཇལ་ཚུལ་ལ་ཡང་མི་འདྲ་བ་སྣ་ཚོགས་ཡོད་མོད། མེ་ཏོག་ཕུར་པའི་དཀྱིལ་འཁོར་ལ་ཕོག་པས་རྡོ་རྗེ་པུར་པའི་ལྷ་ཚོགས་རྣམས་ཀྱིས་ཞལ་གཟིགས་ཤིང་གྲུབ་པ་བརྙེས་པས་ཕ་མེས་ཀྱི་ཟ་འདྲེ་བཏུལ། བསད་གསོ་གྲུབ་པས། མཚོན་གྱིས་བསད་པའི་མི་རོ་གསོན་པོར་བསླངས་ནུས། སྐུ་གཞོན་དུས་ཆོས་ལ་བར་ཆད་བྱེད་པའི་བདུད་བློན་ཤ་ཏ་ཟེར་བ་དམྱལ་བར་སོང་བས་དེ་འདྲེན་ཕྱིར་དམྱལ་བའི་ཡུལ་དུ་བྱོན་ནས་དམྱལ་བའི་ལྕགས་ཁང་གི་རྩར་ཞི་ཁྲོ་ན་རཀ་དོངས་སྤྲུགས་ཀྱི་དཀྱིལ་ལའཁོར་བཞེངས་པས་ལྕགས་(སྟོད་ཆ།༢༦༣)ཁང་སིལ་གྱིས་ཞིག་ནས་ཤ་ཏས་གཅོས་པའི་དམྱལ་བའི་སེམས་ཅན་ཐམས་ཅད་དྲོགས་ཏེ་དམྱལ་ཁམས་ལེན་གཅིག་སྟོང་བར་མཛད། སློབ་དཔོན་ཆེན་པོའི་གསུང་གསང་བསམ་མི་ཁྱབ་པའི་ཆོས་སོ་ཅོག་གི་བཀའི་བསྡུ་བ་མཛད་ཅིང་། བོད་ཡུལ་དུ་ལོ་ཉིས་བརྒྱར་འགྲོ་དོན་བསྐྱངས་ནས་སྐུ་དེ་ཉིད་མ་སྤངས་པར་མཁའ་སྤྱོད་ཟངས་མདོག་དཔལ་རིར་གཤེགས་ཏེ་གུ་རུའི་ཐུགས་ཀྱི་གཟུང་མར་བཞུགས་ཤིང་བོད་ཡུལ་འགྲོ་ལ་བཀའ་དྲིན་འགྲན་ཟླ་མེད་པའི་མ་གཅིག་ཡིད་བཞིན་ནོར་བུ་དེའོ། གཤེགས་ལོ་སོགས་ལའང་སྣ་ཚོགས་སྨྲ་བ་སྣང་ཡང་འདིར་ཡོངས་གྲགས་ལྟར་བྱས་པའོ། སློབ་དཔོན་འབྲོག་མི་དཔལ་གྱི་ཡེ་ཤེས་ནི། གདུང་རུས་འབྲོག་མི་ཡིན། ལོ་ཙཱ་མཁས་པར་མཁྱེན་པས་མ་མོའི་རྒྱུད་སོགས་མདོ་སྔགས་མང་དུ་བསྒྱུར། སློབ་དཔོན་ཆེན་པོས་དབང་བཀུར་གནང་དུས་མེ་ཏོག་བླ་མེད་ཧེ་རུ་ཀའི་དཀྱིལ་འཁོར་ལ་ཕོག་སྟེ་སྲིད་པ་མ་མོའི་བཀའ་བབས། སྲིད་པ་བདེ་འགྲོའི་དཀྱིལ་འཁོར་མངོན་སུམ་དུ་གཟིགས་ཤིང་སྣང་སྲིད་མ་མོ་ཐམས་ཅད་བྲན་དུ་ཁོལ། ཡར་སྟོད་ཤམ་པོ་གངས་རང་སྒྲུབ་གནས་མཛད་པས། ལྷ་ཆེན་ཤམ་པོས་སྲོག་གི་བླ་རྡོ་ལྷ་ཀླུ་མིའི་རིན་པོ་ཆེ་བཅོ་ལྔའི་རྒྱུ་ལས་གྲུབ་པ་དྲོད་རྟ་རྔ་ཙམ་རྒྱུན་དུ་ཡོད་པ་ཞིག་ཕུལ་བ་གཏེར་དུ་བཅོལ་བ་ཕྱིས་སུ་སྐལ་ལྡན་རྡོ་རྗེས་བཏོན་པར་གྲགས། སྐུའི་རྟེན་རིག་སྔགས་འཆང་བ་ཆེན་པོའི་ཚུལ་དུ་བཞུགས་པ་ཞིག་ཡིན་ནོ། རླང་དཔལ་གྱི་སེང་གེ་ནི། ལྷ་གཟིགས་རླང་གི་གདུང་ལས། ཡབ་ཨ་མེས་བྱང་ཆུ་འདྲེ་ཁོལ་ཞེས་ལོ་བརྒྱད་ནས་ཨོ་རྒྱན་དུ་བྱོན་པ་དང་། སྲིན་པོ་བཏུལ་བ་དང་། གླིང་རྗེ་གེ་སར་གྱིས་གླིང་ཡུལ་དུ་གདན་ལན་གཉིས་(སྟོད་ཆ།༢༦༤)དྲངས་ནས་ཕྱོགས་བཞིའི་འདྲེ་ཆེན་པོ་བཞི་བཏུལ་བ་དང་། ལྷ་སྲིན་བྲན་དུ་ཁོལ་བ་དེ་དང་། ཡུལ་ཇོ་མོ་སྐལ་ལྡན་གཉིས་ལ་སྲས་གསུམ་ཡོད་པའི་ཆེ་བར་འཁྲུངས། རྫུ་འཕྲུལ་དང་ནུས་པ་བསམ་གྱིས་མི་ཀྱབ་པ་མངའ། ཁྱད་པར་སློབ་དཔོན་ཆེན་པོའི་ཐུགས་སྲས་སུ་གྱུར། དབང་བཀུར་ཞུ་དུས་མེ་ཏོག་འཇིག་རྟེན་མཆོད་བསྟོད་ཀྱི་དཀྱིལ་འཁོར་ལ་ཕོག་པས་དྲེགས་པའི་བཀའ་བབས། དྲེགས་ཚོགས་ལྷ་སརིན་ཐམས་ཅད་བྲན་དང་ཡོག་ཏུ་བཀོལ་ནུས། སྒྲུབ་གནས་སྤ་གརོ་སྟག་ཚང་དུ་བཅོམ་ལྡན་དྲེགས་པ་ཀུན་འདུལ་གྱིས་ཞལ་གཟིགས་ཤིང་དངོས་གྲུབ་རྣམ་པ་གཉིས་ཐོབ་པ་ཡིན་ནོ། རླང་ལྷ་གཟིགས་ཀྱི་གདུང་ལས་སྡེ་སྲིད་ཕག་མོ་གྲུབ་པ་ཞེས་སྣེའུ་གདོང་པ་རྣམས་བྱུང་བའོ། ལོ་ཆེན་བཻ་རོ་ཙ་ན་ནི། གདུང་པ་གོར། འཁྲུངས་ཡུལ་ཕྱོགས་གཉིས་སྣང་སྟེ་ཐང་ཡིག་ལས་སྙེ་མོར་བཤད་ཀྱང་བཻ་རོ་ཉིད་ཀྱི་འདྲ་འབག་ལས། ཉང་ཆུ་གཙང་ཆུ་འདྲེས་པ་ཞེས་འབྱུང་བས། ད་ལྟ་ཕོ་བྲང ཅེན་པོ་བསམ་འགྲུབ་རྩེའི་ཆུའི་ཤར་ཁ། ཟངས་དཀར་ཟེར་བའི་གྲོང་ཡོད་པ་དེ་ནིད་ལ་ཉེ་བའི་ཐད་དུ་འཁྲུངས་པར་གསལ་ཞིང་། གནས་དེ་ཉིད་ན། ལོ་ཆེན་བྱིས་པའི་དུས་ཀྱི་ཞབས་རྗེས་ཀྱང་རྡོ་ལ་གསལ་བར་ཡོད་དོ་ཟེར། ཡབ་པ་གོར་རྡོ་རྗེ་རྒྱལ་པོ་བ་གོར་ཧེ་འདོད་ཁུ་བོ་ཡིན་པར་བཞེད། ཐང་ཡིག་ལས་ཡབ་ཡིན་པར་གསུངས། ཡུམ་བྲན་ཀ་བཟའ་སྒྲོན་སྐྱིད་ཀྱི་སྲས་སུ་འཁྲུངས། སྐུ་གཞོན་ནུའི་དུས་འཁྲུངས་ཡུལ་བྲག་པོ་ཆེའི་རི་ཕན་ཚུན་དུ་འཕུར་ནས་རྫུ་འཕྲུལ་གྱིས་གཤེགས་བཞུད་མཛད། སད་མི་བདུན་གྱི་ནང་ཚན་དུ་མཁན་པོ་ལས་རབ་ཏུ་བྱུང་། མཚན་བཻ་རོ་ཙ་ན་རཀྵི་ཏ་སྡེ་རྣམ་(སྟོད་ཆ།༢༦༥)པར་སྣང་མཛད་བསྲུང་བ་ཞེས་བཏགས། སྒྲ་སྐད་ལོ་ཙཱ་ལ་མཁས་པའི་ཕུལ་དུ་ཕྱིན་ཏེ་བསིལ་ལྡན་མྱུ་གུས་དཀྲིགས་པའི་ལྗོངས་འདི་ན་སྔ་ཕྱིར་བྱོན་པའི་ཁམས་པ་སུས་ཀྱང་འགྲན་བཟོད་པ་མེད། རྒྱ་གར་དུ་བྱོན་ཚུལ་ལོ་རྒྱུས་རྒྱས་པ་སེམས་སྡེའི་སྐབས་སུ་འཆད་འགྱུར་ལས་ཤེས། སློབ་དཔོན་ལ་བཀའ་བརྒྱད་ཀྱི་དབང་ནོས་ཚེ་མེ་ཏོག་དམོད་པ་དྲག་སྔགས་ཀྱི་དཀྱིལ་འཁོར་ལ་ཕོག་པས། སྔགས་བདག་དྲེགས་པར་བཀའ་བབས། སྟོབས་ལྡན་ནག་པོས་ཞལ་གཟིགས་ཡེ་ཤེས་ཀྱི་སྤྱན་དང་ལྡན་པའི་དངོས་གྲུབ་བརྙེས། དྲག་སྔགས་ཀྱི་དམོད་པས་བསྟན་པའི་དགྲ་བོ་བསྒྲལ། ཁྱད་པར་རྒྱལ་པོའི་་བཙུན་མོ་དམར་རྒྱན་མར་མཛེ་ཐོད་རྒལ་བཏང ་བ། སློབ་དཔོན་པདྨའི་ཐུགས་རྗེས་གསོས་པཔའི་ལོ་རྒྱུས་ཡོད་ལ། དེ་དུས་བཻ་རོས་བཙུན་མོར་རྦད་རྒྱུའི་ཀླུ་དེ་དང་སང་མི་ལ་ཁོག་ཞུགས་འབྱུང་ཡང་བཙུན་མོའི་གྲིབ་ཀྱིས་ངང་སྐུག་ནས་བླང་དོར་སྨྲ་རུ་མེད་པས་མཆོད་པ་བཞེས་ལུགས་ལ་སྲ་བརྟག་བྱེད་པ་ཡོད། བཻ་རོ་ཡན་ཆད་འདི་དག་ལ་བཀའ་བབ་མི་དགུ་ཞེས་ཟེར་རོ། རྒྱལ་མོ་གཡུ་སྒྲ་སྙིང་པོ་ནི། གཙང་ལེགས་གྲུབ་ཀྱི་སྐྱེ་བ་སྟེ། མདོ་གཞོར་རྒྱལ་ཁབ་རྒྱལ་མོ་ཚ་བའི་རོང་དུ་འཁྲུངས། ལོ་ཆེན་བཻ་རོ་སརྗེས་སུ་བཟུང་ཞིང་། མཁས་པ་དང་གྲུབ་པའི་ཕུལ་དུ་ཕྱིན། ལོ་ཙྪ་བ་བརྒྱ་རྩ་བརྒྱད་ཀྱི་གྲངས་སུ་བྱོན་ཞིང་། སློབ་དཔོན་ཆེན་པོའི་དྲུག་དུ་མན་ངག་ལྟ་བའི་ཕྲེང་བ་ལ་སོགས་མནོས་ཤིང་། སྐུ་གསེར་གྱི་རྡོ་རྗེར་སྤྲུལ་པ་སོགས་རྫུ་འཕྲུལ་སྣ་ཚོགས་སྟོན་ནུས། ཐེག་མཆོག་རྫོགས་པ་ཆེན་པོའི་ལྟ་དགོངས་ཀློང་དུ་གྱུར་པ་ཞིག་སྟེ། རྣམ་ཐར་ཞིབ་རྒྱས་སེམས་སྡེའི་སྐབས་གཤམ་དུ་འཆད་དོ། །(སྟོད་ཆ།༢༦༦) སྣ་ནམ་རྡོ་རྗེ་བདུད་འཇོམ་ནི། རུས་སྣ་ནམ་སྟེ་གཞོན་དུས། ཆོས་རྒྱལ་ཁྲི་སྲོང་གི་ཆོས་བློན་མཛད། ཕྱིས་སློབ་དཔོན་ཆེན་པོ་ལ་སྔགས་ཀྱི་སྒོར་ཞུགས་ཕྱིན་ཆད་ནས་སྔགས་འཆང་ཆེན་པོར་བཞུགས་པ་ལ། རྡོ་རྗེ་ཕུར་པའི་སྒོ་ནས་གྲུབ་པ་བརྙེས་པ་ཞིག་སྟེ། ཧས་པོ་རིའི་ཡང་གོང་དུ་བྲག་ལ་ཕུར་པ་བཏབས་པའི་རྗེས་ད་ལྟ་ཡང་ཡོད། བསམ་ཡས་མཁན་སློབ་ཆོས་གསུམ་གྱི་རབ་གནས་སྐབས་སུ་རྡོ་རྗེ་བདུད་འཇོམ་གྱིས་ཡེ་ཤེས་ཀྱི་གཟིགས་པས་འགུལ་ཕུར་བྲག་ལ་གཟིར། རླུང་སེམས་ལ་དབང་འབྱོར་པས་བྲག་ཁོང་གསེང་ཆུང་ངུ་ཞིག་ནས་ཟང་ཐལ་གྱིས་དོན་ཏེ་ཤར་མར་བསམ་ཡས་སུ་ཕེབས་ཤུལ་བྲག་ཁང་གསེང་ནི་དེང་སངས་ཡང་ངོ་འཕྲོད་པ་ཡོད། རྫུ་འཕྲུལ་གྱིས་བར་སྣང་ཁམས་ལ་ཐོགས་པ་མེད་པར་གླིང་བཞི་སྐད་ཅིག་ལ་བསྐོར་ནུས་པ་སོགས་ངོ་མཚར་བའི་མཛད་པ་མཐའ་ཡས། འདིའི་སྒྲུབ་གནས་རོང་གསུམ་འདུས་པའི་བྲག་དམར་ཀེའུ་ཚང་ངམ་རི་མོ་ཅན་དུ་གྲགས་པ་ནི། གྲུ་ཤུལ་རོང་གི་བིམ་ཐང་མཁར་དུ་གྲགས་པ་འདི་ཡིན་སྟེ། དེས་ན་འཁྲུངས་ཡུལ་ཡང་གྲུ་ཤུལ་བ་ཞིག་གོ། ཞེས་ཤག་ཟུགས་པ་ངག་དབང་བཀྲ་ཤིས་རམ་རྒྱལ་གྱིས་བཞེད་ཀྱང་། རོང་གི་བྲག་དམར་ཀེའུ་ཚང་ཞེས་པ་དངོས་ནི་གཙང་རོང་ཆེན་དང་ཡར་འབྲོག་དཔལ་དེའི་མཚམས་སུ་ཡོད་པ་རྡོ་བྲག་པད་ཕྲིན་རྣམ་ཐར་ན་སྣང་ངོ་། སློབ་དཔོན་ཡེ་ཤེས་དབྱངས་ནི། ཨོ་རྒྱན་ཆེན་པོའི་ཟབ་གཏེར་རྣམས་ཀྱི་གཏེར་ཡིག་འབྲི་མི་གསལ་དག་མཁས་པའི་ཡིག་མཁན་མི་བརྒྱད་དུ་གྲགས་པའི་ཡ་གྱལ་ཏེ། ཇི་སྐད་དུ། གསལ་ལ་དག་པ་ལྡན་མ་རྩེ་མང་ཡིན། ཨ་ཙར་ཡེ་ཤེས་སྦམ་རགས་བདེ་བ་སྟེ། ཀློག་ཁར་བདེ་བ་ཤེལ་དཀར་མགོན་(སྟོད་ཆ།༢༦༧)སྐྱིད་ཡིན། ཞེས་སོགས་གསུངས་པ་ལས་ཤེས་སོ། གང་ལྟར་ཡང་མཁའ་སྤྱོད་ཀྱི་ཞིང་བགྲོད་ནུས་པའི་སྒྱུ་འཕྲུལ་དང་དངོས་གྲུབ་བརྙེས་པ་ཞིག་གོ། འདི་ལ་སྦ་ཡེ་ཤེས་དབྱངས་ཟེར་བ་སྣང་ཡང་། ཨ་ཙ་ར་ཡེ་ཤེས་དབྱངས་སུ་ངེས་ཏེ་ཨ་ཙ་རའི་ཆ་བྱད་དུ་འབྲི་བ་འང་སྣང་སྟེ། རྟེན་རབ་བྱུང་ཡིན། གྲུབ་ཆེན་སོག་པོ་ལྷ་དཔལ་ནི། མགར་བའི་མིང་ལ་སྒོན་དུས་སོག་པོར་འབོད་དེ། རྟེན་ཁྱིམ་པ། བརྟུལ་ཤུགས་ཀྱིས་གཅན་གཟན་གདུག་པ་ཅན་ཡང་རྙ་བ་ནས་འཛིན་པར་ནུས་པ་ཞིག་སྟེ། ལོ་རྒྱུས་རྒྱས་པ་འོག་ཏུ་འཆད་འགྱུར་ལས་ཤེས་སོ། སྣ་ནམ་ཡེ་ཤེས་ནི། སྐ་ཅོག་ཞང་གསུམ་དུ་གྲགས་པའི་ནང་གསེས་ཞང་གི་བནྡེ་ཡེ་ཤེས་སྡེ་ཡིན་པར་བཞེད་དེ་ལོ་ཙཱ་མཁས་པིའ་ཕུལ་དུ་ཕྱིན་ཞིང་། ནམ་མཁའ་ལ་བྱ་ལྟར་འཕུར་བར་ནུས་པའི་རྫུ་འཕྲུལ་ལ་མངའ་དབང་འབྱོར་བའི་གྲུབ་ཐོབ་ཆེན་པོ་སྟེ་མཁས་གྲུབ་གཉིས་ཀ་དང་ལྡན་པ་ཡིན་ནོ། རྟེན་རབ་བྱུང་ཡིན་པར་སྣང་ངོ་། མཁར་ཆེན་དཔལ་གྱི་དབང་ཕྱུག་ནི། མཁར་ཆེན་ཡེ་ཤེས་མཚོ་རྒྱལ་གྱི་མིང་པོ་ཡིན་ཏེ། གུ་རུ་རིན་པོ་ཆེས་རྗེས་སུ་བཟུང་བའི་ཐུགས་སྲས་སུ་གྱུར། ཕྱག་གིས་ཕུར་པ་གདེངས་པ་ཙམ་གྱིས་གཟས་པ་པོ་ཇི་ཙམ་ཡང་བསྒྲལ་ནས་འགུམ་བར་བྱེད་ནུས་ཏེ། རྒྱལ་པོ་ཤེལ་གིང་བསྒྲལ་ཚུལ་དང་། རྡོ་རྗེ་ཕུར་པ་ལས་དངོས་གྲུབ་བརྙེས་ཚུལ་གཤམ་དུ་འང་ཅུང་ཟད་འཆད་དོ། རྟེན་ཁྱིམ་པར་བཞུགས་ཏེ་མངོན་སྤྱོད་ཀྱི་ལས་ལ་མངའ་དབང་འབྱོར་བའི་རིག་སྔགས་འཆང་བའི་དབང་ཕྱུག་ཞིག་གོ། །ལྡན་མ་རྩེ་མང་ནི། ཁམས་ལྡན་གྱི་ཡུལ་དུ་འཁྲུངས་པས་ལྡན་མར་(སྟོད་ཆ།༢༦༨)གྲགས་ཏེ་མཚན་དངོས་སུ་རྩེ་མང་པོ། ཡི་གེ་འབྲི་བ་ལ་མཁས་པའི་ཕུལ་དུ་གྱུར་པས་ལག་རྒྱུན་མ་ཉམས་པའི་ཁྲིད་སྲོལ་ད་ལྟའང་ཡོད་པར་སྣང་། ལོ་ཙཱ་ཡང་མཁྱེན་སྟེ་ལོ་ཙཱ་ཆེ་གསུམ་ཆུང་གསུམ་དུ་གྲགས་པའི་ནང་ཚན་མཆེན་བུའི་ལོ་ཙཱ་ཡིན། སློབ་དཔོན་ཆེན་པོ་ལས་གསང་སྔགས་ཀྱི་ཆོས་མང་པོ་ཐོབ་སྟེ། རྟོགས་པ་ཤར་བས་ཆོས་ཐམས་ཅད་ལ་མི་བརྗེད་པའི་གཟུངས་ཐོབ། བཀའ་བརྒྱད་བདེར་འདུས་སོགས་གཏེར་ཡིག་ཕལ་ཆེར་འབྲི་བ་པོ་ཡང་འདི་ཡིན་པར་བཤད་དེ། ཁོ་བོའི་ཀྱང་བདེ་འདུས་ཀྱི་གཏེར་ཡིག་གྲུབ་ཆེན་འདིའི་ཕྱག་བྲིས་དངོས་སུ་མཇལ་བའི་སྐལ་བཟང་ཐོབ་བོ། ལོ་ཆེན་སྐ་བ་དཔལ་བརྩེགས་ནི། སྐ་ཅོག་ཞང་གསུམ་དུ་གྲགས་པའི་ནང་ཚན་ཏེ། དབུ་རུ་འཕན་ཡུལ་སྐ་བ་ཞེས་པའི་སྲ་འཁྲུངས། སློབ་དཔོན་ཆེན་པོས་སྤྲུལ་པའི་ལོ་ཙཱར་ལུང་བསྟན་པ་བཞིན་སྒྲ་སྐད་ལོ་ཙཱ་ལ་མཁས་པའི་སུམ་དུ་ཕྱིན། མཁན་པོ་བོ་དྷི་སཏྭ་ལས་རབ་ཏུ་བྱུང་སྟེ་སད་མི་བདུན་གྱི་ནང་ཚན་ཡིན། སློབ་དཔོན་རིན་པོ་ཆེ་ལས་གསང་སྔགས་ཀྱི་ཆོས་ཞུས་པས། མངོན་པར་ཤེས་པ་ཕྱོགས་མེད་དུ་ཤར་ཏེ་གཞན་སེམས་ཐོགས་མེད་དུ་མཁྱེན་པའི་དངོས་གྲུབ་བརྙེས། བོད་ཀྱི་ཡི་གེ་འབྲི་བ་པོ་ཐམས་ཅད་ཀྱི་ཕྱི་མོ་་ཡིན་ཏེ་ཁྲིད་རྒྱུན་མ་ཉམས་པ་དེང་སང་ཡང་མཁས་བོད་གཉིས་ཀར་དར་རྒྱལ་ཆེ་གསུངས། རིན་པོ་ཆེའི་གཏམ་ལ་སོགས་པའི་བསྟན་བཅོས་ཀྱང་མང་དུ་མཛད་དོ། ཤུད་པུ་དཔལ་གྱི་སེང་གེ་ནི། གདུང་རུས་ཆོས་རྒྱལ་དང་གཅིག་ཀྱང་བོན་དང་སྒྲུང་དང་ལྡེའུ་གསུམ་ལ་མཁས་པ་ཞིག་ལ་བོན་གྱིས་བྱུང་པུར་མཚན་གསོལ་པས་དེ་ལྟར་གྲགས་ཀྱང་ཟེར། སྔོན་རྒྱལ་པོའི་ནང་བློན་(སྟོད་ཆ།༢༦༩)ཡིན། ཤུད་པུ་ཁྲི་འབྲིང་ཁོང་བཙན་ཡང་ཟེར། སློབ་དཔོན་སྤྱན་འདྲེན་པའི་ཕོ་ཉ་ཡང་མཛད། གུ་རུ་པདྨའི་དྲུང་དུ་ལོ་ཙཱ་མཁས་པར་སྦྱངས་ཏེ། མ་གཤིན་ཕུར་གསུམ་གྱི་གདམས་པ་དང་རྙིང་མའི་ཆོས་བཀའ་མང་དུ་བསྒྱུར། བོད་ཀྱི་མཁས་པ་ཆེན་པོ་བརྒྱད་ཀྱི་ནང་ཚན་དུ་གཏོགས་ཤིང་། རྡོ་རྗེ་ཕུར་པ་དང་མ་མོའི་སྒོ་ནས་གྲུབ་པ་ཐོབ། གྲུབ་རྟགས་ཕུར་པ་ངམ་ཤོད་ཀྱི་ཆུ་ལ་བཏབ་པས། ཆུ་ཡན་མན་དུ་ཆད་པ་དང་། བྲག་ལ་བཏབ་པས་བྲག་རལ་བ་སོགས་བྱུང་། མཆིམས་ཕུར་ཆུ་བོ་གྱེན་ལ་ཟློག་པའི་རྗེས་ཀྱང་ཡོད། ཡང་ཁོང་རང་གི་གསུང་ལས། ཞང་པོ་དམུ་ནས་ཆད་པས་རྗེ་དང་ཏྲི་ལེར་མཉམ། དབུ་རྩེ་རིགས་གསུམ་གྱི་ཤར་ལོགས་བཞེངས་པས་རྗེ་དང་ཏྲི་ལེར་མཉམ། མཆོད་རྟེན་དཀར་པོ་བཞེངས་པས་རྗེ་དང་ཏྲི་ལེར་མཉམ། ཞེས་གསུངས་ཤིང་། མར་ཁུ་ཝ་ལས་དྲངས་པས་རྗེ་ལས་ལྷག་པར་བྱུང་། ཞེས་ཟེར་རེ། བསམ་ཡས་གྲུབ་པའི་དགའ་སྟོན་གྱི་ལྟས་མོའི་སྐབས་སུ་མར་ཁུ་ཝ་ལས་དྲངས་ཡིན་པར་གྲགས། སྒྲུབ་གནས་ནི་སྤང་ཆུང་པདྨའི་གླིང་སོགས་ཡིན་པར་སྣང་ངོ་། འབྲེ་རྒྱལ་པའི་བློ་གྲོས་ནི། སྔོན་རྒྱལ་པོའི་ནང་མི་ཡིན་པ་ལ་མིང་མགོན་པོ་ཟེར། ཕྱིས་རབ་ཏུ་བྱུང་བས་མཚན་རྒྱལ་བའི་བློ་གྲོས་སུ་གྲགས། ལོ་ཙཱ་མཁས་པར་མཁྱེན། རྒྱ་གར་དུ་བྱོན་ནས་སློབ་དཔོན་ཧཱུྃ་ཀ་ར་ལས་ཡང་དག་གི་ཆོས་སྐོར་ཞུས་པས་གྲུབ་པ་ཐོབ། གཤིན་ཡུལ་དུ་རྫུ་འཕྲུལ་གྱིས་དམག་དྲངས་ནས་མ་དམྱལ་བ་ནས་མངོན་སུམ་དུ་བཏོན་སྤྲུལ་པའི་དམག་གིས་གཤིན་རྗེའི་སྐྱེས་བུ་རྣམས་འཇིགས་ཤིང་སྐྲག་པར་མཛད། སློབ་དཔོན་(སྟོད་ཆ།༢༧༠)པདྨའི་དྲུང་དུ་ཆོས་ལ་སྦྱངས་པས་རྫུ་འཕྲུལ་གྱིས་རོ་ལངས་གསེར་དུ་བསྒྱུར་ནུས་པའི་དངོས་གྲུབ་བརྙེས། སློབ་དཔོན་འདིས་མི་རོ་གསེར་དུ་བསྒྱུར་བའི་གསེར་མང་པོ་ཕྱིས་ཀྱི་གཏེར་སྟོན་འགའ་ཞིག་གིས་གཏེར་ཁ་ནས་བྱོན་པར་སྣང་ངོ་། ཚེ་ཡི་རིག་འཛིན་བརྙེས་པས་སྐུ་ཚེ་རིང་པོར་བཞུགས་ཏེ། རོང་ཟོམ་གྱི་དུས་བར་དུ་བཞུགས་པར་སྣང་སྟེ་རོང་ཟོམ་གྱིས་ཆོས་གསན་པའི་ལོ་རྒྱུས་ཡོད་དོ། གྲུབ་ཆེན་ཁྱེའུ་ཆུང་ལོ་ཙཱ་ནི། གདུང་རུས་འགྲོག་མི་སྟེ། སྐུ་གཞོན་ནུའི་དུ་སནས་ལོ་ཙཱ་མཁྱེན་པས་མཚན་ཡང་དེ་ལྟར་དུ་གྲགས། སློབ་དཔོན་གྱི་དྲུང་དུ་གསང་སྔགས་ཀྱི་ཆོས་ཐམས་ཅད་ལ་མཁས་པར་བསླབས། རྫུ་འཕྲུལ་གྱིས་ནམ་མཁའི་བྱ་རྣམས་ལྟ་སྟངས་དང་སྡིགས་མཛུབ་ཀྱིས་འགུགས་པར་ནུས། རྟེན་ཁྱིམ་པ་སྟེ་སྔགས་འཆང་གོས་དཀར་ལྕང་ལོ་ཅན་ནོ། དྲན་པ་ནམ་མཁའ་ནི། ཐོག་མར་བོན་གྱི་གྱེར་གཤེན་ཆེན་པོ་ཡིན་ཡང་། ཕྱིས་སློབ་དཔོན་གྱི་དྲུང་དུ་ཆོས་ལ་སྦྱངས། ལོ་ཙཱ་ཡང་མཁྱེན། རྫུ་འཕྲུལ་གྱིས་བྱང་གི་གཡག་རྒོད་སྡིགས་མཛུབ་མཛད་པ་ཙམ་གྱིས་འགུགས། འདིས་བོན་གྱི་མན་ངག་མང་པོ་སློབ་དཔོན་ལ་ཕུལ་བ་སློབ་དཔོན་གྱིས་གཏེར་དུ་སྦས་པ་ཕྱིས་གཏེར་ཁ་འགའ་རེ་ནས་མན་ངག་ཅི་རིགས་འབྱུང་བ་མཐོང་ལ། སློབ་དཔོན་ལས་རབ་བྱུང་ཞུས་ཤིང་དབུ་ཞྭ་དམར་པོ་ཞིག་བཞེས་པས། འཕུང་བོན་མགོ་དམར་དུ་ཡང་གྲགས་སོ། །དེ་ལྟ་ན་བྲིས་ཚ་འགའ་ཞིག་ཏུ་བོན་ཞྭ་ཅན་བྲི་བར་སྣང་ཡང་དགོས་པ་མེད་དམ་སྙམ་མོ། འོ་བྲན་དབང་ཕྱུག་ནི། འོ་བྲན་དཔལ་གྱི་འབྱུང་གནས་ཀྱི་སྲས་སུ་(སྟོད་ཆ།༢༧༡)འཁྲུངས། སློབ་དཔོན་པདྨའི་ཐུགས་སྲས་ཏེ། གསང་སྔགས་ཀྱི་ཚུལ་ཀུན་ལ་མཁས་ཤིང་གྲུབ་པའི་མཚན་མ་མངོན་དུ་བརྙེས་པས་ཆུ་བོ་ཆེན་པོ་ལ་འཇིགས་པ་མེད་པ་ཉ་ལྟར་རྒྱུ་བར་ནུས། འོ་བྲན་ལུགས་ལ་འགུར་དྲག་བཀའ་མ་སོགས་ཆོས་ཚུལ་མང་དུ་ཡོད་པ་ཕལ་ཆེར་དེང་སང་ཡང་དབང་ལུང་གི་རྒྱུན་མ་ཆད་པར་སྣང་ཞིང་གདུང་ཡང་དུས་ཕྱི་མོའི་བར་དུ་བྱུང་བར་སྣང་སྟེ། རྟེན་ཁྱིམ་པ་ཡིན་ནོ། རྨ་རིན་ཆེན་མཆོག་ནི། འཁྲུངས་ཡུལ་དབུ་རུ་འཕན་ཡུལ་གྱི་རྨ་གཙོ་ཞེས་བྱ་བར་འཁྲུངས། བློ་རྣོ་རབ་མཆོག་རྨ་བན་རིན་ཆེན་མཆོག་ཅེས་བོན་ཡུལ་རབ་ཀྱི་མི་དགུའི་གྲས་ཡིན། ལྷ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་དུས། རབ་བྱུང་གི་སྔ་བ་སད་མི་བདུན་དུ་གྲགས་པའི་ནང་ཚན་ཏེ། མཁན་རིན་པོ་ཆེ་བོ་དྷི་ས་ཏྭ་ལས་རབ་ཏུ་བྱུང་། ལྟ་བ་ཀླུ་སྒྲུབ་ཀྱི་དགོངས་པ་བཞིན་རྟོགས་པས་ཧ་ཤང་སུན་ཕྱུང་བ་ཡང་མཛད། མདོ་སྔགས་ཀྱི་ཆོས་རྒྱ་མཚོ་ལྟ་བུ་བསྒྱུར་བའི་ལོ་ཙཱ་ཡིན། སློབ་དཔོན་རིན་པོ་ཆེའི་དྲུང་དུ་དབང་དང་གདམས་པ་ཞུས་པས་དངོས་གྲུབ་བརྙེས་ཏེ་སྲ་འཁྲིགས་ཀྱི་རྡོ་ཡང་ཟན་ལྟར་གཅོང་ནས་གསོལ་བའི་རྫུ་འཕྲུལ་བསྟན་ཏེ་རིག་པ་འཛིན་པའི་ས་ལ་བཞུགས་པའོ། ལྷ་ལུང་དཔལ་གྱི་རྡོ་རྗེ་ནི་འབྲོམ་སྟོད་གུང་མོ་ཆེར་འཁྲུངས། སྐྱེ་མིང་སྟག་ཉ་བཟང་ཟེར། རྒྱ་བོད་ཀྱི་ས་མཚམས་སྲུངས་ཏེ་རྒྱ་རྣམས་བཏུལ། དེ་ནས་ཐུགས་ངེས་འབྱུང་གིས་བཀྶུལ་ནས་མཆེད་གཉིས་དང་ལྷན་ཅིག་དུ་གསུམ་ཀ་སློབ་དཔོན་བི་མ་ལ་མི་ཏྲ་ལས་རབ་ཏུ་བྱུང་། པདྨ་སམ་བྷ་ཝ་ལས་བྱང་ཆུབ་སེམས་དཔའི་སྡོམ་པ་བླངས། སྔགས་ཀྱི་དབང་(སྟོད་ཆ།༢༧༢)དང་གདམས་ངག་ཐམས་ཅད་ཐོབ། གྲིབ་ཀྱི་དཀར་མོ་རོང་དུ་བསྒོམ་པས་ཆོས་གོས་རླུང་གིས་ཁྱེར་བ་ཡེར་པ་བྱུང་བས་ས་དཔྱད་ལེགས་པར་གཟིགས་ནས་དེར་སྒྲུབ་པ་ལ་བཞུགས་པས་རི་བྲག་ལ་ཐོགས་པ་མེད་པ་ཟང་ཐལ་དུ་གཤེགས་པར་ནུས་པའི་རྫུ་འཕྲུལ་དང་དངོས་གྲུབ་བརྙེས། ཕྱིས་རྒྱལ་པོ་སྡིག་ཅན་བསྒྲལ་ནས་སངས་རྒྱས་ཀྱི་བསྟན་པ་ལའང་ཕན་ཆེར་བཏགས་ཏེ་ཁམས་ལྡན་ཡུལ་དུ་བྱོན་ནས་ཡུན་རིང་དུ་བཞུགས་ཞེས་གྲགས་སོ། ལང་གྲོ་དཀོན་མཆོག་འབྱུང་གནས་ནི། སྔོན་ཆོས་རྒྱལ་གྱི་ནང་བློན་ཆེན་པོ་ཞིག་ཡིན་ཏེ་ལང་གྲོ་སྣང་བཞེད་ཟེར་ཡང་ཕྱིས་རབ་ཏུ་བྱུང་བའ་མཚན་དཀོན་མཆོག་འབྱུང་གནས་སུ་གྲགས། ལོ་ཙཱ་མཁས་པར་མཁྱེན་པས་ཆོས་བསྒྱུར་བའི་ལོ་ཙཱ་ཡང་མཛད། སློབ་དཔོན་ཆེན་པོ་ལས་དབང་དང་གདམས་པ་ཞུས་ནས་ཉམས་སུ་བླངས་པས་གྲུབ་པའི་རྟགས་མངོན་སུམ་དུ་སྟོན་པར་ནུས་ཏེ། རྟེན་སྔགས་འཆང་ཡིན་པར་རྡོ་བྲག་པད་ཕྲིན་གྱིས་བཞེད། དགོངས་པ་གཏད་པ་ཙམ་གྱིས་ཀྱང་གནམ་ལྕགས་དྲག་པོའི་ཐོག་ཆེན་མདའ་ལྟར་འཕེན་པའི་རྫུ་འཕྲུལ་དང་ལྡན། སློབ་དཔོན་ཆེན་པོའི་ཐུགས་སྲས་ཀྱི་དྭངས་མར་གྱུར་ཏེ་གསང་སྔགས་ཀྱི་ཆོས་ཚུལ་རྒྱ་མཚོ་ཙམ་ལ་མངའ་དབང་འབྱོར་བའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཞག་གོ། གདུང་རྒྱུད་རྟ་ནག་སྒྲོལ་ཡབ་སྟེ་དེང་སང་ཡང་ཡོད་དོ། །ལ་གསུམ་རྒྱལ་བ་བྱང་ཆུབ་ནི། སད་མི་བདུན་དུ་གྲགས་པའི་ནང་ཚན་ཏེ་མཁན་ཆེན་ཞི་བ་འཚོ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། ལོ་ཙཱ་མཁྱེན་པས་རྒྱ་གར་དུ་ཡང་ལན་མང་དུ་བྱོན་ཞིང་མདོ་སྔགས་ཀྱི་ཆོས་ཀྱང་བསྒྱུར། ཐོས་པ་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་སོན་པའི་མཁས་པ་ཆེན་(སྟོད་ཆ།༢༧༣)པོ་སྟེ། ལོ་རྒྱུས་ཆེན་མོ་ལས། ཐོས་པ་ཆེ་རབ་ལ་གསུམ་བྱང་ཆུབ་རྒྱལ། ཞེས་ཟེར་ཏེ་རབ་ཀྱི་མི་དགུའི་གྲས་སུ་འང་བགྲང་བར་སྣང་། སློབ་དཔོན་ཆེན་པོ་ལས་དབང་དང་གདམས་པ་ཞུས་པས། རྟེན་མེད་ཀྱི་མཁའ་ལ་སྐྱིལ་ཀྲུང་གིས་བཞུགས་པ་སོགས་རྫུ་འཕྲུལ་སྟོན་ནུས་པའི་གྲུབ་པའི་དབང་ཕྱུག་ཆེན་པོའོ། དེ་ལྟར་དེ་དག་ལ་རྗེ་འབངས་ཉེར་ལྔར་ཡོངས་སུ་གྲགས་ནའང་སྔོན་ཆད་ངོས་འཛིན་ཚུལ་མི་འདྲ་བ་འགའ་ཞིག་བྱུང་བའི་མ་དག་པའི་རྙོགས་མ་དག བྱང་བདག་དབང་པོའི་སྡེས་མཁྱེན་དཔྱོད་ཀྱི་ཀེ་ཏ་ཀས་རྣམ་པར་བགྲུངས་པར་མཛད་མོད་འོན་ཀྱང་རྟེན་གྱི་དབྱེ་བ་ཕྱེད་དཀའ་བར་སྣང་ཡང་ཡོངས་གྲགས་རྣམས་ནི་དེ་བཞིན་ལས་བརྗོད་མ་དགོས་ཀྱང་། འགའ་ཞིག་ལ་ལོ་རྒྱུས་དང་བྲིས་ཆ་སོགས་མཐུན་མིན་སྣ་ཚོགས་བྱུང་བ་འདིར་མཐུན་ཤས་གང་ཆེ་གཙོ་བོར་བཟུང་ཡང་ད་དུང་ཁ་ཅིག་སོམ་ཉིར་ལུས་པས་དཔྱད་པར་འོས་སོ། གཞན་ཡང་སློབ་དཔོན་རིན་པོ་ཆེའི་དངོས་སློབ་བསམ་ཡས་ས་འདུལ་སྐབས་སུ་གྲུབ་བརྙེས་ཉེར་གཅིག་བྱུང་བ་དང་། གོང་དུ་སྨོས་པའི་ཡེར་པ། ཆུ་བོ་རི། མཆིམས་ཕུ་རྣམས་སུ་འོད་ལུས་གྲུབ་པ་དེ་དག་དང་། ཡང་ལོ་རྒྱུས་ཁ་ཅིག་ལྟར་ན། མར་ཀོང་བཟའ་ལ་སོགས་པ་རྣལ་འབྱོར་མ་བཅུ་བདུན། ཆུ་བོ་རི་ན་དཔལ་གྱི་ཡེ་ཤེས་ལ་སོགས་པ་གྲུབ་ཆེན་སུམ་ཅུ་སོ་ལྔ། ཉང་ཏིང་འཛིན་བཟང་པོ་ལ་སོགས་ཡེར་པ་ན་གྲུབ་ཆེན་བརྒྱ་དང་བདུན། དེ་དག་ཐམས་ཅད་འཇའ་ལུས་སུ་གཤེགས། དེ་དག་མ་ཟད། སློབ་དཔོན་གྱི་དངོས་སློབ་ནི་མཐའ་ཡས་པ་ཞིག་བྱོན་པར་སྣང་སྟེ། གོང་དུ་སྨོས་པའི་ཨ་མེས་བྱང་ཆུབ་འདྲེ་ཁོལ་དང་། རྒྱུས་(སྟོད་ཆ།༢༧༤)བྱང་ཆུབ་གཞོན་ནུ། རོག་བན་ནམ་མཁའ་ཡེ་ཤེས། མྱང་ཏ་ཐཱ་ག་ཏ། མྱང་མཆོག་རབ་གཞོན་ནུ། དཔང་རྗེ་བཙན་ཁྲོམ། ཤ་མི་གོ་ཆ། གླང་བུ་སེ་བོ། ཤུག་སྡོང་རྩ་བ་ནས་བཏོན་ཏེ་ཁུར་ནས་བཙན་ཐང་ལྷ་ཁང་དུ་ཀ་བ་བཙུགས་པའི་དགེ་བསྙེན་ངོམ་སེ་འོངས་བྱ་བ་དེ་དང་། ངབ་མི་བྱང་ཆུབ་རྒྱལ་མཚན། ངམ་འབྲེ་ཨ་ཙ་ར་ས་ལ། ཡར་ལུང་སྨོན་སྤྲོའི་ངབ་མི་ཅན་ཙོར་བྱ་བ་དང་། ལྕེ་རྒྱམཚོ་གྲར། འབྲེ་ཤེས་རབ་གྲགས་པ། འཁོན་ལོ་ཙཱ་བ་ཀླུ་དབང་སྲུང་སོགས་བོད་ཡུལ་གྱི་མཁས་གྲུབ་ཕལ་ཆེ་བ་དང་མི་ཆེན་ཆེ་དགུ་ཐམས་ཅད་ཀྱི་ཡབ་མེས་མཐའ་དག་སློབ་དཔོན་རིན་པོ་ཆེའི་དངོས་སློབ་ཏུ་མ་གྱུར་པ་མེད་ཅིང་། ཐུབ་བརྙེས་དེ་དག་གིས་བྱིན་གྱིས་བརླབས་པའི་ཆོས་དང་གདུང་བརྒྱུད་ལས་ཕྱིས་ཀྱི་མཁས་གྲུབ་རྣམས་ཀྱང་བྱོན་པ་ཡིན་ནོ། འདིར་འཕྲོས་འོས། མཁས་པ་ཁ་ཅིག་གིས་བསྟན་པ་ཕྱི་དར་གྱི་ལོ་ཙཱ་ཆེན་པོ་རིན་ཆེན་བཟང་པོ། རྔོག་ལོ། ཁྲོ་ལོ་བྱམས་པའི་དཔལ་རྣམས་མཁྱེན་པ་ཕྲིན་ལས་གཉིས་ཀ་སྔོན་གྱི་ལོ་ཙཱ་བ་མཐའ་དག་བསྡུས་པས་ཀྱང་མི་དོ་བར་སྣང་ལ་ཞེས་གསུངས་པ་སྣང་ཡང་ཅུང་ཟད་གསུང་རྩིང་བར་སྙམ་སྟེ། མཁྱེན་པ་རང་ལོ་ཆེན་བཻ་རོ་སོགས་ལས་མི་ལྷག་པ་འདྲ་སྟེ། རྔོག་ལོས་བྱེ་བྲག་བཤད་མཛོད་ཅེན་མོ་བསྒྱུར་བར་བརྩམ་པའི་ཚེ་བཻ་རོའི་རྣམ་དཔྱོད་ལ་ཐུགས་ཧ་ལས་ཏེ། བཻ་རོ་ཙ་ན་ནམ་མཁའི་མཐའ་དང་མཉམ། སྐ་ཅོག་རྣམ་གཉིས་ཉི་ཟླ་ཟིང་ཞིག་འདྲ། རིན་ཆེན་བཟང་པོ་ཐོ་རངས་སྐར་ཆེན་ཙམ། ཁོ་བོ་ཅག་ནི་སྲིན་བུ་མེ་ཁྱེར་མཚུངས།(སྟོད་ཆ།༢༧༥) ཞེས་སྔོན་གྱི་ལོ་ཙཱ་བ་དེ་དག་གི་མཁྱེན་རབ་ལ་འགྲན་དུ་མེད་པའི་ངེས་ཤེས་ཐུགས་ལ་འཁྲུངས་ནས་བསྔགས་བརྗོད་གསང་པོར་མཛད་འདུག་པ་དང་། གནའ་བོའི་ལོ་ཙཱ་བ་ཐོན་མི་སམྦྷོ་ཊས་ཐོག་མར་བོད་ཀྱི་ཡི་གེ་དང་བརྡའི་སྲོལ་གཏོད་པ་ཁོ་ནའི་མཁྱེན་དཔྱོད་དང་བཀའ་དྲིན་ཡང་བསམ་གྱིས་ཁྱབ་བྱར་མ་གྱུར་ཅིང་ཕྱིས་ཀྱི་ལོ་པཎ་སུས་ཀྱང་འགྲན་མི་བཟོད་པ་མགོན་སུམ་ཚད་མར་གྱུར་པ་དང་། དེ་བཞིན་དུ་ལོ་ཆེན་བཻ་རོ་དང་ཀ་ཅོག་སོགས་ཀྱིས་ཆོས་ཀྱི་སྐད་བྱ་ཀ་ར་ཎའི་ལུགས་སོགས་དང་། བོད་སྐད་བརྡ་ཤིན་ཏུ་འཕྲོད་དཀའ་བ་རྣམས་ཁྲི་སྲོང་མེས་དབོན་གྱི་དུས་བཀའ་བཅད་ཆེན་མོ་མདད་ནས་གཏན་ལ་ཕབ་པའི་ཚུལ་སྒྲ་སྦྱོར་བམ་གཉིས་སོགས་སུ་གསལ་བ་ལྟར། ལམ་མེད་པ་ལ་གསར་དུ་གཏོད་པ་དང་ལམ་སྲོལ་བདེ་བར་འགྲོ་བའི་ཁྱད་ཙམ་མཛད་པའི་ཕྱིར་འཇམ་དབྱངས་སྐྱ་པཎྜི་ཏས་ཀྱང་། བདེ་བར་གཤེགས་པའི་རིང་ལུགས་བླ་ན་མེད། ཞུ་ཆེན་སྒྱུར་བྱེད་མཚན་བུའི་གནས་འདུག་པའི། སྐད་གཉིས་སྨྲ་བ་བློ་གྲོས་དཔལ་ལྡན་པ། དེ་དག་བདག་ཅག་རྣམས་ཀྱི་མིག་ཏུ་གྱུར། ཞེས་སྔོན་གྱི་ལོ་ཙཱ་དེ་དག་ཕྱིས་ཀྱི་མཁས་པ་རྣམས་ཀྱི་མིག་ཏུ་གྱུར་ཅེས་བསྔགས་པ་མཛད་དོ། ཕྱིས་ཚོད་བསྟན་པའི་སྲོལ་ལེགས་པར་ཚུགས་ནས་ཆོས་ལ་དད་པའང་མང ་ཞིང་། དགེ་སྡིག་བླང་དོར་ཡང་གནག་རྩི་ཡན་ཆད་ཀྱིས་ཤེས་པ་ན། བསྟན་པའི་འཕེལ་འགྲིབ་ཅུང་ཟད་བྱུང་ནའང་། སྔར་དུས་ལྟ་བུའི་དཀའ་ཚེགས་ལ་སྟོས་དགོས་པ་མེད་ལ། འོན་ཀྱང་སྟོབས་འབྱོར་ཕྱིས་ཀྱི་ལོ་ཙཱ་རྣམས་ལྟ་བུ་མེད་དེ། དེ་དག་ཀུན་སྤངས་ཁོ་ན་ལས་གསོག་འཇོག་མི་མཛད་མེད། འོན་ཀྱང་འཚོ་བ་བླ་ནས་སྦྱར་ཞིང་། ཆོས་བསྒྱུར་བའི་མཐུན་རྐྱེན་ཅི་(སྟོད་ཆ།༢༧༦)དགོས་ཐམས་ཅད་རྒྱལ་པོས་སྦྱར་ཏེ་གསེར་ཁལ་དུ་ལོགས་པ་སོགས་ཡོ་བྱད་ཕོངས་པ་མེད་པར་རྩལ་བས་རྩོལ་སྒྲུབ་དགོས་སྐད་མི་འདུག །འོན་ཀྱང་བསྟན་པ་ཕྱི་དར་གྱི་ལོ་པཎ་ཡོངས་གྲགས་དེ་དག་གིས་བསྟན་པའི་སྲོག་འཐུད་པའི་བཀའ་དྲིན་གཞལ་བྱར་མ་གྱུར་མོད། གཞན་དུ་གསར་མ་བ་རང་གི་ལོ་རྒྱུས་ཁ་ཅིག་ལས་སྐྱིད་གྲོང་ཇོ་བའི་མདུན་ནས་རྟགས་རང་གིས་བླངས་ནས་བོད་དུ་མཁན་པོ་བྱེད་པའི་པཎྜི་ཏ་དང་བོད་ཀྱི་ལོ་ཙཱ་བའང་ཆོས་སྤགཤ་ལ་མཁས་སྙམས་དང་ཕྲག་དོག་ལ་ཁྱད་ནོར་དུ་འཛིན་པ་དེ་འདྲ་འང་ཅི་རིགས་བྱུང་བའི་ཕྱིར། བདག་ལྟ་བུས་མཁས་པའི་གསུངས་ལ་དཔྱད་པར་མི་རིགས་ཀྱང་། དཔང་ལོ་ཆེན་པོས། མཁས་པ་ཉི་མའི་ཕྲིན་ལས་ལ། སྲིན་བུ་མེ་ཁྱེར་ལྟ་བུ་ཡིས། མཁས་འདོད་བྱ་བར་མི་རིགས་ཀྱང་། བསམ་པ་དག་ཕྱིར་སྐྱོན་མེད་སྙོམ། ཞེས་པ་ལྟར་དཔྱད་པ་ཅུང་ཟད་ཐལ་ཡང་། ནོངས་པར་གྱུར་ན་མི་འཆབས་པར་བཤགས་སོ། བསྟན་པའི་སྙིང་པོ་གསང་ཆེན་སྔ་འགྱུར་ངེས་དོན་ཟབ་མོའི་ཆོས་ཀྱི་བྱུང་བ་གསལ་བར་བྱེད་པའི་ལེགས་བཤད་མཁས་པ་དགའ་བྱེད་ངོ་མཚར་གཏམ་གྱི་རོལ་མཚོ་ལས། བསྟན་པ་རིན་པོ་ཆེ་འཕགས་བོད་གཉིས་སུ་ཇི་ཏར་བྱོན་པའི་ཚུལ་ཏེ་སརྦ་གཉིས་པའོ། །(སྟོད་ཆ།༢༧༧)


previousསྤྱི་དོན་གཉིས་པ། སངས་རྒྱས་ཀྱི་བསྟན་པ་འཕགས་བོད་སོགས་སུ་ཇི་ལྟར་བྱོན་པའི་སྐོར། next