cover

གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།

གླེགས་བམ་ལྔ་པ།

གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།

Nitartha International
Images scanned by BDRC

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

དཀར་ཆག


GTD005_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་བླ་མ་དམ་པ་གུང་ཐང་འཇམ་པའི་དབྱངས་དཀོན་མཆོག་བསྟན་པའི་སྒྲོན་མེ་དཔལ་བཟང་པོའི་གསུང་འབུམ་ཅ་བའི་དཀར་ཆག་བཞུགས་སོ།།


GTD005_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་ཀུན་འདུས་བླ་བཟང་རྒྱའ་བའི་བསྟན། །ལུང་རིགས་པའི་སྒྲོན་མེས་གསལ་མཛད་པ། སྐལ་བཟང་ཐར་འདོད་ཡོངས་ཀྱི་མིག་གཅིག་པུ། །ཟླ་བྲལ་རྗེ་བཙུན་བླ་མར་གུས་པས་འདུད། །རྒྱལ་སྲས་སྤྱོད་པའི་རི་དབང་མངོན་པར་མཐོ། །མཛད་བཟང་ཉི་ཟླའི་འོད་སྟོང་འབར་བའི་གཏམ། །བསྟན་གཡོའི་ཆོས་ཀུན་འགུགས་པའི་འཕྲུལ་གྱི་ཞགས། །རིག་བྱེད་དབང་མོའི་བསྟོད་འགྲེལ་ལ་སོགས་བཞུགས། །རྗེ་བཙུན་བླ་མ་དམ་པ་འཇམ་དཔལ་དབྱངས་དཀོན་མཆོག་བསྟན་པའི་སྒྲོན་མེ་དཔལ་བཟང་པོའི་གསུང་འབུམ། ༼ཅ༽ པ་ལ། རྗེ་བཙུན་བླ་མ་དམ་པ་ཚུལ་ཁྲིམས་བསྟན་པའི་ཉི་མ་དཔལ་བཟང་པོའི་རྣམ་པར་ཐར་བ་ནོར་བུའི་དོ་ཤལ་ལ་གྲངས། ༡༠༨ བསྟན་པའི་རྩ་ལག་ཡིལ་གོ་གསན་ཨེར་ཏེ་ནི་མེར་གེན་པཎྜི་ཏ་ཧུ་ཐོག་ཐུ་བློ་བཟང་བསྟན་པ་དར་རྒྱས་ཀྱི་རྣམ་ཐར་ནོར་བུའི་མེ་ལོང་ལ། ༡༡ ངེས་པ་


GTD005_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

དོན་གྱི་མཁས་གྲུབ་ཆེན་པོ་མཁས་གྲུབ་བསྟན་འཛིན་པའི་རྟོགས་པ་བརྗོད་པ་ལེགས་ཚོགས་སྒོ་འབྱེད་ལ། ༤༦ དགེ་ལྡན་བསྟན་པ་རྒྱས་པའི་སྨོན་ལམ་གྲུབ་པའི་བདེན་ཚིག་གི་འགྲེལ་པ་ལ། ༥ ཕུལ་བྱུང་ལེགས་བཤད་མའི་འགྲེལ་པ་མཁས་པའི་དགའ་སྟོན་ལ།་༡༣ གཉན་རྩེ་དཔོན་སློབ་རིན་པོ་ཆེའི་བསྟོད་འགྲེལ་ནོར་བུའི་དོ་ཤལ་ལ། ༦ བཀའ་གདམས་གོང་མའི་རྣམ་ཐར་དང་འབྲེལ་བའི་ཀུན་བཟང་འཁོར་ལོ་སྣ་ཚོགས་ཀྱི་སྐོར་ངོ་མཚར་འཕྲུལ་གྱི་ལེགས་བཤད་ལ། ༡༡ བདེན་གཏམ་དེ་ཉིད་གསལ་བའི་མེ་ལོང་ལ། ༤ ཀུན་གཟིགས་ལྔ་པ་ཆེན་པོས་མཛད་པའི་རྗེ་རིན་པོ་ཆེའི་བསྟོད་པ་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ཀྱི་དོན་འགྲེལ་དབྱར་སྐྱེས་སྒྲ་བརྒྱ་ལ། ༨ བདེ་བ་ཅན་གྱི་ཞིང་གི་ཡོན་ཏན་སེམས་པ་དང་སྒྲགས་ཏེ་སྨོན་ལམ་འདེབས་ཚུལ་བྱིན་རླབས་མྱུར་འཇུག་དང་། ཡིད་དགའ་ཆོས་འཛིན་གྱི་ཞིང་གི་


GTD005_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

བསྔགས་བརྗོད་བཅས་ལ། ༧ བདེ་བར་གཤེགས་པའི་སྐུ་གསུང་ཐུགས་རྟེན་བཞེངས་པ་དང་ཕྱག་མཆོད་སྐོར་བའི་ཕན་ཡོན་བསྟན་པ་རྣམ་དཀར་ལས་ལ་བསྐུལ་བྱེད་ལྷའི་རྔ་ཆེན་ལ། ༣༩ ལུང་སྟོན་བྱམས་པའི་དཀར་ཆག་གདངས་སྙན་ཆོས་གཎྚི་ལ། ༡༣ བཅོམ་ལྡན་འདས་མ་ལྷ་མོ་རིག་བྱེད་མ་ལ་བསྟོད་པའི་རྒྱ་ཆེར་འགྲེལ་པ་རྡོ་རྗེ་གསུམ་གྱི་སྣང་བ་ལ། ༡༣༩ རྡོ་རྗེ་གསུམ་གྱི་སྣང་བའི་བསྡུས་དོན་ལ། ༥ བ་རི་ལོ་ཙཱ་ནས་བརྒྱུད་པའི་ལོ་རྒྱུས་དང་། རིག་བྱེད་མ་ལ་འདོད་གསོལ་བཀྲ་ཤིས་ཆར་འབེབས་བཅས་ལ། ༥ འཕགས་མ་རིག་བྱེད་མ་ཕྱི་སྒྲུབ་ཀྱི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྗེས་གནང་བྱ་ཚུལ་གསལ་བར་བཀོད་པ་དངོས་གྲུབ་འགུགས་པའི་ལྕགས་ཀྱུ་ལ། ༧ འཇིགས་བྱེད་དཔའ་བོ་གཅིག་པའི་བསྐྱེད་རིམ་སྙིང་པོའི་དོན་གསལ་ལ། ༡༢ གཟུགས་མཆོག་མའི་འགྲེལ་པ་ལ། ༤ རྡོར་སེམས་བསྒོམ་བཟླས་ཀྱི་སྒོ་ནས་ཉེས་ལྟུང་སྦྱོང་བའི་ཉམས་ལེན་གྱི་སྙིང་པོར་བྱ་ཚུལ་ལ། ༣ མགོན་པོ་འོད་དཔག་མེད་ལ་བརྟེན་པའི་འཕོ་ཁྲིད་སོགས་ཀྱི་སྐོར་དག་ཞིང་དུ་མར་བགྲོད་པའི་མྱུར་ལམ་ལ། ༡༢ དཀར་ཆག་ལ་གྲངས་ ༢ བཅས་བསྡོམས་ཤོག་གྲངས། ༤༦༠ བཞུགས།། སརྦ་མངྒ་ལཾ།། །།

རྗེ་བཙུན་ཚུལ་ཁྲིམས་བསྟན་པའི་ཉི་མའི་རྣམ་ཐར།


GTD005_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

ཨབདནམཎིཀརྠཀནཱམགུརུབྷཊྚརཀོཏྟམཤཱིལཤཱསནསྱསཱུརྻྻཤྲཱིབྷདྲོབིཧརཏིསྨཿ
རྗེ་བཙུན་བླ་མ་དམ་པ་ཚུལ་ཁྲིམས་བསྟན་པའི་ཉི་མ་དཔལ་བཟང་པོའི་རྣམ་པར་ཐར་པ་ནོར་བུའི་དོ་ཤལ་ཞེས་བྱ་བ་བཞུགས་སོ། །


GTD005_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

ནམོགུརུབུདྡྷབོདྷིསཏྭསརབྷྱ།
བླ་མ་དང་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །
སརྦལོཀསུཁསུཁིཿ ཀཱརཀུརུམཾ། །
འཇིག་རྟེན་ཀུན་ཏུ་བདེ་སྐྱིད་འབྱུང་བར་མཛད་དུ་གསོལ།
བུདྡྷསྤཱུརྞྈྐོཤོཏྲྀཏེགམེརུཿ
སྤངས་རྟོགས་སྤོ་མཐོའི་ལྷུན་པོ་རྫོགས་སངས་རྒྱས། །


GTD005_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

སདྡྷརྨྨསྱཱབིཏྶཱུརྻྻནཱཤཡཱནྡྷཿ
མ་རིག་མུན་སེལ་ཉི་མ་དམ་པའི་ཆོས། །
སངྒྷོརཏྣཀཱརསྟབིངྱམུཀྟིཿ
རིག་གྲོལ་རིན་ཆེན་འབྱུང་གནས་དགེ་འདུན་ཏེ། །
བོདྷྱནྟཾཀཱརུཎྚིྲཤྴརཱཎཔཱཏུཾ། །
སྐྱབས་གསུམ་ཐུགས་རྗེས་བྱང་ཆུབ་བར་དུ་སྐྱོངས། །


GTD005_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བའི་ཆོས་ཚུ༷ལ་ཡོངས་ལ་མངའ་འབྱོར་ཅིང༌། །ཁྲི༷མས་ལྡན་དགེ་འདུན་འདུས་པའི་གཙུག་གི་རྒྱན། །ལུང་རྟོགས་བསྟ༷ན་པ༷འི་པད་ཚལ་རྒྱས་མཛད་པ། །སྨྲ་བའི་ཉི༷་མ༷་ལུས་ཅན་གཙུག་ན་རྒྱལ། །ཡོན་ཏན་སྒྲོལ་བའི་དབྱིངས་ཀྱི་ས་བོན་སྙིང་རྗེའི་རླན་གྱིས་བསྒོས་པ་ལས། །རིན་ཆེན་སེམས་ཀྱི་སྡོང་བུ་དར་དྲགས་ཚོགས་གཉིས་ཡལ་གའི་ཁྱོན་ཡངས་ཤིང༌། །ཕྱིན་དྲུག་བསྡུ་བཞིའི་མེ་ཏོག་རྣམ་བཀྲ་བདེ་ཆེན་སྐུ་བཞིའི་འབྲས་བུ་སྨིན། །ལྷུན་གྲུབ་འཕྲིན་ལས་གྲིབ་བསིལ་སྣུམ་པོས་འགྲོ་ལ་ཕན་བདེ་ཅི་ཡང་སྩོལ། །ཟླ་ཤེལ་གཅིག་ལས་ཡངས་པའི་འཇིག་རྟེན་དུ། །རང་འདྲ་རྒྱ་མཚོའི་རྡུལ་སྙེད་འཆར་བ་བཞིན། །མི་བཟད་རྒྱན་གྱི་འཁོར་ལོའི་གསང་གསུམ་གྱི། །རོལ་པ་ཡིད་ཀྱི་རྭ་བ་ལས་འདས་ཀྱང་། །དུས་མཐར་ཐུན་མོང་གདུལ་བྱའི་མོས་ངོ་དང་། །འཚམ་པར་བསྟན་པ་སྐྱེ་བའི་ཟློས་གར་ལ། །ཚུལ་གནས་ཐོས་བསམ་སྒོམ་པའི་རིམ་པ་ཡིས། །དོན་གཉིས་ལྷུན་གྱིས་གྲུབ་པའི་རྟོགས་པ་ནི། །སྡོམ་གསུམ་ཚུ༷ལ་ཁྲི༷མས་རྨང་གཞི་རབ་བརྟན་ལྷག་བསམ་ཤེལ་གྱི་རྭ་བས་བསྐོར། །མདོ་སྔགས་བསྟ༷ན་པ༷འི་གཞལ་མེད་ཁང་ཆེན་བཤད་སྒྲུབ་ཀ་བ་འབུམ་ལྡན་ཞིང༌། །འཕྲིན་ལས་ཉི༷་མ༷་སྟོང་གི་གཟི་འབར་གསེར་གྱི་རྒྱ་ཕིབས་མངོན་མཐོ་བ། །སྐལ་བཟང་ལྷ་བརྒྱའི་བསྟི་གནས་དེ་འདིར་དགའ་དད་སྤྲོ་བའི་འཇུག་ངོགས་ཡིན། །མཁའ་དང་འཛིན་མའི་དཀྱིལ་འཁོར་


GTD005_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

དབྱར་གྱི་ལང་ཚོས་བསྟེན་པ་ན། །ཡིད་འོང་མདོངས་མཐའི་རྒྱལ་མོ་འཇོ་སྒེག་ཉམས་ཀྱིས་རོལ་པ་བཞིན། །རྒྱལ་བསྟན་འཛིན་སྐྱོང་སྤེལ་བའི་ཡོན་ཏན་ལྷུན་གྱིས་རྫོགས་མཐོང་ཚེ། །མཛངས་ཤིང་དེས་པ་རྣམས་ནི་བསྟོད་བཀུར་བསྔགས་ལ་སྤྲོ་བ་འཛིན། །ལྕེ་རྐན་གཙུབ་ཤིང་བརྡར་བའི་མོད་ཉིད་ལ། །ཆགས་སྡང་དུ་བ་འཐུལ་བའི་གཤིས་མིན་པར། །དམ་པའི་ཡོན་ཏན་ཟླ་ཤེལ་དང་འགྲོགས་པས། །ལེགས་བྱས་བདུད་རྩིའི་རྒྱུན་འབེབས་ཆུ་ཤེལ་དངོས། །མཁས་བཙུན་བཟང་པོའི་རྣམ་ཐ༷ར་ཐ༷ར་འདོད་བུང་བའི་ཉེར་འཚོ་མཆོག །ཕྱོགས་ལྷུང་སྐྱོན་གྱི་ཚེར་མ༷་མ༷་འདྲེས་ཉེ་བར་ཞི་བའི་གཏམ། །སྙན་ཚིག་འདབ་འཕྲེང་སྡེབ་ལེ༷གས་ལེ༷གས་བཤད་པདྨའི་དགའ་ཚལ་འདིར། །གཟུ་བོར་གནས་པའི་མཁས་ཀུ༷ན་ཀུ༷ན་དགའི་གར་གྱིས་རྩེན་པར་བྱོས། །དེའང་སྒོ་གསུམ་བག་ཡོད་པའི་བརྟུལ་ཞུགས་ལ་གནས་པས་ཉེས་ལྟུང་གི་དྲི་མ་རིང་དུ་སྤངས་ཏེ་ཚུལ་ཁྲིམས་རྣམ་པར་དག་པའི་བདུད་རྩིས་ཐུགས་རྒྱུད་ཡོངས་སུ་གཏམས་པའི་གནས་བརྟན་འདུལ་བ་འཛིན་པ། རྟག་སྦྱོར་གུས་སྦྱོར་གྱི་བརྩོན་པ་དང་སྐྱེས་ཐོབ་སྦྱངས་ཐོབ་ཀྱི་ཤེས་རབ་ཟུང་དུ་འཇུག་པའི་གྲུ་གཟིངས་ཀྱིས་མདོ་སྔགས་རིག་གནས་རྒྱ་མཚོའི་ཕ་རོལ་ཏུ་སོན་པའི་སྨྲ་བའི་ཁྱུ་མཆོག །བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེའི་གོ་ཆ་བགོས་ཏེ་ཚུལ་ཁྲིམས་གསུམ་གྱིས་བསྡུས་པའི་


GTD005_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པ་བྱ་དཀའ་བ་མཐའ་དག་ལ་ཞུམ་པ་མེད་པར་སློབ་པའི་རྒྱལ་སྲས་དཔའ་བོ། དཀྱིལ་འཁོར་རྒྱ་མཚོའི་བསྙེན་སྒྲུབ་མཐར་སོན་ཅིང་མཚན་བཅས་མཚན་མེད་དང་རིམ་གཉིས་ཟབ་མོའི་རྟོགས་པ་ཀློང་དུ་གྱུར་པའི་རྣལ་འབྱོར་གྱི་དབང་ཕྱུག་དཔལ་ལྡན་བླ་མ་དམ་པ་ཚུལ་ཁྲིམས་བསྟན་པའི་ཉི་མ་དཔལ་བཟང་པོའི་རྣམ་པར་ཐར་པ་ཆེ་ལོང་ཙམ་ཞིག་བསྙད་པར་བྱ་བ་ནི། སྐུ་ཚེ་སྔ་མར་གྲུབ་པའི་འཁོར་ལོས་སྒྱུར་བ་ཆེན་པོ་སྤྱོད་འཆང་དབང་པོའམ་ནག་པོ་པ་ཞེས་མགོན་པོ་མངོན་འབྱུང་གི་རྒྱུད་ལས་གང་དུ་འཁྲུངས་པའི་ཡུལ་དང་མཛད་པ། བུ་ཆེན་བཟང་པོའི་ཞབས་དང་དགེ་ཚུལ་ཚེམས་བུ་པ་སོགས་འཇའ་ལུས་རྡོ་རྗེའི་སྐུ་བརྙེས་པའི་སློབ་མ་དྲུག་དང་བཅས་པ་ལུང་བསྟན་ཅིང༌། དུས་འཁོར་གྱི་རྒྱུད་ཕྱི་མ་འགྱུར་རྙིང་ལས་ཀྱང་མཚན་སྒྲ་གསལ་བར་ལུང་བསྟན་པ་དེ་ཉིད་དང༌། རྗེ་བླ་མའི་ཐུགས་སྲས་འཕྲིན་ལས་ནམ་མཁའ་དང་མཉམ་པ་བདུན་གྱི་ནང་ཚན་འཇམ་དབྱངས་ཆོས་ཀྱི་རྗེ་བཀྲ་ཤིས་དཔལ་ལྡན་པ་ཞེས་གཞུང་ཆེན་བརྒྱ་དང་སུམ་ཅུ་ཐུགས་ལ་བཟུང་སྟེ་བཤད་པ་གནང་ཞིང༌། དཔལ་ལྡན་འབྲས་སྤུངས་ཀྱི་ཆོས་སྡེ་ཆེན་པོ་ཕྱག་བཏབ་པས་དགེ་ལྡན་རིང་ལུགས་མི་ནུབ་པའི་རྒྱལ་མཚན་འཛུག་པར་མཛད་པ་དེ་ཉིད་སོགས་རྒྱ་བོད་གཉིས་ཀར་མཁས་པ་དང་གྲུབ་པའི་སྐྱེ་འཕྲེང་ནམ་མཁའི་ཉི་ཟླ་ལྟ་བུ་དུ་མ་རིམ་པར་བརྒྱུད་པའི་ཚུལ། རྗེ་བླ་མའི་སྙན་བརྒྱུད་མན་ངག་གི་བདག་པོ་བ་སོ་ཆོས་ཀྱི་རྒྱལ་མཚན་གྱི་སྐྱེ་མཐའ་རྟ་ཚག་རྗེ་དྲུང་ཡེ་ཤེས་བློ་བཟང་བསྟན་པའི་མགོན་པོས་མཛད་པའི་འཁྲུངས་རབས་སུ་གསལ་བ་དང༌། གཞན་ཡང་འཁྲུལ་བྲལ་ཡེ་ཤེས་ཀྱི་སྤྱན་


GTD005_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པའི་ལྷ་བླ་མ་དུ་མའི་ལུང་གིས་ཟིན་པ་ལྟར་རོ། །འོ་ན་ཏཱ་ར་ནཱ་ཐ་ཡན་གྱི་སྐུ་འཕྲེང་གོང་མ་རྣམས་རྗེ་བཙུན་དམ་པའི་འཁྲུངས་རབས་སུའང་བཞུགས་པས་འདི་དང་མི་འབྲེལ་སྙམ་པ་ནི་བློ་གྲོས་དམན་ཞིང་མཐོང་རྒྱ་ཆུང་བའི་སྐྱོན་ཏེ། མཁན་ཆེན་ངག་དབང་གྲགས་པ་དང་ཞྭ་ལུ་བ་ལེགས་པ་རྒྱལ་མཚན་ལྟ་བུ་དམ་པ་སོ་སོའི་འཁྲུངས་རབས་ན་ཡོད་པ་ཤིན་ཏུ་མང་ཞིང་འཁྲུངས་རབས་ཆེ་བ་ཕལ་ཆེར་གྱི་ཕུགས་རིགས་གསུམ་མགོན་པོ་གང་རུང་ལ་ཐུག་ཅིང༌། རིགས་གསུམ་མགོན་པོ་ངོ་བོ་གཅིག་པར་བཀའ་གདམས་གླེགས་བམ་ལས་འབྱུང་བ་དང༌། ཁྱད་པར་དུ་ཐེག་པ་ཆེན་པོ་མདོ་སྡེ་རྒྱན་ལས། ཇི་ལྟར་ཉི་མའི་དཀྱིལ་འཁོར་གྱི། །འོད་ཟེར་དཔག་ཏུ་མེད་འདྲེས་ཤིང༌། །རྟག་ཏུ་བྱ་བ་གཅིག་ལ་འཇུག །འཇིག་རྟེན་ལ་ཡང་སྣང་བ་བྱེད། །དེ་བཞིན་ཟག་མེད་དབྱིངས་ན་ཡང༌། །སངས་རྒྱས་དཔག་ཏུ་མེད་འདྲེས་ཤིང༌། །མཛད་པ་གཅིག་ནི་མཛད་པ་ལ། །ཡེ་ཤེས་སྣང་བར་མཛད་པར་འདོད། །ཅེས་ཉི་མའི་ཆ་ཤས་ཀུན་གྱི་འོད་ཟེར་འདྲེས་ནས་འཇིག་རྟེན་སྣང་བར་བྱེད་པ་དང༌། ཡང༌། ཀླུང་དག་ས་ཡི་འོག་ཏུ་མ་སོང་བ། །ཞེས་པ་ནས། རྒྱ་མཚོར་སོང་བར་གྱུར་ན་ཐམས་ཅད་ཀྱང༌། །གནས་རྣམས་གཅིག་ཅིང་ཆུ་ཡང་ཆེ་ལ་གཅིག །བྱ་བ་གཅིག་ཅིང་ཆུ་ལ་གནས་པ་ཡི། །སྲོག་ཆགས་མང་བོའི་རྟག་ཏུ་ཉེར་སྤྱད་ཆེ། །སངས་རྒྱས་ཉིད་དུ་མ་ཞུགས་བརྟན་པ་རྣམས། །རྟེན་ཀྱང་ཐ་དད་བློ་གྲོས་ཐ་དད་ཅིང༌། །རྟོགས་ཆུང་རང་གི་བྱ་བ་ཐ་དད་ལ། །སེམས་ཅན་ཉུང་དོན་རྟག་ཏུ་ཉེར་སྤྱད་


GTD005_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། །སངས་རྒྱས་ཉིད་དུ་ཞུགས་ན་དེ་དག་ཀུན། །རྟེན་ཀྱང་གཅིག་ཅིང་རྟོགས་པ་ཆེ་ལ་གཅིག །མཛད་པ་གཅིག་ཏུ་འདྲེས་ཤིང་རྟག་པར་ཡང༌། །སེམས་ཅན་ཚོགས་ཆེའི་ཉེ་བར་སྤྱད་པ་ཆེ། །ཞེས་ཆུ་ཀླུང་མཐའ་དག་རྒྱ་མཚོར་འདྲེས་ན་རོ་གཅིག་ཏུ་འགྱུར་བ་བཞིན། སངས་རྒྱས་པ་ན་ངའོ་སྙམ་པས་ཕྱེ་བས་རྒྱུད་ཐ་དད་ཀྱི་རྣམ་གཞག་མེད་ལ། གདུལ་བྱའི་སྔོན་གྱི་འབྲེལ་བའི་དབང་གིས་ཐ་དད་སྣང་རྒྱུའང་ཡོད་པ་མི་འགལ་བས། དེ་ཉིད་ལས། ཟག་མེད་དབྱིངས་ན་སངས་རྒྱས་རྣམས། །མཁའ་ལྟར་ལུས་ནི་མེད་ཕྱིར་དང༌། །སྔོན་གྱི་ལུས་རྗེས་འབྲང་བའི་ཕྱིར། །གཅིག་མིན་མང་པོ་ཉིད་མ་ཡིན། །ཞེས་དང༌། རིགས་ཐ་དད་ཕྱིར་དོན་ཡོད་ཕྱིར། །རྫོགས་ཕྱིར་ཐོག་མ་མེད་པའི་ཕྱིར། །སངས་རྒྱས་གཅིག་མིན་དྲི་མེད་གནས། །ཐ་དད་མེད་ཕྱིར་མང་པོའང་མིན། །ཞེས་གསུངས་སོ། །འདི་ནི་མངོན་པ་ཀུན་བཏུས་ལས་བསམ་མི་ཁྱབ་བཞིར་གསུངས་པའི་ནང་ནས་ཀྱང༌། མི་མཉམ་པ་ནམ་མཁའ་དང་མཉམ་པའི་བསམ་མི་ཁྱབ་ཀྱི་མཐར་ཐུག་ཏུ་གསུངས་པས་བློར་ཤོང་དཀའང༌། དམ་པའི་གསུང་ལ་ཡིད་ཆེས་ཀྱི་དད་པ་བསྐྱེད་ན་ཕན་ཡོན་ཤིན་ཏུ་ཆེ་བ་ནི། འཆི་མེད་རྔ་སྒྲའི་གཟུངས་ལས། བསམ་མི་ཁྱབ་ལ་དད་བྱས་ན། །རྣམ་པར་སྨིན་པའང་བསམ་མི་ཁྱབ། །ཅེས་གསུངས་པ་ལྟར་རོ། །དེར་མ་ཟད་ས་དང་པོར་སྤྲུལ་བ་བརྒྱ་འགྱེད་པ་ནས་བཟུང་གོང་མ་གོང་མར་སྟོང་གསུམ་འབུམ་ཕྲག་དུ་མའི་རྡུལ་སྙེད་ཀྱི་སྤྲུལ་བ་སྟོན་པར་གསུངས་པ་རང་གིས་ཁས་ལེན་ཅིང༌། དེའི་སྒོ་ནས་བསྔགས་པ་བརྗོད་བཞིན་དུ་ཕྱོགས་གཉིས་ནས་སྤྲུལ་བ་གཉིས་


GTD005_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ན་འགལ་བར་རྩི་བ་ནི་རང་ཚིག་དངོས་སུ་འགལ་བ་ཡིན་པས། དོན་མེད་པའི་གནས་ལ་རྟོག་གེའི་རིགས་པ་འཚང་སྟེ་ལོག་རྟོག་གི་འཕྲེང་བ་མི་སྤེལ་བར། རང་རང་ལ་གང་འཚམ་དུ་བསྟན་ཅིང་གདམས་པའི་ངོ་སྐལ་དེ་ཉིད་བདག་གིར་བྱས་ཏེ་མོས་གུས་སྦྱངས་ན་སྨན་ཡོན་དུ་འགྱུར་རོ། །ཚོན་བརྒྱའི་མདངས་དང་འགྲོགས་པའི་དྭངས་ཤེལ་བཞིན། །མཐའ་ཡས་གདུལ་བྱའི་སྐལ་བའི་རྗེས་འགྲོ་བ། །གཅིག་མིན་གཞན་མིན་ཡེ་ཤེས་འབྱུང་ལྔའི་མདངས། །གཟུགས་སྐུའི་འཇའ་ཚོན་རི་མོ་ཅིར་ཡང་སྣང༌། །ལྷ་བུ་ཉི་མ་དངོས་སམ་གཞལ་ཡས་སུ། །རྩོད་པར་མི་ལྟོས་གྲགས་པའི་གདུང་སེལ་བཞིན། །རྟོག་གེའི་འཁྲུལ་པར་མི་འཕྱན་གང་འདུལ་གྱི། །བཀོད་པར་མོས་པས་སྨིན་ཅིང་གྲོལ་བ་འཐོབ། །དེའང་སྐུ་འཕྲེང་གོང་མ་དེ་དག་ལས་འགའ་ཞིག་ལ་རྣམ་ཐར་ལོ་རྒྱུས་རྒྱས་ཀྱང་ཆ་ཚང་བ་ཞིག་མ་རྙེད་པས་རེ་ཞིག་བཏང་སྙོམས་སུ་བཞག །གདན་ས་འདི་ཉིད་ཀྱི་དབང་དུ་བྱས་པའི་སྐུ་གོང་མ་རྗེ་མི་ཉག་བློ་གྲོས་དར་རྒྱས་དཔལ་བཟང་པོ་ནས་བརྩམས་ཏེ་གླེང་བ་ལ། རྗེ་གོང་མ་དེ་ཉིད་གང་དུ་འཁྲུངས་པའི་ཡུལ་ནི། རྗེ་ཙོང་ཁ་པ་ཆེན་པོ་སྐུ་བལྟམས་པའི་གནས་ཁྱད་པར་ཅན་དང་མི་རིང་བའི་སའི་ཆ་བུམ་པར་རྟེའུ་ཆུང་ཞེས་པར་རབ་བྱུང་བཅུ་གཅིག་པའི་ཤིང་ཡོས་ལ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་སྐུ་འཁྲུངས། དེ་ནས་རིང་པོ་མ་ལོན་པ་ན་སྔོན་གྱི་བག་ཆགས་ཡོངས་སུ་སད་པས་ཁྱིམ་གྱི་གནས་ནི་དུག་སྦྲུལ་གྱི་ཚང་ལྟ་བུར་གཟིགས་ཏེ། སྐུ་འབུམ་དུ་བྱོན་ནས་རྒྱུད་པ་བླ་མ་སྙེ་ཀྱཱ་དགེ་ལེགས་དཔལ་ལྡན་ལས་ཡོངས་རྫོགས་


GTD005_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བསྙེན་གྱི་སྡོམ་པ་དང་རབ་བྱུང་གི་ཚུལ་ཁྲིམས་ཡང་དག་པར་བླངས་ནས་ཀློག་པ་དང་ཐོས་བསམ་སོགས་ལ་བརྩོན་པར་མཛད། རིང་པོར་མ་ལོན་པར་དབུས་གཙང་དག་པའི་ཞིང་དུ་ཕེབས་ནས་དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་གི་ཆོས་གྲྭར་ཞུགས་ཏེ་༸རྒྱལ་དབང་ཡབ་སྲས་སོགས་སྐྱེས་ཆེན་དམ་པ་དུ་མའི་ཞབས་ལ་བསྟེན། ཁྱད་པར་མཁས་གྲུབ་ཀུན་གྱི་གཙུག་རྒྱན་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེའི་ཞབས་ལ་གཏུགས་ནས་མདོ་སྔགས་ཀྱི་གདམས་པ་མཐའ་ཡས་པ་གསན། བཀའ་པོད་ཆེན་པོ་རྣམས་ལ་སྦྱངས་པ་མཐིལ་ཕྱིན་པ་མཛད། གསང་ཕུར་ཕེབས་ནས་བཀའ་བཅུའི་མིང་བཏགས་གནང༌། གསང་ཆེན་གདམས་པའི་གཏེར་མཛོད་བྲག་དཀར་སྔགས་རམས་པ་སོགས་དགེ་བའི་བཤེས་གཉེན་དུ་མ་བསྟེན་ནས་དབང་རྗེས་གནང་ཁྲིད་མན་ངག་སོགས་ཟབ་ཆོས་མང་དུ་གསན་པ་དང༌། ཇོ་ཤཱཀ་སོགས་ལ་མཆོད་འབུལ་ཕྱག་སྐོར། དབུས་གཙང་ཀུན་ཏུ་གནས་མཇལ་སོགས་དབུས་ཕེབས་ཀྱི་དགོངས་དོན་མཐའ་དག་ལྷུན་གྱིས་གྲུབ་ནས་སླར་མདོ་སྨད་དུ་ཕེབས། མཁས་བཙུན་བཟང་པོའི་སྙན་གྲགས་ཆེ་ཞིང་སྔོན་གྱི་ལས་འབྲེལ་གྱིས་བསྐུལ་ནསཀུན་གྱིས་བླ་མར་བཀུར་ཏེ། མཚོ་སྔོན་ཕྱོགས་ཀྱི་ཝང་པཻ་ལི་ཇ་སག་སོགས་བླ་དཔོན་ཕལ་ཆེར་སྦྱིན་བདག་ཏུ་གྱུར་པས་དེ་དག་ལ་འདོད་མོས་བཞིན་ཆོས་ཀྱི་ཆར་ཕབ། ཉིད་ཀྱི་སྐུ་གོང་མའི་འཁྲུངས་ཡུལ་ཁྲི་ག་གསེར་མོ་ལྗོངས་སུ་བསྟན་འགྲོའི་ཕན་བདེར་དམིགས་བོད་ཁ། སྐེ་བ་ཞེས་གྲགས་པའི་སར་དགོན་པ་དགའ་ལྡན་དར་རྒྱས་གླིང་དང༌། ཁྲི་ཀའི་མཁར་གྱི་ཐག་ཉེར་སྔོན་རྗེ་བཙུན་སྒྲོལ་བའི་


GTD005_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོའི་སྐུ་ཚེ་རྗེས་མར་སྔགས་ཆེན་འཕྲིན་ལས་འབུམ་དུ་སྐྱེ་བ་བཞེས་སྐབས་སྒྲུབ་པ་བྱེད་པའི་གནས་དེར་གསང་སྔགས་བདེ་ཆེན་ཆོས་འཕེལ་གླིང་དང་བཀྲ་ཤིས་ཆོས་གླིང་ཞེས་པའི་རི་ཁྲོད་གཉིས་བཏབ། ཧོར་ཀྱཱའི་གྲྭ་ཚང་བསམ་གཏན་རབ་རྒྱས་གླིང་ཞེས་པའང་འདེབས་པར་མཛད་དེ་བཤད་སྒྲུབ་རྣམ་པར་དག་པའི་དགེ་འདུན་གྱི་སྡེ་མང་དུ་བཙུགས། གསང་སྔགས་བདེ་ཆེན་ཆོས་འཕེལ་གླིང་དེར་ཡུན་རིང་པོའི་བར་དུ་སྒྲུབ་པ་ནན་ཏན་གནང༌། རྒྱ་བོད་ཧོར་སོག་གིས་མཚོན་ཕྱོགས་མཐའ་དག་ནས་ཡོང་བའི་དད་ལྡན་སེར་སྐྱ་དྲག་ཞན་མང་པོ་ལ་རང་རང་གི་སྐལ་བ་དང་འཚམ་པར་དམ་པའི་ཆོས་ཀྱི་བདུད་རྩིས་ཡིད་ཚིམ་པར་མཛད། དེ་ནས་སྐུ་འབུམ་ཆོས་སྡེ་ཆེན་པོར་ཕེབས་སྐབས་ལས་སྣེ་ཐུན་མོང་ནས་བསྟན་པ་སྤྱི་དང༌། ལྷག་པར་དགོན་པ་འདིའི་བཤད་སྒྲུབ་ཀྱི་བྱ་བ་འཕེལ་བ་ལ་བར་དུ་གཅོད་པའི་གེགས་སེལ་བའི་ཆེད་དུ་ཞབས་བརྟན་རིམ་གྲོ་ཞིག་སྒྲུབ་དགོས་ཚུལ་ཞུས་པ་བཞིན་རྒྱུད་གྲྭའི་འདུ་ཁང་གི་ཁྱམས་རར་རྗེ་ཉིད་སྒྲུབ་གྲོགས་དགེ་འདུན་གྱི་ཚོགས་དང་བཅས་པས་འཇིགས་བྱེད་ཀྱི་བསྙེན་པ་རྒྱུན་རིང་གནང་སྟེ་མཇུག་ཏུ་ཞི་བའི་སྦྱིན་སྲེག་མཛད་པས་དགེ་བའི་བཤེས་གཉེན་རྣམས་དང་མཇལ་བ་སེར་སྐྱ་མཐའ་དག་ལ་ངོ་མཚར་བའི་མཐོང་སྣང་མི་འདྲ་བ་སྣ་ཚོགས་བྱུང༌། དེ་དག་ལ་བརྟེན་ནས་སྐྱེ་བོ་ཀུན་ལྷག་པར་དད་དེ་འདི་ནི་ངེས་པར་མཁས་ཤིང་གྲུབ་པ་བརྙེས་པའི་རྣལ་འབྱོར་པ་ཆེན་པོ་ཞིག་གོ་ཞེས་ཕྱོགས་ཀུན་ཏུ་གྲགས། དེ་ནས་རྒྱུད་པའི་སེང་ཁྲིར་བཞུགས་ནས་སྔགས་ཀྱི་འཆད་ཉན་ལ་ཐུགས་ཁུར་ཆེ་བཞེས་མཛད། གྲྭ་པ་


GTD005_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་འགྲིམ་པ་རྣམས་ལ་སྒོ་དུ་མ་ནས་ཆོས་ལ་སྦྱོར་བའི་རྟིང་བསྐུལ་དང་གང་དྲག་གནང༌། ལྷག་པར་རྒྱུད་གྲྭ་འདིར་སྔར་པཎ་ཆེན་ཐམས་ཅད་མཁྱེན་པའི་གཏོར་ཆོག་མཚོན་ཆ་འབར་བའི་འཁྲུལ་འཁོར་ལྟར་གྱི་ལྕགས་མཁར་ཟུར་བཅུ་དྲུག་པ་མ་གཏོགས་ལྕགས་མཁར་ཟུར་དགུ་བའི་ཕྱག་ལེན་མ་དར་བས། རྗེ་འདིས་ལྕགས་མཁར་ཟུར་དགུ་བའི་ཕྱག་ལེན་བཙུགས། སྔ་མ་འགའ་ཞིག་བུ་སྟོན་གྱི་གསུང་ཟིན་སོགས་ལ་བརྟེན་ནས་དྲུག་ཅུ་པ་བརྩེགས་པའི་སྔོ་ཚུལ་མི་འཐད་པར་སྨྲ་བ་བྱུང་ཡང༌། འདི་ནི་རྟོག་བདུན་གྱི་རྟོག་པ་གཉིས་པ། བཤད་རྒྱུད་རྟོག་གསུམ་གྱི་རྟོག་པ་དང་པོ་དང་གསུམ་པ་སོགས་འཕྲུལ་འཁོར་གྱི་རྣམ་བཞག་སྟོན་པའི་གཤེད་སྐོར་ཀུན་གྱི་དགོངས་པ་གཏོར་མ་ལ་བརྟེན་པའི་འཕྲུལ་འཁོར་ཡིན་ཞིང༌། ལྷག་པར་ཟུར་དགུ་པ་འདི་ནི་རྭ་ལོའི་གཏོར་ཆོག་ལས། དྲུག་ཅུ་རྩ་བཞི་བརྩིག་ཚུལ་ནི། །ཕྱི་ཡི་ཟུར་དགུ་ཉིས་བརྩེགས་དང༌། །ཞེས་སོགས་ཀྱིས་འཇིགས་བྱེད་དཔའ་བོ་གཅིག་པ་དང་ལས་གཤིན་སྦྲགས་སྒྲུབ་ལ་བརྟེན་པའི་ལྕགས་མཁར་ཟུར་དགུ་བའི་རྣམ་གཞག་གསུངས་པ་ཀུན་གཟིགས་ལྔ་པ་ཆེན་པོས་གཏོར་ཆོག་སྲིད་གསུམ་རྣམ་རྒྱལ་དུ་གསལ་བར་མཛད་པ་ཡིན་པས། སྔགས་འཆང་རྣམས་ཀྱིས་བསྟན་པ་སྲུང་པའི་ལག་ཆ་རྨད་དུ་བྱུང་བར་གཟིགས་ནས་བསྟན་པའི་ལྕགས་རི་ལྟ་བུར་བཙུགས་པ་ཡིན་ལ། གྲྭ་པ་རྣམས་སྔར་རྒྱུས་མེད་པའི་ཐིག་དང་བརྩིགས་ཚུལ་སོགས་སྦྱོར་དངོས་རྗེས་ཀྱི་ཕྱག་ལེན་ཆ་ཚང་བ་ཉིད་ནས་ཞིབ་ཁྲིད་མཛད། དེའི་ངག་འདོན་དང་ཀུན་སྤྱོད་སོགས་ཀྱི་རིམ་པ་ཡི་གེར་བཀོད་ནས་མཁར་ཐབས་གཉིས་པོ་ལོ་རེ་བཞིན་རེས་


GTD005_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

མོས་ཀྱིས་སྒྲུབ་པའི་སྲོལ་བཙུགས་ནས་ཐུགས་བསྐྱེད་ཀྱི་དབང་གིས་ད་ལྟའི་བར་གོང་འཕེལ་དུ་གནས། དེ་ནས་རྒྱུད་ཁྲིའི་དགོངས་པ་ཞུས་ཏེ་སླར་ཡང་ཁྲི་ཀར་ཕེབས་ནས་ཐུགས་དམ་ལ་གཞོལ་བར་མཛད། སྐབས་ཤིག་ཏུ་སྦྱིན་བདག་ཅིག་གིས་གདན་དྲངས་པ་བཞིན་ཕེབས་པ་དང་ལམ་དུ་ཆིབས་པ་འདྲོག་སྟེ་ཆིབས་གོང་ནས་བསྐྱུར་བས། ཞབས་གྲས་པ་རྣམས་ལ་འདིར་ཁལ་ཕོག་སྟེ་རས་གུར་ཕུབ་ཅེས་གསུང༌། དེ་ནས་ཉིད་རས་གུར་དུ་བཞུགས་ཏེ་ཁྱོད་ཚོ་ཐག་རིང་ལ་སོང༌། ངས་བརྡ་མ་བྱས་པར་དུ་སྡོད་ཅིག་ཅེས་གསུང༌། ཡུན་རིང་ཙམ་སོང་བ་དང་ཞབས་གྲས་པ་རྣམས་ལ་བོས་ནས་མདུན་དུ་སོང་བས། སེམས་ཅན་ལ་གནོད་པ་བྱེད་མཁན་གྱི་མི་མ་ཡིན་མ་རུང་བ་གསུམ་འདུག་པས་བཟུང་བ་ཡིན་ཀྱང་གཉིས་ཤོར་སོང༌། གཅིག་འདིའོ་ཞེས་ཐེའུ་རང་རྐང་གཅིག་གི་གཟུགས་ཤིག་མདུན་ན་འདུག་པ་བསྟན་པས་ཞབས་གྲས་པ་རྣམས་ཀྱང་ཡ་མཚན་པར་གྱུར། རྗེ་ཉིད་ལ་ད་འདིས་ཅི་བྱེད་ཞུས་པས། བྱེད་རྒྱུ་གཞན་མེད་སྲུང་མའི་སྤྱན་གཟིགས་ལ་ཕུལ་གསུང་སྟེ། དེང་སང་ཡང་ཀུན་གྱིས་མངོན་སུམ་དུ་རེག་རྒྱུ་དང་མཐོང་རྒྱུ་ཡོད་དོ། །རབ་བྱུང་བཅུ་གསུམ་པའི་ས་སྦྲུལ་ལོར་རྒྱལ་བ་གཉིས་པའི་གདན་ས་སྐུ་འབུམ་ཆོས་སྡེ་ཆེན་པོའི་ཁྲི་ལ་བཞུགས་ཏེ་དགེ་འདུན་འདུས་པ་རྒྱ་མཚོར་ཟབ་ཅིང་རྒྱ་ཆེ་བའི་དམ་པའི་ཆོས་ཀྱི་ཆར་ཕབ། ལོ་དེར་སྐྱབས་མགོན་དམ་པ་ལྕང་སྐྱ་རོལ་པའི་རྡོ་རྗེ་རྒྱ་ནག་ནས་མདོ་སྨད་དུ་བྱོན་སྐབས་རྗེའི་གསེར་གདུང་སོགས་མཇལ་བཞེད་ཀྱིས་གདན་ས་སྐུ་འབུམ་ཆོས་སྡེ་འདིར་ཕེབས། གདན་ས་པ་དམ་པ་འདི་ཉིད་རྗེ་རོལ་པའི་རྡོ་རྗེའི་དྲུང་དུ་ཕྱག་དབང་ཞུ་བར་ཕེབས་


GTD005_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས། རྗེ་ལྕང་སྐྱ་རིན་པོ་ཆེ་ཐུགས་ཤིན་ཏུ་དགྱེས་པའི་སྒོ་ནས་མདོ་སྔགས་ཀྱི་དྲི་བ་མང་དུ་གནང་ཞིང༌། ཁྱད་པར་ཟབ་མོ་དབུ་མའི་ལྟ་བའི་སྐོར་ནས་དཀའ་གནས་ཀྱི་དྲི་བ་མང་དུ་མཛད་པས། ཞུ་ལན་ལུང་རིགས་ཀྱིས་མཐའ་ཆོད་པ་ཐོགས་མེད་དུ་ཕུལ་བས། ལྕང་སྐྱ་ཐམས་ཅད་མཁྱེན་པ་ཐུགས་གཏིང་ནས་ཚིམ་པས་ཕྱག་ཐལ་མོ་སྦྱར་ཏེ་བསྔགས་བརྗོད་མཛད། རྗེ་འདི་ལ་ཕྱག་ཆེན་གྱི་ཁྲིད་ཅིག་གནང་རྒྱུའི་སྙན་གསན་ཕུལ་ཡང༌། ལྕང་སྐྱ་རིན་པོ་ཆེའི་ཞབས་ཕྱི་ལ་རྒྱ་མིའི་དཔོན་པོ་ཆེ་དྲག་མང་པོ་ཡོང་ནས་སྐུ་ལ་བཅར་སྡོད་བྱས་ཡོད་པས་གདན་ས་འདིར་གནང་སྟབས་མ་འགྲིག་པར་བརྟེན། རྗེ་ལྕང་སྐྱ་རིན་པོ་ཆེ་དང་རྗེ་འདི་པ་གཉིས་ཞབས་གྲས་ཉུང་ངུར་བྱས་ནས་ཆོས་སྡེ་ཆེན་པོ་བྱ་ཁྱུང་དུ་ཕེབས་ཏེ་དེར་དགའ་ལྡན་ཕྱག་རྒྱ་ཆེན་པོའི་ཁྲིད་ལུང་རིགས་ཀྱི་ལམ་ནས་དྲངས་པའི་ལེགས་བཤད་ཀྱི་དགའ་སྟོན་གཞན་ལས་ཁྱད་དུ་འཕགས་པའི་གསུང་བཤད་ཤིན་ཏུ་རྒྱས་པར་ཕུལ་ཅིང༌། ལྷག་པར་ལྟ་བའི་སྐོར་ལ་བོད་ཀྱི་ལྟ་སྒོམ་མི་འདྲ་བ་སོ་སོ་དང༌། དེ་ལས་རྗེ་བླ་མའི་རང་ལུགས་འདི་ཁྱད་པར་འཕགས་ཚུལ་སོགས་མ་འདྲེས་པར་ཕྱེ་སྟེ་ཞིབ་ཏུ་བཀྲོལ་བས་རྗེ་ལྕང་སྐྱ་རིན་པོ་ཆེའི་ཐུགས་ཤིན་ཏུ་འཕྲོག་སྟེ་རྗེ་འདི་ལ་གུས་པ་ཆེར་མཛད་ཅིང་བསྔགས་བརྗོད་ཡང་ཡང་གནང་བའི་སྟོབས་ཀྱིས་མཁས་པའི་གྲགས་པ་མཐའ་དབུས་ཀྱི་ཕྱོགས་ཀུན་ཏུ་ཁྱབ་པར་གྱུར། དེའི་སྐབས་སུ་གདན་ས་འདིར་བཞུགས་ཀྱི་དགེ་བའི་བཤེས་གཉེན་སུམ་ཅུ་ལྷག་གིས་ཀྱང་བཀའ་ཆོས་མང་དུ་ཞུས་ཤིང་མདོ་སྔགས་ཀྱི་དཀའ་གནས་ལས་བརྩམས་ཏེ་དྲི་བ་མང་དུ་ཞུས་པར་བཀའ་ལན་ཐོགས་


GTD005_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དུ་གནང༌། རྗེ་ལྕང་སྐྱ་རིན་པོ་ཆེ་འདི་ག་ནས་ཕེབས་ཁར་ཉིད་ལ་རྗེ་ཙོང་ཁ་པའི་འཁྲུངས་གནས་ཁྱད་པར་ཅན་འདིར་རྗེ་ཉིད་དང་དགེ་བའི་བཤེས་གཉེན་དམ་པ་འདི་རྣམས་དང་ལྷན་རྒྱས་སུ་འདུག་འདོད་ཆེའང༌། གོང་མའི་བཀའ་བཞིན་འཕྲལ་དུ་བསྐྱོད་དགོས་པར། སླར་མཇལ་ནས་ཆོས་ཀྱི་དགའ་སྟོན་མྱོང་བའི་འདུན་པ་བྱེད་ཅེས་ཐུགས་འཕྲེང་བའི་རྣམ་པ་མཛད། ལྕགས་རྟའི་ལོ་རྒྱ་ཡག་མཁན་པོ་ཨེར་ཏི་ནི་ཆ་གན་ཧུ་ཐོག་ཐུས་རྗེ་རིན་པོ་ཆེའི་གསེར་སྐུ་ཆེ་བ་ཞིག་གདན་དྲངས་ཏེ་ཚོགས་ཆེན་གྱི་འདུ་ཁང་ཆེན་མོར་བཞུགས་བཅུག་ནས་རྗེ་འདི་པས་རབ་གནས་མཛད་པས་ལེགས་ཚོགས་རྟེན་འབྲེལ་ཆེ་བ་བྱུང༌། དགེ་བའི་བཤེས་གཉེན་མང་པོ་དང་དོན་གཉེར་བ་རྣམས་ལ་བདེ་གསང་འཇིགས་གསུམ། སྤྱན་རས་གཟིགས། ཚེ་དཔག་མེད་སོགས་ཀྱི་དབང་དང༌། སྣར་ཐང་བརྒྱ་རྩའི་རྗེས་གནང༌། ལམ་རིམ་དང་སྔགས་རིམ་ཆེན་མོ། པཎ་ཆེན་གསུང་འབུམ། ལྕང་སྐྱ་རིན་པོ་ཆེའི་གསུང་འབུམ་སོགས་ཀྱི་ལུང་བཅས་ཟབ་པ་དང་རྒྱ་ཆེ་བའི་མདོ་སྔགས་ཀྱི་ཆོས་མང་དུ་སྩལ་ནས་ཀུན་གྱི་ཡིད་ཚིམ་པར་བྱས། དེའི་སྐབས་སུ་གཟུར་གནས་བུ་སློབ་རྣམས་ཀྱིས་མི་ཉག་རྡོ་རྗེ་འཆང་ཞེས་བསྔགས་བརྗོད་ཀྱི་རོལ་མོ་འཁྲོལ་བ་ལ་བརྟེན་ནས་ཕྱོགས་ཀུན་ཏུའང་རྗེ་འདིའི་མཚན་ལ་མི་ཉག་རྡོ་རྗེ་འཆང་ཞེས་གྲགས་པ་བྱུང༌། སྐྱེས་རབས་སོ་བཞི་བའི་སྟོད་ཆ་ལ་འགྲེལ་པ་ཞིག་མཛད་པའང་ཚིག་དོན་གྱི་ཆ་མཐའ་དག་ནས་མཁས་པ་ཀུན་གྱི་ཡིད་འཕྲོག་པས་བསྔགས་བརྗོད་ཀྱི་གནས་སུ་གྱུར། ས་སྦྲུལ་ནས་བཟུང་


GTD005_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་སྤྲེལ་གྱི་ལོའི་བར་དུ་སྨོན་ལམ་གསུང་ཆོས་སྐབས་སྔ་དྲོའི་ཆ་ལ་སངས་རྒྱས་ཀྱི་སྐྱེས་རབས་དང་ལམ་རིམ་གཉིས་རེས་མོས་ཀྱིས་འཆད་པ་དང༌། ཕྱི་དྲོའི་ཆར་སྨོན་ལམ་ལ་ཆག་མེད་དུ་ཕེབས་ཏེ་བསྟན་པ་རྒྱས་པའི་ཐུགས་སྨོན་ནན་ཏན་མཛད། སྨོན་ལམ་དུས་དེར་ཕྱོགས་ཀུན་ནས་འདུས་པའི་དད་ལྡན་སེར་སྐྱ་ཆེ་ཕྲ་རྣམས་ལའང་སོ་སོའི་འདོད་པ་བཞིན་ཕྱག་དབང་དང་དབང་ལུང་རྗེས་གནང་སོགས་ལྷུག་པར་སྩལ། རྒྱུན་དུ་གདན་ས་འདི་གའི་འཆད་ཉན་ལ་གཟིགས་རྟོག་སྟར་ཆགས་སུ་མཛད་དེ། ཆོས་ཐོག་སྐབས་བརྩི་བཞག་རྒྱུན་པར་སྩལ་ཅིང༌། ཚིག་རྒྱུགས་དང་དོན་རྒྱུགས་རེས་མོས་ཀྱིས་བཞེས། གྲྭ་པ་ཆོས་འགྲིམ་པ་རྣམས་ལ་གཟེངས་བསྟོད་གསོལ་རས་སོགས་བདག་རྐྱེན་གནང་བ་དང༌། གཞན་རྣམས་ལའང་ཆགས་ཞེན་དུ་མ་སོང་བའི་འདི་དང་ཕྱི་མའི་དགོས་དོན་གཙོར་འདོན་གྱི་རྟིང་བསྐུལ་གནང་བས་མཁས་བླུན་ཀུན་ཡི་རང་བར་གྱུར་ཏེ་ཉིན་མཚན་ཁོར་ཡུག་ཏུ་ཐོས་བསམ་ཆིག་དྲིལ་དུ་མཛད་ཅིང༌། ལྷག་པར་ཆོས་གྲྭ་པ་རྣམས་ཀྱིས་རྗེ་འདི་པའི་གསུང་དང་དུ་བླངས་ཏེ། རྒྱལ་བ་གཉིས་པའི་གསུང་སོགས་ཡིག་ཆ་ཁུངས་ཐུབ་རྣམས་ཚད་མར་བཟུང་ནས་རྩོད་པའི་དུས་སུ་ཚིག་འཁྲི་ཙམ་མིན་པར། རྒྱལ་བའི་དགོངས་པ་ཕྱིན་ཅི་མ་ལོག་པ་རང་གི་རྒྱུད་སྟེང་དུ་གོ་རྒྱུ་ཞིག་བྱུང་ན་སྙམ་པའི་བསམ་པ་འབའ་ཞིག་གིས་སློབ་གཉེར་ལ་བརྩོན་པ་དང༌། ང་རྒྱལ་དང་ཕྲག་དོག་སོགས་ཡེ་མི་བྱེད་པར་གཞན་ཡོན་ཏན་ཅན་ལ་ཤིན་ཏུ་གུས་པས་ཡ་རབས་ཀྱི་ངང་ཚུལ་ལ་གནས་པ་ཤ་སྟག་བྱུང༌། རྒྱུན་རིང་བསྟེན་ནས་ཞལ་སློབ་ཏུ་གྱུར་པར་མ་ཟད་རྗེ་འདིའི་


GTD005_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་མཐོང་ནས་ཆོས་ཚིགས་སུ་བཅད་པ་བཞི་ཙམ་ཉན་པས་ཀྱང་ཤེས་རྒྱུད་ཇེ་འཇམ་དུ་འགྲོ་ཞིང་གཞན་ལ་གུས་པ་དང༌། རྟག་ཏུ་བག་ཡོད་ལ་གནས་པ་བྱུང་ཚུལ་ཀུན་ལ་མཐུན་པར་གྲགས། སྤྲེལ་ལོར་ཁྲིའི་དགོངས་པ་ཞུས་ནས་རྗེ་ཆུ་བཟང་རིན་པོ་ཆེ་ངག་དབང་ཐུབ་བསྟན་དབང་ཕྱུག་གདན་ས་འདིའི་ཁྲིར་བསྐོ་བཞག་མཛད། དེ་ནས་སྐུ་བསྙུན་བཞེས་པའི་ཚུལ་གནང་སྐབས། ཕྱག་གཉེར་སོགས་ཀྱིས་ཞབས་བརྟན་ཕོན་ཆེར་བསྒྲུབས། གདན་ས་འདིའི་རྒྱུད་སྨན་བླ་མ་གཉིས་དང་ཚོགས་ཆེན་ཞལ་ངོས་གཙོས་པའི་ལས་སྣེའི་རིགས་དང་དགེ་བའི་བཤེས་གཉེན་རྣམས་ཀྱིས་གཞི་བཟུང་དགེ་འདུན་འདུས་ཚོགས་ཡོངས་ནས་ཞབས་བརྟན་ཕུལ་བར། བཀའ་ལན་དུ་ད་རེས་སྐྱོན་ཆེར་མི་འདུག་མོད། འོན་ཀྱང་ལོ་ཧ་ཅང་རྒས་པས་ངེས་པ་ཅི་མཆིས། དེ་བས་བདག་གི་ཆོས་ལྡན་གྱི་བགྱི་བ་རྣམས་བསམ་པ་བཞིན་འགྲུབ་པའི་སྐྱབས་འཇུག་དགེ་འདུན་འདུས་ཚོགས་ཡོངས་ནས་ཐུགས་བརྩེ་བས་གཟིགས་པ་མཁྱེན་མཁྱེན་མཁྱེན་ཞེས་ཞུ་བ་མཛད། འཕྲལ་དུ་སྐུའི་ཁམས་དྭངས་ཤིང་ཁྲི་ཀའི་ཕྱོགས་སུ་ཆིབས་བསྒྱུར་གནང༌། ཕེབས་ཁའི་ཚེ་རྗེ་ཉིད་ཀྱི་ཐུགས་སྲས་འགའ་ཞིག་དང་རིག་པའི་གནས་ལ་མཁས་པའི་པཎྚི་ཏ་ཆེན་པོ་ཆེ་ཤོས་ལྷ་བཟོ་བས་གཙོས་དགེ་བའི་བཤེས་གཉེན་མང་པོར་ཆོས་སྲིད་ཀྱི་བསླབ་སྟོན་སྩལ་ཅིང༌། ཁྱད་པར་ཁྱོད་ཚོས་རང་རང་གི་བློ་ནུས་དང་མཐུན་པར་རྒྱལ་བསྟན་ཡོངས་རྫོགས་ལ་བག་ཆགས་ཅི་ཐེབས་ཀྱི་དགེ་སྦྱོར་ལ་རེམ་རེམ་གྱིས། ད་ཕྱིས་སུ་ངེད་རང་རྣམས་ཡང་བསྐྱར་ཐུག་མི་ཐུབ་པ་འདྲ་ཞེས་གསུང༌།


GTD005_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་མདོ་སྨད་དང་མཚོ་སྔོན་ཕྱོགས་ཀྱི་དཔོན་འབངས་ཆེ་ཕྲ་ཕལ་ཆེར་དང༌། རྨ་ཆུའི་འགྲམ་གྱི་རྒྱ་བོད་མ་ལུས་པ་སྦྱིན་བདག་ཏུ་གྱུར་ཅིང༌། དེ་དག་ལ་ཐུགས་བརྩེ་བས་ཉེ་བར་དགོངས་ཏེ་མཐོང་ཐོས་དྲན་རེག་གི་འབྲེལ་བ་ཐོགས་པར་མཛད་ནས་སྐུ་དངོས་ཀྱི་གདུལ་བྱ་རྫོགས་པ་ན་ཁྲི་ཀའི་མཆོད་རྟེན་བླ་བྲང་དུ་དགུང་ལོ་བདུན་ཅུ་རྩ་དགུ་པ་ཆུ་བྱ་ལོའི་ཧོར་ཟླ་བརྒྱད་པའི་ཚེས་བརྒྱད་ཀྱི་ཉིན་མྱ་ངན་ལས་འདས་པའི་ཚུལ་བསྟན། ཐུགས་དམ་ལ་རྒྱུན་རིང་ཙམ་བཞུགས་ཤིང་ཐུགས་དམ་གྲོལ་རྟགས་སུ་ཤངས་བུག་གཡས་གཡོན་ནས་བྱང་སེམས་གཉིས་ཀྱི་རྒྱུན་བབས་པ་སོགས་རྒྱུད་སྡེ་ནས་བཤད་པ་ལྟར་གྱི་ངོ་མཚར་བའི་ལྟས་མང་དུ་བྱུང༌། ཞབས་གྲས་པ་རྣམས་ཀྱིས་གདན་ས་འདིས་མཚོན་ཕྱོགས་སོ་སོའི་དགེ་འདུན་གྱི་སྡེ་ལ་མཆོད་འབུལ་དང༌། ཉིད་ཀྱི་བླ་བྲང་དུའང་མཆོད་ཚོགས་རྒྱ་ཆེན་པོ་བསྟར་ཏེ་སྡེ་སྣོད་འཛིན་པ་དུ་མས་གཙོས་དགེ་འདུན་བརྒྱ་ཕྲག་གཉིས་ལྷག་གིས་བདེ་གསང་འཇིགས་གསུམ་སོགས་རྒྱུད་སྡེ་གོང་འོག་གི་བདག་འཇུག་བཞེས་པ་རྣམས་ལ་མང་འགྱེད་གྱ་ནོམ་པ་དང༌། དབུལ་ཕོངས་ལ་སྦྱིན་པ་སོགས་རྣམ་དཀར་གྱི་ཕུང་པོ་གང་རྒྱས་སྒྲུབ་པར་བྱས་སོ། །འཕྲིན་ལས་སྣང་བ་འབུམ་གྱི་རྩེ་དགའ་ཅན། །བློ༷་གྲོ༷ས་འོད་བརྒྱས་རྒྱ་མཚོའི་གོས་ཅན་འདིར། །བགྲང་ཡས་དགེ༷་འདུ༷ན་སྦྲང་རྩིའི་རྒྱལ་མཚ༷ན་ཚོགས། །སྐྱོང་བའི་ཉིན་བྱེད་རིམ་པར་ཤར་བ་ལས། །རྒྱ་ཆེན་མདོ་སྔགས་གཞུང་ལུགས་རྒྱ་མཚོའི་དོན། །རྣམ་པར་འབྱེད་པའི་བློ༷་གྲོ༷ས་རྣམ་བཀྲ་ཞིང༌། །རྒྱལ་ཀུན་ཐུགས་བཅུད་བློ་བཟང་རྒྱལ་བའི་བསྟན། །ད༷ར་ཞིང་རྒྱས་མཛད་འཕྲིན་ལས་དར་


GTD005_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བདས། །ཞེས་བྱ་བ་ནི། བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །།༈ དམ་པ་དེ་ཉིད་སླར་ཡང་ལྗོངས་འདིར་གདུལ་བྱ་རྣམས་ལ་ཐུགས་བརྩེ་བ་ཆེན་པོས་ཉེ་བར་དགོངས་ཏེ་ཡང་སྲིད་གསར་པའི་ཟློས་གར་མངོན་པར་བསྒྱུར་བ་ནི། འཇམ་མགོན་བསྟན་པའི་སྲོག་ཤིང་མཚུངས་ཟླ་མ་མཆིས་པ་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་དཔལ་ལྡན་བླ་མ་དམ་པ་ཚུལ་ཁྲིམས་བསྟན་པའི་ཉི་མ་དཔལ་བཟང་པོ་འདི་ཉིད་ཡིན་ལ། མགོན་པོ་འདི་ཉིད་འཁྲུངས་པའི་ཡུལ་ནི། འཇམ་མགོན་ཙོང་ཁ་པ་ཆེན་པོ་སྐུ་བལྟམས་པའི་གནས་ཁྱད་པར་ཅན་མཁས་གྲུབ་བྱེ་བའི་རོལ་མཚོ་ཆོས་སྡེ་ཆེན་པོ་སྐུ་འབུམ་བྱམས་པ་གླིང་གི་ནུབ་ཕྱོགས་ཧ་ཅང་མི་རིང་བའི་ཡུལ་མཚོ་སྔོན་གྱི་སའི་ཆར། དགེ་མཚན་དུ་མས་མངོན་པར་སྤྲས་ཤིང་ཕྱོགས་ཀུན་ནས་རི་དང་བྲག་སོགས་གུས་པའི་ཚུལ་གྱིས་མངོན་པར་འདུད་པའི་རྣམ་པ་ཅན་གྱི་དབུས་རི་ཆེན་པོ་ཨུ་མ་ཙོས་ཨོ་བོ་ཞེས་འབོད་པ། གཞི་བདག་དཀར་ཕྱོགས་སྐྱོང་བའི་ལྷ་མཐུ་རྩལ་ཅན་གནས་ཤིང༌། གཡས་གཡོན་ནས་མུ་ཏུ་ཟེར་བའི་ལུང་པ་གཉིས་ཀྱི་གཤར་ཆུ་རི་དེའི་མདུན་དུ་འདྲེས་ནས་ཡོན་ཆབ་ཀྱི་ཚུལ་དུ་འཁྱིལ་བ་སོགས་དཔལ་འབྱོར་འདུ་བའི་ས་དཔྱད་ཅན་གྱི་གནས་ཁྱད་པར་ཅན་ཞིག་ཡིན་པར་སྣང༌། གདུང་བརྒྱུད་ནི། བཛྲ་པཱ་ཎིའི་སྤྲུལ་བའི་རྒྱལ་པོ་ཞིག །ཅེས་སོགས་གཏེར་གཞུང་དུ་མ་དང༌། འཇམ་དཔལ་རྩ་རྒྱུད་ལས། ཡི་གེ་ཧ་མིང་སླར་ལོག་ནས། །ཀླ་ཀློའི་རྒྱལ་པོས་རབ་ཏུ་མཆོད། །ཡི་གེ་ཧ་བྱ་དགེ་དང་ལྡན། །ཞེས་གསུངས་ཏེ།


GTD005_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

ཨོས་ལོད་རྣམས་ཀེ་ཀེན་ཧན་ཞེས་ཟེར་ལ། ཡོངས་གྲགས་ཀཽ་ཤི་ཧན་ཞེས་ཟེར་བའི་མཚན་སྒྲ་དང་རི་བོ་དགའ་ལྡན་པའི་སྦྱིན་བདག་གི་རྩ་བར་འགྱུར་བར་ལུང་བསྟན་ལ། རྒྱལ་བརྒྱུད་རྣམས་ཀྱང་ཆབ་སྲིད་ཡར་ལྡན་གྱི་རྟེན་འབྲེལ་མ་འཆུག་པའི་རིང་ལ་ཞྭ་སེར་གྱི་སྦྱིན་བདག་ཐུན་མོང་མ་ཡིན་པར་གྱུར་པའི་གདུང་བརྒྱུད་ཀྱི་དཔོན་ཁག་དུ་མ་མཆིས་པ་ལས། བསྟན་པའི་སྦྱིན་བདག་ས་སྐྱོང་མི་དབང་དམ་པ་ཝང་དཀོན་མཆོག་བཀྲ་ཤིས་ཀྱི་ཆབ་འོག་ཏུ་གཏོགས་པ་ཏ་ལེའི་ཧུང་ཐེ་ཇི་ཟེར་བའི་སྐྱེ་རྒྱུད་ཡིན་ཞིང༌། གསོ་རིག་རྒྱུད་བཞིའི་སྲོལ་འབྱེད་ཆེན་པོ་གཡུ་ཐོག་ཡོན་ཏན་མགོན་པོ་གཉིས་པ་དར་མོ་སྨན་རམས་པའང་གདུང་བརྒྱུད་འདི་ཉིད་ཡིན་པར་གྲགས་སོ། །རིགས་ཕུན་སུམ་ཚོགས་པ་ནི་རྣམ་སྨིན་གྱི་ཡོན་ཏན་བརྒྱད་ཀྱི་གཙོ་བོ་ཞིག་ཡིན་པས། མདོ་ལས། ཡ་རབས་རིགས་ལྡན་གུས་ཤིང་བག་ཡོད་སྤྱོད། །ངང་ཚུལ་བཟང་ལ་གཙང་ཞིང་དེས་པར་འགྱུར། །ཞེས་ཡོན་ཏན་དུ་མ་གསུངས་ཤིང༌། རྒྱན་ལས་ཀྱང༌། རིགས་དང་རུས་དང་ཆོ་འབྲང་དང༌། །ཞེས་སའི་ཡོངས་སྦྱོང་གི་སྐབས་སུ་གསུངས་སོ། །སྨན་མདོ་བརྒྱད་བརྒྱ་པར། རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུའི་ཁྱིམ་དག་ཏུ་སྐྱེ་བར་འགྱུར། བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུའི་ཁྱིམ་བདག་ཏུ་སྐྱེ་བར་འགྱུར། ཁྱིམ་བདག་ཤིང་སཱ་ལ་ཆེན་པོ་ལྟ་བུའི་ཁྱིམ་དང༌། ནོར་དང༌། འབྲུ་དང༌། མཛོད་དང༌། བང་བ་མང་པོ་འབྱོར་བའི་ཁྱིམ་དུ་སྐྱེ་བར་འགྱུར། ཞེས་རིགས་བཟང་བའི་སྟེང་དུ་འབྱོར་པ་ཆེ་བ་ལ་བསྔགས་པ་ནི་སྦྱིན་པའི་རྒྱུ་དང་འབྲས་བུའི་དབང་དུ་བྱས་པ་ཡིན་ལ། པང་ནས་སྐྱེས་དང་ཉེ་རྒྱལ་


GTD005_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་བྱུང་བའི་ཐད་ཀྱི་འདུལ་བ་ལུང་ལས། ཧ་ཅང་ཕྱུག་པོའི་ཁྱིམ་དང་ནི། །དབུལ་པོའི་ཁྱིམ་དུ་མི་སྐྱེ་བར། །བར་མའི་ཁྱིམ་དུ་སྐྱེ་འགྱུར་ཞིང༌། །རྟག་ཏུ་རབ་བྱུང་མང་བར་ཤོག །ཅེས་བསྔགས་པ་རབ་ཏུ་འབྱུང་སླ་བ་དང་ཚུལ་ཁྲིམས་ཀྱི་དབང་དུ་བྱས་པ་ཡིན་ཞིང༌། འདི་ནི་གཉིས་པོ་གང་གི་དབང་དུ་བྱས་ཀྱང་ཆོག་པ་ཞིག་གོ །ཡབ་བསོད་ནམས་དར་རྒྱས་ཟེར་བ་རང་བཞིན་བཟང་བ། བླ་མ་མཆོག་གསུམ་ལ་དད་གུས་ཆེ་ཞིང་ཐ་ན་ལྷན་པ་སེར་པོ་ཡན་ཆད་ལ་སྐྱབས་ཀྱི་འདུ་ཤེས་འཛིན་པ། སྙིང་རྗེ་ཆེ་ཞིང་སྦྱིན་གཏོང་ལ་དགའ་བ། ཁ་ཏོན་དགེ་སྦྱོར་དང་ཕྱག་སྐོར་སོགས་དམ་པའི་ལྷ་ཆོས་སྒྲུབ་པ་ལ་གཞོལ་བ། འདོད་ཆུང་ཆོག་ཤེས་བསྟེན་ཅིང་དུས་རྟག་ཏུ་བག་དང་ལྡན་པ་ཞིག་གོ་ཞེས་ཀུན་ལ་གྲགས། ཡུམ་ནི་སྒྲོལ་མ་སྐྱིད་བྱ་བ་བུད་མེད་ཀྱི་རྟེན་ལ་གཡོ་སྒྱུ་མེད་ཅིང་དད་པ་དང་གཙང་སྦྲ་ཆེ་བ། སྒྲོལ་དཀར་ལྗང་མ་ཎི་སོགས་ཁ་ཏོན་ལ་རྒྱུན་དུ་འབད་ཅིང༌། ཉེ་རིང་མེད་པར་ཀུན་ལ་ཕན་ཅི་ཐོགས་བྱེད་པ་ཞིག་གོ་ཞེས་གླེང༌། ཡབ་ཡུམ་དེ་གཉིས་ལ་སྲས་སྲས་མོ་གསུམ་ཡོད་པའི་དང་པོ་ནི་ཅོ་ནེ་ཆོས་རྗེ་བློ་བཟང་ཉི་མའི་སྤྲུལ་སྐུ་དང༌། གཉིས་པ་ནི་རྗེ་འདི་ཉིད་ཡིན་ལ། དེའང་དམ་པ་འདི་ཉིད་ལྷུམས་སུ་ཞུགས་པ་ནས་ཇི་སྲིད་སྐུ་མ་བལྟམས་ཀྱི་བར་དུ་ཡུམ་གྱི་ལུས་ལྷག་པར་བདེ་ཞིང༌། ཤེས་རྒྱུད་སྔར་ལས་ཇེ་འཇམ་ཇེ་གསལ་དུ་འགྲོ་བ་དང༌། རྨི་ལམ་དང་ཉམས་སྣང་ཅི་རིགས་པར་འཇའ་ཚོན་ཤར་བ་སོགས་ངོ་མཚར་བ་མང་དུ་བྱུང༌། ལྷག་པར་ཡབ་ཀྱི་རྨི་ལམ་དུ་རྗེ་ཙོང་ཁ་པའི་གསེར་སྐུ་ཆེ་བ་ཞིག་ལ་རང་ཉིད་ཀྱིས་མཆོད་པ་ཕུལ་


GTD005_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཕྱག་འཚལ་བ་དང༌། གཞན་དགེ་ཚུལ་སློང་མང་པོ་གྲལ་བསྒྲིགས་ནས་དུང་འབུད་ཅིང་མཆོད་པའི་ཡོ་བྱད་སྣ་ཚོགས་ཀྱིས་མཆོད་པ་བྱེད་པ་སོགས་རྨི་ལྟས་ཡ་མཚན་པ་སྣ་ཚོགས་བྱུང༌། རབ་བྱུང་བཅུ་གསུམ་པའི་བགྲང་བྱ་དགུ་པ་བདེ་མཆོག་སྟོད་འགྲེལ་ལྟར་ན་ན་ཚོད་ལྡན་དང༌། མཧཱ་ཙི་ནའི་ཡུལ་དུ་ཡི་ཧའི་ཞེས་གྲགས་ཤིང༌། སྤོར་ཐང་དང་བསྟུན་པ་ཤིང་མོ་ཕག་གི་ལོར་རྒྱལ་ཕུར་འཛོམ་ཞིང་འཕྲོད་སྦྱོར་ཕུན་སུམ་ཚོགས་པའི་ཉིན་ཞིག་ཉིན་བྱེད་དབང་པོ་ཤར་རིའི་རྩེར་མངོན་པར་འཕགས་པ་དང་དུས་མཚུངས་པར་གཞོན་ནུ་མདངས་གསལ་ཞིང༌། ཡན་ལག་དང་ཉིང་ལག་རྣམ་པར་འབྱེས་པ། སྐྱེ་བོ་ཀུན་གྱི་མིག་གི་བདུད་རྩི་ལྟ་བུ་ཞིག་ཡུམ་ལ་གནོད་པ་མེད་པར་མངོན་དུ་བལྟམས་སོ། །དེའང་སྐུ་འཁྲུངས་མ་ཐག་ནས་སྔོན་གྱི་བག་ཆགས་བཟང་པོའི་མཐུ་ཉེ་བར་སད་དེ་ངུ་བ་འཚེག་པ་སོགས་བྱིས་པའི་རྒུད་པ་རིང་དུ་སྤངས་ཏེ། སུ་མཐོང་ཡང་དགྱེས་པའི་རྣམ་འགྱུར་གྱིས་འཛུམ་པ་མཛད་པས་ཡུལ་མི་རྣམས་བུ་ཆུང་མཐོང་ན་དགའ་བ་ཨང་ཞེས་གླེང་བ་བྱུང༌། ཡབ་ཡུམ་གཉིས་ཀྱིས་ཀྱང་བབ་ལ་བརྟགས་ཏེ་གཞོན་ནུ་འདི་ཕལ་བ་ཞིག་མིན་ངེས་སྙམ་ནས་དུས་རྒྱུན་གཙང་སྦྲ་དང༌། རྣམ་འཇོམས་བྱབས་ཁྲུས་སོགས་བྱེད་དུ་བཅུག་སྟེ་བསྐྱེད་བསྲིངས། གསུང་ཕྱེ་མ་ཐག་མི་མི་ཞེས་ཟློས་པ་ཞིག་བྱུང་བ་སྐབས་དེར་དཔྱད་མ་ཤེས་ཀྱང༌། རྗེས་ནས་དཔྱོད་ལྡན་རྣམས་དེ་མི་ཉག་པ་ཡིན་གསུང་འདོད་པར་འདུག་ཅེས་ཟེར་བ་དོན་ལ་གནས་པར་མངོན། སྐབས་དེར་སྐུ་གོང་མའི་ཕྱག་གཉེར་མི་རྩ་སོགས་དང༌། མཚོ་སྔོན་ཤོག་གི་ས་སྐྱོང་དམ་པ་ཝང་དཀོན་


GTD005_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་བཀྲ་ཤིས། པཻ་ཟི་ཚེ་རིང་རྣམ་རྒྱལ། ཇ་སག་སོགས་དཔོན་ཁག་མང་པོ་བཅས་ནས་དམ་པ་དེའི་ཡང་སྲིད་ལ་ཕྱོགས་ཀུན་ཏུ་ཨང་ཉན་བྱས་ཤིང་ཕལ་ཆེར་འདི་པ་ཨེ་ཡིན་སྙམ་པའི་དོགས་པ་ཡོད་ཐོག །ྋགོང་ས་རྒྱལ་བ་ཡབ་སྲས་དང་འབྲས་སྤུངས་གནས་ཆུང་སོགས་ལ་བརྟག་ཞུས་ཕུལ་བའི་བཀའ་ལན་ཕྱིར་འབྱོར་ཏེ་གུང་བསྒྲིགས་ནས་བལྟས་པས་ཐམས་ཅད་ལས་དགོངས་པ་གཅིག་གིས་འདི་པར་བབས། རྣམ་འཇོམས་བྱབས་ཁྲུས་དང་སྒྲོལ་མ་རྒྱུན་འདོན་སོགས་རིམ་གྲོ་མང་དུ་བབས་པའང་གནད་སྨིན་བསྒྲུབས་ཏེ། དགུང་ལོ་གསུམ་པའི་སྐབས་སུ་ཕྱག་གཉེར་དང་མི་རྩ་འབྲུག་རྩེ་སོགས་ཞབས་གྲས་པ་རྣམས་ཀྱིས་སྐུ་གོང་མའི་ཕྱག་ཏུ་རྒྱུན་པར་བསྣམས་པའི་འཕྲེང་བ་དང་དེ་དང་རིགས་འདྲའི་ཕྲེང་བ་ཁ་ཤས། ཕྱག་ཌར་དང་ཡང་དེ་མཚུངས་ཀྱིས་ཌཱ་མ་རུ་ཁ་ཤས་ཁྱེར་ནས་ངོས་འཛིན་ཞུས་པས་ཚམ་ཚོམ་མེད་པར་སྐུ་གོང་མའི་ཕྱག་ཕྲེང་ངོ་མ་དེ་ཕྱག་གིས་འཐེན་ནས་བླངས། ཕྱག་ཌར་ཡང་ངོ་ཐོག་གི་ལུང་བུ་འཐེན་ནས་ཏབ་ཏོབ་ཅེས་ཌཱ་མ་རུའི་སྐད་ཀྱི་རྣམ་པ་དང་འདོན་པ་མང་པོ་འདོན་ཚུལ་མཛད་པ་སོགས་ངོས་འཛིན་ཡང་འཁྲུལ་མེད་བྱུང་བས་གྲྭ་སློབ་སྦྱིན་བདག་ཐམས་ཅད་ཡིད་ཆེས་ལྷག་པར་སྐྱེས་ནས་རྗེ་གོང་མ་དེ་དང་དངོས་སུ་མཇལ་བ་ལྟ་བུའི་སྤྲོ་དགའ་ཚད་མེད་པ་རྙེད་དོ། །ཚུ༷ལ་བཟང་རྒྱལ་པོའི་ཁྲི༷མས་ཀྱིས་ནོན་པའི་ཡུལ། །ཞྭ་སེར་བསྟ༷ན་པ༷འི་སྦྱིན་བདག་གཙང་མའི་རིགས། །བསོད་ནམས་བདེ་སྐྱིད་དཔལ་འཛོམས་ཤར་རིའི་རྩེར། །


GTD005_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་སྤྲུལ་ཉི༷་མ༷་གཞོན་ནུ་མངོན་པར་ཤར། །དམ་པའི་རང་བཞིན་པདྨོ་ཁ་འབུས་པས། །ངོ་མཚར་ལྟས་ཀྱི་དྲི་བཟང་འཐུལ་བ་ན། །དགེ་ལེགས་སྦྲང་རྩི་རེ་བའི་བྷྲ་མ་རཿ །རབ་དགའི་མུ་ཅོར་དྲི་ཟའི་དབྱངས་སུ་སྒྲོགས། །དེ་ཚེ་དཀར་ཕྱོགས་སྐྱོང་བའི་ལྷ་རྣམས་ཀྱང༌། །ནོར་འཛིན་དཔལ་མོའི་བཅུད་ཀྱིས་བལྟམས་སོ་ཞེས། །དགའ་བའི་འཕྲིན་ཡིག་སྤྲིངས་པ་འོག་མིན་ན། །སྲས་བཅས་རྒྱལ་བ་མཆོད་པའི་རོལ་མོར་གྱུར། །ཅེས་དགེ་ལྡན་བསྟན་པའི་རྩ་ལག །མཁས་ཤིང་གྲུབ་པའི་དབང་ཕྱུག་རྗེ་བཙུན་བླ་མ་དམ་པ་ཚུལ་ཁྲིམས་བསྟན་པའི་ཉི་མ་དཔལ་བཟང་པོའི་རྣམ་པར་ཐར་པ་ནོར་བུའི་དོ་ཤལ་ལས་སྐུ་བལྟམས་པའི་ཚུལ་གྱི་དྲ་བ་ཕྱེད་པ་སྟེ་དང་པོའོ།། །།དགུང་ལོ་དྲུག་པ་རྣམ་གནོན་ཞེས་པ་ལྕགས་འབྲུག་ལོའི་སྟོན་ག་གཟའ་སྐར་ལེགས་པའི་ཉིན་མཚོ་སྔོན་ཝང་དཀོན་མཆོག་བཀྲ་ཤིས། པཻ་ཟི་རྣམ་རྒྱལ་ཚེ་རིང༌། ཇ་སག །ཐུ་ས་ལཀྖི་སོགས་དཔོན་ཁག་མང་པོ་དང༌། གཞན་ཧོ་ཤོའུ་སོ་སོའི་སྦྱིན་བདག་རྣམས་དང༌། སྐུ་འབུམ་བྱམས་པ་གླིང་ནས་བླ་མ་ལས་སྣེའི་རིགས། ཚོ་དྲུག་གི་རྒན་པ། གཞན་གྲྭ་རྒན་རྣམས་དང་བཅས་པས་བསུ་སྐྱེལ་གྱི་བཀོད་པ་རྒྱ་ཆེན་པོ་དང་བཅས་ཏེ་སྐུ་འབུམ་ཆོས་སྡེ་ཆེན་པོའི་རང་སྒར་དུ་འཇིགས་བྲལ་གདོང་ལྔས་བཏེག་པའི་ཁྲི་འཕང་མཐོན་པོར་ཞབས་པད་མངོན་པར་བཀོད་ནས་བདེ་དགའི་དགའ་སྟོན་གསར་འཛུམ་གྱི་མགོ་ཚུགས་པར་མཛད། ཕེ་ཀྱཱ་ཤོག་གི་དགེ་བའི་བཤེས་གཉེན་ཆེན་པོ་བློ་གྲོས་མཆོག་ལྡན་དགེ་རྒན་དུ་བསྟེན་ཏེ་ཀ་ཁ་


GTD005_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཀློག་རྣམས་ཐོག་མར་སློབ་ཏུ་བཅུག་པས་རིང་པོར་མ་ཐོགས་པར་ཀློག་རབ་ཏུ་བྱང་བ་བྱུང༌། དེའི་ཞར་ལ་རྒྱུན་གྱི་སྤྱོད་ལམ། ན་བཟའ་མནབ་ཚུལ། བཞེས་པ་བཞེས་ལུགས། ཕེབས་ཚུལ་བཞུགས་ཚུལ་སོགས་ཆོས་དང་མཐུན་པའི་དང་བ་འདྲེན་པ་དགོས་ཚུལ་ཡང་ཡང་བསླབ་སྟེ་མ་མཛངས་ཀྱིས་བུ་སྐྱོང་བ་བཞིན་བྱས་པས་བཤེས་གཉེན་པ་དེ་བཀའ་དྲིན་ཤིན་ཏུ་ཆེ་ཞེས་རྗེ་ཉིད་ཀྱིས་ཡང་དང་ཡང་དུ་གསུངས་ཚུལ་སྐུ་འཁོར་རྣམས་གླེང་བ་ནི། དེང་དུས་སྐུ་སྐྱེས་ཀྱི་མིང་རེ་བཏགས་ཏེ། གཅེས་ཕྲུག་གོས་དར་གྱིས་བཏུམ་ཞིང་ཆུང་དུས་ནས་ལང་ཤོར་ལ་བཏང་བས་བསྟན་པའི་མིག་ལྟོས་བསླད་པ་རྣམས་འགོག་ཆེད་ཀྱི་དགོངས་གཞི་ཟབ་པར་སྣང༌། དགུང་ལོ་བདུན་པ་ཁྱུ་མཆོག་ཅེས་པ་ལྕགས་སྦྲུལ་ལོའི་ས་ག་ཟླ་བའི་ཡར་ངོའི་དུས་ཆེན་གསུམ་འཛོམ་གྱི་ཉིན་བརྟན་མཁས་ཀྱི་ཡོན་ཏན་གཉིས་དང་ལྡན་པའི་གནས་བརྟན་འདུལ་བ་འཛིན་པ་ཆེན་པོ་རྗེ་བཙུན་བླ་མ་བུམ་པར་ཚུལ་ཁྲིམས་རྒྱ་མཚོའི་དྲུང་ནས་རབ་བྱུང་དང་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་བཞེས་པས་མཚན་ལ་ཚུལ་ཁྲིམས་བསྟན་པའི་ཉི་མ་ཞེས་འདོགས་པར་མཛད། སྐུ་ཚེ་ཡུན་རིང་བརྟན་པའི་རྟེན་འབྲེལ་དུ་དགོངས་ཏེ་བཀའ་ཆོས་ཀྱི་ཐོག་མར་མ་ཅིག་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་དང་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་རྗེས་གནང་སོགས་བཀའ་དྲིན་དུ་སྩལ། དེ་ནས་བརྩམས་ཏེ་བཞི་བཅུས་བསྡུས་པའི་བསླབ་བྱའི་བསྲུང་མཚམས་རྣམས་ལེགས་པར་རྩད་བཅད་དེ་མིག་གི་འབྲས་བུ་བཞིན་དུ་བསྲུང་བར་མཛད་དོ། །འདུལ་འཛིན་ཆེན་པོ་ཚུ༷ལ་ཁྲི༷མས་རྒྱ་མཚོ་ཡིས། །རྣམ་དག་ཆོ་གས་


GTD005_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

བསྟ༷ན་པ༷འི་སྒོར་བཅུག་སྟེ། །སྟོན་པ་ཉི༷་མ༷འི་གཉེན་གྱི་གདུང་འཚོབ་ཏུ། །དབང་བསྐུར་ཐར་པའི་རྒྱལ་མཚན་སྲིད་རྩེར་བསྒྲེངས། །ཚུ༷ལ་ཁྲི༷མས་དག་ཀྱང་རྒྱལ་བའི་བསྟ༷ན་པ་ལ། །ཐོས་དང་བསམ་པ༷འི་རྩོལ་བ་མ་བརྟན་ན། །སོམ་ཉི༷་རྨོངས་པའི་དྲི་མ༷་མི་སེལ་བས། །ཀློག་པ་ཐོས་བསམ་སྦྱོར་བ་ལ་ཞུགས་སོ། །དེ་ནས་ཆོས་སྤྱོད་ཀྱི་རིམ་པ། སྨོན་ལམ། གདུགས་ཤེར་སྒྲོལ་མ་སོགས་དང༌། མངོན་རྟོགས་རྒྱན། དབུ་མ་འཇུག་པ། སྤྱོད་འཇུག །གཏོར་མ་བརྒྱ་རྩ། ཀུན་རིག་གི་ཆོ་ག །འཇིགས་བྱེད་མངོན་རྟོགས་བསྐང་གསོ་སོགས་ཐུགས་འཛིན་གནང་སྟེ། དཔེ་འཛིན་སོགས་ཀྱི་ཞབས་བསྐུལ་གང་ཞུས་དང་དུ་བཞེས་པས་དགེ་རྒན་ཐུགས་མཉེས། རྒྱུན་གྱི་ཞལ་འདོན་གནང་ལུགས་ཀྱང་ཐོག་མར་ཕྱག་མཆོད་ཀྱི་རིམ་པ་དགའ་ལྡན་ལྷ་བརྒྱ་མ། རྒྱན་འཇུག །བསྟོད་སྤྲིན་རྒྱ་མཚོ། བླ་མཆོད། འཇིགས་བྱེད་ལྷ་བཅུ་གསུམ་མ། གསེར་ཞུན་མ། བརྒྱ་རྩ་སོགས་ཆག་མེད་ཀྱི་བཀོད་པ་མཛད་པ་བཞིན་ཉམས་སུ་བཞེས། དགུང་ལོ་དགུ་པ་ཉི་མ་ཞེས་པ་ལྕགས་ལུག་ལོར་འཇམ་མགོན་རྒྱལ་བ་གཉིས་པའི་གདན་ས་སྐུ་འབུམ་ཆོས་ཀྱི་སྡེ་ཆེན་པོར་མང་བསྐོལ་སོགས་ཀྱི་དགའ་སྟོན་དང་བཅས་པའི་སྒོ་ནས་ཆོས་གྲྭར་ཞུགས། བསྡུས་གྲྭའི་བརྩི་བཞག་ཐུགས་ལ་གཟུང་སྟེ་དགེ་རྒན་གྱི་དྲུང་ནས་དཔེ་ཁྲིད་ཀྱང་ཚུལ་བཞིན་གནང་ནས་བསླབ་སྦྱང་ལ་བརྩོན་པས་ཆོས་ཐོག་གཅིག་གཉིས་ཙམ་གྱི་རིང་ལ་བསྡུས་གྲྭའི་རྟགས་གསལ་ལེགས་པར་ཆགས། གྲྭ་ཚང་དགེ་བསྐོས་ནས་བསྡུས་གྲྭའི་ཚོགས་གླེང་ཕུལ་བ་བཞིན་ཚོགས་ཆེན་གྱི་དགེ་འདུན་འདུས་པ་རྒྱ་མཚོའི་དབུས་སུ་བགྲོ་གླེང་མཛད་པས། ཐལ་སྐད་དང་རྣམ་


GTD005_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། རྩོད་པའི་སྤོབས་པ། ལུང་རིགས་ཀྱི་ངར་སོགས་གཞན་ལས་ཆེས་ཁྱད་པར་དུ་འཕགས་པ་ཞིག་བྱུང་བས། དགེ་བཤེས་རྒན་གཞོན་དུ་མ་ནས་སྤྲུལ་སྐུ་འདི་པ་རྡོ་རྗེ་འཆང་གོང་མ་དེ་ཉིད་ཀྱི་སྐུ་ཡོན་མ་བརྗེད་པར་འདུག་ཅེས་གླེང་བ་བྱུང༌། ལོ་ཁ་ཤས་ཀྱི་རིང་བསྡུས་གཞུང་རྣམས་ལ་ཚུལ་བཞིན་དུ་སྦྱང་བ་མཐར་ཕྱིན་པར་མཛད། དེ་ནས་འཛིན་གྲྭ་གཞུང་དུ་ཕེབས་པ་ན་ཉ་ཀྱཱ་ཤོག་གི་དགེ་བའི་བཤེས་གཉེན་གཞུང་བརྒྱ་སྨྲ་བའི་དབང་པོ་རྒྱལ་མཚན་དཔལ་འབྱོར་ཡང་བསྐྱར་དགེ་རྒན་དུ་བསྟེན་ཏེ། རྗེ་འཇམ་དབྱངས་བཞད་པའི་བློ་རྟགས་དང༌། རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ། དེའི་དགོངས་འགྲེལ་རྒྱལ་ཚབ་རྗེས་མཛད་པའི་རྣམ་བཤད་ཐར་ལམ་གསལ་བྱེད་རྣམས་ཐུགས་ལ་བཟུང་ཞིང༌། ཞར་བྱུང་དུ་དེའི་སྐོར་གྱི་གཞུང་འགྲེལ་སོགས་ལ་དཔེ་གཟིགས་དང་མཛུབ་ཁྲིད་ཀྱི་སྒོ་ནས་དཀའ་གནས་རྣམས་ལ་རིང་དུ་འདྲིས་པར་བྱས། མཁས་མང་འདུས་པའི་དབུས་སུ་རྩོད་པའི་བདར་ཤ་བཅད་ནས་མཐའ་ཆོད་པར་སྦྱངས་ཤིང༌། གཞུང་དེ་རྣམས་ཀྱི་ཚོགས་རྒྱུགས་ཀྱང་འབུལ་བར་མཛད། ཕར་ཕྱིན་གྱི་སྐབས་ཆོས་འབྱུང་གི་ཕར་ཕྱིན་སྐབས་དང་པོ་ཟུར་བཀོལ་བཅས་དང༌། རྗེ་འཇམ་དབྱངས་བཞད་པའི་ཕར་ཕྱིན་སྐབས་དང་པོ་ནས་བརྒྱད་པའི་བར་ཟུར་བཀོལ་གསུམ་དང་བཅས་ཆ་ཚང༌། ལེགས་བཤད་གསེར་འཕྲེང༌། དབུ་མའི་སྐབས་སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་དབུ་མ་དང་རྣམ་བཤད་དགོངས་པ་རབ་གསལ། མཛོད་ལ་རྒྱལ་དབང་རིན་པོ་ཆེའི་མཛོད་སོགས་ཐུགས་ལ་གཟུང་སྟེ་གཤར་


GTD005_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱངས་ཐང་ལྷོད་མེད་པ་ཆུ་བོའི་རྒྱུན་བཞིན་གནང༌། དབྱར་དང་སྟོན་དུས་སྐབས་འགར་གཤར་སྦྱང་གིས་མཚན་ཕུད་པའང་ལན་མང་པོ་མཛད། པོ་ཏི་སོ་སོའི་རྩ་བ་དང་ཕྱོགས་གཏོགས་རྒྱ་བོད་ཀྱི་གཞུང་མཐའ་དག་དང་གུང་བསྒྲིགས་ནས་གཟིགས་རྟོག་མཛད་དེ་རྩོད་པའི་ཐོག་ཏུ་བློ་སྐྱེད་ཐོན་པ་བྱས། དགུང་ལོ་ཉི་ཤུ་བ་རྒྱལ་བ་ཞེས་པ་ཤིང་ཕོ་རྟའི་ལོར་ཐུབ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་རྗེ་ངག་དབང་ཐུབ་བསྟན་དབང་ཕྱུག་དཔལ་བཟང་པོས་མཁན་སློབ་སྦྲགས་མ་མཛད། ཁ་སྐོང་གི་ཆོས་རྣམས་ཚང་བའི་དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་བསྟན་པའི་རྩ་བ་ཡོངས་སུ་རྫོགས་པའི་དགེ་སློང་གི་དངོས་པོ་ཡང་དག་པར་བཞེས་ཏེ། ཚུལ་ཁྲིམས་ཀྱི་ཕུང་པོ་མ་ཚང་བ་མེད་པའི་ཡིད་བཞིན་ནོར་བུས་ཐུགས་ཀྱི་བང་མཛོད་ཕྱུར་བུར་གཏམས། ལྟུང་བ་སྡེ་ལྔ་སོ་སོའི་བསྲུང་མཚམས་ཟིན་པར་བྱས་ཏེ་འདུལ་བའི་ཕྱག་ལེན་གྱི་ཆ་ཕྲ་མོ་རྣམས་ཀྱང་ཉམས་བཞེས་སུ་ཐེབས་པར་གནང༌། བརྒྱ་ལ་རྐྱེན་དབང་གིས་ཉེས་པ་ཕྲ་མོ་རེའི་དོགས་པ་བྱུང་ཚེ་འཕྲལ་དུ་ཕྱིར་བཅོས་སོགས་ཀྱིས་སྦྱོང་བར་མཛད། འཚོ་བའི་ཡོ་བྱད། ལྷག་པའི་ཡོ་བྱད། མཁོ་བའི་ཡོ་བྱད་རྣམས་སོ་སོར་བྱིན་གྱིས་རློབས་པ་དང་རྣམ་བརྟག་བྱས་ཏེ་འཆང་ལུགས་ཟས་ལ་བྱིན་ལེན་བྱ་ཚུལ། རུང་ཆུ་འདེབས་ལུགས་ཚུན་ཆོད་ཀྱི་བཅས་མཚམས་ཕྲ་ཞིང་ཞིབ་པར་བསྲུང་བ་ཉིད་སྒྲུབ་པ་ཉམས་ལེན་གྱི་གཙོ་བོར་གནང་བ་ནི་ལུང་གཞི་ལས། གང་ན་ལས་ཀྱང་ཡོད། ནན་ཏན་བྱེད་པའང་ཡོད་པ་དེ་ནི་དམ་པའི་ཆོས་གནས་


GTD005_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞེས་བྱའོ། །གང་ན་ལས་ཀྱང་མེད། ནན་ཏན་བྱེད་པའང་མེད་པ་དེ་ནི་དམ་པའི་ཆོས་ཞིག་པ་ཞེས་བྱའོ། །ཞེས་བསྟན་པ་གནས་མི་གནས་ཆོས་འདུལ་བ་ཡོད་མེད་ཀྱི་རྗེས་སུ་འགྲོ་བར་གསུངས་པ་སོགས་བསྟན་པའི་གནད་མཁྱེན་པའི་རྣམ་པར་ཐར་པ་སྟེ་རྗེ་བླ་མས་ཀྱང་། བསྟན་པའི་རྩ་བ་སོ་སོར་ཐར་པ་ལ། །སྒྲུབ་པ་སྙིང་པོར་བྱེད་པར་བྱིན་གྱིས་རློབས། །ཞེས་གསུངས་པའི་དགོངས་པའོ། །དེ་ནས་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་རྡོ་རྗེ་འཆང་ཆེན་པོ་རྗེ་ཆུ་བཟང་རིན་པོ་ཆེའི་ཞལ་སྔ་ནས་གཙུག་ཏོར་གདུགས་དཀར་ལྷ་བཅུ་བདུན་མའི་དབང་བྱད་གྲོལ་དང་བཅས་པ། དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པ་བདུད་ལས་རྣམ་རྒྱལ་གྱི་དབང་བཞི་ཡོངས་རྫོགས་དང་བཅས་པ་གསན་ཏེ། གསང་སྔགས་རྡོ་རྗེ་ཐེག་པའི་སྒོར་སྨིན་པར་མཛད། དབང་བཀའ་སོགས་ཐོབ་པ་ཙམ་གྱིས་ཆོག་ཤེས་མི་མཛད་པར་དབང་དུས་སུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་རྣམ་པར་དག་པ་གལ་ཆེ་བར་དགོངས་ཏེ་རྩ་བ་དང་ཡན་ལག་གི་དམ་ཚིག་མཐའ་དག་ཚུལ་བཞིན་དུ་བསྲུང་བར་མཛད། ཀུན་མཁྱེན་འཇམ་དབྱངས་བཞད་པའི་འདུལ་བ་གཞི་སྟོད་སྨད་ཆ་ཚང་བར་ཐུགས་ལ་གཟུང་སྟེ་རྩོད་པས་སྒྲོ་འདོགས་བཅད་ཅིང༌། གཙོ་བོར་ལག་ལེན་གྱི་དབང་དུ་མཛད་དེ་དགག་སྒྲུབ་གནང་གསུམ་གྱི་གནད་མཐའ་དག་ཇི་ལྟ་བ་བཞིན་དུ་གཏན་ལ་ཕབ། ཡིག་ཆ་ཐུགས་འཛིན་གྱི་སྐབས་ཉིན་རེ་བཞིན་ཤོག་བུ་མདའ་ཚད་མ་བདུན་རེ་ཙམ་མ་ཆད་པར་ཐུགས་ལ་འཛིན་ཐུབ་ཅེས་ཉེ་གནས་རྣམས་དང་གྲྭ་ཐོག་མཉམ་པའི་གྲྭ་རྒན་ཕལ་ཆེར་གྱིས་རྒྱུན་པར་གླེང༌། སྐབས་ཤིག་མཁས་མང་འདུས་པ་རྒྱ་མཚོའི་


GTD005_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་སུ་སྒྲུབ་པའི་མཆོད་སྤྲིན་དམ་པར་དམིགས་ཏེ་ཚོགས་རྒྱུགས་ལོ་ཕྱེད་དང་གཉིས་ཀྱི་རིང་ལ་བར་མ་ཆད་པར་ཕུལ་བས་མཚོན་སྔ་ཕྱིར་གཞུང་ཆེན་མོ་ཐུགས་ལ་གཟུང་བ་དེ་ཐམས་ཅད་སྒྲ་དག་གསལ་གསུམ་གྱི་སྒོ་ནས་ཚོགས་རྒྱུགས་འབུལ་བར་མཛད་པ་ནི། སྐུའི་གསང་བའི་མདོ་ལས། དམ་ཆོས་འཛིན་པའི་བསོད་ནམས་ནི། །སངས་རྒྱས་ཀུན་གྱིས་ནན་ཏན་ཏུ། །བསྐལ་པ་བྱེ་བར་བརྗོད་མཛད་ཀྱང༌། །ཐ་མར་ཕྱིན་པར་འགྱུར་མ་ལགས། །ཞེས་གསུངས་པ་དང༌། བུ་མོ་དཔལ་ཕྲེང་གིས་ཞུས་པ་བཞིན་དམ་ཆོས་འཛིན་པའི་ཕན་ཡོན་གྱིས་ཐུགས་ཕྲོགས་ཏེ། བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་གཞོན་ནུ་ནོར་བཟང་ལྟར་ཆོས་ཚོལ་བ་ལ་ངོམས་པ་མེད་པའི་རྣམ་པར་ཐར་པ་ཐར་འདོད་ཀུན་གྱི་སྨོན་པའི་གནས་ཤིག་ཡིན་པས་སྙིགས་དུས་ཀྱི་སྐྱེ་སྤྲུལ་མཐོ་དམན་ཀུན་ཀྱང་རྣམ་ཐར་འདི་དག་གི་རྗེས་སུ་སྤྱན་མིག་ཡར་གཟིགས་ན། གཞུང་ཆེན་འདི་སྙེད་འཛིན་སྐྱོར་མཛད་པ་ཡ༷ང༌། །ཡ༷ང་དག་དོན་གྱི་རྣམ་ཐར་ཟླ་མེད་དེ༷། །དེ༷་ནི་འཇམ་དབྱངས་ཆོས་རྗེའི་རྣམ་ཐར་ཉི༷ད། །ཉི༷ད་ཀྱིས་སླར་ཡང་བདག་གིར་མཛད་པར་ངེས། །ཀྱེ་མ༷་མ༷་ལས་སྐྱེས་པས་སྐུ་སྐྱེས་རྣམས། །བླ་མ༷་མ༷་བཅོས་ལྷུན་གྲུབ་ཡིན་མོད་ཀྱང༌། །སྔ་མ༷་མ༷་བརྗེད་བཞུགས་པ་ཅུང་དཀའ་བས། །སློབ་མ༷་མ༷་བསླུ་དང་པོར་ཐོས་པ་མཛོད། །ཚུལ་འདི་འདྲ་ལ་དགོངས་ནས་སྐྱབས་མཆོག་ཐུའུ་བཀྭན་རིན་པོ་ཆེ་བློ་བཟང་ཆོས་ཀྱི་ཉི་མའི་ཞལ་ནས། དེེང་དུས་དམ་པའི་སྐྱེས་སྤྲུལ་འདི་དག་ནི། །སྔོན་སྦྱངས་ཡོན་ཏན་སྙིགས་དུས་གཟུང་དཀའ་བར། །དགོངས་ནས་དག་ཞིང་བཅོལ་ཏེ་སྐུ་རྐྱང་གིས། །ཕྱིན་པ་ཤ་སྟག་ཕྱིར་


GTD005_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཐུགས་ལས་ཆུང༌། །ཁྱོད་ནི་ད་ལྟའི་ངང་ཚུལ་འདིར་དཔག་ན། །ལུང་རྟོགས་ནོར་ལ་ཧ་ཅང་སྲེད་དྲགས་པས། །སྔ་མའི་དུས་ཀྱི་གསང་མཛོད་གོད་མེད་དུ། །བསྣམས་ནས་བྱོན་པའི་ངོ་མཚར་ཅན་དུ་ངེས། །ཞེས་གསུངས་ཏེ་འཕྲལ་ཉམས་མཚར་ལྟ་བུ་ལ་ཕུགས་གོ་རྒྱུ་ཆེན་པོ་ཞིག་འདུག་གོ །དགུང་ལོ་ཉེར་གཉིས་པ་གདོང་ངན་ཞེས་པ་མེ་སྤྲེལ་ལོར་གདན་སའི་མཁན་རིན་པོ་ཆེ་དང་གྲྭ་ཚང་ཐུན་མོང་ནས་སྨོན་ལམ་གྲྭ་སྐོར་གྱི་མཚན་བཏགས་ཕུལ་བ་བཞིན་དགུན་ཆོས་ཆེན་མོར་གྲྭ་ཚང་རང་གི་དམ་བཅའ་དང༌། དགུང་ལོ་ཉེར་གསུམ་པ་གསེར་འཕྱང་ཞེས་པ་མེ་བྱའི་ལོའི་ཆོ་འཕྲུལ་སྨོན་ལམ་གྱི་དམ་བཅའ་མཛད་དེ་ལེགས་བཤད་གཏམ་གྱི་དགའ་སྟོན་སྤེལ་བས་དགེ་བའི་བཤེས་གཉེན་མཐའ་དག་ཤིན་ཏུ་མགུ་ནས་བསྔགས་པའི་མེ་ཏོག་གིས་མངོན་པར་མཆོད་པར་གྱུར་ཏོ། །དེ་ནས་སྐྱབས་མགོན་རྡོ་རྗེ་འཆང་ཆེན་པོ་རྗེ་བཙུན་དཀོན་མཆོག་འཇིགས་མེད་དབང་པོའི་ཞབས་དྲུང་ནས་བདེ་གསང་འཇིགས་གསུམ་གྱི་དབང་སྟ་གོན་དང་བཅས་པ། འཇིགས་བྱེད་དང་བདེ་མཆོག་སྔགས་བཏུའི་རྗེས་གནང༌། བླ་མཆོད་དང་དགའ་ལྡན་ལྷ་བརྒྱ་མའི་ཁྲིད་སོགས་གསན། སྐྱབས་མགོན་དེ་ཉིད་ནས། ཁྱོད་ཀྱིས་མདོ་ཕྱོགས་གསན་སྦྱོང་ལེགས་པོ་བྱུང་འདུག་འཚང་རྒྱ་བ་ལ་མདོ་སྔགས་ཡ་མ་བྲལ་བ་དགོས་པས། ད་ནི་སྔགས་ལ་སྦྱང་བ་ཧུར་ཐག་ཅིག་ཅིས་ཀྱང་མཛོད། ཅེས་བཀའ་ནན་ཆེར་ཕེབས་པར་བརྟེན་གསང་སྔགས་རིག་པ་འཛིན་པའི་འདུས་སྡེ་རྒྱུད་པ་གྲྭ་ཚང་དུ་ཕེབས། ལོ་ཁ་ཤས་ཀྱི་རིང་


GTD005_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དཔལ་གསང་བ་འདུས་པའི་བསྐྱེད་རྫོགས་དང༌། ལེགས་པར་བཤད་པའི་རྒྱལ་པོ་འགྲེལ་པ་བཞི་སྦྲགས། རིམ་ལྔ་གསལ་སྒྲོན་སོགས་ལ་སྦྱངས་པས་གསང་ཆེན་རྒྱུད་སྡེ་རྒྱ་མཚོའི་གནད་ལ་ངེས་པ་བདེ་བླག་ཏུ་རྙེད། རྒྱུད་པའི་ཆོས་ཐོག་ཤོག་ལ་ཕེབས་སྐབས་སུ་གྲྭ་རྐྱང་གི་ལུགས་བཞིན་དམན་ཆ་བཟུང་སྟེ་འདུས་སྡེའི་བསྒྲིག་ལམ་དང་མཐུན་པར་རང་གི་བླ་གོས་སྣམ་སྦྱར། ཤོ་ཀ་ལི། ལྷུང་བཟེད། ཞྭ་ཟླམ་སོགས་ཉེར་མཁོའི་ཡོ་བྱད་རྣམས་རང་ཉིད་ཀྱིས་ཁུར་ནས་ཕེབས་པས་ཐམས་ཅད་ངོ་མཚར་ཞིང་དཔྱོད་ལྡན་རྣམས་རྗེས་སུ་ཡི་རང་བར་གྱུར། རྒྱུད་གྲྭའི་རྒན་གཞོན་མཐའ་དག་ནས་ཀྱང་སྤྲུལ་སྐུ་རིན་པོ་ཆེའི་ན་བཟའ་ངས་འཁུར་ངས་འཁུར་ཞེས་ཧབ་ཐོབ་ཀྱིས་རྩོད་པ་བྱས་པས་དེ་མི་དགོས་གསུངས་ཀྱང་ནན་གྱིས་འཁྱེར་བ་སོགས་དད་གུས་རྨད་དུ་བྱུང་བས་བཀུར་སྟི་ཇེ་ཆེར་འགྲོ་བ་ཞིག་ཡོད་ཅེས་ངག་རྒྱུན་ད་ལྟའང་འདུག་པ་ནི་རྒྱུ་མཐུན་པའི་འབྲས་བུ་སྟེ། བུད་བསྙེགས་ཐོབ་གསུམ་མམ། དམན་ས་བཟུང་བས་རྒྱལ་ས་ཐོབ་པའི་དཔེ་དམ་པ་རྣམས་ཀྱི་ངང་ཚུལ་རྨད་དུ་བྱུང་བའོ། །ངང་ཚུ༷ལ་བཟང་པོས་འདུས་སྡེའི་བཅའ་ཁྲི༷མས་ཀུན། །བཀུར་བའི་རྣམ་ཐར་བསྟན༷་པ༷འི་མཛེས་རྒྱན་ཏེ། །མེ་ཁྱེར་ཉི༷་མ༷འི་འོད་ཀྱི་ང་རྒྱལ་ཅན། །སྙིགས་དུས་ཆེར་རློམ་རྣམས་ལ་འཕྱ་བ་བཞིན། །དགུང་ལོ་ཉེར་ལྔ་པ་སྒྱུར་བྱེད་ཅེས་པ་ས་ཕག་ལོར་པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོ་རྗེ་བཙུན་བློ་བཟང་དཔལ་ལྡན་ཡེ་ཤེས་དཔལ་བཟང་པོ་གསེར་གྱི་རྒྱལ་ཁབ་ཏུ་ཆིབས་ཀྱི་ཁ་ལོ་བསྒྱུར་བའི་ལམ་ཞོར་དུ་སྐུ་འབུམ་ཆོས་སྡེ་ཆེན་པོ་འདིར་ཕྱག་ཕེབས་ནས་དགུན་གྱི་རིང་བཞུགས་པའི་སྐབས་ལམ་རིམ་བདེ་ལམ་གྱི་ཁྲིད་ཤིན་ཏུ་ཟབ་ཅིང་


GTD005_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པ། མཇུག་ཏུ་སེམས་བསྐྱེད་ཀྱི་ཆོ་ག་དང་བཅས་པ། རྒྱན་འཇུག་གཉིས། སྤྱོད་འཇུག་སོགས་ཀྱི་ལུང་དུ་མ་དང་བཅས་བཀའ་ཆོས་མང་དུ་གསན། གནས་ལྔ་རིག་པའི་དབང་ཕྱུག་དགེ་བའི་བཤེས་གཉེན་ངག་དབང་ཉི་མའི་སྤྱན་སྔར་འཕགས་བོད་ཀྱི་སྐད་རིགས་སྒྱུར་ཚུལ། སྒྲ་དང་སྙན་ངག །མིང་གི་མངོན་བརྗོད། རྩིས་དཀར་ནག་སོགས་ལ་སྦྱངས་པས་དཀའ་ཚེགས་མེད་པར་མཁྱེན། གཟུར་གནས་བློ་དང་ལྡན་པ་རྣམས་རྗེ་མི་ཉག་རིན་པོ་ཆེའི་སྤྲུལ་སྐུ་འདི་པ་མདོ་སྔགས་ཀྱི་ཡོན་ཏན་མ་ལུས་པ་རྫོགས་འདུག་པས། རྗེ་རིན་པོ་ཆེའི་བསྟན་པ་ལ་ཕན་ངེས་ཤིག་འོང་བར་འདུག་ཅེས་དགའ་བའི་ཅ་ཅོ་སྒྲོགས་པ་བྱུང༌། དམ་པ་ཉིད་ནས་ཀྱང་གོང་སྨོས་ལྟར་གྱི་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་དེ་རྣམས་རིགས་ཀྱི་ཅོད་པན་དུ་བཞེས་ཏེ་ཡོན་ཏན་རྣམས་ཐུགས་སུ་ཆུད་པས་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་རང་གི་རྟོགས་པ་མགུར་དུ་བཞེས་པ་ནི། རྗེ་བླ་མ་རྣམས་ལ་གུས་བཏུད་དེ། །དུས་ད་རེས་ཐོབ་པའི་དལ་འབྱོར་ལ། །དོན་ཆེན་པོ་སྒྲུབ་པའི་གཏམ་སྙན་གྱི། །དྲིལ་ཆུང་དེ་ཅུང་ཟད་དཀྲོལ་བར་བྱ། །སྔོན་བསགས་པའི་རྣམ་དཀར་ལས་ཀྱི་དབང༌། །དེང་དལ་འབྱོར་ཚང་བའི་རྟེན་བཟང་ཐོབ། །མཆོག་རྒྱལ་བའི་བསྟན་གྱི་སྒོར་ཞུགས་ནས། །སྡོམ་ཚུལ་ཁྲིམས་ཡང་དག་རབ་ཏུ་བླངས། །འདི་བསམ་ན་ཁོ་བོ་སྐལ་ལྡན་ཡིན། །མཚན་ལྡན་གྱི་བཤེས་གཉེན་ལེགས་བསྟེན་ནས། །བཤད་སྒྲུབ་ཀྱི་བྱ་བར་བློ་གཞོལ་ཏེ། །ཆུང་འབྲིང་དང་ཆེན་པོའི་རིགས་ལམ་ལ། །གང་ཐུབ་ཚོད་སྦྱངས་པའི་སྐལ་ལྡན་ཡིན། །


GTD005_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་ཕར་ཕྱིན་དབུ་མ་ལ་སོགས་པ། །ནང་བལྟས་ཀྱིས་བློ་ཡིས་གང་ནུས་སྐྱོར། །དེ་རྣམས་ཀྱི་དམ་བཅའི་ཁུར་ཡང་བཟུང༌། །ཆོས་གཏན་ཚིགས་རིག་པའི་བག་ཆགས་བཞག །དེ་བསམ་ན་ཁོ་བོ་སྐལ་ལྡན་ཡིན། །མཆོག་གསང་སྔགས་རིག་འཛིན་འདུས་པ་ཡི། །གྲྭར་ཞུགས་ཏེ་སྔགས་ལམ་ལ་བརྟེན་ནས། །འཚང་རྒྱ་བར་སླ་བའི་སྨོན་ལམ་བཏབ། །དེ་ཚུལ་བཞིན་བསམ་ན་བདག་སྐལ་ལྡན། །མཆོག་དམ་པའི་དོན་དེ་རྟོགས་པའི་ཕྱིར། །ཐ་སྙད་པའི་རིག་གནས་ཀུན་ལ་ཡང༌། །བློས་གཞལ་ཚུལ་ཙམ་གྱིས་སྦྱང་བའི་ཚུལ། །འདི་བསམ་ན་ཉམ་ཆུང་བདག་སྐལ་ལྡན། །དད་གུས་དང་སྤྲོ་བ་རྣམ་གསུམ་གྱིས། །དུས་ནམ་ཡང་བདག་ཡིད་རབ་འགེངས་ཤིང༌། །ཉམ་ཆུང་ཞིང་ཞི་དུལ་ཆོག་ཤེས་པ། །འདི་མཚན་ལྡན་གྱི་བླ་མའི་བྱིན་རླབས་ཡིན། །འདི་བསམ་ན་ཁོ་བོ་སྐལ་ལྡན་ཡིན། །མཆོག་དགེ་བའི་བཤེས་ཀྱིས་རྗེས་བཟུང་ནས། །མཆོག་དམ་པའི་མཚན་གྱིས་བྱིན་བརླབས་ཤིང༌། །མཆོག་ཐར་པའི་ལམ་བཟང་སྟོན་མཛད་པ། །འདི་བསམ་ན་ཁོ་བོ་མཆོག་སྐལ་ལྡན། །སྐྱེས་སྦྱངས་པའི་རྣམ་དཔྱོད་རབ་དམན་ཀྱང༌། །མགོན་དགེ་བའི་བཤེས་ཀྱི་དྲིན་ལས་ནི། །འཆད་རྩོད་དང་རྩོམ་པའི་ཁུར་ལྕི་བ། །འདེགས་ནུས་པ་འདི་ཡང་སྐལ་བ་ལྡན། །དེང་འཁོར་བའི་གནས་སུ་རབ་ལྷུང་ཡང༌། །མཆོག་དགེ་བའི་སྙིང་སྟོབས་ཆེར་བསྐྱེད་དེ། །བློའི་གཏད་སོ་ཆོས་ལ་བགྱིས་པ་འདི། །དུས་ཀུན་ཏུ་བསམ་ན་སྐལ་བ་ལྡན། །ཚེ་འདི་ཡི་དལ་འབྱོར་དོན་ལྡན་གྱུར། །ཚེ་ཕྱི་མར་དགེ་བའི་སྐལ་ལྡན་གྱུར། །མཆོག་དགེ་བའི་བཤེས་དང་འབྲལ་མེད་གྱུར། །མཆོག་རྒྱལ་བའི་གོ་འཕང་ཐོབ་གྱུར་ཅིག །ཅེས་རང་


GTD005_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད་སྐལ་ལྡན་བཅུའི་གླུ་སྙན་དབྱངས་ཅན་ཕང་འགྲོའི་སྲིང་མོའི་རྣ་བའི་བཅུད་ལེན་ཞེས་བྱ་བ་འདིའང་བཤེས་གཉེན་དུ་མའི་ཞབས་རྡུལ་སྤྱི་བོས་བསྟེན་པའི་ཤཱཀ་བཙུན་མི་ཉག་སྐུ་སྐྱེ་ཤཱི་ལ་ཤཱ་ས་ན་སུརྻྻས་དད་གདུང་སྤྲོ་གསུམ་གྱི་སྒོ་ནས་སྐུ་འབུམ་དུ་རང་ལོ་ཉེར་ལྔའི་ཐོག་སྦྱར་བ་ཛ་ཡནྟུ། ཞེས་གསུངས་ཏེ་ལེགས་པར་བརྟགས་ན་དོན་ཟབ་ལ་གོ་བདེ་ཞིང་འདུས་ཆེ་བར་སྣང་ངོ༌། །དེ་ནས་མཚོ་སྔོན་ཤོག་ནས་དད་སྟོབས་ཀྱི་དབང་ཕྱུག་ཝང་དཀོན་མཆོག་བཀྲ་ཤིས་ཀྱིས་མཁས་གྲུབ་བྱེ་བའི་གཙུག་རྒྱན་རྗེ་འཇམ་དབྱངས་བཞད་པ་དཀོན་མཆོག་འཇིགས་མེད་དབང་པོའི་ཞལ་སྔ་ནས་གདན་དྲངས་ཏེ་བཀའ་ཆོས་ཞུས་སྐབས། ཝང་དེ་ཉིད་ཀྱིས་རྗེ་འདི་པའང་གདན་དྲངས་ནས་དབང་གྲལ་ལ་བཞུགས་སུ་བཅུག་པས། རྗེ་འཇམ་དབྱངས་བཞད་པ་རིན་པོ་ཆེའི་དྲུང་ནས་ངོ་མཚར་བའི་རྣམ་ཐར་བཅོ་བརྒྱད་དམ་ཉི་ཤུ་དང་ལྡན་པ་གྲུབ་ཆེན་མི་ཏྲ་ཛོ་ཀི་ལ་འཕགས་མཆོག་རྒྱལ་བ་རྒྱ་མཚོས་དངོས་སུ་གནང་བའི་མི་ཏྲ་བརྒྱ་རྩའི་དབང༌། སློབ་དཔོན་ཨ་བྷྱཱ་ཀཱ་ར་ལ་རྡོ་རྗེ་རྣལ་འབྱོར་མས་དངོས་སུ་སྩལ་བ་རྡོ་རྗེ་འཕྲེང་བའི་དབང༌། དུས་ཀྱི་འཁོར་ལོའི་བྱིས་པ་འཇུག་པའི་དབང་བདུན་གོང་མ་གོང་ཆེན་དང་བཅས་པ། ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་དབང༌། གཅོད་ནམ་མཁའ་སྒོ་འབྱེད་ཀྱི་དབང༌། འཇིགས་བྱེད་དཔའ་གཅིག་གི་རྗེས་གནང༌། ཆོས་རྒྱལ་ཕྱི་ནང་གསང་གསུམ་དང་སེང་གདོང་མའི་རྗེས་གནང༌། མན་ངག་ལྷན་ཐབས་ཀྱི་ལུང༌། ཐང་སག་པའི་འཇིགས་བྱེད་བསྐྱེད་རྫོགས་དང་དྭགས་པོའི་བསྐྱེད་རྫོགས་གཉིས་ཀྱི་


GTD005_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

ལུང༌། འཕོ་ཁྲིད། ཚེ་དཔག་གྲུབ་རྒྱལ་མའི་རྗེས་གནང་སོགས་མདོ་སྔགས་ཟབ་རྒྱས་ཀྱི་གདམས་པ་ཟད་མི་ཤེས་པའི་བཀའ་དྲིན་ནོད་པར་མཛད། དེ་ནས་སྔ་ཕྱིར་གསན་པའི་བཀའ་ཆོས་ཐམས་ཅད་ལ་ཡང་བསྐྱར་གཟིགས་རྟོག་མཛད་དེ་དབང་རྗེས་གནང་སོགས་ཀྱི་སྒྲུབ་དཀྱིལ་མངོན་རྟོགས། རྗེས་གནང་གི་ཆིངས་མི་འདྲ་བ་སོགས་གང་གི་སྟེང་ནས་གནང་བ་དང་གནང་ཚུལ་རྒྱས་བསྡུས་ཀྱི་ཕྱག་ལེན། དེ་དག་ལ་ཉེ་བར་མཁོ་བའི་ཙཀ་ལི་ཐིག་གདན་སོགས་ཀྱིས་མཚོན་གང་དགོས་པའི་ཡོ་བྱད་སླ་ཆོས་སུ་མ་སོང་བའི་ཚད་ལྡན་ཡང་གྲ་སྒྲིག་མཛད། ཆུ་རྒྱུ་ཁ་པ་རྗེ་བཙུན་བསྟན་པ་དར་རྒྱས་ཀྱི་དྲུང་ནས་མགོན་པོ་བཀའ་བཅུ་གསུམ་གྱི་རྗེས་གནང༌། རྗེ་དགེ་འདུན་རྒྱ་མཚོའི་ཡི་དམ་སྒྲུབ་སྐོར་གྱི་རྗེས་གནང༌། ལྷོ་བྲག་བཀའ་འབུམ་གྱི་ལུང༌། རྟ་མགྲིན་གསང་སྒྲུབ་ཀྱི་དབང་བཞི་ཡོངས་སུ་རྫོགས་པ། གཡུ་ཐོག་སྙིང་ཐིག་གི་ཆོས་སྐོར་དབང་ཆོག་བདེ་ཆེན་ཀློང་ཡངས་ཀྱི་སྟེང་ནས་ཐོབ་པ་སོགས་བཀའ་ཆོས་ཀྱི་རིམ་པ་མཐའ་ཡས་པ་གསན། སྐབས་སྐབས་སུ་ཟླ་རེ་ཙམ་ལ་བཅད་རྒྱ་དམ་པོ་གནང་ནས་ཡི་དམ་ལྷའི་ལྗགས་བསྙེན་ཁ་སྐོང་གི་སྦྱིན་སྲེག་དང་བཅས་པ་ལ་འགྲུས་པར་མཛད། རྒྱུན་དུའང་ཡན་ལག་བདུན་པ་སོགས་དང་ཐུན་དྲུག་གི་རྣལ་འབྱོར་འཇིགས་བྱེད་བཅས་ལ་ཞལ་འདོན་གཙོ་བོར་མཛད། དེའང་རྗེ་ཉིད་དང་ཨ་ཀྱཱ་རིན་པོ་ཆེ་རྣམ་གཉིས་སྐུ་འཕྲེང་སྔ་མ་རྣམས་ནས་བཟུང་ད་ལྟའི་བར་ཆོས་དམ་ཚིག་གི་འབྲེལ་ཟབ་ཅིང་གཙང་བར་བརྟེན། འཇམ་མགོན་བསྟན་པའི་རྩ་ལག་དམ་པ་ཨ་ཀྱཱ་རིན་པོ་ཆེ་འཇམ་དབྱངས་གོང་མའི་


GTD005_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བཞིན་ཕོ་བྲང་དུ་ཉེ་བར་འབྱོན་དགོས་པས་རྗེ་ཉིད་ལ་ཉེར་མཁོའི་རྗེས་གནང་ལུང་ཁྲིད་མང་པོ་ཞུས་པ་རྣམས་ཐུགས་ཀྱི་བཞེད་པ་བཞིན་གནང༌། མདོ་སྔགས་ཀྱི་དཀའ་གནས་རྣམས་ལ་དྲི་བ་མང་དུ་ཞུ་བར་ཡང་དོགས་ལན་ནོར་འཁྲུལ་མེད་པར་རྗེ་ཡབ་སྲས་ཀྱི་གསུང་ལ་ཁུངས་གཏུགས་ཏེ་ཞིབ་རྒྱས་སུ་ཕུལ་ནས་བཞེད་པའི་ཡོལ་གོ་ཕྱུར་བུར་བཀང༌། ཨ་ཀྱཱ་རིན་པོ་ཆེ་སྐུ་འབུམ་ནས་ཕོ་བྲང་དུ་ཕེབས་ཉིན་ཉིད་དང་མཇལ་ཕྲད་གནང་སྟེ་སྐྱབས་འཇུག་ཞུས་སྐབས་ཀྱང་ཞལ་ནས། ཁྱེད་ཀྱི་སྐུ་གོང་མ་དེ་ཉིད་བྱང་ཆུབ་ཀྱི་ཐུགས་འབྱོངས་ཤིང་སྐུ་ཡོན་ཡང་ཤིན་ཏུ་ཟབ་ལ་བསྟན་འགྲོར་ཕན་པ་ཚད་ལས་འདས་པ་ཞིག་ཡིན། ཁྱད་པར་ངེད་རང་ལ་བཀའ་དྲིན་ཤིན་ཏུ་ཆེ། ད་ལམ་ཁྱེད་ཉིད་ཀྱང་མཁྱེན་རྒྱ་ཡངས་ཤིང་རྒྱལ་བའི་གསུང་རབ་ལ་ཐོས་བསམ་སོགས་ཀྱིས་སྒྲོ་འདོགས་ཆོད་པ་འདི་གཞིར་བྱས་ནས། ད་དུང་སྨད་ཕྱོགས་སུ་ཕེབས་ནའང་ལུགས་གཉིས་ཀྱི་སྐུ་དོན་རྒྱ་ཆེན་པོ་འོང་ཡང་གཙོ་བོར་གཞུང་ལུགས་ཐམས་ཅད་གདམས་པར་ཤར་བའི་ཉམས་ལེན་དང་གར་ཕེབས་ཀྱི་སར་འཇམ་མགོན་བླ་མའི་མདོ་སྔགས་ཀྱི་རིང་ལུགས་སྤེལ་བའི་ཐབས་མཁས་གང་ཆེར་གནང་བ་དང༌། དད་ལྡན་སྐྱེ་བོ་མཆོག་དམན་མཐའ་དག་ལ། གང་ལ་གང་འཚམ་གྱི་འཕྲལ་ཕུགས་སུ་ཕན་པའི་མཛད་པ་རླབས་ཆེན་པོས་དམ་པ་གོང་མའི་རྣམ་ཐར་བདག་གིར་བཞེས་པ་གལ་ཆེ། ངེད་ཀྱིས་ཀྱང་ཉིད་ཀྱི་ཐུགས་བཞེད་ཇི་བཞིན་འགྲུབ་ཆེད་དུ་མཆོག་གསུམ་གྱི་ཐུགས་རྗེ་བསྐུལ་ཏེ་གསོལ་འདེབས་དང་ཆོས་


GTD005_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

སྲུང་ལ་འཕྲིན་བཅོལ་སོགས་བྱེད། ཅེས་སོགས་ཀྱིས་མཚོན་ཞལ་ཏ་མང་དུ་གནང༌། སྐབས་ཤིག་མཚོ་སྔོན་ཆིང་ཝང་བསོད་ནམས་རྡོ་རྗེ་དང༌། པཻ་ཟི་མི་འགྱུར་སོགས་དཔོན་ཁག་དུ་མས་གདན་དྲངས་པ་བཞིན་དེ་ཕྱོགས་སུ་ཕེབས། ཝང་གིས་ཞུས་ངོར་སྒྲོལ་དཀར་ལྗང་སོགས་ཀྱི་རྗེས་གནང༌། སྒྲོལ་དཀར་གྱི་ཚེ་སྒྲུབ་སོགས་གནང་ཞིང་ཕྱོགས་འདུས་ཀྱི་དད་ལྡན་མཆོག་དམན་མཐའ་དག་ལ་ཁྲུས་དབང་བཀའ་བསྒོ་སོགས་འདོད་མོས་བཞིན་སྩལ། དེ་ནས་པཻ་ཟི་མི་འགྱུར་གྱི་ཨུརྒེར་ཕེབས་ཏེ་དཔོན་པོའི་མོས་འདུན་བཞིན་སྨན་བླའི་ལུང༌། དགའ་ལྡན་ལྷ་བརྒྱ་མའི་ཁྲིད་འཕོ་ཁྲིད་སོགས་དང༌། སྡེ་འབངས་ནས་ཀྱང་སོ་སོའི་འདོད་མོས་ཀྱི་བཀའ་ཆོས་མང་པོ་ཞུས་པ་རྣམས་སྩལ་ཏེ་དད་ལྡན་ཀུན་གྱི་རྒྱུད་ལ་ཐར་པའི་ས་བོན་ཁྱད་པར་ཅན་བསྐྲུན་པར་མཛད། སླར་སྐུ་འབུམ་དུ་ཕེབས་ཏེ་སྐྱབས་མགོན་དམ་པ་ཆུ་བཟང་རིན་པོ་ཆེའི་དྲུང་ནས་ལྕང་སྐྱ་ངག་དབང་བློ་བཟང་ཆོས་ལྡན་གྱི་གསུང་འབུམ། ཆོས་ཆུང་བརྒྱ་རྩ་སོགས་ཀྱི་ལུང་མང་པོ་དང༌། སྣར་ཐང་བརྒྱ་རྩའི་རྗེས་གནང༌། གདུགས་དཀར་གྱི་དབང་ལེགས་ལྡན་མཆེད་གསུམ་གྱི་རྗེས་གནང་དང་བཅས་པ། ཚེ་དཔག་གྲུབ་རྒྱལ་མའི་རྗེས་གནང༌། ཐུགས་རྗེ་ཆེན་པོ་དང་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་དབང༌། འཇིགས་བྱེད་སྔགས་བཏུའི་རྗེས་གནང་སོགས་ཟབ་ཅིང་རྒྱ་ཆེ་བའི་བཀའ་ཆོས་ཀྱི་རིམ་པ་ཟླ་བ་གཉིས་ཀྱི་རིང་ལ་ལེགས་པར་གསན། ཆོས་ཡོན་དུ་བདོག་པའི་མཆོད་སྤྲིན་གཟབ་རྒྱས་ཞུས། དེ་ནས་ཁྲི་ཀ་གསེར་མོ་ལྗོངས་ཀྱི་སེར་སྐྱ་ཀུན་ནས་


GTD005_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་བཏབ་པ་བཞིན། དེ་ཀའི་ཆོས་སྡེ་ཐོས་བསམ་དར་རྒྱས་གླིང་གི་ཁྲིར་བཞུགས། དགོན་པའི་བསྒྲིག་ལམ་ཀུན་སྤྱོད་ཀྱི་རིམ་པ་གོང་མས་ཇི་ལྟར་ཚུགས་པ་བཞིན་ཅུང་ཟད་ཀྱང་གྲྭ་མ་ཉམས་པར་བསྐྱངས། དགོན་པ་རང་གི་གྲྭ་པ་རྣམས་དང་ཕྱོགས་ནས་ཀྱང་སེར་སྐྱ་མཆོག་དམན་དུ་མ་ལྷགས་པ་རྣམས་ལ་དབང་ལུང་རྗེས་གནང་སོགས་ལྷུག་པར་སྩལ་ཏེ་ཞུ་མཁན་ཐམས་ཅད་ཀྱི་རེ་བ་སྐོང་བར་མཛད། སྤྱིར་རྒྱལ་བསྟན་རིན་པོ་ཆེར་གུས་འདུད་བཀུར་སྟི་སོགས་ལ་བརྩོན་པ་དང༌། ལྷག་པར་རང་རང་ཐད་ཀའི་དགེ་སྦྱོར་ལ་འགྲུས་ཤིང་དགེ་བཅུ་ཅི་ལྕོགས་སྒྲུབ་པ། ཡིག་དྲུག་དང་སྨྱུང་གནས་སོགས་ལ་འབད་ན་ཡུལ་ཕྱོགས་སུ་དགེ་མཚན་འབྱུང་ཞིང༌། རང་རང་སོ་སོའི་འདི་ཕྱིའི་དགོས་དོན་འགྲུབ་པས་དེ་དག་ལ་འབད་པ་གལ་ཆེ་ཚུལ་སོགས་སོ་སོའི་ཁམས་དང་འཚམ་པའི་ཞལ་ཏ་མཛད་ནས་སྐྱེ་བོ་མཆོག་དམན་ཐམས་ཅད་ཕན་བདེའི་ལམ་ལ་སྦྱར། ཉིད་ཀྱི་ཐུགས་རྗེ་དང་འཕྲིན་ལས་ཀྱི་ལྕགས་ཀྱུས་ལུས་ཅན་ཀུན་གྱི་ཡིད་རང་དབང་མེད་པར་འཕྲོག་པས་དགོན་དེ་ཉིད་ལ་མང་འགྱེད་སོགས་སྔར་ལས་ཆེས་ལྷག་པ་བྱུང་བས། དགེ་འདུན་རྣམས་བཤད་སྒྲུབ་ཡར་ལྡན་དུ་སོང་བའི་ཞར་ལ་ཆོས་སྒྲུབ་པའི་མཐུན་རྐྱེན་ཡང་འདོད་དགུར་འབྱོར། འཕྲལ་དང་ཡུན་གྱི་ལེགས་ཚོགས་ལྷུན་གྱིས་གྲུབ་སྟེ། ས་པཎྚི་ཏས། དམ་པ་དཔོན་དུ་བསྐོས་གྱུར་ན། །དོན་གྲུབ་པ་དང་བདེ་སྐྱིད་འཐོབ། །ནོར་བུ་རྒྱལ་མཚན་རྩེར་མཆོད་ན། །ཡུལ་ཕྱོགས་དགེ་ཞེས་མཁས་རྣམས་སྒྲོགས། །ཞེས་པའི་ངང་ཚུལ་མངོན་དུ་གྱུར་ཏོ། །རེ་ཞིག་ནས་དེའི་ཁྲི་ཁུར་བཞག་སྟེ་མཆོད་རྟེན་མི་ཉག་གྲྭ་


GTD005_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ཚང་བཀྲ་ཤིས་ཆོས་འཕེལ་གླིང་གི་བླ་བྲང་དུ་ལོ་ཕྱེད་ཙམ་གྱི་རིང་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་ལ་ཉིན་མཚན་འཁོར་མོ་ཡུག་ཏུ་གཞོལ་ཏེ་ཡི་དམ་གྱི་ལྷ་དུ་མའི་ལྗགས་བསྙེན། མཇུག་ཏུ་སྦྱིན་སྲེག་ཚོགས་འཁོར་སོགས་གང་རྒྱས་གནང༌། དེ་ནས་སྒོ་མེའི་ཤོག་གི་མཆོད་རྟེན་སྐེད་ཅེས་གྲགས་པའི་དགོན་གྱི་ཁྲིར་བཞུགས་ཏེ་ཆོས་འགྲིམ་པ་རྣམས་ལ་བརྩི་བཞག་རྒྱུན་པར་ཐུགས་ནས་གནང་ཞིང་ཚིག་དོན་གཉིས་ཀྱི་རྒྱུགས་ཞིབ་མོར་བཞེས། འཆད་ཉན་གྱི་རྟིང་བསྐུལ་དང་བསྒྲིག་ལམ་ཀུན་སྤྱོད་སོགས་བླ་མ་གོང་མས་བཙུགས་པའི་ཕྱག་སྲོལ་བཞིན་བསྐྱང་བར་མཛད། ཐམས་ཅད་སྤྲོ་བ་སྐྱེས་ཏེ་གྲྭ་པ་རྒན་གཞོན་གང་ས་ནས་བསླབ་སྦྱང་སོགས་ལ་བརྩོན་མཁན་ཁ་མིག་ཡར་ལྟ་བ་མང་དུ་བྱུང་བས་བསྟན་པའི་དམིགས་རྐྱེན་ལ་ཤིན་ཏུ་ཕན་པ་བྱུང༌། དེར་བཞུགས་རིང་དགོན་པའི་གྲྭ་པ་རྣམས་དང་མཆོད་གཞིའི་སེར་སྐྱ་བཅས་ལ་མདོ་སྔགས་ཀྱི་ལུང་ཁྲིད། དབང་རྗེས་གནང་སོགས་འདོད་མོས་བཞིན་སྩལ་ཏེ་རྒྱུད་སྨིན་པར་མཛད། ཁྲི་མཐར་ཕྱིན་ནས་སྐུ་འབུམ་དུ་ཕེབས། ཀུན་མཁྱེན་ཆེན་པོ་རྗེ་འཇམ་དབྱངས་བཞད་པ་དཀོན་མཆོག་འཇིགས་མེད་དབང་པོའི་ཞལ་སྔ་ནས་ཀྱི་སྤྱན་སྔར། ལྷོ་བྲག་གྲུབ་ཆེན་ལས་ཀྱི་རྡོ་རྗེ་ནི་ངེས་པའི་དོན་དུ་གསང་བའི་བདག་པོ་དང་ངོ་བོ་དབྱེར་མེད་ཀྱང༌། རྒྱུད་བརྟག་པ་གཉིས་པར། འཆད་པ་པོ་ང་ཆོས་ཀྱང་ང༌། །རང་གི་ཚོགས་ལྡན་ཉན་པོ་ང༌། །ཞེས་པ་ལྟར་ཐུན་མོང་གདུལ་བྱའི་ངོ་བོར་དེ་ཉིད་ཡི་དམ་གྱི་ལྷར་བརྟེན་ནས་རྩེ་གཅིག་ཏུ་བསྒྲུབ་པས་ཞལ་དངོས་སུ་བསྟན་ཏེ་སྩལ་བའི་སྙན་བརྒྱུད་ཀྱི་མན་ངག་དོན་དམ་སེམས་བསྐྱེད་ཀྱི་རྗེས་གནང་


GTD005_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

ངམ་སྟོན་པ་ཉེ་སྲས་དང་བཅས་པའི་རྗེས་གནང༌། ཚེ་དཔག་མེད་དང་རྣམ་འཇོམས་ཀྱི་དབང༌། ཕྱག་རྡོར་སྐུ་ལྔའི་རྗེས་གནང༌། ཕྱག་རྡོར་སེམས་དཔའ་སུམ་བརྩེགས་ཀྱི་རྗེས་གནང༌། ཕྱག་རྡོར་བདུད་རྩི་ཐིགས་པ། ཕྱག་རྡོར་གཏུམ་པོ་མེ་འབར་དྲག་པོ། དྲག་པོ་སུམ་དྲིལ་སོགས་སྙན་བརྒྱུད་ཀྱི་དབང་དང་རྗེས་གནང་ཆ་ཚང་བ། ཕྱག་རྡོར་འཁོར་ཆེན་གྱི་དབང་དང་མི་འཁྲུགས་པ་ལྷ་དགུའི་དབང༌། སྒྲུབ་ཐབས་རིན་འབྱུང་གི་རྗེས་གནང་རིགས་གཏད་སྒོམ་ལུང་སོགས་བསྡོམས་པ་སུམ་བརྒྱ་དང་གཅིག །དེའི་གཞུང་གི་ལུང་དང་བཅས་པ། མཁས་གྲུབ་རིན་པོ་ཆེའི་གསུང་ཐོར་བུའི་ལུང༌། དམིགས་བརྩེ་མའི་ལས་ཚོགས་ཀྱི་ལུང༌། རྒྱན་འཇུག་གཉིས་ཀྱི་ལུང༌། སྒྲོལ་དཀར་ལྗང་བླ་མེད་རྡོར་སེམས། སེང་གདོང་མ་གཙོ་འཁོར་གསུམ། འཇམ་དཔལ་ནཱ་ག་རཀྴ། འཇམ་དཀར། རྣམ་སྲས། མགོན་དཀར། ཕྱག་རྡོར་གོས་སྔོན་ཅན་སོགས་ཀྱི་རྗེས་གནང༌། ནཱ་རོ་མཁའ་སྤྱོད་མའི་དབང་སོགས་དང༌། གཞན་ཡང་ལུང་ཁྲིད་མན་ངག་ཞལ་ཤེས་ཀྱིས་རིགས་མཐའ་ཡས་པ་གསན་ཏེ། དེད་དཔོན་ནོར་བུའི་གླིང་དུ་སོན་པ་བཞིན་ཐུགས་རྒྱུད་ཟབ་རྒྱས་ཀྱི་གདམས་པས་ཕྱུག་པར་མཛད། དེ་ནས་ཡང་ཕལ་ཆེར་བཅད་རྒྱ་མཛད་ནས་ཡི་དམ་གྱི་ལྷ་དེ་རྣམས་ཀྱི་བསྙེན་པ་དང༌། ཁ་སྐོང་སྦྱིན་སྲེག་སོགས་ཀྱང་རྒྱས་པར་གནང་སྟེ་གསན་པའི་དགོས་དོན་ཕྱག་ལེན་དུ་ཐེབས་པར་མཛད། དེའི་བར་མཚམས་རྣམས་སུ་ཕྱོགས་སོ་སོ་ནས་ཡོང་བའི་མཆོག་དམན་དོན་གཉེར་ཅན་རྣམས་འདོད་ཆོས་ཀྱིས་ཚིམ་པར་བྱས་ཤིང༌།


GTD005_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱི་ཆོ་ག་རྣམ་པར་དག་པའི་སྒོ་ནས་བསྒྲུབ་བྱ་ཉིས་བརྒྱ་ལྷག་ལ་དགེ་བསྙེན། དགེ་ཚུལ། དགེ་སློང་གི་སྡོམ་པ་སོགས་སྩལ་ཏེ་ཐར་པའི་ས་བོན་གྲུང་པོ་འདེབས་པར་མཛད། ཝང་བསོད་ནམས་རྡོ་རྗེས། རྗེ་འཇམ་དབྱངས་བཞད་པ་རིན་པོ་ཆེར་དུས་འཁོར་གྱི་དབང་ཞུས་སྐབས་དེར་ཕེབས་ཏེ་དུས་འཁོར་གྱི་དབང་དང༌། ལྷ་མོ་ཤྲ་མ་ཎ། རྟ་མགྲིན་གསང་སྒྲུབ། མི་གཡོ་བ་དཀར་པོ། མ་ཏི་ལུགས་ཀྱི་འཇམ་དཀར། ཁྲོ་བོ་སྨེ་བརྩེགས། ལྷ་མོ། ཀླུ་དབང་རྒྱལ་པོ། ཕྱག་རྡོར་གཏུམ་ཆུང༌། སོར་འབྲང༌། གཙུག་ཏོར་རྣམ་རྒྱལ་ལྷ་དགུ །ལོ་མ་གྱོན་མ་སོགས་ལྷག་ལྷ་མང་པོའི་རྗེས་གནང༌། རྡོ་རྗེ་ཕག་མོ་ཤེས་རབ་གསལ་བྱེད་མའི་སྒྲུབ་ཐབས་ཀྱི་ལུང༌། མགོན་པོའི་བསྐང་བཤགས་ཀྱི་ལུང་། གསོ་དཔྱད་རྒྱུད་བཞིའི་ལུང༌། འཇམ་དབྱངས་ཆོས་སྐོར་གྱི་ལུང་དང་དེ་ལས་གསུངས་པའི་རྗེས་གནང་གི་རིམ་པ་ཕལ་ཆེར། བསྙུང་གནས་ཆོ་གའི་ལུང༌། འདུལ་བ་རྒྱ་མཚོའི་སྙིང་པོ། དགེ་སློང་གི་བསླབ་བྱ། སྔགས་བྱང་སེམས་ཀྱི་བསླབ་བྱ། སྒྲོལ་དཀར་མངོན་རྟོགས་དང་དེའི་སྦྱིན་སྲེག །མཁའ་སྤྱོད་མའི་མངོན་རྟོགས། དམ་ཅན་མངོན་རྟོགས། བདེ་གསང་གཉིས་ཀྱི་རྒྱུད། དྭགས་པོ་བསྐྱེད་རིམ། འཇམ་དཀར་སྦྱིན་སྲེག །འཇམ་དབྱངས་དམར་སེར་གྱི་མངོན་རྟོགས། བཅུ་གཅིག་ཞལ་གྱི་མངོན་རྟོགས་སོགས་ཀྱི་ལུང་དང་གཞན་བཀའ་ཆོས་ཀྱི་རིམ་པ་ཐོར་བུའང་མཐའ་ཡས་གསན། དེ་ནས་སྐུ་འབུམ་དུ་ཕེབས་ཏེ་སླར་ཡང་རྗེ་དེ་ཉིད་ཀྱི་ཞབས་དྲུང་ནས་ཉིད་ཀྱི་གསུང་འབུམ་གྱི་སྐོར་དང༌། གཞན་འཕོ་ཁྲིད་སོགས་ཁྲིད་འགའ་ཞིག །ལམ་རིམ་གྱི་ཁྲིད་སོགས་བཀའ་ཆོས་ཀྱི་རིམ་པ་སྤྱི་སྒེར་ལ་གང་གནང་བ་


GTD005_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ལ་མ་ལུས་པར་ཕེབས་ཏེ་གསན། རེས་འགའ་གཞན་གྱིས་ཞུས་པ་མ་གསན་པར་ལུས་པའི་ཚེ། རྗེ་འཇམ་དབྱངས་བཞད་པ་རིན་པོ་ཆེས་གཟིགས་པ་ཆེ་བཞེས་ཀྱིས་འདི་པ་བོས་ནས་བཞུགས་སུ་བཅུག་པས་བཀའ་དྲིན་ཤིན་ཏུ་ཆེ་བ་བྱུང་ཚུལ་དམ་པ་ཉིད་ནས་ཀྱང་ཡང་ཡང་གསུང་ཚུལ་རྒྱུས་ཡོད་རྣམས་གླེང༌། རྗེ་བཙུན་བླ་མ་དམ་པ་སྐུ་ཞབས་ཐུའུ་བཀྭན་རིན་པོ་ཆེའི་སྤྱན་སྔར་རྗེ་དེ་ཉིད་ཀྱི་གསུང་འབུམ་སྐོར་པོ་ཏི་བདུན་ལྷག་དང༌། གཞན་ཆོས་ཚན་མང་པོའི་ལུང་གསན། རྒྱར་རྩང་སྒོམ་ཆེན་རིན་པོ་ཆེ་བློ་བཟང་རྒྱལ་མཚན་གྱི་དྲུང་ནས་ཀྱང་ལམ་རིམ་གྱི་ཁྲིད་དང་ལུང་ཁ་ཤས་གསན། སྒོམ་ཆེན་རིན་པོ་ཆེ་དང་རྗེ་འདི་པ་གཉིས་ཞབས་ཐང་ལ་མར་ཚང་བླ་ཆེན་དུ་མཇལ་བར་ཕེབས། རྟེན་ལ་མཆོད་པ་གང་རྒྱས་ཕུལ་ཏེ་ཉིན་ཁ་ཤས་ཀྱི་རིང་བཞུགས་ནས་སྐྱབས་སེམས། ཐུན་དྲུག་གི་རྣལ་འབྱོར་ཡན་ལག་བདུན་པ། སྤྱན་འདྲེན་ཁྲུས་གསོལ། བསྟན་པ་རྒྱས་པའི་ཐུགས་སྨོན་སོགས་ནན་ཏན་གནད་དུ་སྨིན་པ་མཛད། ཕྱག་སྐོར་ཡང་གྲངས་ཚད་ལོང་ངེས་བྱས། དེ་ལྟར་དགེ་བའི་བཤེས་གཉེན་དུ་མ་དང༌། ཁྱད་པར་རྗེ་འཇམ་དབྱངས་བཞད་པ་རིན་པོ་ཆེ། རྗེ་ཆུ་བཟང་རིན་པོ་ཆེ། ཆུ་རྒྱུ་ཁ་པ་རིན་པོ་ཆེ་སོགས་རིགས་ཀྱི་ཅོད་པན་དུ་བཞེས་ཏེ་མདོ་སྔགས་ཀྱི་གསན་སྦྱོང་རྒྱ་ཆེར་མཛད་པས་མདོ་སྔགས་རིག་གནས། དབང་ལུང་ཁྲིད་མན་ངག་སོགས་གདམས་པ་ཟད་མི་ཤེས་པའི་གཏེར་དུ་གྱུར་ཅིང་འཕྲིན་ལས་ཀྱི་སྒོ་བརྒྱ་ཕྱེ་ནས་ཕན་ཚུན་གྱི་དགོན་སྡེ་དུ་མར་འཛིན་སྐྱོང་དང་ཆོས་ཀྱི་མཆོད་སྦྱིན་འདོད་དགུར་སྩལ་བའི་གྲགས་སྙན་གྱི་


GTD005_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

རྔ་སྒྲས་ཕྱོགས་ཀུན་ཏུ་ཁྱབ་པར་གྱུར་ཏོ། །བཤེས་གཉེན་གངས་ཀྱི་རི་བོའི་འཕྲེང་བ་ལས། །དལ་འབབ་ཆོས་ཀྱི་ཀླུང་བརྒྱ་ཆབས་ཅིག་ཏུ། །འཁྱིལ་བའི་གདམས་པ་མི་ཟད་ཆུ་བོའི་གཏེར། །ཐར་འདོད་ངང་པའི་རོལ་གནས་གཅིག་པུར་གྱུར། །ཚུ༷ལ་མཐུན་བག་ཡོད་ཁྲི༷མས་ལྡན་འདུས་སྡེ་སོགས། །དད་ལྡན་གདུལ་བྱའི་བསོད་ནམས་མཁའ་དབྱིངས་ནས། །ཟབ་རྒྱས་གདམས་པའི་འོད་ཟེར་འབུམ་འགྱེད་པ། །བཤེས་གཉེན་བསྟན༷་པ༷འི་ཉི༷་མ༷་འོད་པོ་ཆེ། །ཕྱོགས་ཀྱི་འཁོར་ལོའི་གླིང་དང་གླིང་ཕྲན་དུ། །གང་འཚམས་ཆོས་ཀྱི་སྣང་བའི་མཆོག་བྱིན་ཏེ། །སླར་ཡང་སྐུ་འབུམ་ཆོས་སྡེ་པདྨའི་མཚོར། །འཕྲིན་ལས་གསེར་ཞུན་ཁུ་བ་བཅུད་དུ་འཁྱིལ། །ཞེས་དགེ་ལྡན་བསྟན་པའི་རྩ་ལག་མཁས་ཤིང་གྲུབ་པའི་དབང་ཕྱུག་རྗེ་བཙུན་བླ་མ་དམ་པ་ཚུལ་ཁྲིམས་བསྟན་པའི་ཉི་མ་དཔལ་བཟང་པོའི་རྣམ་པར་ཐར་པ་ནོར་བུའི་དོ་ཤལ་ལས་བསྟན་པའི་སྒོར་ཞུགས་ཤིང་མང་དུ་ཐོས་པ་རྒྱ་ཆེར་བཙལ་བའི་ཚུལ་གྱི་དྲ་བ་སྟེ་གཉིས་པའོ།། །།དགུང་ལོ་སོ་གཉིས་པ་ཟིལ་གནོན་ཞེས་པ་མེ་ཕོ་རྟའི་ལོར་སྐུ་འབུམ་སྨན་པ་གྲྭ་ཚང་གི་ཁྲིར་བཞུགས། གྲྭ་ཚང་རང་གི་འཆད་ཉན་ལ་རྟིང་བསྐུལ། ལམ་རིམ་སོགས་བཀའ་ཆོས་ཀྱི་རིམ་པ། ཆོས་ཐོག་སྐབས་ཀྱི་བརྩི་བཞག་རྣམས་ཆག་མེད་དུ་སྩལ། དུས་བཟང་སོ་སོར་ཡང་ཆག་མེད་ཕེབས་ཤིང་འདོན་པའི་དལ་བྲེལ་དབྱངས་རྟ་སོགས་བསྒྲིག་ལམ་གྱི་རིམ་པ་མཐའ་དག་ལ་ཞི་དྲག་གང་འོས་ཀྱི་དོ་དམ་གང་དྲག་དང་ཚོགས་གཏམ་བསླབ་བྱ་དང་འབྲེལ་བ་ལེགས་ཉེས་སྐྱོན་ཡོན་གྱི་ཤན་ཕྱེད་པའི་རྒྱུ་མཚན་ཡིད་ལ་འབབ་ངེས་བཅས་སྐྱོ་ངལ་མེད་པར་ཡང་ཡང་གནང༌། གྲྭ་པ་ཆོས་


GTD005_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

འགྲིམ་པ་རྣམས་ལ་ཐད་ཀ་ཐད་ཀའི་ཡིག་ཆའི་རྒྱུགས་བླངས་ཏེ་འཆད་ཉན་ལ་འགྲུས་པར་མཛད་པས་ཀུན་གྱིས་གསུང་དང་བླང་གིས་ཐོས་བསམ་སོགས་ལ་འབད་པ་ལྷུར་བླངས་པས་ཆོས་ཐོག་རེ་རེ་ལས་རེ་རེར་སྐྱེད་ཐོན་ཏེ་འཆད་ཉན་ཡར་ཚེས་ཀྱི་ཟླ་ལྟར་འཕེལ། གྲྭ་ཚང་འདིར་ལོ་རེ་བཞིན་དབྱར་ཆོས་ཀྱི་སྐབས་ཀུན་རིག་གི་སྒྲུབ་མཆོད་རས་བྲིས་ཀྱི་དཀྱིལ་འཁོར་སྟེང་ནས་གནང་གིན་ཡོད་པས་དེ་ལ་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་རྒྱུ་ཞིག་ཚུགས་ན་སྙམ་པའི་ཐུགས་བཞེད་ཡོད་པའི་ཐོག །རྗེ་འཇམ་དབྱངས་བཞད་པ་རིན་པོ་ཆེ་ནས་སྐབས་ལ་བབ་པར་གཟིགས་ཏེ་རྗེ་འདི་པར་ཁྱེད་ཀྱིས་ཁྲི་ཁུར་འཛིན་བཞིན་པའི་ཐོག་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་རྒྱུའི་རྒྱུན་འཛུག་ཐུབ་ན་བསྟན་པའི་ཞབས་འདེགས་ལ་ཤིན་ཏུ་ཕན་ངེས་པས་མྱུར་དུ་བཙུག་ན་ལེགས་གསུང་བའི་བཀའ་སྩལ་མེ་ཏོག་གི་འཕྲེང་བ་སྤྱི་བོར་བཅིངས་ཏེ་རྡུལ་ཚོན་གྱི་དཀྱིལ་འཁོར་ཕྱག་ལེན་རྣམས་རྒྱུད་སྡེའི་དགོངས་པ་དང་མཐུན་པར་ཆ་ལག་ཚང་མ་བཙུགས་ཏེ་སྒྲུབ་མཆོད་མཛད་པས་དགེ་འདུན་གྱི་ཆོས་ཀྱི་འཕྲིན་ལས་རྒྱས་པའི་རྟེན་འབྲེལ་ངོ་མཚར་བའི་མཚན་མ་མང་དུ་བྱུང༌། དེའང་གྲུབ་ཆེན་དྲིལ་བུ་པས། རི་མོར་བྲིས་པའི་ལས་དང་ནི། །ཐིག་ལས་ཚོན་དགྱེའི་རིམ་པ་དང༌། །འགྲོ་བ་འདི་དག་རང་བཞིན་གྱི། །གྲུབ་པའི་དཀྱིལ་འཁོར་གཉིས་མེད་པའོ། །བཅོས་མ་གཉིས་ཀྱི་ངོ་བོ་གང༌། །དེ་ནི་གདུལ་བྱའི་དབང་ལས་འདོད། །ཅེས་མ་བཅོས་པ་ལུས་དཀྱིལ་སོགས་ལ་སྔོན་དུ་བཅོས་མའི་དཀྱིལ་འཁོར་དགོས་པ་དང༌། དེའང་རི་མོར་བྲིས་པ་ཞེས་རས་བྲིས་དང༌། ཐིག་ལས་ཚོན་དགྱེ་


GTD005_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་རྡུལ་ཚོན་གཉིས་སུ་ཕྱེ་བ་གདུལ་བྱའི་དབང་གིས་ཡིན་པར་གསུངས་ལ། དེ་ཡིན་ཚུལ་ནི་རྡོ་རྗེ་མཁའ་འགྲོ་ལས། དཀྱིལ་འཁོར་ལ་སོགས་ལས་གང་ནི། །བཅོས་མའི་སེམས་ཀྱིས་གང་བྱེད་པ། །ཕྱི་རོལ་ལས་རྣམས་གསལ་བྱེད་པས། །དང་པོའི་ལས་ཅན་རྣམས་ལ་བསྔགས། །ཞེས་གསུངས་ཏེ་རང་གིས་བསྒོམ་པ་ལ་དཀྱིལ་འཁོར་གྱི་མཚན་ཉིད་ཤེས་དགོས་ཤིང༌། རྡོ་རྗེ་སློབ་དཔོན་བྱེད་པ་ལ་དེ་ཉིད་བཅུའི་ནང་དུ། དཀྱིལ་འཁོར་དྲི་བའི་ལས་ལ་མཁས། །ཞེས་ནན་ཏན་དུ་གསུངས་པ་དང༌། རྡུལ་ཚོན་གྱི་ཕྱེ་མའི་གྲངས་སྙེད་ཀྱི་བསོད་ནམས་ཚད་མེད་ཐོབ་པས་སློབ་མའི་ཚོགས་རྫོགས་ཚབས་ཆེ་བ་སོགས་རྡུལ་ཚོན་གྱི་སྲོལ་བཙུགས་པ་འདི་ལ་དགོངས་གཞི་དང༌། དགོས་པ་བསམ་ལས་འདས་པ་ཞིག་ཡོད་སྣང་སྟེ། དབང་དོན་དེ་ཉིད་རབ་གསལ་ལས། ཨ་བྷྱཱ་ཀཱ་ར་ལ་སོགས་པས་རས་བྲིས་ཀྱི་དཀྱིལ་འཁོར་གྱི་ཆོ་གའང་བཤད་པས་ཐོག་མའི་དབང་ལ་དེའང་རུང་མོད་ཀྱང་སློབ་དཔོན་གྱི་མཚན་ཉིད་དུ་དཀྱིལ་འཁོར་བྲི་བའི་ལས་ལ་མཁས་པ་མང་དུ་གསུངས་ཤིང༌། སློབ་མའི་ངོས་ནས་དཀྱིལ་འཁོར་གྱི་ཕྱོགས་སུ་ཟང་ཟིང་གཏོང་བའི་སྒོ་མང་ལ་དེས་ཀྱང་རྒྱུད་སྣོད་རུང་དུ་སྒྲུབ་པ་ལ་ཁྱད་པར་ཤིན་ཏུ་ཆེ་བས། རྒྱུད་དང་གྲུབ་ཆེན་གྱི་གཞུང་རྣམས་ནས་རྡུལ་ཚོན་གྱི་ཆོ་ག་བསྔགས་པས་འདི་ནི་གཙོ་བོའོ། །ཞེས་གསུངས་པ་ལྟར་རོ། །རྒྱལ་བའི་དམ་ཆོས་འཛིན་པའི་ཐུགས་བསྐྱེད་སྨོན་ལམ་གྲུབ་པའི་དབང་གིས་དུས་དེ་ནས་བཟུང་ད་ལྟའི་བར་ལ་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་པའི་ཕྱག་ལེན་མཐའ་དག་མ་ཉམས་པར་དར་རྒྱས་སུ་བཞུགས་སོ། །དམ་པ་ཉིད་ནས་


GTD005_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་ལྡན་སྐྱེས་ཆེན་དུ་མའི་ཞབས་ལ་བསྟེན་ཏེ་གསན་རྒྱ་ཆེ་བ་ཆོས་ཀྱི་མཛོད་ལྟ་བུར་བཞུགས་པའི་དབང་གིས་ཕྱོགས་མཐའ་དག་ནས་བླ་མ་དགེ་བའི་བཤེས་གཉེན། དཔོན་པོ་ཆེ་ཆུང་སེར་སྐྱ་དྲག་ཞན་མཐའ་ཡས་པ་པདྨའི་ཚལ་ལ་བུང་བ་བཞིན་དུ་འདུས་ནས་བཀའ་ཆོས་གང་དགོས་ཞུས་པ་རྣམས་ལ་སོ་སོའི་འདོད་མོས་བཞིན་ཆོས་ཀྱི་ཆར་ཕབ། དགུང་ལོ་སོ་ལྔ་པ་ས་བྱིའི་ལོར་སྐྱབས་མགོན་ཐམས་ཅད་གཟིགས་པ་ཆེན་པོ་རྗེ་བཙུན་འཇམ་དབྱངས་བཞད་པའི་རྡོ་རྗེའི་སྤྱན་སྔར་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་བཀའ་འབུམ་ཡོངས་རྫོགས་ཀྱི་ལུང་རྗེ་ཐུའུ་བཀྭན་རིན་པོ་ཆེ་ནས་ཞུས་ཏེ་ཁོང་དང་འདི་པ་རྣམ་གཉིས་ཀྱིས་གཙོས་གྲྭ་སློབ་ཐུན་མོང་ནས་གསན་སྐབས་དེར། སྟོན་པ་དང་འཁོར་དང་གནས་དུས་སོགས་ཕུན་སུམ་ཚོགས་པ་ལྔ་ལྡན་དུ་གྱུར་པས་སྤྲོ་དགའ་དང་སྐྱོ་ཤས་སྤེལ་མའི་ཉམས་ཀྱིས་ཐུགས་གཡོས་ཏེ། སྐྱབས་མགོན་ཐུའུ་བཀྭན་རིན་པོ་ཆེ་དང་རྗེ་འདི་པ་གཉིས་ཀྱིས་སློབ་དཔོན་དཔའ་བོ་དང་ཕྱོགས་གླང་གི་སྤེལ་མར་བསྟོད་པའི་ལུགས་བཞིན་གསུང་སྦྲགས་ནས་སྨོན་ཚིག་ཉམས་མགུར་དུ་བཞེས་པ་རྗེ་འདིས་ཕྱག་བྲིས་སུ་མཛད་པ་ནི། རྗེ་ཐུའུ་བཀྭན་རིན་པོ་ཆེའི་གསུང། པདྨ་ཁོ་དྲི་བསུང་ཆེ་དང་གཅིག །བུང་བ་རྣམས་མངར་དད་ཆེ་དང་གཉིས། །དུས་ཚོད་དེ་དབྱར་ལ་སླེབ་དང་གསུམ། །དེ་གསུམ་པོ་འཛོམ་པའི་དུས་ཚོད་ན། །རྐང་དྲུག་ཀུན་ཚོགས་པ་ཆོས་ཉིད་ཡིན། །སྦྲང་རྩི་ཡི་དགའ་སྟོན་རྒྱས་གྱུར་ཅིག །བླ་མ་རྗེ་བྱིན་རླབས་ཆེ་དང་གཅིག །སློབ་མ་རྣམས་དད་པ་བཟང་དང་གཉིས། །ལས་སྨོན་གྱི་དུས་ལ་སླེབ་དང་གསུམ། །དེ་གསུམ་པོ་


GTD005_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

འཛོམ་པའི་དུས་ཚོད་ན། །སྐལ་ལྡན་ཀུན་ཚོགས་པ་ཆོས་ཉིད་ཡིན། །དམ་ཆོས་ཀྱི་དགའ་སྟོན་རྒྱས་གྱུར་ཅིག །སློབ་བུ་མི་ཉག་ཞབས་དྲུང་གིས། སྤྱིར་རྒྱལ་བའི་བསྟན་ལ་མཇལ་དང་གཅིག །སྒོས་ནང་བལྟས་ཤེས་རྒྱུད་དྲང་དང་གཉིས། །མགོན་དགེ་བའི་བཤེས་གཉེན་བསྟེན་དང་གསུམ། །དེ་གསུམ་པོ་འཛོམ་པའི་དུས་ཚོད་ན། །ལེགས་ལམ་ཀུན་གྲུབ་པ་ཆོས་ཉིད་ཡིན། །སྐྱེ་ཀུན་ཏུ་ཆོས་ལ་སྤྱོད་གྱུར་ཅིག །མཆོག་མཁས་བཙུན་བཟང་པོའི་རྣམ་པར་ཐར། །སྒོས་བསྟན་པའི་གནད་དུ་ལེགས་རྟོགས་ཏེ། །ཡིད་དམའ་བའི་མལ་དུ་བག་ཕེབ་པའི། །སྐལ་བཟང་པོ་རྟག་ཏུ་འཛོམ་གྱུར་ན། །ལས་གང་སྨོན་གྲུབ་པ་ཆོས་ཉིད་ཡིན། །དགྲ་གཉེན་གྱིས་བསླུ་བ་མེད་གྱུར་ཅིག །རྗེ་ཐུའུ་བཀྭན་རིན་པོ་ཆེའི་གསུང༌། དགུང་སྔོན་གྱི་ནམ་མཁའ་དྭངས་དང་གཅིག །ཁྲི་གདུགས་ཀྱི་ཉི་མ་ཤར་དང་གཉིས། །འོད་ཟེར་གྱིས་ཕྱོགས་ཀུན་གསལ་དང་གསུམ། །དེ་གསུམ་པོ་འཛོམ་པའི་དུས་ཚོད་ན། །མུན་པ་ལ་མི་སངས་རང་དབང་མེད། །སྣང་བ་ལ་ཕྱོགས་ཀུན་སྤྱོད་གྱུར་ཅིག །བླ་མ་དང་དཀོན་མཆོག་མཐུ་དང་གཅིག །རང་ཅག་གི་ལྷག་བསམ་སྟོབས་དང་གཉིས། །འགྱུར་མེད་ཀྱི་ཆོས་དབྱིངས་བདེན་པ་གསུམ། །དེ་གསུམ་པོ་གཅིག་ཏུ་ཚོགས་གྱུར་ན། །གང་སྨོན་ལ་མི་འགྱུར་རང་དབང་མེད། །བཀྲ་ཤིས་ཀྱི་དགེ་མཚན་རྒྱས་གྱུར་ཅིག །སློབ་བུ་མི་ཉག་ཞབས་དྲུང་གིས། ཚུལ་དེ་ལྟའི་སྨོན་ཚིག་འོད་སྟོང་ཅན། །བདག་དགའ་དད་སྤྲོ་བའི་རྟ་བདུན་གྱིས། །ལས་མཁའ་དབྱིངས་དག་པར་ཉེར་དྲངས་ཏེ། །ལམ་བཟང་པོའི་ཉིན་མོ་རྩོམ་པ་ཡིས། །མཆོག་དགེ་ལེགས་དཔལ་དང་ལྡན་གྱུར་ཅིག །ཅེས་པ་འདི་ནི་ས་བྱ་ལོར་སྐྱབས་


GTD005_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་དམ་པ་འཇམ་དབྱངས་བཞད་པའི་དྲུང་ནས། རྗེ་རིན་པོ་ཆེའི་བཀའ་འབུམ་གྱི་ལུང་གྲྭ་སློབ་ཐུན་མོང་ནས་གསན་དུས་ཕུན་སུམ་ཚོགས་པ་ལྔ་ལྡན་དུ་གྱུར་ཚུལ་གྱིས་ཡིད་དྲངས་ཏེ། མཚུངས་བྲལ་ཐུའུ་བཀྭན་རིན་པོ་ཆེ་ནས་མགོ་བརྩམས། ཉམ་ཆུང་མི་ཉག་སྐུ་སྐྱེས་ཀྱིས་མཚམས་སྦྱར་ཏེ་དགེ་ལེགས་ཀྱི་བྱ་བ་འདིས་ཐོག་དྲངས་ནས་བསྐལ་པའི་བར་དུ་བླ་སློབ་ཆོས་དང་འབྲེལ་བའི་རྒྱུན་ལྷ་ཆུའི་ཚུལ་ལྟར་གནས་པའི་རྟེན་འབྱུང་གི་སྨོན་ཚིག་ཏུ་བགྱིས་པའོ། །ཞེས་གསུངས། དེ་སྐབས་སྐྱབས་མགོན་མཆོག་ནས་ཞིང་ཁམས་གཞན་དུ་དགོངས་པ་གཏད་པར་ཉེ་བའི་དབང་གིས་དུས་རྒྱུན་དང་མི་འདྲ་བར་བུ་སློབ་རྣམས་ལ་བསྟན་པའི་ཁུར་བཞེས་དགོས་ཚུལ་ཡང་ཡང་གསུངས་ཤིང༌། ལྷག་པར་ཉིན་གཅིག་རྗེ་འདི་ཉིད་གཅིག་པུར་མདུན་དུ་བྱོན་པའི་ཚེ། འོ། དེང་སང་སངས་རྒྱས་ཀྱི་བསྟན་པ་འདི་ཤིན་ཏུ་ཉམས་དམས་འདུག །ཆོས་རྒྱུན་ཐམས་ཅད་ཀྱང་ཉག་ཇེ་ཕྲར་འགྲོ་གི་འདུག་ཀྱང་སུས་མཉམ་མི་འཇོག་པར་སྣང༌། ཁྱེད་ཀྱིས་ཐུགས་སྟོབས་བསྐྱེད་ནས་བླ་མ་དགེ་བའི་བཤེས་གཉེན་རྣམས་ཀྱི་སྤྱན་སྔར་དབང་ལུང་ཁྲིད་རྗེས་གནང་སོགས་གང་ཐོབ་པ་ཐམས་ཅད་དང༌། ངོས་ཀྱི་རྩ་ནས་ཀྱང་མདོ་སྔགས་ཀྱི་ཆོས་མང་དུ་ཐོབ་ཡོད་པས་སྤེལ་གང་ཐུབ་ཀྱིས་ངས་བཤད་པ་དོན་ལྡན་དུ་འགྱུར་བ་ཞིག་མཛད་དགོས། ལྷག་པར་ད་ལན་བྲེལ་བ་ཆེ་བཞག་ཆུང་བཞག་གིས་བརྩོན་པ་བསྐྱེད་ནས་རྗེ་བླ་མའི་བཀའ་འབུམ་གྱི་ལུང་ཕུལ་བ་འདི་བརྒྱུད་པ་ཁུངས་དག་ཅིང་བཙུན་པ་ཡིན། ཆོས་བདག་པོར་འཕྲོད་པ་ཡིན་པས་


GTD005_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ལ་བཅངས་ཏེ་ཕྱོགས་མཐའ་དག་ནས་དོན་གཉེར་བ་མང་པོ་བྱུང་ན་ཁྱེད་ཉིད་ནས་དཀའ་ཚེགས་མེད་པར་སྤེལ་ཅི་ཐུབ་གྱིས། འཇམ་མགོན་བླ་མའི་བསྟན་པ་སྤྲིན་བར་གྱི་ཉི་མ་ལྟ་བུ་འདི་ཐབས་སྣ་ཚོགས་ཀྱི་སྒོ་ནས་དར་རྒྱས་སུ་འགྲོ་བའི་ཐུགས་སྟོབས་ཆེར་བསྐྱེད་དགོས་ཞེས་སོགས་ཕྱི་ནང་གསང་བའི་གསུང་གི་ལུང་བསྟན་མང་དུ་གནང༌། ལུང་གསན་མཁན་གྱི་ཁྲོད་དེ་ནས་རྒྱུན་མང་དུ་སྤེལ་མཁན་ཉིད་ལྟ་བུ་མ་བྱུང་བ་འོག་ཏུ་གསལ་བས་གསུང་དེའང་འབྱུང་འགྱུར་མངོན་སུམ་དུ་གཟིགས་པའི་འབྲས་རྟགས་སུ་སྣང་ངོ༌། །དེའི་སྐབས་སུ་རྗེ་འཇམ་དབྱངས་བཞད་པ་རིན་པོ་ཆེས་འདི་པར་ཁྱེད་ལོ་ཁ་ཤས་ཀྱི་རིང་ལ་ངའི་དགོན་པ་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་བཞུགས་དགོས་ཚུལ་མང་དུ་གསུངས་ཏེ་དགོངས་གཞི་ཁྱད་པར་ཅན་ཞིག་ཡོད་པར་སྣང༌། ཡང་ཁྱེད་ཀྱིས་སྐུ་གོང་མས་མཛད་པའི་སྐྱེས་རབས་ཀྱི་འགྲེལ་པ་རྩོམ་འཕྲོ་མ་དེ་ཧ་ཅང་འགངས་ཆེ་བས། འཕྲོ་འདི་ཁྱེད་ལ་སྐལ་བར་བཞག་པ་ལྟ་བུ་ཡིན་པས་མཇུག་རྫོགས་པ་ཞིག་བྱུང་ན་ལེགས་གསུང༌། གཞན་སྤྲུལ་སྐུ་ཆེ་ཕྲ་དུ་མ་དང༌། དབང་ཕྱོགས་ཀྱི་ཏཱ་རའི་གང་གའི་མེར་གན་པཎྚི་ཏ་བླ་མ་སོགས་མང་པོས་ཀྱང་རྩོམ་འཕྲོ་བསྐུལ་མ་མཛད་འདུག་ཀྱང་དུས་ལ་མ་སླེབ་པ་ལྟ་བུས་གནང་རྒྱུར་མ་སོང་སྣང༌། སྨན་པ་བླ་མ་མཛད་མཁན་ཕལ་ཆེར་མདོ་སྔགས་ཀྱི་སྐུ་ཡོན་བཟང་ཡང་སྨན་ལ་འདྲེས་ཆུང་བས་ལམ་རིམ་སོགས་བཀའ་སྤྱི་འགྲོ་ཙམ་ལས་མི་འོང་ལ། རྗེ་ཉིད་གསོ་རིག་ལའང་མཁྱེན་པ་རྒྱས་པར་གྲྭ་ཁྲོད་ནས་སྨན་གྱི་ལག་ལེན་གཤའ་མ་སློབ་འདོད་པ་རྣམས་ལ་སོ་སོའི་བློ་དང་འཚམ་པར་ཚེའི་རིག་བྱེད་ཀྱི་གནད་


GTD005_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་དག་གནས་དྲུག་ཏུ་བསྡུས་ཏེ་སྟོན་པ་དཔའ་བོའི་ཡན་ལག་བརྒྱད་པ་དང༌། དཔལ་ལྡན་རྒྱུད་བཞི་རྩ་འགྲེལ་གསུམ་སོགས་སྨན་གྱི་གཞུང་ཆེ་བ་རྣམས་དང༌། ཆ་ལག་བཅོ་བརྒྱད། ཉམས་ཡིག །བྱེ་བ་རིང་བསྲེལ། ལག་ལེན་བདུད་རྩིའི་བུམ་པ་ཆེ་ཆུང་སོགས་གཞུང་མང་པོ་གུང་བསྒྲིགས་ཏེ་དོགས་སློང་དང་དམར་ཁྲིད་ལག་ལེན་དུ་འདེབས་ཚུལ་གྱི་བློ་སྐྱེད་མང་དུ་གནང་བས་ཕན་ཐོགས་བླ་ན་མེད་པ་བྱུང༌། དེ་ལྟར་ཆོས་སྲིད་ཟུང་འབྲེལ་གྱི་འཛིན་སྐྱོང་གཞན་འགྲན་མེད་པའི་ངང་ནས་ལོ་དྲུག་གི་རིམ་པར་གསོ་རིག་གྲྭ་ཚང་གི་བྱ་བ་གང་རྒྱས་མཛད་དེ། དགུང་ལོ་སོ་བདུན་པ་འགལ་བྱེད་ཅེས་པ་ལྕགས་ཕག་ལོར་ཁྲིའི་དགོངས་པ་ཞུས་ནས་ཟུར་བཞུགས་མཛད། ཆ་ཧར་ཤོག་གི་དར་ཧན་རབ་འབྱམས་པ་ངག་དབང་ཆོས་དར་གྱིས་གཙོས་སེར་སྐྱ་ཉི་ཤུ་ལྷག་གིས། འཇམ་དཀར། ཛཾ་བྷ་ལ། ཐུགས་རྗེ་ཆེན་པོ་ཕྱག་བཞི་པའི་རྗེས་གནང་ཞུས་པ་བཞིན་སྩལ། རབ་འབྱམས་པ་དེའི་མོས་འདུན་ལྟར་བསྟན་སྲུང་འགའ་ཞིག་ལ་མཆོད་གཏོར་འབུལ་ཚུལ་དངོས་གྲུབ་གཏེར་མཛོད་ཅེས་བྱ་བའང་ལྗགས་རྩོམ་གནང༌། གྲོང་པའི་སྐྱེ་བོ་འགའ་ཞིག་ལ་བསྙེན་གནས་དང༌། བསྒྲུབ་བྱ་དུ་མར་དགེ་ཚུལ་སློང་གི་སྡོམ་པ་སྩལ། ལ་ཀྱཱ་ཞབས་དྲུང་ངོ་གཡོག་ནས་གསོལ་བ་རྩེ་གཅིག་ཏུ་བཏབ་སྟེ་རྗེ་རིན་པོ་ཆེའི་གསུང་འབུམ་གྱི་ལུང་ཞུས་པ་ལྟར་ཁོང་དཔོན་གཡོག་དང་གདན་སའི་དགེ་བའི་བཤེས་གཉེན་མང་པོ་གཞན་སེར་སྐྱ་སུམ་བརྒྱ་ལྷག་ཙམ་དང་བཅས་ལ་ལྗགས་ལུང་ཆ་ཚང་བར་སྩལ། དེ་ནས་ཆོས་ཀྱི་རྗེ་དོན་གྲུབ་རིན་པོ་ཆེའི་གདན་ས་བྱ་


GTD005_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱུང་དགོན་པར་ཕེབས། བླ་གྲྭ་ཐུན་མོང་ནས་ཚོགས་ཆེན་གྱི་ཆོས་ཁྲིར་གདན་དྲངས་ནས་གསོལ་བ་བཏབ་པ་བཞིན་འདུས་ཚོགས་ཡོངས་ལ། ལམ་གྱི་གཙོ་བོ་རྣམ་གསུམ་གྱི་ཁྲིད་མདོ་རྒྱུད་བསྟན་བཅོས་ཀྱི་ལུང་གི་ཁུངས་དང་བཅས་པ་ཤིན་ཏུ་རྒྱས་པ་ཞིག་སྩལ། ཆོས་སྡེར་མང་འགྱེད་ཀྱི་བསྙེན་བཀུར་ཞུས་ཤིང༌། ནང་རྟེན་སོགས་ལ་མཆོད་འབུལ་གྱ་ནོམ་པ་དང་བཅས་སྐྱབས་སེམས་ཐུན་དྲུག་གི་རྣལ་འབྱོར་སོགས་དང་སྤྱན་འདྲེན་ཁྲུས་གསོལ། བསྟན་པ་རྒྱས་པའི་སྨོན་ལམ་སོགས་སྤྱན་དམིགས་ནན་ཏན་གྱི་སྒོ་ནས་གང་རྒྱས་མཛད། དེར་ཡུན་རིང་པོར་བཅད་རྒྱ་གང་དམ་གནང་ནས་ཡི་དམ་ལྷའི་ལྗགས་བསྙེན་དང་གཙོ་བོར་བསག་སྦྱང་ལ་འགྲུས་པར་མཛད། དགུང་ལོ་སོ་དགུ་པ་བྲ་མཱ་དཱི་ཞེས་པ་ཆུ་གླང་གནམ་ལོ་གསར་བཞད་ཀྱི་ཟླ་བ་དང་པོའི་ཚེས་བཅུ་གཉིས་ཀྱི་ཉིན་སྐུ་འབུམ་ཆོས་སྡེ་ཆེན་པོར་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་སེང་ཁྲིར་བཞུགས། དེ་སྐབས་མཚོ་སྔོན་གྱི་ཆིང་ཝང་བསོད་ནམས་རྡོ་རྗེ་དང་པཻ་ཟི་མི་འགྱུར་སོགས་ཆེ་དྲག་མང་པོ། སྨད་ཕྱོགས་ཀྱི་སྦྱིན་བདག་ཆེ་ཕྲ་དུ་མ། ཁྲི་ཀའི་ཕྱོགས་ནས་སེར་སྐྱ་བརྒྱ་ཕྲག་ལྷག་བཅས་ཀྱིས་སྤོས་འདྲེན་ཁྲི་དར་དངོས་འབུལ་སོགས་བཏེག་ནས་ཁྲི་ཁར་གདན་དྲངས་ཏེ་རྟེན་འབྲེལ་གང་ལེགས་བསྒྲིགས། རྒྱུད་གྲྭའི་འདུས་ཚོགས་སུ་བཀའ་ཆོས་སྩལ་ཅིང་མང་འགྱེད་ཀྱི་བསྙེན་བཀུར་དང༌། ཚོགས་ཆེན་གྱི་དགེ་འདུན་སུམ་སྟོང་བརྒྱ་ཕྲག་དྲུག་ལྷག་ལའང་མང་འགྱེད་སོགས་རྒྱ་ཆེར་ཕུལ། དེ་ནས་ལོ་རེ་བཞིན་གྲྭ་ཚང་རང་གི་ཐུན་མོང་མ་ཡིན་པའི་སྒྲིག་ལམ་བཞིན་བླ་མ་རྒྱུད་མཆོད་སྔོན་དུ་འགྲོ་བའི་སྒོ་ནས་རྒྱུད་ཐམས་


GTD005_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྩ་རྒྱུད་ཀྱི་དགོངས་དོན་མཐའ་དྲུག་ཚུལ་བཞིས་རྒྱས་བཏབ་པའི་གནད་རྣམས་བཤད་རྒྱུད་ཆེན་པོ་དྲུག་གི་སྒོ་ནས་ལེགས་པར་བཤད་པའི་ལམ་སྲོལ་ཆེན་པོ་དཔལ་ལྡན་ཟླ་བའི་འགྲེལ་པ་སྒྲོན་གསལ་དང་བཅས་པ། རྗེ་རིན་པོ་ཆེས་མཛད་པའི་བསྡུས་དོན། ཟུར་མཆན། དཀྱུས་མཆན། མཐའ་དཔྱོད་རྣམས་སྦྲགས་ནས་གཏན་ལ་འབེབས་པའི་བཤད་རྒྱུན་དྲི་མ་མེད་པ་འཇམ་མགོན་ཙོང་ཁ་པ་ཆེན་པོ་ནས་རིམ་པར་བརྒྱུད་པ་དཔལ་ལྡན་སྨད་རྒྱུད་པའི་སྲོལ་ཇི་ལྟ་བ་བཞིན་ལ། རྗེའི་གསུང་རབ་གཞན་རྣམས་དང་རྒྱ་བོད་ཀྱི་མཁས་པ་དུ་མའི་གཞུང་ཁུངས་ཐུབ་མང་པོ་གུང་བསྒྲིགས་པའི་བཤད་པ་དང༌། དཀའ་བའི་གནས་མཐའ་དག་ལ་དགག་གཞག་བསྐྱངས་ཏེ་དོགས་པའི་མཐའ་ཆོད་ངེས་སུ་མཛད་པས། དགེ་བའི་བཤེས་གཉེན་རྣམས་རྒྱུད་སྡེ་རྒྱ་མཚོའི་ཡང་སྙིང་གསང་བ་བླ་ན་མེད་པའི་བདུད་རྩིས་ངོམས་པར་གྱུར་ཏེ། རྒྱུད་དོན་ལམ་གྱི་རིམ་པར་བསྒྲིག་ཚུལ་གྱི་གནད་ངེས་པ་གཏིང་ཚུགས་པ་བྱུང༌། མཐའ་དྲུག་ཚུ༷ལ་བཞིས་རྒྱས་བཏབ་རྒྱུད་དོན་བཤད་རྒྱུད་ཀྱིས་དགྲོལ་བཀའ་ཁྲི༷མས་བཞིན། །གསང་ཆེན་བསྟ༷ན་པ༷འི་སྙིང་པོ་གསལ་བྱེད་དཔལ་ལྡན་ཟླ་བ་གྲགས་པའི་གཞུང༌། །གནམ་ལ་ཉི༷་ཟླ་རྣམ་གཉིས་ས་ལ་གསལ་བ་གཉིས་ཞེས་གྲགས་པ་ལས། །སྒྲོན་མ༷་རབ་ཏུ་གསལ་བའི་དགོངས་དོན་ཡིད་བཞིན་ནོར་བུའི་གཏེར་མཛོད་ཕྱེས། །གཞན་ལའང་ཕྱིན་ཅི་མ་ལོག་པར་འཆད་ཐུབ་པའི་དགེ་བཤེས་མང་དུ་ཐོན་པས་བསྟོད་བསྔགས་ཀྱི་རོལ་མོ་


GTD005_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

སྐལ་བཟང་རྣ་བའི་རྒྱན་དུ་གྱུར། སུ་ཉིད་ཕྱོགས་ནས་འོངས་པ་མཁྱེན་དཔྱོད་ཡངས་པ་ཞབས་དྲུང་སྐལ་བཟང་བསྟན་པའི་སྒྲོན་མེས་ཞུས་ངོར་འཇིགས་བྱེད་ཀྱི་དབང་དང་ཐུགས་རྗེ་ཆེན་པོའི་དབང་སྟ་གོན་བཅས་ཚེ་དཔག་མེད་གྲུབ་རྒྱལ་མའི་རྗེས་གནང༌། སྒྲོལ་མའི་རྗེས་གནང༌། གསང་འདུས་རྩ་རྒྱུད་ཀྱི་ལུང༌། ལམ་རིམ་གྱི་ཁྲིད། སྨན་ཆོག་རྒྱས་བསྡུས་ཀྱི་ལུང་སོགས་བཀའ་ཆོས་དུ་མ་སྩལ། ཁོ་རང་གི་འདོད་མོས་བཞིན་ལམ་རིམ་གྱི་དམིགས་རྣམ་ཆ་ཚང་བར་སྐྱོང་ཚུལ་དང་འབྲེལ་བའི་གསོལ་འདེབས་མགུར་དབྱངས་སུ་བྱས་པ་ཞིག་ལྗགས་རྩོམ་མཛད། དགེ་བསྙེན་གྱི་སྡོམ་པ་ཞུ་བ་འགའ་ཞིག་བྱུང་བའི་འདུན་པ་བསྐངས། ཚོགས་ཆེན་གྱི་སྨོན་ལམ་གསུང་ཆོས་སོགས་ལ་ཆག་མེད་དུ་ཕེབས་ཏེ་བསྟན་པ་རྒྱས་པའི་ཐུགས་སྨོན་གང་ལེགས་མཛད་ཅིང་བདག་གཞན་གཉིས་ཆར་གྱི་དགེ་བ་རྫོགས་བྱང་དུ་བསྔོ་བ་གནང༌། དགོན་པའི་ནང་དང་ཕྱོགས་གཞན་ནས་འོང་བའི་བསྒྲུབ་བྱ་བརྒྱ་དང་ལྔ་བཅུ་ལྷག་ལ་དགེ་ཚུལ་སློང་གི་སྡོམ་པ་ཕོག་སྟེ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པའི་བདུད་རྩིས་ཡིད་ཀྱི་བུམ་བཟང་གང་བར་མཛད། ཆོས་མཚམས་ཕལ་ཆེར་བཅད་རྒྱར་བཞུགས་ནས་ཡི་དམ་ལྷ་དུ་མའི་ལྗགས་བསྙེན་མཛད། རྒྱུད་པ་གྲྭ་ཚང་ནས་ལོ་རེ་བཞིན་ཟླ་ཟད་སྐབས་བསྟན་པ་སྤྱིའི་རིམ་གྲོར་དམིགས་ནས་ཆོས་རྒྱལ་ལྕགས་མཁར་ཟུར་དགུ་པ་དང་བཅུ་དྲུག་པ་གཉིས་རེས་མོས་ཀྱིས་སྒྲུབ་སྲོལ་ཉིད་ཀྱི་སྐུ་གོང་མའི་དུས་བཙུགས་པ་མ་ཉམས་པར་གནས་པས་ལོ་སྔ་ཕྱིར་གཉི་གའི་ཚོགས་དབུར་བཞུགས་ཏེ་སྒྲུབ་པ་ཚད་ལྡན་བྱས་ནས་མཇུག་ཏུ་གཏོར་རྒྱག་སྐབས་རྒྱུད་པའི་གཏོར་རྒྱག་དང་སྦྲགས་ཏེ་གྲྭ་ཚང་ཕན་ཚུན་གྱི་གཏོར་མའང་སྡེབ་པའི་སྲོལ་


GTD005_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན། རྗེ་འདི་པས་གྲྭ་ཚང་སོ་སོའི་གཏོར་མ་དང་སྒོས་ཀྱི་རྒྱུད་པའི་ཟོར་དང་ལྕགས་མཁར་རིམ་པ་བརྡབ་པའི་ཚེ་རླུང་ཁ་ཕར་ལྡོག་ཅིང་མེ་ལྕེ་དུམ་བུ་དུམ་བུར་ཆད་ནས་འགྲོ་བ་སོགས་ཟིལ་ཆེ་བ་ཚམ་རྔམ་དཀྱུས་དང་མི་འདྲ་བར་ཤིན་ཏུ་འཇིགས་པ་བྱུང༌། གནམ་ལོ་གསར་ཚེས་ཀྱི་ཉིན་རྒྱུད་པའི་བླ་བྲང་གི་སྲོལ་བཞིན་དཔལ་ལྡན་འདོད་ཁམས་དབང་མོའི་གཏོར་སྐྱོང་མངའ་གསོལ་སོགས་ཕྱག་ལེན་ལྟར་གནང༌། སྨད་རྒྱུད་གྲྭ་ཚང་གི་བླ་མ་དབུ་མཛད་སྐེ་རྒྱ་ཞབས་དྲུང༌། དགེ་བསྐོས་དཀའ་བཅུ་བློ་བཟང་དར་རྒྱས། བྱིང་འདྲེན་ཤེས་རབ་རིག་འཛིན། སྤྱི་གཉེར་རབ་འབྱམས་པ་བསྟན་འཛིན་རྣམ་རྒྱལ། དགེ་སློང་བློ་གྲོས་མཆོག་ལྡན། དགེ་རྒན་དཀའ་བཅུ་བློ་བཟང་བཀྲ་ཤིས། སྔགས་རམས་པ་འཇིགས་བྱེད་རྣམ་རྒྱལ། སྔགས་རམས་པ་ཚུལ་ཁྲིམས་བཟང་པོ་སོགས་གྲྭ་ཚང་རང་གི་ལས་སྣེའི་རིགས་དང༌། ཚོགས་ཆེན་ཞལ་ངོ་རབ་འབྱམས་པ་ཡོན་ཏན་དར་རྒྱས་སོགས་ལས་སྣེ་ཐུན་མོང་ནས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་གཏོར་ཆེན་ལྕགས་མཁར་ཟུར་བཅུ་དྲུག་པར་ཉེ་བར་མཁོ་བའི་ཞལ་འདོན་གྱི་རིམ་པ་འགའ་ཞིག་དང༌། ལས་རིམ་རྣམས་དགོས་ཞེས་བསྐུལ་བ་བཞིན། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་གཏོར་ཆོག་འཁྲུལ་འཁོར་གྱི་ལུགས་སུ་བྱས་པ་ལྕགས་མཁར་ཟུར་བཅུ་དྲུག་པ་ལ་ཉེ་བར་མཁོ་བའི་ལས་རིམ་དྲག་པོ་ཕོ་ཉ་བཞད་པའི་སྒྲ་དབྱངས་ཞེས་པ་དང༌། ཡང་ཟུར་དགུ་པའི་སྐབས་སུ་ཉེ་བར་མཁོ་བའི་ལས་རིམ་ཞལ་འདོན་གྱི་རིམ་པ་འགའ་ཞིག་དང༌། ཀུན་སྤྱོད་ཀྱི་གོ་རིམ་ལག་ཏུ་བླང་


GTD005_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་ཡི་གེར་བཀོད་པ་དངོས་གྲུབ་ཀུན་འབྱུང་ཞེས་བྱ་བ་སོགས་ལྗགས་རྩོམ་མཛད། གྲྭ་ཚང་གི་ཐུན་མོང་མ་ཡིན་པའི་བསྒྲིགས་ལམ་ཀུན་སྤྱོད་ཀྱི་རིམ་པ་འགའ་ཞིག་ཅུང་ཟད་བག་ཡངས་སུ་སོང་ཡོད་པ་ཇེ་དམ་དུ་བཏང་སྟེ། ཆོས་འདུལ་བའི་དགོངས་པ་བཞིན་བཅའ་ཡིག་གི་སྟེང་ནས་ཅུང་ཟད་ཀྱང་མ་འདས་པ་དང༌། ལྷག་པར་འཆད་ཉན་གྱི་རྟིང་བསྐུལ་ནན་ཏན་མཛད་པ་ལ་བརྟེན་ནས་གྲྭ་པ་རྒན་གཞོན་མཐའ་དག་འདུན་པ་ཇེ་ཆེར་སོང་སྟེ། བསྐྱེད་རྫོགས་ཀྱི་རིམ་པ་བློ་ལ་གཟུང་ཞིང་རྗེ་ཉིད་ལ་རྒྱུགས་ཕུལ་ནས་ཁྲིད་སོགས་ཞུ་མཁན་དང༌། འགྲེལ་པ་བཞི་སྦྲགས་ཀྱི་སྐོར་ནས་དོགས་གཅོད་ཞུ་མཁན་ཆེས་མང་པོ་བྱུང་བས། སོ་སོའི་དོགས་ལན་ཞིབ་མོར་བཀྲོལ་བས་བློ་གསལ་རྣམས་སྔོན་མེད་ལེགས་བཤད་ཀྱིས་ཚིམ་པར་གྱུར་ཏེ་དད་པའི་སྙིམ་པ་སྤྱི་བོའི་རྒྱན་དུ་བཀོད་ཅིང་བསྔགས་པའི་མེ་ཏོག་གིས་མཆོད་པ་ལྷུར་ལེན་པ་བྱུང་བས་བསྒྲིག་ལམ་འཆད་ཉན་གཉི་ག་འགྲན་པ་བཞིན་གོང་འཕེལ་དུ་གྱུར་ཏོ། །རྒྱུན་གྱི་སྤྱོད་ལམ་ཚོགས་ཆོས་འགྲིམ་ཚུ༷ལ་སོགས། །འདུལ་བའི་བཅས་ཁྲི༷མས་མཚམས་ལས་མི་འདའ་བས། །བསྟ༷ན་པ༷འི་དམིགས་རྐྱེན་ཁོ་ནར་ཕན་པའི་ཐབས། །ཉི༷་མ༷་རེ་རེ་བཞིན་ཡང་བརྩོན་པར་མཛད། །དེ་ལྟར་ཚུ༷ལ་ཁྲི༷མས་གཙང་མའི་ཀ་ལཱ་ཤ། །བསྟ༷ན་པ༷འི་བྱ་བ་བཤད་སྒྲུབ་བདུད་རྩིའི་ཆུས། །ཡོངས་སུ་བཀང་སྟེ་འགྲོ་རྣམས་ཚིམ་མཛད་པ། །ཀུན་མཁྱེན་ཉི༷་མ༷འི་གཉེན་གྱི་གདུང་འཚོབ་གྱུར། །སྐབས་ཤིག་ཨར་ཚ་ཐུའི་དགོན་དགའ་ལྡན་བཀྲ་ཤིས་ཆོས་གླིང་གི་གྲྭ་པ་དགེ་སློང་ངག་དབང་སྙན་གྲགས་ཀྱིས་ཕྱོགས་དེའི་གཞི་བདག་ལ་གསོལ་མཆོད་ཅིག་


GTD005_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

ཞུས་པའང་རྩོམ་པ་མཛད། ཆ་ཧར་ཕྱོགས་ཀྱི་ཆོས་སྤྱན་ཡངས་པའི་བཀའ་འགྱུར་བ་ཆོས་རྗེ་བློ་བཟང་བཀྲ་ཤིས། དད་ལྡན་བློ་བཟང་ཉི་མ་ངོ་གཡོག་བཅས་ལ་འཇིགས་བྱེད་ཀྱི་དབང༌། སྒྲོལ་དཀར་དང་རྟ་མགྲིན་གྱི་རྗེས་གནང་སོགས་སྩལ། ཆོས་རྗེ་བློ་བཟང་བཀྲ་ཤིས་ཀྱིས་བསྐུལ་ངོར་སྐྱེས་བུ་ཆེན་པོ་དམ་ཅན་རྡོ་རྗེ་ལེགས་པ་དང་སྐུ་ལྔའི་གསོལ་མཆོད་བྱ་ཚུལ་ལེགས་ཚོགས་འཕྲིན་ལས་དཔལ་འབར་ཞེས་བྱ་བ་ལྗགས་རྩོམ་མཛད། གྲྭ་ཚང་དང་ལྷན་དུ་དབྱར་ཞལ་བཞེས་གནང་སྟེ་དབྱར་གྲོལ་རྗེས་བསྟན་པའི་གསལ་བྱེད་ཨ་ཀྱཱ་རིན་པོ་ཆེ་བློ་བཟང་འཇམ་དབྱངས་རྒྱ་མཚོ་དབུས་གཙང་ནས་ཕྱིར་ཕེབས་པས། རྗེ་འདི་པར་བཀའ་ཆོས་མང་པོའི་སྙན་གསན་ཕུལ་བ་བཞིན་བ་རི་བརྒྱ་རྩ་དང༌། སྒྲུབ་ཐབས་རྒྱ་མཚོ་སོགས་ཀྱི་རྗེས་གནང་དང༌། གཞན་ལུང་ཁྲིད་མང་པོ་བཅས་སྩལ་ཏེ་བཞེད་པ་ཡོངས་སུ་བསྐངས། དགེ་ཚུལ་སློང་གི་སྡོམ་པ་ཞུ་མཁན་བརྒྱ་ལྷག་ཙམ་བྱུང་བ་རྣམས་སོ་སོར་བསླབ་པའི་གཞི་ལ་བཀོད། དགུང་ལོ་ཞེ་གཅིག་པ་སྲིན་པོ་ཞེས་པ་ཤིང་ཡོས་ལོར་དབྱར་ཁ་ཐན་ཆེན་བྱུང་ནས་བླ་སྔགས་མང་པོས་ཆར་འབེབ་ལན་མང་པོ་བྱས་ཀྱང་གཏན་མ་བབ་པས་མི་ཕྱུགས་ལོ་ཏོག་སོགས་ལ་གནོད་ཚབས་ཆེ་བར་བརྟེན་ཚོགས་ཆེན་ཞལ་ངོ་སོགས་ལས་སྣེ་ཐུན་མོང་ནས་ཆོས་སྐྱོང་ལ་ལུང་བསྟན་ཞུས་པས་རྒྱུད་པ་དཔོན་སློབ་ཀྱིས་གཙོས་དགེ་འདུན་པ་ཉི་ཤུ་རྩ་གཅིག་གིས་ཆུ་མིག་སྦལ་ཁའི་ཆུ་མགོར་ཕེབས་ཏེ་ཆར་འབེབ་བྱེད་དགོས་ཚུལ་བབས་པ་བཞིན་ཉིན་བདུན་གྱི་རིང་ལ་དམིགས་


GTD005_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེ་མའི་ལས་ཚོགས་ནང་གི་ཆར་འབེབ་ཚུལ་དེ་བཞིན་བསྒྲུབས་པ་ན་ཆར་རྒྱུན་འཇམ་པོ་ཉིན་ཞག་དྲུག་ཏུ་མ་ཆད་པར་བབས་ཏེ་ལོ་ཏོག་རྣམས་ལེགས་པར་གསོས་ཤིང་མི་ཕྱུགས་ཀུན་དབུགས་ཕྱུང་སྟེ་བདེ་དགའི་དཔལ་ལ་བཀོད། རྒྱ་བོད་མཐའ་དག་ནས་ད་རེས་སྤྱིར་དཀོན་མཆོག་གི་བཀའ་དྲིན་དང༌། ལྷག་པར་རྗེ་འདི་པའི་ཐུགས་རྗེ་ཁོ་ན་ཡིན་པར་ཐེ་ཚོམ་མེད། དེ་མིན་ན་མི་ཕྱུགས་ཀུན་ལ་ཉམ་ཉེས་ཆེན་པོ་ཞིག་ཡོང་ཐག་ཆོད་དུ་འདུག་ཅེས་བཀའ་དྲིན་རྗེས་སུ་དྲན་པ་བྱུང༌། ཤེར་ག་ལ་དག་ཐོ་ཡོན་ནས་རྗེ་རིན་པོ་ཆེའི་གསུང་འབུམ་གྱི་ལུང་ཞུས་པ་བཞིན་དགེ་འདུན་བརྒྱ་ལྷག་ཙམ་ལ་ལྗགས་ལུང་ཚང་བར་སྩལ་ཏེ་དགེ་ལྡན་རིང་ལུགས་རྒྱས་པའི་རྒྱུར་བསྔོ་བའི་མཚམས་སྦྱར་ཤུགས་དྲག་མཛད། དམ་པ་འདི་ཉིད་ནས་གྲྭ་ཚང་གི་འཛིན་སྐྱོང་གནང་ཚུལ་ས་བཅད་མ་སྟོངས་ཙམ་གྱིས་ཁྲིར་བཞུགས་པའི་མིང་ལེན་ཐབས་མ་ཡིན་པར་རྒྱལ་བསྟན་རིན་པོ་ཆེའི་ཡང་སྙིང་རྗེ་ཙོང་ཁ་པའི་བསྟན་པ་དྲི་མ་མེད་པ་འདི་ཉིད་ཐུགས་ལ་དགོངས་ཏེ་ཆོས་སྲིད་གང་གི་ཐད་ནས་ཀྱང་ཐུགས་ཁུར་ཚད་མེད་པ་བཞེས་ཏེ་ཐབས་མཁས་ཀྱི་སྒོ་དུ་མ་ནས་བསྐྱངས་པས་ཆོས་འབྱོར་རྫོགས་ལྡན་གྱི་དཔལ་ལ་རེག་པར་གྱུར། དགུང་ལོ་ཞེ་གཉིས་པ་མེ་འབྲུག་ལོར་དཔྱིད་ཀ་རྒྱུད་པའི་ཁྲིའི་ལས་ཁུར་གྱི་དགོངས་པ་ཞུས་ཏེ། རེ་ཞིག་བཅད་རྒྱ་དམ་པོས་ལམ་གྱི་གཙོ་བོ་རྣམ་གསུམ་གྱི་ཉམས་ལེན་དང་ལྷག་ལྷ་དུ་མའི་བསྙེན་པ་ལ་བརྩོན་པར་མཛད། སྐབས་ཤིག་མཚོ་སྔོན་གྱི་ཆིང་ཝང་བསོད་ནམས་རྡོ་རྗེ། པཻ་ཟི་མི་འགྱུར་སོགས་ཀྱིས་གདན་དྲངས་པ་བཞིན་དེ་ཕྱོགས་སུ་ཕེབས། ཝང་


GTD005_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཚེ་དཔག་གྲུབ་རྒྱལ་མའི་རྗེས་གནང་སྩལ་ཅིང་ཞག་ཤས་ཚེ་སྒྲུབ་གནང༌། འཇིགས་བྱེད་ཀྱི་བསྙེན་པ་རྒྱུན་རིང་སྔོན་དུ་བཏང་སྟེ་ཞི་བའི་སྦྱིན་སྲེག་མཛད། ཕྱོགས་ཀུན་ནས་ལྷགས་པའི་མཇལ་བ་མང་པོར་ཁྲུས་དབང༌། ལྗགས་བསྔོ། བཀའ་བསྒོ་སོགས་ཆོས་སྦྱིན་སྩལ། རབ་བྱུང་དང་དགེ་ཚུལ་སློང་གི་དངོས་པོ་དོན་དུ་གཉེར་མཁན་བཞི་བཅུ་ལྷག་ལ་སྡོམ་པ་སྩལ། དེ་ནས་པཻ་ཟིའི་ཨུར་གེར་ཕེབས་ཏེ་དཔོན་པོའི་མོས་འདུན་བཞིན་སྒྲོལ་དཀར་གྱི་ཚེ་སྒྲུབ་དང་ཡི་དམ་ཆོས་སྲུང་ལ་གསོལ་མཆོད་ཞུས་ཤིང༌། ཀུན་རིག །ཚེ་དཔག་མེད། ཐུགས་རྗེ་ཆེན་པོ་རྣམས་ཀྱི་དབང་སྟ་གོན་དང་བཅས་པ་སྩལ། བསྒྲུབ་བྱ་སུམ་ཅུ་ཙམ་ལ་དགེ་ཚུལ་སློང་གི་སྡོམ་པ་གནང༌། དེ་ནས་སྐུ་འབུམ་དུ་ཕེབས། སྨད་སོག་པ་དགེ་སློང་ངག་དབང་བརྩོན་འགྲུས་ངོ་གཡོག་ནས་ཞུས་པ་བཞིན་འཇིགས་བྱེད་ཀྱི་དབང༌། སེང་གདོང་མའི་རྗེས་གནང༌། མགོན་པོ་བར་ཆད་ཀུན་སེལ་གྱི་རྗེས་གནང༌། གཞན་ལུང་ཐོར་བུ་སྣ་ཚོགས་བཅས་སྩལ། དེས་བསྐུལ་ངོར་རྡོ་རྗེ་རྣམ་འཇོམས་ཀྱི་སྒྲུབ་ཐབས་དངོས་གྲུབ་ཀུན་འབྱུང་ཞེས་པ་ལྗགས་རྩོམ་མཛད། དེ་ནས་ཁྲི་ཀའི་ཕྱོགས་སུ་ཕེབས་ཏེ་མཆོད་རྟེན་གྱི་བླ་བྲང་རང་དུ་ཡུན་རིང་པོའི་བར་སྐུ་མཚམས་ལ་བཞུགས་ནས་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་སྐྱོང་བར་མཛད། བདེ་གསང་འཇིགས་གསུམ་གྱི་བདག་འཇུག་ལན་མང་དུ་བཞེས་ཤིང་བསག་སྦྱང་ལའང་ཤིན་ཏུ་འགྲུས་པར་མཛད། ཁྲི་ཀའི་རྟེན་གྱི་གཙོ་བོ་གྲེན་བྲུའི་ལྷ་ཁང་ཞེས་གྲགས་པར་དཀར་ཆག་ཅིག་དགོས་ཞེས་རོང་པོ་དགེ་སློང་དོན་གྲུབ་


GTD005_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་མཚན་གྱིས་གཙོས་དཔྱོད་ལྡན་འགའ་ཞིག་གིས་ཞུས་ངོར་ལྗགས་རྩོམ་མཛད། དེ་ནས་གྲྭ་ཚང་ཐོས་བསམ་དར་རྒྱས་གླིང་དུ་ཕེབས་ནས་གྲྭ་པ་ལྔ་བརྒྱ་ལྷག་ལ་ཀུན་རིག་དང་གསང་འདུས་གཉིས་ཀྱི་དབང་སྟ་གོན་དང་བཅས་པ། སྨན་ཆོག་རྒྱས་པ་དང་བླ་མཆོད་ཀྱི་ལུང་སོགས་སྩལ། སླར་སྐུ་འབུམ་དུ་ཕེབས། ཆེ་ཤོས་རིན་པོ་ཆེའི་ཡབ་སྔགས་ཆེན་གྱིས་ཞུས་ནས་རྟ་མགྲིན་གསང་སྒྲུབ་དང་ཡང་གསང་གི་དབང་སོགས་གནང༌། ཆེ་ཤོས་ངག་དབང་བསྟན་པའི་སྤྲུལ་སྐུ་རིན་པོ་ཆེའི་གཙུག་ཕུད་བཞེས་ཏེ་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་སྩལ་ནས་མཚན་ངག་དབང་བཤད་སྒྲུབ་ཉི་མ་ཞེས་འདོགས་པར་མཛད། སུ་ཉིད་གཡས་རུའི་མཁན་པོ་བླ་མ་སངས་རྒྱས་བཀྲ་ཤིས་ཀྱིས་རྗེའི་གསུང་འབུམ་གྱི་ལུང་ཞུས་པར། ཀུན་མཁྱེན་བླ་མ་མཆོག་ལ་སྒྲུབ་པའི་མཆོད་པར་དགོངས་ཏེ་སྐྱོ་ངལ་མེད་པར་དགྱེས་བཞིན་པའི་སྒོ་ནས་ལུང་ཆ་ཚང་བ་དགེ་འདུན་པ་སུམ་བརྒྱ་ལྷག་ལ་སྩལ། ཆོ་འཕྲུལ་སྨོན་ལམ་གྱི་དུས་སུ་ཕྱོགས་ཀུན་ནས་ཡོང་བའི་དད་ལྡན་རྒྱ་བོད་ཧོར་སོགས་ལ་ཐུགས་རྗེ་ཆེན་པོའི་དབང་སྟ་གོན་དང་བཅས་པ། རྣམ་འཇོམས་ཀྱི་རྗེས་གནང་བྱབས་བསྲུང་བཅས་དང༌། མ་ཎི་དང་དམིགས་བརྩེ་མའི་བཟླས་ལུང་སོགས་གནང་སྟེ་ཡིད་ཚིམ་པར་མཛད། བསྒྲུབ་བྱ་ཉིས་བརྒྱ་དང་དྲུག་ཅུ་ལྷག་ལ་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་སྩལ་ཏེ་ཐར་པའི་རྒྱལ་མཚན་སྲིད་རྩེར་བསྒྲེངས། དེ་རྗེས་ཟླ་བ་ཁ་ཤས་ཀྱི་རིང་སྐུ་མཚམས་ལ་བཞུགས་ནས་བསྙེན་པ་དང་བསག་སྦྱང་ལྷུར་བཞེས། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་བདག་འཇུག་ཀྱང་ལན་མང་དུ་བཞེས་ཏེ་རྣལ་འབྱོར་གསང་


GTD005_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

མཐའི་ལམ་གྱི་ཉམས་ལེན་བསྐྱངས། དེ་ནས་མཚོ་སྔོན་པཻ་ལི་ཡེ་ཤེས་འཇིགས་མེད་ཀྱིས་གདན་དྲངས་པ་བཞིན་ཕེབས། དཔོན་པོས་བསྟན་པ་དང་ཡང་སྒོས་ངེད་ལྟོས་བཅས་ལ་ཕྱི་ནང་གེགས་འཚུབ་ཆེ་སྟབས། དེ་དག་སེལ་ཕྱིར་དུ་ཅིས་ཀྱང་ཆོས་རྒྱལ་གྱི་གཏོར་སྒྲུབ་ཅིག་མཛད་དགོས་ཞེས་ནན་ཏན་གསོལ་བ་བཞིན་སྒྲུབ་གྲོགས་དགེ་འདུན་དང་བཅས་པས་གནད་སྨིན་བསྒྲུབས་ཏེ་གཏོར་རྒྱག་བྱས་པས། གེགས་འཚུབ་སོགས་ཞི་བའི་ལྟས་མིག་མཐོང་ལག་བཟུང་ལྟ་བུ་བྱུང༌། སླར་སྐུ་འབུམ་དུ་ཕེབས་ཏེ་ཟླ་ལྷག་ཙམ་ལ་འཇིགས་བྱེད་ཀྱི་བསྙེན་པ་ཚད་ལྡན་ཁ་སྐོང་ཞི་བའི་སྦྱིན་སྲེག་དང་བཅས་པ་མཛད། མཁས་གྲུབ་ཆེན་པོ་རྗེ་བཙུན་བླ་མ་ཨ་རིག་དགེ་བཤེས་རྒྱལ་མཚན་འོད་ཟེར་གྱི་ཞབས་དྲུང་དུ་ཕེབས་ཏེ་ལམ་གྱི་གཙོ་བོ་རྣམ་གསུམ་གྱི་ཁྲིད་རྒྱས་པར་གསན། དགུང་ལོ་ཞེ་བརྒྱད་ལ་ཕེབས་པ་སྟོད་འགྲེལ་ལུགས་ཀྱི་རྔ་ཆེན་ཏེ་ལེགས་པར་སྦྱར་བ་སཾ་སྐྲྀ་ཏའི་སྐད་དུ་དུནྡུ་བྷིཿ མཧཱ་ཙ་ནའི་སྐད་ཀྱིས་ཞིང་ཟུའི་ཞེས་འབོད་པ། སྤོར་ཐང་དང་བསྟུན་པ་ཆུ་ཕོ་ཁྱི་ལོ་ཧོར་ཟླ་གཉིས་པ་ཆུ་ཤེལ་དབང་པོ་དོན་ཐམས་ཅད་འབྲས་བུར་བྱེད་པས་ཕལྒུ་ནཱི་སྟེ་རྒྱུ་སྐར་གྱི་ལྷ་མོ་དབོས་ཉ་བའི་ཚེས་གསུམ་རྒྱལ་བ་དང་པོའི་ཉིན། སྐུ་འབུམ་ཆོས་སྡེ་ཆེན་པོའི་དཔལ་ལྡན་སྨད་རྒྱུད་དཔོན་སློབ་ལྷ་རམས་པ་བསོད་ནམས་བསྟན་འཛིན་དང་སྨན་པ་དཔོན་སློབ་གཉིས་ཀྱིས་གཙོས་ཚོགས་ཆེན་ཞལ་ངོ༌། བླ་བྲང་ཕྱག་མཛོད། སྤྱི་གཉེར། སྐུ་རྟེན་ཆོས་རྗེ། ཚོ་པ་དྲུག་གི་རྒན་པ། སྒར་པ་ཁག་དང་བཅས་ནས་གདན་ས་ཆེན་པོའི་ཆོས་ཁྲིར་ཕེབས་དགོས་ཀྱི་


GTD005_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་བཏབ་པར། རྗེ་རིན་པོ་ཆེའི་འཁྲུངས་གནས་ཁྱད་པར་ཅན་འདིར་འཆད་ཉན་བྱེད་རྒྱུ་བྱུང་ན་ཤིན་ཏུ་སྐལ་བ་བཟང་ཚུལ་དང་བཅས་ཞལ་བཞེས་མཛད་པས། དཔོན་སློབ་རྣམ་གཉིས་དང་ལས་སྣེ་ཐུན་མོང་ནས་དགའ་དར་བཀྲ་ཤིས་ལྷ་རྫས་མཎྜལ་བཅས་ཕུལ། སེང་ཁྲིར་བཞུགས་རྒྱུའི་སྔར་ཉིན་རྒྱ་མིའི་དཔོན་པོ་ཟི་ལིང་ཤཱན་དགོན་པར་འོངས་ནས་རྗེ་འདི་པར་ཐུག་སྐབས། ཁྱེད་དགོན་པ་འདིའི་ཁྲི་ལ་གསར་དུ་བཞུགས་རྒྱུ་ཡིན་ཟེར་བ་བདེན་ནམ་ཞུས་པར། ཡིན་ཚུལ་གསུང་བས། ཤིན་ཏུ་དགའ་བའི་རྣམ་པས་ཁྱེད་བླ་མ་ཡག་པོ་རེད། ཁྱེད་ཀྱིས་དགོན་པ་འདི་ལ་དོ་དམ་ཡག་པོ་གྱིས། ཁྱེད་ཀྱི་གསུང་མི་ཉན་མཁན་དེ་འདྲ་ཡོད་ཚེ་དཔོན་པོ་ང་ལ་སྤྲོད། ཁྱེད་བླ་མ་ཆོས་བྱེད་མཁན་ཡིན༌། ངེད་དཔོན་པོ་ཚོས་ཆོས་དང་མི་མཐུན་པའི་བྱ་བ་བྱེད་མཁན་ཚར་གཅོད་པ་པོ་ཡིན། དཔེར་ན་བསྟན་པ་བསྲུང་བའི་ཆོས་སྐྱོང་ལྟ་བུ་ཡིན་ཞེས་ཞུས་ཏེ་སྲུང་མས་རྒྱུད་བསྐུལ་བའི་རྟེན་འབྲེལ་ཅན་གྱི་གཏམ་དུ་སྣང༌། དེ་ནས་ཧོར་ཟླ་གསུམ་པ་ཙཻ་ཏྲི་ཀཿ སྟེ་ནག་པ་ཅན་གྱི་ཟླ་བ་ཞེས་སྟོན་པས་བྱ་རྒོད་ཕུང་པོའི་རིར་ཤེར་མདོ་དང་དཔལ་ལྡན་འབྲས་སྤུངས་སུ་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་རྒྱུད་གསུངས་པའི་དུས་ཆེན་ཁྱད་པར་ཅན་གྱི་ཡར་ཚེས་གསུམ་པ་གཟའ་སྐར་འཕྲོད་སྦྱོར་ཐམས་ཅད་ཕུན་སུམ་ཚོགས་པའི་ཉིན། ཉི་མ་ཤར་རིའི་རྩེར་མངོན་པར་འཕགས་པ་དང་དུས་མཚུངས་སུ་ཚོགས་ཆེན་ཞལ་ངོ་སོགས་ལས་སྣེ་ཐུན་མོང་ནས་ཆེན་པོར་འོས་པའི་ཡོ་བྱད་མཆོད་རྫས་ཀྱི་བྱེ་བྲག་དུ་མ་བསྒྲེངས་པ་དང་བཅས་པའི་སྒོ་ནས་ཆོས་ཀྱི་ཁྲི་འཕང་མཐོན་པོར་མངའ་གསོལ་བར་མཛད་པས་དགེ་ལེགས་ཀྱི་འོད་སྣང་


GTD005_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་ཀུན་ཏུ་ཁྱབ་པར་གྱུར་ཏོ། །སྣོད་བཅུད་དཔལ་འབྱོར་བདེ་སྐྱིད་ལྷ་དང་ཚུ༷ལ་མཚུངས་མདོ་སྨད་ཙོང་ཁའི་ཡུལ། །རྒྱལ་ཁྲི༷མས་རྭ་བ་བཙན་པོས་བསྐོར་བས་འཐབ་རྩོད་རྒུད་པའི་མིང་ཡང་མེད། །བློ་བཟང་བསྟ༷ན་པ༷འི་ཉི༷་འོད་ཆེར་གསལ་སྐུ་འབུམ་ཆོས་ཀྱི་སྡེ་ཆེན་པོར། །འཇིགས་བྲལ་ཆོས་ཀྱི་ཁྲི་ལ་དབང་བསྐུར་དཔལ་ལྡན་བླ་མ༷་རྒྱལ་གྱུར་ཅིག །ཉིན་འདིར་ཚོགས་ཆེན་གྱི་དགེ་འདུན་སུམ་སྟོང་བརྒྱད་བརྒྱ་བརྒལ་བ་ལ་ཕྱག་དབང་དང༌། ལམ་རིམ་ཆེན་མོའི་མགོ་ནས་ཆོས་ཐུན་གཅིག་གནང་སྟེ་མཇུག་ཏུ་བསྟན་འབར་མ་གསུངས་ནས་རྒྱལ་བསྟན་རིན་པོ་ཆེ་རྒྱས་པའི་ཐུགས་སྨོན་དང་ཕན་བདེའི་ལེགས་ཚོགས་འཕེལ་བའི་རྟེན་འབྲེལ་ཡང་དག་བསྒྲིགས། གདན་ས་རང་གི་བླ་སྤྱི་ཐུན་མོང་དང༌། དགོན་ལུང་ནས་སྐྱབས་མགོན་ཐུའུ་བཀྭན་རིན་པོ་ཆེས་ཆེད་མངགས་ཀྱི་མི་སྣ་སོགས་ཕྱོགས་གཞན་གྱི་དགོན་པ་དང་སྦྱིན་བདག་དུ་མས་ཁྲི་འབུལ་རྒྱ་ཆེ་བ་རིམ་པར་བཏེག །སྨད་རྒྱུད་དཔོན་སློབ་སེར་བྱེས་ལྷ་རམས་པ་བསོད་ནམས་བསྟན་འཛིན་གྱིས་སྐྱེས་རབས་དང་འབྲེལ་བའི་ཆེ་བརྗོད། བསྟན་པ་རྒྱས་ཤིང་འགྲོ་བ་ལ་དགེ་མཚན་འབྱུང་བ་དང༌། ཟབ་གསང་ཆོས་འཁོར་བསྐོར་ནས་བརྟན་པར་བཞུགས་དགོས་ཚུལ་སོགས་ཞུ་འབུལ་རྒྱས་ཤིང་སྙན་འཇེབས་འབྲེལ་ཆགས་པ་ཞུས། ཁྲི་སྟོན་དུ་ཚོགས་ཆེན་ལ་མང་འགྱེད་དང་ཚྭ་སྦྲ་སོགས་ཀྱི་བསྙེན་བཀུར་རྒྱས་པ་ཞུས། ཟི་ལིང་ཤཱན་སྐུ་མདུན་དུ་ཡོང་ནས་ལེགས་དར་དང༌། རིན་ཆེན་གཉིས་པ་སྲང་འགའ་ཕུལ་ཏེ་གུས་ཆེར་བྱས། གཟའ་སྐར་ལེགས་པའི་ཉིན་ནས་བརྩམས་ཆོས་གྲྭར་བརྩི་


GTD005_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

གཞག་ཆག་མེད་ཐུགས་ཐོག་ནས་གནང་བས་བློ་གསལ་དོན་གཉེར་བ་རྣམས་ངང་པའི་ཁྱུ་ཚོགས་ཡིད་བཞིན་གྱི་མཚོ་ལ་སླེབས་པ་བཞིན་དགའ་དད་སྤྲོ་གསུམ་གྱིས་མགྲིན་པའི་རྫ་རྔ་བརྡུང་བ་ལ་བརྩོན་པར་གྱུར་ཏོ། །དེ་ནས་ས་ག་ཟླ་བའི་སྨོན་ལམ་སྐབས་སྔ་དྲོ་གསུང་ཆོས་ལ་རྒྱུད་འཁུལ་ངེས་པའི་གསུང་བཤད་རྒྱས་པ་དང་ཕྱི་དྲོའི་ཆར་སྨོན་ལམ་ལ་ཆག་མེད་དུ་ཕེབས་ནས་ཐུགས་སྨོན་རྒྱ་ཆེན་པོ་མཛད། ལོ་སྔོན་མ་རྣམས་སུ་མཚོ་སྔོན་དང་ནང་ལོགས་རྣམས་ལ་དགྲ་ཇག་གི་གནོད་པ་ཆེར་བྱུང་བར་བརྟེན་རྒྱའི་དམག་ཆེན་བུད་དེ་རྨ་ཆུ་ཕ་རིར་འགྲོ་བའི་སྐབས་ཡིན་པས། ལན་ཇུའི་ཙུན་ཏུ། ཆིན་ཚེའི་ཏཱ་ཞིན། ཟི་ལིང་ཨམ་བྷན། ཏོ་འུ་ཡེ། ཤཱན་སོགས་རྒྱའི་དཔོན་པོ་ཆེས་དྲེགས་པ་མང་པོ་ལམ་ཞོར་ལ་སྐུ་འབུམ་དུ་ཕེབས་པར། དགོན་པའི་ཉེ་འདབས་སུ་རྗེའི་གདན་ས་པ་འདི་པས་གཙོས་དགེ་འདུན་མང་མས་བསུ་བ་བྱེད་སྐབས་རྗེ་འདིས་རྒྱང་རིང་པོ་ནས་ཆིབས་བཤོལ་ཏེ་རྒྱའི་ལུགས་སྲོལ་གྱིས་བཀུར་གཟོས་བྱེད་རྩིས་གནང་བར། འཇམ་དབྱངས་གོང་མའི་ཞིང་ས་གཅིག་གི་བདག་པོ་ཆེན་པོ་ལན་ཇུའུ་ཙུན་ཏུས་འདི་པ་མཐོང་མ་ཐག་འགྱོག་བྱང་ནས་བབས་ཏེ་ཁ་དར་ཕུལ་ནས་མཇལ་ཕྲད་གནང༌། ཁྱེད་རྟ་ཆིབས་ནས་གཟིམས་ཤག་ཏུ་ཕེབས་ཞེས་བཀུར་གཟོས་ཆེན་པོ་ཞུས། ཨམ་བྷན་ཆིན་ཚེའི་ཏཱ་ཞིན་ཡང་དགོན་པར་ཕེབས་འཕྲལ་ཁོ་བོ་ཁྲི་པ་བླ་མ་ལ་ཐུག་རྒྱུ་ཡིན་གསུང་སྟེ་གཟིམས་ཆུང་དུ་ཕེབས། ཞབས་ཕྱི་རྣམས་ལ་ཁྱོད་ཚོས་ཁང་པ་ལོགས་ཤིག་ཏུ་ཡུད་ཙམ་སྡོད། ངེད་གཉིས་པོ་འགོལ་པོ་བྱས་ནས་གཏམ་གླེང་རྒྱུ་ཡོད་ཅེས་བཤད་དེ། དཔོན་པོས་སྐྱེས་བུ་གསུམ་གྱི་ལམ་སྤྱི་ཁོག་དང༌། ལྷག་པར་


GTD005_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་ལྷག་གི་ཐད་ནས་དཀའ་གནས་མང་པོ་དྲིས་པར། རྗེ་འདི་པས་བྱང་ཆུབ་ལམ་རིམ་ཆེན་མོ་ཁུངས་སུ་མཛད་ནས་དོགས་ལན་མཐའ་ཆོད་ཅིང་གོ་བདེ་བའི་ཡིད་ཚིམ་ངེས་པ་ཐོགས་མེད་དུ་སྩལ། དཔོན་པོ་དེ་སྔོན་གྱི་བག་ཆགས་ཀྱིས་ཆོས་ལ་མཁས་ངེས་ཤིག་ཡིན་འདུག་པས་ལྷག་པར་དད་དེ་བསྔགས་བརྗོད་ཆེར་མཛད་ཅིང༌། ཁོང་རང་བཞུགས་སར་ཕེབས་འཕྲལ་དཔོན་ཆུང་ཞིག་བཏང་སྟེ། མཛོད་གོས་དམར་པོ་ཡུག །རིན་ཆེན་གཉིས་པ་ཐུར་སྲང་བཞི་བཅུ། ཇ་སྦག་བཞི་བཅས་ཆོས་ཀྱི་བཀའ་དྲིན་ཞུས་པའི་ཡོན་དུ་ཕུལ། དེ་སྐབས་སྐུ་འབུམ་གྱི་ས་ཐོག་ཏུ་ཧོས་ཟིའམ་ཧོ་ཧུའུ་མང་པོས་ལྷ་ཁང་གསར་པ་ཕུབ་པའི་སྟེང་ནས་དགོན་པ་དང་མ་འགྲིགས་པར་རྩོད་གླེང་བྱེད་འཕྲོ་ཡིན་པས་ཧོ་ཧུའུ་རྣམས་ལྐོག་གྲོས་ཀྱིས་ཁ་འཆམ་བྱས་ཏེ། ད་རེས་རྒྱུ་ཅི་ཤོར་ཡང་ལམ་བཅོས་ཏེ་ཙུན་ཏུ་ལ་ཞུས་ནས་རྒྱལ་ཁ་ཨེ་ལོན་བལྟ་དགོས་ཞེས་ཐག་བཅད་ཡོད་ཀྱང་ཙུན་ཏུ་དང་ཨམ་བྷན་སོགས་ནས་བཀུར་གཟོས་ཆེན་པོ་བྱས་པ་མཐོང་བས་དཔའ་ཞུམ་ཞིང༌། རེ་བ་སྟོང་པར་སོང་བས་ཁོ་ཐག་ཆད་དེ་ལོག་པའི་བསམ་སྦྱོར་མཐའ་དག་བྱེ་མའི་ཆངས་བུའམ་སྦྲུལ་གྱི་མདུད་པ་ལྟར་རང་ཞིག་ཏུ་གྱུར་ཏོ། །གནས་ཚུ༷ལ་དྲང་བོར་སྤྱོད་པ་ལ། །ཁྲི༷མས་ཀྱི་དྲང་ཐིག་ཡོ་མེད་ཅིང༌། །བསྟ༷ན་བསྲུང་ཁྲོས་པ༷འི་དཔུང་གིས་ཀྱང༌། །དགྲ་སྡེ་ཉི༷་མ༷ས་མུན་བཞིན་བཅོམ། །གྲྭ་པ་རྒན་གཞོན་ཀུན་ནས་མགྲིན་གཅིག་ཏུ་རྗེ་མི་ཉག་རིན་པོ་ཆེ་འདི་སྐུ་བསོད་ཆེན་པོ་ཡ་མཚན་རེད། གཞན་དཔོན་པོ་ཆེན་པོ་དེ་དག་གིས་བཀུར་སྟི་འདི་འདྲ་བྱེད་པ་དཀའ་ཞེས་གླེང་བ་བྱུང།


GTD005_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ཆེར་རོལ་པར། བསོད་ནམས་ལྡན་པའི་མི་ཡི་བསམ་པ་རྣམས་ཀྱང་འགྲུབ། །ཅེས་གསུངས་པས་དེའང་ཡིན་མོད་ཀྱང༌། གཙོ་བོར་ནི་ཆེད་དུ་བརྗོད་པའི་ཚོམས་ལས། རང་གི་དོན་ནི་མེད་པ་ལ། །འདི་ལྟར་གཞན་རྣམས་དགའ་འགྱུར་ཞིང༌། །མཐོང་བའི་ཆོས་ལ་བསྔགས་པ་དང༌། །ཕ་རོལ་ཏུ་ཡང་བདེ་འགྲོར་འགྱུར། །ཞེས་པ་ལྟར་བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེའི་མཐུ་ཡིན་ནོ། །དེ་ནས་དབྱར་ཆོས་ཚུགས་པར་གུང་ཞོགས་གཉིས་ཀྱི་ཆོས་གྲྭར་རེས་མོས་ཀྱིས་བརྩི་བཞག་ལྷུག་པར་སྩལ་བས་རྩོད་གྲྭ་མེ་ལྟར་འབར་བ་བྱུང༌། དྲུག་པའི་སྨོན་ལམ་སྐབས་ཕྱོགས་གཞན་གྱི་དད་འདུས་པ་རྣམས་དང༌། དགོན་པ་རང་ཉིད་ཀྱི་དགེ་འདུན་འདུས་པ་རྒྱ་མཚོར་སྔ་དྲོའི་ཆར་སྐྱེས་རབས་དང་ལམ་རིམ་རེས་མོས་ཀྱིས་གསུང་བཤད་འབྱམས་ཀླས་ཤིང་ལུང་རིགས་ཀྱིས་བརྒྱན་པ་དོན་གྱི་སྙིང་པོ་རྒྱུད་ཐོག་ཏུ་འདྲིལ་ངེས་པ་དང༌། སྨོན་ལམ་ལ་ཕེབས་ཏེ་རྒྱལ་བསྟན་རིན་པོ་ཆེའི་ཡང་སྙིང་དགེ་ལྡན་ལུགས་བཟང་རྒྱས་པའི་ཐུགས་སྨོན་ཡང་དག་གནང༌། མཇལ་བ་སུམ་སྟོང་ཙམ་ལ་ཕྱག་དབང༌། བཀའ་བསྒོ། བཟླས་ལུང་སོགས་འདོད་མོས་བཞིན་གནང་སྟེ་ཡིད་ཚིམ་པར་བྱས། དབྱར་གནས་ཚུགས་ཏེ་གཞི་གསུམ་ལག་ལེན་ཕྲ་ཞིབ་དག་ཐེར་གནང་སྟེ་ཆོས་འདུལ་བའི་དགོངས་པ་ཇི་ལྟ་བ་བཞིན་མཛད། བརྩི་བཞག་ཆག་མེད་གནང་སྟེ་འཕྲོས་པ་མཛད་ཅིང་བློ་སྐྱེད་ཀྱི་སྩོལ་བ་དང༌། ཞི་དྲག་གི་སྒོ་སྣ་ཚོགས་པས་འཆད་ཉན་རྟིང་བསྐུལ་ཆེས་ཆེར་མཛད། སྐབས་དེར་སྐྱབས་མགོན་དམ་པ་ཐུའུ་བཀྭན་རིན་པོ་ཆེ་གཟུགས་སྐུ་ཆོས་ཀྱི་དབྱིངས་སུ་བསྡུ་ཚུལ་བསྟན་པ་གསན་མ་ཐག་གཅེས་པའི་མ་དང་བྲལ་བའི་བུ་


GTD005_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བཞིན་ཐུགས་ངལ་ཚད་མེད་པ་གནང་ཞིང༌། ཀྱེ་མ་ཀྱེ་ཧུད་འཇམ་མགོན་བསྟན་པའི་ཉི་མ་ནི་ནུབ་སྟེ། སྙིགས་དུས་ཀྱི་སྐྱེ་བོ་རྣམས་མགོན་སྐྱབས་དང་བྲལ་ཚུལ་འདི་ཅི་འདྲ་རང་ཞེས་སོགས་ཐུགས་སྐྱོ་བའི་གསུང་མང་དུ་མཛད་ཅིང༌། དངོས་བཤམས་ཡིད་སྤྲུལ་གྱི་མཆོད་པས་མཆོད་པ་དང༌། ཁྲུས་གསོལ་སྨོན་ལམ་སོགས་རྗེ་དེ་ཉིད་ཀྱི་ཐུགས་ཀྱི་དགོངས་པ་རྫོགས་ཏེ་ཡང་སྲིད་མྱུར་འབྱོན་གྱི་སྨོན་པ་མཛད། མྱུར་འབྱོན་གསོལ་འདེབས་རྩོམ་འདུན་ཡོད་ཐོག་ཚོགས་ཆེན་ཞལ་ངོ་དགེ་བཤེས་བློ་གྲོས་ཡར་འཕེལ་དང༌། གྲྭ་ཚང་དགེ་བསྐོས་དཀའ་བཅུ་མཁས་མཆོག་གཉིས་དང༌། ཕྱོགས་གཞན་ནས་ཀྱང་ཞུ་མཁན་མང་པོ་བྱུང་བཞིན་ལྗགས་རྩོམ་མཛད་དེ་མང་འགྱེད་སོགས་ཀྱི་བསྙེན་བཀུར་དང་བཅས་ཚོགས་ཆེན་དུ་འཛུག་པར་མཛད། དེ་ནས་སྟོན་ཆོས་ཀྱི་འཆད་ཉན། དགུ་བའི་སྨོན་ལམ་གྱི་གསུང་ཆོས་སྨོན་ལམ་སོགས་སྔར་རྒྱུན་བཞིན་མཛད། སྨོན་ལམ་སྐབས་སྟོད་སྨད་ཀྱི་མཇལ་བ་མང་པོ་འདུས་པའང་འདོད་ཆོས་ཀྱིས་ཚིམ་པར་བྱས། དགའ་ལྡན་ལྔ་མཆོད་ཆེན་མོར་ཚོགས་ཆེན་དུ་ཇ་ཐུག་ཚ་སྦྲ་སོགས་སྔ་མའི་སྲོལ་གང་ཡོད་ཡར་རྒྱས་ཀྱི་ཚུལ་དུ་ཕུལ་ནས་དགེ་འདུན་རྣམས་མཉེས་པར་བསྒྲུབས། དེའི་ཉིན་ཉིད་ཀྱིས་གཙོས་དགེ་བའི་བཤེས་གཉེན་སུམ་བརྒྱ་ཙམ་གྱིས་གསེར་གདུང་ཆེན་མོའི་དྲུང་དུ་དངོས་བཤམས་ཡིད་སྤྲུལ་གྱི་མཆོད་སྤྲིན་སྤྲོས་ཏེ་ཁྲུས་གསོལ་རྒྱས་པ། རྣམ་དག་གངས་རི་མ་སོགས་སྐུ་བསྟོད་ཀྱི་རིམ་པ། བསྟན་འབར་མ་སོགས་གསུང་སྟེ་སྤྱི་བྱེ་བྲག་གི་བསྔོ་བས་རྒྱས་བཏབ། དགུན་ཆོས་ཆེན་མོར་བརྩི་བཞག་ཆག་མེད་དུ་སྩལ་ཅིང་འཆད་ཉན་ལ་གཟིགས་རྟོག་ཞིབ་


GTD005_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

མོར་གནང༌། སོ་ཀྱཱ་ཆོས་རྗེ་ངག་དབང་ཕུན་ཚོགས་དང་སྨན་རམས་པ་བློ་བཟང་ཡོན་ཏན་བཅས་ཀྱིས་གསོལ་བ་བཏབ་པ་བཞིན་དོན་གཉེར་ཅན་དུ་མ་ལ་འཇིགས་བྱེད་ཀྱི་དབང་སྟ་གོན་དང་བཅས་པ། མགོན་པོ་བཀའ་བཅུ་གསུམ་གྱི་རྗེས་གནང༌། དཔལ་ལྡན་ས་སྐྱའི་གསེར་ཆོས་བཅུ་གསུམ་གྱི་རྗེས་གནང་སོགས་ཆོས་ཀྱི་མཆོད་སྦྱིན་བསྟར། སྦྱིན་བདག་འགའ་ཞིག་གིས་ལན་དུ་མར་དགའ་ལྡན་རིལ་སྒྲུབ་ཚོགས་ཆེན་དུ་སྒྲུབ་པའི་ཚོགས་དབུར་གདན་དྲངས་ནས་འབུལ་ནོད་གཟབ་རྒྱས་ཞུས། ལོ་མཇུག་ཏུ་གྲྭ་ཚང་གི་ཞབས་བརྟན་ཉིན་བདུན་གྱི་བསྙེན་བཀུར་གང་ལེགས་བསྟབས། དགུང་ལོ་ཞེ་དགུ་པ་ཆུ་ཕག་ལོའི་ལོ་གསར་དགའ་སྟོན་དང་འདོད་ཁམས་དབང་མོའི་དུས་གཏོར་སོགས་སྔར་འཁྱུད་བཞིན་བསྒྲུབས། ཆོ་འཕྲུལ་སྨོན་ལམ་སྐབས་གསུང་ཆོས་སྨོན་ལམ་སྔར་བཞིན་དང༌། ཚེས་བཅོ་ལྔའི་ཉིན་རྗེའི་མཆོད་རྟེན་དྲུང་དུ་བརྒྱ་མཆོད་གང་རྒྱས། ཁྲུས་གསོལ་དང་སྐུ་བསྟོད་ཀྱི་རིམ་པ་བསྟན་འབར་མ་བཅས་གསུང་སྟེ། བསྟན་པ་རྒྱས་པའི་ཐུགས་སྨོན་མཛད། དགོན་པའི་གྲྭ་པ་དགེ་ཚུལ་བསྒྲུབ་བྱ་ཉིས་བརྒྱ་དང་ལྔ་བཅུ་ལྷག །དགེ་སློང་གི་དངོས་པོ་དོན་དུ་གཉེར་བ་སུམ་བརྒྱ་ཉི་ཤུ་སྐོར་བསྟན་པའི་གཞི་མ་སོ་ཐར་གྱི་སྡོམ་པའི་དཔལ་ལ་བཀོད་དེ་ཕན་བདེའི་རྩ་བ་ཚུགས་པར་མཛད་དོ། །དགེ་ཚུ༷ལ་སློང་བསྒྲུབ་བྱ་བརྒྱ་ཕྲག་མང༌། །ཁྲི༷མས་ཉིས་བརྒྱ་ལྔ་བཅུ་སོགས་ལ་བཀོད། །ཆོས་འདུལ་བསྟ༷ན་རྒྱས་པ༷འི་དགེ་མཚན་ནི། །ཉི༷་འོད་ཀྱིས་རེག་པའི་པད་མ༷་བཞིན། །ཆ་ཧར་གུ་ལུ་ཤ་རའི་ཤོག་དགའ་ལྡན་བཀྲ་ཤིས་ཆོས་འཕེལ་གླིང་གི་སྤྲུལ་སྐུ་གུ་ཤྲི་མེར་གེན་པཎྚི་ཏ་བསོད་ནམས་བསྟན་


GTD005_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱལ་མཚན། ཕྱག་མཛོད་དགེ་བཤེས་ཆོས་རྗེ་སོགས་ནས་དབང་ལུང་རྗེས་གསུམ། ཁྲིད་བཅས་མང་དུ་ཞུས་པ་རྣམས་འདུན་པ་བཞིན་སྩལ། བླ་མ་དེས་བསྐུལ་ཏེ་བླ་མ་རྣམས་ལ་གསོལ་བ་འདེབས་ཚུལ་དང༌། གཞི་བདག་སྤྱི་ལ་བསང་མཆོད་བྱ་ཚུལ་སོགས་ལྗགས་རྩོམ་མཛད། གནས་ལྔ་མཁྱེན་པའི་དབང་ཕྱུག་ལྕང་ལུང་པཎྚི་ཏ་ཕེབས་ནས་བཀའ་ཆོས་མང་དུ་ཞུས་པའི་ཐུགས་འདུན་བསྐངས། འཇམ་མགོན་བསྟན་པའི་རྩ་ལག་ཨ་ཀྱཱ་ནོ་མིན་ཧན་རིན་པོ་ཆེ་རྒྱ་ནག་ནས་མདོ་སྨད་རང་ཡུལ་དུ་ཕྱག་ཕེབས་པར་བསུ་བ་གནང་ཞིང་ཡབ་སྲས་ཞལ་འཛོམས་པའི་དགའ་སྟོན་བསྟར། ཨ་ཀྱཱ་རིན་པོ་ཆེས་ཞུས་ནས་འཇིགས་བྱེད་སོགས་ཀྱི་དབང་དང་ལུང་ཁྲིད་མང་པོ་སྩལ། དཔྱིད་ཆོས་ཆེན་མོར་བརྩི་བཞག་སྔར་ལྟར་སྩལ་ཅིང་ཚིག་རྒྱུགས་སོགས་བཞེས་རྩིས་ཀྱིས་ཚུལ་མཐུན་སྤྲོ་བ་བསྐྱེད་ཅིང་དམུ་རྒོད་དཔའ་བཀོང་བའི་ཚོགས་གཏམ་བཙན་བརྗིད་བརླིང་ཞིང་བློ་འཁུལ་ངེས་ཡང་ཡང་གནང་བས་འཆད་ཉན་ལྷག་པར་འཕེལ་ཞིང༌། གྲྭ་འཚོགས་ཀྱང་ཚོགས་ཆེན་ལ་དགེ་འདུན་སུམ་སྟོང་དགུ་བརྒྱ་ལྷག་དང༌། གྲྭ་ཚང་བཤད་སྒྲུབ་གླིང་རང་ལའང་དགེ་འདུན་ཆིག་སྟོང་ལྔ་བརྒྱར་ཉེ་བ་བྱུང་སྟེ་འདུས་ཚོགས་ཤིན་ཏུ་རྒྱས་པས་ཕྱོགས་མཐའ་དག་ནས་འོངས་པའི་མཆོག་དམན་ཐམས་ཅད་ཡིད་ཁེངས་ཏེ་གདན་སའི་བསྔགས་བརྗོད་ཕྱོགས་ཀུན་ཏུ་སྒྲོགས་པ་བྱུང༌། རྒྱུད་པའི་ཁྲི་བ་སྔ་མས་དགོངས་པ་ཞུས་ཏེ། བུམ་པར་ཚུལ་ཁྲིམས་རྒྱ་མཚོའི་མཆོག་སྤྲུལ་རྒྱུད་པའི་དཔོན་སློབ་ཏུ་བསྐོ་བཞག་དང༌། སྨན་པའི་


GTD005_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་སློབ་ནས་དགོངས་པ་ཞུས་པར་ཉ་ཀྱཱ་དགེ་བཤེས་རྒྱལ་མཚན་ནོར་བུ་སྨན་པའི་ཁྲིར་བསྐོས་ཏེ། དེའི་ཚབ་ཏུ་རྒྱ་རྩང་དགེ་བཤེས་རྒྱལ་མཚན་ནོར་བུ་བླ་མ་གཞུང་ལས་པར་བསྐོས། རྒྱ་རྩང་སྒོམ་ཆེན་རིན་པོ་ཆེས་ལམ་ཁྲིད་སོགས་ཞུས་པ་ལྟར་ཕུལ། དཔྱིད་ཆོས་རྗེས་མ་ནས་བཟུང་དབྱར་ཆོས་སོགས་ཆོས་ཐོག་གི་རིགས་ལ་བརྩི་བཞག་དང་རྩོད་གྲྭའི་རྟིང་བསྐུལ་སོགས་ཆུ་ལམ་ཞུགས་ཀྱི་ཚུལ་དུ་གནང༌། དེ་སྐབས་སྐུ་འབུམ་ཆོས་སྐྱོང་ཆེན་མོའི་གཙང་ཁང་འཕྱམ་ར་གསར་བཞེངས་གྲུབ་ཟིན་པས། ཞལ་ངོ་སོགས་ལས་སྣེ་ཐུན་མོང་ནས་རབ་གནས་ཀྱི་སྙན་གསན་ཕུལ་བའི། ཡར་ཚེས་ཕུན་སུམ་ཚོགས་པར་ཉིད་ཀྱིས་རྡོ་རྗེ་སློབ་དཔོན་མཛད་དེ་རྒྱུད་སྨད་ཀྱི་དཔོན་སློབ་རྣམ་གཉིས་དང་བཅས་བཤེས་གཉེན་དམ་པ་ཉེར་གཅིག་གི་ཚོགས་ཀྱིས་རབ་གནས་དགེ་ལེགས་ཆར་འབེབས་ཀྱི་སྒོ་ནས་སྤྱན་དབྱེའི་ཆོ་ག་ཕྱག་ལེན་བཞིན་མཛད། སྐུ་གསུང་ཐུགས་རྟེན་ཐོག་མར་བྱུང་ཚུལ། རབ་གནས་དགོས་པའི་རྒྱུ་མཚན། དེའི་ཕན་ཡོན། བརྟག་གཉིས་ཀྱི་དོན་རྗེ་བཙུན་གྲགས་པས་བཀྲལ་བ་བཞིན་བཟང་པོ་དྲུག་གི་སྒོ་ནས་བྱེད་ཚུལ་སོགས་རབ་གནས་ཀྱི་བཤད་པ་ཟབ་ལ་རྒྱས་པ། རབ་གནས་ཀྱི་རྒྱུད་སོགས་རྒྱུད་སྡེ་དང་དགོངས་འགྲེལ་མང་པོའི་ལུང་གི་རྒྱབ་རྟེན་བཅས་སྙན་ཞིང་འཇེབས་པ་སྩལ་བས། མཁས་པ་ལེགས་བཤད་གཏམ་གྱིས་མགུ། །གསུངས་པ་བཞིན་གཟུར་གནས་མཁས་པའི་ཚོགས་ཀྱིས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར། འཕྱམ་ར་དེར་དཀར་ཆག་རྒྱས་པ་ཞིག་དགོས་ཞེས་བསྐུལ་བའང་ལྗགས་རྩོམ་བཀའ་དྲིན་བསྐྱངས། དགུ་པའི་སྨོན་ལམ་དང་ལྔ་མཆོད་ཆེན་མོ་སོགས་ལ་ཆོས་སྲིད་ཀྱི་


GTD005_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་སྒོ་གང་ཡོད་ཡར་ལྡན་དུ་གནང༌། རྒྱ་ཡག་རིན་པོ་ཆེའི་སྤྲུལ་སྐུའི་གཙུག་ཕུད་བཞེས་ཏེ། མཚན་བློ་བཟང་བསྟན་པའི་ཉི་མ་ཞེས་འདོགས་པར་མཛད། ཏཱ་རི་གངྒཱའི་མེར་གན་པཎྚི་ཏ་བླ་མ་བསྟན་འཛིན་རྒྱལ་མཚན་གྱིས་གཙོས་དཔོན་གཡོག་རྣམས་ལ་སྒྲོལ་དཀར་རྗེས་གནང་སོགས་རྗེས་གནང་མང་པོ་དང༌། ལུང་ཁྲིད་སོགས་ཀྱང་འདོད་མོས་བཞིན་སྩལ། བླ་མ་དེས་བསྐུལ་ངོར་དམ་ཅན་གྱི་སྒྲུབ་ཐབས་བསྐང་གསོ་དང་བཅས་པ་ལྗགས་རྩོམ་མཛད། ཟླ་ཟད་སྐབས་ཉིན་ཁ་ཤས་ཀྱི་རིང་ཚོགས་དབུར་ཕེབས་ཏེ་ཆོས་སྲུང་རྣམས་ལ་འཕྲིན་བཅོལ་སོགས་གང་དྲག་གནང་ཞིང༌། འདུས་ཚོགས་སུ་ཉིན་རེ་བཞིན་ཇ་ཐུག་དང༌། འགྱེད་ཚྭ་སྦྲ་སོགས་གང་རྒྱས་ཀྱིས་བསྙེན་བཀུར་ཞུས། དགུང་ལོ་ལྔ་བཅུ་པ་མིག་དམར་ཞེས་པ་ཤིང་བྱིའི་ལོ་གསར་གྱི་ཉིན་མ་གཅིག་འདོད་ཁམས་དབང་ཕྱུག་མའི་གཏོར་སྐྱོང་སོགས་རྒྱས་པར་མཛད། ཚོགས་དབུར་ཕེབས་ནས་ཕྱག་དབང་སྩལ་ཅིང༌། ཆོ་འཕྲུལ་སྨོན་ལམ་སྐབས་ཀྱི་གསུང་ཆོས་སྨོན་ལམ་སོགས་སྔར་བཞིན་གནང༌། དེ་སྐབས་ཕྱོགས་ནས་ཡོང་བ་དང་དགོན་པའི་དགེ་འདུན་བཅས་བསྒྲུབ་བྱ་བརྒྱ་དང་བཅུ་གཉིས་དགེ་ཚུལ་དང༌། ཉིས་བརྒྱ་ཞེ་ལྔར་དགེ་སློང་གི་སྡོམ་པ་འབོག་པར་མཛད། དད་འདུས་ཀྱི་སེར་སྐྱ་མང་པོར་འདོད་མོས་བཞིན་བཀའ་ཆོས་ཀྱི་ཆར་ཕབ། དེ་ལྟར་སྨོན་ལམ་གསུང་ཆོས་ཀྱི་སྐབས་དང་ཆོས་ཐོག་གི་སྐབས་ཀུན་ཏུ་གཙོ་ཆེར་འཆད་ཉན་ལ་རྟིང་བསྐུལ་ཆེར་མཛད་པས་རྩོད་པ་ཡར་ཟླ་བཞིན་འཕེལ་ཞིང༌། དེ་མིན་རྒན་གཞོན་ཀུན་ལ་ལམ་རིམ་བློ་སྦྱོང་དང་མཐུན་པའི་དགེ་སྦྱོར་གྱི་བསྐུལ་མ་གནང་


GTD005_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཀུན་གྱིས་གསུང་དང་བླང་གིས་ཉིན་མཚན་ཁོར་ཡུག་ཏུ་བསླབ་སྦྱང་ལ་བརྩོན་པས། མཚན་ཕུད་དེ་བརྩི་བཞག་སྐྱོར་མཁན་ཆེས་མང་བ་དང༌། རྗེ་ཉིད་ལ་རྒྱུགས་འབུལ་མཁན་དང༌། དབུ་ཕར་ཚོགས་རྒྱུགས་འབུལ་མཁན་མང་པོ། སྨོན་ལམ་དང་གླིང་བསྲེའི་དམ་བཅའ་བཞག་ནས་མིང་བཏགས་བྱེད་མཁན་ཆེས་མང་པོ་བྱུང་བ་སོགས་སྒོ་གང་ཐད་ནས་ཉིན་སྐྱེད་ཞག་སྐྱེད་ཐོན་པ་བྱུང༌། གསེར་ཏོག་ནོ་མིན་ཧན་རིན་པོ་ཆེའི་སྤྲུལ་སྐུ་ཡེ་ཤེས་ཐུབ་བསྟན་རྒྱ་མཚོ་ལའང་རིག་གནས་ཀྱི་སྐོར་འགའ་ཞིག་འཁྲིད་པར་མཛད། ཆོས་སྡེ་ཆེན་པོ་འདིའི་ནང་རྟེན་གྱི་གཙོ་བོ་གསེར་གདུང་བཞུགས་པའི་ལྷ་ཁང་ཆེན་མོ་རྩིག་པ་སོགས་ལ་སྐྱོན་ཞུགས་ཏེ་ཅུང་ཟད་ཉམས་ཆག་ཏུ་སོང་ཡོད་པས་གསར་བཞེངས་བྱས་ན་ལེགས་པར་དགོངས་ཏེ་འཇམ་མགོན་བསྟན་པའི་རྩ་ལག་ཨ་ཀྱཱ་རིན་པོ་ཆེར། ཉིད་ཀྱིས་གཙོས་ཚོགས་ཆེན་གྱི་ལས་སྣེའི་རིགས། ཚོ་བ་དྲུག་གི་རྒན་པ་སོགས་ཐུན་མོང་ནས་རྒྱུ་མཚན་ཞུས་ཏེ་གཏད་གཉེར་མཛད་པས། ཨ་ཀྱཱ་རིན་པོ་ཆེས། ཁོ་བོ་ལ་འདི་འདྲིའི་ཁ་སྟབས་མ་མཆིས་རུང་བླ་མ་རྡོ་རྗེ་འཆང་གི་བཀའ་ལས་འདའ་མི་ཉན་པས། གང་ཡིན་ཀྱང་རྟེན་འབྲེལ་གྱི་ཁྱད་དུ་ཁས་ལེན་བྱེད། བླ་མ་གྲྭ་ཚང་གི་ཞལ་གཡང་བཞིན་འགྲུབ་པའི་སྐྱབས་འཇུག་བླ་མ་རྡོ་རྗེ་འཆང་ནས་མཛད་དགོས་གསུང༌། མགོན་པོ་དེ་ཉིད་ཀྱི་འཕྲིན་ལས་ཉིན་བྱེད་སྣང་བས་བྱ་བ་ལས་ཀྱི་འཁོར་ལོའི་པད་ཚལ་བཞད་པའི་དགེ་མཚན་དང་པོར་འདྲེན་བྱེད་ཀྱང་རྗེ་འདིའི་ཐུགས་བསྐྱེད་རྟ་ལྗང་ཤིང་རྟ་ཁོ་ནའི་བཀའ་དྲིན་ཡིན་ནོ། །དེ་ལྟར་ལེགས་བྱས་སྒོ་བརྒྱ་ལྷུན་གྱིས་གྲུབ་སྟེ་ཆོས་སྡེ་ཆེན་པོའི་སེང་ཁྲིའི་དགོངས་


GTD005_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞུས་ནས་བསྟན་པའི་གསལ་བྱེད་དམ་པ་ཏ་ལའི་ཧུ་ཐོག་ཐུ་བསྐལ་བཟང་ཐུབ་བསྟན་རབ་རྒྱས་ཆོས་སྡེ་འདིའི་ཁྲི་ལ་བསྐོ་བཞག་མཛད། ཚེས་གྲངས་དགེ་བའི་ཉིན་གྲྭ་ཚང་བཤད་སྒྲུབ་གླིང་དང༌། ཚོགས་ཆེན་གྱི་དགེ་འདུན་འདུས་པ་རྒྱ་མཚོར་ཕྱག་དབང་དང་ཆོས་སྟོན་སོགས་རྒྱས་པར་ཕུལ་ཏེ། ཕུན་ཚོགས་འདོད་པ་འཇོ་བའི་རང་སྒར་དུ་ཟུར་བཞུགས་མཛད་དོ། །མདོར་ན་ཀུན་མཁྱེན་འཇིགས་མེད་དབང་པོའི་གསུང་ལས། མདོ་སྨད་ཙོང་ཁ་སྤྲུལ་བའི་སྐུ་འབུམ་ཞེས། །གྲགས་སྙན་རོལ་མོ་ས་གསུམ་རྣ་རྒྱན་གྱུར། །ནོར་འཛིན་ཐིག་ལེ་གང་དེར་ཡབ་རྗེ་ཡི། །ཐུགས་བསྐྱེད་ལ་བརྟེན་ངུར་སྨྲིག་འཛིན་པའི་སྡེ། །ཚར་དུ་དངར་བའི་ཡིད་འོང་ཟུར་ཕུད་ཀྱིས། །གུས་པས་བཏུད་པའི་མི་འཇིགས་ཆོས་ཀྱི་ཁྲིར། །ཡོངས་འཛིན་ནོར་བུའི་ཅོད་པན་གཙུག་ཐོགས་ནས། །ལུང་རྟོགས་དབྱིག་འཛིན་ཁྱོན་ལ་དབང་བསྒྱུར་བ། །མཚུངས་བྲལ་སྨྲ་བའི་རྒྱལ་པོ་ཁྱོད་འཁོད་པས། །དཀར་ཕྱོགས་སྐྱོང་རྣམས་འཛུམ་དཀར་རྒོད་པས་བྲེལ། །ཞེས་པ་ནས། མདོར་ན་ཆོས་སྡེ་ཆེན་པོའི་ལུགས་གཉིས་ཀྱི། །འཕེལ་རྒྱས་ཇི་ལྟ་ཇི་ལྟར་གནང་འོས་པ། །དེ་ལྟ་དེ་ལྟར་ཐུགས་ཁུར་ལྷུར་བཞེས་ཏེ། །དབྱར་གྱི་ཆུ་གཏེར་དཔལ་ལ་འགྲན་པར་མཛོད། །ཅེས་གསུངས་པ་དང་ཚུལ་མཚུངས་པར་ཁྲིར་བཞུགས་ནས་རྣམ་པ་ཀུན་ཏུ་བསྒྲིག་ལམ་དང་འཆད་ཉན་ཁོ་ན་ཐུགས་ལ་བཅངས་ཏེ་རྟིང་བསྐུལ་མཛད་ལ། མཛད་ཚུལ་ཡང་འཇིག་རྟེན་གྱི་ཁ་འཛིན་ལྟ་བུ་མ་ཡིན་པར་ཆོས་ཁོ་ན་དང་མཐུན་པ། དེའི་ནང་ནས་ཀྱང་བསྟན་པའི་རྩ་བ་འདུལ་བ་དང་མཐུན་པ་


GTD005_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་ཅིས་ཀྱང་ནས་བྱེད་དགོས་ཚུལ། གཞན་ཕྱོགས་ལྟ་གྲུབ་མི་གཙང་ཞིང་སྤྱོད་པ་མ་དག་པ་རྣམས་ཀྱི་རྗེས་སུ་འབྲང་ན་འདི་ཕྱིའི་ལེགས་ཚོགས་སྟོར་ཉེན་ཆེ་ལུགས་སོགས་སྐྱོན་མཚང་ལ་རེག་པའི་ཤ་ཚའི་བསླབ་བྱ་བློ་སྣ་རང་དབང་མེད་པར་བསྒྱུར་ནུས་པའི་གསུང་ནུས་པ་ཅན་ཚོགས་གཏམ་གྱི་ཚུལ་དུ་ཡང་ཡང་སྩལ་བས། དགེ་བའི་བཤེས་གཉེན་རྣམས་དང་ཆོས་འགྲིམ་དོན་གཉེར་བ་རྣམས་མགྲིན་གཅིག་ཏུ་འདི་ལས་ལྷག་པའི་བསླབ་བྱ་དང་ལམ་རིམ་འཆད་ཚུལ་མེད་ཅེས་གསུང་ཚད་མར་བཟུང་སྟེ་གྲྭ་པ་རྒན་གཞོན་མཐའ་དག་རང་རང་གི་བློ་ནུས་དང་མཐུན་པའི་དམ་ཆོས་སྒྲུབ་པ་ལ་གཅིག་ཏུ་གཞོལ་བར་གྱུར་ཏེ། ཇོ་བོ་བཀའ་གདམས་པ་རྣམས་ཀྱི་གསུང་སྒྲོས་ལས། བཤེས་གཉེན་གྱི་མཆོག་མཚང་ལ་རྒོལ་བ་ཡིན། ཞེས་གསུངས་པ་ལྟར་རོ། །གཏོང་སྒོའི་སྐོར་ཡང་ཟླ་ཟད་སྐབས་གྲྭ་ཚང་བཤད་སྒྲུབ་གླིང་ལ་ཉི་མ་བདུན་གྱི་བསྙེན་བཀུར་དང༌། ཚོགས་ཆེན་དུ་དགའ་ལྡན་ལྔ་མཆོད་སྐབས་དགེ་འདུན་གྱི་སྡེར་ཚྭ་སྦྲ་དང་ཇ་ཐུག །རྣམ་གཞག །འགྱེད་སོགས་ཀྱི་བསྙེན་བཀུར་ཡང་ཡང་ཕུལ་བ་སོགས་ཤིན་ཏུ་རྒྱ་ཆེ་བ་གནང་འདུག་པ་ནི། འདུལ་བའི་མདོར་གནས་ཀྱི་སློབ་དཔོན་ཆོས་དང་ཟང་ཟིང་གཉི་གས་སྡུད་པ་མཆོག་ཏུ་བསྔགས་པ་ལྟར་ཡིན་མོད་ཀྱང༌། གཙོ་བོ་ནི་མདོ་སྡེ་རྒྱན་ལས། དེ་ཆོས་བགོ་སྐལ་ལ་སྤྱོད་ཟང་ཟིང་མིན། །གསུངས་པ་དེ་དགོས་སོ། །དམ་པ་རྣམས་ལ་ཡོན་ཏན་གྱི་མཐུས་མཐུན་པའི་རྐྱེན་ཐམས་ཅད་ཕུན་སུམ་ཚོགས་པར་འགྱུར་ཞིང༌། དེའི་ཞབས་ལ་བརྟེན་པ་རྣམས་ཀྱང་ལེགས་བྱས་ཀྱི་དཔལ་ཆེན་པོ་འཐོབ་པ་ནི་སྐྱེས་རབས་ལས། དེ་ལ་འཁོར་


GTD005_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་རྗེས་མཐུན་ཡོན་ཏན་ཚོགས། །ཕན་ཚུན་འགྲན་པ་བཞིན་དུ་གནས་པར་གྱུར། །ཅེས་དང༌། འཁྲི་ཤིང་གི་སེར་སྐྱའི་རྟོགས་པ་བརྗོད་པའི་ཡལ་འདབ་ལས། མཁས་པའི་ཡོན་ཏན་ཁྱད་འཕགས་ཀྱིས། །བསྒྲུབས་པའི་དཔལ་ནི་རྣམ་པར་མཛེས། །ཞེས་དང༌། འཁྲི་ཤིང་ཡལ་འདབ་བཅུ་དྲུག་པ་ལས་ཀྱང༌། ཆེན་པོ་ཉིད་ལ་བརྟེན་པའི་སྦྱོར་བ་ལས། །གང་ཕྱིར་ཐམས་ཅད་ཆེན་པོ་ཉིད་དུ་འགྱུར། །ཞེས་གསུངས་པ་བཞིན་ནོ། །ཆོས་སྲིད་ཟུང་གིས་ཚུ༷ལ་བཞིན་བསྐྱངས་པས་ཁྲི༷མས་ལྡན་འདུས་སྡེ་བགྲང་ཡས་འཕེལ། །བཤད་སྒྲུབ་འཆད་ཉན་བསྟ༷ན་པ༷འི་བྱ་བ་དབྱར་གྱི་ཆུ་གཏེར་བཞིན་དུ་རྒྱས། །ཡངས་པའི་རྒྱལ་ཁམས་བཀྲ་ཤིས་བདེ་སྐྱིད་ཕུན་སུམ་ཚོགས་པའི་དཔལ་ལ་རོལ། །རྫོགས་ལྡན་སླར་ཡང་འོང་སྙམ་སོམ་ཉི༷་ལ་འགོད་ཨེ་མ༷་སྐལ་བ་བཟང༌། བསིལ་ལྡན་ལྗོངས་ཀྱི་ལུམ་བི་ནཱི་ཡི་ཚལ། །མྱ་ངན་མེད་པ་ཙན་དན་ལྗོན་པའི་དྲུང༌། །ལུགས་ཟུང་གོམ་པའི་པདྨ་བསྟར་བ་ཡིས། །དོན་ཀུན་གྲུབ་པའི་མཚན་སྙན་ངང་གིས་བསྒྲགས། །རྨད་བྱུང་ཐུགས་བསྐྱེད་ཡུ་བ་དྲང་ཞིང་ལྡེམ། །རྒྱལ་བསྟན་འཛིན་སྐྱོང་ཤམ་བུ་རིམ་པར་བཀྲ། །བསླབ་གསུམ་ཡིད་བཞིན་ནོར་བུའི་ཏོག་མཛེས་པའི། །བསྟན་པའི་རྒྱལ་མཚན་སྲིད་པའི་རྩེ་མོར་བསྒྲེངས། །ཞེས་དགེ་ལྡན་བསྟན་པའི་རྩ་ལག་མཁས་ཤིང་གྲུབ་པའི་དབང་ཕྱུག་རྗེ་བཙུན་བླ་མ་དམ་པ་ཚུལ་ཁྲིམས་བསྟན་པའི་ཉི་མ་དཔལ་བཟང་པོའི་རྣམ་པར་ཐར་པ་ནོར་བུའི་དོ་ཤལ་ལས་གདན་ས་ཆེན་པོ་སྐུ་འབུམ་བྱམས་པ་གླིང་དུ་གྲྭ་ཚང་སྤྱི་སྒོས་ཀྱི་འཛིན་སྐྱོང་


GTD005_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བོར་མཛད་ཚུལ་གྱི་དྲ་བ་སྟེ་གསུམ་པའོ།། །།དེ་ནས་བཅད་རྒྱ་གནང་སྟེ་ཉམས་བཞེས་ལ་རྩེ་གཅིག་ཏུ་གཞོལ་བར་མཛད་ཅིང༌། ཐུན་མཚམས་སུ་རྒྱ་བོད་ཀྱི་མདོ་རྒྱུད་བསྟན་བཅོས་སོགས་ལ་གཟིགས་རྟོག་རྒྱ་ཆེར་གནང༌། སྐབས་ཤིག་ཏུ་བསྟན་པའི་གསལ་བྱེད་ཏ་ལེའི་ཧུ་ཐོག་ཐུ་སྐུ་བསྙུན་ཅུང་ཟད་བཞེས་པར་རྣམ་འཇོམས་ཀྱི་རྗེས་གནང་བྱབས་ཁྲུས་བཅས་ཞུས་པ་བཞིན་སྩལ་བས་སྐུ་ཁམས་འཕྲལ་དུ་དྭངས། དེ་ནས་ཡི་དམ་རྡོ་རྗེ་འཇིགས་བྱེད་ལྗགས་བསྙེན་ཁ་སྐོང་གི་སྦྱིན་སྲེག་བཅས་མཛད། ཨ་ཀྱཱ་རིན་པོ་ཆེའི་དྲུང་ནས་རྒྱལ་བ་བསྐལ་བཟང་རྒྱ་མཚོའི་གསུང་འབུམ་པོ་ཏི་འགའི་ལུང་གསན། དགུང་ལོ་ང་གསུམ་པ་རབ་བྱུང་བཅུ་བཞི་པའི་ཐོག་མའི་མེ་ཡོས་ལོར་ཉིད་ཀྱི་གདན་ས་དགོན་པ་དགའ་ལྡན་དར་རྒྱས་གླིང་དང་མི་ཉག་གྲྭ་ཚང་གཉིས་བདག་གིར་མཛད་པའི་ཐོག །མཆོད་རྟེན་དཀར་པོའི་མི་ཉག་གྲྭ་ཚང་གི་གྲྭ་པ་རྒན་གཞོན་རྣམས་དང༌། མཆོད་གཞིས་སོགས་ནས་དད་འདུས་རྩེ་གཅིག་གིས་ས་ག་ཟླ་བ་འདིར་གྲྭ་ཚང་རང་དུ་བཞི་པའི་སྨོན་ལམ་གསར་འཛུགས་གནང་དགོས་ཚུལ་ནན་ཆེར་ཞུས་པ་ལྟར། སྨོན་ལམ་བཙུགས་ནས་ཞལ་འདོན་ལ་གཏན་ཆགས་སུ་ཀུན་རིག་གི་སྒྲུབ་མཆོད་དབྱངས་རྟ་འདུར་གསུམ་སྐུ་འབུམ་སྨན་པ་གྲྭ་ཚང་གི་ཕྱག་ལེན་བཞིན་བཙུགས། དེ་ནས་དགའ་ལྡན་དར་རྒྱས་གླིང་དུ་ཕེབས་ཏེ་སྨོན་ལམ་སོགས་སུ་བྱོན་ནས་བསྟན་པ་རྒྱས་པའི་ཐུགས་སྨོན་གང་ལེགས་མཛད། ཕྱོགས་འདུས་ཀྱི་མཇལ་བ་རྣམས་ལ་ཕྱག་དབང༌། ལྗགས་ལུང་སོགས་ཀྱིས་རེ་འབྲས་སྨིན་པར་བྱས། ཨ་ཀྱཱ་རིན་པོ་ཆེས་སྒོ་མེའི་ཧོར་ཀྱའི་རང་གཞི་


GTD005_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུན་གྲུབ་རྩེར་གདན་དྲངས་པ་བཞིན་ཕེབས། བསྟན་པའི་རྩ་ལག་ཨ་ཀྱཱ་རིན་པོ་ཆེའི་ཐུགས་བཞེད་བཞིན་ཁོང་གིས་དབུ་མཛད་པའི་སེར་སྐྱ་སུམ་བརྒྱ་ལྷག་ཙམ་ལ་གདུགས་དཀར་གྱི་དབང་ཆེན་དང༌། རྗེའི་གསུང་འབུམ་ནང་གི་ལེ་ཚན་འགའ་ཞིག་གི་ལུང་སོགས་སྩལ། གཞན་དད་ལྡན་རྣམས་ཀྱི་མོས་འདུན་ལྟར་ཕྱག་དབང་དང་རིག་གསུམ་མགོན་པོའི་བཟླས་ལུང༌། བཀའ་བསྒོ། ལྗགས་བསྔོ་སོགས་ཀྱིས་ཡིད་ཚིམ་པར་བྱས། སྐུ་འབུམ་དུ་ཕེབས་ཏེ་མཁས་པའི་དབང་པོ་ཨ་བ་ག་ལྷ་རམས་པ་ངག་དབང་འོད་ཟེར་ལ་རྟ་མགྲིན་གསང་སྒྲུབ་ཀྱི་དབང་དང༌། གཡུ་ཐོག་སྙིང་ཐིག་གི་དབང་བཅས་བཀའ་ཆོས་ཀྱི་སྐོར་མང་དུ་སྩལ། བླ་མ་དེས་མཆོད་རྟེན་ཆེན་མོའི་མདུན་དུ་སྔར་བླངས་པའི་དགེ་སློང་གི་སྡོམ་པ་ཕུལ་ཏེ། འདི་འདུལ་བ་རང་སྐད་ལ་ཆེར་མེད་ཀྱང༌། ལོ་རྒྱུས་དེ་འདྲ་མང་དུ་སྣང༌། ཡང་བསྐྱར་བསྙེན་རྫོགས་ཀྱི་སྡོམ་པ་ལེན་རྒྱུར་ཨ་ཀྱཱ་རིན་པོ་ཆེ་དང་ཉིད་རྣམ་གཉིས་ལ་ཨུ་ཚུགས་ཀྱིས་ཞུས་པ་བཞིན། རྗེ་རིན་པོ་ཆེའི་གསེར་གདུང་ཆེན་མོའི་མདུན་དུ་ཐུབ་དབང་གི་སྐུ་བྱིན་རླབས་ཅན་བཞུགས་སུ་བཅུག་སྟེ། རྗེ་ཨ་ཀྱཱ་རིན་པོ་ཆེས་མཁན་པོ་དང་རྗེ་འདི་པའི་ལས་སློབ་མཛད་དེ་བསྙེན་རྫོགས་ཀྱི་སྡོམ་པ་སྩལ། རྗེ་འཇམ་དབྱངས་བཞད་པའི་མཆོག་སྤྲུལ་རིན་པོ་ཆེ་སྐུ་འབུམ་དུ་ཆིབས་བསྒྱུར་སྐབས། ཉིད་ཀྱི་བླ་བྲང་དུ་བླ་མཆོད་དུས་བཟང་གི་ཚོགས་དབུར་གདན་དྲངས་ཏེ། ལམ་གྱི་གཙོ་བོ་རྣམ་གསུམ་གྱི་ཁྲིད་གསན་ནས་བླ་མཆོད་དང་འབྲེལ་བའི་ཞབས་བརྟན་གྱི་ཞུ་བ་གནད་ཅན་ཕུལ། རྗེ་ཨ་ཀྱཱ་རིན་པོ་ཆེས་རྒྱུད་པའི་འདུ་ཁང་གསར་བཞེངས་བྱས་


GTD005_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

པར། རྒྱུད་གྲྭའི་ལས་སྣེ་ཐུན་མོང་ནས་དཀར་ཆག་རྒྱས་པ་ཞིག་དགོས་ཞེས་རྗེ་ཉིད་ལ་བསྐུལ་མ་ཞུས་པ་ལྟར་ལྗགས་རྩོམ་མཛད། སྐྱབས་མགོན་ཆུ་བཟང་རིན་པོ་ཆེའི་མཆོག་སྤྲུལ་སྐུ་འབུམ་དུ་ཕེབས་པར། ཉིད་ཀྱི་བླ་བྲང་དུ་གདན་དྲངས་ནས་ཆོས་འབྲེལ་ཞུས་ཏེ་ཞབས་བརྟན་ཞུ་འབུལ་གང་རྒྱས་བསྟར། མཚོ་སྔོན་ཆིང་ཝང་བསོད་ནམས་རྡོ་རྗེས་ཁོ་རང་གི་སྡེ་པའི་དྲུག་པའི་སྨོན་ལམ་ལ་གདན་དྲངས་པ་བཞིན་མཚོ་སྔོན་ཏུ་ལན་གོལ་གྱི་དགོན་པར་ཕེབས་ནས་ཏ་ལེ་ཧུ་ཐོག་ཐུ་དང་རྣམ་གཉིས་ཞལ་འཛོམ་སྟེ་སྨོན་ལམ་སོགས་སུ་བྱོན་ནས་དགེ་ལྡན་རིང་ལུགས་རྒྱས་པའི་ཐུགས་སྨོན་མཛད། མི་རྗེ་ཝང་དེར་འཚོགས་སེར་སྐྱ་དྲག་ཞན་ཀུན་ནས་གསོལ་བ་བཏབ་པ་བཞིན་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་དབང༌། གསང་འདུས་ཀྱི་དབང༌། གཞན་ལུང་སྣ་ཚོགས་བཅས་སེར་སྐྱ་ཆིག་སྟོང་དང་བརྒྱ་ཕྲག་གསུམ་ལྷག་ལ་སྩལ། ཉིན་གཅིག་གི་རིང་དུས་འཁོར་གྱི་ཚོགས་དབུར་བཞུགས་ནས་བསྟན་པ་རྒྱས་པའི་ཐུགས་སྨོན་མཛད། དེ་ནས་ཝང་གི་ཨུརྒེར་ཕེབས། དཔོན་ཚང་ནས་གསོལ་བ་བཞིན་ཐེན་ཙིན་བྲག་དཀར་གྱི་རྫོང་དུ་དབང་གི་ལྷ་མོ་ཀུ་རུ་ཀུ་ལླེའི་བསྙེན་སྒྲུབ་ཉིན་བདུན་གྱི་རིང་ལ་མཛད་དེ་དབང་གི་སྦྱིན་སྲེག་གནང་བས་རྟགས་མཚན་དང་རྟེན་འབྲེལ་སྣ་ཚོགས་རང་འགྲིག་ཏུ་བྱུང༌། ཝང་ཆོལ་གྷན་ནས་ཕྱིར་ཕེབས་ཏེ་རྗེ་འདི་པར་མཇལ་དུས། ལགས་ད་རེས་ངེད་ཆོལ་གྷན་ལ་སོང་བས་དོན་ཐམས་ཅད་གྲུབ་ཅིང༌། ལྷག་པར་ཕ་རོལ་གྱི་མི་དྲག་དབང་ཆེ་བ་མང་པོ་ཚུར་མགོ་སྒུར་ཏེ་དབང་དུ་འདུས་བྱུང་བ་རྗེ་ཉིད་ཀྱི་བྱིན་རླབས་ཡིན་ཞུས་པར། ང་ལ་བྱིན་རླབས་ག་ན་མཆིས། དཀོན་མཆོག་གསུམ་དང་ལྷག་པའི་ལྷའི་བྱིན་


GTD005_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

རླབས་ཁོ་ན་ཡིན་གསུང༌། སུ་རུ་ཐོ་ལིའི་ཕྱོགས་ཆིབས་བསྒྱུར་གནང༌། དད་ལྡན་རྣམས་ཀྱི་འདོད་མོས་ལྟར་སེར་སྐྱ་ལྔ་བརྒྱ་སྐོར་ལ་ཀུན་རིག་གི་དབང་ལུང་སྣ་ཚོགས་བཅས་སྩལ། གཞན་སྦྱིན་བདག་སོ་སོའི་འདོད་མོས་བཞིན་བཀའ་བསྒོ། ལྗགས་བསྔོ་སོགས་ཀུན་གྱི་ཡིད་ཚིམ་པ་གནང༌། ཨུལ་ཅི་ཐུ་དའི་ཆིང་རྡོ་རྗེ་ཇ་སག་གིས་གདན་དྲངས་པ་བཞིན་ཕེབས། དཔོན་པོས་ཞུས་ངོར་འཇིགས་བྱེད་ཀྱི་བསྙེན་སྒྲུབ་ཚད་ལྡན། ཞི་བའི་སྦྱིན་སྲེག་གནད་སྨིན་བཅས་བསྒྲུབས། འཇིགས་བྱེད་ཀྱི་དབང་དང་གཞན་ལུང་འགའ་ཞིག་ཞུས་པ་བཞིན། དཔོན་པོ་སེར་མོ་བ་ཉིས་བརྒྱ་ལྷག་དང་བཅས་ལ་སྩལ། ཡང་བསྐྱར་ཝང་གི་ཨུར་གེར་ཕེབས་ཏེ་ཝང་ཡབ་སྲས་ཀྱི་ཞབས་བརྟན་དུ་སྒྲོལ་དཀར་ཚེ་སྒྲུབ་ཉིན་བདུན་གནང༌། བུམ་པའི་ནང་དུ་རིལ་བུ་སུམ་ཉིས་ཙམ་བླུགས་ཏེ་ཚེ་སྒྲུབ་གྲོལ་ཉིན་གང་སྟེ་འཕྱུར་བྱུང་བས་ཝང་ཐུགས་དགྱེས་ཤིང་དད་པ་ཆེར་སྐྱེས་ནས་མཆོད་འབུལ་གཟབ་རྒྱས་ཞུས། ཨུར་གེ་ནས་ཕྱིར་ཕེབས་སྐབས་ཝང་གིས་སྤྱི་སྒེར་གྱི་སྐྱབས་འཇུག་ཞུས་ཤིང༌། ཁྱད་པར་ད་ནི་ང་རང་ལོའང་མཐོ་བས་འཆི་བ་ལ་ངེས་པ་ཅི་ཡོད། ངའི་བུ་འདི་ཐུགས་བརྩེ་བས་མ་བོར་བར་ཆོས་སྲིད་གང་ཐད་ཀྱི་བསླབ་སྟོན་སྦ་གསང་མེད་པར་ལྷུག་སྩོལ་དགོས་ཞེས་སོགས་ཀྱི་ཞུ་བ་མཛད། དེ་ནས་པཻ་ཟི་མི་འགྱུར་གྱི་ཨུརྒེར་ཕེབས། དཔོན་པོའི་འདོད་མོས་ལྟར་ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་སྩལ་ནས་ཐར་པའི་ས་བོན་བསྐྲུན་པར་མཛད། མི་རིང་བར་ཝང་བསོད་ནམས་རྡོ་རྗེ་སྐུ་གཤེགས་པའི་སྔས་མགོར་གདན་དྲངས་པ་བཞིན་ཕེབས་ཏེ། བཅོམ་


GTD005_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་ཀུན་རིག་རྣམ་པར་སྣང་མཛད་ཀྱི་ཆོ་ག་རྣམ་དག་སྔོན་དུ་འགྲོ་བའི་སྒོ་ནས་དབང་བསྐུར་ཕྱག་ལེན་བཞིན་མཛད་དེ་འཁོར་བ་སྤྱི་བྱེ་བྲག་གི་དུཿ ཁ་ལས་བསྒྲལ་ནས་མངོན་མཐོ་ངེས་ལེགས་ཀྱི་དཔལ་ལ་བཀོད། སླར་སྐུ་འབུམ་དུ་ཕེབས། ཟླ་བ་ཁ་ཤས་ཀྱི་རིང་ལ་བཅད་རྒྱ་བསྡམས་ནས་རྡོ་རྗེ་རྣལ་འབྱོར་མའི་ལྗགས་བསྙེན་མཛད་ཅིང༌། མཇུག་ཏུ་ཉིན་ཉི་ཤུ་རྩ་གཅིག་གི་རིང་ལ་བདག་འཇུག་བཞེས་ཏེ་ཚོགས་ཀྱི་འཁོར་ལོར་ཚིམ་པ་དྲུག་ལྡན་དུ་རོལ་བར་མཛད། བྱང་ཕྱོགས་ཀྱི་སྦྱིན་བདག་སོགས་དད་ལྡན་མང་དུ་འདུས་པ་རྣམས་ལ་དམ་པའི་ཆོས་ཀྱི་ཆར་ཕབ་ཅིང་བྱང་ཆུབ་མཆོག་གི་ས་བོན་བསྐྲུན་པར་མཛད། བསྒྲུབ་བྱ་བརྒྱ་དང་བཞི་བཅུ་ལྷག་ལ་སོ་ཐར་གྱི་སྡོམ་པ་སྩལ། སྐབས་ཤིག་ཏུ་དབང་ཕྱོགས་ཀྱི་སྦྱིན་བདག་ས་ཡི་དབང་ཕྱུག་དམ་པ་སུ་ཉིད་གཡས་རུའི་དུའུ་རེངས་ཝང་རཏྣ་སིདྡྷིའི་སྐུ་མཆེད་བསྟན་པའི་གསལ་བྱེད་མཁན་པོ་བླ་མ་སངས་རྒྱས་བཀྲ་ཤིས་ནས་བྱང་ཕྱོགས་སུ་ཆིབས་སྒྱུར་གནང་དགོས་ཚུལ་གྱི་སྙན་གསན་སྔར་ནས་ནན་ཆེར་ཡང་ཡང་ཕུལ་ཡོད་པ་ལྟར་གདན་འདྲེན་བྱེད་མི་ཁལ་རྟ་བཅས་འབྱོར། དགུང་ལོ་ང་ལྔ་པ་དཀར་པོ་ཞེས་པ་ས་སྦྲུལ་ལོའི་དཔྱིད་ཀ་ཆོས་སྡེ་ཆེན་པོ་སྐུ་འབུམ་བྱམས་པ་གླིང་ནས་བྱང་ཕྱོགས་ཆེན་པོ་ཧོར་གྱི་ཡུལ་དུ་ཆིབས་ཀྱི་ཁ་ལོ་བསྒྱུར། ཕེབས་ལམ་དུའང་དགོན་སྡེ་སྒྲུབ་སྡེ་སོགས་ཀྱིས་མཚོན་དད་ལྡན་སོ་སོའི་ཞུ་འབུལ་ལྟར་བསྒྲུབ་བྱ་འདུས་ཐེབས་མང་པོ་ལ་དགེ་ཚུལ་སློང་གི་སྡོམ་པ་སྩལ། ཕྱོགས་འདུས་ཀྱི་དད་ལྡན་མཐའ་ཡས་པ་ལ་ཕྱག་དབང་དང་དམ་པའི་ཆོས་ཀྱི་ཆར་པ་འདོད་མོས་ལྟར་ཕབ་སྟེ་ཀུན་གྱི་ཡིད་ཚིམ་པར་བྱས། དེ་ནས་རིམ་པར་


GTD005_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་དེ་སུ་ཉིད་དང་དུར་བེད་གཉིས་ཀྱི་ས་མཚམས་པཱ་ཡན་ཟེར་བའི་ས་ནས་གདན་འདྲེན་ཞུ་མི་གཙོ་བོ་སུ་ཉིད་གཡས་རུའི་ཝང་རཏྣ་སིདྡྷི་དང༌། སྐུ་མཆེད་མཁན་པོ་བླ་མ་སངས་རྒྱས་བཀྲ་ཤིས། ཏཱ་བླ་མ་བསོད་ནམས་ཉི་མ་སོགས་ཀྱིས་གཙོས་འབངས་བློན་སེར་སྐྱ་མང་པོས་ཆིབས་བསུ་ཞུས། ཧོ་ཤོས་ཀྱི་དགོན་པ་བདེ་སྐྱིད་གླིང་དུ་ཕེབས་ཏེ་རྟེན་འབྲེལ་གྱི་ཐོག་མར་བཀྲ་ཤིས་གསོ་སྦྱོང་མཛད། དོན་གཉེར་བ་མང་པོར་འདོད་ཆོས་གནང༌། མཁན་པོ་བླ་མའི་དགོན་པར་ཡང་ཐོག་མར་བཀྲ་ཤིས་གསོ་སྦྱོང་མཛད། རིམ་བཞིན་དཔོན་པོ་རྣམས་ཀྱིས་མཆོད་སྤྲིན་རྒྱས་པར་ཕུལ། བསྟན་པའི་གསལ་བྱེད་མཁན་པོ་བླ་མ་སངས་རྒྱས་བཀྲ་ཤིས། དུའུ་རེང་ཝང་རཏྣ་སིདྡྷི། ཏཱ་བླ་མ་བསོད་ནམས་ཉི་མ་སོགས་སྐུ་མཆེད་རྣམས་ཀྱིས་མགྲིན་གཅིག་ཏུ་བཀའ་ཆོས་ཀྱི་སྙན་གསན་ཕུལ། དེ་ནས་དགོན་པའི་བདེ་སྐྱིད་གླིང་དུ་ཕེབས་ཏེ། སོ་སོའི་འདོད་མོས་བཞིན་བླ་དཔོན་སེར་སྐྱ་དྲག་ཞན་སུམ་སྟོང་དྲུག་བརྒྱ་ལྷག་པར་ཉིན་བཅུ་གཅིག་གི་རིང་གསང་བདེ་འཇིགས་གསུམ་ཀུན་རིག་རྣམས་ཀྱི་དབང་སྟ་གོན་དང་བཅས་པ། གྲུབ་རྒྱལ་ལུགས་ཀྱི་ཚེ་དབང༌། འཕོ་ཁྲིད། གཞན་ལུང་སྣ་ཚོགས་བཅས་སྩལ་ནས་དགེ་མཚན་གྱི་དཔལ་ལ་སྦྱོར་བར་མཛད། བསྒྲུབ་བྱ་བརྒྱ་དང་ལྔ་བཅུ་དགེ་ཚུལ་སློང་གི་དངོས་པོར་བསྒྲུབས། ཆ་གན་ཨོ་བོའི་དགོན་པ་དགེ་འདུན་དར་རྒྱས་གླིང་དུ་ལམ་རིམ་བསྡུས་དོན། དགའ་ལྡན་ལྷ་བརྒྱ་མ། བཟླས་ལུང་མང་པོ། དུར་བེད་སཱོ་ནེའི་དགོན་པར་བླ་མ་མཆོད་པ། ཐོག་མཐའ་བར་སོགས་རྗེའི་གསུང་འགའ་ཞིག་གི་ལུང༌། སྔགས་རམས་པ་བླ་མས་ཞུས་ངོར་དམིགས་བརྩེ་


GTD005_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

མའི་འཕོ་ཁྲིད། གདུགས་དཀར་གྱི་རྗེས་གནང༌། སྒྲོལ་དཀར་དང་སྐུ་ལྔའི་རྗེས་གནང༌། རབ་འབྱམས་པ་བློ་བཟང་ཉི་མས་ཞུས་ངོར་སྒྲོལ་དཀར་གྱི་རྗེས་གནང་ལུང་སྣ་ཚོགས། ཀིརྟི་བླ་མའི་འདོད་མོས་བཞིན་བདེ་མཆོག་དཀར་པོ་དང་སྒྲོལ་མའི་རྗེས་གནང་སོགས་གནང༌། དུར་བེད་ཐུ་ས་ལཀྖི་མེརྒེན་ཏཱ་ཆིང་ནས་གདན་དྲངས་པར་མི་འཁྲུགས་པ་ལྷ་དགུའི་དབང་སྟ་གོན་བཅས། ཐུགས་རྗེ་ཆེན་པོའི་དབང༌། འོད་དཔག་མེད་ཀྱི་འཕོ་ཁྲིད་བཅས་སྩལ། ཐུ་ས་ལཀྖིས་ཆོས་རྒྱལ་གྱི་གཏོར་སྒྲུབ་ཅིག་བྱེད་དགོས་ནན་ཏན་ཞུས་པ་ལྟར་བསྟན་པའི་ཞབས་བརྟན་ལ་དམིགས་ནས་གཏོར་སྒྲུབ་མཛད། དཔོན་པོ་ཚེ་དཔག་སྐྱབས་དང་ཨེམ་ཆི་ཆོས་རྗེ་རྣམས་ཀྱི་འདོད་མོས་བཞིན་བརྒྱ་རྩའི་ལུང་སོགས་དང་། ཨམྖི་བློ་བཟང་ཚུལ་ཁྲིམས་ཀྱིས་ཞུས་ངོར་ཚེ་བདག་མགོན་པོ་དང་ཕྱག་རྡོར་སོགས་ཀྱི་རྗེས་གནང༌། སེང་གདོང་མའི་གཏོར་ཆོག །འཇིགས་བྱེད་བསྐྱེད་རིམ་སོགས་ཀྱི་ལུང༌། དུར་བེད་ཇ་ཁི་རོག་ཆི་ལ། སྒྲོལ་དཀར་དང་ལྷ་མོའི་རྗེས་གནང༌། བླ་མཆོད་ཀྱི་ལུང༌། ཆ་ཧར་ཙམ་པ་ཀ་ནང་སོ་བཅས་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང༌། སྒྲོལ་མ་དཀར་ལྗང་གི་ལུང༌། སོ་ཉིད་བོ་དྷི་ཅ་ཁི་རོག་ཆིར་ཚེ་དཔག་གི་རྗེས་གནང༌། རིགས་གསུམ་མགོན་པོའི་སྙིང་པོའི་བཟླས་ལུང་བཅས་གནང༌། ཡང་སྔར་གྱི་སོ་ཉིད་དགོན་པ་བདེ་སྐྱིད་གླིང་དུ་ཕེབས། བླ་མ་མཆོད་པའི་དུས་བཟང་ཚོགས་འཁོར་སོགས་ཆ་ལག་ཚང་བ་མཛད། གུ་ཤྲཱི་བླ་མའི་དགོན་པ་བཀྲ་ཤིས་རབ་རྒྱས་གླིང་དུ་ཕེབས་ཏེ་སྐུ་སྐྱེ་ཞབས་དྲུང་ལ་ལྷ་མོའི་རྗེས་གནང༌། ཉིད་ཀྱི་གསུང་གི་བླ་མའི་རྣལ་འབྱོར་སོགས་ཀྱི་ལུང་གནང༌། དེ་ནས་སོ་ཉིད་ཨུ་


GTD005_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

རྫིང་མེ་རིན་གྱིས་མཆོད་པའི་གྲྭ་ཚང་ལ་ཕེབས། འདུས་ཚོགས་ཉིས་བརྒྱ་ཙམ་ལ་དགའ་ལྡན་ལྷ་བརྒྱ་མའི་ཁྲིད་ལུང་སྩལ། མཚོ་བདུན་དུ་ཆིབས་ཁ་བསྒྱུར་བའི་ལམ་དུའང་བླ་དཔོན་སེར་སྐྱ་དྲག་ཞན་ཉིས་སྟོང་བརྒལ་བ་ལ་ཕྱག་དབང་དང༌། སོ་སོའི་མོས་པ་ལྟར་དབང་རྗེས་གནང་ལུང་ཁྲིད་སོགས་སྩལ་ཏེ་སྐྱེ་བོ་ཀུན་གྱི་ཡིད་ཚིམ་པར་བྱས་ནས་མཚོ་བདུན་ཨ་ཀྱཱ་རིན་པོ་ཆེའི་བླ་བྲང་དུ་ཕྱག་ཕེབས། བྱང་ཕྱོགས་བསྟན་པའི་མངའ་བདག་ཆེན་པོ་ཧལ་ཧ་རྗེ་བཙུན་དམ་པ་དང་བསྟན་པའི་རྩ་ལག་རྗེ་ཨ་ཀྱཱ་ནོ་མོན་ཧན་རིན་པོ་ཆེ་རྣམ་གཉིས། འཇམ་དབྱངས་གོང་མ་ཆེན་པོར་མཇལ་ཕྲད་གནང་རྒྱུར་མཚོ་བདུན་བརྒྱུད་ནས་ཕེབས་སྐབས། རྗེ་བཙུན་དམ་པ་རིན་པོ་ཆེར་ལྷ་རྫས་དངུལ་གྱི་མཎྜལ། སྐུ་གསུང་ཐུགས་རྟེན། དངུལ་སྲང་ལྔ་བཅུ་སོགས་ཕུལ་ཏེ་མཇལ་ཁ་ཞུས་ཤིང༌། ཉིད་རྣམ་པ་གསུམ་པོ་ཉིན་ཁ་ཤས་ཀྱི་རིང་ལ་ལྷན་རྒྱས་སུ་བཞུགས་ནས་ཟབ་ཆོས་ཀྱི་གླེང་བ་རྒྱ་ཆེར་མཛད། ཉིད་ལ་རྗེ་བཙུན་དམ་པ་རིན་པོ་ཆེས་རྣམ་འཇོམས་ཀྱི་རྗེས་གནང་བྱབས་ཁྲུས་དང་བཅས་པ་གནང་དགོས་ཞེས་བཀའ་ཕེབས་པ་ལྟར་རྗེས་སུ་གནང་བ་སྤྱིའི་ཆོས་བཤད་གང་རྒྱས་ཀྱིས་བརྒྱན་ནས་ཕུལ་བས་ཐུགས་ཤིན་ཏུ་དགྱེས་ཏེ། ཁོ་བོ་གཏན་ཆག་པར་ཁྱེད་ཉིད་དང་ལྷན་རྒྱས་སུ་འདུག་འདོད་ཆེ་ནའང༌། ཡུལ་གྱིས་བསྐལ་པའི་དབང་གིས་བསམ་པ་བཞིན་མི་ཡོང་འདུག །ད་རེས་རང་ཅག་གི་སྐྱེ་བ་སྔོན་མའི་སྨོན་ལམ་རྣམ་པར་དག་པའི་མཐུས་དངོས་སུ་ཕྲད་དེ་དམ་པའི་ཆོས་ཀྱི་འབྲེལ་བ་ཤིན་ཏུ་ཟབ་པ་བྱུང་བས། དམ་པ་ཉིད་ནས།


GTD005_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་རབས་ཀུན་ཏུ་རྗེས་སུ་འཛིན་པའི་སྐྱབས་འཇུག་ཅེས་གནས་ཚུལ་རྣམས་ཞིབ་རྒྱས་གསུངས། ཉིད་ནས་ཀྱང་ལྷ་རྫས། དངུལ་མཎ། སྐུ་གསུང་ཐུགས་རྟེན་སོགས་ཕུལ་ཏེ་སྐྱབས་འཇུག་ནན་ཏན་ཞུས། དེ་ནས་རྗེ་ཐམས་ཅད་མཁྱེན་པ་ལྕང་སྐྱ་རོལ་པའི་རྡོ་རྗེའི་མཆོག་སྤྲུལ་རིན་པོ་ཆེར་མཇལ་བར་ཕེབས་པས། ལྕང་སྐྱ་རིན་པོ་ཆེས་གཟིགས་པ་ཆེ་བཞེས་ཀྱིས་བཀའ་མཆིད་མང་དུ་སྩལ། སླར་མཚོ་བདུན་གྱི་ཨ་ཀྱཱ་བླ་བྲང་དུ་ཕེབས་ནས་ཡུན་རིང་ཙམ་བཞུགས། བསྟན་པའི་གསལ་བྱེད་ལྕང་ལུང་པཎྚི་ཏ་མཇལ་བར་ཕེབས་པ་ལ་ཟབ་ཆོས་ཀྱི་བགྲོ་བ་རྒྱ་ཆེར་མཛད། ཧོའུ་ཆིད་གཡས་རུའི་ཝང་གིས་ཞུས་པ་བཞིན་དམ་ཅན་སྐྱེས་བུ་ཆེན་པོའི་རྗེས་གནང་དང༌། ཨོར་དུ་སུ་ཅཱུན་གར་ཏཱ་པེ་ཟི་ལ་སྒྲོལ་དཀར་གྱི་རྗེས་གནང་སྩལ། དུར་བེད་ཏཱ་ཝང་ཞེ་ཧོར་ལ་གོང་མར་མཇལ་དུ་ཕེབས་ཞོར་ལ་རྗེ་འདི་མཇལ་བར་བྱོན་ནས་ཕྱག་དབང་དང་ཆོས་འབྲེལ་ཞུས། མཚོ་སྔོན་དང་སྨད་ཕྱོགས་ཀྱི་དཔོན་པོ་མང་པོས་མཇལ་བར་འདོད་ཆོས་སྩལ། མཇལ་བ་བླ་དཔོན་སེར་སྐྱ་དྲག་ཞན་ཆིག་ཁྲི་ལྔ་སྟོང་བརྒལ་བ་ལ་ཕྱག་དབང་དང་ཆོས་འབྲེལ་སྩལ་ཅིང༌། ལྷག་པར་རིགས་གསུམ་མགོན་པོའི་བཟླས་ལུང་ལྗགས་བསྔོ་སོགས་གནང་སྟེ་ཀུན་གྱི་རྒྱུད་ལ་ཐར་པའི་ས་བོན་བསྐྲུན། ཨ་ཀྱཱ་རིན་པོ་ཆེའི་ཞབས་བརྟན་དུ་ཡི་དམ་གྱི་བསྙེན་པ་དང་ཆོས་སྲུང་སྤྱི་ལ་མཆོད་གཏོར་གང་རྒྱས་འཕྲིན་བཅོལ་སོགས་གནང༌། ཧལ་ཧ་རྗེ་བཙུན་དམ་པ་རིན་པོ་ཆེ་དང༌། ཨ་ཀྱཱ་རིན་པོ་ཆེ་རྣམ་གཉིས་ནས་འཇམ་དབྱངས་གོང་མར་མཇལ་ཕྲད་གྲུབ་ནས་ཡང་བསྐྱར་མཚོ་བདུན་དུ་ཕེབས། ཉིན་ཁ་ཤས་ཀྱི་རིང་ལྷན་དུ་བཞུགས་ནས་མདོ་སྔགས་ཆོས་ཀྱི་བཀའ་མཆིད་མང་དུ་མཛད། ཁྱད་པར་དཀའ་


GTD005_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

གནས་མང་པོ་བཀྲོལ་བས་ཆོས་ཀྱི་དགའ་བས་རོལ་པར་གྱུར། སྐབས་ཤིག་ཏུ་ཨོར་དུ་སུ་ཅཱུན་གར་ཏཱ་པཻ་ཟིའི་སྲས་མོ་གཉིས་ལ་གདོན་གྱིས་ཟིན་ཏེ་ཅི་བྱ་གཏོལ་མེད་དུ་གྱུར་ནས་མགོན་སྐྱབས་སུ་གདན་དྲངས་པ་བཞིན་ཕེབས། ཕྱག་དབང་བཀའ་བསྒོ། སྲུང་མདུད་སོགས་སྩལ་བས་བུ་མོ་གཉིས་དྲན་མེད་དུ་བརྒྱལ་ཞིང༌། བརྒྱལ་སངས་ནས་ཁོ་རང་གཉིས་ཀྱི་སྲོག་སྐྱོབ་དགོས་ཚུལ་གྱི་སྐྱབས་འཇུག་ཞུས་པས་ནད་ལས་རིམ་གྱིས་གྲོལ་ཏེ་དཔོན་འབངས་ཚང་མས་ཉིན་མཚན་ཁོར་ཡུག་ཏུ་རྗེ་འདི་ལ་གསོལ་བ་འདེབས་པ་བྱུང༌། དུར་བེད་ཏཱ་ཝང་ཕུན་ཚོགས་བསམ་འགྲུབ་གོང་མར་མཇལ་ནས་རང་ཡུལ་དུ་ལྡོག་སྐབས་ལམ་དུ་བསྙུན་གཞི་དྲག་པོ་ཞིག་གིས་ཐེབས་ཏེ་གཞན་གྱི་ས་ཆར་མགོན་སྐྱབས་ཡེ་མ་མཆིས་པར་བཞུགས་པས། ཉིད་ལ་སྐྱབས་བཙལ་ནས་གསོལ་བ་བཏབ་པར་ཐུགས་བརྩེ་བས་ཉེ་བར་གཟིགས་ཏེ་ཕྱག་སྨན་དང་བཀའ་བསྒོ་སོགས་སྩལ་ཅིང་རིམ་གྲོ་འགའ་ཞིག་བསྒྲུབས་པས། ཞག་གཅིག་ནས་སྐུ་བསྙུན་ལས་གྲོལ་ཏེ་དད་པ་ལྷག་པར་སྐྱེས་ནས་རྟ་མགྲིན་གསང་སྒྲུབ་ཀྱི་རྗེས་གནང་ཞུས་ཤིང་དཔོན་པོ་རང་གི་ཨུརྒེར་གདན་འདྲེན་གྱི་སྙན་གསན་ཕུལ། དེ་ནས་སྟོན་མཇུག་མཚོ་བདུན་ནས་ཆ་ཧར་གྱི་སྡེ་ཚོ་བརྒྱུད་དེ་ཆིབས་ཁ་ཡར་བསྒྱུར། ཕེབས་ལམ་དུ་དད་ལྡན་སེར་སྐྱ་ལྔ་སྟོང་བརྒལ་བ་ལ་ཕྱག་དབང་མ་ཎིའི་བཟླས་ལུང་སོགས་སྩལ་ནས་ཀུན་གྱི་རེ་བ་བསྐང་བར་མཛད་དེ་ཨ་ཏོ་ཆིན་ཧ་ཡ་གྲི་ཝའི་དགོན་པར་ཕེབས། དགེ་འདུན་འདུས་ཚོགས་ཡོངས་ལ་དགའ་ལྡན་ལྷ་བརྒྱ་མའི་ཁྲིད་ལུང༌། འཕོ་བའི་མན་ངག་བཅས་སྩལ། དེ་ནས་རིམ་པར་


GTD005_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་དེ་གླང་ཆེན་དལ་འགྲོས་ཀྱིས་ཕེབས་པའི་ལམ་ཞོར་དུ་ཆ་ཧར་ཀུ་ལུ་ཨོ་ལཱན་ཤོག་གི་དཔོན་པོ་བཀྲ་ཤིས་ཙུན་ཏཱ་མི་སྡེ་བཅས་ལ་སྒྲོལ་དཀར་དང་སྒྲོལ་ལྗང་སོགས་ཀྱི་རྗེས་གནང༌། སེང་གདོང་མའི་སྒྲུབ་ཐབས་ཀྱི་ལུང༌། བཟླས་ལུང་འགའ་ཞིག་བཅས་སྩལ། དེ་ནས་ཆ་ཧར་ཀུ་ལུ་ཨོ་ལཱན་ཤོག་གི་སཱོ་ཉིག་དགོན་པ་བསྟན་པ་དར་རྒྱས་གླིང་དུ་ཕེབས། དད་ལྡན་རྣམས་ལ་ཕྱག་དབང་སོགས་སྩལ། དེར་ཁལ་རྟ་དང་ཆིབས་པ་རྣམས་བཞག་ནས་འཛམ་གླིང་གི་གནས་ཆེན། ཤར་རི་བོ་རྩེ་ལྔ། ལྷོར་རི་བོ་གྲུ་འཛིན། ནུབ་ཨོ་ཌི་ཡ་ན། བྱང་ཤམྦྷ་ལ། དབུས་རྡོ་རྗེ་གདན་ཏེ་ལྔར་གསུངས་པའི་ནང་ནས། རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཞིང༌། འཇམ་དཔལ་རྩ་རྒྱུད། མདོ་སྡེ་ཕལ་བོ་ཆེ། ཡི་གེ་བརྒྱད་པའི་ཆོ་ག་ཞིབ་མོ་སོགས་ལས་ལུང་བསྟན་པ་གནས་མཆོག་རི་བོ་རྩེ་ལྔར་མཇལ་བར་ཕེབས། རྟ་ཞོན་ཁལ་བཀལ་ནས་འགྲོ་བ་གཞན་ལ་གནོད་པ་ལས་མ་ལོག་པས་དཀར་ནག་འདྲེས་མའི་སྐྱོན་གྱིས་སྦགས་ཏེ་གནས་མཇལ་ཚུལ་མཐུན་མི་ཡོང་བར་དགོངས་ནས་རྟག་ངུ་ཆོས་འཕགས་མཇལ་བར་ཕེབས་ཚུལ་བཞིན་དཔོན་གཡོག་ཐམས་ཅད་ཞབས་ཐང་ལ་ཕེབས། ལམ་དུ་ཡིན་གྲུའུ་མཁར་གྱི་ལྷ་ཁང་མཆོད་རྟེན་མར་མཆོད་མཇལ་གནང༌། རི་བོ་དྭངས་བསིལ་གྱི་རི་ལྔ་ལས་དོན་ཡོད་གྲུབ་པ་འཕྲིན་ལས་ཀྱི་གནས་བྱང་རིའི་རྩེ་མོར་བཞུགས་པའི་ལྷ་ཁང་གི་རྟེན་རྣམས་དང༌། རིའི་ཕྱོགས་ཕྱོགས་སུ་ཡོད་པ་འཇམ་དཔལ་དང་གནས་བརྟན་གྱི་ཁྲི། བརྟུལ་ཞུགས་སྤྱོད་པའི་མཆོད་རྟེན་སོགས་ལ་མཇལ་ཏེ། ལྟུང་བཤགས། སྐྱབས་སེམས། ཡན་ལག་བདུན་པ་མཎྜལ་བཅས། ཐུན་དྲུག་


GTD005_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

གི་རྣལ་འབྱོར་སོགས་ལམ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཉམས་བཞེས་ཆ་ཚང་བ། མཇུག་ཏུ་སྨོན་ལམ་རྣམ་ལྔ་བསྟན་འབར་མ་སོགས་གསུང་སྟེ་བསྟན་འགྲོའི་དོན་དུ་བསྔོ་བའི་སྤྱན་དམིགས་ནན་ཏན་མཛད་ཅིང་ཕྱག་མཆོད་སྐོར་བ་སོགས་གང་རྒྱས་གནང༌། དེ་ནས་དུན་ཐེའམ་ཝང་ཧེ་སྤུང་ཞེས་ཐུགས་མི་བསྐྱོད་པའི་གནས་ཤར་རིའི་རྩེར་བྱོན། རྟེན་རྣམས་ལ་མཆོད་མཇལ་གནང་ཞིང་ཕྱག་མཆོད་ཞལ་འདོན་གྱི་རིམ་པ་ཐམས་ཅད་གོང་བཞིན་སྤྱན་དམིགས་ཤུགས་དྲག་པོའི་སྒོ་ནས་གནང་སྟེ། མཇལ་ལོ་ཙམ་མ་ཡིན་པར་རྟེན་ཆེ་བ་ཐམས་ཅད་ཀྱི་དྲུང་དུ་དེ་དག་ཆག་མེད་ཕྱག་ལེན་ལ་འདེབས་པར་མཛད། སྲེད་མེད་ཀྱི་བུའི་ཕུག་དང༌། ཚག་ཞྭའི་མཆོད་རྟེན། སྤྱན་རས་གཟིགས་ཀྱི་ཁྲི། སྡོང་པོ་བཀོད་པའི་ཕུག་སོགས་ཞིབ་མཇལ་དང་བསག་སྦྱངས་གང་རྒྱས་གོང་བཞིན་གནང༌། རྒྱ་གར་གྱི་སློབ་དཔོན་བདུན་ཕེབས་ནས་ཏིང་ངེ་འཛིན་ལ་ཞུགས་ཏེ་མ་ལངས་པའི་སྟེང་དུ་བཞེངས་པ་སངས་རྒྱས་རབས་བདུན་གྱི་ལྷ་ཁང་དུ་ཕྱག་བཏེག་བསག་སྦྱང་རྒྱས་པ་སྔར་ལྟར་མཛད། དེ་ནས་འཇམ་དབྱངས་གོང་མའི་བ་ཡར་གྱི་ཉིན་དང་དུས་འཛོམས་པར། གོང་མའི་གཟིམས་ཆུང་ལ་མཆོད་མཇལ་རྒྱས་པ་ཞུས་ཧྭ་ཤང་གི་ལྷ་ཁང་མང་པོ་བརྒྱུད་དེ་ལྕང་སྐྱ་ཐམས་ཅད་མཁྱེན་པའི་གཟིམས་ཆུང་དང༌། དཔལ་ལྡན་རིགས་བརྒྱའི་ཁྱབ་བདག་རྗེ་བཙུན་རོལ་པའི་རྡོ་རྗེའི་སྐུ་གདུང་མཆོད་རྟེན་ལ་མཇལ། ཉེར་སྤྱོད་ཀྱི་མཆོད་པ་དང་མཆོད་མེ་བརྒྱ་ཕྲག་མང་པོ་ཕུལ་ཏེ། ལྟུང་བཤགས། སྐྱབས་སེམས། ཡན་ལག་བདུན་པ་མཎྜལ་བཅས། ཐུན་དྲུག་གི་རྣལ་འབྱོར་སོགས་དཀྱུས་མའི་


GTD005_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་དུ་བླ་མཆོད་དང་ཁྲུས་གསོལ་སོགས་བསྣན་ཏེ་སྨོན་ལམ་རྣམས་དང་བསྟན་འབར་མ་བཅས་གསུང་ཞིང་བསྟན་པ་རྒྱས་པའི་ཐུགས་སྨོན་རྒྱ་ཆེར་མཛད། དཔོན་པོ་ཏེམ་མཆི་བླ་མ་དང་གྲྭ་རིགས་རྣམས་ཀྱི་འདོད་མོས་བཞིན་དགའ་ལྡན་ལྷ་བརྒྱ་མ་དང་རིགས་གསུམ་མགོན་པོའི་སྙིང་པོའི་ལུང་སོགས་སྩལ། ཇིང་ཧེ་ཟི་ཟེར་བའི་ལྷ་ཁང་དང༌། ཁྱུད་ས་རིའི་མཆོད་རྟེན་ཆེ་བ་དང༌། གཞན་ཡང་མཆོད་རྟེན་འགའ་ཞིག་བཅས་པར་མཆོད་འབུལ་ཞུས། དེ་ནས་ཧྭ་ཤང་གི་ལྷ་ཁང༌། གོང་མའི་གཟིམས་ཆུང༌། གནམ་གང་གི་ཟླ་བ་མཐོང་བའི་ཆུ་མིག་མིང་ཡྭེ་ཋེ་ཟེར་བ་བཅས་ལ་མཇལ། དེའི་མདུན་གྱི་མཆོད་རྟེན་དང༌། དེའི་གཤམ་གྱི་ཧྭ་ཤང་གི་ལྷ་ཁང་བཅས་ལ་མཇལ། དེ་ནས་ཆུའི་ཚུར་ཁའི་ཧྭ་ཤང་ཆིན་ཡེ་སེན་གྱི་ལྷ་ཁང་སོགས་ལ་མཆོད་མཇལ་ཞུས། དེ་ནས་ཆིན་ཧོ་དུན་ཟེར་བའི་ལྷ་ཁང་དང༌། བྲག་གི་ཕུགས་མིག་སོགས་ལ་མཇལ། དེ་ནས་ལྷོ་རི་ཡོངས་གྲགས་ནན་ཐེ་ཟེར་ཞིང་ཀྱིན་ཤེའུ་ཕུང་སྟེ་མདོག་བཟང་བཀྲ་བའི་སྤོ་ཞེས་གྲགས་པའི་རྩེར་བཞུགས་པའི་ཀུན་བཟང་མཆོད་རྟེན་དང་ལྷ་ཁང་ཆི་ལང་ཤི་སྟེ་མདོ་ལས་གསུངས་པའི་དྭངས་བསིལ་རྡོ་དང་དེར་ཡོད་པའི་ཧ་ཤང་གི་དགོན་རྣམས་མཇལ། དེ་ནས་ལོ་ཧན་དུན། གུ་ཆི་ལེང༌། ཅིན་ག་ལིན། གྲུ་རིན་ཟི། ཚི་ཕོའམ་བན་ཤུ་ཟི་ཟེར་བ་རྣམས་དང་མཆོད་རྟེན་སྔོན་པོ་རི་མོ་ཅན་རྣམས་ལ་མཇལ། དེ་ནས་ཆིང་ལེགས་ཆོ་ཟེར་བའི་ཟམ་བརྒྱུད་དེ་ཞག་བབ་ཀྱི་སར་ལྷ་ཁང་ཞིག་ཏུ་རྒྱའི་ཆིན་ཡེ་སེན་ཟེར་བའི་ཧྭ་ཤང་ཞེན་ཅན། ཧྭ་ཤང་ཐུང་ཤུན་ཧྭ་ཤང་ཞིན་མིན་ཏེ་ཧྭ་ཤང་གསུམ་བཞུགས་ཡོད་པ་དེ་གསུམ་གྱིས་ཁོ་རང་ཚོའི་འདུག་སའི་ཁང་བ་ལ་བྱི་


GTD005_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

དོར་ལེགས་པར་བྱས་ནས་རྗེ་འདི་པ་གདན་དྲངས་ཏེ་བཞུགས་སུ་བཅུག །དེའི་མཚན་གྱི་རིང་ཡོངས་རྫོགས་ལ་རྗེ་ཉིད་དང་ཧྭ་ཤང་གསུམ་ག་ལྷན་དུ་བཞུགས། ཞབས་གྲས་རྣམས་ཁང་བ་ལོགས་ཤིག་ཏུ་བཞག་སྟེ། རྣམ་པ་བཞི་པོས་ཆོས་ཀྱི་བགྲོ་བ་འབའ་ཞིག་གིས་དུས་འདའ་བར་མཛད། སྐབས་ལ་ལར་རྣམ་པ་བཞི་གས་རྒྱ་སྐད་ཀྱི་མ་ཎི་གསུང་གིན་འདུག་པ་འགའ་ཞིག་གིས་ཐོས་ནས་ཡ་མཚན་ཏེ་མདུན་དུ་སོང་བས། ཞལ་ཏའི་མཚམས་བཅད་དེ་རྗེ་འདི་པས་རང་གའི་ཞལ་འདོན་ཞིག་དང༌། ཧྭ་ཤང་གསུམ་པོས་རྒྱ་སྐད་ཀྱི་མ་ཎི་གསུང་བའི་ཚུལ་ཙམ་ལས་གཞན་རྣམས་སྦས་པའི་ཚུལ་གནང༌། སང་ཞོགས་གསོལ་དཔོན་དགེ་སློང་བསྟན་འཛིན་ཆོས་འཕེལ་གྱིས་གསོལ་ཇ་ཁྱེར་དུས་རྣམ་པ་བཞི་ག་སྔར་དགུང་ཇི་ལྟར་བཞུགས་པའི་ཚུལ་དེ་ལས་ཅུང་ཟད་ཀྱང་མ་གཡོས་པར་བཞུགས་འདུག་པས་ཁོ་ཤིན་ཏུ་ངོ་མཚར་སྐྱེས། འོན་ཀྱང་དེ་ནས་ཕེབས་ཀར་ཧ་ཅང་དགྱེས་དྲགས་པའི་ཉམས་ཀྱིས་ཞབས་ཕྱི་ནང་མ་འགའ་ཞིག་ལ་ཞལ་རྩེད་ཀྱི་ཚུལ་དུ་མདངས་རྗེ་བཙུན་འཇམ་དབྱངས་ཀྱི་སྤྲུལ་བ་ཧྭ་ཤང་གསུམ་དང་ཞག་གཅིག་ལྷན་དུ་བསྡད་པས་སྐལ་བ་ཤིན་ཏུ་བཟང་ཞེས་གསུང༌། དེའི་ཚེ་མགུར་གྱི་ཚུལ་དུ། ཟླ་༡༠ ཚེས་༨ བཟང་ཉིན་འཇམ་དབྱངས་ཀྱི། །གནས་མཆོག་རི་བོ་རྩེ་ལྔ་ཡི། །ཆིང་ལིང་ཆོ་རུར་འཇམ་དབྱངས་ཀྱི། །སྤྲུལ་བ་ཧྭ་ཤང་གསུམ་དང་ཕྲད། །བཙུན་པ་མི་ཉག་སྤྲུལ་མིང་བདག །འཇམ་དབྱངས་གོ་འཕང་མཉམ་ཐོབ་ཤོག །ཅེས་ཚིགས་བཅད་འགའ་འཐེན་པ་ཞབས་གྲས་པ་ཤེས་ལྡན་ཞིག་གིས་ཐོས་ཏེ་དགོངས་གཞི་ཅན་གྱི་གསུང་ཡིན་པར་གོ་ནས་ཤིན་ཏུ་དད་དེ་ཚིགས་


GTD005_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

བཅད་དེ་དག་ཤིན་ཏུ་བསྒྲིམ་ནས་བློར་གཟུང་སྟེ་བརྗེད་ཐོར་བྲིས། དེ་ནས་ཕེབས་ཏེ་གོམ་པ་ལྔ་བཅུ་ཙམ་སོང་དུས་གྲྭ་པ་ཞིག་གིས་ཁ་ཏོན་གྱི་དཔེ་ལུས་པ་དྲན་ནས་ཕྱིར་ལེན་རྒྱུར་སོང་ཚེ་ཧྭ་ཤང་གསུམ་ག་མི་འདུག་པར་མ་ཟད་བསྡད་ཤུལ་སོང་རྗེས་ཅི་ཡང་མེད་པར་ཁང་སྟོང་དུ་སྣང་ཞེས་ཚུར་འོང་ནས་བཤད་པས། གྲྭ་པ་ཐམས་ཅད་ཀྱིས་གཞི་བཟུང་ནས་གཏན་ཆགས་སུ་བསྡད་ཡོད་པའི་རྣམ་པ་ལས་འཕྲལ་དུ་ཆས་ནས་འགྲོ་བའི་ཚོད་མིན། འགྲོ་ནའང་བར་དེར་ལོང་ཡོད་ས་མེད་པས་ངེས་པར་འཇམ་དབྱངས་ཀྱི་སྤྲུལ་བ་ཡིན་པར་གོར་མ་ཆག་གོ་ཞེས་མགྲིན་གཅིག་ཏུ་གླེང༌། དེ་ནས་ཀྭ་ཡྭེའི་སྤུང་ངམ་ཡོངས་གྲགས་ཞི་ཐེ་ཟེར་བ་ནུབ་རིའི་རྩེར་ཕེབས། ཁྲོ་སྐུ་དང་མཆོད་རྟེན་ཆེན་པོ་ཞིག་ལ་མཆོད་མཇལ་ཞུས། དེ་ནས་གྲུ་ཐེ་ཟེར་བའི་དབུས་རི་མཚར་སྡུག་ལྷུན་པོའི་རྩེར་ཕེབས། མཆོད་རྟེན་ཆེ་ཆུང་ལྔ་དང་ཡང་མཆོད་རྟེན་ཆེ་བ་ཞིག་དང་རྡོའི་སྐུ་ཆེ་བ་བཅས་ལ་མཆོད་མཇལ་གནང༌། དེ་ནས་དགྲ་བཅོམ་པ་ལྔ་བརྒྱའི་ལྷ་ཁང་དུ་ཕེབས་ཏེ་བརྒྱ་མཆོད་དང་སྙན་ཤལ་གང་རྒྱས་ཕུལ། ལྟུང་བཤགས་སོགས་སྔར་བཞིན་མཛད། དེ་ནས་དབྱར་གནས་ཀྱི་ལྷ་ཁང་དང༌། འཇམ་དབྱངས་བགྲེས་པའི་ལྷ་ཁང༌། སྒྲོལ་མའི་ལྷ་ཁང་རྣམས་སུ་བྱོན་ནས་ཕྱག་མཆོད་རྒྱས་པར་མཛད་ཅིང༌། ནང་རྟེན་དུ་སྒྲོལ་མའི་བྲིས་ཐང་ཞིག་གདན་དྲངས་པར་མཛད། སླར་སངས་རྒྱས་རབས་བདུན་དུ་ཕྱག་བཏེག །རིམ་པར་བདེ་མཆོག་ལྷ་ཁང་དང༌། རྗེ་ལྕང་སྐྱ་རིན་པོ་ཆེའི་རི་ཁྲོད་དང་བླ་བྲང༌། རྡོ་རྗེའི་ཕུག་སོགས་ལ་མཆོད་མཇལ་རྒྱས་པར་བྱས་ནས་བྱ་རྒོད་ཕུང་པོའི་རི་དང་མཚུངས་པར་གསུངས་པ་ཕུ་ས་ཏིང་ཟེར་བ་དང༌། ལོ་ཧོ་ཐི་ཟེར་བ་གཉིས་ཀྱི་རྟེན་རྣམས་ཞིབ་མཇལ་བར། གྲྭ་ཚང་དུ་མང་ཇ་སོགས་


GTD005_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བསྙེན་བཀུར་ཞུས། དེ་ནས་རྒྱབ་ཀྱི་འཇམ་དབྱངས་རང་བྱོན་གྱི་ལྷ་ཁང་འཇམ་དཔལ་སྡེ་ཆེན་ཟེར་བ་དང༌། ཕུ་ས་ཏིང་གི་མདུན་ན་ཆོས་རྒྱལ་མྱ་ངན་མེད་ཀྱིས་བཞེངས་པར་དགྲ་བཅོམ་པ་མ་ཏིང་གིས་ལུང་བསྟན་པ་གནས་ཆེན་འདིའི་ལྟེ་བ་དང་རྟེན་གཙོ་ནོར་བུ་ཆེན་པོའི་མཆོད་རྟེན་བྱ་བའི་མཆོད་རྟེན་དཀར་པོ་ཆེན་པོ་བཅས་ལ་མཇལ་ནས་སྐོར་ཕྱག་མཆོད་པ་ཞལ་འདོན་སོགས་གང་རྒྱས་གནང༌། སོག་སྐད་ཀྱིས་ཁུ་རི་ལ་སུ་མི་ཞེས་འབོད་པ་ཟངས་ཀྱིས་བཞེངས་པའི་ལྷ་ཁང་དང༌། ལྕང་སྐྱ་ཐམས་ཅད་མཁྱེན་པས་བཞེངས་པའི་མཆོད་རྟེན་དཀར་པོ་ཆུང་བ་དང༌། ནོར་བཟང་ཕུག །འཇམ་དབྱངས་རིགས་ལྔའི་ལྷ་ཁང༌། འཇམ་དབྱངས་ཀྱི་སྒྲུབ་ཁང་བྲག་སོགས་ལ་མཆོད་མཇལ་ཞུས། དེ་ནས་སྤྱན་རས་གཟིགས་ཀྱི་སྒྲུབ་ཕུག་ཏུ་མཇལ་ཞིང་དར་རྒྱས་ནོ་མོན་ཧན་གྱི་ལྷ་ཁང་དུ་ཕྱག་བཏེགས་སོ། །མདོར་ན་གོང་གསལ་གྱི་རྟེན་རྣམས་དང་བྱང་རིའི་རྩེ་ནས་གཡས་སྐོར་དུ་མཇལ་སྐབས་ཐ་ན་ལམ་དུ་ཡོད་པའི་རྡོ་དང་བོང་བ་ཡན་ཆད་ལ་འཇམ་དབྱངས་དངོས་ཀྱི་འདུ་ཤེས་ཀྱིས་དག་སྣང་སྦྱངས་པ་ལས་ཧབ་རྒྱུག་མི་མཛད། རྟེན་གང་གཟིགས་ཀྱི་རྩར་ལྟུང་བཤགས་སོགས་དང་འབྲེལ་བའི་ཕྱག་གང་མང༌། སྐྱབས་སེམས། ཡན་ལག་བདུན་པ་མཎྜལ་བཅས་དང༌། ཐུན་དྲུག་གི་རྣལ་འབྱོར། བླ་མ་མཆོད་པ། སྨོན་ལམ་རྣམ་ལྔ། བསྟན་འབར་མ་སོགས་གསུངས་ཤིང་ཐུགས་སྨོན་གང་དྲག་མཛད། ལམ་ཐག་རིང་བ་སོགས་ཀྱིས་ཇི་ཙམ་བྲེལ་དགོས་པ་ཡོད་ཀྱང་ཞལ་འདོན་ཁྲལ་རྒྱུག་ཏུ་མ་སོང་བའི་དལ་བུར་སྤྱན་དམིགས་གཏད་ནས་གསུང༌། སོ་སོའི་དཀོན་


GTD005_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

གཉེར་ལ་མཆོད་སྒྲོན་ཐེབས་དང༌། མཆོད་པ་ཐམས་ཅད་ཤིན་ཏུ་གཙང་སྦྲ་ཐོན་ངེས་དང་མགོ་མཇུག་སྙོམས་པ་རྒྱ་གང་ཆེ་བསྟར། གནས་དེར་བཞུགས་པའི་གྲྭ་ཚང་ཆེ་ཕྲ་སོ་སོར་མང་ཇའི་དོད་དངུལ་སྲང་བཅུ་ཡན་ཆད་ཀྱིས་བསྙེན་བཀུར་ཞུས། དེ་ནས་འཇམ་དབྱངས་གོང་མའི་གསེར་གྱི་རྒྱལ་ཁབ་ཆེན་པོར་ཕེབས་ཡུང་ཧྭའ་གུང་གི་ཨ་ཀྱཱ་བླ་བྲང་དུ་བཞུགས་གནས་མཛད། ནང་རྟེན་ཙན་དན་ཇོ་བོ། གདུགས་དཀར་ལྷ་ཁང༌། བདེ་བ་ཅན། མཆོད་རྟེན་དཀར་པོ། ཡུང་ཧྭའ་གུང་གི་ལྷ་རྟེན་སོགས་ལ་མཆོད་སྒྲོན་རྒྱས་པར་ཕུལ་ཏེ་སོ་སོའི་མདུན་དུ་བསག་སྦྱང་གི་རིམ་པ་རྒྱ་ཆེན་པོ་སྔ་མ་བཞིན་སྟར་ཆགས་སུ་མཛད། དེ་ནས་ལྕང་སྐྱ་ཐམས་ཅད་མཁྱེན་པའི་མཆོག་སྤྲུལ་རིན་པོ་ཆེ་དང༌། ཁྲི་ཆེན་རྒྱ་ནག་པའི་མཆོག་སྤྲུལ་རིན་པོ་ཆེ། ཟམ་ཚ་གསེར་ཁྲི་རིན་པོ་ཆེ་རྣམས་ལ་རིམ་བཞིན་མཇལ་ཕྲད་ཞུས། ཕོ་བྲང་དུ་བཞུགས་པའི་སྒྲུབ་སྡེ་སོ་སོར་མང་ཇའི་བསྙེན་བཀུར་མཛད། སླར་ཡང་རི་བོ་རྩེ་ལྔར་ཕེབས། ཞབས་གྲྭ་པ་མང་མང་ཆ་ཧར་ལ་བཏང་སྟེ། རྗེ་ཉིད་གསོལ་དཔོན་དང་དགེ་བཤེས་གཉིས་བཅས་དཔོན་གཡོག་བཞི་བཀྭའ་ཡིན་དུན་ཟེར་བ་སྤྱན་རས་གཟིགས་ཀྱི་སྒྲུབ་ཁང་ཞེས་གྲགས་པར་བྱོན་ཏེ། བླ་མཆོད་དུས་བཟང་ཚོགས་འཁོར་བཅས་ཆོ་གའི་ཡན་ལག་ཚང་བར་མཛད། ཡུན་རིང་ཙམ་བཅད་རྒྱ་བསྡམས་ནས་ཡི་དམ་ལྷའི་ལྗགས་བསྙེན་མཛད་སྐབས་ཉམས་རྟོགས་ཁྱད་པར་ཅན་འཁྲུངས་ནས་ཐུགས་སྤྲོ་བའི་ཚུལ་གྱིས་ཉམས་མགུར་བཞེས་པ་ནི། ༈ དུས་གསུམ་རྒྱལ་བ་ཀུན་གྱི་བདག་ཉིད། །བླ་མ་འཕགས་པ་སྤྱན་རས་གཟིགས་དབང༌། །བདེ་ཆེན་འཁོར་ལོར་འབྲལ་མེད་བཞུགས་ལ། །ལུས་ངག་ཡིད་གསུམ་


GTD005_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་གྱིས་རློབས་ཤིག །བདག་ནི་ཐག་རིང་ཡུལ་གྱིས་བསྐལ་ཡང༌། །སྔོན་བསགས་དགེ་བའི་རླུང་གིས་བསྐྱོད་དེ། །ཕྱི་དང་ནང་གི་ཉེར་འཚེ་མེད་པར། །ཞིང་མཆོག་འདི་རུ་བདེ་བར་འབྱོར་རོ། །ཨ་ལ་ལ་དགའ་བའི་སྐྱིད་གླུ་ལེན་ནོ། །བརྩེ་བའི་གཏེར་ཆེན་ཐུགས་རྗེ་ལས་འོངས། །ཡན་ལག་བརྒྱད་ལྡན་བདུད་རྩིའི་བཅུད་ཅན། །བཀྲ་ཤིས་དགེ་མཚན་ཆགས་པའི་གནས་སུ། །ལམ་བཟང་སྒྲུབ་པའི་གོ་སྐབས་རྙེད་དོ། །ཨ་ལ་ལ༝ གཡེང་བའི་དྲན་པ་ནང་དུ་བཀུག་ནས། །ཁྱོད་གསུང་སྙིང་པོ་ཡིག་དྲུག་བགྲང་བས། །རང་གི་ཤེས་རྒྱུད་འདུལ་དང་ཆབས་ཅིག། །རིགས་དྲུག་སྡུག་བསྔལ་ཀུན་ཀྱང་སྦྱངས་སོ། །ཨ་ལ་ལ་༝ བརྒྱད་ལྡན་ཆུ་ལ་བསྐོལ་བའི་ཇ་ནི། །ཡང་ཡང་བཏུང་ཡང་རོ་ཞིམ་ལྡན་པས། །ཡིད་ཀྱི་བུ་ཆུང་ཚིམ་དང་ལྷན་ཅིག། །དྲན་ཤེས་ཨ་མ་བརྟན་པར་ཆགས་སོང་། །ཨ་ལ་ལ་༝ ཡིད་འོང་བལྟ་ན་སྡུག་པའི་བྲག་རིར། །དྲི་ལྡན་རྩི་ཤིང་ཐོ་རེས་བརྒྱན་ཅིང་། །སྣ་ཚོགས་བྱ་སྐད་སྙན་པར་སྒྲོགས་པར། །དམུ་རྒོད་སེམས་རྟ་ཁ་ལོ་བསྒྱུར་སོང་། །ཨ་ལ་ལ་༝ ས་བཀྲ་བཟང་ཞིང་མཐོ་ཁྱད་དབང་གིས། །རང་གི་སེམས་ཀྱི་གཟེངས་ཀྱང་མཐོ་ཞིང་། །ཞེ་སུན་ཞུམ་པ་ཅི་ཡང་མེད་པར། །ཡིད་ནི་དགེ་ལ་མཆོག་ཏུ་སྦྱོར་སོང་། །ཨ་ལ་ལ་༝ མཐོན་པོའི་གནས་ལས་ཀུན་ཏུ་བལྟས་ཚེ། །བཟང་ངན་སྣ་ཚོགས་མཐོང་བ་ཇི་བཞིན། །ནང་བལྟས་ཤེས་པས་རྒྱུད་ལ་བལྟས་ན། །བདག་ཏུ་འཛིན་པས་བསླད་པ་མཐོང་ངོ༌། །ཨ་ལ་ལ་༝ རྡོ་ཡི་འགྲམ་དང་ཆུ་ལ་བརྒལ་ཏེ། །གནས་འདིར་གྱེན་དུ་བགྲོད་པ་བཞིན་དུ། །སྲིད་བདེ་འདོད་པའི་ཆུ་ལས་


GTD005_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

བརྒལ་ཏེ། །ཐར་པའི་ཐེམ་སྐས་མཆོག་ཏུ་འཛེག་གོ །ཨ་ལ་ལ་༝ ནང་གི་སེམས་དང་ཕྱི་ཡི་གནས་ཀྱི། །ཁྱད་པར་མཐུན་པ་དེ་ལྟ་ལགས་ན། །མགོན་ཁྱོད་ཐུགས་རྗེ་ཅིར་ཡང་འགྱུ་བས། །འགྲོ་རྒྱུད་སྨིན་པར་མཛད་པ་ཡིན་ནོ། །ཨ་ལ་ལ་༝ བདག་གི་སྔོན་བསགས་ལས་སྨོན་བཟང་ཞིང༌། །དེང་འདིར་མོས་གུས་ཁ་ཞེ་མེད་པ། །གནས་ཀྱི་ཁྱད་པར་ཕྱི་ནང་མཐུན་པས། །ངོ་མཚར་དགེ་སྦྱོར་ཡིད་ལ་སྨན་ནོ། །ཨ་ལ་ལ་༝ བརྩེ་ལྡན་འཕགས་མཆོག་ཐུགས་རྗེའི་སྤྲིན་ལས། །བྱིན་རླབས་གྲུ་ཆར་འདོད་པ་འཇོ་བས། །བདག་རྒྱུད་ཞིང་ས་བརླན་པར་མཛད་དེ། །དགེ་སེམས་མྱུ་གུ་འཁྲུངས་པར་བྱས་སོ། །ཨ་ལ་ལ་༝ སྤྱིར་ན་གངས་ཅན་ཡོངས་ཀྱི་ལྷ་སྐལ། །སྒོས་སུ་ཉམ་ཆུང་བདག་གི་སྐྱབས་གཅིག །བཤེས་གཉེན་བླ་མའི་རྣམ་པར་བྱོན་ཏེ། །གཏན་བདེའི་ལམ་བཟང་གསལ་བར་སྟོན་ཅིག །ཨ་ལ་ལ་༝ བླ་མ་ལྷ་ལ་གསོལ་བ་འདེབས་པ། །འདིས་མཚོན་དགེ་ཚོགས་རྒྱ་མཚོ་ཅི་མཆིས། །མཁར་མཉམ་མར་གྱུར་འགྲོ་བ་ཀུན་ཀྱང༌། །བླ་མེད་བྱང་ཆེན་འཐོབ་པའི་རྒྱུར་བསྔོ། །ཨ་ལ་ལ་༝ དགའ་བའི་སྐྱིད་གླུ་ལེན་ནོ། །ཚུལ་བཞིན་སྒྲུབ་པའི་དགེ་བ་འདིས་ཀྱང༌། །བསྟན་འཛིན་དམ་པའི་མཛད་འཕྲིན་རྒྱས་ཤིང༌། །རྒྱལ་བསྟན་དབྱར་མཚོ་བཞིན་དུ་འཕེལ་ངོས། །འཇིག་རྟེན་ཁམས་སུ་དགེ་མཚན་ཁྱབ་གྱུར། །ཅེས་ཉམས་མགུར་འདི་ནི་གནས་མཆོག་རི་བོ་རྩེ་ལྔའི་སྤྱན་རས་གཟིགས་ཀྱི་སྒྲུབ་ཕུག་ཏུ་མི་ཉག་ཚུལ་ཁྲིམས་བསྟན་པའི་ཉི་མས་དགའ་བའི་སྐྱིད་གླུར་བླངས་པའོ། །ཞེས་པ་སྟེ་དཔྱོད་ཤེས་པ་ཞིག་གིས་དཔྱད་ན་རྣམ་ཐར་ཞིག་ལ། རང་གི་ཤེས་རྒྱུད་འདུལ་དང་ཆབས་


GTD005_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །རིགས་དྲུག་སྡུག་བསྔལ་ཀུན་ཀྱང་སྦྱངས་སོ། །ཞེས་པ་འདི་གཅིག་པུས་ཆོག་པ་ལྟ་བུར་སྣང༌། བྱང་ཆུབ་མཆོག་ཏུ་གཞོལ་བའི་རྒྱུད་གཅིག་པུ། །ཉམས་དགུར་དྲི་ཟའི་འཕང་འགྲོ་བརྡུང་བའི་སྒྲས། །སྲིད་ཞིའི་མཐའ་ལ་བརྟེན་པའི་གྲུ་གཟིངས་ནི། །དུམ་བུར་གཞིག་པའི་ངང་ཚུལ་ཨེ་མ་རྨད། །ཅེས་ཀྱང་གཏམ་དུ་བྱའོ། །ཡང་འདི་སྐད་གསུངས་ཏེ། ཞིང་རབ་འབྱམས་རྒྱལ་བ་རྒྱ་མཚོའི་བདག །ལྷ་སྙིང་རྗེའི་གཏེར་ཆེན་སྤྱན་རས་གཟིགས། །གནས་སྤྱི་བོར་ཞབས་ཟུང་པདྨ་དཀར། །དུས་རྟག་ཏུ་འབྲལ་མེད་བཞད་བཞིན་བཞུགས། །བདག་བན་ཆུང་ཡུལ་གྱིས་བསྐལ་གྱུར་ཀྱང༌། །སྔོན་དགེ་བའི་འཕགས་པའི་རླུང་ཤུགས་ཀྱིས། །ཞིང་དམ་པ་དགེ་ལེགས་འབྱུང་གནས་འདིར། །ཕྱི་ནང་གི་ཉེར་འཚེ་མེད་པར་འབྱོར། །སྒོས་ལྷ་ཁྱོད་ཐུགས་རྗེས་བྱིན་བརླབས་ཤིང༌། །འགྲོ་ཤེས་རྒྱུད་དྲི་མ་མངོན་བཀྲུས་ཕྱིར། །ཆུ་ཡན་ལག་བརྒྱད་ལྡན་དངོས་སྟོན་པ། །གནས་བཀྲ་ཤིས་དགེ་མཚན་འཁྱིལ་བ་འདིར། །ཡིད་དགེ་ལ་སྦྱོར་འདྲའི་བརྩོན་པ་ཡིས། །ལམ་བཟང་པོ་སྒྲུབ་སྐལ་ཞག་འགའ་རྙེད། །མགོན་ཐུགས་རྗེའི་འོད་སྣང་འབུམ་འགྱེད་པས། །བདག་མ་རིག་འཁྲུལ་པ་ཅུང་སངས་ཏེ། །ལར་རང་གི་སྤྱོད་ཚུལ་བརྟགས་པ་ན། །བློ་བདག་འཛིན་འདི་ཡིས་ཆེས་བསླད་མཐོང༌། །ད་སྒོ་གསུམ་ཉེས་སྤྱོད་ཅི་བགྱིས་པ། །མགོན་ཐུགས་རྗེ་ཉིན་བཞིན་མངོན་མཐོང་ནས། །སྤྱིར་འདུས་བྱས་ཐམས་ཅད་མི་རྟག་ཅིང༌། །སྒོས་རང་ཉིད་མྱུར་དུ་འཆི་བའི་ཚུལ། །དུས་ཉིན་མཚན་མེད་པར་བསམ་པའི་ངོས། །མཆོག་ལམ་བཟང་སྒྲུབ་ལ་བསྐུལ་བར་མཛད། །སྐྱབས་


GTD005_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

བསླུ་བ་མེད་པའི་ཐུགས་རྗེ་དང༌། །བདག་ལྷག་བསམ་དག་པའི་མོས་ཚོགས་ལས། །ལྷ་ཐུགས་རྗེ་ཆེན་པོའི་བྱིན་རླབས་རྒྱུན། །བདག་ཡིད་ལ་འབྲལ་མེད་ཆགས་གྱུར་ཅིག །ཅེས་པ་འདི་ནི་གནས་མཆོག་རི་བོ་རྩེ་ལྔར་སྤྱན་རས་གཟིགས་ཀྱི་སྒྲུབ་ཁང་དུ་ཞག་འགའ་བསྡད་སྐབས་བྲིས་པའོ། །ཞེས་གསུངས། ཡང་སྐབས་ཤིག་ཐུགས་ལ་བཟོད་གླགས་མེད་པའི་སྐྱོ་ཤས་ཀྱི་ཉམས་ཆེན་པོ་བྱུང་སྟེ་སྐྱོ་མགུར་བཞེས་པ་ནི། །གནས་སྤྱི་གཙུག་སེང་ཁྲི་པད་ཟླའི་སྟེང༌། །སྐྱབས་ཀུན་འདུས་བླ་མ་འཇམ་པའི་དབྱངས། །དུས་རྟག་ཏུ་འབྲལ་མེད་དགྱེས་བཞུགས་ལ། །ཉམ་ཐག་པའི་གདུང་དབྱངས་འདི་ལ་གསོན། །བདག་ཐག་རིང་ཡུལ་གྱིས་བསྐལ་ན་ཡང༌། །སྔོན་བསགས་པའི་རྣམ་དཀར་ལས་ཀྱི་དབང༌། །ཞིང་མཆོག་འདིར་ཉེ་ཞོ་མེད་པར་འབྱོར། །དགེ་ཡུད་ཙམ་སྒྲུབ་པའི་གོ་སྐབས་རྙེད། །ལར་རང་གི་སྤྱོད་ཚུལ་བརྟགས་པ་ན། །སྐྱབས་དམ་པའི་དྲུང་ན་ཡ་རེ་ང༌། །ན་གཞོན་ནུའི་དུས་ནས་སྐྱེས་ཆེན་གྱི། །མིང་གྲགས་སྙན་ལང་ཚོས་མཛེས་ན་ཡང༌། །ནང་ཡོན་ཏན་དམ་པ་མ་བྱུང་བས། །བསྟན་འགྲོ་ལ་ཕན་བསམ་ངོ་རེ་གནོང༌། །མགོན་བཤེས་གཉེན་དུ་མའི་ཞབས་ལ་གཏུགས། །ཟབ་རྒྱས་ཀྱི་གདམས་པ་མང་བསྟན་ཀྱང༌། །དོན་ཉམས་ལེན་གནད་དུ་མ་ཁེལ་བས། །རྒྱུད་ཐ་མལ་དུ་ལུས་པ་འདི་ལ་གཟིགས། །མཚན་ལྡན་གྱི་མཁན་སློབ་དམ་པའི་དྲུང༌། །སོ་ཐར་སོགས་སྡོམ་གསུམ་ལེགས་མནོས་ཀྱང༌། །དམ་ཚིག་དང་སྡོམ་ཁྲིམས་ཡལ་བོར་བས། །ཉེས་ལྟུང་གི་གོང་བུ་བདག་ལ་གཟིགས། །ཐོས་བསམ་སྒོམ་འབད་ལོ་བྱས་ལེགས་ཀྱང༌། །བདག་འཛིན་གྱི་འཁྲི་བས་དམ་དུ་བཅིངས། །རྒྱུད་ཆོས་ལས་གོལ་ཡང་ཆོས་བཤད་མཁན། །ཕྱི་བླ་མའི་


GTD005_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་བརྙན་བདག་ལ་གཟིགས། །དོན་སྒྲ་སྤྱིར་སོང་བའི་དགེ་སྦྱོར་གྱིས། །རང་གཞན་ལ་ཕན་པར་རེ་ན་ཡང༌། །རང་རྒྱུད་ལ་ཉམས་མྱོང་མ་མཆིས་པས། །ནང་བླ་མ་རུལ་བ་འདི་ལ་གཟིགས། །སྐྱེས་མཐོ་མཉམ་དམན་པ་སུ་ལ་ཡང༌། །ཡིད་དག་སྣང་སྐད་ཅིག་ཙམ་མ་འབྱོངས། །རང་ཆེར་རློམ་འགྲན་སེམས་ང་རྒྱལ་གྱིས། །རྒྱུད་རུལ་བར་བྱས་པ་འདི་ལ་གཟིགས། །སྐྱོན་སྣ་མང་རང་ལ་མཆིས་པ་དག །མགོན་ཁྱོད་ལ་རེ་རེར་ངོ་བགྲངས་ཏེ། །སྙིང་ཁོང་ནས་གསོལ་བ་བཏབ་ལགས་ན། །བདག་བློ་ཁ་ཆོས་ལ་མྱུར་དུ་སྒྱུར། །ཚེ་མཇུག་འདི་ཆོས་སུ་གཏོང་བ་ཡིས། །སྐྱབས་སྨོན་འདུན་སྙིང་ནས་བཙལ་བྱེད་ན། །མགོན་ཐུགས་རྗེ་བསླུ་བ་མི་མངའ་བས། །བདག་ཐར་ལམ་སྒྲུབ་པར་བྱིན་གྱིས་རློབས། །ཞིང་དམ་པ་རི་བོ་རྩེ་ལྔ་ཡི། །གནས་ཏིང་འཛིན་རོལ་པ་ཞེས་བྱ་བར། །ང་མི་ཉག་བན་རྒན་སྤྱོད་ཚུལ་དབྱངས། །མགོན་འཇམ་པའི་དབྱངས་ཀྱི་དྲུང་དུ་ལེན། །ཞེས་པའོ། །ཉམས་དང་རྟོགས་པའི་ཆུ་བོ་ནང་ནས་རྡོལ། །ལོངས་སྤྱོད་འཁོར་ལོའི་མདུད་པ་རང་སར་གྲོལ། །ཟབ་རྒྱས་གདམས་པའི་གླུ་དབྱངས་ལེན་པ་དེ། །མི་ལ་བཞད་པའི་རྡོ་རྗེ་མ་ཡིན་ནམ། །དེ་ནས་ལྕང་སྐྱ་ཐམས་ཅད་མཁྱེན་པའི་རི་ཁྲོད་དུ་ཕེབས། གསོ་སྦྱོང་བླ་མ་བློ་བཟང་དར་རྒྱས་ཀྱིས་གཙོས་རི་ཁྲོད་པ་རྣམས་ལ་བླ་མཆོད་སོགས་ཁྲིད་ལུང་མང་པོ། གཅོད་ནམ་མཁའ་སྒོ་འབྱེད་ཀྱི་དབང་སོགས་སྩལ་ནས་དགེ་བའི་ས་བོན་ཁྱད་པར་ཅན་བསྐྲུན་པར་མཛད། གསོ་སྦྱོང་བླ་མས་བསྐུལ་ངོར་རྗེ་བཙུན་འཇམ་དབྱངས་དང་འབྲེལ་བའི་བླ་མའི་རྣལ་འབྱོར་ཉམས་སུ་ལེན་ཚུལ་དངོས་གྲུབ་ཀུན་འབྱུང༌།


GTD005_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

རི་ཁྲོད་པ་དགེ་སློང་བློ་བཟང་རིན་ཆེན་གྱིས་བསྐུལ་ངོར་མ་ཅིག་ལབ་སྒྲོན་ལ་བརྟེན་པའི་བླ་མའི་རྣལ་འབྱོར། ཧལ་ཧ་བློ་བཟང་དར་རྒྱས་ཀྱིས་བསྐུལ་ངོར་རྗེ་ཉིད་ཀྱི་མཚན་སྔགས་བཟླ་ཚུལ། པ་རིང་དཔོན་པོ་རིན་ཆེན་ཕུན་ཚོགས་ཀྱིས་བསྐུལ་ངོར་ལྷ་མོའི་གསོལ་མཆོད་རྣམས་ལྗགས་རྩོམ་མཛད། གཞན་ཡང་དེར་འདུས་པའི་དད་ལྡན་སེར་སྐྱ་དྲག་ཞན་ཐམས་ཅད་ལ་སོ་སོའི་འདོད་མོས་བཞིན་དམ་པའི་ཆོས་ཀྱི་ཆར་ཕབ་སྟེ་ཀུན་གྱི་ཡིད་ཚིམ་པར་བྱས། དེ་ནས་དགུན་མཇུག་ཏུ་སྔར་གྱི་ཆ་ཧར་སོ་ཉིག་དགོན་པ་བསྟན་པ་དར་རྒྱས་གླིང་དུ་བྱོན། ལྕགས་རྟའི་གནམ་ལོ་གསར་བཞད་ཀྱི་ཐོ་རངས་དཔལ་ལྡན་དམག་ཟོར་རྒྱལ་མོའི་ཚེས་གཏོར་ཕྱག་ལེན་བཞིན་མཛད། དགོན་པ་དེའི་བདག་པོ་སྤྲུལ་སྐུ་ལ་རབ་བྱུང་གི་སྡོམ་པ་སྩལ་ཏེ་མཚན་བློ་བཟང་ཚུལ་ཁྲིམས་ཉི་མ་ཞེས་བཏགས། སྤྲུལ་བའི་སྐུ་དང་ཏཱ་བླ་མ་དམ་ཆོས་བཟང་པོ། དགེ་རྒན་རབ་འབྱམས་པ་བློ་བཟང་དངོས་གྲུབ་རྣམས་ཀྱིས་གཙོས་འདུས་ཚོགས་ཡོངས་ནས་གསོལ་བ་བཏབ་པ་བཞིན་བླ་གྲྭ་ཉིས་བརྒྱ་ལྷག་ལ་འཇིགས་བྱེད་སྔགས་བཏུ། རྟ་འགྲིན་གསང་སྒྲུབ། སྒྲོལ་དཀར། དབྱངས་ཅན་མ་དཀར་དམར། ནོར་རྒྱུན་མ། སྨན་བླ་སོགས་ཀྱི་རྗེས་གནང༌། གནས་བརྟན་ཆོ་ག །རྗེ་རིན་པོ་ཆེས་མཛད་པའི་བསྟོད་ཆེན་བཞི། འཇམ་དཔལ་མཚན་བརྗོད། ཚེ་དཔག་གི་ཆོ་ག །རྡོ་རྗེ་གཅོད་པ། སྨན་ཆོག །འཇིགས་བྱེད་ཀྱི་མངོན་རྟོགས་ཟ་མ་ཏོག །དེའི་བསྐྱེད་རིམ་གྱི་ལུང་བཅས་སྩལ། ཡང་དགོན་པ་དེའི་བླ་མ་དགེ་འདུན་བཅས་དང་མཆོད་གཞི་ཐུན་མོང་ནས་ཞུས་ངོར་སེར་སྐྱ་བརྒྱད་བརྒྱ་སྐོར་ལ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ། རྡོ་རྗེ་རྣམ་འཇོམས་སོགས་ཀྱི་རྗེས་གནང༌། འོད་དཔག་


GTD005_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཀྱི་འཕོ་བའི་ཁྲིད་ལུང་སོགས་སྩལ། ཕྱོགས་གཞན་ནས་དད་ལྡན་སེར་སྐྱ་ཉིས་སྟོང་ལྷག་འདུས་པར་སོ་སོའི་འདོད་མོས་བཞིན་ཕྱག་དབང༌། བཀླག་ལུང༌། ལྗགས་བསྔོ་སོགས་སྩལ་ཏེ་ཀུན་གྱི་ཡིད་ཚིམ་པར་མཛད། རབ་བྱུང༌། དགེ་ཚུལ། དགེ་སློང་བཅས་བསྒྲུབ་བྱ་བཅུ་ཕྲག་གཉིས་ལ་སྡོམ་པ་ཕོག །དེ་ནས་ཆ་ཧར་གུ་ལུ་ཨོ་ལན་གྱི་ཨལ་ཐན་བུ་སིའི་དགོན་པར་གདན་དྲངས་པ་ལྟར་ཕེབས། ཐེར་གུན་ཏཱ་བླ་མ། དགེ་བསྐོས་དྷརྨ་རིན་ཆེན། དགེ་བསྐོས་ཤེས་རབ། སྤྱི་གཉེར་སོགས་ལས་སྣེའི་རིགས་དང་འདུས་ཚོགས་ཡོངས་ནས་ཞུས་པ་བཞིན་སེར་སྐྱ་སྟོང་ཕྲག་ལྷག་ལ་རྣམ་འཇོམས་ཀྱི་དབང་རྗེས་གནང་གཉིས། ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་དབང༌། ལུང་ཐོར་བུ་སྣ་ཚོགས་བཅས་སྩལ། དགེ་བསྐོས་བླ་མ་ལྔ་པའི་ལམ་དུ་སོང་བར་བརྩེ་བས་དགོངས་ཏེ་བསྔོ་སྨོན་གྱི་རྒྱས་འདེབས་ནན་ཏན་མཛད། དགེ་འདུན་སྤྱི་ནས་བླ་མཆོད་ཀྱི་ཁྲིད་ཞུས་པར་ཉིན་ཁ་ཤས་ཀྱི་རིང་ལ་གཟབ་བཤད་ཉམས་མྱོང་གིས་བརྒྱན་པ་རྒྱས་པར་སྩལ། ཨོར་དུ་སུ་ཤོག་གི་གུ་ཤྲི་ཆོས་རྗེ་བླ་མ་ཡེ་ཤེས་དཔལ་ལྡན་གྱིས་ཞུས་ངོར་སེར་སྐྱ་ལྔ་བརྒྱ་ཙམ་ལ་ཚེ་ལྷ་རྣམ་གསུམ་གྱི་རྗེས་གནང༌། སྨན་བླ་རིང་པོའི་ལུང་བཅས་སྩལ། བླ་མ་དེའི་འདོད་མོས་བཞིན་ཕྱག་རྡོར་གཏུམ་ཆེན་གྱི་མངོན་རྟོགས་དམིགས་རིམ་བཅས་ལྗགས་རྩོམ་མཛད། ཙུན་ཏཱ་བཀྲ་ཤིས་ཡར་འཕེལ་གྱི་མོས་འདུན་ལྟར་སྒྲོལ་དཀར་གྱི་རྗེས་གནང་དང༌། འཇམ་དབྱངས་གོང་མའི་ཞབས་བརྟན་སོགས་ལྗགས་རྩོམ་མཛད། སོར་ག་སུ་ཏུའི་དགོན་པར་བྱོན་ཏེ་བླ་དཔོན་སེར་སྐྱ་ཐུན་མོང་ནས་ཞུས་པ་བཞིན་སྒྲོལ་དཀར་དང་གཙུག་ཏོར་


GTD005_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་རྒྱལ་གྱི་རྗེས་གནང༌། ལུང་འགའ་ཞིག་བཅས་སྩལ། ཆ་གན་ཆོས་རྗེ་བླ་མ་དགེ་འདུན་བཀྲ་ཤིས་ཀྱི་དད་མོས་ལྟར་ནམ་མཁའ་སྒོ་འབྱེད་ཀྱི་དབང༌། གསང་འདུས་སྨོན་ལམ་གྱི་ལུང༌། ཉིད་ཀྱི་ལྗགས་རྩོམ་འཇམ་དབྱངས་བླ་མའི་རྣལ་འབྱོར་གྱི་ལུང་སོགས་གནང༌། ཆ་ཧར་གུ་ལུ་ཤ་རའི་ཇ་ལན་དབང་མཆོག་ལ་གཙུག་ཏོར་རྣམ་རྒྱལ་མའི་རྗེས་གནང༌། གདུགས་དཀར་གྱི་ལུང༌། དད་ལྡན་རང་རང་གི་ཡུལ་ཕྱོགས་ཀྱི་གཞི་བདག་སོགས་ལ་བསང་མཆོད་འཕྲིན་བཅོལ། གཡང་འབོད་སོགས་ལྗགས་རྩོམ་ཐོར་བུ་མང་པོ་ཞུས་པའི་རེ་བ་བསྐངས། མཛོ་དགེ་ཕྱོགས་ཀྱི་ཞབས་དྲུང་ཞིག་གིས་ཛཾ་དཀར་ལྷ་ལྔ་སོགས་རྗེས་གནང་འགའ་ཞིག །ཛཾ་དཀར་མངོན་རྟོགས་ཀྱི་ལུང་སོགས་ཞུས་པ་ལྟར་གནང༌། དེ་ནས་བསྒྲུབ་བྱ་བསྙེན་གནས་དྲུག །རབ་བྱུང་བཅོ་ལྔ། དགེ་ཚུལ་ཉི་ཤུ་ལྷག །དགེ་སློང་ཉི་ཤུ་རྩ་བཞི་བཅས་སོ་ཐར་གྱི་སྡོམ་པའི་དཔལ་ལ་བཀོད་དེ་ཐར་པའི་རྒྱལ་མཚན་བསྒྲེངས། ཨོར་དུ་སུ་ཙུན་གར་ཏཱ་པཻ་ཟིའི་སྲས་ཆུང་བ་དཀོན་མཆོག་མཇལ་དུ་འོངས་ཏེ་གཞིའི་གསུང་བརྟག་ཞུས་པའི་ལན་སྩལ། ཁོ་རིང་ཕྱོགས་སུ་གདན་འདྲེན་གྱི་སྙན་གསན་ཡང་ཕུལ། དེ་ནས་ཆ་ཧར་གུ་ལུ་ཨུ་ལན་གྱི་དགོན་པ་བདེ་ལྡན་བཀོད་པ་གླིང་གི་འདུས་སྤྱི་ནས་ཏཱ་བླ་མ་བློ་བཟང་ཆོས་གྲགས་ངོ་གཡོག་ཆེད་མངགས་བཏང་སྟེ་དགོན་པར་གདན་དྲངས་པ་ལྟར་ཕེབས། ཨེར་ཏི་ནི་མེར་གེན་སློབ་དཔོན་ཏའི་ཆིང་ཆོས་རྗེ་བླ་མ་ཧུ་ཐོག་ཐུ་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་གཙོས་རབ་འབྱམས་པ་བློ་བཟང་དབང་རྒྱལ། ཀུན་པེ་ལིག་ཐུ་ཏཱ་བླ་མ་བློ་བཟང་ཆོས་གྲགས། ཨེར་ཏི་ནི་ཆོས་རྗེ་བློ་བཟང་འཇིགས་མེད། ཨེར་ཏི་ནི་མེ་གེན་ནང་སོ་དགེ་བསྐོས། སློབ་དཔོན་


GTD005_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

གུ་ཤྲི་བདེ་ལེགས་ཉི་མ་སོགས་དགེ་བཤེས་མང་པོ་བཅས་འདུས་ཚོགས་ནས་མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱི་བཀའ་འབུམ་དང༌། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་གསུང་འབུམ་གྱི་ལུང༌། བླ་མཆོད་ཀྱི་ཁྲིད་སོགས་ཞུས་པ་ལྟར། བླ་མ་ལས་སྣེས་གཙོས་འདུས་ཚོགས་ཡོངས་ལ་སྨིན་རྒྱས་སུ་སྩལ། ཡང་བླ་མ་བློ་བཟང་བསྟན་པའི་རྒྱལ་མཚན་ནས་འཇིགས་བྱེད་རོ་ལངས་བརྒྱད་སྐོར་དང་ཞེ་དགུ་མ་གཉིས་ཀྱི་དབང་ཞུས་པས། བླ་མ་དེ་ཉིད་དང་ཆོས་རྗེ་བློ་བཟང་འཇིགས་མེད། གུ་ཤྲི་བདེ་ལེགས་ཉི་མ། རྗེ་ཉིད་ཀྱི་མཆོད་དཔོན་དྲུང་ཡིག་པ་དགེ་སློང་ཚུལ་ཁྲིམས་བསྟན་འཛིན་བཅས་སློབ་མ་བཞི་ལ་འགོལ་པོ་བྱས་ནས་བཀའ་དྲིན་དུ་སྩལ། ཡང་བླ་མ་དེ་ཉིད་ཀྱིས་གཙོས་པའི་འདུས་ཚོགས་ཡོངས་ལ་རྟ་མགྲིན་གསང་སྒྲུབ་ཀྱི་དབང་སྟ་གོན་དང་བཅས་པ། དགའ་ལྡན་ཕྱག་རྒྱ་ཆེན་པོའི་ཁྲིད་རྒྱས་པ། སེམས་བསྐྱེད་ཆོ་ག་ཆ་ལག་ཚང་མ། དད་འདུས་ཀྱི་སེར་སྐྱ་སྟོང་ཕྲག་ལྷག་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང༌། རིགས་གསུམ་མགོན་པོའི་སྙིང་པོའི་བཟླས་ལུང་བཅས་ཆོས་སྦྱིན་མི་ཟད་པའི་གཏེར་གྱི་སྒོ་འཕར་ཕྱེ་སྟེ་དེ་ཐམས་ཅད་དགའ་མགུ་རངས་པའི་དཔལ་ལ་བཀོད། གྲྭ་ཚང་འདུས་སྤྱི་ནས་བླ་མ་མཆོད་པའི་དུས་བཟང་ཞིག་གསར་འཛུག་གནང་དགོས་ཚུལ་ནན་ཆེར་ཞུས་པ་ལྟར། གདན་ས་ཆེན་པོ་སྐུ་འབུམ་བྱམས་པ་གླིང་གི་བླ་མ་མཆོད་པའི་དུས་བཟང་གི་ཕྱག་ལེན་ཇི་ལྟ་བ་བཞིན་དང༌། རྗེ་བཙུན་བླ་མ་དམ་པ་ཡོངས་འཛིན་རིན་པོ་ཆེས་མཛད་པའི་བླ་མཆོད་ཁྲིད་ཡིག་རྒྱས་པའི་ནང་ལྟར་འཛུག་རྒྱུའི་ཞལ་བཞེས་མཛད། ཉེ་གནས་པ་གསོལ་དཔོན་དགེ་སློང་བློ་བཟང་ཉི་མས་དབྱངས་


GTD005_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་འདུར་གསུམ་ལེགས་པར་ཁྲིད་དེ་བསྟན་འགྲོའི་ཕན་བདེའི་གསོས་སུ་དམིགས་ནས་བཙུག །བཀྲ་ཤིས་གསོ་སྦྱོང་སོགས་ཀྱང་རྒྱུན་གྱི་ཕྱག་ལེན་ལྟར་མཛད། བསྒྲུབ་བྱ་ལྔ་བཅུ་ལྷག་ལ་རབ་བྱུང༌། དགེ་ཚུལ། དགེ་སློང་གི་སྡོམ་པ་བཅས་སྩལ། དགོན་པ་དེའི་བཤད་སྒྲུབ་ཀྱི་བྱ་བ་འཕེལ་རྒྱས་སུ་དམིགས་ཏེ། སྒྲོལ་མ་མཎྜལ་བཞི་ཆོག །ཡི་དམ་ཆོས་སྲུང་རྣམས་ལ་གཏོར་འབུལ་ཕྲིན་བཅོལ་སོགས་གནད་སྨིན། ཆོས་རྒྱལ་གྱི་དྲུག་ཅུ་པ། ལྷ་མོའི་གཤེགས་གཏོར་སོགས་བསྔོ་བར་མཛད་ཅིང༌། ཀླུ་བུམ་ཡང་ཚད་ལྡན་བསྒྲུབས་ནས་གནང༌། ཆ་ཧར་ཁུ་བེ་ཐུ་ཨུ་ལན་གྱི་རྩིས་རམས་པ་བླ་མའི་དགོན་པའི་མཆོག་སྤྲུལ་བསྙུན་བཞེས་པའི་དོན་དུ་གདན་དྲངས་པ་བཞིན་ཕེབས། ཁྲོ་བོ་སྨེ་བརྩེགས་ཀྱི་བྱབས་ཁྲུས། རྣམ་འཇོམས་ཀྱི་བྱབས་ཁྲུས་བཅས་སྩལ། ཡི་དམ་ཆོས་སྲུང་ལ་གཏོར་འབུལ་ཕྲིན་བཅོལ་གནང༌། བསྒྲུབ་བྱ་སུམ་ཅུ་ཙམ་ལ་དགེ་ཚུལ་སློང་གི་སྡོམ་པ་སྩལ། ཆ་ཧར་ཧ་ཡ་གྲི་ཝའི་དགོན་པའི་དཀའ་བཅུ་ཡེ་ཤེས་རྒྱལ་མཚན་ལ་སྐུ་ལྔའི་རྗེས་གནང་དང་ལུང་ཁ་ཤས། ཆ་ཧར་གུ་ལུ་ཨུ་ལན་ཤོག་གི་དཔོན་པོ་བློ་བཟང་དབང་པོ་ལ་སྒྲོལ་དཀར་གྱི་རྗེས་གནང༌། ཨལ་ཐན་བུ་སིའི་དགོན་པའི་བླ་མ་ཐོ་ཡོན་ཧུ་ཐོག་ཐུ་ལ་ཚོགས་བདག་དམར་པོ་དང་དབྱངས་ཅན་མ་དམར་མོ་སོགས་ཀྱི་རྗེས་གནང༌། གུ་ལུ་ཁུ་ཁོའི་ཛང་གི་དབང་འཕེལ་ལ་སེང་གདོང་མ་དང་གདུགས་དཀར་གྱི་རྗེས་གནང༌། འཆི་མེད་ཛང་གི་ལ་སྒྲོལ་དཀར་དང་རྣམ་འཇོམས་ཀྱི་རྗེས་གནང༌། ཙུན་ཏཱ་དཔོན་པོ་མགོན་པོ་ལ་རྣམ་འཇོམས་ཀྱི་རྗེས་གནང་སོགས་རང་རང་གི་འདུན་པ་ལྟར་གནང༌། ཨུ་ལན་དགེ་བསྐོས་བློ་བཟང་གིས་རྟེན་ལ་རབ་གནས་བསྡུས་པ་དང་ཀླུ་གཏོར་བཏང་ཞིང་སྒྲོལ་དཀར་


GTD005_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རྗེས་གནང༌སྩལ། སུ་ཉིད་སློབ་དཔོན་བླ་མའི་སྒར་ཐོག་ཏུ་ཕེབས་ཏེ་དགེ་མཚན་སྤེལ་བའི་ཆོ་ག་གསུང་བར་མཛད། དེ་ནས་སླར་ཡང་སུ་ཉིད་དུས་རེང་ཝང་སྐུ་མཆེད་ཀྱི་ཐོག་ཏུ་ཕེབས། ཝང་གི་ཐུགས་འདུན་ལྟར་ཡི་དམ་ཆོས་སྲུང་ལ་གཏོར་འབུལ་ཕྲིན་བཅོལ་སོགས་གཟབ་རྒྱས་མཛད་ཅིང་མཇུག་ཏུ་གཡང་འབོད་བྱས། ཚེ་དཔག་གྲུབ་རྒྱལ་མའི་རྗེས་གནང་སྩལ། ཧུ་ཐོག་ཐུ་བླ་མ་སྐལ་བཟང་བསོད་ནམས་ཀྱིས་ཞུས་ཏེ་སྒྲོལ་དཀར་དང་རྟ་མགྲིན་གསང་སྒྲུབ་ཀྱི་རྗེས་གནང༌། ལམ་རིམ་བདེ་ལམ་བླ་མཆོད་སོགས་ཀྱི་ལུང་སྩལ། ཆ་ཧར་ཨ་དོ་ཆི་ཤོག་གི་རབ་འབྱམས་པ་ཉི་མ་རྡོ་རྗེ་ལ་རྗེས་གནང་དང་ལུང་འགའ་ཞིག་དང༌། ཐོ་གོ་ཆི་ཙུན་ཏ་ལའང་འདོད་ཆོས་ཅི་རིགས་སྩལ་ཅིང་གཡང་འབོད་གནང༌། སུ་ཉིད་མཁན་པོ་བླ་མས་མ་ཅིག་གྲུབ་རྒྱལ་ལུགས་ཀྱི་རྗེས་གནང་ཞུས་པའི་རེ་བ་བསྐངས། སུ་ཉིད་སུ་མི་ཐུ་ཏཱ་བླ་མའི་དགོན་པར་གདན་དྲངས་པ་ལྟར་ཕེབས། བླ་མ་ལས་སྣེ་སོགས་ཚོགས་ཡོངས་ནས་དགོན་དེའི་འདུ་ཁང་རྟེན་དང་བརྟེན་པར་བཅས་པ་ལ་རབ་གནས་བཀའ་དྲིན་སྐྱོང་དགོས་ཚུལ་ནན་ཆེར་ཞུས་པ་ལྟར། ཉིན་གསུམ་གྱི་རིང་ལ་རབ་གནས་དགེ་ལེགས་རྒྱ་མཚོའི་ཆར་འབེབས་ཀྱི་དགོངས་དོན་བཞིན་སྤྱན་དབྱེའི་ཆོ་ག་ཤིན་ཏུ་རྒྱས་པ། ལྷ་ཚིམ་པར་བྱེད་པ་རྒྱས་པའི་སྦྱིན་སྲེག་དང༌། ཉམས་ཆག་སྐོང་བ་ཞི་བའི་སྦྱིན་སྲེག་བཅས་དམ་པ་གོང་མའི་ཕྱག་བཞེས་ཅུང་ཟད་ཀྱང་མ་ཉམས་པར་གནང་སྟེ་ཡུལ་ཕྱོགས་མཐའ་དག་དགེ་མཚན་གྱི་སྣང་བས་ཁྱབ་པར་མཛད། དེ་ནས་དུར་བེད་ཏཱ་ཝང་ཕུན་ཚོགས་བསམ་འགྲུབ་ཀྱིས་སྔར་གདན་འདྲེན་གྱི་སྙན་


GTD005_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

གསན་ཕུལ་ཡོད་པའི་རྟིང་གནོན་ཆེད་མངགས་ཀྱི་མི་སྣ་འབྱོར་བས་དེར་ཆིབས་ཁ་བསྒྱུར། དཔོན་པོས་རྟ་མགྲིན་གཏོར་ཟློག་ནན་སྒྲུབ་དགོས་ཚུལ་ནན་ཆེ་བ་ལྟར་མཛད། དེ་ནས་ཧོ་ཤུས་དགོན་པ་བདེ་ལྡན་གླིང་གི་འདུ་ཁང་ལོགས་རིས་བཅས་གསར་བཞེངས་ལ་རབ་གནས་དགོས་ཚུལ་ཞུས་པར་སྔ་མ་བཞིན་དགེ་ལེགས་ཆར་འབེབས་ཀྱི་སྟེང་ནས་རྒྱས་པར་མཛད་དེ་དམ་ཡེ་དབྱེར་མི་ཕྱེད་པའི་བྱིན་རླབས་ཀྱི་གཟི་འོད་འབར་བར་མཛད། རབ་གནས་ཀྱི་བཤད་པ་རྒྱབ་རྟེན་མདོ་རྒྱུད་བསྟན་བཅོས་ཀྱི་ལུང་དང་བཅས་པ་དོན་ཟབ་ཅིང་གོ་བདེ་བ་མཁས་པའི་ཡིད་འཕྲོག་པ་ཞིག་གནང༌། རྟ་མགྲིན་གསང་སྒྲུབ་དང་གདུགས་དཀར་གྱི་དབང་སོགས་ཀྱང་འདུས་ཚོགས་ཡོངས་ལ་སྩལ། མགོན་དཀར་གྱི་ནོར་སྒྲུབ་བྱེད་དགོས་ཚུལ་ཞུས་པའི་རེ་བའང་བསྐངས། དེ་ནས་ཐུ་ས་ལག་ཆི་མེརྒེན་ཏཱ་ཆིང་བཀྲ་ཤིས་རྣམ་རྒྱལ་གྱིས་གདན་དྲངས་པ་བཞིན་ཕེབས། ཁོ་རང་གིས་ཚོགས་གསོག་པའི་ཞིང་དུ་དགེ་འདུན་གྱི་སྡེ་གདན་དྲངས་ནས་བཀའ་འགྱུར་གསུང་དུ་བཅུག་ཅིང་སྨོན་ལམ་ཡང་འཚོགས་འདུག་པར། དེའི་དབུར་སྤྱན་དྲངས་པ་ལྟར་བྱོན་ཏེ་དགེ་ལྡན་ལུགས་བཟང་རྒྱས་པའི་ཐུགས་སྨོན་གང་རྒྱས་མཛད། བཀའ་ཆོས་ཀྱང་མང་དུ་གནང༌། ཐེའི་ཇི་ཚེ་དཔག་སྐྱབས་ཀྱི་མོས་པ་བཞིན་སྒྲོལ་དཀར་གྱི་རྗེས་གནང་སྩལ། ཨུ་རྫིང་ཐུ་ས་ལག་ཆི་དང༌། བུ་བཀྲ་ཤིས་རྣམ་རྒྱལ་སོགས་ཀྱི་ངོར་སྒྲོལ་དཀར་ཚེ་སྒྲུབ་དང༌། སྤྱན་རས་གཟིགས་ཕྱག་བཞི་པའི་རྗེས་གནང་ཡང་སྩལ། དུར་བེད་སྨན་རམས་པ་ངག་དབང་འོད་ཟེར་གྱིས་གདན་དྲངས་ཐོག །ཁོ་རང་གི་གྲྭ་ཚང་གི་སྨོན་ལམ་ཚོགས་དབུར་གདན་དྲངས་ཏེ་གསུང་ཆོས་སྨོན་ལམ་སོགས་ཕྱག་ལེན་


GTD005_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་གནང༌། བླ་མ་དེ་དང་འདུས་ཚོགས་ཡོངས་ལ་གདུགས་དཀར་གྱི་དབང་སྟ་གོན་དང་བཀའ་སྲུང་ལེགས་ལྡན་མཆེད་གསུམ་གྱི་རྗེས་གནང་དང་བཅས་པ། ལུང་སྣ་ཚོགས་བཅས་སྩལ། བསྒྲུབ་བྱ་དྲུག་ཅུ་སྐོར་ལ་དགེ་ཚུལ་སློང་གི་སྡོམ་པ་ཕོག་སྟེ་ཚངས་སྤྱོད་ཀྱི་བརྟུལ་ཞུགས་ཡོངས་སུ་རྫོགས་པ་ལ་བཀོད། དུར་བེད་ཤོག་གིས་ཆོས་སྡེ་ཆེན་པོ་བཀྲ་ཤིས་ཕན་བདེ་གླིང་གི་དགོན་པར་གདན་དྲངས་ཏེ། ཚོགས་ཆེན་གྱི་ཁྲིར་ཕེབས་ནས་ཕྱག་དབང་དང་ལམ་གཙོའི་ཁྲིད་རྒྱས་པར་སྩལ། མཚན་ཉིད་གྲྭ་ཚང་གི་ཚོགས་དབུར་ཕེབས། བོད་ཀྱི་ལྷ་རམས་པ་ཞིག་དང་གྲྭ་པ་གཞན་ཞིག་དང་གཉི་གས་དམ་བཅའ་བཞག །ཉིད་ཀྱི་ཞབས་ཕྱི་སློབ་གཉེར་བ་ཁ་ཤས་ཀྱིས་བགྲོ་གླེང་བྱས་ཏེ་ཆོས་ཀྱི་འབེལ་གཏམ་ཟབ་རྒྱས་བསྟན་པའི་ལ་རྒྱར་ཕན་ངེས། སྐལ་ལྡན་དང་བ་འདྲེན་པའི་དམིགས་རྐྱེན་དུ་འགྱུར་བ་བྱེད་དུ་བཅུག །ཉིད་ནས་མཚན་ཉིད་གྲྭ་ཚང་ལ་བརྩི་བཞག་སྩལ། བླ་མ་ལས་སྣེ་ཐུན་མོང་གིས་མཚན་ཉིད་གྲྭ་ཚང་ལ་མཚན་དགོས་ཚུལ་ཞུས་པ་བཞིན། ཐོས་བསམ་དར་རྒྱས་གླིང་ཞེས་འདོགས་པར་མཛད། འདུས་ཚོགས་ཡོངས་ནས་ཞུས་ངོར་དགེ་འདུན་ལྔ་བརྒྱ་སྐོར་ལ་དཔལ་གསང་བ་འདུས་པའི་དབང་སྟ་གོན་དང་བཅས་པ་དབང་དོན་དེ་ཉིད་ཡང་གསལ་གྱི་དགོངས་པ་ལྟར་ལ་ཞལ་ཤེས་ཉམས་མྱོང་གི་མན་ངག་དུ་མས་བརྒྱན་པའི་བཤད་པ་སྔགས་ལམ་གྱི་གནད་མཐའ་དག་ཐོན་པའི་འགྲན་ཟླ་མེད་པ་དང༌། གཅོད་ནམ་མཁའ་སྒོ་འབྱེད་ཀྱི་དབང་སོགས་སྩལ་བས་མཁས་པ་མཐའ་དག་མགྲིན་གཅིག་ཏུ་བསྔགས་པ་བརྗོད་ཅིང་གསོལ་འདེབས་ལ་བརྩོན་པར་གྱུར། ཏཱ་བླ་མ་བློ་བཟང་བསོད་


GTD005_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

ནམས། མཚན་ཉིད་བླ་ཟུར་ངག་དབང་མཆོག་ལྡན། རྒྱུད་པ་བླ་ཟུར་ཚུལ་ཁྲིམས་ཡོན་ཏན་སོགས་ལ་འཇིགས་བྱེད་སྔགས་བཏུའི་རྗེས་གནང་སོགས་སྩལ། རྒྱུད་པའི་ཚོགས་དབུར་ཕེབས་ཏེ་ཉིན་གཅིག་གི་རིང་ཡི་དམ་ཆོས་སྲུང་ལ་གཏོར་འབུལ་ཕྲིན་བཅོལ་གང་དྲག་མཛད། འདུ་ཁང་ཆེན་མོའི་ནང་རྟེན་གྱི་མདུན་དུ་སྒྲོལ་མ་མཎྜལ་བཞི་ཆོག་མཆོད་སྤྲིན་རྒྱ་ཆེན་པོ་དང་བཅས་བསྒྲུབས། ཚོགས་ཡོངས་ལ་མང་ཇ་སོགས་ཀྱི་བསྙེན་བཀུར་ཞུས་ཤིང་གྲྭ་ཚང་སོ་སོར་སྤྱི་འཇོག་གཏོས་ཆེ་བ་སྩལ། ཨེར་ཏི་ནི་དར་ཧན་མཁན་པོའི་སྤྲུལ་བའི་སྐུའི་གཙུག་ཕུད་བཞེས་ཏེ་མཚན་ངག་དབང་ཐུབ་བསྟན་ཉི་མ་ཞེས་འདོགས་པ་གནང༌། བླ་མ་དེའི་ཞབས་བརྟན་གསོལ་འདེབས་ཤིག་དགོས་ཚུལ་འདུས་སྤྱི་ནས་བསྐུལ་བ་ལྟར་ལྗགས་རྩོམ་མཛད། ཕྱོགས་འདུས་ཀྱི་སེར་སྐྱ་ཉིས་སྟོང་བརྒལ་བར་འདོད་ཆོས་ཅི་རིགས་སྩལ་ཏེ་ཡིད་ཚིམ་པར་བྱས། དེ་ནས་དགོན་པ་དགའ་ལྡན་དར་རྒྱས་གླིང་དུ་ཕེབས། འདུས་ཚོགས་ཡོངས་ནས་ཞུས་ངོར་སེར་སྐྱ་བདུན་བརྒྱ་ལྷག་ལ་སྒྲོལ་དཀར་རྗེས་གནང༌། བླ་མཆོད། སྨོན་ལམ་སོགས་ཀྱི་ལུང་གནང༌། བཻ་ཐུང་ཏཱ་ཚེ་རིང་རྡོ་རྗེ་ལ་སྨན་བླའི་རྗེས་གནང་སྩལ། དེ་ནས་དུར་བེད་ཏཱ་ཝང་གི་ཨུརྒེར་ཡང་བསྐྱར་གྱིས་ཕེབས། དཔོན་ཡུམ་སྲས་ནས་བཀའ་ཆོས་འགའ་ཞིག་ཞུས་པ་བཀའ་དྲིན་སྩལ། བླ་མཆོད་དུས་བཟང་ཚོགས་འཁོར་བཅས་ཕྱག་ལེན་ལྟར་མཛད། དེ་ནས་སྔར་གྱི་སྦྱིན་བདག་སུ་ཉིད་དུའུ་རིང་ཝང་གི་སྐུ་མཆེད་མཁན་པོ་བླ་མའི་དགོན་དུ་ཕེབས། ཟླ་བ་གཅིག་གི་རིང་ལ་བཅད་རྒྱ་དམ་པོ་གནང་ནས་རྡོ་རྗེའི་རྣལ་འབྱོར་བརྟན་པོས་ཡི་དམ་གྱི་ལྗགས་བསྙེན་མཛད། སྐབས་ཤིག་ཏུ་བླ་མཆོད་དུས་བཟང་གི་ངག་འདོན་


GTD005_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རིམ་པ་པར་དུ་འཕུད་རྒྱུའི་ཐུགས་འདུན་ཡོད་ཐོག །ཉེ་གནས་ཕྱག་མཛོད་ཆེ་ཆིང་ཆོས་རབ་འབྱམས་པ་ཚུལ་ཁྲིམས་ཆོས་འཛིན། གསོལ་དཔོན་མགྲོན་གཉེར་དར་ཧན་རབ་འབྱམས་པ་ངག་དབང་བསྟན་འཛིན་གཉིས་ཀྱིས་མཐུན་རྐྱེན་སྦྱར་ཏེ་པར་དུ་བསྒྲུབས། པར་ཡིག་པ་ཨོར་དུ་སུ་ཆོས་རྗེ་ཡེ་ཤེས་དཔལ་ལྡན་དང༌། ཆ་ཧར་གུ་ལུ་ཨུ་ལན་གྱི་གུ་ཤྲི་བདེ་ལེགས་ཉི་མ་གཉིས་ཀྱིས་པར་བྱང་སྨོན་ཚིག་བསྐུལ་བ་བཞིན་ལྗགས་རྩོམ་མཛད། སུ་ཉིད་དུས་རེད་ཝང་ནས། འཇམ་དབྱངས་གོང་མའི་ཕོ་བྲང་དུ་ཙི་ཤཱ་ལ་བསྐྱོད་སྐབས་གྲུབ་རྒྱལ་མའི་ཚེ་དབང་ཞུས་པ་ལྟར་སྩལ། མཚོ་སྔོན་ཕྱོགས་ཀྱི་བསྟན་པའི་སྦྱིན་བདག་ཝང་ཚེ་རིང་དོན་གྲུབ་དང༌། ཨུལ་ཅུ་ཐུ་དའི་ཆིང་ཛ་སག་རྡོ་རྗེ་གཉིས་ཀྱིས་ཆེད་མངགས་ཀྱི་མི་སྣ་བཏང་བ་འབྱོར་ཏེ་ཞུ་ཡིག་རྒྱས་པ། རང་ཡུལ་དུ་མ་འགྱང་བར་འབྱོན་དགོས་ཚུལ་ནན་ཏན་ངག་མ་བཅས་ཞུས། དེ་ནས་ཡང་ཡུན་རིང་པོའི་བར་དུ་བཅད་རྒྱ་གནང་ཞིང༌། མཚམས་མཚམས་སུ་བླ་མཆོད་ཀྱི་དུས་བཟང་ཆ་ལག་ཚང་བ་ཕྱག་ཏུ་བསྟར། དགུང་ལོ་ང་བདུན་པ་ལྕགས་ལུག་ལོའི་གནམ་ལོ་གསར་བཞད་ཀྱི་ཉིན་ཡི་དམ་ཆོས་སྲུང་ལ་གཏོར་འབུལ་ཕྲིན་བཅོལ་མཛད། སུ་ཉིད་ཝང་དང་མཁན་པོ་བླ་མ། ཏཱ་བླ་མ་སོགས་སྐུ་མཆེད་ཐུན་མོང་ནས་ལྷ་རྫས། མཎྜལ། སྐུ་གསུང་ཐུགས་རྟེན་སོགས་ཕུལ་ནས་ཞབས་བརྟན་རྒྱས་པར་ཕུལ། མཁན་པོ་བླ་མས་སྒེར་དུ་བླ་མཆོད་དུས་བཟང་དང་འབྲེལ་བའི་ཞབས་བརྟན་གང་ལེགས་ཕུལ། ཏཱ་བླ་མའི་འདོད་མོས་བཞིན་བླ་མཆོད་དུས་བཟང་དང་སྨན་བླའི་ཆོ་ག་གསུང༌། ལོ་གསར་སྐབས་ཕྱོགས་སོ་སོ་ནས་


GTD005_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་པའི་དད་ལྡན་སེར་སྐྱ་མང་པོར་ཕྱག་དབང་དང་བཀའ་ཆོས་ཀྱི་སྐོར་རྣམས་འདོད་མོས་བཞིན་སྩལ། སྐབས་ཤིག་རྗེ་ཉིད་སྐུ་བསྙུན་ཅུང་ཟད་བཞེས་པར། ཝང་སྐུ་མཆེད་ནས་དགེ་འདུན་གྱི་སྡེར་བཀའ་འགྱུར། གདུགས་ཤེར་སྒྲོལ་མ་སོགས་གསུང་དུ་བཅུག་ཅིང་ཞབས་བརྟན་ཡང་ཕུལ། ཕྱག་གཉེར་སོགས་ཀྱིས་ཞབས་བརྟན་རྒྱ་ཆེར་བསྒྲུབས་ཤིང༌། དུར་བེད་སྨན་པ་བློ་བཟང་ཚུལ་ཁྲིམས་ཀྱིས་ཕྱག་རྩ་ཞུས་སྨན་ཕུལ་བས་སྐུ་བསྙུན་ལེགས་པར་དྭངས། ཐོ་ཡོན་དགེ་སློང་ཆོས་དར་གྱི་འདོད་མོས་ལྟར་གཡང་འབོད་དང༌། རྟེན་ལ་རབ་གནས་མཛད་ཅིང་སྒྲོལ་དཀར་གྱི་རྗེས་གནང་སྩལ། ཨ་རོ་ཧོར་ཆིན་གུ་ཤྲི་དགེ་སློང་དཀོན་མཆོག་ཡར་འཕེལ་གྱིས་འདུལ་བའི་སྐོར་ནས་དྲི་བ་འགའ་ཞུས་པར། དྲིས་ལན་དོགས་པ་ཆོད་ངེས་སུ་སྩལ། མདོ་སྨད་ཁྲི་ཀའི་ཕྱོགས་ནས་རྗེ་རང་གི་གདན་ས་དགའ་ལྡན་དར་རྒྱས་གླིང་དང༌། མི་ཉག་གྲྭ་ཚང་བཀྲ་ཤིས་ཆོས་གླིང་གཉིས་ནས་ཆེད་མངགས་ཀྱི་མི་སྣ་རབ་འབྱམས་པ་ངག་དབང་ཉི་མ། གཉེར་ཤེས་རབ་ཉི་མ་ངོ་གཡོག་བཅས་སླེབ་པར་འབྱོར་ཕྱག་སྩལ། རང་ཡུལ་དུ་གདན་འདྲེན་གྱི་ཞུ་བ་ནན་ཏན་གྱིས་ཕུལ། ཏི་ཡན་ཆི་བླ་མའི་དགོན་པར་ཕེབས། བླ་མ་ལས་སྣེ་སོགས་འདུས་ཚོགས་ཡོངས་ནས་ཞུས་པ་ལྟར་བཀྲ་ཤིས་གསོ་སྦྱོང་མཛད་ཅིང༌། སྒྲོལ་མ་མཎྜལ་བཞི་ཆོག །བླ་མཆོད་དུས་བཟང་སོགས་ཕྱག་ལེན་བཞིན་གསུང༌། སྨན་བླའི་རྗེས་གནང༌། སྐྱབས་འགྲོའི་ཁྲིད། ལུང་མང་པོ་བཅས་སྩལ། དུར་བེད་ཐུ་ས་ལགྖི་བཀྲ་ཤིས་རྣམ་རྒྱལ་དུས་ཆོས་སུ་གྱུར་པར། དེའི་སྲས་ཐའི་ཇི་བློ་བཟང་དོན་གྲུབ་ཀྱི་འདོད་མོས་བཞིན་ཕེབས།


GTD005_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

ངན་སོང་སྦྱོང་བའི་ཆོ་ག་ལྷོ་སྒོ་དང་བཅས་པ་བསྔོ་སྨོན་སོགས་གནང་སྟེ་མཐོ་རིས་ཀྱི་ལམ་དུ་དྲངས། སྲས་བློ་བཟང་དོན་གྲུབ་ལ་གྲུབ་རྒྱལ་མའི་ཚེ་དབང་སྩལ། དེ་ནས་དུར་བེད་ཧོ་ཤོའི་དགོན་པར་ཕེབས། ཡུལ་ཕྱོགས་ལ་བཀྲ་མི་ཤིས་པའི་མཚན་མས་ཐན་པ་ཆེས་ཆེར་བྱུང་སྟེ་སྐྱེ་འགྲོ་ཉམ་ཐག་པར་བརྟེན། དུར་བེད་ཝང་ནས་ཆར་འབེབས་ཞུས་པར། ཡི་དམ་རྡོ་རྗེ་འཇིགས་བྱེད་བཀའ་སྡོད་བཅས་ལ་གཏོར་འབུལ་ཕྲིན་བཅོལ་གང་རྒྱས་ཞུས་ཤིང༌། གཞི་བདག་སོགས་ལ་དཀར་གཏོར་སོགས་བསྔོ་བར་མཛད་དེ་ཉིན་ལྔའི་རིང་ལ་དམིགས་བརྩེ་མའི་ལས་ཚོགས་སྒྲུབ་པས་དགོན་པ་དེའི་ཐད་ཀའི་ནམ་མཁར་གློ་བུར་དུ་ཆར་སྤྲིན་དཀར་སྐྱ་ཞིག་བྱུང་སྟེ་རིམ་གྱིས་ཇེ་ཆེར་སོང་ཞིང་ཕྱོགས་ཀུན་ཏུ་ཁྱབ་ནས་ཆར་གྱི་རྒྱུན་ཉིན་མཚན་ཁོར་ཡུག་ཏུ་བབས་ཏེ་སྲོག་ཆགས་ཐམས་ཅད་ཀྱི་དབུགས་གསོས་པར་གྱུར་པས། ཕྱོགས་དེའི་སེར་སྐྱ་མཐའ་དག་ཤིན་ཏུ་ངོ་མཚར་ཞིང་མགྲིན་གཅིག་ཏུ་གསོལ་འདེབས་ལ་བརྩོན་པ་བྱུང༌། དེ་ནས་སུ་ཉིད་མཁན་པོ་བླ་མའི་དགོན་པར་ཕེབས། བླ་མས་མོས་པ་ལྟར་བཀའ་ཆོས་ཀྱི་རིམ་པ་མང་དུ་སྩལ། ཡི་དམ་ཆོས་སྐྱོང་ལ་གཏོར་འབུལ་ཕྲིན་བཅོལ་མཛད། ཏཱ་བླ་མའི་སྒར་དུ་ཕེབས་ནས་མགོན་པོའི་གཏོར་སྒྲུབ་དང་རྣམ་སྲས་ཀྱི་གཏེར་བུམ་སྒྲུབ་གནང་མཛད། དུས་རེང་ཝང་གི་ཨུར་གེར་ཕེབས། ཝང་གི་ཨ་ཆེ་ལ་དགེ་བསྙེན་མའི་སྡོམ་པ་དང༌། ཝང་གི་སྲས་ཆུང་བའི་གཙུག་ཕུད་བཞེས་ཏེ་མིང་བསྟན་པ་དར་རྒྱས་ཞེས་བཏགས། དཔོན་པོའི་མོས་འདུན་བཞིན་རྣམ་སྲས་བུམ་སྒྲུབ་དང་གཡང་འབོད་གནང༌། ཝང་སྐུ་


GTD005_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

མཆེད་ནས་ཞུས་པ་ལྟར་ས་བཅུད་དང་ཀླུ་བུམ་སོགས་ཕྱག་ལེན་བཞིན་བསྒྲུབས་ཏེ་འགའ་ཞིག་གནས་གཙང་སར་གཏེར་དུ་སྦས། པེ་ཧར་ཁོག་ཞུགས་ཀྱི་ཆོས་སྐྱོང་ཞིག་གིས་འདི་པའི་གསང་རྣམ་ལུང་སྟོན་རྒྱུ་མང་པོ་ཡོད་ཟེར་བས་ཞབས་གྲས་རྣམས་ཀྱིས་ལྐོག་ཏུ་ཞུས་པར་ཡ་མཚན་ཆེ་བ་མང་པོ་གསུང༌། ཆ་ཧར་ཁུ་བེ་ཐུ་ཨོ་ལན་གྱི་དགོན་པ་བཤད་སྒྲུབ་དར་རྒྱས་གླིང་གི་ཆོས་རྗེ་བློ་བཟང་ལྷུན་གྲུབ་ཀྱིས་གཅོད་ཁྲིད་ཞུས་པ་རྒྱས་པར་སྩལ། མགོན་པོའི་གཏོར་ཆོག་བསྡུས་པ་ཞིག་ཀྱང་ལྗགས་རྩོམ་ཞུས། མདོ་སྔགས་ཀྱི་དྲི་བ་མང་དུ་ཞུས་པར་དོགས་པའི་མཐའ་སེལ་ངེས་སྩལ་ཏེ་ཚིམ་པར་བྱས། ཆ་ཧར་གུ་ལུ་ཨུ་ལན་གྱི་སྤྲུལ་བའི་སྐུ་ཚུལ་ཁྲིམས་ཉི་མས་ཞུས་ངོར་འཇམ་དབྱངས་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ལྗགས་རྩོམ་མཛད། དེ་ནས་ཏ་རི་གང་གའི་ཤོག་གི་མེརྒེན་པཎྚི་ཏ་བླ་མ་བསྟན་འཛིན་རྒྱལ་མཚན་གྱིས་གདན་འདྲེན་ཞུས་ནས་དེར་ཆིབས་བསྒྱུར་བའི་ལམ་ཞོར་དུ་དར་ཧན་པཻ་ལིའི་ཧོའུ་ཤོས་དང་། སུ་ཉིད་གཡོན་རུ་སོགས་ཀྱི་དད་ལྡན་སེར་སྐྱ་བཞི་སྟོང་ལྷག་ལ་ཕྱག་དབང་། བཟླས་ལུང་སོགས་ཡིད་ཚིམ་པར་སྩལ། པཎྚི་ཏ་བླ་མའི་སྒར་ཐོག་ཏུ་འབྱོར་ནས་ཧལ་ཧ་ཇུ་ནང་པཻ་ཟེའི་ནུ་བོ་ཐོ་ཡོན་བློ་བཟང་རང་གྲོལ་གྱིས་སྐུ་ལྔ་དང་ལྕམ་སྲིང་སོགས་ཀྱི་རྗེས་གནང་ཞུས་པ་སྩལ། གཞན་བརྒྱད་སྟོང་སོགས་ལུང་མང་པོ་གནང༌། དེའི་ཤོག་གི་ཨུལ་ཇུས་ཇོ་རིག་ཐུ་བླ་མ་བློ་བཟང་རིན་ཆེན་ལ་སྒྲོལ་ལྗང༌། སྤྱན་རས་གཟིགས་ཕྱག་བཞི་པ། མི་འཁྲུགས་པ་སོགས་ཀྱི་རྗེས་གནང་པཎྚི་ཏ་བླ་མ་ཉིད་ནས་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ། ཚེ་དཔག །མི་འཁྲུགས་པ་བཅས་ཀྱི་དབང་ཞུས་པ་རྣམས་སེར་སྐྱ་


GTD005_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་ལྷག་ལ་གནང༌། བསྒྲུབ་བྱ་དགེ་ཚུལ་སློང་བརྒྱད་ཅུ་ལྷག་ལ་སོ་ཐར་གྱི་སྡོམ་པ་སྩལ་ནས་ཐར་པའི་ས་བོན་བསྐྲུན། རྗེ་ཉིད་ཀྱིས་དབུ་མཛད། པཎྚི་ཏ་བླ་མ་བསྟན་འཛིན་རྒྱལ་མཚན་དགེ་བཤེས་ཆོས་རྗེ་བསྟན་འཛིན་བཟང་པོ་སོགས་ནས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཆོ་ག་བདག་འཇུག་བཅས་གསུང་བར་མཛད། ཡང་སྐུ་བསྙུན་བཞེས་ཚུལ་མཛད་པས་ཞབས་བརྟན་གང་མང་བསྒྲུབས་ཏེ། དུར་བེད་ཨེམྖི་བློ་བཟང་ཚུལ་ཁྲིམས་ཀྱིས་བཞེས་སྨན་ཕུལ་བས་སྐུ་ཁམས་འཕྲལ་དུ་དྭངས། ཧལ་ཧ་རྗེ་བཙུན་དམ་པ་དང༌། ཨ་ཀྱཱ་རིན་པོ་ཆེ་རྣམ་གཉིས་ལ་མཚམས་ཞུར་མགྲོན་གཉེར་རབ་འབྱམས་པ་ངག་དབང་བསྟན་འཛིན་མངགས་པའི་གདོང་སོ་སོར་ཞུ་ཡིག་རྒྱས་པ་ཕུལ། མགྲོན་གཉེར་སོང་སྟེ་རྗེ་བཙུན་དམ་པ་རིན་པོ་ཆེར་ཕྱག་དབང་ཞུས་ནས་ཞུ་ཡིག་ཕུལ་བས་སྐུའི་མཚམས་འདྲི་དང་གར་བཞུགས་སོགས་བཀའ་འདྲི་ཞིབ་ཏུ་གནང༌། ཨ་ཀྱཱ་ནོ་མིན་ཧན་རིན་པོ་ཆེར་ཡང་ཞུ་ཡིག་དང་རྒྱུ་མཚན་གྱི་མོལ་མཆིད་རྒྱུན་རིང་ཞུས། མགྲོན་གཉེར་ཕྱིར་ལྡོག་ཁ་རྗེ་བཙུན་དམ་པ་རིན་པོ་ཆེར་ཐོན་ཕྱག་ཞུས་པར། ཞལ་ནས་དྲིན་ཅན་རྩ་བའི་བླ་མ་མི་ཉག་རིན་པོ་ཆེའི་དྲུང་དུ་བཀའ་ཆོས་ཀྱི་སྐོར་མང་པོ་ཉན་རྒྱུ་ཡོད་ཀྱང་ད་ལྟ་བྲེལ་གཡེང་ཆེ་ཞིང༌། ས་ཐག་རིང་བའི་སྟབས་ཀྱིས་མི་ཐོབ་པ་འདྲ། ཕྱིས་སུ་ཞལ་མཇལ་ཏེ་དམ་པའི་ཆོས་ཀྱི་བདུད་རྩིར་ལོངས་སྤྱོད་པ་དང་ཞབས་པད་བརྟན་པའི་ཕྱིར་ཡིན་གསུང་སྟེ། ལྷ་རྫས། མཎྜལ། སྐུ་གསུང་ཐུགས་རྟེན། གོས་ཆེན་ཡུག་སོགས་དང་ཕྱག་རིས་རྒྱས་པ་སྩལ་ནས་ཁྱོད་ཀྱིས་དེ་དག་ལེགས་པར་ཞུས་གསུངས། ཨ་ཀྱཱ་ནོ་མིན་ཧན་རིན་པོ་ཆེས་ཀྱང༌། སྟོན་མཇུག་འདིར་མཚོ་བདུན་དུ་བསྐྱོད་རྩིས་ཡིན་པས་ལམ་


GTD005_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ཞོར་དུ་རང་གི་དྲིན་ཅན་རྩ་བའི་བླ་མ་རྡོ་རྗེ་འཆང་གི་ཞལ་དངོས་སུ་མཇལ་ནས་ཆོས་བཀའ་ཞུ་རྒྱུ་མང་པོ་ཡོད། ཁྱོད་ཀྱིས་ངས་ཕུལ་བའི་ཞུ་ཡིག་དང་རྒྱུ་མཚན་རྣམས་ཞུ་དགོས་གསུངས། མགྲོན་གཉེར་ཕྱིར་འབྱོར་འཕྲལ་སྐུ་མདུན་དུ་མཇལ་ཏེ་རྒྱུ་མཚན་ཞིབ་རྒྱས་ཞུས་ཤིང་ཞུ་ཡིག་རྣམས་སྤྱན་ལམ་དུ་བསྟར། ཏ་རི་གངྒཱའི་བཱ་ཐུར་ག་ལི་ཏཱ་སྒྲོལ་མ་སྐྱབས་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང༌། རྟ་མགྲིན་གསང་སྒྲུབ་ཀྱི་རྗེས་གནང༌། འཕོ་ཁྲིད་སོགས་དང༌། དགེ་སློང་དྷརྨ་ལ་མགོན་པོའི་རྗེས་གནང་བཅས་སྩལ། ཏཱ་བླ་མ་ངག་དབང་ཡོན་ཏན་གྱི་འདོད་པ་ལྟར་གཡང་འབོད་གནང༌། དེ་ནས་པཱ་ཤིང་ཐུའི་དགོན་པར་ཕེབས། འདུས་ཚོགས་ཡོངས་ནས་སྨན་ཆོག་དང་སྨོན་ལམ་སོགས་ཀྱི་ལུང་ཞུས་པའི་འདུན་པ་བསྐངས། ཧོར་ཏུ་ཏི་ཡན་ཆི་བླ་མའི་སྤྲུལ་སྐུ་བློ་བཟང་མཁས་མཆོག་གྲགས་པ་ལ་བཀའ་ཆོས་འགའ་ཞིག་སྩལ། ཨོན་པོ་ཏཱ་བླ་མ་ཆོས་རྗེ་ཐུབ་བསྟན་ངག་དབང་གིས་གདན་དྲངས་པའི་འདོད་མོས་བཞིན་རྟེན་ལ་རབ་གནས་བསྡུས་པ་མཛད། འཇིགས་བྱེད་ཀྱི་ལྗགས་བསྙེན་སྔོན་དུ་འགྲོ་བས་ཞི་བའི་སྦྱིན་སྲེག་མཛད། སྒྲོལ་མའི་རྗེས་གནང་ཡང་སྩལ། པོ་དར་གྷ་ནའི་དགོན་པར་ཕེབས། འདུས་ཚོགས་ཡོངས་ནས་ཞུས་པ་ལྟར་སྤྱན་རས་གཟིགས་ཀྱི་རྗེས་གནང་སོགས་ཆོས་བཀའ་མང་དུ་སྩལ། དེ་ནས་པཎྚི་ཏ་བླ་མའི་སྒར་ཐོག་ཏུ། ཉིད་ཀྱིས་དབུ་མཛད་པཎྚི་ཏ་བླ་མ། སྤྲུལ་སྐུ་བློ་བཟང་མཁས་མཆོག །ཁྲི་པ་མགོན་པོ་ཤེས་རབ་སོགས་གྲྭ་པ་མང་པོས་བླ་མཆོད་དུས་བཟང་ཕྱག་ལེན་བཞིན་གསུངས། དགེ་བསྙེན། དགེ་ཚུལ་སློང་གི་སྡོམ་པ་ཞུ་མཁན་བདུན་ཅུ་ལྷག་ཅིག་བསླབ་པའི་གཞི་སོ་སོར་


GTD005_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

བཀོད། མེརྒེན་ཧུ་ཐོག་ཐུ་བླ་མའི་ཞུར་ལ་དུ་ཕེབས་ཏེ་ཇེ་སང་བླ་མ་བློ་བཟང་སྐལ་ལྡན་ལ་ཚོགས་བདག་དང་སྒྲོལ་དཀར་གྱི་རྗེས་གནང༌དང་། འདུས་ཚོགས་སྤྱི་ལ་སྨན་བླ་རིང་ཐུང་གི་ལུང་སྩལ། གཞན་དོན་གཉེར་ཅན་མང་པོར་ལམ་རིམ་ཆེན་མོའི་ལུང༌། བྱང་ཆུབ་བདེ་ལམ་གྱི་ལུང་སོགས་གནང༌། སླར་ཡང་མེརྒེན་པཎྚི་ཏ་བླ་མའི་སྒར་ཐོག་ཏུ་ཕེབས་ནས་བཞུགས་སྐབས་ཧལ་ཧ་ནས་ཨ་ཀྱཱ་རིན་པོ་ཆེ་མཚོ་བདུན་དུ་ཆིབས་བསྒྱུར་བའི་ལམ་ཞོར་དུ་རྗེ་འདི་མཇལ་ཕྱིར་ཕེབས། ཨ་ཀྱཱ་རིན་པོ་ཆེས་སྣར་ཐང་བརྒྱ་རྩའི་རྗེས་གནང་ཞུས་པ་དགྱེས་བཞིན་སྩལ། ཉིད་ལ་ཨ་ཀྱཱ་རིན་པོ་ཆེས་བླ་མཆོད་དང་འབྲེལ་བའི་ཞབས་བརྟན་ཞུ་འབུལ་ཟབ་ཅིང་བརླིང་བ་ཞུས་ཏེ་ལྷ་རྫས། མཎྜལ། སྐུ་གསུང་ཐུགས་སོགས་བདོག་པའི་མཆོད་སྤྲིན་སྤྲོས། རྣམ་པ་གཉིས་ཉིན་ཁ་ཤས་ཀྱི་རིང་ལྷན་དུ་བཞུགས་ཏེ་ཟབ་རྒྱས་ཆོས་ཀྱི་བགྲོ་བ་བྱམས་འཇམ་དབྱངས་ཞལ་འཛོམ་པ་ལྟ་བུ་གནང༌། དད་ལྡན་གྱི་སེར་སྐྱ་བཞི་སྟོང་བརྒལ་བར་རྣམ་པ་གཉི་གས་རེས་མོས་ཀྱིས་ཕྱག་དབང་དང་ཆོས་བཀའ་སྩལ་ཏེ་ཀུན་གྱི་ཡིད་ཚིམ་པར་མཛད། དེ་ནས་རྣམ་པ་གཉིས་ལྷན་དུ་ཉིན་ཁ་ཤས་ལ་ཕེབས་སྐབས་ཞག་ས་ཐམས་ཅད་དུ་མཚན་མོའི་རིང་ལ་ཨ་ཀྱཱ་རིན་པོ་ཆེའི་ཐུགས་བཞེད་བཞིན་བཀའ་ཆོས་དཀོན་པའི་རིགས་ཀྱི་ལུང་ཁྲིད། རྗེས་གནང་མན་ངག་ཞལ་ཤེས་རྣམས་སྩལ་ཏེ་ཐུགས་ཀྱི་བུམ་བཟང་གང་བར་མཛད། ཁོང་གི་གསོལ་དཔོན་ཧོར་ཚ་པི་ལིག་ཐུ་འཇམ་དབྱངས་ཉི་མས་བསྐུལ་ངོར་དྲག་པོ་སུམ་དྲིལ་གྱི་སྒྲུབ་ཐབས་ལྗགས་རྩོམ་མཛད། དེ་ནས་ལམ་གྱེས་ནས་སོ་སོར་ཕེབས་ཁ་ཐུགས་ཉེ་བས་འབྲལ་མི་ཕོད་པ་ལྟ་བུའི་ངང་


GTD005_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྐྱབས་འཇུག་ཞུས་ཏེ་སོ་སོར་ཕེབས། རྗེ་ཉིད་སླར་ཡང་སུ་ཉིད་ཝང་སྐུ་མཆེད་ཀྱི་སྒར་ཐོག་ཏུ་ཕེབས། མཁན་པོ་བླ་མའི་དགོན་པར་རྗེ་ཙོང་ཁ་པའི་དུས་མཆོད་ཀྱི་ཉིན་མཆོད་སྤྲིན་བླ་མེད་སྤྲོས་ཏེ་ལྟུང་བཤགས་ཕྱག་དང་འབྲེལ་བ། ཡན་ལག་བདུན་པ། ཐུན་དྲུག་རྣལ་འབྱོར། བསྟན་འབར་མ་སོགས་གསུང་སྟེ་རྒྱལ་བ་གཉིས་པའི་བསྟན་པ་ཕྱོགས་མཐར་རྒྱས་པའི་ཐུགས་སྨོན་མཛད། ཝང་གི་སྲས་མོ་ལ་དགེ་བསྙེན་མའི་སྡོམ་པ་སྩལ་མིང་ལྷ་བཙུན་ཉི་མ་ཞེས་བཏགས། དེ་ནས་སུ་ཉིད་ཝང་སྐུ་མཆེད་སོ་སོའི་སྒར་ཐོག་ཏུ་གདན་དྲངས་པས་སོ་སོ་ལ་འདོད་ཆོས་ལྷུག་པར་སྩལ། ཝང་གི་དཔོན་མོ་ཨུ་དུམྦ་རིས་བསྐུལ་ནས་རྗེས་འཛིན་སྨོན་ཚིག་དང༌། མཁན་པོ་བླ་མ། དུས་རེང་ཝང༌། ཏཱ་བླ་མ། ཐུ་ས་ལགྖི་བ་ཐུ་སོགས་སྐུ་མཆེད་ནས་བསྐུལ་བ་ལྟར། དགྲ་ལྷ་ཆེན་པོ་མཆེད་དགུའི་གསོལ་མཆོད་རྒྱས་པ་ཞིག་ལྗགས་རྩོམ་མཛད། དེ་ནས་དགུན་ཟླ་འབྲིང་པོའི་ཡར་ཚེས་དགེ་བའི་ཉིན་སོ་ཉིད་གཡས་རུ་ནས་སྐུ་འབུམ་ཆོས་སྡེ་ཆེན་པོར་ཆིབས་ཀྱི་ཁ་ལོ་མངོན་པར་བསྒྱུར། ལམ་ཞོར་དུ་དད་འདུས་ཀྱི་སེར་སྐྱ་བདུན་སྟོང་བརྒྱ་ཕྲག་གཉིས་ལྷག་དང༌། ཨོར་དུ་སུ་ཙཱུན་གར་ཏཱ་པཻ་ཟིའི་སྲས་དང་སྲས་མོ་སོགས་ཀྱང་མཇལ་བར་ཕྱག་དབང་འདོད་ཆོས་སོགས་ཀྱིས་ཚིམ་པར་མཛད་དོ། །དེ་ལྟར་བྱང་ཕྱོགས་ཆེན་པོ་ཧོར་གྱི་ཡུལ་དུ་བྱོན་ཏེ་གདུལ་བྱ་སོ་སོའི་ཁམས་དང་བསམ་པ་དང་བག་ལ་ཉལ་དང་མོས་པ་ཇི་ལྟ་བ་བཞིན་གཟིགས་ཏེ། ལ་ལ་ནི་སོ་ཐར་གྱི་བསླབ་པའི་གཞི་ཅི་རིགས་ལ་བཀོད་དེ་ཐར་པའི་ས་བོན་བསྐྲུན། ལ་ལ་ནི་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་དང་སེམས་བསྐྱེད་ཆོ་ག་སོགས་ཀྱི་སྒོ་ནས་ཐེག་ཆེན་


GTD005_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་མོང་བའི་ལམ་དུ་བཅུག །ལ་ལ་ནི་དབང་བསྐུར་རྣམ་པར་དག་པས་གསང་སྔགས་ཀྱི་སྒོར་བཅུག་སྟེ་སྐུ་བཞིའི་ས་བོན་སྨིན་པར་མཛད། གཞན་ཡང་སོ་སོའི་མོས་པ་བཞིན་དུ་གཏན་པ་མེད་པའི་ཆོས་ཀྱི་མཆོད་སྦྱིན་རྒྱ་ཆེན་པོས་རེ་འབྲས་རྫོགས་པར་མཛད་ཅིང་མཐོང་ཐོས་དྲན་རེག་ཐམས་ཅད་དོན་ལྡན་དུ་འགྱུར་བའི་རྒྱལ་སྲས་ཀྱི་ཐབས་མཁས་པའི་སྤྱོད་པ་མཐའ་ཡས་པའི་སྒོ་ནས་དད་ལྡན་གྱི་སྐྱེ་བོ་འབུམ་ཕྲག་དུ་མ་ཞིག་མངོན་མཐོ་ངེས་ལེགས་ཀྱི་དཔལ་ལ་སྦྱོར། དམ་པ་ནང་ཕན་ཚུན་ཆོས་ཀྱི་བགྲོ་བས་བསྟན་པའི་བྱི་དོར་མཛད། གནས་ཆེན་ལ་མཇལ་སྐོར་དང་ཐུགས་དམ་བསག་སྦྱང་ཚད་ལས་འདས་པ་གནང༌། དེ་ཐམས་ཅད་ཕན་བདེའི་འབྱུང་གནས་རྒྱལ་བསྟན་རིན་པོ་ཆེ་རྒྱས་པའི་རྒྱུ་འབའ་ཞིག་ཏུ་བསྔོས་ཏེ། བསྟན་འགྲོ་ཡོངས་ལ་དགེ་ལེགས་ཀྱི་གོ་སྐབས་ཡངས་པོར་འབྱེད་པའི་འཕྲིན་ལས་ཉིན་བྱེད་སྣང་བས་ཤར་ཕྱོགས་རྒྱ་མཚོའི་མཐའི་བར་དུ་ཁྱབ་པར་གྱུར་ཏོ། །དགེ་སྦྱོང་ཚུ༷ལ་གྱི་འབྲས་བུ་འདོད་རྣམས་གཏན་ཁྲི༷མས་ལྔ་སོགས་སོ་ཐར་དང༌། །ཐེག་ཆེན་གཉིས་ཀྱི་བསྟན༷་པའི༷་འཇུག་སྒོ་སེམས་བསྐྱེད་པ་དང་དབང་བསྐུར་གྱིས། །གདུལ་བྱ་རང་རང་སྐལ་བ་ཇི་བཞིན་བྱང་ཆུབ་མཆོག་ཏུ་སྨིན་མཛད་དེ། །འཕྲིན་ལས་ཉི༷་ཟེར་ལི་ཁྲིའི་རྡུལ་གྱིས་བྱང་ཕྱོགས་འཛིན་མ༷འི་ཁྱོན་ཀུན་ཁྱབ། །དེ་ཚེ་ཐུགས་རྗེ་བྱིན་རླབས་སྤྲིན་ཕུང་དང༌། །དད་ལྡན་བདོག་པའི་ཆུ་འཛིན་ལྷན་ཅིག་གཏིབས། །མཁའ་མཉམ་འགྲོ་བའི་བདེ་སྐྱིད་རྒྱ་མཚོ་དང༌། །སངས་རྒྱས་བསྟན་པའི་ཆུ་གཏེར་ལྷན་ཅིག་འཕྱུར། །མཁས་པའི་ཚོགས་ལ་བཤད་པའི་དགའ་སྟོན་


GTD005_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

སྤེལ། །གནས་ཆེན་རྣམས་སུ་སྒྲུབ་པའི་རྒྱལ་མཚན་བཙུགས། །མཆོག་གསུམ་རྟེན་ལ་མཆོད་པའི་བྱ་བ་སྟེ། །འཁོར་ལོ་གསུམ་གྱི་རོལ་གར་ཅིག་ཅར་བསྒྱུར། །ཞེས་དགེ་ལྡན་བསྟན་པའི་རྩ་ལག་མཁས་ཤིང་གྲུབ་པའི་དབང་ཕྱུག་རྗེ་བཙུན་བླ་མ་དམ་པ་ཚུལ་ཁྲིམས་བསྟན་པའི་ཉི་མ་དཔལ་བཟང་པོའི་རྣམ་པར་ཐར་པ་ནོར་བུའི་དོ་ཤལ་ལས་བྱང་ཕྱོགས་ཆེན་པོ་ཧོར་གྱི་ཡུལ་དུ་བསྟན་འགྲོའི་དོན་མཛད་ཚུལ་གྱི་དྲ་བ་སྟེ་བཞི་པའོ།། །།དགུང་ལོ་ལྔ་བཅུ་རྩ་བརྒྱད་པ་ཨངྒིར་ཞེས་པ་ཆུ་སྤྲེལ་ལོའི་དཔྱིད་ཟླ་དང་པོར་རྒྱལ་བའི་གདན་ས་ཆེན་པོ་སྐུ་འབུམ་ཆོས་སྡེའི་རྒྱུད་སྨན་དཔོན་སློབ་དང༌། ཚོགས་ཆེན་ཞལ་ངོ་སྤྱི་གཉེར་སོགས་ལས་སྣེའི་རིགས་དང་ཆེན་པོའི་ཡོ་བྱད་རྣམས་བསྒྲེངས་ཏེ་དགེ་འདུན་སུམ་སྟོང་ལྷག་གི་སེར་སྦྲེང་དང་བཅས་ཕུན་ཚོགས་འདོད་པ་འཇོ་བའི་རང་སྒར་དུ་སེང་ཁྲིར་གདན་དྲངས་ཏེ་ཆོས་སྟོན་རྒྱས་པར་བྱས་སོ། །དེ་ནས་སྐུ་འབུམ་ཚོགས་ཆེན་དུ་དགེ་འདུན་སུམ་སྟོང་བརྒྱད་བརྒྱ་ལྷག་ལ་ཞོ་ལྔ་རེའི་སྐུ་འགྱེད་དང་མང་ཇ་རྣམ་བཞག །གསེར་སྡོང་ཆེན་མོའི་ལྷ་ཁང་གསར་བཞེངས་སུ་དམིགས་ཏེ་དངུལ་རྟ་རྨིག་མ་ཟུང་བཅས་ཕུལ། བཤད་སྒྲུབ་གླིང་དང༌། རྒྱུད་སྨན་གྲྭ་ཚང་སོ་སོར། སྐུ་འགྱེད་ཞོ་གང་ཕུན་རེ་བཅས་ཕུལ། མཆོད་རྟེན་མཐོང་བ་དོན་ལྡན་གྱི་མདུན་དུ་སྟོང་མཆོད་དང༌། གཞན་ལྷ་ཁང་སོ་སོར་མཆོད་སྒྲོན་གང་རྒྱས་བསྟར། དེ་ནས་ཆུ་བཟང་སྤྲུལ་བའི་སྐུ་རིན་པོ་ཆེར་མཇལ་བར་ཕྱག་བཏེག་སྟེ་ལྷ་རྫས་མཎྜལ། སྐུ་གསུང་ཐུགས་རྟེན། མཛོད་གོས་ཡུག །དངུལ་རྟ་རྨིག་མ་སོགས་ཕྱག་རྟེན་དུ་ཕུལ། ཆུ་བཟང་དགོན་པར་མང་འགྱེད་བཏང་དགོན་ལུང་དུ་བྱོན་ཏེ་མང་ཇ་སོགས་


GTD005_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བསྙེན་བཀུར་དང༌། ཐུའུ་བཀྭན་སྤྲུལ་བའི་སྐུ་རིན་པོ་ཆེར་ལྷ་རྫས། དངུལ་མཎ། སྐུ་གསུང་ཐུགས་རྟེན། མཛོད་གོས་སྤྲིན་རིས་མ་ཡུག །དངུལ་རྡོ་ཚད་སོགས་ཕྱག་རྟེན་དུ་ཕུལ། ཐུའུ་བཀྭན་རིན་པོ་ཆེའི་སྐུ་གདུང་མཆོད་རྟེན་གྱི་དྲུང་དུ་མཆོད་སྒྲོན་གང་རྒྱས་ཕུལ་ཏེ་སྐྱབས་སེམས། ཡན་ལག་བདུན་པ་མཎྜལ་བཅས། ཐུན་དྲུག་རྣལ་འབྱོར་ཁྲུས་གསོལ་སོགས་བྱས་ཤིང༌། སྨོན་ལམ་བསྟན་འབར་མ་བཅས་གསུང་སྟེ་གསོལ་བ་ཤུགས་དྲག་ཏུ་བཏབ་ནས་བསྔོ་སྨོན་གྱི་མཚམས་སྦྱར། དེ་ནས་ཁྲི་ཀ་སེར་མོ་ལྗོངས་སུ་ཕེབས། མཆོད་རྟེན་བླ་བྲང་རང་དུ་བཞུགས་ནས་བཅད་རྒྱ་གནང༌། སྐུ་མཚན་གྲོལ་ནས་མཆོད་རྟེན་མི་ཉག་གྲྭ་ཚང་དང་དགའ་ལྡན་དར་རྒྱས་གླིང་གི་བཞི་པའི་སྨོན་ལམ་ལ་རེས་མོས་ཀྱིས་ཕེབས། གྲྭ་ཚང་འདི་གཉིས་ལ་མང་འགྱེད་གང་རྒྱས་དང་སྤྱི་འཇོག་དངུལ་རྡོ་ཚད་རེ་གནང༌། གསོལ་དཔོན་ཉི་མའི་ཨ་ཁུ་གཤེགས་སར་ཕེབས་ནས་བསྔོ་སྨོན་གྱི་མཚམས་སྦྱོར་གནང༌། ཁྲི་ཀའི་ཕྱོགས་ཀྱི་སྒྲུབ་སྡེ་རྣམས་ལ་བསྙེན་བཀུར་གྱ་ནོམ་པ་མཛད། དེ་ནས་དབྱར་ཐོག་མཚོ་སྔོན་དུ་ཕེབས། སྨད་ནས་ཅུང་ཟད་འགྱང་བར་ཡུལ་ལྷ་འཕྲེང་བའི་རྣམ་པ་ཞིག་བྱུང་སྟབས། ཉིད་ཀྱི་འཁྲུངས་ས་ཨུལ་ཆུས་ཨོ་བོ་ཞེས་འབོད་པའི་ལབ་རྩེ་བསྟོད་དེ་གཞི་བདག་ལ་བསང་མཆོད་སོགས་གང་རྒྱས་གནང་བས་ཆར་ཆེན་པོ་ཞིག་བབ་ནས་རྟེན་འབྲེལ་རང་འགྲིག་ཏུ་བྱུང༌། ཝང་ཚེ་རིང་དོན་གྲུབ་ཀྱི་ཨུརྒེར་ཕེབས། ལྷ་སྲུང་ལ་གསོལ་མཆོད་འདོད་ཆོས་སོགས་སྩལ། པཻ་ཟི་རཏྣ་སིདྡྷིའི་ཨུརྒེར་ཕེབས། མགོན་པོ་ཕྱག་དྲུག་པའི་


GTD005_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་གཏོར་གང་རྒྱས་མཛད། ཨུལ་ཅུས་ཐུ་དའི་ཆིང་ཇ་སག་གི་ཨུརྒེར་ཕེབས། ཡི་དམ་ཆོས་སྐྱོང་སོགས་ལ་གཏོར་འབུལ་དང༌། ཧོ་ཤུའི་དྲུག་པའི་སྨོན་ལམ་ཚོགས་པར་སྨོན་ལམ་གྲོལ་བར་དུ་བཞུགས་ནས་གསུང་ཆོས་སྨོན་ལམ་གྱི་དབུར་ཕེབས་ཏེ་བསྟན་པ་རྒྱས་པའི་ཐུགས་སྨོན་མཛད། འདུས་ཚོགས་ལ་དགའ་ལྡན་ལྷ་བརྒྱ་མའི་ཁྲིད་དང་ལུང་འགའ་ཞིག་ཀྱང་སྩལ། དེ་ནས་པཻ་ལི་འཇམ་དཔལ་གྱི་ཨུརྒེར་ཕེབས། དཔོན་སྲས་བཅས་ལ་ཆོས་བཀའ་དང་གཏོར་འབུལ་གཡང་འབོད་ཀྱང་བྱས། སླར་སྐུ་འབུམ་དུ་ཕེབས། ཨོར་དུ་སུ་ཐོ་དོ་ཐུ་ས་ལཀྖིས་ཞུས་ངོར། བསྟན་པའི་གསལ་བྱེད་ཆེ་ཤོས་སྤྲུལ་བའི་སྐུ་ངག་དབང་བཤད་སྒྲུབ་བསྟན་པའི་ཉི་མ། བྱ་བཏང་སྒོམ་པ་ངག་དབང་སྨོན་ལམ་སོགས་དགེ་འདུན་ལྔ་བརྒྱ་སྐོར་ལ་རྟ་མགྲིན་གསང་སྒྲུབ་ཀྱི་དབང་སྟ་གོན་དང་བཅས་པ། ལྷ་མོ་དང་སེང་གདོང་མ་སོགས་ཀྱི་རྗེས་གནང་བཅས་སྩལ། དེ་ནས་ཁྲི་ཀ་གསེར་མོ་ལྗོངས་སུ་བྱོན། ཡུལ་ཕྱོགས་དེའི་རྟེན་བྱིན་རླབས་ཅན་མཆོད་རྟེན་དཀར་པོར་གྲགས་པ་ཞིག་རལ་དུ་སོང་ཡོད་པས། རྗེ་ཉིད་ཀྱིས་ཕྱག་མཛོད་ཆོས་རྗེ་ལ་ཞིག་གསོས་གསར་བཞེངས་ལྟ་བུ་ཞིག་བྱེད་དགོས་ཞེས་བཀའ་ཕེབས་པ་ལྟར་གྲུབ་ནས་རྩེར་དངུལ་སྲང་ཉིས་བརྒྱ་དང་ལྔ་བཅུ་ལས་གྲུབ་པའི་གསེར་ཟངས་ཀྱི་ཉི་ཟླ་མཆོད་རྟེན་དེ་ལ་རན་པ་གཟི་འོད་འཕྲོ་ཞིང་ཐིག་ཚད་དང་ལྡན་པ་ཕུལ། ནང་དུ་གཟུངས་དང་རྟེན་སྣ་དུ་མ་སོགས་གཟུངས་གཞུག་རྒྱས་པར་བཞག་ནས། ཉིད་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྐུར་བཞེངས་ཏེ་སྒྲུབ་གྲོགས་དང་བཅས་པས་རབ་གནས་རྒྱས་པ་མཛད། དེ་ནས་ཕྱག་མཛོད་ཆེ་ཆིང་ཆོས་རྗེ། མགྲོན་གཉེར་རབ་འབྱམས་པ་ངག་དབང་བསྟན་འཛིན། སོ་ཀྱཱ་རབ་འབྱམས་


GTD005_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

པ་དགེ་ལེགས་རྒྱ་མཚོ། དབུ་མཛད་བློ་བཟང་དོན་གྲུབ། དྲུང་ཡིག །གསོལ་དཔོན་སོགས་ནས། རྗེ་ཉིད་ཀྱི་སྐུ་གོང་མ་སྔགས་ཆེན་འཕྲིན་ལས་འབུམ་གྱི་སྒྲུབ་ཁང་གསང་སྔགས་བདེ་ཆེན་ཆོས་འཕེལ་གླིང་གི་གཟིམས་ཆུང་ཧ་ཅང་རྙིང་པར་བརྟེན་མཐུན་རྐྱེན་སོ་སོའི་འབྱོར་པ་དང་བསྟུན་པར་སྒྲུབ་རྒྱུར་ཁས་བླངས་ནས། དེམྖི་གཉེར་པ་དགེ་སློང་ཤེས་རབ་ཉི་མས་ལས་དཔོན་བྱས་ཏེ། ས་ལས་དང་ཚོན་རྩི་སོགས་གང་ལེགས་དཀའ་ཚེགས་མེད་པར་བཞེངས་གྲུབ་ནས་ལས་དཔོན་གྱིས་རྗེ་ཉིད་གདན་དྲངས་ཏེ་ལྷ་རྫས་མཎྜལ་སྐུ་གསུང་ཐུགས་རྟེན་སོགས་རྟེན་འབྲེལ་གྱི་ཞབས་བརྟན་ཕུལ་ཞིང་ཆོས་སྟོན་རྒྱས་པར་ཞུས། དེ་ནས་སྐུ་འབུམ་དུ་ཕེབས། ཡུན་རིང་པོའི་བར་དུ་ཐུགས་དམ་བཅད་རྒྱ་དམ་པོས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ལྗགས་བསྙེན་མཛད་ཅིང་བདག་འཇུག་ཀྱང་མང་དུ་བཞེས། བདེ་གསང་འཇིགས་གསུམ་གྱི་དཀྱིལ་འཁོར་བསྒྲུབས་ཤིང་བདག་འཇུག་བཞེས། སྨད་ཕྱོགས་ཀྱི་བླ་དཔོན་དུ་མས་གཙོས་སེར་སྐྱ་མང་པོ་ལ་ཀུན་རིག །ཚེ་དཔག །ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་དབང་སྟ་གོན་བཅས་སྩལ། བླ་བྲང་ཉིད་དུ་སེང་གདོང་མའི་གཏོར་ཟློག་ཀྱང་སྒྲུབ་པ་མཛད། དེ་ནས་ཟླ་བ་ཁ་ཤས་ཀྱི་རིང་ལ་འཇིགས་བྱེད་ཀྱི་ལྗགས་བསྙེན་ལ་གཅིག་ཏུ་འགྲུབ་པར་མཛད། ཡང་ཁྲི་ཀའི་ཕྱོགས་སུ་ཕེབས། མཆོད་རྟེན་བླ་བྲང་དུ་བཅད་རྒྱའི་ངང་དུ་བཞུགས། ཁྲི་ཀའི་ཡུལ་གྱི་རྟེན་གཙོ་གྲོན་གྲུའི་ལྷ་ཁང་ས་སྐྱ་པཎ་ཆེན་གྱིས་བཞེངས་པར་གྲགས་པ་དེའི་ནང་རྟེན་དུ་སྨན་འདམ་ལས་གྲུབ་པའི་ཐུབ་དབང་གི་སྐུ་ཤིན་ཏུ་ཆེ་བ་ཞིག་བཞུགས་པ་ལ།


GTD005_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་ཟངས་ལས་གྲུབ་པའི་དབུ་རྒྱན་སྤུས་གཙང་རིན་ཐང་ཅན་ཞིག་འབུལ་དགོངས་ཏེ་འཕྲོད་ལམ་ཡོད་མེད་ཡུལ་ལྷའི་དྲུང་དུ་མཚན་དང་མོ་བཏབ་པར་གང་ལེགས་ཆུད་ཅིང༌། ཆོས་སྲུང་འགའ་ཞིག་ལ་ལུང་བསྟན་ཞུས་པའང་ཡུལ་ལྷའི་ལུང་དང་མཐུན་པར་བབས་པས། འཇམ་མགོན་བླ་མས་ཇོ་བོར་དབུ་རྒྱན་ཕུལ་བའི་རྣམ་ཐར་བཞིན། གཟའ་སྐར་ཕུན་སུམ་ཚོགས་པར་ཐུབ་དབང་རིན་པོ་ཆེར་དབུ་རྒྱན་ཕུལ་ཏེ་མཆོད་སྒྲོན་གང་རྒྱས་སྤེལ། སྤྱན་འདྲེན་ཁྲུས་གསོལ་སོགས་དང༌། ཐུབ་བསྟན་ཡང་སྙིང་དགེ་ལྡན་རིང་ལུགས་ཕྱོགས་མཐར་རྒྱས་ཤིང༌། སྐྱེ་འགྲོ་ཡོངས་ལ་བདེ་སྐྱིད་འབྱུང་བའི་ཐུགས་སྨོན་གང་དྲག་མཛད་པས། ཡུལ་ཕྱོགས་སུ་བཀྲ་ཤིས་པའི་དགེ་མཚན་དུ་མ་མངོན་སུམ་དུ་བྱུང༌། དེ་ནས་དབུས་གཙང་ལ་ཕེབས་རྒྱུའི་ཐུགས་བཞེད་སྔ་མོ་ནས་ཡོད་ཐོག །ལྷ་བླ་མ་སོགས་ལ་ལུང་ཞུས་ཕུལ་བར་ཆོས་ཀྱི་མཛད་འཕྲིན་ཉིད་ཀྱི་ཐུགས་འདུན་ལྟར་འགྲུབ་ཚུལ་དང༌། ཆོས་སྐྱོང་རྣམས་ཀྱིས་གྲོགས་མཛད་པར་ཞལ་གྱིས་བཞེས་པས་ཕེབས་རྒྱུར་ཐུགས་ཐག་བཅད་དེ། ཕྱག་མཛོད་ལ་མ་འགྱངས་པར་དབུས་གཙང་ལ་འགྲོ་རྒྱུ་ཡིན། དེར་མ་ཟད་སོང་ནས་ཆོས་ཉན་དང་གནས་མཇལ་སོགས་བྱ་བ་མང་པོ་ཡོད་པས་ལོ་ཁ་ཤས་ཀྱི་རིང་ལ་འདུག་དགོས་ཞེས་གསུང་ཕེབས་པར། ཕྱག་མཛོད་ཆེ་ཆིང་ཆོས་རྗེ་རབ་འབྱམས་པ་ཚུལ་ཁྲིམས་ཆོས་འཛིན་རང་གི་བསམ་པར་ཡང་མདོ་སྨད་དང་སོག་ཡུལ་གྱི་དད་ལྡན་སྦྱིན་བདག་རྣམས་ཀྱིས་ཕུལ་བའི་ཕྱག་རྫས་ཀྱི་སྐོར་འདི་ཆུད་མ་ཟོས་པར་ཆོས་ཕྱོགས་གཏོང་རྒྱུ་ཞིག་བྱུང་ན་སྙམ་པའི་འཕེན་པ་ཡོད་པའི་ཐོག་ཏུ་བབ་ནས་དགའ་དད་སྤྲོ་གསུམ་གྱིས་སྤྱིར་དབུས་ལ་


GTD005_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ཕེབས་རྒྱུ་བཀའ་དྲིན་ཆེ། ཕེབས་ཆས་སོགས་མྱུར་དུ་གྲ་འགྲིག་པ་བྱེད། འོན་ཀྱང་དེར་ཡུན་རིང་བཞུགས་རྒྱུའི་ཐུགས་དགོངས་གནང་མི་ཉན། དགུང་ལོ་ཉུང་བའི་སྐབས་ཡིན་ན་ཐུགས་གཉེར་གྱི་ཆེད་ལ་བཞུགས་དགོས་མོད། ད་ལྟ་ཉིད་དགུང་ལོ་མཐོ་བས་ཡུན་རིང་བཞུགས་ན་ས་ཆུ་སོགས་མི་འཕྲོད་པས་མཇལ་སྐོར་གཏོང་སྒོ་སོགས་གྲུབ་ཕྲལ་རང་ཡུལ་ལ་ཕེབས་དགོས་ཞེས་ནན་ཆེར་ཞུས། དེ་ནས་ཕྱག་མཛོད་ཆོས་རྗེས་རྗེ་ཉིད་ཀྱི་གསུང་དང་བླང་གིས། ཇོ་ཤཱཀ་རྣམ་གཉིས་སོགས་རྟེན་ལ་མཆོད་འབུལ་དང༌། རྒྱལ་བ་ཡབ་སྲས་ཀྱི་འབུལ་བ། སེར་འབྲས་དགའ་གསུམ་བཀྲས་ལྷུན་ཏེ་གདན་ས་ཆེན་པོ་བཞིས་མཚོན་ཆོས་སྡེ་ཆེ་ཕྲ་ཐམས་ཅད་ལ་མང་འགྱེད་གང་རྒྱས་འདེང་ངེས་གྲ་སྒྲིག་གང་ལེགས་བྱས་ཏེ། དགུང་ལོ་ལྔ་བཅུ་རྩ་དགུ་པ་དཔལ་གདོང་ཞེས་པ་ཆུ་བྱའི་ལོའི་སྟོན་ཀའི་དུས་གཟའ་སྐར་ཕུན་ཚོགས་ཀྱི་ཉིན། གདན་ས་ཆེན་པོ་སྐུ་འབུམ་ནས་དབུས་གཙང་དག་པའི་ཞིང་དུ་ཆིབས་ཀྱི་ཁ་ལོ་སྒྱུར་བར་མཛད། ལམ་ཞོར་དུ་བསྟན་པའི་སྦྱིན་བདག་ཝང་ཚེ་རིང་དོན་གྲུབ། པཻ་ལི་འཇམ་དཔལ། པཻ་ཟི་རཏྣ་སིདྡྷི། ཇ་སག་དའི་ཆིང་རྡོ་རྗེ། ཚྭ་འདམ་ཛ་སག་ཨེང་ཁི་པཱི་ཡར། ཛ་སག་རབ་བརྟན་སོ་སོས་ཨུརྒེར་གདན་དྲངས། དད་ལྡན་ཀུན་ལ་ཕྱག་དབང་ལྗགས་བསྔོ། འདོད་ཆོས་ཅི་རིགས་ཀྱིས་རེ་བ་བསྐངས། བྱང་ལམ་རིམ་པར་བརྒྱུད་ཉེ་ཞོ་མེད་པར་བྱོན་ཏེ་དགུན་ཟླ་དང་པོའི་ནང༌། ཐོག་མར་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱི་གདན་ས་བྱང་རྭ་སྒྲེང་རྒྱལ་བའི་དབེན་གནས་སུ་ཕེབས། ཇོ་བོ་དབུ་ཡོན་མ་སོགས་རྟེན་ལ་མཆོད་སྒྲོན་གང་རྒྱས་ཕུལ་ཏེ། ལྟུང་བཤགས་ཕྱག་དང་སྦྲགས་པ། སྐྱབས་སེམས། ཐུན་དྲུག་


GTD005_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

གི་རྣལ་འབྱོར། བསྟན་འབར་མ་སོགས་གསུང་སྟེ་བསྟན་པ་རྒྱས་པའི་ཐུགས་སྨོན་མཛད། དགེ་འདུན་གྱི་སྡེར་མང་ཇ་དང་འགྱེད་སྐར་ལྔ་རེ་ཕུལ། དེ་ནས་ལྷ་སར་ཕེབས། ཇོ་ཤཱཀ་རྣམ་གཉིས་སོགས་ལ་མཆོད་མཇལ་གནང་སྟེ། ལྷ་ལྡན་སྤྲུལ་བའི་གཙུག་ལག་ཁང་གི་འཁྱམ་རྭའི་ཐོག་ཏུ་༸རྒྱལ་དབང་ཐམས་ཅད་མཁྱེན་པ་བློ་བཟང་བསྟན་པའི་འབྱུང་གནས་ངག་དབང་ལུང་རྟོགས་རྒྱ་མཚོ་དཔལ་བཟང་པོར། ལྷ་རྫས་ནང་མཛོད། རྒྱ་དངུལ་སྲང་བཅུ་ལས་གྲུབ་པའི་མཎྜལ་དར་ཚོན་གྱི་སྣེ་འདོགས་ཅན། སྐུ་རྟེན་ཐུབ་དབང་གི་སྐུ་ཚག་གྲུབ། གསུང་རྟེན་ཚེ་མདོ་གསེར་བྲིས། ཐུགས་རྟེན་རྣམ་རྒྱལ་མཆོད་རྟེན། བྱུར་དམར་གྱི་ཕྱག་འཕྲེང་གསེར་གྱི་བཅུ་ཤད་ཅན། དྲིལ་གདན། ཅོད་པན་བཅས་ཐོག་མའི་ཕྱག་རྟེན་ཏུ་ཕུལ་ནས་ཕྱག་དབང་ཞུས་པར། ༸རྒྱལ་དབང་རིན་པོ་ཆེས་ཐུགས་བརྩེ་གཟིགས་ཆེན་པོས་ལམ་སྐབས་ཀྱི་བཀའ་འདྲི་སོགས་མང་དུ་ཕེབས། རྒྱལ་ཚབ་དེ་མོ་ནོ་མིན་ཧན་རིན་པོ་ཆེར། ལྷ་རྫས་ནང་མཛོད། སྲང་ལྔ་ལས་གྲུབ་པའི་མཎྜལ་དར་གྱིས་སྤྲས་པ། སྐུ་གསུང་ཐུགས་རྟེན། དྲིལ་གདན། ཅོད་པན་བཅས་ཕུལ་ནས་མཇལ་ཕྲད་མཛད། བསྟན་པའི་སྲོག་ཤིང་དགའ་ལྡན་ཁྲི་རིན་པོ་ཆེར། ལྷ་རྫས་ནང་མཛོད། དངུལ་གྱི་མཎྜལ། དྲིལ་གདན། ཅོད་པན་སོགས་ཕྱག་རྟེན་དུ་ཕུལ་ནས་མཇལ། ཁྲི་རིན་པོ་ཆེས་ཁྱེད་ད་ལམ་དབུས་གཙང་འདིར་ཕེབས་པ་བཀའ་དྲིན་ཆེ། ཉིད་ཀྱི་སྐུ་ཚེ་གོང་མ་དེ་ཉིད་ཀྱི་ཆོས་སྲིད་ཟུང་གི་མཛད་སྤྱོད་ཕུན་སུམ་ཚོགས་པ་གང་ཡོད་བོད་ཡུལ་འདིར་ཁྱད་པར་དུ་འཕགས་པ་ཞིག་བྱུང་བའི་གནས་ཚུལ་མཐའ་ཡས་པ་གསུངས། དེ་ནས་འཇམ་མགོན་བླ་མའི་དུས་མཆོད་ཆེན་


GTD005_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

མོའི་ཉིན་ཇོ་ཤཱཀ་རྣམ་གཉིས་ཀྱིས་གཙོས་རྟེན་ཐམས་ཅད་ལ་ཞལ་ཟས། མཆོད་མེ། མེ་ཏོག །སྤོས་རིང་སོགས་སྟོང་ཚར་རེ་བཅས་སྟོང་མཆོད་རྒྱས་པར་ཕུལ་ཏེ་སྤྱན་འདྲེན་ཁྲུས་གསོལ། རྣམ་དག་གངས་རི་མ། སྨོན་ལམ་བསྟན་འབར་མ་བཅས་གསུང་སྟེ་ཐུབ་བསྟན་རིན་པོ་ཆེའི་ཡང་སྙིང་བློ་བཟང་འཇམ་དཔལ་སྙིང་པོའི་རིང་ལུགས་རྣམ་པར་དག་པ་ཕྱོགས་མཐའ་དག་ཏུ་རྒྱས་པའི་ཐུགས་སྨོན་ཤུགས་དྲག་པོ་མཛད། པོ་ཏ་ལར་ཕེབས་ཏེ་༸རྒྱལ་དབང་ཐམས་ཅད་མཁྱེན་པར་ལྷ་རྫས་ནང་མཛོད། དངུལ་སྲང་ཉི་ཤུའི་མཎྜལ། སྐུ་གསུང་ཐུགས་རྟེན། གོས་ཚོན་བསྒྲིགས་པའི་རྟེན་ཁེབས་ཆེ་བ་སྤུས་གཙང༌། མཛོད་གོས་དམར་པོ་སྤྲིན་རིས་མ་ཡུག །རྒྱ་དངུལ་རྟ་རྨིག་མ། ཨོ་ཏུ་སུའི་མེ་ཡོལ། ཆིབས་ཆེན་རྟ་དང༌། དྲེའུ། ཤིང་ཐོག་ཨ་མྲ་སྒམ་གང༌། ཤེལ་དཀར་རྟ་སོ་མ་སྒམ་གང་སོགས་ཀྱི་དངོས་འབུལ་བཏེག་ནས་ཕྱག་དབང་ཞུས་པར། རྒྱལ་བའི་ཞལ་ནས། སྔོན་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་མདོ་སྨད་ནས་གངས་རིའི་ལྗོངས་འདིར་ཕེབས་ཏེ་སངས་རྒྱས་ཀྱི་བསྟན་པ་དར་བར་མཛད་པ་བཞིན་ད་རེས་ཀྱང་མདོ་སྨད་ཀྱི་རྗེ་བླ་མའི་གདན་ས་ཆེན་པོ་རྗེའི་སྐུ་འབུམ་གྱི་མཁན་ཟུར་མི་ཉག་ཧུ་ཐོག་ཐུ་ཉིད་ཡུལ་གྱིས་བསྐལ་ཡང་སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་བཟང་པོའི་མཐུས་བདེ་བར་འདི་ཕྱོགས་སུ་བྱོན་ནས། རང་ཅག་ལྷན་ཅིག་ཏུ་འཛོམ་པ་སྐལ་བ་བཟང་ཞེས་སོགས་ཀྱི་བཀའ་མང་དུ་ཕེབས་ཏེ་ཐུགས་བརྩེ་བས་གཟིགས་པ་ཆེ་བཞེས་གནང༌། ཡོངས་འཛིན་དགའ་ལྡན་ཁྲི་རིན་པོ་ཆེ་པོ་ཏ་ལར་བཞུགས་པ་ལ་ལྷ་རྫས་ནང་མཛོད་དངུལ་མཎ། སྐུ་གསུང་ཐུགས་


GTD005_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན། གོས་མཚལ་ཁ་ཡུག །གོས་ཀྱི་ཞབས་ཆག །བཀྭའ་མིན་སྒམ་གང་བཅས་ཕུལ། དེ་ནས་བསྟན་རྒྱས་གླིང་དུ་རྒྱལ་ཚབ་དེ་མོ་ནོ་མོན་ཧན་རིན་པོ་ཆེར་ལྷ་རྫས་ནང་མཛོད། དངུལ་མཎ། སྐུ་གསུང་ཐུགས་རྟེན། མཛོད་གོས་སྨྱུག་མདོག་ཡུག །རྒྱ་དངུལ་རྟ་རྨིག་མ། ཨོ་ཏུ་སུའི་མེ་ཡོལ་བཅས་སྒེར་འབུལ་བཏེག །རྩེ་མགྲོན་དཔལ་མགོན་ལ་ལྷ་རྫས་བར་མཛོད། བུ་ལ་གྷ་རས་བཅས་གནང༌། རྭ་སྒྲེང་ཁྲི་ཆེན་རྡོ་རྗེ་འཆང་རིན་པོ་ཆེར་ལྷ་རྫས་ནང་མཛོད། དངུལ་མཎ། དྲིལ་གདན་ཅོད་པན་སོགས་ཕུལ་ནས་མཇལ། རྗེ་འདི་པ་འཇིག་རྟེན་གྱི་འར་འུར་ཟང་ཟིང་དང་ཚེ་འདིའི་གྲགས་འདོད་སོགས་ཡེ་མི་མངའ་བའི་སྟབས་ངོ་གཡོག་ཉུང་ཤས་དང་བཅས་ནས་ཉམ་ཆུང་གནས་མཇལ་བའི་ཚུལ་བྱས་ཏེ་ཨུ་ལཱ་སོགས་མ་ཞུས་པར་ལྷ་སར་འབྱོར་ནས་མཇལ་ཁ་ཞུས་རྗེས་གཞུང་ས་ནས་མཁྱེན་ཏེ་ཆེ་དྲག་མང་པོས་ཁྱེད་འདྲ་བའི་བླ་ཆེན་ཉམ་ཆུང་བ་གནས་མཇལ་བའི་ཚུལ་དུ་ཕེབས་པ་མཛེས་པོ་མ་རེད་ཅེས་ཞུས་ཤིང༌། ཕྱག་གཉེར་སོགས་ལ་ཁྱེད་རང་ཚོས་གཞུང་ས་ལ་ཞུས་ན་སྲོལ་བཞིན་ཨུ་ལཱ་སོགས་གནང་ཆོག །སྔར་ཅི་ལ་མ་ཞུས་པ་ཡིན་ཟེར་ནས་བཀྱོན་པར། ཕྱག་གཉེར་སོགས་ནས་རྗེ་འདི་པ་འཇིག་རྟེན་གྱི་སྤྲོས་པ་ཐུགས་ལ་མ་བཞེད་པའི་སྟབས་སྔོན་ལ་རྒྱུ་མཚན་མ་ཞུས་པའི་གནས་ཚུལ་བཤད། གཞུང་ས་རང་ནས་གཟིགས་པ་ཆེ་བཞེས་ཀྱིས་ཕོགས་སོགས་རྒྱ་གང་ཆེ་བཀའ་དྲིན་སྩལ་བར་དེ་འདྲ་གནང་མི་ཉན་ཞེས་ཞུས་ཀྱང་ནན་ཏན་གྱིས་གནང་སྟེ་བཞེས་དགོས་པ་བྱུང༌། ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་སུ་ཕེབས། རྟེན་ཀུན་ལ་མཆོད་སྒྲོན་གང་རྒྱས་ཕུལ་ཏེ་མཆོད་མཇལ་ཞུས་ཤིང་བསྟན་པ་རྒྱས་པའི་ཐུགས་སྨོན་མཛད། ཚོགས་ཆེན་དུ་


GTD005_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་འདུན་དྲུག་སྟོང་ཉེ་བ་ལ་མང་ཇ་ཁ་ཤས། སྐུ་འགྱེད་དངུལ་སྐར་ལྔ་རེ་ཕུལ། དཔལ་ལྡན་བཀྲ་ཤིས་སྒོ་མང་ལ་གྲྭ་ཇ་དང་སྐུ་འགྱེད་དངུལ་ཊམ་རེ་བཅས་པས་བསྙེན་བཀུར་ཞུས། སོ་སོར་སྤྱི་འཇོག་ཀྱང་གཟབ་རྒྱས་གནང༌། སྔགས་པ་གྲྭ་ཚང་གི་འཇིགས་བྱེད་ཀྱི་མདུན་དུ་བརྒྱ་མཆོད་དང༌། སྔར་རྒྱུན་ཞལ་འདོན་གྱི་རིམ་པ། འཇིགས་བྱེད་སྨོན་ལམ། བསྟན་འབར་མ་བཅས་གསུངས་ནས་ཐུན་མོང་མ་ཡིན་པའི་གསོལ་འདེབས་ཐུགས་སྨོན་སོགས་གདུང་བ་ཤུགས་དྲག་གིས་མཛད། དེ་ནས་པོ་ཏ་ལར་ཕེབས། ༸རྒྱལ་དབང་ཐམས་ཅད་མཁྱེན་པ་ལ་ལྷ་ལྡན་སྨོན་ལམ་གྱི་ཚོགས་དབུར་གདན་འདྲེན་གྱི་སྙན་གསན་ཕུལ། གཙང་དུ་ཕེབས་རྒྱུའི་གནས་ཚུལ་ཞུས་པར་༸རྒྱལ་དབང་རིན་པོ་ཆེས་གཟིགས་པ་ཆེ་བཞེས་ཀྱིས་བཀའ་ཁྱབ་སྩལ། རྒྱལ་ཚབ་རིན་པོ་ཆེར་ཡང་ལྷ་ལྡན་སྨོན་ལམ་གྱི་མང་འགྱེད་འབུལ་རྒྱུའི་གནས་ཚུལ་དང་ཚོགས་དབུར་གདན་འདྲེན་གྱི་སྙན་གསན་ཕུལ། དེ་ནས་གཞུང་གི་མི་སྣ་དང་ཕྱག་གཉེར་གྱིས་གཙོས་ཞབས་ཕྱི་བ་ནང་མ་རྣམས་ནས་ལྷ་ས་སྨོན་ལམ་གྱི་ཇ་ཐུག་གི་ཐེབས་དང༌། སྐུ་འགྱེད་རྒྱུའི་རྒྱ་དངུལ་རྣམས་བསྟན་གླིང་ཛ་སག་ལ་སྤྲད་ནས་བོད་དངུལ་ལ་བརྗེས། དེ་ནས་གཙང་བཀྲ་ཤིས་ལྷུན་པོར་ཕྱག་བཏེག །ཕེབས་ལམ་དུ་སྙེ་ཐང༌། རྒྱལ་རྩེ་དཔལ་འཁོར་ཆོས་སྡེ་སོགས་ལ་མཆོད་མཇལ་ཞིབ་རྒྱས་དང་མང་འགྱེད་སོགས་ཀྱང་ཕུལ། བཀྲ་ཤིས་ལྷུན་པོར་འབྱོར་ནས་པཎ་ཆེན་ཐམས་ཅད་མཁྱེན་པར་ལྷ་རྫས་ནང་མཛོད། དངུལ་སྲང་བཅོ་ལྔ་ལས་གྲུབ་པའི་མཎྜལ། སྐུ་གསུང་ཐུགས་རྟེན། གོས་ཆེན་སེར་པོ་ཡུག །དྲིལ་གདན། ཅོད་པན། རི་


GTD005_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

བོ་དྭངས་བསིལ་གྱི་རྩད་པའི་འཕྲེང་བ། རྒྱ་དངུལ་རྟ་རྨིག་མ། ཆིབས་ཆེན་སོགས་ཕུལ་ནས་མཇལ་ཁ་ཞུས་པར་ཐུགས་བརྩེ་བས་ཉེ་བར་གཟིགས་ཏེ་བཀའ་མཆིད་མཐའ་ཡས་པ་སྩལ། ཕྱག་མཛོད་ཆེན་མོར། ལྷ་རྫས་བར་མཛོད། མཛོད་གོས་ཡུག། །ཞབས་ལྷམ་སྤུས་གཙང་བཅས་ཕུལ། ༸པཎ་ཆེན་གོང་མ་གསུམ་གའི་སྐུ་གདུང་མཆོད་རྟེན་རྣམས་ལ་མཆོད་སྒྲོན་གང་རྒྱས་ཕུལ་ཏེ། ཞལ་འདོན་གྱི་རིམ་པ་ཆ་ཚང་བར་མཛད། དེ་ནས་འདུ་ཁང་ཆེན་མོའི་སྟེང་གི་ནང་རྟེན་ཐམས་ཅད་ལ་རྟེན་མཇལ་ཞུས་ཤིང་མཆོད་སྤྲིན་གང་རྒྱས་ནས་ཐུགས་སྨོན་སོགས་སྔར་ལྟར་གནང་ནས་ཕེབས་པ་དང་དུས་མཚུངས་སུ་ཚོགས་དུང་བུས་པས་རྟེན་འབྲེལ་ལེགས་པོ་བྱུང་གསུང༌། དེ་ནས་པཎ་ཆེན་ཐམས་ཅད་མཁྱེན་པ་གསོ་སྦྱོང་གི་མགོན་དུ་ཕེབས་པའི་ཞབས་ཕྱིར་བྱོན་ཏེ་ལས་དང་གདམས་ངག་ཉམས་སུ་མྱོང་བར་མཛད། དེ་ནས་པཎ་ཆེན་ཐམས་ཅད་མཁྱེན་པ་ཚོགས་དབུར་སྤྱན་འདྲེན་གྱི་སྙན་གསན་ཕུལ་བར་དགྱེས་གཟིགས་ཀྱིས་ཉི་སྐར་སོགས་ཀྱང་གོང་ནས་བཀོད་ཁྱབ་སྩལ། གཟའ་སྐར་ཕུན་སུམ་ཚོགས་པའི་ཉིན་དེར་ཚོགས་ཆེན་གྱི་དགེ་འདུན་སུམ་སྟོང་བརྒྱད་བརྒྱ་ལྷག་ལ་མང་ཇ་ཁ་ཤས། སྐུ་འགྱེད་དངུལ་སྐར་ཕྱེད་བརྒྱད་རེ་དང་སྤྱི་འཇོག་བཅས་ཀྱི་བསྙེན་བཀུར་ཞུས་ཐོག །པཎ་ཆེན་ཐམས་ཅད་མཁྱེན་པ་ཚོགས་དབུར་སྤྱན་དྲངས་ཏེ། ཉིད་ནས་དངུལ་སྲང་ཉི་ཤུ་ལས་གྲུབ་པའི་མཎྜལ་དར་ཚོན་གྱི་སྣེ་འདོགས་ཅན། ནང་མཛོད་སེར་པོ་སྲིད་དུ་འདོམ་དོ་ལྷག་པ་ཕྱག་ཏུ་བསྣམས་ཏེ། ཤིས་བརྗོད་ཀྱི་སྔུན་བསུས་ནས་སྐྱེས་རབས་ཀྱི་ཕྲེང་བའི་རྟོགས་བརྗོད། ལྷག་པར་པཎ་ཆེན་གོང་མ་ཐམས་ཅད་མཁྱེན་པ་བློ་བཟང་དཔལ་ལྡན་ཡེ་ཤེས་དཔལ་བཟང་པོ། འཇམ་དབྱངས་གོང་མའི་རྒྱལ་


GTD005_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ཁབ་ཏུ་ཆིབས་ཁ་བསྒྱུར་བའི་ལམ་ཞོར་དུ་འཇམ་མགོན་རྒྱལ་བ་གཉིས་པའི་འཁྲུངས་གནས་ཆོས་སྡེ་ཆེན་པོ་སྐུ་འབུམ་བྱམས་པ་གླིང་གི་ཆོས་ཁྲིར་ཟླ་བ་ཁ་ཤས་ཀྱི་རིང་ལ་བཞུགས་ཏེ་དགེ་འདུན་གྱི་སྡེ་ལ་འཆད་ཉན་མཛད། ཕྱོགས་མཐའ་དག་ནས་ཡོང་བའི་བླ་དཔོན་སེར་སྐྱ་བགྲང་ལས་འདས་པ་ལ་ཆོས་འཁོར་རྒྱ་ཆེར་བསྐོར་བའི་ཚུལ་རྣམས་ཞིབ་རྒྱས་དང༌། སྐུ་ཚེ་འདིའི་ཡང་སྐུ་གསུང་ཐུགས་ཀྱི་ཡོན་ཏན་རྣམས་རྒྱས་པར་ཞུས་པའི་ཐོག །ཞབས་བརྟན་གྱི་རྟེན་འབྱུང་དུ། ཆོས་དུང་དཀར་པོ་དར་ཚོན་གྱིས་བརྒྱན་པ། སྐུའི་རྟེན་རྒྱལ་བ་ཚེ་མཐའ་ཡས་པའི་སྐུ་བརྙན། གསུང་རྟེན་ཚེ་མདོ་གསེར་བྲིས། ཐུགས་རྟེན་གསེར་ཟངས་ཀྱི་བྱང་ཆུབ་མཆོད་རྟེན། དངུལ་སྲང་བཅུ་ལས་གྲུབ་པའི་ཚེ་བུམ་ཕྲ་ལྡན་ཁ་རྒྱན་བཅས། དངུལ་གྱི་འཁོར་ལོ་དཔངས་ཁ་གང་བ། དུང་དཀར་དངུལ་གཤོག་མ་ཆ། བཀྲ་ཤིས་རྫས་བརྒྱད། དངུལ་སྲང་ཉེར་གཅིག་ལས་གྲུབ་པའི་རྒྱལ་སྲིད་སྣ་བདུན་པད་འདབ་ཅན། སྐུའི་ཉེར་སྤྱད་མི་འདྲ་བ་བཅུ་གསུམ། རྡོར་དྲིལ་སོགས་མཆོད་རྫས་སྣ་ཚོགས། གོས་ཚག་གྲུབ་མའི་དྲིལ་གདན་ཅོད་པན། ཐེག་ཆེན་གླང་པོའི་མཆེ་བ། ནོར་བུ་བསེ་རུའི་རྭ། བྱུར་འཕྲེང་ཆེ་བ་མུ་ཏིག་གི་བཅུ་ཤད་སུམ་ལྡན་ཅན། མུ་ཏིག་གི་འཕྲེང་བ། རི་བོ་དྭངས་བསིལ་གྱི་འཕྲེང་སེར་ཉི་ཤུ། རྒྱ་དངུལ་རྟ་རྨིག་མ་བཅུ། མཛོད་གོས་སྣ་ཚོགས་སྤུས་གཙང་ཡུག་ཆེན་བཅུ་གསུམ། རྒྱ་ཟམ་བཅུ། ས་གདན་མཐིང་ག་མེ་ཏོག་གི་རི་མོ་ཅན་གཅིག །གོས་ལྗང་གུའི་ས་གདན་མེ་ཏོག་མ་གཅིག །ཁེ་བི་སུའི་སྒ་ཁེབས་དམར་ཁྲ་དང༌། གདན་རྡོ་རྗེ་རྒྱ་གྲམ་གྱི་རི་མོ་ཅན། ཇ་བག་དང་ཤིང་ཐོག་སྒམ་ཁ་ཤས། སྣམ་


GTD005_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་ཡུག་བཅས་རྣམ་གྲངས་དྲུག་བརྒྱ་དང་ལྔ་བཅུ་ལྷག་ཕུལ་ཏེ། དགོས་དོན་གྱི་གཙོ་བོ་རྒྱལ་བསྟན་རིན་པོ་ཆེའི་ཡང་སྙིང་རྗེ་ཙོང་ཁ་པའི་བསྟན་པ་རྒྱས་ཤིང་འགྲོ་བ་ཡོངས་ལ་བདེ་སྐྱིད་འབྱུང་བ་དང༌། དེའི་རྩ་བ་རྒྱལ་བ་ཡབ་སྲས་ནས་བསྟན་པ་ཕྱོགས་དུས་ཀུན་ཏུ་རྒྱས་པའི་ཐུགས་བསྐྱེད་དང་འཕྲིན་ལས་རྒྱ་གང་ཆེ་མཛད་རྒྱུ་ལ་རག་ལས་ཚུལ་མདོ་རྒྱུད་ཀྱི་ལུང་ཁུངས་སུ་དྲངས་ནས་ཞུས་ཤིང༌། ཞར་བྱུང་ཉིད་འབྲེལ་ཐོགས་དང་བཅས་པའི་འཕྲལ་ཡུན་གྱི་སྐྱབས་འཇུག་ཞུས་པར། པཎ་ཆེན་མཆོག་ཐུགས་ཤིན་ཏུ་དགྱེས་ཏེ་འདུ་ཁང་གི་རབ་གསལ་དུ་པཎ་ཆེན་གོང་མའི་སྐུ་བཞུགས་པ་ལ་ཡང་ཡང་གཟིགས་ཏེ། རྗེ་འདི་པར་ཁྱེད་ཀྱིས་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་རྣམ་ཐར་སྐུ་གསུང་ཐུགས་ཀྱི་བསྟོད་ཚོགས་གཞན་ལས་ཁྱད་འཕགས་བརྗོད་བྱུང་ཞེས་སོགས་ཀྱི་བཀའ་ལུང་རྒྱ་ཆེར་སྩལ། དེར་ཚོགས་མཁས་པ་རྣམས་ཀྱང་རྗེ་འདིའི་སྐུ་ཡོན་མཐོང་སྟེ་དེ་ལས་བརྩམས་པའི་བསྔགས་བརྗོད་ཕྱོགས་ཀུན་ཏུ་སྒྲོགས་པ་བྱུང༌། པཎ་ཆེན་རིན་པོ་ཆེའི་དྲུང་ནས་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་དང་ཤམྦྷ་ལའི་སྨོན་ལམ་གྱི་ལུང་གསན། སྣང་ཐང་དུ་ཕེབས། སྒྲོལ་མ་གསུང་འབྱོན་མ། འབྲོམ་གྱི་ཤེལ་གྱི་མཁར་བ། གནས་བཅུའི་ཞབས་ཆག་སོགས་རྟེན་ལ་མཆོད་མཇལ་ཞིབ་རྒྱས། ཚོགས་ལ་མང་འགྱེད་ཀྱི་དོད་རྒྱ་དངུལ་སྲང་ཉི་ཤུ་ལྷག་ཕུལ། མཆོད་དོད་རྒྱ་དངུལ་སྲང་བདུན་ཕུལ། བཀྲས་ལྷན་དུ་ཕེབས། རྗེའི་གསུང་འབུམ་ཡོངས་རྫོགས། རྒྱལ་ཚབ་མཁས་གྲུབ་རྣམ་གཉིས་ཀྱི་གསུང་འབུམ། པཎ་ཆེན་སྐུ་ཚེ་ན་རིམ་གྱི་གསུང་འབུམ། མི་ལ་བཞད་པའི་རྡོ་རྗེའི་རྣམ་མགུར་སོགས་ཕྱག་དཔེ་པུ་ཏི་བརྒྱ་ལྷག་ཙམ་གདན་དྲངས། དེ་ནས་སྐུ་འབུམ་ཆོས་སྡེ་ཆེན་པོའི་


GTD005_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྲིད་རྒྱས་པའི་དོན་ལ་དམིགས་པཎ་ཆེན་རིན་པོ་ཆེར་ལུང་བསྟན་ཞུས་པར་བཀའ་ལན་དུ། འདུས་ཚོགས་སྤྱི་ལ་བསླབ་བྱ་དང༌། དགེ་འདུན་གྱི་སྡེ་རྒྱས་ཤིང་བཤད་སྒྲུབ་འཕེལ་ཆེད་དུ་ཞབས་བརྟན་གང་རྒྱས་སྩལ། རྗེ་འདི་པས་ཕྱིས་སུའང་གོང་ས་ནས་ཐུགས་བརྩེ་བས་ཉེ་བར་གཟིགས་ཏེ་གང་ཅིའི་བཀའི་བསླབ་བྱ་ལྷུག་པར་སྩལ་རྒྱུའི་ཞུ་བ་ཕུལ་བར་ཐུགས་དགྱེས་པའི་ཞལ་བཞེས་གནང༌། པཎ་ཆེན་རིན་པོ་ཆེ་ཐོན་ཕྱག་ཞུས་པར་ཚེ་མཐའ་ཡས་པའི་སྐུ་བརྙན་བཀྲ་ཤིས་ལི་མ། སྤྱན་རས་གཟིགས་ཀྱི་ཞིང་བཀོད། སྟོན་པའི་བྲིས་ཐང༌། པཎ་ཆེན་སྐུ་སྔ་ཕྱི་རྣམས་ཀྱི་གསུང་འབུམ་ཆ་ཚང༌། པཎ་ཞྭ་སྣེ་རིང༌། སྐུའི་ཉེར་སྤྱད་ཡོངས་རྫོགས། ཆེན་པོའི་ཉེར་སྤྱད་དབུ་གདུགས་སེར་པོ། རྟ་དར་ཆ། བཀའ་ཤོག་ཐམ་ག་གྲུབ་སྒོར་བཅས་གནང༌། ཐུགས་དགྱེས་པ་ཆེན་པོས་འཕྲལ་ཕུགས་ཀྱི་བཀའ་མཆིད་རྒྱས་པར་སྩལ་ཅིང་ལྷག་པར་མདོ་སྨད་དུ་བསྟན་འགྲོའི་བྱ་བ་ལ་སྔར་ལྟར་གཡེལ་མེད་མཛད་དགོས་ཚུལ་གསུང་སྟེ་ཐུགས་བརྩེ་བས་གཟིགས་པ་ཆེ་བཞེས་གནང༌། ཕྱག་མཛོད་ཆེན་མོས། ལྷ་རྫས། སྤྱན་རས་གཟིགས་ཀྱི་སྐུ་བརྙན་བོད་ལི། སྣམ་ཡུག་སྤུས་གཙང་ཆོས་སྣ་ཚོགས་བཅས་གནང༌། དེ་ནས་རྒྱལ་བ་དབེན་ས་པའི་གདན་སར་མཇལ་ཕྱིར་ཕྱག་བཏེག །འདུས་ཚོགས་ནས་རྗེ་འདི་པའི་སྙན་པ་གསན་ཏེ་སེར་སྦྲེང་བཅས་བསུ་བ་མཛད། རྒྱལ་བ་དབེན་ས་པའི་མཆོད་རྟེན། མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱི་འདྲ་སྐུ། སྟོན་པའི་ཚེམས་བཞུགས་པའི་མཆོད་རྟེན་སོགས་རྟེན་རྣམས་ལ་མཆོད་མཇལ་དང་སྐྱབས་སེམས་སོགས་


GTD005_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་འདོན་གྱི་རིམ་པ་སྔར་རྒྱུན་ལྟར་མཛད། འདུས་ཚོགས་སུ་མང་ཇ་སྐུ་འགྱེད་སོགས་ཀྱི་བསྙེན་བཀུར་ཞུས། དེ་ནས་རོང་བྱམས་ཆེན་དུ་ཕེབས། མཆོད་དོད་ལ་རྒྱ་དངུལ་སྲང་ལྔ་ཕུལ་ཏེ་ཞལ་འདོན་མཆོད་མཇལ་སོགས་སྔར་རྒྱུན་ལྟར་གནང༌། ངུར་སྨྲིག་ཅེས་པར་སྒྲོལ་མ་མཎྜལ་བཞི་ཆོག་གསུང༌། དེ་ནས་ལྕགས་ཟམ་ཆུ་བོ་རིའི་དབེན་གནས་དང་རྟེན་ཀུན་ལ་མཆོད་མཇལ། མང་ཇ་སོགས་ཀྱི་དོད་རྒྱ་དངུལ་སྲང་བཅུ་ཕུལ། རྭ་བ་སྟོད་དུ་བྱོན། རྟེན་ལ་མཆོད་སྒྲོན་ཕུལ་ནས་མཆོད་མཇལ་ཞུས། ཚོགས་སུ་མང་ཇ་སྐུ་འགྱེད་དངུལ་སྐར་རེ་ཕུལ། སྒྲོལ་མའི་ཞབས་རྗེས་མཇལ། སེམས་བསྐྱེད་སོགས་སྔར་བཞིན་མཛད། རྗེ་བཙུན་བླ་མ་ཀློང་རྡོལ་རིན་པོ་ཆེའི་གཟིམས་ཆུང་དུ་རྗེ་དེའི་འདྲ་སྐུ་བཞུགས་པར་མཇལ། མཆོད་སྒྲོན་གང་རྒྱས་ཕུལ་ཏེ་སྐྱབས་སེམས་སོགས་དཀྱུས་ཀྱི་ཕྱག་བཞེས་སྟར་ཆགས་ཐུགས་སྨོན་རྒྱ་གང་ཆེ་བཅས་གནང་། རི་ཁྲོད་པ་རྣམས་ལ་མང་འགྱེད་དོད་རྒྱ་དངུལ་སྲང་བདུན་ཕུལ། དེ་ནས་ལྷ་ལྡན་དུ་འབྱོར་རྗེས་སེ་རའི་ཕུར་མཇལ་ཞུས། པོ་ཏ་ལར་ཕེབས། ཡང་བསྐྱར་༸རྒྱལ་དབང་ཐམས་ཅད་མཁྱེན་པ་ལྷ་ལྡན་སྨོན་ལམ་གྱི་ཚོགས་དབུར་གདན་འདྲེན་བྱེད་རྒྱུའི་སྙན་གསན་ཕུལ་བས་ཞལ་བཞེས་དང༌། ཐུགས་བརྩེ་བའི་བཀའ་སྩལ་མང་དུ་གནང༌། དེ་ནས་རྟེན་ཐམས་ཅད་ལ་མཆོད་མཇལ་ཞུས་ཤིང༌། རྒྱུན་པར་ལྷ་ལྡན་གཙུག་ལག་ཁང་ལ་ཕྱག་སྐོར་མཛད། དེ་ནས་དགུན་ཟླ་ཐ་མའི་ཉེར་དགུའི་ཉིན་པོ་ཏ་ལར་ཕེབས། རྣམ་རྒྱལ་གྲྭ་ཚང་གི་འཆམ་དང་གཏོར་རྒྱག་སོགས་ལ་གཟིགས་པར་མཛད། དགུང་ལོ་དྲུག་ཅུ་དངོས་པོ་ཞེས་པ་ཤིང་ཁྱི་གནམ་ལོ་གསར་བཞད་ཀྱི་ཉིན་ཐོ་རངས་ཡི་དམ་ཆོས་སྲུང་ལ་མཆོད་གཏོར་ཕུལ་ཞིང་


GTD005_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲིན་བཅོལ་མཛད་ནས་ཇོ་ཤཱཀ་རྣམ་གཉིས་སོགས་རྟེན་རྣམས་ལ་མཆོད་མཇལ་གནང༌། ཉི་མ་རྩེ་ཤར་ལ་འཕགས་མཆོག་ཕྱག་ན་པད་དཀར་འཆང་བའི་ཕོ་བྲང་པོ་ཏ་ལར་ཕེབས། ༸རྒྱལ་དབང་རིན་པོ་ཆེར་ནང་མཛོད་སེར་པོ། དྲིལ་གདན་ཅོད་པན་སོགས་ཕུལ་ཏེ་ལོ་གསར་གྱི་མཇལ་ཁ་ཞུས། བཞུགས་གྲལ་གྱི་གསོལ་སྟོན་རྒྱས་པའི་ཐོག་གྲལ་འཕྲོས་དང་ཚོགས་གླེང་གར་ཕྲུག་འཁྲབ་པ་སོགས་ལ་གཟིགས་པ་མཛད། རྒྱལ་ཚབ་རིན་པོ་ཆེར་ནང་མཛོད། དྲིལ་གདན། ཅོད་པན་བཅས་ཕུལ་ནས་མཇལ། ཡོངས་འཛིན་ཁྲི་རིན་པོ་ཆེར་ཡང་ལྷ་རྫས་ནང་མཛོད། བཞུགས་གདན་བཅས་ཕུལ་ནས་ཕྱག་དབང་ཞུས། ཕྱི་ཉིན་པོ་ཏ་ལར་རྒྱལ་པོ་ལོ་གསར་དུ་གྲགས་པའི་བཞུགས་གྲལ་ལ་ཡང་བསྐྱར་ཕེབས་ཏེ་༸རྒྱལ་དབང་ཐམས་ཅད་མཁྱེན་པར་ཕྱག་དབང་ཞུས་པས། རྒྱལ་བའི་ཞལ་ནས། སྐུ་འབུམ་མཁན་ཟུར་མི་ཉག་ཧོ་ཐོག་ཐུ་བདག་གི་ཉེ་སར་བཞུགས་དགོས་གསུང་སྟེ་ཁྲིའི་མདུན་དུ་བཞུགས་གདན་བརྒྱབ་ནས་དེར་བཞུགས་སུ་བཅུག་སྟེ་དཔེ་མེད་པའི་དགྱེས་ཉམས་མཛད། གསོལ་སྟོན་གང་རྒྱས་ཐོག་རིན་ཆེན་རྒྱན་ཆ་བ་དང་གར་མཆོད་སོགས་ལ་གཟིགས་པ་གནང༌། གསོལ་སྟོན་གྲོལ་ནས་༸རྒྱལ་དབང་རིན་པོ་ཆེས་རྗེ་འདི་པའི་ཕྱག་ནས་བཟུང་སྟེ་ཁྲིད་ནས་གཟིམས་ཆུང་དུ་ཕེབས་པར་དེར་ཚོགས་ཀུན་ཡ་མཚན་པར་གྱུར། ཉིན་རེ་བཞིན་ལྷ་སའི་གླིང་སྐོར་དང༌། ལྷ་ལྡན་གཙུག་ལག་ཁང་གི་སྐོར་བ་ལ་རེས་མོས་ཀྱིས་བྱོན་ཞིང་བརྒྱ་ཕྱག་མཆོད་འབུལ་སོགས་ཀྱིས་དུས་འདའ་བར་མཛད། དེ་ནས་ཆོ་འཕྲུལ་སྨོན་ལམ་གྱི་བཅོ་ལྔའི་ཉིན་སྐྱབས་མགོན་ཕྱག་ན་


GTD005_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

པད་དཀར་འཆང་བ་ལུང་རྟོགས་རྒྱ་མཚོ་ནས། བོད་ཡུལ་དུ་སེར་འབྲས་དགའ་གསུམ་སོགས་ལ་བཀའ་ཆོས་ཐོག་མར་སྩལ་སྐབས། རྗེ་འདི་པས་ཚེ་རབས་ཀྱི་ཕྲེང་བར་ཞིང་ཁམས་གང་དུ་བྱོན་པའི་འཁོར་གྱི་དང་པོ་དང༌། གསུང་གི་གསང་བ་འཛིན་པའི་སྲས་ཀྱི་ཐུ་བོར་འགྱུར་བའི་རྟེན་འབྲེལ་དུ། གསུང་ཆོས་རྭ་བ་ནས་ལྷ་རྫས་ནང་མཛོད་སེར་པོ། རྒྱ་དངུལ་སྲང་ཉིས་བརྒྱ་ལས་གྲུབ་པའི་མཎྜལ་ཆེ་བ་དབུས་སུ་རི་རབ་དང་གླིང་བཞི་གླིང་ཕྲན་དང་བཅས་ཚོམ་བུར་བཀོད་པ་བཟོ་ཁྱད་ཅན། སྐུའི་རྟེན་གསེར་ཟངས་ལས་གྲུབ་པའི་རྗེའི་སྐུ་བརྙན། གསུང་རྟེན་ཐར་མདོ་གསེར་བྲིས་གོས་སེར་པོའི་ན་བཟའ་ཅན། ཐུགས་རྟེན་འཆི་བདག་གི་བདུད་ལས་རྣམ་པར་རྒྱལ་བའི་མཆོད་རྟེན་རིན་ཆེན་དང་པོ་སྲང་ལྔ་ལས་གྲུབ་པའི་ཆོས་ཀྱི་འཁོར་ལོ། རྒྱ་དངུལ་སྲང་བཅུ་བདུན་ལས་གྲུབ་པའི་རྒྱལ་སྲིད་སྣ་བདུན་པད་འདབ་ཅན། དྲིལ་གདན། ཅོད་པན་བཅས་ཕུལ། དེ་ནས་ཉིད་ཀྱིས་སྤོས་འདྲེན་བྱས་ཏེ་༸རྒྱལ་དབང་ཐམས་ཅད་མཁྱེན་པ་ཚོགས་དབུར་གདན་དྲངས། རྗེ་འདི་པས་ཡན་ལག་ལྔ་ལྡན་གྱི་གུས་ཕྱག་སྔོན་དུ་བཏང་སྟེ། ལྷ་རྫས་ནང་མཛོད་སེར་པོ་སྲིད་དུ་འདོམ་པ་གསུམ་ལྷག་ཡོད་པ་དང༌། རྒྱ་དངུལ་སྲང་ཉེར་ལྔ་ལས་གྲུབ་པའི་མཎྜལ་རི་རབ་གླིང་བཞི་ཉི་ཟླ་དང་བཅས་པའི་ཚོམ་བུ་ཅན་དར་ཚོན་སྣ་ལྔས་བརྒྱན་པ་ཕྱག་ཏུ་བསྣམས་ནས། སྙན་དངགས་ཀྱི་ལམ་ནས་དྲངས་པའི་བདེན་ཚིག་དང་བསྔགས་བརྗོད་ཀྱིས་ཞུ་ལམ་ཡངས་པོར་བྱས་ཏེ། སྤྱན་རས་གཟིགས་དབང་སྤྲུལ་བའི་ཟློས་གར་ནམ་མཁའི་མཐའ་ཀླས་པའི་སྐྱེས་རབས་ཀྱི་ཕྲེང་བ་དང་འབྲེལ་བའི་རྟོགས་བརྗོད་དང་ཁྱད་པར་༸རྒྱལ་དབང་ཐམས་ཅད་མཁྱེན་པ་གོང་མ་སྐུ་ན་རིམ་གྱིས་འཇམ་མགོན་བླ་མའི་མདོ་


GTD005_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཟུང་འབྲེལ་གྱི་བསྟན་པ་ཁོ་ན་བདག་གིར་མཛད་ཅིང༌། ཡང་སྒོས་རྗེ་ཙོང་ཁ་པའི་འཁྲུངས་གནས་སྐུ་འབུམ་ཆོས་སྡེ་ཆེན་པོར་ཕེབས་ནས་བཤད་སྒྲུབ་ཆོས་ཀྱི་མཛད་པ་རླབས་ཆེ་བ་གནང་ཚུལ་གྱི་བཀའ་དྲིན་བརྗོད་པ་དང༌། སྐབས་དོན་སྐུ་ཕྲེང་འདི་ཉིད་དུའང་བསྟན་འགྲོའི་མགོན་དུ་ཞབས་ཟུང་པདྨོ་འཇིགས་བྲལ་གདོང་ལྔས་བཏེག་པའི་ཁྲི་འཕང་མཐོན་པོར་བསྐལ་པ་རྒྱ་མཚོའི་བར་དུ་ལྷུན་ཆགས་ཏེ་ཟབ་རྒྱས་ཆོས་འཁོར་སྐོར་དགོས་ཚུལ་རྣམས་རྒྱས་པར་ཞུས་ཏེ་རྟེན་འབྱུང་དུ་སྐུའི་རྟེན་གསེར་ཟངས་ཀྱི་ཚེ་མཐའ་ཡས་བའི་སྐུ་བརྙན་ཁྲུ་གང་ལྷག །གསུང་གི་རྟེན་ཚེ་མདོ་གསེར་བྲིས། ཐུགས་རྟེན་གསེར་ཟངས་ཀྱི་བྱང་ཆུབ་མཆོད་རྟེན་ཁ་གང་ལྷག །སྐུའི་ཉེར་སྤྱད་ཀྱི་སྐོར་ཆ་ཚང༌། རྒྱ་རྔ་དབྱུག་བཅས། ནོར་བུ་བསེ་རུའི་རྭ། ཁྱུ་མཆོག་མ་ཧེའི་རྭ་ཆ། ཐེག་ཆེན་གླང་པོའི་མཆེ་བ། ཁྲི་སྙན་ས་ལའི་པགས་པ་རྭ་བཅས། སྟག་ལྤགས་སྡེར་བཞི་ཆེ་ཚང༌། དངུལ་སྲང་བཅུ་དགུ་ལྷག་ལས་གྲུབ་པའི་ཚེ་བུམ་ཞབས་སྟེགས་ཚ་གསེར་མ། ཁ་རྒྱན་གྱི་དཀྱིལ་དུ་ཚེ་མཐའ་ཡས་པའི་སྐུ་བརྙན་བཞུགས་པ། མེ་དམ་ཚ་གསེར་ཅན་ནང་དུ་དངུལ་ལས་གྲུབ་པའི་མེ་ཏོག་སྲང་གསུམ་རེ་ཅན་ཆ། ཚ་གསེར་གྱི་རྡོ་རྗེ་རྩེ་ལྔ་པ། དངུལ་སྲང་བདུན་རེ་ཡོད་པའི་དངུལ་སྐོང་ཆ། དངུལ་སྲང་བཞི་བཅུ་ལས་གྲུབ་པའི་རྒྱ་གླིང་ཕྲ་ལྡན་ཆ། ཛབ་ཡའི་མཆོད་ཞལ་ཆེ་བ་ནང་དུ་དངུལ་ཤན་དབུས་སུ་བྱུ་རུའི་ཕྲ་ཡོད་པ། བྷེ་དའི་མཆོད་ཞལ་བྱུར་བུར་ཇུས་བསྐོས་མ་ནང་དུ་དངུལ་ཤན་ཅན། དངུལ་སྲང་བཅོ་ལྔ་ལས་གྲུབ་པའི་གསོལ་ལྟིར་ནང་དུ་རི་བོ་དྭངས་བསིལ་གྱི་མེ་ཏོག་གིས་བཀང་བ། བྱུར་དམར་གྱི་


GTD005_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲེང་བ་ཆེ་བ་གསེར་གྱི་བཅུ་ཤད་སུམ་ལྡན། གཡང་ཌིའི་ཕྲེང་བ་མ་ན་ཧུས་བརྒྱན་པ་ཁྱུང་རྒྱ་སྨུག་གི་བཅུ་ཤད་སུམ་ལྡན། རི་བོ་རྩེ་ལྔའི་ཕྲེང་སེར་ཉི་ཤུ། རྒྱ་དངུལ་རྟ་རྨིག་མ་ཉི་ཤུ་ལ་སྲང་ཆིག་སྟོང་ལྷག་ཙམ། མཛོད་གོས་མང་ནུག་བཅས་གོས་ཆེན་སྣ་ཚོགས་ཡུག་བཅུ་དགུ །ཇུས་ཆེན་སྣ་ཚོགས་ཡུག་ཉེར་ལྔ། གོས་སྤུ་ཚོན་རིས་ཅན་ཁ་གསུམ་རེ་ཡོད་པ་གཉིས། གོས་ཆེན་ལྕགས་སྒྲོག་མའི་སོག་ལྭ་ལིང་སྔོན་གྱི་ནང་ཤ་ཅན་སྤུས་ལེགས། རིགས་ལྔ་དཀྱིལ་དུ་རིགས་ལྔའི་ས་བོན་ཡོད་པ་མཐའ་སྐོར་གྱི་པ་ཏྲ་རྣམས་དངུལ་ལས་འབུར་མར་བཅོས་པ། གཙུག་ཏོར་ཏོག་ཚ་གསེར་མ་དངུལ་སྐུད་དང་བྱུ་རུས་བརྒྱན་པ། གོས་ཚོན་གྱིས་གྲུབ་པའི་སྟོད་གཡོགས་དང་སྨད་གཡོགས། དྲིལ་གདན་ཆེ་ལེགས། ཅོད་པན་ཆ། འགོ་སྣམ་སྐྱ་བ་གྱོན་འདེང༌། སྨན་རྙིང་ཡུག །བུ་ལ་གན་བཞི། ཝ་དམར་སྤུས་གཙང༌། བུ་ལ་གྷ་རི་བུབ་བཅུ། ཏཱ་དཀར་ཡུག་དྲུག་ཅུ། རྒྱ་ཟམ་ལྔ་བཅུ། ཁེ་བི་སུའི་ས་གདན་ལེགས་པ་གསུམ་དང་ཁྲི་ཤོའུ་ཙེ་གཅིག །ཁེ་བི་སུའི་མལ་སྟན་སྤུས་ལེགས་གཅིག །ཤེལ་དཀར་རྟ་སོ་མ་སྒམ་གང༌། བྱེ་ཀར་སྒམ་གཉིས། རྒུན་འབྲུམ་དཀར་པོ་སྒམ་གཉིས། སོག་པོ་རྒུན་འབྲུམ་སྒམ་བཞི། ཨ་མྲ་སྒམ་གང༌། གོ་ར་སྒམ་གང༌། ཆི་བ་ག་ལྟང་གསུམ། ལྦ་ཀོ་བཞི། ཟིང་སྦག་སྒམ་བདུན། འབྲུ་དཀར་ལྟང་གཅིག །སྣམ་དཀར་ཡུག་བཅས་རྣམ་གྲངས་ཆིག་སྟོང་ཉིས་བརྒྱ་དང་བཅུ་གཅིག་གི་འབུལ་ལམ་ཞུས་ཏེ་རྨུགས་འཛིན་བང་མཛོད་ཕྱེ་བ་བཞིན་རྒྱ་ཆེ་ལ་དངོས་གཙང་ཞིང་གྱ་ནོམ་པའི་བདོག་པ་དངོས་འབྱོར་གྱི་སྟེང་རྣམ་དཀར་དགེ་ཚོགས་དང་བཅས་པ་བློས་


GTD005_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

བླངས་ཏེ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ནམ་མཁའི་མཐའ་ཀླས་པའི་ཕྱོགས་བཅུའི་རྒྱལ་བ་ཀུན་དང་ལྷན་ཅིག་དགྱེས་པ་སྐྱེད་པར་མཛད། ཚྭ་དོར་ནོ་མོན་སོགས་ཀྱི་དུས་རྒྱལ་ཚབ་ལ་རྒྱལ་བའི་འབུལ་བའི་སུམ་ཆའམ་བཞི་ཆ་ལས་མི་དགོས་ཀྱང༌། དེ་མོ་གོང་མའི་སྐུ་དུས་ཧལ་ཧ་འགའ་ཞིག་གིས་རྒྱལ་བ་ལས་ཆེ་བར་བྱེད་པའང་བྱུང་བས། འདི་སྐབས་ཕྱེད་ཆག་བྱེད་ཀྱིན་འདུག་པའི་ཡུལ་ལུགས་དང་བསྟུན་ཏེ། རྒྱལ་ཚབ་དེ་མོ་ནོ་མིན་ཧན་རིན་པོ་ཆེར་ལྷ་རྫས་ནང་མཛོད། དངུལ་སྲང་བཅོ་ལྔ་ལས་གྲུབ་པའི་མཎྜལ། སྐུ་གསུང་ཐུགས་རྟེན། སྐུའི་ཉེར་སྤྱད་ཡོངས་རྫོགས། ཚ་གསེར་གྱི་འཁོར་ལོ། རྒྱ་དངུལ་སྲང་ལྔ་བརྒྱ། མཛོད་གོས་མང་ལྷུག་དང་འཇམ་རིས་སྣ་ཚོགས་ཡུག་ཆེན་ལྔ། ཇུས་ཆེན་སྣ་ཚོགས་ཡུག་བཅུ། རྒྱན་བཞི་སྔོན་པོའི་སོག་གོས་ནང་ཤ་ཅན། དྲིལ་གདན་ཆ། ཅོད་པན་ཆ། རི་བོ་རྩེ་ལྔའི་ཕྲེང་སེར་བཅུ། ཏཱ་དཀར་ཡུག་བཞི། རྒྱ་ཟམ་ཡུག་བཅོ་ལྔ། བུ་ལ་གན་བུབ། ཝང་དམར་སྐྱ་བུབ། བུལ་ཧ་རི་དྲུག །ཁེ་བི་སུའི་ས་སྟན་དང་མཱ་ཁྲང་ཙི། ཁེ་བི་སུའི་མལ་སྟན། ཤེལ་དཀར་རྟ་སོ་མ་དང་བྱེ་ཀར་སྒམ་ཆ། རྒུན་དཀར་སྒམ་གང༌། སོག་རྒུན་སྒམ་གཉིས། ཆི་བ་ག་ལྟང་ཆ། རྒུན་ནག་ལྟང་ཡ། ཟིང་སྦགས་སྒམ་ཆ། གོས་དཀར་ཡུག་བཅས་རྣམ་གྲངས་ལྔ་བརྒྱ་དང་གྱ་དགུའི་མཆོད་སྤྲིན་སྤྲོས་ཤིང༌། ལྷ་སའི་སྨོན་ལམ་གྱི་དགེ་འདུན་ཉི་ཁྲི་སུམ་སྟོང་ལྷག་ལ་ལག་འདོན་མང་ཇ་དང་ཐུག་པ། དངུལ་ཊཾ་རེ་རེའི་སྐུ་འགྱེད་བཅས་ཕུལ། ༸གོང་ས་༸རྒྱལ་དབང་ཐམས་ཅད་མཁྱེན་པ་ཡབ་སྲས་བསྟན་འགྲོའི་མགོན་


GTD005_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཞབས་པད་བརྟན་ཅིང་ཆོས་སྲིད་ཀྱི་འཕྲིན་ལས་ཕྱོགས་བཅུར་རྒྱས་པ་དང༌། འཇིག་རྟེན་གྱི་ཁམས་ཀུན་ཏུ་དགེ་མཚན་རྫོགས་ལྡན་བཞིན་འབྱུང་ཞིང༌། ཁྱད་པར་ཕྲན་མི་ཉག་ཧོ་ཐོག་ཐུའི་སྒོ་གསུམ་གྱི་བགྱི་བ་མཐའ་དག་རྗེའི་བསྟན་པ་འབའ་ཞིག་གི་ཞབས་འདེགས་སུ་འགྱུར་བ་སོགས་ཀྱི་སྐྱབས་འཇུག་དང་ཞུ་འབུལ་རྣམས་མདོ་རྒྱུད་ཀྱི་ལུང་གི་རྒྱབ་རྟེན་བཅས་ཞུས་པ་ན། ༸རྒྱལ་དབང་མཆོག་ནས་ཐུགས་ཤིན་ཏུ་དགྱེས་ཏེ། ཁྱེད་ཉིད་ནས་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱི་རྟོགས་བརྗོད་གང་རྒྱས་བརྗོད་བྱུང༌། ཞེས་སོགས་ཀྱི་བཀའ་ལུང་སྩལ། སྨོན་ལམ་གྱི་ཚོགས་སུ་བྱོན་པས་སེར་འབྲས་དགའ་གསུམ་སོགས་ཀྱི་མཁན་པོ་རྣམས་དང་དགེ་བའི་བཤེས་གཉེན་མཁས་པ་མང་ནས་མགྲིན་གཅིག་ཏུ། སྐུ་འབུམ་མཁན་ཟུར་མི་ཉག་ཧུ་ཐོག་ཐུའི་ཞུ་འབུལ་ཚིག་སྙན་ལ་དོན་ཟབ་པ་རྒྱས་བསྡུས་རན་པ་བཤད་པ་འགངས་ཆེན་ཟེར་ནས་ངོ་མཚར་དུ་རྩི་ཞིང༌། དེའི་སྒོ་ནས་སྐུ་ཡོན་ཟབ་ཅིང་བརླིང་བའི་མཁས་པ་ཆེན་པོ་རེད་ཅེས་བསྔགས་བརྗོད་ཀྱི་དབྱངས་སྙན་སྒྲོགས་པ་བྱུང་སྟེ། ས་པཎྚི་ཏས། མཁས་པ་མཁས་པའི་དྲུང་ན་མཛེས། །བླུན་པོས་མཁས་པ་ཇི་ལྟར་གོ །ཞེས་གསུངས་པའི་དཔེའོ། །དེ་ནས་༸རྒྱལ་དབང་ཐམས་ཅད་མཁྱེན་པ་གཟིམས་ཆུང་དུ་བྱོན་ནས་རྗེ་འདི་པར་ལྷ་རྫས་ནང་མཛོད། ཙན་དན་ལས་གྲུབ་པའི་ཇོ་བོ་ལོ་ཀི་ཤྭ་རའི་སྐུ་བརྙན། རིན་རིལ་སོགས་རྙེད་དཀའི་རྟེན་གྱི་སྐོར་དང༌། ཆོས་ཀྱི་གཎྜི་གཎ་གཡོག་དང་བཅས་པ། སྐུའི་ཉེར་སྤྱད་བླ་ཆས་སྐོར་ཆ་ཚང་སོགས་ཀྱིས་སྲིད་ལུགས་དང་མཐུན་པའི་བདག་རྐྱེན་སྩལ་ཏེ་ཐུགས་མཉེས་པའི་ཚུལ་གྱིས། ཀྱེ་སྐུ་འབུམ་མཁན་ཟུར་ཞེས་མདུན་དུ་བོས་ནས།


GTD005_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

དེང་ངེད་ཅག་ལྷན་རྒྱས་ནས་སྨོན་ལམ་ལ་འགྲོ་གསུང་བ་སོགས་ཐུགས་བརྩེ་བའི་གསུང་ལྷུག་པར་གནང༌། རྒྱལ་བའི་མདུན་དེར་རྗེ་འདི་པ་ལ་རྒྱལ་ཚབ་རིན་པོ་ཆེ་དང༌། བཀའ་བློན་རྣམས་དང༌། སྐུ་མདུན་མཁན་པོ་སོགས་མི་དྲག་ཐམས་ཅད་ནས་ཆོས་ལྡན་གྱི་ཐུགས་བཞེད་གྲུབ་པའི་རྟེན་འབྲེལ་དུ་ལྷ་རྫས་མཛོད་བཏགས་རེ་སྩལ། དེ་ནས་༸རྒྱལ་དབང་ཐམས་ཅད་མཁྱེན་པའི་ཞབས་ཕྱི་ཞུས་ནས་སྨོན་ལམ་ལ་ཕེབས། ཐུབ་བསྟན་རིན་པོ་ཆེའི་ཡང་སྙིང་འཇམ་མགོན་སྙན་བརྒྱུད་ཀྱི་མན་ངག་རྣམས་ཕྱོགས་ཀུན་ཏུ་རྒྱས་པའི་ཐུགས་སྨོན་མཛད། སྨོན་ལམ་གྲོལ་ནས་༸རྒྱལ་དབང་མཆོག་ནས་རྗེ་འདི་པའི་ཕྱག་ནས་བཟུང་སྟེ། སྐུ་ན་ཧ་ཅང་ཕྲ་བའི་ཉམས་ཀྱིས་ད་འགྲོ་འགྲོ་ཞེས་འཁྲིད་པའི་རྣམ་པ་མཛད་དེ་ཇོ་བོ་ཤཱཀྱ་མུ་ནེ་དང་ཉེ་སྐོར་རྟེན་རྣམས་ལ་མཆོད་མཇལ་གནང༌། མཆོད་མཇལ་གྲུབ་པ་དང༌། ༸རྒྱལ་དབང་རིན་པོ་ཆེའི་ཞལ་ནས། ཁྱེད་དགུང་ལོ་བགྲེས་པས་གཟིམས་ཤག་ཏུ་ཕེབས་ལ་བདེ་བར་བཞུགས་ཞེས་བརྩེ་བའི་བཀའ་སྩལ་ཏེ་རྩེ་དྲུང་གཅིག་ལ་འདི་པ་སྐྱེལ་དུ་བཅུག །དེ་ནས། གསང་བ་སྤྱི་རྒྱུད་ལས། ཉི་མ་ཟླ་བ་གཟས་ཟིན་དང༌། །ཡ་མཚན་ཆེ་ལྟས་བྱུང་བ་དང༌། །ཆོ་འཕྲུལ་གྱི་ནི་ཟླ་བ་ལ། །བསྒྲིམས་ཏེ་དཀྱིལ་འཁོར་བསྒྲུབ་པར་བྱ། །གསུངས་ཀྱང༌། མཎྜ་སྙིང་པོ་དང༌། ལ་ལེན་པའི་དོན་ཡིན་པས་འགྱུར་ཁྱད་ཀྱིས་ཤིན་ཏུ་སྙིང་པོ་ལེན་དགོས་པའི་དུས་སུ་གཟིགས་ནས་སྐྱོ་ངལ་གྱི་རྣམ་པ་ཕྲ་མོ་ཙམ་ཡང་མི་མཛད་པར་གཉིད་དང་སྙོམ་ལས་མཐའ་དག་རྒྱང་རིང་དུ་སྤངས་ཏེ་ལོང་སྐབས་གང་བྱུང་ཐམས་ཅད་ལ་དུས་རྒྱུན་དུ་ཇོ་ཤཱཀ་རྣམ་གཉིས་ལ་ཕྱག་སྐོར་མཛད་ཅིང༌། ༸རྒྱལ་དབང་


GTD005_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེའི་ཞལ་ཉིན་ལྟར་མཇལ། ལྷ་ལྡན་སྨོན་ལམ་གྱི་མཆོད་པ་དང༌། གཏོར་རྒྱག །བང་རྩལ་འགྲན་པ་སོགས་ཀྱི་ལྟད་མོ་སྣ་ཚོགས་ལའང་གཟིགས། ༸རྒྱལ་དབང་ཐམས་ཅད་མཁྱེན་པ་པོ་ཏ་ལར་ཆིབས་ཁ་བསྒྱུར་དུས་ཆིབས་སྐྱེལ་དུ་ཕེབས་རྩིས་བྱས་པར་ཁྱེད་དགུང་ལོ་བགྲེས་པས་འོ་བརྒྱལ་བར་འདུག །བསྐྱོད་མི་དགོས་ཞེས་བཀའ་ནན་ཕེབས། དེ་ནས་སེ་ར་ཐེག་ཆེན་གླིང་དུ་ཕེབས། འདུས་ཚོགས་སུ་མང་ཇ་འགྱེད་སོགས་གང་རྒྱས་དང༌། རྟེན་རྣམས་ལ་མཆོད་འབུལ་ཞུས། གླིང་སྐོར་ལ་བྱོན་ཞོར་དུ། རྗེ་བླ་མས་དབྱར་ཞལ་བཞེས་ཀྱི་ཁུངས་ནས་རྩ་ཤེ་ཊཱིཀ་ཆེན་བཀའ་རྩོམ་མཛད་པའི་གནས་སེ་ར་ཆོས་སྡིངས་སུ་ཕེབས། སྐྱབས་སེམས། ཐུན་དྲུག་གི་རྣལ་འབྱོར། བསྟན་འབར་མ་སོགས་གསུང་སྟེ་རྒྱལ་བའི་ཡུམ་ཕ་རོལ་ཏུ་ཕྱིན་པའི་དངོས་བསྟན་སྦས་དོན་གྱི་རྟོགས་པ་རྣམས་རྒྱུད་ལ་སྐྱེ་བའི་གསོལ་འདེབས་དང༌། བསྟན་པའི་སྙིང་པོ་དེ་ཉིད་རྒྱས་པའི་ཐུགས་སྨོན་ནན་ཆེར་མཛད། དེ་ནས་འབྲས་སྤུངས་ཀྱི་དབེན་གནས་དགེ་འཕེལ་དུ་ཕེབས། བདུན་ཕྲག་དུ་མར་བཅད་རྒྱ་བསྡམས་ནས་ཡི་དམ་ལྷའི་ལྗགས་བསྙེན་མཛད། ཐུན་མཚམས་སུ་རྗེ་བླ་མས་མཛད་པའི་ཐོག་མཐའ་བར་དུ་དགེ་བའི་སྨོན་ལམ་གྱི་འདོན་ཐབས་ཐར་པའི་ལམ་སྟོན་ཞེས་བྱ་བ་ལྗགས་རྩོམ་མཛད། དེ་ནས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་བྱོན། རྗེ་རིན་པོ་ཆེའི་སྐུ་གདུང་མཆོད་རྟེན་ཡིད་བཞིན་གྱི་ནོར་བུའི་དྲུང་དུ་མཆོད་སྒྲོན་སྣ་ཚོགས་སྤྲོས་ཏེ་ཉིན་གསུམ་གྱི་རིང་ལ་ཞལ་འདོན་བཤགས་སྦྱང་སོགས་གང་རྒྱས་མཛད་དེ་རྗེའི་བསྟན་པ་ཕྱོགས་མཐར་རྒྱས་པའི་ཐུགས་སྨོན་གནང༌། གླིང་སྐོར་ལ་བྱོན་སྐབས་ཀླུ་འབུམ་ཁམས་ཚན་གྱི་གྲྭ་རྒན་


GTD005_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བཤེས་ཤིག་ཞབས་ཕྱིར་སོང་བས་སྐོར་ལམ་གྱི་སངས་རྒྱས་བྱང་སེམས་མང་པོའི་སྐུ་རང་བྱོན་དང༌། ཕྱག་ཞབས་ཀྱི་རྗེས་སོགས་འདུག་པའི་རྒྱུ་མཚན་ཞུས་པ་ལྟར་གྱི་ཐོ་ཡིག་དང་ལོ་རྒྱུས་ཕྱག་བྲིས་སུ་མཛད། འདུས་ཚོགས་སུ་མང་ཇ་ཁ་ཤས་དང་སྐུ་འགྱེད་དངུལ་སྐར་ཕྱེད་བརྒྱད་རེ་ཕུལ། བྱང་རྩེ་གྲྭ་ཚང་དང་ཤར་རྩེ་གྲྭ་ཚང་སོ་སོར་ཡང་མང་ཇའི་བསྙེན་བཀུར་ཞུས། ནང་རྟེན་ཐམས་ཅད་ལ་མཆོད་པ་སྙན་ཤལ་བཅས་ཕུལ་ཏེ་མཇལ་ཁ་ཞུས། ཆོས་རྒྱལ་གྱི་མདུན་དུ་བརྒྱ་མཆོད་ཕུལ། བརྐྱང་བསྐུམ་མ་སོགས་གསུང་སྟེ་རྡོ་རྗེའི་གཡར་དམ་བསྐུལ་བའི་ཕྲིན་བཅོལ་མཛད། དེ་ནས་བདེ་ཆེན་རྫོང་དུ་བྱོན། གསང་སྔགས་མཁར་གྱི་ནང་རྟེན་མགོན་པོ་ལ་མཇལ་རྒྱུ་ཡིན་བྱས་པར། དཀོན་གཉེར་དེས་སོག་པོ་བླ་མ་ག་རི་བྱེད་ཀི་ཡིན་ཟེར་བ་སོགས་བརྙས་ཐབས་ཀྱི་རྣམ་པ་དང་བཅས་དལ་གྱིས་སོང་སྟེ་སྒོ་ཕྱེ་བར་མཇལ་ཁ་ཞུས་ནས་མགོན་པོའི་མདུན་དུ་མཆོད་སྒྲོན་རྒྱ་ཆེར་ཕུལ་ཏེ། སྐྱབས་སེམས། ཡན་ལག་བདུན་པ། མྱུར་མཛད་མ་སོགས་གསུང་ཞིང༌། བླ་མ་མགོན་པོ་དབྱེར་མི་ཕྱེད་པའི་གདུང་ཤུགས་དྲག་པོ་དང་བཅས་ཕྲིན་བཅོལ་མཛད་པ་ན། དཀོན་གཉེར་གྱི་མཐོང་སྣང་ལ་མགོན་པོའི་སྐུ་བརྙན་དེས་སྤྱན་རྗེ་འདི་པ་གར་ཕེབས་ལ་གཟིགས་པའི་ཉམས་ཤིག་ཤར་ཏེ། དཀོན་གཉེར་སྐྲག་ནས་སྔར་མ་གུས་པ་བྱས་པ་ལ་འགྱོད་ནས་མཐོལ་བཤགས་དང༌། ཁྱེད་ཉིད་སྐྱེས་བུ་དམ་པ་འགང་ཆེན་རེད་ཅེས་སྐྱབས་འཇུག་ཀྱང་ནན་གྱིས་ཞུས་པ་བྱུང༌། དེ་ནས་བྲག་ཡེར་པའི་དགོན་པར་ཕེབས་ཏེ་སྒྲུབ་ཕུག་སོ་སོ་དང༌། བྱམས་པ་ལོ་ཀེ་ཤྭ་ར་སོགས་


GTD005_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྟེན་མཇལ་མཛད། འདུས་ཚོགས་ལ་སྐུ་འགྱེད་དང་མང་ཇའི་དོད་ཕུལ། དེ་ནས་ལྷ་སར་བྱོན། ཡོངས་འཛིན་དགའ་ལྡན་ཁྲི་རིན་པོ་ཆེ་མཁས་གྲུབ་བྱེ་བའི་གཙུག་རྒྱན་དམ་པ་བསྟན་པའི་སྲོག་ཤིང་རྗེ་ངག་དབང་སྙན་གྲགས་ཞལ་སྔ་ནས་ཀྱི་དྲུང་ནས་ལམ་རིམ་མཆན་བཞི་མའི་ཁྲིད་ཉིན་ཉི་ཤུ་ལྷག་ཙམ་གྱི་རིང་ལ་གསན། ཡང་གསང་འདུས་དང་བདེ་མཆོག་སྔགས་བཏུ་གཉིས་ཀྱི་རྗེས་གནང༌། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོས་མཛད་པའི་རིགས་གསུམ་སྤྱི་སྒྲུབ་ཀྱི་ཁྲིད། ས་བཅུད་བུམ་སྒྲུབ་ཀྱི་ལུང་བཅས་གསན་ནས་བཀའ་དྲིན་གསོབ་བྱེད་དུ། ནང་མཛོད་སེར་པོ། དངུལ་མཎ། སྐུ་གསུང་ཐུགས་རྟེན། ན་བཟའི་རྒྱུའི་གོས་ཆེན་རྒྱུ་བཟང་ཡུག་ཁ་ཤས། རྒྱ་དངུལ་རྟ་རྨིག་མ་ཟུང༌། གཞན་དངོས་པོ་གྱ་ནོམ་པའི་འབུལ་བ་སྣ་ཚོགས་བཅས་ཕུལ། དེ་ནས་ཡོངས་འཛིན་ཁྲི་རིན་པོ་ཆེ་དང༌། སྟག་ལུང་དགེ་བཤེས་དཔོན་གཡོག་གཉིས་ཀྱིས་རྗེ་འདི་པའི་དྲུང་ནས་ཉིན་ཁ་ཤས་ལ་གཏོར་ཆེན་ཟུར་དགུ་པའི་གཏོར་ཆོག །རྗེ་རང་གིས་མཛད་པའི་ཐོག་མཐའ་བར་གྱི་འདོན་ཐབས་སོགས་བཀའ་ཆོས་ཀྱི་སྐོར་མང་ཙམ་གསན། ཚོགས་མཆོད་ཚུགས་ནས་རྟེན་མཇལ་ཚོགས་མཇལ་ཕྱག་སྐོར་སོགས་ལ་འགྲུས་པར་མཛད། སེར་སྦྲེང་གི་མཆོད་པ་དང་གར་མཆོད་སོགས་ལའང་ཞིབ་གཟིགས་གནང༌། སློང་མོ་བ་ཉིས་སྟོང་ལྷག་ལ་ཇ་མར་གྱི་སྦྱིན་པ་བཏང་ནས་ཡིད་དགའ་བར་བྱས། པོ་ཏ་ལའི་རྣམ་རྒྱལ་གྲྭ་ཚང་གི་དུས་འཁོར་སྒྲུབ་མཆོད་ཚུགས་རྒྱུར་སྔོན་འགྲོ་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་རྒྱུའི་ས་ཐིག་ཆོག་སྐབས་ཀྱི་གར་ཐིག་སོགས་ཕྱག་ལེན་ཕྲ་ཞིབ་ཀུན་ལ་ལེགས་


GTD005_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

པར་གཟིགས་རྟོག་མཛད། དཀྱིལ་འཁོར་བཞེངས་གྲུབ་ནས་སྒྲུབ་མཆོད་དངོས་གཞིའི་ཉིན་གཅིག་༸རྒྱལ་དབང་ཐམས་ཅད་མཁྱེན་པ་ཚོགས་དབུར་ཕེབས་སྐབས་རྗེ་འདི་པས་སྤོས་སྣ་བྱས་ཏེ་ཕེབས་པས། རྒྱལ་བའི་དབང་པོ་མཆོག་གིས་ཀྱེ་སྐུ་འབུམ་མཁན་ཟུར་ཞེས་འབོད་པ་གནང་ཞིང༌། འདི་པའི་ཕྱག་ནས་ཁྲིད་དེ་བརྩེ་བའི་གསུང་མང་དུ་བྱོན་ཞིང་མཐར། ངེད་ཅག་ལྷན་དུ་སྨོན་ལམ་འདེབས་གསུང་སྟེ་ཚོགས་གྲལ་གྱི་མགོར་བཞུགས་སུ་བཅུག །ཡོངས་འཛིན་ཁྲི་རིན་པོ་ཆེའང་ཕེབས་པས། ༸རྒྱལ་དབང་ཐམས་ཅད་གཟིགས་པ་ཆེན་པོས་དབུ་མཛད། ཡོངས་འཛིན་ཁྲི་རིན་པོ་ཆེ། རྗེ་འདི་པ། རིག་པ་འཛིན་པའི་དགེ་འདུན་འདུས་ཚོགས་དང་བཅས་པས་ཉིན་འཁྱོང་གི་རིང་ལ་ཞལ་འདོན་དང་ཐུགས་སྨོན་རྒྱ་གང་ཆེ་མཛད། ཚོགས་གྲོལ་ནས། ༸རྒྱལ་དབང་རིན་པོ་ཆེ་གཟིམས་ཁང་དུ་ཕེབས་ཁར་རྗེ་འདི་པ་མདུན་དུ་བོས་ཏེ་ཕྱག་གཡས་ཀྱིས་རྗེ་འདི་པའི་ཕྱག་གཡས་ནས་བཟུང་སྟེ། འཽ། མདོ་སྨད་རྗེ་ཙོང་ཁ་པའི་འཁྲུངས་གནས་གདན་ས་ཆེན་པོ་སྐུ་འབུམ་བྱམས་པ་གླིང་ནས་བོད་ཡུལ་འདིར་བྱོན་པའི་བླ་མ་ཁྱེད་ནི་རྗེ་རིན་པོ་ཆེའི་རྣམ་འཕྲུལ་དངོས་ཡིན་ཞིང༌། ངེད་ལའང་སྐུ་དྲིན་ཤིན་ཏུ་ཆེ། དེང་འདིར་ངེད་ཅག་ལྷན་ཅིག་ཏུ་སྨོན་ལམ་ལེགས་པར་བཏབ་པ་ཡིན་པས། ཕྱིས་སུའང་ཁྱེད་ཀྱིས་ང་རང་ཐུགས་ནས་མ་བརྗེད་ཅེས་གསུང་གི་གསང་བ་ཆེས་ཆེར་སྩལ་བས་གཞལ་བར་དཀའ་བའི་གནས་སུ་གྱུར། སྤྱིར་འདི་པ་དགུང་ལོ་སྨིན་པས་ལོ་རྗེས་མར་དབྱར་འགྲོས་ཀྱིས་བདེ་བར་ཕེབས་ཆོག་རྒྱུ་ལ། དེ་ལྟར་བྱས་ཚེ་ཕག་ལོའི་སྨོན་


GTD005_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ཚོགས་དབུ་སོགས་བྱེད་དགོས་པས་དགའ་སྟོན་མཐར་ཕྱིན་པ་ཞིག་མི་འོང་ཞིང༌། ལྷག་པར་ནག་ཟླའི་དུས་ཆེན་ལ་གཉིས་མེད་དུས་ཀྱི་འཁོར་ལོའི་སྒྲུབ་མཆོད་དང་འབྲེལ་བའི་ཐུགས་སྨོན་རླབས་ཆེན་འདི་ཚོ་མཛད་རྒྱུའི་སྟེང་དུ་མི་ཁེལ་བས། དགུན་དུས་ཚ་དྲག་གིས་མི་སྔ་མི་འཕྱི་བར་དུས་ཐོག་འདི་རང་ལ་ཕེབས་པ་དང༌། ༸རྒྱལ་དབང་མཆོག་ནས་ཀྱང་སྐྱེ་བའི་འཕྲེང་བ། མིང་གོ་ས། སྟོབས་འབྱོར་སྙན་གྲགས་ཅན་གྱི་འཛམ་གླིང་གི་བླ་ཆེན་ཇི་སྙེད་ཅིག་མདུན་དུ་བྱོན་པ་ལ་འདིའི་བཅུ་ཆ་ཙམ་ཡང་གནང་བའི་བགྲོས་མེད་པ། ཕ་བུ་ཕྲད་པ་ལྟ་བུའི་དགྱེས་གཟིགས་ཚད་མེད་པ་དང་ནང་སྦྱར་གྱི་གསུང་ལྷུག་པ་སྩོལ་ཚུལ། ཆོས་ཀྱི་མཛད་འཕྲིན་ལྷན་ཅིག་གནང་བ། གཙོ་ཆེའི་མཐའ་མ་དུས་ཀྱི་འཁོར་ལོའི་སྒྲུབ་པའི་ཐོག་ཏུ་བབ་པ་སོགས་སྒོ་དུ་མ་ནས་དཔྱད་ན། ཀུན་མཁྱེན་རྒྱལ་བའི་དབང་པོ་སྐུ་འཕྲེང་འདི་ཉིད་ཀྱི་ཐུན་མོང་མ་ཡིན་པའི་དངོས་སྐལ་དུ་གྱུར་པའི་སྔོན་གྱི་རྟེན་འབྲེལ་ཞིག་དང༌། དྲག་པོ་འཁོར་ལོ་ཅན་ཚུན་ཆད་ཕྱི་མའི་རྟེན་འབྲེལ་གྱི་སྒོ་དུ་མ་ཞིག་ཡོད་པར་སྣང་ངོ༌། །རྒྱ་མཚོའི་རླབས་བཞིན་མི་ཡོལ་ཐུགས་བསྐྱེད་མཐའ། །དུས་སུ་སྨིན་པ་ཡོངས་འདུའི་ས་བོན་ལས། །དགེ་ལེགས་དཔག་བསམ་སྲིད་པའི་རྩེར་བསྙེགས་པ། །ཕལ་བའི་འཁྲི་ཤིང་ཚོགས་ཀྱི་མཚོན་བྱ་མིན། །ཡབ་སྲས་ཟུང་གི་འཕྲིན་ལས་འདབ་མའི་གར། །རྣམ་ཀུན་མཆོག་ལྡན་དབྱིངས་སུ་བསྒྱུར་བ་ཡི། །དམིགས་མེད་བདེ་བའི་རྫ་རྔ་བཞད་པའི་སྒྲས། །ཀུན་རྨོངས་གཉིད་ཀྱི་གོ་སྐབས་འཕྲོག་གྱུར་ཅིག །དེ་ནས་རྗེ་ཉིད་གཟིམས་ཤག་ཏུ་བྱོན་ཏེ་ཞབས་ཕྱི་བ་རྣམས་ལ་དེ་རིང་༸རྒྱལ་དབང་ཐམས་ཅད་མཁྱེན་པ་ཐུགས་རྗེ་ཅན་དང༌། ཡོངས་


GTD005_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ཁྲི་རིན་པོ་ཆེ། དགེ་འདུན་འདུས་པའི་ཚོགས་དང་ལྷན་ཅིག་ཏུ་ངེད་རང་གིས་ཀྱང་སྨོན་ལམ་ལེགས་པར་བཏབ། དེར་མ་ཟད་༸རྒྱལ་དབང་རིན་པོ་ཆེས་ཐུགས་མཉེས་པའི་གསུང་རྡོ་རྗེའི་ཚིག་བསམ་གྱིས་མི་ཁྱབ་པ་ལྷུག་པར་སྩལ་བས་བཀའ་དྲིན་ནི་འཁོར་མཐའ་མ་མཆིས་པ་བྱུང༌། རང་གི་འབྱོར་ཚོད་ཀྱིས་ཇོ་ཤཱཀ་རྣམ་གཉིས་སོགས་རྟེན་ཀུན་ལ་མཆོད་པ། རྒྱལ་བ་ཡབ་སྲས་ལ་འབུལ་བ། སེར་འབྲས་དགའ་གསུམ་བཀྲ་ཤིས་ལྷུན་པོ་བཅས་དགོན་སྒྲུབ་སྡེ་ཆེ་ཕྲ་ཐམས་ཅད་ལ་བསྙེན་བཀུར་ལེགས་པར་གྲུབ་ཚར་བ་ཡིན་ཀྱང༌། རབ་བྱུང་ན་སྔོན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་རྣམ་ཐར་བཟང་པོ་སྨོན་པའི་ཡུལ་དུ་བྱས་ཏེ། ཚེ་ལྷག་འདི་དོན་དང་ལྡན་པ་ཞིག་ཨེ་ཡོང་སྙམ་པའི་འཕེན་པ་ཡོད། གལ་ཏེ་དེ་ལྟར་མ་བྱུང་ཡང་བཀའ་ཆོས་ཀྱི་སྐོར་དུ་མ་ཉན་རྒྱུ་སོགས་ཆོས་ཀྱི་བྱ་བ་མང་པོ་ཡོད་པས་ངེད་རང་གྲྭ་པ་གསུམ་ཙམ་བྱས་ཏེ། བོད་ཆོས་ཡུལ་འདིར་ལོ་ཁ་ཤས་ཀྱི་རིང་ལ་ཅིས་ཀྱང་འདུག་རྒྱུ་ཡིན་གསུང་བར། ཕྱག་གཉེར་དང་དྲུང་གསོལ་ངོ་གཡོག་བཅས་ནས་སྔ་སོར་ཆོས་རྗེས་ཀྱང་ཞུས་ཡོད་པ་བཞིན་སྐུ་ན་མཐོ་བས་ཡུན་རིང་བཞུགས་ན་ས་ཆུ་སོགས་ཨེ་འཕྲོད་མི་ཤེས་སྟབས་ངེད་ཅག་གི་བློས་མི་ལོང་ལ། ངེད་ཅག་ཀྱང་ལོང་བ་ཐང་སྐྱུར་བཞིན་དུ་གནང་ལུགས་མེད་པར་མ་ཟད། མདོ་སྨད་ཀྱི་གྲྭ་སློབ་སྦྱིན་བདག་རྣམས་ཀྱང་ཐུགས་ཀྱིས་འདོར་མི་རུང་བས་ཅིས་ཀྱང་འདི་ལོ་ཕྱིར་ཕེབས་དགོས་ཞེས་ཕྱག་མང་དུ་བཙལ་ཏེ་ངུ་ངག་གིས་གསོལ་བ་ཡང་ཡང་བཏབ་པས་དཀའ་དཀའ་ཞིག་ལ་མཐར་སྙིང་རྗེའི་གཞན་དབང་དུ་གྱུར་པས་ངོ་མ་ཆོག་པར་ཕེབས་རྒྱུའི་ཞལ་


GTD005_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

བཞེས་གནང༌། གནས་ཚུལ་དེ་ཐོས་ནས་དཔྱོད་ལྡན་མང་པོས། ཁོང་མདོ་སྨད་དུ་ཆོས་སྲིད་རླབས་ཆེན་དེ་འདྲ་ལ་ཐུགས་ཀྱིས་རྦད་ཆོད་མཛད་དེ། རྡོ་རྗེ་གསུམ་དང་གཏད་པ་བཞི་བུད་བསྙེགས་ཐོབ་གསུམ་གྱི་རྣམ་ཐར་བཀའ་གདམས་གོང་མའི་མཛད་སྲོལ་གྱི་བཞེད་པ་དེ་འདྲ་བྱུང་བ་འཆིང་བ་ནང་ནས་གྲོལ་བའི་ཁྱད་ཆོས་སུ་འདུག་ཅེས་ཆོས་ཀྱི་རྗེས་སུ་འབྲང་བའི་བསྔགས་པའི་ཚིག་གི་མེ་ཏོག་ཀུན་ཏུ་འཐོར་བ་བྱུང༌། རྒྱུ་མཚན་དེ་གསན་ནས་ཡོངས་འཛིན་ཁྲི་རིན་པོ་ཆེས་ཀྱང༌། རྗེ་འདི་པ་བོད་ཡུལ་དུ་ལོ་ཁ་ཤས་ལ་བཞུགས་རྒྱུ་བྱུང་ན་བསྟན་པ་ལ་ཕན་རྒྱུ་རེད་ཅེས་མང་པོ་ལ་གསུང་སྣང་ངོ༌། །རྒྱལ་ཚབ་དེ་མོ་ནོ་མོན་ཧན་བློ་བཟང་འཇིགས་མེད་རྒྱ་མཚོའི་དྲུང་ནས་འཆི་མེད་རྡོ་རྗེའི་སྲོག་ཤིང་གི་རྗེས་གནང་སོགས་གསན། འབྲས་སྤུངས་སུ་ཕེབས་ཏེ། ཀླུ་འབུམ་ཁམས་ཚན་གྱི་དགེ་འདུན་རྣམས་ནས་བཀའ་ཆོས་ཞུས་པར། སྐྱབས་འགྲོའི་ཁྲིད་ཤིན་ཏུ་རྒྱས་པ་སྩལ། ཁམས་ཚན་ལ་ཚོམ་ཇ་དང་འགྱེད་སྤྱི་འཇོག་སོགས་གང་རྒྱས་ཀྱིས་བསྙེན་བཀུར་ཞུས། ༸རྒྱལ་དབང་ཐམས་ཅད་མཁྱེན་པའི་ཞབས་པད་ནས་གསང་བདེ་འཇིགས་གསུམ་གྱི་སྨོན་ལམ་གྱི་ལུང་དང༌། ཡོངས་འཛིན་རིན་པོ་ཆེའི་དྲུང་ནས་དགའ་ལྡན་ལྷ་བརྒྱ་མའི་ཁྲིད་ལུང༌། རྒྱལ་བའི་ཡོངས་འཛིན་ཆུང་བ་ཤར་པ་ཆོས་རྗེའི་དྲུང་ནས་ཀྱང་དགའ་ལྡན་ལྷ་བརྒྱ་མའི་ཁྲིད་བསྡུས་པ་ཞིག་གསན། སེར་འབྲས་ཀྱི་དགེ་བཤེས་ཉི་ཤུ་ལྷག་ལ་སྐྱབས་འགྲོ་དང་དགའ་ལྡན་ལྷ་བརྒྱ་མའི་ཁྲིད། ལམ་རིམ་བདེ་ལམ་སོགས་ལུང་གི་སྐོར་མང་པོ་སྩལ། དེ་ནས་པོ་ཏ་ལར་རྒྱལ་བ་རིན་པོ་ཆེར་ཐོན་ཕྱག་ཞུས་པར། ཐུབ་དབང་གི་སྐུ་བརྙན་བོད་ལི་ལྷ་རྫས་ནང་མཛོད་


GTD005_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་སྲིད་ན་རྙེད་དཀའི་རྟེན་གྱི་སྐོར་ཕལ་ཆེར། རྒྱལ་བའི་ཡུམ་རྒྱས་པ་དུམ་པ་བཅུ་གཉིས། དགའ་ལྡན་བསྟན་པའི་གསལ་བྱེད་ཤ་ཅིན་ས་རིག་ཆི་ཨེར་ཏི་ནི་མཁན་པོ་ཞེས་གཟེངས་བསྟོད་ཀྱི་ཆོ་ལོ་དང་བཀའ་ཤོག་ཐམ་ག་གྲུབ་སྒོར་དང་བཅས། ཆེན་པོའི་ཉེར་སྤྱད་རྟ་དར་ཆ་སོགས་དང༌། ན་བཟའི་སྐོར་ཆ་ཚང་བཅས་བདག་རྐྱེན་སྤམ་མཐོ་བ་སྩལ། ༸རྒྱལ་དབང་རིན་པོ་ཆེས་གསོལ་འཕྲོ་ཤེལ་ཀར་རྟ་སོ་མ་གསོལ་ཕོར་གང་གནང་སྟེ་ཐུགས་འཕྲེང་བའི་རྣམ་པས་ནང་ལུགས་ཀྱི་གསུང་གནད་ཅན་མང་དུ་ཕེབས། སྐུ་འབུམ་ཆོས་སྡེ་ཆེན་པོར་སྐབས་སྐབས་སུ་མེ་སྐྱོན་བཀྲ་མི་ཤིས་པའི་མཚན་མ་ཕྲན་ཚོགས་འབྱུང་བ་ཞིག་འདུག་པས། དེ་དག་སེལ་ཞིང་བཤད་སྒྲུབ་ཟུང་གི་བྱ་བ་གོང་འཕེལ་དུ་རྒྱས་ཕྱིར་དང༌། དགེ་འདུན་གྱི་སྡེ་འཕེལ་རྒྱས་སུ་འགྲོ་བའི་ཆེད་དུ་བརྟག་ཞུས་ཕུལ་བ་སོགས་སྤྱི་སྒོས་ཀྱི་ལུང་བསྟན་གྱི་སྐོར་རྣམས་ཀྱི་ལན་ཞིབ་རྒྱས་སུ་སྩལ། སྐུ་འབུམ་སྤྱི་ལ་རྟེན་ཞིག་གནང་དགོས་ཞུས་པ་ལྟར་ཐུབ་དབང་གི་སྐུ་ཁྱད་འཕགས་ཤིག་གནང༌། ཡོངས་འཛིན་ཁྲི་རིན་པོ་ཆེར་ཐོན་ཕྱག་ཞུས་པར། ཉིད་ཀྱི་དབུ་ཞྭ་དང་སྐུ་གཟན་སེར་པོ་བཅས་སྩལ་ཏེ་འཕྲལ་ཕུགས་ཀྱི་གསུང་ཡང་མང་དུ་ཕེབས། རྒྱལ་ཚབ་རིན་པོ་ཆེའི་དྲུང་ནས་ཀྱང་སྲིད་ལུགས་ཀྱི་བདག་རྐྱེན་རྒྱ་ཆེན་དང་ཕྱི་ནང་གསང་བའི་བཀའ་ལྷུག་པར་གནང༌། རྗེ་ཉིད་བོད་ཡུལ་དུ་བཞུགས་རིང་དེར་དད་ལྡན་རྣམས་ནས་ཆོས་འབྲེལ་ཞུ་བ་དང་བརྟག་ཞུས། སྐྱབས་འཇུག་ཞུ་མཁན་སོགས་ཆེས་མང་པོ་བྱུང་བས་སོ་སོའི་འདོད་པ་ཚིམ་པར་བྱས། རྒྱུད་སྟོད་སྨད་གཉིས་ལ་མང་ཇ་དང་སྐུ་འགྱེད་སོགས་ཀྱི་བསྙེན་བཀུར་ཞུས། །


GTD005_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་སྨད་དུ་གདན་འདྲེན་བྱེད་རྒྱུའི་ཐུགས་བཞེད་བཞིན་འཕགས་ཡུལ་གྱི་བསྟན་བཅོས་བོད་དུ་འགྱུར་རོ་ཅོག་ཆ་ཚང་བ་སྣག་ཤོག་སྤུས་ལེགས། སྐུའི་རྟེན་སྟོན་པ་ཐུགས་རྗེ་ཅན་གྱི་རྟོགས་བརྗོད་དཔག་བསམ་འཁྲི་ཤིང་གི་བྲིས་ཐང་བཅོ་ལྔ་གོས་ཆེན་ཁྱད་མཚར་གྱི་གོང་བཤམ་བཅས། ༸རྒྱལ་དབང་ཐམས་ཅད་མཁྱེན་པའི་སྐྱེས་རབས་ཞལ་ཐང་བཅུ་ལྷག་གོང་མཚུངས། རྗེ་གླིང་འཕུལ་མའི་སྐུ་བརྙན་ཁ་ཤས། ཐུབ་པ་རྡོར་གདན་མ་རྒྱ་གར་ལི་མ་ཁ་ཤས། ཇོ་བོ་རྗེ་སོགས་རྟེན་རྙིང་གི་སྐོར་རྣམ་པ་མང་པོ། གཞན་ཡང་འཇིགས་བྱེད་སོགས་ཡི་དམ་གྱི་སྐོར་དང་ཆོས་སྐྱོང་དུ་མ། བླ་སྐུ་ཅི་རིགས། སྒྲོལ་དཀར་ལྗང་སོགས་བྲིས་འབུར་གྱི་རྟེན་མཐའ་ཡས་པ་གདན་དྲངས། དེ་ནས་དབྱར་ཟླ་དང་པོའི་ནང་དུ་གཟའ་སྐར་དགེ་བའི་ཉིན་གཞུང་ས་ནས་ལུགས་སྲོལ་དང་མཐུན་པའི་སྐྱེལ་མི་སྣེ་ཤན་པ་དང་རྟ་འུལ་སོགས་ལྷ་ས་ནས་ནག་ཆུའི་བར་སྩལ་ཏེ་མདོ་སྨད་དུ་ཆིབས་ཀྱི་ཁ་ལོ་སྒྱུར་བར་མཛད་དོ། །རྨུགས་འཛིན་གཏེར་ཁ་ཕྱེ་བའི་ཚུ༷ལ་གྱིས་ཁྲི༷མས་ལྡན་འདུས་པ་རྒྱ་མཚོ་དང༌། །བསྟ༷ན་པ༷འི་རྩ་ལག་རྒྱལ་དབང་ཡབ་སྲས་དཔག་ཡས་མཆོད་པའི་སྤྲིན་གྱིས་མཆོད། །ས་ཡི་ཉི༷་ཟླ་ཇོ་ཤཱཀ་གཉིས་སོགས་རྟེན་ལ་ཕྱག་མཆོད་སྐོར་བར་བཅས། །བྱ་དཀའི་ཚོགས་གཉིས་སྤྱོད་པ་མ༷་ལུས་ཕྱོགས་ཅན་འགའ་ཡིས་རྫོགས་པར་མཛད། །དེང་དུས་ཐབས་མཁས་ཐུགས་ཀའི་འོད་ཟེར་གྱིས། །ཕྱོགས་བཅུའི་དཔལ་འབྱོར་ལོངས་སྤྱོད་ཀུན་བསྡུས་ཏེ། །སྙིང་གར་ཕྱག་རྒྱ་བཞི་ཡིས་རྒྱས་འདེབས་པ། །དེ་དག་རྣམ་ཐར་ཁྱོད་ཀྱིས་རིང་དུ་སྤངས། །ཟང་ཟིང་དངོས་པོ་ཚོགས་གཉིས་སྙིང་པོར་བསྒྲུབས། །ལེགས་བཤད་དགའ་སྟོན་ཕན་ཚུན་སྐྱེས་སུ་


GTD005_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

སྤེལ། །སྲས་བཅས་རྒྱལ་བའི་འཁོར་ལོ་བསྙེན་པ་ཡིས། །དངོས་གྲུབ་གཉིས་ཀྱི་དགའ་སྟོན་མགྲོན་དུ་ཁུགས། །ཞེས་དགེ་ལྡན་བསྟན་པའི་རྩ་ལག་མཁས་ཤིང་གྲུབ་པའི་དབང་ཕྱུག་རྗེ་བཙུན་བླ་མ་དམ་པ་ཚུལ་ཁྲིམས་བསྟན་པའི་ཉི་མ་དཔལ་བཟང་པོའི་རྣམ་པར་ཐར་པ་ནོར་བུའི་དོ་ཤལ་ལས། དབུས་འགྱུར་གྱི་ལྗོངས་སུ་བསྟན་འགྲོའི་དོན་མཛད་ཚུལ་གྱི་དྲ་བ་སྟེ་ལྔ་པའོ།། །།དེ་ནས་ནག་ཆུ་ལྡང་ལ་སོགས་རིམ་པར་བརྒྱུད་དེ་དུང་བུ་རེར་སླེབས་པ་ན་བསམ་སྦྱོར་ལོག་པར་འཆང་བའི་འཕྲོག་བཅོམ་བྱེད་མི་མགོ་ལོག་དང་། སྐེ་རྩི་རི་ཤོར་བ་མི་གྲངས་ཉིས་བརྒྱ་དང་སུམ་ཅུ་ལྷག་ཙམ་གྱིས་མེ་མདའ་སོགས་མཚོན་ཆའི་རིགས་བརྡར་ཏེ་ཚམ་རྔམ་གྱི་རྣམ་པ་དང་བཅས་ཚུར་གཟས་ནས་འོངས་པ་ན། ཞབས་ཕྱི་བ་རྣམས་ཀྱིས་འཐབ་ཡ་ཞིག་དགོས་རྒྱུ་རེད་སྙམ་སྟེ་མཚོན་ཆ་སྟ་གོན་བྱས་པར། རྗེ་ཉིད་ནས་གྲྭ་པ་རྣམས་ལ་དེ་འདྲ་བྱེད་མི་དགོས་སྐྱོན་མེད། ངས་ཆོས་སྲུང་ལ་ཕྲིན་བཅོལ་བྱེད། སྤྱིར་འཕྲོག་བཅོམ་བྱེད་མི་འདི་ཚོ་རྒྱགས་ཆེས་པ་མ་རེད། རང་རང་གི་ཁ་མ་སོས་པས་སྡུག་ཐུག་ཅིང་ལས་ཀྱིས་མནར་བ་ཡིན་པས་སྙིང་རེ་རྗེ། བཟའ་བཏུང་སོགས་ཀྱི་གསོལ་རས་ཞེ་ཚིམ་པ་ཞིག་སྟེར་དགོས་གསུང་སྟེ་དམུ་རྒོད་ཀྱི་སྤྱོད་ཚུལ་དེ་གཟིགས་པས་ལྷག་པར་སྙིང་རྗེ་བ་ནི། བཞི་བརྒྱ་པ་ལས། ནད་ཐེབས་བུ་ལ་གདུང་འགྱུར་བ། །དེ་བཞིན་བྱང་ཆུབ་སེམས་དཔའི་བརྩེ། །དམ་པ་མིན་ལ་ཁྱད་པར་དུའོ། །ཞེས་དང༌། དཔལ་སྦས་ཀྱི་རྟོགས་པ་བརྗོད་པའི་ཡལ་འདབ་ལས། བསམ་པ་རིགས་པ་རྣམས་ཀྱི་ཐུགས་དང་ནི། །གནོད་པ་བྱེད་པ་ལ་ཡང་སྙིང་རྗེ་རྒྱས། །དྲག་པོར་གྱུར་པ་


GTD005_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡང་འདབ་ལྟར་མཉེན། །ཞེ་སྡང་ཚ་གདུང་ལ་ཡང་ཤིན་ཏུ་བསིལ། །ཞེས་གསུངས་པ་བཞིན་ནོ། །འོན་ཀྱང་ཆོས་སྲུང་རྣམས་ཀྱི་མཐུས་སྐད་ཅིག་དེ་ཉིད་དུ་ནམ་མཁའ་གཡའ་དག་པ་ལ་གློ་བུར་དུ་རླུང་དམར་དྲག་པོ་འཚུབ་པ་དང་ལྷན་ཅིག་པར་སྤྲིན་ཤིན་ཏུ་མདོག་ནག་ཅིང་མི་སྡུག་པ་འཁྲིགས་ནས་མུན་སྲོས་པ་བཞིན་གྱུར། འབྲུག་སྒྲ་བཟོད་དཀའ་བ་སྒྲོགས་ཤིང་ཕྱོགས་ཀུན་ཏུ་གློག་གི་ཀ་བ་ཟུག་ནས་ཐོག་འཕེན་པ་དང༌། སེར་བ་དྲག་པོ་རྒྱུན་རིང་ཙམ་བབས་པས་ཇག་མི་རྣམས་འཇིགས་ཤིང་དཔའ་ཞུམ་སྟེ་ལུས་སེམས་གཉི་ག་བག་འཁུམ་ནས་ཚུར་འཕྲོག་བཅོམ་བྱེད་རྒྱུ་ལྟ་ཞོག །རང་རང་གར་འགྲོའི་གཏོལ་ཡང་མེད་པས། དཔག་བསམ་འཁྲི་ཤིང་ལས། སྐབས་དེར་གནོད་སྦྱིན་ལག་ན་རྡོ་རྗེས་ཟད་བྱེད་པ་རྣམས་ནི། །བདག་ཉིད་ཀུན་གྱིས་རྟག་ཏུ་བཅོམ་ལྡན་འདས་ཀྱི་མི་མཐུན་ཕྱོགས། །ཡིན་པར་ཤེས་ནས་དྲག་པོའི་རླུང་གིས་དཀྲིས་པའི་ཆར་དག་སྤྲོས། །རྣམ་པར་རྨོངས་ནས་ས་ཡི་ཁུང་བུར་སྐྱབས་པ་དག་ཏུ་བྱས། །ཞེས་པའི་ངང་ཚུལ་དེ་ཁོ་ན་བཞིན་དུ་གྱུར། དེའི་མཚམས་སུ་ཁོ་རང་ཚོའི་ནང་ཕན་ཚུན་ལའང་དོན་མེད་པར་གཅིག་གིས་སྙད་བཙལ་ཏེ་ནང་འཁྲུག་བྱུང་ནས་འཐབ་རེས་བྱས། སྲུང་མས་རྒྱུད་བསྐུལ་བས་བསམ་ཤེས་འགའ་ཞིག་ལ་དོགས་པ་སྐྱེས་ཏེ། ང་ཚོ་ལ་བར་འདིར་དོན་མེད་པར་མི་འགྲིག་པ་ཁོ་ན་ཡོང་བ་འདིའི་རྐྱེན་ད་རེས་ཀྱི་འགྲུལ་པ་འདི་རེག་མི་ཉན་པ་ཞིག་ཡིན་ཚོད་རེད་བྱས་པ་ཀུན་གྱིས་བློར་བབ་སྟེ་ཐམས་ཅད་ཀྱིས་ཁྱེད་རང་ཚོ་བདེ་བར་སོང༌། ཁྱེད་རྣམས་ལ་གནོད་འཚེའི་རིགས་མི་བྱེད་ཅེས་ཞུས་ཤིང་མནའ་བསྐྱལ་ནས་ཕྱིར་ལོག་སྟེ་ཉེར་འཚེ་ཅི་ཡང་མ་བྱུང་བ་


GTD005_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ནི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེའི་གཟི་བྱིན་ཡིན་ཏེ། བྱང་ཆུབ་ཆེན་པོའི་སྐྱེས་པའི་རབས་ལས། བསོད་ནམས་གཞི་ལས་འབར་བའི་ཡོན་ཏན་རྣམས། །ནན་ཏན་སྒྲུབ་པའི་བྱིན་གྱིས་དགའ་བར་འགྱུར། །དགྲ་ཡང་རང་གི་གྲགས་པ་བསྲུང་བའི་ཕྱིར། །ལྷག་པར་བཀུར་སྟི་བྱེད་པ་ཉིད་དུ་གྱུར། །ཅེས་གསུངས་པ་བཞིན་ནོ། །ཕ་རོལ་གྱི་གནོད་པ་བརྩམ་པའང་གྲོགས་སུ་འཁྱེར་ནུས་པའི་བདག་ཉིད་ཆེན་པོ་རྣམས་ནི་བློ་སྦྱོང་རྩ་ཚིག་ལས། ཡིད་བདེ་འབའ་ཞིག་རྒྱུན་དུ་བསྒོམ། །གསུངས་པ་ལྟར་ཅི་བྱས་རྒྱན་དུ་འགྲོ་བས་ནམ་ཡང་གནོད་པས་བརྫི་བའི་གོ་སྐབས་མེད་དེ། འཁྲི་ཤིང་ལས། རྣམ་སྔང་སྐྱོན་གྱི་དུག་གིས་ཡིད་ནི་སུན་ཕྱུང་གྱུར་རྣམས་ཀྱིས། །དམ་པ་དག་ལ་གནོད་པ་སྒྲུབ་ལ་འབད་པ་རབ་རྣོ་གང༌། །དེ་ཉིད་གལ་ཏེ་དེ་ཡི་ཡོན་ཏན་རབ་འབར་རྗེས་བྱེད་པར། །གྱུར་ན་སྲིད་འདིར་སུ་ཞིག་རྒྱ་ཆེར་གནོད་དང་ལྡན་པར་འགྱུར། །ཞེས་གསུངས་པ་ལྟར་རོ། །རྩེ་མགྲོན་ཤད་སྡེ་མཁན་པོ་ངག་དབང་མགྲོན་གཉེར་དང༌། ཞབས་གྲས་རྣམས་ནས་ངེད་ཚོ་ངོ་གཡོག་ཉི་ཤུ་རྩ་བདུན་ལས་མེད། ཁོ་རང་ཚོ་གྲངས་ཉིས་བརྒྱ་ལྷག་འདུག་པས། ད་ལམ་སྐྱབས་རྗེ་དམ་པ་སྐུ་ཞབས་རིན་པོ་ཆེའི་ཐུགས་རྗེ་ཁོ་ན་ལ་བརྟེན་ནས་ངེད་རྣམས་ལ་གནོད་པ་མ་བྱུང་བ་མ་གཏོགས། རྒྱུ་ནོར་ཕར་བཞག་སྲོག་ཀྱང་ཐར་དཀའ་བ་འདུག་ཅེས་ཞེ་ཐག་པ་ནས་བཀའ་དྲིན་དང་ཐུགས་རྗེ་དྲན་པའི་ལེགས་སོས་ཆེད་དུ་བརྗོད་པ་དང་གསོལ་བ་འདེབས་པས་དུས་འདའ་བ་བྱུང༌། དེ་ནས་རིམ་པར་བརྒྱུད་དེ་ཉེ་ཞོ་ཅུང་ཟད་ཀྱང་མེད་པར་ཚ་འདམ་རབ་བརྟན་ཛ་སག་


GTD005_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཨུ་གེར་འབྱོར་ཕྱོགས་དེའི་དད་ལྡན་རྣམས་ལ་ཕྱག་དབང་དང་བྱིན་རླབས་སོགས་མོས་པ་བཞིན་སྩལ། དེ་ནས་བུ་ཧའི་ཆུ་ཁར་བྱོན་དུས་ཕྱག་མཛོད་ཆེ་ཆིང་ཆོས་རྗེ་རབ་འབྱམས་པ་ཚུལ་ཁྲིམས་ཆོས་འཛིན་ངོ་གཡོག་རྣམས་བསུ་བར་འབྱོར་ཏེ་གཞི་བྱེས་ཞལ་འཛོམས་པའི་དགའ་སྟོན་མངོན་དུ་གྱུར། དེ་ནས་ཝང་ཚེ་རིང་དོན་གྲུབ། པེ་ཟི་རཏྣ་སིདྡྷི། ཛ་སག་དའི་ཆིང་རྡོ་རྗེ་བཅས་ཀྱི་ཨུ་རྒེ་རྣམས་ནས་ཕེབས་ལམ་གྱི་ཞོར་ལ་ཇ་འདྲེན་ཞུས་པར་བྱོན་ནས་འདོད་ཆོས་ཀྱང་སྩལ། སྟོན་ཟླ་འབྲིང་བོའི་ཡར་ཚེས་བཅུ་གསུམ་འཕྲོད་སྦྱོར་དགེ་བའི་ཉིན་བསྟན་པའི་གསལ་བྱེད་ཆེ་ཤོས་སྤྲུལ་བའི་སྐུ་ངག་དབང་བཤད་སྒྲུབ་བསྟན་པའི་ཉི་མས་གཙོས་སྐུ་འབུམ་བླ་སྤྱི་ཐུན་མོང་ནས་རྟ་བསུ་དང༌། བསྟན་པའི་སྣང་བྱེད་སྟག་མཚེར་སྤྲུལ་བའི་སྐུ་བློ་བཟང་མཁས་གྲུབ་ཉི་མ་སེར་སྦྲེང་གི་མགོར་བཞུགས་ཤིང༌། ཚོགས་ཆེན་ཞལ་ངོ༌། བླ་བྲང་ཕྱག་མཛོད། སྐུ་རྟེན་ཆོས་རྗེ། སྤྱི་གཉེར་ཚོ་པ་དྲུག་གི་རྒན་པ་སོགས་ལས་སྣེའི་རིགས་དང་ཆེན་པོའི་ཡོ་བྱད་བསྒྲེངས་པའི་མཆོད་རྫས་འཛིན་པ་རྣམས་དང༌། དགེ་འདུན་སུམ་སྟོང་ལྷག་གི་སེར་སྦྲེང་དང་བཅས་ཆོས་སྡེ་ཆེན་པོ་སྐུ་འབུམ་བྱམས་པ་གླིང་གི་ཕུན་ཚོགས་འདོད་པ་འཇོ་བའི་རང་སྒར་དུ་འཇིགས་བྲལ་གདོང་ལྔས་བཏེག་པའི་ཁྲི་འཕང་མཐོན་པོར་ཞབས་སེན་བཀོད། སྐུ་འབུམ་སྤྱི་ནས་འདུ་ཁང་ཆེན་མོར་ཚོགས་ཆེན་གྱི་ཚོགས་དབུར་གདན་དྲངས། དགེ་འདུན་སུམ་སྟོང་བརྒྱད་བརྒྱ་ལྷག་ལ་ཕྱག་དབང་དང་ལམ་གཙོའི་ཁྲིད་རྒྱས་པ་ཞིག་སྩལ། བསྟན་པའི་སྒྲོན་མེ་རྒྱུད་པ་བླ་ཟུར་ཆེ་ཤོས་སྤྲུལ་བའི་སྐུ་རིན་པོ་ཆེས་མཎྜལ་བཤད་པ་འབུལ་བ་དང་བཅས་འདུས་ཚོགས་


GTD005_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་ནས་བརྟན་བཞུགས་ཕུལ། ཉིད་ནས་སྐུ་འབུམ་འདུས་སྤྱིའི་རྟེན་དུ་༸རྒྱལ་དབང་ཐམས་ཅད་མཁྱེན་པར་ཞུས་ནས་གདན་དྲངས་པའི་ཐུབ་དབང་གི་སྐུ་བརྙན་འདུ་ཁང་ཆེན་མོར་བཞུགས་སུ་བཅུག །པཎ་ཆེན་རིན་པོ་ཆེར་ཞུས་ནས་འདུས་སྤྱིར་བསླབ་བྱ་གནང་བའང་དགེ་འདུན་མང་གི་སྙན་ལམ་དུ་སྒྲོགས་སུ་བཅུག །དེ་ནས་ཁྲི་ཀའི་ཕྱོགས་སུ་བྱོན་ཏེ་རྟེན་ལ་མཆོད་འབུལ་དང༌། ཆོས་སྲུང་རྣམས་ལ་དབུས་ཕེབས་ཀྱི་འཕྲིན་ལས་ཚུལ་བཞིན་སྒྲུབ་པའི་བཀའ་དྲིན་གཏང་རག་གི་མཆོད་སྒྲོན་སླད་ཀྱིའང་འཕྲིན་ལས་བཅོལ། མཆོད་རྟེན་དཀར་པོའི་བླ་བྲང་དུ་ཟླ་བ་གཅིག་གི་རིང་ལ་བཞུགས་ཏེ་སྐུ་ངལ་བསོ་ཞིང་ཉམས་བཞེས་ཀྱི་རྒྱུན་བསྐྱངས། དེ་ནས་སྐུ་འབུམ་དུ་ཕེབས། ཨོར་དུ་སུའི་ཤོག་གི་ཐོ་ཡོན་ངོ་གཡོག་བཅས་ནས་ཞུས་པ་བཞིན་དགེ་འདུན་ལྔ་བརྒྱ་ལྷག་ཙམ་ལ་གསང་འདུས་ཀྱི་དབང་སྟ་གོན་དང་བཅས་པ། འཇམ་དབྱངས་ནག་པོ། ཤྲ་མ་ཎ། སེང་གདོང་མ་ནག་མོ་གཙོ་འཁོར་གསུམ་པ་དང་དམར་པོ་གཉིས། གཙུག་ཏོར་རྣམ་རྒྱལ། ཛམྦྷ་ལ་སེར་པོ་སོགས་ཀྱི་རྗེས་གནང༌། བྱང་ཆུབ་བདེ་ལམ་གྱི་ལུང་ཁྲིད་བཅས་སྩལ། རྗེ་རིན་པོ་ཆེའི་དུས་མཆོད་དགའ་ལྡན་ལྔ་མཆོད་ཆེན་མོའི་སྐབས་ཉིན་བདུན་གྱི་རིང་ལ་ཚོགས་ཆེན་འདུ་ཁང་གི་རབ་གསལ་དུ་བླ་མཆོད་དུས་བཟང་གི་ཚོགས་མགོར་ཕེབས་ཏེ་བསྟན་འགྲོ་མཐའ་དག་ལ་དགོངས་པའི་ཐུགས་ཀྱི་དགོངས་པ་གང་ལེགས་མཛད། དེ་ནས་འཇམ་མགོན་བསྟན་པའི་རྩ་ལག་དམ་པ་ཨ་ཀྱཱ་ནོ་མིན་ཧན་རིན་པོ་ཆེ་རྒྱལ་ཁབ་པཻ་ཅིང་ནས་མདོ་སྨད་དུ་བྱོན་པའི་བསུ་བ་ལ་


GTD005_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

ཕེབས་ཏེ་ཟི་ལིང་དུ་མཇལ་ཕྲད་གནང་ཞིང་སྐུ་འབུམ་ཆོས་སྡེར་ལྷན་དུ་ཕེབས། དེ་སྐབས་རྗེ་འདི་པའི་སྐུ་ཅུང་ཞིག་བསྙུང་ཚུལ་བསྟན་པར་བརྟེན་ཨ་ཀྱཱ་བླ་བྲང་ཉིད་དུ་རྗེ་འདི་པ་གདན་དྲངས་ནས་ཨ་ཀྱཱ་རིན་པོ་ཆེས་བླ་མཆོད་དུས་བཟང་དང་འབྲེལ་བའི་ཞབས་བརྟན་གནད་སྨིན་ཕུལ་བས་རྟེན་འབྲེལ་གྱི་ཞལ་བཞེས་བཟང་པོ་གནང༌། ཡང་བསྐྱར་ཨ་ཀྱཱ་བླ་བྲང་ནས་ཚོགས་ཆེན་འདུ་ཁང་གི་རབ་གསལ་དུ་རྗེ་རིན་པོ་ཆེ་གསུང་འབྱོན་མའི་མདུན་ལ་རྗེ་འདི་པ་བླ་མཆོད་དུས་བཟང་གི་ཚོགས་དབུར་གདན་དྲངས་པ་བཞིན་ཕེབས་ཏེ་བསྟན་པ་རྒྱས་པའི་ཐུགས་སྨོན་མཛད། ཨ་ཀྱཱ་རིན་པོ་ཆེས་རྗེ་འདི་པའི་མཛད་སྤྱོད་དང་གསུང་འབྱོན་ལུགས་སོགས་སྔར་ལས་ཆེས་འགྱུར་འདུག་ཅིང༌། ཁྱད་པར་འཁོར་བ་ལ་སྐྱོ་བའི་ཚུལ་གནང་སྟེ་ཐུགས་ཀྱི་བཞེད་པ་ཞིང་གཞན་ལ་གཏད་པ་མཁྱེན་ནས་འཕྲལ་དུ་གསོལ་དཔོན་འཇམ་དབྱངས་ཉི་མ་ལ་ལྷ་རྫས་མཛོད་བཏགས་དྲི་མ་མེད་པ་སྲིད་དུ་རིང་བ་ཞིག་གནང་ནས་རྗེ་འདི་པའི་སྐུ་མདུན་དུ་མངགས་ཏེ་སྙིགས་མའི་ངང་ཚུལ་ལ་སྐྱོ་ངལ་གྱི་རྣམ་པ་མི་མཛད་པར་བསྟན་འགྲོའི་མགོན་དུ་རླབས་ཆེན་ཐུགས་བསྐྱེད་ཀྱི་གོ་ཆ་ལྷག་པར་བགོས་ཏེ་ཞབས་པད་ཡུན་རིང་བརྟན་པའི་ཞལ་བཞེས་བཟང་པོ་སེམས་ལ་འཛིན་རྒྱུ་ཡོད་པ་ཞིག་ཅིས་ཀྱང་ནས་གནང་དགོས་ཚུལ་སྐུ་ཕྲེང་སྔ་ཕྱིའི་ཐུགས་འབྲེལ་དམ་ཚིག་ཚུན་ཆད་ལ་བཀར་བའི་ཞུ་བ་དམར་འབྱིན་ཨུ་ཚུགས་མཐར་སྐྱེལ་གྱིས་ཞིབ་རྒྱས་སུ་ཞུས་པར། ཉིད་ནས་གསོལ་དཔོན་ལ་ཐུན་མོང་གི་གསུང་ལན་རྒྱས་པ་ཞིག་སྩལ་ཅིང༌། ནང་སྦྱར་ཐུན་མོང་མ་ཡིན་པའི་དགོངས་གཞི་དགོས་པ། འོན་ཀྱང་ཉིད་ཀྱི་ཐུགས་ཐག་པས་གསུང་ནན་མཛད་


GTD005_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཟློག་ཚུལ་མེད་པས་ལོ་ཁ་ཤས་ལ་བཞུགས་རྒྱུའི་གནས་ཚུལ་རྣམས་རང་ཉིད་ཀྱིས་ཕྱག་བྲིས་མཛད་དེ་རྒྱས་བཏབ་ནས་མགྲོན་གཉེར་རབ་འབྱམས་པ་ངག་དབང་བསྟན་འཛིན་ལ་གནང་སྟེ། རྗེ་ཨ་ཀྱཱ་རིན་པོ་ཆེའི་དྲུང་དུ་ཕུལ་བར། ཁོང་གིས་གཟིགས་ཏེ་ཕྱག་ཐལ་མོ་སྦྱར་ནས་ཕ་བླ་མ་རྡོ་རྗེ་འཆང་ཆེན་པོ་ཞབས་པད་བརྟན་པར་བཞུགས་པའི་ཞལ་བཞེས་བློ་གདེང་ཐུབ་པའི་གསུང་རྡོ་རྗེ་ཚིག་འདི་འདྲ་སྩལ་བ་ནི་བཀའ་དྲིན་ངེས་པར་བསམ་གྱིས་མི་ཁྱབ་འདུག་འདི་རྨི་ལམ་མིན་ནམ་གསུང་སྟེ། དང་པོར་མཛད་སྤྱོད་ལ་ཡིད་མ་ཆེས་པས་བློ་འཁུལ་བྱུང་ཚུལ། དེ་ནས་གདུང་ཤུགས་ཀྱིས་གསོལ་བ་བཏབ་པས་བརྩེ་བས་གཟིགས་ཏེ་ཞལ་བཞེས་ཡིད་ཚིམ་པ་གནང་བ་ལ་སྤྲོ་དགའ་ཚད་མེད་པ་སྐྱེས་པའི་ཆེད་དུ་བརྗོད་པ་རྣམས་མགུར་དབྱངས་ཀྱི་ཚུལ་དུ་ཞུས་པ་ནི། རྗེ་དུས་གསུམ་གྱི་སངས་རྒྱས་འདུས་པའི་སྐུ། །ཕ་དྲིན་ཅན་གྱི་བླ་མ་རྡོ་རྗེ་འཆང༌། །འབངས་དད་གདུང་གི་ཤུགས་ཀྱིས་གསོལ་འདེབས་ན། །ཕ་བརྩེ་ཆེན་གྱི་ངང་ནས་ཡུད་ཙམ་དགོངས། །མགོན་རྡོ་རྗེ་འཆང་ཆེན་རང་གཤིས་ལ། །བགྲེས་རྒུད་ཀྱི་སྤྲོ་བ་མ་མཆིས་ཀྱང༌། །དེང་རང་རེ་སྙིགས་དུས་སློབ་འབངས་ཀྱི། །ཆུ་བུར་གྱི་མིག་གི་སྣང་ངོ་ལ། །སྐུ་བགྲེས་ཤིང་བསྙུན་པའི་ཚུལ་ཞིག་མཛད། །ཚུལ་འདིས་ཀྱང་ཅུང་ཟད་ཡིད་མ་ཆེས། །གསུང་ཚངས་དབྱངས་འགག་པ་མ་མཆིས་ཀྱང༌། །གསུང་ཞན་ཅིང་གྲེ་བབ་སྙུང་ཚུལ་བསྟན། །ཡོངས་འབེལ་གཏམ་ཉུང་ཞིང་སྐྱོ་ཚིག་མང༌། །ཚུལ་འདིས་ཀྱང་ཅུང་ཟད་ཡིད་མ་ཆེས། །ཐུགས་རྣམ་ཀུན་མཁྱེན་པའི་ཡེ་ཤེས་ལ། །སྐྱོ་འཁྲུལ་དང་རྣམ་རྟོག་མི་སྲིད་


GTD005_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

མོད། །ཡོངས་སྐྱོ་ཤས་ཁོ་ནས་འདའ་བར་མཛད། །ཚུལ་འདིས་ཀྱང་ཅུང་ཟད་ཡིད་མ་ཆེས། །དོན་དེ་སླད་སློབ་བུའི་ཐ་ཤལ་བདག །སེམས་ལས་ཀྱི་ཁུར་བོས་ནོན་ན་ཡང༌། །ཅི་བྱེད་ཀྱི་བློ་ལྷུས་མ་ཐིངས་པར། །ཞག་ཤས་ཤིག་འགྱང་ཞིང་ཐལ་བར་གྱུར། །དེ་རྗེས་སུ་དབེན་པའི་རི་སུལ་འདིར། །གཅིག་པུ་རང་མནོ་བསམ་བཏང་བའི་ཚེ། །འཛེམ་མེད་དུ་ཞུ་དགོས་སྤོབས་པ་སྐྱེས། །རིང་འདྲིས་ཀྱི་ཉེ་གནས་ཉི་མ་ལ། །སྙིང་གཏམ་གྱི་ཚིག་གསུམ་རྗེན་འབུལ་ཞུས། །ཕྲིན་ལས་ཀྱི་བྱེད་པོ་རྣམས་ལ་ཡང༌། །ནང་ཉམས་ཀྱི་དྲང་གཏམ་ལྷུག་པར་སྨྲས། །གང་ཞུས་ཀྱི་དོན་འདིར་བརྩེར་དགོངས་ནས། །སྐྱོ་ངལ་གྱི་ཐུགས་འདུན་རྒྱང་བསྲིངས་ཏེ། །བསྟན་འགྲོ་ཡི་ཕན་བདེ་རླབས་པོ་ཆེ། །ཡུན་མཛད་ཀྱི་རྡོ་རྗེའི་བཀའ་བཞེས་དང༌། །བདེན་གཏམ་གྱི་ཕྱག་རིས་སྤྱི་བོར་འབྱོར། །ཚུལ་འདི་ལྟའི་རབ་དགའི་བདེ་བ་འདི། །མངོན་སུམ་མམ་འོན་ཏེ་རྨི་ལམ་ལགས། །ཡོངས་རྨི་ལམ་ལགས་ཀྱང་མི་སད་སྙམ། །དོན་འགྱུར་མེད་ཀྱི་རྡོ་རྗེའི་ཐ་ཚིག་འདིས། །བདག་སྙིང་ལ་བདེ་དགའ་མངོན་དུ་བྱིན། །དད་གདུང་གི་རླབས་ཀྱིས་ཆེར་བསྐྱོད་དེ། །ཞུ་ཚིག་གི་སྙིང་པོ་དགུང་དུ་འཕྱུར། །ཕྱག་ཟུང་གི་སྙིམ་པས་བཟུང་ནས་ཀྱང༌། །ཟབ་བརླིང་གི་རྒྱ་མཚོར་སིམ་པ་མཁྱེན། །ཞེས་ཐོལ་བྱུང་དུ་གསོལ་བ་འདེབས་པའི་ཞུ་ཚིག་དད་གུས་ཀྱི་སྙིང་པོ་མུ་ཏིག་གི་ཕྲེང་བ་ཞེས་པ་འདི་ཟླ་༡༡ ཚེས་༢༡ དགེ་བའི་ཉི་དྲོས་ལ་དབེན་པའི་རི་སུལ་སེང་གེའི་རི་ཁྲོད་ནས་སློབ་བུའི་ཐ་ཤལ་སྣང་མཛད་དགྱེས་བཞད་རྡོ་རྗེས་བཀྲ་ཤིས་པའི་ལྷ་རྫས། བཀྲ་ཤིས་རི་མོས་སྤྲས་པའི་ཌམ་རྫར། འགྱུར་མེད་རྡོ་རྗེས་མཚན་པའི་


GTD005_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ཁེབ་བཅས་གུས་ཕྱག་དང་བཅས་གསོལ་བ་བཏབ་པ་ལགས། ཞེས་པའོ། །ཁྱི་ཕག་གཉིས་ཀྱི་ལོ་གསར་རྙིང་གི་མཚམས་འདིར་ལྷག་པར་ཐུགས་སྣ་བསྟུང་བའི་རྣམ་པ་མཛད་པ་ནི། རྗེས་མའི་ལོ་མགོར་ཡང་དབུས་ནས་༸རྒྱལ་དབང་ཐམས་ཅད་མཁྱེན་པ་དག་ཞིང་དུ་ཕེབས་འདུག་པས་དུས་ཚོད་དེ་འདྲ་ཞིག་ལ་རྗེ་འདིའང་ཞིང་ཁམས་གཞན་དུ་འབྱོན་རྒྱུའི་དགོངས་བཞེད་ཡིན་འདུག་ནའང༌། སྔོན་སྟོན་པས་སྐུ་ཚེའི་འདུ་བྱེད་བཏང་བའི་རྗེས་སུ། གསོལ་བ་བཏབ་པས་ཟླ་བ་གསུམ་དུ་སྐུ་ཚེའི་འདུ་བྱེད་བྱིན་གྱིས་བརླབས་ནས་བཞུགས་པ་བཞིན། ཨ་ཀྱཱ་རིན་པོ་ཆེས་ཞུ་ནན་ཧ་ཅང་ཆེ་བའི་ཞལ་ངོ་མ་བཟློག་པར་ཁོང་བཞུགས་རིང་གི་ལོ་ཆ་ཤས་ལ་ཉིད་ཀྱིས་ཀྱང་ཐུགས་འཕེན་ཕྱིར་བསྣུར་བ་ཡིན་པར་གདོན་མི་ཟའོ། །ལོ་མཇུག་ལ་སྐུའི་ཁམས་ཧ་ཅང་སེང་དྭངས་ཤིག་མེད་ཀྱང་དེ་ལ་ཐུགས་སྣང་མི་མཛད་པར་བཅད་རྒྱ་དམ་པོའི་སྒོ་ནས་ཡི་དམ་གྱི་ལྗགས་བསྙེན་མཛད་ཅིང༌། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་དཀྱིལ་འཁོར་བསྒྲུབ་པ་དང་དབང་ལེན་པ་སོགས་ཀྱང་གནད་སྨིན་མཛད། དེ་ནས་དགུང་ལོ་རེ་གཅིག་པ་ན་ཚོད་ལྡན་ཞེས་པ་ཤིང་ཕག་གི་གནམ་ལོ་གསར་བཞད་ཀྱི་ཉིན་སྐུ་ཚ་ཞབས་དྲུང་སྐལ་བཟང་བསྟན་འཛིན་རྒྱ་མཚོ་དང༌། ཕྱག་མཛོད་ཆེ་ཆིང་ཆོས་རྗེ་གཉིས་ཀྱིས་གཙོས་པའི་གྲྭ་རིགས་ཐུན་མོང་ནས་མཁའ་འགྲོའི་བརྟན་བཞུགས་དང་འབྲེལ་བའི་སྒོ་ནས་ཞབས་བརྟན་ཕུལ། རྒྱར་རྩང་སྒོམ་ཆེན་ཨ་ཀྱཱ་བླ་མ་དགེ་ལེགས་ཀྱི་སྤྲུལ་སྐུའི་གཙུག་ཕུད་བཞེས་ནས། མཚན་བློ་བཟང་དགེ་ལེགས་ཉི་མ་ཞེས་འདོགས་པར་མཛད། རྗེ་ཨ་ཀྱཱ་རིན་པོ་ཆེ་བྱོན་ནས་ལོ་གསར་གྱི་


GTD005_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

མཇལ་ཁ་ཞུས་ཤིང་བརྟན་བཞུགས་རྒྱས་པ་ཕུལ། དེ་ནས་རྣམ་པ་གཉི་ག་དབེན་གནས་དགའ་ལྡན་ཆོས་སྡིངས་སུ་ཕེབས་ཏེ་ཞག་ཁ་ཤས་བཞུགས། དེའི་རིང་ལ་ཨ་ཀྱཱ་རིན་པོ་ཆེར་ནཱ་རོ་མཁའ་སྤྱོད་མའི་དབང་དང་གཞན་བཀའ་ཆོས་མང་པོ་ཐུགས་ཀྱི་བཞེད་པ་བཞིན་དུ་སྩལ། ཨ་ཀྱཱ་རིན་པོ་ཆེས་སླར་ཡང་བླ་མཆོད་ཀྱི་དུས་བཟང་དང་འབྲེལ་བའི་ཞབས་བརྟན་ཞིག་ཀྱང་འབུལ་བར་མཛད། ཨ་ཀྱཱ་བླ་བྲང་དུ་ལྷ་མོའི་རྟེན་མདོས་བཞེངས་རྒྱུར་རྫས་དང་བཅས་ཤོམ་སོགས་ཇི་ལྟར་བྱེད་དགོས་པ་ཐམས་ཅད་ལ་ཉིད་ནས་ལྗགས་བཀོད་ཞིབ་མོ་བཀའ་དྲིན་སྐྱོང་དགོས་ཚུལ་ཞུས་པ་ལྟར་ཁུར་བཞེས་ཀྱིས་བཀོད་ཁྱབ་མཛད་ནས་བཞེངས་ཏེ་ནང་རྟེན་དུ་བཞུགས་སུ་བཅུག་པར་རབ་གནས་སོགས་ཀྱང་མཛད། དུས་རྒྱུན་པར་ཡང་ཨ་ཀྱཱ་རིན་པོ་ཆེས་ཆོས་སྲིད་ཀྱི་སྐུ་དོན་གལ་ཆེ་བ་གང་གི་ཐད་དུའང་རྗེ་འདི་པར་དགོངས་བསྟུན་གྱིས་གནང་བ་མ་གཏོགས། བཀའ་གྲོས་མེད་པར་ཉིད་ཀྱི་ཐུགས་བཞེད་རྐྱང་པ་ལྟར་ཡེ་མི་མཛད་པས། དེའི་རྒྱུ་མཚན་ཨ་ཀྱཱ་རིན་པོ་ཆེ་ཉིད་ཀྱི་ཞལ་ནས། བདག་གི་བྱ་བ་ཐམས་ཅད་རྗེ་མི་ཉག་རྡོ་རྗེ་འཆང་ཆེན་པོར་ཞུས་ནས་སྒྲུབ་ན་བླ་མའི་གསུང་གི་བྱིན་རླབས་དང་ཐུགས་རྗེས་ལས་དོན་དེ་དཀའ་ཚེགས་མེད་པར་འགྲུབ་ཡོང་བར་འདུག་གསུང༌། ཕྱིན་ཆད་ཀྱང་བློ་གཏད་ས་སྐྱབས་མགོན་ཉིད་ལས་གཞན་མ་མཆིས་པས་ཐུགས་ལ་འཛིན་དགོས་ཞེས་ཡང་ནས་ཡང་དུ་ཞུ་བ་གནང༌། དེ་ནས་རྗེ་ཨ་ཀྱཱ་རིན་པོ་ཆེ་རྒྱ་ནག་ཏུ་འབྱོན་ཁར། རྗེ་འདི་པས་ལྷ་རྫས་ནང་མཛོད། མཎྜལ། སྐུ་གསུང་ཐུགས་རྟེན། སྐུའི་ཉེར་སྤྱད་ཆ་ཚང༌། སྣམ་ཐེར་བུབ་དུ་མ་སོགས་ཀྱི་དངོས་འབུལ་དང་བཅས་བརྟན་བཞུགས་ཕུལ། རྗེ་ཨ་ཀྱཱ་རིན་པོ་ཆེས་


GTD005_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལ་འཕྲལ་ཕུགས་ཀྱི་གནས་ཚུལ་རྣམས་ཞིབ་ཏུ་ཞུས་ཤིང་ཚེ་རབས་ཀྱི་ཕྲེང་བར་འབྲལ་མེད་རྗེས་འཛིན་གྱི་སྐྱབས་འཇུག་ཞུས། རྗེ་འདི་པས་དམ་པ་ཉིད་ཀྱི་སྐུ་ཚེ་མཛད་ཕྲིན་སོགས་ཀྱི་ཆེད་དུ་དམིགས་ཏེ་དཀོན་མཆོག་ལ་གསོལ་འདེབས་དང་ཆོས་སྲུང་ལ་ཕྲིན་བཅོལ་སོགས་བྱེད། རྒན་བུ་ང་ལའང་ཚེ་རབས་ཀུན་ཏུ་ཐུགས་ནས་མ་བོར་བའི་སྐྱབས་འཇུག་གནང་དགོས་ཞེས་ཕན་ཚུན་སྐྱབས་འཇུག་ཞུ་རེས་མཛད་དེ་ཨ་ཀྱཱ་རིན་པོ་ཆེ་རྒྱ་ནག་ཏུ་ཆིབས་ཁ་བསྒྱུར། དེ་རྗེས་ཉིད་ཨ་ཀྱཱ་བླ་བྲང་དུ་བྱོན་ཏེ་ནང་རྟེན་སྒྲོལ་མ་གསུམ་གྱི་སྐུ་བརྙན་ལ་གཟུངས་འབུལ་ཉིད་ཀྱིས་གནང་དགོས་པའི་རྒྱུ་མཚན་སྔར་ཞུས་ཡོད་པ་ལྟར་རིང་བསྲེལ་རྣམ་བཞིས་བསྡུས་པའི་གཟུངས་གཞུག་རྒྱུད་སྡེའི་དགོངས་པ་བཞིན་ལེགས་པར་ཕུལ་ཏེ་རབ་གནས་ཀྱང་མཛད། ཨོར་དུ་སུ་ཤོག་གི་སྨན་པ་བླ་མ་དཀོན་མཆོག་རབ་རྒྱས་ཀྱིས་ཞུས་པ་ལྟར། མ་ཎི་བཀའ་འབུམ། རྒྱུད་བཞི། མན་ངག་བཀའ་རྒྱ་མ་སོགས་ཀྱི་ལུང་དགེ་འདུན་བརྒྱ་ལྷག་ཙམ་ལ་སྩལ། དེ་ནས་གསེར་སྐུ་ཆེ་ཆུང་མང་པོ་དང་ཞལ་ཐང་མང་པོ། བཀའ་འགྱུར་ཆ་ཚང༌། རྗེ་ཡབ་སྲས་ཀྱི་བཀའ་འབུམ་སོགས་གླེགས་བམ་བརྒྱ་དང་དགུ་བཅུ་ལྷག །བཀའ་གདམས་མཆོད་རྟེན་སོགས་སྐུ་གསུང་ཐུགས་རྟེན་དུ་མ་སྐུ་འབུམ་མི་ཉག་བླ་བྲང་ནས་ཁྲི་ཀའི་མཆོད་རྟེན་མི་ཉག་བླ་བྲང་དུ་མཆོད་པའི་རྟེན་ལ་གདན་དྲངས། དབྱར་ཟླ་འབྲིང་པོའི་ནང་དུ་ཧལ་ཧའི་ཕྱོགས་ཀྱི་བླ་མ་འགའ་ཞིག་གིས་ཞུས་པ་ལྟར། རྗེ་ཐུའུ་བཀྭན་རིན་པོ་ཆེའི་གསུང་འབུམ་པུ་ཏི་བརྒྱད་ཙམ་གྱི་ལུང་དགེ་འདུན་ལྔ་བཅུ་སྐོར་ལ་སྩལ། །རི་ཁྲོད་པ་དཀོན་མཆོག་སྙན་གྲགས་ཀྱིས་གཏོར་མ་


GTD005_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་རྩའི་ཁྲིད་ཞུས་པ་ལྟར་ལག་ལེན་དམིགས་རྣམ་ཕན་ཡོན་དང་བཅས་གསུང་བཤད་ཞིབ་རྒྱས་སུ་སྩལ་བས། ལྷ་རྫས། བཀའ་གདམས་མཎྜལ། སྐུ་བརྙན། ལམ་རིམ། བློ་སྦྱོང༌། འདུལ་བའི་སྐོར་དང༌། བདེ་ལམ་ཟིན་བྲིས་སོགས་གསུང་རབ་པུ་ཏི་བཅུར་ཉེ་བ། ཐུགས་རྟེན། འཚོ་བའི་ཡོ་བྱད་ལྷུང་བཟེད་སོགས་བདོག་པ་ཅི་འབྱོར་ཡོད་འབུལ་ལྟ་བུ་བྱས་ཏེ་སྙིང་ཁུང་རུས་པས་ཞབས་བརྟན་གྱི་ཞུ་བ་རྣམ་དག་ཕུལ། སྐྱེ་ཞིང་སྐྱེ་བར་རྗེ་ཉིད་དང་མི་འབྲལ་བའི་སྐྱབས་འཇུག་ཀྱང་ནན་ཏན་ཞུས་པར་བརྩེ་བའི་ཞལ་བཞེས་བཟང་པོ་གནང༌། འཇམ་མགོན་བསྟན་པའི་གསལ་བྱེད་ཆེ་ཤོས་སྤྲུལ་བའི་སྐུ་རིན་པོ་ཆེས་ཀུན་རིག་རྒྱུད་དོན་གསལ་བའི་སྟེང་ནས་ཕྱག་རྒྱའི་སྐོར་དང་དཀའ་གནད་ཀྱི་དོགས་གནས་ཅི་རིགས་ཞུས་པ་རྣམས་ཞིབ་ཏུ་ཁྲིད་པ་གནང༌། སྐུ་འབུམ་རྒྱུད་གྲྭའི་འདུ་ཁང་ཁྱམས་ཀྱི་ལོགས་རིས་སྟོན་པའི་སྐྱེས་རབས་ཀྱི་བཀོད་པ་རྣམས་བགྲེས་སྐྱོན་ཆེར་ཞུགས་པ་ལ། བསྟན་པའི་སྲོག་ཤིང་ཨ་ཀྱཱ་རིན་པོ་ཆེས་གསར་བཞེངས་ཀྱི་མཐུན་རྐྱེན་སྩལ་ཏེ། ཕྱག་མཛོད་ཆི་ཆིང་ཆོས་རྗེ་རབ་འབྱམས་པ་ཚུལ་ཁྲིམས་ཆོས་འཛིན་དང་བྱིང་འདྲེན་ཟུར་བ་དགེ་སློང་ཤེས་རབ་རིག་འཛིན་གཉིས་ལས་དཔོན་དུ་བསྐོས་ནས། བཞེངས་ལུགས་ཀྱི་ས་བཅད་གོ་རིམ་སོགས་ཉིད་ཀྱིས་ཞལ་བཀོད་གནང་དགོས་ཞེས་ཞུས་པ་ལྟར་ལྷ་བཟོ་བ་རྣམས་ལ་སྔར་རྒྱུན་དང་བསྟུན་པའི་གོ་རིམ་མ་འཆོལ་ཞིང་སྐུའི་བབ་ཚོན་གྱི་མདངས་སོགས་ཐིག་ལྡན་གང་མཛེས་དགོས་པའི་བཀོད་ཁྱབ་སྩལ་ཏེ་བཞེངས་སུ་བཅུག །གཙོ་སྐུ་ཆེ་བ་རྣམས་ལ་ཁ་བྱང་གསོལ་འདེབས་ཀྱི་ཚིགས་བཅད་ཀྱང་ལྗགས་རྩོམ་མཛད། དབྱར་ཟླ་ཐ་མ་ནས་སྟོན་ཟླ་འབྲིང་


GTD005_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་བར་ཐན་པ་མེ་འབར་བ་ལྟ་བུས་མི་ཕྱུགས་དང་ལོ་ཏོག་ཀུན་ལ་གནོད་ཚབས་ཆེ་བ་བྱུང་བས། ཚོགས་ཆེན་ཞལ་ངོ་སོགས་ལས་སྣེའི་རིགས་ནས་ཆོས་སྐྱོང་ལ་ལུང་ཞུས་བྱས་པ་ལྟར། རྒྱུད་སྨན་གཉིས་ཀྱི་དཔོན་སློབ་ལས་ཐོག་པ་དང་ཟུར་བ་སོགས་དགེ་འདུན་ཉེར་གཅིག་རེ་བཅས་ལན་དུ་མར་ལྷ་ཁང་ཆེན་མོའི་ནང་དང་ཆུ་མགོ་སོགས་སུ་བྱོན་ནས་དམིགས་བརྩེ་མའི་ལས་ཚོགས་ནང་གི་ཆར་འབེབས་ཀྱི་སྒྲུབ་པ་བྱས་ཤིང༌། དགེ་འདུན་སུམ་སྟོང་བརྒལ་བས་ཀྱང་རྒྱབ་སྐྱོར་གྱི་རིམ་གྲོ་དང༌། སྤྱན་འདྲེན་ཁྲུས་གསོལ། དམིགས་བརྩེ་མ་སོགས་རྒྱ་ཆེར་བསྒྲུབས་ནའང་སེམས་ཅན་སྤྱི་མཐུན་གྱི་ལས་དབང་བཙན་པས་ཆར་མ་བབས་ཤིང༌། ཚ་བས་གདུངས་པས་རི་ཀླུང་ཐམས་ཅད་དམར་ཧང་ངེ་བ་སེར་སྐྱའི་གྲོང་ལྟ་བུར་གྱུར་པས། རྗེ་ཉིད་ནས་ཀྱང་ཐན་པ་འདིས་ལོ་ཕྱུགས་ཀུན་ལ་གནོད་པ་ཆེ་བར་འདུག །ཆར་འབེབས་ཤིག་བྱས་ན་དགོངས་པའི་ཐོག་ཏུ། ཚོགས་ཆེན་ཞལ་ངོ་དང་བླ་སྤྱིའི་ཕྱག་གཉེར་སོགས་ནས་ཡང་བསྐྱར་ཆོས་སྐྱོང་ལ་ལུང་ཞུས་བྱས་པར། རྗེ་འདི་པས་ཆར་འབེབ་གནང་དགོས་ལུང་བསྟན་སྩལ་བ་ལྟར། ཐམས་ཅད་འདུན་པ་ཆིག་དྲིལ་གྱིས་ཉིད་ལ་ཆར་འབེབས་ཀྱི་སྙན་གསན་ཕུལ་ནས་གསོལ་བ་བཏབ་པས་འཕྲལ་རང་ལ་ཚོགས་ཆེན་འདུ་ཁང་གི་རབ་གསལ་དུ་རྗེ་གསུང་འབྱོན་མའི་མདུན་དུ་ཕེབས། སྒྲུབ་གྲོགས་དགེ་བཤེས་བཞི་དང་བཅས། སྐྱབས་སེམས་ཡན་ལག་བདུན་པ་མཎྜལ་དང་བཅས་པ། ཐུན་དྲུག་གི་རྣལ་འབྱོར། བླ་མའི་རྣལ་འབྱོར་སོགས་ཀྱིས་ཐོག་དྲངས་ཡི་དམ་རྡོ་རྗེ་འཇིགས་བྱེད་ཀྱི་མངོན་རྟོགས་


GTD005_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་པ་དང་བཅས་པ་སྔོན་དུ་འགྲོ་བས་དམ་ཅན་ཆོས་ཀྱི་རྒྱལ་པོའི་བསྐང་བཤགས་ཚར་ཁ་ཤས་གསུང་ནས་ཕྱོགས་བཞིར་དྲུག་ཅུ་པ་བསྔོས། གཞི་བདག་ལ་བསང་དང་གཏོར་བསྔོ་གནང༌། དངོས་གཞི་དམིགས་བརྩེ་མའི་ལས་ཚོགས་ལྟར་དང༌། རྒྱབ་ཆོས་གཏོར་མ་བརྒྱ་རྩ། ཀླུ་གཏོར། འབྱུང་གཞི་གཏོར་མ་བཅས་ཉིན་གསུམ་གྱི་རིང་ལ་བསྒྲུབས་པས་ཆར་གྱི་རྒྱུན་འཇམ་པོ་ཟད་མི་ཤེས་པ་ཉིན་མཚན་ཁོར་ཡུག་ཏུ་བབས་ནས་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པས་མི་ཕྱུགས་ལོ་ཏོག་སོགས་ཀུན་གྱི་དབུགས་གསོས་པར་མཛད་དེ་ཐུགས་རྗེ་དང་བཀའ་དྲིན་གཞལ་བར་དཀའ་བའི་གནས་སུ་གྱུར། དེ་ནས་ཡུན་རིང་པོའི་བར་དུ་བཅད་རྒྱ་དམ་པོས་ལམ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཉམས་བཞེས་ཏིང་འཛིན་བདུད་རྩིའི་ཟིལ་མངར་ལ་གཅིག་ཏུ་རོལ་བར་མཛད། དགུན་ཟླ་དང་པོར་རྗེ་རིན་པོ་ཆེའི་དུས་མཆོད་སྐབས་ལོ་ལྟར་འཆར་ཅན་གྱི་ཕྱག་བཞེས་བཞིན་ཚོགས་ཆེན་འདུ་ཁང་གི་རབ་གསལ་དུ་རྗེ་གསུང་འབྱོན་མའི་མདུན་དུ་བླ་མཆོད་དུས་བཟང་གི་ཚོགས་དབུར་ཕེབས་ཏེ་ཉིན་ཁ་ཤས་ཀྱི་རིང་ལ་བསྟན་འགྲོར་སྨན་པའི་ཐུགས་བསྐྱེད་རླབས་པོ་ཆེ་གནང༌། དགུན་ཟླ་འབྲིང་པོའི་ཡར་ངོའི་ཚེས་བཅུ་ནས་མར་ངོའི་ཚེས་བཅུའི་བར་ལ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་དཀྱིལ་འཁོར་སྒྲུབ་ཅིང་དབང་བླངས་པ། ཚོགས་ཀྱི་འཁོར་ལོར་ཚིམ་པ་དྲུག་ལྡན་དུ་རོལ་པས་དམ་ཚིག་སྐོང་ཞིང་གནས་གསུམ་དཔའ་བོ་མཁའ་འགྲོའི་ཚོགས་ཀུན་དགྱེས་པ་བསྐྱེད། དེ་ནས་སྐུ་མཚམས་གནང་སྟེ་ཐུན་དངོས་གཞིར་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་བསྐྱངས་ཤིང༌། ཐུན་མཚམས་སུ་ལྟུང་བཤགས་དང་འབྲེལ་བའི་ཕྱག་སྦྱང་ནན་ཆེར་མཛད། སྐབས་


GTD005_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག་སྐུ་བསྙུང་ཅུང་ཟད་བཞེས་པར་ཕྱག་གཉེར་སོགས་ཞབས་གྲས་ཐུན་མོང་ནས་ཞབས་བརྟན་ཅི་འདྲ་སྒྲུབ་རྒྱུ་རྗེ་ཉིད་ལ་ཞུས་པར། སྨན་བླའི་ཆོ་ག་མཆོད་པ་གང་རྒྱས་ཀྱི་སྟེང་ནས་ཚོགས་ཆེན་དུ་གསུང་ན་ལེགས་ཞེས་བཀའ་ཕེབས་པ་བཞིན་བསྒྲུབས། ཡང་ཞབས་གྲས་ཐུན་མོང་ནས་སྐུ་འབུམ་ཆོས་སྐྱོང་ལ་ལུང་བསྟན་ཞུས་པར། རྣམ་རྒྱལ་མའི་སྟོང་མཆོད་གང་མང་དང་སྒྲོལ་དཀར་གྱི་ཚེ་སྒྲུབ་དགོས་ཞེས་སྩལ་བའང་གནད་སྨིན་བྱས་ཏེ་བསྒྲུབས། མཚོ་སྐྱིད་པཻ་ཟེའི་ཤོག་གི་སྨན་པ་ལོ་ལོན་མཁས་པ་ཞིག་འདུག་པ་གདན་དྲངས་པར་ཁོང་གིས་ཕྱག་རྩ་བརྟག་ནས་སྨན་ཕུལ་བས་སྐུ་ཁམས་ཅུང་ཞིག་དྭངས་པ་བྱུང༌། ཞབས་གྲས་ཐུན་མོང་ནས་ཞབས་པད་བརྟན་པའི་སྙན་ཞུས་ནན་ཏན་དུ་ཕུལ་བར། ཞལ་ནས་ད་ལྟ་གང་ཡིན་ཀྱང་བཟང༌། ཚེ་འདིར་དགེ་བའི་བྱ་བ་གང་བསམ་ཡིད་སྨོན་ལྟར་འགྲུབ་པས་འགྱོད་པ་མེད། ལོའང་རྒས་པས་ངེས་པ་ཅི་ཡོད་ཅེས་གསུང་བས་ཞབས་ཕྱི་བ་རྣམས་གསུང་དེ་ཅི་འདྲ་ཡིན་སྙམ་ཐེ་ཚོམ་དུ་གྱུར་ལ། ད་ནི་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས། ཚེ་རིང་དུ་གནས་ན་རྣམ་དཀར་གྱི། །ལས་བཟང་པོ་སྒྲུབ་པོ་ཤི་ཡང་སླ། །སེམས་བག་ཆགས་བཟང་པོའི་ངང་དུ་འཆི། །ཨ་ལ་ལ་གསོན་ཤི་སེམས་ལ་སྙོམ། །ཚེ་སྒྲུབ་ཀུན་ཇི་ལྟར་དགྱེས་དགྱེས་མཛོད། །གསུངས་པ་ལྟར་གདེང་ཐོབ་པའི་གསུང་ཞར་ལ་གོ་རྒྱུ་མང་པོ་ཅན་གནད་ཟབ་མོ་ཞིག་གོ །ཏ་རི་གངྒཱའི་རབ་འབྱམས་པ་ངག་དབང་བསྟན་འཛིན་ནས། ལྷ་རྫས། མཎྜལ། སྐུ་གསུང་ཐུགས་རྟེན། གོས་ཀྱི་ཞབས་ཆག་སོགས་ཀྱིས་ཐོག་དྲངས་ནས་ཞབས་བརྟན་


GTD005_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ་ཏེ་འདིའང་རྟེན་འབྲེལ་གྱི་དབང་ཞིག་ཏུ་ཐལ་བར་སྣང༌། ཞབས་ཕྱི་བ་དགེ་ཚུལ་བློ་བཟང་དོན་གྲུབ་ཀྱིས་ཀྱང་བདོག་བའི་ཚན་གྲངས་དང་བཅས་ཞབས་བརྟན་ཕུལ། མེར་གེན་དཀའ་བཅུ་སྨོན་ལམ་རིན་ཆེན་དང༌། དུར་བེད་ཐཻ་ཇི་བློ་བཟང་དོན་གྲུབ་ཀྱི་བུ་ཆུང་བཀྲ་ཤིས་ཚེ་བརྟན། ཐོ་ཡོན་འཇིགས་མེད་སོགས་ནས་ཕྱག་དབང་ཞུས། གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་དང་གཞན་ཆོས་བཀའ་མང་ཙམ་གནང༌། བསྒྲུབ་བྱ་ལྔ་བཅུ་ལྷག་དགེ་ཚུལ་དང༌། སུམ་ཅུ་བརྒལ་བ་ལ་དགེ་སློང་གི་སྡོམ་པ་སྩལ། དེ་ནས་དགུང་ལོ་རེ་གཉིས་པ་འཛིན་བྱེད་ཅེས་པ་བྱི་བའི་གནམ་ལོ་གསར་ཚེས་ཉིན་སྐུ་ཚ་ཞབས་དྲུང་དང་ཕྱག་མཛོད་ཆེ་ཆིང་ཆོས་རྗེ་གཉིས་ཀྱིས་གཙོས་གྲྭ་རིགས་ཐུན་མོང་ནས་མཁའ་འགྲོའི་བསུན་བཟློག་དང་འབྲེལ་བའི་ཞབས་བརྟན་ཕུལ་ནས་རྟེན་འབྲེལ་གང་ལེགས་བསྒྲིགས། ཆོ་འཕྲུལ་སྨོན་ལམ་ལ་འདུས་པ་སེར་སྐྱ་ཆེ་ཕྲ་ཆིག་སྟོང་བརྒལ་བ་ལ་ཕྱག་དབང་འདོད་ཆོས་སྩལ་ནས་ཡིད་ཚིམ་པར་བྱས། ཕེ་ཀྱཱ་ཞབས་དྲུང་གོ་འཕང་ཧུ་ཐོག་ཐུས་འཇིགས་བྱེད་དཔའ་གཅིག །གསང་འདུས། རྟ་མགྲིན་གསང་སྒྲུབ་སོགས་ཀྱི་དབང་སྟ་གོན་དང་བཅས་ཞུས་པར། ཆེ་ཤོས་སྤྲུལ་བའི་སྐུ་རིན་པོ་ཆེས་གཙོས་སྤྲུལ་སྐུའི་རིགས་དང༌། མཚོ་སྔོན་མཚོ་སྐྱེས་པཻ་ཟི། དུར་བེད་ཐོ་ཡོན་འཇིགས་མེད། ཐའི་ཇི་བཀྲ་ཤིས་ཚེ་བརྟན། དགེ་བཤེས་མང་པོ་བཅས་དགེ་འདུན་དྲུག་བརྒྱ་ལྷག་ལ་སྩལ། བསྒྲུབ་བྱ་བརྒྱ་དང་བདུན་ཅུ་ལྷག་ལ་དགེ་ཚུལ་སློང་གི་སྡོམ་པ་སྩལ་ཏེ་ཐར་པའི་རྒྱ་མཚོར་འཇུག་པའི་གྲུ་གཟིངས་འཇུག་པར་མཛད། མེརྒེན་དཀའ་བཅུ་སྨོན་ལམ་རིན་ཆེན་ལ་བཀའ་ཤོག་དང་གཟེངས་བསྟོད་ཀྱིས་མེརྒེན་པཎྚི་ཏའི་ཆོ་ལོ་བཅས་སྩལ། ཟླ་


GTD005_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

བ་གཅིག་གི་རིང་ལ་སྐུ་མཚམས་བསྡམས། མཚམས་གྲོལ་རྗེས་བསྟན་པའི་སྦྱིན་བདག་པཻ་ཟི་རཏྣ་སིངྡྷི་དང་ཛ་སག་དའི་ཆིང་རྡོ་རྗེ་གཉིས་ནས་ལྷ་རྫས་མཎྜལ། སྐུ་གསུང་ཐུགས་རྟེན་བཅས་ཞབས་བརྟན་རིམ་བཞིན་ཕུལ། པཻ་ཟིས་འདོད་མོས་བཞིན་ཡི་དམ་ཆོས་སྲུང་ལ་གཏོར་བསྔོས་ཕྲིན་བཅོལ་མཛད། སྐབས་དེར་ངེད་ཀྱིས་བྲིས་པའི་དགའ་ལྡན་བསྟན་པ་རྒྱས་པའི་སྨོན་ཚིག་གི་དཔེ་ཞིག་ཕྱག་ཏུ་འབྱོར་བས་དགྱེས་ཚོར་ཆེར་མཛད་ཅིང༌། སྦྱར་བྱང་གི་ཐད་དུ། དེང་དུས་རྗེ་བླ་མའི་བསྟན་པ་འདི་ཟུངས་ཟད་ཀྱི་ནད་པ་སྨན་པས་བོར་བ་བཞིན་བདག་ཏུ་འཛིན་པ་མི་འདུག་ཅེས་པ་དེ་ཤིན་ཏུ་བདེན་པར་འདུག་གསུངས་ནས་ཐུགས་ཤིན་ཏུ་སྐྱོ་བས་སྤྱན་ཆབ་བསིལ། དེ་སྐབས་ཆེ་ཤོས་སྤྲུལ་བའི་སྐུ་རིན་པོ་ཆེ་སྐུ་འབུམ་གྱི་མཁན་ཁྲིར་བཞུགས་རྒྱུའི་སྟ་གོན་གྱི་སྐབས་ཡིན་པས། ཁོང་ལ་ཁྱེད་ཁྲིར་བཞུགས་རྒྱུ་དང་སྨོན་ཚིག་འདི་འབྱོར་རྟེན་འབྲེལ་འགྲིག་པས་ཚོགས་སུ་བཙུགས་ན་ལེགས་གསུངས་ཏེ། རྣམ་པ་གཉི་ག་དགོངས་མཐུན་གྱིས་ཚོགས་ཆེན་དང་བཤད་སྒྲུབ་གླིང་གཉི་གར་བཙུགས། དེའི་ཐུགས་དགོངས་ནི་ཁོང་ཁྲི་འདོན་ལ་རྟེན་འབྲེལ་འགྲིག་པར་མ་ཟད། ཉིད་ཀྱི་སྐུ་ཚེ་ཧྲིལ་པོར་བསྟན་པའི་བྱ་བ་ཁོ་ན་མཛད་དེ་རྗེ་བླ་མས། དང་པོར་རྒྱ་ཆེན་ཐོས་པ་མང་དུ་བཙལ། །བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར། །ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས། །ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོས། །གསུངས་པ་ལྟར་བསྟན་པ་རྒྱས་པའི་རྒྱུ་འབའ་ཞིག་ཏུ་བསྔོ་བའི་ཐུགས་འདུན་ནར་མར་ཡོད་པ་དང་ངོ་འཕྲོད་པར་མངོན་ཏེ། ཉིད་ནས་བླ་མཆོད་ཀྱི་དུས་བཟང་ཞིག་སྔར་ནས་འཛུག་པར་


GTD005_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

གནང་ཡོད་པ་དེའི་སྐབས་སུའང་སྨོན་ཚིག་འདི་ཆག་མེད་དགོས་པའི་ཞལ་ཏ་ནན་ཆེར་སྩལ། གྲྭ་པ་བགྲེས་གཞོན་ཚང་མས་ཀྱང་ཐུགས་འདུན་རྩེ་གཅིག་གིས་དང་དུ་བཞེས་པས་རྟེན་འབྲེལ་ལེགས་ཚོགས་ཆེ་བ་བྱུང༌། དེ་ནས་དཔྱིད་ཟླ་གསུམ་པར་ཁྲི་ཀའི་ཕྱོགས་སུ་ཕྱག་བཏེག །ཉིད་ཀྱི་དགོན་པ་དགའ་ལྡན་དར་རྒྱས་གླིང་གི་འདུ་ཁང་སྟེང་དུ་ཚ་གསེར་གྱི་གཉྫི་ར་ཆེ་བ་གཟུངས་གཞུག་བཅས་འཇོག་པ་གནང་ནས་རབ་གནས་ཀྱང་མཛད། དེ་ནས་མཆོད་རྟེན་མི་ཉག་གྲྭ་ཚང་བཀྲ་ཤིས་ཆོས་གླིང་དུ་ཕེབས། རྒྱ་བོད་སོགས་ནས་ལོ་ཏོག་གི་དོན་དུ་ཆར་འབེབས་ཞུས་པར་ཉིན་གསུམ་གྱི་རིང་ལ་སྤྱན་འདྲེན་ཁྲུས་གསོལ། བརྒྱ་རྩ། ཀླུ་གཏོར། འབྱུང་བཞི་དང་ལན་ཆགས་གཏོར་མ་སོགས་བསྔོ་བ་གནང་བར་བརྟེན་ཉིན་ཁ་ཤས་ལ་ཆར་གྱི་རྒྱུན་ཆེན་པོ་བབས་པས་ལུས་ཅན་རྣམས་ཀྱི་རེ་བ་བསྐངས། རེ་ཞིག་ཕྱི་མཚམས་ཀྱི་ཁོངས་ནས་རྒྱ་བོད་ཀྱི་མཁས་གྲུབ་པཎྚི་ཏ་རྣམས་ཀྱི་གསུང་དང༌། རྗེ་ཡབ་སྲས་ཀྱི་ལེགས་བཤད་སོགས་ཕྱག་དཔེའི་སྐོར་ལ་གཟིགས་རྟོག་ཞིབ་རྒྱས་གནང༌། དེ་ནས་ཕྱག་གཉེར་སོགས་གྲྭ་རིགས་ཐུན་མོང་ནས་སྐུ་གོང་མའི་སྒྲུབ་གནས་བྱིན་ཅན་གསང་སྔགས་བདེ་ཆེན་ཆོས་འཕེལ་གླིང་དུ་དབྱར་གནས་ཤིག་འཛུག་རྒྱུའི་གནས་ཚུལ་ནན་ཆེར་ཞུས་ཤིང༌། རྗེ་ཉིད་ལའང་སྔ་སོར་༸རྒྱལ་དབང་ཐམས་ཅད་མཁྱེན་པ་ནས་དབྱར་གནས་དང་གསོ་སྦྱོང་བྱེད་རྒྱུར་དགོངས་ནས་གཎྜི་གནང་འདུག་པས། ད་ལམ་བསྟན་འགྲོའི་ཕན་བདེར་དམིགས་དབྱར་གནས་ཤིག་འཛུག་རྒྱུ་བྱུང་ན་དགོངས་ཡོད་པར་བརྟེན། དབྱར་ཟླ་དྲུག་པ་ནས་རྗེ་འདི་པས་གཙོས་ཚད་ལྡན་དགེ་བའི་བཤེས་གཉེན་རྣམས་ཀྱིས་


GTD005_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་གསུམ་གྱི་ཉམས་ལེན་ཆོས་འདུལ་བའི་དགོངས་པ་ཇི་ལྟ་བ་བཞིན་ཕྱག་བཞེས་ལ་ཐེབས་ངེས་བྱས་ཏེ་བཙུགས། དུས་རྒྱུན་གྱི་ཞལ་འདོན་ལ་མདོ་སྔགས་ཟུང་གི་ཉམས་ལེན་གྱི་གནད་ཡོངས་སུ་རྫོགས་པ་བླ་མཆོད་ཆོ་གའི་ངག་འདོན་གྱི་རིམ་པ་རྣམས་མ་ལུས་པར་མཛད་སྲོལ་བཏོད་པས་ཡུལ་ཕྱོགས་བཀྲ་ཤིས་པའི་རྟེན་འབྲེལ་སྒོ་དུ་མ་ནས་འགྲིགས། སྟོན་ཟླ་འབྲིང་པོ་ནས་སྔར་གྱི་ཁྲག་རླུང་གི་བསྙུན་གཞི་ཆེར་འཕར་ཏེ་སྐུ་ཁམས་ཤིན་ཏུ་མི་དྭངས་པའི་ཚུལ་མཛད་པས། ཕྱག་གཉེར་སོགས་ནས་སྐུ་འབུམ་ཆོས་སྐྱོང་རྣམ་གཉིས་ཀྱིས་གཙོས་ལྷ་དང་བླ་མ་ཐམས་ཅད་ལ་ལུང་བསྟན་ཞུས་པར། ཞབས་བརྟན་རིམ་གྲོ་རྒྱ་ཆེར་ཕབ་ཅིང་། ལུང་བསྟན་རྣམས་སུ་སྐུའི་བསྙུང་གཞི་དྭངས་མི་དྭངས་གཙོ་ཆེར་རྗེ་ཉིད་ཀྱི་དགོངས་པ་ལ་རག་ལས་ཚུལ་རྗེན་པར་གསུངས། མི་ཉག་གྲྭ་ཚང་དུ་སྨན་བླ་གསུང་བ་དང་བཀའ་འགྱུར་གསུང་སྒྲོགས་བྱས། དགའ་ལྡན་དར་རྒྱས་གླིང་གི་དགེ་འདུན་སུམ་ཅུ་ཙམ་གྱིས་སྨན་བླའི་ཆོ་ག་དང་ཆོས་རྒྱལ་གྱི་གཏོར་སྒྲུབ་བཙུགས། བླ་མ་ཨ་ལག་ཤེས་རབ་ནས་ཀྱང་རྣམ་འཇོམས་བུམ་སྒྲུབ་དང་བྱབས་ཁྲུས་ཞུས། བདེ་ཆེན་དཔོན་སློབ་རིན་པོ་ཆེས་ཀྱང་ཞབས་བརྟན་གྱི་སྐོར་མང་དུ་བསྒྲུབས། སྐུ་འབུམ་ཚོགས་ཆེན་དུ་སྨན་བླའི་སྟོང་མཆོད་ཚར་འགའ། བཀའ་འགྱུར། གདུགས་དཀར་སོགས་གསུངས་པ་དང༌། རྒྱུད་སྨན་གྲྭ་ཚང་སོ་སོར་ཞབས་བརྟན་གྱི་སྐོར་རྣམས་རྒྱ་ཆེར་བསྒྲུབས། བླ་བྲང་རང་དུ་གདུགས་དཀར་ཟློག་ཆེན། གཙུག་ཏོར་རྣམ་རྒྱལ་མའི་སྟོང་མཆོད་ཚར་ལྔ། སྒྲོལ་དཀར་གྱི་ཚེ་སྒྲུབ་སོགས་སྤྱི་སྒེར་ཀུན་ནས་ཞབས་བརྟན་ཚད་


GTD005_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་བསྒྲུབས། མུ་རི་ཝང་གི་ཤོག་ནས་སྨན་པ་མཁས་པ་ཞིག་བོས་ཏེ་སྨན་ཕུལ་ཡང་ཕན་ཆེར་མ་ཐོགས། འོན་ཀྱང་ཞབས་གྲས་ཐུན་མོང་ནས་སྐུའི་རིམ་གྲོ་རྒྱ་ཆེར་བསྒྲུབས་ཏེ་ཞབས་བརྟན་གནད་དུ་སྨིན་པ་ཞིག་ཕུལ་བས། ཐུགས་རྗེས་ཉེ་བར་གཟིགས་ཏེ་སྐུ་ཅུང་ཟད་དྭངས་པའི་ཚུལ་གནང༌། དེ་ནས་སྐུ་འབུམ་དུ་ཕེབས། བསྙུན་གྱི་མཇུག་མ་དྭངས་པས་སྐུ་ཁམས་སྔར་དང་མི་འདྲའང་སྙིང་རྗེའི་གོ་ཆ་མི་ལྷོད་པས་དོན་གཉེར་བ་མང་པོར་རྣམ་རྒྱལ་ལྷ་དགུ །འཇམ་དབྱངས་དམར་སེར། ཐུབ་པ་དམ་ཚིག་གསུམ་བཀོད། ལྷ་མོ་འོད་ཟེར་ཅན་མ། རི་ཁྲོད་ལོ་མ་གྱོན་མ། ནོར་རྒྱུན་མ། སོར་འབྲང་སོགས་ཀྱི་རྗེས་གནང་དང༌། བླ་མཆོད་དང་ལམ་རིམ་བདེ་ལམ་སོགས་ཀྱི་ལུང་བཅས་སྩལ་ཏེ་རང་རང་གི་རེ་བ་ཡོངས་སུ་སྐོང་བར་མཛད། དགུན་ཟླ་འབྲིང་པོར་ཆོས་སྡེ་ཆེན་པོའི་གདན་ས་བ་བསྟན་པའི་གསལ་བྱེད་ཆེ་ཤོས་མཁན་རིན་པོ་ཆེས་གཙོ་མཛད། སྨན་པ་བླ་ཟུར་ཉ་ཀྱཱ་དགེ་བཤེས་རྒྱལ་མཚན་ནོར་བུ་སོགས་བླ་མཆོད་ཀྱི་དུས་བཟང་བ་ཚོགས་ཡོངས་ནས་གནས་བརྟན་ཆོ་ག་དང་འབྲེལ་བའི་བརྟན་བཞུགས་ཕུལ་བའི་ཐོག །ཆེ་ཤོས་མཁན་རིན་པོ་ཆེས་དུས་ཀྱི་ཐ་མ་འདིར་ཐུབ་བསྟན་འཛིན་སྐྱོང་སྤེལ་བའི་རྒྱུ་ཚོགས་མ་ཚང་བ་མེད་པའི་སྐྱབས་མགོན་ཉིད་ལྟ་བུ་ཞབས་པད་བརྟན་དགོས་ཚུལ་ཚིག་གི་ན་ཡམ་ཙམ་མ་ཡིན་པར་ཐུགས་རྗེ་འཁུལ་ནུས་པའི་ཞུ་འབུལ་གནད་སྨིན་བཅས་ཕུལ། དེ་ནས་བཅད་རྒྱ་བསྡམས་ནས་ཡི་དམ་རྡོ་རྗེ་རྣལ་འབྱོར་མའི་ལྗགས་བསྙེན་ལ་རོལ་ཞིང༌། བདག་འཇུག་ཀྱང་ཡུན་རིང་པོའི་བར་དུ་བཞེས་པར་མཛད། བཅད་རྒྱ་གྲོལ་ཏེ་གསེར་སྐུ་ལི་མ་ཆེ་ཆུང་ལྔ་བཅུ་བརྒལ་བ་ལ་གཟུངས་གཞུག་ཚུལ་བཞིན་དུ་


GTD005_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ་ཞིང་ནང་རྟེན་གསར་རྙིང་ཐམས་ཅད་ལ་རབ་གནས་མཛད། དཔལ་ལྡན་སྨད་རྒྱུད་གཉིས་པ་གསང་ཆེན་སྔགས་ཀྱི་གྲྭ་ཚང་གི་དཔོན་སློབ་གྲོ་ཚང་ཞབས་དྲུང་སྐལ་བཟང་བཀྲ་ཤིས་རྒྱ་མཚོས་གཙོས་དགེ་འདུན་འདུས་ཚོགས་ཡོངས་ནས་བདེ་མཆོག་དཀར་པོའི་ཚེ་སྒྲུབ་མཛད་པའི་མཇུག་ཏུ་དཔོན་སློབ་རིན་པོ་ཆེས་ཞུ་འབུལ་གནད་སྨིན་གྱི་སྒོ་ནས་ལྷ་རྫས་མཎྜལ། ཚེ་བུམ་བཅས་ཕྱག་ཏུ་ཕུལ་ཏེ་རྒྱུད་པ་གྲྭ་ཚང་འདུས་ཚོགས་ཡོངས་ནས་ཞབས་བརྟན་ཕུལ་བར། རྗེ་ཉིད་ཀྱིས་ཕྱག་ཐལ་མོ་སྦྱར་ཏེ་གུས་པ་ཆེན་པོས་བདག་སོ་སོ་སྐྱེ་བོ་འཆིང་བ་ཀུན་ལྡན་ལ་སྐྱེས་ཆེན་དམ་པ་རྣམས་དང་འདྲ་བའི་རང་དབང་ནི་ག་ལ་མཆིས། དམ་པ་གོང་མ་རྗེ་མི་ཉག་རྡོ་རྗེ་འཆང་དེ་ཉིད་ཀྱི་མཚན་རྣམ་པར་དག་པས་བྱིན་གྱིས་བརླབས་པའི་ཕྲན་བདག་ལ། དེང་དགེ་བའི་ཉིན་འདིར་དཔལ་ལྡན་སྨད་རྒྱུད་ཀྱི་དཔོན་སློབ་རིན་པོ་ཆེས་གཙོས་དགེ་འདུན་འདུས་ཚོགས་ཡོངས་ནས་ཆོས་དམ་ཚིག་གི་འབྲེལ་བ་ཟབ་མོ་ཐུགས་ལ་དགོངས་ཏེ་རྟེན་འབྲེལ་གྱི་ཁྱད་དེ་ལྟར་གནང་བ་ནི་བཀའ་དྲིན་ཤིན་ཏུ་གཞལ་དཀའ་བའི་གནས་ལགས། རྡོ་རྗེ་འཆང་དངོས་སུ་ཕེབས་ནས་འཆི་མེད་ཚེའི་དངོས་གྲུབ་མངོན་གྱུར་དུ་གནང་བ་དང་ཁྱད་མེད། གང་ཡིན་ཀྱང་ཕྲན་རང་ངོས་ནས་ཚེ་ཡུན་རིང་གནས་པའི་ཆེད་དུ་ཟླ་མེད་མཆོག་གསུམ་དམ་པར་གསོལ་འདེབས་བགྱིད། དཔོན་སློབ་རིན་པོ་ཆེ་དང་དགེ་འདུན་འདུས་ཚོགས་ཡོངས་ནས་ཀྱང་བདག་གི་ཆོས་ལྡན་གྱི་བགྱི་བ་གེགས་མེད་འགྲུབ་པའི་སྐྱབས་འཇུག་དང་ཤིས་བརྗོད་ཅིག་གནང་བར་ཞུ་གསུང༌། དེའི་ཕྱི་ཉིན་ནས་སྐུ་ཁམས་སྔར་ལས་


GTD005_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

ཆེར་དྭངས་ཤིང་ཞལ་འདོན་གྱི་སྐོར་ཡང་བསྙུན་མེད་དུས་ལྟར་མཛད་པས་གྲྭ་སློབ་རྣམས་ཀྱིས་སྐྱེས་བུ་དམ་པའི་ཁྱད་ཆོས་གཞན་དང་མི་འདྲ་བ་རེད། ཁ་སང་རྒྱུད་པ་གྲྭ་ཚང་བྱོན་ནས་ཞབས་བརྟན་ཕུལ་བས་སྐུ་བསྙུན་གྲོལ་ཞིང་མཛད་སྤྱོད་ཐམས་ཅད་སྔར་ལྟར་འདུག་ཅེས་དགའ་བའི་ཅ་ཅོ་སྒྲོགས་པར་གྱུར། དེ་ནས་བསྟན་པའི་སྦྱིན་བདག་མཚོ་སྔོན་ཝང་ཚེ་རིང་དོན་འགྲུབ་སྐུ་འབུམ་དུ་ཕེབས། རྗེ་འདི་པར་མཇལ་ཞིང་སྐུ་མདུན་དུ་ཉིན་ཁ་ཤས་བཞུགས་སྐབས་དཔོན་པོ་ལ། ད་ནི་ངེད་རང་ལོའང་རྒས་ཤིང་ཁྲག་རླུང་སྟོད་འཚང་ལྟ་བུས་འབྱུང་བཞི་ཆེར་མི་སྙོམས་པ་ཡང་ཡང་འོང་ཚུལ་ལ་བལྟས་ན་འཆི་བ་ནམ་ཡོང་མི་ཤེས། དྲིན་ཅན་རྩ་བའི་བླ་མ་རྡོ་རྗེ་འཆང་རྗེ་འཇམ་དབྱངས་བཞད་པ་རིན་པོ་ཆེ་དང་། སྐྱབས་མགོན་ཆུ་བཟང་རིན་པོ་ཆེ་སོགས་ཀྱི་སྐུ་གོང་མ་དེ་དག་ཞིང་གཞན་དུ་གཤེགས་ནས་བདག་ཅག་རྣམས་མགོན་མེད་དུ་གྱུར་པ་སོགས་བསམས་ནའང༌། བདག་ལྟ་བུའི་སོ་སོ་སྐྱེ་བོ་ལྟ་ཅི་སྨོས་ཞེས་སོགས་དུས་ཀྱི་འཕོ་འགྱུར། འཁོར་བ་ལ་ཡིད་བརྟན་མེད་ཚུལ་སོགས་དང་ལེགས་ཉེས་ཀྱི་བླང་དོར་རྣམས་མང་དུ་གསུངས། ལྷག་པར་ངེད་སྔོན་གྲྭ་རྐྱང་ཡིན་དུས་སུ་ཁྱེད་ཀྱི་ཡབ་མེས་སོགས་ཀྱིས་མཐུན་རྐྱེན་བསྒྲུབས་ཏེ་ཆོས་སྡེ་འདིའི་ཆོས་གྲྭར་ཞུགས་སུ་བཅུག་པ་དང༌། དེར་མ་ཟད་ཀུན་མཁྱེན་འཇམ་དབྱངས་བཞད་པ་ཨུརྒེར་གདན་དྲངས་ནས། དུ་ལན་གོལ་གྱི་དགོན་པར་མི་ཏྲ་བརྒྱ་རྩའི་དབང༌། དུས་འཁོར་སོགས་ཀྱི་དབང་གཞན་མང་པོ། རྗེས་གནང་མཐའ་ཡས་པ་སོགས་གནང་དུས། ཝང་ནས་མགོ་འདྲེན་བྱས་ཏེ་སྡེ་ཐོག་ནས་ཁལ་རྟ་ཁྱེར་འོངས་ནས་ངེད་ལ་དབང་ཉན་རྒྱུར་ཡོང་དགོས་གསུང་སྟེ་བཀའ་ཆོས་ཀྱི་སྐོར་ཚང་མ་ཉན་དུ་


GTD005_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

བཅུག་པ་སོགས་གང་ཐད་ནས་བསམ་ནའང་བདག་ལ་དྲིན་ཅན་གྱི་ཕ་མ་ལས་ཀྱང་དྲིན་ཤིན་ཏུ་ཆེ། ཡབ་མེས་ཀྱི་འབྲེལ་བ་དེ་ཚོ་ཐུགས་ལ་བཞག་སྟེ་ཕྱིས་སུ་བདག་གི་ཆོས་ལྡན་གྱི་བྱ་བ་གང་ཡོད་ཐམས་ཅད་དཔོན་པོ་ཉིད་ནས་ཐུགས་ལ་འཛིན་དགོས། སླར་ཡང་བསྐྱར་ཨེ་ཐུག་མི་ཤེས་པས་ངས་གང་ཞུས་ཐམས་ཅད་ཐུགས་ནས་མ་བརྗེད་ཅེས་གསུངས་པས། དཔོན་པོས་ཀྱང་རང་གི་དྲིན་ཅན་རྩ་བའི་བླ་མའི་བཀའ་ལས་འདའ་མི་ཉན་པའི་ཚུལ་ཞིབ་རྒྱས་ཞུས་ཏེ། གསུང་ལྟར་རང་གིས་གང་ལྕོགས་ཀྱི་ཞབས་འདེགས་བྱས་ཆོག་ཅེས་ཞུས། ཝང་གིས་ལྷ་རྫས་མཎྜལ། སྐུ་གསུང་ཐུགས་རྟེན་སོགས་ཀྱི་མཆོད་སྤྲིན་དང་བཅས་བརྟན་བཞུགས་དང་ཞུ་འབུལ་རྒྱས་པ་ཕུལ། དཔོན་པོའི་མངའ་འོག་གི་སྨན་པ་མཁས་པ་བྱམས་པ་ཨེམྖི་ལ་དཔོན་རིན་པོ་ཆེས་བཀའ་ཕེབས་ཏེ་སྐུ་མདུན་དུ་འདུག་ཏུ་བཅུག་ནས་དེས་ཀྱང་སྐུ་ཁམས་དང་བསྟུན་ཏེ་སྨན་ཕུལ། དེ་ནས་བཅད་རྒྱའི་ངང་ལ་ཕྱག་མཆོད་ཡན་ལག་བདུན་པ་མཎྜལ་དང་བཅས་པ་སོགས་གཙོར་འདོན་གྱིས་ཡུན་རིང་པོའི་བར་དུ་བཞུགས། བླ་བྲང་རང་ནས་ཞབས་བརྟན་དུ་རྣམ་རྒྱལ་མའི་སྟོང་མཆོད་དང་བཀའ་འགྱུར་ཀློག་འདོན་སོགས་གནད་སྨིན་བསྒྲུབས་ཏེ་ཡོན་འབུལ་ཡང་གཟབས། དགུང་ལོ་དྲུག་ཅུ་རེ་གསུམ་པ་དབང་ཕྱུག་ཅེས་པ་མེ་གླང་གནམ་ལོ་གསར་བཞད་ཀྱི་ཉིན་ཞབས་དྲུང་དང་ཕྱག་མཛོད་ཆེ་ཆིང་ཆོས་རྗེ་གཉིས་ཀྱིས་གཙོས་གྲྭ་རིགས་ཐུན་མོང་ནས་མཁའ་འགྲོའི་བརྟན་བཞུགས་དང་འབྲེལ་བར་ལྷ་རྫས་མཎྜལ། སྐུ་གསུང་ཐུགས་རྟེན་བཅས་ཕུལ་ཏེ་ཞབས་བརྟན་གྱི་རྟེན་འབྲེལ་ལེགས་པར་བསྒྲིགས། སྟོད་སྨད་


GTD005_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྦྱིན་བདག་སེར་སྐྱ་དྲག་ཞན་ལྔ་བརྒྱ་བརྒལ་བ་ལ་ཕྱག་དབང༌། རྗེས་གནང༌། ལུང་ཁྲིད་སོགས་སོ་སོའི་འདོད་པ་ལྟར་ཡིད་ཚིམ་ངེས་བཀའ་དྲིན་བསྐྱང༌། ཨོར་དུ་སུ་ཤོག་གི་ཞབས་དྲུང་ངག་དབང་དཔལ་ལྡན་ཉི་མ་སོགས་བསྒྲུབ་བྱ་སུམ་ཅུ་ལྷག་ལ་དགེ་སློང་གི་སྡོམ་པ་སྩལ་ནས་ཐར་པའི་ས་བོན་བསྐྲུན། ཆ་ཧར་ཤོག་གི་ཐོ་ཡོན་རྣམ་རྒྱལ་ཟླ་བ་དང༌། ནེ་མན་ཤོག་གི་དགེ་བཤེས་ངག་དབང་བསྟན་འཛིན་གཉིས་ནས་དབྱངས་ཅན་མ་དཀར་དམར་ནོར་རྒྱུན་མ་སོགས་ཀྱི་རྗེས་གནང་ཞུས་པའི་འདུན་པ་བསྐངས། དྲུང་ཡིག་མཆོད་དཔོན་དགེ་སློང་ཚུལ་ཁྲིམས་བསྟན་འཛིན་གྱིས་འཇམ་དབྱངས་དཀར་པོའི་རྗེས་གནང་དང་དེའི་མངོན་རྟོགས་ཀྱི་ལུང་ཞུས་པ་ལྟར་བཀའ་དྲིན་དུ་སྩལ། མཚན་སྒྲོགས་མཁན་ཆེན་བློ་བཟང་དར་རྒྱས་ཀྱི་སྤྲུལ་སྐུ་ལ་བསྙེན་རྫོགས་ཀྱི་སྡོམ་པ་གནང་ནས་ངུར་སྨྲིག་གི་རྒྱལ་མཚན་བསྒྲེངས། དེ་ནས་ཕྱག་དཔེའི་སྐོར་ལ་ཡུན་རིང་དུ་གཟིགས་རྟོག་རྒྱ་ཆེར་གནང་ཞིང་འཐོར་བསྡེབས་ཆད་བསབ་ཐོ་གསལ་སོགས་ཞིབ་ཏིག་མཛད། ཚོགས་ཆེན་འདུ་ཁང་གསར་བསྐྲུན་གྱི་མཁར་ལས་ལ་བརྟེན་ཚོགས་ཆེན་རྒྱུད་གྲྭའི་འདུ་ཁང་དུ་ཚོགས་ཤིང༌། རྒྱུད་པ་གྲྭ་ཚང་གི་དཔྱིད་ཆོས་རྣམས་རྗེ་རང་གི་བླ་བྲང་དུ་བཙུགས་པ་ལ་བསྙེན་བཀུར་གཟབ་རྒྱས་ཞུས། དབྱར་ཟླ་དང་པོའི་ནང་ནས་སྔར་གྱི་བསྙུན་གཞི་ཆེས་ཆར་འཕར་ཏེ་ཕྱག་གཉེར་ཐུན་མོང་ནས་སྐུ་འབུམ་ཆོས་སྐྱོང་སོགས་ལྷ་བླ་མ་ཐམས་ཅད་ལ་ལུང་བསྟན་ཞུས་པར། གཙོ་ཆེར་སྐུ་ཞབས་ཉིད་ཀྱི་ཐུགས་བསྐྱེད་ལ་རག་ལས་ཚུལ་རྗེན་པར་གསུང་ཞིང་ཞབས་བརྟན་རིམ་འགྲོའང་རྒྱ་ཆེར་བབས། རྗེ་ཉིད་ལ་ཞུས་པར། ང་ལ་རིམ་གྲོ་སྨན་བླའི་ཆོ་ག་མཆོད་པ་


GTD005_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གང་ཆེ་དང་བཅས་གནད་དུ་འགྲོ་ངེས་པ་ཆེས་མང་པོ་བསྒྲུབ་ན་དེས་ཆོག་ཅེས་གསུངས་པས། ཚོགས་ཆེན་དུ་གཙང་ཞིང་གྱ་ནོམ་པའི་མཆོད་པ་ཤིན་ཏུ་རྒྱ་ཆེན་པོ་དང་བཅས་སྨན་བླའི་སྟོང་མཆོད་ཚར་མང་པོ་བསྒྲུབས་ཤིང་དགེ་འདུན་རྣམས་ལ་བསྙེན་བཀུར་ཡང་ཕུལ་དུ་ཕྱིན་པ་ཞུས། ཞབས་ཕྱི་བ་རྣམས་ནས་སྤྱི་བསྡུས་ཀྱིས་ཚོགས་ཆེན་དང་གྲྭ་ཚང་སོ་སོར་མང་ཇ། གྲྭ་ཇ། སྤོམ་བཏེག་རྒྱ་གང་ཆེ་ཕུལ་ཏེ་བཀའ་འགྱུར་དང་བསྟན་འགྱུར་དག་ཚར། གདུགས་ཤེར་སྒྲོལ་མ་སོགས་འགྲོ་གང་ཆེ་དང༌། བླ་བྲང་རང་དུ་རྣམ་རྒྱལ་མའི་སྟོང་མཆོད་ཚར་ལྔ་ཙམ། སེང་གདོང་མའི་གཏོར་ཟློག །གཙུག་ཏོར་ཟློག་ཆེན། སྒྲོལ་དཀར་གྱི་ཚེ་སྒྲུབ། སྒྲོལ་མ་མཎྜལ་བཞི་ཆོག་ཚར་བརྒྱ་ཕྲག་སོགས་ཞབས་བརྟན་གྱི་སྐོར་རྒྱ་ཆེན་པོ་བསྒྲུབས། དར་རྒྱས་གུང་གི་སྡེ་ཐོག་ནས་སྨན་པ་མཁས་པ་ཞིག་བོས་ཏེ་སྨན་ཕུལ་ཡང་ཕན་མ་ཐོགས་པས། ཉིད་ཀྱི་ཞལ་ནས་སྨན་པའི་སྨན་གྱིས་ཕན་མི་ཐོགས། དེ་བས་དཀོན་མཆོག་ལ་བློ་བཀལ་ན་སྐྱོན་མེད་འགྲོ་གསུང་ཞིང་སྐུ་ཁམས་ཅུང་ཟད་བདེ་ཉམས་བྱུང༌། དེའི་མཚམས་སུ་ཧལ་ཧའི་ཕྱོགས་ཀྱི་རི་ཁྲོད་པ་ཐོ་ཡོན་ཚེ་རིང་སྐྱབས་ནས་གཅོད་ནམ་མཁའ་སྒོ་འབྱེད་ཀྱི་དབང་ཞུས་པར། སྤྱིའི་ཆོས་བཤད་མདོ་རྒྱུད་ཁུངས་དང་གཞུང་བཤད་དངོས་གཞི་ལ་མན་ངག་ཞལ་ཤེས་སོགས་རྗེན་པར་སྩལ་ཏེ་དགྱེས་ཉམས་དང་བཅས་བཤེས་གཉེན་བཅུ་ལྷག་ཙམ་ལ་གནང༌། དེ་དུས་སྐུ་བསྙུན་བཞེས་ཚུལ་ཡེ་མེད་པར་ཁམས་བདེ་སྐབས་བཞིན་དུ་སྩལ་བས་བཀའ་ཆོས་ཀྱི་ཐ་མ་འདི་ཡིན་འདུག་ལ། ཆོས་མཇུག་


GTD005_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་ཁེལ་བ་རྟེན་འབྲེལ་གྱི་དབང་ཞིག་ཏུ་ཐལ་བར་མངོན། དེ་ནས་རྒྱུད་པ་གྲྭ་ཚང་གི་དབྱར་གྱི་ཆོས་ཐོག་ཀྱང་འདི་གའི་བླ་བྲང་དུ་ཚུགས་ཡོད་སྟབས། ཉིད་ཀྱི་ཐུགས་བཞེད་ལ་གྲྭ་ཚང་རིན་པོ་ཆེའི་ཁྲུས་དབང་གསན་འདུན་བྱུང་བ་ལྟར། རྒྱུད་པའི་དཔོན་སློབ་གསེར་ཏོག་ནོ་མོན་ཧན་རིན་པོ་ཆེའི་སྤྲུལ་བའི་སྐུ་ཡེ་ཤེས་ཐུབ་བསྟན་རྒྱ་མཚོའི་ཞལ་སྔ་ནས་ཀྱིས་དབུ་མཛད་འདུས་ཚོགས་ཡོངས་ལ་ཉིན་བདུན་གྱི་རིང་བསྙེན་བཀུར་གྱ་ནོམ་པ་ཞུས་པའི་སྟེང་ནས་ཁྲུས་དབང་གསན། ཞལ་ནས། གྲྭ་ཚང་བྱིན་རླབས་ཅན་འདི་འདྲ་བའི་དྲུང་ནས་ཁྲུས་དབང་ཉན་རྒྱུ་ཕར་ཞོག་ཡང་ཡང་མཇལ་རྒྱུའང་དཀའ་བས་ད་ལན་སྐལ་བ་བཟང་ཞེས་གསུངས་ཏེ། སྐྱེ་བོ་རྣམས་བསོད་ནམས་ཀྱི་ཞིང་ལ་གུས་པ་བསྐྱེད་པའི་ཐབས་མཁས་དང་དགོངས་གཞི་གཞན་ཡང་ཡོད་པར་མངོན། དགེ་བའི་བཤེས་གཉེན་ཨ་ལག་ཤེས་རབ་ཀྱིས་རྣམ་འཇོམས་བུམ་སྒྲུབ་ཡུན་རིང་མཛད་ནས་བཀྲུས་བྱབས་སྲུང་བའི་རིམ་པ་སོགས་ཀྱང་ཡང་ཡང་ཞུས། དེ་ནས་ཁྲི་གའི་ཕྱོགས་ཀྱི་རྟེན་གྲུའི་ལྷ་ཁང་ཡུལ་ཕྱོགས་དེའི་དད་ལྡན་ཚང་མས་ཁུར་བླང་གིས་གསར་བཞེངས་བྱས་པའི་སྟེང་དུ་རྗེ་ཉིད་ནས་ཕུན་སུམ་ཚོགས་པའི་གཟི་བརྗིད་ཀྱི་འོད་ཟེར་ཕྱོགས་ཐམས་ཅད་དུ་འཕྲོ་ཞིང༌། བཀྲ་ཤིས་པའི་དཔལ་གྱིས་ཀུན་ནས་ལྷམ་མེར་བྱས་པ་རིན་པོ་ཆེ་ས་ལེ་སྦྲམ་གྱི་གཉྫི་ར་མཐོ་ཁྱད་དང་ལྡན་པ་གཟུངས་འབུལ་རབ་གནས་སོགས་ཀྱིས་བྱིན་རླབས་མི་ཟད་པའི་གཏེར་དུ་བསྒྲུབས་པ་འཛུག་པར་མཛད། དེའང་གཉྫི་ར་ཞེས་པ་ནི་བོད་ཀྱི་སྐད་དུ་མཛོད་ལྡན་ཞེས་པ་ཡིན་པས། ཆོས་སྲིད་དཔལ་འབྱོར་གྱི་བང་མཛོད་ཟད་མི་ཤེས་པའི་དགའ་སྟོན་ལ་འདོད་དགུར་ལོངས་སྤྱོད་པའི་རྟེན་


GTD005_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་གྱི་སྒོ་འཕར་ཕྱེ་བ་ཡིན་པར་མངོན། ལེགས་བྱས་དགེ་མཚན་དེ་ཉིད་སུ་པྲ་ཏིཥྛ་བཛྲ་ཞེས་རབ་ཏུ་བརྟན་པའི་རྡོ་རྗེའི་རང་བཞིན་དུ་བྱ་བའི་ཕྱིར། ཁྲི་ཚབ་དགེ་བའི་བཤེས་གཉེན་ཤེས་རབ་དབང་ཕྱུག་ལ་གསུང་ཡིག་བསྐུར་ཏེ། ཡང་བསྐྱར་དུའང་རབ་གནས་སོགས་དགེ་ལེགས་སྤེལ་བའི་ཆོ་ག་རྒྱ་ཆེར་བྱེད་དུ་བཅུག །དེ་བཞིན་དུ་བཤད་སྒྲུབ་བསྟན་པའི་འབྱུང་གནས་ཆོས་གྲྭ་ཆེན་པོ་སྐུ་འབུམ་བྱམས་པ་གླིང་གི་རིག་གྲོལ་འཕགས་ཚོགས་འདུ་བའི་བསྟི་གནས་འདུ་ཁང་ཆེན་མོ་གསར་བསྐྲུན་གྱི་སྟེང་དུའང་གསེར་གྱི་འཁོར་ལོ་ཤིན་ཏུ་ཆེ་བ་ཉིན་བྱེད་གཞོན་ནུའི་གཟི་འོད་མངོན་པར་འཕྲོ་ཞིང༌། བྱིན་རླབས་རྟེན་གྱིས་གཏམས་པས་མི་ཤིས་རྒུད་པའི་མུན་པ་དྲུངས་ནས་འབྱིན་ནུས་པ། གཡས་གཡོན་དུ་དེ་ལས་དམའ་བའི་རི་དྭགས་ཕོ་མོའི་གཟུགས་དང་བཅས་པ་འཇོག་པར་མཛད། འདི་ནི་དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་ལ་འབྱུང་ཞིང༌། དེའི་རྒྱུ་མཚན་སངས་རྒྱས་བཅོམ་ལྡན་འདས་མི་འཇིགས་པ་བཞི་ལ་མངའ་བརྙེས་ཏེ་སེང་གེའི་སྒྲ་བསྒྲགས་པ་ན་སྨྲ་བ་ངན་པའི་རི་སྐྱེས་མཐའ་དག་ཟིལ་གྱིས་གནོན་པ་ལ་བཤད་པ་དང༌། ཡང་རི་དྭགས་རྣམས་སྒྲ་ལ་དགའ་བས་ཆོས་ཀྱི་སྒྲ་དབྱངས་སྙན་པར་བསྒྲགས་ཏེ་ཐར་འདོད་ཀྱི་གདུལ་བྱ་མ་ལུས་པ་མགྲོན་དུ་འགུག་པ་ལ་བཤད་པ་དང༌། དངོས་གནས་ལའང་བཅོམ་ལྡན་འདས་ཀྱིས་ཝ་ར་ཎཱ་སིར་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ་རི་དྭགས་རུ་རུ་གསེར་གྱི་མདོག་ཅན་གཉིས་དེར་འོངས་ནས་ཆོས་ཉན་པའི་རྟེན་འབྲེལ་ལ་བཤད་པ་སོགས་གང་ལྟར་ཡང་སྐུ་འཕྲེང་ཕྱི་མ་རྣམས་སུ་གདན་ས་ཆེན་པོ་འདིས་མཚོན་ཡངས་པའི་


GTD005_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་ཀུན་ཏུ་ཆོས་ཀྱི་འཁོར་ལོ་བརྒྱུད་མར་བསྐོར་ཏེ་བློ་བཟང་རྒྱལ་བའི་བསྟན་པ་ལ་ལོག་པར་འཁུ་བ་རྣམས་ཟིལ་གྱིས་གནོན་ཅིང་ཐར་འདོད་ཡོངས་ཀྱི་རེ་བ་སྐོང་བའི་རྟེན་འབྲེལ་རྨད་དུ་བྱུང་བ་བསྒྲིག་པར་མཛད་པ་ཡིན་ནོ། །དེའང་རྣམ་པར་ཐར་པའི་སྤྱིའི་ཁོག་འབུབ་ལུགས་ནི། བཀའ་གདམས་གོང་མ་རྣམས་བསྟན་པ་ཐམས་ཅད་འགལ་མེད་དང༌། གསུང་རབ་མ་ལུས་གདམས་པར་ཤར་བ་གཅིག་ལ་དྲ་ཕད་དུ་བལ་བཅུག་པ་རེ་མིག་གང་ནས་དྲངས་ཀྱང་རྫོགས་པར་ཐོན་པ་བཞིན་རང་གིས་ཉམས་སུ་ལེན་ནའང་དམིགས་སྐོར་གཅིག་གི་ནང་དུ་སྦྱོར་བའི་བསྒོམ་བྱའི་རྣམ་པ་མཐའ་དག་མ་ཚང་བ་མེད་པར་བསྡུས་སྒོམ་དུ་བྱས་ཆོག་པ་དང༌། གཞན་ལ་སྟོན་པ་ནའང་གང་ནས་བཤད་ཀྱང་རུང་བ། ཅི་ཙམ་བཤད་ཀྱང་རན་པ། ཇི་ལྟར་བཤད་ཀྱང་འབྲེལ་བ་ཞིག་འོང་བར་གསུང་བ་ལྟར། དམ་པའི་རྣམ་པར་ཐར་པའང་ཆེན་པོ་བདུན་དུ་བསྡུས་ཏེ་བཤད་པའམ། ཕར་ཕྱིན་དྲུག་ཏུ་བསྡུས་ཏེ་བཤད་པའམ། སྟོབས་ལྔར་བསྡུས་ཏེ་བཤད་པའམ། བསྡུ་བའི་དངོས་པོ་བཞིར་བསྡུས་ཏེ་བཤད་པའམ། བསླབ་པ་གསུམ་དུ་བསྡུས་ཏེ་བཤད་པའམ། ཚོགས་གཉིས་ཀྱི་སྤྱོད་པ་དང་ལམ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཉམས་ལེན་གཉིས་སུ་བསྡུས་ཏེ་བཤད་པའམ། བྱང་ཆུབ་ལམ་གྱི་རིམ་པའི་ལུས་གཅིག་ཏུ་དྲིལ་ཏེ་བཤད་པ་སོགས་གང་བྱས་ཀྱང་རྣམ་ཐར་ཐམས་ཅད་དེའི་ཁུངས་སུ་འདུ་ཞིང་འབྲེལ་ཆགས་པ་ཞིག་འབྱུང་མོད། ད་ལྟ་ཡོངས་སུ་གྲགས་པའི་ས་བཅད་ལེན་ལུགས་མཁས་བཙུན་བཟང་གསུམ། ལྟ་སྒོམ་སྤྱོད་གསུམ། མཁྱེན་བརྩེ་ནུས་གསུམ། བསླབ་པ་གསུམ་སོགས་ལ་སྦྱོར་བ་རྣམས་གཙོ་བོར་བྱེད་པར་སྣང་


GTD005_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ལ། དེ་རྣམས་ཀྱང་ཚད་མ་རྣམ་འགྲེལ་ལས། ཤེས་ལ་ཡོད་པའི་དོན་དེ་རྣམས། །འདི་ལྟར་ལྡོག་པའི་དངོས་པོ་ཅན། །ཞེས་དང༌། བྱང་ཆུབ་སེམས་འགྲེལ་ལས། བྱས་དང་མི་རྟག་དག་བཞིན་ནོ། །ཞེས་པ་ལྟར་ལྡོག་པ་ཐ་དད་ལ་ལྟོས་པ་དང་དགོས་ནུས་ཀྱིས་ཕྱེ་བའི་ལྡོག་ཆ་ཐ་དད་ཙམ་གྱི་གོ་བ་སྟེར་ལུགས་མི་འདྲ་བ་རེ་ཡོད་ཀྱང༌། རྗེ་བླ་མས་བྱང་ཆུབ་ལམ་རིམ་ཆེན་མོར་བཤེས་གཉེན་གྱི་མཚན་ཉིད་སྟོན་པའི་རིམ་པ་ཐམས་ཅད་ལས་བསྟན་པ་སྤྱི་བབ་དང་མཐུན་པའི་རྒྱུད་འདུལ་ལུགས་ཤིག་གལ་ཆེ་བས་མདོ་སྡེ་རྒྱན་གྱིས་བསླབ་པ་གསུམ་དང་སྦྱར་བའི་རྒྱུད་འདུལ་ཚུལ་འདི་གཙོ་བོར་བྱེད་དགོས་པར་གསུངས་པ་བཞིན་ཡིན་ཏེ། དེའི་རྒྱུ་མཚན་ནི་སངས་རྒྱས་ཀྱིས་ཆོས་ཕུང་ཇི་སྙེད་ཅིག་གསུངས་པ་ཐམས་ཅད་གདུལ་བྱའི་རྒྱུད་འདུལ་བའི་ཐབས་སུ་གསུངས་པ་ཤ་སྟག་ཡིན་ལ། རྒྱུད་འདུལ་ཚུལ་ཉོན་མོངས་པའི་འཆིང་བ་དྲུངས་ནས་འབྱིན་བྱེད་ལྷག་པའི་ཤེས་རབ་ཡིན་ཀྱང༌། དེ་ལ་སྔོན་དུ་མངོན་གྱུར་པ་མགོ་གནོན་པའི་ཏིང་ངེ་འཛིན་དང༌། དེ་ལ་ཉེས་སྤྱོད་རགས་པ་བཟློག་པའི་ཚུལ་ཁྲིམས་སྔོན་དུ་འགྲོ་བས་བརྗོད་བྱ་རྟོགས་པའི་བསྟན་པ་ཐམས་ཅད་བསླབ་པ་གསུམ་དུ་ངེས། དེའི་རྒྱུ་མཚན་གྱིས་རྗོད་བྱེད་ལུང་གི་བསྟན་པ་ཐམས་ཅད་སྡེ་སྣོད་གསུམ་དུ་འདུ་བ་དང༌། དེ་འཛིན་པའི་ཚུལ་ཡང་བཤད་པ་དང་སྒྲུབ་པ་གཉིས་སུ་ཁ་ཚོན་ཆོད་པར་གསུང་སྟེ། མཛོད་ལས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པ་སྨྲ་བྱེད་པ། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །ཞེས་གསུངས་སོ། །དེ་ལྟར་བྱས་ན་དོན་ཚན་གཞན་རྣམས་ཀྱང་འདིའི་


GTD005_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ཁོངས་སུ་འདུ་སྟེ། མཁས་བཙུན་བཟང་གསུམ་ཞེས་པའི་མཁས་པ་ནི་ལྷག་པ་ཤེས་རབ་ཀྱི་བསླབ་པའི་ཡོན་ཏན་དང༌། བཙུན་པ་ནི་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པའི་ཡོན་ཏན་ཡིན། བཟང་པོ་ཞེས་པ་བྱང་ཆུབ་ཀྱི་སེམས་དང་དེས་ཟིན་པའི་སྤྱོད་པའི་མིང་ཡིན་ཞིང༌། ཐུན་མོང་མ་ཡིན་པའི་ཏིང་ངེ་འཛིན་ནི་གཙོ་བོ་བྱང་ཆུབ་ཀྱི་སེམས་ལ་བྱེད་དགོས་པས་སྤྱོད་འཇུག་ཏུ་བསམ་གཏན་གྱི་ལེའུར་བྱང་ཆུབ་ཀྱི་སེམས་བསྐྱེད་ཚུལ་རྒྱས་པར་གསུངས་པ་དང༌། རྒྱན་སྣང་ལས་ཀྱང༌། ཐེག་པ་གཞན་དང་མ་འདྲེས་པའི་སེམས་རྩེ་གཅིག་པ་དང༌། ཞེས་བསམ་གཏན་གྱིས་རྩེ་གཅིག་ཏུ་བྱེད་ཚུལ་བྱིང་རྒོད་ཁེགས་པ་ཙམ་ལ་མི་བྱེད་པར་ཉན་རང་གི་ཡིད་བྱེད་སོགས་དང་མ་འདྲེས་པ་གལ་ཆེ་བར་གསུངས་པས་ཤེས་སོ། །ལྟ་སྒོམ་སྤྱོད་གསུམ་ནི་བོད་ཀྱི་བརྡ་སྦྱོར་ཚུལ་ཙམ་མ་གཏོགས། ལྟ་བ་ཤེས་རབ་སྒོམ་པ་ཏིང་འཛིན། སྤྱོད་པ་ཚུལ་ཁྲིམས་ལས་གཞན་དུ་མེད་དོ། །འཆད་རྩོད་རྩོམ་གསུམ་ནི་མཁས་པའི་ཡོན་ཏན་ཤེས་རབ་ཀྱི་བསླབ་པའི་ཁོངས་སུ་བསྡུས་སོ། །མཁྱེན་བརྩེ་ནུས་གསུམ་ཡང༌། མཁྱེན་པ་ཤེས་རབ་ཀྱི་བསླབ་པ་དང༌། བརྩེ་བ་གོང་དུ་སྙིང་རྗེའི་སྙིང་པོ་ཅན་གྱི་བྱང་ཆུབ་ཀྱི་སེམས་ཏིང་འཛིན་གྱི་བསླབ་པའི་གཙོ་བོར་བཤད་པ་དེ་བཞིན་ཡིན་ལ། ནུས་པ་ནི། ཏིང་ངེ་འཛིན་ལས་བསམ་པའི་དོན། །འབྱོར་པ་ཐམས་ཅད་སྐྱེ་བར་འགྱུར། །ཞེས་མི་འདོད་པ་སེལ་བ་དང༌། འདོད་དོན་སྒྲུབ་པའི་ནུས་པ་ཐམས་ཅད་ཏིང་ངེ་འཛིན་ལས་འབྱུང་བར་གསུངས་པས་དེར་ཡང་སྦྱར་ཆོག་མོད། འོན་ཀྱང་གསང་སྔགས་ཀྱི་ལས་རབ་འབྱམས་འགྲུབ་པའི་ནུས་པ་འབྱུང་བ། དང་པོ་ཚུལ་ཁྲིམས་ཀྱི་རྩ་བ་ཚུགས་པ་ལ་རག་ལས་


GTD005_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚུལ་དཔུང་བཟང་གི་རྒྱུད་ལས། སྔགས་ཀྱི་རྩ་བ་དང་པོར་ཚུལ་ཁྲིམས་ཏེ། །ཞེས་དང༌། འཇམ་དཔལ་རྩ་རྒྱུད་ལས། ཚུལ་ཁྲིམས་འཆལ་ལ་ཐུབ་དབང་གིས། །སྔགས་འགྲུབ་པར་ནི་མ་གསུངས་ཏེ། །ཞེས་གསུངས་པའི་ཕྱིར། འདིར་ནུས་པའི་ཡོན་ཏན་གཙོ་བོར་ཚུལ་ཁྲིམས་ཀྱི་ལག་རྗེས་ལ་སྦྱར་ནས་བཤད་ན་འབྲེལ་ཆེའོ། །དེས་ན་དང་པོ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པའི་ཡོན་ཏན་ནི་སྟོན་པའི་གདུང་འཚོབ་འདུལ་བ་འཛིན་པ་ཆེན་པོ་བུམ་པར་ཚུལ་ཁྲིམས་རྒྱ་མཚོ་དང༌། དགེ་ལྡན་བསྟན་པའི་མངའ་བདག་སྐྱབས་མགོན་ཆུ་བཟང་རིན་པོ་ཆེ་རྣམས་ཀྱི་དྲུང་ནས་སོ་ཐར་གྱི་ཚིགས་སྔ་ཕྱིའི་སྡོམ་པ་བཞེས་ཏེ་བསྟན་པའི་སྒོར་ཞུགས། རིགས་བརྒྱའི་ཁྱབ་བདག་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ་དང༌། དཔལ་ལྡན་རྡོ་རྗེ་འཛིན་པ་ཆེན་པོ་ཆུ་རུ་ཁ་པ་སོགས་ཕྱི་ནང་གི་དེ་ཉིད་ཉི་ཤུ་དང་ལྡན་པའི་རྡོ་རྗེ་སློབ་དཔོན་དུ་མའི་དྲུང་ནས་དབང་བསྐུར་རྣམ་པར་དག་པས་གསང་བ་སྔགས་ཀྱི་ལམ་དུ་སྨིན་པར་མཛད། དེ་ནས་བཟུང་སྟེ་སྒོ་གསུམ་བག་མེད་པའི་དབང་དུ་སྐད་ཅིག་ཙམ་ཡང་མི་གཏོང་བར། དྲན་ཤེས་ཀྱི་བྱ་ར་གཡེལ་བ་མེད་པས་སྡོམ་པ་གསུམ་གྱི་བཅས་མཚམས་ལས་ཅུང་ཟད་ཀྱང་མི་འདའ་བར་མིག་གི་འབྲས་བུ་བཞིན་དུ་བསྲུང་བ་ཁོ་ན་སྒྲུབ་པའི་སྙིང་པོ་དང་ཉམས་ལེན་གྱི་མཐིལ་དུ་མཛད་པར་སྣང་སྟེ། ཐུགས་དམ་བཅད་རྒྱ་མཛད་པའི་སྐབས་ཐམས་ཅད་ལའང་དབང་སྡུད་ཚེ་སྒྲུབ་སོགས་མི་གནང་བར་ལམ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཁྲིད་དམིགས་སྐྱོང་བ་དང༌། ལྷག་པར་བདག་ཉིད་འཇུག་ཅིང་དབང་བླངས་པའི་སྒོ་ནས་དམ་ཚིག་


GTD005_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

གསོ་བ་རྩལ་འདོན་མཛད། བརྒྱ་ལ་ཉེས་པ་ཕྲ་མོ་རེས་གོས་ནའང་ལྟུང་བཤགས་དང་སྡོམ་པ་སོ་སོའི་ཕྱིར་བཅོས་ཚུལ་བཞིན་མཛད་དེ་རྒྱ་མཚོ་རོ་དང་མི་འགྲོགས་པ་ལྟར་ལྟུང་བ་དང་ཞག་ཏུ་མི་འགྲོགས་པ་ཇོ་བོ་ཨ་ཏི་ཤའི་རྣམ་ཐར་བསྐྱངས། རྒྱུན་ཁྱེར་ཆག་མེད་ཀྱི་ཐུགས་དམ་མཛད་ཚུལ་ཡང༌། དགུང་ལོ་ཉེར་གསུམ་གྱི་སྐབས་ནས་བཟུང་སྐུ་ཚེ་ཧྲིལ་བོར་དུས་རྒྱུན་ཞོགས་ཀ་སྔ་བར་བཞེངས་ནས་ལྟུང་བཤགས་དང་སྤྱི་བཤགས་ཚར་ཉེར་གཅིག་གི་རིང་ལ་ཕྱག་སྦྱང་མཛད་པའི་མཐར་ཡན་ལག་བདུན་པ་མཎྜལ་བཅས་པ་ཕུལ་ཏེ་ལམ་རིམ་གྱི་ཁྲིད་དམིགས་ཆ་ཚང་བ་རྒྱས་བསྡུས་ཅི་རིགས་དང༌། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་བསྐྱེད་རྫོགས་ཀྱི་དམིགས་རིམ་གཙོ་བོར་གྱུར་པའི་སྔགས་ཀྱི་ཟབ་ཁྲིད་མང་པོ་སྐྱོང་བར་མཛད། ནངས་ཇ་བཞེས་ནས་དྲོས་ཇའི་བར་ལ། བླ་མའི་རྣལ་འབྱོར་དང་རྗེའི་གསུང་གི་བསྟོད་ཆེན་བཞི། ས་གསུམ་མ། རྒྱན་འཇུག་དང་བརྒྱད་སྟོང་གང་འགྲོ། བླ་མཆོད་ཆོ་ག །ཕྱག་ཆེན་རྩ་བ་སོགས་གསུང་སྟེ་ཟབ་རྒྱས་ཀྱི་ལམ་ལ་ཤར་སྒོམ་རྩལ་འདོན་གནང༌། དུས་མཚམས་སོ་སོར་ཐུན་དྲུག་གི་རྣལ་འབྱོར་ཡོལ་བ་མེད་པར་སྐྱོང་ཞིང་སྐབས་གང་བདེར་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་བསྐྱེད་རིམ་ཟབ་གནད་ཚང་བའི་ཉམས་བཞེས་གཙོར་འདོན་གྱི་སྒོ་ནས་ཨོཾ་གསུམ་མའི་བཟླས་པ་མང་ཉུང་གང་ལྕོགས་དང་འདུས་པའི་རྩ་རྒྱུད་ཀྱང་ཞལ་འདོན་མཛད། ཕྱི་དྲོའི་ཆར་སྒྲོལ་འདོན་རྒྱས་བསྡུས་ཅི་རིགས་དང༌། ཡི་དམ་རྡོ་རྗེ་འཇིགས་བྱེད་ཀྱི་བདག་བསྐྱེད་བཟླས་པ་གང་འགྲོ་དང་བཅས་པའི་མཐར་ཆོས་སྲུང་སྤྱིའི་གཏོར་འབུལ་གང་རྒྱས་དང་གཅོད་ཀྱི་ཉམས་བཞེས། གཟིམ་ཁར་ཡང་ཐུན་དྲུག་རྣལ་འབྱོར་གྱི་


GTD005_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

ཁོངས་ནས་ལྟུང་བའི་བསྔོ་བགྲང་དང་ཕྱིར་བཅོས་གནད་སྨིན་སོགས་མཛད་དེ་ཉིན་རེ་བཞིན་བྲེལ་གཡེང་ཇི་ལྟར་བྱུང་ཡང་ཐུགས་དམ་ཞལ་འདོན་གྱི་རིགས་དེ་རྣམས་ཆག་མེད་གནང༌། ཕྱོགས་གཞན་དུ་ཕེབས་པའི་ཚེའང་ཐུབ་དབང་གི་སྐུ་བརྙན་ལི་མ། སྒྲོལ་དཀར་ལྗང་གཉིས་ཀྱི་སྐུ་བོད་ལི། སྨན་འདམ་ལས་གྲུབ་པའི་ཇོ་བོ་རྗེའི་སྐུ། སྐུ་འབུམ་ཙན་དན་ལས་གྲུབ་པའི་རྗེ་ཙོང་ཁ་པའི་སྐུ་དང་རྗེ་གླིང་འཕུར་མ། རྗེ་འཇམ་དབྱངས་བཞད་པ་རིན་པོ་ཆེ་དང་སྐྱབས་མགོན་ཆུ་བཟང་རིན་པོ་ཆེ་རྣམ་གཉིས་ཀྱི་འཁྲུངས་རབས་སྐུ་ཐང༌། གསུང་གི་རྟེན་བརྒྱད་སྟོང་པ། མདོ་སྡེ་མཛངས་བླུན། རྒྱན་འཇུག །འདུལ་བ་མདོ་རྩ། བྱང་ཆུབ་ལམ་སྒྲོན། རྗེ་རིན་པོ་ཆེ། པཎ་ཆེན་བློ་བཟང་ཆོས་རྒྱན། རྗེ་འཇམ་དབྱངས་བཞད་པ་སྐུ་སྔ་ཕྱི། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོ་རྣམས་ཀྱི་གསུང་འབུམ། གྲུབ་ཆེན་སྐལ་ལྡན་རྒྱ་མཚོའི་མགུར་འབུམ། ལམ་རིམ་མཆན་མ་སོགས་གླེགས་བམ་པུ་ཏི་བརྒྱད་ཅུ་ཙམ་དང༌། ཐུགས་རྟེན་བཀའ་གདམས་མཆོད་རྟེན་རྣམས་འབྲལ་མེད་བསྣམས་ནས་གནས་གར་བཞུགས་སུ་དེ་དག་བཀོད་པ་གང་མཛེས་སུ་བཀྲམ་པའི་མདུན་དུ་ཕྱག་འཚལ་བ་མཆོད་པ་གང་རྒྱས་མཎྜལ་དང་བཅས་པ་དབུལ་བ། ཉེས་ལྟུང་ཕྲ་མོ་ཙམ་ཡང་བཏང་སྙོམས་སུ་མི་འཇོག་པར་བཤགས་ཤིང་སྡོམ་པ་སོགས་ཇོ་བོ་ཆེན་པོས་འབྲལ་སྤངས་མཆོད་རྟེན་གྱི་དྲུང་དུ་ཇི་ལྟར་མཛད་པ་བཞིན་གནང༌། ལྷག་པར་སྟོན་པ་ཐུགས་རྗེ་ཅན་གྱི་སྐུ་བརྙན་བྱིན་ཅན་ཆུང་ངུ་ཞིག་དང༌། སྐུ་གོང་མའི་མགུལ་ཕུར་ཞིག་ཡོད་པ་རྒྱུན་དུ་སྐུ་ལ་བསྣམས་


GTD005_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང༌། ཁམས་བསངས་སོགས་ཀྱི་ཚེ་གཙང་སར་འཇོག །གཞན་ཡང་ཡི་དམ་གྱི་གསང་ཐང༌། རྒྱུད་ཀྱི་གླེགས་བམ། རྡོར་དྲིལ། ཌཱ་མ་རུ། ཁ་ཊྭཱཾ་ག །རྒྱན་དྲུག །ཀ་པཱ་ལ། བུམ་པ་སོགས་དངོས་དང་ཙཀ་ལི་ཅི་རིགས་པའི་དམ་ཚིག་གི་རྫས་རྣམས་འབྲལ་སྤངས་སུ་མཛད་ཅིང༌། དེ་དག་གཞན་སུས་ཀྱང་ལག་མི་བརྒྱུད་པ་དང་མཐོང་ཡུལ་དུ་མི་འཇོག་པར་ཆེས་སྦ་བ་གནང་སྟེ་བསྲུང་བསྟེན་བཟའ་བའི་དམ་ཚིག་གི་ཆ་ཕྲ་མོ་ཙམ་ལས་ཀྱང་མི་འདའ་བས་ངེས་པ་དོན་གྱི་རིག་པ་འཛིན་པའི་རྗེ་བོར་གྱུར། ལྷ་ཁང་ཆུང་ངུ་ཞིག་ཏུ་མཆོད་མཇལ་གནང་ནའང་བཤགས་སྦྱང་གཙོ་བོར་གྱུར་པའི་ཡན་ལག་བདུན་པ་མཎྜལ་དང་བཅས་པ་ཕུལ་ཏེ་ལམ་ཐུན་མོང་བའི་ལུས་ཡོངས་རྫོགས། ཐུན་དྲུག་རྣལ་འབྱོར་གྱི་སྒོ་ནས་སྔགས་ཀྱི་དམ་ཚིག་གཙང་མར་མཛད་དེ་ལམ་ཐུན་མོང་མ་ཡིན་པའི་ཉམས་ལེན་སྐྱོང་བ་ལས་རིགས་འདྲ་མི་འདྲ་མང་པོ་མི་མཛད། གཞན་ཕན་འཕྲིན་ལས་སྐྱོང་བའི་དུས་དང་ཐ་ན་ཆར་འབེབས་གཅོད་ཅིག་ཚུན་ཆད་ཀྱི་སྐབས་སུའང་དེའི་དམིགས་བསལ་གྱི་ཞལ་འདོན་རེ་ཡོད་ཀྱང་ཚང་མའི་སྔོན་འགྲོ་དང་རྨང་གཞི་ལྟ་བུ་ལ་དམ་ཚིག་གསོ་བའི་རིམ་པ་སོགས་རྒྱུན་གྱི་འཆར་ཅན་དེ་རྣམས་ཆག་མེད་ཡིན་ལ། དེར་མ་ཟད་ཟབ་ཟབ་མོ་ཞིག་རྗེས་ན་ཡོད་མདོག་གིས་འདི་རྣམས་ཁྲལ་རྒྱུག་ལྟ་བུའི་སབ་སུབ་བྲེལ་དབང་དུ་མི་གཏོང་བར་གང་རྒྱས་གནད་སྨིན་ཁོ་ན་མཛད་པས། སྦྱིན་བདག་ལ་ལའི་བསམ་པར་ཁོས་ཞུས་པའི་རིམ་གྲོ་གལ་ཆེན་མི་གནང་བར་ཁོང་རང་གི་ཞལ་འདོན་ཞིག་གནང་གི་འདུག་སྙམ་པ་འཆར་ཡང༌། གནད་ཤེས་ན་ཉམས་ལེན་དང་ལོག་གནོན་ཐམས་ཅད་གཅིག་གིས་གོ་ཆོད་པར་བློ་སྦྱོང་རྩ་ཚིག་ལས་གསུངས་པ་བཞིན།


GTD005_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཤེས་ཀུན་གྲོལ་རྣམས་ཀྱིས་མཛད་ལུགས་འདི་འདྲ་ཞིག་ཡིན་དགོས་ཏེ། གླང་རི་ཐང་པས། ཆོས་ཟབ་མི་ཟབ་མིན། བློ་ཟབ་མི་ཟབ་ཡིན་གསུངས་པ་དང༌། འགྲོ་མགོན་སངས་རྒྱས་དབོན་གྱིས་ཀྱང༌། མི་རྟག་རྒྱུད་ལ་མ་སྐྱེས་ན། །གསང་བ་འདུས་པ་མི་ཟབ་སྟེ། །འཆི་བ་མི་རྟག་དྲན་པ་ན། །སྐྱབས་འགྲོ་ཚིག་གསུམ་ཟབ་པ་ཡིན། །གསུངས་པ་ལྟར། ལམ་ཐུན་མོང་བའི་ཀུན་སློང་དང་དམ་ཚིག་རྣམ་པར་དག་པས་དངོས་གྲུབ་གཉིས་ཀྱི་གཏེར་སྒོ་ཕྱེས་པ་ཞིག་ལ་ལས་གང་བྱེད་ཀྱང་འགྲུབ་སླ་ལ་ཚེགས་མེད་པ་ཆོས་ཉིད་ཡིན་པས། ཁྱ་དགེ་བློ་གྲོས་རྒྱ་མཚོས། ཆོས་ཉམས་ལེན་ཤེས་ན་ཐམས་ཅད་ཟབ། །ལྷ་སྒྲུབ་ཚུལ་ཤེས་ན་ཐམས་ཅད་མྱུར། །གསུངས་པ་ལྟར་རོ། །སྤྱི་མཐུན་གྱི་ལས་ཀྱིས་བསྐྱེད་པའི་ཐན་ཁྱེར་ཆེན་པོ་མཐའི་བསྐལ་པ་མངོན་དུ་འོང་བ་ལྟ་བུའི་སྐབས་དུ་མར་ཡང་གོང་སྨོས་བཞིན་ཆར་འབེབས་ཀྱི་རིམ་པ་རེ་མཛད་པ་ཙམ་གྱིས་བདེ་བླག་ཏུ་བབས་པ་ན། ཚང་མས་འདོན་རྒྱུའི་ཆོ་ག །བསགས་རྒྱུའི་རྫས། བྱེད་རྒྱུའི་ལག་ལེན་ཐམས་ཅད་འདྲའང་འབྲས་བུ་མི་འདྲ་བ་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པའི་སྟོབས་མི་འདྲ་བའི་ཁྱད་ཡིན་ཏེ། འདི་འདྲ་ལའང་ཚུལ་ཁྲིམས་གཙང་བ་ཁོ་ན་གལ་ཆེ་བ་བློ་སྦྱོང་མཚོན་ཆ་འཁོར་ལོ་ལས། སད་སེར་ལ་སོགས་མི་འདོད་བྱུང་བའི་ཚེ། །དམ་ཚིག་ཚུལ་ཁྲིམས་ཚུལ་བཞིན་མ་བསྲུང་བའི། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་ཚུལ་ཁྲིམས་ལ་སོགས་གཙང་བར་བྱ། །ཞེས་གསུངས་ལ། འདུལ་བ་ལུང་ལས། ཚུལ་ཁྲིམས་ལྡན་པ་སྨོན་པས་འགྲུབ། །གསུངས་པ་བཞིན་ཚུལ་ཁྲིམས་རྣམ་པར་དག་པའི་བདེན་ཚིག་


GTD005_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་ན་ཤིང་སྐམ་ལའང་མེ་ཏོག་བདུན་རེ་འཁྲུངས་ན། ཆར་ཆུ་དུས་སུ་འབེབས་པ་དང༌། རབ་གནས་སོགས་མཛད་པའི་ཡུལ་དུ་དགེ་མཚན་རྒྱ་ཆེན་པོ་འབྱུང་བ་རྣམས་དེའི་ནུས་པའི་ཆ་ཤས་ཕྲ་མོ་ཙམ་ཞིག་ཡིན་པར་མངོན་ནོ། །དེང་དུས་ཕལ་མོ་ཆེ་ལམ་ཐུན་མོང་བ་ལ་སྣ་མི་ཕེབས་པར་སྔགས་ལ་མཐོ་སྙེགས་བྱེད། སྔགས་ཀྱི་འཇུག་སྒོ་དབང་དང་དམ་ཚིག་ལ་རྩལ་དུ་མི་འདོན་པར་ལག་ལེན་ལ་རྔམས། ལག་ལེན་ཡང་བསྙེན་སྒྲུབ་བཞག་ནས་ལས་སྦྱོར་ལ་འཇུག་པ་ནི་ཤོག་བུའི་མེ་ཏོག་དང་རི་མོའི་མར་མེ་བཞིན་དགོས་ནུས་ཅི་ཡང་མེད་པའི་གཟུགས་བརྙན་ཙམ་དུ་འགྱུར་རོ། །དམ་པ་འདིས་ནི་དེ་ལས་བཟློག་སྟེ་བསྟོད་པ་བརྒྱ་ལྔ་བཅུ་པ་ལས། ཁྱོད་ནི་ཡོན་ཏན་རྒྱུ་རྣམས་ལ། །མངོན་དགྱེས་འབྲས་བུ་རྣམས་ལ་མིན། །སྒྲུབ་པ་བཟང་པོ་འདི་ཉིད་ཀྱིས། །ཁྱོད་ཀྱི་ཡོན་ཏན་ཕུན་སུམ་ཚོགས། །གསུངས་པ་བཞིན། འབྲས་བུ་དེ་དང་དེ་འགྲུབ་པ་ལ་རྒྱུ་གང་དང་གང་གཙོ་བ་དེ་ཉིད་ནན་ཏན་དུ་བསྒྲུབས་ཏེ་མཆོད་རྟེན་གྱི་བང་རིམ་བཞིན་མས་རིམ་ནས་བརྟན་པར་བྱས་པའི་མཐུས། འབྲས་བུ་གྲུབ་པའི་ཚེ་ན་ཟོ་ཆུན་གྱི་འཕྲུལ་འཁོར་བཞིན་དུ་སྟབས་གཅིག་ལ་དོན་ཐམས་ཅད་ཕུན་སུམ་ཚོགས་པར་འགྱུར་ཏེ། ནད་གདོན་སོགས་ཀྱིས་གཙེས་པའི་ཤིན་ཏུ་ཉམ་ཐག་པ་རྣམས་སྲུང་མདུད་བུམ་ཆུ་ཙམ་གྱིས་ཞི་བར་བྱས་པ་དང༌། ནོར་ལོངས་སྤྱོད་ཀྱི་དབུལ་བས་གདུངས་པ་རྣམས་ཞལ་གཡང་ཙམ་གྱིས་སྟོབས་འབྱོར་རྒྱས་པ་དང༌། སྐྱེ་བོ་ཁེངས་དྲེགས་ཅན་དུ་མ་ཞལ་མཐོང་བ་ཙམ་གྱིས་དབང་དུ་གྱུར་པ་དང༌། བསྟན་པ་ལ་ལོག་པར་འཁུ་བ་མང་པོ་ཐུགས་མ་མཉེས་པ་ཙམ་གྱིས་ནུས་པ་ཟད་དེ་སྤ་བཀོང་བའི་ཚུལ་གོང་དུ་ཟུར་ཙམ་སྨོས་པ་དང༌། གཞན་ཡང་ཉིད་ལ་ལོག་པར་འཁུ་བའི་བསམ་


GTD005_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་ཅན་དུ་མ་ཟློག་པ་སོགས་མཛད་ཀྱང་རང་ཉེས་སུ་སོང་བའི་ལོ་རྒྱུས་མང་དུ་ཡོད་པར་སྣང་ངོ༌། །དེ་ལྟར་ཐུགས་རྗེ་དང་བྱིན་རླབས་མངོན་ཚན་ཤིན་ཏུ་ཆེ་བའི་དབང་གིས་མཐོང་ཐོས་ཀྱི་སྐྱེ་བོ་རིགས་མི་གཅིག་པ་ཚང་མས་བླ་མར་བཀུར་ཞིང་ཞབས་ཀྱིས་རེག་པའི་རྡུལ་ཙམ་ཡང་དད་པའི་རྟེན་དུ་བྱེད་པ་དང༌། ཁེངས་དྲེགས་དོར་ཏེ་ཉིད་ཀྱི་སློབ་མ་དང་སྦྱིན་བདག་གི་གྲངས་སུ་ཨེ་ཆུད་བལྟས་ནས་པདྨའི་མཚོ་ལ་བུང་བ་འདུ་བ་བཞིན་བྱེད་པ་དེ་ཐམས་ཅད་ཀྱང་ལྷག་པའི་ཚུལ་ཁྲིམས་རྣམ་པར་དག་པའི་འབྲས་བུ་ཡིན་ཏེ། ཕར་ཕྱིན་བསྡུས་པ་ལས། རྐང་པས་བཀྲ་ཤིས་གྱུར་པའི་རྡུལ་དག་ཀྱང༌། །ཕྱག་འཚལ་མགོས་གཏུགས་ཐོབ་པ་ཀུན་ཏུ་འཁྱེར། །ཞེས་དང༌། རྗེ་བདག་ཉིད་ཆེན་པོས། ཚུལ་ཁྲིམས་ཉེས་སྤྱོད་དྲི་མ་འཁྲུད་པའི་ཆུ། །ཉོན་མོངས་ཚ་གདུང་སེལ་བའི་ཟླ་བའི་འོད། །སྐྱེ་དགུའི་དབུས་ན་ལྷུན་པོ་ལྟ་བུར་བརྗིད། །སྟོབས་ཀྱིས་བསྡིགས་པ་མེད་པར་འགྲོ་ཀུན་འདུད། །ཅེས་གསུངས་པ་བཞིན་ནོ། །གཉིས་པ་ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པའི་ཡོན་ཏན་ནི། འདི་ལ་ཐུན་མོང་བ་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་དང༌། ཐུན་མོང་མ་ཡིན་པ་ཕར་ཕྱིན་ཐེག་པ་ནས་བཤད་པ་གཞན་དོན་ལ་རྩེ་གཅིག་པའི་བྱང་ཆུབ་ཀྱི་སེམས་དང་མཚུངས་པར་ལྡན་པའི་ཏིང་ངེ་འཛིན་དང༌། རྡོ་རྗེ་ཐེག་པ་ནས་བཤད་པ་བདེ་སྟོང་གི་ཏིང་ངེ་འཛིན་གསུམ་ཡོད་པས། དང་པོ་མངའ་ཚུལ་ནི། ཞུས་ལན་ནོར་བུའི་ཕྲེང་བར། བདག་གི་ཡོན་ཏན་སྦ་བྱ་ཞིང༌། །ཞེས་པ་ལྟར། དམ་པ་འདི་ནི་ཡོན་ཏན་ཐམས་ཅད་བུམ་ནང་གི་མར་མེ་ལྟར་སྦས་པ་བཀའ་གདམས་གཙང་མའི་བརྟུལ་ཞུགས་ཁོ་ན་ལྷུར་བཞེས་པས་དེ་ཙམ་ཡང་


GTD005_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པའི་རྣམ་པ་ཞལ་གྱིས་མི་བཞེས་མོད། འོན་ཀྱང་དེ་ཡོད་པར་རྒྱུ་དང་འབྲས་བུ་གཉིས་ཀྱི་སྒོ་ནས་རྗེས་སུ་དཔོག་ནུས་ཏེ། ཞི་གནས་ཀྱི་ཚོགས་ལ་ཉན་ས་དང་སྒོམ་རིམ་བྱང་ཆུབ་བཟང་པོ་ཇོ་བོའི་ཏིང་ངེ་འཛིན་གྱི་ཚོགས་ཀྱི་ལེའུ་གཉིས་སོགས་ལས་ཆེས་མང་དུ་གསུངས་ནའང༌། བེའུ་བུམ་སྔོན་མོ་ལས། ཏིང་འཛིན་བསྐྱེད་ཕྱིར་ཡན་ལག་ལ་གནས། །དེ་ཡི་གཙོ་བོའི་ཡན་ལག་ཚུལ་ཁྲིམས། །ཞེས་སོགས་ལྟར། ཐམས་ཅད་ཀྱི་སྡོམ་དང་རྩ་བ་ལྟ་བུ་ཚུལ་ཁྲིམས་རྣམ་པར་དག་པ་དང་དྲན་ཤེས་མི་ལྷོད་པ་གཉིས་ཡིན་པས། དང་པོ་གོང་དུ་བསྒྲུབས་ཟིན་ཅིང་དྲན་ཤེས་གཡོ་བ་མེད་པའི་ཚུལ་ནི་ཉིད་ཀྱི་མགུར་ལས། གཡེང་བའི་དྲན་པ་ནང་དུ་བཀུག་ནས། །ཞེས་དང༌། ཡིད་ཀྱི་བུ་ཆུང་ཚིམ་དང་ལྷན་ཅིག །དྲན་ཤེས་ཨ་མ་བརྟན་པར་ཆགས་སོང༌། །ཞེས་སོགས་ཀྱིས་གོ་ནུས་ཏེ། ཚོགས་ཀྱི་སྐད་དོད་སམྦྷ་ར་ཞེས་པ་ཡང་དག་པར་འགྲུབ་པའི་དངོས་པོ་ཞེས་པ་ཡིན་པས་ཚིག་གི་ནུས་པས་ཀྱང་ཤེས་ལ། ཚད་མ་རྣམ་འགྲེལ་ལས་ཀྱང༌། རྒྱུ་ཚོགས་པ་ལས་འབྲས་སྐྱེས་པར། །རྗེས་སུ་དཔོག་པ་གང་ཡིན་པ། །དོན་གཞན་ལ་ནི་མི་ལྟོས་ཕྱིར། །དེ་ནི་རང་བཞིན་ཡིན་པར་བརྗོད། །ཅེས་གསུངས་སོ། །འབྲས་བུའི་སྒོ་ནས་ཀྱང་རྗེས་སུ་དཔོག་ནུས་ཏེ། བྱང་སེམས་ཀྱི་ཞི་གནས་སྒྲུབ་པའི་དགོས་པའི་གཙོ་བོ་གཅིག་ནི། ལམ་སྒྲོན་ལས། མྱུར་དུ་རྫོགས་པའི་བྱང་ཆུབ་ཚོགས། །ཡོངས་སུ་རྫོགས་པར་འདོད་གྱུར་པ། །དེས་ནི་འབད་བྱས་མངོན་ཤེས་དག །འགྲུབ་པར་འགྱུར་གྱི་ལེ་ལོས་མིན། །ཞི་གནས་གྲུབ་པ་མ་ཡིན་པར། །མངོན་ཤེས་འབྱུང་བར་མི་འགྱུར་ལ། །ཞེས་གཞན་དོན་རང་རང་གིས་སྐལ་བ་བཞིན་བྱེད་པ་ལ་མངོན་ཤེས་དགོས་པ་དང༌། མངོན་ཤེས་


GTD005_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་པ་འགྲུབ་པ་ལ་ཞི་གནས་སྔོན་དུ་འགྲོ་དགོས་པར་གསུངས་སོ། །བདག་ཉིད་ཆེན་པོ་འདི་ནི་སྙིགས་དུས་ཀྱི་སྐྱེས་སྤྲུལ་ལ་ལ་ལྟར་ལྷ་མཐོང་འདྲེ་མཐོང་གི་རྣམ་པས་ཡིན་མིན་ཐམས་ཅད་ཕྱོགས་གཅིག་ཏུ་བཤད་ནས་རེ་རེའི་ཐོག་ཏུ་ཁེལ་བ་ན་མངོན་ཤེས་ཀྱི་ཁ་བོ་སྒྲོགས་པ་དེ་འདྲ་མི་མཛད་ཀྱང༌། རང་ལ་བློ་གཏད་པའི་གྲྭ་སློབ་ཡོན་བདག་གི་རིགས་ལ་ཆོས་སྲིད་རྣམ་དཀར་གྱི་བྱ་བ་གང་བསྒོ་བ་དེ་གསུང་བཞིན་དུ་བསྒྲུབས་ན་རྒྱ་མཚོའི་རླབས་བཞིན་དུས་ལས་མི་ཡོལ་བར་འགྲུབ་ངེས་པ་དང༌། དེ་འདྲ་མ་བྱེད་ཅེས་བཀག་པའམ། དངོས་སུ་མ་བཀག་ཀྱང་དང་པོ་ནས་ཐུགས་ལ་མི་བཞེད་པ་རྣམས་མི་འགྲུབ་པའམ། འགྲུབ་ཀྱང་སྐྱོན་དང་བཅས་པར་འགྲོ་བ་ཨ་ཀྱཱ་རིན་པོ་ཆེས་གསུངས་ཚུལ་གོང་དུ་བཀོད་པ་དེས་མཚོན་ཏེ་རྒྱུས་ཡོད་ཐམས་ཅད་ལ་མཐུན་སྣང་དུ་གྲུབ་པ་ནི་མངོན་ཤེས་ཀྱི་གཟིགས་པ་སྒྲིབ་པ་མེད་པའི་འབྲས་རྟགས་ཡང་དག་ཡིན་ནོ། །དེའང་ཆོས་ཟབ་པ་རྒྱུ་མཚན་དུ་བྱས་པའམ། གང་ཟག་གཅིག་ལ་ཕན་པ་རྒྱུ་མཚན་དུ་བྱས་ཏེ་ཐམས་ཅད་པར་གཅིག་ཏུ་བཏབ་ན་གདུལ་བྱ་སོ་སོའི་སྐལ་བ་མཆོག་དམན། དབང་པོ་རྣོ་རྟུལ། ཁམས་དང་མོས་པ་མི་འདྲ་བས་མཐའ་གཅིག་ཏུ་ཕན་དཀའ་ལ། རྗེ་འདིས་ནི་སོ་སོར་གཟིགས་ཏེ། ལ་ལ་ནི་མདོ་སྔགས་ཀྱི་ལུས་ཡོངས་སུ་རྫོགས་པའི་ཟབ་གནད་ཀྱི་སྒྲུབ་པ་ལ་སྦྱོར། ལ་ལ་ནི་འཕགས་བོད་ཀྱི་གཞུང་ཆེན་མོར་མཐའ་རྒྱ་ཆོད་པའི་ཐོས་བསམ་ལ་སྦྱོར། ལ་ལ་ནི་བསག་སྦྱང་དང་ཁ་འདོན་བཟླས་བརྗོད་སོགས་ལ་སྦྱོར། ལ་ལ་ནི་སྨན་རྩིས་སྒྲ་སྙན་ངག་སོགས་ཐ་སྙད་རིག་གནས་ཀྱི་བསླབ་སྦྱང་ལ་སྦྱོར། ལ་ལ་ནི་གར་ཐིག་


GTD005_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་གསུམ་སོགས་ཆོ་ག་ཕྱག་ལེན་གྱི་རིམ་པ་ལ་སྦྱོར། ལ་ལ་ནི་སུམ་རྟགས་དང་གཟབ་གཤར་གྱི་ཡི་གེ་འདྲི་ཀློག་གཏོར་མའི་བཅའ་བཟོ་ཚུན་ཆད་སློབ་ཏུ་བཅུག་སྟེ། རང་རང་གི་བློ་ནུས་དང་མཐུན་པའི་དགོས་དོན་འདི་འགྲུབ་སྙམ་དུ་སེམས་ལ་འཛིན་རྒྱུ་དང༌། དེའི་སྒོ་ནས་བླ་མའི་བཀའ་དྲིན་དྲན་རྒྱུ་རེ་ངེས་ཅན་དུ་འོང་རྒྱུ་ཡོད་པས། མཐོང་ཐོས་དྲན་རེག་ཐམས་ཅད་དོན་དང་ལྡན་ཞིང༌། སྒོ་མཐའ་དག་ནས་འགྲོ་བའི་རྒུད་པ་སེལ་ཐབས་དང༌། འཕྲལ་ཡུན་གྱི་ཕུན་ཚོགས་འགྲུབ་པའི་ཐབས་མ་ཚང་བ་མེད་པར་འགྱུར་བ་བསྔགས་འོས་བསྔགས་བསྟོད་ལས། ཁྱོད་ཀྱིས་གང་ལས་འགྲོ་བ་དག །མ་དྲངས་རྒུད་པ་དེ་གང་མཆིས། །གང་དང་འཇིག་རྟེན་མ་སྤྲད་པའི། །ཕུན་ཚོགས་དེ་ཡང་གང་ཞིག་མཆིས། །ཞེས་གསུངས་པ་ལྟར་རོ། །གཉིས་པ་བྱང་ཆུབ་སེམས་དཔའི་ཐུན་མོང་མ་ཡིན་པའི་བསམ་གཏན་གྱི་བསླབ་པའི་གཙོ་བོ་གཞན་དོན་ལ་རྩེ་གཅིག་ཏུ་གྱུར་པའི་ཚུལ་ནི། མ་བརྟག་བཏང་སྙོམས་སོགས་ཀྱི་དབང་དུ་ཅུང་ཟད་ཙམ་ཡང་འབྱུང་བ་མི་སྲིད་པར་གདུལ་བྱའི་ཁམས་དང་དབང་པོའི་རིམ་པ་སྔོན་དང་ཕྱི་མའི་གནས་སྐབས་ཐམས་ཅད་གཟིགས་ནས་གང་ཕན་གྱི་ཐབས་ལ་སྦྱོར་ཚུལ་བཤད་མ་ཐག་པ་དེ་ཉིད་བྱང་ཆུབ་ཀྱི་སེམས་ཀྱི་བྱེད་པས་གཞན་དོན་ལ་རྩེ་གཅིག་ཏུ་གཞོལ་ཚུལ་ཡང་ཡིན་ཏེ། བུ་སྟོན་ཐམས་ཅད་མཁྱེན་པས། གཞན་དོན་ཆོས་ཀྱི་གཙོ་བོར་གསུངས་པ་ཡང༌། །གདུལ་བྱའི་དབང་པོ་ཁམས་དང་བག་ལ་ཉལ། །ཚོགས་དང་སྔོན་དང་ཕྱི་མའི་མཐའ་ཤེས་ཤིང༌། །རང་དོན་མ་ཆགས་གདུལ་བྱ་འདུལ་ལ་དགོངས། །ཞེས་སོ། །དེར་མ་ཟད་བསྔོ་བ་ཚིག་བཞི་པ་གཅིག་མཛད་ནའང་བསྟན་འགྲོ་སྤྱིའི་དོན་དུ་བསྔོ་ཚུལ་རྣམ་ཐར་གྱི་དཀྱུས་སུ་ཡང་


GTD005_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སྨོས་པ་དེ་དག་ཀྱང༌། དབུ་མ་བཞི་བརྒྱ་པར། དབུགས་ཀྱང་སེམས་ཅན་རྣམས་ལ་ནི། །སྨན་སླད་ཁོ་ནར་འབྱུང༌། གསུངས་པ་བཞིན་སྤྱོད་ལམ་ཐམས་ཅད་གཞན་དོན་ཁོ་ནར་གཞོལ་བའི་མཚན་མ་ཡིན་ལ། སྦྱིན་བདག་ལས་ནོར་ལོངས་སྤྱོད་སོགས་བསོད་པ་ལ་གཞན་དོན་གྱི་མིང་བཏགས་པའང༌། དེང་དུས་ཕལ་མོ་ཆེ་ཚོལ་བའི་སྐབས་སུ་མིང་ལ་གཞན་དོན་ཟེར་ཡང༌། ལག་ཏུ་ཚུད་པ་ན་རྣམ་དཀར་ཕྱོགས་སུ་ཅུང་ཟད་ཀྱང་མི་གཏོང་བར། གཉེན་བཤེས་བདུན་རྒྱུད་ཚུན་ཆད་ཀྱི་དོན་ལ་མཛོད་ཕུགས་སུ་རྒྱ་རིམ་པ་བདུན་གྱིས་བཏབ་ནས་འཇོག་པ་རྣམས་ནི་གཞན་དོན་གྱི་དྲི་མི་བྲོ་བར་མ་ཟད། ལེགས་པར་བརྟགས་ན་རང་གིས་རང་བསླུས་པ་ཁོ་ན་ཡིན་པས་རང་དོན་ཡང་མེད་དེ། མཁས་གྲུབ་ཐམས་ཅད་མཁྱེན་པས། དབང་ཁྲིད་ལུང་གིས་ཟས་ནོར་ཚོལ་བ་དང༌། །ལྟོ་ཕྱིར་རྫུན་གྱི་ཆོ་ག་བྱུང་རྒྱལ་གྱིས། །ཕན་སེམས་མེད་པར་གྲོང་ཆོག་བརྩོན་པ་ནི། །བདག་གཞན་བསླུ་བའི་གཞན་དོན་གཟུགས་བརྙན་ཡིན། །གསུངས་པ་ལྟར་རོ། །འདི་པས་གནས་སྐབས་དེར་སྦྱིན་བདག་གིས་ཕུལ་བ་ལེན་པའི་རྣམ་པ་ཙམ་མཛད་ཀྱང་ཞལ་ཏ་བའི་འདུ་ཤེས་ཙམ་གྱིས་དེའི་དད་རྫས་དེ་ཅུང་ཟད་ཙམ་ཡང་ཆུད་མ་ཟོས་པར་དཀོན་མཆོག་གི་རྟེན་བཞེངས་པ་དང༌། སྡེ་འདིས་མཚོན་པའི་ཆོས་སྡེ་ཆེ་ཆུང་དུ་མར་བཤད་སྒྲུབ་ཀྱི་རྒྱུན་སྐྱོང་བའི་འཛིན་ཐེབས་སུ་གཏོང་བ། དབུས་ཀྱི་རྒྱལ་བ་ཡབ་སྲས་སོགས་དམ་པ་རྣམས་ལ་དངོས་འབུལ། ཇོ་ཤཱཀ་སོགས་རྟེན་ལ་མཆོད་པ། གདན་ས་ཆེན་པོ་བཞིས་མཚོན་པའི་དགེ་འདུན་ལ་བསྙེན་བཀུར། རི་བོ་རྩེ་ལྔ་སོགས་རྒྱ་བོད་ཀྱི་གནས་ཆེན་ཀུན་ལ་མཆོད་འབུལ་


GTD005_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

དང་གཏོང་ཐེབས་སོགས་སུ་སྦྱར་ཏེ་སྤྱོད་རྒྱུད་ཚེ་དཔག་མེད་ཀྱི་སྐབས་ལས་གསུངས་པ་བཞིན་རྣམ་དཀར་གོང་འཕེལ་གྱི་ཚོགས་སུ་འགྲོ་ངེས་མཛད་པ་ནི་ངེས་དོན་གྱི་གཞན་དོན་ཡིན་ནོ། །རྒྱལ་སྲས་བདག་ཉིད་ཆེན་པོ་རྣམས་དབེན་པར་ཏིང་ངེ་འཛིན་བསྒྲུབ་པ་ལས་ཀྱང་འདི་བཞིན་མཛད་ན་སྒྲུབ་པའི་མཆོག་ཏུ་འགྱུར་བའི་ཚུལ་དང༌། དེ་ཉིད་དེའི་དབེན་པའི་དོན་དུ་འགྱུར་བའི་ཚུལ། ཉི་ཁྲི་ལས། ཉན་ཐོས་དང༌། རང་སངས་རྒྱས་ཀྱི་ཡིད་ལ་བྱ་བ་དང་མ་འདྲེས་ན། བྱང་ཆུབ་སེམས་དཔའ་ཆེན་པོ་དེ་ནི་དབེན་པར་རྣམ་པར་སྤྱོད་པ་ཡིན་ནོ། །ཞེས་གསུངས་པའི་དོན། ཡོན་ཏན་རིན་པོ་ཆེ་སྡུད་པ་ལས། གང་ཞིག་གྲོང་ངམ་འོན་ཏེ་དགོན་པར་གནས་ཀྱང་རུང༌། །ཐེག་པ་གཉིས་ཀྱི་སེམས་བྲལ་བྱང་ཆུབ་མཆོག་ངེས་ན། །འདི་ནི་འགྲོ་དོན་ཞུགས་པ་རྣམས་ཀྱི་དབེན་པ་སྟེ། །ཞེས་དང༌། དབེན་པ་འདི་མི་ཤེས་པའི་ཞེས་སོགས་ཀྱིས་རང་དོན་ཡིད་བྱེད་ཀྱིས་དབེན་ཚུལ་འདི་མ་ཤེས་པར་རི་སུལ་སྟོང་པར་ལོ་བརྒྱ་སྟོང་དུ་བསྒོམས་ཀྱང་བྱང་སེམས་ཀྱི་དབེན་པའི་དོན་མ་ཚང་བར་གསུངས། ༸རྒྱལ་དབང་བསྐལ་བཟང་རྒྱ་མཚོས་ཀྱང༌། དོན་བྱ་བ་ཉུང་བ་ལྷུར་བྱེད་པ། །སྤྱིར་དམ་པས་བསྔགས་འོས་མཆོག་ཡིན་ཀྱང༌། །ཁྱེད་སེམས་དཔའ་ཆེ་ལ་མཛེས་མ་ཡིན། །ཞེས་གསུངས་སོ། །གཞན་ཡང་སྡུད་པ་ལས། གལ་ཏེ་བྱང་ཆུབ་སེམས་དཔའི་ཏིང་འཛིན་བསམ་གཏན་གནས། །དགྲ་བཅོམ་རང་རྒྱལ་ཐེག་པར་འདོད་པའི་བློ་སྐྱེད་ན། །མཉམ་པར་མ་བཞག་རྒོད་ཅིང་སེམས་གཡེང་གྱུར་པ་སྟེ། །ཞེས་བྱང་སེམས་ཐུན་མོང་མ་ཡིན་པའི་ཏིང་ངེ་འཛིན་གྱི་བསླབ་པའི་མི་མཐུན་ཕྱོགས་སྤོང་བ་ལ། སྤྱིར་བཏང་གི་བྱིང་རྒོད་དང་རྣམ་གཡེང་བཀག་པ་ཙམ་གྱིས་མི་ཆོག་


GTD005_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

པར། ཉན་ཐོས་འཇིག་སྲེད་ཀྱི་སྒྲིབ་པ་དང༌། རང་རྒྱལ་བརྩེ་མེད་ཀྱི་སྒྲིབ་པ་སོགས་རང་དོན་ཡིད་བྱེད་ཀྱི་མཚན་མ་རྣམས་འདིའི་ལྡོག་ཟླའི་རྣམ་གཡེང་གི་གཙོ་བོ་ཡིན་པས་དེ་སྤོང་དགོས་པར་གསུངས་ཏེ། རྣམ་གཡེང་གི་གཙོ་བོ་དེར་ངོས་བཟུང་བའི་ཤུགས་ལ་བསམ་གཏན་གྱི་གཙོ་བོ་གཞན་དོན་ཁོ་ནར་གཞོལ་བའི་བྱང་ཆུབ་ཀྱི་སེམས་སུ་གོ་ནུས་ལ། བསམ་གཏན་གྱི་ཕར་ཕྱིན་དང་བྱང་སེམས་ཀྱི་ཐུན་མོང་མ་ཡིན་པའི་ཏིང་ངེ་འཛིན་གྱི་བསླབ་པ་གཉིས་དོན་གཅིག་པ་ཐེག་པ་ཆེན་པོའི་སྤྱི་སྐད་ཡིན་ནོ། །གསུམ་པ་བདེ་སྟོང་དབྱེར་མེད་ཀྱི་ཏིང་ངེ་འཛིན་བརྙེས་ཚུལ་ནི། སྐུ་ཚེ་ཧྲིལ་བོར་གཙོ་བོ་རྡོ་རྗེ་འཇིགས་བྱེད་དང་རྗེ་བཙུན་རྣལ་འབྱོར་མའི་རིམ་གཉིས་ཉམས་ལེན་གྱི་མཐིལ་དུ་མཛད་དེ་སྐྱེས་སྦྱང་གི་ཤེས་རབ། རྟག་སྦྱོར་གུས་སྦྱོར་གྱི་བརྩོན་པ། དམ་ཚིག་སྡོམ་པའི་བསྲུང་མཚམས། ལྷ་སྔགས་ལ་ཡིད་ཆེས་སོགས་བྱང་ཆུབ་རྡོ་རྗེས་ཇི་ལྟར་གསུངས་པའི་ཐབས་ཀྱི་རྣམ་པ་མ་ཚང་བ་མེད་པར་སྒྲུབ་པ་མཛད་འདུག་པས་འབྲས་བུ་རྟོགས་པ་ཁྱད་པར་ཅན་འཁྲུངས་ཡོད་མེད་ལ་དོགས་པའི་གནས་ཙམ་ཡང་ག་ལ་མཆིས། འོན་ཀྱང་སྦས་པའི་བརྟུལ་ཞུགས་ཀྱིས་དངོས་སུ་ཞལ་གྱིས་འཆེས་པ་མ་མཛད་པས་རྒྱ་ཆེར་སྨྲ་བ་དཀའང་ཟུར་ཙམ་བརྗོད་ན། མཚན་མོའི་རིང་ལ་གཟིམ་དང་ཏིང་ངེ་འཛིན་བསྲེས་ནས་དགེ་སྦྱོར་སྐྱོང་བ་ཞིག་ཡོད་ཅེས་རྒྱུས་ཡོད་རྣམས་གླེང་བས། ཕལ་པ་གཉིད་ལོག་པ་བཞིན་ལུས་སེམས་ཐམས་ཅད་ལྷོད་ལྷོད་པོ་དང་ཤིག་ཤིག་པོར་སོང་བ་དེ་འདྲ་མིན་པར། ཤ་ཚུགས་ཀྱི་སྒྲིམ་ཆ་དང༌། མདངས་ཀྱི་གསལ་ཆ་སོགས་གང་ལ་བལྟས་ནའང་ནང་དུ་ཏིང་ངེ་འཛིན་ཞིག་ལ་


GTD005_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པར་བཞག་ཡོད་པའི་ཉམས་ཤེས་རྒྱུ་ཡོད་པ་ཞིག་ཡིན་པར་སྣང༌། དེ་ལྟ་ན་གཟིམ་དང་བསྲེས་ནས་སྐྱོང་རྒྱུའི་དགེ་སྦྱོར་ཡང་དགེ་སེམས་གང་ཡང་རུང་བ་ཙམ་ཞིག་མ་ཡིན་པར་ངེས་ཏེ། ཁྲུས་ལྡང་ཁ་ཟས་ཀྱི་རྣལ་འབྱོར་སོགས་བླ་མེད་ཀྱི་རྒྱུད་དོན་ལྟར་རྣམ་པ་ཀུན་ཏུ་མཛད་བཞིན་པ་མངོན་སུམ་གྱིས་གྲུབ་པས། དེ་ལ་དཔག་ན་འདིའི་སྐབས་སུའང་ཉལ་བ་གཉིད་ཀྱི་རྣལ་འབྱོར་ཞེས་བྱ་བ་ལྷོ་བྲག་མར་པའི་ཐུགས་བཅུད། བསྲེ་བ་སྐོར་དགུའི་མན་ངག་གི་སྙིང་པོ་དེ་ཉིད་ཡིན་པ་གོར་མ་ཆག་གོ །དེའི་སྐྱོང་ཚུལ་ནི་གཉིད་དུ་འགྲོ་བའི་ཚེ་སྡུད་རིམ་གྱི་དམིགས་པ་བསྐྱངས་ཏེ། སྟོང་བཞི་རིམ་པར་ཤར་བའི་འོད་གསལ་གྱི་དུས་ན་དེ་དང་སྟོང་པ་ཉིད་སྦྱར་བའི་བདེ་སྟོང་དབྱེར་མེད་ཀྱི་ཏིང་ངེ་འཛིན་ལ་མཉམ་པར་འཇོག་པ་གཙོ་བོ་ཡིན་ལ། སྤྱོད་བསྡུས་ལས། ས་མཐུག་གྱུར་པས་རབ་ཏུ་རིང་གཉིད་ལོག །ཅེས་སོགས་ཀྱིས་ཕལ་བ་ལའང་རྣམ་པ་སྣ་ཚོགས་འབྱུང་རྒྱུ་ཡོད་པ་བཞིན། བདག་ཉིད་ཆེན་པོ་རྣམས་ལ་ཚོགས་རླབས་པོ་ཆེ་རྫོགས་པར་བྱེད་པའི་རྗེས་ཐོབ་ཀྱི་ཉམས་ལེན་ངོ་མཚར་བ་མང་པོའང་སྐྱོང་རྒྱུ་ཡོད་པར་སྣང་བས་དེ་འདྲ་ཞིག་ཡིན་པར་མངོན་ནོ། །གསུམ་པ་ལྷག་པ་ཤེས་རབ་ཀྱི་བསླབ་པའི་ཡོན་ཏན་ནི། གནས་ལུགས་རིགས་པ་དོན་དམ་རྟོགས་པའི་ཤེས་རབ། གནས་ལྔ་རིགས་པ་ཀུན་རྫོབ་རྟོགས་པའི་ཤེས་རབ། སེམས་ཅན་གྱི་དོན་སྣ་ཚོགས་སྒྲུབ་ཚུལ་ཤེས་པའི་ཤེས་རབ་གསུམ་དང༌། ཡང་ན་ལྟ་བ་རིགས་པ། ཇི་སྙེད་པ་རིགས་པ། གནས་ལྔ་རིག་པའི་ཤེས་རབ་གསུམ་ཟབ་པ་མྱུར་བ་གསལ་བ་རྒྱ་ཆེ་བའི་ཤེས་རབ་བཞི། འཆད་རྩོད་རྩོམ་པའི་ཤེས་རབ། སྐྱེས་སྦྱང་གི་ཤེས་རབ་གཉིས། ཐོས་བསམ་སྒོམ་པའི་ཤེས་རབ་གསུམ་


GTD005_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཇི་ལྟར་དུ་བྱས་ཏེ་བཤད་ཀྱང་རུང་མོད། འདིར་ཤེས་རབ་ཕུན་སུམ་ཚོགས་པའི་རྒྱུ་དང་འབྲས་བུ་གཉིས་ཀྱི་དབང་དུ་བྱས་ཏེ་བརྗོད་ན། དང་པོ་ལ་ལྷན་ཅིག་བྱེད་པའི་རྐྱེན་དགེ་བའི་བཤེས་གཉེན་བསྟེན་པའི་ཚུལ་དང༌། ཉེར་ལེན་གྱི་རྒྱུ་ཚུལ་བཞིན་ཡིད་ལ་བྱེད་པས་གཞུང་ལུགས་རྒྱ་མཚོར་སྦྱངས་ཚུལ་གཉིས། དང་པོ་ནི། བསྟན་པ་སྤྱི་དང་བྱེ་བྲག་གི་སྒོར་འཇུག་པའི་བཤེས་གཉེན་གོང་དུ་སྨོས་པ་རྣམས་དང༌། ཁྱད་པར་མདོ་སྔགས་ཟབ་རྒྱས་ཀྱི་གདམས་པ་ཟད་མི་ཤེས་པ་རྒྱ་མཚོ་ལས་ཆུ་བཅུ་པ་བཞིན་མནོས་ཏེ་བསྟན་པའི་གནད་ལ་ངེས་པ་སྟེར་བའི་བཀའ་དྲིན་མཚུངས་པ་མེད་པ་ནི་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ་ཡིན་ལ། གཞན་ཡང་དགེ་ལྡན་བསྟན་པའི་སྲོག་ཤིང་དགའ་ལྡན་ཁྲི་རིན་པོ་ཆེ། དཔལ་ལྡན་རིགས་བརྒྱའི་ཁྱབ་བདག་རྗེ་ཐུའུ་བཀྭན་རིན་པོ་ཆེ། ཆོས་བརྒྱད་ཀྱི་འཆིང་བ་རྩད་ནས་ཆོད་པ་ཀུན་སྤངས་བློ་བཟང་རྒྱལ་མཚན། རིགས་པའི་དབང་ཕྱུག་ངག་དབང་ཉི་མ་སོགས་བཤེས་གཉེན་དམ་པ་དུ་མ་རིགས་ཀྱི་ཅོད་པན་དུ་བཀུར་ཏེ། གསུང་གི་བདུད་རྩི་མནོས་ནས་གོད་པ་མེད་པར་ཐུགས་རྒྱུད་ལ་གཏམས་པས་ཡོན་ཏན་མི་ཟད་པའི་གཏེར་དུ་གྱུར་པ་ཡིན་ནོ། །གཉིས་པ་ཉེར་ལེན་གྱི་རྒྱུ་གཞུང་ལུགས་ལ་སྦྱང་བ་མཛད་ཚུལ་ཡང་རྒྱས་པར་གོང་དུ་བརྗོད་ཟིན་པ་ལྟར་རྒྱལ་བའི་བསྟན་པ་འཛིན་པ་ལ་ཐོག་མར་མང་དུ་ཐོས་པ་གལ་ཆེ་བར་གཟིགས་ནས། ཆེན་པོའི་མིང་དང་གོ་ས་སོགས་ཀྱིས་ཆོག་ཤེས་རློམ་སེམས་མ་མཛད་པར་ཁེངས་དྲེགས་དོར་ཞིང་དཀའ་བ་ཁྱད་དུ་བསད་དེ་ཉིན་མཚན་ཁོར་མོ་ཡུག་ཏུ་དཔེ་འཛིན་སྐྱོར་སྦྱང༌། དེའི་དོན་ལ་དཔྱོད་པ། བརྒལ་བརྟགས་ཀྱིས་རྩོད་པ།


GTD005_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་གི་དཔེ་ཁྲིད། དཀའ་གནད་ལ་དྲི་རྨེད་སོགས་ཕྱོགས་སྒོར་མོ་ནས་གསན་སྦྱོང་རྡོ་རུས་ཐུག་པ་མཛད། ཁྱད་པར་དུ་གཞུང་ཆེན་མོ་པོ་ཏི་བཅུ་ཕྲག་ལྷག་པ་འཛིན་སྐྱོར་གནང་སྟེ་ཚོགས་རྒྱུགས་ཕུལ་ཚུལ་སོགས་སྔར་བཤད་ཟིན་ལ། རྒྱུད་གྲྭར་ཕེབས་ནས་མདོ་སྡེ་ཀུན་གྱི་ཟ་མ་ཏོག་དང་རྒྱུད་སྡེ་ཀུན་གྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྩ་བའི་རྒྱུད་ཀྱི་སྦས་པའི་གནད་རྣམས་བཤད་རྒྱུད་ཆེན་པོ་དྲུག་ལ་བརྟེན་ནས་འགྲེལ་ཚུལ་དཔལ་ལྡན་ཟླ་བ་དང་རྗེ་བླ་མའི་ལེགས་བཤད་རྣམས་ཀྱིས་གཙོས་གསང་ཆེན་རྒྱུད་སྡེ་ཀུན་གྱི་གནད་དོན་ལམ་རིམ་པ་གཉིས་སུ་བསྡུས་ནས་ཉམས་སུ་ལེན་ཚུལ། ཞལ་ཤེས་ཀྱི་མན་ངག །ཆོ་ག་ཕྱག་ལེན་སོགས་མཐའ་དག་ལ་སྦྱང་བ་མཐིལ་ཕྱིན་པ་དང༌། ཞར་བྱུང་རིག་གནས་ཀུན་ལའང་སྦྱངས་ཚུལ་སོགས་ཀྱང་གོང་དུ་སོང་ཟིན་པས་བསྐྱར་མི་དགོས། གཉིས་པ་རྒྱུ་རྐྱེན་དེ་དག་གི་འབྲས་བུ་འཆད་རྩོད་རྩོམ་གསུམ་ལ་མཚུངས་ཟླ་མེད་པའི་མཁས་པའི་གོ་འཕང་མངོན་དུ་མཛད་ཚུལ་ལ། འཆད་པའི་ཡོན་ཏན་ནི། རྣམ་པར་བཤད་པའི་སྒོ་བསྡུ་བ་དང༌། དབྱིག་གཉེན་གྱི་རྣམ་བཤད་རིགས་པ་སོགས་ནས་བྱུང་བ་ལྟར་བཤད་ཚུལ་གྱི་སྐྱོན་ཐམས་ཅད་དང་བྲལ་ཞིང༌། ཡོན་ཏན་ཚང་བའི་ཚུལ་བརྗོད་བྱའི་རྣམ་གྲངས་མང་ཡང་སྙིང་པོ་བསྡུས་ན། དང་པོར་ཆོས་སྟོན་པའི་ཀུན་སློང་བྱམས་སྙིང་རྗེ་དང་བསྟན་པ་རིང་དུ་གནས་པའི་འདུ་ཤེས་སོགས་ཀྱི་སྒོ་ནས། སྟོན་ཚུལ་བརྗོད་དོན་གྱི་སྙིང་པོ་མི་གསལ་བ། གོང་འོག་འཁྲུགས་པ། ཧ་ཅང་རྒྱ་འབྱམས་པས་གནད་དུ་མི་འདྲིལ་བ། ཟེར་ཟློས་ཀྱི་རྣམ་གྲངས་མང་པོས་ཉི་མ་འཕུལ་བ། གཞན་ལ་བསྙད་འདོགས་ཟུར་ཟ་མང་པོས་དྲི་མ་ཅན་དུ་བྱེད་པ། ལུང་


GTD005_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཀྱི་གཏད་སོ་མེད་པར་ཚོད་འཇོག་བྱེད་པ་སོགས་ཀྱི་སྐྱོན་དང་བྲལ་བར་མདོ་རྒྱུད་བསྟན་བཅོས་ཚད་མ་དང༌། ལྷག་པར་རྗེ་ཡབ་སྲས་ཀྱི་གསུང་དྲི་མ་མེད་པ་རེ་གཞིར་བཞག་སྟེ། འབྲེལ་དང་མཚམས་སྦྱོར་མདོར་རྒྱས་སྤྲོད་ཚུལ་གྱིས་གོ་བདེ་བ། གནད་འགག་གི་སྤྱི་སྡོམས་ནས་བཟུང་སྟེ་གསུང་བས་འདུས་ཆེ་བ། ལུང་རིགས་ཀྱི་ཟུར་ཕྱིན་པས་ངེས་ཤེས་བརྟན་པོ་སྐྱེད་པ། རྟོགས་སླའི་དཔེ་དང་སྦྱར་བས་ཉན་སྤྲོ་བ། ཁྱད་པར་དུ་གང་གསུང་ཐམས་ཅད་ཆོས་ཀྱི་མདེའུ་སྣེ་ནང་དུ་བསྐོར་ཏེ་རྒྱུད་འདུལ་ཐབས་འབའ་ཞིག་ཏུ་མཛད་པས་ཕན་ཆེ་བ་སོགས་ཁྱད་ཆོས་བསམ་ལས་འདས་པ་ཞིག་ཡོད་པའི་སྟོབས་ཀྱིས་ཉན་པ་པོ་མིང་དང་གོ་སས་རློམ་པ། རྟོག་གེའི་ང་རྒྱལ་གྱིས་དྲེགས་པ། སྟོབས་འབྱོར་མངའ་ཐང་གིས་ཁེངས་པ། རིགས་རུས་ཀྱིས་སྙེམས་པ་ཐམས་ཅད་ཀྱང་རྟ་དམུ་རྒོད་སྲབ་ཀྱིས་ཁ་ལོ་བསྒྱུར་བ་བཞིན་བློ་སྣ་རང་དབང་མེད་པར་བསྒྱུར་ཐུབ་པ་དང༌། སླར་ཡུན་རིང་འགོར་ཡང་དེའི་ཚེ་འདི་གསུངས་པ་ཡིན་སྙམ་དུ་སེམས་ལ་གཟེར་བཏབ་པ་བཞིན་མི་བརྗེད་པར་འཛིན་རྒྱུ་ཡོད་པས་ཡིད་དང་རྣ་བས་སྐྱེལ་མཁས་པ་སྟེ། མདོར་ན་པོ་ཏོ་བའི་རྣམ་ཐར་མཛེས་པའི་པདྨོ་ལས། བརྒལ་ལན་སུན་འབྱིན་ཆོས་དམག་ཟེར་མཆུ་ཉུང༌། །དབང་ཟ་རང་བཟོས་བསྡུས་དོན་མི་མཛད་ཅིང༌། །དོན་གྱི་མཐའ་ཆོད་ཚིག་ཉུང་དོན་ཀུན་གོ །མང་ཐོས་ལུང་ལྡན་དོན་གྱི་ས་མཚམས་ཕྱེད། །གྲུབ་མཐའ་མ་འདྲེས་ཆོས་སྐད་བཟང་ལ་བརྟེན། །ཅི་བཤད་སྒོམ་དོན་བློ་སྣ་བསྒྱུར་ལ་མཁས། །ཉམས་པ་ཟུར་གསོ་ཚིག་འབྲུ་དམ་པ་བཀྲོལ། །འཁྲུགས་པ་ཀུན་བསྡེབས་འབྱམས་པ་ངག་ཏུ་འདྲིལ། །


GTD005_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་པ་ཇི་ལྟ་བ་བཞིན་ཚང་ངོ༌། །དེའི་གནད་ཀྱིས་ཆོས་དོན་དུ་གཉེར་བའི་མཁས་པ་གཟུ་བོར་གནས་པ་ཐམས་ཅད་སློབ་མར་གྱུར་ཏེ་གསུང་ལས་སྐྱེས་པའི་བུ་སློབ་ཀྱིས་རྒྱ་བོད་ཧོར་གསུམ་གྱི་ཡུལ་ཐམས་ཅད་དུ་ཁྱབ་པ་བྱུང་བ་ནི། བསྟོད་པ་བརྒྱ་ལྔ་བཅུ་པ་ལས། ཁྱོད་ཀྱིས་སློབ་མ་བཟང་པོའི་ཤིང༌། །དགེ་བའི་མེ་ཏོག་གིས་བརྒྱན་པ། །དཔྱིད་ཀྱི་ཤིང་ནི་མེ་ཏོག་གིས། །བརྒྱན་པ་ལྟ་བུར་མཛེས་པ་ལགས། །ཞེས་པ་འདིའི་ཚིག་རིས་ལྟར་བྱས་ན་སློབ་མ་དེ་ཉིད་ཡོན་ཏན་གྱི་རྒྱན་གྱིས་མཛེས་པའི་དོན་ལྟ་བུར་འགྲོའང༌། འདི་སློབ་མ་བླ་མའི་རྒྱན་དུ་སོང་ནས་ཆེ་བ་འདོན་ཚུལ་ཡིན་པས། འགྱུར་ཡང༌། སློབ་མ་དགེ་བའི་མེ་ཏོག་གིས། །བཟང་པོའི་ཤིང་ཁྱོད་བརྒྱན་གྱུར་པ། །དཔྱིད་ཀྱི་ཤིང་ནི་མེ་ཏོག་གིས། །བརྒྱན་པ་ལྟ་བུར་མཛེས་པ་ལགས། །བྱས་ན་ཤིང་ལས་སྐྱེས་པའི་མེ་ཏོག་གིས་ཤིང་བརྒྱན་པ་བཞིན། བླ་མའི་གསུང་ལས་སྐྱེས་པའི་སློབ་མས་བླ་མ་བརྒྱན་པའི་དཔེ་དོན་གཉིས་ཤིན་ཏུ་འབྲེལ་ལོ། །ས་པཎ་གྱིས་ཐུབ་པའི་བསྟོད་པ་ལས་ཀྱང༌། ཁྱོད་ཀྱི་ཡོན་ཏན་སྨོས་ཅི་འཚལ། །སྲས་ཀྱི་ཡོན་ཏན་མཐོང་བས་ཁུམས། །སྐྱ་རེངས་ཤར་བའི་གཟི་བརྗིད་ཀྱིས། །པདྨོའི་གཉེན་གྱི་འོད་ཟེར་གོ །ཞེས་གསུངས་པ་ལྟར། བླ་མའི་སྐུའི་ཆེ་བ་འདོན་པའི་མཛེས་རྒྱན་ཡིན་ཀྱང་ཞིབ་པར་བགྲང་གིས་མི་ལང་ལ། རགས་རིམ་ཙམ་ཞིག་སྨོས་ན། ཉིད་ཀྱི་བླ་མའི་ཁྲོད་ན་ཚུར་ཡང་ཆོས་གསན་པའི་བླ་སློབ་གཉི་གར་གྱུར་པ་དབུས་འགྱུར་བསྟན་པའི་སྲོག་ཤིང་དགའ་ལྡན་ཁྲི་རིན་པོ་ཆེ་ངག་དབང་སྙན་གྲགས། ངེས་དོན་གྱི་རྣལ་འབྱོར་དབང་ཕྱུག་རྒྱ་རྩང་སྒོམ་ཆེན་བློ་བཟང་རྒྱལ་མཚན་རྣམ་པ་གཉིས་དང༌། ཨ་ཀྱཱ་རིན་པོ་ཆེའི་མདུན་ནས་


GTD005_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཆོས་ལུང་འགའ་ཞིག་གསན་ལ། འོན་ཀྱང་བསྟན་པའི་རྩ་ལག་ཨ་ཀྱཱ་རིན་པོ་ཆེ་བློ་བཟང་འཇམ་དབྱངས་རྒྱ་མཚོ་ནི་རྗེ་འདི་ཉིད་ལས་མདོ་སྔགས་ཟབ་རྒྱས་ཀྱི་གདམས་པའི་ཐུགས་བཅུད་མ་ཚང་མེད་པར་བུམ་པ་གང་བྱོའི་ཚུལ་དུ་བཞེས་པའི་ནང་གི་ཐུགས་སྲས་གཙོ་བོ་ཡིན་ནོ། །གཞན་ཡང་འགྲོ་བ་མཐའ་ཡས་པའི་འདྲེན་མཆོག་མཚུངས་ཟླ་མེད་པ་བྱང་ཕྱོགས་བསྟན་པའི་མགོན་པོ་ཧལ་ཧ་རྗེ་བཙུན་དམ་པ་དབང་ཕྱུག་འཇིགས་མེད་རྒྱ་མཚོ། ཏ་ལེའི་ཧུ་ཐོག་ཐུ་བསྐལ་བཟང་ཐུབ་བསྟན་རབ་རྒྱས། དགོན་ཀྱཱ་དམ་ཆོས་བསྟན་འཛིན་རྒྱ་མཚོ། གསེར་ཏོག་སྤྲུལ་བའི་སྐུ་ཡེ་ཤེས་ཐུབ་བསྟན་རྒྱ་མཚོ། སྟག་མཚེར་སྤྲུལ་བའི་སྐུ་བློ་བཟང་མཁས་གྲུབ་ཉི་མ། ཆེ་ཤོས་སྤྲུལ་བའི་སྐུ་ངག་དབང་བཤད་སྒྲུབ་བསྟན་པའི་ཉི་མ། གྲོ་ཚང་རྒྱུད་པ་བླ་ཟུར་སྐལ་བཟང་བཀྲ་ཤིས་རྒྱ་མཚོ། མཚན་སྒྲོགས་མཁན་ཆེན་དགེ་འདུན་དོན་གྲུབ་ཀྱི་སྤྲུལ་སྐུ། རྒྱ་ཡག་སྤྲུལ་སྐུ་བློ་བཟང་བསྟན་པའི་ཉི་མ། སྐེ་ཀྱཱ་ཞབས་དྲུང་། སྒོམ་ཆེན་རིན་པོ་ཆེའི་སྤྲུལ་སྐུ་བློ་བཟང་དགེ་ལེགས་ཉི་མ། སྨན་པ་བླ་ཟུར་ཉ་ཀྱཱ་རྒྱལ་མཚན་ནོར་བུ། སྨན་པ་བླ་ཟུར་གྲོ་ཚང་སྤྲུལ་སྐུ། དེའི་བླ་ཟུར་སོ་ཉིད་ངག་དབང་དམ་ཆོས། སྨན་པའི་ཁྲི་བ་གྲོ་ཀྱཱ་བསྟན་འཛིན་རྒྱ་མཚོ། ཅོ་ནེ་ཞབས་དྲུང་སྐལ་བཟང་བསྟན་འཛིན་རྒྱ་མཚོ། ཨ་རིག་ཞབས་དྲུང་བསོད་ནམས་བསྟན་པའི་རྒྱལ་མཚན། བསྟན་པའི་གསལ་བྱེད་ལྕང་ལུང་པཎྚི་ཏ། མཁས་དབང་པཱ་རིན་ཐོ་ཡོན་བློ་བཟང་དགེ་ལེགས་བསྟན་འཛིན། ཨ་བག་ལྷ་རམས་པ་ངག་དབང་ཡར་འཕེལ། དུར་བེད་ཨེརྟི་ནི་དར་ཧན་མཁན་པོའི་སྤྲུལ་སྐུ་ངག་དབང་ཐུབ་བསྟན་ཉི་མ། ཏ་རེ་གངྒཱའི་


GTD005_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

པཎྚི་ཏ་བླ་མ་བསྟན་འཛིན། ཧོར་ཏུན་ཏཱ་ཡན་ཆིའི་སྤྲུལ་སྐུ་བློ་བཟང་མཁས་མཆོག་གྲགས་པ། མུར་གུ་ཆིག་བདེ་ལྡན་བཀོད་པ་གླིང་གི་མེར་གེན་ཏའི་ཆིང་ཆོས་རྗེ་བློ་བཟང་བསྟན་པའི་རྒྱལ་མཚན། ཆ་ཧར་ཁུ་བེ་ཐུ་ཨུ་ལན་གྱི་ཆོས་རྗེ་བློ་བཟང་དགེ་ལེགས། ཞབས་དྲུང་འཇིགས་མེད་བསྟན་འཛིན་ཉི་མ། སོ་ཉིག་བསྟན་པ་དར་རྒྱས་གླིང་གི་སྤྲུལ་སྐུ་བློ་བཟང་ཚུལ་ཁྲིམས་ཉི་མ། མེརྒེན་པཎྚི་ཏ་ཆོས་རྗེ་བསོད་ནམས་བསྟན་པའི་རྒྱལ་མཚན། སུ་ཉིད་གཡས་རུའི་ཝང་གི་སྐུ་མཆེད་མཁན་པོ་བླ་མ་སངས་རྒྱས་བཀྲ་ཤིས་རྒྱ་མཚོ། སུ་ཉིད་གཡོན་རུ་ཏི་ལེ་བི་ཤྲི་རུ་ཆོས་རྗེའི་སྤྲུལ་སྐུ་བློ་བཟང་དཔལ་ལྡན་ཆོས་འབྱོར། ཨ་བ་ག་ཞབས་དྲུང༌། ཨོར་དུ་སུ་ཨེར་ཏི་ནི་ཆོས་རྗེའི་ཞབས་དྲུང་ངག་དབང་དཔལ་ལྡན་ཉི་མ། ཨོར་དུ་སུ་སྨན་པ་བླ་ཟུར་དཀོན་མཆོག་རབ་རྒྱས། ཨོར་དུ་སུ་ཧང་གིན་ཞབས་དྲུང་རིན་ཆེན་འབྱུང་གནས། གྲོ་ཀྱཱ་ཞབས་དྲུང་སོགས་དམ་པའི་སྐྱེ་འཕྲེང་འཛིན་པའི་སྤྲུལ་སྐུ་དང་ཆོས་ཀྱི་གདན་ཁྲི་འཛིན་པའི་བླ་མ་མང་པོ་དང༌། གཞན་ཡང་ཨོར་དུ་སུ་ཤོག་གི་སྦས་པའི་རྣལ་འབྱོར་པ་ཆེན་པོ་ངག་དབང་སྨོན་ལམ། ཨོར་དུ་སུ་ཝང་གི་ཤོག་ནས་སྒྲུབ་པའི་རྒྱལ་མཚན་འཛིན་པ་རི་ཁྲོད་པ་དཀོན་མཆོག་སྙན་གྲགས། ཨོར་དུ་སུ་གླིང་བསྲེས་དཀའ་བཅུ་མཐུ་སྟོབས། ཨུ་རད་སྨོན་རམས་པ་དཔལ་འབྱོར་སོགས་གཞུང་ལུགས་རྒྱ་མཚོར་བློ་གྲོས་ཀྱི་གྲུ་གཟིངས་འདོད་དགུར་འཇུག་པའི་དགེ་བཤེས། ཆོས་བརྒྱད་ཀྱི་འཆིང་བ་དོར་ཏེ་སྤོང་བ་བསམ་གཏན་ལ་གཅིག་ཏུ་གཞོལ་བའི་རི་ཁྲོད་པ་སོགས་བགྲང་གིས་མི་ལང་ངོ༌། །མཆོད་ཅིང་བསྙེན་བཀུར་བའི་སྦྱིན་བདག་གི་རིམ་པ་ནི། ཐོག་མཐའ་བར་གསུམ་དུ་མཛད་འཕྲིན་གྱི་གདུགས་དཀར་འདེག་པའི་ཡུ་བ་ལྟ་བུ་མི་རྗེ་མཚུངས་པ་མེད་པ་


GTD005_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ཆིང་ཝང་བསོད་ནམས་རྡོ་རྗེ། དེའི་སྲས་ས་སྐྱོང་མིའི་དབང་ཕྱུག་དམ་པ་ཝང་ཚེ་རིང་དོན་གྲུབ། མུ་རིང་ཝང་ཕྱག་རྡོར། པཻ་ལི་འཇིགས་མེད། དེའི་སྲས་པཻ་ལི་འཇམ་དཔལ། པཻ་ལི་འཕྲིན་ལས་དཔལ་འབྱོར། པེ་ཟི་མི་འགྱུར། དེའི་སྲས་པེ་ཟི་རཏྣ་སིངྡྷི། པེ་ཟི་མཚོ་སྐྱེས། དར་རྒྱས་གུང༌། ཇ་སག་ཨུལ་ཅུས་ཐུ་དའི་ཆིང་རྡོ་རྗེ། སྲས་ཇ་སག་དའི་ཆིང་དབང་ཆེན་དོན་གྲུབ། ཚྭ་འདམ་ཇ་སག་ཨེང་ཁི་བ་ཡར། ཇ་སག་བསྟན་སྐྱོང༌། དེའི་སྲས་ཇ་སག་རབ་བརྟན་སོགས་མཚོ་སྔོན་གྱི་སའི་ཆར་གཏོགས་པའི་དཔོན་རིགས་ཆེས་མང་པོ་དང༌། བྱང་ཕྱོགས་ཧོར་གྱི་ཡུལ་ནས་ས་སྐྱོང་དམ་པ་སུ་ཉིད་གཡས་རུའི་དུའི་རེད་ཝང་རཏྣ་སིདྡྷི་སྐུ་མཆེད་བཅས། དུར་བེད་ཏཱ་ཝང་ཕུན་ཚོགས་བསམ་འགྲུབ། ཧོའུ་ཆིང་ཝང༌། ཨོར་དུ་སུ་ཇུན་གར་ཏཱ་བེ་ཟི་སོགས་དད་པའི་ལང་ཚོ་གཏོང་བའི་རྒྱན་གྱིས་མཛེས་པའི་དཔོན་པོ་ཆེ་ཆུང༌། མི་བཟང་སེ་དོད། ཁྱིམ་བདག་འབྱོར་ལྡན་སོགས་མཐའ་ཡས་སོ། །དགེ་ཚུལ་སློང་བསྙེན་གནས་དགེ་བསྙེན་སོགས་ཀྱི་སྡོམ་པ་མནོས་ཏེ་བྱང་ཆུབ་གསུམ་གྱི་ཁང་བཟང་དུ་འཇུག་པའི་ནོར་བུའི་ཐེམ་སྐས་བཙུགས་པ་ཁྲི་ཕྲག་ལས་ལྷག་ལ། ཆོས་འབྲེལ་ཙམ་མནོས་ཏེ་མཐོ་རིས་དང་ཐར་པའི་ས་བོན་བསྐྲུན་པ་ཚུན་ཆད་ནི་བགྲང་གིས་མི་ལང་ངོ༌། །རྩོད་པའི་ཡོན་ཏན་ནི། སྤྱིར་ད་ལྟ་བཤད་སྒྲུབ་ཀྱི་བསྟན་པའི་བྱ་བ་ཀུན་གྱི་ནང་ན་མདོ་དབུས་ཡོངས་ལ་དར་རྒྱས་ཆེ་བ་རྩོད་པ་ཡིན་པར་གྲགས་མོད་ཀྱང༌། ཕལ་མོ་ཆེ་ཞིག་གིས་རྩོད་ཚུལ་ནི། མཁས་གྲུབ་ཐམས་ཅད་མཁྱེན་པས། རྙེད་བཀུར་འཁོར་དང་གྲགས་པ་དོན་གཉེར་བའི། །འགྲན་སེམས་ཕྲག་དོག་བདག་བསྟོད་གཞན་སྨོད་ཀྱིས། །ངེས་


GTD005_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་གྲངས་དང་ཤག་སྦྱོང་ལྷུར་ལེན་པ། །ཉོན་མོངས་སོ་ནམ་ཐོས་པའི་གཟུགས་བརྙན་ཡིན། །གསུངས་པ་ལྟ་བུར་སོང་བ་མང་ལ། དེ་མིན་ཡང་རྐུན་པོ་སྡར་མ་ནོར་ལ་འཇབ་པ་བཞིན་དུ་རང་གི་ཞེ་འདོད་ཕ་རོལ་པོས་ཤེས་ཀྱིས་དོགས་པའི་ཚིག་སུབ་སུབ་བོས་མིང་ཟུར་རེའི་སྟེང་ནས་ཡིན་ཀྱང་མགོ་སྐོར་ཅི་ཐུབ་དང༌། ཕྱི་རྒོལ་གྱི་ཁ་ནོར་བ་ཙམ་ལའང་དངོས་འགལ་གྱི་རྒྱང་འབོད་ཨེ་ཐུབ་ལྟ་བ་སོགས་རེ་དོགས་མང་པོ། དཔལ་ཆོས་ཀྱི་གྲགས་པའི་རྩོད་རིགས་དང༌། ས་པན་གྱི་མཁས་འཇུག་སོགས་ལས་རྩོད་པ་རྣམ་དག་གི་འགལ་ཟླར་གསུང་བ་ཁོ་ན་ལས། ཆོས་ཀྱི་དེ་ཉིད་རིགས་པ་གསུམ་གྱིས་གཏན་ལ་ཕབ་སྟེ་མ་རྟོགས་ལོག་རྟོག་གི་དྲི་མ་དྲུངས་ནས་འབྱིན་པས་རང་གཞན་གཉི་གར་སྨན་པ་དེ་ལྟ་བུ་དཀོན་ཡང། དམ་པ་འདིས་ནི་གཞུང་ཆེན་མོའི་གོ་དོན་གཞིར་བཟུང་སྟེ་རང་གཞན་གཉི་ག་ཆོས་ཀྱི་གནད་ལ་ངེས་པ་སྣ་རེ་ཡིན་ཀྱང་སྐྱེད་ཅི་ཐུབ། ལོག་རྟོག་རེ་རེའང་སེལ་ཅི་ཐུབ་ཀྱི་ཕན་སེམས་དང་འདུན་པ་རྣམ་པར་དག་པ་ལས། མཁས་གྲགས་ཀྱི་རེ་བ་དང༌། ཕྱི་རྒོལ་སྨ་འབེབ་ཀྱི་བསམ་པ་སོགས་ནམ་ཡང་མི་མཛད་པས། རྩོད་ཟླ་རྣམས་ཀྱང་ཅི་ཙམ་འགྲོགས་པ་བཞིན་ཇེ་གུས་སུ་འགྲོ་བ་ཞིག་ཡོད་པ་གྲྭ་ཐོག་མཉམ་པའི་རྒྱུས་ཡོད་རྣམས་གླེང་ངོ༌། །རྩོམ་པའི་ཡོན་ཏན་ནི་དཀོན་མཆོག་རྗེས་དྲན་གྱི་མདོར། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ་ཞེས་སོགས་དང༌། མདོ་སྡེ་རྒྱན་ལས། གཟུགས་རྒྱན་རང་བཞིན་ཡོན་ཏན་ལྡན་པ་མེ་ལོང་ནང་སོང་ན། །ཞེས་སོགས་ཀྱིས་རང་བཞིན་གྱི་རྒྱན་ཟབ་རྒྱས་ཀྱི་ལུས་བཟང་པོའང་རྗོད་བྱེད་ཕུན་སུམ་ཚོགས་པའི་གསལ་བྱེད་ཀྱི་རྒྱན་གྱིས་མཛེས་པར་བྱེད་དགོས་


GTD005_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

པར་གསུངས་ལ། རྗེ་བླ་མའི་རིན་པོ་ཆེ་གསུམ་གྱི་གཏམ་གྱི་སྦྱོར་བར་ཡང་དེ་བཞིན་དུ་གསུངས་ཏེ། བསྟན་བཅོས་ཀྱི་སྤྱི་ཁོག་ཤིན་ཏུ་བཟང་བའི་ནང་དུའང་སྦྱོར་ཚུལ་ཉེས་པ་རེ་རེ་བྱུང་ན་རྒྱན་མང་ན་ཆུང་སྣ་བཅད་པ་བཞིན་དུ་མཛེས་པ་དམན་པར་བྱེད་པར་དཎྜིས་གསུངས་སོ། །དེ་ལྟར་ཚིག་དོན་ཕུན་སུམ་ཚོགས་པ་འབྱུང་བ་ལ་སྙན་ངག་གི་གཞུང་སོགས་ལ་སྦྱང་དགོས་པར་གཟིགས་ཏེ་ཐ་སྙད་པའི་རིག་གནས་རྣམས་ལའང་ཐོས་བསམ་ཚུལ་བཞིན་དུ་མཛད་པ་ན་སྐྱེས་སྦྱང་གི་བློ་གྲོས་ཕུན་སུམ་ཚོགས་པས་དཀའ་ཚེགས་མེད་པར་སྨྲ་བའི་དབང་ཕྱུག་ཏུ་གྱུར་པར་ངེས་ཏེ། སྔོན་ཀུན་མཁྱེན་འཇམ་དབྱངས་བཞད་པ་རིན་པོ་ཆེའི་བཀས་བསྐུལ་ནས་ཐ་སྙད་རིག་གནས་རྣམས་ལ་སྦྱང་བ་མཛད་པའི་ཚེ་རྗེ་དེ་ཉིད་ཀྱིས་སྩལ་བའི་ཆབ་ཤོག་ལས། ཡིད་འཕྲོག་ཆུས་སྐྱེས་ལྟེ་བར་འཇོ་སྒེག་མཁན། །བཻ་ཌཱུར་རྒྱུད་མངས་སྒྲ་ལས་ཆོས་ཕུང་ཀུན། །གླུར་ལེན་སྨྲ་མཁས་འདོད་པ་རྣམས་ཀྱི་ལྷ། །ཚངས་པའི་བུ་མོས་དགེ་ལེགས་སྩོལ་གྱུར་ཅིག །ཐ་སྙད་རིག་གནས་ཤེས་བྱའི་ཐང་ཆེན་དུ། །བློ་གྲོས་ཅང་ཤེས་གོམ་སྟབས་བསྒྱུར་མཁས་ཤིང༌། །ལེགས་བཤད་ངོ་མཚར་ལྟད་མོས་ཚིམ་གྱུར་པ། །དམ་པའི་རང་རྟགས་གསལ་བའི་བློ་ལྡན་ཁྱོད། །ཅེས་ཐུགས་ཤིན་ཏུ་མགུ་བའི་བཀའ་ཕེབས་པ་དང༌། རྗེ་ཐུའུ་བཀྭན་རིན་པོ་ཆེས་སྩལ་བའི་ཆབ་ཤོག་ལས་ཀྱང༌། རྨོངས་ཆེན་གླང་པོའི་མཆེ་བ་ཉེར་ཕྱུང་ནས། །སྣ་ཚོགས་རིག་གནས་སྒྲོ་མདངས་མཚར་སྡུག་ཅན། །རྒྱ་ཆེན་ཐོས་པའི་རྨ་བྱ་ཞོན་ནས་སུ། །མཁས་མང་འཆི་མེད་གྲལ་དུ་ཉེར་སླེབ་སྟེ། །མ་རིག་མུན་སེལ་རིག་གཞུང་གསེར་གྱི་སྒྲོན། །རྣམ་


GTD005_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱོད་སུག་པར་ཐོགས་པས་དུས་མཐའ་འདིའི། །སྐྱེ་སྤྲུལ་བཟང་རྫུའི་མུན་ཁུང་འདོད་སྲེད་ཀྱི། །གཉིད་དུ་ཡུར་བ་རྣམས་ལ་ཅོ་འདྲི་ཞིང༌། །ཞེས་དང༌། དར་ཟབ་ཀྱིས་དཀྲིས་ལྡེར་བཟོའི་རྣམ་པར་ཐར། །འཛིན་མིན་ལྗགས་མཉེན་གློག་གི་གར་བསྒྱུར་བས། །ལེགས་བཤད་སྒྲ་བརྒྱ་སྒྲོགས་པའི་ཆོས་ཀྱི་སྤྲིན། །ཁྱོད་ཀོ་ཐུབ་བསྟན་ལྷ་ལམ་མཛེས་རྒྱན་ཉིད། །ཅེས་གཅམ་བུ་ཙམ་མ་ཡིན་པར་གནས་ཚུལ་གྱི་རང་བཞིན་དྲང་པོར་འདོམས་པའི་གསུང་གིས་བསྔགས་པ་བརྗོད་པས་ཤེས་སོ། །འོན་ཀྱང་བར་སྐབས་ཤིག་ནས་ཇོ་བོ་ཆེན་པོས། ངང་པའི་ཆུ་ལས་འོ་མ་ལེན་པ་ལྟར། །རང་གི་འདོད་པ་དང་དུ་བླང་བར་བྱ། །ཞེས་དང༌། སྙིང་པོ་ངེས་པར་བསྡུ་བ་ལས་ཀྱང་གསུངས་པ་ལྟར་བེའུ་བུམ་སྔོན་མོར་ཡང༌། བསྒོམས་པས་ཚེ་འདི་དོན་ཡོད་བྱས་ལ། །རིག་པའི་གནས་ལྔ་སྨོན་ལམ་གྱིས་སྦྱང༌། །ཞེས་གསུངས་པ་བཞིན་ནང་དུ་ཡང་དག་འཇོག་ལ་རྩེ་གཅིག་ཏུ་གཞོལ་བར་གྱུར་ཏེ། དེ་ལ་ལྟོས་ནས་ཐ་སྙད་རིག་གནས་ཀྱི་སྤྲོས་པ་དང་རྩོམ་པའི་རྣམ་གྲངས་མང་པོ་གཡེང་བའི་རྒྱུར་གཟིགས་ནས་ཆེར་མ་མཛད་ཀྱང༌། དད་ལྡན་རྣམས་ཀྱིས་ནན་ཏན་ཆེན་པོས་ཡང་ཡང་བསྐུལ་ཏེ་སྔ་ཕྱིར་གསུང་རྩོམ་ཐོར་བུ་གནང་བ་ཕྱོགས་གཅིག་ཏུ་བསྡེབས་ན་པོ་ཏི་གཅིག་ལྷག་ཙམ་ཡོད་པ་རྣམས་ནི། དོན་ཟབ་ཅིང་ཚིག་སྦྱོར་ལེགས་པ། གོ་བདེ་ལ་འདུས་ཆེ་བ་སོགས་མཁས་པ་མགུ་བའི་ལེགས་བཤད་འབའ་ཞིག་ཏུ་ཡོད་དོ། །དེ་ལྟར་ཤེས་བྱ་རིག་པའི་གནས་ལྔ་ལ་མཁས་པས་འཆད་རྩོད་རྩོམ་གསུམ་ལ་ཐོགས་པ་མེད་པ་ཁྱུ་མཆོག་རླབས་པོ་ཆེའི་གནས་ཐོབ་པའི་ཚུལ་དེ་རྣམས་ཀྱང་ལྷག་པ་ཤེས་རབ་ཀྱི་བསླབ་པའི་ཡོན་ཏན་ཡིན་ལ། འོན་ཀྱང་མདོ་སྡེ་རྣམས་ལས་


GTD005_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་པ་ཤེས་རབ་ཀྱི་བསླབ་པའི་དབྱེ་བ་གཙོ་བོར་དངོས་སུ་གསུངས་པ་ནི། རྣམ་བཤད་དགོངས་པ་རབ་གསལ་ལས། ལྷག་པའི་ཤེས་རབ་ཀྱི་བསླབ་པ་གསུམ་འཇོག་པ་ལ། ས་འདིར་བྱང་ཕྱོགས་སོ་བདུན་རགས་པ་དང་ཕྲ་བ་ལ་ཆེས་མཁས་པའི་ཤེས་རབ་ཀྱི་བསླབ་པ་ཞེས་སོགས་ཀྱི་དོན་དབུ་མ་འཇུག་པར། བྱང་ཆུབ་ཕྱོགས་ལྷག་བསྒོམ་པ་ལས་སྐྱེས་པའི། །ཞེས་བྱང་ཕྱོགས་སོ་བདུན་སོགས་ལམ་ལ་མཁས་པའི་ཤེས་རབ་ཀྱི་བསླབ་པ་དང༌། བདེན་རང་བཞིན། ཞིབ་མོར་རྟོགས་ལའང་ཤིན་ཏུ་མཁས་པ་འཐོབ། །ཅེས་བདེན་བཞི་ལ་མཁས་པའི་ལྷག་པ་ཤེས་རབ་ཀྱི་བསླབ་པ་དང༌། འདི་བརྟེན་འབྱུང་བའི་དེ་ཉིད་མཐོང་བ་དེ། །ཤེས་རབ་གནས་པས་འགོག་པ་ཐོབ་པར་འགྱུར། །ཞེས་རྟེན་འབྱུང་གི་དེ་ཁོ་ན་ཉིད་རྟོགས་པའི་ལྷག་པ་ཤེས་རབ་ཀྱི་བསླབ་པ་གསུམ་དུ་གསུངས་པ་དེ་དག་ཐུགས་རྒྱུད་ལ་འཁྲུངས་པར་ཚུལ་འདི་ཉིད་ཀྱིས་ཤེས་དགོས་ཏེ། ཉིད་ཀྱི་རྟོགས་བརྗོད་སྐལ་ལྡན་མ་ལས། གཞུང་ཕར་ཕྱིན་དབུ་མ་ལ་སོགས་པ། །ནང་བལྟས་ཀྱི་བློ་ཡིས་གང་ནུས་སྦྱོར། །ཞེས་བཀའ་པོད་ཆེན་པོ་ལྔ་ལ་སྦྱང་བ་མཛད་པ་དེའང་ཁ་ཕྱིར་བལྟས་ཀྱི་རྩོད་པའི་ཡན་ལག་ཙམ་མ་ཡིན་པར་ཐུགས་རྒྱུད་ལ་ནང་དུ་བསྐོར་ཏེ་དེ་དང་དེའི་དོན་གྱི་རྟོགས་པ་ཁྱད་པར་ཅན་འཁྲུངས་པ་འབའ་ཞིག་གི་ཕྱིར་དུ་མཛད་ངེས་པ་དང༌། དེ་ལྟར་ན་ཕར་ཕྱིན་གྱི་གཞུང་ལ་སྦྱངས་པས་གཞུང་ཕ་རོལ་ཏུ་ཕྱིན་པའི་སྦས་དོན་མངོན་པར་རྟོགས་པ་མཐའ་དག །མཚན་མེད་རབ་ཏུ་སྦྱིན་ལ་སོགས། །ཞེས་སོགས་ཀྱིས་མདོར་བསྟན་པ་བཞིན་དུ་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པར་བསྡུས་ཏེ་རྣལ་འབྱོར་བ་གཅིག་གི་ཉམས་ལེན་གྱི་ལུས་གཅིག་ཏུ་འདྲིལ་བས་ལམ་ཕྲ་རགས་


GTD005_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གནད་ཐམས་ཅད་ལ་ངེས་པ་རྙེད་དེ་ལྷག་པའི་ཤེས་རབ་དང་པོ་ཐུགས་ལ་སྐྱེས་པར་འགྲུབ། མངོན་པ་མཛོད་ལ་སྦྱངས་པའང་གནས་དང་པོ་གསུམ་གྱིས་ཁམས་ཀྱི་རབ་དབྱེ་མཐའ་ཡས་དང་སྣོད་བཅུད་ཀྱི་འཇིག་རྟེན་མཐའ་དག་གིས་བསྡུས་པའི་ཤེས་བྱ་སྡུག་བསྔལ་གྱི་བདེན་པ་གཏན་ལ་འབེབས། གནས་བཞི་པ་ལྔ་པ་གཉིས་ཀྱིས་ལས་ཀྱི་དབྱེ་བ་དང་དེའི་རྩ་བ་ཕྲ་རྒྱས་དྲུག་སོགས་སྤང་བྱ་ཀུན་འབྱུང་གི་བདེན་པ་གཏན་ལ་འབེབས། གནས་ཕྱི་མ་གསུམ་གྱིས་འགོག་ལམ་གྱི་བདེན་པ་གཏན་ལ་འབེབས་པས་ལྷག་པའི་ཤེས་རབ་གཉིས་པ་ཐུགས་ལ་འཁྲུངས་པར་འགྲུབ། དབུ་མའི་གཞུང་ལ་ནང་དུ་བསྐོར་ཏེ་སྦྱངས་པས་སྲིད་པའི་ནད་བརྒྱ་སེལ་བའི་སྨན་མཆོག །ཉེས་བརྒྱའི་འཆིང་བ་གཅོད་པའི་རལ་གྲི། བསྟན་པའི་སྙིང་པོ་དཔལ་མགོན་ཀླུ་སྒྲུབ་ཡབ་སྲས་དང་འཇམ་མགོན་ཙོང་ཁ་པ་ཡབ་སྲས་ཀྱི་ཐུགས་བཅུད་ཟབ་མོ་རྟེན་འབྱུང་གི་དེ་ཁོ་ན་ཉིད་གཟིགས་པས་ལྷག་པའི་ཤེས་རབ་གསུམ་པ་ཐུགས་ལ་འཁྲུངས་པར་འགྲུབ་ཅིང༌། རྣམ་འགྲེལ་ནི་དབུ་ཚད་སེང་གེ་མཇིང་བསྣོལ་ཞེས་དབུ་མའི་ལྟ་བ་གཏན་ལ་འབེབས་པའི་རིགས་པར་ངར་འདོགས་བྱེད་ཀྱི་ཡན་ལག་དང་། འདུལ་བ་ནི་དེ་དག་ཐམས་ཅད་ཀྱི་གཞི་རྟེན་དུ་དགོངས་པས། མདོར་ན་རྒྱུ་ཐོས་བསམ་མཛད་ཚུལ་ཚིག་གི་ན་ཡམ་དང་ཤགས་འགྱེད་པ་ཙམ་དུ་མ་སོང་བའི་རྣམ་པར་དག་པ་འདི་ཉིད་ཀྱི་སྒོ་ནས་འབྲས་བུ་ལྷག་པའི་ཤེས་རབ་ཕུན་སུམ་ཚོགས་པ་ཐུགས་རྒྱུད་ལ་འཁྲུངས་ཚུལ་རྗེས་སུ་དཔོག་པར་བྱེད་དགོས་པ་ཡིན་ནོ། །མདོར་ན་ཕྱིན་དྲུག་བསྡུ་བཞི་སོགས་རྒྱལ་སྲས་ཀྱི་སྤྱོད་པ་མཐའ་དག་ལ་གོམས་པ་ངང་དུ་གྱུར་པས་སྐུ་གསུང་ཐུགས་ཀྱི་མཛད་པ་མཐའ་དག་བསྟན་འགྲོའི་གསོས་སྨན་དུ་འགྱུར་ཞིང༌། རང་དོན་ཡིད་བྱེད་ཀྱིས་བསླད་པ་ཅུང་ཟད་ཀྱང་མེད་


GTD005_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

པར་དེ་ཐམས་ཅད་གཞན་དོན་འབའ་ཞིག་ཏུ་བསྔོ་བར་མཛད་པའི་སྟབས་ཀྱིས་སླད་མར་ཡང་ནམ་མཁའ་ཇི་སྲིད་གནས་ཀྱི་བར་དུ་ཚོགས་གཉིས་ཀྱི་སྤྱོད་པ་རླབས་པོ་ཆེ་ཅུང་ཟད་ཙམ་ཡང་མི་ཉམས་པར་གོང་ནས་གོང་དུ་འཕེལ་ཞིང༌། འགྲོ་བ་མ་ལུས་པའི་མགོན་དང་སྐྱབས་སུ་འགྱུར་བ་སོགས་གསང་བ་གསུམ་གྱི་ཡོན་ཏན་མི་ཟད་པའི་གཏེར་དུ་གྱུར་པ་ཡིན་ཏེ། མདོ་སྡེ་རྒྱན་ལས། ཐབས་མཆོག་ཤེས་པ་གང་ཞིག་བསོད་ནམས་ཡང་དག་བསྡུས་པ་ཤིན་ཏུ་རྒྱ་ཆེན་ཀུན། །གཞན་དང་ཐུན་མོང་བྱས་ནས་ཉིན་གཅིག་བཞིན་དུ་རྫོགས་པའི་བྱང་ཆུབ་ཡོངས་བསྔོ་ཞིང༌། །བཟང་པོའི་གནས་སུ་སྐྱེས་པས་རྟག་ཏུ་དགེ་བྱེད་མངོན་ཤེས་ཡོན་ཏན་རྣམས་ཀྱིས་རྩེན། །སངས་རྒྱས་སྲས་དེ་ཀུན་གྱི་བླ་ན་འདུག་པ་ཡོན་ཏན་གཏེར་དུ་ཤེས་པར་བྱ། །ཞེས་གསུངས་པ་བཞིན་ནོ། །རྣམ་དག་ཚུ༷ལ་ཁྲི༷མས་ཆུ་གཏེར་ལས་འཁྲུངས་ཏིང་འཛིན་ཤེས་རབ་འོད་སྟོང་འབར། །མདོ་མངོན་འདུལ་བསྟ༷ན་ཆ་ཤས་ཡོངས་གང་འཆད་རྩོད་རྩོམ་པ༷འི་བསིལ་ཟེར་འགྱེད། །བཤད་སྒྲུབ་ཉི༷་ཟླ་ཟུང་དུ་འཇུག་པས་ས་གསུམ་མུན་པའི་བླ་གོས་ཕྲོགས། །དཔལ་ལྡན་བླ་མ༷་མཁྱེན་བརྩེའི་བདག་ཉིད་ཀུན་བཟང་སྤྱོད་པའི་ཕ་རོལ་སོན། །འབྲེལ་མེད་ཕྱེ་བསྡུས་བཤད་པས་མགོ་སྐོར་དང༌། །གནད་དོན་མ་ཕིག་ཁ་འཆལ་རྩོད་པ་དང༌། །གཞན་ལས་བརྐུས་ཏེ་རྩོམ་པའི་ཁུར་འཛིན་རྣམས། །རེ་ཞིག་ཐུགས་ངལ་སྤངས་ཏེ་བདེ་བར་མནོལ། །ཁྱོད་གསུང་ཚད་མར་གྱུར་པ་ཚངས་པའི་ཐིག །སྡེ་སྣོད་མཚམས་ལས་མི་འདའ་རྒྱལ་གསུང་ཀུན། །མདོ་དང་སྔགས་ཀྱི་ལམ་བཟང་ལུས་གཅིག་ཏུ། །གནོན་པའི་རྒྱལ་ཐབས་ཁྱབ་འཇུག་གོམ་པ་


GTD005_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན། །གང་གི་ཡོན་ཏན་ཉི་འོད་གསེར་ཞུན་གྱིས། །བྲིས་པའི་ཡི་གེ་བཀླག་པས་གང་དུ་རྫོགས། །འོན་ཀྱང་རྨད་བྱུང་རྣམ་ཐར་བདུད་རྩིའི་རྒྱུན། །ཅི་ཙམ་མྱང་བས་གདུང་སེལ་བདེ་བ་སྟེར། །ཞེས་དགེ་ལྡན་བསྟན་པའི་རྩ་ལག་མཁས་ཤིང་གྲུབ་པའི་དབང་ཕྱུག་རྗེ་བཙུན་བླ་མ་དམ་པ་ཚུལ་ཁྲིམས་བསྟན་པའི་ཉི་མ་དཔལ་བཟང་པོའི་རྣམ་པར་ཐར་པ་ནོར་བུའི་དོ་ཤལ་ལས་སྐུ་ཚེའི་མཇུག་གི་མཛད་པ་རྣམ་ཐར་སྤྱིའི་དོན་བསྡུ་དང་བཅས་པའི་དྲ་བ་སྟེ་དྲུག་པའོ།། །།དེ་ནས་སྐུ་བསྙུན་ཤིན་ཏུ་ལྕི་བའི་ཚུལ་བཞེས་ཤིང༌། གསོལ་བའང་ཆེར་མི་མཛད་པར་ཤས་ཆེར་མཉམ་གཞག་ལྟ་བུ་ཞིག་གི་ངང་དུ་བཞུགས་པ་ན། ཞབས་ཕྱི་བ་ནང་མ་རྣམས་ཀྱིས་ད་ནི་བསྙུན་གཞི་དང་སྐུའི་བབ། གསུང་གི་ཤུགས་གང་ལ་དཔྱད་ནའང་དགོངས་པ་གཞན་དུ་གཏད་ཚར་འདུག་སྙམ་དུ་ཁོ་ཐག་ཆད་པའི་མྱ་ངན་གྱི་ཤུགས་དང་བཅས་ཏེ་འཕྲལ་ཐུགས་ཀྱི་གནས་ཚུལ་དུ་མ་དང༌། ལྷག་པར་སྤྱིར་བསྟན་འགྲོ་དང༌། སྒོས་ངེད་ཅག་རྣམས་ཀྱི་མགོན་དུ་སྤྲུལ་བའི་སྐུ་དྭངས་གསལ་མྱུར་འབྱོན་གྱི་བཀའ་དྲིན་དུས་ལས་མི་ཡོལ་བ་ཐུགས་རྗེས་གཟིགས་དགོས་ཚུལ་དང་སྐུ་གདུང་ཇི་ལྟར་བྱེད་རྒྱུའི་སྐོར་རྣམས་ཞུས་པར། བླ་མ་དང་དཀོན་མཆོག་རིན་པོ་ཆེའི་ཐུགས་རྗེ་ཁོ་ན་ལ་རག་ལས་གཙོ་ཆེར་རིམ་གྲོ་ལ་འབད་པ་གལ་ཆེ། ཁྱོད་ཚོ་རང་རང་སོ་སོ་ནས་ལེགས་ཉེས་ཅི་བྱུང་ཡང་མཆོག་གསུམ་དམ་པར་གསོལ་འདེབས་ལེགས་པོ་གྱིས་ཞེས་སོགས་ཀྱི་བསླབ་བྱ་དང༌། གདུང་ཞུགས་འབུལ་བྱས་ན་དངོས་གཙང་བ་ཡོང་ཚུལ་སོགས་འབྱུང་འགྱུར་གྱི་སྐོར་རྣམས་བརྩེ་བས་ཉེ་བར་གཟིགས་ཏེ་ཞིབ་རྒྱས་སུ་གསུངས། ལྷ་རྟེན་དང་ཕྱག་དཔེ་དོ་དམ་བྱེད་རྒྱུ་དང༌། རེ་ཞིག་ཞལ་འདོན་གྱི་སྐོར་ཆ་བགོས་ཏེ་མདུན་


GTD005_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འདོན་རྒྱུ་སོགས་སྐུ་ཚ་ཞབས་དྲུང་སྐལ་བཟང་བསྟན་འཛིན་རྒྱ་མཚོ་དང༌། གཞན་གྲྭ་པ་གཉིས་ལ་གཏད་པ་གནང་བས་ཁོང་རྣམས་ཀྱིས་བཏོན་པའི་ཚེ་ཞལ་འདོན་བགོས་སྐལ་གྱི་ཆ་ཤས་རེ་དེའང་ཚར་དཀའ་བ་བྱུང་བས་ལྷག་པར་ཡ་མཚན་དུ་གྱུར། ཞབས་ཕྱི་བ་ནང་མ་གཉིས་ལ་ཉིན་རེ་བཞིན་ཁྲུས་གསོལ་དང་མནོལ་བསང་བདུག་རྒྱུའི་བཀོད་པ་གནང་བ་འདའ་ཀ་མའི་ཐུགས་དམ་གསལ་ཆེད་ཡིན་པར་སྣང༌། ཆོས་སྡེ་ཆེན་པོའི་གདན་ས་པ་ཆེ་ཤོས་མཁན་རིན་པོ་ཆེ་གཙོས་འདུས་སྤྱི་ནས་ཞབས་བརྟན་འབུལ་རྒྱུའི་སྙན་གསན་ཞུས་པར། བཀའ་དྲིན་འཁོར་མཐའ་མ་མཆིས་པ་ལགས། འོན་ཀྱང་དུས་ཚོད་སྟོན་ཟླ་འབྲིང་པོའི་ཚེས་མགོ་ལ་ཕུལ་ན་ལེགས་ཞེས་རྗེས་ཀྱི་རྟེན་འབྲེལ་དུ་སྒྱུར་བར་མཛད་དོ། །དེ་ལྟར་དགུང་ལོ་རེ་གསུམ་གྱི་བར་དུ་བསྟན་པ་དང་འགྲོ་བའི་དོན་བསམ་གྱིས་མི་ཁྱབ་པ་མཛད་དེ་ཞིང་འདིའི་སྐུ་དངོས་ཀྱི་གདུལ་བྱ་རྫོགས་པས། མེ་མོ་གླང་གི་ལོ་ཧོར་ཟླ་བརྒྱད་པའི་ཚེས་གཅིག་གི་སྔ་དྲོའི་ཆར། ཞལ་འདོན་གྱི་སྐོར་རྣམས་སྔར་རྒྱུན་ལྟར་གསུང་ཞིང་ཁམས་ཤིན་ཏུ་དྭངས་པ། བསྙུན་གྱི་ཚུལ་ཡང་ཡེ་མེད་པར་བཞུགས་པ་ལ། ཉིན་གུང་གི་སྔོན་ཙམ་རྟའི་དུས་ཚོད་ལ་སླེབས་པ་ན་གློ་བུར་དུ་སྔར་བཤམས་པའི་ཁྲི་ཁར་ཞབས་གཉིས་སྐྱིལ་ཀྲུང༌། ཕྱག་གཉིས་སྡིགས་མཛུབ་བསྣོལ་ཐབས་སུ་བྱས་པ་རྡོ་རྗེ་འཆང་གི་ཕྱག་རྒྱ་མཛད་དེ་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་ཕྱིར་དུ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་བསྟན་ཏོ། །མི་ཤིགས་རྟག་པའི་ངང་ཚུ༷ལ་རྡོ་རྗེ་སྐུ། །འཕོ་འཇིག་དུས་ཀྱི་བཀའ་ཁྲི༷མས་ལས་འདས་ཀྱང༌། །ཞིང་


GTD005_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་བསྟ༷ན་འགྲོར་ཕན་པ་ཡངས་པ༷འི་རླབས། །གཟིགས་པའི་ཉི༷་མ༷་ནུབ་རིའི་ཕག་ཏུ་འཚལ། །ཞལ་བཟང་མཐོང་བ་ཙམ་གྱིས་དངོས་གྲུབ་ཀུན། །སྩོལ་མཛད་ནོར་བུ་དྲན་པའི་ཡུལ་དུ་གྱུར། །སྲིད་ཞིའི་གདུང་བ་མ་ལུས་སེལ་བ་ཡིན། །གསུང་སྙན་དེ་ཡང་ཐོས་པའི་ལམ་ལས་འདས། །ཀྱེ་ཧུད་བུས་པ་མྱ་ངམ་ཐང་བསྐྱུར་བཞིན། །མགོན་མེད་སྐྱབས་མེད་གྱུར་པའི་གདུལ་བྱ་རྣམས། །ཐུགས་རྗེས་ནམ་ཡང་འདོར་བ་མི་རིགས་པས། །སླད་ཀྱང་བརྩེ་བས་རྗེས་འཛིན་བཀའ་དྲིན་མཛོད། །དེའི་མོད་ལ་སྐུ་མདངས་སྔར་ལས་ཇེ་གསལ་དུ་སོང་ཞིང་སྐུ་བོངས་ཇེ་ཆུང་དང་གཉེར་མ་སོགས་ཡེ་མེད་པར་གཞོན་ཤ་ཆགས་པའི་འོད་ཕུང་གི་རང་བཞིན་ཅན། ཡ་མཚན་པའི་དྲིས་ཉེ་སྐོར་ཀུན་ལ་ཁྱབ་པ་བྱུང༌། ནང་གི་རྟོགས་པའི་རྟེན་འབྲེལ་གྱིས་ཕྱི་རོལ་ཏུ་ནམ་མཁའི་དཀྱིལ་ཤིན་ཏུ་གཡའ་དག་ཅིང་རྒྱ་མཐིང་བཟང་པོ་ལྟར་སྔོ་བ་དང༌། མཐའ་སྐོར་གྱི་ཕྱོགས་ཀུན་ནས་མཆོད་ལྷ་རྣམས་ཀྱིས་གདུགས་རྒྱལ་མཚན་སོགས་མཆོད་རྫས་སྣ་ཚོགས་ཐོགས་ནས་མཆོད་པ་ཕུལ་བའི་རྣམ་པ་ལྟ་བུའི་སྤྲིན་དཀར་གྱི་ཕྲེང་བ་ཉེ་བར་འཁྲིགས། རླུང་བསེར་བུའི་རྒྱུ་བ་ཕྲ་མོ་ཙམ་ཡང་མེད་པས་ཉིན་ཞག་གསུམ་གྱི་བར་དུ་གཟིམས་ཆུང་གི་ཁྱམས་སུ་མཆོད་པ་སྣ་ཚོགས་དང༌། ཁྱད་པར་དུ་མཆོད་མེ་སྟོང་ཕྲག་བརྒལ་བ་ཕུལ་བ་རེ་རེའང་རླུང་གིས་མི་བསྐྱོད་པ་སོགས་ངོ་མཚར་བའི་རྟགས་མང་དུ་བྱུང་བས་སྐྱེ་བོ་རྣམས་བཤེས་གཉེན་དམ་པའི་དམིགས་བུ་དང་བྲལ་བའི་མྱ་ངན་གྱིས་ནོན་བཞིན་དུའང་ཡ་མཚན་གྱིས་ལྟས་ཀྱིས་ཡིད་འཕྲོག་སྟེ་ཆེད་དུ་བརྗོད་པའང་བྱུང་ངོ༌། །ཚོགས་ཆེན་གྱི་དགེ་འདུན་ཚང་མས་གདུང་མདུན་དུ་ཁྲུས་གསོལ་དང་སྨོན་ལམ་སོགས་གསུངས་ཏེ་ཞལ་མཇལ་ཞུས་ཤིང་


GTD005_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་སྒྲུབ་གླིང་སོགས་གྲྭ་ཚང་སོ་སོ་ནས་སྒེར་དུའང་ཁྲུས་གསོལ་དང་སྨོན་ལམ་བཅས་གསུངས་ཏེ་ཚེ་རབས་རྗེས་འཛིན་དང་ཡང་སྲིད་མྱུར་འབྱོན་སོགས་ཀྱི་གསོལ་འདེབས་ནན་ཏན་ཞུས། ཞག་གསུམ་གྱི་མཚམས་ནས་འོད་གསལ་ཆོས་དབྱིངས་སུ་བཞུགས་པའི་ཐུགས་དམ་གྲོལ་བའི་རྟགས་ཤངས་བུག་སོགས་ནས་བྱང་སེམས་དཀར་དམར་གྱི་རྒྱུན་བབས་པ་སོགས་བྱུང༌། དེ་ནས་སླར་ཡང་ཚད་ལྡན་གྱི་གཞུང་དང་ཕྱག་བཞེས་ཇི་ལྟ་བ་བཞིན་དྲི་བཟང་གི་ཆུས་ཁྲུས་གསོལ་ལེགས་པར་བྱས་ཤིང་གནས་ཡིག་སྦྱོར་བ་དང༌། ན་བཟའ་དབུ་རྒྱན་སོགས་ཕུལ་ནས་བཞུགས་སུ་བཅུག་སྟེ། མཆོད་པའི་ཡོ་བྱད་སྣ་ཚོགས་པ་བཀོད་པ་གང་མཛེས་ཀྱིས་མཐའ་བསྐོར། ཕྱོགས་ཉེ་རིང་གི་སློབ་མ་ཆེ་ཕྲ་མང་པོ་དང༌། ལྷག་པར་ཞབས་ཕྱི་བ་རྣམས་ཀྱིས་ཉིན་མཚན་ཁོར་ཡུག་ཏུ་བླ་མཆོད་དང་ཁྲུས་གསོལ། གསོལ་འདེབས་མང་པོ། སྨོན་ལམ་གྱི་རིགས་ཕྱག་དང་མཆོད་པ་ཅི་འབྱོར་ཡང་ཡང་བཤམས་པ་སོགས་རྗེ་བཙུན་བླ་མ་དམ་པ་དེ་ཉིད་ཀྱི་ཐུགས་ཟག་པ་མེད་པའི་དགོངས་པ་ཡོངས་སུ་རྫོགས་པའི་ཐབས་ལ་སྒོ་དུ་མ་ནས་གཞོལ་བར་གྱུར། དགེ་བའི་བཤེས་གཉེན་དམ་པ་ཁ་ཤས་ཀྱིས་གདུང་ཆོག་གནད་སྨིན་གསུངས། ཆེ་ཤོས་མཁན་རིན་པོ་ཆེས་དབུ་མཛད་བླ་མ་མཆོད་པའི་དུས་བཟང་པ་ཚོགས་ཡོངས་ནས་ཉིན་བཅོ་བརྒྱད་ཀྱི་རིང་ལ་དུས་བཟང་གི་འདོན་ཆ་དཀྱུས་བཞིན་གསུང༌། གཞན་ཆོག་གྲྭ་པ་སོ་སོ་ནས་གསང་འདུས། འཇིགས་བྱེད། བདེ་མཆོག །དུས་འཁོར། ཀུན་རིག་སོགས་རྒྱུད་


GTD005_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་སོ་སོའི་དཀྱིལ་འཁོར་བསྒྲུབས་ཤིང་དབང་ལེན་མཁན་གྱི་དགེ་འདུན་ཁྱོན་བསྡོམས་ལྔ་བརྒྱ་ལྷག་དང༌། དཔལ་ལྡན་སྨད་རྒྱུད་ནས་ཀྱང་སྐུ་གདུང་གི་མདུན་དེར་བདེ་གསང་འཇིགས་གསུམ་གྱི་དཀྱིལ་འཁོར་བསྒྲུབས་ནས་བདག་འཇུག་བཞེས་ཤིང༌། སྨན་པ་གྲྭ་ཚང་ནས་ཀྱང་དེ་བཞིན་གནང་བ་སོགས་དམ་པ་དེ་ཉིད་ཀྱི་ཐུགས་དགོངས་རྫོགས་པའི་དགེ་བ་རླབས་ཆེན་ཞག་ཞེ་དགུའི་བར་དུ་བསྒྲུབས་པ་ལ་ཕྱག་གཉེར་སོགས་ནས་ཁུར་བླང་གིས་བསྙེན་བཀུར་ཞབས་ཏོག་གྱ་ནོམ་པས་མཉེས་པར་བྱས། སྐུ་འབུམ་ཆོས་སྡེ་ཆེན་པོའི་དགེ་འདུན་སུམ་སྟོང་བརྒལ་བ་ལ་མང་ཇ་བཅུ་ཕྲག་ལྷག་དང༌། སྐུ་འགྱེད་ཞོ་དོ་སྐར་ལྔ། བཤད་སྒྲུབ་གླིང་སོགས་ལ་སྐུ་འགྱེད་ཞོ་རེ། སྨད་རྒྱུད་གྲྭ་ཚང་ལ་ཞོ་ལྔ་སོགས་འཚེམ་མེད་དུ་ཕུལ། ཆུ་བཟང༌། གསེར་ཁོག །དགོན་ལུང༌། བཀྲ་ཤིས་འཁྱིལ་སོགས་དགོན་སྡེ་ཆེ་ཆུང་མང་པོ་ལའང་མང་འགྱེད་ཀྱི་བསྙེན་བཀུར་ཕུན་སུམ་ཚོགས་པ་ཞུས། རྗེ་ཆུ་བཟང་སྤྲུལ་བའི་སྐུ་རིན་པོ་ཆེར་ཁ་བཏགས། མཎྜལ་འགྱོག་བྱང༌། དངུལ་གོས་སོགས་དང༌། རྗེ་འཇམ་དབྱངས་བཞད་པའི་མཆོག་སྤྲུལ་རིན་པོ་ཆེ། རྗེ་ཐུའུ་བཀྭན་རིན་པོ་ཆེའི་སྤྲུལ་བའི་སྐུ། ཁོ་བོ་ཅག་སོགས་ལའང་ལྷ་རྫས་མཛོད་བཏགས། གོས་ཆེན་ཡུག །དངུལ་སོགས་བདོག་པ་རྒྱ་ཆེར་བསྟར། སྐུ་འབུམ་དུ་བཞུགས་པའི་བླ་མ་གདན་ཟུར། སྤྲུལ་སྐུ་ཆེ་ཕྲ་མཐའ་དག་གཅིག་ཀྱང་མ་ལུས་པ་ལ་ཕྱག་རྟེན་གྱ་ནོམ་པ་ཕུལ། རྗེ་ཉིད་ཀྱི་གྲྭ་ཚང་བཀྲ་ཤིས་ཆོས་གླིང༌། དགའ་ལྡན་དར་རྒྱས་གླིང་སོགས་ཀྱིས་མཚོན་དགོན་སྒྲུབ་སྡེ་རྣམས་ལ་མང་འགྱེད་གང་རྒྱས་བཅས་དགོངས་རྫོགས་ཀྱི་ཞག་གྲངས་ཁོངས་སུ་ཕུལ་


GTD005_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་སླར་རིམ་པ་བཞིན། དབུས་སུ་པཎ་ཆེན་ཐམས་ཅད་མཁྱེན་པར་ལྗགས་བསྔོ་ཞུ་རྟེན་ལྷ་རྫས་གོས་དར་སོགས་གྱ་ནོམ་པ་དང༌། ཡོངས་འཛིན་དགའ་ལྡན་ཁྲི་རིན་པོ་ཆེར་ལྷ་རྫས་གོས་དར་སོགས་རྒྱ་ཆེ་བ་ཕུལ། ལྷ་ས་སྨོན་ལམ་གྱི་ཚོགས་ལ་མང་ཇ་སོགས་ཀྱི་བསྙེན་བཀུར། རྒྱལ་ཚབ་དེ་མོ་ནོ་མོན་ཧན་སོགས་དབུས་གཙང་གི་སྤྲུལ་སྐུ་ཆེ་ཕྲ་མང་པོ་དང༌། མདོ་སྨད་ཀྱི་བླ་མ་གདན་ཟུར་སྤྲུལ་སྐུའི་རིགས་མང་པོ་ལའང་འོས་བསྟུན་གྱི་ཕྱག་རྟེན་རིམ་པར་བསྟར། རྗེ་ཉིད་ལ་དད་པ་ཐོབ་པའི་བླ་དཔོན་ཆེ་ཕྲ་དང་སེར་སྐྱ་མཐའ་དག་གིས་གདུང་འབུལ་གྱི་ཞལ་འདེབས་ཀྱང་སོ་སོའི་འབྱོར་འཁོས་དང་བསྟུན་པའི་གང་ལེགས་བགྱིས་ཏེ་སྐྱེ་བའི་ཕྲེང་བར་མཉེས་པ་གསུམ་གྱིས་མཉེས་པར་བྱེད་པའི་རྟེན་འབྲེལ་བསྒྲིགས། གཟའ་ཚེས་དགེ་བའི་ཉིན་སྨད་རྒྱུད་དཔོན་སློབ་གསེར་ཏོག་སྤྲུལ་བའི་སྐུ་ཡེ་ཤེས་ཐུབ་བསྟན་རྒྱ་མཚོ་དགེ་འདུན་རིག་པ་འཛིན་པའི་ཚོགས་དང་བཅས་པས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ཆོ་ག་ལ་བརྟེན་ནས་སྐུ་གདུང་རིན་པོ་ཆེ་ཞུགས་འབུལ་མཛད། དེའི་ཚེ་ནམ་མཁའ་གཡའ་དག་ཅིང༌། ནུབ་ཕྱོགས་བྱམས་པ་ལུང་པ་ཟེར་བ་ནས་འཇའ་ཚོན་ཞིག་ཤར་ཏེ་པུར་ཁང་གི་སྟེང་དུ་ཟུག་པ་མང་པོས་མཐོང་ཞིང༌། དུ་བའི་མདོག་ཀྱང་ལྷ་བྲིས་མཁས་པས་ཚོན་མདངས་སྤེལ་པ་ལྟ་བུར་ཤིན་ཏུ་བཀྲ་བའི་ཡ་མཚན་པ་པུར་ཁང་གི་སྟེང་དུ་ཡིད་ཙམ་འཁོད་ནས་ཐོག་མར་ནུབ་བྱང་དང༌། དེ་ནས་ཕྱོགས་ཀུན་ཏུ་སོང༌། ཞུགས་འབུལ་མཛད་མཁན་གྱི་བླ་མ་དགེ་འདུན་རྣམས་ལ་ཡོན་འབུལ་དང་ཞབས་ཏོག་གཟབ་རྒྱས་ཞུས། པུར་ཁང་ལ་ཉིན་ཞག་དྲུག་གི་རིང་མཆོད་པ་རྒྱ་ཆེར་ཕུལ་ཏེ། ནང་


GTD005_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་འགའ་ཞིག་དང་ཞབས་ཕྱི་བ་རྣམས་པུར་ཁང་གི་སྒོ་ཕྱེ་བར། ས་པཎ་གྱི་སྡོམ་གསུམ་རབ་དབྱེ་ལས། འཕགས་པ་གསུམ་གྱི་རིང་བསྲེལ་ནི། །ཡོན་ཏན་སྟོབས་ཀྱིས་བྱུང་བ་སྟེ། །སྐྱེ་བོ་རྣམས་ཀྱི་བསོད་ནམས་རྟེན། །ཞེས་དང༌། ཀརྨ་ཆགས་མེད་ཀྱིས། དབུ་བུམ་རི་ལ་དུང་དཀར་གཡས་འཁྱིལ་སོགས། །དེ་བྱུང་ན་མཆོག་སྟེ་ནོར་འཁྲུལ་མེད། །ཅེས་པ་ལྟར་དབུ་ཐོད་རིལ་པོར་བཞུགས་པའི་ནང་དུ་ཐུགས་ལྗགས་སྤྱན་གསུམ་བབས་ཤིང༌། རིང་བསྲེལ་མང་དུ་བྱོན་པ་དེར་འཁོད་ཐམས་ཅད་ཀྱིས་མངོན་སུམ་དུ་མཇལ་བས་ལྷག་པར་དད་པའི་གསོས་སུ་གྱུར། གདུང་རུས་བཏུ་ཚུལ་དང་ཤུལ་དུ་ཇི་ལྟར་བྱ་བ་རྣམས་ཀྱང་ཕྱག་ལེན་ལྟར་བྱས། སྐུ་ཚ་ཞབས་དྲུང་དང་ཕྱག་མཛོད་ཆེ་ཆིང་ཆོས་རྗེ་སོགས་ཞབས་ཕྱི་བ་རྣམས་ནས་ཁུར་བླང་བགྱིས་ཏེ་སྐུ་གདུང་རིན་པོ་ཆེ་བཞུགས་ཡུལ་གྱི་མཆོད་རྟེན་ཕྱག་ཚད་དང་ལྡན་ཞིང་གསེར་མདངས་གཟི་འོད་འབར་བ། རིན་པོ་ཆེ་དུ་མའི་ཕྲ་ཚོམ་གྱིས་མཛེས་པའི་བཀོད་པ་ཕུན་སུམ་ཚོགས་པ་ཆེ་ལེགས་གཉིས་བསྒྲུབས་པའི་ནང་དུ་ཐུགས་ལྗགས་སྤྱན་གསུམ་དང་སྐུ་གདུང་གི་རིང་བསྲེལ་རྣམས་བཞུགས་སུ་གསོལ། གཞན་ཡང་རྟེན་སྣ་དུ་མ་དང་གཟུངས་གཞུག་ཆ་ཚང་བ་སོགས་དམ་པ་གོང་མའི་ཕྱག་ལེན་དང་མཐུན་པར་ཕུལ་ནས་ཁྲི་ཀའི་གདན་ས་བཀྲ་ཤིས་ཆོས་གླིང་བླ་བྲང་དང༌། སྐུ་འབུམ་ཆོས་སྡེ་ཆེན་པོའི་ཉིད་ཀྱི་བླ་བྲང་ཕུན་ཚོགས་འདོད་པ་འཇོ་བའི་གཟིམ་ཆུང་གཉིས་སུ་སྐྱེ་དགུའི་བསོད་ནམས་བསགས་པའི་ཞིང་ས་དམ་པར་བཞུགས་པ་ལ་རབ་གནས་ཀྱི་ཆོ་ག་རྒྱས་པར་བྱས་ཏེ་བྱིན་རླབས་ཀྱི་གཟི་འོད་འབར་ཞིང་དགེ་མཚན་གྱི་དཔལ་


GTD005_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་བརྒྱུད་མ་ནས་བརྒྱུད་མར་འབྱུང་བའི་རྟེན་འབྲེལ་ཕུན་སུམ་ཚོགས་པ་དུ་མའང་ལྷུན་གྱིས་གྲུབ་པར་གྱུར་ཏོ། །དཔག་བསམ་ཤིང་དང་རྫོགས་ལྡན་སྤྲིན་བཞིན་དུ། །གཏན་པ་མེད་པའི་མཆོད་སྦྱིན་རླབས་པོ་ཆེས། །དཔལ་ལྡན་བླ་མའི་ཟག་མེད་དགོངས་པ་དང༌། །གདུལ་བྱའི་བསོད་ནམས་ཚོགས་ཆེན་ལྷན་ཅིག་རྫོགས། །མྱ་ངན་གདུང་བའི་རྣོ་རྩུབ་ཆབ་རོམ་ཡང༌། །ཐུགས་རྗེའི་འོད་ཀྱིས་ཆུ་རུ་ཞུ་བ་ལས། །རྣམ་དཀར་འདུ་བྱེད་ལྦུ་བའི་འཕྲེང་བར་བཅས། །རྟག་འཛིན་རྒྱུད་ཀྱི་ཞིང་སྐམ་རླན་པར་བྱེད། །ཧ་རི་ཙན་དན་བཅད་གཏུབས་བསྲེགས་པས་ཀྱང༌། །བསུང་ཞིམ་ངད་ཀྱི་དྲི་བཟང་འཐུལ་བ་ལྟར། །ཀུན་བཟང་སྤྱོད་པའི་སྒྱུ་འཕྲུལ་ཇི་ལྟར་དུ། །བསྟན་ཡང་འགྲོ་བའི་ཉེར་འཚོ་མཆོག་ཏུ་འགྱུར། །ཞེས་དགེ་ལྡན་བསྟན་པའི་རྩ་ལག་མཁས་ཤིང་གྲུབ་པའི་དབང་ཕྱུག་རྗེ་བཙུན་བླ་མ་དམ་པ་ཚུལ་ཁྲིམས་བསྟན་པའི་ཉི་མ་དཔལ་བཟང་པོའི་རྣམ་པར་ཐར་པ་ནོར་བུའི་དོ་ཤལ་ལས་སྐུ་མྱ་ངན་ལས་འདས་པའི་མཛད་པ་དགོངས་རྫོགས་ཀྱི་རྣམ་དཀར་སྒྲུབ་ཚུལ་དང་བཅས་པའི་དྲ་བ་ཕྱེད་པ་སྟེ་བདུན་པའོ།། །།སྨྲས་པ། མི༷་འགྱུར་ལྷན་སྐྱེས་བདེ་ཆེན་ཉ༷ག་གཅིག་གཟུགས་སྐུའི་གར་རོལ་རྡོ༷་རྗེ༷་འཆ༷ང༌། །སླར་ཡང་ཐ་མལ་ཚུ༷ལ་གྱིས་ཁྲི༷མས་ལྡན་ངུར་སྨྲིག་འཆང་བའི་སྐུར་བཞེངས་ཏེ། །མ་ནོར་ལམ་བཟང་ཇི་བཞིན་བསྟ༷ན་ནས་ཐར་པར་འཁྲིད་པ༷འི་དེད་དཔོན་མཆོག །སྙིང་དབུས་ཉི༷་ཟླའི་


GTD005_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

གདན་ལ་རྟག་བཞུགས་མཆོག་ཐུན་དངོས་གྲུབ་མ༷་ལུས་སྩོལ། །མཁའ་མཉམ་སེམས་ཅན་རྒྱ་མཚོ་བསྒྲལ་བའི་ཕྱིར། །ཕྱོགས་བཅུའི་ཞིང་ཁམས་རྒྱ་མཚོར་དུས་ཀུན་ཏུ། །བྱ་དཀའི་སྤྱོད་པ་རྒྱ་མཚོར་བསླབ་པའི་ཚུལ། །བགྲང་ཡས་བསྐལ་པ་རྒྱ་མཚོར་བརྗོད་མི་ནུས། །འོན་ཀྱང་རྒྱས་སྲས་སྤྱོད་པའི་ཆ་ཤས་ཙམ། །རྙོག་བྲལ་དྭངས་པའི་ཡིད་ཀྱིས་བསྔགས་པ་ཡང༌། །བསོད་ནམས་མི་ཟད་གཏེར་དུ་འདོམས་པ་ཡི། །རྒྱལ་གསུང་ཚད་མས་ཡིད་ནི་སྤྲོ་བས་དྲངས། །རྒ་བས་ནོན་པའི་མི་སྡུག་སྤྲིན་ནག་ལས། །དར་བབ་ལྕེ་ཡི་འཁྲུལ་འཁོར་གློག་དམར་གྱི། །རྗེས་འགྲོ་ལེགས་བཤད་སྙན་འགྱུར་འབྲུག་གི་སྒྲས། །སྐལ་ལྡན་མདོངས་མཐའ་དད་པའི་གཏོས་བཟང་འཛིན། །རྙེད་བཀུར་བུང་བའི་གླུ་དང་མི་འགྲོགས་ཤིང༌། །ཕྱོགས་ལྷུང་ཚ་བའི་གདུང་བ་རིང་དུ་སྤངས། །རྣམ་དག་དད་པའི་ཆུ་གཏེར་རྒྱས་བྱེད་པ། །ཕུལ་བྱུང་རྟོགས་པ་བརྗོད་པའི་ཟླ་ཟེར་འདིས། །ཁམས་གསུམ་འབྱོར་པར་རྔམ་པའི་ཁ་གདངས་ཤིང༌། །ཆགས་སྡང་རིས་སུ་གཅོད་པའི་མཆེ་བ་གཙིགས། །ཆོས་མིན་ངར་སྐད་མཐོན་པོར་སྒྲོགས་རྣམས་ཀྱི། །ཞལ་གྱི་པདྨོ་པདྨོ་བཞིན་དུ་བྱེད། །རྣམ་འབྱེད་ཤེས་རབ་མིག་གིས་མཐོང་བའི་ལམ། །དད་བརྩོན་གོམ་པས་བགྲོད་པའི་གཟུར་གནས་རྣམས། །དེད་དཔོན་མཆོག་གི་བཤུལ་འདི་མ་བོར་བར། །མི་གནས་ཞི་བའི་གྲོང་ཁྱེར་བསྙེགས་པར་མཛོད། །སྒྲ་དོན་ཕུན་སུམ་ཚོགས་པའི་རྣམ་ཐར་གྱི། །རྒུན་འབྲུམ་ཡོངས་སྨིན་མངར་བའི་རོ་བདའ་བ། །ཕྱོགས་འཛིན་


GTD005_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

མཆུ་དང་བྲལ་བའི་མགྲོན་ཀུན་ལ། །ཕན་དང་བདེ་བའི་དགའ་སྟོན་མཆོག་ཏུ་སྤེལ། །ཚུ༷ལ་འདིར་འབད་པའི་རྣམ་དཀར་ལས་ཀྱིས་མཚོན། །སྦྱིན་དང་ཁྲི༷མས་བྱུང་བསྒོམ་པའི་དགེ་ཚོགས་མཐུས། །བསྟ༷ན་པ༷འི་སྙིང་པོ་ཉི༷་ལྟར་གསལ་བ་ཡིས། །མ༷་ལུས་འགྲོ་ལ་ཐར་ལམ་མཚོན་གྱུར་ཅིག །སླར་ཡ༷ང་ཡ༷ང་སྲིད་འཁྲུལ་བྲལ་ཀུན་དའི་གཉེན། །མ་ལུ༷ས་ལུ༷ས་ཅན་མགོན་དུ་མྱུར་གསལ་ཞིང༌། །ལེགས་གསུ༷ང་གསུ༷ང་གི་བསིལ་ཟེར་འབུམ་ཕྲག་གིས། །འགྲོ་ཀུ༷ན་ཀུ༷ན་དགའི་དཔལ་ལ་སྦྱོར་གྱུར་ཅིག །བླ་མ་ཡི་དམ་མཆོག་གསུམ་རྒྱ་མཚོའི་མཐུས། །བསྟན་དང་བསྟན་འཛིན་བསྟན་པའི་སྦྱིན་བདག་ཀུན། །ཆོས་སྲིད་དཔལ་འབྱོར་རྒྱས་བའི་དགེ་མཚན་གྱི། །རྫོགས་ལྡན་སྣང་བས་རྟག་ཏུ་རྩེན་གྱུར་ཅིག །ཅེས་དགེ་ལྡན་བསྟན་པའི་རྩ་ལག་མཁས་ཤིང་གྲུབ་པའི་དབང་ཕྱུག་རྗེ་བཙུན་བླ་མ་དམ་པ་ཚུལ་ཁྲིམས་བསྟན་པའི་ཉི་མ་དཔལ་བཟང་པོའི་རྣམ་པར་ཐར་པ་ནོར་བུའི་དོ་ཤལ་ཞེས་བྱ་བ་འདི་ནི་སྐུ་ཚ་ཅོ་ནེ་ཞབས་དྲུང་སྐལ་བཟང་བསྟན་འཛིན་རྒྱ་མཚོ། བོ་ཀྱཱ་ཆོས་རྗེའི་སྤྲུལ་སྐུ་ངག་དབང་ཕུན་ཚོགས། ཕྱག་མཛོད་རྒན་པ་ཆེ་ཆིང་ཆོས་རྗེ་རབ་འབྱམས་པ་ཚུལ་ཁྲིམས་ཆོས་འཛིན། ཁྲི་ཚབ་བླ་མ་རབ་འབྱམས་ཤེས་རབ་དབང་ཕྱུག །སྒོམ་པ་ངག་དབང་སྨོན་ལམ། ཕྱག་མཛོད་གཞོན་པ་དར་ཧན་རབ་འབྱམས་པ་ངག་དབང་བསྟན་འཛིན། ཆོས་རྗེ་བསྟན་འཛིན་བཟང་པོ། རབ་འབྱམས་པ་ཚུལ་ཁྲིམས་བསྟན་འཛིན། རབ་འབྱམས་པ་མི་འཇིགས་


GTD005_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ། རབ་འབྱམས་པ་ངག་དབང་ཕུན་ཚོགས། ཧོར་ཀྱཱའི་རི་ཁྲོད་པ་གྲགས་པ་དོན་གྲུབ། ཨོར་དུ་སུ་དགེ་སློང་དཀོན་མཆོག་སྙན་གྲགས། དབུ་མཛད་དགེ་སློང་བློ་བཟང་དོན་གྲུབ། དྲུང་ཡིག་དགེ་སློང་ཚུལ་ཁྲིམས་བསྟན་འཛིན། གསོལ་དཔོན་དགེ་སློང་བློ་བཟང་ཉི་མ། དེམྖི་དགེ་སློང་ཤེས་རབ་ཉི་མ། དགེ་ཚུལ་རྒྱལ་མཚན་དོན་གྲུབ། དགེ་ཚུལ་བློ་བཟང་དོན་གྲུབ། དགེ་ཚུལ་བློ་བཟང་ཚུལ་ཁྲིམས། དགེ་ཚུལ་ཤེས་རབ་དར་རྒྱས། དགེ་ཚུལ་རིན་ཆེན་ཟླ་བཟང༌། དགེ་ཚུལ་བློ་བཟང་དཔལ་འབྱོར། དགེ་ཚུལ་བློ་བཟང་སྐལ་ལྡན། བསྟན་པ་དར་རྒྱས་སོགས་ཞལ་སློབ་སྐུ་འཁོར་ཐུན་མོང་ནས་གསེར་གྱི་མཎྜལ་སོགས་བདོག་པ་རྒྱ་ཆེན་པོ་དང་བཅས་ནན་ཏན་དུ་བསྐུལ་ཞིང༌། ཉིད་ཀྱི་རྩ་བའི་སྦྱིན་བདག་ས་སྐྱོང་མིའི་དབང་པོ་ཝང་ཚེ་རིང་དོན་གྲུབ། པཻ་ལི་འཇམ་དཔལ་དོན་གྲུབ། པཻ་ཟེ་རཏྣ་སིངྡྷི། ཇ་སག་ཨུལ་ཇོས་ཐུ་དའི་ཆིང་རྡོ་རྗེ་སོགས་ནས་ཀྱང་དངུལ་གྱི་མཎྜལ། གོས་ཆེན་ཡུག་ཁ་ཤས་སོགས་ཀྱི་སྐྱེས་དང་བཅས་སྔ་ཕྱིར་བསྐུལ་བ་བཞིན། ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་རྩོམ་གདན་གྱི་ས་བོན་གསལ་ཞིང་ལེགས་པར་འདུག་པས་དེ་ཉིད་གཞིར་བཟུང༌། ངག་རྒྱུན་ཁུངས་དག་འགའ་ཞིག་རང་གིས་ཐོས་པ་དང༌། གོང་འོག་བསྒྲིགས་ཏེ་དཔྱད་པས་གོ་བ་རྙེད་པ་རྣམས་ཀྱིས་ཟུར་བརྒྱན་གལ་ཆེ་བ་རྣམས་ཚད་མའི་ལུང་དང་སྦྱར་ཏེ། རབ་བྱུང་བཅུ་བཞི་པའི་བགྲང་བྱ་བཅུ་གཉིས་སོང་བ་འབྲུ་མང་ཞེས་པ་ས་ཕོ་སྟག་གི་ལོར། རྒྱལ་བའི་ལུང་གིས་ཟིན་པའི་


GTD005_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་གྲྭ་ཆེན་པོ་བཀྲ་ཤིས་འཁྱིལ་དུ་དགུན་མཚམས་ཀྱི་སྐབས་ཐུན་གསེང་ལ་སུག་བྲིས་སུ་བགྱིས་པ་ལས། དཔེ་ཤོག་ཏུ་འབེབས་པ་པོ་ནི་གཙུག་ལག་འབྱེད་པའི་བློ་མིག་ཅན་སྔགས་རམས་པ་དཀོན་མཆོག་ཀུན་དགས་བགྱིས་པ་འདིས་ཀྱང་མཉྫུ་ནཱ་ཐ་དྭི་ཏཱི་ཡ་ཛ་ཡ་སྱ་ཤཱ་ས་ན་སརྦ་དིཀྐཱ་ལོ་ད་ཡ་ཙ་པུཥྚཾ་དཱི་རྒྷ་སྠཱསྟུཿ །།

མེར་གེན་པཎྚི་ཏའི་རྣམ་ཐར་ནོར་བུའི་མེ་ལོང་།


GTD005_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པའི་རྩ་ལག་ཡིལ་གོག་སན་ཨེར་ཏི་ནི་མེར་གེན་པཎྚི་ཏ་ཧུ་ཐོག་ཐུ་བློ་བཟང་བསྟན་པ་དར་རྒྱས་ཀྱི་རྣམ་ཐར་ནོར་བུའི་མེ་ལོང་ཞེས་བྱ་བ་བཞུགས་སོ། །


GTD005_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ནོརཛཱཀྵཱཏིཔདྨཏྲཙཻབཻཏནོ། །
སྒྲིབ་མེད་སྤྱན་རས་ཟུར་ཙམ་བཙའ་བས་ཀྱང༌། །
བིཀྵནོབིཀྵཤཱིལཔིམཱབྷཱམཎེ། །
ཕྲ་ཞིབ་བླང་དོར་གནས་ཀུན་འཁྲུལ་མེད་དུ། །


GTD005_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

དེཤཀཔྲཱཏིབྷཱནསྱདྷིཡཛིཀཾ །
སྨྲ་བའི་བློ་དང་སྤོབས་པའི་མཆོག་སྦྱིན་པ། །
མཉྫུནཱཐསྠཙཀྲཤྴུབྷཾཡཙྪཏུ། །
འཇམ་མགོན་བརྟན་པའི་འཁོར་ལོས་ཤིས་པ་སྩོལ། །


GTD005_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

བློ་བཟང་རྒྱལ་བསྟན་ཉིན་མོར་བྱེད་པ་ལ། །ཐུགས་བསྐྱེད་དར་བབ་འཕྲིན་ལས་འོད་སྟོང་གིས། །ཕན་བདེ་སྦྲང་རྩིའི་དགའ་སྟོན་རྒྱས་མཛད་པ། །མཚུངས་བྲལ་འགྲོ་བའི་མགོན་པོ་རྒྱལ་གྱུར་ཅིག །རྡོ་རྗེ་རྣོན་པོའི་གསང་གསུམ་སྒྱུ་འཕྲུལ་གར། །སྲས་བཅས་རྒྱལ་བའི་ལོངས་སྤྱོད་འཁོར་ལོ་རུ། །བསྐལ་པའི་ཕྱི་མཐར་བཀྲམ་ཡང་གཏུགས་མིན་པ། །བློ་ཆུང་སྦྲང་བུའི་འདབ་མས་ཇི་ལྟར་གཞལ། །གསེར་ལྡན་ཁོར་ཡུག་ཡངས་པའི་ནོར་སྦྱིན་ཕྱོགས། །ཐུབ་བསྟན་དབྱར་གྱི་ལང་ཚོས་ཟིན་པ་ན། །མཁས་དང་གྲུབ་པའི་སྐྱེས་མཆོག་པངྨའི་འཕྲེང༌། །ཀུན་ཀྱང་ལྗོངས་དེར་རྒྱན་དུ་ལྷགས་པ་བཞིན། །སྣང་མཐའ་སྤྱན་རས་གཟིགས་བཅས་སྤྲུལ་བའི་གར། །རྒྱལ་དབང་ཡབ་སྲས་རྡོ་རྗེའི་བཀའ་ལུང་གིས། །བསྟན་པའི་ཉི་མ་རིམ་བརྒྱུད་སྐྱེ་བའི་འཕྲེང༌། །བསྔགས་པའི་མནྡ་ར་བ་ཅི་ཡང་འཐོར། །ཨུཏྤལ་འདབ་ལྟར་ཡངས་པ་མཁྱེན་པའི་སྤྱན། །ལྡན་པ་གང་དག་མཛད་པའི་སྒོ་གཅིག་ནས། །རྒྱན་གྱི་འཁོར་ལོའི་བཀོད་པ་རྫོགས་པའི་ཚུལ། །མངོན་པར་ཆུབ་པས་མོས་གུས་སྤུ་ལོང་གཡོ། །འོན་ཏེ་ལྐོག་གྱུར་གནས་ལ་ཚད་མའི་ལུང༌། །དབང་དུ་བྱས་ཏེ་ཚུ་རོལ་མཐོང་བས་ཀྱང༌། །མངོན་པར་དམིགས་པའི་མཛད་པ་ཐུན་མོང་བ། །འགའ་ཙམ་དད་པའི་གསོས་སུ་སྤེལ་བར་བྱ། །དགེ་ལེགས་རྣམ་པར་རྒྱལ་བའི་ཁང་བཟང་གི །རྨང་གཞི་དད་པའི་རྩ་བ་རབ་བརྟན་ཅིང༌། །ཚུལ་བཞིན་དཔྱོད་པའི་བློ་གྲོས་ཡངས་པ་རྣམས། །ཕྱོགས་ལྷུང་དོར་ཏེ་


GTD005_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

གུས་པས་བསྟེན་པར་མཛོད། །དེའང་འཇམ་དཔལ་རྩ་རྒྱུད་ལས། ཡི་གེ་ཧ་བྱ་དགེ་དང་ལྡན། །ཞེས་རི་བོ་དགེ་ལྡན་པའི་ལུགས་བཟང་བྱང་ནས་བྱང་གི་ཕྱོགས་མཐར་དར་བར་ལུང་བསྟན་པ་བཞིན་གྱི་དུས་ལ་བབས་པ་ན། དཔལ་འཕྲེང་སེང་གེ་ང་རོའི་མདོ་ལས་རྒྱལ་སྲས་ཀྱི་སྨོན་ལམ་མཐའ་ཡས་པ་ཐམས་ཅད་སྨོན་ལམ་ཆེན་པོ་གཅིག་གི་ནང་དུ་འདུས་ཤིང་ཆུབ་པ་ནི་དམ་པའི་ཆོས་འཛིན་པའི་སྨོན་ལམ་དུ་གསུངས་པ་དང༌། ལུང་གཞན་ལས་ཀྱང༌། དེ་ཚེ་གྲགས་ཆེན་རྒྱལ་སྲས་རྣམས། །ཕྱོགས་དེར་བསྟན་པ་འཛིན་པར་སྨོན། །ཞེས་གསུངས་པ་ལྟར། རྒྱལ་སྲས་བདག་ཉིད་ཆེན་པོ་རྣམས་ནི་ཡུལ་དང་དུས་གང་ན་སངས་རྒྱས་ཀྱི་བསྟན་པ་དར་བ་དེར་བསམ་བཞིན་སྐྱེ་བ་བཞེས་ནས་གདུལ་བྱའི་སྐལ་བ་དང་འཚམ་པར་ཐེག་པ་གསུམ་གྱི་བྱང་ཆུབ་ཏུ་བཀྲི་བར་མཛད་པ་ནི་རྒྱ་མཚོའི་རླབས་བཞིན་དུས་ལས་ཡོལ་བ་ནམ་ཡང་མི་སྲིད་པས། རྒྱལ་སྲས་བདག་ཉིད་ཆེན་པོ། ལུང་དང་རྟོགས་པའི་ཡོན་ཏན་གྱི་གཏེར་མཛོད། བྱང་ཕྱོགས་ཀྱི་སྐྱེ་འགྲོ་རྣམས་མཐོ་རིས་དང་ཐར་པར་འཁྲིད་པའི་འདྲེན་པ་བླ་ན་མ་མཆིས་པ། འཇམ་མགོན་བསྟན་པའི་རྩ་ལག་བློ་བཟང་བསྟན་པ་དར་རྒྱས་ཞེས་ཡོངས་སུ་གྲགས་པ་འདི་ཉིད་རླབས་པོ་ཆེའི་ཐུགས་བསྐྱེད་རྟ་ལྗང་ཤིང་རྟ་བདུན་གྱིས་དྲངས་ཏེ། སྐལ་བཟང་གདུལ་བྱའི་བསོད་ནམས་ཡངས་པའི་ལྷ་ལམ་ངོས་ལ་ཡང་ཡང་


GTD005_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་ཤར་ནས། སྐྱེ་དགུའི་ལེགས་བྱས་ཀྱི་པད་ཚལ་ཅིར་ཡང་བཞད་པར་མཛད་པའི་ཚུལ་ཀུན་གཟིགས་རྒྱལ་བའི་དབང་པོས་མཛད་པའི་འཁྲུངས་རབས་བདུན་མ་དང༌། པཎ་ཆེན་ཐམས་ཅད་མཁྱེན་པས་མཛད་པའི་འཁྲུངས་རབས་བཅུ་གསུམ་མ་སོགས་ཡིད་ཆེས་པའི་ལུང་གིས་གསལ་བར་བསྟན་པ་ལྟར་ཡིན་ལ། དེའི་ནང་ནས་འདིར་འགའ་ཙམ་སྨོས་ན། སྟོབས་བཅུ་མངའ་བའི་མདུན་སར་ཁྱེའུ་སྣང་བ་བསམ་གྱིས་མི་ཁྱབ་པར་འཁྲུངས་ཏེ་སེམས་བསྐྱེད་པ་ནི་མཚོན་པ་ཙམ་ཡིན་ཏེ། བདག་ཅག་གི་སྟོན་པའི་ཐུགས་བསྐྱེད་ཚུལ་ལའང་དྲིན་ལན་བསབ་པ། མདོ་སྡེ་བསྐལ་བཟང༌། པད་དཀར། མྱང་འདས། རབ་གསལ་གྱི་རྟོགས་བརྗོད་སོགས་ལས་མི་འདྲ་བ་སྣ་ཚོགས་གསུངས་པ་ལྟར། དམ་པ་འདིའང་རྔོག་ལེགས་པའི་ཤེས་རབ་ཀྱི་སྐྱེ་བར་གསུངས་ལ། དེ་ནི་ཇོ་བོ་ཡབ་སྲས་དང་སྐུ་འཕྲེང་དུ་མར་འབྲེལ་ཏེ་རྒྱལ་སྲས་ཀྱི་སྤྱོད་པ་ལ་བསླབ་ཚུལ་བཀའ་གདམས་གླེགས་བམ་ལས་འབྱུང་བ་ལྟར་རོ། །དེར་མ་ཟད་ཁུ་རྔོག་འབྲོམ་གསུམ་འཕགས་པ་རིགས་གསུམ་མགོན་པོ་དང་སྦྱར་བའི་ཚེ་རྔོག་འཇམ་དཔལ་གྱི་རྣམ་འཕྲུལ་དུ་གསུངས་ལ། དེ་ལྟར་ན་ཟླ་བས་འཇུག་འགྲེལ་དུ། འཕགས་པ་འཇམ་དཔལ་བྱང་ཆུབ་སེམས་དཔར་གྱུར་པ་ཉིད་ཀྱིས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་སོགས་པ་སེམས་བསྐྱེད་པ་འཛིན་དུ་གཞུག་པར་འདོན་པ་ཡིན་ནོ། །ཞེས་བཤད་པ་ལྟར་རྒྱལ་བ་ཀུན་གྱི་ཡབ་ཏུ་གྱུར་པ་དང༌། རྒྱལ་བ་ཀུན་གྱི་སྲས་ཀྱི་ཐུ་བོའི་ཚུལ་འཛིན་པ་སོགས་གསང་བ་བསམ་གྱིས་མི་ཁྱབ་པའི་གནས་ནི་སྨྲ་བསམ་གྱི་ར་བ་ལས་འདས་སོ། །ཐུན་མོང་བ་ལྟར་ནའང་ལྷ་ཆོས་བདུན་ལྡན་གྱི་


GTD005_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་གདམས་ནོར་བུའི་ཕྲེང་བའི་བདག་པོར་གྱུར་ཏེ། མན་ངག་བྱིན་རླབས་ཀྱི་བརྒྱུད་པའི་རྩ་བ་འདི་ཉིད་ལ་ཐུག་གོ །དེ་བཞིན་དུ་ཤར་ཆེན་ཡེ་ཤེས་རྒྱལ་མཚན་ཡང་མཁྱེན་བརྩེ་ནུས་པ་མངོན་ཤེས་རྫུ་འཕྲུལ་སོགས་ལ་དབང་འབྱོར་ཅིང༌། ངོར་ཆེན་སོགས་སྐབས་དེའི་ས་སྐྱའི་བསྟན་འཛིན་ཀུན་གྱིས་གཙུག་རྒྱན་དུ་བཀུར་ཏེ་གསུང་ངག་ལམ་འབྲས་ཀྱི་གདམས་པའི་བདག་པོར་གྱུར་པ་དང༌། དེ་ནས་ཁྲི་ཐོག་བཅུ་དྲུག་པ་རྒྱ་ར་གུར་པ་ཆོས་སྐྱོང་རྒྱ་མཚོའང་རྗེ་བླ་མའི་མདོ་སྔགས་ཀྱི་ཆོས་ཚུལ་མཐའ་དག་ཐུགས་སུ་ཆུད་དེ་བྱང་རྩེ་དང་དགའ་ལྡན་གྱི་ཁྲིར་ཕེབས། ཐུབ་པའི་གོས་སྐུ་ཆེན་མོ་བཞེངས་པ་སོགས་མཛད་པ་རླབས་ཆེ་ཞིང་། སྨད་རྒྱུད་ཀྱི་ཁྲིད་ཆེན་བརྒྱད་ཀྱང་འདི་ཉིད་ཀྱིས་མཛད་དེ་དགེ་ལྡན་བསྟན་པའི་བདག་པོར་གྱུར་པ་སོགས་རྒྱ་བོད་ཀུན་ཏུ་མཁས་གྲུབ་ཀྱི་སྐྱེ་འཕྲེང་དུ་མ་བཞེས་ནས་བསྟན་པའི་སྲོག་བཟུང་བ་ཡིན་ལ། དེ་ནས་དུས་ཀྱི་རིམ་པས་བྱང་ཕྱོགས་ཆེན་པོ་ཧོར་གྱི་ཡུལ་དུ་བློ་བཟང་རྒྱལ་བའི་བསྟན་པ་སྤེལ་བའི་ཐུགས་བསྐྱེད་འཕྲིན་ལས་ཀྱི་དུས་ལ་བབས་པ་ན། ཐུགས་རྗེ་དང་མཁྱེན་པ་ཟུང་དུ་འཇུག་པས་འགྲོ་ཀུན་ཐར་པའི་ལམ་དུ་བཀྲི་བ་ལ་འཕྲིན་ལས་ནམ་མཁའ་དང་མཉམ་པ་འགྲོ་མགོན་བསྟན་པའི་ཉི་མ་དང༌། དེའི་ཡང་སྲིད་ལུས་ཅན་མཐའ་དག་ལ་བརྩེ་བའི་གཞན་དབང་དུ་གྱུར་པ་བདག་ཉིད་ཆེན་པོ་རྗེ་བཙུན་བསྟན་པའི་རྒྱལ་མཚན་སོགས་སྐུ་འཕྲེང་གོང་མ་སོསོའི་རྣམ་ཐར་རྒྱས་པ་གཞན་ལས་ཤེས་པར་བྱ་ཡི་འདིར་དཔྱོད་པའི་སྒོ་ཙམ་བསྟན་པ་ཡིན་ནོ། །དྲི་བྲལ་དྭངས་པའི་ཤེལ་གྱི་མེ་ལོང་ནི། །ཚོན་


GTD005_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱར་འགྲོགས་པའི་མདངས་སུ་གསལ་བ་བཞིན། །གང་ལ་གང་འཚམ་གདུལ་བྱའི་སྐལ་བ་དང༌། །མཐུན་པར་བསྟན་པའི་བཀོད་པ་བསམ་མི་ཁྱབ། །རྒྱལ་བའི་ཆོས་ཀྱི་གསང་མཛོད་འཕགས་ལམ་གྱི། །ཡན་ལག་བརྒྱད་ལྡན་ཀླུང་ཆེན་འབབ་པའི་ཕྱོགས། །དེ་ན་ཐབས་ཤེས་གཤོག་ཡངས་གོམ་པ་ཡིས། །རྒྱལ་སྲས་ཆུ་སྐྱར་ཚོགས་རྣམས་ལྡིང་ཞིང་རྩེན། །དེ་ནས་སྐྱེ་བའི་འཕྲེང་བ་འདི་ཉིད་བཞེས་ཏེ་བསྟན་འགྲོའི་མགོན་མཛད་པའི་ཚུལ་ནི། བྱ་རའི་ལུང་ཨོ་ནམ་པ་ལ་ཇིང་ཞེས་པའི་ཀླུང་ཆེན་གྱི་འགྲམ་དུ་རྒད་པོ་ཚེ་དབང་བྱ་བ་དང་རྒན་མོ་དགེ་འཕེལ་བྱ་བ་རིགས་རྒྱུད་མེད་ཅིང་ལོངས་སྤྱོད་ཀྱིས་དབུལ་བས་ཤིན་ཏུ་ཉམ་ཐག་པ་གཉིས་ཡོད་པར་བརྩེ་བས་དགོངས་ཤིང་རྗེས་སུ་འཛིན་པའི་སྐལ་བ་ཅན་དུ་དགོངས་ཏེ་བྱོན་པ་ཡིན་ནོ། །དེའང་རབ་བྱུང་བཅུ་གསུམ་པའི་བགྲང་བྱ་བཅུ་གཅིག་པ་སྟོད་འགྲེལ་ལྟར་ན་ཨི་ཤྭ་ར་སྟེ་དབང་ཕྱུག །ཙི་ནའི་སྐད་དུ་ཁང་ཚེའུ། དབང་ཐང་བསྟུན་པ་མེ་མོ་གླང་གི་ལོ་འབྲས་ལྡན་གྱི་དུས་སུ་རྒན་མོ་དེ་ཉིད་ལྕི་བ་འཐུ་བར་སོང་བའི་ཚེ་ཆུ་འགྲམ་གྱི་གད་རྩ་ཞིག་ཏུ་བདག་པོ་མེད་པར་བྱིས་པ་ཤིན་ཏུ་ཆུང་ངུ་ཞིག་འདུག་པ་མཐོང་ཙམ་ནས་ཡིད་དུ་འོང་བའི་དགའ་བ་ཆེན་པོ་དང་བུའི་འདུ་ཤེས་སྐྱེས་ནས་བླངས་ཏེ། འདི་ནི་ཆེད་དུ་བརྗོད་པའི་ཚོམས་ལས། གང་ན་དམ་པ་བཞུགས་པ་ཡི། །ས་དེ་ཡིད་དུ་འོང་བ་ཡིན། །ཞེས་པ་ལྟར་བྱམས་པ་གོམས་པའི་བདག་འབྲས་དང་ལས་འབྲེལ་གྱི་མཐུར་མངོན་ནོ། །སློབ་དཔོན་པདྨ་རྫུས་སྐྱེས་སུ་གྲགས་པའི་རྩ་བའང་འདི་འདྲ་ཞིག་ལ་བརྟེན་པའི་ལོ་རྒྱུས་ཡོད་ལ། རྗེ་བཙུན་ཏཱ་ར་ནཱ་ཐས་མཛད་པའི་སློབ་དཔོན་གྱི་རྣམ་ཐར་རྒྱ་གར་


GTD005_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་ལས་ཡབ་ཡུམ་གྱི་མིང་དང་བཅས་པ་གསུངས་སོ། །དེ་ནས་ཁོང་གཉིས་ཀྱིས་བུ་བཞིན་གཅེས་པར་བསྐྱངས་པས་རྫིང་གི་པདྨ་བཞིན་དུ་ལང་ཚོ་འཕེལ་ཞིང༌། དེ་ཕྱིན་ཆད་ཁོང་གཉིས་ཀྱང་སྔར་དང་མི་འདྲ་བར་འཚོ་ཆས་སོགས་རྙེད་སླ་བས་དགའ་སྤྲོ་དང་ལྡན་པར་གྱུར། རྒན་མོ་རང་བཞིན་གྱིས་དྲང་ཞིང་སྙིང་རྗེ་ཆེ་བ་ཞིག་ཡིན་པའི་སྟེང་དུ་དམ་པ་འདི་ཉིད་ཕེབས་པའི་བྱིན་རླབས་ཀྱིས་དཀོན་མཆོག་ལ་ཤིན་ཏུ་གུས་ཤིང༌། གང་འབྱོར་གྱི་སྦྱིན་པ་ལ་སྤྲོ་བ་རྒྱས་ཏེ། རྒྱུས་ཡོད་མེད་ལ་མ་ལྟོས་པར་ཐག་རིང་གི་མགྲོན་པོ་ངལ་དུབ་ཀྱིས་གདུངས་པ་རྣམས་ལ་འཚོ་བ་སྟོབ་པ་སོགས་རྣམ་དཀར་ལ་བརྩོན་པར་གྱུར། བྱིས་པ་དེའང་ཐ་མལ་གྱི་བྱིས་པ་གཞན་དང་མི་འདྲ་བར་རྩེད་མོ་བྱེད་པའི་ཚེའང་ས་རྡོ་ཤིང་སོགས་ལ་སངས་རྒྱས་དང་ཆོས་མཆོད་རྟེན། བླ་མ་དགོན་པ་སོགས་ཀྱི་མིང་བཏགས་ནས་བསྒྲིགས་ཏེ་ཆོས་བཤད་པ་དང་དགོན་འདེབས་པ་སོགས་ལེགས་པའི་རྟེན་འབྲེལ་དུ་འགྱུར་བ་ཁོ་ན་མཛད། སྐྱེ་བས་ཐོབ་པའི་ཡོན་ཏན་གྱིས་དཀོན་མཆོག་ལ་མཆོད་པ་དང༌། གཟུངས་སྔགས་བཟླས་བརྗོད་ལ་བརྩོན་པ། འགྲོ་བ་ལ་སྙིང་བརྩེ་བ། མངོན་ཤེས་དང་ནུས་མཐུ་ལྡན་པ་སྟེ། མ་རྒན་གྱི་མིག་ན་བའི་ཚེ་བསང་ཤིང་གིས་བདུག་པའི་རྣམ་པ་བྱས་པས་མྱུར་དུ་བདེ་བ་དང༌། མིག་ལ་ལིང་ཏོག་བྱུང་བ་འགའ་ཞིག་ལ་ཕྱག་གིས་བྱུག་པས་ནད་ཞི་བ་དང༌། ལ་ལར་ཁྱོད་ཀྱི་ནད་ལོ་ཟླ་འདི་ཙམ་ན་སོས་ཡོང་ཞེས་གསུང་བ་དེ་ཁོ་ན་བཞིན་གྱུར་པས་ངོ་མཚར་གྱི་གནས་ལ་བཀོད་དེ། ལམ་སྒྲོན་ལས། མངོན་ཤེས་ལྡན་པའི་ཉིན་མཚན་གྱི། །བསོད་ནམས་དག་ནི་


GTD005_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཡིན་ཏེ༌། །མངོན་ཤེས་དག་དང་བྲལ་གྱུར་ལ། །སྐྱེ་བ་བརྒྱར་ཡང་ཡོད་མ་ཡིན། །གསུངས་པ་ལྟར་གཞན་དོན་རླབས་པོ་ཆེ་འགྲུབ་པའི་རྒྱུ་ལ་དབང་འབྱོར་བའི་རྣམ་ཐར་རོ། །སྐབས་ཤིག་རོ་གྲིབ་ཀྱིས་གསུང་ངག་མི་གསལ་བ་ཞིག་བྱུང་ཡང་རིམ་གྱིས་ཇེ་དྭངས་སུ་སོང༌། དགུང་ལོ་བདུན་པའི་ཚེ་ཡབ་ཡུམ་གཉིས་རྒྱལ་པོའི་ཁྲལ་གྱིས་ཧོབ་ཏེ་ཞེས་པའི་ས་ཆར་འོངས། སྔ་ཕྱིའི་མཛད་པ་ཡ་མཚན་པ་རྣམས་ལ་བརྟེན་ནས་ཡབ་ཡུམ་གཉིས་དོགས་པ་སྐྱེས་ཤིང༌། དཔྱོད་ལྡན་གྱི་སྐྱེས་བུ་གཞན་རྣམས་ཀྱང་འདི་རང་དགའ་བ་ཞིག་མིན་པར་འདུག་ཅེས་གླེང་བ་བྱུང་བའི་ཐོག། །ཉིན་གཅིག་གློ་བུར་དུ་ངེད་ཡིལ་གོག་སན་ཧུ་ཐོག་ཐུ་ཡིན་ཞེས་གསལ་བར་གསུངས། དགུང་ལོ་བཅུ་པའི་སྐབས་རྨི་ལམ་དུ་མདུན་གྱི་ནམ་མཁའ་ལ་མཾ་ཡིག་ཁ་དོག་དམར་པོ་འོད་འཚེར་བ་ཞིག་འདུག་པའི་འོད་ཀྱིས་འཛམ་གླིང་གི་སྣོད་བཅུད་ཐམས་ཅད་གསལ་བར་བྱེད་པ་བྱུང་བ་ནི་བྱམས་མགོན་གྱིས་རྗེས་སུ་འཛིན་པ་དང་འཕྲིན་ལས་ཕྱོགས་མཐར་རྒྱས་པའི་ལྟས་སུ་མངོན། དགུང་ལོ་བཅུ་གཉིས་པའི་ཚེ་ཡབ་རྒན་དུས་ཆོས་སུ་གྱུར་པར་ཅི་འབྱོར་གྱི་དགེ་བ་བསྒྲུབས། དེ་ནས་གཞན་ལས་བཟའ་བཏུང་སོགས་བསླངས་ཏེ་རྒན་མོ་རང་གི་མ་དང་འདྲ་བར་དྲིན་ཆེ་བར་དགོངས་ནས་ཤིན་ཏུ་བཀུར་ཞིང་གསོ་བར་མཛད་པའང་དམ་པའི་ངང་ཚུལ་ཡིན་ཏེ། དཔག་བསམ་འཁྲི་ཤིང་ལས། དེ་སྐད་མ་ཡི་སྲི་ཞུ་ནི། །ཆོས་ཀྱི་མཆོག་ཏུ་བཅོམ་ལྡན་གསུང༌། །ཞེས་པ་ལྟར་རོ། །ཕྱོགས་གཞན་ལ་འཚོ་བ་སློང་བར་ཕྱིན་ནས་ཕྱིར་ལྡོག་པའི་ལམ་དུ་བྱ་ཁྱི་ལྟོག་པ་མང་པོ་གཟིགས་ནས་གང་རྙེད་དེ་དག་ལ་བྱིན་ཏེ་ཕྱིར་ལག་སྟོང་


GTD005_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འོང་བའི་དུས་མང་ལ། རེས་འགའ་ཕྱག་ན་སྟེར་རྒྱུའི་ཟས་མེད་པའི་ཚེ་བཙན་ཐབས་ཀྱིས་བསྐྱུགས་ཏེ་དེ་དག་ལ་བྱིན་ནས་ཚིམ་པར་མཛད། འདིའང་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་སྦྱིན་པ་ལ་ཕྱི་དང་ནང་དང་གཉི་གའི་སྦྱིན་པ་གསུམ་དུ་བྱས་པའི་ཕྱི་མར་གསུངས་ཏེ། སྙིང་རྗེས་རང་དབང་མེད་པར་བསྐུལ་བའི་མཛད་པ་ངོ་མཚར་རྨད་དུ་གྱུར་པའོ། །དབུ་མ་འཇུག་པར། རང་ཤ་སྟེར་ལའང་གུས་པར་བྱས་པ་ཡིས། །སྣང་དུ་མི་རུང་དཔོག་པའི་རྒྱུར་ཡང་འགྱུར། །ཞེས་པ་ལྟར་སྦྱིན་པ་ལ་ལྷག་པར་དགྱེས་པ་ནི་ནང་གི་བྱམས་པ་དང་སྙིང་རྗེའི་ནུས་པ་རྗེས་སུ་དཔོག་པའི་མཚན་མ་ཡིན་ཏེ། ཁྭ་ཏ་དང་སྐྱ་ག་སོགས་བྱ་རྣམས་ཀྱང་མི་སྐྲག་པར་སྐུ་དྲུང་དུ་བསྙེན་པ་ནི། སྔོན་རྣལ་འབྱོར་པ་ཆེན་པོའི་དྲུང་དུ་རི་བོང་གི་ཕྲུག་གུ་ཞིག་འོངས་ནས་རྩེ་བ་དང༌། ཝ་ཞིག་ན་བཟའ་ལ་སྣོམ་ཞིང་ཕྱི་བཞིན་འབྲང་བ་སོགས་བྱམས་པ་གོམས་པའི་འབྲས་རྟགས་སུ་གསུངས་པ་བཞིན་ནོ། །འབྱོར་པ་ཆུང་ཡང་རང་བཞིན་བཟང་ཞིང་འགྲོགས་ན་བདེ་བ། མགོན་གྱི་བསྙེན་བཀུར་སོགས་ལ་འབད་པའི་དབང་གིས་སྐྱེ་བོ་དྲག་ཞན་སྣ་ཚོགས་འདྲ་བ་ཞིག་ཡོད་པས། ཉིན་གཅིག་མི་བཅུ་གསུམ་འོངས་པར་མ་ལ་བཟའ་བཏུང་སྦྱིན་རྒྱུའི་སྐུལ་མ་བྱས་པ་ན་ཅིའང་མེད་པས་ཐབས་མི་འདུག་ཟེར་བ་ལ། མཆོད་པའི་ལྷག་རོ་ཁྲེ་དང་འོ་མ་ཕོར་ཆུང་གང་རེ་ཙམ་འདུག་པ་འདི་བཙོས་ནས་བྱིན་བྱས་པར། འདིས་ཅིའང་མི་འདེང་བས་དགོས་པ་མེད་བྱས་ཀྱང་ངས་ཤེས་ཞེས་ནན་གྱིས་འཚོད་དུ་བཅུག་སྟེ་བྱིན་པས་ཐམས་ཅད་འགྲང་ཡང་ད་དུང་མི་ཟད་པའི་རྫུ་


GTD005_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲུལ་ལྟ་བུ་བསྟན་ནས་ཐམས་ཅད་ངོ་མཚར་ལ་བཀོད། ལན་ཅིག་མི་ཚང་གཞན་ཞིག་གི་ཁྱིམ་དུ་གཟིམས་པའི་ཚེ་ཁྱིམ་གྱི་ནང་ཐམས་ཅད་འོད་ཀྱིས་གང་སྟེ་ཡོ་བྱད་ཆུང་ངུ་རྣམས་ཀྱང་གསལ་བར་མཐོང་བ་ན། དེའི་བཟའ་མི་གཉིས་ཀས་བྱིས་པ་འདིའི་མཐུ་ཡིན་པར་ཤེས་ནས་གུས་འདུད་བྱས། གནས་བརྟན་འདུལ་བ་འཛིན་པ་བློ་བཟང་རིན་ཆེན་དཔལ་བཟང་པོ་ལས་རབ་ཏུ་བྱུང་ནས་མཚན་བློ་བཟང་བསྟན་པ་དར་རྒྱས་སུ་གསོལ་ཞིང་དཀྱུས་གཅིག་ལ་དགེ་ཚུལ་གྱི་སྡོམ་པའང་བཞེས་ཏེ་བསླབ་པའི་གཞི་བཅུས་བསྡུས་པའི་ཚུལ་ཁྲིམས་ལེགས་པར་བསྲུང་ཞིང་ཐོས་བསམ་ལའང་སྐབས་གང་ཡོད་དུ་འབད་པ་ལྷུར་བཞེས་པས་རྒན་མོའི་བནྡེ་ཞེས་ཡ་རབས་ཚུལ་བཟང་གི་དཔེར་བྱེད་པ་བྱུང༌། ལོངས་སྤྱོད་ཁ་དྲག་ཅིའང་མེད་པས་གནད་མ་གོ་བ་རྣམས་བརྙས་ཐབས་ལྟ་བུ་བྱེད། དམ་པ་ཉིད་ནས་ངེད་ཀྱིས་སླར་ཧོབ་ཏོའི་མཁན་པོ་བྱེད་དགོས། ཨལ་དར་ཟེར་བའི་ས་འདིར་ཡང་དགོན་པ་ཞིག་འདེབས་དགོས་ཞེས་འབྱུང་འགྱུར་རྗེན་པར་གཟིགས་པའི་གསུང་དྲང་པོར་ཕེབས་ནའང༌། སྐབས་དེའི་སྣང་ཚོད་ལ་དེ་འདྲ་ཞིག་ཡོད་ཚུལ་ཤེས་བྱར་མི་སྲིད་པ་ལྟ་བུ་དང༌། ཡིད་ཀྱི་དགུ་ནའང་མེད་པ་ཞིག་ཡིན་སྟབས་ཕལ་མོ་ཆེ་བཞད་གད་དུ་བྱེད་དེ། འཇམ་མགོན་ས་པཎ་གྱིས། ནང་དུ་ཡོན་ཏན་ཀུན་ལྡན་ཡང༌། །ཆ་ལུགས་ངན་ན་ཀུན་གྱིས་བརྙས། །གསུངས་པའི་དཔེར་སྣང་ངོ༌། །འོན་ཀྱང་འཁྲི་ཤིང་ལས། སྤྲིན་གྱིས་ལོང་ཡང་གཟའ་ནང་ན། །ཀུ་མུད་ལྡན་ལ་ཟླ་བ་སྡུག །ཅེས་གསུངས་པ་བཞིན་བླ་མ་བློ་བཟང་རིན་ཆེན་དཔལ་བཟང་པོ་དེ་ཉིད་ནས་བུམ་ནང་གི་མར་མེ་


GTD005_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དམ་པ་འདི་ཉིད་ནང་དུ་ཉམས་རྟོགས་ཀྱི་ཡོན་ཏན་ལ་མངའ་འབྱོར་བ་མཁྱེན་ཏེ། འདི་ནི་སྐྱེས་བུ་ཕལ་བ་ཞིག་མིན་ཞེས་མཐོང་གཟོས་ཆེ་བར་མཛད་ཅིང་སྤྱན་གྱི་འབྲས་བུ་བཞིན་དུ་བསྐྱངས། དམ་པ་འདི་ཉིད་དྲུང་ནས་དབང་རྡོ་རྗེ་འཕྲེང་བ་ཞེས་རྡོ་རྗེ་རྣལ་འབྱོར་མས་ཨ་བྷྱཱ་ཀཱ་ར་ལ་དངོས་སུ་སྩལ་བ་རྒྱུད་སྡེ་བཞིའི་དཀྱིལ་འཁོར་གྱི་འཁོར་ལོ་ཧྲག་བསྡུས་ཀྱི་སྨིན་བྱེད་དབང་གི་རིམ་པ་དརྤན་གྱི་ཀྲི་ཡ་དང་སྦྲགས་པ་ཡོངས་སུ་རྫོགས་པར་གསན། གསང་ཆེན་རྒྱུད་སྡེའི་རྒྱ་མཚོར་ཞུགས་ནས་དངོས་གྲུབ་ཀྱི་རྩ་བ་དམ་ཚིག་སྤྱི་དང་བྱེ་བྲག་མཐའ་དག་མིག་གི་འབྲས་བུ་བཞིན་དུ་བསྲུངས། སྐབས་ཤིག་ནས་ཨུ་ལ་ཡ་སུ་ཐའི་མཁར་གྱི་ཉེ་འཁོར་དུ་བྱོན་ནས་དེར་བཞུགས། དགུང་ལོ་ཉེར་བརྒྱད་ཀྱི་སྐབས་ནུབ་ཅིག་མནལ་ལམ་དུ་ཚེས་གསུམ་གྱི་ཟླ་ཚེས་ལྟ་བུ་མང་དུ་བརྩེགས་ཏེ་ལྷ་ལམ་ཡོངས་སུ་གང་བའི་དབུས་ན་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ཕྱག་མཚན་དགྲ་སྟ་ཡུ་བ་དམར་པོ་རྩེ་མོར་སྣ་ཚོགས་རྡོ་རྗེ་དང་རྩ་བར་རྡོ་རྗེ་རྩེ་ལྔ་བས་མཚན་པ་ཞིག་རྨིས་པ་དང༌། ཉེར་དགུའི་སྐབས་ལུག་ཐུག་དམར་པོ་ཞེས་པའི་རིའི་གཡོན་ཟུར་དུ་གུར་ཆེ་བ་བཞི་ཡོད་པའི་མདུན་མའི་ནང་དུ་དངུལ་དཀར་ལས་གྲུབ་པའི་ཐབ་ཤིན་ཏུ་ཆེ་ཞིང་བརྟན་ལ་ཡིད་དུ་འོང་བ་ཞིག་ན་སོལ་བ་ཁ་ཤས་ཡོད་པ་རྣམས་དོར་ནས་ཐབ་དེ་བླངས་འོང་བ་ཞིག་རྨིས་པ་སོགས་ནས་བཟུང་སྙན་གྲགས་རྒྱས་ཏེ་ཡུལ་མི་རྣམས་གུས་པ་ཇེ་ཆེ་དང་འཕྲིན་ལས་ཇེ་རྒྱས་སུ་སོང་སྣང་བས་མནལ་ལམ་དེའང་བཅོམ་ལྡན་འདས་གཤིན་རྗེའི་གཤེད་ཀྱི་འཕྲིན་ལས་ལ་བརྟེན་ནས་ནག་ཕྱོགས་ཀྱི་བདུད་སྡེ་ཕམ་པར་བྱས་ཏེ་གཞན་ཕན་


GTD005_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲིན་ལས་ཀྱི་འོད་སྣང་དཀར་པོ་ཡར་ཚེས་ཀྱི་ཟླ་བ་བཞིན་གོང་འཕེལ་དུ་འགྲོ་བ། ཟང་ཟིང་གི་འབྱོར་པ་ཇི་ཙམ་རྒྱས་ཀྱང་དཀོར་སྒྲིབ་ཀྱི་རྒྱུར་མི་འགྱུར་བར་རྣམ་དཀར་རླབས་པོ་ཆེ་སྒྲུབ་པའི་ཐབས་སུ་འཁྱེར་བས་དད་ལྡན་སྦྱིན་བདག་རྣམས་ཀྱི་སྡིག་ལྟུང་ལྷག་མེད་དུ་བསྲེག་པ་སོགས་ཀྱི་མཚོན་དོན་ཞིག་ཡིན་ནམ་སྙམ། དེ་ནས་མཁན་པོ་གུ་ཤྲི་ཆོས་རྗེ་དང༌། དབེན་པར་སྒྲུབ་པ་ལ་གཞོལ་བ་གུ་ཤྲི་མཐུ་སྟོབས་རྣམ་གཉིས་ཀྱི་དྲུང་ནས་ལྷག་ལྷ་དུ་མའི་རྗེས་གནང་སོགས་འདོད་ཆོས་མང་དུ་གསན། དགུང་ལོ་སོ་གསུམ་གྱི་དུས་རྒྱལ་བའི་བསྟན་པ་ཡོངས་ལ་གཞན་དྲིང་མི་འཇོག་པའི་མཁྱེན་པ་ཅན་ནམ་ཆི་གུ་ཤྲི་དཔལ་རྡོ་རྗེ་ལས་བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད། རྟ་མགྲིན་ཡང་གསང༌། སྤྱན་རས་གཟིགས་སོགས་ཀྱི་དབང་དང༌། སྒྲུབ་ཐབས་རིན་འབྱུང་གི་རྗེས་གནང་ཡོངས་སུ་རྗོགས་པ་གསན། འདི་དག་གི་སྐབས་སྔ་ཕྱི་ཀུན་ཏུ་ཆོས་གསན་པ། དཔེ་ཆ་འཛིན་སྐྱོར། ཐུགས་དམ་བཟླས་བརྗོད། ཕྱག་དང་མཆོད་པ་སོགས་ཆོས་སྤྱོད་རྣམ་བཅུ་ཡ་མ་བྲལ་བར་མཛད་པས། བཀའ་གདམས་གླེགས་བམ་དུ། ང་ཐོས་དུས་ཙ་ན་བསམ་སྒོམ་བསྡོ། །བསམ་དུས་ཙ་ན་ཐོས་སྒོམ་བསྡོ། །གསུངས་པ་བཞིན་ཐོས་བསམ་སྒོམ་གསུམ་ལྷན་དུ་མཛད་པས་གཞུང་ལུགས་རྒྱ་མཚོའི་དོན་ལ་མཁྱེན་རབ་ཀྱི་ཀློང་རྡོལ་ཞིང་ཉམས་རྟོགས་ཀྱི་ཡོན་ཏན་དབྱར་མཚོ་བཞིན་དུ་རྒྱས། གདུལ་བྱ་འཕྲིན་ལས་ཀྱང་ཆེར་རྒྱས་ཏེ་དད་ལྡན་གྱི་གྲྭ་སློབ་སྤྲིན་བཞིན་འདུས། ནད་པ་ཉམ་ཐག་འགའ་ཞིག་སོགས་མགོན་མེད་པ་རྣམས་ཀྱི་མགོན་མཛད་ཅིང༌། ལེགས་ཉེས་ཀྱི་བླང་དོར་སོགས་གསལ་བར་ལུང་བསྟན་པས་གྲགས་སྙན་གྱི་རོལ་མོ་ཕྱོགས་ཀུན་ཏུ་ཁྱབ་བོ། །ཁྱད་པར་དུ་དགུང་ལོ་


GTD005_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

སོ་དྲུག་པ་ཆུ་བྱིའི་ལོར་བྱང་ཕྱོགས་སྐྱེ་དགུའི་འདྲེན་མཆོག་རྗེ་བཙུན་དམ་པའི་ཞབས་ལ་མཇལ་བར་དགྱེས་པའི་བཀའ་མཆིད་མང་དུ་གནང་ཞིང་བརྩེ་གཟིགས་ཆེ་བར་མཛད། བསྟན་པའི་བཙས་སུ་དགོངས་ཏེ་གདན་ལྔ་བརྩེགས་རྒྱབ་ཡོལ་དང་བཅས་པའི་གཟོས་སྒོ་དང༌། ཨེར་ཏི་ནི་ཡིལ་གོག་སན་མེར་གེན་པནྜི་ཏ་ཞེས་པའི་ཆོ་ལོ་གནང༌། དངུལ་དེམ་སོགས་ཟང་ཟིང་གི་གནང་ཆའང་སྤམ་མཐོ་བ་སྩལ། རྗེ་བཙུན་དམ་པའི་བཀའ་ལུང་དེ་ལ་བརྟེན་ནས་ཕྱོགས་ཉེ་རིང་ཀུན་ཏུ་ཡིལ་གོག་སན་མེ་གེན་ཞེས་མཚན་གྱིས་ཁྱབ་པར་གྱུར། ཆོས་ཀྱི་གདན་ཁྲིར་བཞུགས་པའི་བླ་མ་ཆེ་ཆུང་དང་། སྡེ་འབངས་སྟོབས་འབྱོར་ལུང་ལས་སོགས་ཀྱིས་མཐོ་བའི་དཔོན་ཁག་མང་པོ། ཆོས་དོན་དུ་གཉེར་པའི་ཚུལ་མཐུན་གྱི་གྲྭ་སློབ། ནད་གདོན་གྱིས་གཟིར་བའི་འགྲོ་བ་ཉམ་ཐག་པ་སོགས་མཆོག་དམན་ཀུན་གྱིས་གཙུག་རྒྱན་དུ་བཀུར་ཏེ་འདི་ཕྱིའི་རེ་ས་དང་བསོད་ནམས་ཀྱི་ཞིང་ས་དམ་པར་གྱུར་ཏོ། །སྐུ་སྔ་མའི་དུས་སོགས་སུ་གོང་མ་བདག་པོ་ཆེན་པོས་མི་མཁྱེན་ཀྱང་སྐབས་འདིར་ཧོབ་ཏུའི་དམག་གི་འགོ་པ་ཨམ་བན་ཚེ་དཔག་ཟེར་བས་དམ་པ་འདི་ཉིད་ཀྱི་མཛད་ཕྲིན་སོགས་མཐོང་ནས་གུས་པར་ཡོད་པའི་ཐོག། །ཀུན་ཏུ་བདེ་བའི་ལྷ་ཁང་གི་མཁན་པོ་ན་རོ་པཎ་ཆེན་ཧོ་ཐོག་ཐུ་འཕོས་ནས་དེའི་ཚབ་ཅིག་བསྐོ་དགོས་བྱུང་བའི་ཚེ་ཨམ་བན་གྱིས་གོང་མ་ཆེན་པོར། དམ་པ་འདི་ཉིད་སངས་རྒྱས་ཀྱི་བསྟན་པ་ལ་ཕན་ཆེ་ཞིང་ཡུལ་ཕྱོགས་ཀྱི་སྐྱེ་བོ་ཐམས་ཅད་ཤིན་ཏུ་གུས་པ་ཞིག་འདུག་པས་ཀུན་ཏུ་བདེ་བའི་ལྷ་ཁང་གི་མཁན་པོར་བསྐོས་ན་ཨེ་ཆོག་ཅེས་གྲེ་ཙི་ཕུལ་བར་དགྱེས་པའི་བཀའ་བབས་ཏེ། དགུང་ལོ་ཞེ་དྲུག་པ་རྔ་ཆེན་ཞེས་པ་ཆུ་ཕོ་ཁྱིའི་ལོ་སྟོན་ཟླ་ར་བའི་ཡར་ཚེས་ཀྱི་དགའ་བ་དང་པོར་ཀུན་ཏུ་


GTD005_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་པའི་ལྷ་ཁང་གི་མཁན་པོར་མངའ་གསོལ། སྔར་ཉིན་ནས་མཁན་ས་འདིར་བཞུགས་རྒྱུའི་གསུང་ཕེབས་ཐོག་ཏུ་ཁེལ་བས། དེ་དུས་བརྙས་ཐབས་བྱེད་པ་རྣམས་ཀྱང་འགྱོད་པ་སྐྱེས་ནས་ཞབས་སྤྱི་བོར་བླངས་ཏེ་སངས་རྒྱས་དངོས་ཀྱི་འདུ་ཤེས་སྐྱེས། དགོན་འདིའི་མཁན་པོ་སྔ་མ་རྣམས་གོང་མ་ཆེན་པོའི་མཇལ་ཞུ་མ་ནུས་ཀྱང༌། ཉིད་ནས་ཞུས་པར་དགྱེས་པའི་སྤྱན་བསྐྱངས་དང་གསེར་གྱི་བཀའ་བཟང་པོ་བབས། མཁན་ས་འདིར་བཞུགས་པ་ནས་བཟུང་དུར་བེད། ཇ་ཧ་ཆུང༌། ཐོར་གོད། ཨ་རི་ཡན་ཧས་སོགས་ཐམས་ཅད་ཀྱིས་བླ་མར་བཀུར། ཇི་སྐད་དུ་ལུང་ལས། དམ་པའི་མགོན་བཅས་བདེ་དང་ཆོས་ལྡན་ཞིང༌། །དེ་ཡི་གྲགས་པ་ཕྱོགས་སུ་རྒྱས་པར་འགྱུར། །ཞེས་གསུངས་པ་བཞིན། བླ་མའི་ཐུགས་རྗེ་ལ་བརྟེན་ནས་ཡུལ་ཕྱོགས་དེ་རྣམས་སུའང་ནད་འཁྲུག་མུ་གེ་སོགས་མེད་པར་བདེ་ཞིང་སྐྱིད་པ་དང་རྣམ་དཀར་དགེ་བའི་ལས་ལ་བརྩོན་པར་གྱུར། ཚང་མས་མགྲིན་གཅིག་ཏུ་དམ་པ་འདི་ཉིད་ལ་གསོལ་བ་འདེབས་ཤིང་བསྔགས་པ་བརྗོད་པ་ལྷུར་བྱེད་དོ། །སྔར་ཉིད་ཀྱི་སྦྱིན་བདག་ཧལ་ཧ་གཡས་རུའི་རཱ་གཉིས་ཀྱིས་གཙོས་པའི་དཔོན་ཁག་རྣམས་ནས་ཀུན་མཁྱེན་རྒྱལ་བའི་དབང་པོ་མཆོག་ལ་རྗེ་འདིའི་འཁྲུངས་རབས་ཀྱི་བཀའ་རྩོམ་ཞུས་པས་འཁྲུངས་རབས་བདུན་ཙམ་གྱི་གསོལ་འདེབས་ཤིག་གསུང་ཡོད་ནའང༌། སྐབས་འདིར་གུང་


GTD005_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་བརྟན་རྡོ་རྗེ་དང་ཆོས་མཛད་བློ་བཟང་བསྟན་འཛིན་གཉིས་ཀྱིས་པཎ་ཆེན་ཐམས་ཅད་མཁྱེན་པར་ཞུས་ནས་འཁྲུངས་རབས་བཅུ་གསུམ་གྱི་གསོལ་འདེབས་རྒྱས་པ་ཞིག་བཀའ་རྩོམ་དང༌། ཉིད་ལ་འབོབ་ལྕག་ཆ་སོགས་ཀྱི་གནང་ཆ་དང་བཅས་གཟེངས་བསྟོད་མཛད། སྐབས་ཤིག་ཧར་ཤ་ཏའི་ཐོར་གོད་ཀྱི་དཔོན་པོ་བསྟན་སྐྱོང་དབང་རྒྱལ་གྱི་ཡུལ་ཕྱོགས་སུ་འབྲུམ་ནག་མཆེད་ཚབས་ཆེ་བས་སྐྱེ་བོ་མང་པོ་སྡུག་བསྔལ་བར་གྱུར་པའི་མགོན་སྐྱབས་ལ་དམ་པ་ཉིད་ཕེབས་དགོས་པར་གོང་མ་ཆེན་པོའི་གསེར་གྱི་བཀའ་བབ་པ་བཞིན་ཕྱོགས་དེར་ཕེབས། སྐྱེ་བོ་བརྒྱ་ཕྲག་དུ་མ་དུས་ཀྱི་འཇིགས་པ་ལས་བསྐྱབས་ཏེ་ཕན་བདེའི་ལམ་ལ་བཀོད། སོ་སོ་ནས་ཀྱང་གསེར་དངུལ་གོས་དར་རྐང་འགྲོ་སོགས་བདོག་པའི་དངོས་པོ་ཡོད་དགུའི་མཆོད་སྤྲིན་རྫོགས་ལྡན་གྱི་སྤྲིན་བཞིན་དུ་གཏིབས། འོན་ཀྱང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལས་ཀྱི་རྣམ་པར་སྨིན་པ་ནི་མ་གཏོགས་སོ། །ཞེས་ལས་ཀྱི་འབྲས་བུ་དུས་སུ་སྨིན་ན་སངས་རྒྱས་ཀྱིས་ཀྱང་སྐྱོབ་པའི་ཐབས་མེད་པར་གསུངས་པ་བཞིན་དཔོན་པོ་དེ་ཉིད་སྔོན་གྱི་འཕེན་པ་ཟད་པའི་ལས་དབང་བཟློག་ཏུ་མེད་པར་གཟིགས་ནས་འདིའི་སྲོག་ངེད་ཀྱིས་སྐྱོབ་མི་ནུས་པར་འདུག་ཅེས་གསལ་བར་གསུངས་ཤིང༌། དེས་ཡོན་ཕུལ་བ་རྣམས་ཀྱང་ལན་གྱི་ཚུལ་དུ་ཕྱིར་སློག་སྟེ་བདག་གིར་མ་མཛད། ཉིད་རང་ཡུལ་དུ་ཕྱིར་ཆིབས་བསྒྱུར་ཕྲལ་དཔོན་པོ་དེའང་དུས་ཀྱི་ཆོས་ཉིད་དུ་གྱུར་པས་ཐམས་ཅད་སྔར་གྱི་གསུང་ལ་ཡིད་ཆེས་ལྷག་པར་སྐྱེས། ཡང་སྐབས་ཤིག་གོང་


GTD005_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཆེན་པོའི་བཀའ་ཕེབས་ཏེ་ཧོ་པག་ས་རའི་ཐོར་གོད་ཀྱི་ས་ཆར་བྱོན་ནས་དེ་ཕྱོགས་ཀྱི་རྗེ་བློན་སྡེ་འབངས་མཐའ་དག་མངོན་མཐོ་ངེས་ལེགས་ཀྱི་ལམ་ལ་སྦྱར། དགུང་ལོ་ང་ལྔ་པ་ལྕགས་མོ་ལུག་གི་ལོ་གོང་མའི་གསེར་ཞལ་མཇལ་སྐབས་བསྟན་འགྲོ་ལ་ཕན་འདོགས་ཆེ་བར་དགོངས་ནས་དགྱེས་པ་ཆེན་པོས་གསེར་གྱི་བཀའ་ལུང་བཟང་པོ་དང༌། གོས་ཆེན་སེར་པོ། བྱུ་རུའི་རྒྱན་འཕྲེང༌། ཤིང་རྟ་ལྗང་གུ་སོགས་གནང་སྟེ་བཀའ་དྲིན་ཚད་མེད་པས་བསྐྱངས༌། འཇམ་དབྱངས་མི་རྗེའི་རྣམ་པར་རོལ་པ་གོང་མ་བདག་པོ་ཆེན་པོ་ཞབས་པད་བསྐལ་པ་ཁྲི་ཕྲག་ཁྲི་ཕྲག་གི་བར་དུ་བརྟན་པའི་ཆེད་དགོན་པ་ཞིག་གསར་བཞེངས་ཀྱི་འཕེན་པ་གནང་སྟེ། ཨུ་ཡི་ཡ་སུ་ཐའི་མཁར་གྱི་ཇང་ཇུན་ཨམ་འབན་བརྒྱུད་ནས་༸གོང་དུ་གྲེའི་ཙི་ཕུལ་བར་བཀའ་ལན་འདོད་པ་བཞིན་བབས་པས་ཆུ་སྤྲེལ་ནས་བཟུང་ལས་མགོ་བརྩམས་ཏེ། ལྷ་ཁང་ཆེ་བ་གཅིག་ཆུང་བ་ལྔ། འདུ་ཁང་སྒོ་ཁང་བཅས་བརྒྱད་ཀ་རྩིག་པ་ཤིང་ཆ་སོགས་སྲ་ཞིང་བརྟན་པ། བཀོད་པས་ཐོན་ཞིང་གསེར་ཚོན་བཟང་པོས་ཤིན་ཏུ་མཛེས་པ་རྣམ་པར་རྒྱལ་བའི་ཁང་བཟང་ལྟ་བུ་དང༌། ཁོར་ཡུག་ལྕགས་རི་རྒྱ་ཆེན་པོ། ལྷ་ཁང་ཆེ་བའི་ནང་དུ་དུས་གསུམ་སངས་རྒྱས་ཀྱི་སྐུ་བརྙན་ཤིན་ཏུ་བྱོན་ལེགས། སངས་རྒྱས་འོད་སྲུང་གི་འཕེལ་གདུང་དང་རྗེ་བླ་མའི་དབུ་ལོ་སོགས་རིང་བསྲེལ་རྣམ་བཞིས་ཡོངས་སུ་གཏམས་པས་བྱིན་རླབས་ཀྱི་གཟི་འོད་འབར་བ། སེང་ཁྲི་རྒྱབ་ཡོལ་སོགས་ཀྱང་གསེར་འོད་འབར་ཞིང་རིན་པོ་ཆེའི་ཕྲ་ཚོམ་གྱིས་སྤ་བ་དང༌། འཁོར་ཉེ་བའི་སྲས་བརྒྱད། གནས་བརྟན་བཅུ་དྲུག་སོགས་ཀྱི་སྐུ་བརྙན་གྲངས་མཚུངས། ལྡེབས་རིས་ལ་


GTD005_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་སྟོང་སྐུ། ཚེ་ལྷ་རྣམ་གསུམ་དང་སྒྲོལ་ལྗང་བཞིའི་སྐུ་བརྒྱ་ཕྲག་རེ། འདུ་ཁང་ནང་དུ་རྒྱལ་བ་རིགས་ལྔའི་སྐུ་དང་བཀའ་འགྱུར་ཆ་ཚང༌། སྟེང་གི་གནམ་རྒྱན་ལ་ཚེ་དཔག་སྟོང༌། ཆོས་སྐྱོང་མང་པོའི་སྐུ་ཐང་སོགས་དང༌། ལྷ་ཁང་གཞན་རྣམས་ལ་གསང་བདེ་འཇིགས་གསུམ་སོགས་ཡི་དམ་ལྷག་པའི་ལྷ་མང་པོ་དང༌། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་སོགས་དམ་ཅན་ཆོས་སྲུང་མང་པོའི་སྐུ་བརྙན་རྔམ་བརྗིད་དང་ལྡན་ཞིང་བྱིན་རླབས་ཀྱི་གཟི་འོད་འབར་བ་རྣམས་བཞེངས། ཞི་རྒྱས་དབང་དྲག་གི་ཉམས་དང་ལྡན་པའི་རྒྱལ་ཆེན་བཞི་སོགས་སྐུ་ཐམས་ཅད་ཀྱང་མདོ་རྒྱུད་ནས་གསུངས་པའི་ཆག་ཚད་དང་ལྡན་ཞིང་གཟི་འོད་འབར་བས་མིག་གི་བདུད་རྩི་ལྟ་བུར་བསྐྲུན། ལྷ་ཁང་ཐམས་ཅད་དུ་མཛོད་གོས་གསེར་མ་སོགས་ཀྱི་བླ་བྲེ་དང༌། ཕྱེ་འཕུར་རྒྱལ་མཚན་ཀ་འཕན་སོགས་ཀྱིས་མངོན་པར་བཀྲ་བ་འཇའ་འོད་འཁྱུག་པ་ལྟ་བུ། དབྱིབས་ལེགས་འོད་འབར་རྒྱུ་བཟོ་སོགས་ཁྱད་དུ་འཕགས་པའི་མཆོད་པའི་ཡོ་བྱད་དུ་མ་ཚར་དུ་དངར། ཕྱི་ངོས་ཀྱི་ལྡེབས་རིས་ལ་ཉེ་སྲས་བརྒྱད། གྲུབ་ཆེན་བརྒྱད་ཅུ། ཉིད་ཀྱི་འཁྲུངས་རབས་བཅུ་གསུམ་མ། མཆོད་པའི་ལྷ་མོ་མང་པོ་དང་བཅས་གོ་མཚམས་མེད་པར་བྲིས་པ་སོགས་མཐོང་ཐོས་དྲན་རེག་དོན་ལྡན་དུ་འགྱུར་བའི་བཀོད་པ་བླ་ན་མེད་པ་གནང་སྟེ་ཉེ་ཞོ་མེད་པར་ཐུགས་ཀྱི་བཞེད་པ་བཞིན་གྲུབ། རྟེན་བརྟེན་པ་ཀུན་གྱི་རྒྱུ་སོང་དང༌། ལས་བྱེད་ཀུན་ལ་ཡོན་སོགས་གང་འོས་ཡིད་ཚིམ་པར་སྩལ་བ་བཅས་རགས་རིམ་ཕྱོགས་བསྡོམས་བགྱིས་པ་དངུལ་སྲང་ཁྲི་ཕྲག་ལྔ་ཙམ་སོང་བས་དད་ལྡན་རྣམས་ཀྱིས་ཕུལ་བའི་བདོག་པ་མཐའ་


GTD005_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

དག་བྱང་ཆུབ་སྙིང་པོ་མཆོག་གི་མཐས་གཏུགས་པར་སྨིན་པའི་བསོད་ནམས་མི་ཟད་པའི་གཏེར་དུ་བསྒྲུབས་ཏེ་འབྲེལ་ཚད་དོན་དང་ལྡན་པར་མཛད། ན་ཚོད་ལྡན་ཞེས་པ་ཤིང་མོ་ཕག་གི་ལོ་སྟོན་ཟླ་འབྲིང་པོའི་ཡར་ངོ་གཟའ་སྐར་འཕྲོད་སྦྱོར་ཕུན་སུམ་ཚོགས་པའི་དུས་ཚེས་དགེ་བ་ལ་དགེ་འདུན་རིག་པ་འཛིན་པའི་ཚོགས་དང་བཅས་པས་སྤྱན་དབྱེའི་ཆོ་ག་སྨིན་རྒྱས་ཕྱག་ལེན་རྣམ་པར་དག་པའི་སྒོ་ནས་ལེགས་པར་བསྒྲུབས་ཏེ་དམ་ཡེ་དབྱེར་མེད་དུ་བརྟན་པར་བྱས། མཇུག་ཏུ་འཆམ་དང་བྱམས་པ་གླིང་སྐོར་སོགས་བྱས་པའི་ཚེ་མེ་ཏོག་གི་འདབ་མའི་རྣམ་པ་གསལ་བའི་ཁ་བ་ཅུང་ཟད་བབས་པས་ས་སྟེང་དཀར་འཇམ་དུ་བྱས། དེ་འཕྲལ་ནམ་མཁའ་ཡོངས་སུ་དྭངས་ཤིང་ཉི་འོད་གསལ་བས་བག་དྲོ་ཞིང་བྱིན་ཆགས་པ་སོགས་རྟེན་འབྲེལ་རང་འགྲིག་ཏུ་བྱུང༌། དེ་ནས་ཧལ་ཧ། དུར་བེད། ཇ་ཧ་ཆིང༌། ཐོར་གོད། ཨུ་རེ་ཡ་ན་ཧས་སོགས་ཀྱི་སྦྱིན་བདག་སེར་སྐྱ་དྲག་ཞན་མང་དུ་འདུས་པ་ཐམས་ཅད་ཀྱིས་ལྷ་ཁང་རྣམས་ལ་ཕྱག་མཆོད། དགེ་འདུན་ལ་བསྙེན་བཀུར་སོགས་ལྷ་མཆོད་མི་མཆོད་རྒྱ་ཆེན་པོ་དང༌། རྗེ་བཙུན་བླ་མ་དམ་པ་ཉིད་ལ་ན་བཟའ་ཉེར་སྤྱད། དངུལ་སྲང་སྟོང་རྭ་ཅན་སོགས་ཀྱི་མཆོད་སྤྲིན་སྤྲོས་ཏེ་ཞབས་པད་ཡུན་བརྟན་གྱི་གསོལ་འདེབས་ཞུས། བྱིན་རྟེན་དང་དངོས་པོའི་གནང་ཆ་སོགས་གང་འཚམ་དུ་སྩལ་ཏེ་མགུ་བར་མཛད་དོ། །དེ་ལྟར་བསྟན་འགྲོ་ལ་སྨན་པའི་ཐུགས་བསྐྱེད་རླབས་པོ་ཆེའི་ས་བོན་དུས་སུ་སྨིན་པའི་འཕྲིན་ལས་ཀྱི་ཡལ་ག་ཕྱོགས་བརྒྱར་རྒྱས། ཟབ་མོ་རྡོ་རྗེའི་རྣལ་འབྱོར་ལས་གཡོ་བ་མེད་པའི་ཉམས་རྟོགས་ཀྱི་འབྲས་བུ་གཡུར་དུ་ཟ། སྙན་པར་གྲགས་པའི་དྲི་བསུང་མངར་


GTD005_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བྱང་ཕྱོགས་ཀྱི་འཛིན་མའི་ཁོར་ཡུག་ཁྱབ་པར་འཕྲོ། ཐབས་མཁས་ཐུགས་རྗེའི་གྲིབ་བསིལ་སྣུམ་པོས་ཉམ་ཐག་འགྲོ་བ་ཀུན་ལ་ཕན་བདེའི་མཆོག་སྦྱིན་སྩོལ་བཞིན་པར་བློ༷་བཟ༷ང་རྒྱལ་བསྟ༷ན་ཡངས་པའི་དགའ་ཚལ་མཛེས་པའི་རྒྱན་དུ་འཚོ་ཞིང་གཞེས་པར་བཞུགས་ཏེ། སྲིད་ཞིའི་རྣམ་དཀར་གྱི་ལེགས་ཚོགས་མ་ལུས་པ༷་ད༷ར་ཞིང་རྒྱ༷ས་པའི་སྐབས་སུ་གནས་བཞིན་པ་ལགས་སོ། །སྨྲས་པ། ནན་ཆེར་བསྐུལ་བའི་ནོར་རྒྱས་ཀྱིས་དྲངས་པ། །བདག་བློའི་རིན་ཆེན་རི་བོ་མནྡ་རས། །དམ་པའི་ཡོན་ཏན་ཆུ་གཏེར་བསྲུབས་པ་ལས། །རྟོགས་བརྗོད་གསར་པའི་ཟླ་བ་འདི་འཁྲུངས་སོ། །ལེགས་བཤད་རྫིང་བུར་འཁྱིལ་བ་ཕྱོགས་དང་མཚམས། །གང་དུ་དྲངས་ཀྱང་ཆིལ་ཆིལ་འབབ་པ་ལས། །ངོ་མཚར་ལྦུ་བ་དཀར་པོའི་འཕྲེང་དཀྲིགས་པ། །ཆེད་དུ་བརྗོད་པའི་ཉལ་འགྲོའི་རྒྱུན་འདི་བབས། །རྣམ་པ་གསུམ་གྱིས་བསྐལ་པའི་བཤུལ་རིང་ལམ། །ཡིད་ཆེས་ལུང་དང་བདེན་ཚིག་འཁར་བ་ལ། །བརྟེན་ནས་སྡེབ་ལེགས་གོམ་སྟབས་བསྐྱོད་པ་འདིར། །ནོངས་པ་མཆིས་གང་མཁས་པའི་ཚོགས་ལ་འཆགས། །རླབས་ཆེན་ཐུགས་བསྐྱེད་ཡུ་བ་རབ་བརྟན་ཅིང༌། །ངེས་ལེགས་དབང་གི་རྒྱལ་པོའི་ཏོག་མཛེས་པ། །བཤེས་གཉེན་དམ་པའི་མཛད་བཟང་གདུགས་དཀར་པོའི། །བསིལ་བར་བྱང་ཕྱོགས་སྐྱེ་དགུས་ངལ་གསོ་མཛོད། །གནམ་སའི་ཁོར་ཡུག་འགེངས་པར་གདངས་པའི་ཞལ། །སྲིད་གསུམ་དགྲ་བགེགས་ཁམ་དུ་བྱེད་པ་ཡི། །སྲུང་མ་ཡེ་ཤེས་སྤྱན་ལྡན་ཚོགས་རྣམས་ཀྱིས། །བསྟན་དང་བསྟན་འཛིན་སྐྱོང་བའི་བྱ་ར་མཛོད། །འདྲེན་


GTD005_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཞབས་པད་རྡོ་རྗེའི་གཤིས་སུ་བརྟན། །མཛད་འཕྲིན་འོད་སྣང་ས་གསུམ་ཀུན་ཏུ་ཁྱབ། །འཇམ་དཔལ་སྙིང་པོའི་རིང་ལུགས་ཕྱོགས་མཐར་རྒྱས། །རྫོགས་ལྡན་གསར་པའི་དགའ་སྟོན་འཕེལ་གྱུར་ཅིག། །རྩེ་གཅིག་གུས་པ་ལྷུར་ལེན་སློབ་མའི་ཚོགས། །རྒྱལ་བློན་འབངས་བཅས་ཚེ་རབས་འཕྲེང་བ་རུ། །བླ་མ་མཆོག་གིས་འབྲལ་མེད་རྗེས་བཟུང་སྟེ། །ཡང་དག་ལམ་གྱི་བགྲོད་པ་མཐར་ཕྱིན་ཤོག། །ཅེས་བྱང་ཕྱོགས་བསྟན་འགྲོའི་ཕན་བདེའི་རྩ་ལག་དམ་པར་གྱུར་པ་ཡིལ་གོག་སན་ཨེར་ཏི་ནི་མེར་གན་པཎྚི་ཏ་ཧོ་ཐོག་ཐུ་བློ་བཟང་བསྟན་པ་དར་རྒྱས་ཀྱི་རྣམ་པར་ཐར་པ་ནོར་བུའི་མེ་ལོང་ཞེས་བྱ་བ་འདི་ནི་བསྟན་པའི་གསལ་བྱེད་དཔའ་རིས་ཞབས་དྲུང་ཨེར་ཏི་ནི་མཁན་པོ་ངག་དབང་མཁྱེན་བརྩེ་སོགས་ཐུར་ཆེན་དགོན་ཐོས་བསམ་དར་རྒྱས་གླིང་གི་བླ་སྤྱི་ཐུན་མོང་ནས་སྔ་ཕྱིར་ཡང་ཡང་བསྐུལ་ཞིང༌། ཆོས་རྗེ་བློ་བཟང་དཀོན་མཆོག་ངོ་གཡོག་ཆེད་གཏད་ཀྱིས་འོངས་ཏེ་བསྐུལ་བ་བཞིན། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་རྒྱལ་བའི་ལུང་གིས་ཟིན་པའི་ཆོས་གྲྭ་ཆེན་པོ་བཤད་སྒྲུབ་བསྟན་པའི་འབྱུང་གནས་དཔལ་ལྡན་བཀྲ་ཤིས་འཁྱིལ་དུ་སྦྱར་བའི་ཡི་གེ་པ་ནི་སྔགས་རམས་པ་རཏྣ་ཨཱ་ནནྟས་བགྱིས་པ་འདིས་ཀྱང་སརྦ་པྲ་ཛ་ཀཱ་ལེ་ཥུ་ཤྲི་ཡཿ ཤུ་བྷ་མ་སྟུཿ །།

བཤེས་གཉེན་ཆེན་པོ་མཁས་གྲུབ་བསྟན་འཛིན་པའི་རྟོགས་བརྗོད།


GTD005_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པ་དོན་གྱི་བཤེས་གཉེན་ཆེན་པོ་མཁས་གྲུབ་བསྟན་འཛིན་པའི་ རྟོགས་པ་བརྗོད་པ་ལེགས་ཚོགས་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ། །


GTD005_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་དཔེའི་དཔལ་གྱི་ཆ་ཤས་ཡོངས་གང་ཕྱག་རྒྱའི་རི་དྭགས་གཟུགས་ཀྱིས་མཛེས། །དམིགས་མེད་མཁའ་ལ་བདེ་ཆེན་སྙིང་རྗེའི་སྒྱུ་འཕྲུལ་རླུང་གི་བགྲོད་པ་བརྟེན། །རྣམ་པ་ཀུན་ཏུ་འཕེལ་འགྲིབ་སྣང་བས་འགོག་པ་མེད་པར་རྟག་འཆང་བ། །རྡོ་རྗེ་འཆང་དབང་ཞབས་སྐྱེས་ཀུནྡ་དད་པའི་ཟུར་ཕུད་རྒྱན་དུ་རོལ། །དེ་ཉིད་ངུར་སྨྲིག་འཆང་བའི་ཟོལ་བརྟེན་པ། །འཇམ་དབྱངས་བསྟན་པའི་པདྨ་བཞད་པའི་གཉེན། །འཇིགས་མེད་དབང་པོ་སྲིད་ཞིའི་གཙུག་གི་རྒྱན། །དེང་ནས་བྱང་ཆུབ་བར་གྱི་མགོན་མཛོད་ཅིག། །ཡོན་ཏན་ཀུན་གྱི་གཞིར་གྱུར་དྲིན་ཅན་རྗེ། །ཚུལ་བཞིན་བསྟེན་པ་ལམ་གྱི་རྩ་བ་རུ། །ལེགས་པར་མཐོང་ནས་འབད་པ་དུ་མ་ཡིས། །གུས་པ་ཆེན་པོས་ཚུལ་བཞིན་བསྟེན་པ་ལས། །དེ་ཡི་འབྲས་བུ་རྒྱལ་བའི་དགོངས་པ་བཞིན། །ཐུན་མོང་ལམ་གྱི་གཙོ་བོ་རྣམ་གསུམ་དང༌། །གསང་ཆེན་རིམ་གཉིས་རྣལ་འབྱོར་


GTD005_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་སོན་པས། །མཁས་ཤིང་གྲུབ་བརྙེས་བསྟན་འཛིན་མཆོག་དེར་འདུད། །ཁེངས་དྲེགས་འདོད་པའི་ཕྱོགས་སུ་མ་ལྷུང་བས། །ནོར་བཟང་མཆེད་ཟླར་གྱུར་པ་དེ་ཡི་གཏམ། །རང་བཞིན་གསང་པོར་བརྗོད་པའི་བདེན་ཚིག་གིས། །ཐར་འདོད་འཇུག་ངོགས་མ་ནོར་དབྱེ་བར་བྱ། །དེ་ཡང་སྔོན་རྒྱ་གར་འཕགས་པའི་ཡུལ་དུ་མཁས་ཤིང་གྲུབ་པའི་སྐྱེས་བུ་བསམ་གྱིས་མི་ཁྱབ་པ་བྱོན་པ་རྣམས་བསྟན་པའི་བྱུང་རིམ་ལྟ་བུ་སྤྱིའི་ལོ་རྒྱུས་ཀྱི་ཁོངས་སུ་ཐོར་བུ་ཐོར་བུར་བྱུང་བའམ། རྣམ་ཐར་དང་འབྲེལ་བའི་བསྟོད་པ་ཉུང་ཤས་རེ་དང༌། གདམས་པའི་བརྒྱུད་རིམ་ལྟ་བུར་བྱུང་བ་རྣམས་ཁོག་བསྒྲིགས་ཏེ། རྣམ་ཐར་གྱི་ངག་རྒྱུན་ཙམ་བྱུང་བ་ལས་པཎ་གྲུབ་རེ་རེ་བཞིན་གྱི་རྣམ་ཐར་སོ་སོར་བསྒྲིགས་པའི་སྲོལ་མ་བྱུང་ངོ༌། །འོན་ཀྱང་དེའི་ཚེ་གདུལ་བྱ་རྣམས་དབང་པོ་རྣོ་བས་ཕྱོགས་རེ་རེ་ཙམ་གྱི་སྒོ་ནས་ཀྱང་བླ་མའི་ཡོན་ཏན་དཔོག་ནུས་ཤིང༌། སྐྱེས་བུ་དམ་པ་དེ་དག་གིས་


GTD005_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་རྒྱལ་བའི་བསྟན་པ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་སྤེལ་བའི་བཤད་རྒྱུན་དང་། ཟབ་མོའི་རྟོགས་པ་མངོན་དུ་གྱུར་པའི་གྲུབ་འབྲས་སོགས་བསྟན་པ་ལ་ཕྱག་རྗེས་རྒྱ་ཆེར་བཞག་པ་དང་། དེ་ལ་བརྟེན་པའི་གྲགས་སྙན་འཇིག་རྟེན་ཀུན་ལ་རི་མོར་བྲིས་པ་བཞིན་དུ་གནས་པས་རྣམ་ཐར་གྱི་ཡི་གེ་ལོགས་སུ་བཀོད་པ་ལ་མ་ལྟོས་སོ། །དེ་ནས་དུས་ཀྱི་ལང་ཚོ་རིམ་གྱིས་སྙིགས་མའི་མཐའ་ལ་གཞོལ་བས། དམ་པ་དང་དམ་པ་མ་ཡིན་པའི་བྱེ་བྲག་ཕྱེད་པ་ཉུང་བར་གྱུར་པ་ན། སྐྱེས་བུ་དམ་པ་རྣམས་ཀྱིས་དེའི་དབྱེ་བ་ཤེས་པ་དང་། བཤེས་གཉེན་ལ་དད་པ་འཕེལ་ཞིང་དེའི་མཛད་པའི་རྗེས་སུ་སློབ་པའི་ཕྱིར་བླ་མ་སོ་སོའི་རྣམ་ཐར་རེ་བསྒྲིགས་པའི་སྲོལ་ཕྱེ་བ་ཡིན་པར་སྣང་། དེ་ལས་ཀྱང་ད་དུང་ཆེས་ཤིན་ཏུ་སྙིགས་མར་གྱུར་པ་ན་སྐྱེ་བོ་རྣམས་བླང་དོར་འབྱེད་པའི་བློའི་ནུས་པ་ཆུང་ཞིང་། ཆགས་སྡང་གི་ཀུན་རྟོག་གཡོ་བའི་ཕྱོགས་སུ་ལྷུང་སྟེ་དགྲ་འདུལ་གཉེན་སྐྱོང་དང་། ཟང་ཟིང་གི་འདུ་འགོད་ཙམ་ལ་སྙིང་པོར་བྱེད་པའི་ངན་རྟོག་འདོད་པའི་ཕུགས་སུ་འཚང་བའི་རང་མདངས་ཀྱིས་བླ་མའི་རྣམ་ཐར་སྒྲིག་ཚུལ་སོགས་ཀྱང་སྲིད་ཀྱི་ཁེ་གྲགས་ཁོ་ན་རྩལ་དུ་བཏོན་པའི་གཏམ་གྱི་སྦྱོར་བ་མང་དུ་སྤྲོ་བར་སྣང་བ་ནི་བློ་གཟུ་བོར་གནས་ཤིང་བློ་གྲོས་ཀྱི་རྩལ་དང་ལྡན་པ་རྣམས་མགུ་བ་སྐྱེད་པའི་ཐབས་སུ་མི་འགྱུར་ཏེ། པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས། སྐྱོན་མང་དུག་གི་ཚེར་མའི་ཚོགས་འཁྲིགས་ཀྱང་། །ཡོན་ཏན་ཡོངས་འདུའི་ཚུལ་བཞིན་


GTD005_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོ་བཏགས་ཏེ། །དབྱར་སྐྱེས་རྔ་གསང་སྟོང་ལྟར་ཆེར་སྒྲོགས་པའི། །རྣམ་ཐར་ཚུལ་ལ་ཁོ་བོ་ཡིད་མ་ཆེས། །དམ་པའི་སྙིང་ལ་འཇིགས་པ་སྦྱིན་བྱེད་པ། །དུག་གསུམ་ཆང་གིས་རབ་ཏུ་མྱོས་པ་ཡི། །ཟློས་གར་མངོན་དུ་བསྒྱུར་ཀྱང་ཚུལ་བསྟན་ཞེས། །ཡོལ་བའི་ཕག་ཏུ་འཆེལ་ལའང་བདག་མི་དད། །མདོ་རྒྱུད་དམ་པའི་གཞུང་དང་བསྟུན་པ་ན། །མངོན་མཐོའི་འབྲས་བཟང་བསྐྲུན་པའི་ས་བོན་ཀྱང་། །རྣམ་པར་མྱགས་མོད་འོན་ཀྱང་ཀུན་མཁྱེན་དུ། །རློམ་ཞིང་གསལ་བར་སྒྲོགས་ལའང་བདག་མི་མགུ། །གཏི་མུག་མུན་པས་ཡིད་བསླད་ངོ་ཚ་བྲལ། །བག་མེད་སྨྱོན་པའི་རྣམ་འགྱུར་སྣ་ཚོགས་ཀྱང་། །ཐེག་མཆོག་གསང་བའི་རྣལ་འབྱོར་སྤྱོད་པ་ཞེས། །གྱ་གྱུའི་རྣམ་ཐར་ཚུལ་ལའང་བདག་མི་མོས། །ཆགས་སྡང་བརླིང་པོའི་ཐུགས་རྒྱུད་ཞོ་འཐུང་བུའི། །རུས་པར་འགྲན་ཀྱང་གསུང་འཇམ་ཞི་དུལ་ཅན། །ངུར་སྨྲིག་གིས་མཛེས་ཚེར་མ་དར་གཏུམས་ཅན། །འཕྱོན་མའི་རྣམ་ཐར་ཚུལ་ལའང་བདག་མི་དགའ། །ཞེས་གསུངས་པ་ལྟར་རོ། །དེས་ན་སྔོན་གྱི་དམ་པ་རྣམས་ཀྱི་མཛད་པ་རྣམ་ཐར་ནི། འགའ་ཞིག་གིས་དལ་འབྱོར་རྙེད་དཀའི་ཆོས་སྐོར་ལ་རྩལ་དུ་བཏོན་པའི་ཁུངས་ནས་ས་ལམ་གྱི་རྟོགས་པ་གཞན་ཐམས་ཅད་རྡོལ་བ་ལྟ་བུ། ལ་ལས་མི་རྟག་པ་ཁོ་ན་གཙོ་བོར་བསྒོམ་པས། དེ་ལ་མྱོང་བ་


GTD005_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

ཐོན་པ་ན་དེས་སྣ་དྲངས་ཏེ་ས་ལམ་གྱི་རྟོགས་པ་གཞན་ཐམས་ཅད་རྩོལ་བ་མེད་པར་སྐྱེས་པ་ལྟ་བུ། འགའ་ཞིག་ལ་རང་གི་སེམས་ཉིད་ངོ་སྤྲད་པ་ན་དེའི་ཤུགས་ཀྱིས་སྒྲོ་འདོགས་ཐམས་ཅད་ལྷག་མ་མེད་པར་ཆོད་དེ་གྲུབ་པའི་གོ་འཕང་མཐོན་པོར་གྱུར་པ་སོགས་གདམས་པ་རང་རང་གི་བཀའ་བབས་མི་འདྲ་བའི་ལོ་རྒྱུས་སྣ་ཚོགས་ཡོད་ལ། དཔལ་ནཱ་རོ་པ། མཉམ་མེད་ཇོ་བོ་ཆེན་པོ། འབྲོམ་སྟོན་རྒྱལ་བའི་འབྱུང་གནས། མི་ལ་བཞད་པའི་རྡོ་རྗེ་སོགས་ཕལ་ཆེར་བཤེས་གཉེན་དམ་པ་དཀའ་བ་བརྒྱ་ཕྲག་གི་སྒོ་ནས་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་པ་ཁོ་ན་ལམ་གྱི་སྲོག་ཏུ་བྱས་པའི་སྟོབས་ཀྱིས་ལུང་དང་རྟོགས་པའི་ཡོན་ཏན་མ་ལུས་པའི་གཏེར་དུ་གྱུར་ཅིང་། རྣམ་པར་དཀར་བའི་འཕྲིན་ལས་ས་སྟེང་ཀུན་ཏུ་ཁྱབ་པ་བྱུང་ངོ་། །དེ་ནས་ཐེག་པ་ཆེ་ཆུང་མདོ་སྔགས་གང་གི་དབང་དུ་བྱས་ཀྱང་ཡང་དག་པའི་ལམ་གྱི་རྟོགས་པ་ཁྱད་པར་ཅན་སྐྱེ་བ་ལ་དེའི་རྨང་གཞི་ལྟ་བུ་ལམ་གྱི་རྩ་བ་བཤེས་གཉེན་བསྟེན་ཚུལ་འདི་ཉིད་ལ་ཆིག་དྲིལ་དུ་འབད་དགོས་པ་ནི་རྒྱལ་བའི་དགོངས་པ་མཐར་ཐུག་ཡིན་ཏེ། ཆོས་ཡང་དག་པར་སྡུད་པ་ལས། སངས་རྒྱས་ཆོས་རྣམས་དགེ་བའི་བཤེས་ལ་བསྟེན་ཏོ་ཞེས། །ཡོན་ཏན་ཀུན་གྱི་མཆོག་མངའ་རྒྱལ་བ་དེ་སྐད་གསུངས། །ཞེས་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཀྱང་ཐོག་མར་རྒྱུ་བཤེས་གཉེན་བསྟེན་ཚུལ་ཕྱིན་ཅི་མ་ལོག་པར་ཉམས་སུ་བསྟར་བ་དེའི་འབྲས་བུ་རང་རྒྱུད་ལ་སྤངས་རྟོགས་ཀྱི་ཡོན་ཏན་མཐར་ཕྱིན་པ་བརྙེས་ཏེ། རང་གིས་ཇི་ལྟར་མངོན་དུ་མཛད་པའི་ཐབས་ཀྱི་རིམ་པ་དེ་ཉིད་གདུལ་བྱ་རྣམས་ལ་སྟོན་པར་མཛད་པ་ཡིན་ནོ། །སྔོན་བྱོན་དམ་པའི་སྐྱེ་བོ་དེ་དག་གི་རྣམ་པར་ཐར་པ་ཇི་ལྟ་བ་བཞིན་དུ་བདག་ཉིད་ཆེན་པོ་འདིས་ཀྱང་ད་ལྟའི་སྐྱེ་བོ་ཡང་དག་པའི་


GTD005_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་གྱི་རྨང་གཞི་འགྲམ་རྩ་ཟད་པའི་ཁང་རུལ་བཞིན་དུ་གྱུར་པ་ལ་ཅི་ཡང་མི་སེམས་པར་མན་ངག་ཟབ་ཟབ་མོ་ཁོ་ན་ལ་མཐོ་སྙེགས་སུ་བྱེད་པའི་ལུགས་དོར་ཏེ། ཐོག་མ་ཁོ་ནར་མགོ་བཤེས་གཉེན་བསྟེན་ཚུལ་འདི་ལ་རྟེན་འབྲེལ་གྱི་ཆ་ཕྲ་མོ་ཙམ་ཡང་མ་འཆུག་པར་གཞོན་ནུ་ནོར་བཟང་གི་རྣམ་ཐར་ལས་འབྱུང་བ་བཞིན་དུ་ཕྱག་ལེན་ལ་འདེབས་པར་མཛད་པ་ནི། རྣམ་པར་ཐར་པ་གཞན་ཐམས་ཅད་ཀྱི་རྩ་བ་དང་སྙིང་པོ་ལྟ་བུར་སྣང་བས། དེའི་གནས་ཚུལ་གྱི་གཞུང་བསྲིངས་ཤིང༌། དེ་ལ་བརྟེན་ནས་ལུང་རྟོགས་ཀྱི་ཡོན་ཏན་བརྙེས་ཚུལ་དང༌། བསྟན་འགྲོར་ཕན་པ་རླབས་པོ་ཆེ་མཛད་པ་སོགས་ཡན་ལག་གི་ཚུལ་དུ་བྱས་ཏེ་འགོད་པར་བྱའོ། །དེ་ལ་གང་དུ་འཁྲུངས་པའི་གནས་ནི་མདོ་སྨད་ལྷོ་རྒྱུད་ཀྱི་སའི་ཆ་མཛོ་དགེ་སྨད་དུ་གྲགས་པའི་ནང་ཚན་རུ་སྟོད་མའི་ཤོག་ཏུ་ཡབ་མཛོད་པ་སྒོམ་པ་རྒྱལ་དང༌། ཡུམ་འབྲུག་མོ་སྐྱིད་གཉིས་ཀྱི་སྲས་སུ་ཆུ་མོ་ཕག་གི་ལོར་སྐུ་འཁྲུངས། ཡབ་ཡུམ་གཉིས་ཀ་ཡང་རང་བཞིན་གྱིས་ཆོས་ལ་དཀར་ཞིང་སྡིག་སྤྱོད་ལ་འཛེམ་པ་སོགས་ཡ་རབས་ཀྱི་ངང་ཚུལ་ཅན་གཉིས་ཡིན་ལ། འབྱོར་པ་ཧ་ཅང་མི་ཆེ་ཡང་དབུལ་བས་ཉམ་ཐག་པ་ཡང་མ་ཡིན་པས་བར་མར་གནས་པ་ཞིག་སྟེ། དེ་ཡང་འདུལ་བ་ལུང་ལས། ཧ་ཅང་ཕྱུག་པོའི་ཁྱིམ་དང་ནི། །དབུལ་བའི་ཁྱིམ་དུ་མི་སྐྱེ་བར། །བར་མའི་ཁྱིམ་དུ་སྐྱེ་འགྱུར་ཞིང༌། །རྟག་ཏུ་རབ་བྱུང་མང་བར་ཤོག །ཅེས་མཐའ་གཉིས་ཀར་མི་གནས་པའི་ཁྱིམ་དེ་ལྟ་བུར་སྐྱེས་པ་ནི་རབ་ཏུ་བྱུང་ཞིང་ཆོས་སྒྲུབ་པ་དང་རྗེས་སུ་མཐུན་པར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བསྔགས་པར་མཛད་དོ། །ལྷུམས་སུ་གནས་


GTD005_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་ཡུམ་གྱི་རྨི་ལམ་དུ་དགེ་སློང་དབང་ཕྱུག་སེང་གེ་ཟེར་བས་གསེར་གྱི་རྡོ་རྗེ་འོད་འཚེར་བ་ཞིག་གཏད་དེ་འདི་ལ་གཙང་སྦྲ་ལེགས་པར་གྱིས་ཞེས་ཟེར་བ་དང༌། ཡུལ་མི་གཞན་འགའ་ཞིག་ལ་ཡང་རྨི་ལྟས་ངོ་མཚར་བ་ཅི་རིགས་བྱུང་ཞིང༌། ཁྱད་པར་སྐུ་འཁྲུངས་པའི་མཚན་མོ་དེར་ཁུ་བོ་རྒྱལ་མཚན་ཟེར་བའི་དགེ་སློང་བསྒྲེས་པོ་རྗེ་བཙུན་མ་སྒྲོལ་མ་ཡི་དམ་གྱི་ལྷར་བཟུང་སྟེ་རྒྱུན་དུ་བསྙེན་སྒྲུབ་ལ་འབད་པས། བྱིན་རླབས་ཀྱི་རྟགས་མཚན་ཅི་རིགས་ཐོབ་པ་ཞིག་ཡོད་པ་དེའི་རྨི་ལམ་དུ་སྒོམ་པ་རྒྱལ་ཚང་གི་ཁྱིམ་གྱི་ཕུ་ན་སྟོན་པའི་གསེར་སྐུ་ཞིག་བཞུགས་པ་ལ་མི་མང་པོས་མཇལ་ཞིང༌། རྒྱ་མོའི་ཆ་བྱད་ཅན་གྱི་བུ་མོ་འགའ་ཞིག་གིས་ཁྲུས་གསོལ་བྱེད་པ་རྨིས་ཏེ། ཕྱི་ཉིན་ཞོགས་ཀ་དེའི་གནས་ཚུལ་བཤད་བཞིན་པའི་ཐོག་ཏུ་སྒོམ་པ་རྒྱལ་འོངས་ཏེ། ངེད་ལ་བུ་ཆུང་ཞིག་སྐྱེས་ཡོད་པས་དེར་ཁྲུས་ཤིག་བྱེད་དགོས་བྱས་པར། ཁོང་ཡང་ཡ་མཚན་དུ་གྱུར་ཏེ། དེ་མ་ཐག་དགའ་བཞིན་དུ་སོང་ནས་རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཆུས་ཁྲུས་དང་མནོལ་བསང་བདུག་པ་སོགས་བྱས། ཕ་མ་གཉིས་ལ་ཡང་གཙང་སྦྲ་གལ་ཆེ་ཚུལ་ནན་ཏན་གྱིས་བཤད། རྨི་ལམ་རྗེས་མ་འདི་ནི་འབྱུང་འགྱུར་དང་མཐུན་པའི་མཚན་མ་དོན་ཆེན་པོ་དང་ལྡན་པ་ཞིག་ཏུ་མངོན་ཏེ། ལུང་རྣམ་འབྱེད་ལས། རྒྱལ་བ་སྟོན་པ་དེ་ཡི་བསྟན་བཅོས་ནི། །མདོ་དང་ཆོས་མངོན་ཡིན་གསུངས་འདུལ་བ་ནི། །སྟོན་དང་བསྟན་པ་ཉིད་ཡིན། ཞེས་དང༌། སོ་སོར་ཐར་པའི་མདོ་ལས། ང་ནི་མྱ་ངན་འདས་འོག་ན། །འདི་ནི་ཁྱོད་ཀྱི་སྟོན་པ་ཞེས། །རང་བྱུང་ཉིད་ཀྱིས་གུས་བཅས་པར། །ནན་ཏན་དགེ་སློང་ཚོགས་མདུན་བསྟོད། །ཅེས་རྗོད་བྱེད་འདུལ་བའི་


GTD005_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་སྣོད་དང༌། བརྗོད་བྱ་ལྷག་པའི་ཚུལ་ཁྲིམས་གཉིས་ནི་བསྟན་པའི་གཞི་དང་སྟོན་པའི་དོད་དུ་གསུངས་ལ། དེའི་རྒྱུ་མཚན་གྱིས་འདུལ་བ་འཛིན་པ་ཆེན་པོ་དག་ལ་མཉམ་མེད་ཐུབ་པ་རིན་པོ་ཆེའི་ཆོས་ཀྱི་རྒྱལ་ཚབ་ཏུ་དབང་བསྐུར་བ་ཞེས་འདུལ་བའི་སྡེ་སྣོད་ཀུན་ཏུ་བསྔགས་པ་རྒྱ་ཆེར་མཛད་ཅིང༌། ཁྱད་པར་དུ་གསོ་སྦྱོང་གི་གཞི་ལས། འདུལ་བ་འཛིན་པ་དང༌། མདོ་སྡེ་འཛིན་པ་དང༌། མ་མོ་འཛིན་པ། ཞེས་པ་ནས། སྟོན་པ་འདས་པས་དེའི་བསྟན་པ་ལ་འདི་ནི་སྟོན་པ་དང༌། འདི་ནི་རྟེན་ཡིན་ཏེ། ཞེས་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གདུང་འཚོབ་ཏུ་གསུངས་པ་དང༌། སྐུ་བརྙན་ཡང་ཀུན་རྫོབ་པའི་སངས་རྒྱས་ཞེས་སངས་རྒྱས་ཀྱི་དོད་དུ་བྱས་པ་འབྲེལ་ཤིན་ཏུ་མཚུངས་སོ། །ཡུམ་གྱི་རྨི་ལམ་ཡང་སྐབས་དེར་ཡུལ་ཕྱོགས་སུ་བུ་ཚོང་ཆེར་མ་དར་བའི་དུས་ཡིན་པས་རྨིས་པ་བདེན་ངེས་ཡིན་ལ། དེ་ལྟ་ན་རྗེའི་རྣམ་ཐར་སོགས་སུའང་འབྱུང་བ་ལྟར་དོན་ཤིན་ཏུ་ཆེའོ། །ཆུང་ངུའི་དུས་ནས་བྱིས་པ་ཕལ་བ་དང་མི་འདྲ་བར་སྤྱོད་པ་གཙང་ཞིང་མཐོང་ན་ཡིད་དུ་འཐད་པ་ཞིག་ཡོད་པས། ཐམས་ཅད་ཀྱིས་ཀྱང་འདི་ཆོས་ཀྱི་བག་ཆགས་ཅན་ཞིག་ཏུ་འདུག་ཅེས་གླེང་བ་བྱུང༌། རིམ་གྱིས་སྐྱེད་བསྲིངས་ཏེ་ཅུང་ཟད་ནར་སོན་པ་ན་ནེའུ་ལྡང་རྣམས་དང་ལྷན་ཅིག་རྩེད་མོ་བྱེད་པའི་ཚེ་ཡང་གཡམ་པ་སྒོར་མོའི་སྟེང་དུ་དཀར་གོང་སྤུངས་པས་མཎྜལ་འབུལ་བ་སོགས་སྐབས་དེར་མཐོང་འདྲིས་འོང་དོན་མེད་པའི་ཆོས་མཐུན་གྱི་རྩེད་མོ་སྣ་ཚོགས་བྱེད་པ་བྱུང༌། འདི་ནི་སྔར་སྒྲུབ་པ་ལ་གཞོལ་བ་དང༌། སྐུ་ཚེ་འདིར་ཡང་སྒྲུབ་པའི་རྒྱལ་མཚན་བསྒྲེངས་པར་འགྱུར་བའི་རྟེན་འབྲེལ་གནད་ཅན་ཞིག་སྟེ།


GTD005_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཅིག་ང་ལ་རྟ་འདི་འདྲ་ཡོད། གཉེར་པ་འདི་འདྲ་ཡོད་ཟེར་བ་དག་ལས་བག་ཆགས་གོང་མར་གྱུར་པ་ཞིག་གོ །དགུང་ལོ་བརྒྱད་པ་ལྕགས་རྟའི་ལོར་བར་མ་རབ་བྱུང་གི་ཚུལ་ཁྲིམས་བཞེས་ཤིང་མཚན་བསྟན་འཛིན་སེང་གེར་བཏགས། སྐབས་དེ་ན་བསྲུང་བྱའི་མཚམས་སོགས་དྲི་བའི་ཡུལ་འཕྲལ་དུ་མི་རྙེད་པས་ཐུགས་འཚེར་ཞིང་ལ་ལས་འདི་ལྟར་བྱེད་མི་རུང་ཟེར་བར་བྱུང་བར། དེ་མ་ཐག་ནས་དགའ་བཞིན་དུ་དེའི་ཚིག་དང་དུ་བླངས་ཏེ་སྤོང་ཅི་ཐུབ་མཛད། འདི་ནི་སྐྱེ་བའི་ཕྲེང་བར་འཆལ་ཚུལ་སྤོང་བ་ལ་གོམས་པ་ངང་དུ་གྱུར་པའི་རྣམ་ཐར་ཏེ། ད་ལྟ་འདུལ་བའི་གཞུང་ལུགས་རྒྱ་ཆེན་པོ་ལ་སྦྱངས་པ་མཐར་སོན་དུ་རློམ་པ་མང་པོ་ཡང༌། གང་ན་གནང་བའི་ཆ་ཞིག་ཡོད་སྙམ་དུ་ཡང་ཆ་འབའ་ཞིག་གི་སྒྲུབ་བྱེད་ཚོལ་བ་ནི་ཕུགས་རུལ་བའི་རྟགས་ཡིན་པས། ལག་ལེན་དོགས་མཐའ་ནས་བྱེད་དགོས་པར་ཀུན་མཁྱེན་མཚོ་སྣ་བ་དང༌། རྗེ་ཡབ་སྲས་ཀྱིས་གསུངས་སོ། །ཀློག་སློབ་པ་ན་ཡང་ཀློག་གི་སློབ་དཔོན་དེ་ལ་གུས་པ་ཆེ་ཞིང༌། དེས་གང་གསུངས་ཐམས་ཅད་དོ་གལ་ཆེན་པོས་ཐུགས་ལ་བཅངས་ཏེ་བརྩོན་པ་ལྷུར་མཛད་པས། མ་འགྱངས་པར་ཕྲལ་ཀློག་སྦྱར་ཀློག་ཀུན་ལ་བྱང་ཞིང༌། དེའི་ཞར་བྱུང་ལ་ཡུལ་ཕྱོགས་སུ་དར་ཆ་ཆེ་བའི་ཆོས་སྤྱོད་སོགས་ཀྱང་ཕལ་ཆེར་ཐུགས་ལ་ཆུད་པར་མཛད། ཀློག་གི་སློབ་དཔོན་དེ་ཉིད་རྗེས་སོར་འདས་པའི་སྐབས་སུ་གནས་དེར་བཞུགས་མེད་ཀྱང༌། གསན་མ་ཐག་ཏུ་ཕེབས་ནས་གདུང་གི་ཞབས་ལ་འཇུས་ཏེ། མཆི་མའི་རྒྱུན་བཅད་པར་དཀའ་བའི་གདུང་ཤུགས་དྲག་པོ་དང་བཅས་སྨོན་ལམ་དང་གསོལ་བ་བཏབ། ཕྱོགས་དབེན་པར་གདུང་གི་ཆ་ཐམས་ཅད་དྲི་བཟང་གི་ཆུས་ལེགས་པར་བཀྲུས་ཏེ་གནས་ཡིག་འགོད་པ་སོགས་བཀུར་སྟིའི་རིམ་


GTD005_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

གྲོ་ཕལ་བའི་བློར་མི་ཤོང་བ་ལྟ་བུ་མཛད། ད་ལྟ་མཐའ་དབུས་ཀུན་ཏུ་ཀློག་གི་སློབ་དཔོན་ལ་བླ་མར་བརྩི་བ་ཤིན་ཏུ་དཀོན་པས། ཆོས་ལ་འཇུག་པའི་ཐོག་མ་རང་ནས་དེའི་རྟེན་འབྲེལ་རྣམ་པ་གཞན་དུ་འགྲོ་བ་མང་ཡང༌། དམ་པ་འདི་ནི་གཞན་གྱིས་བཅོས་པ་ལ་མ་ལྟོས་པར། དེ་ལ་ཡང་བླ་མར་འཛིན་པ་ཞིག་ཤུགས་འབྱུང་དུ་ཡོད་པ་ནི། སྐྱེ་བོ་ཅོལ་ཆུང་བཀྲ་ཤིས་དང་དགེ་མཚན་གྱི་ལྟ་བ་ལ་གོམས་པ་འགའ་ཞིག །ཆུ་ཟོམ་རེ་དང་ཕྲད་པ་ཙམ་ལ་རྟེན་འབྲེལ་འགྲིག་པར་སྒྲོགས་པ་ལྟ་བུ་མ་ཡིན་པར་རྗེ་བླ་མས་གསུངས་པ་བཞིན། དེ་ནི་འདི་ཕྱིའི་ལེགས་ཚོགས་ཇི་སྙེད་པའི་རྟེན་འབྲེལ་ལེགས་པར་འགྲིག་པ་ཁོ་ན་ཡིན་ནོ། །དེས་ན་བདག་ལེགས་སུ་འདོད་པ་རྣམས་ཀྱིས་ཀློག་སློབ་པའི་སློབ་དཔོན་ལ་ཡང་ཤིན་ཏུ་གུས་པར་བྱ་དགོས་ཏེ། སློབ་དཔོན་ཨ་ནུས། བསླབ་པ་ཀུན་གྱི་གཞི་འཛིན་ཅིང༌། །རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ། །མིང་ཚིག་བརྗོད་པ་ཀུན་གྱི་གཞི། །ཡི་གེའི་སྦྱོར་བ་བཤད་པར་བྱ། །གསུངས་པ་བཞིན་ཐོས་བསམ་སྒོམ་པ་མཐའ་དག་འདིའི་སྟེང་ནས་བྱེད་དགོས་པས་བཀའ་དྲིན་ངོས་ཟིན་པར་གྱིས་ཤིག །ཀློག་ཕེར་བ་ཙམ་མ་ཡིན་པར་སུམ་རྟགས་ལ་ཡང་ཞིབ་ཐིགས་སུ་སྦྱངས་པས། སྔོན་འཇུག་རྗེས་འཇུག་ཕོ་མོ་མ་ནིང་གི་དབྱེ་བ་སོགས་གཙུག་ལག་གི་གནད་ལ་གོ་བ་གཏིང་ཚུགས་པ་བྱུང༌། བྱིས་པ་ཆུང་ངུའི་དུས་ནས་སྔ་མའི་ལས་འབྲེལ་གྱི་དབང་གིས་རྗེ་བཙུན་འཇམ་པའི་དབྱངས་ལ་ལྷག་པར་དད་པ་ཆེ་བ་ཞིག་ཡོད་པས། ལན་ཅིག་སྨན་པ་ཞིག་གིས་སྨན་འཐུ་བར་མངགས་པ་ན། གཟེར་འཇོམས་མེ་ཏོག་ཁ་ཏོག་དམར་སེར་ཅན་གྱིས་རི་ཀླུང་ཐམས་ཅད་གང་བའི་


GTD005_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་གཅིག་གཟིགས་པའི་རྐྱེན་གྱིས་རྗེ་བཙུན་འཇམ་དབྱངས་ཀྱི་སྐུའི་རྣམ་པ་དང༌། དེའི་ཞིང་ཁམས་སོགས་རྗེས་སུ་དྲན་པའི་དད་གུས་ཀྱིས་བ་སྤུ་གཡོ་བ་བྱུང༌། འདི་ནི་སྔོན་བཅོམ་ལྡན་འདས་ཀྱི་དུས་ན་ཚོགས་སུ་མེ་ཏོག་སྔོན་པོ་བྲིམས་པ་སྣང་བའི་རྐྱེན་གྱིས་སྔ་མའི་བག་ཆགས་སད་དེ་ཟད་པར་སྔོན་པོའི་ཏིང་ངེ་འཛིན་གྲུབ་པའི་བྱུང་བ་དང་ཆ་འདྲའོ། །ན་ཚོད་གཞོན་ནུའི་སྐབས་དེར་ཡང་རེས་འགའ་རྗེ་བཙུན་འཇམ་དབྱངས་ཀྱི་སྐུའི་རྣམ་པ་ཡིད་ལ་བྱས་པ་ན་ཕྱོགས་མཚམས་ཐམས་ཅད་འཇམ་དབྱངས་ཀྱི་སྐུ་ཆེ་ཆུང་སྣ་ཚོགས་ཀྱིས་གོ་མཚམས་མེད་པར་གང་ནས་བཞུགས་པའི་ཉམས་དང༌། ཡང་སྤྱན་རས་གཟིགས་ཀྱི་སྐུའི་རྣམ་པ་ཡིད་ལ་བྱས་པ་ན། སྔ་མའི་སྣང་བ་གནས་གྱུར་ཏེ་སྤྱན་རས་གཟིགས་ཀྱི་སྐུ་དེ་ལྟ་བུས་གཏམས་པ་དང༌། དེ་བཞིན་དུ་ཕྱག་རྡོར་གྱི་སྐུ་དེ་འདྲ་བས་ཡོངས་སུ་གང་བ་སོགས་ཕལ་མོ་ཆེ་ཞིག་ཞལ་གཟིགས་སུ་སྒྲོགས་པའི་ཚོད་ཀྱི་སྣང་བ་དེ་འདྲ་བ་ནར་མར་འབྱུང་བ་ཞིག་ཡོད་ཀྱང༌། དམ་པ་འདི་ནི་ཐུགས་ཤིན་ཏུ་སྒམ་པས་དེ་ལ་མཚར་དུ་མི་འཛིན་པར། དཔེར་ན་རྒྱང་རིང་པོའི་གྲོང་ལ་སོགས་པའི་བཀོད་པ་ཡིད་ངོར་ལམ་གྱིས་ཤར་བ་དང་འདྲ་བར་ཉམས་དང་དོན་སྤྱིའི་སྣང་བ་ཙམ་ཡིན་པས། གཏད་པ་ཆེར་མེད་དགོངས་ཏེ་བཏང་སྙོམས་སུ་འཇོག་པ་གནང༌། དགུང་ལོ་བཅོ་བརྒྱད་པ་ལྕགས་འབྲུག་གི་ལོ། མཁས་པ་དང་གྲུབ་པ་མ་ལུས་པའི་གཙུག་གི་ནོར་བུ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་སྐྱབས་མགོན་རྡོ་རྗེ་འཆང་རྗེ་བཙུན་དཀོན་མཆོག་འཇིགས་མེད་དབང་པོ་མཛོ་དགེའི་དགོན་པར་ཆིབས་ཀྱི་ཁ་ལོ་བསྒྱུར་བའི་ཚེ་ཞལ་གྱི་དཀྱིལ་འཁོར་མཇལ་བ་ན། ལན་གཅིག་མ་ཡིན་པར་རིགས་ཀྱི་བདག་པོར་གྱུར་པའི་བག་ཆགས་ཀྱིས་ཚད་མེད་པའི་


GTD005_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

མོས་གུས་དྲག་པོས་ཡིད་རང་དབང་མེད་པར་གཡོས་ཏེ་དད་པའི་མཆི་མ་འཁྲུག་ཅིང་ལུས་ཀྱི་བ་སྤུ་གཡོ་བ་བྱུང༌། དམ་པ་ཉིད་ཀྱི་ཞལ་ནས་ཀྱང༌། དེ་སྐབས་སྐྱབས་མགོན་རིན་པོ་ཆེའི་ཞལ་མཇལ་མ་ཐག་ཚེ་འདི་སྣང་གི་ཤེས་པ་འགག་འགྲོ་བ་ལྟ་བའི་དད་པ་སྐྱེས་ཤིང༌། དེ་ནས་བཟུང་སྟེ་ཉིན་མཚན་ཐམས་ཅད་དུ་ཀུན་མཁྱེན་འཇམ་དབྱངས་བཞད་པ་བརྗེད་མ་མྱོང་ཞེས་གསུངས་འདུག་པ་ནི་རྣམ་དཔྱོད་ཅན་ཞིག་གིས་བལྟས་ན་ངོ་མཚར་བའི་རྣམ་ཐར་ཆེན་པོ་ཡིན་ཏེ། འདིའི་དད་པ་སྐྱེ་ཚུལ་ཡང༌། ད་ལྟའི་སྐྱེ་བོ་རྒོད་པའི་ཁ་ལ་བལྟས་ན་རྒོད་བྲོ་ཞིང༌། ངུ་བའི་ཁ་ལ་བལྟས་ན་ངུ་བྲོ་བ་རྣམས་ཀྱི་དད་པ་གཡམ་ལ་རྒྱུག་གི་དགའ་ལྷང་ལྷང་བ་དེ་ཙམ་མ་ཡིན་པར། སློབ་དཔོན་འཕགས་པ་ལྷས། གཟུར་གནས་བློ་ལྡན་དོན་གཉེར་བ། །ཞེས་གསུངས་པ་ལྟར། བློ་གཟུ་བོར་གནས་པས་ཚེ་འདི་སྣང་གི་བྱ་བྱེད་སོགས་རང་གི་འདོད་དབང་ཐམས་ཅད་རྦད་ཆོད་བྱས་ཏེ། སྒོ་གསུམ་གྱི་བྱ་བ་མཐའ་དག་བླ་མའི་དཔང་དུ་བཞག་ནས་བདག་ཉིད་བྲན་དུ་དབུལ་ཞིང་དེའི་རྗེས་སུ་འཇུག་པ། ཅི་གསུང་གི་མཚམས་ལས་མི་འདའ་བ་ནི་སྣོད་ལྡན་སློབ་མའི་མཚན་ཉིད་ཀྱི་གཙོ་བོ། ཡོན་ཏན་ཐམས་ཅད་བསྲུང་ཞིང་འཕེལ་བར་བྱེད་པའི་རྨང་གཞིའི་དད་པ་རྣལ་མའི་སྐྱེ་ཚུལ་ཡིན་ནོ། །དེར་མ་ཟད་ཉིན་མཚན་ཀུན་ཏུ་བླ་མ་བརྗེད་མ་མྱོང་གསུང་བ་ཡང་དམ་པའི་རང་རྟགས་བླ་ན་མེད་པ་ཡིན་ཏེ། དཔེར་ན་བཀའ་གདམས་ཀྱི་དགེ་བའི་བཤེས་གཉེན་རྨོག་ལྕོག་པའི་ཞལ་ནས། སྤྱན་རས་གཟིགས་དཀར་ན་དཀར། ཀྱཻ་རྡོ་རྗེ་སྔོ་ན་སྔོ། རྗེ་


GTD005_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་མ་རང་དམར་ན་དམར། ང་ནི་གང་དུ་གནས་ཀྱང་བླ་མའི་སྣང་བ་དང་འབྲལ་མ་མྱོང་བས་ཚེ་གཅིག་གི་སངས་རྒྱས་དེ་ད་ཡོང་བ་འདྲ་ཞེས་གསུངས་པ་བཞིན་ནོ། །དེ་ནས་མཛོ་དགེའི་དགོན་པ་སྤྱིས་གསོལ་བ་བཏབ་པ་བཞིན་སྐྱབས་མགོན་རྡོ་རྗེ་འཆང་རྗེ་བཙུན་འཇིགས་མེད་དབང་པོ་ཉིད་དཀྱིལ་འཁོར་གྱི་འཁོར་ལོའི་བདག་པོར་བཞེངས་ཏེ། བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་མཛད་ལྷ་བཅུ་གསུམ་མའི་སྨིན་བྱེད་དབང་གི་རིམ་པ་སྟ་གོན་དང་བཅས་རྒྱས་པར་སྩལ་བའི་དབང་གྲལ་དུ་བཞུགས་ནས་ལེགས་པར་གསན། དེ་སྐབས་བན་གཞོན་དཀྱུས་མའི་གྲས་ཡིན་པས་མཐའ་གྲལ་ཙམ་ལས་མ་ཐོབ་ཀྱང་ལེགས་པར་བསྒྲིམས་ཏེ་གསན་པས་དབང་བརྡ་ཇི་བཞིན་པར་འཕྲོད། བླ་མ་འདི་ལྟ་བུ་དང་ས་ཁད་ཉེ་བ་འདི་ནས་ད་བར་དུ་མ་མཇལ་བར་ས་འོག་ཏུ་བསྡད་པ་ཨེ་ཡིན་སྙམ་གདུང་བ་དྲག་པོ་དང༌། གསུང་བཤད་ཕྱག་ལེན་ཀུན་གྱིས་ཡིད་གཏིང་ནས་ཕྲོགས་པས་མོས་གུས་སྤེལ་མས་མཆི་མ་ཡང་ཡང་འཆོར་བ་བྱུང༌། ཆོས་ཉན་པ་བླ་དཔོན་ཆེ་དགུ་མང་པོ་ཡོད་ཀྱང༌། སྒྲ་བསྒྱུར་མར་པས། མགྲོན་གྱི་གཙོ་བོ་ཨ་པོ་མཐུ་ཆེན་ཡིན་གསུངས་པ་དང༌། སྐྱོ་སྟོན་བསོད་ནམས་བླ་མས། དོན་གྱི་དབང་དེ་ལབ་སྒྲོན་གྱིས་ཐོབ་སོང༌། ཚིག་གི་དབང་དེ་ཁྱེད་རང་རྣམས་ཉོན་གསུངས་པ་ལྟར། དབང་གི་རྟོགས་པ་རྣལ་མ་སྐྱེས་པའི་རྡོ་རྗེ་སློབ་མ་མཆོག་ཏུ་གྱུར་པ་ནི་འདི་ཉིད་ཡིན་པ་སླར་རིམ་པས་གསལ་བར་གྱུར་པ་དེ་ཡིན་ནོ། །དེ་ནས་དགུང་ལོ་ཉི་ཤུ་ཙམ་ལ་ཡོངས་ཀྱི་དགེ་བའི་བཤེས་གཉེན་འདུལ་བ་འཛིན་པ་ཆེན་པོ་མཁས་གྲུབ་རིན་ཆེན་པའི་ཞལ་སྔ་ནས་ཀྱི་དྲུང་ནས་འོག་མ་རྣམས་བསྐྱར་


GTD005_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་ཀྱི་ཐོག་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་ཡང་དག་པར་བཞེས་ཏེ་མཚན་མཁས་གྲུབ་བསྟན་འཛིན་དུ་བཏགས། དངོས་བླངས་ལས་འདས་པའི་ཕམ་འདྲ་དང་བཤགས་བྱའི་ཉེས་བྱས་རྣམས་དང༌། བླངས་པའི་ཕྱོགས་མཐུན་གྱི་བསྡམ་བྱའི་ཉེས་བྱས། ལྟུང་མེད་སོ་སོའི་དམིགས་བསལ་སོགས། མདོར་ན་གཞི་བཅུ་ལས་གྱུར་པའི་གནང་བཀག་གི་བཅས་མཚམས་ཕྲ་ཞིང་ཕྲ་བ་མཐའ་དག་དྲི་གཏུག་ཞིབ་ཏུ་བྱས་ཏེ་ཕྱག་ལེན་ལ་བཏབ། ཆོས་མཐུན་གྱི་སྤྱོད་པ་རྣམ་པར་དག་པ་ལ་བཤེས་གཉེན་པ་ཡང་ཐུགས་ཤིན་ཏུ་དགྱེས་ཏེ་སྤྱན་གྱི་འབྲས་བུ་བཞིན་དུ་བསྐྱངས། དམ་པ་དེ་ཉིད་ཀྱི་དྲུང་དུ་བཞུགས་ཏེ་ལོ་མཚམས་མཛད་ནས་ཉིན་རེ་བཞིན་ཚ་རྟིང་ཁར་བྱང་ཆུབ་བདེ་ལམ་གྱི་སྟེང་ནས་ཁྲིད་དམིགས་གང་འཚམ་རེ་གསན། དེའི་ཉམས་རྟོགས་གོ་བསྡུར་གྱིས་གེགས་སེལ་བོགས་འབྱིན་གྱི་སྒོ་ནས་རྒྱུད་དང་འབྱོར་ངེས་གནང་སྟེ། ཡང་ཁྲིད་ཀྱི་འཕྲོ་སྐྱོང་བ་སོགས་མདོར་ན་འཇམ་དཔལ་ཞལ་ལུང་ལས། བློ་གསར་བ་ལ་དགེ་རྒན་གྱིས་སྦྱོར་གཞུང་མཛུབ་ཁྲིད་བྱེད་པ་ལྟ་བུའི་བཅས་བདེ་སླ་ཆོས་སུ་མ་སོང་བ་དགོས་པར་གསུངས་པ་ལྟར། བཤད་ལུང་ལ་ཁྲིད་དུ་བཏགས་པ་ཙམ་མ་ཡིན་པར་སྨན་པ་མཁས་པས་ལག་ལེན་ངོ་སྤྲོད་བྱེད་པ་ལྟ་བུ་དམར་ཁྲིད་ཀྱི་ལུགས་སུ་གསན་ཅིང་སྐྱོང་བར་མཛད། རྡོར་སེམས་སྒོམ་བཟླས་དང་འབྲེལ་བའི་ཡིག་བརྒྱ་འབུམ་ཕྲག་སོགས་སྔོན་འགྲོའི་ཆོས་བཞི་ལ་ནན་ཏན་མཛདཅིང༌། ཁྱད་པར་བཤགས་སྦྱང་ལ་འགྲུས་པར་མཛད། ཐུན་མཚམས་སུ་བཀའ་གདམས་ཕ་ཆོས་བུ་ཆོས་སོགས་དམ་པ་གོང་མ་མང་པོའི་རྣམ་


GTD005_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་ལ་གཟིགས་རྟོག་དང༌། སྲོད་ཐོ་རངས་གཉིས་སུ་ཡིག་དྲུག་གི་རྣལ་འབྱོར་གཙོ་བོར་བྱས། རི་བོ་དགེ་ལྡན་པའི་བསྟན་འཛིན་ཆེན་པོ་མཐའ་དག་གི་རྣམ་ཐར་ཕྱག་བཞེས་ལ་ཟུང་འཇུག་ནོར་བུའི་གླིང་དུ་བགྲོད་པའི་ལམ་གྱི་དེད་དཔོན་ལྟ་བུར་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་བསྙེན་སྒྲུབ་རྣམ་པར་དག་པ་རེ་སྒྲུབ་པའི་སྔོན་འགྲོ་ལྟ་བུར་བྱེད་དགོས་པས། ལོ་མཚམས་ཀྱི་མཇུག་གི་ཆ་ལ་དེའི་བསྙེན་པ་ཁ་སྐོང་གི་སྦྱིན་སྲེག་དང་བཅས་གྲངས་བསགས་པ་ཙམ་མ་ཡིན་པས་གནད་དུ་འགྲོ་ངེས་པ་གནང༌། མཚམས་གྲོལ་ནས་རང་ཡུལ་དུ་ཕེབས་ཏེ་ལོ་ཤས་དགུན་གྱི་རིང་ལ་སྐུ་མཚམས་དང༌། སྟོན་དཔྱིད་ཀྱང་ཟླ་མཚམས་རེ་ལྟ་བུ་མ་ཆག་པར་བྱས། སྐབས་ཤིག་ཏུ་སྐྱབས་མགོན་རྡོ་རྗེ་འཆང་ཆེན་པོར་མཇལ་རྒྱུའི་དོན་ལ་ཆེད་གཏད་ཀྱིས་བཀྲ་ཤིས་འཁྱིལ་དུ་ཕེབས། མཚན་མོ་རྨི་ལམ་དུ་འཇམ་དབྱངས་དམར་སེར་གྱི་སྐུ་ཤིན་ཏུ་བྱོན་ལེགས་འོད་ཟེར་འཕྲོ་བ་ཞིག་དང་མཇལ་བར་རྨིས། ཕྱི་ཉིན་མཇལ་ཁར་ཕེབས་པ་ན་གཟིམས་འགག་པ་རྣམས་ཀྱིས་གཞན་མའི་མཇལ་བ་ཆེ་ཕྲ་རྣམས་ནང་དུ་མངགས་ཀྱང༌། འདི་པ་ཡུན་རིང་པོར་བཀག་སྟེ་ནང་དུ་མ་བཏང༌། ཐབས་མཁས་ཀྱི་ཞུ་བ་ནན་ཏན་བྱས་ཀྱང་ཚིག་རྩུབ་མོས་སྤྱོ་བ་སོགས་འོ་བརྒྱལ་ཤིན་ཏུ་ཆེ་བར་བྱུང༌། འོན་ཀྱང་སྡོང་པོ་བཀོད་པ་ལས། འདི་ནི་བདག་གི་དགེ་བཤེས་ཆོས་སྨྲ་བ། །ཆོས་ཀུན་ཡོན་ཏན་ཡོངས་སུ་སྟོན་བྱེད་དེ། །བྱང་ཆུབ་སེམས་དཔའི་སྤྱོད་ལམ་ཡོངས་སྟོན་པ། །ཡིན་ཞེས་སེམས་གཅིག་བསམ་ནས་འདིར་འོངས་སོ། །འདི་དག་བསྐྱེད་པས་བདག་གི་མ་ལྟ་བུ། །ཡོན་ཏན་འོ་མ་ལྡུད་པས་མ་མ་འདྲ། །བྱང་ཆུབ་ཡན་ལག་ཡོངས་


GTD005_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

སུ་སྦྱོང་བ་ཡིན། །དགེ་བཤེས་འདི་དག་གནོད་པ་རྣམ་པར་བཟློག །རྒ་ཤི་ཐར་བྱེད་སྨན་པ་ལྟ་བུ་སྟེ། །བདུད་རྩིའི་ཆར་འབེབས་ལྷ་དབང་བརྒྱ་བྱིན་འདྲ། །ཟླ་ཉ་ལྟ་བུར་དཀར་པོའི་ཆོས་ཀྱིས་རྒྱས། །ཞི་བའི་ཕྱོགས་སྟོན་ཉི་མ་གསལ་བ་འདྲ། །དགྲ་དང་གྲོགས་ལ་རི་བོ་འདྲ་བ་སྟེ། །རྒྱ་མཚོ་བཞིན་དུ་མི་འཁྲུགས་སེམས་དང་ལྡན། །ཡོངས་སུ་སྐྱོང་དང་མཉན་པ་འདྲ་བ་ཞེས། །དེ་འདྲའི་སེམས་ཀྱིས་ནོར་བཟང་འདིར་འོངས་སོ། །བྱང་ཆུབ་སེམས་དཔའ་བདག་གི་བློ་སྐྱེད་པ། །སངས་རྒྱས་སྲས་པོ་བྱང་ཆུབ་སྐྱེད་བྱེད་པ། །འདི་དག་བདག་བཤེས་སངས་རྒྱས་བསྔགས་པ་ཞེས། །དེ་ལྟར་དགེ་བའི་སེམས་ཀྱིས་འདིར་འོངས་སོ། །ཞེས་གསུངས་པའི་དོན་བཞིན་དགེ་བའི་བཤེས་གཉེན་དང་མཇལ་བའི་ཕན་ཡོན་སྒོ་དུ་མ་ནས་གཟིགས་པས་ཐུགས་དྲངས་ཏེ། དེ་དག་གི་བྱེད་སྤྱོད་སོགས་ལ་ཐུགས་སྣང་ཅི་ཡང་མེད་པར་བླ་མ་དང་ནམ་ཞིག་མཇལ་སྙམ་པའི་འདུན་པ་རྩེ་གཅིག་གིས་ཡུན་རིང་པོར་སྒུག་སྡོད་བྱས། མཚམས་ཤིག་ལ་གཞན་གྱི་མཇལ་བ་མང་པོ་ཞིག་ནང་དུ་བཏང་སོང་བའི་རྗེས་ལ་ཞེན་ནས་ཕེབས་པས་བཀའ་ཆོས་ཤིག་གནང་རྒྱུར་ཆོས་ཉན་པ་མང་དུ་འཚོགས་ཡོད་པ་དེའི་ཕྱི་མཐའི་སྒོ་འགྲམ་ཞིག་ཏུ་བཞུགས་པ་ན། སྐྱབས་མགོན་རྡོ་རྗེ་འཆང་ནས་གཟིགས་ཏེ་སྐུ་མདུན་པ་ཞིག་ལ་བཀའ་ཕེབས་ནས་ནང་དུ་བོས་ཏེ་ཆོས་ཉན་པའི་མདུན་གྲལ་ཞིག་ཏུ་འཇོག་པར་མཛད། འཇམ་དབྱངས་དམར་སེར་གྱི་རྗེས་གནང་ཞིག་གནང་བྱུང་བས་བླ་མ་འཇམ་པའི་དབྱངས་དངོས་སུ་མཐོང་བའི་མོས་གུས་དང་


GTD005_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་སྐྱོ་འདྲེས་མའི་ཉམས་ཀྱིས་སྣང་བ་བུན་ལོང་དུ་གྱུར་ཏེ། ཡབ་སྲས་མཇལ་བའི་རྟོགས་པ་བརྗོད་པའི་འཁྲི་ཤིང་ལས། ཀུ་བཻ་ར་སོགས་སྨིན་མ་གཡོ་ལྡན་པས། །དེར་ནི་མངོན་པར་འཇུག་འདོད་བཟློག་གྱུར་པ། །བཞིན་ནི་མཛེས་བྲལ་བརྗོད་པ་འཁྲུག་གྱུར་པའི༌། །ས་བདག་མཆོག་ཏུ་གཟི་བྱིན་མེད་པར་གྱུར། །རྒྱལ་བའི་བཀའ་ཡིས་དེ་དག་རྣམས་ཀྱིས་བཏང༌། །ཅི་ཞིག་ལྟར་སྟེས་དེ་མདུན་ས་གཞི་ཐོབ། །ཟས་གཙང་སྤྱི་བོས་དེ་ལ་ཕྱག་འཚལ་ནས། །དེ་ཡི་མདུན་ན་རབ་དང་སེམས་ཀྱིས་གནས། །ཞེས་གསུངས་པ་ལྟ་བུ་ཞིག་བྱུང༌། ཚུལ་འདི་ནི་སྔོན་ཁྱ་དགེའི་དཔོན་སློབ་རིན་པོ་ཆེ་ཀུན་མཁྱེན་འཇམ་དབྱངས་བཞད་པ་མཇལ་བར་ཕེབས་སྐབས་གཤིན་རྗེའི་གཤེད་དམར་པོ་དང་མཇལ་བ་ཞིག་རྨིས་པས། རྗེས་སོར་མི་ཏྲའི་དབང་གི་མགོ་དེ་ནས་བརྩམས་ཏེ་གནང་བ་དང་འགྲིག་པ་ལྟར། ངེས་པའི་དོན་དུ་བླ་མ་དང་གཙོ་བོ་ཐ་མི་དད་པ་ལས་གསང་སྔགས་ཟབ་མོ་ཉན་པའི་རྡོ་རྗེ་སློབ་མ་མཆོག་ཏུ་སྒྲུབ་པའི་གཏན་ཚིགས་འཁྲུལ་པ་མེད་པའོ། །དེ་ཕྱིན་ཆད་ཀྱང་སྐྱབས་མགོན་མཆོག་དང་ནམ་མཇལ་རེས་ཀྱིས་འཇམ་པའི་དབྱངས་རྨི་ལམ་དུ་འབྱུང་བ་ཞིག་ཡོད་ལ། བཀའ་ཆོས་ཀྱི་ཐོག་མ་ཡང་འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་དབང་ནས་བརྩམས་པ་སོགས་བློའི་ནོར་ཅན་རྣམས་ཀྱིས་བརྟགས་ན་གུང་བསྒྲིག་རྒྱུ་མང་དུ་ཡོད་དམ་སྙམ། དེ་ནས་ཉམས་མགུར་གྱི་ཁྲིད། སྨན་ཆོག་བསྡུས་པའི་ལུང་སོགས་ཆོས་བཀའ་གཞན་ཡང་ཅི་རིགས་གསན་ཏེ་ཕྱིར་ཕེབས། རྩ་བའི་བླ་མ་དགོན་ལི་མཁས་མཆོག་རིན་པོ་ཆེ་ཡུན་རིང་པོར་བསྙུང་ཚུལ་བཞེས་སྐབས་ཉིན་མཚན་མེད་པར་བསྙུང་གཡོག་གང་


GTD005_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་སུས་ཀྱང་དོ་ཟླ་མི་ཐུབ་པ་ཞིག་གནང༌། སྔར་ཚོགས་བསགས་སྒྲིབ་སྦྱང་ཇི་ཙམ་འབད་པ་ལས་ཀྱང་ད་རེས་ཀྱི་བསྙུན་གཡོག་བྱས་པ་དེ་སྒྲིབ་པ་དག་ཚབས་དང༌། བྱིན་རླབས་འཇུག་ཚབས་བླ་ལྷག་ཏུ་ཆེ་བའི་རྟགས་མཚན་མང་དུ་བྱུང་བ་ན། བླ་མས་འདི་ལྟར་གནང་བ་འདི་བདག་གི་སྒྲིབ་པ་འདག་པའི་ཐབས་ཁོ་ནར་འདུག་དགོངས་ཏེ་ལྷག་པར་དད་པ་ཇེ་འཕེལ་དང༌། དཀའ་སྤྱད་ལ་སྤྲོ་ཉམས་ཚ་བས་གདུང་བའི་གླང་ཆེན་པད་མཚོར་འཇུག་པ་ལྟ་བུར་གྱུར། བླ་མ་ཡང་རྒྱུན་པར་ཇོ་བོ་བཀའ་གདམས་པའི་རྣམ་ཐར་བཞིན་ཡོན་ཏན་ཐམས་ཅད་བུམ་ནང་གི་མར་མེ་ལྟར་སྦས་པ་ཁོ་ན་མཛད་ཀྱང༌། སྐབས་དེར་སློབ་མའི་རྒྱུད་ཤིན་ཏུ་དག་པར་གཟིགས་པའི་དགོས་དབང་དང༌། ཧ་ཅང་མཉེས་པའི་སྟོབས་ཀྱིས་གསང་བའི་རྣམ་པར་ཐར་པ་དུ་མ་ལྷུག་པར་གསུངས་ཤིང་འབྱུང་འགྱུར་གྱི་དོན་ལ་བསླབ་བྱ་མང་པོ་ཡང་ལུང་བསྟན་གྱི་ཚུལ་དུ་སྩལ། ཁྱད་པར་དུ་ཁྱོད་ལ་ཕྱིས་སུ་བྱམས་སྐུ་ཞིག་བཞེངས་པའི་ཁུར་འབབ་རྒྱུ་ཡིན་པས། དེ་དུས་བརྩོན་འགྲུས་ཆེན་པོ་བྱས་ན་དགོས་པ་ཁྱད་པར་ཅན་ཞིག་ཡོང་གསུངས་པ་དང༌། ཡང་ང་ཇོ་བོ་ཨ་ཏི་ཤ་ལྟ་བུ་ཞིག་ཡིན་ན་ཁྱོད་འབྲོམ་སྟོན་པ་ལྟ་བུ་ཞིག་རེད། ངེད་གཉིས་སྐྱེ་བ་སྔ་མ་མང་པོར་འབྲེལ་ཡོད་འདུག་ཅིང༌། ད་དུང་ཡང་མི་འབྲལ་བ་ཞིག་འོང་ཞེས་ཞལ་གྱིས་བཞེས། དེ་དང་མཐུན་པར་བླ་མ་སྐུ་འདས་ནས་ཞག་བདུན་སོང་བའི་མཚམས་སུ་དམ་པ་འདིའི་མནལ་ལམ་ལ། བླ་མ་ཕེབས་ནས་ཚེ་འདི་དང་བར་དོའི་སྒོམ་ཉམས་ལས་ཀྱང༌། ཕྱི་མའི་སྒོམ་གྱི་ཉམས་བརྒྱ་འགྱུར་གྱིས་ལྷག་པར་འདུག་གསུངས་པ་དང༌། ཡང་བླ་མ་ཉིད་ཀྱིས་ཆིབས་དཀར་པོ་ཞིག་བཅིབས། ཁོང་ཡང་ཆིབས་ཀྱི་འཕོངས་ལ་བཞག་སྟེ་བདེ་བ་ཅན་དང་


GTD005_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་ལྡན་སོགས་དག་ཞིང་མང་པོར་ཕེབས། དེར་ཤིང་ལྗོན་པ་ཞིག་གི་སྟེང་ནས་ཤིང་ཐོག་སེར་པོ་དྲི་དང་ཁ་དོག་ཕུན་སུམ་ཚོགས་པ་ཞིག་ཕྱག་ཏུ་ལྷུང་བྱུང་བ་བཞེས་པས་ཐུགས་རྒྱུད་ལ་སྨྲ་མི་ཤེས་པའི་དགའ་བདེའི་ཉམས་ཁྱད་པར་ཅན་སྐྱེས་པའི་མནལ་ལྟས་ཡ་མཚན་པ་བྱུང་། བླ་མའི་དགོངས་རྫོགས་ཀྱི་བྱ་བྱེད་མཐའ་དག་ཀྱང་ཉིད་ནས་གཙོ་བོར་འགན་ཁུར་བཞེས་ཏེ། རྒྱ་ཆེ་ལ་དངོས་དག་པ་སྦྱོར་དངོས་ཐམས་ཅད་གྲ་འགྲིག་པའི་བཀོད་ཁྱབ་དང༌། རང་གི་བདོག་པའི་དངོས་པོ་ཕྲན་ཚེགས་ཡོད་པའི་ནང་ནས་ཅུང་དྲག་ཐམས་ཅད་ཀྱང་དེའི་ཁོངས་སུ་བཏང༌། དེ་ལྟར་འདས་མཆོད་ཀྱི་སྐོར་མཐའ་དག་པར་ཚགས་སུ་ཚུད་པ་ན། སྔར་བླ་མ་དམ་པ་ཉིད་ནས་ཕྱོགས་འདི་ན་ཁྱེད་རང་གི་རྒྱུན་དུ་བསྟེན་པའི་བླ་མ་ཞིག་ལ། ཁྱ་དགེའི་སྒོམ་ཆེན་རིན་པོ་ཆེའི་དངོས་སློབ། ཁ་གྲོའི་རི་ཁྲོད་པའི་གནས་བརྟན་པ་འདི་བཤེས་གཉེན་མཚན་ཉིད་དང་ལྡན་པ་ཞིག་ཡིན་པས་དེ་ལ་བརྟེན་ན་ལེགས་གསུངས་ཡོད་པའི་དོན་བཞིན། ཁ་གྲོན་ནང་པར་གྲགས་པའི་འདུལ་འཛིན་ཆེན་པོ་དེ་ཉིད་ཀྱི་དྲུང་དུ་བྱོན། གཟིམས་ཁང་གད་བདར་དང་སྐུ་གསུང་ཐུགས་རྟེན་དགྲམ་ཚུལ། མཆོད་ཤོམ་རྒྱ་ཆེ་ལ་བཀོད་པས་ཐོན་པ་གཟི་འོད་འབར་ཞིང་ཁོར་ཡུག་ཏུ་དྲི་བཟང་གི་ངད་འཐུལ་བ་ཞིག་བྱས་ཡོད་པ་གཟིགས་མ་ཐག་འདི་འདྲའི་བྱི་དོར་ལེགས་པོ་ཨང་ཞུས་པ་ན། འོ་བྱི་དོར་དང་མཆོད་ཤོམ་འདི་ལྟར་བྱེད་པ་ཇོ་བོ་བཀའ་གདམས་པའི་ཕྱག་ལེན་ཡིན་གསུངས་པས། ལས་འབྲེལ་གྱི་དབང་གིས་གསུང་དེ་ཙམ་ལ་བརྟེན་ནས་ཀྱང་དད་པ་ལྷག་པར་གཡོ་བ་ཞིག་བྱུང༌། བདེ་ལམ་གྱི་ཁྲིད་ཅིག་ཞུས་པ་དེ་ལན་གནང་རྒྱུར་མ་སོང་བས། སླར་ཡང་བསྐྱར་གྱིས་ཕེབས་ཏེ་གསན་པ་ཤིན་ཏུ་རྒྱུད་ལ་འབྱོར་པས་བློ་འཁུལ་ཆེ་


GTD005_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

བ་བྱུང༌། དགུང་ལོ་ཉེར་བརྒྱད་པ་ས་སྟག་ལོ། བེ་རི་དཔོན་སློབ་རིན་པོ་ཆེའི་མདུན་ནས་བདེ་ལམ་གྱི་ཁྲིད། དགའ་ལྡན་ལྷ་བརྒྱ་མའི་ཁྲིད། འཕོ་ཁྲིད་སོགས་ཁྲིད་དམིགས་དུ་མ་དང༌། གསང་འདུས་འཁོར་ཆེན་གཉིས་ཀྱི་དབང༌། ལྷག་པའི་ལྷ་དང་ཆོས་སྐྱོང་དུ་མའི་རྗེས་གནང་སོགས་ཆོས་བཀའ་མང་དུ་གསན། སངས་རྒྱས་རྣམས་ནི་རྒྱུ་མེད་པར་འགྲོ་བ་ཀུན་ལ་མཉེས་གཤིན་པ་ལྟར། སྐྱེ་བོ་མ་རབས་རྣམས་རྒྱུ་མེད་པར་དམ་པ་དག་ལ་སྡང་ཞིང་ཁོན་དུ་འཛིན་པ་ཆོས་ཉིད་ཡིན་པས། དམ་པ་འདིས་ཀྱང་མཛད་པ་མཐའ་དག་ཆོས་བཞིན་དུ་བྱས་པ་དེ་རང་རང་གི་སྤྱོད་པ་ངན་པ་དེ་ལ་སུན་འབྱིན་ལྟ་བུར་སོང་བ་མ་བཟོད་པའི་སྐྱེ་བོ་ངན་པ་འགའ་ཞིག་གིས་སྒོ་དུ་མ་ནས་སྙད་བཏགས་ཏེ་ཤིན་ཏུ་ཐུགས་སོས་མི་བདེ་བར་བྱས། འོན་ཀྱང་གཤེ་བའི་ལན་དུ་སླར་གཤེ་བ་སོགས་དགེ་སྦྱོང་གི་ཆོས་བཞི་དང་འགལ་བའི་བྱ་བ་ཅུང་ཟད་ཙམ་ཡང་མི་མཛད་པར་མ་ཟད། རྐྱེན་ངན་ལམ་དུ་ཁྱེར་བས་དགེ་སྦྱོར་གྱི་བསྐུལ་མར་སོང༌། འོན་ཀྱང་དེ་དག་དང་ཁད་ཉེ་བར་བཞུགས་ན་ལས་ངན་རྣམས་ཀྱིས་སྡིག་པ་གསོག་ཉེན་ཆེ་བར་དགོངས་ཏེ། དེ་རྣམས་ལ་བརྩེ་བའི་སེམས་ཀྱིས་རི་བོ་རྩེ་ལྔ་ལྟ་བུ་ཐག་རིང་བའི་གནས་ངེས་མེད་ཅིག་ཏུ་འབྱོན་རྩིས་གནང་ཡང༌། བེ་རི་དཔོན་སློབ་སོགས་བླ་མ་རྣམས་ཀྱིས་ས་འདིར་བཞུགས་ན་ཕུགས་སུ་བསྟན་པ་ལ་ཕན་ཆེ་བར་གཟིགས་ནས་བཤོལ་འདེབས་ཀྱི་གསུང་ནན་ཏན་གནང་བས་བླ་མའི་བཀའ་བཟློག་མ་ནུས་པར་བཞུགས། མི་བསྲུན་པའི་འགྲོ་བ་དེ་དག་གི་ཁྲོད་ནས་འགའ་ཞིག་ཕྱིས་སུ་དགེ་བའི་ལས་འཕྲོ་སད་དེ་རང་གི་ཉེས་པ་


GTD005_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཉེས་པར་མཐོང༌། དམ་པ་འདི་ཉིད་ཀྱི་མཛད་པ་སྐྱོན་ཅུང་ཟད་ཀྱང་མ་འདྲེས་པར་མཐོང་སྟེ་བདོག་པའི་དངོས་པོ་ཡོད་འབུལ་ལྟ་བུ་བྱས་ནས་བཀའ་བཞིན་སྒྲུབ་པའི་སློབ་མར་གྱུར་ཏེ། གང་ཞིག་སྔོན་ཆད་བག་མེད་གྱུར་པ་ཡང༌། །ཕྱི་ནས་བག་དང་ལྡན་པ་ཉིད་གྱུར་ནས། །ཟླ་བ་སྤྲིན་བྲལ་ལྟ་བུར་རྣམ་མཛེས་ཀྱི་དཔེར་སོང་བ་ཡང་ཡོད་དོ། །དགུང་ལོ་ཉེར་དགུ་པའི་སྐབས་སུ་ཁ་གྲོན་ནང་པའི་དྲུང་ནས་གསེར་ཕྲེང་མ་གཏོགས་པ་རྗེའི་གསུང་འབུམ་ཡོངས་རྫོགས་ཀྱི་ལུང༌། ལམ་རིམ་དང་བློ་སྦྱོང་དུ་མའི་ལུང་ཁྲིད། ནམ་མཁའ་སྒོ་འབྱེད་ཀྱི་དབང་སོགས་ཆོས་བཀའ་མང་དུ་གསན། དེའི་སྟོན་ཀ་ལེགས་བཤད་གསེར་ཕྲེང་གི་ལུང་གྲུབ་དབང་བློ་བཟང་ཤེས་རབ་ཀྱི་དྲུང་དུ་གསན་ཏེ་ཁ་བསྐང༌། དགུན་དཔྱིད་ཕལ་ཆེར་སྐུ་མཚམས་མཛད་དེ་ལམ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཉམས་བཞེས་ཟབ་མོའི་རྒྱུན་བསྐྱངས། དེའི་ཕྱི་ལོ་བེ་རི་དཔོན་སློབ་རིན་པོ་ཆེའི་དྲུང་ནས་རྡོ་རྗེ་ཕྲེང་བའི་དབང་ཡོངས་རྫོགས། འཇིགས་བྱེད་དཔའ་བོ་གཅིག་པའི་དབང༌། འཇམ་དབྱངས་ཆོས་སྐོར་གྱི་རྗེས་གནང་སོགས་གསང་སྔགས་ཀྱི་ཟབ་ཆོས་དུ་མ་དང༌། འབུམ་ཁང་རི་ཁྲོད་ནས་སྒྲུབ་པའི་རྒྱལ་མཚན་འཛིན་པ་བློ་བཟང་སྦྱིན་པའི་དྲུང་དུ་པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་གསུང་འབུམ་ཡོངས་རྫོགས། ལྕང་སྐྱའི་གསུང་འབུམ་ཕལ་ཆེར་སོགས་ཀྱི་ལུང༌། གནས་བརྟན་འདུལ་བ་འཛིན་པ་ཆེན་པོ་ཁ་གྲོན་ནང་པའི་ཞབས་པད་ནས་ཡུམ་འབུམ་པ། ལྷོ་བྲག་བཀའ་འབུམ། དབེན་ས་བཀའ་འབུམ། མི་ལའི་རྣམ་མགུར་གཉིས། ཁྱ་དགེ་དཔོན་སློབ་རིན་པོ་ཆེའི་གསུང་འབུམ། གྲུབ་ཆེན་སྐལ་ལྡན་རྒྱ་མཚོའི་མགུར་འབུམ། བློ་སྦྱོང་མཚོན་ཆ་འཁོར་ལོ།


GTD005_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་རྐང་བརྒྱད་མ། བློ་སྦྱོང་དོན་བདུན་མ། བློ་སྦྱོང་ཉི་མའི་འོད་ཟེར། བླ་མཆོད་ཊཱིཀྐ་སོགས་དམ་པའི་ཆོས་ཀྱི་བདུད་རྩིའི་བགོ་སྐལ་རྒྱ་ཆེར་བཞེས། ཡུལ་གྱི་ལྷ་བཟོ་མཁས་པ་འགའ་ཞིག་བོས་ཏེ་སྐྱེས་རབས་སོ་བཞི་པའི་བྲིས་ཐང་ཤིན་ཏུ་བྱོན་ལེགས་མདོ་རྒྱུད་ནས་གསུངས་པའི་ཆག་ཚད་དང་ལྡན་ཞིང༌། གསར་ཚོན་གོང་གཤམ་ཞལ་ཁེབས་སོགས་ཆ་མཐའ་དག་ནས་ཕུན་སུམ་ཚོགས་པས་མིག་གི་བདུད་རྩིར་གྱུར་པ་ཞིག་གསར་དུ་བཞེངས། བཟོ་བོ་ལས་བྱེད་མཐའ་དག་ཀྱང་གཏང་རག་གི་ཡོན་རྒྱ་ཆེན་པོ་གནང་སྟེ་ཡིད་ཚིམ་པར་བྱས། སྐུ་ཚེ་འདིར་རྟེན་བཞེངས་རླབས་ཆེ་བ་མཛད་པའི་ཐོག་མ་འདི་ཉིད་ཡིན་འདུག་པ་ནི། ཇི་སྐད་དུ། དུ་བ་ལས་ནི་མེར་ཤེས་དང༌། །ཆུ་སྐྱར་ལས་ནི་ཆུར་ཤེས་བཞིན། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །རིགས་ནི་མཚན་མ་དག་ལས་ཤེས། །ཞེས་གསུངས་པ་ལྟར། སྟོན་པ་ཐུབ་པའི་དབང་པོའི་རྣམ་པར་ཐར་པ་དམིགས་རྐྱེན་དུ་བྱས་ཏེ། དེའི་རྗེས་སུ་ཞུགས་ནས་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་ལ་སློབ་པར་འདོད་པའི་ནང་གི་ལྷག་བསམ་རྗེས་སུ་དཔོགས་པའི་མཚན་མར་གདོན་མི་ཟའོ། །དགུང་ལོ་སོ་གཅིག་པའི་དཔྱིད་ཁ་གྲོན་ནང་པའི་དྲུང་ནས་འཇིགས་བྱེད་བསྐྱེད་རྫོགས་ཀྱི་ཁྲིད་སྨིན་རྒྱས་སུ་གསན་ཅིང༌། དཀྱིལ་འཁོར་གྱི་ཐིག་རྩ་སོགས་ལའང་ཞིབ་ཏུ་སྦྱངས། དེའི་སྟོན་ཀ་བེ་རི་ཚང་ནས་ཁ་གྲོན་ནང་པ་གདན་དྲངས་ཏེ་སྒྲུབ་ཐབས་རིན་འབྱུང་གི་རྗེས་གནང་ཞུས་པ་ལྷན་དུ་གསན། དེའི་ཞར་ལ་བེ་རི་ཚང་གི་དྲུང་ནས་ཀྱང་མགོན་པོ་བཀའ་བཅུ་གསུམ་དང༌། རྣམ་སྲས་བཀའ་ཆེན་བཅོ་ལྔའི་རྗེས་གནང་རྫོགས་པར་


GTD005_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

མནོས། དེ་ནས་ལོ་འགར་བཀྲ་ཤིས་འཁྱིལ་དུ་ཡང་ཡང་ཕེབས་ཏེ་སྐྱབས་མགོན་རྡོ་རྗེ་འཆང་གི་ཞབས་པད་ནས། རྒྱུད་སྡེ་གཞན་དང་བཤད་སྲོལ་མི་འདྲ་བ་དཔལ་དུས་ཀྱི་འཁོར་ལོའི་བྱིས་པ་འཇུག་པའི་དབང་བདུན། གོང་མ་གོང་ཆེན་རྡོ་རྗེ་སློབ་དཔོན་བདག་པོ་ཆེན་པོའི་དབང་དང་བཅས་རྗེ་བླ་མ་ཡབ་སྲས་ཀྱི་བཀའ་སྲོལ་ཐུན་མོང་མ་ཡིན་པའི་ཕྱག་བཞེས་ཊཱིཀ་ཆེན་དང་སྒྲུབ་ཐབས་པད་དཀར་ཞལ་ལུང༌། དབང་ཆོག་དགོངས་པ་རབ་གསལ་སོགས་ཀྱི་དགོངས་དོན་ཇི་ལྟ་བུ་བཞིན་གྱི་ཕྱག་ལེན་ཕྲ་ཞིབ། གསུང་བཤད་ཟབ་ཅིང་རྒྱ་ཆེ་བ་བཅས་སྩལ་བ་ལེགས་པར་གསན། གཞན་ཡང་གྲུབ་ཆེན་ལཱུ་ཨི་པའི་ལུགས་ཀྱི་འཁོར་ལོ་སྡོམ་པའི་དབང༌། གདུགས་དཀར་ལྷ་བཅུ་བདུན་མའི་དབང༌། ཐུགས་རྗེ་ཆེན་པོའི་དབང་སོགས་དབང་རྗེས་གནང་དུ་མ་དང༌། ཀུན་གཟིགས་ལྔ་པ་ཆེན་པོའི་གསུང་གི་སྙིང་པོ་འཇམ་དཔལ་ཞལ་ལུང་གི་ཁྲིད་ཤིན་ཏུ་རྒྱས་པ། རྟེན་འབྲེལ་བསྟོད་པའི་བཤད་ལུང༌། སྐྱབས་མགོན་རྡོ་རྗེ་འཆང་ཉིད་ཀྱི་གསུང་འབུམ་ཤས་ཆེ་བའི་ལུང་སོགས་ཆོས་ཀྱི་བདུད་རྩིའི་དགའ་སྟོན་ངོམས་པ་མེད་པར་སྤྱད། དེར་མ་ཟད་སྐབས་ཤིག་ཏུ་དམ་པ་འདི་ཉིད་ནས་ཁུར་ལེན་བྱས་ཏེ་སྐྱབས་མགོན་རྡོ་རྗེ་འཆང་མཛོ་དགེ་སྨད་དུ་གདན་དྲངས་ནས། གྲུབ་ཆེན་དྲིལ་བུ་པའི་ལུགས་ཀྱི་འཁོར་ལོ་བདེ་མཆོག་ཕྱི་དཀྱིལ་ལྷ་ལྔ་དང༌། ལུས་དཀྱིལ་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དབང༌། འཇིགས་བྱེད་སྔགས་བཏུའི་རྗེས་གནང་སོགས་ཟབ་ཆོས་མང་དུ་ཞུས། བདེ་ལམ་གྱི་ལུགས་ལྟར་སྨོན་འཇུག་སྟབས་གཅིག་པའི་སེམས་བསྐྱེད་ཀྱི་ཆོ་ག་མཛད། བསྙེན་བཀུར་འབུལ་ནོད་སོགས་ཀྱང་ནུས་པ་རྩལ་སྤྲུགས་ཀྱིས་གང་དྲག་བསྒྲུབས། བཀྲ་ཤིས་འཁྱིལ་ནས་


GTD005_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་སྲས་ཆེན་པོ་ཁྲི་པ་བློ་བཟང་སྙན་གྲགས། གྲུབ་པའི་དབང་ཕྱུག་ཁྲི་པ་བསོད་ནམས་གྲགས་པ། མཁས་པའི་གཙུག་རྒྱན་ཁྲི་པ་བསོད་ནམས་དབང་རྒྱལ་རྣམས་ཀྱི་སྐུ་དྲུང་དུ་ཡང་མདོ་སྔགས་ཀྱི་ཆོས་མང་དུ་གསན། ཁྱད་པར་དུ་ཁྲི་རིན་པོ་ཆེ་བསོད་ནམས་དབང་རྒྱལ་བའི་དྲུང་དུ་ཡང་ཡང་གཏུགས་ཏེ་ལམ་རིམ་ཆེན་མོའི་བཤད་ལུང༌། ལམ་སྒྲོན་དང་ལམ་གཙོ། བེའུ་བུམ་སྔོན་པོ། བློ་སྦྱོང་དོན་བདུན་མ། ཚིག་རྐང་བཞི་པ་རྣམས་ཀྱི་ཁྲིད། བཀའ་གདམས་གཞུང་དྲུག་གི་ལུང༌། བདེ་ལམ་གྱི་ཞལ་ཤེས་དང་ཞི་ཁྲོ་སྦྲགས་སྒྲུབ་ཀྱི་ཁྲིད་ལན་ཁ་ཤས་སོགས་སྙན་བརྒྱུད་མན་ངག་གི་གནད་ཤིན་ཏུ་མང་པོ་མནོག་ཆོས་སུ་གསན། ཁྲི་རིན་པོ་ཆེ་འདི་ཉིད་ཐུགས་རྒྱུད་ཞི་ཞིང་དུལ་བས་གཞན་ལ་སྐྱོན་བརྗོད་སྨད་ར་སོགས་གཏན་མི་མཛད་ཀྱང༌། དེ་སྐབས་སེ་འབྲས་དགེ་གསུམ་ན་འགྲན་ཟླ་མེད་པའི་མཁས་པའི་ཡང་རྩེ་ཡིན་པས། ཐུགས་ཁེངས་པ་ཞིག་སུས་ཀྱང་ཡོང་དཀའ་ནའང༌། དམ་པ་འདི་ལ་ཐུགས་གཏིང་ནས་མགུ་སྟེ། མཛོ་དགེའི་དགེ་ཚུལ་ཚང་དེ་གྲྭ་སར་མ་སྦྱངས་པ་ཞིག་ལ། གཞུང་ཆེན་མོའི་གོ་བ་གཏིང་ཚུགས་པ་དེ་འདྲ་ཡ་མཚན་ཞེས་ཡང་ཡང་བསྔགས་བརྗོད་མཛད་པ་བདག་གིས་དངོས་སུ་ཐོས། ཆོས་གསན་པ་དེ་ཐམས་ཅད་ཀྱང་ཉན་ལོ། ཐོབ་ལོ། ཤེས་ལོ་ཞེས་བྱ་བའི་རྣམ་གྲངས་བསགས་པ་ཙམ་མ་ཡིན་པར་ཁྲིད་རྣམས་རིམ་པ་བཞིན་བསྐྱངས་ཏེ་རྒྱུད་འཁུལ་ངེས་པ་དང༌། དབང་རྗེས་གནང་རྣམས་འབྲས་བུ་ལམ་བྱེད་ཀྱི་བག་ཆགས་ཐེབས་ངེས་སུ་མཛད། ལུང་རྣམས་ཀྱང་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག །ཅེས་དང༌། སེམས་ཐམས་ཅད་ཀྱིས་ཉན་པར་གསུངས་པ་


GTD005_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ། ཚིག་གཅིག་ཀྱང་མ་ཆད་པར་རྣ་བ་ལེགས་པར་གཏོད་ཅིང༌། གཞུང་གི་ལེའུ་དང་མདོ་རྒྱས་ཀྱི་མཚམས་ཕྱེད་ལ། དོན་གྱི་སྤྱིའི་ཁོགས་ཕུབ་པ་སོགས་ཆོས་རྒྱུན་གྱི་ཏིང་ངེ་འཛིན་མྱུར་དུ་འགྲུབ་པའི་རྒྱུར་འགྲོ་ངེས་སུ་བྱས་ཏེ་གསན་པ་ཁོ་ན་ཡིན་པར་སྣང༌། ལོ་སྔ་ཕྱི་ཅི་རིགས་སུ་སྔ་མའི་སློབ་དཔོན་སྦྱིན་ཆུང་བ་དང༌། བེ་རི་དཔོན་སློབ་རིན་པོ་ཆེ་རྣམ་པ་གཉིས་ཀ་ཞིང་གཤེགས་པར་སྐུ་གདུང་གི་བྱ་བྱེད་དང༌། དགོངས་རྫོགས་ཀྱི་རྣམ་དཀར་སྒྲུབ་རྒྱུ་ཐམས་ཅད་ཀྱི་སྐབས་སུ་ཡང་གཞན་གྱི་ངོ་བསྲུང་ཙམ་མ་ཡིན་པར། བཀའ་གདམས་གོང་མ་རྣམས་འདུ་བྱས་ཀྱི་དགེ་རྩ་ཞིག་ལ་བླ་མའི་འདས་མཆོད་ལས་ལྷག་པ་མེད་པར་གསུངས་པའི་དོན་ཐུགས་ལ་བཅངས་ཏེ། རྒྱུ་བསམ་སྦྱོར་མཐའ་དག་གི་སྒོ་ནས་བླ་མའི་དགོངས་པ་ཡོངས་སུ་རྫོགས་པའི་ཐབས་ལ་འབད་པ་ལྷུར་བཞེས། ཀུན་མཁྱེན་འཇམ་དབྱངས་བཞད་པའི་གསུང་ནས་འབྱུང་བ་ལྟར་གྱི་རྗེ་བླ་མའི་རྣམ་ཐར་ཤིན་ཏུ་རྒྱས་པའི་ཞལ་ཐང་མཛེས་ཚོན་སྤེལ་བ་ཙམ་མ་ཡིན་པར་ལོ་རྒྱུས་ཞིང་བཀོད་དུ་ཐོན་ངེས་ཁ་བྱང་དང་བཅས་པ་ཉི་ཤུ་རྩ་གཉིས་གསར་དུ་བཞེངས་ཏེ། བཟང་གོས་སྣ་ཚོགས་ཀྱི་གོང་གཤམ་སོགས་རྒྱུ་ཡོན་འགྲོ་གང་ཆེའི་སྒོ་ནས་འཁོར་གསུམ་ཡོངས་སུ་དག་པར་བསྒྲུབས། ཞལ་ཐང་དེ་རྣམས་ཀྱང་རྗེས་སོར་ཞིག་སྐྱབས་མགོན་རྡོ་རྗེ་འཆང་ལ་ཕུལ་འདུག །མདོར་ན་ནོར་རྫས་ཕྱག་ཏུ་གང་བྱུང་ཐམས་ཅད་གཙོ་ཆེར་བླ་མ་ལ་ཕུལ་ཞིང༌། ལྷག་མས་སྐུ་གསུང་ཐུགས་རྟེན་བཞེངས་པ་དང༌། དཀོན་མཆོག་གི་མཆོད་པ་བསམ་ལས་འདས་པ་གནང༌། སྐུ་གསུང་ཐུགས་རྟེན་བཞེངས་ཚུལ་ཡང་གཞན་གྱི་མིག་སྔར་གང་མཛེས་དང༌། ངོམས་ཆེ་བའི་རིགས་མི་གནང་བར་རྒྱུ་གང་བཟང་རྣམས་དེའི་ཁོངས་སུ་འགྲོ་ཐབས་ཁོ་ན་གཙོར་འདོན་གནང་སྟེ། ཞལ་ཐང་རྣམས་ལ་ཡང་


GTD005_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

གོང་གཤམ་ཙམ་མ་ཡིན་པར། རྒྱབ་མདུན་གཉིས་ཀར་ཁྱད་མེད་དུ་གོས་ཆེན་བཟང་པོ་རིམ་པ་དུ་མ་དང༌། མཉྫི་ཚོས་འདོན་སོགས་ཀྱི་ཞལ་ཁེབས་བརྩེགས་མ་མང་པོ་ན་བཟའི་ཚུལ་དུ་འབུལ་བར་མཛད། རྟེན་བཞེངས་པ་དེ་དག་ཀྱང་ནོར་གྱི་འདུ་ཤེས་ལྟ་བུས་གཅིག་བསོགས་གཉིས་བསོགས་མི་གནང་བར་རེ་ཞིག་བར་དུ་མཆོད་པ་རྒྱ་ཆེན་པོ་རེ་ཕུལ་ནས། དེ་རྗེས་ཆོས་འབྲེལ་གང་ཐོབ་ཀྱི་བླ་མ་རྣམས་ལ་རིམ་བཞིན་འབུལ་བར་མཛད་དེ། ད་ལྟའི་ལྷ་རྟེན་སྒྲིག་མཁན་གྱི་བླ་མ་རྣམ་པའི་ཕྱག་ལེན་དང་ཤིན་ཏུ་མི་མཐུན་ནོ། །དགུང་ལོ་སོ་བཞི་པའི་སྟེང་དུ་ལོ་ཧྲིལ་པོར་བཅད་རྒྱ་གནང་སྟེ། ཐུགས་དམ་ཟབ་མོའི་ཉམས་བཞེས་ཀྱི་རྒྱུན་བསྐྱངས་པས་ཉམས་རྟོགས་ཀྱི་ཀློང་རྡོལ་བ་བྱུང༌། སྐབས་འདི་ནས་བཟུང་སྐུ་ཚེ་ཧྲིལ་པོར་ལོ་རེ་བཞིན་བསྟན་པ་བསྟན་འཛིན་སྤྱི་དང༌། ཁྱད་པར་སྐྱབས་མགོན་རྡོ་རྗེ་འཆང་སོགས་ཀྱི་ཞབས་བརྟན་དུ་དམིགས་ཏེ་ལོ་རེ་བཞིན་མ་མཐའ་མར་རྒྱ་མ་བཞི་བརྒྱ་ལྷག་རེ་ཙམ་གྱིས་མཆོད་མེ་སོགས་མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པ་འབུལ་བར་མཛད། སྐུ་མཚམས་གྲོལ་རྗེས་རྐང་ཚའི་སྒར་ནས་དོན་གཉེར་ཅན་འགའ་ཞིག་ལ་རྗེའི་གསུང་འབུམ་པོ་ཏི་བཅུ་སྐོར་གྱི་ལུང་དང༌། ཟམ་ཚ་ཆོས་འཁོར་ཕྱོགས་ཀྱི་དུ་མས་གདན་དྲངས་ཏེ་གསོལ་བ་བཏབ་པ་བཞིན་རྗེའི་གསུང་འབུམ་ཡོངས་རྫོགས་ཀྱི་ལུང་གནང༌། འདུལ་འཛིན་ཆེན་པོ་ཡེ་ཤེས་རྒྱ་མཚོའི་དྲུང་དུ་བརྒྱད་སྟོང་པའི་ལུང་གསན་ཅིང༌། ཁོང་གི་ཐུགས་བཞེད་བཞིན་ཕར་ལ་ཡང་ཏིང་ངེ་འཛིན་རྒྱལ་པོའི་ལུང་སོགས་ཆོས་བཀའ་ཅི་རིགས་ཕུལ། ར་ལུང་རི་ཁྲོད་དུ་ཡང་ལུང་ཁྲིད་སོགས་ཀྱི་


GTD005_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་དྲིན་ཞུ་མཁན་མང་དུ་བྱུང་བ་སོ་སོའི་རེ་བ་བསྐང༌། སྔར་མཛོ་དགེའི་ཕྱོགས་སུ་སྐུ་པར་སོགས་གཏན་མེད་པ་ལ། ཅོ་ནེ་ནས་འཇམ་དབྱངས་ཀྱི་སྐུ་པར་གཅིག་ཕྱག་ཏུ་འབྱོར་པ་བསྣམས་ཏེ་ཞབས་ཐང་ལ་ཀ་ཆུར་ཕེབས་ནས། དེ་ལ་མ་ཕྱི་བྱས་ཏེ་སྐུ་པར་མང་དུ་བླུགས། དགུང་ལོ་སོ་ལྔ་ནས་ལོ་ཁ་ཤས་ཀྱི་རིང་ཉིད་ཀྱིས་གཙོ་མཛད་དེ་རྗེ་བཙུན་འཇམ་དབྱངས་ཀྱི་སྐུ་འབུམ་ཕྲག་བཅུ་ལྷག་པ་བཞེངས། དེ་ཐམས་ཅད་ཀྱང་གྲངས་གང་འགྲོ་ཙམ་མ་ཡིན་པར། རྒྱུའི་འཇིམ་པ་བྱིན་གྱིས་བརླབས་པ་སོགས་ནས་བཟུང་རྒྱུད་སྡེའི་དགོངས་པ་དང་མཐུན་ཞིང་སླ་ཆོས་སུ་མ་སོང་བར་དྲི་གཙང་ཁང་ཡིད་དུ་འོང་བ་སོ་སོར་ལེགས་པར་བསྒྲིགས་ནས་དྲི་བཟང་གིས་བསྒོས་པའི་ཕྱེ་མས་བར་གཏམས་ཏེ། རེ་རེ་ཙམ་ཡང་དབུ་ཞབས་མ་ལོག་པའི་ལག་ལེན་ཤིན་ཏུ་དངོས་གཙང་བར་བྱས། དེའི་སྙིང་པོའི་ཚུལ་དུ་མཆོད་རྟེན་སྐུ་ཚད་མ་ལྔ་བཞེངས་ཤིང་སྔ་ཕྱི་ཀུན་ལ་པཎ་ཆེན་ཐམས་ཅད་མཁྱེན་པའི་ཕྱག་བཞེས་ལྟར་གྱི་སྲོག་ཤིང་གཏེར་འཁོར་གཟུངས་གཞུག་སོགས་གང་རྒྱས་དང༌། གཟུངས་ཀྱི་ན་བཟའ་ཡང་གོས་ཆེན་འབའ་ཞིག་ལས་བྱས་པ་སོགས་རྒྱུ་འགྲོས་ཆེ་བར་གནང༌། བཤེས་གཉེན་དམ་པ་ཁ་གྲོན་ནང་པ་དང༌། བྲག་སྒོམ་པ་རྣམ་གཉིས་ཀྱིས་རྒྱལ་བ་མི་ཕམ་མགོན་པོའི་སྣང་བརྙན་ཆེ་བ་རེ་བཞེངས་རྒྱུའི་ཐུགས་འདུན་གཏད་ཀྱང་བཟོ་བོ་མཁས་པ་ཞིག་ཡུལ་ཕྱོགས་ནས་མ་རྙེད་པར། དེའི་དོན་ལ་དམ་པ་འདི་ཉིད་རེབ་ཀོང་ཕྱོགས་སུ་ཞབས་ཐང་ལ་ཕེབས། ལྷ་བཟོ་དགེ་སློང་བསྟན་པ་རྒྱ་མཚོ་ཟེར་བས་བཞེངས་པ་རྣམས་བྱོན་ལེགས་པར་གཟིགས་ནས། དེ་ཉིད་བོས་ཏེ་ལྷན་དུ་ཕྱིར་ཕེབས། ལྷ་བཟོའི་གྲོགས་ལྡན་གང་དགོས་ཀྱི་རིགས་ཐམས་ཅད་ཉིད་ནས་བྲན་བཞིན་


GTD005_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བསྒྲུབས། ནང་གི་སྐུ་བརྙན་ཆེ་ཆུང་དུ་མ་དང་། ཕྱིའི་གཙུག་ལག་ཁང་རྟེན་བརྟེན་པ་མཐའ་དག་གི་ལས་ཁུར་ཉིད་གཅིག་པུས་གཞུང་བཟུང་སྟེ་མཐར་ཕྱིན་པ་བསྒྲུབས་པས། བླ་མ་ཡང་ཐུགས་དགྱེས་པའི་རྩེར་སོན་པར་གྱུར། དགུང་ལོ་སོ་བདུན་པ་ས་མོ་ཕག་གི་ལོའི་སྟོན་ཀ་དེ་ཉིད་དུ་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པའི་གནས་བརྟན་འདུལ་བ་འཛིན་པ་ཆེན་པོ་བརྟན་མཁས་ཀྱི་ཡོན་ཏན་གཉིས་དང་ལྡན་པའི་བཤེས་གཉེན་དམ་པ་ཀ་གྲོན་ནང་པ་བློ་བཟང་བསྟན་འཛིན་དཔལ་བཟང་པོའི་ཞལ་སྔ་ནས་ཀྱིས་མཁན་སློབ་སྦྲགས་མ་མཛད་ཅིང་། ཁ་སྐོང་གི་དགེ་འདུན་གྲངས་ཚང་བའི་དབུས་སུ་བསྟན་པའི་གཞི་མ་ལྷག་པའི་ཚུལ་ཁྲིམས་ཀྱི་གཙོ་བོ་བསླབ་གཞི་ཡོངས་སུ་རྫོགས་པའི་དགེ་སློང་གི་སྡོམ་པ་བཞེས་ཏེ། ངུར་སྨྲིག་གི་རྒྱལ་མཚན་འཆང་བའི་རྗེ་བོ་དམ་པར་གྱུར། དེ་མ་ཐག་ལུང་སྡེ་བཞི་མཐའ་དག་གི་དགོངས་དོན་ལ་གཞན་དྲིང་མི་འཇོག་པའི་རྣམ་དཔྱོད་ཀྱི་རྩལ་དང་ལྡན་པ་འདུལ་འཛིན་ཆེན་པོ་ཡེ་ཤེས་རྒྱ་མཚོའི་དྲུང་ནས་འདུལ་བའི་བསླབ་བྱ་ལག་ལེན་དང་བཅས་པ་ཞིབ་ཏུ་གསན་ཏེ། དགག་སྒྲུབ་གནང་གསུམ་གྱི་བཅས་མཚམས་ཕྲ་རགས་ཐམས་ཅད་ཐུགས་སུ་ཆུད་པར་མཛད་དོ། །ཚུལ་འདི་ལྟ་བུ་ནི་སྔོན་ཐུབ་པའི་བསྟན་པ་ཡར་ལྡན་གྱི་དུས་བཟང་པོར་བྱོན་པའི་སྐྱེས་མཆོག་རྣམས་ཀྱི་ཕྱག་བཞེས་བླ་ན་མེད་པ་ཡིན་ཏེ། དམ་པ་དེ་དག་གི་རྣམ་ཐར་དུ་དགེ་ཚུལ་གྱི་སྡོམ་པ་བཞེས་མ་ཐག་ཀཱ་རི་ཀཱ་ལྔ་བཅུ་པ་རྩ་འགྲེལ་ལམ། སུམ་བརྒྱ་པ་རྩ་འགྲེལ་ལྟ་བུ་རེ་ངེས་པར་གསན། བསྙེན་པ་རྫོགས་མ་ཐག་ཏུ་འདུལ་གཞུང་ཆེ་བ་རེ་གསན་ཅིང༌། དེ་ཡང་སྔ་མ་འགའ་ཞིག་མེ་


GTD005_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ཏོག་ཕྲེང་རྒྱུད་གཙོར་འདོན་གནང་ལ། ཀུན་མཁྱེན་མཚོ་སྣ་པ་ཡབ་སྲས་རྗེ་བདག་ཉིད་ཆེན་པོ་ཡབ་སྲས་སོགས་ཀྱིས་མདོ་རྩ་བ་རྒྱ་ཆེར་འགྲེལ་དང་བཅས་པ་གཙོ་བོར་མཛད་པས། དེ་འདྲ་རེ་ངེས་པར་གནང་བའི་སྲོལ་ཡོད་ཀྱང༌། ད་ལྟ་བསྟན་པའི་ཐ་མ་ཤིན་ཏུ་སྙིགས་མར་སོན་པའི་དབང་གིས་སྡོམ་པ་ལེན་པའི་གཟུགས་བརྙན་ཙམ་ཡོད་ཀྱང༌། བླངས་པའི་དེ་མ་ཐག་ནས་བསྲུང་དགོས་པ་དང༌། བསྲུང་ཚུལ་གྱི་བསླབ་བྱ་ཉན་དགོས་པའི་གཏམ་ཙམ་ཡང་མི་གྲགས་པ་ནི། རྗེ་ངག་དབང་བྱམས་པའི་ཞལ་ནས། སོ་ཐར་བྱང་སེམས་དང་རིག་འཛིན། །སྡོམ་གསུམ་ལོན་ཚད་དུ་བླངས་ནས། །དྲན་ཚད་ལག་ལེན་དུ་འདེབས་པའི། །སྨྱོན་པ་རང་ཕུང་ལ་གཟིགས་དང༌། །ཞེས་གསུངས་པ་ལྟར་ཕུང་ཁྲོལ་གྱི་གཞི་ཆེ་ཤོས་ཡིན་པས། བདག་ལེགས་སུ་འདོད་པ་རྣམས་ཀྱིས་དམ་པའི་རྣམ་པར་ཐར་པ་འདི་ལྟ་བུ་ལ་ཁ་མིག་ཡར་ལྟ་བ་གལ་ཆེའོ། །ཁ་གྲོན་ནང་པའི་གསུང་གིས་བསྐུལ་བ་ལྟར་དེ་ཀའི་རི་ཁྲོད་པ་རྣམས་ལ་བྱང་ཆུབ་བདེ་ལམ་གྱི་ཁྲིད་མྱོང་བ་ལ་བསྐོར་བས་རྒྱུད་འཁུལ་ཞིང༌། ལུང་རིགས་ཀྱིས་བདར་ཤ་ཆོད་པ་མཇུག་ཏུ་སེམས་བསྐྱེད་མཆོད་པ་དང་བཅས་བླ་མའི་ཕྱག་བཞེས་མ་ཉམས་པ་དང༌། བེའུ་བུམ་སྔོན་མོའི་ལུང་སོགས་ཆོས་ཀྱི་བདུད་རྩིའི་སྒོ་འཕར་ཕྱེས། རི་ཁྲོད་ཇི་སྲིད་ནམ་གནས་ཀྱི་བར་སྦྱོར་བའི་ཆོས་དྲུག་འཆག་མེད་ཀྱི་སྲོལ་བཟང་པོ་བཙུགས། བྱི་བའི་ལོ་པཎ་ཆེན་ཐམས་ཅད་མཁྱེན་པ་རྒྱ་ནག་ཕྱོགས་སུ་ཆིབས་བསྒྱུར་གནང་བར་གཞན་ཐམས་ཅད་སྤྲོ་དགའ་ཆེ་བར་བྱེད་ཀྱང༌། དམ་པ་འདི་ཉིད་ཐུགས་ཤིན་ཏུ་མ་བདེ་བར་ཉིན་མཚན་ཁོར་མོ་ཡུག་ཏུ་ཞབས་བརྟན་


GTD005_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབས་ཤིང༌། གཞན་རི་ཁྲོད་པ་མང་པོ་ལ་ཡང་རྒྱུ་ཡོན་སོགས་སྦྱར་ནས་རིམ་གྲོ་ཕོན་ཆེ་བ་བསྒྲུབ་ཏུ་བཅུག། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྐུ་ཡང་འབུམ་ཕྲག་དུ་མ་བཞེངས་ཤིང༌། སྔ་ཕྱིར་སྐུ་བར་འདེབས་པ་སོགས་ཀྱི་སྐབས་སུ་ལས་བྱེད་མཐའ་དག་ནས་སོ་སོའི་གཟུངས་སྔགས་བཟླ་བ་དང༌། བསྟན་འགྲོ་མཐའ་དག་གི་དོན་དུ་འགྱུར་བའི་སྨོན་ཚིག་ཉིད་ཀྱིས་གསར་བསྒྲིགས་གནང་སྟེ། འདོན་བཞིན་དུ་ལས་བྱེད་པ་སོགས་ཆ་མཐའ་དག་ནས་དོན་ཆེན་པོར་འགྱུར་ངེས་འབའ་ཞིག་མཛད། སྐབས་དེར་སྐྱབས་མགོན་རྡོ་རྗེ་འཆང་ནས་མཛོ་དགེ་སྨད་འདིར་སྦྱིན་བདག་གི་ངོས་ནས་མཐུན་རྐྱེན་འཛོམས་པར་འདུག་ཀྱང༌། མདོ་སྔགས་གང་གི་ཡང་འཆད་ཉན་ཕྱག་ལེན་སོགས་སེམས་ལ་འཛིན་རྒྱུ་ཞིག་མེད་པ་མི་ལེགས་པར་དགོངས་ཏེ། ཡུལ་ཕྱོགས་ཀྱི་སྐྱེ་བོ་རྣམས་བསོད་ནམས་རྫོགས་པའི་ཆེད་དང༌། རང་རང་གི་ཡོན་སྦྱོང༌། ཐུབ་བསྟན་རིན་པོ་ཆེའི་ཞབས་འདེགས་སུ་ཡང་ཅུང་ཟད་འགྱུར་བར་གཟིགས་ནས་རྒྱུད་གྲྭ་གསར་འཛུག་གནང་བའི་ཚེ་ལུས་ལོངས་སྤྱོད་མཐའ་དག་ལྟོས་པ་མེད་པར་བླ་མའི་ཞབས་ཏོག་ཏུ་བཀོལ། ཁྱད་པར་དུ་བླ་མ་བརྒྱུད་པ་རགས་རིམ་དང༌། ཡི་དམ་ཆོས་སྲུང་དུ་མའི་ཞལ་ཐང་ད་ལྟའི་དུས་ལ་ལྟོས་པས་རི་མོ་འགྲན་ཟླ་མེད་པ་ལྟ་བུ། མཛོད་གོས་ཁྱད་འཕགས་འབའ་ཞིག་གི་གོང་གཤམ་ཅན་ཤིན་ཏུ་ཆེ་ལེགས་གྲངས་མཚུངས་མང་པོ་ཡང་གསར་དུ་བསྒྲུབས་ཏེ་ཚོགས་ཁང་དུ་འགྲེམ་རྒྱུར་ཕུལ། དེ་སྐབས་གཡོ་དགེ་སྨན་པ་ལ་ཀུན་མཁྱེན་འཇམ་དབྱངས་བཞད་པ་འདི་རང་གིས་དག་སྣང་སྦྱངས་པ་ཙམ་མ་ཡིན་པར་རྗེ་བཙུན་


GTD005_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དབྱངས་དངོས་ཡིན། སྐབས་འདིར་བླ་མའི་ཐུགས་རྗེ་ལ་བརྟེན་ནས་ཕྱོགས་འདིར་སྨད་རྒྱུད་ཀྱི་འཆད་ཉན་སོགས་བསྟན་པའི་སྲོལ་གཙང་མ་ཞིག་ཚུགས་འདུག་མོད་ཀྱང༌། འདི་ན་བདུད་རིགས་ཀྱི་མི་འགའ་ཞིག་ཡོད་པས་མཐའ་ཅི་འདྲ་འོང་མི་ཤེས། འོན་ཀྱང་ཁྱེད་རང་ཚོས་འཇུ་ས་འཆང་ས་བླ་མ་འདི་ལ་བྱས་ན་ལས་དཀར་པོའི་མཐའ་བཟང་བས་གཏན་འདུན་མ་འཆུག་པ་ཞིག་ཡོང་གསུངས། ཁོང་གིས་ཀྱང་བསམ་སྦྱོར་མཐའ་དག་གི་སྒོ་ནས་བླ་མའི་ཞབས་ཏོག་བསྒྲུབས་ཤིང༌། སྔ་སོར་པཎ་ཆེན་ཐམས་ཅད་མཁྱེན་པ་རྒྱ་ནག་ཏུ་ཕེབས་སྐབས་སྐུ་ཕེབས་ཀྱི་སྒོ་ནས་སྐུ་དོན་མང་པོའི་ཞབས་འདེགས་ཞུས་པའི་གཏང་རག་ཏུ་བཅད་ལྡན་དམར་པོ་རྒྱུ་རྙིང་འགངས་ཆེ་བ་ཞིག་ལྷ་ཆས་ཀྱི་དོན་དུ་སྩལ་བ་ཡང་བླ་མ་ལ་ཕུལ་ཏེ་ཐང་ཁའི་གོང་གཤམ་གྱི་རྒྱུར་འགྲོ་བ་བྱས། རྗེས་སོར་ཞིག་ཉིད་ཀྱི་མདུན་དུ་སྐུ་ཕེབས་ཞུས་པའི་ཚེ། ཆོས་སྐྱོང་ཆེན་པོ་ཉིད་ནས། ང་པེ་ཧར་རྒྱལ་པོ་ལ་སངས་རྒྱས་སྣང་བ་མཐའ་ཡས་ཀྱིས་གྱོན་པར་གནང་བའི་གོས་དེ་ཁྱེད་གཉིས་ཀྱིས་གཞན་དུ་བཀོལ་བ་ཅི་ཡིན། ཕྱིར་ཁྱེར་ཡོང་དགོས་གསུངས་པ་ན། ཉིད་ནས་མེད་ཚུལ་ཞུས་པར་ཐུགས་ཤིན་ཏུ་ཁྲོས་ཏེ། ཞལ་གྱི་རྣམ་པ་ཡང་རྒྱུན་གྱི་ལྷ་ཁོག་གི་ཉམས་ཅུང་ཟད་མེད་པར་སྲིན་པོ་ཁྲོས་པ་ལྟ་བུ་ཁ་དོག་དམར་ནག །སྤྱན་རྩ་དམར་ཞིང་ཤིན་ཏུ་ཟླུམ་ལ་ཁྲོ་གཉེར་དཔྲལ་བར་བསྡུས་པ། དྲག་སྐུ་བཞེངས་པ་རྣམས་ལས་ཀྱང་བརྒྱ་འགྱུར་གྱིས་ལྷག་པའི་འཇིགས་རྔམས་ཅན་བལྟ་བར་མི་བཟོད་པ་ཞིག་ཏུ་གྱུར་ཏེ། དྲག་པོའི་ང་རོ་དང་བཅས་ཅིས་ཀྱང་ཁྱེར་ཡོང་དགོས་གསུངས་པ་ན། གོས་ནི་ཇི་ལྟར་བྱས་ཀྱང་འབུལ་བའི་ཐབས་མེད།


GTD005_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེད་སྣང་སྲིད་ཀུན་གྱི་བདག་པོ་ཡིན་པས་ངེད་རང་གི་སྙིང་ཁྲག་ཕུལ་བ་ཡིན་ཞེས་ཐུགས་ཐག་པ་ནས་ཞུས་པས། དེ་མ་ཐག་ཆོས་སྐྱོང་ཐུགས་ཞུམ་པ་ལྟ་བུས་ཡུད་ཙམ་དགོངས་པ་ལ་བཞུགས། སྐད་ཅིག་ཉིད་ལ་སྔར་གྱི་རྣམ་པ་ཐམས་ཅད་གནས་གྱུར་ཏེ། ཤིན་ཏུ་ཞི་ཞིང་དུལ་བའི་ཚུལ་གྱིས། འོ་ན་ངེད་ལྷ་ཁོག་དང་བཅས་པ་བྱང་ཆུབ་སྙིང་པོའི་བར་དུ་དམ་པ་ཉིད་ནས་ཐུགས་ལ་འཛིན་དགོས་ཞེས་གུས་པ་ལྷུར་བླངས། དེར་མ་ཟད་རྗེས་སོར་ཞིག་སྐུ་རྟེན་ལ་ཁོག་ཞུགས་ཀྱི་ཚེ་ལུས་སེམས་ཤིན་ཏུ་ངལ་བ་ཞིག་ཡོད་པས། སླར་མི་འབབ་པའི་ཐབས་ཤིག་གནང་དགོས་ཞེས་ཡང་ཡང་ནན་གྱིས་ཞུས་ངོར། ཆོས་སྐྱོང་ལ་ཡང་དེ་ལུགས་ཀྱི་བཀའ་བསྒོས་པ་ཕྱིན་ཆད་མ་བབས་པ་སོགས་སྣང་སྲིད་དྲེགས་པའི་སྡེ་དཔོན་ཆེན་པོ་ཉིད་ཀྱང་དམ་པ་འདིའི་བཀའ་ལས་མི་འདའ་བའི་མཚན་མ་སྔ་ཕྱིར་མང་དུ་ཡོད་དོ། །དེ་སྐབས་གསུངས་པ་བཞིན་ལོ་གྲངས་ཉི་ཤུ་ཙམ་གྱི་རྗེས་སུ་སྐྱབས་མགོན་རྡོ་རྗེ་འཆང་དམ་པ་འདི་ཉིད་དང་བཅས་པས་ཡུལ་ཕྱོགས་ཀྱི་སྐྱེ་འགྲོ་ཐམས་ཅད་ལ་ཕན་ཐབས་ཁོ་ནར་དགོངས་པའི་མཛད་པ་སྐྱོན་མེད་པ་ཡང་ཨ་མ་འདྲེར་མཐོང་གི་སྐྱེ་བོ་སྨོན་ལམ་ལོག་པར་ཐེབས་པ་འགའ་ཞིག་གི་ཡིད་ལ་ཟུག་རྔུར་གྱུར་ཏེ། དགེ་འདུན་གྱི་དབྱེན་བསླངས་ནས་རྒྱུད་གྲྭ་ཇི་བཞིན་གནས་མ་ཐུབ་པ་ན། དམེ་པོ་དཔོན་པོ་དཀོན་མཆོག་རབ་བརྟན་གྱིས་འདུན་པ་རྩེ་གཅིག་གིས་སྦྱིན་བདག་བྱས་ཏེ། སྔར་གྱི་རྒྱུད་གྲྭའི་ཕྱག་བཞེས་མ་ཉམས་པའི་དགོན་པ་ཟུར་དུ་གསར་འདེབས་བྱས་པའི་ཚེ། ཐང་ག་རྣམས་ཀྱང་དེར་གདན་དྲངས་ཏེ་ད་ལྟ་རྟེན་གཙོར་བཞུགས་པ་འདི་ཡིན་ནོ། །ལྕགས་གླང་དང་ཆུ་སྟག་གི་ལོ་གཉིས་ཀར་བདེ་ལམ་གྱི་


GTD005_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིད་སེམས་བསྐྱེད་མཆོད་པ་དང་བཅས་ཤིན་ཏུ་རྒྱས་པ་རེ་གནང༌། སྟག་ཚང་ལྷ་མོ་ནས་ཀིརྟི་སྤྲུལ་བའི་སྐུའི་ཡོངས་འཛིན་དུ་ཕེབས་དགོས་ཚུལ་ཞུས་པ་ན། རང་ངོས་ནས་དེ་འདྲ་ལ་ཐུགས་བཞེད་མེད་ཀྱང༌། རོང་བ་ལྗགས་ནག་པ་རྗེ་བླ་མའི་དངོས་སློབ་ཏུ་གྱུར་པ་དང༌། དེ་ཕྱིན་གྱི་སྐྱེ་རྒྱུད་ཐམས་ཅད་ཀྱང་གཞན་ཕན་འཕྲིན་ལས་ཆེ་བར་སྣང་བས། སྐུ་ཚེ་འདིར་ཡང་རྗེའི་བསྟན་པའི་ཞབས་འདེགས་སུ་འགྱུར་བ་ཞིག་ཨེ་ཡོང་དགོངས་ཏེ་དེ་ཕྱོགས་སུ་ཕེབས། ཆོས་ལུང་འགའ་ཞིག་གནང་ཞིང་བསྟན་པའི་དམིགས་རྐྱེན་ལ་ཕན་པའི་ཐོས་བསམ་མཛད་ཚུལ་སོགས་ཀྱི་བསླབ་བྱ་མཛད་པ་རྣམས་སྤྲུལ་བའི་སྐུ་ཉིད་ནས་དམ་པའི་རང་རྟགས་ཀྱིས་དང་དུ་བཞེས་པ་བྱུང༌། གནས་དེ་ཉིད་དུ་རྡོ་རྗེ་འཇིགས་བྱེད་བསྙེན་པ་གནང་སྐབས་ཤིག་རྨི་ལམ་དུ་དཀྱིལ་འཁོར་མཚན་ཉིད་ཡོངས་སུ་རྫོགས་པའི་གཙོ་བོའི་གོ་སར་སྐྱབས་མགོན་རྡོ་རྗེ་འཆང་དང༌། འཁོར་རྣམས་ཀྱི་གོ་སར་རལ་གྲི་རེ་ཡོད་པ་ཞིག་རྨིས་པ་ནི། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་མོས་གུས་མཐར་ཕྱིན་པའི་རྟགས་སུ་མངོན་ལ། དཔྱད་གཞི་འགངས་ཆེ་བ་གཞན་ཡང་ཡོད་དམ་སྙམ། ཡང་ཤིང་ལྗོན་པ་ཤིན་ཏུ་མཐོ་ཞིང་ཡལ་འདབ་རྒྱས་པ་ཞིག་གི་རྩེ་མོར་ཕེབས་ནས་གཟིགས་པ་ན་འཛམ་གླིང་ཐམས་ཅད་མཐོང་བ་ཞིག་བྱུང་སྟེ། འདི་ཐམས་ཅད་དུ་རྗེ་བླ་མའི་བསྟན་པ་རྒྱས་པ་ཞིག་བྱུང་ན་སྙམ་པའི་འདུན་པ་དྲག་པོ་དང༌། དེའི་དོན་དུ་རྗེ་བཙུན་མ་སྒྲོལ་མ་ལ་གསོལ་བ་འདེབས་དགོས་པ་འདུག་སྙམ་པ་ཤར་ཏེ། བསླུ་མེད་བླ་མ་ཡི་དམ་དཀོན་མཆོག་གི །འཕྲིན་ལས་ལྷ་མོའི་གཟུགས་སུ་ཤར་བ་ཡི། །བརྩེ་ལྡན་རྗེ་བཙུན་བཅོམ་ལྡན་འདས་མ་ལ། །ཤུགས་དྲག་དང་བའི་ཡིད་ཀྱིས་གསོལ་བ་འདེབས། །སྐྱེ་


GTD005_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

རྒུའི་ཕན་བདེ་མ་ལུས་འབྱུང་བའི་གནས། །དུས་གསུམ་རྒྱལ་བའི་ལུང་རྟོགས་བསྟན་པའི་བཅུད། །རྗེ་བཙུན་འཇམ་དཔལ་སྙིང་པོའི་མདོ་སྔགས་ཀྱི། །བསྟན་པ་ཕྱོགས་བཅུར་འཕེལ་བར་བྱིན་གྱིས་རློབས། །ཞེས་པའི་ཚིགས་བཅད་འདི་གཉིས་ཐོལ་བྱུང་དུ་བརྩམས་ནས་གསོལ་བ་འདེབས་པ་ཞིག་རྨིས། ཐ་ན་རྨི་ལམ་ཚུན་ཆད་དུ་ཡང་བསྟན་པ་ཁོ་ན་ཐུགས་ལ་བཅངས་ཏེ། དེའི་དོན་མ་གཏོགས་དགོངས་རྒྱུ་མེད་པ་འདི་ལྟ་བུ་ནི་ངེས་པ་དོན་གྱི་བསྟན་པ་འཛིན་པའི་སྐྱེས་པའི་ཁྱད་ཆོས་བླ་ན་མེད་པ་ཡིན་ཏེ། ད་ལྟ་བསྟན་འཛིན་ཆེན་པོར་སྒྲོགས་ཤིང་རློམ་པའི་ཁྲོད་ན། ཕྱོགས་ལྷུང་ཙམ་གྱི་སྡེ་དགོན་རེ་བསྐྱངས་ཏེ། ཆགས་སྡང་གི་འཁོར་ལོ་བསྐོར་བ་ལ་བསྟན་པ་བཟུང་བར་མིང་བཏགས་པ་མ་གཏོགས་བསྟན་པ་སྤྱི་ལ་དམིགས་ནས་འདི་རྒྱས་པ་ཞིག་བྱུང་ན་སྙམ་པའི་འདུན་པ་ཐུགས་རྒྱུད་ལ་ལན་རེ་ཙམ་ཡང་སྐྱེ་མ་མྱོང་བར་སྐུ་ཚེ་ཧྲིལ་གྱིས་འདས་པ་ཤིན་ཏུ་མང་བར་སྣང་ངོ༌། །ཡང་ལན་ཅིག་ལྷ་མོའི་གནས་ཁང་གི་ནང་དུ་ཕེབས་ནས་བདུན་མཚམས་ཤིག་མཛད་པའི་ཚེ། བུད་མེད་མང་པོས་རིན་པོ་ཆེའི་སྣོད་མི་འདྲ་བ་སྣ་ཚོགས་ཟས་དུ་མས་བཀང་སྟེ་འདྲེན་པའི་ཉམས་སྣང་དང༌། རྨི་ལམ་དུ་གནས་ཁང་གི་སྒོ་ན་དཔག་བསམ་གྱི་ལྗོན་པ་ཡངས་ཤིང་རྒྱ་ཆེ་བ་ཞིག་ཡོད་པའི་རྩ་བར་ཕེབས་པ་ན༌། བུད་མེད་འགའ་ཞིག་གིས་འདིའི་རྩེ་མོར་སོང་ཞེས་ཟེར་བ་བཞིན་དུ་བྱོན་པར་སྐྱབས་མགོན་རྡོ་རྗེ་འཆང་སོགས་ལམ་རིམ་བརྒྱུད་པའི་བླ་མ་མང་པོ་བཞུགས་འདུག་པར་ཕྱག་དབང་ཞུས་ཏེ་ཕྱིར་ཕེབས་པ་ན། བུད་མེད་ཤིང་ལོ་གྱོན་པ་ཞིག་འདུག་པ་


GTD005_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

དེས་སྡོང་པོ་འདིའི་སྟེང་ན་རིན་པོ་ཆེ་གང་ཡོད་ཐམས་ཅད་ཁྱོད་ཀྱི་བླ་མ་མཆོད་པའི་ཡོ་བྱད་ཁོ་ན་ཡིན་པས་གཞན་ལ་མ་གཏོད་ཟེར་བ་ཞིག་རྨིས། རྗེས་སོར་ཡང་གཞན་འགའ་ཞིག་ལ་དེ་རྨི་ལམ་ཡིན་ན་ཡང་དོན་ཆེན་པོ་ཅན་ཞིག་ཡིན་འདུག་པས། ངས་ཟས་ནོར་ཅུང་ཟད་རེ་རྙེད་ཚད་ཐམས་ཅད་བླ་མ་མཆོད་པའི་ཕྱོགས་ལ་བཏང་བ་ཡིན་ཞེས་གསུངས་སྣང་བས། མནལ་ལྟས་དེ་དག་ནི་རང་དགའ་བ་ཙམ་མ་ཡིན་པར་དངོས་གནས་ལ་བླ་མ་དང་ལྷག་པའི་ལྷས་བྱིན་གྱིས་བརླབས་ཤིང་ལུང་བསྟན་པ་འབའ་ཞིག་ཡིན་པ་གོར་མ་ཆག་གོ །གནས་དེར་གཞན་གྱི་ཡང་ཆོས་མཐུན་དོན་གཉེར་ཅན་ཉམས་ཁྲིད་སོགས་ཞུ་མཁན་འགའ་ཞིག་བྱུང་བ་སོ་སོའི་རེ་བ་བསྐངས། ཕྱིར་ཕེབས་ཏེ་ཡོས་བུའི་ལོ་ཡང་ལམ་རིམ་གྱི་བཀའ་ཆོས་སྔར་བཞིན་གནང༌། གཞན་ཡང་སྔ་ཕྱི་ཅི་རིགས་པར་བཀའ་གདམས་གཞུང་དྲུག །རིགས་ཚོགས་དང་བྱམས་ཆོས། དབེན་ས་བཀའ་འབུམ་སོགས་གང་ལ་གང་འདུལ་གྱི་ཆོས་སྦྱིན་རྒྱ་ཆེར་སྩལ། ཤིང་འབྲུག་ལོ་སྐྱབས་མགོན་རྡོ་རྗེ་འཆང་དབུས་སུ་ཕེབས་རྒྱུའི་ཞབས་བརྟན་དུ་དམིགས་ཏེ་ཞི་ཁྲོ་སྦྲགས་སྒྲུབ་ཀྱི་སྒོ་ནས་ཨ་ར་པ་ཙ་དང༌། རྩ་སྔགས་སྙིང་པོ་རྣམས་རྒྱུན་རིང་པོར་བསྒྲུབས་ནས་ཞི་རྒྱས་དབང་གསུམ་གྱི་སྦྱིན་སྲེག་བསམ་གྱིས་མི་ཁྱབ་པ་གནང༌། དེ་རྗེས་བཀའ་སྡོད་དམ་ཅན་ཆོས་ཀྱི་རྒྱལ་པོའི་བསྐང་བ་འབུམ་ཐེར་གཉིས་བསྒྲུབས་ཤིང་དྲུག་ཅུ་པ་སྟོང་ཕྲག་ལྷག་པ་བསྔོས། དམ་གཙང་གི་སློབ་མ་རི་ཁྲོད་པ་མང་པོ་ལ་ཡང་ཆ་རྐྱེན་གནང་ནས་ཆོས་རྒྱལ་བསྐང་བ་བསྒྲུབ་ཏུ་བཅུག །དེ་སྐབས་གཞན་གྱི་རི་ཁྲོད་པ་ཞིག་གི་རྨི་ལམ་ལ་འཕགས་པ་ཤིང་སྐུའི་མཁར་ན་གོང་མའི་རྒྱལ་ཁབ་ཚུན་ཆད་


GTD005_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བའི་ཁང་བཟང་མཐོ་ལ་ཡངས་པ་ཕུར་འཇམ་དབྱངས་སྨྲ་སེང་གི་སྐུ་བཞུགས་པ་གཅིག་ཏུ་ཁོང་རྣམས་ཆོས་རྒྱལ་གྱི་བསྐང་བསྐུལ་གཏོང་བཞིན་པར་ཡོད་པའི་བསྐུལ་བའི་ནང་གི་གཤིན་རྗེ་མོ་བཞིའི་བསྐུལ་གྱི་མཚམས་དེར་དབུ་མཛད་ཀྱིས་སྐད་གདངས་དྲག་པོ་དང་བཅས། མདོ་སྨད་བྱང་ཕྱོགས་ཡུལ་ཁམས་ཀྱི། །ཡངས་པའི་གྲོང་ཁྱེར་རྒྱལ་ཁབ་ན། །འཇམ་དབྱངས་སྨྲ་བའི་སེང་གེ་བཞུགས། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབས། །ཞེས་འདོན་པ་རྨིས། ཕྱི་ཉིན་ཞོགས་ཀ་སྔ་བར་གྲྭ་པ་ཞིག་འོངས་ཏེ་བླ་མ་རིན་པོ་ཆེ་མདང་གློ་བུར་དུ་ཕེབས་ཏེ་དབུ་མཛད་ཀྱི་ནང་དུ་བཞུགས་ཡོད་པས། ཁྱེད་རང་དེར་ཤོག་གསུང་གི་ཞེས་བཤད་པས་ཁོ་གཏིང་ནས་ཡ་མཚན་པར་གྱུར་ལ། ཡ་མཚན་ཆེ་བར་ཡང་སྣང་ངོ༌། །གཞན་ཡང་སྐྱབས་མགོན་རིན་པོ་ཆེའི་ཞབས་བརྟན་དུ་ཤེར་སྙིང༌། སྒྲོལ་མ། རྣམ་སྲས་བསྐང་བ་རྣམས་འབུམ་ཕྲག་རེ། སྒྲོལ་མ་མཎྜལ་བཞི་པ་ཁྲི་ལྷག །ཡིག་བརྒྱ་འབུམ་ཐེར་དུ་མ་བཅས་བསྒྲུབས། གང་བསྒྲུབས་ཐམས་ཅད་ཀྱང་ཁྲལ་ཆོས་ལྟ་བུ་གྲངས་འགྲོ་ཐབས་དང༌། འོལ་ཚོད་ཀྱིས་འདི་ཙམ་སོང་ཡོད་ཅེས་གྲངས་མཐོ་འཛིན་བྱས་པ་མ་ཡིན་པར། སྒྲུབ་པ་པོ་རྣམས་ལ་བསྙེན་བཀུར་ཕུལ་དུ་ཕྱིན་པ་རྐྱེན་ཐེག་ངེས་པ་དང༌། ནོར་རྫས་གང་བཟང་གིས་ཡོན་གཟབ་རྒྱས་ཞུས། ཞལ་འདོན་དལ་བྲེལ་སྙོམས་ལ་ཚིག་རེ་རེ་ཡང་ཆད་ལྷག་ཏུ་མི་འགྲོ་བས་དངོས་དག་པ་བྱེད་དུ་བཅུག །ཐམས་ཅད་ཀྱི་སྐབས་སུ་མཆོད་པ་བསམ་གྱིས་མི་ཁྱབ་པ་ཕལ་བའི་བློར་མི་ཤོང་བ་ལྟ་བུ་སོགས་ཆ་ཐམས་ཅད་ནས་གནད་དུ་འགྲོ་ངེས་པ་བྱས། སྐྱབས་མགོན་


GTD005_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེ་དབུས་ནས་ཕྱིར་ཕེབས་རིང་གི་ལོ་གཅིག་གཉིས་ཤིག་ཏུ་གཉན་ཆེན་སོགས་ཡུལ་ལྷ་རྣམས་ལ་བསང་ཤིང་རྒྱབ་ཁལ་དུ་མ་དང༌། ཀ་ར་བུ་རམ་སྦྲང་རྩི་ཐུད་སོགས་བསང་རྩི་མི་ཁུར་མང་པོས་བསང་མཆོད་ཤིན་ཏུ་རྒྱས་པ་ལན་མང་དུ་གནང་། མཚམས་ཤིག་ཏུ་དེའི་རིགས་རྦད་ཆོད་གནང་བས། འགའ་ཞིག་གིས་བསངས་མཆོད་རྒྱུན་མ་བཅད་ཙམ་གནང་ཨེ་དགོས་ཞུས་པར། ད་དེ་དག་བློ་ཡུལ་ལས་འདས་སོང་གསུངས་ནས་མ་གནང༌། ཚུལ་འདི་ནི་བཀའ་གདམས་གོང་མ་རྣམས་ཀྱིས། འཇིག་རྟེན་པའི་ལྷ་ལ་བརྟེན་པ་དེས། མ་མགུ་ན་གནོད་ལ། མགུ་ན་ཡང་གནོད་གསུངས་པ་བཞིན། ཅུང་ཟད་ཙམ་ལ་ཁྲོས་པས་ཉེར་འཚེ་དུ་མ་བྱེད་པ་དང༌། ཁོ་མགུ་ན་གྲོགས་བྱས་ཏེ་བྱ་བྱེད་ལམ་དུ་འགྲོ་ཞིང་ནུས་མཐུ་ཆེ་ཆེ་འདྲ་བ་བྱུང་བས་རིམ་གྱིས་བློ་ཁ་དེ་ཕྱོགས་སུ་བསྒྱུར་ཏེ། མཐར་སྐྱབས་འགྲོ་ཚུན་ཆད་གཏོང་བས་ཕུང་ཚབས་ཤིན་ཏུ་ཆེན་པོ་འབྱུང་བ་དེ་ལྟ་བུ་ལ་དགོངས་པའམ། ཡང་ན་ཆོས་སྐྱོང་བྲན་དུ་འཁོལ་བས་ལས་བཞིའི་འཕྲིན་ལས་གང་དགོས་དེ་དག་གིས་ཐོགས་པ་མེད་པར་བསྒྲུབས་ཏེ། འཇིག་རྟེན་པ་རྣམས་ལ་ཅུང་ཟད་ཀྱང་ལྟོས་མི་དགོས་པའི་གདེང་ཐོབ་པ་གང་རུང་ཞིག་ཏུ་སེམས་སོ། །ཡང་ཞབས་བརྟན་ལ་དམིགས་ཏེ་མཐིང་ཤོག་བཟང་པོར་གསེར་གང་འདྲོང་གིས་ཤེར་ཕྱིན་སྟོང་ཕྲག་བརྒྱད་པ་ཡིག་གཟུགས་ཤིན་ཏུ་རྒྱ་ཆེ་བས་པོ་ཏི་བཞིར་ལོངས་པ་ཞིག་བྲིས་ཏེ། པོ་ཏི་རེ་རེ་ལ་ཡང་བཟང་གོས་ཀྱི་ཐུམ་བཞི་བཞི་ཕུལ། བྲིས་པ་རྣམས་ཀྱང་རྟ་སྒ་འཁོར། གྱོན་པ་ཆ་ཚང་སོགས་ཡོན་གྱིས་མགུ་བར་བྱས། མདོར་ན་འབྲུག་ལོ་ནས་བཟུང་ལོ་གསུམ་གྱི་རིང་འདིར་འཆར་ཅན་གྱི་བཀའ་ཆོས་འཆག་མེད་རྣམས་


GTD005_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། དམིགས་བསལ་རེ་གཉིས་མ་གཏོགས་ཉིན་མཚན་ཁོར་མོ་ཡུག་ཏུ་བླ་མའི་ཞབས་བརྟན་བསྒྲུབ་རྒྱུ་ཁོ་ན་ལ་གཞོལ་བར་མཛད། རྟའི་ལོའི་དགུན་སྐྱབས་མགོན་ཐམས་ཅད་མཁྱེན་པ་ཕྱིར་གདན་སར་ཕེབས་པའི་ཚེ། རྒྱ་བོད་སོག་གསུམ་གྱི་བླ་དཔོན་ཆེ་དགུ །དགོན་ལག་དུ་མ་དང་བཅས་པའི་བསུ་བ་གཟབ་འཕྱོར་ཅན་སྟོང་ཕྲག་བརྒལ་བས་རིམ་པར་བསུས་པ་ན། དམ་པ་འདི་ཉིད་སྒྲུབ་སྡེའི་དགེ་སློང་གི་ཚོགས་དང་བཅས་ཞབས་ཐང་ལ་བསུ་བར་ཕེབས་ཏེ། ཁྱུང་རྩེའི་ཐང་དུ་ཆོས་གོས་རྣམ་གསུམ་གྱོན་ནས་དམིགས་བརྩེ་མའི་གདངས་དབྱངས་དང་བཅས་གཡས་བསྐོར་གྱི་ཚུལ་གྱིས་བསུས་པ་ན་རང་དབང་མེད་པར་ཡིད་ལ་དང་བ་འདྲེན་ཞིང༌། རི་ཀླུང་ཐམས་ཅད་གང་བའི་བསུ་བའི་ཁྲོམ་ཆེན་པོ་སྨུག་ཆིལ་ལེ་བ་དེ་ཐམས་ཅད་ཀྱང་ཟིལ་གྱིས་གནོན་པ་ལྟ་བུ་བྱུང༌། སྐྱབས་མགོན་མཆོག་ནས་གཙང་དབུས་གཉིས་ཀར་ཆོས་རྒྱུན་ཉག་ཕྲ་བ་མང་པོ་སོར་ཆུད་པར་མཛད་ཚུལ་དང༌། གཏོང་སྒོ་གནང་ཚུལ་སོགས་སྐུ་དོན་གྱི་བཀའ་མཆིད་ཞིབ་ཏུ་གནང༌། དབུས་ཕེབས་ཀྱི་སྐུ་དོན་རྣམས་ལ་ཁྱེད་ཀྱིས་སྐུ་རིམ་བསྒྲུབ་པ་དེ་གནད་དུ་འགྲོ་བ་བྱུང༌། ད་དུང་བྱམས་ཆེན་བཞེངས་རྒྱུ་ལ་འཚུབ་ཆ་ཆེ་བར་སྣང་བས་སྐུ་རིམ་སྔར་རྒྱུན་བཞིན་མ་ལྷོད་པ་བྱེད་དགོས་གསུང༌། སྤྱིར་སྐྱབས་མགོན་ཉིད་ནས་གནང་སྐྱེས་དང༌། ལེགས་སོ་དབུགས་དབྱུང་ཚུན་ཆད་རེ་ལྟོས་ཡོད་པའི་རིགས་རྣམས་ལ་སོ་སོའི་ཁམས་དང་མཐུན་པར་གང་ལ་གང་འོས་ཀྱི་བདག་རྐྱེན་བཀའ་དྲིན་སྐྱོང་བ་ཞིག་ཡོད་ཀྱང༌། དམ་པ་འདིས་རང་གི་རྒྱུ་ནོར་ཐམས་ཅད་ཕངས་མེད་དུ་བཏང་སྟེ།


GTD005_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ཟླ་མང་པོའི་བར་དུ་སྦྲེལ་ནས་ཞབས་བརྟན་ཁོ་ན་བསྒྲུབ་པ་ལ་ཡང་གནང་སྦྱིན་ལྟ་ཞོག། །སྐུ་རིམ་གནད་དུ་སོང་འདུག་གསུང་བ་ཙམ་མ་གཏོགས། ཚིག་གི་གཏང་རག་ཅིག་ཀྱང་མ་མཛད་པ་ནི་ཕ་རོལ་པོའི་ཀུན་སློང་ལ་ཆོས་བརྒྱད་ཀྱི་སྣང་ཤས་ཅུང་ཟད་ཀྱང་མ་འདྲེས་པ་མངོན་སུམ་དུ་གཟིགས་པས་བླ་སློབ་གཉིས་ཀའི་ཆེ་བ་རྨད་དུ་བྱུང་བར་སྣང་སྟེ། དཔེར་ན་སྔོན་མཉམ་མེད་ཇོ་བོ་ཆེན་པོས་ལྷ་བཙུན་བོ་དྷི་རཱ་ཛཱ་ལ་ཞེ་ས་དང་བཀུར་སྟི་ཆེན་པོ་གནང་ནས། བྱང་ཆུབ་འོད་ལ་དེ་འདྲ་ཅུང་ཟད་ཙམ་ཡང་མ་གནང་བའི་ཚེ། ཁོའི་སེམས་ལ་བྱང་ཆུབ་འོད་ལས་ཁྱེད་རིགས་དང་བསོད་ནམས་ཀྱིས་ཁྱད་དུ་འཕགས་ཚུལ་ཞིག་གསུང་དུ་རེ་ནས་ཇོ་བོ་ལ་ཉིད་ཀྱིས་བདག་ལ་བཀུར་སྟི་ཆེན་པོ་མཛད་ཀྱང༌། བྱང་ཆུབ་འོད་ལ་མི་མཛད་པ་ཅི་ཡིན་ཞུས་པར། བྱང་ཆུབ་འོད་ངའི་སློབ་མ་ཡིན་གསུངས། ཁོ་ཁ་སྐྱེངས་ཏེ་འོ་ན་བདག་སློབ་མ་མ་ལགས་སམ་ཞུས་པར། སློབ་མ་ལགས་ལགས་གསུངས་པའི་དཔེ་བཞིན། ད་ལྟ་ཕལ་ཆེར་བླ་མས་ཚུར་ལ་ངོ་དཀར་ནག་འཚོ་དགོས་པ་འདི་སློབ་མའི་རྒྱུད་རུལ་བའི་རྟགས་ཡིན་ནོ། །དེ་ནས་ཡང་ཕྱིར་ཕེབས་ཏེ་ཆོས་རྒྱལ་དང་རྣམ་སྲས་ཀྱི་བསྐང་བ་འབུམ་ཕྲག་རེ། སྒྲོལ་མ་མཎྜལ་བཞི་པ་ཁྲི་ཚར་བཅས་བསྒྲུབས། ཉིན་གཅིག་མཎྜལ་བཞི་པ་ཞིག་སྒྲུབ་རྩིས་ཀྱིས་སྒྲུབ་གྲོགས་འགའ་དང་བཅས་སྐྱབས་འགྲོ་ནས་བརྩམས་ཏེ་གསུང་བཞིན་པའི་སྐབས། དགེ་སློང་བྱམས་པའི་ཉམས་སྣང་ལ་ཙོང་ཁ་བརྒྱད་ཅུའི་ཞལ་ཐང་ཞིག་གི་ཀྵེ་ཏྲ་པ་ལས་གནོད་བྱེད་བསྒྲལ་བའི་རྣམ་པ་ལྟ་བུ་དེའི་ཟུར་ནས་མ་ཧེ་འཇིགས་སུ་རུང་བ་ཞིག་ཐོན་པ་ལྟ་བུའི་ཉམས་ཤར་ཏེ་ལུས་ཀྱི་བ་སྤུ་གཟེང་ཞིང་འཇིགས་ཆུམ་མེ་བ་


GTD005_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་བྱུང༌། མཚམས་དེར་ཁོང་རིན་པོ་ཆེ་ནས་སྔ་མའི་འདོན་པ་འཕྲོ་བཞག་སྟེ། གློ་བུར་དུ་བརྐྱངས་བསྐུམས་མ་ཞིག་གི་དབུ་བསྐུལ་ནས་གསུང་སོང་བ་ལ། རྗེས་སོར་དེའི་རྒྱུ་མཚན་ཞུས་པར། དེ་འདོན་དགོས་པ་ཞིག་འདུག་གསུངས་པ་མ་གཏོགས་གསལ་ཁ་མ་མཛད་ཀྱང༌། སྐབས་དེར་དམ་ཅན་ཆོས་ཀྱི་རྒྱལ་པོའི་གཟིགས་སྣང་ཞིག་བྱུང་བར་ཐེ་ཚོམ་མེད་དོ། །ལུག་ལོ་༸སྐྱབས་མགོན་མཆོག་ནས་བཀྲ་ཤིས་འཁྱིལ་དུ་ཚོགས་མང་ལ་བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ་དང༌། རྫོགས་རིམ་རིམ་ལྔ་གསལ་སྒྲོན་གྱི་བཤད་ལུང་རྒྱས་པར་སྩལ་སྐབས་ཕེབས་ནས་གསན་ཅིང༌། དེའི་ཞར་ལ་སྐྱེས་རབས་ཀྱི་བཤད་ལུང་སྒེར་དུ་ཞུས། རོང་ཕྱོགས་ཀྱི་དགོན་ལག་རྣམས་ནས་སྐྱབས་མགོན་ཐམས་ཅད་མཁྱེན་པ་གདན་དྲངས་ཏེ་མཛོ་དགེ་སྨད་དུ་ཕེབས་སྐབས་བསྙེན་བཀུར་གང་དགོས་ཞུས་ཤིང༌། དེའི་རྒྱུད་གྲྭ་དང་ལྷན་དུ་དཔལ་གསང་བ་འདུས་པའི་དབང་གསན། རྒྱུན་པར་ཞབས་བརྟན་བསྒྲུབ་རྒྱུ་རྩལ་འདོན་གནང༌། དེའི་ཕྱི་ལོ་བླ་བྲང་དུ་ཕེབས་ཏེ་སྐྱབས་མགོན་མཆོག་གི་ཞབས་དྲུང་ནས་ངོ་མཚར་བའི་རྣམ་ཐར་བཅོ་བརྒྱད་དང་ལྡན་པའི་གྲུབ་ཆེན་མི་ཏྲ་ཛོ་ཀི་ལ་འཕགས་མཆོག་རྒྱལ་བ་རྒྱ་མཚོས་དངོས་སུ་སྩལ་བ་མི་ཏྲ་བརྒྱ་རྩར་གྲགས་པའི་དབང་རྣམས་ཡོངས་སུ་རྫོགས་པར་གསན། ཉིན་བཞིན་ཕྱི་དྲོའི་ཆ་ལ་རོང་པོ་རྒྱུད་པའི་བླ་མ་མཁན་ཆེན་དྲུང་ཡིག་བློ་བཟང་རྒྱ་མཚོ་སོགས་དུ་མ་ལ་སྒྲ་བསྒྱུར་མར་པ་ལོཙྪའི་རྣམ་ཐར་སོགས་ཆོས་ལུང་མང་དུ་གནང༌། དེ་སྐབས་སྐྱབས་མགོན་མཆོག་


GTD005_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བྱམས་ཆེན་མཐོང་བ་དོན་ལྡན་གྱི་གཟུངས་གཞུག་སྒྲུབ་རྒྱུའི་ཁུར་ལེན་བྱེད་དགོས་པའི་བཀའ་ཕེབས། གཟུངས་གཞུག་བྲི་སྒྲུབ་དང་དྲིལ་ཚུལ་གྱི་ཕྱག་ལེན་སོགས་པཎ་ཆེན་ཐམས་ཅད་མཁྱེན་པའི་ཕྱག་བཞེས་གཞིར་བཟུང༌། ཀུན་གཟིགས་ལྔ་པ་ཆེན་པོའི་གསུང་འགའ་ཞིག་གིས་ཟུར་བརྒྱན་ཏེ་ལག་ཏུ་ལེན་ཚུལ་གྱི་བཀོད་ཁྱབ་དང༌། ཁྱད་པར་དུ་དམ་པ་འདི་ཉིད་བཅོམ་ལྡན་འདས་མ་འཕགས་མ་རིག་བྱེད་མའི་བྱིན་རླབས་ཀྱི་བཀའ་བབ་ཏུ་གཟིགས་ནས། དེའི་སྨིན་བྱེད་ཀྱི་རིམ་པ་ཆོས་སྐོར་གྱི་ལུང་དང་ལག་ལེན། དོན་ཀུན་འགྲུབ་པའི་འཁོར་ལོ་སྒྲུབ་ཚུལ་སོགས་ཀྱི་ཞལ་ཤེས་མན་ངག་དུ་མ་དང་བཅས་གདམས་ངག་ཆ་ཚང་བར་གནང༌། ཕྱིར་ཕེབས་ཏེ་གཟུངས་གཞུག་གི་ཤོག་བུ་དང་གསེར་ཤོག །མཚལ་སྣག །གཟུངས་ཀྱི་ན་བཟའི་རྒྱུའི་གོས་རྣམས་སྒྲུབ་པའི་ཕྱིར་རང་ཉིད་ཅོ་ནེའི་ཕྱོགས་སུ་ཕེབས་ཏེ། རིན་ཐང་སོགས་ལ་མ་གཙིགས་པར་སྤུས་གང་གཙང་ཕོན་ཆེ་བར་བསྒྲུབས། གཟུངས་གཞུག་རྒྱས་བསྡུས་སོ་སོ་ནས་འབྱུང་བ་དང༌། གཞན་ཡང་རྒྱུད་འབུམ་སོགས་སུ་བཞུགས་པའི་གཟུངས་སྔགས་ཤིན་ཏུ་མང་པོ་རྣམས་ཕལ་ཆེར་གསེར་བཟང་པོ་འབའ་ཞིག་གིས་བྲིས་ཤིང༌། གཞན་ཡང་རིན་པོ་ཆེ་སྣ་ཚོགས་བཏུལ་བའི་ཕྱེ་མ་དང་མཚལ་སོགས་ཀྱིས་གཟུངས་རེ་རེ་ཡང་བརྒྱ་སྟོང་མང་པོ་བྲིས། ཁྱད་པར་དུ་བྱམས་འཇམ་དབྱངས་སྒྲོལ་མ་དཀར་སྔོན་དམར་གསུམ་གྱི་སྔགས་རྣམས་རེ་རེ་བཞིན་བྲིས་མ་དང་བར་མ་བྱེ་བ་ཕྲག་མང་པོ་བཞེངས། རིན་པོ་ཆེའི་རིགས་དང་སྨན་སྣ་ཚོགས་ཁ་ཆེའི་དྲི་བཟང་སོགས་ཀྱིས་བསྒོས་པའི་ཤོག་བུ་ལ་བླ་མ་ཡི་དམ་སྣ་ཚོགས་ཀྱི་སྐུ་བརྙན་གསེར་


GTD005_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ཚོན་གྱིས་བྲིས་པ་དང༌། བར་མ་བསྡོམས་པས་འབུམ་ཕྲག་ལྔར་ཉེ་བ་དང༌། གཞི་དེ་ལྟ་བུ་ལ་རིན་པོ་ཆེའི་ཕྱེ་མ་དང་སྦྱར་བའི་རྒྱ་སྣག་བཟང་པོས་གཟུངས་དང་མདོ་ཕྲན་ཡང་སྟོང་ཕྲག་མང་པོ་པར། གནས་སོ་སོར་འབུལ་རྒྱུའི་གཟུངས་རྣམས་ཀྱི་མཇུག་ཏུ་སྨོན་ཚིག་ཐ་དད་པ་ཉིད་ནས་གསར་བསྒྲིགས་གནང་སྟེ་གསེར་མཚལ་སོགས་ཀྱིས་བྲིས་པ་དང་པར་མ་ཁྲི་ཕྲག་མང་པོ་སོ་སོར་སྦྱར། ༸པཎ་ཆེན་དང་༸རྒྱལ་དབང་སོ་སོའི་བཞེད་པ་ལྟར་གྱི་གནོད་སྦྱིན་འཁོར་ལོ་རྒྱས་བསྡུས་ཚན་པ་མང་པོ་དང༌། ཚོགས་བདག་འཁོར་ལོ་ཚར་མང་པོ་ཚོན་གྱིས་ལེགས་པར་བྲིས་ཏེ། ཐུགས་ཀའི་སྔགས་འཕྲེང་དང་མཐའི་མུ་ཁྱུད་ཀྱི་སྔགས་རྣམས་གསེར་འབའ་ཞིག་གིས་བྲིས། གཟུངས་གཞུག་ཐམས་ཅད་ལ་རེ་རེ་བཞིན་དུ་གོས་ཆེན་སེར་པོ་ཤ་སྟག་གི་ན་བཟའ་ཕུལ་ཏེ། དར་སྐུད་སེར་པོས་ལེགས་པར་དཀྲིས། དེ་ནས་དམ་ཚིག་གཙང་མའི་དཔོན་སློབ་བཅུ་བདུན་ཙམ་གྱིས་ཟླ་བ་གཉིས་དང་ཞག་གསུམ་གྱི་བར་དུ་ཐུན་བཞིར་བཅད་དེ་གཟུངས་གཞུག་དེ་དག་ལེགས་པར་བསྒྲུབས། མཇུག་ཏུ་མར་རྒྱ་མ་སྟོང་དང་ལྔ་བརྒྱ་ཙམ་དང༌། དེའི་ཚོད་ཀྱིས་རྫས་ཆེན་གཞན་རྣམས་ཀྱང་འཛོམས་གང་ཆེས་སྦྱིན་སྲེག་ཉིན་བཅུའི་བར་དུ་ཕུལ། གཞན་ཡང་དེའི་ཡན་ལག་ཏུ་ཟླ་བ་གཉིས་དང་ཞག་བཅུའི་རིང་སྒྲོལ་མ་དཀར་སྔོན་གཉིས། འཕགས་མ་རིག་བྱེད་མ། ཕྱག་རྡོར་གོས་སྔོན་ཅན། འཇམ་དཀར། མགོན་ཆོས་སོགས་ཀྱི་བསྙེན་པ་ཡང་ཁ་སྐོང་གི་སྦྱིན་སྲེག་དང་བཅས་ཚད་དང་ལྡན་པ་གནང༌། ལོ་འདི་ནས་བཟུང་སྐུ་ཚེ་ཧྲིལ་པོར་ལོ་རེ་བཞིན་སྐྱབས་


GTD005_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་ཐམས་ཅད་མཁྱེན་པའི་སྐུ་དོན་དུ་དམིགས་ནས་སྒྲོལ་མ་དཀར་སྔོན་དམར་གསུམ་གྱི་སྦྱིན་སྲེག་ལ་སོ་སོར་མར་རྒྱ་མ་བརྒྱ་རེ། ཡམ་ཤིང་རྒྱབ་ཁལ་རེ། འབྲུ་རྣམས་འཇག་རེ། ཁྱད་པར་དུ་སྒྲོལ་མ་དམར་མོ་ལ་ཁྲོན་སུམ་ཅུ་རེའི་རིན་གྱི་སྨན་དང་རིན་པོ་ཆེ་གོས་དར་སོགས་ཆག་མེད་དུ་འབུལ་བ་གནང༌། ལོ་ལྟར་གྱི་ཟླ་བ་དང་པོའི་ཚེས་གཅིག་ནས་བཞི་པའི་བཅོ་ལྔའི་བར་ལ་མར་རྒྱ་མ་ལྔ་བརྒྱ་རེའི་མཆོད་མེ་ཡང་ངེས་ཅན་དུ་འབུལ་བ་རྣམས་འཆར་ཅན་ཡིན་ཀྱང༌། གཞན་གྱིས་མཐོང་ན་མི་ལེགས་གསུངས་ནས་ཤིན་ཏུ་སྦས་པ་ཁོ་ན་མཛད། སླར་ཡང་ཟླ་བ་གཅིག་གི་རིང་གནོད་སྦྱིན་འཁོར་ལོ་དང་གཏེར་བུམ་རྣམས་བསྒྲུབས་ཏེ་རྣམ་སྲས་གཡང་འབོད་མང་པོ་དང་བཅས་རྟེན་རྣམས་ལ་བྱིན་ཕབས། འདི་སྐབས་ཀྱི་སྒྲུབ་གྲོགས་རྣམས་དང༌། ཕྱིའི་ལས་བྱེད་མཐའ་དག་གི་ཆ་རྐྱེན་དང་ཡོན། སྦྱིན་སྲེག་གི་དགོས་ཆས་དང༌། ལོ་འཁོར་དུ་མར་རྒྱ་མ་སྟོང་ཕྲག་དུ་མས་མཆོད་མེ་ཕུལ་བ་སོགས་ཀྱི་རྒྱུ་འགྲོས་གཞན་རྣམས་ལྟ་ཞོག །གཟུངས་གཞུག་གི་ན་བཟའི་གོས་དང༌། གསེར་ཚོན་ཤོག་བུ་རྣམས་ཀྱི་རིན་ཁོ་ན་ལ་ཡང་དོང་ཙེ་ཁྲོན་ཆེ་བ་སྟོང་ཕྲག་གཉིས་བརྒལ་བ་སོང་འདུག་ལ། མདོར་ན་དེའི་གོང་དུ་ཞབས་བརྟན་བསྒྲུབ་རྒྱུའི་ཁོངས་དེར་ཕྱག་རྫས་གང་ཡོད་བཏང་བ་ལྟ་བུ་ཡིན་ཀྱང༌། འདི་རེས་ཀྱང་གཟུངས་གཞུག་སྐོར་གྱི་ལས་དོན་ཤིན་ཏུ་རླབས་ཆེ་བ་བསྒྲུབ་རྒྱུ་རྣམས་ཅུང་ཟད་ཙམ་ཡང་ཕྱག་མ་ཐོགས་པར་ཐུགས་བཞེད་བཞིན་ལྷུན་གྱིས་གྲུབ་པ་ནི། འདུལ་བ་ལུང་ལས། རྒྱལ་པོ་རྣམས་ནི་ཚིག་གིས་འགྲུབ། །ལྷ་རྣམས་བསམ་པས་འགྲུབ་པ་སྟེ། །ཚུལ་ཁྲིམས་ལྡན་པ་སྨོན་པས་འགྲུབ། །ཅེས་གསུངས་


GTD005_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟར། ཚུལ་ཁྲིམས་རྣམ་པར་དག་པ་དང༌། ཐུགས་བསྐྱེད་རྨད་དུ་བྱུང་བ་ཁོ་ནའི་ནུས་མཐུར་སེམས་སོ། །ཁྱད་པར་དུ་འཕགས་མ་རིག་བྱེད་མ་ནི་སྐུ་ཚེ་དུ་མར་འབྲེལ་བའི་ལྷག་པའི་ལྷ་ཡིན་པས། སྐྱབས་མགོན་མཆོག་གི་བཀའ་བབས་པ་ལྟར་དེའི་བསྙེན་སྒྲུབ་གནང་བ་ན། བྱིན་རླབས་ཀྱི་འཇུག་པ་མངོན་མཚན་ཆེ་བ་མི་རིང་བར་བྱུང༌། དེའི་སྒྲུབ་པ་གནང་ཚུལ་རྒྱུས་མེད་པའི་སློབ་མ་ཞིག་གི་རྨི་ལམ་དུ་ཡང༌། ཉིད་ནས་དབུ་རྒྱན་ཞིག་བཞེས་ཡོད་པའི་སྟེང་དུ་བཅོམ་ལྡན་འདས་མའི་སྐུ་ལྔ་ཡོད་པ་རྨིས་པ་དང༌། ཡང་ཕྱིས་སུ་སློབ་མ་ཞིག་གི་ཉམས་སྣང་ལ་དམ་པ་ཉིད་ལྷ་མཆོག་དེའི་རྣམ་པར་བཞེངས་པའི་སྐུ་ལུས་ཤེལ་སྒོང་ལྟར་དྭངས་ཤིང་གསལ་བ། དེའི་ཐུགས་ཀའི་ས་བོན་གྱི་གོ་སར་སྐྱབས་མགོན་མཆོག་གི་ཡང་སྲིད་རིན་པོ་ཆེ་བཞུགས་པའི་སྣང་བ་ཤར་བ་སོགས་སྔ་ཕྱིར་རྟགས་ཡ་མཚན་ཆེ་བ་མང་དུ་སྣང་ངོ༌། །དེ་ལྟར་ལོ་གཉིས་རིང་གཟུངས་གཞུག་བཞེངས་རྒྱུ་དང་སྒྲུབ་རྒྱུ་སོགས་ཚགས་སུ་ཚུད་པར་བྱས་ཏེ། ལྕགས་ཁྱིའི་ལོ་གཟུངས་གཞུག་རྒྱབ་ཁལ་སུམ་ཅུ་ཙམ་ཡོད་པ་དེ་ཐམས་ཅད་ཚོན་གྱིས་སྤྲས་པའི་སྒམ་མང་པོར་བཞུགས་སུ་བཅུག་ནས་བླ་བྲང་དུ་གདན་དྲངས། འབུལ་བའི་ཚེ་ཡང་ཉིད་ཀྱིས་ཕྱག་བསྟར་ཏེ་གཟུངས་རེ་རེ་ཙམ་ཡང་དབུ་ཞབས་མ་ལོག་ཅིང༌། སྲུབ་ཅུང་ཟད་རེ་ཙམ་ལ་ཡང་དྲི་བཟང་གི་ཕྱེ་མ་གོས་དར་གྱི་ནང་དུ་ཐུམ་བུར་བྱས་པས་བཀང་སྟེ། བར་སྟོང་ཅུང་ཟད་ཙམ་ཡང་མེད་པ་སོགས་ཕྱག་ལེན་ཤིན་ཏུ་ངོས་དག་པ་གཞན་འགྲན་མེད་པ་ལྟ་བུ་བྱུང་བས་སྐྱབས་མགོན་མཆོག་ཀྱང་ཐུགས་ཤིན་ཏུ་དགྱེས། སྤྱིར་སྔོན་


GTD005_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དུས་བཟང་པོ་རྣམས་སུ་བཞེངས་པ་འགའ་ཞིག་མ་གཏོགས། ཕྱིས་ཀྱི་རྟེན་གསར་བཞེངས་ལ་བྱམས་ཆེན་རྟེན་དང་བརྟེན་པ་འདི་ལྟ་བུ་ཕྱོགས་གང་དུ་ཡང་མེད་ཅིང༌། ཁྱད་པར་དུ་ནང་གི་གཟུངས་གཞུག་ལ་འདི་འདྲ་བའི་གཟུངས་སྔགས་སོགས་འཛོམས་ཆེ་ཞིང༌། བྲི་སྒྲུབ་ཐམས་ཅད་དངོས་དག་པ་དང༌། གཞན་གྱི་མིག་གིས་མི་མཐོང་བའི་སར་ཡང་རྒྱུ་གང་བཟང་གི་འགྲོས་ཤིན་ཏུ་རྒྱ་ཆེན་པོ་བྱས་པ་འདི་འདྲ་བ་གང་དུ་ཡང་མི་སྲིད་པ་ལྟ་བུ་ཡིན་ལ། དེ་ལྟར་འབྱུང་བའི་རྒྱུ་མཚན་ནི། བདེ་ལེགས་ཐམས་ཅད་ཀྱི་རྩ་བ་ལས་འབྲས་ལ་ཡིད་ཆེས་གཏིང་ཚུགས་པའི་སྟོབས་ཀྱིས་ཡིན་པར་སྣང་བས། སྐྱེ་བོ་བསོད་ནམས་གསོག་པར་འདོད་པ་རྣམས་ཀྱིས་རང་གི་སྒྲུབ་ལུགས་ཀྱང་དམ་པའི་རྣམ་ཐར་འདི་དག་དང་བསྡུར་ཏེ། ངོམ་ཆོས་ཙམ་མ་ཡིན་པར་ཆོས་རྣམ་དག་ཏུ་འགྲོ་བ་ཞིག་བྱེད་པ་གལ་ཆེའོ། །དེ་ཡང་སྔོན་གྱི་དམ་པ་གོང་མ་རྣམས་འདི་ཕྱིའི་ལེགས་ཚོགས་ཐམས་ཅད་ཀྱི་རྟེན་འབྲེལ་བླ་མ་ལ་བརྟེན་ནས་འགྲིག་པ་དགོས་པས། གནས་པ་ཚེའི་རྟེན་འབྲེལ་བླ་མ་ལ་བརྟེན་ནས་བསྒྲིགས་པ་ས་ར་ཧ་ལྟ་བུ། རྣམ་འབྱེད་ཤེས་རབ་ཀྱི་རྟེན་འབྲེལ་བླ་མ་ལ་བསྒྲིགས་པ་ཤཱ་རིའི་བུ་ལྟ་བུ། བགོ་བ་གོས་ཀྱི་རྟེན་འབྲེལ་བླ་མ་ལ་བསྒྲིགས་པ་ཐ་ག་ལི་ལྟ་བུ། བཟའ་བ་ཟས་ཀྱི་རྟེན་འབྲེལ་བླ་མ་ལ་བསྒྲིགས་པ་རྡེང་གེ་བ་ལྟ་བུ། སྤྱད་པ་ནོར་གྱི་རྟེན་འབྲེལ་བླ་མ་ལ་བསྒྲིགས་པ་མ་ཏཾ་གི་ལྟ་བུ། རྒྱན་འདོད་ཡོན་གྱི་རྟེན་འབྲེལ་བླ་མ་ལ་བསྒྲིགས་པ་ཨིནྡྲ་བོ་དྷི་ལྟ་བུ། འདུ་བ་འཁོར་གྱི་རྟེན་འབྲེལ་བླ་མ་ལ་བསྒྲིགས་པ་སུརྻ་དྷརྨ་ལྟ་བུ། སྙན་པ་གྲགས་པའི་རྟེན་འབྲེལ་བླ་མ་ལ་བསྒྲིགས་པ་ཙནྡྲ་གོ་མི་ལྟ་བུ། ནད་ཞི་བའི་རྟེན་འབྲེལ་བླ་མ་ལ་བསྒྲིགས་པ་ཁྲི་རྡིང་གརྦ་ལྟ་བུ་དགོས་པར་གསུངས་པ་བཞིན་


GTD005_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་ཆེན་པོ་འདི་ལ་ཡང་ཟས་གོས་ཡོ་བྱད། ནོར་འབྲུ་རྐང་འགྲོ་རིན་པོ་ཆེ་ལ་སོགས་པའི་ལོངས་སྤྱོད་ཇི་སྙེད་ཅིག་བྱུང་ན་ཡང་འཁོར་བའི་བདེ་འབྱོར་ཐམས་ཅད་ཆུ་ཤིང་བཞིན་དུ་སྙིང་པོ་ཅུང་ཟད་ཙམ་ཡང་མེད་པར་གཟིགས་པས། རང་དོན་དུ་དེ་ལ་ཞེན་ཆགས་ཅུང་ཟད་ཙམ་ཡང་མི་མཛད་ཅིང༌། རང་གཞན་གཉིས་ཀའི་བསོད་ནམས་ཀྱི་ཚོགས་རྫོགས་པའི་ཕྱིར། ཕ་རོལ་པོ་རྣམས་ཀྱིས་དད་པས་སྦྱིན་པ་ཅུང་ཟད་ཙམ་ཡང་ཆུད་ཟོས་སུ་མི་གཏོང་བར་བླ་མའི་སྐུ་དོན་གྱི་ཕྱོགས་གང་ཡང་རུང་བ་ཞིག་ཏུ་འགྲོ་ངེས་པ་དང༌། སྒོ་གསུམ་གྱི་བྱ་བ་མཐའ་དག་ཀྱང་རང་དོན་ཡིད་བྱེད་ཀྱིས་མ་བསླད་པར་བླ་མའི་ཞབས་འདེབས་སུ་འགྱུར་ངེས་པ་ཁོ་ན་མཛད། ནོར་རྫས་ལྟ་བུ་རང་ཉིད་ཀྱིས་བླ་མ་ལ་ཕུལ་ཟིན་པ་ན། དེས་ཆོས་དང་སྲིད་ཀྱི་བྱ་བ་ཅི་འདྲ་ཞིག་ཏུ་བཀོལ་ཡང༌། དེ་ཉིད་མཁའ་ཁྱབ་ཀྱི་བསྟན་པ་དང་འགྲོ་བ་མ་ལུས་པའི་དོན་ཡིན་པར་ཐེ་ཚོམ་མེད་པའི་སྟོབས་ཀྱིས་རྗེས་སུ་ཡི་རང་འབའ་ཞིག་ཏུ་འགྱུར་ལ། ད་ལྟ་འགའ་ཞིག་རང་གིས་ཕུལ་བའི་རྫས་དེ་བླ་མས་སྲིད་སྐྱོང་གི་ཕྱོགས་ལྟ་བུར་བཏང་ན་ཆུད་ཟོས་སུ་སོང་སྙམ་དུ་འགྱོད་པ་བྱེད་པ་ནི་མཛད་པ་དེ་ཡང་དགོས་དབང་གིས་དེ་ལྟར་བསྟན་པ་དོན་ཆེན་པོ་ཅན་ཡིན་པ་མ་ཤེས་པར། འཇིག་རྟེན་རང་དགའ་བའི་བྱ་བ་ལྟ་བུར་བཟུང་བའི་སྐྱོན་ཡིན་ལ། གང་ཟག་གཅིག་གི་སྤྱོད་པར་སངས་རྒྱས་ཀྱི་མཛད་པ་ཡིན་མིན་གྱི་ཆ་གཉིས་འབྱུང་ཚུལ་མེད་པས། ཁ་ནས། བླ་མ་སངས་རྒྱས་བླ་མ་ཆོས། །ཞེས་ཅི་ཙམ་སྨྲས་ཀྱང༌། དོན་ལ་དེ་ཉིད་རང་དང་སྐལ་བ་མཉམ་པའི་འཇིག་རྟེན་པ་དང༌། མཛད་པ་མཐའ་དག་པ་འཇིག་རྟེན་པའི་སྤྱོད་པར་བཟུང་བའི་རང་མཚང་ཕྱིར་བསྟན་


GTD005_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཁོ་ན་ཡིན་ཏེ། སྒྲ་བསྒྱུར་མར་པས་ནོར་རྫས་གང་ཡོད་གསེར་དུ་བསྒྱུར་ནས་ནཱ་རོ་པ་ལ་ཕུལ་བ་ན། དེས་ནམ་མཁའ་ལ་གཏོར་ཡང་སློབ་མའི་ཚོགས་རྫོགས་པར་བཤད་ཀྱི། ཆུད་ཟོས་སུ་སོང་བར་མ་གསུངས་སོ། །འདིའི་ལོ་སྔ་ཕྱི་ཅི་རིགས་པར་ཆོས་བཞིན་དུ་སྤྱོད་པའི་སློབ་མ་དོན་གཉེར་ཅན་འགའ་ཞིག་གིས་གསོལ་བ་བཏབ་པ་ལྟར། འཇམ་མགོན་བླ་མའི་གསུང་གི་སྙིང་པོ་བྱང་ཆུབ་ལམ་གྱི་རིམ་པ་ཆེན་མོའི་བཤད་ལུང་ཞིག་ཀྱང་སྩལ་ལ། གཞན་ཡང་ཆོས་བཀའ་ཐོར་བུ་བ་འགའ་ཞིག་གནང༌། ཕག་ལོའི་སྟོན་སྐྱབས་མགོན་ཐམས་ཅད་མཁྱེན་པ་སྐུ་ཁམས་མ་བདེ་བའི་སྐབས་ཞབས་བརྟན་གཏོས་ཆེ་བ་ཉིན་མཚན་མེད་པར་བསྒྲུབས། སྐབས་ཤིག་ཏུ་ཞབས་འབྲིང་བ་འགའ་ཞིག་ལ་ངའི་རྨི་ལམ་དུ་ནམ་མཁའ་ན་རྗེ་བཙུན་འཇམ་དབྱངས་ཀྱི་སྐུ་ཞིག་འདུག་པ་རིམ་གྱིས་ཇེ་མཐོ་ཇེ་མཐོར་སོང་སྟེ། མཐར་ནམ་མཁའི་དབྱིངས་སུ་མི་མངོན་པར་ཐིམ་སོང་བ་ཞིག་རྨིས། བསྟན་པའི་གེགས་ཆག་དང་སྙིགས་མའི་སྐྱེ་བོ་བསོད་ནམས་ཟད་པའི་སྟོབས་ཀྱིས་གསོལ་བ་ཐེབས་པ་ཞིག་མི་ཡོང་བ་འདྲ་གསུངས། བཅུ་གཅིག་པའི་ཚེས་ལ་རྡོ་རྗེ་འཆང་ཆེན་པོ་དག་པའི་ཞིང་དུ་དགོངས་པ་གཏད་པའི་གནས་ཚུལ་གསན་མ་ཐག་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མེད་དུ་བྱས་ཏེ་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་བསམ་གྱིས་མི་ཁྱབ་པ་ཕུལ། རྗེས་འཇུག་ཐམས་ཅད་ལ་ཡང་ཞལ་ཏ་གནང་སྟེ། ད་རང་རེ་རྣམས་མྱ་ངན་བྱས་པ་ཁོ་ནས་གོ་མི་ཆོད། བླ་མ་ཐུགས་རྗེ་ཅན་དེས་དུས་ཉིན་མཚན་ཀུན་ཏུ་ཐུགས་ལ་བཅང་རྒྱུ་ནི་སངས་རྒྱས་ཀྱི་བསྟན་པ་ཁོ་ན་ཡིན། བསྟན་པ་སྤྱི་ཁྱབ་ཀྱི་དོན་ལ་རང་རེ་ལྟ་བུས་སྨོན་ལམ་རེ་འདེབས་པ་མ་གཏོགས་ས་ཆོད་ཆེན་པོ་མི་ཡོང་ཡང༌། རང་རང་


GTD005_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྟེང་ལ་བབས་པའི་བསྟན་པའི་བྱ་བ་རེ་ཡོད་པ་དེ་མ་ཤོར་བ་བྱེད་དགོས། དེའི་ཡང་རྩ་བ་ལྟ་བུ་རང་གིས་ཁས་བླངས་པའི་ཚུལ་ཁྲིམས་རྣམ་པར་དག་པ་བསྲུང་རྒྱུ་འདི་ཡིན། དེ་བྱས་ན་བླ་མའི་དགོངས་པ་ཡང་རྫོགས། རང་གི་དོན་ཡང་འགྲུབ་པས་བསྒྲིམ་དགོས་ཞེས་སོགས་ཞལ་ཏ་རུས་པ་ཅན་མང་དུ་གནང་སྟེ། མངོན་མཚན་ཆུང་ལ་ས་ཆོད་ཆེ་བའི་དགོངས་རྫོགས་བླ་ན་མེད་པ་བསྒྲུབས། བྱི་བའི་ལོ་མགོར་བླ་བྲང་ཞབས་སྡོད་རྣམས་གྲོས་མཐུན་གྱིས་བླ་མའི་སྐུ་དོན་མ་གཏོགས་བསམ་རྒྱུ་མེད་པ་ལ་ཁོང་ལས་ལྷག་པ་མི་རྙེད་པས། སྐྱབས་མགོན་མཆོག་གི་ཡང་སྲིད་མྱུར་ཕེབས་ཀྱི་རིམ་གྲོ་གཙོ་ཆེར་ཉིད་ནས་འགན་ཁུར་བཞེས་དགོས་ཚུལ་ཞུས་ཏེ་བླ་བྲང་དུ་གདན་དྲངས། འོན་ཀྱང་མཆོད་པའི་ཡོ་བྱད་བསམ་གྱིས་མི་ཁྱབ་པ་སོགས་ཤས་ཆེར་ཉིད་ཀྱི་ཕྱག་རྫས་སྟེང་ནས་བཏོན་ཏེ་སྒྲོལ་མ་མཎྜལ་བཞི་པའི་ཆོ་ག་མང་དུ་བསྒྲུབས། ལོ་དེར་སྐུ་གདུང་གི་མཆོད་རྟེན་ཆེན་པོ་བཞེངས་བཞིན་པར་ཡོད་པས། དེའི་གཟུངས་གཞུག་ཀྱང་སྔར་རྒྱུན་ལྟར་ཉིད་ནས་བཀོད་ཁྱབ་བཀའ་དྲིན་སྐྱོང་དགོས། ད་ལན་ཆ་རྐྱེན་གང་དགོས་བླ་བྲང་གི་ཕྱག་རྫས་ནང་ནས་འགྲོ་བ་ཞིག་བྱེད་དགོས་ཞུས་པར། སྐུ་གདུང་མཆོད་རྟེན་གྱི་ཞབས་འདེགས་ཞུ་རྒྱུ་བྱུང་བ་རང་སྐལ་བ་བཟང་བས་ཅིས་ཀྱང་ཁུར་ལེན་བྱེད། ཆ་རྐྱེན་འཕྲལ་དུ་མི་དགོས་པས་སླར་རིམ་གྱིས་ཞུས་ཆོག་པ་བྱེད་གསུངས་ཀྱང༌། ཕྱིས་སུ་ནང་ནས་ཅུང་ཟད་ཀྱང་མ་བཞེས་པར་རང་གི་ཕྱག་རྫས་ཁོ་ནའི་སྟེང་ནས་སྔར་བཞིན་གཟུངས་གཞུག་ཐམས་ཅད་བྲི་སྒྲུབ་སོགས་ལོ་གཅིག་པུའི་ཁོངས་དེར་ཚགས་སུ་ཚུད་ངེས་མཛད་ནས་


GTD005_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

གླང་གི་ལོ་མགོར་འབུལ་བ་གནང༌། མ་ཅིག་ལབ་སྒྲོན་གྱིས་གནང་བའི་དགོན་གནས་འདིའི་སྐོར་གྱི་མ་འོངས་ལུང་བསྟན་ཞིག་ཏུ། ཀླུ་བདུད་ཕྱོགས་སུ་མཆོད་རྟེན་རྩིགས། །ཞེས་པའི་ལུང་བསྟན་དུས་བབས་ཀྱིས་དགོན་པའི་བྱང་ཤར་ངོས་སུ་མཆོད་རྟེན་ཞིག་བཞེངས་དགོས་བྱུང་བའི་ཚེ། ཁོ་བོ་ཅག་ཚོགས་འདུ་མང་དང་བཅས་ནས་མཆོད་རྟེན་གྱི་ཕྱིའི་ཆག་ཚད་ནང་གི་གཟུངས་གཞུག་ཐམས་ཅད་ཀྱང་ཚད་དང་ལྡན་པ་གནད་དུ་འགྲོ་ངེས་ཤིག་དགོས་འདུག་པས། ཉིད་ནས་ཐུགས་ཁུར་བཀའ་དྲིན་སྐྱོང་དགོས་ཞུས་པར་དགྱེས་བཞིན་ཞལ་གྱིས་བཞེས། ལྗགས་བཀོད་ཞིབ་མོ་མཛད་དེ་རྒྱུན་དུ་བཅར་སྡོད་ཀྱི་དོ་དམ་དགེ་སློང་མཁས་མཆོག་གིས་བགྱིས་ཤིང༌། གཟུངས་གཞུག་རྣམས་ཉིད་ཀྱིས་ཐུགས་ཁུར་བཞེས་ཏེ་ཕུལ་དུ་ཕྱིན་པ་བསྒྲུབས། མཆོད་རྟེན་ལས་མགོ་ཚུགས་མ་ཐག་ལྷོང་གི་རྣམ་པས་འཚུབ་ཆེ་ཙམ་བྱུང་ཡང༌། ལེགས་པར་གྲུབ་པ་ནས་བཟུང་དགོན་པའི་ཆོས་སྲིད་ཀྱི་བྱ་བ་མཐའ་དག་ལ་ཕན་པ་ཤིན་ཏུ་ཆེ་བས་བཀའ་དྲིན་བླ་ན་མེད་པར་གྱུར། སྐྱབས་མགོན་མཆོག་སྤྲུལ་རིན་པོ་ཆེའི་ཞབས་བརྟན་དུ་མདོ་སྡེ་བསྐལ་བཟང་ཤོག་བུ་རེ་ལ་གསེར་ཤོག་སྟོང་བམ་རེ་འགྲོ་ངེས་བྱས་པ་གཅིག་དང༌། གསེར་དངུལ་སྤེལ་མས་བྲིས་པ་ཚར་གཅིག །སྒྲོལ་དཀར་གྱི་བསྟོད་པ་འཁོར་བ་ལས་སྒྲོལ་མ་ཚར་རེ་ལ་སྔགས་ཚར་རེ་བཏགས་པ་སྟོང་ཕྲག་གཅིག་རྣམས་ཡིག་གཟུགས་ལེགས་ཤིང་དག་ཐོན་པར་བྱས་ཏེ་བྲིས། གཞན་ཡང་མཆོག་སྤྲུལ་མྱུར་གསལ་གྱི་དོན་དུ་གསེར་ཐང་དུ་མ་དང༌། མདོ་རྒྱུད་གསུང་རབ་མང་དུ་བཞེངས་ཡོད་འདུག་ཀྱང་ཞིབ་ཆ་མ་ངེས། དེ་སྐབས་རྒྱུད་གྲྭ་དང་འབུམ་ཁང་རི་ཁྲོད་གཉིས་སྐུ་གསུང་ཐུགས་


GTD005_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་མང་བས་ཡུལ་གྱི་བཅུད་ལྟ་བུ་དང༌། ཆོ་ག་ཕྱག་ལེན་རྣམ་པར་དག་པས་གསོན་གཤིན་ཀུན་གྱི་དོན་ལ་བསོད་ནམས་ཀྱི་ཞིང་སར་འགྱུར་ངེས་པ། ཡུལ་ཕྱོགས་གཞན་ཀུན་ཀྱང་ཡིད་སྨོན་འཆའ་བའི་གནས་སུ་ཡོད་པ་ལ། ཡུལ་མིའི་བསོད་ནམས་ཀྱིས་མ་འཆུན་པ་དང༌། ཕྱི་ནང་ནས་བདུད་རིགས་དུ་མ་དཔུང་བསྒྲིལ་ཏེ་རང་གི་ཕན་བདེའི་རྩ་བ་རང་གིས་བཤིག་པར་མ་ཟད་དམ་པ་འདིའི་སྐུ་ལ་བསྡོ་བའི་བསམ་སྦྱོར་ངན་པ་མང་དུ་བརྩམས་པ་ན། སྨྲ་ཚང་དཀའ་བཅུས་དམ་ཉམས་འདི་དག་གི་སྙིང་གདོན་གྱིས་བརླམས་ནས་ཅི་བྱེད་མི་འདུག་པས་གཞན་ཞིག་ཏུ་བྱོལ་ན་ཞེས་སྙིང་ཐག་པ་ནས་ནན་ཞུས་བྱས་པར། ཁྱེད་སེམས་མི་བདེ་མི་དགོས། ང་ལ་ཡང་སྐྱབས་མགོན་དེ་ཉིད་ཀྱི་བྱིན་རླབས་ཅུང་ཟད་ཞུགས་ཡོད་པས། འདི་ཚོ་འདྲ་བ་ཞིག་གིས་ཐུབ་མི་ཡོང་གསུངས། རྒྱུན་པར་སྦས་པའི་བརྟུལ་ཞུགས་ཁོ་ན་མཛད་ཀྱང༌། དེའི་ཚེ་ཁོ་ཤིན་ཏུ་སེམས་མ་བདེ་བ་ལ་སྙིང་རྗེ་ནས་གདེང་ཚད་ཀྱི་གསུང་ཕེབས་པར་སྣང༌། ད་ལྟ་གྲུབ་པའི་དབང་པོར་གྲགས་པ་ཕལ་ཆེར། ཁ་ངོམས། ལྟོ་འགྲང༌། སོས་དལ་བའི་ཚེ་མངོན་ཤེས་དང་གྲུབ་རྟགས་ཡོད་ཡོད་འདྲ་ཡང༌། གལ་ལ་ཐུག་པའི་ཚེ་གཏད་སོ་མེད་པར་ཨུ་ཐུག་ནས་སྡོད་པར་སྣང་བས། དེ་ལྟ་བུའི་རྐྱེན་ངན་རུ་འཛིང་གི་ཚེ་ཅུང་ཟད་ཙམ་ཡང་བག་ཚ་བ་མེད་པར། བླ་མ་ལ་བློ་ཁེལ་བའི་གདེང་ཐུབ་པ་ནི་གྲུབ་པའི་རྣམ་ཐར་ངོ་མཚར་བ་ཞིག་གོ །སྤྱིར་བླ་མ་དེ་ཉིད་སངས་རྒྱས་ཡིན་ཀྱང༌། དེའི་ཚོད་ཀྱི་བྱིན་རླབས་འབྱུང་བ་ལ་སློབ་


GTD005_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

མས་དེ་སངས་རྒྱས་དངོས་སུ་མཐོང་དགོས་ཤིང༌། བྱང་སེམས་སུ་མཐོང་ན་དེའི་ཚོད་ཀྱི་བྱིན་རླབས་དང༌། སོ་སྐྱེ་ཕལ་བར་མཐོང་ན་བྱིན་རླབས་གཏན་མི་འཇུག་པས། བྱིན་རླབས་ཆེ་ཆུང་སློབ་མ་རང་ཉིད་ལ་རག་ལས་པ་ཡིན་ཏེ། སྔོན་འབྲི་གུང་འཇིག་རྟེན་མགོན་པོས་ཕག་མོ་གྲུ་བ་བླ་མར་བསྟེན་ཏེ། མོས་གུས་ཁོ་ན་བསྒོམས་པས་རྟོགས་པ་ཀློང་དུ་གྱུར་ཏེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོར་སོང་བ་ན། ཕག་གྲུའི་སློབ་མ་ཙ་རི་པ་ཟེར་བས། ངེད་གཉིས་བླ་མ་མི་གཅིག་པར་སྣང༌། ཁོའི་བླ་མ་སངས་རྒྱས་སུ་འདུག །ངའི་བླ་མ་དགེ་བཤེས་ཁམས་པ་ཡིན་ཞེས་བཤད་པའི་དཔེར་སྣང་ངོ༌། །སྐྱབས་མགོན་ཉིད་ལ་ཡང༌། བོད་ཡུལ་གྱི་རྡོ་རྗེ་གདན་དཔལ་གྱི་ས་སྐྱ་མན་ཆོད་ནས། ཤར་རྒྱ་མཚོའི་མཐའ་ཚུན་ཆད་དུ་མཁས་གྲུབ་ཀྱི་སློབ་མ་ནམ་མཁའི་སྐར་ཚོགས་ལྟ་བུ་ཡོད་ཀྱང༌། མོས་གུས་ཀྱི་རྩེར་སོན་པ་ནི་སྐྱེས་མཆོག་འདི་ཉིད་ཡིན་པས། ཐར་པ་རྩེར་མཇལ་སྐབས་ཤིག་ཏུ་ཡང༌། དད་པ་ཅན་གྱི་སྒོམ་ཁང་ན། །བླ་མ་སྒོ་ཉལ་བྱེད་ཀྱིན་ཡོད། །ཅེས་མི་འབྲལ་བའི་ཞལ་བཞེས་མཛད་པ་འདི་འདྲ་གཞན་སུ་ལ་ཡང་གསུང་བ་མི་སྣང་ངོ༌། །དེ་ནས་སྙིགས་མའི་དུས་ཀྱི་དགོན་སྒྲུབ་སྡེ་སོགས་ཀྱང་རེ་གཉིས་ཙམ་མ་གཏོགས་ཕལ་ཆེར་བསྟན་པའི་ཞབས་འདེགས་སུ་འགྱུར་བ་ལས་ཞབས་འདྲེན་དུ་འགྲོ་བ་མང་ཞིང༌། སྐྱེ་བོ་སྐལ་དམན་རྣམས་ཀྱིས་སྡིག་པ་གསོག་པའི་རྒྱུར་འགྲོ་བ་སོགས་དགག་བྱ་མང་དུ་གཟིགས་པས་ཐུགས་སྐྱོ་ནས། འདི་འདྲའི་རིགས་ཀྱི་འཛིན་བདག་མི་བྱེད་པར་དགོངས་པ་ན། བུ་སློབ་རྣམས་ཀྱིས་དགོན་གནས་ཤིག་འདེབས་དགོས་པའི་ཞུ་བ་ནན་ཏན་དུ་


GTD005_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ་ཀྱང་མ་གསན། དེ་ནས་ཉིད་ཀྱི་རྩ་བའི་བླ་མ་ཁ་གྲོན་ནང་པ་དང༌། རེབ་ཚའི་བྲག་སྒོམ་པ། འདུལ་འཛིན་ཡེ་ཤེས་རྒྱ་མཚོ་རྣམས་ཀྱིས་ཀྱང་དངོས་དང་གསུང་འཕྲིན་ཅི་རིགས་ཀྱི་སྒོ་ནས་བསྟན་པའི་ཐ་མ་འདིར་སེམས་ཅན་རེ་རེ་ཙམ་ལ་ཡང་ཕན་པའི་ཕྱིར། སྙིང་སྟོབས་སྐྱེད་དགོས་པའི་དུས་ཡིན་པས་ཅི་ནས་ཀྱང་དགོན་པ་ཞིག་འདེབས་དགོས་ཚུལ་ནན་ཆེ་བའི་གསུང་མ་བཟློག་པ་དང༌། གཙོ་ཆེར་ད་དུང་ཡང་དམུ་རྒོད་ཀྱི་སའི་མཐའི་འདིར་སྐྱབས་མགོན་མཆོག་གི་འཕྲིན་ལས་བདུད་རྩིའི་ཆབ་རྒྱུན་འདྲེན་པའི་འབབ་སྟེགས་སུ་དགོངས་ཏེ་ཞལ་གྱིས་བཞེས། དེ་ནས་རུ་སྟོད་མའི་སེར་སྐྱ་ཐམས་ཅད་མགྲིན་གཅིག་གིས་ཁོང་ཚོའི་ས་དེར་འདེབས་དགོས་པར་ཞུས་པ་བཞིན་དུ་ཐུགས་ཐག་བཅད། དེའི་སྟོད་སྨད་ཀྱིས་གནས་ཁ་ཤས་ལ་བརྟག་པ་གནང་བར་ད་ལྟའི་དགོན་གནས་འདིར་བབས་པས། ཞལ་སློབ་འགའ་ཞིག་གིས་དེ་ཧ་ཅང་དགྲ་ཇག་གི་སར་སོང་བས་མི་འཐད་ཚུལ་ཞུས་པ་ན། འོ་ན་དཔེ་མོ་ཞིག་འདེབས་གསུངས་ནས་རིག་བྱེད་མའི་ཆོས་སྐོར་གྱི་མཚམས་ཤིག་ནས་ཞལ་ཕྱེས་པར། གཞན་སྡེའི་མཚོན་འགོག་གོ་ཆ་མ་བགོས་ཤིང༌། །ཕ་རོལ་གཞོམ་པའི་དཔུང་ཚོགས་གྲོགས་མེད་པར། །ཁམས་གསུམ་གནས་པའི་ཆེ་བཙན་སྟོབས་ལྡན་གྱི། །གཡུལ་ལས་རྣམ་རྒྱལ་རིག་བྱེད་ལྷ་ཁྱོད་དཔའ། །ཞེས་བབས་འདུག་པ་གཟིགས་ཏེ། འོ་འདི་འདྲ་ཞིག་བབས་ཡོང་སྙམ་པ་ཡོད་གསུངས་པར། ཐམས་ཅད་ཡིད་ཆེས་སྐྱེས་ནས་སྔ་མའི་གསུང་སྟེང་དུ་བཞག །དེ་ནས་དགུང་ལོ་ང་བཞི་པ་མེ་ཕོ་འབྲུག་གི་ལོ་སྟོན་པས་ཤེར་ཕྱིན་གྱི་མདོ་དང་དུས་འཁོར་རྩ་རྒྱུད་


GTD005_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པའི་དུས་ཆེན་ཁྱད་པར་ཅན་ནག་ཟླའི་ཉ་ལ་གནས་དེར་ཕེབས་ནས་བཀྲ་ཤིས་གསོ་སྦྱོང་དང༌། ཤེར་ཕྱིན་སྟོང་ཕྲག་བརྒྱ་པའི་ལུང་གི་དབུ་བཙུགས། ཐོག་མར་ས་འདུལ་གྱི་སྐབས་སུ་བུད་མེད་དར་དམར་པོའི་སྟོད་གཡོགས་ཅན་ཞིག་ལ་ཐོག་མར་ས་བརྐོར་བཅུག་པ་སོགས་རྟེན་འབྲེལ་གྱི་བཅོས་པ་ངོ་མཚར་བ་འགའ་ཞིག་གནང་བ་ནི་དགོངས་གཞི་ཁྱད་པར་ཅན་ཞིག་ཡོད་པར་མངོན་ཏེ། དེའི་སྔོན་ཙམ་ལ་རུ་སྟོད་མའི་མི་ཚང་རེ་རེའི་སྒོར་བུད་མེད་མདའ་དར་བཟུང་བ་རེ་རེ་ཡོད་པ་དང༌། གནས་དེའི་རི་ཀླུང་ཐམས་ཅད་འཆར་ཀའི་མཚམས་སྤྲིན་གསར་པ་ལྟ་བུའི་འོད་ཀྱིས་ཁྱབ་པ་སོགས་མནལ་ལྟས་ངོ་མཚར་བ་མང་དུ་བྱུང་སྣང་ངོ༌། །གནས་དེར་དོན་གཉེར་ཅན་དུ་མ་ལ་བྱང་ཆུབ་ལམ་རིམ་ཆེན་མོ་མཆན་སུམ་སྦྲགས་ཀྱི་སྟེང་ནས་བཤད་ལུང་ཤིན་ཏུ་རྒྱས་པ་དྲི་མ་མེད་པའི་རིགས་པ་དང༌། ཤེས་བྱེད་ཀྱི་ལུང༌། གསལ་བྱེད་ཀྱི་དཔེ། དམ་པ་གོང་མ་དུ་མའི་བཤད་རྒྱུན་སོགས་ཀྱིས་བརྒྱན་པས་ཤིན་ཏུ་འབྱམས་ཀླས་ཤིང༌། དེ་ཡང་ཕྱི་ནས་ཕར་མདའ་སྒྲོན་པ་བཞིན་ནན་གྱིས་སྦྱར་བ་དེ་འདྲ་མ་ཡིན་པར། སྙེ་མ་ནང་ནས་འབུས་པ་བཞིན་ཉམས་མྱོང་གི་ཁོག་ནས་འོངས་པའི་གང་གསུངས་མཐའ་དག་གོ་རྒྱུ་གཏིང་ཟབ་ཅིང༌། ཉམས་ལེན་ཁོ་ནར་འབབ་པ། སེམས་ངོ་ལ་ལྷན་གྱིས་འབྱར་འགྲོ་བ་ཞིག་གནང་བས་ཉན་པ་པོ་མཐའ་དག་བློ་ཤིན་ཏུ་འཁུལ་བ་བྱུང༌། བཤད་ལུང་གནང་རྒྱུའི་ཐོག་མར་རྗེ་བཙུན་འཇམ་དབྱངས་ཀྱི་རྗེས་གནང་ཞིག་སྩལ་འདུག་པ་ཡང་དགོས་པ་ཁྱད་པར་བ་ཞིག་ཡོད་པར་སེམས། ཉིན་གཅིག་དེ་དང་ཧ་ཅང་ཐག་མི་རིང་བའི་ས་ཞིག་ནས་འཐབ་འཛིང་ཞིག་བྱུང་སྟེ་འགའ་ཞིག་དགོན་པའི་ནང་དུ་བྲོས་


GTD005_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ཡོང་བ་ན། ཕ་རོལ་པོ་དེ་དག་གི་རྗེས་བསྙེགས་ནས་འོངས་ཏེ། ཁོང་དཔོན་སློབ་རྣམས་ཀྱིས་ཕྱིར་བཤོལ་བ་ལ་ཡང་ཚིག་ངན་སྣ་ཚོགས་སྨྲས། མཚན་མོ་དེར་བྲག་མགོན་པོའི་མདུན་རེའི་རྩེ་ནས་འཇའ་དཀར་པོ་འོད་དང་ལྡན་པ་ཞིག་བྱུང་བ་དགོན་པའི་རྒྱབ་རིའི་ངོས་སུ་ཟུག་པ་བྱུང་བས། ཕྱི་ཉིན་བཀའ་ཆོས་ཀྱི་སྐབས་སུ་ཁ་སང་ངེད་རྣམས་ལ་ངན་སྨྲས་བྱས་པ་དེར་ཡུལ་ལྷ་དཀར་ཕྱོགས་པ་རྣམས་མ་དགྱེས་འདུག །འོན་ཀྱང་རང་གཞན་སུ་ལ་ཡང་གནོད་འཚེ་མ་བྱུང་ན་ལེགས་པས། ཐམས་ཅད་ཀྱིས་དེ་ཐུགས་ལ་བཟུང་ནས་འཕྲིན་ལས་བཅོལ་དགོས་གསུངས་ཏེ། དཀར་གཏོར་བསྔོ་བ་སོགས་མཛད་ཀྱང་ཟློག་མ་ཐུབ་པར་དེ་ཕྱོགས་སུ་སེར་བ་དྲག་པོ་བབས་ཤིང༌། ནད་འཁྲུག་སོགས་ཉེར་འཚེ་སྣ་ཚོགས་བརྒྱུད་མར་བྱུང༌། ད་ལྟ་རང་དོན་ལ་བབས་པའི་ཚེ་མིག་གི་ལྟ་ལུགས་ལེགས་ཉེས་ཙམ་ཡང་མི་བཟོད་ཀྱང༌། བླ་མའི་སྐུ་དགྲ་དང་བསྟན་པའི་སྤྱི་དགྲ་སོགས་ལ་བྱམས་སྙིང་རྗེ་ཁོ་ན་སྒོམ་པའི་བྱང་སེམས་རྣམས་དང༌། དམ་པ་འདིའི་མཛད་སྤྱོད་གཉིས་འགལ་བ་ལྟག་སྤྲོད་ཁོ་ནར་སྣང་བས། གདུག་ལ་རྟག་ཏུ་བྱམས་བྱེད་པ། །ཞེས་པའི་རྩ་ལྟུང་གི་ངོས་འཛིན་མ་འདྲ་བ་ཡིན་ནམ་སྙམ། ཉིད་ནས་གསུང་བཀོད་གནང་སྟེ་ལོ་གཉིས་ཀྱི་རིང་གཟིམས་ཁང་དང་གྲྭ་ཤག་དྲུག་ཅུ་སྐོར་སོགས་ལེགས་པར་བསྒྲུབས། དེའི་ཞར་ལ་ཕྱོགས་སོ་སོར་ཕེབས་ཏེ་དོན་གཉེར་ཅན་རྣམས་ལ་རང་རང་གི་མོས་པ་ལྟར་གྱི་འདོད་ཆོས་མཐའ་ཡས་པ་གནང་བ་དང༌། བླ་བྲང་དུ་ཡང་ལན་མང་པོར་ཕེབས་ནས་ཡང་སྲིད་རིན་པོ་ཆེའི་སྐུ་དོན་གྱི་རིམ་གྲོ་རྒྱ་གང་ཆེ་ལོ་རེ་བཞིན་གྱི་དཀྱུས་


GTD005_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

མ་དང༌། སྐབས་ཐོབ་ཀྱི་རིམ་གྲོ་འཕར་མ་མང་དུ་བསྒྲུབས། ལན་གཅིག་བླ་བྲང་ཆེན་མོར་རྣམ་སྲས་བསྙེན་སྒྲུབ་ཅིག་གནང་བའི་སྐབས། མཚོ་ཆེན་པོ་ཡིད་དུ་འོང་བ་མེ་ཏོག་གིས་བརྒྱན་པ་ཞིག་ཏུ་བ་དམར་པོ་གཉིས་འགྲོ་འོང་བྱེད་པའི་སྣང་བ་དང་མནལ་ལྟས་ཡ་མཚན་པ་འགའ་ཞིག་རྨིས་ཤིང༌། དགེ་སློང་བྱམས་པ་སོགས་སྐུ་འཁོར་འགའ་ཞིག་ལ་ཡང་རྨི་ལམ་ངོ་མཚར་ཅན་སྣ་ཚོགས་བྱུང་སྣང༌། སྦྲུལ་ལོའི་སྟོན་མཇུག་གནས་ཆུང་གི་སྐུ་རྟེན་ཞིག་ལ་ཡང་སྲིད་རིན་པོ་ཆེའི་དོན་གྱི་དྲི་བ་གནང་བའི་ཚེ། ཁྱེད་སྐྱེས་བུ་དམ་པ་ཡིན། སྐྱབས་མགོན་རིན་པོ་ཆེའི་ཡང་སྲིད་གང་ཡིན་ངེད་ཀྱིས་བཤད་མི་དགོས། ཁྱེད་ཀྱི་ཐུགས་ན་ཡོད་པ་དེ་ཡིན་མོད། ཅེས་གསུངས་འདུག །སྐུ་རྟེན་དེ་ལ་ངེད་ཀྱིས་དྲིས་པའི་ཚེ་ཡང་སྲིད་འཁྲུལ་མེད་རོང་པོའི་ཤ་བི་ནང་ན་ཡོད་པ་དེ་ཡིན་ཞིང༌། ཁ་སང་ཟླ་བ་བརྒྱད་པའི་ནང་དུ་ཐག་ཡང་བཅད་ཚར་ཡོད་ཟེར་བྱུང༌། སླར་རྩད་བཅད་པ་ན་དེ་གོང་ཙམ་ལ་དགེ་སློང་བྱམས་པས་སྐྱབས་མགོན་རིན་པོ་ཆེའི་ཡང་སྲིད་འདི་ལ་ཡང་དོགས་གནས་མང་པོ་ཡོད་པ་དང༌། དེང་སང་བསྟན་པའི་གེགས་འཚུབ་ཀྱང་ཤིན་ཏུ་ཆེ་བའི་སྟབས་ཀྱིས་འཁྲུལ་མེད་ཅིག་ལག་ཏུ་འོང་མི་འོང་ཅི་འདྲ་ཡིན་ཞེས་སེམས་ཁྲལ་བྱས་པ་ན། ཁོང་རིན་པོ་ཆེ་ནས་ཁྱོད་སེམས་ཁྲལ་བྱེད་མི་དགོས། ད་དུང་སངས་རྒྱས་ཀྱི་བསྟན་པ་འདི་དེ་ཙམ་གྱི་ཚོད་ལ་མ་སླེབ་པས་སྐྱེས་བུ་དམ་པའི་ཐུགས་བསྐྱེད་ཀྱིས་བསླུས་མི་ཡོང༌། སྐྱབས་མགོན་མཆོག་གི་ཡང་སྲིད་ཀྱང་ཕལ་ཆེར་རོང་པོ་ཤ་བི་ནང་གི་དེ་ཡིན་འགྲོ་མོད་གསུངས་འདུག་པས། སྔ་ཕྱི་ཐམས་ཅད་ཁོག་གཅིག་ཏུ་འབབ་པར་སྣང༌། དགུང་ལོ་ང་དྲུག་པ་ས་རྟའི་ལོ་བླ་བྲང་དུ་ཕེབས་ནས་


GTD005_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་མགོན་མཆོག་གི་སྤྲུལ་བའི་སྐུ་གདན་སར་ཕེབས་རྒྱུའི་དོན་ལ་དམིགས་བསལ་གྱི་སྐུ་རིམ་མང་པོ་བསྒྲུབས། ཁྲི་འདོན་གྱི་ལེགས་འབུལ་བཏེག་པ་ན། མཆོག་སྤྲུལ་རིན་པོ་ཆེ་ནས་ཀྱང་གཞན་དང་མི་འདྲ་བའི་དགྱེས་ཉམས་ཆེ་བ་མཛད་ཅིང༌། ཉིད་ལ་ཡང་དག་པའི་གཟིགས་སྣང་ཁྱད་དུ་འཕགས་པ་ཞིག་བྱུང་འདུག །དམེ་བོའི་དགོན་གསར་གྱི་ཡང་བྱ་བྱེད་མཐའ་དག་གི་མགོ་འདྲེན་བཀོད་ཁྱབ་ཉིད་ནས་མཛད་ཅིང༌། སྔ་ཕྱིར་མཆོད་རྫས་སོགས་གང་དགོས་ཀྱི་གནང་ཆ་ཡང་སྤམ་མཐོ་བ་སྩལ། དགོན་འདེབས་རྒྱུའི་དོན་ལ་བརྟག་པ་གནང་བའི་ཚེ། གསང་བ་འདུས་པའི་ལྷག་མོས་འོད་གསལ་དུ་སྡུད་པའི་རིམ་པ་དེ་ཉིད་ཇི་ལྟ་བ་བཞིན་རྨི་ལམ་དུ་འཆར་བ་ཞིག་བྱུང་གསུངས་པ་ནི། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །སངས་རྒྱས་དཀྱིལ་འཁོར་བསྒོམ་པར་བྱ། །ཞེས་གསུངས་པ་བཞིན་འོད་གསལ་དེ་ཉིད་ལྷའི་འཁོར་ལོ་མཐའ་དག་གི་འབྱུང་གནས་ཡིན་པས། དེ་དག་གི་རྣལ་འབྱོར་སྒྲུབ་པ་པོ་འདུས་པའི་དགེ་འདུན་དཀོན་མཆོག་དམ་པ་རིག་པ་འཛིན་པའི་སྡེ་ཞིག་འཆག་རྒྱུའི་མཚན་མ་ཡིན་ནམ་སྙམ། གཞན་ཡང་སྣང་བ་དེ་ལྟ་བུ་རང་དགའ་བས་ཉིན་མོ་ནན་ཏན་དུ་གསལ་བཏབ་ཀྱང་མི་འཆར་བ་ཞིག །དམ་པ་འདིར་རྨི་ལམ་ན་ཡང་ཇི་ལྟ་བ་བཞིན་འཆར་བ་ནི། བསྲེ་འཕོའི་མན་ངག་གི་སྒོ་ནས་གོ་འཕང་མཐོན་པོར་སླེབས་པའི་ཁྱད་ཆོས་མཁས་པས་ཡ་མཚན་གྱི་གནས་ཤིག་གོ །འདུ་ཁང་གི་ཤིང་ཆ་འདྲེན་སྐབས་ཤོག་པའི་ནང་དུ་འཐེན་འཁྱེར་ཅུང་ཟད་བྱུང་སྐབས་ཞབས་ཕྱི་འགའ་ཞིག་གིས་སྐྱོན་


GTD005_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་མེད་ཞུས་པར། ར་བ་འདིར་དམ་ཅན་ཆོས་རྒྱལ་གྱིས་གར་བྱེད་པ་ཞིག་རྨིས་པས་སྐྱོན་མེད་གསུངས་པ་བཞིན། མ་འགྱངས་པར་འདུམས་ཏེ་ཐམས་ཅད་འདུན་པ་རྩེ་གཅིག་ཏུ་གྱུར། སྐབས་དེར་ཡང་ཞལ་སློབ་གཅིག་གི་རྨི་ལམ་དུ་ཡང་ཁོང་ལ་དད་མི་དད་ཀྱི་སྐྱེ་བོ་ཚན་གསུམ་ཚོགས་པའི་མདུན་ངོས་ན་མ་ཧེ་བརྗིད་ཆགས་པ་ཞིག་ཡོད་པ་དེའི་མཆན་ཁུང་ནས་སྨུག་པ་ཞིག་ཆད་དེ། མི་དད་པའི་སྐྱེ་བོ་དེ་དག་གི་སྟེང་ཁྱབ་པར་གཡོགས་པ་སོགས་དགེ་ལྡན་བསྟན་པའི་བཀའ་སྲུང་ཆེན་པོ་ཉིད་ཀྱིས་ཐུན་མོང་མ་ཡིན་པར་བདག་ཏུ་མཛད་ནས་འཕྲིན་ལས་བསྒྲུབ་པའི་གཏན་ཚིགས་ཤིན་ཏུ་མང་ངོ༌། །ལུག་གི་ལོ་འདུ་ཁང་གི་རྩིག་གཞི་འཛིན་སྐབས། གནས་ཀྱི་ཤར་ལྷོའི་མཚམས་ན་བྲག་མགོན་པོ་ཟེར་བ་ཞིག་ཡོད་པ་དེ་ནས་རྡོ་ཆེན་བཅུ་གསུམ་མཆེད་རོལ་སོགས་བསུ་བའི་བཀོད་པ་དང་བཅས་ཐོག་མར་བླངས་ཏེ་རྩིག་གཞིར་བཀོད། དེའི་ཚེ་བྲག་མགོན་པོའི་རྩེ་ནས་བྱ་རོག་ཅིག་འཕུར་ཡོང་བ་གཞན་གྱིས་བཀག་ཀྱང་མ་ཁོགས་པར་དགོན་གནས་སུ་ལྷ་བསང་ཆེན་པོ་བཏང་ཡོད་པའི་ཐོག་ཏུ་བབས་པ་ལ་དཔག་ན། ཉིད་ལ་དེའི་ཚེ་ཆོས་སྲུང་གི་གཟིགས་སྣང་སོགས་མང་པོ་བྱུང་ཡོད་ཚོད་དུ་འདུག་ཀྱང་ཞལ་ནས་སུ་ལ་ཡང་མ་གསུང་འདུག །གྲྭ་པ་རྡོ་འཁུར་མཁན་རྣམས་ལ་ཡང་ཀུན་གཟིགས་ཀྱི་ཞིང་གི་བཀོད་པའི་མདོ་དང༌། དེའི་སྨོན་ལམ་སོགས་འདོན་བཞིན་པར་བྱེད་རྒྱུའི་ལྗགས་བཀོད་སྩལ། འདུ་ཁང་གི་ཤིང་བཟོ་རྣམས་ཀྱང་རྗེ་བཙུན་འཇམ་དབྱངས་སུ་བསྐྱེད་ནས་མཆོད་པའི་རྣམ་པ་མཛད་ཅིང༌། ལས་བྱེད་ཀུན་ལ་གླ་མི་ཞིག་དང་མི་འདྲ་བའི་བཟའ་བཏུང་གང་བཟང་


GTD005_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

གིས་བསྙེན་བཀུར། ཐོབ་ཐང་གི་ཡོན་འབབ་ངེས་ཀྱི་ཐོག་ཏུ་གཞན་གྱིས་མ་ཤེས་པ་བྱས་ཏེ་ལྐོག་ནས་ཀྱང་དངུལ་གོས་དར་སོགས་བདག་རྐྱེན་ཚད་མེད་པ་གཏོང་བ་པོ་ལ་སེར་སྣའི་དྲི་མ་མེད་ཀྱང་ལེན་པ་པོས་ལེན་མི་སྤོབས་པ་ལྟ་བུ་གནང༌། དེ་སྐབས་ཀྱི་མཛད་ཚུལ་དེ་ནི་ཐེག་པ་ཆེན་པོའི་ལམ་གྱི་གནད་ཤེས་པ་གཅིག་གིས་བལྟས་ན་རྒྱལ་སྲས་ཀྱི་སྤྱོད་པའི་སྤྱི་སྡོམ་ཆེན་པོ་རྫོགས་སྨིན་སྦྱངས་གསུམ་གྱི་ནང་ནས་སངས་རྒྱས་ཀྱི་ཞིང་སྦྱོང་བའི་ཉམས་ལེན་ཁོ་ནར་འགྲོ་བ་ཞིག་གནང་ཡོད་འདུག་པས། དཀྱུས་མའི་མཁར་ལས་ཤིག་དང་མི་འདྲ་བར་མ་ཟད། འདུལ་བ་རྐྱང་པའི་ཕྱག་ལེན་ལག་གི་བླ་བསྐོ་བ་སོགས་སྦྱོར་དངོས་ཐམས་ཅད་བསྟན་པའི་དམིགས་རྐྱེན་དུ་འགྱུར་བར་བྱས་པའི་རྣམ་ཐར་ལས་ཀྱང་ལྷག་པ་ཞིག་གོ །ལས་བྱེད་རྣམས་ཀྱང་ཡོན་གྱིས་མགུ་བར་མ་ཟད། བླ་མའི་རྣམ་ཐར་ལ་དད་པ་བཅོས་མིན་སྐྱེས་ཏེ་རང་རང་གིས་གང་ཤེས་ཀྱི་ལས་ཀ་མཐའ་དག་གཡོ་ཟོལ་མེད་པར་དགའ་བཞིན་དང་དུ་བླངས་པས་ལས་འགྲོ་ཆེ་ལ་སྲ་ཞིང་བརྟན་པ། བཟོ་བཀོད་ཤིན་ཏུ་ལེགས་པས་ཡུལ་ཕྱོགས་ན་སྔར་ཡོད་ཀྱི་ལྷ་ཁང་འདུ་ཁང་ཐམས་ཅད་ལས་ཆེས་ཁྱད་པར་དུ་འཕགས་པ་ཞིག་བྱུང༌། སྤྲེའུའི་ལོ་སྐྱ་བཟོ་མཐའ་དག་གྲུབ་ཅིང༌། གནས་དེར་ཕྱོགས་འདུས་ཀྱི་ཆོས་ཉན་པ་ཤིན་ཏུ་མང་པོ་ལ་བ་རི་བརྒྱ་རྩ་དང་སྣར་ཐང་བརྒྱ་རྩའི་རྗེས་གནང་སོགས་ཆོས་ཀྱི་བདུད་རྩིའི་དགའ་སྟོན་རྒྱ་ཆེར་སྩལ། རྔ་རྒོད་སྤྲུལ་སྐུ་དང་ཐེ་བོ་སྤྲུལ་སྐུ་སོགས་བསྒྲུབ་བྱ་དུ་མ་ལ་བསྙེན་རྫོགས་ཀྱི་སྡོམ་པ་གནང་སྟེ་བསླབ་པ་ཡོངས་སུ་རྫོགས་པའི་


GTD005_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་ལ་བཀོད། བསྟན་པའི་གཞི་མ་ཡིན་པས་འདུལ་བའི་བཅས་མཚམས་ལ་ཉམས་ལེན་སྙིང་པོར་བྱེད་དགོས་ཀྱི་བསླབ་བྱ་ནན་ཏན་དུ་སྩལ། དེའི་ལོ་རྗེས་མར་ཅོ་ནེའི་ཕྱོགས་ནས་ལྷ་བཟོ་མཁས་པ་འགའ་ཞིག་བོས་ཏེ་འདུ་ཁང་གི་ཤིང་བརྐོས་ཕལ་ཆེར་ལ་གསེར་ལྗིབ་ཐུམ་སོགས་ཤིང་རྩི་ལྡེབས་རིས་མཐའ་དག་ཚོན་རྩི་གང་བཟང་གིས་རྒྱུ་འགྲོས་ཚད་མེད་པའི་སྒོ་ནས་མཛེས་ཤིང་འོད་འབར་བ་རྣམ་པར་རྒྱལ་བའི་ཁང་བཟང་ལྟ་བུར་བསྒྲུབས། ཕྱོགས་རིས་མེད་ཀྱི་བླ་མ་སྐུ་སྐྱེ་སོགས་ཆོས་ཉན་པ་མང་དུ་འདུས་པར་སྒྲུབ་ཐབས་རིན་འབྱུང་གི་རྗེས་གནང་ཡོངས་སུ་རྫོགས་པ་དང་། འཇམ་དབྱངས་ཆོས་སྐོར་ནང་གི་ལྷ་སོ་སོའི་རྗེས་གནང་། གཞན་ཡང་ཟུར་བཀའི་རྗེས་གནང་མང་པོ་དང་། དེའི་གསེང་བར་དུ་སོ་སོའི་འདོད་པ་ལྟར་གྱི་ལུང་ཁྲིད་མཐའ་ཡས་པ་སོགས་ཆོས་བཀའ་དཔག་ཏུ་མེད་པ་ཟླ་བ་མང་པོའི་བར་རྒྱུན་མི་འཆད་དུ་གནང༌། རིན་འབྱུང་ནང་གི་ལྷ་མོའི་ཐུན་མོང་མ་ཡིན་པའི་རྗེས་གནང་བྱེད་རྒྱུའི་ཞོགས་ཀ་དེར། དེའི་བཅའ་གཞི་སོགས་བྱེད་མི་དགོས་གསུངས་ཀྱང༌། མཆོད་དཔོན་གྱིས་རྗེས་གནང་མ་ཚང་དོགས་པས། དེའི་མཆོད་གཏོར་སོགས་བཤམས་ནས་བཞག་པའི་སྟབས་ཀྱིས་ཐད་དེར་མི་གནང་བའི་ཐབས་མེད་པ་ཞིག་བྱུང༌། དེའི་ཚེ་གློ་བུར་དུ་འཇིགས་ཤིང་སྐྱི་གཡའ་བའི་ཟིལ་ཆེན་པོ་ཞིག་དང་འུར་ཆོམ་གྱི་སྒྲ་ཆེན་པོ་རྒྱུན་མི་འཆད་པ། མཆོད་ཤོམ་སོགས་ཀྱང་འདར་སིལ་སིལ་བྱེད་པ་ཞིག་བྱུང་བ་ན། ཉིད་ནས་གསུང་འཕྲོ་བཞག་སྟེ་དམིགས་པ་གཏད་ནས་བཞུགས་པས་རེ་ཞིག་གི་མཚམས་ནས་ཇེ་འཇམ་དུ་སོང༌། སྐབས་དེར་གང་ནས་ཡོང་མེད་པར་འདུ་ཁང་ནང་དུ།


GTD005_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

འཚུབ་མ་ཆེན་པོ་ཞིག་ཀྱང་ཡུན་རིང་བོར་འཁྱུག་སྟེ་མཚམས་ཤིག་རྒྱ་མཐོངས་ཁར་ཐོན་ནས་སོང་བ་སོགས་འཚུབ་དང་དངོས་གྲུབ་གང་ཡང་མེད་པར་རྗེས་གནང་སྐུར་ཉག་གཅིག་པ་རྣམས་དང་མི་འདྲ་བའི་རྟགས་མཚན་རེ་ངེས་པར་འབྱུང་གིན་ཡོད་འདུག །བླ་བྲང་ནས་གདན་དྲངས་ཏེ་སྐྱབས་མགོན་མཆོག་སྤྲུལ་རིན་པོ་ཆེའི་ཞབས་བརྟན་རྒྱ་ཆེ་བ་ཡུན་རིང་པོར་བསྒྲུབས། དེ་སྐབས་ཉིན་གཅིག་ངེད་ཀྱི་རྩར་ཕེབས་ཏེ། ༸རྒྱལ་དབང་འཇམ་དཔལ་རྒྱ་མཚོ་ཐོག་མར་གདན་སར་འགོད་རྒྱུའི་སྔོན་དེར་བོད་ཀྱི་མི་ཆེན་སོ་སོའི་འདོད་དབང་གིས་འཐེན་འཁྱེར་སྣ་ཚོགས་པས་ལམ་རྒྱུགས་དཀའ་བར་བྱུང་བ་ལ། པཎ་ཆེན་ཐམས་ཅད་མཁྱེན་པ་དཔལ་ལྡན་ཡེ་ཤེས་ཀྱིས་རིག་བྱེད་མའི་བསྟོད་པ་ཞིག་མཛད་དེ་ཐུགས་རྒྱུད་བསྐུལ་བས་འཕྲིན་ལས་ཀྱི་སྒོ་ཕྱེ་བ་ཡིན་པར་འདུག །བཅོམ་ལྡན་འདས་མ་ལ་བསྟོད་པ་མང་ཡང་དེ་ཉིད་གཞན་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་ཞིག་སྣང༌། ད་ལན་ཡང་སྐྱབས་མགོན་མཆོག་སྤྲུལ་རིན་པོ་ཆེ་འདིའི་མཛད་འཕྲིན་ཁོ་ནར་དམིགས་ཏེ། བསྟོད་པ་དེ་ཉིད་འགྲེལ་པ་ཚིག་གི་འབྲུ་ནོན་ཙམ་མ་ཡིན་པར། མ་རྒྱུད་ཀྱི་ལམ་གྱི་འགྲོས་དང་སྦྱར་བའི་ཤིན་ཏུ་རྒྱས་པ་པོ་ཏིར་ལོངས་པ་ཞིག་རྩོམ་དགོས་ཞེས་བསྐུལ་མ་གནང་བྱུང་བར། རང་ཉིད་སྔར་བློ་ཁ་མ་ཕྱོགས་པ་ལྟ་བུས་སྔགས་ཕྱོགས་ལ་འདྲིས་ཆ་ཆུང་ཞིང༌། བསྟོད་པ་དེ་ཡང་དོན་ཤིན་ཏུ་བརླིང་པ་ཞིག་ཡིན་འདུག་པ་བྲི་བ་རྔོ་མི་ཐོགས་ཚུལ་ཞུས་ཀྱང༌། དམ་པ་ཉིད་བྱ་བ་གང་བརྩམས་དེ་ཉིད་ལྡོག་ཏུ་མེད་པར་མཐར་འདོན་པ་ཞིག་ཡིན་


GTD005_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་པས་ཅི་ནས་ཀྱང་འབྲི་དགོས་ཞེས་གསུང་ནན་ཧ་ཅང་ཆེ་བ་མ་བཟློག་པར་བསྟོད་འགྲེལ་རྡོ་རྗེ་གསུམ་གྱི་སྣང་བ་འདི་ཉིད་བྲིས་པ་ཡིན་ལ། ད་ལྟ་དུས་ཀྱི་ཐ་མར་སོང་སྟེ་ལེགས་བཤད་ལ་ལེགས་བཤད་དུ་ཤེས་པ་དཀོན་པས་གཞན་ལ་ཕན་ཐོགས་དཀའ་ཡང༌། རང་རྒྱུད་ལ་བག་ཆགས་ཅུང་ཟད་འཇོག་པའི་རྐྱེན་དུ་སོང་བས་བཀའ་དྲིན་བླ་ན་མེད་པར་གྱུར། དེང་དུས་ཕལ་མོ་ཆེ་ཟས་ནོར་ཞིག་མ་བྱིན་པར་གཏམ་བཟང་པོ་ཙམ་གྱིས་མི་མགུ་བའི་རང་དཔེ་ལྷ་ལ་བཀབ་སྟེ། དངོས་གྲུབ་ཞུ་བ་ལ་ཡང་མཆོད་གཏོར་གལ་ཆེ་བ་ལས། གཞུང་རྩོམ་པ་ལྟ་བུ་དེའི་རྒྱུར་འགྲོ་སྙམ་པ་མི་སྣང་བས། དགོངས་ཚུལ་འདི་ཙམ་ཡང་བསྟན་པའི་གནད་མཁྱེན་པའི་རང་རྟགས་སུ་གསལ་ལོ། །ལོ་ཚིགས་སྔ་ཕྱི་ཅི་རིགས་པར་ཕྱོགས་ཕན་ཚུན་དུ་མ་ནས་དབང་རྗེས་གནང་ལུང་ཁྲིད་མན་ངག་སོགས་ཆོས་བཀའ་བསམ་གྱིས་མི་ཁྱབ་པ་གནང་འདུག་པས་རགས་རིམ་ཙམ་ཕྱོགས་བསྡོམས་སུ་བཀོད་ན། ཅོ་ནེའི་དགོན་ཆེན་ནས་རྗེ་བླ་མའི་ཐུན་མོང་མ་ཡིན་པའི་ཡི་དམ་ལྔའི་ཡ་གྱལ་དབང་གི་ཆེ་བ་དཔལ་ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོ་དང༌། ཀུན་རིག་རྣམ་པར་སྣང་མཛད། རྡོ་རྗེ་མི་འཁྲུགས་པ། གཙུག་ཏོར་རྣམ་རྒྱལ་བཞིའི་དབང་ཆེན། སྒྲུབ་ཐབས་རིན་འབྱུང༌། སྣར་ཐང་བརྒྱ་རྩ། འཇམ་དབྱངས་ཆོས་སྐོར། མགོན་པོ་བཀའ་བཅུ་གསུམ་འཇིགས་བྱེད་སྔགས་བཏུ། རྟ་ཕྱག་ཁྱུང་གསུམ་སོགས་ཀྱི་རྗེས་གནང༌། ཁྲིད་དང་ལུང་ཐོར་བུ་བ་མང་པོ། ཆགས་ཕྱོགས་ནས་དབུ་མ་ལུང་རིགས་སྒྲོན་མེ་དང༌། གྲུབ་མཐའ་རིན་ཆེན་འཕྲེང་བ་སོགས་ཀྱི་ལུང༌། འཇམ་དབྱངས་ཆོས་སྐོར།


GTD005_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

རྡོར་སེམས། འཇམ་དཀར་སོགས་ཀྱི་རྗེས་གནང༌། དགོན་ལི་དང་བྲག་དཀར་རི་ཁྲོད་གཉིས་ནས་འཕགས་པ་ཐུགས་རྗེ་ཆེན་པོ་ཞལ་བཅུ་གཅིག་པའི་དབང༌། དགོན་ལི་སྤྲུལ་སྐུ་ལ་བསྙེན་རྫོགས་ཀྱི་སྡོམ་པ་ཕོག་ཅིང༌། ལམ་རིམ་གྱི་ཁྲིད། ལུང་སྣ་ཚོགས་དང་ཟུར་བཀའི་རྗེས་གནང་མང་པོ། རྐང་ཚའི་ཕྱོགས་ནས་ལམ་རིམ་ཆེན་མོའི་བཤད་ལུང་ཚར་གཉིས། ཡུམ་འབུམ་པ། བེའུ་བུམ་སྔོན་མོ། ཆོས་སྤྱོད་རབ་གསལ་སོགས་ཀྱི་ལུང༌། སྣར་ཐང་བརྒྱ་རྩ་དང་འཇམ་དབྱངས་ཆོས་སྐོར་གྱི་རྗེས་གནང༌། རྔ་རྒོད་སྒང་ནས་འཇིགས་བྱེད་བཅུ་གསུམ་མ། འཇིགས་བྱེད་དཔའ་བོ་གཅིག་པ། ཀུན་རིག །བཅུ་གཅིག་ཞལ་རྣམས་ཀྱི་དབང་ཆེན། ལྷ་འདྲིས་རི་ཁྲོད་ནས་བདེ་གསང་གཉིས་ཀྱི་དབང༌། ཆོས་འཁོར་གླ་རི་མགོ་ཕྱོགས་ནས་བྱང་ཆུབ་བདེ་ལམ་གྱི་ཁྲིད། དབང་དང་རྗེས་གནང་འགའ་ཞིག་སོགས་གང་ལ་གང་འདོད་ཀྱི་ཆོས་སྦྱིན་རྒྱ་ཆེར་སྩལ། ཕྱོགས་ཉེ་རིང་དུ་མ་ནས་ཚུལ་ཁྲིམས་ཀྱི་བདུད་རྩི་དོན་དུ་གཉེར་བའི་ཕྱིར་འོངས་པ་རྣམས་ལ་ཚིགས་སྔ་ཕྱིའི་སྡོམ་པ་ཕོག་པ་ཐམས་ཅད་ཀྱང་ཐུགས་རྗེ་དང་བྱིན་རླབས་ཀྱི་མཐུས་བསྲུང་སྡོམ་ལ་བརྩོན་པ་ལྷུར་བྱེད་པ་ཁོ་ན་བྱུང༌། རེ་གཅིག་པ་ཆུ་ཕག་གི་ལོ་ཕྱོགས་ཡས་མས་ནས་རེབ་ཚ་བཀའ་འགྱུར་བའི་སྤྲུལ་སྐུ། རྔ་རྒོད་སྤྲུལ་སྐུ་སོགས་དམ་པའི་སྐྱེ་རྒྱུད་འཛིན་པའི་སྤྲུལ་སྐུ་དུ་མ་དང༌། སྒྲུབ་པ་ལ་གཅིག་ཏུ་གཞོལ་བའི་རི་ཁྲོད་པ་མང་པོ། བཀའ་རམས་དགེ་བཤེས་དུ་མ་སོགས་དོན་གཉེར་ཅན་བརྒྱ་ཕྲག་དུ་མ་འདུས་པ་ལ་མི་ཏྲ་


GTD005_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་རྩའི་དབང་ཆེན་ཡོངས་སུ་རྫོགས་པ། རྒྱུད་སྡེ་སོ་སོའི་སྐབས་ཀྱི་སྒོས་ཆོས་མི་འདྲ་བའི་ཁྱད་པར་སོགས་ལག་ལེན་ཕྲ་ཞིང་ཞིབ་པ་འཁོར་ལོའི་མགོན་པོ་སྐྱབས་མགོན་རྡོ་རྗེ་འཆང་ཆེན་པོའི་ཕྱག་བཞེས་ཇི་ལྟ་བ་བཞིན་དུ་སྩལ་ཏེ། སྣོད་ལྡན་སློབ་མ་མཐའ་དག་གི་རྒྱུད་ལ་ངེས་ལེགས་སྐུ་བཞིའི་གོ་འཕང་འགྲུབ་པའི་ས་བོན་གྲུང་པོ་འདེབས་པར་མཛད། དབང་གི་མཇུག་ཏུ་སྐྱབས་མགོན་རྡོ་རྗེ་འཆང་ནས་བླ་བྲང་དུ་དབང་འདི་གནང་སྐབས་སྐུ་ན་མཐོ་ཡང༌། བསྟན་པ་ཐུགས་ལ་བཅངས་ཏེ་སྐུ་ཚེགས་ལ་མ་གཟིགས་པར་ཕྱག་ལེན་ཞིབ་མོའི་སྒོ་ནས་དབང་ཡོངས་སུ་རྫོགས་པར་གནང༌། སྔོན་གྱི་དམ་པ་རྣམས་ཀྱི་རྣམ་ཐར་གསན་ཡིག་སོགས་ལ་བལྟས་ན་དེང་སང་ཟུར་བཀའི་དབང་ཚོ་ཕལ་ཆེར་ཆད་སོང་བ་ལྟ་བུ་རེད། ཡིན་ཀྱང་དུས་ཤིན་ཏུ་སྙིགས་པའི་སྟོབས་ཀྱིས་ཆོས་རྒྱུན་ཟབ་མོ་ནུབ་པ་ལ་སྣང་རུང་བྱེད་མཁན་སུ་ཡང་མི་འདུག །ཁྱེད་བསྟན་འཛིན་དམ་པ་རྣམས་ཀྱིས་བསྟན་པ་ཐུགས་ལ་བཞག་སྟེ། དབང་རྒྱུན་འདི་དག་མ་ནུབ་པར་སྤེལ་དགོས་ཞེས་བཀའ་ཕེབས་ཚུལ་གསུངས་པས་བླ་མའི་ཡོན་ཏན་དྲན་པའི་གདུང་ཤུགས་ཀྱིས་མཆི་མས་བརྣངས་ཏེ། རེ་ཞིག་གསུང་མི་ཐོན་པ་བྱུང་བས་ཆོས་ཉན་པ་རྣམས་ཀྱང་དད་པ་དང་སྐྱོ་བས་སེམས་བློང་བློང་པོར་གྱུར། གཞན་ཡང་ནམ་མཁའ་སྒོ་འབྱེད་ཀྱི་དབང་སོགས་ཞུ་བ་པོ་སོ་སོའི་མོས་པ་ལྟར་གྱི་ཟབ་ཆོས་དུ་མ་ལྷུག་པར་སྩལ། རི་མོའི་ལས་ལ་བྱང་ཆུབ་པའི་པིར་ཐོགས་དབང་པོ་འགའ་ཞིག་བོས་ཏེ་ཐུབ་པའི་དབང་པོ་རྒྱ་གར་ལུགས་ཀྱི་གནས་བརྟན་བཅུ་དྲུག་དང་བཅས་པའི་སྐུ་ཐང་ཤིན་ཏུ་ལེགས་པ་ཉེར་གསུམ།


GTD005_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲིམ་བཏག་གི་ཧོར་གོས་སྔོན་པོ་ནོར་བུ་ཆ་བདུན་མའི་གོང་གཤམ་ཅན། བཟང་གོས་ཀྱི་རྒྱབ་ཤ་དང་ཞལ་ཁེབས་སོགས་ཁྱད་དུ་འཕགས་པ་གྲངས་མཚུངས་སུ་བསྒྲུབས། དེ་བཞིན་དུ་ཡི་དམ་ཆོས་སྐྱོང་སོ་སོའི་ཞལ་ཐང་ལྔ་མཛོད་གོས་ཀྱི་གོང་གཤམ་དང་བཅས་པ་ཡང་གསར་དུ་བཞེངས། སོ་སོར་ཕྱི་ནང་དུ་ནང་མཛོད་ཁ་དོག་སྣ་ཚོགས་དང༌། བཟང་གོས་དམར་སེར་མཉྫི་སྤུས་གཙང་སོགས་ཀྱི་ན་བཟའ་རྩེག་ལྔ་བཅུ་སྐོར་རེ་དང༌། ཕྱག་མཚན་གོ་ཁྲབ་སོགས་ཀྱི་སྤྱན་གཟིགས་བསམ་ལས་འདས་པ་ཕུལ། སྐུ་ཐང་སྔ་ཕྱིར་བཞེངས་སྐབས་དང༌། འདུ་ཁང་གི་ཚོན་གཏོང་སྐབས་སོགས་སུ་བཟོ་བོ་རྣམས་ལ་ཡོན་ཚད་ལས་འདས་པ་བསྟར་ཡང༌། མངོན་ཆུང་ཁོ་ན་མཛད་དེ་ཞབས་འབྲིང་བ་རྣམས་ཀྱིས་རྒྱུ་སོང་གི་ཐོ་རེ་བསྒྲིགས་པ་ལ་ཡང་ཐུགས་མི་དགྱེས་པར། ངེད་ཀྱིས་རྟེན་བཞེངས་ཅུང་ཟད་རེ་བྱས་པ་འདི་རྣམས་ཆོས་བརྒྱད་ཀྱི་བསམ་པས་བྱེད་མ་མྱོང་བས་དེ་འདྲ་གཏན་མི་དགོས་གསུངས་ཏེ། དེ་ཕྱིན་ཆད་ལས་བྱེད་རྣམས་ལ་གནང་སྦྱིན་མཛད་རྒྱུ་སོགས་དེ་དག་ལ་སྦས་ནས་ལྐོག་ཏུ་སྦྱིན་པར་མཛད། དེའི་སྟོབས་ཀྱིས་རྒྱུ་སོང་ཞིབ་ཆ་མ་ངེས་ཀྱང༌། རགས་རྩིས་ཙམ་ལ་གནས་བཅུའི་ཞལ་ཐང་རྣམས་ཀྱི་རྒྱུ་ཡོན་ཁོ་ནར་ཡང་དངུལ་སྲང་བཞི་བརྒྱ་ལྷག་པ་སོང་བའི་ཚོད་དུ་སྣང༌། བཀའ་ཆོས་གང་གནང་བ་ཐམས་ཅད་ཀྱང་དབུལ་པོས་གཞན་གྱི་ནོར་བགྲང་བ་ལྟ་བུ་རང་ལ་ཉམས་མྱོང་མེད་པའི་ཁ་བཤད་ཙམ་མ་ཡིན་པར། དང་པོ་བཤེས་གཉེན་མཚན་ཉིད་དང་ལྡན་པ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ཏེ།


GTD005_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

དེས་དགྱེས་བཞིན་སྩལ་བའི་གདམས་པ་ཟབ་མོ་ལེགས་པར་གསན། གསན་པའི་དེ་མ་ཐག་ནས་བཤེས་གཉེན་བར་མ་ཆད་པ་ལས་རིམ་པར་བརྒྱུད་པའི་བྱིན་རླབས་ཀྱི་དྲོད་མ་ཡལ་བ་དེ་ཉིད་རང་གི་རྒྱུད་ལ་སྦྱར་ནས་ཉམས་མྱོང་སྐྱེ་ངེས་སུ་བྱས་ཏེ་སྦྱངས། དེ་རྗེས་གཞན་ལ་འཆད་པ་ན་དམ་ཆོས་ཟོང་དུ་འགྲེམ་པ་ལྟ་བུ་ཆོས་བརྒྱད་ཀྱིས་བསླད་པ་ཅུང་ཟད་ཀྱང་མེད་པར་སློབ་མ་ལ་སྙིང་བརྩེ་བ་དང༌། ཚུལ་དེ་ལ་བརྟེན་ནས་ཐུབ་བསྟན་རིན་པོ་ཆེ་རིང་དུ་གནས་པར་འདོད་པའི་ལྷག་བསམ་སྔོན་དུ་བཏང་སྟེ། བཤད་པའི་ཚུལ་ཡང་མ་བཤད་ལོག་བཤད་ཧ་ཅང་བཤད་པ་སོགས་ཀྱི་སྐྱོན་དང་བྲལ་བར། སློབ་མའི་རྒྱུད་ཚོད་ལ་སྦྱར་བའི་བཤད་པ་རྒྱས་བསྡུས་འཚམ་ཞིང༌། ཚིག་ཉུང་ངུ་རེས་ཀྱང་དོན་རྒྱ་ཆེན་པོ་སྟོན་པ་དང༌། བརྗོད་བྱ་མདོ་རྒྱུད་ཀྱི་ཟབ་གནད་ཚང་བས་ཤིན་ཏུ་བརླིང་ཡང༌། རྗོད་ཚུལ་སློབ་མའི་རྣ་བར་སྐྱེལ་མཁས་པའི་དབང་གིས་བློ་མཆོག་དམན་མཐའ་དག་གིས་གོ་བདེ་བ། གོ་བ་སྐྱེ་ཚུལ་ཡང་གཞུང་དེ་དང་དེས་དེ་ལྟར་བཤད་པ་རེད་ཟེར་བ་ཙམ་གྱིས་ཤེས་བྱ་མང་པོའི་རྣམ་གྲངས་ཙམ་མ་ཡིན་པར། རང་གི་རྒྱུད་ཐོག་ཏུ་ཕབས་ཏེ་འདི་དང་འདི་ལྟར་བྱེད་དགོས་པ་འདུག་སྙམ་དུ་ཆོས་མིན་གྱི་སྤྱོད་པས་གནོང་ཞིང་། ཉམས་ལེན་ལ་སྤྲོ་བ་ངང་གིས་འཕེལ་བ་སོགས་གང་གསུང་ཐམས་ཅད་རྒྱུད་འཁུལ་བའི་ཐབས་འབའ་ཞིག་ཏུ་མཛད། ཁྱད་པར་གསང་སྔགས་ཀྱི་དབང་རྗེས་གནང་སོགས་མཛད་པའི་ཚེ། བསྙེན་སོགས་དག་པ་སྔོན་དུ་འགྲོ་བའི་སྒོ་ནས། ཕྱག་ལེན་གྱི་ཆ་ཕྲ་མོ་ཙམ་ཡང་སླ་ཆོས་སུ་མ་སོང་བར་བྱས་ཏེ། སྩོལ་བ་


GTD005_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། ལྷག་པར་རྒྱུད་སྡེ་གོང་མའི་དབང་སོགས་ཀྱི་མཇུག་ཏུ། བླ་མ་ལྔ་བཅུ་པར། དེ་ནས་སྔགས་སོགས་བྱིན་པ་ཡིས། །དམ་ཆོས་སྣོད་དུ་བྱས་ནས་སུ། །རྩ་བའི་ལྟུང་བ་བཅུ་བཞི་ནི། །ཀློག་དང་འཛིན་པ་ཉིད་དུ་བྱ། །ཞེས་གསུངས་པ་ལྟར། རྩ་བ་དང་ཡན་ལག་གི་དམ་ཚིག་སོ་སོའི་ངོས་འཛིན་གོ་བདེ་བ་རེ་དང་བཅས་ཏེ། དམ་སྡོམ་ཚུལ་བཞིན་དུ་བསྲུང་ཚུལ་གྱི་བསླབ་བྱ་ནན་ཏན་དུ་རྡོ་རུས་ཐུག་པ་གནང༌། ཁྲིད་སོགས་ཀྱི་ཚེ་བྱིས་པ་ཆུང་ངུ་ཐང་ལ་འཁྱམས་པ་ལྟར་གཏད་སོ་མེད་པར་གང་ཟིན་ནས་བཤད་པ་དེ་འདྲ་མ་ཡིན་པར། ཉམས་ལེན་སྦྱོར་དངོས་རྗེས་ཀྱི་རིམ་པ་ཆ་ཚང་ལ། བློ་ངོར་འདུམ་བདེ་བ་སྐབས་སུ་གང་བབས་ཀྱི་གེགས་སེལ་བོགས་འདོན། ཁྲིད་དམིགས་འོག་མ་འོག་མ་ནས་གོང་མར་འཇུག་ཚུལ་སོགས་ཀྱི་གནད་མཐའ་དག་མྱོང་སྟེང་ནས་མན་ངག་ལག་བཅངས་ལྟ་བུར་གནང༌། དམ་པ་ཉིད་ཀྱིས་གསུངས་པའི་སྐབས་སུ་ཡང་བྱང་ཆུབ་ལམ་གྱི་རིམ་པ་འདི་ཇོ་བོའི་མན་ངག་ཡིན་ཚུལ་དཔེར་ན། བུང་བས་མེ་ཏོག་གི་བཅུད་བསྡུས་པ་དེ་རང་གི་ལྟོ་བར་བསགས་ནས་རོ་བཅུད་ཕུན་སུམ་ཚོགས་པར་སོང་བ་དེ་སྦྲང་སྒམ་དུ་བསགས་པ་ལ་གཞན་གྱིས་སྦྲང་རྩི་ཞེས་ལོངས་སྤྱད་དུ་ཡོད་པ་ལྟར། ཇོ་བོ་ཆེན་པོས་རྒྱལ་བའི་གསུང་རབ་མཐའ་དག་ཐོས་བསམ་གྱིས་གཏན་ལ་ཕབ། བསྒོམ་པས་ཉམས་སུ་བཞེས་ཏེ། མྱོང་བ་ཁྱད་པར་ཅན་འཁྲུངས་པ་ན་རང་གི་ཐུགས་རྒྱུད་ལ་ཉམས་རྟོགས་ཇི་ལྟར་སྐྱེས་པའི་རིམ་པ་བཞིན་དུ། ལམ་སྒྲོན་གྱི་སྐབས་ནས་དེ་ཐམས་ཅད་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པར་བསྒྲིགས་ཏེ་


GTD005_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་འཇུག་རྣམས་ཀྱིས་གཞུང་ཉུང་ངུ་དེའི་སྒོ་ནས་གསུང་རབ་མཐའ་དག་ཉམས་སུ་བླང་དུ་ཡོད་པ་ཞིག་མཛད་པ་འདི་ཇོ་བོའི་མན་ངག་ཏུ་འཇོག་ཚུལ་ཡིན་གསུངས་པ་བཞིན། ཉིད་ཀྱིས་ཀྱང་ཕྱག་ལེན་དུ་ཐེབས་ངེས་པ་ཁོ་ནར་མཛད། ཁྱད་པར་དུ་བྱང་ཆུབ་ལམ་གྱི་རིམ་པའི་དོན་རང་གིས་ཉམས་སུ་ལེན་པ་དང༌། གཞན་ལ་འཆད་པ་ཐམས་ཅད་ལ་མགོ་བཤེས་གཉེན་བསྟེན་ཚུལ་ཞེས་རླུང་ལྟར་གྲགས་ཀྱང༌། རང་སྟེང་དུ་བསྐོར་བ་ན་མདོ་ཏིང་ངེ་འཛིན་རྒྱལ་པོ་ལས། དེ་བཞིན་རྣལ་འབྱོར་མི་བརྩོན་པ། །ཚུལ་ཁྲིམས་བསྔགས་པས་འཚོ་བ་དག །ཕྱི་མའི་དུས་ན་འབྱུང་འགྱུར་ཏེ། །དེ་དག་ལ་ནི་ཚུལ་ཁྲིམས་མེད། །གསུངས་པ་བཞིན་རྩ་བ་བླ་མའི་དམ་ཚིག་གི་རྨང་གཞི་ཟད་དེ། ཉམས་ལེན་གྱི་མགོ་ཚེས་གཅིག་ལྟ་བུ་ནས་འཆུགས་པས། ལྷག་མ་རྣམས་ཆ་འདྲ་ཙམ་ཡང་སྐྱེ་བའི་གོ་སྐབས་ནམ་ཡང་མི་སྲིད་ལ། བདག་ཉིད་ཆེན་པོ་འདིས་ནི་བྱང་ཆུབ་ལམ་གྱི་རིམ་པ་ཆེ་ཆུང་དུ་དགེ་བའི་བཤེས་གཉེན་བསྟེན་པའི་ཆོས་སྐོར་འདི་རྣམས་ནི་གང་ལས་ཀྱང་གལ་ཆེ་བ་གཏན་གྱི་འདུན་མའི་རྩ་བར་སྣང༌། ཞེས་གསུངས་པ་ཐུགས་ལ་བཞག་སྟེ། ཉམས་ལེན་གྱི་སྙིང་པོ་འདི་ཉིད་ལ་ཆིག་དྲིལ་དུ་བྱས་པས་རྟོགས་པ་གོང་མ་ཐམས་ཅད་ཀྱང་ཐུགས་རྒྱུད་ལ་སྤུངས་པ་བཞིན་དུ་འཁྲུངས། དམ་པ་ཉིད་ཀྱི་ཞལ་ནས་ཀྱང༌། ངེད་ཀྱིས་བླ་མ་མང་དུ་བསྟེན་པ་གཅིག་ལ་ཡང་དམ་ཚིག་གི་སེལ་འཇུག་མ་མྱོང༌། ཐམས་ཅད་ཀྱི་ནང་ནས་ཀྱང་སྐྱབས་མགོན་ཐམས་ཅད་མཁྱེན་པ་ལ་དད་པ་ལྷག་པ་ཐུན་མོང་མ་ཡིན་པ་ཞིག་ཡོད། དེའི་རྒྱུ་མཚན་ཁོང་གི་མཛད་སྤྱོད་ཐམས་


GTD005_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་སངས་རྒྱས་ཀྱི་བསྟན་པའི་དོན་ཁོ་ན་ལས་མ་འདས་པ། སྐྱིད་སྡུག་ལེགས་ཉེས་ཅི་འདྲ་ཞིག་བྱུང་ཡང་དེ་ལ་མི་གཟིགས་པར་བཟོད་པའི་གོ་ཆ་གྱོན་ནས་རྒྱལ་བའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་དོན་ལ་བརྩོན་པ་སྐད་ཅིག་ཙམ་ཡང་མི་འདོར་བ་འདི་ཡིན། ཁྱེད་རང་རྣམས་ཀྱང་བླ་མའི་ཡོན་ཏན་དཔྱིས་ཕྱིན་པར་མཐོང་སྟེ། དད་པ་མི་ལྡོག་པའི་གདེང་ཞིག་མེད་ན་བདུད་ཀྱི་གཡོ་སྐྱོན་ཁ་བར་ལག་བར་ནས་རྒྱུད་ལ་ཞུགས་ཏེ་སྐྱོན་རྟོག་སྣ་ཚོགས་པ་ཞིག་སྐྱེས་ཡོང༌། དེའི་རྒྱུ་མཚན་གྱིས་དུས་རྒྱུན་པར་རང་སེམས་ལ་བྱ་ར་བྱས་ཏེ། བླ་མའི་མཛད་པ་ལ་སྐྱོན་རྟོག་ཞུགས་མ་ཞུགས་བརྟག་དགོས་གསུངས་པ་དང༌། ཡང་ཀུན་མཁྱེན་འཇམ་དབྱངས་བཞད་པ་འདི་རྗེ་བཙུན་འཇམ་པའི་དབྱངས་དངོས་ཡིན། ངའི་ཆུ་བུར་གྱི་མིག་གིས་བླ་མ་སངས་རྒྱས་སུ་མ་མཐོང་ཡང༌། མོས་གུས་ཀྱི་མིག་གིས་བླ་མ་སངས་རྒྱས་སུ་མཐོང་བྱས་ན་རྫུན་དུ་མི་འགྲོ །དོན་འདི་ལ་ལྕགས་ལོངས་བྱས་ཀྱང་ཡ་ང་བ་མེད་གསུངས། གསུང་འདིའི་དོན་ཕལ་ཆེར་ཞིག་གིས་གོ་ཚུལ་ལ་བླ་མའི་གཟུགས་སྐུ་མཚན་དཔེ་སོགས་ཀྱིས་བརྒྱན་པའི་སངས་རྒྱས་ཀྱི་སྐུའི་རྣམ་པ་ལྟ་བུར་མ་མཐོང་ཡང༌། ཡིད་ཀྱིས་དེ་ལྟར་བསྒོམས་པའི་མོས་ངོར་གསལ་སྣང་ཐོབ་པ་ལྟ་བུ་ལ་གོ་བ་ནི་དོན་གྱི་ཕྱོགས་ཙམ་དུ་ཡང་མ་སོང་ཞིང༌། དེང་དུས་བཤེས་གཉེན་བསྟེན་ཚུལ་གྱི་དམིགས་སྐོར་སྐྱོང་བར་འདོད་པ་ཕལ་ཆེར་ཡང༌། བླ་མ་སངས་རྒྱས་སུ་སྒོམ་ཚུལ་དེ་ཙམ་གྱི་སྟེང་ནས་བྱེད་པ་དམིགས་པའི་གནད་མ་ཤེས་པ་ཡིན་པས། གསུང་


GTD005_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་དོན་ཅུང་ཟད་བཤད་ན་འདི་ཡིན་ཏེ། སྤྱིར་གསང་བ་འདུས་པ་ལས། བྱང་ཆུབ་ཀྱི་སེམས་རྡོ་རྗེ་བཞིན་དུ་བལྟ་བར་བགྱིའོ། །ཞེས་པ་དང༌། ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས། སློབ་དཔོན་ལ་སློབ་མས་ཇི་ལྟར་བལྟ་བར་བྱ་ཞེ་ན་སངས་རྒྱས་བཅོམ་ལྡན་འདས་ལ་ཇི་ལྟ་བ་དེ་བཞིན་དུའོ། །ཞེས་སངས་རྒྱས་དང་འདྲ་བར་བལྟ་དགོས་ཞེས་གསུངས་པ་རྣམས། ངོ་བོ་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་ཡིན་པ་སངས་རྒྱས་དང་འདྲ་བའི་དོན་ཡིན་གྱི། རྣམ་པ་མཚན་དཔེས་བརྒྱན་པ་སངས་རྒྱས་དང་འདྲ་བའི་དོན་མ་ཡིན་པས། དོགས་པ་དེ་ཉིད་སེལ་བའི་ཕྱིར་དུ་རྗེ་བླ་མས་བྱང་ཆུབ་ལམ་གྱི་རིམ་པ་ལས། དེ་དག་གི་དོན་ནི། ཇི་ལྟར་སངས་རྒྱས་ཡིན་པར་ཤེས་པ་ན། དེ་ལ་སྐྱོན་རྟོག་པའི་བློ་མི་འབྱུང་ཞིང་ཡོན་ཏན་སེམས་པའི་བློ་འབྱུང་བ་ལྟར། བླ་མ་ལ་ཡང་ཆེད་དུ་བྱས་ཏེ་སྐྱོན་རྟོག་པ་རྣམ་པ་ཐམས་ཅད་དུ་འདོར་ཞིང་ཡོན་ཏན་རྟོག་པའི་བློ་སྦྱོང་བའོ། །ཞེས་གསུངས་སོ། །གནད་འདི་མ་གོ་བར་རྣམ་པ་མཚན་དཔེས་བརྒྱན་པའི་སྐུ་ཅན་དུ་བསྒོམ་པས་གསལ་སྣང་སྐྱེས་ཀྱང་སྐྱོན་རྟོག་ཁེགས་པའི་ངེས་པ་མེད་དོ། །ལྷ་སྦྱིན་ལེགས་སྐར་སོགས་ཀྱིས་ཐུབ་པའི་སྐུ་མཚན་དཔེས་བརྒྱན་པ་དངོས་སུ་མཐོང་ཡང༌། སྐྱོན་རྟོག་མ་ཁེགས་པར་མ་ཟད་རང་གི་ལག་པར་ལྕགས་སྲེག་གིས་འཁོར་ལོ་འབྲི་བ་སོགས་འགྲན་ཟླ་བྱེད་པ་ལྟ་བུ་ཡིན་པས། དོན་འདི་ལ་དགོངས་ཏེ་ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས། སློབ་དཔོན་གྱི་ནི་ཡོན་ཏན་བཟུང་། །སྐྱོན་ནི་ནམ་ཡང་བཟུང་མི་བྱ། །ཞེས་གོང་དུ་སངས་རྒྱས་སུ་བལྟ་བར་གསུངས་པ་དེའི་དགོངས་པ་རང་ཉིད་ཀྱིས་བཀྲལ་བ་


GTD005_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ནོ། །ངོ་བོ་སྐྱོན་ཀུན་ཟད་དུ་མཐོང་སྟེ་ཅི་མཛད་ཐམས་ཅད་ལ་དག་སྣང་སྐྱེ་བ་ཞིག་བྱུང་ན། རྣམ་པ་རང་ཅག་དང་སྐལ་བ་མཉམ་པར་བསྟན་པས་ཐ་མལ་གྱི་རྣམ་པ་འདི་ལྟ་བུར་སྣང་བ་ལ་སྐྱོན་མི་འབྱུང་ཞིང༌། དེ་ལྟར་དུ་བསྒོམ་དགོས་པའི་སྐབས་ཀྱང་མང་པོ་ཡོད་ལ། དེར་མ་ཟད་རྡོ་རྗེ་འཇིགས་བྱེད་ལྟ་བུ་ཡང་ངོ་བོ་རྒྱལ་བ་ཀུན་གྱི་ཡེ་ཤེས་དང་སྙིང་རྗེའི་རང་གཟུགས་སུ་བལྟ་དགོས་པ་ལས། རྣམ་པ་ཤིན་ཏུ་ཁྲོས་པའི་རྣམ་པར་བསྒོམ་ཡང་སྐྱོན་རྟོག་ཏུ་མི་འགྲོ་བ་བཞིན་ནོ། །དེས་ན་ཆུ་བུར་གྱི་མིག་གིས་སངས་རྒྱས་སུ་མ་མཐོང་ཞེས་པ་ནི་སྐུ་མཚན་དཔེ་གསལ་རྫོགས་ཀྱི་རྣམ་པ་ཅན་དུ་མཐོང་བ་དགོས་པའི་གཙོ་བོ་མིན་པས་དེ་ལྟར་མ་མཐོང་བ་དང༌། མོས་གུས་ཀྱི་མིག་གིས་སངས་རྒྱས་སུ་མཐོང་ཞེས་པ་ནི་མཛད་པ་མཐའ་དག་ཡོན་ཏན་འབའ་ཞིག་ཏུ་མཐོང་སྟེ་སྐྱོན་རྟོག་ཅུང་ཟད་ཀྱང་མ་ཞུགས་པའི་དོན་ཡིན་པས། རྗེས་འཇུག་བླ་མའི་རྣམ་ཐར་བཞིན་དུ་སློབ་པར་འདོད་པ་དག་གིས་ཀྱང་གནད་འདི་ཤེས་པར་གྱིས་ཤིག །རྗེ་བཙུན་དམ་པ་ཉིད་ནས་སྦས་པའི་བརྟུལ་ཞུགས་ཁོ་ན་ལྷུར་མཛད་དེ། རང་གི་ཡོན་ཏན་རྣམས་གཞན་ལ་ཅུང་ཟད་ཙམ་ཡང་སྒྲོག་པར་མི་བྱེད་ཀྱང༌། བཤེས་གཉེན་བསྟེན་ཚུལ་འདི་དག་མ་སྦས་པར་ལྷུག་པར་གསུངས་པ་ནི། ད་ལྟ་དུས་ཀྱི་དབང་གིས་ཆོས་ཤེས་པར་རློམ་པ་རྣམས་ཀྱང༌། ལེགས་ཚོགས་ཀྱི་རྩ་བ་འདི་ལ་ཟོན་མི་བྱེད་པའི་མིག་ལྟོས་ངན་པ་ཉམས་སྨད་པ་དང༌། བླ་མ་བསྟེན་པ་ལ་ཡོན་ཏན་དུ་མཐོང་བ་དཀོན་པས། ཚུལ་དེ་གསུངས་ཀྱང་ཡོན་ཏན་བསྒྲགས་པ་ལ་མི་འགྲོ་བར་དགོངས་པ་


GTD005_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ། ཉིད་ལ་འབྲེལ་ཐོགས་པའི་སྦྱིན་བདག་སོགས་རྒྱུས་ཡོད་ཕལ་ཆེར་རྣམ་ཐར་ལོ་རྒྱུས་གླེང་བའི་ཚེ་འཕྲལ་ཕུགས་ཀྱི་ལེགས་ཉེས་སོགས་ལུང་བསྟན་པ་ཇི་ལྟ་བ་བཞིན་ཐོག་ཏུ་ཁེལ་བ་དང༌། ནད་གདོན་སོགས་ཀྱི་ཉེར་འཚེ་དྲག་པོ་བླ་སྔགས་ནུས་པ་ཅན་གཞན་སུས་ཀྱང་ཕན་མ་ཐོགས་པ་རྣམས་ཉིད་ནས་སྤྱན་དམིགས་རིམ་གྲོ་ཅུང་ཟད་རེ་ཙམ་མཛད་པས་ཞི་བ་དང༌། འགོ་བའི་ནད་རིམས་ཅན་གྱི་སར་གདན་དྲངས་པའི་ཚེ། ལ་ལར་གཞན་རྣམས་མ་འགྲོ་གསུངས་ནས་ཉིད་གཅིག་པུ་ཕེབས་ཤིང༌། འགའ་ཞིག་ཏུ་འཛེམ་མི་དགོས་གསུང་བ་བཞིན་ཐམས་ཅད་སོང་བ་ལ། ཉེས་སྐྱོན་ཅུང་ཟད་ཀྱང་མ་བྱུང་ཞིང༌། ཕལ་ཆེར་དེ་འདྲའི་རིགས་གང་དུ་ཕེབས་པ་ནས་བཟུང་སྟེ་ནད་རིམས་རྒྱུན་ཆད་པ་དང༌། སྦྱིན་བདག་འགའ་ཞིག་མདུན་དུ་འོངས་པའི་ཁྲོད་ནས་གཅིག་ཅུང་ཟད་མ་བདེ་ཡང་སྦས་ནས་ཡོད་པ་མཁྱེན་ཏེ། ཁྱེད་ཚོའི་ཁྲོད་ན་ཅུང་ཟད་རེ་མི་བདེ་མཁན་ཡོད་ཚེ་ཚད་རིམས་ཡིན་འགྲོ་བས། སེམས་ཆུང་བྱས་པ་དགའ་གསུངས་པ་བཞིན་མ་འགྱངས་པར་མངོན་དུ་ཐོན་པ་སོགས་མངོན་ཤེས་དང་གྲུབ་རྟགས་ཡོད་ཚུལ་གྱི་རྣམ་ཐར་རེ་བརྗོད་རྒྱུ་རྒྱུས་ཡོད་མཐའ་དག་ལ་ཡོད་པ་ལས། བླ་མ་སངས་རྒྱས་སུ་མཐོང་བ་དེ་རྣམ་ཐར་དུ་ཤེས་མཁན་དང་རྗོད་མཁན་དཀོན་པར་སྣང་ངོ༌། །ཤིང་བྱིའི་དགུན་སྐྱབས་མགོན་མཆོག་སྤྲུལ་རིན་པོ་ཆེ་རོང་ཕྱོགས་ཀྱི་དགོན་ལག་སོ་སོས་གདན་དྲངས་པར་ཕེབས་པའི་ཚེ་དགོན་གསར་དུ་སྤྱན་དྲངས། བསུ་བའི་བཀོད་པ་དང་གསོལ་སྟོན་སོགས་གཟབ་རྒྱས་ཀྱིས་བཀུར་སྟི་རིམ་གྲོ་བླ་ན་མེད་པ་ཞུས། དགོན་གསར་རྟེན་


GTD005_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

དང་བརྟེན་པར་བཅས་པ་ཐམས་ཅད་ཕུལ་ཏེ། ཇི་སྲིད་ནམ་གནས་བར་བླ་བྲང་གི་དགོན་ལག་བྱེད་རྒྱུའི་ཡི་གེ་ཉིད་ནས་བཀོད་པ་གནང་ནས་བྲིས་ཏེ། དཔོན་པོ་རྒན་པོ་མཐའ་དག་ལ་མི་འགྱུར་བའི་ཐེལ་རྟགས་འཇོག་ཏུ་བཅུག །རྒྱུ་ནོར་གྱི་འབུལ་བ་ཡང་སྟབས་གཅིག་ཏུ་བྱས་ནས་ཆ་ཆུང་བའི་སྐྱོན་གྱིས་ངོམ་ཆོས་ལྟ་བུར་འགྱུར་དུ་དོགས་ནས། ལན་སྔ་ཕྱིར་ཉིད་ཀྱི་གཟིམས་ཁང་དང་འདུ་ཁང༌། འབྲོག་གི་མི་རྩིའི་ཁྱིམ་སོགས་སོ་སོ་ནས་ཕུལ་བ་བསྡོམས་པར། རྟ་ནོར་བརྒྱ་སྐོར་དང༌། དངུལ་དོང་ཙེ་གོས་ཕྲུགས་སོགས་བསྡོམས་པ་སྲང་བདུན་བརྒྱའི་སྐོར་ཞིག་ཕུལ། བླ་མ་ལྔ་བཅུ་པར། བླ་མའི་རྫས་ནི་སྲོག་ཇི་བཞིན། །དེ་ཡི་སྡུག་པའང་བླ་མ་བཞིན། །བླ་མའི་འཁོར་ནི་གཉེན་བཞིན་དུ། །མཉམ་པར་བཞག་པས་རྟག་ཏུ་བསམ། །ཞེས་གསུངས་པའི་དོན་ཐུགས་ལ་བཞག་སྟེ་ཞབས་འབྲིང་བ་རྣམས་ལ་ཡང་བསྙེན་བཀུར་དང་ཡོན་གྱ་ནོམ་པ་བསྟར་ཏེ་ཆེས་ཤིན་ཏུ་མགུ་བར་བྱས། དེ་ནས་བཟུང་སྟེ་གསུང་འཕྲོས་སོགས་ཀྱི་སྐབས་དུ་མར་ངེད་རང་གིས་ཉིན་མཚན་མེད་པར་བླ་མའི་འཕྲིན་ལས་འབའ་ཞིག་ལ་བསམས་ཏེ་དཀའ་ལས་བྱས་ནས་འབད་པ་བཞིན་བསྟན་པའི་བདག་པོ་ལ་འབུལ་རྒྱུ་བྱུང་བས། ད་ནི་རང་གི་བསམ་པ་རྫོགས་པ་ཡིན་གསུངས་ཏེ་ཐུགས་སྣ་བསྟུངས་པའི་རྣམ་པ་ཡང་ཡང་མཛད། ཁྱད་པར་ཤིང་གླང་ལོའི་ལྔ་པའི་ནང་དུ་ཉིན་གཅིག་གཡོ་དགེ་སྐུ་རྟེན་ལ། ངེད་ཀྱི་མི་ཚེ་གཅིག་གི་བསམ་དོན་ལ་འདི་མ་འགྲུབ་བྱ་བ་གཅིག་ཀྱང་མེད། ད་ལོ་ཕན་ལ་མི་སྡོད་གསུངས་ནས་རྗེས་ཀྱི་བྱ་བ་འགའ་


GTD005_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་གི་ཞལ་བཀོད་གནང༌། སྐུ་རྟེན་གྱིས་ཞབས་པད་བརྟན་དགོས་པའི་གསོལ་འདེབས་ནན་ཞུས་བྱས་པས། ངས་བཤད་པ་འདི་སེམས་ལ་ཟུངས་ལ་གཏམ་གཞན་ལ་མ་འཁྱར་བ་གྱིས་གསུང༌། དེ་ནས་ཆེར་མ་འགྱངས་པར་སྐུ་ཁམས་མ་བདེ་ཡང༌། ཞབས་བརྟན་སོགས་སྒྲུབ་ཏུ་མ་བཅུག་པར་མ་ཟད། ཆོས་བཀའ་གནང་རྒྱུ་དང་འབྱོན་བཞུད་སོགས་སྔར་རྒྱུན་བཞིན་མཛད་ནས་སོ་སོའི་རེ་བ་བསྐངས། འོན་ཀྱང་སྐུ་ཉམས་རིམ་གྱིས་ཇེ་ངན་དུ་འགྲོ་བ་སོགས་བབས་ལྕི་བ་ཞིག་ཏུ་ཡོད་པའི་གནས་ཚུལ་གསན་ཏེ། བླ་བྲང་ནས་དར་ཧན་ཆེད་མངགས་ཀྱིས་བཏང་བས། བརྒྱད་པའི་བཅུ་གསུམ་ལ་བརྟན་བཞུགས་ཕུལ་བར་རྟེན་འབྲེལ་ལ་དགོངས་པས་ཞལ་བཞེས་བཟང་པོ་གནང༌། ཞབས་བརྟན་སྒྲུབ་རྒྱུའི་ཐེབས་ཕུལ་བའི་སྟེང་ནས་རིམ་གྲོ་ཡང་གལ་ཆུང་དུ་མ་སོང་བ་མཛད་དགོས་ཚུལ་ནན་ཞུས་བྱས་པས་འདུན་པ་ལྟར་བསྒྲུབ་ཏུ་བཅུག །དེའི་བཅོ་བརྒྱད་ནས་སྐུ་ཁམས་ཀྱང་ཅུང་ཟད་ཇེ་དྭངས་སུ་སོང་སྟེ། ཕྱོགས་འདུས་ཀྱི་ཆོས་ཉན་པ་རྣམས་ལ་ལམ་རིམ་གྱི་བཤད་ལུང་གནང་བའི་དབུ་ཚུགས། དེ་སྐབས་བཞེས་པ་ཅུང་ཟད་ཙམ་ཡང་མ་གནང་བས་སྐུ་ཉམས་ལ་བལྟས་ན་བཞེངས་བཞུགས་ཙམ་ཡང་དཀའ་བའི་ཚོད་ཡིན་ཀྱང༌། ཁྲི་ཁར་ཕེབས་ཏེ་གསུང་ཆོས་ཀྱི་མགོ་ཚུགས་པ་ནས་སྐུའི་གཟི་མདངས་ཇེ་གསལ་དུ་སོང༌། གསུང་གི་གདངས་མཐོ་ཞིང་གསུང་བཤད་ཤིན་ཏུ་རྒྱས་ལ་ཟབ་ཅིང་བརླིང་བ་ཐོགས་མེད་དུ་སྩལ་བས་ཆོས་ཉན་པ་ཕལ་ཆེར་གྱི་སེམས་ལ། སྐུ་ཁམས་མི་བདེ་བ་ཅུང་ཟད་ཀྱང་མི་འདུག་སྙམ་པའི་ཚོད་ལྟ་བུ་བྱུང༌། སྐུ་འཁོར་འགའ་ཞིག་གིས་ཉིད་སྐུ་ཁམས་ངན་ཡང་བཀའ་ཆོས་གནང་ཚེ་གཟི་མདངས་ཇེ་རྒྱས་སུ་འགྲོ་


GTD005_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཞིག་འདུག་པ་ཅི་ཡིན་ཞུས་པར། དེ་མདོ་བཏོན་པའི་སྟབས་རེད་གསུངས་པ་ནི། བརྒྱད་སྟོང་འགྲེལ་ཆེན་སོགས་སུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་བྱེད་པ་དེར་དཀར་ཕྱོགས་སྐྱོང་བའི་ལྷ་རྣམས་ཀྱིས་ལུས་ངག་ཡིད་གསུམ་ལ་མདངས་དང་སྤོབས་པ་སོགས་བསྒྲུབ་པར་གསུངས་པ་དེ་ལྟ་བུ་ཞིག་ཡིན་པར་མངོན། བཀའ་ཆོས་ཀྱི་མཐར་སྔོན་སྐྱབས་མགོན་རྡོ་རྗེ་འཆང་ནས་འདིའི་བཤད་ལུང་གནང་བའི་དུས་སུ་བརྩེ་བའི་བལྟ་སྟངས་ཀྱིས་འཁོར་གྱི་ཚོགས་དེར་ཡང་ཡང་གཟིགས་པས། ཐུགས་ཀྱི་དགོངས་པ་ལ་བརྟགས་ན་རྗེ་བླ་མའི་གསུང་གི་སྙིང་པོ་གསུང་རབ་མཐའ་དག་གི་བཅུད་བསྡུས་པ་འདིར་འཆད་ཉན་ཚུལ་བཞིན་དུ་བྱེད་མཁན་རེ་བྱུང་ན་དགོངས་པར་འདུག་པས། འདིའི་འཆད་ཉན་ལན་བདུན་བྱེད་རྒྱུའི་དམ་བཅའ་བྱས་ཏེ་སྔར་ལན་དྲུག་སོང༌། རྗེས་མ་འདི་མི་ཐུབ་པ་ཨེ་ཡིན་སྙམ་ཡང༌། ད་ལན་བླ་མའི་ཐུགས་རྗེ་ལ་བརྟེན་ནས་ལེགས་པར་འགྲུབ་པ་བྱུང་བས། དམ་བཅའ་མཐར་ཕྱིན་པ་ཡིན། མ་འོངས་པའི་སྐྱེ་བ་ཐམས་ཅད་དུ་ཡང་ངེད་རང་དཔོན་སློབ་རྣམས་རྗེ་བླ་མའི་བསྟན་པ་འདི་དང་མི་འབྲལ་བར་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུའི་འདུན་པ་ཚང་མས་ཐུགས་ལ་འཛིན་དགོས་ཞེས་ཡང་ཡང་གསུངས་ཤིང༌། ཉིད་ནས་ཐུགས་དམིགས་རྒྱ་ཆེན་པོ་ནན་ཏན་མཛད། དགུ་པའི་ཚེས་གསུམ་ལ་བཀའ་ཆོས་རྫོགས་པར་གྲུབ། ཚེས་ལྔ་ནས་སླར་ཡང་སྐུ་འཁྲུགས་པར་ཞབས་ཕྱི་བ་རྣམས་དང༌། སྐུ་རྟེན་སོགས་ཀྱིས་སྨན་དང་རིམ་གྲོ་བྱེད་དགོས་ཚུལ་ཞུས་པ་ན། ད་དེ་འདྲའི་དུས་


GTD005_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ཚོད་མིན། སྐུ་རྟེན་ཁྱོད་ལ་ལྔ་པའི་བཅུ་བདུན་གྱི་ཉིན་ངས་བཤད་ཡོད་པ་དེ་ཡིན། ལོ་སྔ་མ་ཞིག་ནས་རླུང་གི་རྒྱུ་ཚུལ་དང་ཉམས་སྣང་སོགས་ལ་དཔགས་ན་རང་གི་ཚེའི་འཕེན་པའི་དུས་ཚོད་དངོས་ལ་སླེབས་པ་ཡིན་གསུངས་ནས་གསན་བཞེས་མ་མཛད། དེ་ནས་སྐུ་ཁམས་རིམ་ལོད་དུ་སོང་བ་ན་སྐུ་འཁོར་ནང་མ་རྣམས་ཀྱིས་གལ་ཏེ་ད་ལན་ཞིང་གཞན་དུ་དགོངས་པ་གཏད་པ་ཟློག་ཏུ་མེད་པ་ཞིག་ཡིན་ཚེ། སླར་ཡང་ངེད་ཅག་གི་མགོན་དུ་ཡང་སྲིད་འཁྲུལ་པ་མེད་པ་ཞིག་ཕེབས་དགོས་ཞུས་པར། སྐྱེས་ཆེན་དམ་པ་སྙིང་རྗེའི་གཞན་དབང་དུ་གྱུར་པ་རྣམས་ལ་སྤྲུལ་སྐུ་འབྱུང་བ་མ་གཏོགས། ངེད་ལྟ་བུ་ལ་སྤྲུལ་སྐུ་འབྱུང་བ་ལྟས་ངན་ཡིན་པས་སྐུ་སྐྱེ་མེད། ཐུགས་དམ་ལ་སྡོད་པའི་རྒྱུ་ཚོགས་མེད་པ་རོ་ཙོག་པུར་བཞག་ནས་གདུང་མཇལ་དང་མཆོད་འབུལ་སོགས་ཆོས་བརྒྱད་ཀྱིས་བསླད་པའི་ཚུལ་འཆོས་ཀྱི་རིགས་མ་བྱེད། ཞག་གསུམ་གྱི་བར་དུ་ཕུང་པོ་བསྒུལ་བསྐྱོད་མ་བྱེད། སྔར་ལོ་བཅུ་གསུམ་གྱི་སྟེང་ནས་རུ་སྟོད་མའི་ས་ཆའི་རི་ཞིག་གི་ངོས་ནས་རང་གི་ལུས་བྱ་རྒོད་ལ་སྦྱིན་པའི་འཕེན་པ་བཏང་ཡོད་པས་ཞག་གསུམ་པའི་མཚན་མོ། དགེ་སློང་མཁས་མཆོག །དོན་གྲུབ། བསྟན་འཛིན་གསུམ་གྱིས་སྔར་ངེད་ཀྱིས་བསྟན་ཡོད་པའི་རི་དེར་སྐྱོལ་ལ་རེ་ཞིག་གཞན་སུས་ཀྱང་མ་ཚོར་བ་བྱེད་དགོས། འདི་ངེད་རང་གི་བསམ་པ་དང་མཐུན་པའི་དགེ་རྩ་ཡིན་པས་བར་ཆད་བྱེད་མི་ཉན་ཞེས་དམ་ཚིག་ལ་བཀར་བའི་གསུང་ནན་གནང༌། ཆུང་ངུའི་དུས་ནས་རང་གི་ལུས་གཞན་ལ་བསྔོས་ཏེ་གཏོང་སེམས་གོམས་པར་མཛད་པའི་ཚུལ་འདི་ནི་ཐེག་པ་ཆེན་


GTD005_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ལམ་གྱི་གནད་ཤེས་པ་ཞིག་གིས་བརྟགས་ན་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པའི་གནས་ཡིན་ཏེ། སྐྱེ་བོ་ཕལ་ཆེར་ལུས་ཤ་ཁྲག་གི་ཕུང་པོ་མི་རིང་བར་འདོར་དགོས་པ་འདི་ལ་གཏན་དུ་བར་བཟུང་སྟེ། འདུན་མ་གང་བྱས་ཐམས་ཅད་འདིའི་འཚོ་སྐྱོང་གི་ཐབས་འབའ་ཞིག་ཏུ་བྱས་ན་ཡང༌། ནམ་ཞིག་འཆི་བདག་གི་ཕོ་ཉས་ཟིན་ཏེ་ཕྱི་མར་འགྲོ་བ་ན། ཤུལ་དུ་བསྐྱུར་དགོས་པས་བྱ་བ་ཐམས་ཅད་ཆུད་ཟོས་སུ་སོང་། དེར་མ་ཟད་ལུས་ལ་གཅེས་པར་བཟུང་བའི་དབང་གིས་དེ་ལ་བརྟེན་པས་གཉེན་ལ་ཆགས་པ་དང༌། དགྲ་ལ་སྡང་བ་སོགས་ཕུང་ཁྲོལ་མཐའ་དག་བསྐྱེད་པ་ཡིན་ལ། བདག་ཉིད་ཆེན་པོ་འདིས་ནི་རང་གི་ལུས་ཀྱང་བརྙན་པོ་ལྟ་བུར་གཟིགས་ཏེ་ཞེན་པ་མེད་པའི་སྟོབས་ཀྱིས་དེ་ལ་བརྟེན་པའི་ཆགས་སྡང་སོགས་སྐྱེ་བའི་གནས་མེད་ཅིང༌། གནས་སྐབས་ཆོས་སྒྲུབ་པའི་ཡན་ལག་ཙམ་དུ་ལུས་ཟུངས་བརྟེན་པ་ཙམ་གྱི་འཚོ་བ་དང༌། གཟབ་འཕྱོར་གྱི་རིགས་སུ་མི་འགྱུར་ལ། ཧ་ཅང་ཧྲུལ་པ་ཡང་མ་ཡིན་པ་མཐའ་གཉིས་སུ་མ་ལྷུང་བའི་གོས་ཙམ་གྱིས་ཆོག་ཤེས་པར་མཛད་པའི་སྟེང་ནས་ལུས་དེ་ཉིད་ཅུང་ཟད་ཙམ་ཡང་བག་ཡངས་སུ་མི་འཇོག་པར་ཆུ་བོ་བརྒལ་བའི་གྲུ་གཟིངས་བཞིན་དུ་ཆོས་སྒྲུབ་པའི་རྒྱུ་འབའ་ཞིག་ཏུ་བཀོལ་བར་མཛད་པ་ནི། སྤྱོད་འཇུག་ལས། བདག་གིས་ལུས་ཅན་ཐམས་ཅད་ལ། །ལུས་འདི་ཅི་བདེར་བྱིན་ཟིན་གྱིས། །རྟག་ཏུ་གསོད་དང་སྨོད་པ་འམ། །བརྡེག་སོགས་ཅི་དགར་བྱེད་ལ་རག །བདག་གི་ལུས་ལ་རྩེ་བྱེད་དམ། །ཅོ་འདྲི་ག་ཞའི་རྒྱུ་བྱེད་ཀྱང༌། །བདག་གི་ལུས་འདི་བྱིན་ཟིན་གྱིས། །འདི་


GTD005_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་ཁྭ་ཏས་ཅི་ཞིག་བྱ། །ཞེས་དང༌། ལུས་འདི་བསྙོད་ཀྱང་གཞན་འགྲོ་ན། །ཁྱོད་ཀོ་ཅི་སྟེ་ཤ་ཐང་གསོ། །འདི་ལ་གླ་རྔན་བྱིན་ནས་ནི། །2ཕན་པ་མེད་པ་འདི་ལ་ནི། །ཐམས་ཅད་སྦྱིན་པར་མི་བྱ་འོ། །འགྲོ་དང་འོང་བའི་རྟེན་ཙམ་དུ། །ལུས་ལ་གྲུ་ཡི་བློ་བཞག་སྟེ། །སེམས་ཅན་རྣམས་དོན་སྒྲུབ་པའི་ཕྱིར། །ཡིད་བཞིན་གྱི་ནི་ལུས་སུ་བསྒྱུར། །ཞེས་པའི་དགོངས་པ་ཇི་ལྟ་བ་བཞིན་མཛད་དེ། ལྷན་ཅིག་སྐྱེས་པའི་ལུས་ལ་ཡང་ཞེན་པ་ཅུང་ཟད་ཀྱང་སྐྱེ་བའི་གོ་སྐབས་མེད་པར་མཛད་ན། ལོངས་སྤྱོད་ལ་ཞེན་པ་མེད་པ་ལྟ་ཅི་སྨོས། དམ་པ་ཉིད་ཀྱི་ཞལ་ནས་ཀྱང་དེང་ཕྱོགས་ཕན་ཚུན་མང་པོར་སོང་བ་འདི་བླ་མའི་འཕྲིན་ལས་ལ་ཕན་པ་ཞིག་ཨེ་ཡོང་མ་གཏོགས་རང་དོན་ཞིག་ཨེ་འགྲུབ་སྙམ་པ་མིན། དངོས་པོ་ཕྲན་ཚེགས་ཤིག་ཀྱང་ལག་ཏུ་བྱུང་མ་ཐག་ནས་བླ་མ་ལ་བསྔོས་ཏེ་སྙིང་པོ་བླངས་ཟིན་པ་ཡིན། དེ་ལས་ལྷག་པ་འཁོར་བའི་ལོངས་སྤྱོད་ཁོ་རང་ལ་སྙིང་པོ་གཞི་ནས་མ་གྲུབ་པའི་སྟོབས་ཀྱིས་ལེན་ཚུལ་མེད་གསུངས་པས་ཀྱང་ཤེས་སོ། །དེ་ལྟར་ལུས་དང་ལོངས་སྤྱོད་གཏོང་བར་མ་ཟད། དགེ་རྩ་ཡང་གཞན་དོན་ཁོ་ནར་གཏོང་བར་མཛད་དེ། སྐུ་འདའ་ཁའི་ཚེ། བདག་གི་ཤ་ཁྲག་བྱ་ཁྱི་ལ། །བསམ་པ་ཐག་པས་བྱིན་པ་ཡི། །དགེ་བ་གང་དེས་འགྲོ་བ་ཀུན། །བྱང་ཆུབ་སྤྱོད་ལ་འཇུག་པར་ཤོག །ཅེས་རྐང་པ་དང་པོ་གཉིས་བསྒྱུར་ནས། དེས་ཐོག་དྲངས་ཏེ་སྤྱོད་འཇུག་སྨོན་ལམ་ཆ་ཚང་བར་ཡང་ཡང་གསུངས་ཤིང་ཐུགས་སྨོན་ནན་ཏན་མཛད། རྗེས་སུ་རྣམ་དཀར་བསྒྲུབ་པའི་ཚེ་ཡང་དེ་ལྟར་བྱེད་དགོས་ཀྱི་བཀོད་ཁྱབ་མཛད་པས་དཔོགས་ནུས་སོ། །དེ་ལྟར་བསླབ་པ་ཀུན་ལས་བཏུས་པར་གསུངས་པ་


GTD005_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན། ལུས་ལོངས་སྤྱོད་དགེ་རྩ་གསུམ་ཆར་ལ་བཏང་བསྲུང་དག་སྤེལ་བཞི་བཞིའི་སྒོ་ནས་སློབ་པ་ནི། རྒྱལ་སྲས་ཀྱི་སྤྱོད་པ་རྨད་དུ་བྱུང་བ་ཡིན་ནོ། །སྤྲུལ་སྐུ་འབྱུང་བ་ལ་བཀག་ཆ་ནན་ཏན་དུ་མཛད་པ་ཡང༌། ཀུན་གཟིགས་ལྔ་པ་ཆེན་པོས། སློབ་དཔོན་བསྟེན་དང་བརྩོན་པ་མ་དགོས་པར། །ཆོས་ཀུན་མ་ལུས་མཁྱེན་པར་ཁས་འཆེ་བའི། །སྐྱེ་རྒུའི་འདྲེན་པར་རློམ་པའི་ཚུལ་བདེན་ན། །མདོ་ལས་རྒྱུ་འབྲས་གསུངས་པ་གཏམ་དུ་ཟད། །ཚེ་རབས་སྔ་ཕྱི་མེད་པའི་འགྲོ་བ་དག །མེད་ཕྱིར་སྐྱེ་བ་ཙམ་ལ་སུ་ཞིག་མཚར། །རྨོངས་རྟུལ་རིགས་མཐུན་དབུས་ན་ཆེན་པོའི་གར། །འགྱིང་བ་ཡིས་ཀྱང་ཐུབ་བསྟན་ཆེས་ཆེར་སྨད། །གསུངས་པ་བཞིན། དམ་པ་རེའི་མིང་ཙམ་གྱི་ཕག་ཏུ་འཆེལ་ནས་ཐོས་བསམ་སྒོམ་པ་གང་ཡང་མི་ནུས་པར་དཀོར་ཟས་འབའ་ཞིག་ལ་སྤྱོད་པས་རང་ཉིད་ཕུང་བར་བྱེད་ཅིང༌། ཆེན་པོའི་གོ་སར་འཁོད་དེ་ཆོས་མིན་གྱི་བྱ་བ་ལ་ཞུགས་པས་བསྟན་པའི་དབུ་འཕངས་སྨོད་པ་སོགས་མིག་ལྟོས་ལ་གནོད་པ་དང༌། ལྷག་པར་དེང་དུས་དེ་ལས་ཀྱང་ཆེས་སྙིགས་མར་གྱུར་ཏེ། ལྕང་སྐྱ་རོལ་པའི་རྡོ་རྗེའི་ཞལ་ནས། འབྱོར་ལྡན་གྲྭ་པ་བཅུ་ལྷག་ཡོད་ཕྱིན་ཆད། །ཤི་ནས་འཛམ་བུའི་གླིང་དུ་སྐྱེ་ངེས་ཤིང༌། །དེ་ཡང་སྔོན་གྱི་ཉེ་རིགས་སྦྱིན་བདག་ལ། །ཅིས་ཀྱང་རང་དབང་མེད་པར་སྐྱེ་དགོས་པའི། །དེང་དུས་སྐུ་སྐྱེས་རྣམས་ལ་ཐུགས་རྗེས་གཟིགས། །གསུངས་པ་བཞིན། བྱིས་པ་དེ་ཉིད་སྐྱེ་སྲིད་དུ་ཉིང་མཚམས་མ་སྦྱར་བའི་སྔ་རོལ་ནས་གཉེན་


GTD005_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

བཤེས་གྲྭ་རིགས་སོ་སོའི་འདོད་དབང་གིས་ཟོལ་སྦྱོར་སྣ་ཚོགས་པས་རང་གཞན་གཉིས་ཀ་བསླུ་བའི་གཡོ་སྒྱུའི་མཛད་འཕྲིན་གྱི་མགོ་ཚུགས་ཏེ། རྟེན་འབྲེལ་ཐོག་མ་ནས་ཉེས་པ་གྲོང་པས་གཉེན་བསྒྲིགས་པ་ལྟ་བུ་མང་དུ་འབྱུང་བ་ལ་ཐུགས་ཁྲེལ་བར་འདུག་པ་ཤིན་ཏུ་མད་པར་སྣང་ངོ༌། །འོན་ཀྱང་སྐྱེས་བུ་དམ་པ་འཇིག་རྟེན་དུ་འབྱུང་བ་ནི་གཙོ་བོ་གདུལ་བྱའི་སྐལ་བ་ལ་ལྟོས་ཤིང༌། དམ་པ་ཉིད་ནས་ཀྱང་སྐུ་སྐྱེ་ཡིན་ཟེར་བ་ཞིག་མི་འབྱུང་ཞེས་ནན་ཏན་མཛད་པ་ལས། སྐུའི་སྐྱེ་བ་ཙམ་ཞིག་གང་དུ་བཞེས་པ་ཁ་ཚོན་གཅོད་དཀའ་བའི་གསུང་ཟུར་དུ་མ་ཞིག་སྩལ་འདུག་སྟེ། སྐུ་རྟེན་གྱིས་ངེད་ཅག་ཕྱི་མར་རྗེ་ཉིད་དང་གང་ནས་མཇལ་བའི་སྨོན་ལམ་འདེབས་དགོས་ཞུས་པ་ལ། ཤམྦྷ་ལར་སྐྱེ་བའི་སྨོན་ལམ་ཐོབ་གསུངས་པས། གོ་ཁྲབ་བཟང་པོ་ཞིག་ཕུལ་ཏེ་སྨོན་ལམ་བཏབ། འདིའི་རྒྱུ་མཚན་ནི་ལན་གཅིག་དམ་པ་ཉིད་ཀྱི་མནལ་ལམ་དུ་ཤམྦྷ་ལར་འབྱོན་རྩིས་མཛད་པ་ན། ཐུགས་ལ་ཀུན་སློང་ཞིག་བཅོས་དགོས་པ་འདུག་སྙམ་ནས། རྗེ་བླ་མའི་བསྟན་པ་དར་ཞིང་རྒྱས་པ་ཞིག་བྱེད་དགོས་སྙམ་པའི་འཕེན་པ་ཁྱད་པར་ཅན་ཞིག་བཏང་སྟེ་ཕེབས་པ་རྨིས་ལ། པཎ་ཆེན་ཐམས་ཅད་མཁྱེན་པ་དཔལ་ལྡན་ཡེ་ཤེས་ཀྱིས། རྗེའི་གསུང་རབ་རྣམས་གྲུབ་པའི་དབང་པོ་དང༌། མཁའ་འགྲོ་མ་རྣམས་ཀྱིས་ཤམྦྷ་ལར་གདན་དྲངས་ཏེ། ད་ལྟ་རང་རེའི་དགེ་ལུགས་པ་རྣམས་ལ་དར་བ་ལས་ཀྱང་དེ་ན་བཤད་སྒྲུབ་ཀྱི་འཕེལ་རྒྱས་ཆེན་པོ་ཡོད་གསུངས་པ་སོགས་གུང་འགྲིག་པར་སྣང་ངོ༌། །ཡང་ཐུགས་ཟིན་གྱི་སློབ་མ་འགའ་ཞིག་ལ། སྐྱབས་མགོན་ཐམས་ཅད་མཁྱེན་


GTD005_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་ཉིད་ཀྱིས་རང་རེ་རྣམས་ལ་བྱམས་པའི་གཟུངས་གཞུག་སྒྲུབ་རྒྱུ་གཏད་དེ་འབྲེལ་དགའ་བོ་ཞིག་འཇོག་རྒྱུ་བྱུང་བ་དང༌། དགོན་ལི་རིན་པོ་ཆེའི་གསུང་གཅིག་ཀྱང་ཡོད་པས། དགའ་ལྡན་དུ་སྨོན་ལམ་བཏབ་ན་དགའ་པོ་ཨེ་འབྱུང་གསུང༌། ཡང་སྐབས་གཅིག་ཏུ་ངེད་རང་ལ་དབང་ཡོད་ན་ཀུན་མཁྱེན་བླ་མའི་ལེགས་བཤད་དང་མཛད་འཕྲིན་གང་དུ་དར་བའི་ཕྱོགས་གཅིག་ཏུ་སྨོན་ལམ་འདེབས་ཀྱིན་ཡོད། འོན་ཀྱང་སྐུ་སྐྱེ་ཡིན་ཟེར་བ་ཞིག་མི་འབྱུང༌། མི་མངོན་པར་བཙུན་ཆུང་ཚོའི་ཁྲོད་ནས་ཞུགས་ཏེ་ཐོས་བསམ་སྒོམ་གསུམ་ཞིག་བྱེད་རྒྱུ་བྱུང་ན་དེ་ལེགས་གསུངས་པ་རྣམས་འཕེལ་ཁ་བསྒྲིགས་པའི་ཚེ། རྗེ་བདག་ཉིད་ཆེན་པོས། དག་པའི་ཞིང་དུ་སྐྱེས་ནས་ཀྱང་བརྩེ་བ་ཤུགས་དྲག་པོས་ཀུན་ནས་བསླང་སྟེ། ཐོགས་པ་མེད་པའི་རྫུ་འཕྲུལ་གྱིས་གཙོ་བོར་མ་དག་པའི་ཞིང་དུ་ཕྱིན་ནས། ཞེས་སོགས་ལྟ་བུ་ཞིག་དགོངས་པའི་མཐིལ་ཡིན་པར་མངོན། དགོན་པའི་དོན་དང་རྗེས་ཀྱི་རྣམ་དཀར་སྒྲུབ་ཚུལ་ཇི་ལྟར་བྱེད་ཞུས་པ་ལ། དགོན་པ་སྐྱབས་མགོན་རིན་པོ་ཆེར་ཕུལ་ཟིན་པ་དེ་ཡིན་པས། བླ་མ་ལེན་ཚུལ་སོགས་འདི་ལྟར་གྱིས་ཞེས་ཞལ་བཀོད་མདོར་བསྡུས་དང༌། གཙོ་ཆེར་ཐུབ་པའི་དབང་པོ་མྱ་ངན་ལས་འདའ་ཁར་འཕགས་པའི་གནས་བརྟན་ཆེན་པོ་བཅུ་དྲུག་ལ་བསྟན་པ་གཏད་པ་བཞིན་དུ་ངེད་རང་གིས་ཀྱང༌། སྟོན་པའི་རྣམ་ཐར་རྗེས་འཇུག་གིས་ཉམས་ལེན་དུ་འཁྱེར་བའི་ཁུལ་བྱས་ཏེ། ཐུབ་དབང་གནས་བརྟན་བཅུ་དྲུག་དང་བཅས་པའི་ཞལ་ཐང་འདི་རྣམས་བཞེངས་པ་ཡིན་པས། དགོན་པའི་རྟེན་གཙོར་བཟུང་


GTD005_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་ཕྱག་མཆོད་དང་གསོལ་འདེབས་གང་དྲག་བྱེད་ཐུབ་ན། བྱིན་རླབས་ཀྱི་མཚན་མ་ཁྱད་པར་ཅན་ཞིག་ཀྱང་ཡོད་པས་ངེད་ཅག་དཔོན་སློབ་རྣམས་གནས་བརྟན་ཆེན་པོ་རྣམས་ཀྱིས་རྗེས་སུ་འཛིན་ཅིང༌། དགོན་པ་ཡང་དགའ་རབ་གནས་པ་ཞིག་ཡོང་འགྲོ །དགེ་རྩའི་དོན་དུ་སྐྱབས་མགོན་ཐམས་ཅད་མཁྱེན་པ་གདན་འདྲེན་ཞིག་ཞུས་ཏེ་ཁང་པ་དང་ཆ་བྱད་སོགས་ཤུལ་ན་གང་ཡོད་འདི་ཐམས་ཅད་ཕུལ་ན་ངེད་རང་གི་བསམ་པ་ལྟར་གྱི་དགེ་རྩ་དེ་ཡིན། དགོན་སྒྲུབ་སྡེ་སོགས་ལ་མང་འགྱེད་བྱས་ན་མི་ཐེམ་ཞིང༌། ངེད་ཀྱིས་སྔར་ཡང་བྱེད་མ་མྱོང་སྟེ། མཆོད་པ་ཐམས་ཅད་ཡོངས་སྤངས་ནས། །བླ་མ་མཆོད་པ་ཡང་དག་བརྩམས། །ཞེས་གསུངས་པ་དེ་ལག་ལེན་དུ་བཏབ་པའི་ཁུལ་ཡིན་གསུངས། སྤྱིར་དཀོན་མཆོག་གསུམ་གྱི་ནང་ནས་དགེ་འདུན་བསོད་ནམས་ཀྱི་ཞིང་དུ་བསྔགས་ཀྱང༌། བླ་མ་ནི་མཆོག་གསུམ་མ་ལུས་པ་འདུས་པའི་བདག་ཉིད་ཡིན་པས་དེ་ལས་ཀྱང་བསོད་ནམས་ཀྱི་ཞིང་དུ་འགྱུར་ཆེ་ལ། ཕལ་ཆེར་དེ་ལས་དགེ་འདུན་གཙོ་བོར་བྱེད་པ་ནི་མི་མང་གི་ཁ་ཆོད་པའི་གཏམ་འདོད་པ་དང༌། བླ་མ་གཅིག་པུ་ལ་བློ་མ་ཁེལ་བར་དགེ་འདུན་མང་པོའི་ཁྲོད་དུ་སངས་རྒྱས་བྱང་སེམས་རེ་ཡོད་འགྲོ་སྙམ་པའི་བློ་སྐྱོན་ཞུགས་པ་ཤས་ཆེ་བར་སྣང༌། གདུང་མཇལ་བྱེད་པ་སོགས་ཀྱང་ནན་ཏན་དུ་བཀག་པ་ནི། མཉམ་མེད་ཇོ་བོ་ཆེན་པོས་ཁོ་བོ་མི་ཆེན་པོ་མིན། སེམས་ཆེན་པོ་ཡིན། གསུངས་པ་ལྟར། དམ་པ་ཉིད་ཡོན་ཏན་གྱི་ཚོགས་ཀྱིས་མངོན་པར་མཐོ་ཡང༌། འཇིག་རྟེན་ལུགས་ཀྱི་མཐོན་པོའི་ཆེ་ཚུགས་སོགས་ལ་མི་དགྱེས་པས་ཚུལ་འཆོས་ཀྱི་རིགས་དེ་འགོག་ཆེད་ཡིན་པར་སྣང༌།


GTD005_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སྐྱེས་རབས་ཀྱི་སྟག་མོ་ལུས་སྦྱིན་དང༌། དེད་དཔོན་སྙིང་རྗེ་ཆེན་པོའི་ཞལ་ཐང་གཉིས་བཀྲམ་དུ་བཅུག་ནས་མཆོད་ཤོམ་རྒྱ་ཆེན་པོ་གནང་སྟེ་ཐུགས་སྨོན་ནན་ཏན་མཛད། རྒྱལ་སྲས་ཞི་བ་ལྷས། སྔ་ནས་ཤི་དང་འདྲར་བརྩིས་ནས། །ཤི་ནའང་མྱ་ངན་བྱེད་པ་མེད། །དྲུང་ན་འཁོད་པ་སུ་དག་ཀྱང༌། །མྱ་ངན་གནོད་པ་བྱེད་མེད་པས། །འདི་ཡིས་སངས་རྒྱས་རྗེས་དྲན་སོགས། །སུས་ཀྱང་གཡེང་བར་འགྱུར་བ་མེད། །གསུངས་པ་བཞིན། སྔ་མོ་ནས་སྐུ་འདའ་ཚུལ་སོགས་འབྱུང་འགྱུར་ཐམས་ཅད་གྱུ་རུ་ལུགས་སུ་ཡང་ཡང་གསུངས་པས། སྐུ་འཁོར་རྣམས་ཀྱང་བློ་ཐག་ཆོད་ཟིན་པ་དང༌། བླ་མའི་གདམས་ངག་གིས་ཡིད་གསོས་པས་མྱ་ངན་གྱི་རྣམ་པ་སོགས་མ་བྱས་པར་གང་གསུངས་བཞིན་དཔོན་སློབ་ལྷན་ཅིག་པས་སྨོན་ལམ་གྱི་མཚམས་སྦྱོར་སོགས་ནན་ཏན་མཛད། དེའི་ཚེ་ཐུབ་པའི་དབང་པོའི་རྣམ་ཐར་གྱི་རྗེས་སུ་སློབ་པའི་འདུན་པ་སྦྱངས་པ་ན་སྙིང་སྟོབས་ཀྱི་ཤུགས་ལྷག་པར་འཕེལ་ཏེ། སྐུ་ལུས་ད་ལྟ་རང་གཏོང་སྙམ་དུ་ཐུགས་ཤིན་ཏུ་རངས་པར་གྱུར་ནས་དགེ་སློང་མཁས་མཆོག་ལ། གཞན་ལ་མི་མངོན་པར་བྱས་ཏེ་ངེད་དོ་ནུབ་ལྟ་བུ་ཞིག་ལ་བསྐྱལ་བཏང་ན་གསུང་བར། སེམས་ཀྱིས་མ་བཟོད་པས་ཕྱག་འཚལ་ཏེ་ཞུ་བ་ནན་ཆེར་བྱས་ནས་བཤོལ་ཐུབ་ཙམ་བྱུང༌། དགེ་བའི་བཤེས་གཉེན་ཕུ་ཆུང་བའི་ཞལ་ནས། དེས་ན་ཤེས་པ་ཆེ་ཆུང༌། སྒོ་དྲག་ཞན། འདུན་མ་མཁས་མི་མཁས་ཐམས་ཅད་དུས་དེར་གསལ་བ་ཡིན། རང་འཆི་བའི་ཚེ་དགའ་ཡ་ལེ། བྲོད་སུ་རེ་བ་ཅིག་བྱུང་ན་ཤེས་ཆེ།


GTD005_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་དྲག །འདུན་མ་མཁས། རང་མགོ་ཐོན་པ་ཞེས་བྱ། གསུངས་པ་དང༌། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས། ཚེ་རིང་དུ་གནས་ན་རྣམ་དཀར་གྱི། །ལམ་བཟང་པོ་སྒྲུབ་པོ་ཤི་ཡང་བདེ། །ལས་བག་ཆགས་བཟང་པོའི་ངང་དུ་འཆི། །ཨ་ལ་ལ་གསོན་ཤི་སེམས་ལ་སྙོམས། །ཚེ་སྒྲུབ་ཀུན་ཇི་ལྟར་དགྱེས་དགྱེས་མཛོད། །གསུངས་པ་བཞིན་དུ་འཆི་བ་ལ་མི་འཇིགས་པར་མ་ཟད། དགའ་བ་ལྷག་པར་སྐྱེས་པ་འདི་ལྟ་བུ་ནི་ཆོས་པ་རབ་ཀྱི་རྣམ་པར་ཐར་པ་རྗེས་འཇུག་ལ་སྤྲོ་བ་སྐྱེད་པའི་གནས་ངོ་མཚར་ཅན་ཞིག་གོ །སྐབས་དེར་དགེ་སློང་བྱམས་པ་གཞན་ཞིག་ཏུ་མངགས་པར་སླར་མཇལ་ཨེ་ཐུབ་སྙམ་ཐེ་ཚོམ་དུ་གྱུར་པའི་ཚེ། དུས་ཚོད་ཅིག་བཟུང་སྟེ་འདི་ལ་ཕྱིར་འབྱོར་བ་གྱིས་དང་སྐྱོན་མེད་གསུང་བ་ཡང་དེ་ཁོ་ན་བཞིན་དུ་གྱུར། དེ་ནས་མི་མང་གི་གཏམ་ལ་ཆ་བཞག་མེད། ངེད་རང་བར་སྐབས་སུ་བླ་མའི་སྐུ་དོན་ལ་འགྲོ་བསྡད་མང་ཙམ་བྱེད་དགོས་བྱུང་བས་རྟ་རེ་ཞོན་པ་མ་གཏོགས། སྔར་གྱི་རུ་སྟོད་མའི་དགེ་ཚུལ་དབྱུག་པ་བཟུང་ནས་འགྲོ་མཁན་དེ་ཡིན་པས། ད་དགོན་དང་ཁང་གཞིས་ཐམས་ཅད་བླ་མ་ལ་ཕུལ་ཏེ། ངེད་རང་སྔོན་གྱི་འཕྲོ་དེ་དང་མཚམས་སྦྱར་ཏེ། བཀའ་གདམས་གོང་མ་རྣམས་ཀྱིས། བློ་ཕུགས་ཆོས་ལ་གཏད། ཆོས་ཕུགས་སྤྲང་ལ་གཏད། སྤྲང་ཕུགས་ཤི་ལ་གཏད། ཤི་ཕུགས་གྲོག་སྟོང་ཞིག་ལ་གཏད། གསུངས་པ་ལྟར་གྱི་གཏད་པ་བཞི་པོ་དེ་རང་གི་སྨོན་པའི་མཐིལ་རང་ཡིན་པས། དེ་ལ་བསྒྱུར་བཀོད་མ་བྱེད་གསུངས་ཏེ་ཞལ་བཀོད་གནང་བ་མི་འགྱུར་བའི་ཆེད་དུ་ཡི་གེར་བཀོད་ཅིང༌། ཐ་ན་བུ་སློབ་རྣམས་ཀྱིས་བདུན་ཚིགས་


GTD005_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རིང་ལ་ཞལ་འདོན་གནང་རྒྱུའི་རིམ་པ་ཡང་ཐུན་བཞིར་བཅད་དེ། ཆོས་སྤྱོད་འགའ་ཞིག་ཡན་ལག་བདུན་པ་མནྜལ་དང་བཅས་པ། རྡོར་སེམས་སྒོམ་བཟླས། ཆོས་རྒྱལ་གྱི་གཏོར་འབུལ། ལམ་རིམ་སྨོན་ལམ་དང༌། བསྟན་འབར་མ། རྐང་པ་དང་པོ་གཉིས་བསྒྱུར་ཏེ་སྤྱོད་འཇུག་སྨོན་ལམ་གསུང་ཚུལ་སོགས་འདོན་སྒྲིགས་ཀྱི་ཡི་གེ་ཚུན་ཆད་ཀྱང་གནང་ནས། བུ་ཕ་ཁྱིམ་དུ་འགྲོ་བ་བཞིན་སྤྲོ་དགའི་གདེང་དང་བཅས་ཏེ་གཟུགས་སྐུའི་བཀོད་པ་ཉེ་བར་བསྡུས་སོ། །སྔ་མའི་ཞལ་བཀོད་བཞིན་གདུང་ཞག་གསུམ་དུ་བཞུགས་པ་དེའི་རིང་ལ་རླུང་བསེར་བུ་ཕྲ་མོ་ཙམ་ཡང་མི་ལྡང་བ་དང་། སྐུ་གདུང་རི་ཁར་གདན་དྲངས་སྐབས་དགོན་པའི་མདུན་ངོས་ནས་འཇའ་ཁ་དོག་སྣ་ལྔ་པ་ཞིག་དང་། རྒྱབ་ནས་འཇའ་དཀར་པོ་ཞིག་ཤར་བ་གཉིས་ཀའི་སྣེ་གཅིག་ཏུ་འདྲེས་ཏེ་ཤར་ནུབ་ཏུ་ཟུག་པའི་ལྟས་ཡ་མཚན་པ་བྱུང༌། དེ་ནས་ཞག་གཉིས་ཀྱི་མཚམས་སུ་དབུ་སྐྲ་དང་གདུང་རུས་ཀྱི་ལྷག་མ་རེ་ཨེ་ཡོད་སྙམ་དུ་བལྟར་ཕྱིན་པའི་ཚེ། སྔར་རི་ཀླུང་ཐམས་ཅད་ཁ་བ་འཐུག་པོས་ནོན་ཡོད་པ་ལ། གདུང་བཞུགས་པའི་ཁོར་ཡུག་རྒྱ་ཁྱོན་ཆེ་ཙམ་ཞིག་ཚུན་ཆད་དུ་ཁ་བ་ཅུང་ཟད་ཀྱང་མེད་པར་ས་ཐམས་ཅད་སྨུག་ཤིག་གེ་བྱེད་ཅིང༌། ཤུལ་ན་གདུང་རུས་ཅུང་ཟད་ཙམ་དང་དབུ་སྐྲ་ཉག་མ་གཅིག་ཀྱང་མི་འདུག་པར། མི་གཞན་རེ་ཡོང་བ་ཨེ་ཡིན་སྙམ་ནས། མཐའ་འཁོར་དུ་བལྟས་པའི་ཚེ། ཁ་བའི་ནང་དུ་ཁོ་རང་རྣམས་ཕར་འགྲོ་ཚུར་འགྲོའི་རྗེས་མ་གཏོགས་མེད་པའི་རྒྱུ་མཚན་བློའི་ར་བ་ལས་འདས་པར་གྱུར། དེ་སྐབས་བདག་གི་རྨི་


GTD005_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་དུ་ཤར་ཕྱོགས་ནས་ཉི་མའི་དཀྱིལ་འཁོར་བསྒྲིབས་པ་དང༌། ཤུལ་དེར་ཟླ་བ་དཀར་ཞིང་གསལ་བ་ཞིག་འཆར་བ་རྨིས་ཏེ་ཁོང་ལ་ལྟ་བ་ཨེ་ཡིན་སྙམ་ཡང༌། ཞག་ཤས་ཀྱི་འཕྲོར་སྐུ་ཁམས་ལེགས་པར་བདེ་འདུག་ཅེས་པའི་གཏམ་ཞིག་ཐོས་པས། རྨི་ལྟས་དེ་ཅི་ཡིན་སྙམ་ཐེ་ཚོམ་དུ་གྱུར་ན་ཡང་དེ་སྐབས་གསང་རྒྱ་བྱས་པ་ཡིན་འདུག་པས། རྗེས་སོར་དྲིས་ཚེ་ཞིང་བརྗེས་པའི་དུས་ཚོད་དང་རྨི་ལམ་གཉིས་ཇི་བཞིན་པར་འགྲིག་སྣང་ངོ༌། །དེ་ནས་བུ་སློབ་རྣམས་ཀྱིས་ཞལ་ཆེམས་བཞིན། སྐྱབས་མགོན་མཆོག་གི་སྤྲུལ་བའི་སྐུ་གདན་དྲངས་ཏེ་ནོར་རྫས་ཀྱི་སྙིང་པོ་གང་ཡོད་ཕུལ། སྐྱབས་མགོན་མཆོག་ནས་ཀྱང་དམ་པ་ཉིད་ཀྱི་བསྟན་འགྲོར་སྨན་པའི་ཐུགས་ཀྱི་བཞེད་དགོངས་རྣམས་ཇི་བཞིན་འགྲུབ་པའི་སྤྱན་དམིགས་ཀྱི་མཚམས་སྦྱོར་ནན་ཏན་བཀའ་དྲིན་བསྐྱངས། རྗེས་འཇུག་བུ་སློབ་ཐམས་ཅད་ཀྱིས་ཀྱང་བླ་མའི་བཀའ་དྲིན་རྗེས་སུ་དྲན་པའི་མོས་གུས་ཤུགས་དྲག་པོས་རྒྱུད་བསྐུལ་ཏེ། བླ་མའི་ཐུགས་ཀྱི་དགོངས་པ་རྫོགས་པའི་ཕྱིར་རང་གི་སྒོ་གསུམ་དགེ་བ་ལ་སྦྱོར་བའི་བརྩོན་པ་ལྷུར་བླངས། དེར་མ་ཟད་སྐབས་དེར་ཡུལ་ཕྱོགས་དེ་ན་ཆོས་དོན་དུ་གཉེར་བའི་སྐྱེ་བོ་ཡ་རབས་དམ་པའི་རྣམ་ཐར་གྱི་རྗེས་སུ་བློ་ཁ་ཡར་ཕྱོགས་པའི་རིགས་ལ་ཉིད་ཀྱི་སློབ་མ་དང༌། སྦྱིན་བདག་ཏུ་མ་གྱུར་པ་མེད་པ་ལྟ་བུ་ཡིན་པས། སོ་སོ་ནས་གདུང་འབུལ་སོགས་ཀྱི་སྤྲོས་པ་རྒྱ་ཆེན་པོ་བྱེད་འདོད་ཀྱང་ཞལ་ཆེམས་ཀྱི་སྟབས་ཀྱིས་བྱེད་རྒྱུ་མ་བྱུང་བས། རང་རང་གི་ས་ནས་དད་པ་རྩེ་གཅིག་པའི་གསོལ་འདེབས། ཕྱག་མཆོད་བཟླས་བརྗོད་སོགས་དགེ་སྦྱོར་ལ་ཆིག་དྲིལ་དུ་འབད་པ་ཁོ་ན་བྱུང་བས་ཟང་


GTD005_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ཟིང་མེད་པའི་དགེ་ཚོགས་ཤིན་ཏུ་དངོས་གཙང་བ། འ་འུར་ཆུང་ཡང་དོན་ཤིན་ཏུ་ཆེན་པོ་དང་ལྡན་པ་ཁོ་ནར་གྱུར་པས་དམ་པ་རྣམས་ཀྱི་ཐབས་ལ་མཁས་པའི་མཛད་པ་ནི་འདི་ལྟ་བུའོ་སྙམ་དུ་ལྷག་པར་ཡང་རྗེས་སུ་ཡི་རང་བའི་གནས་སུ་གྱུར་ཏོ། །གོང་དུ་སྨོས་པ་དེ་དག་གི་སྙིང་པོ་མདོར་བསྡུ་ན། ལམ་གྱི་རྩ་བ་བཤེས་གཉེན་བསྟེན་པའི་ཚུལ་ལ་བསམ་སྦྱོར་གཉིས་ལས། དང་པོ་ལ་རྩ་བ་དད་པ་སྦྱངས་པ་དང༌། བཀའ་དྲིན་རྗེས་སུ་དྲན་པས་གུས་པར་བྱ་བ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ཚིག་གི་ན་ཡམ་ཙམ་དུ་མ་སོང་བར་བླ་མ་སངས་རྒྱས་སུ་མཐོང་བའི་མོས་གུས་བཅོས་མིན་གྱིས་ཐུགས་རྒྱུད་རང་དབང་མེད་པར་བསྐུལ་བ་དང༌། སྦྱོར་བས་བསྟེན་ཚུལ་ལ་སྤྱིར་བསམ་པ་ཁྱད་པར་ཅན་གྱི་སྒོ་ནས། བླ་མའི་བསྙེན་བཀུར་ཁོ་ན་བྱས་པ་ཡང་སྒྲུབ་པའི་མཆོག་ཏུ་འགྱུར་ཏེ། ཇོ་བོ་ཆེན་པོའི་དུས་སུ་འབྲོམ་གྱིས་ལོ་ཙྪ་མཛད་ཅིང༌། ཨ་མེས་ཀྱིས་ཕྱག་གཡོག་ཁོ་ན་མཛད། དགོན་པ་བས་རྩེ་གཅིག་ཏུ་ཏིང་ངེ་འཛིན་བསྒོམས་ཀྱང་རྟོགས་པ་སྔ་མ་གཉིས་མཐོ་བར་བྱུང་བ་བླ་མའི་བྱིན་རླབས་ཡིན་པར་གསུངས་པ་དང༌། བྱ་ཡུལ་པས་སྤྱན་སྔ་བའི་ཕྱག་གཡོག་ཁོ་ན་ཞུས་པར། འགའ་ཞིག་གིས་འདི་དད་པ་དང་ཤེས་རབ་ཅན་ཞིག་འདུག་པ་ལ། མི་ཚེ་གཡོག་ཏུ་བཏང་བ་མ་ལེགས་ཞེས་བཤད་པའི་ཚེ། ངའི་བླ་མའི་ཕྱག་གཡོག་ཞུས་པ་དེ་ཆོས་ཡིན་པ་ཁོང་ཚོས་མ་ཤེས་པར་འདུག་གསུངས་ནས་རྒྱུན་པར་རྟེན་དགེ་ཚུལ་དུ་བཞུགས་ཏེ། མེ་འབུད་ཐལ་འཕྱགས་ཚུན་ཆད་ཀྱིས་གཡོག་གང་དགོས་ཞུས་པས། ཉིན་གཅིག་


GTD005_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

གཟིམས་ཁང་གད་བདར་བྱས་པའི་སྙིགས་མ་ཕྱིར་འཕོད་དུ་སོང་བའི་ས་ནས་དེ་ཁོ་ན་ཉིད་ཀྱི་དོན་མངོན་དུ་གྱུར་པར་གསུངས་པ་བཞིན་ནོ། །འོན་ཀྱང་ངོ་བོའི་སྒོ་ནས་ཕྱེ་ན་མདོ་སྡེ་རྒྱན་ལས། བཀུར་སྟི་རྙེད་པ་དག་དང་རིམ་གྲོ་དང༌། །སྒྲུབ་པའི་སྒོ་ནས་བཤེས་གཉེན་བསྟེན་པར་བྱ། །ཞེས་ཟང་ཟིང་གི་མཆོད་པ། བཀུར་སྟིའི་མཆོད་པ། སྒྲུབ་པའི་མཆོད་པ་གསུམ་དུ་དབྱེ་བར་མཛད་པ་དེ་དག་ལས་རེ་རེ་བ་ཙམ་མ་ཡིན་པ་ཆ་ཚང་བ་ཉམས་སུ་བཞེས་ཏེ། ཟས་ནོར་ལོངས་སྤྱོད་གང་རྙེད་མཐའ་དག་པུ་ས་ལའི་འདབ་མ་ཙམ་ཡང་རང་དོན་དུ་མི་འཆང་བར་བླ་མ་ལ་ཕུལ་བ་ཟང་ཟིང་གི་མཆོད་པ། བླ་མས་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ་དང༌། དགེ་འདུན་གྱི་སྡེ་འཛུགས་པ་སོགས་ཀྱི་ཞབས་འདེགས་ལ་སྐྱོ་ངལ་གྱི་འདུ་ཤེས་ཅུང་ཟད་ཀྱང་མེད་པར་དཀའ་སྤྱད་རྒྱན་དུ་སོང་བ་རྟག་ཏུ་ངུའི་རྣམ་ཐར་ལ་འགྲན་བཟོད་པའི་སྒོ་ནས་བཀུར་སྟིའི་མཆོད་པ་དང༌། བླ་མས་ཇི་ལྟར་གདམས་པ་བཞིན་གྱི་ལམ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཉམས་ལེན་ལ་རྩེ་གཅིག་ཏུ་གཞོལ་བའི་སྒོ་ནས་རྗེས་འཇུག་རྣམས་ཀྱང་དེར་འཁྲིད་པར་མཛད་དེ། བཤད་སྒྲུབ་ཟུང་འབྲེལ་གྱི་སྒོ་ནས་བསྟན་པའི་སྙིང་པོ་དྲི་མ་མེད་པ་ཕྱོགས་མཐར་སྤེལ་བ་སྒྲུབ་པའི་མཆོད་པ་སྟེ། སྙིགས་མའི་དུས་འདིར་གསུམ་ག་རེ་རེའི་ཆ་ལ་ཡང༌། གཞན་གྱིས་འགྲན་མི་བཟོད་པ་དེ་ལྟ་བུ་ཞིག་མཛད་དེ། བཤེས་གཉེན་བསྟེན་ཚུལ་གྱི་ཆོས་སྐོར་ཡོངས་སུ་རྫོགས་པའི་དཔག་བསམ་གྱི་ལྗོན་པ་ཆེན་པོ་ཉེ་བར་འཁྲུངས་པ་ལས། ལུང་དང་རྟོགས་པའི་ཡོན་ཏན་གྱི་ཡལ་ག་ཕྱོགས་བཅུར་རྒྱས་ཤིང༌། རྣམ་པར་དཀར་


GTD005_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

བའི་མཛད་འཕྲིན་གྱི་མེ་ཏོག་མངོན་པར་བཞད་པས་གྲགས་སྙན་གྱི་དྲི་བསུང་ཕྱོགས་ཀྱི་འཁོར་ལོ་ཀུན་ཏུ་ཁྱབ་པར་གྱུར་ཏོ། །ཞེས་བྱ་བ་ནི་རྣམ་པར་ཐར་པའི་སྙིང་པོ་མདོར་བསྡུས་པའི་དོན་གྱི་དེ་ཁོ་ན་ཉིད་ཡིན་ནོ། །སྨྲས་པ། ཐུབ་པ་ཀུན་གྱི་ཡེ་ཤེས་གཅིག་གྱུར་འཇམ་དབྱངས་ཉིན་མོར་བྱེད་པའི་འོད། །རིས་སུ་མ་ཆད་འཇིག་རྟེན་ཀུན་ལ་སྣང་བའི་གོ་འཕང་མཆོག་སྦྱིན་ཡང༌། །དང་སེམས་འདབ་བརྒྱ་བཞད་པའི་ཚལ་དུ་ལྷག་པར་འགྱུ་བའི་རོལ་རྩེད་ཀྱིས། །ཡོན་ཏན་སྦྲང་རྩིའི་དོག་པ་རྒྱ་ཆེན་གྲགས་པའི་བསུང་དང་ལྷན་ཅིག་རྒྱས། །རྩ་བ་དམ་ཚིག་རྨད་བྱུང་སྡོང་བུ་ལས། །དངོས་གྲུབ་རྣམ་གཉིས་ཡལ་ག་བརྒྱར་བྲིས་པའི། །ངོ་མཚར་བྱང་ཆུབ་རྡོ་རྗེས་རབ་བསྔགས་ཏེ། །གཞན་གྱིས་ཆེད་དུ་བརྗོད་ལ་ལྟོས་ཅི་འཚལ། །འོན་ཀྱང་ཕྲ་རགས་སྲིད་པའི་མཚོ་བརྒལ་ཏེ། །སྐུ་གསུམ་ནོར་བུའི་གླིང་དུ་བགྲོད་པའི་ཐབས། །བླ་མའི་ལམ་གྱི་གྲུ་གཟིངས་མཚོན་པའི་ཕྱིར། །ཁྱོད་ཀྱི་རྟོགས་པ་བརྗོད་པ་འདི་བྱས་སོ། །བླ་མའི་བླ་མར་གྱུར་པ་མཐོན་པོའི་སྤོར། །བྱིན་རླབས་ཆུ་བོ་གྱེན་དུ་མི་འདྲོངས་པས། །མོས་གུས་ཐུགས་ཀྱི་གཤོང་བུར་འཁྱིལ་བ་ལས། །ཉམས་དང་རྟོགས་པའི་རྩི་བཅུད་དང་པོར་འཁྲུངས། །འཕྲལ་སྣང་དམ་པར་བཅོས་པའི་ཡོན་ཏན་ཚོགས། །དབྱར་གྱི་ཤྭ་འོད་རྡོལ་འདྲ་མང་ན་ཡང༌། །བཤེས་གཉེན་གངས་ཀྱི་རི་ལས་དལ་འབབ་རྒྱུན། །མ་དྲོས་ཀླུང་དུ་འཁྱིལ་བ་ཁྱོད་ཉིད་ཙམ། །མོས་གུས་གདེངས་ཅན་དབང་པོའི་སྲུབ་ཐག་གིས། །བླ་མའི་བྱིན་རླབས་རི་བོ་མནྡཱ་ར། །མདོ་སྔགས་ཆོས་ཀྱི་རྒྱ་མཚོར་བསྒྲིལ་པ་ལས། །མཁས་དང་གྲུབ་པའི་སྣང་བྱེད་ཟུང་དུ་ཤར། །ལུང་དང་རྟོགས་པའི་བདག་


GTD005_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་སྟོན་པའི་ཆོས། །དེ་ཉིད་སྨྲ་དང་སྒྲུབ་པས་འཛིན་ན་ཡང༌། །གདུགས་དང་གླིང་བུའི་གར་འཆམ་མི་ལྡན་པས། །བསྟན་འཛིན་ཆེན་པོ་མིན་ཞེས་སུ་ཞིག་སྨྲ། །སྒྲོ་གདུགས་ཟླུམ་པོར་བསྐོར་བའི་མ་ཡཱུ་ར། །རང་སྐད་གླིང་བུ་བསྒྱུར་བ་གཞན་གྱིས་གསོས། །སྟག་རྔ་བརྡེབས་པ་ནགས་ཀྱི་ཤྭ་ནས་ཀྱང༌། །སྙིགས་དུས་ཆེན་པོ་དག་ལ་འཕྱ་བ་བཞིན། །མཐའ་ཡས་ཡོན་ཏན་ཚོགས་ཀྱིས་ནོར་འཛིན་ཁྱོན། །ཟབ་མོ་བླ་མའི་ལམ་གྱི་གོམ་གཅིག་གིས །རྣམ་གནོན་སྦས་པའི་བརྟུལ་ཞུགས་མིའུ་ཐུང་འདིས། །ཆེར་རློམ་དྲེགས་པའི་སྟོབས་ལྡན་འོག་ཏུ་བཅིངས། །ལྷག་བསམ་རྩེ་གཅིག་སྙིང་སྟོབས་གོ་བགོས་ཏེ། །དཔང་པོ་གཉིས་ཀྱི་གཙོ་བོ་ཉེར་བཟུང་ནས། །རྡོ་རྗེ་གསུམ་གྱི་མཚམས་ལས་མི་འདའ་བས། །གཏད་པ་བཞི་ཡི་དགོངས་པ་མཐའ་རུ་འཁྱོལ། །ལྷ་གཅིག་དཱི་པཾ་ཀཱ་རའི་བཞེད་དགོངས་བཞིན། །ལྷ་ཆོས་བདུན་ལྡན་བཀའ་གདམས་སྲོལ་འཛིན་པ། །ལྷ་མིའི་མགོན་ཞིག་འདི་ན་མཆིས་སོ་ཞེས། །ལྷ་ཡུལ་ན་ཡང་སྙན་པའི་རོལ་མོ་འཁྲོལ། །ཨེ་མ་ཚུལ་ཁྲིམས་པད་མའི་སྦུབས་ལྟར་གཙང༌། །མང་དུ་མཁྱེན་པ་ནམ་མཁའི་མཐའ་ལྟར་ཡངས། །གཞན་ཕན་ལྷག་བསམ་ཟླ་བ་ལྟར་དཀར་བ། །དམ་པའི་རྣམ་ཐར་བསམ་གྱིན་རྗེས་ཡི་རང༌། །དེ་ཕྱིར་ཕྱོགས་ལྷུང་ཉི་ཟླས་ཕྱེད་མིན་པར། །གཟུར་གནས་རྣམ་པར་དཔྱོད་པའི་འགྲམ་ཆང་གིས། །ཕྱེ་བའི་རྟོགས་བརྗོད་སིནྡྷུ་ཝ་རའི་ཕྲེང༌། །ཐར་འདོད་ཡོངས་ཀྱི་མགུལ་པའི་རྒྱན་དུ་མཛོད། །ངན་སོང་སྡུག་བསྔལ་རྦ་ཀློང་འཁྲུགས་པ་ཡི། །སྲིད་པའི་རྒྱ་མཚོར་བྱིང་བའི་ཉམ་ཐག་འགྲོ །རྣམ་གྲོལ་ཐར་པའི་གླིང་དུ་འཇུག་འདོད་རྣམས། །བཤེས་གཉེན་གྲུ་གཟིངས་


GTD005_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་དང་འཕྲད་གྱུར་ཅིག །དོན་གཉིས་ལྷུན་གྲུབ་སྦྲང་རྩིའི་སྙིང་པོ་ཅན། །ཚོགས་གཉིས་འདབ་བརྒྱའི་ཕྲེང་བ་བཞད་པ་ཡི། །ཐེག་མཆོག་རྣལ་འབྱོར་སྤྱོད་པ་པད་མོའི་ཚལ། །བཤེས་གཉེན་ཉིན་བྱེད་འོད་དང་འགྲོགས་གྱུར་ཅིག །གང་ལ་བརྟེན་ན་བདེ་ཆེན་ཡེ་ཤེས་ཀྱི། །རང་འོད་དག་པ་རབ་འབྱམས་བརྟན་གཡོའི་ཁམས། །ཀུན་ལ་དབང་བསྒྱུར་རྒྱལ་པོའི་གནས་འཐོབ་པ། །བཤེས་གཉེན་དཀྱིལ་འཁོར་བདག་པོས་སྐྱོང་གྱུར་ཅིག །ཅེས་མཁས་པ་དང་གྲུབ་པ་ཟུང་དུ་འཇུག་པའི་སྒོ་ནས་རྒྱལ་བའི་བསྟན་པ་འཛིན་སྐྱོང་སྤེལ་བར་བྱེད་པས་མཚན་དང་དོན་མཐུན་པའི་སྐྱེས་མཆོག་དམ་པ་གང་གི་རྟོགས་པ་བརྗོད་པ་ལེགས་ཚོགས་སྒོ་འབྱེད་ཅེས་བྱ་བ་འདི་ནི། དམ་པ་ཉིད་ཀྱི་གསུང་གི་བདུད་རྩིས་འཚོ་བའི་གྲྭ་སློབ་དུ་མ་དང༌། ཁྱད་པར་དད་བརྩོན་བློ་དང་ལྡན་པ་རབ་འབྱམས་པ་དཔལ་ལྡན་གྲགས་པས་ཡང་ཡང་ནན་གྱིས་བསྐུལ་བའི་ངོར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་དབེན་གནས་ཡིད་དགའ་ཆོས་འཛིན་དུ་སྦྱར་བའི་ཡི་གེ་པ་ནི་དགེ་སློང་དཀོན་མཆོག་ཀུན་དགས་བགྱིས་པ་འདི་ཡང༌། ཐར་འདོད་རྣམས་ལམ་གྱི་རྩ་བ་བཤེས་གཉེན་བསྟེན་ཚུལ་གྱི་ཐོག་མའི་རྟེན་འབྲེལ་ལེགས་པར་འགྲིག་པའི་རྒྱུར་གྱུར་ཅིག ། །།

དགེ་ལྡན་བསྟན་རྒྱས་མའི་འགྲེལ་པ།


GTD005_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་ལྡན་བསྟན་པ་རྒྱས་པའི་སྨོན་ལམ་གྲུབ་པའི་བདེན་ཚིག་གི་འགྲེལ་པ་བཞུགས་སོ། །


GTD005_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་སྲས་སྨོན་ལམ་ཀླུང་བརྒྱ་འཁྱིལ་བའི་བཅུད། །རྒྱལ་བསྟན་སྙིང་པོ་སྤེལ་བའི་སྨོན་པའི་འབྲས། །ཇི་བཞིན་འགྲུབ་ཕྱིར་བླ་མ་མཆོག་གསུམ་ལ། །འདུད་དོ་བསླུ་མེད་བདེན་ཚིག་ཤིས་པས་སྐྱོངས། །དེའང་དགེ་ལྡན་ལུགས་བཟང་སྤེལ་བའི་སྨོན་ཚིག་འདི་ཉིད་ཀྱི་དོན་མདོ་ཙམ་འཆད་པ་ལ་རྒྱུ་ཕུན་སུམ་ཚོགས་པའི་བདེན་ཚིག་བརྗོད་པ། ངོ་བོ་ཕུན་སུམ་ཚོགས་པའི་བདེན་ཚིག་བརྗོད་པ། གྲོགས་ཕུན་སུམ་ཚོགས་པའི་བདེན་ཚིག་བརྗོད་པ་གསུམ། དང་པོ་ལའང་གསུམ་ལས། རྒྱལ་བ་མ་ལུས་སྐྱེད་པའི་ཡབ་གྱུར་ཀྱང༌། །རྒྱལ་སྲས་ཚུལ་གྱིས་ཞིང་ཁམས་རབ་འབྱམས་སུ། །རྒྱལ་བའི་ཆོས་འཛིན་ཐུགས་བསྐྱེད་བདེན་པའི་མཐུས། །བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །དུས་གསུམ་གྱི་རྒྱལ་བ་ཐམས་ཅད་སློབ་པའི་གནས་སྐབས་སུ་མགོན་པོ་འཇམ་དབྱངས་ཀྱིས་བཤེས་གཉེན་མཛད་དེ་སངས་རྒྱས་ཚུལ་མདོ་སྡེ་དུ་མ་དང༌། འཇུག་པ་རང་འགྲེལ་སོགས་སུ་གསུངས་ལ། བཅོམ་ལྡན་འདས་མངོན་པར་འཚང་རྒྱ་བའི་ཚེ་བདུད་བཏུལ་བ་ལའང་འདིའི་མཐུ་ཡིན་པར་དམར་ནག་གི་རྒྱུད་གཉི་ག་ལས་གསུངས། མདོར་ན་ཐབས་བདེ་ཆེན་གྱི་རོལ་པས་ཚུལ་དེ་ལྟར་སྟོན་པའི་ཡབ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་དུ་གྱུར་པས་རྒྱལ་བའི་ཡུམ་དང༌། ཞིང་རབ་འབྱམས་སུ་ཟབ་མོའི་ལྟ་བ་གཙོར་གྱུར་གྱི་


GTD005_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་གི་མཛོད་འཛིན་པས་སྲས་སུ་གྱུར་པ་སློབ་དཔོན་ཞི་བ་ཡེ་ཤེས་ཀྱིས་གསུངས་པ་ལྟར་ཡིན་པས། ཕྱོགས་བཅུ་དུས་གསུམ་ཀུན་ཏུ་ལྷུན་གྱིས་གྲུབ་པའི་ཐུགས་བསྐྱེད་འཕྲིན་ལས་ཀྱི་བདེན་པ་དེས་ཞིང་འདིར་ཡང་བསྟན་པའི་སྙིང་པོ་རྒྱས་པར་སྨོན་པའོ། །འདི་ནི་ངེས་དོན་ཐུན་མོང་མ་ཡིན་པ་ཡིན་ཞིང༌། དྲང་དོན་ཚུལ་བསྟན་གྱི་རིམ་པར་ཡང་གདུལ་བྱའི་བློ་ཚོད་ཀྱིས་ཐུན་མོང་མ་ཡིན་པ་དང་ཐུན་མོང་བ་གཉིས་སུ་ཡོད་པའི་སྔ་མ་ནི། སྔོན་ཚེ་དབང་པོའི་ཏོག་གི་སྤྱན་སྔ་རུ། །དམ་བཅས་ཚེ་ན་སྙིང་སྟོབས་ཆེན་པོ་ཞེས། །སྲས་བཅས་རྒྱལ་བས་བསྔགས་བརྗོད་བདེན་པའི་མཐུས། །བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཀླུ་སྒྲུབ་ཀྱིས་མདོ་ཀུན་བཏུས་སུ་གསུངས་པ་བཞིན་རྒྱལ་བ་དབང་པོའི་ཏོག་བསྐལ་པ་དཔག་མེད་ཀྱི་སྔོན་ནས་བྱུང་བ་ཡིན་ལ། དེའི་འཁོར་དུ་རྗེ་བཙུན་འཇམ་དབྱངས་དང་རྗེ་བླ་མས་བྱང་སེམས་འཇམ་དབྱངས་ཀྱི་སློབ་མར་གྱུར་པ་ཞིག་གི་ཚུལ་ཡང་བཟུང་སྟེ་སྔགས་དང་དབུ་མའི་ལྟ་བ་ཟུང་དུ་འབྲེལ་བའི་བསྟན་པའི་སྙིང་པོ་སྤེལ་བར་དམ་བཅས་པ་ན་རྒྱལ་བ་སྲས་བཅས་ཀྱིས་ཆེད་དུ་བསྔགས་པ་མདོ་དང་རྒྱན་གྱི་བསྟོད་བཀུར་བསྔགས་གསུམ་ལྟ་བུ་མཛད་པའི་བདེན་ཚིག་གི་སྟོབས་ཀྱིས་བསྟན་པ་རྒྱས་པར་སྨོན་པའོ། །གསུམ་པ་དྲང་དོན་ཐུན་མོང་བ་ནི། ལྟ་


GTD005_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་གཙང་མའི་བརྒྱུད་པ་སྤེལ་བའི་ཕྱིར། །ཐུབ་པའི་དྲུང་དུ་ཤེལ་དཀར་འཕྲེང་བ་ཕུལ། །ཆོས་དུང་གནང་ཞིང་ལུང་བསྟན་བདེན་པའི་མཐུས། །བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །བཀའ་གདམས་ལྷ་ཆོས་བདུན་ལྡན་ཕྱི་གཙང་ནང་གཙང་པདྨའི་སྦུབས་ལྟ་བུའི་སྲོལ་དབྱེ་བའི་རྟེན་འབྲེལ་དུ་སྟོན་པའི་དུས་བྲམ་ཟེ་ཁྱེའུར་གྱུར་པས་ཤེལ་དཀར་གྱི་ཕྲེང་བ་བརྒྱ་རྩ་གཅིག་ཕུལ། དེ་ཕྱིས་བསྙེན་པར་རྫོགས་པ་དགེ་སློང་པདྨའི་ངང་ལྡན་ལ་མ་དྲོས་པས་ཕུལ་བའི་ཆོས་དུང་གནང་ཞིང་འགོག་པ་རིར་གཏེར་དུ་སྦས་ན་དགའ་ལྡན་གྱི་ཚོགས་དུང་དུ་འགྱུར་བར་ལུང་བསྟན་ཚུལ་ལང་གཤེགས་རྒྱ་ནག་གི་འགྱུར་ལས་གསུངས། འཇམ་དཔལ་རྩ་རྒྱུད་དུའང་རྗེའི་མཚན་དང་མཛད་པ། དེ་ཚེ་དགོན་ཆེན་རབ་དགའ་བ། །ཞེས་སོགས་ཀྱིས་དགོན་གནས་གྲུབ་མཐའ་དང་བཅས་པ་ལུང་བསྟན་ཏེ་གསུང་གིས་བྱིན་གྱིས་བརླབས་ཤིང་ཐུགས་ཀྱི་དགོངས་པ་གཏད་པའི་བདེན་པས་བསྟན་པ་རྒྱས་པར་སྨོན་པའོ། །གཉིས་པ་ངོ་བོ་ཕུན་སུམ་ཚོགས་པའི་བདེན་ཚིག་ལ་གསུམ་ཚན་གཉིས། བཞི་ཚན་གཅིག །གཉིས་ཚན་གསུམ་སྟེ་དྲུག་ལས་དང་པོ་ལྟ་སྒོམ་སྤྱོད་གསུམ་ལ་སྦྱར་བ་ནི། ལྟ་བ་རྣམ་དག་རྟག་ཆད་མཐའ་ལས་གྲོལ། །སྒོམ་པ་རྣམ་དག་བྱིང་རྨུགས་མུན་པ་སངས། །སྤྱོད་པ་རྣམ་དག་རྒྱལ་བའི་བཀའ་བཞིན་བསྒྲུབས། །བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །འདི་ནི་བརྡ་སྦྱོར་ཚུལ་ཙམ་ལས་དོན་ནི་ཤེས་རབ། ཏིང་ངེ་འཛིན། ཚུལ་ཁྲིམས་ཀྱི་བསླབ་པ་གསུམ་ཡིན། དགག་བྱ་ཁྱད་པར་གསུམ་ལྡན་


GTD005_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ་ཁྱབ་ཆུང་བ་མ་ཡིན་པས་རྟག་མཐའ་ལས་གྲོལ། གཞན་ངོ་ཙམ་དུ་བསྐྱལ་ཏེ་དོན་ལ་ཅི་ཡང་མེད་པར་འཛིན་པའི་དགག་བྱ་ཁྱབ་ཆེ་བ་ལྟ་བུ་མ་ཡིན་པས་ཆད་མཐའ་ལས་གྲོལ་ཏེ། མཐའ་བྲལ་དབུ་མའི་ལྟ་བ་ཀླུ་སྒྲུབ་ཀྱི་དགོངས་པ་ཇི་ལྟ་བ་དང༌། སྒོམ་ཡང་བྱིང་རྨུགས་སོགས་ཇི་བཞིན་མ་ཕྱེད་པས་གློད་རབ་ལ་སྒོམ་རབ་ཅེས་བྱིང་བ་བསགས་པ་ལྟ་བུ་མ་ཡིན་པར་ཏིང་ངེ་འཛིན་སྐྱོན་མེད་སྒྲུབ་ཚུལ་དབུས་མཐའ་དང་ས་སྡེ་ཇི་ལྟ་བ་དང༌། དགག་སྒྲུབ་གནང་བའི་མཚམས་རྒྱལ་བ་རང་ཉིད་ཀྱིས་གང་གསུངས་པ་ལྟར་བྱེད་ཀྱི་གོ་ལོགས་སུ་མི་བྱ་བ་སྡོམ་གསུམ་རབ་དབྱེར་གསུངས་པ་ལྟ་བུ་ཡིན་པས་བསླབ་པ་གསུམ་གྱིས་བསྡུས་པའི་རྟོགས་པའི་བསྟན་པའི་སྙིང་པོ་དེ་ཉིད་རྒྱས་པར་སྨོན་པའོ། །གཉིས་པ་མཁས་བཙུན་བཟང་གསུམ་ལ་སྦྱར་བ་ནི། མང་དུ་ཐོས་པ་རྒྱ་ཆེར་བཙལ་བས་མཁས། །ཐོས་དོན་ཇི་བཞིན་རྒྱུད་ལ་སྦྱར་བས་བཙུན། །ཀུན་ཀྱང་བསྟན་འགྲོའི་དོན་དུ་བསྔོ་བས་བཟང༌། །བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །སྡེ་སྣོད་གསུམ། རྒྱུད་སྡེ་བཞི། རིག་པའི་གནས་ལྔ་མཐའ་དག་ལ་ཞིབ་ཏུ་སྦྱངས་པས་མཁས་པ། གང་ཤེས་རྒྱུད་ལ་སྦྱར་ཏེ་བསླབ་པ་གསུམ་གྱི་སྒོ་ནས་དུལ་ཞིང་ཞི་ལ་ཉེ་བར་ཞི་བས་བཙུན་པ། ཆོས་བརྒྱད་དཀར་ནག་ཁྲ་གསུམ་གང་གིས་ཀྱང་མ་བསླད་པར་མཁའ་ཁྱབ་ཀྱི་བསྟན་འགྲོའི་དོན་དུ་བསྒྱུར་ཚུལ་གསུང་ཐོར་བུར་འབྱུང་བ་ལྟར་ཡིན་པས་བཟང་བ་སྟེ་དེ་ལྟ་བུའི་རྣམ་པར་ཐར་པ་རྗེ་བླ་མ་རང་ཉིད་དང༌། དེའི་སྲོལ་


GTD005_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་འཇུག་བུ་སློབ་རྣམས་ཀྱིས་བསྐྱངས་པའི་བདེན་པའི་མཐུས་བསྟན་པ་རྒྱས་པར་སྨོན་པའོ། །གསུམ་པ་ཆེ་བ་བཞི་དང་སྦྱར་བ་ནི། དྲང་ངེས་གསུང་རབ་མ་ལུས་འགལ་མེད་དུ། །གང་ཟག་གཅིག་གི་ཉམས་ལེན་གདམས་པ་རུ། །ངེས་པ་རྙེད་པས་ཉེས་སྤྱོད་མཐའ་དག་འགགས། །བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །དྲང་ངེས་ཀྱི་གསུང་རབ་སྒྲས་ཟིན་མི་མཐུན་ཡང་གདུལ་བྱའི་དབང་གིས་ཡིན་པས་དོན་འགལ་བ་མེད་པ་དང༌། དེ་ཐམས་ཅད་གང་ཟག་གཅིག་ལའང་སྔ་ཕྱིར་ཉམས་ལེན་དུ་འཁྱེར་དགོས་པའི་གདམས་པར་འཆར་བ་དང༌། ཐབས་སྣ་ཚོགས་ཀྱིས་འབྲས་བུ་མཐར་ཐུག་ཏུ་བཀྲི་བས་དགོངས་པ་རྙེད་པ་དང༌། དེའི་མཐུས་ཐེག་པ་གསུམ། མདོ་སྔགས་གཉིས་སོགས་རིས་སུ་བཅད་པའི་ཆོས་སྤོང་གི་ལས་རྣམ་པར་འཐག་པ་ཐམས་ཅད་བསྡུས་པར་གསུངས་པ་ལྟ་བུའི་ཉེས་སྤྱོད་ཆེན་པོ་འགག་པ་སྟེ། ཆེ་བ་བཞི་ནི་བྱང་ཆུབ་ལམ་རིམ་ལས་དངོས་སུ་གསུངས་ཤིང༌། དོན་ལ་ནང་བྱན་ཚུད་པ་ཞིག་གིས་བློ་མིག་ཡངས་པོར་ཕྱེ་སྟེ་བལྟས་ན་རྗེའི་གསུང་ཐམས་ཅད་ལ་ཚང་བས་བསྟན་པ་ཁྱད་པར་དུ་འཕགས་པ་དེ་ལྟ་བུ་རྒྱས་པར་སྨོན་པའོ། །བཞི་པ་བཤད་སྒྲུབ་གཉིས་སམ་མཁས་གྲུབ་ཀྱི་ཡོན་ཏན་གཉིས་ལ་སྦྱར་བ་ནི། ལུང་ཆོས་སྡེ་སྣོད་གསུམ་གྱི་འཆད་ཉན་དང༌། །རྟོགས་པའི་བསྟན་པ་བསླབ་གསུམ་ཉམས་ལེན་ཏེ། །མཁས་ཤིང་གྲུབ་པའི་རྣམ་ཐར་རྨད་དུ་བྱུང༌། །བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །རྣམ་པར་བཤད་པའི་སྒོ་བསྡུ་བ་དང༌། རྣམ་བཤད་རིག་པར་གསུངས་


GTD005_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟ་བུ་བསྟན་པའི་རྨང་གཞིར་འགྱུར་ངེས་པའི་འཆད་ཉན་གྱི་སྒོ་ནས་ལུང་གི་བསྟན་པ་འཛིན་པ་དང༌། ལུང་སྡེ་སྣོད་གསུམ་གྱི་བརྗོད་དོན་ལམ་བསླབ་པ་གསུམ་པོ་ཉམས་སུ་བླངས་ཏེ་ཚུལ་བཞིན་སྒྲུབ་པའི་སྒོ་ནས་རྟོགས་པའི་བསྟན་པ་འཛིན་པ་སྟེ་རྒྱལ་བའི་བསྟན་པ་འཛིན་པའི་ཚུལ་དེ་གཉིས་སུ་ངེས་པར་མཛོད་ལས་གསུངས་པ་ཇི་ལྟ་བ་བཞིན་ཕྱག་ལེན་དུ་ཐེབས་པས་མཁས་གྲུབ་གཉིས་འཛོམ་གྱི་རྣམ་ཐར་དང་བསྟན་པའི་བྱ་བ་དེ་ཉིད་དར་ཞིང་རྒྱས་པར་སྨོན་པའོ། །ལྔ་པ་མདོ་སྔགས་གཉིས་ལ་སྦྱར་བ་ནི། ཕྱི་རུ་ཉན་ཐོས་སྤྱོད་པས་ཞི་ཞིང་དུལ། །ནང་དུ་རིམ་གཉིས་རྣལ་འབྱོར་གདེང་དང་ལྡན། །མདོ་སྔགས་ལམ་བཟང་འགལ་མེད་གྲོགས་སུ་འཁྱེར། །བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །བཤད་རྒྱུད་རྡོ་རྗེ་ཕྲེང་བའི་རེ་བཞི་པ་དང༌། མཁའ་འགྲོ་མ་རྡོ་རྗེ་གུར་གྱི་བརྒྱད་པར་གསུངས་པ་བཞིན་ཕྱི་འདུལ་བའི་སྤྱོད་པ་ལ་གནས་པས་བསྟན་པ་སྤྱིའི་སྲོལ་ཀ་སྐྱོང་ཞིང༌། ནང་གསང་སྔགས་ཀྱི་ཉམས་ལེན་ཟབ་མོས་ས་ལམ་གྱི་བགྲོད་པ་མྱུར་བ་སྟེ་རང་གཞན་མཐའ་དག་གི་དོན་དུ་འགྱུར་བས་བསྟན་པ་ཡོངས་རྫོགས་ཀྱི་སྲོལ་བཟང་རྒྱས་པར་སྨོན་པའོ། །དྲུག་པ་བདེ་སྟོང་གཉིས་ལ་སྦྱར་བ་ནི། རྒྱུ་ཡི་ཐེག་པར་བཤད་པའི་སྟོང་པ་ཉིད། །འབྲས་བུའི་ཐབས་ཀྱིས་སྒྲུབ་པའི་བདེ་ཆེན་དང༌། །མཉམ་སྦྱོར་ཆོས་ཕུང་བརྒྱད་ཁྲིའི་སྙིང་པོའི་བཅུད། །བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །དབང་མདོར་བསྟན་དང༌། དྲི་


GTD005_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

མེད་འོད། སྙིམ་ཏོག་སོགས་སུ་གསུངས་པ་བཞིན་ཡུལ་མཐའ་བྲལ་གྱི་ལྟ་བ་དང༌། སྔགས་བླ་མེད་ཀྱི་ཕྱི་ནང་གི་ཐབས་མཁས་ལ་བརྟེན་པའི་བདེ་བ་ཆེན་པོ་དབྱེར་མེད་དུ་སྦྱོར་བ་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་སྙིང་པོ་སྐུ་གསུམ་ལག་བཅངས་སུ་གཏོང་བའི་མན་ངག་གི་མཐར་ཐུག་འདི་དག་རྒྱས་པར་སྨོན་པའོ། །གསུམ་པ་གྲོགས་ཕུན་སུམ་ཚོགས་པའི་བདེན་ཚིག་ལ་གཉིས་ལས། དང་པོ་སྡོངས་གྲོགས་མཛད་པའི་ཆོས་སྐྱོང་ཁྱད་པར་ཅན་ལ་སྦྱར་བ་ནི། སྐྱེས་བུ་གསུམ་གྱི་ལམ་གྱི་སྲུང་མའི་གཙོ། །མྱུར་མཛད་མགོན་དང་རྣམ་སྲས་ལས་གཤིན་སོགས། །བསྟན་སྲུང་དམ་ཅན་རྒྱ་མཚོའི་མཐུ་སྟོབས་ཀྱིས། །བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །སྐྱེས་བུ་ཆེན་པོའི་ལམ་གྱི་སྲོག་ཐོག་མཐའ་བར་གསུམ་དུ་གལ་ཆེ་བ་སྙིང་རྗེ་ཆེན་པོའི་རང་མདངས་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ། འབྲིང་གི་ལམ་གྱི་གཞི་རྟེན་ཚུལ་ཁྲིམས་ཀྱི་བསླབ་པ་དང་འདུལ་བའི་སྡེ་སྣོད་ཀྱི་སྲུང་མར་བཀས་བསྔགས་པ་རྣམ་སྲས། ཆུང་ངུའི་ལམ་གྱི་གཙོ་བོ་ལས་འབྲས་ཀྱི་ཤན་འབྱེད་ཆོས་རྒྱལ་ཏེ་གསུམ་གྱིས་གྲོགས་མཛད་པས་བསྟན་པ་ཡོངས་རྫོགས་ཀྱི་སྡོམ་ཆེན་པོ་སྐྱེས་བུ་གསུམ་གྱི་ལམ་ཚང་ལ་མ་ནོར་བ་འདི་རྒྱས་པར་སྨོན་པའོ། །གཉིས་པ་བླ་སློབ་སྦྱིན་བདག་སོགས་སྒོ་ཐམས་ཅད་ནས་ཕུན་སུམ་ཚོགས་པར་སྨོན་པ་ནི། མདོར་ན་དཔལ་ལྡན་བླ་མའི་སྐུ་ཚེ་བརྟན། །མཁས་བཙུན་བསྟན་འཛིན་དམ་པས་ས་སྟེང་གང༌། །བསྟན་པའི་སྦྱིན་བདག་མངའ་ཐང་དར་བ་ཡིས། །བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་


GTD005_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །ཅེས་པ་ཡིན་ལ། སྦྱར་བྱང་ནི། ཅེས་པ་འདི་ནི་ལྷག་བསམ་རྣམ་དཔྱོད་ཡངས་པ་རབ་འབྱམས་པ་བློ་བཟང་བསྟན་པས་བསྐུལ་ཞིང༌། སྤྱིར་དེང་དུས་རྗེ་བླ་མའི་བསྟན་པ་འདི་ནི་ཟུངས་ཟད་ཀྱི་ནད་པ་སྨན་པས་བོར་བ་བཞིན་དུ་བདག་ཏུ་འཛིན་པ་འགའང་མི་སྣང་བས་ཅུང་ཟད་རེ་བསྲིང་ཐུབ་ནའང་ཅི་མ་རུང་སྙམ་དུ་སྨོན་པའི་ཡིད་ཀྱིས། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །ཞེས་པ་སྟེ་གོ་སླའོ། །མཆོག་གསུམ་ཐུགས་རྗེས་མི་བསླུ་ཞིང༌། །ལྷག་བསམ་ཆུད་མི་ཟ་བ་ཡི། །བདེན་པ་ཆེན་པོའི་བདེན་ཚིག་འདིས། །བདེན་དོན་མངོན་དུ་འགྱུར་བར་ཤོག །ཅེས་པ་འདི་ནི་སྔ་སོར་གདན་ས་ཆེན་པོ་སྐུ་འབུམ་ནས་མང་ཐོས་སྒྲུབ་པའི་རྒྱལ་མཚན་འཛིན་པ་དཀོན་མཆོག་སྨོན་ལམ་སོགས་སྤོང་བ་པ་འགའ་ཞིག་དང༌། མི་ཉག་དྲུང་ཡིག་ཚུལ་ཁྲིམས་བསྟན་འཛིན། འཇམ་དབྱངས་གོང་མའི་བཀས་ཕྱོགས་དུ་མར་དགེ་ལྡན་ལུགས་བཟང་སྤེལ་བ་ཡི་ལིའི་མཁན་རིན་པོ་ཆེ་ལྷ་རམས་པ་ངག་དབང་བཟང་པོ་སོགས་ཀྱིས་བསྐུལ་ཞིང་ཉེ་ཆར་བསྟན་པའི་གསལ་བྱེད་གུར་ཡག་སྤྲུལ་བའི་སྐུ་ངག་དབང་བསྟན་འཛིན་ཆོས་འཕེལ་གྱིས་ནན་ཏན་དུ་བསྐུལ་བར་བརྟེན་བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བསྟན་པའི་ཁྱད་ཆོས་གཞན་དང་མི་འདྲ་བའི་ཚུལ་མཐའ་ཆོད་པར་ཤེས་འདོད་པ་རྣམས་རྗེའི་བསྟོད་འགྲེལ་ལ་ཞིབ་ཏུ་བལྟས་ན་དེས་འཐུས་པར་ཡོད་པས། འདིར་དོན་གྱི་ངོ་བོ་མདོར་བསྡུས་པའི་ས་བོན་ཙམ་ཞིག་བཀོད་པ་ཡིན་ནོ།། །།

ཕུལ་བྱུང་ལེགས་བཤད་མའི་འགྲེལ་པ།


GTD005_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ་བྱུང་ལེགས་བཤད་མའི་འགྲེལ་པ་མཁས་པའི་དགའ་སྟོན་ཞེས་བྱ་བ་བཞུགས་སོ། །


GTD005_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་མའི་སྟོན་པ་མཆོག་དང་དེས་གསུངས་པའི། །དམ་ཆོས་དེ་འཛིན་བྱེད་པ་དགེ་འདུན་ཏེ། །མཆོག་གསུམ་ཞིང་ལ་ཤེས་ནས་དང་བ་ཡིས། །འདུད་དོ་དོན་གཉིས་ཕུན་སུམ་ཚོགས་པར་མཛོད། །དེའང༌། ཕུལ་བྱུང་ལེགས་བཤད་ཟབ་མོའི་སྒྲ་དབྱངས་ཀྱིས། །ས་གསུམ་དཀྱིལ་འཁོར་ཀུན་ཁྱབ་བག་ཡོད་པའི། །སྤྱོད་ཚུལ་མ་སྨད་གཡས་སུ་འཁྱིལ་བའི་དུང༌། །དགེ་ལེགས་ཆུ་གཏེར་སྙིང་པོ་རྒྱལ་གྱུར་ཅིག །ཅེས་བྱ་བ་ལ་སོགས་པ་ནི་བཤད་པར་བྱ་བ་སྟེ་ཤོ་ལོ་ཀ་དང་པོ་འདིས་མདོར་བསྟན་ཏོ། །དེའང་མདོ་སྔགས་རིག་གནས་ཀྱིས་བསྡུས་པ་ས་གསུམ་གྱི་གདུལ་བྱ་མཐའ་དག་ལ་གང་ཉེ་བར་མཁོ་བའི་ལེགས་བཤད་ཀྱི་དགའ་སྟོན་མ་ཚང་བ་མེད་པའི་སྒྲ་དབྱངས་ཀྱིས་ཡོངས་སུ་ཁྱབ་པ་མཁས་པའི་ཡོན་ཏན་དང༌། དེའང་ཚིག་སྤྱིའི་བཤད་པ་ཙམ་མ་ཡིན་པར་ལག་ཏུ་བླངས་ཏེ་སྒོ་གསུམ་བག་ཡོད་པའི་སྤྱོད་ཚུལ་རྒྱལ་བའི་དགོངས་པའི་རྗེས་སུ་མཐུན་པར་གཡས་སུ་འཁྱིལ་བ་བཙུན་པའི་ཡོན་ཏན་དངོས་སུ་བསྟན་ལ། རང་གིས་ཇི་ལྟར་ཉམས་སུ་བླངས་པ་བཞིན་འདོམས་པ་དོན་མཐུན་ཞིང་དོན་སྤྱོད་པ་ནི་ལྷག་པའི་བསམ་པའི་མཐུ་ཁོ་ན་ལས་འབྱུང་བས་བཟང་པོའི་ཡོན་ཏན་ཤུགས་ཀྱིས་བསྡུས་ཤིང༌། ཡང་ན་གནས་སྐབས་དང་མཐར་ཐུག་ཏུ་


GTD005_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་ཞིང་ལེགས་པའི་ལྷག་པའི་བསམ་པ་རྣམ་པར་དག་པའི་ཆུ་གཏེར་གྱི་ཁོངས་ལས་བྱུང་བ་བཟང་པོའི་ཡོན་ཏན་ཏེ། འདིས་ནི་སྟོན་པའི་དམ་ཆོས་རྣམ་པ་གཉིས་ཇི་ལྟར་འཛིན་པའི་ཐབས་མ་ཚང་བ་མེད་པས་བསྟན་འཛིན་གྱི་སྐྱེས་བུར་སྟོན་པ་སྟེ། དབྱངས་ཅན་ངག་གི་རོལ་མཚོར་བཤད་པ་བཞིན་ཡང་སྲིད་རྣམ་པ་དུ་མར་སྐྱེ་བ་དང་སྤྲུལ་སྐུའི་མིང་ཙམ་ལས། ལེགས་པར་བཤད་པའི་སྒྲ་དབྱངས་ཀྱིས་རྨོངས་པའི་རིམས་ནད་འཕྲོག་པར་མི་ནུས་ན་དགོས་ནུས་ཅིའང་མེད་པས། འདིར་དེ་ལས་བཟློག་སྟེ་སྲིད་ཞིའི་རྒུད་པ་མཐའ་དག་ལས་རྒྱལ་བར་ནུས་པའི་དོན་བཞིན་དུ་ཤིས་པ་བརྗོད་ཅིང་དངོས་པོ་ངེས་པར་བསྟན་པའོ། །དེ་ཉིད་རྒྱས་པར་བཤད་པ་ལ། མདོའི་བསྟན་པ་འཛིན་ཚུལ། སྔགས་ཀྱི་བསྟན་པ་འཛིན་ཚུལ། དོན་བསྡུ་བ་སྟེ་གསུམ། དང་པོ་ལ། རང་གིས་ཐོས་བསམ་སྒོམ་གསུམ་གྱིས་གཏན་ལ་དབབ་ཚུལ། གཞན་ལ་འཆད་རྩོད་རྩོམ་གསུམ་གྱིས་སྤེལ་ཚུལ་གཉིས། དང་པོ་ནི། བྱིན་རླབས་ཉི་མའི་གདེངས་ཀ་མཐོ། །མན་ངག་རྒྱ་མཚོའི་འཇིངས་ལ་གནས། །ལྷག་བསམ་གསེར་གྱི་རང་བཞིན་ཅན། །བཤེས་གཉེན་ལྷུན་པོའི་དྲུང་ན་མཛེས། །ཞེས་གང་ལས་ཐོས་པ་བྱ་བའི་ཡུལ་ལེགས་ཚོགས་མ་ལུས་པའི་རྩ་བ་བཤེས་གཉེན་མཚན་


GTD005_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དང་ལྡན་པ་ཚུལ་བཞིན་དུ་བསྟེན་པའི་ཚུལ་ཏེ། དེའང་གདུལ་བྱ་སྨིན་པར་བྱེད་པའི་བྱིན་རླབས་ཀྱི་མཐུ་དང་ལྡན་ཞིང༌། ཐར་པར་འཁྲིད་པའི་མན་ངག་གི་གནད་མཐའ་དག་ལ་དབང་འབྱོར་བ། ལྷག་པའི་བསམ་པ་རྨད་དུ་བྱུང་བ་དགོས་ཤིང༌། སློབ་མའང་དེ་དང་རྗེས་སུ་མཐུན་པ་དགོས་པའི་དཔེའི་ཁྱད་པར་གསུམ་ནི་གཙོ་ཕལ་གྱི་ཚུལ་དུ་གཉི་ག་དང་འབྲེལ་ལོ། །དེ་ལས་ཐོས་པ་བྱས་པའི་ཚུལ་དངོས་ནི། ཆེར་རློམ་རི་བོའི་འཕྲེང་བ་ཡིས། །མ་བཟུང་མང་དུ་ཐོས་པའི་ཆབ། །འདུན་ལྡན་ཐུགས་ཀྱི་གཤོང་བུ་རུ། །ལུང་རིགས་ལྦུ་བ་འཛུམ་ཞིང་འཁྱིལ། །ཞེས་བྱ་སྟེ། དེང་དུས་བླ་མ་ཆེ་ཆེ་མོའི་སྐྱེ་བ། སངས་རྒྱས་བྱང་སེམས་ཤིག་གི་རྣམ་འཕྲུལ། སྐྱེས་ཆེན་གྱི་གདན་ས་དང་ལུང་ལས་ཀ་སོགས་སྒྲོ་བཏགས་ཀྱི་མིང་དང་གྲགས་སྐམ་རེའི་མངོན་རློམ་གྱིས་མཐོ་བས། བླ་མ་བསྟེན་པ་དང་ཆོས་ཉན་པ་སོགས་ལ་ངོ་ཚར་བརྩི་བ་རྣམས་ཀྱི་རྣམ་པར་ཐར་པ་ནི་འཕྱོན་མའི་ཟློས་གར་བཞིན་དུ་གཟིགས་ཏེ་རིང་དུ་དོར། དང་པོར་རྒྱ་ཆེན་ཐོས་པ་མང་དུ་ཚོལ་བའི་སྔོན་བྱོན་དམ་པའི་རྣམ་པར་ཐར་པས་ཐུགས་ཡོངས་སུ་དྲངས་ཏེ། ཁེངས་དྲེགས་དང་ཕྱོགས་ལྷུང་ལོག་པས་མ་བསླད་པ། གཟུར་གནས་བློ་ལྡན་དོན་གཉེར་བ། །ཞེས་བྱ་བའི་མཚན་ཉིད་ཅན་གྱི་ཐུགས་ཀྱི་གཤོང་བུར་ཡོན་ཏན་གྱི་ཆུ་བོ་ཡོངས་སུ་འཁྱིལ་ཏེ་བཀའ་གདམས་གོང་མ་རྣམས། ང་རྒྱལ་གྱི་སྒང་བུ་ལ་ཡོན་ཏན་གྱི་ཆུ་མི་འབབ་པས་སྐ་མགོ་སྨོད་གསུང་བ་བཞིན་ནོ། །དེའང་སྡོམ་པ་གསུམ་ལྡན་དུ་སྒྲུབ་ཅིང་མདོ་སྔགས་ཟབ་རྒྱས་ཀྱི་


GTD005_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

གདམས་པའི་བདུད་རྩིས་ཐུགས་རྒྱུད་གཏམས་པར་མཛད་པ་མཚུངས་ཟླ་མེད་པའི་རིགས་ཀྱི་བདག་པོ་ནི་སྐྱབས་མགོན་རྡོ་རྗེ་འཆང་རྗེ་བཙུན་འཇིགས་མེད་དབང་པོའི་ཞལ་སྔ་ནས་ཉིད་ཡིན་ལ། གཞན་ཡང་སྡེ་སྣོད་རྒྱ་མཚོའི་མངའ་བདག་ཁྲི་བསོད་ནམས་དབང་རྒྱལ། རྣལ་འབྱོར་གྱི་དབང་ཕྱུག་ཁྲི་བསོད་ནམས་གྲགས་པ་སོགས་གདན་ས་རང་གི་བླ་མ་གདན་ཟུར་ཐེག་པ་མཆོག་གི་ཡོངས་འཛིན་དུ་མ་དང༌། གཞན་ནས་ཀྱང་མན་ངག་གི་གཏེར་མཛོད་བྲག་དཀར་དཀའ་བཅུ་ངག་དབང་གྲགས་པ་སོགས་བཤེས་གཉེན་དམ་པ་འགའ་ཞིག །དབུས་གཙང་དུ་བསྟན་པའི་རྩ་ལག་ཁྲི་རིན་པོ་ཆེ་བློ་བཟང་བཀྲ་ཤིས་པ་སོགས་སྐྱེས་ཆེན་དམ་པ་དུ་མ་སྟེ་མདོར་ན་ཆོས་ཚོལ་བ་ལ་མི་ངོམས་པ་གཞོན་ནུ་ནོར་བཟང་དང་ནག་ཚོ་ལོ་ཙཱ་བ་སོགས་ཀྱི་རྣམ་ཐར་བཞིན་བླ་མ་དམ་པ་སུམ་ཅུ་ལྷག་པ་ཙམ་གྱི་ཞབས་པད་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན། ཤིན་ཏུ་ན་ཚོད་ཕྲ་མོའི་དུས་ཀྱི་དགེ་རྒན་ལའང་ཐ་མལ་པའི་ཁུ་ཚན་གྱི་འགྲོགས་ལུགས་མ་ཡིན་པར་བླ་མར་བཟུང་ནས་དག་སྣང་སྦྱངས་ཤིང་དེའི་ཞལ་ཏ་རྣམས་མ་བརྗེད་པར་ཐུགས་ལ་བཅང་བས་ཕྱིས་སུའང་བསྐྱར་རྒྱུ་འདུག་པ་ནི་དཔྱོད་ཤེས་པ་ཞིག་གིས་བལྟས་ན་ཡ་མཚན་ཆེ་བར་སྣང༌། འོག་ཏུ། དཔལ་འབྱོར་ཁུར་གྱིས་དུབ་རྣམས་ཀྱིས། །རིང་དུ་དོར་བྱའི་དབང་ཁྲིད་ལུང༌། །ནོར་བུའི་དོ་ཤལ་མ་ལུས་པ། །ཁྱོད་ཀྱི་མགྲིན་པར་ལྷན་ཅིག་འདྲིལ། །ཞེས་འབྱུང་བ་ལྟར། རྡོར་ཕྲེང་མི་ཏྲ། རིན་འབྱུང༌། བརྒྱ་རྒྱམ་གཉིས། སྣར་ཐང་བརྒྱ་རྩ། གསེར་


GTD005_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས། ལྷོ་བྲག་སྙན་བརྒྱུད་སོགས་སྤྱི་བཀའ་དང་ཟུར་བཀའི་དབང་རྗེས་གནང་ད་ལྟ་རི་བོ་དགེ་ལྡན་པ་ལ་རྒྱུན་ཡོད་ཚད་མ་ཚང་བ་མེད་པར་གསན། མདོ་སྔགས་ཀྱི་ལམ་རིམ་གཉིས། འགྲེལ་པ་བཞི་སྦྲགས་དང༌། རིམ་ལྔ་གསལ་སྒྲོན། སྦས་དོན་ཀུན་གསལ་སོགས་གཞུང་ཆེན་མོའི་བཤད་ལུང་གི་རིགས། ཁྲིད་ཆེན་བརྒྱད་ནས་བཟུང་འཁྲུལ་འཁོར། ལྕགས་མཁར། གཏོར་སྒྲུབ། རབ་གནས། སྦྱིན་སྲེག་སོགས་ཁྲིད་ཆེ་ཆུང་གི་རིགས་ཁུངས་དག་གི་རྒྱུན་བཞུགས་ཚད་མི་མངའ་བ་མེད། རྒྱལ་བའི་བཀའ་འགྱུར་རོ་ཅོག །རྒྱ་གཞུང་མང་པོ། རྗེ་ཡབ་སྲས་གསུམ། འདུལ་འཛིན། རྒྱལ་བ་སྐུ་འཕྲེང་གསུམ་དང༌། པཎ་ཆེན་སྐུ་འཕྲེང་གསུམ། ལྕང་སྐྱ་སྔ་ཕྱི། ཀུན་མཁྱེན་བླ་མ་རྣམས་ཀྱི་གསུང་འབུམ་གྱིས་མཚོན་ལུང་རྒྱུན་བསམ་གྱིས་མི་ཁྱབ་པའི་མཛོད་ལྟ་བུར་ཡོད། གསན་པ་རྣམས་ཀྱང་ཐོབ་ལོ་ཙམ་མ་ཡིན་པར། བརྒྱུད་ཁུངས། ཕྱག་ལེན། ཚིག་དོན་གྱི་ཆ་མཐའ་དག་ཞིབ་ཏིག་ཏུ་བསྟར་ཞིང་བསྙེལ་བ་མེད་པར་གསན་པ་དོན་ལྡན་དུ་འགྱུར་ངེས་པ་མཛད་དོ། །ཕལ་མོ་ཆེ་འཛིན་སྐྱོར་བྱེད་ན་པོ་ཏི་གཅིག་གི་ལུང་ཡང་ཉན་མི་ཁོམ་པ་དང༌། ཆོས་ཉན་བྱེད་ན་འཛིན་སྐྱོར་སོགས་ཙམ་གྱིས་འཇོག་དགོས་པ་སྲང་མདའི་མགོ་མཇུག་བཞིན་འགྲོ་བ་དང༌། དམ་པ་འདིས་ནི་གསན་པ་རྒྱ་ཆེན་དེའི་ངང་ནས་བཀའ་པོད་ཆེན་པོ་ཀུན་གྱི་རྩ་བ། མཐའ་དཔྱོད་ཀྱི་ཐལ་འཕྲེང་ཟུར་བཀོལ་ཐམས་ཅད་ཐུགས་འཛིན་ངོས་དཔྱད་པ་དང་སྦྲགས་པའི་སྐྱོར་སྦྱང་རྡོ་རུས་ཐུག་པ་གནང༌། ཁྱད་པར་དུ་ཀུན་མཁྱེན་བླ་མའི་ལེགས་བཤད་ཀྱི་རྒྱལ་པོ་གྲུབ་མཐའི་རྣམ་གཞག་ཀུན་བཟང་ཞིང་གི་


GTD005_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་མ་ཐུགས་ལ་བྱང་བར་བཟུང་སྟེ་ཚོགས་རྒྱུགས་ཕུལ་བ་སོགས་སྟབས་གཅིག་ཏུ་གྲུབ་པ་ནི་དང་པོ་རྒྱ་ཆེན་ཐོས་པ་མང་དུ་བཙལ་བའི་རྣམ་པར་ཐར་པ་སྟེ། རྣམ་ཐར་གྱི་མགོ་འདི་ལྟ་བུ་ཞིག་ནས་ཚུགས་དགོས་ཀྱི། ད་ལྟ་ཡོན་མཆོད་ཐམས་ཅད་ཀྱིས་འདང་བརྒྱག་སྟེ་བཙན་ཕྱུག་གོ་ས་སོགས་གང་ཐད་ནས་འོས་པ་ཞིག་ཏུ་སྐྱེ་བ་བཞེས། ཕས་བླ་ཆེན་ཞིག་ཕེབས་པ་དང༌། མས་དུང་དཀར་ཞིག་རྙེད་པ་རྨིས། ཨེ་ཡིན་བྱས་ན་ཡིན་དང༌། ཨེ་ཤེས་བྱས་ན་ཤེས་སོགས་འཇིག་རྟེན་ཕྱོགས་ཀྱི་སྔོན་གནས་རྗེས་སུ་དྲན་པའི་གསུང་བྱོན་ཚུལ་སོགས་འདོན་སྒྲིག་མ་དེ་འགོད་མི་དགོས་སོ། །དེ་ལྟར་ཐོས་པ་བྱས་པ་དེ་ཉིད་བསམ་པས་གཏན་ལ་ཕབ་ཚུལ་ནི། ཚུལ་བཞིན་དཔྱོད་པའི་རལ་གྲི་ཡིས། །ཐེ་ཚོམ་དྲ་བ་མ་ལུས་པ། །ཅིག་ཅར་བཅད་པའི་རྣོ་རྒྱུན་གྱིས། །སྲིད་པའི་བཙོན་ར་ཤིག་ཤིག་འདར། །ཞེས་བྱ་བ་སྟེ། ཐོས་པའི་སྒྲ་སྤྱི་ཙམ་ལས་བསམ་པས་སྒྲོ་འདོགས་མ་བཅད་ན་འདམ་ལ་ཕུར་བ་བཏབ་པ་བཞིན་ངེས་པ་གཏིང་མི་ཚུགས་པ་རིན་པོ་ཆེ་གསུམ་གྱི་གཏམ་གྱི་སྦྱོར་བ་བཞིན་ཡིན་པས། རྗེས་སུ་དཔྱོད་པ་དང༌། རྣམ་པར་དཔྱོད་པ་དང༌། ངེས་པ་འཛིན་པའི་སེམས་ཀྱི་རིགས་པ་བཞིས་ཚུལ་བཞིན་དུ་དཔྱད་དེ་ར་རིའི་ལོག་རྟོག་གི་དྲ་བ་མ་ལུས་པར་བཅད་པས། གསུང་རབ་ཀུན་ཀྱང་གང་ལ་གཞོལ་བ་དེ་ལྟར་རིགས་ལམ་རྣམ་པར་དག་པ་རྣམས་གནས་ལུགས་ཀྱི་དོན་ལ་འབབ་པར་འགྱུར་ཞིང༌། དེའི་ངེས་པ་ལྟ་ཅི་ཐེ་ཚོམ་གྱིས་ཀྱང་སྲིད་པ་ཧྲུལ་པོར་བྱེད་དོ། །དེའང་རྒྱལ་བའི་


GTD005_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་རབ་ཐམས་ཅད་འགྲོ་བ་སྲིད་པའི་རྒྱ་མཚོ་ལས་སྒྲོལ་བའི་ཆེད་ཁོ་ན་ཡིན་པས། དེའི་དོན་བཞིན་སྒྲོ་འདོགས་ཕྲ་རགས་གང་བཅད་ཀྱང་སྲིད་པའི་སྡུག་བསྔལ་གྱི་ཆ་རེ་གནོད་བྱེད་དུ་མི་འགྲོ་བ་མི་སྲིད་ནའང༌། རེ་ཞིག་རྩ་བ་ནས་གཅོད་མི་ནུས་པ་རྣམས་རིམ་གྱིས་དེ་ཕྱོགས་སུ་ཁ་འདྲེན་པའི་ཐབས་མཛད་པའི་མདོ་རྣམས་ལ་དྲང་བའི་དོན་དང་འགྱུར་ལ་ལར་དཀྲི་བའི་དོན་ཞེས་གསུངས། ཆོས་ཀྱི་གནས་ལུགས་མཐར་ཐུག་དང་སྲིད་རྩ་གཅོད་བྱེད་ཀྱི་ཐབས་མཐར་ཐུག་དེ་ལས་ཕར་འགྲོ་བ་མེད་པར་དེ་ཁོ་ནར་ངེས་པ་དེ་ལ་ངེས་པའི་དོན་ཞེས་བློ་གྲོས་མི་ཟད་སོགས་སུ་གསུངས་ཏེ། དཔལ་མགོན་ཀླུ་སྒྲུབ་ལུགས་ཀྱི་དྲང་ངེས་སུ་འཇོག་ཚུལ་མཐར་ཐུག་པའོ། །དེ་ལྟར་ན་འཁོར་བའི་ཕུན་ཚོགས་བདེ་བའི་རང་བཞིན་དུ་བལྟ་བ་དང༌། བདག་རྟག་གཅིག་རང་དབང་ཅན་དུ་འཛིན་པ་ཡན་ཆད་ཀྱི་ལོག་རྟོག་དང་ཐེ་ཚོམ་གྱི་དྲ་བ་རིམ་པར་བཅད་པའི་རྣོ་རྒྱུན་གྱིས་མཐར་གཏུག་སྟེ་རང་གཞན་སྣོད་བཅུད་བདེ་སྡུག་གི་སྣང་བ་འདི་ཐམས་ཅད་ཡུལ་སྟེང་ནས་ཚུར་གྲུབ་པར་ལྟ་བའི་མཚན་འཛིན་གྱི་འཆིང་བ་དམ་པོ་བཅད་དེ་སྲིད་པའི་སྐྱོན་མཚང་རིག་པས་ཞེན་པ་ཧྲུལ་པོར་བྱེད་པའི་ཕྱིར། བཞི་བརྒྱ་པ་ལས། ཐེ་ཚོམ་ཟོས་པ་ཙམ་གྱིས་ཀྱང༌། །སྲིད་པ་ཧྲུལ་བོར་བྱེད་པར་འགྱུར། །ཞེས་གསུངས་པའི་ཕྱིར། གཞི་ལྷན་སྐྱེས་ཀྱི་ཐོག་ཏུ་མཐའ་གཅིག་དང་གྲུབ་མཐས་ཀུན་བཏགས་པའི་ལྷད་མང་པོ་བརྒྱབ་སྟེ་ཇེ་མཁྲེགས་སུ་བཏང་བ་ཡིན་པས། མཐོང་སྤང་གི་ཆ་ཟད་ནས་ལྷན་སྐྱེས་གཅིག་པུར་གཏུགས་པ་གོས་ཀྱི་རྒྱུ་ཟད་ནས་སྤུན་


GTD005_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གཏུགས་པ་ལྟ་བུ་ཡིན་པས། སྒོམ་སྤང་དེ་ལ་རྒྱུད་བླ་མར། གོས་ཧྲུལ་དྲི་མ་དག་དང་མཚུངས། །ཞེས་གསུངས་པ་ཡིན་ཏེ། འདིའང་དེ་དང་ཕྱོགས་འདྲའོ། །ཐོས་བསམ་གྱིས་གཏན་ལ་ཕབ་པ་དེ་ཉིད་རྒྱུད་དང་འདྲེས་ནས་གོམས་པའི་ཤུགས་ཀྱིས་སྒོ་གསུམ་མཐའ་དག་དེའི་ངང་དུ་འགྲོ་བ་ནི་སྒྲུབ་པའི་ཡོན་ཏན་ནམ་བཙུན་པའི་ཡོན་ཏན་ཡིན་ལ། ཉམས་ལེན་ཡང་དེ་ལས་ལྷག་པ་མེད་པས་སྒོམ་བྱེད་ཚུལ་གྱི་མཆོག་ཀྱང་དེ་ཡིན་པའི་ཕྱིར། ཚུལ་དེ་ཉིད་སྟོན་པ་ནི། ལས་འབྲས་མ་འཆོལ་གོམས་སྟབས་ཅན། །ངེས་འབྱུང་ཤུགས་ཀྱིས་བགྲོད་བྱེད་ཅིང༌། །རྒྱལ་སྲས་སྤྱོད་པའི་ཁུར་འཛིན་པའི། །གླང་པོ་ལམ་གྱིས་རིམ་པར་འགྲོ། །ཞེས་པ་སྟེ་འདི་སྣང་གི་ཕུན་ཚོགས་གློག་འགྱུ་བ་ལྟ་བུ་ལ་ཡིད་བརྟན་མེད་ཅིང༌། ལུས་དང་གྲིབ་མ་བཞིན་རྗེས་སུ་འབྲང་བ་ལས་དཀར་ནག་ལས་མ་འདས་པའི་ཚུལ་ལ་ངེས་པ་རྙེད་པས་བླང་དོར་ཅུང་ཟད་ཀྱང་མ་འཆོལ་བར་བྱེད་པ་སྐྱེས་བུ་ཆུང་ངུའི་ལམ་དང༌། མངོན་མཐོའི་རྟེན་རེ་གཉིས་བརྒྱུད་པས་མི་ཆོག་གི །འཁོར་བ་འདི་ལས་གཏན་དུ་ཐར་པ་ཞིག་མ་བྱས་པར་བདེ་བའི་གོ་སྐབས་ནམ་ཡང་མེད་པར་གཟིགས་ནས་དེ་ལས་ཐར་འདོད་ཀྱི་ངེས་འབྱུང་རྐྱེན་གང་གིས་ཀྱང་བཟློག་ཏུ་མེད་པ་ཚ་བས་གདུངས་པའི་གླང་ཆེན་མཚོ་ནང་དུ་འཇུག་པ་ལྟ་བུའི་འབྲིང་གི་ལམ་རང་གཅིག་པུ་ཙམ་མ་ཡིན་པར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱ་དཀའ་བའི་རྒྱལ་སྲས་ཀྱི་སྤྱོད་པ་མ་ཚང་བ་མེད་པའི་ཁུར་འཛིན་པ་སྐྱེས་བུ་ཆེན་པོའི་ལམ་སྟེ་འོག་མ་འོག་མ་བརྟན་ནས་གོང་མར་སློབ་པ་ལས་


GTD005_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

མཐོ་སྙེགས་དང་ཐོད་རྒལ་དུ་བྱེད་པ་མ་ཡིན་པ། རྒྱལ་བའི་བསྟན་པ་ལ་རྒྱལ་བའི་དགོངས་པ་བཞིན་གོ་རིམ་མ་ལོག་པར་སློབ་པ་སྟེ། དཔེ་གླང་པོ་ཆེ་གོམ་པ་མི་འཆོལ་བར་ཆ་མཉམ་པོར་འགྲོ་བས་གླང་ཆེན་སྟབས་གཤེགས་ཞེས་པ་ཡིན་ལ། སྟོབས་ཆེ་བས་བཟློག་དཀའ་ཞིང་ཁུར་ཆེན་པོ་བཀུར་ནས་དལ་འགྲོས་ཀྱིས་འགྲོ་བའི་ཁྱད་པར་སོ་སོ་དང་སྦྱར་བ་ཡིན་ནོ། །དེ་ལྟར་ལག་ལེན་དུ་འཁྱེར་བ་དེ་ཆོས་ཤེས་པར་འཇོག་པ་མ་གཏོགས། གཡག་སྡེ་པཎ་ཆེན་གྱིས། སྡེ་སྣོད་དོན་ལ་མཁས་པའི་ང་རྒྱལ་ཅན། །བླང་དོར་གནས་ལ་ལོང་བའི་བརྟུལ་ཞུགས་འཛིན། །ཞེས་དང་། བཀའ་གདམས་གོང་མའི་གསུང་སྒྲོས་ལྕེ་སྒོམ་གྱིས་བསྡེབས་པ་ལས། པཎྚི་ཏ་ལས་རྒྱུ་འབྲས་ལ་མི་འཛེམ་པ་འདིའང་མི་རིགས་ཞེས་གསུངས་པ་བཞིན་ཁ་བཤད་བྲག་ཐོག་ནས་ཆུ་འཕྱོ་བ་བཞིན་བྱེད་ཀྱང༌། ལས་འབྲས་རྒྱབ་ཏུ་བསྐྱུར་ཏེ་གཞན་མགོ་སྐོར་ཅི་ཐུབ་བྱེད་པ་ནི། སྔོན་ནེ་ཙོ་ཞིག་གིས། སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །ཟེར་བཞིན་དུ་འབུ་འཐུ་བའི་དཔེ་ལྟར་ཆོས་མ་ཤེས་པ་མིན་པས་མདོ་སྡེ་རྒྱན་ལས། ཐོས་པས་ཆོས་པར་འཛིན་སྤོང་བ། །དེ་ནི་ཆོས་ཤེས་པ་ཞེས་བརྗོད། །ཅེས་གསུངས་པ་བཞིན་ནོ། །ངེས་པར་ཤེས་པ་ཡིན་ན་བློ་དེར་ཞུགས་འགྲོ་བ་ཡིན་ལ། སེམས་ཞུགས་ན་ལུས་ངག་གཉིས་སེམས་ཀྱི་བྲན་ཡིན་པས་དེའི་རྗེས་སུ་མི་འབྲང་བའི་དབང་མེད་ཅིང༌། དེའི་ནང་དུ་སྒོམ་ཡང་ཚང་ཡོད་པ་ཡིན་ཏེ། འཇིག་རྟེན་ནའང་བྱ་བ་གང་ལ་ངང་གིས་ཞུགས་འགྲོ་བ་དེར་གོམས་པ་ཆེ་བར་འཇོག་


GTD005_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཞིན། ཆོས་ཀྱི་དོན་ལག་ཏུ་ལེན་པ་ལ་ངང་གིས་ཞུགས་འགྲོ་བ་དེ་སྒོམ་ཡིན་གྱི། བྲག་ཕུགས་སུ་ལུས་གནད་ལྟ་སྟངས་བྱས་ནས་བསྡད་པ་ཙམ་གྱིས་སྒོམ་དུ་མི་འགྲོ་སྟེ། རྒྱན་ལས། ཡང་དང་ཡང་དུ་སེམས་པ་དང༌། །འཇལ་དང་ངེས་རྟོགས་གོམས་པའི་ལམ། །ཞེས་གསུངས་པའི་ཕྱིར། གཉིས་པ་གཞན་ལ་འཆད་རྩོད་རྩོམ་གསུམ་གྱིས་སྤེལ་ཚུལ་ལ། སྤྱིར་བཤད་པ་དང༌། ཁྱད་པར་དུ་འཆད་ཉན་གྱི་རྒྱལ་མཚན་བསྒྲེང་ཚུལ་གཉིས། དང་པོ་ནི། དོན་དང་མ་འབྲེལ་འབྱམས་བཤད་དང༌། །གཞུང་དང་མ་འབྲེལ་སྙན་ཚིག་ཀུན། །བརྒལ་བརྟག་མེ་ལྷའི་ཞལ་ཟས་སུ། །སྟོབ་པས་བློ་གྲོས་རྣམ་པར་དག །ཅེས་ལྟར་སྣང་ཙམ་མ་ཡིན་པའི་འཆད་རྩོད་རྩོམ་གསུམ་རྣམ་དག་མཛད་ཚུལ་བསྟན་པ་ཡིན་ཏེ། འཆད་ཉན་དང་རྩོད་པ་སོགས་བསྟན་པའི་བྱ་བར་འགྲོ་མི་འགྲོའི་དབྱེ་བ་འབྱེད་པ་འདི་ཤིན་ཏུ་གལ་ཆེ་བས། བུ་སྟོན་ཐམས་ཅད་མཁྱེན་པས། འཆད་ཉན་བསྟན་པ་འཛིན་ཞེས་གསུངས་པ་ཡང༌། །ངེས་འབྱུང་རྣམ་དག་ཁྲིམས་ལ་བརྟེན་བཅས་ནས། །ཉན་པོ་གཟུར་གནས་བློ་ལྡན་དོན་གཉེར་ལ། །མཁས་པས་སྡེ་སྣོད་འཆད་ལ་དགོངས་པ་ཡིན། །ཚེ་འདི་རྙེད་གྲགས་འདོད་པས་འཁོར་བསྡུས་ཏེ། །མ་དད་མི་འདོད་བཞིན་དུ་ཆོས་འཆད་ཅིང༌། །ཉམས་ལེན་མི་བྱེད་ཆགས་སྡང་སྐྱེ་བའི་རྒྱུ། །འཆད་ཉན་འདི་ཡང་འཁོར་བའི་ཞགས་པ་ཡིན། །རྩོད་པས་བསྟན་པ་འཛིན་པར་གསུངས་པ་ཡང༌། །རང་གཞན་གྲུབ་མཐའི་གཞུང་ལུགས་ཀུན་ཤེས་ནས། །ཕ་རོལ་ཡང་དག་ལམ་ལ་ཞུགས་


GTD005_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར། །ལྟ་ངན་རིགས་པས་བཟློག་ལ་དགོངས་པ་ཡིན། །རང་ཉིད་གྲགས་འདོད་ཕ་རོལ་དམའ་དབབ་འདོད། །གཡོ་སྒྱུའི་སྤྱོད་པ་ཚིག་རྩུབ་ངན་སེམས་ཅན། །ངག་འཁྱལ་སྣ་ཚོགས་སྨྲ་ཞིང་གཞན་རྒྱུད་བསྲེག །དེ་ལྟའི་རྩོད་པ་འདི་ཡང་དམྱལ་བའི་རྒྱུ། །ཞེས་གསུངས་སོ། །རྩོམ་པའང་ཀུན་བྱང་བླང་དོར་གྱི་གནད་སྟོན་རྒྱུ་མེད་པར་མངོན་བརྗོད་ཀྱི་མིང་ཆེར་མ་གྲགས་པ་མང་པོ་བསྒྲིགས་པས་གོ་མི་ཐུབ་པ་གཙོར་འདོན་གྱིས་མཁས་ཁྱད་འདོན་པ་ནི། རྗེ་ངག་དབང་བྱམས་པས་བསྟན་བཅོས་གཟེ་མ་ར་མགོར། སུ་ལ་མི་ཕན་མེད་པ་ཉིད་དང་མཚུངས། །ཞེས་གསུངས་པ་ལྟ་བུ་ཡིན་ཏེ། བསྟན་བཅོས་བརྩམས་པའི་དགོས་པ་གདུལ་བྱས་དོན་བདེ་བླག་ཏུ་རྟོགས་པ་ཡིན་གྱི། མ་རྟོགས་པར་རྨོངས་པ་སྐྱེད་པ་དགོས་དོན་དུ་མི་རུང་ངོ༌། །དེ་བཞིན་དུ་སྙན་ངག་གི་ཚིག་སྦྱོར་འགྲིག་ཀྱང་བརྗོད་དོན་མདོ་སྔགས་ཀྱི་གཞུང་དང་མི་འབྱོར་ན། མ་ནིང་རིན་ཆེན་རྒྱན་གྱིས་མཛེས་པ་ལྟར། །མཐོང་ན་མཚར་ཡང་འདོད་པའི་དོན་མི་འགྲུབ། །གསུངས་པ་དེ་ཡིན་པས། རྗེ་ངག་དབང་བློ་བཟང་ཆོས་ལྡན་གྱིས་ཀྱང་ཚིག་ལྷུག་ཏུ་སྦྱོར་རྒྱུའི་གཞུང་ཆེན་མོ་མེད་པར་ཚིགས་བཅད་དམ་དུམ་སྦྱོར་བ་སྙིང་པོ་མེད་པར་གསུངས་སོ། །དེས་ན་གསུང་རྩོམ་ཡང་སྔོན་ཆད་པོ་ཏི་གསུམ་བཞི་ཙམ་ཡོད་པ་གཞུང་དོན་འདུས་ཆེ་ལ་ཚིག་སྦྱོར་ལེགས་པ་མཁས་པའི་དགའ་སྟོན་ཁོ་ནར་ཡོད་དོ། །བསྟན་པའི་བྱ་བ་དང་འགྲོ་བའི་དོན་དུ་རློམ་ཚད་དེར་འགྲོ་བའི་ངེས་པ་མེད་པས་རང་སེམས་དཔང་པོར་བཞག་ནས་ཞུ་དག་བྱེད་དགོས་ཀྱི། ད་ལྟ་འགའ་ཞིག་སྐྱེས་བུ་དམ་པ་ངེས་འབྱུང་ས་


GTD005_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བརྟན་ཡང༌། སྙིང་རྗེས་རླུང་ལྟར་གཡོ་བ་དག་ལ་འགྲན་བཙུགས་ཏེ། རང་རང་ལྟོག་ལ་མེ་ལྟར་འབར་ཞིང༌། རྒྱལ་ཁམས་ཆུ་བཞིན་མྱུལ་ཏེ་རྙེད་པ་བཙལ་བའང་འགྲོ་དོན་བྱས་པ་ཡིན་མདོག་བྱེད་མོད་ཀྱང༌། དངོས་སུ་གཞན་བསླུས་དོན་གྱིས་རང་བསླུས་ཏེ། །བདག་གཞན་བསླུ་བའི་གཞན་དོན་གཟུགས་བརྙན་ཡིན། །ཞེས་མཁས་གྲུབ་སྨྲ་བའི་ཉི་མས་གཟུགས་བརྙན་གསལ་བའི་མེ་ལོང་དུ་གསུངས་པ་དེ་ལས་མ་འདས་སོ། །ཕྱིའི་རྣམ་འགྱུར་འདྲའང་ནང་གི་བསམ་ཚུལ་མ་གཅིག་པས་ནོར་ས་འདི་འདྲ་ཡོད་པ་ནི། ཀརྨ་ཆགས་མེད་ཀྱིས། གདུལ་བྱ་དོན་སྤྱོད་ཅེས་བྱ་དང༌། །ལྟོ་ཕྱིར་གནམ་རྡིབ་གྲོང་ཆོག་གཉིས། །འདྲ་འདྲ་འདྲ་ལ་ནོར་དོགས་ཡོད། །ཅེས་པ་ལྟར་རོ། །བསྟན་པའི་བྱ་བ་འཆད་རྩོད་རྩོམ་གསུམ་གྱི་ནང་ནས་གཙོ་བོར་གྱུར་པའང༌། ཙནྡྲ་གཽ་མིས། མཁས་པའི་བྱ་བ་རྣམ་གསུམ་ལས། །རྩོད་འཆད་ངག་ལ་མ་ངེས་པ། །སྲིད་ཕྱིར་མི་འཁྲུལ་རྩོམ་པ་སྟེ། །ཞེས་རྩོམ་པ་གཙོ་བོར་བཤད་ལུགས་གཅིག་ཀྱང་ཡོད་ནའང༌། འཆད་རྩོམ་གང་ལའང་མ་རྟོགས་ལོག་རྟོག་གི་དྲི་མས་མ་སྦགས་པའི་གསེར་སྦྱང་བཙོ་མ་ལྟ་བུ་ཞིག་འབྱུང་བ་ལ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཕུན་སུམ་ཚོགས་པའི་སྒོ་ནས་བརྒལ་བརྟག་བྱེད་པ་འདི་ལས་གལ་ཆེ་བ་མེད་པས། འདིར་ཡང་དེ་གཉི་ག་རྩོད་པའི་བརྒལ་བརྟག་གིས་སྦྱངས་ཏེ། དཔེར་ན་ཆོས་དབྱིངས་བསྟོད་པར། ཇི་ལྟར་མེ་ཡིས་དག་པའི་གོས། །སྣ་ཚོགས་དྲི་མའི་དྲི་མ་ཅན། །ཇི་


GTD005_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་མེ་ཡི་ནང་བཅུག་ན། །དྲི་མ་ཚིག་འགྱུར་གོས་མིན་ལྟར། །གསུངས་པ་བཞིན་རྡོ་རྒྱུས་ཀྱི་གོས་མེར་བསྲེགས་པ་ལྟར་འཁྲུལ་བའི་སྐྱོན་ཐམས་ཅད་བསལ་ནས་རྒྱལ་བའི་དགོངས་པ་རྨ་མེད་པ་ཞིག་འབྱུང་བ་ཡིན་ནོ། །ཁ་ཅིག་འཇིག་རྟེན་འདིའི་ལྟོ་གོས་གཏམ་གསུམ་གྱི་སྟེང་ནས་སོར་གང་གི་མཐོ་དམན་ཡང་མི་བཟོད་པར་ཆགས་སྡང་གི་ཕོ་རུས་འདོན་ཡང༌། ཆོས་ཕྱོགས་ལ་བླང་དོར་རོ་སྙོམས་ཀྱིས་དག་སྣང་སྦྱོང་ཁུལ་བླུན་པོ་ཐམས་ཅད་དང་མཐུན་འཇུག་གིས་བཟང་རྫུ་བྱེད་པ་ནི་གཡོ་ཅན་སྙན་པར་སྨྲ་བའི་རང་བཞིན་ཡིན་གྱི་དམ་པའི་རྣམ་ཐར་ག་ལ་ཡིན༌། དྲི་བ་ལྷག་བསམ་རབ་དཀར་ལས། དགག་བཞག་བྱེད་ཀྱང་ཤེས། བྱས་ན་འགྲོ་དོན་ཡང་འོང་བ་རིག་བཞིན་དུ་འགལ་འདུ་ལུང་རིགས་ཀྱི་གནོད་པ་འབབ་པ་དེ་རྣམས་ལ་ཐམས་ཅད་ཕུན་སུམ་ཚོགས་ཟེར་ན་ནི་བསྟན་པ་ལ་གཅེས་སྤྲས་མེད་པ་དང༌། སྙིང་རྗེ་ཆུང་བར་ཡང་མི་འགྱུར་རམ། ཞེས་དང༌། ཐུབ་བསྟན་བྱི་དོར་ལས། རང་ཉིད་སྐྱེ་བོ་ཕལ་བ་བླུན་པོ་འགའ་ཞིག་གི་བློ་ཡུལ་དུ་གྲུབ་པར་བྱ་བའི་ཕྱིར་དང༌། རྙེད་བཀུར་ཅུང་ཟད་འདུ་བའི་སྒོ་མི་ཉམས་ཤིང་གོང་དུ་འཕེལ་བའི་ཕྱིར་ཙམ་དུ་ཤེས་བཞིན་དུ་ཆོས་མ་ཡིན་པ་ཆོས་སུ་སྟོན་པར་བྱེད་པ་ནི། ཞེས་པ་ནས། རང་གཞན་བསླུ་ཞིང་སངས་རྒྱས་ཀྱི་བསྟན་པ་ཉམས་པར་བྱེད་པའི་ཕྱིར། ཞེས་གསུངས་པའི་ཕྱིར། ཆོས་མིན་གྱི་སྐྱོན་མཐོང་བཞིན་དུ་ཆོས་སུ་སྨྲ་བ་ནི་དད་པ་བྱེད་པ་མིན་གྱི། ཆོས་སྤོང་གིས་སྡིག་པ་བསགས་པ་ཡིན་པར་རྣམ་པར་འཐག་པ་ཐམས་ཅད་བསྡུས་པའི་མདོ་ལས་གསུངས་སོ། །ལྟ་སྒོམ་སྤྱོད་


GTD005_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་གནད་ཇི་ལྟ་བ་བཞིན་དུ་ལུང་རིགས་ཀྱིས་གཏན་ལ་ཕབ་པའི་ཚེ། གཞན་གྱི་གྲུབ་མཐའ་ནོར་བ་རྣམས་རྟ་རྒྱུགས་པའི་ཞོར་ལ་མེ་ཏོག་གཅོད་པ་བཞིན་སུན་ཕྱུང་ཡང་ཉེས་པར་འགྱུར་བའི་གནས་མེད་དེ། བཞི་བརྒྱ་པ་ལས། ཆོས་འདི་རྫོགས་སངས་རྒྱས་རྣམས་ཀྱིས། །རྩོད་པའི་ཕྱིར་ནི་མ་གསུངས་ཏེ། །འོན་ཀྱང་མེ་ཡིས་བུད་ཤིང་བཞིན། །གཞན་སྲེག་འགྱུར་ན་ཉེས་པ་མེད། །ཅེས་དང༌། དཔལ་ལྡན་ཟླ་བས་ཀྱང༌། བསྟན་བཅོས་ལས་དཔྱད་རྩོད་ལ་ཆགས་པའི་ཕྱིར། །མ་མཛད་རྣམ་གྲོལ་ཕྱིར་ནི་དེ་ཉིད་བསྟན། །གལ་ཏེ་དེ་ཉིད་རྣམ་པར་དཔྱད་པ་ན། །གཞན་གཞུང་འཇིག་པར་འགྱུར་ན་ཉེས་པ་མེད། །ཅེས་གསུངས་སོ། །དེར་མ་ཟད་གཞན་ལྟ་སྤྱོད་ནོར་བ་ཤེས་ཤིང་བཅོས་སུ་ཡོད་བཞིན་དུ་ཡལ་བར་དོར་ནས་དེ་ངན་འགྲོར་ལྷུང་ན་ལྷག་པར་བྱང་སེམས་ཀྱི་བསླབ་བྱ་དང་མི་མཐུན་པའི་ཉེས་པར་འགྱུར་ཏེ། བཞི་བརྒྱ་པ་ལས། བྱང་ཆུབ་སེམས་པའི་ཡུལ་དུ་ནི། །གལ་ཏེ་འགའ་ཞིག་མ་བསྐུལ་བས། །ངན་སོང་འགྲོ་བར་འགྱུར་ན་དེ། །བློ་ལྡན་གཞན་གྱི་སྨད་བྱར་འགྱུར། །ཞེས་གསུངས་པའི་ཕྱིར། ཁ་ཅིག་གྲུབ་མཐའི་དགག་གཞག་མང་པོ་གནང་བས་ཕྱོགས་རིས་ཆེ་ཞེས་ཟེར་ཏེ། བཅོམ་ལྡན་འདས་ཀྱིས་མུ་སྟེགས་པའི་གཞུང་ཀློག་པ་ཙམ་ཡང་བཀག །བྱམས་པས་ཕྱིར་རྒོལ་ཚར་གཅོད་པའི་ཕྱིར་སྒྲ་ཚད་གཉིས་ལ་སློབ་དགོས་པར་གསུངས། དཔལ་ལྡན་ཟླ་བས། གཞུང་ལུགས་རྣམས་ལྟར་གཞན་ལུགས་བཞེད་གཞུང་འདི་ལས་གཞན་ལ་དགའ་བློ་དོར་


GTD005_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱ། །གསུངས། བེའུ་བུམ་སྔོན་མོ་རྩ་འགྲེལ་དུའང༌། དེ་ལྟར་ཐག་བཅད་ལམ་དེར་འཇུག་བྱ། །སྒུ་རུ་རུ་རུ་གཞན་དུ་མི་འཚལ། །ཞེས་དང༌། སྒུ་རུ་རུ་རུ་བྱས་ནས་གཞན་དུ་རྩ་དང་ཐིག་ལེ་འཁོར་ལོ་ལ་སོགས་པའི་མན་ངག་མི་འཚོལ་གསུངས་པས། སངས་རྒྱས་བྱང་སེམས་དེ་ཐམས་ཅད་ཕྱོགས་རིས་ཆེ་བ་ཡིན་ཟེར་རམ། དེས་ན་ལྷ་ལས་ཕུལ་བྱུང་གི་བསྟོད་པར། བདག་ནི་སངས་རྒྱས་ཕྱོགས་མི་འཛིན། །སེར་སྐྱ་སོགས་ལ་མི་སྡང་ཡང༌། །གང་ཞིག་རིགས་པར་ལྡན་པའི་ཚིག །སྨྲ་བ་དེ་ནི་སྟོན་པར་འཛིན། །ཞེས་དཔྱོད་ལྡན་གཟུ་བོར་གནས་པའི་རང་རྟགས་ཡིན་ནོ། །འོན་ཀྱང་དེང་དུས་ཕན་ཚུན་གང་ལའང་ཕ་ཤུལ་བུས་ཟིན་ནས་རང་རང་གི་གྲུབ་མཐའ་ངོ་ཤེས་མཁན་དཀོན་པར་སྣང་བས། ལྟ་སྤྱོད་ནོར་བ་རྣམས་བཀག་ཀྱང་དཔལ་མགོན་ཀླུ་སྒྲུབ་ཀྱིས། ངན་པ་རྣམས་ལ་གདམས་པ་ཡང༌། །ཚིག་པ་ཟ་འགྱུར་ཞི་མི་འགྱུར། །གསུངས་པ་བཞིན་འཁོན་གྱི་རྒྱུ་ལས་མེད་པས། ངེས་པ་རྙེད་པའི་ལམ་མ་ནོར་བ་དེ་རང་གི་སྙིང་ལ་བཅངས་ནས་བག་ཆགས་ཅི་ཐེབས་བྱས་ན་ཆོག་པར་མཐོང་སྟེ་ཁོ་བོས་ནི་དགག་གཞག་སོགས་ཀྱི་སྤྲོས་པ་བསྐྱུང་བ་ལགས་སོ། །ཡང་བཀའ་ཆོས་སོགས་ཀྱི་དུས་སློབ་མའི་སྐྱོན་ལ་རྗེན་པར་བཙུགས་པས་བླུན་པོ་ལ་ལ་མི་དགའ་ཞིང༌། འཇིག་རྟེན་པ་འགའ་ཞིག་གིས་ཐབས་མི་མཁས་ཟེར་མོད་ཀྱང༌། བཀའ་གདམས་པའི་གསུང་སྒྲོས་ལས། བཤེས་གཉེན་གྱི་མཆོག་མཚང་ལ་རྒོལ་བ་ཡིན། མན་ངག་གི་མཆོག་མཚང་ཐོག་ཏུ་བབ་པ་ཡིན། ཞེས་དང༌། མཚང་ནས་བྲུས་


GTD005_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་མ་བཤད་ན། །བླུན་པོ་ཁྱོད་ལ་གོ་བ་མེད། །གསུངས་པ་དེ་ཡིན་ཞིང༌། གཞན་ཡང་དཔལ་འཕྲེང་གི་མདོ་ལས། ཚར་གཅོད་པའི་སྒོ་ནས་བསྟན་པ་འཛིན་ཚུལ་དང༌། བྱང་སར་ཚར་གཅོད་པའི་ཚུལ་ཁྲིམས། འདུལ་བར་ནན་ཏུར་ལྔ་སོགས་གསུངས་པ་གང་ཡང་མ་མཐོང་བར་བྱང་སེམས་བྱ་བ་འཇམ་འཇམ་ཁོ་ན་ཞིག་ཏུ་གོ་བའི་རྨོངས་ཡུས་ཡིན་ནོ། །གཉིས་པ་ཁྱད་པར་དུ་འཆད་ཉན་གྱི་རྒྱལ་མཚན་བསྒྲེང་ཚུལ་ནི། དཔལ་འབྱོར་ཁུར་གྱིས་དུབ་རྣམས་ཀྱིས། །རིང་དུ་དོར་བྱའི་དབང་ཁྲིད་ལུང༌། །ནོར་བུའི་དོ་ཤལ་མ་ལུས་པ། །ཁྱོད་ཀྱི་མགྲིན་པར་ལྷན་ཅིག་འདྲིལ། །དབྱངས་ཅན་ངག་གི་ལོངས་སྤྱོད་ལ། །དབང་མཛད་དེ་ཡི་ཞལ་གྱི་སྒོར། །བློ་གསལ་ཚོགས་ཀྱི་རེ་བའི་མིག །བུ་ལོན་ཆགས་པ་བཞིན་དུ་གཏོད། །ཅེས་པ་སྟེ། ཤོ་ལོ་ཀ་སྔ་མ་ནི་ཆེད་དུ་བརྗོད་པའི་ཚོམས་ལས། དང་པོར་བདག་ཉིད་རིག་པར་གནས་བྱས་ནས། །ཕྱི་ནས་བདག་བཞིན་གཞན་དག་གདུལ་བར་བྱ། །ཞེས་དང༌། རྣམ་འགྲེལ་ལས། རང་ཉིད་ངེས་ཤིང་གཞན་དག་ལ། །ངེས་པ་སྐྱེད་པར་འདོད་པ་ཡིས། །ཞེས་པ་ལྟར་གཞན་ལ་སྟོན་པ་ལ་རང་གིས་སྔར་ཐོས་ཤིང་གཏན་ལ་དབབ་པ་ནི་མེད་མི་རུང་གི་རྩ་བ་ཡིན་པས་བཤད་པའི་རིམ་པས་འདིར་བཀོད་ཀྱང༌། དོན་གྱི་རིམ་པ་བཤེས་གཉེན་བསྟེན་པའི་སྐབས་དང་འབྲེལ་བས་སྔར་བཤད་ཟིན་པ་ལྟར་རོ། །དེ་ལྟར་ཆོས་ཀྱི་མཛོད་དུ་གྱུར་པས་ཕྱོགས་རིས་མེད་ནས་ཆོས་དོན་དུ་གཉེར་བའི་སློབ་མ་པདྨའི་མཚོ་ལ་བུང་བ་བཞིན་འདུས་པར་དབང་རྗེས་


GTD005_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

གནང་ལུང་ཁྲིད་ཀྱི་ཆར་ཕབ་ཅིང༌། ཁྱད་པར་དུ་ཁྲིད་ཀྱི་སྐོར་ཞལ་ཤེས་མན་ངག་དང་བཅས་པའི་བཀའ་བབ་ལྟ་བུར་ཡོད། ཞུ་བ་པོ་མཐོ་དམན་མང་ཉུང་འབྱོར་པ་སོགས་ལ་ལྟོས་པ་མེད་པར་གང་འདོད་དུ་སྩལ་བས་ཕལ་ཆེར་གྱིས་ཕོད་བཙོང་སྟེ་ནམ་འདོད་དུ་ཞུས་ནས་བུ་ལོན་ཅན་གྱི་སྒོ་བསྲུང་སྟེ་བསྙགས་པ་བཞིན་བྱེད་པ་ནི་སྐྱེས་རབས་ལས། སྦྱིན་ནམ་མི་སྦྱིན་སྙམ་པའི་རྣམ་རྟོག་པ། །ཡིད་ལ་སེམས་པ་ཕོངས་པ་རྣམས་ལ་མེད། །ཅེས་གསུངས་པའི་དཔེ་བཞིན་མི་གནང་དོགས་པ་མེད་པའི་དབང་གིས་ཡིན་ལ། དེ་ལྟར་བྱས་ཀྱང་ཐུགས་སུན་པ་དང་ཁྲོ་བ་མེད་པ་ནི་སྐྱོ་བ་སྤངས་པའི་རྣམ་ཐར་རོ། །མདོ་སྨད་ལྷོ་རྒྱུད་ཀྱི་ལྗོངས་ཕལ་ཆེར་དུ་ཆོས་བཀའ་གནང་ཞིང་སློབ་མའི་ཚོགས་རྒྱ་ཆེ་ལ། ས་པཎྚི་ཏས། མཁས་པ་རང་གི་ཡུལ་བས་ཀྱང༌། །ཡུལ་ཁམས་གཞན་དུ་མཆོད་པ་ཐོབ། །ཅེས་དང༌། རྒྱལ་པོ་རང་ཡུལ་ཙམ་ན་ཆེ། །དམ་པ་གང་དུ་ཕྱིན་ཀྱང་བཀུར། །མེ་ཏོག་ཕལ་ཆེར་ཉིན་རེའི་རྒྱན། །གཙུག་གི་ནོར་བུ་གང་དུའང་མཆོད། །གསུངས་པ་བཞིན་སྐྱབས་མགོན་མཆོག་གི་སྤྲུལ་སྐུ་ཐག་གཅོད་རྒྱུའི་དོན་དུ་ཕེབས་པའི་ཚེ། པཎ་ཆེན་ཐམས་ཅད་མཁྱེན་པའི་ཡོངས་འཛིན་རྣམ་གཉིས་སོགས་བསྟན་པའི་རྩ་ལག་ཆེན་པོ་དུ་མ་དང༌། གྲྭ་ས་གསུམ་གྱི་དགེ་བཤེས་མང་པོས་ཀྱང་ཆོས་ཀྱི་གཏེར་དུ་ཤེས་ནས་ཤིན་ཏུ་དཀོན་པའི་ཟབ་རྒྱས་ཀྱི་གདམས་པ་མང་དུ་ཞུས་པ་དབུས་གཙང་གི་ལྗོངས་སུའང་ཆོས་རྒྱུན་ཉག་ཕྲ་བ་དུ་མའི་ཆད་མཐུད་ལ་ཤིན་ཏུ་ཕན་པ་བྱུང་སྟེ་དམ་ཆོས་འཛིན་པའི་


GTD005_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

སྨོན་ལམ་གྲུབ་པའི་རྣམ་ཐར་རོ། །གཉིས་པ་སྔགས་ཀྱི་བསྟན་པ་བཟུང་ཚུལ་ནི། གསང་ཆེན་ཆོས་ཀྱི་ཆུ་ཀླུང་བརྒྱ། །འདུས་པ་འདུས་པའི་རྒྱ་མཚོ་ཆེར། །དམ་ཚིག་སྐྱ་བ་འཛིན་མཁས་དེར། །རིམ་གཉིས་ནོར་བུ་ལག་རྩེར་གནས། །ཞེས་པ་སྟེ། སྤྱིར་རྒྱུད་སྡེ་རྒྱ་མཚོའི་མངའ་བདག་ཡིན་ཀྱང་འདིར་དམིགས་ཀྱིས་བཀར་ཏེ་དཔལ་ལྡན་འདུས་པ་དང་སྦྱར་བ་ནི་འདུས་བའི་རྒྱུད་ཤེས་ཤིང་ཉམས་སུ་བླངས་ན་རྒྱུད་སྡེ་གཞན་ཐམས་ཅད་ཀྱི་གནད་དེར་འདུ་བའི་རྒྱུ་མཚན་གྱིས་ཡིན་ལ། གཞན་མཐའ་དག་དེར་འདུ་བ་ནི་སྒྲོན་གསལ་ལས། ཐུབ་པ་ཆེན་པོ་ཆོས་ཕུང་པོ། །བརྒྱད་ཁྲི་བཞི་སྟོང་གསུངས་པ་ཡི། །དཔལ་ལྡན་འདུས་འདི་སྣོད་ཡིན་ཏེ། །དེ་བས་དེ་ནི་རྒྱུད་ཀྱི་ཚེ། །ཞེས་དང་། ནག་པོ་སྤྱོད་པས་ཀྱང་། དཔལ་ལྡན་འདུས་པ་ལྷག་ཡིད་འོང་། །རྒྱུད་རྣམས་ཀུན་སོན་གཙོ་བོ་ཡིན། །ཞེས་མདོ་སྔགས་ཀྱི་གསུང་རབ་མ་ལུས་པ་ལ་འདིས་རྒྱས་བཏབ་སྟེ་ཐམས་ཅད་ཀྱི་དགོངས་དོན་འདི་ལས་འདར་མེད་པས་རྒྱུད་སྡེ་ཀུན་གྱི་རྒྱལ་པོ་དང་མདོ་སྡེ་ཀུན་གྱི་ཟ་མ་ཏོག་ཏུ་གསུངས་ཏེ། གཤེད་དམར་དང་དགྲ་ནག་སོགས་རྒྱུད་གཞན་དང་གཞན་ལས་ཀྱང༌། རྒྱུད་ཀྱི་མཐར་ཐུག་འདུས་པ་སྟེ། །མ་བྱུང་འབྱུང་བར་མི་འགྱུར་རོ། །ཞེས་སོགས་ཀྱིས་བསྔགས་བརྗོད་མཛད་པ་མང་ལ། དེ་གང་གི་ལམ་ཉམས་སུ་ལེན་པའི་ཚེའང་མན་ངག་གི་གནད་འདི་ནས་བཙལ་དགོས་པ་ཤིན་ཏུ་མང་ངོ༌། །དཔེར་ན་རི་མཐོན་པོའི་རྩེ་མོར་ཕྱིན་ན་རི་ཕྲན་ཐམས་ཅད་སྟབས་


GTD005_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་མཐོང་ནུས་པ་བཞིན། འདིའི་དགོངས་དོན་ལེགས་པར་ཁོང་དུ་ཆུད་ན་རྒྱུད་གཞན་ཐམས་ཅད་བདེ་བླག་ཏུ་རྟོགས་པར་འགྱུར་ཏེ། དེའི་རྒྱུ་མཚན་མཐར་གཏུགས་ན་སྒྲོན་གསལ་དུ། ཇི་སྲིད་ཡ་ར་ལ་ཧའི་བར། །ཞེས་པ་ནས། དེ་དེའི་རྩ་བ་ཡི་གེ་གསུམ། །ཞེས་གསུངས་ཏེ། སྔ་མ་རྣམས་ཡི་གེ་ས་མ་ཛ་གསུམ་ལ་བྱས་ནས་འདུས་པ་ཀུན་གྱི་རྩ་བ་ཡིན་པའི་དོན་དུ་བཤད་ཀྱང༌། དཔལ་ནཱ་རོ་པས་འབྲུ་གསུམ་ལ་བཤད་པ་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་དོན་ཡིན་པས་དགོངས་པ་ཤིན་ཏུ་ཟབ་སྟེ། མདོ་རྒྱུད་ཐམས་ཅད་ཀྱི་བསྒྲུབ་བྱ་སྐུ་གསུང་ཐུགས་རྡོ་རྗེ་གསུམ་མམ་སྐུ་གསུམ་ལས་མ་འདས་ཤིང་། དེ་སྒྲུབ་པའི་གནད་ཐམས་ཅད་འདིར་ཚང་བས་རྒྱུད་ཀྱི་མཚན་ལའང་འདུས་པ་ཞེས་བཏགས་པར་རྒྱུད་ཕྱི་མ་ལས་གསུངས་པ་བཞིན་ནོ། །དེ་ལྟར་ན་རྐང་པ་དང་པོ་གཉིས་ཀྱིས་གང་ལ་ཐོས་པ་བྱ་བའི་ཡུལ་འདུས་པའི་རྒྱུད་དང་རྒྱུད་འགྲེལ་ཟབ་ཅིང་བརླིང་ལ་རྒྱ་ཆེ་བའི་རྒྱ་མཚོ་ལྟ་བུ་རྣམས་བསྟན། གསང་སྔགས་རྡོ་རྗེ་ཐེག་པ་ལ་འཇུག་ཚུལ་ནི་བྱིས་པ་ཀློག་སློབ་པ་བཞིན་ཚིག་ཙམ་བསླབ་པས་མི་ཆོག་པར། འཇུག་སྒོ་སྨིན་བྱེད་ཀྱི་དབང་རྣམ་པར་དག་པ་མནོས། དབང་དུས་སུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་བསྲུང་བའི་སྟེང་ནས་རྒྱུད་ཉན་པ་དང་བཤད་པ་ལ་སོགས་པ་བྱས་ན་རྡོ་རྗེ་ཐེག་པའི་ཉམས་ལེན་དུ་འགྲོ་བས། དེ་ནི། དམ་ཚིག་སྐྱ་བ་འཛིན་མཁས་དེ། །ཞེས་རྐང་པ་གསུམ་པས་བསྟན། དེ་ལྟར་བྱས་ན་རིམ་གཉིས་ཀྱི་རྟོགས་པ་བདེ་བླག་ཏུ་སྐྱེས་པས་འབྲས་བུ་མངོན་དུ་བྱེད་ཚུལ་ནི་རྐང་པ་བཞི་པ།


GTD005_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་གཉིས་ནོར་བུ་ལག་རྩེར་གནས། །ཞེས་པས་བསྟན་ཏོ། །འདིར་གཙོ་བོར་རང་གིས་ཉམས་སུ་བླངས་ཚུལ་ལ་སྦྱར་ཡང༌། སྔར་རང་གིས་ངེས་ནས་གཞན་རྗེས་སུ་བཟུང་ཚུལ་བཤད་པ་དེ་མདོ་སྔགས་གཉིས་ལ་སྦྱོར་དགོས་ཤིང༌། འདི་ལ་ཁྱད་པར་དུ་རྒྱུད་ཀྱི་དགོངས་པ་མཐའ་དྲུག་ཚུལ་བཞིས་རྒྱས་བཏབ་པ་རྣམས་བཤད་རྒྱུད་ཆེན་པོ་དྲུག་དང་ཀླུ་སྒྲུབ་ཡབ་སྲས་སོགས་ཀྱི་མན་ངག་ལ་བརྟེན་ནས་ལེགས་བཤད་ཀྱི་ནོར་བུ་ཐང་མར་བརྡལ་ཏེ་རྒྱུད་གྲྭ་གཉིས་སོགས་སུ་འཆད་ཉན་མཛད་ཚུལ་གྱི་ལོ་རྒྱུས་མང་དུ་ཡོད་ཀྱང་ཡིག་ཚོགས་ཆེ་བས་མ་སྤྲོས་སོ། །གསུམ་པ་དོན་བསྡུ་བ་ནི། ཇི་ལྟར་བསྟན་པ་འཛིན་བྱེད་པའི། །ཡན་ལག་ཀུན་རྫོགས་ཁྱོད་ལྟ་བུ། །གང་ལས་འབྱུང་སྟེ་དབུས་འགྱུར་དུ། །མཚོན་བྱེད་གྲགས་པའི་མཚན་མ་ཡིན། །ཞེས་བྱ་སྟེ། ད་ལྟ་ཧ་ཅང་སྙིགས་མའི་མཐར་སོང་བས་སྐྱེ་བོ་ཐམས་ཅད་བློ་དམན་ཞིང་ཅོལ་ཆུང༌། མ་རབས་ཀྱི་སྤྱོད་པའི་རྗེས་སུ་བློ་ཁ་ཕྱོགས་སླ་བས་རྒྱལ་བའི་བསྟན་པ་ཉིན་རེ་བཞིན་ཉག་ཇེ་ཕྲར་འགྲོ་བའི་དུས་འདིར་སྙིང་སྟོབས་བསྐྱེད་དེ་བསྟན་པའི་ཆ་རེ་རེ་ཙམ་འཛིན་སྐྱོང་བྱེད་པའང་ཡ་མཚན་དང་བསོད་ནམས་ཆེ་སྟེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། གཡུལ་ཆེན་པོའི་ནང་ན་གང་སྐྱེ་བོ་མང་པོ་བསྲུང་བའི་ཕྱིར་དམག་གི་མདུན་ན་འདུག་པར་འགྱུར་བའི་སེམས་ཅན་དེ་དག་ནི་ཉུང་བར་འགྱུར་རོ། །ཡང་ཤཱ་རིའི་བུ་གང་དཔའ་བ་འོས་པར་འགྱུར་བར་བྱས་པ་གཡུལ་ལས་རྣམ་པར་རྒྱལ་བ་དེ་དག་དེ་ན་གཡུལ་མི་བཟད་པ་ཆེན་


GTD005_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་དུས་ན་སྐྱེ་བོ་མང་པོའི་ཕྱིར་དམག་གི་མདུན་ན་འདུག་པ་དེ་བཞིན་དུ། ཤཱ་རིའི་བུ་དེའི་ཚེ་དམ་པའི་ཆོས་རབ་ཏུ་འཇིག་པ་ཉེ་བར་གནས་པ་ན་གང་ལྷག་པའི་བསམ་པ་ཡོངས་སུ་མྱ་ངན་ལས་འདས་པ་འདོད་པ། དཔའ་བ་བརྩོན་འགྲུས་བརྟན་པ། གོ་ཆ་སྲ་བ་བགོས་པ་དེ་དག་བརྩོན་འགྲུས་ཆེན་པོའི་སྟོབས་བསྐྱེད་དེ་བདུད་ཀྱི་དམག་ལས་རྒྱལ་ཞིང་འདི་ལྟ་བུའི་ཆོས་དཀོན་མཆོག་འདི་ལས་སྙིང་པོ་ཅུང་ཟད་ཙམ་ལེན་པར་འགྱུར་རོ། །ཞེས་གསུངས་པ། དཔེ་ཆོས་སུའང་ཤྭ་འོད་ཆེན་པོ་བྱུང་བའི་ཚེ་ཕ་བོང་རེ་རེ་ལ་ས་ཆགས་རྡོ་ཆགས་ཀྱིས་འོལ་ཁ་བསྒྱུར་བ་བཞིན། སྙིགས་མའི་བརླང་སྤྱོད་རྡོལ་བའི་དུས་སུའང་སྐྱེས་བུ་དམ་པ་རེ་རེའི་ཐུགས་རྗེ་ལ་བརྟེན་ནས་བསྟན་པའི་སྲོལ་ཅུང་ཟད་རེར་གནས་ཐུབ་པར་གསུངས་པ་ལྟ་བུ་ཡིན་ཞིང༌། བསྟན་པ་འཛིན་སྐྱོང་སྤེལ་བའི་བྱ་བ་མཐའ་དག་ལ་དབང་འབྱོར་བའི་སྐྱེས་བུ་དམ་པ་གང་ལས་འབྱུང་བའི་ཡུལ་དེ་ནི་ཀུན་མཁྱེན་འཇམ་དབྱངས་བཞད་པས། མཁས་པ་གར་བསྡད་བསྟན་པའི་འོད་སྟོང་དང༌། །བསྟན་འགྲོའི་ཕན་བདེའི་པད་ཚལ་ཅིག་ཅར་དུ། །བཞད་པ་ཉིན་བྱེད་དབྱར་གྱི་གླིང་བཞི་བཞིན། །སྔོན་དུས་དམ་པ་ཀུན་དང་སངས་རྒྱས་ཀྱིས། །ཆོས་འཁོར་བསྐོར་ཀྱང་དམ་པའི་བཤེས་བྲལ་བའི། །ཡུལ་དེ་བཟང་ཡང་མུན་པའི་རང་བཞིན་ཏེ། །ཉིན་མིན་སྟོན་གྱིས་བཏང་བའི་ཡུལ་དུས་བཞིན། །ཡུལ་དུས་གང་ན་ཆོས་སྒྲོན་འདུལ་བའི་ལས། །བཤད་སྒྲུབ་འོད་སྟོང་འབར་བའི་ཡུལ་ཕྱོགས་ཏེ། །མཆོད་རྟེན་མཆོག་དང་ཡུལ་གྱི་ལྟེ་བ་དང༌། །དབུས་དང་ཐིག་ལེ་སོགས་སུ་སངས་


GTD005_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་གསུངས། །ཞེས་པ་ལྟར་བསྟན་པའི་གནས་ཚུལ་གྱི་སྒོ་ནས་འཇོག་པ་ལས། ཡུལ་གཅིག་ལ་དབུས་འགྱུར་གྱི་མིང་དོན་རྟག་བརྟན་ཐེར་ཟུག་ཏུ་གནས་པ་མིན་པས། ཆེད་དུ་བརྗོད་པའི་ཚོམས་ལས། གང་ན་དམ་པ་བཞུགས་པ་ཡི། །ས་དེ་ཡིད་དུ་འོང་བ་ཡིན། །ཞེས་གསུངས་ལ། མངོན་རྟོགས་རྒྱན་ལས་ཀྱང༌། བྱང་ཆུབ་དང་ནི་རྟེན་མཆོད་ཉིད། །ཅེས་གསུངས་སོ། །དོན་མདོར་བསྡུ་ན་བསྟན་འཛིན་གྱི་སྐྱེས་བུ་ཡིན་མིན་སངས་རྒྱས་ཀྱི་བསྟན་པ་འཛིན་མི་འཛིན་གྱི་སྒོ་ནས་འཇོག་དགོས་ལ། བསྟན་པ་འཛིན་ཚུལ་མཁས་མཆོག་དབྱིག་གཉེན་གྱིས། དེ་འཛིན་བྱེད་དང་སྨྲ་བྱེད་དང་། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །གསུངས་པ་ལྟར། ལུང་གི་བསྟན་པ་བཤད་པའི་སྒོ་ནས་འཛིན་པ་དང་། རྟོགས་པའི་བསྟན་པ་སྒྲུབ་པའི་སྒོ་ནས་འཛིན་པ་གཉིས་ལས་མ་འདས་ལ། ཁྱད་པར་དེ་གཉི་ག་ལེགས་པར་ཚང་བའི་ཚུལ་སྒྲོ་སྐུར་དང་ཕྱོགས་ལྷུང་གིས་མ་བསླད་པར་རྣམ་པར་ཐར་པའི་རང་བཞིན་གསོང་པོར་སྨྲ་བ་འདི་ནི་བསྟོད་པའི་དོན་གྱི་སྙིང་པོ་ཡིན་ནོ། །དེ་ལྟར་ན་འགྲོ་བའི་བདེ་སྐྱིད་མ་ལུས་པ་སངས་རྒྱས་ཀྱི་བསྟན་པ་ལ་རག་ལས་ཤིང༌། བསྟན་པའི་འཕེལ་རྒྱས་བསྟན་འཛིན་གྱི་སྐྱེས་བུ་ལ་རག་ལས་པས། ཞབས་པད་བརྟན་ཅིང་རྒྱ་མཚོ་དང་ཀླུ་དབང་གི་དཔེ་བཞིན་གང་གི་འཕྲིན་ལས་དང་རྒྱལ་བའི་བསྟན་པ་རིན་པོ་ཆེ་གཉིས་སྲོག་གཅིག་ཏུ་གྱུར་ཏེ་རྒྱས་པར་སྨོན་པ་ནི། དེ་སླད་སྨྲ་བའི་སེང་གེ་ཁྱོད། །ཐར་འདོད་མགོན་དུ་རྟག་བརྟན་ཞིང༌། །རྒྱལ་བའི་བསྟན་དང་


GTD005_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ཆབས་ཅིག་པར། །བཟང་པོའི་འཕྲིན་ལས་རྒྱས་གྱུར་ཅིག །ཅེས་པའོ། །སྦྱར་བྱང་ནི། ཞེས་མདོ་སྨད་བསྟན་པའི་འབྱུང་གནས་དཔལ་ལྡན་བཀྲ་ཤིས་འཁྱིལ་གྱི་རྒྱུད་པ་སློབ་ཟུར་དཀོན་མཆོག་རྒྱལ་མཚན་པ་ལ་བསྟོད་པའི་རབ་ཏུ་བྱེད་པ་འདི་ནི་དད་བརྩོན་བློ་དང་ལྡན་པ་དཀོན་མཆོག་མཁྱེན་རབ་ཀྱིས་བསྐུལ་བར་བརྟེན། དེང་དུས་ཆེ་མཐོའི་རིགས་ལ་འུད་ཀྱིས་བསྟོད་པ་ལྟ་བུ་མ་ཡིན་པར། མཁས་པའི་ཡོན་ཏན་མཐོང་སྟེ་རང་བཞིན་བརྗོད་པའི་ཚིག་གིས་གཟེངས་བསྟོད་པ་སྔོན་བྱོན་དམ་པའི་ལུགས་སྲོལ་བཞིན་དུ་མི་འཇིགས་པའི་སྤོབས་པ་དགེ་བ་ཅན། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པ་འདིའང་བློ་དང་ལྡན་པ་རྣམས་ཆོས་ཀྱི་རྗེས་སུ་འབྲང་བའི་རྒྱུར་གྱུར་ཅིག །ཅེས་པ་སྟེ་འདིའང་དགོས་དོན་དང་བཅས་དྲང་པོ་ཟང་ཐལ་དུ་སྨྲས་པ་ཡིན་ནོ། །ཉ་ཡིས་མ་བཏོན་བསྟོད་དབྱངས་རིག་བྱེད་འདི། །ཡོན་ཏན་ས་ཆེན་འདེགས་པའི་རུས་སྦལ་དང༌། །འཇིག་རྟེན་ཁེངས་དྲེགས་འཇོམས་པའི་ཕག་རྒོད་དེ། །སྨྲ་ངན་དགྲ་འཇོམས་མི་ཡི་སེང་གེ་ཡིན། །ཕྱོགས་ལྷུང་སྒྲོ་བཏགས་སྤུན་པས་མ་བསླད་པར། །དྲང་གཏམ་གཙང་མའི་ནས་འབྲུ་སིལ་མ་འདི། །བློ་ལྡན་ཡིད་ཀྱི་ཞིང་སར་སྨིན་པ་ལས། །དད་བརྩོན་དགེ་བའི་ལོ་ཏོག་རྒྱས་གྱུར་ཅིག །ཅེས་པ་འདི་ནི་ཨ་མཆོག་བདེ་མོ་ཐང་དགའ་ལྡན་ཆོས་འཁོར་གླིང་གི་ཁྲི་བ་མཁས་བཙུན་བཟང་པོའི་རྒྱན་ལྡན་དཀོན་མཆོག་དཔལ་འཛིན་གྱིས་སྔར་ནས་བསྟོད་པ་འདི་ལ་


GTD005_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

འགྲེལ་པ་ཞིག་དགོས་ཞེས་ཡང་ཡང་བསྐུལ་བ་དང༌། མཛོ་དགེ་སྨད་དགའ་ལྡན་རབ་རྒྱས་གླིང་ནས་དད་བརྩོན་ལྡན་པ་འཚོ་བྱེད་དཀོན་མཆོག་ཕུན་ཚོགས་ཀྱིས་རྣམ་ཐར་ཞིག་དགོས་ཞེས་ནན་གྱིས་བསྐུལ་བས། རྣམ་ཐར་བྱེད་ན་བསྟན་པའི་བྱ་བ་མཛད་ཚུལ་འདི་འདྲ་ཞིག་དགོས་པར་མཐོང་སྟེ་བསྟོད་པའི་ཚིག་ཊཱིཀ་ཙམ་མ་ཡིན་པར་མཐུན་སྒྲུབ་ཀྱི་རྣམ་ཐར་རགས་རིམ་ཙམ་དང་སྦྱར་ནས་གཉིས་འཐུས་སུ་བྱས་ཏེ། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་སྦྱར་བའི་ཡི་གེ་པ་ནི་སྔགས་རམས་པ་དཀོན་མཆོག་ཀུན་དགའོ།། །།

གཉན་རྩེ་དཔོན་སློབ་རིན་པོ་ཆེའི་བསྟོད་འགྲེལ།


GTD005_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

གཉན་རྩེ་དཔོན་སློབ་རིན་པོ་ཆེའི་བསྟོད་འགྲེལ་ནོར་བུའི་དོ་ཤལ་ཞེས་བྱ་བ་བཞུགས་སོ། །


GTD005_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ཆེན་ཐོས་པས་ངག་གི་དབང་ཕྱུག་བརྙེས། །ཚུལ་བཞིན་སྒྲུབ་པས་ཆོས་ཀྱི་དེ་ཉིད་གཟིགས། །འཕྲིན་ལས་བཟང་པོས་རྒྱལ་བསྟན་འཕེལ་མཛད་པ། །དཔལ་ལྡན་བླ་མའི་ཞབས་རྡུལ་སྤྱི་བོས་མཆོད། །ངག་དབང་ཆོས་ཀྱི་ཆུ་གཏེར་འཕེལ་བའི་བཅུད། །བསྟོད་དབྱངས་འཇིགས་བྲལ་འཆི་མེད་དབང་པོའི་ཆབ། །བསྟན་པའི་རྗེས་འཇུག་དད་པའི་སྲོག་ཟུང་དུ། །འགྲེལ་བྱེད་རིན་ཆེན་སྒྲོན་མེས་གསལ་བར་བྱ། །དེའང་མཁས་བཙུན་བཟང་པོའི་ཡོན་ཏན་ཡོངས་སུ་རྫོགས་པས་ཐུབ་བསྟན་རྩ་ལག་དམ་པར་གྱུར་པ་འཇིག་རྟེན་ཆོས་བརྒྱད་ཀྱི་འཁྲི་བ་རྩད་ནས་ཆོད་པའི་ཀུན་སྤངས་ཆེན་པོ། འགྲོ་བ་མཐའ་དག་ཡང་དག་པའི་ལམ་བཟང་པོ་ལ་བཀྲི་བའི་ཐེག་པ་མཆོག་གི་དགེ་བའི་བཤེས་གཉེན་རྗེ་བཙུན་བླ་མ་དམ་པ་ངག་དབང་ཆོས་འཕེལ་བའི་ཞལ་སྔ་ནས་ཀྱི་གསོལ་འདེབས་སྐྱབས་མགོན་རྡོ་རྗེ་འཆང་ཆེན་པོ་ཀུན་མཁྱེན་འཇིགས་མེད་དབང་པོའི་བཀའ་རྩོམ་འདི་ཉིད་ཀྱི་ཚིག་དོན་ཅུང་ཟད་ཙམ་ཞིག་འཆད་པ་ལ། མདོར་བསྟན། རྒྱས་བཤད། མཇུག་གི་དོན་དང་གསུམ། དང་པོ། རྒྱལ་སྲས་ཞི་བ་ལྷས། འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །ཞེས་གསུངས་པ་ལྟར། ལུས་ཅན་ཡོངས་ཀྱི་ཕན་བདེ་མ་ལུས་བའི་འབྱུང་གནས་ནི་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཁོ་ན་ཡིན་ཞིང༌། དེའི་དབང་གིས་བསྟན་པ་དེ་ཉིད་ངེས་པར་


GTD005_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པའི་སྐྱེས་བུ་དམ་པ་རྣམས་ནི་འགྲོ་བ་ཡོངས་ལ་བཀའ་དྲིན་བསམ་གྱིས་མི་ཁྱབ་པས་བསྟོད་བཀུར་བསྔགས་པའི་ཞིང་བླ་ན་མེད་པ་ཡིན་ནོ། །འོན་ཀྱང་ད་ལྟ་ཆེས་ཤིན་ཏུ་སྙིགས་མར་སོང་སྟེ། ཁ་དྲག་དབང་ཆེ། སྟོབས་འབྱོར་གོ་ས་སོགས་ཀྱི་སྒོ་ནས་བསྟན་འཛིན་ཆེན་པོར་བཏགས་པ་ལ་སྙིང་པོ་ཅི་ཡང་མེད་པས། བསྟན་པ་འཛིན་ཚུལ་དཔྱིས་ཕྱིན་པ་ནི་མཁས་མཆོག་དབྱིག་གི་གཉེན་པོས། དེ་འཛིན་བྱེད་པ་སྨྲ་བྱེད་པ། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །ཞེས་གསུངས་པ་ལྟར། ལུང་གི་བསྟན་པ་བཤད་པའི་སྒོ་ནས་འཛིན་པ་དང༌། རྟོགས་པའི་བསྟན་པ་སྒྲུབ་པའི་སྒོ་ནས་འཛིན་པ་གཉིས་ལས་མ་འདས་པས། རབ་བྱེད་འདིར་ཡང་དེའི་དབང་དུ་མཛད་དེ། ངག་གི་དབང་ཕྱུག་རྗེ་བཙུན་ཙོང་ཁ་པའི། །བཤད་སྒྲུབ་ཆོས་ཀྱི་རྒྱལ་མཚན་འཛིན་པ་ལ། །ལྷག་བསམ་མཚོ་ལྟར་འཕེལ་བའི་སེམས་དཔའ་མཆོག །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཞེས་རྒྱལ་བའི་བསྟན་པ་སྤྱི་དང༌། ཁྱད་པར་དུའང་འཇམ་དཔལ་རྩ་རྒྱུད་ལས། ཁྱོད་ཉིད་བྱིས་པའི་གཟུགས་ཀྱིས་ནི། །སངས་རྒྱས་མཛད་པ་བྱེད་པར་འགྱུར། །ཞེས་ལུང་བསྟན་པ་ལྟར། ངག་གི་དབང་ཕྱུག་བརྟན་པའི་འཁོར་ལོ་གསུམ་ལྡན་ངུར་སྨྲིག་འཆང་བའི་གར་གྱིས་རོལ་པ་རྗེ་བཙུན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པའི་རིང་ལུགས་དྲི་མ་མེད་པ་ལྟ་སྒོམ་སྤྱོད་འབྲས་གང་གི་ཆ་ལའང་འཁྲུལ་བའི་དྲི་མ་ཕྲ་མོ་ཙམ་གྱིས་ཀྱང་མ་གོས་པས་གསེར་སྦྱངས་


GTD005_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

བཙོ་མ་ལྟ་བུ། ལུང་གི་བསྟན་པ་ཀ་རཱི་ཀ་ལྔ་བཅུ་པ་ནས་རྒྱུད་རྒྱལ་གསང་བ་འདུས་པའི་བར་དང༌། རྟོགས་པའི་བསྟན་པ་རུང་ཆུ་འདེབས་པ་ཚུན་ཆོད་ཀྱི་བཅས་པ་ཕྲ་མོ་ནས་བདེན་གཉིས་དབྱེར་མེད་ཟུང་འཇུག་གི་བར་རྣམས་བཤད་སྒྲུབ་ཡ་མ་བྲལ་བའི་སྒོ་ནས་ཉམས་སུ་བཞེས་ཏེ། ཆོས་མིན་གྱི་གཡུལ་ངོ་ཕམ་པར་མཛད་ཅིང་ཆོས་ཀྱི་རྒྱལ་མཚན་སྲིད་རྩེའི་བར་དུ་བསྒྲེངས་ཏེ་འཛིན་པ་ལ་སྨོན་ལམ་རླབས་པོ་ཆེའི་མཐུ་གྲུབ་པས། སྙིགས་མ་ལྔ་ཤིན་ཏུ་བདོ་བའི་དུས་འདིར་ཡང་ཞུམ་པ་དང་སྐྱོ་ངལ་མེད་པར་ལྷག་བསམ་གྱི་འཇུག་པ་དབྱར་གྱི་མཚོ་ལྟར་འཕེལ་བའི་སྙིང་སྟོབས་ཀྱི་གོ་ཆ་བཙན་པོའི་སྒོ་ནས་རྒྱལ་སྲས་སེམས་དཔའ་ཆེན་པོ་རྣམས་ཀྱི་ཁྲོད་ནའང་རྒྱལ་མཚན་གྱི་ཏོག་ལྟར་མཆོག་ཏུ་འཕགས་པ་རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས་སོ་ཞེས་མདོར་བསྟན་པ་ཡིན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ། ཀློག་པ་ཐོས་བསམ་གྱི་སྒོ་ནས་ལུང་གི་བསྟན་པ་བཟུང་ཚུལ། སྤོང་བ་བསམ་གཏན་གྱི་སྒོ་ནས་རྟོགས་པའི་བསྟན་པ་བཟུང་ཚུལ། བསྟན་པའི་གནད་རྣམས་ཐུགས་ལ་འཁྲུངས་ཏེ་སྐལ་ལྡན་གཞན་རྗེས་སུ་བཟུང་བའི་ཚུལ་གསུམ། དང་པོ་ནི། བརྩོན་འགྲུས་ཆེན་པོས་དམ་པའི་ཞབས་བསྟེན་ནས། །སྡེ་སྣོད་གསུམ་ལ་ལེགས་པར་སྦྱངས་པ་ཡིས། །རྣམ་དཀར་གྲགས་པའི་རྒྱལ་མཚན་ལྷང་ངེ་བ། །མཁས་པའི་དབང་པོ་ཁྱོད་ལ་གསོལ་བ་འདེབས། །ཞེས་སྤྱིར་སྲིད་ཞིའི་ལེགས་ཚོགས་ཀྱི་རྩ་བ་བཤེས་གཉེན་བསྟེན་ཚུལ་ཡིན་ལ། ཁྱད་པར་དུ་སྡུད་པ་ལས། བླ་མ་མཁས་པ་རྣམས་ལ་རྟག་ཏུ་བརྟེན་པར་བྱ། །ཅིའི་ཕྱིར་ཞེ་ན་མཁས་པའི་ཡོན་ཏན་དེ་ལས་འབྱུང༌། །ཞེས་གསུངས་པ་ལྟར། ཆོས་


GTD005_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྩ་བ་བླ་མ་ལ་རག་ལས་པར་དགོངས་ཏེ། དཀའ་སྤྱད་དང་བརྩོན་འགྲུས་ཆེན་པོས་མདོ་དབུས་གཉིས་ཀར་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་ཚང་བའི་བླ་མ་དམ་པ་དུ་མའི་ཞབས་ལ་གཏུགས། བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ནས་མཉེས་པར་བྱས། དེའི་གསུང་གི་བདུད་རྩི་ལམ་བསླབ་པ་རིན་པོ་ཆེ་གསུམ་བརྗོད་བྱའི་གཙོ་བོར་སྟོན་པ་མདོ་མངོན་འདུལ་བའི་སྡེ་སྣོད་གསུམ་ལ་རྟག་སྦྱོར་དང་གུས་སྦྱོར་གྱི་བརྩོན་པ་ཤུགས་དྲག་ཆུ་བོའི་རྒྱུན་ལྟ་བུས་ལེགས་པར་སྦྱངས་པར་མཛད་པའི་མཐུ་ཡིས་གཞུང་ལུགས་རྒྱ་མཚོར་གཞན་དྲིང་མི་འཇོག་པའི་སྤོབས་པ་བརྙེས་ཏེ། གཟུར་གནས་མཁས་པའི་སྐྱེ་བོ་ཐམས་ཅད་ཀྱིས་ཀྱང་འདི་ནི་ཚིག་གི་ན་ཡམ་ཙམ་མ་ཡིན་པར་གསུང་རབ་ལ་ནང་བྱན་ཚུད་པའི་སྨྲ་བའི་དབང་ཕྱུག་བླ་ན་མེད་པའོ་ཞེས་གཅམ་བུ་དང་ཟོལ་བསྟོད་ལྟ་བུ་མ་ཡིན་པར། དོན་ལ་གནས་པའི་རྣམ་དཀར་གྱི་གྲགས་པའི་རྒྱལ་མཚན་མཐོན་པོ་གདན་ས་གསུམ་གྱི་མཁས་པའི་ཁྲོད་ན་ལྷང་ངེར་འཕགས་པ་མཚུངས་ཟླ་མེད་པའི་མཁས་པའི་དབང་པོ་ཁྱོད་ལ་གསོལ་བ་འདེབས་ཞེས་ལུང་གི་ཡོན་ཏན་གྱི་ཆ་ནས་བསྟོད་པ་མཛད་དོ། །གཉིས་པ་ལ་གཉིས། སྒྲུབ་པ་མཛད་ཚུལ་དང། གྲུབ་པའི་གོ་འཕང་བརྙེས་ཚུལ་ལོ། །དང་པོ་ནི། རྒྱལ་བའི་བསྟན་པ་མཐའ་དག་ཉམས་ལེན་དུ། །གཞོལ་བའི་ཚུལ་འདི་དགོངས་ནས་དབེན་པ་རུ། །ཆོས་བརྒྱད་སྤངས་ཏེ་མང་དུ་ཐོས་བའི་དོན། །རྩེ་གཅིག་གོམས་པར་མཛད་ལ་གསོལ་བ་འདེབས། །ཞེས་རྒྱལ་བའི་བསྟན་པ་ཆོས་ཀྱི་ཕུང་པོ་ཇི་སྙེད་ཅིག་བཀའ་སྩལ་བ་ཐམས་ཅད་རྣམ་བཤད་རིགས་པ་ལས།


GTD005_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་རྩོད་སྒྲུབ་པ་ལྷུར་ལེན་དང༌། །ཞེས་གསུངས་པ་བཞིན། ཐོས་རྩོད་ལྷུར་ལེན་པ་གཞན་སྡེའི་བསྟན་བཅོས་ལྟ་བུ་མ་ཡིན་པར་སྒྲུབ་པ་ཉམས་ལེན་དང་ཐོས་བསམ་སྒོམ་པའི་རིམ་པས་མཐར་རྣམ་གྲོལ་གྱི་རྒྱུ་འབའ་ཞིག་ཏུ་གཞོལ་བའི་ཚུལ་རྗེ་བླ་མས། ཞི་འགྱུར་མིན་མཛད་ཁྱོད་ལ་མེད། །ཅེས་དང༌། དཔལ་ལྡན་ཟླ་བས། བསྟན་བཅོས་ལས་དཔྱད་རྩོད་ལ་ཆགས་པའི་ཕྱིར། །མ་མཛད་རྣམ་གྲོལ་ཕྱིར་ནི་འདི་ཉིད་བསྟན། །ཅེས་དང༌། མདོ་སྡེ་རྒྱན་ལས་ཀྱང༌། དེ་ནི་བག་ཆགས་རྟོག་ཅིང་ཞི་བ་དང༌། །རབ་ཏུ་རྟོགས་པས་རྣམ་པར་གྲོལ་བར་བྱེད། །ཅེས་གསུངས་པའི་དོན་བཞིན་དུ་དགོངས་ནས་ནང་རྣམ་གཡེང་ལས་དབེན་ཞིང༌། ཕྱི་འདུ་འཛིས་དབེན་པ་སྒྲུབ་པའི་བསྟི་གནས་དུ་མར་རྙེད་མི་རྙེད། དགའ་མི་དགའ། སྙན་མི་སྙན། བསྟོད་སྨད་གཉིས་བཅས་འཇིག་རྟེན་ཆོས་བརྒྱད་ཀྱི་འཆིང་བ་རིང་དུ་སྤངས་ཏེ། ཚེ་འདི་སྣང་གི་རེ་དོགས་གང་ཡང་མེད་པར་ཅི་ཙམ་མང་དུ་ཐོས་པའི་དོན་དེ་དག་ཐམས་ཅད་རང་རྒྱུད་འདུལ་བའི་ཡན་ལག་ཏུ་ཁ་ནང་དུ་བསྐོར་ནས་རྩེ་གཅིག་ཏུ་གོམས་པར་མཛད་དེ། བཀའ་གདམས་གོང་མའི་རྣམ་ཐར་ལྷུར་བཞེས་པའི་བདག་ཉིད་ཆེན་པོ་ཁྱོད་ལ་གསོལ་བ་འདེབས་ཞེས་པ་ཚིག་དོན་ཙམ་ཡིན་ལ། རྒྱས་པར་ན་དབེན་པའི་རི་སུལ་དུ་མར་འཚོ་བ་དཀའ་སྤྱད་དྲག་པོ་རྗེ་བཙུན་མི་ལ་ལྟ་བུའི་སྙིང་རུས་བསྐྱེད་ཚུལ་གྱི་རྣམ་ཐར་ལོ་རྒྱུས་རྣམས་ཀྱང་འདི་དང་སྦྱར་ནས་བཤད་ན་ལེགས་སོ། །གཉིས་པ་ནི། དྲན་དང་ཤེས་བཞིན་ལྕགས་ཀྱུ་རྣོན་པོ་ཡིས། །གདུལ་དཀའི་སེམས་ཀྱི་གླང་པོ་རབ་བསྡུས་ཏེ། །དུལ་བའི་བརྟུལ་ཞུགས་རྫོགས་པའི་དཔལ་ཡོན་ཅན། །ཚུལ་ཁྲིམས་མཐར་ཕྱིན་


GTD005_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ལ་གསོལ་བ་འདེབས། །ཞེས་གསུངས་དོན་ནི་དབུས་མཐའ་ལས། དམིགས་པ་བརྗེད་པར་མ་གྱུར་དང༌། །བྱིང་དང་རྒོད་པ་རྟོགས་པ་དང༌། །ཞེས་གསུངས་པ་བཞིན། རྩ་བའི་དམིགས་པ་ལ་རྒྱུན་ཆགས་སུ་གཏོད་པའི་དྲན་པ་དང༌། ཕྱིན་ཅི་ལོག་གི་གཡེང་བ་འགོག་པའི་ཤེས་བཞིན་གྱི་ལྕགས་ཀྱུ་རྣོན་པོ་དེ་ཡིས་གདུལ་བར་དཀའ་བའི་སེམས་ཀྱི་གླང་པོ་ཆེ་ཐོག་མེད་ནས་དུག་གསུམ་མི་དགེ་བའི་ཕྱོགས་སུ་འཁྱམས་པ་དེ་ཉིད་བཙན་ཐབས་སུ་ལོག་པའི་ལམ་ལས་བཟློག་ནས་དབང་དུ་བསྡུས་ཏེ། ཞི་ཞིང་དུལ་བའི་ཚངས་སྤྱོད་ཀྱི་བརྟུལ་ཞུགས་ཁ་ན་མ་ཐོ་བ་མེད་པ་ལ་བཀོད་དོ། །འདི་ནི་སོ་སོར་ཐར་པའི་མདོ་ལས། སེམས་རྟ་ཁ་གླན་དཀའ་བ་ལ། །མཐུན་པའི་གཟེར་རྣོན་བརྒྱ་པ་ཡི། །སྲབ་ནི་སོ་སོར་ཐར་འདི་ཡིན། །ཞེས་དང༌། འདི་ནི་ལང་ཚོས་རྣམ་འཁྲུལ་བའི། །རྐང་གཉིས་གཞོན་ནུའི་ལྕགས་ཀྱུ་ཡིན། །ཞེས་པ་རྣམས་ཀྱི་དགོངས་པ་ཡིན་ཞིང༌། དབུ་མ་སྙིང་པོར། ཡིད་ཀྱི་གླང་པོ་ལོག་འགྲོ་བ། །དམིགས་པའི་ཀ་བ་བརྟན་པོ་ལ། །དྲན་པའི་ཐག་པས་ངེས་བཅིངས་ནས། །ཤེས་རབ་ལྕགས་ཀྱུས་རིམ་དབང་བྱ། །ཞེས་པའང་ཏིང་ངེ་འཛིན་སྒྲུབ་ཚུལ་གྱི་སྐབས་ཡིན་ཀྱང༌། བསླབ་པ་གསུམ་གྱི་གོ་རིམ་སྒྲུབ་པའི་སྐབས་སུ་ཏིང་ངེ་འཛིན་སྒྲུབ་ཚུལ་གྱི་མཆོག་ཚུལ་ཁྲིམས་ཡིན་པར་བསླབ་བཏུས་སུ་གསུངས་པས་འདི་དང་དོན་གཅིག་གོ །དེ་ལྟར་ལུས་ངག་གི་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ཡོངས་སུ་དག་པ་ན། རྒྱན་ལས། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། །ཞེས་གསུངས་པ་ལྟར་ཉོན་མོངས་མངོན་གྱུར་གནོན་པའི་ཏིང་ངེ་འཛིན་དང༌།


GTD005_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

ས་བོན་སྤོང་བའི་ཤེས་རབ་ཀྱི་བསླབ་པའང་ཕུན་སུམ་ཚོགས་པར་གྱུར་ཏེ་བསླབ་གསུམ་ཡོངས་སུ་རྫོགས་པའི་དཔལ་ཡོན་ཅན་དུ་འགྱུར་རོ། །དེའང་དཔལ་གྱི་སྐད་དོད་ཤྲཱི་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་བཤད་པ་མང་དུ་འཇུག་ཀྱང༌། འདིར་བསླབ་པ་གསུམ་གྱི་ཁོངས་སུ་ཆོས་གཟུགས་ཀྱི་སྐུ་གཉིས་འགྲུབ་པའི་རྒྱུ་ཚོགས་གཉིས་ཟུང་དུ་འཇུག་པའི་དོན་ཏེ། དེ་ལྟར་ན་དངོས་སུ་ཚུལ་ཁྲིམས་མཐར་ཕྱིན་ཞེས་གསུངས་པའང་ཨུ་པ་ལི་བཞིན་ཆོས་འདུལ་བའི་བཀའ་བབ་ལྟ་བུར་གྱུར་པའི་གནད་ཀྱི་གཙོ་བོ་སྨོས་པ་ཡིན་ལ། དོན་གྱིས་དེ་ལ་བརྟེན་པའི་ཡོན་ཏན་ལམ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྟོགས་པ་ཁྱད་པར་ཅན་རྣམས་མངོན་དུ་མཛད་དེ་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པའི་ཚུལ་བསྟན་པ་ཡིན་ནོ། །དེང་དུས་ཕལ་ཆེར་འདི་འདྲ་བ་ལ་གྲུབ་པ་བརྙེས་པའི་རྟགས་སུ་མི་འཛིན་པར་མངོན་ཤེས་ཕྲན་ཚེགས་རེའམ། རྡོ་ལ་ལག་རྗེས་བཞག་པ་ལྟ་བུ་ལ་ཆེས་ཡ་མཚན་དུ་བྱེད་པ་ནི་ཆོས་ཀྱི་གནད་མ་གོ་བ་ཡིན་ཏེ། ཚད་མ་རྣམ་འགྲེལ་ལས། ཚུར་ཤོག་བྱ་རྒོད་བསྟེན་པར་གྱིས། །ཞེས་སྐྱོན་བརྗོད་མཛད་པ་བཞིན། མངོན་ཤེས་ཕྲ་མོ་དུད་འགྲོ་ལའང་ཡོད་པ་མང་ཞིང༌། མཁའ་ལ་རྒྱུ་བའི་ཡི་དྭགས་རྣམས་དང༌། དེས་རྒྱུད་བརླམས་པ་ཕལ་ཆེར་ལ་འབྱུང༌། རྡོ་ལ་ལག་རྗེས་འཇོག་པ་ལྟ་བུ་རྩྭ་ཨ་ཝ་ཟོས་པའི་ར་ལུག་ཡན་ཆད་ཀྱིས་ཐུབ་ཀྱང་དེས་ཕྱི་མར་ཕན་རྒྱུ་ཅུང་ཟད་ཀྱང་མེད་པས། ཆོས་ཀྱི་གྲུབ་འབྲས་ཤསྟྲ་ཞེས་པའི་ཤ་ས་ན་ངེས་ཚིག་གིས་བཤད་པར། ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང༌། །ཞེས་གསུངས་པ་བཞིན། ཤེས་རྒྱུད་ཀྱི་ཉོན་མོངས་ལ་གནོད་ཐུབ་པ་


GTD005_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་ཏེ། རྒྱལ་བས་ཆོས་བསྟན་པ་མཐའ་དག་ཀྱང་བྱིས་པའི་རྩེད་མོ་ལྟ་བུ་དེ་འདྲའི་དོན་དུ་མ་ཡིན་པར་སེམས་རྒྱུད་འདུལ་བའི་ཐབས་ཁོ་ནར་གསུངས་པས་སོ། །གསུམ་པ་སྐལ་ལྡན་གཞན་རྗེས་སུ་བཟུང་བའི་ཚུལ་ནི། གང་གི་ཡོན་ཏན་པདྨོའི་སྐྱེད་ཚལ་དུ། །འཁོར་བའི་བློ་གསལ་བུང་བ་མ་ལུས་པ། །ལེགས་བཤད་སྦྲང་རྩིའི་བཅུད་ཀྱིས་ཚིམ་མཛད་པ། །མཚུངས་མེད་བླ་མའི་ཞབས་ལ་གསོལ་བ་འདེབས། །ཞེས་བཤེས་གཉེན་དམ་པ་གང་གི་ལུང་རྟོགས་ཀྱི་ཡོན་ཏན་པདྨོའི་དྲི་བསུང་མངོན་པར་འཐུལ་བའི་ཆོས་ཀྱི་སྐྱེད་ཚལ་དུ་དད་པའི་ཤུགས་ཀྱིས་ཉེ་བར་འཁོར་བའི་ཐར་འདོད་བློ་གསལ་གྱི་བུང་བ་མ་ལུས་པ་རང་རང་གི་སྐལ་བ་དང་འཚམ་པར་ཟབ་པ་དང་རྒྱ་ཆེ་བའི་ལེགས་བཤད་སྦྲང་རྩིའི་བཅུད་ཀྱིས་ཚིམ་པར་མཛད་པ་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དང་བཀའ་དྲིན་གང་གི་ཆ་ནས་ཀྱང་མཚུངས་ཟླ་མེད་པའི་དཔལ་ལྡན་བླ་མ་དམ་པའི་ཞབས་ལ་གསོལ་བ་འདེབས་ཞེས་པ་ཡིན་ལ། རྒྱས་པར་ན་སྒྲུབ་སྡེ་དུ་མ་ཕྱག་འདེབས་མཛད་ཚུལ་གསུང་ལས་སྐྱེས་པའི་བུ་ཆེན་རྣམས་ཀྱི་མཚན་དང་དེ་དག་གི་ཡོན་ཏན་བརྗོད་པའང་བླ་མའི་ཆེ་བར་འགྱུར་ཏེ། བསྟོད་པ་བརྒྱ་ལྔ་བཅུ་པ་ལས། ཁྱོད་ཀྱི་སློབ་མ་བཟང་པོའི་ཤིང༌། །དགེ་བའི་མེ་ཏོག་ཆེར་རྒྱས་པ། །དཔྱིད་ཀའི་ཤིང་ནི་མེ་ཏོག་གིས། །བརྒྱན་པ་ལྟ་བུར་མཛེས་པ་ལགས། །ཞེས་དང༌། ས་པཎ་གྱིས། དྲི་ལྡན་མེ་ཏོག་རྒྱང་རིང་ཡང༌། །བུང་བ་སྤྲིན་གྱི་ཚོགས་བཞིན་སྡུད། །ཅེས་གསུངས་པ་ལྟར་རོ། །གསུམ་པ་མཇུག་གི་དོན་ལ། ཇི་ལྟར་བརྩམས་པའི་ཚུལ། བརྩམས་པའི་དགེ་བ་བསྔོ་བ། སྦྱར་བྱང་གསུམ་གྱི་དང་པོ་ནི།


GTD005_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་བླ་མའི་རྣམ་ཐར་རྒྱ་མཚོ་ལས། །ཆུ་ཐིགས་ཙམ་ཞིག་སྤེལ་བའི། ཞེས་གསུངས། གཉིས་པ་ནི། དགེ་བ་ཡིས། ཐེག་མཆོག་བཤེས་གཉེན་ཁྱོད་དང་མི་འབྲལ་ཞིང༌། །རྣམ་འདྲེན་རྒྱལ་བའི་གོ་འཕང་མྱུར་ཐོབ་ཤོག །ཅེས་གསུངས། དོན་ནི། འདིར་སྨོས་པ་འདི་ཉིད་ཡོན་ཏན་ཆ་ཚང་བར་བཤད་པ་ཡིན་ནམ་ཞེ་ན། དེ་ལྟར་བསྟོད་པ་བྱས་པ་འདི་ནི་བླ་མའི་རྣམ་ཐར་ཐུན་མོང་དང་ཐུང་མོང་མ་ཡིན་པ་རྒྱ་མཚོ་ལྟ་བུ་ལས། ཡོངས་སུ་གྲགས་པའི་མཛད་པའི་ཆ་ཤས་ཆུ་ཐིགས་ཙམ་ཞིག་ཚིགས་བཅད་དུ་སྤེལ་བ་ཡིན་གྱི། ཆ་ཚང་བར་བརྗོད་པར་ག་ལ་ནུས། འོན་ཀྱང་ཞིང་ཁྱད་པར་ཅན་གྱི་མཐུ་ལ་བརྟེན་པའི་དགེ་བ་འདི་ཡིས་མཁའ་མཉམ་འགྲོ་བ་མཐའ་དག་ཚེ་རབས་ཀུན་ཏུ་ཐེག་པ་མཆོག་གི་དགེ་བའི་བཤེས་གཉེན་ཁྱོད་དང་སྐད་ཅིག་ཙམ་ཡང་མི་འབྲལ་ཞིང༌། གསུང་གི་བདུད་རྩི་ངོམས་པ་མེད་པར་མྱོང་སྟེ་ས་ལམ་གྱི་རྟོགས་པ་རིམ་གྱིས་བགྲོད་ནས་རྒྱལ་བའི་གོ་འཕང་རིན་པོ་ཆེ་མྱུར་བ་ཉིད་དུ་ཐོབ་པར་ཤོག་ཅེས་དགེ་བ་མི་ཟད་པར་བྱེད་པ་བྱང་ཆུབ་མཆོག་ཏུ་བསྔོ་བས་རྒྱས་བཏབ་བོ། །སྦྱར་བྱང་ནི། ཅེས་འཁོར་བའི་བྱ་བ་མཐའ་དག་ཆུ་ཤིང་ལྟར་སྙིང་པོ་མེད་པར་གཟིགས་ནས་དབེན་པའི་གནས་སུ་སྒྲུབ་པའི་རྒྱལ་མཚན་འཛིན་པར་མཛད་པའ་ིསེམས་དཔའ་ཆེན་པོ་གཉན་རྩེ་དཔོན་སློབ་ངག་དབང་ཆོས་འཕེལ་བའི་ཞལ་སྔ་ནས་ཀྱི་གསོལ་འདེབས་འདི་ནི་རི་ཁྲོད་པ་དགེ་སློང་བཀྲ་ཤིས་རྒྱ་མཚོས་བསྐུལ་བའི་ངོར། ལུང་དང་རིགས་པ་སྨྲ་བ་༸དཀོན་མཆོག་འཇིགས་མེད་དབང་པོའི་སྡེས་དབེན་གནས་བཀྲ་ཤིས་དགེ་འཕེལ་དུ་སྦྱར་བའི་ཡི་གེ་པ་ནི་དགེ་སློང་ངག་དབང་ཕུན་ཚོགས་སོ། །


GTD005_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་ཏེ་གོ་སླ་བའི་དབང་དུ་བྱས་ནས་མ་སྤྲོས་སོ། །སྨྲས་པ། ཡབ་རྗེའི་དགོངས་པ་ཟབ་མོའི་སྤྲིན་གྱི་ཀློང༌། །འགྲེལ་བྱེད་སྙན་པའི་འབྲུག་སྒྲ་རོལ་བ་ཡིས། །དགའ་དད་གར་གྱིས་རྩེན་པའི་མདོངས་མཐའ་མ། །རྣམ་གྲོལ་གཏོས་བཟང་འཛིན་པའི་སྒེག་གྱུར་ཅིག །ཅེས་པ་འདི་ནི་རྡོར་ཞར་ངག་དབང་ཆོས་འཛིན་སོགས་དོན་གཉེར་ཅན་འགའ་ཞིག་གི་མོས་ངོར། ཆོས་སྨྲ་བ་༸དཀོན་མཆོག་བསྟན་པའི་སྒྲོན་མེས་མདོ་སྨད་བསྟན་པའི་འབྱུང་གནས་དཔལ་ལྡན་བཀྲ་ཤིས་འཁྱིལ་དུ་སྦྱར་བའི་ཡི་གེ་པ་ནི་དགེ་སློང་དཀོན་མཆོག་ཀུན་དགའོ།། །།

བཀའ་གདམས་གོང་མའི་རྣམ་ཐར་དང་འབྲེལ་བའི་ཀུན་འཁོར་སྣ་ཚོགས།


GTD005_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་གདམས་གོང་མའི་རྣམ་ཐར་དང་འབྲེལ་བའི་ཀུན་བཟང་ འཁོར་ལོ་སོགས་ཀུན་འཁོར་སྣ་ཚོགས་ཀྱི་སྐོར་ངོ་མཚར་འཕྲུལ་གྱི་ལེགས་བཤད་ཅེས་བྱ་བ་བཞུགས་སོ། །


GTD005_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་བཤད་འོད་བརྒྱས་ཐུབ་བསྟན་ཉིན་མོར་བྱེད། །རིན་ཆེན་སེམས་ཀྱིས་འགྲོ་ཀུན་བུ་བཞིན་དགོངས། །འཛམ་གླིང་ཀུན་ན་མཚུངས་པའི་ཟླ་མེད་པ། །ཇོ་བོ་ཨ་ཏི་ཤ་ལ་གུས་ཕྱག་འཚལ། །སྤྱན་རས་གཟིགས་དབང་ཐུགས་རྗེའི་ཟློས་གར་གྱིས། །བོད་ཡུལ་མུན་གླིང་དཀར་པོར་བསྒྱུར་མཛད་ཅིང་། །ཁྱད་པར་བཀའ་གདམས་གཙང་མའི་སྲོལ་འབྱེད་པ། །རྒྱལ་བའི་འབྱུང་གནས་སྙིང་གི་ཟེའུ་འབྲུར་བཞུགས། །འདྲེན་པ་ལྷ་བཞིའི་ཐོར་ཅོག་སྤྱི་བོར་བཅིངས། །བསླབ་གསུམ་ཀ་ཤིའི་རས་བཟང་ལུས་ལ་བགོས། །སྤྲུལ་བའི་དྲང་སྲོང་སྐུ་མཆེད་གསུམ་ལ་སོགས། །བཀའ་གདམས་གོང་མའི་རྣམ་ཐར་བསམ་ཞིང་དད། །ལུགས་བཟང་དེ་ཉིད་ཟབ་གསང་འདབ་མ་བརྒྱར། །བཞད་ཕྱིར་མར་མེ་མཛད་དཔལ་སླར་བྱོན་པ། །རྒྱལ་བའི་དབང་པོ་བློ་བཟང་གྲགས་པའི་དཔལ། །ཡབ་


GTD005_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

སྲས་བརྒྱུད་པར་བཅས་ལ་བདག་ཕྱག་འཚལ། །མདོ་སྨད་ཞིང་ཁམས་འདི་ཡང་ཐུགས་རྗེ་ཡིས། །སྐྱོང་བར་འབྲོམ་རྗེ་ཉིད་ཀྱིས་ཞལ་བཞེས་བཞིན། །བྱོན་པ་ཀུན་མཁྱེན་འཇམ་དབྱངས་བཞད་པའི་སྡེ། །འཁྲུངས་རབས་བརྒྱུད་པར་བཅས་ལ་གུས་པས་འདུད། །ཇོ་བོ་བཀའ་གདམས་པ་དང་དགེ་ལྡན་ཞེས། །མིང་འདོགས་ཐ་དད་ཙམ་ལས་རྒྱལ་བའི་བཀའ། །མཐའ་དག་གདམས་པར་ཤར་བས་འཁྲུལ་བྲལ་གྱི། །ལྟ་སྒོམ་སྤྱོད་ལ་དབྱེ་བ་འགའ་མ་མཆིས། །དེ་ཕྱིར་རྒྱལ་བའི་དགོངས་པ་རྨ་མེད་པའི། །བསྟན་དང་བསྟན་འཛིན་རྣམས་ཀྱི་རྣམ་པར་ཐར། །བརྩམས་ཏེ་བསྟོད་པ་ཀུན་ཏུ་བཟང་པོ་ཡིས། །བསྔགས་པའི་མེ་ཏོག་འཕྲེང་བ་དེང་འདིར་སྤེལ། ། ༈ མདོ་སྔགས་བསྟན་པའི་གནད་ཀུན་ཚང་བ་ལྷ་ཆོས་བདུན་ལྡན་ལུགས་འདི་ཁོ་ནར་མངོན། །རྒྱུད་སྡེའི་


GTD005_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་པ་ཇི་བཞིན་གཟིགས་པའི་མར་མིའི་གདམས་ངག་ཀུན་ཀྱང་འདུས་པའི་ཕྱིར། །གསང་ཆེན་བསྟན་ལའང་ལུགས་འདི་ལྷག་པར་རྒྱུད་དོན་སྟོན་པས་ཇི་ལྟར་བསྟན་དང་མཐུན། །དེ་ཕྱིར་དད་པ་མི་གཡོ་བ་ཡིས་ལུགས་འདིར་འཇུག་པ་སྐལ་བ་མཆོག་ཏུ་བཟང༌། །ཆོས་འདུལ་སྤྱོད་ལས་མི་འདའང་ནང་དུ་རིམ་གཉིས་རྣལ་འབྱོར་ཉི་འོད་རྩེ་དགའ་འཛིན། །ཆགས་སྡང་ང་རྒྱལ་ཀུན་ནུབ་ཞི་དུལ་སྤྱོད་པ་ཇི་ལྟར་པད་མའི་སྦུབས་བཞིན་གཙང༌། །ནམ་ཡང་ཁྲོ་མེད་སྙིང་རྗེ་རྒྱས་པས་འཛུམ་དཀར་གསལ་ཞིང་འགྲོ་ཀུན་གཉེན་ལྟར་དགོངས། །ཐུགས་མཆོག་བཟང་པོས་འགྲོ་ཀུན་མགོན་གྱུར་སྐྱབས་གྱུར་གླིང་དང་དཔུང་གཉེན་གྱུར་དེས་ན། །ལྷ་ཅིག་ཇོ་འབྲོམ་ཐུགས་རྗེས་ཟུངས་མཛོད་ཅིག་ཅེས་སྙིང་ནས་འདུད་དོ་སྲིད་ལས་སྐྱོབས། །ཆོས་ཀྱི་རྒྱ་མཚོ་ཕན་བདེའི་གཞིར་གྱུར་མར་གྱུར་འགྲོ་བའི་སྲིད་ཞིའི་རྒུད་པ་སེལ། །ཐུབ་བསྟན་ཡོངས་རྫོགས་ཕྱོགས་མཐར་དར་རྒྱས་ཡུལ་དུ་འཕེལ་བར་བྱེད་ལ་མཚུངས་ཟླ་མེད། །བཀའ་གདམས་སྲོལ་འཛིན་དམ་པ་སྐུ་མཆེད་གསུམ་སོགས་མགོན་པོ་མཚུངས་མེད་རྣམས་ཀྱི་ལུགས། །མདོ་སྔགས་བཤད་སྒྲུབ་བསྟན་པའི་ཉིང་ཁུ་སྐལ་བཟང་ཐར་འདོད་སྙིང་ནས་འཇུག་ངོགས་དེ། །ལུང་རིགས་འབུམ་སྡེའི་ཉི་མ་བཞིན་དུ་གསལ་བྱས་ཡབ་རྗེའི་བསྟན་པའི་སྲོལ་འདི་ཡིན། །དེ་སླད་རྒྱུད་ལྔའི་སྲིད་མཚོ་


GTD005_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོལ་འདོད་མཐའ་དག་ལྷ་ཆོས་བདུན་ལྡན་བསྟན་འདིར་ཞུགས། །ཐུབ་ཆེན་སྤྱན་རས་གཟིགས་དང་རྒྱལ་ཡུམ་ལྷ་མཆོག་མི་གཡོ་མགོན་པོས་བདུད་འདུལ་ཞིང༌། །གསང་བ་སྔགས་དང་སྡེ་སྣོད་གསུམ་བཅས་རྒྱལ་བསྟན་གྲུ་བཞི་ལམ་འཁྱེར་འདིའི་ཁྱད་ཆོས། ། ༈ ཐོག་མར་བཅུ་བདུན་འཕྲེང་རྣམས་བཀླགས་པ་ཡིས། །ལྷ་ཆོས་བདུན་ལྡན་བཀའ་གདམས་གསར་རྙིང་གི །བསྟན་དང་བསྟན་འཛིན་རྣམས་ཀྱི་རྣམ་པར་ཐར། །བཅོས་མས་མ་བསླད་རང་བཞིན་གསོང་པོར་བརྗོད། །ཁྱད་པར་གསང་སྔགས་གསང་བས་འགྲུབ་པའི་ཚུལ། །མ་རྟོགས་བླུན་པོ་ལ་ལ་བཀའ་གདམས་པར། །མདོ་ཕྱོགས་ཙམ་ལས་མར་མི་དང་མཚུངས་པའི། །གསང་སྔགས་གདམས་པ་ཟབ་མོ་མེད་ཅེས་ཟེར། །དེ་ཕྱིར་ཕྱི་རུ་ཆོས་འདུལ་ལ་གནས་ཤིང༌། །ནང་དུ་ཟབ་ལམ་རིམ་གཉིས་རྣལ་འབྱོར་སྐྱོང༌། །རྒྱལ་བསྟན་གྲུ་བཞི་ལམ་གྱིས་འཁྱེར་བ་ཡི། །ཁྱད་ཆོས་རྩལ་དུ་བཏོན་ནས་བསྔགས་པ་བརྗོད། །དེ་རྗེས་སྟེང་གི་དབུས་ནས་མགོ་བརྩམས་ཏེ། །ཟུར་ལ་ཆོས་སྐོར་ཚུལ་དུ་བཀླགས་པ་ཡིས། །རྒྱལ་དང་སེམས་དཔའ་སེམས་མ་ཁྲོ་བོའི་རིགས། །སྡེ་ཚན་སོ་སོར་གཅིག་ཏུ་བསྡོམས་པའི་དངོས། །བསྟན་པའི་རྗེས་འཇུག་སྤྱི་དང་གངས་ཅན་པ། །གཞན་ཕན་འཕྲིན་ལས་བྱང་ཆུབ་སེམས་གཉིས་ཀྱི། །ལྷར་གྱུར་ཐུབ་པའི་དབང་པོ་


GTD005_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་རས་གཟིགས། །སྒྲོལ་མ་མི་གཡོ་མགོན་རྣམས་རིམ་པར་བསྟོད། །དེ་རྗེས་གྲུ་བཞི་ཀུན་ནས་དབུས་བཀླགས་པས། །མདོ་མངོན་འདུལ་བའི་སྡེ་སྣོད་སྔགས་དང་བཅས། །གྲུ་བཞི་ལམ་དུ་འཁྱེར་ཞིང་ཀུན་གྱི་གནད། །གཅིག་ཏུ་འབབ་པའི་ངོ་མཚར་དགའ་སྟོན་སྤེལ། །ལ་ལ་ཀློག་ཚུལ་གྲངས་མང་ཁོ་ནའི་ཕྱིར། །བཟང་ལེགས་མཆོག་སོགས་ཚིག་ཙམ་བསྒྲིགས་པ་ཡི། །རྗོད་བྱེད་སྒྲ་ཡི་གྲངས་སུ་ཆུད་ཙམ་དེ། །མ་ཡིན་བརྗོད་དོན་འབྲེལ་ཆགས་རིམ་པར་སྨྲས། །དགེ་བས་ཐུབ་བསྟན་སྙིང་པོ་དྲི་མ་མེད། །བཀའ་གདམས་སྲོལ་བཟང་ཕྱོགས་མཐར་རྒྱས་པ་དང༌། །དེ་ཉིད་བཤད་དང་སྒྲུབ་པས་ཚུལ་བཞིན་དུ། །འཛིན་བཟོད་སྐྱེས་མཆོག་དམ་པས་ས་ཁྱབ་ཤོག །རྟེན་མཆོག་འདི་རྣམས་བཞེངས་པར་འབྲེལ་ཐོགས་པའི། །སྐྱེ་བོ་ཀུན་ཀྱང་ཚེ་རབས་ཐམས་ཅད་དུ། །ཇོ་བོ་


GTD005_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་སྲས་རྣམས་ཀྱིས་རྗེས་བཟུང་སྟེ། །བཀའ་གདམས་གཙང་མའི་རྣམ་ཐར་སྐྱོང་གྱུར་ཅིག །ཅེས་པ་འདི་ནི་མདོ་སྔགས་ཀྱི་གཞུང་དང་གདམས་པ་ཀུན་ལ་ནང་བྱན་ཚུད་ཅིང་གཅིག་ཏུ་བསྟན་པའི་ཁུར་འཁྱེར་བའི་ལྷག་བསམ་གྱི་གོ་ཆ་ཅན་ཁྲི་རིན་པོ་ཆེ་དཀོན་མཆོག་རྒྱལ་མཚན་ནས་ཇོ་བོ་ཡབ་སྲས་དང་རྗེ་བླ་མའི་བཞེད་སྲོལ་ལྟར་གྱི་བཤད་སྒྲུབ་གཙང་མའི་རྒྱུན་འཕེལ་རྒྱས་ཀྱི་རྟེན་འབྲེལ་ཁོ་ནར་དགོངས་ཏེ་གསེར་ཟངས་ལས་གྲུབ་པ་བྱིས་པ་ལོ་བརྒྱད་ཀྱི་ཚོད་ཙམ་པའི་ཇོ་བོ་ཡབ་སྲས་སོགས་བཀའ་གདམས་གོང་མ་རགས་བསྡུས་ཀྱི་སྐུ་བརྙན་སུམ་ཅུ་སྐོར་སོགས་རྟེན་དང་བརྟེན་པར་བཅས་པ་གསར་བཞེངས་ཀྱི་ཐུགས་ཁུར་དང་གང་ཅིའི་ཆ་རྐྱེན་བསྒྲིགས་ཤིང༌། སོ་ཉིད་ཤོག་གི་གྲྭ་སློབ་རྣམས་ནས་སྦྱིན་བདག་གི་མཐིལ་བྱས་ཏེ་རབ་བྱུང་བཅུ་བཞི་པའི་བགྲང་བྱ་གཉིས་པ་རྣམ་བྱུང་གི་ལོ་བཀའ་གདམས་ཕོ་བྲང་གསར་བསྒྲིག་སྐབས་བཀའ་གདམས་གོང་མའི་རྣམ་ཐར་དང་འབྲེལ་བའི་ཀུན་བཟང་འཁོར་ལོ་ཞིག་འབྲི་


GTD005_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་ཚུལ་བསྐུལ་མ་གནང་བ་ལྟར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་འཕྲལ་དུ་སྦྱར་བའི་ཡི་གེ་པ་ནི་དགེ་སློང་དཀོན་མཆོག་ཀུན་དགས་བགྱིས་པ་ལེགས་བྱས་སྒོ་བརྒྱ་དབྱེ་བའི་རྒྱུར་གྱུར་ཅིག །༈ ཨོཾ་སྭ་སྟི། སྒྲ་དབྱངས་དབྱར་རྔ་དང་འགྲོགས་བསྔགས་ཚིག་མནྡ་ར་ཡི་ཆར། །ལྷ་ཡི་རྫིང་རིང་ཁྱབ་པར་འབེབས་པས་ཡིད་སྲུབ་སྡེར་བཅས་གདུང་བྱེད་ཅིང༌། །དྲེགས་ལྡན་ས་འཛིན་འཕྲེང་བའི་རྩེ་ན་ཞབས་སེན་ཐུན་མཚམས་འཆར་ཀའི་འོད། །ཉེར་མཛེས་འགྲོ་བའི་བླ་མ་རྣམ་འདྲེན་ཤཱཀྱ་སེང་གེས་དགེ་ལེགས་སྩོལ། །ཕན་བདེའི་འབྱུང་གནས་ཐུབ་བསྟན་ནོར་འཛིན་ཁྱོན། །སྙིགས་མའི་ཆུ་མཚོར་བྱིང་ཚེ་ཐབས་མཁས་ཀྱི། །རུས་སྦལ་ཟོལ་གྱིས་འདེགས་པའི་སྙིང་སྟོབས་ཆེ། །ཡབ་རྗེ་རྒྱལ་བ་གཉིས་པ་རྒྱལ་གྱུར་ཅིག །རྒྱལ་ཀུན་མཁྱེན་བརྩེའི་ཟིལ་མངར་བདུད་རྩིའི་བཅུད། །གཅིག་ཏུ་འཁྱིལ་བ་ནོར་བུའི་ཟ་མ་ཏོག། །ཁམས་གསུམ་སྐྱེ་རྒུའི་བླ་ན་བསྟེན་པ་ཡི། །འདྲེན་མཆོག་བསྐལ་བཟང་རྒྱ་མཚོ་གཙུག་ན་རྒྱལ། །བློ་གྲོས་བཟང་པོའི་མཁྱེན་བརྩེའི་ལམ་ཡངས་པོར། །དཔལ་ལྡན་རྒྱུ་སྐར་ཅན་གྱི་བདག་པོ་ཞེས། །སྙན་པར་རབ་གྲགས་རྒྱལ་ཀུན་ཡེ་ཤེས་ཆ། །གཅིག་བསྡུས་སྣང་མཐའི་མགོན་པོར་སྙིང་ནས་འདུད། །རྒྱལ་བའི་དབང་པོ་པད་དཀར་འཆང་བ་ཉིད། །སླར་ཡང་གངས་ལྗོངས་བསྟན་འགྲོའི་དཔལ་མགོན་དུ། །ངུར་སྨྲིག་གར་བསྒྱུར་འཇམ་དཔལ་རྒྱ་མཚོའི་སྡེ། །འཁྲུངས་རབས་བརྒྱུད་པར་བཅས་ལ་སྙིང་ནས་འདུད། །འཇམ་མགོན་ལུགས་བཟང་གསེར་གྱི་ཤིང་རྟ་ཆེ། །ཁ་ལོ་སྒྱུར་མཛད་འཇམ་དབྱངས་བཞད་


GTD005_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཞབས། །ལ་སོགས་མི་འཇིགས་ཆོས་ཀྱི་ཁྲི་འཕང་ལ། །མངའ་བསྒྱུར་ཡོངས་འཛིན་རིམ་བྱོན་ཕྱག་གི་ཡུལ། །༈ ༼༡༽རྒྱལ་བ་ཀུན་ལས་ཐུགས་བསྐྱེད་རྨད་བྱུང་རྣམ་འདྲེན་ཤཱཀྱའི་རྒྱལ། །རྒྱལ་བའི་རྒྱལ་ཚབ་མི་ཕམ་འཇམ་དབྱངས་རྒྱལ་སྲས་རྒྱ་མཚོའི་ཚོགས། །༼༢༽འདྲེན་མཆོག་མཆོག་གིས་ལུང་བསྟན་ཀླུ་སྒྲུབ་ཐོགས་མེད་ཐེག་མཆོག་བསྟན། །བསྟན་པའི་སྙིང་པོ་གསལ་མཛད་འཕགས་ཡུལ་མཁས་པ་རྣམས་ཀྱི་མཆོག །༼༣༽འགྲོ་བ་ཀུན་གྱི་སྐྱབས་གཅིག་ཇོ་འབྲོམ་མཁྱེན་བརྩེའི་དཔལ་འབྱོར་རྒྱས། །ཉི་ལྟར་བསྟན་པའི་པད་ཚལ་རྒྱས་མཛད་སྨྲ་བའི་མཆོག་གྱུར་ཡང་། །༼༤༽ལུས་ཅན་ཡོངས་ཀྱི་ཕན་བདེའི་གཞིར་གྱུར་རྣམ་མང་ཚུལ་སྟོན་མཛད། །མ་རིག་མུན་པ་སེལ་མཛད་ཀླུ་སྒྲུབ་ལུགས་གྱུར་རིགས་གཞུང་དག །༼༥༽མ་ལུས་གསལ་མཛད་བསྔགས་འོས་འདུས་གྲྭ་སྒོ་མང་ལེགས་བཤད་སྒོ། །སྒོ་བརྒྱའི་ལེགས་ཚོགས་སྤེལ་མཛད་སྡེ་བཞིའི་དཔལ་འབྱོར་རབ་འཕེལ་ཞིང༌། །༼༦༽མང་མང་སྐྱེ་རྒུའི་བཀུར་བྱའི་བཀྲ་ཤིས་གྲགས་པའི་བ་དན་མང༌། །མང་ཐོས་ཟབ་དོན་སྨྲ་མཁས་དཔལ་ལྡན་མཁས་པ་ཀུན་གྱི་མཆོག །༼༧༽སྒོ་འཕར་ཡངས་པོར་ཕྱེ་བས་བཀྲ་ཤིས་དཔལ་འབྱོར་ཀུན་ནས་འདུས། །སྲིད་ཞིའི་ཕུན་ཚོགས་ཆུ་གཏེར་བཀྲ་བ་ཞྭ་སེར་བསྟན་པའི་དཔལ། །༼༨༽ཤིས་བརྗོད་དབྱར་རྔའི་སྒྲ་ལྡན་བཀྲ་ཤིས་ཆར་འབེབས་འདོད་ཅན་གྲྭ། །ཞི་བདེའི་འཇའ་ཚོན་བཀྲ་ཤིས་བཀྲ་ཤིས་མཆོག་གི་དཔལ་དང་ལྡན། །༼༩༽བཀྲ་ཤིས་ཆོས་ཀྱི་


GTD005_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལ་མངའ་བསྒྱུར་སྒོ་གསུམ་ཞི་དུལ་ཞིང་། །རབ་འབྱམས་གསུང་རབ་སྒོ་བརྒྱའི་ཟབ་དོན་སྒོ་འབྱེད་ལུང་རིགས་བཀྲ། །༼༡༠༽མཆོག་མཁས་རིག་གནས་ཀུན་གཟིགས་བློ་གསལ་མཁས་མང་སྐྱབས་ཀྱི་མཆོག །འབྱམས་ཀླས་གཞུང་མང་ཇི་བཞིན་འགྲེལ་པའི་མཁས་མང་རྣམས་བཀྲ་ཤིས། །༼༡༡༽གཏེར་གྱི་འབྱུང་ཁུངས་ཇི་བཞིན་འགྲོ་ཀུན་ཚིམ་བྱས་རྣམ་པར་བསྟན། །གསལ་བསྟོད་རྣམ་དག་ཟབ་མོའི་དོན་གཟིགས་མཁས་མཆོག་རྣམ་མང་སྔོ། །༼༡༢༽གྲུབ་པའི་དབང་ཕྱུག་གོ་འཕང་མཆོག་བརྙེས་འཕགས་ཚོགས་རྣམ་པར་མཁས། །མཁས་པར་སྐྱོན་བྲལ་ཡོན་ཏན་རབ་རྫོགས་མཁས་གྲུབ་རྣམ་པར་མང་། །༼༡༣༽མཁས་མཆོག་འཇམ་མགོན་ལུགས་འཛིན་དཔལ་ལྡན་བཀྲ་ཤིས་སྒོ་མང་རྒྱལ། །རྒྱལ་མཆོག་ཁྲིམས་དག་རྣམ་མང་སྒོ་མང་མཁས་དབང་གྲུབ་མཆོག་མཁས། །༼༡༤༽མཁས་དབང་མདོ་རྒྱུད་རྒྱ་མཚོའི་མཐར་སོན་འཕགས་ཆེན་འདུས་ཚོགས་རྒྱལ། །རྒྱལ་མཆོག་ལྷ་ཡི་ལྷ་ཚོགས་འདུས་ཆེན་འཕགས་མཆོག་གྲུབ་དབང་མཁས། །༼༡༥༽མཁྱེན་གཏེར་མི་ཡི་གར་མཁན་ཡབ་རྗེའི་ལུགས་བཟང་རྒྱལ་མཚན་འཛིན། །རྣམ་པར་དག་པའི་ལུང་རིགས་འོད་ཟེར་འབུམ་འགྱེད་མཁས་གྲུབ་མཆོག། །༼༡༦༽ཀུན་བཟང་ཆོས་ཀྱི་དགའ་སྟོན་འགྲོ་ལ་སྩོལ་མཛད་རྒྱལ་བའི་ལུགས། །ཚོགས་མཆོག་རྣམ་དག་ཁྲིམས་ལྡན་འཕགས་བོད་གཞུང་དོན་ཀུན་གྱི་སྒོ། །༼༡༧༽རབ་འབྱམས་ལེགས་བཤད་ནོར་བུའི་ཚོགས་ཀྱི་གདམས་པའི་མཛོད་འཛིན་པའི། །ཆེན་པོའི་གཞུང་མང་འཆད་རྩོད་


GTD005_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

རྩོམ་ལ་ཀུན་གྱི་རྩེར་སོན་མང༌། །༼༡༨༽གསུང་རབ་དྲང་ངེས་ལེགས་པར་འབྱེད་མཁས་བསྟན་པའི་སྲོག་ཤིང་གཉིས། །འཕགས་སེང་དགོངས་དོན་སྒོ་འཕར་ཕྱེ་ལ་བསྔགས་ཚིག་ཆུ་གཏེར་འདུས། །༼༡༩༽མངོན་པ་གོང་འོག་གཞུང་མང་རྣམ་མང་རིགས་པའི་རླབས་འཕྲོ་བ། །མང་ཐོས་གྲུ་གཟིངས་བཀྲ་ཤིས་ལེགས་བྱས་ཤུགས་ཀྱིས་འགྲོ་མཁས་ཚོགས། །༼༢༠༽འདུལ་བའི་ལེགས་བཤད་གཏེར་གྱི་སྒོ་འབྱེད་བསྟན་པའི་རྩ་ལག་རྒྱལ། །སྒོ་གསུམ་ཚུལ་ཁྲིམས་དྲི་བསུང་བཀྲ་བ་ཞྭ་སེར་འཆང་བའི་བསྟན། །༼༢༡༽ཚད་མེད་འཕྲིན་ལས་བཀྲ་ཤིས་གཏེར་གྱུར་རིག་གྲོལ་བརྒྱད་ལྡན་མང༌། །མཆོག་སྦྱིན་ཡོངས་སྨིན་བཀྲ་ཤིས་རྒྱས་མཛད་ཆོས་ཀྱི་ཁྲི་འཛིན་པའི། །༼༢༢༽དབུ་ཚད་འོད་སྣང་བཀྲ་བ་བསྟན་པའི་གཞིར་གྱུར་རིགས་པའི་སྒོ། །རྩ་ལག་མཚུངས་བྲལ་སྒོ་མང་ལུགས་མཆོག་སྤེལ་མཛད་བསྟན་པའི་བདག།།༼༢༣༽རྒྱུད་དོན་དྲི་བྲལ་ཐུགས་ཆུད་ལུས་ཅན་ཕན་བདེའི་དབྱིག་གི་གནས། །བསྟན་འཛིན་མཁས་མང་འདུས་ཚོགས་ཐུབ་བསྟན་ཡང་སྙིང་འཛིན་པ་པོ། །༼༢༤༽མདོ་རྒྱུད་ཟླ་འོད་བདུད་རྩིས་ཉོན་མོངས་གདུང་སེལ་ཕན་མཛད་འབྱུང༌། །རྒྱལ་སྲས་ཚོགས་མཆོག་ཐར་པའི་དེད་དཔོན་ཟླ་བྲལ་ཡང་དག་ཁྱོད། །༼༢༥༽གྲུབ་དབང་བརྒྱད་ལྡན་བློ་བཟང་གྲགས་པའི་མདོ་སྔགས་ལེགས་གྲུབ་པའི། །གྲུབ་མཆོག་བྱེ་བའི་བསྟི་གནས་འདོད་དགུའི་དཔལ་སྟེར་རྒྱལ་བསྟན་ཉིད། །༼༢༦༽མཁས་བཙུན་བཟང་ལྡན་མཆོག་བརྙེས་གྲུབ་མཆོག་དཔལ་ལྡན་ལུགས་མང་


GTD005_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

མཁས། །མཁས་དབང་གྲུབ་མཆོག་འདྲེན་མཛད་སྡོམ་གསུམ་བསླབ་པའི་འདུས་ཀུན་རྒྱལ། །༈ རྒྱལ་བསྟན་ཀཻ་ལ་ཤ་ཡི་སྤོར་འགྱིང་ཞིང༌། །འཇིགས་མེད་སྤོབས་པའི་ལུས་སྟོབས་རབ་ཏུ་རྒྱས། །དྲི་མེད་རིགས་པའི་མཆེ་སྡེར་འཕྲེང་བ་གཡོ། །མཁས་མང་གདོང་ལྔ་པ་རྣམས་བསྔགས་པར་འོས། །དེ་ཕྱིར་བདག་བློ་རྟ་ལྗང་གཞོན་ནུ་ཡིས། །བསྟོད་ཚིག་ཀུན་བཟང་འདབ་བརྒྱའི་གེ་སར་འཕྲེང༌། །ཆེས་ཆེར་བཞད་པའི་ལེགས་བཤད་སྦྲང་རྩིའི་རོ། །མྱོང་འདོད་བྷྲ་མ་རཿ ཡིས་གར་སྒྱུར་ཞིང༌། །མཐོ་རིས་རྣམ་པར་རྒྱལ་བའི་ཁང་བཟང་མཆོག །བསིལ་ལྡན་ཁོར་ཡུག་ཡངས་པའི་དགའ་ཚལ་དུ། །ལེགས་བྱས་ཚིག་མདའི་ལམ་ནས་འོངས་པ་བཞིན། །ཉེར་མཛེས་ཐེག་མཆོག་ཆོས་ཀྱི་གནྡྷོ་ལ། །ཡངས་པའི་སྒོ་འཕར་ཀུན་གསལ་སྒེག་མོའི་བཞིན། །མཛེས་བྱེད་ཀུན་བཟང་བསྟོད་ཚིག་སྲིད་པའི་མིག །བློ་གྲོས་འཕྲུལ་གྱིས་མི་འདྲིའི་བགྲོད་ལམ་ལྔ། །ཐོག་མར་ཉེར་དྲུག་འཕྲེང་རྣམས་མཐར་ཆགས་ཀློག །དེ་ནས་ཕྱོགས་བཞིའི་ཐིག་འཕྲེང་གཉིས་གཉིས་དང༌། །གྲུ་བཞིའི་ཐིག་འཕྲེང་རེ་རེ་དབུས་སུ་ཀློག །དེ་ནས་ནང་དུ་ཟུར་གྱིས་ཆོས་སྐོར་ཚུལ། །དེ་ནས་མཐར་ཆགས་མཐའ་སྐོར་གཡས་སུ་བསྐོར། །འདི་ལྟར་བསྔགས་པའི་ཆུ་འཛིན་དཀར་པོའི་འཕྲེང༌། །འདྲེན་མཆོག་དགྱེས་པའི་མཆོད་སྤྲིན་ཁོ་བོས་སྤྲོས། །འཕགས་ཡུལ་བྷེ་དར་བཿདང་ཀ་སྨི་རཿའི། །ལུགས་བཟང་ཀུན་འཁོར་ནོར་བུའི་ཕུང་པོ་ལས། །བོད་རྒན་རྟོག་བཟོའི་མཆིང་བུར་མཚར་འཛིན་པའི། །དུས་དང་བསྟུན་ནས་འདི་ལྟར་སྦྱར་བ་ལ། །


GTD005_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ནོངས་པ་མཆིས་ན་གཟུར་གནས་མཁས་པའི་ཚོགས། །ཤོང་དབང་བརྒྱུད་པར་བཅས་ལ་བདག་འཆགས་སོ། །ཆགས་སྡང་རྨོངས་པ་མི་ཡི་ཤ་ཚུགས་ཅན། །རང་མཚང་རི་བོའི་སྤོ་ལ་གནས་བཅས་ནས། །གཞན་སྐྱོན་རྡུལ་ཕྲན་ཚོལ་བའི་བྱ་ར་བ། །དེ་དག་རྣམས་ལ་མ་མཐོལ་ཉེས་པ་ཆུང༌། །འདིར་འབད་ལས་བྱུང་རྣམ་དཀར་དགེ་བའི་ཚོགས། །ཟླ་ཟེར་ཕོག་པའི་གངས་རིའི་ངོགས་འདྲ་བ། །འདི་ཡི་མཐུ་ལས་དགེ་འདུན་འདུསཔའི་སྡེ། །ཁྲིམས་གཙང་བཤད་སྒྲུབ་དབྱར་མཚོ་ལྟར་འཕེལ་ཞིང༌། །ཞེས་པའི་ཤོ་ལོ་ཀ་གཅིག་བྲིས་ཡོད་ཀྱང་གྲྭ་ཁང་སྒོ་འཕྱོར་དུ་མ་བཀོད་འདུག་ཅེས་ཞལ་ནས་དངོས་སུ་ཐོས་པ་བྲིས་པ་ཡིན། གྲགས་སྙན་ཕྱོགས་ཀྱི་འཁོར་ལོ་འགེངས་པ་ཡིས། །རང་གཞན་དོན་གཉིས་དགའ་སྟོན་ལྷུན་འགྲུབ་ཤོག །ཀུན་བཟང་འཁོར་ལོ་བརྗོད་བྱ་རྗོད་བྱེད་ཀུན་ཁྱད་དུ་འཕགས་པའི་ངོ་མཚར་ཅན་འདི་ནི༸རྗེ་བཙུན་བླ་མ་འཇམ་པའི་དབྱངས་ཉིད་དགུང་ལོ་ཉི་ཤུའི་སྐབས་སུ་མཁས་དབང་འགྲན་ཟླ་དང་བྲལ་བ་སྒོ་མང་དཔོན་སློབ་ཧོར་སྐལ་བཟང་དངོས་གྲུབ་པའི་ཞལ་སྔ་ནས་ཀྱིས་སྒོ་མང་གྲྭ་ཁང་གསར་གསོས་ཀྱི་སྐབས་དེའི་སྒོ་འཕྱོར་དུ་འདྲི་རྒྱུའི་ཀུན་བཟང་འཁོར་ལོ་ཞིག་དགོས་ཚུལ་གྱི་བསྐུལ་མ་ཞུས་པ་བཞིན་གནང་བ་ཡིན་ཚུལ་ཞལ་ནས་ཐོས་ཏེ་ཕྲན་རཏྣ་ཨཱ་ནནྟས་ཕྱིས་སུ་ཡང་ཡང་རྩད་བཅད་ནས་ཡི་གེར་བཀོད་པའོ།། །།༈ རྣལ་འབྱོར་ལྷག་བསམ་ཤུགས་ཀྱིས་བསྐུལ་བ་ཡིས། །ཚོགས་གཉིས་སྤྱོད་པ་མྱུར་དུ་རྫོགས་བྱས་ཏེ། །འགྲོ་བའི་དེད་དཔོན་བླ་ན་མེད་གྱུར་པ། །ཐུབ་མཆོག་སྲོལ་འཛིན་བརྒྱུད་པར་བཅས་ལ་འདུད། །ཁྱད་པར་


GTD005_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བའི་དབང་པོ་ཙོང་ཁ་པ། །ཀུན་མཁྱེན་བཞད་པའི་རྡོ་རྗེ་སྐུ་འཕྲེང་དང༌། །དེ་སྲས་ཐུ་བོ་ཁྲི་ཆེན་མཆོག་སྤྲུལ་སོགས། །བཀའ་དྲིན་འཁོར་མེད་རྣམས་ལ་སྙིང་ནས་འདུད། །༈ དབེན་པར་བཀའ་གདམས་རྣམ་ཐར་སྤྱོད། །ཆོས་ལ་གཞོལ་ཞིང་འདུ་འཛིས་དབེན། །སྒྲུབ་གནས་མཆོག་འདིར་དོན་གཉིས་ཀྱི། །དཔལ་ལ་སྤྱོད་ཕྱིར་ལེགས་གནས་ནས། །རྣོ་རྟུལ་ཡིད་དབང་རིམ་པ་བཞིན། །ལམ་བཟང་མངོན་དགའི་ཡིད་ཀྱིས་སྒྲུབ། །གཡེང་མེད་ཀུན་དགའ་དབེན་པའི་རིར། །སྒོམ་སྒྲུབ་ལ་དགའ་གཡེལ་བ་མེད། །རྣམ་ཀུན་མངོན་པར་ཆོས་སྒྲུབ་པའི། །རྩ་བ་ཆོས་དང་བླ་མར་གུས། །ཟབ་ལམ་མཚོན་གྱིས་དངོས་འཛིན་དང༌། །གཅེས་འཛིན་འཆིང་བ་ཕྱེ་མར་བརླག །མྱུར་དུ་སྨིན་ཅིང་གྲོལ་བས་བདེ། །བདེ་སྟོང་གསང་ཆེན་རྣལ་འབྱོར་བརྟེན། །སྒོམ་སྒྲུབ་ལ་གཞོལ་རྟག་ཏུ་བདེ། །བདེ་བའི་དགའ་སྟོན་སྲིད་ན་མཐོ། །གནས་ལུགས་ཟབ་མོའི་


GTD005_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་འཛིན་ལ། །དངོས་འཛིན་འཁྲུལ་པའི་ར་རིས་སྤོང༌། །གཞན་ཕན་གནས་གྱུར་ཆོས་ཀྱི་མཆོག །ཐེག་ཆེན་ཆོས་ལ་མངོན་པར་སྤྱོད། །སྲིད་པའི་རྩེ་དགའ་སྤངས་པ་ཡིས། །གཏན་གྱི་བདེ་དགའ་ཟད་མེད་ཐོབ། །ལུས་ངག་ཡིད་གསུམ་མངོན་དུལ་བའི། །ཚངས་སྤྱོད་ཚུལ་ཁྲིམས་ཡིད་བཞིན་ནོར། །ལ་གནས་ཐོས་བསམ་སྒོམ་པར་བརྩོན། །བཅའ་ཁྲིམས་འདི་བཞིན་ལེགས་གནས་མཛོད། །དབེན་དོན་འདུ་འཛིའི་འཆིང་ལས་ཐར། །སྲུང་སྡོམ་ཉེས་པའི་རྡུལ་གྱིས་དབེན། ། ༈ སྲིད་པའི་བདེ་ལ་སྙིང་ནས་ཞེན་ལོག་ཅིང༌། །བཀའ་གདམས་གཙང་མའི་རྣམ་ཐར་ལྷུར་ལེན་པ། །གཏད་པ་བཞི་ཡི་མཚམས་ལས་མི་འདའ་བའི། །སྒྲུབ་རྒྱུད་བསྟན་འཛིན་དེ་དག་རྗེས་ཡི་རང༌། །དེ་དག་མཛད་པའི་རྗེས་སུ་མོས་བློ་ཡིས། །ལམ་གྱི་རྩ་བ་བཤེས་གཉེན་བསྟེན་ཚུལ་དང༌། །སྐྱེས་བུ་གསུམ་གྱི་ལམ་རིམ་


GTD005_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་དང་བཅས། །མཆོག་ནས་མཆོག་ཏུ་ཆོས་སྐོར་ཚུལ་གྱིས་བརྗོད། །གྲྭ་ཟུར་བཞི་ནས་དབུས་བཀླག་ཐུན་མོང་གི །དབེན་པ་སྔགས་ཀྱི་དབེན་གསུམ་དང་བཅས་མཐུས། །དགའ་བཞིའི་བདག་ཉིད་བདེ་སྟོང་རྣལ་འབྱོར་གྱིས། །བདེ་ཆེན་སྐུ་བཞིའི་གོ་འཕང་ཐོབ་པ་མཚོན། །ཆོས་འབྱུང་ཟུར་སྤྲད་སྟེང་འོག་ལྕགས་ཀྱུ་སོགས། །ཀློག་ཚུལ་རྣམ་གྲངས་མང་ཙམ་བྱར་རུང་ཡང༌། །དོན་གྱི་སྙིང་པོ་སྔ་མར་འདུས་པའི་ཕྱིར། །བྱིས་པ་འབྲིད་པའི་སྦྱོར་བ་འདིར་མ་བྱས། །བློ་ལྡན་རྣམས་ཀྱིས་ལྟས་མོ་ཙམ་མིན་པར། །འདི་དོན་ཇི་བཞིན་གཙང་མའི་དབེན་གནས་སུ། །རྣམ་དག་སྒྲུབ་པའི་རྒྱལ་མཚན་འཛུག་པ་ཡི། །བརྩོན་པ་སྐྱེད་པའི་ལྕག་གི་སྐུལ་མར་མཛོད། །༈ སྙིགས་མའི་ངང་ཚུལ་མཐོང་བ་ཡིས། །མཁས་བཙུན་བཟང་པོའི་རྣམ་པར་ཐར། །ལྷག་པར་རྗེས་སུ་དྲན་པའི་འོས། །འཇམ་དབྱངས་བླ་མས་འགྲོ་འདི་སྐྱོངས། །བསྟན་ལ་ཕན་པའི་ནུས་པ་བག་ཙམ་མེད་ཀྱང་ཆེན་པོར་རློམ། །པར་པ་ཏ་བཞིན་


GTD005_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་རྗེ་མེད་པར་འགྲོ་ལ་གནོད་པའི་སེམས། །ཚངས་སྤྱོད་བཤིག་པའི་ཁྲེལ་མེད་སྨྱོན་པ་སྒོ་གསུམ་འཆོལ་བར་སྤྱོད། །ཀུན་ཏུ་བསྟེན་ན་ཕུང་བྱེད་པ་ཡི་སྙིང་གཏམ་ལྷག་པར་ངན། །སྐྱོན་གྱི་གོང་བུར་བསྟན་བཞིན་གྲུབ་ཕྱིར་མཁས་བཙུན་རེ་བ་ཅི། །རྨོངས་པས་རྟག་ཆད་མཐར་འཛིན་ཐོབ་པ་ཁྱོད་ཀྱིས་ཉེས་ཀུན་བྱས། །བླུན་པོ་འགྲོ་བའི་འདྲེན་པ་མིན་ཞིང་བཀུར་འོས་མཆོད་པ་དམན། །འདིས་མཚོན་ཅི་བྱས་ས་ལམ་དོན་གཉེར་རྣམས་ཀྱིས་སྤངས་འོས་པ། །གཏམ་ངན་འཁྲུག་པས་ཐར་འདོད་གཞན་ལ་དོན་མེད་འཚེ་བྱེད་བདུད། །མོས་གུས་བྱེད་པ་ཀུན་ཀྱང་བསླུ་ན་བསྟེན་པ་ག་ལ་རིགས། །དྲང་པོའི་སྤྱོད་བྲལ་གཡོ་ཁྲམ་གཉིས་ཀྱི་གཏེར་མཛོད་གྲོལ་བས་ཕུང༌། །སླད་མའི་སྐྱེ་སྤྲུལ་སྐྱེ་བོ་གཞན་འབྲིད་ཁོ་ནའི་བསམ་སྒོམ་བྱེད། །བཅོས་ཀྱང་གནོད་པ་ཉེས་སྐྱོན་རང་བཞིན་དེ་དག་རྨོངས་ཤིང་བླུན། །མཐའ་སྐོར་ཕྱོགས་མཚམས་མཐའ་དག་ནས། །སྐྱོན་མཚང་ནག་པོས་བྲིས་པའི་ཕྱིར། །སྐབས་དེར་དམར་པོར་འགྱུར་ན་ཡང༌། །མ་གཞི་ཕན་


GTD005_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཀར་བ་ལ། །སྙིང་རྗེའི་འོད་དམར་ཆགས་པའི་ཕྱིར། །ཉེས་པར་གྱུར་པ་མེད་དམ་སྙམ། །ཀུན་བཟང་འཁོར་ལོའི་གཅིག་ཤོས་ཏེ། །ཡང་ན་ཀུན་མིན་འཁོར་ལོར་ཐོགས། །འདི་ཡང་འཇམ་དབྱངས་བླ་མ་དེས། །ཆུ་རྟ་ཟླ་༡༡ཚེས་༡༠ཐུན་གསེང་དུ། །ཐོགས་མེད་སྩལ་བས་འདི་ཙམ་ཡང༌། །འཇམ་དཔལ་དངོས་ཀྱི་རྟགས་ཡང་དག །ཨི་ཏ་ཡེ་ཝཱརྞྞ་ཙ་རཏྣ་ཨཱ་ནནྟའོ།། །།༈ ཡེ་ཤེས་གཟིགས་པ་སྒྲིབ་མེད་ཟླ་ཟེར་གྱིས། །སྲིད་པར་ཀུན་སྦྱོར་རྨོངས་པའི་འཇིགས་འཕྲོག་པ། །ཐུབ་པའི་དབང་པོ་དགྲ་བཅོམ་ཚོགས་བཅས་ལ། །ཟོལ་མེད་སྒོ་གསུམ་དང་བས་ཕྱག་བགྱིད་དོ། །འཇམ་དཔལ་དབྱངས་དངོས་བློ་བཟང་རྒྱལ་བའི་དབང༌། །མདོ་སྔགས་བཤད་སྒྲུབ་འདབ་བརྒྱའི་ཚལ་ཆེན་པོ། །བཞད་པའི་གྲགས་སྙན་སྲིད་པའི་མཐར་འཕྲོ་བ། །རྡོ་རྗེ་འཆང་དངོས་བརྒྱུད་པར་བཅས་ལ་འདུད། །དེ་དག་བསྟན་ལ་རི་མོར་བྱེད་པའི་སྡེ། །རྣམ་གྲོལ་ཐར་པའི་གླིང་འདིར་བཞུགས་པ་ཡི། །མཆོག་གསུམ་རྟེན་


GTD005_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

དང་བརྟེན་པར་བཅས་པ་ལ། །ཀུན་བཟང་འཁོར་ལོའི་ཚུལ་གྱིས་བསྟོད་པར་བགྱི། །༈ དཔག་ཡས་འགྲོ་བའི་འདྲེན་པ་རྒྱལ་བའི་དབང་པོ་གཏན་གྱི་སྐྱབས། །གང་བསམ་འདོད་དོན་མ་ལུས་སྩོལ་བ་ཡིད་བཞིན་ནོར་མཆོག་སྟེ། །སྲིད་པའི་འཁྲི་བ་མ་རིག་དྲུངས་ཕྱུང་སྲས་བཅས་རྒྱལ་རྣམས་ཀྱི། །སྐུ་ཡིས་བཀངས་ཤིང་བྱིན་རླབས་གཟི་འབར་རྟེན་དང་བརྟེན་པར་བཅས། །གཏན་བདེའི་སྲོག་ཏུ་བཀོད་པའི་དགེ་ཚོགས་དེ་མཐུས་སློབ་འབངས་ཀུན། །ཐུབ་པའི་ལུང་རྟོགས་བསྟན་པ་ལ་སློབ་ཚུལ་ཁྲིམས་གཙང་མའི་དངོས། །བསྟན་ལ་ཐོས་བསམ་སྒོམ་པས་མཆོག་ཏུ་སློབ་ཅིང་དཔལ་འབྱོར་ཚོགས། །བཤད་སྒྲུབ་བྱ་བས་བདུད་ཀྱི་གཡུལ་བཅོམ་དགེ་ལྡན་ལུགས་མཆོག་རྒྱས། །ལེགས་པར་བཤད་པའི་ཆོས་ཀྱི་མཐུ་ཡིས་དགྲ་ཡང་དགེ་ལ་སྦྱོར། །འཁྲུལ་བྲལ་མདོ་སྔགས་བསྟན་པའི་དཔལ་གྱུར་དགེ་འདུན་ཚོགས་ཀྱིས་གང༌། །རིག་གནས་གསང་ཆེན་མདོ་དང་བཅས་པ་དར་རྒྱས་དགེ་ལེགས་འཕེལ། །མི་སྡེའི་མངའ་ཐང་འཕེལ་གྱུར་བདེ་ཞིང་དགའ་སྐྱིད་


GTD005_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་པའི་དབྱངས། །རྒྱུད་དང་སྟོབས་འབྱོར་ལྷན་ཅིག་རྒྱས་པའི་དགེ་མཚན་ཁྱད་དུ་འཕགས། །༈ ཐོག་མར་མཐར་ཆགས་ཚུལ་དུ་བཀླགས་པ་ཡིས། །བསྟན་དང་བསྟན་འཛིན་བསྟན་པའི་སྦྱིན་བདག་བཅས། །ཉེར་འཚེ་ལས་གྲོལ་བཤད་སྒྲུབ་བྱ་བ་ཀུན། །འཕེལ་ཞིང་རྒྱས་པའི་ལེགས་སྨོན་ཚར་དུ་དངར། །ཟུར་ལ་ཆོས་འཁོར་ཚུལ་དུ་བཀླགས་པ་ཡིས། །ལེགས་པར་སྨོན་པའི་སྙིང་པོ་བསྡུས་ཏེ་བསྟན། །དེ་རྗེས་གྲུ་བཞི་ཀུན་ནས་དབུས་བཀླགས་པས། །རྟེན་དང་བརྟེན་པའི་ངོ་མཚར་འཕྲེང་བ་སྤེལ། །ཀུན་བཟང་འཁོར་ལོར་ཇི་ལྟར་སྨོན་པ་བཞིན། །ཀུན་ཀྱང་ཐུགས་མཐུན་མདོ་སྔགས་བཤད་སྒྲུབ་བསྟན། །ཀུན་ལ་ཐོས་བསམ་སྒོམ་པས་རབ་ཞུགས་ཏེ། །ཀུན་མཁྱེན་རྒྱལ་བའི་གོ་འཕང་མྱུར་ཐོབ་ཤོག །ཅེས་པ་འདི་ནི་ཡོངས་ཀྱི་དགེ་བའི་བཤེས་གཉེན་འཇམ་དཔལ་རྒྱ་མཚོས་ཁུར་བཞེས་ཀྱིས་ཨོར་དུ་སུ་ཏ་ལད་ཤོག་རྣམ་གྲོལ་ཐར་པ་གླིང་གི་གཙུག་ལག་ཁང་དགྲ་བཅོམ་པ་ལྔ་བརྒྱའི་སྐུ་སོགས་རྟེན་དང་བརྟེན་པར་བཅས་པ་ཁྱད་འཕགས་བསྒྲུབས་པའི་ཚེ་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་འཕྲལ་དུ་སྦྱར་བའི་ཡི་གེ་པ་ནི་དཔྱོད་ལྡན་སྔགས་རམས་པ་དཀོན་


GTD005_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཀུན་དགའོ།། །།༈ ཀུན་བཟང་འཁོར་ལོ་འདི་གཉིས་གཟིམ་ཁང་དགེ་ལེགས་བདེ་ཡངས་ཀྱི་འགྲམ་གཡས་གཡོན་གྱི་ཁང་ཆུང་གཉིས་ཀྱི་གྱང་ལོགས་སུ་བཀོད་ཡོད། སེར་བཞིས་མདོར་བསྟན་གང་འཕེལ་བ། །མཐར་ཆགས་བཀླགས་པས་རྒྱས་པར་བཤད། །དཀར་བཞིས་མདོར་བསྟན་སྡེ་བཞི་པོ། །གྲུ་ནས་དབུས་ཀློག་རྒྱས་པར་བཤད། །མཐར་ཆགས་བཀླག་པ་ཡི་གེའི་དོན། །ཟུར་བཞི་བཀླག་པ་སྤྱི་ཡི་དོན། །མཚམས་བཞི་བཀླག་པ་སྦས་པའི་དོན། །གྲུ་ནས་དབུས་བཀླག་མཐར་ཐུག་དོན། །

བདེན་གཏམ་དེ་ཉིད་གསལ་བའི་མེ་ལོང་།


GTD005_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་གཏམ་དེ་ཉིད་གསལ་བའི་མེ་ལོང་ཞེས་བྱ་བ་བཞུགས་སོ། །


GTD005_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་ཕག་ཟླ་ཚེས་ལ། ཚ་ཁོ་སོ་མང་རྒྱལ་མོ་བསོད་ནམས་སྒྲོལ་མས། དཔག་བསམ་འཁྲི་ཤིང་གི་དོན་འགྲེལ་དང་། རྗེ་ཉིད་ཀྱི་རྣམ་ཐར་བཀའ་རྩོམ་གནང་དགོས་ཞེས་ནན་གྱིས་ཞུས་པའི་ལན་དུ་གནང་བའི་ཆབ་ཤོག་གི་བར་སྐབས་ཚིགས་བཅད་ནི། བསྟན་པའི་ལྕགས་རི་ཚ་བ་ཁ་གསུམ་གྱི། །གཙོ་བོར་གྱུར་པའི་སོ་མང་རྒྱལ་ཁབ་ནས། །གསེར་བཟང་ཁྲི་ཕྲག་འཐག་རིས་ལྷ་དར་གྱི། །སྐྱེས་བཅས་མི་སྣ་ཆེད་དུ་མངགས་པའི་གདོང་། །སྙན་ངག་ཀུན་གྱི་རྒྱལ་པོ་འཁྲི་ཤིང་གི །དོན་འགྲེལ་རྟོགས་བརྗོད་ལྷུག་པར་བྱས་པ་དང་། །ཁོ་བོའི་གནས་ཚུལ་ཞིབ་པར་བཀོད་པ་ཡི། །རྣམ་ཐར་དགོས་ཚུལ་ཡི་གེ་ནན་ཆེར་བྱུང་། །མ་ག་དྷ་བཟང་གཉིས་པ་མིའི་དབང་མོ། །མ་ཆེན་བསོད་ནམས་སྒྲོལ་མའི་དགོངས་བཞེད་བཞིན། །མ་བཅོས་རྣམ་ཐར་གཙང་མ་འགའ་མཆིས་ན། །མ་སྦས་གསོང་པོར་སྨྲ་བའི་འོས་ཡིན་ཀྱང་། །རྙེད་བཀུར་ལོངས་སྤྱོད་འདུ་འཛིའི་ཞགས་པ་ཡིས། །རྣམ་པར་བཅིངས་པའི་ངང་ཚུལ་བརྗོད་པ་ལ། །རྣམ་པར་ཐར་ཅེས་དོན་མི་མཐུན་གྱི་གཏམ། །ཅོ་འདྲི་ལྟ་བུར་སྙིགས་མའི་དུས་འདིར་སྒྲོགས། །འདི་ན་དམ་པའི་མཚན་ཙམ་བཟུང་བྱས་ཏེ། །འདི་སྣང་གཡེང་བའི་བྲན་དུ་ཁོལ་བ་ལས། །འདི་ཕྱི་བསྟན་འགྲོའི་དོན་དུ་འགྱུར་ངེས་པ། །འདི་འདྲ་བགྱིས་ཞེས་བསྙད་དུ་མེད་པས་གནོངས། །འོན་ཀྱང་སྐྱོན་ཡོན་འདྲེས་མའི་སྤྱོད་ཚུལ་རྣམས། །


GTD005_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོ་སྐུར་སྤངས་ཏེ་དྲང་པོར་བརྗོད་བྱས་ན། །དགག་བྱ་ཆུང་ཞིང་སྐལ་མཉམ་འགའ་ཞིག་ལ། །ཅུང་ཟད་ཕན་ཡང་སྲིད་པས་འདི་སྐད་གསོལ། །མཛོ་དགེ་སྨད་ཅེས་བྱ་བའི་ཡུལ་དུ་སྐྱེས། །ལྷ་དང་བླ་མས་བརྩེ་བས་ལུང་བསྟན་མཛད། །རྟགས་དང་རྟེན་འབྲེལ་མང་པོ་ལས་ཀྱིས་བསྒྲིགས། །དམ་པའི་གདན་སར་འཁོད་པའི་རྣམ་ཐར་ཡིན། །དགོངས་གཞི་ཅན་གྱི་ལུང་བསྟན་འགའ་ཞིག་ལ། །བརྟེན་ནས་རྗེ་བཙུན་ཤེས་རབ་སེངྒེ་སོགས། །དམ་པའི་སྐྱེ་ཕྲེང་དུ་མ་བདག་གིར་བྱས། །རྫུན་ཕུགས་བྲག་ལ་གཏད་པའི་རྣམ་ཐར་ཡིན། །རང་ལོ་བདུན་པར་རྒྱལ་བ་ཀུན་གྱི་དངོས། །ཡབ་རྗེ་འཇིགས་མེད་དབང་པོའི་ཞབས་དྲུང་ནས། །རབ་ཏུ་བྱུང་ཞིང་དགེ་ཚུལ་སྡོམ་པ་མནོས། །ཐུབ་བསྟན་སྒོ་རུ་ཞུགས་པའི་རྣམ་ཐར་ཡིན། །དེ་ནས་ལོ་འགར་བྱིས་པའི་རོལ་རྩེད་དང༌། །སྦྲགས་ཏེ་ཀློག་དང་བློ་འཛིན་ཁྲལ་བཞིན་བྱས། །དད་དང་སྙིང་རྗེ་འདྲེས་མའི་ཡུལ་དུ་གྱུར། །མཐོང་བ་དོན་ལྡན་བྱ་བའི་རྣམ་ཐར་ཡིན། །བཅུ་གཉིས་སྟེང་དུ་བསྡུས་གྲྭའི་རྩོད་པར་ཞུགས། །དབུས་ཆས་འབུལ་སྡུད་གཡེང་བ་ཤས་ཆེ་ཡང་། །རྩོད་ཟླ་རྣམས་ཀྱི་རྗེས་སུ་མ་ལུས་ཙམ། །རྟོག་གེའི་བག་ཆགས་སད་པའི་རྣམ་ཐར་ཡིན། །བླ་མ་མང་པོའི་ཆོས་སྣ་མ་བསོགས་ཀྱང༌། །མཚན་ལྡན་བཤེས་གཉེན་འགའ་ཡི་ཞབས་བསྟེན་ནས། །དེ་ལ་ལོག་རྟོག་མ་ཤོར་ཚུལ་བཞིན་བསྟེན། །


GTD005_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

ཁེ་ཉེན་དཔྱོད་པ་ཞུགས་པའི་རྣམ་ཐར་ཡིན། །གཞུང་ཆེན་སོ་སོའི་རྩ་བ་རྒྱ་བོད་ཀྱི། །འགྲེལ་པ་མཐའ་དཔྱོད་བཅས་ལ་སྦྱངས་པ་ཡིས། །ཤེས་ལོ་ཐོས་ལོའི་རྣམ་གྲངས་བརྒྱ་ཕྲག་བརྒལ། །རྩྭ་སྦུར་མེ་མཆེད་ལྟ་བུའི་རྣམ་ཐར་ཡིན། །བཀའ་གདམས་གཞུང་དྲུག་འགྲེལ་པ་དོན་གསལ་དང༌། །མདོ་རྩ་ལ་སོགས་གཞུང་ཆེན་བཤད་པ་དང༌། །ལམ་རིམ་སོགས་ཀྱི་ཁྲིད་ཀྱང་མང་དུ་བྱས། །དམུས་ལོང་སྒྲོན་མེ་ཐོགས་པའི་རྣམ་ཐར་ཡིན། །དགེ་འདུན་འདུས་པ་སུམ་སྟོང་མན་ཆད་ལ། །རྡོར་ཕྲེང་མི་ཏྲ་སོགས་ཀྱི་དབང་བཀའ་དང་། །སྤྱི་དང་ཟུར་བཀའི་རྗེས་གནང་མང་དུ་བྱས། །གསང་སྔགས་གཟུགས་བརྙན་སྤེལ་བའི་རྣམ་ཐར་ཡིན། །ལས་འབྲས་བླང་དོར་བསྟེན་ནས་གཞན་དག་རྣམས། །ཕན་དང་བདེ་བའི་ལམ་ལ་འགོད་བྱེད་ཀྱང་། །རང་ཉིད་སྡུག་བསྔལ་རྒྱུ་ལ་སྤྱོད་པ་ནི། །སྙིགས་དུས་བདག་གཞན་མཉམ་བརྗེའི་རྣམ་ཐར་ཡིན། །གདན་ས་གསུམ་གྱི་མཁས་པའི་མདུན་ས་རུ། །བཀའ་པོད་ལྔ་ཡི་ཟབ་གནད་ཕྲ་ཞིབ་ནས། །ཚིག་འཁྲིའི་སྤྲོས་པ་ཚུན་ལ་ཞུམ་པ་མེད། །རྩོད་པའི་གྲགས་སྐམ་ཐོབ་པའི་རྣམ་ཐར་ཡིན། །སྔ་མའི་གཞུང་ལ་སྦྱར་བྱང་བཏགས་མིན་ཞིང༌། །མངོན་བརྗོད་སྤེལ་བའི་ཚིག་བསྒྲིག་ཙམ་མིན་པར། །བརྩམས་ཆོས་འགའ་ཟུང་བསྟན་དུ་ཡོད་པ་འདི། །བསྟན་ལ་ལག་རྗེས་བཞག་པའི་རྣམ་ཐར་ཡིན། །མདོ་སྔགས་གཞུང་ལུགས་གང་གི་ཚིག་དོན་ལ། །དཔྱོད་པའི་བློ་གྲོས་འཇུག་པར་མི་དཀའ་ཡང༌། །དོན་གྱི་ཉམས་མྱོང་རྒྱུད་ལ་མ་སྐྱེས་པ། །ཆུ་ནང་རྡོ་བ་སྐམ་པོའི་རྣམ་ཐར་ཡིན། །འཕགས་བོད་མཁས་པའི་ལེགས་བཤད་རོ་བརྒྱའི་ཟས། །སྤྱད་པས་དེང་དུས་མཁས་རློམ་ངག་སྒྲོས་ཀྱི། །


GTD005_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

ཟན་དྲོན་ཙམ་ལ་འགྲམ་ཆུ་མི་ལྡང་བ། །དྲེད་པོ་ཆོས་རྒྱུས་མཁན་གྱི་རྣམ་ཐར་ཡིན། །ཡུལ་ཁམས་མང་པོའི་རྙེད་བཀུར་སྡུད་པ་དང༌། །གྲྭ་སློབ་མང་པོར་ཆོས་སྦྱིན་འགྱེད་པ་སོགས། །བླ་ཆེན་སྤྱི་ཡི་ཕྱག་སྲོལ་རྒྱས་པར་བྱས། །ཆོས་བརྒྱད་རྟ་རྒྱུགས་འགྲན་པའི་རྣམ་ཐར་ཡིན། །དད་རྫས་ཉེ་དུའི་ཚོགས་སུ་མ་བསྐོར་བར། །སྐུ་གསུང་ཐུགས་ཀྱི་རྟེན་མང་བཞེངས་པ་དང༌། །དགོན་སྡེ་དུ་མར་བསྙེན་བཀུར་བགྱིས་པ་སོགས། །དཀོར་གྱི་བུ་ལོན་ཆུང་བའི་རྣམ་ཐར་ཡིན། །དད་ལྡན་དུ་མས་བསྐུར་ཏེ་མདོ་སྨད་ཀྱི། །ཕྱེད་ཙམ་བསྐོར་ཀྱང་དངོས་འབུལ་གང་བྱུང་ལས། །ཕ་རོལ་འདྲེན་པའི་ཐབས་དང་འཁྲུལ་མ་བཀྱེས། །ལུགས་གཉིས་མཁྱེན་རྒྱ་ཆུང་བའི་རྣམ་ཐར་ཡིན། །མཐོ་ལ་གུས་པས་ངོ་འཛིན་མ་བྱས་ཤིང༌། །དམའ་ལ་སྨོད་པས་བརྙས་ཐབས་མ་བྱས་ཏེ། །མཉམ་ལ་འགྲན་པས་གྲལ་རྩོད་མ་བྱས་པ། །བློ་རྒྱ་ཡོངས་ཐང་ཞན་པའི་རྣམ་ཐར་ཡིན། །དབུ་མའི་ལུགས་བཞིན་དམ་པར་འཇོག་བྱེད་ནི། །མིང་ཙམ་བརྡ་ཙམ་རྟོག་པས་བཏགས་ཙམ་ལས། །རང་གི་ངོས་ནས་གྲུབ་པའི་དཔྱད་བཟོད་ཀྱིས། །སྟོང་འདི་དོན་དམ་བདེན་པའི་རྣམ་ཐར་ཡིན། །སྙིང་རྗེས་གཞན་དོན་སྒྲུབ་པ་ལྟར་སྣང་ཡང༌། །ཕུགས་ཀྱི་གཏད་སོར་རང་དོན་ཁོ་ནར་གནས། །སྣང་ཚུལ་གནས་ཚུལ་མི་མཐུན་རྫུན་པ་རུ། །གྲུབ་འདི་ཀུན་རྫོབ་བདེན་པའི་རྣམ་ཐར་ཡིན། །ཉམས་ལེན་བྱེད་རྒྱུ་མ་དྲན་ཉི་ཤུ་ཐལ། །བྱེད་དོ་བྱེད་དོའི་ངང་ལ་ཉི་ཤུ་ཐལ། །མ་བྱུང་མ་བྱུང་ཟེར་ཞིང་བཅུ་ལྷག་ཐལ། །མི་ཚེ་སྟོང་པར་ཟད་པའི་


GTD005_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་ཐར་ཡིན། །ཉིན་མཚན་དོན་ལྡན་ཆོས་ཀྱིས་འདའ་བ་ཡིས། །དགེ་སྦྱོར་ངང་དུ་མི་ཚེ་བསྐྱལ་མིན་ཡང༌། །ཚེ་དང་གྲོང་ཆོག་སྙོམས་པར་མ་བྱས་པ། །མི་རྒན་སྐྱིད་ཉལ་བརྒྱབ་པའི་རྣམ་ཐར་ཡིན། །བླ་མའི་སྐུ་དགྲར་མཛའ་གཅུགས་མ་བྱས་ཀྱང༌། །རང་ལ་སྒེར་གྱིས་གནག་པ་སུ་ལ་ཡང༌། །སྡང་བས་དམོད་བཅོལ་ཙམ་ཡང་བགྱིས་པ་མེད། །མ་ནུས་ཇོ་བཟང་བྱས་པའི་རྣམ་ཐར་ཡིན། །བཟླས་བརྗོད་དམིགས་པ་རྒྱ་ཆེན་དཀའ་ན་ཡང༌། །ཅུང་ཟད་ཕྱི་མའི་དོན་དུ་དམིགས་པ་ལས། །ནོར་སྒྲུབ་དབང་སྡུད་གཅིག་ཀྱང་མ་བྱས་པ། །འཁོས་ཆུང་འདོད་པ་བསྐྱུངས་པའི་རྣམ་ཐར་ཡིན། །ཐུབ་བསྟན་རྒྱ་ཆེན་སྤེལ་བར་མ་ནུས་ཀྱང་། །ཁས་བླངས་བསླབ་ཁྲིམས་གཙོར་གྱུར་རང་རྒྱུད་ཀྱི། །བསྟན་པ་བསམ་བཞིན་བཤིག་པར་མ་བྱས་པ། །བསྟན་འཛིན་གྲལ་འཇུག་བསྙེགས་པའི་རྣམ་ཐར་ཡིན། །ཅི་དགར་སྤྱོད་པའི་སྙིང་སྟོབས་བདག་ལ་མེད། །ལྷ་མཐོང་འདྲེ་མཐོང་མངོན་ཤེས་བདག་ལ་མེད། །དགྲ་བོ་སྒྲོལ་བའི་ནུས་པ་བདག་ལ་མེད། །ལས་ཅན་ཆོས་འགོ་ཐོན་པའི་རྣམ་ཐར་ཡིན། །རང་ཉིད་བགྲང་བྱ་སུམ་ཅུ་བརྒལ་བ་ནས། །ལོ་ལྟར་བསྒྲུབ་བྱ་སུམ་བརྒྱར་ཉེ་བ་ཙམ། །རབ་བྱུང་བསྙེན་རྫོགས་བསླབ་པའི་གཞི་ལ་བཀོད། །ཐར་པའི་ས་བོན་བཏབ་པའི་རྣམ་ཐར་ཡིན། །གྲུབ་མཐའ་སོ་སོའི་བཞེད་གཞུང་ཕྱོགས་ཙམ་མཐོང༌། །ཀུན་ཀྱང་རྣམ་གྲོལ་སྒྲུབ་པའི་ཐབས་སུ་གོ །དེ་ཕྱིར་ཡབ་རྗེའི་བསྟན་ལ་ཡིད་ཆེས་རྙེད། །ཆགས་སྡང་རྨོངས་ཞེན་དོར་བའི་རྣམ་ཐར་ཡིན། །བྱི་རུའི་རྒྱན་ལྡན་རཀྴའི་ཕྲེང་བ་བཞིན། །ཕལ་བའི་སྤྱོད་ཚུལ་ཡོན་ཏན་འགའ་ཟུང་བཅས། །


GTD005_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོ་སྐུར་སྤངས་པའི་བདེན་ཚིག་སྲད་བུ་ལ། །བསྟར་འདི་མཁྱེན་དཔྱོད་སོར་མོས་བགྲང་བར་མཛོད། །ཅེས་པ་འདི་ནི་ཚ་ཁོ་སོ་མང་རྒྱལ་མོའི་འཕྲིན་ལན་དུ་བསྐུར་བ་མཛོ་དགེ་དགོན་གསར་དགའ་ལྡན་རབ་རྒྱས་གླིང་གི་གྲྭ་པ་ཚུལ་ཁྲིམས་དར་རྒྱས་ཀྱིས་པར་དུ་བརྐོས་འདུག་པས། ལྷག་བསམ་དག་པའི་དགེ་འབྲས་ཀྱིས། །བསྟན་དང་བསྟན་འཛིན་དར་ཞིང་རྒྱས། །རྟག་ཏུ་དམ་པའི་མགོན་གྱིས་བཟུང༌། །ས་ལམ་བགྲོད་པ་མཐར་ཕྱིན་ཤོག །ཅེས་པ་འདི་ཡང་བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། ། སརྦ་མངྒ་ལཾ།།

ཀུན་གཟིགས་ལྔ་པ་ཆེན་པོས་རྗེ་བླ་མར་བསྟོད་པའི་དོན་འགྲེལ།


GTD005_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གཟིགས་ལྔ་པ་ཆེན་པོས་མཛད་པའི་རྗེ་རིན་པོ་ཆེའི་ བསྟོད་པ་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ཀྱི་དོན་འགྲེལ་དབྱར་སྐྱེས་སྒྲ་བརྒྱ་ཞེས་བྱ་བ་བཞུགས་སོ། །


GTD005_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་འཆང་དབང་ཐ་མལ་ཚུལ་བཟུང་སྟེ། །མཁས་གྲུབ་ཀུན་གྱི་མཛད་པའི་ཁུར་བསྣམས་ནས། །ཐུབ་བསྟན་སྲོག་འཛིན་རྒྱལ་བ་གཉིས་པ་ལ། །གུས་པས་བཏུད་ནས་དེ་ཚུལ་མདོ་ཙམ་གླེང༌། །དེའང་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་ཀུན་གཟིགས་ལྔ་པ་ཆེན་པོས་མཛད་པ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་བསྟོད་ཚིག་འདི་ཉིད་ཀྱི་དོན་ལ་གཉིས། དད་པ་བསྐྱེད་དེ་བསྟོད་པ་དང༌། འདུན་པ་བསྐྱེད་དེ་སྨོན་པའོ། །དང་པོ་ལ་མངོན་པར་བྱང་ཆུབ་པའི་ཚུལ། དེ་ནས་གཞན་དོན་དུ་སྤྲུལ་བའི་བཀོད་པ་བསྟན་པའི་ཚུལ། སྤྲུལ་ནས་བསྟན་པའི་བྱ་བ་མཛད་པའི་ཚུལ་ལོ། །དང་པོ་ནི། མི་འགྱུར་མཆོག་ཏུ་ཡངས་པའི་བདེ་བ་ཆེ། །བླ་མེད་ཡེ་ཤེས་བདུད་རྩིའི་སྙིང་པོ་ཅན། །སྐུ་གསུམ་གསང་བ་རྒྱན་གྱི་འཁོར་ལོའི་མཛོད། །སྟོབས་བཅུའི་དཔལ་མངའ་རྒྱལ་བ་གཉིས་པར་འདུད། །ཅེས་པ་སྟེ། ཀུན་རྟོག་གཡོ་བའི་རླུང་དང་བྲལ་བས་ནམ་དུའང་མི་འགྱུར་ཞིང༌། འགྲོ་བའི་དོན་དུ་དག་པའི་རྟེན་དང་བརྟེན་པ་མཐའ་དག་པར་འཆར་བས་མཆོག་ཏུ་ཡངས་པའམ། ཐབས་ཀྱི་རྣམ་པ་རྒྱ་ཆེ་བ་འབྲས་བུའི་ཐེག་པའི་ཐུན་མོང་མ་ཡིན་པ་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོ་དང༌། རྒྱལ་བའི་གསུང་རབ་ཐམས་ཅད་ཀྱི་སྙིང་པོའི་དོན་བླ་ན་མེད་པའི་ཡེ་ཤེས་སྲིད་པའི་སྡུག་བསྔལ་གྱི་འཆིང་བ་འཕྲོག་པའི་སྨན་གཅིག་པུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡང་དག་པའི་ལྟ་བ། འཆི་མེད་ཐར་པའི་གོ་འཕང་སྦྱིན་པའི་བདུད་རྩིའི་སྙིང་པོ་ཅན་


GTD005_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

ཟུང་འཇུག་ངོ་བོ་ཉིད་ཀྱི་སྐུ་འམ། ལམ་འབྲས་སོགས་ལས་འབྱུང་བ་ལྟར། སྐུ་གསུང་ཐུགས་ཀྱི་ཡོན་ཏན་གཞན་གྱི་བློ་ལས་འདས་པས་ན་གསང་བ་དང༌། འཇིག་རྟེན་མཐའ་དག་གི་དོན་དུ་འགྱུར་བས་ན་རྒྱན། གཅིག་ནས་གཅིག་ཏུ་བརྒྱུད་དེ་འཁོར་བ་མ་སྟོངས་བར་དུ་འཇུག་པས་འཁོར་ལོ་སྟེ། ཡུལ་དང་དུས་ཉི་ཚེ་བ་ཙམ་མ་ཡིན་པར། དོན་གཉིས་ཕུན་སུམ་ཚོགས་པའི་རྣམ་པ་ཐམས་ཅད་ཀྱི་མཛོད་དུ་གྱུར་ཅིང༌། གནས་དང་གནས་མིན་མཁྱེན་པ་སོགས་སྟོབས་བཅུའི་སྒོ་ནས་འགྲོ་བ་རྣམས་སྲིད་པའི་མཚོ་ལས་སྒྲོལ་བའི་ཐབས་ཚུལ་ཡོངས་སུ་རྫོགས་པའི་དཔལ་ལ་མངའ་འབྱོར་བ། རྒྱལ་བའི་བསྟན་པ་འདི་ལ་རྒྱལ་བ་གཉིས་པར་གྲགས་པ་དོན་དུ་གནས་པའི་རྗེ་བླ་མ་ལ་སྒོ་གསུམ་གུས་པས་འདུད་པར་མཛད་པའོ། །འདིས་ནི་རྒྱུའི་ཐེག་པའི་ཤེས་རབ་དང༌། འབྲས་བུའི་ཐེག་པའི་ཐབས་དབྱེར་མི་ཕྱེད་པར་སྦྱོར་བའི་ཚུལ་བསྟན་ལ། རྒྱལ་བ་དབང་པོའི་ཏོག་གི་སྤྱན་སྔར་ཡང་དག་པའི་ལྟ་བའི་སྙིང་པོ་ཅན་གྱི་རྡོ་རྗེ་ཐེག་པའི་ལམ་བཟང་འཛིན་ཅིང་སྤེལ་བར་གསུངས་པ་དང་ཡང་འབྲེལ་ཞིང་། བླ་མེད་སྤྱིའི་ལུགས་ཀྱི་བདེ་སྟོང་དབྱེར་མི་ཕྱེད་པ་དང་། དུས་ཀྱི་འཁོར་ལོའི་ཐུན་མོང་མ་ཡིན་པ་རྣམ་མེད་ཀྱི་བདེ་བ་ཆེན་པོ་དང༌། སྟོང་པ་སྟོང་གཟུགས་ཀྱི་སྐུ་གཉིས་དབྱེར་མེད་པའི་བདེ་སྟོང་དབྱེར་མེད་ཅེས་བཏགས་ཀྱང༌། རྒྱུད་སྡེ་གཞན་དང་སྒོ་བསྟུན་ན། བདེན་གཉིས་ངོ་བོ་


GTD005_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེར་མི་ཕྱེད་པའི་ཟུང་འཇུག་དངོས་ཀྱི་དོན་དུ་སོང་བ་དེ་ཉིད་དང་ཡང་སྦྱར་དུ་རུང་ངོ༌། །གསང་གསུམ་མི་ཟད་པ་རྒྱན་གྱི་འཁོར་ལོའི་དོན་དང་ཐ་སྙད་ནི་ལམ་འབྲས་སུ་གསལ་ལ། སྟོབས་བཅུས་གཞན་དོན་སྒྲུབ་ཚུལ་དཔྱིས་ཕྱིན་པ་བྱང་ས་དང་འཇུག་འགྲེལ་སོགས་སུ་ཤེས་པར་བྱའོ། །གཉིས་པ་གཞན་དོན་དུ་སྤྲུལ་བའི་བཀོད་པ་བསྟན་ཚུལ་ལ། དག་པའི་ཞིང་གི་བཀོད་པ་རྒྱ་མཚོའི་རྡུལ། །ཡེ་ཤེས་རང་སྣང་ལས་གྲུབ་འོག་མིན་གྱི། །ངོ་མཚར་སྒྱུ་མའི་རོལ་རྩེད་ཐེམ་སྐས་ལས། །རྒྱལ་སྲས་དམ་པའི་རྣམ་པར་བདེ་བར་བྱོན། །ཅེས་རྒྱལ་བ་ཀུན་གྱི་སྲས་ཀྱི་ཐུ་བོའི་རྣམ་པར་བསྟན་ཚུལ་དང༌། རྣམ་འདྲེན་ཀུན་གྱི་མཁྱེན་པའི་ཕུང་པོ་གང༌། །གཅིག་གྱུར་འཇམ་མགོན་མི་ཡི་སྲིད་པའི་གར། །བསམ་བཞིན་རྣམ་པར་རོལ་བའི་མཛད་པ་ལ། །བསྐལ་བཟང་རྒྱལ་བ་སྟོང་གིས་བསྒྲུན་དུ་མེད། །ཅེས་རྒྱལ་སྲས་འཇམ་དཔལ་གཞོན་ནུ་དེ་ཉིད་སླར་ཡང་མིའི་སྲིད་པར་རོལ་བའི་ཡང་སྤྲུལ་གྱི་ཚུལ་བསྟན་ཏོ། །གསུམ་པ་སྤྲུལ་ནས་བསྟན་པའི་བྱ་བ་མཛད་ཚུལ་ལ་གསུམ། མདོར་བསྟན། རྒྱས་བཤད། དོན་བསྡུ་བའོ། །དང་པོ་ནི། བློ་གྲོས་ལང་ཚོ་དར་བའི་མིག་སྟོང་ཅན། །མཁས་བཙུན་བཟང་པོའི་ས་སྲུང་ལ་ཞོན་ཏེ། །འཆད་རྩོད་རྩོམ་པའི་རྡོ་རྗེ་རྩེ་བརྒྱ་པས། །རྒོལ་ངན་ས་འཛིན་བཅོམ་པའི་གྲགས་པ་འབར། །ཞེས་འཇམ་དཔལ་ཞི་ཁྲོ་ལ་གསུངས་པ་བཞིན། རྗེའི་རྣམ་ཐར་གཙོ་བོའང་ཆོས་རྣམ་འབྱེད་ཀྱི་སྟེང་ནས་འཇོག་དགོས་པས། སྐྱེས་སྦྱང་གི་མཁྱེན་རབ་མཚུངས་ཟླ་མེད་པའི་ཚུལ་དང༌། མཁས་བཙུན་བཟང་གསུམ་ཡ་མ་བྲལ་ཞིང༌། འཆད་རྩོད་རྩོམ་པ་ཟུང་དུ་འཇུག་པ་དང༌། བསྟན་པ་དྲི་མར་བྱེད་པའི་སྨྲ་ངན་མཐའ་དག་བཅོམ་


GTD005_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་རྐང་པ་བཞིས་རིམ་བཞིན་བསྟན་ཏོ། །གཉིས་པ་རྒྱས་བཤད་ལ། ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་ལུང་རྟོགས་ཡོན་ཏན་བརྙེས་ཚུལ། མཁས་བཙུན་བཟང་གསུམ་གྱི་སྒོ་ནས་བསྟན་འགྲོའི་དོན་མཛད་ཚུལ་གཉིས། དང་པོ་ནི། མངལ་རྒྱའི་བྲང་འགྲོའི་མདུད་གྲོལ་དྲི་བྲལ་སྐུའི། །མ་ལ་ཡར་སྐྱེས་ལྕུག་ཕྲན་གཞོན་ནུ་དག །ན་ཚོད་ཕྲ་ཡང་ཕན་བདེའི་དྲི་བསུང་ནི། །ནམ་ཡང་ཟད་མི་ཤེས་པའི་གཏེར་ཆེན་པོ། །སྲིད་འབྱོར་གློག་གི་བུ་མོའི་གར་མཁན་མ། །སྡུག་བསྔལ་མུན་པར་མལ་འཆའི་མཚང་རིག་སྟེ། །འཁོར་བ་མཚན་མོའི་མཐའ་ལས་ངེས་འབྱུང་བའི། །ཚངས་སྤྱོད་དཔལ་གྱི་སྐྱ་རེངས་དང་པོ་ཤར། །ཞེས་ཤོ་ལོ་ཀ་གཉིས་ཀྱིས་རིགས་ཕུན་སུམ་ཚོགས་པར་བལྟམས་ཚུལ་དང་། བསྟན་པའི་སྒོར་ཞུགས་ཚུལ་བསྟན། གཞོན་ནུའི་ལུས་ཅན་རྒན་པོའི་བློ་འཆང་བའི། །རྒྱལ་བསྟན་གྱེན་དུ་འདེགས་པའི་སྙིང་སྟོབས་ཀྱིས། །ཐོས་བསམ་སྒོམ་པའི་ས་ཆེན་དབུས་གཙང་གི །ལྗོངས་སུ་བདེ་བར་གཤེགས་པ་འདི་རྨད་བྱུང༌། །མང་ཐོས་དགྱེས་དགུར་སྤྱོད་ལ་ཆེས་སྲེད་པས། །ཤེས་བྱའི་ལུས་ཕྲར་སྤྱད་དེ་བཅལ་ཟིན་པ། །སླར་ཡང་ཐོས་བརྩོན་མི་ཕྱེད་མཛའ་གཅུགས་ཀྱིས། །འཁྱུད་པའི་སྐལ་བཟང་འདི་ཀོས་དམ་དུ་བཅིངས། །ཞེས་ཚིགས་བཅད་གཉིས་ཀྱིས་བསྟན་པའི་འབྱུང་གནས་དབུས་འགྱུར་འཆང་དུ་བྱོན་ཚུལ་དང༌། རྗེས་འཇུག་རྣམས་ལ་ཕན་པའི་ཕྱིར་གཞི་ནས་ཐོས་པ་བརྩམས་ཚུལ་བསྟན་ཏེ་གོ་སླའོ། །ཐོས་པ་མཛད་ཚུལ་དངོས་ནི། ནང་དོན་རིག་པའི་འོ་མཚོ་རབ་འཁྱིལ་བར། །རྣམ་འབྱེད་ཤེས་


GTD005_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ལག་ལྡན་ཉེར་ཞུགས་པས། །ཐ་སྙད་རིག་པའི་མེ་ཏོག་ཚོགས་ཀྱི་རྩེར། །བློ་གྲོས་སོར་མོས་རེག་མིན་གང་དུ་མཆིས། །ཞེས་ཀ་རཱི་ཀ་ལྔ་བཅུ་པ་ནས། དཔལ་ལྡན་འདུས་པའི་བར་གྱི་ནང་རིག་པ་མདོ་རྒྱུད་མཐའ་དག་ལ་རིས་སུ་མ་ཆད་པར་སྦྱངས་པས་མཁྱེན་རབ་ཀྱི་ཀློང་རྡོལ་བ་ན། སྒྲ་སྙན་སྡེབ་སྦྱོར་སྨན་ལ་སོགས་པ་ཐ་སྙད་པའི་རིག་གནས་རྣམས་མཁྱེན་པའི་ཆ་ཤས་རེ་རེས་ཀྱང་ཞར་བྱུང་ཙམ་ལ་བདེ་བླག་ཏུ་རྟོགས་པའི་ཚུལ་བསྟན་ཏོ། །བསམ་པས་སྒྲོ་འདོགས་བཅད་དེ་ཟླ་མེད་པའི་མཁས་པའི་གོ་འཕང་ཐོབ་པ་ན། སྡེ་སྣོད་འཛིན་པའི་འཁོར་དུ་མ་དང་གྲགས་པ་ཤིན་ཏུ་རྒྱས་པར་གྱུར་ཀྱང༌། འདོད་ཡོན་བདུད་ཀྱི་གཡབ་མོར་གཟིགས་ཏེ། དེའི་རྗེས་སུ་མི་གཡེང་བར་བསྟན་པ་འབའ་ཞིག་གི་དོན་དུ་གཞོལ་བའི་ཚུལ་ནི། འཇམ་མགོན་མཁྱེན་པར་ཆགས་པའི་རྣམ་དཔྱོད་ཀྱིས། །གཞུང་ལུགས་རྒྱ་མཚོ་རྟོགས་ལ་མཚར་དུ་ཅི། །ཁམས་གསུམ་ལས་རྒྱལ་ལུས་མེད་མདའ་ལྔ་ཡིས། །ཆེས་སྲབ་བླ་གོས་འབུགས་པར་ནུས་མིན་མཚར། །ཞེས་པས་བསྟན་ནམ་སྙམ། དེ་ལྟར་ཆོས་བརྒྱད་ཀྱི་དྲི་མ་མེད་པར་སྐལ་བ་དང་ལྡན་པ་རྣམས་ལ་གཞུང་ཆེན་པོའི་བཤད་པ་མཛད་ཚུལ་ལ་གཉིས་ལས། མདོ་ཕྱོགས་ཀྱི་བཤད་པ་མཛད་ཚུལ་ནི། སྡེ་སྣོད་ཀུན་སྦྱངས་ཡང་དག་གྲུབ་པའི་འབྲས། །དཀའ་ཆེན་དུ་མར་འབྱམས་ཀླས་བཤད་པས་ཅི། །རིང་མོ་ཉིད་ནས་ཇི་ལྟ་ཇི་སྙེད་ཀྱི། །ཆོས་ཀུན་ཐུགས་སུ་ཆུད་ཟིན་མ་ཡིན་ནམ། །ཞེས་དང༌། སྔགས་ཕྱོགས་ཀྱི་བཤད་པ་མཛད་ཚུལ། བདེ་སྟོང་རང་བཞིན་རྒྱས་པའི་དབང་པོའི་གཞུ། །ཟུང་འཇུག་གུར་ཁྱིམ་རྣམ་པར་བཀྲ་བ་ནས། །


GTD005_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

གསང་ཆེན་ཆོས་ཀྱི་རྒྱུད་མང་བསྒྲགས་པའི་ཆེ། །ས་ར་ཧ་དེ་མཁའ་སྤྱོད་གནས་སུ་བྲོས། །ཞེས་གསུངས་སོ། །ཤེས་བྱ་རིག་པའི་གནས་ལྔ་པོ་མཐའ་དག་ལ་ཐོས་བསམ་ཇི་ལྟར་མཛད་པ་ཐམས་ཅད་ཀྱང་ཁ་ཕྱིར་བལྟས་སུ་མ་སོང་བར་རྒྱུད་སྟེང་དུ་སྦྱར་བས། གཞུང་ལུགས་མཐའ་དག་རྣམ་གྲོལ་སྒྲུབ་པའི་གདམས་ངག་ཏུ་ཤར་བའི་ཚུལ་ནི། ཁེངས་ལྡན་གནས་ལྔ་རིག་པའི་ལུས་ཕྲ་མ། །རྣམ་དཔྱོད་ཟུར་མིག་ལྕགས་ཀྱུས་ཉེར་བཏབ་ཚེ། །འཁྱུད་མིན་མཛའ་བས་མགུལ་པར་དམ་བཅིངས་ཏེ། །གོས་པ་མེད་པར་མཁྱེན་པའི་ཀློང་དུ་སིམ། །ཞེས་པས་བསྟན་ཏོ། །བསྒོམས་པས་གསུང་རབ་ཀྱི་དེ་ཉིད་མངོན་དུ་གྱུར་པའི་ཚུལ་ལ། མདོ་ཕྱོགས་ཀྱི་ཟབ་གནད་མཐར་ཐུག་པ་སྟོང་པ་དང་རྟེན་འབྱུང་གི་དེ་ཉིད་ཇི་ལྟ་བ་བཞིན་གཟིགས་པའི་ཚུལ་སྟོན་པ་ནི། རང་བཞིན་དག་པའི་ཐུགས་ཀྱི་ཤེལ་དཀར་དུ། །ཆོས་ཀུན་སྒྱུ་མར་སྣང་བའི་རྣམ་རོལ་གཟུགས། །རྒྱུ་དང་འབྲས་བུར་ངེས་པའི་གཟིགས་མོ་ལ། །དུས་གསུམ་རྒྱལ་བ་ཕལ་ཆེར་ཡེངས་སམ་སྙམ། །ཞེས་དང༌། སྔགས་ཀྱི་ཟབ་གནད་མཐར་ཐུག་པ་སྒྱུ་ལུས་ཀྱི་རྣམ་གཞག་མཁས་རློམ་གཞན་རྣམས་སྤྱི་དོན་གྱི་སྒྱུ་མ་ཙམ་ལས། སྦས་དོན་དང་མཐར་ཐུག་གི་སྒྱུ་མ་ཇི་ལྟ་བ་བཞིན་འཇོག་མ་ཤེས་པ་རྣམས། མེ་ཏོག་སིནྡྷུ་ཝཱ་ར་དེ་ཉི་ཟླའི་འོད་ཀྱིས་འབྱེད་མི་ཐུབ་ཀྱང༌། མཛེས་མའི་འགྲམ་ཆང་གིས་འབྱེད་པ་ལྟར། རྗེ་ཉིད་གཅིག་པུས་ཇི་ལྟ་བ་བཞིན་གཟིགས་ཤིང་ཕྱེ་བའི་ཚུལ། སྒྱུ་ལུས་སིནྡྷུ་ཝཱ་རའི་འདབ་མའི་སྒོ། །མཁས་རློམ་ཉི་ཟླའི་འོད་ཀྱིས་ཕྱེད་མིན་པ། །ལེགས་གསུང་རྐེད་མེད་ཁ་ཡི་ཟེགས་


GTD005_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

མའི་ཆང༌། །འཐོར་ཚེ་འདབ་བརྒྱ་པ་དེ་རང་དབང་ཅི། །ཞེས་གསུངས་སོ། །ཐུན་མོང་སྣང་ཚོད་དང་མཐུན་པར་ལྷག་པའི་ལྷའི་ཞལ་གཟིགས་པ་སོགས་གྲུབ་པའི་གོ་འཕང་གསར་དུ་བརྙེས་ཚུལ་དང༌། ངེས་དོན་ཐུན་མོང་མ་ཡིན་པ་ལྟར་ན་དེ་ལ་མི་ལྟོས་པའི་ཁྱད་པར་གཉིས་གཉིས་སྦྱར་ཏེ་བཤད་ཚུལ་གསུམ་ལས། དང་པོ་སྣང་ཚོད་ལ་རྗེ་བཙུན་འཇམ་དབྱངས་ཀྱིས་ལྟ་བའི་དཀའ་གནད་སོགས་ཐེ་ཚོམ་གྱི་དྲ་བ་བཅད་ཀྱང༌། གནས་ཚོད་ལ་འཇམ་དཔལ་ཉིད་དང་ངོ་བོ་དབྱེར་མི་ཕྱེད་པའི་ཚུལ། འཇམ་དབྱངས་བཤེས་གཉེན་རོལ་པར་ངེས་རྙེད་ནས། །ཁྱོད་བློའི་རི་དྭགས་དཀའ་གནད་སྒྲོག་གི་རྒྱར། །བཅིངས་རྣམས་ཟུར་ཕུད་ལྔ་པའི་གསུང་མཚོན་གྱིས། །བཅད་ལ་མཚར་དུ་འཛིན་པ་བྱིས་པའི་བློ། །ཞེས་པས་བསྟན། རྒྱན་དྲུག །མཆོག་གཉིས། སངས་རྒྱས་བསྐྱངས། ལཱུ་དྲིལ། ཇོ་བོ་ཡབ་སྲས་སོགས་པཎ་གྲུབ་དུ་མས་བྱིན་གྱིས་བརླབས་པས་དེ་དག་གི་དགོངས་པ་ཐུགས་སུ་ཆུད་པའི་ཚུལ་བསྟན་ཀྱང༌། ངེས་དོན་སྲས་བཅས་རྒྱལ་བ་ཀུན་གྱི་གསང་བ་གསུམ་གྱི་བཀོད་པ་དང་ཆབས་ཅིག་པའི་ཚུལ། རྣམ་འདྲེན་སྲས་བཅས་གྲངས་མེད་ཚོགས་རྣམས་དང༌། །ལྷན་ཅིག་གསང་གསུམ་བཀོད་པས་དུས་འདའ་ན། །འཕགས་མཆོག་པཎ་གྲུབ་འགའ་ཟུང་གཟིགས་ཞེས་པའི། །བསྟོད་བསྔགས་མགོན་འདིའི་ཆེ་བའི་འོས་སུ་མིན། །ཞེས་གསུངས། སྣང་ཚོད་ལ་རྡོ་རྗེ་འཇིགས་བྱེད་གཙུག་ཏོར་རྣམ་རྒྱལ། སྒྲོལ་མ་དཀར་ལྗང་སོགས་ལྷག་པའི་ལྷ་དུ་མའི་ཞལ་གཟིགས་ཤིང་བྱིན་གྱིས་བརླབས་པར་བསྟན་ལ། ངེས་པའི་དོན་དུ་རང་ཉིད་དཀྱིལ་འཁོར་གྱི་འཁོར་ལོ་མཐའ་དག་སྤྲོ་ཞིང་སྡུད་པའི་བྱེད་པོར་གྲུབ་པའི་ཚུལ་ནི། རིགས་


GTD005_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཁྱབ་བདག་དབང་པོར་མངོན་གྲུབ་པའི། །དཀྱིལ་འཁོར་རྒྱ་མཚོའི་སྤྲོ་བསྡུར་མངའ་འབྱོར་ན། །ལྷག་པའི་ལྷ་འགས་བྱིན་གྱིས་བརླབས་སོ་ཞེས། །བསྔགས་བརྗོད་དར་དིར་སྒྲོག་ལ་རེ་བ་བསྐྱུངས། །ཞེས་གསུངས་སོ། །དེ་ལྟར་མདོ་སྔགས་ཀྱི་བསྟན་པའི་གནད་མཐའ་དག་ལ་འཁྲུལ་པའི་ཆ་ཕྲ་མོ་ཙམ་ཡང་མེད་པ་གངས་ཅན་གྱི་ལྗོངས་འདིར་སྔོན་ཆད་གཞན་གྱིས་དབྱེ་བར་མ་ནུས་པའི་གྲུབ་མཐའ་རྣམ་པར་དག་པའི་ཤིང་རྟའི་སྲོལ་ཕྱེ་བའི་ཚུལ། མཁས་གྲུབ་ཆེར་རློམ་ཕལ་གྱིས་ཁུགས་མིན་པའི། །མཐའ་བྲལ་ལྟ་དང་རིམ་གཉིས་དཀའ་གནས་གཞུ། །ལེགས་བཤད་རྒྱུད་ཀྱིས་བཀུག་འདི་ཐུན་མོང་གི །གདུལ་བའི་སྣང་ངོར་བསྟན་པའི་མཛད་པའི་དཔྱིད། །ཅེས་གསུངས་ལ། དེ་ལྟར་རང་དང་གཞན་གྱི་གྲུབ་མཐའི་སྐྱོན་ཡོན་ཐམས་ཅད་ཇི་ལྟ་བ་བཞིན་གཟིགས་ཀྱང༌། གཞན་ལ་སྡང་ཞུགས་མེད་པར་མ་ཟད། གཞན་དག་གི་གྲུབ་མཐའི་མ་ནོར་བའི་ཆ་ཐམས་ཅད་ཀྱང་རང་ལུགས་ཀྱི་ཡན་ལག་ཏུ་ཁྱེར་ཏེ་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པའི་ཚུལ། ངེས་པའི་དོན་དུ་སྤངས་རྟོགས་ཕུན་ཚོགས་ཀྱི། །ཡོན་ཏན་རྫོགས་པའི་དཔལ་སྟུག་གདོང་ལྔའི་དབང༌། །འཁྲུལ་བའི་གཅན་གཟན་དྲེགས་པའི་ང་རོ་ལ། །དགྲ་ཟླར་མི་སེམས་རང་གི་ངང་ཚུལ་ཡིན། །ཞེས་གསུངས་སོ། །གཉིས་པ་མཁྱེན་བརྩེ་ནུས་གསུམ་གྱི་སྒོ་ནས་བསྟན་འགྲོའི་དོན་བསྒྲུབ་ཚུལ་ལ། དང་པོ་མཁྱེན་པའི་ཡོན་ཏན་ནི། རྒྱ་ཆེན་མཁྱེན་པའི་སྲང་ལ་ཤེས་བྱ་ཡི། །གནས་ལུགས་མཐའ་དག་བཅལ་ཚེ་རྡུལ་ཕྲན་ལྟར། །གྱུར་པས་སྐྱེངས་ཏེ་ཆོས་ཀུན་འཆི་


GTD005_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

མེད་གཙོ། །སྟོང་ཉིད་བཤོལ་མེད་མངལ་དུ་ཡུད་ཀྱིས་བྲོས། །ཞེས་ཀུན་བྱང་གི་ཆོས་ཐམས་ཅད་མངོན་པར་བྱང་ཆུབ་པའི་ཚུལ། བརྒྱ་བྱིན་བཤོལ་མེད་བྱི་བོ་བྱས། །ཞེས་མིག་སྟོང་བྱུང་བའི་གཏམ་རྒྱུད་ཀྱི་དཔེ་དང་སྦྱར་ནས་གསུངས་སོ། །དེ་བཞིན་དུ་བརྩེ་བའི་ཡོན་ཏན་ཡང༌། བརྩེ་ཆེན་ལྷག་པའི་བསམ་པའི་ལྕིད་ཀྱི་ཁུར། །ནོར་འཛིན་བུ་མོས་མ་བཟོད་རྔུལ་བའི་ཆུ། །ཆེས་ཆེར་བབས་ལ་ཁྱབ་འཇུག་ཞབས་བསིལ་དུ། །སྐལ་ལྡན་ཤིང་རྟས་ཕབ་ཅེས་སྒྲོས་སུ་གླེང༌། །ཞེས་འགྲོ་བ་རིས་མེད་པ་མཐའ་དག་གི་དོན་རང་གིར་བཞེས་པའི་ལྷག་བསམ་གྱི་ཁུར་ལྕི་བ་གཟུགས་སུ་གྲུབ་ན་ཡངས་པའི་ས་ཆེན་པོ་འདིས་ཀྱང་ཐེག་དཀའ་བ་ལྟ་བུར་ཡོང་ཚུལ། སྐལ་ལྡན་ཤིང་རྟས་གངྒཱ་ཕབ་པའི་གཏམ་རྒྱུད་དང་སྦྱར་ཏེ་རབ་བཏགས་ཀྱི་དཔེས་གསུངས་སོ། །ནུས་པའི་ཡོན་ཏན་བདུད་སྡེ་ཐལ་བར་བརླག་ཚུལ་ནི། དུས་དགྲའི་ནུས་མཐུར་གྲུབ་པའི་ཐོག་མདའ་ཡིས། །ནག་ཕྱོགས་བྲག་རི་བཅོམ་དང་ལྷན་ཅིག་ཏུ། །འདོད་ལྷའི་ལུས་ཀྱང་ཚིག་པར་མགྲིན་སྔོན་གྱིས། །མིག་མེས་བསྲེགས་ཞེས་རིག་བྱེད་གཏམ་དུ་མཆིས། །ཞེས་སྔོན་དབང་ཕྱུག་ཆེན་པོས་མིག་དབུས་མ་མེའི་མིག་གིས་འདོད་ལྷ་བསྲེགས་པའི་རིག་བྱེད་ཀྱི་གཏམ་རྒྱུད་དང་སྦྱར་ཏེ་བཤད་དོ། །རྒྱུ་དེ་གསུམ་གྱི་སྒོ་ནས་བསྟན་འགྲོའི་དོན་བསྒྲུབ་ཚུལ་ཡང༌། གང་གིས་ཐར་པར་དྲངས་མིན་སྐྱེས་བུ་ནི། །མེད་ཕྱིར་རྒྱལ་རྣམས་རང་གི་གདུལ་བྱ་དག །མ་རྙེད་ཞི་བའི་དབྱིངས་སུ་མནལ་བ་ལ། །གདུལ་དཀའི་སྙིགས་མ་ལྔ་བདོར་སྒྲོ་ཡིས་བཏགས། །ཞེས་སྐལ་ལྡན་གདུལ་བྱ་རྣམས་གང་ལ་གང་


GTD005_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

འཚམ་དུ་ཡང་དག་པའི་ལམ་ལ་སྦྱར་ཏེ། རྒྱལ་བ་ཀུན་གྱི་མཛད་པའི་ཁུར་རྗེ་ཉིད་གཅིག་པུས་བདག་གིར་བཞེས་པའི་ཚུལ་གྱིས་མདོར་བསྟན་ཅིང༌། དེའི་ནང་ནས་བྱེ་བྲག་ཏུ་ལུང་གི་བསྟན་པ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་སྤེལ་བ་ལ་འགྲན་ཟླ་མེད་ཚུལ། སྲིད་ཞིའི་ཁམས་ན་འཆད་རྩོད་རྩོམ་པ་ཡི། །དཔེ་ཟླར་འོས་པ་ཚོལ་ཕྱིར་ཉི་ཟླ་ཟུང༌། །དལ་མེད་མཁའ་ལ་རྒྱུ་ཡང་མ་རྙེད་པས། །ངལ་ཏེ་ཐུན་མཚམས་སྒེག་མོའི་ཕང་བར་ཉལ། །ཞེས་ཉི་ཟླ་ཟུང་གིས་དེའི་འགྲན་ཟླར་འོས་པ་ཞིག་བཙལ་ཏེ་མ་རྙེད་ཅེས་རབ་བཏགས་ཀྱི་སྒོ་ནས་གསུངས་སོ། །དེ་ནས་རྟོགས་པའི་བསྟན་པ་ལ་གཉིས་ལས། ཐུན་མོང་བ་ལམ་བསླབ་པ་གསུམ་ལ་གདུལ་བྱ་འགོད་ཚུལ་སྟོན་པ་ཐུབ་པའི་དབང་པོ་དང་དབྱེར་མེད་པ་ནི། ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་བསླབ་པའི་གཞིར། །མཐའ་ཡས་ལུས་ཅན་མ་ལུས་ངེས་སྦྱོར་བའི། །མཛད་པ་མཆོག་འདིས་ཁྱོད་དང་ཟས་གཙང་སྲས། །ཐ་དད་དབྱེ་བའི་གོ་སྐབས་རྟོགས་ནུས་མིན། །ཞེས་གསུངས་ཤིང༌། ཐུན་མོང་མ་ཡིན་པ་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་འཚང་རྒྱ་བའི་གསང་སྔགས་ཀྱི་མྱུར་ལམ་ལ་འཁྲིད་པར་རྡོ་རྗེ་འཆང་དང་དབྱེར་མ་མཆིས་པའི་ཚུལ། བསྐལ་བརྒྱར་བསྒྲུབ་བྱ་སྙིགས་དུས་ཚེ་གཅིག་ལ། །ཟུང་འཇུག་སྐུ་བཞིའི་ལམ་དུ་འགྲོ་བ་ཀུན། །འཁྲིད་ལ་ཁྱོད་དང་ཁྱབ་བདག་རྡོ་རྗ་ེའཆང༌། །སྤྲུལ་ལོངས་རྟགས་ཀྱིས་མ་འདྲེས་ངེས་པ་རྙེད། །ཅེས་པས་བསྟན་ཏོ། །གསུམ་པ་དོན་བསྡུ་བ་ནི། ཐབས་ཤེས་རིན་ཆེན་སྣ་བདུན་ལ་བརྟེན་ནས། །ལུང་རྟོགས་བསྟན་པའི་གླིང་བཞིར་དབང་སྒྱུར་བའི། །དམ་པའི་ཆོས་ཀྱི་འཁོར་ལོས་སྒྱུར་བ་


GTD005_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། །ཀུན་མཁྱེན་ཙོང་ཁ་པ་ལ་གསོལ་བ་འདེབས། །ཞེས་པ་སྟེ། གསེར་གྱི་འཁོར་ལོས་སྒྱུར་བས་གླིང་བཞི་མཐའ་དག་ལ་འདོད་དགུར་དབང་བསྒྱུར་བ་བཞིན། ཐབས་ཁྱད་པར་ཅན་རིང་ནས་གོམས་པའི་རླབས་པོ་ཆེའི་ཐུགས་བསྐྱེད་དང༌། བསྟན་པའི་གནད་མཐའ་དག་ལ་ལྐོག་ཏུ་མ་གྱུར་པའི་ཤེས་རབ་ཟུང་དུ་འཇུག་པའི་སྒོ་ནས་ཐུབ་པའི་བསྟན་པ་ཡོངས་སུ་རྫོགས་པའི་མངའ་བདག་གཅིག་པུར་གྲུབ་པ། གཟུ་བོར་གནས་ཤིང་ཆོས་ཀྱི་མིག་དང་ལྡན་པ་རྣམས་ཀྱི་མངོན་སུམ་དུ་གྲུབ་པའི་རང་བཞིན་བརྗོད་པའོ། །གཉིས་པ་འདུན་པ་བསྐྱེད་དེ་སྨོན་པ་ལ། ཐོག་མར་ངེས་ལེགས་ཀྱི་རྒྱུར་གྱུར་པ་མངོན་མཐོའི་གོ་འཕང་དལ་རྟེན་བརྒྱུད་མར་འཐོབ་པའི་ཕྱིར་སྨོན་པ་ནི། དེང་ནས་ཚེ་རབས་ལྷ་ཡི་ལམ་ཡངས་པར། །མི་ཁོམ་སྐྱོན་གྱི་ཆུ་འཛིན་དང་བྲལ་བའི། །དལ་བརྒྱད་འབྱོར་བཅུའི་བསིལ་ཟེར་རབ་སྤྲོས་པས། །གཏན་བདེའི་ག་བུར་ཐིགས་པར་ལོངས་སྤྱོད་ཤོག །ཅེས་དང༌། མི་དགེ་བའི་བཤེས་གཉེན་དང་སྐད་ཅིག་ཀྱང་མི་འགྲོགས་པར། ཡོངས་འཛིན་མཚན་ཉིད་དང་ལྡན་པས་རྗེས་སུ་འཛིན་པར་སྨོན་པ་ནི། འཁྲུལ་པའི་ཁུང་བུར་ལོག་སྨྲའི་ལྕེ་རྐྱོང་བའི། །ལྟར་སྣང་བཤེས་གཉེན་སྦྲུལ་གྱིས་མི་གཙེ་ཞིང༌། །ཡང་དག་ལམ་སྟོན་ཡོངས་འཛིན་ཀླུ་དབང་གི །གཙུག་རྒྱན་ཡིད་བཞིན་ནོར་བུ་ཐོབ་པར་ཤོག །ཅེས་པའོ། །དེ་ལྟ་བུའི་བཤེས་གཉེན་དམ་པས་རྗེས་སུ་བཟུང་སྟེ། གང་ལ་སློབ་པའི་ཡུལ་གྱི་བསྟན་པའང༌། ཕྱི་རུ་ཉན་ཐོས་སྤྱོད་སྐྱོང་ཞིང༌། །ནང་དུ་འདུས་པ་ལ་རབ་དགའ། །ཞེས་རྒྱལ་བ་རང་ཉིད་ཀྱིས་ཇི་ལྟར་བསྔགས་པ་བཞིན། ལམ་ཐུན་མོང་དང་ཐུན་


GTD005_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

མོང་མ་ཡིན་པའི་ལྟ་སྒོམ་སྤྱོད་པ་མཐའ་དག་གི་གནད་ཚང་བ་རྒྱལ་བའི་བསྟན་པའི་སྙིང་པོ་རྗེ་བླ་མའི་བཀའ་སྲོལ་དྲི་མ་མེད་པ་འདི་ཉིད་དང་མཇལ་བར་སྨོན་པ་ནི། རྨད་བྱུང་རྣམ་ཐར་གཙང་མའི་ཁྲིམས་དང་ལྡན། །རླབས་ཆེན་རྒྱལ་སྲས་སྤྱོད་པའི་སྙིང་སྟོབས་ཆེ། །བདེ་སྟོང་མཆོག་གི་རིམ་གཉིས་རྣལ་འབྱོར་སྤྱོད། །བློ་བཟང་རྒྱལ་བའི་བསྟན་དང་མཇལ་བར་ཤོག །ཅེས་པ་སྟེ་གནད་ཤིན་ཏུ་ཆེའོ། །བསྟན་པ་དེ་ལའང་མཇལ་བའི་མིང་ཙམ་གྱིས་མི་ཆོག་པར་རང་གིས་ཉམས་སུ་ལོན་པ་ཞིག་དགོས་པས། རྗོད་བྱེད་གསུང་རབ་མཐའ་དག་ལ་ཐོས་པ་ངོམས་པ་མེད་པར་བྱས་ཏེ། འཆད་ཉན་གྱི་སྒོ་ནས་སྤེལ་བར་སྨོན་པ་ནི། གང་གི་ལེགས་བཤད་འཆི་མེད་བདུད་རྩིའི་ཚོགས། །འཐུང་ལ་ནམ་ཡང་ངོམས་པ་མ་མཆིས་ཤིང༌། །དེ་དོན་འཆད་དང་སྤེལ་བའི་རྒྱུད་མང་སྒྲ །སྲིད་རྩེའི་བར་དུ་སྒྲོག་པའི་དཔལ་ཐོབ་ཤོག །ཅེས་སོ། །དེའི་བརྗོད་དོན་ཡང་དག་པའི་ལམ་ལ་སློབ་པ་ལ། ཐུན་མོང་བ་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་ནང་ནས་ཆུང་ངུ་དང་ཐུན་མོང་བ་མངོན་མཐོའི་རྒྱུ་དགེ་བ་བཅུ་ལ་སློབ་པའི་ཕྱིར་སྨོན་པ། སྐྱེ་མང་ཉེར་བརྒྱུད་མུན་པ་སྟུག་པོའི་ནང༌། །འདི་སྣང་བདེ་བ་གློག་འོད་སྐད་ཅིག་མར། །རྟོགས་ནས་མངོན་མཐོའི་སྒྲོན་མེ་ཉེར་འདེགས་པའི། །དགེ་བའི་རྩི་བཅུད་གྲུབ་པར་བྱིན་གྱིས་རློབས། །ཞེས་དང༌། སྲིད་པ་ལས་ཡིད་འབྱུང་བ་འབྲིང་དང་ཐུན་མོང་བ་ནི། སྲིད་པའི་བདེ་བ་དབྱར་གྱི་ཆུ་གཏེར་ཆེ། །སྡུག་བསྔལ་མྱ་ངམ་ཐང་དུ་འགྱུར་ཤེས་ནས། །ལྡོག་མེད་ཐེག་གསུམ་འཕགས་པའི་གོ་འཕང་གི །མི་ཟད་རྒྱ་མཚོ་ཆེ་ལ་


GTD005_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པར་ཤོག །ཅེས་པས་བསྟན། སྙིང་རྗེའི་གཞན་དབང་དུ་གྱུར་ནས་ཕྱིན་དྲུག་གི་སྤྱོད་པ་སྒྲུབ་པ་སྐྱེས་བུ་ཆེན་པོའི་ལམ་ལ་སློབ་པའི་ཕྱིར་སྨོན་པ། ཞི་བདེའི་མུན་པར་མར་གྱུར་འགྲོ་བའི་གཟུགས། །མ་མཐོང་རྣམ་པར་གྲོལ་བའི་ཚུལ་ཤེས་ཏེ། །ཕྱིན་དྲུག་སྤྱོད་པའི་འོད་སྟོང་རབ་སྤྲོས་ནས། །ཀུན་མཁྱེན་ཡེ་ཤེས་སྣང་བ་རྒྱས་པར་ཤོག །ཅེས་པའོ། །དེ་ལྟར་ལམ་ཐུན་མོང་བས་རྒྱུད་སྦྱངས་ཏེ། ཐུན་མོང་མ་ཡིན་པ་གསང་ཆེན་རིམ་གཉིས་ཀྱི་རྣལ་འབྱོར་ལ་སློབ་པའི་ཕྱིར་སྨོན་པ། གྲངས་མེད་བསྐལ་གསུམ་ཀུན་གསལ་རྫོགས་དཀའི་ཚོགས། །རྟ་ལྗང་རླུང་ཤུགས་རིམ་གཉིས་འཁྲུལ་འཁོར་གྱིས། །སྙིགས་དུས་ཚེ་ཐུང་ཆུ་ཚོད་དྲུག་ཅུ་ལ། །ལྷུན་གྲུབ་འབད་མེད་བགྲོད་པར་བྱིན་གྱིས་རློབས། །ཞེས་པ་ཡིན་ལ། འདིའི་མཇུག་སྨོན་པའི་ཚིག་ཏུ་མ་བྱས་པར། བྱིན་གྱིས་རློབས་ཞེས་འབྱུང་བ་ནི། ལམ་གྱི་རྟོགས་པ་དེ་དག་སྐྱེ་བའང་རྗེ་བླ་མའི་ཐུགས་རྗེའི་བྱིན་གྱིས་རང་གི་ཤེས་རྒྱུད་བརླབས་པའམ། བསྒྱུར་དགོས་པར་ཤེས་པའི་ཆེད་ཡིན་ཏེ། འདིས་ནི་གོང་མ་ཀུན་ལའང་གོ་བར་བྱའོ། །དེ་ཡན་ཆད་ཀྱིས་སྤྱིར་སྨོན་པའི་དོན་ཆ་ཚང་བར་སོང་ཡང་། ཁྱད་པར་དུ་རྗེ་བླ་མའི་བསྟན་པ་ཕྱོགས་མཐར་རྒྱས་པ་ནི་ལྷག་པར་ཐུགས་ལ་བརྣག་པའི་དོན་ཡིན་པས། དེ་ལ་ཆེད་དུ་དམིགས་ཏེ་ཡུལ་དུས་མཐའ་དག་ཏུ་རྒྱས་པའི་ཕྱིར་སྨོན་པའི་ཤོ་ལོ་ཀ་གསུམ་མཛད་པའི་དང་པོ། ཁྱད་པར་མགོན་ཁྱོད་བསྟན་པ་ཡིད་བཞིན་ནོར། །ཐོས་བསམ་སྒོམ་པའི་རྒྱལ་མཚན་རྩེར་བཀོད་ནས། །རིང་ལུགས་དཔལ་འབྱོར་སྐལ་བཟང་འགྲོ་ཀུན་གྱིས། །མི་ཟད་དགའ་སྟོན་སྤྱོད་ལ་ནུས་ལྡན་ཤོག །ཅེས་མཐའ་དབུས་ཀུན་ཏུ།


GTD005_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བླ་མའི་སྲོལ་འཛིན་གྱི་སྐྱེས་མཆོག་མང་དུ་བྱུང་སྟེ། ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་འཛིན་སྐྱོང་སྤེལ་བར་འགྱུར་བ་དང༌། འཁོར་བའི་སྐྱེ་སྲིད་འདབ་ཆགས་བགྲོད་པའི་འགྲོས། །སྣ་ཚོགས་མཐོ་དམན་བར་མར་རྒྱུ་བའི་ཚེ། །འཇམ་དཔལ་སྙིང་པོས་རྗེས་སུ་ཉེར་བཟུང་བའི། །གྲིབ་མ་གཉིས་པས་རྗེས་སུ་འབྲང་བར་ཤོག །ཅེས་པ་ཀུན་གཟིགས་ལྔ་པ་ཆེན་པོ་རང་ཉིད་ཀྱི་སྐུ་ཚེའི་འཕྲེང་བ་ཀུན་ཏུ་རྗེའི་བསྟན་པ་འདི་ཉིད་འཛིན་ཅིང་སྤེལ་བའི་དོན་དུ་ཡིན་ལ། ཆོས་ཕུང་སྤྲིན་གྱི་ལུས་ཕྲའི་ཕང་པ་ནས། །རྒྱལ་བ་གཉིས་པའི་བསྟན་ལ་འབྲུག་གི་སྒྲ། །བཟང་པོའི་བསྐལ་པ་དབྱར་དུས་ཇི་སྲིད་དུ། །མི་འགྱུར་རྡོ་རྗེའི་དཔལ་དུ་འགྲུབ་གྱུར་ཅིག། །ཅེས་པ་ནི་ཚུལ་དེ་དག་གི་སྒོ་ནས་ལུས་ཅན་ཡོངས་ཀྱི་ཕན་བདེ་མ་ལུས་པའི་འབྱུང་གནས་བསྟན་པའི་ཡང་སྙིང་རྗེ་བླ་མའི་རིང་ལུགས་དྲི་མ་མེད་པ་འདི་ཉིད་བསྐལ་པའི་མཐའི་བར་དུ་མི་ཉམས་པར་གནས་པའི་ཕྱིར་དུ་སྨོན་པ་མཛད་པ་སྟེ། དཔལ་ཕྲེང་གི་ཞུས་པར་དམ་ཆོས་འཛིན་པའི་སྨོན་ལམ་ནི་ཡང་དག་པའི་སྨོན་ལམ་མཐའ་དག་གི་སྡོམས་སུ་གསུངས་པ་བཞིན་ནོ། །སྦྱར་བྱང་གོ་སླ། འདིར་འབད་དགེ་བས་རྟག་ཏུ་དལ་འབྱོར་གྱི། །རྟེན་ཐོབ་བཤེས་གཉེན་དམ་པས་རྗེས་བཟུང་སྟེ། །བསྟན་པའི་སྙིང་པོ་ཐོས་བསམ་སྒོམ་པ་ཡིས། །ཕྲ་རགས་སྲིད་མཚོའི་ཕ་རོལ་ཕྱིན་གྱུར་ཅིག །དེའང་བསྟོད་པ་འདི་ཉིད་སྔར་འདི་ཕྱོགས་སུ་དར་སོ་ཆུང་བའི་དབང་གིས་བློ་འཛིན་ཀློག་པ་སོགས་མ་མྱོང་ཡང༌། ཉེ་ཆར་སུ་ཉིད་གཡས་རུའི་ཤོག་ནས་ཆོས་དང་དོན་དང་ངེས་ཚིག་འབྱེད་པའི་བློ་མིག་ཅན་ཀུ་ཤྲི་འཇིགས་མེད་བློ་བཟང༌


GTD005_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ནན་ཆེར་བསྐུལ་བར་བརྟེན། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་ཆ་ཚང་བར་མཐར་ཆགས་སུ་ཚར་གཅིག་ཀློག་པ་དང་བསྟུན། སྤྱི་ཁོགས་ཀྱི་ས་བཅད་བློ་ལ་ཤར་ཚོད་ཙམ་ཞིག་ཇ་སྦྱོར་གཉིས་ཀྱི་རིང་ལ་ཐོལ་བྱུང་གི་ཚུལ་དུ་བྲིས་པ་ཡིན་པས། རྣམ་དཔྱོད་ཅན་རྣམས་ཀྱིས་དཔྱོད་པའི་གཞི་ཙམ་མཛད་དེ། གཞུང་གཞན་དང་གུང་བསྒྲིག་ནས་ཞིབ་དཔྱོད་མཐའ་ཆོད་པར་མཛད་ན་ལེགས་སོ།། །།

བདེ་བ་ཅན་དུ་སྨོན་ལམ་འདེབས་ཚུལ།


GTD005_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་ཅན་གྱི་ཞིང་གི་ཡོན་ཏན་སེམས་པ་དང་སྦྲགས་ཏེ་སྨོན་ལམ་འདེབས་ཚུལ་བྱིན་རླབས་མྱུར་འཇུག་བཞུགས་སོ། །


GTD005_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཨ་མི་ཏོངྦྷ་ཝཱ་ཡ། བླ་མའི་རྣལ་འབྱོར་ཞིང་མཆོག་སྒོ་འབྱེད་དང་འབྲེལ་བར་ཞིང་གི་ཡོན་ཏན་སེམས་པ་དང་སྦྲགས་ཏེ་སྨོན་ལམ་འདེབས་ཚུལ་ནི། བདེ་སྨོན་གྱི་གོང་ངམ། འཕོ་བའི་དམིགས་པ་གཙོ་བོར་བྱེད་ན། མདོ་ལས། དེ་ལ་དད་པ་ཞིང་དེར་སྐྱེ། །ཞེས་ཞིང་གང་དུ་འཕོ་འང་དེར་སྐྱེ་བའི་འདུན་པ་དེའི་རྒྱུའི་གཙོ་བོར་གསུངས་པས། འོད་དཔག་མེད་སྤྱི་བོར་སྤྱན་དྲངས་ཏེ་རྩ་དང་ཐིག་ལེ་གསལ་བཏབ་ཟིན་ནས་གསོལ་འདེབས་ཀྱི་གོང་དེར་བྱ་ལ། དེའང་གཡམ་ལ་རྒྱུག་ཙམ་མ་ཡིན་པར་བློ་གཏིང་ནས་འཁུལ་བའི་གདུང་ཤུགས་དང་བཅས། འགྲོ་བའི་མགོན་པོ་ཤཱཀྱ་སེང་གེ་ཡིས། །བསླུ་མེད་བདེན་པར་གསུང་བའི་མདོ་སྡེ་ལས། །གང་གིས་ཕྲ་རབ་རྡུལ་སྙེད་འཇིག་རྟེན་ཁམས། །བཤིག་ཅིང་བཤེགས་ཏེ་རྡུལ་དུ་བྱས་གྱུར་པ། །དེ་བས་མང་བའི་འཇིག་རྟེན་ཁམས་ཀྱི་རྣམས། །རིན་ཆེན་བཀང་སྟེ་སྦྱིན་པ་བྱིན་པས་ནི། །གང་གིས་དཔག་ཏུ་མེད་པའི་འོད་མཚན་དང༌། །བདེ་བ་ཅན་གྱི་ཡོན་ཏན་ཁྱད་འཕགས་རྣམས། །ཐོས་ནས་དགའ་སྟེ་ཐལ་མོ་སྦྱོར་བྱེད་པ། །བསོད་ནམས་འདི་ཡི་ཆར་ཡང་འགྱུར་མ་ཡིན། །དེ་ལྟ་བས་ན་དེ་བཞིན་གཤེགས་དེ་ཡི། །ཡོན་ཏན་ཐོས་ནས་མགུ་དང་དད་སྐྱེད་ལ། །བདེ་བ་ཅན་གྱི་འཇིག་རྟེན་ཁམས་མཆོག་ཏུ། །འགྲོ་བར་བྱ་ཕྱིར་མོས་པ་དྲག་པོ་སྐྱེད། །གསུངས་ཕྱིར་དུས་གསུམ་དགེ་ཚོགས་ཅི་མཆིས་པ། །གཅིག་ཏུ་བསྡོམས་ཏེ་ཞིང་མཆོག་དེར་སྐྱེས་ནས། །འོད་དཔག་མེད་མགོན་གསུང་གི་


GTD005_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་ལ། །འདོད་དགུར་སྤྱོད་པའི་རྒྱུ་རུ་བསྔོ་བར་བྱ། །མི་མཇེད་ཞིང་ནས་ནུབ་ཀྱི་ཕྱོགས་ཉིད་དུ། །བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་སངས་རྒྱས་ཀྱི། །ཞིང་ཁམས་རྣམས་ནི་འདས་པར་གྱུར་པ་ན། །རྨད་བྱུང་བདེ་བ་ཅན་ཞེས་བྱ་བ་ཡོད། །དེ་ནི་ས་གཞི་རིན་ཆེན་དུ་མས་སྤྲས། །ཤིན་ཏུ་ཉམས་དགའ་ལག་མཐིལ་ལྟ་བུར་མཉམ། །རིན་ཆེན་ལས་གྲུབ་རི་བོ་མ་གཏོགས་པ། །ནག་པོའི་རི་རྣམས་ཀུན་གྱིས་དབེན་ཞིང་གཙང༌། །མཛེས་ཤིང་ཡིད་འོང་རྣམ་དག་ཞིང་གི་མཐའ། །རིན་ཆེན་བདུན་གྱི་ཆུ་ཤིང་ལྗོན་པ་དང༌། །རིན་ཆེན་ཏ་ལའི་ཤིང་གི་འཕྲེང་བ་ཡིས། །ཡོངས་སུ་བསྐོར་བས་སྐར་མས་ཟླ་བ་བཞིན། །བདག་སོགས་ཀུན་གྱི་རྣམ་དཀར་དགེ་ཚོགས་ཀྱང༌། །ཁྱོད་ཀྱི་དགེ་ཚོགས་རྒྱ་མཚོ་དང་འདྲེས་མཐུས། །མི་གཙང་སྡུག་བསྔལ་ཉེས་ཚོགས་མཐར་བསྐྲད་དེ། །ལྗོན་མཛེས་རིན་ཆེན་རི་བོས་བསྐོར་བའི་མཐིལ། །མེ་ལོང་ངོས་ལྟར་མཉམ་ལ་དྭངས་ཤིང་གསལ། །ཕྱོགས་མཚམས་ཀུན་ཏུ་གོ་སྐབས་ཆེས་ཡངས་པས། །མིག་དང་ཡིད་ལ་སྤྲོ་བའི་མཆོག་སྦྱིན་པ། །ཞིང་མཆོག་བདེ་བ་ཅན་དེར་སྐྱེ་བར་ཤོག །གསེར་དངུལ་བཻ་ཌཱུརྻྻ་དང་ཤེལ་དང་སྤུག །མུ་ཏིག་དམར་པོ་རྡོ་ཡི་སྙིང་པོ་སྟེ། །རིན་ཆེན་བདུན་ལས་གྲུབ་པའི་ལྗོན་པ་ལ། །ཡིད་ལ་བསམ་དགུའི་རྒྱན་བཟང་དཔག་མེད་འཕྱང༌། །ཤིང་གི་རྩ་བ་སྡོང་བུ་ཡལ་ག་སོགས། །འཇམ་ཞིང་རེག་ན་བདེ་སྟེར་དྲི་ཞིམ་ལྡན། །དྲི་ཡི་བཞོན་པས་བསྐྱོད་ཚེ་རྣར་སྙན་པའི། །མཉན་པས་ཆོག་


GTD005_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཤེས་པའི་སྒྲ་རྣམས་འབྱུང༌། །དཔག་བསམ་ལྗོན་པའི་ཚོགས་ཀྱིས་རྩོལ་མེད་དུ། །བྱིན་པའི་ལྷ་ཡི་གོས་དང་རྒྱན་གྱིས་སྤྲས། །མེ་ཏོག་སིལ་མར་བཀྲམ་བྱས་འཛིན་མའི་ངོས། །མནན་ན་ནེམ་པས་ལུས་སེམས་བདེ་དགའ་སྐྱེད། །ཁྱད་པར་དྲི་ཞིམ་རླུང་གིས་བསྐུལ་བ་ལས། །ནོར་བུའི་ཡལ་འདབ་བསྐྱོད་པའི་སྙན་འགྱུར་དབྱངས། །རྣ་བའི་བཅུད་ལེན་ཟབ་མོའི་དོན་ལྡན་པས། །རྟག་ཏུ་ཆོས་ཀྱི་འདུ་ཤེས་སྐྱེད་གྱུར་ཅིག །དག་པའི་སེམས་ཅན་རྣམས་ཀྱི་ཉེར་འཚོའི་གཞི། །ཡིད་འཛིན་ཏ་མ་ལ་དང་ཨ་ཀ་རུ། །རྒྱ་སྤོས་ཙནྡན་སྦྲུལ་སྙིང་གིས་བསྒོས་པའི། །ཉལ་འགྲོའི་རྒྱུན་རྣམས་སྒྲ་སྙན་སྒྲོག་ཅིང་འབབ། །དྭངས་བསིལ་ཆབ་ཀྱིས་དྲི་མ་ཀུན་སྦྱོང་ཞིང༌། །མུ་ཏིག་ལྦུ་བ་འཐོར་བའི་རླབས་འཕྲེང་དང༌། །འཇོ་སྒེག་གར་གྱིས་རྩེན་པའི་བྱ་ཚོགས་ཀྱང༌། །གདངས་སྙན་ཆོས་ཀྱི་སྒྲ་ཡིས་སིམ་བྱེད་ཤོག །རབ་འབྱམས་སྨོན་ལམ་སྟོབས་ལས་འོངས་པ་ཡི། །རིན་ཆེན་པདྨོས་བསྐྲུན་པའི་འོད་ཟེར་རྩེར། །དམ་ཆོས་སྦྲང་རྩིའི་དགའ་སྟོན་འགྱེད་པ་ཡི། །སྤྲུལ་སྐུས་གདུལ་བྱའི་བུང་བ་ཚིམ་པར་མཛད། །དཔག་ཚད་དུ་མའི་ཁྱོན་འགེངས་འདབ་མའི་རྩེར། །བྱེ་བ་བརྒྱ་སྟོང་སོ་དྲུག་གྲངས་སྙེད་ཀྱི། །རྒྱལ་རྣམས་འཇའ་ཚོན་འོད་ཕྲེང་ལ་གནས་པས། །དགྱེས་པའི་ཞལ་བསྟན་གསུང་གིས་དབུགས་འབྱིན་ཤོག །ཡིད་ཀྱི་རེ་བ་རྫོགས་བྱེད་ལོངས་སྤྱོད་རྫོགས། །ཕུན་ཚོགས་འབྱོར་པས་ས་དང་བར་སྣང་ཀུན། །མི་མཉམ་མེད་པར་ཡོངས་སུ་དཀྲིགས་པ་ནི། །གསེར་གྱི་གཞི་ལ་ཆུ་གཏེར་ཆེན་པོ་བཞིན། །ཁང་བཟང་གདན་ཁྲི་བླ་བྲེ་རྣམ་བཀྲ་ཞིང༌། །མཆོད་རྫས་སྣ་ཚོགས་ཐོགས་པའི་ལྷ་མོའི་ཚོགས། །མཁོ་དགུའི་དངོས་པོ་མ་ཚང་མེད་བསྟབས་པས། །ཟག་


GTD005_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དགའ་བདེའི་དཔལ་ལ་རོལ་གྱུར་ཅིག །དག་པའི་སེམས་ཅན་ལས་བཟང་གིས་སྤྲུལ་བ། །མཚན་དཔེའི་རྒྱན་གྱིས་ལུས་ནི་རབ་ཏུ་མཛེས། །ཡོན་ཏན་དུ་མས་རྒྱུད་ནི་ལེགས་པར་གཏམས། །གནས་སྐབས་ཀུན་ཏུ་ཆོས་ཀྱི་དགའ་བས་འཚོ། །གློག་བཞིན་འཁྱུག་པའི་ཐོགས་མེད་རྫུ་འཕྲུལ་གྱིས། །ཞིང་མང་བགྲོད་ནས་རྒྱལ་བའི་སྤྱན་སྔ་རུ། །རབ་འབྱམས་ཚོགས་གཉིས་བསྐྲུན་ནས་སླར་ཡང་ནི། །རང་གི་ཞིང་དུ་དགའ་བདེས་རོལ་པར་མཛད། །དེ་ལྟའི་གྲོགས་མཆོག་མངོན་ཤེས་ལྔ་ལྡན་ཞིང༌། །རྒྱལ་བ་ཀུན་ལ་བསོད་ནམས་ལྷག་པར་བྱས། །གསུང་གི་བདུད་རྩི་མྱང་བས་ཉིན་རེ་བཞིན། །བླ་མེད་བྱང་ཆུབ་ས་ལ་ཉེར་འགྲོ་བ། །དེ་དག་རྣམས་དང་སྤྱོད་ཚུལ་ལྟ་བ་ཀུན། །མཚུངས་པར་སྤྱད་དེ་བློ་དང་བརྩོན་པའི་ཤུགས། །ཉ་གང་ཟླ་བའི་ཟེར་གྱིས་རེག་པ་ཡི། །དབྱར་གྱི་ཆུ་གཏེར་ཇི་བཞིན་རྒྱས་གྱུར་ཅིག །ཁྱད་པར་སྣང་མཐའ་ཡས་པའི་ཐུགས་ཀྱི་སྲས། །ཕྱག་ན་པདྨ་རྡོ་རྗེ་འཛིན་པ་སོགས། །ཡེ་ཤེས་རྒྱ་མཚོ་སེམས་ཅན་རྒྱ་མཚོའི་ཕྱིར། །སྙིང་སྟོབས་རྒྱ་མཚོས་མ་ཞུམ་གོ་བགོས་ཤིང༌། །རྒྱལ་བ་རྒྱ་མཚོའི་དྲུང་དུ་ཐུགས་བསྐྱེད་ནས། །ཐོས་པ་རྒྱ་མཚོ་ཚོལ་བས་ངོམས་པ་མེད། །མ་ལུས་ཆོས་ཚོལ་ཚུལ་ལ་རབ་ཏུ་མཁས། །འཇིག་རྟེན་འདས་པའི་གཏམ་གྱི་སྙིང་པོ་རྟོགས། །ཆོས་ཀྱི་གཏམ་ལ་ནམ་ཡང་འཇིགས་པ་མེད། །རྟག་ཏུ་སེམས་ཅན་གྲོལ་བར་བྱེད་ལ་བརྩོན། །དེ་ནི་འདྲེན་པའི་གཙོ་བོ་འོད་དཔག་མེད། །ཐུབ་མཆོག་དེ་ཡི་རིགས་སུ་སྐྱེས་གྱུར་པ། །རྒྱལ་བའི་གདུང་འཚོབ་གྲགས་ལྡན་དཔའ་བོ་ཆེ། །དག་པའི་ཞིང་གི་རྒྱལ་སྲས་རྣམས་ཡིན་ནོ། །བརྩེ་ལྡན་དེ་དག་རྣམས་ཀྱིས་བུ་


GTD005_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ། །བསྐྱངས་པས་མི་མཐུན་བདུད་ལས་རྣམ་རྒྱལ་ཞིང༌། །འདུས་པ་གཅིག་ཀྱང་བགྲང་གིས་མི་ལང་བའི། །ཉན་ཐོས་ཚོགས་རྣམས་མཐའ་དག་ཟིལ་མནན་ཏེ། །རབ་འབྱམས་ཞིང་དུ་སྤྲུལ་བའི་ཟློས་གར་གྱིས། །ལུས་ཅན་རྨོངས་པའི་མུན་པ་དྲུངས་འབྱིན་པའི། །མདོ་སྔགས་ཟུང་འཇུག་ཆོས་ཀྱི་སྒྲོན་མེ་སྦར། །ཆོས་ཀྱི་དུང་བུས་ཆོས་ཀྱི་རྔ་ཆེན་བརྡུང༌། །ཆོས་ཀྱི་རྒྱལ་མཚན་སྲིད་པའི་རྩེར་བསྒྲེངས་ཏེ། །རྒྱལ་བ་ཀུན་གྱི་བཞེད་པ་སྐོང་གྱུར་ཅིག །ཞིང་མཆོག་དེ་ཡི་ནོར་འཛིན་ལྟེ་བ་ན། །སྣ་ཚོགས་ནོར་བུའི་རྒྱན་སྒྲས་དཔག་བསམ་ཤིང༌། །དཔག་ཚད་སྟོང་དང་དྲུག་བརྒྱར་མངོན་མཐོ་ཞིག །ཡལ་འདབ་ཁོར་ཡུག་རྒྱང་གྲགས་ལྔ་བརྒྱར་ཁེབས། །ལོ་འབྲས་མེ་ཏོག་བཞད་པའི་དྲི་བསུང་རྒྱས། །མཐོང་ཐོས་རེག་པས་ཉོན་མོངས་གདུང་སེལ་བ། །དེ་ཡི་རྩ་བར་ཡིད་འཕྲོག་མ་ཡཱུ་རས། །བཏེགས་པའི་ཁྲི་འཕང་མངོན་མཐོར་པད་ཟླའི་སྟེང༌། །རྒྱལ་བའི་དབང་པོ་བྱི་རུའི་ལྷུན་པོ་བཞིན། །མཚན་དཔེའི་དཔལ་འབར་གཟི་བྱིན་ལྷང་ངེ་བ། །ཡན་ལག་དྲུག་ཅུའི་དབྱངས་ལྡན་ཆོས་ཀྱི་ཆར། །མཁྱེན་བརྩེའི་སྤྲིན་གྱི་ཕུང་པོ་ལས་ཐོན་པས། །རྒྱལ་སྲས་སློབ་མར་བཅས་པའི་འཁོར་གྱི་ཚོགས། །རབ་འབྱམས་ཞིང་ནས་ལྷགས་དང་དེར་བཞུགས་པ། །མཐའ་དག་སྨིན་ཅིང་གྲོལ་བར་མཛད་བཞིན་དུ། །བགྲང་ཡས་བསྐལ་པར་འཚོ་ཞིང་གཞེས་པར་བཞུགས། །བདེ་བ་ཅན་གྱི་ཞིང་ན་འགྲོ་བའི་སྐྱབས། །ལྗོན་པའི་དབང་པོའི་དྲུང་ན་འོད་དཔག་མེད། །རྒྱ་ཆེན་འཁོར་གྱི་དབུས་ན་བརྗིད་པའི་སྐུ། །མཐའ་ཡས་བསོད་ནམས་ཕུང་པོ་ཁྱོད་ལ་འདུད། །འདྲེན་པ་ཁྱོད་ཀྱི་འོད་ཀྱི་ཚོགས། །འཇིག་རྟེན་ཁམས་སུ་ཤོང་གྱུར་པ། །ཀྱེ་མ་རྒྱལ་


GTD005_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཞིང་གི་ནི། །རྒྱ་ཁྱོན་ཁོངས་དག་ཤིན་ཏུ་ཡངས། །རྒྱལ་བ་ཀུན་གྱི་ཞིང་གི་ཡོན་ཏན་རྣམས། །ཁྱོད་ཉིད་གཅིག་པུས་བདག་གིར་མཛད་པས་ན། །མི་མཇེད་ཞིང་གི་སེམས་ཅན་འདི་དག་རྣམས། །སྙིགས་མ་ལྔ་ཡི་ཉེས་པས་སྦགས་སམ་སྙམ། །རབ་མཐོ་རི་ཡི་དབང་པོ་དེ། །རབ་རྒྱས་ཟླ་བའི་བཞིན་ལྡན་ཞིང༌། །རབ་མཛེས་ཨུཏྤལ་སྔོན་པོའི་མིག །རབ་ཏུ་ལྡན་ན་ཁྱོད་དང་མཚུངས། །མཁྱེན་བརྩེའི་ཡོན་ཏན་དུ་མའི་དཔལ་འབར་ཞིང༌། །འཁོར་ཚོགས་དབུས་སུ་ལེགས་བཤད་དགའ་སྟོན་འགྱེད། །སྲིད་མཐའི་བར་དུ་གཞན་གྱི་དོན་བཞུགས་པ། །གནས་སྐབས་ཀུན་ཏུ་ཁྱོད་ཀྱིས་འགྲོ་ཀུན་སྐྱོངས། །མགོན་པོ་ཁྱོད་ཀྱི་མཚན་ཙམ་འཛིན་པ་ཡང༌། །ཞིང་ཁམས་གང་དུ་གནས་ཀྱང་མི་བསྐྱུད་པར། །བདེ་ལྡན་ཞིང་དུ་འདྲེན་པར་དམ་བཅས་པ། །གྲུབ་པའི་བདེན་པ་བདག་ལ་བསྟན་དུ་གསོལ། །ཁྱོད་ཀྱི་ཐུགས་རྗེའི་དྲི་བཞོན་གྱིས་བསྐུལ་བས། །བདག་གི་དགེ་བའི་གྲུ་གཟིངས་འདིར་བརྟེན་ནས། །ཕ་མ་འབྲེལ་ཐོགས་རིགས་དྲུག་འགྲོ་ཀུན་ཀྱང༌། །བདེ་ལྡན་ནོར་བུའི་གླིང་དེར་སྐྱེལ་བར་ཤོག །བགྲང་ཡས་བསྐལ་པར་བསགས་པའི་སྣོད་བཅུད་ཀྱི། །འབྱོར་པའི་ཡོན་ཏན་མཁའ་དང་མཉམ་པ་དེར། །བདག་སོགས་ལུས་ཅན་ཡོངས་ཀྱིས་ཅི་དགའ་རུ། །སྤྱོད་པའི་བགོ་སྐལ་བཟང་པོ་མྱུར་ཐོབ་ཤོག །དེ་ནས་བླ་མའི་རྣལ་འབྱོར་གྱི་འཕྲོ་མཐུད་ལ། སྨོན་ལམ་གྱི་གྲངས་སུ་ཚིགས་བཅད་ཀྱི་རིམ་པ་འདི་དག་བསྐྱང་བར་བྱས་ཀྱང་རུང་ངོ༌། །ཞེས་པ་འདི་ནི་དད་བརྩོན་བློ་དང་ལྡན་པ་རབ་འབྱམས་པ་ངག་དབང་དོན་གྲུབ་དང་དགེ་སློང་
དཀོན་མཆོག་ཆོས་གྲགས་གཉིས་ཀྱིས་བསྐུལ་བའི་ངོར། བྱིན་རླབས་ཀྱི་ཁྱད་ཀྱིས་ཞིང་གི་ཡོན་ཏན་ཕལ་ཆེར་རྗེའི་གསུང་གི་ཚིགས་བཅད་རང་སོར་བཞག་ནས་དེ་དང་མཐུན་པའི་སྨོན་ལམ་གྱིས་ཟུར་བརྒྱན། རྗེའི་གསུང་གི་ཚིག་ལྷུག་པ་ནས་ཀྱང་འགའ་ཞིག་ཁ་བསྐང་སྟེ་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་སྦྱར་བའི་ཡི་གེ་པ་ནི་སྔགས་རམས་པ་རཏྣ་ཨཱ་ནནྟའོ།། །།

ཡིད་དགའ་ཆོས་འཛིན་གྱི་ཞིང་གི་བསྔགས་བརྗོད་དང་བའི་མེ་ལོང་།


GTD005_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་དགའ་ཆོས་འཛིན་གྱི་ཞིང་གི་བསྔགས་པ་བརྗོད་པ་ དང་བའི་མེ་ལོང་ཞེས་བྱ་བ་བཞུགས་སོ། །ཞིང་མཆོག་དག་པའི་དཀྱིལ་འཁོར་ཡོངས་སུ་རྫོགས། །སྨོན་ལམ་རྒྱ་ཆེན་རླུང་གི་ཤིང་རྟས་དྲངས། །སེམས་ཅན་སྨིན་བྱེད་བསིལ་བའི་འོད་དཀར་ཅན། །མི་ཕམ་ཟླ་བ་གཞོན་ནུ་རྒྱལ་གྱུར་ཅིག །གང་གི་ཞབས་སེན་འོད་ཀྱིས་རེག་པ་ཡིས། །དགེ་ལེགས་བྱིན་པའི་སྐལ་བཟང་སྣང་བ་ཅན། །ས་གསུམ་འཇིག་རྟེན་དགའ་བ་གཟུགས་ཅན་བཞིན། །གྱུར་པ་དེ་ནི་དགའ་ལྡན་ཞེས་སུ་གྲགས། །དེ་ཡི་ངོ་མཚར་བསྔགས་པ་སྤྲིན་གྱི་དབྱངས། །ནོར་འཛིན་ཕ་མཐའ་བརྒལ་བའི་རོལ་མོ་ནི། །བློ་ཆུང་བྷྲ་མ་རཿ ཡི་སྒྲོས་པར་ལས། །རྫོགས་པར་འཁྲོལ་བའི་རེ་བ་ག་ལ་ཞིག །འོན་ཀྱང་ནམ་མཁའི་མཐའ་ལ་མིག་གཏད་དེ། །སྙན་སྒྲོགས་ཀ་ལ་པིངྒའི་ཕྲུ་གུ་བཞིན། །དག་པའི་ཞིང་མཆོག་སྦྱོང་བ་ལྷུར་ལེན་རྣམས། །དེ་ཡི་རང་བཞིན་བརྗོད་ལ་སྤྲོ་བ་འཛིན། །གཏིང་ཟབ་འཁོར་བ་ཆུ་སྲིན་འབྱུང་གནས་ལས། །འགྲོ་སྒྲོལ་རྒྱལ་བའི་དབང་པོ་མཐའ་དག་ནི། །སྟུག་པོ་བཀོད་པའི་མཁའ་ལས་མ་གཡོས་ཀྱང༌། །ཆུ་ཟླ་ལྟ་བུར་བཅུ་གཉིས་གར་གྱིས་རྩེན། །དེ་ཚེ་ཛམྦུས་མཚན་པའི་ལྷོ་གླིང་གི །རྫིང་བུར་དལ་གྱིས་འཇུག་པའི་འབབ་སྟེགས་


GTD005_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན། །ཞིང་མཆོག་འདིར་ནི་མངོན་པར་སྐྱེ་བ་ཡི། །དགེ་མཚན་དང་པོར་ངོམས་པ་སྤྱི་ཡི་ལུགས། །ཐུབ་པ་མཆོག་ཀྱང་ཐུགས་རྗེའི་ན་དར་བས། །སྙིགས་མའི་གཅོང་རོང་སྟུག་པོར་ཆས་པ་ན། །མཆོག་ཏུ་ཡིད་འོང་ནོར་བུའི་ཅོད་པན་ནི། །གཅེས་ནོར་གཏམ་བཞིན་བྱམས་མགོན་དབུ་ལ་བཅིངས། །དེ་ཡི་ཆོས་ཀྱི་འབྱོར་པ་མ་ཉམས་པས། །རྣམ་གྲོལ་ནོར་བུའི་སྒོ་བརྒྱ་ཕྱེ་བ་ན། །བདག་ཅག་སྐལ་བ་ཕམ་པར་མ་གྱུར་ཅེས། །རབ་དགའི་དབྱངས་ཀྱི་མཚན་སྙན་དོན་དུ་གྲུབ། །ཕུན་ཚོགས་བྱེ་བའི་རླབས་ཕྲེང་རོལ་པའི་ཞིང༌། །ཟབ་རྒྱས་ནོར་ལ་དབང་བའི་གདེངས་ཅན་གཙོ། །ཕན་ཚུན་དཔལ་དུ་གྱུར་པའི་མཛེས་པ་ནི། །སྤྲིན་བྲལ་སྟོན་གྱི་མཁའ་ལ་ཉི་འོད་བཞིན། །སྲིད་པའི་སྣོད་བཅུད་ལྗོན་པ་སྐྱེད་པ་པོ། །ལས་དང་ཉོན་མོངས་རླན་གྱིས་མ་བསྐྱེད་ཅིང༌། །ས་གསུམ་འཇིག་རྟེན་འཇིག་པ་ལྷུར་བྱེད་པ། །རབ་འབར་བསྐལ་པའི་ཞུགས་ཀྱིས་མི་འཇིག་པའི། །དག་པའི་ཞིང་མཆོག་རིན་ཆེན་བརྒྱ་ཡི་ཁམས། །ཚོགས་གཉིས་བཟོ་བོའི་འཕྲུལ་གྱིས་བསྟར་བ་ཡིས། །རི་མོ་ཡོངས་སུ་སྨིན་པའི་བཀོད་པ་ནི། །དཔེ་ཟླ་བྲལ་བའི་ཁེངས་པ་སྲིད་ན་མཐོ། །ཁོད་སྙོམས་རྡུལ་བྲལ་གཙང་མའི་མེ་ལོང་བཞིན། །རེག་འཇམ་པཉྩ་ལི་ཀའི་རྗེས་སུ་འགྲོ། །ཕ་མཐའ་ཡངས་པ་ལྷ་ཡི་ལམ་དང་མཚུངས། །རྣམ་པར་བཀྲ་བ་དབང་གཞུའི་དགྲ་ཟླ་བྱེད། །ཁོ་ར་ཁོར་ཡུག་རིན་ཆེན་རི་བོའི་ཕྲེང༌། །འོད་ཀྱི་གདེངས་ཀ་འཐབ་པའི་རྩེད་འཇོ་ཡི། །འཛུམ་དཀར་ཕྱོགས་ཀུན་སྣང་བྱེད་བྱ་མ་རྟས། །ཕན་བདེའི་དངོས་པོ་མཐའ་དག་མགྲོན་དུ་འགུག །ནོར་བུའི་


GTD005_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲི་ཤིང་བཞད་པའི་མཚར་སྡུག་ལས། །བསུང་ཞིམ་དྲི་ཡིས་ལྷགས་པ་མ་ལི་ཀའི། །ཕྲེང་བ་ཚར་དུ་དངར་བའི་དོ་ར་ན། །དོན་ཟབ་རོ་ལྡན་བུང་བས་གླུ་དབྱངས་ལེན། །ཟླ་བ་ཆུ་ཤེལ་རྒྱུན་གྱི་ཉལ་འགྲོ་མ། །མུ་ཏིག་ལྦུ་བའི་གདུབ་ཀོར་འཁྲོལ་བ་ཅན། །ལྷུང་ལྷུང་གདངས་ལྡན་ཆོས་ཀྱི་སྡོམ་བཞིའི་དབྱངས། །ཟག་མེད་དགའ་བདེའི་འདུན་པ་ཁོང་ནས་སློང༌། །དེ་ཡི་ལན་ལྡོན་སྤྲོ་བའི་ཉེར་དྲངས་ཏེ། །མགྲིན་རྔ་དར་དིར་སྒྲོགས་པ་ངང་པའི་ཁྱུ། །ག་བུར་ཟེགས་མའི་འདབ་ཕྲེང་རྒོད་པ་ཡི། །རླབས་ཀྱི་འཁྲི་ཤིང་དང་འགྲོགས་གར་གྱིས་བྲེལ། །ཕྱོགས་མཚམས་ཀུན་ཏུ་དཀྲིགས་པའི་དཔག་བསམ་ལྗོན། །མཁོ་དགུའི་འབྱོར་པ་སྟོབ་པས་མི་ངལ་བ། །གཏོང་བའི་ཡོན་ཏན་རིག་པས་ཡིད་དྲངས་སམ། །བཟོད་དཀའི་ནོར་མང་ཁུར་གྱིས་ངལ་བ་སྙམ། །རྫི་ཕྱོགས་རླུང་གི་ཕོ་ཉ་རྒྱུ་བ་ཡིས། །ངལ་བ་མེད་པར་དྲངས་པའི་དྲི་ཞིམ་བསུང༌། །གདུང་སེལ་མཆོད་པའི་ཡོན་དུ་སྦྲེང་བས་ཀྱང༌། །སིམ་པའི་ཚོར་བ་མཆོག་གི་བདེ་དགའ་སྐྱེད། །དཀར་སེར་དམར་ལྗང་སྔོ་བའི་མེ་ཏོག་གི །ཕྲེང་བ་མ་སྙིགས་ནོར་འཛིན་བུ་མོའི་གོས། །མནན་ན་ནེམ་ཞིང་བཏེགས་ན་སྤར་བ་ཡི། །རེག་བྱ་མཆོག་གིས་བགྲོད་ལ་ངལ་གསོ་སྦྱིན། །དུས་སུ་མཐུན་པའི་རླུང་གི་བྱི་དོར་གྱིས། །དག་ཅིང་གཙང་བྱས་ཤེལ་དཀར་མེ་ལོང་བཞིན། །སླར་ཡང་གསར་པའི་མེ་ཏོག་འགྲེམས་པ་ཡིས། །བསོད་ནམས་བྱི་དོར་མཁན་པོའི་འཕྲུལ་འདི་མཚར། །ཆུ་མཐོངས་དཔལ་གྱི་བེའུའི་རེ་མིག་ཀུན། །ཉི་མ་སྟོང་ཕྲག་ཁུ་བས་བྱུགས་པ་ལྟར། །གསེར་སྦྱངས་དག་པའི་རང་བཞིན་འཛིན་མ་ལ། །བཻ་ཌཱུརྻ་ཡི་མིག་མངས་རིས་སུ་བྲིས། །མཐའ་ཡས་ཞིང་གི་འབྱོར་པའི་སྙིང་པོ་ནི། །སྤོ་མཐོར་བརྩེགས་པའི་རང་འོད་ངོམས་


GTD005_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟའི། །ནོར་བུའི་གཟི་འོད་འབར་བའི་གནྡྷོ་ལ། །རྣམ་པར་རྒྱལ་བའི་རྒྱལ་མཚན་མངོན་པར་མཐོ། །དགའ་ལྡན་གནས་ཀྱི་བདག་པོ་རབ་དགའ་ལྡན། །འབྱོར་བའི་ཆུ་མཚོ་སྲིད་པའི་འདམ་དང་བཅས། །དེ་ལྟ་ན་ཡང་ཡིད་དགའ་ཆོས་འཛིན་གྱི། །པད་དཀར་སྡོང་བུ་འདོད་པའི་འདམ་གྱིས་དབེན། །གེ་སར་རྡུལ་མང་མཚམས་སྤྲིན་འཁྲིགས་པ་ཡི། །འདབ་བརྒྱའི་འདབ་མ་གྲོལ་བའི་སྙིང་པོ་ལས། །ཉི་གཞོན་ལང་ཚོ་དར་བ་ལྷ་ཡི་བུ། །ལེགས་བྱས་སད་པའི་འཛུམ་དཀར་སྣང་བ་སྤྲོ། །མཐའ་དག་ཕྱོགས་སུ་བཀྲ་བ་དབང་པོའི་གཞུའི། །དར་གྱི་འདབ་ཡངས་རོལ་པའི་ཟློས་གར་མཁན། །རབ་འབྱམས་རྒྱལ་བའི་ཞིང་ནས་ལྷགས་པ་ཡི། །རྒྱལ་སྲས་མཁའ་འགྲོ་དཀར་པོའི་ཕྲེང་བ་ཡང༌། །ཞིང་བརྒྱར་འགྲོ་ཞིང་ཀུན་ནས་འོང་བ་དང༌། །དུ་མར་སྤྲོ་ཞིང་གཅིག་ཏུ་སྡུད་པ་སོགས། །མཁའ་དབྱིངས་ཁྱབ་པའི་འཕྲུལ་གྱི་ཟློས་གར་ནི། །མྱུར་གསལ་གློག་གི་འོད་དང་སྐར་མདའ་བཞིན། །སྣོད་བཅུད་འབྱོར་པའི་སྙེ་མ་ཡོངས་གང་བ། །དག་པའི་ཞིང་ནས་འདུས་པ་མཐའ་དག་ཀྱང༌། །རང་རང་འབྱོར་པས་སྙེམས་པའི་དབུགས་ཞི་ཡང༌། །ངོ་མཚར་ཤུགས་ཀྱིས་གཟིར་བའི་དབུགས་རྒོད་བརྩེགས། །མཆོག་ཏུ་དགའ་བའི་དབང་བསྒྱུར་རྒྱལ་པོའི་བཀས། །དཔལ་གྱི་འབྲུ་ལྡན་གྲགས་པའི་སྤྲིངས་ཡིག་ནི། །མ་ལུས་ཞིང་དུ་ཀློག་པ་མི་ངལ་བ། །སྐལ་བཟང་ཕོ་ཉའི་རྒྱུ་འགྲུལ་ཆད་པ་མེད། །ཐོས་པའི་མོད་ལ་སྙིང་གི་གདུང་སེལ་ཞིང༌། །ཡང་ཡང་སེམས་པས་སྲིད་རྩེ་དྲུངས་འབྱིན་པ། །ཤེར་ཕྱིན་ཆོས་ཀྱི་གནྜི་སྒྲ་བོ་ཆེས། །རྣ་བ་བདུད་རྩིར་བསྒྲུབ་པའི་དགའ་ཚལ་ན། །མི་འཇིགས་བཞི་ཡི་རང་


GTD005_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གདོང་ལྔ་པ། །རལ་པའི་ཁུར་འཆང་བརྒྱད་ཀྱིས་བཏེགས་པའི་ཁྲིར། །བཟང་པོའི་བཞུགས་སྟངས་མཛད་པའི་མི་ཕམ་མགོན། །འབུམ་ཕྲག་ཉིན་མོར་བྱེད་པའི་ཕུང་པོ་བཞིན། །འོད་བཟང་གསེར་ཞུན་ཁུ་བའི་རླབས་ཕྲེང་ཕྱོགས་ཀྱི་འཁོར་ལོ་འབྲི་བྱེད་ཅིང༌། །ཨུཏྤལ་འདབ་ཡངས་གཡོ་ལྡན་རྗེས་ཆགས་སྤྱན་གྱིས་འགྲོ་ལ་མངོན་པར་གཟིགས། །མཆུ་སྒྲོས་ཐུན་མཚམས་དམར་བའི་ཁོངས་ལས་ཆུ་ཤེལ་མྱུ་གུ་བཞད་པའི་རྩེས། །སྲིད་པའི་ཚ་གདུང་འཇིལ་བྱེད་ཡིད་འོང་བདུད་རྩིའི་བསང་གཏོར་ཅི་ཡང་འགྱེད། །གཟུགས་བཟང་འོད་ཀྱིས་དྲེགས་པ་ལྷ་ཡི་བུ། །གསེར་གྱི་ཏ་ལ་ཡངས་པའི་རྐང་འཐུང་ཕྲེང༌། །སྔོ་ལྗང་ཕལ་བའི་ཤིང་དུ་བསྒྱུར་བ་ཡིས། །ཆོས་ཀྱི་འབྲས་བུ་སྨིན་པའི་རྟེན་དུ་གྱུར། །དངོས་བསྟན་སྟོང་ཉིད་པི་ཝང་སྒྲར་དྲངས་ཏེ། །སྦས་དོན་ལམ་གྱི་རིམ་པ་སྟོན་པའི་གླུས། །རྨོངས་པས་བློ་མིག་ལྡོངས་པའི་སྐྱེ་བོ་ཀུན། །བླ་མེད་ཐར་པའི་གྲོང་དུ་འཁྲིད་པར་བྱེད། །ཡན་ལག་ལྔ་དང་ལྡན་པའི་ཚངས་དབྱངས་ཀྱིས། །རྣ་བའི་བཅུད་ལེན་སྤྲོ་བས་མི་ངོམས་ཤིང༌། །བསོད་ནམས་བརྒྱས་གཙང་རྒྱལ་བའི་ཞལ་བཟང་ལ། །བལྟ་བའི་དགེ་མཚན་རྟག་ཏུ་མི་ཉམས་པས། །འདི་ཡི་ལྷ་རྣམས་རང་གཞན་སྤྲུལ་བ་ལ། །འདོད་རྒུར་དབང་བྱེད་གོང་མའི་འདོད་ལྷ་དང་། །ཆགས་བྲལ་ཏིང་འཛིན་བདེ་ལ་རོལ་པ་ཡི། །བསམ་གཏན་གནས་ལའང་དགའ་བ་རིང་དུ་དོར། །སུམ་ཅུ་རྩ་གཉིས་ཁྲི་ཕྲག་དཔག་ཚད་ཀྱིས། །བསྐལ་པ་མི་ཡི་འཇིག་རྟེན་མཐའ་དག་ཀྱང༌། །ལག་པའི་མཐིལ་གནས་སྐྱུ་རུ་ར་བཞིན་དུ། །གསལ་མཐོང་ལྷ་མིག་དག་པས་ཀུན་ཏུ་གཟིགས། །གང་ལ་སྒྲིབ་པ་མེད་པའི་མངོན་ཤེས་དང༌། །ཀུན་ཏུ་ཐོགས་པ་མེད་པའི་རྫུ་


GTD005_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲུལ་གྱིས། །ལེགས་བྱས་སྤྱོད་པ་འདོད་དགུར་སྐྱོང་བ་ཡིས། །ཡིད་ལ་གདུང་བའི་གོ་སྐབས་རིང་དུ་སྤངས། །སྨིན་ལེགས་ཟུར་གྱིས་བལྟ་བའི་ལུས་ཕྲ་མ། །དགའ་སྐྱེད་ལྷ་མོའི་ཚོགས་ཀྱིས་མཆོད་བྱེད་ཀྱང༌། །བག་ཡོད་ནོར་བུའི་དོ་ཤལ་གྱིས་མནན་པའི། །ཚུལ་བཟང་དར་གྱི་ཤམ་བུ་གཡོ་བ་མེད། །ཨེ་མ་འབྱོར་པ་རྒྱ་ཆེན་དུལ་བས་མཛེས། །གྲགས་པས་ཀུན་ཏུ་ཁྱབ་ཀྱང་འཚེ་བ་མེད། །འདོད་ཡོན་རབ་རྒྱས་ཆོས་ལས་མི་གཡེལ་བ། །འདི་ཡི་སྣོད་བཅུད་ངོ་མཚར་བསམ་མི་ཁྱབ། །དེ་ལྟ་ན་ཡང་བློ་གྲོས་རྔ་ཡབ་རྩེས། །རྒྱལ་བའི་དཀྱིལ་འཁོར་དགེ་བའི་རོལ་མཚོ་ལས། །སྙམ་དངགས་མུ་ཏིག་སིལ་མའི་སྦྲང་ཆར་གྱི། །རྗེས་འགྲོ་བསྔགས་པའི་གཏམ་གྱི་ཕྲེང་བ་སྤེལ། །དེ་ཡི་དགེ་བ་ནམ་ཡང་མི་ཉམས་པའི། །རང་བཞིན་ན་ཡ་ཀྲོ་དྷའི་ས་བོན་ནི། །དགའ་བའི་དཔལ་ལྡན་ཆོས་ཀྱི་དགའ་ཚལ་དུ། །སྐྱེ་བའི་མྱུ་གུ་མཆོག་ཏུ་སྨིན་པར་ཤོག །མཚན་དཔེའི་གཟི་འོད་འབུམ་ཕྲག་སྤྲོ་བ་ཡི། །བྱམས་མགོན་ཉིན་བྱེད་དབང་པོའི་ཞལ་མཐོང་ཞིང༌། །ལེགས་གསུང་གསེར་ཞུན་འོད་བཟང་ཁུ་བའི་རྒྱུན། །དད་པའི་སྙིམ་པས་རྟག་ཏུ་འཐུང་བར་ཤོག །གཟུངས་སྤོབས་ཏིང་འཛིན་མངོན་ཤེས་རྫུ་འཕྲུལ་སོགས། །མཐུ་ཆེན་འདབ་མ་བསྐྱོད་པའི་ཟློས་གར་གྱིས། །རྒྱལ་སྲས་མཁའ་ལྡིང་དབང་པོ་མཐའ་དག་དང༌། །ལྷན་ཅིག་ཆོས་ཀྱི་རྩེ་དགས་རོལ་པར་ཤོག །རྒྱལ་སྲས་སྤྱོད་པའི་ལུས་རྩལ་རྫོགས་པ་ན། །རྒྱལ་རྣམས་འོད་ཟེར་ཆེན་པོས་དབང་བསྐུར་ཞིང༌། །རྒྱལ་ཚབ་དམ་པའི་ཆོས་ཀྱི་སྲིད་བཟུང་ནས། །རྒྱལ་བའི་མཛད་པ་མ་ལུས་


GTD005_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་གྱུར་ཅིག །ཅེས་དགའ་ལྡན་ཡིད་དགའ་ཆོས་འཛིན་གྱི་ཞིང་གི་བཀོད་པ་མཇུག་སྨོན་ཚིག་དང་བཅས་པ་འདི་ནི། ཨ་ལག་ཤ་ནས་རྣམ་དཔྱོད་མཆོག་ཏུ་ཡངས་པ་ཆོས་རྗེ་ངག་དབང་རྒྱ་མཚོས་བསྐུལ་མ་ནན་ཆགས་བྱུང་བར་བརྟེན། འདིའི་ཐུན་མོང་མ་ཡིན་པའི་ཞིང་གི་བཀོད་པ་མདོའི་ཁུངས་སོགས་ཆེར་མི་གསལ་བས་ཞིབ་ཆ་བྲི་མ་ནུས་ཀྱང་སངས་རྒྱས་ཀྱི་ཞིང་སྤྱི་འགྲོའི་བསྔགས་པ་དང་བླ་མ་གོང་མའི་གསུང་རྒྱུན་ལ་གཞི་བྱས་ཏེ། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་ཆོས་གྲྭ་ཆེན་པོ་བཀྲ་ཤིས་འཁྱིལ་དུ་བྲིས་པའོ།། །།

སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་དང་ཕྱག་མཆོད་སྐོར་བའི་ཕན་ཡོན།


GTD005_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

སུགཏཀཱཡབཱཀྩིཏྟསྱནིཤྲཡཿ སྠིཏཱཙབནྡཔཱུཛཔྲདཀྵཤཾསནིརྡེཤཿ ཀརྨཎཾཙུནྡཔཀྚཡདེབསྱདྷེརིནཱམབིཛཧཱར།
བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ་དང་ཕྱག་མཆོད་སྐོར་བའི་ཕན་ཡོན་བསྟན་པ་རྣམ་དཀར་ལས་ལ་སྐུལ་བྱེད་དཀར་ཆག་ལྷའི་རྔ་ཆེན་ཞེས་བྱ་བ་བཞུགས་སོ། །


GTD005_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

སུགཏཀཱཡ་ཝཱཀྩིཏསྱནིཤྲཡཿ སྠིཏཙནམྲཿ པཱུཛཔྲདཀྵཤཾསནིརྡེཤཿ
བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ་དང་ཕྱག་མཆོད་སྐོར་བའི་ཕན་ཡོན་བསྟན་པ།


GTD005_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

ཀུཤཀརྨཎཾཙུནྡཔཀྚཡདེབསྱབྷེརིནཱམ། ནམོགུརུབྷེཊྚརཀེབྷྱཿ
རྣམ་དཀར་ལས་ལ་སྐུལ་བྱེད་དཀར་ཆག་ལྷའི་རྔ་ཆེན་ཞེས་བྱ་བ། རྗེ་བཙུན་བླ་མ་རྣམས་ལ་ཕྱག་འཚལ་ལོ། །


GTD005_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་བཟང་སྒྲིབ་མེད་སེམས་ཀྱི་རྡོ་རྗེའི་བདག །བདེ་ཆེན་མཚན་དཔེའི་ལང་ཚོར་ཡོངས་སྨིན་ལས། །མཐའ་ཡས་འགྲོ་ལ་ཕན་བདེའི་དཔྱིད་འཇོ་བའི། །འབྱུང་གནས་བདེ་གཤེགས་ཆོས་ཀྱི་སྐུ་ལ་འདུད། །སྐལ་བཟང་ལྷ་ལམ་ཡངས་པའི་མེ་ལོང་ངོས། །ཐུགས་བསྐྱེད་ཚོན་གྱིས་ལེགས་བྲིས་དྲུག་ཕྲག་ཟུང༌། །མཛད་བཟང་གར་གྱི་རི་མོ་ཡོངས་སྨིན་པ། །སྟོན་པ་མཉམ་མེད་གང་དེ་གཙུག་གིས་མཆོད། །དེ་ཡི་བསྟན་པ་འགྲོ་གསུམ་དག་བྱེད་རྒྱུན། །གྲོལ་ལམ་ཡན་ལག་བརྒྱད་ལྡན་ལྷ་ཡི་ཆབ། །བཤད་སྒྲུབ་རླབས་ཕྲེང་བརྒྱ་ཡི་འཇོ་སྒེག་གིས། །རྩེན་བཞིན་ཡིད་ཀྱི་རོལ་མཚོའི་ཀློང་དུ་སིམ། །བསླབ་གསུམ་རིམ་གཉིས་ཡལ་གའི་ཕྱོགས་རྫོགས་ཤིང༌། །བགེགས་འཇོམས་གྲུབ་པ་མཆོག་སྦྱིན་ཡོངས་འདུའི་ཕྲེང༌། །ཐེག་གསུམ་འཕགས་ཚོགས་མཁའ་འགྲོ་ཆོས་སྲུང་གི །ཟོལ་བརྟེན་དགེ་འདུན་འདུས་པས་རྟག་ཏུ་སྐྱོངས། །དཀོན་མཆོག་གསུམ་ཆར་བསྡུས་པ་སྐྱབས་ཀྱི་ཕུལ། །སྲིད་པའི་འཇིགས་འཕྲོག་འདྲེན་པ་ཟླ་མེད་པ། །ཐུབ་དབང་གཉིས་པ་ཆོས་ཀྱི་རྒྱལ་པོ་དེས། །བྱང་ཆུབ་བར་དུ་དགྱེས་བཞིན་རྗེས་སུ་ཟུངས། །བྱིན་རླབས་འོད་བརྒྱའི་དཔལ་མངའ་དེ་ཡི་མཐུས། །བདག་བློ་འདབ་བརྒྱའི་ཕྲེང་བ་བཞད་པ་ལས། །གཙུག་ལག་ལུགས་བརྒྱའི་ངོ་མཚར་སྙིང་པོ་འདི། །སྐལ་བཟང་ལྷ་བརྒྱའི་དགའ་ཚལ་རྒྱན་དུ་འཁྲུངས། །རྣམ་འདྲེན་ཐུབ་པ་


GTD005_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ནི་ཆོས་ཀྱི་སྐུ། །ཞི་བ་འདུ་མ་བྱས་པས་རབ་ཏུ་ཕྱེ། །འོན་ཀྱང་སྟོབས་སོགས་བསྟན་དུ་རུང་བ་ཡི། །རྣམ་པར་འཕྲུལ་འདི་བསོད་ནམས་འཇུག་ངོགས་ཡིན། །སྒོ་གསུམ་ལེགས་བྱས་སྲོལ་དུ་བཙུད་པའི་རྒྱུན། །རྟག་གུས་སྦྱོར་བའི་བརྟན་པ་མ་སྙིགས་པས། །བསོད་ནམས་ཕུང་པོ་རྣམ་འགྱུར་དང་བཅས་བཞིན། །གྲུབ་འདི་བྱེད་པོའི་རི་མོ་ཡོངས་སུ་སྨིན། །སྔོན་རབས་བཟང་པོའི་དུས་སུ་དགེ་བའི་སར། །རླབས་ཆེན་བསོད་ནམས་སྣང་བ་ཅི་ཡང་སྲིད། །དེ་དང་རྗེས་མཐུན་ཤས་ཀྱི་ལྷག་མ་འདི། །ཆེར་སྙིགས་ཡུལ་དུས་མཚམས་ལས་བརྒལ་བ་བཞིན། །མདོ་སྨད་རྒྱལ་ཁབ་ཡངས་པའི་བསོད་ནམས་ཟོང༌། །ལེགས་སྨོན་བྱེད་པོས་བསྒྱུར་བ་དཔལ་གྱི་ནོར། །འགྲོ་བ་བྱིན་རླབས་སྣང་བའི་བགོ་སྐལ་གྱིས། །མི་ཕམ་མཆོད་སྡོང་ནམ་མཁའི་ནོར་བུ་བཞིན། །བརྙན་པའི་ལོངས་སྤྱོད་འཛམ་བུ་པྲིཀྵའི་འབྲས། །ཞིང་མཆོག་མ་དྲོས་ཀློང་དུ་སོན་པ་ཡི། །བསོད་ནམས་གསེར་གྱི་གར་བུར་གྲུབ་པ་འདི། །མཐོང་ཚེ་སེར་སྣའི་སྤར་མོ་ངང་གིས་ལྷོད། །དབང་མེད་ཁྲིམས་ཀྱིས་བསྡུས་པའི་དཔྱ་ཁྲལ་དང༌། །བུན་སྐྱེད་བསྔོས་བསྒྱུར་ལ་སོགས་ཁྲམ་པའི་ཟས། །མ་ཡིན་སྡིག་དང་མ་འདྲེས་རྒྱུ་སྦྱོར་གྱིས། །བྱ་བ་ལས་ཀྱི་འཁོར་ལོ་ཆེ་འདི་བསྒྲུབས། །དད་ལྡན་དད་པའི་སྦྱིན་རྫས་ཡིན་མོད་ཀྱང༌། །ཆུད་གཟན་མ་གྱུར་


GTD005_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བའི་བཀའ་བཞིན་དུ། །བསོད་ནམས་མི་ཟད་གཏེར་དུ་བསྒྲུབས་པ་ཡིས། །རང་གཞིན་གཉིས་ཀར་སྨན་ཡོན་བགྱིས་སོ་སྙམ། །སེན་མོའི་དཀར་དམར་ཤས་ཀྱི་དད་ཟས་འདི། །གཉེན་འཁོར་དགའ་འདུའི་ཚོགས་ནས་ལོངས་སྤྱོད་པ། །འཕྲལ་སྣང་སྐྱིད་ཀྱང་ཕྱི་མའི་གཡང་ས་ཆེར། །མཛོ་སྦྲེལ་བཞིན་དུ་ལྷུང་བ་ཡ་རེ་ང༌། །དེ་སླད་དངོས་འཛིན་ལྕགས་ཀྱི་དྲ་བའི་སྦུབས། །དུམ་བུར་བཤིག་པ་མཐོན་པོའི་འུད་ཀྱིས་ཅི། །འོན་ཀྱང་འདི་སྣང་དྲེས་མའི་ཐག་པ་ཡིས། །མ་བཅིངས་ཕྱི་མར་ཕན་པའི་དོན་དུ་བསམ། །རླབས་ཆེན་བྱང་ཆུབ་སེམས་ཀྱིས་ཁ་བསྒྱུར་བ། །སྲས་བཅས་རྒྱལ་བའི་ཐུགས་རྗེ་བསྐུལ་ལ་རག །འོན་ཏེ་རང་ཡང་ངལ་བསོ་ཐུབ་བསྟན་ལྗོན། །ཕན་བདེའི་གྲིབ་བསིལ་ཡུན་དུ་གནས་པར་སྨོན། །སྡེ་དགོན་ཕྱོགས་རིས་ཙམ་གྱི་བསྟན་པ་དང༌། །ཞྭ་ཡི་ཁ་དོག་ཙམ་གྱི་གྲུབ་པའི་མཐའ། །མིང་དང་གྱོན་པ་ཙམ་གྱི་སྐྱ་སེར་ལ། །སྙིང་པོ་མ་མཆིས་རི་མོའི་སྟག་གཡག་བཞིན། །དེས་ན་ཐུབ་པ་ཆོས་ཀྱི་གངས་རི་ལས། །ཚད་མེད་འཕགས་བོད་རིམ་པར་བབས་པའི་རྒྱུན། །མདོ་སྔགས་ཟུང་འཇུག་ཆོས་ཀྱི་ཉིང་ཁུ་འདི། །ལེགས་བྱས་གཤོང་བུར་འཁྱིལ་ན་ཅི་མ་རུང༌། །མཆོག་ཏུ་མོས་དགེ་ཕུན་ཚོགས་བློ་གྲོས་ཀྱི། །རྣམ་དཔྱོད་དཔུང་པའི་ཀ་བ་ལ་བརྟེན་ནས། །རྒྱུ་འབྲས་ཆོས་ཀྱི་ཕུང་པོ་མཆོད་སྡོང་དུ། །བསྒྲུབས་པའི་ངོ་མཚར་བཅོས་མ་མིན་འདི་སྤྲོ། །ཕྱོགས་ཕྱོགས་འདབ་སྟོང་བཞད་པའི་པད་ཚལ་ལས། །ལེགས་ལེགས་གེ་ས་ར་ཡི་བཅུད་བསྡུས་པ། །མངར་མངར་སྦྲང་རྩིའི་དོག་པ་རྒྱ་ཆེན་འདི། །ཡང་ཡང་མྱོང་བའི་དགའ་སྟོན་དུས་ལ་བབས། །ལུས་ཅན་ཀུན་ལ་ཕན་པ་


GTD005_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ག་བུར་དུ། །འཛག་པའི་ཟླ་བ་གསར་བ་འོངས་སོ་ཀྱེ། །དད་བརྩོན་འདབ་མ་གྲོལ་བའི་ཀུ་མུ་ད། །ཕྱག་མཆོག་གེ་སར་ལྡེམ་པའི་གར་བྱོས་ཤིག །ཅེས་བྱ་བ་ནི་གླེང་བསླང་བའི་སྐབས་ཏེ། དེ་ནས་གཉིས་པ་རྟེན་བཞེངས་པའི་ལོ་རྒྱུས། གསུམ་པ་རྟེན་ཇི་ལྟར་བཞུགས་པའི་མཚན་བྱང༌། བཞི་པ་རྟེན་བཞེངས་པའི་ཕན་ཡོན། ལྔ་པ་རྟེན་ལ་ཕྱག་མཆོད་བྱས་པའི་ཕན་ཡོན། དྲུག་པ་སྐོར་བའི་ཕན་ཡོན་སྐོར་བ་བྱེད་ཚུལ་དང་བཅས་པ། བདུན་པ་བསྔོ་སྨོན་གྱིས་རྒྱས་གདབ་པ་སྟེ་དོན་ཚན་བདུན་གྱི་སྒོ་ནས་བཤད་པར་བྱའོ། །དེ་ལ་གཉིས་པ་རྟེན་བཞེངས་པའི་ལོ་རྒྱུས་ནི། སྤྱིར་སྐུ་གསུང་ཐུགས་ཀྱི་རྟེན་བྱུང་ཚུལ་ལ། སྟོན་པ་ཞལ་བཞུགས་པའི་ཚེ་ལྷ་ཆེན་པོ་རྣམས་ཀྱིས་ཇོ་ཤཱཀ་སོགས་ཐུབ་པའི་སྐུ་ཆེ་ཆུང་དུ་མ་བཞེངས་པ་ལྟ་བུ་འབུར་སྐུ་དང༌། འོད་ཟེར་མ་དང་ཆུ་ལེན་མར་གྲགས་པ་སོགས་བྲིས་སྐུ་བྱུང་ཚུལ་མང་དུ་ཡོད་ལ། གསུང་རྟེན་ལྷའི་དབང་པོས་གསེར་གྱི་གླེགས་བུ་ལ་བཻ་ཌཱུརྻ་ཞུན་མས་ཤེར་མདོ་བྲིས་པ་དང༌། ཀླུ་རྣམས་ཀྱིས་གསུང་རབ་མཐའ་ཡས་པའི་གླེགས་བམ་བྲིས་ཏེ་ཀླུ་ཡུལ་དུ་སྤྱན་དྲངས་པའི་ལོ་རྒྱུས་མང་ངོ༌། །མཆོད་རྟེན་ནི་དེ་ལས་ཀྱང་སྔོན་དུ་བྱུང་སྟེ་སྐུ་བལྟམས་པ་དང༌། གཙུག་ཕུད་བྲེག་པ་སོགས་ཀྱི་ཚེ་དེ་དག་ཏུ་མཆོད་རྟེན་བརྩིགས་པར་འདུལ་བ་ལུང་ལས་གསུངས། དེར་མ་ཟད་སངས་རྒྱས་ཀྱི་བསྟན་པ་གང་དུ་དར་བ་དེར་སྐུ་གསུང་ཐུགས་ཀྱི་རྟེན་ཡང་ངེས་ཅན་དུ་འབྱུང་སྟེ། སྔོན་སངས་རྒྱས་འཁོར་བ་འཇིག་གི་སྐུ་གདུང་ལ་རྒྱལ་པོ་མཛེས་པས་མཆོད་རྟེན་བཞེངས་པར་ལས་བརྒྱ་པ་ལས་གསུངས་པ་དང༌། སངས་རྒྱས་འོད་སྲུང་གི་དུས་སྐུ་གསུང་


GTD005_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྟེན་དུ་མ་རྒྱལ་པོ་ཀྲི་ཀྲི་སོགས་ཀྱིས་བཞེངས་ཤིང་རབ་ཏུ་གནས་པའི་ལོ་རྒྱུས་ཤིན་ཏུ་མང་ངོ༌། །འདིར་སྐབས་སུ་བབས་པ་མཆོད་རྟེན་ནི། ཆོས་ལོངས་སྤྲུལ་གསུམ་གྱི་རྟེན་དུ་ཕྱེ་བས་ཆོས་སྐུའི་རྟེན་དང༌། སྐུ་གསུང་ཐུགས་གསུམ་དུ་ཕྱེ་བས་ཐུགས་རྟེན་ཡིན་ཏེ། ནག་པོ་སྤྱོད་པས། ཆོས་ཀྱི་སྐུ་ཡི་བདག་ཉིད་ཅན། །མཆོག་གི་ཡོན་ཏན་གཟུགས་ཅན་གྱི། །མཆོད་རྟེན་རིན་ཆེན། ཞེས་དང༌། མདོ་རྩའི་ཊཱི་ཀ་ལས། མཆོད་རྟེན་ནི་ཆོས་ཀྱི་སྐུ་ཡིན་པའི་ཕྱིར་རོ། །ཞེས་དང༌། ལུང་ཞུ་བའི་འགྲེལ་པ་ལས། མཆོད་རྟེན་གྱི་གནས་ནི་ཆོས་ཀྱི་སྐུ་སྟེ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་བདག་ཉིད་དྲན་པ་ཉེ་བར་བཞག་པ་དང༌། རྫུ་འཕྲུལ་གྱི་རྐང་པ་དང༌། དབང་པོ་དང༌། སྟོབས་ལྔ་དང༌། བྱང་ཆུབ་ཀྱི་ཡན་ལག་དང༌། མཁྱེན་པ་དང༌། སྟོབས་དང༌། ཐུགས་རྗེ་ཆེན་པོ་ལ་སོགས་པའི་ཡོན་ཏན་རྣམས་ཀྱི་གཟུགས་བརྙན་ཉིད་དུ་བསླབ་པ་ཡིན་པའི་ཕྱིར་རོ། །ཞེས་ཐུགས་ཟག་པ་མེད་པ་ཡེ་ཤེས་ཆོས་ཀྱི་སྐུའི་མཚོན་བྱེད་དུ་གསལ་བར་གསུངས་སོ། །སངས་རྒྱས་སོགས་ཀྱིས་ཆོས་སྐུའི་རྟེན་ཡིན་པས་སྐུའི་རྟེན་དུ་འཇོག་དགོས་ཚུལ་དང༌། བློས་བསླང་དེ་གསུམ་དུ་ཕྱེ་བའི་ཐུགས་ཀྱི་རྟེན་དུ་བཤད་པ་རྒྱབ་འགལ་ཁོ་ན་སྟེ། རང་དོན་ཆོས་སྐུ་གཞན་དོན་གཟུགས་སྐུར་བྱས་ཤིང༌། གཞན་དོན་གཟུགས་སྐུ་བཞུགས་གནས་དང་བཅས་པ་རང་དོན་ཆོས་སྐུར་བྱས་པའི་ཕྱིར་རོ། །དེས་ན་རྒྱུད་བླ་མ་ལས། རང་དོན་གཞན་དོན་དོན་དམ་སྐུ་དང་ནི། །དེ་ལ་བརྟེན་པ་ཀུན་རྫོབ་སྐུ་ཉིད་དོ། །ཞེས་གསུངས་པ་ལྟར། ཀུན་རྫོབ་པའི་སྐུ་ལོངས་སྤྲུལ་གཉིས་སོགས་གཞན་དོན་ཕུན་ཚོགས་ཉི་མའི་འོད་ཟེར་འཕྲོ་བ་ལ། དེའི་གཞིར་གྱུར་པ་ཉི་མའི་དཀྱིལ་


GTD005_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལྟ་བུ་ནི་རང་དོན་ཕུན་ཚོགས་དོན་དམ་ཆོས་ཀྱི་སྐུ་ཡིན་པས་དེ་ཉིད་གཙོ་བོར་གྱུར་པ་ལ་དགོངས་ནས་མདོ་རྒྱུད་རྣམས་སུ་རྟེན་བཞེངས་པའི་ཕན་ཡོན་གསུངས་པའི་སྐབས་སུ་ཤས་ཆེར་མཆོད་རྟེན་ལ་སྦྱར་ནས་གསུངས་སོ། །དེ་ལྟ་བུའི་མཆོད་རྟེན་གྱི་དབྱེ་བ་ཡང༌། ཀུན་གཟིགས་ལྔ་པའི་གཟུངས་གཞུག་འཁྲུལ་སྤོང་ལས། རང་བཞིན་ལྷུན་གྲུབ་ཀྱི་མཆོད་རྟེན། བླ་ན་མེད་པའི་མཆོད་རྟེན། བྱིན་གྱིས་བརླབས་པའི་མཆོད་རྟེན། དངོས་གྲུབ་འབྱུང་བའི་མཆོད་རྟེན། ཐེག་པ་སོ་སོའི་མཆོད་རྟེན་དང་ལྔར་གསུངས་པའི་དང་པོ་ནི། དུས་ཀྱི་འཁོར་ལོའི་རྒྱུད་ལས། དེ་ལྟར་ཅེས་པར་འཇིག་རྟེན་ཁམས་ནི་མཐའ་དག་རྒྱལ་བའི་སྐུ་སྟེ་འཁོར་ལོ་མཆོད་རྟེན་རང་བཞིན་ནོ། །ཞེས་དང༌། དྲི་མེད་འོད་ལས། ལྷུན་པོ་དང་འཇིག་རྟེན་གྱི་ཁམས་ནི་མཐའ་དག་རྒྱལ་བའི་སྐུ་སྟེ་མཆོད་རྟེན་གྱི་དངོས་པོ། ཞེས་སོགས་ཀྱིས་སྣོད་བཅུད་གཉིས་ཀར་སྦྱར་བ་ལ་བརྟེན་པ་ཡིན་ཅིང༌། འདི་སྐོར་དགོངས་འདུས་སོགས་སྔ་འགྱུར་ལ་ཤིན་ཏུ་མང་ངོ༌། །གཉིས་པ་ནི། ཐིག་ལེ་དབང་གི་རྒྱུད་ལས། ཤར་དུ་བྱམས་པ་རྡོ་རྗེ་བརྩེགས། །ལྷོ་རུ་སྙིང་རྗེ་རིན་ཆེན་བརྩེགས། །ནུབ་ཏུ་དགའ་བ་པདྨ་བརྩེགས། །བྱང་དུ་བཏང་སྙོམས་རྒྱ་གྲམ་བརྩེགས། །ཞེས་ཚད་མེད་བཞིས་རིགས་བཞི་གྲུབ་ཚུལ་དང་སྦྱར་ནས་བཤད་པ་ལ་བརྟེན་པའོ། །གསུམ་པ་ནི། འཁོར་ལོ་འབྱུང་བའི་རྒྱུད་ལས། བྱིན་རླབས་སྐུ་གདུང་ཆ་བརྒྱད་གླིང་བཞིར་སྣང༌། །ཞེས་སོགས་ཀྱིས་བྱིན་ལྡན་སྙོམས་གཏེར་སོགས་བརྒྱད་གླིང་བཞི་སོ་སོར་བཞུགས་པར་བཤད་པའི་རྗེས་སུ་འབྲང་བར་སྣང་ཡང༌། ལུང་ཕྲན་ཚེགས་ལས། དེའི་ཚེ་འཛམ་བུའི་གླིང་དུ་སྐུ་གདུང་གི་མཆོད་རྟེན་བརྒྱད་


GTD005_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། བུམ་པའི་མཆོད་རྟེན་དང་དགུ་གསོལ་བའི་མཆོད་རྟེན་དང་བཅུར་གྱུར་ཏོ། །ཞེས་བརྒྱད་ཀ་འཛམ་གླིང་དུ་བཞུགས་པར་གསུངས་ལ། དང་པོ་དེ་ལྟར་ཡིན་ཀྱང་ཕྱིས་སྒྲ་སྒྲོག་པའི་སྐལ་བ་ཀླུས་ཁྱེར་ཏེ་ཆ་བདུན་འཛམ་གླིང་དུ་བཞུགས་པར་ཡང་གསུངས་སོ། །བཞི་པ་ནི། སྔོན་ཧེ་རུ་ཀས་དྲག་པོ་བཏུལ་བའི་ཚེ། ཡུལ་བརྒྱད་ཀྱི་དུར་ཁྲོད་དུ་ཀྱཻ་རྡོར་ལྷ་མོ་བརྒྱད་ཀྱི་དངོས་གྲུབ་འབྱུང་བའི་མཆོད་རྟེན་བརྒྱད་བྱུང་བར་བདུད་རྩི་ཆེན་པོ་མཆོག་གི་རྒྱུད་བམ་པོ་སོ་བཞི་པ་ལས་བཤད་པ་ལ་བརྟེན་པ་སྟེ། འདི་ལ་ཀུན་མཁྱེན་འཇམ་དབྱངས་བཞད་པས་འཁྲུལ་སྤོང་གི་སྙིང་པོ་བསྡུས་པར། ཡུལ་བརྒྱད་ཀྱི་དུར་ཁྲོད་དུ་མཆོད་རྟེན་བརྒྱད་ཅེས་གསང་སྔགས་ཀྱི་ཐེག་པ་གཞན་ལ་འབྱུང་ལ། ཡོངས་གྲགས་ལ་སངས་རྒྱས་ཀྱིས་མཛད་པ་ཁྱད་པར་ཅན་རེ་མཛད་པའི་ཚེ་མཆོད་རྟེན་རེ་བཞེངས་པའི་མཆོད་རྟེན་བརྒྱད་ཅེས་གསུངས་སོ། །རྒྱུད་དེར། དུར་ཁྲོད་ཆེན་པོ་བལ་ཡུལ་ཡིན། །མ་མོ་ཆེན་མོ་བུཀ་སི། །མཆོད་རྟེན་ཁ་ཤོ་བྱ་རུང་གནས། །ཞེས་སོགས་ཀྱིས་རྣམ་པ་གཞན་དུ་བཤད་པས་ད་ལྟ་ཡོངས་གྲགས་ཀྱི་ལོ་རྒྱུས་དང་མི་མཐུན་ནོ། །ལྔ་པ་ནི། འདུལ་བའི་སྡེ་སྣོད་དང་མདོ་མྱང་འདས་སོགས་ལས་ཉན་རང་བྱང་སེམས་སངས་རྒྱས་རྣམས་དང༌། འཁོར་ལོས་བསྒྱུར་བ་ཚུན་ཆད་ཀྱི་མཆོད་རྟེན་བྱེད་ཚུལ་ཐ་དད་པར་གསུངས་པ་ལ་བརྟེན་པ་སྟེ། དེ་ཡང་མདོ་རྩ་བ་ལས། མཆོད་རྟེན་ནི་རྣམ་པ་གཉིས་ཏེ། གཙང་ཁང་ཅན་ཉིད་དང༌། ཀ་བ་ལྟ་བུ་ཉིད་དོ། །དེ་རབ་ཏུ་བྱུང་བ་རྣམས་ལ་འོས་པ་ཉིད་དོ། །གལ་ཏེ་དགེ་བ་ཡིན་ནའོ། །སངས་རྒྱས་རྣམས་ཀྱི་ནི་རྣམ་པ་ཐམས་ཅད་དོ། །རྣམ་པ་ནི་བང་རིམ་བཞི་དང༌། འདབ་མ་དང༌། བུམ་པ་དང༌།


GTD005_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

པུ་ཤུ་དང༌། སྲོག་ཤིང་དང༌། གདུགས་བཅུ་གསུམ་དང་ཆར་ཁེབས་དག་གོ །རང་སངས་རྒྱས་རྣམས་ཀྱི་ནི་ཆར་ཁེབས་མེད་པའོ། །ཉན་ཐོས་རྣམས་ཀྱི་འབྲས་བུའི་ཚད་ཀྱིས་དེའི་གདུགས་གཅིག་ལྷག་པའོ། །སོ་སོ་སྐྱེ་བོ་རྣམས་ཀྱི་ནི་བྱི་བོའོ། །ཞེས་ཐེག་པ་གསུམ་གྱི་གང་ཟག་ལ་མཆོད་རྟེན་བྱ་ཚུལ་སོ་སོར་གསུངས་པས། ཉན་ཐོས་ཀྱི་མཆོད་རྟེན་ནི་སྟག་ལོས་ཆོས་གོས་བཞི་བལྟབ་བྱས་པའི་སྟེང་དུ་ལྷུང་བཟེད་ཁ་སྦུབས་པ་ལ་འཁར་གསིལ་བཙུག་པ་ལྟ་བུ་ཞེས་ཟེར་ཡང༌། ཉན་ཐོས་སོ་སྐྱེས་བྱི་བོ་དང༌། རྒྱུན་ཞུགས་ལ་ཆོས་འཁོར་རམ་འདུལ་བའི་བརྡ་ཆད་ལྟར་གདུགས་གཉིས་ལས་མི་འབྱུང་བས་འཁར་གསིལ་བཙུག་པའི་འདྲ་ཆོས་སྦྱར་དུ་མེད་དོ། །འབྲས་བུ་བཞི་ལ་གདུགས་གཉིས་གསུམ་བཞི་ལྔ་བྱེད་པར་ཉིད་ཀྱི་རྣམ་བཤད་དང་རྒྱ་ཆེར་འགྲེལ་དུ་དྲངས་པའི་ལུང་ལས་གསུངས་ལ། ཕྲན་ཚེགས་དང་མ་མོར་དགྲ་བཅོམ་ལ་གདུགས་བཞི་བྱ་བ་སོགས་སུ་གསུངས་པ་ཁུངས་མི་འདྲ་བས། མདོ་རྩའི་དགོངས་པ་སྔ་མ་གཙོ་བོར་བྱས་པའོ། །བསེ་རུ་ལྟ་བུའི་དགྲ་བཅོམ་ལ་ཆར་ཁེབས་མེད་ཅིང༌། སངས་རྒྱས་ཀྱི་དེ་ལ་ཐམས་ཅད་ཚང་བར་ཡོད་དོ། །སློབ་དཔོན་ཀླུ་སྒྲུབ་ཀྱིས་ལྷུང་བཟེད་ཁ་སྦུབས་པ་ལྟ་བུའི་མཆོད་རྟེན། ཁང་བུ་བརྩེགས་པའི་མཆོད་རྟེན། རྒྱལ་མཚན་བསྒྲེང་བ་ལྟ་བུའི་མཆོད་རྟེན་གསུམ་གསུངས་པ་སྟག་ལོས་ཐེག་ཆེན་ཁོ་ན་ལ་སྦྱར་ཡང༌། མདོ་རྩའི་གཙང་ཁང་ཅན་དང་འདིའི་ཁང་བུ་བརྩེགས་པ་འདྲ་ཞིང་ཤཱ་རིའི་བུ་ལ་དེ་ལྟ་བུ་བྱས་པར་གླེང་གཞིའི་སྐབས་སུ་འབྱུང་བས་དེ་གསུམ་མཆོད་རྟེན་སྤྱིའི་དབྱེ་བར་བྱས་ན་ལེགས་ཏེ། ད་ལྟ་


GTD005_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་ནས་བྱུང་བ་ཁང་པ་རིམ་པ་མང་པོ་བརྩེགས་པའི་རྣམ་པ་ཟུར་བཞིའམ་བརྒྱད་འདུག་པར་ཡོངས་གྲགས་གནྡོ་ལའི་བཀོད་པ་ཞེས་ཟེར་བ་དང༌། དེ་མཐུན་རྒྱ་ནག་ཕྱོགས་སུ་མཆོད་རྟེན་ཞེས་ཟེར་ཡང༌། བོད་ལ་གྲགས་ཚོད་འདི་དང་ཕྱོགས་ཙམ་ཡང་མི་མཐུན་པའི་ཁང་པ་ཐོག་མང་དུ་བརྩེགས་པ་ཞིག་ཡོད་པ་འདི་རྣམས་ཀྱང་དེ་གསུམ་གྱི་གྲངས་ཡིན་པར་སྐྱབས་མགོན་རྡོ་རྗེ་འཆང་ཆེན་པོས་གསུངས་སོ། །མདོ་མྱང་འདས་ལས་སངས་རྒྱས་ལ་བང་རིམ་བཅུ་གསུམ་འཕང་ལོ་དང་བཅས་པ། རང་སངས་རྒྱས་ལ་བང་རིམ་བཅུ་གཉིས་སོགས་སུ་གསུངས་ལ། ཀྲི་ཡ་ས་མུཉྩར། བཅུ་གསུམ་ནི་རྫོགས་པའི་སངས་རྒྱས་དང་རྡོ་རྗེ་འཛིན་པ་རྣམས་ཀྱིའོ། །དགུ་དང་བདུན་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱིའོ། །ཞེས་སྔ་མ་རྣམས་དང་མི་འདྲ་བར་བཤད་དོ། །དེ་དག་ལས་སངས་རྒྱས་ཀྱི་མཆོད་རྟེན་ལ་ནང་གསེས་ཀྱི་དབྱེ་བ་མང་ཡང་གཙོ་བོ་མཆོད་རྟེན་བརྒྱད་དུ་འདུ་ལ། དེའི་ཐོག་མ་སྐུ་བལྟམས་པའི་ཚེ་གཏེར་ལྔ་བརྒྱ་སོགས་བཀྲ་ཤིས་པའི་སྒོ་མང་དུ་ཕྱེ་བས་བཀྲ་ཤིས་སྒོ་མང་ནས་འདྲེན་པར་བཞེད་པ་མང་ཡང༌། རང་ལུགས་བལྟམས་མ་ཐག་ཕྱོགས་སོ་སོར་གོམ་པ་བདུན་བདུན་བོར་བ་ལས་པདྨ་སྐྱེས་པ་དང༌། པདྨ་འདམ་ལས་སྐྱེས་ཀྱང་འདམ་གྱིས་མ་གོས་པས་འཁོར་བར་སྐྱེས་ཀྱང་སྐྱོན་གྱིས་མ་གོས་པའི་མཚོན་བྱེད་པདྨ་སྤུངས་པ་དང་པོ་དང༌། གཉིས་པ་སྐུ་བཞི་མངོན་པར་བྱང་ཆུབ་པའི་མཆོད་རྟེན། གསུམ་པ་ཆོས་འཁོར་བསྐོར་བའི་ཚེ་བདེན་བཞི་རྣམ་ཐར་བརྒྱད་སོགས་མཚོན་བྱེད་སྒོ་བཅུ་དྲུག་ནས་བརྒྱ་རྩ་བརྒྱད་སོགས་ཡོད་པ་བཀྲ་ཤིས་སྒོ་མང༌། བཞི་པ་མུ་སྟེགས་སྟོན་པ་དྲུག་སོགས་བཏུལ་ཏེ་གཞན་ལས་ཁྱད་པར་དུ་འཕགས་


GTD005_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

པས་གློ་འབུར་ཅན་གྱི་ཆོ་འཕྲུལ་མཆོད་རྟེན། ལྔ་པ་གཞན་དོན་དུ་འབྱོན་པ་མཚོན་བྱེད་ཐེམ་སྐས་ཅན་གྱི་ལྷ་བབས་མཆོད་རྟེན། དྲུག་པ་དགེ་འདུན་གྱི་དབྱེན་བཟླུམས་པའི་ཚེ་དེའི་རྒྱུ་དུག་གསུམ་ལྟ་བ་དང་བཞི་བཅད་དེ་རྣམ་ཐར་བརྒྱད་ལ་གནས་པ་མཚོན་བྱེད་བང་རིམ་གྱི་གྲུ་བཞི་བཅད་དེ་ཟུར་བརྒྱད་དུ་ཡོད་པར་དབྱེན་བཟླུམས་མཆོད་རྟེན། བདུན་པ་སྐུ་ཚེ་ཟླ་བ་གསུམ་དུ་བྱིན་གྱིས་བརླབས་པའི་ཚེ་བང་རིམ་ཟླུམ་པོ་གསུམ་པ་འཆི་བདག་ལས་རྣམ་པར་རྒྱལ་བའི་མཆོད་རྟེན། བརྒྱད་པ་འཁོར་བའི་སྤྲོས་པ་དང་བྲལ་བ་མཚོན་བྱེད་བང་རིམ་མེད་པའི་མྱང་འདས་མཆོད་རྟེན་རྣམས་སོ། །དབྱེ་བ་འདི་རྣམས་དགེ་བའི་རྩ་བ་ཡོངས་སུ་འཛིན་པའི་མདོ་འོག་ཏུ་འབྱུང་བ་དང༌། ལི་ཡུལ་ལུང་བསྟན་པ། ཀླུ་སྒྲུབ་ཀྱིས་མཆོད་རྟེན་བརྒྱད་ལ་བསྟོད་པ། དྲི་མེད་འགྲེལ་པ་རྣམས་སུ་འབྱུང་ལ། འོན་ཀྱང་དྲི་མེད་འགྲེལ་པར་སྐུ་གདུང་ཆ་བརྒྱད་དུ་བགོས་པའི་མཆོད་རྟེན་བརྒྱད་ཟས་གཙང་དང་གསལ་རྒྱལ་སོགས་ཀྱིས་སྦྱིན་བདག་བྱས་ནས་བཞེངས་པར་བཤད་པ་ཁས་བླངས་མི་རུང་སྟེ། དུས་ཚོད་མི་འགྲིག་པས་དེ་ནི་སྤྱིར་བཏང་གི་ཤཱཀ་ཐུབ་མཆོད་རྟེན་བརྒྱད་དང༌། སྐུ་གདུང་གི་མཆོད་རྟེན་བརྒྱད་འདྲེས་པའི་ཡིག་སྐྱོན་ཞིག་བྱུང་བར་མངོན། དེ་ལྟར་སངས་རྒྱས་ཞལ་བཞུགས་དུས་མཛད་པ་ཁྱད་པར་ཅན་རེ་བསྟན་པའི་སར་དད་ལྡན་རྣམས་ཀྱིས་དེ་རྗེས་སུ་དྲན་པའི་མཚོན་བྱེད་མཆོད་རྟེན་རེ་བཞེངས་ཏེ་དུས་སྟོན་བཙུགས། མྱ་ངན་ལས་འདས་པའི་རྗེས་སུ་ཡང་སོ་སོའི་གདུང་སྐལ་ལ་མཆོད་རྟེན་དཔག་ཏུ་མེད་པ་བཞེངས་ཏེ་བསོད་ནམས་ཟད་མི་ཤེས་པའི་གཏེར་གྱི་སྒོ་བརྒྱ་ཕྱེ། དེ་རྗེས་རྒྱལ་བ་ཉིད་ཀྱིས་ལུང་


GTD005_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་བཞིན་ཆོས་རྒྱལ་མྱ་ངན་མེད་ཀྱིས་མཆོད་རྟེན་བྱེ་བ་བཞེངས་ཏེ་ས་སྟེང་མཛེས་པར་བྱས། མགོན་པོ་ཀླུ་སྒྲུབ་ཀྱིས་ཀྱང་རྡོ་རྗེ་གདན་དུ་མཆོད་རྟེན་དུ་མ་བཞེངས་པ་སོགས་རྒྱ་གར་ན་དར་ཤོས་ཤིན་ཏུ་ཆེ་ལ། བོད་གངས་ཅན་འདིར་ཡང་ཆོས་རྒྱལ་གྱི་དུས་བསམ་ཡས་དང་ལྷ་སར་མཆོད་རྟེན་འགའ་ཞིག་བཞེངས། ཕྱིས་སུ་ཆོས་རྒྱལ་ཀུན་བཟང་པས་རྒྱལ་རྩེར་མཆོད་རྟེན་ཆེན་མོ་དང༌། ཇོ་ནང་པས་རྟག་བརྟན་དུ་སྐུ་འབུམ་ཆེན་མོ། ཐོན་མིའི་གདུང་རབས་བཅུ་གསུམ་པ་རྒྱལ་ཆེན་གླིང་པའི་ཞལ་ངོ་ཡར་རྒྱབ་དཔོན་པོ་བསོད་ནམས་རྣམ་རྒྱལ་དང་ལྷ་རྗེ་བསོད་ནམས་རྒྱ་མཚོ་གཉིས་ཀྱིས་བྱམས་པ་གླིང་དུ་མཆོད་རྟེན་ཁྱད་དུ་འཕགས་པ་བཞེངས་པ་རྣམས་ཡུལ་དུས་གཉིས་ཀ་བཟང་ཞིང་ཁོང་རྣམས་སྡེ་འབངས་དང་ཆོས་སྲིད་ཀྱི་འབྱོར་བ་ཤིན་ཏུ་ཆེ་བས་དེའི་ལག་རྗེས་ལྟ་བུ་ག་ལ་ཡོང་། འོན་ཀྱང་རང་འབྱོར་དང་བསྟུན་པའི་རྟེན་བཞེངས་བྱས་ཚུལ་གྱི་ལོ་རྒྱུས་ཅུང་ཟད་བརྗོད་ན། བདག་རང་ལོ་བདུན་པའི་སྟེང་དུ་གདན་ས་འདིར་འོངས། སྐྱབས་མགོན་ཐམས་ཅད་གཟིགས་པ་ཆེན་པོ་རྗེ་བཙུན་དཀོན་མཆོག་འཇིགས་མེད་དབང་པོའི་ཞབས་དྲུང་ནས་བསྟན་པའི་སྒོར་བཙུད་ཅིང་དེ་ནས་བཟུང་སྟེ་ཆོས་ཀྱི་བཀའ་དྲིན་བསམ་གྱིས་མི་ཁྱབ་པར་མནོས། དེ་སྐབས་སྐྱབས་མགོན་མཆོག་ནས་རྗེས་ཚང་སྨྱུང་གནས་པར་དགོན་འདི་ནང་དུ་མཆོད་རྟེན་ཆེན་པོ་ཞིག་བྱུང་ན་ལེགས་འདུག་པས་ཁྱོད་ཀྱིས་ཨེ་ཐུབ་ཅེས་གསུང་ཚུལ་ཁོང་གི་ངག་ནས་ཡང་ཡང་ཐོས་པས། བླ་མའི་བཀའ་དྲིན་བསབ་བྱེད་འདི་འདྲ་རེ་བྱེད་རྒྱུ་བྱུང་ན་སྙམ་པའི་འདུན་པ་ཡང་ཡང་སྐྱེས། རང་ལོ་བཅུ་བདུན་པ་ལ་དབུས་སུ་སོང་སྟེ།


GTD005_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་མང་ཆོས་གྲྭ་ལོ་བརྒྱད་འགྲིམ་པའི་རིང་སློབ་གཉེར་ཁོ་ནའི་འདུན་པར་གཅིག་དྲིལ་གྱིས་གཞན་མའི་བྱ་བྱེད་ཐམས་ཅད་རྒྱང་བསྐྱུར་བྱས་ཏེ་ལོ་ཉེར་ལྔའི་ཐོག་སྤྲུལ་བའི་དམ་བཅའ་མ་ཡིན་པར་གྲྭ་སྐོར་ཚུལ་བཞིན་བགྱིས། དེའི་ཚེ་རྗེ་བཙུན་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོས་བོང་བ་གསེར་གཟིགས་ཀྱི་ཚུལ་དུ་སྙན་བརྒྱུད་མན་ངག་གང་དགོས་སྩོལ་བའི་ཞལ་བཞེས་སོགས་བཀའ་དྲིན་ཤིན་ཏུ་ཆེ་བར་ཡོད་པ་ལོ་ཤས་སྡོད་འདུན་ཡོད་ཀྱང༌། སྐྱབས་མགོན་རྡོ་རྗེ་འཆང་དབུས་ཕེབས་ཕྱི་མའི་སྐབས་ཡིན་པས་དགོངས་པ་མ་ཁྲོལ་བར་རང་ཡུལ་ལྡོག་དགོས་བྱུང༌། ཐོས་དོན་ཉམས་ལེན་ཞིག་ཨེ་ཡོང་གི་རེ་བས་ལོ་ཤས་འབད་ཁུལ་བྱས་ཀྱང་དགེ་སྦྱོར་རེའི་མགོ་བརྩམས་པ་ན་འདུ་ཕུང་མི་བདེ་བ་ཁོ་ན་གཅིག་རྗེས་གཅིག་ནོན་ལྟ་བུར་བྱུང་སྟེ་དེ་ཀའི་བསམ་སྦྱོར་ཐམས་ཅད་ཐན་པའི་དུས་ཀྱི་སྤྲིན་བཞིན་དངོས་མེད་དུ་གྱུར། རང་ལོ་ཉེར་དགུ་པ་ལ་སྐྱབས་མགོན་མཆོག་ནས་མཁན་ཆེན་ངག་དབང་གྲགས་པའི་གདན་ས་ད་ཚང་དགོན་པའི་འཛིན་སྐྱོང་བྱེད་དགོས་ཀྱི་བཀའ་ནན་ཕེབས་ཏེ་དེར་ཕྱིན། ད་གཟོད་དགེ་སྦྱོར་རྣམ་དག་ཅིག་མི་འོང་བར་འགྲོ་འདུག་སོགས་བྱེད་དགོས་པ་ལ་གཞན་དོན་དུ་མིང་བཏགས་ནས་དཀོར་ཟས་སྡུག་བསོག་བྱས་ཀྱང་མཐར་ཆུད་ཟོས་ལས་མེད་པས་རང་གཞན་གཉིས་ཀ་བསླུ་བར་འདུག །དེས་ན་དཀོན་མཆོག་གི་ཞིང་སར་འགྲོ་ངེས་དང་ལྷག་པར་སྔོན་དུས་ཀྱི་ཀུན་སློང་བཞིན་རྟེན་བཞེངས་ཤིག་ཨེ་ཐུབ་སྙམ་པ་ཤར། འོན་ཀྱང་རང་ལོ་སུམ་ཅུར་སླེབ་པ་ལྕགས་ཕག་ལོའི་དགུན་ཐོག་སྐྱབས་མགོན་རྡོ་རྗེ་འཆང་དག་པའི་ཞིང་དུ་དགོངས་པ་གཏད་པར་


GTD005_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་བྱི་བའི་ལོ་ནས་བཟུང་དགོན་པའི་ཆོས་སྲིད་ཐམས་ཅད་ཀྱི་ཁུར་རང་དབང་མེད་པར་ཐོག་ཏུ་ལྷུང་བས། འཆད་ཉན་སྒྲིག་ལམ་གཏོང་སྒོ་སོགས་ཀྱི་སེམས་ཁུར་ལ་བརྟེན་ནས་རྟེན་བཞེངས་སོགས་ཡིད་ཀྱིས་བོར། ལྷག་པར་རང་ལོ་སོ་ལྔ་ནས་རྐྱེན་འགའ་ཞིག་ལ་བརྟེན་དགོན་ལུང་བྱམས་པ་གླིང་གི་ཁྲི་ཡང་འཛིན་དགོས་བྱུང་སྟེ་ལོ་གསུམ་གྱི་རིང་གདན་ས་གཉིས་ཀ་ཟུང་འབྲེལ་དུ་བསྐྱངས། སོ་བདུན་པ་ལ་སྐྱབས་མགོན་མཆོག་གི་སྤྲུལ་བའི་སྐུ་རིན་པོ་ཆེ་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ་གདན་སར་བཀོད། ཕྱོགས་མཐའ་ཆོད་པ་དཀའ་ཡང་དགོན་པའི་ནང་འདིའི་གྲྭ་འཚོགས་འཆད་ཉན་སྒྲིག་ལམ་སོགས་ཟུར་ཅུང་ཟད་ཀྱང་མ་ཉམས་པར་ཕྱག་ཏུ་སྤྲོད་རྒྱུ་བྱུང་བའི་དགའ་སྤྲོའི་ཐོག་ནས་ཁྲིའི་དགོངས་པ་ཞུས། ཁྲིའི་སྐབས་དེར་ཡང་རིགས་གྲྭ་སྔ་ཕྱི་ཀུན་ལ་སྲང་ཁྲིར་ཉེ་བའི་ཚོད་སོང་ཡང་དེའི་ཞར་ལ་འཆམ་ཆེན་སྐབས་བཀྲམ་རྒྱུའི་ཆོས་རྒྱལ་གྱི་གོས་ཐང་ཆེན་མོ། བླ་མ་ཁྲི་པས་བསྟེན་རྒྱུར་གནས་ཆུང་གི་གསེར་སྐུ། བྱམས་མདུན་དུ་དངུལ་གྱི་མཎྜལ་ཚོམ་བུ་བདུན་མ་དངུལ་སྲང་ལྔ་བརྒྱ་ལས་གྲུབ་པ་རང་མིང་སྤེལ་བའི་སྨོན་ཚིག་འབུར་དོད་ཅན། སྲང་ཉིས་བརྒྱ་སྐོར་གྱི་ཀ་འཕན་གསེར་མགོ་མ་བཞི། ཀ་བར་དགུ་ཁེབས་པའི་གོས་ཀྱི་བླ་བྲེ་རྣམས་དང༌། སྔ་སོར་དབུས་ནས་འོངས་སྐབས་གསེར་གྱི་རྒྱལ་མཚན་ཆ་སོགས་གང་དགོས་ཀྱི་འཇོག་པ་ཕྲན་ཚེགས་ལན་མང་ཙམ་བྱས་རུང༌། ད་དུང་ཡིད་ཚིམ་པ་ཞིག་མ་བྱུང་བར་ད་ནི་བདག་ཅག་རྣམས་ཀྱི་མེ་ཏོག་ཕོག་པའི་ལྷ་སྐལ་ལྟ་བུ་སྐྱབས་མགོན་རྡོ་རྗེ་འཆང་སྐུ་འཕྲེང་རིམ་བྱོན་ཡིན་པས་འཁྲུངས་རབས་ལྷ་ཁང་ཞིག་བྱས་ན་སྙམ་ཡང༌། འདི་ནས་


GTD005_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

བཟོ་བོ་སོགས་མི་འགྲིག་སྟབས་བསྟན་པའི་སྦྱིན་བདག་ཆེན་པོ་ཐོ་ཡོན་རབ་རྒྱས་ལ་སྐུ་བརྙན་བཞེངས་རྒྱུའི་སྦྱིན་བདག་བསྐུལ། འདི་ནས་དགེ་རྩ་མཐའ་དག་ཆུད་མི་ཟ་བའི་ཕྱིར་སྨོན་ལམ་གྱི་དུས་མཆོད་གཏོང་རྒྱུའི་གྲ་བསྒྲིགས་ཏེ། རང་ལོ་བཞི་བཅུ་པ་ལྕགས་བྱའི་ལོ་སྲང་བདུན་སྟོང་བརྒལ་བའི་ཟོང་གིས་ཆོ་འཕྲུལ་དུས་མཆོད་ཉིན་ལྟར་གྱི་ཕོགས་སོགས་ལྷ་མཆོད་མི་མཆོད་རྒྱ་ཆེར་བྱས། དེའི་སྟེང་དུ་སྲང་ཉིས་སྟོང་ལྷག་ལས་བསྒྲུབས་པའི་འཁྲུངས་རབས་ཀྱི་སྐུ་ཡང་ཆ་ཚང་བར་འབྱོར་བ་ལ་གཟུངས་གཞུག །མཆོད་ཁྲི། ཀ་འཕན། བླ་བྲེ། མཆོད་ཏིང་སོགས་གང་དགོས་ཐམས་ཅད་གསར་དུ་བསྒྲིགས་ཏེ་འཁྲུངས་རབས་ལྷ་ཁང་བྱས། དང་པོར་རྟེན་བཞག་དེ་ཀས་འཐུས་པ་དང༌། རྒྱུ་ནོར་གང་ཡོད་སྨོན་ལམ་གྱི་ཁོངས་སུ་འགྲོ་བ་བྱེད་རྩིས་ཡིན་ཀྱང༌། དཀོན་མཆོག་གི་ཐུགས་རྗེས་མཐུན་རྐྱེན་འཛོམས་ཆེ་བ་ལྟ་བུས་ད་དུང་དད་རྫས་ཀྱི་དངོས་པོ་ལྷག་ལུས་དགའ་རབ་འདུག་པ་དང༌། མཚམས་དེར་གཡེང་བའི་འཕྲོ་བཙན་ཆོད་བྱེད་རྒྱུ་ཡང་རྐྱེན་དུ་མ་ཞིག་གིས་གྲ་མི་འགྲིག་པར་འདུག་ལ། ཆུང་ངུའི་དུས་ནས་རང་གིས་ཡང་ཡང་ཡིད་ལ་བླངས་པའི་དམ་བཅའ་ལྟ་བུ་ཡིན་སྟབས། མཆོད་རྟེན་མཐོང་གྲོལ་ཆེན་མོ་འདི་ཉིད་བཞེངས་པའི་སྦྱོར་བ་བརྩམས། ཆོས་འཁོར་དང་སྒོ་ཁྱིམ་སོགས་བཞེངས་རྒྱུར་འདི་ནས་སྲང་སྟོང་ཕྲག་ལྷག་ཙམ་དང༌། སྦྱིན་བདག་སྐུལ་བྱེད་སྣམ་ཕྲུག་བྱིན་རྟེན་སོགས་ཕོན་མི་ཆུང་བ་བཅས་མི་སྣ་མཚོ་བདུན་དུ་མངགས། རང་ལོ་ཞེ་གཅིག་ལ་སླེབ་པ་རྔ་ཆེན་ཞེས་པ་ཆུ་ཕོ་ཁྱིའི་ལོ་ས་ག་ཟླ་བའི་ཡར་ཚེས་བཟང་པོར་ལས་མགོ་བཙུགས་ཏེ་ལོ་


GTD005_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་རིང་ཟླ་བ་བདུན་རེ་ཙམ་ལ་ལས་མི་ཉུང་སྐབས་དགུ་བཅུ་སྐོར་དང༌། མང་སྐབས་བརྒྱ་དང་བཞི་བཅུ་སྐོར་གྱིས་བར་མ་ཆད་པར་བྱས་པ་ཐམས་ཅད་ཀྱིས་གཡོ་ཟོལ་མེད་པར་ཧུར་སྐྱེད་འབད་པ་དང་བླང་གིས་ལས་འགྲོ་ཆེ་ཞིང༌། དེའི་རིང་མི་གཅིག་ལ་ཡང་ན་ཚ་སོགས་ཀྱིས་ལས་ཀ་འཆག་དགོས་པ་ཞིག་མ་བྱུང་བ་དཀོན་མཆོག་གི་ཐུགས་རྗེར་སྣང༌། དངུལ་འདི་ནས་ཁྱེར་བའི་སྟེང་དུ་སུ་ཉིད་ཀྱི་གྲྭ་རྒྱུན་བགྲེས་གཞོན་ཐམས་ཅད་ནས་ལྷག་བསམ་དག་པས་ཞལ་འདེབས་གང་ལེགས་བྱས་པས་གཞི་གཟུང་། ནེས་མན། ཨུ་ཅུ་མུ་ཆིན། ཨ་བ་ག །ཧ་ལ་ཧ་སོགས་ནས་ཀྱང་གྲོགས་ལྡན་བྱེད་མཁན་ཁ་ཤས་བྱུང་བ་བཅས་ཀྱི་སྟེང་ནས་ཆོས་འཁོར་ཟ་ར་ཚགས་ཉི་ཟླ་ཏོག་བཅས་ཀྱི་དཔངས་གཞུ་འདོམ་ལྔ་ལྷག་པ་དང༌། སྒོ་ཁྱིམ་ཐོག་ཚད་ལྷག་པ། སྐུ་བརྙན་མི་ཚད་ལོང་མ་ལོང་དང་། དབུ་རྒྱན་ཆེ་ཆུང་ཁ་ཤས་གཉྫིར་དང་། མཐའ་འཁོར་དུ་འཇུག་རྒྱུའི་རྣམ་བཅུ་དབང་ལྡན་ཆ་དུ་མ། འཁོར་ལོ་དང་རི་དྭགས་ཕོ་མོ་སོགས་ཕལ་ཆེར་ཆ་ཚང་བར་གྲུབ་སྟེ། ལམ་སྐབས་སོགས་སུ་འགལ་རྐྱེན་གྱི་རིགས་ཅུང་ཟད་ཀྱང་མེད་པར་ནམ་དགོས་པའི་དུས་ཐོག་ཏུ་འབྱོར། རྒྱ་བོད་ཀྱི་ཡུལ་ཐ་དད་ནས་བཟོས་ཀྱང་སླར་བསྒྲིགས་པའི་ཚེ་མི་གཅིག་གིས་ཐིག་བཏབ་པ་བཞིན་ཆད་ལྷག་དང་ཆེ་ཆུང་འཛོལ་སྐྱོན་མེད་པར་འགྲིགས་པ་སྐྱབས་མགོན་ཐུགས་རྗེ་ཅན་གྱི་བྱིན་བརླབ་ཏུ་ངེས་པ་རྙེད། དེ་ལྟར་རྒྱ་ནག་ནས་གདན་དྲངས་པ་རྣམས་ཀྱི་རྒྱུ་སོང་དང༌། འདི་ནས་བཟོ་བོའི་ཡོན་གྱི་ནང་དུ་སོང་བ། གསེར་ཚོན་དང་འཁོར་ཤོག་སོགས་ཀྱི་རིན། དངུལ་གྱི་མཆོད་ཆ་གསར་བཟོས་སོགས་ཀུན་བསྡོམས་པར་དངུལ་རྐྱང་སྲང་སྟོང་ཕྲག་གསུམ་


GTD005_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཉིས་བརྒྱ་སྐོར། གཞན་མ་ལྷ་བྲིས་པ། འབག་བཟོ། གསེར་མགར། ལྕགས་མགར་ལྕགས་སྐུད་སླ་མཁན། གོས་བཟོ་བ། རྡོ་རྩིག་པ། གྱང་རྡུང༌། རྡོ་འཁུར། གྱོ་བཟོ། གྲས་རྡོ་བཟོ་མི། ཤིང་བཟོ་སོགས་ཀྱི་དཔོན་གཡོག་ཐམས་ཅད་ལ་རྒྱུན་གྱི་ལྟོ་ཆས། གླ་ཕོགས་གང་གཟབ། འཛུག་སྒང་གྲོལ་གསུམ་གྱི་སྟོན་མོ། གོ་བབས་དང་བསྟུན་པའི་སྟེར་སྦྱིན་སོགས་གང་ཐད་ནས་ཁྲལ་ཆོས་ལྟ་བུ་མ་ཡིན་པར། རྒྱུ་སོང་གི་འབྲས་བུ་ལ་བསམ་སྟེ་ཡིད་ཚིམ་ངེས་བྱས་པས། ལོ་སྔ་ཕྱིར་རྟ་ནོར་གོས་ཕྲུག །ཟམ་རས། ཁ་བཏགས། གྱོན་པ། དོང་ཙེ། ཇ་མར་ནས་རྩམ་ཕྱེ་འབྲས་སོགས་གང་སོང་ཐོ་རགས་རིམ་ཙམ་འདུག་པ་དང༌། སྟེང་འོག་གི་ལྷ་ཁང་ཀུན་ཏུ་མཆོད་ཆ་ཡོངས་རྫོགས་གསར་བསྒྲིགས། ཀ་བར་བཞི་བཅུ་སྐོར་ཕལ་ཆེར་ཁེབས་པའི་གོས་ཀྱི་བླ་བྲེ་ནང་ཤ་དང་བཅས་པ། འཁོར་ལོ་དང་གཟུངས་གཞུག་གི་སྐོར། རྒྱ་ནག་ཏུ་འགྲོ་ཆས་དང་སྦྱིན་བདག་ཀུན་ལ་མཚམས་རྟེན། མེ་མདའ་སུམ་ཅུ་སྐོར་སོགས་ལྕགས་ཁལ་བརྒྱ་ལྷག། །གོ་སའི་ཁང་པ་ཁ་ཤས་དང་ཤིང་ཆ་སོགས་ཀྱི་རིན། འཕྲལ་གྱི་ཆ་རྐྱེན་གང་དགོས་རྣམས་སུ་སོང་བ་ལམ་ཙམ་བསྡོམས་པར། རིན་གོང་དངུལ་སྲང་སྟོང་ཕྲག་ལྔ་དང་བདུན་ཅུའི་སྐོར་ཐོབ། ཤིང་བྱི་ཟླ་བ་དགུ་པའི་ནང་དུ་ལས་མཇུག་གྲུབ་སྟེ། ལྷ་བབས་ཀྱི་དུས་ཆེན་ལ་རང་ཉིད་དང་རྡོ་རྗེ་སློབ་དཔོན་འགའ་བཅས་ཀྱིས་རབ་གནས་མདོར་བསྡུས་ཙམ་བྱས། ཤིང་གླང་ཟླ་བ་དང་པོ་ཆོ་འཕྲུལ་གྱི་དུས་ཆེན་དང་བསྟུན་ཏེ། སྐྱབས་མགོན་ཐམས་ཅད་གཟིགས་པ་ཆེན་པོའི་


GTD005_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་སྤྲུལ་རིན་པོ་ཆེ་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོའི་ཞལ་སྔ་ནས་ཀྱིས་དབུ་མཛད། ཁྲི་ཆེན་དཔལ་ལྡན་གྲགས་པའི་སྤྲུལ་བའི་སྐུ། སྡེ་ཁྲི་སྤྲུལ་བའི་སྐུ། སྒོ་མང་མཁན་ཟུར་བློ་བཟང་ཆོས་དར། སྒོ་མང་མཁན་པོ་སངས་རྒྱས་རྡོ་རྗེའི་སྤྲུལ་སྐུ་སོགས་ཆོག་གྲྭ་པ་དང་བཅས་པས་ཉིན་གཉིས་ཀྱི་རིང་བཀྲ་ཤིས་སྙེ་མའི་སྟེང་ནས་སྤྱན་དབྱེའི་ཆོ་ག་རྒྱས་པར་མཛད་དེ་བྱིན་རླབས་ཀྱི་གཏེར་ཆེན་པོར་བསྒྲུབས། ༸གོང་ས་རིན་པོ་ཆེར་དངོས་འབུལ་སྤུས་གཙང་དང༌། བླ་མ་རྣམས་ལ་ཚན་གྲངས། གཞན་ཐམས་ཅད་ལ་འགྱེད་སོགས་འཚེམ་མེད་དུ་བྱས། ཚོགས་པ་སུམ་སྟོང་དུ་ཉེ་བར་ཇ་བར་ཁག་རེ་དང་བསོད་བཏགས་རེ་ཕུལ་ཞིང་བསྟན་འབར་མ་སོགས་གསུངས་ནས་མེ་ཏོག་གི་ཆར་ཕབ། རབ་གནས་སྐོར་གྱི་འགྲོ་སྒོ་བསྡོམས་པར་སྲང་སྟོང་དང་བརྒྱད་བརྒྱ་ཉི་ཤུའི་རྩིས་སོང་བ་བཅས། སྔ་ཕྱི་ཐམས་ཅད་ཁྱོན་དྲིལ་ན་དངུལ་སྲང་ཁྲི་ཕྲག་གཅིག་དང་དགུ་བཅུའི་སྐོར་སོང༌། སྤྱིར་ཁམས་སོག་གི་མིས་རང་བཞིན་གྱིས་རྩིས་ཞིབ་ཆ་མི་འོང་འདུག་པས། གསེར་ཁང་ཆེན་མོའི་བྱམས་ཆེན་ཐོག་ཚད་བཞི་པ་གཙུག་ལག་ཁང་འགྲན་ཟླ་མེད་པ་དང་བཅས་པ། བཟོ་བོ་ཡང་དབུས་ནས་བླངས་པས་གླ་ཕོགས་ཐམས་ཅད་གང་འདོད་ལྟ་བུར་བྱས་སྟབས་འགྲོ་སྒོ་བསམ་གྱིས་མི་ཁྱབ་ཀྱང༌། ཐོ་ནང་དུ་སུམ་ཁྲི་ལྔ་སྟོང་གི་ཚོད་ལས་མ་ཐེབས་འདུག་ཅིང༌། ལྷ་སའི་དཀྱིལ་འཁོར་རྟིང་གི་བྱམས་སྐུ་ཐོག་ཚད་གཉིས་པ་དེར་གཙང་ཁང་སོགས་ཟུར་དུ་བཟོ་མི་དགོས་པའི་སྐུ་རྐྱང་ལ་ཡང་སུམ་ཁྲི་སུམ་སྟོང་ཙམ་སོང་ཚུལ་དཀར་ཆག་ཏུ་འདུག་པ་ལྟར་ན་བོད་པའི་ཞིབ་རྩིས་དེ་འདྲ་བྱས་ཚེ་གསེར་ཁང་ལྟ་བུར་སྲང་འབུམ་ཕྲག་བརྒལ་བ་འགྲོ་ཞིང༌།


GTD005_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་བཞེངས་འདི་ལ་ཡང་དེ་ཆ་ལྔར་བྱས་པའི་གཅིག་ཙམ་མ་མཐའ་འགྲོ་བའི་ཚོད་དུ་སྣང་མོད་ཀྱང༌། མཐོ་འཛིན་བྱས་པ་དགོས་པ་མི་འདུག་པས་གནས་སྐབས་ཐོ་ནང་དུ་གང་ཐེབས་ཕྱོགས་བསྒྲིགས་བྱས་པ་ཡིན་ནོ། །དེ་ཡང་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ཀྱི་རྩིས་ཟིན་པ་སོགས་བདག་ལྟ་བུ་ལ་དཀའ་མོད་ཀྱང༌། བསམ་པའི་ཁྱད་པར་སྤྱིར་ཕན་བདེའི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པ་དང༌། ཁྱད་པར་བསྟན་པ་བྱང་ནས་བྱང་དུ་དར་བར་ལུང་བསྟན་པ་ཆོས་སྡེ་འདི་ཉིད་ཡིན་པར་ཀློང་རྡོལ་བླ་མ་རིན་པོ་ཆེ་སོགས་ཚད་མའི་སྐྱེས་བུ་དུ་མས་གསུངས་པས། དགོན་སྡེ་འདིར་མདོ་སྔགས་བཤད་སྒྲུབ་ཀྱི་བསྟན་པ་དར་ཞིང་རྒྱས་པ་དང༌། རང་ཉིད་ཀྱང་ཚེ་རབས་ཀུན་ཏུ་བསྟན་པའི་སྙིང་པོ་མཆོག་ལ་ཐོས་བསམ་སྒོམ་པས་ཚུལ་བཞིན་དུ་འཇུག་ཅིང༌། ཁྱད་པར་རང་ཉིད་ཀྱིས་ཐོག་དྲངས་རང་ལ་འབྲེལ་ཐོགས་ཀྱི་འགྲོ་བ་མི་དང་མི་མིན་ཐམས་ཅད་མ་འོངས་པ་ན་རྗེ་བཙུན་བྱམས་པ་མགོན་པོའི་འཁོར་གྱི་ཐོག་མར་གྱུར་ཏེ་ཡང་དག་པའི་ལམ་གྱིས་བཙན་ས་ཟིན་པའི་ཕྱིར་དུ་དམིགས་ཏེ་བཞེངས་པར་བླ་མ་ཡི་དམ་ཆོས་སྲུང་རྣམས་ཀྱང་ཐུགས་བརྩེ་བས་ཉེ་བར་དགོངས་ཏེ་རྗེས་སུ་བཟུང་བའི་འབྲས་རྟགས་སུ་བྱ་བའི་ཐོག་མཐའ་བར་གསུམ་ཐམས་ཅད་ལ་འགལ་རྐྱེན་གྱི་ཆ་ཕྲ་མོ་ཙམ་ཡང་མེད་པར། ཡིད་ཀྱིས་སྨོན་པ་བཞིན་དུ་འགྲོ་བ་མ་ལུས་པའི་བསོད་ནམས་ཀྱི་ཞིང་ས་དམ་པར་ལྷུན་གྱིས་གྲུབ་སྟེ། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས། ཞིང་མོར་བསགས་པ་ལས་ནི་ནོར་འབྱུང་ཞིང༌། །ཉིན་མཚན་བསམ་པ་ལས་ནི་བློ་


GTD005_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་སྟེ། །ཡ་རབས་མཛངས་པ་ལས་ནི་ཕྱག་རིས་འབྱུང༌། །རྒྱལ་པོ་ཁྲི་སོང་ལྡེ་བཙན་ང་རེ་དགའ། །ཞེས་སོགས་དང༌། ང་ཡི་དབུ་རྩེ་རིགས་གསུམ་འདི། །རིན་ཆེན་སྣ་ལས་གྲུབ་པ་སྟེ། །རྩིག་པ་མི་འདྲ་སྐྱེས་པ་འདྲ། །ང་ཡི་ལྷ་ཁང་ངོ་མཚར་ཆེ། །མཐོང་བ་ཙམ་གྱིས་ཉམས་རེ་དགའ། །དེ་ཕྱིར་བསམ་གྱིན་བློ་རེ་བདེ། །ཞེས་སོགས་དགའ་གླུ་བཅུ་གསུམ་དང༌། གཞན་ཡང་རྒྱལ་པོ་འཁོར་བཅས་ཀྱི་སེང་གེ་འགྱང་རྩེན། གཡུ་མཚོ་འཁྱིལ་བ། དབྱངས་རིང་ཁུག་པ། སྐྱིད་པའི་གླུ་རིང༌། དྲང་ཤིང་དཀར་པོ། སྟག་རི་དགུ་བརྩེགས་སོགས་དགའ་སྐྱིད་ཀྱི་གླུ་གར་མང་དུ་བྱས་པ་ལྟར། རང་འཁོས་ཀྱི་ལེགས་ཚོགས་ཤིན་ཏུ་ཆེ་བར་བྱུང་ངོ༌། །རྟེན་བཞེངས་གྲུབ་པའི་ལོ་དེར་ཟི་ལིང་ཨཾ་བྷན་ཡཱུས་ཏ་ཞིན། མཚོ་སྔོན་པོའི་ས་སྐོར་ལ་འགྲོ་བའི་ཞོར་གྱིས་དགོན་པར་འོངས་ནས་མཆོད་རྟེན་ལ་མཇལ་ཏེ་ཡ་མཚན་ཆེ་བར་བྱེད་ཅིང་དེ་ནས་ཕྱིར་ཟི་ལིང་དུ་ལྡོག་པའི་ལམ་ཁར་གྲེ་ཙི་ཞིག་འབྱོར་བར། མདོ་སྨད་དུ་དགོན་པ་དང་ལྷ་ཁང་སོགས་ཅི་འདྲ་ཡོད་བཀའ་འདྲི་གནང་བ་དུས་འགྲིག་པའི་སྟབས་ཀྱིས་ཨཾ་བྷན་ནས་དགོན་སོ་སོའི་གནས་ཚུལ་དང༌། ལྷག་པར་འཇམ་དབྱངས་ཧཱུ་ཐོག་ཐུའི་དགོན་དུ་གོང་མ་ཆེན་པོའི་ཞབས་བརྟན་ལ་མཆོད་རྟེན་ཁྱད་འཕགས་ཤིག་བཞེངས་འདུག་ཚུལ་ཞུས་པས། ཡང་བསྐྱར་རྒྱ་དཔངས་སོགས་ཀྱི་ཚད་དང་ནང་དུ་ལྷ་ཁང་ཅི་འདྲ་ཡོད་བཀའ་འདྲི་ཕེབས་ཤིང༌། དེ་ནས་མ་འགྱང་བར་གོང་མ་རང་གི་ཕྱག་གིས་བྲིས་པའི་ཙི་བེན་ཚེ་རིང་གནམ་གྱི་ཤེ་མོང་གི་བཀའ་རྟགས་ཕྱག་རྒྱའི་རེ་ཁ་ཅན་སྕལ་བ་ནི་ཆོས་ཀྱི་དབང་དུ་བྱས་ན། ལྗོངས་འདིར་བསྟན་པ་ནམ་གནས་


GTD005_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

བར་དུ་གོང་མའི་གདན་སར་ཡང་འཇམ་དབྱངས་ཀྱི་སྤྲུལ་བ་རིམ་ཅན་འབྱོན་པར་གསུངས་པས་བྱིན་རླབས་ཀྱི་ཚན་ཁ་ཤིན་ཏུ་ཆེ། འཇིག་རྟེན་གྱི་ལུགས་དང་བསྟུན་ཚེ། སྟོབས་ཀྱི་འཁོར་ལོས་བསྒྱུར་བ་ཆེན་པོའི་བདག་རྐྱེན་འདི་འདྲ་གང་བྱུང་གིས་འབད་རྩོལ་ཅི་ཙམ་བྱས་ཀྱང་འོང་དཀའ་བ་ཞིག་རྩོལ་བ་ཕྲ་མོ་ཙམ་ཡང་མ་བྱས་པར་གནམ་བབས་ཀྱི་ཚུལ་དུ་བྱུང་བ་ཡ་མཚན་ཆེ་ཞིང༌། ཡི་གེ་རྣམས་ཀྱི་དོན་བོད་སྐད་དུ་བསྒྱུར་ན། དཀོན་མཆོག་ཐུགས་རྗེའི་འོད་ཀྱིས་འཛམ་གླིང་ཀུན་ཁྱབ། ཅེས་པ་ལྟ་བུ་ཞིག་ཏུ་སྣང་བས་རྟེན་འབྲེལ་གྱི་ཆེ་བ་ཡང་རྨད་དུ་བྱུང་བར་སྣང་ངོ༌། །ཞེས་བྱ་བ་ནི་གཉིས་པ་རྟེན་བཞེངས་པའི་ལོ་རྒྱུས་ཀྱི་སྐབས་སོ། །༈ གསུམ་པ་རྟེན་ཇི་ལྟར་བཞུགས་པའི་མཚན་བྱང་ནི། ཕྱི་རྟེན་དང་ནང་བཞུགས་ཀྱི་སྐོར་གཉིས་ལས། དང་པོ་ནི། ཤོད་ཀྱི་མདུན་ངོས་སུ་རིགས་ལྔའི་ལྷ་ཁང་ཀ་རིང་གཉིས་མ། སྟེང་ཕྱོགས་སུ་སྐྱབས་མགོན་རྡོ་རྗེ་འཆང་གི་འདྲ་སྐུ་གསེར་ཟངས་ལས་གྲུབ་པ་དང་། དབུས་སུ་སེང་གེའི་ཁྲི་ལ་རྣམ་སྣང་། ཤར་དུ་གླང་ཆེན་གྱི་ཁྲི་ལ་མི་བསྐྱོད་པ། ལྷོར་རྟ་མཆོག་གི་ཁྲི་ལ་རིན་འབྱུང༌། ནུབ་ཏུ་རྨ་བྱའི་ཁྲི་ལ་འོད་དཔག་མེད། བྱང་དུ་མཁའ་ལྡིང་གི་ཁྲི་ལ་དོན་གྲུབ་རྣམས་སྐུ་ཚད་བྱིས་པ་ལོ་བཅུ་གསུམ་པའི་ཚོད་ཙམ། རྣམ་སྣང་གི་གཡས་གཡོན་དུ་རྒྱ་ནག་ལི་མའི་བྱམས་པ་ཁྲུ་ཚད་དང་དེ་མཚུངས་འཇམ་དབྱངས་ཀྱི་སྐུ་གཉིས་ཁྲི་རྒྱབ་ཡོལ་དང་བཅས་པ། གསུང་རབ་པོ་ཏི་བརྒྱད་བརྒྱ་སྐོར། ལྡེབས་རིས་ལ་ཚེ་དཔག་མེད། དོན་ཡོད་ཞགས་པ། སྒྲོལ་མ་དཀར་ལྗང༌། རྟ་མགྲིན་དམར་ཆུང་


GTD005_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཕྱག་རྡོར། མགོན་ཆོས་ལྷ་མོ་རྣམ་སྲས་གནས་ཆུང་སོགས་དང༌། རྒྱལ་ཆེན་བཞི། གཡས་ཀུན་གཟིགས་ལྷ་ཁང་དུ། འཇམ་དབྱངས་ཀུན་གཟིགས་ཀྱི་སྣང་བརྙན་ཁྲི་རྒྱབ་ཡོལ་དང་བཅས་པར་ཐོག་ཚད་གཉིས་པ། གནས་ཆེན་དུ་མའི་ས་སྣ་དང་བྱིན་རྟེན་ཕོན་ཆེ་བ་སྨན་འདམ་སོགས་ཀྱི་རྒྱུ་ལས་གྲུབ་ཅིང་གསེར་ཟངས་ཀྱི་དབུ་རྒྱན་དང་རིན་པོ་ཆེ་འགངས་ཆེ་བ་དུ་མའི་ཕྲ་རྒྱན་སོགས་རྒྱུ་བཟོ་ཤིན་ཏུ་ལེགས་ཤིང་བྱིན་རླབས་ཀྱི་གཟི་འོད་འབར་བ། གཡས་གཡོན་དུ་གསེར་ཟངས་ལས་གྲུབ་པའི་རྒྱལ་བ་སེང་གེའི་ང་རོ་དང་བྱམས་མགོན་གྱི་སྐུ་མི་ཚད་ཙམ་པ་ཁྲི་རྒྱབ་ཡོལ་ཅན་གཉིས། གཙོ་བོའི་རྒྱབ་ཡོལ་གྱི་རྩེར་ཙན་དན་ལས་གྲུབ་པའི་རྗེའི་སྐུ་ཁྲུ་གང་བ། གཡས་གཡོན་གྱི་ནམ་མཁར་སྤྲིན་ལ་བཞུགས་པའི་སྤྱན་རས་གཟིགས་དང་ཕྱག་རྡོར་གྱི་སྨན་སྐུ་ཁྲུ་ཚད་རེ། གཡས་གཡོན་གྱི་གྲར་གསུང་རབ་པོ་ཏི་བརྒྱད་བརྒྱ་ཉི་ཤུ་སྐོར། ལྡེབ་བྲིས་ལ། རྗེ་བླ་མ། རྒྱལ་ཚབ། མཁས་གྲུབ། རྟོགས་ལྡན་འཇམ་དཔལ་རྒྱ་མཚོ། འདུལ་འཛིན། འཇམ་དབྱངས་ཆོས་རྗེ། བྱམས་ཆེན་ཆོས་རྗེ། རྗེ་ཤེས་རབ་སེང་གེ །དགེ་འདུན་གྲུབ། ཚ་ཁོ་ངག་དབང་གྲགས་པ། པཎ་ཆེན་བསོད་གྲགས། རྒྱལ་བ་དབེན་ས་པ། པཎ་ཆེན་ཆོས་རྒྱན། ༸རྒྱལ་དབང་ལྔ་པ། རྒྱུད་ཆེན་དཀོན་མཆོག་ཡར་འཕེལ། གྲུབ་ཆེན་སྐལ་ལྡན་རྒྱ་མཚོ། ཀུན་མཁྱེན་འཇམ་དབྱངས་བཞད་པ། ཁྲི་ཆེན་དགེ་འདུན་ཕུན་ཚོགས། ཁྱ་དགེ་བློ་གྲོས་རྒྱ་མཚོ། ལྕང་སྐྱ་རོལ་པའི་རྡོ་རྗེ། སྐྱབས་མགོན་རྡོ་རྗེ་འཆང༌། ཐུའུ་བཀྭན་རིན་པོ་ཆེ་སོགས་གསེར་མདོག་ཅོད་པན་འཆང་བའི་བསྟན་པ་


GTD005_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལ་བཀའ་དྲིན་ལྷག་པར་ཆེ་བའི་བླ་མ་རགས་བསྡུས་དང༌། སྟེང་གི་ཆ་ལ་ཐང་གའི་རྣམ་པར་འཇམ་དབྱངས་དང་རྡོ་རྗེ་འཇིགས་བྱེད། ཤིང་རྟ་ཆེན་པོ་གཉིས་རྣམས་བཞུགས། ཕུགས་ཀྱི་གསུང་རབ་ལྷ་ཁང་དུ། པོ་ཏི་བཞི་རེ་ཙམ་ལྷན་དུ་པོ་ཏི་རེ་རེ་བྱས་ཏེ་རྒྱལ་བའི་བཀའ་འགྱུར་རོ་ཅོག་ཚར་དུ་མ་སོགས་ཀ་བར་གསུམ་གྱི་རིམ་པའི་ཐོག་སོ་གཉིས་ཁྲིགས་ཀྱིས་ཁེངས་པར་བརྩེགས་པ་ལ་དཀྱུས་མའི་ཚད་ཀྱི་པོ་ཏི་བཞི་སྟོང་ལྷག་པ་བཞུགས་ཤིང༌། གཡས་གཡོན་གྱི་གྲྭར་པོ་ཏི་བརྒྱད་བརྒྱ་མ་ལོང་ཙམ། ལྡེབས་རིས་ལ་སྟོན་པ་ཐུབ་པའི་དབང་པོ་མཆོག་ཟུང་བཅས་དང༌། གནས་བརྟན་ཆེན་པོ་བཅུ་དྲུག །ཧ་ཤང་དང་དགེ་བསྙེན་དྷརྨ། གཏད་རབས་བདུན། ཆོས་འཕགས་དང་རྟག་ངུས་ཤེར་ཕྱིན་འཆད་པའི་བཀོད་པ་བཅས་བཞུགས། གཡོན་གྱི་ཀུན་རིག་ལྷ་ཁང་དུ། ཀུན་དགའ་ར་བ་ཐོག་ཚད་གཉིས་པར་གཙོ་སྐུ་མི་ཚད་དང༌། གཞན་མའི་རྩ་ལྷ་སོ་དྲུག །རྣམ་སྣང་མངོན་བྱང༌། རྡོར་དབྱིངས། སེང་གེའི་སྒྲ། ཛམ་ལྷ་རྣམས་ཁྲུ་རེ། ཐམས་ཅད་གསེར་ལྗིབ་ཐུམ་ཁྲི་རྒྱབ་ཡོལ་དང་བཅས་པ། དེ་དག་གི་སྟེང་གི་བང་རིམ་ལ། ཁྲུ་ཚད་མའི་ཐུབ་དབང་། འོད་དཔག་མེད། བྱམས་པ། སྒྲོལ་མ་སོགས་གསེར་ལྗིབ་ཐུམ་དང༌། བིརྦ་པ། ཕ་དམ་པ། རྗེ་བཙུན་མི་ལ། ཕག་མོ་གྲུ་པ། བུ་སྟོན། པཎ་ཆེན་ཆོས་རྒྱན། ཀུན་གཟིགས་ལྔ་པ། རྗེ་འཇམ་དབྱངས་བཞད་པ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན། ལྕང་སྐྱ་རོལ་པའི་རྡོ་རྗེ་སོགས་ཀྱི་སྨན་སྐུ་ཁྲུ་ཚད་གསེར་ཚོན་གྱིས་


GTD005_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

མཛེས་པ་ཤིན་ཏུ་བྱོན་ལེགས། དངུལ་གྱི་གདུང་རྟེན་གཉིས་དང༌། གཞན་མཆོད་རྟེན་ཆེ་བ་བརྒྱད། སྨན་སྐུ་བྱིན་ཅན་གསར་རྙིང་ཉི་ཤུ་སྐོར་སོགས་དང༌། འགྲམ་གཉིས་ལ་གསུང་རབ་པོ་ཏི་བདུན་བརྒྱ་བརྒྱད་ཅུ་ཙམ། ལྡེབས་རིས་ལ་ཇོ་བོ་རྗེ། ཁུ་རྔོག་འབྲོམ་གསུམ། ནག་ཚོ། ལྷ་བླ་མ། ཁུ་དབོན་རྣམས་དང༌། སྟེང་ཕྱོགས་སུ་རྒྱལ་པོ་ཨིནྡྲ་བོ་དྷི། ཟླ་བ་བཟང་པོ། ལ་ལཱི་ཏ། ལཱུ་ནག་དྲིལ་གསུམ། གཡས་གཡོན་དུ་མཁན་སློབ་ཆོས་གསུམ། བླ་ཆེན་དགོངས་པ་རབ་གསལ། པུ་ཏོ་པ། མར་པ། ལབ་སྒྲོན། བུ་མོ་བསོད་ནམས་རྒྱན། འཇམ་མགོན་ས་པཎ། བུ་སྟོན། ཕྱ་པ་ཆོས་སེང༌། ཀརྨ་རོལ་པའི་རྡོ་རྗེ་སོགས་རིས་མེད་ཀྱི་སྐྱེས་ཆེན་དམ་པ་བསྟན་པའི་རྩ་ལག་བཀའ་དྲིན་ཅན་རྣམས་ཀྱི་སྐུ་བཅས་བཞུགས། བར་ཐོག་གི་ཕྱོགས་བཞིར་ཞལ་རས་ལྷ་ཁང་ལྕགས་ཁྲ་བཅས་དང༌། དབུས་མི་བསྐྱོད་པ། ཤར་རྣམ་སྣང༌། ལྷོ་རིན་འབྱུང༌། ནུབ་འོད་དཔག་མེད། བྱང་དོན་གྲུབ་ཀྱི་ལྷ་ཁང་དུ་སོ་སོའི་སྐུ་བརྒྱ་སྐོར་རེ་ཕྱོགས་མདོག་ཏུ་བྱས་པ་ལ་དེ་དང་ཆ་འགྲིག་པའི་བཞུགས་གནས་གྲྭ་མིག་དང་བཅས་པ། ཐོག་སོ་གསུམ་པའི་ཁོར་ཡུག་ཏུ་བསྐལ་བཟང་སངས་རྒྱས་སྟོང་གི་སྨན་སྐུ་མཐོ་གང་རེ་ཅན་གསེར་ལྗིབ་ཐུམ། བཞུགས་གནས་གྲྭ་མིག་མཆོད་ཤོམ་དང་བཅས་པ་ཆ་འགྲིག །བུམ་པའི་ནང་བདེ་བ་ཅན་གྱི་ཞིང་བཀོད་དུ་བྱས་པའི་ཕུར་གསེར་ཟངས་ལས་གྲུབ་པའི་འོད་དཔག་མེད་ཀྱི་སྐུ་ཁྲུ་ལྔ་པ། རྨ་བྱས་བཏེག་པའི་ཁྲི་རྒྱབ་ཡོལ་དང་བཅས་པ། མདུན་དུ་སྲས་ཀྱི་ཐུ་བོ་གཉིས་ཀྱི་གསེར་སྐུ་པད་སྡོང་ལ་བཞུགས་པ། གཡས་གཡོན་དུ་ཁང་བཟང་གི་བཀོད་པ་རིམ་བརྩེགས་ཀྱི་


GTD005_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་སུ་འོད་དཔག་མེད་ཁྲུ་ཚད་རེ་རེ། སྟེང་དུ་རྒྱ་བོད་ཀྱི་ལི་མའི་འོད་དཔག་མེད་དང་སྤྱན་རས་གཟིགས་ཀྱི་སྐུ་བཅུ་སྐོར། འགྲམ་སོ་སོར་གསེར་ཟངས་ལས་གྲུབ་པའི་སྐུ་ཁྲུ་ཚད་མ་ཁ་ཤས། ལྡེབས་རིས་ལ་བདེ་བ་ཅན་གྱི་ཞིང་གི་སྣོད་བཅུད་ཀྱི་འབྱོར་བ་ཕུན་སུམ་ཚོགས་པའི་བཀོད་པ་ངོ་མཚར་བ་བཅས་བཞུགས་སོ། །སེང་ཁྲིའི་ཕྱི་རོལ་གྱི་གཡབ་ཁོར་ཡུག་ཏུ་ཀ་བར་རེ་ལ་འཁོར་ལོ་བཞི་རེ་བཞག་པས་འཁོར་ལོ་ཆེ་བ་བརྒྱ་དང་བརྒྱད། སྒོ་ཁང་གི་འགྲམ་དང་ནང་དུ་ཡང་འཁོར་ལོ་ཁ་ཤས། ལྡེབས་རིས་མདུན་ངོས་སུ་ལྟུང་བཤགས་ཀྱི་ལྷ་ཚོགས་དང་སྨན་བླ་མཆེད་བརྒྱད་བཞུགས་ཤིང༌། ཕྱོགས་གཞན་གསུམ་ལ་འཁོར་ལོ་རེ་རེའི་སྟེང་དུ་ཡི་དམ་གྱི་ལྷ་རེ་འབབ་པ་བྱས་ཏེ། རྡོར་ཕྲེང་མི་ཏྲ་བརྒྱ་རྒྱམ་སོགས་ཀྱི་རྒྱུད་སྡེ་བཞིའི་ལྷ་གཙོ་རགས་བསྡུས་ཙམ་བཞུགས་པ། གཡས་ཀྱི་གྲུ་ནས་བརྩམས་ཏེ་རིགས་ལྔ་ཡབ་ཡུམ། གསང་འདུས་མི་བསྐྱོད་པ། འཇམ་རྡོར། འཇིག་རྟེན་དབང་ཕྱུག།།བདེ་མཆོག་རིགས་བཞི། དམར་ནག་འཇིགས་གསུམ་གདོང་དྲུག།།དུས་འཁོར། དུས་འཁོར་ལྷན་སྐྱེས། ཀྱཻ་རྡོར་ཐོད་པ་ཅན། ཀྱཻ་རྡོར་མཚོན་ཆ་ཅན། ཕག་མོ་དོན་གྲུབ། ཕག་དཀར། ཀུ་རུ་ཀུལླེ། མཧཱ་མ་ཡ། སངས་རྒྱས་ཐོད་པ། རྣལ་འབྱོར་ནམ་མཁའ། སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོ། འཁོར་ཆེན་སོགས་བླ་མེད་དང༌། ནུབ་ཀྱི་གྲུ་ནས་རྣལ་འབྱོར་རྒྱུད་རྣམ་སྣང༌། རྡོར་དབྱིངས། གཙུག་དགུ །ཆོས་དབྱིངས་གསུང་དབང༌། བྱ་སྤྱོད་ལ་རྣམ་སྣང་མངོན་བྱང༌། མི་རུ་ཤི་ཥ། ཚེ་དཔག་མེད་དཀར་


GTD005_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

པོ། ཐོགས་མེད་ཀྱིས་ཞལ་གཟིགས་པའི་བྱམས་པ། བརྟན་པའི་འཁོར་ལོ། འཇམ་དབྱངས། སེང་གེའི་སྒྲ། ཨ་ར་པ་ཙ་ན། འཇམ་དཔལ་ནག་པོ། དོན་ཞགས། ནམ་མཁའ་རྒྱལ་པོ། ཧ་རི་ཧ་རི་ལ་ཞོན། སེམས་ཉིད་ངལ་གསོ། ས་སྙིང༌། སྒྲིབ་སེལ། ཀུན་བཟང༌། ནམ་སྙིང༌། བདུད་རྩི་ཐིགས་པ། ཕྱག་རྡོར་མདོ་ལུགས། རྣམ་འཇོམས། ཁྱུང་གཤམ་ཅན། རྒྱུད་ཕྱི་མའི་རྟ་མགྲིན། ཤྭ་ན་བཞི་སྐོར། ལྕགས་རལ། མི་གཡོ་བ། སྟོབས་པོ་ཆེ། བགེགས་མཐར་བྱེད། བདུད་རྩི་འཁྱིལ་བ། ནཱ་ག་རཀྴ། ངན་སོང་ལས་སྒྲོལ་བའི་སྒྲོལ་མ། ནོར་སྦྱིན་སྒྲོལ་མ། འཆི་བ་བསླུ་བའི་སྒྲོལ་མ། སྣ་ཚོགས་ཡུམ། ཤེར་ཕྱིན་མ། འོད་ཟེར་ཅན་མ། ལོ་གྱོན་མ་སེར་ལྗང་གཉིས། རྣམ་རྒྱལ་མ། གདུགས་དཀར། སོར་འབྲང༌། སྤྱན་མ། དབྱངས་ཅན་མ་དཀར་དམར་གཉིས། ནོར་རྒྱུན་མ། དུག་སེལ་མ། ཙུནྡ། འཆི་མེད་རྡོ་རྗེ་ལྷ་མོ། རལ་གཅིག་མ། གཟའ་ཡུམ། སེང་གདོང་མ། ཛམ་དཀར། ཛམ་དམར། རྣམ་སྲས་ཚེ་འཕེལ་རྣམས་བཞུགས། སྟེང་འོག་གི་མཐོངས་སྐོར་རིམ་པ་གསུམ་ལ་རྒྱང་རིང་པོ་ནས་མཐོང་བར་མ་ཎི་ཆེ་བ་ཁོར་ཡག་ཏུ་བརྐོས། སྒོ་ཁང་གོང་འོག་སོགས་ཀྱི་གདུང་ལ་གཟུངས་སྔགས་དུ་མ་ལཉྩ་དང་བོད་ཡིག་གིས་བྲིས་པ་སོགས་ཕྱི་ནང་ཐམས་ཅད་མཐོང་ཐོས་དྲན་རེག་དོན་ལྡན་དུ་བྱེད་པའི་སྐུ་གསུང་ཐུགས་རྟེན་གྱིས་གོ་མཚམས་མེད་པར་གཏམས་སོ། །སྒོ་ཁང་གི་ཐོག་སོར་རང་གི་ངག་རྩོམ་འགའ་ཞིག་དང༌། གཞན་ཡང་ཉེར་མཁོའི་པར་མང་ཙམ་བཞུགས། ནང་བཞུགས་ཀྱི་རིམ་པ་ཡང༌། འཕགས་པ་འོད་ཟེར་དྲི་མེད་རྣམ་དག་འོད་ཀྱི་གཟུངས་


GTD005_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྲམ་ཟེ་ཆེན་པོ་ཁྱོད་སོང་ལ། གྲོང་ཁྱེར་སེར་སྐྱའི་ལས་ཀྱི་སུམ་མདོ་ན་མཆོད་རྟེན་རིང་བསྲེལ་ཅན་རྙིང་པ་རལ་པ་ཞིག་ཡོད་པ་དེ་སླར་བརྩིགས་ཏེ་མཆོད་རྟེན་གྱི་རྩེ་མོར་སྲོག་ཤིང་བཙུགས་ལ། གསང་སྔགས་ཡི་གེར་བྲིས་པ་དེའི་ནང་དུ་བཅུག་སྟེ་མཆོད་པ་བྱས་ནས་གསང་སྔགས་ལན་བདུན་བཏོན་ན། ཁྱོད་ཀྱི་ཚེའང་ཕྱིར་ནུར་ཏེ་འཕེལ་བར་འགྱུར་ལ། འཆི་བའི་དུས་བྱས་ཀྱང་བདེ་འགྲོ་མཐོ་རིས་ཀྱི་གནས་ལོངས་སྤྱོད་ཆེ་བ་རྣམས་སུ་སྐྱེས་ཏེ་བསྐལ་པ་སྟོང་ཕྲག་བརྒྱའི་བར་དུ་བདེ་བའི་ལོངས་སྤྱོད་ཀྱང་ཕྱིར་འཕེལ་ཞིང་རྒྱས་པར་འགྱུར། དེ་ནས་ཀྱང་དེ་བཞིན་གཤེགས་པ་མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་སྐྱེ་བར་འགྱུར་ཏེ་བསྐལ་པ་བརྒྱ་སྟོང་དུ་མར་བདེ་བ་ཆེན་པོ་མྱོང་བར་འགྱུར་རོ། །དེ་ནས་ཀྱང་ཤི་འཕོས་ཏེ་རྒྱལ་ཆེན་རིགས་བཞིའི་ལྷ་རྣམས་ཀྱི་གནས་སུ་སྐྱེ་བར་འགྱུར་ཏེ། དེ་ཡང་བསྐལ་པ་ཆེན་པོ་སྟོང་ཕྲག་བརྒྱའི་བར་དུ་བདེ་བའི་ལོངས་སྤྱོད་མི་ཟད་པ་མྱོང་བར་འགྱུར། ཚེ་རབས་གང་དུ་སྐྱེས་པའི་གནས་ཀུན་ཏུའང་ཡིད་གཞུང་ཞིང་ཚེའི་བར་ཆད་མེད་པ་དང༌། ལས་ཀྱི་སྒྲིབ་པ་ཐམས་ཅད་ཟད་ནས་དུས་ནམ་དུ་ཡང་སེམས་ཅན་དམྱལ་བར་ལྷུང་བར་མི་འགྱུར་རོ། །རྟག་ཏུ་ཡང་དག་པར་རྫོགས་པའི་སངས་རྒྱས་འབྱུང་བ་རྣམས་དང་འཕྲད་ཅིང༌། རྗེས་སུ་དགོངས་པར་མཛད་དོ། །ཞེས་རིང་བསྲེལ་གྱི་སྙིང་པོ་ཅན་དུ་བྱས་ན་ཕན་ཡོན་བསམ་གྱིས་མི་ཁྱབ་པར་གསུངས་པས། རིང་བསྲེལ་ཡང་གང་ལ་བྱེད་ན། རྒྱུད་སྡེ་སྤྱི་རྣམ་ལས། བྱང་ཆུབ་རྒྱན་འབུམ་ད་ལྟ་བོད་


GTD005_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཚང་བ་མི་བཞུགས། སྔོན་གྱི་མཁས་པ་དག་གིས་དེ་དྲངས་པར་དེ་བཞིན་གཤེགས་པའི་ཆོས་སྐུའི་རིང་བསྲེལ། སྐུ་གདུང་གི་རིང་བསྲེལ། སྐུ་བལ་གྱི་རིང་བསྲེལ་རྣམས་མཆོད་རྟེན་དུ་གཞུག་པར་གསུངས་ཏེ། ཆོས་སྐུའི་རིང་བསྲེལ་ནི་གཟུངས་རྣམས་སོ། །སྐུ་གདུང་གི་རིང་བསྲེལ་ནི་སྐུ་གདུང་ལས་བྱུང་བའི་རིང་བསྲེལ་ཡུངས་འབྲུ་ཙམ་མོ། །སྐུ་བལ་གྱི་རིང་བསྲེལ་ནི་སྐུ་གཟུགས་ཏེ། དེ་དག་རིམ་པ་ལྟར་མཆོག་དང༌། འབྲིང་དང༌། ཐ་མར་གསུངས་སོ། །ཞེས་རིང་བསྲེལ་གསུམ་དུ་བསྡུས་ཤིང༌། ཕྱི་མ་སྐུ་བརྙན་སོགས་ལ་གསུངས་པ་ཤིན་ཏུ་གནད་ཆེ་སྟེ། བཀའ་ཆེམས་བཀའ་འཁོལ་མར། ཅི་སྟེ་སངས་རྒྱས་བྱིན་རླབས་དེ། །སོ་སོ་སྐྱེ་བོས་ཤེས་མི་འགྱུར། །དེ་ཕྱིར་སངས་རྒྱས་མ་བྱོན་པའི། །ཞིང་ན་སྐུ་གཟུགས་ཡོད་མིན་ཞིང༌། །མཐའ་འཁོབ་ཀླ་ཀློ་རྣམས་ན་མེད། །བསྟན་པ་ནུབ་ན་ཡོད་མིན་ཞིང༌། །མུ་སྟེགས་བྱོལ་སོང་སོགས་མི་མཐོང༌། །དེ་ཕྱིར་སྐུ་གཟུགས་སྤྲུལ་བ་ཡིན། །ཞེས་གསུངས་པ་བཞིན་སངས་རྒྱས་ཀྱི་བསྟན་པ་དར་སར་ལྷ་བཟོ་མཁས་པ་འབྱུང་ལ། མུ་སྟེགས་དར་ཚེ་ལྷ་བཟོ་ངན་པ་དང༌། ཀླ་ཀློ་དར་ཚེ་ལྷ་བཟོ་གཏན་ནུབ་པར་བཤད་པ་བཞིན་འདི་དག་སངས་རྒྱས་ཀྱི་སྐུ་དངོས་ཀྱི་དོད་ལྟ་བུར་སྤྲུལ་བའི་རིང་བསྲེལ་དུ་བཞག་པ། ཐུགས་བདེ་སྟོང་ཡེ་ཤེས་ཀྱི་དོད་གཟུངས་ལ་དེའི་རིང་བསྲེལ་དུ་བཞག་པ་དང་གོ་དོན་འདྲའོ། །འོན་ཀྱང་ད་ལྟ་གྲགས་ཆེ་བ་རིང་བསྲེལ་བཞིར་བྱས་ཏེ། ཆོས་སྐུའི་རིང་བསྲེལ་སྔར་ལྟར་དང༌། ཡུངས་འབྲུ་ལྟ་བུ་ཡོངས་གྲགས་ཀྱི་རིང་བསྲེལ། སྐུ་གདུང་གི་རིང་བསྲེལ་གདུང་རུས་སོགས་དང༌། སྐུ་བལ་གྱི་རིང་བསྲེལ་དབུ་སྐྲ་ན་བཟའ་སོགས་ལ་གསུངས་པ་དང་བསྟུན་ཏེ་འགོད་པ་ལ།


GTD005_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་འོག་གི་སྐུ་བརྙན་ཀུན་གྱི་ནང་དུ་བཞུགས་པ་བསྡོམས་པར་གཟུངས་གཞུག་རྒྱས་བསྡུས་ཆ་ཚང་བ་སུམ་བརྒྱ་དང་བདུན་ཅུ་སྐོར། ཟུར་དུ་གཟུངས་སྔགས་འབུམ་ཕྲག་དུ་མ། གདུགས་དཀར་སོགས་ཀྱི་འཁོར་ལོ་སྣ་ཚོགས། མདོ་ཕྲན་ཆེ་ཆུང་བཞི་བཅུ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོའི་རྒྱུན་གྱི་གཟིགས་དཔེ་ལམ་རིམ་ཆེན་མོ། སྨོན་ལམ་ཆོས་སྤྱོད་བརྒྱ་ལྷག་བཞུགས་ལ། སྤྱིར་ཕྱི་རྟེན་དུ་བཀོད་པའི་གསུང་རབ་རྣམས་ཀྱང་མཆོད་རྟེན་གྱི་ནང་བཞུགས་སུ་གཏོགས་པའི་རྒྱལ་བའི་བཀའ་འགྱུར་རོ་ཅོག་ཆ་ཚང་གཉིས། ཅུང་ཟད་མ་ཚང་བ་ཁ་ཤས། གསེར་འབུམ་གསུམ། དངུལ་འབུམ་བདུན་ཅུ་སྐོར་གྱིས་གཙོས་པའི་འབུམ་ཆ་ཚང་བརྒྱ་དང་གྱ་ལྔ། གསེར་གྱི་བརྒྱད་སྟོང་པ་བཅུ་བདུན་སོགས་བརྒྱད་སྟོང་པ་ཚར་ཉིས་བརྒྱ་དང་ལྔ། དཀོན་བརྩེགས་སུམ་ཅུ་སྐོར་དང༌། ཕལ་ཆེན་བཞི་བཅུར་ཉེ་བ། བསྐལ་བཟང་བརྒྱ་དང་བཞི་བཅུ་ཞེ་བརྒྱད། ཐར་མདོ་ཉིས་བརྒྱ་སུམ་ཅུ་སྐོར། རྡོར་གཅོད་སྟོང་དང་དགུ་བརྒྱ་ལྷག །གཞན་ཡང་མདོ་རྒྱུད་སྣ་ཚོགས་ཀྱི་པོཏ་སྟོང་ཕྲག་དུ་མ་སོགས་ཁྱོན་བསྡོམས་པར་གསུང་རབ་པོ་ཏི་ཁྲི་ཕྲག་ཙམ་བཞུགས་པ་དང༌། འཁོར་ལོའི་ནང་དུ་ཡིག་དྲུག་བྱེ་ཆེན་བདུན་ཙམ་དང༌། ཀཾ་ཀ་ནི། ཡིག་བརྒྱ་སོགས་གཟུངས་སྔགས་འབུམ་ཕྲག་དུ་མ་བཞུགས་པ་ཐམས་ཅད་ཀྱང་ནང་རྟེན་ཆོས་སྐུའི་རིང་བསྲེལ་གྱི་ཁོངས་སུ་གཏོགས་སོ། །ཡུངས་འབྲུ་ལྟ་བུའི་རིང་བསྲེལ་ཡང༌། སངས་རྒྱས་འོད་སྲུང་གི་འཕེལ་གདུང་སྤྲུལ་བའི་དགེ་སློང་ཨ་ཀར་མ་ཏིས་གདན་དྲངས་པའི་ནང་ཚན་དཔལ་སྡེ་བ་ནས་བརྒྱུད་དེ་གཞུང་སར་


GTD005_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པ་དེ་ལས་འཕེལ་བའི་རིང་བསྲེལ་གཅིག། །བདག་ཅག་གི་སྟོན་པའི་འཕེལ་གདུང་མ་སྐྱེས་དགྲའི་སྐལ་བ་གཏེར་དུ་སྦས་པ་མྱ་ངན་མེད་ཀྱིས་བཏོན་པའི་ནང་ཚན་བྱ་སྒོང་ཙམ་ཞིག་རྒྱ་ནག་ཏུ་ཕེབས་པ། དེས་འགྲོ་མགོན་འཕགས་པར་ཕུལ་ཞིང༌། ཕྱིས་རྒྱལ་རྩེ་དང་བསམ་རྩེ་སོགས་བརྒྱུད་དེ་གཞུང་སར་བཞུགས་པ་ལས་འཕེལ་བ་རྡོག་ཆེ་བ་གཅིག་དང་ཆུང་བ་ལྔ། ཇོ་བོ་རྗེའི་འཕེལ་གདུང་གཅིག། །དགའ་ལྡན་གསེར་གདུང་ཆེན་མོ་ནས་བབས་པའི་འཕེལ་གདུང་གཅིག། །མཚན་བྱང་མི་གསལ་བ་རྟེན་རྙིང་ཁྲོད་ཀྱི་འཕེལ་གདུང་ཆེ་ཆུང་གསུམ་རྣམས་བཞུགས། གཞན་ཡང་ཤཱ་རིའི་བུའི་ཚེམས་ལས་གྲུབ་པའི་རིལ་བུ། གྲུབ་ཆེན་ནག་པོ་སྤྱོད་པའི་རུས་རྒྱན། དཔལ་ནཱ་རོ་པའི་རྒྱན་དྲུག །མ་ཅིག་གྲུབ་པའི་རྒྱལ་མོའི་ཚེམས་ཀྱི་རིལ་བུ། ཁ་ཆེ་པཎ་ཆེན་གྱི་སྣམ་སྦྱར། སྲོང་བཙན་སྒམ་པོའི་ཞབས་ལྷམ། རྗེ་བཙུན་མི་ལའི་སྒོམ་ཐག །ཕག་མོ་གྲུ་པའི་དབུ་ཞྭ་དང་གཟིམས་ཕྱིང། རྗེ་བཙུན་གྲགས་པའི་ཕྱག་ཏིང༌། ས་པཎ་གྱི་ཞུན་ཐིགས་ལས་ཕེབས་པའི་འཇམ་དབྱངས། འགྲོ་མགོན་འཕགས་པའི་སྤྱན་ར། ལྷོ་བྲག་གྲུབ་ཆེན་གྱི་ཚེམས་ལས་གྲུབ་པའི་རིལ་བུ། ཆོས་རྗེ་དོན་གྲུབ་རིན་པོ་ཆེའི་ཕྱག་ཌམ། རྗེ་བདག་ཉིད་ཆེན་པོའི་ན་བཟའ་དང་དབུ་ལོ་ཚེམས་ལས་གྲུབ་པའི་རིལ་བུ། མཁས་གྲུབ་རྗེ་དང་བྱམས་ཆེན་ཆོས་རྗེའི་ཚེམས་ཀྱི་དུམ་བུ། པཎ་ཆེན་དགེ་འདུན་གྲུབ་ཀྱི་ཞུན་ཐིགས། མཁས་གྲུབ་ནོར་བཟང་རྒྱ་མཚོའི་ཕྱག་རྗེས། འཇམ་དབྱངས་ལེགས་པ་ཆོས་འབྱོར་གྱི་སྣམ་སྦྱར། རྒྱལ་བ་དགེ་འདུན་རྒྱ་མཚོའི་ཚེམས་ཀྱི་ཆ་ཤས། རྒྱལ་བ་བསོད་ནམས་རྒྱ་མཚོའི་སྐུ་རགས། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་ཚེམས་ཀྱི་དུམ་བུ། རྒྱལ་བ་ཡོན་ཏན་རྒྱ་མཚོའི་


GTD005_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

ན་བཟའ་དང་དབུ་ལོ། ༸རྒྱལ་དབང་ལྔ་པའི་ན་བཟའ་དང་དབུ་སྐྲ་རྣམས་ཆ་ཚང་བ་མིན་ཡང་དུམ་བུ་རེའམ་རིལ་བུར་བསྒྲིལ་བ་འཁྲུལ་མེད་ཁོ་ན་ཡིན་པས་བྱམས་ཆེན་མཐོང་བ་དོན་ལྡན་གྱི་གཟུངས་གཞུག་སྐབས་ཡང་ཆ་ཤས་རེ་ཕུལ་ཡོད། ད་ལྟ་འདི་འདྲའི་རྟེན་འཛོམས་ཆེ་བ་ལག་ཏུ་མི་འོང་ཡང༌། སྔར་ཁྲི་ཆེན་དགེ་འདུན་ཕུན་ཚོགས་པས་དགའ་ལྡན་གསེར་གདུང་ཆེན་མོ་བཞེངས་སྐབས་དང༌། ཕྱིས་གཞུང་སའི་ཆོས་སྲིད་ཀྱི་འཛིན་སྐྱོང་གནང་སྐབས་ཕྱག་ཏུ་བྱུང་བ་ས་གསུམ་ན་རྙེད་པར་དཀའ་བའི་རྟེན་ཁྱད་འཕགས་ཁོ་ན་ཡིན་ནོ། །གསར་དུ་འབྱོར་པ་ཡང་འཕེལ་གདུང་བཞི། ཇོ་བོ་རྗེའི་ཕྱག་ཚྭ་གཉིས། སྨྲི་ཏིའི་ཕྱག་ཚྭ་གཅིག །རྗེ་རིན་པོ་ཆེའི་ཕྱག་ཕྲེང་རྡོག་གཅིག །རྗེའི་ཕྱག་ཚྭ་འོད་དཔག་མེད་ཀྱི་སྐུ་བཞི་དང་འཇིགས་བྱེད་ཀྱི་སྐུ་གཅིག །རྗེའི་སྐུ་འོད་ཟེར་མ་གཅིག ། འཇམ་དབྱངས་ཆོས་རྗེའི་ཕྱག་ཚྭ་གཉིས། རྒྱལ་བ་བསྐལ་བཟང་རྒྱ་མཚོའི་ཞབས་ཆག་བུབས། དེའི་པུར་ཚྭ། ཕྱག་རྗེས། པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་ན་བཟའ། ཕྱག་ཚྭ་ཁ་ཤས། ཕྱག་ནས། རྒྱལ་བ་འཇམ་དཔལ་རྒྱ་མཚོའི་ན་བཟའ། ཀུན་མཁྱེན་འཇམ་དབྱངས་བཞད་པའི་ན་བཟའ། དབུ་ལོ། གདུང་རས། པུར་ཚྭ། གྲུབ་ཆེན་སྐལ་ལྡན་རྒྱ་མཚོའི་དོལ་བུ། སྐུ་གཟན་ཞེང། རྗེ་བཙུན་ཡེ་ཤེས་རྒྱལ་མཚན་གྱི་ན་བཟའ། དབུ་སྐྲ། འཁར་གསིལ་གྱི་ཤིང༌། དམ་རྫས་རིལ་བུ། གདུང་རས། ལྕང་སྐྱ་རོལ་པའི་རྡོ་རྗེའི་ན་བཟའ། སྐྱབས་མགོན་རྡོ་རྗེ་འཆང་ཆེན་པོའི་དབུ་ལོ་བུབས། ཕྱག་ཕྲེང༌། སྐུ་གཟན་ཕྱེད། སྐུ་ལྕུག་ཤངས་མཚལ། གདུང་རས། པུར་ཚྭ། ཕྱག་ནས། ཀློང་རྡོལ་


GTD005_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་རིན་པོ་ཆེའི་གདུང་རས། ཐུའུ་བཀྭན་རིན་པོ་ཆེ་བློ་བཟང་ཆོས་ཀྱི་ཉི་མའི་གདུང་རུས། གྲུབ་དབང་བློ་བཟང་དོན་གྲུབ་པའི་དབུ་སྐྲ། གཙང་དབུས་ཀྱི་རྟེན་བསྡུས། སྐྱེ་བདུན། བདུད་རྩི། གཙང་ཆབ། རིན་ཆེན་སོགས་རིལ་བུ་སྣེ་མང༌། ལྷ་སའི་ཇོ་བོའི་ཞལ་གསེར་དང་ཕྱག་པར། དགའ་ལྡན་ཆོས་རྒྱལ་གྱི་ན་བཟའ། དགའ་ལྡན་གྱི་འཇིགས་བྱེད་པར་མ། འཇམ་དབྱངས་ཀྱི་སྐུ་སྟོང་དང་དྲུག་བརྒྱ། དོན་ཞགས་བརྒྱ་དང་ལྔ་བཅུ། མི་ལའི་སྐུ་སུམ་བརྒྱ་སོགས་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཉན་རང་ཆོས་སྲུང་སོགས་ཀྱི་སྐུ་བརྙན་པར་མ་དང་བྲིས་མ་ཉིས་སྟོང་ལྔ་བརྒྱ་སྐོར། བལ་ཡུལ་གྱི་སྟོན་པའི་བཞུགས་ཁྲིའི་ས་དང༌། སྟག་མོ་ལུས་སྦྱིན་གྱི་ས། མཆོད་རྟེན་བྱ་རུང་ཁ་ཤོར་དང་གོ་མ་ས་ལ་གནྡྷའི་སྐུ་དཀར། མཚོ་མ་ཕམ་གྱི་བྱེ་མ། ར་ལའི་ཟ་འོག་ཕུག །ཞུར་མོའི་གངས། བྲག་དཀར་དབུ་མ་རྟ་སོ་སོགས་མི་ལའི་སྒྲུབ་ཕུག་རྣམས་ཀྱི་ས་སྣ། གཡའ་བཟང༌། རི་བོ་མདངས་ཅན། ལྷ་ས། བསམ་ཡས། ཕ་བོང་ཁ། རྭ་སྒྲེང༌། ཡེར་པ་སོགས་ཀྱི་གནས་ས། རི་བོ་གྲུ་འཛིན་གྱི་རྩྭ། རི་བོ་རྩེ་ལྔའི་རྡོའི་རིལ་བུ་དང་ཀུན་བཟང༌། སྐུ་འབུམ་གྱི་ཙན་དན། དམར་ཚང་དན་ཏིག་ཡང་ཏིག་ལོ་ཀྱ་ཏུན་སོགས་ཀྱི་གནས་རྡོས་མཚོན་པའི་རྒྱ་བོད་ཀྱི་བྱིན་རྟེན་དང་ས་སྣ་སོགས་ཆ་ཤས་རེ་མ་ཚང་བ་མེད་པ་ལྟ་བུ་ཡིན་ནོ། །དེ་ཡང་ཤོད་ཁང་མཐའ་སྐོར་གྱི་གཡབ་དང་བཅས་པ་སེང་ཁྲིའི་ཁུངས་དང༌། དེའི་སྟེང་གི་ཐོག་སོ་གཉིས་ལ་སྐེད་པར་སླེབ་པའི་སོ་ཕག་གི་པུ་ཤུས་བསྐོར་བ་བང་རིམ་བཞི་དགེ་བཅུ་དང་བཅས་པའི་རྣམ་པ། དེ་སྟེང་བུམ་གདན་ལ་བུམ་པ་ནང་དུ་ཀ་བ་བཞི་དཔངས་ཐོག་


GTD005_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

སོ་གཅིག་གི་ཚད། དེ་སྟེང་བྲེ་ཡན་ཆོད་ཐོག་སོ་གཉིས་ལྷག་ཙམ་སྟེ་དཔངས་ཐོག་སོ་དྲུག་བརྒལ་བ་དང༌། རྒྱ་ཁྱོན་སེང་ཁྲིའི་མཐར་ངོས་རེ་ལ་ཀ་བར་དགུ་རེ་འབྱུང་བས། ད་ལྟ་ཡོངས་གྲགས་ཀྱི་མཆོད་རྟེན་ཆུང་ངུ་རྣམས་དང་ཚད་མི་མཚུངས་ཀྱང་སྐྱོན་མེད་དེ། སྐུ་གཟུགས་ཀྱི་ཆ་ཚད་ཏཱ་ར་ནཱ་ཐས་མཛད་པ་ལས། མཆོད་རྟེན་ལ་ཆ་ཚད་ངེས་པ་ཅན་གསུང་བ་ཉུང་ཞིང༌། སྐུ་གཟུགས་ལ་མདོ་རྒྱུད་གཉིས་ཀ་ནན་ཏན་དུ་གསུངས་པས། གནས་སྐབས་ཕལ་ཆེར་དུ་ཚད་དང་མི་འགལ་བ་ལ་ནན་ཏན་དུ་བྱའོ། །ཞེས་གསུངས་པ་ལྟར། སྐུ་བརྙན་ནི་གང་བཞེངས་རྒྱུའི་སྐུ་དེ་དང་རྣམ་པ་མཐུན་དགོས་པས་ཚད་ལས་འདས་ན་ཉེས་དམིགས་ཆེ་བར་སྡོམ་འབྱུང་སོགས་ལས་ཡང་ཡང་གསུངས་ཀྱང༌། མཆོད་རྟེན་ནི་ནང་གི་སྤངས་རྟོགས་སོགས་མཚོན་བྱེད་ཙམ་ལས་དེ་དང་དབྱིབས་བསྟན་རྒྱུ་མེད་པས་སྔ་མ་དང་མི་འདྲ་བར་མ་ཟད། དུས་ཀྱི་འཁོར་ལོ་ལས་མགྲིན་ཐུང་མཆོད་རྟེན། དྲི་མེད་འགྲེལ་པའི་མགྲིན་རིང་མཆོད་རྟེན་བཤད་པ་ཤིན་ཏུ་མི་འདྲ་ལ། བུ་སྟོན་དང་སྟག་ལོ། བྲག་ནག་པ། སྤྲུལ་སྐུ་འཕྲང་ཁ་སོགས་ཀྱིས་གསུངས་པ་རྣམས་ཀྱང་རིག་པས་དཔྱད་དེ་མཛེས་བཙལ་བས་རྒྱ་དཔངས་སོགས་མི་འདྲ་བ་ཁོ་ནར་འབྱུང༌། གྲགས་ཆེ་བར་མཆོད་རྟེན་གྱི་དཔངས་ལ་རྒྱ་ཉིས་འགྱུར་ལྟ་བུ་བྱེད་ཀྱང༌། ཤིན་ཏུ་ཆེ་བ་རྣམས་དེ་ལྟར་བྱས་ཚེ་མི་བརྟན་པས། དཔངས་ལ་རྒྱའི་ཕྱེད་དུ་བྱས་ཀྱང་ཆོག་སྟེ། སྟག་ལོའི་དཔལ་འབྱོར་རྒྱ་མཚོ་ལས། རྒྱར་དཔག་ཚད་ཙམ་ལ་འཕངས་སུ་དེ་བྱེད་པ་བཤད་ན། ཞེས་པ་ནས། རྒྱ་ཆེས་གྲགས་པས་འཕང་དུ་དེའི་ཕྱེད་ལས་སློང་མི་ཐུབ་པ་ལ་དགོངས། ཞེས་གསུངས་པ་ལྟར་རོ། །དེར་མ་ཟད་སྔོན་གྱི་དམ་པ་རྣམས་ཀྱིས་བཞེངས་པའི་མཆོད་རྟེན་ཆེན་མོ་ཕལ་ཆེར་ཡང་དཔངས་


GTD005_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་ལས་རྒྱ་ཆེ་བ་ཤ་སྟག་ཡིན་ཏེ། དཔེར་ན་ཤྲཱི་དྷ་ན་ཀ་ཊ་ཀའམ། དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ཡང་རྒྱར་ངོས་རེ་ལ་དུས་འཁོར་ལུགས་ཀྱི་རྒྱང་གྲགས་བཅུ་སྟེ་འདོམ་ཁྲི་ཕྲག་རེ་ཡོད་ཀྱང༌། དཔངས་སྔོན་རྒྱལ་པོ་བ་ལ་མི་ཏྲས་རས་ཡུག་འདོམ་བཞི་བརྒྱ་པ་ཞིག་རྩེ་མོ་ནས་བརྐྱངས་པ་བང་རིམ་སྟེང་མའི་ཁར་སླེབ་པར་བཤད་པས། རྒྱ་ཁྱོན་གྱི་ཁུངས་སུ་སོང་བའི་ཤུལ་ནས་དེ་ཡན་གྱི་དཔངས་ལ་འདོམ་བརྒྱ་སྐོར་ལྷག་མི་ལུས་པའི་ཚོད་དུ་སྣང་སྟེ། དེའི་འདྲ་བཤུས་ལ་བུ་སྟོན་གྱིས་ཞལ་བྱང་བཏབ་པ་ལས། རྒྱ་ཆེ་ཞིང་དཔངས་མི་མཐོ་བ་རྩེ་ནས་རས་ཡུག་འདོམ་བཞི་བརྒྱ་ཡོད་པ་བརྐྱངས་པས་བང་རིམ་གོང་མ་ལ་སླེབ་པ་ཙམ་བཞུགས། ཞེས་པ་ལྟར་ཏེ། གཞན་ཡང་བྱ་རུང་ཁ་ཤོར། རྒྱལ་རྩེའི་མཆོད་རྟེན་ཆེན་མོ་སོགས་དཔངས་ལས་རྒྱ་ཆེ་བའི་ཁུངས་ཐུབ་མང་ངོ༌། །དེ་བཞིན་དུ་བུམ་པ་ཡང་ཡོངས་གྲགས་སྟོད་ཆེ་ལ་སྨད་ཕྲ་བར་བྱེད་ཀྱང༌། སྟག་ལོས་ས་ལ་བཞེངས་ན་བུམ་པ་དང་བྲེ་གདོང་བསྐྱུང་ཞིང་གཞན་རྣམས་བསྐྱེད། ཅེས་གསུངས་པ་ལྟར། འདི་འདྲ་ལ་དམིགས་བསལ་གྱིས་དེ་མི་དགོས་ཤིང༌། གཞུང་གཞན་ལས་དྲིལ་བུའི་ཅུང་གང་ལྟ་བུར་གསུངས་པས། ད་ལྟ་བཀའ་གདམས་གདུང་རྟེན་དུ་གྲགས་པ་ཐམས་ཅད་ཀྱང་དབྱིབས་དེ་ལྟར་འབྱུང་ངོ༌། །གལ་ཏེ་ཚད་དབྱིབས་གཅིག་ཁོ་ནར་མ་བྱས་ཀྱང་ཉེས་པར་མི་འགྱུར་ན་ཆག་ཚད་བཤད་པ་དགོས་མེད་དུ་འགྱུར་རོ་སྙམ་ན་མ་ཡིན་ཏེ། དེ་ནི་གཞན་གྱི་དགག་བྱ་དགོས་པ་སོགས་མེད་ཚེ་ཆག་ཚད་ཅིག་ལ་མ་བརྟེན་ན་རྟོག་བཟོ་ཁོ་ན་མཆེད་པས་སྐབས་ཤིག་ནས་རྣམ་པ་ཅི་ཡང་མིན་པ་ཞིག་ཏུ་འགྲོ་བ་འགོག་པའི་ཆེད་ཡིན་ནོ། །ཚད་ཀྱི་མཚན་ཉིད་བཤད་པ་ཡོད་ཕྱིན་དེ་དང་མ་མཐུན་པ་ཉེས་པ་ཁོ་ནར་འགྱུར་ན། ཡི་གེ་ལ་ཡང་རྫབ་ཆེན་རྫབ་ཆུང༌། འབྲུ་ཆེན་འབྲུ་ཆུང༌། ནང་གསེས་ཀྱི་ལི་ལུགས། ལྡན་ལུགས་སོགས་ཀྱི་མཚན་ཉིད་སོ་སོར་བཤད་པ་མང༌


GTD005_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང༌། ཁྱད་པར་རྩ་བ་ལྟ་བུ་རྫབ་ཆེན་གྱི་རྣམ་བཞག་ཐུ་མིའི་དགོངས་པ་སྐ་བ་དཔལ་བརྩེགས་ཀྱི་ལུགས་བཞིན་ཁྱུང་པོ་གཡུ་ཁྲིས་ཐིག་རིས་སུ་བཏབ་པ་སུམ་པ་གནོད་སྦྱིན་སོགས་ཀྱིས་དར་རྒྱས་སུ་བྱས་པ་ལྟར། མ་ཆོས་ཉེར་གཅིག །བུ་ཆོས་བཅུ་དྲུག། །སྤྱི་ཆོས་གསུམ། གཅེས་སོ་བརྒྱད། ཡི་གེ་རང་རང་ལ་སྒོས་ཀྱི་ཐིག་འདེབས་ལུགས་སོགས་མང་ཡང་དེང་སང་དེ་ཇི་ལྟ་བ་བཞིན་བྱས་པ་མི་སྲིད་ནའང༌། གསུང་རབ་བཞེངས་པ་དགག་བྱ་མེད་པ་བཞིན་ནོ། །ཡང་མཆོད་རྟེན་འདི་གོང་དུ་མཆོད་རྟེན་གྱི་དབྱེ་བ་མང་དུ་བཤད་པ་དེ་ལས་གང་དུ་གཏོགས་སྙམ་ན། ཁང་བུ་བརྩེགས་པའམ་གཙང་ཁང་ཅན་དུ་གྲགས་པ་དེ་ཉིད་ཡིན་ནོ། །མཆོད་རྟེན་བརྒྱད་ཀྱི་ནང་ནས་གང་དུ་གཏོགས་ཤེ་ན། དུས་འཁོར་ཊཱིཀ་ཆེན་གྱི་ཁ་སྐོང་ཞང་ཞུང་པས་མཛད་པའི་ཡེ་ཤེས་ལེའུར། སྤྱིར་མཆོད་རྟེན་གྱི་དབྱེ་བ་མཐའ་ཡས་པས་དེ་བརྒྱད་གང་རུང་དུ་འདུ་བའི་ངེས་པ་མེད་ཀྱང༌། ཁྱད་ཆོས་ཕྱོགས་མཐུན་རེའི་སྒོ་ནས་གང་ཡང་རུང་བར་བསྡུས་ཆོག་པར་གསུངས་པ་ལྟར་ན་འདི་ལ་གློ་འབུར་དང་ཐེམ་སྐས་པད་སྤུངས་སོགས་མེད་པས་གཞན་དུ་དོགས་པ་མི་དགོས་ཤིང༌། འདིའི་བང་རིམ་ལ་སྒོ་ཁ་ཤས་ཡོད་ཀྱང་བང་རིམ་བཞི་ཀར་ཆ་མཉམ་དུ་མེད་པས་བྱང་ཆུབ་ཆེན་པོར་གཏོགས་པ་བྱས་ན་ལེགས་སོ། །ཞེས་བྱ་བ་ནི་གསུམ་པ་རྟེན་ཇི་ལྟར་བཞུགས་པའི་མཚན་བྱང་གི་སྐབས་སོ།། །།༈ བཞི་པ་རྟེན་བཞེངས་པའི་ཕན་ཡོན་བརྗོད་པ་ལ། དེ་ཡང་དཔལ་ལྡན་ཟླ་བས། སངས་རྒྱས་ཆོས་དང་དགེ་འདུན་ནི། །ཐར་པ་འདོད་པ་རྣམས་ཀྱི་སྐྱབས། །ཞེས་གསུངས་པ་ལྟར། སྲིད་ཞིའི་འཇིགས་པ་མཐའ་དག་སྒྲོལ་བའི་མགོན་སྐྱབས་གཅིག་པུར་གྱུར་པ་ནི་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལས་གཞན་ན་མེད་པས། ཐར་པ་འདོད་པ་རྣམས་ཀྱིས་དེ་ཉིད་གཙུག་རྒྱན་དུ་བཟུང་ནས་བཀུར་སྟི་


GTD005_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་གྲོ་བྱ་དགོས་ཏེ། ཆོས་ཐམས་ཅད་ཀྱི་རྒྱལ་པོའི་མདོ་ལས། ལྷ་དང་བཅས་པའི་འཇིག་རྟེན་ན། །དཀོན་མཆོག་གསུམ་པོ་མ་གཏོགས་པ། །ཡོན་གྱི་གནས་འགའ་ཡོད་མ་ཡིན། །ཞེས་གསུངས་སོ། །བཀུར་སྟི་བྱ་བའི་ཚུལ་ཡང་སྟོན་པ་བཞུགས་པའི་དུས་ནས་མཛད་པ་ཁྱད་པར་ཅན་གང་བསྟན་པའི་ས་དེར་མཆོད་རྟེན་བརྩིགས་ནས་དེ་ལ་ཕྱག་མཆོད་སོགས་ཀྱི་དགེ་བ་རླབས་པོ་ཆེ་བསྒྲུབ་པའི་སྲོལ་བཟང་བྱུང་བ་བཞིན། རབ་མཆོད་རྟེན་དང༌། ཐ་ན་སངས་རྒྱས་རྗེས་སུ་དྲན་པའི་ཐབས་ཀྱི་མཚོན་བྱེད་ཅི་རིགས་བྱས་པས་རང་གཞན་གྱི་དོན་མཆོག་ཏུ་འགྱུར་ཏེ། དགེ་བའི་རྩ་བ་ཡོངས་སུ་འཛིན་པའི་མདོ་ལས། ལམ་པོ་ཆེའི་བཞི་མདོ་སྐྱེ་བོ་མང་པོ་འདུ་བའི་སར་མཆོད་རྟེན་དང་ཁང་པ་བརྩེགས་པའམ། རྡོ་བའི་ཀ་བའམ། དེ་བཞིན་གཤེགས་པའི་སྐུའམ། དེ་བཞིན་གཤེགས་པའི་ཡོན་ཏན་རྗེས་སུ་དྲན་པ་གང་ཡང་རུང་བ་བྱེད་དེ། ཞེས་སྤྱིར་བསྟན་ནས། འདི་ལྟ་སྟེ་དཔེར་ན། ཆོས་ཀྱི་འཁོར་ལོ་བསྐོར་བའམ། མངོན་པར་འབྱུང་བའམ། བྱང་ཆུབ་ཀྱི་ཤིང་དྲུང་དུ་བདུད་འཇོམས་པའམ། དེ་བཞིན་གཤེགས་པའི་ཆོ་འཕྲུལ་ཆེན་པོའམ། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཡང་དག་པར་བསྟན་པའམ། ལྷ་ལས་བབས་པའམ། ལྷ་ཡུལ་དུ་མངོན་པར་འཛེགས་པར་བྱེད་པའི་དེ་བཞིན་གཤེགས་པའི་མཆོད་རྟེན་བརྩིགས་པར་བྱེད་པ་ཡིན་ཞེས་མཆོད་རྟེན་གཙོ་བོར་གསུངས། ཁྱད་པར་དུ་མདོ་དྲན་པ་ཉེར་བཞག་ལས། རྟེན་དང་བརྟེན་པ་ལེགས་བསྐྲུན་དང༌། །དགེ་འདུན་གནས་མལ་བཅའ་བ་སོགས། །དགེ་ནས་དགེ་བར་རྟག་ཏུ་འགྱུར། །བསྐལ་པ་བྱེ་བ་སྟོང་དུ་ཡང༌། །


GTD005_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བ་ཡོངས་སུ་ཆུད་མི་ཟ། །ཞེས་བརྟེན་པ་སྐུ་གཟུགས་སོགས་དང་རྟེན་ཁང༌པ། དེའི་ཡོ་བྱད་སོགས་གང་བསྒྲུབ་ཀྱང་ཕན་ཡོན་མཐའ་ཡས་པ་འབྱུང་བར་གསུངས་ལ། འདི་ནི་ལུང་ཞུ་བའི་འགྲེལ་པ་དགེ་ལེགས་བཤེས་གཉེན་གྱིས་མཛད་པ་ལས། མཆོད་རྟེན་དེ་ཉིད་གནས་ཡིན་ཏེ། བསོད་ནམས་མཐའ་ཡས་པ་འདུ་བའི་སྒོ་རྒྱས་པར་བྱེད་པའི་གནས་ཡིན་པའི་ཕྱིར་རོ། །ཞེས་དང༌། ཁྱད་པར་དཔལ་གསང་བ་འདུས་པ་ལས། མཆོད་རྟེན་སངས་རྒྱས་ཐམས་ཅད་ཀྱི། །བཞུགས་གནས་ཕོ་བྲང་ཡིན་པར་བཤད། །ཅེས་པ་སྤྱི་དོན་དུ་བཤད་པ་ལྟར། རྟེན་དུ་འགྲོ་བར་མ་ཟད་དངོས་སུ་ཡང་རྟེན་ལྷ་ཁང་དང༌། ནང་དུ་སྐུ་གསུང་ཐུགས་རྟེན། ཕྱི་དབྱིབས་མཆོད་རྟེན་གྱི་རྣམ་པར་ཡོད་པ་ཀུན་གྱི་སྒོ་ནས་རྟེན་དང་བརྟེན་པ་ཐམས་ཅད་བཞེངས་པར་ཡང་འགྲོ་བས། དེའི་ཕན་ཡོན་ནི་མེ་ཏོག་བརྩེགས་པའི་མདོ་ལས། གང་གིས་དེ་བཞིན་གཤེགས་པ་མཐོང་སྟེ་སེམས་དང་བས་མཆོད་པ་དང༌། གང་གིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་རིང་བསྲེལ་ཡུངས་འབྲུ་ཙམ་ལ་མཆོད་པ་བྱེད་པ་ནི་རྣམ་པར་སྨིན་པ་མཉམ་པར་ཤེས་པར་བྱ་སྟེ། བྱེ་བྲག་གམ་ཐ་དད་མེད་དོ། །ཞེས་དང༌། དཀོན་མཆོག་བརྩེགས་པ་ལས། གང་ལ་ལ་ཞིག་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པ་དང༌། ད་ལྟ་བཞུགས་པ་ལ་མཆོད་པ་བྱེད་པ་དེའི་ཕན་ཡོན་རྣམས་ནི་མཚུངས། མཉམ་ཞིང་འདྲའོ་ཞེས་ང་འཆད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་རྣམས་ནི་ཆོས་ཀྱི་སྐུའི་རབ་ཏུ་ཕྱེ་བ་ཡིན་གྱི། གཟུགས་ཀྱི་སྐུའི་རབ་ཏུ་ཕྱེ་བ་མ་ཡིན་པའི་ཕྱིར་རོ། །ཞེས་


GTD005_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་དངོས་སུ་མཆོད་པ་དང་ཁྱད་པར་མེད་པར་གསུངས་ཏེ། དེའི་རྒྱུ་མཚན་གྱིས་ཨ་བྷྱཱ་ཀ་རས་ཐུབ་པ་དགོངས་རྒྱན་ལས། འདིར་སངས་རྒྱས་ནི་གཉིས་ཏེ། དོན་དམ་པ་ནི་སྐུ་གསུམ་གྱིས་ཡང་དག་པར་བསྡུས་པའོ། །ཐ་སྙད་པ་ནི་སྐུ་གདུང་གི་མཆོད་རྟེན་དང་སྐུ་གཟུགས་དང༌། ཞེས་པ་ནས། མཉམ་པར་སེམས་རབ་ཏུ་དྭངས་པའི་རྣམ་པར་སྨིན་པ་མཉམ་པར་གསུངས་སོ། །ཞེས་དང༌། ཀུན་མཁྱེན་འཇམ་དབྱངས་བཞད་པས། སྐུ་འདྲ་དང་སྐུ་གདུང་དེ་མིན་ཀྱང་མཆོད་སོགས་སངས་རྒྱས་དང༌མཉམ་པས་སངས་རྒྱས་ཀྱི་ཐ་སྙད་བྱས། ཞེས་གསུངས་པ་ལྟར་རོ། །དེ་ལྟར་ན་ཉན་རང་དགྲ་བཅོམ་སོགས་ལ་བསྙེན་བཀུར་བ་ལྟ་བུའི་དགེ་རྩ་ཐམས་ཅད་ལས་འདི་ཉིད་ཆེས་ཁྱད་པར་དུ་འཕགས་ཏེ། རྨད་དུ་བྱུང་པའི་མདོ་ལས། འཛམྦུའི་གླིང་དཔག་ཚད་བདུན་སྟོང་ཡོད་པ་དང༌། ལུས་འཕགས་པའི་གླིང་དཔག་ཚད་བརྒྱད་སྟོང་ཡོད་པ་དང༌། བ་ལང་སྤྱོད་དཔག་ཚད་དགུ་སྟོང་པ་དང༌། སྒྲ་མི་སྙན་དཔག་ཚད་སྟོང་ཕྲག་བཅུ་པ་དང༌། ལྷའི་དབང་པོའི་ཁང་བཟང་རྣམ་པར་རྒྱལ་བའི་རྒྱལ་བྱེད་རྣམས་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་དུ་བྱས་ཏེ། དད་པས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་རྒྱུན་དུ་ཞུགས་པ་དང༌། ལན་གཅིག་ཕྱིར་འོང་བ་རྣམས་དང༌། ཕྱིར་མི་འོང་བ་རྣམས་དང༌། དགྲ་བཅོམ་པ་རྣམས་དང༌། རང་སངས་རྒྱས་རྣམས་དང༌། ཕྱོགས་བཅུའི་དགེ་སློང་གི་དགེ་འདུན་ལ་ཕུལ་བ་བས། གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་འཇིམ་པ་ལས་སྐྱུ་རུ་རའི་འབྲུ་ཙམ་བྱས་ལ། ཁབ་ཙམ་གྱི་སྲོག་ཤིང་བཙུགས་ཏེ། རྒྱ་ཤུག་


GTD005_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

གི་ལོ་མ་ཙམ་གྱི་གདུགས་གསོལ་ནས། ནས་འབྲུ་ཙམ་གྱི་སྐུ་གཟུགས་བྱས་ལ། ཡུངས་འབྲུ་ཙམ་གྱི་རིང་བསྲེལ་བཅུག་ན་དེ་ནི་དེ་བས་བསོད་ནམས་ཆེའོ་ཞེས་ང་སྨྲའོ། །ཞེས་དང༌། སའི་སྙིང་པོ་འཁོར་ལོ་བཅུ་པ་ལས་ཀྱང༌། སྟོང་གསུམ་གང་བའི་དགྲ་བཅོམ་པ་རྣམས་ཀྱི་བཅིངས་པ་བཀྲོལ་ཏེ་བསྙེན་བཀུར་བ་བས། སངས་རྒྱས་ཀྱི་རིང་བསྲེལ་གྱི་ཕྱིར་མཆོད་རྟེན་བརྩིགས་པ་བསོད་ནམས་མང་བར་གསུངས། ལས་རྣམ་པར་འབྱེད་པའི་མདོར་རྒྱལ་པོའི་རིགས་སུ་སྐྱེ་བ་ནས་མྱ་ངན་ལས་འདས་པའི་བར་གྱི་ཕན་ཡོན་བཅོ་བརྒྱད་གསུངས་ལ། གསལ་རྒྱལ་གྱིས་ཞུས་པ་ལས། ཐུབ་པའི་དབང་པོའི་མཆོད་རྟེན་བཞེངས་པ་ཡིས། །མྱ་ངན་རྣམ་བསལ་ལུས་ཀུན་རྒྱས་པ་དང༌། །གཙོ་བོར་གྱུར་པ་རིན་ཆེན་མཛོད་མང་དང༌། །ས་སྟེང་དགྲ་ཡི་ཚོགས་ལས་རྒྱལ་བར་འགྱུར། །ཞེས་སོགས་གནས་སྐབས་ཀྱི་ཕན་ཡོན་དུ་མ་དང༌། དཀོན་མཆོག་ཏ་ལ་ལས། གཟུགས་རྣམས་སྦྱོང་བའི་འོད་ཟེར་རྣམ་གཏོང་ཞིང༌། །མི་དབང་རྣམས་ཀྱིས་བསམ་ཡས་སྐུ་མཐོང་སྟེ། །སྐུ་གཟུགས་རི་མོ་སྣ་ཚོགས་མང་པོ་དང༌། །མཆོད་རྟེན་བྱས་པས་གཟུགས་སྤྱོད་འོད་འགྲུབ་བོ། །ཞེས་གཟུགས་སྐུ་འགྲུབ་པའི་མཐར་ཐུག་གི་ཕན་ཡོན་བསྟན་ལ། མདོར་ན་གསལ་རྒྱལ་གྱིས་ཞུས་པ་ལས། བཅོམ་ལྡན་འདས་ཀྱི་མཆོད་རྟེན་རྣམས་དང་ནི། །སྐུ་གཟུགས་རྣམ་པ་རྡུལ་ཕྲན་ཅི་སོང་བ། །དེ་ཡི་གྲངས་སྙེད་དེ་བྱེད་མི་རྣམས་ཀྱིས། །ལྷ་ཡུལ་ས་སྟེང་ངེས་པར་རྒྱལ་སྲིད་འཐོབ། །གཟུགས་དང་གཟུགས་མེད་ཁམས་ཀྱི་ཏིང་ངེ་འཛིན། །ཕུན་སུམ་ཚོགས་པའི་ས་མཆོག་ཀུན་མྱང་ནས། །ཐ་མར་སྐྱེ་དང་རྒ་ལ་སོགས་པ་ཡི། །སྡུག་བསྔལ་མེད་པའི་སངས་རྒྱས་


GTD005_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

གོ་འཕང་འཐོབ། །ཅེས་གསུངས་པ་བཞིན། མཆོད་རྟེན་རྫོགས་པར་བཞེངས་པ་དང་དེའི་གྲོགས་བྱེད་པ་རྣམས་ལ་གནས་སྐབས་དང་མཐར་ཐུག་གི་ཕན་ཡོན་བསམ་གྱིས་མི་ཁྱབ་པར་མ་ཟད། དེའི་ནང་དུ་འཇིམ་གོང་ཙམ་ཞིག་འཇོག་པ་ཡང་ཕན་ཡོན་ཤིན་ཏུ་ཆེ་བའི་ཚུལ། ལུང་གཞི་ལས། གང་ཞིག་རབ་དྭངས་སེམས་ཀྱིས་སངས་རྒྱས་ཀྱི། །མཆོད་རྟེན་ལ་ནི་འཇིམ་གོང་འཇོག་བྱེད་ན། །ཛམྦུ་ཆུ་བོའི་གསེར་གྱི་གར་བུ་ནི། །སྟོང་ཕྲག་བརྒྱས་ཀྱང་དེ་དང་མཉམ་པ་མིན། །ཞེས་གསུངས་ལ། དེར་མ་ཟད་དམ་ཆོས་པད་དཀར་ལས། བྱིས་པས་རྩེད་མོས་དེ་དང་དེ་དག་ཏུ། །གང་གི་རྒྱལ་བ་དེ་ཕྱིར་མཆོད་རྟེན་དང༌། །བྱེ་མ་ལས་ནི་ཕུང་པོ་བྱས་པ་ཡང༌། །དེ་རྣམས་ཀྱིས་ཀྱང་བྱང་ཆུབ་ཐོབ་པར་འགྱུར། །ཞེས་དང༌། འཕགས་པ་སངས་རྒྱས་ཀྱི་སྟོབས་བསྐྱེད་པའི་ཆོ་འཕྲུལ་བསྟན་པ་ལས། གང་གིས་དེ་བཞིན་གཤེགས་པ་ལ་མཆོད་པའི་ཕྱིར་བཞད་གད་དམ། ཀུ་རེའམ་བྱིས་པའི་ཀྱལ་ཀའམ། རྩེད་མོར་བྱེད་པས་འཇིམ་པ་ལས་མཆོད་རྟེན་བྱེད་ན། དེ་དག་ཐམས་ཅད་སྡུག་བསྔལ་མཐར་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་འགྱུར། ཞེས་རྩེད་མོ་ཚུན་ཆད་ལ་མཆོད་རྟེན་གྱི་རྣམ་པ་བཞེངས་པ་ཡང་ཞིང་གི་མཐུས་ཐར་པའི་རྒྱུར་འགྲོ་བར་གསུངས་ན། དད་པའི་ཀུན་སློང་རྣམ་དག་གི་སྒོ་ནས་དེའི་བྱ་བ་ལ་བརྩོན་པ་ལྟ་ཅི་སྨོས་ཏེ། སློབ་དཔོན་མ་ཏི་ཙི་ཏྲས། གཙུག་ལག་ཁང་གི་དོན་དུ་ནི། །ཚིག་གིས་རབ་ཏུ་བསྐུལ་བ་དང༌། །ཚོགས་པ་ཡི་ནི་གྲོགས་བྱེད་ཅིང༌། །ངེས་པར་ཀུན་ཏུ་འགྲོ་བྱེད་པ། །གཉིད་ལོག་པ་འམ་ལངས་པ་ན། །བསོད་ནམས་རྒྱུན་ནི་ཚད་མེད་འཕེལ། །ཞེས་གསུངས་ཤིང་། ཐ་ན་རྟེན་


GTD005_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

བཞེངས་པ་དེའི་བཟའ་བཏུང་གི་ཆ་བྱད་བསྒྲུབ་པ་དང༌། དེའི་རྐྱེན་གྱིས་རྐང་འོག་ཏུ་ཤི་བའི་འབུ་སྲིན་ཕྲ་མོ་ཚུན་ཆད་ཀྱང་འཁོར་བ་མཐའ་ཅན་དུ་འགྱུར་བའི་ཚུལ། པཎྚི་ཏ་ནགས་ཀྱི་རིན་ཆེན་གྱི་གསུང་༸རྒྱལ་དབང་བདུན་པས་རྟེན་དེབ་ཏུ་དྲངས་པ་ལས། སྐུ་གསུང་ཐུགས་ཀྱི་རྟེན་བཞུགས་པའི་དྲི་གཙང་ཁང་དང་གཙུག་ལག་ཁང་དང་གནས་མལ་བཞེངས་པ་ལྟ་ཅི་སྨོས། ཐ་ན་དེ་རྣམས་ཀྱི་སྒོ་ཁྱམས་དང༌། གཡོས་མལ་བྱེད་པའི་ཁང་ཕྲན་ཙམ་བཞེངས་པའི་ཆེད་དུ་གོམ་པ་བདུན་བརྒྱབ་ན་ཡང་ངན་སོང་དུ་མི་འགྲོ་ཞིང་ལྷ་ལུས་འཐོབ་བོ། །དཀོན་མཆོག་གསུམ་བཞུགས་པའི་གནས་གཞི་བཟོ་བ་དེ་ལ་དམིགས་པའི་བཟའ་བཏུང་གི་སྦྱོར་བའི་དུ་བ་ཕོག་པའི་སེམས་ཅན་དང༌། ལས་མིའི་རྐང་འོག་ཏུ་སྲོག་ཆགས་ཤི་བ་རྣམས་ཀྱང་ངན་སོང་གསུམ་གྱི་གནས་སུ་མི་ལྟུང༌། ཕ་ལ་ཕ་ལ། ཞེས་གསུངས་པ་ཡང་རྒྱལ་བའི་བཀའ་ཚད་མར་གྱུར་པའི་ཁུངས་དང་ལྡན་པ་གཞིར་བཅས་ཤིང༌། འདི་དག་སངས་རྒྱས་ཀྱི་མཐུ་བསམ་གྱིས་མི་ཁྱབ་པའི་གནས་ཡིན་པས་ཕལ་བའི་བློར་ཤོང་དཀའ་ཡང་དོན་བསླུ་བ་མེད་དེ། དཔེར་ན་ཁྱིམ་བདག་དཔལ་སྐྱེས་སྔོན་སྲིན་བུར་སྐྱེས་པ་ཆུས་ཁྱེར་ཏེ་མཆོད་རྟེན་ལ་སྐོར་བ་ཞིག་བྱས་པས་ཐར་པའི་ས་བོན་བཞག་ནས་སྟོན་པའི་དྲུང་དུ་དགྲ་བཅོམ་ཐོབ་པར་ལུང་ལས་གསུངས་པ་བཞིན་ནོ། །སྐུ་གཟུགས་བཞེངས་པའི་ཕན་ཡོན་ཡང་ཕལ་ཆེར་མཆོད་རྟེན་དང་ཕྱོགས་མཚུངས་ལྟ་བུར་གསུངས་མོད། འོན་ཀྱང་སྒོས་ཆོས་ཁྱད་པར་བ་དུ་མ་ཡོད་པས་ཟུར་ཙམ་སྨོས་ན། བདེ་མཆོག་སྡོམ་འབྱུང་ལས། སྔགས་པ་ལས་ནི་དང་པོ་བས། །གཟུགས་བརྙན་


GTD005_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་བྱ་བ་སྟེ། །བྲིས་སྐུ་སྒྲུབ་ན་མྱུར་བར་ནི། །དངོས་གྲུབ་རྒྱ་ཆེན་ཐོབ་པར་འགྱུར། །ཞེས་ཏིང་འཛིན་སྒྲུབ་པའི་དམིགས་རྟེན་དུ་བསྔགས་ཤིང༌། དེ་བཞིན་གཤེགས་པའི་སྐུ་གཟུགས་ཀྱི་ལེའུ་ལས། གལ་ཏེ་མཚམས་མེད་པ་ལྔ་བྱས་སུ་ཟིན་ཀྱང༌། དེ་བཞིན་གཤེགས་པ་ལ་དད་པ་རྙེད་དེ་སྐུ་གཟུགས་བྱས་ན། ལས་དེས་སེམས་ཅན་དམྱལ་བ་མྱོང་བ་ཆུང་ངུ་མྱོང་སྟེ་ཐེག་པ་གསུམ་གང་ཡང་རུང་བས་ངེས་པར་འབྱུང་བར་འགྱུར་རོ། །ཞེས་སོགས་ཀྱིས་སྡིག་ལྟུང་འདག་པ་དང༌། དཀོན་མཆོག་སྤྲིན་ལས། བྱང་ཆུབ་སེམས་དཔའ་ཆོས་བཅུ་དང་ལྡན་ན། མངལ་གྱི་དྲི་མས་མ་གོས་པར་སྐྱེའོ། །བཅུ་གང་ཞེ་ན་འདི་ལྟ་སྟེ། དེ་བཞིན་གཤེགས་པའི་སྐུ་གཟུགས་བཞེངས་པ་དང༌། མཆོད་རྟེན་ཞིག་པ་གསོ་བ་དང༌། ཕ་མ་ལ་ལུས་ཀྱིས་རིམ་གྲོ་བྱེད་པ་དང༌། མཁན་པོ་དང་སློབ་དཔོན་ལ་ལུས་ཀྱི་རིམ་གྲོ་བྱེད་པ་དང༌། ཞེས་སོགས་ཀྱིས་མངལ་དུ་མི་སྐྱེ་བར་གསུངས་པས་མཚོན་ཏེ་སྐྱེ་སྒོ་དམན་པ་ཐམས་ཅད་ཁེགས་པར་འགྱུར་བ་དང༌། སྤྱན་རས་གཟིགས་ཀྱི་མདོ་ལས། འདྲེན་པའི་གཟུགས་སྐུ་རབ་ཏུ་མཛེས་བྱས་ན། །དེ་ནི་མཆོག་གྱུར་སྐྱེས་བུ་མང་མཆོད་འོས། །བློ་ལྡན་ཕྱུག་ཅིང་ཆེ་ཉིད་རྒྱ་ཆེར་ལྡན། །དབང་ལྡན་འཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུར། །ཞེས་སོགས་གནས་སྐབས་ཀྱི་ཕན་ཡོན་དུ་མ་གསུངས་ལ། གཙོ་བོར་གྱུར་པ་ནི། ཏིང་ངེ་འཛིན་རྒྱལ་པོ་ལས། དེ་བཞིན་གསེར་དག་དང་ནི་དངུལ་དག་དང༌། །ཙནྡན་གྱིས་ནི་སྐུ་གཟུགས་བཟང་པོ་དག །མཛེས་ཤིང་ཤིན་ཏུ་ལྟ་ན་སྡུག་པ་བགྱིས། །རིང་པོར་མི་ཐོགས་ཏིང་འཛིན་མཆོག་འདི་འཐོབ། །འཇིམ་པ་དང་ནི་དེ་བཞིན་རྡོ་བ་དང༌། །ཤིང་དང་རི་མོར་


GTD005_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

བྲིས་པའི་སྐུ་གཟུགས་དག །ཤིན་ཏུ་མཛེས་ཤིང་ལྟ་ན་སྡུག་པར་བགྱིས། །རིང་པོར་མི་ཐོགས་ཏིང་འཛིན་མཆོག་འདི་འཐོབ། །ཅེས་མྱུར་དུ་ཡང་དག་པའི་ལམ་བཟང་མངོན་དུ་འགྱུར་བ་དང༌། དོན་རྣམ་པར་ངེས་པའི་མདོར། དེ་བཞིན་གཤེགས་པའི་སྐུ་སྲེད་མེད་ཀྱི་བུ་ཆེན་པོ་ལྟ་བུར་ཀུན་ཏུ་མཛེས་པ་འདི་ནི་སྔོན་དེ་བཞིན་གཤེགས་པའི་སྐུ་གཟུགས་བྱས་པ་དང༌། མཆོད་རྟེན་ཞིག་པ་བཅོས་པ་དང༌། གཞན་དག་འཇིགས་པ་དབུགས་དབྱུང་བ་བྱས་པས་འགྲུབ། ཅེས་མཐར་ཐུག་རྒྱལ་བའི་གཟུགས་སྐུ་འགྲུབ་པས་ཐེག་དམན་གྱི་དགེ་རྩ་ཀུན་ལས་ལྷག་པ་ཡང༌། དད་པའི་སྟོབས་བསྐྱེད་པའི་མདོ་ལས། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་རང་སངས་རྒྱས་དག་ལ་ཉིན་གཅིག་བཞིན་དུ་ལྷའི་ཞལ་ཟས་རོ་བརྒྱ་དང་ལྡན་པ་བྱིན་པ་དང༌། དེ་བཞིན་དུ་ལྷའི་གོས་རྣམས་སྦྱིན་པ་བས། འཇམ་དཔལ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཞིག་སངས་རྒྱས་ཀྱི་སྐུ་གཟུགས་གཅིག་རི་མོར་བྲིས་པ་འདི་ནི་བསོད་ནམས་གྲངས་མེད་པ་བསྐྱེད་དོ། །ཞེས་ཡུལ་སངས་རྒྱས་ལ་བརྟེན་པའི་དགེ་བ་ནི་ངོ་བོ་ཆེ་ཆུང་གང་ཡིན་ཀྱང་འབྲས་བུ་ཟད་པ་མེད་པའི་བླ་མེད་བྱང་ཆུབ་ཀྱི་རྒྱུ་ཁོ་ནར་འགྲོ་བར་གསུངས་ཏེ། དམ་ཆོས་པདྨ་དཀར་པོའི་ཐབས་མཁས་པའི་ལེའུ་གཉིས་པ་ལས་ཀྱང༌། གང་གི་རྩིག་ངོས་གཟུགས་ཀྱི་རི་མོ་དག །བསོད་ནམས་རྒྱལ་མཚན་ཡོངས་སུ་རྫོགས་པའི་སྐུ། །བདག་གིས་བྲིས་སམ་འདྲི་རུ་བཅུག་ཀྱང་རུང༌། །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་པར་འགྱུར། །ཞེས་བསམ་པ་ཐག་པས་བཞེངས་པ་དང༌། དེར་


GTD005_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཟད། གང་དག་དེ་ལ་དེ་ནི་སློབ་པའི་ཚེ། །རྩེད་མོ་དག་དང་གསར་པ་བྱེད་པ་ན། །རྩིག་ངོས་སེན་མོས་ཤིང་བུས་གཟུགས་བྲིས་པ། །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་པར་འགྱུར། །ཞེས་རྩེད་མོ་ཚུན་ཆོད་དུ་བྱས་ན་རང་བྱང་ཆུབ་ཀྱི་ས་བོན་བསྐྲུན་པ་ནི་མཐོང་ཐོས་དྲན་རེག་དོན་ལྡན་དུ་འགྱུར་བའི་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་དང༌། སྨོན་གནས་མཁྱེན་པའི་ཏིང་ངེ་འཛིན་གྱི་བྱེད་པ་བླ་ན་མེད་པ་ཡིན་ནོ། །གཞན་ཡང་ཕན་ཡོན་མཐའ་ཡས་པའི་ཚུལ་མཁས་མཆོག་དཔའ་བོའི་སྐུ་གཟུགས་ཀྱི་གཏམ་སོགས་ལས་འབྱུང་ཡང་མ་སྤྲོས་སོ། །དེ་ནས་གསུང་རྟེན་བཞེངས་པའི་ཕན་ཡོན་ཡང་མདོ་རྒྱུད་རང་རང་གི་ནང་དུ་དེ་ཉིད་བྲི་ཀློག་འཛིན་ཅིང་ཆུབ་པ་དང༌། དོན་སེམས་པའི་ཕན་ཡོན་མི་འདྲ་བར་གསུངས་པ་སྨོས་ཀྱིས་མི་ལང་ལ། ཆ་ཤས་ཙམ་མཚོན་ན། རྒྱལ་བ་བྱམས་པས། ཡི་གེ་འདྲི་མཆོད་སྦྱིན་པ་དང༌། །ཉན་དང་ཀློག་དང་ལེན་པ་དང༌། །འཆད་དང་ཁ་ཏོན་བྱེད་པ་དང༌། །དེ་སེམས་པ་དང་བསྒོམ་པ་སྟེ། །སྤྱོད་པ་འདི་བཅུའི་བདག་ཉིད་ཀྱི། །བསོད་ནམས་ཕུང་པོ་གཞལ་དུ་མེད། །ཅེས་ཆོས་སྤྱོད་བཅུའི་བསོད་ནམས་གཞལ་དུ་མེད་པར་གསུངས་པའི་རྩ་བ་འདི་ལ་རག་ལས་ཤིང༌། གཞན་ཡང་གནས་སྐབས་ཀྱི་དབང་དུ་བྱས་ན། རྡོ་རྗེ་སྙིང་པོའི་གཟུངས་ཀྱི་མདོ་ལས། ཡི་གེར་འདྲི་བ་དང༌། གཞན་དག་ལ་ཡང་རྒྱ་ཆེར་སྟོན་པ་དེ་ལ་ཚེ་འདི་ལ་ཡོན་ཏན་ཇི་སྙེད་ཅིག་མཆིས་པར་འཚལ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལ་ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། དྲི་ཟ་རྣམས་བསྲུང་བར་ཤེས་པར་བྱའོ། །དེ་ཆོས་ཐམས་ཅད་ལ་ཐེ་ཚོམ་མེད་པར་ཤེས་པར་བྱའོ། །ཞེས་


GTD005_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། དཀོན་མཆོག་ཏ་ལ་ལས། ཆོས་ཀྱི་རྣམ་གྲངས་འདི་ཡི་གེར་འདྲི་བ་དེ་ནི་མིག་ན་བར་མི་འགྱུར། ཞེས་སོགས་མཐོང་བའི་ཆོས་ལས་ནད་གདོན་སོགས་ཀྱི་ཉེར་འཚེ་ཞི་བ་དང༌། སྒོ་མཐའ་ཡས་པར་སྒྲུབ་པའི་གཟུངས་ལས། བླ་མེད་བྱང་ཆུབ་ལ་རེག་བར་དུ་ཡང༌། །དེ་ནི་ཏིང་ངེ་འཛིན་དང་མངོན་ཤེས་དང༌། །གཟུངས་རྣམས་དང་ནི་གཟུགས་དང་ལོངས་སྤྱོད་དང༌། །སངས་རྒྱས་མཐོང་ལས་ཉམས་པར་ཡོང་མི་འགྱུར། །ཞེས་ཚེ་རབས་ཀུན་ཏུ་རྟེན་བཟང་རྣམ་པར་དག་པ་ཐོབ་ཅིང༌། སངས་རྒྱས་མཐོང་བ་དང་མི་འབྲལ་བས་གཟུངས་སྤོབས་སོགས་ཀྱི་ཡོན་ཏན་ཐམས་ཅད་བདེ་བླག་ཏུ་ཐོབ་པར་གསུངས་ལ། མདོར་ན་གཟུངས་དེ་ཉིད་ལས། མདོ་སྡེ་ཐོས་ནས་རྗེས་སུ་ཡི་རང་དང༌། །ཡི་གེར་བྲིས་དང་གཟུང་དང་བཀླགས་པ་ཡི། །བསོད་ནམས་ཕུང་པོ་ཇི་ཙམ་བསྐྱེད་པ་ནི། །སེམས་ཅན་ཀུན་གྱིས་ཤེས་པར་ཡོང་མི་ནུས། །དེ་ནི་ཚེ་རབས་ཀུན་ཏུ་རྒྱལ་བ་མཐོང༌། །དེ་དག་ལ་ཡང་དད་པ་བསམ་ཡས་རྙེད། །མདོ་སྡེ་ཟབ་མོའི་ཚུལ་ཡང་ཤེས་པར་འགྱུར། །དེ་ནི་མྱུར་དུ་བྱང་ཆུབ་མཆོག་འཚང་རྒྱ། །ཞེས་མཐར་ཐུག་མངོན་པར་འཚང་རྒྱ་བའི་བར་གྱི་ཕན་ཡོན་ཚད་མེད་པ་འབྱུང་བར་གསུངས་སོ། །ཁྱད་པར་དུ་ཐེག་པ་ཆེན་པོའི་སྡེ་སྣོད་རྣམས་ནི་རིགས་ཅན་གསུམ་གྱིས་བསྡུས་པའི་འགྲོ་བ་ཀུན་གྱི་ཕན་བདེ་མ་ལུས་པའི་འབྱུང་གནས་ཡིན་པས་དེ་ལ་བརྟེན་པའི་བསོད་ནམས་ནི་གཞན་གྱི་དགེ་རྩ་ཐམས་ཅད་ལས་ཁྱད་པར་དུ་འཕགས་ཏེ། སྡུད་པ་ལས། ལ་ལས་གངྒཱའི་ཀླུང་གི་ཇི་སྙེད་ཞིང་རྣམས་ན། །སེམས་ཅན་ཇི་སྙེད་འཁོད་ཀུན་དགྲ་བཅོམ་གྱིས་


GTD005_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

བཏུལ་བས། །གང་གིས་ཤེས་རབ་ཕ་རོལ་ཕྱིན་འདི་ཡིག་བྲིས་ཏེ། །སེམས་ཅན་མཆོག་ལ་གླེགས་བྱིན་བསོད་ནམས་ཁྱད་པར་འཕགས། །ཞེས་དང༌། འཕགས་པ་སངས་རྒྱས་ཀྱི་སྟོབས་བསྐྱེད་པའི་ཆོ་འཕྲུལ་བསྟན་པ་ལས། ཛམྦུའི་གླིང་གི་སེམས་ཅན་ཐམས་ཅད་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་འཇོག་ཅིང༌། བཞག་ནས་ཀྱང་ལྷའི་ལོ་སྟོང་དུ་ཡོ་བྱད་ཐམས་ཅད་ཀྱིས་མཆོད་པ་བས། གང་གིས་ཆོས་ཀྱི་རྣམ་གྲངས་འདི་ལས་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་ཙམ་ཡང་ཉན་པ་དང༌། འཆང་བ་དང༌། འདྲི་བ་དང༌། འདྲིར་འཇུག་པ་དང༌། གཞན་ལ་རྒྱས་པར་བྱེད་ན་འདི་ཆེས་བསོད་ནམས་མང་དུ་འཕེལ་ལོ། །ཞེས་གསུངས་ཏེ། དེའི་རྒྱུ་མཚན་ཡང༌། སྤྱོད་འཇུག་ལས། སེམས་ཅན་ཁམས་ནི་ཚད་མེད་ལ། །ཕན་འདོད་དེ་ནི་དེ་འདྲ་འོ། །ཞེས་པ་ལྟར། དམིགས་པ་དང་ཆེད་དུ་བྱ་བ་ཐམས་ཅད་ནམ་མཁའ་དང་མཉམ་པས། ཕན་ཡོན་ཡང་དེ་ལྟར་འབྱུང་ངོ༌། །ཚུལ་དེ་ལྟ་བུའི་སྒོ་ནས་ཐེག་པ་ཆེན་པོའི་མདོ་རྒྱུད་དེ་དག་ཆ་ཚང་བ་ལྟ་ཞོག །ནང་གི་མཚན་རེ་རེ་འཛིན་པ་ལ་ཡང་བྱིན་རླབས་བསམ་གྱིས་མི་ཁྱབ་སྟེ། ཆོས་ཐམས་ཅད་ཀྱི་ཡོན་ཏན་བཀོད་པའི་མདོ་ལས། བཅོམ་ལྡན་འདས། སྤྱན་རས་གཟིགས་དབང་ཕྱུག་གི་མིང་ཙམ་ལ་རྟོགས་པ་གང་ལགས་པ་དེ་ཡང་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་ན། ཡི་གེར་འདྲི་བ་དང༌། གོས་དང་རྒྱུན་གྱི་མཆོད་པ་ཆེན་པོ་དག་གིས་མཆོད་པ་བགྱིད་པ་དང༌། ཡི་གེར་འདྲིར་སྩོལ་བ་ལྟ་ཅི་སྨོས། ཞེས་དང༌། བདེ་མཆོག་རྩ་རྒྱུད་ལས། དེ་བཞིན་ཤྲཱི་ཧེ་རུ་ཀའི། །མཚན་གྱིས་སྡིག་པ་འཇིག་པར་


GTD005_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། །བསམ་གཏན་བསམ་པ་ཙམ་གྱིས་སམ། །ཀློག་ཅིང་ཁ་ཏོན་བྲིས་པ་ཡིས། །མཐོ་རིས་ལོངས་སྤྱོད་ཐོབ་འགྱུར་ལ། །ཡང་ན་འཁོར་ལོས་བསྒྱུར་བ་འཐོབ། །ཅེས་སོགས་གཟུངས་དང་མཚན་གྱི་ཕན་ཡོན་བསྟན་པ་ཤིན་ཏུ་མང་ངོ༌། །ཕན་ཡོན་དེ་ལྟར་གསུངས་པ་སྔོན་གྱི་དུས་བཟང་པོ་ལ་དགོངས་ཀྱི། སྙིགས་དུས་དེ་ལྟར་མི་འོང་སྙམ་ན་ཤིན་ཏུ་མི་རིགས་ཏེ། སྙིང་རྗེ་པད་དཀར་ལས། མ་འོངས་པའི་དུས་ལྔ་བརྒྱ་པ་ན། ཐ་ན་བྲིས་ཏེ་འཆང་བར་བྱེད་ན། དེ་བསོད་ནམས་ཆེས་མང་དུ་བསྐྱེད་པར་འགྱུར་གྱི། བྱང་ཆུབ་སེམས་དཔའ་གང་དག་བསྐལ་པ་ཆེན་པོ་བཅུའི་བར་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་བསོད་ནམས་ཀྱི་ཕུང་པོ་ནི་དེ་ལྟ་མ་ཡིན་ནོ། །ཞེས་སྙིགས་མའི་དུས་ཚུལ་ཁྲིམས་སྣ་རེ་བསྲུང་བ། ཐོས་བསམ་སྣ་རེ་བྱས་པ་ཚུན་ཆད་ལྷག་པར་ཕན་ཡོན་ཆེ་བར་གསུངས་པས། པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཡེ་ཤེས་ཀྱི་མྱུར་ལམ་དུ་ལས་སྟོབས་ཆེ་ཆུང་གསུངས་པའི་ཚེ་དུས་ཀྱི་སྟོབས་ཞེས་བསྣན་ནས་གསུངས་པའི་རྒྱུ་མཚན་དེ་ཡིན་ནོ། །ཞེས་བྱ་བ་ནི་བཞི་པ་རྟེན་བཞེངས་པའི་ཕན་ཡོན་གྱི་སྐབས་སོ།། །།༈ ལྔ་པ་རྟེན་ལ་ཕྱག་མཆོད་བྱས་པའི་ཕན་ཡོན་བཤད་པ་ལ། སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས། འཇིག་རྟེན་དག་ན་བདེ་ཞིང་སྐྱིད་པ། །དེ་ཀུན་དཀོན་མཆོག་མཆོད་ལས་འབྱུང་བས། །དེ་བས་བདེ་ཞིང་སྐྱིད་པ་འདོད་པས། །དཀོན་མཆོག་མཆོད་ལ་རྟག་ཏུ་བརྩོན་བྱ། །ཞེས་སྤྱིར་སྲིད་ཞིའི་ལེགས་ཚོགས་ཐམས་ཅད་དཀོན་མཆོག་མཆོད་པའི་འབྲས་བུར་གསུངས་


GTD005_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ཁྱད་པར་དུ་མཆོད་པའི་བྱེ་བྲག་མི་འདྲ་བ་དུ་མས་བསྙེན་བཀུར་བ་ལས་ཕན་ཡོན་རྣམ་པ་ཐ་དད་པ་སོ་སོར་འབྱུང་བའི་ཚུལ། རྣམ་འདྲེན་སྟོབས་བཅུ་མངའ་བ་ཉིད་ཀྱིས་ཚངས་པའི་དབྱངས་སུ་བསྒྲགས་པ་ནི་འདི་ལྟར། རྒྱལ་པོ་གསལ་རྒྱལ་ལ་གདམས་པ་ལས། མཆོད་རྟེན་མཆོག་ལ་གདུགས་བརྩེགས་ཕུལ་བ་ཡིས། །ལྷ་དང་མི་ཡི་ནང་དུ་སྐྱེ་བ་དང༌། །སྲེད་མེད་བུ་ཡི་ལུས་འདྲ་ལུས་ཀུན་བརྟན། །བཀུར་སྟི་བྱས་པའི་ཡོན་ཏན་ལྡན་པར་འགྱུར། །ཐུབ་དབང་མཆོད་རྟེན་རྡོ་ཐལ་བྱུགས་པ་ཡིས། །ལྷ་མིའི་འཇིག་རྟེན་དག་ན་ཚེ་རིང་ཞིང་། །ལུས་སེམས་ནད་དང་མྱ་ངན་མེ་སྤངས་ཏེ། །རྟག་ཏུ་སྐྱིད་ཅིང་ནོར་གྱིས་ཕྱུག་པར་འགྱུར། །གསེར་དངུལ་སྤ་བའི་གླེག་མས་གཡོགས་པ་ཡི། །ཐུབ་པའི་དབང་པོའི་མཆོད་རྟེན་བྱས་པ་ཡིས། །མི་རྣམས་སྲིད་པའི་ཁྱད་པར་གཞན་དག་ཏུ། །ལུས་མཁྲེགས་འོད་ཀྱང་འབར་ཞིང་མཛེས་པར་འགྱུར། །སུ་དག་ལ་ལ་མཆོད་རྟེན་སྐུ་གཟུགས་ལ། །དད་པའི་སེམས་ཀྱིས་བླ་རེ་འབུལ་བྱེད་པ། །དེ་དག་ས་སྟེང་རྒྱ་མཚོའི་མཐའ་ཀླས་པ། །མ་ལུས་གནོན་བྱེད་རྒྱལ་གཅིག་དབང་བྱེད་འགྱུར། །བདེ་གཤེགས་མཆོད་རྟེན་དག་ལ་དགའ་བཞིན་དུ། །རྣམ་མང་རྒྱ་ཆེན་གདུགས་ནི་བཏགས་པ་ཡིས། །ལྷ་མིའི་འཇིག་རྟེན་དག་ན་གདུགས་འདྲ་བར། །ལྷ་དང་མི་ཡི་དབང་པོ་ལྟ་བུར་འགྱུར། །མི་རྣམས་སུ་དག་སྐུ་གདུང་སྙིང་པོ་ཅན། །དྲི་མེད་བསོད་ནམས་འབྱུང་གནས་འགྱུར་བ་ལ། །བ་དན་མཛེས་པ་སྣ་ཚོགས་འདོགས་པ་དག །མཐུ་དང་ལྡན་ཞིང་སྲིད་གསུམ་མཆོད་གནས་འགྱུར། །བདེ་གཤེགས་མཆོད་རྟེན་ཅོད་པན་བཏགས་


GTD005_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིས། །མི་དབང་དཔལ་དང་ལྷ་དབང་དཔལ་ཐོབ་ཅིང༌། །བདེ་བའི་མཆོག་ཀྱང་ཉམས་སུ་མྱོང་གྱུར་ནས། །རྣམ་པར་གྲོལ་བའི་ཅོད་པན་ཁྱད་པར་འཐོབ། །རྒྱལ་བའི་མཆོད་རྟེན་དག་ལ་དྲི་ཕུལ་བས། །ཚིག་བཙན་གྲགས་པ་ཆེན་པོ་དག་དང་ལྡན། །ཚངས་པའི་སྒྲ་དབྱངས་ཡིད་འོང་སྐྱེ་བ་དྲན། །དེ་དག་གིས་ནི་རྒྱན་རྣམས་སྣ་ཚོགས་འཐོབ། །མཁས་པ་སུ་དག་བདེ་གཤེགས་མཆོད་རྟེན་ལ། །དད་པའི་སེམས་ཀྱིས་ཕྲེང་བ་འདོགས་བྱེད་པ། །གསེར་ཕྲེང་རིན་ཆེན་མང་པོས་ལེགས་སྤྲས་པ། །བསོད་ནམས་ལས་ལྡན་དེ་ཡི་མགོ་ལ་ཐོགས། །སྟོན་པའི་མཆོད་རྟེན་དག་ལ་རྒྱན་འཕྲེང་འདོགས། །དེ་དག་དོ་ཤལ་རྒྱན་ལྡན་ནོར་བུ་དང༌། །གདུ་བུ་དག་དང་དཔུང་རྒྱན་མཆོག་རྣམས་ཀྱིས། །ལུས་བརྒྱན་འཇིག་རྟེན་དག་ན་རྒྱུ་བར་འགྱུར། །སུ་དག་བདེ་བར་གཤེགས་པའི་མཆོད་རྟེན་ལ། །ས་དང་ལྕི་བས་ཉུག་པ་དེ་དག་ནི། །ལྷ་དང་མིར་སྐྱེ་ལུས་མདོག་སྡུག་པ་དང༌། །རྣམ་དག་རྨ་མེད་བདེ་དང་ལྡན་པར་འགྱུར། །ཐུབ་དབང་མཆོད་རྟེན་བྱི་དོར་བྱས་པ་ཡིས། །ཤིན་ཏུ་ལྟ་ན་སྡུག་ཅིང་མིག་ཏུ་མཛེས། །བྱད་བཞིན་བཟང་ཞིང་པདྨའི་མདོག་དང་ལྡན། །སྲིད་པའི་སྐྱོན་རྣམས་དང་ཡང་བྲལ་བར་འགྱུར། །སུ་དག་སྤོས་མཆོག་སྦར་བའི་འབྲུ་མར་གྱིས། །བདེ་བར་གཤེགས་པའི་མཆོད་རྟེན་ཉུག་བྱེད་པ། །དེ་དག་སྤོས་ཀྱིས་མཆོད་ཅིང་ཙན་དན་གྱིས། །ལུས་བྱུགས་ཉི་མའི་འོད་དང་འདྲ་བར་འགྱུར། །མི་རྣམས་གང་དག་ཐུབ་དབང་མཆོད་རྟེན་ལ། །སྤོས་ཆུ་དྲངས་ཤིང་གཙང་བས་ཁྲུས་གསོལ་བ། །དེ་དག་ལུས་


GTD005_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དྲི་མ་མེད་པ་དང༌། །གདུང་བ་མེད་ཅིང་མདོག་འཇམ་མྱ་ངན་མེད། །སུ་ཞིག་སངས་རྒྱས་མཆོད་རྟེན་སྐུ་གཟུགས་ཁང༌། །ཚོན་རྩི་སྣ་ཚོགས་རྣམས་ཀྱིས་མཛེས་བྱེད་པ། །དེ་ནི་བདེ་གཤེགས་མངའ་བའི་ཡོན་ཏན་རྣམས། །སྣ་ཚོགས་ལྡན་པ་ཀུན་གྱིས་བརྩེགས་པར་འགྱུར། །ཞེས་དང༌། ལས་རྣམ་པར་འབྱེད་པའི་མདོར། བྲམ་ཟེའི་ཁྱེའུ་ནེ་ཙོ་ལ་བཀའ་སྩལ་པ། བྲམ་ཟེའི་ཁྱེའུ་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཐལ་མོ་སྦྱར་བའི་ཕན་ཡོན་བཅུ་འདི་དག་སྟེ། བཅུ་གང་ཞེ་ན། རྒྱལ་པོ་ཆེན་པོའི་ཁྱིམ་དུ་སྐྱེ་བ་འཐོབ་པ་དང༌། རྒྱ་ཆེ་བའི་གཟུགས་དང༌། རྒྱ་ཆེ་བའི་གཡོག་འཁོར་དང༌། རྒྱ་ཆེ་བའི་མཆོད་པ་དང་བཀུར་སྟི་དང༌། རྒྱ་ཆེ་བའི་ནོར་དང༌། རྒྱ་ཆེ་བའི་ཐོས་པ་དང༌། རྒྱ་ཆེ་བའི་དད་པ་དང༌། རྒྱ་ཆེ་བའི་དྲན་པ་དང༌། རྒྱ་ཆེ་བའི་ཤེས་རབ་དང༌། རྒྱ་ཆེ་བའི་རྟོགས་པ་འཐོབ་སྟེ། དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཐལ་མོ་སྦྱར་བའི་ཕན་ཡོན་ནོ། །ཕྱག་འཚལ་བའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། གཟུགས་བཟང་ལ་མདོག་གསེར་གྱི་ཁ་དོག་ལྟ་བུར་འགྱུར་བ་དང༌། མཛེས་ཤིང་མིག་ཏུ་སྡུག་པར་འགྱུར་བ་དང༌། སྐད་སྙན་ཞིང་སྨྲ་བ་སྙན་པར་བཟུང་བའི་ཚིག་ཏུ་འགྱུར་བ་དང༌། བག་ཚ་བ་མེད་པར་འཁོར་གྱི་ནང་དུ་འགྲོ་བ་དང༌། ལྷ་དང་མི་རྣམས་དགའ་བར་འགྱུར་བ་དང༌། གཟི་བརྗིད་ཆེན་པོར་འགྱུར་བ་དང༌། གང་ཟག་ནི་འདི་ལྟ་སྟེ་སངས་རྒྱས་བཅོམ་ལྡན་འདས་རྣམས་དང༌། བྱང་ཆུབ་སེམས་དཔའ་རྣམས་དང༌། སངས་རྒྱས་ཀྱི་ཉན་ཐོས་རྣམས་དང་འགྲོགས་པར་འགྱུར་བ་དང༌། ལོངས་སྤྱོད་ཆེ་བར་འགྱུར་བ་དང༌། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང༌། མྱུར་དུ་ཡོངས་སུ་མྱ་ངན་


GTD005_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འདའ་བ་སྟེ། དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཕྱག་འཚལ་བའི་ཕན་ཡོན་ནོ། །ཕྱག་དར་བྱས་པའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། གཟུགས་བཟང་བ་དང༌། བལྟ་ན་སྡུག་པར་འགྱུར་བ་དང༌། མཛེས་པར་འགྱུར་བ་དང༌། སྐད་སྙན་པར་འགྱུར་བ་དང། དེའི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་སྲབ་པར་འགྱུར་བ་དང་ལམ་དུ་འགྲོ་ན་རྩྭ་དང༌། གསེག་མ་དང༌། གྱོ་མོ་རྣམས་མེད་པར་འགྱུར་བ་དང༌། བཙུན་པའི་རིགས་སུ་སྐྱེ་བར་འགྱུར་བ་དང༌། ལོངས་སྤྱོད་ཆེ་བར་འགྱུར་བ་དང༌། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང༌། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཕྱག་དར་བྱས་པའི་ཕན་ཡོན་ནོ། །མེ་ཏོག་ཕུལ་བའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། འཇིག་རྟེན་ན་མེ་ཏོག་ལྟ་བུར་འགྱུར་བ་དང༌། སྣའི་དབང་པོ་ནམ་ཡང་ཉམས་པར་མི་འགྱུར་བ་དང༌། ལུས་ཀྱི་དྲི་ང་བ་རྣམ་པར་དག་པར་འགྱུར་བ་དང༌། དྲི་ཞིམ་པོ་འབྱུང་བར་འགྱུར་བ་དང༌། ཕྱོགས་དང་ཕྱོགས་མཚམས་སུ་དེའི་ཚུལ་ཁྲིམས་ཀྱི་དྲི་ངད་ལྡང་བར་འགྱུར་བ་དང༌། འཇིག་རྟེན་གྱིས་མངོན་དུ་འགྲོ་བར་འགྱུར་བ་དང༌། སྡུག་པའི་ཆོས་རྣམས་ཐོབ་པར་འགྱུར་བ་དང༌། ལོངས་སྤྱོད་ཆེ་བར་འགྱུར་བ་དང༌། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མེ་ཏོག་ཕུལ་བའི་ཕན་ཡོན་ནོ། །མར་མེ་ཕུལ་བའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། འཇིག་རྟེན་ན་མར་མེ་ལྟ་བུར་འགྱུར་བ་དང༌། ཤའི་མིག་རྣམ་པར་དག་པར་འགྱུར་བ་དང༌། ལྷའི་མིག་འཐོབ་པར་འགྱུར་བ་དང༌། དགེ་བ་


GTD005_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

དང་མི་དགེ་བའི་ཆོས་རྣམས་ལ་ཤེས་རབ་འབྱུང་བར་འགྱུར་བ་དང༌། མ་རིག་པ་དང་གཏི་མུག་གི་མུན་པ་སེལ་བ་དང༌། ཤེས་རབ་ཀྱི་སྣང་བ་ཐོབ་པར་འགྱུར་བ་དང༌། དེ་འཁོར་བ་ན་འཁོར་བའི་ཚེ་ནམ་དུ་ཡང་མུན་པ་ན་གནས་པར་མི་འགྱུར་བ་དང༌། ལོངས་སྤྱོད་ཆེ་བར་འགྱུར་བ་དང༌། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང༌། །མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མར་མེ་ཕུལ་བའི་ཕན་ཡོན་ནོ། །སྤོས་ཕུལ་བའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེན། འཇིག་རྟེན་ན་སྤོས་ལྟ་བུར་འགྱུར་བ་དང༌། སྣའི་དབང་པོ་རྣམ་པར་དག་པར་འགྱུར་བ་དང༌། ལུས་ཀྱི་དྲི་མི་ཞིམ་པ་རྣམ་པར་དག་པར་འགྱུར་བ་དང༌། རྟག་ཏུ་དྲི་ཞིམ་པར་འགྱུར་བ་དང༌། འཇིག་རྟེན་གྱིས་མངོན་དུ་འགྲོ་བར་བྱ་བར་འགྱུར་བ་དང༌། ལོངས་སྤྱོད་ཆེ་བར་འགྱུར་བ་དང༌། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང༌། སྡུག་པའི་ཆོས་རྣམས་ཐོབ་པར་འགྱུར་བ་དང༌། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་སྤོས་ཕུལ་བའི་ཕན་ཡོན་ནོ། །ཞེས་སོགས་མཆོད་པའི་ཁྱད་པར་རང་རང་གི་ཐུན་མོང་མ་ཡིན་པའི་ལག་རྗེས་འགྲུབ་ཚུལ་སོ་སོར་གསུངས་ལ། ཐུན་མོང་དུ་བསྟན་པ་ཡང༌། འཕགས་པ་བྱམས་པའི་མདོ་ལས། མར་མེ་སྟོང་ཕྲག་གཅིག་གམ། མེ་ཏོག་ཕུལ་བ་སྟོང་ཕྲག་གཅིག་གམ། ཨུཏྤ་ལ་སྔོན་པོ་སྟོང་ཕྲག་གཅིག་གིས་མཆོད་པ་བྱེད་པ་དང༌། མཆོད་རྟེན་དེ་དག་གི་ཏོག་བྱེད་པ་དང་སྐུ་གཟུགས་བྱེད་པ་དེ་དག་ནི་བྱམས་པ་སངས་རྒྱས་པ་དེའི་ཚེ་དེའི་དྲུང་དུ་སྐྱེ་ཞིང་དང་པོའི་ཆོས་ཐོབ་པར་འགྱུར་རོ། །ཞེས་པ་ནས། མེ་ཏོག་སྙིམ་གང་ཙམ་མམ། མར་མེ་གཅིག་


GTD005_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་འབུལ་བའམ། གཞན་དག་བསོད་ནམས་བྱེད་པ་ལ་རྗེས་སུ་ཡི་རང་བ་སྟེ། དགེ་བ་འདི་དག་བྱེད་པའི་ལྷ་དང་མི་རྣམས་ཀྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་བྱམས་པ་མཐོང་བར་འགྱུར་རོ། །ཞེས་བསྟན་པ་འདི་ལ་དེ་ལྟ་བུའི་དགེ་རྩ་བསྒྲུབས་པ་རྣམས་སྐབས་འདིར་མ་གྲོལ་ཡང༌། བྱམས་པའི་འཁོར་གྱི་ཐོག་མར་སྐྱེས་ནས་སྨིན་ཅིང་གྲོལ་བར་གསུངས་པ་དང༌། གཞན་ཡང་འཇམ་དཔལ་རྩ་རྒྱུད་ལས། སྤོས་དང་དྲི་དང་བྱུག་པ་ཡིས། །མཆོད་བྱ་བསྙེན་བཀུར་བྱ་བ་དང༌། །རྣམ་པ་སྣ་ཚོགས་གོས་མཆོག་དང༌། །གཞན་ཡང་ནོར་བུའི་གདུབ་ཀོར་རྒྱན། །རྣམ་པ་སྣ་ཚོགས་བཅའ་དང་བཟའ། །ཡང་དག་སྦྱར་བ་དབུལ་བར་བྱ། །རྣམ་པ་སྣ་ཚོགས་ཕུན་སུམ་ཚོགས། །ཅི་འདོད་ཁ་ཟས་བྱས་པ་ལ། །དེ་བཞིན་སྔགས་ནི་བཟླས་བྱས་དབུལ། །སེམས་ཅན་དགེ་བའི་སྐྱེ་གནས་འགྱུར། །དམ་པའི་འགྲོ་བའི་སྐྱེ་གནས་སུ། །གྲོང་མཆོག་དག་ཏུ་སྐྱེ་བར་འགྱུར། །མཐར་ནི་བྱང་ཆུབ་གཞོལ་འགྱུར་ཞིང༌། །ཕྱིས་ནི་ཞི་བར་ཡང་དག་འགྲོ། །ཞེས་དང༌། རིན་ཆེན་ཕྲེང་བ་ལས། གསེར་དང་རིན་ཆེན་དྲ་བ་དང༌། །ཉིད་ཀྱིས་མཆོད་རྟེན་རྣམས་ལ་ཐོགས། །གསེར་དང་དངུལ་གྱི་མེ་ཏོག་དང༌། །རྡོ་རྗེ་བྱུ་རུ་མུ་ཏིག་དག །ཨནྜ་རྙིལ་དང་བཻ་ཌཱུརྻ། །མཐོན་ཀ་ཆེན་པོས་མཆོད་རྟེན་མཆོད། །ཅེས་དང༌། ཡང་དེ་ཉིད་ལས། མཆོད་རྟེན་མར་མེ་ཕྲེང་བ་དང༌། །མུན་ཁང་དག་ཏུ་སྒྲོན་མེ་དང༌། །མར་མེ་འབྲུ་མར་བྱིན་པ་ཡིས། །ལྷ་ཡི་མིག་ནི་ཐོབ་པར་འགྱུར། །མཆོད་རྟེན་མཆོད་པར་རོལ་མོ་དང༌། །དྲིལ་བུ་དག་ནི་ཕུལ་བ་དང༌། །དུང་དང་རྔ་ནི་རབ་ཕུལ་བས། །ལྷ་ཡི་རྣ་བ་ཐོབ་


GTD005_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར། །ཞེས་སོགས་མདོ་རྒྱུད་བསྟན་བཅོས་དུ་མ་ནས་གསུངས་པ་བསམ་གྱིས་མི་ཁྱབ་ལ། ཁྱད་པར་དྭངས་ཤིང་བསིལ་བའི་ཡོན་ཆབ་གཙང་མ་ཕུལ་ན་ཤེས་རྒྱུད་ཀྱི་སྡིག་ལྟུང་སྦྱངས་ཏེ་ས་ལམ་གྱི་རྟོགས་པ་སྐྱེ་བའི་དགོས་པ་ཆེ་ཞིང་བསྒྲུབ་སླ་ལ། སེར་སྣ་སོགས་ཀྱི་ཉེས་པ་མི་འཇུག་པས་བླ་མ་གོང་མ་རྣམས་ཀྱིས་གཙོ་བོར་མཛད། དེ་བཞིན་དུ་ཁྲུས་གསོལ་བྱེད་པ་ཡང་དཀོར་དང་ལས་སྒྲིབ་སོགས་ཀྱིས་ཤེས་རྒྱུད་རྙོག་པའི་དབང་གིས་ཉམས་ལེན་ཚུལ་བཞིན་མི་འོང་བ་སེལ་བའི་ཐབས་ལ་མཆོག་ཏུ་བསྔགས་ཏེ། དཔལ་ལྡན་དཔའ་བོས། ཁྲུས་གསོལ་གང་ཞིག་མཆོད་བྱེད་ན། །དེ་དག་རྙོག་པ་ཐམས་ཅད་ཀྱི། །དྲི་མ་བཀྲུས་ནས་ཐར་པ་འཐོབ། །ཅེས་དང༌། གསལ་རྒྱལ་གྱི་མདོ་ལས། མི་རྣམས་གང་དག་ཐུབ་དབང་མཆོད་རྟེན་ལ། །སྤོས་ཆུ་གཙང་ཞིང་དྭངས་པས་ཁྲུས་གསོལ་བ། །དེ་དག་ལུས་ལ་དྲི་མ་མེད་པ་དང༌། །གདུང་བ་མེད་ཅིང་མདོག་འཇམ་མྱ་ངན་མེད། །ཅེས་གསུངས་པ་ལྟར་རོ། །དེ་བཞིན་དུ་སྤྱན་རས་གཟིགས་ཀྱི་མདོ་ལས། འཇིག་རྟེན་མགོན་པོ་སྐྱོབ་པ་ལ། །དར་གྱི་དབུལ་བ་ཕུལ་བྱས་ནས། །ལྷ་ཡི་དག་དང་མི་རྣམས་ཀྱི། །དོན་རྣམས་ཐམས་ཅད་འགྲུབ་པར་འགྱུར། །ཞེས་སྙན་ཤལ་དང༌། ཟ་མ་ཏོག་ལྟ་བུའི་གཏམ་ལས། མཎྜལ་མེ་ཏོག་བཅས་བྱེད་པ། །འགྲོ་བའི་བདག་པོ་ཚེ་རིང་ཞིང༌། །སྣ་ཚོགས་ནད་ཀྱི་འཇིགས་ལས་སྒྲོལ། །གང་ཡིན་དེ་ཡིས་སྐད་ཅིག་འཐོབ། །བདེ་གཤེགས་མཎྜལ་བྱེད་དེ་དག །ཕ་རོལ་ཕྱིན་དྲུག་ཐོབ་འགྱུར་ཏེ། །ཆུ་དང་ས་བསྲེས་བཏང་སྦྱིན་པ། །གྲོག་མ་སོགས་སེལ་ཚུལ་ཁྲིམས་ཏེ། །བསྲེས་ནས་ཉེད་པ་བཟོད་པ་ཡིན། །འབད་པ་བྱེད་པ་བརྩོན་འགྲུས་


GTD005_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །སྐད་ཅིག་དེ་ལ་རྩེ་གཅིག་ཏུ། །སེམས་འཛིན་བྱེད་པ་བསམ་གཏན་ཡིན། །ལེགས་པར་གཟོབ་པ་ཤེས་རབ་བོ། །ཞེས་མཎྜལ་ཕུལ་བའི་ཕན་ཡོན་བཤད་ལ། གསང་འདུས་རྩ་རྒྱུད་ལས། ཞིང་འདི་རིན་ཆེན་ཞེས་སོགས་དང༌། སྤྱོད་འཇུག་ལས། ནམ་མཁའ་རབ་འབྱམས་ཞེས་སོགས་ཀུན་གྱིས་བསྟུན་ཅིང༌། བླ་མ་ལྔ་བཅུ་པར་དུས་དྲུག་ཏུ་འབུལ་དགོས་པར་གསུངས་པ་སོགས་ཤིན་ཏུ་མང༌། ཁྱད་པར་དུ་མར་མེ་འབུལ་བ་ནི་ཚོགས་རྫོགས་ཤིང་བྱིན་རླབས་མྱུར་དུ་འཇུག་པའི་རྟེན་འབྲེལ་གྱི་སྒོ་ཁྱད་པར་ཅན་ཡིན་པས། བདེ་མཆོག་རྩ་རྒྱུད་ལེའུ་གཉིས་པར། གལ་ཏེ་དངོས་གྲུབ་མཆོག་འདོད་ན། །མར་མེ་བརྒྱ་ནི་དབུལ་བར་བྱ། །ཞེས་དང༌། དེའི་འོག་ཏུ་ཡང༌། གལ་ཏེ་དངོས་གྲུབ་མཆོག་འདོད་ན། །དྲི་དང་མེ་ཏོག་དེ་བཞིན་སྤོས། །ཆོ་ག་བཞིན་དུ་དེ་བཞིན་མཆོད། །མར་མེ་བརྒྱ་ཡང་འབུལ་བྱ་ཞིང༌། །ཞེས་མར་མེ་བརྒྱ་སྔ་ཕྱིར་ལན་གཉིས་གསུངས་པ་ཕྱི་ནང་གི་ཁྱད་དམ། མར་མེ་གཙོ་ཆེ་བའི་དོན་དུ་སྦས་དོན་ཀུན་གསལ་ལས་གསུངས་ཏེ། ད་ལྟ་བརྒྱ་མཆོད་དུ་གྲགས་པ་ཡང་ཁུངས་འདི་འདྲ་ལ་བརྟེན་པར་མངོན་ནོ། །དེ་དག་གིས་མཚོན་ཏེ་གདུགས་རྒྱན་བླ་བྲེ་བ་དན་རྔ་ཡབ་དྲིལ་བུ་བདུག་སྤོས་ཞལ་ཟས་ལ་སོགས་པ་ཕུལ་བ་དང༌། དེའི་སྟེང་གི་བརྒྱ་བསལ་བ། ཞིག་རལ་བཅོས་པ། ཕྱག་དར་བྱས་པ། རྡོ་ཐལ་བྱུགས་པ། ཆག་ཆག་བཏབ་པ་སོགས་སོ་སོའི་རྣམ་སྨིན་འབྱིན་ཚུལ་ཞིབ་ཏུ་ཤེས་པར་འདོད་ན་སྤྱན་རས་གཟིགས་ཀྱི་མདོ། གསལ་རྒྱལ་གྱི་མདོ། དཀོན་མཆོག་ཏ་ལ་སོགས་སུ་བལྟའོ། །ཕྱག་འཚལ་བའི་ཕན་ཡོན་བཅུ་གོང་དུ་བཤད་པ་དེ་


GTD005_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ལ། གཞན་ཡང་འདུལ་བ་ལུང་ལས། དགེ་སློང་དག །དགེ་སློང་འདིས་འདི་ལྟར་སྐྲ་དང་སེན་མོའི་མཆོད་རྟེན་ལ་ཡན་ལག་ཐམས་ཅད་ཀྱིས་ཕྱག་འཚལ་ཏེ་སེམས་དང་བར་བྱེད་པ་ལ་ལྟོས། བཙུན་པ་དེ་ལྟ་ལགས་སོ། །དགེ་སློང་དག །དགེ་སློང་འདིས་ས་ཇི་ཙམ་ནོན་པའི་འོག་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ན་གསེར་གྱི་འཁོར་ལོ་ལ་ཐུག་གི་བར་ན་བྱེ་མ་ཇི་སྙེད་ཡོད་པ་དེ་སྙེད་དུ། དགེ་སློང་འདིས་འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་སྟོང་འགྱུར་དུ་ལོངས་སྤྱོད་པར་འགྱུར་རོ། །ཞེས་དང༌། སྨན་མདོ་བརྒྱད་བརྒྱ་པ་ལས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུརྻའི་འོད་དེ་ལ་ཕྱག་འཚལ་ཞིང་མཆོད་པ་སྣ་ཚོགས་བྱེད་ན། དེ་དག་ངན་སོང་གསུམ་གྱི་སྡུག་བསྔལ་མེད་པར་ཤེས་པར་བྱའོ། །ཞེས་སོགས་རྒྱ་ཆེར་གསུངས་སོ། །འོན་ཀྱང་ཕན་ཡོན་མདོ་རྒྱུད་ནས་བཤད་པ་ཇི་ལྟ་བ་བཞིན་འབྱུང་བ་ལ་ཕྱག་འཚལ་ཚུལ་གྱི་ཀུན་སློང་ཀུན་སྤྱོད་ཚུལ་ལྡན་དགོས་ཤིང༌། དེ་ཡང་མདོ་སྡེ་རྣམས་སུ་སྡོང་པོ་རྩ་བ་ནས་བཅད་པ་བཞིན་ལུས་ཐམས་ཅད་ས་ལ་ཕབ་སྟེ་ཕྱག་བྱ་བར་གསུངས་པ་ད་ལྟའི་བརྐྱང་ཕྱག་ཏུ་གྲགས་པ་འདི་ཡིན་པས། དེ་བྱུང་ན་མཆོག་དང༌། ཡང་ན་མདོ་རྩ་བ་ལས། ཕྱག་ནི་རྣམ་པ་གཉིས་ཏེ། ཡན་ལག་ལྔས་ཕྱག་བཙལ་བ་དང༌། སྒྱིད་པ་ལ་འཁྱུད་པས་བཙལ་བའོ། །ཞེས་གསུངས་པའི་ཕྱི་མ་བོད་འདིར་ཆེར་མ་དར་ཀྱང༌། སྔ་མ་བྱེད་པ་ལ་ལག་པའི་མཐིལ་གཉིས། པུས་མོའི་ལྷ་ང་གཉིས། དཔྲལ་བ་སྟེ་ལྔ་ཀ་ས་ལ་རེག་པ་དགོས་པས། ཕྱག་གཅིག་བཙལ་ན་ཡང་གནད་དུ་འགྲོ་ངེས་ཤིག་གལ་ཆེ། དེ་ཡང་རྣམ་སྨིན་རྒྱ་ཆེ་ཆུང་དང༌། དུས་མྱུར་བུལ་ཤིན་ཏུ་མི་འདྲ་བ་མ་གཏོགས།


GTD005_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་གི་མཐུ་ལ་བརྟེན་པའི་སྟོབས་ཀྱིས་གུས་པའི་རྣམ་འགྱུར་ཅུང་ཟད་ཙམ་ཞིག་བྱས་པ་དང༌། ངག་ནས་གཡམ་ལ་རྒྱུག་པ་ལྟ་བུས་ཕྱག་འཚལ་ལོ་ཞེས་བརྗོད་པ་ཚུན་ཆད་ཀྱིས་ཤེས་རྒྱུད་ལ་ཐར་པའི་ས་བོན་བཞག་ནས་འཁོར་བ་མཐའ་ཅན་དུ་བྱེད་པ་ཡིན་ཏེ། མདོ་སྡེ་པད་དཀར་ལས། མཆོད་རྟེན་དེ་ལ་གང་གི་ཐལ་མོ་སྦྱར། །ཡོངས་སུ་ཚང་བའམ་ཐལ་མོ་ཡ་གཅིག་གམ། །ཡང་ན་མགོ་བོ་སྐད་ཅིག་འདུད་པ་དང༌། །དེ་བཞིན་ལན་ཅིག་ལུས་ཀྱང་འདུད་པ་དང༌། །གང་གི་རིང་བསྲེལ་གནས་པ་དེ་དག་ལ། །གཡེང་བའི་སེམས་ཀྱིས་སངས་རྒྱས་ཕྱག་འཚལ་ཞེས། །ཚིག་གཅིག་ལན་འགའ་བརྗོད་པར་བྱས་པ་ཡང༌། །དེ་དག་ཀུན་གྱིས་བྱང་ཆུབ་མཆོག་འདི་འཐོབ། །ཅེས་གསུངས་ཤིང༌། ཐ་ན་ལྟ་བ་ལོག་པ་འཛིན་པའི་གང་ཟག་ལྟ་བུས་དེ་མཐོང་བ་ལ་བརྟེན་ནས་མི་དགའ་བ་སྐྱེས་ན་དེའི་འབྲས་བུ་སྡུག་བསྔལ་དྲག་པོ་མྱོང་ཡང༌། ཞར་ལ་འབྲེལ་བཞག་པ་དེས་ནམ་ཞིག་ན་རྗེས་སུ་འཛིན་པའི་རྒྱུར་འགྱུར་བ་དཔེར་ན་བཟོད་པར་སྨྲ་བའི་ཡན་ལག་བཅད་པའི་ལོ་རྒྱུས་སོགས་སྐྱེས་རབས་རྣམས་སུ་འབྱུང་བ་བཞིན་ཡིན་ཏེ། སྐུ་གསུང་ཐུགས་ཀྱི་རྟེན་འདི་དག་སངས་རྒྱས་ཀྱི་འཕྲིན་ལས་ཀྱིས་བསྐྲུན་པ་ཤ་སྟག་ཡིན་པས་དགོས་པ་དེ་ལྟ་བུ་ཞིག་མེད་ན་དེ་དག་ལ་སྟོན་པར་མི་འགྱུར་ཞིང་། མངོན་རྟོགས་རྒྱན་ལས། གྲོང་སོགས་སུ་དེའི་ཉོན་མོངས་རྣམས། །རྒྱུན་གཅོད་རྒྱལ་བའི་ཉོན་མོངས་མེད། །ཅེས་ཉོན་མོངས་མེད་པའི་ཁྱད་པར་གསུངས་པས་ཀྱང་འགྲུབ་བོ། །འདི་དག་རྟོག་གེའི་བློ་ཡུལ་དུ་ཤོང་དཀའ་བའི་གནས་ཡིན་ཀྱང༌། པད་དཀར་ལས། བདེ་གཤེགས་གཟུགས་ནི་རྩིག་ངོས་བྲིས་པ་ལ། །འཁྲུགས་


GTD005_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་པ་ཡི་སེམས་ཀྱིས་བལྟས་ན་ཡང༌། །དེ་དག་རིམ་གྱིས་སངས་རྒྱས་བྱེ་བ་མཐོང༌། །ཞེས་དང༌། སྙིང་རྗེ་པད་དཀར་ལས། ཀུན་དགའ་བོ་གང་དག་ཐ་ན་རྨི་ལམ་དུ་དེ་བཞིན་གཤེགས་པའི་མཆོད་རྟེན་མཐོང་ནས་སེམས་དང་བར་བྱེད་ན། ཀུན་དགའ་བོ་དགེ་བའི་རྩ་བ་དེའི་འབྲས་བུ་མྱ་ངན་ལས་འདས་པ་ཡིན་ཏེ། མྱ་ངན་ལས་འདས་པ་ཀླས་ཤིང་མྱ་ངན་ལས་འདས་པའི་མཐས་གཏུགས་པར་འགྱུར་བར་ང་སྨྲའོ། །ཞེས་ཚད་མར་གྱུར་པའི་ལུང་ལས་གསུངས་པས། བསམ་མི་ཁྱབ་ཀྱི་གནས་ལ་བསམ་མི་ཁྱབ་དེ་ཉིད་རྒྱུ་མཚན་དུ་བྱས་ནས་ཡིད་ཆེས་པར་བྱེད་དགོས་ཏེ། འཆི་མེད་རྔ་སྒྲའི་གཟུངས་ལས། བསམ་མི་ཁྱབ་ལ་དད་བྱས་ན། །རྣམ་པར་སྨིན་པའང་བསམ་མི་ཁྱབ། །ཅེས་གསུངས་ཤིང༌། དེ་བཞིན་དུ་སྤྱན་རས་གཟིགས་ཀྱི་མདོ་ལས། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཚད་མེད་པ་དེ་བཞིན་དུ། དེ་བཞིན་གཤེགས་པ་ལ་ཡོན་ཕུལ་བ་ཡང་ཚད་མེད་དོ། །མཐའ་ཡས་སོ། །བསམ་གྱིས་མི་ཁྱབ་བོ། །མཚུངས་པ་མེད་དོ། །དཔག་ཏུ་མེད་དོ། །གྲངས་མེད་དོ། །ཞེས་དང༌། ལུང་ཕྲན་ཚེགས་ལས། ཟླ་བ་སྐར་མར་བཅས་པ་ས་ལ་ལྷུངས་ཀྱང་སྲིད། །ས་འདི་རི་དང་ནགས་ཚལ་མཁའ་ལ་འགྲོ་ཡང་སྲིད། །རྒྱ་མཚོ་ཆེན་པོའི་ཆུ་ནི་སྐམ་པར་འགྱུར་སྲིད་ཀྱི། །དྲང་སྲོང་ཆེན་པོ་རྫུན་གསུང་འགྱུར་བ་སྲིད་པ་མིན། །ཞེས་གསུངས་པ་རྣམས་ཡིད་ལ་བཅངས་ཏེ་བདེ་ལེགས་ཐམས་ཅད་ཀྱི་རྩ་བ་ལས་འབྲས་ལ་ཡིད་ཆེས་ཀྱི་དད་པ་དང༌། དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱི་ཐུགས་རྗེ་བྱིན་རླབས་ལ་མོས་པ་དྲག་པོ་བསྐྱེད་དེ་ལོ་ཟླ་ཞག་ཤས་ཀྱི་གཡར་པོ་ལྟ་བུའི་ལུས་དང་ལོངས་སྤྱོད་


GTD005_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྟེང་ནས་ཞིང་ས་ཁྱད་པར་ཅན་ལ་ས་བོན་ཅི་ཐེབས་ཀྱི་སྙིང་པོ་བླངས་པའི་ཕྱི་ཉིན་མཚན་ཀུན་ཏུ་འབད་པར་བྱའོ། །ཞེས་བྱ་བ་ནི་ལྔ་པ་ཕྱག་དང་མཆོད་པའི་ཕན་ཡོན་གྱི་སྐབས་སོ།། །།༈ དྲུག་པ་སྐོར་བ་བྱེད་ཚུལ་ཕན་ཡོན་དང་བཅས་ཏེ་བཤད་པ་ལ། ཐོག་མར་བསྐོར་བ་བྱ་བ་འདི་དགོས་ཆེད་ཅི་ཞིག་ཏུ་གཏོགས་པ་ཡིན་ཤེས་དགོས་པས། དེ་ནི་བློ་གྲོས་བསྟན་པའི་རྒྱན་གྱི་འགྲེལ་བཤད་ལས། དེ་བཞིན་གཤེགས་པ་མཆོད་པ་ལ་རྣམ་པ་གཉིས་ཏེ། ཟང་ཟིང་གིས་མཆོད་པ་དང༌། སྒྲུབ་པས་མཆོད་པའོ། །ཟང་ཟིང་གིས་མཆོད་པ་ལ་ཡང་རྣམ་པ་གཉིས་ཏེ། རྙེད་པས་མཆོད་པ་དང༌། བཀུར་སྟིས་མཆོད་པའོ། །དེ་ལ་ཆོས་གོས་དང་ལྷུང་བཟེད་ལ་སོགས་པ་ཕུལ་བ་ནི་རྙེད་པས་མཆོད་པའོ། །ཕྱག་འཚལ་བ་དང་བསྐོར་བ་བྱེད་པ་ལ་སོགས་པ་ནི་བཀུར་སྟིས་མཆོད་པའོ། །ཞེས་སྐྱབས་ཡུལ་རྣམས་ལ་བཀུར་སྟི་བྱ་བའི་ཡན་ལག་ཏུ་གསུངས་སོ། །དེ་ལ་ཕན་ཡོན་ཇི་ལྟར་འབྱུང་བའི་ཚུལ་ནི། མཆོད་རྟེན་བསྐོར་བ་ཞེས་བྱ་བའི་མདོ་ལས། མཆོད་རྟེན་བསྐོར་བ་བྱས་པས་ནི། །མི་ཁོམ་བརྒྱད་རྣམས་སྤོང་བར་འགྱུར། །ལྷ་དང་དེ་བཞིན་མི་རྣམས་ཀྱི། །ཚེ་རིང་བ་ཡང་དེ་ཡིས་འཐོབ། །ཤ་ཟ་དང་ནི་སྲིན་རྣམས་ཀྱིས། །དེ་ལ་གནོད་པར་མི་འགྱུར་རོ། །བསྐལ་པ་བརྒྱར་ཡང་དེ་དག་རྣམས། །ཞར་དང་གྲུམ་པོར་ཡོངས་མི་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །སྟོབས་དང་བརྩོན་འགྲུས་ཕུན་སུམ་ཚོགས། །དེ་ནི་ལེ་ལོ་མེད་པ་དང༌། །ཤིན་ཏུ་སྒྲུབ་པ་ཐོབ་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །མངོན་ཤེས་དྲུག་


GTD005_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ཟག་པ་མེད། །ཉོན་མོངས་ཐམས་ཅད་སྤངས་པ་ཡི། །དགྲ་བཅོམ་རྫུ་འཕྲུལ་ཆེན་པོར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །འཇིག་རྟེན་དག་ཏུ་དེ་བཞིན་གཤེགས། །མཚན་རྣམས་ཀྱིས་ནི་བརྒྱན་པ་དང༌། །གསེར་གྱི་སྐུ་མདོག་ཐོབ་པར་འགྱུར། །ཞེས་སོགས་དང༌། སྤྱན་རས་གཟིགས་ཀྱི་མདོ་ལས། འཇིག་རྟེན་མགོན་གྱི་མཆོད་རྟེན་ལ། །སུ་ཞིག་བསྐོར་བ་བྱེད་པ་ནི། །ཚེ་རབས་དག་ནི་ཐམས་ཅད་དུ། །བྱང་ཆུབ་སྤྱད་པ་སྤྱོད་པའི་ཚེ། །དྲན་དང་ལྡན་ཞིང་བློ་གྲོས་ལྡན། །བསོད་ནམས་ལྡན་ཞིང་འཇིགས་མེད་འགྱུར། །མཆོད་རྟེན་བསྐོར་བ་བྱས་ན་ནི། །ཚེ་རབས་དག་ནི་ཐམས་ཅད་དུ། །ལྷ་དང་ཀླུ་དང་གནོད་སྦྱིན་དང༌། །སྲིན་པོ་རྣམས་ཀྱིས་མཆོད་པར་འགྱུར། །ངས་ནི་གང་དག་བསྟན་པ་ཡི། །མི་ཁོམ་བརྒྱད་པོ་དེ་དག་སྤོང༌། །འཇིག་རྟེན་སྒྲོན་མ་མཉེས་བྱས་ནས། །ཡང་དང་ཡང་དུ་བསྟི་སྟང་བྱེད། །བདག་མེད་སྟོང་པའི་ཆོས་ཐོས་ན། །དེ་ནི་ཆོས་ལ་རྨོངས་མི་འགྱུར། །མྱུར་དུ་དད་པ་ཐོབ་འགྱུར་ཞིང༌། །ཆོས་དོན་ཇི་བཞིན་མཁས་པར་འགྱུར། །འཇིག་རྟེན་མགོན་གྱི་མཆོད་རྟེན་ལ། །མི་གང་བསྐོར་བ་བྱེད་པ་ཡི། །བསྔགས་པ་བསྐལ་པ་བྱེ་བར་ཡང༌། །བརྗོད་པས་ཟད་པར་བྱ་མི་ནུས། །ཞེས་དང༌། གསལ་རྒྱལ་ལ་གདམས་པ་ལས། སུ་ཞིག་དད་པས་ཐུབ་པའི་མཆོད་རྟེན་ནམ། །སྐུ་གཟུགས་དག་ལ་བསྐོར་བ་བྱེད་པ་དེ། །ཕྱི་མའི་ཚེ་ན་དགྲ་ཆེན་རྣམས་ཀྱིས་བཏུད། །བཟང་པོའི་སྣོད་གྱུར་ཡོན་ཏན་རྣམས་དང་ལྡན། །མི་རྣམས་སུ་དག་དགའ་ཞིང་གུས་པ་ཡིས། །བླ་མེད་མཆོད་རྟེན་རྣམས་དང་སྐུ་གཟུགས་ལ། །ལུས་ཀྱི་ལས་རྣམས་བྱེད་པ་དེ་དག་ནི། །སྲིད་པ་ཀུན་ཏུ་


GTD005_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད་རྣམས་ཤིན་ཏུ་རྒྱས། །ཞེས་སོགས་གནས་སྐབས་དང་མཐར་ཐུག་གི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་གསུངས་ལ། ཁྱད་པར་སྒྲིབ་སྦྱོང་གི་མཆོག་ཏུ་གྱུར་པས་ངན་འགྲོའི་སྐྱེ་སྒོ་ཁེགས་ཚུལ། མེ་ཏོག་བརྩེགས་པའི་གཟུངས་ལས། དགའ་བའི་སེམས་ཀྱིས་གོམ་པའི་གར་སྟབས་འགའ་བོར་ཏེ། སངས་རྒྱས་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །ཞེས་སྨྲ་བ་དེ་དག་ནི་བསྐལ་པའམ། བསྐལ་པ་བརྒྱའམ། བསྐལ་པ་སྟོང་ངམ། བསྐལ་པ་བརྒྱ་ཕྲག་སྟོང་དུ་ཡང་ངན་འགྲོ་ལོག་པར་ལྟུང་བའི་གནས་མེད་དོ། །ཞེས་དང་། གསང་བ་རིང་བསྲེལ་གྱི་ཟ་མ་ཏོག་ལས། སེམས་ཅན་གང་དག་མཆོད་རྟེན་དེ་ལ་བསྐོར་བ་གཅིག་གམ། ཕྱག་འཚལ་བ་གཅིག་གིས་མནར་མེད་པ་ལ་ཐུག་པའི་བར་ལ་སོགས་པ་རྣམས་ལས་ཡོངས་སུ་ཐར་པར་འགྱུར་ཞིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །ཞེས་གསུངས་སོ། །དེ་ཡང་སྒོ་གསུམ་བག་མེད་པའི་འཕྱར་གཡེང་དང་ངག་ཀྱལ་མི་དགེ་བའི་རྣམ་རྟོག་སོགས་ཀྱི་དབང་དུ་འགྲོ་བཞིན་པར་བསྐོར་བ་བྱས་ཀྱང་ཕན་ཡོན་དེ་ཙམ་མི་འབྱུང་ལ། ལུས་ཀྱི་སྤྱོད་ལམ། ངག་གི་བཟླས་བརྗོད། ཡིད་ཀྱི་དད་གུས་གསུམ་ག་ཚོགས་པའི་སྒོ་ནས་བྱས་ན་ལུས་ངག་ཡིད་གསུམ་གའི་དགེ་སྦྱོར་ཚང་བས་དོན་ཤིན་ཏུ་ཆེ་སྟེ། མཆོད་རྟེན་བསྐོར་བའི་མདོ་ལས། ལུས་ཀྱི་ལས་ཀྱང་བསྐོར་བ་ཡིན། །ངག་གི་ལས་ཀྱང་བསྐོར་བ་ཡིན། །ཡིད་ཀྱི་ལས་ཀྱང་བསྐོར་བ་ཡིན། །སྨོན་ལམ་བཏབ་པའང་བསྐོར་བ་ཡིན། །ཞེས་གསུངས། དེ་ལ་དགོངས་ཏེ་སྔོན་ཇོ་བོ་ཨ་ཏི་ཤ་རྒྱུན་དུ་


GTD005_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་བ་མཛད་པ་ལ། དགེ་བཤེས་སྟོན་པ་རིན་པོ་ཆེས། དགེ་སྦྱོར་བཞུགས་ནས་མི་མཛད་པར་བསྐོར་བ་ཉི་ཚེ་མཛད་པ་ཇི་ལྟར་ལགས་ཞུས་པས། ཁྱོད་ཀྱིས་མ་གོ་བ་ཡིན། འདི་ལ་ལུས་ངག་ཡིད་གསུམ་གའི་ལས་ཡོད་པ་ཡིན། བསྒོམ་པ་ལ་གཅིག་ལས་མེད། འདི་ལས་ལས་འཁོས་ཆེ་བ་མེད་གསུངས་པ་དང༌། ཡང་འདུ་བྱས་ཀྱི་དགེ་རྩ་ལ་བསྐོར་བ་ལས་བསོད་ནམས་ཆེ་བ་མེད། ལུས་ངག་ཡིད་གསུམ་གྱི་ལས་གསུམ་གས་བསྐོར་བ་ཡིན། རྒྱ་གར་ན་གྲོང་ཁྱེར་ཆེན་པོ་ལ་བསྐོར་བ་བྱས་པས་དངོས་གྲུབ་ཐོབ་པ་དང༌། གཙུག་ལག་ཁང་ལ་བསྐོར་བ་བྱས་པས་དངོས་གྲུབ་ཐོབ་པ་དང༌། ཁ་སཔར་ཎིའི་ལྷ་ཁང་ལ་བསྐོར་བ་བྱས་པས་དངོས་གྲུབ་ཐོབ་ཅིང་ནད་སོས་པ་སོགས་ཀྱི་གཏམ་རྒྱུད་མང་དུ་ཡོད་གསུང༌། དེའི་སྟོབས་ཀྱིས་བཀའ་གདམས་པ་ལ་བསྐོར་བའི་སྲོལ་དར་ཤོས་ཆེ་ཞིང༌། འབྲོམ་རིན་པོ་ཆེ་ཡང་རྒྱུན་དུ་བསྐོར་བ་མཛད་དོ། །ཕྱིས་ཞབས་ཀྱི་མི་ལྕོགས་པ་ན་ཁྱོགས་ནས་ཀྱང་བསྐོར་བ་གསུམ་གསུམ་མ་ཆག་པར་མཛད་ཅེས་བཀའ་གདམས་གོང་མའི་གསུང་སྒྲོས་ལས་འབྱུང༌། དེས་ན་སེམས་ཡེང་མ་ཡེང་དུ་མ་སོང་བར་ཡིད་ཀྱིས་དད་པའི་ཀུན་སློང་ཤུགས་དྲག་པོ་གསལ་འདེབས་པ་ནི་རྩ་བ་ཡིན་ཏེ། འདུལ་བ་ལུང་གཞི་ལས། མཁས་པ་གང་ཞིག་རབ་ཏུ་སེམས་དང་བས། །སངས་རྒྱས་མཆོད་རྟེན་ལ་ནི་གོམ་འདོར་ན། །ཛམྦུའི་ཆུ་བོའི་གསེར་གྱི་སྲང་ཚད་ནི། །སྟོང་ཕྲག་བརྒྱ་ཡང་དེ་དང་མཉམ་པ་ཡིན། །ཞེས་སོ། །དེའི་ཚེ་ངག་གིས་བཟླས་བརྗོད་སོགས་ལ་འབད་དགོས་པ་ཡང༌། ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མེད་ལས། ཚེས་བརྒྱད་དང་བཅུ་བཞིའམ། བཅོ་ལྔ་ལ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་གཟུངས་སྔགས་འདི་གཉིས་ལན་བརྒྱ་རྩ་བརྒྱད་


GTD005_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་བརྗོད་བྱས་ཤིང་རིང་བསྲེལ་དང་བཅས་པའི་མཆོད་རྟེན་ལ་བསྐོར་བ་བྱས་ན་འཕྲལ་དུ་སྡིག་པའི་དྲི་མ་དང་ཉོན་མོངས་པ་ཐམས་ཅད། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་གི་དྲི་མ་དང༌། སེར་སྣ་དང་ཕྲག་དོག་དང་བྲལ་བར་འགྱུར་རོ། །ཞེས་དང༌། དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་སྙིང་པོ་ཅན་གྱི་མཆོད་རྟེན་ལ་བསྐོར་བ་བྱའོ། །ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འདི་གཉིས་ཀྱང་དུས་གཅིག་ཏུ་དྲན་པར་བྱའོ། །དེ་ནི་གངྒཱའི་ཀླུང་བྱེ་བ་ཕྲག་ཁྲིག་ཕྲག་འབུམ་གྱི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་ལ་དགེ་བའི་རྩ་བ་བསྐྱེད་པར་འགྱུར་རོ། །བསོད་ནམས་ཆེན་པོ་དང་ལྡན་པར་འགྱུར་རོ། །མཚམས་མེད་པ་ལྔའི་ལས་ཀྱི་སྒྲིབ་པ་རྣམས་ཡོངས་སུ་བྱང་བར་འགྱུར་རོ། །སེམས་ཅན་དམྱལ་བ་དང༌། དུད་འགྲོའི་སྐྱེ་གནས་དང༌། གཤིན་རྗེའི་འཇིག་རྟེན་གྱི་ངན་སོང་རྣམས་ལས་ཡོངས་སུ་ཐར་པར་འགྱུར་རོ། །ཚེ་རིང་པོར་འགྱུར་རོ། །སྦྲུལ་གྱི་པགས་པ་བརྗེས་པ་བཞིན་དུ་ལུས་བོར་ནས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་འགྲོ་བར་འགྱུར་རོ། །ཞེས་གསུངས་ལ། འདིར་བསྟན་པའི་གཟུངས་གཉིས་ནི། ཨོཾ་ན་མ་སྟྲཻ་ཡ་དྷཱིཀཱ་ནཱཾ། སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་གརྦྷེ་ཛྭ་ལ་ཛྭ་ལ། དྷརྨ་དྷ་ཏུ་གརྦྷེ་སཾ་བྷ་ར་མ་མ་ཨ་ཡུཿ སཾ་ཤོ་དྷཱ་ཡ་སཾ་ཤོ་དྷཱ་ཡ་སརྦ་པཱ་པཾ་སརྦ་ཏ་ཐཱ་ག་ཏ་སནྟོཥྞཱི་ཥ་བི་མ་ལ་བི་ཤུདྡྷེ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཨཾ་བཾ་སཾ་ཛ་སྭཱཧཱ། ཞེས་དང༌། ན་མཿ སརྦ་ཏ་ཐཱ་ག་ཏ་ཎཱཾ། མཧཱ་ཙིནྟཱ་མ་ཎི་ཛྭ་ལ་ཞེས་སོགས་ཀྱི་གཟུངས་རིང་གཉིས་ཡིན་ཞིང༌། གཞན་ཡང་དེ་བཞིན་གཤེགས་པ་རིན་ཆེན་རྒྱལ་མཚན་གྱི་མཚན་དང༌། ན་མོ་བྷ་ག་ཝ་ཏེ། རཏྣ་


GTD005_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

ཀེ་ཏུ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་རཏྣེ་རཏྣེ་མཧཱ་རཏྣེ། རཏྣེ་བི་ཛ་ཡེ་སྭཱཧཱ། ཞེས་དང༌། ཨོཾ་ན་མོ་ད་ཤ་དིཀ་ཏྲི་ཀཱ་ལ་སརྦ་རཏྣ་ཏྲ་ཡཱ་ཡ། ན་མཿ པྲ་དཀྵ་སུ་པྲ་དཀྵ། སརྦ་པཱ་པཾ་པ་བི་ཤོ་དྷ་ནི་སྭཱཧཱ། ཞེས་པའི་གཟུངས་འདི་གཉིས་ཀྱིས་ཀྱང་སྐོར་བ་སྟོང་འགྱུར་དུ་འགྲོ་བ་སོགས་ཕན་ཡོན་མཐའ་ཡས་པར་གསུངས། གཞན་ཡང་བཀའ་གདམས་གོང་མའི་མན་ངག་ལས་བསྐོར་བ་རྟེན་བཅས་རྟེན་མེད་གཉིས་གསུངས་པས། རྟེན་བཅས་འདི་ལྟ་བུ་ལ་མཚོན་ན་འདིར་བཞུགས་པའི་སྐུ་བརྙན་རྣམས་ཀྱི་མཛོད་སྤུ་དང༌། གླེགས་བམ་གྱི་ཡིག་འབྲུ་མཆོད་རྟེན་གྱི་བུམ་པ་སོགས་ནས་འོད་ཟེར་འཕྲོས། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཉན་རང་ཆོས་སྲུང་ཕྱོགས་གཞན་གྱི་སྐུ་གསུང་ཐུགས་རྟེན་ལ་སོགས་པ་ཐམས་ཅད་སྤྱན་དྲངས་ཏེ་རྟེན་འདི་རྣམས་ལ་ཐིམ་པར་མོས་ཤིང༌། རང་གི་ལུས་བརྒྱ་སྟོང་ཁྲི་འབུམ་སོགས་སུ་སྤྲུལ་བར་མོས། ངག་ཏུ་གཟུངས་དེ་རྣམས་བརྗོད་བཞིན་པར་སོང་ན་ཕན་ཡོན་བསམ་གྱིས་མི་ཁྱབ་ཅིང༌། གནས་ཆེན་ཐམས་ཅད་བསྐོར་བ་བྱས་པར་འགྲོའོ། །རྟེན་མེད་ནི་སྐུ་གསུང་ཐུགས་རྟེན་དངོས་སུ་མེད་པའི་ཐང་སྟོང་ལྟ་བུར་ཡང་སྐོར་བ་བྱེད་འདོད་ན། བྷྲུཾ་སེར་པོ་ལས་བྱུང་བའི་དཔག་བསམ་གྱི་ཤིང་ཡངས་ཤིང་རྒྱ་ཆེ་བའི་སྟེང་དུ་སྐྱབས་ཡུལ་ཐམས་ཅད་བཞུགས་པར་མོས་ལ་བཟླས་པ་སོགས་སྔ་མ་བཞིན་དུ་བྱས་པས་བསོད་ནམས་རླབས་པོ་ཆེ་འཐོབ་བོ། །གཟུངས་དེ་དག་བློར་མི་ཟིན་ན་གཟུངས་སྔགས་ཟབ་མོ་གང་ཤེས་ཀྱིས་རུང་ལ། ཁྱད་པར་རང་ཅག་ཁ་བའི་ལྷ་སྐལ་སྤྱན་རས་གཟིགས་ཀྱི་གཟུངས་ལ་འབད་ན་བྱིན་རླབས་མྱུར་བས་ཤིན་ཏུ་ལེགས་ཏེ།


GTD005_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཀའ་འབུམ་ལས། བསྐོར་བའི་རྣལ་འབྱོར་ནི། ཐུགས་རྗེ་ཆེན་པོའི་སྐུ་གཅིག་ལ། ཕྱི་ལྟར་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། ནང་ལྟར་ན་བརྒྱུད་པའི་བླ་མ་ཐམས་ཅད། གསང་བ་ལྟར་ན་ཡི་དམ་མཁའ་འགྲོ་ཐམས་ཅད་བསྟིམ་ལ། ཨོཾ་མ་ཎི་པདྨེ་ཧཱུཾ། ཞེས་བཟླས་ཤིང་བསྐོར་བ་བྱའོ། །རྟེན་ལས་འོད་བྱུང་ནས་རང་ལ་ཕོག་པས་སྡིག་སྒྲིབ་ཐམས་ཅད་བྱང་བར་བསམ་ལ་བསྐོར་བ་བྱའོ། །ཞེས་གསུངས་པ་ལྟ་བུ་རེ་མ་མཐའ་ཡང་དགོས་སོ། །ཁ་ཅིག་ཕྱག་མཆོད་བསྐོར་བ་ལ་སོགས་པ་འདི་དག་ཆོས་ཟབ་མོ་ཉམས་ལེན་མི་ཤེས་པའི་ཕལ་བ་རྣམས་ལ་བསྔགས་པ་ཡིན་གྱི། བློའི་ནུས་པ་ཤིན་ཏུ་ཆེ་བ་རྣམས་ལ་འདི་མི་དགོས་སྙམ་པ་གཏན་ནས་མི་རུང་སྟེ། མདོ་སྡེ་ས་བཅུ་པ་ལས། དེ་བཞིན་གཤེགས་པ་ལ་མཆོད་པ་དང་རིམ་གྲོ་བྱ་བ་འོད་ཤིན་ཏུ་གསལ་བ་ཞེས་བྱ་བ་བྱེད་དེ། མཆོད་པ་དང་རིམ་གྲོ་བྱེད་པ་དེ། སེམས་དང་པོ་བསྐྱེད་པ་ཡན་ཆད། ས་དགུ་པ་ཐོབ་པའི་བར་དག་གིས་དེ་བཞིན་གཤེགས་པ་ལ་མཆོད་པ་དང་རིམ་གྲོ་བྱས་པའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ། ཞེས་སོགས་ཀྱིས་ས་གོང་མ་གོང་མའི་སྐབས་སུ་ལུས་ངག་གི་དགེ་སྦྱོར་ཡང་ཆེས་གོང་འཕེལ་དུ་འགྲོ་བར་གསུངས་ཤིང༌། བྱང་ས་ལས་ཀྱང༌། བྱང་ཆུབ་སེམས་དཔའ་དེ་དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ན་བཟའ་དང༌། ཞལ་ཟས་དང༌། གཟིམས་ཆས་དང༌། གདན་དང༌། བསྙུན་གྱི་གསོས་སྨན་དང༌། ཡོ་བྱད་རྣམས་དང༌། གུས་པར་སྨྲ་བ་དང༌། ཕྱག་འཚལ་བ་དང༌། སྔོན་དུ་ལྡང་བ་དང༌། ཐལ་མོ་སྦྱར་བ་དང༌།


GTD005_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་ནས། བྱང་ཆུབ་སེམས་དཔའི་མཆོད་པ་རྣམ་པ་བདུན་རྒྱ་ཆེན་པོ་ཞེས་བྱའོ། །ཞེས་ཕྱག་མཆོད་བསྐོར་བ་སོགས་རྒྱལ་སྲས་ཀྱི་ཉམས་ལེན་རྨད་དུ་བྱུང་བར་གསུངས་སོ། །ལ་ལ་རྒྱུད་ཀྱི་རྡོ་རྗེའི་ཚིག་འགའ་ཞིག་གིས་དགོངས་པ་མ་ཕྱེད་པར་གསང་སྔགས་པས་འདི་འདྲ་མི་དགོས་པར་སྨྲ་བ་ཡང་ལོག་པར་རྟོག་པ་ཡིན་ཏེ། རྗེ་མི་ལས། ང་རེས་འགའ་འགྲོ་ཞིང་འགྲོ་ཞིང་བསྒོམ། །འགྲོ་ཞིང་འགྲོ་ཞིང་བསྒོམ་ཙ་ན། །འགྲོ་འདུག་བསྐོར་བར་ཤེས་པའི་གདམས་ངག་ཡོད། །ཅེས་གསུངས་པ་ལྟ་བུ་གྲུབ་ཆེན་དུ་མས་གསུངས་ཚུལ་དང་ལོ་རྒྱུས་མང་དུ་ཡོད་ལ། མཧཱ་ར་ཏ་ཞེས་སོགས་ཀྱི་སྔགས་དོན་ལྟར་སྔགས་རང་ལམ་ལ་བསྐོར་བ་བྱེད་ཚུལ་ཐུན་མོང་བ་ལས་ཀྱང་ཆེས་ཟབ་ཏུ་བཏང་ནས་བྱེད་དགོས་པ་ཡིན་ནོ། །བསྐོར་ཚད་ནི་༸རྒྱལ་དབང་བདུན་པའི་གསུང་ལས། བསྐོར་བའི་ཚད་ཇི་ཙམ་དུ་བྱ་བ་ནི་མཐའ་གཅིག་ཏུ་ངེས་པ་བཟུང་དུ་མ་མཆིས་ཀྱང༌། དེང་སང་སྐོར་འབུམ་དུ་གྲགས་པ་ལྟར་གྱིས་གཞལ་ན། ཞེས་གསུངས་པ་ལྟར། རང་རང་གི་འབད་པས་ནུས་ཚད་དུ་བྱེད་པ་ལས་གྲངས་ཀྱི་ངེས་བཟུང་ལ་ཆེར་མི་ལྟོས། འོན་ཀྱང་སྔོན་འགྲོ་ཁྲིད་ཆེན་བཞིའི་སྐབས་སུ་ཕྱག་འབུམ་མཎྜལ་འབུམ། ཡིག་བརྒྱ་འབུམ་སོགས་གསུངས་པའི་རིགས་འགྲེ་སྦྱར་ཏེ་རྟེན་གཙོ་གང་ལ་གཞལ་བ་དེར་གྲངས་འབུམ་ཕྲག་གཅིག་འགྲོ་བའི་ཚོད་ལ་སྐོར་ཚད་དུ་གྲགས་པ་ལྟར་ན། རྟེན་གཙོ་འོད་དཔག་མེད་ཀྱི་པད་གདན་ལ་གཞལ་ཏེ། དེ་ཉེར་ལྔའི་འགྱུར་གྱིས་སེང་ཁྲིའི་འགྲམ་འཁོར་བས། མཆོད་རྟེན་རང་ལ་བསྐོར་བ་བཞི་སྟོང་བྱས་ཚེ་གཙོ་བོ་ལ་འབུམ་ཕྲག་གཅིག་གི་ཚོད་འཁྲོལ་དང་བཅས་ཏེ་འགྲོའོ། །དེ་ལྟར་ཕྱག་མཆོད༌


GTD005_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་བ་སོགས་ཀྱི་དགེ་བའི་ཆ་ཤས་ཕྲ་མོ་རེ་ལ་ཡང་ཕན་ཡོན་མཐའ་ཡས་དེ་ལྟ་བུ་འབྱུང་བ་ནི་མངོན་པ་ཀུན་བཏུས་སུ་བསམ་མི་ཁྱབ་ཀྱི་གནས་བཞི་གསུངས་པ་ལས། ལས་དང་འབྲས་བུའི་འབྲེལ་བ་བསམ་གྱིས་མི་ཁྱབ་པ་དེ་ཉིད་ཡིན་པས། སྐྱེ་བོ་བློ་གྲོས་མཆོག་ཏུ་གྱུར་པའི་དབང་རྣོན་རྣམས་ཆོས་ཉིད་ཀྱི་རིགས་པའི་སྒོ་ནས་ལེགས་པར་ངེས་པ་དྲངས་ཏེ་ཆོས་ཀྱི་རྗེས་སུ་འབྲང་བའི་དད་པ་ཕྱིར་མི་ལྡོག་པ་བསྐྱེད་ན་བྱིན་རླབས་དང་དངོས་གྲུབ་ཤིན་ཏུ་མྱུར་རོ། །འོན་ཀྱང་དབང་པོ་རྣོ་བར་རློམ་པ་རིགས་ལམ་འཆར་སྐྱེན་པ་ལྟར་སྣང་ཡང༌། དོན་གྱི་གཏིང་མི་དཔོག་པར་རྟོག་གེའི་རིགས་པ་ལྟར་སྣང་དུ་མས་གཡེང་སྟེ་ཟབ་མོའི་ཆོས་ལ་ཡིད་མི་ཆེས་པ་ནི། རྒྱན་གྱི་འགྲེལ་པ་རྣམས་སུ་སྤོབས་པ་མྱུར་བའི་སྦྱོར་སྐྱོན་བཤད་པ་བཞིན་ཤེས་རབ་འཆལ་བྱེད་དང་དངོས་གྲུབ་ཀྱི་གེགས་ཡིན་པས། དེ་ལས་དབང་པོ་རྟུལ་པོའི་ལུགས་ཀྱི་ཡིད་ཆེས་པའི་ལུང་གི་རྗེས་སུ་འབྲང་སྟེ་དད་པ་བསྐྱེད་ན་བྱིན་རླབས་མྱུར་ཏེ། གཤིན་རྗེའི་གཤེད་ཀྱི་རྒྱུད་རྟོག་པ་གསུམ་པ་ལས། ཆོས་ཉིད་བསམ་གྱིས་མི་ཁྱབ་པའི། །དོན་ལ་ཐེ་ཚོམ་མེད་པ་ཡི། །མཁས་པ་ལ་ནི་དངོས་གྲུབ་མྱུར། །ཡང་ན་བླུན་པོ་དད་པ་བརྟན། །དེ་ལ་སྦྱོར་བའི་དངོས་གྲུབ་ཉེ། །རྟོག་ཅིང་དཔྱོད་པའི་རྟོག་གེ་པ། །དེ་ལ་སྦྱོར་བའི་དངོས་གྲུབ་རིང༌། །ཞེས་དང༌། ཏིང་ངེ་འཛིན་རྒྱལ་པོ་ལས། རི་དང་ནགས་བཅས་ས་འདི་གས་འགྱུར་ཞིང༌། །རྒྱ་མཚོའི་ཆུ་དག་དེ་བཞིན་འཕོ་འགྱུར་ལ། །ཟླ་བ་ཉི་མ་ས་ལ་ལྷུང་གྱུར་ཀྱང༌། །རྒྱལ་བས་བཤད་པ་རྣམ་པ་གཞན་མི་འགྱུར། །ཞེས་གསུངས་པ་


GTD005_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་རྒྱལ་བའི་བཀའ་དྲི་མ་མེད་པ་རྣམས་ནས་ལན་གཅིག་མ་ཡིན་པར་ཡང་དང་ཡང་དུ་གསུངས་པ་ལ་ཐེ་ཚོམ་མེད་པའི་དད་པ་རྩེ་གཅིག་ཏུ་བསྐྱེད་དེ། དེས་ཀུན་ནས་བསླང་བའི་ཕྱག་དང་མཆོད་པ། གསོལ་འདེབས་བཟླས་བརྗོད་བསྐོར་བ་སོགས་ལ་འབད་ན་ཇི་སྐད་དུ་༸རྒྱལ་དབང་བདུན་པ་བསྐལ་བཟང་རྒྱ་མཚོས། གནས་སྐབས་མཐར་ཐུག་དོན་གཉིས་མུཀྟིཀ། །འབད་མེད་སྟེར་བའི་ལེགས་བྱས་བསྐོར་བའི་ལས། །དགེ་ཚོགས་རྣམ་དཀར་ཉ་ལྕིབས་ཁོག་ཡངས་པོར། །བཀང་བའི་འགྲོ་རྣམས་འདི་དང་ཕྱི་མར་འཚེངས། །ཞེས་གསུངས་པ་ལྟར། འདི་ཕྱི་ཀུན་གྱི་ལེགས་ཚོགས་མ་ལུས་པར་ལྷུན་གྱིས་གྲུབ་པ་ཞིག་འབྱུང་ངོ༌། །ཞེས་བྱ་བ་ནི་དྲུག་པ་བསྐོར་བ་བྱེད་ཚུལ་ཕན་ཡོན་དང་བཅས་པའི་སྐབས་སོ།། །།༈ བདུན་པ་དགེ་བའི་དངོས་པོ་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བས་རྒྱས་གདབ་པ་ནི། ཨོཾ་སྭ་སྟི། བདེན་ཚིག་གྲུབ་པའི་འཁོར་ལོ་རྩིབས་སྟོང་གིས། །ཕུན་ཚོགས་གསེར་ལྡན་ཡོངས་ལ་དབང་འབྱོར་བ། །རྒྱལ་དང་རྒྱལ་སྲས་ཉན་རང་རིག་པ་འཛིན། །མཐའ་དག་ལེགས་སྨོན་འགྲུབ་པའི་མགོན་མཛོད་ཅིག །བསམ་སྦྱོར་མི་དམན་བརྩོན་པའི་ཆུ་བོ་བརྒྱ། །ལེགས་བྱས་རྫིང་བུར་གཅིག་ཏུ་འཁྱིལ་བ་གང༌། །མངོན་མཐོ་ངེས་པར་ལེགས་པའི་ཕྱོགས་གང་དུ། །བགྲོད་པ་བསྔོ་བའི་འཇུག་ངོགས་སྲོལ་ལ་བརྟེན། །གསེར་སྦྱངས་གར་བུ་གཅིག་གི་ཆ་ཤས་ལས། །རྣམ་པ་ཐ་དད་བསྒྲུབ་པའི་བཟོ་བོ་བཞིན། །དགེ་བ་དམན་འབྲིང་མཆོག་གི་འབྲས་ལྡན་དུ། །བསྒྱུར་བའི་མངའ་བདག་འགྲོ་ན་གཞན་ཡོད་མིན། །དེ་ཕྱིར་བདག་སོགས་མཁའ་མཉམ་འགྲོ་བའི་ལས། །


GTD005_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་དཀའ་བའི་ཕྱོགས་སུ་སྣང་ངོ་ཅོག །དོན་མེད་འཁོར་བའི་ལམ་དུ་མི་ལྟུང་བར། །རྣམ་གྲོལ་རྒྱུ་ཡི་སྲད་བུར་བསྟར་གྱུར་ཅིག །མདོ་རྒྱུད་འཁྲུལ་བྲལ་གསེར་སྦྱངས་ཁམས་ལས་གྲུབ། །བསླབ་གསུམ་བཅུད་ལྡན་བསྟན་པའི་ཀཱ་ལ་ཤ །སྲི་ཞུའི་མགུལ་ཆིངས་གཡོ་བ་དང་བཅས་པས། །འགྲོ་ཀུན་གཙུག་ཏོར་རྩེ་ནས་དབང་སྦྱིན་ཤོག །ཁྱད་པར་དགེ་ལྡན་རིང་ལུགས་གསེར་གྱི་རྔ། །ཁོར་ཡུག་སྲིད་དུ་བརྡུང་བའི་སྒྲ་བོ་ཆེས། །མ་རྟོགས་ལོག་རྟོག་འཁྲུལ་བའི་དཔུང་ཚོགས་ལས། །རྣམ་པར་རྒྱལ་བའི་དགའ་བ་མཚོན་གྱུར་ཅིག །བརྗོད་པ་མ་ནོར་རྐྱེན་དང་རྣམ་འགྱུར་གྱི། །འཕང་འགྲོའི་ལྟོ་བར་སྤེལ་ལེགས་སྡེབ་སྦྱོར་དུ། །དྲངས་པའི་སྙན་ཚིག་རྒྱུད་སྟོང་འཁྲོལ་བ་ལས། །སྒྲ་རིག་དབྱངས་ཀྱི་དཀྱིལ་འཁོར་རྫོགས་གྱུར་ཅིག །ཕྱོགས་གླང་གྲགས་པའི་གཞུང་ལུགས་འོད་མའི་གཞུ། །རྣམ་དཔྱོད་འདོམ་གྱིས་ཉེར་གཞལ་རིགས་པའི་མདས། །རྒོལ་ངན་ལྟ་བ་ལོག་པའི་འབེན་བཤིག་པ། །གཏན་ཚིགས་རིག་པའི་ལུས་རྩལ་འབྱོངས་གྱུར་ཅིག །ལུས་བཟོ་ཀུན་ཕན་ལས་ཀྱི་གྲུ་ཆར་འབེབས། །ངག་བཟོ་འདེགས་འཇོག་འགྱུར་ཁུག་སྒྲ་བརྒྱ་རྒོད། །ཡིད་བཟོ་རྣམ་དཔྱོད་འཕྲུལ་གྱི་གློག་འགྱུ་བའི། །བཟོ་རིག་སྤྲིན་སྔོན་ཕུང་པོ་འཁྲིགས་གྱུར་ཅིག །ཆགས་སྡང་རྨོངས་པའི་མུན་ནག་ཚང་ཚིང་ནས། །གདུངས་པའི་དུག་རླངས་མི་བཟད་སྤྲོ་བ་ཡི། །རླུང་མཁྲིས་པད་ཀན་ནད་རིམས་གདུག་པའི་སྦྲུལ། །གསོ་རིག་མཁའ་ལྡིང་དཔུང་བས་གཞོམ་གྱུར་ཅིག །ལས་ཉོན་བག་ཆགས་ནག་པོ་བརྩེགས་


GTD005_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིས། །ཡོངས་སུ་ཟིན་པའི་གདུང་བ་རབ་བཅིལ་ཏེ། །རྣམ་གྲོལ་ཟག་མེད་དགའ་བའི་མཆོག་སྦྱིན་པ། །ནང་དོན་རིག་པའི་བདུད་རྩི་མྱོང་གྱུར་ཅིག །འཆད་མཁས་ཚིག་དོན་ཆ་ཤས་ཡོངས་གང་ཞིང༌། །རྩོད་ངག་དྲི་མེད་རིགས་པའི་འོད་དཀར་སྤྲོ། །རྩོམ་པའི་ཉམས་འགྱུར་རི་དྭགས་མཚན་མ་ཅན། །སྨྲ་བའི་ཟླ་བ་ཚར་དུ་དངར་བར་ཤོག །ཚུལ་ཁྲིམས་ཡོན་ཏན་ཚོགས་ཀྱི་ཆུ་འཛིན་ཀློང༌། །ཏིང་འཛིན་གློག་འཕྲེང་དྲ་བ་འཇུག་ཅིང་ལྡང༌། །ཤེས་རབ་ཟབ་མོའི་འབྲུག་སྒྲ་རོལ་བ་ཡི། །གྲུབ་དབང་བྱེ་བས་ཐུབ་བསྟན་མཁའ་ཁྱབ་ཤོག །རང་ཁྱིམ་གསལ་བའི་མེ་ཁྱེར་ཙམ་མིན་པར། །རིས་མེད་འཁོར་ལོ་གསུམ་གྱི་འོད་སྣང་ཅན། །རྒྱལ་བསྟན་སྤྱི་ལ་དགོངས་པའི་བསྟན་འཛིན་རྣམས། །བཞེད་པའི་སྙེ་མ་འབྲས་བུས་གང་གྱུར་ཅིག །བློ་བཟང་ཆོས་ཚུལ་ཐུབ་བསྟན་ཆུ་བོ་བརྒྱ། །འཇིགས་མེད་རྣམ་དཔྱོད་ཧུབ་ཀྱིས་ཉེར་གཞལ་ཏེ། །སླར་ཡང་ས་གསུམ་སྐྱེ་དགུའི་ཉེར་འཚོ་རུ། །ལེགས་གསུང་བདུད་རྩིའི་རྒྱ་མཚོར་འབེབས་གྱུར་ཅིག །ལུང་རིགས་སྒྲ་དབྱངས་ཆོས་ཀྱི་ཤུགས་འཆང་བ། །བཀྲ་ཤིས་རི་མོ་གཡས་སུ་འཁྱིལ་བའི་དུང༌། །སྐྱེ་དགུའི་བསོད་ནམས་སྤོ་མཐོར་བཞད་པའི་སྒྲས། །ས་གསུམ་རྒུད་པ་མིང་གི་མཐར་བྱེད་ཤོག །ཞི་དུལ་ཚངས་སྤྱོད་སྤུ་སྡུག་གོས་ཀྱིས་ཀླུབས། །ལེགས་བཤད་སྙན་འགྱུར་གཏམ་གྱིས་མགྲིན་པ་གང༌། །བགྲང་ཡས་བློ་གསལ་ཐར་འདོད་ཀོ་ཀི་ལས། །ཐུབ་བསྟན་དཔྱིད་ཀྱི་དགའ་ཚལ་མཛེས་གྱུར་ཅིག །དྲིན་དུ་མི་བགྲང་དད་པའི་ཁ་ལོ་ཡིས། །བསྟན་ལ་བཀུར་སྟི་རིམ་གྲོ་ལྷུར་བྱེད་


GTD005_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས། །དེ་དང་རྗེས་མཐུན་ཚེ་དཔལ་བསོད་ནམས་སོགས། །ལེགས་པའི་དཔལ་གྱིས་ཕྱིར་ཡང་བསྟི་བར་ཤོག །རླབས་ཆེན་བསོད་ནམས་གཞིར་གྱུར་མཎྜལ་ལར། །གསེར་དངུལ་རྐང་འགྲོ་ནོར་འབྲུ་རྡོ་ཤིང་སོགས། །རྒྱུ་སྦྱོར་ལྷག་བསམ་ཚོམ་བུར་དགོད་པ་ཀུན། །མངོན་མཐོ་ངེས་ལེགས་དགའ་བའི་དཔལ་ཐོབ་ཤོག །མཐོང་ཐོས་དྲན་རེག་གདུལ་བྱ་གླིང་བཞིའི་མཁར། །རྣམ་གྲོལ་ས་བོན་རྣམ་བཞིའི་མདངས་འཕྲོ་བ། །ངོ་མཚར་མཆོད་སྡོང་རིན་ཆེན་ལྷུན་པོ་འདི། །ཐུབ་བསྟན་རོལ་མཚོའི་རྒྱན་དུ་གནས་གྱུར་ཅིག །སད་སེར་ནད་རིམས་འཁྲུག་པས་མ་རྙོགས་ཤིང༌། །བདེ་འབྱོར་ལྦུ་བ་དཀར་པོའི་ཕྲེང་དཀྲིགས་པ། །དུས་ཀྱི་རྒྱལ་མོའི་ཆུ་བོ་རྣམ་བཞི་ཡང༌། །འཆོལ་མེད་ལེགས་བྱས་རྒྱ་མཚོར་འཇུག་གྱུར་ཅིག །རབ་གཏུམ་སྲིན་པོ་ཁྲོས་པའི་ལྟོ་བ་ན། །བག་མེད་རྩེན་པ་བྱིས་པའི་བློ་ཅན་རྣམས། །བདེན་དོན་ཆོས་ཀྱི་གླུ་ཡིས་རྒྱུད་བསྐུལ་ཏེ། །ཞི་བའི་གོ་འཕང་སྒྲུབ་ལ་གཞོལ་བར་ཤོག །སྒོ་གསུམ་དགེ་བར་བསྒྱུར་བའི་གོམ་སྟབས་ཀྱང༌། །ཆོས་བརྒྱད་འོག་འགྱུའི་གདོན་གྱིས་མ་བསླད་པས། །ཡོན་པོར་མ་ཡིན་ཆོས་ལམ་དྲང་པོ་རུ། །ཞུགས་ཏེ་ཡང་དག་ལམ་བཟང་མྱུར་བགྲོད་ཤོག །ཕུང་ཁྲོལ་ཀུན་གྱི་བྱེད་པོ་ནང་གི་དགྲ། །དེ་ཡི་རང་མདངས་ཕྱི་རོལ་ཉེར་འཚེ་སོགས། །བར་དུ་གཅོད་པའི་མིང་ཡང་མི་གྲགས་ཤིང༌། །མཐུན་པའི་དངོས་ཀུན་ལྷུན་གྱིས་འགྲུབ་པར་ཤོག །མ་འོངས་ཚེ་རབས་པདྨ་དཀར་པོའི་ཕྲེང༌། །བཤེས་གཉེན་ཉིན་བྱེད་འོད་ཀྱིས་མི་གཏོང་ཞིང༌། །ཚུལ་


GTD005_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཐོས་བསམ་སྒོམ་པ་སྦྲང་རྩིའི་བཅུད། །ཡིད་ཀྱི་བུང་བའི་ཉེར་འཚོར་སྨིན་གྱུར་ཅིག །མི་ཟད་ནོར་གྱིས་གང་ཞིང་ལེགས་པར་བསྡམས། །ཉེར་འཚེས་མི་ཚུགས་མཐུན་པའི་རླུང་གིས་བསྐྱོད། །རབ་ཏུ་བརྟན་པའི་ཤེས་རབ་གྲུ་བོ་ཆེས། །ཕྲ་རགས་སྲིད་པའི་མཚོ་ལས་བརྒལ་གྱུར་ཅིག །དབྱིངས་ཀྱི་མཁའ་ལ་ཀུན་རྟོག་ལས་ཉོན་ལུས། །འབྱུང་བ་རིམ་བརྩེགས་སྲིད་པའི་འཇིག་རྟེན་འདི། །མེ་གསུམ་ལས་འདས་ལྟ་བའི་བྱིན་ཟ་ཡིས། །ཕྱིས་འབྱུང་མེད་པ་ཉིད་དུ་སྦྱོང་གྱུར་ཅིག །མཁོ་བ་སྦྱིན་པའི་དྲི་ངད་ཕྱོགས་སུ་ལྡང༌། །སྙན་སྨྲ་རབ་མྱོས་བུང་བའི་སྒྲ་ལྡན་པ། །དོན་མཐུན་ཡོན་ཏན་སྦྲང་རྩིའི་འབྱུང་གནས་ཀྱིས། །སྐལ་བཟང་སྐྱེ་བོའི་རྒྱན་གྱི་དོན་སྤྱོད་ཤོག །གདོད་ནས་དག་པ་མ་ལུས་འགྲོ་བའི་ཁམས། །གློ་བུར་དྲི་མ་སྦྱངས་པའི་བྱང་ཆུབ་མཆོག། །སྟོབས་སོགས་ཡོན་ཏན་ཡོངས་སུ་རྫོགས་པ་ཡི། །ཀུན་བཟང་འཕྲིན་ལས་སྣང་བ་འབར་གྱུར་ཅིག །བདག་སོགས་དགེ་བའི་བསམ་སྦྱོར་ས་བོན་ནི། །བདེ་གཤེགས་ཐུགས་རྗེའི་རླན་གཤེར་གྱིས་སྨིན་ཅིང༌། །བསླུ་མེད་རྟེན་འབྱུང་དུས་སུ་ཕྱིན་པ་ལས། །གང་བཏབ་སྨོན་པའི་འབྲས་བུ་སྨིན་གྱུར་ཅིག །ལྟར་སྣང་དགེ་ལ་དམན་པའི་ཀུན་སློང་གིས། །འབྲས་བུའི་རྣམ་པ་གཞན་དུ་བསྒྱུར་བ་ཀུན། །སྲས་བཅས་རྒྱལ་བའི་བསོད་ནམས་དང་འདྲེས་ཏེ། །ཕུལ་བྱུང་རྣམ་པར་སྨིན་པའི་རྒྱུར་གྱུར་ཅིག །རྣམ་དཀར་དོན་ལྡན་ལས་ཀྱི་དོན་མཐུན་རྣམས། །ཁྲོ་སོགས་མི་བཟད་ཆོམ་པོས་མི་འཕྲོག་ཕྱིར། །ཐུགས་རྗེ་མངའ་བའི་ཐུགས་བསྐྱེད་བཙན་རྫོང་དུ། །རྟག་ཏུ་ཞུགས་ནས་རྟག་པའི་དཔལ་


GTD005_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་ཤོག །བློ་ཆུང་དགེ་བའི་ཆུ་ཐིགས་ཉམ་ཆུང་ཡང༌། །མཐུ་ཆེན་རྒྱལ་སྲས་སྤྱོད་པའི་རླབས་ཆེན་མཚོར། །གཅིག་ཏུ་འདྲེས་ཏེ་གཏན་ཏུ་མི་ཟད་པ། །ཀུན་བཟང་སྨོན་པའི་འབྲས་བཟང་སྨིན་གྱུར་ཅིག །ཅེས་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ་དང་ཕྱག་མཆོད་བསྐོར་བའི་ཕན་ཡོན་བསྟན་པ་མཆོད་རྟེན་མཐོང་གྲོལ་ཆེན་མོའི་དཀར་ཆག་ལྷའི་རྔ་ཆེན་ཞེས་བྱ་བ་འདི་ནི། སྤྱིར་བསྟན་པའི་གནས་ཚད་མདོ་སྡེ་བསྐལ་བཟང༌། སྙིང་རྗེ་པད་དཀར། ཟླ་བ་སྙིང་པོའི་མདོ། བློ་གྲོས་མི་ཟད་པའི་མདོ་འགྲེལ། ཐུབ་དགོངས། ཡུམ་གསུམ་གནོད་འཇོམས་སོགས་སུ་ལོ་སྟོང་དང༌། ཉིས་སྟོང༌། ཕྱེད་སུམ་སྟོང༌། ལྔ་སྟོང་སོགས་བཤད་ཚུལ་མི་འདྲ་བ་མང་བས། ཕྱི་མ་སྒྲ་ཇི་བཞིན་པར་བྱས་ཤིང༌། དེ་ལ་ཡང་འདས་ལོ་རྩི་ཚུལ་མང་ཉུང་གི་ལུགས་གཉིས་ལས། མང་བའི་ཕྱོགས་ལྟར་ན་དགྲ་བཅོམ། ཕྱིར་མི་འོང། རྒྱུན་ཞུགས་ཏེ་འབྲས་བུའི་ལེའུ་གསུམ། ཤེས་རབ། ཏིང་འཛིན། ཚུལ་ཁྲིམས་ཏེ་སྒྲུབ་པའི་ལེའུ་གསུམ། ལུང་མངོན་པའི་ལེའུ་དང་། མདོ་སྡེའི་ལེའུའི་ནང་ནས་བཞི་བརྒྱ་གོ་དྲུག་རྣམས་སོང་ཟིན་པའི་གོ་བདུན་པ་ཡིན་ཞིང་། ཐུབ་བསྟན་རིན་པོ་ཆེ་ལོ་ཟླ་རེར་ཡང་གནས་ན་ཅི་མ་རུང་སྙམ་དུ་སྨོན་པས་འདས་ལོ་ཉུང་བ་ལྟར་བྱེད་ཚེ། དེ་ལ་ཡང་སྟོན་པའི་འཁྲུངས་ལོ་སོགས་མི་འདྲ་བའི་དབང་གིས་བཤད་ཚུལ་སྣ་ཚོགས་ཡོད་ཀྱང༌། མཁས་གྲུབ་ཐམས་ཅད་མཁྱེན་པའི་དུས་འཁོར་ཊཱིཀ་ཆེན་གཞིར་བཞག་ན། བསྟན་པ་ལོ་ཉིས་སྟོང་དྲུག་བརྒྱ་བཞི་བཅུ་སྟེ། ཚུལ་ཁྲིམས་ལེའུའི་སྟེང་ནས་


GTD005_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་བཞི་བཅུ་པ་དང༌། དུས་འཁོར་རྒྱུད་འགྲེལ་གྱི་བསྟན་པའི་གནས་ཚད་དུས་བཞིར་གསུངས་པ་ལས། རྫོགས་ལྡན། གསུམ་ལྡན། གཉིས་ལྡན་རྣམས་འདས་ནས། རྩོད་ལྡན་གྱི་ཡང་ཉིས་བརྒྱ་རེ་ལྔར་སླེབ་ཅིང༌། རྗེ་བདག་ཉིད་ཆེན་པོས་རབ་བྱུང་བདུན་པའི་ས་གླང་ལ་རི་བོ་དགེ་ལྡན་བཏབ་ནས་སུམ་བརྒྱ་གོ་བདུན་དང༌། ལྔ་བརྒྱ་ཐ་མ་ཚུགས་ཏེ་ལོ་གྲངས་བཅུ་ལྷག་གི་རྗེས་ལ་ཀུན་མཁྱེན་འཇམ་དབྱངས་བཞད་པ་འཁྲུངས་ཤིང༌། རྗེ་དེ་ཉིད་ཀྱིས་རབ་བྱུང་བཅུ་གཉིས་པའི་ས་གླང་ལ་བཀྲ་ཤིས་འཁྱིལ་བཏབ་ནས། གོ་བདུན་པ་རབ་བྱུང་བཅུ་གསུམ་པའི་མཇུག་གི་ཆ། ཁྲོ་བོ་ཞེས་པ་ཤིང་མོ་གླང་གི་ལོ། ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་མཆོད་སྡོང་གསར་བཞེངས་ཀྱི་བགྱི་བ་ལེགས་པར་གྲུབ་སྟེ། རང་གཞན་གྱི་དགེ་རྩ་སྤེལ་བའི་ཕྱིར་དཀར་ཆག་ཅིག་ཀྱང་བསྒྲིག་འདུན་ཡོད་པའི་ཐོག །དད་བརྩོན་ལྡན་པ་དཀོན་མཆོག་བདེ་ཆེན་གྱིས་འདིའི་དཀར་ཆག །མཆོད་རྟེན་གྱི་རྣམ་བཞག་དང་བཅས་པ་ཞིག་དགོས་ཚུལ་ཡང་ཡང་བསྐུལ་ཞིང༌། སྤྲུལ་སྐུ་འཇིགས་མེད་མཁས་མཆོག །དུས་འཁོར་དཔོན་སློབ་དོན་ཡོད་ཚུལ་ཁྲིམས། སྨན་པ་དཔོན་སློབ་བློ་བཟང་རྒྱལ་མཚན་རྣམས་ནས་ཀྱང༌། རྟེན་གྱི་དཀར་ཆག་དང༌། ཕྱག་མཆོད་བསྐོར་བའི་ཕན་ཡོན། བསྐོར་ཚད་ལ་སོགས་པ་ཤིན་ཏུ་རྒྱས་པ་མདོ་རྒྱུད་ཀྱི་ཁུངས་དང་བཅས་པ་ཞིག་བྲི་དགོས་ཚུལ་གྱི་བསྐུལ་མ་གནང་བ་བཞིན་འཕྲལ་དུ་བསྒྲིགས་པའི་ཡི་གེ་པ་ནི་དགེ་སློང་དཀོན་མཆོག་ཀུན་དགས་བགྱིས་པ་འདི་ཡང་ལེགས་བྱས་ཀྱི་དགེ་མཚན་ཕྱོགས་བརྒྱར་འཕེལ་ཞིང༌། ཐུབ་བསྟན་རིན་པོ་ཆེའི་གསོས་སྨན་དམ་པར་ཡུན་དུ་གནས་པའི་རྒྱུར་གྱུར་ཅིག།། །།


GTD005_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

དཀོ༷ན་མཆོ༷ག་ཐུགས་རྗེའི་བདེན་མཐུས་ལེགས་བཤད་འདི། །བསྟ༷ན་པ༷འི་སྒྲོ༷ན་མེ༷ར་ཡུན་དུ་གནས་པ་དང༌། །འབྲེལ་ཐོགས་འགྲོ་ཀུན་གནས་སྐབས་དག༷འ་བདེས་འཚོ། །མཐར་ཐུག་རྣ༷མ་མཁྱེན་རྒྱ༷ལ་བའི་གནས་ཐོབ་ཤོག །ཅེས་པ་འདིའང་སུ་ཉིད་ཤོག་ནས་རྣམ་དཔྱོད་ཡངས་པ་རབ་འབྱམས་པ་ཀུན་དགའ་རྣམ་རྒྱལ་གྱིས་འདི་ཀའི་ངག་རྩོམ་པར་དུ་མ་འཁོད་པ་རྣམས་བརྐོ་དགོས་ཚུལ་ཐེབས་དང་བཅས་ཏེ་བསྐུལ་བ་བཞིན་བསྒྲུབས་པའི་ཚེ་བྲིས་པའོ། །

ལུང་སྟོན་བྱམས་པའི་དཀར་ཆག་གདངས་སྙན་ཆོས་ཀྱི་གཎྜི།


GTD005_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

བྱཱཀརཎཾམཻཏྲེཿ པཀྟྲསྭརཡཀདྷརྨབྱགཎྜིནཱམབིཧརཏིསྨཿ
ལུང་སྟོན་བྱམས་པའི་དཀར་ཆག་གདངས་སྙན་ཆོས་ཀྱི་གཎྜི་ཞེས་བྱ་བ་བཞུགས་སོ། །


GTD005_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

པྲཛྙེཉྩཀབྷབཙྪཏཤྩརཿ ཀཱརོཎོདམབནྡྷཙཱབྷབཿ ཏྲཻལོཀྱདྭིསཏིགྲཏལླགྷོཿ བནྡེསེབལབརྡྷདཱཤདཱཤདྷྲྀཀ྄ ཿ
ཤེས་རབ་འཁོར་ལོས་སྲིད་པའི་རྒྱུ་བ་བཅད། །སྙིང་རྗེ་ཐ་གུས་སྲིད་མིན་སྲིད་པར་བཅིངས། །བདེན་གཉིས་གོམ་པས་འཇིག་རྟེན་གསུམ་གནོན་པ། ། སྟོབས་ཀྱི་འཇུག་པ་བཅུ་མངའ་དེ་ལ་འདུད། །


GTD005_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ལྔ་ཡི་ཅོད་པན་གདེངས་ཀའི་འོད། །གང་གི་སྤྱི་བོར་བཀོད་བཞིན་གསུང་གི་མཆོག །སྦས་དོན་སྙིང་པོའི་མཛོད་བརྒྱ་ཕྱག་ཏུ་གཏད། །མི་ཕམ་རྒྱལ་བའི་རྒྱལ་ཚབ་རྒྱལ་གྱུར་ཅིག །ལས་ཉོན་ན་ཀྲས་རབ་དཀྲུགས་སྲིད་པའི་མཚོ། །སྡུག་བསྔལ་རླབས་འཕྲེང་སྲིད་རྩེར་འཕྱོ་བ་ལས། །སྒྲོལ་བའི་དེད་དཔོན་གཅིག་པུར་ཁྱོད་བསྟེན་ནོ། །འཕྲིན་ལས་གྲུ་གཟིངས་སྦྱོར་ཅིག་ཐུགས་རྗེའི་གཏེར། །གྲགས་པའི་སྒྲ་བརྒྱ་རོལ་པའི་སྤྲིན་དཀར་ལ། །རེ་བའི་མིག་འབུར་གཏོད་པའི་མདོངས་མཐའ་ཡང༌། །བསོད་ནམས་འདུ་བྱེད་གར་དང་ལྷན་ཅིག་ཏུ། །སྙིང་ལ་མངོན་དགའ་རྒྱས་པའི་ཅ་ཅོ་འཆོར། །རྒྱལ་གསུང་ལོང༷ས་སྤྱོད༷་རྫོགས་པའི་ངོ་བོ་ཉིད། །ངག་གི་ལོང༷ས་སྤྱོད༷་དབྱངས་ཅན་ངང་མོའི་གར། །མགྲིན་པ་ལོང༷ས་སྤྱོད༷་འཁོར་ལོའི་འོ་མཚོ་རུ། །ཅི་དགར་ལོང༷ས་སྤྱོད༷་མགྲིན་རྔ་འདི་ན་བརྡུང༌། །མཆོག་གསུམ་རྟེན་གྱི་


GTD005_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་བཞེངས་པའི་ཚུལ། །ཕྱག་མཆོད་སྐོར་བ་བཅས་པའི་ཕན་ཡོན་རྣམས། །མཐོང་ཐོས་རྣམ་གྲོལ་ལྷ་ཡི་རྔ་བོ་ཆེ། །བསྒྲགས་ཟིན་ཟློས་བུར་འགོད་པའི་ངལ་བ་བསྐྱུངས། །དེང་ནི་ཉམས་འགྱུར་འདབ་མའི་བཀྲག་མདངས་དང་། །དོན་གྱི་སྙིང་པོ་དད་པ་སྦྲང་རྩིའི་བཅུད། །ཟུང་དུ་གཉེར་བའི་བློ་གསལ་བྷྲ་མ་རཿ། །དགའ་སྐྱེད་མེ་ཏོག་ཕོན་པོ་འགའ་ཙམ་སྤེལ། །གཞུང་ལུགས་རྣམ་མང་ཐོས་པའི་དངོས་གྲུབ་ལ། །འདོད་ཆུང་ཆོག་ཤེས་འགྲམ་པ་མི་སྟོན་པར། །ལེགས་བཤད་ནོར་བུ་སྐྱུག་པའི་ནེའུ་ལེའི་ཁར། །རྣ་བའི་ཡོལ་གོ་གཏད་དེ་བཟེད་པར་མཛོད། །དེའང་རྒྱལ་བ་རྣམས་ཀྱིས་བྱིན་གྱིས་རློབས་པའི་ཚེ་ཕྱག་གཡས་པ་སྤྱི་བོར་བཞག་སྟེ་བྱིན་རླབས་ཞུགས་པའི་ཚུལ་མདོ་སྡེ་ས་བཅུ་པ་དང་ལང་གཤེགས། རབ་ཞི་རྣམ་ངེས་སོགས་དུ་མ་ལས་གསུངས་ཤིང་། ཁྱད་པར་དུ་བཤད་རྒྱུད་རྡོ་རྗེ་འཕྲེང་བ་ལས། དེ་ནས་ལུང་བསྟན་ཐོབ་དོན་དུ། །ཞེས་པ་ནས། གཡས་པ་མི་འཇིགས་སྦྱིན་བྱས་ལ། །དབུགས་དབྱུང་བ་ཡི་མཆོག་བྱ་བ། །ཞེས་བྱང་ཆུབ་ཏུ་ལུང་སྟོན་པའི་ཚེ་ཕྱག་གཡས་པ་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པའི་ཕྱག་རྒྱ་བཅས་ཏེ་ལུང་བསྟན་པ་ལ་དགོས་པ་དང་རྟེན་འབྲེལ་ཁྱད་པར་ཅན་ཡོད་པར་གསུངས། དོན་དེ་ལ་དགོངས་ཏེ་པཎ་ཆེན་དགེ་འདུན་གྲུབ་ཀྱིས་ཀྱང་། དེ་ཚེ་རྒྱལ་བ་བྱམས་པ་རབ་ཏུ་དགྱེས། །ཕྱག་གཡས་བདག་གི་མགོ་ལ་བཞག་བཞིན་དུ། །བླ་མེད་བྱང་ཆུབ་མཆོག་ཏུ་ལུང་བསྟན་ནས། །ཞེས་གསུངས་


GTD005_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང༌། རྗེ་བཙུན་ངག་དབང་བྱམས་པའི་ལྗགས་བཀོད་ཀྱི་བྲིས་ཐང་མང་པོར་ཡང་དེ་བཞིན་འབྱུང་བས། རྟེན་འབྲེལ་གྱི་སྒོ་ལ་བསམས་ནས་བྱང་ཆུབ་ཏུ་ལུང་སྟོན་པར་མཛད་པའི་བྱམས་མགོན་གྱི་སྣང་བརྙན་གསར་བསྐྲུན་བགྱིས་ཏེ་དཀར་ཆག་མདོ་ཙམ་འགོད་པ་ལ། རྟེན་བཞེངས་མཆོད་ཀྱི་ཕན་ཡོན་སོགས་ནི་མཐོང་གྲོལ་ཆེན་མོའི་དཀར་ཆག་ཏུ་བཤད་ཟིན་པ་ལས་ཤེས་པར་བྱ་ཞིང༌། འདིར་གང་གི་ཕྱིར་བཞེངས་པའི་དགོས་པ། གང་གིས་བཞེངས་པར་བྱེད་པའི་བཟོ་བོ། གང་བཞེངས་པའི་རྟེན་གྱི་ངོ་བོ། དེ་ལྟར་བཞེངས་པའི་དགེ་བ་བསྔོ་བ་སྟེ་དོན་ཚན་བཞི་ལས། དང་པོ་ནི། སྔོན་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་ཐོས་བསམ་གྱིས་ཞུགས་པ་རྣམས་བསྟན་པ་འདི་ལ་ཐོག་མ་ཁོ་ནར་སྨིན་ཅིང་གྲོལ་བའི་ཚུལ་ལུང་སྡེ་བཞི་སོགས་ལས་རྒྱ་ཆེར་འབྱུང་བ་དང༌། བསྟན་པ་འདི་ལ་བྱ་བ་ཅུང་ཟད་བྱས་པ་རྣམས་ཀྱང་མ་འོངས་པ་ན་བྱམས་མགོན་གྱི་གདུལ་བྱར་འགྱུར་བར་སྟོན་པས་མདོ་སྡེ་དུ་མ་ལས་གསུངས་ཤིང༌། བྱམས་མགོན་ཉིད་ཀྱིས་ཀྱང་རང་གི་འདུལ་སྐལ་དུ་གཟིགས་པས་ད་ལྟ་ནས་བདག་གིར་མཛད་པ་ནི་བྱམས་ཆོས་ལྔ་སྐྱེས་སུ་བསྐུར་ཏེ་བདུད་རྩིའི་བགོ་སྐལ་སྔ་མགྱོགས་སུ་སྦྱིན་པར་མཛད་པ་འདི་ཉིད་ཀྱིས་ཤེས་ལ། ཀུན་མཁྱེན་བླ་མ་སྐུ་སྔ་ཕྱི་སོགས་དམ་པ་གོང་མ་རྣམས་ཀྱིས་ཀྱང་བྱམས་མགོན་གྱི་སྐུ་རེ་བཞེངས་ཏེ་རྗེས་འཇུག་རྣམས་དེ་ལ་འབྲེལ་བ་འཇོག་ཏུ་འཇུག་པ་ནི་མཛད་སྲོལ་ངེས་ཅན་ལྟ་


GTD005_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

བུར་སྣང་བས། རང་ཉིད་ཀྱིས་ཀྱང་དེ་དག་གི་རྣམ་ཐར་སྨོན་པའི་ཡུལ་དུ་བྱས་ཏེ་བྱ་བའི་འཁོར་ལོ་འདི་ཉིད་ལ་ཞུགས་པ་ཡིན་པས་ཚུལ་དེ་དབྱངས་ཀྱིས་བསྙད་ན། ཐུབ་དབང་རང་གི་བསྟན་ལ་སྨིན་གྲོལ་ལམ། །བགྲོད་པ་མ་རྫོགས་ཞི་བའི་མགྲོན་པ་ཀུན། །ཁྱོད་ཀྱིས་སྐྱོང་ཞེས་མགོན་དང་གདུལ་བྱ་རུ། །ཕན་ཚུན་མཚམས་སྦྱོར་བཀའ་ཆེམས་རིམ་པར་བཞག །འོད་སྲུང་བསྟན་ལ་ཆེས་ཕྲའི་ས་བོན་ཡང༌། །ཉི་མའི་གཉེན་གྱིས་མོད་ལ་སྨིན་པའི་ཚུལ། །སྡེ་བཞིའི་ལུང་གི་དུས་སྟོན་དར་བའི་གཏམ། །ཕྱི་མའི་སྐལ་བཟང་མཚོན་པའི་མཚན་མ་མཆོག །རྒྱལ་བསྟན་འདི་ལ་ད་ལྟ་ཞུགས་སོ་ཅོག །རྒྱལ་ཚབ་ཉིད་ཀྱིས་སླད་ནས་འདྲེན་པའི་བརྡར། །རྒྱལ་ཡུམ་དགོངས་འགྲེལ་མངོན་རྟོགས་རྒྱན་ལ་སོགས། །རྒྱལ་བའི་ཐུགས་བཅུད་ཟབ་དགུ་སྐྱེས་སུ་བསྐུར། །དེ་ལྟའི་ངོ་མཚར་རྣོ་ལྡན་ཀྱོ་བ་ཡིས། །དྲངས་པ་སྤྲོ་བའི་ཡིད་ཀྱི་པདྨོའི་ཁ། །རྒྱལ་བའི་ཉི་མ་གང་གི་རྗེས་ཕྱོགས་ལས། །རྣམ་དཀར་འདུ་བྱེད་སྦྲང་རྩིའི་བཅུད་དུ་འདུས། །ལུང་ཆོས་སྨྲ་བའི་སྒོ་ལ་རྨོངས་པའི་རྒྱ། །ཚུལ་བཞིན་སྒྲུབ་པའི་སྒོ་ལ་གཡེང་བའི་རྒྱ། །བྱ་བ་ལས་ཀྱི་སྒོ་ལ་སེར་སྣའི་རྒྱ། །བཏབ་སྟེ་ཐང་སྟོང་བསྟན་ལ་ཅི་ཞིག་བགྱི། །མཁས་པའི་རྣ་བར་ལེགས་བཤད་བདུད་རྩིའི་རྒྱུན། །ཕལ་བའི་ལག་ཏུ་གཏོང་བའི་ནོར་གྱི་རྒྱུན། །ཀུན་ལ་རྟེན་མཆོག་མིག་གི་བདུད་རྩིའི་རྒྱུན། །ལམ་གསུམ་འབབ་པས་འགྲོ་གསུམ་དྲི་མ་འཁྲུད། །སྤྱི་བོར་བླ་མའི་ཞབས་རྡུལ་ལྷན་སྐྱེས་བཞིན། །མགྲིན་པར་ལེགས་བཤད་རོལ་མོ་ལྷན་སྐྱེས་བཞིན། །སྙིང་ལ་སྐྱོ་བའི་འདུ་ཤེས་ལྷན་སྐྱེས་བཞིན། །སྒོ་གསུམ་རྣམ་དཀར་


GTD005_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ལྷན་སྐྱེས་བཞིན། །དཀོན་མཆོག་རྒྱལ་བ་ཀུན་འདུས་ཀུནྡའི་གཉེན། །འཇིགས་མེད་སྣང་བའི་བྱིན་རླབས་བྱིན་པ་ཡིས། །ཡིད་དབང་དད་པའི་རྒྱ་མཚོ་རྒྱ་ཆེ་རུ། །འཕྱུར་བའི་ལེགས་བྱས་རླབས་ཆེན་རླབས་འདི་འཕྲོས། །མཐའ་ཡས་མཆོག་གསུམ་རྟེན་རྣམས་བྱིན་རླབས་ཀྱི། །གཏེར་དུ་མཉམ་ཡང་ཁྱད་འཕགས་རྟེན་འབྲེལ་སྒོ། །དམ་པའི་ལེགས་ཕྱེའི་སྲོལ་བཞིན་བྱང་ཆུབ་ཏུ། །ལུང་སྟོན་བྱམས་པ་མགོན་པོའི་སྐུ་འདི་བསྒྲུབས། །བདོ༡ག་པའི་སྙིང་པོ་སྡིག་མེ༢ད་གཙང་མའི་དངོས། །གཏོང་བའི་རྒྱུ་འབྲས་ངེས་སེ༣མས་སྤྲོ་བ༤་ཡིས། །རྩེ༥་གཅིག་ཡིད་ཀྱིས་བླང་དོར་མ༦་ནོར་བར། །བསྒྲུབས་པ་འདི་ཡང་རྒྱལ་བའི་གཞུང་ལམ་ཡིན། །༈ གཉིས་པ་གང་གིས་བཞེངས་པའི་བཟོ་བོ་ནི། སྔ་སོར་འདི་འདྲའི་རྟེན་བཞེངས་ཤིག་གི་འདུན་པ་ཡོད་ཀྱང་ཉེ་འཁོར་དུ་དེ་ལྟ་བུའི་བཟོ་བོ་མེད་ལ། ཐག་རིང་ཞིག་ཏུ་བཏང་ན་བཀོད་པ་སོགས་བློ་དང་མཐུན་པ་ཞིག་མི་འོང་བས་ཇི་ལྟར་བྱེད་སྙམ་དུ་ཐེ་ཚོམ་གྱི་ངང་ལ་གནས་པའི་ཚེ་བཟོ་བོ་འདི་ཉིད་གློ་བུར་དུ་འོངས་ཏེ་ཐེག་མཆོག་འཁོར་ལོ་བཞི་ལ་བརྟེན་ནས་རེ་བའི་ཤིང་རྟ་ཇི་ལྟར་སྨོན་པའི་ལམ་དུ་བགྲོད་པའི་རྟེན་འབྲེལ་རང་འགྲིག་ཏུ་གྱུར་ཏོ། །དེའང་འདིའི་སྐྱེས་ཡུལ་ནི་ཧོར་རྒྱལ་པོ་རྣམས་ཀྱིས་ཆོས་ཀྱི་རྒྱལ་སྲིད་རིམ་པར་བསྐྱངས་ཤིང༌། འཇམ་མགོན་ས་པཎ་དང་ཀརྨ་པཀྴི་སོགས་དམ་པ་མང་པོས་བྱིན་གྱིས་བརླབས་པའི་གནས་ལང་གྲུའུ་སྡེ་བཞིར་གྲགས་པའི་མཁར་གྱི་ནང་དབུལ་ཕྱུག་བར་མའི་ཁྱིམ་སྐྱིད་དེ་བ་ཞིག་ཡིན་ལ། དེར་བཟའ་ཚང་མི་མཐུན་པ་


GTD005_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་མི་བདེ་བའི་རྐྱེན་ཅིའང་མེད་ཀྱང་ལོ་བཅུ་དྲུག་བཅུ་བདུན་ནས་བཟུང་ཡུལ་དུ་གཏན་མི་འཁོར་བར་མགར་བསླབས་ཏེ་ཕྱོགས་སྣ་ཚོགས་སུ་འཁྱམས་ཤིང་འགྲོ་བ་དང༌། ཕྱོགས་རེར་ལོ་ཟླ་ཁ་ཤས་རེར་བསྡད་དེ་ཡོན་གྱི་འཕྲོ་སོགས་ལེན་པ་ལྟ་ཅི། རང་གི་ལག་ཆ་སོགས་ཀྱང་བསྐྱུར་ཏེ་འགྲོ་བས་ཕལ་མོ་ཆེ་རླུང་སེངས་ལྟ་བུར་རྩིའང༌། དེ་འདྲ་ཡིན་ན་སླར་དྭངས་ནས་ཕྱིར་འཁོར་དགོས་རྒྱུ་ལ་བློས་གང་བཅད་དེ་ལས་སླར་འགྱུར་ལྡོག་མེད་པས་བསམ་བཞིན་དུ་དེ་ལྟར་བྱས་པ་ཡིན་པར་སྣང༌། ཕྱོགས་འདིར་ཡང་སྔར་གཏན་ནས་འདྲིས་མེད་ཅིང་འདི་ན་རྒྱུས་ཡོད་ཀྱི་མི་བསྙེགས་ནས་འོང་ས་གཅིག་མེད་ཀྱང་འདི་ཕྱོགས་སུ་བསྙེགས་འོངས་པ་དང༌། རང་ལའང་འདི་བཟོ་སོགས་ཇི་ལྟར་ཡིན་ཞིབ་ཆ་རྒྱུས་མེད་བཞིན་དུ་ཕན་ཚུན་བློ་མཐུན་པས་བྱ་བའི་འཁོར་ལོ་རྩོམ་རྒྱུར་སོང་བ་ནི་སྔོན་གྱི་ལེགས་སྨོན་དང་དཀོན་མཆོག་གི་ཐུགས་རྗེས་རྒྱུད་བསྐུལ་བར་མངོན། བཟོ་བོ་ཉིད་ཀྱི་རང་བཞིན་ཡང་འཕྲལ་ལ་གཞན་གྱིས་ཅི་ཟེར་བའི་རྗེས་སུ་མི་རྒྱུག་པར་གྱོང་བོ་ལྟ་བུ། ཡུན་དུ་འགྲོགས་ན་ངང་ཚུལ་བཟང་ཞིང་ཕན་སེམས་ཆེ་བས་འགྲོགས་བདེ་བ། གནས་སྐབས་རྒྱུ་ནོར་ཚོལ་བ་ལྟ་བུར་སྣང་ཡང་འཕྲལ་གྱི་ཟས་གོས་སྒྲིག་རྟེན་ཕྲན་བུ་རེ་བྱུང་ཚེ་དགའ་ཚོར་ཆེ་ཞིང༌། ནོར་ཆེ་བ་རེ་བྱུང་ཚེ་འདི་འདྲ་བཟུང་ནས་གར་འགྲོ་རྒྱུ་ཡིན་ཞེས་དེ་ཙམ་གྱི་འདོད་པ་མེད་པ་དང༌། ནོར་གྱི་རིན་ཐང་སོགས་བློ་ལ་ཤིན་ཏུ་གསལ་ཡང་ཚོང་སོགས་ཀྱི་ཚེ་མ་ཤེས་པ་ལྟར་བྱས་ཏེ་རྒྱལ་ཁ་གཞན་ལ་སྟེར་ཞིང༌། གཞན་སུས་ཀྱང་མ་མཐོང་བར་བྱས་ནས་དབུལ་ཕོངས་ལ་སྦྱིན་པ་གཏོང་བ་སོགས་འདོད་ཆུང་ཆོག་ཤེས་ཀྱི་སྤྱོད་པ་ཡ་མཚན་པ་


GTD005_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། རིན་པོ་ཆེའི་རིགས་མང་པོ་རྩིས་གདབ་མེད་པར་ལག་ཏུ་བཞག་ཀྱང་སྐྱོན་མེད་པར་མ་ཟད་ཕྲ་ལེགས་པ་རེ་ཉེར་སྤྱད་ལྟ་བུ་ལ་འདེབས་རྒྱུ་བྱིན་ནའང་དེར་གཏོང་མི་བྲ་བར་དཀོན་མཆོག་གི་རྟེན་ལ་འགྲོ་ཐབས་བྱེད། གསེར་གཏོང་ཚུལ་རྒྱ་ནག་གི་ལུགས་འདི་བཞིན་བྱས་ན་འགྲོ་སྒོ་ཆུང་ཞེས་ལ་ལས་བཤད་པར། མཐུག་ན་བཟང་ཞེས་དེའི་ཚིག་ལ་མི་ཉན་ཞིང༌། དབུས་བཟོ་རྣམས་གསེར་བྱུགས་ཏེ་བསྲེག་མ་ཐག་བཙོད་དུ་བཅུག་པས་མདོག་དམར་སང་ངེ་བ་འོང་ཚུལ་བཤད་ཀྱང༌། གསེར་ཅི་ཡིན་རུང་རང་མདོག་དེ་གར་བཞག་ན་བཟང་ཞེས་མི་ཉན་པ་ནི་དེ་རིགས་ལ་འདྲིས་ཆུང་བའི་སྟབས་ཡིན་ནམ་སྙམ་ཡང༌། ཕྱིས་སུ་བརྟག་ཚེ་དཀོན་མཆོག་གི་ཞིང་ལ་རྒྱུ་འགྲོ་གང་ཆེ་དང་གཡོ་སྒྱུ་མ་འདྲེས་པའི་ཀུན་སློང་རྣམ་དག་ཅིག་ཡིན་པར་མངོན་ཏེ། བཟོ་བོ་ཕལ་ཆེར་སྐུའི་ཕྱི་ནང་རྒྱབ་མདུན་ལ་ཁྱད་འབྱེད་ཀྱང༌། འདིས་ནི་མཐོང་མི་མཐོང་གིས་གང་ལའང་ཞིབ་ཆ་བྱེད་ཚུལ་ཚོད་གཅིག་ཁོ་ནར་སྣང་བ་ནི་ལས་འབྲས་ལ་ཡིད་ཆེས་པའི་མཚན་མར་མངོན། བསྙེན་གནས་ཀྱི་སྡོམ་པ་ཞིག་ཕོག་ན་སྙམ་སྟེ་འཕྲོས་བཏང་བར། ཁོ་བོ་རབ་བྱུང་ཞིག་བྱས་ན་སྙམ་ཡང་སྲུང་དཀའ་བར་སྣང༌། བ་ཟ་བླ་མའི་མདུན་ནས་དགེ་བསྙེན་གྱི་སྡོམ་པ་ཞིག་བླངས་ཡོད་ཟེར་ཏེ། སྡོམ་པ་ལེན་རྒྱུར་སྲུང་མཚམས་ཀྱི་མནོ་བསམ་སྔོན་དུ་གཏོང་བ་འདི་ནི་དེང་དུས་ཀྱི་ཕལ་མོ་ཆེ་དང་མི་འདྲ་བའི་བློ་ལྡན་གྱི་གཏམ་དུ་སྣང༌། མདོར་ན་ཤཱ་རིའི་བུས་ཞུས་པ་ལས། བཟོ་བོ་བློ་ལྡན་གཙང་སྦྲ་ཆེ། །བསྟན་བཅོས་ཀུན་ལ་བསླབ་པ་དང༌། །ང་རྒྱལ་ཆུང་ཞིང་སྒྲུབ་ཕོད་ལ། །བརྩོན་ཞིང་དགེ་ལ་སྤྲོ་


GTD005_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང༌། །ཤེས་རབ་ཆེ་དང་ནན་ཏན་ཆེ། །ལྷག་པར་གསོ་སྦྱོང་བཟུང་བ་དང༌། །བསླབ་པ་ལ་གུས་ཆོས་བརྒྱད་སྤངས། །ཉིན་མཚན་ཀུན་ཏུ་མི་གཡེལ་བར། །དགེ་བ་ལ་ནི་བརྩོན་པ་དང༌། །བྲི་བའི་ལས་མཐའ་རབ་ཏུ་བྱུང༌། །བྲམ་ཟེ་གཙང་མའི་སྤྱོད་པ་བཞིན། །ཁྲུས་དང་གཙང་སྦྲ་དག་ལ་གནས། །འདོད་པ་ཆུང་ཞིང་ཆོག་ཤེས་པ། །ཞེས་སོགས་ཀྱིས་མཚོན་མདོ་རྒྱུད་དུ་མ་ལས་གསུངས་པ་ལྟར། འདོད་ཆུང་ཆོག་ཤེས། དཀོན་མཆོག་ལ་དད་པ། ལས་འབྲས་ལ་ཡིད་ཆེས། སྐྱོ་ངལ་མེད་པའི་བརྩོན་འགྲུས། སྒོ་གསུམ་བག་ཡོད་པའི་ཚུལ་ཁྲིམས། དེས་ཤིང་གཟུ་བོར་གནས་པའི་རང་བཞིན། བླང་དོར་མ་ལོག་པའི་ཤེས་རབ་སོགས་བཟོ་བོའི་མཚན་ཉིད་ཇི་སྙེད་ཅིག་གསུངས་པ་རྣམས་ཚང་ཞིང༌། དེའི་ལྡོག་ཕྱོགས་ཀྱི་སྐྱོན་མཐའ་དག་དང་བྲལ་བ་ཞིག་སྟེ། སྔོན་གྱི་ལོ་རྒྱུས་ལ་ལར་སྤྲུལ་བའི་བཟོ་བོ་ཞེས་གྲགས་པ་རྣམས་ཀྱང་གནས་སྐབས་དེའི་མི་རྣམས་ཀྱི་སྣང་ཚུལ་ལ་འདི་འདྲ་བའི་མི་དཀྱུས་མ་རེ་ཡིན་ཞིང༌། པཎ་ཆེན་དགེ་འདུན་གྲུབ་ཀྱིས་བྱམས་སྐུ་བཞེངས་པའི་ཚེ་བཟོ་བོ་གློ་བུར་དུ་ལྷགས་པའི་ཚུལ་ངོ་མཚར་ཆེ་བར་གླེང་བའང་འདི་བཞིན་ཡིན་པས། རང་གི་ངོས་ནས་བློ་འགེལ་ནུས་ན་དཀོན་མཆོག་གི་ཐུགས་རྗེ་ཉི་འོད་དང་ཆུ་ཟླ་བཞིན་མཆོག་དམན་ཀུན་ལ་མཉམ་པར་འཇུག་པ་གདོན་མི་ཟ་བ་ཞིག་གོ །དེ་ལ་འདི་སྐད་ཅེས་བྱ་སྟེ། མཐུན་དགུ་རྐྱེན་དུ་འཛོམས་པའི་ཡུ༡ལ་ལྗོངས་འདིར། །ཡབ་རྗེ་ད༢མ་པའི་མཛད་སྲོལ་བརྣག་པའི་ཚེ། །རིང་ནས་ལེ༣གས་སྨོན་གྱིས་བཀུག་བཟོ་བོ་ཡིས། །བསྒྲུབས་པ་བསོ༤ད་ནམས་མཐུ་བཞིན་གེགས་མེད་གྲུབ། །ཆོས་ནོར་སྡེ་བཞིའི་དཔལ་


GTD005_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་མངོན་མཐོ་བ། །ལང་གྲུའུ་སྡེ་བཞིའི་གྲོང་ཁྱེར་མ་ལ་ཡར། །སྐྱེས་ཀྱང་སྣ་ཚོགས་ཡུལ་གྲུར་ལེགས་བྱས་ཀྱི། །ཁང་བཟང་སྣ་ཚོགས་འདེགས་པའི་ཀ་བར་གྱུར། །སྔར་ནས་འདྲིས་པའི་འབྲེལ་བ་མ་མཆིས་ཀྱང༌། །ལེགས་སྤྱད་མདུན་མར་ལྷན་ཅིག་ཚོགས་པ་ཡི། །ཕོ་ཉར་རང་གི་སྔོན་དགེའི་རྟ་ཞོན་ནས། །མཆོག་གསུམ་ཐུགས་རྗེའི་ཁྱེ་འུ་དཀྱུས་སོ་སྙམ། །གཏད་མེད་ཀུན་ཏུ་འཁྱམས་པ་རི༷་དྭགས་བཞིན། །དམ་བཅའི་མཚམས་ལས་མི་གཡོ་རི༷་བོ་བཞིན། །སུ་དང་མི་བསྟུན་གྱོང་པོའི་ཤིང༷་སྐམ་བཞིན། །འགྲོགས་ན་གཤིས་བཟང་འཇམ་པའི་ཤིང༷་བལ་བཞིན། །སྔོན་རབས་གཏམ་དུ་སྤྲུལ་བའི་བཟོ་བོ་ཞེས། །གྲགས་པའི་གཡེར་ཁ་འཁྲོལ་བ་དེ་དག་ཀྱང༌། །མཁའ་ལས་རྡོལ་མིན་སྤྱོད་དང་རྣམ་པར་བཅས། །དེ་ཚེ་སྣང་བར་འདི་ཀོ་ཙམ་དུ་བས། །བཟོ་བོ་བི་ཤྭ་ཀརྨ་གཉིས་པ་ཞེས། །སྨྲས་ན་ཀུན་གྱིས་ཅོལ་ཆུང་གཏམ་དུ་སེམས། །ལྷ་ཡི་ཞལ་བཟང་ཇོ་ཤཱཀ་གཉིས་པ་རུ། །མངོན་སུམ་ཚད་མས་གྲུབ་ལ་བསྙོན་དུ་ཅི། །སྤྱན་ཟུར་མཆུ་སྒྲོས་བརྫེས་པའི་འཛུམ་ཞལ་ཙམ། །བཟོ་བོ་ཕལ་གྱི་སྤྱོད་ཡུལ་ལགས་ན་ཡང༌། །བཅུ་དྲུག་ལང་ཚོ་གསར་བའི་གཞོན་ནུའི་ཉམས། །འདི་ཉིད་ཁོ་ནའི་སོར་མོའི་འཕྲུལ་ལས་བྱུང༌། །སྨྲ་བ་རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས། །ཕན་པར་དཀའ་བ་སྙིགས་མའི་དུས་མཐའ་འདིར། །མིག་གི་བདུད་རྩིར་འཕྲུལ་བའི་འཛུམ་དཀར་གྱི། །ག་པུར་ཐིགས་པ་ཀུནྡའི་དཔྱིད་དུ་གྱུར། །ཐུབ་པས་ལེགས་བསྔགས་འདོད་ཆུང་ཆོག་ཤེས་དང༌། །དད་བརྩོན་བློ་གྲོས་ཁྲིམས་ཀྱི་


GTD005_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

འདབ་འཕྲེང་ཅན། །བསོད་ནམས་སྦྲང་རྩིའི་འབྱུང་གནས་གསར་བ་ཞིག །ལེགས་བྱས་དོ་ར་མཛེས་པའི་རྒྱན་དུ་འཁྲུངས། །༈ གསུམ་པ་གང་བཞེངས་པའི་རྟེན་གྱི་ངོ་བོ་ལ་ཕྱིའི་སྐུ་དང་ནང་གི་གཟུངས་གཞུག་གཉིས་ལས། དང་པོ་ནི། ཐོག་མར་རང་གི་ལུས་ཚད་ཅིག་བཞེངས་རྒྱུའི་འཕེན་པ་བྱས་ཏེ་ལྷ་བཟོ་སྐལ་བཟང་ལ་བྲིར་བཅུག་པ་གཞལ་ཚུལ་གྱིས་རིམ་པས་ཇེ་ཆེར་སོང་སྟེ་རྒྱུག་མཐོ་བཅུ་བཞི་ལྷག་ཙམ་དུ་གྱུར་པས་དགེ་ཚོགས་གོང་འཕེལ་གྱི་རྟེན་འབྲེལ་མངོན་པར་འགྲིགས། མ་ཕྱིའང་འདུ་ཁང་ཕུར་བཞུགས་པའི་ཇོ་བོའི་སྐུ་འདི་ནི་སྔོན་གཞུང་གི་སྲིད་སྐྱོང་མི་དབང་བསོད་ནམས་སྟོབས་རྒྱས་ཀྱིས་བྱས་ཏེ་བོད་ཀྱི་བཟོ་གྲྭ་མ་ཉམས་པར་ཡོད་པའི་དུས་ལྷ་སའི་ཇོ་བོ་རིན་པོ་ཆེར་དཔེ་བླངས་ཏེ་གཟབ་ནས་བཞེངས་པ་ཡིན་པས་སྔོན་ཆད་ཕྱོགས་འདིར་བཟོ་ལེགས་པའི་ཚད་བཞག་ལྟ་བུ་ཡིན་སྟབས་དེ་དང་ཧོར་རྒྱལ་པོའི་དུས་ཀྱི་སྐུ་བརྙན་བྱོན་ལེགས་འགའ་ཞིག་ལ་དཔེ་བྱས་པ་ཡིན་ནའང༌། རྗེས་སོར་གྲུབ་པའི་ཚེ་དེ་དག་ལས་ཉམས་ཆེས་ཁྱད་པར་དུ་གྱུར་པ་ཇོ་ཤཱཀ་རྣམ་གཉིས་ཀྱི་སྐུ་ཉམས་ལ་འགྲན་བཟོད་པ་དང༌། ལྷག་པར་ཞལ་གྱི་གཞོན་ཉམས་སོགས་ཇོ་བོ་མི་བསྐྱོད་རྡོ་རྗེ་ཇི་ལྟ་བ་ཞིག་བྱུང༌། འགའ་ཞིག་ཕྱག་ཚད་ཀྱི་གཞུང་བཤད་ལ་མཁས་ཀྱང་ལག་ཏུ་བླང་བའི་ཚེ་ཇི་བཞིན་མི་འོང་བ་མང་ལ། འདིར་གཞུང་ཚིག་གཤར་རྒྱུ་མི་འདུག་ཀྱང་ཆ་མཐའ་དག་ཞིབ་ཏུ་གཞལ་བའི་ཚེ་གཞུང་དོན་དང་ཅུང་ཟད་ཀྱང་མི་འགལ་བས། ཇི་ཙམ་བརྟགས་ཀྱང་ཆ་མ་སྙོམས་པ་ལྟ་བུའི་སྐྱོན་གདགས་རྒྱུ་མེད་པར་མ་ཟད། གཞན་དང་བསྡུར་ཏེ་ཡུན་དུ་བལྟས་ཀྱིན་སྐུའི་སྟོད་སྨད། ཡན་ལག་དང་ཉིང་ལག་ཐམས་ཅད་སྐབས་ཕྱེད་ལ་ཤིན་ཏུ་འཇམ་ཞིང་གཞོན་


GTD005_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་ཆགས་པ། མཛེས་ཁྱད་སྔར་ལས་ལྷག་པ་རེ་བསྣན་གྱིན་ཤར་འོང་བ་ལྟ་བུས་ཡུན་རིང་པོར་འདྲིས་ཀྱང་ནམ་བལྟས་པའི་ཚེ་གསར་མཐོང་གི་དུས་དང་འདྲ་བར་ཡིད་དང་མིག་འཕྲོག་པས་ལྟ་བས་ཆོག་མི་ཤེས་པ་སྟེ། བསྟོད་པ་བརྒྱ་ལྔ་བཅུ་པ་ལས། ཁྱོད་ཀྱི་སྐུ་དེ་གང་གིས་ནི། །ལན་བརྒྱར་མཐོང་དང་གང་ཞིག་གིས། །དང་པོར་མཐོང་བ་དེ་གཉི་ག །འདྲ་བར་མིག་ནི་མགུ་བར་མཛད། །ཅེས་པ་ལྟར་རོ། །དེར་མ་ཟད་མདོ་སྡེ་རྣམས་ལས་དབུ་གདུགས་ལྟར་ཟླུམ་པ། དཔྲལ་བའི་དབྱིབས་ཟླ་བ་ལྟར་རྒྱས་པ། སྤྱན་ཨུཏྤ་ལའི་འདབ་མ་འདྲ་བ། འགྲམ་པ་ཟླུམ་ཞིང་རྒྱས་པ། མགྲིན་པ་དུང་འདྲ་བ། རོ་སྟོད་སེང་གེ་ལྟ་བུ། སྐེད་སྐབས་ལྡེམ་ཞིང་འཁྲིལ་བ། སྐུའི་ཁོ་ལག་ཡངས་པ་སོགས་མཚན་དཔེའི་ཁྱད་པར་གསུངས་པ་རྣམས་ཀྱང་རྒྱུན་པར་འོལ་སྤྱི་ཙམ་ལས་མི་འཆར་ཡང༌། འདིར་སྐུའི་སྟེང་དུ་བལྟས་པ་ན་གཞུང་ནས་བཤད་པ་དེ་འདི་ག་རང་དུ་འདུག་སྙམ་ནས་ཉམས་འཆར་ཚུལ་སྔར་དང་མི་འདྲ་བར་བློ་ངོར་ཁྲིག་གེ་ངོ་འཕྲོད་པ་ཞིག་འོང་བར་སྣང༌། ཁྱད་པར་དུ་ཕྱག་གཡས་པ་སྤྱི་བོར་བཞག་སྟེ་ལུང་སྟོན་པའི་རྣམ་པ་མཛད་པ་དེའི་སྟེང་དུ་སྐུའི་ཆ་ཐམས་ཅད་བསྒྲིམས་ཤིང་ཕྱོགས་ཏེ་དགོངས་པ་གཏད་ནས་བཞུགས་ཡོད་པའི་ཉམས་ཤིག་མཁས་བླུན་ཐམས་ཅད་ལ་མཐོང་ཙམ་ཉིད་ནས་འཆར་རྒྱུ་ཡོད་ཀྱང༌། དེ་བཟོ་ཚུལ་འདིའི་སྟོབས་ཀྱིས་ཡིན་པར་འདུག་ཅེས་སྨྲ་རྒྱུ་དང༌། རྩོལ་བས་བྱས་པའི་ཉམས་ཤིག་མེད་པར་རང་བྱོན་ཤུགས་འབྱུང་གི་ཉམས་ཤིག་ཏུ་སྣང་བ་ནི་ངེས་པར་ཐུགས་རྗེའི་སྤྱན་གྱིས་གཟིགས་པའི་མཚན་མ་དང༌། མ་འོངས་པ་ན་བྱང་ཆུབ་ཏུ་ལུང་སྟོན་པའི་རྟེན་འབྲེལ་གྱི་སྒོ་


GTD005_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

འགྲིགས་པ་ཡིན་ནམ་སྙམ་དུ་དགའ་བ་ལྷག་པར་འཕེལ་ལོ། །ཕྲ་རྒྱན་ཡང་དབུ་རྒྱན་དབུས་མའི་དཀྱིལ་དུ་མརྒད་ཕུག་རོན་གྱི་སྒོ་ང་ཙམ་ཞིག་དང་པདྨ་རཱ་ག་མཐེབ་མགོ་ཙམ་གཅིག །རྩེ་མོར་མརྒད་མཐེ་བོང་ཙམ་གཅིག །དབུ་རྒྱན་བར་མ་གཉིས་ཀྱི་རྩེར་སུ་གནྡ་མཛུབ་རྩེ་ཙམ་རེ། མགུལ་རྒྱན་གྱི་གཤམ་དུ་པད་རག་མཛུབ་རྩེ་ཙམ་གཅིག །མརྒད་དང་སུ་གནྡ་སྲན་ཆེན་ཙམ་རེ། གཞན་ཡང་གཡུ་བྱུ་རུ་མུ་ཏིག་མུ་མེན་སྤོས་ཤེལ་སོགས་ཆེ་ཆུང་སྣ་ཚོགས་པ་དང༌། སྟོད་སྨད་རྒྱབ་མདུན་གྱི་འཕྲེང་བ་གང་དགོས་ལ་བྱུ་རུ་དང་གཡུའི་འཕྲེང་བ་སྤུས་ལེགས་གྲངས་མཚུངས་ཀྱི་འགྲམ་དུ་གསེར་གྱི་འབུར་སྒྲིལ་ཡོད་པ། ཕྲ་རྒྱན་ཧ་ཅང་སྤུངས་ཆེ་བས་རྫོབ་པོར་མ་སོང་ཞིང༌། ཉུང་བས་ཐོར་བུའང་མ་ཡིན་ལ། གཡས་གཡོན་སོགས་ཆ་མཚུངས་པས་མཛེས་པ་སྐྱེད་པ་སོགས་མདོར་ན་ཕྲ་རྒྱན་གོས་འཁྱུད་མདངས་སོགས་གང་ཐད་ནས་ཕུན་སུམ་ཚོགས་ཀྱང༌། གཙོ་བོར་གྱུར་པ་ནི་སྤྱན་སྔ་བློ་གྲོས་རྒྱལ་མཚན་གྱིས། མཁས་པ་ཚུགས་དང་ཚད་ལ་བརྟག །ཆགས་ཅན་རྒྱན་དང་ན་བཟའ་ལྟ། །བླུན་པོ་ཚོན་དང་མདངས་ལ་བརྟག །གསུངས་པ་བཞིན་མཁས་པའི་སྐྱེ་བོ་བློ་དང་ལྡན་པ་རྣམས་ཀྱིས་སྐུའི་ཆ་ཚད་དང་ཤ་ཚུགས་ལ་གཙོ་བོར་བྱེད་དགོས་སོ། །ད་ལྟ་དུས་དབང་གིས་བཟོ་བོ་རྣམས་ཀྱང་ཡོན་ལེན་པའི་ཐབས་ཙམ་ལས་ལག་ལེན་ཆད་ཚག་སློབ་པ་དཀོན་པར་སྣང་ནའང༌། མ་མཐའ་མིག་གིས་མངོན་སུམ་དུ་མཐོང་བ་འདི་ལྟ་བུ་རེ་ལ་དཔེ་བགྱིས་ཏེ་འབད་ན་རང་ལ་སྐྱེད་ཐོན་ཅིང་སྐལ་ལྡན་དང་བ་འདྲེན་པ་སོགས་དོན་གཉིས་ཕུན་སུམ་ཚོགས་པའི་དམིགས་རྐྱེན་དུ་འགྱུར་རོ། །དེའང་འདི་ལྟར། གྲངས་མེད་ཚོགས་གཉིས་རི་མོ་ཡོངས་


GTD005_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན་པ། །མི་ཕམ་རྒྱལ་བའི་སྐུ་ལས་རང་འདྲ་ཞིག །སྐལ་ལྡན་ཞིང་ལ་མངོན་མཐོ་ངེས་ལེགས་ཀྱི། །ཀོ་ཊ་བ་དང་སཱ་ལུ་གདབ་པས་བྲེལ། །མུ་མཐའ་ཡས་པའི་འགྲོ་ལ་བརྩེ་བའི་སྦྱིན། །མི་མངོན་ཆོས་ཀྱི་དབྱིངས་ནས་གཟིགས་པའི་མདངས། །མེ་ལོང་དག་པར་གཟུགས་བཞིན་གསལ་བ་ཡིས། །མོས་གུས་རྩོལ་མེད་འདྲེན་འདི་ཨ་ཧོ་རྨད། །ཡུན་དུ་བལྟས་ཀྱིན་མཚན་དཔེའི་ཉམས་རྫོགས་ཤིང༌། །ཡང་ཡང་བརྟགས་ཀྱིན་ཆ་ཚད་འཁྲུལ་པ་མེད། །གཞན་དང་བསྡུར་གྱིན་ཆ་ཀུན་སྙོམས་ཤིང་མཛེས། །ཚུལ་འདི་བསམས་ཀྱིན་དགའ་དང་སྤྲོ་བ་སྐྱེས། །མཚན་དཔེའི་རང་བཞིན་རྐང་པ་དྲུག་པའི་གླུ། །མཁའ་ལ་དྲི་ཟའི་འཇིག་རྟེན་རྫོགས་པ་ཡང༌། །རྒྱལ་སྐུའི་སྣང་བརྙན་པདྨའི་དགའ་ཚལ་དུ། །བབས་པས་ངེས་ཤེས་དོན་གྱི་ཟིལ་མངར་མྱོང༌། །མརྒད་པདྨ་རཱ་ག་སུ་གནྡཿ ། །མུ་ཏིག་གཡུ་བྱུར་སྤོས་ཤེལ་མུ་མེན་ཤེལ། །རིན་ཆེན་ཕྲ་ཚོམ་སྣ་ཚོགས་མེ་ཏོག་གི །འཕྲེང་བ་མཛེས་ལྡན་གསེར་བཟང་ལྗོན་པ་བཞིན། །ཐོག་མ་ཉིད་དང་རིང་དུ་འདྲིས་པའི་མིག །མཚུངས་པར་འཕྲོག་པ་བསོད་ནམས་ཚོགས་ཀྱི་སྐུ། །སྙིགས་མའི་མཐར་ཡང་མངོན་སུམ་གྱུར་པ་ནི། །རྒྱལ་བའི་ཐུགས་རྗེ་གཟུགས་ཅན་ཉིད་དུ་ངེས། །བརྩེ་བའི་དགོངས་པ་ཀུན་ཏུ་གཏད་པ་ཡི། །ཉམས་འགྱུར་འཛུམ་དཀར་འོད་ཀྱིས་གསལ་བ་འདིས། །བྱང་ཆུབ་སྙིང་པོ་མཆོག་ཏུ་ལུང་སྟོན་པའི། །རྟེན་འབྲེལ་ཐོག་མའི་སྒོ་འཕར་ཕྱེས་སོ་སྙམ། །དེང་དུས་དུས་འཁོར་སྡོམ་འབྱུང་ལ་སོགས་ཀྱི། །ཕྱག་ཚད་ཚད་ལྡན་མཁས་ལས་མ་བསླབ་ཅིང༌། །བྲིས་འབུར་མན་ངག་ངག་རྒྱུན་མ་ཐོས་པར། །རྨོངས་པའི་


GTD005_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཟོ་བཟོ་བོའི་ཆེ་བར་རློམ། །ཨ་ཧོ་བཟོ་རིག་ལས་ལ་གཞོལ་བ་རྣམས། །བློ་གྲོས་མིག་གིས་གཞུང་དོན་བལྟ་བའམ། །ཐ་ན་ཆུ་བུར་མིག་གིས་འདི་འདྲ་ལ། །བལྟས་ཏེ་དལ་བ་དོན་དང་ལྡན་པར་གྱིས། །ནང་རྟེན་རྣམ་པ་བཞི་ལས། ཆོས་སྐུའི་རིང་བསྲེལ་གཟུངས་གཞུག་རྒྱས་བསྡུས་ཚར་བཅུ། བདེ་གསང་འཇིགས་གསུམ་གྱི་རྒྱུད་ཚར་གཉིས་རེ། མཚན་བརྗོད་ཚར་གསུམ། རྡོར་གཅོད་ཚར་ལྔ། ཚེ་མདོ་ཚར་བཞི། སྡུད་པ་ཚར་གཅིག །བྱམས་ཆོས་ལྔ་ཚར་གཉིས་དང༌། ཡང་རྒྱན་ཚར་གཉིས། སྨན་ཆོག་རྒྱས་པ་ཚར་གཉིས། བསྡུས་པ་ཚར་གཅིག །འཇུག་པ་ཚར་གཅིག །བྱམས་སྨོན་ཚར་བདུན། སྨོན་ལམ་ལྔ་ཚར་གཉིས། ཤེར་སྙིང་ཚར་གསུམ། གདུགས་དཀར་ཚར་གཅིག །དགའ་ལྡན་ལྷ་བརྒྱ་མ་ཚར་ལྔ། བྱམས་པས་དམ་བཅས་གཟུངས་ལྔ་ཁྲི་སུམ་སྟོང་བརྒྱད་བརྒྱ། མི་འཁྲུགས་པའི་གཟུགས་དང་ཚུལ་ཁྲིམས་རྣམ་དག་གི་གཟུངས་སྒྲིལ་བཅུ་གཅིག་རེ། སྨན་བླའི་གཟུངས་སྒྲིལ་གསུམ། ཚེ་གཟུངས་སྒྲིལ་བཞི། ཨ་ར་པ་ཙ་སྟོང༌། མ་ཎི་སུམ་ཁྲི་ལྔ་སྟོང༌། དམིགས་བརྩེ་མ་ཉིས་སྟོང༌། གངས་ཅན་མཁས་གྲུབ་མ་སུམ་བརྒྱ། སྒྲོལ་དཀར་སྙིང་པོ་ཉིས་སྟོང་དྲུག་བརྒྱ། རྣམ་རྒྱལ་གཟུངས་རིང་བརྒྱད་བརྒྱ། ཀུན་རིག་རྩ་སྔགས་སྒྲིལ་གཉིས། ཡིག་བརྒྱ་དགུ་བརྒྱ། སྐུ་བལ་དང་སྐུ་གདུང་གི་རིང་བསྲེལ་ཡང་སྨྲྀ་ཏིའི་ཕྱག་ཚྭ་ཐུབ་པའི་སྐུ་གཅིག། །རྗེའི་ཕྱག་ཚྭའི་འོད་དཔག་མེད་དང་འཇིགས་བྱེད། རྒྱལ་བ་འཇམ་དཔལ་རྒྱ་མཚོའི་ཕུར་ཚྭ། བྱམས་སྐུ་སྟོང་དང་བདུན་བརྒྱ། འཇམ་དབྱངས་ཀྱི་སྐུ་བཞི་བརྒྱ་ལྔ་བཅུ། སངས་རྒྱས་བྱང་སེམས་ཀྱི་སྐུ་སྣ་ཚོགས་སུམ་བརྒྱ་ཅན་ཚར་གཉིས། མི་ལའི་སྐུ་སུམ་བརྒྱ།


GTD005_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་སྐུ་ལྔ་བརྒྱ། སྒྲོལ་དཀར་གྱི་སྐུ་བཞི་བརྒྱ་བདུན་ཅུ། ཛམ་དཀར་གྱི་སྐུ་སྟོང་དང་བདུན་བརྒྱ། སྟོན་པའི་འཕེལ་གདུང༌། ཆོས་འཕགས་ཀྱི་ཚེམས་ཀྱི་དུམ་བུ། སངས་རྒྱས་གླང་པོའི་གདུང་གི་ཚེམས་ཀྱི་ཆ་ཤས། ལྷ་སའི་ནང་རྟེན་སངས་རྒྱས་མཐའ་སྐུ་མེ་ལོང་མའི་ཆ་ཤས། ནག་པོ་སྤྱོད་པའི་རུས་རྒྱན། ཏཻ་ལོ་པའི་བཞུགས་གདན་ཁྲི་སྙན་ས་ལའི་པགས་པ། མ་ཅིག་གྲུབ་པའི་རྒྱལ་མོའི་ཚེམས་ལས་གྲུབ་པའི་རིལ་བུ། ཕ་དམ་པའི་སྒོམ་ཐག །པཎ་ཆེན་ཤཱཀྱ་ཤྲིའི་སྐུ་ཆོས། སྲོང་བཙན་སྒམ་པོའི་ན་བཟའ་དང་ཞབས་ཆག་གི་དུམ་བུ། བལ་པོ་ཨ་སུའི་རྡོ་རྒྱུས་ཀྱི་སྒོམ་ཐག །རྭ་ལོའི་དབུ་ལོ་དང་སྣམ་སྦྱར་སོགས་རིས་མེད་ཀྱི་རྟེན་སྣ་ཚོགས། ཇོ་བོ་རྗེའི་སྣམ་སྦྱར་གྱི་ཚལ་བུ། འབྲོམ་སྟོན་པའི་དབུ་ལོ། པུ་ཏོ་པའི་དབུ་ནབ། ཤ་ར་བའི་སྐུ་མཚལ། འཆད་ཀ་པའི་ཞབས་ཆག། །མཚོ་སྣ་པའི་སྣམ་སྦྱར། སངས་རྒྱས་སྒོམ་པའི་སྐུ་ཆོས། རྒྱ་མ་སངས་རྒྱས་དབོན་གྱི་སྣམ་སྦྱར། མཆིམས་ནམ་མཁའ་གྲགས་ཀྱི་སྐུ་ཆོས། གཉོས་རྒྱལ་བ་ལྷ་ནང་པའི་དབུ་ལོ། ལྷོ་བྲག་གྲུབ་ཆེན་གྱི་དབུ་ཞྭ་སོགས་བཀའ་གདམས་གོང་མའི་སྐོར། ས་པཎ་གྱི་ཞུན་ཐིགས། རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་སྐུ་བེར། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་སྐུ་ཆོས། བོ་དོང་ཕྱོགས་ལས་རྣམ་རྒྱལ་གྱི་སྣམ་སྦྱར། ཚར་ཆེན་གྱི་དབུ་ལོ། བདག་ཆེན་ཀུན་དགའ་བློ་གྲོས་ཀྱི་ན་བཟའ་སོགས་ས་སྐྱའི་རྟེན། མར་པའི་སྐུ་བེར་སེང་གེ་འགྱིང་གནོན། སྲས་དར་མ་མདོ་སྡེའི་ན་བཟའ། མི་ལའི་སྒོམ་ཐག །དྭགས་པོ་ལྷ་རྗེའི་ན་བཟའ། ཕག་མོ་གྲུབ་པའི་སྐུ་ཆོས། ཀརྨ་པཀྴིའི་ན་བཟའ།


GTD005_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

འབྲི་གུང་སྐྱོབ་པ་རིན་པོ་ཆེའི་ན་བཟའ། ཐང་སྟོང་རྒྱལ་པོའི་སྒོམ་ཐག །རྒྱལ་བ་གཡའ་བཟང་བའི་ན་བཟའ། འབྲུག་པ་པད་དཀར་གྱི་རྟ་ཕྱིང་། འབྲུག་པ་ཀུན་ལེགས་ཀྱི་དོམ་གཤམ། སྤྱན་སྔ་ལྷ་གཟིགས་པའི་ན་བཟའ། གྲུབ་ཆེན་ཡེ་ཤེས་བཟང་པོའི་སྐུ་ཆོས། རྣལ་འབྱོར་བྱང་སེམས་ཀྱི་སྣམ་སྦྱར་སོགས་བཀའ་རྒྱུད་པའི་སྐོར། འཇམ་མགོན་ཙོང་ཁ་པ་ཆེན་པོའི་དབུ་ཞྭ། སྣམ་སྦྱར། ཕྱག་འཕྲེང་རྡོག་གཅིག །རྒྱལ་ཚབ་རྗེའི་ཚོམ་འབྲས། འདུལ་འཛིན་གྲགས་པ་རྒྱལ་མཚན་གྱི་གདུང་རས། ན་བཟའ། མཁས་གྲུབ་རིན་པོ་ཆེའི་བཞུགས་གདན། རྟོགས་ལྡན་འཇམ་དཔལ་རྒྱ་མཚོའི་སྣམ་སྦྱར། གནས་བརྟན་བཟང་སྐྱོང་བའི་སྣམ་སྦྱར། བྱམས་ཆེན་ཆོས་རྗེའི་གསེར་ཐེབ་ཀྱི་ལུང་དུ། བ་སོ་ཆོས་ཀྱི་རྒྱལ་མཚན་གྱི་དབུ་ལོ། གནས་རྙིང་ཀུན་དགའ་བདེ་ལེགས་ཀྱི་གདིང་བ། སྤྱན་སྔ་བློ་གྲོས་རྒྱལ་མཚན་གྱི་སྐུ་ཆོས། རྗེ་དགེ་འདུན་གྲུབ་ཀྱི་གདུང་རུས། མཁས་གྲུབ་ནོར་བཟང་པའི་སྣམ་སྦྱར། འཇམ་དབྱངས་དགའ་བློའི་སྣམ་སྦྱར། རྒྱལ་བ་དགེ་འདུན་རྒྱ་མཚོའི་ན་བཟའ། པཎ་ཆེན་བསོད་གྲགས་ཀྱི་ན་བཟའ། རྒྱལ་བ་བསོད་ནམས་རྒྱ་མཚོའི་དབུ་ལོ། རྒྱལ་བ་དབེན་ས་བའི་དབུ་ཞྭ། མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱི་དབུ་ལོ། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་དབུ་ལོ། རྒྱལ་བ་ཡོན་ཏན་རྒྱ་མཚོའི་ན་བཟའ། འཁོན་སྟོན་གྱི་དབུ་ཞྭ། སྐུ་ལྔ་པའི་དབུ་ལོ། ཐང་ཤམ། སྐུ་རགས། རྡོ་རྗེ་འཛིན་པ་དཀོན་མཆོག་རྒྱལ་མཚན་གྱི་དབུ་ལོ། པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་དབུ་ལོ། གཙང་ཆབ་རིལ་བུ། པད་དཀར་འཛིན་པའི་སྐུ་མཚལ། ལྗགས་ཀྱི་ཆ་ཤས། རྒྱལ་བ་ཚངས་


GTD005_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་པའི་དབུ་ལོ། རྒྱལ་བ་བསྐལ་བཟང་རྒྱ་མཚོའི་དབུ་ལོ། སྐུ་ཆོས། རྒྱལ་བ་འཇམ་དཔལ་རྒྱ་མཚོའི་དབུ་ལོ། རྗེ་འཇམ་དབྱངས་བཞད་པའི་དབུ་ལོ། ཤངས་ཕྱིས། སྤྲུལ་སྐུ་བསོད་ནམས་ཡེ་ཤེས་དབང་པོའི་དབུ་ཞྭའི་ནང་ཤ། །གེ་ར་དཀའ་བཞི་སངས་རྒྱས་དབང་ཕྱུག་གི་སྐུ་ཆོས། རོང་པོ་ཆོས་པ་རིན་པོ་ཆེའི་སྐུ་ཆོས། ཁྲི་ཆེན་ངག་དབང་མཆོག་ལྡན་གྱི་གདུང་རུས། དབུ་ལོ། རྗེ་དགེ་ལེགས་རྒྱ་མཚོའི་དབུ་ཞྭ། འཕགས་པ་ལྷ་འཇིགས་མེད་དཔལ་ལྡན་བསྟན་པའི་མགོན་པོའི་དབུ་ལོ། འཕགས་པ་སངས་རྒྱས་ཀྱི་སྣམ་སྦྱར། འཕགས་པ་ལྷ་རྒྱལ་བ་རྒྱ་མཚོའི་སྐུ་ཆོས། འཕགས་པ་ལྷ་ཆོས་ཀྱི་རྒྱལ་པོའི་དབུ་ཞྭ། འཕགས་པ་ལྷ་འཇིགས་མེད་བསྟན་པའི་རྒྱ་མཚོའི་དབུ་ལོ། འཕགས་པ་ལྷ་མཐོང་བ་དོན་ལྡན་གྱི་ན་བཟའ། བ་སོ་སྤྲུལ་སྐུ་ངག་དབང་དཀོན་མཆོག་ཉི་མའི་ཌཾ་རྫར། བ་སོ་སྤྲུལ་སྐུ་ངག་དབང་ཆོས་ཀྱི་དབང་ཕྱུག་གི་སྐུ་འགག །བ་སོ་སྤྲུལ་སྐུ་བློ་བཟང་དཔལ་ལྡན་རྒྱལ་མཚན་གྱི་དབུ་ལོ། རྒྱལ་སྲས་སྤྲུལ་སྐུ་བློ་བཟང་དཔལ་ལྡན་འཇམ་དཔལ་རྒྱ་མཚོའི་ན་བཟའ། རྒྱལ་སྲས་ཡེ་ཤེས་གྲགས་པའི་ན་བཟའ། རྒྱལ་སྲས་སྐལ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོའི་དབུ་ལོ། སྐུ་མཚལ། བྲག་གཡབ་སྤྲུལ་སྐུ་བློ་བཟང་རྣམ་རྒྱལ་གྱི་སྣམ་སྦྱར། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོའི་ན་བཟའ། ཀུན་མཁྱེན་འཇིགས་མེད་དབང་པོའི་ཚེམས། དབུ་ལོ། ཞབས་སེན། ཀློང་རྡོལ་གྲུབ་དབང་རིན་པོ་ཆེའི་གདུང་རས། སྟག་ཕུ་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་དབུ་ལོ། སྟག་ཕུ་བློ་བཟང་ཆོས་ཀྱི་


GTD005_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཕྱུག་གི་དབུ་ལོ། ཐུའུ་བཀྭན་རིན་པོ་ཆེ་བློ་བཟང་ཆོས་ཀྱི་ཉི་མའི་གདུང་རུས། ཞིང་བཟང་འཕགས་པ་དགེ་ལེགས་རྒྱལ་མཚན་གྱི་དབུ་ལོ། ལྕགས་རྭ་སྤྲུལ་སྐུ་ངག་དབང་འཕྲིན་ལས་དཔལ་བཟང་གི་དབུ་ལོ། མཆོག་སྤྲུལ་རིན་པོ་ཆེ་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོའི་ན་བཟའ་སོགས་རི་བོ་དགེ་ལྡན་པའི་བསྟན་འཛིན་དམ་པ་མདོ་དབུས་ཁམས་སུ་བྱོན་པ་ཕལ་མོ་ཆེའི་བྱིན་རྟེན་སྣ་རེ་ཚང་བར་བཞུགས་སོ། །གཞན་ཡང་བྲི་སྒྲུབ་ཚུལ་བཞིན་བྱས་པའི་དོན་ཀུན་གྲུབ་པའི་འཁོར་ལོ་རིལ་བུ་དང་བཅས་པ། ཚོགས་བདག་དང་གནོད་སྦྱིན་འཁོར་ལོ་ཚར་གསུམ་རེ། བྱང་ཆུབ་ཤིང་གི་དུམ་བུ། རི་བོ་གྲུ་འཛིན་གྱི་ལྕགས་ཤིང་གི་ལོ་མ། བསིལ་བ་ཚལ་གྱི་རྡོ་ནག །སྐུ་འབུམ་ཙནྡན་ཡི་གེ་ཅན། དགའ་ལྡན་ཆོས་རྒྱལ་གྱི་ན་བཟའ། རི་བོ་རྩེ་ལྔའི་རྡོའི་རིལ་བུ་དང་རི་ལྔའི་རྡོ། ཀུན་བཟང༌། སྟག་མོ་ལུས་སྦྱིན་གྱི་ས། ཆུ་བོ་གངྒཱའི་བྱེ་མ། གངས་ཏེ་སེའི་བྱེ་མ། ཙ་རིའི་གནས་རྡོ། ལོ་ཀྱཱ་ཏུན་དང་ཨ་ར་པ་ཙའི་སྒྲུབ་ཕུག་ཀྱི་ས། གོ་མ་སཱ་ལ་གནྔྷ་དང་བྱ་རུང་ཁ་ཤོར་གྱི་སྐུ་དཀར། བྲག་དཀར་དབུ་མ་རྟ་སོ། གངས་པུ་ལེ་སོགས་མི་ལའི་སྒྲུབ་གནས་ཕལ་ཆེར་གྱིས་མཚོན་རྒྱ་བོད་ཀྱི་གནས་ཆེན་ཕལ་མོ་ཆེའི་ས་སྣ། ཆོས་རྗེ་དོན་གྲུབ་རིན་པོ་ཆེའི་གདུང་གི་བདུད་རྩི་རིལ་བུ། གཙང་དབུས་ཀྱི་རྟེན་བསྡུས། སྐྱེ་བདུན། མ་ཎི། བདུད་རྩི་རིལ་བུ་སོགས་རྟེན་སྣ་ཐོར་བུའང་བསམ་གྱིས་མི་ཁྱབ་པར་བཞུགས་སོ། །གོང་སྨོས་ན་བཟའ་སོགས་བུག་ཚང་མིན་ཡང་ཆ་ཤས་འཁྲུལ་བྲལ་ཁོ་ན་ཡིན་ཏེ། དེའང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་དང་སྒོ་མང་ཆོས་གྲྭ་ལྷན་དུ་འགྲིམ་སྐབས་ཐུགས་ཡིད་གཅིག་


GTD005_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེས་ལྟ་བུར་ཡོད་པས། རྗེས་སོར་ཁོང་ནས་གཞུང་གི་ཆོས་སྲིད་ཡོངས་ཀྱི་བདག་པོ་མཛད་ཚེ་ཞུས་པ་བཞིན་ཕྱག་ཏུ་གང་ཡོད་ཀྱི་རྟེན་སྣ་ཆ་ཚང་བར་གནང་བས་གཞི་བྱས། གྲོ་ཚང་དང་མཛོ་མོ་མཁར། ཐུའུ་བཀྭན་བླ་བྲང་སོགས་ཀྱི་ནང་རྟེན་དང༌། ཁྲི་པ་བྱམས་པ་རྒྱ་མཚོའི་ནང་རྟེན་རྣམས་རྐང་ཚའི་སྣང་ལུག་ཏུ་ཡོད་པ་དང༌། ཁྲི་ཆེན་དགེ་འདུན་ཕུན་ཚོགས་ཀྱིས་རྗེའི་གསེར་གདུང་བཞེངས་དུས་ནས་ཡོད་པའི་རྟེན་རྙིང་སོགས་ཀུན་བསྡོམས་པ་ལས་འཕགས་བོད་ཀྱི་བྱིན་རྟེན་འཛོམས་ཆེ་བ་འདི་བཞིན་བྱུང་བ་ཡིན་པས་ཡིད་ཆེས་ཀྱི་གནས་སུ་བཟུང་སྟེ་ཕྱག་མཆོད་གསོལ་བ་འདེབས་པ་སོགས་ཀྱི་སྒོ་ནས་མངོན་མཐོ་ངེས་ལེགས་ཀྱི་ས་བོན་བསྐྲུན་པར་བྱའོ། །ཨེ་མ་ཧོཿ བྱེ་བ་ཐེར་འབུམ་གཟུགས་སྐུའི་སྐར་ཚོགས་ལ། །གོ་འབྱེད་ཆོས་སྐུའི་རིང་བསྲེལ་གོ་ལའི་རླུང༌། །ཡིད་སྐྱོབ་གདངས་སུ་ཤར་བའི་གཟུངས་ཀྱི་འཕྲེང༌། །མུ་མཐའ་ཡས་པའི་ཟ་མ་ཏོག་ཏུ་གྲུབ། །རབ་མང་གཟུངས་དང་བྱིན་རླབས་རྟེན་གྱི་ཚོགས། །རབ་འབྱམས་རྒྱལ་བའི་ཆོས་སྐུ་རོ་གཅིག་པར། །རབ་སྒྲུབ་ཆོ་ག་ལན་གྲངས་བརྒྱ་ཕྲག་གིས། །རབ་ཏུ་བརྟན་པའི་རྡོ་རྗེར་བྱིན་གྱིས་བརླབས། །འཁོར་ལོས་མཐིལ་མཛེས་ཞབས་སེན་རེག་པའི་རྡུལ། །ས་གསུམ་ཤེས་རབ་བསྒྲུབས་པ་ཤཱཀྱའི་ཏོག །གཞན་ཕན་ཐུགས་བསྐྱེད་ཡོངས་གྲུབ་རྒྱལ་བའི་སྲས། །འཕགས་པའི་ཡུལ་གྱི་པཎ་གྲུབ་ཕལ་མོ་ཆེ། །ཁྱད་པར་ལྔ་བརྒྱའི་གཙུག་ནོར་ཨ་ཏི་ཤ །ལྷ་ཆོས་བདུན་ལྡན་ཇོ་བོ་བཀའ་གདམས་པ། །གདན་གསུམ་ཚར་པ་རྡོ་རྗེ་འཛིན་པའི་རྗེ། །ས་སྐྱའི་བླ་ཆེན་ཡབ་སྲས་བརྒྱུད་པར་བཅས། །མར་མི་


GTD005_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

དྭགས་བརྒྱུད་རིག་འཛིན་རས་དཀར་གྱི། །འདབ་ལྡན་གོལ་ཤོར་མཐའ་སྤངས་ཕྱག་རྒྱ་ཆེའི། །མཁའ་ལ་ལྡིང་བའི་རྒོད་པོ་བཀའ་བརྒྱུད་སོགས། །སྔོན་བྱོན་དམ་པའི་བྱིན་རྟེན་ཚར་དུ་དངར། །བརྟན་གཡོའི་དངོས་ཀུན་ཀུན་མཁྱེན་འོད་ཀྱིས་གསལ། །མཐའ་ཡས་འགྲོ་རྣམས་རྣམ་ཀུན་བརྩེ་བས་སྐྱོང༌། །བདུད་སྡེའི་དཔུང་ཚོགས་ཚོགས་གཉིས་སྟོབས་ཀྱིས་བཅོམ། །ཕྱོགས་ལས་རྣམ་རྒྱལ་རྒྱལ་དབང་གྲགས་པའི་དཔལ། །སྲས་མཆོག་གཉིས་སོགས་དངོས་ཀྱི་ཞལ་སློབ་དང༌། །པཎ་ཆེན་སྣང་མཐའ་པད་དཀར་འཆང་བའི་མགོན། །ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ་སོགས། །འཁྲུངས་རབས་བསམ་འཕེལ་ནོར་བུའི་འཕྲེང་བར་བཅས། །ཅོད་པན་གསེར་འོད་འགྱུ་བའི་བསྟན་འདི་ལ། །བཤད་སྒྲུབ་བྱ་བའི་རི་མོ་ཆེར་བགྱིད་པའི། །སྐྱེས་མཆོག་ཚད་མར་གྱུར་པ་ཇི་སྙེད་ཀྱི། །བྱིན་རླབས་རིགས་བརྒྱའི་དཀྱིལ་འཁོར་ཡོངས་སུ་རྫོགས། །སྔོ་དང་འབྲུ་སྨན་རིལ་པོ་མ་ཡིན་གྱི། །སྦྱོར་བ་ཚང་བས་ནད་ཀྱི་གདུང་སེལ་ལྟར། །འཁྲུལ་བྲལ་དམ་པའི་རིང་བསྲེལ་ན་བཟའ་སོགས། །རྟེན་སྣ་འཛོམས་རྣམས་སྲིད་གསུམ་རྒུད་པ་འཕྲོག །ཟག་བཅས་བསོད་ནམས་ལས་ཀྱིས་འདུ་བགྱིས་པ། །དབང་པོའི་གཙུག་ནོར་རེག་པས་ལྟར་བསྒྱུར་ན། །ཚོགས་གཉིས་རིག་སྔགས་གྲུབ་པའི་གསེར་འགྱུར་རྩིས། །རིག་པས་རིན་ཆེན་མཆོག་འགྱུར་སྨོས་ཅི་འཚལ། །བསྐལ་མང་བསགས་པའི་ལས་ཉོན་མུན་པའི་དཔུང༌། །དམིགས་མེད་དབྱིངས་སུ་བསྐྲད་དེ་རྒྱས་འདེབས་པ། །ཀུན་ཏུ་བཟང་པོའི་འོད་ཟེར་འབུམ་འགྱེད་པའི། །རྟེན་མཆོག་རྟ་བདུན་རྒྱལ་པོའི་གཟི་བྱིན་འབར། །


GTD005_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་བོད་མཁས་གྲུབ་ཕྱོགས་བརྒྱའི་རི་བོ་ལས། །དལ་གྱིས་བབས་པའི་བྱིན་རླབས་རྟེན་མང་གི །ཀླུང་བརྒྱ་གཅིག་ཏུ་འཁྱིལ་བའི་ཡིད་བཞིན་མཚོར། །དད་ལྡན་ངང་མོའི་ཚོགས་རྣམས་གར་བྱོས་ཤིག །དེའང་རྟེན་གྱི་རྒྱུ་མཚན་མཐའ་དག་སྙན་ངག་གི་ཚིགས་སུ་བཅད་པས་བརྗོད་ན་རིག་གནས་ལ་སྦྱངས་པ་རྣམས་དགའ་བ་སྐྱེད་ཀྱང་ཕལ་མོ་ཆེའི་དོན་དུ་འགྱུར་དཀའ་བས། བརྗོད་དོན་དངོས་གཞི་ལྷུག་པའི་སྒོ་ནས་བརྗོད་ཅིང་ཚིགས་བཅད་རྣམས་ཀྱིས་ཀྱང་དེ་ལ་དགོས་ནུས་ཅི་རིགས་ཀྱིས་ཟུར་བརྒྱན་ནས་བཀོད་པ་ཡིན་པས། དགོས་པའི་གཙོ་བོ་རྟེན་གྱི་ཡོན་ཏན་མཐོང་ཞིང་མོས་གུས་བསྐྱེད་ནས་ཐར་པའི་ས་བོན་ཅི་ཐེབས་བྱེད་དགོས་ཀྱི། ཚིག་ཙམ་ལ་འཆེལ་བར་མི་བྱ་སྟེ། དེང་དུས་བློ་གྲོས་ཅུང་ཟད་གསལ་བ་རྣམས་ཀྱང་སྙན་ངག་གི་ཚིགས་བཅད་དམ་དུམ་སྦྱོར་བ་ལ་ཡོན་ཏན་གྱི་མཆོག་ཏུ་རློམ་ནས་གཞུང་ཆེན་མོ་ལ་སྦྱང་བར་མི་བྱེད་པ་ནི་ཟླ་བའི་སྒྲོན་གསལ་ལས། ཟླ་བ་ལྟ་འདོད་སོར་མོའི་རྩེ་ལ་བལྟ་དང་མཚུངས། །གསུངས་པ་བཞིན་ཡིན་པས་ཚིག་ལ་མི་རྟོན་དོན་ལ་རྟོན་པར་བྱེད་དགོས་ལ། བརྗོད་དོན་ཕུན་སུམ་ཚོགས་པའི་སྟེང་ནས་རྗོད་བྱེད་ཀྱང་སྙན་ཚིག་དང་འབྲེལ་བ་བྱུང་ན་ཕུན་སུམ་ཚོགས་པའི་ཡན་ལག་ཏུ་འགྱུར་བ་ནི། རིན་པོ་ཆེའི་གཏམ་གྱི་སྦྱོར་བ་ལས་གསུངས་པ་ལྟར་ཡིན་པས་མཁས་པ་རྣམས་ཀྱིས་དགོངས་པར་བྱའོ། །དེའང་འདི་སྐད་ཅེས་བྱ་སྟེ། སྒྲ་དོན་ཕུན་ཚོགས་བཅད་ལྷུག་རྒྱུད་དང་ཏོག །སྤེལ་བས་སྨྲ་ངན་མུ་སྟེགས་ཀླད་འགེམས་ཤིང༌། །སྐལ་བཟང་སྐྱེ་བོ་དགེ་བའི་དུས་སྟོན་དུ། །འབོད་པའི་ཆོས་


GTD005_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གཎྜཱི་འདི་བརྡུངས་སོ། །རྒྱན་མང་ཁུར་ལྕི་དོན་གྱི་བུས་པ་དང༌། །དོན་གྱི་གཞོན་ནུ་ཕྱོགས་ཀྱི་གོས་ཅན་རྣམས། །རང་བཞིན་གསལ་བྱེད་མཛེས་པའི་རྒྱན་གསུམ་ཅན། །སྙན་ངག་རྒྱལ་པོ་འདི་ཡི་འབངས་སུ་རྒྱུག །མངོན་བརྗོད་མཁས་པའི་རྣ་རྒྱན་སྣ་ཚོགས་སུ། །སྤུང་ཞིང་གསིག་པས་རྣ་བ་ཚ་བ་ལ། །རྒྱན་དུ་རློམ་མིན་རྣ་བར་ལྷན་སྐྱེས་བཞིན། །འཇར་བའི་མུ་ཏིག་རྣ་ལུང་དོན་དམ་རྒྱན། །འོན་ཀྱང་ཐུབ་བསྟན་དབྱར་གྱི་དུས་སྟོན་ཡོལ། །གཞུང་ཆེན་སྒྲ་བརྒྱ་པ་རྣམས་སྒྲ་མེད་གྱུར། །གཅམ་བུའི་སྙན་ཚིག་བསེར་བུ་གཡུ་འབྲུག་བཞིན། །ཕྱོགས་བརྒྱར་རྒོད་པས་ཡིད་སྐྱོའི་སྤུ་ལོང་ལྡང༌། །བློ་ལྡན་དད་བརྩོན་ར་ཡིག་གཉིས་པའི་ཚོགས། །རྗོད་བྱེད་དྲི་བསུང་ཁོ་ནས་མ་ངོམས་པར། །དོན་ཟབ་པུཎྜ་རཱི་ཀའི་བཅུད་མྱང་སྟེ། །རྣམ་གྲོལ་སྦྲང་རྩི་གསོག་པའི་ཆོ་ག་མཛོད། །༈ བཞི་པ་དགེ་ཚོགས་བྱང་ཆུབ་ཏུ་བསྔོ་བས་རྒྱས་གདབ་པ་ནི། རྣམ་དཀར་གྱི་ཕུང་པོ་འདིའང་སྡེ་བཞིའི་དཔལ་གྱི་རིམ་པས་ཐར་པ་བླ་ན་མེད་པའི་རྒྱུར་འགྱུར་བ་དང༌། ཕན་བདེའི་འབྱུང་གནས་རྒྱལ་བའི་བསྟན་པ་རྒྱས་ཤིང༌། འཇིག་རྟེན་ཁམས་སུ་ནད་མུག་འཁྲུག་རྩོད་སོགས་ཞི་ནས་བདེ་འབྱོར་ཉམས་པ་མེད་པས་འཚོ་བ་དང༌། ཚེ་རབས་ཀུན་ཏུ་མི་ཕམ་མགོན་པོས་རྗེས་སུ་འཛིན་ཅིང་བྱང་ཆུབ་ཏུ་ལུང་བསྟན་ནས་རྒྱལ་སྲས་ཀྱི་སྤྱོད་པ་མཐའ་དག་ལ་སློབ་པ་དང༌། ཁྱད་པར་དུ་བྱམས་ཆོས་ལྔ་སོ་སོའི་བརྗོད་བྱའི་ལུས་དང་མཐུན་པར་ལམ་གྱི་རིམ་པ་ལ་བསླབ་ནས་དོན་གཉིས་ཕུན་སུམ་ཚོགས་པའི་རྒྱུར་བསྔོ་བ་ནི། ཤུགས་འབྱུང་ནོ༡ར་གྱི་ཤིང་སྣ་འཕྲུལ་སྦྱོར་གྱིས། །དགོ༢ས་པའི་དོན་ཆེན་གཟིངས་སུ་བསྒྲུབས་པ་འདིས། །


GTD005_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་འབྲ༣ས་ཆོ་ས་ཚུལ་རྒྱ་མཚོའི་འཇིངས་བརྒལ་ཏེ། །བླ་མེད་ཐར་པ༤འི་གླིང་དུ་ཕྱིན་གྱུར་ཅིག །དྲང་སྲོང་ཛ་ཧཱུའི་ཞལ་སྒོ་ལས་འོངས་ཤིང༌། །མདོ་སྔགས་རླབས་ཀྱི་འཁྲི་ཤིང་བརྒྱས་རྩེན་མ། །བསྐལ་པའི་མཐར་ཡང་མ་ཉམས་འཕྱུར་བ་ཡིས། །ས་གསུམ་རྒུད་པའི་དྲི་མ་འཁྲུད་གྱུར་ཅིག །རྩུབ་འགྱུར་ཚལ་དུ་ཞི་དུལ་སྤྱོད་པས་མཛེས། །པྲེ་ཏ་པུ་རིར་འབྱོར་པའི་རྒྱག་གླུ་ལེན། །སྙིགས་མའི་མཐའ་ལ་རྫོགས་ལྡན་དཔལ་འབར་བས། །སྲིད་གསུམ་ཟག་མེད་དགའ་བས་རོལ་གྱུར་ཅིག །རྣམ་དག་ཐོས་བསམ་སྒོམ་པའི་རྒྱན་མང་ཅན། །དགུ་གཉིས་བསྒྲིལ་བའི་དལ་འབྱོར་སྲད་བུ་ལ། །ཆད་མེད་བསྟར་བ་སྐྱེ་བའི་བགྲང་འཕྲེང་ནི། །མ་ཕམ་ཐུགས་རྗེའི་ཕྱག་གིས་འདྲེན་གྱུར་ཅིག །མ་འོངས་ཚེ་ལོ་བརྒྱད་ཁྲིའི་དུས་ཀྱི་ཚེ། །མ་ཕམ་བླ་མས་དགྱེས་བཞིན་རྗེས་གཟུང་སྟེ། །མ་རྣམས་མངོན་དུ་བྱང་ཆུབ་སེམས་བསྐྱེད་ནས། །མ་ལུས་ཐེག་མཆོག་སྤྱོད་ལ་སློབ་གྱུར་ཅིག །འཇམ་མཉེན་པདྨའི་མྱུ་གུ་གསར་བ་བཞིན། །ལེགས་པའི་བརྐྱངས་པའི་ཕྱག་གཡས་སྐྱབས་སྦྱིན་ནི། །སྤྱི་བོར་བཞག་སྟེ་བླ་མེད་བྱང་ཆུབ་ཏུ། །ལུང་བསྟན་ཕྱིར་མི་ལྡོག་པའི་རྟགས་ཐོབ་ཤོག །གང་ཞིག་ཤེས་པར་བྱ་བ་ཀུན་མཁྱེན་ཏེ། །གང་ཞིག་སྒྲུབ་པར་བྱེད་པའི་སྦྱོར་བ་ཆུ། །གང་ཞིག་ཟག་མེད་ཆོས་ཀུན་བསགས་པའི་ས། །གང་གང་ཇི་ལྟར་གསུངས་བཞིན་འགྲུབ་པར་ཤོག །ཐེག་མཆོག་རིགས་ཀྱི་ས་བོན་མྱུ་གུར་བཅ༥ས། །ཐོས་བསམ་སྒོམ་པའི་དྲོད་གཤེར་གྱིས་བསྐྱངས་པས། །རྒྱལ་སྲས་སྤྱོད་པ༦་ཡལ་གའི་ཕྱོགས་རྫོགས་ཏེ། །སྤ༡ངས་རྟོགས་འབྲས་


GTD005_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

བུའི་ཁུར་གྱིས་དུད་པར་ཤོག །ཆོས་ཀུན་མཚན་ཉིད་མཐའ་བྲལ་དབུ་མའི་ལམ། །མཐོང་བ་སྒྲིབ་བྱེད་རབ་རིབ་ཀུན་སེལ་བའི། །གཉེན་པོ་དེ་ཉིད་རྟོགས་པའི་མིག་སྨན་གྱིས། །བླ་མེད་ཐེག་པའི་འཇུག་ངོགས་གསལ་བྱེད་ཤོག །ཁྱད་པར་ཆོ༡ས་ཅན་རྒྱ་ཆེ་ཀུན་རྫོབ་དང༌། །ཆོ༢ས་ཉིད་སྤྲོས་བྲལ་ཟབ་མོ་གཉིས་མེད་དོན། །ཇི་བཞིན་རྟོགས་ནས་ཚོགས་གཉིས་སྤྱོད་པ་ཡིས། །རྒྱལ་བའི་ཆོས་གཟུགས་སྐུ་གཉིས་འགྲུབ་པར་ཤོག །མདོར་ན་མཆོག་གསུ༣མ་ཐུགས་རྗེའི་མཐུ་ལ་བརྟེན། །མ་དག་ཁམས་ཀྱི་དྲི་མ་ཡོངས་སྦྱངས་ནས། །བྱང་ཆུབ་སྙིང་པོ་ཡོན་ཏན་གཏེར་ཐོབ་སྟེ། །འཕྲིན་ལས་བཟང་པོས་འགྲོ་ཀུན་སྒྲོལ་གྱུར་ཅིག །ཅེས་ལུང་སྟོན་བྱམས་པའི་དཀར་ཆག་གདངས་སྙན་ཆོས་ཀྱི་གཎྜཱི་ཞེས་བྱ་བ་འདི་ནི་གཙུག་ལག་ལྟ་བའི་བློ་མིག་ཡངས་པ་སྔགས་རམས་པ་དཀོན་མཆོག་ཀུན་དགས་བསྐུལ་ཏེ། ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་སྦྱར་བའི་ཡི་གེ་པའང་སྐུལ་བ་པོ་ཉིད་ཀྱིས་བགྱིས་པ་འདིའང་འགྲོ་ཀུན་བྱམས་པ་མགོན་པོས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །

རིག་བྱེད་མའི་བསྟོད་འགྲེལ་རྡོ་རྗེ་གསུམ་གྱི་སྣང་བ།


GTD005_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

ཏྲིབཛྲཨཱལོཀབྷགབཏཱིདེཝཱིཀུརུཀུལླེསྟུདཿ ཊཱིགྣཱམབིཛཧཱར།
བཅོམ་ལྡན་འདས་མ་ལྷ་མོ་རིག་བྱེད་མ་ལ་བསྟོད་པའི་རྒྱ་ཆེར་འགྲེལ་པ་རྡོ་རྗེ་གསུམ་གྱི་སྣང་བ་ཞེས་བྱ་བ་བཞུགས་སོ། །


GTD005_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ནམོགུརུཙབྷགབཏཱིནྟྲསྱདེབིཀུརུཀུལླེཏཱབྷེདསྱཔདཾམཏཱ། བརམདཡ སྱཙིཏྟེནཱནུདྷརཏུ།
བླ་མ་དང་བཅོམ་ལྡན་འདས་མ་དབང་གི་ལྷ་མོ་རིག་བྱེད་མ་ངོ་བོ་དབྱེར་མ་མཆིས་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །མཆོག་ཏུ་བརྩེ་བའི་ཐུགས་ཀྱིས་རྗེས་སུ་བཟུང་དུ་གསོལ།


GTD005_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

སིདྡྷིརྐཱམསྱསམནྱཾ སུགནྡྷིཿ བྷརངྒཾམནྡྲིཏིཀཽཥུརྵུབྷཱགཿ
ཐུན་མོང་འདོད་པའི་དངོས་གྲུབ་དྲི་བཟང་གིས། །མགྲོན་དུ་བཀུག་པའི་སྐལ་བཟང་བུང་བའི་ཚོགས། །


GTD005_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

ཤྱཱཡརྵྭཱདུརྨདྷུནིརྴྲེཡསཱརཿ ཤྲེཡཿ ཏྲིཔྟིརྦྷ གབཱནིཔྲཡཙྪཿ
ངེས་ལེགས་སྙིང་པོ་སྦྲང་རྩིའི་ཟིལ་མངར་གྱིས། །ཚིམ་མཛད་བཅོམ་ལྡན་མ་ཡིས་དགེ་ལེགས་སྩོལ། །


GTD005_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་ཉིད་གསུམ་གྱི་དབྱེར་མེད་ངོ་བོ་སྒྲིབ་བྲལ་དབྱིངས་ཀྱི་ཨ་དརྴ། །འཕྲིན་ལས་རྣམ་བཞིའི་སྐལ་བའི་རང་གཟུགས་ཅིར་ཡང་འཆར་བ་སྒྱུ་མའི་འཕྲུལ། །སྣང་བའི་དངོས་ཀུན་ལྷན་སྐྱེས་བདེ་ཆེན་འོད་དུ་འབར་བའི་གཟུགས་ཅན་མ། །བཅོམ་ལྡན་མ་ཁྱོད་སྙིང་དབུས་བཞུགས་ལ་དེ་ཉིད་འབྱེད་པའི་བློ་གྲོས་སྩོལ། །རྒྱལ་ཀུན་སོར་རྟོག་ཡེ་ཤེས་ལི་ཁྲིའི་རྡུལ། །ཚོགས་པའི་སྣང་བ་མཐའ་ཡས་ཉིན་མོར་བྱེད། །དབང་འབྱོར་ཚ་ཟེར་ཕྲེང་བའི་ཉག་ཕྲན་གྱིས། །སྐལ་བཟང་འདབ་བརྒྱ་ཕྱེ་བས་མ་ཚིམ་པར། །གསུམ་ལྡན་ངུར་སྨྲིག་འཆང་བའི་སྐུར་བཞེངས་ནས། །འགྲོ་བའི་མགོན་མཛད་དཔལ་ལྡན་ཡེ་ཤེས་ཞེས། །གྲགས་པའི་སྤྲིང་ཡིག་སྲིད་རྩེ་ལས་བརྒལ་བ། །ཟླ་མེད་བླ་མ་དེ་ལ་མགོས་ཕྱག་འཚལ། །གང་ཐུགས་བདེན་པ་གཉིས་སུ་རོ་གཅིག་པ། །དེས་གསུངས་བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་སྒོ། །ཟབ་ཅིང་རྒྱ་ཆེའི་རྒྱ་


GTD005_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

མཚོའི་གཏིང་དང་མཐའ། །སྨྲ་བསམ་བརྗོད་ལས་འདས་ཤིང་ཁྱད་པར་དུ། །གཅམ་བུའི་སྙན་ཚིག་པིར་གྱིས་བྲིས་མིན་པར། །ཡེ་ཤེས་ལྔ་བདག་ལྷན་སྐྱེས་དབང་གཞུའི་མདངས། །ཆེར་ངོམ་ཉིད་ཀྱི་གསུང་གསུམ་འཁོར་ལོའི་གཏམ། །བློ་ཆུང་བདག་འདྲས་དཔོག་ནུས་ག་ལ་ཞིག །འོན་ཀྱང་འཛམ་གླིང་འཛིན་མའི་ཁོར་ཡུག་འདིར། །ཐུབ་བསྟན་ལང་ཚོ་ཡོལ་བའི་སྐལ་དབང་གིས། །ཆོས་སྨྲའི་གཡར་ཁྲལ་ཕོག་པ་བདག་འདྲ་ཡང༌། །དབང་མེད་དབྱུག་གུས་བསྐུལ་བའི་རྔ་བཞིན་སྒྲོགས། །གང་ལས་བདེ་བར་གཤེགས་པ་འབྲས་བུའི་སར། །སྒྲོད་བྱེད་ཡང་དག་ལམ་གྱི་རིམ་པར་བཅས། །མཐོང་སྟེ་དང་བའི་ཡིད་ཀྱིས་སློབ་འདོད་རྣམས། །ལེགས་བཤད་སྣང་བའི་དགའ་སྟོན་འདིར་ཞུགས་ཤིག །དེ་ཡང་ནུབ་ཕྱོགས་བདེ་ལྡན་ཞིང་གི་མགོན་པོ་སྣང་བ་མཐའ་ཡས་ངུར་སྨྲིག་འཆང་བའི་སྐུར་བཞེངས་པ་པཎ་ཆེན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་རྗེ་བཙུན་བློ་བཟང་དཔལ་ལྡན་ཡེ་ཤེས་ཞེས་གྲགས་པའི་གདུགས་དཀར་སྲིད་པ་གསུམ་གྱི་བླ་ན་འཁོར་ཞིང༌། ས་སྟེང་གི་མཁས་པ་དང་གྲུབ་པའི་བསྟན་འཛིན་གྱི་སྐྱེས་བུ་མ་ལུས་པའི་གཙུག་གི་རྒྱན་དམ་པར་གྱུར་པ་དེ་ཉིད་ཀྱིས་མཛད་པའི་བཅོམ་ལྡན་རིག་བྱེད་མའི་བསྟོད་པ་སྙན་དངགས་མཁན་པོའི་སྒྲོ་བཏགས་ཀྱིས་ཟོལ་སྦྱོར་དང༌། ཕྱིའི་རྣམ་འགྱུར་ཙམ་ལ་མངོན་བརྗོད་སྣ་ཚོགས་དང་བསྲེས་ཏེ་དཔེ་རྒྱན་དུ་མས་བསྔགས་པའི་ཚིག་གི་སྦྱོར་བ་གང་ལེགས་


GTD005_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་རྣ་བར་སྙན་པ་ཙམ་མ་ཡིན་པར་ལམ་དང་འབྲས་བུའི་གནས་སྐབས་ཀྱི་རྡོ་རྗེ་ཐེག་པའི་ཟབ་གནད་མཐའ་དག་དང་འབྲེལ་ཞིང༌། སོ་སོ་རང་གི་རིག་པའི་སྤྱོད་ཡུལ་དུ་གྱུར་པའི་གསང་བ་གསུམ་གྱི་རོལ་པ་རྨད་དུ་བྱུང་བའི་གནས་ཚུལ་མ་ལུས་པ་རྗེན་པར་སྟོན་པའི་རྡོ་རྗེ་ཚིག་གི་དོན་རྒྱུད་དང་གྲུབ་ཆེན་སོ་སོའི་མན་ངག་འཇམ་མགོན་བླ་མ་ཡབ་སྲས་ཀྱི་ལེགས་བཤད་རྣམས་གུང་བསྒྲིགས་ཏེ་འཆད་པ་ལ་གསུམ། ཀླད་ཀྱི་དོན། གཞུང་དངོས། མཇུག་གི་དོན་ནོ། །དང་པོ་ལ་ལེགས་སྦྱར་གྱི་སྐད་དུ་ཕྱག་འཚལ་བ། མཚན་གྱི་དོན། མཆོད་བརྗོད་དངོས་དང་གསུམ། དང་པོ་ནི། འདིའི་ཐོག་མའི་ཕྱག་འཚལ་བ་ལེགས་སྦྱར་གྱི་སྐད་དུ་སྨོས་པའི་དགོས་པ་གང་ཞེ་ན། སྤྱིར་མདོ་སྡེ་ཕལ་བོ་ཆེ་ལས། ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། །ཅེས་སོགས་ལྟར་སངས་རྒྱས་རྣམས་ཀྱི་འཕྲིན་ལས་གདུལ་བྱའི་སྐལ་བ་བཞིན་དུ་འཇུག་པས་འགྲོ་བ་གང་གི་སྐད་དུ་ཆོས་སྟོན་པ་མཐའ་གཅིག་ཏུ་མ་ངེས་ཤིང༌། ཁྱད་པར་དུ་སྒྲ་ཙམ་ལ་ཞེན་པ་རྣམས་ཀྱང་ཚིག་ལ་མི་རྟོན་དོན་ལ་སྟོན་དགོས་ཞེས་བཀྲི་བའི་ཕྱིར་ཀླ་ཀློའི་སྐད་དང༌། ཨ་བ་བྷྲཾ་ཤ་ཟུར་ཆག་གི་སྐད་དུ་རྒྱུད་གསུངས་པ་འགྲེལ་ཆེན་དྲི་མེད་འོད་སོགས་ལས་འབྱུང་བ་ལྟར་ཡིན་ཀྱང༌། གདུལ་བྱ་ཐུན་མོང་བའི་སྣང་ཚུལ་གཙོ་ཆེ་བའི་དབང་དུ་བྱས་ན་མཆོག་གི་སྤྲུལ་སྐུས་མི་ཡུལ་དུ་ཆོས་འཁོར་བསྐོར་བའི་གནས་རྒྱ་གར་དང༌། སྐད་ཀྱང་


GTD005_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

སཾ་སྐྲྀ་ཏའི་སྐད་དུ་གསུངས་ལ། སྐད་དེ་ཉིད་ངེས་ཚིག་གི་སྟེང་ནས་བཤད་ན་བརྗོད་བྱ་སྟོན་པའི་ནུས་པ་གཞན་ལས་ཤིན་ཏུ་ཆེ་བས། རང་གིས་སླར་དེའི་སྐད་དུ་ཆོས་འཁོར་བསྐོར་བའི་རྟེན་འབྲེལ་བསྒྲིགས་ཤིང་སྐད་ལ་བག་ཆགས་འཇོག་པ་དང༌། སྔོན་གྱི་ཆོས་རྒྱལ་ལོ་པཎ་རྣམས་ཀྱིས་བསྟན་པའི་སྲོལ་ཕྱེ་བའི་ཚེ། ཐར་པ་དོན་དུ་གཉེར་བའི་སྐྱེ་བོ་བློ་གྲོས་ཀྱི་ནོར་དང་ལྡན་པ་དག་གིས་གང་ལ་ཐོས་བསམ་སྒོམ་པ་བྱ་བའི་ཡུལ་ནི་དང་པོ་བསྟན་པའི་བདག་པོ་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མདོ་རྒྱུད་དྲི་མ་མེད་པ་ནས་གསུངས། པཎྚི་ཏ་ཆེན་པོ་རྣམས་ཀྱིས་ལུང་དང་རིགས་པས་ལེགས་པར་གཏན་ལ་ཕབ། གྲུབ་པའི་དབང་ཕྱུག་རྣམས་ཀྱིས་ཉམས་སུ་བཞེས་ཏེ་རྟོགས་པ་མངོན་དུ་གྱུར། ལོ་པཎ་རྣམས་ཀྱིས་ཀྱང་དཀའ་བ་བརྒྱ་ཕྲག་གི་སྒོ་ནས་བསིལ་ལྡན་གྱི་ལྗོངས་སུ་གདན་དྲངས་པའི་ཁུངས་དང་འབྲེལ་བ་ཞིག་མ་གཏོགས། རྒྱ་ནག་མདོ་རྩོམ་པའི་ཕྱག་ལེན་ལྟ་བུ་དྲི་མ་ཅན་དུ་མི་འགྱུར་ཞིང༌། སྐད་དོད་མི་ཤེས་པ་རྣམས་ཀྱིས་ཐོག་མའི་ཚིག་དེ་ཙམ་ཡང་གོ་མི་ཐུབ་ལ། དེ་བོད་སྐད་དུ་བསྒྱུར་ནས་ཀློག་པ་ཙམ་གྱིས་གཞུང་ངོས་ཟིན་པར་མཐོང་ནས་ལོ་པཎ་རྣམས་ཀྱི་བཀའ་དྲིན་དྲན་པ་དང༌། ད་ལྟ་དཀའ་བ་མེད་པར་གཞུང་དེ་རྣམས་ལ་ཐོས་བསམ་བྱར་ཡོད་པ་སྐལ་བ་བཟང་སྙམ་དུ་སྤྲོ་བས་འཇུག་པ་སོགས་དགོས་པ་དུ་མར་གཟིགས་ནས་གཞུང་གི་ཀླད་དུ་རྒྱ་གར་གྱི་སྐད་སྨོས་པར་བཀས་བཅད་པ་དང་བསྟུན་ཏེ་གསུངས་པ་ཡིན་ནོ། །དེ་ཡང་ན་མོ་ཌཱ་ཀཱི་ཀུ་རུ་ཀུལླེ་ཡ་ཞེས་པའི་ན་མོ་ནི་ཕྱག་འཚལ། ཌཱ་ཀཱི་ནི་མཁའ་འགྲོ། ཀུ་རུ་ཀུལླེ་ཡ་ནི་རིག་བྱེད་མ་ལའམ། རིག་བྱེད་


GTD005_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

མའི་ཆེད་དུ་ཞེས་པ་ཡིན་ཞིང༌། བསྡུས་ན་མཁའ་འགྲོ་རིག་བྱེད་མ་ལ་ཕྱག་འཚལ་ལོ། །ཞེས་པའོ། །དེ་དག་ངེས་ཚིག་གིས་བཤད་ན། ཎ་མ་རབ་ཏུ་འདུད་པ་དང་སྒྲ་ལའོ། །ཞེས་པའི་བྱིངས་བཞག །དང་པོའི་ཥ་ཎ་ནི་ས་ནའོ། །ཞེས་པས་ཎ་ནར་བསྒྱུར། རྐྱེན་ཨ་སུ་ན྄་བྱིན་ཨུ་དང་ན་རྗེས་འབྲེལ་ཡིན་པས་ཕྱིས་ཏེ་ན་མས྄་ཞེས་གྲུབ། དེ་ཚིག་ཏུ་བསྒྲུབ་པ་ལ། དང་པོའི་གཅིག་ཚིག་སི་བྱིན། ཧ་ས་ཨཱི་པ྄་ལ་སི་འཇིག་གོ །ཞེས་པས་སི་ཕྱིས། ས་ར་དག་གི་རྣམ་བཅད་དོ། །ཞེས་པས་ན་མས྄་ཀྱི་ས྄་རྣམ་བཅད་བྱས་ཧ་བ་ལའོ་ཞེས་པས་རྣམ་བཅད་ཨུ་རུ་བསྒྱུར། མའི་སྲོག་གི་ཨ་ཕྲལ། ཨ་ཨུ་ལ་ཨོའོ་ཞེས་ཨ་དང་ཨུ་གཉིས་འདུས་པས་ཨོ། དབྱངས་ཀྱིས་དམན་པ་ཕ་རོལ་ཏུ་ཡང་དག་པར་སྦྱོར། ཞེས་མ྄་སྲོག་མེད་ཨོ་ལ་དྲངས་པས་ན་མོ་ཞེས་ཚིག་ཏུ་གྲུབ་ཅིང་འདུད་པའི་དོན་ཡིན་ནོ། །དེ་ཐོག་མ་ཁོ་ནར་སྨོས་པ་ནི། རྒྱན་ལས། ལྷ་རྣམས་རུང་བར་བྱ་བའི་ཕྱིར། །འོད་ཀྱིས་མོག་མོག་པོར་མཛད་དང༌། །ཞེས་གསུངས་པ་བཞིན་སྐྱབས་ཡུལ་དམ་པ་རྣམས་ཀྱི་འདུལ་བའི་ཞིང་དུ་འགྱུར་བ་ལ་གེགས་ཀྱི་གཙོ་བོ་ཤེས་རྒྱུད་ང་རྒྱལ་གྱིས་དྲེགས་པ་ཡིན་པས་དེ་ཉིད་མགོ་མནན་ནས་དམན་ས་འཛིན་དགོས་པའི་རྒྱུ་མཚན་གྱིས་ཡིན་ཏེ། འབྲོམ་སྟོན་གྱི་ཞལ་ནས། ང་རྒྱལ་གྱི་སྒང་བུ་ལ་ཡོན་ཏན་གྱི་ཆུ་མི་འབབ་པས། སྐ་འགོ་སྨོད་དགོས་གསུངས་པ་ལྟར་རོ། །དེས་ན་གཞུང་ཆེན་མོ་ཀུན་གྱི་མགོར་མཆོད་བརྗོད་མཛད་པ་དང༌། ཡན་ལག་བདུན་པའི་ཐོག་མར་ཕྱག་བྱས་པ་ཡང༌། དེ་བདུན་ཉོན་མོངས་པ་


GTD005_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོའི་གཉེན་པོར་སྦྱར་བའི་ཚེ། ཕྱག་འཚལ་བ་ང་རྒྱལ་གྱི་གཉེན་པོར་གསུངས་པ་རྣམས་དང་གནད་གཅིག་གོ །ཌཱ་ཀཱི་ནིའི་ཌཱ་ནི་ཌ་ཞེས་པ་ནམ་མཁའ་སྟེ་སྐད་ཀྱི་བྱིངས་ལས་བསྒྱུར་བ་དང༌། ཨ་ཀི་ནི་གྱ་གྱུར་འགྲོ་བ་སྟེ་ནམ་མཁའ་ལ་ཁྱབ་པར་འགྲོ་བས་ན་ཌ་ཀི་ནི་ཞེས་མཁའ་འགྲོར་བཤད་པའམ། ཀ་ལཱ་པ་ལས། ཌཱིད྄་ནམ་མཁའ་ལ་ཀུན་ཏུ་འགྲོ་བ་ལའོ་ཞེས་པའི་བྱིངས་བཞག །རྐྱེན་ཌ་བྱིན། ཌའི་སྲོག་གི་ཨཱིད་ཕྱིས། རྐྱེན་གྱི་ཌྲ་དེའི་དོན་ཡིན་པས་སོང༌། དེའི་སྲོག་གི་ཨ་བཞག །ཌ྄་སྲོག་མེད་རྐྱེན་གྱི་ཨ་ལ་དྲངས་པས་ཌ་ཞེས་གྲུབ་ཅིང༌། དེ་ཕན་གྱི་རྐྱེན་ཀ་བྱིན། འཕེལ་བ་བྱས་པས་ཌཱ་ཀ་དང༌། དེ་ལ་མོ་རྐྱེན་ཨཱི་པ྄་བྱིན། རྗེས་འབྲེལ་གྱི་པ྄་དང་ཀའི་སྲོག་གི་ཨ་ཕྱིས་པས། ཌཱ་ཀ྄་ཨཱི་ཞེས་གྲུབ། རྣམ་དབྱེ་དང་པོའི་གཅིག་ཚིག་སི་བྱིན། སི་ཕྱིས། ཀ྄་སྲོག་མེད་ཨཱི་ལ་དྲངས་པས། །ཌཱ་ཀཱི་ཞེས་དོན་གྱིས་མཁའ་ལ་རྒྱུ་བར་བྱེད་པས་ན་མཁའ་འགྲོ་མ་ཞེས་བཤད་པ་དང༌། ཨུ་ཙ་ཚོགས་ཀྱི་བྱིངས་དང་ལ་ཌ་རོལ་པའི་བྱིངས་ལས་སྒྲུབ་ན་ཚོགས་དང་རོལ་པ་སོགས་ལ་ཡང་བཤད་དུ་རུང་མོད་ཀྱང་གཙོ་བོ་ནི་སྔ་མ་ཡིན་ཏེ། དེ་ཁོ་ན་ཉིད་གསལ་བ་ལས། ཌེ་ནི་ནམ་མཁར་འགྲོ་བ་ཞེས། །སྐད་ཀྱི་བྱིངས་ལས་རྣམ་པར་བརྟག །ནམ་མཁའ་ཀུན་ཏུ་འགྲོ་བས་ན། །མཁའ་འགྲོ་མ་ཞེས་བྱ་བར་བརྗོད། །མཁའ་འགྲོ་མ་ནི་ཐམས་ཅད་ཀྱི། །རང་བཞིན་ཡིན་ཕྱིར་དེ་ཡི་དངོས། །ཞེས་སོ། །འདིའི་རྐང་པ་ཕྱི་མ་གཉིས་ནི་ངེས་དོན་གྱི་དབང་དུ་མཛད་པ་ཡིན་ཏེ། རྫོགས་རིམ་དངོས་གྲུབ་སྙེ་མ་ལས། ངེས་དོན་ནི་ནམ་མཁའ་ཤེས་རབ་སྟོང་པ་ཉིད་ལ་ཁྱབ་པར་འགྲོ་བའི་ལྷན་སྐྱེས་སོ། །ཞེས་གསུངས་ཏེ། དེ་ནི་


GTD005_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་མཆོག་རྩ་རྒྱུད་ལས། གསང་བ་མཆོག་གིས་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཞེས་པའི་ངེས་དོན་གྱི་བཤད་པ། མངོན་བརྗོད་ལས། ཐམས་ཅད་མཁྱེན་པ་ཞེས་བྱར་བཤད། །རྡོ་རྗེ་ཅན་ནི་དེར་བཞུགས་པ། །ཞེས་གསུངས་པ་དང་གནད་གཅིག་གོ །ཀུ་རུ་ཀུལླེ་ནི་བྱིངས་མདོ་ལས། ཌུཀྲྀཉ྄་བྱེད་པ་ལའོ་ཞེས་པའི་བྱིངས་བཞག །རྗེས་འབྲེལ་ཌུཉ྄་ཕྱིས། རྐྱེན་ཧི་དང་ཨུ་བྱིན། ཀའི་སྲོག་གི་རྀ་ཨར་དུ་བསྒྱུར། ཀ་སྲོག་མེད་ཨ་དང་ར྄་སྲོག་མེད་རྐྱེན་གྱི་ཨུ་ལ་དྲངས་པས་ཀ་རུ་དང༌། བྱིངས་ཐམས་ཅད་པ་ཡོན་ཏན་མེད་པ་ལ་ཨའི་ཨུ་སྦྱར། ཨུ་ཡིག་ལས་ཀྱང་ངོ་ཞེས་པས་ཧི་ཕྱིས་ཏེ་ཀུ་རུ་ཞེས་གྲུབ། ཡང་ཀུ་ལ་ཆགས་པ་ལའོ་ཞེས་པའི་བྱིངས་བཞག་ཀྟ་སོགས་ཀྱིས་རྐྱེན་ཀྟ་བྱིན། ཀ་ཡོན་ཏན་འགོག་པའི་དོན་དང༌། བྱིངས་མཐའི་ཨ་བརྗོད་དོན་ཡིན་པས་ཕྱིས། ཚིག་ཕྲད་ལས་ཏ་ལར་བསྒྱུར་མོ་རྐྱེན་ཨཱི་པ྄་བྱིན། པ྄་ཕྱིས། ལའི་སྲོག་གི་ཨ་དང་ཨཱི་གཉིས་འདུས་པས་ཨེ། རིམ་པར་དྲངས་པས་ཀུ་རུ་ཀུ་ལླེ་ཞེས་གྲུབ་ཅིང༌། ཆགས་པར་བྱེད་པས་ན་རིག་བྱེད་མ་ཞེས་པར་འགྱུར་ཏེ། སྲིད་གསུམ་མཐའ་དག་དགའ་བའི་རྣམ་པས་དབང་དུ་བྱེད་པ་ལ་སྦྱར་ཏེ། དོན་གྱི་ཆ་ནས་བཤད་པ་ཡིན་ཞིང༌། རིག་བྱེད་ཀྱི་རི་ཕུག་ཏུ་བཞུགས་པའི་སྒོ་ནས་མཚན་གསོལ་བའི་ལོ་རྒྱུས་ལྟར་ན་ངེས་ཚིག་གིས་བཤད་དགོས་པའི་ངེས་པ་མེད་དམ་སྙམ་མོ། །དེར་མ་ཟད་རྡོ་རྗེ་སྙིང་འགྲེལ་ལས། ཀུ་ནི་བདེ་བ་ཆེན་པོའོ། །རུ་ནི་ལོངས་སྤྱོད་རྫོགས་པའོ། །ཀུ་ནི་ཆོས་སོ། །ལེ་ནི་སྤྲུལ་བ་ཡིན་པར་ཤེས་པར་བྱའོ། །ཞེས་གསུངས་པ་སོགས་


GTD005_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དཔགས་ན་རྡོ་རྗེ་འཆང་རང་ཉིད་ཀྱིས་ཐུན་མོང་མ་ཡིན་པར་སྦྱར་བའི་རྡོ་རྗེའི་ཚིག་གི་བརྡ་དོན་འགྲེལ་ཚུལ་གཞན་ཡང་ཡོད་པར་མངོན་ནོ། །གཉིས་པ་མཚན་དོན་ནི། བཅོམ་ལྡན་འདས་མ་ཁམས་གསུམ་དབང་སྡུད་ཀྱི་ལྷ་མོ་རིག་བྱེད་མ་ཀུ་རུ་ཀུལླེ་ལ་བསྟོད་པའི་གླུ་དབྱངས་སྲིད་གསུམ་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་ཞེས་བྱུང༌། དེ་ཡང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་དུ་མའི་སྒོ་ནས་ལས་སྣ་ཚོགས་སྒྲུབ་ཚུལ་ཡང་དག་དང་ལྟར་སྣང་ཅི་རིགས་ཤིག་ཡོད་ཅིང༌། དེ་གང་གི་སྐབས་སུ་ལྷ་དང་སྔགས་ཀྱི་ཆེ་བ་དབྱུང་བའི་ཁ་ཟིན་རེ་འབྱུང་བ་སྤྱི་ལུགས་ཡིན་པས་མཁས་པ་བློ་གསལ་ཞིང་གཟུ་བོར་གནས་པ་རྣམས་ཀྱིས་དེ་དང་དེའི་ཆེ་བ་བརྗོད་པའི་ཚིག་ཙམ་ལ་མ་བརྟེན་པར་སྐྱོན་ཡོན་ལེགས་པར་བརྟག་དགོས་ཏེ། སྤེལ་མར་བསྟོད་པ་ལས། གང་ལ་ཉེས་པ་ཐམས་ཅད་ཀུན། །གཏན་ནས་ཡོང་ཡེ་མི་མངའ་ཞིང༌། །གང་ཞིག་ལ་ནི་ཡོན་ཏན་ཀུན། །རྣམ་པ་ཐམས་ཅད་གནས་གྱུར་པ། །གལ་ཏེ་སེམས་ཤིག་ཡོད་ན་ནི། །དེ་ཉིད་ལ་ནི་སྐྱབས་འགྲོ་ཞིང༌། །དེ་བསྟོད་དེ་ནི་བཀུར་བ་དང༌། །དེ་ཡི་བསྟན་ལ་གནས་པའི་རིགས། །ཞེས་ཡུལ་དེ་ཉིད་སྐྱབས་གནས་ཡང་དག་ཏུ་ངེས་པ་རྙེད་ནས། དེ་ལ་བསྟོད་པ་དང་བཀུར་སྟི་བྱེད་ཅིང༌། དེའི་རྗེས་སུ་སློབ་དགོས་པར་གསུངས་སོ། །དེ་ཡང་མཐའ་ཆོད་པར་བྱེད་ན། བཞི་བརྒྱ་པ་ལས། སངས་རྒྱས་ཀྱིས་གསུངས་ལྐོག་གྱུར་ལ། །གང་ཞིག་ཐེ་ཚོམ་སྐྱེ་འགྱུར་བ། །དེ་ཡིས་སྟོང་པ་ཉིད་བསྟེན་ཏེ། །འདི་ཉིད་ཁོ་ནར་ཡིད་ཆེས་བྱ། །ཞེས་དང༌། རྣམ་འགྲེལ་ལས། བླང་དང་དོར་བྱའི་དེ་ཉིད་ནི། །ཐབས་བཅས་རབ་ཏུ་ངེས་པ་


GTD005_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས། །གཙོ་བོའི་དོན་ལ་མི་བསླུའི་ཕྱིར། །གཞན་ལ་རྗེས་སུ་དཔག་པ་ཡིན། །ཞེས་གསུངས་པ་དང་དོན་མཐུན་པར་རྒྱུད་སྡེ་རྣམས་ལ་ཡང་དེ་ནས་བཤད་པའི་སྦྱང་བྱ་སྦྱོང་བྱེད་ཀྱི་གནད་གོང་འོག་ཀུན་ལ་དངོས་སྟོབས་ཀྱི་རིགས་པ་དྲི་མ་མེད་པས་ཚུལ་བཞིན་དུ་དཔྱད་དེ་འགལ་བ་མེད་པར་ངེས་པ་བརྟན་པོ་རྙེད་ནས་རྒྱུད་སྡེ་རྣམ་དག་ཏུ་ཡིད་ཆེས་པ་དགོས་ལ། ད་ལྟའི་གདུལ་བྱ་ཕལ་མོ་ཆེས་བློ་སྟོབས་ཀྱིས་དེ་ལྟར་བྱེད་པ་དཀའ་ཡང༌། རྒྱལ་བའི་བསྟན་པ་ལ་ཚད་མར་གྱུར་པའི་སྐྱེས་ཆེན་གོང་མ་རྣམས་ཀྱིས་རྒྱུད་སྡེ་རྣམ་དག་ཏུ་མཛད་པ་ལས་ཟིན་སོ་ཡོད་མེད་ལེགས་པར་བརྟགས་ནས་ལྷག་པའི་ལྷར་བཟུང་དགོས་ཀྱི། དེ་ལྟར་མ་བྱས་ན་བསྟན་པའི་སྙིང་པོ་གསང་ཆེན་བླ་མེད་ཀྱི་ཉམས་ལེན་བྱེད་པར་རློམ་ཡང་མཁའ་ལ་རྒྱུ་བའི་མི་མ་ཡིན་རེ་ལ་སྐྱབས་གནས་མཐར་ཐུག་ཏུ་འཁྲུལ་པའི་དབང་གིས་བསྟན་པའི་འཇུག་སྒོ་སྐྱབས་འགྲོ་ལས་ཀྱང་ཆེས་རིང་དུ་འགྱུར་བའི་ཉེན་ཆེ་བས། སྙིགས་མའི་གདུལ་བྱ་རྣམ་དཔྱོད་ཀྱི་རྩལ་ཞན་ཞིང་འདོད་ཐག་ཉེ་བ་རྣམས་ཀྱིས་དེ་འདྲའི་རིགས་ལ་བག་ཟོན་ཤིན་ཏུ་བྱ་དགོས་སོ། །དེས་ན་ཐོག་མར་རྒྱུད་གང་ནས་བྱུང་བའི་ཁུངས་དགོད་པ་ལ། གུར་དང༌། སམྦུ་ཊའམ་ཁ་སྦྱོར། འཇམ་དཔལ་དཔའ་བོ་གཅིག་གྲུབ་ཀྱི་རྒྱུད། གཤིན་རྗེའི་གཤེད་ཀྱི་རྒྱུད། སྒྲོལ་མ་འབྱུང་བ་སོགས་ལས་ཀྱང་འདིའི་ལས་ཚོགས་ཅི་རིགས་གསུངས་པ་ཡོད་ན་ཡང༌། གཙོ་བོ་ནི་དགྱེས་པ་རྡོ་རྗེའི་རྒྱུད་བརྟག་པ་གཉིས་པ་ལས་གསུངས་ཏེ། དེ་ཡང་བརྟག་པ་དང་པོའི་རབ་བྱེད་བཅུ་གཅིག་པ་ལས། ཀུ་རུ་ཀུལླེའི་སྒྲུབ་ཐབས་བཤད་པར་བྱ་སྟེ། གོང་དུ་བརྟག་པ་


GTD005_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གཉིས་པར། །རྒྱས་པར་གསུངས་པ་མདོ་རུ་བསྡུ། །ཧྲཱིཿ ལས་བྱུང་བའི་ལྷ་མོ་ནི། །ཁ་དོག་དམར་ཞིང་ཕྱག་བཞི་མ། །མདའ་དང་གཞུ་ཡི་ལག་པ་མ། །ཨུཏྤ་ལ་དང་ལྕགས་ཀྱུ་འཛིན། །འདི་ནི་བསྒོམས་པ་ཙམ་གྱིས་ནི། །འཇིག་རྟེན་གསུམ་པོ་དབང་དུ་བྱེད། །འབུམ་ཕྲག་གཅིག་གིས་རྒྱལ་པོ་རྣམས། །ཁྲི་ཡིས་འཇིག་རྟེན་ཕལ་བ་ཉིད། །བྱེ་བས་ཕྱུག་དང་གནོད་སྦྱིན་སོགས། །འབུམ་ཕྲག་བདུན་གྱིས་ལྷ་མ་ཡིན། །འབུམ་ཕྲག་གཉིས་ཀྱིས་ལྷ་རྣམས་ཉིད། །བརྒྱ་ཕྲག་གཅིག་གིས་སྔགས་པ་ཉིད། །ཅེས་དང༌། བརྟག་པ་དང་པོའི་ལེའུ་གཉིས་པ་ལས། ཨོཾ་ཀུ་རུ་ཀུལླེ་ཧྲཱིཿ སྭཱཧཱ། ཀུ་རུ་ཀུལླེའི་སྔགས་སོ། །རབ་ཏུ་མྱོས་མ་དབང་དུ་བྱ་བར་འདོད་པས་མྱ་ངན་མེད་པའི་འོག་ཏུ་སོང་སྟེ། གོས་དམར་པོ་བགོས་ནས་མྱོས་བྱེད་ཀྱི་འབྲས་བུ་ཟ་ཞིང༌། ཀ་ཀཱ་མ་ཙི་ཀའི་ཁུ་བས་ཐིག་ལེ་བྱས་ནས་སྔགས་བཟླས་ཏེ། ཨོཾ་ཨ་མ་གུ་ཡེ་ཧྲཱིཿ སི་བྷ་ཝ་ཏུ་སྭཱཧཱ། ཁྲིས་འོང་བར་འགྱུར་རོ་ཞེས་དང༌། ཡང་བརྟག་པ་གཉིས་པའི་ལེའུ་དགུ་པ་ལས། དང་པོ་རྣམ་པར་སྣང་མཛད་བཞག །དང་པོ་ཉིད་ཀྱི་དང་པོ་ལ། །རྡོ་རྗེ་མཁའ་འགྲོ་མ་དང་སྦྱར། །མཐར་གནས་པ་ཡི་གཉིས་པ་ལ། །རྡོ་རྗེ་མཁའ་འགྲོ་མ་དང་ལྡན། །ཡང་ནི་དང་པོའི་རྩེ་མོ་ལ། །རྡོ་རྗེ་མཁའ་འགྲོ་མ་དང་ལྡན། །མཐར་གནས་པ་ཡི་གསུམ་པ་ལ། །ཡང་ནི་དེ་ཉིད་ཡང་དག་ལྡན། །སྟེང་དུ་ཆོམ་རྐུན་མ་ཡིས་བརྒྱན། །དེ་རྗེས་ཧྲཱིཿ ཡི་རྣམ་པ་སྦྱར། །མཐར་ནི་སྭཱཧཱ་ཡོད་པ་ཉིད། །ཀུ་རུ་ཀུལླེའི་སྔགས་སོ། །ཞེས་པ་རྣམས་སོ། །དེ་དག་གི་ཚིག་དོན་ལ་མཁས་པ་སོ་སོས་འགྲེལ་ཚུལ་ཅུང་ཟད་མི་འདྲ་བ་འགའ་ཞིག་ཡོད་དེ། གྲུབ་ཆེན་མཚོ་སྐྱེས་ཀྱི་དཀའ་འགྲེལ་པདྨ་ཅན་དུ་བརྟག་པ་བཅུ་གཉིས་


GTD005_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་མེད་པར་སྔར་བསྟན་ཞེས་གསུངས་པའི་རྒྱུད་ཀྱི་རྒྱ་དཔེ་ལ་ཡང་མི་འདྲ་བ་གཉིས་ཡོད་པར་མངོན་ལ། འོན་ཀྱང་ཞུ་བ་པོ་རྡོ་རྗེ་སྙིང་པོའི་འགྲེལ་པ་དང་། རཏྣ་ཨ་ཀ་ར་ཤནྟིའི་དཀའ་འགྲེལ་མུ་ཏིག་ཕྲེང་བ། མི་ཐུབ་ཟླ་བའི་འགྲེལ་པ་ཀུ་མུ་ཊ་རྣམས་སུ་རྒྱུད་རྒྱས་པའི་བརྟག་པ་བཅུ་གཉིས་པར་རྒྱས་པར་གསུངས་པའི་དོན་འདིར་བསྡུས་པ་ལ་བཤད་དོ། །དེས་ན་རྔོག་ལུགས་པ་ཁ་ཅིག །རྡོ་རྗེ་སྙིང་འགྲེལ་ལས། འབུམ་ཕྲག་ལྔ་ཡི་རྒྱུད་ཆེན་ལས། །ཉུང་ངུའི་རྒྱུད་འདི་ལེགས་བྱུང་བ། །ཞེས་རྒྱུད་རྒྱས་པའི་ནང་ནས་ཁོལ་དུ་བྱུང་བར་གསུངས་པ་དང་། དེར་མ་ཟད་གུར་ལས། རྡོ་རྗེ་སྙིང་པོ་མངོན་བྱང་ཆུབ། །བརྟག་པའི་རྒྱལ་པོ་དང་པོ་སྟེ། །སྒྱུ་འཕྲུལ་བརྟག་པ་གཉིས་པ་འོ། །ཞེས་གསུངས་ཤིང་། འདིའི་བརྟག་པ་དང་པོའི་མཇུག་ཏུ། རྡོ་རྗེ་སྙིང་པོ་མངོན་པར་བྱང་ཆུབ་པ་ཞེས་བྱ་བའི་བརྟག་པ་དང་པོ་རྫོགས་སོ། །ཞེས་དང་། གཉིས་པའི་མཇུག་ཏུ། སྒྱུ་མ་བརྟག་པ་གཉིས་པ་རྫོགས་སོ། །ཞེས་གསུངས་པ་རྣམས་མིང་མཐུན་ཞིང་། འདིའི་མགོར་འདི་སྐད་བདག་ཐོས་སོགས་འབྱུང་བས་བརྟག་གཉིས་འདི་འབུམ་ལྔའི་རྒྱུད་ལས་ཟུར་དུ་བཏོན་པ་ཡིན་ཟེར་བ་ཡང་། གོང་དུ་བརྟག་པ་བཅུ་གཉིས་པར་རྒྱས་པར་གསུངས་ཞེས་པ་འདིས་ཁེགས་པར་མཁས་གྲུབ་རྗེས་བརྟག་གཉིས་རྣམ་བཤད་དུ་གསུངས་སོ། །འདིའི་འགལ་སྤོང་དུ་རྔོག་ལུགས་ཀྱི་གསུང་རྒྱུན་འགའ་ཞིག་ཏུ། མཁའ་འགྲོ་མ་ཀུ་ཀུ་ཀུལླེའི་རྒྱུད་བརྟག་པ་བཅུ་གཉིས་པ་བྱ་བ་ཞིག་ཨུ་རྒྱན་ན་བཞུགས་པ་དེ་ཡིན་ཞེས་ཟེར་ཡང་ཁུངས་མེད་པས་འདོད་པ་ཙམ་དུ་ཟད་ལ། ཊཱིཀྐ་ནོར་བུའི་སྒྲོན་མེ་སོགས་བོད་


GTD005_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

འགྲེལ་འགའ་ཞིག་ཏུ་རྒྱས་པར་བརྟག་པ་བཅུ་གཉིས་ལས། གོང་དུ་གསུངས་པ་མདོ་རུ་བསྡུ་ཞེས་གོང་འོག་བསྡེབས་ནས། སྤྱིར་བརྟག་པ་བཅུ་གཉིས་པ་ཡན་ཆད་དུ་ཐོར་བུ་ཐོར་བུར་གསུངས་ལ། གོང་དུ་ལེའུ་གཉིས་པར་འདིའི་སྔགས་གསུངས་པ་དེ་ཉིད་ཀྱི་སྒྲུབ་ཐབས་སྐབས་འདིར་བསྟན་ཞེས་འཆད་པ་ཡང་རྟོག་བཟོ་འབའ་ཞིག་ཏུ་སྣང་ངོ༌། །དེས་ན་རང་གི་ལུགས་ནི་འབུམ་ལྔའི་བརྟག་པ་བཅུ་གཉིས་པ་དངོས་གྲུབ་བརྟག་པ་ལས་འདིའི་ལས་ཚོགས་རབ་འབྱམས་རྒྱས་པར་གསུངས་པའི་ནང་ནས་འདིར་དབང་གི་ལས་སྒྲུབ་ཙམ་ཞིག་མདོར་བསྡུས་ཏེ་སྟོན་ཞེས་པ་ཡིན་ལ། གུར་ལས། དགུ་པ་མཁའ་འགྲོ་ཀུ་རུ་ཀུལླེ་ཞེས་གསུངས་པ་ལ་དཔགས་ན་ལེའུ་དེར་ཡང་འདིའི་སྐོར་མང་དུ་བསྟན་ཡོད་པར་མངོན་ནོ། །རྒྱུད་ཀྱི་ཚིག་ལྷག་མ་འགའ་ཞིག་ལ་ཡང་དོགས་པ་གཅོད་དགོས་པ་རྣམས་འོག་ཏུ་སྟོན་ཞིང༌། དེ་ལྟར་རྩོད་མེད་ཀྱི་རྒྱུད་སྡེ་རྣམས་ལས་ལན་གཅིག་མ་ཡིན་པར་གསུངས་པའི་ལྷ་མཆོག་ཁྱད་པར་ཅན་འདི་ཉིད་ལ་སྐུ་གསུང་ཐུགས་ཀྱི་ཡོན་ཏན་བླ་ན་མེད་པ་ལས་བརྩམས་པའི་བསྟོད་པ་མཛད་པར་མཚན་འདོགས་ཚུལ་ཡང་སྲིད་གསུམ་འགུགས་པའི་ལྕགས་ཀྱུ་ཞེས་གསུངས། སྤྱིར་གཞུང་གི་མིང་འདོགས་ལ་བརྗོད་བྱ་དང༌། གཞུང་ཚད་དང༌། ཞུ་བ་པོ་དང༌། གནས་དང༌། བྱེད་ལས་ཀྱི་སྒོ་ནས་བཏགས་པ་སྣ་ཚོགས་ཡོད་ཀྱང་འདིར་དགོས་པའི་ཆ་ནས་ཡིན་ཏེ། བརྗོད་བྱ་བཅོམ་ལྡན་འདས་མའི་གསང་བ་གསུམ་གྱི་ཡོན་ཏན་དང༌། དེ་ལ་བསྔགས་པས་འཕགས་མ་མཉེས་ཏེ་སྐྱེ་འགྲོ་དབང་དུ་བྱེད་པའི་དངོས་གྲུབ་འགྲུབ་པ་དགོས་པ་ཡིན་ལ།


GTD005_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་རང་གཞན་ཐམས་ཅད་ལྷན་སྐྱེས་ཀྱི་ཡེ་ཤེས་མངོན་དུ་བྱས་ཏེ་མི་སློབ་པའི་ཟུང་འཇུག་ཐོབ་པ་ཉིང་དགོས་ཡིན་ཞིང༌། དེ་དག་སྔ་ཕྱིའི་རིམ་པར་འབྱུང་བ་འབྲེལ་བ་ཡིན་པས་མཚན་གྱི་སྟེང་ནས་དགོས་སོགས་ཆོས་བཞི་ཡང་གོ་བར་ནུས་སོ། །གཉིས་པ་མཆོད་བརྗོད་ནི། བཅོམ་ལྡན་འདས་མ་དཔལ་ཀུ་རུ་ཀུལླེ་ལ་ཕྱག་འཚལ་ལོ། །ཞེས་བྱུང༌། དེ་ཡང་བཅོམ་ལྡན་འདས་མའི་དོན་ནི། བརྟག་པ་དང་པོའི་ལེའུ་ལྔ་པ་ལས། སངས་རྒྱས་འདི་ལ་བྷ་ག་མངའ། །བཅོམ་ལྡན་འདས་ཞེས་བརྗོད་པར་བྱ། །བྷ་ག་རྣམ་པ་དྲུག་ཏུ་བརྗོད། །དབང་ཕྱུག་ལ་སོགས་ཡོན་ཏན་ཀུན། །ཡང་ན་ཉོན་མོངས་ལ་སོགས་བདུད། །འཇོམས་ཕྱིར་བཅོམ་ལྡན་འདས་ཞེས་བྱ། །གང་ཕྱིར་སྐྱེ་འགྲོ་སྐྱེད་པ་ཡི། །ཤེས་རབ་མ་ཞེས་བརྗོད་པར་བྱ། །ཞེས་གསུངས་ཏེ། བཅོམ་ལྡན་འདས་ཀྱི་སྐད་དོད་བྷ་ག་སྐལ་བ་དང་ཝན་ལྡན་པ་ལ་འཇུག་ཅིང༌། སྐལ་བ་ཡང་སམྦྷུ་ཊ་ལས། དབང་ཕྱུག་དང་ནི་གཟུགས་བཟང་དང༌། །དཔལ་དང་གྲགས་དང་ཡེ་ཤེས་དང༌། །བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ། །དྲུག་པོ་རྣམས་ལ་སྐལ་ཞེས་བྱ། །ཞེས་སྒྲིབ་པ་མཐའ་དག་སྤངས་ཏེ་གཞན་ལ་རག་མ་ལས་པའི་དབང་ཕྱུག །མཚན་དཔེས་བརྒྱན་པའི་གཟུགས། ཕུན་ཚོགས་ཀུན་གྱིས་བརྟེན་པའི་དཔལ། ཡོན་ཏན་གྱི་མཐུས་ཀུན་ཏུ་ཁྱབ་པའི་གྲགས་པ། ཆགས་ཐོགས་མེད་པའི་ཡེ་ཤེས། གདུལ་བྱའི་དོན་ལས་མི་གཡེལ་བའི་བརྩོན་འགྲུས་ཕུན་སུམ་ཚོགས་པ་དྲུག་དང་ལྡན་པ་ལ་བཤད་ཚུལ་གཅིག་དང༌། ཡང་ངེས་ཚིག་གིས་བཤད་ཚུལ་གཅིག་ལ། བདུད་བཞི་


GTD005_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིབ་པ་གཉིས། ཉོན་མོངས་གསུམ་སོགས་བཅོམ་པས་བཅོམ་ལྡན་འདས་ཞེས་བཤད་པ་གཉིས་ཀ་བྷ་ག་ཝན་ཞེས་པའི་དོན་གྱི་རྣམ་གྲངས་ཡིན་ལ། བོད་སྐད་སོར་བཞག་གི་ཚེ་བཞི་བཅོམ་དྲུག་ལྡན་ཞེས་ཕྲལ་ནས་བཤད་པ་ལ་འགལ་བ་མེད་དོ། །འདས་ཞེས་པ་འཇིག་རྟེན་པའི་ལྷ་ཆེན་པོ་དག་ལས་ཁྱད་པར་དུ་བྱ་བའི་ཕྱིར་ལོ་ཙཱ་བས་བླ་ཐབས་སུ་བསྣན་པར་གསུངས་ལ་ཏཱ་ར་ན་ཐའི་ཚེ་མདོའི་ཊཱིཀྐར་བྷ་ག་ཞེས་པའི་ག་ལ་ཡི་གེ་བསྣན་ཏེ་ག་ཏི་སོང་བ་ལ་འཇུག་པས་འཇིག་རྟེན་པའི་ས་ལས་རིང་དུ་སོང་པའམ་འདས་པར་སྟོན་ཅིང༌། དེས་ན་དེའི་སྐད་དོད་རྒྱ་སྐད་ལ་གཏན་མེད་པ་མིན་གསུངས་སོ། །མའི་དོན་ནི་བདེ་ཆེན་གྱི་ཤེས་རབ་དེ་ཉིད་གང་དང་རོ་གཅིག་ཏུ་གྱུར་པའི་སྟོང་པ་ཉིད་དེ་སྐྱེ་འགྲོ་སྣོད་བཅུད་ཀུན་གྱི་རང་བཞིན་དུ་སོང་བས་དེ་ལ་བརྟེན་ནས་ཆོས་ཅན་མཐའ་དག་འཇོག་ཅིང༌། དེའི་ཕྱིར་དེ་ཉིད་དང་དབྱེར་མེད་པའི་བདེ་ཆེན་གྱི་ཤེས་རབ་ལ་ཡང་མ་ཞེས་བཤད་དེ། ཕར་ཕྱིན་ཐེག་པའི་སྐབས་སུ་ཡང་ཡུལ་དང་ཡུལ་ཅན་གྱི་དོན་དམ་གཉིས་ལ་རྒྱལ་བའི་ཡུམ་གྱི་མིང་གིས་བཏགས་པ་བཞིན་ནོ། །དེས་ན་སྐབས་འདིར་ཡང་དཀྱིལ་འཁོར་པའི་ལྷ་ཐམས་ཅད་ཡེ་ཤེས་དེའི་རྣམ་འཕྲུལ་ཡིན་ཀྱང༌། ནང་གསེས་ཀྱིས་ཡབ་རྣམས་ཐབས་དང་ཡུམ་ཤེས་རབ་ཀྱི་ལྡོག་ཆ་ནས་བཤད་པས་འདིར་ཡང་དེའི་དབང་དུ་བྱས་སོ། །དཔལ་གྱི་དོན་ནི་བརྟག་གཉིས་དང་ཀུན་སྤྱོད་གཉིས་ཀ་ལས། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཞེས་ཡུལ་བདག་མེད་གཉིས་དང༌། ཡུལ་ཅན་ཡེ་ཤེས་ཏེ་ཡི་གེ་གསུམ་གྱི་དོན་དབྱེར་མི་ཕྱེད་པ་ལ་བྱེད་པས། རྒྱུད་གཞན་ལས་ཤཱུ་ནྱ་ཏའི་སྔགས་དོན་སྐབས་ཀྱི་བཛྲ་


GTD005_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

དང་དོན་གཅིག་སྟེ། འདོད་འཇོ་ལས། ཤྲཱིའི་དོན་ནི་བཛྲ་སྟེ་རྡོ་རྗེ་ལྟར་མི་ཕྱེད་པའི་དོན་ཡིན་པས། ཞེས་གསུངས་པའི་ཕྱིར། གཞན་ཡང་མཁའ་འགྲོ་རྒྱ་མཚོ་ལས། ཨེ་ཝཾ་ལ་སོགས་གཉིས་མེད་པའང༌། །ཤྲཱི་ཞེས་བྱ་བའི་ཡིག་དེས་བརྗོད། །ཅེས་པ་ལམ་དང་འབྲས་བུའི་ཨེ་བཾ་ཐབས་ཤེས་དབྱེར་མེད་པ་ལ་སྦྱོར་ཚུལ་དང་བརྟག་གཉིས་རྣམ་བཤད་མཁའ་འགྲོའི་གསང་མཛོད་ལས། ཡི་གེ་གསུམ་པོ་དེའི་དོན་རྣམ་པར་ཐར་པའི་སྒོ་གསུམ་ཡིན་ལ། ཤྲཱིའི་དོན་ནི་ཡུལ་ཡི་གེ་གསུམ་གྱི་དོན་སྟོང་པ་ཉིད་དང༌། ཡུལ་ཅན་ཉིན་མོ་བཅོམ་ལྡན་རྡོ་རྗེ་ཅན། །ཞེས་སོགས་ཀྱིས་བསྟན་པའི་ཕྱག་རྒྱའི་ཐབས་དེས་དྲངས་པའི་བདེ་ཆེན་ལྷན་སྐྱེས་ཀྱི་དགའ་བ་གཉིས་དབྱེར་མེད་པར་སྦྱོར་བའི་ཡེ་ཤེས་དེ། ཞེས་ཡི་གེ་གསུམ་གའི་དོན་ཡུལ་སྟོང་ཉིད་ལ་སྦྱར་བ་སོགས་ཟུར་ཅུང་ཟད་མི་འདྲ་བའི་བཤད་ཚུལ་མང་ཡང་གནད་ཀྱི་དོན་བདེ་སྟོང་དབྱེར་མེད་ལ་འབབ་པར་འདྲའོ། །དེ་ལྟར་ན་སྤང་བྱ་མ་ལུས་སྤངས་ཤིང༌། ཡོན་ཏན་ཐམས་ཅད་དང་ལྡན་ལ། ཁྱད་པར་དུ་བདེ་སྟོང་དབྱེར་མེད་པའི་ཡེ་ཤེས་ཀྱི་ནུས་པ་ཡོངས་སུ་རྫོགས་ཏེ། གདུལ་བྱ་རྣམས་ལམ་དེ་ལ་སྦྱོར་བར་མཛད་པས་ན་བཅོམ་ལྡན་འདས་མ་དཔལ་ཀུ་རུ་ཀུལླེ་ཞེས་ཡོན་ཏན་བརྗོད་དེ། དེ་ལ་མི་ཕྱེད་པའི་དད་པ་ཤུགས་དྲག་ཏུ་བསྐྱེད་པ་ཡིད་ཀྱི་ཕྱག་དང༌། དེའི་ཡོན་ཏན་ལས་བརྩམས་ཏེ་བསྔགས་པ་བརྗོད་པ་ངག་གི་ཕྱག །ཐལ་སྦྱར་མེ་ཏོག་ཁ་འབུས་པ་ལྟ་བུ་སྤྱི་བོར་བཀོད་དེ་ཡན་ལག་ལྔ་ས་ལ་གཏུགས་པའི་ཕྱག་བྱ་བ་ལུས་ཀྱི་ཕྱག་དང༌། རྒྱས་པར་བཟང་པོ་སྤྱོད་པ་ལས་གསུངས་པ་ལྟར་ལུས་དང་དབྱངས་ཀྱི་


GTD005_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་བྱེ་བ་བརྒྱ་སྟོང་སོགས་སུ་སྤྲུལ་བའི་ཕྱག་དང༌། གསང་སྔགས་ཀྱི་ཐུན་མོང་མ་ཡིན་པ་ནི། ཀུན་མཁྱེན་འཇམ་དབྱངས་བཞད་པའི་གསང་འདུས་བསྐྱེད་རིམ་ལས། ཕྱག་འཚལ་བ་ལ་གཡས་ཀྱི་སོར་མོ་ལྔས་རྩ་བའི་རླུང་དང༌། གཡོན་གྱི་སོར་མོ་ལྔས་ཡན་ལག་གི་རླུང་དང༌། དེ་བཅུ་སྙིང་གར་ཐལ་མོ་སྦྱར་བས་རླུང་བཅུ་སྙིང་གའི་རྩ་འཁོར་གྱི་དབུས་སུ་འདུས་པ་མཚོན་པ་དང༌། ཡང་གཡས་ཀྱི་སོར་མོ་ལྔས་དབང་པོ་ལྔ་དང༌། གཡོན་གྱི་སོར་མོ་ལྔས་ཡུལ་ལྔ་དང༌། རྡོ་རྗེ་ཐལ་མོས་ཡུལ་དབང་རྣམས་འོད་གསལ་དུ་འདུས་པ་མཚོན་པ་དང༌། ཡང་གཡས་ཀྱི་སོར་མོས་སྒྱུ་ལུས་དང༌། གཡོན་གྱི་སོར་མོས་འོད་གསལ་དང༌། རྡོ་རྗེ་ཐལ་མོས་སྒྱུ་ལུས་འོད་གསལ་དངོས་པོ་གཅིག་པའི་ཟུང་འཇུག་གི་དོན་དྲན་པར་བྱས་ནས་ཐལ་མོ་སྦྱར་ལ་ཞེས་དགོངས་པ་ལུང་སྟོན་གྱི་དོན་རྣམ་བཞག་རིམ་པར་བཀྲལ་བའི་གནད་བསྡུས་ཏེ་གསུངས་པ་ལྟ་བུ་ཡིན་པས། རྒྱུད་དོན་གདམས་པར་ཤར་བ་རྣམས་ལ་ཕྱག་འཚལ་ཞེས་པའི་ཚིག་ཙམ་ལ་ཡང་གོ་རྒྱུ་རྒྱ་ཆེ་ཞིང་དེའི་ཁུངས་སུ་རྒྱུད་དོན་མ་ལུས་པ་ཉམས་སུ་བླང་དུ་ཡོད་པས་ཤིན་ཏུ་དོན་ཆེན་པོ་དང་ལྡན་པ་ཤེས་པར་བྱའོ། །གནད་མ་གོ་བ་དག་ཐལ་མོའི་ངེས་དོན་དེ་ལྟར་བྱས་ན་རང་གིས་ལམ་བསྒོམ་པར་འགྲོ་ཡང༌། སྐྱབས་ཡུལ་རྣམས་ལ་ཕྱག་འཚལ་བར་ཅིའི་ཕྱིར་འགྲོ་སྙམ་ན་ཐེག་ཆེན་གྱི་ཐུན་མོང་མ་ཡིན་པའི་སྐྱབས་སུ་འགྲོ་ཚུལ་ནི། ཕར་ཕྱིན་བསྡུས་པ་ལས། བདེ་གཤེགས་ཡོན་ཏན་ཐོབ་མོས་ན། །དེ་བཞིན་གཤེགས་པ་ཐམས་ཅད་ལ། །མདོར་བསྡུས་སྐྱབས་སུ་སོང་བ་ཡིན། །ཞེས་དང༌། མདོ་སྡེ་རྒྱན་ལས། འདི་ནི་དེ་དངོས་འདོད་པ་ལས་


GTD005_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་དེ་ཡང་སྙིང་བརྩེ་ལས་རིག་བྱ། །ཞེས་འབངས་ཀྱིས་རྒྱལ་པོར་ཞུ་བ་ལྟ་བུ་མ་ཡིན་པར་སྐྱབས་ཡུལ་དེའི་གོ་འཕང་རང་གིས་མངོན་དུ་བྱེད་པར་འདོད་ནས་དེའི་ལམ་སྒོམ་པ་འབྲས་སྐྱབས་ཀྱི་དབང་དུ་བྱས་པའི་སྐྱབས་འགྲོ་གཙོ་བོ་ཡིན་པས། རྒྱུད་བླ་མར། ཐེག་པ་གསུམ་དང་བྱེད་གསུམ་ལ། །ཞེས་སོགས་ཀྱིས་སངས་རྒྱས་ལ་སྐྱབས་སུ་འགྲོ་བ་ཐེག་ཆེན་དང་སྦྱར་བ་ཡིན་ནོ། །གསང་སྔགས་ཀྱི་སྐབས་སུ། དེ་ལས་ཀྱང་ལྷག་པ་སྐྱབས་ཡུལ་དེའི་ངོ་བོར་ང་རྒྱལ་བཞག་སྟེ་འབྲས་བུ་ལམ་བྱེད་ཀྱི་ཚུལ་དུ་སྒོམ་དགོས་པས། ཐལ་མོའི་ངེས་དོན་དེ་ལྟར་བྱེད་པ་ནི་ལུགས་འདིའི་ཐུན་མོང་མ་ཡིན་པའི་ཕྱག་འཚལ་ཞིང་སྐྱབས་སུ་འགྲོ་ཚུལ་རྨད་དུ་བྱུང་བ་ཡིན་ནོ། །སྔོན་མཐའ་མི་མངོན་སྲིད་པ་མཚན་མོའི་སྨག །གཅོད་པའི་བྱིན་རླབས་འོད་རྣོན་གདེངས་ཀ་ཅན། །བསྟོད་ཚིག་ཉིན་མོར་བྱེད་པའི་ཁ་ལོ་པ། །བཤད་ཐབས་སྐྱ་རེངས་སྣང་བ་དང་པོར་ཤར། །ཞེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་གཞུང་དོན་ལ། ཇི་ལྟར་བསྟོད་པའི་ཚུལ། བསྟོད་པའི་ཚིག་དོན་དངོས་བཤད་པ། དེ་ལྟར་བསྟོད་པའི་དགེ་བ་བསྔོ་བ་འདོད་གསོལ་དང་བཅས་པ་གསུམ། དང་པོ་ནི། སྤྱིར་སངས་རྒྱས་ཀྱི་ཡོན་ཏན་ཚད་མེད་པས་ཆ་ཤས་གང་ལས་བརྩམས་ཏེ་བསྟོད་པ་བྱས་ཀྱང་ཕན་ཡོན་རླབས་པོ་ཆེ་འབྱུང་མོད། འོན་ཀྱང་བདག་ཉིད་ཆེན་པོ་རྣམས་ཀྱིས་རྒྱུ་དང་འབྲས་བུའི་ཡོན་ཏན་གྱི་རྩ་བ་མཐར་ཐུག་པ་དེ་ཉིད་ཀྱི་སྟེང་ནས་བསྔགས་པ་བརྗོད་པ་གཙོ་བོར་མཛད་དེ། དཔེར་ན་རིགས་ཚོགས་ལས། གང་གིས་སྐྱེ་དང་འཇིག་པ་དག །ཚུལ་འདི་ཡིས་ནི་སྤངས་གྱུར་པ། །རྟེན་


GTD005_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་འབྲེལ་བར་བྱུང་གསུངས་པའི། །ཐུབ་དབང་དེ་ལ་བདག་ཕྱག་འཚལ། །ཞེས་དང༌། རྗེ་བླ་མས། གང་ཞིག་གཟིགས་ཤིང་གསུངས་པ་ཡི། །མཁྱེན་དང་སྟོན་པ་བླ་ན་མེད། །ཅེས་དོན་གང་ཞིག་གཟིགས་པ་མཐར་ཕྱིན་པའི་སྟོབས་ཀྱིས་ཤེས་བྱ་མཐའ་དག་ལ་ཡེ་ཤེས་ཀྱི་སྣང་བ་རྒྱས་ཤིང༌། རྨོངས་པའི་མུན་པ་རྩད་ནས་ཕྱུང་བའི་རང་དོན་སྤངས་རྟོགས་ཕུན་ཚོགས་དང༌། གཟུགས་སྐུ་གཉིས་སུ་བསྟན་ནས་དོན་དེ་གདུལ་བྱ་རྣམས་ལ་སྟོན་པའི་གཞན་དོན་འཕྲིན་ལས་ཕུན་ཚོགས་ཏེ་དོན་གཉིས་ལྷུན་གྱིས་གྲུབ་པའི་རྩ་བ་ནི་སྟོང་པ་དང་རྟེན་འབྱུང་འགལ་མེད་ཟུང་འཇུག་ཏུ་ཤར་བ་འདི་ཡིན་པས་དེ་ཉིད་གཟིགས་ཤིང་འདོམས་པའི་སྒོ་ནས་བསྟོད་ན་བསྟོད་པའི་མཆོག་ཏུ་འགྲོ་ལ། དེ་ལས་གཞན་དུ་བསྟོད་ཀྱང་བསྟོད་ཚུལ་མཐར་ཐུག་ཏུ་མི་འགྲོ་བས། ཚུལ་འདིས་ཁྱོད་ལ་བསྟོད་ན་ནི། །བསྟོད་པར་འགྱུར་གྱི་གཞན་དུ་མིན། །ཞེས་གསུངས་སོ། །དེ་ནི་ཕར་ཕྱིན་ཐེག་པའི་དབང་དུ་བྱས་པ་ཡིན་ལ། གསང་སྔགས་ཀྱི་སྐབས་སུ་སྔགས་རང་ལམ་དང་སྦྱར་ནས་བསྟོད་ཚུལ་དེ་ལས་ཀྱང་ཁྱད་པར་དུ་འཕགས་པ་ཞིག་དགོས་སོ། །དེའི་ཚུལ་ཇི་ལྟར་ཡིན་ཞེ་ན། ལུགས་འདི་ལ་ཡང་ཡུལ་བདག་མེད་ཕར་ཕྱིན་ཐེག་པ་ནས་བཤད་པ་དེ་ལས་ཕྲ་བ་ཞིག་མི་བཞེད་པས་ཆོས་སྐུ་གྲུབ་པ་ལ་ཟབ་མོའི་ལྟ་བ་དེ་ཉིད་ལམ་གྱི་སྲོག་ཏུ་འདོད་དགོས་ཀྱང་ཡུལ་ཅན་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་ཆ་ནས་ཁྱད་ཞུགས་པ་དང༌། གཟུགས་སྐུའི་རིགས་འདྲའི་རྒྱུ་ལྷའི་རྣལ་འབྱོར་མདོ་ཕྱོགས་སུ་གཏན་མེད་པས་སྔགས་ལ་མ་བརྟེན་ན་མདོ་ཙམ་གྱིས་སྐུ་གཉིས་གང་ཡང་འགྲུབ་མི་ནུས་སོ། །དེས་ན་དུས་གསུམ་


GTD005_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སངས་རྒྱས་ཐམས་ཅད་ཀྱི་གསང་བ་གསུམ་གྱི་ཡོན་ཏན་མ་ལུས་པ་གསང་སྔགས་ཀྱི་ལམ་བཟང་འདི་ཉིད་ཉམས་སུ་བཞེས་པའི་ལག་རྗེས་ཤ་སྟག་ཡིན་ཏེ། རྣམ་སྣང་མངོན་བྱང་ལས། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །དུས་གསུམ་འབྱུང་བའི་སངས་རྒྱས་རྣམས། །རྡོ་རྗེ་སྔགས་ཀྱི་མཐུ་ཡིས་ནི། །ཡེ་ཤེས་མཉམ་མེད་ཡང་དག་བརྙེས། །གང་གི་ཤཱཀྱ་སེང་གེ་སོགས། །མཆོག་རྣམས་ཀྱིས་ནི་བདུད་ཀྱི་སྡེ། །མི་བཟད་ཆེན་པོ་སྟོབས་ཆེན་བཅོམ། །ཞེས་དང་། ཇི་ལྟར་འདས་པའི་སངས་རྒྱས་ཀྱིས། །བྱང་ཆུབ་སྲས་རྣམས་དབང་བསྐུར་བ། །ཞེས་དང་། རྒྱུད་རྡོར་ཕྲེང་ལས། འདས་པའི་རྡོ་རྗེ་འཆང་སོགས་ཀྱིས། །ཇི་ལྟར་སངས་རྒྱས་སྲས་དབང་བསྐུར། །ཞེས་གསུངས་པ་བཞིན་གསང་སྔགས་ལ་མ་བརྟེན་པར་སངས་རྒྱས་པ་གཅིག་ཀྱང་མི་སྲིད་པས་ད་ལྟར་བཞུགས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་འདི་ཐམས་ཅད་ཀྱང་རང་རང་གི་སྔོན་དུ་བྱོན་པའི་འདས་པའི་སངས་རྒྱས་རྣམས་ཀྱིས་དབང་བསྐུར་ཏེ་ལམ་ཉམས་སུ་བླངས་པ་ལ་བརྟེན་ནས་ཟུང་འཇུག་གི་གོ་འཕང་ཐོབ་པ་ཤ་སྟག་ཡིན་གྱི། སྔགས་ལ་མ་བརྟེན་པར་སངས་རྒྱས་པ་ཡོད་ན། དེའི་ཐུགས་རྒྱུད་ལ་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་མེད་པས་སངས་རྒྱས་གཞན་ལས་དམན་པར་འགྱུར་བའམ། ཡང་ན་རིགས་མཐུན་གྱི་རྒྱུ་སྔོན་དུ་མ་སོང་བར་བྱུང་བའི་ཡེ་ཤེས་དེ་རྟག་པ་རང་བྱུང་གི་དབང་ཕྱུག་གི་ཡོན་ཏན་ལྟ་བུར་འགྱུར་ཞིང༌། ནང་པའི་ལུགས་ཀྱི་སངས་རྒྱས་པའི་ཡོན་ཏན་ཐམས་ཅད་ནི་རྒྱུ་མེད་དང་མི་མཐུན་པའི་རྒྱུ་ལས་མི་འབྱུང་བར་རིགས་མཐུན་གྱི་ལམ་སྦྱངས་


GTD005_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་ཁོ་ན་ལས་སྐྱེ་དགོས་པས་ན། ཚད་མ་རྣམ་འགྲེལ་ལས། མ་སྐྱེས་པ་ནི་བཟློག་དོན་དུ། །གྱུར་པ་ཉིད་གསུངས་དེ་ཡི་ཕྱིར། །ཞེས་འདོམས་པར་མཛད་དོ། །དེ་ལྟར་སྔགས་ལ་མ་བརྟེན་པར་སངས་རྒྱ་བ་མི་སྲིད་པར་བཤད་པ་ན། ཁ་ཅིག་མདོ་ལུགས་ཀྱི་ལམ་དེ་སངས་རྒྱས་ཀྱི་སར་བགྲོད་པའི་ལམ་གཏན་ནས་མ་ཡིན་པར་གོ་སྟེ་ཆོས་སྤོང་གི་ལས་ཚན་པོ་ཆེ་གསོག་ཅིང་། གཞན་དག་ནི་མདོ་ཕྱོགས་སུ་རང་ལམ་རྐྱང་པས་འཚང་རྒྱ་ཚུལ་བཤད་པ་དེ་སྒྲ་ཇི་བཞིན་པར་བཟུང་ནས་སྔགས་ལ་ཐུན་མོང་མ་ཡིན་པའི་མོས་པ་མི་སྐྱེའོ། །དེས་ན་མདོ་སྔགས་གཉིས་ཀ་སངས་རྒྱས་ཀྱི་སར་བགྲོད་པའི་ལམ་དུ་འདྲ་ཡང་། མདོ་ལ་སྔགས་ལྟ་བུའི་མྱུར་ཁྱད་མེད་པ་དང་། མདོ་ལུགས་ཀྱི་སློབ་པའི་ལམ་ཐམས་ཅད་བགྲོད་པའི་མཐར་ཡང་སྔགས་ཀྱིས་སྣོན་པ་འདེབས་དགོས་པའི་ཚུལ་འདི་གོ་ན་སྔ་མའི་ལོག་རྟོག་གཉིས་ཀ་ཁེགས་པར་འགྱུར་རོ། །འོ་ན་མདོ་ལུགས་ཀྱི་ས་བཅུའི་མཐར་ཐུག་པར་བགྲོད་ནས་སྔགས་ལ་འཇུག་ཚུལ་ཇི་ལྟར་ཡིན་ཞེ་ན། བྱ་སྤྱོད་གཉིས་སུ་དེ་འདྲ་བའི་བཤད་སྲོལ་མ་བྱུང་ཞིང་། རྒྱུད་རྡོ་རྗེ་རྩེ་མོ་ལས། དེའི་ཚེ་རྡོ་རྗེ་སེམས་དཔའ་དང་། རྡོ་རྗེ་ཆོས་སོགས་ཀྱིས་དབང་བསྐུར་ཏེ་མངོན་བྱང་ལྔས་སངས་རྒྱ་ཚུལ་ཞིག་གསུངས་ལ། དེའི་དགོངས་པ་ཤཱཀྱ་བཤེས་གཉེན་དང་། ཀུན་དགའ་སྙིང་པོས་འགྲེལ་ཚུལ་གཉིས་བྱུང་བ་དང་། བླ་མེད་ཀྱི་ལུགས་སུ་བྱས་ཏེ་ཨ་ལཾ་ཀ་ཀ་ལ་ཤ་སོགས་ཀྱིས་དེའི་ཚེ་དབང་བཞི་ག་བསྐུར་ཏེ་བསྐྱེད་རིམ་ནས་བགྲོད་དགོས་པར་བཤད་པ་རྣམས་སྒྲ་ཇི་བཞིན་དུ་ཁས་བླངས་མི་རུང་ངོ་། །རང་ལུགས་འཐད་ལྡན་གང་གི་རྗེས་སུ་འབྲང་སྙམ་ན། བདེ་དགྱེས་དུས་འཁོར་སོགས་རྒྱུད་གཞན་ལས་རྒྱས་པར་མ་


GTD005_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ཀྱང་། འདུས་པ་ལུགས་གཉིས་སུ་གསལ་བར་མཛད་དེ། སྤྱོད་བསྡུས་ལས། རིམ་པ་འདི་ཉིད་ཀྱིས་བཅོམ་ལྡན་འདས་དཔལ་ཤཱཀྱ་ཐུབ་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སེ་གོལ་གྱི་སྒྲས་བསྐུལ་བར་གྱུར་པས་མི་གཡོ་བའི་ཏིང་ངེ་འཛིན་ལས་བཞེངས་ཏེ། བྱང་ཆུབ་ཀྱི་ཤིང་དྲུང་དུ་བཞུགས་ནས་ནམ་ཕྱེད་ཀྱི་དུས་སུ་འོད་གསལ་མངོན་དུ་མཛད་དེ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་བཞེངས་ནས་གདུལ་བྱའི་སྐྱེ་བོ་རྣམས་ལ་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་ཡིན་ནོ། །ཞེས་གསུངས་སོ། །ཡེ་ཤེས་ཞབས་ལུགས་ཀྱང་འཇམ་དཔལ་ཞལ་ལུང་ཆེ་བ་ལས་གསུངས་པ་འདི་དང་ཤིན་ཏུ་མཐུན་ཞིང་། དེ་དག་གི་དོན་བསྡུས་ཏེ་སྟོན་པ་ཐུབ་པའི་དབང་པོ་འདི་ཉིད་ལ་མཚོན་ན། དང་པོར་གྲངས་མེད་གསུམ་དུ་ཚོགས་བསགས་ཏེ་ས་བཅུ་བགྲོད་ཅིང་སྲིད་པ་ཐ་མའི་ཚེ་ལོ་དྲུག་དཀའ་བ་སྤྱད་མཐར་ཆུ་བོ་ནེ་རཉྫ་ནའི་འགྲམ་དུ་མི་གཡོ་བའི་ཏིང་ངེ་འཛིན་ལ་བཞུགས་པའི་ཚེ་སངས་རྒྱས་རྣམས་ཀྱིས་བསླངས་ཏེ། དབང་གསུམ་པ་དང་བཞི་པ་བསྐུར་བས་ནམ་ཕྱེད་ན་དོན་གྱི་འོད་གསལ་མངོན་དུ་མཛད་པའི་མཐར་དག་པའི་སྒྱུ་མའི་སྐུར་བཞེངས་ཤིང་། ཐོ་རངས་མི་སློབ་པའི་ཟུང་འཇུག་མངོན་དུ་བྱས་ནས་ཆོས་འཁོར་བསྐོར་བར་གསུངས་པ་ཡིན་ཏེ། གྲོལ་བའི་ཐིག་ལེ་ལས། ཅི་ཕྱིར་ཤཱཀྱ་ཐུབ་པ་ཡིས། །གྲངས་མེད་བར་དུ་ཚོགས་བསགས་ཀྱང་། །དེ་དོན་མ་རྟོགས་ནེ་རཉྫ་ན། །ཅི་ཡང་མ་ཡིན་ཏིང་འཛིན་གནས། །ཞེས་སོགས་གསུངས་སོ། །དབང་བསྐུར་བའི་ཚུལ་དེ་ནི། བརྟག་གཉིས་ལས། འབར་བའི་ཕྲེང་བས་འཁྲུགས་པ་ཡི། །དཀྱིལ་འཁོར་རབ་ཏུ་བཞེངས་ནས་


GTD005_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །རྡོ་རྗེ་སྙིང་པོ་དབང་སྦྱིན་ཕྱིར། །ཐིག་ལེ་མཆོག་ནི་བཀུག་པ་ཉིད། །ཅེས་པའི་དགོངས་པ་ཡང་ཡིན་ལ། འདིར་བདག་ཅག་གི་སྟོན་པ་ནི་མཚན་གཞི་སྨོས་པ་ཙམ་ཡིན་པས་ས་བཅུ་པ་ནས་སྔགས་ལ་འཇུག་པ་ཐམས་ཅད་དེ་དང་འདྲའོ། །དེ་ལྟར་ན་རིགས་ངེས་པ་དང་མ་ངེས་པ་ཐམས་ཅད་འབྲས་བུ་ཟུང་འཇུག་སྐུ་བཞིའི་གོ་འཕང་དེར་བགྲོད་པ་ལ་མེད་མི་རུང་དུ་སྔགས་ལ་བརྟེན་དགོས་པས་གསང་སྔགས་ཀྱི་ལམ་འདི་ནི་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་དུ་ངེས་པ་གཏིང་ཕྱིན་པར་རྙེད་པ་ན་ལྷག་པའི་ལྷ་ལ་བསྟོད་པ་སྨོས་པས་ལམ་རིམ་གཉིས་ཀྱི་བགྲོད་ཚུལ་ལ་ངེས་པ་ཇེ་བརྟན་དུ་འགྲོ་ཞིང༌། ལམ་རིམ་གཉིས་ཀྱི་རྣམ་གཞག་གཏན་ལ་ཕབ་པས་ཀྱང་ལྷག་པའི་ལྷ་ལ་ཡིད་ཆེས་ཀྱི་དད་པ་གོང་དུ་འཕེལ་བ་སོགས་ཕན་ཚུན་གཅིག་གིས་གཅིག་ལ་གོ་བ་སྐྱེད་ཅིང་བོགས་འབྱིན་པ་ཞིག་འབྱུང་སྟེ། དཔེར་ན་བསྟན་བཅོས་མངོན་རྒྱན་གྱི་སྐབས་སུ་མཁྱེན་གསུམ་ལ་དང་བའི་དད་པ་དང༌། ཆུང་འབྲིང་གི་ཐུན་མོང་གི་རགས་པའི་མི་རྟག་སོགས་རྟོགས་པ་ནས་བཟུང་སྟེ་རྣམ་མཁྱེན་གྱི་བར་ལ་མཆོད་བརྗོད་བྱས་པས་དེ་དག་རྗེ་བཙུན་གྱི་ཐུགས་ལ་འཁྲུངས་ཚུལ་དང་གདུལ་བྱའི་རྒྱུད་ལ་སྐྱེ་རིམ་གྱི་རྗེས་འགྲོ་དང་ལྡོག་འགྲོའི་རིམ་པ་གཉིས་ཀ་བསྟན་པའི་ཚུལ་རྣམ་བཤད་སྙིང་པོ་རྒྱན་ལས། དེ་དག་གིས་ནི་ལམ་གྱི་རིམ་པ་རྗེ་བཙུན་གྱི་ཐུགས་རྒྱུད་ལ་འཁྲུངས་པའི་རྗེས་འགྲོ་དངོས་སུ་བསྟན་ནས་ལྡོག་པ་ཤུགས་ལ་འཕེན་པར་བྱེད་པ་ཡིན་ནོ། །ཞེས་དང༌། རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱ་ཉིད་ལམ་ལ་འཇུག་པའི་རིམ་པ་དང་མཐུན་པར་བསྟོད་པ་ཡིན་ནོ། །ཞེས་གསུངས་ཤིང༌། ཚད་མ་མདོའི་མཆོད་བརྗོད་ལས། ཚད་


GTD005_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །སྟོན་པ་བདེ་གཤེགས་སྐྱོབ་ལ་ཕྱག་འཚལ། ཞེས་པའི་ཚིག་རྐང་པ་གཉིས་ཀྱི་དོན་དཔལ་ཆོས་ཀྱི་གྲགས་པས་ལུགས་འབྱུང་ལྡོག་གི་སྒོ་ནས་རྒྱས་པར་གཏན་ལ་ཕབ་པས་ཐར་འདོད་ཡོངས་ཀྱི་ཐར་ལམ་ལྟ་བའི་བློ་མིག་གསལ་བར་ཕྱེ་བ་ལྟ་བུ་ཡིན་ཏེ། སྐྱེས་རབས་ལས་ཀྱང༌། བདེ་བར་གཤེགས་གྱུར་ལམ་རྣམས་གང་ཡིན་བསྟན་པར་འགྱུར། །ཞེས་གསུངས་པ་ལྟར་རོ། །༈ གཉིས་པ་བསྟོད་པའི་ཚིག་དོན་དངོས་བཤད་པ་ལ། མདོར་བསྟན་རྒྱས་བཤད་གཉིས། དང་པོ་ནི། རབ་འབྱམས་ཉི་འོད་རྩེ་དགས་རབ་རྒོད་པ། །ཆུ་ལྷའི་ངོགས་སུ་ཕྱོགས་པའི་ལྷུན་པོ་བཞིན། །དཔེར་མཚོན་མེ་ལོང་ནང་གཟུགས་ཤར་བའི་དབྱིབས། །ཇི་བཞིན་སྒྱུ་འཕྲུལ་གར་གྱིས་རོལ་དེར་འདུད། །ཅེས་བྱུང༌། དེ་ཡང་ཚིག་གི་དངོས་ཟིན་ཙམ་ལ་འཕྲལ་དུ་བརྟགས་པའི་ཚེ་པདྨ་རཱ་གའི་ལྷུན་པོ་ཉི་འོད་བྱེ་བས་འཁྱུད་པ་ལྟ་བུའི་གཟི་བྱིན་ཅན། མེ་ལོང་ནང་གི་གཟུགས་བརྙན་བཞིན་དུ་དྭངས་ཤིང་གསལ་བའི་སྐུ་ཁོ་ན་ལ་བསྟོད་པ་ལྟར་སྣང་ཡང༌། དེ་ཙམ་ཞིག་མ་ཡིན་ཏེ། རྐང་པ་དང་པོ་གཉིས་ཀྱིས་ཐུན་མོང་མ་ཡིན་པ་དབང་གི་འཕྲིན་ལས་གཙོ་བོར་གྱུར་པའི་ཚུལ་དང༌། ཕྱི་མ་གཉིས་ཀྱིས་དེའི་རྩ་བའམ་འབྱུང་ཁུངས་ལྟ་བུ་སྐུ་གསུང་ཐུགས་ཀྱི་ཡོན་ཏན་མ་ཚང་བ་མེད་པར་སྟོན་པས་མདོར་བསྟན་གྱི་གཞུང་ཤིན་ཏུ་ཟབ་ཅིང་བརླིང་བ་ཞིག་ཡིན་ནོ། །དེ་ལ་རབ་འབྱམས་ཞེས་པ་ནི། སྟོང་གསུམ་བྱེ་བ་ཕྲག་བརྒྱ་ལ་རབ་འབྱམས་ཀྱི་མཚམས་སྦྱོར་དང༌། དེ་བྱེ་བ་ཕྲག་བརྒྱ་ལ་རབ་འབྱམས་ཀྱི་རྒྱུད།


GTD005_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བྱེ་བ་ཕྲག་བརྒྱ་ལ་རབ་འབྱམས་ཀྱི་རྒྱུད་བར་མ། དེ་བྱེ་བ་ཕྲག་བརྒྱ་ལ་མེ་ཏོག་གི་གཞིའི་སྙིང་པོས་བརྒྱན་པའོ། །ཞེས་བཤད་ཅིང༌། དེ་ཐམས་ཅད་རྣམ་སྣང་ཐུབ་པ་གངས་ཅན་མཚོའི་ཕྱག་མཐིལ་གྱི་རྡུལ་ཕྲ་རབ་གཅིག་ལ་གནས་པར་ཕལ་བོ་ཆེ་ལས་བཤད་དོ། །དེས་མཚོན་ཏེ་སྐུའི་རྡུལ་ཕྲ་རབ་མཐའ་དག་ལ་དེ་ལྟར་གནས་ཤིང༌། དེ་ཐམས་ཅད་གཅིག་ཏུ་བསྡོམས་པ་ལ་རབ་འབྱམས་ཞེས་པ་ཡིན་ཏེ། འདུལ་འཛིན་པའི་ཀུན་རིག་ཊཱིཀ་ཆེན་ལས། རྣམ་སྣང་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ཞིང༌། དེས་ན་དེ་ཉིད་རབ་འབྱམས་རྒྱ་མཚོ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འདིར་རབ་འབྱམས་དང་རྒྱ་མཚོ་གཉིས་ཀ་སྨོས་པ་ཡང༌། གྲངས་མེད་དཔག་ཏུ་མེད་པ་ཞེས་པ་ལྟ་བུའི་ཟློས་སྒྲ་ཡིན་གྱི། དོན་སོ་སོ་བ་མ་ཡིན་ཏེ། ཀོ་ས་ལར། རྒྱ་མཚོའི་སྒྲས་ནི་གྲངས་མཐའ་མེད་པ་ཉིད་དུ་སྟོན་ཏེ་ཞེས་སོ། །དེ་ལྟར་བགྲང་ལས་འདས་པའི་ཉིན་བྱེད་ཀྱི་འོད་ཟེར་ནམ་མཁའི་དབྱིངས་ཐམས་ཅད་ཁྱབ་པར་སྤྲོ་བ་ནི། འདིར། རབ་འབྱམས་ཉི་འོད་རྩེ་དགས་རབ་རྒོད་པ། །ཞེས་པའི་སྐབས་ཀྱི་དཔེའི་འགྲེལ་ཚུལ་ཡིན་ལ། སྤྱིར་སྙན་དངགས་ཀྱི་ཚིག་རྒྱན་ལ་འབྲུ་གཉེར་བའི་བཤད་པ་འཇུག་པའི་ངེས་པ་མེད་ཀྱང༌། བླ་མ་མཆོད་པས། སྟོང་གསུམ་མུན་སེལ་འོད་ཟེར་རྩེ་དགའ་རྒོད། །ཅེས་པའི་ཐད་དུ་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོ་སོགས་ཀྱིས། བྱིས་པ་རྩེད་མོ་བྱེད་པའི་ཚེ། གཅིག་གིས་གཅིག་ལ་འཆིང་ནས་ལག་འཛིངས་པ་ལྟར་འོད་ཟེར་ཕན་ཚུན་དུ་ཕོག་པའི་བཤད་པ་མཛད་པ་ལྟར་ན། འདི་ཡང་ཉི་འོད་ཕན་ཚུན་དུ་འདྲེས་པའི་དོན་


GTD005_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཤད་དུ་རུང་ཞིང༌། དེ་ལྟར་ན་དོན་གྱི་སྐབས་སུ་དཔག་ཏུ་མེད་པའི་འཕྲིན་ལས་དང་སྤྲུལ་བའི་བཀོད་པ་ཕྱོགས་བཅུའི་ཞིང་ཁམས་ཀུན་ཏུ་ཁྱབ་པར་སྤྲོ་བ་དང༌། ཞིང་སོ་སོའི་གདུལ་བྱའི་དོན་ཟིན་ནས་སྤྲུལ་བ་ཚུར་སྡུད་པ་སོགས་རྒྱལ་པོ་ཆེན་པོའི་ཕོ་ཉ་མང་པོའི་འགྲོ་འོང་གོ་མཚམས་མེད་པར་རུ་འཛིངས་པ་ལྟ་བུ་ལ་སྦྱར་དུ་རུང་ངོ༌། །འདིར་འཕྲིན་ལས་འཕྲོ་བ་ལ་འོད་ཟེར་འཕྲོ་བའི་མིང་གིས་བསྟན་པ་ནི་ཤིང་རྟ་ཆེན་པོ་རྣམས་ཀྱི་གསུང་ཚུལ་ཡིན་ཏེ། རྣམ་འགྲེལ་ལས། ཀུན་ཏུ་བཟང་པོའི་འོད་ཟེར་དག །ཀུན་ནས་འཕྲོ་ཞེས་དང་། རྒྱུད་བླ་མར། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །ཞེས་གསུངས་པ་ལྟར་རོ། །དེ་ནས་བསམ་གྱིས་མི་ཁྱབ་པའི་འཕྲིན་ལས་གདུལ་བྱ་མཐའ་དག་གི་རྒྱུད་ལ་འཇུག་ཚུལ་རྐང་པ་དང་པོས་བསྟན་ཅིང༌། དེའི་ནང་ནས་ཀྱང་དབང་གི་འཕྲིན་ལས་གཙོ་བོར་གྱུར་པའི་ཚུལ་ནི་རྐང་པ་གཉིས་པ། ཆུ་ལྷའི་ངོགས་སུ་ཕྱོགས་པའི་ལྷུན་པོ་བཞིན། །ཞེས་པས་སྟོན་ནོ། །དེ་ཡང་མཛོད་ལས། ལྷུན་པོ་རིན་ཆེན་བཞིའི་རང་བཞིན། །ཞེས་པའི་དོན་རང་འགྲེལ་གྱིས་ནུབ་ཤེལ་དུ་གསུངས་ཀྱང༌། འགྲེལ་བཤད་རྣམས་ཀྱིས་ཤེལ་དམར་པོ་དང་པདྨ་རཱ་ག་ཞེས་གསུངས་པ་ལྟར་རི་རབ་ཀྱི་ནུབ་ཕྱོགས་པདྨ་རཱ་ག་ལས་གྲུབ་པས་རང་མདངས་དམར་པོ་ཡིན་ཅིང༌། དེའི་འོད་ཀྱིས་བ་ལང་སྤྱོད་ཀྱི་ནམ་མཁའ་ཡང་དམར་པོར་སྣང་ངོ༌། །དེ་བཞིན་དུ་བཅོམ་ལྡན་འདས་མ་འདི་ཡང་སྔོན་གྱི་ཐུགས་བསྐྱེད་དང་སྨོན་ལམ་གྱི་མཐུས་དབང་གི་ལྷ་མོའི་རྣམ་པར་བསྟན་ཏེ། དེའི་སྒོ་ནས་གདུལ་བྱ་འདུལ་བའི་ཐབས་ལ་ལྷག་པར་མངོན་དུ་ཕྱོགས་ཤིང་དགྱེས་པས་ན་ནུབ་


GTD005_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ལ་ཕྱོགས་བདག་གི་ཆ་ནས་ཆུ་ལྷའི་ཕྱོགས་ཞེས་གྲགས་ཀྱང༌། ལས་བཞིའི་ནང་ནས་དབང་གི་ཕྱོགས་ཡིན་པས་དེའི་ངོགས་སུ་ཕྱོགས་པ་ཞེས་ཚིག་གི་ནུས་པ་འདོན་དགོས་སོ། །དེར་མ་ཟད་ལྷུན་པོའི་ནུབ་ཕྱོགས་ཀྱི་ངོས་བཞིན་ཞེས་བརྗོད་ན་གོ་བདེ་བ་ལྟར་འབྱུང་ཡང༌། འདིར་དེའི་ངོགས་སུ་ཕྱོགས་པའི་ལྷུན་པོ་ཞེས་གསུངས་པའི་དགོས་པ་ཡང་བ་ལང་སྤྱོད་ནས་བལྟས་པའི་ཚེ་དམར་པོར་སྣང་བའི་ལྷུན་པོ་དེ་ཡང་སྤྱིར་རིན་ཆེན་བཞིའི་རང་བཞིན་ཅན་གྱི་ལྷུན་པོའི་མཚན་ཉིད་ཚང་བར་འདོད་དགོས་པ་བཞིན་ལྷ་མཆོག་འདི་ཡང་སྤྱིར་ལས་བཞི་ལྷུན་གྱིས་གྲུབ་པའི་འཕྲིན་ལས་ལ་མངའ་བརྙེས་པ་དང༌། ཁྱད་པར་དུ་ཐུན་མོང་མ་ཡིན་པའི་གདུལ་བྱ་ལ་དབང་གི་དངོས་གྲུབ་འཇུག་པ་མྱུར་བ་སོགས་སྤྱི་དང་བྱེ་བྲག་གི་ཡོན་ཏན་གོ་བར་ནུས་པས་ཚིག་སྔ་ཕྱིའི་གོ་རིམ་ཙམ་གྱི་སྟེང་ནས་ཀྱང་གོ་བ་ཚོལ་ཚུལ་གནད་ཤིན་ཏུ་ཆེ་བར་ཡོད་དོ། །དེ་ནས་འཕྲིན་ལས་ཕུན་སུམ་ཚོགས་པ་དེ་དག་གང་ལས་འབྱུང་བའི་བྱེད་པ་པོ་ནི། ལྷ་མོའི་སྐུ་གསུང་ཐུགས་གང་རུང་ལས་མ་འདས་པས་དེའི་ཡོན་ཏན་བསྡུས་ཏེ་སྟོན་པ་ལ། དཔེར་མཚོན་ཞེས་སོགས་རྐང་པ་གཉིས་བྱུང་བས་འདིའི་དཔེ་དོན་གྱི་ཁྱད་པར་ཞིབ་ཏུ་ཤེས་པ་ལ་མདོ་སྔགས་ཀྱི་གནད་དུ་མ་ཞིག་གོ་དགོས་སོ། །དེ་ཡང་རྒྱན་སྣང་དང་འགྲེལ་ཆུང་དོན་གསལ་གཉིས་ཀར་ཀུན་རྫོབ་ཏུ་ཡེ་ཤེས་ཁོ་ན་ལོངས་སྤྱོད་རྫོགས་པའི་སྐུ་ལ་སོགས་པར་སྣང་བ་བསྐྱེད་པའི་ཞེས་སོགས་ཚིག་ཟིན་སྔགས་དང་མཐུན་པ་ཙམ་བྱུང་ཡང་དོན་ཉི་མའི་དཀྱིལ་འཁོར་ལས་འོད་ཟེར་འབྱུང་བ་ལྟར་ཡེ་ཤེས་ཀྱིས་བདག་རྐྱེན་བྱས་པ་ལ་བརྟེན་ནས་གཟུགས་སྐུ་འབྱུང་བ་ཙམ་མ་གཏོགས་ངོ་བོ་ཡེ་ཤེས་


GTD005_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་ལ་རྣམ་པ་གཟུགས་སྐུར་ཤར་བ་མདོ་ལུགས་ལ་མེད་དོ། །དེའི་རྒྱུ་མཚན་ཡང་ལམ་དུས་ན་སྟོང་ཉིད་བསྒོམ་པའི་ཚེ་གཉིས་སྣང་གི་སྤྲོས་པ་མཐའ་དག་བཀག་སྟེ། དགག་བྱ་བཅད་ཙམ་གྱི་སྟོང་པ་ཁོ་ནར་ཆིག་དྲིལ་དུ་དམིགས་པ་མ་གཏོགས་ལྷའི་རྣལ་འབྱོར་དང་ཟུང་འབྲེལ་དུ་བྱེད་པ་མེད་པའི་དབང་གིས་ཡིན་ལ། སྔགས་ཀྱི་སྐབས་སུ་སྟོང་ཉིད་བསྒོམ་པའི་ཚེ་ཡང་ངེས་པ་སྟོང་ཉིད་ལ་དྲངས་ཤིང༌། དེའི་གཟུང་རྣམ་ལྷའི་སྐུར་བསྒོམ་པའི་སྟོབས་ཀྱིས་འབྲས་དུས་ན་སྐུ་ཐུགས་ཟུང་དུ་འཇུག་པ་ཞེས་ཡེ་ཤེས་དེ་ཉིད་རྟེན་བརྟེན་པ་མཐའ་དག་གི་རྣམ་པར་འཆར་བ་ཡིན་ཏེ་རྒྱས་པར་འོག་ཏུ་འཆད་དོ། །འདིར་ཚིག་དོན་བསྡུས་ཏེ་འཆད་པ་ལ། དཔེར་ན་མེ་ལོང་གཡའ་མེད་པ་ཤིན་ཏུ་དྭངས་ཤིང་གསལ་བ་དེ་ཉིད་གཟུགས་ཅན་གྱི་དངོས་པོ་སྣ་ཚོགས་པ་དང་ཉེ་བར་བཞག་པ་ན་དབྱིབས་དང་ཁ་དོག་མི་འདྲ་བའི་ཁྱད་པར་དུ་མ་ཞིག་མེ་ལོང་གི་ངོས་ནས་ཚུར་འཆར་དུ་ཡོད་ཀྱང༌། དེ་ཐམས་ཅད་མེ་ལོང་གི་བདག་ཉིད་དུ་གནས་པ་མ་གཏོགས་དེ་ལས་ལོགས་སུ་བསལ་དུ་མེད་པ་བཞིན་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་དེ་ཉིད་ཀྱང་དག་པ་གཉིས་ལྡན་གྱི་དབྱིངས་དང་རོ་གཅིག་ཏུ་གྱུར་ཏེ་འགོག་པ་ཡང་དག་པའི་མཐའ་ལ་འཁོར་བ་མ་སྟོངས་ཀྱི་བར་དུ་སླར་མི་ལྡང་བའི་ཚུལ་གྱིས་སྙོམས་པར་ཞུགས་ཀྱང༌། ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྙིང་རྗེ་ཆེན་པོའི་དབང་གིས་གདུལ་བྱ་མ་ལུས་པའི་ཁམས་དང་བསམ་པ་སོ་སོར་གཟིགས་ཏེ་རང་རང་དང་འཚམ་པའི་སྐུའི་རྣམ་པར་བསྟན་ནས་དེ་དག་གི་དོན་མཛད་པ་ཡང་ཡེ་ཤེས་ཀྱི་རང་


GTD005_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

མདངས་ལས་གྲུབ་པའི་སྣང་བ་ཙམ་མ་གཏོགས་ཐ་མལ་པའི་སྣོད་བཅུད་དང་གཟུགས་ཕུང་ལྟ་བུ་གདོས་བཅས་ལོགས་སུ་གྲུབ་པ་མེད་པ་ནི། སྒྱུ་མ་སྤྲུལ་བའི་ཚེ་རྟ་གླང་དངོས་གནས་སུ་མེད་ཀྱང་སྔགས་ཀྱི་ནུས་པས་དེ་དག་གི་སྣང་བ་འབྱུང་བ་དང་འདྲའོ། །དེ་ལྟར་ན་སྒྲིབ་པ་མཐའ་དག་ཟད་དེ་ཡང་དག་པའི་མཐའ་མངོན་དུ་བྱས་པའི་ཐུགས་ཀྱི་ཡོན་ཏན་དང༌། དེའི་ཐབས་ཀྱི་གཙོ་བོ་རྟོག་པ་ལྡོག་པའི་རྒྱུ་ལས་རླུང་མ་ལུས་པ་སྦྱངས་པའི་གསུང་གི་ཡོན་ཏན་དང༌། ཡེ་ཤེས་དེ་ཉིད་གདུལ་བྱའི་སྐལ་བའི་དབང་ལས་གཟུགས་སྐུ་སྣ་ཚོགས་སུ་འཆར་བ་སྐུའི་ཡོན་ཏན་གསུམ་རིམ་པ་བཞིན། མེ་ལོང་གི་ངོས་གསལ་བ་དང་། གཡའ་མེད་པ། གཟུགས་བརྙན་སྣ་ཚོགས་ཀྱི་མདངས་བཀྲ་བ་གསུམ་གྱིས་མཚོན་ནས་མདོར་བསྟན་པ་ཡིན་ནོ། །དེ་ལྟར་སྐུ་གསུང་ཐུགས་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པའི་བདག་ཉིད་འདི་ནི་གསང་བ་གསུམ་གྱི་འཁོར་ལོ་མཐའ་དག་གི་སྤྱིའི་ཆིངས་ཡིན་ཏེ། འདུས་པའི་རྩ་རྒྱུད་ལེའུ་གཉིས་པ་ལས། ཁྱེད་ཀྱི་སེམས་ལུས་ལྟ་བུ་དང༌། ལུས་སེམས་ལྟ་བུ་དང༌། སེམས་ཚིག་ཏུ་བརྗོད་པ་ལྟ་བུར་སྐྱེད་ཅིང༌། ཅེས་དང༌། བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ་ལས། རང་གི་སེམས་ཚིག་ཏུ་བརྗོད་པ་སྟེ་གསུང་རྡོ་རྗེ་ཞེས་སོགས་དང༌། ཐམས་ཅད་བདག་ཉིད་བྱ་ཞེས་པ་ནི་རྡོ་རྗེ་གསུམ་པོ་ཐམས་ཅད་དབྱེར་མི་ཕྱེད་པའི་བདག་ཉིད་རྡོ་རྗེ་འཆང་ཞེས་སོགས་གསུངས་ལ། སྤྱོད་བསྡུས་ལས། གསང་ཆེན་རིགས་གཅིག་གི་ལུས་དབེན་ལ་སྦྱར་ཏེ་དགོངས་པའི་གནད་གཅིག་ཏུ་འབབ་བོ། །༈ གཉིས་པ་རྒྱས་པར་བཤད་པ་ལ། སྐུ་ལ་བསྟོད་པ། གསུང་ལ་བསྟོད་པ། ཐུགས་


GTD005_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བསྟོད་པ། ཐུན་མོང་དུ་བསྟོད་པ་དང་བཞི། དང་པོ་ལ་སྤྱིའི་དོན་དང༌། ཡན་ལག་གི་དོན་གཉིས། དང་པོ་ནི་འདིར་ལྷག་པའི་ལྷའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཐམས་ཅད་ཀྱང་སྔགས་ལམ་ལ་བསླབ་པའི་འབྲས་བུར་གསུངས་པ་དེ་ལམ་གོང་འོག་ཐམས་ཅད་ཀྱི་འབྲས་བུར་ཁྱད་མེད་དུ་བཞག་པ་ཡིན་ནམ། རང་རང་འགྲུབ་བྱེད་ཀྱི་ལམ་ཐུན་མོང་མ་ཡིན་པ་སོ་སོའི་འབྲས་བུར་བཞག་པ་ཡིན་ཞེ་ན། སྤྱིར་གསང་སྔགས་རྡོ་རྗེ་ཐེག་པར་མ་ཟད་ཐེག་པ་ཆེན་པོ་ཙམ་ལ་ཡང༌། དྲི་མ་མེད་པར་གྲགས་པའི་མདོ་ལས། ཐབས་དང་བྲལ་བའི་ཤེས་རབ་ནི་འཆིང་བའོ། །ཤེས་རབ་དང་བྲལ་བའི་ཐབས་ནི་འཆིང་བའོ། །ཞེས་གསུངས་པ་ལྟར་ལམ་གྱི་ཆ་ཤས་ཐམས་ཅད་ཐབས་ཤེས་ཡ་བྲལ་དུ་མ་སོང་བར་ཕན་ཚུན་རྩིས་ཟིན་པ་དགོས་པས་ཆོས་གཟུགས་གཉིས་དང་སྐུ་གསུང་ཐུགས་གསུམ་གའི་རྒྱུར་འགྲོ་བ་ཤ་སྟག་ཡིན་ཀྱང༌། རྒྱུ་འབྲས་ཐུན་མོང་མ་ཡིན་པའི་ངོས་སྐལ་སོ་སོར་འཇོག་པ་མི་འགལ་ཏེ། རིན་ཆེན་འཕྲེང་བ་ལས། སངས་རྒྱས་རྣམས་ཀྱི་གཟུགས་སྐུ་འདི། །བསོད་ནམས་ཚོགས་ལས་འཁྲུངས་པ་ཡིན། །ཆོས་ཀྱི་སྐུ་ནི་མདོར་བསྡུས་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །ཞེས་རྒྱུ་ཚོགས་གཉིས་ཀྱིས་འབྲས་བུ་སྐུ་གཉིས་སོ་སོར་འགྲུབ་ཚུལ་གསུངས་པ་ལྟར་རོ། །འོན་ཀྱང་མདོ་ལུགས་ལ་བསོད་ནམས་ཀྱི་ཚོགས་ཀྱི་གཙོ་བོ་སེམས་བསྐྱེད་སོགས་ཐབས་ཀྱི་ཆ་རྣམས་ཡིན་ཀྱང༌། སྔགས་ཀྱི་ཐབས་ཁྱད་པར་ཅན་ལྷའི་རྣལ་འབྱོར་འདི་ལྟ་བུ་མེད་ལ། ལུགས་འདི་ལ་གཟུགས་སྐུའི་རྒྱུའི་གཙོ་བོར་


GTD005_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པའི་ཐབས་བླ་ན་མེད་པ་ཡོད་པས་ཕར་ཕྱིན་ཐེག་པ་ལས་ལོགས་སུ་སྔགས་ཀྱི་ཐེག་པ་ཕྱེ་བ་ཡིན་ཏེ། ཐེག་པ་གོང་འོག་ཐམས་ཅད་ཤེས་རབ་ཀྱི་ཆས་མི་འབྱེད་པར་ཐབས་ཀྱི་ཆ་ནས་འབྱེད་པའི་ཕྱིར། རྡོ་རྗེ་གུར་ལས། སངས་རྒྱས་ང་རྒྱལ་རྣལ་འབྱོར་གྱིས། །སངས་རྒྱས་ཉིད་ཡུན་རིང་མི་འགྱུར། །སྟོན་པ་སུམ་ཅུ་རྩ་གཉིས་མཚན། །མངའ་བདག་དཔེ་བྱད་བརྒྱད་ཅུར་ལྡན། །དེ་ཕྱིར་ཐབས་དེས་བསྒྲུབ་བྱ་སྟེ། །ཐབས་ནི་སྟོན་པའི་གཟུགས་ཅན་ནོ། །ཞེས་དང༌། མཐའ་དཔྱོད་མྱུ་གུ་ལས། ཐབས་ཀྱི་གཙོ་བོ་ཡང་གཟུགས་སྐུ་སྒྲུབ་པའི་ཆ་ནས་ཡིན་ལ། གཟུགས་སྐུ་སྒྲུབ་བྱེད་ཀྱི་ཐབས་ནི་དེ་དང་རྣམ་པ་འདྲ་བར་བསྒོམ་པའི་ལྷའི་རྣལ་འབྱོར་ཉིད་ཐེག་པ་གཞན་གྱི་ཐབས་ལས་མཆོག་ཡིན་པས། ཞེས་གསུངས་པ་ལྟར་རོ། །དེ་ལྟ་བུའི་ལྷའི་རྣལ་འབྱོར་དེ་ཡང་རིམ་པ་གཉིས་ཀའི་ལམ་གྱི་སྲོག་ཡིན་གྱིས། རྣམ་པར་བཞག་འཇོག་གི་ཚེ་གཙོ་བོ་བསྐྱེད་རིམ་ལ་སྦྱར་ནས་བསྐྱེད་རིམ་སངས་རྒྱས་ཀྱི་སྐུ་འགྲུབ་བྱེད་དང༌། རྫོགས་རིམ་སངས་རྒྱས་ཀྱི་ཐུགས་འགྲུབ་བྱེད་ལ་འཇོག་དགོས་ཏེ། སྔགས་རིམ་ལས། ཐུགས་དངོས་པོའི་དེ་ཁོ་ན་ཉིད་ལ་ཞུགས་པ་ནི་རྫོགས་རིམ་གྱིས་སྒྲུབ་ལ། ལུས་གཟུགས་ཀྱི་སྐུར་གནས་པ་ནི་བསྐྱེད་རིམ་གྱིས་སྒྲུབ་ཅིང༌། ཞེས་གསུངས་པའི་ཕྱིར། ཚུལ་འདི་ནི་རྒྱལ་བ་རྡོ་རྗེ་འཆང་རང་ཉིད་ཀྱིས་གསལ་བར་གསུངས་ཏེ། བརྟག་གཉིས་ཀྱི་བརྟག་པ་ཕྱི་མའི་ལེའུ་གཉིས་པ་ལས། རྫོགས་པའི་རིམ་པའི་རྣལ་འབྱོར་ཉིད། །དེ་ཡིས་བདེ་བ་བདེ་ཆེན་བརྗོད། །རྫོགས་པ་བསྒོམ་པ་མེད་པ་སྟེ། །བསྐྱེད་རིམ་ཡི་ནི་ཅི་ཞིག་འཚལ། །ཞེས་རྡོ་རྗེ་སྙིང་པོས་ཕྱི་རབས་ཀྱི་ལོག་རྟོག་


GTD005_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

དགག་པའི་ཕྱིར་སངས་རྒྱས་འགྲུབ་པ་ལ་རྫོགས་རིམ་གྱིས་ཆོག་མོད། བསྐྱེད་རིམ་ཅི་ལ་དགོས་ཞེས་དོགས་པ་ཞུས་པའི་ལན་དུ་བཅོམ་ལྡན་འདས་ཀྱིས། ཨེ་མ་བྱང་ཆུབ་སེམས་དཔའ་ཆེ། །དད་པའི་ཤུགས་ཀྱིས་རབ་ཏུ་ཉམས། །ལུས་ཀྱི་དངོས་མེད་ག་ལ་བདེ། །བདེ་བ་སྨྲ་བར་མི་ནུས་སོ། །ཁྱབ་དང་ཁྱབ་བྱེད་ཚུལ་གྱི་ནི། །བདེ་བས་འགྲོ་བ་ཁྱབ་པ་ཉིད། །ཇི་ལྟར་མེ་ཏོག་ལ་གནས་དྲི། །མེ་ཏོག་དངོས་མེད་ཤེས་མི་འགྱུར། །དེ་བཞིན་གཟུགས་སོགས་དངོས་མེད་པས། །བདེ་བ་ཉིད་ཀྱང་དམིགས་མི་འགྱུར། །ཞེས་རྟེན་མེ་ཏོག་མེད་ན་བརྟེན་པ་དྲི་མི་འབྱུང་བ་ལྟར། རྟེན་གཟུགས་སྐུ་མེད་ན་བརྟེན་པ་བདེ་ཆེན་གྱི་ཐུགས་ཀྱང་མི་འབྱུང་ལ། རྟེན་དེ་ནི་གཙོ་བོར་བསྐྱེད་རིམ་གྱིས་སྒྲུབ་དགོས་པས། རྫོགས་རིམ་ཁོ་ན་ལ་ཞེན་ནས་བསྐྱེད་རིམ་དོར་བ་ནི་དད་པའི་ཤུགས་ཀྱིས་ཉམས་པ་ཡིན་པར་གསུངས་སོ། །དེས་ན་བྲམ་ཟེ་སྟོང་ཉིད་བློ་དང༌། ཨ་ནནྟ་བཛྲ་སོགས་རྒྱ་གར་བ་དང་། ཧྭ་ཤང་གི་ལྟ་བས་རྒྱུད་བསླད་པའི་བོད་སྔ་མ་མང་པོ་ཡང་མཆོག་འགྲུབ་པའི་རྒྱུ་ལ་རྫོགས་རིམ་མ་གཏོགས་བསྐྱེད་རིམ་མི་འོང་བར་སྨྲ་བ་ནི་རྡོ་རྗེ་འཆང་གི་དགོངས་པ་ལས་རྒྱབ་ཀྱིས་ཕྱོགས་པ་ཡིན་ཏེ། བསྐྱེད་རིམ་སངས་རྒྱས་ཀྱི་རྒྱུར་མི་འགྲོ་ན་དེའི་སྣོད་རུང་དུ་བྱེད་པའི་བུམ་དབང་སངས་རྒྱས་ཀྱི་རྒྱུ་མ་ཡིན་པར་འགྱུར་ལ། རིག་པའི་དབང་ལྔས་རྒྱལ་བ་ལྔ་དང་ཡེ་ཤེས་ལྔ་འགྲུབ་པར་གསུངས་པ་ཐམས་ཅད་དང་འགལ་ཞིང༌། ཕྱག་མཆོད་བཟླས་བརྗོད་སོགས་དེ་བས་ཀྱང་སངས་རྒྱས་ཀྱི་རྒྱུར་མི་འགྲོ་བས་བསོད་ནམས་ཀྱི་ཚོགས་ཐམས་ཅད་སྐུར་འདེབས་སུ་འགྱུར་རོ། །


GTD005_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

དེར་མ་ཟད་རྒྱུད་སྡེ་འོག་མ་གསུམ་ལ་རྫོགས་རིམ་མེད་ཅིང་ལྷའི་རྣལ་འབྱོར་སོགས་སངས་རྒྱས་ཀྱི་རྒྱུ་མ་ཡིན་པས་ཕར་ཕྱིན་ཐེག་པ་དང་མི་འདྲ་བའི་ཁྱད་པར་གང་ཡོད་ནང་པའི་ཆོས་མ་ཡིན་པར་འགྱུར་ལ། བྱེ་སྨྲ་བཞིན་གཟུགས་སྐུ་ཡང་སངས་རྒྱས་མ་ཡིན་པར་འདོད་དགོས་པས་བེམ་རིག་རྒྱུན་ཆད་ཁས་བླངས་ཏེ་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་ཟུང་འཇུག་གི་སྐུ་ཡང་མེད་པར་སྨྲ་དགོས་ཤིང༌། རྒྱལ་བ་རྡོ་རྗེ་འཆང་དང་རྒྱུད་སྡེ་བཞི་ལ་སྐུར་བ་འདེབས་པའི་སྔགས་འཆང་གི་གཟུགས་བརྙན་དེ་དག་ནི་རྐུ་ཐབས་སུ་གནས་པ་ཁོ་ནའོ། །གཞན་ཡང་དབང་བཞིའི་ནང་ནས་བུམ་དབང་གིས་སངས་རྒྱས་ཀྱི་གཟུགས་སྐུ་དང༌། གསང་དབང་གིས་ལོངས་སྤྱོད་རྫོགས་པའི་སྐུའམ་སངས་རྒྱས་ཀྱི་གསུང་དང༌། ཤེར་དབང་གིས་ཐུགས་བདེ་སྟོང་གི་ཡེ་ཤེས་དང༌། དབང་བཞི་པས་ཟུང་འཇུག་གི་གོ་འཕང་འགྲུབ་པའི་ནུས་པ་བཞག་པར་བླ་མེད་ཀྱི་དབང་ཐམས་ཅད་ཀྱི་དག་པའི་སྐབས་ལས་ཀྱང་ཤེས་ལ། རང་རང་གི་ནུས་པ་འཇོག་པའི་རིམ་པ་དང་མཐུན་པར་དབང་སོ་སོ་དང་འབྲེལ་བའི་ལམ་བསྐྱེད་རིམ་དང༌། ཀུན་རྫོབ་སྒྱུ་མའི་རྫོགས་རིམ་དང༌། དོན་དམ་འོད་གསལ་གྱི་རྫོགས་རིམ་དང༌། དབྱེར་མེད་ཟུང་འཇུག་གི་རྫོགས་རིམ་རྣམས་ཀྱང་རིམ་པ་བཞིན་སྐུ་གསུང་ཐུགས་གསུམ་སོ་སོ་དང༌། སྐུ་ཐུགས་ཟུང་འཇུག་གི་གོ་འཕང་སྒྲུབ་བྱེད་ཐུན་མོང་མ་ཡིན་པ་ལ་སོ་སོར་སྦྱོར་དགོས་ཏེ། རྡོ་རྗེ་ཐེག་པའི་ལམ་གྱི་གནད་ཐམས་ཅད་སྨིན་བྱེད་རྒྱུའི་དབང༌། གྲོལ་བྱེད་ལམ་གྱི་དབང༌། གྲོལ་བ་འབྲས་བུའི་དབང་གསུམ་དུ་བསྡུས་ཏེ་བསྒྲུབ་བྱ་སྒྲུབ་བྱེད་མ་འཆོལ་བར་ཤན་སྦྱར་ནས་ས་སྐྱ་གོང་མ་རྣམས་


GTD005_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ལམ་འབྲས་སུ་གསུངས་པ་ལ་རྗེ་བདག་ཉིད་ཆེན་པོས་བསྔགས་བརྗོད་ཤིན་ཏུ་ཆེ་བར་མཛད་དོ། །ཡང་ཁ་ཅིག །བདེ་དགྱེས་ལྟ་བུ་དཀྱིལ་འཁོར་གྱི་གཙོ་བོ་རྣམས་ལ་རིམ་གཉིས་ཀྱི་འབྲས་བུ་དེ་ལྟར་འབྱུང་ཡང༌། དེ་འདི་ལྟ་བུའི་ལྷ་བྱེ་བྲག་པ་ཐམས་ཅད་ལ་སྦྱོར་མི་རུང་སྙམ་ན། དེ་ལྟར་དོགས་པ་འབྱུང་ཉེན་ཆེ་བས་དཔྱད་དགོས་ཏེ། བརྟག་གཉིས་ལས། རྡོ་རྗེ་སྙིང་པོས་གསོལ་བ། ནམ་མཁའ་ལྟ་བུའི་ཆོས་ཀུན་ལ། །རྒྱ་མཚོར་ཀུ་བ་ཇི་ལྟ་བར། །རང་འདོད་ལྷ་ཡི་གཟུགས་ཀྱིས་ནི། །སེམས་ཅན་ཇི་ལྟར་འགྲུབ་པར་འགྱུར། །ཞེས་སྔར་ལྷ་ཚོགས་མང་དུ་གསུངས་པ་དེ་དག་གང་གི་རིམ་གཉིས་ཀྱི་རྣལ་འབྱོར་ལ་བརྟེན་ནས་མཆོག་འགྲུབ། ཅེས་ཞུས་པའི་ལན་དུ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །བདག་མེད་རྣལ་འབྱོར་ལྡན་པ་འམ། །ཡང་ན་ཧེ་རུ་ཀ་དཔལ་བརྩོན། །གཞན་པའི་སེམས་ཀྱིས་སྐད་ཅིག་ཀྱང༌། །དངོས་གྲུབ་འདོད་པས་མི་གནས་སོ། །ཞེས་གསུངས་པའི་དོན་དུ་བསམ་ནས་ཡུམ་བཀའི་རིམ་གཉིས་བསྒོམ་པ་ལ་བདག་མེད་མ་མ་གཏོགས་ཀུ་རུ་ཀུལླེ་སོགས་མི་འོང་བ་དང༌། ཡབ་བཀའི་རིམ་གཉིས་ལ་ཧེ་རུ་ཀ་ཕྱག་བཅུ་དྲུག་པ་མ་གཏོགས་གཞན་གསུམ་མི་འོང་བར་འདོད་པ་མང་ཡང༌། རང་ལུགས་གཙོ་ཆེ་ཆུང་ཙམ་ཡོད་ཀྱང་ལྷ་དེ་ཐམས་ཅད་ཀྱི་རིམ་གཉིས་ལ་བརྟེན་ནས་མཆོག་འགྲུབ་པ་ཁྱད་མེད་དུ་བཞེད་དེ། མཁས་གྲུབ་རྗེའི་བརྟག་གཉིས་རྣམ་བཤད་ལས། དེ་ཡང་ཧེ་རུ་ཀ་བཞི་དང༌། བདག་མེད་མ་དང༌། ཀུ་རུ་ཀུལླེ་སོགས་ལྷ་མང་དུ་གསུངས་པ་དེ་རྣམས་ཀྱི་ནང་ནས་ལྷ་གང་གིས་འགྲུབ་པར་འགྱུར། ཞེས་པ་


GTD005_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

ནས། རྫོགས་རིམ་གྱི་རྟོགས་པ་རྫོགས་པར་སྐྱེད་པའི་རྒྱུད་སྨིན་བྱེད་དུ་འགྲོ་བའི་བསྐྱེད་རིམ་ལ་བདག་མེད་མ་དང༌། ཧེ་རུ་ཀས་གཙོ་བྱས་པའི་དཀྱིལ་འཁོར་གྱི་འཁོར་ལོ་གཙོ་བོ་ཡིན་པ་ལ་དགོངས་ནས་དེ་གཉིས་གསུངས་ཀྱང༌། ཞེས་དང༌། སྒམ་པོ་མངྒ་ལའི་ཊཱིཀྐར། འདིར་ཁ་ཅིག་ཕྱག་བཅུ་དྲུག་པ་མིན་པའི་ཧེ་རུ་ཀ་དང༌། ཀུ་རུ་ཀུལླེ་སོགས་ཀྱིས་མཆོག་སྒྲུབ་པའི་ལྷའི་རྣལ་འབྱོར་མི་རུང་བ་དང༌། ལྷ་དེ་དག་ཡེ་ཤེས་དང་བྲལ་བ་དང༌། དེ་ལས་འབྲས་བུ་མི་འབྱུང་བར་འཆད་པ་ཤིན་ཏུ་མི་འཐད་དེ། ཞེས་སོ། །དོགས་པ་སྐྱེ་ཚུལ་དང་ལན་གྱི་རྣམ་གཞག་འདི་རྣམས་ཀྱང་འགྲེལ་པ་ཀུ་མུ་ཊིའི་བཤད་ཚུལ་སོར་བཞག་ཡིན་གྱི། དཀའ་འགྲེལ་པདྨ་ཅན་ལྟར་ན་དྲིས་ལན་གྱི་རྣམ་གཞག་ལོགས་ཤིག་ཡིན་ནོ། །ཡང་ཁ་ཅིག་འདི་སྙམ་དུ་སངས་རྒྱས་ཀྱི་གཟུགས་སྐུའི་ཉེ་རྒྱུའི་གཙོ་བོ་དག་པའི་སྒྱུ་མའི་སྐུ་སོགས་ཡོད་བཞིན་དུ། བསྐྱེད་རིམ་དེའི་རྒྱུའི་གཙོ་བོར་བཤད་པ་མི་འཐད་སྙམ་ན། སྐྱོན་མེད་དེ། ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཕར་ཕྱིན་མཐའ་དཔྱོད་ལས། རྐང་པ་དང་པོས་དད་སོགས་ཆུང་འབྲིང་ཐུན་མོང་དང༌། ཕྱི་མས་ཆེན་པོའི་རྣམ་མཁྱེན་བར་བསྟན་པས། ཞེས་གསུངས་པ་ལྟར། སངས་རྒྱས་སའི་གཞི་ཤེས་ཀྱི་ཉེ་རྒྱུའི་གཙོ་བོ་དག་སའི་མི་རྟག་སོགས་རྟོག་པའི་མཁྱེན་པ་རྣམས་ཡོད་ཀྱང་འབྲིང་དང་ཐུན་མོང་བའི་ལམ་ལ་སྦྱར་བ་ལྟ་བུ་རང་གི་རིགས་འདྲའི་གཙོ་བོའི་ལམ་ས་མཚམས་གང་ནས་ཐོག་མར་སྐྱེས་པ་དེའི་དབང་དུ་མཛད་པ་ཡིན་ཏེ། རྒྱན་ལས། ལམ་གྱི་བདེན་པའི་རྗེས་མཐུན་པར། །ཀུན་མཁྱེན་གསུམ་དུ་ཕྱེ་བས་ན། །ཞེས་གསུངས་པ་ལྟར་རོ། །དེར་མ་


GTD005_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་གུར་གྱི་བཅུ་བཞི་པ་ལས། ཐ་མལ་རྣམ་པ་གཞོམ་དོན་དུ། །ཡང་དག་བསྒོམ་པ་རབ་བསྒྲགས་ཀྱི། །ཞེས་དང༌། སྤྱོད་བསྡུས་ལས། འདི་ལྟར་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་རྣམས་ཀྱི་ཐོག་མ་མེད་པ་ནས་ཐ་མལ་པའི་ང་རྒྱལ་གྱིས་གནས་པ་རྣམས་ནི། འདི་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ལས་སྒྲུབ་པའི་ངོ་བོ་ཉིད་དུ་བསྟན་ཏེ། ཞེས་སྤང་བྱ་ཐ་མལ་གྱི་སྣང་ཞེན་དང༌། ཕུང་ཁམས་སོགས་སྦྱོང་བའི་རྒྱུའི་གཙོ་བོ་བསྐྱེད་རིམ་དུ་གསུངས་པས། བསྒྲུབ་བྱ་སངས་རྒྱས་ཀྱི་སྐུ་འགྲུབ་པའི་རྒྱུའི་གཙོ་བོར་ཡང་བདེ་བླག་ཏུ་འགྲུབ་བོ། །དེ་ལྟ་བུའི་གཟུགས་སྐུ་སྒྲུབ་བྱེད་ཀྱི་རྒྱུའི་གཙོ་བོ་རྫོགས་རིམ་གྱི་སྨིན་བྱེད་དུ་འགྱུར་བའི་བསྐྱེད་རིམ་དེ་ལ་མཚན་ཉིད་ཇི་འདྲ་བ་ཞིག་ཚང་དགོས་ཤེ་ན། མར་ལུགས་པ་ཁ་ཅིག །ལས་ཚོགས་སྒྲུབ་པ་ལ་དཀྱིལ་འཁོར་འཁོར་ལོ་བསྒོམ་དགོས་ཀྱང༌། རྫོགས་རིམ་གྱི་སྔོན་འགྲོ་ལ་དཀྲོང་བསྐྱེད་ཙམ་གྱིས་ཆོག །ཅེས་སྨྲ་བ་སོགས་ནི་གཏན་མི་འཐད་པར་མཐའ་དཔྱོད་མྱུ་གུར་གསུངས། དེ་དག་གིས་དེའི་མིང་ལ་ཡང་རྫོགས་པའི་རྣལ་འབྱོར་གཅིག་པུ། ཞེས་བསྐྱེད་རིམ་གྱི་ཆིངས་ཤིག་ཏུ་འདོད་པས་རྗེ་ས་པཎ་གྱིས་ཀྱང༌། ཡི་དམ་བསྒོམ་པ་དཀྲོང་བསྐྱེད་དང༌། ཞེས་དགག་པ་མཛད་དོ། །དེས་ན་སྔགས་རིམ་ལས། རིམ་པ་དང་པོའི་ཆིངས་རྨད་དུ་བྱུང་བ་རྣམས་ལ་གཞི་བྱས་ནས་དཔྱད་ན་རིམ་པ་དང་པོའི་གནད་རྫོགས་མ་རྫོགས་ཀྱི་མཚམས་རྣམས་ཤེས་པར་འགྱུར་རོ། །ཞེས་གསུངས་པ་ལྟར། རྒྱལ་བ་རྡོ་རྗེ་འཆང་རང་ཉིད་ཀྱིས་མཛད་པའི་སྤྱི་ཆིངས་རེ་དང་མ་སྦྱར་ན་ལམ་གྱི་


GTD005_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

གནད་ཆད་ལྷག་ཏུ་གྱུར་ཏེ་བོགས་མི་ཐོན་པས་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་རྗེ་བླ་མ་ལ་གདམས་པའི་ཚེ། ངོ་བོ་མ་ནོར་བ། གྲངས་མ་ཆད་པ། གོ་རིམ་མ་འཆོལ་བ། ཞེས་ནན་ཏན་དུ་གསུངས་ཤིང༌། རྒྱལ་བ་བྱམས་པས་ཀྱང༌། དེ་རབ་དེ་ཡི་གོ་རིམ། ཞེས་སོགས་གསུངས་པ་དང༌། སྒོམ་རིམ་ལས་ཀྱང་ཚང་ལ་མ་ནོར་བ་དགོས་ཚུལ་དཔེ་དང་བཅས་ཏེ་རྒྱས་པར་གསུངས་པ་ལམ་རིམ་ཆེན་མོར་དྲངས་པ་བཞིན་ནོ། །བསྐྱེད་རིམ་སྡུད་པར་བྱེད་པའི་སྤྱིའི་ཆིངས་ཀྱི་དབྱེ་བ་ཡང༌། འདུས་པ་ཕྱི་མ་ལས། བསྙེན་པའི་ཆོ་ག་དང་པོ་སྟེ། །ཉེ་བར་སྒྲུབ་པ་གཉིས་པ་ཡིན། །བསྒྲུབ་པ་ཡང་ནི་གསུམ་པ་ཡིན། །སྒྲུབ་པ་ཆེན་པོ་བཞི་པ་འོ། །ཞེས་གཙོ་བོ་ལྷག་མོས་འོད་གསལ་དུ་སྡུད་པ་དང༌། དེའི་ཡན་ལག་ཡེ་ཤེས་ཀྱི་ས་སྒོམ་པ་མན་ཆད་ཡུལ་སྟོང་ཉིད་ལ་བསྙེན་ཅིང་རོ་གཅིག་ཏུ་ཞུགས་པའི་སྒོ་ནས་དམིགས་པས་ན་ཡན་ལག་དང་པོ་བསྙེན་པ་ཡིན་ལ། དེ་ནས་དང་པོའི་མགོན་པོ་བསྐྱེད་པའི་བར་ནི་བསྐྱེད་རིམ་གྱི་ལོངས་སྐུའི་སྒོ་ནས་རླུང་སེམས་ཙམ་ལས་གྲུབ་པའི་ལོངས་སྤྱོད་རྫོགས་པའི་ཡེ་ཤེས་ཀྱི་སྐུ་ཉེ་བར་སྒྲུབ་བྱེད་ཡིན་པས་གཉིས་པ་ཉེར་སྒྲུབ་དང༌། སྒོ་གསུམ་བྱིན་རླབས་ནས་རིགས་བདག་གིས་དབང་བསྐུར་བའི་བར་གྱིས་སྒོ་གསུམ་རྡོ་རྗེ་གསུམ་གྱི་བདག་ཉིད་དུ་བསྒྲུབ་པས་གསུམ་པ་བསྒྲུབ་པ་དང༌། རིག་མ་འདུ་བྱས་ཏེ་དཀྱིལ་འཁོར་རྒྱལ་མཆོག་གི་ལྷ་སྤྲོ་བ་ནས་ལས་རྒྱལ་མཆོག་རྫོགས་པའི་བར་རྣམས་གཞན་དོན་རྒྱ་ཆེན་པོ་སྒྲུབ་པས་བཞི་པ་སྒྲུབ་ཆེན་དུ་སྒྲོན་གསལ་ལས་གསུངས་སོ། །འདི་ལྟར་ན་ཡན་ལག་དང་པོ་གསུམ་ག་དང་པོ་སྦྱོར་བའི་ཁུངས་སུ་འདུ་ཞིང༌། ཡེ་ཤེས་ཞབས་ལུགས་


GTD005_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གཙོ་བོ་ཡབ་ཡུམ་དཀྱིལ་འཁོར་རྒྱལ་མཆོག་གི་ལྷ་དང་བཅས་པ་རེ་རེ་བཞིན་ཡན་ལག་བཞི་བཞི་ཚང་བར་སྦྱོར་ཚུལ་ཞིག་མཛད་དེ་འོག་ཏུ་འཆད་དོ། །དགྲ་ནག་ལས། དང་པོར་བསྒོམ་པ་རྣལ་འབྱོར་ཏེ། །གཉིས་པ་རྗེས་སུ་རྣལ་འབྱོར་ཡིན། །གསུམ་པ་ཤིན་ཏུ་རྣལ་འབྱོར་ཏེ། །བཞི་པ་རྣལ་འབྱོར་ཆེན་པོ་འོ། །ཞེས་རྒྱུ་རྡོ་རྗེ་འཛིན་པ་བསྐྱེད་པ་རྣལ་འབྱོར། འབྲས་བུ་རྡོ་རྗེ་འཛིན་པ་བསྐྱེད་པ་རྗེས་སུ་རྣལ་འབྱོར། རིག་མ་འདུ་བྱས་ཏེ་ལྷ་སྤྲོ་བ་ཤིན་ཏུ་རྣལ་འབྱོར། སྐྱེ་མཆེད་བྱིན་རླབས་མན་ཆད་རྣལ་འབྱོར་ཆེན་པོར་གསུངས་ཤིང༌། དམར་པོའི་རྒྱུད་ལེའུ་དགུ་པར་ཡང་དེ་བཞིན་དུ་གསུངས་པས་གཤེད་སྐོར་རྣམས་ལ་གྲུབ་ཆེན་དཔལ་འཛིན་སོགས་ཀྱིས་ཆིངས་འདི་གཞིར་མཛད་དོ། །སྦྱོར་ཚུལ་དེ་ནི་སྒྲུབ་ཐབས་ཡོངས་རྫོགས་ཀྱི་ཆིངས་བྱས་པ་ཡིན་ལ། མདོར་བྱས་སུ་དང་པོ་སྦྱོར་བ་གཅིག་པུ་ལ་རྣལ་འབྱོར་བཞིར་མཛད་པ་ནི་སྔ་མ་དང་མིང་འདྲ་ཡང་དོན་མི་གཅིག་སྟེ། འདི་ནི་རྡོར་འཕྲེང་ལས། རྣལ་འབྱོར་རྗེས་སུ་རྣལ་འབྱོར་དང༌། །ཤིན་ཏུ་རྣལ་འབྱོར་རྣལ་འབྱོར་ཆེ། །དང་པོའི་སྦྱོར་བ་མདོར་བསྡུས་པ། །ཞེས་པའི་དགོངས་པའོ། །ཡང་འདུས་པའི་ལེའུ་བཅུ་གཉིས་པར་ཡན་ལག་བཞིའི་སྒོ་ནས་བསྐྱེད་རིམ་རྒྱས་པར་བསྒོམ་ཚུལ་གསུངས་པའི་རྗེས་སུ། ཡང་ན་རྡོ་རྗེ་བཞི་དག་གིས། །བརྟུལ་ཞུགས་བརྟན་པས་བསྙེན་པ་བྱ། །ཞེས་བསྐྱེད་རིམ་མདོར་བསྡུས་ཀྱི་ཆིངས་ཤིག་ཀྱང་གསུངས་ལ། དེ་ནི་རྒྱུད་ཕྱི་མ་ལས། དང་པོ་སྟོང་ཉིད་བྱང་ཆུབ་སྟེ། །གཉིས་པ་ས་བོན་བསྡུས་པ་འོ། །གསུམ་པ་གཟུགས་ཉིད་རྫོགས་


GTD005_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ། །བཞི་པ་ཡི་གེ་འགོད་པ་འོ། །ཞེས་ཡེ་ཤེས་ཀྱི་ས་ནས་མཁའ་གསང་དུ་ཡི་གེ་འགོད་པའི་བར་དང་པོ་སྦྱོར་བ་གཅིག་པུ་ཆ་བཞིར་མཛད་པ་ཡིན་ཞིང༌། ནཱ་རོ་པས་དེའི་སྟེང་དུ་དཀྱིལ་འཁོར་རྒྱལ་མཆོག་བསྣན་པས་རྡོ་རྗེ་བཞིས་སྐྱེད་རྒྱས་པ་ཞིག་ཀྱང་གསུངས་སོ། །བརྟག་གཉིས་ཀྱི་ལྷའི་ལེའུ་ལས། ཡང་ནི་སྟོང་པའི་བྱང་ཆུབ་སྟེ། །གཉིས་པ་ལ་ནི་ས་བོན་བསྡུ། །གསུམ་པ་ལ་ནི་གཟུགས་བརྙན་རྫོགས། །བཞི་པ་ལ་ནི་ཡིག་འབྲུ་དགོད། །ཅེས་གསུངས་པ་ཡང་འདུས་པ་ཕྱི་མའི་རྡོ་རྗེ་བཞིས་སྐྱེད་དང་གཅིག་ལ། སྐབས་འདིར་འགྲེལ་པ་རྣམས་སུ་ཡན་ལག་བཞིའི་མིང་གིས་བཏགས་སོ། །ལེའུ་འདི་དང༌། ལེའུ་བརྒྱད་པ་རྣལ་འབྱོར་མའི་འཁོར་ལོ། བརྟག་པ་ཕྱི་མའི་ལྔ་པ་མངོན་པར་འབྱུང་བའི་ལེའུ་རྣམས་སུ་བསྐྱེད་རིམ་གྱི་ལམ་ཐོར་བུར་གསུངས་པའི་གནད་བསྡུས་ཏེ། བཤད་རྒྱུད་རྡོ་རྗེ་གུར་ལས། སངས་རྒྱས་གནས་གཞི་རྫོགས་བྱས་ལ། །ཀུན་ཏུ་བཟང་པོ་བདེན་པའི་དངོས། །རྣམ་པ་ལྔ་པོ་བསྒོམས་བྱས་ཏེ། །རང་ལྷག་ལྷ་ཡི་སྒྲུབ་ཐབས་བྱ། །དེ་བཞིན་དཀྱིལ་འཁོར་རྣམ་བཀོད་ལ། །མཆོད་བསྟོད་བདུད་རྩི་ལ་སོགས་པར། །རིམ་པ་འདི་ཡིས་བསྒོམ་བྱས་ན། །ཡན་ལག་དྲུག་གི་སྦྱོར་བར་འདོད། །ཅེས་ཡན་ལག་དྲུག་གི་ཆིངས་མཛད་དེ། དང་པོ་སངས་རྒྱས་ཀྱི་གནས་གཞལ་ཡས་ཁང་བསྐྱེད་པ། གཉིས་པ་དེར་མངོན་བྱང་ལྔ་ལས་རྒྱུ་རྡོར་འཛིན་བསྐྱེད་ཅིང་རྗེས་ཆགས་ཀྱི་ལྷའི་འཁོར་ལོ་སྤྲོ་བསྡུ་སོགས་ལྷ་རྫོགས་པར་བསྐྱེད་པ། གསུམ་པ་དབང་བསྐུར་རྒྱས་གདབ། བཞི་པ་བདུད་རྩི་མྱང་བ། ལྔ་པ་མཆོད་པ། དྲུག་པ་བསྟོད་པ་རྣམས་སུ་གསུངས་སོ། །དེའི་རྒྱུ་


GTD005_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཡང་རྒྱལ་བ་རིགས་དྲུག་གི་སྒོས་ཆོས་ཐ་དད་པའི་ཆ་ནས་ཡིན་ཏེ། མི་ཐུབ་ཟླ་བས། ཕོ་བྲང་སངས་རྒྱས་རྣམ་སྣང་མཛད། །དབང་ནི་མི་བསྐྱོད་དེ་བཞིན་གཤེགས། །བདུད་རྩི་མྱང་བ་འོད་དཔག་མེད། །བསྟོད་པ་རིན་ཆེན་འབྱུང་ལྡན་དཔལ། །མཆོད་པ་དོན་ཡོད་ཡང་དག་མཆོད། །རྗེས་ཆགས་རྡོ་རྗེ་སེམས་དཔའ་འོ། །ཞེས་གསུངས་པ་ལྟར་རོ། །ཐུན་མོང་གི་བཤད་རྒྱུད་རྡོ་རྗེ་འཕྲེང་བར། དང་པོ་སྦྱོར་བ་མདོར་བསྡུས་པས། །དེ་བཞིན་དཀྱིལ་འཁོར་རྒྱལ་པོ་མཆོག །ལས་ཀྱི་རྒྱལ་མཆོག་རྣལ་འབྱོར་མཆོག །ཅེས་དང་པོར་གཙོ་བོ་ཡབ་ཡུམ་བསྐྱེད་དེ་ཐབས་ཤེས་གཉིས་མེད་དུ་སྦྱོར་བས་དང་པོ་སྦྱོར་བ། དེའི་བྱང་སེམས་ལས་ལྷ་རྫོགས་པར་སྤྲོས་ཏེ་འཁོར་ལོ་ལ་དགོད་པ་དཀྱིལ་འཁོར་རྒྱལ་མཆོག །དེ་ནས་ཞིང་སྦྱོང་བ་སོགས་ཀྱི་མཛད་པ་སྟོན་པས་ལས་རྒྱལ་མཆོག་སྟེ་ཏིང་ངེ་འཛིན་གསུམ་གྱི་ཆིངས་མཛད་པ་འདི་ནི་ཕ་རྒྱུད་མ་རྒྱུད་གཉིས་ཀ་ལ་ཁྱད་མེད་དུ་གྲགས་ཆེ་ཞིང༌། ཡན་ལག་དྲུག་ཏུ་དབྱེ་བ་མ་རྒྱུད་ཀྱི་རང་སྐད་ཡིན་ལ། གཞན་རྣམས་ཕ་རྒྱུད་ཀྱི་བཤད་པ་གཙོ་ཆེའོ། །འོན་ཀྱང་རྒྱུད་རང་རང་གི་ཐ་སྙད་དང༌། ས་བཅད་ལེན་ཚུལ་མི་འདྲ་བ་ཙམ་མ་གཏོགས་དོན་གྱི་འགྲོས་ཕལ་ཆེར་མཚུངས་ཏེ། སྔགས་རིམ་ལས། རྣལ་འབྱོར་རྒྱུད་དང༌། མ་རྒྱུད་དང༌། ཐུན་མོང་གི་རྒྱུད་ནས་ཐ་སྙད་དེ་དག་དངོས་སུ་སྦྱར་བའི་དབང་དུ་བྱས་ཀྱི། བསྙེན་སྒྲུབ་བཞི་དང་ཡན་ལག་དྲུག་ལ་སོགས་པའི་དོན་རྣམས་ཕན་ཚུན་རྗེས་སུ་མི་འགྲོ་བ་ནི་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། དཔེར་ན་སྐབས་སུ་བབས་པ་རིག་བྱེད་མའི་ཆོ་ག་འདི་ལ་ཡང་དེ་དག་


GTD005_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

ཕལ་ཆེར་ཚང་སྟེ། བསྙེན་སྒྲུབ་ཡན་ལག་བཞི་ཡེ་ཤེས་ཞབས་ལུགས་ཀྱིས། དམ་ཚིག་པ་བསྐྱེད་པ། སྐྱེ་མཆེད་བྱིན་རླབས། སྐུ་གསུང་ཐུགས་བྱིན་རླབས། དབང་བསྐུར་རྒྱས་གདབ་བཞི་ལ་འདོད་པས་གཞན་གསུམ་ཚང་བ་གོ་སླ་ལ། སྐྱེ་མཆེད་བྱིན་རླབས་མངོན་རྟོགས་རྣམས་སུ་ཆེར་མི་འབྱུང་ཡང༌། གནས་གསུམ་བྱིན་རླབས་སུ་གནད་འདུས་པའི་དབང་དུ་བྱས་པ་ཆོ་ག་བསྡུས་པའི་ལུགས་ཡིན་ལ། རྒྱས་པར་བྱེད་ཚེ་ཀྱཻ་རྡོར་གྱི་ཆོ་ག་ལྟར། མཾ་ཌཾ་སཾ་རཾ་ཨཾ་ནཾ་རྣམས་ལས་གནས་སོ་སོར་གཏི་མུག་རྡོ་རྗེ་མ་ནས་བདག་མེད་མའི་བར་བསྐྱེད་པའམ། ལྷ་དེ་དག་གི་ངོ་བོའི་ཡིག་འབྲུ་བསམ་དགོས་ལ། འདིའི་གནས་གསུམ་གྱི་ཨོཾ་ཨཱཿ ཧཱུཾ་གསུམ་ཡང་ཡོངས་གྲགས་ཙམ་མ་ཡིན་པར་རིམ་པ་བཞིན་ས་འོག་སྤྱོད་མ་དང༌། ས་སྤྱོད་མ་དང༌། མཁའ་སྤྱོད་མའི་ངོ་བོར་བསམ་དགོས་སོ། །འཕགས་ལུགས་ཀྱི་དེ་བཞིའི་ཕྱི་མ་གསུམ་གའི་གནད་ཚང་བར་རྟོགས་སླ་ཡང༌། བསྙེན་པ་དངོས་ཟིན་གཙོ་བོ་ནི་ལྷག་མོས་འོད་གསལ་དུ་བསྡུས་པའི་དེ་བཞིན་ཉིད་ལས་བྱང་ཆུབ་པ་ལ་བཞེད་པས། དེ་ལུགས་འདིར་སྦྱར་དུ་མི་རུང་ཡང༌། མཐའ་གཅིག་ཏུ་དེ་ཇི་ལྟ་བ་བཞིན་བྱེད་མི་དགོས་ཏེ། སྔགས་རིམ་ལས། འདི་དང་བསྟུན་ནས་གཞུང་གཞན་ལ་སྦྱོར་ན་སྙིང་པོ་སྟོང་ཉིད་བསྒོམ་པ་ནས་གཞལ་ཡས་ཁང་གདན་བཅས་བསྐྱེད་པའི་བར་ནི་བསྙེན་པའི་ཡན་ལག་གོ །ཞེས་གསུངས་ཤིང་དེ་ནི་འདི་ལ་ཡང་ལེགས་པར་ཚང་ངོ༌། །དེར་མ་ཟད་རྡོ་རྗེ་སྙིང་འགྲེལ་དུ་རྩ་རྒྱུད་རྒྱས་པ་འབུམ་ལྔའི་ལུང་དྲངས་པ་ལས། ལུས་བསྐྱེད་པ་ནི་བསྙེན་པ་སྟེ། །སྲོག་ཞུགས་པ་ནི་སྒྲུབ་པ་ཡིན། །སྐྱེ་གཉིས་སོགས་པར་ཡང་སྐྱེས་ལ། །ཉེ་བའི་བསྙེན་པ་ཞེས་བྱར་བརྗོད། །


GTD005_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་དང་ཤེས་རབ་སྙོམས་འཇུག་པ། །སྒྲུབ་ཆེན་པོ་སྟེ་ཐ་མ་འོ། །འདི་དག་བསྐྱེད་པའི་རིམ་པ་སྟེ། །ཞེས་བསྙེན་སྒྲུབ་ཡན་ལག་བཞི་གསུངས་པ་རྡོ་རྗེ་སྙིང་འགྲེལ་གྱི་དངོས་ཟིན་ལྟར་ན་རྒྱུ་རྡོ་རྗེ་འཛིན་པ་བསྐྱེད་པ། སྐྱེ་མཆེད་བྱིན་རླབས་སོགས་ལ་སྦྱོར་བ་ལྟར་སྣང་ཡང༌། བརྟག་གཉིས་ཀྱི་སྟོང་ཉིད་བྱང་ཆུབ་སོགས་བཞི་དང་མཚུངས་པར་བཀྲལ་པ་མང་བས་དཔྱད་དགོས་སོ། །འོ་ན་འདིར་རྩ་བའི་གཞུང་ལྟ་བུ་བརྟག་གཉིས་ཡིན་པས་དེའི་སྐབས་ནས་གསུངས་པའི་ཡན་ལག་བཞི་པོ་དེ་ཚང་ངམ་མ་ཚང་ཞེ་ན། དེ་བཞིའི་དངོས་ཟིན་ལ་ཡང་ལུགས་ཐ་དད་པ་མང་དུ་ཡོད་དེ། ས་སྐྱ་གོང་མ་རྣམས་ནི། སྟོང་ཉིད་བྱང་ཆུབ་ཅེས་པས་སྟོང་པའི་ངང་ལས་དམ་ཚིག་པ་བསྐྱེད་པ་དང༌། ས་བོན་བསྡུ་ཞེས་པས་སྐུ་གསུང་ཐུགས་བྱིན་རླབས་དང༌། གཟུགས་བརྙན་རྫོགས་ཞེས་པས་ཡེ་ཤེས་པ་གཞུག་པ་དང༌། ཡིག་འབྲུ་དགོད་ཅེས་པས་དབང་བསྐུར་རྒྱས་གདབ་བསྟན་པར་བཞེད། ཤཱནྟི་པ་སོགས་སྟོང་ཉིད་བསྒོམ་པ། ས་བོན་གསལ་འདེབས་པ། དེ་ལས་ལྷའི་སྐུ་སྐྱེད་པ། ཐུགས་ཀར་ཧཱུཾ་ཡིག་བསྒོམ་པ་བཞིར་འཆད་དོ། །རང་ལུགས་ནི་བརྟག་གཉིས་ལས། ཡང་ནི་སྟོང་པའི་བྱང་ཆུབ་སྟེ། །ཞེས་པས་ཡེ་ཤེས་ཀྱི་སའམ་སྟོང་ཉིད་བསྒོམ་པ་འཆི་བ་ཆོས་སྐུའི་ལམ་འཁྱེར་བསྟན། གཉིས་པ་ལ་ནི་ས་བོན་བསྡུ། །ཞེས་པས་ས་བོན་ལས་བྱང་ཆུབ་པས་བསྡུས་པའམ་མཚོན་ཏེ་མངོན་བྱང་ལྷག་མ་གསུམ་ཡང་བསྟན་ལ། ས་བོན་གཙོ་བོར་སྨོས་པས་བར་དོ་ལོངས་སྐུའི་ལམ་འཁྱེར་བསྟན། གསུམ་པ་ལ་ནི་གཟུགས་བརྙན་རྫོགས། །ཞེས་པས་སྐུ་རྫོགས་པ་ལས་བྱང་ཆུབ་པ་


GTD005_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན། བཞི་པ་ལ་ནི་ཡིག་འབྲུ་དགོད། །ཅེས་པས་སྐྱེ་མཆེད་དང་སྐུ་གསུང་ཐུགས་མཁའ་གསང་སོགས་བྱིན་རླབས་ཀྱི་ཡི་གེ་དགོད་པ་བསྟན་ལ། ལྷག་པར་ཉམས་ལེན་ཚང་བར་བྱེད་པའི་ཚེ་གནས་གསུམ་དང་ལྟེ་བའི་རྩ་འཁོར་གྱི་ཡི་གེ་བཞི་བསྒོམ་པ་ཡང་བསྟན་ཏེ། ཡན་ལག་བཞི་པོ་དེ་དག་འདི་ལ་ཚང་ངོ༌། །དེ་ལ་འདི་སྐད་ཅེས་གཉིས་པ་ས་བོན་བསྡུ་ཞེས་པ། ས་བོན་ལས་འོད་འཕྲོས། ཚུར་འདུས་པ་ལས་བསྐྱེད་པའི་དོན་ཡིན་ན་རུང་ཡང་མངོན་བྱང་ལྷག་མ་བསྡུ་བའི་དོན་ཡིན་ན་འདིར་ཟླ་ཉི་ས་བོན་ཐམས་ཅད་བསྐྱེད་པ་མ་གསུངས་པའི་ཕྱིར་དང༌། བཞི་པ་ཡི་གེ་དགོད་པ་རྡོ་རྗེ་དང་པདྨར་ཡི་གེ་འགོད་པ་ལ་གསུངས་ཤིང་དེ་འདི་ལ་མི་འགྲིག་པའི་ཕྱིར་སྙམ་ན། བཤད་པར་བྱ་སྟེ་ཡན་ལག་བཞི་པོ་འདི་ཆོ་ག་གསུམ་སྐྱེད་དང༌། མངོན་བྱང་ལྔ་སྐྱེད་གཉིས་ཀ་ལ་སྦྱར་དུ་རུང་བར་གསུངས་པས། ས་བོན་བསྡུ་ཞེས་པ་ལ་ཡང་འགྲེལ་ཚུལ་གཉིས་དགོས་ཏེ། དཀའ་འགྲེལ་པདྨ་ཅན་ལས། བསྡུས་པ་ནི་ཉེ་བར་བསྐྱེད་པ་བསྡུས་པ་སྟེ་ཧཱུཾ་ལ་སོགས་པ་ལས་སྐྱེས་པ་ཞེས་པའི་དོན་ཏོ། །ཡང་ན་ས་བོན་གྱིས་བསྡུས་པ་ནི་མངོན་པར་བྱང་ཆུབ་པ་བཞི་པའོ། །ཞེས་གསུངས་པའི་ཕྱིར་དང༌། རིག་བྱེད་མའི་ཆོ་ག་ཡང་དཔྱིས་ཕྱིན་པར་བྱེད་ན་ས་བོན་དང་ཕྱག་མཚན་སོགས་ཟུར་ཅུང་ཟད་མ་གཏོགས་གཞལ་ཡས་ཁང་དང༌། དེར་ཡེ་ཤེས་ལྔའམ་མངོན་བྱང་ལྔ་སྐྱེད་སོགས་ཀྱཻ་རྡོར་གྱི་མངོན་རྟོགས་ཇི་ལྟ་བ་བཞིན་བྱེད་དགོས་པའི་ཕྱིར། རྡོ་རྗེ་སྙིང་འགྲེལ་ལས། བསྲུང་བའི་འཁོར་ལོ་དང༌། གཞལ་ཡས་ཁང་དང༌། བདུན་པོ་སྦྱངས་པ་དང༌། ཡེ་ཤེས་ལྔས་བསྐྱེད་པ་རྣམས་སྔོན་དུ་ཀྱཻ་རྡོར་ཉིད་སྒྲུབ་པའི་དུས་སུ་ཇི་སྐད་བཤད་པ་


GTD005_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་སྒྲུབ་པ་ལ་གནས་པ་ཡིན་ལ། འདིར་ནི་ལྷ་མོའི་ས་བོན་དང༌། མདོག་དང༌། ཕྱག་མཚན་དང༌། གནས་ཀྱི་གནད་ཙམ་ཞིག་བསྟན་པར་ཤེས་པར་བྱའོ། །ཞེས་པ་ནས་ཀྱཻ་རྡོ་རྗེ་བསྐྱེད་པའི་ས་བོན་ཧཱུཾ་ཡིག་ལ། དེ་བཞིན་དུ་བདག་མེད་མ་ལ་སོགས་པ་བསྐྱེད་པ་ཨཾ་གི་ཡི་གེ་ཡིན་ཏེ། འདིར་ནི་ཧྲཱིཿ ལས་བསྐྱེད་ཅིང་ཞལ་ནས་ཧྲཱིཿ འི་སྒྲ་སྒྲོག་པའི་བདག་ཉིད། ཅེས་སོགས་གསུངས་པའི་ཕྱིར་རོ། །མངོན་བྱང་ལྔ་སྐྱེད་བྱེད་ན་ཡང་ཟླ་ཉི་གཉིས་ཆར་དགོས་པའི་ངེས་པ་མེད་དེ། སྤྱིར་བརྟག་གཉིས་ལས། ཟླ་བ་མེ་ལོང་ཡེ་ཤེས་ལྡན། །བདུན་གྱི་བདུན་པ་མཉམ་ཉིད་ལྡན། །རང་ལྷའི་ས་བོན་ཕྱག་མཚན་ནི། །སོ་སོར་རྟོག་པར་བརྗོད་པར་བྱ། །ཐམས་ཅད་གཅིག་གྱུར་བྱ་ནན་ཏན། །རྫོགས་པ་ཆོས་དབྱིངས་དག་པ་སྟེ། །མཁས་པས་ཆོ་ག་གསུངས་པ་ཡིས། །རྣམ་པ་ལྔ་པོ་བསྒོམ་པ་ཉིད། །ཅེས་བདུན་པ་ཕྱི་མ་བདག་སྒྲར་སྦྱོར་བའམ། རྟ་བདུན་རེས་དྲངས་པའི་ཤིང་རྟ་བདུན་པ་ཞེས་ཉི་མ་ལ་བྱས་ནས་མངོན་བྱང་གཉིས་པ་བསྟན་པས་ཟླ་ཉི་གཉིས་ཀ་ཡོད་པ་མང་ཡང་། དེ་དང་ཟླ་ཉི་ཡང་དབྱངས་གསལ་ལས་བསྐྱེད་པ་སོགས་ནི་རྒྱས་པའི་ལུགས་ཡིན་ལ། མ་ཏངྒི་པས་མཛད་པའི་རིག་བྱེད་མའི་སྒྲུབ་ཐབས་སུ། བྷྲུཾ་གྱུར་གཞལ་ཡས་དབུས་སུ་ཆུ་སྐྱེས་དམར། །ཟླ་བ་ཉི་མས་བརྒྱན་པ་ལ། །ཞེས་གཞལ་ཡས་ཁང་དང་ཟླ་ཉི་ཐམས་ཅད་གསུངས་སོ། །ཨ་ཡིག་ཙམ་ལས་ཟླ་བ་གཅིག་པུ་བསྐྱེད་པ་བསྡུས་པའི་ལུགས་ཡིན་ཞིང༌། འདི་ཡང་རྒྱུད་ཀྱི་དགོངས་པ་ཡིན་ཏེ། འདི་དང་བདེ་མཆོག་ཐུན་མོང་གི་བཤད་རྒྱུད་ཁ་སྦྱོར་གྱི་བརྟག་པ་གསུམ་པ་ལས། ཟླ་བ་མེ་ལོང༌། ཞེས་པ་ནས། ལྔ་པོ་


GTD005_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པ་ཉིད། །ཅེས་པའི་བར་རྐང་པ་གཞན་རྣམས་བརྟག་གཉིས་ལྟར་ལ། བདུན་གྱི་ཞེས་སོགས་རྐང་པ་གཉིས་པའི་ཐད་དུ། དེ་བཞིན་མཉམ་ཉིད་ཡེ་ཤེས་ཉིད། །ཅེས་ཉི་མ་མ་བཤད་པར་ཟླ་བས་མེ་ལོང་ཡེ་ཤེས་མཚོན་པ་བཞིན་ཆ་གཅིག་གིས་མཉམ་ཉིད་ཡེ་ཤེས་ཀྱང་མཚོན་པར་གསུངས་སོ། །དེ་ཡང་ཟླ་བའི་ཁ་དོག་དཀར་བས་མེ་ལོང་ཡེ་ཤེས། དེ་ལ་ཧྲཱིཿ འི་མདངས་ཕོག་པའི་དམར་ཆས་མཉམ་ཉིད་ཡེ་ཤེས། ས་བོན་གྱིས་སོར་རྟོག་ཡེ་ཤེས། དེ་ལས་འོད་འཕྲོས། དོན་གཉིས་བྱས་ཚུར་འདུས་ཏེ་ཟླ་བ་དང་ས་བོན་གཅིག་ཏུ་འདྲེས་པས་བྱ་བ་ནན་ཏན་ནམ་བྱ་གྲུབ་ཡེ་ཤེས། དེ་ལས་ལྷའི་སྐུ་རྫོགས་པས་ཆོས་དབྱིངས་ཡེ་ཤེས་ལས་བྱང་ཆུབ་པ་ཡིན་ལ། མཁའ་སྤྱོད་མའི་རིམ་གཉིས་སྟག་ཕུ་རིན་པོ་ཆེའི་གསུང་ལས། འོད་ཟེར་སྤྲོ་བསྡུ་ནི་བྱ་གྲུབ་ཡེ་ཤེས་ལས་བྱང་ཆུབ་པ། ཐམས་ཅད་གཅིག་ཏུ་འདྲེས་པ་ལས་ལྷའི་སྐུར་རྫོགས་པར་བསྐྱེད་པ་ནི་ཆོས་དབྱིངས་ཡེ་ཤེས་ལས་བྱང་ཆུབ་པ་ཞེས་གསུངས་སོ། །སྤྱིར་ཟླ་ཉི་སོགས་ཀྱི་མངོན་བྱང་ལྔ་སྐྱེད་རྣལ་འབྱོར་རྒྱུད་ལ་ཡང་ཡོད་ཀྱང༌། འདིར་ཐབས་ཤེས་མཉམ་པར་སྦྱོར་བའི་བདེ་ཆེན་མཚོན་ནུས་པ་གལ་ཆེ་བས་དེ་བྱུང་ན་ཟླ་ཉི་གཉིས་ཀ་ཡོད་མེད་ལ་ཁྱད་མེད་དེ། བསྐྱེད་རིམ་འདོད་འཇོ་ལས། ཟླ་ཉི་གཉིས་དང༌། ཟླ་བ་དཀར་དམར་གཉིས་དང༌། ཟླ་བ་གཅིག་བྱེད་པའང་དཀར་ལ་དམར་བའི་མདངས་ཆགས་པར་དཔའ་བོ་རྡོ་རྗེས་བཤད་པ་ལྟར་བྱེད་ལ། ཞེས་པ་ནས། དགོས་པ་གལ་ཆེ་ཤོས་ནི་སྔར་བཤད་པ་ལྟར་རྫོགས་རིམ་གྱི་སྐབས་ཀྱི་བྱང་སེམས་དཀར་དམར་གྱི་འདུ་འཕྲོད་ལས། ངེས་དོན་གྱི་ཧེ་རུ་ཀ་ལྷན་སྐྱེས་ཀྱི་བདེ་ཆེན་འདྲེན་པ་ཡིན་པས། ཞེས་དང༌། སྦས་


GTD005_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཀུན་གསལ་ལས། ཟླ་བ་གཅིག་ལས་མེད་ནའང་དཀར་ལ་དམར་བའི་མདངས་ཆགས་པ་བསྟན་པའི་དགོས་པ་ནི་ཁམས་དཀར་དམར་གྱི་འདུ་འཕྲོད་ལས་བདེ་ཆེན་སྐྱེད་པ་མཚོན་པའི་དོན་དུ་ཡིན་ནོ། །ཞེས་སོ། །འདིའི་སྒྲུབ་ཐབས་རྣམས་སུ་ཡང་ཟླ་ཉིའི་གདན་འགོད་ཚུལ་གཅིག་ཏུ་མ་ངེས་ཏེ། ཀླུ་སྒྲུབ། ཀུ་མ་ར་བོ་དྷི། ལྷན་སྐྱེས་སྒེག་པ་གསུམ་གྱི་སྒྲུབ་ཐབས་སུ་པད་ཟླ་ལ་ཧྲཱིཿ ལས་བསྐྱེད་པར་བཤད། ཀུ་རུ་ཀུལླེའི་རྟོགས་པ་རིམ་པ་ལྔ་པ། དྭགས་པོ་བཀྲ་ཤིས་རྣམ་རྒྱལ་གྱི་སྒྲུབ་ཐབས་སོགས་དུ་མར་པད་ཉི་ལ་ཧྲཱིཿ ལས་བསྐྱེད་པར་བཤད། ཌོམྦྷི་ཧེ་རུ་ཀས་སྟེང་འོག་བསྣོལ་ཏེ་ཉི་མའི་སྟེང་དུ་པདྨ་ལ་ཧྲཱིཿ ལས་ཨུཏྤལ་ཧྲཱིཿ ས་མཚན་པས་བསྐྱེད་པར་བཤད། རྗེ་བཙུན་གྲགས་པ་རྒྱལ་མཚན་དང་ཚར་ཆེན་གྱི་སྒྲུབ་ཐབས་སུ་པད་ཉི་རོ་གདན་ལ་ཧྲཱིཿ ལས་ཨུཏྤལ་ཧྲཱིཿ ས་མཚན་པས་བསྐྱེད་པར་བཤད། མ་ཏངྒི་པས་གཞལ་ཡས་ཁང་དུ་པད་ཟླ་ཉི་མའི་གདན་ལ་བསྐྱེད་པར་བཤད་པ་སོགས་ཤིན་ཏུ་མང་བ་ཐམས་ཅད་ཀྱང་བླ་མའི་མན་ངག་གིས་རྒྱུད་དོན་ལེགས་པར་ཕྱེ་བས་ཁུངས་ཐུབ་ཡིན་ཀྱང༌། འདིར་ལྷན་སྐྱེས་ཀྱི་གཞུང་ཉིད་གཙོ་བོར་བྱེད་དགོས་ལ། དེ་ཉིད་ལས། ནམ་མཁར་ཉི་མའི་དཀྱིལ་འཁོར་བལྟས་ལ། དེའི་དབུས་སུ་ཡི་གེ་ཧྲཱིཿ ལས་ཨུཏྤལ་དམར་པོའི་ལྟེ་བར་ཉི་མ་ལ་ས་བོན་དེ་ཉིད་དོ། །དེ་ལ་སྤྲོ་བ་དང་བསྡུ་བ་བྱས་ནས་དེ་ཉིད་དུ་རབ་ཏུ་བསྟིམས་ཏེ། དེ་ཡོངས་སུ་གྱུར་པ་ལས་ཞེས་གསུངས་ཤིང༌། འཕགས་པས་མཛད་པའི་སྒྲུབ་ཐབས་ཀྱི་དཔེ་དག་པ་རྣམས་ལས། དབུས་སུ་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བ་ལ་གནས་པའི་རོའི་གདན་གྱི་


GTD005_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་གར་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཧྲཱིཿ དམར་པོ་ལས་ཨུཏྤལ་དམར་པོའི་ལྟེ་བ་ལ་ཨ་ལས་ཟླ་བ་དམར་པོ་ཧྲཱིཿ ཡིག་གིས་མཚན་པ་དང་བཅས་པ་ལས་འོད་ཟེར་དུ་མ་འཕྲོས། ཞེས་སོགས་གསུངས་པ་འདིས་ལྷན་སྐྱེས་ཀྱི་སྒྲུབ་ཐབས་དེའི་དགོངས་པ་གསལ་བར་བྱས་པ་ཡིན་ཏེ། དེར་ཉི་མ་གཉིས་གསུངས་ཀྱང་འདིར་ཕྱི་མའི་དོད་དུ་ཟླ་བ་དམར་པོ་ཞེས་གསུངས་པ་ཡིན་ནོ། །དེ་ལྟར་ཟླ་བ་དམར་མདངས་ཅན་དུ་བྱེད་པ་ལ་དཔགས་ན་མངོན་བྱང་ལྔ་དང་སྦྱོར་བའི་ཚེ་ཧྲཱིཿ ལས་ཨུཏྤལ་བསྐྱེད་པ་མན་ཆད་མངོན་བྱང་དང་སྦྱོར་བ་མ་གཏོགས། འོག་གི་པདྨ་རོ་དང་ཉི་གདན་གསུམ་གང་དུ་བསྐྱེད་པའི་གཞི་ཡིན་པས་དེའི་སྟེང་དུ་འོད་ཟེར་སྤྲོ་བསྡུ་སོགས་ཀྱི་མཐར་ཟླ་བ་ས་བོན་ཕྱག་མཚན་གསུམ་གཅིག་ཏུ་འདྲེས་པ་ལས་ལྷའི་སྐུར་བཞེངས་ཏེ་འགོད་དགོས་པ་ཡིན་ནོ། །དེ་ལྟར་བྱས་ན་མཁས་གྲུབ་རྗེའི་བརྟག་གཉིས་རྣམ་བཤད་ལས། སྲུང་འཁོར་གྱི་དབུས་སུ་གཞལ་ཡས་ཁང་བསྐྱེད་པ་བདག་མེད་མ་ཇི་ལྟ་བར་བྱས་ནས་དེའི་དབུས་སུ་ཧྲཱིཿ ལས་པདྨ་དམར་པོ་དང་ཉི་མའི་སྟེང་དུ་མངོན་བྱང་ལྔ་ལས་བསྐྱེད་པར་བྱ་སྟེ། ཞེས་གསུངས་པ་ཡང་གཞལ་ཡས་ཁང་པད་ཉིའི་གདན་དང་བཅས་པ་ལྷ་སྐྱེད་པའི་གནས་སུ་བྱས་ནས་གདན་དེའི་སྟེང་དུ་སྐྱེད་པའི་དོན་ཡིན་པས། འདིའི་ཉི་མ་འོག་གི་ལྷའི་གདན་དུ་གོ་བར་བྱ་ཡི། རྒྱུ་གང་ལས་ལྷ་བསྐྱེད་པར་བྱ་བའི་གཞིའི་མངོན་བྱང་གི་གྲངས་སུ་ནམ་ཡང་འཁྲུལ་བར་མི་བྱའོ། །དེ་དག་གིས་དོགས་པ་དང་པོའི་ལན་འཕྲོས་དང་བཅས་པ་བཤད་ཟིན་ཏོ། །རྩ་བའི་དོགས་པ་གཉིས་པ་ཡི་གེ་འགོད་པ་ཡང་མཁའ་གསང་བྱིན་རླབས་ཀྱི་ཡི་གེ་ཁོ་ན་ལ་སྦྱོར་མི་དགོས་ཏེ། བསྡུས་རྒྱུད་ལས་ཀྱང་དང་པོ་སྟོང་ཉིད་བྱང་ཆུབ་སོགས་


GTD005_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

བརྟག་གཉིས་ཇི་ལྟ་བ་བཞིན་གསུངས་ལ། དེའི་ཡི་གེ་འགོད་ཅེས་པའི་ཐད་ཀྱི་དྲི་མེད་འོད་ལས། དེ་ནས་རབ་མཆོག་རོ་ཡི་རིགས་རྣམས་དག་གི །ཞེས་པ་ཕུང་པོ་དྲུག་པོ་རྣམས་ཀྱི་མིག་ལ་སོགས་པ་རྣམས་ཀྱི་ཡི་གེ་འགོད་པ་སྟེ་གཟུགས་ལ་སོགས་པའི་ཡུལ་ལ་རབ་ཏུ་འཇུག་པའོ། །ཞེས་སྐྱེ་མཆེད་བྱིན་རླབས་ཀྱི་ཡི་གེ་ལ་གསུངས་པ་ལྟར། སྒྲུབ་ཐབས་མཚོ་སྐྱེས་ཀྱི་འགྲེལ་པ་ཛ་ལན་དྷ་རིས་མཛད་པར་ཡང་སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་རླབས་ཀྱི་ཡི་གེར་བཤད་ལ། པདྨའི་མྱུ་གུ་རྡོ་རྗེའི་བརྟག་གཉིས་འགྲེལ་པར། བསྙེན་པའི་ཉེ་བའི་སྒྲུབ་པའི་ཡན་ལག་དང༌། ཞེས་གསུངས་པ་བཞིན་བྷ་ཝ་བྷ་དྲ་སོགས་དུ་མས་བཤད་དོ། །དེས་ན་ལས་ཚོགས་ཀྱི་གཞིར་མངོན་རྟོགས་བསྒོམ་པ་ལ་ཡི་གེ་དེ་ཙམ་བྱས་པས་ཆོ་ག་ཆད་པར་མི་འགྲོ་བ་ཡིན་གྱི། འདིའི་རིམ་གཉིས་ལ་འབད་པ་ཆིག་དྲིལ་བྱས་ཏེ་མཆོག་སྒྲུབ་པའི་སྐབས་ཀྱི་སྨིན་བྱེད་བསྐྱེད་རིམ་ཡིན་ན་མཁའ་གསང་གི་ཡི་གེ་འགོད་པ་ཡང་ངེས་པར་ཡན་ལག་ཏུ་འོང་ངོ༌། །དེའི་ཚུལ་ནི་བརྟག་གཉིས་ལས་གསལ་བར་གསུངས་ཏེ། བརྟག་པ་ཕྱི་མའི་ལེའུ་གཉིས་པ་ལས། བདག་མེད་རྣལ་འབྱོར་ལྡན་པ་ཡིས། །ཕྱག་རྒྱ་ཉིད་ཅེས་ཇི་ལྟར་བརྗོད། །ཕྱག་རྒྱ་ཕྱག་རྒྱ་གཉིས་དག་གིས། །ཕྱག་རྒྱའི་དངོས་གྲུབ་ཇི་ལྟར་འགྱུར། །ཞེས་ལུགས་འདིར་ཕྱག་རྒྱ་ལ་བརྟེན་ནས་བདེ་ཆེན་སྐྱོང་བ་དངོས་གྲུབ་ཀྱི་རྩ་བར་བཤད་ན། བདག་མེད་མ་དང་རྡོ་རྗེ་ཕག་མོ་ཀུ་རུ་ཀུལླེ་སོགས་གཙོ་བོར་བྱས་པའི་ཚེ་རིག་མ་དང་སྦྱོར་བ་མེད་པས་དངོས་གྲུབ་མི་འགྲུབ་བོ་ཞེས་དོགས་པ་ཁོངས་ནས་བསླངས་ཏེ། ལན་དུ། བུད་མེད་གཟུགས་ནི་སྤངས་ནས་གཞན། །བཅོམ་ལྡན་འདས་ཀྱི་གཟུགས་སུ་བྱ། །


GTD005_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

ནུ་མ་སྤངས་པ་བོ་ལར་འགྱུར། །ཀཀྐོ་ལ་དབུས་ཡང་དག་གནས། །འགྲམ་གཉིས་དྲིལ་བུ་ཉིད་དུ་འགྱུར། །ཟེའུ་འབྲུ་བོ་ལ་ཅན་དུ་འགྱུར། །ལྷག་མ་བདག་ཉིད་ཆེན་པོ་ཉིད། །དགའ་ཆེན་ཧེ་རུ་ཀ་ཡི་གཟུགས། །ཞེས་དཔའ་བོའི་སྐུར་བསྒོམ་དགོས་པ་དང༌། ཇི་ལྟར་བསྒོམ་པའི་ཚུལ་གསལ་བར་གསུངས་སོ། །ཁ་ཅིག་འདི་རྟེན་བུད་མེད་ཀྱིས་ལྷ་ཕོ་བསྒོམ་པའི་སྐབས་ཡིན་ཟེར་བ་མི་འཐད་དེ། དེ་ལྟར་ན་སྐྱེས་པས་ལྷ་མོ་བསྒོམ་པ་ལ་ཡང་དོགས་པ་གཅོད་དགོས་ལ། འདིའི་བུད་མེད་ཅེས་པ་བསྒོམ་རྒྱུའི་ལྷ་མོ་ལ་བྱེད་ཀྱི། སྒོམ་པ་པོ་ལ་མི་བྱེད་པའི་ཕྱིར་ཏེ། ཤཱནྟི་པའི་འགྲེལ་པ་ལས། བུད་མེད་ནི་བདག་མེད་མའོ། །ཞེས་གསུངས་སོ། །དེར་མ་ཟད་འདིའི་ཆོ་ག་འཕགས་པས་མཛད་པ་སོགས་ཁུངས་ཐུབ་དུ་མར། དཀར་མོ་རི་དྭགས་མཚན་མ་འཛིན། །ཞེས་པ་ནས། གཡུང་མོའི་སྐུ་ལ་འཁྱུད་པ་ཉིད། །ཅེས་པའི་བར་ལྷ་མོ་བརྒྱད་ཀྱིས་ཕྱི་ནང་གསང་བའི་མཆོད་པ་འབུལ་ཚུལ་ཀྱཻ་རྡོར་ལྟར་གསུངས་པས། དེ་འདྲའི་སྐབས་སུ་སྐད་ཅིག་དེ་ལ་ཡབ་ཀྱི་རྣམ་པར་བསམ་དགོས་པ་ལྟ་བུ་གསང་དབང་ཤེར་དབང་སོགས་ཀྱི་ཚེ་ཡང་དམིགས་བསལ་ཅན་མང་ངོ༌། །འོ་ན་མཁས་གྲུབ་རྗེའི་བརྟག་གཉིས་རྣམ་བཤད་དུ། འཁོར་གྱི་ལྷ་རྣམས་མཚན་བསྒྱུར་བ་དང༌། མཚན་གཉིས་པར་བྱེད་པར་འདོད་པ་སོགས་ཅ་ཅོ་དུ་མ་བསྒྲགས་སོ། །ཞེས་མཚན་མི་བསྒྱུར་བར་བཤད་པ་ཅི་ཞེ་ན། དེ་ན་བོད་སྔ་མ་མང་པོས་ཀྱཻ་རྡོར་ལྷ་དགུ་ལྟ་བུ་ལ་བསང་མཆོད་འབུལ་བའི་ཚེ་འཁོར་གྱི་ལྷ་མོ་བརྒྱད་མཚན་བསྒྱུར་བར་བཤད་པ་བཀག་སྟེ། གཙོ་འཁོར་ཐུགས་རྒྱུད་གཅིག་པས་གཙོ་བོ་དང་སྙོམས་འཇུག་བྱས་པ་ན་འཁོར་རྣམས་ཀྱང་དེས་ཚིམ་པར་འགྱུར་ཞེས་པ་ཡིན་ཞིང༌། འདིར་ལྷ་གཅིག་པུ་ལ་དེ་འདྲའི་


GTD005_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་གཞག་བྱར་མེད་པས་བསྒྱུར་དགོས་པ་ལུང་དེ་ཉིད་ཀྱིས་གྲུབ་པ་ཡིན་ནོ། །དེ་ལྟར་ལྷ་མོ་བརྒྱད་ཀྱིས་མཆོད་པ་འདི་ནི་མ་རྒྱུད་ཀྱི་སྐབས་འདིར་ཤིན་ཏུ་གཙོ་ཆེ་སྟེ། གུར་ལས། རིག་མ་བརྒྱད་རྣམས་ཀྱིས་དབང་བསྐུར། །བདུད་རྩི་ཡང་ནི་མྱང་བྱ་ཞིང༌། །ལྷ་མོ་བརྒྱད་རྣམས་ཀྱིས་མཆོད་ཉིད། །འཁོར་ལོས་འདྲེན་པ་ལ་བསྟོད་བྱ། །ཞེས་སོ། །ཡན་ལག་ཕྱི་མ་འདི་བཞི་དང༌། དང་པོ་གནས་བསྐྱེད་པ། གཉིས་པ་དེར་མངོན་བྱང་ལྔ་ལས་དམ་ཚིག་པ་བསྐྱེད་ནས་ཡེ་ཤེས་པ་གཞུག་པ་བཅས་ཡན་ལག་དྲུག་གི་གནད་རྣམས་ཀྱང་འདི་ལ་ལེགས་པར་ཚང་བ་ནི་མངོན་རྟོགས་ཀློག་པ་ཙམ་གྱིས་ཤེས་པར་ནུས་སོ། །ཀརྨ་པ་ཀུན་དགའ་དོན་གྲུབ་ཀྱི་ཀྱཻ་རྡོར་བསྐྱེད་རིམ་དུ། སྒྲུབ་ཐབས་ཀྱི་ཆོ་གའི་དོན་ཚན་ཡན་ལག་དྲུག་བསྐྱེད་རིམ་གྱི་རྣམ་གཞག་དང་དོན་ཚན་དུ་ནོར་བར་མི་བྱའོ། །ཞེས་ཡན་ལག་དྲུག་གི་ཆིངས་མ་རྒྱུད་ལ་སྦྱར་བ་བཀག་ཅིང༌། ཡན་ལག་དྲུག་རིགས་དྲུག་ལ་སྦྱོར་ཚུལ་སྔགས་རིམ་གྱི་གསུང་ཟིན་ལ་ཡང་ཟུར་ཟ་བྱས་འདུག་ཀྱང༌། བླ་མེད་ཀྱི་སྒྲུབ་ཐབས་ཆེན་པོ་རྣམས་བསྐྱེད་རིམ་ལས་དོན་གཞན་ཞིག་ཏུ་གོ་བ་ནི་ནོར་བ་ཆེ་ཤོས་སོ། །གལ་ཏེ་སྔ་མ་རྣམས་ལ་དོགས་པ་མེད་ཀྱང་མཆོད་བསྟོད་སོགས་བསྐྱེད་རིམ་གྱི་ཡན་ལག་ཏུ་མི་འོང་སྙམ་པ་ཡིན་ན། དགྲ་ནག་ལས། མཆོད་དང་བསྟོད་པ་ཆེན་པོ་ནི། །རྣལ་འབྱོར་ཆེན་པོ་ཞེས་བྱ་འོ། །ཞེས་གསུངས་པས་རྣལ་འབྱོར་བཞིའི་ཆིངས་ཀྱང་བསྐྱེད་རིམ་གྱི་མ་ཡིན་པར་འགྱུར་རོ། །ཏིང་ངེ་འཛིན་གསུམ་ལ་ཡང༌། ཤཱནྟི་པ། བྷ་ཝ་བྷ་དྲ། ཉིན་མོ་འབྱུང་གནས་སོགས་ཀྱིས་དང་པོར་རང་ཉིད་སངས་རྒྱས་པ་དང༌། དེ་ནས་གཟུགས་སྐུར་བཞེངས་


GTD005_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། ཕྱོགས་བཅུར་འགྲོ་དོན་མཛད་པའི་ཆོས་ལོངས་སྤྲུལ་གསུམ་དུ་བཞག་པ་རྣམས་ཚང་སླ་ཡང༌། རང་ལུགས་ཀྱིས་དཀྱིལ་འཁོར་རྒྱལ་མཆོག་དོད་ཐུབ་བརྩི་དགོས་ལ། དང་པོར་སྦྱོར་བ་དང༌། ལས་རྒྱལ་མཆོག་ནི་ལེགས་པར་ཚང༌། དེའི་ནང་ནས་ཀྱང་དང་པོ་སྦྱོར་བའི་སྐབས་ཀྱི་དམིགས་སྐོར་གཙོ་བོ་རྣམས་ནི་མར་སྦྱང་གཞི་དང་རྣམ་པ་མཐུན་པ། ཡར་འབྲས་བུ་དང་རྣམ་པ་མཐུན་པ། བར་གྱི་རྫོགས་རིམ་དང་རྣམ་པ་མཐུན་པ་གསུམ་གའི་གཞི་མཐུན་དུ་གྱུར་པས་སྨིན་བྱེད་གཙོ་བོ་ཡིན་ཏེ། སྔགས་རིམ་ལས། དང་པོ་སྦྱོར་བ་ཡན་ཆད་ལ་སྐུ་གསུམ་བསྐྱེད་ཆོག་རྒྱས་པར་ཡོད་པས་རང་གི་དོན་ཕུན་ཚོགས་སུ་གསུངས་ཏེ། བསྙེན་སྒྲུབ་ཡན་ལག་བཞིའི་དང་པོ་གསུམ་ཡང་དེར་བསྡུས་སོ། །ཞེས་གསུངས་པ་ལྟར་སྐུ་གསུམ་ལམ་འཁྱེར་ནི་བསྐྱེད་རིམ་པའི་ལམ་གྱི་སྲོག་ཡིན་ལ། རྒྱུ་དེ་ལ་བརྟེན་ནས་འབྲས་བུ་སྐུ་གསུམ་དངོས་གནས་འགྲུབ་པའི་ཚུལ་ནི་འདིར་བཤད་བྱའི་དོན་གྱི་ལུས་ཡིན་ནོ། །༈ གཉིས་པ་ཡན་ལག་གི་དོན་ལ་གསུམ། དང་པོ་སྦྱོར་བའི་ཏིང་ངེ་འཛིན་ལ་བརྟེན་ནས་རང་དོན་ཕུན་ཚོགས་སྐུ་གསུམ་མངོན་དུ་བྱས་ཚུལ། དཀྱིལ་འཁོར་རྒྱལ་མཆོག་གི་ཏིང་ངེ་འཛིན་ལ་བརྟེན་ནས་དཀྱིལ་འཁོར་གྱི་འཁོར་ལོ་སྤྲོ་ཞིང་སྡུད་པའི་བདག་པོར་གྱུར་ཚུལ། ལས་རྒྱལ་མཆོག་གི་ཏིང་ངེ་འཛིན་ལ་བརྟེན་ནས་ཞི་སོགས་རབ་འབྱམས་ལས་ཀྱི་དངོས་གྲུབ་ལ་དབང་འབྱོར་ཚུལ་ལོ། །དང་པོ་ལ་ཡང་ཆོས་སྐུ་མངོན་དུ་བྱས་ཚུལ། ལོངས་སྐུ་མངོན་དུ་བྱས་ཚུལ། སྤྲུལ་སྐུ་མངོན་དུ་བྱས་ཚུལ་གསུམ། དང་པོ་ནི། མཐའ་བྲལ་མཁའ་དབྱིངས་འདྲ་བའི་འོད་གསལ་ལས། །འོངས་པའི་གསལ་རྫོགས་དབྱིངས་སུ་དག་པ་ཡི། །སྐྱེ་འགག་


GTD005_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

གནས་གསུམ་བྲལ་བའི་ཆོས་ཉིད་ལས། །ཞེས་བྱུང༌། དེ་ཡང་དབྱིངས་ཀྱི་སྐད་དོད་དྷ་ཏུ་ཞེས་པ་རྒྱུའམ་འབྱུང་ཁུངས་ལ་འཇུག་ཅིང༌། སེམས་ཀྱི་རང་བཞིན་འོད་གསལ་གྱི་དབྱིངས་དེ་ལས་བཅིངས་གྲོལ་ཐམས་ཅད་འབྱུང་བས། འདུས་པ་ཕྱི་མར་དེ་ཉིད་ལ་རང་བཞིན་གྱི་རྒྱུད་དམ་རྒྱུའི་རྒྱུད་དུ་གསུངས་སོ། །ཀུན་མཁྱེན་འཇམ་དབྱངས་བཞད་པའི་འཁོར་ཆེན་གྱི་སྨོན་ལམ་དུ་ཡང༌། ལྷན་སྐྱེས་བདེ་སྟོང་ཆོས་སྐུ་མཁའ་འདྲ་ལ། །ཞེས་ནམ་མཁས་ཐམས་ཅད་ལ་གོ་འབྱེད་པ་དང་དཔེ་དོན་འདྲ་བར་བཤད་པ་འདི་ཤིན་ཏུ་གནད་ཆེ་ལ། དེའི་ཕྱིར་འདི་ཉིད་དུ། མཁའ་དབྱིངས་འདྲ་བའི་འོད་གསལ་ལས་འོངས། ཞེས་པས་སྦྱང་གཞི་སྦྱོང་བྱེད་འབྲས་བུ་ཐམས་ཅད་གོ་ནུས་ཏེ། གཞི་ལ་འཆི་ཀའི་ཚེ་སྣང་མཆེད་ཐོབ་གསུམ་རིམ་གྱིས་ཤར་བའི་མཐར་ཉེར་ཐོབ་ཀྱི་དྲན་མེད་དེ་སངས་ནས་གཉིས་སྣང་རགས་པ་མཐའ་དག་དང་བྲལ་བ་སྟོན་གྱི་ནམ་མཁའ་ལ་སློད་བྱེད་ཀྱི་རྐྱེན་གང་ཡང་མེད་པ་དང་འདྲ་བའི་སྟོང་གསལ་ཤིན་ཏུ་དྭངས་པ་ཞིག་འབྱུང་བ་ལ་འཆི་བ་འོད་གསལ་ཞེས་ཟེར་ཞིང༌། དེ་ལས་སྣང་མཆེད་ཐོབ་གསུམ་ལུགས་ལྡོག་ཏུ་ཤར་ཏེ་སྲིད་པ་སྣ་ཚོགས་འཛིན་པས་འགྲོ་བ་རྣམས་ཀྱི་སྐྱེ་བ་ཡང་འཆི་བའི་འོད་གསལ་གྱི་སེམས་འདིའི་དབང་གིས་བྱུང་བ་ཡིན་ཏེ། རིམ་ལྔ་ལས། འགྲོ་ཀུན་རང་དབང་མེད་པ་སྟེ། །རང་དབང་དུ་ནི་བྱུང་མ་ཡིན། །དེ་ཡི་རྒྱུ་ནི་འོད་གསལ་ཏེ། །འོད་གསལ་ཐམས་ཅད་སྟོང་པ་འོ། །ཞེས་སོ། །ལམ་ལ་རྫོགས་རིམ་གྱི་ཚེ་གཞི་དུས་ཀྱི་འཆི་བ་འོད་གསལ་འཆར་བའི་རིམ་པ་ཇི་ལྟ་བ་བཞིན་ལམ་བསྒོམས་ནས་རླུང་ཐམས་ཅད་ཞུགས་


GTD005_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཐིམ་གསུམ་བྱས་པ་ལས་འཆི་བ་འོད་གསལ་དང་རྣམ་པ་མཚུངས་པར་དངོས་གནས་སུ་སོང་བའི་ལམ་གྱི་འོད་གསལ་འགྲུབ་ལ། དེ་ནི་ཟུང་འཇུག་པའི་ལྷ་ཐམས་ཅད་གང་ལས་འོངས་པའི་གནས་ཡིན་ཏེ། མདོར་བྱས་ལས། འདི་ནི་དོན་དམ་དཀྱིལ་འཁོར་ཏེ། །སྣང་བ་མེད་ཅིང་མཚན་ཉིད་མེད། །དོན་དམ་བདེན་པ་ཞེས་བྱ་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཞེས་སོ། །བསྐྱེད་རིམ་གྱི་ཚེ་གཞི་དུས་ཀྱི་འཆི་བ་འོད་གསལ་དང་རྣམ་པ་མཚུངས་པར་དངོས་སུ་མ་སོང་ཡང་ཡིད་ངོར་མཚུངས་པ་དང༌། ཆོས་སྐུར་དངོས་སུ་བསྒྱུར་མི་ཐུབ་ཀྱང༌། ཐ་མལ་གྱི་འཆི་བའི་སྣང་ཞེན་མངོན་གྱུར་མགོ་མནན་ཏེ་ཆོས་སྐུར་མོས་པ་ལམ་བྱེད་ཀྱི་སྒོ་ནས་རྫོགས་རིམ་གྱི་སྨིན་བྱེད་དུ་འགྲོ་ལ། དེའི་མུ་ནས་སྔོན་གྱི་སྨོན་ལམ་དྲན་པར་བྱས་ཏེ་མོས་ངོར་གཟུགས་ཀྱི་སྐུར་ལྡང་དགོས་པས། བསྐྱེད་རིམ་པའི་ལོངས་སྤྲུལ་གཉིས་ཀྱང་འཆི་བ་ཆོས་སྐུའི་ལམ་འཁྱེར་འདི་ལས་འབྱུང་སྟེ། ཌོམྦྷི་ཧེ་རུ་ཀས། རང་བཞིན་སྟོང་པ་ཉིད་དུ་རྣམ་བསྒོམ་སྔོན་གྱི་ནི། །རྣལ་འབྱོར་པས་ནི་སྨོན་ལམ་རྗེས་སུ་དྲན་པར་བྱ། །ཞེས་དང༌། གྲུབ་ཆེན་མཚོ་སྐྱེས་ཀྱིས། ངོ་བོ་ཉིད་དང་བྲལ་བར་བསྒོམ་པར་བྱའོ། །དེ་ནས་སྔོན་གྱི་སྨོན་ལམ་རྗེས་སུ་དྲན་པ་ལས་ནམ་མཁར་རཾ། དེ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར། ཞེས་སོ། །འབྲས་བུའི་གནས་སྐབས་སུ་ཆོས་སྐུ་ལས་གཟུགས་སྐུར་ལྡང་བ་ཙམ་ཞིག་ནི། རྒྱུད་བླ་མར། ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་བའི་རང་བཞིན་སྣ་ཚོགས་ཀྱིས། །ཞེས་སོགས་མདོ་ཕྱོགས་ལ་ཡང་མང་མོད་ཀྱང༌། མདོ་ལུགས་ཀྱི་ཆོས་སྐུ་དེའི་རིགས་འདྲ་སྒྲུབ་ཚུལ་ནི། སྟོང་ཉིད་རིགས་པའི་


GTD005_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་གྲངས་དུ་མས་གཏན་ལ་ཕབ། བྱམས་སྙིང་རྗེ་སོགས་ཀྱི་རྩིས་ཟིན་པར་བྱས་ཏེ་རྒྱུ་མང་པོ་ཞིག་སྒྲུབ་རྒྱུ་ཡོད་ཀྱང༌། ཆོས་སྐུ་སྤྲོས་པའི་མཚན་མ་གང་གིས་ཀྱང་མི་གཡོ་བར་འཁོར་བའི་ཕྱི་མཐའི་བར་བདེ་བ་ཆེན་པོའི་བདག་ཉིད་དུ་བཞུགས་ཀྱང༌། སྔོན་གྱི་སྨོན་ལམ་གྱི་དབང་གིས་གཟུགས་སྐུ་སྣ་ཚོགས་ཀྱི་རྣམ་པར་འཆར་བ་དེ་དང་རྣམ་པ་མཐུན་པར་ཀུན་རྟོག་གི་རྒྱུ་བ་བཀག་སྟེ་འོད་གསལ་དུ་བཅུག་ནས་གཉུག་སེམས་བདེ་བ་ཆེན་པོའི་རང་བཞིན་དུ་བསྐྱེད་པ་དེ་ཉིད་ཀྱིས་ཆོས་དབྱིངས་ལ་མཉམ་པར་འཇོག་ཅིང༌། དེའི་གཟུང་རྣམ་ལྷའི་སྐུར་བསྒོམ་པ་མེད་པས། ཆོས་སྐུ་ལས་གཟུགས་སྐུར་ལྡང་བའི་ཐབས་རྣལ་མ་མ་ཚང་ངོ༌། །དེས་ན་ཕར་ཕྱིན་ཐེག་པ་ལ་རྒྱུ་ལམ་བྱེད་ཅེས་བཤད་ཅིང༌། སྔགས་བླ་མེད་ཀྱི་སྐབས་འདིར་སྐུ་གསུམ་གའི་ཉེ་རྒྱུ་མཐར་ཐུག་པའི་རྩ་བ་དེ་ཉིད་ནས་བཟུང་སྟེ་སློབ་པས་འབྲས་བུ་ལམ་བྱེད་ཅེས་གསུངས་ཏེ། ཀུན་མཁྱེན་འཇམ་དབྱངས་བཞད་པའི་གསུང་ལས་ཀྱང༌། སྔགས་བླ་མེད་ཀྱི་ལམ་འདིས་སྐུ་གསུམ་ལ་དམར་འཇུས་སུ་བྱེད་པ་ཡིན། ཞེས་གསུངས་སོ། །དེས་ན་འབྲས་དུས་ཀྱི་དག་པའི་རྟེན་བརྟེན་པ་ཐམས་ཅད་འོད་གསལ་གྱི་དབྱིངས་ལས་འོངས་པ་ནི། འདུས་པའི་ལེའུ་གསུམ་པ་ལས། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ཞེས་དང༌། གླེང་གཞིའི་སྐབས་སུ། རྡོ་རྗེ་བཙུན་མོའི་བྷ་ག་ལ་བཞུགས་སོ། །ཞེས་གསུངས་པ་ཐམས་ཅད་ཀྱིས་ངེས་དོན་ཆོས་སྐུ་བདེ་སྟོང་གི་ཡེ་ཤེས་ལས་ལྷའི་འཁོར་ལོ་སྤྲོ་བའི་དོན་དུ། མདོར་བྱས་དང༌། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས། སྒྲོན་གསལ་སོགས་ཀྱིས་གསུངས་


GTD005_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང༌། ལྷའི་དབང་པོས་ཞུས་པ་ལས། ཨེ་ཝཾ་ཡིག་གཉིས་སྒྱུ་མ་ལ། །ཐམས་ཅད་མཁྱེན་པ་འདིར་བཞུགས་པས། །ཞེས་དང༌། གསང་བ་གྲུབ་པ་ལས། སྤྲོས་པ་མེད་ཅིང་དག་པ་ལས། །འདི་དག་ཐམས་ཅད་རྣམ་པར་སྤྲུལ། །ཞེས་གསུངས་པ་རྣམས་དོན་གཅིག་གོ །དེ་འདྲ་བའི་ཆོས་སྐུ་དེ་ཡང་རང་གི་རིགས་འདྲའི་རྫོགས་རིམ་ལས་འབྱུང་ལ། དེ་ཡང་བསྐྱེད་རིམ་གྱི་ཐོག་མ་ནས་སྟོང་ཉིད་བསྒོམ་པ་འདི་ལ་ལྟོས་པས། འདི་ནི་རྟོགས་པ་གོང་མ་ཐམས་ཅད་ཀྱི་རྨང་གཞི་ལྟ་བུ་ཡིན་ནོ། །དེ་ལྟར་ཡང་རིམ་ལྔ་ལས། འདིར་ནི་མང་དུ་བཤད་ཅི་དགོས། །རྡོ་རྗེ་ཐེག་པར་རྣལ་འབྱོར་པས། །དེ་ཉིད་གང་གང་དམིགས་བྱ་བ། །དེ་དེ་སྒྱུ་མ་ཁོ་ནར་གསུངས། །ཞེས་དང༌། བརྟག་གཉིས་གོང་དུ་དྲངས་པ་ལྟར་དང་པོར་སྟོང་ཉིད་བྱང་ཆུབ་གསུངས་ལ། སམྦྷུ་ཊ་ལས་ཀྱང༌། དེ་ནས་བསམ་གཏན་གནས་འདུག་ནས། །ཆོས་རྣམས་ཐམས་ཅད་བདག་མེད་པར། །ཡང་དག་རྗེས་སུ་བལྟ་བར་བྱ། །ཞེས་སོགས་ཤིན་ཏུ་མང་ངོ༌། །འོན་ཀྱང་ཚིག་གི་ན་ཡམ་ཙམ་མ་ཡིན་པར་ལྷའི་རྣལ་འབྱོར་ལ་ཡང་དག་པའི་ལྟ་བའི་འཛིན་ཚུལ་ཚང་བ་མེད་མི་རུང་ཡིན་ཚུལ་དཔྱིས་ཕྱིན་པར་མ་གོ་ན་བསྐྱེད་རིམ་གྱི་འགངས་མི་གཤོག་པས་ཅུང་ཟད་བཤད་ན། སྔོན་ཡང་མང་པོ་ཞིག་གིས་བསྐྱེད་རིམ་ནི་ལྷ་སྐུ་བཞིན་ལག་གི་རྣམ་པ་ལ་གསལ་སྣང་འདོན་བྱེད་ཙམ་མ་གཏོགས་སྟོང་ཉིད་ཀྱི་འཛིན་ཚུལ་མེད་ལ། འཁོར་བའི་རྩ་བ་བདག་འཛིན་ནི་རང་དང་འཛིན་སྟངས་འགལ་བའི་ལམ་གྱིས་སུན་འབྱིན་དགོས་པར་རིག་པའི་དབང་ཕྱུག་གིས་གསུངས་པ་ལྟར་ཡིན་པས། བསྐྱེད་རིམ་ནི་འཁོར་བ་ལས་གྲོལ་བའི་རྒྱུར་མི་འཐད་སྙམ་དུ་ལོག་པར་རྟོག་ཅིང་དེ་སྐད་སྨྲ་བ་མང་དུ་


GTD005_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ངོ༌། །སྤྱིར་རང་ལ་སྟོང་ཉིད་ཀྱི་འཛིན་སྟངས་མེད་ཀྱང་གྲོགས་སྟོབས་ཀྱིས་ཐར་པའི་རྒྱུར་འགྲོ་བ་སེམས་བསྐྱེད་ལྟ་བུ་མང་བས་ཁྱབ་པ་མ་ངེས་པའི་ལན་ཡང་བྱས་ཆོག་མོད། འོན་ཀྱང་དེ་ལ་ལམ་གྱི་གོ་བ་སྐྱེད་ཕུལ་ཆུང་བས་བདག་ཉིད་ཆེན་པོ་རྣམས་ཀྱིས་བསྐྱེད་རིམ་ལ་སྟོང་ཉིད་ཀྱི་འཛིན་ཚུལ་མེད་པ་རྟགས་མ་གྲུབ་པའི་ལན་མཛད་དེ། སློབ་དཔོན་ཡེ་ཤེས་ཞབས་ཀྱི་སྒྲུབ་ཐབས་ཀུན་བཟང་ལས། ཐ་མལ་རྣམ་རྟོག་རྒྱུན་ལས་གཞན་པ་ཡི། །སྲིད་པའི་སྡུག་བསྔལ་གཞན་ནི་ཡོད་མ་ཡིན། །དེ་དང་རྣམ་པ་འགལ་བར་གྱུར་པའི་སེམས། །འདི་ནི་མངོན་སུམ་ཉིད་དུ་རྟོགས་པར་འགྱུར། །ཟབ་ཅིང་རྒྱ་ཆེ་བ་ཡི་བདག་ཉིད་ཅན། །གང་ཡིན་དེར་ནི་ཀུན་རྟོག་སྣང་མི་འགྱུར། །ཞེས་རྐང་པ་དང་པོ་གཉིས་ཀྱིས་བདག་འཛིན་འཁོར་བའི་རྩ་བ་ཡིན་པ་དང༌། དེ་ནས་གཉིས་ཀྱིས་གཟུང་རྣམ་ལྷའི་སྐུར་བསྒོམ་པའི་བསྐྱེད་རིམ་གྱི་རྣལ་འབྱོར་དེས་ངེས་པ་སྟོང་ཉིད་ལ་དྲངས་ཡོད་པས་བདག་འཛིན་དང་འཛིན་སྟངས་འགལ་བར་གནས་ལ། འོན་ཀྱང་ཚུལ་དེ་འདྲ་ཕར་ཕྱིན་ཐེག་པ་བ་རྣམས་ཀྱི་བློར་མི་ཤོང་ཡང༌། སྔགས་ཀྱི་རྣལ་འབྱོར་པ་རང་གིས་ཉམས་མྱོང་གིས་མངོན་སུམ་དུ་འགྲུབ་ཚུལ་དང༌། རྐང་པ་ཕྱི་མ་གཉིས་ཀྱིས་དེའི་དཔེ་དང་རྒྱུ་མཚན་བསྟན་ཏེ། ཕར་ཕྱིན་ཐེག་པར་ཡང་མ་དག་པའི་སྣོད་བཅུད་བདེན་སྟོང་སྒྱུ་མ་ལྟ་བུའི་རྟེན་ཅིང་འབྲེལ་བར་འབྱུང་བ་བསྒོམ་ན་ཟབ་རྒྱས་གཉིས་ཀ་ཚོགས་པས་མཐའ་གཉིས་ཅིག་ཅར་དུ་སེལ་བ་ཞེས་ཟེར་ན་འདིར་རྒྱ་ཆེ་བ་ལྷའི་རྣལ་འབྱོར་གྱིས་དམིགས་ཡུལ་ཁྱད་པར་ཅན་དག་པའི་སྣོད་བཅུད་ལ་དམིགས་ཤིང༌། ཟབ་པ་སྟོང་ཉིད་ཀྱི་རྣམ་པར་


GTD005_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་སྟེ་བློ་གཅིག་ལ་ཚོགས་གཉིས་ཅིག་ཅར་དུ་ཚང་བའི་ཐབས་མཁས་ཀྱི་ལམ་འདི་ལྟ་བུས་འཁོར་བ་ལས་གྲོལ་བ་ཅིའི་ཕྱིར་མི་འཐད་ཅེས་པའི་དོན་ནོ། །འདིའི་ཐ་མལ་ལ་རྣམ་རྟོག་ཅེས་པའི་དོན་སྔ་མ་ཁ་ཅིག །ལས་མཐའ་རྣམ་འབྱེད་ལས། མགོ་དང་རིན་ཆེན་སོགས་སྦྱིན་པས། །སྣང་བ་རྣམ་པར་མ་དག་ཕྱིར། །བྱང་ཆུབ་འབྲས་བུ་འཐོབ་མི་ནུས། །ཞེས་པ་དང་འདྲ་བར་ཐ་མལ་གྱི་སྣང་ཞེན་ལ་བྱེད་ཀྱང༌། རང་ལུགས་བདག་འཛིན་ལ་བྱེད་དེ། འདིའི་འགྲེལ་པ་ཐ་ག་ནས་མཛད་པ་ལས། ཐ་མལ་པའི་རྣམ་པར་རྟོག་པ་ནི། བདག་དང་བདག་གིར་རྣམ་པར་རྟོག་པའོ། །ཞེས་གསུངས་ལ། ཤཱནྟི་པས་ཀྱང་འདི་བདག་འཛིན་ལ་བྱས་ནས་སྲིད་པའི་རྩ་བར་འགྲོ་ཚུལ་སོགས་གསལ་བར་གསུངས་སོ། །གལ་ཏེ་ཐ་མལ་གྱི་སྣང་ཞེན་ལ་བྱས་ནས་དེ་ཉིད་འཁོར་བའི་རྩ་བར་འདོད་ན། ཉན་རང་གི་ལམ་གྱིས་འཁོར་བའི་རྩ་བ་སྤོང་མི་ནུས་པར་སྨྲ་དགོས་པས། སློབ་པའི་ཐེག་པས་ཆགས་ལ་སོགས། །སྤོང་བར་འགྱུར་བ་མིན་ཞེས་འཛིན། །ཞེས་པའི་རྩ་ལྟུང་གིས་གོས་པར་འགྱུར་རོ། །འདི་ཐུན་མོང་བའི་འཁོར་རྩའི་དབང་དུ་བྱས་པའོ། །དེ་ཡང་ལམ་འཁྱེར་དང་པོའི་སྐབས་འདིར་སྟོང་ཉིད་བསྒོམ་པ་ཙམ་མ་ཡིན་པར་དེ་དང་ཡེ་ཤེས་དབྱེར་མི་ཕྱེད་པའི་ཆོས་སྐུ་ལ་ང་རྒྱལ་འཇོག་པ་གལ་ཆེ་སྟེ། གཟུགས་སྐུའི་རྒྱུར་དེ་དང་རྣམ་པ་མཐུན་པ་དང་ང་རྒྱལ་འཇོག་པ་གཉིས་ཀ་དགོས་ན་ཆོས་སྐུ་ལ་ཡང་མཚུངས་པས་སོ། །འོན་ཏེ་གཟུགས་སྐུ་ནི་རང་གི་ཕུང་པོ་བསྟན་དུ་ཡོད་པ་འདིས་མཚོན་ཏེ་ང་རྒྱལ་འཛིན་པའི་དམིགས་པ་འཆར་བདེ་ལ། ཆོས་སྐུ་ལ་དེ་ལྟར་མི་ནུས་སྙམ་ན། དེ་ནི་ཐོག་མེད་ནས་གོམས་པའི་མ་དག་པའི་སྣང་ཞེན་གྱིས་བསླད་པའི་གཏམ་


GTD005_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པས། དེ་འདྲ་བ་དེས་གཟུགས་སྐུར་ང་རྒྱལ་བཞག་པར་རློམ་པའི་ཚེ་ཡང་ང་ཡི་བར་འཛིན་པའི་འཇིག་ལྟ་ནན་གྱིས་གསལ་བཏབ་སྟེ་བསྒོམ་པར་སྣང་ལ། ལས་ཉོན་གྱི་དབང་གིས་འཕྲལ་དུ་བླངས་པའི་ཟག་བཅས་ཀྱི་ཕུང་པོ་མི་རིང་བར་འདོར་དགོས་པ་འདི་ལ་ཡང་ངའོ་སྙམ་པ་སྐྱེ་ན། གསང་བ་གྲུབ་པ་ལས། ཇི་ལྟར་བུར་ཤིང་ཁུ་བ་དང༌། །ཏིལ་ལ་ཏིལ་མར་ཇི་ལྟ་བར། །དེ་བཞིན་ལུས་ལ་ཐམས་ཅད་དུ། །ཤེས་རབ་ཕ་རོལ་ཕྱིན་པ་གནས། །ཞེས་པ་ལྟར། ཐོག་མེད་ནས་སེམས་ཀྱི་རང་བཞིན་དུ་ཞུགས་པའི་ཆོས་ཀྱི་དབྱིངས་རྣམ་པ་ཐམས་ཅད་པ་དང་གཉུག་མའི་སེམས་རོ་གཅིག་ཏུ་ཞུགས་པ་འདི་ལ་ཅིའི་ཕྱིར་ངའོ་སྙམ་པ་མི་སྐྱེ། སྔ་མ་ལ་ངའོ་སྙམ་དུ་བཟུང་བས་འཁོར་བར་འཁྱམས་པ་ཡིན་ཞིང༌། ཕྱི་མ་ལ་ངའོ་སྙམ་དུ་ང་རྒྱལ་བཞག་ན་ཆོས་ཀྱི་སྐུར་འཕོ་བར་ནུས་སོ། །དེས་ན་སྤྱོད་འཇུག་ལས། གོམས་པ་ཡིས་ནི་གཞན་དག་གི །ཁུ་བ་ཁྲག་གི་ཐིགས་པ་ལ། །ང་འོ་ཞེས་ནི་ཤེས་པ་ལྟར། །དེ་བཞིན་གཞན་གྱི་ལུས་ལ་ཡང༌། །བདག་ཅེས་ཅི་ཡི་ཕྱིར་མི་རྟོག །བདག་གི་ལུས་ནི་གཞན་དག་ཏུའང༌། །བཞག་པ་དེ་ལྟར་དཀའ་བ་མེད། །ཅེས་གསུངས་པ་བཞིན་སྔར་ཕྱོགས་དེ་ལ་བློ་ཁ་མ་ཕྱོགས་པ་ཡིན་པས་གོམས་ན་ངེས་པར་བསྐྱེད་ནུས་སོ། །འདིར་ཡེ་ཤེས་ཀྱི་ས་ཞེས་སྟོང་ཉིད་བསྒོམ་པ་གཙོ་བོར་གསུངས་པས་བློའི་ཤུགས་སྐྱེད་ཚུལ་ཁྱད་པར་ཅུང་ཟད་རེ་ཡོད་ཀྱང༌། བསྐྱེད་རིམ་གྱི་ཐོག་མཐའ་བར་གསུམ་དུ་སྣང་ཕྱོགས་ལྷའི་འཁོར་ལོ་ཡན་ལག་དང་བཅས་པ་གང་བསྒོམ་


GTD005_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྐབས་སུ་སྟོང་ཉིད་ངེས་པར་བསྒོམས་ནས་དེའི་གཟུང་རྣམ་རྟེན་བརྟེན་པ་དེ་དང་དེར་མོས་དགོས་པས་སྟོང་ཉིད་བསྒོམ་པ་འདི་དང་པོ་སྦྱོར་བ་སོགས་ཏིང་ངེ་འཛིན་གསུམ་གའི་སྤྱི་འགྲོར་དཔལ་འབྲས་རྡོ་རྗེས་བཤད་དོ། །དོན་དེ་ལ་དགོངས་ཏེ་འདི་ཉིད་ལས་ཀྱང༌། འོངས་པའི་གསལ་རྫོགས་དབྱིངས་སུ་དག་པ་ཡི། །ཞེས་གསུངས་ཏེ། དེ་ཡང་གསལ་ཞེས་པ་རང་བཞིན་རྣམ་དག་གི་ཆ་སྟོང་ཉིད་ལ་རང་བཞིན་འོད་གསལ་ཞེས་པ་ལྟ་བུ་མདོ་སྔགས་གཉིས་ཀར་མང་ཞིང༌། ཁྱད་པར་དུ་གུར་ལས། དཔེར་ན་ཆུ་ནང་ཟླ་བ་ནི། །གྲོགས་དག་བདེན་མིན་རྫུན་པའང་མིན། །དེ་བཞིན་དཀྱིལ་འཁོར་འཁོར་ལོ་འདིར། །དྭངས་ཤིང་གསལ་བའི་རང་བཞིན་ནོ། །ཞེས་གསལ་བའི་དོན་སྟོང་ཉིད་ལ་བཤད་པ་མང་བས་དེ་དང༌། རྫོགས་པ་ལྷའི་འཁོར་ལོ་ཞེས་སྦྱར་དགོས་པའི་སྐབས་ཡོད་ཀྱང༌། འདི་གོང་དུ། མཐའ་བྲལ་མཁའ་དབྱིངས་འདྲ་བའི་འོད་གསལ་ལས། །འོངས། ཞེས་སྟོང་ཉིད་ཀྱི་ལྟ་བས་ཟིན་ཚུལ་སྨོས་ཟིན་པས་འདིར་དེའི་སྟོབས་ཀྱིས་རྣམ་པར་དག་རྒྱུའི་འོག་གི་ལྷའི་རྣལ་འབྱོར་རྣམས་ལ་གསལ་རྫོགས་གཉིས་ཀ་སྦྱོར་དགོས་སོ། །དེའི་ཚུལ་ནི་སྔགས་རིམ་ལས། ཐམས་ཅད་ལ་ཆ་མཉམ་དུ་བྱས་ནས་སྦྱངས་པ་ན་གསལ་སྣང་ཐམས་ཅད་ཕྱོགས་གཅིག་ཏུ་སྐྱེ་བ་དེ་ཉིད་སྟོབས་ཆེ་སྟེ། ཞེས་གསུངས་པ་བཞིན་ལྷའི་སྐུ་ལ་གསལ་སྣང་སྦྱོང་བ་ཡང་སྐུའི་ཆ་རེ་རེ་ཙམ་ལ་གསལ་སྣང་སྒྲུབ་པ་ལྟ་བུ་མ་ཡིན་པར་ཆ་མཉམ་དུ་རྟེན་བརྟེན་པ་ཡོངས་སུ་རྫོགས་པ་ལ་སྦྱང་དགོས་པས་གསལ་བ་དང་རྫོགས་པ་གཉིས་ཀ་སྨོས་སོ། །དབྱིངས་སུ་དག །ཅེས་པ་ནི་བསྐྱེད་རིམ་གྱི་སྐབས་འདིར་


GTD005_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོར་སྣོད་བཅུད་སྔ་མ་སྟོང་པ་དང་ཆོས་མཐུན་པར་ཐམས་ཅད་འོད་གསལ་དུ་བཅུག་ནས་ཡེ་ཤེས་ཀྱི་ས་བསྒོམ་ཞིང་འོག་གི་ཉམས་ལེན་ཐམས་ཅད་ཀྱང་སྟོང་ཉིད་ཀྱི་འཛིན་སྟངས་མ་ཤོར་བའི་སྒོ་ནས་བྱེད་པའི་དོན་ཡིན་ལ། དེ་ཉིད་གོམས་པར་བྱས་པ་ལས་རྫོགས་རིམ་གྱི་ཚེ་སྒྱུ་མའི་སྐུ་དྭངས་གསལ་འོད་ཀྱི་རང་བཞིན་ཅན། ཆ་ཤས་ཐམས་ཅད་ཡོངས་སུ་རྫོགས་པའི་གསལ་རྫོགས་དེ་ཉིད་རིལ་འཛིན་དང་རྗེས་གཞིག་གཉིས་པོ་རེ་རེ་ལ་ཡང་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གསུམ་དུ་བསྒོམ་པའི་སྡུད་རིམ་གྱིས་ཡང་ཡང་འོད་གསལ་དུ་བཅུག་སྟེ་གོམས་པས་དེ་ཉིད་འོད་གསལ་དུ་དག་པ་ནི་རྫོགས་རིམ་ལ་ལྟོས་པའི་དབྱིངས་སུ་དག་ཚུལ་ཡིན་ནོ། །དེ་དག་གིས་རིམ་པ་བཞིན་དུ་བསྒྲུབས་པའི་ལག་རྗེས་མཐར་ཐུག་པ་བཅོམ་ལྡན་འདས་མ་འཕགས་མ་རིག་བྱེད་མའི་ཐུགས་རྒྱུད་ཀྱི་དག་པ་གཉིས་ལྡན་གྱི་དབྱིངས་དང་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དབྱེར་མེད་པ་རང་དོན་ཕུན་ཚོགས་ཆོས་ཀྱི་སྐུ་ནི་འདིར་གང་གི་སྒོ་ནས་བསྟོད་པའི་འབྲས་བུའི་ཡོན་ཏན་དངོས་ཡིན་པས་དེ་ཉིད་སྟོན་པ་ལ། སྐྱེ་འགག་གནས་གསུམ་བྲལ་བའི་ཆོས་ཉིད་ལས། །ཞེས་བྱུང༌། དེ་ཡང་རྩ་ཤེས་ལས། འགག་པ་མེད་པ་སྐྱེ་མེད་པ། །ཞེས་སྟོང་ཉིད་སྤྲོས་པའི་མཐའ་བརྒྱད་དང་བྲལ་བར་གསུངས་པ་དང༌། མདོ་སྡེ་རྒྱན་ལས། སྐྱེ་དང་འཇིག་མེད་འབྲི་བར་མི་འགྱུར་ཏེ། །ཞེས་དོན་དམ་བདེན་པ་ཁྱད་ཆོས་ལྔ་ལྡན་དུ་གསུངས་པས་སྟོང་ཉིད་སྐྱེ་འགག་མེད་པར་གསུངས་པ་ཙམ་ལ་ཡང་ལམ་བསྒོམ་པ་འབྲས་བུ་དང་བཅས་ཤིང་འཁོར་བ་ལས་གྲོལ་དུ་རུང་


GTD005_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

བ་སོགས་གོ་རྒྱུ་ཤིན་ཏུ་ཟབ་མོ་ཞིག་ཡོད་ལ། སངས་རྒྱས་སའི་རང་བཞིན་རྣམ་དག་གི་དབང་དུ་བྱས་ཏེ། རྒྱུད་བླ་མ་ལས། ཐོག་མ་དབུས་མཐའ་མེད་པ་ཡི། །རང་བཞིན་ཡིན་ཕྱིར་འདུ་མ་བྱས། །ཞེས་དང༌། སྲས་སྒྲ་གཅན་འཛིན་གྱིས་རང་གི་མ་གྲགས་འཛིན་མ་ལ་བསྟོད་པ་ལས། མ་སྐྱེས་མ་འགག་ནམ་མཁའི་ངོ་བོ་ཉིད། །ཅེས་གསུངས་པ་ལྟ་བུ་ཡོད་ཀྱང༌། འདིར་ཐེག་པ་ཆེན་པོའི་ལམ་ཐུན་མོང་དང་ཐུན་མོང་མ་ཡིན་པ་ལ་བརྟེན་ནས་བསྒྲུབ་པའི་རང་དོན་སྤངས་རྟོགས་ཀྱི་བྱང་ཆུབ་དེ་ནི་ཐེག་པ་གཞན་གྱི་བྱང་ཆུབ་ལས་ཁྱད་པར་དུ་འཕགས་པ་གོ་བའི་ཕྱིར་ཡིན་ནོ། །དེ་སྐད་དུ་ཡང་མངོན་རྟོགས་རྒྱན་ལས། ཚུ་རོལ་ཕ་རོལ་མཐའ་ལ་མིན། །དེ་དག་བར་ན་མི་གནས་པ། །ཞེས་མི་གནས་པའི་མྱང་འདས་བསྟན་པས། དེ་དང་འདི་གཉིས་དོན་གཅིག་སྟེ། སྐྱེ་བ་དང་བྲལ་ཞེས་ཚུ་རོལ་འཁོར་མཐའ་ལ་མི་གནས་པ་དང༌། འགག་པ་དང་བྲལ་ཞེས་ཕ་རོལ་ཞི་མཐའ་ལ་མི་གནས་པ་དང༌། གནས་པ་དང་བྲལ་ཞེས་དོན་དམ་བར་གྱི་མཐའ་ལ་མི་གནས་པ་བསྟན་ནོ། །དེ་ལྟར་སྦྱོར་བ་ཡང་ཤིན་ཏུ་འཐད་དེ། དང་པོ་སྐྱེ་བ་འཁོར་བ་ལ་སྦྱར་བ་ནི། རྒྱན་གྱི་ངེས་འབྱེད་ཆ་མཐུན་སྐབས་སུ། དེ་དག་སྐྱེ་མེད་ངེས་འབྱུང་མེད། །ཅེས་པའི་དོན་འཆད་པར། གསེར་ཕྲེང་ལས། སྐྱེ་བ་འཁོར་བ་དང༌། ངེས་འབྱུང་མྱང་འདས་ཀྱི་ཆོས། ཞེས་སྐྱེ་བ་འཁོར་བ་ལ་སྦྱར་ཞིང༌། དབུས་མཐའ་ལས་ཀྱང༌། ཡང་དག་མ་ཡིན་ཀུན་རྟོག་ནི། །སེམས་དང་སེམས་བྱུང་ཁམས་གསུམ་པ། །ཞེས་གཞན་དབང་གཙོ་བོར་ཁམས་གསུམ་གྱི་འཁོར་བས་བསྡུས་པར་བཤད་ཅིང༌། འཕགས་པ་ཆོས་ཀུན་འགྲོ་བའི་མདོ་སོགས་


GTD005_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

ལས། སངས་རྒྱས་བཅོམ་ལྡན་འདས་ནི་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བར་གསུངས་པས། འདུས་བྱས་འཁོར་བ་ལ་སྦྱོར་བ་དོན་གྱིས་འགྲུབ་བོ། །ཞི་མཐའ་ཐེག་དམན་གྱི་མྱང་འདས་ལ་འགག་པའི་སྒྲས་བསྟན་པ་ནི། རྣམ་བཤད་རིགས་པ་ལས། མཐའ་ནི་ཟད་དང་མཇུག་ཆ་དང༌། །ཞེས་པ་ལྟར་རགས་པའི་སྡུག་ཀུན་ཟད་ཙམ་ལས་དོན་གཉིས་ཕུན་སུམ་ཚོགས་པའི་ཡོན་ཏན་གྱི་རྟེན་བྱེད་མི་ནུས་པས། ཟད་པ་དང་འགག་པ་ཙམ་གྱི་ཆ་ནས་བཏགས་ཏེ་མྱང་འདས་ཀྱི་ནང་ནས་དམན་པར་བཤད་པ་ཡིན་ལ། རྒྱུད་བླ་མར་ཡང༌། མེད་ཕྱིར་འཇིག་དང་བཅས་པའི་ཕྱིར། །ཞེས་མེད་པ་ཙམ་གྱི་མིང་གིས་བསྟན་ནོ། །གནས་པ་དང་བྲལ་ཞེས་པ་བར་གྱི་མཐའ་བདེན་གྲུབ་ཏུ་ལྟ་བ་ལ་མི་གནས་པ་ནི་གྲགས་ཆེ་ཞིང༌། སྡུད་པར་ཡང༌། དེ་ལྟར་བྱང་ཆུབ་སེམས་དཔའ་གནས་ལ་གནས་པ་མེད། །གནས་མེད་གནས་ཡིན་འདི་ནི་རྒྱལ་བས་གནས་པར་གསུངས། །ཞེས་པ་ལྟར་རོ། །དེ་ལ་ཕར་ཕྱིན་ཐེག་པའི་སྐབས་སུ་མི་རྟག་སྡུག་བསྔལ་སོགས་རྟོགས་པའི་བློ་དང༌། སྙིང་རྗེ་ཆེན་པོ་དང༌། བདེན་མེད་རྟོགས་པའི་ཤེས་རབ་གསུམ་གྱིས་མཐའ་དེ་གསུམ་འགོག་པར་གསུངས་ལ། སྔགས་ཀྱི་སྐབས་སུ་ཐོག་མར་ལམ་ཐུན་མོང་བས་རྒྱུད་སྦྱངས་ཏེ། ལམ་དེ་གསུམ་ཚང་བར་ཡོད་པའི་སྟེང་དུ་འཁོར་བར་འཁོར་བ་པོ་གཉུག་མའི་སེམས་རང་ཉིད་འགྲོ་བ་སྡུག་བསྔལ་ལས་སྐྱོབ་པའི་ཐབས་ལ་གང་འདོད་དུ་བསྒྱུར་ཐུབ་པའི་ངེས་དོན་གྱི་སྙིང་རྗེ་བདེ་བ་ཆེན་པོའི་ངོ་བོར་བསྐྱེད་དེ་གནས་ལུགས་དོན་དམ་པའི་བདེན་པ་དང་རོ་གཅིག་ཏུ་གྱུར་


GTD005_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཤེས་པ་སྐད་ཅིག་མ་གཅིག་ལ་མཐའ་དེ་གསུམ་ག་འགོག་པའི་ཟབ་གནད་མདོ་ལུགས་ལས་བརྒྱ་འགྱུར་གྱི་ལྷག་དང་བཅས་པར་ཡོད་དོ། །དེ་ལྟར་ན་ཕར་ཕྱིན་ཐེག་པར་འབྲས་བུ་མི་གནས་པའི་མྱང་འདས་སམ་རང་དོན་ཆོས་སྐུ་དངོས་སུ་བསྟན་ཀྱང་དེའི་རྒྱུ་ཆ་ཚང་བ་སྦས་པའི་ཚུལ་དུ་ཡོད་ལ། དེ་ཉིད་སྔགས་ལས་གསལ་བར་གསུངས་པ་བཞིན་ཉམས་སུ་བླངས་ནས་ཆོས་ཀྱི་སྐུ་མངོན་དུ་མཛད་དོ། །ཞེས་བསྟོད་པས་རྒྱུ་དང་འབྲས་བུའི་ཡོན་ཏན་ཐམས་ཅད་ལ་ཆོས་ཀྱི་རྗེས་སུ་འབྲང་བའི་དད་པ་བརྟན་པོ་རྙེད་པར་འགྱུར་རོ། །༈ གཉིས་པ་ལོངས་སྐུ་མངོན་དུ་བྱས་ཚུལ་ནི། ཆུ་ལས་ཆུ་བུར་ཚུལ་གྱིས་ཉེ་བར་མཚོན། །ཞེས་བྱུང་། འདི་ཡང་སྦྱང་གཞི་སྦྱོང་བྱེད་འབྲས་བུ་གསུམ་གྱི་སྒོ་ནས་ཤེས་དགོས་ལ། ཐོག་མར་སྦྱང་གཞིའི་ཁྱད་པར་ལེགས་པར་ཁོང་དུ་ཆུད་ན་དེས་ལམ་དང་འབྲས་བུའི་གནད་ཀྱང་རྟོགས་ནུས་ཏེ། སྡོམ་འབྱུང་གི་ལེའུ་གཉིས་པ་ལས། སྦྱང་གཞི་གསུམ་གསལ་བར་བསྟན་པའི་མཐར། སྲིད་པ་སྐྱེས་པའི་རིམ་ཤེས་པས། །རྫོགས་པའི་སངས་རྒྱས་ཐོབ་བྱའི་ཕྱིར། །འདི་ནི་ཕུང་པོ་ཡོངས་མཁྱེན་པའི། །དེ་ཉིད་གསུངས་པ་རྣམས་ཀྱིས་བཤད། །ཅེས་སྦྱང་གཞི་གོང་དུ་བཤད་པ་དེ་དང་མཐུན་པར་ལམ་བསྒོམས་ནས་སངས་རྒྱས་ཀྱི་གོ་འཕང་སྐུ་གསུམ་མངོན་དུ་བྱེད་དགོས་སོ་ཞེས་གསུངས་ཏེ། དེ་ལྟར་སྒོམ་བྱེད་ཀྱི་བསྐྱེད་རིམ་དངོས་ནི་ལེའུ་བཅུ་གསུམ་པར་གསུངས་སོ། །དེ་ཡང་གཞི་ལ་སྦྱར་ན་བར་དོའི་ལུས་ནི། རྡོ་རྗེ་ཕྲེང་བ་ལས། སྲིད་པ་བར་མར་གནས་པ་སྟེ། །ཇི་སྲིད་འཇིག་རྟེན་གྱིས་བརྟག་པ། །སེམས་ཀྱི་རླུང་གི་རྣམ་འཕྲུལ་


GTD005_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

ལོ། །ཞེས་དང༌། དགོངས་པ་ལུང་སྟོན་ལས། དེ་རྣམས་རླུང་ལས་བྱུང་བ་སྟེ། །རླུང་ལས་སླར་ཡང་འགག་པ་ཡིན། །ཞེས་སོགས་དང༌། སྒོམ་སྡེ་ནམ་མཁའ་རྒྱལ་མཚན་གྱི་འཇིགས་བྱེད་བསྐྱེད་རིམ་ལས། གཞི་ལ་འཆི་བ་འོད་གསལ་གྱི་བཞོན་པར་གྱུར་པའི་རླུང་འོད་ཟེར་ལྔ་པས་ཉེར་ལེན་དང༌། དེའི་སེམས་ཀྱིས་ལྷན་ཅིག་བྱེད་རྐྱེན་བྱས་པ་ལ་བརྟེན་ནས་གང་དུ་སྐྱེ་འགྱུར་གྱི་བཞིན་ལག་གི་རྣམ་པ་ཅན་གྱི་བར་དོ་རླུང་གི་ལུས་ཅན་རྣམ་སྨིན་གྱི་ཕུང་པོ་རྙིང་པ་ལས་གོ་ས་ལོགས་སུ་ཕྱེ་ནས་དངོས་གནས་ལ་གྲུབ་པ་ཡིན་ལ། ཞེས་གསུངས་པ་ལྟར་བར་དོའི་ལུས་ནི་འབྱུང་ལུས་རགས་པ་འདི་ལྟ་བུ་མ་ཡིན་པར་རླུང་སེམས་ཙམ་གྱི་བདག་ཉིད་ཤིན་ཏུ་ཕྲ་བ་ཞིག་ཡིན་པ་དང༌། ཆུ་བུར་ཡང་ཆུའི་ནང་ནས་རླུང་གི་བྱེད་པས་ཐོལ་གྱིས་བྱུང་བ་ཤེལ་རྡོག་བཞིན་དུ་དྭངས་ཤིང་རླུང་གིས་བུས་པས་བཟུང་དུ་ཡོད་ཡོད་འདྲ་ཡང་སྟོང་པའི་དབུགས་ཙམ་ཞིག་ཡིན་པ་གཉིས་དཔེ་དོན་ཤིན་ཏུ་མཚུངས་སོ། །ལམ་གྱི་གནས་སྐབས་ལ། བརྟག་གཉིས་ལས། ཇི་ལྟར་སྒྱུ་མ་རྨི་ལམ་དང༌། །ཇི་ལྟར་བར་མའི་སྲིད་ཡིན་པ། །ཞེས་སོགས་ཀྱི་དོན་འཆད་པར། གུར་གྱི་ལེའུ་བཅུ་བཞི་པ་ལས། ཆུ་རྒྱུས་དྲ་བ་དང་བཅས་བཞིན། །ཡན་ལག་ཀུན་ལྡན་བུ་ག་ཅན། །ལུས་དེ་མེད་པར་སྣང་བར་འགྱུར། །དེ་ཡིས་སྐད་ཅིག་དེ་ཉིད་ལ། །དགྱེས་པ་རྡོ་རྗེའི་སྐུ་འཛིན་འགྱུར། །ཞེས་གཞིའི་འཆི་བ་འོད་གསལ་འགགས་ནས་ལུགས་ལྡོག་གི་ཉེར་ཐོབ་གྲུབ་མ་ཐག་སྲང་མདའི་མཐོ་དམན་བཞིན་དུ་འོད་གསལ་གྱི་རླུང་སེམས་ཙམ་ལས་བར་དོའི་ལུས་འགྲུབ་པ་དང་


GTD005_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ་བར་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོའི་ཡེ་ཤེས་དཔེ་དང་དོན་གྱི་འོད་གསལ་འཆི་རིམ་བཞིན་མངོན་དུ་བྱས་ནས་དེ་ལས་ལུགས་ལྡོག་གི་ཉེར་ཐོབ་གྲུབ་པ་དང་མཉམ་དུ་རྨི་ལམ་གྱི་ལུས་དང་འདྲ་བར་རླུང་སེམས་ཙམ་ལས་གྲུབ་ཅིང་ཆུ་རྒྱུས་ཤ་ཁྲག་སོགས་བེམ་ཆོས་རགས་པ་མེད་ཀྱང་ཡོད་ཡོད་འདྲ་བར་དབང་པོ་ཀུན་ཚང་བ་དྭངས་ཤིང་གསལ་བའི་མེ་ལོང་ངོས་ཀྱི་གཟུགས་བརྙན་ལྟ་བུ་དག་མ་དག་གི་སྒྱུ་མའི་སྐུ་དངོས་གནས་ལ་བར་དོ་བཞིན་དུ་གྲུབ་པ་འབྱུང་ངོ༌། །བསྐྱེད་རིམ་གྱི་ཚེ་འོད་གསལ་འཆི་རིམ་བཞིན་འཆར་མི་ཐུབ་པས། དེ་ལས་ལྡང་བའི་སྒྱུ་མའི་སྐུ་བར་དོ་བཞིན་དངོས་གནས་སུ་འགྲུབ་མི་ནུས་ཀྱང་མོས་ངོར་དེ་བཞིན་དུ་བྱས་པས་གཞིའི་བར་དོ་སྦྱོང་བ་དང༌། ལམ་གྱི་བར་དོ་སྒྱུ་ལུས་འགྲུབ་པའི་སྨིན་བྱེད་དུ་འགྲོ་བ་དང༌། འབྲས་བུའི་སྒྱུ་མ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པའི་བག་ཆགས་འཇོག་པས་ན་བར་དོ་ལོངས་སྐུའི་ལམ་འཁྱེར་ཞེས་བཤད་དོ། །དེ་ཡང་འདོད་འཇོ་ལས། བར་དོ་མཚོན་བྱེད་དུ་ཤིན་ཏུ་གསལ་བ་མངོན་བྱང་ལྔ་ལས་རྡོ་རྗེ་འཆང་བསྐྱེད་པ་མདོར་བྱས་སོགས་གསང་འདུས་འཕགས་ལུགས་ནས་གསལ་བར་གསུངས་ཀྱང༌། རྒྱུད་གཞན་བདེ་མཆོག་དང་ཀྱཻ་རྡོར་སོགས་ཀྱི་སྐོར་ནས་བར་དོ་མཚོན་པ་ཅུང་ཟད་མི་གསལ་བ་ཡི་གེས་མཚོན་པར་བཤད་ལ། ཞེས་གསུངས་པ་ལྟར་རྒྱུད་དང་གྲུབ་ཆེན་གྱི་ལུགས་མི་འདྲ་བ་སྣ་ཚོགས་ཤིག་ཡོད་དེ། འདུས་པ་འཕགས་ལུགས་དང༌། རྟོག་བདུན་སོགས་ཀྱིས་ལྷ་སྐུའི་རྣམ་པ་བསྒོམ་པར་གསུངས་པ་ནི། མཛོད་ལས། སྔོན་དུས་སྲིད་འབྱུང་ཤ་ཚུགས་ཅན། །དེ་ནི་འཆི་བའི་སྔོན་རོལ་ཏེ། །སྐྱེ་བའི་


GTD005_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅིག་ཕན་ཆད་དོ། །རིགས་མཐུན་ལྷ་མིག་དག་པས་མཐོང༌། །ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། །དབང་པོ་ཀུན་ཚང་ཐོགས་མེད་རྒྱུ། །ཞེས་གཞི་ལ་བཤད་པ་དང་དབྱིབས་མཐུན་པས་མཚོན་ཚུལ་གསལ་ཞིང༌། ཡེ་ཤེས་ཞབས་སོགས་དུ་མས་ཧོ་གཉིས་ཀྱི་བར་དུ་ཆུད་པའི་ཨོཾ་ཨཱཿ ཧཱུཾ་གསུམ་ལས་བསྐྱེད་པར་བཤད་ལ། མ་རྒྱུད་ལས་ཤས་ཆེར་ནཱ་ད་དང་ཡི་གེ་ཙམ་འཇོག་པར་གསུངས་པ་མང་སྟེ། སམ་ཌིར། འདི་ནི་ཨ་སོགས་གཟུགས་ཀྱིས་ནི། །སངས་རྒྱས་ཡོན་ཏན་འཇུག་པར་འགྱུར། །ཞེས་དང༌། མངོན་བརྗོད་ལས། སྙིང་གར་ཟླ་བའི་དཀྱིལ་འཁོར་ལ། །ས་བོན་གྱི་ནི་ཡི་གེ་མཾ། །སྔོན་གྲུབ་པ་ནི་རྗེས་སུ་བསམ། །ཞེས་བདེ་མཆོག་འཇམ་རྡོར་གྱི་སྐབས་སུ་གསུངས་ཤིང༌། སྔོན་གྲུབ་པ་ནི་རྒྱུ་རྡོ་རྗེ་འཛིན་པའམ་ལོངས་སྐུ་ལ་བྱའོ། །མངོན་བྱང་ལ་རྒྱུ་རྡོ་རྗེ་འཛིན་པ་ལྷ་སྐུ་མེད་པར་ཡི་གེ་ཙམ་བསྒོམ་པའི་ཚེ་ཡི་གེའི་སྐད་དོད་ཨཀྵ་ར་མི་འགྱུར་བ་སྟེ་ལུགས་གཞན་གྱི་ལྷ་ཡབ་ཡུམ་མཉམ་སྦྱོར་ལྟར་ཐིག་ལེ་འགྱུར་བ་མེད་པས་དེ་འགོག་བྱེད་མཁའ་གསང་གི་ཧཱུཾ་དང་ཕཊ་སོགས་འགོད་མི་དགོས་པའི་ཚུལ་དང་བཅས་ཤིན་ཏུ་གསལ་བར། བརྟག་གཉིས་ལས། ཡི་གེ་ལས་བྱུང་གོང་བུ་ལ། །ཧཱུཾ་ཕཊ་རྣམ་པའང་འདོད་མི་བྱ། །ཞེས་སོ། །ཡི་གེ་འགོད་པ་ལ་ཡང་བཤད་ཚུལ་མི་འདྲ་བ་མང་བ་ནི་རྒྱས་བསྡུས་ཙམ་ཡིན་གྱི། དོན་མི་འགལ་ཏེ་མན་ངག་སྙེ་མ་ལས། ཧོ་ཡིག་དམར་པོ་གཉིས་ཀྱི་ནང་དུ་ཆུད་པའི་ས་བོན་གྱི་ཡི་གེའི་གནས་སྐབས་སམ། ཡི་གེ་གསུམ་གྱི་གནས་སྐབས་སམ། ཁ་ཅིག་ཏུ་ནཱ་ད་ཙམ་སྟེ་


GTD005_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སོགས་གསུངས་པ་བཞིན་འདིར་ཡང་ཧྲཱིཿ ཡིག་ཙམ་ཞིག་བསྒོམ་པ་ཡིན་ལ། འདིར་རྒྱུ་རྡོ་རྗེ་འཛིན་པའི་དོད་རང་ལྷའི་ས་བོན་གྱི་ཡི་གེར་བྱེད་པའི་རྒྱུ་མཚན་ནི་ཞལ་ལུང་ལས། རིམ་པ་དང་པོ་བ་རྣམས་ལ། །ཡི་གེའི་གཟུགས་སུ་རང་སྣང་བ། །གཞོམ་དུ་མེད་པ་རང་ལྷ་ཡི། །ས་བོན་འོད་ཟེར་ལྔ་འཕྲོ་བ། །ཞེས་གསལ་བར་བསྟན་ཏེ། ཤིན་ཏུ་ཕྲ་བའི་རླུང་འོད་ཟེར་ལྔ་པ་ནི་གཞི་དུས་སུ་བར་དོའི་གདགས་གཞི་དང༌། ལམ་རྫོགས་རིམ་གྱི་དུས་སྒྱུ་མའི་སྐུའི་སྒྲུབ་གཞི་དང༌། འབྲས་བུའི་ཚེ་ལོངས་སྐུའི་སྒྲུབ་གཞི་ཡིན་པས་དེ་ཉིད་འདིར་ལྷའི་ས་བོན་གྱི་རྣམ་པར་བསྒོམས་ནས་རླུང་སྔགས་དབྱེར་མེད་དུ་བྱས་པས་སྔ་མ་སྦྱོང་ཞིང་ཕྱི་མ་སྨིན་པའི་གནད་མང་དུ་ཡོད་དོ། །དེ་ལྟར་ཡང་སྔགས་རིམ་ལས། སྔགས་ཀྱི་ཐེག་པར་རྟེན་དང་བརྟེན་པ་བསྐྱེད་པ་ཕལ་ཆེ་བའི་རྒྱུར་ཡི་གེ་རེ་བསྒོམ་པའི་གནད་ཀྱང་འདིས་ཤེས་པར་བྱའོ། །ཞེས་གསུངས་ཤིང༌། དོན་འདི་ཉིད་གསལ་བར་མཁས་གྲུབ་རྗེའི་ཡིག་ཆུང་ལས། འབྱུང་བ་རྣམས་དང་པོར་སྙིང་ག་ནས་ཆགས་ལ་མཐར་ཡང་སྙིང་གར་སྡུད་པ་དང་འདྲ་བར་ལམ་བསྐྱེད་རིམ་གྱི་སྐབས་སུ་སྙིང་གའི་ཏིང་ངེ་འཛིན་སེམས་དཔའ་ལ་སྤྲོ་བསྡུ་མང་དུ་བྱས་ཏེ། ཞེས་པ་ན། རྫོགས་རིམ་གྱི་སྐབས་སུ་བོགས་འདོན་ཚུལ་གཞན་དང་ཡེ་མི་འདྲ་བ་ལ་དགོངས་པ་ཡིན་ནོ། །ཞེས་གསུངས་སོ། །མདོར་ན་གཞི་ལམ་འབྲས་བུའི་ལོངས་སྐུ་གསུམ་ཆར་རྒྱུ་ཡང་ཕྲ་བའི་རླུང་ལས་གྲུབ་ཅིང༌། ངོ་བོ་ཡང་རླུང་གི་ལུས་ཅན་ཡིན་པར་གོ་བའི་ཕྱིར་འདི་ཉིད་དུ། ཆུ་ལས་ཆུ་བུར་ཚུལ་གྱིས། ཞེས་གསུངས་ཏེ། རིམ་ལྔ་གསལ་སྒྲོན་


GTD005_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

ལས། སྟོང་པའི་ངང་ལས་ཐོལ་གྱིས་བཞེངས་པ་ནི་ཤིན་ཏུ་དྭངས་པའི་ཆུ་ལས་ཆུ་བུར་རྡོལ་བ་ལྟ་བུའོ། །ཞེས་དང་། རྗེ་བླ་མས། འཇིགས་བྱེད་ཀྱི་མངོན་རྟོགས་སུ་ཡང་རྒྱུ་རྡོ་རྗེ་འཛིན་པ་བསྐྱེད་པའི་སྐབས། ཆུ་ལས་ཆུ་བུར་གྱི་ཚུལ་དུ། ཞེས་གསུངས་པའི་དགོངས་པ་རྨ་མེད་པ་ཡིན་ཚུལ་ཁོ་བོས་ལེགས་བཤད་སྔ་ན་མེད་པ་ཡིན་ནོ། །ཉེ་བར་མཚོན་ཞེས་པའི་དོན་ནི། འདུས་པའི་རྩ་རྒྱུད་ལས། ཉེ་བར་སྒྲུབ་པ་གྲུབ་མཆོག་ལ། །ཞེས་དང༌། བརྟག་གཉིས་ལས། གཉིས་པ་ས་བོན་བསྡུ་བའོ། །ཞེས་པའི་ཐད་དུ་གྲུབ་ཆེན་མཚོ་སྐྱེས་ཀྱིས། བསྡུས་པ་ནི་ཉེ་བར་བསྐྱེད་པ་བསྡུས་པ་སྟེ། ཞེས་གསུངས་པ་རྣམས་དང་དོན་གཅིག་སྟེ། དངོས་གྲུབ་རྒྱ་མཚོ་ལས། ཉེར་སྒྲུབ་ཀྱི་སྒྲ་དོན་ནི། གང་ལ་ཉེ་བའི་ཡུལ་རླུང་སེམས་ཙམ་ལས་གྲུབ་པའི་ལོངས་སྤྱོད་རྫོགས་པའི་ཡེ་ཤེས་ཀྱི་སྐུ་ཡིན་ལ། ཞེས་པ་ལྟར་འདུས་པའི་ལུང་དེས་གྲུབ་པ་མཆོག་ལོངས་སྐུ་དང་ཉེ་བར་སྒྲུབ་པས་ན་ཉེར་སྒྲུབ་ཏུ་བཤད་པ་ཡིན་ལ། བརྟག་གཉིས་རྩ་འགྲེལ་གྱིས་ཀྱང་ལོངས་སྐུ་ཉེ་བར་སྐྱེད་བྱེད་ས་བོན་འགོད་པ་ཡན་ལག་གཉིས་པར་གསུངས་པ་བཞིན་ཡིན་ཏེ། འདིས་མཚོན་ཞེས་པ་ཡང་དཔེར་བྱེད་པ་ལྟ་བུ་མ་ཡིན་པར། རྣམ་ཐར་སྒོ་གསུམ་བཤད་པའི་ཚེ་རྒྱུ་ལ་མཚན་མར་བཤད་པ་དང༌། སྒྲུབ་བྱེད་ལ་རྒྱུ་མཚན་ཞེས་རྒྱུ་དང་མཚོན་བྱེད་རྣམ་གྲངས་སུ་སྨོས་པ་དུ་མ་ཡོད་པས། སྐབས་འདིར་ཉེ་བར་སྒྲུབ་པ་ལ་བྱས་ན་རྒྱུད་ཀྱི་དགོངས་པ་ལྟར་ཆོ་གའི་ཆིངས་ཀྱི་སྐབས་དོན་ལ་འབྱོར་ཞིང༌། སྔ་ཕྱིའི་གནད་


GTD005_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

མང་དུ་རྟོགས་པར་འགྱུར་རོ། །དེ་ལྟར་ན་ཕ་རོལ་ཏུ་ཕྱིན་པ་ལ་འདིར་ཕྱིན་པ་དང་འདིས་ཕྱིན་པ་ཞེས་ལས་སྒྲུབ་དང་བྱེད་སྒྲུབ་ཀྱི་སྒྲས་བསྟན་པ་གཉིས་ཡོད་པར་གསུངས་པ་བཞིན། འདིར་ཡང་ཆ་གཉིས་སུ་ཕྱེ་སྟེ་གང་གིས་ཉེ་བར་སྒྲུབ་པ་རིམ་པ་དང་པོའི་སྐབས་ཀྱི་ལོངས་སྐུའི་ལམ་འཁྱེར་དང༌། དེའི་རྒྱུན་གོང་དུ་འཕེལ་ཏེ་སྣང་གསུམ་དག་པའི་འོད་གསལ་ལས་བཞེངས་པའི་སྒྱུ་མའི་སྐུ་གཉིས་ནི་ཐོབ་བྱེད་རྒྱུའི་ཡོན་ཏན་ཡིན་ལ། བཅོམ་ལྡན་འདས་མ་ཉིད་ཀྱིས་ཀྱང་སྔོན་དེ་ལྟར་བསླབ་པ་ལ་བརྟེན་ནས་ལོངས་སྤྱོད་རྫོགས་པའི་སྐུ་ཐ་མལ་པའི་མིག་གིས་མཐོང་བར་མི་ནུས་པ་དྭངས་གསལ་འོད་ཀྱི་རང་བཞིན་ཅན་ཡེ་ཤེས་ལྔའི་རང་མདངས་ཀྱི་འོད་ཟེར་ཁ་དོག་ལྔ་ལྡན་ནམ་མཁའི་མཐའ་ཁྱབ་ཀྱི་འཇིག་རྟེན་ཁམས་སུ་མུ་མཐའ་མེད་པར་སྤྲོ་བ་དེ་ལྟ་བུ་མངོན་དུ་མཛད་པ་ནི་གང་ཉེ་བར་སྒྲུབ་པ་སྟེ་འདིར་བསྟོད་པའི་ཡུལ་གྱི་གཙོ་བོ་ཡིན་ནོ། །༈ གསུམ་པ་སྤྲུལ་སྐུ་མངོན་དུ་བྱ་ཚུལ་ནི། ནང་གི་ཕག་མོ་ཞལ་གཅིག་ཕྱག་བཞི་མ། །ཞེས་པ་ནས། བགྱིད་པར་འགྱུར་ལ་མྱོང་ལྡན་ཐེ་ཚོམ་བྲལ། །ཞེས་བྱུང༌། དེ་ལ་ཐོག་མར་ཆོས་མཐུན་ཡུལ་གཞིའི་སྐྱེ་སྲིད་ལེན་ཚུལ་ནི། མངལ་འཇུག་གི་མདོ་ལས། ཕ་མ་ཆགས་པར་གྱུར་ཅིང་ཕྲད་པ་དང༌། མ་ཡང་རུང་བར་གྱུར་ཅིང་ཟླ་མཚན་དང་ལྡན་པ་དང༌། དྲི་ཟ་ཡང་ཉེ་བར་གནས་པར་གྱུར་ཅིང་འཇུག་པར་འདོད་ནའོ། །ཞེས་གསུངས་པ་མངོན་བྱང་ལྔ་སྐྱེད་རྒྱས་པའི་སྐབས་སུ་དོན་ཚན་གསུམ་དུ་བྱས་ནས་སོ་སོར་སྦྱར་བ་ཡིན་ཀྱང༌། བསྡུས་ན་བར་དོའི་རྣམ་ཤེས་གང་དུ་འཇུག་པའི་ཡུལ་ཕ་མའི་ཁམས་དཀར་དམར་འདུས་པ་དང༌། བར་དོ་བ་དེ་བདག་ཆད་ཀྱིས་དོགས་


GTD005_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྐྱེ་གནས་སུ་འཇུག་འདོད་པ་གཉིས་སུ་འདུས་པས། དང་པོ་ནི་འདིར་ཟླ་བ་གཅིག་བྱེད་ཚེ་ཟླ་བ་དཀར་ལ་དམར་མདངས་ཆགས་པས་མེ་ལོང་ཡེ་ཤེས་དང་མཉམ་ཉིད་ཡེ་ཤེས་གཉིས་ལས་བྱང་ཆུབ་པ་མངོན་བྱང་དང་པོ་གཉིས་འདུས་པ་དེ་དང་འདྲ་ལ། ཕྱི་མ་ནི་རང་ཉིད་རྒྱུ་རྡོ་རྗེ་འཛིན་པའི་ངོ་བོ་ཧྲཱིཿ ཡིག་གི་རྣམ་པར་ནམ་མཁའ་ལ་གནས་པ་དེས་བདག་ཐ་མལ་པ་རྣམས་ཀྱིས་མཐོང་བར་མི་ནུས་པའི་སྒྱུ་མའི་ལུས་འདི་ཙམ་ལ་གནས་ནས་སེམས་ཅན་གྱི་དོན་བྱ་མི་ནུས་པས་རགས་པའི་སྤྲུལ་སྐུ་གཟུང་བར་བྱའོ་སྙམ་དུ་འཕེན་པ་གཏོང་བ་དང་འདྲའོ། །དེས་མཚོན་ཏེ་སོར་རྟོག་ཡེ་ཤེས་ལས་བྱང་ཆུབ་པ་ཧྲཱིཿ ཡིག་བསྒོམ་པ་ནི་མངལ་དུ་འཇུག་པ་པོའི་དྲི་ཟ་དང་། བྱ་སྒྲུབ་ཡེ་ཤེས་ལས་བྱང་ཆུབ་པ་འོད་ཟེར་སྤྲོ་བསྡུ་ནི་མངལ་གྱི་གནས་སྐབས་ལྔའི་ལུས་རིམ་གྱིས་གྲུབ་པ་དང་། རོ་གཅིག་ཏུ་འདྲེས་པ་ཆོས་དབྱིངས་ཡེ་ཤེས་ལས་བྱང་ཆུབ་པ་ནི་མངལ་གྱི་གནས་སྐབས་རྫོགས་ནས་ཕྱིར་བཙས་པ་དང་ཆོས་མཐུན་ནོ། །འོ་ན་རྒྱུ་རྡོ་རྗེ་འཛིན་པ་ཧྲཱིཿ ཡིག་བསྒོམ་པ་ལམ་འཁྱེར་གཉིས་པའི་སྐབས་སུ་སོང་ཟིན་པས་འདིར་ཟླ་བ་བསྐྱེད་པ་སོགས་མངོན་བྱང་གཉིས་ཀྱི་རྗེས་སུ་བཤད་པ་སྐབས་འཆོལ་བར་འགྱུར་རོ་སྙམ་ན་སྐྱོན་མེད་དེ། འདིར་ནི་ཟླ་བའི་སྟེང་དུ་འགོད་དགོས་པས་རྗེས་སུ་སྨོས་པ་བཤད་པའི་རིམ་པ་ཙམ་ཡིན་ཞིང༌། བསྒོམ་དོན་ལ་ཆོས་སྐུའི་ལམ་འཁྱེར་གྱི་འོད་གསལ་ལས་ལངས་མ་ཐག་རང་སེམས་ཧྲཱིཿ ཡིག་གི་རྣམ་པར་ནམ་མཁའ་ལ་བཞག་ནས་བློའི་ཟུར་གཅིག་གིས་གཟོད་སྲུང་བའི་འཁོར་ལོ་དང༌། པད་ཉིའི་གདན་དེའི་སྟེང་གི་ཟླ་བ་སོགས་གསལ་


GTD005_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་སྟེ་གོང་དུ་བཤད་པའི་ཀུན་སློང་དང༌། ཐ་མལ་གྱི་བར་དོ་ནས་ལས་དབང་གིས་རགས་པའི་སྐྱེ་སྲིད་འཛིན་པ་དེ་སྦྱང་བར་བྱའོ་སྙམ་པ་ཟུང་འབྲེལ་གྱི་སྒོ་ནས་ངག་ཏུ་ཧྲཱིཿ ཞེས་བརྗོད་པ་དང་མཉམ་དུ་སངས་རྒྱས་ཡབ་ཡུམ་གྱི་བྱང་སེམས་དཀར་དམར་འདུས་པའི་ངོ་བོ་ཟླ་བ་དཀར་དམར་དེ་ལ་འཁོད་པར་བསམ་དགོས་པས་ཚིག་གི་བརྗོད་རིམ་སྔ་ཕྱི་ཙམ་གྱིས་དམིགས་པ་དེ་ཁོ་ན་ལྟར་བྱེད་དགོས་པའི་ངེས་པ་མེད་དེ། འདོད་འཇོ་ལས། རླུང་ནས་པདྨ་དང་སྣ་ཚོགས་རྡོ་རྗེའི་བར་དུ་བསྒོམ་པ་རྣམས་ལ་ནི་བར་དོ་དང་མཐུན་པར་བསྒོམ་པ་མེད་ལ། དེ་ཕྱིན་ཆད་ལ་བཞག་ཀྱང་དབང་པོ་ཤིན་ཏུ་རྣ་ོན་མ་གཏོགས། རྟོགས་པར་ཤིན་ཏུ་དཀའ་བ་དང༌། འཆི་སྲིད་རྫོགས་མ་ཐག་བར་སྲིད་འགྲུབ་པའི་སྦྱང་གཞི་དང་ཤིན་ཏུ་མཐུན་ལ། རྟོགས་པར་ཡང་ཅུང་སླ་བས། ལྭ་བའི་ན་བཟའ་ཅན་གྱིས་མཛད་པ་ལྟར་སྟོང་ཉིད་ལས་ལངས་མ་ཐག་ནཱ་ད་སོགས་ནམ་མཁར་འཇོག་པ་ནི་ཤིན་ཏུ་ལེགས་སོ། །ཞེས་ཟླ་བ་ཙམ་དུ་མ་ཟད་ཆོ་གའི་ཚིག་མང་པོ་བར་ན་ཡོད་ཀྱང་བསྒོམ་དོན་ལ་གོང་དུ་འབྱུང་བར་གསུངས་པ་བཞིན་ནོ། །འོན་ཀྱང་ཟླ་བའི་སྟེང་དུ་བབས་མ་ཐག་གཅིག་ཏུ་འདྲེས་པ་མ་ཡིན་པར་འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱེད་པར་མོས་པའི་མཐར་གཅིག་ཏུ་འདྲེས་ནས་སྐུ་རྫོགས་པར་གསལ་འདེབས་དགོས་སོ། །དེ་ལྟར་གཞིའི་སྐྱེ་བ་འགྲུབ་ཚུལ་དང་མཐུན་པར་བསྒོམ་པའི་བསྐྱེད་རིམ་དེ་ལ་བརྟེན་ནས་རྫོགས་རིམ་གྱི་ཚེ་དག་མ་དག་གི་སྒྱུ་ལུས་པ་དེ་ཕྲ་བའི་ཡིད་ལུས་ཙམ་ལ་མི་གནས་པར་ཁམས་དཀར་དམར་འདུས་པའི་བདག་ཉིད་ཅན་གྱི་ཕུང་པོ་རྙིང་པ་ལ་ཞུགས་ནས་ལམ་ལྷག་མ་


GTD005_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་ཅིང་སེམས་ཅན་གྱི་དོན་བྱེད་པ་འབྱུང་ལ། དེ་གཉིས་རིམ་གྱིས་བསྒྲུབས་པས་མཐར་འབྲས་དུས་སུ་བདེ་སྟོང་དབྱེར་མེད་པའི་ཨེ་ཝཾ་ཆོས་འབྱུང་གཞལ་ཡས་ཁང་དང་བཅས་པའི་ནང་དུ་སྤྲུལ་བའི་སྐུའི་རྣམ་པར་བཞེངས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་སོགས་གདུལ་བྱའི་དོན་མཛད་པར་འགྱུར་རོ། །དེ་ལྟ་བུའི་ཚུལ་གྱིས་སྐུ་གསུམ་མངོན་དུ་མཛད་དེ་སྔོན་གྱི་ཐུགས་བསྐྱེད་དང་སྨོན་ལམ་ལ་བརྟེན་ནས་མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་སུ་གདུལ་བྱའི་སྐལ་བ་དང་འཚམ་པར་སྤྲུལ་བའི་བཀོད་པ་བྱེ་བ་ཐེར་འབུམ་གྲངས་མེད་པ་སོགས་སུ་ཤར་བ་ལས། འདིར་དབང་གི་ལྷ་མོའི་རྣམ་པར་བསྟན་པའི་སྐུའི་བཀོད་པ་འདི་ཉིད་ཀྱི་དབང་དུ་བྱས་ཏེ་བསྟོད་པ་ལ་གསུམ། སྐུ་སྤྱི་ཙམ་དང་འབྲེལ་བར་གདུལ་བྱ་དབང་དུ་བྱེད་ཚུལ་ལ་སྦྱར་ཏེ་བསྟོད་པ། ཕྱག་མཚན་སོ་སོའི་སྒོ་ནས་གདུལ་བྱ་དབང་དུ་བྱེད་ཚུལ་ལ་སྦྱར་ཏེ་བསྟོད་པ། མཚན་ཙམ་གྱིས་ཀྱང་གདུལ་བྱ་དབང་དུ་བྱེད་ཚུལ་ལ་སྦྱར་ཏེ་བསྟོད་པའོ། །དང་པོ་ནི། ནང་གི་ཕག་མོ་ཞལ་གཅིག་ཕྱག་བཞི་མ། །ལྡེམ་ཀྱོག་སྒེག་པའི་ཞི་འཛུམ་བཞིན་རས་ཀྱིས། །སྲིད་གསུམ་འདི་དག་ཡིད་ཀྱི་བརྟན་པ་ཡང༌། །ཅིག་ཅར་འཕྲོག་པའི་སྦྱོར་བས་རྣམ་པར་འགྱིངས། །ཞེས་བྱུང་། དེ་ལ་ཐོག་མ་ཁོ་ནར་འདི་སྙམ་དུ། ནང་གི་ཕག་མོ་ཞེས་པ་དེ། ཁ་སྦྱོར་ལས། རྒོད་མ་ཁ་ནི་མེ་ཡི་གཟུགས། །ཕག་མོ་ཏི་ལ་ཀ་ཞེས་བརྗོད། །ཅེས་ལྟེ་བའི་དམར་ཆ་གཏུམ་མོའི་མེ་ནི་ལུས་དཀྱིལ་གྱི་ཕག་མོ་སྒྲུབ་པའི་གཞི་ཡིན་པས་ནང་གི་ཕག་མོར་བཤད་པ་ལྟ་བུ་འདིར་འོང་དོན་མེད་པས་ཇི་ལྟར་ཡིན་ཞེ་ན། སྔགས་ཀྱི་སྐབས་འདིར་ཕྱི་ནང་ཞེས་


GTD005_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྒྱུད་ཀྱིས་བསྡུས་མ་བསྡུས་ཙམ་ལ་མི་བྱེད་པར་དམན་མཆོག་དང་གསང་མ་གསང་ལ་སྦྱོར་ཚུལ་སྣ་ཚོགས་ཤིག་ཡོད་དོ། །དཔེར་ན་བདེ་མཆོག་རྩ་རྒྱུད་ཀྱི། གསང་བ་མཆོག་གིས་དགྱེས་པ་ན། །ཞེས་སོགས་བསྐྱེད་རིམ་དང་སྦྱར་བ་ལ་ཕྱི་རྫོགས་རིམ་དང་སྦྱར་བ་ལ་ནང་གི་ཐ་སྙད་བྱས་ཏེ། དངོས་གྲུབ་སྙེ་མ་ལས། དེ་ལྟར་ན་ཕྱི་བསྐྱེད་རིམ་ལ་སྦྱར་ན་འབྱུང་བཞི་རིམ་བརྩེགས་དང༌། ནང་རྫོགས་རིམ་ལ་སྦྱར་ན་རྡོ་རྗེའི་ལུས་སྟོན་ཏེ། ཞེས་དང་། སྦས་དོན་ཀུན་གསལ་ལས། ནག་པོ་སྤྱོད་པས་ལུས་ཀྱི་དཀྱིལ་འཁོར་ལ་ཕྱི་ནང་གཉིས་བཤད་པས། ཞེས་རིམ་གཉིས་ལ་དམན་མཆོག་གི་ཆ་ནས་ཕྱི་ནང་དང་དྲང་ངེས་སུ་བཤད་པ་ལྟ་བུའོ། །གསང་མ་གསང་གི་ཆ་ནས་བཏགས་པ་ནི། ཕྱི་དང་གསང་བ་ཐེག་པ་གསུམ། །ཞེས་རྒྱུད་སྡེ་གོང་མ་གཉིས་ལ་རིག་འཛིན་གྱི་སྡོམ་པའི་བསྲུང་བྱ་མཐའ་ཡས་ཤིང༌། དེའི་སྣོད་རུང་གི་གདུལ་བྱ་ཆེས་དཀོན་པ་དང༌། ཁྱད་པར་དུ་བླ་མེད་ཀྱི་རྒྱུད་སྡེ་རྣམས་ལ་གྱ་ཚོམ་དུ་ཞུགས་ན་ཁེ་ལས་ཉེན་ཤིན་ཏུ་ཆེ་བས་མཐའ་དྲུག་དང་ཚུལ་བཞིའི་རྒྱས་བཏབ་བོ། །དེ་ལ་ལྟོས་ཏེ་བྱ་སྤྱོད་ཀྱི་སྣོད་རུང་མང་བས་དེའི་ལམ་རྣམས་ཁྱབ་གདལ་དུ་བསྟན་པས་ན་ཕྱི་ཞེས་གསུངས་ཤིང༌། དེའི་ཟླས་དྲངས་ན་གོང་མ་ལ་ནང་གི་ཐ་སྙད་ཀྱང་འཇུག་གོ །འཇིག་རྟེན་གྱི་གྲགས་པ་ལ་ཡང་རྒྱལ་པོའི་བློན་པོ་ཤིན་ཏུ་གཅེས་པ་ལ་ནང་གི་བློན་པོ་ཟེར་བ་བཞིན་ལྷ་མོ་རིག་བྱེད་མ་འདི་ཡང་དོན་གྱི་ངོ་བོ་རྡོ་རྗེ་ཕག་མོ་དང་བདག་མེད་མ་སོགས་སུ་གཅིག་ཀྱང༌། དེ་དག་རྒྱུད་ལས་ཤིན་ཏུ་གསལ་བར་བསྟན་ལ། འདི་ནི་གོང་འོག་ཏུ་ཐོར་བུ་རེ་ཙམ་བསྟན་ནས་ཤིན་ཏུ་སྦས་པར་མཛད་པའི་གཅེས་ནོར་ལྟ་བུ་ཡིན་པས་ནང་གི་ཕག་མོ་ཞེས་གསུངས་སོ། །


GTD005_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་གོང་འོག་ལ་སྦས་མ་སྦས་ཀྱི་ཁྱད་པར་ཡོད་དུ་ཆུག་ཀྱང༌། རྡོ་རྗེ་ཕག་མོ་དང་རིག་བྱེད་མ་གཉིས་གང་ལས་བསྟན་པའི་རྒྱུད་དང་ལམ་རིམ་གཉིས་ལ་ཁྱད་པར་ཅུང་ཟད་ཀྱང་མེད་པས་དེ་འདྲའི་དབྱེ་བ་མི་རུང་སྙམ་ན། སྐྱོན་མེད་དེ། སྙིགས་མའི་གདུལ་བྱ་བསོད་ནམས་དམན་ཞིང་འདོད་ཐག་ཉེ་བ་རྣམས་ལམ་གྱི་ཡན་ལག་ཐམས་ཅད་དོར་ཏེ་ཐོག་མ་ནས་དབང་དང་མངོན་སྤྱོད་སོགས་ཀྱི་ལས་སྦྱོར་ཁོ་ནར་ཞུགས་ནས་ཚེ་འདིའི་ལག་ཆར་བྱས་ཏེ་ཆོས་བཟང་པོ་ཆུད་གཟོན་པ་འཇམ་དཔལ་རྩ་རྒྱུད་ལས། ཙ་ནཀྵ་ཡི་དགེ་སློང་བཞིན། །ཞེས་པའི་དཔེར་འགྲོ་བ་མང་བས་རྒྱལ་བ་རྡོ་རྗེ་འཆང་གིས་ཀྱང་འདི་འདྲའི་རིགས་ལ་དམ་དོགས་ཆེ་བར་མཛད་པ་རྗེས་འཇུག་རྣམས་ཀྱིས་ཤེས་དགོས་སོ། །ཞལ་གཅིག་ཕྱག་བཞི་མ་ཞེས་པ་རྟོགས་པར་སླ་ཞིང༌། འདིར་སྐུའི་རྣམ་པ་ཆ་ཚང་བ་རང་རང་གི་ཐུན་མོང་མ་ཡིན་པའི་དག་པ་དང་བཅས་ཏེ་བསམ་ན་སྐུའི་ཆ་ཤས་རེ་རེའི་དོན་སྤྱི་བློ་ལ་ཤར་བས་ཀྱང་མི་འགྱུར་བའི་དད་པ་སྐྱེ་ཞིང་འབྲས་བུ་ལམ་བྱེད་ཀྱི་དགོས་པ་མང་དུ་ཡོད་པའི་ཚུལ། བརྟག་གཉིས་ལས། མ་དག་པས་ནི་དུག་ཏུ་འགྲོ། །དག་པས་བདུད་རྩི་ལྟ་བུར་འགྱུར། །འཁོར་བའི་རྣམ་པ་ཧེ་རུ་ཀ། །འགྲོ་བ་སྒྲོལ་བའི་གཙོ་བོ་ཉིད། །གང་གི་གཟུགས་ཀྱི་འགྱུར་བ་ཉིད། །ཅེས་གསུངས་པ་ལྟར་ལྷའི་གཟུགས་ཀྱི་དག་པ་ཤེས་པ་གལ་ཆེ་བས་ཆ་ཚང་བར་བརྗོད་ན། ལྷན་སྐྱེས་རོལ་པའི་སྒྲུབ་ཐབས་ལས། པདྨ་དམར་པོ་འདབ་མ་བརྒྱད་པའི་དབུས་སུ་རོའི་སྙིང་གར་ཉི་མ་ལ་སྐྱིལ་ཀྲུང་བྱེད་པའི་གར་གྱིས་གནས་པ། ཉི་མའི་དཀྱིལ་འཁོར་ལྟ་བུའི་འོད་ཀོར་


GTD005_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། ཕྱོགས་མཚམས་རྣམས་སུ་དུར་ཁྲོར་བརྒྱད་ཀྱིས་བསྐོར་བ། སྐུ་མདོག་དམར་པོ་བརྒྱད་གཉིས་ལོན་མ། དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས་པ། དབུ་ལ་རྒྱལ་བ་རིགས་ལྔའི་རང་བཞིན་གྱི་ཐོད་པ་ལྔ་འཛིན་པ། མི་མགོ་རློན་པའི་དོ་ཤལ་ཅན། ཞལ་མཆེ་བ་གཙིགས་ཤིང་ལྗགས་འདྲིལ་བ། དམར་ལ་ཟླུམ་པོའི་སྤྱན་གསུམ་གཡོན་དུ་གཡོ་བ། ཁྲོ་བ་དང་སྒེག་པའི་ཉམས་ཅན། མིའི་རུས་པའི་འཁོར་ལོ་དང༌། རྣ་རྒྱན་དང༌། མགུལ་རྒྱན་དང༌། གདུ་བུ་དང༌། སྐ་རགས་དང༌། དཔུང་རྒྱན་དང༌། ཞབས་གདུབ་ཀྱིས་བརྒྱན་པ། རྩ་བའི་ཕྱག་གཉིས་ཀྱིས་རྣ་བའི་དྲུང་དུ་ཨུཏྤལ་ལའི་མྱུ་གུ་ཅན་གྱི་མདའ་དང་མེ་ཏོག་དམར་པོའི་གཞུ་འགེངས་མ། ཕྱག་ལྷག་མ་དག་གིས་ཨུཏྤལ་དམར་པོའི་ཞགས་པ་དང་ལྕགས་ཀྱུ་བསྣམས་པ་བསམ་པར་བྱའོ། །ཞེས་གསུངས་པའི་སྟེང་ནས་བརྗོད་པར་བྱའོ། །དེ་ཡང་མངོན་བརྗོད་ལས། ཆགས་པའི་དངོས་པོ་ཁྱོད་མ་གྱུར། །ཞེས་པའི་དོན། རྗེ་བླ་མས། འདམ་གྱི་དབུས་སུ་སྐྱེས་པའི་པདྨ་བཞིན། །ཆགས་ལས་སྐྱེས་ཀྱང་ཆགས་པའི་སྐྱོན་མ་གོས། །ཞེས་པ་ལྟར་པད་གདན་གྱིས་སྲིད་པའི་སྐྱོན་གྱིས་མ་གོས་པ་མཚོན། རོ་གདན་ནི། འདོད་འཇོ་ལས། རོ་གདན་བཤད་པའི་ངེས་དོན་ཡང་དེ་ལྟར་ཡིན་པས་ལམ་འདིར་བདག་མེད་པའི་དེ་ཁོ་ན་ཉིད་གཏན་ལ་ཕབ་ནས་བསྒོམ་པ་གཅིག་ངེས་པར་དགོས་སོ། །ཞེས་དུར་ཁྲོད་ལ་ཞལ་འཕངས་མཛད་པ་བཞིན་སླར་འཆད་དོ། །ཉི་མ་ནི་སྤྱིར་ཤེས་རབ་ཀྱི་ཆ་ལ་སྦྱར་བ་མང་ཡང༌། འདིར་ས་ར་ཧས། བདེ་ཆེན་ཉི་མ་འབར་བས་རབ་སྨིན་པ། །ཞེས་དང༌། སྟག་ཕུ་རིན་པོ་ཆེའི་མཁའ་སྤྱོད་མའི་རིམ་གཉིས་ལས། ཉི་མའི་དྲོད་ཀྱིས་རྩི་ཤིང་ལོ་ཏོག་སྨིན་པ་ལྟར་སྒྲུབ་


GTD005_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

པ་པོའི་རྒྱུད་ཀྱི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་མྱུ་གུ་སྨིན་ཞིང་འཕེལ་བ་མཚོན། ཞེས་པ་ལྟར་རང་གཞན་སྨིན་པར་བྱེད་པའི་ཆ་ནས་ཐབས་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོ་མཚོན་དགོས་པ་སྔ་མ་ཤེས་རབ་ལ་སྦྱར་ཟིན་པས་འོས་མེད་ཀྱི་རིགས་པས་འགྲུབ་བོ། །གདན་དེ་ལ་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱི་ཚུལ་དུ་བཞུགས་པའི་ཞབས་གཉིས་ནི་བདེན་པ་གཉིས་མཚོན་པར་བྱས་པ་ལྟར་ན་བརྐྱངས་པས་ཀུན་རྫོབ་བདེན་པ་དང༌། བསྐུམས་པས་འོད་གསལ་དུ་སྡུད་པ་དོན་དམ་བདེན་པ་མཚོན་པས་མཐའ་གཉིས་སྤོང་བ་མཚོན་པར་ཡང་འགྲོའོ། །ལྭ་བ་པས་འགྲོ་བ་སྟོང་པ་ཉིད་ཀྱིས་སྡུད་པར་གསུངས་པའི་དོན། པྲཛྙཱ་རཀྵི་ཏས། འགྲོ་བ་ཐམས་ཅད་སྟོང་པ་ཉིད་ཀྱིས་གནོན་པའི་ཞེས་སྟོང་པ་ཉིད་གཅིག་པུ་ཞབས་ལ་ཐུན་མོང་དུ་སྦྱར་བ་ལྟར་ན་འོག་གི་ཐབས་ཤེས་ཀྱི་ཉམས་ལེན་ཐམས་ཅད་ལ་ལྟ་བས་རྒྱས་བཏབ་ནས་གནས་པ་མཚོན་ནོ། །ཉི་མའི་དཀྱིལ་འཁོར་ལྟ་བུའི་འོད་ཀོར་ཅན་ནི། བདེ་མཆོག་གི་མངོན་རྟོགས་སུ་ཤིན་ཏུ་དག་པའི་ཡེ་ཤེས་ཀྱི་སྣང་བ་དང་ལྡན་པས་ཉི་མའི་འོད་ཅན་གྱི་གཟི་བརྗིད་ཆེ་བ། ཞེས་རྡོ་རྗེ་ཕག་མོའི་ཐད་དུ་གསུངས་པ་ལྟར་ཡུམ་ནི་ཐབས་ཤེས་གཉིས་ཀྱི་ནང་ནས་ཤེས་རབ་ཀྱི་ཆ་ལ་འཇོག་དགོས་པས་གཙོ་བོར་ཤེས་རབ་ཀྱི་སྣང་བ་མཚོན་ལ། སྒྲོན་གསལ་ལས། སངས་རྒྱས་འབར་བའི་འོད་དང་མཉམ། །ཞེས་བྱ་བ་ནི་རང་གི་བདག་པོའི་སྐུ་མདོག་དང་འདྲ་བའོ། །ཞེས་ཁ་དོག་ལ་ཡང་འོད་དུ་བཤད་པའི་སྐབས་ཡོད་པས་རང་མདངས་ཀྱི་འོད་ཟེར་དམར་པོ་འཕྲོ་བ་ཡང་གོ་དགོས་སོ། །ཕྱོགས་མཚམས་རྣམས་སུ་དུར་ཁྲོད་བརྒྱད་ཀྱིས་


GTD005_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་ཞེས་པ་ནི། སྡོམ་འབྱུང་ལས། གཏུམ་དྲག་དེ་བཞིན་ཚང་ཚིང་དང༌། །ཞེས་སོགས་ལྟར་ཡིན་ལ་དེའི་བརྒྱད་ཚན་སོ་སོས་བདེན་པ་གཉིས་དང་རྩ་རླུང་ཐིག་ལེ། ལམ་ཐུན་མོང་བ་ཕྱིན་དྲུག་བསྡུ་བཞི། ཐུན་མོང་མ་ཡིན་པ་རིམ་གཉིས་མཆོག་ཐུན་གྱི་འབྲས་བུ་དང་བཅས་པ་མཚོན་ཚུལ་རྒྱས་པར་བཤད་དུ་ཡོད་ཀྱང་མ་སྤྲོས་སོ། །གཙོ་བོ་ནི་མན་སྙེ་ལས། ཇི་ལྟར་དུར་ཁྲོད་ན་རོ་རྣམས་བདག་མེད་པ་དེ་ལྟར་ཐམས་ཅད་ལའོ། །ཞེས་པས་བདག་མེད་པར་སེམས་ཅན་ཐམས་ཅད་གནས་པ་ནི་དུར་ཁྲོད་དེ། ཞེས་གསུངས་པ་ལྟར་གང་ཟག་དང་ཆོས་ཀྱི་བདག་ཏུ་འཛིན་པ་མ་ལུས་པ་དང་བྲལ་བ་མཚོན་ལ། དུར་ཁྲོད་ཀྱི་སྐད་དོད་ཤྭ་ས་ཏི་ལ་ཡི་གེ་བསྣན་པས་ཤྭ་བ་ནི་རོ་དང༌། བ་ས་ཏི་གནས་ཏེ་རོའི་གནས་དང༌། ཡང་སྒྲུབ་ཚུལ་གཅིག་གིས་ཤྨ་སཱ་ན་ཞེས་རོས་གནས་པའི་བྱ་བ་བྱེད་པར་གོ་ཞིང་གནས་པའི་བྱ་བ་སྤྱོད་ལམ་བཞི་དང་སྦྱོར་ཚུལ་སོགས་གཞན་དུ་གསལ་ལོ། །སྐུ་མདོག་དམར་བ་ནི་འདི་ཉིད་ཀྱི་བསྟོད་པ་ཌོམྦྷི་ཧེ་རུ་ཀས་མཛད་པ་ལས། སོ་སོར་རྟོགས་པས་འགྲོ་བའི་དོན་མཛད་པས། །དམར་བའི་འོད་འཕྲོ་ཉི་མ་སྟོང་གི་གཟི། །ཞེས་པ་ལྟར་སོར་རྟོག་ཡེ་ཤེས་ཀྱི་རང་མདངས་སུ་མཚོན་ཏེ་འདི་ནི་གཞལ་ཡས་ཁང་གི་ཕྱོགས་མདོག་དང་རིགས་ལྔའི་སྐབས་སོགས་ཀུན་ཏུ་གྲགས་ཆེའོ། །འཕགས་པ་རིན་པོ་ཆེས་མཛད་པའི་བསྟོད་པ་ལས། བརྩེ་བའི་རྗེས་ཆགས་པདྨ་རཱ་གའི་མདོག །ཅེས་པ་ལྟར་ན་འགྲོ་བ་ལ་རྗེས་སུ་ཆགས་པ་མཚོན་པའི་སྐུ་མདོག་དམར་བ་ཞེས་ཀྱང་བཤད་དགོས་སོ། །བརྒྱད་གཉིས་ལོན་མ་ཞེས་པ་ནི་ལྭ་བ་པའི་འགྲེལ་པ་ལས། སྤུ་ལྡང་བདེ་བ་བསྐྱེད་པ་


GTD005_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

ཡི། །ཞེས་པ་ལྟར་བཅུ་དྲུག་ནི་ལང་ཚོ་གསར་པའི་བདེ་བ་ཤིན་ཏུ་རྒྱས་པའི་དུས་ཡིན་པས་དེ་དང་འདྲ་བར་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོ་དགའ་བ་བཅུ་དྲུག་རྒྱས་པ་མཚོན། དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས་པ་ནི་ཌོམ་བྷི་ཧེ་རུ་ཀས་འཕགས་མའི་ཞལ་གཟིགས་དུས་བསྟོད་པ་མཛད་པ་ལས། འཁོར་བ་ལས་གྲོལ་དབུ་སྐྲ་བརྫེས། །ཞེས་པ་ལྟར་འཁོར་བའི་འཆིང་བ་ལས་རིང་དུ་འདས་པ་མཚོན་པས་རྡོ་རྗེ་གྲུབ་པའི་འགྲེལ་པར་མྱ་ངན་ལས་འདས་པའི་གོ་འཕང་སྟོན་པ། ཞེས་བཤད་པ་དང་གཅིག་གོ །དབུ་ལ་རིགས་ལྔའི་རང་བཞིན་གྱི་ཐོད་པ་ལྔ་འཛིན་པ་ཞེས་པ་ནི། བརྟག་པ་དང་པོའི་ལེའུ་དྲུག་པ་ལས། སངས་རྒྱས་ལྔ་ཡི་ཐོད་པ་རྣམས། །རྣལ་འབྱོར་སྤྱོད་པས་རྣམ་པར་འཛིན། །ཐོད་པ་སོར་ལྔ་པ་ཡི་ཚད། །བྱས་པའི་ཅོད་པན་འཛིན་པར་བྱེད། །ཅེས་ཕུང་པོ་ལྔ་དག་སྟེ་རིགས་ལྔའི་གོ་འཕང་མངོན་དུ་བྱས་ལ། རིགས་ལྔ་པོ་རེ་རེ་ནས་ཀྱང་ཡེ་ཤེས་ལྔའི་བདག་ཉིད་ཅན་དུ་གནས་པ་མཚོན་པའམ། པྲཛྙཱ་རཀྵི་ཏའི་འགྲེལ་པར་བཤད་པ་བཞིན་ཐོད་པ་སྐམ་པོས་ཆོས་ཀྱི་དབྱིངས་དང༌། གྱེན་དུ་ལངས་པས་དེའི་ངང་ལས་བཞེངས་པར་སྟོན་ནོ། །མི་མགོ་རློན་པའི་དོ་ཤལ་ཅན་ཞེས་པ་ནི། རྣལ་འབྱོར་རོལ་པའི་དགའ་སྟོན་ལས། མགོ་འཕྲེང་ལྔ་བཅུ་ཨཱ་ལི་ཀཱ་ལི་ལྔ་བཅུ་དག་པར་བདེ་མཆོག་སོགས་ཀྱི་རྒྱ་གཞུང་དུ་མ་ལས་གསུངས་ལ། ཞེས་པ་ལྟར་དབྱངས་གསལ་ལྔ་བཅུའི་མིང་གིས་བསྟན་པའི་བྱང་སེམས་དཀར་དམར་འགྲོ་འོང་གི་འཕེལ་འགྲིབ་འགག་པ་མཚོན་ཞིང༌། ཡང་ན་ཌོམ་བྷི་ཧེ་རུ་ཀས། མི་དགེ་བཅུ་པོ་རྣམ་དག་དཔལ། །སྐུ་ལ་བརྒྱ་ཕྱེད་ཕྲེང་བས་


GTD005_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན། །ཞེས་པ་ལྟར་སྲོག་གཅོད་སོགས་མི་དགེ་བཅུ་དག་པར་སྟོན་པའི་ཕྱིར་བསད་མ་ཐག་པ་ལྟ་བུ་ཁྲག་འཛག་བཞིན་པའི་མགོ་འཕྲེང་འཕྱང་བ་ལ་བཤད་དུ་རུང་ངོ༌། །ཞལ་མཆེ་བ་གཙིགས་པ་ནི་འདོད་འཇོ་ལས། བདུད་བཞི་འཇོམས་པའི་མཆེ་བ་གཙིགས་ཤིང་འཇིགས་སུ་རུང་བའོ། །ཞེས་གསུངས་པ་ལྟར། ཕུང་པོ། ཉོན་མོངས། འཆི་བདག།།ལྷའི་བུའི་བདུད་བཞི་ལས་རྒྱལ་བ་ཡིན་ལ། བསོད་ནམས་ལྷུན་གྲུབ་ལེགས་པའི་འབྱུང་གནས་ཀྱི་རིག་བྱེད་མའི་བསྟོད་པར་ཡང༌། བདུད་བཞི་སྐྲག་མཛད་མཆེ་བ་ཅུང་ཟད་གཙིགས། །ཞེས་བཤད་དོ། །ལྗགས་འདྲིལ་བ་ནི། འདོད་འཇོ་ལས་ཟུར་དུ་མ་གསུངས་ཀྱང་སྔ་མའི་མཇུག་གི་འཇིགས་སུ་རུང་བ་ཞེས་པས་བསྟན་པ་ཡིན་ཏེ། ཞི་བ་ཡེ་ཤེས་ཀྱིས། ལྗགས་འདྲིལ་ཚེམས་ཆེན་གཙིགས་པ་ཁྲག་གིས་མྱོས། །ལྷ་དང་བཅས་པའི་འཇིག་རྟེན་ཞལ་དུ་གསོལ། །ཞེས་མཆེ་བ་གཙིགས་པས་ལྷའི་བུའི་བདུད་སོགས་གདུག་པ་ཅན་རྣམས་ཕྱེ་མར་འཐག་ཅིང༌། ལྗགས་འདྲིལ་བས་དེ་དག་གི་ཁྲག་རྣམས་བདེ་བ་ཆེན་པོའི་རང་བཞིན་དུ་མྱོང་ཞེས་གཉིས་ཀ་འབྲེལ་མར་གསུངས་པ་ལྟར་ཁྲག་དམར་ཆིལ་ཆིལ་གསོལ་བས་གདུག་པ་ཅན་རྣམས་འཇིགས་པར་བྱེད་པའི་དོན་ནོ། །དམར་ལ་ཟླུམ་པའི་སྤྱན་གསུམ་གཡོན་དུ་གཡོ་བ། ཞེས་པའི་ཟུར་དང་པོ་དམར་བ་ནི། བརྟག་གཉིས་ལས། སྙིང་རྗེའི་སྤྱན་ནི་དམར་བ་ལ། །ཞེས་པ་ལྟར་སྙིང་རྗེ་ཆེན་པོས་ལུས་ཅན་ཀུན་ལ་རྟག་ཏུ་གཟིགས་པ་མཚོན། ཟུར་གཉིས་པ་སྤྱན་གསུམ་དང་ལྡན་པ་ནི། འདོད་འཇོ་ལས། ཇི་སྙེད་པ་ཐམས་ཅད་གཟིགས་པ་ནི་སྤྱན་གསུམ། ཞེས་གསུངས་ཤིང༌།


GTD005_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

ཌོམ་བྷི་ཧེ་རུ་ཀས། ཡོན་ཏན་རྒྱན་ལྡན་སྐུ་གསུང་ཐུགས། །དག་པའི་ཕྱིར་ན་སྤྱན་གསུམ་མོ། །ཞེས་གསུངས་པ་ནི། བརྟག་པ་དང་པོའི་ལེའུ་དགུ་པ་ལས། རྡོ་རྗེ་གསུམ་གྱི་དག་པའི་སྤྱན། །ཞེས་པའི་དགོངས་པ་རྨ་མེད་པ་ཡིན་ཞིང༌། དུས་གསུམ་མཁྱེན་པའི་སྤྱན་གསུམ་ཞེས་ཀྱང་བཤད་དོ། །ཟུར་ཕྱི་མ་གཡོན་དུ་གཡོ་བ་ནི། མ་རྒྱུད་ཀྱི་སྒོས་ཆོས་གཙོ་བོ་ཞིག་ཡིན་ཏེ། ཧེ་རུ་ཀ་མངོན་འབྱུང་ལས། དཔལ་ལྡན་ཁྲག་འཐུང་གཡོན་པས་སྤྱོད། །ཅེས་དང༌། བདེ་མཆོག་རྩ་རྒྱུད་ལས། རྣལ་འབྱོར་པ་རྟག་གཡོན་ནས་སྤྱོད། །ཅེས་བལྟ་རེག་འགྲོ་བ་སོགས་ཀྱི་ཀུན་སྤྱོད་ཐམས་ཅད་ལ་གཡོན་གཙོ་བོ་དང་ཐོག་མར་བྱ་བར་གསུངས་སོ། །དེས་ཇི་ལྟར་མཚོན་ཚུལ་ནི། རྣམ་སྣང་མངོན་བྱང་ལས། གསང་བའི་བདག་པོ་བྱང་ཆུབ་སེམས་དཔས་ཨ་ཡིག་ལ་གནས་པས་བྱ་བ་ཐམས་ཅད་བསྒྲུབ་པར་བྱའོ། །ཞེས་ཨའི་མཚོན་དོན་སྟོང་ཉིད་ལ་གནས་དགོས་པར་གསུངས་པ་བཞིན། མངོན་བརྗོད་ལས། གཡོན་པའི་སྤྱོད་པ་ཤེས་རབ་སྟེ། །གཡས་པ་དེ་བཞིན་ཐབས་ཡིན་ནོ། །ཞེས་པའི་ཤེས་རབ་ཀྱང་སྟོང་ཉིད་ལ་བྱས་ན་དག་མ་དག་གི་སྣོད་བཅུད་རྒྱུ་འབྲས་ཐམས་ཅད་དེའི་ངང་ལས་འགྲུབ་པར་འགྱུར་ཞིང༌། ཡུལ་ཅན་ཡེ་ཤེས་ཁྱད་པར་ཅན་ལ་བྱས་ན་དག་པའི་སྣོད་བཅུད་ཐམས་ཅད་དེ་ལས་འབྱུང་བ་ནི་སྐབས་འདིའི་མཚོན་དོན་ཡིན་ནོ། །སྣོད་བཅུད་མཐའ་དག་དེ་ལས་འབྱུང་བར་གསུངས་པ་ནི་གཡོན་པའི་ཀུན་སྤྱོད་བྱེད་པའི་རྒྱུ་མཚན་ཡང་ཡིན་ཏེ། རྡོ་རྗེ་མཁའ་འགྲོ་ལས། བརྟན་པ་དང་ནི་གཡོ་བ་ཡི། །འགྲོ་ཀུན་གཡོན་ལས་


GTD005_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བས་ན། །གཡོན་གྱིས་བཟའ་ཞིང་གཡོན་མཆོད་བྱ། །ཞེས་སོ། །ཁྲོ་བ་དང་སྒེག་པའི་ཉམས་ཅན་ཞེས་པ་ནི། བརྟག་གཉིས་ལས། སྒེག་ཅིང་དཔའ་བ་མི་སྡུག་པ། །རྒོད་ཅིང་དྲག་ཤུལ་འཇིགས་རུང་བ། །སྙིང་རྗེ་རྔམ་དང་ཞི་བ་ཡི། །གར་དགུའི་རོ་དང་ལྡན་པ་ཉིད། །ཅེས་ཉམས་དགུ་གསུངས་ཀྱང་ཞི་དྲག་གི་ཉམས་གཉིས་སུ་འདུ་བས། འདིར་ཁྲོ་བ་དང་སྒེག་པ་གཉིས་ཀྱིས་གཞན་རྣམས་བསྡུས་པ་ཡིན་ལ། མཚོན་ཚུལ་ནི། འདོད་འཇོ་ལས། རྣམ་སྣང་ལ་སོགས་པའི་རིགས་ལྔ། སྤྱན་མ་ལ་སོགས་པའི་ཡུམ་བཞིའི་རང་བཞིན་གྱི་ཞི་གནས་དང༌། ལྷག་མཐོང་གི་ཤིན་ཏུ་དག་པའི་ཉམས་དང་ལྡན་པས་སྒེག་པ་ལ་སོགས། ཞེས་པ་ལྟར་ཐུན་མོང་མ་ཡིན་པའི་ཞི་ལྷག་ཟུང་འབྲེལ་གྱི་མཐུས་ཕུང་ཁམས་ཐམས་ཅད་སྦྱངས་པས་གཟུགས་སྐུ་གང་འདོད་དུ་བསྒྱུར་བ་མཚོན། དེ་ཡང་གར་གྱི་ཉམས་སོ་སོའི་ཁྱད་པར་ནི། ཁ་ཆེའི་རིན་ཆེན་རྡོ་རྗེའི་བདེ་མཆོག་གི་གཞུང་ལས། དབང་ཕྱུག་ཆེན་པོ་སྒེག་པའི་ཉམས་བཅོམ་ནས། །གཉིས་མེད་ཡུམ་ལ་འཁྱུད་ནས་འགྱིངས་བག་བཞུགས། །གཞོན་ནུ་གདོང་དྲུག་དཔའ་བའི་ཉམས་བཅོམ་ནས། །འཇིགས་བྱེད་དུས་མཚན་གཡས་བརྐྱངས་ཞབས་ཀྱིས་མནན། །ཁྱབ་འཇུག་ཞལ་གསུམ་འཇིགས་པའི་ཉམས་བཅོམ་ནས། །ཞལ་བཞི་མངའ་ཞིང་བཅུ་གཉིས་ཕྱག་དང་ལྡན། །ལྷ་ཆེན་ཚངས་པ་རྒོད་པའི་ཉམས་བཅོམ་ནས། །གཡས་ཞལ་སེར་པོ་བཞད་པའི་ཚུལ་དུ་གནས། །ཚོགས་ཀྱི་བདག་པོ་གཤེ་བའི་ཉམས་བཅོམ་ནས། །གླང་ཆེན་ལྤགས་བསྣམས་རྒྱན་བྱས་མཆེ་བ་གཙིགས། །ལྷ་མིན་སྒྲ་གཅན་ཉི་ཟླ་ཁར་བཅུག་ནས། །རྔམ་པའི་ཉམས་བཅོམ་


GTD005_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

ཚངས་པའི་མགོ་བོ་བསྣམས། །བརྒྱ་བྱིན་སྤྱན་མང་ཞི་བའི་ཉམས་བཅོམ་ནས། །སྐུ་ལ་སྤྱན་གསུམ་གཟི་བརྗིད་ལྡན་པ་པོ། །མེ་ལྷ་ཚངས་པ་ཞི་བའི་ཉམས་བཅོམ་ནས། །ཐལ་བའི་ཚོམ་བུས་སྐུ་ལ་བརྒྱན་པ་འོ། །ཀླུ་ཆེན་བེ་ཤ་རྨད་བྱུང་ཉམས་བཅོམ་ནས། །མི་མགོ་ལྔ་བཅུ་དག་གིས་དོ་ཤལ་བྱས། །ཞེས་ལྷ་ཆེན་རེ་རེ་འདུལ་ཚུལ་དང་གར་གྱི་ཉམས་རེ་སྦྱར་ནས་གསུངས་ལ་ཉམས་སོ་སོའི་རྣམ་གཞག་ཞིབ་པར་ནི་དྲང་སྲོང་རྒྱས་པའི་བསྟན་བཅོས་སུ་བཤད་པ་རྒྱུད་འགྲེལ་རྣམས་སུ་དྲངས་པ་ལྟར་རོ། །མིའི་རུས་པའི་འཁོར་ལོ་དང༌། རྣ་རྒྱན་དང་མགུལ་རྒྱན་དང༌། གདུ་བུ་དང༌། སྐ་རགས་དང༌། དཔུང་རྒྱན་དང༌། ཞབས་གདུབ་ཀྱིས་བརྒྱན་མ། ཞེས་པས་ཕྱག་རྒྱ་ལྔ་བསྟན་ལ། དེ་ཡང་སྤྱིར་ཕྱག་རྒྱ་དྲུག་གི་འདྲེན་ཚུལ་ལ། ལཱུ་ཨི་པས། མགུལ་རྒྱན། གདུ་བུ། རྣ་ཆ། གཙུག་གི་ནོར་བུ། མཆོད་ཕྱིར་ཐོགས། ཐལ་ཆེན་རྣམས་ལ་བཤད། མངོན་བརྗོད་ལས་གཙུག་གི་ནོར་བུ་མ་བགྲངས་པར་མགོ་འཕྲེང་བགྲང༌། སྒྲུབ་ཐབས་འཁྲུལ་སྤོང་ལས་གཙུག་གི་ནོར་བུ་དང་མཆོད་ཕྱིར་ཐོགས་ཀྱི་དོད་ལ་རིམ་བཞིན་འཁོར་ལོ་དང་རྐེད་རྒྱན་བཞག་གོ །རྣལ་འབྱོར་རོལ་པའི་དགའ་སྟོན་ལས་ལཱུ་ཨི་པའི་ལུགས་དེ་ཀུན་སྤྱོད་དང་མཐུན་པར་གསུངས་ཀྱང༌། ཀུན་སྤྱོད་ལས་རྒྱན་དང་པོ་ལྔ་གསུངས་པའི་མཇུག་ཐོགས་སུ། འོག་པག་སྲོག་ཤིང་བརྒྱད་ཉིད་དེ། །ཞེས་གསུངས་པས་ཐལ་ཆེན་མི་འདྲེན་པར་འོག་པག་བགྲང་དགོས་ཞེས་ཀྱང་སྔ་མ་མང་པོས་བཤད་དོ། །དེ་ལྟར་ལུགས་མང་ཡང་འདིར་གཙོ་བོ་ཀྱཻ་རྡོར་གྱི་རྒྱུད་ལ་བརྟེན་དགོས་པས་དེས་གསུངས་ཚུལ་ནི། བརྟག་པ་དང་པོའི་


GTD005_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

ལེའུ་དྲུག་པ་ལས། རྣ་བ་དག་ལ་རྣ་ཆ་བཟང༌། །སྤྱི་བོར་འཁོར་ལོ་རྣམ་པར་འཛིན། །ལག་པ་དག་ལ་ལག་གདུབ་གཉིས། །རྐེད་པ་ལ་ཡང་སྐ་རགས་ཉིད། །རྐང་པར་དེ་བཞིན་རྐང་གདུབ་བོ། །ལག་པའི་རྩ་བར་དཔུང་རྒྱན་ཉིད། །མགྲིན་པར་རུས་པའི་ཕྲེང་བ་སྟེ། །ཞེས་གསུངས་པ་དང་སྐབས་འདིའི་མངོན་རྟོགས་ཀྱི་ཚིག་ཟིན་དུ་མཐུན་ཞིང༌། གཉིས་ཀར། ཕྱག་གདུབ། ཞབས་གདུབ། དཔུང་རྒྱན་གསུམ་སོ་སོར་བགྲང་ཡང་ཕྱག་རྒྱ་ལྔ་འདྲེན་པའི་ཚེ་དེ་གསུམ་གདུ་བུ་ཞེས་གཅིག་ཏུ་བྱེད་དགོས་པ་དག་པའི་སྐབས་ཀྱིས་ཤེས་སོ། །ཐལ་ཆེན་གྱི་བཤད་པ་འོག་ནས་འབྱུང་ཡང་དཀྱུས་གཅིག་ཏུ་བཤད་ཚུལ་ཕྱག་རྒྱ་ལྔ་ཁོ་ནའི་དབང་དུ་བྱས་སྣང་བས་ལུགས་འདི་གཞིར་བཞག་ལ་ཡབ་ཡུམ་གྱི་ཕྱག་རྒྱར་གྲངས་མི་མཚུངས་པའི་རྒྱུ་མཚན་སྤྲོ་མི་དགོས་སམ་སྙམ་མོ། །སྐབས་དོན་དེ་དག་གི་དག་པ་སྦྱོར་ཚུལ་ནི། ཁ་ཅིག་བརྟག་པ་ཕྱི་མའི་ལེའུ་དྲུག་པ་ལས། བླ་མ་སློབ་དཔོན་འདོད་ལྷ་ལ། །ཕྱག་འཚལ་དོན་དུ་འཁོར་ལོ་འཛིན། །བླ་མ་རྡོ་རྗེ་འཛིན་པ་ལ། །སྨོད་ཚིག་མི་ཉན་པ་ཡི་ཕྱིར། །རྣ་བ་དག་ལ་རྣ་ཆ་འཛིན། །སྔགས་ཀྱི་བཟླས་པའང་མགུལ་རྒྱན་ཉིད། །གདུ་བུ་སྲོག་ཆགས་གསོད་པ་སྤངས། །ཕྱག་རྒྱ་བསྟེན་པ་སྐ་རགས་ཉིད། །ཅེས་པ་དང་སྦྱར་བ་དེ་འདྲའི་ཉམས་ལེན་མཐར་ཕྱིན་པ་ལ་བྱས་ན་ཕྱིན་དྲུག་གི་དག་པ་དང་སྦྱར་རུང་ཙམ་ཡོད་ཀྱང་འདི་གཙོ་བོ་རྗེས་འཇུག་གི་དྲན་པ་གསོ་བའི་དགོས་པ་སྟོན་བྱེད་ཡིན་ལ། དག་པ་དངོས་ནི་བརྟག་པ་དང་པོའི་ལེའུ་བརྒྱད་པ་ལས། སངས་རྒྱས་ལྔ་ནི་རྣམ་དག་པས། །འདི་ལྔ་ཕྱག་རྒྱ་དག་པ་འོ། །ཞེས་དང༌། ལེའུ་དགུ་པར། གུག་སྐྱེད་ཀྱི་ནི་སངས་རྒྱས་ལྔ། །ཞེས་པ་ཡང་མཁས་གྲུབ་ཀྱི་


GTD005_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་བཤད་ལས། མནྡྲ་ལ་ཨུའི་རྐྱེན་བྱིན་པས་མུ་ཏྲ་སྟེ་དེ་ཉིད་ཕྱག་རྒྱ་ཞེས་པར་འགྱུར་རོ། །ཞེས་སོ། །དེ་དག་གི་རྣམ་གཞག་རྒྱས་པར་ལེའུ་དྲུག་པ་ལས། འཁོར་ལོའི་གཟུགས་ཀྱིས་མི་བསྐྱོད་པ། །རྣ་ཆའི་བདག་ཉིད་འོད་དཔག་མེད། །མགུལ་གྱི་ཕྲེང་བ་རིན་ཆེན་བདག །ལག་པར་རྣམ་པར་སྣང་མཛད་བརྗོད། །སྐ་རགས་ལ་ནི་དོན་ཡོད་གནས། །ཞེས་སོགས་དང༌། འདིའི་བསྟོད་པར་ཌོམ་བྷི་ཧེ་རུ་ཀས། རྒྱལ་བ་རྣམ་རྒྱལ་ཕྱག་རྒྱ་ཉིད། །ཅེས་སོགས་ཀྱིས་ལྷའི་དག་པ་གཙོ་བོར་གསུངས་ལ། དུས་འཁོར་དང་བདེ་མཆོག་རྩ་རྒྱུད་སོགས་ལས་ཕར་ཕྱིན་དྲུག་ལ་སྦྱར་ཏེ་ལམ་གྱི་དག་པ་དང༌། ཀུན་སྤྱོད་ལས། དཔའ་བོའི་གོ་ཆ་དྲུག་གི་ནི། །རྒྱ་འདིས་ལུས་ནི་མཛེས་པ་ཡིན། །ཞེས་པའི་དོན་བཞིན་ལོ་ཧི་པས། དཔའ་བོའི་རྩ་བའི་སྔགས་སོགས་གང༌། །ཚངས་པའི་སྐུད་པ་སོགས་སུ་བརྟག །ཅེས་པ་སྔགས་ཀྱི་དག་པ་སོགས་ཤིན་ཏུ་མང་ཞིང་རྒྱན་སོ་སོའི་དབྱིབས་སོགས་བཤད་ན་ཆེས་མང་བར་འགྱུར་བས་མ་སྤྲོས་སོ། །ཌོམ་བྷི་ཧེ་རུ་ཀས་མཛད་པའི་འདིའི་སྒྲུབ་ཐབས་ཀྱི་དཔེ་རྣམས་སུ། ཕྱག་རྒྱ་དྲུག་དང་ཡང་དག་ལྡན། །ཞེས་འབྱུང་བ་མ་དག་པར་མངོན་ཏེ། དེས་མཛད་པའི་བསྟོད་པར། དྲག་ཆེན་ཕྱག་རྒྱ་ལྔ་ཡིས་བརྒྱན། །ཞེས་གསུངས་ཤིང༌། དེ་བརྟག་པ་དང་པོའི་ལེའུ་བརྒྱད་པའི་ཚིག་མ་བཅོས་པར་བཀོད་པ་ཡིན་འདུག་པས་སོ། །རྩ་བའི་ཕྱག་གཉིས་ཀྱིས་རྣ་བའི་དྲུང་དུ་ཨུཏྤ་ལའི་མྱུ་གུ་ཅན་གྱི་མདའ་དང་བཅས་པའི་གཞུ་འགེངས་མ། ཕྱག་ལྷག་མ་དག་གིས་ཨུཏྤ་ལ་དམར་པོའི་ཞགས་པ་དང་ལྕགས་ཀྱུ་བསྣམས་པ། ཞེས་པའི་དོན་


GTD005_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ཕྱག་བཞི་ནི་ཌོམྦྷི་ཧེ་རུ་ཀས། བདུད་དག་ཕྱག་བཞི་མ་ལ་འདུད། །ཅེས་པ་བརྟག་གཉིས་ལས། ཕྱག་གི་དག་པ་སྟོང་པ་ཉིད། །བདུད་དག་པ་ལས་ཞབས་རྣམས་ཉིད། །ཅེས་གཙོ་བོ་ཕྱག་བཅུ་དྲུག་དང་ཞབས་བཞི་པ་ཡིན་པས་ཕྱག་སྟོང་ཉིད་བཅུ་དྲུག་དང༌། ཞབས་བདུད་བཞི་དག་པ་ལ་སྦྱར་ཡང༌། འདིར་ཞབས་སྟོང་ཉིད་ལ་སྦྱར་བས་ཕྱག་གྲངས་ཀྱི་ཆ་ནས་བདུད་བཞི་དག་པ་ལ་སྦྱར་བ་རྒྱུད་དོན་མན་ངག་གིས་རྒྱས་འགེབས་ཚུལ་ཞིག་ཡིན་པར་མངོན། དེ་ལྟར་ན་དད་བརྩོན་དྲན་པ་ཏིང་ངེ་འཛིན་གྱི་སྟོབས་བཞི་དག་པ་ལ་ཡང་སྦྱར་རུང་ལ། མི་འཇིགས་ཕྱག་གིས་འགྲོ་རྣམས་དབུགས་འབྱིན་ཞིང༌། །ཡིད་འོང་ཨུཏྤལ་དམར་པོས་བདེ་མཛད་མ། །ཚད་མེད་བཞི་ལྡན་ཕྱག་བཞི་མངའ་བ་ཡི། །ཡུམ་མཆོག་ཁྱོད་ལ་གུས་པས་ཕྱག་འཚལ་ལོ། །ཞེས་ཟེར་བ་དང༌། དེ་ལ་བརྟེན་ནས་ཚད་མེད་བཞིས་འགྲོ་བའི་དོན་བྱེད་པས་ཕྱག་བཞི་པ། ཞེས་ཟེར་བ་རྣམས་ལ་རྒྱུད་ཀྱི་ཁུངས་ཡོད་མེད་དཔྱད་དགོས་སོ། །མདའ་གཞུའི་མཚོན་དོན་ནི་ཌོམྦྷི་ཧེ་རུ་ཀས། ཉོན་མོངས་འབིག་ཕྱིར་མདའ་གཞུ་ཐོགས། །ཞེས་པ་ཐུན་མོང་དུ་སྦྱར་ལ། རྡོ་རྗེ་གྲུབ་པའི་འགྲེལ་པར། མདས་རྣམ་རྟོག་གི་ཟུག་རྔུ་ལ་བསྣུན་པ། གཞུས་འཇིག་རྟེན་གསུམ་ལས་རྒྱལ་བ། ཞེས་སོ་སོར་སྦྱར་རོ། །ལྕགས་ཀྱུ་ནི་ཌོམ་བྷི་ཧེ་རུ་ཀས། ལྕགས་ཀྱུས་ཉོན་མོངས་འདམ་ནས་འདྲེན། །ཞེས་པ་གོ་སླ་ཞིང༌། ཡང་དེ་ཉིད་ཀྱིས། སྟོང་པ་ཉིད་ལས་མི་གཡོའི་ཕྱིར། །གཡས་འོག་ལྕགས་ཀྱུ་དག་གིས་མཛེས། །ཞེས་གསུངས་པ་དང༌། རྡོ་རྗེ་གྲུབ་པའི་འགྲེལ་པར། ལྕགས་ཀྱུས་ཡེ་ཤེས་ཀྱི་འཁོར་ལོ་དང་གདུག་པ་ཅན་རྣམས་འགུགས་པར་


GTD005_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་ཞེས་གསུངས་པ་གནད་གཅིག་སྟེ་ཡེ་ཤེས་པ་དགུག་ཅིང་དངོས་གྲུབ་ལེན་པ་ཐམས་ཅད་གོང་དུ་བཤད་པ་ལྟར་དམིགས་མེད་ཀྱི་ངང་ནས་བྱེད་ཅིང༌། གདུག་ཅན་དགུག་པ་དང་སྒྲོལ་བ་སོགས་ཀྱང་དེའི་ངང་ནས་བྱེད་དགོས་པའི་དོན་ནོ། །དེ་ལྟར་ཡང་མི་གཡོ་བའི་རྟོག་པ་ལས། བྱང་ཆུབ་སེམས་ནི་བརྟེན་བྱས་ནས། །སྔགས་ཀྱི་དངོས་གྲུབ་གསུངས་པ་སྟེ། །གཞན་དུ་སྔགས་གྲུབ་ཆོ་ག་ཡི། །བྱ་བ་ཐམས་ཅད་འབྲས་བུ་མེད། །ཅེས་གསུངས་ཤིང་། འདིའི་བྱང་ཆུབ་ཀྱི་སེམས་ནི་སྟོང་ཉིད་ཀྱི་ལྟ་བ་ལ་སྦས་དོན་ཀུན་གསལ་ལས་གསུངས་སོ། །ཞགས་པ་ནི་ཌོམ་བྷི་ཧེ་རུ་ཀས། ཨུཏྤ་ལས་ནི་དབང་དུ་མཛད། །ཅེས་པ་ཁམས་གསུམ་དབང་དུ་བསྡུ་བ་ལ་སྦྱར་རུང་ཡང༌། དེའི་དགོངས་པ་གཙོ་བོ་ནི་བསྟོད་པ་ཅིག་ཤོས་སུ། དབྱིངས་ལས་རྒྱལ་བ་ཨུཏྤ་ལ། །རབ་ཏུ་རྒྱས་པ་བསྣམས་མཛད་ཅིང༌། །ཞེས་པ་འདི་ཡིན་ཏེ། རྡོ་རྗེ་གྲུབ་པའི་འགྲེལ་པར། ཞགས་པས་ཡང་དག་པའི་ཡེ་ཤེས་ཀྱིས་རྒྱུད་འཆིངས་པ། ཞེས་དང༌། ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྟོག་བདུན་མཆན་འགྲེལ་ལས། ཡང་དག་པའི་ཡེ་ཤེས་སུ་འཆིང་བས་ཞགས་པ། ཞེས་གསུངས་ལ། འདོད་འཇོར། ཡང་དག་པའི་ཡེ་ཤེས་ཀྱིས་བཅིངས་པས་རྡོ་རྗེའི་ཞགས་པ། ཞེས་གསུངས་པས་རྒྱལ་བ་རྣམས་བདེ་སྟོང་གི་ཡེ་ཤེས་ཀྱིས་བཅིངས་ནས་དབང་དུ་བྱེད་པའི་དོན་ནོ། །གཞན་ཡང་ལྷན་སྐྱེས་རོལ་པའི་མངོན་རྟོགས་འདིར་ཁྱད་གཞི་དངོས་སུ་མ་སྨོས་པ་འཁོར་འདས་མཐའ་དག་ཆོས་ཀྱི་དབྱིངས་སུ་རོ་གཅིག་པས་ཞལ་གཅིག་པ། ཐུགས་


GTD005_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ཟག་མེད་ཀྱི་བདེ་བས་གང་བས་ཆུ་འཛིན་དང་འོ་འཛིན་རྒྱས་པ། ཆགས་སོགས་ཉོན་མོངས་སྦྱོང་བས་སྟག་ཤམ་སོགས་ཀྱང་དྲན་པར་བྱ་དགོས་ལ། རྡོ་རྗེ་སྙིང་འགྲེལ་གྱི་དཔེ་རྣམས་སུ་ཐོར་ཚུགས་ལ་ཟླ་ཕྱེད་ཅེས་འབྱུང་བ་དཔྱད་དགོས་ཏེ་ཐལ་ཆེན་མ་བཤད་པའི་རྒྱུ་མཚན་ལྟར་རོ། །གཞན་ཡང་བརྟག་གཉིས་ཀྱི་ལེའུ་དགུ་པ་རྣམ་དག་གི་ལེའུ་ལས། གཟུགས་ཕུང་རྡོ་རྗེ་མ་ཡིན་ཏེ། །ཞེས་སོགས་ཕུང་པོ་ལྔའི་དག་པ། གཟུགས་ལ་དཀར་མོར་རྟག་ཏུ་བཤད། །ཅེས་སོགས་ཡུལ་དྲུག་གི་དག་པ། ས་ནི་བུཀྐ་སི་ཞེས་བཤད། །ཅེས་སོགས་ཁམས་བཞིའི་དག་པ། ཞེ་སྡང་ཞེས་བཤད་རྡོ་རྗེ་མ། །ཞེས་སོགས་ཉོན་མོངས་ལྔའི་དག་པ་རྣམས་བསྐྱེད་རིམ་གྱི་ལག་རྗེས་འཇོག་ཚུལ་གྱི་དབང་དུ་མཛད་དེ་རྒྱས་པར་གསུངས་ལ། རྫོགས་རིམ་གྱི་ལག་རྗེས་འཇོག་ཚུལ་ལ་སྦྱར་ནས་བརྟག་པ་ཕྱི་མའི་ལེའུ་དགུ་པ་སྔགས་བཏུ་བའི་ལེའུ་ལས། ཤ་ཡི་བུཀྐ་སི་ཞེས་བྱ། །ཞེས་སོགས་ལུས་ཀྱི་ཁམས་ཕྲ་རགས་ཀྱི་དག་པ་ཁ་བསྐང་སྟེ་གསུངས་སོ། །མདོར་བསྡུ་ན་དག་པ་ཞེས་པའི་དོན་འདི་ལྟར་ཡིན་ཏེ། འཁོར་བའི་ཉེས་པ་ཐམས་ཅད་ཀྱི་རྩ་བ་ནི་འཇིག་ཚོགས་ལ་ལྟ་བ་ཡིན་ཞིང༌། དེས་གང་ཟག་གི་གདགས་གཞི་ཕུང་ཁམས་སྐྱེ་མཆེད་འབྱུང་བཞི་སོགས་ཆ་ཤས་དུ་མ་ཞིག་ཚོགས་པ་ལ་ཕྱིན་ཅི་ལོག་ཏུ་སྒྲོ་བཏགས་ནས་ངའོ་སྙམ་དུ་བཟུང་སྟེ། དེའི་དབང་གིས་ཆགས་སོགས་ཉོན་མོངས་དང་ཉེས་པ་ཐམས་ཅད་འདྲེན་པར་བྱེད་དོ། །དེ་ཉིད་ཡང་དག་པའི་ཡེ་ཤེས་ཀྱིས་དྲུངས་ཕྱུངས་པ་ན། ཆ་རེ་རེ་ལ་ཡང་བདེན་པར་ཞེན་པ་བག་ཆགས་དང་བཅས་པ་ཟད་པའི་ལག་རྗེས་ལྡོག་པ་


GTD005_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་དད་པའི་ཚུལ་དུ་རིགས་ལྔ་ཡུམ་བཞི་སོགས་བརྟེན་པ་ལྷ་དང་རྟེན་གཞལ་ཡས་ཁང་རྒྱན་ཆ་ལུགས་ཕྱག་མཚན་ཁ་དོག་ཕྲ་མོ་ཚུན་ཆད་དག་པའི་སྣོད་བཅུད་ཀྱི་ཡོན་ཏན་ཐམས་ཅད་འབྱུང་ངོ༌། །དེར་མ་ཟད་གཟུགས་ཅན་རྣམས་ཆ་ཤས་དང་གཟུགས་ཅན་མ་ཡིན་པ་རྣམས་དུས་སྔ་ཕྱི་དུ་མའི་རྒྱུན་ཚོགས་པ་ལ་བདེན་པར་ཞེན་པ་སྐྱེ་ཞིང་ད་ལྟར་ཕུང་པོ་ལྔ་དང་ཁམས་བཞི་སོགས་སྦྱོང་བ་གྲགས་ཆེ་བ་ཙམ་དུས་ཞག་དང་ཐུན་ཚོད་སོགས་སྦྱོར་བ་གྲགས་མི་ཆེ་ཡང༌། གཟུགས་ཅན་རྣམས་ཡུལ་ལྔ་གང་རུང་ལས་མ་འདས་པ་ལྟར་དུས་ཀྱང་ཆ་ཤས་སུ་ཕྱེ་ན་ལོ་ཟླ་ཞག་དང་དབྱུ་གུ་སྐད་ཅིག་ཚུན་ཆད་ལས་མ་འདས་པས། དཔལ་དུས་ཀྱི་འཁོར་ལོ་ལས། ཕྱི་ནང་གཞན་གསུམ་ཞེས་ཐམས་ཅད་དུས་ཀྱི་ཆ་ཤས་ལ་སྦྱར་བ་དང༌། འཇིགས་བྱེད་ཀྱི་སྐབས་སུ། དུས་ནི་དཔའ་བོ་ཆེན་པོའི་གཟུགས། །ཞེས་སོགས་ཀྱིས་ཞལ་ཕྱག་ཐམས་ཅད་དུས་ཀྱི་ཆ་རྣམས་དག་པར་བཤད་ལ། དེས་གདུལ་བྱའི་གཙོ་བོ་གཤིན་རྗེ་ལ་དུས་དང༌། འདུལ་བ་པོ་ལ་དུས་དགྲར་གསུངས་སོ། །དེ་ཡང་ནང་གི་གཤིན་རྗེ་བདེན་འཛིན་ལ་བརྟེན་ནས་ཕྱིའི་གཤིན་རྗེ་ཚེ་སྲོག་ལ་རྒོལ་བའི་ཉེར་འཚེ་འབྱུང་བ་ཡིན་ཞིང༌། གང་ལ་བདེན་ཞེན་སྐྱེ་བའི་ཡུལ་ཡང་ངས་སྔར་འདི་བྱས་སླར་འདི་བྱེད་སྙམ་པ་ལྟ་བུ་ཆ་མ་ཕྱེ་བར་ལོ་ཟླ་ཞིག་གི་དབྱུ་གུའི་དུས་ཚོད་སྔ་ཕྱི་མང་པོ་ཚོགས་ཙམ་ཞིག་ལ་ཆ་མེད་ཚུགས་ཐུབ་ཀྱི་ང་གཅིག་ཏུ་བཟུང་བ་ཡིན་པས། རྩ་ཤེས་ཀྱི་དུས་བརྟག་པའི་རབ་བྱེད་ནས་གསུངས་པ་ལྟར་ལེགས་པར་དཔྱད་དེ་སྔ་ཕྱི་ཀུན་ཏུ་ཁྱབ་པའི་ང་རང་དབང་བ་དེ་འདྲ་མེད་


GTD005_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང༌། སྔ་ཕྱིའི་རྒྱུ་འབྲས་ཀྱི་རྟེན་ཙམ་ཞིག་སྒྱུ་མ་ལྟ་བུར་ཡོད་ཚུལ་མཐོང་ནས་ནང་གི་གཤིན་རྗེ་སྒོ་ཐམས་ཅད་ནས་ཁེགས་ན་ཕྱིའི་བགེགས་ཞར་ལ་བཟློག་པར་འགྱུར་རོ། །དྲུག་ཅུ་པ་འཕེན་པ་ཡང་གནད་དེ་འདྲ་རེ་མ་མཐའ་མོས་པ་ཚུན་ཆད་ཀྱིས་ཚང་དགོས་ཀྱི། དབྱུ་གུའི་གྲངས་ཀྱི་དགོངས་པ་མ་ཤར་བར། རྔ་གཤང་དྲག་བརྡུང་གིས་ཟན་ལེབ་བརྩི་གང་ཐུབ་བྱས་པ་ལ་རྒྱུད་ཀྱི་དགོངས་པ་དང་མཐུན་པའི་ལག་རྗེས་འོང་དཀའ་འོ། །དག་པ་འདིའི་ཕྱོགས་མཐུན་ཙམ་ཞིག་ནི་སྡུད་པ་ལས། གཟུགས་ཀྱི་དག་པ་འབྲས་བུ་དག་པར་རིག་པར་བྱ། །ཞེས་སོགས་རྒྱས་འབྲིང་བསྡུས་གསུམ་དང་རྒྱན་རྩ་འགྲེལ་ལས་གསུངས་ལ། དག་པ་བསྒོམ་པ་གལ་ཆེ་བའི་རྒྱུ་མཚན་ནི་བརྟག་གཉིས་ལས། གང་དང་གང་གིས་འཇིག་རྟེན་འཆིང་གྱུར་པ། །དེ་དང་དེས་ནི་འཆིང་བ་ལས་གྲོལ་ཏེ། །ཞེས་ཕུང་ཁམས་སྐྱེ་མཆེད་དུས་སྔ་ཕྱི་སོགས་རྒྱུན་དང་ཡན་ལག་གི་ཚོགས་པ་གང་ལ་བདེན་པར་ཞེན་ནས་ཉེས་པ་ཐམས་ཅད་བསྐྱེད་པའི་དམིགས་པ་དེ་ཉིད་ལ་དམིགས་ཏེ་སྒྱུ་མ་ལྟ་བུར་བསྒོམ་པས་ཡོན་ཏན་ཐམས་ཅད་སྐྱེ་བར་གསུངས་སོ། །དེ་དག་འཕྲོས་དོན་ལྟ་བུ་ཡིན་ཀྱང་ཤིན་ཏུ་གལ་ཆེ་ལ་རྟོགས་དཀའ་བར་སྣང་བས་ཞིབ་ཏུ་བཤད་པ་ཡིན་ཞིང་ངོས་ཟིན་ཞལ་ཕྱག་གི་ཐད་འདི་རྣམས་རྟོགས་སླ་བར་སྣང་བས་ཅུང་ཟད་བསྡུས་ཏེ་བརྗོད་པར་བྱའོ། །དེ་ཡང་ལྡེམ་ཀྱོག་སྒེག་པའི་ཞི་འཛུམ་བཞིན་རས། ཞེས་སོགས་ཀྱི་དོན་ནི་གསར་སྐྱེས་ཆུ་ཤིང་གཞོན་ནུའི་ལྕུག་ཕྲན་བཞིན་དུ་སྐུའི་ཡན་ལག་དང་ཉིང་ལག་ཐམས་ཅད་གཞོན་ཤ་ཆགས་པ། ཤིན་ཏུ་དྲང་ཞིང་གང་འདོད་ལྟར་བཀོལ་དུ་རུང་བས་མཉེན་ཞིང་ལྡེམ་པ། རྐེད་


GTD005_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་མན་ཆད་གཡོན་དུ་འགྱིང་ཚུལ་དང༌། སྐུ་སྟོད་གཡས་སུ་ཕྱོགས་ཤིང་དབུ་ཡང་ཅུང་ཟད་གཡོན་དུ་ཡོ་བས་སུམ་འཁྱོག་གི་ཚུལ་དུ་བཞུགས་པས་ན་སྒེག་པ་སྟེ། ལི་ལའམ་ལཱ་ལི་ཏ་ཞེས་པ་སྒེག་པ་སྙེམས་པ་རོལ་པ་སོགས་ལ་འཇུག་ཅིང༌། སྒེག་པའི་ཉམས་སུམ་ཁུག་ལྟ་བུའི་ཚུལ་གྱིས་འགྱིང་བ་ལ་བཤད་པས། ལྡེམ་ཀྱོག་ཅེས་པ་ཡང་ཕྱི་མའི་ཉམས་གསལ་བར་འཆད་བྱེད་ཡིན་གྱི། དོན་སོ་སོ་བ་མ་ཡིན་ཏེ། ཁྱ་དགེ་བློ་གྲོས་རྒྱ་མཚོའི་བདེ་མཆོག་བསྐྱེད་རིམ་ལས། སྐུའི་ཉམས་གསུམ་ནི། སྐུ་འགྱིང་བག་དང་ལྡན་པ། ཞེས་དང༌། ཀརྨ་འཕྲིན་ལས་གཉིས་པའི་དབང་ཊཱིཀ་ལས། གར་གྱི་ཉམས་དགུའི་སྒེག་པ་ནི། ལུས་གཡས་གཡོན་བར་གསུམ་དུ་འགྱིང་ཞིང་འདུད་པ་དང༌། ཞེས་བཤད་ཅིང༌། ཨ་ཝ་ཏ་ར་ལས། རྡོ་རྗེ་ཁུ་ཚུར་གཉིས་མཁལ་ལྟག་གཉིས་སུ་སྙེམས་པའི་ཚུལ་དང་བཅས་པར་བཞག་ལ། ཇི་ལྟར་མོས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་དྲན་པར་བྱས་ནས། དེ་ལ་དགའ་བ་བསྐྱེད་ཅིང་དད་པ་སྤེལ་བ་དང༌། བ་སྤུ་ལྡང་བ་ལ་སོགས་པ་སྔར་བྱས་ཏེ་ལྡེམ་བག་ཅན་དུ་སྤྱི་བོ་གཡོན་དུ་འདུད་པར་བྱའོ། །ཞེས་སྒེག་མོའི་ཉམས་གསུངས་པ་ཡང་ཕལ་ཆེར་ཕྱོགས་གཅིག་གོ །དེ་ལྟར་སྐུའི་ཆ་ཐམས་ཅད་ནས་སྒེག་པའི་ཉམས་ཀྱིས་ཡིད་འཕྲོག་པར་བྱེད་ཅིང༌། ཁྱད་པར་དུ་ཞལ་གྱི་དཀྱིལ་འཁོར་བྱི་རུའི་མེ་ལོང་ཕྱིས་པ་ལྟར་གཙང་ཞིང་འོད་འཚེར་བ། ཅུང་ཟད་གཙིགས་པའི་ཚེམས་དཀར་ཟླ་བའི་མྱུ་གུའི་མཛེས་པ་སྟོན་ཅིང་དཀར་ནག་གི་ཆ་མ་འདྲེས་པའི་སྤྱན་རས་པདྨའི་འདབ་མ་ལྟར་


GTD005_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

ཡངས་ཤིང་ཆགས་པའི་ཉམས་ཀྱིས་འཛུམ་པ་དང་བཅས་ཏེ་སྒྲུབ་པ་པོ་ལ་གཟིགས་པ། སྲིད་པ་གསུམ་གྱི་སྐྱེ་བོ་གང་གིས་མཐོང་ཡང་སྔ་ཕྱི་མེད་པར་མཐོང་ཙམ་ཉིད་ནས་ཡིད་ཀྱི་བརྟན་པ་རང་དབང་མེད་པར་འཕྲོག་ནུས་པ་སྟེ། སྐུའི་རང་བཞིན་གྱི་མཛེས་སྡུག་ཡོངས་སུ་རྫོགས་པ། བལྟ་བས་མི་ངོམས་པའི་སྟེང་དུ་སྤྱན་གྱིས་གཟིགས་ཚུལ་དང༌། སྐུའི་འགྱིང་སྟབས་ཕྲ་མོ་ཚུན་ཆད་ཀྱིས་ཀྱང་ཡིད་ལ་བདེ་དགའ་དཔག་ཏུ་མེད་པ་སྐྱེད་པར་བྱེད་པའི་དོན་ཡིན་ཏེ། བརྟག་གཉིས་ལས། འདིས་ནི་བསྒོམ་པ་ཙམ་གྱིས་ནི། །འཇིག་རྟེན་གསུམ་པོ་དབང་དུ་བྱེད། །ཅེས་སོ། །འདུས་པ་ཕྱི་མ་ལས། གཙོ་བོ་ལ་ཟུང་འཇུག་གམ་བྱང་ཆུབ་ཀྱི་སེམས་སུ་བཤད་པ་དང་སྦྱར་ཏེ། དཔའ་བོའི་བརྟན་པ་ཅིག་ཅར་འཕྲོག་པ་བཞིན་ཞེས་གསུངས་པ་དང་དོན་མཐུན་པའི་བཤད་པ་ཞིག་བྱར་ཡོད་ཀྱང་འདིར་མ་སྤྲོས་སོ། །༈ གཉིས་པ་ཕྱག་མཚན་སོ་སོ་དང་འབྲེལ་བར་གདུལ་བྱ་དབང་དུ་བྱེད་ཚུལ་གྱི་སྒོ་ནས་བསྟོད་པ་ལ། རྩ་ཕྱག་གི་ཕྱག་མཚན་ལ་སྦྱར་བ་དང༌། ཕྱག་ལྷག་མའི་ཕྱག་མཚན་ལ་སྦྱར་བ་གཉིས། དང་པོ་ནི། ཨུཏྤལ་ཉག་ཕྲན་ཆགས་བྱེད་རྒྱུད་ལྡན་ལ། །ཐབས་ཤེས་གོ་བའི་རྣ་བའི་ཕྱིར་སྦྱར་ནས། །ལྷ་མི་གནོད་སྦྱིན་ཀླུ་དང་གྲུལ་བུམ་སོགས། །གང་སྙིང་བསྣུན་ཏེ་མེ་ཡི་བུང་བ་བཞིན། །ཞེས་བྱུང༌། དེ་ཡང་མངོན་བརྗོད་ཀྱི་གཞུང་ལས། ཉག་ཕྲན་དྲང་འགྲོ་མི་འཁྱོག་འགྲོ། །ཞེས་ཉག་ཕྲན་མདའི་མིང་དུ་བཤད་ཅིང༌། རྒྱུད་ལྡན་ནི་ལ་ལར་པི་ཝང་གི་མིང་བྱས་ཀྱང་འདིར་གཞུ་ལ་བྱེད་པ་མངོན་ནོ། །དེས་ན་མདའ་གཞུའི་མཚན་དོན་གོང་དུ་སྨོས་པ་ལྟར་ཉོན་མོངས་འབིགས་


GTD005_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡང་ཡིན་ལ། ཁྱད་པར་དབང་གི་མཚོན་བྱེད་དུ་ཡང་འགྲོ་སྟེ། ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྟོག་བདུན་མཆན་འགྲེལ་ལས། རྨོངས་པའི་ཟུག་རྔུ་འབིགས་པས་སམ་དབང་གི་ལས་བྱེད་པས་མདའ་ཞེས་གསུངས་ཤིང༌། དེ་ཉིད་བསྡུས་པ་ལས་ཀྱང༌། རྡོ་རྗེ་ཆགས་པ་བདེ་ཆེན་པོ། །རྡོ་རྗེའི་མདའ་ནི་དབང་བྱེད་པ། །བདུད་ཀྱི་འདོད་པ་རྡོ་རྗེ་ཆེ། །ཞེས་གསུངས་སོ། །འདིར་བདུད་ཀྱི་འདོད་པ་ཞེས་པའི་དོན་སློབ་དཔོན་ཀུན་སྙིང་གིས་དེ་ཉིད་སྣང་བར། ཉན་ཐོས་དང་རང་སངས་རྒྱས་ཀྱི་སེམས་གསོད་པས་ན་བདུད་དོ། །དེ་ཉིད་ནི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཉིད་ཡིན་པས་ན་འདོད་པ་སྟེ། ཞེས་འདོད་ཆགས་ལམ་དུ་བྱེད་པའི་ཐབས་མཁས་དང་བྲལ་བའི་ཉན་རང་རྣམས་ཟིལ་གྱིས་མནན་ཏེ། ཆགས་པའི་ཆོས་ཀྱི་སྒོ་ནས་ཟག་མེད་ཀྱི་བདེ་ཆེན་འདྲེན་པར་བཤད་དོ། །དེ་ལྟར་ན་བདེ་མཆོག་གི་རྒྱུད་ལས་གནས་ཉེར་བཞིའི་དཔའ་བོ་དཔའ་མོ་རྣམས་གདུལ་བྱ་འདུལ་བྱེད་རྣམ་པ་མཐུན་པར་སྦྱར་བ་བཞིན། འདིར་ཡང་དགའ་རབ་དབང་ཕྱུག་ལ་མེ་ཏོག་མདའ་ཅན་དུ་གྲགས་ཤིང༌། དེས་རེངས་བྱེད་བརྒྱལ་བྱེད་སོགས་ཀྱི་མདའ་ལྔས་ཡིད་བསྒྱུར་ཏེ་འཁོར་བའི་གནས་སུ་འཆིང་བར་བྱེད་ལ། འཕགས་མ་འདིས་ནི་ཨུཏྤལ་གྱི་མདས་གང་ལ་བསྣུན་པ་དེ་ཉིད་འཁོར་བ་ལས་དྲངས་ནས་ལྷན་སྐྱེས་ཀྱི་བདེ་ཆེན་ལ་སྦྱོར་བར་བྱེད་པས། སྦྱང་བྱ་སྦྱོང་བྱེད་མཐུན་ཚུལ་ཞིག་ཀྱང་ཡོད་དམ་སྙམ་མོ། །ཐབས་ཤེས་གོ་བའི་རྣ་བའི་ཕྱིར་སྦྱར་ཏེ། །ཞེས་པ་མདའ་གཞུ་འགེངས་ཚུལ་ཡིན་ལ། དེ་ཡང་ཕྱག་བཞི་ཐུན་མོང་གི་དག་པ་གོང་དུ་བཤད་པ་ལྟར་ཡིན་


GTD005_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང༌། ནང་གསེས་སུ་རྩ་ཕྱག་གཉིས་ཀྱི་མཚོན་དོན། འདིའི་བསྟོད་པ་ཞིག་ཏུ། ཐབས་ཤེས་རང་བཞིན་རྩ་བའི་ཕྱག་གཉིས་ཀྱིས། །ཨུཏྤལ་སྤྲོས་པའི་མདའ་གཞུ་ལེགས་བསྣམས་ནས། །མཐའ་གཉིས་འཛིན་པའི་རྣམ་རྟོག་འབིགས་མཛད་མ། །ཞེས་པ་དང་སྒོ་བསྟུན་ན། ཐབས་ཤེས་གོ་བར་བྱེད་པའམ་མཚོན་པར་བྱེད་པའི་ཕྱག་གིས་ཞེས་པའི་དོན་ཡིན་པས་གོ་བས་ཞེས་བྱེད་ཚིག་བྱ་དགོས་ལ། འདིའི་དཔེ་རྣམས་སུ་གོ་བའི་ཞེས་འབྲེལ་སྒྲ་བྱས་པ་ལྟར་ན། མདའ་འཕེན་པ་པོ་ལ་མདའ་བ་ཟེར་བ་བཞིན་ཐབས་ཤེས་ཟུང་འབྲེལ་གྱི་གོ་བཀྱེ་ནས་སྒྲིབ་པའི་གཡུལ་ངོ་གཞོམ་པའི་ལྷ་མོ་རིག་བྱེད་མ་ལ་ཐབས་ཤེས་གོ་བ་ཞེས་བཏགས་ཏེ། དེའི་རྣ་ལྟག་གི་བར་དུ་རྒྱུད་དྲངས་ནས་འཕེན་པའི་དོན་དུ་འགྱུར་རོ། །ལྷ་མི་གནོད་སྦྱིན་ཀླུ་དང་གྲུལ་བུམ་སོགས། །ཞེས་པ་འདིས་འཇིག་རྟེན་ན་མཐུ་ཆེ་བར་གྲགས་པ་སྡེ་བརྒྱད་མཐའ་དག་དབང་དུ་འདུ་བའི་ཚུལ་སྟོན་པར་བཞེད་འདུག་ཀྱང༌། མི་ནི་ལྷའི་ཟླར་དྲངས་ཏེ་གོང་འདིར་སྨོས་པའི་དགོས་པ་ནི། བརྒྱད་སྟོང་འགྲེལ་ཆེན་ལས། སངས་རྒྱས་བཅོམ་ལྡན་འདས་སྤྱིར་འགྲོ་བ་ཐམས་ཅད་ཀྱི་སྟོན་པ་ཡིན་ཀྱང་འབྲས་བུ་བཞི་སོགས་ལ་འགོད་རྒྱུའི་གདུལ་བྱའི་གཙོ་བོ་ལྷ་མི་གཉིས་ལས་མ་འདས་པས། ལྷ་དང་མི་རྣམས་ཀྱི་སྟོན་པ་ཞེས་སྨོས་པར་གསུངས་པ་བཞིན། གདུལ་བྱ་གཙོ་བོའི་དབང་དུ་བྱས་པ་ཡིན་ནོ། །སྡེ་བརྒྱད་འདྲེན་ཚུལ་ཡང༌། ལྷ་འདྲེ་སྟོང་རའི་རྗེས་སུ་འབྲང་སྟེ། བཙན། བདུད། རྒྱལ་པོ། མ་མོ། སྲིན་པོ། གཟའ། དམུ། གནོད་སྦྱིན་རྣམས་ལ་བཤད་པ་ནི་རྒྱུད་དང་མི་མཐུན་པའི་འཇིག་རྟེན་པ་ལ་གྲགས་པའི་


GTD005_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་བརྒྱད་ཅེས་ཟེར་རོ། །འདིར་ནི་དཔུང་བཟང་གིས་ཞུས་པའི་རྒྱུད་ལས། ལྷ་དང་ལྷ་མིན་གནོད་སྦྱིན་ལྟོ་འཕྱེ་གྲུལ། །ནམ་མཁའ་ལྡིང་དང་འདབ་བཟང་ལུས་སྲུལ་པོ། །དྲི་ཟ་སྲིན་པོ་ཞེས་གདོན་སྨོས་པའི་ཞར་ལ་སྡེ་བརྒྱད་གསུངས་པ་འདི་དང་ཚིག་འགྲོས་བསྟུན་པར་སྣང་ལ། དེ་ཡང་ལྷ་མིན་ནི་འདུལ་བའི་མདོར། འགྲོ་བ་ལྔ་དག་གོ་ཞེས་ལྷ་མིན་ལྷ་དང་དུད་འགྲོ་ཅི་རིགས་སུ་འདུས་པར་གསུངས་པ་བཞིན་མ་བགྲང་ལ། གནོད་སྦྱིན་ནི་རི་རབ་ཀྱི་བྱང་དུ་གནས་པ་རྣམ་ཐོས་སྲས་ཀྱི་སྡེར་གཏོགས་པ་རྣམས་སོ། །ཀླུ་དང་ལྟོ་འཕྱེ་གཉིས་སྡེ་བརྒྱད་འདྲེན་པའི་ཚེ་སོ་སོར་བྱས་ཀྱང་། འདུལ་འཛིན་ཊཱི་ཀ་ལས། ལྟོ་འཕྱེ་ནི་ཀླུའི་གདོན་དང་ཞེས་པ་ལྟར་ཀླུའི་རིགས་སུ་གཏོགས་པས། འདིར་ཀླུ་སྨོས་ཏེ་ལྟོ་འཕྱེ་ཁོངས་སུ་སྡུད་དོ། །རྒྱུད་ཚིག་དང་པོ་འདིའི་མཇུག་ཏུ་གྲུལ་ཞེས་པ་དང་། གྲུབ་ཅེས་པའི་དཔེ་རྒྱུན་གཉིས་ཡོད་པར་འདུག་ཀྱང༌། འདིར་སྔ་མའི་དབང་དུ་བཏང་ནས་གྲུལ་བུམ་སོགས་ཞེས་གསུངས་ཏེ། དེ་ནི་འབྲས་བུ་བུམ་པའི་རྣམ་པ་འདྲ་བ་ཡི་དྭགས་ཀྱི་སྡེར་གཏོགས་ཤིག་ཏུ་འདུལ་འཛིན་པས་གསུངས་སོ། །འདི་སྡེ་བརྒྱད་ཀྱི་ཁོངས་སུ་འདུ་ཡང་གྲངས་འདྲེན་ལ་མེད་པས་དེའི་གྲངས་འདྲེན་ཚུལ་དངོས་ནི། ལྷ་དང་ཀླུ་དང་གནོད་སྦྱིན་དང༌། །དྲི་ཟ་དང་ནི་ལྷ་མ་ཡིན། །ནམ་མཁའ་ལྡིང་དང་མིའམ་ཅི། །ལྟོ་འཕྱེ་ཆེན་པོ་ལ་སོགས་པ། །ཞེས་པཎ་ཆེན་དགེ་འདུན་གྲུབ་ཀྱི་གཏོར་མའི་རྣམ་བཤད་དུ་དྲངས་པ་ལྟར་རོ། །གང་སྙིང་བསྣུན་དེ་མེ་ཡིས་བུང་བ་བཞིན། །ཞེས་པ་ནི་དཔེར་ན་མཚན་མོ་མེ་སྦར་བའི་ཚེ། དེའི་འོད་


GTD005_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བས་ཤ་སྦྲང་དང༌། ཕྱེ་མ་ལེབ་ལ་སོགས་པ་རྒྱང་རིང་བོ་ནས་དེའི་དྲུང་དུ་བསྙེགས་ནས་འོངས་ཏེ་ཚམ་ཚོམ་མེད་པར་ནང་དུ་མཆོང་བ་བཞིན། དབང་དུ་བྱེད་པའི་འོད་ཟེར་གྱི་ཉག་ཕྲན་ཕོག་པ་ན་ས་འོག་ས་སྟེང་ས་བླ་མཐའ་དག་ནས་སྡེ་བརྒྱད་འབྱུང་པོ་མཐུ་ཆེན་ཐམས་ཅད་རང་དབང་མེད་པར་འདུས་ཏེ་སྒྲུབ་པ་པོའི་དབང་དུ་འགྱུར་རོ། །འདིར་བུང་བ་ཞེས་གསུངས་པ་ལ་སྤྱོད་འཇུག་ལས། སྦྲང་བུ་ཤ་སྦྲང་བུང་བ་དང༌། །ཞེས་པ་ལྟར་བུང་བ་དང་སྦྲང་མ་འགལ་ལོ་སྙམ་ན། མངོན་བརྗོད་མཁས་པའི་རྣ་རྒྱན་དུ། སྦྲང་བུ་སྦྲང་མ་བུང་བ་འོ། །ཞེས་སྤྱི་མིང་དང༌། ཤ་སྦྲང་ནགས་ཀྱི་སྦྲང་མ་སོགས་བྱེ་བྲག་ཏུ་བཤད་པ་ལྟ་བུའང་ཡོད་ལ། རྣམ་འགྲེལ་ལས། སྒྲ་ནི་བརྗོད་འདོད་རྗེས་འབྲང་ཕྱིར། །མ་བརྗོད་ན་ཡང་འདོད་པས་ཁྱབ། །ཅེས་པ་ལྟར། དེ་འདྲ་ལ་བརྗོད་དོན་གོ་ཐུབ་ན་འགངས་འཆུག་འགྲོ་རྒྱུ་ཅི་ཡང་མེད་དོ། །དེ་ལྟར་འགྲོ་བ་སྣ་ཚོགས་དབང་དུ་བྱེད་པའི་ཚུལ། བརྟག་པ་དང་པོའི་མཇུག་ཏུ། འབུམ་ཕྲག་གཅིག་གིས་རྒྱལ་པོ་རྣམས། །ཁྲི་ཡིས་འཇིག་རྟེན་ཕལ་བ་ཉིད། །བྱེ་བས་ཕྱུག་དང་གནོད་སྦྱིན་སོགས། །འབུམ་ཕྲག་བདུན་གྱིས་ལྷ་མ་ཡིན། །འབུམ་ཕྲག་གཉིས་ཀྱིས་ལྷ་རྣམས་ཉིད། །བརྒྱ་ཕྲག་གཅིག་གིས་སྔགས་པ་ཉིད། །ཅེས་གསུངས། འདིར་ཕྱུག་ཅེས་པ་ཀླུ་ལ་བྱེད་པར་བཤད་ཅིང༌། སྒྲུབ་ཐབས་རྒྱ་མཚོའི་རྒྱ་གཞུང་དུ་ནམ་མཁའ་ལྡིང་དང༌། གླང་པོ་ཆེ་ས་སྲུང་སོགས་ལྷའི་དུད་འགྲོ་ལ་བཤད་དོ། །དེས་ན་ལྷན་སྐྱེས་རོལ་པའི་བཙུན་མོས་ཀླུ་དབང་དུ་བསྡུས་ཚུལ་སོགས་ལོ་རྒྱུས་དང་སྦྱར་ན་ཡིད་ཆེས་སྐྱེ་བའི་དགོས་པ་ཡོད་ཀྱང་མང་གིས་དོགས་པས་མ་སྤྲོས་སོ། །


GTD005_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ནི། འདབ་ལྡན་ལྕགས་ཀྱུ་ཞགས་པས་རེག་ཙམ་གྱིས། །ཚངས་དང་བརྒྱ་བྱིན་ཐོས་སྒྲོག་ལ་སོགས་ཀྱང༌། །རླུང་གི་ཤུགས་ཀྱིས་རིངས་པར་འོངས་པ་ནི། །རྒྱ་མཚོའི་རླབས་བཞིན་དུས་ལས་ཡོལ་བ་མེད། །ཅེས་འབྱུང༌། དེ་ལ་འདབ་ལྡན་ཞེས་པ་མེ་ཏོག་གི་མིང་ཡིན་པས། དེ་སྨོས་པའི་དགོས་པ་ནི། རྒྱུད་ལས་ཨུཏྤལ་དང་ལྕགས་ཀྱུ་འཛིན། ཞེས་ཅུང་ཟད་སྦས་པའི་ཚུལ་དུ་གསུངས་ཀྱང༌། ལྷན་སྐྱེས་ཀྱི་སྒྲུབ་ཐབས་སུ། ཨུཏྤལ་དམར་པོའི་ཞགས་པ་དང་ལྕགས་ཀྱུ་ཞེས་རྒྱུ་ཨུཏྤལ་ལས་བཅོས་པར་གསུངས་པ་བཞིན། ལྕགས་ཀྱུ་ནི་ཨུཏྤལ་དམར་པོའི་འདབ་མ་རྣོན་པོ་རྩེ་མོ་ནང་དུ་གུག་པ་དང༌། ཞགས་པ་ཨུཏྤལ་དམར་པོ་ཡུ་བ་ཤིན་ཏུ་རིང་ཞིང་མཉེན་པའི་ཡུ་བའི་རྩ་བ་ཞགས་མིག་ཏུ་བྱས་པ་གཉིས་ཀ་ཡང༌། སྲིད་པ་གསུམ་གྱི་སྣོད་བཅུད་མཐའ་དག་གང་འདོད་དུ་འགུག་ཅིང་འཆིང་བའི་ནུས་པ་ཅན། དེ་ལྟ་བུར་བསམ་དགོས་པའི་དོན་ནོ། །ཚངས་དང་བརྒྱ་བྱིན་ཞེས་སོགས་དངོས་ཟིན་འདི་ཙམ་ཞིག་ཡིན་ན་ཤིན་ཏུ་སླ་ཞིང༌། གོང་དུ་ལྷ་རྣམས་དབང་དུ་བསྡུ་བར་གསུངས་པས་འདི་ལ་དགོས་པ་ལྷག་པོ་ཆེར་མེད་དོ། །འོ་ན་ཇི་ལྟར་ཡིན་ཞེ་ན་བཤད་པར་བྱ་སྟེ། ནང་གི་ཕག་མོ་ཞེས་སོགས་ཤོ་ལོ་ཀ་དང་པོས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་དབང་དུ་བསྡུ་ཚུལ་མདོར་བསྟན། ཨུཏྤལ་ཉག་ཕྲན་ཞེས་པའི་ཤོ་ལོ་ཀ་གཉིས་པས་འཇིག་རྟེན་པ་མཐུ་བོ་ཆེ་རྣམས་དབང་དུ་བསྡུ་ཚུལ་རྒྱས་པར་བཤད་པས། ཤོ་ལོ་ཀ་འདིར་འཇིག་རྟེན་ལས་འདས་


GTD005_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་དབང་དུ་སྡུད་ཚུལ་རྒྱས་པར་བཤད་པ་དོན་གྱིས་འགྲུབ་བོ། །དེ་ཡང་མཛོད་ལས། དེ་ཉིད་ཚངས་ཚུལ་ཚངས་པ་ཡི། །འཁོར་ལོ་ཚངས་པས་བསྐོར་ཕྱིར་རོ། །ཞེས་དང༌། བྱང་ས་ལས། ཚངས་པ་ཞེས་བྱ་བ་དང༌། ཞི་བ་ཞེས་བྱ་བ་དང་བསིལ་བར་གྱུར་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཚིག་བླ་དྭགས་ཡིན་པའི་ཕྱིར་ཞེས་དང༌། མཚན་བརྗོད་འགྲེལ་ཆེན་ལས། ཚངས་པའི་གནས་པ་བཞི་སྟེ། ཚངས་པ་ནི་མྱ་ངན་ལས་འདས་པའོ། །དེའི་དོན་དུ་གནས་པ་ན་ཚངས་པའི་གནས་པ་བཞིའོ། །ཞེས་མི་གནས་པའི་མྱང་འདས་དང༌། དེའི་རྟེན་སངས་འཕགས་གཉིས་ཀ་ལ་ཚངས་པའི་སྒྲ་འཇུག་པར་གསུངས་ཤིང༌། ཐུབ་དགོངས་ལས། བྱང་ཆུབ་སེམས་དཔའ་རྣམས་ནི་སངས་རྒྱས་ཀྱི་མྱུ་གུ་ཐ་སྙད་པའི་སངས་རྒྱས་ཏེ། རྒྱུའི་ངོ་བོར་རྒྱུན་གཅིག་པའི་ཕྱིར་རོ། །ཞེས་བྱང་སེམས་རྣམས་ཐ་སྙད་པའི་སངས་རྒྱས་སུ་གསུངས་པ་ལྟར་ན་ཚངས་པའི་སྒྲ་འདི་ཡང་དེ་ལ་ཕལ་བའི་ཚུལ་དུ་འཇུག་པས། འདིར་ཚངས་པ་ཐེག་པ་ཆེན་པོའི་གང་ཟག་སྤྱི་ལ་བྱའོ། །ཁོ་ན་རེ། ཐོགས་མེད་ཅེས་བཏགས་ཚད་འཕགས་པ་ཐོགས་མེད་ཀྱི་མིང་བཏགས་པ་མིན་པ་ལྟར། འདིར་ཚངས་པ་ཞེས་བཏགས་པ་ཐམས་ཅད་སྟོང་གསུམ་གྱི་བདག་པོ་ཚངས་པའི་མིང་གིས་བཏགས་པར་མི་འགྲོ་སྙམ་ན། འདི་ནི་ལྷ་ཚངས་པའི་མིང་གིས་བཏགས་པར་བྱེད་དགོས་ཏེ། རྗེ་བཙུན་ཡེ་ཤེས་རྒྱལ་མཚན་གྱི་བྱ་རྒྱུད་དོན་གསལ་ལས། འཇིག་རྟེན་འདི་ན་ཚངས་པ་གཙོ་བོར་གྲགས་པ་ལྟར། ཆོས་ཐམས་ཅད་ཀྱི་གཙོ་བོའམ་སྙིང་པོ་མཐར་ཐུག་མི་གནས་པའི་


GTD005_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

མྱང་འདས་ཡིན་ལ། ཞེས་དཔེ་དོན་སྦྱོར་ཚུལ་གྱིས་ཤེས་པའི་ཕྱིར་རོ། །དེར་མ་ཟད་རྒྱུད་རང་རང་ལས་སྦས་པའི་བརྡ་སྦྱོར་ལུགས་མི་འདྲ་བ་སྣ་ཚོགས་ཤིག་འོང་བས། ཀྱཻ་རྡོར་གྱི་སྐོར་འདིར་གཞན་སྡེ་དང་བྱེ་སྨྲ་སྡེ་བཞི་སོགས་ཀྱི་ཐ་སྙད་དུ་མ་སྔགས་ཀྱི་གཞི་ལམ་འབྲས་བུ་སོ་སོ་ལ་སྦྱར་བ་མང་ཞིང༌། ཁྱད་པར་དུ་བརྟག་པ་དང་པོའི་ལེའུ་ལྔ་པ་ལས། ཚངས་པ་སྒྲིབ་བྲལ་སངས་རྒྱས་ཉིད། །འཇུག་ཕྱིར་ཁྱབ་འཇུག་བརྗོད་པར་བྱ། །རྟག་ཏུ་དགེ་བས་ཞི་བ་ཉིད། །ཅེས་སོགས་ཀྱིས་སངས་རྒྱས་རྣམས་ལ་སྒྲིབ་པ་དང་བྲལ་བས་ཚངས་པ། ཆོས་ཐམས་ཅད་ཀྱི་རང་བཞིན་དེ་ཁོ་ན་ཉིད་ལ་འཇུག་པས་ཁྱབ་འཇུག སེམས་ཅན་ཐམས་ཅད་རྟག་ཏུ་དགེ་བ་ལ་སྦྱོར་བས་ཞི་བའམ་དབང་ཕྱུག་ཆེན་པོར་བཤད་པ་བཞིན་ནོ། །དེས་ན་བརྒྱ་བྱིན་ཞེས་པ་རང་རྒྱལ་ལ་བྱེད་དེ། སྤྱིར་རང་རྒྱལ་ལ་བསེ་རུ་ལྟ་བུ་དང་ཚོགས་སྤྱོད་ཆེ་ཆུང་གཉིས་ཏེ་རིགས་གསུམ་ཡོད་ཀྱང་གཙོ་བོ་ནི་བསེ་རུ་ལྟ་བུ་ཡིན་ལ། དེ་ནི་མཛོད་ལས། བསེ་རུ་བསྐལ་པ་བརྒྱ་ཡི་རྒྱུས། །ཞེས་བསྐལ་པ་བརྒྱའི་ཚོགས་ལ་བརྟེན་ནས་དགྲ་བཅོམ་ཐོབ་པར་གསུངས་ཤིང༌། བརྒྱ་བྱིན་ཡང་མཆོད་སྦྱིན་བརྒྱ་ལ་བརྟེན་ནས་སྐྱེས་པར་གསུངས་པས་སྒྲ་བཤད་དུ་ཡོད་པ་ལ་དགོངས་ནས་མིང་བཏགས་པ་ཡིན་ཏེ། བརྟག་པ་ཕྱི་མའི་ལེའུ་བཞི་པ་ལས། །གང་ཕྱིར་སྤྲུལ་བ་གནས་བརྟན་ཕྱིར། །སྤྲུལ་བའི་འཁོར་ལོ་གནས་བརྟན་ཉིད། །ཅེས་སོགས་ཀྱིས་བདེ་ཆེན་འདྲེན་བྱེད་གཏུམ་མོའི་གནས་སུ་བརྟན་པས་ན་གནས་བརྟན་པ་དང༌། ཆོས་སྨྲའི་ཀུན་སློང་གི་སེམས་སྙིང་གར་གནས་པས་དེའི་རྩ་འཁོར་ལ་


GTD005_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཡོད་པར་སྨྲ་བ་དང༌། མགྲིན་པའི་གཏུམ་མོ་ལྟེ་བའི་གཏུམ་མོ་སོགས་ཀྱིས་བཀུར་བའམ་གྱེན་དུ་མཆོད་པར་བྱེད་པས་ན་མང་བཀུར་བ་དང༌། སྤྱི་བོར་བདེ་བ་ཕལ་ཆེ་བའི་རྟེན་ཧཾ་ཡིག་གནས་པས་ཕལ་ཆེན་པ་སྟེ། རྩ་འཁོར་བཞི་ལ་སྡེ་པ་བཞིའི་མིང་བཏགས་པ་ལྟ་བུ་མིང་དོན་ཆོས་མཐུན་གྱི་ཟུར་འདྲ་བ་སྦྱར་རུང་བའི་སྒོ་ནས་བརྡ་འདོགས་ཚུལ་གཞུང་གཞན་དང་མི་འདྲ་བར་རྒྱུད་འདི་ལས་མང་དུ་གསུངས་པས། འདིར་ཡང་རྒྱུད་ཀྱི་ལུགས་སྲོལ་དང་མཐུན་པར་བསྐལ་པ་བརྒྱའི་ཚོགས་དང༌། མཆོད་སྦྱིན་བརྒྱ་ལས་བྱུང་བ་གཉིས་འདྲ་ཆོས་སྦྱར་བ་ཡིན་ནོ། །འདི་ལྟར་བྱས་པ་རྟོག་བཟོར་འགྱུར་བས་མི་འཐད་སྙམ་དུ་མི་གཟུང་སྟེ། རྒྱུད་ཀྱི་གསུངས་ཚུལ་དེ་དག་ལ་བརྟེན་ནས་རིགས་པས་རྒྱས་འགེབས་པ་དམ་པ་མང་པོའི་བཞེད་སྲོལ་ལ་ཡོད་པས་ཐམས་ཅད་ཚིག་གིས་དངོས་སུ་ཐོན་མི་དགོས་ཤིང༌། རྣམ་པ་གཅིག་ཏུ་ན་སྙན་དངགས་ཀྱི་སྦྱོར་ཚུལ་ལ་ཡང་ཁྱད་ཆོས་ཕྱོགས་མཐུན་བསྡེབས་ཏེ་ཁྱད་གཞི་མཉམ་དུ་གོ་བར་བྱེད་པ་སྦྱར་བའི་རྒྱན་དང་གབ་ཚིག་གི་སྐབས་སུ་ཡང་དེ་འདྲ་མང་བས་སྦུག་འཐུམ་མི་དགོས་སོ། །དེར་མ་ཟད་འདིའི་ཚངས་པ་དང་བརྒྱ་བྱིན་སོགས་དེ་དག་དངོས་ལ་བྱེད་ན། ཚངས་དང་བརྒྱ་བྱིན་ཁྱབ་འཇུག་ལ་སོགས་པ། །ཞེས་པ་ལྟ་བུ་འབྲེལ་གྱི། དེའི་མཇུག་ཏུ་ཉན་ཐོས་སྦྱར་བ་མི་བདེ་ལ། ཉན་ཐོས་བཤད་ན་ཉན་རང་བྱང་སེམས་ཞེས་པ་ལྟ་བུ་ཞིག་དགོས་ཀྱི། ཐེག་པ་གསུམ་གྱི་ནང་ནས་ཉན་ཐོས་གཅིག་པུ་བཤད་པའི་རྒྱུ་མཚན་འདིའོ་ཞེས་སུས་ཀྱང་བསྟན་དུ་མེད་དོ། །དེས་ན་ཐོས་སྒྲོག་ཉན་ཐོས་ལ་བྱེད་པ་ཀུན་གྱིས་


GTD005_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཤིང༌། ཚངས་པ་སངས་རྒྱས་སོགས་ཐེག་ཆེན་ལ་སྦྱོར་བ་ཡང་ཅུང་ཟད་གྲགས་ཆེ་བས། བར་ནས་བརྒྱ་བྱིན་ཞེས་པ་རང་རྒྱལ་ལ་འཇུག་ཚུལ་དོན་གྱིས་གོ་བར་དགོངས་ཏེ་འདི་ལྟར་གསུངས་པར་ཤེས་པར་བྱའོ། །ཉན་ཐོས་ལ་ཐོས་སྒྲོག་ཅེས་བཤད་པའི་རྒྱུ་མཚན་ནི། དམ་ཆོས་པད་དཀར་ལས། མགོན་པོ་དེ་རིང་བདག་ཅག་ཉན་ཐོས་གྱུར། །བྱང་ཆུབ་དམ་པ་ཡང་དག་བསྒྲགས་པར་བགྱི། །བྱང་ཆུབ་པ་ཡི་སྒྲ་ཡང་རབ་ཏུ་བསྒྲགས། །དེ་བས་བདག་ཅག་མི་བཟད་ཉན་ཐོས་འདྲ། །ཞེས་ཐེག་པ་ཆེན་པོའི་ལམ་དང་འབྲས་བུ་རྣམས་སངས་རྒྱས་ལས་ཐོས་ནས། རང་གིས་ཉམས་སུ་མི་ལེན་པར་གཞན་ལ་སྒྲོག་པས་ན་དེ་ལྟར་བཤད་པ་ཡིན་ནོ། །རླུང་གི་ཤུགས་ཀྱིས་རིངས་པར་འོངས་པ་ནི། །རྒྱ་མཚོའི་རླབས་བཞིན་དུས་ལས་ཡོལ་བ་མེད། །ཅེས་པ་ནི། བདེ་མཆོག་རྩ་རྒྱུད་ལེའུ་ཞེ་ལྔ་པར། རླུང་གི་ཤུགས་ཀྱིས་འོངས་ནས་ནི། །ཞེས་དང༌། རླུང་གི་ཤུགས་ཀྱིས་འོངས་པར་འགྱུར། །ཞེས་ཡང་ཡང་གསུངས་པ་དང་ཚིག་གི་འགྲོས་བསྟུན་པ་ཡིན་ལ། དོན་ནི་དཔེར་ན་རྒྱ་མཚོ་ཆེན་པོའི་རླབས་དུས་མིན་དུ་མི་འབྱུང་ཞིང༌། ཉི་མ་བདུན་རེའི་མཚམས་སུ་འབྱུང་བ་དེ་རླུང་ལ་སོགས་པའི་རྐྱེན་གང་གིས་ཀྱང་བཟློག་ཏུ་མེད་པར་དཔག་ཚད་མང་པོའི་བར་དུ་འགྲོ་བ་བཞིན། ལྷ་མོའི་ཕྱག་མཚན་ལྕགས་ཀྱུ་དང་ཞགས་པས་རེག་པ་ཙམ་གྱིས་ཐེག་པ་གསུམ་གྱི་སློབ་པ་དང་མི་སློབ་པ་ཐམས་ཅད་ཀྱང་ཐོགས་པ་མེད་པར་དབང་དུ་སྡུད་ནུས་ན་གཞན་འཇིག་རྟེན་པ་རྣམས་སྨོས་ཀྱང་ཅི་དགོས་ཞེས་པའོ། །འོ་ན་དེ་


GTD005_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་འགུག་པ་ལ་གཟུགས་ཕུང་དེ་མ་ཐག་ཉ་ལྕགས་ཀྱུས་བཟུང་བ་བཞིན་དྲང་དུ་མེད་ཅིང༌། རྣམ་ཤེས་ཐོགས་མེད་ཡིན་པས་ཇི་ལྟར་འགུག་ཅེ་ན། དེ་ལ་ཁྱབ་པ་མ་ངེས་ཏེ། རིམ་ལྔ་ལས། སེམས་ཅན་ཀུན་གྱི་སྲོག་གྱུར་པའི། །རླུང་ཞེས་བྱ་བས་ལས་ཀུན་བྱེད། །དེ་ནི་རྣམ་ཤེས་བཞོན་པ་སྟེ། །ཞེས་གསུངས་པ་ལྟར། རྣམ་ཤེས་ཐོགས་མེད་ཡིན་ཀྱང་དེ་གང་ལ་བརྟེན་པ་རང་གི་བཞོན་པའི་རླུང་ནི་གཟུགས་ཅན་ཡིན་པས་འདིར་ཡང་རླུང་གི་ཤུགས་ཀྱིས་ཞེས་དམིགས་པ་གསལ་འདེབས་པའི་ཚེ་གཙོ་བོར་དེ་ལ་བརྟེན་ནས་འགུག་པར་གསུངས་པ་ཡིན་ནོ། །དེའི་ཚུལ་གསལ་བར་ཀུ་རུ་ཀུལླེའི་རྟོག་པ་རིམ་པ་ལྔ་པ་དང༌། གསང་སྒྲུབ་ཀྱི་མན་ངག་ཌོམ་བྷི་ཧེ་རུ་ཀའི་གདམས་པ་བསྙེན་སྒྲུབ་ལས་གསུམ་གཅིག་ཏུ་དྲིལ་བ་སོགས་ལས་གསུངས་པ་ལྟར་བུང་བའི་སྦྱོར་བ་གཙོ་བོ་ཡིན་ནོ། །དེ་ཡང་ཅུང་ཟད་བཤད་ན། རང་གི་སྙིང་གར་པདྨ་ལ་དབྱངས་རིང་པོ་བརྒྱད། བསྒྲུབ་བྱའི་སྙིང་གར་པདྨ་འདབ་བརྒྱད་ལ་དབྱངས་ཐུང་ངུ་བརྒྱད་དང༌། ལྟེ་བར་མིང་ཡིག་བསམ། རང་གི་སྙིང་གའི་དབྱངས་ལས་སྤྲོས་པའི་བུང་བ་བརྒྱད་སོང་ནས་དེའི་སྙིང་གའི་པདྨའི་བཅུད་དྲངས་ཤིང༌། རང་གི་སྙིང་གའི་འོད་ཀྱི་ལྕགས་ཀྱུ་དང་མདས་དེའི་མིང་ཡིག་དྲངས་པ་ན་བུང་བ་སོ་སོས་དབྱངས་ཡིག་རེ་བཟུང་ནས་འོངས་པ་རང་གི་དབྱངས་ཡིག་སོ་སོ་ལ་བསྟིམ་པར་མོས་པ་ནི་དམིགས་པ་སྐྱོང་ཚུལ་ཡིན་ལ། དེ་ལྟར་བྱས་པའི་དགོས་པ་ནི་བསྒྲུབ་བྱའི་རླུང་དང་ཁམས་ཀྱི་བཅུད་དྲངས་ན་རྣམ་ཤེས་ཀྱང་དབང་དུ་འདུ་བས། དེའི་ཕྱིར་ཡིན་ཏེ་བསྙེན་བསྒྲུབ་གཅིག་ཏུ་དྲིལ་བའི་མན་ངག་


GTD005_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

ལས། རྣམ་ཤེས་ཀྱི་རྟེན་ཐིག་ལེ་དང༌། རླུང་གི་དྭངས་མ་དང༌། མིང་གི་ཡི་གེ་ཡོད་པ་བླངས་ཏེ་ཞེས་སོ། །འདི་ནི་རྒྱུད་ཀྱི་དགོངས་པ་ཡིན་ཏེ། བརྟག་གཉིས་ལས། སྟོན་པ་སུམ་ཅུ་རྩ་གཉིས་མཚན། །གཙོ་བོ་དཔེ་བྱད་བརྒྱད་ཅུ་ལྡན། །ཁུ་བ་ཞེས་བྱའི་རྣམ་པར་གནས། །ཞེས་པའི་ཐད་ཀྱི་རྡོ་རྗེ་སྙིང་འགྲེལ་དུ་རྩ་རྒྱུད་དྲངས་པ་ལས། ཡིད་ཀྱི་མེ་ཏོག་མདའ་ཅན་འདི། །རླུང་གིས་ཡོངས་སུ་མི་འདའ་བར། །བཅིངས་པས་དཔེ་བྱད་ལྡན་པར་འགྱུར། །ཞེས་སེམས་ཀྱི་བྱེད་པ་ཐམས་ཅད་རླུང་ལ་རག་ལས་པ་དང༌། དེའི་རང་གདངས་དབྱངས་གསལ་གྱི་རང་བཞིན་དུ་གནས་པས་ན། རླུང་དེས་བསྐྱེད་པའི་ཁམས་དཀར་དམར་གཉིས་ལ་ཡང་དབྱངས་གསལ་གྱི་སྒྲས་བསྟན་ཅིང༌། རགས་པའི་ཕུང་ཁམས་ཐམས་ཅད་ཀྱང་དེ་ལ་བརྟེན་ནས་གནས་སོ། །དེས་ན་འགུག་པ་བསད་པ་གསོ་བ་སོགས་ཕན་གནོད་གང་བྱེད་ཐམས་ཅད་རྩ་བ་འདི་ལ་རག་ལས་ཏེ། སྡོམ་འབྱུང་ལྟར་འབྱུང་བཞིའི་རླུང་གི་ཕྱེད་པས་ནང་དུ་དབྱངས་སོ་སོའི་རང་བཞིན་ཁམས་གནས་སོ་སོར་བགྲོད་པ་ལ་སྨན་གྱི་བསྟན་བཅོས་སུ་འཁྱམས་པའི་བླ་གནས་ཞེས་བཤད་ཅིང༌། དེའི་རྟེན་འབྲེལ་གྱི་དབང་གིས་ཕྱི་རོལ་ཏུ་ཟླ་བའི་ཆ་འཕེལ་འགྲིབ་ཀྱི་ཚེས་འཆར་བའི་ཚུལ། དུས་འཁོར་འགྲེལ་ཆེན་ལས། འདི་རྣམས་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་པོ་རྣམས་ཏེ། ཟླ་བའི་ཡན་ལག་དང་མངལ་འཛིན་པའི་ཁུ་བའི་ཁམས་ལའོ། །ཞེས་གསུངས་ཤིང༌། དབང་ཕྱུག་གི་དབྱངས་འཆར་ལས་ཀྱང་དེ་དང་ཕྱོགས་


GTD005_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་པར་བཤད་དོ། །འདིས་དབང་སྡུད་ཀྱི་ཙཀྲ་དང་མངོན་སྤྱོད་ཀྱི་ལིངྒ་སོགས་སུ་མིང་རུས་བྲི་བ་ཐམས་ཅད་ཀྱང་རླུང་དང་ཐིག་ལེ་སོགས་ཀྱི་མཚོན་དོན་ཡིན་པ་ཤེས་པར་གྱིས་ཤིག །བློ་ཆུང་ཁ་ཅིག་སངས་རྒྱས་རྣམས་ལ་ལྕགས་ཀྱུས་འདེབས་པ་དང༌། དབང་དུ་བྱེད་པ་སོགས་མི་རུང་སྙམ་ན་སྐྱོན་མེད་དེ། འོད་ཟེར་གྱི་ལྕགས་ཀྱུས་མཁའ་ཁྱབ་ཀྱི་སངས་རྒྱས་ཐམས་ཅད་བཀུག་ནས་ཞེས་ཟེར་བཞིན་པ་ཡིན་ཞིང༌། ཆོ་ག་རྒྱས་བསྡུས་གང་ལ་ཡང་ཛཿ ཧཱུཾ་བཾ་ཧོཿ རེ་ཡོད་པ་དེའི་ཚེ་དམིགས་པ་ཅི་ཞིག་ཡིད་ལ་བྱེད་དགོས་པ་ལེགས་པར་སོམས་ཤིག །དེར་མ་ཟད་ཡེ་ཤེས་འབེབས་པ་སོགས་ཀྱི་ཚེ་སངས་རྒྱས་རྣམས་ཀྱི་གཉིས་སུ་མེད་པའི་ཡེ་ཤེས་ཧཱུཾ་ལ་སོགས་པ་ས་བོན་གྱི་རྣམ་པར་སྤྱན་འདྲེན་པ་ཡང་རླུང་འོད་ཟེར་ལྔ་པའི་རྟེན་གྱི་དབང་དུ་བྱས་པ་ཡིན་ནོ། །༈ གསུམ་པ་མཚན་ཙམ་གྱིས་ཀྱང་གདུལ་བྱ་དབང་དུ་བྱེད་ཚུལ་ལ་སྦྱར་ཏེ་བསྟོད་པ་ནི། ཆེ་ཞིང་འགྱིང་བའི་དྲེགས་པ་མཐའ་དག་ཀྱང༌། །ཁྱོད་ཀྱི་མཚན་ཙམ་ཡིད་ལ་དྲན་བྱེད་པའི། །དབུལ་པོའི་མདུན་སར་རིམ་གྲོའི་སྦྱོར་བ་དག །བགྱིད་པར་འགྱུར་ལ་མྱོང་ལྡན་ཐེ་ཚོམ་བྲལ། །ཞེས་བྱུང༌། དེ་ཡང་དེ་བཞིན་གཤེགས་པའི་གསང་བ་བསྟན་པའི་མདོ་ལས། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་ཀྱི་སྐུས་རབ་ཏུ་ཕྱེ་བས་མཐོང་བས་ཀྱང་སེམས་ཅན་རྣམས་ཀྱི་དོན་བྱེད་དོ། །ཐོས་པ་དང་རེག་པས་ཀྱང་སེམས་ཅན་རྣམས་ཀྱི་དོན་བྱེད་དོ། །ཞེས་གསུངས་པ་ལྟར། དང་པོ་ཐུགས་བསྐྱེད་པ་ནས་བཟུང་སྟེ་སྒོ་གསུམ་གྱི་སྤྱོད་པ་མཐའ་དག་གཞན་དོན་ཁོ་ནར་


GTD005_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པའི་དབང་གིས་སྐུ་མཐོང་ཙམ་དང༌། མཚན་ཐོས་པ་ཙམ་གྱིས་ཀྱང་འགྲོ་བའི་དོན་རླབས་པོ་ཆེ་འབྱུང་ལ། དེ་ལྟར་ཕན་ཡོན་ཆེ་བའི་དབང་གིས་སོ་སོར་ཐར་པའི་མདོ་ལས། སངས་རྒྱས་ཞེས་བྱའི་སྒྲ་འདི་ཡང༌། །འཇིག་རྟེན་དག་ན་ཤིན་ཏུ་དཀོན། །ཞེས་གསུངས་སོ། །བྱེ་བྲག་གསང་སྔགས་ཀྱི་སྐབས་འདིར་མིང་དབང་གི་ནུས་པ་ཡོངས་སུ་རྫོགས་པ་ལ་བརྟེན་ནས་མཚན་གྱི་སྒྲ་ཙམ་རྣ་བར་ཐོས་པས་ཀྱང་འཁོར་བའི་སྡུག་བསྔལ་རྩད་ནས་ཕྱུང་བའི་བདེ་ཆེན་སངས་རྒྱས་ཀྱི་སྐུ་འགྲུབ་པའི་བག་ཆགས་འཇོག་པ་སོགས་ནི་སངས་རྒྱས་ཐམས་ཅད་ཀྱི་ཐུན་མོང་གི་ཆེ་བ་ཡིན་ལ། ཁྱད་པར་དུ་རང་རང་གི་ཐུན་མོང་མ་ཡིན་པའི་འཕྲིན་ལས་ཀྱི་བཀའ་བབས་བདེ་བར་གཤེགས་པ་མཆེད་བརྒྱད་ཀྱི་མཚན་གྱི་ཕན་ཡོན་སོ་སོར་གསུངས་པ་ལྟ་བུ་མདོ་ཆོག་དང༌། གཟུངས་དང་རྟོག་པ་རྣམས་ལས་ལྷ་རང་རང་གི་ཆེ་བ་བརྗོད་ཚུལ་མི་འདྲ་བ་མང་དུ་ཡོད་པ་ལྟར། བཅོམ་ལྡན་འདས་མ་འདི་ཡང་དབང་གི་ལས་ལ་བརྟེན་ནས་ལུས་ཅན་གྱི་དོན་མཛད་པའི་ཐུགས་བསྐྱེད་གོམས་པ་ཡོངས་སུ་རྫོགས་ཤིང༌། དུས་ལ་བབས་པའི་དབང་གིས་གདུལ་བྱའི་སྐྱེ་བོ་ཡིད་ཆེས་དང་ལྡན་པ་རྣམས་ཀྱིས་འདིའི་མཚན་ལན་གཅིག་བརྗོད་དེ་གསོལ་བ་བཏབ་ན་ཡང༌། འཇིག་རྟེན་གྱི་རྒྱལ་བློན་སོགས་རིགས་རུས་དང་སྟོབས་འབྱོར་མངའ་ཐང་སོགས་ཀྱི་སྒོ་ནས་ཆེ་ཞིང༌། རང་ཡང་སྲིད་ན་མཐོ་བའི་མངོན་རློམ་གྱིས་འགྱིང་བ། སུ་ལ་ཡང་གུས་པས་འདུད་པར་མི་བྱེད་པའི་དྲེགས་ལྡན་རྣམས་ཀྱང་སྒྲུབ་པ་པོ་དེ་ཉིད་རིགས་


GTD005_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

རུས་ལོངས་སྤྱོད་མངའ་ཐང་སོགས་དམན་པའི་སྤྲང་པོ་ལྟ་བུར་གནས་པ་ལ་ཡང་ལྟོས་པ་མེད་པར་གུས་པས་བཏུད་ནས་ལུས་ངག་གིས་བསྙེན་བཀུར་དང་རིམ་གྲོ་བདོག་པའི་ཚོགས་ཀྱིས་མཆོད་པ་སོགས་རང་དབང་མེད་པར་བསྒྲུབ་པར་འགྱུར་རོ། །འདི་ལ་ཡང་བསོད་ནམས་དམན་པ་རྣམས་ཀྱིས་དེ་ལྟར་འོང་བ་མི་སྲིད་སྙམ་དུ་ལོག་པར་རྟོག་པའི་དབང་གིས་ཅི་ཙམ་བསྒྲུབ་ཀྱང་བྱིན་རླབས་མི་འབྱུང་བ་ན་ལྷ་ལ་ནུས་པ་མེད་པ་མིན་གྱི་རང་གི་བློའི་སྐྱོན་ཡིན་ཏེ། རྒྱུད་རྟོག་པ་གསུམ་པ་ལས། ཡང་ན་བླུན་པོ་དད་པ་བརྟན། །དེ་ལ་སྦྱོར་བའི་དངོས་གྲུབ་ཉེ། །རྟོག་ཅིང་དཔྱོད་པའི་རྟོག་གེ་པ། །དེ་ལ་སྦྱོར་བའི་དངོས་གྲུབ་རིང༌། །ཞེས་གསུངས་སོ། །དེ་ཡང་དཔེར་ན་མེ་ལྕགས་དང་མེ་རྡོ་ལས་མེ་འབྱུང་བ་བདེན་ཡང༌། དེ་གཉིས་མ་ཕྲད་པར་ཇི་ཙམ་བརྡེག་པའི་སྟངས་ཀ་བྱས་ཀྱང་མེ་མི་འབྱུང་བ་ལྟར། རང་རེ་ལ་ཆོས་ནས་གསུངས་པའི་ཕན་ཡོན་མངོན་དུ་འབྱུང་མི་ཐུབ་པ་ནི། ཆོས་བྱེད་པའི་སྟངས་ཀ་ཙམ་ལས་དོན་དུ་ཆོས་དང་སེམས་མ་ཕྲད་པའི་རྟགས་ཡིན་ཏེ། སྐྱེས་རབས་ལས། ནམ་མཁའ་དང་ནི་ས་གཞིའི་བར་ཡང་རིང༌། །རྒྱ་མཚོའི་ཕ་རོལ་ཚུ་རོལ་འགྲམ་ཡང་རིང༌། །ཤར་ནུབ་གཉིས་ཀྱི་རི་བར་དེ་བས་རིང༌། །ཕལ་དང་དམ་པའི་ཆོས་ཀྱང་དེ་བས་རིང༌། །ཞེས་གསུངས་སོ། །དེས་ན་འདི་ཉིད་དུ་ཡང༌། མྱོང་ལྡན་ཐེ་ཚོམ་བྲལ། །ཞེས་གསུངས་ཏེ། བྱིན་རླབས་འཇུག་པའི་རྒྱུ་ཚོགས་རྣམས་ཚུལ་བཞིན་དུ་མི་སྒྲུབ་པར་འབྲས་བུ་ལ་རྟོག་གེའི་རིགས་པའི་སྒོ་ནས་འཐད་མི་འཐད་ཀྱི་དཔྱད་པ་མང་དུ་བྱེད་པའི་རྟོག་གེ་པ་རྣམས་


GTD005_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཐེ་ཚོམ་དེ་ལྟར་སྐྱེ་ཡང༌། ཉམས་མྱོང་ཅན་གྱི་རྣལ་འབྱོར་པ། རྒྱུད་སྡེ་ནས་གསུངས་པ་ལྟར་གྱི་བསྙེན་སྒྲུབ་ལས་སྦྱོར་ཚད་དུ་ཕྱིན་པར་བྱས་པའི་ལག་རྗེས་སུ་གང་འདོད་པའི་དངོས་གྲུབ་ཐམས་ཅད་བླ་མ་གོང་མ་རྣམས་ཀྱིས་གསུངས་པ་ལྟར་ལག་ཏུ་ལོན་པ་རྣམས་ལ་ཐེ་ཚོམ་ཅུང་ཟད་ཙམ་ཡང་སྐྱེ་བའི་གོ་སྐབས་མེད་དོ།། །།༈ གཉིས་པ་དཀྱིལ་འཁོར་རྒྱལ་མཆོག་གི་ཏིང་ངེ་འཛིན་ལ་བརྟེན་ནས་དཀྱིལ་འཁོར་གྱི་འཁོར་ལོ་སྤྲོ་ཞིང་སྡུད་པའི་བདག་པོར་གྱུར་ཚུལ་ནི། དེ་ལྟ་མོད་ཀྱི་ཚུལ་འདི་ཕྲ་མོའི་གཏམ། །ཧེ་རུ་ཀ་དཔལ་སྙོམས་འཇུག་བདེ་བའི་རོས། །དགྱེས་དགུར་འགུགས་པའི་རྣལ་འབྱོར་སྙིང་གི་དབུས། །ཁྲག་འཐུང་དཔལ་དེ་ཅི་དགར་རོལ་མིན་ནམ། །ཞེས་བྱུང༌། དེ་ལ་དཀྱིལ་འཁོར་རྒྱལ་མཆོག་མན་ཆད་ནི་སངས་རྒྱས་པའི་རྗེས་ཀྱི་མཛད་པ་དང་རྣམ་པར་མཐུན་པའི་སྒོམ་ཚུལ་ཡིན་པས་མར་སྦྱང་གཞི་དང་སྦྱོར་མི་དགོས་ལ། ལམ་དུས་སུ་སློབ་པའི་ཟུང་འཇུག་ཐོབ་ནས་ཟུང་འཇུག་པས་དཀྱིལ་འཁོར་རྒྱལ་མཆོག་དངོས་སུ་སྤྲུལ་ཏེ་གཞན་དོན་སྒྲུབ་པའི་སྨིན་བྱེད་དང༌། འབྲས་དུས་སུ་སྐུ་གསུམ་མངོན་དུ་མཛད་ནས་སྙོམས་འཇུག་གི་སྦྱོར་བས་དཀྱིལ་འཁོར་གྱི་འཁོར་ལོ་སྤྲུལ་ཏེ་གདུལ་བྱ་རྣམས་ཀྱི་མ་དག་པའི་སྣོད་བཅུད་ཕུང་ཁམས་ཐམས་ཅད་སྦྱོར་ཞིང༌། རྫོགས་པའི་བྱང་ཆུབ་ཏུ་འགོད་པའི་མཛད་པ་རྣམས་འབྲས་བུ་ལམ་བྱེད་ཀྱི་ཚུལ་དུ་སྦྱོང་དགོས་སོ། །དེས་ན་གཞུང་གཞན་ལས་འགྲོ་བ་དག་པའི་རྣལ་འབྱོར་ཞེས་འོད་ཟེར་སྤྲོ་བསྡུའི་སྒོ་ནས་རིགས་དྲུག་གི་གནས་རྣམས་གཞལ་ཡས་ཁང་དང༌། འགྲོ་བ་


GTD005_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལྷའི་སྐུར་མོས་པ་ཡང་དཀྱིལ་འཁོར་རྒྱལ་མཆོག་གི་དོད་དུ་གསུངས་ལ། འོན་ཀྱང་འདིར་ནི་ཚིག་རྐང་ཕྱེད་གསུམ་གྱིས་ཐོག་མར་ཧེ་རུ་ཀ་དང་མཉམ་པར་སྦྱོར་བའི་ཚུལ་དང༌། དེ་ནས་རྐང་པ་ཕྱེད་དང་གཉིས་ཀྱིས་དཀྱིལ་འཁོར་ལྷ་ཚོགས་སྤྲོ་བའི་ཚུལ་གཉིས་སུ་བྱས་ཏེ་དཀྱིལ་འཁོར་རྒྱལ་མཆོག་སྤྱིའི་འགྲོས་དང་མཐུན་པར་གསུངས་སོ། །དེ་ལ་ཚིག་གི་དོན་ནི། འཕགས་མ་རིག་བྱེད་དབང་མོ་ཁྱོད་ལ་གསོལ་བ་བཏབ་པས། འཇིག་རྟེན་གྱི་དྲེགས་ལྡན་ཆེ་དགུ་མ་ལུས་པ་དབང་དུ་འདུ་བའི་ཚུལ་གོང་དུ་གསལ་བ་དེ་ལྟ་བུ་ལགས་མོད་ཀྱི། འོན་ཀྱང་ཚུལ་འདི་ནི་ཕལ་བའི་སྐྱེ་བོ་རྣམས་ཀྱིས་ངོ་མཚར་མཆོག་ཏུ་བྱེད་ཀྱང༌། ཁྱོད་ཀྱི་ནུས་མཐུའི་དབང་དུ་བགྱིས་ན་ཡོན་ཏན་ཆ་ཤས་ཤིན་ཏུ་ཕྲ་མོའི་ཟུར་གཅིག་གི་བསྔགས་པ་བརྗོད་པའི་གཏམ་ཙམ་དུ་འགྱུར་ཏེ། ཁྱོད་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པའི་ནུས་པས་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ཡང་འདོད་དགུར་འགུགས་པར་ནུས་ན་གཞན་ཐམས་ཅད་ལྟ་སྨོས་ཀྱང་ཅི་དགོས། ཞེས་པའོ། །འོ་ན་འདིས་དཔལ་ཧེ་རུ་ཀ་ཡང་འགུགས་པར་ནུས་པའི་རྒྱུ་མཚན་དང༌། ཐབས་གང་གི་སྒོ་ནས་འགུགས་པའི་ཚུལ་སོགས་ཇི་ལྟར་ཡིན་སྙམ་ན། སྙོམས་འཇུག་བདེ་བའི་ངོས། །དགྱེས་དགུར་འགུགས། ཞེས་གསུངས་ཏེ། དེ་ཡང་ཆགས་པའི་ཀུན་རྟོག་དང༌། ཚོར་བ་བདེ་བས་དྲངས་ཏེ་ཕོ་མོ་ལྷན་ཅིག་འདུས་པ་ལྟ་བུ་མ་ཡིན་པར་སློབ་པའི་གནས་སྐབས་ནས་རྣལ་འབྱོར་གསང་མཐའི་ལམ་གྱི་སྙིང་པོ་ཉམས་སུ་བསྟར་བའི་ལག་རྗེས་སུ་ཕྱི་ནང་གི་རྟེན་འབྲེལ་མ་འཆོལ་བར་ཇི་ལྟ་བ་བཞིན་འབྱུང་བའི་གནད་ངོ་མཚར་བ་ཞིག་གོ །དེའི་


GTD005_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ཡང་མངོན་བརྗོད་ལས། རྣལ་འབྱོར་མ་ཡིས་ཉེར་བསྟེན་པའི། །རྣལ་འབྱོར་ཆེན་པོ་འདི་གསལ་འགྱུར། །ཡེ་ཤེས་འོད་ཟེར་མཆོག་མཐོང་ནས། །རྣལ་འབྱོར་མ་རྣམས་ལེགས་འདུ་སྟེ། །པདྨའི་འབྱུང་གནས་ཉམས་དགའ་བར། །ངང་པའི་ཚོགས་འདུ་ཇི་བཞིན་ནོ། །ཞེས་བཅོམ་ལྡན་འདས་མའི་བྱིན་རླབས་སྙིང་ལ་ཞུགས་པ་ན། དཔལ་ཧེ་རུ་ཀ་ཡང་ཡིད་ལ་འཇུག་ཅིང་དེ་གཉིས་ཀ་སྒྲུབ་པ་པོའི་སྙིང་གར་ཡབ་ཡུམ་ཟུང་དུ་འཇུག་པའི་འོད་ཟེར་གྱིས་དཔའ་བོ་དང་མཁའ་འགྲོའི་ཚོགས་སྤྲོ་བ་དང༌། གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་ཐམས་ཅད་སྡུད་པ་སོགས་དཀྱིལ་འཁོར་གྱི་འཁོར་ལོའི་སྤྲོ་བསྡུ་པདྨའི་མཚོ་ལ་ངང་པའི་འདུ་འགོད་བཞིན་དུ་འབྱུང་བར་གསུངས་སོ། །དེ་ཡང་བསྐྱེད་རིམ་གྱི་སྐབས་སུ་ཚུལ་དེ་ཉིད་མོས་པ་ཡིད་བྱེད་ཀྱིས་གོམས་པ་ལ་བརྟེན་ནས་རྫོགས་རིམ་གྱི་ཚེ་རོ་རྐྱང་གི་རླུང་དྷཱུ་ཏཱིར་བཙུད་དེ་ཐོག་མར་གཏུམ་མོ་ལ་གནད་དུ་བསྣུན་པ་ན་དེ་ཉིད་དབུ་མའི་ལམ་ནས་གྱེན་དུ་འབར་ཞིང༌། དེའི་སྟོབས་ཀྱིས་སྤྱི་བོའི་བྱང་སེམས་ཞུ་བ་ཐུར་དུ་བབས་ཏེ། གཉིས་ཀ་སྙིང་གའི་གནས་སུ་ཕྲད་ནས་དཔྱིད་དང་ཐིག་ལེ་སྙོམས་པར་ཞུགས་པ་ལས་ལྷན་སྐྱེས་བདེ་ཆེན་འདྲེན་ཞིང༌། བདེ་བ་ལྷ་སྐུར་འཆར་བ་སོགས་གྲུབ་ཆེན་དྲིལ་བུ་ཞབས་ཀྱིས་རིམ་པ་དང་པོ་ནས་གསུངས་པ་ལྟར་རྨོངས་པའི་རབ་རིབ་རྩད་ནས་གཅོད་པའི་ངེས་དོན་གྱི་ཧེ་རུ་ཀ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འོད་གསལ་མངོན་པར་བྱང་ཆུབ་པའི་རིམ་པ་སོགས་སྐྱེ་བའི་ཐབས་ཁྱད་པར་ཅན་དུ་འགྱུར་རོ། །ཚུལ་དེ་ལ་དགོངས་ནས་རྗེ་བདག་ཉིད་ཆེན་


GTD005_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

པོས། བདེ་བའི་མཆོག་གྱུར་ལྷན་སྐྱེས་གཅིག་པུ་ཉིད། །དམ་ཚིག་སྐུ་གསུང་ཐུགས་དང་ཡེ་ཤེས་ཀྱི། །རབ་འབྱམས་འཁོར་ལོ་ལྔ་ཡི་ལྷ་ཚོགས་སུ། །སྤྲུལ་མཛད་ཧེ་རུ་ཀ་དཔལ་ཞབས་ལ་འདུད། །ཅེས་དཀྱིལ་འཁོར་རྒྱལ་མཆོག་གི་རྩ་བ་ཧེ་རུ་ཀ་ལྷན་སྐྱེས་ཉིད་དུ་གསུངས་པ་བཞིན་ནོ། །གཞན་དག་ན་རེ། དཔྱིད་དང་ཐིག་ལེ་མཉམ་སྦྱོར་དུ་འགྲུབ་པ་འཐད་མོད་ཀྱང༌། དེ་སྐབས་འདིར་མི་འབྲེལ་སྙམ་པ་ནི། བདེ་མཆོག་གི་ཆོ་གའི་ངག་འདོན་ཙམ་བྱང་ཡང་རྒྱུད་དོན་མན་ངག་གིས་འབྱེད་མ་ནུས་པའི་གཏམ་ཡིན་ཏེ། བདེ་མཆོག་གི་སྐབས་སུ་དེ་ལྟར་བྱེད་པ་ཡང་རྩ་རྒྱུད་ལས་ལུས་དཀྱིལ་གྱི་རྣམ་གཞག་ཤིན་ཏུ་སྦས་པའི་ཚུལ་གྱིས་ཟུར་ཙམ་ལས་མ་གསུངས་ཀྱང༌། དེ་ཉིད་བདེ་དགྱེས་ཐུན་མོང་གི་བཤད་རྒྱུད་སམ་བྷུ་ཊ་དང༌། ཕ་རྒྱུད་དང་ཐུན་མོང་བ་རྡོ་རྗེ་ཕྲེང་བ། མངོན་བརྗོད། ཀུན་སྤྱོད་སོགས་ལ་དེ་གསུངས་པ་རྣམས་ཀྱིས་ཁ་བསྐང་སྟེ་གསལ་བར་མཛད་པ་ཡིན་པས་ཐམས་ཅད་དང་པོ་ནས་དངོས་ཟིན་ལ་ཡོད་མི་དགོས་སོ། །དེ་ཡང་བརྟག་གཉིས་ལས། རྣལ་འབྱོར་མ་ལུས་དབུས་སུ་ནི། །ཨ་ཡི་རྣམ་པ་སྡོམ་པའི་གནས། །ཇི་ལྟར་ཕྱི་རོལ་དེ་བཞིན་ནང༌། །སྡོམ་པའི་དེ་ཉིད་རབ་ཏུ་ཕྱེ། །ཞེས་རྣལ་འབྱོར་མའི་ངོ་བོ་ལྟེ་བའི་གཏུམ་མོ་ཨ་ཐུང་གིས་དཔའ་བོའི་རང་བཞིན་གྱི་བྱང་སེམས་དྲངས་པའི་བདེ་ཆེན་སྐྱེད་པ་དང༌། རྣལ་འབྱོར་མ་དང་དཔའ་བོ་དངོས་སུ་འདུས་པའི་བདེ་ཆེན་སྐྱེད་པ་གཉིས་ཕྱི་ནང་དུ་སྦྱར་ཏེ་གསུངས་པའི་དོན། སམྦྷུ་ཊར་རྣལ་འབྱོར་མ་བདག་མེད་མ་ལ་བྱས་ནས་གསུངས་ཀྱང༌། དཀྱིལ་འཁོར་སོ་སོའི་སྐབས་སུ་མིང་འདོགས་


GTD005_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་དད་པ་ཙམ་ལས་དོན་ངོ་བོ་གཅིག་པས་མན་ངག་གིས་རྒྱས་བཀབ་སྟེ། དཔྱིད་ཐིག་ལས། ཕག་མོ་ཏི་ལ་ཀ་ཞེས་བརྗོད། །ལས་ཀྱི་རླུང་གིས་བསྐྱོད་ནས་སུ། །ལྟེ་བའི་དཀྱིལ་འཁོར་ནས་ནི་འབར། །བ་སནྟ་དད་ཕྲད་པས་མཉེས། །སྙོམས་པར་འཇུག་པས་ཡང་དག་བཞུགས། །ཞེས་དོན་སྔ་མ་དང་མཚུངས་ཀྱང༌། མིང་ཕག་མོ་ལ་འདོན་པ་སྤོས་པ་བཞིན་དུ་སྐབས་འདིར་ཡང་སྦྱར་རུང་སྟེ། གོང་དུ་ནང་གི་ཕག་མོ་ཞེས་གསུངས་པའི་དགོངས་པ་མཐར་ཐུག་པ་ཡང་འདི་ཡིན་ནོ། །དེ་ལྟར་དགྱེས་དགུར་འགུགས་པས་ཞེས་བྱེད་ཚིག་བྱ་དགོས་ཏེ། ཡབ་ཡུམ་སྙོམས་པར་ཞུགས་པ་ལས་དཀྱིལ་འཁོར་གྱི་འཁོར་ལོ་རྫོགས་པར་སྤྲོ་བའི་དོན་ཡིན་ལ། དེའི་ཚུལ་ནི། རྣལ་འབྱོར་སྙིང་གི་དབུས། །ཁྲག་འཐུང་དཔའ་བོ་ཅི་དགར་རོལ་མིན་ནམ། །ཞེས་པས་བསྟན་ཏེ། ཅི་དགར་རོལ་པའི་དོན་ནི་ཡབ་ཡུམ་ཟུང་གཅིག་སྙིང་གར་བཞུགས་པ་ཙམ་མ་ཡིན་པར་གནས་ལུས་ལོངས་སྤྱོད་འཁོར་ཕུན་སུམ་ཚོགས་པ་སྟེ་དག་པ་བཞིས་བསྡུས་པའི་དཀྱིལ་འཁོར་གྱི་འཁོར་ལོའི་བཀོད་པ་བསམ་གྱིས་མི་ཁྱབ་པའི་རོལ་པ་དང་བཅས་ཏེ་བཞུགས་པའི་དོན་ནོ། །ཁོ་ན་རེ། འདི་འདྲ་བའི་དཀྱིལ་འཁོར་དེ་ལུས་དཀྱིལ་གྱི་དབང་དུ་བྱས་པ་ཡིན་ན། ཀྱཻ་རྡོར་ལུགས་ཀྱི་ལྷ་བརྒྱ་དང་ང་བདུན་གནས་སོ་སོར་འགོད་དགོས་ཤིང༌། བདེ་མཆོག་དང་འབྲེལ་བར་བྱེད་ན་ཡང་ལྷ་དྲུག་ཅུ་གནས་སོ་སོར་འགོད་དགོས་རྒྱུ་ལ། འདིར་སྙིང་ག་ཁོ་ནར་བཤད་པས་དེ་དང་མི་མཐུན། ཕྱི་དཀྱིལ་གྱི་དབང་དུ་བྱས་ན་ཡང་དཔྱིད་


GTD005_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཐིག་ལེ་ལས་གཙོ་བོ་ཡབ་ཡུམ་བསྐྱེད་པ་ཕྱི་དཀྱིལ་སྒོམ་ཚུལ་གྱི་བཤད་པ་དང་མི་མཐུན་པས་མི་འཐད་སྙམ་ན། སྤྱིར་ལུས་ཀྱི་ནང་དུ་བསྒོམ་པ་ཙམ་གྱིས་ལུས་དཀྱིལ་དུ་མི་འགྲོ་ཞིང༌། ཁམས་ཀྱི་འདུ་འཕྲོད་ལས་ལྷའི་སྐུ་དེ་འགྲུབ་པའི་ནུས་པ་སྨིན་པ་ཙམ་གྱིས་ཁམས་དེ་ལས་བསྐྱེད་པར་འགྲོ་བའི་ངེས་པ་ཡང་མེད་ལ། ལུས་དཀྱིལ་གྱི་ལུགས་སུ་བྱས་ཀྱང་ལུས་ཀྱི་ཆ་སྟོད་སྨད་ཐམས་ཅད་ལ་སྐྱེད་དགོས་པའི་ཁྱབ་པ་མེད་དེ། ཚར་ཆེན་གྱི་མཁའ་སྤྱོད་མའི་ལུས་དཀྱིལ་ཡིད་བཞིན་ནོར་བུ་ལས། རྡོ་རྗེའི་ལུས་ལ་ཡུལ་ཆེན་པོ་སོ་བདུན་གྱི་རྩ་ཁམས་ཡི་གེ་ཚང་བར་གནས་ལ། དེ་དག་གི་ནུས་པ་སྙིང་དབུས་ན་གནས་པའི་རྩ་ཁམས་ལ་ཚང་བས། ཞེས་སྙིང་གའི་རྩ་འཁོར་གཅིག་པུ་ལ་ལུས་དཀྱིལ་ཆ་ཚང་བ་འགོད་རུང་བར་གསུངས་ཤིང༌། དེ་ནི་རྡོར་འཕྲེང་ལས། གཙོ་བོ་ཡང་ནི་བསྡུས་པ་ལས། །གནས་རྣམས་ཀྱི་ནི་གྲངས་སུ་འགྱུར། །ཞེས་རྩ་སྟོང་ཕྲག་དོན་གཉིས་བསྡུས་པ་རྩ་ཉེར་བཞི་དང༌། སླར་ཡང་བསྡུས་ནས་འགྲོ་བ་ནི། །གསུམ་དང་རྣམ་བརྒྱད་དབྱེ་བ་ཡིས། །ཞེས་སྙིང་གའི་རྩ་འདབ་བརྒྱད་དང༌། དེ་ཡང་དབུ་མ་རོ་རྐྱང་གསུམ་དུ་འདུ་ལ། གཙོ་བོ་གསུམ་པོ་སླར་ཡང་ནི། །སྦྱོར་བས་གཅིག་པ་ཉིད་དུ་འགྲོ། །ཞེས་དྷཱུ་ཏཱིར་འདུས་པར་གསུངས་པའི་དགོངས་པའོ། །སྐབས་དོན་གྱི་ལན་ནི། འདིར་བཤད་པའི་དཀྱིལ་འཁོར་གྱི་རྣམ་གཞག་དེ་སྒྲུབ་པ་པོས་ཕྱི་དཀྱིལ་དང་ལུས་དཀྱིལ་གང་རུང་སྒོམ་ཚུལ་གྱི་དབང་དུ་བྱས་པ་མ་ཡིན་པར། ཡི་དམ་ལྷའི་བྱིན་རླབས་རྒྱུད་ལ་ཞུགས་པ་ལ་བརྟེན་ནས་དག་པའི་རང་སྣང་གི་རྟེན་དང་བརྟེན་པའི་དཀྱིལ་འཁོར་


GTD005_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

འཆར་ཚུལ་ཙམ་ཡིན་པས། ཕྱི་ནང་གི་ལུས་འདི་ཙམ་དུ་མ་ཟད་གངྒཱའི་ཀླུང་གི་རྡུལ་ཕྲ་རབ་ཇི་སྙེད་པ་དེ་སྙེད་ཀྱི་སྟེང་དུ་རེ་རེ་འབྱུང་ཡང་འགལ་བ་མེད་པས་ཐེ་ཚོམ་བྱ་མི་དགོས་སོ། །ད་ལྟའི་རྗེས་འཇུག་གི་གདུལ་བྱའི་རྒྱུད་ལ་འཕགས་མའི་བྱིན་རླབས་ཀྱིས་ཧེ་རུ་ཀའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་དེ་ལྟ་བུ་འགྲུབ་པ་ཡང་འཕགས་མ་རང་ཉིད་ཀྱིས་སྔོན་རིམ་པ་གཉིས་ཀའི་དཀྱིལ་འཁོར་རྒྱལ་མཆོག་ལ་བསླབ་པའི་འབྲས་བུ་ཡིན་པས། རྒྱུ་དང་འབྲས་བུ་གཉིས་ཀའི་ཆ་ནས་བསྟོད་པར་འགྱུར་རོ། །བཅོམ་ལྡན་འདས་མ་འདི་ཉིད་དང༌། བདག་མེད་མ་དང༌། རྡོ་རྗེ་ཕག་མོ་རྣམས་དོན་ངོ་བོ་གཅིག་པས། བདེ་དགྱེས་གཉིས་གང་དང་འབྲེལ་བར་ཉམས་སུ་བླང་ཡང་རུང་ལ། ཁ་ཅིག་ཁྲག་འཐུང་ཞེས་པ་བདེ་མཆོག་ཁོ་ནར་བྱེད་པ་དོན་མིན་ཏེ། དེ་གཉིས་ཀར་རང་རང་གི་རྒྱུད་ལས་ཧེ་རུ་ཀ་ཞེས་བཏགས་ཤིང༌། ཡི་གེ་གསུམ་གྱི་དོན་དང་བཅས་གསལ་བར་གསུངས་པའི་ཕྱིར་དང༌། ཁྲག་འཐུང་ཞེས་པ་ནི་དེ་ཉིད་བོད་སྐད་དུ་བསྒྱུར་བ་ཡིན་པས་སོ། །དེའི་ཚུལ་ཡང་ཧེ་དང་རུ་དང་ཀ་གསུམ་ལ་ཡི་གེ་བསྣན་པས་རིམ་བཞིན། ཧེ་ལ་ཞེས་པ་རོལ་པ་དང༌། རུ་ཏི་ར་ཁྲག་དང༌། ཀ་པཱ་ལ་ཐོད་པ་སྟེ་མཉམ་དུ་བསྒྱུར་ན་ཐོད་ཁྲག་ལ་རོལ་ཞེས་པར་འགྲོ་ཡང༌། བསྡུས་ནས་ཁྲག་འཐུང་དུ་བསྒྱུར་བ་ཡིན་པའི་ཕྱིར་ཏེ། སྦས་དོན་ཀུན་གསལ་ལས། མར་དོའི་ལུགས་འཛིན་པ་དག་ཡི་གེ་གསུམ་ལ་ཡི་གེ་བསྣན་པའི་ངེས་ཚིག་གི་བཤད་པ་བྱས་པས་ཁྲག་འཐུང་དུ་སོང་བར་བཤད་པ་ལེགས་


GTD005_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །ཞེས་གསུངས་པ་ལྟར་རོ། །༈ གསུམ་པ་ལས་རྒྱལ་མཆོག་གི་ཏིང་ངེ་འཛིན་ལ་བརྟེན་ནས་ཞི་སོགས་རབ་འབྱམས་ལས་ཀྱི་དངོས་གྲུབ་ལ་དབང་འབྱོར་བའི་ཚུལ་ནི། ཞི་དང་རྒྱས་དབང་མངོན་སྤྱོད་ལས་རབ་འབྱམས། །གྲུབ་ཆེན་བརྒྱད་དང་ཟུང་འཇུག་ཕྱག་རྒྱ་ཆེ། །མ་ལུས་བདེ་བླག་སྩོལ་མཛད་བཅོམ་ལྡན་མ། །ཁྱོད་ལ་ཡོན་ཏན་བརྗོད་ནས་བསྟོད་པ་ལགས། །ཞེས་བྱུང༌། དེ་ཡང་རྐང་པ་དང་པོ་གཉིས་ཀྱིས་འདི་ལ་བརྟེན་ནས་འགྲུབ་པའི་དངོས་གྲུབ་ཀྱི་དབྱེ་བ་དམན་འབྲིང་མཆོག་གསུམ་དུ་ཕྱེ་ནས་བསྟན་ཏེ། རྐང་པ་དང་པོས་ཆུང་ངུ་དང༌། གྲུབ་ཆེན་བརྒྱད་ཅེས་པས་འབྲིང༌། ཟུང་འཇུག་ཕྱག་རྒྱ་ཆེ། །ཞེས་པས་ཆེན་པོ་བསྟན་པ་ཡིན་ནོ། །དེ་ལྟར་སྒྲོན་གསལ་ལས་ཀྱང༌། དགོས་པ་ཡང་ནི་བཤད་བྱ་སྟེ། །ཞི་སོགས་བྱ་བའི་ཆོ་ག་དང༌། །དེ་བཞིན་གྲུབ་པ་བརྒྱད་དང་ནི། །སངས་རྒྱས་ཀྱང་ནི་མཆོག་ཡིན་ནོ། །ཞེས་དང༌། སྔགས་རིམ་ལས། རབ་སངས་རྒྱས་ཀྱི་གོ་འཕང་དང༌། འབྲིང་གྲུབ་པ་བརྒྱད་དང༌། ཐ་མ་ཞི་རྒྱས་དབང་དྲག་གི་འཕྲིན་ལས་འགྲུབ་པ་གསུམ། ཞེས་སོ། །ཁ་ཅིག་འདི་རིམ་པ་གཉིས་ཀའི་འབྲས་བུའི་དབང་དུ་བྱས་པ་ཡིན་པས། སོ་སོར་བྱེད་ན་མཆོག་གི་དངོས་གྲུབ་རྫོགས་རིམ་གྱི་འབྲས་བུ་ཡིན་ལ། བསྐྱེད་རིམ་གྱི་འབྲས་བུར་ཐུན་མོང་བའི་དངོས་གྲུབ་སྔ་མ་གཉིས་པོ་དེ་མ་གཏོགས་མི་འབྱུང་སྟེ། འདུས་པ་ཕྱི་མ་ལས། ཐུན་མོང་མཆོག་གི་དབྱེ་བ་ཡིས། །བསྙེན་པ་རྣམ་པ་གཉིས་སུ་འདོད། །ཐུན་མོང་བ་ནི་རྡོ་རྗེ་བཞི། །མཆོག་ནི་ཡན་ལག་དྲུག་གིས་སོ། །ཞེས་བསྐྱེད་རིམ་ཡན་ལག་བཞི་ཐུན་མོང་བའི་


GTD005_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་སྒྲུབ་བྱེད་དུ་གསུངས་ཤིང༌། དྲི་མེད་འོད་ལས། གཟུགས་ལ་སོགས་པ་རྟོགས་པ་དཀྱིལ་འཁོར་གྱི། །འཁོར་ལོ་བསྒོམ་པ་གོམས་པར་གྱུར་པས་ནི། །གྲུབ་པ་འཇིག་རྟེན་པ་དག་འགྲུབ་འགྱུར་ཏེ། །འདོད་པའི་དངོས་གྲུབ་ཆེན་པོ་ག་ལ་ཞིག །ཅེས་བསྐྱེད་རིམ་གྱིས་མཆོག་གི་དངོས་གྲུབ་སྒྲུབ་མི་ནུས་པ་གསལ་བར་གསུངས་པའི་ཕྱིར་རོ་སྙམ་ན། སྐྱོན་མེད་དེ། ཐུན་མོང་བའི་དངོས་གྲུབ་གཉིས་པོ་དེ་བསྐྱེད་རིམ་ཙམ་གྱིས་སྒྲུབ་ནུས་ལ། མཆོག་གི་དངོས་གྲུབ་ནི་བསྐྱེད་རིམ་གཅིག་པུས་སྒྲུབ་མི་ནུས་པས། བསྐྱེད་རིམ་གྱིས་རྒྱུད་སྨིན་པར་བྱས་ནས་དེའི་སྟེང་དུ་རྫོགས་རིམ་བསྒོམ་དགོས་པའི་དོན་ཡིན་ཏེ། སྒྲོན་གསལ་ལས། དགེ་བའི་རྩ་བ་ཡོངས་སུ་སྨིན་པས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་མངོན་པར་རྟོགས་ནས་ཚེ་འདི་ཉིད་ལ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་རོ། །ཞེས་དང༌། དུས་འཁོར་འགྲེལ་ཆེན་ལས། བསྒོམ་པ་གོམས་པའི་དབང་གིས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་འགྱུར་ཏེ། ཞེས་མཆོག་འགྲུབ་ཚུལ་གསུངས་པའི་ཕྱིར་རོ། །དེར་མ་ཟད་བརྟག་གཉིས་ཀྱི་བརྟག་པ་ཕྱི་མའི་གཉིས་པ་ལས། བསྐྱེད་པའི་རིམ་པའི་རྣལ་འབྱོར་གྱིས། བརྟུལ་ཞུགས་ཅན་གྱི་སྤྲོས་པ་བསྒོམ། །སྤྲོས་པ་རྨི་ལམ་ལྟར་བྱས་ནས། །སྤྲོས་པ་ཉིད་ནི་སྤྲོས་མེད་བྱ། །ཞེས་དང༌། རྡོ་རྗེ་སྙིང་འགྲེལ་དུ་འབུམ་ལྔའི་ལུང་དྲངས་པ་ལས། ཐོག་མར་རྟོག་པའི་ཆོ་ག་བསྟན། །རྣམ་རྟོག་རང་བཞིན་ཤེས་པ་ན། །མི་རྟོག་པ་ལ་རྣམ་འཇུག་བྱ། །ཞེས་དང༌། སྤྱོད་བསྡུས་


GTD005_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

ལས། སེམས་ཅན་དང་པོའི་ལས་ཅན་རྣམས། །དམ་པའི་དོན་དུ་འཇུག་པ་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་བཞག །ཅེས་སོགས་ཀྱིས་བསྐྱེད་རིམ་ནི་རྫོགས་རིམ་ལ་འཇུག་པའི་ཐབས་མེད་མི་རུང་དུ་གསུངས་ཤིང༌། རྡོ་རྗེ་སྙིང་འགྲེལ་ལས། དང་པོར་ཞིང་རྣམས་སྦྱང་དོན་དུ། །གོ་ཌ་བ་རྣམས་འདེབས་བྱེད་ཅིང༌། །ཕྱི་ནས་སྦྱངས་པའི་ཞིང་ལ་ནི། །ས་ལུའི་ས་བོན་འདེབས་པ་ཡིན། །ཞེས་བསྐྱེད་རིམ་གྱིས་རྒྱུད་སྣོད་རུང་དུ་སྒྲུབ་ཚུལ་དཔེ་དང་བཅས་པ་རྒྱས་པར་བཤད་དོ། །འོན་ཀྱང་ཧྭ་ཤང་གི་ལྟ་བའི་བག་ཆགས་ཀྱིས་རྒྱུད་བསླད་པ་ཁ་ཅིག་རྡོ་རྗེ་སྙིང་འགྲེལ་དུ། རྣམ་རྟོག་ས་བོན་ལས་བྱུང་བའི། །འབྲས་བུ་རྣམ་རྟོག་བཅས་པར་འགྱུར། །རྣམ་པར་མི་རྟོག་ལས་སྐྱེས་པའི། །འབྲས་བུ་རྣམ་པར་མི་རྟོག་འགྱུར། །ཞེས་ལྷའི་རྣལ་འབྱོར་དེ་ཉིད་མི་རྟོག་ཡེ་ཤེས་ཀྱི་ཉེར་ལེན་མིན་པར་གསུངས་པའི་ཚིག་རིས་ཙམ་ལ་བརྟེན་ནས་བསྐྱེད་རིམ་རྟོག་བཅས་ཡིན་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པའི་རྒྱུར་མི་རུང་ཞེས་སྨྲ་བ་ནི། མདོ་སྡེ་རྒྱན་ལས། གང་ཕྱིར་ཡོད་པ་མི་མཐོང་མེད་མཐོང་བ། །དེ་འདྲའི་མུན་ནག་རྣམ་པ་དེ་གང་ཞིག །ཅེས་པ་ཁོ་ནར་སྣང་སྟེ། དེ་ལྟར་ན་རྫོགས་རིམ་གྱི་རྩ་རླུང་བསྒོམ་པ་ཐམས་ཅད་ཀྱང་འདོར་དགོས་པས་སྣང་ཕྱོགས་མཐའ་དག་ལ་སྐུར་འདེབས་མི་བཟད་པའོ། །ད་ནི་གཞུང་དངོས་ཀྱི་དོན་འཆད་པ་ལ། དངོས་གྲུབ་ཐ་མ་འཕྲིན་ལས་བཞི་ཙམ་འགྲུབ་པ་ནི། རང་གཞན་གྱི་ནད་གདོན་ཞི་བ་དང༌། ཚེ་བསོད་ཤེས་རབ་སོགས་རྒྱས་པ་


GTD005_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། རྒྱལ་བློན་ཕྱག་རྒྱ་སོགས་དབང་དུ་འདུ་བ་དང༌། ཞི་བས་འདུལ་མི་ནུས་པའི་གདུག་པ་ཅན་རྣམས་བསད་སྐྲད་དབྱེ་རེངས་སོགས་ཀྱིས་ཚར་གཅོད་ནུས་པ་རྣམས་ཡིན་ལ། དེ་དག་གི་རྣམ་གཞག་རྒྱས་པར་ཕྱེ་ན། གང་དུ་བལྟ་བ་ཕྱོགས་ཀྱི་ཁྱད་པར། གང་ཚེ་བྱེད་པ་དུས་ཀྱི་ཁྱད་པར། ལུས་ལ་བགོ་བའི་ཆས་ཀྱི་ཁྱད་པར། ཇི་ལྟར་དམིགས་པ་བསམ་པའི་ཁྱད་པར་བཞི་བཤད་རྒྱུད་རྡོ་རྗེ་ཕྲེང་བ་དང་འོད་སྙེ་ལས་གསལ་བར་གསུངས་ལ། དེའི་སྟེང་དུ་གང་ལ་བྱ་བ་ཡུལ་གྱི་ཁྱད་པར། གང་དུ་བྱེད་པ་གནས་ཀྱི་ཁྱད་པར། གང་གིས་བྱེད་པ་ཆོ་གའི་ཁྱད་པར། དེའི་ཚེ་བཟའ་བ་སོགས་ཇི་ལྟར་བརྟེན་པའི་ཁྱད་པར་བཞི་སྒྲོན་གསལ་སོགས་ལས་ཅི་རིགས་པར་འབྱུང་ངོ༌། །དངོས་གྲུབ་འབྲིང་པོ་གྲུབ་ཆེན་བརྒྱད་ནི་ལྷ་མོ་བཞིས་ཞུས་ལས། རྫས་བརྒྱད་ཡན་ལག་སྒྲུབ་པ་བརྒྱད། །རིལ་བུ་མིག་སྨན་དངོས་གྲུབ་དང༌། །ས་འོག་རལ་གྲིའི་དངོས་གྲུབ་དང༌། །ནམ་མཁར་འཕུར་དང་མི་སྣང་དང༌། །ཤི་བ་མེད་དང་ནད་འཇོམས་སོ། །ཞེས་པ་ལྟར་ལ། རིལ་བུའི་དངོས་གྲུབ་ནི། རིལ་བུ་ཚུལ་བཞིན་དུ་བསྒྲུབ་སྟེ་ཉིན་རེ་བཞིན་ཟོས་ན། ལུས་འོད་ཀྱི་གཟི་བརྗིད་དང་ལྡན་པ། གསེར་གྱི་མདངས་དང་ལྡན་པ། སྲེད་མེད་བུའི་སྟོབས་དང་ལྡན་པ། དགེ་བ་ལ་སྤྲོ་བའི་ཤུགས་དང་ལྡན་པ། ཇི་ལྟར་སྨོན་པའི་འབྲས་བུ་འགྲུབ་པ། མངོན་ཤེས་ལྔ་ཐོབ་པ་སྟེ་ཕན་ཡོན་དྲུག་འབྱུང་བར་ལྷ་མོ་བཞིས་ཞུས་ཀྱི་རྒྱུད་ལས་གསུངས་ཤིང༌། དུས་ཀྱི་འཁོར་ལོའི་རྒྱུད་ལས་ཀྱང༌། གང་ཞིག་ཟླ་བ་དྲུག་ཏུ་ཉིན་


GTD005_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

ཞག་སོ་སོའི་དུས་སུ་ཊཾ་ཀའི་རྐང་པའི་ཚད་ནི་ཟ་བྱེད་པ། །དེ་ནི་མཛེ་ལ་སོགས་པའི་ནད་ལས་གྲོལ་ཞིང་སྐྲ་དཀར་གཉེར་མ་དང་བྲལ་བརྒྱད་གཉིས་ལོ་ལོན་དབྱིབས། །ཞེས་རྒས་འཁོགས་པ་རྣམས་ཀྱང་གཞོན་ནུ་ལང་ཚོ་ཅན་གྱི་ལུས་སུ་འགྱུར་བར་བཤད་དེ། གྲུབ་པའི་བཅུད་ལེན་གྲུབ་པ་བཞིན་དུ་ཞེས་དཔེར་བྱེད་པའི་ཚུལ་ཡང་དེ་ཡིན་ནོ། །མིག་སྨན་ནི་སྒྲོན་གསལ་ལས་བཤད་པ་ལྟར། དུད་པའི་མིག་སྨན་སྒྲུབ་པ་ལ་བརྟེན་ནས་རབ་མི་སྣང་བ་དང༌། འབྲིང་ས་འོག་གི་གཏེར་མཐོང་བ་དང༌། ཐ་མ་བལྟས་པ་ཙམ་གྱིས་གཞན་དབང་དུ་བྱེད་པར་འགྱུར་རོ། །ས་འོག་གི་དངོས་གྲུབ་ནི་སའི་འོག་ཏུ་དཔག་ཚད་དུ་མར་ཆུ་ལ་ཉ་བཞིན་དུ་འགྲོ་བའོ། །རལ་གྲིའི་དངོས་གྲུབ་ནི་སྒྲུབ་པའི་ཕྱག་མཚན་ལག་ཏུ་བཟུང་སྟེ་ལྷ་གནས་རྣམས་དང༌། མཁའ་སྤྱོད་སོགས་སུ་བགྲོད་ནུས་པའོ། །བྱ་བཞིན་དུ་འཕུར་བ་དང༌། གཟུགས་མི་སྣང་བར་བསྒྱུར་བ་དང༌། ཚེ་བསྲིང་བ། ནད་སེལ་བ་བཞི་ནི་གོ་སླ་ལ། གཞུང་དུ་མར་རྐང་མགྱོགས་དང་བུམ་པ་བཟང་པོའི་དངོས་གྲུབ་བགྲང་བ་ཡང་ཡོད་དོ། །ཐུན་མོང་བའི་དངོས་གྲུབ་འདི་དག་སྒྲུབ་པའི་ཚུལ་རྒྱས་པར་ནི་བརྟག་གཉིས་ཀྱི་བརྟག་པ་དང་པོའི་ལེའུ་གཉིས་པ་དང་བཅུ་གཅིག་པ། ཕྱི་མའི་དགུ་པ་རྣམས་ནས་གསུངས་ལ། བདེ་མཆོག་གི་དགུ་པ་ནས་བཅུ་བཞི་པའི་བར་དང༌། ཞེ་གསུམ་པ་ནས་ལྔ་བཅུ་པའི་བར་གྱིས་རྒྱས་པར་གསུངས་སོ། །དངོས་གྲུབ་དེ་དག་ཀྱང་སྔགས་ལ་གཞོལ་བའི་བསྐྱེད་རིམ་པས་བཟླས་པ་དང་སྦྱིན་སྲེག་འཁྲུལ་འཁོར་སོགས་ཀྱི་སྒོ་ནས་སྒྲུབ་དགོས་ལ། ནང་ལ་གཞོལ་བའི་བསྐྱེད་རིམ་པས་ནི་དེ་དག་ལ་ལྟོས་པ་


GTD005_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་བསྒོམ་པའི་རིལ་བུ་དང་ཕྱག་མཚན་ལ་བརྟེན་ནས་བསམ་གཏན་གྱིས་ཐམས་ཅད་བསྒྲུབ་ནུས་ཏེ། བདེ་མཆོག་རྩ་རྒྱུད་ལས། གསང་སྔགས་ཟློས་པའི་བཟླས་བརྗོད་དང༌། །བསམ་གཏན་གྱིས་ཀྱང་འགྲུབ་པར་འགྱུར། །ཞེས་ཀྱང་སྒྲས་རྫས་སྔགས་ལ་མ་བརྟེན་པའི་བསམ་གཏན་གཅིག་པུས་འགྲུབ་ཚུལ་གསུངས་པ་ཡིན་ནོ། །དེས་ན་རྗེ་བླ་མས། དེ་ནས་རྫས་སྔགས་འཁྲུལ་འཁོར་བསམ་གཏན་ལ། །བརྟེན་ནས་གྲུབ་པ་ཆེན་པོ་བརྒྱད་དང་ནི། །ཞི་སོགས་རབ་འབྱམས་ལས་ཀུན་འགྲུབ་པ་ཡི། །ལས་ཀྱི་རྒྱལ་པོ་མཆོག །ཅེས་གསུངས་པ་ཡང་སོ་སོར་སྦྱོར་དགོས་པ་སྨོན་ལམ་འདིའི་ཊཱི་ཀ་བྱེད་རྣམས་ཀྱིས་དགོངས་པར་མཛོད་ཅིག །ཐུན་མོང་བའི་དངོས་གྲུབ་འདི་དག་གཙོ་བོར་སྒྲུབ་པའི་གདུལ་བྱ་ཡང༌། ཀུན་མཁྱེན་འཇམ་དབྱངས་བཞད་པའི་གསང་འདུས་བསྐྱེད་རིམ་ལས། དངོས་གྲུབ་ཐ་འབྲིང་གཉིས་ནི་གདུལ་བྱ་གཞན་བཞིས་དོན་དུ་གཉེར་ལ། ཞེས་གསུངས་པ་ལྟར་པདྨ་ལྟ་བུ་ལ་སོགས་པ་གང་ཟག་བཞིས་ནི་རྫོགས་རིམ་གྱི་རྟོགས་པ་མྱུར་དུ་སྐྱེ་བའི་ཐབས་སུ་བོགས་འབྱིན་གྱི་སྤྱོད་པ་བྱས་ཏེ་དངོས་གྲུབ་འདི་རྣམས་ནན་ཏན་དུ་སྒྲུབ་པར་བྱེད་ལ། རིན་པོ་ཆེ་ལྟ་བུའི་གང་ཟག་ནི་དེ་འདྲ་ལ་མ་ལྟོས་པར་རྫོགས་རིམ་གྱི་རྟོགས་པ་སྐྱེད་ནུས་པས་དངོས་གྲུབ་འདི་དག་སྒྲུབ་པ་གཙོ་བོར་མི་བྱེད་དོ། །དངོས་གྲུབ་མཆོག་ཟུང་འཇུག་གི་གོ་འཕང་ནི་སྔ་ཕྱི་ཀུན་ཏུ་འཆད་པས་འདིར་མ་སྤྲོས་སོ། །དེ་ལྟ་བུའི་ལས་རབ་འབྱམས་ཀྱི་དངོས་གྲུབ་ཐམས་ཅད་གདུལ་བྱ་སོ་སོའི་


GTD005_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

སྐལ་བ་དང་འཚམ་པར་བདེ་བླག་ཏུ་སྩོལ་བར་མཛད་པ་ཡང༌། སྔོན་དེ་དང་དེའི་རྒྱུ་མཐུན་པའི་ལམ་གྱི་དབྱེ་བ་སྤྱི་དང༌། ཁྱད་པར་ལས་རྒྱལ་མཆོག་གི་ཏིང་ངེ་འཛིན་ལ་གོམས་པ་ཡོངས་སུ་རྫོགས་པར་མཛད་པའི་ལག་རྗེས་ཡིན་པས། ཚུལ་དེ་ལྟར་དུ་བསམ་ན་འཕགས་མའི་ནུས་མཐུ་ལ་ཡིད་ཆེས་དང༌། སྔོན་སློབ་པའི་གནས་སྐབས་ནས་བཟུང་སྟེ་འགྲོ་བའི་མགོན་སྐྱབས་འདི་ལྟར་མཛད་པར་འདུག་སྙམ་དུ་དད་པ་དང༌། རང་གིས་ཀྱང་འབྲས་བུ་བླ་ན་མེད་པ་དེ་ལྟ་བུའི་ཕྱིར་དུ་ལམ་འདི་ལ་སློབ་སྙམ་པའི་འདུན་པ་སྟེ། དད་པ་གསུམ་ཕན་ཚུན་འགྲན་པ་བཞིན་དུ་འཕེལ་བར་འགྱུར་རོ། །དེ་ལྟར་ཚུལ་དེ་ལྟ་བུའི་སྒོ་ནས་བསྟོད་ན་འཕགས་མའི་ཐུགས་ལ་ཟག་པ་མེད་པའི་དགྱེས་པ་ཁྱད་པར་ཅན་བསྐྱེད་པ་དང༌། སྐལ་བ་མཆོག་དང་ལྡན་པའི་གདུལ་བྱ་ཆོས་ཀྱི་རྗེས་སུ་འབྲང་བ་རྣམས་ཀྱི་ཡིད་རང་དབང་མེད་པར་འཕྲོག་པར་འགྱུར་བས་བསྟོད་པ་བྱེད་ཚུལ་མཆོག་ཏུ་གྱུར་པ་ནི། ངེས་དོན་གྱི་ཡོན་ཏན་ཁྱད་པར་ཅན་རྣམས་རྒྱུ་འབྲས་ངོ་བོ་ཆ་ཚང་བར་བརྗོད་པའི་སྒོ་ནས་བསྟོད་པ་འདི་ལྟ་བུ་ལགས་ཀྱི། དེ་ལས་གཞན་དུ་བྱིས་པ་ཁ་འཁྲིད་པ་ལྟར། གསལ་ལོ། །མཛེས་སོ། །ངོ་མཚར་རོ། །བལྟ་བས་ཆོག་མི་ཤེས་པའོ། །སྲིད་ཞིའི་མཛེས་སྡུག་གཅིག་ཏུ་བསྡུས་པ་འདྲའོ། །ཡ་མཚན་པའི་དཔེ་འདི་དང་འདི་ལྟ་བུ་ཞིག་གོ །ཞེས་སྙན་ཅིང་དཔེ་དོན་འབྲེལ་ལ། མངོན་བརྗོད་སྣ་ཚོགས་ཀྱིས་བཅིངས་ཏེ་འགངས་ཆེ་ཆེ་འདྲ་བ་ཇི་ཙམ་སྨྲས་ཀྱང་འདིའི་ཆ་ཙམ་དུ་ཡང་མི་འགྲོའོ། །ཞེས་གོ་བའི་ཕྱིར་དུ། ཁྱོད་ལ་ཡོན་ཏན་བརྗོད་ནས་བསྟོད་པ་ལེགས། །ཞེས་གསུངས་


GTD005_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། ད་ལྟ་གཞུང་སྤྱིའི་གོ་བ་ཕྱོགས་འགྲོ་ཙམ་ཡང་མ་ཆགས་པར་གཞན་གྱི་ཟེར་ཟློས་དང༌། པདྨ་བུང་བ་ན་ཆུང་སོགས་དཔེ་སླ་བ་རེ་གཉིས་དང་སྦྱར་ནས་གྲོང་པའི་གླུ་ངག་འདྲ་བའི་ཚིགས་བཅད་དམ་དུམ་རེ་བསྒྲིགས་པ་ལ་སྔོན་མེད་ཀྱི་ལེགས་བཤད་སྤེལ་བའི་མཁས་པ་ཆེན་པོའི་གོ་འཕང་ཐོབ་པ་ལྟ་བུའི་མངོན་རློམ་འཆང་བ་རྣམས་ཀྱིས་གནད་འདི་གོ་བར་བྱས་ནས་སྣག་ཤོག་གྲོན་དུ་བྱེད་པའི་ངལ་བ་སྤངས་ཏེ་ནང་དོན་གྱི་གཞུང་ཆེན་མོ་རྣམས་ལ་བག་ཆགས་ཅི་ཐེབས་རེ་བྱས་ན་ལེགས་སོ། །མོས་པའི་སྐུ་གསུམ་སྒྱུ་མའི་སྔགས་ཀྱི་གཟུགས། །ལྷན་སྐྱེས་བདེ་བ་མཆོག་གི་སྲོག་ཐོབ་སྟེ། །ཟུང་འཇུག་དང་པོའི་མགོན་དུ་བཞེངས་པའི་སྐུ། །མཁའ་ཁྱབ་འཕྲིན་ལས་ཟློས་པའི་གར་གྱིས་རྩེན། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །༈ གཉིས་པ་གསུང་ལ་བསྟོད་པ་ལ་གཉིས། ཕར་ཕྱིན་ཐེག་པ་དང་ཐུན་མོང་བའི་དབང་དུ་བྱས་པ་དང༌། སྔགས་ཀྱི་ཐུན་མོང་མ་ཡིན་པའི་དབང་དུ་བྱས་ནས་བསྟོད་པའོ། །དང་པོ་ནི། མགྲིན་པ་ཆོས་ཀྱི་མགུར་ལས་ཆད་མེད་པའི། །ཡན་ལག་དྲུག་ཅུའི་དབྱངས་ཀྱིས་འགྲོ་ཀུན་རྣར། །ཞེས་གསུངས་ཏེ། མགྲིན་པ་ཆོས་ཀྱི་མགུར་ལས་ཞེས་པས་འབྱུང་ཁུངས་ཀྱི་ཁྱད་པར། ཆད་མེད་པའི་ཞེས་པས་དུས་ཀྱི་ཁྱད་པར། ཡན་ལག་དྲུག་ཅུའི་དབྱངས་ཀྱིས་ཞེས་པས་ངོ་བོའི་ཁྱད་པར། འགྲོ་ཀུན་རྣར་ཞེས་པས་ཆེད་དུ་བྱ་བའི་ཡུལ་དངོས་སུ་བསྟན་ཏེ། དེ་དག་རང་རང་གི་སྐལ་བ་བཞིན་ཕན་བདེ་ལ་འགོད་


GTD005_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བྱེད་པ་ཤུགས་ཀྱིས་བསྟན་ནོ། །དང་པོ་སངས་རྒྱས་ཀྱི་གསུང་འབྱུང་བའི་གནས་ཀྱང་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ཞེས་ཆོས་ཀྱི་དགའ་སྟོན་འབྱུང་བའི་གཞི་དང༌། གསུང་རྡོ་རྗེའི་གནས་ཀྱི་གཙོ་བོ་སྨོས་པ་ཙམ་ལས། མཐའ་གཅིག་ཏུ་མགྲིན་པ་ཁོ་ན་ལས་འབྱུང་དགོས་པ་ཡང་མ་ཡིན་ཏེ། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། དེ་བཞིན་གཤེགས་པའི་གསུང་གཙུག་ཏོར་ནས་བྱུང་བར་ཤེས་པ་དང༌། སྤྱི་གཙུག་ནས་འབྱུང་བར་ཤེས་པ་དང༌། དབུ་སྐྲ་རྣམས་ལས་བྱུང་བར་ཤེས་པ་དང༌། ཕྲག་པ་ནས་འབྱུང་བར་ཤེས་པ་དང༌། ཞེས་པ་ནས་བ་སྤུའི་ཁུང་བུ་ཐམས་ཅད་ནས་དེ་བཞིན་གཤེགས་པའི་གསུང་འབྱུང་བར་ཤེས་པའི་སེམས་ཅན་ཁ་ཅིག་ཡོད་དེ། ཞི་བའི་བློ་གྲོས། འདི་ཡང་དེ་བཞིན་གཤེགས་པའི་གསུང་གི་གསང་བའོ། །ཞི་བའི་བློ་གྲོས། མོས་པ་ཇི་ལྟ་བ་དང༌། ཡོངས་སུ་སྨིན་པ་ཇི་ལྟ་བ་དང༌། བསམ་པ་ཇི་ལྟ་བ་བཞིན་དུ་དེ་བཞིན་གཤེགས་པའི་གསུང་འབྱུང་བར་ཤེས་ཀྱང་ཞེས་སོགས་གསུངས་ལ། མོས་པ་དང་ཡོངས་སུ་སྨིན་པའི་སྐལ་བ་བཞིན་འབྱུང་ཚུལ། མདོ་སྡེ་རྒྱན་ལས། ལུང་དང་རྟོགས་དང་དབང་འབྱོར་ལས། །ཁ་དང་གཟུགས་ནི་ཐམས་ཅད་དང༌། །ནམ་མཁའ་ལས་ཀྱང་འབྱུང་བ་ཡིན། །ཞེས་གསུངས་ཏེ་སྤྱོད་འཇུག་གི་སྨོན་ལམ་མཛད་ཚུལ་དང་གནད་གཅིག་གོ །ཡུན་ཚད་ཀྱང༌། མངོན་རྟོགས་རྒྱན་ལས། དེ་བཞིན་འཁོར་བ་ཇི་སྲིད་འདིའི། །ལས་ནི་རྒྱུན་མི་འཆད་པར་འདོད། །ཅེས་དང༌། དེ་ཉིད་ཟད་པ་མེད་པའི་ཕྱིར། །རྟག་པ་ཞེས་ཀྱང་བརྗོད་


GTD005_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན། །ཞེས་གསུངས་པ་ལྟར་སངས་རྒྱས་ཀྱི་མཛད་པ་འཕྲིན་ལས་ཐམས་ཅད་དང༌། ཁྱད་པར་དུ་མཛད་པའི་མཆོག་གསུང་གི་མཛད་པ་ནི་འཁོར་བ་མ་སྟོངས་བར་དུ་རྒྱུན་མི་འཆད་པར་འཇུག་སྟེ། བསྟོད་སྤྲིན་རྒྱ་མཚོ་ལས། ཁྱོད་ཀྱི་གསུང་དབྱངས་དབྱངས་ཀྱི་ང་རོའི་དཀྱིལ་འཁོར་འཁོར་བ་སྲིད་དུ་རྒྱུན་ཆགས་པ། །ཞེས་གསུངས་པ་ལྟར་རོ། །ངོ་བོའི་ཁྱད་པར་ནི་འདིར་ཡན་ལག་དྲུག་ཅུའི་དབྱངས་ཞེས་པ་ཙམ་ལས་རྩ་བཞིའི་གསལ་ཁ་མ་བྱུང་ཞིང༌། མདོ་སྡེ་རྒྱན་དང༌། དེའི་དབྱིག་འགྲེལ། བློ་བརྟན་གྱི་འགྲེལ་བཤད། རྣམ་བཤད་རིག་པ། ཉི་སྣང༌། རྟོག་གེ་འབར་བ་རྣམས་སུ་ཡང་དྲུག་ཅུ་ཁོ་ན་གསུངས་ལ། གསང་བ་བསམ་གྱིས་མི་ཁྱབ་པའི་མདོར་དྲུག་ཅུ་རྩ་བཞི་གསལ་བར་བགྲང་བ་བཞིན། རྗེ་བླ་མས་ཀྱང༌། དེ་ལྟར་བཞི་ཡིས་ལྷག་པའི་དྲུག་ཅུའི་དབྱངས། །ཞེས་གསུངས་པས་བཤད་ཚུལ་དེ་དག་དབྱེ་བསྡུའི་གྲངས་འདྲེན་ལུགས་ཐ་དད་པ་ཙམ་ཡིན་གྱི། དོན་ལ་མི་མཐུན་པ་མེད་དོ། །ཡན་ལག་སོ་སོའི་རང་བཞིན་ཞིབ་ཏུ་ཤེས་པར་འདོད་ན་གོང་དུ་སྨོས་པའི་གཞུང་དེ་དག་ལས་ཤེས་པར་བྱ་ཡི། འདིར་ཧ་ཅང་ཚིག་ཚོགས་ལྕི་བས་འཇིགས་ནས་མ་བྲིས་སོ། །གསུང་དེས་དགོས་པ་ཅི་ཞིག་སྒྲུབ་སྙམ་ན། དེའི་ཚུལ་ནི་འགྲོ་ཀུན་རྣར་ཞེས་ཕྱོགས་རེ་བ་ཙམ་མ་ཡིན་པར་ས་གསུམ་གྱི་འགྲོ་བ་ཐམས་ཅད་ལ་རང་རང་གི་སྐལ་བ་བཞིན་དུ་སྐྱེས་བུ་ཆུང་ངུའི་རིགས་ཅན་རྣམས་མངོན་མཐོ་དང༌། འབྲིང་དང་ཆེན་པོའི་རིགས་ཅན་རྣམས་ཐེག་པ་ཆེ་ཆུང་གི་


GTD005_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་ལེགས་བྱང་ཆུབ་ཀྱི་ལམ་ལ་སྦྱར་ནས་མཐའ་དག་གི་དོན་མཛད་ཚུལ། རྒྱུད་བླ་མ་ལས། ལྷ་རྣམས་ཐམས་ཅད་ཡང་ནས་ཡང༌། །ཆོས་ཀྱི་རྔས་ནི་སྐུལ་བྱེད་ལྟར། །དེ་བཞིན་ཁྱབ་བདག་འབད་སོགས་དང༌། །བྲལ་ཡང་འགྲོ་བ་མ་ལུས་པ། །སངས་རྒྱས་གསུང་གིས་ཁྱབ་མཛད་དེ། །སྐལ་ལྡན་རྣམས་ལ་ཆོས་སྟོན་ཏོ། །ཞེས་གསུངས་པ་ལྟར་རོ། །ཡང་ཁ་ཅིག་འདི་སྙམ་དུ། འགྲོ་བ་ཐམས་ཅད་ཀྱིས་སངས་རྒྱས་ཀྱི་གསུང་དངོས་སུ་ཐོས་མི་ནུས་པས། དེ་དག་ལ་སངས་རྒྱས་ཀྱི་གསུང་གིས་ཁྱབ་ཚུལ་མེད་སྙམ་ན། དེ་ནི་མ་ཡིན་ཏེ། དཔེར་ན་མེ་ཤེལ་ཉི་མ་ལ་བསྟན་པའི་ཚེ་དེས་གཞན་བསྲེག་པ་དེ་དངོས་སུ་མེ་ཤེལ་གྱིས་བསྲེག་པ་ཡིན་ཀྱང༌། རྩ་བ་ཉི་མའི་འོད་ཟེར་མེ་ཤེལ་གྱིས་བསྡུས་པའི་སྟོབས་ཡིན་པས་ཉི་འོད་ལ་རག་ལས་པ་ལྟར། དེ་དག་ལ་ལེགས་པའི་ལམ་ཕྲ་མོ་རེ་བསྟན་པ་ཐམས་ཅད་ཀྱང་དངོས་སུ་གང་ཟག་གཞན་ལས་ཐོས་པ་ཡིན་ནའང༌། དེའི་རྒྱུ་གང་ཟག་དེ་ལ་སངས་རྒྱས་ཀྱི་འཕྲིན་ལས་ཞུགས་པའི་དབང་གིས་ཡིན་པས། བརྒྱུད་ནས་སངས་རྒྱས་ཀྱི་མཐུ་ཡིན་ཏེ། ཚུལ་འདི་ཤེས་ན། བསྔགས་འོས་བསྔགས་བསྟོད་ལས། ཁྱོད་ཀྱིས་གང་ལས་འགྲོ་བ་དག །མ་དྲངས་རྒུད་པ་དེ་གང་མཆིས། །གང་དང་འཇིག་རྟེན་མ་སྤྲད་པའི། །ཕུན་ཚོགས་དེ་ཡང་གང་ཞིག་མཆིས། །ཞེས་ཚེར་མ་ཟུག་པ་ལྟ་བུའི་གདུང་བ་ཕྲ་མོ་བསལ་བ་དང༌། ཟས་ཁམ་གཅིག་རྙེད་པའི་བདེ་བ་ཡན་ཆད་སངས་རྒྱས་ཀྱི་བཀའ་དྲིན་དུ་གསུངས་པ་ལ་ངེས་པ་རྙེད་པར་འགྱུར་རོ། །༈ གཉིས་པ་སྔགས་ཀྱི་ཐུན་


GTD005_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

མོང་མ་ཡིན་པའི་དབང་དུ་བྱས་ནས་བསྟོད་པ་ལ། མདོར་བསྟན་རྒྱས་བཤད་གཉིས། དང་པོ་ནི། སྙན་འཇེབས་ཕཻཾ་ཀ་ར་ཡི་སྒྲ་སྐད་ཀྱིས། །ཁམས་གསུམ་མ་ལུས་མཁའ་འགྲོར་བཅས་ཏེ་བསྡུ། །ཞེས་བྱུང༌། འདི་ལ་ཐོག་མར་དོགས་པའི་གནས་འདི་ཡོད་དེ། ཕཻཾ་གྱི་སྒྲ་སྒྲོག་པ་དང༌། མཁའ་འགྲོ་དབང་དུ་སྡུད་པ་ནི་གསུང་གི་ཡོན་ཏན་གྱི་ཆ་ཤས་གཅིག་ཡིན་པས། དེ་ལྷག་མ་ཐམས་ཅད་མདོར་བསྟན་དུ་འབྲེལ་མེད་དོ་སྙམ་ན། སྐྱོན་མེད་དེ། འདིར་མཁའ་འགྲོ་བསྡུ་བར་གསུངས་པས། རང་དོན་ཕོ་ཉ་གསུམ་བསྲེས་པའི་ལམ་གྱི་རྟོགས་པ་མཐར་ཕྱིན་ཚུལ་དང༌། གཞན་དོན་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་འགྲུབ་ཚུལ་བསྟན་པ་ཡིན་ཏེ་འཆད་པར་འགྱུར་རོ། །དེ་ཡང་སྙན་འཇེབས་ཞེས་པ་ནི། བསྟོད་སྤྲིན་རྒྱ་མཚོའི་འགྲེལ་པ་ལས། བདག་ཏུ་ལྟ་བ་ལ་སོགས་པ་མུ་སྟེགས་ཅན་གྱི་ལྟ་བ་ངན་པ་ཐམས་ཅད་འཇོམས་པར་བྱེད་པའི་སྟོབས་ཀྱི་ཡོན་ཏན་དང་ལྡན་པས་ན་སྙན་ལ་འཇེབས་པ་དང༌། ཞེས་གསུངས་པ་ལྟར། མི་མཐུན་ཕྱོགས་ཐམས་ཅད་འཇོམས་ཤིང་ཡོན་ཏན་མ་ལུས་པ་སྒྲུབ་པའི་མཐུ་དང་ལྡན་པས་ན་གསུང་གི་ཡོན་ཏན་གྱི་གཙོ་བོ་སྨོས་པ་ཡིན་ནོ། །ཕཻཾ་ཀ་ར་ཞེས་པ་ནི། ཞི་བ་ཡེ་ཤེས་ཀྱིས། མཁའ་འགྲོ་སྡུད་པའི་ཕཻཾ་སྐད་གནམ་དུ་སྒྲོག །ཅེས་དང༌། རྟོག་བདུན་རྣམ་བཤད་ལས། མཁའ་འགྲོ་སྡུད་པའི་ཕཻཾ་སྒྲ་དང་གདུག་ཅན་གསོད་པའི་ཕཊ་སྒྲ། ཞེས་གསུངས་པ་ལྟར། མཁའ་འགྲོ་དབང་དུ་བྱེད་པའི་སྒྲ་དངོས་ནི་ཕཻཾ་ཡིན་ལ། ཕྱི་མ་ནི་བྱིངས་མདོ་ལས། ཀ་ར་


GTD005_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་ལའོ། །ཞེས་པ་ལྟར་སྔ་མའི་མཇུག་ཏུ་བྱེད་ཚིག་སྦྱར་བ་ཡིན་ཏེ། ༸རྒྱལ་དབང་བདུན་པའི་འཇིགས་བྱེད་བསྐྱེད་རིམ་ལས། སྲིན་ཞལ་ནས་ཕེཾ་ཀ་ར་སྟེ། ཕེཾ་མཁའ་འགྲོ་འབོད་པ། ཀ་ར་བྱེད་པ་སྟེ་མཁའ་འགྲོ་དབང་དུ་བྱེད་པའི་ཕེཾ་ཀ་རའི་སྒྲ་འབྲུག་ལྟར་སྒྲོག་པ། ཞེས་སོ། །སྲིན་ཞལ་དམིགས་ཀྱིས་བཀར་བ་ནི་སྐྱེ་འགྲོ་དབང་དུ་བྱེད་པ་སོགས་ཐུན་མོང་བའི་དངོས་གྲུབ་སྒྲུབ་པའི་ཆེད་དུ་སྤྲུལ་བའི་ཞལ་ཡིན་པའི་རྒྱུ་མཚན་གྱིས་ཡིན་ལ། འཇིག་རྟེན་པའི་བཟླས་པ་དེ་ནས་བྱེད་པར་གསུངས་པའི་གནད་ཀྱང་དེ་ཡིན་ཞིང༌། རྩ་ཞལ་ནི་གང་ལ་གནད་དུ་བསྣུན་པའི་རྩ་འཁོར་སོགས་མ་བཅོས་པའི་སྒྲུབ་གཞི་ཅན་ཡིན་པས་འཇིག་རྟེན་ལས་འདས་པའི་བཟླས་པ་དེ་ནས་བྱེད་པར་གསུངས་ཏེ། དངོས་གྲུབ་རྒྱ་མཚོར་སྐྱེ་མཆེད་ཀྱི་ལྷ་འགོད་ཚུལ་ལ་དོགས་པ་བཅད་པ་བཞིན་ནོ། །འདིར་མཁའ་འགྲོ་ཞེས་པ་ཡང་མཚན་གཞི་གཙོ་བོ་སྨོས་པ་ཡིན་གྱི། སྤྱིར་ཡེ་ཤེས་པའི་ལྷ་ཚོགས་མཐའ་དག་གི་བྱིན་རླབས་སྡུད་བྱེད་ཡིན་ཏེ། འདོད་འཇོ་ལས། གྱེན་དུ་བལྟས་ནས་ཕེཾ་ཞེས་པའི་སྒྲ་སྒྲོག་པ་ཡིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་རྣམས་དཀྱིལ་འཁོར་གྱི་འཁོར་ལོར་གྱུར་པའི་ཡེ་ཤེས་ཀྱི་འཁོར་ལོར་འགུག་པར་བྱེད་དོ། །ཞེས་སོ། །དེ་ལྟར་མཁའ་འགྲོ་དབང་དུ་འདུས་པ་ན་དེའི་སྟོབས་ཀྱིས་མཆོག་ཐུན་མོང་གི་དངོས་གྲུབ་གཞན་ཐམས་ཅད་ཀྱང་བདེ་བླག་ཏུ་འགྲུབ་པར་འགྱུར་ཏེ། ཁམས་གསུམ་གྱི་ཟས་ནོར་ལོངས་སྤྱོད་རྒྱལ་བློན་ཕྱག་རྒྱ་སོགས་ནི་དེ་དག་གི་ཐུགས་ཀྱི་དགོངས་པ་ཙམ་ལ་བརྟེན་ནས་ཀྱང་དབང་དུ་


GTD005_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

སྡུད་ནུས་ལ། མཆོག་གི་དངོས་གྲུབ་ཀྱང་དེ་དག་གིས་ཕོ་ཉའི་ལམ་གྱི་གྲོགས་བྱས་པ་ལ་བརྟེན་ནས་དུས་ཤིན་ཏུ་མྱུར་བར་བདེ་བླག་ཏུ་བགྲོད་ནུས་པའི་ཚུལ། བདེ་མཆོག་རྩ་རྒྱུད་ལས། དཔའ་བོ་གཉིས་མེད་རྣལ་འབྱོར་མ། །དེ་ཀུན་འདོད་པའི་གཟུགས་ཅན་ཏེ། །ཡིད་ཀྱི་ཤུགས་ཀྱིས་འཇུག་པ་ཡིན། །ཞེས་དང༌། སྡོམ་འབྱུང་ལས། སྙིང་པོའི་ཕྱག་རྒྱ་སོགས་ལ་བསྐོར། །མཁའ་འགྲོ་མ་ཡི་དྲ་བ་སྡོམ། །ཞེས་གསུངས་ལ། དེའི་དོན་འདོད་འཇོ་ལས། མཁའ་འགྲོ་མའི་དྲ་བ་སྟེ་ཚོགས་ཀུན་གྱི་བདེ་བ་དམ་པ་སྟེ་མཆོག་སྦྱིན་པར་བྱེད་པའོ། །ཞེས་གསུངས་སོ། །དེར་མ་ཟད་མཆོག་གི་དངོས་གྲུབ་སྒྲུབ་ཚུལ་དང་སྦྱོར་བ་ན་ཁམས་གསུམ་ཞེས་པ་ཡང་ཟུང་འཇུག་གི་གོ་འཕང་ལ་བྱར་རུང་སྟེ། དགོངས་པ་ལུང་སྟོན་ལས། རྡོ་རྗེ་ཐལ་མོའི་ངེས་དོན་གྱི་སྐབས་སུ་ཟུང་འཇུག་ལ་ཁམས་གསུམ་གྱི་མིང་གིས་བཏགས་ཤིང༌། དེ་ལྟར་བཏགས་པའི་གོ་དོན་ནི། བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ་ལས། འོ་ན་ཁམས་གསུམ་གྱི་དོན་ཇི་ལྟར་ཚང་སྙམ་ན། ཁམས་གསུམ་ནི་འདོད་ཁམས་སོགས་ལ་ཟེར་བ་མ་ཡིན་གྱི། སྤྱོད་བསྡུས་ལས་ཟུང་འཇུག་གི་མིང་གི་རྣམ་གྲངས་སུ། འཇིག་རྟེན་གསུམ་གྱི་བདག་ཉིད་ཅན། །ཞེས་གསུངས་པ་ལྟར་རོ། །ཞེས་དཔེ་དང་བཅས་ཏེ་བཤད་པ་བཞིན་ནོ། །དེ་ལྟར་ན་རྗེ་བཙུན་མ་འདི་ཉིད་ཀྱི་རྣལ་འབྱོར་ལྷུར་བྱེད་པའི་སྒྲུབ་པ་པོ་རྣམས་ཀྱིས་འདིའི་ཐུགས་རྗེ་ལ་བརྟེན་ནས་རིང་པོར་མ་ཐོགས་པར་གནས་གསུམ་གྱི་མཁའ་འགྲོ་ཐམས་ཅད་དབང་དུ་སྡུད་


GTD005_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

པར་ནུས་ཤིང་དེ་ལ་བརྟེན་ནས་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་བདེ་བླག་ཏུ་འགྲུབ་པར་འགྱུར་ལ། དེའི་རྩ་བ་ཡང་རྗེ་བཙུན་མ་རང་ཉིད་ཀྱིས་སྔོན་སློབ་པའི་གནས་སྐབས་ན་རྣལ་འབྱོར་མ་རྒྱུད་ཀྱི་ཟབ་གནད་ཕོ་ཉ་གསུམ་དབྱེར་མེད་དུ་བསྲེ་བའི་ལམ་ལ་གོམས་པ་མཐར་ཕྱིན་པའི་དབང་གིས་ཡིན་པས། རྒྱུ་དང་འབྲས་བུའི་ཚུལ་མཐའ་དག་ནས་བསམས་ཏེ་དང་བ་བསྐྱེད་པར་བྱའོ། །༈ གཉིས་པ་རྒྱས་པར་བཤད་པ་ལ། གསུང་གི་སྒོ་ནས་ཇི་ལྟར་གདམས་ཚུལ་དང༌། གསུང་རྡོ་རྗེ་རང་གིས་མངོན་དུ་མཛད་ཚུལ་གཉིས། དང་པོ་ནི། སྒྲུབ་པོའི་ལམ་གྱི་མན་ངག་ཆ་ཚང་བར། །དབུགས་དབྱུང་ཚིག་དང་བཅས་ཏེ་སྟོན་མཛད་པས། །ལྷན་སྐྱེས་བདེ་ཆེན་སྟོང་ཉིད་མཉམ་སྦྱོར་བ། །དགའ་བའི་རོ་ལ་ཀུན་ནས་སྦྱོར་བར་མཛད། །ཅེས་བྱུང་། དེ་ཡང་ལམ་གྱི་མན་ངག་ཆ་ཚང་བ་ནི་ཉམས་ལེན་ཕྱོགས་རེ་བ་ཙམ་མ་ཡིན་པར། ལས་དང་པོ་བའི་ས་ནས་སངས་རྒྱས་ཀྱི་སའི་བར་གྱི་ཉམས་ལེན་ཚང་ལ་མ་ནོར་བ་ཞིག་དགོས་ཏེ། དཔེར་ན་ལམ་འབྲས་རྡོ་རྗེའི་ཚིག་རྐང་དུ། ཐོག་མར་སྣང་གསུམ་གྱི་ཁྲིད་ཀྱི་སྒོ་ནས་དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ། ལས་རྒྱུ་འབྲས། འཁོར་བ་སྤྱི་དང་བྱེ་བྲག་གི་ཉེས་དམིགས། ངེས་འབྱུང་བྱང་ཆུབ་ཀྱི་སེམས་སོགས་ལ་གོམས་པར་བྱེད་ཅིང༌། དེ་ནས་རྒྱུད་གསུམ་དུ་བསྟན་པ་ལྟར་གདན་གསུམ་ཚང་བའི་རྡོ་རྗེ་སློབ་དཔོན་གྱི་དྲུང་ནས་དབང་རྣམ་པར་དག་པ་མནོས་ཏེ། དམ་ཚིག་ཉི་ཤུ་ཚུལ་བཞིན་དུ་བསྲུང་ཞིང༌། གསལ་སྟོང་ཟུང་འཇུག་ལམ་གྱི་སྲོག་ཏུ་བྱས་ཏེ་བཅུ་གསུམ་རྡོ་རྗེ་འཛིན་པའི་གོ་འཕང་སྒྲུབ་པའི་བར་གྱི་ཉམས་ལེན་


GTD005_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

ཚོམས་བཅོ་བརྒྱད་དུ་བསྡུས་ནས་བསྟན་པ་ལྟ་བུ་སྟེ། འདི་ཡང་མིང་གི་འདོགས་ཚུལ་ཙམ་ལས། དོན་ལམ་ཐུན་མོང་བས་རྒྱུད་སྦྱངས་ཤིང༌། དེ་ནས་སྔགས་ལ་ཞུགས་ཏེ་རིམ་གཉིས་ལ་སློབ་པར་གསུངས་པ་དང་གནད་གཅིག་གོ །འདིར་མན་ངག་ནི་ཨུ་པ་དེ་ཤ་ཞེས་པ་དྲང་ཐད་དུ་བསྒྱུར་ན། ཉེ་བར་རྟོགས་པར་བྱེད་པ་སྟེ་དོན་ཟབ་ཅིང་རྒྱ་ཆེ་བ་རྣམས་ཚིག་ཉུང་ངུས་གོ་བར་བྱེད་པ་དང༌། ལམ་གྱི་རྟོགས་པ་སྐྱེ་དཀའ་བ་རྣམས་ཀྱང་བདེ་བླག་ཏུ་སྐྱེད་པར་བྱེད་པའོ། །དབུགས་དབྱུང་ཞེས་པ་ནི་དམ་པ་གོང་མ་འགའ་ཞིག་གིས་སྒྲུབ་པ་མཛད་པའི་ཚེ་ལམ་གྱི་དྲོད་རྟགས་འཕྲལ་དུ་མ་བྱུང་བས་ཐུགས་སྐྱོ་བ་ན། རྗེ་བཙུན་མ་སོགས་ཀྱིས་ཞལ་བསྟན་ནས་སྤྲོ་བ་བསྐྱེད་དེ་དབུགས་ཕྱུང་བའི་ལོ་རྒྱུས་དང་སྦྱར་ཏེ་བཤད་ཀྱང་རུང་མོད། གཙོ་བོ་ནི་ཚར་ཆེན་གྱིས། བོགས་ཕྱིན་བརྒྱད་ཀྱིས་ཏིང་འཛིན་བོགས་དབྱུང་ཞིང༌། །གདམས་ངག་དྲུག་དང་བསྲུང་བ་སུམ་ཅུ་ཡིས། །བར་ཆད་ཀུན་སེལ་རྟེན་འབྲེལ་རྣམ་པ་ལྔ། །ཞེས་གསུངས་པ་ལྟར། ལམ་རང་རང་གི་སྐབས་ཀྱི་གེགས་སེལ་བོགས་འབྱིན་དང་བཅས་ཏེ་སྒྲུབ་པའི་སྦྱོར་དངོས་རྗེས་ཀྱི་རིམ་པའི་མན་ངག་ཆ་ཚང་བར་གདམས་པ་ལ་བྱེད་དོ། །གདམས་རྒྱུའི་ཆོས་ཀྱང་རྒྱལ་བས་དྲང་ངེས་ཀྱི་སྡེ་སྣོད་མཐའ་ཡས་པ་ཞིག་གསུངས་ན་ཡང་། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་པོ་ཐམས་ཅད་ཀྱི་བཅུད་བསྡུས་པ་རྣལ་འབྱོར་བླ་མེད་ཀྱི་ལམ་གྱི་སྲོག་ལྟ་བུ་ནི། བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ཡིན་ཏེ། རྡོ་རྗེ་ཕྲེང་བ་ལས། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ཁྱབ། །མདོར་བསྡུས་ཆོས་ཀྱི་ཕྱག་རྒྱ་འོ། །


GTD005_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ཀུན་གྱི་ནི་དོན་བསྡུས་པ། །སྟོང་ཉིད་སྙིང་རྗེ་མི་ཕྱེད་པ། །ཞེས་དང༌། བདེ་མཆོག་འབྱུང་བ་ལས། གསང་བ་སངས་རྒྱས་ཐམས་ཅད་ཀྱི། །འདུས་པ་སྡོམ་པ་དག་གི་མཆོག །ཅེས་གསུངས་པ་ལྟར་ཡིན་པས། འདིར་ཡང༌། ལྷན་སྐྱེས་བདེ་ཆེན་སྟོང་ཉིད་མཉམ་སྦྱོར་བ། །དགའ་བའི་རོ་ལ་ཀུན་ནས་སྦྱོར་བར་མཛད། །ཅེས་གསུངས་སོ། །འདི་ནི་ཤིན་ཏུ་རྟོགས་པར་དཀའ་ཞིང་གནད་ཆེ་བས་ཅུང་ཟད་ཕྱེ་སྟེ་བཤད་པ་ལ། བདེ་སྟོང་སྦྱོར་བའི་གནད་འདི་ལྟ་བུ་ཐེག་པ་གཞན་ལ་མེད་པ་ལམ་འདི་ཁོ་ནའི་ཁྱད་ཆོས་སུ་འགྱུར་ཚུལ་ཇི་ལྟར་ཡིན་ཞེ་ན། ཕར་ཕྱིན་ཐེག་པར་ཡང་ཞི་གནས་བསྒོམ་སྟེ་ལུས་སེམས་ཤིན་སྦྱངས་ཀྱི་བདེ་བ་སྐྱེད་ཅིང་དེའི་རྩི་མ་ཡལ་བའི་ངང་ནས་རྣམ་པར་མི་རྟོག་པའི་ལྷག་མཐོང་སྒོམ་པ་ལ་འཇུག་པ་དང༌། ས་དང་པོར་སྟོང་ཉིད་རྟོགས་པའི་དགའ་བདེ་ལྷག་པར་ཐོབ་པ་བཤད་ཅིང༌། བྱ་རྒྱུད་བསམ་གཏན་ཕྱི་མ་དང༌། སྤྱོད་རྒྱུད་རྣམ་སྣང་མངོན་བྱང་ལས་རླུང་ཕྱིར་རྒྱུ་བ་བཀག་སྟེ་ནང་དུ་བཟུང་ནས་ལྷའི་རྣལ་འབྱོར་བསྒོམ་པའི་སྲོག་རྩོལ་ལ་བརྟེན་པའི་བདེ་བ་སྐྱེ་བར་གསུངས་ཀྱང༌། དེ་དག་ཏུ་ནང་ལུས་ཀྱི་རྩ་འཁོར་ལ་གནད་དུ་བསྣུན་པའི་རླུང་གི་རྣལ་འབྱོར་མ་གསུངས་པས། དེའི་བདེ་བ་ཡང་བླ་མེད་ཀྱི་བདེ་སྟོང་སྦྱོར་བར་བཤད་པའི་བདེ་བའི་གྲངས་སུ་མི་འགྲོ་སྟེ། གསང་བ་གྲུབ་པ་ལས། བྱ་བ་སྤྱོད་པའི་དབྱེ་བ་ཡང༌། །མདོ་སྡེའི་སྡེ་སྣོད་ལ་སོགས་སུ། །མཆོག་ཏུ་དགའ་བ་གཅིག་པུ་ཉིད། །རྣམ་པ་དུ་མར་རྣམ་པར་གནས། །ཕུང་པོ་རིན་ཆེན་སྣོད་ཉིད་དུ། །སེམས་ཅན་བསམ་པའི་བྱེ་བྲག་གིས། །དེ་ཉིད་འབད་པས་སྦས་མཛད་ནས། །


GTD005_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་མགོན་པོས་རྣམ་པར་བཞག །ཅེས་དང༌། མན་ངག་སྙེ་མ་ལས། འོ་ན་བསམ་གཏན་དང་པོ་ཐོབ་པ་རྣམས་ཀྱང་འཁོར་ལོས་བསྒྱུར་བ་རྣམས་བཞིན་དུ་བདེ་བ་ཉེ་བར་བསྟེན་པ་ཡིན་ན། བདག་མེད་པ་ཉིད་གཉིས་ཀ་རབ་ཏུ་རྟོགས་པ་ན་ལྟ་ཅི་སྨོས། དེ་ལྟར་ནི་རབ་ཏུ་དགའ་བ་ལྷག་པ་ཉིད་ལས་ས་དང་པོ་རབ་ཏུ་དགའ་བ་ཞེས་བྱ་བར་བརྗོད་པར་བྱས་པས་སོ་ཞེ་ན་བདེན་ཏེ། འདི་ལྷན་ཅིག་སྐྱེས་པའི་བདེ་བ་ནི་མ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་བདེ་བ་ཆེན་པོ་མ་ཡིན་ནོ། །ཞེས་གསུངས་སོ། །དེ་ལྟ་བུའི་ཐབས་བདེ་བ་ཆེན་པོ་མེད་ན་སྟོང་ཉིད་ཀྱི་ལྟ་བ་དཔྱིས་ཕྱིན་པ་ཕར་ཕྱིན་ཐེག་པར་ཡོད་ཀྱང༌། དེ་རྐྱང་པ་བསྒོམ་པས་ཞི་མཐར་ལྟུང་སྟེ། རྡོ་རྗེ་མཁའ་འགྲོ་ལས། ཕྱག་རྒྱའི་སྦྱོར་བ་འདི་ཡིས་ནི། །ས་གསུམ་མ་ལུས་བཟའ་བར་བྱ། །གཞན་དུ་གལ་ཏེ་སྦྱོར་བ་ནི། །མ་ཚང་མར་མེ་ལྟ་བུར་འདའ། །ཞེས་ཕྱག་རྒྱའི་སྦྱོར་བའི་བདེ་ཆེན་གྱིས་ཟིན་པའི་སྒོ་ནས་ས་གསུམ་འོད་གསལ་དུ་འཇུག་དགོས་ཀྱི། དེས་མ་ཟིན་པར་སྟོང་ཉིད་ཀྱི་སྦྱོར་བ་གཅིག་པུ་བསྒོམ་ན་ཉོན་མོངས་ཙམ་ཟད་པའི་དམན་པའི་མྱང་འདས་སུ་ལྟུང་བར་གསུངས་སོ། །མདོ་ལུགས་ལ་ཡང་ཐེག་ཆེན་པ་རྣམས་ཀྱིས་ཞི་མཐའ་འགོག་པའི་ཕྱིར་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་དང་སྦྲགས་ནས་བྱེད་མོད་ཀྱང༌། ད་དུང་སྒོམ་ལམ་ཐོབ་པ་ན་ཐབས་ཀྱི་ཆ་གཙོ་བོར་བྱེད་པ་མ་གཏོགས་སྟོང་ཕྱོགས་བསྒོམ་བྱའི་གཙོ་བོར་བྱེད་མི་རུང་བས། ཤེས་མཐོང་གིས་བལྟས་ནས་འདའ་དགོས་པ་ནི་ཐབས་ཤེས་མཉམ་པར་སྦྱོར་ཚུལ་སྔགས་ཀྱི་ཐབས་


GTD005_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་འདི་འདྲ་བ་མེད་པའི་རྒྱུ་མཚན་གྱིས་ཡིན་ཏེ། མདོ་ལུགས་ཀྱི་ཐབས་ཤེས་ཟུང་དུ་འབྲེལ་ཚུལ་ནི། བློ་ངོ་བོ་ཐ་དད་པ་གཉིས་གཅིག་གིས་གཅིག་རྩིས་ཟིན་པར་བྱེད་པ་ཙམ་ཡིན་ལ། སྔགས་ལུགས་ཀྱི་ཐབས་སྙིང་རྗེའམ་བདེ་བ་ཆེན་པོ་དང༌། ཤེས་རབ་སྟོང་ཉིད་རྟོགས་པ་གཉིས་སྒྲོན་མེ་དང་དེའི་འོད་བཞིན་སེམས་གཅིག་ལ་ལྡོག་ཆ་ཙམ་གྱིས་སོ་སོར་བཞག་པ་ཡིན་པས་འོ་ཆུ་འདྲེས་པ་ལྟར་དངོས་པོ་སོ་སོར་དབྱེ་རྒྱུ་མེད་པ་ཞིག་དགོས་པའི་ཚུལ། བདེ་མཆོག་འབྱུང་བ་ལས། ཤེས་རབ་སྙིང་རྗེའི་དབྱེ་བ་ནི། །སྒྲོན་མ་དང་ནི་འོད་ཟེར་བཞིན། །འདི་བཞིན་མི་ཕྱེད་བདག་ཉིད་དོ། །རོ་གཅིག་དངོས་པོའི་སེམས་ཡིན་ནོ། །ཞེས་དང༌། སམ་བྷུ་ཊ་ལས། ཆུ་དང་འོ་མ་འདྲེས་པ་བཞིན། །གཉིས་མེད་རྣམ་པའི་སྦྱོར་བ་ཡིས། །གཉིས་པོ་འདུས་པ་གང་ཡིན་པ། །ཤེས་རབ་ཐབས་ཞེས་བྱ་བར་གྲགས། །ཞེས་གསུངས་ཏེ། སྔགས་ཀྱི་སྐབས་འདིར་ཐམས་ཅད་ལ་རྡོ་རྗེའི་སྒྲ་སྦྱར་བ་ཡང་གནད་འདི་རྟོགས་དགོས་པ་ཡོད་དོ། །དེ་ལྟར་སྟོང་པ་ཉིད་ཀྱི་ལྟ་བ་ཕུ་ཐག་ཆོད་པ་ཞིག་མེད་ན་འཁོར་བ་ལས་མི་གྲོལ་ཞིང་ཨེ་ཡིག་གི་དོན་མི་ཚང༌། ཕྱི་ནང་གི་ལུས་ལ་གནད་དུ་བསྣུན་པ་ལས་བྱུང་བའི་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོ་མེད་ན་སྔགས་ཀྱི་ཟབ་གནད་རྣམས་མི་འབྱུང་ཞིང་ཝ་ཡིག་གི་དོན་མི་ཚང༌། དེ་གཉིས་སོ་སོར་ཡོད་ཀྱང་སྟོང་ཉིད་ཀྱི་ལྟ་བ་ཞུ་བདེའི་ངོ་བོར་བསྐྱེད་དེ་སྟོང་ཉིད་ཡུལ་དང༌། བདེ་ཆེན་ཡུལ་ཅན་དུ་བྱས་ནས། བདེ་སྟོང་སྦྱོར་མི་ཤེས་ན་ཐིག་ལེའི་དོན་མི་ཚང་བས་ཐོབ་བྱེད་ལམ་གྱི་ཨེ་ཝཾ་མ་ཚང་ལ། དེ་མ་ཚང་ན་ཐོབ་བྱ་འབྲས་བུའི་


GTD005_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

ཨེ་ཝཾ་ཟུང་འཇུག་གི་གོ་འཕང་འགྲུབ་པའི་ཐབས་མེད་པས་དེ་གཉིས་སྦྱོར་བ་ཤིན་ཏུ་གལ་ཆེ་ཡང༌། དེ་དག་སོ་སོའི་ངོ་བོ་ངོས་ཟིན་པ་དང་སྦྱོར་ཤེས་པ་ཤིན་ཏུ་དཀོན་ཏེ། ས་ར་ཧས། སྙིང་རྗེ་དང་བྲལ་སྟོང་པ་ཉིད་ཞུགས་པ། །དེས་ནི་ལམ་མཆོག་རྙེད་པ་མ་ཡིན་ནོ། །འོན་ཏེ་སྙིང་རྗེ་འབའ་ཞིག་བསྒོམ་ན་ཡང༌། །འཁོར་བ་འདིར་གནས་ཐར་པ་ཐོབ་མི་འགྱུར། །གང་ཡང་གཉིས་པོ་སྦྱོར་བར་ནུས་པ་དེ། །འཁོར་བར་མི་གནས་མྱ་ངན་འདས་མི་གནས། །ཞེས་དང༌། ཁྱིམ་དང་ཁྱིམ་ན་དེ་ཡི་གཏམ་སྨྲ་ཡང༌། །བདེ་ཆེན་གནས་ནི་ཡོངས་སུ་ཤེས་པ་མེད། །ཅེས་གསུངས་སོ། །དེ་ལྟ་བུའི་ལམ་དང་འབྲས་བུ་ཨེ་ཝཾ་འགྲུབ་པ་ལ། དེའི་ནང་ནས་ཝཾ་ཡིག་གིས་མཚོན་པ་ལྷན་སྐྱེས་ཀྱི་བདེ་བའི་ཆ་སྐྱེད་པ་འདྲེན་བྱེད་རྟགས་ཀྱི་ཨེ་ཝཾ་ལ་ལྟོས་དགོས་ཤིང༌། དེ་ཡང་གང་ལ་བྱེད་ན་ཕྱིའི་ཐབས་ཤེས་དང་སྦྱར་བ་ནི། བརྟག་པ་ཕྱི་མའི་ལེའུ་གཉིས་པ་ལས། རྡོ་རྗེ་བཙུན་མོའི་བྷ་ག་ནི། །ཨེ་ཡི་རྣམ་པའི་ཆ་བྱད་གཟུགས། །ཞེས་སོགས་དང༌། རྡོ་རྗེ་ཕྲེང་བ་ལས། ཨེ་ནི་བྷ་གའི་མཚན་ཉིད་དེ། །པདྨ་རྟེན་དུ་ཤེས་པར་བྱ། །བརྟེན་པ་རྡོ་རྗེ་ཞེས་ནི་གསུངས། །བརྟེན་པ་རྡོ་རྗེ་འཆང་བ་ཡི། །དེ་ལ་གནས་པ་ཐིག་ལེའི་གཟུགས། །ཞེས་ཡབ་ཀྱི་རྡོ་རྗེ་དང་ཡུམ་གྱི་པདྨ་ལ་བཤད་དོ། །ནང་དུ་རང་གི་ལུས་ལ་གནད་དུ་བསྣུན་པའི་རྟགས་ཀྱི་ཨེ་ཝཾ་འཇོག་ཚུལ་ཡང༌། སམྦྷུ་ཊ་ལས། སྤྱི་བོ་ལྟེ་བར་སོན་འཁོར་ལོ། །ཨེ་ཡི་རྣམ་པར་ཡང་དག་གནས། །སྙིང་ག་མགྲིན་པར་ཡང་དག་


GTD005_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

གནས། །ཝཾ་གྱི་ཡི་གེ་འདྲ་བར་འདོད། །ཅེས་སྤྱི་བོ་དང་ལྟེ་བའི་རྩ་འཁོར་ཝརྟུ་ལའི་ཨེ་ཡིག་གི་རྣམ་པ་དབྱིབས་གྲུ་གསུམ། མགྲིན་པ་དང་སྙིང་གའི་རྩ་འཁོར་ཝཾ་ཡིག་གི་རྣམ་པ་དབྱིབས་ཟླུམ་པོ་ཅན་ཡིན་ལ། སྡོད་ལུགས་ཀྱང་སྤྱི་བོའི་རྩ་འཁོར་གདུགས་ཁ་སྦུབ་པ་བཞིན་ཐུར་དུ་བསྟན་པ་དང༌། མགྲིན་པའི་རྩ་འཁོར་གདུགས་བཀན་པ་ལྟ་བུ་ཁ་གྱེན་དུ་བསྟན་ཏེ་གཉིས་ཀ་ཁ་སྦྱོར་གྱི་ཚུལ་དུ་ཡོད་ཅིང༌། སྙིང་གའི་རྩ་འཁོར་ཐུར་ལྟ་དང་ལྟེ་བའི་རྩ་འཁོར་གྱེན་ལྟ་གཉིས་ཀྱང་ཁ་སྦྱོར་བའི་རྣམ་པར་གཞི་ལ་རང་ཆས་སུ་ཡོད་དོ། །བརྟག་པ་དང་པོར། ཨེ་ཡི་རྣམ་པ་ལྷ་མོ་སྤྱན། །བཾ་གྱི་རྣམ་པ་བདག་མར་བརྗོད། །མ་ནི་ལྷ་མོ་གོས་དཀར་མོ། །ཡ་ཡི་རྣམ་པ་སྒྲོལ་མར་བརྗོད། །ཅེས་ཡི་གེ་ཨེ་བཾ་མ་ཡ་བཞི་ལ་སྦྱར་ཡང༌། ཨེ་ཝཾ་དུ་མ་འདུས་པའི་སྐྱོན་མེད་ལ། དབྱིབས་ཀྱིས་མཚོན་ཚུལ་སྔ་མ་དང་ཤིན་ཏུ་མཚུངས་སོ། །པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་དྲིལ་བུ་པའི་རིམ་ལྔའི་དམར་ཁྲིད་དུ་རྩ་འཁོར་གཉིས་གྲུ་གསུམ་ཞེས་པ་ནང་དབྱིབས་ལ་སྦྱར་རོ། །དེ་ལྟར་ཐབས་ཤེས་ཀྱི་གསང་བའི་རྩ་གཉིས་འདྲེན་བྱེད་རྟགས་ཀྱི་ཨེ་ཝཾ་དུ་འཇོག་པ་གྲགས་ཆེ་ལ། འཁོར་ལོ་བཞི་ཡང་འདྲེན་བྱེད་རྟགས་ཀྱི་ཨེ་ཝཾ་དུ་འཇོག་དགོས་པའི་རྒྱུ་མཚན་ནི། བརྟག་གཉིས་ལས། སངས་རྒྱས་ཀུན་གྱི་སྡོམ་པ་ནི། །ཨེ་ཝཾ་རྣམ་པར་རབ་ཏུ་གནས། །ཞེས་གསུངས་པ་ལྟར། ཡབ་ཡུམ་སྙོམས་པར་ཞུགས་ཏེ་རོ་རྐྱང་གི་རྒྱུ་བ་དྷཱུ་ཏཱིར་བཀག་པ་ལས་གཏུམ་མོ་སྦར་བས་ཧཾ་ཡིག་ཞུ་སྟེ་ཨཾ་ཧཾ་ཡང་དག་པར་སྦྱར་ཞིང་སྡོམ་པར་འགྱུར་ལ། དེ་ཡང་འཁོར་ལོ་བཞིའི་


GTD005_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

ལྟེ་བར་དགའ་བཞི་རིམ་གྱིས་བསྐྱེད་པའི་མཐར་ཐམས་ཅད་ཀྱང་ལྷན་སྐྱེས་ཀྱི་དགའ་བའི་ངོ་བོར་སྡོམ་པར་འགྱུར་ཞིང༌། དེ་འདྲ་བའི་འོད་གསལ་ལས་ལངས་པའི་སྒྱུ་མའི་སྐུ་དང་ལྷན་སྐྱེས་ཀྱི་བདེ་ཆེན་ངོ་བོ་དབྱེར་མེད་ཀྱི་སྐུ་དང་ཐུགས་སུ་སྡོམ་པ་ལས་སྐུ་གསུམ་དབྱེར་མེད་སྡོམ་པ་འགྲུབ་པས། རྡོ་རྗེ་ཐེག་པའི་ལམ་འབྲས་ཀྱི་གནད་ཡོངས་སུ་རྫོགས་པར་འགྱུར་རོ། །དེས་ན་ཤེར་ཕྱིན་གྱི་མདོ་སྡེ་རྣམས་སུ་སྟོང་ཉིད་བརྗོད་བྱའི་གཙོ་བོར་བྱས་ཏེ་བསྟན་པ་ཙམ་གྱི་ཆ་ནས་ཀྱང་བླ་ན་མ་མཆིས་ཤིང་སྐབས་མ་མཆིས་པ་དང༌། མདོ་སྡེ་ཀུན་གྱི་གཙོ་བོར་བཤད་ལ། འདིར་ནི་ཡུལ་སྟོང་ཉིད་དེ་ཡུལ་ཅན་ཁྱད་པར་ཅན་ལྷན་སྐྱེས་ཀྱི་བདེ་བའི་སྒོ་ནས་བསྒོམ་ཚུལ་གྱི་གནད་གསལ་བར་ཕྱེ་བས་ན་ཤེར་མདོ་སོགས་ལས་ཀྱང་ཆེས་ཁྱད་པར་དུ་འཕགས་པས་མདོ་སྡེ་ཀུན་གྱི་བླ་མར་འགྱུར་ལ། གདུལ་བྱ་རྣམས་སྒོ་དུ་མ་ནས་དེ་ལ་སྦྱོར་བའི་ཕྱིར་དུ་གདམས་ཤིང་རྗེས་སུ་བསྟན་པ་ཡང་གསུང་གི་ཡོན་ཏན་ནམ་མཛད་པའི་གཙོ་བོར་འགྲུབ་བོ། །༈ གཉིས་པ་གསུང་རྡོ་རྗེ་རང་གིས་མངོན་དུ་མཛད་ཚུལ་ལ། སྤྱི་དོན་དང༌། གཞུང་དོན་གཉིས། དང་པོ་ནི། གོང་དུ་སྐུའི་ཡོན་ཏན་རྣམ་བསྐྱེད་རིམ་གྱི་ལག་རྗེས་དང་སྦྱར་བས་འདི་རྫོགས་རིམ་གྱི་ལག་རྗེས་སུ་འགྲུབ་ལ། དེ་ལྟ་ན་ལག་རྗེས་འཇོག་བྱེད་ལུགས་འདིའི་རྫོགས་རིམ་གྱི་འགྲོ་ལུགས་ཇི་ལྟ་བུ་ཞིག་ཡིན་སྙམ་དུ་རྣམ་དཔྱོད་ཅན་རྣམས་ཀྱིས་དཔྱོད་དགོས་སོ། །དེ་ཡང་བླ་མེད་ཀྱི་རྒྱུད་སྡེ་ཐམས་ཅད་ཐོབ་བྱའི་འབྲས་བུ་མཐར་ཐུག་སྐུ་དང་ཡེ་ཤེས་དབྱེར་མེད་པ་ཟུང་འཇུག་གི་གོ་འཕང་


GTD005_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པར་མཚུངས་པས་རྫོགས་རིམ་གྱི་ལམ་གྱི་ལུས་སྤྱི་ཁོག་གནད་མཚུངས་ཀྱང༌། དང་པོ་སྒྲུབ་ཚུལ་ཅུང་ཟད་མི་འདྲ་བས་ས་བཅད་ལེན་ལུགས་དང་མིང་འདོགས་མི་འདྲ་བ་སོ་སོར་བྱུང་བ་ཡིན་ཏེ། སྔགས་རིམ་ལས། གསང་འདུས་གཉིས་དང་བདེ་དགྱེས་ཀྱི་རྫོགས་རིམ་ལ་མཐར་ཟུང་འཇུག་གི་ཡེ་ཤེས་ཀྱི་སྐུ་བསམ་གཏན་གཉིས་གང་རུང་གིས་སྣོད་བཅུད་འོད་གསལ་དུ་བསྡུས་ནས་འཇུག་ལྡང་བྱེད་པའི་རིམ་པས་སྒྲུབ་པ་དང༌། དང་པོ་བསྐྱེད་རིམ་མཐར་དབྱུང་དགོས་པ་འདྲ་ཞིང༌། རླུང་དང་ཐིག་ལེ་ལས་རུང་དུ་བྱས་ནས་འོད་གསལ་དུ་འཇུག་ལྡང་བྱེད་དགོས་པ་ཡང་འདྲ་མོད་ཀྱང༌། རླུང་དང་ཐིག་ལེ་ལས་རུང་དུ་སྒྲུབ་ལུགས་ལ་སྒོ་མང་པོ་བཤད་དེ། འཕགས་ལུགས་པས་ནི་རྡོར་བཟླས་ཉིད་ལ་འདྲིལ་ཞིང༌། ཡེ་ཤེས་ཞབས་ལུགས་པ་དང༌། བདེ་མཆོག་པས་ཐིག་ལེའི་རྣལ་འབྱོར་མང་པོ་དང་གཏུམ་མོ་དང་རླུང་གི་རྣལ་འབྱོར་གྱིས་སྒྲུབ་ལ། ཌོམ་བྷི་པ་ལ་སོགས་པས་གཏུམ་མོ་ལ་གནད་དུ་བསྣུན་པར་སྣང་ངོ༌། །ཞེས་གསུངས་པ་ལྟར་རོ། །དེས་ན་འདུས་པ་ལས་རིམ་ལྔ་གཙོ་བོར་བྱས་ཀྱང༌། སོ་སོར་སྡུད་དང་བསམ་གཏན་སྲོག་སྩོལ་དང༌། །འཛིན་པ་རྗེས་དྲན་ཏིང་འཛིན་ཡན་ལག་དྲུག །ཡོངས་སུ་སྡུད་པའི་ཟབ་ལམ་རིམ་པ་ལྔ། །ཞེས་དེ་ལ་སྦྱོར་དྲུག་ཚང་བར་གསུངས་པ་དང༌། མ་རྒྱུད་འཁོར་ལོ་སྡོམ་པ་སོགས་སུ་སྦྱོར་བ་ཡན་ལག་དྲུག་གཙོ་བོར་གསུངས་ཀྱང༌། མཁའ་འགྲོ་རྒྱ་མཚོ་དང་བདེ་མཆོག་འབྱུང་བ་ལས་རིམ་ལྔ་བསྟན་པར་རྫོགས་རིམ་དངོས་གྲུབ་སྙེ་མ་ལས་གསུངས་ཤིང༌། ཁྱད་པར་དུ་དགྱེས་པ་རྡོ་རྗེའི་རྒྱུད་འདི་ཉིད་ལས་གསུངས་པ་ཡང༌


GTD005_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་པ་དང་གནད་མཚུངས་ཏེ། དེ་ཡང་བརྟག་པ་དང་པོའི་ལེའུ་དགུ་པར། ངེས་པར་དངོས་པོ་ཐམས་ཅད་ཀྱི། །དག་པ་དེ་བཞིན་ཉིད་དུ་བརྗོད། །ཅེས་དབྱེ་གཞི་དང༌། ཕྱི་ནས་རེ་རེའི་དབྱེ་བ་ཡིས། །ལྷ་རྣམས་ཀྱིས་ནི་བརྗོད་པར་བྱ། །ཞེས་ཕུང་སོགས་ལྷར་བསྒོམ་པ་སོ་སོའི་རྣམ་དག །ཡུལ་གྱི་དངོས་པོ་དག་པའི་ཕྱིར། །རང་གི་རིག་པའི་བདེ་བ་མཆོག །ཅེས་བདེ་བ་ཆེན་པོ་རང་རིག་པའི་རྣམ་དག་གསུངས་ཏེ། བར་མའི་དབང་དུ་མཛད་ནས། བསྐྱེད་པའི་རིམ་པའི་ཕྱོགས་ལ་ནི། །འདིས་ནི་ཕུང་པོ་སྦྱང་བར་བྱ། །ཞེས་བདེ་ཆེན་དང་བྲལ་བའི་ལུས་དབེན་སྒོམ་ཚུལ་དེ་བསྐྱེད་རིམ་དུ་གསུངས་པས་དེ་དང་མ་བྲལ་བ་རྫོགས་རིམ་གྱི་ལུས་དབེན་དུ་བསྟན་པར་རིམ་ལྔ་གསལ་སྒྲོན་ལས་གསུངས་པས། ལུགས་འདིར་གྲགས་མི་ཆེ་ཡང་ལུས་དབེན་བསྒོམ་ཚུལ་དཔྱིས་ཕྱིན་པར་ཡོད་དོ། །དེ་བཞིན་དུ་ངག་དབེན་ཡང༌། མཁས་གྲུབ་རྗེའི་བརྟག་གཉིས་རྣམ་བཤད་ལས། ཟླ་བ་དང་ཉི་མ་དང་ཨཱ་ལི་ཀཱ་ལི་དང་འཕོ་བ་བཅུ་དྲུག་དང་ཞེས་སོགས་ཀྱིས་རླུང་ལ་རྡོར་བཟླས་བྱེད་པ་དང་བུམ་པ་ཅན་གཉིས་བསྟན་པས། ཞེས་གསུངས་པ་ལྟར། ལེའུ་དང་པོའི་ཟླ་བ་དང་ཉི་མ་ཞེས་སོགས་ཀྱིས་རླུང་གི་རྣལ་འབྱོར་གྱི་གཞི་སྟོན་ཅིང༌། གཉིས་པ་སྔགས་ཀྱི་ལེའུར་བཟླས་པའི་སྔགས་ལ་ནང་བཤད་བྱས་པ་དང༌། བཅུ་གཅིག་པ་ལྟ་སྟངས་ཀྱི་ལེའུར་དགང་དབྱུང་གཞིལ་བ་སོགས་ངེས་དོན་དུ་བཤད་པས་རྡོར་བཟླས་དང་བུམ་པ་ཅན་བསྒོམ་ཚུལ་བསྟན་ནོ། །དེ་བཞིན་དུ་མ་རྒྱུད་ཀྱི་སྐོར་གཞན་ལས་


GTD005_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་མང་དུ་གསུངས་ཏེ། རྫོགས་རིམ་དངོས་གྲུབ་སྙེ་མ་ལས། ལྟེ་བའི་ཧཱུཾ་ཡིག་གམ་ནཱ་ད་དཀར་དམར་ལས་ལྡང་འཇུག་གནས་གསུམ་གྱི་རྡོར་བཟླས་ཀྱི་རྣལ་འབྱོར་གྱིས་རླུང་དྷཱུ་ཏཱིར་བཙུད་པ་ལས་ལྷན་སྐྱེས་དང་སྒྱུ་མའི་སྐུ་བསྐྱེད་པ་ལཱུ་ཨི་པས་རྫོགས་རིམ་དུ་བཤད་པ་ནི་རྩ་རྒྱུད་དང༌། རྣལ་འབྱོར་མ་ཀུན་སྤྱོད་དང༌། མངོན་བརྗོད་དང༌། ཧེ་རུ་ཀ་མངོན་འབྱུང་གསུམ་བསྒྲིགས་ཏེ་བཤད་པ་ལས་ཤེས་པར་བྱའོ། །ཞེས་རྩ་བཤད་གུང་བསྒྲིགས་པའི་མན་ངག་ཏུ་གསུངས་སོ། །འོ་ན་མ་རྒྱུད་ཀྱི་སྐབས་འདིར་ཡང་རྫོགས་རིམ་ལ་སློབ་པའི་ཚེ་དབེན་པ་གསུམ་ལ་སོགས་པའི་བསྒོམ་ཚུལ་དེ་ཁོ་ན་ལྟར་དགོས་སམ་སྙམ་ན། རྒྱུད་སྡེ་ཕན་ཚུན་རྒྱས་བཀབ་སྟེ་ཉམས་སུ་བླང་དུ་རུང་ལ། དེ་མིན་ཡང་ལམ་གྱི་གནད་ཆེ་བ་རྣམས་ལ་དོད་ཐུབ་རེ་ངེས་པར་ཚང་དགོས་ཏེ། རིམ་ལྔ་གསལ་སྒྲོན་ལས། དེ་ལྟར་དོན་གཅིག་ཏུ་བཤད་དུ་མི་རུང་ཡང༌། དེའི་དོད་ཐུབ་ཇི་ལྟར་ཡིན་དཔྱོད་ན་ནི་ལེགས་ཏེ། དེ་ལྟར་བྱས་ན་རྒྱུད་སོ་སོའི་མན་ངག་གི་མཐའ་ཆོད་པར་འགྱུར་རོ། །ཞེས་དང༌། རིམ་ལྔ་སོགས་ལམ་གཞན་ལ་དཔྱད་ནས་ལམ་ཕན་ཚུན་སྡུད་ཚུལ་བྱེད་ན་ནི། དེ་རྣམས་དོན་གཅིག་ཏུ་མ་བཤད་ཀྱང་སྐབས་དོན་འགྲུབ་པས། རྒྱུད་སོ་སོའི་ལམ་གྱི་གནད་གང་དུ་སོང་ལ་མི་འཇིགས་པ་ཐོབ་པར་འགྱུར་ཏེ། ཞེས་གསུངས་པའི་ཕྱིར་རོ། །འོ་ན་ཡང་འདིའི་རྫོགས་རིམ་བསྒོམ་པའི་ཚེ་རིམ་ལྔ་ལྟར་ཡིན་ནམ་ཞེ་ན། འདིར་གཏུམ་མོའི་རྣལ་འབྱོར་གྱི་སྒོ་ནས་གཙོ་བོར་བསྒོམ་པར་གསུངས་ཀྱང༌། དེ་ལ་རིམ་ལྔའི་ལམ་གྱི་གནད་ཚང་བར་ཡོད་དོ། །དེའི་ཚུལ་ཡང་རྡོ་རྗེ་


GTD005_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་ལས། གནས་ཀྱི་མཐའ་ནི་དག་པར་བྱ། །ཞེས་པའི་དོན་བྷ་བ་བྷ་དྲས། གནས་ནི་ལུས་ཏེ། གཏུམ་མོའི་རྣལ་འབྱོར་བསྒོམ་པས་ལུས་དག་པ་སྟེ་སྦྱངས་པའོ། །ཞེས་ལུས་དག་བྱེད་དུ་གསུངས་པས་ལུས་དབེན་གྱི་དགོས་པ་འགྲུབ་ལ། མཁས་གྲུབ་རྗེའི་ཡིག་ཆུང་ལས་འདུས་པའི་ལུས་དབེན་ངག་དབེན་གྱི་དོད་མ་རྒྱུད་ཀྱི་གཏུམ་མོའི་རྣལ་འབྱོར་ཡིན་གསུངས་པ་དང༌། སྟག་ཕུ་བའི་མཁའ་སྤྱོད་མའི་རིམ་གཉིས་ལས། མ་རྒྱུད་ཀྱི་སྐབས་འདིར་གཏུམ་མོ་བསྒོམ་པ་ཉིད་ཀྱིས་རྡོར་བཟླས་ཀྱི་དོད་ཐུབ་པར་གསུངས། ཞེས་གཏུམ་མོའི་དམིགས་པ་སྐྱོང་ཚུལ་ཁྱད་པར་བ་འགའ་ཞིག་གི་བྱེད་པར་ངག་དབེན་གྱི་དགོས་པ་འདུ་བར་གསུངས་སོ། །དེ་བཞིན་དུ་སེམས་དབེན་ཡང༌། མཁས་གྲུབ་རྗེའི་ཡིག་ཆུང་ལས། འདུས་པའི་སེམས་དབེན་གྱི་དོད་མ་རྒྱུད་ལ་དགའ་བཞི་བསྐྱེད་པ་ཡིན་པས། ཞེས་གསུངས་པ་ལྟར། དགའ་བ་བཞི་དང་སྟོང་པ་སྦྱར་བའི་གནད་ཀྱིས་འགྲུབ་བོ། །དེ་ལྟར་རིམ་པ་དང་པོ་གཉིས་ཀྱི་གནད་ཚང་བར་གོ་ན། རིམ་པ་ལྷག་མ་གསུམ་ནི་སྔགས་རིམ་ལས་གསུངས་པ་གོང་དུ་དྲངས་པ་ལྟར་བླ་མེད་ཀྱི་རྒྱུད་སྡེ་ཀུན་ལ་མི་མཐུན་པ་མེད་པས་དོགས་པ་ཆུང་ཞིང༌། ཁྱད་པར་དུ་དོན་དམ་འོད་གསལ་གྱི་རྫོགས་རིམ་ནི་མ་རྒྱུད་རང་གི་བརྗོད་བྱའི་གཙོ་བོ་ཡིན་པས་སྨོས་མི་དགོས་ལ། ཀུན་རྫོབ་སྒྱུ་མའི་རྫོགས་རིམ་ཡང༌། བརྟག་པ་ཕྱི་མའི་ལེའུ་གཉིས་པ་ལས། ཇི་ལྟར་སྒྱུ་མ་རྨི་ལམ་དང༌། །ཇི་ལྟར་བར་མའི་སྲིད་ཡིན་པ། །རྟག་ཏུ་གོམས་པའི་སྦྱོར་


GTD005_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡིས། །དཀྱིལ་འཁོར་ཉིད་ནི་དེ་བཞིན་འདོད། །ཅེས་སྒྱུ་མ་མཁན་གྱིས་སྤྲུལ་བའི་སྐྱེས་བུ་བཞིན་དུ་ཡན་ལག་དང་ཉིང་ལག་ཚང་ཞིང༌། རྨི་ལམ་བཞིན་དུ་རགས་པའི་ལུས་ལས་ལོགས་སུ་ཕྱེ་བ་ཐ་མལ་པའི་འཆི་བ་འོད་གསལ་ལས་བར་སྲིད་འགྲུབ་པ་བཞིན། ལམ་གྱི་འོད་གསལ་ལས་སྒྱུ་མའི་སྐུར་ལྡང་ཚུལ་རྡོར་ཕྲེང་དང་དགོངས་པ་ལུང་སྟོན་ཇི་ལྟ་བ་བཞིན་གསུངས་ལ། དེའི་མཇུག་ཐོགས་སུ། ཕྱག་རྒྱ་ཆེན་པོའི་དབང་བསྐུར་བར། །ཇི་ལྟར་ཤེས་པའི་བདེ་ཆེན་པོ། །དེ་ཡི་འདི་ནི་བྱིན་རླབས་ཡིན། །ཞེས་ཕྱག་རྒྱ་ཆེན་པོ་ལྷན་སྐྱེས་ཀྱི་ཡེ་ཤེས་མཚོན་བྱེད་དབང་གསུམ་པའི་བདེ་ཆེན་ངོ་སྤྲད་པ་དེའི་རྒྱུན་གྱི་འོད་གསལ་ལས་ལྡང་ཚུལ་དང༌། སླར་ཡང་དེའི་རྒྱུན་ཡང་ཡང་གོམས་པས་དག་པར་བྱས་ཏེ་བྱིན་གྱིས་རློབ་ཚུལ་འདུས་པ་ལྟར་གསུངས་སོ། །རྩ་རྒྱུད་ཀྱི་གནད་འདི་དག་ཤིན་ཏུ་གསལ་བར་ནི་བཤད་རྒྱུད་རྡོ་རྗེ་གུར་ལས་གསུངས་ཏེ། དེའི་ལེའུ་བཞི་པར། རང་ཡང་རང་བྱིན་བརླབས་པ་ཡིས། །བྱིན་གྱིས་བརླབ་པར་བྱ་བ་ཡིན། །ཆོ་གའི་རིམ་པའི་རིམ་པ་ཡིས། །དེ་ནས་མཚན་མ་མཚོན་པར་བྱ། །དང་པོ་སྤྲིན་གྱི་རྣམ་པ་སྟེ། །གཉིས་པ་དུ་བ་ལྟ་བུ་འོ། །གསུམ་པ་སྲིན་བུ་མེ་ཁྱེར་དངོས། །བཞི་པ་མར་མེ་གསལ་འབར་བའོ། །ལྔ་པ་རྟག་ཏུ་སྣང་བ་ནི། །སྤྲིན་མེད་ནམ་མཁའ་ལྟ་བུ་འོ། །ཐམས་ཅད་མཁྱེན་པའི་རྒྱུ་དེ་སྟེ། །དངོས་གྲུབ་ངེས་འཇུག་ཉེ་བ་ཡིན། །ཞེས་སྒྱུ་མའི་སྐུ་གང་ལས་འགྲུབ་པའི་འོད་གསལ་གྱི་ཡེ་ཤེས་དང༌། དེའི་མཇུག་ཐོགས་སུ། ཕྱི་ནས་སྒྱུ་མའི་རྣམ་པ་ལྟར། །རྨི་ལམ་རྣམ་པ་སྐད་ཅིག་འགྱུར། །ཁམས་གསུམ་རྒྱུ་


GTD005_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

དང་མི་རྒྱུ་བ། །མ་ལུས་ལུས་པ་མེད་པར་འགྲུབ། །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །ཇི་སྲིད་རྡོ་རྗེའི་ལུས་ཅན་རྣམས། །ཡེ་ཤེས་ཕུང་པོའི་བློ་ལྡན་པ། །འདི་ཡི་རྗེས་སུ་ཐམས་ཅད་འབྲང༌། །ཞེས་འོད་གསལ་ནམ་མཁའ་ལྟ་བུ་དེ་ལས་སྒྱུ་མ་དང་རྨི་ལམ་ལྟར་རླུང་སེམས་ཙམ་གྱི་ལུས་སུ་སྐད་ཅིག་གིས་ལྡང་ཚུལ་མདོར་བསྟན་ལ། དེའི་རྒྱས་བཤད་ལེའུ་བཅུ་བཞི་པ་ལས། རང་བྱིན་རློབས་པའི་སྦྱོར་བ་རུ། །ཞེས་སོགས་ཤོ་ལོ་ཀ་བདུན་གྱིས་འོད་གསལ་སྒྲུབ་ཚུལ་དང༌། དེ་ནས། ཧེ་རུ་ཀ་དངོས་བེམ་པོ་མིན། །ཞེས་སོགས་ཤོ་ལོ་ཀ་ལྔས་སྒྱུ་ལུས་བཤད་པས། རྩ་བཤད་གུང་བསྒྲིགས་ན་རྒྱུད་དོན་ལ་མི་འཆུག་པའི་གཟེར་ཐེབ་པར་འགྱུར་རོ། །འོན་ཀྱང་བདག་བྱིན་རླབས་ཀྱི་སྐོར་འདིར་བརྟག་གཉིས་ཀྱི་རྒྱ་འགྲེལ་རྣམས་ཞལ་མི་གསལ་ཞིང༌། བོད་ཀྱི་ཊཱི་ཀ་བྱེད་སྔ་མ་རྣམས་ལ་གཏད་སོ་ཞིག་མ་བྱུང་འདུག་ནའང༌། རྗེ་བླ་མས་སྔོན་མེད་ལེགས་བཤད་ཀྱི་སྲོལ་ཕྱེ་བ་ལ་བརྟེན་ནས་མཁས་གྲུབ་སྨྲ་བའི་ཉི་མས་བརྟག་གཉིས་རྣམ་བཤད་དུ་གསལ་བར་གསུངས་སྣང་བས། ལམ་འདིའི་སྒྲུབ་པ་ལྷུར་ལེན་པའི་སྐྱེ་བོ་བློ་གྲོས་ཅན་ཡོད་ན་དེར་ལྟོས་ཤིག །དེས་འཕྲོས་དོན་ལམ་གྱི་གནད་ཕན་ཚུན་ཚང་ཚུལ་དཔྱོད་པའི་སྒོ་ཙམ་བསྟན་ཟིན་ཏོ། །ད་ནི་ལམ་དེ་དག་མཐར་གྱིས་ཉམས་སུ་ལེན་ཚུལ་བསྡུས་ཏེ་བརྗོད་ན། དེ་ཡང་ལམ་གོང་མ་རྣམས་བགྲོད་པ་ལྷན་སྐྱེས་ཀྱི་བདེ་བས་སྟོང་ཉིད་བསྒོམ་པ་ལ་ལྟོས་ཤིང༌། ལྷན་སྐྱེས་ཀྱི་བདེ་བ་འབྱུང་བ་སྤྱི་བོའི་ཧཾ་ཡིག་ཞུ་སྟེ་ཨ་ཧཾ་སྦྱོར་བ་ལ་རག་ལས་པ་དང༌། དེ་


GTD005_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

ཞུ་བ་ལྟེ་བའི་གཏུམ་མོ་འབར་བ་ལ་ལྟོས་པའི་རྒྱུ་མཚན་གྱིས། པཎ་ཆེན་ནཱ་རོ་པས་གཏུམ་མོ་ལམ་གྱི་རྨང་རྡོ་ཞེས་གཙོ་བོར་གསུངས་སོ། །དེར་མ་ཟད་ཆོས་དྲུག་གི་ཁྲིད་ཡིག་ཡིད་ཆེས་གསུམ་ལྡན་ལས། ལམ་གྱི་རྨང་རྡོ་གཏུམ་མོ་ཡིན་ལ། དེ་ཡང་གཙོ་ཆེར་ཀྱེ་རྡོར་ལ་བརྟེན་པ་ཡིན་པས། ཞེས་གསུངས་པ་ལྟར། སྤྱིར་བདེ་དགྱེས་གཉིས་ཀ་ནས་གསུངས་ཀྱང༌། ཁྱད་པར་དུ་ཀྱེ་རྡོར་ལས། རྣལ་འབྱོར་མ་ལུས་དབུས་སུ་ནི། །ཨ་ཡི་རྣམ་པ་སྡོམ་པའི་གནས། །ཞེས་གང་དུ་སྡོམ་པའི་གནས་ཀྱི་གཙོ་བོ་གཏུམ་མོའི་ཨ་ཐུང་ལ་རྩལ་དུ་བཏོན་ནས་ལན་དུ་མར་གསུངས་ཤིང༌། དེར་སྡོམ་པ་ལས་བདེ་ཆེན་འདྲེན་ཚུལ་ཡང༌། ལྟེ་བར་གཏུམ་མོ་འབར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་བསྲེགས་ཤིང༌། །སྤྱན་ལ་སོགས་པ་ཡང་བསྲེགས་ཏེ། །བསྲེགས་པས་རི་བོང་ཅན་ཧཾ་འཛག །ཅེས་སོགས་རྒྱས་པར་གསུངས་ལ། མཁས་གྲུབ་རྗེའི་རྣམ་བཤད་ལས་ཀྱང༌། འདིར་ནི་གཙོ་བོ་ལྟེ་བ་ལ་གནད་དུ་བསྣུན་པ་སྟོན་པས། གཏུམ་མོ་ལེགས་པར་ཤེས་དགོས། ཞེས་གསུངས་པ་བཞིན་ལུགས་འདིར་དེ་ནས་བརྩམས་ཏེ་འཁྲིད་པ་གནད་ཆེའོ། །རྒྱུ་མཚན་དེས་ན་ཐོག་མར་གནད་དུ་བསྣུན་ས་ཡང་ལྟེ་བར་བྱེད་དགོས་པས་ལུགས་གཞན་དང་མི་འདྲ་སྟེ། འདུས་པ་འཕགས་ལུགས་ཀྱིས་ཐོག་མར་གསང་གནས་དང༌། ཡེ་ཤེས་ཞབས། དྲིལ་བུ་པ། ཀུ་ཀུ་རི་པ་སོགས་ཀྱིས་སྙིང་གར་གནད་དུ་བསྣུན་པར་བཞེད། དུས་འཁོར་བས་ཐོག་མར་ལྟེ་བའི་གནས་སུ་བུམ་པ་ཅན་གྱི་རླུང་སྦྱོར་བྱེད། ཌོམ་བྷི་པ་དང་ནག་པོ་སྤྱོད་པ་སོགས་གཏུམ་མོ་གཙོ་བོར་བྱེད་པ་རྣམས་ཀྱིས་དང་པོར་


GTD005_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

ལྟེ་བའི་རྩ་འཁོར་ལ་གནད་དུ་བསྣུན་པར་འདོད་དོ། །དེ་ཡང་དུས་དང༌། ལུས་དང༌། རླུང་དང༌། ཡུལ་གྱི་གནད་བཞི་ཚང་དགོས་པས། དུས་ཐོ་རངས་སམ་ཕྱི་དྲོ་མེའི་དུས། ལུས་རྣམ་སྣང་གི་ཆོས་བདུན་ལྡན། རླུང་རྒོད་བག་ཅན་མ་ཡིན་པར་རང་བབས་སུ་བཞག་སྟེ། ཡུལ་འཁོར་ལོ་བཞིའི་ལྟེ་བའི་དྷཱུ་ཏཱིའི་ནང་དང༌། ཁྱད་པར་ལྟེ་བའི་རྩ་འདབ་ཀྱི་དབུས་སུ་གཏོད་པར་གསུངས་སོ། །རླུང་རེ་བསལ་བ་དཔྱིས་ཕྱིན་པར་སྔོན་དུ་བྱེད་ན་རྩ་གསུམ་གསལ་བཏབ་ནས་བྱེད་ཚུལ་སྟག་ཕུ་བའི་མཁའ་སྤྱོད་མའི་རིམ་གཉིས་སུ་གསུངས་པ་ལྟར་བྱ་ལ། རླུང་རོ་དགུ་ཕྲུགས་ཐུན་མོང་བ་ཙམ་ལ་རྩ་གསལ་འདེབས་མི་དགོས་སོ། །དེ་ནས་རང་གི་ལུས་ཤེལ་གྱི་ཕྲུ་མ་བུས་པ་ལྟར་དྭངས་ཤིང་གསལ་བའི་དབུས་དྲང་ཐད་ཅུང་ཟད་རྒྱབ་ལ་ཉེ་བའི་ཆར་རྩ་དབུ་མ་གསལ་འདེབས་དགོས་ཤིང༌། དེ་ཡང་བཤད་རྒྱུད་སམ་བྷུ་ཊ་ལས། དེ་ཡི་ནང་དུ་སོན་པའི་རྩ། །མར་མེ་རང་གི་ངོ་བོ་ཅན། །ཞེས་སོགས་ལྟར་གསལ་ལ་དྭངས་པ་ཏིལ་གྱི་མར་མེ་ལྟ་བུ། དམར་ལ་སྣུམ་པ་རྒྱ་སྐྱེགས་ཀྱི་ཁུ་བ་ལྟ་བུ། འཇམ་ལ་མཉེན་པ་པདྨའི་འདབ་མ་ལྟ་བུ། དྲང་ཞིང་འདྲོང་བ་ཆུ་ཤིང་གི་སྡོང་པོ་ལྟ་བུ་སྟེ། རང་གི་ངོ་བོ་ཁྱད་ཆོས་བཞི་ལྡན་དང༌། དེའི་གཡས་སུ་རོ་མ་དམར་ཞར། གཡོན་དུ་རྐྱང་མ་དཀར་ཞར། གསུམ་ག་སྦོམ་ཕྲ་གྲོ་སོག་གི་ཚད་ཙམ་པ། རོ་རྐྱང་གཉིས་དབུ་མ་ལ་བརྟེན་ནས་སུམ་གཤིབ་བྱས་ཏེ་འཁོར་ལོ་བཞིའི་སྲོག་ཤིང་གི་ཚུལ་དུ་ཡར་སྣེ་སྤྱི་གཙུག་བར་དུ་སོན་པ། དེ་ནས་དབུ་མའི་ཡར་སྣ་འཁྱོགས་ཏེ་


GTD005_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན་མཚམས་སུ་སེག་ཁར་ཟུག་ཅིང༌། རོ་རྐྱང་གཉིས་སྣ་བུག་གཉིས་སོ་སོར་བུག་པ་ཧ་རེ་ཟུག་པ། མར་སྣེ་ལྟེ་འོག་སོར་བཞིའི་ཚད་དུ་སླེབ་ཅིང༌། དེ་ནས་རོ་རྐྱང་གཉིས་ཀྱི་སྣེ་དབུ་མའི་ནང་དུ་གུག་ནས་ཡོད་པ་བསམ་དགོས། འདི་ཡང་སྲོག་དྷཱུ་ཏཱིར་འཛུད་པའི་དགོས་དབང་ཡིན་གྱི། དངོས་པོའི་གནས་ཚོད་ལ་མར་སྣེ་ནོར་བུའི་རྩེ་སོགས་སུ་སླེབ་ཅིང༌། ལས་དང་པོ་བའི་སྐབས་འདིར་དབུ་མ་ཞན་པ་དང༌། གཞན་གཉིས་རྒྱས་པའི་ཚུལ་དུ་ཡོད་ལ། སྦོམ་ཕྲ་དང་ཁ་དོག་ཡང་གོང་གི་ཁྱད་པར་བཤད་པ་དེ་གཏུམ་མོ་འབར་བའི་དུས་ལ་དགོངས་པར་མན་སྙེ་ལས་གསུངས་པས། ཕལ་པ་ལ་དབུ་མའི་ཁ་དོག་སྔོན་པོར་འབྱུང་སྟེ། དེས་ན་དངོས་དང་སྒོམ་དོན་གྱི་ཁྱད་པར་ཡང་ཕྱེད་དགོས་སོ། །ཁ་ཅིག་རྩ་དབུ་མ་སྲོག་རྩ་ལ་འདོད་པ་སོགས་སྣ་ཚོགས་བྱུང་ཡང༌། རིམ་ལྔ་གསལ་སྒྲོན་ལས། དྷཱུ་ཏཱི་ནི་སྲོག་གི་དབྱིག་པ་ཞེས་པ་སྲོག་པ་རྩ་ལ་བརྟེན་པར་ཕྱག་ཆེན་ཐིག་ལེ་དང༌། ཡེ་ཤེས་ཐིག་ལེ་ལས་གསུངས་པས། ཞེས་པ་ལྟར༌། དེའི་ངོས་ལ་བརྟེན་པ་ཙམ་ལས་དོན་མི་གཅིག་གོ །དེ་ལ་བརྟེན་པའི་འཁོར་ལོ་བཞིའི་གནས་ཚུལ་ནི། སྤྱི་གཙུག་གི་ཐད་ཙམ་གྱི་ཐོད་པའི་འོག་ཀླད་རྒྱའི་སྟེང་དུ་དབུ་མ་ལ་རོ་རྐྱང་གིས་ལུ་གུ་རྒྱུད་དུ་འཁྱུད་པའི་མདུད་མཚམས་ནས་རྩ་འདབ་བཞི། དེ་ལས་གྱེས་པ་བརྒྱད། དེ་ལས་བཅུ་དྲུག །དེ་ལས་སོ་གཉིས་སུ་གྱེས་པའི་བདེ་ཆེན་འཁོར་ལོ་གྲུ་གསུམ་པ། འདིའི་ཁ་དོག་སྣ་ཚོགས་མདོག་ཏུ་ཁྲིད་ཡིག་ཡིད་ཆེས་གསུམ་ལྡན་དང༌། པཎ་ཆེན་གྱི་ལཱུ་དྲིལ་གཉིས་ཀའི་རྫོགས་རིམ་སོགས་དུ་མར་


GTD005_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པས། ཁ་ཅིག་སྐབས་འདིར་དཀར་པོར་འདོད་པ་མི་འཐད་དོ། །དེ་བཞིན་དུ་ཨོལ་མདུད་ཀྱི་ཐད་ཀར་དབུ་མ་ལ་རོ་རྐྱང་གིས་འཁྱུད་མཚམས་ནས་སྔར་ལྟར་གྱེས་པའི་ལོངས་སྤྱོད་འཁོར་ལོ་རྩ་འདབ་བཅུ་དྲུག་པར་དབྱིབས་ཟླུམ་ཞིང་ཁ་དོག་དམར་པོ། ནུ་མ་གཉིས་ཀའི་དབུས་ཀྱི་ཐད་ཀའི་དབུ་མའི་མདུད་མཚམས་ནས་རྩ་འདབ་བཞི་དང་དེ་ལས་བརྒྱད་དུ་གྱེས་པའི་སྙིང་ག་ཆོས་ཀྱི་འཁོར་ལོ་ཁ་དོག་དཀར་ཞིང་དབྱིབས་ཟླུམ་པོ། ལྟེ་བའི་མདུད་མཚམས་ནས་སྔར་ལྟར་གྱེས་པའི་སྤྲུལ་བའི་འཁོར་ལོ་རྩ་འདབ་རེ་བཞི་པ་དབྱིབས་གྲུ་གསུམ་པ་ཁ་དོག་དམར་པོའམ་སྣ་ཚོགས་མདོག །འདིའི་རྩ་འཁོར་གཉིས་གཉིས་སྟེང་འོག་ཏུ་ཕྱོགས་ཏེ་ཐབས་ཤེས་ཁ་སྦྱོར་གྱི་ཚུལ་དུ་གནས་པའི་རྒྱུ་མཚན་དང་བཅས་སྔར་བཤད་པ་ལྟར་བསྒོམ་དགོས་སོ། །དེ་ནས་རང་གི་རླུང་སེམས་དེ་ཉིད་སྤྱི་བོའི་རྩ་འཁོར་གྱི་དབུས་སུ་ཞུགས་ཏེ་བལྟས་པས་རྩ་འདབ་རྣམས་སྦུབ་སྟོང་ཐལ་ལེ་ཡོད་པ་མཐོང་ཞིང། དྷཱུ་ཏཱིའི་ལམ་ནས་མགྲིན་པའི་རྩ་འཁོར་མཐོང་བས་དེར་སོང་ནས་ཡུད་ཅིག་བསྡད་དེ་དེའི་རྩ་འདབ་རྣམས་བལྟ། དེ་བཞིན་དུ་སྙིང་ག་དང་ལྟེ་བར་སོང་སྟེ་བལྟ་བའི་ཚུལ་གྱིས་རྩའི་གསལ་སྣང་སྦྱོང་བ་གལ་ཆེ་བར་གྲུབ་ཆེན་ལྭ་བ་པས་གསུངས་སོ། །དེའི་འོག་ཏུ་ཡི་གེ་འགོད་པ་ལ་རྒྱས་བསྡུས་ཀྱི་ལུགས་གཉིས་ཡོད་ཅིང༌། བསྡུས་པ་ཡི་གེ་བཞི་འགོད་པ་འདི་ཡིན་པས། ཁ་ཅིག་ལྟེ་བའི་ཨ་གཅིག་པུ་འགོད་པ་དང༌། ཁ་ཅིག་སྤྱི་བོའི་ཧཾ་དང་གཉིས་པོ་ཙམ་འགོད་པར་འདོད་པ་མི་ལེགས་པར་ཁྲིད་ཡིག་ཡིད་ཆེས་གསུམ་ལྡན་དུ་གསུངས་ཏེ། དེའི་རྒྱུ་


GTD005_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་སྤྱི་བོའི་ཧཾ་ལ་སེམས་བརྟན་ན་དེ་བྱང་སེམས་དཀར་པོའི་གནས་ཡིན་པས་དཀར་ཆ་འཕེལ་སྟོབས་ཆེ། མགྲིན་པའི་ཨོཾ་ལ་སེམས་བརྟན་ན་དེ་རོ་མའི་ཁྲག་འཕེན་འཛིན་བྱེད་པའི་གནས་ཡིན་པས་ལྟེ་བའི་མེ་གཏུམ་མོའི་གནས་སུ་འཁྲིད་སྟོབས་ཆེ། སྙིང་གའི་ཧཱུཾ་ལ་སེམས་བརྟན་ན་དེ་འོད་གསལ་འཆར་བའི་གནས་ཡིན་པས་གཉིད་སད་དུས་འོད་གསལ་འཆར་སྟོབས་ཆེ། ལྟེ་བའི་ཨ་ལ་སེམས་བརྟན་ན་གཏུམ་མོ་སྦར་བས་བྱང་སེམས་ཞུ་སྟོབས་ཆེ་བའི་གནད་ཤེས་དགོས་སོ། །དེ་ནས་ཡི་གེ་འགོད་ཚུལ་ནི། རྩ་འཁོར་སོ་སོའི་དཀྱིལ་དྲང་ཐད་ཀྱི་དབུ་མའི་ནང་དུ་འགོད་དགོས་ལ། གདན་ནི་སྟག་ཕུ་བས་ལྟེ་བ་མགྲིན་པ་གཉིས་ཀར་ཉི་གདན་གསུངས་ཀྱང༌། བརྟག་གཉིས་རྣམ་བཤད་དང༌། ཆོས་དྲུག་གི་ཁྲིད་ཡིག་གཉིས་ཀར་བཞི་པོ་ཟླ་གདན་དུ་གསུངས་པས་ཟླ་གདན་སྲན་མ་ཕྱེད་གཤགས་ཙམ་རེ་བསམ་ལ། དེའི་ལྟེ་བར་ཨ་ཐུང་ཤད་ཀྱི་རྣམ་པ་ཞེས་འབྱུང་བ་ནི། ངོ་བོ་རྒྱ་གར་ཝརྟུ་ལའི་ཡི་གེའི་ཨ་ཐུང་ཡིན་ཀྱང༌། རྣམ་པ་བོད་ཡིག་ལ་མཚོན་ན་གཟབ་མའི་ཤད་ཀྱི་དབྱིབས་དང་མཚུངས་པས་དེ་ལྟར་བཏགས་སོ། །སྙིང་གར་ཧཱུཾ་སྔོན་པོ་མགོ་ཐུར་ལྟ། མགྲིན་པར་ཨོཾ་དམར་པོ་མགོ་གྱེན་ལྟ། སྤྱི་བོར་ཧཾ་ཡིག་དཀར་པོ་མགོ་ཐུར་དུ་བལྟ་བ་བསམ་ཞིང༌། ཡིག་འབྲུའི་ཆེ་ཆུང་སམ་བྷུ་ཌིར་ཧཱུཾ་ཡིག་ཉུང་དཀར་གྱི་ཚད་དུ་གསུངས་པ་གཞན་གསུམ་ལ་ཡང་འདྲའོ། །ཡི་གེ་བཞི་ཀ་ཡང་མན་ངག་སྙེ་མར་བཤད་པ་ལྟར། མགོར་ཟླ་ཕྱེད་ཐིག་ལེ་ནཱ་ད་དང་བཅས་པ་གསལ་འདེབས་ཤིང༌། ཨ་དང་ཨོཾ་གཏུམ་མོའི་རང་བཞིན་ཡིན་པས་དེ་གཉིས་ཀྱི་ནཱ་ད་དམར་ཞིང་ཚ་བ་མེ་འབར་ལ་ཁད་པ་དང༌། གཞན་


GTD005_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཡིན་པས་ནཱ་ད་ཡང་བྱང་སེམས་བ་མོ་ལྟ་བུ་འཛག་པའི་རྣམ་པ་ཅན་དུ་བསྒོམ་ན་བདེ་བ་འཕེལ་བའི་གནད་ཆེ་ཞིང༌། ཐམས་ཅད་ཀྱང་ཤིན་ཏུ་འོད་འཚེར་བའི་རྣམ་པར་བསམ་ན་བྱིང་བ་གཅོད་སླའོ། །དེ་ནས་ཡི་གེ་དེ་དག་ལ་ཚུ་རི་ནས་ཕ་རི་ལ་བལྟ་བ་ལྟ་བུ་མ་ཡིན་པར་རང་གི་སེམས་དམིགས་རྟེན་དེ་ལ་ཞུགས་པའི་ཚུལ་གྱིས་བཟུང་ནས་ཧ་ཅང་གྲིམས་དྲགས་པ་དང་ལྷོད་དྲགས་པའི་བྱིང་རྒོད་སྤངས་ཏེ་བསྒོམས་ནས་ཡི་གེ་བཞི་ཀ་དང༌། ཁྱད་པར་ལྟེ་བའི་ཨ་ཐུང་ལ་གཙོ་བོར་དམིགས་པ་གཏོད་དོ། །དེ་ལྟ་བུའི་དམིགས་རྣམ་དེ་ཉིད་ལ་ཆིག་དྲིལ་དུ་འབད་ན་ཡང་རང་སེམས་ཐིག་ལེ་དང་འདྲེས་པའི་ཉམས་སྐྱེ་ཞིང༌། དེའི་རྒྱུན་ལེགས་པར་བསྐྱངས་ན་རླུང་སེམས་འཇུག་པ་གཅིག་པའི་དབང་གིས་སེམས་བཟུང་ས་དེར་རླུང་ངེས་པར་འདུ་བས་ཞུགས་གནས་ཐིམ་གསུམ་རྟགས་དང་བཅས་པ་འབྱུང་ལ། དེའི་དབང་གིས་ལྟེ་བའི་གཏུམ་མོ་ཁྱད་པར་ཅན་སྦར་བས་གོང་གི་ཡི་གེ་གསུམ་དང༌། ཁྱད་པར་སྤྱི་བོའི་ཧཾ་ཡིག་ཞུ་བ་ལས་ཡས་བབས་ཀྱི་དགའ་བ་བཞི་དང༌། བྱང་སེམས་གྱེན་དུ་ལྡོག་སྟེ་མས་བརྟན་གྱི་དགའ་བ་བཞི་འདྲེན་ཞིང་དགའ་བ་བཞི་དང་སྟོང་པ་བཞི་སྦྱར་བས་མཐར་ལྷན་སྐྱེས་ཀྱི་ཡེ་ཤེས་མཚན་ཉིད་ཚང་བར་སྐྱེད་ནུས་སོ། །གཏུམ་མོ་འཁོར་ལོ་བཞི་མ་འདི་ལ་བུམ་པ་ཅན་བསྒོམ་པ་རྒྱུད་དང་གྲུབ་ཆེན་གྱི་གཞུང་དུ་མི་གསལ་ཡང༌། བོད་ཀྱི་བླ་མ་སྔ་མ་རྣམས་གཏུམ་མོའི་རྟོགས་པ་སྐྱེ་མྱུར་བའི་ཆེད་དུ་མན་ངག་གིས་ཁ་བསྐང་བ་ཡིན་ལ། དེ་ཡང༌། རྔུབ་དང་དགང་དང་གཞིལ་བ་དང༌། །མདའ་ལྟར་


GTD005_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

འཕང་དང་རྣམ་བཞི་འོ། །ཞེས་དོན་ཚན་བཞིར་གསུངས་པས། རྔུབ་པའི་སྦྱོར་བ་ནི། ཁ་ནས་མི་རྔུབ་པར་སྣ་བུག་གཉིས་ནས་རླུང་འཇམ་པོར་དལ་གྱིས་རྔུབ་པའོ། །དགང་བའི་སྦྱོར་བ་ནི་རླུང་དེ་རོ་རྐྱང་གཉིས་ཀྱི་ནང་དུ་སོང་བས་དེ་གཉིས་རྒྱུ་མ་ཕུས་བཏབ་པ་ལྟར་ཁྲིག་གིས་གང་བའོ། །གཞིལ་བའི་སྦྱོར་བ་ནི། རྩ་དེ་གཉིས་ཀྱི་ནང་གི་རླུང་ཐམས་ཅད་མར་སྣ་ནས་དབུ་མའི་ནང་དུ་སིར་གྱིས་ཞུགས་པས་རོ་རྐྱང་གཉིས་སྟོངས་ལྡིབ་ཀྱིས་འགྲོ་བའོ། །འདིའི་སྐབས་སུ་མཆིལ་མ་གཅིག་སྒྲ་མེད་དུ་མིད་ཅིང་། དེས་སྣ་ཁྲིད་བྱས་ཏེ་སྟེང་རླུང་མར་མནན་པ་དང༌། འོག་སྒོ་གཉིས་ནས་རླུང་འཇམ་པོ་ཞིག་ཡར་ཐོན་ཏེ་ལྟེ་བའི་ཨ་ཐུང་གི་གོ་སར་ཁ་སྦྱོར་དུ་བྱས་པ་ལ་དམིགས་པ་གཏོད་པ་ནི། སྡོམ་འབྱུང་ལས། སྟེང་དང་འོག་ཏུ་འགྲོ་བའི་རླུང༌། །ཡིད་ཀྱི་ཁ་སྦྱོར་དུ་བྱ་སྟེ། །ཞེས་ལྟེ་བ་ཡན་གྱི་སྲོག་འཛིན་དང༌། དེ་མན་གྱི་ཐུར་སེལ་ཏེ་སྲོག་ཐུར་གཉིས་ཀ་ལྟེ་བར་བསྲེ་བ་བུམ་པ་ཅན་གྱི་དངོས་གཞི་ཡིན་ནོ། །མདའ་ལྟར་འཕང་བའི་སྦྱོར་བ་ནི། དེ་ལྟར་མི་བདེ་བ་མི་སྐྱེད་ཙམ་དུ་རླུང་ཐུབ་ཚད་བཟུང་སྟེ་ཕྱིར་གཏོང་དགོས་པ་ན་དབུ་མའི་ནང་ནས་ཡར་བདེ་ཁྲི་ལི་ལི་འགྲོ་བར་བསམ་པའོ། །དེ་ལྟར་རེ་ཞིག་དམིགས་སྐོར་བཞི་པོ་དེ་ཙམ་གྱི་སྒོ་ནས་སྦྱངས་ཏེ་བུམ་པ་ཅན་ཡུན་རིང་པོར་གནས་ཐུབ་པའི་ཚེ་དེའི་རླུང་སྦྱོར་དངོས་གཞི་སྒོམ་བཞིན་པའི་ངང་ནས་གོང་གི་ཡི་གེ་བཞི་གསལ་འདེབས་ཤིང༌། གསང་བའི་འཁོར་ལོ་ལ་གནས་པའི་རླུང་གིས་ཨཾ་ཡིག་སྦར་བས་གོང་མ་རྣམས་ཞུ་སྟེ་དགའ་བཞི་འདྲེན་པ་སོགས་གོང་དུ་བཤད་པའི་དམིགས་པའི་མཚམས་ལ་སྦྱོར་ཤེས་དགོས་ཀྱི། དམིགས་སྐོར་རྣམས་སོ་སོར་འཐོར་


GTD005_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འབྲེལ་མེད་དུ་འགྲོ་བ་དང་ཡི་གེ་གསལ་འདེབས་པའི་དུས་ངོས་མ་ཟིན་པ་ཡང་འབྱུང་སྣང་སྟེ། ཁྲིད་ཡིག་ཡིད་ཆེས་གསུམ་ལྡན་དུ་ཨ་ཐུང་གི་སར་ཞེས་ཡང་ཡང་གསུངས་པས། ཐོག་མ་རང་ནས་ཨ་གསལ་མ་བཏབ་ཀྱང་སླར་འདེབས་རྒྱུའི་གོ་སའི་ཐད་ཡིན་པའི་དོན་ནོ། །འོན་ཀྱང་ཡིད་ཆེས་གསུམ་ལྡན་ལས། རྫོགས་རིམ་གྱི་གདམས་ངག་གལ་ཆེ་བ་རྣམས་ཚང་བར་བཀོད་པའི་མན་ངག་སྙེ་མར་ཡང་སྐབས་དེར་རླུང་བུམ་པ་ཅན་བསྒོམ་པ་མ་བཤད། ཅེས་དང༌། སྔགས་རིམ་ལས། གཏུམ་མོའི་རྣལ་འབྱོར་འདི་དག་ལ་རླུང་ཁ་སྦྱོར་བཟུང་ནས་བྱེད་པ་མ་བཤད་པར་དམིགས་པ་ཤིན་ཏུ་བརྟན་པར་གནས་ནས་མེར་སྦོར་བའི་ལུགས་སུ་བཤད་ལ། གདམས་པ་གཞན་ལས་བུམ་པ་ཅན་བཟུང་བ་དང་སྦྲེལ་ནས་བྱེད་དོ། །ཞེས་གསུངས་པ་རྣམས་ཀྱི་དགོངས་པར་བརྟགས་ན་སྐབས་འདིར་བུམ་པ་ཅན་ལས་མེ་དམིགས་གཙོ་བོར་བྱས་ན་ལེགས། དེའི་བསྒོམ་ཚུལ་ནི་གོང་དུ་བཤད་པ་ལྟར་དང་པོ་རྩ་འཁོར་དང་། དེ་ནས་ཡི་གེའི་གསལ་སྣང་སྒྲུབ། དེ་ནས་གཏུམ་མོའི་མེ་གསོ་བ་ཞེས་པ་སྣ་བུག་གཉིས་ནས་རླུང་ཕྲ་ལ་རིང་བ་དལ་གྱིས་རྔུབ་པ་རོ་རྐྱང་གཉིས་ནས་མར་སོང༌། དེ་གཉིས་ཀྱི་མར་སྣ་དབུ་མའི་ནང་དུ་ཡར་བཅུག་སྟེ་ཡི་གེ་དབུ་ཅན་གྱི་ཆའི་ཞབས་ལྟ་བུར་ཡོད་པས། རླུང་ཐམས་ཅད་དབུ་མའི་ནང་དུ་ཞུགས་ནས་ཡར་སོང༌། ལྟེ་བའི་ཨཾ་ཡིག་ལ་ཕོག་སྟེ་རླུང་གིས་བུས་པས་མེ་སྟག་དམར་ཚེག་ཚེག་འབར་ལ་ཁད་བྱེད་པར་བསམ་པའོ། །ཡང་སྔར་བཞིན་རྔུབས་ཏེ་བུས་པས་མེ་རྒྱ་ཁབ་ཙམ་ཞིག །


GTD005_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

འབར་བར་བསམ་པ་ནི་གཏུམ་མོ་སྦར་བ་ཞེས་བྱ་ལ། སླར་ཡང་སྔར་བཞིན་བྱས་པས་གཏུམ་མོའི་མེ་དམར་ཞིང་གསལ་བ། ཚ་ཞིང་ངར་བ། ཕྲ་ཞིང་འགྲིལ་བ་སྟེ་ཁྱད་པར་གསུམ་ལྡན་ཤུགས་དྲག་ཏུ་འབར་བ་དབུ་མའི་ལམ་ནས་ཡར་ཞུགས་ཧཱུཾ་ལ་གཡས་སུ་ལན་གསུམ་བསྐོར་བས་ཞུ་ལ་ཁད་བྱས། ཡང་གྱེན་དུ་སོང་སྟེ་ཨོཾ་ལ་གཡོན་སྐོར་གསུམ་བྱས་པས་དེའི་ཚ་ངར་ཇེ་ཆེར་སོང་ནས་འོད་འཕྲོས་པ་དང་གཉིས་ཀ་འདྲེས་ཏེ་ཡར་སོང༌། ཧཾ་ཡིག་ལ་རེག་ཙམ་བྱས་པས་དེ་བྱང་སེམས་ཀྱི་ངོ་བོར་སྐྱ་ནར་གྱིས་ཞུ་སྟེ་མར་བབས་ནས་དགའ་བཞི་འདྲེན་པས་དེ་ཐམས་ཅད་དང༌། ཁྱད་པར་ལྷན་སྐྱེས་ཀྱི་ཚེ་མཐའ་བྲལ་དབུ་མའི་ལྟ་བ་དང་སྦྱར་ཏེ་བདེ་སྟོང་དབྱེར་མེད་ཀྱི་ངང་ལ་རྩེ་གཅིག་ཏུ་མཉམ་པར་འཇོག་གོ །དེ་ལྟར་ཡང་ནས་ཡང་དུ་བསྒོམ་དགོས་པས་འོད་གསལ་དེ་ལས་ལྡང་རེས་བཞིན་ཕུང་པོ་རྙིང་པ་ལས་གོ་ས་ལོགས་སུ་རྗེ་བཙུན་མའི་སྐུར་ལྡང་སྙམ་པའི་འཕེན་པ་དང་། དེ་ནས་ལུགས་ལྡོག་གི་ཉེར་ཐོབ་ནས་སྨིག་རྒྱུའི་བར་གྱི་རྟགས་རྣམས་བྱུང་སྟེ་རྗེ་བཙུན་མའི་སྐུར་བཞེངས་པར་མོས་པ་ནི་སྐབས་དོན་ལོངས་སྤྱོད་རྫོགས་པའི་སྐུ་སྒྲུབ་བྱེད་ཀུན་རྫོབ་སྒྱུ་མའི་རྫོགས་རིམ་ལ་འཇུག་པའི་ཐབས་བླ་ན་མེད་པའོ། །དམིགས་པ་དེའི་ངང་ལ་རེ་ཞིག་བཞག་སྟེ། དེ་ལས་ལྡང་བ་ན་ཕུང་པོ་རྙིང་པ་རྗེ་བཙུན་མར་བསྒོམ་པའི་སྤྱི་བོ་ནས་ཞུགས་པར་བསམ་སྟེ་རྗེས་ཐོབ་ཀྱི་བྱ་བ་ལ་འཇུག་གོ །དེ་ནི་སད་དུས་ཀྱི་བསྲེ་བ་སྐོར་གསུམ་ཞེས་བྱ་ལ། བསྒོམ་ཚུལ་སྔ་མ་དང་སྦྱར་ཏེ་གཉིད་ཆོས་སྐུ། རྨི་ལམ་ལོངས་སྐུ། སད་པ་སྤྲུལ་སྐུའི་བསྲེ་བ་གསུམ་ལ་གཉིད་དུས་ཀྱི་བསྲེ་བ་སྐོར་


GTD005_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཞེས་བྱ་སྟེ། འདི་རླུང་དབུ་མར་ཐིམ་ནུས་པའི་ཚེ་དཔྱིས་ཕྱིན་པར་བྱེད་ནུས་ཀྱང༌། དེ་མི་ནུས་པས་འདུན་སྟོབས་ཙམ་གྱིས་སྦྱངས་ན་ཡང་ཕན་ཤིན་ཏུ་ཆེའོ། །དེ་ཡང་སྒྱུ་མའི་སྐུ་དངོས་གནས་སུ་ལྡང་བ་ལ་རླུང་ལ་དབང་ཐོབ་པ་དགོས་ཤིང་། དེ་ལ་དབུ་མའི་རྩ་མདུད་རྫོགས་པར་གྲོལ་དགོས་པས། དེ་འབྱེད་པའི་ཐབས་ཀྱི་གཙོ་བོ། རྡོར་ཕྲེང་ལས། རླུང་གཉིས་ཀྱིས་ནི་ཕྱི་ནས་ནི། །མ་རིག་མདུད་པ་འབྱེད་པར་བྱེད། །ཅེས་གསུངས་པ་ལྟར། རླུང་འབྱུང་འཇུག་གནས་གསུམ་ཡི་གེ་གསུམ་གྱི་རང་གདངས་སུ་མོས་པའི་རྡོ་རྗེའི་བཟླས་པ་གལ་ཆེའོ། །འོན་ཀྱང་དེ་མ་ནུས་ན་དབུགས་དང་འབར་འཛག་གི་དམིགས་པ་སྦྲགས་པས་ཆོག་སྟེ། སྔགས་རིམ་ལས། དེ་ལྟར་མི་ནུས་པས་ནི་དབུགས་གྱེན་དུ་འགྲོ་ན་རྡུལ་གྱི་རི་མོ་དྲང་པོ་འབར་བ་དང༌། རླུང་ནང་དུ་འཇུག་པ་ན་ཧཾ་ཡིག་ཟླ་བ་འཛག་པ་ཐིག་ལེའི་གཟུགས་ཀྱིས་ལྟེ་བར་འོང་བར་བསམ་སྟེ། དེ་ཡང་གཡས་གཡོན་གཉིས་ཀྱི་རླུང་ཕྱི་ནང་དུ་རྒྱུ་བ་ལོག་པའི་བར་དུ་ཡང་དང་ཡང་དུ་བྱའོ། །ཞེས་སོ། །དེ་ལྟར་ན་རྗེ་བཙུན་རིག་བྱེད་མའི་མན་ངག་ཐུན་མོང་མ་ཡིན་པ་རིམ་པ་ལྔ་པ་ལས་བཤད་པའི་སྤྲོ་བསྡུའི་དམིགས་པ་སྐྱོང་མཚམས་ཀྱང་རྩ་དང་ཡི་གེའི་གསལ་སྣང་བུམ་པ་ཅན་ནམ། མི་དམིགས་གང་རུང་གི་སྒོ་ནས་འབར་འཛག་གི་དམིགས་པ་སོགས་ལེགས་པར་གོམས་པའི་མཚམས་སུ་བྱེད་དགོས་ཀྱི། དང་པོ་ནས་བྱེད་པ་མིན་ཏེ། ཁ་ཅིག་གཏུམ་མོའི་ལུགས་སུ་བྱས་ནས་ཡི་གེ་བཞི་བཀོད་ཀྱང་དེ་མ་ཐག་ཡི་གེ་དེ་རྣམས་དང༌། ལྟེ་བར་གནད་དུ་བསྣུན་པའི་


GTD005_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོས་ཙམ་ཡང་མེད་པར་སྙིང་གའི་ཧྲཱིཿ ཡིག་གི་སྤྲོ་བསྡུ་བྱས་པ་མ་འབྲེལ་ཞིང༌། ལྟེ་བའི་ཨཾ་ཡིག་འབར་བའི་དམིགས་པ་མ་བྱས་གོང་དུ་སྤྱི་བོའི་ཧཾ་ཡིག་ཞུ་བའི་དམིགས་པ་བསྐྱངས་པ་ནི་འབར་འཛག་གོ་ལོག་པའོ། །དེར་མ་ཟད་སྔགས་རིམ་ལས། གཏུམ་མོའི་ངོ་བོ་འབར་དུ་གཞུག་གོ །དེ་འབར་བ་ཡང་དབུ་མ་ནས་སོང་སྟེ་བ་སྤུའི་བུ་ག་དང་རྩེ་མོ་དང་དཔྲལ་བའི་མཚམས་རྣམས་ཁྱབ་པར་བྱས་ཤིང༌། འཁོར་ལོ་གསུམ་དང་ཕུང་པོ་ལ་སོགས་པ་རྣམས་གདུངས་ནས་སྣ་བུག་གཡས་དང་མཛོད་སྤུའི་ཁུང་བུ་ལས་བྱུང་ངོ༌། །དེ་ནས་གློག་གི་འོད་བཞིན་དུ་ཕྱོགས་བཅུར་ཁྱབ་ནས་འཁོར་བ་པ་དང་ཉན་རང་དང་བྱང་སེམས་རྣམས་ལ་རེག་པས། ཞེས་པ་ནས། མཛོད་སྤུའི་བུ་ག་ནས་ཞུགས་ནས་བདེ་ཆེན་གྱི་འཁོར་ལོར་གནས་པ་ན་བྱང་སེམས་དང་ལྷན་ཅིག་ཞུ་ནས་འོག་ཏུ་འཛག་པ་ཐབས་ཤེས་རོ་གཅིག་པའི་བདེ་བ་ཆེན་པོ། ཞེས་སོགས་དང༌། འདིའི་དམིགས་པ་གཉིས་འགྲོས་ཤིན་ཏུ་མཚུངས་ཤིང༌། ཁྲིད་ཡིག་ཡིད་ཆེས་གསུམ་ལྡན་ལས། སེམས་བརྟན་པ་ན་གཏུམ་མོའི་འོད་ཟེར་གྱི་སྣང་བས་ལུས་ཀྱི་ཕྱི་ནང་དང་གནས་ཁང་སོགས་ཐམས་ཅད་ཅེས་གོ་རིམ་བྱེད་ཚུལ་སྔ་མ་ལྟར་གསུངས་པས་ཀྱང་ཤེས་སོ། །རྒྱུ་མཚན་གཞན་ཡང་དམིགས་སྐོར་འདི་ཉིད་མཇུག་ཏུ་བྱས་ན་ལམ་གྱི་འགྲོས་གོང་མ་དང་མཐུན་པའི་དགོས་པ་ཡང་ཡོད་དེ། གཞི་ལ་ལུས་ཐོག་མར་ཆགས་པ་དང་མཐར་འདོད་པའི་གནས་སྙིང་ག་ཡིན་པས་ལམ་དུས་སུ་སེམས་དབེན་དཔེའི་འོད་གསལ་ལས་སྒྱུ་མའི་སྐུར་ལྡང་བ་ན་སྙིང་གའི་དྷཱུ་ཏཱིའི་ནང་དུ་རླུང་མ་ལུས་པར་ཐིམ་པ་ལས་བྱུང་བའི་རླུང་སེམས་ཀྱིས་སྒྱུ་མའི་སྐུའི་


GTD005_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་གཞི་བྱས་ཏེ་ལྡང་དགོས་པས། བླ་མེད་ཀྱི་རྫོགས་རིམ་སོ་སོ་ལ་ཐོག་མར་གནད་དུ་བསྣུན་སའི་ཡུལ་མི་འདྲ་བ་བྱུང་ཡང་མཐར་སྙིང་གར་གཞོལ་དགོས་པ་ཐམས་ཅད་མཐུན་པའི་ཕྱིར་རོ། །རྗེའི་བརྟག་གཉིས་ཟིན་བྲིས་ལས། སྙིང་གར་རླུང་སེམས་བསྡུས་པ་ལས་འོད་གསལ་དུ་ཞུགས་པ་འདྲ་བ་གཞན་གང་ལ་ཡང་མེད་པས། སྙིང་གའི་སྡུད་རིམ་གནད་ཆེ་ཞེས་དང༌། རིམ་ལྔ་གསལ་སྒྲོན་ལས། ལྟེ་བར་གནད་དུ་བསྣུན་པ་ལ་སོགས་པ་རྣམས་ཀྱི་ལམ་ཡང་མཐར་སྙིང་གར་སྡུད་པ་ལ་གཞོལ་བའི་ཚུལ་ཤེས་པར་བྱ། ཞེས་གསུངས་སོ། །གཞན་ཡང་སྒྱུ་མའི་སྐུ་སྒྲུབ་པའི་ཚེ་སྔོན་དུ་བསམ་གཏན་གཉིས་གང་རུང་གི་སྡུད་རིམ་གཙོ་བོར་གསུངས་པ་དང༌། འདིའི་མཐར་ཡང་སྣོད་བཅུད་འོད་གསལ་དུ་སྡུད་པའི་རྗེས་གཞིག་གི་རིམ་པ་བསྟན་པ་འབྲེལ་ཤིན་ཏུ་མཚུངས་ལ། རྩ་བའི་གཞུང་རིམ་པ་ལྔ་པར་ཡང་དམིགས་སྐོར་འདིའི་མཇུག་ཏུ། གང་ལ་ཐོག་མ་དབུས་མཐའ་མེད། །ཅེས་སོགས་དྲངས་པའི་དགོངས་པའི་གནད་ཀྱང་འདི་ཁོ་ན་ཡིན་པར་སེམས་སོ། །དེའི་དམིགས་པ་སྐྱོང་ཚུལ་གྱི་ངོ་བོ་མདོར་བསྡུས་ཏེ་བརྗོད་ན་སྙིང་གའི་རྩ་འཁོར་གྱི་དྷཱུ་ཏཱིའི་ནང་གི་ཧཱུཾ་ཡིག་གི་མདུན་དུ་ཧྲཱིཿ ཡིག་དམར་པོ་འོད་འབར་བ་ཞིག་བསམ་ལ། ལྟེ་བའི་གཏུམ་མོའི་མེ་འོད་དབུ་མའི་ལམ་ནས་གྱེན་དུ་སོང་བ་ཧྲཱིཿ ལ་ཕོག་པས་ཤིན་ཏུ་གསལ་ཞིང་འཚེར་བར་གྱུར། དེ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་ཤིང་གཏུམ་མོའི་མེ་འོད་དང་འདྲེས་ནས་དབུ་མའི་ལམ་ནས་གྱེན་དུ་སོང་སྟེ་མགོ་བོའི་ནང་ནས་གཡོན་སྐོར་དུ་བྱས་


GTD005_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྣ་བ་གཡས་པའི་བུ་ག་ནས་ཐོན། མདའ་གཞུ་རྣ་བའི་དྲུང་དུ་བཀང་བའི་མདའི་ལྟོང་ནས་ཞུགས་ཏེ་དེའི་ནང་བརྒྱུད་ཅིང་ཨུཏྤ་ལའི་མདེའུ་རྒྱས་པར་བྱས་པའི་རྩེ་མོ་ནས་ཕྱིར་འཕྲོས། འཇིག་རྟེན་གསུམ་པོ་ཐམས་ཅད་འོད་ཀྱིས་ཁྱབ་པར་བྱས། མཐར་སྣོད་བཅུད་ཐམས་ཅད་ཀྱང་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོའི་རང་བཞིན་འོད་ཟེར་དམར་པོའི་རྣམ་པར་ཞུ། ཚུར་འདུས་ཏེ་མདེའུའི་རྩེ་ནས་སྔར་བཞིན་ཞུགས་པ་རྣ་བ་གཡས་པ་བརྒྱུད། མགོ་བོར་གཡས་སུ་བསྐོར་ནས་མཛོད་སྤུའི་ཐད་ནས་དཀྱིལ་དུ་སོན་པ་སྐྱེ་བོའི་ཧཾ་ཡིག་དང་འདྲེས་ཏེ་བྱང་ཆུབ་ཀྱི་སེམས་སུ་ཞུ་བས་བདེ་ཆེན་གྱི་འཁོར་ལོ་གང་ཞིང་རྒྱས་པར་བྱས། རིམ་གྱིས་དབུ་མའི་ལམ་ནས་མར་བབས། མགྲིན་པ་སྙིང་ག་ལྟེ་བ་གསང་གནས་རྣམས་སུ་བབས་པས་དགའ་བཞི་དྲངས། ཁྱད་པར་ལྷན་སྐྱེས་ཀྱི་ཚེ་རང་གི་ལུས་ཀྱི་སྟོད་སྨད་ནས་སྙིང་གའི་ཧྲཱིཿ ཡིག་ལ་སྡུད་ཅིང༌། མཐར་ནཱ་ད་ཙམ་ཡང་མི་དམིགས་པར་བྱ་སྟེ། བརྟག་པ་ཕྱི་མའི་ལེའུ་ལྔ་པ་ལས། དེར་ནི་ཐོག་མ་དབུས་མཐའ་མེད། །སྲིད་མེད་མྱ་ངན་འདས་པ་མེད། །བདག་མེད་གཞན་ཡང་མེད་པ་ཉིད། །འདི་ནི་མཆོག་ཏུ་བདེ་ཆེན་ཉིད། །ཅེས་པའི་དོན་བཞིན་སྐྱེ་འགག་གནས་གསུམ་དང་བྲལ་ཞིང༌། འཁོར་འདས་ཀྱི་མཐའ་ལས་གྲོལ་བ། གང་ཟག་དང་ཆོས་ཀྱི་བདག་མེད་པའི་དེ་ཁོ་ན་ཉིད་དང་ལྷན་སྐྱེས་ཀྱི་བདེ་བ་དེ་ཉིད་སྦྱར་ཏེ་རྩེ་གཅིག་ཏུ་མཉམ་པར་འཇོག་གོ །འདིའི་དམིགས་སྐོར་གྱི་ཡི་གེ་འགའ་ཞིག་ཏུ། འཁོར་ལོ་བཞི་པོའི་ཐད་ཀྱི་བྱ་རོག་གདུང་གི་དབུས་སུ། ཞེས་དང༌། སྙིང་ལས་ལངས་ཏེ་འོད་ཟེར་གྱི་རྣམ་པ་ཁ་ཁ་མུ་ཁའི་ལམ་ནས་གྱེན་དུ་བྱོན་པ། ཞེས་བྲིས་པ་མི་


GTD005_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

འཐད་དེ། ཁ་ག་མུ་ཁའམ་ཀ་ཀ་མུ་ཁ་ཞེས་པ་བོད་སྐད་དུ་བྱ་རོག་གདོང་ངམ་ཁྭ་གདོང་ཞེས་པ་ཡིན་པས་དེ་གཉིས་དོན་གཅིག་ལ། བྱ་རོག་གདོང་ནི། བརྟག་གཉིས་རྣམ་བཤད་ལས། ཕོ་མོའི་རིམ་པ་བཞིན་དུ་རྡོ་རྗེའི་རྩེ་དང་བྱ་རོག་གདོང་དུ་གྲགས་པས་པདྨའི་དབུས་བར་དུ་ཡོད་ཅིང༌། ཞེས་དང༌། ཡིག་ཆུང་ལས། བྱ་རོག་གདོང་ནི་ཕལ་བ་རྣམས་ལ་བྱ་ལེར་གྲགས་པ་འདི་ཡིན་ཞིང༌། ཞེས་པ་ལྟར། བུད་མེད་ཀྱི་བྷ་གའི་དབུས་ཀྱི་ཟེའུ་འབྲུ་ལ་དབྱིབས་ཀྱི་སྒོ་ནས་བཏགས་པ་ཡིན་པས། དེ་འཁོར་ལོ་བཞི་ཀའི་ཐད་དུ་ཡོད་ཚུལ་མེད་ཅིང༌། སྙིང་ག་ནས་འོད་ཟེར་འཕྲོས་པ་དེ་བརྒྱུད་ནས་སོང་ན་ཐུར་དུ་འགྲོ་བ་ཡིན་གྱི། གྱེན་དུ་འབྱོན་ཚུལ་མེད་དོ། །ཡང་དམིགས་སྐོར་གྱི་ཡི་གེ་དེ་ཉིད་ལས། ཧཾ་ལས་བདུད་རྩིའི་རྒྱུན་བབས་པ་དུང་ཅན་མའི་ལམ་ནས་བྱོན་ཏེ་མགྲིན་པའི་དང་སྙིང་གའི་འཁོར་ལོ་གང་ཞིང་རྒྱས་པར་བྱས། ཞེས་བྲིས་པ་ཡང་མི་འཐད་དེ། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་མཛད་པའི་དུས་འཁོར་ཊཱིཀ་ཆེན་གྱི་སྙིང་པོ་བསྡུས་པ་ལས། ལྟེ་བ་མན་ཆད་དུ་སྒྲ་གཅན། མཆོག་གི་རྩ་དང༌། གཉིས་སྤངས་སོགས་རྩ་དབུ་མའི་མིང་གི་རྣམ་གྲངས་དང་ཉི་མའི་རྩ། དམར་སེར་ཅན། ར་ས་ནཱ། ཉི་མའི་ལམ་ཞེས་སོགས་གཡས་ཀྱི་རོ་མའི་མིང་དང༌། ཟླ་བའི་རྩ། ཨ་ཊི། ལ་ལ་ནཱ། ཟླ་བའི་ལམ་ཞེས་པ་གཡོན་གྱི་རྐྱང་མའི་མིང་དང༌། ལྟེ་བ་མན་ཆད་དུ་རྐྱང་མའི་རྒྱུན་ལ་བཤང་བའི་རྩ་དང༌། རོ་མའི་རྒྱུན་ལ་གཅི་བའི་རྩ་དང༌། དབུ་མའི་རྒྱུན་ལ་དུང་ཅན་མ་དང༌། དུས་མེའི་རྩ་དང༌། ཁུ་བ་འབབ་


GTD005_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྩ་དང༌། མཆོག་གི་རྩ། ཞེས་བྱ་ཞིང༌། དབུ་མ་དང་དུང་ཅན་གཉིས་ཀ་ལ་དྷཱུ་ཏཱི། ཞེས་བྱའོ། །ཞེས་དུང་ཅན་མ་ནི་ལྟེ་བ་མན་ཆད་ཀྱི་དྷཱུ་ཏཱིའི་མིང་དུ་གསུངས་པས། སྤྱི་བོའི་ཧཾ་ཡིག་ལས་བདུད་རྩི་བབས་པས་དེ་བརྒྱུད་དེ་མགྲིན་པར་འགྲོ་བ་རིམ་པ་འཆོལ་བ་ཡིན་ནོ། །དེས་ན་མིང་དེ་དག་ཤིན་ཏུ་གསང་དགོས་པའི་དབང་གིས་བསྣོལ་བ་ཡིན་ན་མ་གཏོགས། སྒྲ་ཇི་བཞིན་པར་བཟུང་ན་ལུས་ཀྱི་སྟོད་སྨད་ཐམས་ཅད་མགོ་མཇུག་ལྡོག་དགོས་པས་ངོ་མཚར་བ་ཞིག་འོང་བར་སྣང་ངོ༌། །དེར་ནི་ཐོག་མ་ཞེས་སོགས་ཀྱི་ལུང་འདི་འདིའི་སྐབས་ཀྱི་ཆོ་ག་སོགས་སུ་དྲངས་པའི་ཚེ་གང་ལ་ཐོག་མ་ཞེས་བྱུང་བ་ཚིག་བསྒྱུར་བ་ཡིན་ཏེ། རྒྱུད་ལས་དེར་ནི་ཞེས་པ་གོང་དུ་ལྷན་སྐྱེས་ཀྱི་སྐད་ཅིག་མའི་ངོ་བོ་ཇི་ལྟར་ལགས། ཞེས་དྲིས་པའི་ལན་དུ་གསུངས་པའི་ཚིག་ཕྲད་ཡིན་ནོ། །དམིགས་སྐོར་འདི་ཡན་ཆད་ལ་སྒྱུ་ལུས་སྒྲུབ་པའི་ཐབས་ཀྱི་སྒོམ་ཚུལ་ཚང་ཡང༌། སྒྱུ་མའི་སྐུར་ལྡང་བའི་དམིགས་རིམ་མ་བྱུང་བས་དམིགས་སྐོར་འདི་ལ་བདག་བྱིན་རླབས་ཞེས་བཏགས་པ་ཡང་འདིའི་རྩ་བཤད་ཀྱི་རྒྱུད་དང་འདུས་པ་སོགས་ན་བདག་བྱིན་རླབས་ཀྱི་གཙོ་བོ་སྒྱུ་ལུས་ལ་མཛད་པ་དེར་བྱེད་ན་མི་རུང་ཡང༌། བརྟག་གཉིས་རྣམ་བཤད་ལས། བདག་བྱིན་རླབས་ཀྱི་དབྱེ་བ་སྒྱུ་ལུས་དང༌། ཕྱག་རྒྱ་བྱིན་གྱིས་བརླབས་ནས་སྙོམས་པར་ཞུགས་པ་དང༌། སྙིང་གར་མི་ཤིགས་པ་དང་འོག་སྒོར་ཕྲ་ཐིག་བསྒོམ་པ་དང༌། རྩ་འཁོར་ལ་གནད་དུ་བསྣུན་ནས་རང་སེམས་བདེ་ཆེན་གྱི་ངོ་བོར་བྱིན་གྱིས་རློབས་པ་སོགས་མང་དུ་གསུངས་པས་ཕྱི་མ་ལ་བྱས་ན་རུང་ངོ༌། །དེ་ལྟར་གོང་དུ་བཤད་པའི་ལམ་དེ་དག་


GTD005_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

གེགས་སེལ་བོགས་འདོན་གྱི་མན་ངག་དང༌། ཕྱི་ནང་གི་རྐྱེན་ཚང་བའི་སྒོ་ནས་ཉམས་སུ་བླངས་པས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་འཆི་དུས་ཀྱི་སྐབས་ཇི་ལྟ་བ་བཞིན་དུ་མཚན་ཉིད་ཚང་བ་རྫོགས་པར་འཆར་ཞིང༌། ཐམས་ཅད་སྟོང་པ་འོད་གསལ་གྱི་སྐབས་དེར་རང་སེམས་ལྷན་སྐྱེས་ཀྱི་བདེ་བ་དང་ཡུལ་སྟོང་པ་ཉིད་རོ་གཅིག་ཏུ་གྱུར་པའི་བདེ་ཆེན་གྱི་ཡེ་ཤེས་ནི་སྒྱུ་ལུས་ཀྱི་སྒྲུབ་གཞི་དཔེའི་ལྷན་སྐྱེས་མཐར་ཐུག་ཏུ་བཤད་དོ། །འོད་གསལ་དེ་ལས་ལྡང་བ་ན་སྔོན་གྱི་འཕེན་པའི་དབང་གིས་འོད་གསལ་གྱི་སེམས་དེས་ལྷན་ཅིག་བྱེད་རྐྱེན་དང༌། དེའི་བཞོན་པར་གྱུར་པའི་རླུང་འོད་ཟེར་ལྔ་པས་ཉེར་ལེན་བྱས་ཏེ་ལུགས་ལྡོག་གི་ཉེར་ཐོབ་གྲུབ་པ་དང་དུས་མཉམ་པར་ཕུང་པོ་རྙིང་པ་ལས་གོ་ས་ལོགས་སུ་སྒྱུ་མའི་སྐུ་མཚན་དཔེས་བརྒྱན་པ་དངོས་གནས་སུ་བཞེངས་པ་འབྱུང་ངོ༌། །སྒྱུ་མའི་སྐུ་མཚོན་བྱེད་ལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་སུ་དཔེ་བཅུ་གཉིས་དང༌། རྡོ་རྗེ་མཁའ་འགྲོ་ལས་གཟུགས་བརྙན་རྨི་ལམ་སྒྱུ་མ་ཆུ་བུར་མིག་འཕྲུལ་ཏེ་དཔེ་ལྔ་གསུངས་ལ། སྤྱོད་བསྡུས་ལས། བདག་ལ་བྱིན་གྱིས་བརླབས་པ་བཤད་པ་རྣམས་གསལ་བར་བྱ་བའི་ཕྱིར། རྨི་ལམ་གྱི་མཚན་ཉིད། ཅེས་དང༌། འབྲས་བུ་མ་སྨིན་བྱས་པའི་ལས་རྣམས་ཀྱིས། །སྐྱེ་འདིར་རླུང་ནི་སླར་ཡང་འཇུག་པར་འགྱུར། །ཞེས་གཞི་ལ་འབྱུང་ལུས་རགས་པ་གནས་ཁང་ལྟ་བུ་དང་ཕྲ་བ་གཉུག་མའི་ལུས་གཉིས་ཡོད་པས། ཐ་མལ་པ་འགའ་ཞིག་ཀྱང་གཉིད་ཀྱི་དུས་ཡུལ་གཞན་དུ་སོང་ནས་སླར་ཡང་ལུས་དེར་འཇུག་པ་སྲིད་ལ། དེས་ནི་ཕུང་པོ་རྙིང་པ་ལས་


GTD005_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

གོ་ས་ལོགས་སུ་སྒྱུ་མའི་སྐུར་ལྡང་ཚུལ་དང༌། སླར་ཡང་རགས་པའི་སྤྲུལ་སྐུ་འཛིན་པ་གཉིས་ཀ་མཚོན་ནུས་པས་དཔེ་ཐམས་ཅད་ཀྱི་ནང་ནས་འདི་གོ་བ་སྟེར་ཕུལ་ཆེ་བར་གསུངས་སོ། །དེ་སྐད་དུ། རིམ་ལྔ་གསལ་སྒྲོན་ལས། དཔེ་གཞན་ལ་དཔེ་དོན་ཆོས་མཐུན་སྦྱར་ནས་སྒྱུ་ལུས་ལ་ངེས་པ་སྐྱེད་པའི་གོ་བ་ཙམ་མ་གཏོགས། དཔེ་ཉིད་ཀྱི་སྟེང་ནས་མཚོན་བྱེད་དཔེའི་སྒྱུ་ལུས་ལམ་གྱི་ངོ་བོར་བསྐྱེད་དུ་མེད་མོད་ཀྱང་རྨི་ལམ་ལ་དེ་ཡོད་པས་མཆོག་ཏུ་གྱུར་པ་ཡིན་ནོ། །ཞེས་གསུངས་སོ། །ཚུལ་འདི་རྣམས་ས་འོག་གི་གཏེར་བཞིན་དུ་གྱུར་པ་ན་རྗེ་བླ་མ་འབའ་ཞིག་གིས་གངས་རིའི་ཁྲོད་འདིར་གསལ་བར་མཛད་དེ། བོད་སྔ་མ་རྣམས་བདེན་སྟོང་སྒྱུ་མ་ལྟ་བུ་ཞེས་ཟེར་བ་དང༌། ལྷ་སྐུ་སྣང་ལ་རང་བཞིན་མེད་པ་སྒྱུ་མ་ལྟ་བུ་ཟེར་བ་སོགས་ཕར་ཕྱིན་ཐེག་པ་དང༌། རྒྱུད་སྡེ་འོག་མ་ལ་གྲགས་པའི་སྤྱི་དོན་གྱི་སྒྱུ་མ་ཙམ་ལས། སྦས་དོན་དང་མཐར་ཐུག་གི་སྒྱུ་མའི་མཚོན་ཚུལ་རྒྱུད་དང་འཕགས་པ་ཡབ་སྲས་ཀྱི་དགོངས་པ་བཞིན་གསལ་བར་ཕྱེ་བ་མ་བྱུང་སྣང་ངོ༌། །ལ་ལས་འདིའི་སྐབས་སུ་ཕྲ་རགས་སོ་སོར་འབྱེད་པའི་ཐབས་འཕོ་བ་དང་གྲོང་འཇུག་གི་མན་ངག་དགོས་པར་འདོད་ཀྱང༌། དཔེའི་འོད་གསལ་གྱི་སྔོན་དུ་ས་ཆུ་ལ་ཐིམ་པ་སོགས་འཆི་རིམ་ཇི་བཞིན་པར་བསྐྱེད་པ་དེ་ཉིད་ཀྱིས་ལུས་གཉིས་སོ་སོར་ངང་གིས་ཕྱེ་ནས་འགྲོ་བས་ཐབས་གཞན་མི་དགོས་ལ། བསྐྱེད་རིམ་དངོས་གྲུབ་རྒྱ་མཚོར་འཕོ་བའི་མན་ངག་གི་མཐར་ཐུག་སེམས་དབེན་དུ་གསུངས་པའི་གནད་ཀྱང་འདི་ཡིན་ནོ། །མ་དག་པའི་སྒྱུ་ལུས་པ་དེས་ཀྱང་ཕྱིའི་རྐྱེན་ཕྱག་རྒྱ་དང་སྙོམས་པར་འཇུག་ཅིང༌། ནང་གི་རྐྱེན་བསམ་གཏན་གཉིས་ཀྱི་


GTD005_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

སྡུད་རིམ་སོགས་ལ་ཡང་ནས་ཡང་དུ་གོམས་པར་བྱས་པས་ལྷན་སྐྱེས་ཀྱི་བདེ་བས་ཆོས་ཉིད་མངོན་སུམ་དུ་རྟོགས་པ་རིམ་པ་བཞི་པའི་དོན་གྱི་འོད་གསལ་མངོན་དུ་བྱས་ཏེ། དེའི་སྐད་ཅིག་གཉིས་པར་ཉོན་སྒྲིབ་མ་ལུས་པར་སྤངས་པ་དང་མཉམ་དུ་དག་པའི་སྒྱུ་མའི་སྐུ་མངོན་དུ་བྱེད། དག་པའི་སྒྱུ་ལུས་པ་དེས་ཀྱང་ལམ་གོང་མ་རྣམས་བགྲོད་དེ་སློབ་པ་མཐའི་དོན་གྱི་འོད་གསལ་ལ་བརྟེན་ནས་ཤེས་བྱའི་སྒྲིབ་པ་ཟད་པར་སྤངས་པ་དང་མཉམ་དུ་ཐུགས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་དབྱེར་མི་ཕྱེད་པ་རླུང་སེམས་ཙམ་ལས་གྲུབ་པའི་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་ལོངས་སྤྱོད་རྫོགས་པའི་སྐུ་མངོན་དུ་བྱེད་དོ། །དེ་ལྟ་བུའི་ལམ་གྱི་རིམ་པ་ཇི་སྙེད་ཅིག་བཤད་པ་ཐམས་ཅད་ཀྱང༌། དཔལ་ཀྱཻ་རྡོ་རྗེ་དང༌། རྗེ་བཙུན་རིག་བྱེད་མ་ལ་སོགས་པའི་ལྷ་ཚོགས་འདི་རྣམས་ཀྱིས་ཀྱང་སྔོན་སློབ་པའི་གནས་སྐབས་སུ་གོ་རིམ་བཞིན་ཉམས་སུ་བླངས་ཏེ་རང་རྒྱུད་ལ་རྟོགས་པ་འཁྲུངས་པ་དེ་དང་དོན་མཐུན་པར་ད་ལྟའི་གདུལ་བྱ་ལ་བསྟན་པ་ཡིན་པས་ལམ་དེ་དག་ལ་གོ་བ་ལེགས་པར་ཆགས་ན་རྗེ་བཙུན་མའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་བཤད་པ་རྣམས་ལ་ཡང་འདི་ནི་ལམ་འདི་ལྟ་བུ་ཞིག་ཉམས་སུ་བླངས་པའི་འབྲས་བུ་ཡིན་ནོ་སྙམ་དུ་འབྲས་བུ་ལ་ཡིད་ཆེས་དང་དེའི་རྒྱུ་ལ་སློབ་འདོད་སྐྱེ་བས། བསྟོད་པ་བྱས་པའི་དགོས་དོན་གྱི་གཙོ་བོ་དད་པ་གསུམ་མཚན་ཉིད་ཚང་བ་ཞིག་བསྐྱེད་ནུས་སོ། །ལམ་དེ་དག་ཐམས་ཅད་སྤྱིར་སྐུ་གསུང་ཐུགས་ཀྱི་ཡོན་ཏན་མ་ལུས་པ་སྒྲུབ་བྱེད་ཡིན་ཀྱང༌། རང་གི་ངོས་སྐལ་ལྟ་བུར་གསུང་རྡོ་རྗེ་འགྲུབ་བྱེད་ཀྱི་གཙོ་བོ་


GTD005_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

གང་དང་གང་ཡིན་སྙམ་ན། འདི་ནི་མཁའ་འགྲོ་རྒྱ་མཚོ་ལས། རང་གི་སྐུ་ནི་སྒྱུ་མ་མཉམ། །བདག་བྱིན་རླབས་འདི་ཕྲ་མོ་དང༌། །རྡོ་རྗེ་བཟླས་རང་མཚན་ཉིད་དོ། །རྫོགས་པའི་བྱང་ཆུབ་སེམས་ཀྱི་གཏེར། །དེ་ལས་ལྷག་མ་ཟུང་འཇུག་གོ །ཞེས་ཡོངས་གྲགས་ཀྱི་གོ་རིམ་ལས་བཟློག་སྟེ་རྐང་པ་དང་པོ་གསུམ་གྱིས་སྒྱུ་ལུས་དང་རྡོར་བཟླས། རྐང་པ་བཞི་པས་འོད་གསལ་དང་སེམས་དབེན་བསྟན་པ་འདི་ལས་ཤེས་དགོས་ཏེ། སྒྱུ་ལུས་དང་དེའི་རིགས་འདྲའི་རྒྱུའི་གཙོ་བོ་རྡོར་བཟླས་གཉིས་ནི་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་བྱེད་དུ་མཚུངས་པས་ཕྱོགས་གཅིག་ཏུ་བསྟན། འོད་གསལ་གྱི་རིམ་པ་དང་དེའི་རིགས་འདྲའི་རྒྱུའི་གཙོ་བོ་སེམས་དབེན་ནི་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་འགྲུབ་བྱེད་དུ་མཚུངས་པས་ཕྱོགས་གཅིག་ཏུ་བསྟན་པ་ཡིན་ནོ། །འོ་ན་ཁྱོད་ཀྱིས་འདིར་གཏུམ་མོའི་རྣལ་འབྱོར་མང་པོ་ཞིག་བཤད་པ་དེ་དག་གང་དུ་སྡུད་པ་ཡིན་ཞེ་ན། དེ་ནི་རྡོར་བཟླས་ཀྱིས་མཚོན་ནས་གོ་དགོས་ཏེ། དེ་དག་གཙོ་བོར་སྲོག་གམ་རླུང་ལས་རུང་དུ་སྒྲུབ་པའི་སྲོག་རྩོལ་གྱི་ཡན་ལག་ཡིན་ཞིང༌། རྡོར་བཟླས་ཀྱང་སྲོག་རྩོལ་གྱི་ཆ་ཤས་གཅིག་ཡིན་པས་རྡོར་བཟླས་ཀྱི་རིམ་པ་ཞེས་པ་སྒོས་མིང་སྤྱི་ལ་བཏགས་པ་ཡིན་པའི་ཕྱིར། ཁྱད་པར་གསལ་བྱེད་ལས། ཐིག་ལེ་ལ་སོགས་པའི་བསམ་གཏན་གང༌། དེ་ཡང་སྲོག་འཐོན་པ་བཟློག་པའི་དོན་ཉིད་ཀྱིས་སྲོག་རྩོལ་ཞེས་བརྗོད་དོ། །ཞེས་དང༌། རྫོགས་རིམ་དངོས་གྲུབ་སྙེ་མ་ལས། སྲོག་ནི་རོ་རྐྱང་ལ་རྒྱུ་བའི་རླུང་ཡིན་ལ། རྩོལ་བའི་སྐད་དོད་ཀྱི་སྟེང་ནས་འགོག་པའི་དོན་དུ་བཤད་དུ་ཡོད་པས། ཞེས་དང༌།


GTD005_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་ལྔ་གསལ་སྒྲོན་ལས། ངག་དབེན་དང་རྡོ་རྗེའི་བཟླས་པ་ཤེས་པ་ནི་སྲོག་རྩོལ་གྱི་ཕྱོགས་གཅིག་གི་མིང་གིས་བཏགས་པ་སྟེ། རིམ་པ་འདིའི་སྤྱིའི་མིང་ནི་རྒྱུད་ཕྱི་མར་ཡན་ལག་དྲུག་གི་གསུམ་པ་སྲོག་རྩོལ་ཞེས་གསུངས་པས། ཞེས་གསུངས་ཤིང༌། ཞལ་ལུང་ལས། རིམ་པ་འདིའི་མིང་ལ་དབུགས་འགོག་པའི་ཡན་ལག་ཅེས་ཀྱང་གསུངས་སོ། །ཡང་ཕྱོགས་རེའི་མིག་ཅན་ཁ་ཅིག་སྣང་ཕྱོགས་ཀྱི་རྫོགས་རིམ་དེ་དག་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་བྱེད་ཀྱི་གཙོ་བོར་འགྲོ་བ་བདེན་ཡང༌། དེ་ནི་སྐུ་སྒྲུབ་པའི་རྒྱུའི་གཙོ་བོར་སོང་བ་ཡིན་པས་སྐུ་གསུང་ཐུགས་གསུམ་གྱི་ནང་ནས་གསུང་སྒྲུབ་པའི་རྒྱུའི་གཙོ་བོར་འགྲོ་བ་འགོག་བྱེད་མ་གཏོགས་སྒྲུབ་བྱེད་དུ་མ་སོང་ངོ་སྙམ་ན། སྤྱིར་བླ་མེད་ཀྱི་དབང་ལེགས་པར་མ་ཐོབ་པར་རྒྱུད་དོན་སྨྲ་བ་མི་རུང་ཞིང་དབང་བརྡ་འཕྲོད་པ་ཞིག་ལ་དོགས་པ་འདི་འདྲ་བའི་གནས་མེད་མོད། འོན་ཀྱང་སྐྱེ་བོ་རྣམས་བློའི་མཐུ་རིམ་པར་ཞན་དུ་སོང་བས་འཁྲུལ་པ་འབྱུང་ཉེ་བས། དེའི་ལན་ཅུང་ཟད་བརྗོད་ན། ལྟོས་ས་ལྟོས་འཇོག་གི་སྒོ་ནས་ཆོས་གཟུགས་ཀྱི་སྐུ་འགྲུབ་པའི་རྒྱུའི་གཙོ་བོར་བཤད་ཚུལ་མི་འདྲ་བ་ལྟ་བུ་མདོ་སྔགས་གང་གི་སྐབས་སུ་ཡང་འབྱུང་སྟེ། དཔེར་ན། མདོ་སྡེ་རྒྱན་ལས། སྦྱིན་དང་ཚུལ་ཁྲིམས་བསོད་ནམས་ཀྱི། །ཚོགས་ཡིན་ཤེས་རབ་ཡེ་ཤེས་ཀྱི། །གསུམ་པོ་གཞན་ནི་གཉིས་ཀའི་སྟེ། །ལྔ་ཆར་ཡང་ནི་ཡེ་ཤེས་ཚོགས། །ཞེས་ཕར་ཕྱིན་དང་པོ་གཉིས་བསོད་ནམས་ཀྱི་ཚོགས་དང༌། ཐ་མ་ཡེ་ཤེས་ཀྱི་ཚོགས། བར་པ་གསུམ་གཉིས་ཀར་


GTD005_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

གཏོགས་པ་དང༌། ཡང་ཐམས་ཅད་ཡེ་ཤེས་ཀྱི་ཚོགས་སུ་འགྲོ་ཚུལ་གཅིག་ཀྱང་གསུངས་ཤིང༌། དབུ་མ་འཇུག་པར་ཕར་ཕྱིན་དང་པོ་གསུམ་བསོད་ནམས་ཀྱི་ཚོགས་སུ་གསུངས་པ་ལྟ་བུ་ཡོད་ལ། བསོད་ནམས་ཀྱི་ཚོགས་སུ་གསུངས་པས་གཟུགས་སྐུའི་རྒྱུའི་གཙོ་བོ་དང༌། ཡེ་ཤེས་ཀྱི་ཚོགས་སུ་གསུངས་པས་ཆོས་སྐུའི་རྒྱུའི་གཙོ་བོར་བསྟན་པ་ཡིན་ཀྱང་ལྟོས་ས་ཐ་དད་པའི་དབང་གིས་མི་འགལ་ལོ། །དེ་བཞིན་དུ་སྐབས་འདིར་ཡང་ཐོབ་བྱའི་འབྲས་བུ་སྐུ་ཐུགས་གཉིས་དང༌། ཐོབ་བྱེད་ཀྱི་ལམ་རྫོགས་རིམ་རྐྱང་པ་ལ་སྦྱར་བའི་ཚེ་སྣང་ཕྱོགས་ཀྱི་རྫོགས་རིམ་རྣམས་སྐུ་འགྲུབ་བྱེད་དང༌། སྟོང་ཕྱོགས་ཀྱི་རྫོགས་རིམ་རྣམས་ཐུགས་འགྲུབ་བྱེད་དུ་སྦྱར་བ་ཡིན་ལ། ཐོབ་བྱའི་འབྲས་བུ་སྐུ་གསུང་ཐུགས་གསུམ་དང༌། ཐོབ་བྱེད་ཀྱི་ལམ་རིམ་པ་གཉིས་ཀའི་དབང་དུ་བྱས་པའི་ཚེ་བསྐྱེད་རིམ་སྐུ་འགྲུབ་བྱེད་དང༌། སྣང་ཕྱོགས་སམ་ཀུན་རྫོབ་སྒྱུ་མའི་རྫོགས་རིམ་རྣམས་གསུང་འགྲུབ་བྱེད་དང༌། སྟོང་ཕྱོགས་དོན་དམ་འོད་གསལ་གྱི་རྫོགས་རིམ་རྣམས་ཐུགས་འགྲུབ་བྱེད་དུ་སྦྱོར་དགོས་སོ། །དེ་ཡང་གང་ལས་ཤེས་ན་བླ་མེད་ཀྱི་དབང་ཐམས་ཅད་ཀྱི་དག་པ་བརྗོད་པའི་ཚེ། བུམ་དབང་གི་སྐབས་སུ་ལུས་ཀྱི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་དྲི་མ་འཁྲུད་ཅིང༌། ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་བ་དང་སྤྲུལ་སྐུ་འགྲུབ་པའི་ནུས་པ་འཇོག །གསང་དབང་གིས་ངག་གི་དྲི་མ་སྦྱོང་ཞིང་ཀུན་རྫོབ་སྒྱུ་མའི་རྫོགས་རིམ་བསྒོམ་པ་ལ་དབང་བ་དང་ལོངས་སྐུ་འགྲུབ་པའི་ནུས་པ་འཇོག །ཅེས་ཀུན་ལ་རླུང་ལྟར་གྲགས་པ་དེ་ཡིན་ལ། ཉིན་མོ་འབྱུང་གནས་ཀྱིས་ཀྱང་གསང་དབང་ལོངས་


GTD005_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

སྐུའི་རང་བཞིན་དུ་བཤད་པའི་དོན་ནི་བུམ་དབང་སྤྲུལ་སྐུའི་རང་བཞིན་དུ་བཤད་པའི་དོན་གྱིས་ཤེས་ནུས་པར་གསུངས་སོ། །དེས་ན་བརྟག་གཉིས་ཀྱི་འགྲེལ་པ་པདྨ་ཅན་ལས། གསང་བའི་དབང་བསྐུར་བས་གསུང་རྣམ་པར་དག་པའོ། །ཞེས་གསང་དབང་གསུམ་འགྲུབ་བྱེད་དུ་གསུངས་ལ། དགྲ་ནག་གི་རྒྱུད་ལས། བཏུང་བ་རིན་ཆེན་འདི་ཡིས་ནི། །རྡོ་རྗེའི་ལུས་ནི་རབ་ཏུ་སྒྲུབ། །ཅེས་རྡོ་རྗེའི་སྐུ་འགྲུབ་བྱེད་དུ་བསྟན་པ་དང༌། སྦྱོར་བ་བདུན་པ་ལས། རྡོ་རྗེ་བཟླས་པའི་ངོ་བོ་ཡི། །སྒྱུ་འདྲའི་ཏིང་འཛིན་བསྟན་པར་བྱ། །ཞེས་སྒྱུ་མའི་སྐུ་སྒྲུབ་པའི་ལམ་དུ་གསུངས་ཤིང༌། ཡང་དེ་ཉིད་ལས། དེ་ཡི་རང་གི་ངོ་བོ་ནི། །གསུང་གི་རྡོ་རྗེའི་རང་བཞིན་ནོ། །ཞེས་གསུང་རྡོ་རྗེའི་རང་བཞིན་དུ་གསུངས་པ་རྣམས་ལ་འགལ་བ་མེད་པར་མ་ཟད་དོན་གཅིག་ཏུ་འགྲོ་སྟེ། མཚན་བརྗོད་ལས། སྲོག་ཆེན་པོ་ནི་ཡི་གེ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཚིག་ཀུན་རབ་ཏུ་གསལ་བར་བྱེད། །ཅེས་སྲོག་འཛིན་ཤིན་ཏུ་ཕྲ་བ་གཉུག་མའི་རླུང་དེ་ཉིད་ད་ལྟ་ཡི་གེའི་རྣམ་པར་མེད་ཀྱང་བརྗོད་པ་ཀུན་གྱི་རྒྱུ་བྱེད་པ་དང་། སླར་རླུང་སྔགས་ངོ་བོ་ཐ་མི་དད་དུ་བསྒོམ་པས་དངོས་གནས་ལ་སྔགས་ཀྱི་གདངས་སུ་ཤར་ཏེ། གདུལ་བྱ་ལ་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་འབྱེད་པའི་སངས་རྒྱས་ཀྱི་གསུང་རྣམ་པ་ཐམས་ཅད་པར་འགྱུར་ཞིང༌། ཡང་རླུང་དེ་ཉིད་ནི། རིམ་ལྔ་ལས། རླུང་དང་ཡང་དག་ལྡན་པ་ཡི། །རྣམ་ཤེས་གསུམ་པོ་སླར་ཡང་ནི། །རྣལ་འབྱོར་པ་ཡི་ལུས་སུ་འབྱུང༌། །སྒྱུ་མའི་ལུས་


GTD005_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་དེ་ལ་བཤད། །ཅེས་སྒྱུ་མའི་སྐུར་འགྲོ་བ་ཡང་གསུངས་པས། མཐར་ཐུག་གི་ཚེ་ལོངས་སྤྱོད་རྫོགས་པའི་སྐུ་དང་ཡན་ལག་དྲུག་ཅུའི་གསུང་གཉིས་གདུལ་བྱའི་ངོ་བོར་ཞལ་ཕྱག་གི་རྣམ་པ་དང་སྒྲའི་རྣམ་པར་ཤར་བ་ཙམ་ལས། དོན་གྱི་ངོ་བོ་དག་པའི་རླུང་གཅིག་གི་ཉེར་འབྲས་སུ་གྲུབ་པས་ཐ་དད་པ་མེད་དོ། །དེར་མ་ཟད། ཟུང་འཇུག་གསལ་བ་ལས། གསང་བའི་དབང་བསྐུར་བས་གསུང་གི་རྡོ་རྗེ་དང་ཐུགས་ཀྱི་རྡོ་རྗེ་རྣམ་པར་སྦྱོང་སྟེ། དེ་ཡང༌། རླུང་རྣམས་ཕྲ་བའི་གཟུགས་ཀྱིས་ནི། །སེམས་དང་ཡང་དག་འདྲེས་གྱུར་པ། །ཞེས་རླུང་སེམས་འཇུག་པ་གཅིག་པའི་རྒྱུ་མཚན་ཙམ་ལ་བརྟེན་ནས་གསུང་སྦྱོང་བྱེད་དེ་ཉིད་ཐུགས་སྦྱོང་བྱེད་དུ་འགྲོ་བར་གསུངས་ན། རླུང་གཅིག་གི་འབྲས་བུའི་སྐུ་གསུང་གཉིས་འགྲུབ་བྱེད་ཇི་ལྟར་འགལ་བ་ལེགས་པར་སོམས་ཤིག །༈ གཉིས་པ་གཞུང་དོན་ལ། རང་གིས་མངོན་དུ་བྱས་པའི་གསུང་རྡོ་རྗེའི་ངོ་བོའི་ཡོན་ཏན་དང༌། དེའི་ནུས་པའི་ཡོན་ཏན་གཉིས། དང་པོ་ནི། ཟབ་མོ་སྟོང་ཉིད་སྙིང་སྟོབས་ཆེས་དཔའ་བས། །ལྷན་སྐྱེས་བདེ་ཆེན་གཡུ་ཡི་རལ་པ་གཟེངས། །མ་ཞུམ་ཞི་བ་སྐྱེ་མེད་ང་རོ་ཡིས། །ལོག་རྟོག་བདག་འཛིན་ཝ་ཚོགས་སྐྲག་པར་མཛད། །ཅེས་བྱུང༌། ཚིགས་བཅད་འདིའི་དོན་ལ་ཡང༌། གསུང་ལོངས་སྤྱོད་རྫོགས་པ་སྒྱུ་མའི་སྐུ་དང༌། ཡན་ལག་དྲུག་ཅུའི་གསུང་གི་ཆ་གཉིས་སུ་འབྱེད་དགོས་ཏེ། རྒྱུ་མཚན་གོང་དུ་བཤད་པ་དེ་དག་དང༌། དྲི་མེད་འོད་ལས། གང་ཞིག་སེམས་ཅན་ཀུན་གྱི་སྒྲས། །རྫུ་འཕྲུལ་བདག་ཉིད་རང་གསལ་བྱེད། །སེམས་ཅན་བསམ་པའི་དབང་གིས་འདི། །ལོངས་


GTD005_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་རྫོགས་སྐུའི་མཚན་ཉིད་དོ། །ཞེས་དེ་གཉིས་གདུལ་བྱའི་བསམ་པའི་དབང་གིས་བརྗོད་པ་སྒྲ་དང་གཟུགས་སྐུའི་རྣམ་པར་ཐ་དད་དུ་སྣང་བ་ཙམ་ཡིན་པར་གསུངས་ཤིང༌། སྔགས་རིམ་ལས་ཀྱང༌། བུམ་དབང་གིས་སྤྲུལ་སྐུ། གསང་དབང་གིས་ལོངས་སྐུ། ཤེས་རབ་ཡེ་ཤེས་ཀྱིས་ཆོས་སྐུ་འགྲུབ་པར་གསུངས་པས། ལོངས་སྐུ་ནི་སྒྱུ་ལུས་ལ་བཤད་པས་ཆོག་མོད་ཀྱང༌། སྔགས་སྤྱི་སྐད་ལ་དེ་བཞིན་གཤེགས་པའི་གསུང་ལ་བཤད་པ་མང་བས་རེ་ཞིག་དེ་ལྟར་བཤད་དོ། །ཞེས་གཉིས་ཀ་ཁྱད་མེད་ལྟ་བུར་གསུངས་སོ། །དེས་ན་རྐང་པ་དང་པོ་གཉིས་ཀྱིས་སྔ་མ་དང༌། གཉིས་ཀྱིས་ཕྱི་མ་བསྟན་པ་ཡིན་ལ། སྟོན་ཚུལ་ཡང་དཔེར་ན་རི་དྭགས་ཀྱི་རྒྱལ་པོ་སེང་གེ་དེ་ནང་དུ་སྲོག་ཆགས་གཞན་ལ་སྐྲག་པ་མེད་པའི་སྙིང་སྟོབས་ཀྱི་ཤུགས་དང་ལྡན་པ་དེའི་དབང་གིས་ཕྱི་རོལ་གྱི་རྣམ་འགྱུར་ལ་ཡང་གཡུའི་རལ་པ་གྱེན་དུ་གཟེངས་པ་སོགས་འཇིགས་པའི་ཉམས་དང་ལྡན་པ་དེ་བཞིན་དུ། འོད་གསལ་གྱི་སྒོ་ནས་འཁོར་འདས་ཐམས་ཅད་སྟོང་པར་བཅུག་སྟེ། ཡུལ་དུ་སྣང་བ་ཐམས་ཅད་ལ་མཚན་འཛིན་གྱི་དམིགས་པའི་གཏད་སོ་ལྷག་མེད་དུ་ཞིག་ནས་མངོན་ཞེན་ཅུང་ཟད་ཀྱང་མེད་པའི་སྟོབས་ཀྱིས་ཡུལ་སྣང་མཐའ་དག་ལྷན་སྐྱེས་ཀྱི་བདེ་བ་འབར་བའི་གྲོགས་སུ་གྱུར་ཅིང༌། དེ་ཡང་ཉན་རང་གི་ཞི་བའི་བདེ་བ་ལྟ་བུ་མ་ཡིན་པར་སྔོན་གྱི་སྨོན་ལམ་གྱི་འཕེན་པས་བདེ་ཆེན་དེ་ཉིད་གདུལ་བྱའི་སྐྱེ་བོ་རྣམས་ཀྱི་དབང་པོའི་ཡུལ་ལ་མངོན་སུམ་དུ་སྣང་བའི་གཟུགས་


GTD005_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྐུའི་རྣམ་པར་བཞེངས་པ་སྟེ། མདོར་ན་གང་སྣང་སྟོང་པ། སྟོང་པ་བདེ་བ། བདེ་བ་ལྷ་སྐུར་ཤར་བའི་ཚུལ་སེང་གེའི་རལ་པ་གཟེངས་པ་དང་དཔེ་སྦྱར་ལ། སེང་གེའི་ངར་སྐད་དང་གསུང་གི་དཔེ་དོན་སྦྱར་བ་འོག་ནས་འབྱུང་ཞིང༌། དེ་ལྟར་དཔེའི་ཁྱད་ཆོས་རྣམས་དངོས་སུ་བསྟན་ཡང་ཁྱད་གཞི་གསལ་བར་མ་སྨོས། དེ་ཡང་སྟོང་པའི་ངང་ལས་བདེ་ཆེན་ལྷ་སྐུར་བཞེངས་པར་གསུངས་པ་འདིས་སྔ་ཕྱིའི་ལམ་འབྲས་ཀྱི་རིམ་པ་དུ་མ་ཞིག་མཚོན་པ་ཡིན་ཏེ། འགྲེལ་ཆེན་དྲི་མེད་འོད་ལས། རྡོ་རྗེ་ཐེག་པ་སྟེ་སྔགས་ཀྱི་ཚུལ་དང༌། ཕ་རོལ་ཏུ་ཕྱིན་པའི་ཚུལ་འབྲས་བུ་དང་རྒྱུའི་བདག་ཉིད་དུ་འདྲེས་པར་གྱུར་པའོ། །ཞེས་ཕར་ཕྱིན་ཐེག་པས་སྟོང་ཉིད་ཀྱི་ལྟ་བ་ལེགས་པར་གཏན་ལ་ཕབ་སྟེ། དེ་ཉིད་སྔགས་ཀྱི་བདེ་ཆེན་དང་སྦྱོར་དགོས་པར་གསུངས་པས། ལམ་ཐུན་མོང་དང་ཐུན་མོང་མ་ཡིན་པ་ལ་རིམ་གྱིས་བསླབ་ཚུལ་བསྟན་ནོ། །སྔགས་ལ་ཞུགས་ནས་ཞི་སོགས་ཀྱི་ལས་གང་བསྒྲུབ་པ་ཐམས་ཅད་སྟོང་ཉིད་ཀྱི་ལྟ་བའི་ངང་ནས་བྱེད་དགོས་པས། རིམ་ལྔ་ལས། རྡོ་རྗེ་ཐེག་པར་རྣལ་འབྱོར་པས། །དེ་ཉིད་གང་གང་དམིགས་བྱ་བ། །དེ་དེ་སྒྱུ་མ་ཁོ་ནར་གསུངས། །ཞེས་གསུངས་ཤིང༌། ཁྱད་པར་དུ་ལམ་རིམ་པ་གཉིས་ཀས་སྔགས་དང་ཡེ་ཤེས་ཀྱི་སྐུ་སྒྲུབ་པ་ཐམས་ཅད་སྟོང་ཉིད་ཀྱི་ངང་ནས་དེར་བཞེངས་པ་དགོས་ཏེ། བརྟག་གཉིས་རྣམ་བཤད་ལས། སྟོང་ཉིད་བསྒོམ་པ་དྲང་ངེས་གཉིས་སུ་བཤད་པས། ལྷ་བསྐྱེད་པ་ལ་ཡང་དྲང་དོན་བསྐྱེད་རིམ་པས་ལྷ་བསྐྱེད་ཚུལ་དང༌། ངེས་དོན་རྫོགས་རིམ་པས་ལྷན་སྐྱེས་ཀྱི་འོད་གསལ་གྱི་ངང་ལས་འཇའ་ལུས་ཡེ་ཤེས་ཀྱི་སྐུར་ལྡང་ཚུལ་གཉིས་ཡོད་པ་གོ་བར་


GTD005_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། ཞེས་གསུངས་པ་ལྟར། བསྐྱེད་རིམ་གྱི་ཚེ་འཆི་བ་ཆོས་སྐུའི་ལམ་འཁྱེར་ལས་ལམ་འཁྱེར་ཕྱི་མ་གཉིས་ལ་འཇུག་དགོས་ཤིང༌། རྫོགས་རིམ་གྱི་ཚེ་སྔར་སྤྱི་དོན་གྱི་སྐབས་སུ་བཤད་པ་བཞིན་རླུང་དང་ཐིག་ལེ་ལས་རུང་དུ་བསྒྲུབ་པའི་གཏུམ་མོའི་རྣལ་འབྱོར་ཡན་ལག་དང་བཅས་པ་ལ་ཚུལ་བཞིན་དུ་བསླབ་པས་རྩ་མདུད་མ་ལུས་པར་གྲོལ་ཏེ། རྩ་བ་དང་ཡན་ལག་གི་རླུང་ཐམས་ཅད་དྷཱུ་ཏཱིར་ཞུགས་གནས་ཐིམ་གསུམ་བྱས་པའི་མཐར་སྣོད་བཅུད་འོད་གསལ་དུ་བསྡུས་ཏེ་སྟོང་ཕྱོགས་ཀྱི་རྫོགས་རིམ་གཙོ་བོར་བསྒོམ་པས། འབྱུང་བའི་ཐིམ་རིམ་དང་སྟོང་པ་གསུམ་སོགས་འཆི་དུས་ཇི་ལྟ་བ་བཞིན་ཤར་བའི་མཐར་ཐམས་ཅད་སྟོང་པ་དཔེའི་འོད་གསལ་མངོན་དུ་བྱེད་ཅིང༌། དེ་ལས་མ་དག་པའི་སྒྱུ་མའི་སྐུར་ལྡང་བ་དང༌། དེ་ནས་དོན་གྱི་འོད་གསལ་སྐད་ཅིག་དང་པོ་ལས་དག་པའི་སྒྱུ་མའི་སྐུར་ལྡང་བ་དང༌། མཐའི་དོན་གྱི་འོད་གསལ་ལས་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་པའི་རིམ་པ་ཐམས་ཅད་འདིར་སྟོང་པའི་ངང་ལས་བདེ་ཆེན་ལྷ་སྐུར་བཞེངས་པར་བཤད་པ་འདིས་བསྟན་པ་ཡིན་ནོ། །དེ་ལ་ཁ་ཅིག་འདི་སྙམ་དུ་སྟོང་ཕྱོགས་ཀྱི་རྫོགས་རིམ་སྔོན་དུ་བཤད་པ་མི་འཐད་དེ། རིམ་ལྔ་ལས། རྒྱུ་དང་འབྲས་བུའི་ཁྱད་པར་གྱིས། །བདེན་པ་གཉིས་སུ་བསྟན་པ་ཡིན། །བདག་བྱིན་བརླབ་པའི་རིམ་གྱིས་ནི། །འོད་གསལ་བ་ནི་ཐོབ་པར་འགྱུར། །ཞེས་དང༌། སྤྱོད་བསྡུས་ལས། ཀུན་རྫོབ་ཀྱི་བདེན་པ་རྟོག་པ་དང་བྲལ་བས་ནི། དོན་དམ་པའི་བདེན་པ་མངོན་སུམ་དུ་བྱ་བར་མི་ནུས་སོ། །ཞེས་དང༌། སྒྲོན་གསལ་ལས་ཀྱང༌། དེའི་ཚེ་འགྲོ་བའི་རྒྱུད་ཉིད་དུ་བྱས་ནས་


GTD005_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

ལངས་ཏེ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་མངོན་སུམ་དུ་བྱེད་དོ། །ཞེས་སྣང་ཕྱོགས་སྒྱུ་མའི་རྫོགས་རིམ་སྔོན་དུ་འགྲོ་དགོས་པར་བཤད་པ་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ། འདིར་དང་པོ་འོད་གསལ་ལས་སྒྱུ་མའི་སྐུར་ལྡང་བར་བཤད་པའི་འོད་གསལ་ནི་དཔེའི་འོད་གསལ་ཡིན་ལ། དེ་སྒྱུ་མའི་སྐུའི་སྔོན་དུ་འགྲོ་དགོས་པར་འདུས་པ་ལས་ཀྱང་གསུངས། འཕགས་པ་ཡབ་སྲས་ཀྱིས་སྒྱུ་མའི་སྐུ་ལས་འོད་གསལ་ལ་འཇུག་པར་གསུངས་པའི་འོད་གསལ་ནི་རིམ་པ་བཞི་པའི་དོན་གྱི་འོད་གསལ་ཡིན་ཞིང༌། དེ་སྒྱུ་མའི་སྐུའི་རྗེས་སུ་འོངས་དགོས་པ་འདིར་ཡང་འདོད་པས་མི་འགལ་ལོ། །དེ་ལྟར་དོན་གྱི་ཆ་ལ་མི་མཐུན་པ་མེད་ཀྱང་ཕ་རྒྱུད་མ་རྒྱུད་གཉིས་ཀའི་ས་བཅད་ལེན་ལུགས་མི་འདྲ་སྟེ། འདུས་པའི་སྐབས་སུ་དབེན་པ་གསུམ་གྱི་རྫོགས་རིམ་དང༌། བདེན་པ་གཉིས་ཀྱི་རྫོགས་རིམ་ཞེས་དཔེའི་འོད་གསལ་གྱི་སྐོར་དབེན་གསུམ་གྱི་གྲངས་སུ་སོངས་ཟིན་པས། བདེན་པ་གཉིས་ཀྱི་རྫོགས་རིམ་སྟོན་པ་ན་སྣང་ཕྱོགས་སམ་སྒྱུ་མའི་རྫོགས་རིམ་སྔོན་དུ་འོངས་ལ། མ་རྒྱུད་ཀྱི་རྫོགས་རིམ་སྐབས་སུ་རླུང་དྷཱུ་ཏཱིར་ཚུད་པའི་ཐབས་ཀྱི་རྣལ་འབྱོར་དང༌། རླུང་དྷཱུ་ཏཱིར་ཚུད་པ་ལ་བརྟེན་ནས་རྫོགས་རིམ་དངོས་བསྒོམ་ཚུལ་གཉིས་སུ་བྱས་ཏེ། རྡོར་བཟླས་ཡན་ཆད་སྔ་མའི་ཁོངས་སུ་བསྡུས་ཤིང༌། ཕྱི་མའི་མགོ་དཔེའི་འོད་གསལ་གྱི་སྐོར་ནས་བཟུང་བའི་དབང་གིས་ས་བཅད་ལེན་པ་ན་ཡང་སྟོང་ཕྱོགས་ཀྱི་རྫོགས་རིམ་སྔོན་དུ་གསུངས་ལ། བསྟོད་པ་འདིར་ཡང་མ་རྒྱུད་ཀྱི་ལམ་སྲོལ་དང་མཐུན་པར་སྟོང་ཕྱོགས་སྔོན་དུ་གསུངས་པ་ཡིན་ནོ། །དེ་ཡང་སྙིང་སྟོབས་ཆེས་དཔའ་ཞེས་པའི་


GTD005_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་བའི་དོན་ནི། སྤྱིར་ཀ་ཤིས་ས་ལུ་ལྗང་པའི་མདོ་འགྲེལ་དུ་ཐབས་ཤེས་ཀྱི་སྒོ་ནས་དཔའ་བར་འཇོག་ཚུལ་གཉིས་གསུངས་པ་ལྟ་བུ་མདོ་སྔགས་ཀུན་གྱི་བཤད་ཚུལ་སྣ་ཚོགས་ཡོད་ལ། ཁྱད་པར་དུ་རྒྱུད་འདིའི་བརྟག་པ་དང་པོའི་མགོ་ཉིད་དུ། སེམས་དཔའ་སྲིད་པ་གསུམ་གཅིག་པ། །ཤེས་རབ་འདི་ཡི་རིག་པ་ནི། །ཞེས་ཡུལ་སྟོང་པ་ཉིད་དང་རོ་མཉམ་དུ་གྱུར་པའི་ཤེས་རབ་འོད་གསལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ངོ་བོར་སྲིད་གསུམ་མཐའ་དག་རོ་གཅིག་ཏུ་གྱུར་པའི་ཆ་ནས་དཔའ་བར་བཤད་དེ། འདི་ཡང་དཀའ་འགྲེལ་པདྨ་ཅན་གཞིར་བཞག་ཅིང༌། མུ་ཏིག་ཕྲེང་བར། ཤེས་རབ་འདི་ཡིས་སྦྱོར་བས་ན། །ཞེས་འབྱུང་བ་དང་བསྟུན་ཚེ་ཐབས་ཤེས་དབྱེར་མེད་དུ་སྦྱོར་བས་དཔའ་བ་ཞེས་བཤད་དགོས་སོ། །དེ་ཡང་དཔའ་བ་ནི་འཇིགས་པ་མེད་པའི་དོན་ཡིན་ཞིང༌། རྒྱུད་བླ་མར། འཇིགས་དང་བཅས་པའི་ཕྱིར། ཞེས་པའི་ཐད་ཀྱི་ཐོགས་འགྲེལ་ལས། སྲིད་པ་ཟད་པ་རྣམས་ཀྱང་བག་ཆགས་མ་སྤངས་པའི་ཕྱིར་རྟག་ཏུ་རྒྱུན་མི་འཆད་པར་འདུ་བྱེད་ཐམས་ཅད་ལ་མི་བཟད་པར་འཇིགས་པའི་འདུ་ཤེས་པར་ཉེ་བར་གནས་པར་འགྱུར་ཏེ། ཞེས་པ་ལྟར་འཇིགས་པ་ཐམས་ཅད་ལས་གྲོལ་བ། ཡང་དག་པའི་ཤེས་རབ་ཀྱིས་སྒྲིབ་གཉིས་ཟད་པར་སྤང་བ་ལ་ལྟོས་པའི་དོན་ནོ། །གཉིས་པ་གསུང་དངོས་ལ་བསྟོད་པ་ནི། དཔེར་ན་སེང་གེ་རལ་པ་ཅན་དེ་ཉིད་ང་རྒྱལ་གྱི་གདེང་དང་ལྡན་པས་གང་ལ་ཡང་ཡ་ང་བ་མེད་པར་དྲེགས་པའི་ངར་སྐད་ཆེས་ཆེར་བསྒྲགས་པའི་ཚེ་ཝ་སྐྱེས་ལ་སོགས་པའི་གཅན་གཟན་ཕྲ་མོ་དང་རི་དྭགས་ཐམས་ཅད་


GTD005_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་ཤིང་སྐྲག་པས་ཟིལ་གྱིས་གནོན་པ་བཞིན་དུ། སངས་རྒྱས་རྣམས་ཀྱིས་རང་གིས་སྤངས་རྟོགས་མཐར་ཕྱིན་པར་ཞལ་གྱིས་བཞེས་པ་དང༌། ཆགས་སོགས་ཉེས་པ་གང་གིས་འཁོར་བར་འཆིང་ཞིང་སྐྱེས་མེད་སྤྲོས་བྲལ་བསྒོམ་པ་སོགས་ཀྱི་ལམ་གང་གིས་དེ་ལས་གྲོལ་བའི་ཚུལ་བསྟན་པ་ལ་བདུད་དང་མུ་སྟེགས་སོགས་ཀྱི་རྒོལ་བ་གང་གིས་ཀྱང་ཀླན་ཀའི་སྐབས་མེད་པར་མ་ཟད། དེ་དག་ཐམས་ཅད་ཀྱིས་སྨྲས་པ་རྣམས་བྱིས་པའི་རྡོལ་གཏམ་ལྟ་བུར་གཟིགས་ཏེ་མི་འཇིགས་པ་བཞིའི་དམ་བཅའི་སྒོ་ནས་སྨྲ་བ་ངན་པ་ཐམས་ཅད་ཟིལ་གྱིས་གནོན་པའི་ཕྱིར། ཉི་ཁྲི་ལས། མི་འཇིགས་པ་ཐོབ་པའི་གནས་ཏེ་ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་བཅའོ། །འཁོར་གྱི་ནང་དུ་སེང་གེའི་སྒྲ་སྒྲག་གོ །ཞེས་དང༌། མདོ་སྡེ་རྒྱན་ལས། རང་གཞན་དོན་དུ་ཡེ་ཤེས་དང༌། །སྤངས་དང་ངེས་འབྱུང་གེགས་བྱེད་རྣམས། །སྟོན་མཛད་མུ་སྟེགས་གཞན་དག་གིས། །མི་རྫི་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་དང༌། རྗེ་བླ་མས། དེ་ཕྱིར་རང་བཞིན་རྣམ་བྲལ་ཞེས། །སེང་གེའི་སྒྲ་ཡིས་ཡང་ཡང་དུ། །མཁས་པའི་ཚོགས་སུ་ལེགས་གསུངས་པ། །འདི་ལ་སུ་ཡིས་འགོང་བར་ནུས། །ཞེས་དང༌། བུདྡྷ་པ་ལི་ཏ་ལས་ཀྱང༌། ཕྱི་རོལ་པ་ཕས་ཀྱི་རྒོལ་བ་ཐམས་ཅད་བྱིས་པ་བསླུ་བ་དང་འདྲ་བར་ཐུགས་སུ་ཆུད་ནས། ཞེས་སོགས་ཀྱིས་སངས་རྒྱས་ཉག་གཅིག་སྨྲ་བ་བླ་ན་མེད་པར་གསུངས་སོ། །འདིའི་ཚིག་ཟིན་གཞན་གོ་སླ་ལ། མ་ཞུམ་ཞི་བ་ཞེས་པའི་མ་ཞུམ་པ་ནི། ༸རྒྱལ་དབང་བདུན་པའི་གསུང་ལས། མུ་སྟེགས་པ་ལ་སོགས་པ་རྒོལ་བ་གཞན་གྱིས་བརྒལ་ན་ཐུབ་པར་མི་འགྱུར་རོ་སྙམ་པའི་འཇིགས་པ་མེད་པས་ན་མ་ཞུམ་པ་དང༌། ཞེས་


GTD005_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་ལྟར་མི་འཇིགས་པ་བཞི་བརྙེས་པའི་དོན་ཡིན་ཞིང༌། ཞི་བ་ཞེས་པ་ནི། ལྷག་བསམ་བསྐུལ་བ་ལས། བྱམས་པ་ཆོས་བཞི་དང་ལྡན་ན། ཞེས་སོགས་གསུངས་པ་ལྟར། སངས་རྒྱས་ཀྱི་གསུང་ཐམས་ཅད་ཞི་བ་མྱང་འདས་ཐོབ་བྱེད་དང༌། ཉོན་མོངས་ཟད་བྱེད་འབའ་ཞིག་ཏུ་འགྲོ་བའི་དོན་ཏེ། རྗེ་བླ་མས། ཞི་འགྱུར་མིན་མཛད་ཁྱོད་ལ་མེད། །ཅེས་པ་ལྟར་རོ། །ཡང་ན་མི་འཇིགས་པ་བཞིའི་ནང་ནས། མ་ཞུམ་ཞེས་པས་རང་དོན་ཕུན་ཚོགས་ཀྱི་དམ་བཅའ་གཉིས་དང༌། ཞི་བ་ཞེས་པས་གཞན་དོན་ཕུན་ཚོགས་ཀྱི་དམ་བཅའ་གཉིས་བསྟན་པར་བྱས་ནའང་ཚིག་དོན་དང་ཤིན་ཏུ་འབྲེལ་ལོ། །དེས་ན་ཕས་ཀྱི་རྒོལ་བ་མུ་སྟེགས་ལ་སོགས་པ་སྐྲག་པར་མཛད་པ་ཙམ་མ་ཡིན་པར་གདུལ་བྱའི་རྒྱུད་ཀྱི་བདག་ཏུ་ལྟ་བའི་མ་རིག་པ་ལ་སོགས་པ་དམིགས་པའི་ཡུལ་ལ་ལོག་པར་རྟོག་པའི་ཉོན་མོངས་པ་ཐམས་ཅད་ཀྱང་སྐྲག་པར་མཛད་པ་སྟེ། དང་པོར་མངོན་གྱུར་མགོ་གནོན་ཅིང་ཕྱི་ནས་ས་བོན་བག་ཆགས་དང་བཅས་པ་སྤོང་བའི་དོན་ལ་ཡང་སྦྱོར་དགོས་པ་ནི་དོན་གྱི་གཙོ་བོ་ཡིན་ནོ། །༈ གཉིས་པ་གསུང་རྡོ་རྗེའི་ནུས་པའི་ཡོན་ཏན་ནི། གང་གི་སྙིང་ལ་ཆ་ཤས་ཞུགས་པས་ཀྱང༌། །ཐོག་མ་མེད་ནས་འཕུང་ཞེན་འགོང་པོའི་དཔུང༌། །སྙིང་གས་སྟོང་པའི་དབྱིངས་ཤི་མགུ་དཀའི་སེམས། །དབང་དུ་སྡུད་གསུང་རེ་བའི་ཡིད་ཀྱིས་བསྟོད། །ཅེས་བྱུང༌། དོན་ནི། བཅོམ་ལྡན་འདས་མའི་གསུང་གི་བྱིན་རླབས་ཀྱི་ཆ་ཤས་ཙམ་ཞིག་སྙིང་ལ་ཞུགས་པ་ལ་བརྟེན་ནས་ཀྱང་གདུལ་བྱའི་རྒྱུད་ཀྱི་ཉོན་མོངས་པ་བདག་འཛིན་ཞེས་ཐོག་མ་མེད་པ་ནས་ཕུང་ཁྲོལ་


GTD005_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

འབའ་ཞིག་ལ་སྦྱོར་ཞིང༌། རས་ལ་སྣུམ་ཞུགས་པ་བཞིན་ཤེས་རྒྱུད་ལ་ཞེན་པའི་དབང་གིས་ཆགས་སོགས་ཉོན་མོངས་དང་ཉེས་པ་ཐམས་ཅད་འདྲེན་པར་བྱེད་པ། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པ་ལས་ཉམས་པར་བྱེད་པའི་འགོང་པོ་དེ་ཉིད་འདུལ་བར་བྱེད་དོ། །འདུལ་ཚུལ་ཡང་དེ་དང་འཛིན་སྟངས་འགལ་བར་ཞུགས་པའི་སྒོ་ནས་འདུལ་བ་ཙམ་མ་ཡིན་ཏེ། རྗེ་འཇམ་དབྱངས་བཞད་པའི་གྲུབ་མཐའ་ཆེན་མོར། དྲི་གཙོ་བསྟན་ཀྱང་གཉེན་པོ་མཆོག་སྦས་ཕྱིར། །ཤེས་སྒྲིབ་ཆུང་ཕྲ་སྔགས་ལས་མདོས་མི་ནུས། །ཞེས་གསུངས་པ་ལྟར། བདག་ལྟའི་ཞེན་ཡུལ་སུན་འབྱིན་པ་ཙམ་མདོ་ལ་ཡོད་ཀྱང་། རླུང་ལས་རུང་དུ་བྱས་ཏེ་གཉུག་སེམས་བདེ་བ་ཆེན་པོའི་ངོར་བསྐྱེད་ནས་དེས་སྟོང་ཉིད་བསྒོམ་པ་མེད་པས་བདེན་འཛིན་གྱི་བག་ཆགས་དྲུངས་འབྱིན་མི་ནུས་ལ། འདིར་ཉོན་མོངས་དེ་དག་གང་ལ་བརྟེན་པའི་དཔུང་ལྟ་བུའི་ཀུན་རྟོག་གཡོ་བར་བྱེད་པའི་རླུང་ཐམས་ཅད་རིམ་གྱིས་བཏུལ་ཏེ། ཐམས་ཅད་སྟོང་པ་འོད་གསལ་གྱི་དབྱིངས་དེར་འཆི་བའི་གནས་སྐབས་བཞིན་དུ་རླུང་མ་ལུས་པར་ཐིམ་པས་ཀུན་ནས་ཉོན་མོངས་པའི་རྟོག་པ་མཐའ་དག་གི་རྒྱུ་བ་ལོག་པ་ན། རང་གི་སེམས་སྔར་ཉོན་མོངས་པའི་བྲན་དུ་གྱུར་ཅིང་དགེ་བའི་ཕྱོགས་ལ་བཀོལ་དུ་མི་རུང་བར་ཡང་དག་པའི་ལམ་བཟང་པོ་གང་གི་ཕན་ཡོན་བསྟན་ནས་ཁྲིད་ཀྱང་མགུ་དཀའ་བ་དེ་ཉིད་ཉོན་མོངས་པའི་གདོན་གྱི་དཔུང་ཚོགས་དང་ཁ་བྲལ་བའི་དབང་གིས་ལམ་གྱི་རྟོགས་པ་གོང་མ་གང་དུ་འཁྲིད་ཀྱང་རང་གི་འདོད་པ་བཞིན་དབང་དུ་སྡུད་པར་བྱེད་པ་དེ་ལྟ་བུའི་ནུས་པ་དང་ལྡན་པའི་གསུང་ལ་བསྟོད་པ་བྱས་པ་ཡིན་ནོ། །


GTD005_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་ཐོག་མ་མེད་ནས་འཕུང་ཞེན་འགོང་པོ་ཞེས་པ། བདག་འཛིན་སོགས་ཀྱི་ཉོན་མོངས་དང༌། དེའི་རྒྱབ་རྟེན་གྱི་དཔུང་ནི་ཀུན་རྟོག་གཡོ་བའི་རླུང་དང༌། དེ་བཏུལ་བའི་སྟོབས་ཀྱིས་སེམས་འདུལ་བ་སོགས་རིམ་པ་དེ་ལྟར་སྦྱོར་དགོས་ཏེ། སྤྱོད་འཇུག་ལས། དེ་ལྟར་ཡུན་རིང་རྒྱུན་ཆགས་དགྲར་གྱུར་པ། །གནོད་པའི་ཚོགས་རབ་འཕེལ་བའི་རྒྱུ་གཅིག་པུ། །བདག་གི་སྙིང་ལ་ངེས་པར་གནས་འཆའ་ན། །འཁོར་བར་འཇིགས་མེད་དགའ་བར་ག་ལ་འགྱུར། །འཁོར་བའི་བཙོན་རའི་སྲུང་མས་དམྱལ་སོགས་སུ། །གསོད་བྱེད་གཤེད་མར་གྱུར་པ་དེ་དག་ནི། །གལ་ཏེ་བློ་གནས་ཆགས་པའི་དྲ་བ་ན། །གནས་ན་བདག་ལ་བདེ་བ་ག་ལ་ཡོད། །ཅེས་དང༌། བདག་གི་སེམས་ལ་གནས་བཞིན་དུ། །དགའ་མགུར་བདག་ལ་གནོད་བྱེད་པ། །ཞེས་ཐོག་མ་མེད་པ་ནས་གནོད་པ་ཡུན་རིང་ལ་ཤུགས་དྲག་པ་དུ་མ་རྒྱུན་མ་ཆད་པར་བྱེད་ཅིང༌། དེ་ཡང་འཇིག་རྟེན་གྱི་དགྲ་བོ་བཞིན་དུ་ཕྱི་རོལ་ནས་འོངས་པ་མ་ཡིན་པར་རང་གི་རྒྱུད་ལ་གནས་བཞིན་དུ་རང་ལ་གནོད་པ་ཁོ་ན་བྱེད་པའི་ཉོན་མོངས་རྣམས་ནི་ཤིན་ཏུ་མི་འཚམ་པའི་དགྲའི་དྭངས་མར་གསུངས་ཤིང༌། བློ་སྦྱོང་མཚོན་ཆ་འཁོར་ལོ་ལས། བདག་འཛིན་འགོང་པོ་ཞེས་པའི་གདུག་རྩུབ་ཅན། །རང་གཞན་ཕུང་དུ་འཇུག་པའི་དམ་ཉམས་ཁུག །ཁུག་ཅིག་ཁུག་ཅིག་ཁྲོ་བོ་གཤིན་རྗེའི་གཤེད། །རྒྱོབ་ཅིག་རྒྱོབ་ཅིག་དགྲ་བདག་སྙིང་ལ་བསྣུན། །ཕུང་བྱེད་རྟོག་པའི་མགོ་ལ་ཆེམས་སེ་ཆེམས། །དགྲ་བདག་གཤེད་མའི་སྙིང་ལ་མཱ་ར་ཡ། །ཞེས་ཕུང་ཁྲོལ་ཐམས་ཅད་ཀྱི་རྩ་བ་བདག་འཛིན་ཡིན་པས། དྲག་པོ་མངོན་སྤྱོད་ཀྱི་ལས་


GTD005_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་བྱེད་ན་གཙོ་བོ་དེ་ལ་བྱེད་འོས་པར་གསུངས་ཏེ། ཡེ་ཤེས་བསྐལ་པའི་མེ་ལྟར་འབར་བའི་འོད། །ཅེས་སོགས་ཀྱིས་ཀྱང་རིག་པའི་རྒྱལ་པོ་བདག་མེད་རྟོགས་པའི་ཤེས་རབ་ཁྲོ་བོའི་རྣམ་པར་བསྟན་ནས་འདུལ་རྒྱུའི་དགྲའི་གཙོ་བོ། དུག་གསུམ་དུ་གསུངས་སོ། །དེའི་དཔུང་ནི་ཀུན་རྟོག་གཡོ་བར་བྱེད་པའི་རླུང་ལ་བྱེད་དེ། དཔེར་ན་འཇིག་རྟེན་གྱི་དགྲ་ལ་ཡང་རྒྱབ་རྟེན་གྱི་དཔུང་ཞིག་ཡོད་ན་ཤིན་ཏུ་གདུག་རྩུབ་ཅིང་བཟློག་དཀའ་བ་ལྟར་ཉོན་མོངས་པ་རྣམས་ཀྱང་རླུང་ལ་བརྟེན་ནས་ཤིན་ཏུ་འཕྲོ་ཞིང་མ་རུང་བར་བྱེད་པ་ཡིན་ཏེ། ས་ར་ཧས། འདི་ན་ཡིད་འདུས་པ་ལ་རླུང་གི་རླབས། །གཡོ་ཞིང་འཕྱར་ལ་ཤིན་ཏུ་མི་བསྲུན་འགྱུར། །ཞེས་གསུངས་སོ། །དེའི་རྒྱུ་མཚན་ཡང༌། རིམ་ལྔ་ལས། རླུང་ཞེས་བྱ་བ་ལས་ཀུན་བྱེད། །འདི་ནི་རྣམ་ཤེས་བཞོན་པ་སྟེ། །ལྔ་ཡི་བདག་ཉིད་བཅུ་ཡང་ཡིན། །ཞེས་རླུང་ལ་བཞོན་པའི་ཐ་སྙད་བཏགས་ཏེ། རིམ་ལྔ་གསལ་སྒྲོན་ལས། རྣམ་ཤེས་ནི་ལུས་ཅན་མིན་པས། དེ་ལ་རང་དབང་དུ་ཡུལ་བགྲོད་པའི་ནུས་པ་མེད་ལ། རླུང་དང་མཉམ་པར་ཞུགས་ན་ནི་ཡུལ་བགྲོད་པའི་ནུས་པ་ཡོད་དོ། །ཞེས་རླུང་ལ་བརྟེན་ཚུལ་གསལ་བར་གསུངས་སོ། །འདི་ཡང་གྲངས་ཅན་པའི་ལུགས་ཀྱི། རང་བཞིན་ལོང་བ་རྐང་ཅན་དང༌། སྐྱེས་བུ་ཞ་བོ་མིག་ཅན་ལྟ་བུའི་ངོ་བོ་ཐ་དད་པའི་བརྟེན་ཚུལ་ཡིན་ན། དེས་འཆིང་གྲོལ་ལ་མི་ཕན་ཡང༌། འདིར་དེ་ལྟར་མ་ཡིན་པར་ངོ་བོ་གཅིག་ཏུ་སྐྱེས་པ་ཡིན་ཏེ། རིམ་ལྔ་ལས། རླུང་རྣམས་ཕྲ་བའི་གཟུགས་ཀྱིས་ནི། །ཤེས་དང་ཡང་དག་འདྲེས་གྱུར་ནས། །ཞེས་དང༌། སྤྱོད་བསྡུས་ལས། ཁམས་ཕྲ་བ་དང་རྣམ་པར་ཤེས་པ་སྣང་བ་དག་ནི་གཟུགས་མེད་པས། མར་གྱི་ནང་དུ་


GTD005_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

མར་བཅུག་པ་བཞིན་འདྲེས་པར་གྱུར་ནས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བྱ་བ་ཐམས་ཅད་རྫོགས་པར་བྱེད་དོ། །ཞེས་སོ། །དེ་ལྟར་ན་བདེན་འཛིན་འཁོར་བའི་རྩ་བར་བཞག་པ་ལྟར་རླུང་གིས་ཀྱང་འཁོར་བའི་རྩ་བ་བྱེད་པར་གསུངས་ཏེ། དགོངས་པ་ལུང་སྟོན་ལས། འདུ་ཤེས་ཅན་དང་འདུ་ཤེས་མེད། །སེམས་ཅན་དུ་བརྟགས་འདི་གནས་པ། །དེ་རྣམས་རླུང་ལས་བྱུང་བ་སྟེ། །ཞེས་དང༌། རྡོ་རྗེ་ཕྲེང་བ་ལས། ལས་ཀྱི་རླུང་ནི་སྣ་ཚོགས་པ། །དེ་ནི་ལྷན་ཅིག་རྣམ་ཤེས་དང༌། །སླར་ཡང་འཇིག་རྟེན་གསུམ་དུ་གནས། །དེ་ལས་ལས་དང་དེ་བཞིན་སྐྱེ། །དེ་ལས་ཆགས་སོགས་བག་ཆགས་དང༌། །དེ་ལས་སླར་ཡང་འཆི་དང་སྐྱེ། །དེ་ལྟར་འཁོར་ལོ་བསྐོར་བ་འདྲ། །ཞེས་དང་དབུ་མ་རིན་ཆེན་ཕྲེང་བར། ངར་འཛིན་ཡོད་ན་ཡང་ལས་ཏེ། །དེ་ལས་ཡང་ནི་སྐྱེ་བ་ཡིན། །ལམ་གསུམ་ཐོག་མཐའ་དབུས་མེད་པ། །འཁོར་བའི་དཀྱིལ་འཁོར་མགལ་མེ་ཡི། །དཀྱིལ་འཁོར་ལྟ་བུར་ཕན་ཚུན་གྱི། །རྒྱུ་ཅན་འདི་ནི་འཁོར་བར་འགྱུར། །ཞེས་སོགས་ཀྱིས་ངར་འཛིན་ལ་བརྟེན་ནས་ལམ་གསུམ་དུ་འཁོར་ཚུལ་གསུངས་པ་ཇི་ལྟ་བ་བཞིན་དུ་འདིར་རླུང་ལ་བརྟེན་ནས་གཞི་དང་ཉོན་མོངས་དང་ལས་ཀྱི་ལམ་གསུམ་དུ་འཁོར་བར་གསུངས་སོ། །དེས་ན་མདོ་ལུགས་ལྟར་བདེན་འཛིན་འཁོར་བའི་རྩ་བར་ཤེས་ནས་དེའི་གཉེན་པོ་བསྒོམས་པས་འཁོར་བ་ལས་གྲོལ་བ་ཙམ་འབྱུང་ཡང༌། དེའི་སྟེང་དུ་རླུང་གིས་ཀྱང་འཁོར་རྩ་བྱེད་ཚུལ་ཤེས་ཏེ་སྒོ་གཉིས་ཀ་ནས་བཟློག་པའི་ཐབས་བྱས་ན་སྤོང་སླ་བ་དང༌། འཁོར་བ་ཕྲ་རགས་ཀྱི་བག་ཆགས་ཟད་པར་སྤོང་བ་ལ་ངེས་པར་


GTD005_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ལ་བརྟེན་ཏེ་འཁོར་བའི་རྩ་བ་གཉིས་ཀ་སྤོང་བའི་ཐབས་ཆ་ཚང་བ་མེད་མི་རུང་ཡིན་ཏེ། རིམ་ལྔ་གསལ་སྒྲོན་ལས། ཐུན་མོང་བའི་འཁོར་བའི་འཇུག་རིམ་ཤེས་ན་དེའི་རྩ་བ་བདག་འཛིན་ལྡོག་དགོས་པར་ཤེས་ནས། བདག་མེད་པའི་ལྟ་བ་ཕུ་ཐག་ཆོད་པ་ཚོལ་བ་ཞིག་འོང་ལ། ཐུན་མོང་མ་ཡིན་པའི་རླུང་གི་དབང་གིས་འཁོར་བར་འཇུག་རིམ་ཤེས་ན་ཀུན་རྟོག་གཡོ་བའི་རླུང་དགག་དགོས་པར་མཐོང་ནས། དེ་འགོག་པའི་ཐབས་ལུས་ལ་གནད་དུ་བསྣུན་པའི་གདམས་པ་ཕུ་ཐུག་ཆོད་པ་ཞིག་འོང༌། ཞེས་དང་། རྗེ་འཇམ་དབྱངས་བཞད་པས། ལུས་ངག་ཡིད་གསུམ་རགས་ཕྲ་ཤིན་ཏུ་ཕྲ། །སྦྱངས་ཕྱིར་ཐེག་དང་མདོ་རྒྱུད་གོང་ནས་གོང༌། །ཞེས་འདོམས་པར་མཛད་དོ། །དེ་ལྟ་བུའི་རླུང་དེ་ཉིད་འཕགས་མའི་བྱིན་རླབས་ལ་བརྟེན་ནས་བཏུལ་བའི་ཚུལ་སྙིང་གས་སྟོང་པའི་དབྱིངས་ཤི་ཞེས་པ་འདིས་བསྟན་ལ། དེ་ཡང་སྙིང་གས་ཞེས་པ་རྡོར་བཟླས་སོགས་རླུང་དབུ་མར་འཇུག་པའི་ཐབས་སྲོག་རྩོལ་གྱི་རྣལ་འབྱོར་རྣམས་ཀྱི་སྐབས་དང༌། སྟོང་པའི་དབྱིངས་ཤི་ཞེས་པ་སེམས་དབེན་དཔེའི་འོད་གསལ་ཡན་ཆད་ཀྱི་རྟོགས་པ་སྐྱེ་བའི་སྐབས་ལ་སྦྱོར་དགོས་པ། རྒྱུད་ཀྱི་རྡོ་རྗེའི་ཚིག་གིས་བརྡ་སྦྱོར་ཚུལ་དང་སྒོ་བསྟུན་ནས་གསུངས་པ་ཡིན་ཏེ། དགོངས་པ་ལུང་སྟོན་ལས། གང་ཕྱིར་རང་ནི་ཟློས་གྱུར་པ། །ཡི་གེ་ཧཱུཾ་གི་གསང་སྔགས་ལྔ། །དེ་ཚེ་སྙིང་ལས་འདར་སྐྱེ་ཞིང༌། །དབང་པོ་ཐམས་ཅད་བརྒྱལ་བར་གྱུར། །ཞེས་སྲོག་རྩོལ་གྱི་རྣལ་འབྱོར་དེ་དག་ལ་སྦྱངས་ནས་རླུང་དབུ་མར་བཅུག་པ་ན། ཀུན་རྟོག་རླུང་དང་བཅས་པ་སྐྲག་ནས་སྙིང་གས་ཤིང་འདར་བར་གསུངས་ཏེ། རྩ་དབུ་མའི་མིང་ལ་ཀུན་འདར་མ་ཞེས་པ་ཡང༌། རང་བཞིན་མེད༌


GTD005_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚུལ་གྱིས་རྟོག་པ་ཀུན་འདར་བར་བྱེད་པ་ཞེས་བརྟག་གཉིས་ཀྱི་ཊཱིཀྐ་རྣམས་སུ་བཤད་པ་ཡང་འདི་དང་དོན་གཅིག་གོ །འདིའི་བཟླས་པ་རྡོར་བཟླས་ཀྱི་སྐབས་ཡིན་ཞིང༌། དེར་རྩ་རྒྱུད་དུ་ཡི་གེ་གསུམ་ལས་མ་གསུངས་པས། འདིར་སྭཱཧཱ་བསྣན་པ་དེ་གཉིས་རིན་འབྱུང་དང་དོན་གྲུབ་ཀྱི་ས་བོན་ཡིན་ཞིང་། བཟླས་པ་དེ་ལ་དེའི་བྱེད་པ་ཚང་བའི་དོན་ཡིན་ཏེ། ལེའུ་བཅུ་པའི་མཐའ་དཔྱོད་ལས། ཡི་གེ་ལྔ་གང་གི་ཚེ་ཟློས་པར་གྱུར་པ་དེའི་ཚེ་སྙིང་ལས་འདར་བ་སྐྱེ་བ་ནི་རླུང་དེར་བསྡུས་པའི་མཐུས་འདར་བའོ། །ཞེས་དང༌། ཡི་གེ་གསུམ་གྱི་བཟླས་པ་ཉིད་རིན་པོ་ཆེ་དང་དོན་ཡོད་པའི་བཟླས་པ་ཡིན་པ་ལ་དགོངས་ཀྱི། ཡི་གེ་གཉིས་བསྣན་ནས་རྡོར་བཟླས་བྱེད་པ་མིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །སྟོང་པའི་དབྱིངས་ཤི་ཞེས་པ་ཐ་མལ་པ་རྣམས་ལ་གཞིའི་འོད་གསལ་ཤར་ཏེ་རླུང་རྣམས་མི་ཤིགས་པ་ལ་ཐིམ་པའི་ཚེ་འཆི་བ་ཞེས་བཤད་པ་དང་འདྲ་བར། འདིར་ཡང་ལམ་གྱི་འོད་གསལ་ཤར་ཏེ་རླུང་ཐམས་ཅད་མི་ཤིགས་པར་ཐིམ་པ་ལ་སྟོང་པའི་དབྱིངས་སུ་ཤི་བའི་སྒྲས་བསྟན་པ་ཡིན་ཏེ། སྤྱོད་བསྡུས་ལས། ཡང་དེ་རྣམས་མི་ཤིགས་པ་ཐོབ་ནས་དངོས་པོ་མེད་པར་འགྱུར་རོ། །ཞེས་སོ། །འདིའི་དངོས་པོ་མེད་པ་འོད་གསལ་སྟོང་པའི་དབྱིངས་ལ་བྱེད་དགོས་ཏེ། གསལ་སྒྲོན་ལས། འཆི་བའི་མཐར་སྙིང་གར་མི་ཤིགས་པ་ལ་ཞུགས་ནས་དངོས་པོ་མེད་པ་འོད་གསལ་དུ་འཇུག་པར་གསུངས་པ་དང༌། ཞེས་གསུངས་པའི་ཕྱིར། འདི་དག་ཀྱང་ཁོ་བོས་བློ་གྲོས་ཞིབ་མོས་ཅུང་ཟད་ཕྱེ་བ་ཡིན་གྱི། དེང་དུས་ཀྱི་འཆད་པ་པོ་རྣམས་ཡིན་ན་བདག་འཛིན་འགོང་པོ་དཔུང་དང་བཅས་པའི་སྙིང་གས་ཏེ་ཤིའོ་


GTD005_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་གཟུགས་ཅན་དང་རབ་བརྟགས་འདྲེས་པའི་རྐྱེན་ཡིན་ཞིང་དོན་གོ་སླའོ། །ཞེས་བརྗོད་བྱའི་གནད་ལ་སེན་མོ་མ་ཐེབས་པར་ཚིག་རིས་ཙམ་གྱི་སྟེང་ནས་དར་ཞུད་བྱེད་པ་ལས་འོས་མེད་དོ། །མགུ་དཀའི་སེམས་ཞེས་པ་གོང་དུ་བཤད་པ་ལྟར་དགེ་བའི་ཕྱོགས་སུ་བློ་མི་འགྲོ་བ་ལ་བྱེད་རུང་ཡང༌། དགོངས་པ་མཐར་ཐུག་འཚོལ་ན། རྒྱལ་བ་དགེ་འདུན་རྒྱ་མཚོའི་མཚན་བརྗོད་ཊཱིཀྐ་ལས། བདེ་བ་ཆེན་པོ་དངོས་ཀྱིས་དགའ་བ་དང༌། དེ་དང་རྗེས་སུ་འབྲེལ་བའི་བདེ་བས་མགུ་བ་དང༌། ཞེས་གསུངས་པ་ལྟར། མཉམ་གཞག་ཏུ་འོད་གསལ་བདེ་བ་ཆེན་པོའི་ཡེ་ཤེས་གོམས་པའི་དབང་གིས་རྗེས་ཐོབ་ཏུ་གང་སྣང་ཐམས་ཅད་དག་པའི་འཁོར་ལོར་འཆར་བས། གོང་དུ་བཤད་པ་ལྟར་གང་སྣང་སྟོང་པ། སྟོང་པ་བདེ་བ། བདེ་བ་ལྷ་སྐུར་ཤར་བ་ནི་སྐབས་འདིའི་མགུ་བའི་དོན་ཡིན་ལ། སྔར་ཀུན་རྟོག་གཡོ་བར་བྱེད་པའི་རླུང་རྣམས་ཁ་རྒྱལ་བའི་དབང་གིས་སེམས་ཕྱིན་ཅི་ལོག་གི་ཡུལ་ལ་འཕྱར་ཞིང་གཡེང་སྟེ་བདེ་བའི་གོ་སྐབས་ཅུང་ཟད་ཀྱང་མེད་པར་ཤིན་ཏུ་ངལ་བར་གྱུར་པ་ནི་མགུ་དཀའ་ཚུལ་དང༌། འདིར་ལུས་ལ་གནད་དུ་བསྣུན་པ་སོགས་ཀྱི་ལམ་ཟབ་མོ་བསྒོམས་པས་ལས་རླུང་གི་རྒྱུ་བ་མ་ལུས་པར་འགག་པ་ན་སེམས་ངལ་སོས་ཏེ་ལྷན་སྐྱེས་ཀྱི་བདེ་བས་ཚིམ་ཞིང་མགུ་ནས་གདུལ་བྱ་རྗེས་སུ་འཛིན་པའི་ཕྱིར་དུ་གཟུགས་སྐུའི་རྣམ་པར་སྟོན་པ་སོགས་ཀྱིས་འདོད་དོན་ཐམས་ཅད་སྒྲུབ་པར་བྱེད་པ་ནི་དེའི་སྒོ་ནས་སེམས་མགུ་ཚུལ་དང་དབང་དུ་སྡུད་ཚུལ་ཡིན་ཏེ། རྫོགས་རིམ་དངོས་གྲུབ་སྙེ་མ་ལས། ཤིན་ཏུ་འཕྱར་ཞིང་གཡོ་བའི་རླུང་གི་བཞོན་པས་ཉིན་མཚན་ཀུན་ཏུ་སེམས་འཁོར་ལོ་བཞིན་དུ་བསྐོར་བས་ཤིན་ཏུ་ངལ་བར་གྱུར་པ་


GTD005_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

དེ་འཆད་པ་ལྟར་གྱི་ལུས་ལ་གནད་དུ་བསྣུན་པའི་གདམས་པ་བསྒོམ་པས་མི་བསྲུན་པའི་རླུང་ཐིམ་པ་དེའི་ཚེ་ལྷན་སྐྱེས་ཀྱི་ཡེ་ཤེས་ཀྱི་སེམས་ངལ་སོས་པས་ཚིམ་པ་སྐྱེ་སྟེ། ཞེས་དང༌། དེ་ཁོ་ན་ཉིད་གྲུབ་པ་ལས། ལྷན་ཅིག་སྐྱེས་པའི་རླུང་རང་གི་གནས་སུ་གནས་པས་རྟོག་པའི་ཚོགས་ལས་གྲོལ་ཞིང༌། སྟོང་པ་ཉིད་ཀྱི་རང་བཞིན་གྱིས་ཐུགས་ཚིམ་པར་བྱེད་པ། ཞེས་གསུངས་ཏེ། རྫོགས་རིམ་རྣལ་འབྱོར་ཆེན་པོའི་གཞུང་གི་ཐོག་མ་ཉིད་དུ་ཡང༌། རྣལ་འབྱོར་ཆེན་པོ་ངལ་གསོ་བྱ། །ཞེས་ཐབས་ཤེས་དབྱེར་མེད་དུ་སྦྱོར་བའི་རྣལ་འབྱོར་ཆེན་པོ་རྫོགས་རིམ་གྱི་སྒོ་ནས་ངལ་གསོ་ཚུལ་ཡང་དེ་ཡིན་ནོ། །ཡང་ཁ་ཅིག་འདི་སྙམ་དུ། རྗེ་བཙུན་མའི་གསུང་གི་བྱིན་རླབས་ཞུགས་པ་ལ་བརྟེན་ནས་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་འགྲུབ་ཏུ་རུང་བས། ཁྱོད་ཀྱིས་རྗེ་བཙུན་མའི་གསུང་རྡོ་རྗེའི་བྱིན་རླབས་ཀྱིས་གདུལ་བྱའི་རྒྱུད་ལ་སྐྱེས་པའི་རྟོགས་པ་དེ་ཡང་གསུང་རྡོ་རྗེའི་རང་བཞིན་དུ་བཤད་པ་བྱ་བྱེད་འདྲེས་པ་དང༌། ཧ་ཅང་ཐལ་བའི་སྐྱོན་དུ་འགྱུར་རོ་ཞེ་ན་སྐྱོན་མེད་དེ། འདིར་བྱིན་རླབས་འཇུག་ཚུལ་གྱི་གཙོ་བོ་ནི་གདུགས་ནམ་མཁར་བཟུང་བའི་གྲིབ་མ་ས་ལ་འབབ་པ་ལྟ་བུ་མ་ཡིན་གྱི། རྗེ་བཙུན་མའི་ཐུགས་རྒྱུད་ཀྱི་གསུང་རྡོ་རྗེའི་དེ་ལ་ང་རྒྱལ་བཞག་སྟེ། དེ་དང་རྒྱུ་མཐུན་པའི་ལམ་ཉམས་སུ་བླངས་པ་ལ་བརྟེན་ནས་དེ་ཉིད་ཀྱི་རིགས་འདྲའི་རྟོགས་པ་ཁྱད་པར་ཅན་སྐྱེས་པ་དེ་སྐབས་འདིའི་གདུལ་བྱ་ཁྱད་པར་ཅན་གྱི་དབང་དུ་བྱས་ཏེ། ཐུན་མོང་མ་ཡིན་པའི་བྱིན་རླབས་འཇུག་ཚུལ་ཡིན་པས། དེ་ལ་གཙོ་བོར་ལམ་དང་འབྲས་བུ་གང་རུང་གི་གསུང་རྡོ་རྗེའི་ཡོན་ཏན་གྱི་ཆར་གཏོགས་པ་ཞིག་དགོས་ཏེ་དཔེར་ན། གསེར་འཕྲེང་


GTD005_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

ལས། གཞི་ཤེས་ཀྱི་དམིགས་པ་ལ་དེར་འདུ་བས་མ་ཁྱབ་ཀྱང༌། ལམ་བདེན་གྱི་སྐབས་སུ་འདུ་དགོས་ཏེ། འདི་མཁྱེན་པ་གསུམ་གྱི་ནང་ནས་གཞི་ཤེས་འབའ་ཞིག་གི་སྐབས་ཡིན་པ་དང༌། ཞེས་གསུངས་པ་བཞིན་ནོ། །དེར་མ་ཟད་སྐྱབས་འགྲོའི་ཚེ་ཐེག་པ་འོག་མས་རྒྱུ་སྐྱབས་ཙམ་དུ་བྱེད་པ་དང༌། ཐེག་ཆེན་ཐུན་མོང་བས་དེ་ཉིད་ཐོབ་བྱར་བྱས་ཏེ་འབྲས་སྐྱབས་སུ་འཛིན་པ་དང༌། ཐུན་མོང་མ་ཡིན་པ་སྔགས་ཀྱི་ཐེག་པས་ཐོབ་བྱར་འཛིན་པ་ཙམ་དུ་མ་ཟད་ད་ལྟ་ནས་དེ་ལ་ང་རྒྱལ་བཞག་སྟེ་བསྒོམ་པ་སོགས་གོང་མ་གོང་མའི་ཟབ་ཁྱད་ཡིན་པས། འབྲས་བུ་ཡང་དེ་དང་རྣམ་པ་མཐུན་པ་ཞིག་འབྱུང་དགོས་ཏེ་གནད་འདི་ཤེས་པ་ཤིན་ཏུ་གལ་ཆེའོ། །དེས་ན་འདིར་ཡང༌། རེ་བའི་ཡིད་ཀྱིས་བསྟོད། །ཅེས་གསུང་གི་ཡོན་ཏན་མཐོང་སྟེ་རང་རྒྱུད་ལ་ཡང་འདི་ལྟ་བུ་ཞིག་བྱུང་ན་ཅི་མ་རུང་སྙམ་དུ་མངོན་འདོད་དམ་རེ་བ་སྐྱེས་ནས་བསྟོད་པ་བྱས་པ་ཡིན། ཞེས་གསུངས་པར་སྣང་བས་སྔར་བཤད་པ་བཞིན་བསྟོད་པ་བྱེད་པའི་ཀུན་སློང་ལ་དད་པ་གསུམ་ཚང་བ་དང་བསྟོད་པ་བྱས་པའི་དགོས་པ་ལ་དད་པ་གསུམ་ཚང་བར་འདྲེན་ཐུབ་པ་ཞིག་བྱུང་ན་དད་པའི་འཇུག་ངོགས་ཞེས་མིང་བཏགས་པ་བཞིན་བསྟོད་པའི་དགོས་དོན་གྲུབ་པ་ཡིན་པས། རྗེས་འཇུག་རྣམས་ཀྱིས་ཀྱང་ལྷ་ལ་ཤག་བརྒྱབ་པ་ལྟ་བུ་མ་ཡིན་པར་འདི་ལྟ་བུའི་སྒོ་ནས་ལམ་དང་འབྲས་བུ་ཀུན་ལ་བག་ཆགས་ཅི་ཐེབས་སུ་བྱོས་ཤིག་ཅེས་ཐལ་མོ་སྦྱར་ཏེ་གསོལ་བ་འདེབས་སོ། །བཟླས་པ་རྣམ་བཞིའི་ཆུ་བོ་འབབ་པའི་བཅུད། །རླུང་སྔགས་དབྱེར་མེད་ཨཱ་ལི་ཀཱ་ལིའི་གདངས། །ཐེག་མཆོག་ལོངས་སྤྱོད་རིན་ཆེན་འབྱུང་གནས་ཀྱི། །སྙིང་པོ་འཇའ་ཚོན་བསྡུས་པའི་ལྷུན་པོ་བཞིན། །ཞེས་


GTD005_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །།༈ གསུམ་པ་ཐུགས་ལ་བསྟོད་པ་ལ། ཕར་ཕྱིན་ཐེག་པ་དང་ཐུན་མོང་བའི་དབང་དུ་བྱས་པ་དང༌། སྔགས་ཀྱི་ཐུན་མོང་མ་ཡིན་པའི་དབང་དུ་བྱས་པ་གཉིས། དང་པོ་ལ་རྣམ་པ་ཐམས་ཅད་མཁྱེན་པའི་ཡོན་ཏན་ལ་བསྟོད་པ་དང༌། སྟོབས་བཅུའི་ཡོན་ཏན་ལ་བསྟོད་པ་གཉིས། དང་པོ་ནི། རྒྱ་མཚོ་ལྟ་བུའི་གཏིང་ལྡན་ཤེས་བྱ་དང༌། །གངྒཱའི་རྡུལ་སྙེད་ཆོས་ཚུལ་མ་ལུས་པ། །ལག་མཐིལ་ཤིང་ཏོག་ཇི་བཞིན་མངོན་སུམ་དུ། །དུས་མཐའི་སྐད་ཅིག་ཡུན་ལ་མ་འདྲེས་གཟིགས། །ཞེས་བྱུང༌། དེ་ཡང་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་དུ་བྱས་པ་ནི། ཤེས་བྱ་མ་ལུས་པར་རྟོགས་པ་ཙམ་ལ་མི་བྱེད་དེ། མདོ་སྡེ་རྒྱན་ལས། སངས་རྒྱས་ཀུན་གྱིས་འོད་ཟེར་ཆེན་པོས་དབང་བསྐུར་ཕྱིན། །དེ་ནི་ཆོས་ལ་དབང་བ་ཀུན་དང་ཡང་དག་ལྡན། །ཞེས་འོད་ཟེར་ཆེན་པོའི་དབང་བསྐུར་ཐོབ་པ་ན་གསུང་རབ་ཀྱི་དགོངས་པ་རང་དབང་དུ་འགྲེལ་ནུས་ཤིང༌། ཇི་ལྟ་བར་མ་ཟད་ཇི་སྙེད་པའི་ཆོས་ཀྱང་སྔར་མ་རྟོགས་པ་གསར་དུ་རྟོགས་རྒྱུ་མེད་པས་ཡེ་ཤེས་ཀྱི་ཕར་ཕྱིན་ལྷག་ཐོབ་ཏུ་འཇོག་པར་བྱང་ས་དང་དགོངས་པ་རབ་གསལ་ལས་གསུངས་པ་ལྟར་རོ། །འོན་ཀྱང་དེའི་ཚེ་མཁྱེན་པ་སོ་སོ་བའི་སྒོ་ནས་གཞལ་བ་ཡིན་ལ། སངས་རྒྱས་པའི་ཚེ་མཁྱེན་པ་སྐད་ཅིག་མ་གཅིག་གིས་ཀྱང་ཐམས་ཅད་གཟིགས་པ་ཡིན་ཏེ། བདེན་གཉིས་ལས། མཁྱེན་པའི་སྐད་ཅིག་གཅིག་གིས་ཀྱང༌། །ཤེས་བྱའི་དཀྱིལ་འཁོར་ཀུན་ཁྱབ་ཅན། །ཞེས་དང༌། འཇུག་པ་རང་འགྲེལ་ལས། མཁྱེན་པའི་སྐད་ཅིག་


GTD005_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཁོ་ནས་ཐུགས་སུ་ཆུད་པས། ཞེས་དང༌། དགོངས་པ་རབ་གསལ་ལས། སངས་རྒྱས་མ་ཐོབ་བར་དུ་བློ་གཅིག་གིས་སྐད་ཅིག་མ་གཅིག་ལ་ཆོས་ཅན་སོ་སོར་སྣང་བ་དང་ཆོས་ཉིད་གཉིས་ཀ་དངོས་སུ་མཁྱེན་པ་མི་འོངས་པས། ཞེས་གསུངས་སོ། །དེས་ན་བསྟོད་པ་བརྒྱ་ལྔ་བཅུ་པར། ཁྱོད་འབའ་ཞིག་གི་ཡེ་ཤེས་ཀྱིས། །ཤེས་བྱ་ཐམས་ཅད་ཁྱབ་ལགས་ཀྱི། །ཁྱོད་ལས་གཞན་པ་ཐམས་ཅད་ཀྱི། །ཤེས་བྱ་ཁོ་ན་ལྷག་པ་ལགས། །ཞེས་པ་ཡང་བློ་རེ་རེ་བའི་དབང་དུ་བྱས་པ་ཤེས་དགོས་སོ། །རྣམ་པ་ཐམས་ཅད་མཁྱེན་པར་འཇོག་ཚུལ་ཡང་གཙོ་བོའི་དབང་དུ་བྱས་ན་ཤེས་བྱ་མཐའ་ཡས་པ་རེ་རེ་ནས་རྟོགས་པ་ལ་མི་བྱེད་ཀྱི། གཞི་བུམ་པ་ལྟ་བུ་གཅིག་ལ་མཚོན་ན་ཡང་དེའི་སྟེང་གི་ཀུན་རྫོབ་པའི་རྣམ་པ་དང༌། དོན་དམ་པ་ཆོས་ཉིད་ཀྱི་རྣམ་པ་གཉིས་ཀ་ཅིག་ཅར་མངོན་སུམ་དུ་རྟོགས་ཏེ་མཉམ་རྗེས་ངོ་བོ་གཅིག་ཏུ་སོང་བ་ནི་དེ་ལ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་སོང་བའི་དོན་ཡིན་པས། ཤེར་མདོ་ལས། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཤེར་ཕྱིན་ལ་བསླབ་པར་བྱའོ། །ཞེས་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་འཚང་རྒྱ་བར་གསུངས་པ་ཡང༌། བུདྡྷ་ཁོང་དུ་ཆུད་པ་ལའོ་ཞེས་པ་ལྟར། ཆོས་རང་རང་གི་སྟེང་གི་བདེན་གཉིས་ཅིག་ཅར་མངོན་སུམ་དུ་གཟིགས་པའི་དོན་ཡིན་པར་འཕགས་པ་ཆོས་ཀུན་འགྲོ་བའི་མདོ་ལས་གསུངས་སོ། །དོན་གྱི་དབང་འདི་གཟིགས་ཏེ། བྱང་ས་ལས། དེ་བཞིན་གཤེགས་པས་ནི་ཆོས་ཀྱི་ཚོགས་གསུམ་མངོན་པར་རྫོགས་པར་སངས་རྒྱས་ཏེ། དོན་དང་ལྡན་པའི་ཆོས་རྣམས་དང༌། དོན་དང་ལྡན་པ་མ་ཡིན་


GTD005_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས། ཞེས་པ་ནས། དེ་ལ་རྣམ་པ་ཐམས་ཅད་མཁྱེན་པ་གང་ཡིན་པ་དང༌། མཆོག་མཁྱེན་པ་གང་ཡིན་པ་དེ་གཉིས་གཅིག་ཏུ་བསྡུས་པ་ནི་རྣམ་པ་ཐམས་ཅད་དང་མཆོག་མཁྱེན་པ་ཞེས་བྱའོ། །ཞེས་གསུངས་ཤིང༌། དེའི་ཡུལ་གྱི་སྟོང་ཉིད་ལ་ཡང་གཟིགས་ཚུལ་གྱི་ཆ་ནས་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དུ་བཤད་དོ། །བྱེ་སྨྲའི་ལུགས་ལ་ཡང༌། སངས་རྒྱས་བཅོམ་ལྡན་འདས་ཀྱིས་མི་ཤེས་པའི་རྒྱུ་བཞི་སོགས་ཉོན་མོངས་ཅན་མ་ཡིན་པའི་མུན་པ་གཏན་དུ་སྤངས་ཏེ་ཡུལ་གང་ལ་དགོངས་པ་གཏད་ཀྱང་མི་མཁྱེན་པ་མི་སྲིད་པས་ཐམས་ཅད་མཁྱེན་པར་འཇོག་ཅེས་ཟེར་ཡང༌། བདེན་གཉིས་གཟིགས་ཚུལ་འདི་ལྟ་བུ་བློར་མ་ཤོང་བའི་དབང་གིས་རྣམ་མཁྱེན་མི་འདོད་པར་བཤད་དེ། བརྒྱད་སྟོང་འགྲེལ་ཆེན་ལས། འདིར་རང་གི་སྡེ་པ་ཁ་ཅིག་ན་རེ། གང་གི་ཚེ་ཡེ་ཤེས་གཅིག་གིས་ཤེས་བྱའི་དཀྱིལ་འཁོར་མ་ལུས་པ་ཅིག་ཅར་ཁྱབ་ན། དེའི་ཚེ་དངོས་པོ་རྣམས་ནི་འདི་ཙམ་དུ་ཟད་དོ་ཞེས་ཡོངས་སུ་ཆད་པས་མཐའ་ཡས་པར་ཁས་བླངས་པ་ལ་གནོད་དོ། །འདི་ལྟར་ཤེས་པ་གཅིག་ལ་ཞུགས་པའི་དངོས་པོ་ལས་གཞན་པའི་དངོས་པོ་ནི་མེད་དོ། །ཞེས་དེ་ལྟར་ཡོངས་སུ་གཅོད་པ་ན་མཐའ་དང་ལྡན་པར་ཇི་ལྟར་མི་འགྱུར་ཞེས་ཟེར་རོ། །ཞེས་སོགས་དགག་སྒྲུབ་རྒྱས་པར་ཤེས་མཚན་གྱི་སྐབས་སུ་གསུངས་སོ། །འདིའི་ཚིག་ཟིན་འགའ་ཞིག་དང༌། དབུ་མ་རྒྱན་ལས། དོན་གྱི་རྣམ་པས་བསྒྱུར་ལྡན་པའི། །རྣམ་ཤེས་སུ་ཞིག་མི་འདོད་པ། །ཞེས་སོགས་ལ་བརྟེན་ནས་བྱེ་སྨྲས་རྣམ་མཁྱེན་མི་འདོད་པའི་རྒྱུ་མཚན་རྣམས་མི་འདོད་པའི་དབང་གིས་ཡིན་པར་སྨྲ་བ་མི་འཐད་དེ། བྱེ་སྨྲ་


GTD005_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྣམ་མེད་པ་དང༌། མདོ་སྡེ་པ་ལ་རྣམ་བཅས་པ་ཞེས་གྲགས་ཀྱང༌། དེས་རྣམ་པ་མི་འདོད་ཚུལ་ནི། རིགས་ལྡན་གྲགས་པས། དབང་སྐྱེས་བློ་ནི་རྣམ་མེད་ཀྱི། །ཕྲ་རབ་བསགས་པ་དངོས་སུ་རིག །ཅེས་དང༌། ཀུན་བཏུས་ལས། མིག་ལས་སྐྱེས་བློ་རྣམ་མེད་ཅིང༌། ཞེས་དང༌། བདེ་གཤེགས་གཞུང་གི་རབ་བྱེད་ལས། །རྣམ་པ་མེད་པའི་དབང་སྐྱེས་བློས། །རྡུལ་ཕྲན་བསགས་པ་དངོས་སུ་རིག །ཅེས་སོགས་ཀྱིས་དབང་ཤེས་དམིགས་ཀྱིས་བསལ་ཏེ་རྣམ་མེད་དུ་འཛིན་པར་བཤད་ཀྱི། ཡིད་ཤེས་ལ་མ་ཡིན་ཏེ། ཡིད་ཤེས་ཀྱིས་ཀྱང་ཡུལ་རྣམ་མེད་ཐུག་ཕྲད་དུ་འཛིན་དགོས་ན་འདས་མ་འོངས་སོགས་འཛིན་པ་མི་འཐད་པར་འགྱུར་ལ། མཛོད་ལས། རྣམ་པ་ཤེས་རབ་དང་བཅས་པའི། །དམིགས་དང་བཅས་པས་འཛིན་པར་བྱེད། །ཅེས་དང་མཛོད་འགྲེལ་ལས། རྣམ་པ་ནི་སེམས་དང་སེམས་ལས་བྱུང་བ་ཐམས་ཅད་ཀྱི་དམིགས་པ་འཛིན་པའི་བྱེ་བྲག་ནི་རྣམ་པ་ཡིན་ནོ། །ཞེས་དང༌། གཞན་ཡང་ཟག་མེད་ལམ་བདེན་གྱི་རྣམ་པ་བཅུ་དྲུག་བཤད་པ་ལྟ་བུ་ཆེས་མང་བས་ཤེས་པ་ཐམས་ཅད་རྣམ་མེད་དུ་འདོད་པ་མིན་ནོ། །རྟོག་གེ་འབར་བ་རྩ་འགྲེལ་གྱི་ཀུན་མཁྱེན་བསྒྲུབ་པའི་ལེའུའི་ཕྱོགས་སྔ་སྨྲ་བ་པོ་ནི་ཤེས་བྱ་མཐའ་ཡས་པའི་རྟགས་ཀྱིས་ཐམས་ཅད་མཁྱེན་པ་མེད་པར་བསྒྲུབ་པའི་གཞན་སྡེ་རྣམས་ཡིན་གྱི། བྱེ་སྨྲ་ལྟ་བུ་མ་ཡིན་ཏེ། དེས་མཁྱེན་པ་སྐད་ཅིག་མ་རེ་རེས་ཆོས་ཐམས་ཅད་རྟོགས་པ་མི་འདོད་ཀྱང༌། སྟོབས་བཅུ་ཅི་རིགས་ཀྱི་སྒོ་ནས་ཐམས་ཅད་གཟིགས་པར་འདོད་པའི་ཕྱིར། མཛོད་འགྲེལ་ལས། གང་གི་ཕྱིར་འདིའི་མཁྱེན་པ་ཤེས་བྱ་ཐམས་ཅད་ལ་ཐོགས་པ་མི་མངའ་བར་འཇུག་


GTD005_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེའི་ཕྱིར་སྟོབས་ཡིན་ནོ། །ཞེས་སོ། །གཞན་ཡང་རྣམ་མཁྱེན་གྱིས་ཆོས་ཐམས་ཅད་ཅིག་ཅར་མངོན་སུམ་སུ་གཟིགས་ན་རང་ཉིད་ཀྱང་གཟིགས་དགོས་ལ། རང་ཉིད་གཉིས་སྣང་ནུབ་པའི་ཚུལ་གྱིས་གཟིགས་ན་རང་ལ་དོན་དམ་དཔྱོད་པའི་ཚད་མར་འགྱུར་བ་དང༌། གཉིས་སྣང་དང་བཅས་པའི་ཚུལ་གྱིས་གཟིགས་ན་རང་ཉིད་རང་ལས་ཐ་དད་དུ་འགྱུར་བ་སོགས་ཀྱི་དོགས་པ་དང༌། དེའི་སྐྱོན་སྤོང་ཚུལ་སོགས་གལ་ཆེ་བ་མང་ཡང་རྗེའི་གསུང་རབ་རྣམས་དང་སྟོང་ཐུན་སོགས་སུ་གསལ་བ་ལས་ཤེས་པར་བྱ་ཡི། འདིར་མང་གིས་དོགས་ནས་མ་སྤྲོས་སོ། །དེ་ལྟར་བདེན་པ་གཉིས་ཅིག་ཅར་མངོན་སུམ་དུ་གཟིགས་པས་རྣམ་མཁྱེན་ཞེས་བཤད་ཅིང༌། བདེན་པ་གཉིས་པོ་དེ་ལ་ཟབ་པ་དང་རྒྱ་ཆེ་བ་ཞེས་ཀྱང་བཤད་དེ། དབུ་མ་འཇུག་པར། ཟབ་མོ་སྟོང་པ་ཉིད་ཡིན་ཏེ། །ཡོན་ཏན་གཞན་རྣམས་རྒྱ་ཆེ་བ། །ཞེས་སྟོང་ཉིད་རང་གི་ངོ་བོ་ལ་མི་འདྲ་བའི་དབྱེ་བ་མེད་ཀྱང་ཤིན་ཏུ་གཏིང་དཔོག་དཀའ་བ་དཔེར་ན་རྒྱ་མཚོ་ཁ་གཏིང་མེད་པར་ཆུའི་རང་བཞིན་དུ་མཚུངས་ཀྱང་ཤིན་ཏུ་ཟབ་པས་གཏིང་མཐའ་གཞལ་དཀའ་བ་དང་འདྲ་སྟེ། དེ་ལ་དགོངས་ནས། རྩ་ཤེས་ལས། དེ་ཕྱིར་ཞན་པས་ཆོས་འདི་ཡི། །གཏིང་རྟོགས་དཀའ་བར་མཁྱེན་གྱུར་ནས། །ཞེས་གསུངས་པ་བཞིན་འདིར་ཡང༌། རྒྱ་མཚོ་ལྟ་བུའི་གཏིང་ལྡན་ཤེས་བྱ་དང༌། །ཞེས་གསུངས་སོ། །ཀུན་རྫོབ་ནི་གཞི་བུམ་པ་ལྟ་བུ་གཅིག་ལ་ཡང༌། རང་སྤྱི། མཚན་མཚོན། རྒྱུ་འབྲས། དགག་སྒྲུབ། བྱ་བྱེད། གཅིག་ཐ་དད། སྤྱི་བྱེ་བྲག །སྒྲ་དོན་གྱི་སྤྱི་ལ་སོགས་པ་རྣམ་


GTD005_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་གི་མཐའ་དང་མཉམ་པའི་ཁྱད་པར་མི་འདྲ་བ་མཐའ་ཡས་པ་ཞིག་དབྱེར་ཡོད་པས་རྒྱ་ཆེ་བར་བཞག་པ་ཡིན་ལ། འདིར་ཡང༌། གངྒཱའི་རྡུལ་སྙེད་ཆོས་ཚུལ་མ་ལུས་པ། །ཞེས་གསུངས་ཏེ། རྒྱུད་བླ་མར། ཕྲ་མོ་ཟབ་མོའི་ཚུལ་བསྟན་པ། །སྦྲང་རྩི་རོ་གཅིག་པ་བཞིན་ཏེ། །རྣམ་པ་སྣ་ཚོགས་ཚུལ་བསྟན་པ། །སྣ་ཚོགས་སྒྲུབ་སྙིང་བཞིན་ཞེས་བྱ། །ཞེས་བདེན་གཉིས་གཙོ་བོར་སྟོན་པའི་ཆ་ནས་ཟབ་རྒྱས་ཀྱི་སྡེ་སྣོད་དུ་འཇོག་ཚུལ་གསུངས་པ་ཡང་འདི་དང་གནད་གཅིག་གོ །དེ་ལྟ་བུའི་ཇི་ལྟ་ཇི་སྙེད་ཀྱི་རྣམ་པ་གཉིས་པོ་དེ་ཉིད་རེས་འཇོག་མེད་པར་མངོན་སུམ་དུ་གཟིགས་པའི་ཚུལ་ནི། ལག་མཐིལ་ཤིང་ཏོག་ཇི་བཞིན་མངོན་སུམ་དུ། །དུས་མཐའི་སྐད་ཅིག་ཡུན་ལ་མ་འདྲེས་གཟིགས། །ཞེས་གསུངས་ཏེ། དཔེར་ན་སྐྱུ་རུ་ར་རློན་པ་དེ་ཉིད་ཤིན་ཏུ་དྭངས་པའི་དབང་གིས་ལག་མཐིལ་དུ་བཞག་པའི་ཚེ་ཕྱིའི་ཤུན་པ་དང་ནང་གི་འབྲས་བུ། ལག་པའི་མཐིལ་ཀུན་མི་སྒྲིབ་པར་དུས་མཉམ་དུ་མཐོང་ནུས་པ་ལྟར་ཆོས་ཉིད་ལ་མཉམ་པར་བཞག་བཞིན་དུ་ཆོས་ཅན་མངོན་སུམ་དུ་གཟིགས་ཤིང་ཆོས་ཅན་ཀུན་རྫོབ་པ་རྣམས་གཟིགས་བཞིན་དུ་ཆོས་ཉིད་མངོན་དུ་མཛད་ནུས་ལ། འོན་ཀྱང་ཆོས་ཉིད་ལ་གཟིགས་པའི་ངོར་ཀུན་རྫོབ་ཀྱི་སྣང་བ་མི་འཆར་བས་མ་ཡིན་དགག་གི་སྣང་བར་མི་འགྱུར་ཞིང༌། ཆོས་ཅན་ལ་གཟིགས་པའི་ངོར་སྤྲོས་བྲལ་གྱི་ཚུལ་དུ་མི་འཆར་བས་རྫུན་པའི་སྣང་བ་མི་འགོག་པར་བདེན་གཉིས་སོ་སོའི་སྣང་ཚུལ་གསལ་ལ་མ་འདྲེས་པ་འཇའ་ཚོན་གྱི་མདངས་བཞིན་དུ་འཆར་བ་ཡིན་ཏེ། རྗེ་བླ་མས། དེ་ལྟར་མགོན་ཁྱོད་ཆོས་ཀྱི་དབྱིངས་ལས་ཅུང་ཟད་གཡོ་བ་མེད་བཞིན་དུ། །དུ་མའི་ཤེས་བྱ་


GTD005_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བར་སྣང་བ་མེ་ལོང་ནང་དུ་གཟུགས་བརྙན་ནམ། །ནམ་མཁའི་ལམ་ན་འཇའ་ཚོན་བཞིན་དུ་སོ་སོར་མ་འདྲེས་རྫོགས་པར་མཁྱེན། །ཞེས་གསུངས་པ་ལྟར་རོ། །ལ་ལ་དག་བདེན་གཉིས་ཅིག་ཅར་གཟིགས་པ་དང༌། དོན་དམ་ལ་གཟིགས་པའི་ངོར་ཀུན་རྫོབ་མི་འཆར་བ་ནང་འགལ་ལོ་སྙམ་པ་ནི་རིགས་ལམ་མ་བྱང་བའི་སྐྱོན་ཡིན་ཏེ། དཔེར་ན་རས་སྔོན་པོའི་སྟེང་དུ་ཤེལ་གོང་བཞག་པའི་ཚེ་གཉིས་ཀ་ཅིག་ཅར་མཐོང་ཡང་སོ་སོའི་རྣམ་པ་མ་འདྲེས་པར་མཐོང་དགོས་ཀྱི་ཤེལ་གོང་སྔོན་པོར་འཆར་མི་དགོས་ཤིང་རས་དྭངས་གསལ་ཅན་དུ་མཐོང་མི་དགོས་པ་བཞིན་ནོ། །༈ གཉིས་པ་སྟོབས་བཅུའི་ཡོན་ཏན་ལ་བསྟོད་པ་ནི། མཐར་ཐུག་དབྱིངས་ལས་མ་གཡོས་རྩེ་གཅིག་ཏུ། །མཉམ་པར་བཞག་བཞིན་སེམས་ཅན་ཁམས་སྣ་ཚོགས། །མ་འདྲེས་གསལ་ལེར་གཟིགས་པས་རང་རང་གི །བསམ་པ་ཇི་བཞིན་གང་འདོད་ཆོས་རྣམས་སྟོན། །ཞེས་བྱུང༌། ཤོ་ལོ་ཀ་འདིས་རྣམ་པ་ཐམས་ཅད་མཁྱེན་པའི་བདག་རྐྱེན་ལ་བརྟེན་ནས་གཞན་དོན་སྒྲུབ་ཚུལ་གྱི་རིམ་པ་ཆ་ཚང་བ་ཞིག་སྟོན་པར་སྣང་ལ། དེ་ཡང་མདོ་སྡེ་རྒྱན་གྱི་དགོངས་པ་བཞིན་ཟག་མེད་ཡེ་ཤེས་སྡེ་ཚན་ཉེར་གཅིག་ལ་རེ་རེ་བཞིན་སྦྱར་ཏེ་རྒྱུ་འབྲས་ཡོངས་རྫོགས་རེ་བཤད་དུ་ཡོད་ཀྱང༌། བྱང་ས་ལས། སྟོབས་བཅུ་གཙོ་བོར་སྨོས་པ་བཞིན། འཇུག་པ་རྩ་འགྲེལ་དང་བསྟོད་སྤྲིན་རྒྱ་མཚོ་སོགས་སུ་གཙོ་བོ་སྟོབས་བཅུ་དང་སྦྱར་བ་དང་མཐུན་པར་འདིར་ཡང་དེའི་དབང་དུ་བྱས་ནས་བཤད་པར་བྱའོ། །དེ་ཡང་ཆོས་ཀྱི་དབྱིངས་ལ་


GTD005_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་གཅིག་ཏུ་ཞུགས་པའི་ངང་ནས་ཆོས་ཅན་ཀུན་རྫོབ་པ་རྣམས་གཟིགས་ཚུལ་ཤོ་ལོ་ཀ་དང་པོར་སོང་ཟིན་པས་སླར་འཆད་མི་དགོས་སྙམ་ན། སྔ་མ་ནི་བདེན་གཉིས་གཟིགས་ཚུལ་གྱི་ཆ་ནས་རྣམ་མཁྱེན་དུ་འཇོག་ཚུལ་བསྟན་པ་ཡིན་ལ། འདིར་སྟོབས་བཅུའི་སྒོ་ནས་གཞན་དོན་སྒྲུབ་ཚུལ་གྱི་རྩ་བར་བསྟན་པ་ཡིན་ནོ། །དེ་ལ་ཁོ་ན་རེ། གཞན་དོན་སྒྲུབ་པ་རྗེས་ཐོབ་ཀྱི་བྱ་བ་ཡིན་ཞིང༌། དེ་ལ་འདི་དང་འདི་བྱའོ་སྙམ་པའི་ཀུན་སློང་གཏོང་དགོས་པས་ཆོས་དབྱིངས་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པ་དང་འགལ་སྙམ་ན། འདི་ལྟ་བུའི་འཕྲིན་ལས་ཕུན་ཚོགས་འབྱུང་བ་ཀུན་སློང་གི་རྩོལ་བ་མི་དགོས་པར་མ་ཟད། དེ་འདྲའི་རྩོལ་བ་ཉེ་བར་ཞི་བ་དགོས་ཏེ། སླད་ཀྱི་ཀུན་སློང་གི་རྩོལ་བ་བསྐྱར་མ་ལ་ལྟོས་ན་མར་མེའི་འོད་བཞིན་དུ་ཕྱོགས་རེ་བ་དང་དུས་ཉི་ཚེ་བ་ཙམ་དུ་འགྱུར་ལ། འདིར་ཀུན་སློང་གི་རྒྱུ་བ་གཏན་དུ་ལོག་ཀྱང་སྔོན་གྱི་སྨོན་ལམ་གྱི་དབང་གིས་ཕྱོགས་དུས་རྒྱར་མ་ཆད་པར་འཁོར་བ་མ་སྟོངས་བར་དུ་མཁའ་ཁྱབ་ཀྱི་འཇིག་རྟེན་ཀུན་ཏུ་འཕྲིན་ལས་ལྷུན་གྱིས་གྲུབ་པར་འཇུག་པ། དཔེར་ན་ཉི་མའི་དཀྱིལ་འཁོར་ལ་ཀུན་སློང་མེད་ཀྱང་དུས་ལས་མི་ཡོལ་བར་འཇིག་རྟེན་སྣང་བར་བྱེད་པ་དང༌། ཡིད་བཞིན་གྱི་ནོར་བུ་དང་དཔག་བསམ་གྱི་ཤིང་ལས་དགོས་འདོད་འབྱུང་བ་ལྟ་བུ་ཡིན་པའི་ཕྱིར། རྒྱུད་བླ་མ་ལས། བརྒྱ་བྱིན་རྔ་སྤྲིན་ཚངས་པ་དང༌། །ཉི་མ་ནོར་བུ་རིན་ཆེན་བཞིན། །ཞེས་དང༌། འཇུག་འགྲེལ་ལས། སངས་རྒྱས་བཅོམ་ལྡན་འདས་དེ་དག་ད་ལྟར་རྣམ་པར་རྟོག་པ་མི་མངའ་ཞིང༌། ཡིད་བཞིན་གྱི་ནོར་བུ་དང་དཔག་བསམ་གྱི་ཤིང་དང་འདྲ་བར་ཇི་ལྟར་འཚམ་པར་སེམས་ཅན་གྱི་དོན་སྒྲུབ་པ་ལྷུར་མཛད་ཅིང་ཆོས་ཀྱི་དབྱིངས་


GTD005_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྐད་ཅིག་ཀྱང་མི་བསྐྱེད་ལ། སེམས་ཅན་འདུལ་བའི་དུས་ལས་ཀྱང་མི་འདའ་བ་ཞེས་སོགས་གསུངས་སོ། །དེས་ན་རྣམ་རྟོག་གི་རྒྱུ་བ་མཐའ་དག་ལོག་པའི་སྟོབས་ཀྱིས་དེ་བཞིན་ཉིད་ལས་སླར་མི་ལྡང་ཞིང༌། དེ་བཞིན་ཉིད་དང་རོ་གཅིག་པའི་ཡེ་ཤེས་ཀྱི་སྐུ་ལ་རྟག་ཏུ་བཞུགས་པའི་སྟོབས་ཀྱིས་ཉི་མ་དང་དེའི་འོད་ཟེར་བཞིན་འཕྲིན་ལས་ལྷུན་གྲུབ་ཏུ་འབྱུང་བས། འདིའི་ཚེ་ཆོས་དབྱིངས་ལ་མཉམ་པར་བཞག་པ་དང༌། རྗེས་ཐོབ་ཀྱི་མཛད་པ་སྒྲུབ་པ་གཉིས་མི་འགལ་བར་མ་ཟད་ཕན་ཚུན་རྩ་བ་ལྟ་བུར་འགྲོ་སྟེ། བདེན་གཉིས་ལས། གང་ཚེ་ཤེས་དང་ཤེས་བྱ་དང༌། །བདག་ཉིད་རྗེས་སུ་མི་མཐོང་བ། །དེ་ཚེ་མཚན་མ་མི་འབྱུང་ཕྱིར། །གནས་པ་བརྟན་ཕྱིར་མི་བཞེངས་སོ། །ཞེས་དང༌། དབུ་མ་འཇུག་པར། ཞི་སྐུ་དཔག་བསམ་ཤིང་ལྟར་གསལ་གྱུར་ཅིང༌། །ཡིད་བཞིན་ནོར་བུ་ཇི་བཞིན་རྣམ་མི་རྟོག །འགྲོ་གྲོལ་བར་དུ་འཇིག་རྟེན་འབྱོར་སླད་རྟག །འདི་ནི་སྤྲོས་དང་བྲལ་ལ་སྣང་བར་འགྱུར། །ཞེས་སོ། །ཁ་ཅིག་འདི་རྟག་ཏུ་མཉམ་བཞག་ལ་གནས་པའི་དབང་གིས་དེའི་རྒྱུད་ལ་རྗེས་ཐོབ་ཡེ་ཤེས་མེད་པར་འདོད་པ་མི་འཐད་དེ། རྒྱུད་བླ་ཐོགས་འགྲེལ་ལས། དེའི་རྗེས་ལ་ཐོབ་པ་ཤེས་བྱ་ཐམས་ཅད་ཀྱི་ཡེ་ཤེས་ནི་ཤེས་བྱའི་དངོས་པོ་མ་ལུས་པ་རྣམ་པ་ཐམས་ཅད་ལ་འཇུག་པས་ན་འོད་ཟེར་གྱི་དྲ་བ་འཕྲོ་བ་དང་ཆོས་མཚུངས་སོ། །ཞེས་གསུངས་ཤིང༌། རྗེས་ཐོབ་ཏུ་འཇོག་ཚུལ་ཡང༌། དགོངས་པ་རབ་གསལ་ལས། རྗེས་ལ་ཐོབ་པ་ཞེས་པའི་རྗེས་ཀྱི་དོན་ནི་མཉམ་གཞག་ལས་ལངས་པའི་རྗེས་ཞེས་དུས་སྔ་ཕྱིའི་རྗེས་མིན་གྱི།


GTD005_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་གཞག་དེའི་སྟོབས་ཀྱིས་ཐོབ་པའམ། བྱུང་བའི་དོན་ནོ། །ཞེས་གསལ་བར་གསུངས་སོ། །དེའི་འོག་ཏུ་སྟོབས་བཅུའི་སྒོ་ནས་གཞན་དོན་སྒྲུབ་ཚུལ་དངོས་བཤད་པ་ལ། སྤྱིར་སྟོབས་བཅུའི་གོ་རིམ་འདྲེན་ཚུལ་ཡང་མི་འདྲ་བ་དུ་མ་ཡོད་དེ། བྱང་ས་ལས། གནས་དང་གནས་མིན་ལས་ཀྱི་རྣམ་སྨིན། བསམ་གཏན་དང་རྣམ་ཐར། དབང་པོ་མཆོག་དམན། མོས་པ་སྣ་ཚོགས། ཁམས་སྣ་ཚོགས། ཐམས་ཅད་དུ་འགྲོ་བའི་ལམ། སྔོན་གནས་རྗེས་དྲན། འཆི་འཕོ་དང་སྐྱེ་བ། ཟག་པ་ཟད་པ་མཁྱེན་པའི་སྟོབས་བཅུ་གསུངས་ཤིང༌། གོ་རིམ་དེ་ལྟར་གསུངས་པའི་རྒྱུ་མཚན་གསུམ་གསུངས་སོ། །ཉི་སྣང་ལས་བཤད་ཚུལ་དེ་དང་མཐུན་ལ། རྒྱན་སྣང་དང་འགྲེལ་ཆུང་ལས་བསམ་གཏན་དང་རྣམ་ཐར་མཁྱེན་པའི་དོད་དུ། ཀུན་ནས་ཉོན་མོངས་དང་རྣམ་བྱང་མཁྱེན་པ་ཞེས་གསུངས་ཀྱང༌། གསེར་ཕྲེང་ལས། མཐར་གནས་དགུའི་རོ་མྱང་བས་ཀུན་ནས་ཉོན་མོངས་པ་དང༌། དེ་མི་དམིགས་པས་རྣམ་པར་བྱང་བ་ཞེས་སྔ་མ་དང་དོན་མཐུན་པར་གསུངས་སོ། །འཇུག་འགྲེལ་ལས། ས་བཅུ་པའི་མདོ་དང་བསྟུན་ཏེ། མོས་པ་དང༌། ཁམས་དང༌། དབང་པོ་དང༌། ཐམས་ཅད་དུ་འགྲོ་བའི་ལམ་དང༌། བསམ་གཏན་དང་རྣམ་ཐར་མཁྱེན་པ་ཞེས་གོ་རིམ་སྔ་མར་མི་མཐུན་ཞིང་དང་པོ་གཉིས་དང་ཕྱི་མ་གསུམ་འདྲའོ། །རྗེས་འཇམ་དབྱངས་ལ་བསྟོད་པར་ཡང༌། ཕྱི་མ་བཞིན་གསུངས་ལ། འདི་ཡང་དེ་དང་སྒོ་བསྟུན་པར་སྣང་ཞིང༌། དེ་ལ་གནས་དང་གནས་མིན་མཁྱེན་པའི་སྒོ་ནས་བྱ་བ་དང་བྱ་བ་མ་ཡིན་པ་ཐམས་ཅད་སོ་སོར་འབྱེད་པས་མདོར་བསྟན་དང༌། དེའི་འོག་མ་བཞིས་སྣོད་དུ་རུང་མི་རུང་གི་གདུལ་བྱ་ངོས་


GTD005_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་བ་ཡིན་ཏེ། རྒྱུད་བླ་མར། གང་དག་མོས་དགེ་ཕུན་སུམ་ཚོགས་ལྡན་བློ། །དེ་དག་རྗེས་སུ་བཟུང་ཕྱིར། ཞེས་མོས་པ་ཕུན་སུམ་ཚོགས་པ། དགེ་བའི་ལས་བསོད་ནམས་ཀྱི་མཐུ་ཅན། དབང་པོ་གསལ་བའི་བློ་དང་ལྡན་པ་གསུམ་དགོས་པར་གསུངས་ལ། དེ་གསུམ་ནི། མོས་པ་སྣ་ཚོགས་དང༌། ལས་ཀྱི་རྣམ་སྨིན་དང༌། དབང་པོ་མཆོག་དམན་མཁྱེན་པ་གསུམ་གྱིས་འགྲུབ་བོ། །དེ་དག་གི་རྩ་བ་བག་ལ་ཉལ་གྱི་ས་བོན་ནམ་ཁམས་མི་འདྲ་བའི་དབང་གིས་འབྱུང་བས། འདིར་ཡང༌། མཉམ་པར་བཞག་བཞིན་སེམས་ཅན་ཁམས་སྣ་ཚོགས། །མ་འདྲེས་གསལ་ལེར་གཟིགས་པས། ཞེས་ཁམས་སྣ་ཚོགས་མཁྱེན་པའི་སྟོབས་དངོས་སུ་བསྟན་ནས་གཞན་བཞི་དོན་གྱིས་བསྡུས་ཏེ་གདུལ་བྱའི་ཁྱད་པར་གསུངས་སོ། །དེ་ནས་སྟོབས་ལྷག་མ་ལྔས་གདུལ་བྱ་དེ་དག་གོང་དུ་འཁྲིད་ཚུལ་སྟོན་པ་ལ། རང་རང་གི །བསམ་པ་ཇི་བཞིན་གང་འདོད་ཆོས་རྣམས་སྟོན། །ཞེས་གསུངས་ཏེ། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པས་འཁོར་བ་དང་ངན་སོང་སོགས་ཀྱི་ལམ་ལས་བཟློག་སྟེ་བསམ་པ་མཆོག་དམན་གྱི་གོ་རིམ་བཞིན་ཆོས་བསྟན་ནས་མངོན་མཐོ་དང་ངེས་ལེགས་ཀྱི་ལམ་ལ་འགོད་ཚུལ་སྤྱིར་བསྟན། དེ་ནས་བསམ་གཏན་དང་རྣམ་ཐར་མཁྱེན་པས་ཉོན་མོངས་མངོན་གྱུར་མགོ་གནོན་པའི་ཐབས་ལ་སྦྱོར། སྔོན་གནས་རྗེས་དྲན་དང༌། འཆི་འཕོ་སྐྱེ་བ་དྲན་པ་གཉིས་ཀྱིས་རྟག་ཆད་ཀྱི་མཐའ་སྤོང་ཞིང༌། འཁོར་བ་གཏིང་མཐའ་མེད་ཚུལ་ལ་འཇིགས་པའི་ངེས་འབྱུང་དང་མར་ཤེས། རང་ཉམས་ལ་དཔགས་པའི་བྱམས་


GTD005_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་པ་སོགས་ལ་སྦྱོར། ཟག་པ་ཟད་པ་མཁྱེན་པའི་སྟོབས་ཀྱིས་འཁོར་བའི་སྡུག་བསྔལ་ཕྲ་རགས་ཀྱི་རྩ་བ་ཉོན་མོངས་པ་དང་དེའི་བག་ཆགས་ཤེས་སྒྲིབ་ཀྱིས་བསྡུས་པ་མཐའ་དག་ཟད་པར་སྤོང་བའི་ལམ་ལ་སྦྱོར་བ་སྟེ། བྱང་ས་ལས། སེམས་ཅན་ཐམས་ཅད་ཀྱི་དགོས་པ་བྱེད་ནུས་པ་དང༌། ཐེ་ཚོམ་ཐམས་ཅད་གཅོད་ནུས་པ་ནི་དེ་བཞིན་གཤེགས་པའི་མཛད་པ་གསུམ་པ་སྟེ། དེ་ནི་དེ་བཞིན་གཤེགས་པས་སྟོབས་བཅུས་སྒྲུབ་པར་མཛད་དོ། །ཞེས་གསུངས་པ་བཞིན། མདོར་ན་འགྲོ་བ་ཞི་བའི་འཕྲིན་ལས་མངོན་མཐོ་ལ་འགོད་པ་ནས་མི་གནས་པའི་མྱང་འདས་ལ་འགོད་པའི་བར་གཞན་དོན་འཕྲིན་ལས་ཡོངས་སུ་རྫོགས་པས་བདག་རྐྱེན་བྱེད་ཚུལ་ཡེ་ཤེས་ཆོས་སྐུའི་ཐུན་མོང་མ་ཡིན་པའི་ཡོན་ཏན་གྱི་གཙོ་བོ་མཐིལ་ཕྱིན་པར་བརྗོད་པ་ཡིན་ནོ། །སྟོབས་སུ་འཇོག་ཚུལ། སྟོབས་སོ་སོའི་རྣམ་གཞག་མངོན་པ་གོང་འོག་གི་འདོད་པ་མི་འདྲ་བའི་ཚུལ་སོགས་བརྗོད་པར་བྱ་བ་མང་ཡང་མ་སྤྲོས་སོ། །༈ གཉིས་པ་སྔགས་ཀྱི་ཐུན་མོང་མ་ཡིན་པའི་དབང་དུ་བྱས་ནས་བསྟོད་པ་ལ། སྤྱི་དོན་དང༌། གཞུང་དོན་གཉིས། དང་པོ་ནི། གསུང་གི་ཡོན་ཏན་རྣམས་གསང་དབང་གི་ལམ། ཀུན་རྫོབ་སྒྱུ་མའི་རྫོགས་རིམ་གྱི་ལག་རྗེས་སུ་བསྟན་པ་ན། ཐུགས་ཀྱི་ཡོན་ཏན་རྣམས་ཤེར་དབང་གི་ལམ་དོན་དམ་འོད་གསལ་གྱི་རྫོགས་རིམ་བསྒོམ་པའི་ལག་རྗེས་སུ་འགྲུབ་བོ། །དེ་ལྟ་བུའི་འོད་གསལ་གྱི་ཡེ་ཤེས་བདེ་སྟོང་དབྱེར་མི་ཕྱེད་པ་དེ་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་བརྗོད་དོན་ཀུན་ལ་རྒྱས་འདེབས་པའི་ཁྱབ་བྱེད་ལྟ་བུ་དང༌། དེ་དག་གི་སྙིང་པོའི་དོན་མཐར་ཐུག་པ་ཡིན་ཏེ། རྡོ་རྗེ་


GTD005_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲེང་བ་ལས། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ཁྱབ། །མདོར་བསྡུས་ཆོས་ཀྱི་ཕྱག་རྒྱ་འོ། །ཞེས་དང་། རིམ་ལྔ་ལས། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ནི། །ཐུབ་པ་ཆེན་པོས་གསུངས་པ་ལས། །མངོན་པར་བྱང་ཆུབ་མཚན་ཉིད་ནི། །སྙིང་པོ་ལས་ནི་སྙིང་པོར་གསུངས། །ཞེས་དང་།་གསང་བ་གྲུབ་པ་ལས། དེ་ལས་གཞན་དག་ཡོད་མིན་པས། །བདེ་ཆེན་ལས་གཞན་གསུངས་པ་མེད། །ཅེས་སོ། །མདོ་རྒྱུད་ཐམས་ཅད་ཀྱིས་འོད་གསལ་བདེ་བ་ཆེན་པོའི་ཡེ་ཤེས་བསྟན་པར་གསུངས་པའི་དོན་ནི། ཕར་ཕྱིན་ཐེག་པ་སོགས་ལས་དངོས་སུ་དེ་ཉིད་བསྟན་པ་མིན་ཡང་། དེའི་ཡུལ་གྱི་སྟོང་ཉིད་དཔྱིས་ཕྱིན་པར་བསྟན་ནས་རིམ་གྱིས་དེ་ཉིད་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་སྒོ་ནས་ཡུལ་དུ་བྱེད་པའི་འོད་གསལ་དངོས་ལ་འཁྲིད་བཞེད་པ་ཡིན་པས། མཐར་ཐུག་གི་དགོངས་གཞིའི་ཆ་ནས་མདོ་རྒྱུད་མཐའ་དག་གིས་འོད་གསལ་དེ་ཉིད་བསྟན་པར་གསུངས་པ་ཡིན་ཏེ། རིམ་ལྔ་གསལ་སྒྲོན་ལས། གང་ལ་བསམས་ནས་གསུངས་པའི་དགོངས་གཞིའི་དོན་དེ་རྣལ་འབྱོར་བླ་མེད་པའི་ལམ་ཐུན་མོང་མ་ཡིན་པ་ཡིན་ཀྱང་། དེ་ལ་བསམས་ནས་སྒྲ་གཞན་གྱིས་བསྟན་པའི་སྒྲས་ཟིན་གྱི་དོན་དེ་རྒྱུད་སྡེ་འོག་མའི་ལམ་ལ་ཡང་མི་འགལ་བ་ཡིན་ཏེ། འདི་སྐབས་མང་པོ་ཞིག་ཏུ་གསུང་རབ་འགྲེལ་པ་ལ་ཤིན་ཏུ་མཁོ་བ་ཞིག་སྣང་ངོ་། །ཞེས་གསུངས་པའི་ཕྱིར་རོ། །དེར་མ་ཟད་ཀུན་མཁྱེན་འཇམ་དབྱངས་བཞད་པས། གྲུབ་མཐའ་འོག་མའི་ལྟ་བ་གོང་མའི་སྟེགས། །ཞེས་གསུངས་པ་ལྟར། བྱེ་སྨྲའི་ལུགས་ཀྱི་གང་ཟག་གི་བདག་མེད་རགས་


GTD005_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལྟ་བ་ཚུན་ཆད་འོད་གསལ་འགྲུབ་པའི་ཡན་ལག་ཏུ་འཁྱེར་དགོས་པ་ཤེས་པའི་ཕྱིར་དུ། བརྟག་པ་ཕྱི་མའི་ལེའུ་བརྒྱད་པར། དེ་ལ་བྱེ་བྲག་སྨྲ་བ་བསྟན། །མདོ་སྡེ་པ་ཡང་དེ་བཞིན་ནོ། །དེ་ནས་རྣལ་འབྱོར་སྤྱོད་པ་ཉིད། །དེ་ཡི་རྗེས་སུ་དབུ་མ་པ། །སྔགས་ཀྱི་རིམ་པ་ཀུན་ཤེས་ནས། །དེ་རྗེས་ཀྱཻ་རྡོ་རྗེ་བསྟན། ཞེས་གསུངས་པ་ཡིན་ཏེ། བརྟག་གཉིས་རྣམ་བཤད་ལས། གྲུབ་མཐའ་བཞི་སྟོན་པའི་གཙོ་བོར་བདག་མེད་པའི་ལྟ་བ་གཏན་ལ་འབེབས་པའི་ཆེད་ཡིན་ཏེ། བླ་མེད་ཀྱི་རྒྱུད་སྡེར་ལྷན་སྐྱེས་ཀྱི་བདེ་བ་བསྐྱེད་པའི་གནད་དུ་མ་གསུངས་པ་ནི་ཡུལ་ཅན་ཁྱད་པར་བ་བདེ་བ་ཆེན་པོ་དེ་ཉིད་བསྒོམ་པའི་ཕྱིར་དུ་ཡིན་ལ། དེ་ཁོ་ན་ཉིད་ཀྱི་དོན་ཡང་གྲུབ་མཐའ་སྨྲ་བ་གཞན་གསུམ་གྱིས་ཇི་ལྟར་གཏན་ལ་ཕབ་པ་རྣམས་མ་ཤེས་ན་དྲང་དོན་དང་ངེས་དོན་གྱི་མདོ་སྡེ་རྣམས་ལས་ལྟ་བའི་རིམ་པ་དུ་མ་གསུངས་པ་དང་། གྲུབ་མཐའ་གོང་འོག་རྣམས་ཀྱིས་བདག་མེད་གཏན་ལ་འབེབས་པའི་དགག་བྱ་ཕྲ་རགས་རྣམས་ཀྱི་དམིགས་པ་གང་ཡང་མི་ཕྱེད་ཅིང་། དེ་ལྟར་ན་དབུ་མའི་ལྟ་བ་ཡང་ལེགས་པར་མི་རྟོགས་པས་བདེ་སྟོང་སྦྱོར་བའི་ལྟ་བ་སྒྲོ་འདོགས་ལེགས་པར་ཆོད་པ་མི་རྙེད་པའི་ཕྱིར། དང་པོ་བྱེ་བྲག་སྨྲ་བ་བསྟན། །ཞེས་སོགས་གསུངས་པ་ཡིན་ནོ། །ཞེས་འདོམས་པར་མཛད་པ་ལྟར་རོ། །མདོ་སྡེ་ལས་ཆུ་བོ་ཐམས་ཅད་རྒྱ་མཚོར་འབབ་ཅིང་གཞོལ་བ་ལྟར་གསུང་རབ་མཐའ་དག་ཆོས་ཉིད་ལ་གཞོལ་བར་གསུངས་པའི་རྩ་བ་ཡང་འདི་ལ་ཐུག་ཅིང་། དེ་ལྟར་མདོ་རྒྱུད་ཀུན་གྱི་སྙིང་པོའི་དོན་ཡིན་པར་མ་ཟད། རྣལ་འབྱོར་མ་རྒྱུད་ཀྱི་སྐབས་འདིར་རང་གི་སྒོས་ཆོས་ལྟ་བུའི་བརྗོད་བྱའི་གཙོ་བོ་ཡིན་ཏེ།


GTD005_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་རྒྱུད་མ་རྒྱུད་གཉིས་ཀྱི་འཇོག་བྱེད་ཀྱང༌། ཞུ་བ་པོ་དང༌། ལྷ་ཚོགས་ཡབ་ཡུམ་ཤས་ཆེ་ཆུང༌། ཞལ་ཕྱག་མཉམ་མི་མཉམ། གླེང་གཞི་ཐོག་མར་སྨོས་ཚུལ། གདུལ་བྱ་གང་གཙོ་སོགས་སྔ་མ་རྣམས་ཀྱི་བཤད་ཚུལ་སྣ་ཚོགས་ཡོད་ཀྱང༌། རང་ལུགས་འཐད་ལྡན་ནི་ཀུན་རྫོབ་སྒྱུ་མའི་སྐུ་དང་དོན་དམ་འོད་གསལ་གཉིས་གཙོ་བོར་སྟོན་ཚུལ་གྱིས་འཇོག་དགོས་ཏེ། གུར་གྱི་ལེའུ་བཅུ་གསུམ་པ་ལས། ཤེས་རབ་ཕ་རོལ་ཕྱིན་པའི་ཐབས། །འདི་ནི་རྣལ་འབྱོར་མར་བརྗོད་དོ། །ཕྱག་རྒྱ་ཆེན་པོ་རབ་སྦྱོར་བས། །གང་ཕྱིར་དེ་ཉིད་ལ་འཇུག་པ། །རྣལ་འབྱོར་མ་ཡི་རྒྱུད་ཅེས་བྱ། །ཞེས་དང༌། གྲུབ་ཆེན་ནག་པོ་སྤྱོད་པས། རྣལ་འབྱོར་གྱི་ནི་རྒྱུད་རྣམས་སུ། །འདི་སྐད་ཅེས་སོགས་པས་གང་གསུངས། །དེ་ནི་རྣལ་འབྱོར་མ་རྒྱུད་དུ། །མེ་སྟེ་གཞན་དག་སོག་མ་འདྲ། །ཞེས་གླེང་གཞིའི་ཨེ་ཝཾ་གྱི་དོན་བདེ་སྟོང་གི་ཡེ་ཤེས་མ་རྒྱུད་ཀྱི་བརྗོད་བྱའི་གཙོ་བོར་གསུངས་སོ། །ཁྱད་པར་དུ་རྒྱུད་འདི་ཉིད་ལས་བདེ་སྟོང་གི་ཡེ་ཤེས་རྩལ་དུ་བཏོན་ནས་འཆད་པའི་ཚུལ་ནི། ལེའུ་དང་པོའི་མགོར། དངོས་པོ་ཉིད་ཀྱིས་རྣམ་གྲོལ་ཞིང༌། །དངོས་པོའི་འཆིང་བས་འཆིང་བར་འགྱུར། །ཞེས་དངོས་པོའི་རང་བཞིན་སྟོང་ཉིད་མ་ཤེས་པས་འཆིང་ཞིང་ཤེས་ན་གྲོལ་ཚུལ་དང༌། སྟོང་པ་ཉིད་དེ་ཡུལ་ཅན་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་རྟོགས་པ་ལ་ལུས་ལ་གནད་དུ་བསྣུན་དགོས་ཤིང༌། གང་ལ་གནད་དུ་བསྣུན་པའི་རྩའི་གནད་སོགས་སྟོན་པར། ལུས་ལ་ཡེ་ཤེས་ཆེན་པོ་གནས། །ཞེས་སོགས་གསུངས་པ་དང༌། མདོར་ན་རྒྱུད་ཀྱི་འགོར། ཨེ་ཝཾ་མ་ཡ་ཞེས་ཨེ་གྲུ་གསུམ་བྷ་གའི་རྣམ་པ་


GTD005_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

དང་། མཇུག་རྫོགས་མཚམས་སུ་ཡང༌། བདེ་ཆེན་སྟེར་བའི་ཟེའུ་འབྲུ་ལ། ཨཱཿ ཡི་རྣམ་པའོ་ཞེས་བདེ་སྟོང་མཚོན་པའི་ཨཱཿ ཡིག་ཐོག་མཐའ་གཉིས་ཀར་སྦྱར་བའི་བར་དུ་རྒྱུད་རྫོགས་པར་ཆུད་པས་དེ་ཉིད་བརྗོད་བྱའི་གཙོ་བོ་གཅིག་པུར་སྟོན་པ་ཡིན་ནོ། །ཡུལ་སྟོང་པ་ཉིད་གང་དང་བདེ་སྟོང་སྦྱོར་བའི་སྟོང་པ་ཡང་གྲུབ་ཆེན་མཚོ་སྐྱེས་ཀྱི་བཞེད་པ་ལྟར་ཐལ་འགྱུར་བའི་ལུགས་བཞིན་བྱེད་དགོས་ཏེ། བརྟག་པ་དང་པོའི་ལྔ་པ་དེ་ཁོ་ན་ཉིད་ཀྱི་ལེའུ་ལས། ངོ་བོ་གཟུགས་མེད་མཐོང་བ་མེད། །སྒྲ་མེད་ཐོས་པ་པོ་ཡང་མེད། །ཅེས་པ་ནས། སེམས་དང་སེམས་ལས་བྱུང་བ་མེད། །ཅེས་སོགས་དང༌། དེའི་དཀའ་འགྲེལ་པདྨ་ཅན་ལས། ངོ་བོ་ཉིད་ཀྱི་གཟུགས་ལ་སོགས་པའི་རང་བཞིན་མེད་དེ། ངོ་བོ་མེད་ཅེས་བྱ་བའི་དོན་ཏོ། །ཞེས་དང༌། རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་དངོས་པོ་མེད་པ་ལ་ཞེས་སོགས་རྩ་ཤེས་ཀྱི། དངོས་པོ་གང་དག་གང་ན་ཡང༌། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་པ་དང་ཚུལ་མཐུན་པར་བཤད་དོ། །བྷ་ཝ་བྷ་དྲ་སོགས་ཀྱིས་རྒྱུད་འདི་རྣལ་འབྱོར་སྤྱོད་པའི་དབུ་མ་པའི་ལུགས་སུ་བཀྲལ་ཞིང༌། ཤཱནྟི་པས་སེམས་ཙམ་དུ་བཀྲལ་ལ། དེའི་རྒྱུ་མཚན་ཡང༌། འདི་ཉིད་ཀྱི་བཤད་པའི་རྒྱུད་གུར་གྱི་དྲུག་པ་ལས། ཡུལ་དང་དབང་པོའི་རང་བཞིན་ནི། །སེམས་ལས་ཕྱི་རོལ་གྱུར་མེད་ཀྱང༌། །གཟུགས་སོགས་སོ་སོར་སྣང་བ་རྣམས། །སེམས་ཉིད་ཁོ་ན་སྣང་བ་ཡིན། །ཞེས་དང༌། ཕྱི་ཡི་དོན་དུ་བཏགས་པ་སྟེ། །ཐམས་ཅད་སེམས་ཀྱི་རྣམ་འཕྲུལ་ཞིང༌། །ཞེས་སོགས་ལ་བརྟེན་པར་སྣང་ཡང༌། དེ་ནི་དཔལ་ལྡན་ཟླ་བས། དེས་ན་སེམས་ལས་གཞན་པའི་བྱེད་པ་པོ། །འགོག་


GTD005_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

གི་གཟུགས་ཉིད་འགོག་པ་མ་ཡིན་ནོ། །ཞེས་པ་ལྟར་སེམས་གཙོ་བོར་སྟོན་པ་ཡིན་གྱི། ཕྱི་དོན་བཀག་པ་མིན་ནོ། །དེར་མ་ཟད་གུར་ལས། ཀུན་རྫོབ་ཏུ་ནི་འཇིག་རྟེན་ཡོད། །དཔྱད་པས་གང་ནའང་འཇིག་རྟེན་ཅི། །ཞེས་ཆོས་ཐམས་ཅད་དོན་དམ་པར་མེད་མཉམ་དང༌། ཐ་སྙད་དུ་ཡོད་མཉམ་དུ་གསུངས་པ་ལས་མཚན་ཉིད་གསུམ་ལ་བདེན་པར་ཡོད་མེད་ཁྱད་དབྱེ་བའི་ཟུར་ཙམ་ཡང་མེད་པས་སེམས་ཙམ་དང་མཐུན་པའི་གནས་མེད་དོ། །བོད་སྔ་མ་ཁ་ཅིག་སེམས་ཙམ་དང་ཐལ་རང་གི་ལུགས་ཀུན་བཀག་ནས་དེའི་གོང་མར་ཁས་འཆེ་བ་ནི་རང་ཉིད་སངས་རྒྱས་པའི་གྲུབ་མཐའ་བཞིའི་གྲངས་ནས་འབྱིན་པས་མི་འཐད་ཅེས་བརྟག་གཉིས་རྣམ་བཤད་དུ་གསུངས་སོ། །དེས་ན་སྔགས་ཀྱི་བདེ་བ་ཆེན་པོའི་འཛིན་སྟངས་སུ་བྱ་རྒྱུའི་སྟོང་ཉིད་མཐར་ཐུག་ནི་ཐལ་འགྱུར་བའི་ལུགས་ཀྱི་དེ་ཁོ་ན་ཡིན་པས། ཟབ་མོ་དབུ་མའི་ལྟ་བ་དང་གསང་ཆེན་རྡོ་རྗེ་ཐེག་པ་གཉིས་མེད་མི་རུང་བར་ཟུང་དུ་འཇུག་དགོས་པའི་རྩ་བ་ཡང༌དེ་ལ་ཐུག་ཅིང༌། དེའི་དབང་གིས་རྗེ་བླ་མས་རྒྱལ་བ་དབང་པོའི་ཏོག་གི་སྤྱན་སྔར་དམ་བཅས་པ་བཞིན་དུ་དེ་ལྟ་བུའི་ལམ་བཟང་མཁས་པ་སྔ་མ་མང་པོས་མ་ཐོན་པ་རྣམས་ལག་མཐིལ་གྱི་རྫས་བཞིན་དུ་གསལ་བར་མཛད་པའི་བཀའ་དྲིན་ནི་གངས་ཅན་པ་ཡོངས་ཀྱིས་འཁོར་ཐབས་མ་མཆིས་པས་ཟབ་མོའི་དོན་ལ་བག་ཆགས་ཅི་ཐེབས་ཀྱི་སྒྲུབ་པའི་མཆོད་པ་ལྷུར་བྱའོ། །སྟོང་པ་དེ་ཉིད་ཡུལ་དུ་བྱེད་པའི་བདེ་བ་ཡང་སྔར་བཤད་པ་ལྟར་ཕར་ཕྱིན་ཐེག་པ་དང༌། རྒྱུད་སྡེ་འོག་མར་གསུངས་པའི་བདེ་བས་མི་ཆོག་གི་


GTD005_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

ལྷན་སྐྱེས་ཀྱི་བདེ་བ་དགོས་ལ། ལྷན་སྐྱེས་ཀྱི་བདེ་བའི་ནང་ནས་ཀྱང་ཞུགས་གནས་ཐིམ་གསུམ་བྱས་པ་ལས་དྷཱུ་ཏཱིའི་ནང་གི་གཏུམ་མོ་ཁྱད་པར་ཅན་འབར་ཏེ། བྱང་སེམས་ཞུ་བ་ལམ་དེ་ཉིད་ནས་འོངས་པའི་དགའ་བ་གཞན་གསུམ་ལས་ཁྱད་པར་དུ་གྱུར་པ་ཞིག་རྫོགས་རིམ་གྱི་ཐུན་མོང་མ་ཡིན་པའི་སྐབས་འདིའི་ལྷན་སྐྱེས་སུ་འཇོག་གི་སྤྱིར་ལྷན་སྐྱེས་ཀྱི་བདེ་བ་ཙམ་ནི་དབང་དུས་དང་བསྐྱེད་རིམ་སོགས་སུ་ཡང་ཡོད་དེ། སྔགས་རིམ་ལས། དེས་ན་དང་པོ་དབང་དུས་ཀྱི་དགའ་བཞི་དང༌། དེ་ནས་བུམ་དབང་གི་ལམ་བསྐྱེད་རིམ་གྱི་དུས་ཀྱི་དགའ་བཞི་དང༌། ཞེས་པ་ནས། བྱང་སེམས་ནོར་བུའི་ནང་དུ་གནས་ཤིང་ཕྱིར་མ་འཕོས་པའི་དུས་ཀྱི་ལྷན་སྐྱེས་སྐྱེ་བ་ཙམ་གྱི་ལམ་བསྒོམ་པ་ལ་དབང་གསུམ་པ་བསྐུར་མི་དགོས་སོ། །ཞེས་དབང་བཞིའི་ལམ་སོ་སོ་དང་འགྲེལ་པའི་དགའ་བཞི་སོ་སོར་ཡོད་པས་ལྷན་སྐྱེས་ཐམས་ཅད་འོད་གསལ་གྱི་ལམ་འདིར་འདུ་མི་དགོས་པར་གསུངས་སོ། །དེ་ལ་ཁ་ཅིག་ལྷན་སྐྱེས་ཀྱི་དགའ་བ་ནི་རྫོགས་རིམ་ཁོ་ནའི་ཡིན་གྱི། བསྐྱེད་རིམ་ལ་མེད་དེ། བརྟག་པ་དང་པོའི་བརྒྱད་པ་ལས། རྫོགས་པའི་རིམ་པའི་ཕྱོགས་ལ་ནི། །འདི་ལྟར་ལྷན་ཅིག་སྐྱེས་རྣམ་བཞི། །ཞེས་རྫོགས་རིམ་དམིགས་ཀྱིས་བསལ་བས་སོ་སྙམ་ན། དེ་ནི་བསྐྱེད་རིམ་ལ་ལྷན་སྐྱེས་ཀྱི་དགའ་བ་ཡོད་པའི་ཤེས་བྱེད་ཡིན་གྱི། མེད་པའི་ཤེས་བྱེད་མིན་ཏེ། བརྟག་གཉིས་རྣམ་བཤད་ལས། བསྐྱེད་རིམ་ལ་རླུང་དྷཱུ་ཏཱིར་ཞུགས་པ་མིན་པའི་ཞུ་བདེ་ལ་ལུས་ཀྱི་གནས་ཀྱི་སྒོ་ནས་དགའ་བཞིར་ཕྱེ་བ་ཙམ་ཞིག་ཡོད་ཀྱང༌། ལྷན་སྐྱེས་ལ་བཞིར་འབྱེད་པ་མེད་པར་ངེས་པ་དང༌། རྫོགས་རིམ་པའི་


GTD005_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

མས་བརྟན་གྱི་མཚམས་ཤིག་ནས་དེ་ལྟར་འབྱེད་རྒྱུ་ཡོད་པར་སྟོན་གྱི། ཞེས་བསྐྱེད་རིམ་ལ་ལྷན་སྐྱེས་ཙམ་འཇོག་ཀྱང༌། དེའི་ལྷན་སྐྱེས་ལ་དགའ་བཞིར་འབྱེད་ཚུལ་མེད་པར་གསུངས་པས། དེའི་ལྷན་སྐྱེས་ལ་དགའ་བ་བཞི་མེད་ན་དེ་ལ་ལྷན་སྐྱེས་ཀྱི་དགའ་བ་གཏན་མེད་པའི་ཁྱབ་པ་ཚང་བས་ཀྱང་མི་འགྲུབ་བོ། །བརྟགས་དང་པོའི་བཅུ་པ་ལས། ཡང་ན་ཐམས་ཅད་བདག་ཉིད་དེ། །ཡང་ན་ཀུན་གྱི་རྣམ་པར་སྤངས། །ཞེས་གསུངས་པ་ཡང༌། རྫོགས་རིམ་དངོས་གྲུབ་སྙེ་མ་ལས་རིམ་པ་གཉིས་ཀས་དགའ་བ་དང་པོ་གསུམ་ལ་ལྷན་སྐྱེས་སུ་འཇོག་ཚུལ་ཡོད་མེད་དང་སྦྱར་ཏེ་སྔ་མ་བཞིན་གསུངས་ཤིང༌། མཁས་གྲུབ་རྗེའི་བརྟག་གཉིས་རྣམ་བཤད་ལས། ལྷན་སྐྱེས་གང་དང་དབྱེར་མི་ཕྱེད་པར་སྦྱར་བའི་རང་བཞིན་རྣམ་དག་གི་ཆ་ནས་དེ་ཉིད་དགའ་བ་གསུམ་པོ་ཐམས་ཅད་ཀྱི་བདག་ཉིད་ཡིན་ལ། ཡང་ན་ལྷན་སྐྱེས་ཀྱི་ཐུན་མོང་མ་ཡིན་པའི་མཚན་ཉིད་ཀྱི་ཆ་ནས་དགའ་བ་གཞན་གསུམ་པོ་ཀུན་གྱིས་སྤངས་ཞེས་བཤད་པ་ཡིན་པས་མི་འགལ་ལ། ཞེས་གསུངས་པ་གསུང་ཟིན་སྔ་མ་དང་ཅུང་མི་འདྲ་ཡང༌། དོན་གྱི་དགོངས་པ་ཤིན་ཏུ་མཐུན་ཏེ། འདིར་རང་བཞིན་རྣམ་དག་གི་ཆ་ནས་དགའ་བ་གསུམ་ལ་ཁྱབ་པར་བཤད་པ་དེའི་ཡུལ་སྟོང་ཉིད་ཀྱིས་ཁྱབ་པ་ལ་བྱེད་ན་ཆོས་ཐམས་ཅད་ལ་འདྲ་བས་དགའ་བ་གསུམ་སྨོས་དོན་མེད་ཀྱང༌། འདིའི་དགོངས་པ་ནི་ལྷན་སྐྱེས་སུ་འཇོག་ཚུལ་ལ་སྟོང་བཞིའི་ངེས་པ་འདྲེན་ཚུལ་གྱིས་བཞག་པ་དང༌། གནས་སོ་སོར་བདེ་ཉམས་འདྲེན་ཚུལ་གྱིས་བཞག་པ་གཉིས་ཡོད་པས་རྫོགས་


GTD005_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་ཁྱད་པར་ཅན་གྱི་མས་བརྟན་གྱི་དགའ་བ་དང་པོ་གསུམ་ཡང་སྟོང་པ་ཉིད་ལ་རོ་གཅིག་ཏུ་ཞུགས་ཏེ་ངེས་པ་འདྲེན་ཕུལ་ཆེ་བའི་ཆ་ནས་ལྷན་སྐྱེས་སུ་འགྲོ་བ་དང༌། གནས་སོ་སོར་བདེ་བ་སྐྱེད་ཚུལ་ནང་གསེས་ཀྱི་ཤུགས་ཆེ་ཆུང་མི་འདྲ་བས། དེའི་ཆ་ནས་ལྷན་སྐྱེས་མ་ཡིན་པར་བཞག་པ་མི་འགལ་བར་གསུངས་པ་ཡིན་ནོ། །ལྷན་སྐྱེས་ཀྱི་དོན་ལ་དེ་ལྟར་གཉིས་སུ་བྱེད་དགོས་པ་རྩ་བའི་རྒྱུད་ཀྱི་དགོངས་པ་ཡིན་ཏེ། བརྟག་པ་དང་པོའི་བཅུ་པ་ལས། ལྷན་ཅིག་སྐྱེས་པའི་གང་སྐྱེས་པ། །ལྷན་ཅིག་སྐྱེས་པར་དེ་བརྗོད་བྱ། །རང་བཞིན་ལྷན་ཅིག་སྐྱེས་པར་བརྗོད། །རྣམ་པ་ཐམས་ཅད་སྡོམས་པ་གཅིག །ཅེས་དང༌། དེའི་དོན་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་མངོན་རྟོགས་ལྗོན་ཤིང་ལས། རྟེན་ཞུ་བདེ་ལྷན་སྐྱེས་དང༌། བརྟེན་པ་རང་བཞིན་ལྷན་སྐྱེས་ཞེས་གསུངས་སོ། །དེ་ལྟ་བུའི་བདེ་བ་དང་སྟོང་པའམ་ཐབས་ཤེས་སྦྱོར་ལུགས་ནི་ཕར་ཕྱིན་ཐེག་པ་དང་མི་འདྲ་བར་ངོ་བོ་དབྱེར་མེད་པ་དགོས་ཚུལ་གོང་དུ་བཤད་ཟིན་ཏོ། །དེ་འདྲ་བའི་དོན་གྱི་འོད་གསལ་སྐྱེ་བའི་རྒྱུ་ལ་ཕྱི་ནང་གི་ཐབས་གཉིས་ཡོད་པས། ནང་གི་རྩ་འཁོར་ལ་གནད་དུ་བསྣུན་པ་རླུང་གི་རྣལ་འབྱོར་དང༌། གཏུམ་མོའི་རྣལ་འབྱོར་ནི་ལྔར་བཤད་ཟིན་པས། འདིར་ཕྱི་རོལ་གྱི་ཐབས་ཕྱག་རྒྱའི་རྣམ་གཞག་མདོར་བསྡུས་ཏེ་བརྗོད་པར་བྱའོ། །དེ་ལ་ཐོག་མར་དོན་གྱི་འོད་གསལ་བདེ་བ་ཆེན་པོའི་ཡེ་ཤེས་འགྲུབ་པ་ཕྱག་རྒྱ་ལ་ལྟོས་དགོས་པའི་རྒྱུ་མཚན་ནི། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ལས། རྡོ་རྗེ་དང་པདྨ་ཡང་དག་པར་སྦྱོར་བ་ནི་སེམས་དང་སེམས་ལས་བྱུང་བ་དག་གི་ཐབས་སུ་གྱུར་པའོ། །སེམས་དང་སེམས་ལས་


GTD005_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བ་དག་མཉམ་པར་སྦྱོར་བ་ནི་བདེ་བ་ཆེན་པོའི་ཏིང་ངེ་འཛིན་གྱི་ཐབས་སུ་གྱུར་པའོ། །ཞེས་དང༌། རིམ་ལྔ་ལས། སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །ཡེ་ཤེས་གསུམ་གྱི་དབྱེ་བ་ནི། །གསལ་བ་འདི་ལས་མཚོན་པར་འགྱུར། །ཞེས་དང༌། རྗེ་བདག་ཉིད་ཆེན་པོས། ཕྱག་རྒྱ་མཆོག་དང་ཀུན་ཏུ་འདུས་གྱུར་ཏེ། །རྡོ་རྗེ་པདྨ་སྦྱོར་བའི་སྙོམས་འཇུག་གིས། །བདེ་བ་ཆེན་པོའི་རང་བཞིན་མ་བཙལ་ན། །ལམ་བཟང་མྱུར་བའི་ཁྱད་པར་གང་ལས་ཡིན། །ཞེས་གསུངས་སོ། །བསྟེན་བྱ་ཕྱག་རྒྱའི་དབྱེ་བ་ལ་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་གཉིས་བླ་མེད་ཀྱི་གཞུང་ཕལ་མོ་ཆེ་མཐུན་པར་གསུངས་ཤིང༌། དེའི་སྟེང་དུ་དུས་འཁོར་ལས། རྗེས་དྲན་སྐབས་ཀྱི་དུས་འཁོར་ཡབ་ཡུམ་དུ་སྣང་བའི་སྟོང་གཟུགས་ཀྱི་ཡུམ་དེ་ལ་ཕྱག་རྒྱ་ཆེན་མོ་དང༌། མཆོག་མི་འགྱུར་བའི་བདེ་བ་ལ་དམ་ཚིག་གི་ཕྱག་རྒྱར་བྱས་ཏེ་དེ་གཉིས་བསྣན་པས་བཞིར་བཤད་དོ། །བདེ་མཆོག་རྩ་རྒྱུད་ལེའུ་སོ་བཞི་པ་སོགས་གསུམ་ལས་རྩ་གནས་སུ་ཡི་གེ་འགོད་པ་ལ་ཆོས་རྒྱར་བྱས་པ་སོགས་ཕྱག་རྒྱ་བཞིའི་རྣམ་བཞག་རྒྱ་ཆེར་བསྟན་ལ། དྲིལ་བུ་རིམ་ལྔར་ལས་རྒྱ་ལ་དམ་ཚིག་གི་ཕྱག་རྒྱའི་མིང་གིས་བརྟགས་ཤིང༌། ཡེ་རྒྱ་དང་ཁ་སྦྱོར་གྱི་བདེ་བ་དྲན་པ་ཆོས་རྒྱ་དང༌། སྟོང་ཉིད་ལ་ཕྱག་རྒྱ་ཆེན་མོར་གསུངས་སོ། །སྟོང་ཉིད་ལ་ཕྱག་རྒྱ་ཆེན་མོར་གསུངས་པ་ནི་གནད་ཤིན་ཏུ་ཆེ་སྟེ། བརྟག་པ་དང་པོའི་བཅུ་པར། ཕྱག་རྒྱ་རྒྱུ་དང་བྲལ་བ་ལས། །ཡོ་གི་སྙིང་རྗེ་ཐབས་སུ་འགྱུར། །ཞེས་པའི་ཐད་ཀྱི་རྣམ་བཤད་ལས། ཕྱག་


GTD005_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ནི་དོན་དམ་པར་རྒྱུ་དང་བྲལ་བའི་སྐྱེ་མེད་སྟོང་པ་ཉིད་ཡིན་ལ། དེ་འདྲ་བའི་ཤེས་རབ་དང་མཉམ་པར་སྦྱར་བ་ལས་སྐྱེས་པའི་སྙིང་རྗེ་བདེ་བ་ཆེན་པོ་ཉིད་ཐབས་སུ་འགྱུར་རོ། །ཚུལ་འདིས་ནི་རང་བཞིན་ལྷན་སྐྱེས་ཐོབ་པ་ནས་སྟོང་ཉིད་ཀྱིས་བདེ་ཆེན་འདྲེན་པའི་ཕྱག་རྒྱའི་བྱ་བ་བྱེད་པས་ཕྱག་རྒྱ་ཆེན་མོ་ཞེས་གསུངས་པ་དེ་བསྟན་ཏེ། འདི་གོ་ན་བླ་མེད་ཀྱི་རྒྱུད་སྡེ་རྣམས་སུ་སྟོང་ཉིད་ལ་བྷ་གའི་སྒྲས་བསྟན་པ་རྣམས་ཀྱི་དོན་ཀྱང་ལེགས་པར་རྙེད་པར་འགྱུར། ཞེས་གསུངས་ལ། དེར་མ་ཟད་ཤེར་མདོ་ལས་སྟོང་ཉིད་ལ་ཡུམ་གྱི་སྒྲས་བསྟན་པ་དང༌། ཏིང་ངེ་འཛིན་རྒྱལ་པོར། ཆོས་རྣམས་ཀུན་གྱི་རང་བཞིན་ཕྱག་རྒྱ་སྟེ། །ཞེས་གསུངས་པ་རྣམས་ཀྱི་དགོངས་པའི་མཐར་ཐུག་ཀྱང་འདི་ལ་གཞོལ་བར་སྣང་ངོ༌། །རྒྱུད་འདིར་ཡང་སྟོང་ཉིད་ལ་ཕྱག་རྒྱ་ཆེན་མོར་བྱས་ཏེ་དེ་ཁོ་ན་ཉིད་ཀྱི་ལེའུར་རྒྱས་པར་གསུངས་སོ། །ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བསྒོམ་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་དང༌། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་གཉིས་ཡོད་ཅིང༌། ཡབ་ཡུམ་གཉིས་ཀྱི་དཀྱིལ་འཁོར་སྟོན་པའི་ལེའུ་དག་གིས་སྟོན་ལ། དེར་དམ་ཚིག་གིས་ཕྱག་རྒྱ་ཞེས་ཀྱང་བཏགས་སོ། །ལས་ཀྱི་ཕྱག་རྒྱ་རིགས་སོ་སོ་བ་རྣམས་དེ་ཁོ་ན་ཉིད་ཀྱི་ལེའུར་བསྟན། དེ་ཉིད་ངོ་ཤེས་ནས་འདུ་བའི་ཚུལ་བརྡའི་ལེའུར་བསྟན། མཁའ་གསང་བྱིན་གྱིས་རློབ་པ་སོགས་ལེའུ་ཐ་མས་བསྟན་ཏེ། མདོར་ན་ལས་རྒྱ་དང་སྙོམས་པར་འཇུག་ཚུལ་གྱི་ཡན་ལག་ཆ་ཤས་རེ་ལེའུ་ཕལ་ཆེར་གྱིས་བསྟན་ཏེ་ཞིབ་ཏུ་ཤེས་པར་འདོད་ན་མངོན་རྟོགས་ལྗོན་ཤིང་སོགས་སུ་དོན་ཚན་རེ་རེ་བཞིན་རྒྱུད་དང་སྦྱར་བ་ལས་ཤེས་པར་བྱའོ། །ཕྱག་རྒྱ་དང་སྦྱར་བ་ལས་བདེ་སྟོང་གི་ཡེ་


GTD005_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་སྐྱེ་བ་ཡང་འཆི་རིམ་བཞིན་དུ་སྐྱེད་དགོས་ཤིང༌། དེ་ལ་སྙིང་གའི་སྡུད་རིམ་གལ་ཆེ་བས། སྡུད་རིམ་གཙོ་བོར་གྱུར་པའི་ཡན་ལག་དྲུག་གི་རྫོགས་རིམ་བཤད་རྒྱུད་གུར་ལས་གསུངས་པ་བཞིན་གྲུབ་ཆེན་མཚོ་སྐྱེས་དང་ཛ་ལན་དྷ་རི་པ་སོགས་ཀྱིས་བཀྲལ་བ་ལྟར་རོ། །དེ་ལྟར་གོང་དུ་བཤད་པ་བཞིན་གྱི་སྒྱུ་ལུས་གྲུབ་པའི་རྣལ་འབྱོར་པ་དེས་དོན་གྱི་འོད་གསལ་འགྲུབ་ཏུ་ཉེ་བའི་མཚན་མ་མཐོང་བ་ན་ཕྱི་ནང་གི་རྐྱེན་གཉིས་ལ་བརྟེན་ནས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་གྱིས་དྲངས་པའི་སྨིག་རྒྱུ་ནས་འོད་གསལ་གྱི་བར་གྱི་རྟགས་རྣམས་འབྱུང་ཞིང༌། ཁྱད་པར་འོད་གསལ་གྱི་དུས་སུ་ལྷན་སྐྱེས་ཀྱི་བདེ་བས་སྟོང་ཉིད་མངོན་སུམ་དུ་གསར་དུ་རྟོགས་པའི་དོན་གྱི་འོད་གསལ་འགྲུབ་ལ། དེ་ཉིད་ཉོན་སྒྲིབ་ཀྱི་དངོས་གཉེན་བར་ཆད་མེད་ལམ་ཡིན་པས། དེའི་ཚེ་མ་དག་པའི་སྒྱུ་ལུས་ནམ་མཁའི་དབྱིངས་སུ་ཆུ་འཛིན་ཞུ་བ་བཞིན་དོན་གྱི་འོད་གསལ་དུ་དག་སྟེ། རང་རྒྱུད་ལ་ལྡན་པའི་གང་ཟག་འཕགས་པར་གྱུར་པ་ཡིན་ལ། དེ་ནས་ལུགས་ལྡོག་གི་ཉེར་ཐོབ་གྲུབ་པ། དག་པའི་སྒྱུ་མའི་སྐུར་བཞེངས་པ། ཉོན་སྒྲིབ་ཟད་པར་སྤངས་ཏེ་དགྲ་བཅོམ་པར་གྱུར་པ་རྣམས་དུས་མཉམ་པའི་ཚུལ་གྱིས་འབྱུང་ངོ༌། །དེ་ནས་སློབ་པའི་ཟུང་འཇུག་གི་ཡ་གྱལ་གྱི་འོད་གསལ་དང༌། མི་སློབ་པའི་ཟུང་འཇུག་གི་ཡ་གྱལ་ཐུགས་དག་པ་འོད་གསལ་གྱི་ཡེ་ཤེས་རྣམས་རིམ་གྱིས་འགྲུབ་ཅིང༌། དེ་དག་ཉེར་ལེན་དང་ཉེར་འབྲས་ཅི་རིགས་པའི་སྒོ་ནས་འདིར་ཐུགས་ཀྱི་ཡོན་ཏན་དུ་བསྡུས་ཏེ་བསྟོད་པ་ཡིན་ནོ། །༈ གཉིས་པ་གཞུང་དོན་


GTD005_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

ལ། འོད་གསལ་ཡེ་ཤེས་ཀྱི་ངོ་བོའི་ཁྱད་པར་དང༌། བྱེད་ལས་ཀྱི་ཁྱད་པར་གཉིས། དང་པོ་ནི། ནམ་མཁའི་མཐའ་ལྟར་རྒྱ་ཆེ་ཟླ་བའི་མ། །ལྟ་བུར་གཏིང་ཡང་རྫིང་བུ་རྙོག་མེད་ལྟར། །དྭངས་པས་ཆོས་ཚུལ་རྒྱ་མཚོའི་གཟུགས་བརྙན་ཀུན། །ཅིག་ཅར་གསལ་རྫོགས་འཆར་ལ་མཁའ་རླུང་འདྲ། །ཞེས་བྱུང༌། དེ་ལ་དཔེའི་ཁྱད་པར་གསུམ་གྱིས་མཚོན་ནས་བསྟན་ཏེ། དང་པོ་ནམ་མཁའ་ལྟར་རྒྱ་ཆེ་བ་དང༌། གཉིས་པ་རྒྱ་མཚོ་ལྟར་ཟབ་པ་སྟེ། ཟླ་བའི་མ་ཞེས་པ་ནི་སྔོན་རྒྱ་མཚོ་བསྲུབས་པ་ལས་ཟླ་བ་བྱུང་བས་དེ་ལ་ཟླ་བའི་མ་མ་ཞེས་བཏགས་པར་རིག་བྱེད་ལས་འབྱུང་བ་བཞིན་ནོ། །གསུམ་པ་ནི་རྫིང་བུ་རྙོག་པ་མེད་པ་ལྟར་དྭངས་ཤིང་གསལ་བའོ། །དེ་ཡང་ཟབ་པ་དང་རྒྱ་ཆེ་བར་འཇོག་པའི་ཚུལ་ནི་སྟོང་ཉིད་ཀྱི་འཛིན་སྟངས་དང་ལྷའི་རྣམ་པ་ཟུང་དུ་འབྲེལ་བའི་ཆ་ནས་འཇོག་པ། ཀླུ་བྱང་གིས། རྣམ་པར་རྟོག་མེད་ཟབ་པ་སྟེ། །རྒྱ་ཆེས་སངས་རྒྱས་རྣམས་ཀྱི་སྐུ། །ཞེས་དང༌། སྒྲུབ་ཐབས་ཀུན་བཟང་ལས། ཟབ་ཅིང་རྒྱ་ཆེ་བ་ཡི་བདག་ཉིད་ཅན། །གང་ཡིན་དེར་ནི་ཀུན་རྟོག་སྣང་མི་འགྱུར། །ཞེས་པ་ལྟ་བུ་སྔགས་ཀྱི་སྤྱི་སྐད་ལ་གྲགས་ཆེ་ཞིང༌། འདིར་དོན་གྱི་འོད་གསལ་ལ་སྐུའི་རྣམ་པ་མི་སྣང་ཡང་རིམ་པ་གསུམ་པའི་སྒྱུ་མའི་སྐུ་སྦྱོང་ཞིང་དག་པའི་སྒྱུ་ལུས་བསྒྲུབ་པ་དགོས་པའི་གཙོ་བོ་ཡིན་པས་བསྒོམ་ཚུལ་དེའི་ཤུགས་ཀྱིས་ཟིན་པའི་སྒོ་ནས་བཞག་རུང་སྟེ། འོད་གསལ་གྱི་སྔོན་དུ་བསམ་གཏན་གཉིས་བསྒོམ་ཚུལ་འཆད་པར། འདུས་པའི་རྩ་རྒྱུད་ལས། རྡོ་རྗེ་མི་ཕྱེད་གསུམ་བསྒོམ་པ། །འགོག་པའི་དམ་ཚིག་ཡེ་ཤེས་ཏེ། །ཞེས་སེམས་ཅན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་རང་གི་སྒོ་གསུམ་དང་དབྱེར་མེད་


GTD005_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བྱས་ལ། དེ་རྡོ་རྗེ་གསུམ་གྱི་ལྷ་སེམས་དཔའ་གསུམ་བརྩེགས་ཀྱི་ངོ་བོར་བསྒོམ་སྟེ། དེ་ཡང་རིམ་གྱིས་བསྡུས་ནས་འོད་གསལ་དུ་གཞུག་པ་ནི་རྒྱུད་དོན་མན་ངག་གིས་གསལ་བར་བྱས་པའི་བསྒོམ་ཚུལ་ཡིན་པར་གསལ་སྒྲོན་ལས་གསུངས་སོ། །རང་གི་ལུས་སྟོད་སྨད་ནས་རིམ་གྱིས་འོད་གསལ་དུ་འཇུག་པ་ནི་རིལ་འཛིན་དང་རྗེས་གཞིག་གི་བསམ་གཏན་གཉིས་ཀ་ལ་འདྲ་ཡང༌། ཁྱད་པར་རྗེས་གཞིག་ལ་སྔོན་དུ་ཕྱི་རོལ་གྱི་སྣོད་བཅུད་མཐའ་དག་འོད་གསལ་དུ་འཇུག་པ་དགོས་པས་དེའི་ཆ་ནས་ནམ་མཁའ་ལྟར་རྒྱ་ཆེ་བར་བཤད་ཚུལ་ཡང༌། སྒྲོན་གསལ་ལས། རྒྱུ་བ་དང་མི་རྒྱུ་བ་རྣམས་ལ་ཡི་གེ་ཁཾ་ནམ་མཁར་བྱེད་པས་རྗེས་སུ་གཞིག་པའི་རིམ་གྱིས་དངོས་པོ་མེད་པར་བྱས་ལ། བདག་ཉིད་ཀྱང་རིམ་གྱིས་ཞུགས་པ་དེ་བྱས་ན། རྡོ་རྗེ་ཡེ་ཤེས་ནམ་མཁའ་དང་མཉམ་པར་འགྱུར་ཞིང་། སེམས་དཔའ་གསུམ་གྱི་བདག་ཉིད་ཅན་གཅིག་ཏུ་འགྱུར་རོ། །ཁཾ་ཞེས་པར་འོད་གསལ་བའོ། །ཞེས་དང༌། རྒྱུད་ཕྱི་མར། བསྟན་གྱུར་རྡོ་རྗེའི་ལམ་ནས་ནི། །ནམ་མཁའི་ཁམས་སུ་སྤྲོ་བར་བྱ། །ཞེས་པའི་དོན། རིམ་ལྔ་གསལ་སྒྲོན་ལས། རིམ་གྱིས་འོད་གསལ་དུ་འཇུག་པས་བསྟན་པ་སྟེ་རྣམ་པར་དག་པ་ནམ་མཁའ་སྟེ་འཇིག་རྟེན་གྱི་ཁམས་རྣམས་སུ་སྤྲོ་བ་སྟེ། ཆོས་སྐུའི་ཚུལ་གྱིས་ཁྱབ་པར་བྱའོ། །ཞེས་དང༌། འཇིག་རྟེན་ཁམས་སུ་སྤྲོ་བའི་དོན་ནི་སྣོད་བཅུད་ཀུན་གྱི་ཆོས་ཉིད་ལ་བློས་ཁྱབ་པར་བྱེད་པའི་དོན་ནོ། །ཞེས་གསུངས་སོ། །ཕར་ཕྱིན་ཐེག་པའི་ལུགས་ཀྱིས་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཚེ་ཡང་ཆོས་དབྱིངས་ཀུན་


GTD005_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོའི་ཚུལ་གྱིས་རྟོགས་པ་ཞེས་ཆོས་ཐམས་ཅད་ཀྱི་སྟེང་ནས་གཏན་ལ་ཕབ་པ་ཡིན་ཀྱང༌། ཆོས་མཆོག་ཐ་མའི་ཚེ་འདིས་སྡུད་རིམ་ལྟ་བུས་སྣོད་བཅུད་ཐམས་ཅད་གསལ་བཏབ་ནས་འོད་གསལ་དུ་འཇུག་པ་དང༌། དེ་དག་སྔོན་དུ་དག་པའི་སྣོད་བཅུད་ཀྱི་རྣམ་པར་བསྒོམ་པའི་ཐབས་མཁས་འདི་ལྟ་བུ་མེད་པས། དམིགས་བྱེད་བློ་ལ་ཤུགས་ཆེ་ཆུང་ཡོད་པར་མ་ཟད་དམིགས་པར་བྱེད་ཚུལ་གྱི་སྟེང་ནས་ཀྱང་ཤུགས་ཆེ་ཆུང་གི་ཁྱད་པར་ཤིན་ཏུ་ཆེའོ། །ཁྱད་པར་གཉིས་པ་ཟབ་པའི་དོན་ནི་ཡུལ་ཆོས་ཉིད་ལ་ཟབ་པར་འཇོག་པ་མདོ་སྔགས་ཀུན་ཏུ་གྲགས་ཆེ་ཞིང་གོང་དུ་བཤད་ཟིན་ལ། ཡུལ་ཅན་ཡེ་ཤེས་ཀྱང་ཆོས་ཉིད་དེ་དང་ངོ་བོ་ཐ་དད་པའི་ཚུལ་གྱིས་འཇུག་པ་མ་ཡིན་པར་ཆུ་ལ་ཆུ་བཞག་པ་བཞིན་རོ་གཅིག་ཏུ་ཞུགས་ཏེ། རྣམ་གྲངས་པ་མ་ཡིན་པའི་དོན་དམ་དུ་གྱུར་པའི་ཆ་ནས་རྒྱ་མཚོ་ལྟར་དུ་ཟབ་པར་བཤད་པ་ཡིན་ནོ། །ཁྱད་པར་གསུམ་པ་དྭངས་ཤིང་གསལ་བར་བཤད་པ་ནི། རིམ་ལྔ་ལས། ཐམས་ཅད་སྟོང་པ་རྨད་པོ་ཆེ། །དྭངས་ཤིང་གསལ་བའི་ཡེ་ཤེས་ཆེ། །ཞེས་སོགས་དང༌། གྲོལ་བའི་ཐིག་ལེ་ལས། ནམ་མཁའི་དཀྱིལ་ལྟར་རྣམ་དག་པའི། །ཟབ་གསལ་དྲི་མེད་རབ་བསྟན་ཏོ། །ཞེས་གསུངས་པ་རྣམས་དང་དོན་མཚུངས་ཏེ། འདིར་རྫིང་བུ་རྙོག་པ་མེད་པ་དཔེར་མཛད་པ་ནི། དེ་ཉིད་འདམ་རྫབ་ཀྱི་རྙོག་པ་དང་བྲལ་བ་ལྟར། དོན་གྱི་འོད་གསལ་འདི་ཡང་ཉོན་མོངས་པ་དྲུངས་འབྱིན་བྱེད་ཀྱི་དངོས་གཉེན་ཡིན་པས་འདིའི་ཚེ་ཉོན་མོངས་ཀྱི་རྙོག་པ་དང་བྲལ་བ་ལ་བྱ་སྟེ། སེམས་ཉོན་མོངས་པར་བྱས་པ་དང་། སེམས་མ་ཞི་བར་བྱས་པ་དང་། སེམས་རློང་རློང་པོའམ་རྙོག་པར་


GTD005_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པ་རྣམས་རྣམ་གྲངས་སུ་མངོན་པ་ཀུན་བཏུས་ལས་གསུངས་སོ། །ཉོན་མོངས་དང་བྲལ་བ་ཁོ་ན་ལ་སྦྱར་བ་ནི་དོན་གྱི་འོད་གསལ་དང་པོའི་དབང་དུ་བྱས་པ་ཡིན་ལ། དེའི་རྒྱུན་གོམས་པས་སྒྲིབ་གཉིས་བག་ཆགས་དང་བཅས་པ་མ་ལུས་པ་དང་བྲལ་བ་ནི་མཐར་ཐུག་གི་ས་ལ་ལྟོས་པའི་དྭངས་གསལ་རྙོག་པ་མེད་པའི་དོན་ཡིན་ཏེ། སྔགས་རིམ་ལས། གསལ་བ་ནི་ཉོན་མོངས་པ་མེད་པ་དང༌། དག་པ་ནི་ཤེས་སྒྲིབ་དང་བྲལ་བ་དང༌། རྙོག་མེད་ནི་དེ་གཉིས་ཀྱི་བག་ཆགས་དང་བྲལ་བའོ། །ཞེས་དཀྱིལ་ཆོག་རྡོར་ཕྲེང་ལྟར་གསུངས་སོ། །ཁྱད་པར་དུ་སྔགས་བླ་མེད་ཀྱི་སྐབས་འདིར་ལྷན་སྐྱེས་ཀྱི་བདེ་བས་སྟོང་ཉིད་མངོན་སུམ་དུ་གསར་དུ་རྟོགས་པ་ལ་འོད་གསལ་ཞེས་བཏགས་པ་ནི་སྣང་བ་གསུམ་རྣམ་པར་དག་པའི་རྒྱུ་མཚན་གྱིས་ཡིན་ཏེ། ལས་མཐའ་རྣམ་འབྱེད་ལས། བསྐལ་པ་མཐའ་ཡས་རྣམས་སུ་ཡང༌། །མགོ་དང་རིན་ཆེན་སོགས་སྦྱིན་པ། །སྣང་བ་རྣམ་པར་མ་དག་ཕྱིར། །བྱང་ཆུབ་འབྲས་བུ་ཐོབ་མི་འགྱུར། །ཞེས་སོགས་དང༌། མཐའ་ཡས་བསྐལ་པ་རྣམས་སུ་ཡང༌། །སྔགས་ཀྱི་སྐུ་ཡི་ཏིང་འཛིན་གྱིས། །སྣང་བ་རྣམ་པར་མ་དག་ཕྱིར། །བྱང་ཆུབ་འབྲས་བུ་ཐོབ་མི་འགྱུར། །ཞེས་ཕར་ཕྱིན་ཐེག་པ་དང༌། རྒྱུད་སྡེ་འོག་མ་དང༌། གོང་མའི་ཡང་བསྐྱེད་རིམ་མན་ཆད་ཀྱི་ལམ་རྣམས་ཡིད་ཤེས་རགས་པ་ཁོ་ན་ཡིན་པས། ཡེ་ཤེས་ཆོས་སྐུའི་རྒྱུ་ཐུན་མོང་མ་ཡིན་པ་བྱེད་ནུས་ཀྱི་གཉུག་སེམས་འོད་གསལ་བ་དེར་མི་འགྲོ་བའི་ཕྱིར། དབང་དོན་དེ་ཉིད་ཡང་གསལ་ལས། ཡིད་ཤེས་རགས་པའི་མཉམ་གཞག་ཅི་འདྲ་


GTD005_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་ཡིན་ཀྱང་སྣང་མཆེད་ཐོབ་གསུམ་ཚུན་ཆད་ཀྱི་སེམས་རགས་པ་ཁོ་ན་ཡིན་ལ། ཡེ་ཤེས་ཆོས་སྐུ་ནི་གཉུག་མ་ལྷན་སྐྱེས་ཀྱི་སེམས་ཉིད་གཉིས་སྣང་གི་སྤྲོས་པ་ཐམས་ཅད་དག་ནས་སྟོང་ཉིད་ལ་སླར་མི་ལྡང་བའི་ཚུལ་གྱིས་མཉམ་པར་བཞག་པ་ཡིན་པས། གཉུག་མ་དེའི་རིགས་འདྲ་ཐུན་མོང་མ་ཡིན་པའི་རྒྱུར་རགས་པ་གློ་བུར་བའི་སེམས་རྣམས་མི་འགྲོ་བའི་ཕྱིར་ཏེ། སྣང་བ་གསུམ་ལ་སོགས་པའི་སེམས་དེ་རྣམས་ཤེས་སྒྲིབ་ཀྱི་དངོས་གཉེན་དོན་གྱི་འོད་གསལ་གྱི་གོང་དུ་སླར་སྐྱེ་མི་རུང་གི་ཚུལ་གྱིས་འགག་དགོས་ཤིང༌། ཞེས་གསུངས་ཏེ་ལེགས་བཤད་བླ་ན་མེད་པར་སྣང་ངོ༌། །དེ་ལྟར་དོན་གྱི་འོད་གསལ་མངོན་དུ་གྱུར་པའི་ཚེ་སྣང་བ་གསུམ་དང་དཔེའི་འོད་གསལ་གྱིས་སྦྱངས་པའི་རླུང་དང༌། དེས་བསྒྲུབས་པའི་མ་དག་པའི་སྒྱུ་མའི་སྐུ་ཐམས་ཅད་ལྡོག་དགོས་ན་གཟུགས་ཀྱི་སྐུའི་རྒྱུན་ཆད་པར་འགྱུར་སྙམ་ན་སྐྱོན་མེད་དེ། རིམ་ལྔ་གསལ་སྒྲོན་ལས། དོན་གྱི་འོད་གསལ་མངོན་དུ་གྱུར་པའི་ཚེ་སྒྱུ་མའི་སྐུ་ཡང་ནམ་མཁའ་ལ་འཇའ་ཡལ་བ་ལྟར་འགྱུར་བའི་ཕྱིར་རོ། །དེ་ཡང་དོན་གྱི་འོད་གསལ་གྱིས་སྦྱངས་པའི་རླུང་གིས་བསྒྲུབས་པའི་སྐུ་ནི་དོན་གྱི་འོད་གསལ་མངོན་དུ་གྱུར་པའི་ཚེ་ཡང་མི་ལྡོག་ལ། དཔེའི་འོད་གསལ་གྱིས་སྦྱངས་པའི་རླུང་གིས་བསྒྲུབས་པ་ནི་དེ་དང་མི་འདྲ་བའི་ཁྱད་པར་རོ། །ཞེས་གསུངས་པ་ལྟར་དོན་གྱི་འོད་གསལ་གྲུབ་པ་དེའི་ཚེ་སྔ་མ་རྣམས་ལོག་ཀྱང་འོད་གསལ་ཡེ་ཤེས་རང་གི་བཞོན་པའི་རླུང་ཡོད་ལ། ནམ་ལུགས་ལྡོག་གི་ཉེར་ཐོབ་གྲུབ་པ་དེའི་ཚེ་རླུང་དེ་ཉིད་ཀྱིས་ཉེར་ལེན་དང་ཡེ་ཤེས་རང་གིས་ལྷན་


GTD005_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་བྱེད་རྐྱེན་བྱས་ཏེ། དག་པའི་སྒྱུ་མའི་སྐུ་གསལ་ལ་རྫོགས་པར་འཆར་བས། གཟུགས་སྐུའི་རྒྱུན་གོང་འཕེལ་དུ་འགྱུར་གྱི། ཆད་པའི་དོགས་པ་མི་དགོས་ཏེ། དཔེར་ན་ནམ་མཁའི་སྤྲིན་སོགས་དྭངས་ཏེ་ཤིན་ཏུ་གསལ་བ་དང༌། གོ་ལའི་རླུང་སོགས་འགོག་མེད་དུ་རྒྱུ་བ་མི་འགལ་ཞིང་དེའི་དབང་གིས་ཉི་ཟླ་སོགས་གསལ་བར་སྣང་བ་བཞིན་ནོ། །ཞེས་སྟོན་པ་ལ་འདིར་ཡང༌། ཅིག་ཅར་གསལ་རྫོགས་འཆར་ལ་མཁའ་རླུང་འདྲ། །ཞེས་གསུངས་སོ། །དོན་གྱི་འོད་གསལ་གྱིས་སྒྱུ་མའི་སྐུ་སྒྲུབ་པ་ལ་སྦྱར་ན་དེ་ལྟར་ཡིན་ཀྱང༌། བཤད་ཚུལ་དེ་ཁོ་ན་བྱེད་མི་དགོས་ཏེ། ཡེ་ཤེས་དེའི་རྫས་རྒྱུན་མཐར་ཐུག་པའི་སྐབས་ལ་མཚོན་ན། རྗེ་བཙུན་མའི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཉི་མའི་དཀྱིལ་འཁོར་དེ་ཉིད། ནམ་མཁའ་ལྟ་བུའི་ཆོས་ཀྱི་དབྱིངས་དེར་སླར་མི་ལྡང་བའི་ཚུལ་གྱིས་ཞུགས་ཏེ་རོ་གཅིག་ཏུ་གྱུར་པས་དེ་ལས་ཅུང་ཟད་ཀྱང་འདའ་བ་མེད་ལ། འོན་ཀྱང་སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་གྱི་རླུང་ཤུགས་དང་འགྲོགས་པའི་དབང་གིས་ཆོས་ཅན་ཀུན་རྫོབ་པའི་འཇིག་རྟེན་ཐམས་ཅད་གསལ་བར་གཟིགས་ཤིང༌། མཐའ་ཡས་པའི་གདུལ་བྱའི་དོན་གྱི་པད་ཚལ་རྒྱས་པར་བྱེད་པ་ལ་ཡང་སྦྱོར་དགོས་པའི་ཕྱིར། མཁས་གྲུབ་སྨྲ་བའི་ཉི་མས། ཁྱོད་ཐུགས་བདེ་བ་ཆེན་པོའི་ཉིན་བྱེད་འོད། །མཁའ་དབྱིངས་སྟོང་ཉིད་མཛེས་མའི་ལང་ཚོ་ལ། །རྟག་ཏུ་སྤྱོད་པའི་རྩེ་དགའ་མི་གཏོང་ཡང༌། །སྲིད་ཞིའི་དངོས་ཀུན་མ་འདྲེས་གསལ་ལེར་འབྱེད། །ཅེས་གསུངས་པ་བཞིན་ནོ། །


GTD005_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

༈ གཉིས་པ་འོད་གསལ་ཡེ་ཤེས་ཀྱི་བྱེད་པའི་ཁྱད་པར་ལ་གཉིས། སྒྲིབ་གཉིས་ཟད་པར་སྤོང་བའི་བྱེད་ལས་དངོས་དང༌། འཕྲོས་དོན་སྤྱོད་པའི་ཁྱད་པར་བསྟན་པའོ། །དང་པོ་ལ་ཡང་སྒྲིབ་གཉིས་སྤངས་པས་སྲིད་མཐའ་འགོག་ཚུལ་དང༌། ཐབས་ལ་མཁས་པའི་དབང་གིས་དེའི་ཤུགས་ལ་ཞི་མཐའ་ཡང་ཁེགས་པའི་ཚུལ་གཉིས། དང་པོ་ནི། ཤེས་དང་ཉོན་མོངས་རྨོངས་བྱེད་མཆུ་རིང་བུང༌། །སྙིང་རྗེ་སྟོང་པ་ཉིད་ཞུགས་བསིལ་ཡབ་ཀྱིས། །རིང་དུ་བསྐྲད་ཀྱང༌། ཞེས་བྱུང༌། དེ་ཡང་རྒྱུད་བླ་མ་ལས། མ་དག་མ་དག་དག་པ་དང༌། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང༌། །དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །ཞེས་མཐོང་སྒོམ་གྱི་སྤང་བྱ་གཅིག་ཀྱང་མ་དག་པ་སོ་སྐྱེ་དང༌། ཕྱོགས་རེ་ཙམ་དག་པ་སློབ་པ་འཕགས་པ་དང༌། མ་ལུས་པར་དག་པ་སངས་རྒྱས་སུ་འཇོག་པར་གསུངས་ལ། མཐོང་སྒོམ་གྱི་སྤང་བྱ་སོ་སོར་འབྱེད་ཚུལ་ནི་བྱེ་མདོ་གཉིས་ཉོན་སྒྲིབ་ཁོ་ན་ལས་ཤེས་སྒྲིབ་ཀྱི་ཐ་སྙད་མི་བྱེད་དོ། །སེམས་ཙམ་དང་རང་རྒྱུད་པས་སྒྲིབ་པ་གཉིས་ཀར་མཐོང་སྤང་དང་སྒོམ་སྤང་གི་ཆ་གཉིས་གཉིས་འབྱེད་ཅིང༌། ཐལ་འགྱུར་བས་ཤེས་སྒྲིབ་ལ་སྒོམ་སྤང་གིས་ཁྱབ་པར་བཞེད་དོ། །ཉོན་སྒྲིབ་ལ་གཉིས་སུ་འབྱེད་ཀྱང་དེ་ཕར་ཕྱིན་ཐེག་པའི་རང་ལམ་གྱིས་བགྲོད་པའི་དབང་དུ་བྱས་པ་ཡིན་ཏེ། སྔགས་བླ་མེད་ཀྱི་གདུལ་བྱ་རིགས་ངེས་ཀྱི་ལམ་ལ་ལྟོས་ན་ཉོན་སྒྲིབ་ཐམས་ཅད་མཐོང་སྤང་ཁོ་ནར་འགྱུར་རོ། །ཕར་ཕྱིན་ཐེག་པའི་སྒོམ་ལམ་གྱི་ངོ་སྐལ་དུ་གྱུར་པའི་སྤང་བྱ་ཡིན་ཀྱང་སྔགས་ཀྱི་མཐོང་སྤངས་སུ་འགྱུར་


GTD005_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

བ་མི་འགལ་ཏེ། མདོ་ལུགས་ལ་ཡང་ལས་ཉོན་གྱི་སྐྱེ་འཆི་དང༌། གོང་མར་འཕེན་བྱེད་ཀྱི་ལས་མི་ཁོམ་པ་བརྒྱད་སོགས་ཐེག་དམན་གྱི་སྒོམ་སྤངས་ཡིན་ཀྱང༌། ཐེག་ཆེན་གྱི་མཐོང་སྤངས་སུ་འགྱུར་བའི་ཕྱིར། རྒྱུད་བླ་མ་ལས། འཕགས་པས་འཆི་དང་རྒ་བ་དང༌། །ན་བའི་སྡུག་བསྔལ་རྩད་ནས་སྤངས། །ལས་དང་ཉོན་མོངས་དབང་གིས་སྐྱེ། །དེ་ལ་དེ་མེད་ཕྱིར་དེ་མེད། །ཅེས་དང༌། མངོན་རྟོགས་རྒྱན་ལས། བསམ་གཏན་ལ་སོགས་པའི། །ཡན་ལག་ཡོངས་སུ་ཟད་པ་དང༌། །ཞེས་དང༌། ཐེ་ཚོམ་མི་དལ་ཟད་པ་དང༌། །ཞེས་སོ། །དེ་ལྟར་ན་མཐོང་སྒོམ་སོགས་ཀྱི་ལམ་སོ་སོ་ལ་སྦྱོར་ཚུལ་ཡང༌། ལམ་ཐུན་མོང་བ་ནས་བཟུང་སྟེ་བསྒོམ་སྟོབས་ཀྱིས་རླུང་དྷཱུ་ཏཱིར་བཙུད་པ་ཐིམ་པས་སྟོང་པ་དངོས་སུ་འདྲེན་མི་ནུས་པ་དེ་སྲིད་དུ་ཚོགས་ལམ་དང༌། དེ་ནུས་པ་ནས་བདེ་བས་དེ་ཁོ་ན་ཉིད་མངོན་སུམ་དུ་མ་རྟོགས་པའི་སྒྱུ་ལུས་ཚུན་ཆོད་སྦྱོར་ལམ་དང༌། དོན་གྱི་འོད་གསལ་ཐོབ་ནས་ཟུང་འཇུག་མ་ཐོབ་བར་ལ་མཐོང་ལམ། སློབ་པའི་ཟུང་འཇུག་ཐོབ་ནས་མི་སློབ་པའི་ཟུང་འཇུག་མ་ཐོབ་པར་དེ་སྒོམ་ལམ་ས་དགུ་དང་སྦྱོར་དགོས་སོ། །དེ་ལྟར་ན་རིམ་པ་བཞི་པའི་དོན་གྱི་འོད་གསལ་སྐད་ཅིག་དང་པོ་དེས་ཀུན་བཏགས་དང་ལྷན་སྐྱེས་ཀྱི་ཉོན་མོངས་མ་ལུས་པའི་དངོས་གཉེན་བྱས་ནས་ཅིག་ཅར་དུ་སྤོང་བར་བྱེད་དེ། རིམ་ལྔ་གསལ་སྒྲོན་ལས། གཞན་ནས་འབྱུང་བ་ལྟར་མཐོང་ལམ་དུ་ཀུན་བཏགས་དང༌། ལྷན་སྐྱེས་སྤོང་བ་སྒོམ་ལམ་ནས་བྱ་དགོས་པའི་རྣམ་བཞག་མཐུན་མི་དགོས་སོ། །ཞེས་དང༌། ལམ་འདི་དང་ལམ་གཞན་གཉིས་ཤེས་


GTD005_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིབ་སྤོང་བ་ལ་བསྐལ་པ་གྲངས་མེད་དང༌། སྙིགས་དུས་ཀྱི་ཚེ་ཐུང་གཅིག་གིས་ཁྱད་པར་བྱུང་བ་བཞིན་དུ་ཉོན་སྒྲིབ་ཟད་པར་བྱེད་པ་ལ་ཡང་མྱུར་བུལ་གྱི་ཁྱད་པར་ཤིན་ཏུ་ཆེའོ། །ཞེས་གསུངས་པའི་ཕྱིར། དེ་ནས་ཤེས་སྒྲིབ་རྣམས་རིམ་གྱིས་སྤངས་ཏེ་མཐར་སློབ་པ་མཐའི་དོན་གྱི་འོད་གསལ་དེས་ཤེས་སྒྲིབ་ཕྲ་མོའི་དངོས་གཉེན་བྱས་ནས་ཟད་པར་སྤོང་ཞིང༌། མདོར་ན་འོད་གསལ་དེའི་རྒྱུན་སྔ་ཕྱི་ཅི་རིགས་པའི་སྒོས་སྒྲིབ་པ་གཉིས་ཀ་དྲུངས་འབྱིན་པར་བྱེད་པའི་གནད་ཀྱིས་འདིར་ཡང་སྒྲིབ་པ་གཉིས་བསལ་བྱ་སྦྲང་བུའི་གཟུགས་དང༌། འོད་གསལ་ཡེ་ཤེས་སེལ་བྱེད་བསིལ་ཡབ་ཀྱི་གཟུགས་སུ་བཀོད་དོ། །འོ་ན་ཕར་ཕྱིན་ཐེག་པར་ཡང༌། ས་དགུ་ལ་ནི་ཆེན་པོ་ཡི། །ཞེས་སོགས་ལྟར་ཤེས་སྒྲིབ་སྐོར་དགུའི་གཉེན་པོ་ཆ་ཚང་བར་བཤད་པ་མ་ཡིན་ནམ་ཞེ་ན། དེར་བཤད་པའི་ལམ་དེ་ཙམ་གྱིས་ཤེས་སྒྲིབ་ཕྲ་མོའི་དངོས་གཉེན་བྱེད་མི་ནུས་ཏེ། དེ་རྣམས་རགས་པའི་ཡིད་ཤེས་ཁོ་ན་ཡིན་ཞིང༌། འདིའི་དངོས་གཉེན་ལ་གཉུག་སེམས་ཕྲ་མོ་ཞིག་དགོས་པས། འདིར་ཡང་སྙིང་རྗེ་སྟོང་པ་ཉིད་ཞུགས་ཞེས་ཐུན་མོང་མ་ཡིན་པའི་སྙིང་རྗེ་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོ་དེ་ཉིད་སྟོང་པ་ཉིད་ཀྱི་ངང་དུ་ཆུ་ལ་ཆུ་བཞག་པ་བཞིན་དུ་རོ་གཅིག་ཏུ་ཞུགས་པའི་སྒོ་ནས་སྤོང་བར་གསུངས་སོ། །༈ གཉིས་པ་དེའི་ཤུགས་ཀྱིས་ཞི་མཐའ་ཁེགས་ཚུལ་ནི། བརྩེ་བའི་ཞགས་པ་ཡིས། །འགྲོ་ལ་དམ་དུ་འཁྱུད་པས་ཡང་དག་རོལ། །ཞེས་བྱུང༌། ཐེག་པ་འདིའི་ལུགས་ཀྱི་བརྩེ་བ་སྙིང་རྗེ་ཆེན་པོའི་གཙོ་བོ་ཡང༌། མངོན་བརྗོད་ལས། བདེ་ཆེན་ཐུགས་རྗེའི་བདག་ཉིད་ཅན། །ཞེས་དང༌། མན་ངག་སྙེ་མ་ལས། ཐབས་ནི་


GTD005_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་འགྲོ་བའི་དོན་བྱེད་པ་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོའི་རང་བཞིན་ནོ། །ཞེས་གསུངས་པ་ལྟར། ལྷན་སྐྱེས་ཀྱི་བདེ་བ་ལ་བྱེད་ཀྱི། སེམས་ཅན་སྡུག་བསྔལ་དང་འབྲལ་བར་འདོད་པ་ཐེག་པ་ཐུན་མོང་བའི་སྙིང་རྗེ་དེ་ཙམ་ལ་མི་བྱེད་དེ། འདོད་འཇོ་ལས། སྙིང་རྗེ་ལ་སྤྱིར་གཉིས་ཡོད་ཀྱང༌། འདི་འདྲའི་སྐབས་སུ་སེམས་ཅན་སྡུག་བསྔལ་དང་བྲལ་འདོད་ལ་བཤད་པ་ལྟར་མི་བྱ་ཡི། ལྷན་སྐྱེས་ཀྱི་བདེ་ཆེན་ལ་བྱ་སྟེ། ཞེས་ཐབས་ཤེས་ཕན་ཚུན་ཟིན་ཚུལ་མཚོན་པའི་སྐབས་སུ་གསུངས་སོ། །འོ་ན་བདེ་ཆེན་སྙིང་རྗེར་འཇོག་པ་ལ་དེ་སྙིང་རྗེར་འགྲོ་ཚུལ་ཞིག་དགོས་པས་གང་ཡིན་ཞེ་ན། བཤད་པར་བྱ་སྟེ། དེ་ངེས་ཚིག་གི་སྟེང་ནས་ཀྱང་སྙིང་རྗེར་འགྲོ་ཚུལ་ཞིག་ཡོད་ལ། ཁྱད་པར་དུ་བྱེད་ལས་ཀྱི་ཆ་ནས་སྙིང་རྗེའི་གཙོ་བོར་འགྲུབ་བོ། །དང་པོ་ནི། སྙིང་རྗེའི་སྐད་དོད་ཀ་རུ་ཎའི་ཀ་ལ་རྗེས་སུ་ང་རོ་བྱིན་པས་ཀཾ་བདེ་བ་དང་རུ་ཎ་འགོག་ལ་འཇུག་པས། ཐུན་མོང་ལྟར་ན་སེམས་ཅན་གྱི་སྡུག་བསྔལ་གཟིགས་ནས་ཐུགས་ཀྱིས་མ་བཟོད་པས་བདེ་བའི་གོ་སྐབས་མེད་པ་དང་། ཐུན་མོང་མ་ཡིན་པ་འདིའི་དབང་དུ་བྱས་ན་འགྱུར་བ་འཛག་བདེ་འགོག་པར་བྱེད་པས་བདེ་འགོག་ཅེས་མི་འགྱུར་བའི་བདེ་བ་ལ་དུས་འཁོར་ལས་གསུངས་པ་ལྟར་རམ། གྲུབ་ཆེན་མཚོ་སྐྱེས་ཀྱིས་རུ་ཎ་སྡུད་པ་ལ་བྱས་ཏེ་བདེ་བསྡུས་ཞེས་པ་ལྟར་ན་ཡང་དགའ་བ་དང་པོ་གསུམ་གྱི་མཐར་གང་དུ་སྡུད་པ་ལྷན་སྐྱེས་ལ་བཤད་དགོས་ཏེ། བརྟག་གཉིས་ཀྱི་མགོར་ཀྱཻ་རྡོ་རྗེའི་མཚན་དོན་དྲིས་པའི་ལན་དུ། ཧེས་ནི་སྙིང་རྗེ་ཆེན་པོ་ཉིད། །


GTD005_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་ཤེས་རབ་བརྗོད་པར་བྱ། །ཞེས་ཧེའི་དོན་སྙིང་རྗེ་ཆེན་པོར་གསུངས་པའི་ཐད་ཀྱི་རྣམ་བཤད་ལས། ཀ་རུ་ཎ་ཞེས་པའི་ཀ་ལ་ཐིག་ལེ་བྱིན་པས་ཀཾ་བདེ་བ་དང་རུ་ཎ་འགོག་པ་ལ་འཇུག་ཅིང༌། དེ་ཉིད་ཐུན་མོང་གི་སྙིང་རྗེའི་སྒྲ་དོན་དུ་བྱས་ན་སེམས་ཅན་སྡུག་བསྔལ་བ་ལ་མི་བཟོད་པའི་སྙིང་རྗེ་ཆེན་པོ་གང་གི་ཐུགས་རྒྱུད་ལ་འཁྲུངས་པའི་ཚེ་ཐུགས་བདེ་བར་གནས་པ་འགོག་པའི་རྣམ་ཅན་དུ་སྐྱེ་བས་བདེ་འགོག་གོ །ཐུན་མོང་མ་ཡིན་པའི་སྙིང་རྗེ་ལ་བཤད་ན་ཨ་ཧཾ་སྦྱར་བས་ཀུནྡ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ཨ་ཝ་དྷཱུ་ཏཱི་ནས་རྡོ་རྗེ་ནོར་བུའི་རྩེར་བབས་པ་ཕྱིར་འཕོ་བ་འགོག་པ་ལས་སྐྱེས་པའི་བདེ་ཆེན་ལ་བདེ་འགོག་ཅེས་བྱའོ། །ཞེས་གསུངས། དེར་མ་ཟད་ཧེ་བཛྲ་གྱི་ཧེའི་སྒྲ་ལ་མཧཱ་ཀ་རུ་ཎ་ཞེས་པ་ཚང་ཚུལ་ཡང༌། དེའི་མ་དང་ཀ་དང་ཎ་གསུམ་ཕྱིས་རུའི་སྲོག་གི་ཨུ་ཕྱུང་སྟེ་ཨེར་བྱས་པ་ཧ་ལ་བཅུག་པས་ཧེར་འགྱུར་བར་ཤཱནྟི་པས་གསུངས་ལ། བོད་སྐད་ཀྱི་དབང་དུ་བྱས་ན་ཡང༌། བླ་མ་གོང་མ་འགའ་ཞིག །ཀྱཻ་རྡོ་རྗེ་དང་དགྱེས་པ་རྡོ་རྗེ་ཞེས་སྒྲ་འགྱུར་ཚུལ་གཉིས་འབྱུང་བ་ཡང་ཀྱཻ་ཞེས་འབོད་པའི་སྒྲ་ནི་སེམས་ཅན་སྡུག་བསྔལ་བ་མ་བཟོད་པས་སྙིང་རྗེ་ཐུན་མོང་བར་འཇུག་ལ། དགྱེས་པ་ཞེས་བཤད་ན་རྟག་ཏུ་བདེ་བ་ཆེན་པོས་དགྱེས་པར་རོལ་པ་ཞེས་སྙིང་རྗེ་ཐུན་མོང་མ་ཡིན་པ་ལ་འཇུག་པར་བཤད་དོ། །གཉིས་པ་དེ་ཉིད་བྱེད་ལས་ཀྱི་ཆ་ནས་སྙིང་རྗེའི་གཙོ་བོར་འགྲོ་ཚུལ་ཡང༌། ཐུན་མོང་གི་སྙིང་རྗེ་ནི་སེམས་ཅན་སྡུག་བསྔལ་དང་བྲལ་ན་དང༌། བྲལ་བར་གྱུར་ཅིག །བྲལ་བར་བྱའོ་སྙམ་དུ་སྒོམ་པར་བྱེད་ཀྱང་དངོས་སུ་རང་སྟོབས་ཀྱིས་དེ་ལྟར་བྱེད་མི་ནུས་


GTD005_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

པས་བསམ་པ་བཟང་བ་ཙམ་ཡིན་ལ། ལྷན་སྐྱེས་ཀྱི་བདེ་བས་རླུང་སེམས་ལ་དབང་བསྒྱུར་བའི་སྟོབས་ཀྱིས་ཡེ་ཤེས་རང་ཉིད་ལྷའི་སྐུ་སོགས་གང་ལ་གང་འཚམ་གྱི་སྣོད་བཅུད་དེ་དང་དེའི་རྣམ་པར་ཤར་ནས་སེམས་ཅན་གྱི་དོན་བྱེད་པས་ཡིད་བཞིན་གྱི་ནོར་བུ་ལྟར་བྱེད་ལས་ཕུན་སུམ་ཚོགས་པའི་མཐུ་དང་ལྡན་ལ། ཡེ་ཤེས་འདི་ཉིད་མེད་ན་གཞན་དོན་ཉི་ཚེ་བ་ཙམ་བྱུང་ཡང༌། ས་གསུམ་གྱི་འགྲོ་བ་མ་ལུས་པའི་སྡུག་བསྔལ་དྲུངས་ཕྱུང་སྟེ་ཕན་བདེ་ལ་འགོད་པའི་བྱེད་ལས་ཁྱད་པར་ཅན་གྱི་སྒོ་ནས་རེ་བ་ཚིམ་པར་བྱེད་མི་ནུས་པའི་ཕྱིར། སམྦྷུ་ཊ་ལས། ཡིད་བཞིན་ནོར་ལྟར་མ་ལུས་པའི། །སེམས་ཅན་དོན་བྱེད་སྙིང་རྗེ་ཉིད། །ཅེས་དང༌། ས་ར་ཧས། བདེ་བ་གང་གིས་རྣམ་པར་རོལ་པ་ནི། །ཅི་སྟེ་དེ་བསྟེན་ནུས་པ་མེད་པས་ན། །ས་གསུམ་རེ་བ་གང་གིས་རྫོགས་པར་འགྱུར། །ཞེས་སོ། །དེར་མ་ཟད་ཐབས་སྙིང་རྗེ་ཆེན་པོ་ཞེས་ཐབས་ཀྱི་ཆ་དང༌། རྒྱ་ཆེ་བའི་ལམ་གྱི་སྡོམ་ལྟ་བུ་ནི་སྙིང་རྗེ་ཆེན་པོ་ལ་བྱེད་པ་མདོ་སྔགས་གཉིས་ཀ་འདྲ་ཡང༌། མདོ་ལུགས་ནི། དབུས་མཐའ་ལས། རྒྱ་ཆེ་བ་དང་ཡུན་རིང་དང༌། །ཞེས་པ་ལྟར། བསྒྲུབ་བྱ་སེམས་ཅན་གྱི་དོན་མཐའ་ཡས་པ་དང༌། སངས་རྒྱས་ཀྱི་སྐུ་དང་ཞིང་དང་མཛད་པ་མཐའ་ཡས་པ་ལྟར། དེའི་རྒྱུ་རྒྱ་ཆེ་བའི་ཚོགས་ཀྱི་དབྱེ་བ་མཐའ་ཡས་པར་དུས་བསྐལ་པ་གྲངས་མེད་མང་པོའི་བར་དུ་སློབ་དགོས་པར་གསུངས་ལ། སྔགས་ལུགས་ཀྱི་སྙིང་རྗེ་ཆེན་པོ་རང་ཉིད་ཀྱི་ཚོགས་པར་འབྲས་བུ་དེ་ཐམས་ཅད་སྒྲུབ་པའི་རྒྱུའི་གནད་ཚང་ཡོད་པས། ཚོགས་ཀྱི་དབྱེ་བ་


GTD005_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་དག་ལ་རེ་རེ་ནས་མ་བསླབ་ཀྱང་འདིས་དེ་དག་ཐམས་ཅད་ཀྱི་དོད་ཐུབ་པར་མ་ཟད་སྟོབས་ཆེ་བས་དུས་ཀྱང་ཡུན་ཐུང་ངུས་འགྲུབ་པའི་ཕྱིར། སམྦྷུ་ཊ་ལས། དེ་ཕྱིར་དེ་རྒྱས་ཅི་ཞིག་བྱ། །མདོར་བསྡུས་པས་ནི་སངས་རྒྱས་ཉིད། །བསྐལ་པ་བྱེ་བ་གྲངས་མེད་པས། །ཇི་སྲིད་སངས་རྒྱས་གང་འཐོབ་པ། །གང་གིས་དམ་པའི་བདེ་བས་ཁྱོད། །སྐྱེ་བ་འདིར་ནི་ཐོབ་པར་འགྱུར། །ཞེས་ཤིན་ཏུ་གསལ་བར་གསུངས་ལ། སློབ་དཔོན་ཡེ་ཤེས་ཞབས་ཀྱིས་ཀྱང༌། སྙིང་རྗེ་དམ་པ་མཐའ་ཡས་པ་ཡི་ཐབས། །ཞེས་སྙིང་རྗེ་རང་གི་ངོ་བོ་ལ་ཐབས་ཀྱི་གནད་ཚང་བར་གསུངས་པ་དང༌། རྒྱུ་ཚོགས་མང་པོས་རྒྱང་རིང་པོ་ནས་བསྐོར་བ་ལྟ་བུ་བྱེད་མི་དགོས་པར་ཆོས་གཟུགས་གཉིས་ཀའི་ཉེ་རྒྱུའི་རྩ་བ་ནས་བཟུང་སྟེ་བསྒྲུབ་པས་ན་སྐུ་གསུམ་ལ་དམར་འཇུས་སུ་བྱེད་པ་ཞེས་ཀུན་མཁྱེན་འཇམ་དབྱངས་བཞད་པས་གསུངས་པ་རྣམས་ལེགས་པར་གོ་དགོས་ཏེ། གནད་འདི་མ་གོ་ན་ཐོབ་བྱའི་འབྲས་བུ་ཕར་ཕྱིན་ཐེག་པར་བཤད་པ་ལས་དམན་པའི་དོགས་པའམ། རྒྱུའི་མྱུར་ཁྱད་ལ་ཡིད་མི་ཆེས་པ་གང་རུང་འབྱུང་བས་ཆོས་ཀྱི་རྗེས་སུ་འབྲང་བའི་དད་པ་སྐྱེ་དཀའོ། །དེ་དག་གི་དོན་བསྡུས་ན་བསྟོད་པའི་ཤོ་ལོ་ཀ་འདིར་སྙིང་རྗེ་རང་ཉིད་སྟོང་པ་ཉིད་ལ་ཞུགས་པའི་ཆ་ནས་སྒྲིབ་གཉིས་བཅོམ་སྟེ་སྲིད་མཐའ་འགོག་པའི་ཤེས་རབ་ཀྱི་ངོ་བོ་དང༌། འགྲོ་བ་རྣམས་ལ་དམ་དུ་འཁྱུད་པའི་ཚུལ་གྱིས་མི་གཏོང་བར་དེའི་དོན་བྱེད་པའི་ཆ་ནས་ཞི་མཐའ་འགོག་པའི་ཐབས་ཀྱི་ངོ་བོ་སྟེ་ཐབས་ཤེས་གཉིས་ཀ་བློ་གཅིག་གི་ངོ་བོར་ཚང་བར་ཐབས་ཤེས་དབྱེར་མེད་དང་ཆོས་གཟུགས་འགྲུབ་པའི་ཚོགས་གཉིས་ཟུང་དུ་འབྲེལ་བར་གསུངས་པ་འདི་ནི་རྒྱུད་


GTD005_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དགོངས་པ་མཐར་ཐུག་ཡིན་ཏེ། འདིའི་བཤད་རྒྱུད་སམྦྷུ་ཊ་ལས། སྤྲོས་པ་མེད་པའི་རང་བཞིན་ཉིད། །ཤེས་རབ་ཅེས་ནི་རབ་ཏུ་གྲགས། །ཡིད་བཞིན་ནོར་ལྟར་མ་ལུས་པའི། །སེམས་ཅན་དོན་བྱེད་སྙིང་རྗེ་ཉིད། །དམིགས་མེད་གནས་སུ་ཤེས་རབ་དང༌། །དམིགས་མེད་སྙིང་རྗེ་ཆེན་པོ་ཉིད། །བློ་དང་ལྡན་ཅིག་གཅིག་གྱུར་པ། །ནམ་མཁར་ནམ་མཁའ་ཇི་ལྟ་འོ། །ཞེས་གསུངས་ཤིང་ཐབས་ཤེས་སམ་བདེ་སྟོང་དབྱེར་མེད་ཚུལ་དཔེ་དང་བཅས་ཏེ་གོང་དུ་ཡང་བཤད་ཟིན་ཏོ། །༈ གཉིས་པ་འཕྲོས་དོན་སྤྱོད་པའི་ཁྱད་པར་བསྟན་པ་ནི། ཆགས་པ་མེད་ཀྱང་བརྩེ་ཆེན་ཆགས་པས་མྱོས། །ཁྲོ་དང་བྲལ་ཡང་ཉོན་མོངས་དགྲ་མགོ་གཅོད། །གཏི་མུག་ཀུན་བཅོམ་འོད་གསལ་ངང་དུ་གཟིམས། །ཡ་མཚན་སྒྱུ་མས་ས་བཅུ་པ་ཡང་རྨོངས། །ཞེས་བྱུང༌། དེ་ཡང་སྤྱོད་པའི་ཐ་སྙད་ཟོར་ཡངས་པར་བྱས་ན། ཆགས་བྲལ་གྱི་སྤྱོད་པ་དང༌། ས་དང་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་དང༌། ཆགས་བཅས་ཀྱི་སྤྱོད་པ་གསུམ་དུ་གསུངས་པས་མདོ་སྔགས་ཐམས་ཅད་ལ་དེའི་སྒྲ་འཇུག་ཀྱང༌། གཙོ་བོ་ནི། སྔགས་རིམ་ལས། སྤྱོད་པ་ནི་འདོད་པའི་ཡོན་ཏན་ལ་རང་བཞིན་ཡོངས་སུ་ཤེས་པའི་སྒོ་ནས་ཐབས་མཁས་ཀྱིས་སྤྱོད་པ་ཡིན་ལ། ཞེས་འདོད་ཡོན་ལ་ཆགས་པ་ལམ་དུ་བྱེད་པ་ཡིན་ཞིང༌། དེའི་ནང་ནས་ཀྱང་རིག་མའི་འདོད་ཡོན་ལ་སྤྱོད་པ་ཡིན་ཏེ། རིམ་ལྔ་གསལ་སྒྲོན་ལས། གང་ལ་སྤྱོད་པའི་འདོད་ཡོན་གྱི་གཙོ་བོ་ནི་རིག་མའི་འདོད་ཡོན་ཡིན་ལ། ཞེས་སོ། །དེས་ན་སྤྱིར་སྤྱོད་པ་བྱེད་པའི་དུས་ལ་བསྐྱེད་རིམ་ཕྲ་རགས་མཐར་ཕྱིན་ནས་ཐུན་མོང་གི་དངོས་གྲུབ་འགྲུབ་པའི་ཕྱིར་དང༌། སེམས་


GTD005_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

དབེན་ཐོབ་ནས་སྒྱུ་ལུས་འགྲུབ་པའི་ཕྱིར་དང༌། སྒྱུ་ལུས་གྲུབ་ནས་སློབ་པའི་ཟུང་འཇུག་ཐོབ་པའི་ཕྱིར་དང༌། དེ་ཐོབ་ནས་མཆོག་བསྒྲུབ་པའི་ཕྱིར་སྤྱོད་པ་བྱེད་པ་སྟེ། ལམ་ལ་བོགས་འབྱིན་གྱི་སྤྱོད་པའི་སྐབས་བཞི་གསུངས་ཀྱང༌། འདིར་འོད་གསལ་གྱི་རིམ་པ་ནི་དབང་གསུམ་པ་ཕོ་ཉའི་ལམ་གཙོ་བོར་གྱུར་པ་ཡིན་པས་དེ་དང་འབྲེལ་ནས་སྤྱོད་པའི་རྣམ་བཞག་གསུངས་པ་ཡིན་ཏེ། འདི་ལ་དགོངས་ནས་རྒྱུད་འདིའི་བརྟག་པ་དང་པོར་དེ་ཁོ་ན་ཉིད་ཀྱི་ལེའུས་ཕྱག་རྒྱའི་མཚན་ཉིད་བསྟན་པའི་མཇུག་ཐོག་ཏུ་སྤྱོད་པའི་ལེའུ་གསུངས་ཤིང༌། བདེ་མཆོག་གི་རྒྱུད་ལས་ཀྱང་ཉེར་དྲུག་པར་ཕྱག་རྒྱ་མཉེས་པར་བྱེད་པའི་ཚུལ་བསྟན་ནས། ཉེར་བདུན་པ་སོགས་གསུམ་གྱིས་སྤྲོས་བཅས་དང༌། སོ་བརྒྱད་པར་སྤྲོས་མེད་ཀྱི་སྤྱོད་པ་རྒྱས་པར་བསྟན་ཏོ། །དེ་ཡང་འདིར་སྙིང་རྗེ་ལ་ཆགས་པའི་མིང་གིས་བཏགས་པ་ནི་སྤྱིར། འགྲོ་ལ་ཆགས་པས་ཀུན་ཆགས་མཛད། །ཅེས་འགྲེལ་པ་དོན་གསལ་ལས་གསུངས་པ་ལྟ་བུ་སྙིང་རྗེ་ཐུན་མོང་བ་ལ་དོན་མིང་བཏགས་པ་ཡོད་ཀྱང༌། འདི་ནི། ཐབས་ཤེས་གཏན་ལ་དབབ་པ་གྲུབ་པ་ལས། སྙིང་རྗེ་སེམས་ཅན་ལ་ཆགས་པས། །འདོད་ཆགས་ཞེས་ནི་བྱ་བར་གྲགས། །ཞེས་དང་། རིམ་ལྔ་གསལ་སྒྲོན་ལས། ཐབས་གང་ལས་འགྲོ་བའི་དོན་འབྱུང་བའི་ཆགས་པ་ཆེན་པོ་ལྷན་ཅིག་སྐྱེས་པའི་བདེ་བ། ཞེས་གསུངས་པ་ལྟར། ལྷན་སྐྱེས་ཀྱི་བདེ་བ་ལ་ཆགས་པའི་སྒྲས་བསྟན་ནོ། །དེས་མྱོས་པ་ནི་ཆགས་པ་ཆེན་པོ་དེ་ཉིད་འབྲེལ་བའི་ཐབས་སྣ་ཚོགས་ཀྱིས་རྒྱས་པར་བྱས་པའི་དོན་ཏེ། དེ་ཡང་སྤྱོད་པ་བྱ་བའི་གནས་རྒྱུད་ལས་གསུངས་པ་དང་མཐུན་པར་ཆུ་ཚོན་གྱི་དཀྱིལ་འཁོར་སོགས་སུ་རྣལ་འབྱོར་


GTD005_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཕོ་མོ་རྣམས་ལྷ་སོ་སོའི་ཆས་སུ་ཞུགས་ཏེ་ང་རྒྱལ་བརྟན་པོས། ཐོག་མར་གཟུགས་དང་སྒྲ་དང་དྲིའི་ཡུལ་ལ་སྤྱོད་པས་ཆགས་པ་སྤེལ་ཞིང༌། དེ་ནས་ནང་གི་སྦྱིན་སྲེག་གི་ཚུལ་དུ་རོ་ལ་སྤྱོད་པས་ཁམས་རྟས་པར་བྱེད། དེ་རྗེས་ལྷན་ཅིག་སྤྱོད་པ་དང་རྗེས་སུ་སྤྱོད་པའི་ཕྱག་རྒྱ་རྣམས་ཀྱི་ནང་ནས་འདོད་པའི་སྒྱུ་རྩལ་ལ་མཁས་པ་གཅིག་བླངས་ཏེ་རྩ་བསྐུལ་བ་སོགས་སྔོན་དུ་འགྲོ་བས་སྙོམས་པར་ཞུགས་ནས་ལྷན་སྐྱེས་ཀྱི་བདེ་བ་འདྲེན་ཞིང༌། དེའི་སྔ་ཕྱི་ཀུན་ཏུ་ཨ་ར་ལི་སྟེ་རྩེད་མོའམ་དགའ་བའི་རོལ་པ་སྣ་ཚོགས་པ་བརྡ་དང་བརྡའི་ལན་དང༌། གླུ་དང་གླུའི་ལན་དང༌། གར་དང་གར་གྱི་ལན་ལ་སོགས་པ་སྒོ་མཐའ་དག་ནས་ལྷན་སྐྱེས་ཀྱི་བདེ་བ་དྲངས་ཏེ། དེ་ལ་གཅིག་ཏུ་གཞོལ་བར་གྱུར་པས་ན་ཆགས་པས་མྱོས་པ་ཞེས་བཤད་པ་ཡིན་ནོ། །སྙིང་རྗེ་ལ་ཆགས་པར་བཏགས་པའི་དབང་དུ་བྱས་པའི་བཤད་ཚུལ་དེ་ལྟར་ཡིན་ཀྱང་ཚུལ་དེ་ཁོ་ནར་མ་ངེས་པ་ནི། རིམ་ལྔ་གསལ་སྒྲོན་ལས། དེ་བས་ན་ཆགས་པ་དངོས་མིན་པ་ལ་དེའི་མིང་གིས་བཏགས་པ་མིན་ནོ། །ཞེས་གསུངས་པ་ལྟར་དེ་ཆགས་པ་དངོས་གནས་པ་ལ་བྱས་ནས་དེ་ཉིད་ལམ་དུ་བྱེད་ཚུལ་དང་ཡང་སྦྱོར་དགོས་ཏེ། བརྟག་པ་ཕྱི་མའི་གཉིས་པ་ལས། ཆགས་པས་འཇིག་རྟེན་འཆིང་གྱུར་པ། །འདོད་ཆགས་ཉིད་ཀྱིས་རྣམ་གྲོལ་འགྱུར། །ཞེས་དང༌། དུག་གི་དེ་ཉིད་ཤེས་པ་དེས། །དུག་གིས་དུག་ནི་སེལ་བར་བྱེད། །ཅེས་སོགས་དུག་གིས་དུག་སེལ་བ། རྣ་བར་ཆུ་སོང་བ་ཆུས་འདྲེན་པ། མེས་ཚིག་པ་མེས་གདུངས་པས་ཞིང་སོགས་དཔེར་བྱས་ཏེ་འདོད་ཆགས་ལམ་དུ་


GTD005_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པས་འདོད་ཆགས་དྲུངས་འབྱིན་པར་གསུངས་པའི་ཕྱིར་རོ། །དེ་ལྟར་རྐང་པ་དང་པོའི་དོན་སྙིང་རྗེ་ལ་ཆགས་པར་བཤད་པ་དང༌། ཆགས་པ་དངོས་གནས་པ་ལམ་དུ་བྱེད་ཚུལ་གཉིས་སུ་ཕྱེ་བ་བཞིན་རྐང་པ་གཉིས་པ་དང་གསུམ་པའི་དོན་ཡང་ཁྲོ་བ་དང་གཏི་མུག་ལྟ་བུར་བཏགས་ནས་བཤད་པ་དང༌། ཁྲོ་བ་དང་གཏི་མུག་དངོས་གནས་པ་ལམ་དུ་བྱེད་ཚུལ་གཉིས་གཉིས་ལ་སྦྱར་ན་སྤྱོད་པའི་སྐབས་དང་ཤིན་ཏུ་འགྲེལ་ཏེ། དང་པོ་ནི་དཔེར་ན། བརྟག་པ་ཕྱི་མའི་གསུམ་པ་ལས། ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ། །ཞེས་སོགས་དམ་ཚིག་བཞི་གསུངས་པའི་དོན་འཆད་པར་དེའི་མཇུག་ཐོགས་སུ། སེམས་གཅིག་སྲོག་ཆགས་གསོད་པ་ཉིད། །གང་ཕྱིར་སྲོག་ནི་སེམས་སུ་བརྗོད། །ཅེས་སྲོག་ཆགས་སུ་ཐ་སྙད་གདགས་པའི་གཞི་སེམས་ཐམས་ཅད་དེ་བཞིན་ཉིད་དུ་རོ་གཅིག་པར་བྱེད་པའམ། སེམས་ཀྱི་ཀུན་རྟོག་གཡོ་བའི་བཞོན་པར་གྱུར་པའི་རླུང་ངམ་སྲོག་དྷཱུ་ཏཱིར་བཅུག་པ་ལ་སྲོག་ཆགས་བསད་པའི་སྒྲས་བསྟན་པ་ལྟར། འདིར་ཀུན་ནས་ཉོན་མོངས་པའི་དགྲ་བོ་བཞོན་པའི་རླུང་དང་བཅས་པ་རིག་པ་ཡེ་ཤེས་ཤུགས་དྲག་པོས་དྲུངས་ནས་ཕྱུང་བ་ལ། རབ་ཏུ་ཁྲོས་པའི་ཤུགས་ཀྱིས་མཚོན་ཆ་རྣོན་པོ་བཏབ་སྟེ་དགྲའི་མགོ་བོ་བཅད་པ་ལྟ་བུའི་ཉམས་དང་སྦྱར་ནས་གསུངས་པ་ཡིན་ནོ། །འདི་ནི་དཔེ་ཙམ་མ་ཡིན་པར་སྤྱོད་པའི་ཁྱད་པར་འགའ་ཞིག་གི་མཚོན་དོན་དུ་ཡང་སྦྱོར་དགོས་ཏེ། གྲུབ་ཆེན་ཤ་བ་རི་པ་རི་དྭགས་གསོད་པ་དང༌། བེ་ཏ་ལི་པ་བྱ་གསོད་པ། འགའ་ཞིག་གིས་ཕག་གསོད་པ་ལྟ་བུའི་ཚུལ་བསྟན་པ་རྣམས་ཀྱང་དོན་ཉོན་མོངས་འཇོམས་པའི་མཚོན་བྱེད་ཡིན་པར་རྡོ་རྗེའི་གླུ་སོགས་ལས་འབྱུང་བ་བཞིན་ནོ། །དེས་མཚོན་ཏེ་འོད་


GTD005_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་ངང་དུ་གཟིམས་ཞེས། འོད་གསལ་ལ་གཉིད་ཀྱི་སྒྲས་བསྟན་པ་ཡང་གཉིད་ཀྱིས་སེམས་ནང་དུ་བསྡུས་ཏེ་ཡུལ་མི་མཐོང་བར་བྱེད་པ་གཏི་མུག་དང་བྱེད་ལས་ཆ་འདྲ་བ་ཡོད་པས་དེའི་སྒོ་ནས་བཏགས་པ་ཡིན་ཏེ། མདོ་ལས། གང་མ་མཐོང་བ་ནི་མཐོང་བ་དམ་པའོ། །ཞེས་དང་། སྤྱོད་འཇུག་ལས། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །ཞེས་གཉིས་སྣང་དང་བཅས་པའི་ཚུལ་གྱིས་མཐོང་བྱ་མ་ཡིན་པ་ལ་མ་མཐོང་བ་དང༌། བློས་ཡུལ་དུ་མ་བྱས་པ་སོགས་སུ་བཤད་པ་ལྟར། འདིར་ཡང་ཐམས་ཅད་སྟོང་པ་འོད་གསལ་གྱི་ཚེ་སྣང་བ་གསུམ་ལ་སོགས་པའི་སྐབས་ཀྱི་གཉིས་སྣང་གི་སྤྲོས་པ་མ་ལུས་པར་བསྡུས་ཏེ། ཡུལ་སྟོང་པ་ཉིད་དང་ཡུལ་ཅན་བདེ་བ་ཆེན་པོའི་ཡེ་ཤེས་གཉིས་རོ་མཉམ་དུ་གྱུར་པ་ལ་དེའི་ངང་དུ་གཟིམས་ནས་ཅི་ཡང་མ་མཐོང་བ་ལྟ་བུར་བཤད་པ་ཡིན་ཏེ། སྡོམ་འབྱུང་ལས། གང་གི་ཚེ་ན་དེ་ཉིད་རིག །བསམ་པ་ཐམས་ཅད་བསམ་དུ་མེད། །གང་དུ་བསམ་དུ་མེད་སེམས་པ། །དེ་ཚེ་བསམ་མི་ཁྱབ་པར་འགྱུར། །ཞེས་དང༌། ཡིད་མེད་ཡིད་ནི་བྱས་ནས་སུ། །ཅུང་ཟད་ཙམ་ཡང་བསམ་མི་བྱ། །མཁའ་དང་ནམ་མཁའ་མཉམ་དེ་བཞིན། །སེམས་ནི་རོ་མཉམ་བསྒོམ་བྱ་སྟེ། །ཞེས་གསུངས་ཏེ། ལམ་གྱི་འོད་གསལ་སྐབས་ཀྱི་ཐམས་ཅད་སྟོང་པ་དེ་ཇི་ལྟ་བ་གཞི་ལ་འཆི་དུས་འཆར་ཞིང༌། དེ་དང་ཆ་འདྲ་བ་གཉིད་ཀྱི་ཚེ་འབྱུང་བས་དེའི་ཆ་ནས་ཀྱང་མཚོན་པ་ཡིན་ནོ། །གཞན་ཡང་སྦྱོར་བ་བདུན་པ་ལས། དཀྱིལ་འཁོར་བྲི་བ་ལ་སོགས་དགག །སྡོམ་པའི་མཆོག་ནི་སྦྱིན་པ་འོ། །ཞེས་དབང་གསུམ་པའི་དམ་ཚིག་ཏུ་གསུངས་ཀྱང་གཙོ་བོར་སྤྱོད་པའི་སྐབས་


GTD005_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ། གསང་བ་གྲུབ་པ་ལས། ས་རྡོའི་རང་བཞིན་མཆོད་རྟེན་དང༌། །གླེགས་བམ་ལ་སོགས་མི་བྱ་ཞིང༌། །རྨི་ལམ་དུ་ཡང་དཀྱིལ་འཁོར་སོགས། །ལག་པའི་ཕྱག་རྒྱ་ཡང་མི་བྱ། །ཐེག་པ་གསུམ་ལ་ཞུགས་རྣམས་ལ། །ཕྱག་ལ་སོགས་པ་མི་བྱ་འོ། །ཞེས་གསུངས་པ་ཡང་སྤྱིར་སྤྱོད་པ་གསུམ་གའི་ཚེ་ལུས་ངག་གི་དགེ་སྦྱོར་གཞན་ལ་ཆེད་དུ་མི་བྱེད་པར་དེ་ཁོ་ན་ཉིད་བསྒོམ་པ་གཙོ་ཆེ་ལ། འོན་ཀྱང་སྤྲོས་བཅས་སྤྲོས་མེད་གཉིས་ནི་ལས་ཀྱི་ཕྱག་རྒྱ་ལ་བསྟེན་པས་ཕྱག་དང་ཕྱག་གི་ལན་སོགས་བྱ་བ་དང༌། ཤིན་ཏུ་སྤྲོས་མེད་ནི་དེ་ཙམ་ཡང་མེད་པར་བཟའ་བཏུང་དང་བཤང་གཅིའི་སྐབས་མ་གཏོགས་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བསྟེན་ནས་འོད་གསལ་དུ་འཇུག་པའི་རིམ་པས་ལྷན་སྐྱེས་བསྒོམ་པ་ཁོ་ན་ལ་ཆིག་དྲིལ་དུ་བྱེད་པར་གསུངས་སོ། །འདིའི་སྐབས་སུ་གཉིད་ཀྱི་འོད་གསལ་གཙོ་བོར་བསྒོམ་སྟེ་སྣང་ཚོད་ལ་རྟག་ཏུ་གཉིད་ལོག་ནས་བཞུགས་པ་ལྟར་ཡོད་པས་འོད་གསལ་ངང་དུ་གཟིམས་ཞེས་པ་ཤིན་ཏུ་སྤྲོས་མེད་དང༌། རྐང་པ་སྔ་མ་གཉིས་སྤྲོས་བཅས་ལ་སྦྱར་ཡང་རུང་སྟེ། ཤིན་ཏུ་སྤྲོས་མེད་ལ་བྷུ་སུ་ཀུའི་སྤྱོད་པ་ཞེས་འབྱུང་བའི་དོན་ཡང༌། ཡི་གེ་གསུམ་ལ་སོ་སོར་ཡི་གེ་བསྣན་ཏེ་ངེས་ཚིག་གིས་བཤད་ན་དང་པོར་བྷུཉྫ་ན་ཞེས་ཟས་ཟ་བ་དང༌། གཉིས་པར་སུ་ཏ་ན་ཞེས་གཉིད་ལོག་པ་དང༌། གསུམ་པར་ཀུ་ཊི་ས་ར་ཞེས་བཤང་གཅིའི་ཕྱིར་འགྲོ་བའི་འཆག་པ་སྟེ་འདུ་ཤེས་དེ་གསུམ་མ་གཏོགས་འདུ་འཛི་སྤངས་ཏེ་རྒྱུན་དུ་གཉིད་དང་འོད་གསལ་བསྲེས་པ་ཉིད་སྐྱོང་བར་གསུངས་སོ། །ཡི་གེ་ཕྱི་མ་འདི་ལ། བརྟག་གཉིས་རྣམ་བཤད་པར་རྙིང་དུ་ཀུ་ཊི་པ་ར་ཞེས་འབྱུང་བ་མ་དག་པར་མངོན་


GTD005_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། རིམ་ལྔ་གསལ་སྒྲོན་དང༌། སྦས་དོན་ཀུན་གསལ་སོགས་དུ་མར་ཀུ་ཊི་ས་ར་ཞེས་འབྱུང་ཞིང༌། སྲྀ་འགྲོ་བ་ལའོ་ཞེས་པའི་བྱིངས་ལས་སྒྲུབ་ན་ཡང་ས་ར་ཞེས་པ་དག་པར་མངོན་ནོ། །དེ་བཞིན་དུ། འཇམ་དཔལ་མཚན་བརྗོད་ལས། མཆོད་པ་ཆེན་པོ་འདོད་ཆགས་ཆེ། །སེམས་ཅན་ཐམས་ཅད་དགའ་བར་བྱེད། །མཆོད་པ་ཆེན་པོ་ཞེ་སྡང་ཆེ། །ཉོན་མོངས་ཀུན་གྱི་དགྲ་ཆེ་བ། །མཆོད་པ་ཆེན་པོ་གཏི་མུག་ཆེ། །གཏི་མུག་བློ་སྟེ་གཏི་མུག་སེལ། །ཞེས་བདེ་ཆེན་གྱི་ཡེ་ཤེས་དེ་ཉིད་ལ་བྱེད་ལས་ཀྱི་སྒོ་ནས་ཆགས་སྡང་གཏི་མུག་སོགས་སུ་འདོད་ཚུལ་གསུངས་པས་དང་པོ་གཉིས་དངོས་ཟིན་གསལ་ཡང༌། ཕྱི་མའི་དོན། དཔེ་མེད་འཚོས་སྲོག་རྩོལ་གྱི་རླུང་གི་རྒྱུ་བ་དྷཱུ་ཏཱིར་བཀག་པས་གཏི་མུག་ཏུ་བཤད་ལ། ཉི་མ་དཔལ་གྱིས། གཏི་མུག་ལས་ཤིན་ཏུ་འདས་པའི་ཕྱིར་གཏི་མུག་ཆེན་པོའོ། །ཞེས་བཤད་དོ། །གཉིས་པ་ཞེ་སྡང་དང་གཏི་མུག་དངོས་གནས་པ་གཉིས་ལམ་དུ་བྱེད་ཚུལ་ཡང་དེས་མཚོན་ནས་གོ་དགོས་ཏེ། སྤྱོད་པའི་སྐབས་འདིར་འདོད་ཆགས་ལམ་དུ་བྱེད་ཚུལ་གསུངས་པའི་ཞར་ལ་དེ་གཉིས་ཀྱང་ལམ་དུ་བྱེད་ཚུལ། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འཛིན་པས་དུག་ཏུ་འགྱུར་བ་ཡིན། །དུག་འདི་ཉེ་བར་ཞི་གྱུར་ན། །དུག་ནི་དུག་མེད་བྱས་པ་ཡིན། །ཞེས་སོགས་དྲངས་ཏེ་སྤྱོད་བསྡུས་ལས་གསུངས་པ་དང༌། དེའི་དགོངས་པ། རིམ་ལྔ་གསལ་སྒྲོན་ལས། འདོད་ཆགས་ལ་གནང་བ་ཡོད་དུ་ཆུག་ཀྱང་ཞེ་སྡང་དང་གཏི་མུག་ལ་གནང་བ་ཇི་ལྟར་ཡོད་སྙམ་ན། བསད་བསྐྲད་ལ་སོགས་པ་དྲག་པོའི་ལས། ཞེས་པ་ནས།


GTD005_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུའི་ཀུན་སློང་སྐབས་སུ་སྙིང་རྗེ་བསྐྱེད་ཀྱང་དུས་ཀྱི་ཀུན་སློང་སྐབས་སུ་བགེགས་ལ་གནོད་སེམས་བསྐྱེད་པ་སོགས་བཤད་པས་ཞེ་སྡང་དང་དེའི་ཆར་གཏོགས་འགའ་ཞིག་གནང་བ་ཡོད་ལ། ཆགས་སྡང་གང་ཡིན་ཀྱང་ཉོན་མོངས་ཅན་གྱི་གཏི་མུག་དང་མཚུངས་ལྡན་དུ་འབྱུང་བས་ཉོན་མོངས་གཞན་གནང་བའི་ཞར་བྱུང་གི་སྒོ་ནས་གནང༌། ཞེས་གསུངས་སོ། །དཔལ་མཆོག་ནི་རྣལ་འབྱོར་རྒྱུད་ཡིན་པས་དངོས་བསྟན་སྤྱོད་པའི་སྐབས་དང་མ་འབྲེལ་ཡང་དགོངས་པ་ཕྱོགས་མཐུན་པས་དྲངས་པ་ཡིན་ལ། ཐེག་བསྡུས་ལས། ཞེ་སྡང་ནི་སྙིང་རྗེ་དང་རྣམ་པ་ཐམས་ཅད་དུ་འགལ་བས་གནང་བ་མེད་པར་གསུངས་པ་དང༌། གསེར་འཕྲེང་ལས་གཏི་མུག་གནང་བ་མེད་པར་གསུངས་པ་སོགས་སྐབས་གཞན་ཡིན་པའི་ཞིབ་ཆ་ཤེས་དགོས་སོ། །ཡ་མཚན་སྒྱུ་མས་ས་བཅུ་པ་ཡང་རྨོངས། །ཞེས་པ་ནི། སྤྱོད་པའི་ཁྱད་པར་དེ་དག་གསང་སྔགས་ཀྱི་ཐུན་མོང་མ་ཡིན་པ་ཡིན་པས་ཕར་ཕྱིན་ཐེག་པ་བ་རྣམས་ཀྱི་བློ་ཡུལ་ལས་འདས་པ་ལ་སྦྱར་རུང་ཙམ་ཡིན་ཀྱང༌། གཙོ་བོ་ནི་དོན་གྱི་འོད་གསལ་སྤྱིའི་ཡོན་ཏན་བརྗོད་པའི་དོན་བསྡུ་བ་ཡིན་ཏེ། དོན་གྱི་འོད་གསལ་མན་ཆད་མ་དག་པའི་སྒྱུ་ལུས་ལ་སོགས་པའི་དོད་ཐུབ་ཀྱི་ལམ་ཕར་ཕྱིན་ཐེག་པར་ཡང་ཡོད་པས། ས་བཅུ་པ་ནས་སྔགས་ལ་འཇུག་པའི་ཚེ་དེ་དག་རྒྱུད་ལ་སྐྱེ་མི་དགོས་ཤིང༌། དེའི་སྣོད་རུང་དུ་སྒྲུབ་པའི་དབང་དང་པོ་གཉིས་ཀྱང་བསྐུར་མི་དགོས་སོ། །སྤྱིར་སྟོང་ཉིད་མངོན་སུམ་དུ་རྟོགས་ཀྱང་གཉུག་སེམས་ལྷན་སྐྱེས་ཀྱི་བདེ་བའི་སྒོ་ནས་སྟོང་ཉིད་མངོན་སུམ་དུ་རྟོགས་པ་མེད་པས་དོན་གྱི་འོད་གསལ་གསར་དུ་སྐྱེད་དགོས་ཤིང༌། དེའི་སྣོད་རུང་དུ་སྒྲུབ་པའི་དབང་གསུམ་པ་ཡན་


GTD005_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་བསྐུར་དགོས་པས་དེ་ཉིད་སྔགས་ལ་མ་ཞུགས་པའི་བྱང་སེམས་བཅུ་པ་བ་རྣམས་ཀྱི་ཐུགས་སུ་ཆུད་པར་མི་ནུས་པའི་ཕྱིར་དེ་ལ་རྨོངས་ཞེས་བཤད་པ་ཡིན་ནོ། །དེ་ལྟར་ཡང་བརྟག་པ་ཕྱི་མའི་ལྔ་པ་ལས། འབར་བའི་ཕྲེང་བ་འཁྲུགས་པ་ཡི། །དཀྱིལ་འཁོར་རབ་ཏུ་བཞེངས་ནས་ནི། །རྡོ་རྗེ་སྙིང་པོ་དབང་སྦྱིན་ཕྱིར། །ཐིག་ལེ་མཆོག་ནི་བཀུག་པ་ཉིད། །ཅེས་དང༌། དེའི་དོན་འཆད་པར། མན་ངག་སྙེ་མ་ལས། མཆོག་ཏུ་མཐར་ཐུག་པ་ན་ཡང་ངེས་པར་ཐབས་འདི་ལ་ལྟོས་སོ་ཞེས་བརྗོད་པར་བྱ་སྟེ། དཔེར་ན་ནམ་མཁར་བཞུགས་པའི་རྫོགས་པའི་སངས་རྒྱས་རྣམས་ཀྱིས་གནང་བའི་ཤེས་རབ་ཀྱི་དབང་ལས། ཞེས་པ་ནས་ཐིག་ལེ་མཆོག་མ་ལས་དབང་བསྐུར་བ་བྱིན་པ་བཞིན་ནོ། །ཞེས་གསུངས་སོ། །དེ་ལ་འོད་གསལ་གྱི་གདམས་པ་བསྟན་ཅིང་དེས་མངོན་དུ་བྱས་ཚུལ་ཡང༌། རིམ་པ་གཉིས་པ་ལས། ནེ་རཉྫ་ནའི་ཆུ་འགྲམ་དུ། །མི་གཡོའི་ཏིང་འཛིན་ལ་བཞུགས་པ། །དེ་ཚེ་རྒྱལ་བ་མཁའ་རྡོ་རྗེ། །ཏིལ་གྱི་གང་བུ་གང་བཞིན་བཞུགས། །རྒྱལ་བའི་སྲས་ལ་སེ་གོལ་དང༌། །དེ་ལ་དབྱངས་གཅིག་གིས་གསུངས་པ། །བསམ་གཏན་འདི་ནི་རྣམ་དག་མིན། །འདིས་ནི་མཐར་ཐུག་མི་འཐོབ་སྟེ། །ནམ་མཁའི་ངོས་ལྟར་མཐའ་མེད་པ། །འོད་གསལ་བ་ནི་དེ་དམིགས་ཤིག །འོད་གསལ་བ་ཡི་གནས་ཐོབ་ནས། །རབ་དགའི་གཟུགས་སུ་སྐྱེ་བར་འགྱུར། །དེ་ཚེ་རབ་དགའ་སྐུ་རྡོ་རྗེ། །ཀུན་གྱི་དབང་ཕྱུག་ཐོབ་པར་འགྱུར། །འདི་ལྟར་སྒྲ་དེ་གསན་པ་དང༌། །དེ་ནས་ཏིང་འཛིན་མི་གཡོ་བཏང༌། །འདི་ལྟར་ནམ་ཕྱེད་དུས་སུ་ནི། །རྒྱལ་བའི་སྲས་ཀྱིས་དེ་ཉིད་དམིགས། །ཞེས་སོགས་


GTD005_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

དོན་གྱི་འོད་གསལ་ཡན་ཆད་ཀྱི་ལམ་ལྷག་མ་མངོན་དུ་བྱེད་ཚུལ་གདམས་ཤིང༌། དེ་དང་མཐུན་པར། སྤྱོད་བསྡུས་ལས། སེ་གོལ་གྱི་སྒྲས་བསྐུལ་བར་གྱུར་པས་མི་གཡོ་བའི་ཏིང་ངེ་འཛིན་ལས་བཞེངས་ཏེ། བྱང་ཆུབ་ཀྱི་ཤིང་དྲུང་དུ་བཞུགས་ནས་ནམ་ཕྱེད་ཀྱི་དུས་སུ་འོད་གསལ་མངོན་དུ་མཛད་དེ། ཞེས་དང༌། གྲོལ་བའི་ཐིག་ལེ་ལས། གྲངས་མེད་བར་དུ་ཚོགས་བསགས་ཀྱང༌། །འདི་དོན་མ་རྟོགས་ནེ་རཉྫར། །ཅི་ཡང་མ་ཡིན་ཏིང་འཛིན་གནས། །ཞེས་པ་ནས། ནམ་ཕྱེད་དུས་སུ་བརྒྱལ་བ་ལྟར། །དེ་ཉིད་བསྒོམས་པས་ཐོ་རངས་དུས། །སྐད་ཅིག་གིས་ནི་ཡང་དག་རྟོགས། །ཞེས་གསུངས་སོ། །དེས་ན་ཕར་ཕྱིན་ཐེག་པའི་ལམ་གྱི་བགྲོད་པ་མཐར་ཕྱིན་ཀྱང་འཚང་རྒྱ་བ་ལ་དོན་གྱི་འོད་གསལ་འདི་ཉིད་གསར་དུ་བསྐྱེད་ནས་སྣོན་པ་འདེབས་དགོས་པའི་ཟབ་ཁྱད་དང་། འོད་གསལ་ཡེ་ཤེས་དེ་ཉིད་ཀྱིས་སྐལ་བ་མཉམ་པའི་རྒྱུ་བྱས་པའི་སངས་རྒྱས་ཀྱི་སའི་གཉིས་སུ་མེད་པའི་ཡེ་ཤེས་དང་དེ་གཉིས་ཀ་ཡུལ་བདག་མེད་པའི་དེ་ཁོ་ན་ཉིད་དང་རོ་གཅིག་ཏུ་ཞུགས་པའི་ངོ་བོའི་ཁྱད་པར་འདྲ་ཡང༌། ཤེས་བྱའི་སྒྲིབ་པ་རིམ་གྱིས་ཟད་པའི་ནུས་པའི་ཁྱད་པར་སྔ་མ་ལས་ནམ་མཁའ་དང་ལག་མཐིལ་བཞིན་དུ་ཆེས་མི་འདྲ་བས་སྔ་མའི་ཡོན་ཏན་ལེགས་པར་མཐོང་བ་ན། ཕྱི་མ་ལ་ཚད་མེད་པའི་དང་བ་ངང་གིས་འདྲེན་པར་འགྱུར་ཏེ། དེ་ཉིད་ཀྱི་ཕྱིར་འདིར་ཡང་བཅོམ་ལྡན་འདས་མའི་ཐུགས་ལ་རྒྱུའི་ཡོན་ཏན་བརྗོད་པའི་སྒོ་ནས་བསྟོད་པ་ཡིན་ནོ། །དེ་ལྟ་བུའི་རྗེ་བཙུན་མའི་ཐུགས་ཀྱི་ཡོན་ཏན་རྨད་དུ་བྱུང་བ་དེ་དག་འགྲུབ་པ་ལ། དེའི་ཉེ་རྒྱུ་ཐུན་མོང་མ་ཡིན་པ་དོན་གྱི་འོད་གསལ་སྔོན་དུ་འགྲོ་དགོས་ཤིང༌། དེའི་སྔོན་དུ་དཔེའི་འོད་གསལ་དང༌། དེའི་


GTD005_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་དུ་སྟོང་ཉིད་ཐོས་བསམ་གྱིས་ལེགས་པར་གཏན་ལ་འབེབས་དགོས་ཤིང༌། དེ་ལ་ཡང་ངེས་དོན་གྱི་མདོ་སྡེའི་དགོངས་པ་ཤིང་རྟ་ཆེན་པོ་ཀླུ་སྒྲུབ་ཡབ་སྲས་ཀྱིས་བཀྲལ་བའི་སྲོལ་བཟང་པོ་རྙེད་དགོས་ལ། དེ་ཡང་འཇམ་མགོན་བླ་མའི་ལེགས་བཤད་དྲི་མ་མེད་པ་རྣམས་ཀྱིས་བློ་མིག་ལེགས་པར་ཕྱེད་པ་ངེས་པར་གལ་ཆེ་བས། སྤྱིར་ཐེག་པ་གསུམ་གྱི་ཐར་པ་འདོད་པའི་སྐྱེ་བོ་མཐའ་དག་དང༌། ཁྱད་པར་དུ་དོན་དམ་འོད་གསལ་གྱི་རིམ་པ་མངོན་དུ་བྱ་བར་འདོད་པའི་སྐལ་བཟང་རྣམས་ཀྱིས་ཟབ་མོའི་གཞུང་ལ་ཕྲ་ཞིབ་ཀྱི་དཔྱད་པས་བག་ཆགས་ཅི་ཐེབས་བསོད་ནམས་རླབས་པོ་ཆེའི་རྒྱབ་རྟེན་དང་བཅས་པ་ལ་འབད་པ་ལྷུར་བྱའོ། །ཆོས་དབྱིངས་དག་པའི་མཁའ་ལས་མི་འདའ་ཡང༌། །ཇི་སྙེད་ཆོས་ཀྱིས་འཇིག་རྟེན་གསལ་བར་བྱེད། །མཚན་འཛིན་མུན་པའི་དཔུང་ཚོགས་ཅིག་ཅར་དུ། །ཟ་བྱེད་རིག་པའི་རྒྱལ་པོ་ཁྲོ་བོ་ཆེ། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །༈ བཞི་པ་སྐུ་གསུང་ཐུགས་ཐུན་མོང་དུ་བསྟོད་པ་ནི། དེ་ལྟར་སྐུ་གསུང་ཐུགས་ཀྱི་ངོ་མཚར་བའི། །གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོ་ལ། །བདག་གི་ལུས་དང་ངག་ཡིད་རབ་གུས་པས། །ལེགས་པར་བསྟོད་ཀྱི་དགྱེས་པས་སྙན་དུ་བཞེས། །ཞེས་བྱུང༌། དེ་ཡང་རྩོམ་པའི་ཕྱོགས་མཐོང་ཙམ་ཡོད་པ་ཁ་ཅིག་འདི་སྙམ་དུ། ཤོ་ལོ་ཀ་འདི་སྔ་མ་གསུམ་ཀའི་མཇུག་སྡུད་ཡིན་གྱི། དོན་ཚན་ཟུར་བ་མ་ཡིན་ཏེ། དེ་ལྟར་སྐུ་གསུང་ཐུགས་ཀྱི་ཞེས་རྫོགས་ཚིག་སྨོས་པ་དང༌། དོན་ཚན་སྔ་མ་གསུམ་དང་མི་འདྲ་བར་མང་ཉུང་ཡང་ཚིགས་བཅད་གཅིག་ལས་མ་བྱུང་བའི་ཕྱིར་སྙམ་ན། སྐྱོན་


GTD005_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དེ། དེ་ལྟར་ཞེས་པ་འོག་ནས་འབྱུང་བ་བཞིན་དཔེར་བྱེད་པའམ། དེ་ལྟ་བུའི་སྐུ་གསུང་ཐུགས་སོ་སོ་བ་དང་སྒྲུབ་བྱེད་བདེན་པ་གཉིས་ཀྱི་རྫོགས་རིམ་སོ་སོ་བ་དེ་དག་ཟུང་དུ་འཇུག་པའི་ཚུལ་འདིར་སྟོན་པའི་དོན་ཡིན་གྱི། མཇུག་སྡུད་བྱས་པ་མིན་ཏེ། འདི་མཇུག་སྡུད་ཡིན་ན་དེའི་འཕྲོ་དེ་མ་ཐག་ཏུ་ཡང༌། དེ་ལྟར་བདག་གིས་བསྟོད་པའི་ཞེས་མཇུག་སྡུད་གསལ་བར་སྨོས་པ་དང་ཟློས་པའི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །དེར་མ་ཟད་འདི་ལ་དོན་ཚན་ལོགས་སུ་མ་བྱས་ན་དོན་གྱི་གནད་མང་པོ་ཞིག་སྟོར་བར་འགྱུར་ཞིང༌། དེའི་རྒྱུ་མཚན་ཞིབ་ཏུ་ཤེས་ན་ལུགས་འདིའི་ལམ་གྱི་འགངས་གཤོག་པའི་དགོས་པ་ཆེ་བར་སྣང་བས་མདོར་བསྡུས་ཙམ་ཞིག་བརྗོད་པར་བྱ་སྟེ། འདིའི་རྩ་བའི་གཞུང་ནི་རྒྱུད་བརྟག་པ་གཉིས་པ་ཡིན་ཞིང༌། དེའི་དགོངས་པ་འགྲེལ་ཚུལ་ཌོམྦྷི་པ་ནས་རིམ་བཞིན་བརྒྱུད་པ་དཔའ་བོ་རྡོ་རྗེ་ལས་འབྲོག་མིས་གསན་པ་སོགས་གདམས་པའི་བཀའ་སྲོལ་ཐམས་ཅད་འཇམ་མགོན་ས་སྐྱ་པ་ཡབ་སྲས་ལ་མངའོ། །ཁྱད་པར་དུ་ཡང་ཆོས་ཀྱི་བཀའ་བབས་གཙོ་བོ་ནི་བིརྺ་པ་ནས་ཤར་ཕྱོགས་ནག་པོ་པ་ལ་བརྒྱུད་པ་ག་ཡ་དྷ་ར་ལས་འབྲོག་མིས་གསན་པའི་ལམ་འབྲས་རྡོ་རྗེའི་ཚིག་རྐང་དུ་གྲགས་པ་འདི་ཉིད་ཡིན་ལ། དེའི་དོན་གྱི་གནད་བསྡུས་ན། གཞི་ལ་རྒྱུའི་རྒྱུད་དབང་བཞིའི་ཚུལ་དུ་གནས་པའི་སྟོབས་ཀྱིས་སྨིན་བྱེད་རྒྱུའི་དབང་ལ་དབང་བཞིར་བཞག་ཅིང༌། དེ་ལ་བརྟེན་པའི་གྲོལ་བྱེད་ལམ་གྱི་དབང་ཡང་དབང་བཞིའི་ཚུལ་དུ་བསྒོམ་པ་ལ་བརྟེན་ནས་གྲོལ་བ་འབྲས་བུའི་དབང་ཡང་དབང་བཞིའི་ཚུལ་དུ་འགྲུབ་པས། ལམ་འབྲས་བུ་དང་བཅས་པ་ཐམས་ཅད་དོན་ཚན་བཞི་བཞིར་བྱས་ཏེ་དབང༌


GTD005_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་དང་སྦྱར་བ་ནི། རྒྱུད་དོན་མན་ངག་གིས་གསལ་བར་ཕྱེ་བའི་སྲོལ་བླ་ན་མེད་པ་ཡིན་པས། རྗེ་བླ་མས་ཀྱང་བསྔགས་བརྗོད་རྒྱ་ཆེར་མཛད་པ་ཡིན་ཏེ། བླ་མ་ལྔ་བཅུ་པའི་ཊཱིཀྐ་ལས། དབང་བསྐུར་བ་ལ་སྨིན་བྱེད་རྒྱུའི་དབང༌། གྲོལ་བྱེད་ལམ་གྱི་དབང༌། གྲོལ་བ་འབྲས་བུའི་དབང་གསུམ་དུ་ཡོད་ཅིང༌། ཞེས་དང༌། སྔགས་རིམ་ལས། དབང་གསུམ་གྱི་ལམ་དུ་བསྡུས་ཏེ་ཉམས་སུ་ལེན་པའི་ཚུལ་རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པའི་གདམས་ངག་ལམ་འབྲས་བུ་དང་བཅས་པའི་གནད། ཅེས་སོགས་དང༌། རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པའི་གདམས་པ་འཛིན་པའི་བོད་ཀྱི་བླ་མ་མཁས་པ་འགའ་ཞིག་སྔགས་ཀྱི་ལམ་གྱི་གནད་ཐམས་ཅད་དབང་གི་ཁོགས་ནས་ཚོལ་བར་མཛད་པ་ནི་རྨད་དུ་བྱུང་བའི་སྲོལ་དུ་མཐོང་ངོ༌། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་འབྲས་བུ་དབང་བཞི་དང་སྦྱོར་བ་ལ་སྐུ་གསུང་ཐུགས་སོ་སོ་བ་གསུམ་སྐུ་གསུང་ཐུགས་བསྡོམས་པ་དང་བཞིར་བྱེད་དགོས་ཏེ། ཀྱཻ་རྡོར་འབུམ་ལྔ་ལས། སྐུ་གསུང་ཐུགས་དང་ཡེ་ཤེས་ཕྱིར། །མངོན་པར་དབང་བསྐུར་རྣམ་པ་བཞི། །ཞེས་གསུངས་པའི་ཡེ་ཤེས་ཞེས་པ་མཁྱེན་པ་ཁོ་ན་ལ་བྱས་ན་ཐུགས་དང་ཁྱད་མེད་དུ་འགྱུར་བས། འདུས་པའི་རྩ་རྒྱུད་ལེའུ་གཉིས་པར་རྡོ་རྗེ་གསུམ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པར་གསུངས་པ་ངེས་དོན་དུ་བཤད་པའི་ཚེ་དོན་དམ་བྱང་ཆུབ་ཀྱི་སེམས་དེ་ཟུང་འཇུག་ལ་བཤད་པ་ལྟར། སྐུ་དང་ཡེ་ཤེས་དབྱེར་མེད་པ་ཟུང་འཇུག་གི་གོ་འཕང་ལ་བྱེད་དགོས་པ་ནི། རྫོགས་རིམ་དངོས་གྲུབ་སྙེ་མ་ལས། སྐུ་དེ་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་


GTD005_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཙམ་མིན་པས། གཟུགས་སྐུ་དེ་ལ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་ཞེས་ལན་དུ་མར་གསུངས། ཞེས་དང༌། དབང་དོན་དེ་ཉིད་ཡང་གསལ་ལས། སྐུ་དང་ཐུགས་ཟུང་དུ་འཇུག་ཅིང་དེ་གཉིས་ཀྱང་ངོ་བོ་དབྱེར་མེད་པས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་དུ་གྱུར་པའི་ཟུང་འཇུག །ཅེས་སོ། །དེར་མ་ཟད་སྦྱང་གཞི་སྦྱོང་བྱེད་སྦྱོར་བའི་ཚེ་ཡང་དབང་དང་པོ་གསུམ་ལུས་ངག་ཡིད་གསུམ་སོ་སོའི་སྦྱོང་བྱེད་དང༌། བཞི་པ་ལུས་ངག་ཡིད་གསུམ་ཐུན་མོང་གི་སྦྱོང་བྱེད་དུ་འགྲོ་བས། སྐུ་གསུང་ཐུགས་སོ་སོ་དང༌། སྐུ་གསུང་ཐུགས་གསུམ་དབྱེར་མི་ཕྱེད་པའི་ཟུང་འཇུག་གི་ཡེ་ཤེས་ཀྱི་སྐུ་དེ་ཉིད་སྒྲུབ་བྱེད་དུ་འགྲོ་སྟེ། དུས་འཁོར་རྩ་རྒྱུད་ལས། དབང་བསྐུར་གསུམ་གྱི་རིམ་པ་ཡིས། །ལུས་ངག་སེམས་ནི་ཡང་དག་སྦྱོང༌། །བཞི་པ་ཡེ་ཤེས་དག་པ་སྟེ། །ལུས་ངག་སེམས་ནི་སྦྱོང་བ་འོ། །ཞེས་གསུངས་ལ། འདིས་འབུམ་ལྔའི་ལུང་དོན་གསལ་བར་བྱས་ཡོད་དོ། །དེ་དག་གི་དགོངས་པ་བཞིན་དུ། རྡོ་རྗེའི་ཚིག་རྐང་ལས། བཞི་པ་ལུས་ངག་ཡིད་གསུམ་གྱི་དབང་མཐར་ཕྱིན། ཞེས་དང༌། ལམ་འབྲས་པོད་དམར་གྱི་ནང་ཚན་ས་ཆེན་གྱི་དབང་བཞི་ངོ་སྤྲོད་ལས། མཆོག་དབང་བཞི་པ་དབའ་རླབས་བསྒོམ། །རྡོ་རྗེའི་དབའ་རླབས་བསྒོམས་པ་ཡིས། །ལུས་ངག་ཡིད་གསུམ་ཡེ་ཤེས་འབར། །འབྲས་བུ་བཞི་པའི་རྟོགས་པ་སྐྱེ། །ཞེས་གསུངས་ལ། གནད་དེ་དག་ཐམས་ཅད་ཤིན་ཏུ་གསལ་བར། རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་ལས། དེ་ལྟ་བུའི་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པ་ནི་དབང་བཞི་པ་ཡིན་ལ། དེ་ཡང་སྔ་མའི་ལམ་གཉིས་


GTD005_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ལམ་དུས་ཀྱི་དབང་བཞི་པ་བསྒྲུབས་ཤིང༌། སློབ་པའི་ཟུང་འཇུག་གིས་མི་སློབ་པའི་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པར་བསྒྲུབས་པས་དབང་བཞི་པའི་ལམ་དུ་རིམ་གཉིས་ཐམས་ཅད་འདུ་བ་ཡིན་ནོ། །ཞེས་འདོམས་པར་མཛད་དོ། །ཚུལ་འདི་གོ་ན་དབང་བཞི་བྱིན་རླབས་རྣམས་ལ་བདུད་རྩི་འབེབས་སྦྱངས་རིམ་དང་ཅིག་ཅར་བྱེད་པ་དང༌། སྐུ་གསུང་ཐུགས་སོ་སོ་བ་དང་བསྡོམས་པའི་རྗེས་གནང་ཞེས་པ་རྣམས་ཀྱང་བཞིའི་གྲངས་མ་ཚང་བའི་ཧོར་ཁུང་གསོབ་བྱེད་ཙམ་མ་ཡིན་པར་ལམ་གྱི་ལུས་སྤྱི་དང་འབྲེལ་བའི་དགོས་པ་ཁྱད་པར་ཅན་ཡོད་པ་ཤེས་པར་འགྱུར་རོ། །དེས་ན་འདི་ལ་ཚིག་ཉུང་བ་ཡང་བརྗོད་བྱ་རྒྱ་ཆུང་བ་མ་ཡིན་གྱི། སྔ་མ་ཐམས་ཅད་འདི་ཉིད་གཏན་ལ་འབེབས་པའི་ཡན་ལག་ཏུ་འཁྱེར་ཤེས་དགོས་པས། རྒྱས་བཤད་ཟུར་དུ་མ་མཛད་པ་ཡིན་ཏེ། བླ་མེད་ཀྱི་རྒྱུད་སྡེ་རྣམས་སུ་དབང་དང་པོ་གསུམ་གྱི་རྣམ་གཞག་རྒྱས་པར་གསུངས་ཀྱང༌། བཞི་པ་སྟོན་པ་ན། དེ་ལྟར་དེ་བཞིན་བཞི་པ་ཡང༌། །ཞེས་དང༌། བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་པ་ལྟ་བུ་ཟུར་ཙམ་རེ་ལས་མ་གསུངས་པ་དེ། དབང་དང་པོ་གཉིས་གཟུགས་སྐུ་ཀུན་རྫོབ་ཀྱི་བདེན་པ་སྒྲུབ་བྱེད་དང༌། གསུམ་པ་ཐུགས་དོན་དམ་པའི་བདེན་པ་སྒྲུབ་བྱེད་ཡིན་པས། ཡ་གྱལ་དེ་དག་གནད་དུ་སོང་ན་དེ་དག་དུས་གཅིག་ཏུ་ཚོགས་པའི་ཟུང་འཇུག་འགྲུབ་སླ་བ་དང༌། དབང་དུས་སུ་ཡང་སྔ་མ་རྣམས་མོས་ངོར་ལེགས་པར་ཤར་ན། དེས་མཚོན་ཏེ་དབང་བཞི་པའི་དོན་ལ་གོ་བ་ཆགས་སླ་ཡང༌། སྔ་མ་མེད་ན་མཚོན་པའི་གཞི་མ་གྲུབ་པས་བཤད་ཀྱང་དགོས་པ་མེད་པའི་ཕྱིར། དཔེར་


GTD005_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

ན་མདའ་རྩལ་སྦྱོང་བའི་ཚེ། མདའ་འཕེན་པ་དགོས་པའི་གཙོ་བོ་ཡིན་ཀྱང༌། སྔོན་དུ་མདའ་དང་གཞུ་སོ་སོའི་རྒྱུ་ཚོགས་ཚང་བའི་སྒོ་ནས་ལེགས་པར་བཅོས་ཟིན་ན། འཕེན་པའི་ཚེ་དེ་གཉིས་སྦྱར་ནས་འཕེན་ཚུལ་བརྡ་སྤྲད་དེ་སློབ་པ་མ་གཏོགས་འཕེན་པ་ལོགས་སུ་བཅོས་མི་དགོས་ལ། སྔར་མདའ་གཞུ་མ་བསྒྲུབས་པར་འཕེན་ཚུལ་ཇི་ཙམ་བཤད་ཀྱང་འཕང་དུ་མེད་པ་བཞིན་ཡིན་པའི་ཕྱིར། དེས་ན་དབང་གསུམ་པ་དེ་ཉིད་མཚོན་བྱེད་ཀྱི་དཔེར་བྱས་ཏེ། བཞི་པ་ལ་དེའི་དོན་ཚང་བ་དང༌། ཚང་བར་མ་ཟད་སྔ་མ་ལས་ཆེས་ཁྱད་པར་དུ་འཕགས་ཤིང་གྱ་ནོམ་པ་ཡིན་ནོ་ཞེས་སྟོན་པའི་ཆེད་དུ། དེ་ལྟར་དང༌། དེ་བཞིན་དང༌། ཡང་སྒྲ་སོགས་སྨོས་པ་ཡིན་པའི་ཕྱིར། ངག་གི་དབང་ཕྱུག་གྲགས་པས། དེ་ལྟར་སྒྲ་དང་ལྡན་ཉིད་ཕྱིར། །ཡང་གི་སྒྲ་དོན་ལྡན་ཕྱིར་དང༌། །དེ་བཞིན་སྒྲ་དོན་སྐྱེས་ཉིད་ཕྱིར། །བཞི་པ་དེ་བཞིན་ཉིད་བདག་འདོད། །ཅེས་གསུངས་ཏེ། སོ་སོའི་དོན་ཞིབ་པར་ནི་ཡན་ལག་བདུན་ལྡན་རྩ་འགྲེལ་དང་། སྔགས་རིམ་དབང་དོན་སོགས་ལས་ཤེས་པར་བྱ་ཡི། འདིར་མང་གིས་དོགས་པས་མ་སྤྲོས་ལ། འདི་ཉིད་ཀྱི་མགོར་དེ་ལྟར་ཞེས་སྨོས་པ་ཡང༌། རྒྱུད་དེ་རྣམས་དང་སྒོ་མཐུན་པར་གོང་གི་ཡོན་ཏན་རྣམས་འདིར་མཚོན་བྱེད་ཀྱི་དཔེར་བླངས་པའི་ཚུལ་ཡང་ཤེས་པར་བྱའོ། །དབང་བཞིའི་བཤད་པ་བྱེད་པའི་ཚེ་སྐུ་བཞིའི་ས་བོན་བསྐྲུན་པ་ཞེས་ཐམས་ཅད་ལ་གྲགས་ཆེ་ཡང༌། དབང་བཞི་པ་གང་དང་སྦྱོར་བའི་སྐུའི་ངོས་འཛིན་ཅུང་མི་གསལ་བར་སྣང་ལ། ལམ་འབྲས་རྡོ་རྗེའི་ཚིག་རྐང་ལས། ངོ་བོ་ཉིད་སྐུ་རང་བཞིན་གྱི་ལྷུན་གྲུབ་ཐོབ་པར་བྱེད་པ།


GTD005_Page_0773
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་སོ། །འདིའི་ངོ་བོ་ཉིད་སྐུ་ཞེས་པ་ཡང་དག་པ་གཉིས་ལྡན་གྱི་དབྱིངས་ཙམ་ལ་མི་བྱེད་ཀྱི། གོང་དུ་བཤད་པ་ལྟར་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུའམ། རིམ་ལྔ་གསལ་སྒྲོན་སོགས་སུ་ཟུང་འཇུག་གི་སྐུའི་མིང་གིས་བཏགས་པ་དེ་ལ་བྱེད་དགོས་ཏེ། གྲུབ་ཆེན་དྲིལ་བུ་ཞབས་ཀྱིས། འདི་ནི་ངོ་བོ་ཉིད་སྐུ་སྟེ། །སྟོང་ཉིད་སྙིང་རྗེ་གཉིས་མེད་པ། །མ་ནིང་ཞེས་བྱར་བརྗོད་པ་སྟེ། །ཁ་ཅིག་ཟུང་འཇུག་ཅེས་བྱར་བརྗོད། །ཅེས་སོ། །དེས་ན་མི་སློབ་པའི་སྐབས་ཀྱི་སྐུ་ཐུགས་ཟུང་དུ་འཇུག་པ་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་གོ་འཕང་ནི་འདིར་དངོས་སུ་བསྟོད་ཡུལ་གཙོ་བོ་ཡིན་ཞིང༌། དེ་ལ་རང་གི་རིགས་འདྲ་སློབ་པའི་ཟུང་འཇུག་ཐོབ་པ་སྔོན་དུ་འགྲོ་དགོས་པས། དེའི་རྣམ་གཞག་ཅུང་ཟད་ཙམ་ཞིག་བརྗོད་པར་བྱའོ། །དེ་ཡང་ལུགས་མཐུན་གྱི་སྟོང་པ་བཞི་སྔ་མ་ཕྱི་མ་ལ་ཐིམ་ནས་དོན་གྱི་འོད་གསལ་མངོན་དུ་བྱས་པ་ན། འོད་གསལ་གྱི་ཡེ་ཤེས་དང༌། དེའི་བཞོན་པའི་རླུང་ཕྲ་བ་གཉིས་ལ་བརྟེན་ནས་རང་གི་མཇུག་ཐོགས་སུ་ལུགས་ལྡོག་གི་ཉེར་ཐོབ་གྲུབ་པ་དང་དུས་མཉམ་དུ་སློབ་པའི་ཟུང་འཇུག་གི་སྐུ་གྲིབ་མ་དང་འདྲ་བར་གཅད་དུ་མེད་ཅིང་གཞིག་ཏུ་མེད་པ། འཕོ་བ་མེད་ཅིང་ཉོན་མོངས་པའི་ས་བོན་ཐམས་ཅད་ལས་གྲོལ་བ་ཆུ་ལས་ཉ་ལྡང་བའམ་གཉིད་ལོག་པ་ལས་སད་པ་བཞིན་དུ་བཞེངས་པ་དེའི་ཚེ་ཟུང་འཇུག་ཐོབ་པ་ཡིན་ནོ། །འོན་ཀྱང་སྤྱིར་ཟུང་འཇུག་ཏུ་འཇོག་ཚུལ་མི་འདྲ་བ་ཉེར་གསུམ་ཙམ་ཞིག་རིམ་ལྔ་ལས་གསུངས་ཤིང༌། འདི་ནི་དེའི་ནང་ནས་དང་པོ། འཁོར་བ་དང་ནི་མྱ་ངན་འདས། །རྟོགས་པ་


GTD005_Page_0774
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པོ་སྤངས་པས་ན། །གང་དུ་ངོ་བོ་གཅིག་གྱུར་པ། །ཟུང་དུ་འཇུག་ཅེས་དེ་ལ་བཤད། །ཅེས་འཁོར་འདས་སོགས་སུ་ཞེན་པའི་ཀུན་རྟོག་མཐའ་དག་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་སྤངས་ཏེ། དེས་མི་ཕྱེད་པའི་གཉིས་མེད་དུ་སོང་བའི་སྐུ་ལ་ཟུང་འཇུག་ཏུ་བཞག་པ་སྤྱི་སྐད་ལ་སྤངས་པ་ཟུང་འཇུག་ཅེས་གྲགས་པ་དེ་ཡིན་ནོ། །དེ་ཐོབ་པས་ཟུང་འཇུག་ཐོབ་པ་ཙམ་གྱི་གྲངས་སུ་འགྲོ་ཡང་ཟུང་འཇུག་གཙོ་བོ་ཐོབ་པ་མིན་ཏེ། ཟུང་འཇུག་གི་གཙོ་བོ་ནི་རྟོགས་པ་ཟུང་འཇུག་ཡིན་ལ། དེ་ཐོབ་ཚུལ་ནི་རིམ་ལྔ་ལས། དེ་ཉིད་ཤེས་པས་རིམ་པ་བཞིན། །རང་བྱིན་རླབས་དང་འོད་གསལ་ཤེས། །དེ་དག་ཁོ་ན་འདུས་པ་གང༌། །འདི་ནི་ཟུང་འཇུག་རིམ་པ་འོ། །ཞེས་དང༌། ཀུན་རྫོབ་དང་ནི་དོན་དམ་གྱི། །དབྱེ་བ་སོ་སོར་ཤེས་ནས་ནི། །གང་དུ་ཡང་དག་འདྲེས་གྱུར་པ། །ཟུང་དུ་འཇུག་པར་དེ་བཤད་དོ། །ཞེས་པ་ལྟར་རང་བྱིན་རླབས་ཞེས་པ་ཀུན་རྫོབ་སྒྱུ་མའི་སྐུའི་མཐར་སོན་པ་དང༌། སེམས་འོད་གསལ་ཞེས་པ་དོན་དམ་བདེན་པའི་མཐར་སོན་པ་གཉིས་རེས་འཇོག་མེད་པར་རྒྱུད་གཅིག་ལ་དུས་མཉམ་དུ་ཚོགས་པ་དགོས་སོ། །ཟུང་འཇུག་གི་སྐད་དོད་ཀྱང་ཡུ་ག་ན་དྭ་ཞེས་པའི་ཡུ་ག་ཟུང་དང༌། ན་དྭ་ནི་གཉིས་མ་ཡིན་པ་སྟེ། ཡ་གྱལ་གཉིས་རེས་འཇོག་མ་ཡིན་པ་དུས་གཅིག་ཏུ་ཚོགས་པ་དགོས་པར་བཤད་ཅིང༌། དོན་གྱི་འོད་གསལ་ཐོབ་མ་ཐག་གི་ཚེ། ལུས་སྒྱུ་མའི་སྐུར་སོང་བའི་ཀུན་རྫོབ་མེད་ལ། དེ་ལས་ལུགས་ལྡོག་ཏུ་ལངས་མ་ཐག་གི་ཚེ་སེམས་དོན་དམ་དང་རོ་གཅིག་པའི་འོད་གསལ་མེད་པས་རེས་འཇོག་དང་ལུགས་ལྡོག་གི་སྣང་བ་ཐ་མ་ལས་ལངས་པའི་རྗེས་སུ་སླར་ཡང་འོད་གསལ་གྱི་ཡེ་ཤེས་


GTD005_Page_0775
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མངོན་དུ་བྱས་པ་དེའི་ཚེ་གཉིས་ཀ་ཚང་བས་ཟུང་འཇུག་གི་མཚན་ཉིད་ལེགས་པར་ཚང་ངོ༌། །འདི་ལ་དགོངས་ཏེ། འདུས་པ་ཕྱི་མ་ལས། ཐབས་དང་ཤེས་རབ་སྙོབས་འཇུག་པས། །དངོས་པོ་ཐམས་ཅད་མདོར་བསྡུས་པ། །ཞེས་བརྟན་གཡོ་ཐམས་ཅད་ཀྱི་རྩ་བ་རླུང་སེམས་ཙམ་དུ་ཟད་ཅིང༌། དེ་ཟུང་འཇུག་གི་སྐུ་གཅིག་ཏུ་བསྐྱེད་པས་ན། སྣོད་བཅུད་ཐམས་ཅད་མདོར་བསྡུས་ཏེ་ཟུང་འཇུག་གི་སྐུར་བྱ་བར་གསུངས་སོ། །དེ་ལྟར་ན་ཟུང་འཇུག་གི་རིམ་པའི་སྦྱོར་བ་ཡན་ལག་དྲུག་ཏུ་ཕྱེ་བའི་རྗེས་དྲན་དང་ཏིང་ངེ་འཛིན་ལ་བསླབ་སྟེ། སློབ་པའི་ཟུང་འཇུག་བོགས་འབྱིན་སྤྱོད་པ་དང་བཅས་པ་མཐར་ཕྱིན་ནས་མི་སློབ་པའི་ཟུང་འཇུག་མངོན་དུ་བྱེད་དོ། །དེའི་ཚུལ་ཡང༌། རྡོ་རྗེ་གུར་དང་འདུས་པ་གཉིས་ཀ་ལས། རྡོ་རྗེ་ཉི་མ་ནུབ་ནས་ནི། །སྦྱོར་བ་འདི་ནི་རབ་སྩལ་ན། །སྐྱ་རེངས་འཆར་བའི་དུས་སུ་ནི། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་སོགས་ཀྱིས་བསྟན་ཏེ། དེའི་དོན་ཕྱི་ནང་གི་བྱང་ཆུབ་པའི་རིམ་པ་གཉིས་ལས། ཕྱི་ལ་སྦྱར་ན་ཚེས་བཅོ་ལྔའི་ཉི་མ་ནུབ་ནས་དམར་ཐག་ཆོད་པའི་དུས་སུ་ཚོགས་ཀྱི་མཆོད་པས་བླ་མ་མཉེས་པར་བྱས་ལ། དེས་ཀྱང་ཕྱག་རྒྱ་ལ་བརྟེན་ནས་དབང་བསྐུར་ཞིང་གདམས་པ་ཕོག་པས་སྐྱ་རེངས་འཆར་བའི་དུས་སུ་མཆོག་འགྲུབ་པ་དང༌། ནང་ལ་སྦྱར་ན་བྱང་ཆུབ་ཀྱི་སེམས་ཀྱི་ནུས་པ་ཡོངས་སུ་རྫོགས་པས་ཉི་མ་དང་ཟླ་བས་མཚོན་པའི་སྣང་མཆེད་ཐོབ་གསུམ་རིམ་གྱིས་འགགས་ཏེ། དག་པ་གཉིས་དང་ལྡན་པའི་ཡུལ་གྱི་འོད་གསལ་འདུ་མ་བྱས་ཆོས་ཀྱི་སྐུ་དང༌། ཡུལ་ཅན་གྱི་འོད་གསལ་


GTD005_Page_0776
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཆོས་ཀྱི་སྐུ། དེའི་རྟེན་རླུང་སེམས་ཙམ་ལས་གྲུབ་པའི་གཟུགས་ཀྱི་སྐུ་གསུམ་ག་དབྱེར་མི་ཕྱེད་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་རོ། །དེས་ན་ཁྱད་གཞི་འཕགས་མས་མངོན་དུ་མཛད་པའི་མཐར་ཐུག་གི་གོ་འཕང་དེ་ཉིད་ལ། ཁྱད་ཆོས་སྐུ་ཐུགས་གཉིས་སམ་བདེན་གཉིས་ཟུང་དུ་འཇུག་པའི་ཆ་ནས་མི་སློབ་པའི་ཟུང་འཇུག་དང༌། སྐུ་གསུང་ཐུགས་དབྱེར་མི་ཕྱེད་ཅིང་ཡོན་ཏན་ཡོངས་སུ་རྫོགས་པའི་ཆ་ནས་གསང་གསུམ་མི་ཟད་པ་རྒྱན་གྱི་འཁོར་ལོ་དང༌། དེ་གསུམ་དབྱེར་མེད་པའི་སྒོས་འཁོར་བ་མ་སྟོང་བར་དུ་འགྲོ་བའི་དོན་མཛད་ཚུལ་གྱི་སྟེང་ནས་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་གོ་འཕང་ཞེས་བཤད་པ་རྣམས་ཁྱད་གཞི་གཅིག་པར་མ་ཟད། ཁྱད་ཆོས་ཀྱང་དབྱེ་བ་འབྱེད་ཚུལ་མི་འདྲ་བ་ཙམ་ལས། དོན་གྱི་ངོ་བོ་ལ་མི་འདྲ་བ་ཅུང་ཟད་ཀྱང་མེད་དོ། །དེ་གསུམ་ལས་དང་པོ་ཟུང་འཇུག་ཏུ་འཇོག་ཚུལ་བརྗོད་ཟིན་པ་ལྟར་ཡིན་ལ། ཡན་ལག་བདུན་ལྡན་དུ་འཇོག་ཚུལ་ངག་གི་དབང་ཕྱུག་གྲགས་པས་གསལ་བར་ཕྱེ་ཞིང༌། དེ་ལ་བསྒྲུབ་བྱ་སྒྲུབ་བྱེད་དང་འབྲེལ་བའི་གནད་རྣམས་ཤིན་ཏུ་གསལ་བའི་དབང་གིས། རྗེ་བླ་མས་དབང་དོན་དང་སྔགས་རིམ་སོགས་སུ་དབང་བཞི་པའི་ཟུང་འཇུག་གི་དོན་ལ་གོ་བ་སྐྱེད་ཚུལ་དེའི་སྟེང་ནས་རྒྱས་པར་གསུངས་སོ། །རྡོ་རྗེའི་ཚིག་རྐང་སོགས་ལམ་འབྲས་ཀྱི་གཞུང་རྣམས་སུ་ངོ་བོའི་ཡོན་ཏན་རྒྱས་པར་བཤད་པ་ལ་དགོངས་ཏེ། དབང་བཞི་པའི་ཚེ་གསང་གསུམ་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཐ་སྙད་དང་བཤད་པ་གཙོ་བོར་མཛད་ཅིང༌། འདིར་ཡང་རྟེན་གཞིའི་རྒྱུད་ཀྱི་དབང་གིས་དེ་དང་སྒོ་བསྟུན་ཏེ། གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོ་ལ། །ཞེས་སྨོས་སོ། །


GTD005_Page_0777
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་དོན་ཅུང་ཟད་ཕྱེ་སྟེ་བཤད་ན། རྡོ་རྗེའི་ཚིག་རྐང་ལས། བདེ་བར་གཤེགས་པའི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ལ་དག་པའི་སྣང་བའོ། །ཞེས་དང༌། བཅུ་གསུམ་རྡོ་རྗེ་འཛིན་པར་རྟེན་འབྲེལ་འགྲིགས་པ་ལྟར་སྣང༌། ཞེས་སོགས་གསུངས་ལ། དེའི་དགོངས་པ་འགྲེལ་པའི་གཞུང་སྔ་ཕྱི་མང་ཡང་གཙོ་བོར་གྱུར་པ། ཨ་སེང་ཞུ་ཀློག་ཡུམ་དང་སྲས། །ཟླ་བཟང་རྒ་ལྡན་ཀའུ་གཉག །ཅེས་པ་ལྟར། ཨ་སེང་མ། ཞུ་བྱས་མ། ཀློག་ཀྱ་མ། ཡུམ་དོན་མ་སོགས་ས་ཆེན་ཉིད་ཀྱིས་མཛད་པའི་རྣམ་འགྲེལ་བཅུ་གཅིག་ཏུ་གྲགས་པ་ལས། ཕྱི་མོ་ལྟ་བུ་མདོ་སྨད་པ་བྱང་སེམས་ཨ་སེང་གི་དོན་དུ་མཛད་པའི་ལམ་འབྲས་ཨ་སེང་མར་གྲགས་པ་ལས། སྐུ་གསུང་ཐུགས་ཐམས་ཅད་མཁྱེན་པ་སྐུ་གསུང་ཐུགས་ཀྱི་རྟེན་འབྲེལ་འགྲིགས་པ་ལྟར་སྣང༌། སྙིང་པོ་ཀྱཻ་རྡོ་རྗེ་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ། ངོ་བོ་ཉིད་ཀྱི་སྐུ་ཞེས་བྱ་བ་མངོན་དུ་གྱུར་ཏེ། སྐུ་ཐམས་ཅད་པའི་དུས་ན་གསུང་དང་ཐུགས་ཐམས་ཅད་པ་ཡིན་ལ། གཉིས་པོའི་ཚེ་ན་ཡང་དེ་བཞིན་དུ་ཡིན་པས། ཞེས་དང༌། མཐར་ཐུག་དེ་ཁོ་ན་ཉིད་ཀྱི་བདེ་བར་གཤེགས་ཏེ་དོན་ངོ་བོ་ཉིད་ཀྱི་སྐུའོ། །དེའི་སྐུ་མི་ཟད་པ་ནི་རྩ་གནས་གྱུར་པ་སྤྲུལ་བའི་སྐུ་སྟེ། སྐུའི་གསང་བ་བསམ་གྱིས་མི་ཁྱབ་པ་དང་སྐུ་ཐམས་ཅད་པའོ། །སྐུའི་གསང་བ་བསམ་གྱིས་མི་ཁྱབ་པ་ནི་སྐུའི་ཚད་གཟུང་མི་ནུས་པ་སྟེ། ཤཱཀྱ་ཐུབ་པའི་དབུའི་གཙུག་ཏོར་བལྟར་མི་མཐོང་བ་ལྟ་བུའོ། །སྐུ་ཐམས་ཅད་པ་ནི་སྤྲུལ་བ་མཆོག་ཤཱཀྱ་ཐུབ་པ་ནས། རི་བོང་དང༌། སྟག་དང༌། སེང་གེ་ལ་སོགས་པ་རྒྱུད་ཀྱིས་བསྡུས་


GTD005_Page_0778
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཟུགས་སུ་སྟོན་པ་དང༌། རྒྱུད་ཀྱིས་མ་བསྡུས་པའི་གྲུ་དང་གཟིངས་དང་ཟམ་པ་དང༌། དཔག་བསམ་གྱི་ཤིང་དང༌། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་སོགས་པར་སྤྲུལ་ནས་སེམས་ཅན་གྱི་དོན་བྱེད་པའོ། །རྩ་ཡི་གེ་གནས་གྱུར་པ་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། གསུང་མི་ཟད་པ་གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པ་དང༌། གསུང་ཐམས་ཅད་པ་ལོངས་སྤྱོད་རྫོགས་པའི་སྐུའོ། །གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པ་ནི། གསུང་གི་ཚད་གཟུང་བར་མི་ནུས་ཏེ། སྔོན་ཤཱ་རིའི་བུས་གང་ཙམ་ནས་ཐོས་སྙམ་ནས་ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་བཅུ་བརྒལ་ནས་ཕྱིན་པས་ཐོས་པ་ལྟ་བུའོ། །གསུང་ཐམས་ཅད་པ་ནི་ལེགས་པར་སྦྱར་བའི་སྐད་ནས་བཟུང་སྟེ་འགྲོ་བ་མཐའ་དག་གི་སྐད་དུ་ཆོས་སྟོན་པ་ནས། མེ་སྒྲ་དང་ཆུ་སྒྲ་ལ་སོགས་པ་འབྱུང་བ་མཐའ་དག་གི་སྒྲས་ཀྱང་སེམས་ཅན་གྱི་དོན་བྱེད་པའོ། །ཁམས་བདུད་རྩི་གནས་གྱུར་པ་ཐུགས་མི་ཟད་པ་ནི། ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ་དང༌། ཐུགས་ཐམས་ཅད་པ་ཆོས་ཀྱི་སྐུའོ། །དང་པོ་ནི་ཐུགས་ཀྱི་ཚད་གཟུང་བར་མི་ནུས་པ་སྟེ་དགྲ་བཅོམ་པའི་མངོན་པར་ཤེས་པས་ཀྱང་མི་ཤེས། ས་བཅུ་པའི་བྱང་ཆུབ་སེམས་དཔས་ཀྱང་མི་ཤེས་པའི་ཤེས་བྱ་ཡུལ་དང་དུས་དང་རང་བཞིན་གྱིས་བསྐལ་པ་རྣམས་སངས་རྒྱས་ཀྱིས་མཁྱེན་པའོ། །ཐུགས་ཐམས་ཅད་པ་ཤེས་བྱ་ཇི་སྙེད་པ་མཁྱེན་པ་ནི། ཀུན་རྫོབ་ཀྱི་རྟེན་འབྲེལ་མེ་ཏོག་མདོག་ལེགས་པ། ཚེར་མ་རྣོ་བ། དུག་གིས་འཆི་བ། སྨན་གྱིས་གསོ་བ། སྲན་མ་ཟླུམ་པ་ལ་སོགས་པ་རྒྱུ་འདི་ལས་འབྲས་བུ་འདི་འབྱུང་ཞེས་རྒྱུ་འབྲས་མ་འདྲེས་པར་སོ་སོར་མཁྱེན་པའོ། །ཤེས་


GTD005_Page_0779
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་ཇི་ལྟ་བ་མཁྱེན་པ་ནི། དངོས་པོའི་གནས་ལུགས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་མཁྱེན་པའོ། །ཞེས་པ་ཡན་ཆད་ཀྱིས་གསང་གསུམ་མི་ཟད་པའི་དོན་རྒྱས་པར་གསུངས་ཤིང༌། དེ་ནས་རྒྱན་གྱི་འཁོར་ལོའི་སྒྲ་དོན་འཆད་པ་ལ། རྒྱན་ནི་གསེར་ལ་སོགས་པའི་རྒྱན་དེ་རང་གཞན་གཉིས་ཀ་ལ་མཛེས་པ་ལྟར། སྐུ་གསུང་ཐུགས་མཛད་པ་འཕྲིན་ལས་ཐམས་ཅད་འབད་པ་མེད་པར་ལྷུན་གྲུབ་ཏུ་ཐོབ་པ་དེ་རང་གཞན་གཉིས་ཀ་ལ་མཛེས་པའི་རྒྱན་ནོ། །འཁོར་ལོ་ནི་མཛད་པ་འཕྲིན་ལས་ཀྱི་ཙཀྲ་སྟེ། སྔ་མ་སྔ་མ་སངས་རྒྱས་ནས་ཕྱི་མ་ཕྱི་མ་སངས་རྒྱས་ལ་བཀོད་ནས་ཀྱང༌། གདུལ་བྱ་ཕྱི་མ་སངས་རྒྱས་ཀྱི་ས་ལ་བཀོད་པ་སྟེ། དོན་བྱས་པ་དང་དོན་བྱེད་པ་གཉིས་ཀས་ཀྱང་འཁོར་བ་མ་སྟོང་བར་དུ་སེམས་ཅན་གྱི་དོན་མཛད་པ་རྒྱུན་མི་འཆད་པའོ། །ཆོས་སྐུ་ནི་རང་གི་ངོ་བོ་མི་འགྱུར་བའི་འཁོར་ལོའོ། །ལོངས་སྐུ་ནི་གནས་གཞན་དུ་མི་འགྱུར་བའི་ཙཀྲའོ། །སྤྲུལ་སྐུ་ནི་མཛད་པ་འཕྲིན་ལས་རྒྱུན་མི་འཆད་པའི་ཙཀྲའོ། །ཞེས་སྐུ་གསུང་ཐུགས་གསུམ་གའི་ངོ་བོ་དང་བྱེད་ལས་ཀྱི་ཡོན་ཏན་ནམ་མཁའི་མཐའ་དང་མཉམ་པས་མི་ཟད་པ་དང༌། དེ་ཐམས་ཅད་འཇིག་རྟེན་ཀུན་ལ་ཕན་པའི་དོན་དུ་འགྱུར་བས་རྒྱན་དང༌། དེ་ཡང་དུས་རེས་འགའ་ཙམ་མ་ཡིན་པར་གཅིག་ནས་གཅིག་ཏུ་བརྒྱུད་དེ་འཁོར་བ་མ་སྟོང་གི་བར་དུ་འཇུག་པ་འཁོར་ལོའི་དོན་དུ་བཤད་དོ། །དང་པོ་མི་ཟད་པར་འགྲོ་བའི་རྒྱུ་མཚན་ནི། ཐོག་མར་སེམས་བསྐྱེད་པའི་དུས་ནས་བཟུང་སྟེ། སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་ལ་དམིགས་པ་དང༌།


GTD005_Page_0780
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་གྱི་ཁམས་བསམ་གྱིས་མི་ཁྱབ་པའི་དོན་དུ་བསྒྲུབས་པའི་སྟོབས་ཀྱིས་ཡིན་ཏེ། བློ་གྲོས་མི་ཟད་པའི་མདོ་ལས། མདོར་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་མི་ཟད་པ་སྟེ། བྱང་ཆུབ་ཀྱི་སེམས་ནི་དེ་དག་གི་རྩ་བར་སྐྱེས་པས་ན་མི་ཟད་པའོ། །དཀོན་མཆོག་གསུམ་གྱི་རིགས་རྒྱུན་མི་གཅོད་པས་མི་ཟད་པའོ། །སེམས་ཅན་གྱི་ཁམས་མི་ཟད་པས་ན་མི་ཟད་པའོ། །ཞེས་སོགས་དང༌། དབུས་མཐའི་འགྲེལ་པ་ལས། ཟད་མི་ཤེས་པ་དམ་པ་ནི། བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོས་པས་གཏན་དུ་ཡོངས་སུ་གཏུགས་པར་མི་འགྱུར་བའི་ཕྱིར་རོ། །ཞེས་དང་། དེའི་འགྲེལ་བཤད་བློ་བརྟན་གྱིས་མཛད་པ་ལས། ཡང་ན་སེམས་ཅན་རྣམས་ཀྱི་དོན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བ་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོས་པ་དག་སེམས་ཀྱི་ཁམས་བཞིན་དུ་མི་ཟད་པ་ཡིན་ཏེ། དེ་བས་ན་སེམས་ཅན་གྱི་ཁམས་བཞིན་དུ་གཏན་དུ་ཡོངས་སུ་གཏུགས་པར་མི་འགྱུར་རོ། །ཞེས་གསུངས་ཤིང༌། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་དང་སྤྱོད་འཇུག་སོགས་ལས་ཀྱང་དཔེ་དང་བཅས་ཏེ་གསལ་བར་གསུངས་སོ། །རྒྱན་གྱི་དོན་ཡང་འཇིག་རྟེན་ན་ཡུལ་དེ་མཛེས་ཤིང་ཁྱད་པར་འཕགས་པར་བྱེད་པ་ལ་རྒྱན་དུ་གྲགས་པ་ལྟར། ཡོན་ཏན་འདི་དག་སངས་རྒྱས་ཀྱི་ཆེ་བར་འགྲོ་བ་ཙམ་དུ་མ་ཟད། འགྲོ་བ་རྣམས་ཀྱང་གོ་འཕང་མཆོག་ཏུ་འགྱུར་བ་འདི་ལ་ལྟོས་པས་ན་འཇིག་རྟེན་གྱི་ཡང་རྒྱན་དུ་གྱུར་པ་སྟེ། རྒྱུད་བླ་མར། འཇིག་རྟེན་གྱི། རྒྱན་གྱུར་ཅེས་པའི་ཐོགས་འགྲེལ་ལས། འཇིག་རྟེན་གྱི་རྒྱན་དུ་གྱུར་པར་ཆོས་མཐུན་པས་ནི་འགྲོ་བ་


GTD005_Page_0781
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱི་དགེ་བའི་རྒྱུ་ཡིན་པའི་ཕྱིར། ཞེས་སོ། །འཁོར་ལོའི་དོན་ལ་གཉིས་ལས། མཉམ་རྗེས་རེས་འཇོག་མེད་པར་ཆོས་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་བཞིན་དུ་གང་འཚམ་གྱིས་འགྲོ་བའི་དོན་མཛད་ཅིང༌། གཟུགས་སྐུ་སྣ་ཚོགས་ཆུ་ཟླ་ལྟར་སྟོན་བཞིན་དུ་ཆོས་ཀྱི་དབྱིངས་ལ་རྩེ་གཅིག་ཏུ་མཉམ་པར་འཇོག་པའི་སྐུ་ཐུགས་ཟུང་འཇུག་གི་སྟེང་ནས་འཁོར་ལོར་འཇོག་ཚུལ་འོག་ཏུ་འབྱུང་ཞིང༌། འདིར་འཕྲིན་ལས་གཅིག་ནས་གཅིག་ཏུ་བརྒྱུད་དེ་རྒྱུན་མི་འཆད་པས་འཁོར་ལོར་བཤད་དེ། གཞི་བསྡུ་བ་ལས། དེ་བས་ན་གཅིག་ནས་གཅིག་ཏུ་བརྒྱུད་དེ་བསྐོར་བའི་དོན་གྱིས་ན་འཁོར་ལོ་ཞེས་གསུངས་པ་ལྟར་རོ། །དེས་ན་གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོ་ཞེས་པ་དང་། ཁ་སྦྱོར་ཡན་ལག་བདུན་ལྡན་ཞེས་པ་གཉིས་ཀ་མིང་མི་འདྲ་ཡང་དོན་ཟུང་འཇུག་གི་རྒྱས་བཤད་དུ་འགྲོ་བ་ལ་ཁྱད་པར་མེད་དེ། གསང་གསུམ་ཞེས་པ་གང་ཟུང་དུ་འཇུག་རྒྱུའི་སྐུ་ཐུགས་གཉིས་ཀྱི་སྟེང་དུ་དེའི་ཚོགས་པ་ནས་གདུལ་བྱའི་དོན་བྱེད་པའི་ཐབས་ཀྱི་གཙོ་བོ་གསུང་ཟུར་དུ་ཕྱེ་སྟེ་གྲངས་གསུམ་དུ་བྱས་པ་ཙམ་ཡིན་ལ། མི་ཟད་རྒྱན་གྱི་འཁོར་ལོ་ཞེས་པས། དེ་དག་ངོ་བོ་དབྱེར་མེད་པ་གྲུབ་བདེ་རྫས་གཅིག་པའི་ཚུལ་གྱིས་འཁོར་བ་མ་སྟོང་བར་དུ་བཞུགས་པས་ཟུང་དུ་འཇུག་ཚུལ་བསྟན་པ་ཡིན་པའི་ཕྱིར། ཨ་སེང་མ་ལས། སྐུ་ཐམས་ཅད་པའི་དུས་ན་གསུང་དང་ཐུགས་ཐམས་ཅད་པ་ཡིན་ལ། གཉིས་པོའི་ཚེ་ན་ཡང་དེ་བཞིན་དུ་ཡིན་པས། གྲུབ་བདེ་གཅིག་པའི་ཚུལ་གྱིས་གདུལ་བྱ་མཐའ་དག་གི་དོན་དུ་འགྱུར་བའོ། །ཞེས་འཁོར་ལོའི་སྒྲ་དོན་


GTD005_Page_0782
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་ཅིང་འདི་དང་ཡན་ལག་བདུན་གྱི་རྒྱུན་མི་འཆད་པ་དང༌། འགོག་པ་མེད་པའི་ཡན་ལག་དོན་གཅིག་གོ །དེ་བཞིན་དུ་ཁ་སྦྱོར་ཡན་ལག་བདུན་གྱིས་ཀྱང་ཟུང་འཇུག་རྒྱས་པར་བཤད་པ་ཡིན་ཏེ། ཡན་ལག་བདུན་ནི། ངག་གི་དབང་ཕྱུག་གྲགས་པས། ལོངས་སྤྱོད་རྫོགས་དང་ཁ་སྦྱོར་བདེ་ཆེན་རང་བཞིན་མེད། །སྙིང་རྗེས་ཡོངས་གང་རྒྱུན་མི་འཆད་དང་འགོག་པ་མེད། །ཅེས་དང༌། སྡོམ་འབྱུང་དཀའ་འགྲེལ་པདྨ་ཅན་ལས། དཔལ་བདེ་མཆོག་གི་རྣམ་པ་ལོངས་སྤྱོད་རྫོགས་པའི་ཡན་ལག་དང༌། རྡོ་རྗེ་ཕག་མོས་ཡང་དག་འཁྱུད་པ་ཁ་སྦྱོར་གྱི་ཡན་ལག་དང༌། དེའི་དགའ་བ་བདེ་བ་ཆེན་པོའི་ཡན་ལག་དང༌། དེ་དང་སྟོང་པ་ཉིད་རོ་གཅིག་པ་རང་བཞིན་མེད་པའི་ཡན་ལག་དང༌། དེ་ལས་ཡང་བཞེངས་པ་སྙིང་རྗེའི་ཡན་ལག་དང༌། དེ་བར་ཆད་མེད་པ་རྒྱུན་ཆད་མེད་པའི་ཡན་ལག་དང༌། འཁོར་བ་མ་སྟོང་གི་བར་དུ་མྱ་ངན་ལས་མི་འདའ་བས་འགོག་པ་མེད་པའི་ཡན་ལག་ཅེས་པ་ནི་ཡན་ལག་བདུན་ནོ། །ཞེས་པ་ལྟར་ལ་ཡན་ལག་དང་པོ་བཞིས་གང་ཟུང་དུ་འཇུག་རྒྱུའི་སྐུ་ཐུགས་གསལ་བར་བསྟན། ཕྱི་མ་གསུམ་གྱིས་དེ་གཉིས་ཟུང་དུ་འཇུག་པའི་སྒོ་ནས་རྟག་ཏུ་བཞུགས་ཚུལ་བསྟན་པའི་ཕྱིར་ཏེ། སྔགས་རིམ་ལས། སྐུ་ལོངས་སྐུ་དང་ཁ་སྦྱོར་གྱི་ཡན་ལག་གཉིས་ཀྱི་བདག་ཉིད་དུ་གྱུར་པ་དང༌། ཐུགས་དེ་ཁོ་ན་ཉིད་ལ་གནས་པའི་བདེ་བ་ཆེན་པོ་དང༌། རང་བཞིན་མེད་པའི་ཡན་ལག་གཉིས་ཀྱི་བདག་ཉིད་དུ་གྱུར་པའི་ཟུང་འཇུག །ཅེས་སོ། །དེ་ནས་རྒྱུན་མི་འཆད་པའི་ཡན་ལག་དང༌། རྒྱུན་མི་འཆད་པར་མ་ཟད་གཟུགས་སྐུའི་སྣང་བ་དེ་ཡང་གཏན་དུ་མི་སྡུད་པར་བཞུགས་


GTD005_Page_0783
[མ་དཔེ་གཟིགས་ན་འདིར་གནོན།]

པ་འགོག་པ་མེད་པའི་ཡན་ལག་གཉིས་ཀྱིས་འཁོར་བ་མ་སྟོང་བར་དུ་བཞུགས་ཚུལ་དངོས་བསྟན་པ་ཡིན་ལ། སྙིང་རྗེས་ཡོངས་སུ་གང་བའི་ཡན་ལག་ནི། དེའི་རྒྱུའི་དབང་དུ་བྱས་པ་ཡིན་ཏེ། རྣམ་འགྲེལ་ལས། སྙིང་རྗེ་དམན་པ་ཉིད་ཕྱིར་ཡང་། །གནས་པའི་འབད་རྩོལ་ཆེན་པོ་མེད། །གང་དག་བརྩེ་བ་ཆེན་པོ་པ། །གཞན་གྱི་ངོར་ནི་བཞུགས་པ་ཡིན། །ཞེས་གསུངས་པ་ལྟར་རོ། །དེ་བ་ཙནྡྲའི་ཤེས་རབ་ཡེ་ཤེས་གསལ་བ་ལས། སྙིང་རྗེས་ངེས་གང་ནི་མི་འགྱུར་བའི་བདེ་བའོ། །ཞེས་བཤད་ཅིང་གཞན་དུ་མས་ཀྱང་དེ་ཉིད་ལྷན་སྐྱེས་ཀྱི་བདེ་ཆེན་ལ་འདོད་པ་མི་འཐད་དེ། ཡན་ལག་བདུན་གྱི་དང་པོ་གསུམ་སྔགས་བླ་མེད་ཀྱི་བཤད་པ་ཐུན་མོང་མ་ཡིན་པ་དང་། ཕྱི་མ་བཞི་ཕར་ཕྱིན་ཐེག་པ་དང་། ཐུན་མོང་གི་བཤད་པར་གསུངས་པས། འདིའི་སྙིང་རྗེ་སྤྱི་དོན་སྐབས་ཀྱི་དམིགས་པ་མེད་པའི་སྙིང་རྗེ་ཙམ་ལ་བྱེད་པའི་ཕྱིར་ཏེ། སྔགས་རིམ་ལས། སྙིང་རྗེས་ངེས་གང་ཞེས་སྨོས་ཏེ། དམིགས་པ་མེད་པའི་སྙིང་རྗེས་མི་རྟོག་བཞིན་དུ་སེམས་ཅན་གྱི་དོན་མཛད་པའོ། །ཞེས་དང་། ཡན་ལག་དང་པོ་གསུམ་ཐུན་མོང་མ་ཡིན་པ་དང་། ཕྱི་མ་བཞི་ཐུན་མོང་བར་མན་སྙེ་ལས་བཤད། ཅེས་གསུངས་ཤིང་། སྡོམ་འབྱུང་དཀའ་འགྲེལ་ཀྱང་། ཡན་ལག་དང་པོ་གསུམ་ནི་ཐུན་མོང་མ་ཡིན་པ་སྟེ། ཐེག་པ་གཞན་དུ་མ་གསུངས། ཞེས་སོ། །འོ་ན་ལོངས་སྐུ་ཕར་ཕྱིན་ཐེག་པར་ཡང་བཤད་པས། དེ་ཡན་ལག་ཐུན་མོང་མ་ཡིན་པར་མི་འགྲོ་སྙམ་ན་སྐྱོན་


GTD005_Page_0784
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དེ། སྐུ་དེ་སྒྲུབ་བྱེད་ཀྱི་རྣམ་པ་མཐུན་པའི་རྒྱུའི་གཙོ་བོ་ཕར་ཕྱིན་ཐེག་པར་མ་བཤད་ཅིང༌། ཁྱད་པར་དུ་བདག་གི་གདགས་གཞི་མཐར་ཐུག་པ་ཕྲ་བའི་རླུང་སེམས་དེ་ཉིད་བྱིན་གྱིས་བརླབས་ཏེ་ལྷ་སྐུར་བསྒྱུར་བས་ན་བདག་བྱིན་བརླབ་ཏུ་གྲགས་པའི་ལམ་གྱིས་བསྒྲུབས་པ་འཇའ་ལུས་རྡོ་རྗེ་སེམས་དཔའི་སྐུ་བདེ་བ་ཆེན་པོའི་རང་མདངས་དེ་ཉིད་སྐབས་འདིའི་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ཞིང༌། དེ་ལ་སྦྱོར་བ་བདུན་པ་ལས་དཔེ་མེད་བདེ་རྫོགས་ཀྱི་སྐུ་ཞེས་བཤད། ལམ་འབྲས་ཨ་སེང་མར། སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོ་ཞེས་བྱ་བར་འགྱུར་ཏེ། གཞན་ཁ་སྦྱོར་མཚན་དཔེས་བརྒྱན་པ་བདེ་བ་འབར་བ་ལ་སོགས་པ་ལོངས་སྐུར་འདོད་པ་ལ་བིརྺ་པ་དེ་ལ་རྩ་གནས་གྱུར་པ་སྤྲུལ་བའི་སྐུ། ཞེས་སོགས་ཀྱིས་རྩ་གནས་གྱུར་སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཐ་སྙད་སྦྱར་ནས་བཤད་པས། ཕར་ཕྱིན་ཐེག་པའི་སྐབས་ཀྱི་ལོངས་སྐུ་དང་མི་འདྲའོ། །ཡན་ལག་བདུན་པོ་དེ་དག་སྐུ་གཅིག་གི་སྟེང་དུ་རིམ་བཞིན་བསྣན་ནས་ཁྱད་ཆོས་སུ་འགྱུར་ཚུལ་གྲགས་ཆེ་ལ། རྗེ་བཙུན་གྲགས་པའི་མངོན་རྟོགས་ལྗོན་ཤིང་ལས། ཆོས་སྐུ་ནི་སྟོང་པ་དང་སྙིང་རྗེ་གཉིས་སུ་མེད་པ་སེམས་གནས་གྱུར་པ་རང་བཞིན་མེད་པའི་ཡན་ལག་གིས་བསྡུས་པ་ཡིན་ནོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་ངག་གནས་གྱུར་པའི་ལོངས་སྤྱོད་རྫོགས་པ་ཁ་སྦྱོར་བདེ་ཆེན་དང་གསུམ་གྱིས་བསྡུས་པ་ཡིན་ནོ། །སྤྲུལ་བའི་སྐུ་ནི་ལུས་གནས་གྱུར་པ་སྙིང་རྗེ་ཆེན་པོ་དང༌། རྒྱུན་མི་འཆད་པ་དང༌། འགོག་པ་མེད་པ་གསུམ་གྱིས་བསྡུས་པ་ཡིན་ནོ། །ཞེས་སྐུ་


GTD005_Page_0785
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་སོ་སོ་ལ་སྦྱར་ཡང་དོན་འགལ་བ་མེད་དོ། །དེ་ལྟར་སྐུ་གསུང་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ་ཡན་ལག་བདུན་ལྡན་གྱི་བདག་ཉིད། ཐོབ་བྱ་དོན་གྱི་དབང་བཞི་པ། འབྲས་བུ་ཟུང་འཇུག་གི་སྐུ་ནི་སྐབས་འདིའི་བསྟོད་པའི་ཡུལ་ཡིན་ཞིང༌།བསྟོད་པ་བྱེད་ཚུལ་ནི། བདག་གི་ལུས་དང་ངག་ཡིད་རབ་གུས་པས། །ལེགས་པར་བསྟོད་ཀྱི།ཞེས་གསུངས་ཏེ། དེ་ཡང་བསྟོད་པའི་ཡུལ་དེ་ལ་དམིགས་ནས་སེམས་དང་བ་ཙམ་མ་ཡིན་པར་གསང་གསུམ་རོ་གཅིག་པའི་ཟུང་འཇུག་གི་སྐུ་དེ་ཉིད་ཚོགས་ཇི་ལྟ་བུས་ཐོབ་ཚུལ་ལེགས་པར་ངེས་ཏེ་མི་ལྡོག་པའི་དང་བ་ཤུགས་དྲག་བསྐྱེད་ཅིང་། རང་གི་ལུས་ངག་ཡིད་གསུམ་ཀྱང་དེ་ལྟ་བུའི་གསང་བ་གསུམ་གྱི་དཔེར་བསྒྱུར་བར་འདོད་པས། ད་ལྟ་ནས་དེ་དང་རྣམ་པ་མཐུན་པའི་ལམ་ལ་སློབ་པ་ཞིག་བྱུང་ན། དང་པོ་གསུམ་གྱི་བྱེད་ལས་ཚང་བས་ལེགས་པར་བསྟོད་པར་འགྱུར་གྱི། རང་གི་བསྒྲུབ་བྱར་མི་བྱེད་ན་དེའི་ཡོན་ཏན་བརྗོད་པ་ཁོ་ནས་ལེགས་པར་བསྟོད་པར་མི་འགྱུར་རོ། །དེས་ན་གུས་པ་བསམ་པའི་ཁྱད་པར་ཡིན་ཀྱང༌། འདིར་ལུས་ངག་ཡིད་གསུམ་སྨོས་པའི་རྒྱུ་མཚན་ཡང་དེ་ཡིན་པ་ཤེས་པར་གྱིས་ཤིག །ཁོ་ན་རེ། ལས་དང་པོ་བའི་སྐབས་སུ་གཟུགས་སྐུ་དང་རྣམ་པ་མཐུན་པའི་ལམ་བསྒོམ་པ་ཙམ་ཡོད་ཀྱང༌། ཡན་ལག་བདུན་པོ་ཐམས་ཅད་དང་རྣམ་པ་མཐུན་པའི་ལམ་སྒོམ་ཚུལ་མེད་སྙམ་ན། མི་འཐད་དེ། བསྐྱེད་རིམ་གྱི་སྐབས་སུ་ཡང་མཚན་དཔེས་བརྒྱན་པའི་ལྷ་སྐུ་ཡུམ་བཅས་སུ་བསྒོམ་སྟེ་བདེ་བ་བསྐྱེད་ཅིང༌། དེ་ཡང་ལྟ་བས་རྒྱས་


GTD005_Page_0786
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་པས་ཡན་ལག་དང་པོ་བཞི་དང༌། སྙིང་རྗེའི་སྒོ་ནས་དཀྱིལ་འཁོར་རྒྱལ་མཆོག་གི་ལྷ་སྤྲུལ་ཞིང༌། དེའི་རྒྱུན་ལ་རིང་དུ་གནས་ནས་མཆོད་བསྟོད་བཟླས་པ་སོགས་ལས་རྒྱལ་མཆོག་བྱེད་པས་ཡན་ལག་ཕྱི་མ་གསུམ་དང་རྣམ་པ་མཐུན་པའི་ཕྱིར། དེར་མ་ཟད་སྨིན་བྱེད་དབང་གི་དུས་ནས་ཀྱང་ཡན་ལག་བདུན་ལྡན་དེ་དང་རྣམ་པ་མཐུན་པ་ཙམ་འབྱུང་དགོས་ཏེ། དཀྱིལ་ཆོག་རྡོ་རྗེ་འཕྲེང་བ་ལས། ཤེས་རབ་ཡེ་ཤེས་དེ་ཉིད་མྱུ་གུར་གྱུར་པའི་བྱང་ཆུབ་ཀྱི་སེམས་བསྒོམ་པས་རབ་ཏུ་འཕེལ་བཞིན་པ་སྒྲིབ་པ་མེད་པ་ཉིད་དུ་གྱུར་པའི་དེ་ཁོ་ན་ཉིད་ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པ་ཉིད་ཀྱི་རང་བཞིན་ཡན་ལག་བདུན་དང་ལྡན་པའི་རྡོ་རྗེ་འཆང་ཆེན་པོ། ཞེས་མྱུ་གུའི་དུས་ན་ལོ་འབྲས་མ་རྒྱས་ཀྱང་དེའི་རྒྱུ་མཐུན་ཚང་བ་དཔེར་བྱས་ནས་གསུངས་སོ། །དེ་ལྟར་འབྲས་བུ་ཟུང་འཇུག་གི་ཡོན་ཏན་མཐོང་ནས་ཆེད་དུ་བརྗོད་ཅིང༌། དེ་དང་རྣམ་པ་མཐུན་པའི་ལམ་ལ་རྗེས་སུ་སློབ་པ་ནི་ལེགས་པར་བསྟོད་པའི་དོན་དང༌། དེ་ནས་དགྱེས་པས་སྙན་དུ་བཞེས། །ཞེས་པ་ནི། བཅོམ་ལྡན་འདས་མ་ཡང་བདག་ལ་ཐུགས་དགྱེས་ནས་ཇི་ལྟར་གསོལ་བ་བཏབ་པའི་དོན་ཐམས་ཅད་དང་དུ་བཞེས་ཏེ་བདག་རྒྱུད་ལ་རྟོགས་པ་ཁྱད་པར་ཅན་དེ་དག་ཐམས་ཅད་མྱུར་དུ་སྐྱེ་བར་བྱིན་གྱིས་རློབས་ཤིག་ཅེས་ཐུགས་རྗེ་བསྐུལ་བའོ། །གཞན་ཡང་སྐུ་གསུང་ཐུགས་གསུམ་སོ་སོ་བ་དང་བསྡོམས་པ་སྟེ་བཞི་ག་དབང་བཞི་དང་སྦྱར་ཞིང༌། དབང་རེ་རེ་ལ་ཡང༌། རྡོ་རྗེའི་ཚིག་རྐང་ལས། ལམ་དུ་བསྐྱེད་རིམ་སོགས་ལྔ་པ་བཞིས་བསྟན། ཞེས་པ་ལྟར། ལམ་གང་ཡིན་


GTD005_Page_0787
[མ་དཔེ་གཟིགས་ན་འདིར་གནོན།]

པ། ལྟ་བ་གང་ཡིན་པ། གྲུབ་མཐའ་གང་ཡིན་པ། འདའ་ཁ་མ་གང་ཡིན་པ། འབྲས་བུ་གང་ཡིན་པ་སྟེ་ལྔ་ལྔའམ། རྒྱས་པར་ཕྱེ་ན་བླ་མ་དང༌། དཀྱིལ་འཁོར་དང༌། དབང་དང༌། དྲི་མ་དང༌། དཔེ་དང༌། ཡོན་ཏན་དང༌། ལམ་དང༌། ལྟ་བ་དང༌། འདའ་ཁ་མ་དང༌། བར་དོ་དང༌། དམ་ཚིག་དང༌། བརྡ་དང༌། གྲུབ་མཐའ་དང༌། འགྲོས་དང༌། འབྲས་བུ་སྟེ་བཅོ་ལྔ་བཤད་ལ། ཕྱི་མ་རྣམས་སྦྱང་གཞི་བསྣན་པ་ལྟར་བཅུ་དྲུག་རེའི་སྒོ་ནས་གཏན་ལ་ཕབ་ན་སྤང་གཉེན་རྒྱུ་འབྲས་ཀྱི་གནད་ཚང་བ་རྟོགས་པར་འགྱུར་བས། ཞིབ་ཏུ་ཤེས་པར་འདོད་ན་ས་སྐྱ་པའི་རྗེ་བཙུན་གོང་མ་ལྔའི་གསུང་རབ་རྣམས་དང༌། ཚར་ཆེན་བློ་གསལ་རྒྱ་མཚོ་ཡབ་སྲས་སོགས་ཀྱི་ལེགས་བཤད་རྣམས་ལས་ཤེས་པར་བྱའོ། །ཟབ་ཡངས་གཏིང་མཐའ་བྲལ་བ་རྒྱ་མཚོའི་ངོགས། །རླབས་ཕྲེང་གཡོ་བའི་སྒྲ་དབྱངས་མི་ཟད་པ། །མེ་འོད་འཁྱུག་པའི་རྟ་གདོང་རི་བོ་བཞིན། །ཐུགས་གསུང་སྐུ་ཡི་ངོ་མཚར་བསམ་ལས་འདས། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །།༈ གསུམ་པ་བརྩམས་པའི་དགེ་བ་བསྔོ་བ་འདོད་གསོལ་དང་བཅས་པ་བཤད་པ་ལ། བསྔོ་བ་དང༌། འདོད་དོན་གསོལ་བ། དོན་བསྡུ་བ་གསུམ། དང་པོ་ལ་མདོར་བསྟན། རྒྱས་བཤད་གཉིས། དང་པོ་ནི། དེ་ལྟར་བདག་གིས་བསྟོད་པའི་ནུས་མཐུ་ལས། །རབ་དཀར་དགེ་བ་ཟླ་ལྟར་དཀར་བ་དེས། །མར་གྱུར་དོན་དུ་སྟོབས་བཅུ་མངའ་བ་ཡི། །གོ་འཕང་ཚེ་འདིར་བདེ་བླག་ཐོབ་པར་ཤོག །ཅེས་བྱུང༌། དེ་ཡང་བསྔོ་བ་ནི་བློ་གྲོས་རྒྱ་མཚོས་


GTD005_Page_0788
[མ་དཔེ་གཟིགས་ན་འདིར་གནོན།]

ཞུས་པའི་མདོ་ལས། ཇི་ལྟར་རྒྱ་མཚོ་ཆེ་ནང་ཆུ་ཐིགས་ལྷུང༌། །རྒྱ་མཚོ་མ་ཟད་བར་དུ་དེ་མི་འཛད། །དེ་བཞིན་བྱང་ཆུབ་ཡོངས་བསྔོས་དགེ་བ་ཡང༌། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་འཛད། །ཅེས་གསུངས་པ་སོགས་མདོ་དང་བསྟན་བཅོས་དུ་མ་ནས་དགེ་རྩ་མི་ཟད་ཅིང་འཕེལ་བའི་ཐབས་ཀྱི་མཆོག་ཏུ་གསུངས་ལ། ཁྱད་པར་ཤེར་ཕྱིན་གྱི་མདོ་སྡེ་རྣམས་སུ་སྦྱིན་སོགས་གང་ལ་སློབ་པའི་ཚེ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པས་མི་དམིགས་པའི་ཚུལ་གྱིས་སློབ་པ་དང༌། དེ་ཡང་ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་མི་བསྔོ་བར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་བསྔོ་བ་གསུམ་གསུམ་ཡ་མ་བྲལ་བར་བྱེད་པ་དགོས་པར་གསུངས་སོ། །བསྔོ་བ་དང་སྨོན་ལམ་ལ་ཁྱད་པར་ཅི་ཡོད་ཅེ་ན། བཟང་པོ་སྤྱོད་པར། གང་དག་བསྔོ་བའི་རྒྱལ་པོ་འདི་ཐོས་ནས། །ཞེས་སོགས་ལ་བརྟེན་ནས་གཙང་ཆུང་ཆོས་གྲགས་སོགས་ཀྱིས་དེ་གཉིས་ཁྱད་མེད་པ་འཐད་ཕྱོགས་སུ་བྱས་སོ། །འོན་ཀྱང་སྤྱོད་འཇུག་དར་ཊཱིཀ་ལས། བསྔོ་བ་དང་སྨོན་ལམ་ལ་ཁྱད་པར་ཆེར་མེད་མོད་ཀྱི། འདོད་བྱའི་འབྲས་བུ་དོན་གཉེར་གྱི་འདུན་པས་ཁྱད་པར་དུ་བྱས་པ་སྨོན་ལམ་དང༌། རྒྱུའི་དགེ་བ་རྣམས་འབྲས་བུ་དེའི་རྒྱུར་འགྱུར་བའི་འདུན་པས་ཁྱད་པར་དུ་བྱས་པ་བསྔོ་བའོ། །ཞེས་སོགས་ཁུངས་ཐུབ་དུ་མས་སྨོན་ལམ་ལ་བསྔོ་བྱའི་རྫས་ཁྱད་གཞིར་བྱས་པས་མ་ཁྱབ་ཅིང༌། བསྔོ་བ་ལ་དེ་འདྲ་ཞིག་དགོས་པར་གསུངས་སོ། །གཞན་ཡང༌། དབུས་མཐའ་ལས། མི་ཟད་པ་དང་རྟག་འཇུག་དང༌། །ཞེས་པའི་ཐད་ཀྱི་དབྱིག་འགྲེལ་ལས། ཡོངས་སུ་བསྔོ་བས་སྦྱིན་སོགས་ཀྱི་དགེ་བ་


GTD005_Page_0789
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཟད་པར་བྱེད་དོ། །སྨོན་ལམ་གྱིས་ནི་སྦྱིན་སོགས་བྱེད་པ་དང་མཐུན་པའི་སྐྱེ་བ་ཡོངས་སུ་འཛིན་པས་ཚེ་རབས་ཐམས་ཅད་དུ་སངས་རྒྱས་འབྱུང་བ་མཉེས་པར་བྱེད་ཅིང་སྦྱིན་སོགས་ཀྱི་བྱ་བ་ལ་རྟག་ཏུ་འཇུག་པ་འཐོབ་བོ། །ཞེས་བསྔོ་བས་སྔར་བྱས་ཀྱི་དགེ་བ་སྤེལ་བ་དང༌། སྨོན་ལམ་ནི་སླར་དགེ་བ་ལ་འཇུག་པའི་རྒྱུར་གསུངས་པ་ལྟ་བུ་རྣམ་གྲངས་ཐ་དད་ཀྱང་དོན་འགལ་བ་མེད་དོ། །དེས་ན་རྐང་པ་དང་པོ་གཉིས་ཀྱིས་བསྔོ་བྱའི་རྫས་བསྟན་ཏེ། དེ་ཡང་བཅོམ་ལྡན་འདས་མ་ཉིད་ཀྱིས་སྔོན་སློབ་པའི་གནས་སྐབས་ན་དབང་བཞི་དང་འབྲེལ་བའི་ལམ་རིམ་གཉིས་མཐའ་དག་ཚུལ་བཞིན་དུ་ཉམས་སུ་བཞེས་པའི་སྟོབས་ཀྱིས་སྐུ་བཞི་མངོན་དུ་མཛད་པའི་ཚུལ། སྙན་ངག་མཁན་པོའི་ཟོལ་བསྟོད་ལྟ་བུ་མ་ཡིན་པར་རྒྱུ་འབྲས་ངོ་བོའི་ཡོན་ཏན་ཆ་ཚང་བ་སྒྲོ་སྐུར་དང་བྲལ་བར་བརྗོད་པའི་སྒོ་ནས་བསྟོད་པ་བྱས་པ་དེ་ལས་བྱུང་བའི་དགེ་བའི་རྩ་བ་སྟོན་གནམ་གཡའ་དག་པའི་དུས་ཀྱི་ཟླ་བ་ཉ་གང་བ་དྲི་མ་མཐའ་དག་དང་བྲལ་བ་དེ་དང་འདྲ་བར། བསམ་པ་དང་སྦྱོར་བ་གང་ལ་ཡང་ཉོན་མོངས་པ་ཅན་གྱི་ཉེས་པའི་སྐྱོན་དང་མ་འདྲེས་པའི་རྣམ་པར་དག་པ་དེ་ཉིད་བསྔོ་བྱའི་རྫས་སུ་ངོས་བཟུང་བ་ཡིན་ནོ། །དེའི་འོག་ཏུ་རྐང་པ་གཉིས་ཀྱིས་བསྔོ་ཚུལ་མདོར་བསྟན་པ་ཡིན་ཏེ། ཆེད་དུ་བྱ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཐོབ་བྱའི་འབྲས་བུ་སྟོབས་བཅུ་མངའ་བ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་དེ་ཉིད་ཕར་ཕྱིན་ཐེག་པའི་ལུགས་ཀྱི་གྲངས་མེད་གསུམ་སོགས་ལ་མི་ལྟོས་པར། སྔགས་བླ་མེད་ཀྱི་མྱུར་ལམ་ལ་བརྟེན་ནས་སྙིགས་དུས་ཀྱི་ཚེ་ཐུང་


GTD005_Page_0790
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལ་བདེ་བླག་ཉིད་དུ་ཐོབ་པར་ཤོག་ཅིག་ཅེས་པ་སྟེ། སྟོབས་བཅུའི་རྣམ་གཞག་སོགས་མདོ་ཙམ་གོང་དུ་བརྗོད་ཟིན་པས་མ་སྤྲོས་སོ། །༈ གཉིས་པ་རྒྱས་པར་བཤད་པ་ལ། རང་དོན་ཕུན་ཚོགས་བྱང་ཆུབ་འཐོབ་པའི་རྒྱུར་བསྔོ་བ་དང༌། གཞན་དོན་ཕུན་ཚོགས་འཕྲིན་ལས་ལྷུན་གྱིས་འགྲུབ་པའི་རྒྱུར་བསྔོ་བ་གཉིས། དང་པོ་ནི། དཔལ་ལྡན་རིག་བྱེད་ལྷ་མོའི་བསྐྱེད་པའི་རིམ། །རྣལ་འབྱོར་བསམ་གཏན་ལ་གཞོལ་ཡེ་ཤེས་མེས། །ཐ་མལ་སྣང་ཞེན་བུད་ཤིང་མ་ལུས་པ། །རིང་པོར་མི་ཐོགས་མྱུར་དུ་སྲེག་པར་ཤོག །ཅེས་བྱུང༌། དེ་ཡང་ལུགས་འདིའི་ལམ་རིམ་པ་གཉིས་ཀས་སྒྲོད་ཚུལ་སོགས་གོང་དུ་བཤད་ཟིན་པས། འདིར་ཚིག་ཙམ་ཞིག་བརྗོད་ན། རྒྱུ་ཚོགས་གཉིས་ལ་བརྟེན་ནས་འབྲས་བུ་སྐུ་གཉིས་ཀྱི་དཔལ་དང་ལྡན་པ་ལྷ་མོ་རིག་བྱེད་མའི་བསྐྱེད་རིམ་སྐུ་གསུམ་གྱི་རྣལ་འབྱོར་ཉམས་སུ་བླངས་ཏེ། སྣང་ངོར་རྟེན་དང་བརྟེན་པ་མཐའ་དག་འཇའ་ཚོན་བཞིན་དུ་མ་འདྲེས་ཤིང་རྫོགས་པར་འཆར་བའི་གསལ་སྣང་དང༌། དེ་ཡང་ངེས་ངོར་ཟབ་མོ་སྟོང་པ་ཉིད་ལ་དམིགས་པའི་དབང་གིས་དག་པའི་ཡེ་ཤེས་དེ་ཉིད་ཀྱི་རང་འོད་བཞིན་ལག་གི་རྣམ་པར་ཤར་བ་འབྲས་དུས་ཀྱི་རྟེན་དང་བརྟེན་པ་དེ་དག་དངོས་ཡིན་སྙམ་པའི་ང་རྒྱལ་གཉིས་ཀ་ཟུང་དུ་འཇུག་པ་ཟབ་གསལ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་མེ་ལྕེས་ཐ་མལ་གྱི་སྣང་བ་དང་ཐ་མལ་གྱི་ཞེན་པའི་བུད་ཤིང་མ་ལུས་པ་དུས་རིང་པོར་མི་ཐོགས་པར་མྱུར་དུ་སྲེག་པར་ཤོག་ཅིག་ཅེས་པའོ། །དེ་ཡང་སྔགས་རིམ་ལས། རྟེན་གཞལ་ཡས་ཁང་དང་བརྟེན་པ་ལྷར་འཆར་བའི་སྣང་བ་གོམས་པས་ཐ་མལ་པའི་སྣང་བ་དང༌། མི་


GTD005_Page_0791
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱོད་པའོ། །རྣམ་སྣང་ངོ་སྙམ་པ་ལ་སོགས་པའི་ངེས་པའི་འཛིན་སྟངས་གོམས་པས་ཐ་མལ་གྱི་ང་རྒྱལ་བཟློག་པར་བྱའོ། །ཞེས་དང༌། ང་རྒྱལ་བསྒོམ་པ་ནི་གཙོ་བོ་ཡིན་ལ། ཐ་མལ་པའི་སྣང་བ་བཟློག་པའི་རྟེན་དང་བརྟེན་པའི་སྣང་བ་ཁྱད་པར་ཅན་བསྒོམ་པ་ནི་དེའི་ཡན་ལག་གོ །ཞེས་གསལ་སྣང་དང་ང་རྒྱལ་གཉིས་ནི་རིམ་པ་བཞིན་ཐ་མལ་གྱི་སྣང་བ་དང་ཞེན་པའི་གཉེན་པོ་ཡིན་ཞིང༌། དེ་གཉིས་ཀྱི་ནང་ནས་ཀྱང་ང་རྒྱལ་བསྒོམ་པ་གཙོ་བོ་ཡིན་ནོ། །ཁོ་ན་རེ། བསྐྱེད་རིམ་དེ་ཐ་མལ་པའི་སྣང་ཞེན་གྱི་བུད་ཤིང་བསྲེག་པའི་མེ་དང་འདྲ་བར་བཤད་པ་མི་འཐད་དེ། དེ་ཙམ་ལ་བརྟེན་ནས་ཐ་མལ་གྱི་སྣང་ཞེན་ས་བོན་དང་བཅས་པ་སྦྱོང་མི་ནུས་པས་སོ་སྙམ་ན་སྐྱོན་མེད་དེ། དཔེར་ན་ཀུན་བཏགས་དང་ལྷན་སྐྱེས་ཀྱི་ཉོན་མོངས་སྤོང་བྱེད་མཐོང་སྒོམ་གྱི་ལམ་རྣམས་ཡིན་ཀྱང༌། དེ་དང་བྱེད་ལས་ཆ་མཐུན་པའི་སྒོ་ནས་སྦྱོར་ལམ་ལ་མེ་དང་འདྲ་བར་སེམས་བསྐྱེད་ཀྱི་སྐབས་སུ་བཤད་པ་བཞིན། ཐ་མལ་པའི་སྣང་ཞེན་ས་བོན་དང་བཅས་པ་སྦྱོང་བྱེད་རྫོགས་རིམ་ཡིན་ཀྱང༌། དེ་མངོན་གྱུར་མགོ་གནོན་པའི་ཆ་ནས་བསྐྱེད་རིམ་ཡང་དེའི་སྦྱོང་བྱེད་དུ་གསུངས་པའི་ཕྱིར། རྟོགས་བརྗོད་ཀེ་ཏ་ཀའི་འགྲེལ་པ་སྐྱབས་མགོན་མཆོག་གིས་མཛད་པ་ལས། བསྐྱེད་རྫོགས་གཉིས་ཀྱི་སྦྱང་གཞི་ནི་སྐྱེ་ཤི་བར་དོ་གསུམ་ཡིན་ཞིང༌། རྫོགས་རིམ་གྱིས་ཐ་མལ་གྱི་སྐྱེ་ཤི་བར་དོ་གསུམ་གྱི་སྣང་ཞེན་གྱི་ས་བོན་སྦྱོང་བ་ཡིན་ལ། བསྐྱེད་རིམ་གྱིས་ཐ་མལ་པའི་སྐྱེ་ཤི་བར་དོའི་སྣང་ཞེན་མངོན་གྱུར་མགོ་གནོན་པ་ཡིན་ནོ། །


GTD005_Page_0792
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས། ཡང་ན་འདིའི་རྣལ་འབྱོར་བསམ་གཏན་ཞེས་པ་བསྐྱེད་རིམ་གྱི་ལྷའི་རྣལ་འབྱོར་ཙམ་ལ་མི་བྱེད་པར། རྣལ་འབྱོར་དྲུག་གི་རྫོགས་རིམ་ལ་བྱས་ན་ལེགས་ཤིང༌། དེ་ལྟར་གཞིའི་སྐུ་གསུམ་ལམ་གྱི་སྐུ་གསུམ་གྱིས་སྦྱངས་ཏེ། འབྲས་བུའི་སྐུ་གསུམ་གྱི་གོ་འཕང་མངོན་དུ་བྱ་བར་སྨོན་པ་ནི་ཤོ་ལོ་ཀ་དང་པོའི་དོན་ནོ། །༈ གཉིས་པ་གཞན་དོན་ཕུན་ཚོགས་འཕྲིན་ལས་ལྷུན་གྱིས་འགྲུབ་པའི་རྒྱུར་བསྔོ་བ་ལ། ཐོག་མར་དབང་དུ་སྡུད་པའི་ཕྱིར་སྨོན་པ་དང༌། དབང་དུ་བསྡུས་ནས་སྨིན་ཅིང་གྲོལ་བར་བྱ་བའི་ཕྱིར་སྨོན་པ་གཉིས། དང་པོ་ནི། ཏིང་འཛིན་སྒྱུ་འཕྲུལ་འོད་ཟེར་ཀྱོ་བ་ཡིས། །དབང་དུ་བྱ་བའི་བསྒྲུབ་བྱ་རླུང་དཀྱིལ་སྟེང༌། །བསིལ་ཟེར་ཕྱེད་དམར་ལ་བཀོད་འཐོར་བྱེད་ཤུགས། །དྲག་པོས་སྐད་ཅིག་ཉིད་ལ་འགུག་པར་ཤོག །ཅེས་བྱུང༌། དོན་བསྡུ་ན་ལྷ་མོ་རིག་བྱེད་མའི་ལམ་རིམ་པ་གཉིས་ལ་གནས་པའི་ཏིང་ངེ་འཛིན་གྱི་འོད་ཟེར་གྱི་ལྕགས་ཀྱུས་གང་དབང་དུ་བྱ་བར་འདོད་པའི་བསྒྲུབ་བྱ་དེ་ཉིད་རླུང་དཀྱིལ་ལ་གནས་པའི་ཟླ་བ་དམར་པོ་ལ་བཀོད། དེ་སྐད་ཅིག་ཉིད་ལ་རླུང་གི་ཤིང་རྟས་རང་དབང་མེད་པར་དྲངས་ཏེ་བདག་ཉིད་ཀྱི་མདུན་དུ་འགུག་ནུས་པར་ཤོག་ཅིག་ཅེས་པའོ། །དེ་ཡང་མཆིལ་པ་དང༌། ཀྱོ་བ་ནི་ལྕགས་ཀྱུའི་བརྡ་རྙིང་དུ་ལི་ཤིའི་གུར་ཁང་ལས་བཤད་དོ། །རླུང་དཀྱིལ་ལ་འགོད་པ་འདིའི་ལས་ཚོགས་རྣམས་སུ་གསལ་བར་གསུངས་ཀྱང༌། ཟླ་བ་དམར་པོ་ལ་འགོད་པ་སྒོས་ཀྱི་མན་ངག་རྣམས་སུ་ཆེར་མ་གསུངས་སོ། །འོན་ཀྱང་རྟོག་བདུན་ལས་རླུང་དཀྱིལ་གྱི་སྟེང་དུ་ཟླ་གདན་ལ་འགོད་པ་ཙམ་བཤད་ཅིང༌། དགྲ་ནག་ལས་རླུང་དཀྱིལ་


GTD005_Page_0793
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གནས་པའི་ཡི་གེའི་སྟེང་དུ་འགོད་པར་གསུངས་པའི་དགོངས་པ་ཨ་ཡིག་དམར་པོ་ལ་དམ་ཚིག་རྡོ་རྗེས་བཤད་དེ། དེ་དག་གི་དགོངས་དོན་གསལ་བར་ཕྱེ་བ་ནི། སྦྱིན་སྲེག་དངོས་གྲུབ་རྒྱ་མཚོ་ལས། དབང་ལ་ཟླ་བ་དམར་པོ་ལ་གནས་པའི་བསྒྲུབ་བྱ་ཁ་དོག་དམར་པོར་བསམ། ཞེས་དང༌། ཞྭ་ལུ་བའི་ལྕགས་མཁར་གྱི་རྩ་ཚིག་ལས། ལས་མཐུན་བསྒྲུབ་བྱ་བཀུག་ནས་ནི། །ཞེས་གསུངས་ཤིང༌། དེའི་དོན་རྒྱུད་ཆེན་དཀོན་མཆོག་ཡར་འཕེལ་གྱི་གསུང་ཀུན་མཁྱེན་འཇམ་དབྱངས་བཞད་པས་ཟིན་བྲིས་སུ་མཛད་པ་ལས། ཞི་བ་ལ་བསྒྲུབ་བྱ་དང་ཟླ་བ་ལ་སོགས་པ་ཡུལ་རྟེན་ཐམས་ཅད་དཀར་པོ། རྒྱས་པ་ལ་ཐམས་ཅད་སེར་པོ། དབང་ལ་ཐམས་ཅད་དམར་པོ་བྱ་བར་གསུངས་པ་རྣམས་དང་སྒོ་བསྟུན་པར་མངོན་ནོ། །ཁ་ཅིག་གཞུང་དེ་དག་ལ་མ་བརྟེན་ཡང་འདིའི་ལས་ཚོགས་ནས་གསལ་བར་འབྱུང་སྟེ། སྙེ་ཐང་པ་རིན་ཆེན་ཆོས་རྒྱལ་གྱིས་མཛད་པའི་འདིའི་བསྙེན་སྒྲུབ་ལས་གསུམ་ལས། བསྒྲུབ་བྱ་གཅེར་བུ་སྐྲ་གྲོལ་བ་རླུང་གི་དཀྱིལ་འཁོར་ཟླ་གམ་དམར་པོ་གཞུའི་དབྱིབས་ཅན་ལ་གནས་པ། ཞེས་གསུངས་པའི་ཕྱིར་རོ་སྙམ་ན་མ་ངེས་ཏེ། ཟླ་གམ་ཞེས་པ་ཟླུམ་པོ་ཕྱེད་དུ་བགོས་པའི་མིང་ཡིན་ལ། དེའི་འོག་ཏུ་གཞུའི་དབྱིབས་ཅན་ཞེས་གསུངས་པས། སྔ་མ་རླུང་དཀྱིལ་ཟླ་གམ་གྱི་རྣམ་པ་ཁ་དོག་ཅུང་ནག་ལ་དམར་མདངས་ཆེ་བའི་ཁམ་པ་ལྟ་བུར་བྱེད་དགོས་པའི་དོན་དུ་གསལ་ལོ། །༈ གཉིས་པ་དབང་དུ་བསྡུས་ནས་སྨིན་ཅིང་གྲོལ་བར་བྱ་བའི་ཕྱིར་སྨོན་པ་ནི། མདུན་དུ་


GTD005_Page_0794
[མ་དཔེ་གཟིགས་ན་འདིར་གནོན།]

འོངས་སྙིང་ཨུཏྤལ་མདའ་རྣོན་གྱིས། །ཕུགས་པས་དཔའ་བརྟན་སྙིང་སྟོབས་སྲོག་ཤི་སྟེ། །རབ་མྱོས་གོས་བྲལ་བདག་གི་རྐང་པའི་མཐིལ། །ལྕེ་ཡིས་བལྡག་ཅིང་ཅི་སྨྲས་སྒྲུབ་པར་ཤོག །ཅེས་བྱུང༌། དེ་ཡང་དབང་གི་ལས་སྦྱོར་སྐབས་སུ་ལྕགས་ཀྱུ་དང་མེ་ཏོག་གི་མདའ་ལ་སོགས་པས་འདེབས་ཚུལ་རྒྱུད་ཀྱི་བཤད་པ་མི་འདྲ་བ་སྣ་ཚོགས་ཡོད་དེ། བདེ་མཆོག་རྩ་རྒྱུད་ལེའུ་ཞེ་ལྔ་པར། སྒྲུབ་པ་པོ་ཡི་གསང་གནས་སུ། །ཟངས་མའི་ཁབ་ཀྱིས་ཕུགས་ནས་ནི། །ཞེས་གཟུགས་བརྙན་ལ་གསུངས་པ་བསྒོམ་དོན་ལ་ཡང་འདྲ་ཞིང༌། དེའི་དོན་ནི་སྐྱེས་པའི་ལིངྒ་དང༌། བུད་མེད་ཀྱི་བྷ་གར་བསྣུན་པར་སྦས་དོན་ཀུན་གསལ་ལས་གསུངས་སོ། །ལྷན་སྐྱེས་རོལ་པའི་གཞུང་དུ་ཡང་བདེ་མཆོག་རྩ་རྒྱུད་ཀྱི་བཤད་པ་འདི་ཇི་ལྟ་བ་བཞིན་བཀོད་ཅིང༌། རྟོགས་པ་རིམ་པ་ལྔ་པ་ལས་ཀྱང༌། རྟགས་དང་བྷ་གར་ཡང་ཡང་དབུག་པར་བྱའོ། །ཞེས་གསུངས་སོ། །འོན་ཀྱང་དེ་ཉིད་ལས། སྐྱེས་པའི་སྙིང་གར་ལྕགས་ཀྱུས་ཕུག །བུད་མེད་ཀྱི་ཆོས་འབྱུང་ལའོ་ཞེས་དང༌། གཉིས་ཀའི་གསང་གནས་སུ་འདེབས་ཚུལ་གཅིག་ཀྱང་གསུངས་ལ། དེ་དང་མཐུན་པར་པནྜི་ཏ་དོན་ཡོད་རྡོ་རྗེས་བ་རི་ལོ་ཙཱ་བ་ལ་གནང་བའི་ལས་སྦྱོར་དང༌། རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་བསྙེན་སྒྲུབ་ཀྱི་ཡི་གེ་སོགས་དུ་མ་ལས་ཕོའི་སྙིང་ག་དང༌། མོའི་ཆོས་འབྱུང་དུ་འདེབས་པར་གསུངས་སོ། །རྒྱུད་གཞན་ལས་རྟེན་གྱི་ཁྱད་པར་མ་ཕྱེ་བར་སྙིང་ག་ནས་ལྕགས་ཀྱུས་བཏབ་སྟེ་འགུགས་པར་གསུངས་པ་ཤས་ཆེ་ཞིང༌། སྐབས་འདིར་གསུངས་པ་ཕལ་ཆེར་བཀུག་ཟིན་པའི་འོག་


GTD005_Page_0795
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བསྒྲུབ་བྱ་དེ་རང་ལ་སེམས་འདུན་པའི་ཐབས་ཀྱི་དབང་དུ་བྱས་པ་ཡིན་པས་ཆགས་པ་སྐྱེ་བའི་གནས་ཀྱི་གཙོ་བོ་གསང་གནས་ལ་གནད་དུ་བསྣུན་པར་བཤད་པ་དང༌། སྙིང་གར་འདེབས་པ་ནི་ཁམས་ཕྲ་རགས་ཐམས་ཅད་གང་ནས་ཐོག་མར་ཆགས་འཇིག་བྱེད་པའི་རྩ་བའི་གནས་ཡིན་པ་ལ་དགོངས་པ་ཡིན་ནོ། །དེ་ལྟར་སྙིང་ག་སོགས་སུ་མེ་ཏོག་གི་མདས་བསྣུན་པས་ལས་གང་བྱེད་པ་ནི། དཔའ་བརྟན་སྙིང་སྟོབས་སྲོག་ཤི །ཞེས་སོགས་གསུངས་ཏེ། བསྒྲུབ་བྱ་དེའི་རྒྱུད་ཀྱི་གང་ལ་ཡང་མི་འཇིགས་ཤིང་འདུན་པར་མི་བྱེད་པའི་དཔའ་བ་དང༌། གཞན་གྱིས་བསྒྱུར་དུ་མེད་པའི་བརྟན་པ། བྱ་བ་གང་ལ་རང་སྟོབས་ཀྱིས་ཐོགས་པ་མེད་པར་འཇུག་པའི་སྙིང་སྟོབས་རྣམས་རང་གི་བཞོན་པའི་རླུང་ངམ་སྲོག་དང་བཅས་པ་དུལ་བར་བྱས་པས་དེ་ཉིད་བདག་ལ་ཤིན་ཏུ་གུས་ཤིང༌། བདག་གིས་མ་བསྒོས་པར་རང་སྟོབས་ཀྱིས་བྱ་བ་གང་ལ་ཡང་འཇུག་པ་མི་དྲན་པས་སེམས་དང་བྲལ་བ་ལྟ་བུ་དང༌། བདག་གིས་གང་བསྒོས་པ་དེ་ཚུལ་བཞིན་དུ་མ་སྒྲུབ་ན་ཉམ་ཐག་ཅིང་སྡུག་བསྔལ་བར་འགྱུར་བ་མཐོང་ནས་གང་འདོད་དུ་ཁ་ལོ་བསྒྱུར་ནུས་པ་འབྱུང་སྟེ། བདེ་མཆོག་རྩ་རྒྱུད་ལས། བརྒྱལ་ཞིང་སེམས་དང་བྲལ་འདྲ་ལ། །རྨོངས་ཤིང་ཉོན་མོངས་པ་ཉིད་དང༌། །རླུང་གི་ཤུགས་ཀྱིས་འོངས་ནས་ནི། །སྒྲུབ་པ་པོ་ཡི་སྟེང་དུ་ལྷུང༌། །ཞེས་དང༌། སྦས་དོན་ཀུན་གསལ་ལས། བསྒྲུབ་བྱ་དེ་བརྒྱལ་ཞིང་སེམས་དང་བྲལ་བ་དང་འདྲ་བ་དང༌། ཅི་ཡིན་མི་ཤེས་པར་རྣམ་པར་རྨོངས་ཤིང་དེར་མ་སོང་ན་ཉོན་མོངས་པ་


GTD005_Page_0796
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་སྡུག་བསྔལ་གྱི་གདུང་བ་དང་ལྡན་པར་མཐོང་ནས་རླུང་གི་ཤུགས་ལྟར་མགྱོགས་པར་འོངས་ནས་ནི་སྒྲུབ་པ་པོ་ཡི་སྟེང་ནས་འོག་ཏུ་ལྟུང་བར་འགྱུར་རོ། །ཞེས་སོ། །དེས་ན་འདིར་རབ་མྱོས་ཞེས་པས་དྲན་མེད་ལྟ་བུར་གྱུར་པ་དང༌། གོས་དང་བྲལ་བ་དང༌། བདག་གི་རྐང་མཐིལ་ལྕེས་བལྡག་པར་གསུངས་པ་རྣམས་ཀྱིས་ཁེངས་དྲེགས་དོར་ནས་བདག་ལ་ཆགས་ཤིང་གུས་པའི་རྣམ་པ་མཚོན་པ་ཡིན་ཏེ། འདིའི་མན་ངག་ཆེན་པོ་ལྔ་ཞི་འཚོས་མཛད་པ་ལས། བདག་གི་རྐང་དྲུང་འགྱེལ་ཞིང་རྟག་ཏུ་ཁོལ་པའི་གནས་སྐབས་འཛིན། །ཞེས་དང༌། ཤཱཀྱ་འཚོས་མཛད་པ་ལས། དེ་ཡང་རྟག་ཏུ་རྐང་པར་ལྷུང་སྟེ་ཁོལ་པོའི་ཚུལ་འདུག་མཐོ་རིས་གོ་འཕང་ཐོབ། །ཅེས་གསུངས་པ་ལྟར་རོ། །དོན་གྱི་གཙོ་བོ་དངོས་ནི། ཅི་སྨྲས་སྒྲུབ་པར་ཤོག །ཅེས་པས་བསྟན་ཏེ། གདུལ་བྱ་དེ་ལ་གང་སྨྲ་བར་བྱ་བའམ། གདམས་རྒྱུའི་ཆོས་ནི། དབུ་མ་རིན་ཆེན་ཕྲེང་བར། དང་པོ་མངོན་པར་མཐོ་བའི་ཆོས། །ཕྱིས་ནི་ངེས་པར་ལེགས་འབྱུང་བའོ། །གང་ཕྱིར་མངོན་པར་མཐོ་ཐོབ་པས། །རིམ་གྱིས་ངེས་པར་ལེགས་པ་འབྱུང༌། །ཞེས་པ་ལྟར། མངོན་མཐོ་དང་ངེས་ལེགས་ཀྱི་ཆོས་སྐོར་གཉིས་ལས་མ་འདས་པས། ཐོག་མར་སྒྲུབ་པའི་རྟེན་མངོན་མཐོ་ལ་བཀོད་དེ། དེ་ནས་རང་རང་གི་སྐལ་བ་བཞིན་ཐེག་པ་གསུམ་གྱི་ངེས་ལེགས་བྱང་ཆུབ་ཏུ་སྨིན་ཅིང་གྲོལ་བར་བྱ་བ་ནི་སྨོན་པའི་ཡུལ་གྱི་གཙོ་བོ་ཡིན་ནོ། །༈ གཉིས་པ་འདོད་དོན་གྱི་གསོལ་བ་འདེབས་པ་ལ་གསུམ། སྐབས་ཀྱི་འདོད་དོན་གཙོ་བོ་ངོས་བཟུང་སྟེ་གསོལ་བ་འདེབས་པ། དེ་ལ་ཕྱིའི་མཐུན་རྐྱེན་ཕུན་སུམ་ཚོགས་


GTD005_Page_0797
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དོན་དུ་གསོལ་བ་འདེབས་པ། ནང་གི་མཐུན་རྐྱེན་ཕུན་སུམ་ཚོགས་པའི་དོན་དུ་གསོལ་བ་འདེབས་པའོ། །དང་པོ་ནི། ཁྱད་པར་བསྟན་དང་འགྲོ་བའི་དོན་ཆེན་གྱི། །རྩ་ལག་མཐར་ཐུག་རྒྱལ་དབང་ཐམས་ཅད་མཁྱེན། །གང་སྐུའི་སྤྲུལ་བའི་རོལ་གར་གསར་ཚེས་ལ། །ཆེ་ཕྲའི་འགྲོ་བ་མ་ལུས་འདུད་པར་མཛོད། །ཅེས་བྱུང༌། དེ་ཡང་༸རྒྱལ་དབང་ཐམས་ཅད་མཁྱེན་པ་སྐུ་ཕྲེང་རྣམས་བསྟན་འགྲོའི་དོན་གྱི་རྩ་ལག་གཅིག་པུར་གསུངས་པ་དོན་ལ་གནས་ཏེ། བསྟན་འགྲོ་སྤྱི་ལ་མཚོན་ན་ལེགས་ཚོགས་ཐམས་ཅད་སངས་རྒྱས་ཀྱི་ཐུགས་རྗེ་ལ་བརྟེན་པ་ཁོ་ན་ཡིན་ཞིང༌། སངས་རྒྱས་ཀུན་གྱི་ཐུགས་རྗེ་གཅིག་ཏུ་བསྡུས་པའི་ངོ་བོ་འཕགས་མཆོག་སྤྱན་རས་གཟིགས་ངུར་སྨྲིག་འཆང་བའི་སྐུར་བཞེངས་པ་ནི་རྒྱལ་བའི་དབང་པོ་རིམ་བྱོན་རྣམས་ཡིན་པས་སོ། །བསྟན་པའི་དོན་གྱི་རྩ་ལག་ཏུ་གྱུར་ཚུལ་དང༌། འགྲོ་བའི་དོན་གྱི་རྩ་ལག་ཏུ་གྱུར་ཚུལ་སོ་སོར་བཤད་ན། སྔ་མ་ནི་སྤྱོད་འཇུག་ལས། བསྟན་རྩ་དགེ་སློང་ཉིད་ཡིན་ན། །ཞེས་གསུངས་ཏེ། མདོ་ལས། དགེ་སློང་ནི་རྣམ་པ་ལྔ་སྟེ། འདི་ལྟ་སྟེ། སློང་བའི་དགེ་སློང་དང༌། ཁས་འཆེ་བའི་དགེ་སློང་དང༌། མིང་གི་དགེ་སློང་དང༌། ཉོན་མོངས་བཅོམ་པའི་དགེ་སློང་དང༌། གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པའི་དགེ་སློང་ངོ༌། །ཞེས་ལྔ་གསུངས་པའི་ནང་ནས་བསྟན་པའི་རྩ་བ་ཉོན་མོངས་བཅོམ་པའི་ཐེག་པ་གསུམ་གྱི་དགྲ་བཅོམ་པ་རྣམས་ཡིན་པར་གསུངས་པའི་ཕྱིར། སྤྱོད་འཇུག་དར་ཊཱིཀ་ལས། དགེ་སློང་དུ་མ་བཤད་པའི་ནང་ནས་


GTD005_Page_0798
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པའི་རྩ་བ་དགེ་སློང་དགྲ་བཅོམ་པ་ཉིད་ཡིན། ཞེས་གསུངས་ལ། ཁྱད་པར་དུ་ཡང་ཕྱིར་མི་ལྡོག་པའི་ས་ལ་གནས་པ་ཡན་ཆད་ཀྱི་ཐེག་པ་ཆེན་པོའི་དགྲ་བཅོམ་རྣམས་ཡིན་ནོ། །འགྲོ་བའི་དོན་གྱི་རྩ་ལག་ཏུ་གྱུར་ཚུལ་ནི། མདོ་སྡེ་རྒྱན་ལས། གང་དག་བསྟན་པར་མི་འོས་པ། །སེམས་ཅན་རྣམས་ལ་གསང་བྱེད་ཅིང༌། །བསླབ་ལས་ཉམས་པ་སྨོད་པ་དང༌། །ཕུན་སུམ་ཚོགས་པ་བསྔགས་པ་དང༌། །གདམས་ངག་སྦྱིན་པར་བྱེད་པ་དང༌། །བདུད་རྣམས་སྦྲོན་པར་བྱེད་པ་སྟེ། །ལས་ལྔ་དག་གིས་རྒྱལ་སྲས་རྣམས། །སེམས་ཅན་རྩ་ལག་འདྲ་བ་ཡིན། །ཞེས་སྡོང་པོའི་འཕེལ་རྒྱས་རྩ་བ་རྒྱས་མི་རྒྱས་ལ་ལྟོས་པ་བཞིན་འཇིག་རྟེན་གྱི་དབང་འབྱོར་ཁས་དྲེགས་ཀྱང་ཉེ་དུ་མཆེད་ཟླ་སོགས་ལ་རག་ལས་པས། དེ་དག་ལ་རྩ་འཇིང་ངམ་རྩ་ལག་ཏུ་གྲགས་པ་བཞིན། སེམས་ཅན་རྣམས་ཀྱི་ལེགས་ཉེས་བླང་དོར་ཐམས་ཅད་སངས་རྒྱས་བྱང་སེམས་རྣམས་ཀྱི་བཀའ་དྲིན་ལ་ལྟོས་པས་དེ་དག་སེམས་ཅན་གྱི་རྩ་ལག་ཏུ་གསུངས་སོ། །བྱེ་བྲག་གངས་ཅན་གྱི་ལྗོངས་འདིའི་བསྟན་འགྲོའི་དོན་གྱི་རྩ་བར་གྱུར་ཚུལ་ནི། ཟ་མ་ཏོག་བཀོད་པའི་མདོ་སྡེ་སོགས་སུ། ཐོག་མར་སྤྲུལ་བས་མིའི་འགྲོ་བ་བསྐྱེད། དེ་ནས་ཟང་ཟིང་གིས་བསྡུས། དེ་ནས་ཆོས་ཀྱིས་བསྡུས། འགྲོ་བའི་དོན་དུ་འགྱུར་རོ་ཞེས་ལུང་བསྟན་པ་དང༌། བཀའ་གདམས་གླེགས་བམ་ལས་ཀྱང༌། གནས་དེ་ན་ཁྱོད་ཀྱི་ཞིང་ཁམས་ཡོད། །ཞིང་དེ་ན་ཁྱོད་ཀྱི་གདུལ་བྱ་ཡོད། །ཅེས་རང་གི་ཐུན་མོང་མ་ཡིན་པའི་འདུལ་སྐལ་དུ་གསུངས་སོ། །ཁྱད་པར་དུ་ཡང་འཇམ་མགོན་རྒྱལ་བ་གཉིས་པའི་བསྟན་པའི་སྲོག་ཤིང་


GTD005_Page_0799
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པུར་གྱུར་པའི་རྒྱུ་མཚན་ནི། པཎ་ཆེན་དགེ་འདུན་གྲུབ་ཀྱི་གསུང་མགུར་ལས། མགོན་ཁྱོད་ཀྱི་བསྟན་པ་འཛིན་པ་ལ། །དུས་ནམ་ཡང་བརྩོན་པ་བགྱིད་པར་སྨོན། །ཞེས་དམ་བཅའ་མཛད་པའི་དོན་བཞིན་རྒྱལ་བའི་དབང་པོ་རིམ་བྱོན་རྣམས་སྟོད་ཛ་ཏིའི་མེ་ཏོག་བཀྲ་བ་ནས་ཤར་ཕྱོགས་རྒྱ་མཚོའི་མཐའི་བར་གྱི་གསེར་མདོག་ཅོད་པན་འཆང་བ་མ་ལུས་པའི་གཙུག་རྒྱན་དུ་གྱུར་ཅིང༌། ཁྱད་པར་བསྟན་པའི་འབྱུང་ཁུངས་གདན་ས་ཆེན་པོ་གསུམ་ཆོས་སྲིད་གཉིས་ཀའི་སྒོ་ནས་འཛིན་སྐྱོང་སྤེལ་བར་མཛད་པ་ནི་འཕྲིན་ལས་ཀྱི་གཙོ་བོ་ཡིན་ནོ། །དེས་ན་༸རྒྱལ་དབང་ཐམས་ཅད་མཁྱེན་པ་ཞེས་པ་ཡང་འདོད་ཞེན་གྱིས་ཆེ་བརྗོད་བྱས་པ་ཙམ་མ་ཡིན་གྱི། ཡི་དམ་མཁའ་འགྲོའི་ཚོགས་ཀྱིས་སྔར་ནས་བཏགས་ཤིང་ལུང་བསྟན་པའི་མཚན་ཡིན་ཏེ། དཀོན་མཆོག་འབངས་ཀྱི་སྐྱེས་རབས་ལས། ཤུན་པ་རིམ་པ་བདུན་དུ་ཡོད་པ་ཉིད་ནི། ལྔ་བརྒྱ་དུས་ཀྱི་ཐ་མར་འགྲོ་བ་འདྲེན་པར་སྨོན་ལམ་ཐེབས་པའི་རྒྱལ་བ་བདུན་གྱིས་རྒྱུན་ཆད་མེད་པར་སྐྱོབ་པའི་རྟེན་འབྲེལ་ཟབ་མོ། ཞེས་གསུངས་པ་ལྟར་རོ། །དེ་ཡང་ལྔ་བརྒྱ་ཐ་མ་ནི། ལྔ་བརྒྱ་པ་ཕྱི་མ་ལྔ་ལ་བྱེད་པར་ཞི་འཚོ་དང་རྗེས་བཞེད་ལ། དུས་ཀྱང་ཇོ་འབྲོམ་སོགས་བྱོན་པའི་དུས་དེ་ཚུལ་ཁྲིམས་ལེའུའི་ནང་དུ་འདོད་པ་དང༌། ད་ལྟ་ཚུལ་ཁྲིམས་ལེའུའི་སྐབས་སུ་འདོད་པའི་ལུགས་གཉིས་བྱུང་བས། ལྔ་བརྒྱ་ཐ་མ་ཚུགས་མཚམས་གཉིས་སུ་འགྱུར་ལ། རྭ་སྒྲེང་གི་ལུང་བསྟན་ཐམས་ཅད་བཀྲ་ཤིས་འཁྱིལ་གྱི་ས་ཕྱོགས་འདིར་ཡང་ཕྱིས་སུ་བཏགས་པ་མ་


GTD005_Page_0800
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པར་སྔ་མོ་ནས་ཤིན་ཏུ་གསལ་བར་ཚང་བ་དང༌། ཤེར་མདོ་ལས་བསྟན་པ་བྱང་ནས་བྱང་དུ་དར་བར་གསུངས་པའི་བྱང་དང་པོ་དབུས་གཙང་ཡིན་པར་གྲགས་ཆེ་ཞིང༌། བྱང་ཕྱི་མ་ཕྱོགས་འདིར་རྩོད་མེད་ཀྱི་དམ་པ་དུ་མས་གསུངས་ལ། ཡོངས་སུ་གྲགས་པར་ཡང༌། བོད་དང་བོད་ཆེན་པོ་ཞེས་པའི་བོད་དབུས་དང༌། བོད་ཆེན་པོ་མདོ་སྨད་ལ་བྱེད་པས་ཀྱང་ཤེས་ཏེ། གཟུར་གནས་བློ་མིག་དང་ལྡན་པ་ཡོད་ན་གུང་བསྒྲིག་སྟེ་ཀུན་ལ་མི་ཕྱེད་པའི་དད་པ་ཐོབ་པར་འགྱུར་རོ། །གང་སྐུའི་སྤྲུལ་བའི་རོལ་གར་གསལ་ཚེས་ལ། །ཆེ་ཕྲའི་འགྲོ་བ་མ་ལུས་འདུད་པར་མཛོད། །ཅེས་པ་ནི། ཐོག་མར་གདན་སར་ཕེབས་རྒྱུའི་སྐོར་རྩོད་པ་ཅན་དུ་གྱུར་པའི་ཚེ། དེ་ཉིད་ཆོས་ཕྱོགས་སུ་ཞི་བའི་ཕྱིར་བསྟོད་པ་འདི་ཉིད་གསུངས་པ་ཡིན་པས། དེ་མ་ཐག་བཞེད་པ་ལྷུན་གྱིས་གྲུབ་པའི་ཚུལ་སོ་སོའི་རྣམ་ཐར་དུ་གསལ་བ་ལྟར་རོ། །༈ གཉིས་པ་ཕྱིའི་མཐུན་རྐྱེན་ཕུན་སུམ་ཚོགས་པའི་དོན་དུ་གསོལ་བ་འདེབས་པ་ནི། དབྱར་གྱི་ལང་ཚོ་དར་བའི་ཀུ་ཤའི་མདངས། །རབ་བཀྲ་ལོ་མའི་ཁུར་གྱིས་ལྕི་བའི་མདའ། །འདབ་ལྡན་དྷ་ནུའི་ཤུགས་ཀྱིས་ཕ་རོལ་པོའི། །ཡིད་ཀྱི་ཁྱེ་འུ་མྱོས་བྱེད་ཟུག་རྔུས་ཆོམས། །ཞེས་བྱུང༌། དོན་ནི་དབྱར་དུས་ཀྱི་ལང་ཚོ་ཤིན་ཏུ་དར་བའི་སྐབས་ཀྱི་སྔོ་ལྗང་ཀུ་ཤའི་འདབ་མའི་མདངས་ལྟར་ཁ་དོག་ལེགས་ཤིང་སྣུམ་པའི་ལོ་འདབ་ཀྱི་ཁུར་དང་བཅས་པའི་མེ་ཏོག་གི་མདའ་དང༌། འདབ་ལྡན་དྷ་ནུ་སྟེ་མེ་ཏོག་གི་གཞུ་སྦྱར་ནས་རྣ་བའི་བར་དུ་བཀང་སྟེ་འཕང་བའི་ཤུགས་ཀྱིས་བསྒྲུབ་བྱ་ཕ་རོལ་པོའི་ཡིད་ཀྱི་ཁྱེ་འུ་རང་ལ་དགའ་ཞིང་ཆགས་པའི་མྱོས་


GTD005_Page_0801
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཀྱི་ཟུག་རྔུས་རང་དབང་མེད་པར་བཅོམ་སྟེ་བརྒྱལ་ཞིང་དྲན་མེད་ལྟ་བུར་འགྱུར་བར་མཛོད་ཅིག་ཅེས་པའི་རྐང་པ་དང་པོ་གསུམ་གོ་སླ་ལ། བཞི་པ་གོང་དུ་བཤད་ཟིན་པ་ལྟར་རོ། །༈ གསུམ་པ་ནང་གི་མཐུན་རྐྱེན་ཕུན་སུམ་ཚོགས་པའི་དོན་དུ་གསོལ་བ་འདེབས་པ་ནི། གཏིང་དཔག་དཀའ་ཞིང་མཐའ་བྲལ་གསུང་བསྟན་བཅོས། །ས་བཅུ་ལམ་ལྔའི་གྲོགས་འགུགས་དགའ་མ་གང༌། །ཟུར་ཕུད་ལྔ་པ་དགེ་སློང་གཟུགས་འཆང་བའི། །སྙིང་ལས་འོངས་ཏེ་འདི་ཡི་མཛའ་བོར་ཁུག །བརྩེ་དང་གཞན་ཕན་རལ་གྲིས་བརྗོད་པ་ཡི། །དམ་བཅའི་གོ་ཆ་སྲ་བའི་དཔའ་བོ་དང༌། །རྣམ་དག་ཚུལ་ཁྲིམས་གྲོགས་མཆོག་མཁས་བཙུན་བཟང༌། །གཡོག་འཁོར་བཅས་པ་སྲོག་ནི་གཅིག་ཏུ་སྒྲུབ། །ཅེས་བྱུང༌། འདོད་གསོལ་འདི་དག་གི་ཐུགས་ཀྱི་དགོངས་པའི་གཏད་སོ་ནི། ༸རྒྱལ་དབང་མཆོག་སྤྲུལ་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས་པཎ་ཆེན་ཉིད་ཀྱིས་མཛད་པ་ལས། རིགས་ལམ་ཕྲ་མོར་མཁས་དང་རྡོ་རྗེའི་ཐེག །གྲུབ་མཆོག་ས་འཛིན་མཐོན་པོའི་རྩེར་འཕགས་ཤིང༌། །སྡོམ་གསུམ་ཚུལ་ཁྲིམས་གོས་ཀྱིས་ལེགས་ཀླུབས་ཏེ། །བསྐལ་པ་རྒྱ་མཚོར་ཆོས་ཀྱི་འཁོར་ལོ་བསྐོར། །ཞེས་གསུངས་པ་དང་གནད་མཚུངས་པར་བསྟན་པ་ཡོངས་རྫོགས་ཀྱི་མངའ་བདག་ཆེན་པོར་འགྱུར་བའི་ཕྱིར་དུ་སྨོན་པ་ཡིན་ནོ། །དེ་ཡང་མཛེས་མ་ལང་ཚོ་དར་ལ་བབས་པ་དེ་ཉིད་ཀྱིས་ཆགས་ལྡན་གཞོན་ནུའི་ཡིད་རང་དབང་མེད་པར་འཕྲོག་སྟེ། གང་འདོད་པའི་གནས་སུ་དུས་བཏབ་ནས་མགྲོན་དུ་འགུགས་པ་དང༌། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་


GTD005_Page_0802
[མ་དཔེ་གཟིགས་ན་འདིར་གནོན།]

མའི་ངོ་བོ་འཕགས་མ་རིག་བྱེད་མ་འདི་ཉིད་ཀྱི་བྱིན་རླབས་ལ་བརྟེན་ནས་རྒྱལ་བའི་བསྟན་པ་ཡོངས་སུ་རྫོགས་པའི་གནད་རྣམས་སྒྲུབ་པ་པོའི་ཤེས་རྒྱུད་ལ་འགུག་ཅིང་སྐྲུན་པར་བྱེད་པ་གཉིས་དཔེ་དོན་སྦྱར་ཏེ། ཁྱོད་ཀྱིས་སྔར་རྗེ་རྒྱལ་བ་གཉིས་པའི་ཐུགས་ལ་ཇི་ལྟར་བསྐྲུན་པ་དེ་བཞིན་དུ་༸རྒྱལ་དབང་མཆོག་གི་སྤྲུལ་བའི་སྐུ་འདིའི་ཐུགས་ལ་ཡང་བསྐྲུན་པར་མཛོད་ཅིག་ཅེས་པ་སྙིང་པོའི་དོན་ཡིན་ལ། ཚིག་རིས་ཅུང་ཟད་ཕྱེ་ན་གཏིང་དཔག་པར་དཀའ་བའི་མདོ་སྡེ་རྣམས་དང༌། ཏིང་ངེ་འཛིན་གྱི་སྒོ་མཐའ་ཡས་པ་སོགས་རྒྱལ་བའི་སྲས་ཀྱི་སྤྱོད་པ་མུ་མཐའ་དང་བྲལ་བ་སྟོན་བྱེད་རྒྱ་ཆེ་བའི་སྡེ་སྣོད་ལ་སོགས་པ་ཐེག་པ་ཆེ་ཆུང་གཉིས་དང༌། སྡེ་སྣོད་གསུམ་གྱིས་བསྡུས་པའི་རྒྱལ་བའི་གསུང་རབ་དགོངས་འགྲེལ་གྱི་བསྟན་བཅོས་དང་བཅས་ལུང་གི་བསྟན་པ་མཐའ་དག་དང༌། ཐེག་པ་ཆེན་པོའི་ས་བཅུ་དང༌། ཐུན་མོང་གི་ལམ་ལྔས་བསྡུས་པའི་རྟོགས་པའི་བསྟན་པ་མ་ལུས་པ་སྟེ། མདོར་ན་མདོ་སྔགས་བཤད་སྒྲུབ་ཀྱིས་བསྡུས་པའི་ཐུབ་བསྟན་ཡོངས་སུ་རྫོགས་པའི་ལང་ཚོ་དར་ལ་བབས་པའི་གཞོན་ནུ་དེ་ཉིད་བཅོམ་ལྡན་རིག་བྱེད་དབང་མོ་ཁྱོད་ཀྱི་བཀའ་དྲིན་ལ་བརྟེན་ནས། སྔར་ཟུར་ཕུད་ལྔ་པ་འཇམ་མགོན་བརྟན་པའི་འཁོར་ལོ་གསུམ་ལྡན་ངུར་སྨྲིག་འཛིན་པའི་དགེ་སློང་གི་གཟུགས་འཆང་བ་འཇམ་མགོན་ཙོང་ཁ་པ་ཆེན་པོའི་ཐུགས་ཀྱི་ཁང་བཟང་དམ་པ་སྙིང་ག་ཆོས་ཀྱི་འཁོར་ལོའི་དབུས་སུ་འདོད་དགུར་རོལ་པ་དེ་ལས་དེང་འདིར་འོངས་ཏེ། ༸རྒྱལ་དབང་མཆོག་གི་སྤྲུལ་བའི་སྐུ་རིན་པོ་ཆེའི་ཐུགས་ཀྱི་ཀློང་དུ་རྗེ་བླ་མའི་རྣམ་ཐར་བཞིན་དུ་དགྱེས་དགུར་རྩེན་པའི་མཛའ་བོར་ཁུག་ཅིག་ཅེས་


GTD005_Page_0803
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་རྒྱལ་བ་གཉིས་པ་དང་ལུང་རྟོགས་འཕྲིན་ལས་མཐའ་དག་ཁྱད་མེད་ཅིག་འབྱུང་བའི་དོན་དུ་གསོལ་བ་བཏབ་པའོ། །རྐང་པ་དང་པོའི་དོན། རྗེ་བླ་མས་རྒྱལ་བ་དབང་པོའི་ཏོག་གི་སྤྱན་སྔར་དམ་བཅས་ཚུལ་དང་སྦྱར་ན། ཉན་རང་དང་ཕར་ཕྱིན་ཐེག་པའི་བྱང་སེམས་རྣམས་ཀྱིས་ཀྱང་གཏིང་དཔག་པར་མི་ནུས་པའི་ཟབ་ལམ་གསང་སྔགས་རྡོ་རྗེའི་ཐེག་པ་དང་། རྟག་ཆད་སྤྲོས་པའི་མཐའ་བྲལ་དབུ་མའི་ལྟ་བ་ཟུང་དུ་འཇུག་པ་ལ་སྦྱར་དུ་རུང་ངོ་། །སྙིང་ལས་འོངས་ཏེ། ཞེས་སོགས་ཀྱང་། བསྟོད་སྤྲིན་རྒྱ་མཚོ་ལས། འཇམ་དབྱངས་ཐུགས་ཀྱི་དཔལ་གྱིས་མྱུར་དུ་བདག །སྟོན་ཟླས་ནམ་མཁར་ཇི་བཞིན་མཛེས་གྱུར་ཅིག །ཅེས་པ་ལྟར། ཐུགས་ཀྱི་བྱིན་རླབས་ཞུགས་པ་ལ་རྒྱུད་ལ་འཕོས་པའི་ཐ་སྙད་བྱར་རུང་ཞིང་། བརྒྱད་སྟོང་འགྲེལ་ཆེན་ལས། ལུས་ལ་སྟོབས་གང་ཡིན་པ་དང་། ཚིག་ལ་གཟི་བརྗིད་གང་ཡིན་པ་དང་། བློ་ལ་རབ་ཏུ་རྣོ་བ་གང་ཡིན་པ་དེ་ལྟ་བུའི་མདངས་གསུམ་གང་རབ་ཏུ་བཅུག་པ། ཞེས་སྒོ་གསུམ་ནུས་ལྡན་དུ་བསྒྱུར་བ་ལ་མདངས་བཅུག་པར་བཤད་པ་རྣམས་ཀྱང་དོན་འདྲའོ། །ཤོ་ལོ་ཀ་གཉིས་པ་ནི། གོང་གི་ལུང་དང་རྟོགས་པའི་བསྟན་པ་དེ་དག་ལ་དབང་འབྱོར་བའི་སྒོ་ནས་དོན་གཉིས་ལྷུན་གྱིས་གྲུབ་པའི་ཕྱིར་གསོལ་བ་འདེབས་པ་སྟེ། དཔེར་ན་དཔའ་བོ་སྟོབས་དང་ལྡན་པ་དེ་རང་ཉིད་བསྲུང་བའི་གོ་ཁྲབ། དགྲ་བོ་འཇོམས་པའི་མཚོན་ཆ། བློ་གཏད་ཐུབ་པའི་གྲོགས། བྱ་བ་སྒྲུབ་པའི་གཡོག་ལ་སོགས་པ་ཆ་རྐྱེན་མཐའ་དག་འཛོམ་ན་ཉེ་ཞོ་མེད་པར་འདོད་དོན་ཐམས་ཅད་སྒྲུབ་ནུས་


GTD005_Page_0804
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཞིན། འདིར་ཡང་ལུས་ཅན་རྣམས་ཀྱི་སྲིད་ཞིའི་རྒུད་པའི་འཆིང་བ་མཐའ་དག་གཅོད་བྱེད་བརྩེ་བ་སྙིང་རྗེ་ཆེན་པོས་ཀུན་ནས་བསླང་བའི་གཞན་ཕན་འཕྲིན་ལས་ཀྱི་རལ་གྲི་ཐོགས་ཤིང༌། རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་ལ་སློབ་པར་དམ་བཅས་པ་བཞིན་དུ་ཕར་ཕྱིན་དྲུག་གིས་བསྡུས་པའི་ལམ་གྱི་ཆ་མ་ཚང་བ་མེད་པ་ལ་བསླབ་པས། སྒོ་གང་ནས་ཀྱང་སེར་སྣ་དང་ཚུལ་འཆལ་ལྟ་བུའི་སྐྱོན་གྱིས་སྨས་པར་མི་ནུས་པའི་སྲ་མཁྲེགས་ཀྱི་གོ་ཆ་བགོས་པ་སྟེ། དེ་ལྟར་ཕྱིར་དྲུག་རེ་རེ་ཡང་ཕར་ཕྱིན་དྲུག་ལྡན་དུ་ཉམས་སུ་ལེན་པ་ལ་གོ་ཆའི་སྒྲུབ་པ་ཞེས་རྒྱན་ལས་གསུངས་པའི་དོན་ཡང་དེ་ཡིན་ནོ། །དེ་བཞིན་དུ་སྡོམ་པ་གསུམ་གྱི་བཅས་མཚམས་ལས་ཅུང་ཟད་ཀྱང་མི་འདའ་བའི་རྣམ་པར་དག་པའི་ཚུལ་ཁྲིམས་ནི་ཡོན་ཏན་ཐམས་ཅད་གང་ལ་བརྟེན་པའི་གཞི་བླ་ན་མེད་པ་ཡིན་པས་གྲོགས་ཀྱི་མཆོག་དང༌། གཞུང་ལུགས་མང་དུ་ཐོས་ཤིང་འཆད་རྩོད་རྩོམ་ལ་མཁས་པ་ཞི་དུལ་གྱི་སྤྱོད་པས་གཞན་ཡིད་འཕྲོག་པས་བཙུན་པ། བསྟན་འགྲོར་སྨན་པའི་ལྷག་བསམ་དང༌། མཛད་འཕྲིན་གྱིས་མཚོན་པའི་བཟང་པོའི་ཡོན་ཏན་ཏེ། སྣང་ཚོད་ཐུན་མོང་བ་འདི་ཙམ་ནི་འདིའི་ཡོན་ཏན་གྱི་ཆ་ཤས་ཕལ་བ་ཞིག་ཡིན་པས་གཡོག་འཁོར་ལྟ་བུར་བཤད་དོ། །དཔེ་དོན་འདི་ལྟར་སྦྱོར་བ་མདོ་སྡེ་རྣམས་ཀྱི་གསུངས་ཚུལ་ཡིན་ཏེ། ལྗོན་པས་ཞུས་པའི་མདོ་ལས། མ་ནི་ཤེས་རབ་ཕ་ནི་ཐབས། །དགེ་བ་རྣམས་ནི་གཡོག་ཡིན་ལ། །ཉེ་དུ་བྱང་ཆུབ་ཕྱོགས་རྣམས་དང༌། །ཞེས་གསུངས་ཤིང༌། ཀུན་ཉོན་ཕྱོགས་ལ་མཚོན་ན། ཕ་དང་མ་ནི་བསད་བྱ་ཞིང༌། །རྒྱལ་པོ་གཙང་སྦྲ་ཅན་ཉིད་དང༌། །


GTD005_Page_0805
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་འཁོར་འཁོར་དང་བཅས་བཅོམ་ན། །མི་དེ་དག་པ་ཉིད་དུ་འགྱུར། །ཞེས་རྟེན་འབྲེལ་བཅུ་གཉིས་ལ་སྦྱར་ཏེ་མ་སྐྱེས་དགྲའི་འགྱོད་པ་བསལ་བའི་མདོ་ལས་གསུངས་པ་ལྟ་བུ་ཤིན་ཏུ་མང་ངོ༌། །གསུམ་པ་དོན་བསྡུ་བ་ནི། འོ་ན་འདིར་དེ་དག་ཐམས་ཅད་གཙོ་འཁོར་གྱི་ཚུལ་དུ་ཆ་ཚང་བར་སྒྲུབས་ཤིག་ཅེས་སྨོས་པས་ཆོག་མོད། སྲོག་ནི་གཅིག་ཏུ་སྒྲུབ་ཅེས་པའི་དོན་གང་ཡིན་ཞེ་ན། འདི་ནི་ཤིན་ཏུ་གནད་ཆེ་བས་བཤད་པར་བྱའོ། །དེ་ཡང་ཐོག་མར་སྲོག་ཅེས་པའི་དོན་ལེགས་པར་ངེས་ནས་དེ་དང་གཅིག་ཏུ་སྒྲུབ་ཚུལ་ཤེས་དགོས་ལ། དེའི་དོན་ནི་བརྟག་གཉིས་དང་སམྦྷུ་ཊི་གཉིས་ལས། ཐབས་དང་ཤེས་རབ་ཤིན་ཏུ་འདྲེས། །དེ་ཉིད་སྲོག་ཆགས་རྣམས་ཀྱི་སྲོག །དེ་ཉིད་ཡི་གེ་དམ་པ་ཉིད། །ཅེས་དང༌། ཀུན་སྤྱོད་ལས། དེ་ཉིད་སྲོག་ཆགས་རྣམས་ཀྱི་སྲོག །དེ་ཉིད་མི་འགྱུར་དམ་པ་ཡིན། །དེ་ཉིད་ཐམས་ཅད་ཁྱབ་བྱེད་དེ། །ལུས་ཀུན་ལ་ནི་རྣམ་པར་གནས། །དེ་ཉིད་སངས་རྒྱས་ཡེ་ཤེས་ཏེ། །ཧེ་རུ་ཀ་དཔལ་ཡིན་པར་བཤད། །ཅེས་ཐབས་བདེ་བ་ཆེན་པོ་དང༌། ཤེས་རབ་སྟོང་པ་ཉིད་རོ་གཅིག་ཏུ་འདྲེས་པའི་ལྷན་སྐྱེས་ཀྱི་ཡེ་ཤེས་དེ་ཉིད་སྲོག་ཆགས་རྣམས་ཀྱི་དགོས་དོན་མ་ལུས་པའི་ནང་ནས་ཤིན་ཏུ་གཅེས་པས་སྲོག་དང༌། ཡང་ན་སྲོག་དབང་ཡོད་ན་ལུས་ཀྱི་མིག་སོགས་དབང་པོ་གཞན་ཡང་འབྱུང་ལ། སྲོག་དབང་འགག་ན་ཐམས་ཅད་འགག་པ་ལྟར་ལྷན་སྐྱེས་ཀྱི་ཡེ་ཤེས་དང༌། དེའི་བདག་ཉིད་ལྷན་སྐྱེས་ཀྱི་དེ་ཁོ་ན་ཉིད་ཡོད་ན་གནས་སྐབས་མཐར་ཐུག་གི་ཡོན་ཏན་ཐམས་ཅད་


GTD005_Page_0806
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་རུང་ལ། མེད་ན་མི་རུང་བ་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བས་སྲོག་དང༌། ཡང་ན་ཡེ་ཤེས་དེ་ཉིད་གང་དང་དབྱེར་མི་ཕྱེད་པའི་སྟོང་པ་ཉིད་དེ་སེམས་ཅན་ཐམས་ཅད་ཀྱི་ཡང་རང་བཞིན་ནམ་སྡོད་ལུགས་སུ་གྲུབ་པས་སྲོག་ཏུ་བཞག་པ་ཡིན་ཏེ། རྫོགས་རིམ་དངོས་གྲུབ་སྙེ་མ་ལས། ལྷན་སྐྱེས་ཀྱི་ཡེ་ཤེས་སོ། །དེ་སྲོག་ཆགས་རྣམས་ཀྱི་སྲོག་ཏུ་གྱུར་ཚུལ་ནི། ཤིན་ཏུ་གཅེས་པས་སྲོག་དང་འདྲ་བས་སམ། དེའི་རང་བཞིན་སྟོང་པ་ཉིད་སེམས་ཅན་རྣམས་ཀྱི་སྲོག་གི་ངོ་བོ་ཉིད་ཡིན་པའི་དོན་ནོ། །དེ་དང་བྲལ་ན་མི་འཚེ་བས་སྲོག་གོ །ཞེས་ཀྱང་འགའ་ཞིག་བཞེད་དོ། །ཞེས་དང༌། མཁས་གྲུབ་རྗེའི་བརྟག་གཉིས་རྣམ་བཤད་ལས། ལྷན་སྐྱེས་དེ་ཉིད་སྲོག་ཆགས་རྣམས་ཀྱི་སྲོག་དང་འདྲ་བར་ཤིན་ཏུ་གཅེས་པ་དང༌། ལྷན་སྐྱེས་ཀྱི་དེ་ཁོ་ན་ཉིད་རང་བཞིན་རྣམ་དག་དེ་ཉིད་སྐྱེ་འཇིག་གིས་མི་འགྱུར་བའི་དམ་པ་ཉིད་ཡིན་ལ། ཞེས་སོ། །དེ་ཡང་ཨཀྵ་ར་མི་འགྱུར་བ་དང་ཡི་གེ་གཉིས་ཀ་ལ་འཇུག་པས། བོད་སྔ་མ་ཕལ་ཆེར་བརྟག་གཉིས་དང་ཁ་སྦྱོར་གྱི་འགྱུར་ལྟར་ཡི་གེ་ལ་སྦྱར་ཏེ། དེ་ཉིད་ཡི་གེ་དམ་པ་ཨའི་དོན་སྐྱེ་བ་མེད་པ་ཉིད་ཅེས་འབྲུ་བསྣན་ལ། རྣམ་བཤད་དང་དངོས་གྲུབ་སྙེ་མར་དེའི་འགྱུར་བཅོས་ཏེ་ཀུན་སྤྱོད་ཀྱི་འགྱུར་དང་བསྟུན་ནས་དེ་ཉིད་མི་འགྱུར་དམ་པ་ཞེས་པ་ལ་འབྲུ་བསྣན་ནོ། །དེ་ལྟར་ལྷན་སྐྱེས་ཀྱི་ཡེ་ཤེས་སྲོག་ཏུ་བཞག་ནས། ཡོན་ཏན་ཐམས་ཅད་དེའི་ངོ་བོར་འདུས་ཚུལ་ལམ་དེ་དང་གཅིག་ཏུ་སྒྲུབ་ཚུལ་ཇི་ལྟར་ཡིན་ཞེ་ན། གོང་དུ་བཤད་པ་ལྟར་མདོ་སྔགས་ཟབ་རྒྱས་ཀྱི་བཀའ་དང་བསྟན་བཅོས། རིགས་པའི་གནས་དང༌


GTD005_Page_0807
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་མཐའ་རབ་འབྱམས་ལ་མཁས་པའི་ཡོན་ཏན་དང༌། ས་བཅུ་ལམ་ལྔ་གྲངས་མེད་གསུམ་གྱི་ཚོགས་ལ་སོགས་པ་ཐེག་ཆེན་ཐུན་མོང་བ་དང༌། སྔགས་ཀྱི་བཟླས་པ། དཀྱིལ་འཁོར་བྲི་སྒྲུབ། དཀའ་ཐུབ་སྦྱིན་སྲེག་ལ་སོགས་པ་ཐམས་ཅད་ལྷན་སྐྱེས་ཀྱི་ཡེ་ཤེས་གཅིག་པུའི་བྱེད་པར་འདུས་ཏེ། ཀུན་སྤྱོད་ལས། གང་ཞིག་ས་ལ་གནས་རྣམས་དང༌། །བསྟན་བཅོས་དག་ནི་མ་ལུས་དང༌། །རིག་བྱེད་གྲུབ་མཐའ་གནས་པ་རྣམས། །འཇིག་རྟེན་འདི་དང་གཞན་དག་ཏུ། །དེ་མེད་པར་ནི་འགྲུབ་མི་འགྱུར། །རིག་བྱེད་གྲུབ་པའི་མཐའ་རྣམས་ལ། །འདི་ནི་སྙིང་པོར་རབ་ཏུ་བཤད། །ཅེས་གསུངས་ཤིང༌། ཀུན་སྤྱོད་མར་དོས་བསྒྱུར་བ་ལས། རིག་བྱེད་གྲུབ་མཐའ་གནས་པ་རྣམས། །ཡེ་ཤེས་དེ་ལས་ཡང་དག་འབྱུང༌། །ཞེས་གསུངས་པ་ལྟར། ཀུན་སྤྱོད་ཀྱི་འགྲེལ་པར་རིག་བྱེད་གྲུབ་མཐའ་སོགས་ཡེ་ཤེས་ལ་གནས་པ་ནི། ཡེ་ཤེས་དེ་ལས་དེ་རྣམས་འབྱུང་བའི་དོན་དུ་བཤད་དོ། །གྲངས་མེད་གསུམ་སོགས་དེར་འདུས་ཚུལ་ནི། སམྦྷུ་ཊ་ལས། དེ་ཕྱིར་དེ་རྒྱས་ཅི་ཞིག་བྱ། །མདོར་བསྡུས་པས་ནི་སངས་རྒྱས་ཉིད། །བསྐལ་པ་བྱེ་བ་གྲངས་མེད་པས། །ཇི་སྲིད་སངས་རྒྱས་གང་འཐོབ་པ། །གང་གིས་དམ་པའི་བདེ་བས་ཁྱོད། །སྐྱེ་བ་འདིར་ནི་ཐོབ་པར་འགྱུར། །ཞེས་ཚོགས་གཉིས་ཀྱི་གསལ་བའི་དབྱེ་བ་མཐའ་ཡས་པ་ཐམས་ཅད་བློ་གཅིག་གི་བྱེད་པར་ཚང་བས་ཚོགས་གཉིས་རྫོགས་ཚབས་ཆེ་ཞིང་མྱུར་བ་དང༌། གསང་སྔགས་ཀྱི་ཉམས་ལེན་གཞན་ཀུན་དེར་འདུས་པའི་ཚུལ་ཡང༌། བརྟག་པ་དང་པོའི་བཅུ་པ་ལས།


GTD005_Page_0808
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་སྔགས་བཟླས་དེ་དཀའ་ཐུབ་དང་དེ་སྦྱིན་སྲེག །དེ་ནི་དཀྱིལ་འཁོར་ཅན་དང་དེ་ནི་དཀྱིལ་འཁོར་ཉིད། །མདོར་བསྡུས་ནས་ནི་སེམས་ནི་འདུས་པའི་གཟུགས་ཅན་ནོ། །ཞེས་དང༌། དེའི་རྣམ་བཤད་ལས། ལྷན་སྐྱེས་དེ་ནི་ཡིད་སྐྱོབ་པས་ངེས་དོན་གྱི་སྔགས་བཟླས་པ་དང༌། དེ་ཉིད་ཁ་ན་མ་ཐོ་བ་དང་བྲལ་ཞིང་ཉེས་པ་ཐམས་ཅད་འགོག་པས་དཀའ་ཐུབ་དང༌། དེ་ཉིད་ཀྱིས་ཉོན་མོངས་དང་ཕུང་པོའི་ཡམ་ཤིང་ཐམས་ཅད་བསྲེག་པས་ངེས་དོན་གྱི་སྦྱིན་སྲེག་དང༌། དེ་ནི་རྣལ་འབྱོར་མ་ཐམས་ཅད་འདུས་པའི་བདག་ཉིད་ཅན་ཡིན་པས་དཀྱིལ་འཁོར་ཅན་དང༌། དེ་ནི་ཆོས་ཐམས་ཅད་ཀྱི་སྙིང་པོ་ལེན་པའི་དཀྱིལ་འཁོར་ཉིད་དེ། མདོར་བསྡུས་ནས་ནི་དོན་གྱི་ལྷན་སྐྱེས་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ནི་ཆོས་ཐམས་ཅད་འདུས་པའི་རང་བཞིན་ཅན་ཡིན་པས་སེམས་དེ་ཉིད་བསྐྱེད་པར་བྱ་སྟེ། ཞེས་གསུངས་ཏེ། དེ་དག་གི་དོན་བསྡུས་ན། རྫོགས་རིམ་དངོས་གྲུབ་སྙེ་མ་ལས། ས་ལ་གནས་པ་ནི་ས་བཅུ་ལ་གནས་པ་དང༌། བསྟན་བཅོས་ནི་རྒྱུད་སྡེ་རྣམས་དང༌། རིག་བྱེད་ནི་ཕྱི་པའི་བསྟན་བཅོས་དང༌། གྲུབ་མཐའ་ནི་ཉན་ཐོས་པའི་གྲུབ་མཐའ་ལ་ཏ་ཐཱ་ག་ཏ་རཀྵི་ཏས་བཤད་དེ། ཕྱི་ནང་གི་གཞུང་ལས་བཤད་པའི་དངོས་གྲུབ་ཐམས་ཅད་ལམ་མདོར་བསྡུས་པ་འདི་ཉིད་ཀྱིས་འགྲུབ་པའི་དོན་ནོ། །ཞེས་དང༌། ཡང་དེ་ཉིད་ལས། ལམ་གཞན་གྱི་གནས་སྐབས་དང་མཐར་ཐུག་གི་དོན་གང་འགྲུབ་ཐམས་ཅད་ལམ་འདིར་མ་ཚང་བ་མེད་པ་དང༌། རིང་པོར་མ་ཐོགས་པ་དང༌། ལམ་བདེ་བས་འགྲུབ་པའི་ཚུལ་བྱེད་ལས་ཀྱི་སྒོ་ནས་འདིར་འདུས་པའོ། །ཞེས་དང༌། གསང་བ་འདུས་པའི་སྨོན་ལམ་ལས།


GTD005_Page_0809
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཀྱི་གཡོ་བ་ངག་གི་བརྗོད་པ་དང༌། །ཡིད་ཀྱི་བསམ་པ་ཀུན་གྱིས་འབད་མེད་པར། །རླབས་ཆེན་ཚོགས་རྣམས་ཡོངས་སུ་སྡུད་བྱེད་པའི། །ཞེས་གསུངས་པ་ལྟར་རོ། །དེས་ན་ལམ་དུས་ཀྱི་ཡོན་ཏན་ཐམས་ཅད་ལམ་གྱི་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡན་ལག་ཏུ་འཁྱེར་བ་དགོས་ཤིང༌། དེའི་སྟོབས་ཀྱིས་འབྲས་བུའི་སྐུ་གསུམ་ཡང་བདེ་ཆེན་གྱི་སྐུར་འདུ་བ་ཡིན་ཏེ། བརྟག་གཉིས་རྣམ་བཤད་ལས། བདེ་ཆེན་དེ་ཉིད་མཐར་ཐུག་པའི་བདེ་ཆེན་གྱི་སྐུར་སྐུ་གཞན་གསུམ་ཡང་བསྡུས་པ་ཤེས་པར་བྱ་བའི་ཕྱིར་ཏེ། མདོར་ན་ལམ་གྱི་གཙོ་བོ་ལྷན་སྐྱེས་ཀྱི་བདེ་ཆེན་དང༌། འབྲས་བུའི་གཙོ་བོ་བདེ་ཆེན་གྱི་སྐུར་བསྟན་ནས་བདེ་བ་ཆེན་པོ་ལ་ངེས་པ་ལྷག་པར་བསྐྱེད་པའི་ཆེད་དུ་ཡིན་ནོ། །ཞེས་གསུངས་པ་བཞིན་དེ་ལ་ངེས་པ་ལྷག་པར་སྐྱེ་བའི་ཆེད་དུ་འདིར་ཡང༌། སྲོག་ནི་གཅིག་ཏུ་སྒྲུབ་ཅེས་གསུངས་པ་ཡིན་པས། རྗེས་འཇུག་བློ་གྲོས་ཀྱི་ནོར་དང་ལྡན་པ་རྣམས་ཀྱིས་སྙིང་ལ་རུས་པ་བཅུག་སྟེ། དམ་པ་གོང་མ་དག་གི་བཀའ་ཆེམས་སུ་བཞག་པའི་དོན་བཞིན་ཚུལ་འདི་ལ་གཞན་དྲིང་མི་འཇོག་པའི་ངེས་པ་བརྟན་པོ་རྙེད་པའི་ཕྱིར་སྒོ་མཐའ་དག་ནས་འབད་པ་ལྷུར་བླང་བར་བྱའོ། །༈ གསུམ་པ་མཇུག་གི་དོན་ལ། བསྟན་བཅོས་ཇི་ལྟར་བརྩམས་པའི་ཚུལ། བརྩམས་པ་པོའི་དགོས་དོན་འགྲུབ་པར་སྨོན་པ། རྩོམ་པ་པོའི་མཚན་བསྟན་པ་གསུམ། དང་པོ་ནི། དེ་ལྟར་བསྟོད་དང་སྨོན་པའི་ཨཎྜ་རྙིལ། །བསམ་བཟང་སྲད་བུ་ཆེས་དཀར་རིང་པོ་ལ། །སྟར་དུ་བརྒྱུས་པའི་རྒྱན་


GTD005_Page_0810
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲེང་དོ་ཤལ་འདི། །ཚུལ་བཞིན་ལྷ་མོ་ཁྱོད་ཀྱིས་མགུལ་བར་ཆོངས། །ཞེས་བྱུང༌། དེ་ཡང་གོང་དུ་ཇི་སྐད་བཤད་པ་དེ་ལྟར་དུ་བསྟོད་ཚུལ་གྱི་ནང་ནས་འཕགས་མའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་རྒྱུ་འབྲས་ངོ་བོ་ཆ་ཚང་བའི་ཚུལ་གྱིས་བསྟོད་པ་དང༌། སྨོན་པའི་ནང་ནས་ཀྱང་གནས་སྐབས་མཐར་ཐུག་གི་འདོད་དོན་རྫོགས་པས་ན། རིན་པོ་ཆེའི་ནང་ན་ཨཎྜ་རྙིལ་ལམ། ཨིནྡྲ་ནཱི་ལ་སྟེ་རིན་པོ་ཆེ་དབང་གི་རྒྱལ་པོ་ལྟར་མཆོག་དང་གཙོ་བོར་གྱུར་པས་བརྩམས་པའི་བསྟན་བཅོས་ཀྱི་ངོ་བོ་ཕུན་སུམ་ཚོགས་པར་བསྟན་ནོ། །བརྩམས་པའི་ཀུན་སློང་ཕུན་སུམ་ཚོགས་པའི་ཚུལ་ནི། དཔེར་ན་ཕྲེང་བའི་རྡོག་པོ་ཐམས་ཅད་སྲད་བུ་ལ་བརྟེན་པ་ལྟར། རྩོམ་པ་ཡང་གང་ལ་བརྟེན་པའི་རྩ་བའི་ཀུན་སློང་ནི་བསྟན་འགྲོ་ལ་ཕན་པར་བཞེད་པའི་བསམ་པ་བཟང་པོའི་སྲད་བུ་ཡིན་ཞིང༌། དེ་ཡང་ཉེ་རིང་དང་རང་དོན་ཡིད་བྱེད་ཀྱི་དྲི་མ་ཕྲ་མོས་ཀྱང་མ་གོས་པས་ཆེས་དཀར་བ་དང༌། བསྟན་པ་ནམ་གནས་བར་དང་མཁའ་ཁྱབ་ཀྱི་འགྲོ་བའི་དོན་དུ་དམིགས་པས་ན་རྒྱ་ཆེ་ཞིང་ཡུན་རིང་པོའི་བར་གྱི་དགོངས་པ་རླབས་ཆེ་བའོ། །རྩོམ་ཚུལ་ཕུན་སུམ་ཚོགས་པ་ཡང་ཡིན་ཏེ། ཡོན་ཏན་དེ་དག་ཐོར་བུ་ཐོར་བུར་བརྗོད་པ་ལྟ་བུ་མ་ཡིན་པར་སྨིན་བྱེད་དབང་བཞི་དང༌། གྲོལ་བྱེད་རིམ་གཉིས་སོགས་ཀྱི་འགྲོས་དང་མཐུན་པར་ཆ་ཚང་ཞིང་གོ་རིམ་མ་འཆོལ་བར་ཕྲེང་བ་སྟར་དུ་བརྒྱུས་པ་བཞིན་མཐར་ཆགས་སུ་འབྱུང་བས་གོ་སླ་ཞིང་རྗེས་འཇུག་གིས་ཉམས་སུ་བླང་བདེ་བའོ། །དགོས་པ་ཕུན་སུམ་ཚོགས་པ་ནི། འཇིག་རྟེན་ན་རིན་པོ་ཆེའི་རྒྱན་ཕྲེང་དང་དོ་ཤལ་བཟང་པོ་ལྟ་བུ་རྒྱལ་པོ་སོགས་ལ་རྒྱན་དུ་ཕུལ་བས་དགྱེས་ནས་བྱ་


GTD005_Page_0811
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་སྩོལ་ཞིང༌། ན་ཆུང་སོགས་ལ་བྱིན་ནས་རྩེ་དགའི་གྲོགས་བགྱིད་པ་ལྟར། འདིར་ཡང་བསྟོད་པའི་ཚིག་གི་རྒྱན་ཕྲེང༌། དེ་ལས་འཕྱང་བའི་སྨོན་ཚིག་གི་དོ་ཤལ་དང་བཅས་ཏེ་འཕགས་མ་ཁྱེད་ལ་འབུལ་བ་ལགས་པས། ཁྱེད་ཀྱིས་ཚུལ་ལམ་ལུགས་དང་མཐུན་པར་མགུལ་དུ་བཞེས་ཏེ་བདག་གི་འདོད་པ་གྲུབ་པར་མཛོད་ཅིག་ཅེས་པའོ། །གཉིས་པ་ནི། རྒྱུ་འབྲས་རྟེན་འབྲེལ་བསླུ་བ་མེད་པ་དང༌། །རིག་བྱེད་མཛེས་མ་མཐུ་སྟོབས་ཐོགས་མེད་པས། །ཇི་ལྟར་སྨོན་པའི་འབྲས་བུ་བདེ་བླག་ཏུ། །གེགས་དང་ཉེར་འཚེ་མེད་པར་འགྲུབ་གྱུར་ཅིག །ཅེས་བྱུང༌། དེ་ཡང་གྲོ་སྲན་ལ་སོགས་པའི་འབྲས་བུ་ཕུན་སུམ་ཚོགས་པར་འབྱུང་བ་ལ་རྒྱུ་རང་རང་གི་ས་བོན་མ་འཆོལ་བར་བཏབ་པ་དང༌། རྐྱེན་ཆུ་ལུད་འཛོམ་པ་དགོས་པ་ལྟར། གནས་སྐབས་མཐར་ཐུག་གི་ཡོན་ཏན་རྣམས་འགྲུབ་པ་ལ་ཡང༌། ནང་ནས་དེ་དག་དང་མཐུན་པའི་ཉེར་ལེན་གྱི་རྒྱུ་ཚུལ་བཞིན་དུ་སྒྲུབ་པའི་རྟེན་འབྱུང་གི་འབྲེལ་བ་བསླུ་བ་མེད་པ་དང༌། ཕྱིའི་རྐྱེན་མཆོག་གསུམ་སྤྱི་དང་ཁྱད་པར་འདིའི་སྒྲུབ་པ་པོ་རྣམས་ལ་བཅོམ་ལྡན་རིག་བྱེད་མཛེས་མ་ཉིད་ཀྱི་མཐུ་སྟོབས་ཐོགས་པ་མེད་པའི་བྱིན་རླབས་ཀྱི་ནུས་པ་རང་རྒྱུད་ལ་ཞུགས་པ་ངེས་པར་དགོས་པས། དེ་གཉིས་རིམ་པ་བཞིན་རྐང་པ་དང་པོ་གཉིས་ཀྱིས་བསྟན་ནོ། །ཁ་ཅིག་འདི་སྙམ་དུ། འབྲས་བུ་འགྲུབ་པ་ལ་རྒྱུ་སྒྲུབ་དགོས་པ་བདེན་ཡང་འདིར་ཚིག་ཏུ་བརྗོད་པ་དགོས་པ་མེད་དེ། རྒྱུ་མ་བསྒྲུབས་པར་རྒྱུ་འབྲས་རྟེན་འབྱུང་ཞེས་བཤད་ཀྱང་རྫུན་དུ་འགྱུར་ལ། རྒྱུ་སྒྲུབ་ན་ཚིག་ཏུ་མ་བརྗོད་ཀྱང་ས་བོན་


GTD005_Page_0812
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མྱུ་གུ་སྐྱེ་བ་ལྟར་འབྲས་བུ་འབྱིན་ནུས་སོ་སྙམ་ན། འདི་ནི་ཤིན་ཏུ་དགོས་པ་ཆེ་སྟེ་ལུས་ངག་གི་དགེ་བ་བྱས་ཀྱང་དེའི་འབྲས་བུ་ལ་ཡིད་མ་ཆེས་པས་འབྲས་བུ་དམན་པར་འགྱུར་བ་དང༌། འབྲས་བུ་གཏན་དུ་འཇོམས་པ་ལྟ་བུ་མང་བས། འདིར་བདེན་སྟོབས་བརྗོད་པ་ནི་རྒྱུ་འབྲས་ཀྱི་འབྲེལ་བ་དེས་ཐོས་སུ་རེ་བ་མིན་གྱི། རང་རྒྱུད་ལ་བདེ་ལེགས་ཐམས་ཅད་ཀྱི་རྩ་བ་ལས་འབྲས་ཀྱི་འབྲེལ་བར་ཡིད་ཆེས་བསྐྱེད་ནས་སྔ་མའི་དགེ་རྩ་ཐམས་ཅད་ནུས་ལྡན་དུ་བསྒྱུར་བ་ཡིན་ནོ། །རྐང་པ་ཕྱི་མ་གཉིས་ནི། དེ་ལྟར་ཕྱི་ནང་གི་རྐྱེན་ཕུན་སུམ་ཚོགས་པ་ལ་བརྟེན་ནས་གོང་དུ་ཇི་སྙེད་བཤད་པའི་སྨོན་པའི་འབྲས་བུ་རྣམས་འགྲུབ་པ་ལ་བར་དུ་གཅོད་པའི་གེགས་དང༌། དེའི་ཆར་གཏོགས་པའི་ཉེར་འཚེ་ཕྲ་མོ་ཡང་མེད་པར་ཇི་ལྟར་སྨོན་པ་བཞིན་བདེ་བླག་ཉིད་དུ་འགྲུབ་པར་གྱུར་ཅིག་ཅེས་པའོ། །གསུམ་པ་ནི། ཅེས་ཁམས་གསུམ་དབང་སྡུད་ཀྱི་ལྷ་མོ་རིག་བྱེད་མ་ལ་བསྟོད་པ་འདི་ནི་ཆོས་སྨྲ་བའི་སྙོམས་ལས་པ་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱིས་དོན་ཆེན་པོ་ལ་དམིགས་ནས་སུག་བྲིས་སུ་བགྱིས་པའོ། །ཞེས་གསུངས་པས་གཞན་རྣམས་གོ་སླ་ཞིང༌། དོན་ཆེན་པོ་ནི་གོང་གི་འདོད་གསོལ་སྐབས་སུ་བཤད་པ་ལྟར་བསྟན་པའི་རྩ་ལག་༸རྒྱལ་དབང་མཆོག་གི་སྤྲུལ་སྐུ་རིན་པོ་ཆེའི་འཕྲིན་ལས་ཀྱི་སྒོ་བརྒྱ་འབྱེད་པའི་ཕྱིར་དུ་ཡིན་ནོ། །སྨྲས་པ། གང་གི་ཞབས་སེན་ཉི་འོད་རེག་པ་ཡིས། །བདག་བློ་འདབ་བརྒྱ་བཞད་པའི་ཟེའུ་འབྲུ་ལ། །རྒྱུད་དོན་སྦྲང་རྩིའི་བཅུད་ཀྱིས་གཏམས་མཛད་པ། །བླ་མ་ཧེ་རུ་ཀ་ཡིས་རིང་དུ་སྐྱོངས། །དཔའ་བོའི་དབང་ཕྱུག་སྙིང་རྗེའི་ཆུ་གཏེར་ཆེ་ལ་ཡང་དག་སྦྱོར་བ་ཡིས། །དགའ་བ་


GTD005_Page_0813
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོར་ཁོལ་བའི་རླབས་ཕྲེང་རབ་འབྱམས་དཀྱིལ་འཁོར་སྤྲོ་ཞིང་སྡུད། །དཔའ་བོའི་བརྟན་པ་འཕྲོག་པའི་ཉམས་འགྱུར་གློག་དམར་རྩེ་དགས་རོལ་པ་མོ། །ཤེས་རབ་རྟ་གདོང་འབར་བའི་མེ་ཚན་རིག་བྱེད་དབང་མོ་བསྟོད་པའི་དབྱངས། །དགའ་བའི་དཔལ་ལྡན་ཡེ་ཤེས་མེ་ལོང་ངོས། །གསང་གསུམ་བཀོད་པ་མཁའ་དང་མཉམ་པའི་གཟུགས། །མངོན་པར་ཆུབ་པའི་སྒྱུ་འཕྲུལ་ལྟད་མོ་ཆེ། །རྣམ་དཔྱོད་སོར་མོས་མཚོན་འདི་ལྟོས་ཤིག་ཀྱེ། །བཅོམ་ལྡན་མ་ཡི་གསང་གསུམ་ཐུན་མཚམས་དམར་བའི་ལང་ཚོ་ནི། །བྱེ་བ་བཅུ་དྲུག་མ་རྒྱུད་མཁའ་དང་རོ་གཅིག་རང་བཞིན་ལས། །ལུང་རིགས་ལེགས་བཤད་སྐར་ཚོགས་རྣམ་པར་བཀྲ་བའི་རྣམ་བཤད་འདིས། །དགའ་བ་བཅུ་དྲུག་ཆ་རྫོགས་ལྷན་སྐྱེས་ཟླ་ཤེལ་མགྲོན་དུ་འགུགས། །ཆེར་སྙིགས་དུས་བཞིའི་མཐའ་དང་མི་འཚལ་བ། །སྔོན་རབས་མཁས་པ་མདོངས་མཐའི་དགའ་སྟོན་འདི། །རིག་འཛིན་དབང་མོ་མཉེས་པའི་མཆོད་སྤྲིན་ཏེ། །རང་རྒྱུད་དགེ་བའི་ས་བོན་སྨིན་བྱེད་ཡིན། །རྡོ་རྗེ་གསུམ་གསང་རྒྱུད་སྡེ་རྒྱ་མཚོའི་དོན། །རང་སྒྲ་བྲག་ཆའི་ཟླ་དང་བཅས་པའི་གཏམ། །ལེགས་བཤད་ནམ་མཁའི་རྔ་ཆེན་ལྡིར་བ་ཡིས། །བློ་ཆུང་གཏམ་གྱི་སྒྲ་བརྒྱ་ཅིག་ཅར་བསྙལ། །ལུས་ཀྱི་བསྟན་བཅོས་གནའ་བོའི་རས་བྲིས་ལ། །མཆོད་བརྗོད་སྦྱར་བྱང་གསར་པའི་གོང་གཤམ་ཅན། །བྱེད་པོ་རྟོག་གེའི་བཟོ་བོར་མཚོན་པའི་ལས། །མཁས་པའི་བཞད་གད་ཡུལ་གྱི་ཆོས་དེ་མིན། །འོན་ཀྱང་བརྗོད་དོན་འཕགས་མའི་གསང་བ་སོ་སོར་རང་རིག་ཡུལ། །རྗོད་བྱེད་རྡོ་རྗེའི་ཚིག་ཀྱང་སོ་སོ་རང་གི་རིག་བྱ་སྟེ། །འཁྲུལ་བྲལ་


GTD005_Page_0814
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་བོད་གཞུང་བརྒྱའི་རྗེས་སུ་འགྲེལ་པ་ལྷུར་བླང་ཡང༌། །བྱིས་བློས་ནོངས་པར་གང་གྱུར་བླ་མ་ཡི་དམ་ཚོགས་ལ་བཤགས། །འདིར་འབད་དགེ་བ་ཕྲ་མོའི་མེ་མདག་ཀྱང་། །ཀུན་ཉོན་ཚལ་དུ་ཞུགས་པ་མཆེད་པའི་མེས། །སྲིད་པ་གཞོམ་ལས་བདེ་ཆེན་དུ་བའི་སྤྲིན། །མཁའ་དབྱིངས་ཁྱབ་པས་གྲུ་ཆར་འབེབས་གྱུར་ཅིག། །མཐའ་ཡས་ཕྱོགས་ཀྱི་ནགས་ཀླུང་ཡངས་པ་ནས། །མགྲོན་དུ་ཉེར་བཀུག་སྐལ་བཟང་བུང་བའི་ཁྱུ། །བཤད་སྒྲུབ་སྦྲང་རྩིའི་ཆང་གིས་རབ་མྱོས་ཏེ། །རྣམ་གྲོལ་དགའ་བའི་གར་སྟབས་བསྒྱུར་བར་ཤོག ། ཁྱད་པར་མཚུངས་མེད་མཆོག་སྤྲུལ་ལྷ་ཡི་དབང༌། །བློ་བཟང་ཐུབ་བསྟན་ཡང་སྙིང་ལྷུན་པོའི་སྤོར། །འཇིགས་མེད་ཆོས་ཀྱི་ཁྲི་ལ་ཞབས་བརྟན་ཅིང༌། །མཛད་བཟང་རྒྱ་མཚོའི་གོས་ཅན་ཁྱབ་གྱུར་ཅིག །ཅེས་བཅོམ་ལྡན་འདས་མ་ལྷ་མོ་རིག་བྱེད་མ་ལ་བསྟོད་པའི་རྒྱ་ཆེར་འགྲེལ་པ་རྡོ་རྗེ་གསུམ་གྱི་སྣང་བ་ཞེས་བྱ་བ་འདི་ནི། དགེ་བའི་བཤེས་གཉེན་སངས་རྒྱས་དངོས་སུ་མཐོང་སྟེ། བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་པ་ལ་གཞོན་ནུ་ནོར་བཟང་དང་ཆོས་མཚུངས་ཤིང༌། དེའི་མཐུས་ལུང་དང་རྟོགས་པའི་ཡོན་ཏན་གྱི་ཚོགས་ཀྱིས་གོ་འཕང་མཐོན་པོར་གྱུར་པ་སྒྲུབ་པའི་རྒྱལ་མཚན་འཛིན་པ་ཆེན་པོ་མཁས་གྲུབ་བསྟན་འཛིན་གྱིས། བསྟོད་པའི་རྩ་བ་འདི་ཉིད་པཎ་ཆེན་སྣང་བ་མཐའ་ཡས་ཀྱིས་༸རྒྱལ་དབང་ཐམས་ཅད་མཁྱེན་པའི་འཕྲིན་ལས་ཀྱི་སྒོ་འབྱེད་དུ་གསུངས་པ་དང་ཕྱོགས་མཐུན་པར་སྐྱབས་མགོན་མཆོག་སྤྲུལ་རིན་པོ་ཆེ་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོའི་ཞལ་སྔ་ནས་ཀྱི་རྣམ་པར་དཀར་བའི་མཛད་འཕྲིན་བསྟན་འགྲོ་ཡོངས་ཀྱི་ཕན་བདེའི་དགའ་


GTD005_Page_0815
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་དང་ཆབས་ཅིག་པར་རྒྱས་པའི་ཕྱིར་དུ། འདི་ལ་འགྲེལ་པ་གསང་བ་གསུམ་གྱི་ཡོན་ཏན་གསལ་བར་སྟོན་ཅིང༌། ཁྱད་པར་རང་ལམ་གྱི་ལུས་ཡོངས་སུ་རྫོགས་པའི་འགྲོས་དང་མཐུན་པ་ཤིན་ཏུ་རྒྱས་པ་ཞིག་དགོས་ཞེས་གསུང་ནན་ཆེན་པོས་བསྐུལ་བ་བཞིན། མདོ་སྔགས་ཐུབ་བསྟན་ཡོངས་སུ་རྫོགས་པའི་མངའ་བདག་དཔལ་ཧེ་རུ་ཀ་དང་གཉིས་སུ་མེད་པའི་བླ་མ་རྡོ་རྗེ་འཆང་ཆེན་པོ་རྗེ་བཙུན་དཀོན་མཆོག་འཇིགས་མེད་དབང་པོའི་ཞལ་སྔ་ནས་ཀྱི་ཞབས་རྡུལ་སྤྱི་བོར་བསྟེན་པའི། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས། རྒྱལ་བའི་ལུང་གིས་ཟིན་པའི་ཆོས་གྲྭ་ཆེན་མོ་བཀྲ་ཤིས་འཁྱིལ་དུ་སྦྱར་བ་འདི་ཡང་ཐུབ་བསྟན་ཡང་སྙིང་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག། །།

རྡོ་རྗེ་གསུམ་གྱི་སྣང་བའི་བསྡུས་དོན།


GTD005_Page_0816
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་གསུམ་གྱི་སྣང་བའི་བསྡུས་དོན་བཞུགས་སོ། །


GTD005_Page_0817
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཧེ་རུ་ཀ་ལ་ན་མཿ འདིར་ལྷ་མོ་རིག་བྱེད་མ་ལ་བསྟོད་པའི་རྒྱ་ཆེར་འགྲེལ་པ་རྡོ་རྗེ་གསུམ་གྱི་སྣང་བའི་བསྡུས་པའི་དོན་ལ། ཀླད་ཀྱི་དོན། གཞུང་དངོས། མཇུག་གི་དོན་གསུམ། དང་པོ་ལ་ལེགས་སྦྱར་གྱི་སྐད་དུ་ཕྱག་འཚལ་བ། མཚན་གྱི་དོན། མཆོད་བརྗོད་གསུམ་ལས། དང་པོ་ནི། ན་མོ་ཌཱ་ཀི་ཀུ་རུ་ཀུལླེ་ཡེ། གཉིས་པ་ནི་རྒྱུད་ཀྱི་ཁུངས་དང་སྦྲགས་ཏེ་སྟོན་པར། བཅོམ་ལྡན་འདས་མ་ཁམས་གསུམ་དབང་སྡུད་ཀྱི་ལྷ་མོ་རིག་བྱེད་མ་ཀུ་རུ་ཀུལླེ་ལ་བསྟོད་པའི་གླུ་དབྱངས་སྲིད་གསུམ་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ། གསུམ་པ་ནི། བཅོམ་ལྡན་འདས་མ་དཔལ་ཀུ་རུ་ཀུལླེ་ལ་ཕྱག་འཚལ་ལོ། །༈ གཉིས་པ་གཞུང་དངོས་ལ། ཇི་ལྟར་བསྟོད་པའི་ཚུལ། བསྟོད་པའི་ཚིག་དོན་དངོས་བཤད་པ། བསྟོད་པའི་དགེ་བ་བསྔོ་བ་འདོད་གསོལ་དང་བཅས་པ་གསུམ་གྱི་དང་པོར་བསྟོད་པའི་སྒོ་མང་ཡང༌། ལམ་བགྲོད་ཚུལ་དང་ཁྱད་པར་སྔགས་ལམ་གྱི་བགྲོད་ཚུལ་སྒོས་བསྟོད་པ་མཆོག་ཏུ་སྒྲུབ་པོ། གཉིས་པ་ལ་མདོར་བསྟན་རྒྱས་བཤད་གཉིས། དང་པོ་ནི། རབ་འབྱམས་ཉི་འོད་རྩེ་དགས་རབ་རྒོད་པ། །ཆུ་ལྷའི་ངོགས་སུ་ཕྱོགས་པའི་ལྷུན་པོའི་བཞིན། །དཔེར་མཚོན་མེ་ལོང་ནང་གཟུགས་ཤར་བའི་དབྱིབས། །ཇི་བཞིན་སྒྱུ་འཕྲུལ་གར་གྱིས་རོལ་དེར་འདུད། །༈ གཉིས་པ་རྒྱས་བཤད་ལ། སྐུ་ལ་བསྟོད་པ། གསུང་ལ་བསྟོད་པ། ཐུགས་ལ་བསྟོད་པ། ཐུན་མོང་དུ་བསྟོད་པ་དང་བཞི། དང་པོ་ལ་སྤྱི་དོན་གཞུང་དོན་གཉིས། དང་པོ་སྐུ་འགྲུབ་བྱེད་གཙོ་བོ་བསྐྱེད་རིམ་ལ་སྦྱོར་ཚུལ་བསྐྱེད་རིམ་གལ་ཆེ་


GTD005_Page_0818
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ། དེའི་ཆིངས་ཐ་དད་པའི་དབྱེ་བ། སྐབས་འདིར་གང་དང་གང་གི་གནད་ཚང་ཚུལ། གཙོ་གང་ཆེ། དེ་ལ་དོགས་སློང་དགག་གཞག་དང་བཅས་བཤད་དོ། གཉིས་པ་ཡན་ལག་གི་དོན་ལ་དང་པོ་སྦྱོར་བའི་ཏིང་ངེ་འཛིན་ལ་བརྟེན་ནས་རང་དོན་ཕུན་ཚོགས་སྐུ་གསུམ་མངོན་དུ་བྱས་ཚུལ། དཀྱིལ་འཁོར་རྒྱལ་མཆོག་གི་ཏིང་ངེ་འཛིན་ལ་བརྟེན་ནས་དཀྱིལ་འཁོར་འཁོར་ལོ་སྤྲོ་ཞིང་སྡུད་པའི་བདག་པོར་གྱུར་ཚུལ། ལས་རྒྱལ་མཆོག་གི་ཏིང་ངེ་འཛིན་ལ་བརྟེན་ནས་ཞི་སོགས་ཀྱིས་ལས་རབ་འབྱམས་བསྒྲུབ་ཚུལ་གསུམ། དང་པོ་ལའང་ཆོས་སྐུ་དང༌། ལོངས་སྐུ་དང༌། སྤྲུལ་སྐུ་མངོན་དུ་བྱས་ཚུལ་གསུམ་གྱི་དང་པོ་ནི། མཐའ་བྲལ་མཁའ་དབྱིངས་འདྲ་བའི་འོད་གསལ་ལས། །འོངས་པའི་གསལ་རྫོགས་དབྱིངས་སུ་དག་པ་ཡི། །སྐྱེ་འགགས་གནས་གསུམ་བྲལ་བའི་ཆོས་ཉིད་ལས། །༈ གཉིས་པ་ལ་རྒྱུ་ལོངས་སྐུའི་ལམ་འཁྱེར་ལུགས་སོ་སོ་བ་བཀོད་ཅིང༌། འདིར་ཉེར་སྒྲུབ་ཀྱི་ཡན་ལག་གོམས་པ་ལས་ཆུ་ལས་ཆུ་བུར་རྡོལ་བ་བཞིན་རླུང་སེམས་ཙམ་ལས་ལོངས་སྐུར་ལྡང་བ་འབྱུང་བས་དེ་མངོན་དུ་བྱས་ཚུལ་ནི། །ཆུ་ལས་ཆུ་བུར་ཚུལ་གྱིས་ཉེ་བར་མཚོན། །༈ གསུམ་པ་སྤྲུལ་སྐུ་མངོན་དུ་བྱས་ཚུལ་སྦྱང་གཞི་སྦྱོང་བྱེད་སྦྱོར་དགོས་ཤིང་སྐུའི་རྣམ་པ་དངོས་ཀྱི་སྒོ་ནས་བསྟོད་པར། སྐུ་སྤྱི་ཙམ་དང་སྦྱར་ཏེ་གདུལ་བྱ་དབང་དུ་བྱེད་ཚུལ། ཕྱག་མཚན་སོ་སོའི་སྒོ་ནས་གདུལ་བྱ་དབང་དུ་བྱེད་ཚུལ། མཚན་ཙམ་གྱིས་ཀྱང་དབང་དུ་བྱེད་ཚུལ་གསུམ། དང་པོ་ཆ་སོ་སོའི་དག་པ་དང་སྦྱར་ཏེ་སྟོན་པ་ནི། ནང་གི་ཕག་མོ་ཞལ་གཅིག་ཕྱག་བཞི་པ། །ལྡེམ་ཀྱོག་སྒེག་པའི་ཞི་འཛུམ་


GTD005_Page_0819
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་རས་ཀྱིས། །སྲིད་གསུམ་འདི་དག་ཡིད་ཀྱི་བརྟན་པ་ཡང༌། །ཅིག་ཅར་འཕྲོག་པའི་སྦྱོར་བས་རྣམ་པར་འགྱིངས། །༈ གཉིས་པ་ཕྱག་མཚན་སོ་སོ་དང་འབྲེལ་བར་གདུལ་བྱ་དབང་དུ་བྱེད་ཚུལ་ལ་རྩ་ཕྱག་དང༌། ལྷག་མའི་ཕྱག་མཚན་ལ་སྦྱར་བ་གཉིས། དང་པོ་ནི། ཨུཏྤལ་ཉག་ཕྲན་ཆགས་བྱེད་རྒྱུད་ལྡན་ལ། །ཐབས་ཤེས་གོ་བའི་རྣ་ཡི་ཕྱིར་སྦྱངས་ནས། །ལྷ་མི་གནོད་སྦྱིན་ཀླུ་དང་གྲུལ་བུམ་སོགས། །གང་སྙིང་བསྣུན་དེ་མེ་ཡིས་བུང་བ་བཞིན། །གཉིས་པ་ནི། འདབ་ལྡན་ལྕགས་ཀྱུ་ཞགས་པས་རེག་ཙམ་གྱིས། །ཚངས་དང་བརྒྱ་བྱིན་ཐོས་སྒྲོག་ལ་སོགས་ཀྱང༌། །རླུང་གི་ཤུགས་ཀྱིས་རིངས་པར་འོང་བ་ནི། །རྒྱ་མཚོའི་རླབས་བཞིན་དུས་ལས་ཡོལ་བ་མིན། །གསུམ་པ་མཚན་ཙམ་གྱིས་ཀྱང་གདུལ་བྱ་དབང་དུ་བྱེད་ཚུལ་ནི། ཆེ་ཞིང་འགྱིངས་པས་དྲེགས་པ་མཐའ་དག་ཀྱང༌། །ཁྱེད་ཀྱིས་མཚན་ཙམ་ཡིད་ལ་དྲན་བྱེད་པའི། །དབུལ་བོའི་མདུན་སར་རིམ་གྲོའི་སྦྱོར་བ་དག །བགྱིད་པར་འགྱུར་ལ་མྱོང་ལྡན་ཐེ་ཚོམ་བྲལ། །༈ གཉིས་པ་དཀྱིལ་འཁོར་རྒྱལ་མཆོག་གི་ཏིང་ངེ་འཛིན་ལ་བརྟེན་ནས་སྙོམས་འཇུག་གི་དགའ་བའི་རོལ་པས་དཀྱིལ་འཁོར་གྱི་འཁོར་ལོ་སྤྲོ་ཞིང་སྡུད་པའི་བདག་པོར་གྱུར་ཚུལ་ནི། དེ་ལྟ་མོད་ཀྱི་ཚུལ་འདི་ཕྲ་མོའི་གཏམ། །ཧེ་རུ་ཀ་དཔལ་སྙོམས་འཇུག་བདེ་བའི་རོས། །དགྱེས་དགུར་འགུགས་པའི་རྣལ་འབྱོར་སྙིང་གི་དབུས། །ཁྲག་འཐུང་དཔལ་དེ་ཅི་དགར་འོངས་མིན་ནམ། །༈ གསུམ་པ་ལས་རྒྱལ་མཆོག་གི་ཏིང་ངེ་འཛིན་ལ་བརྟེན་ནས་ཞི་སོགས་རབ་འབྱམས་ལས་ཀྱི་དངོས་གྲུབ་ལ་དབང་འབྱོར་པའི་ཚུལ་ནི། ཞི་དང་རྒྱས་དབང་མངོན་སྤྱོད་ལས་རབ་འབྱམས། །གྲུབ་ཆེན་བརྒྱད་དང་ཟུང་འཇུག་ཕྱག་རྒྱ་ཆེ། །མ་ལུས་བདེ་བླག་སྩོལ་མཛད་བཅོམ་ལྡན་མ། །ཁྱོད་ལ་ཡོན་ཏན་བརྗོད་


GTD005_Page_0820
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བསྟོད་པ་ལགས། །༈ གཉིས་པ་གསུང་ལ་བསྟོད་པ་ལ། ཕར་ཕྱིན་ཐེག་པ་དང་ཐུན་མོང་བ་དང་སྔགས་ཀྱི་ཐུན་མོང་མ་ཡིན་པའི་དབང་དུ་བྱས་པ་གཉིས། དང་པོ་ནི། མགྲིན་པ་ཆོས་ཀྱི་མགུར་ལས་ཆད་མེད་པའི། །ཡན་ལག་དྲུག་ཅུའི་དབྱངས་ཀྱིས་འགྲོ་ཀུན་རྣར། །༈ གཉིས་པ་ལ་མདོར་བསྟན་རྒྱས་བཤད་གཉིས། དང་པོ་ནི། སྙན་འཇེབས་ཕེཾ་ཀ་ར་ཡི་སྒྲ་སྐད་ཀྱིས། །ཁམས་གསུམ་མ་ལུས་མཁའ་འགྲོར་བཅས་ཏེ་བསྡུ། །༈ གཉིས་པ་རྒྱས་པར་བཤད་པ་ལ། གསུང་གི་སྒོ་ནས་ཇི་ལྟར་གདམས་ཚུལ་དང༌། གསུང་རྡོ་རྗེ་རང་གིས་མངོན་དུ་མཛད་ཚུལ་གཉིས། དང་པོ་ལམ་གྱི་ལུས་ཆ་ཚང་བ་དང་ཁྱད་པར་རྒྱུད་དོན་མཐའ་དག་གི་སྙིང་པོ་བདེ་སྟོང་དབྱེར་མེད་ཀྱི་ཨེ་ཝཾ་ལ་སྦྱོར་ཚུལ་འཕྲོས་དང་བཅས་སྟོན་པར། སྒྲུབ་པོའི་ལམ་གྱི་མན་ངག་ཆ་ཚང་བར། །དབུགས་དབྱུང་ཚིག་དང་བཅས་ཏེ་སྟོན་མཛད་པས། །ལྷན་སྐྱེས་བདེ་ཆེན་སྟོང་ཉིད་མཉམ་སྦྱོར་བའི། །དགའ་བའི་རོ་ལ་ཀུན་ནས་སྦྱོར་བར་མཛད། །༈ གཉིས་པ་གསུང་རྡོ་རྗེ་རང་གིས་མངོན་དུ་མཛད་ཚུལ་ལ། སྤྱི་དོན་དང༌། གཞུང་དོན་གཉིས། དང་པོ་ནི་རྒྱུད་སོ་སོའི་རྫོགས་རིམ་ལ་སློབ་ཚུལ་མི་འདྲ་བའི་ཁྱད་པར། འོན་ཀྱང་དོད་ཐུབ་ཀྱི་གནད་ཚང་ཚུལ། ལུགས་འདིས་ཐོག་མར་གཏུམ་མོ་ནས་བརྩམས་ཏེ་སློབ་པས་གང་ལ་གནད་དུ་སྣུན་དགོས་པ་དང་གནད་དུ་བསྣུན་སའི་རྩ་འཁོར་སོགས་ཀྱི་རྣམ་གཞག །བུམ་པ་ཅན་ནམ་གཙོ་བོར་མེ་དམིགས་སྐྱོང་ཚུལ། ཁྱད་པར་འདིའི་གཞུང་རིམ་པ་ལྔ་པར་བཤད་པའི་དམིགས་སྐོར་དང་སྦྱོར་ལུགས་དགག་བཞག་དང་བཅས་པ། དེ་དག་གིས་ཀུན་རྫོབ་སྒྱུ་མའི་སྐུ་འགྲུབ་ཚུལ་དང༌། དེ་ཉིད་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་བྱེད་ཐུན་མོང་མ་ཡིན་པར་སྒྲུབ་པ་རྣམས་ཀྱི་སྒོ་ནས་གཏན་ལ་ཕབ་བོ། ། ༈ གཉིས་པ་གཞུང་དོན་ལ། གསུང་རྡོ་རྗེའི་ངོ་བོའི་ཡོན་ཏན་དང༌། དེའི་ནུས་པའི་ཡོན་ཏན་


GTD005_Page_0821
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས། དང་པོ་ནི། དོན་ངོ་བོ་གཅིག་ཀྱང་གདུལ་བྱའི་བསམ་པའི་དབང་གིས་གསུང་རྡོ་རྗེ་ལ། གསུང་ལོངས་སྤྱོད་རྫོགས་པའི་སྐུ་དང༌། གསུང་རྣམ་པ་ཐམས་ཅད་པའི་ཆ་གཉིས་སུ་ཕྱེ་སྟེ་རིམ་བཞིན་རྐང་པ་གཉིས་གཉིས་ཀྱིས་སྟོན་པར། ཟབ་མོ་སྟོང་ཉིད་སྙིང་སྟོབས་ཆེས་དཔའ་བས། །ལྷན་སྐྱེས་བདེ་ཆེན་གཡུ་ཡི་རལ་པ་གཟིངས། །མི་ཞུམ་ཞི་བ་སྐྱེ་མེད་ང་རོ་ཡིས། །ལོག་རྟོག་བདག་འཛིན་ཝ་ཚོགས་སྐྲག་པར་མཛད། །༈ གཉིས་པ་ནུས་པའི་ཡོན་ཏན་གང་ལ་བརྟེན་ནས་འཁོར་རྩ་ཐུན་མོང་དང་ཐུན་མོང་མ་ཡིན་པ་རིམ་གྱིས་བཏུལ་བས་ལྷན་སྐྱེས་ཀྱི་བདེ་ཆེན་འདྲེན་ཚུལ་ལ་བསྟོད་ཅིང་དེའི་ཡོན་ཏན་མཐོང་ནས་འདུན་པ་སྐྱེད་ཚུལ་དང་བཅས་སྟོན་པར། གང་གི་སྙིང་ལ་ཆ་ཤས་ཞུགས་པས་ཀྱང༌། །ཐོག་མ་མེད་ནས་འཕུང་ཞེན་འགོང་བོའི་དཔུང༌། །སྙིང་གས་སྟོང་པའི་དབྱིངས་ཤི་མགུ་དཀའི་སེམས། །དབང་དུ་སྡུད་གསུང་རེ་བའི་ཡིད་ཀྱིས་བསྟོད། །༈ གསུམ་པ་ཐུགས་ལ་བསྟོད་པ་ལ། ཕར་ཕྱིན་ཐེག་པ་དང་ཐུན་མོང་བའི་དབང་དུ་བྱས་པ་དང༌། སྔགས་ཀྱི་ཐུན་མོང་མ་ཡིན་པའི་དབང་དུ་བྱས་པ་གཉིས། དང་པོ་ལ་རྣམ་པ་ཐམས་ཅད་མཁྱེན་པའི་ཡོན་ཏན་དང༌། སྟོབས་བཅུའི་ཡོན་ཏན་ལ་བསྟོད་པ་གཉིས། དང་པོ་ནི། རྒྱ་མཚོ་ལྟ་བུའི་གཏིང་ལྡན་ཤེས་བྱ་དང༌། །གངྒཱའི་རྡུལ་སྙེད་ཆོས་ཚུལ་མ་ལུས་པ། །ལག་མཐིལ་ཤིང་ཏོག་ཇི་བཞིན་མངོན་སུམ་དུ། །དུས་མཐའི་སྐད་ཅིག་ཡུན་ལ་མ་འདྲེས་གཟིགས། །གཉིས་པ་ནི། མཐར་ཐུག་དབྱིངས་ལས་མ་གཡོས་རྩེ་གཅིག་ཏུ། །མཉམ་པར་བཞག་བཞིན་སེམས་ཅན་ཁམས་སྣ་ཚོགས། །མ་འདྲེས་གསལ་ལེར་གཟིགས་པས་རང་རང་གི །བསམ་པ་ཇི་བཞིན་གང་འདོད་ཆོས་རྣམས་སྟོན། །༈ གཉིས་པ་སྔགས་ཀྱི་ཐུན་མོང་མ་ཡིན་པའི་དབང་དུ་བྱས་ནས་བསྟོད་པ་ལ། སྤྱི་དོན། གཞུང་དོན་གཉིས། དང་པོ་ནི།


GTD005_Page_0822
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཆོས་སྐུ་འགྲུབ་བྱེད་འོད་གསལ་དེ་ཉིད་མདོ་སྔགས་ཀུན་གྱི་སྙིང་པོར་གྱུར་ཚུལ། ཁྱད་པར་དུ་སྐབས་འདིར་གཙོ་བོར་བསྟན་ཚུལ། འོད་གསལ་ལྷན་སྐྱེས་ཀྱི་ངོས་འཛིན། དེ་འགྲུབ་བྱེད་རླུང་དང་གཏུམ་མོ་སོགས་ནང་གི་རྐྱེན་རྣམས་སྔར་བཤད་ཟིན་པས། འདིར་ཕྱིའི་རྐྱེན་ཕྱག་རྒྱའི་རྣམ་གཞག །རྐྱེན་གཉིས་ལས་དཔེ་དོན་གྱི་འོད་གསལ་རིམ་པར་འགྲུབ་ཚུལ་རྣམས་ཀྱི་སྒོ་ནས་བསྟན་ཏོ། །༈ གཉིས་པ་གཞུང་དོན་ལ། འོད་གསལ་ཡེ་ཤེས་ཀྱི་ངོ་བོའི་ཁྱད་པར་དང༌། དེའི་བྱེད་ལས་ཀྱི་ཁྱད་པར་གཉིས། དང་པོ་ནི། ནམ་མཁའི་མཐའ་ལྟར་རྒྱ་ཆེ་ཟླ་བའི་མ། །ལྟ་བུར་གཏིང་ཡངས་རྫིང་བུ་རྙོག་མེད་ལྟར། །དྭངས་པས་ཆོས་ཚུལ་རྒྱ་མཚོའི་གཟུགས་བརྙན་ཀུན། །ཅིག་ཅར་གསལ་རྫོགས་འཆར་ལ་མཁའ་རླུང་འདྲ། །༈ གཉིས་པ་བྱེད་ལས་ལ། སྒྲིབ་གཉིས་ཟད་པར་སྤོང་བའི་བྱེད་པ་དངོས་དང༌། འཕྲོས་དོན་སྤྱོད་པའི་ཁྱད་པར་གཉིས། དང་པོའང་སྒྲིབ་གཉིས་སྤངས་པས་སྲིད་མཐའ་ཁེགས་ཚུལ་དང༌། ཐབས་མཁས་པས་དེའི་ཤུགས་ཀྱིས་ཞི་མཐའ་ཁེགས་ཚུལ་གཉིས་ཀྱིས་སྟོན་པར། ཤེས་དང་ཉོན་མོངས་རྨོངས་བྱེད་མཆུ་རིང་བུང༌། །སྙིང་རྗེ་སྟོང་པ་ཉིད་ཞུགས་བསིལ་ཡབ་ཀྱིས། །རིང་དུ་བསྐྲད་ཀྱང་བརྩེ་བའི་ཞགས་པ་ཡིས། །འགྲོ་ལ་དམ་དུ་འཁྱུད་པས་ཡང་དག་རོལ། །༈ གཉིས་པ་འཕྲོས་དོན་སྤྱོད་པའི་ཁྱད་པར་ནི། དུག་གསུམ་བཏགས་པ་བར་འཇོག་ཚུལ་དང༌། དངོས་གནས་པ་ལམ་དུ་བྱེད་ཚུལ་གཉིས་ཀྱིས་བསྟན་ཅིང༌། དོན་གྱི་འོད་གསལ་གྱི་དོད་ཐུབ་མདོ་ལ་མེད་པས་ཟབ་ཁྱད་དང་བགྲོད་པ་གཅིག་པའི་ལམ་དུ་སྟོན་པར། ཆགས་པ་མིན་ཀྱང་བརྩེ་ཆེན་ཆགས་པས་མྱོས། །ཁྲོ་དང་བྲལ་ཡང་ཉོན་མོངས་དགྲ་མགོ་གཅོད། །གཏི་མུག་ཀུན་བཅོམ་འོད་གསལ་ངང་དུ་གཟིམས། །ཡ་མཚན་སྒྱུ་མས་ས་བཅུ་པ་ཡང་རྨོངས། །


GTD005_Page_0823
[མ་དཔེ་གཟིགས་ན་འདིར་གནོན།]

༈ བཞི་པ་སྐུ་གསུང་ཐུགས་ཐུན་མོང་དུ་བསྟོད་པ་ནི་སྔར་དབང་གསུམ་གྱི་ལམ་བསྐྱེད་རིམ་དང་ཀུན་རྫོབ་སྒྱུ་མའི་རྫོགས་རིམ། དོན་དམ་འོད་གསལ་གྱི་རྫོགས་རིམ་གསུམ་གྱིས་སྐུ་གསུང་ཐུགས་སོ་སོར་སྒྲུབ་ཚུལ་བསྟན་པས། དེ་གསུམ་འདུས་པ་ཡན་ལག་བདུན་ལྡན་ཟུང་འཇུག་གམ། ལམ་འབྲས་ཀྱི་བཤད་པ་ལྟར་གསང་གསུམ་མི་ཟད་པ་རྒྱན་གྱི་འཁོར་ལོ་ནི་དབང་བཞི་པའི་ལམ་དབྱེར་མེད་ཟུང་འཇུག་གི་རྫོགས་རིམ་གྱི་བསྒྲུབ་བྱར་གོ་ནུས་ལ། དེ་ལྟར་བྱས་ན་ལམ་དང་འབྲས་བུའི་གནད་ཀུན་ཚང་ཞིང་དེ་ཉིད་རྡོ་རྗེའི་ཚིག་རྐང་གི་མན་ངག་ཏུ་བསྟན་པ། ཟུང་འཇུག་དང༌། ཡན་ལག་བདུན་ལྡན་དང༌། གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོ་རྣམས་དོན་གཅིག་ཀྱང་བཤད་ཐབས་མི་འདྲ་བའི་ཁྱད་པར་དང་བཅས་ཏེ་སྟོན་པར། དེ་ལྟར་སྐུ་གསུང་ཐུགས་ཀྱི་ངོ་མཚར་བའི། །གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོ་ལ། །བདག་གིས་ལུས་དང་ངག་ཡིད་རབ་གུས་པས། །ལེགས་པར་བསྟོད་ཀྱི་བགྱིས་པས་སྙན་དུ་བཞེས། །༈ གསུམ་པ་བརྩམས་པའི་དགེ་བ་བསྔོ་བ་འདོད་གསོལ་དང་བཅས་ཏེ་བཤད་པ་ལ། བསྔོ་བ་དང་། འདོད་དོན་གསོལ་བ། དོན་བསྡུ་བ་གསུམ། དང་པོ་ལ་མདོར་བསྟན་རྒྱས་བཤད་གཉིས། དང་པོ་ནི། དེ་ལྟར་བདག་གིས་བསྟོད་པའི་ནུས་མཐུ་ལས། །རབ་དཀར་དགེ་བ་ཟླ་ལྟར་དཀར་བ་དེས། །མར་གྱུར་དོན་དུ་སྟོབས་བཅུ་མངའ་བ་ཡི། །གོ་འཕང་ཚེ་འདིར་བདེ་བླག་ཐོབ་པར་ཤོག །༈ གཉིས་པ་རྒྱས་པར་བཤད་པ་ལ། རང་དོན་ཕུན་ཚོགས་བྱང་ཆུབ་འཐོབ་པའི་རྒྱུར་བསྔོ་བ་དང༌། གཞན་དོན་ཕུན་ཚོགས་འཕྲིན་ལས་ལྷུན་གྱིས་འགྲུབ་པའི་རྒྱུར་བསྔོ་བ་གཉིས། དང་པོ་ནི། དཔལ་ལྡན་རིག་བྱེད་ལྷ་མོའི་བསྐྱེད་པའི་རིམ། །རྣལ་འབྱོར་བསམ་གཏན་ལ་གཞོལ་ཡེ་ཤེས་མེས། །ཐ་མལ་སྣང་ཞེན་བུད་ཤིང་མ་ལུས་པ། །རིང་བོར་མི་ཐོགས་མྱུར་དུ་སྲེག་པར་ཤོག །༈ གཉིས་པ་གཞན་དོན་ཕུན་ཚོགས་


GTD005_Page_0824
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲིན་ལས་ལྷུན་གྱིས་འགྲུབ་པའི་རྒྱུར་བསྔོ་བ་ལ། དབང་དུ་སྡུད་པའི་ཕྱིར་སྨོན་པ་དང༌། བསྡུས་ནས་སྨིན་ཅིང་གྲོལ་བའི་ཕྱིར་སྨོན་པ་གཉིས། དང་པོ་ནི། ཏིང་འཛིན་སྒྱུ་འཕྲུལ་འོད་ཟེར་ཀྱོ་བ་ཡིས། །དབང་དུ་བྱ་བའི་བསྒྲུབ་བྱ་རླུང་དཀྱིལ་སྟེང༌། །བསིལ་ཟེར་བྱེད་དམར་ལ་བཀོད་འཐོར་བྱེད་ཤུགས། །དྲག་པོས་སྐད་ཅིག་ཉིད་ལ་འགུགས་པར་ཤོག །གཉིས་པ་ནི། མདུན་དུ་འོངས་སྙིང་ཨུཏྤལ་མདའ་རྣོན་གྱིས། །ཕུག་པར་དཔའ་བརྟན་སྙིང་སྟོབས་སྲོག་ཤི་སྟེ། །རབ་མྱོས་གོས་བྲལ་བདག་གི་རྐང་པའི་མཐིལ། །ལྕེ་ཡིས་བལྡག་ཅིང་ཅི་སྨྲས་སྒྲུབ་པར་ཤོག །༈ གཉིས་པ་འདོད་དོན་ལ་གསོལ་བ་འདེབས་པ་ལ་གསུམ། སྐབས་ཀྱི་འདོད་དོན་གཙོ་བོ་ངོས་བཟུང་སྟེ་གསོལ་བ་འདེབས་པ། དེ་ལ་ཕྱིའི་མཐུན་རྐྱེན་ཕུན་སུམ་ཚོགས་པའི་དོན་དུ་གསོལ་བ་འདེབས་པ། ནང་གི་མཐུན་རྐྱེན་ཕུན་སུམ་ཚོགས་པའི་དོན་དུ་གསོལ་བ་འདེབས་པའོ། །དང་པོ་བསྟན་འགྲོ་སྤྱི་བྱེ་བྲག་གི་ཕན་བདེའི་རྩ་ལག་༸རྒྱལ་དབང་རིན་པོ་ཆེའི་འཕྲིན་ལས་ལ་རག་ལས་ཚུལ་དང་བཅས་ཏེ་སྟོན་པར། ཁྱད་པར་བསྟན་དང་འགྲོ་བའི་དོན་ཆེན་གྱི། །རྩ་ལག་མཐར་ཐུག་རྒྱལ་དབང་རྡོ་རྗེ་འཆང༌། །གང་སྐུའི་སྤྲུལ་བའི་རོལ་གར་གསར་འཛུམ་ལ། །ཆེ་ཕྲའི་འགྲོ་བ་མ་ལུས་འདུད་པར་མཛོད། །གཉིས་པ་ནི། དབྱར་གྱི་ལང་ཚོ་དར་བའི་ཀུ་ཤའི་མདངས། །རབ་བཀྲ་ལོ་མའི་ཁུར་གྱིས་ལྕི་བའི་མདའ། །འདབ་ལྡན་དྷ་ནུའི་ཤུགས་ཀྱིས་ཕ་རོལ་བོའི། །ཡིད་ཀྱི་ཁྱེ་འུ་མྱོས་བྱེད་ཟུག་རྔུས་ཆོམས། །གསུམ་པ་ལ། རྗེ་རྒྱལ་བ་གཉིས་པ་ལྟར་ལུང་རྟོགས་ཀྱི་བསྟན་པ་ཡོངས་སུ་རྫོགས་པའི་མངའ་བདག་ཏུ་གྱུར་པའི་ཆེད་དང༌། དེ་ཐམས་ཅད་གཙོ་འཁོར་ཅི་རིགས་པའི་ཚུལ་དུ་ལམ་གྱི་མཐར་ཐུག་འདིའི་སྒྲུབ་བྱེད་དུ་འགྱུར་བའི་ཕྱིར་


GTD005_Page_0825
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་འདེབས་པ་གཉིས་རིམ་བཞིན་ཤོ་ལོ་ཀ་གཉིས་ཀྱིས་སྟོན་པར། དང་པོ་ནི། གཏིང་དཔག་དཀའ་ཞིང་མཐའ་བྲལ་གསུང་བསྟན་བཅོས། །ས་བཅུ་ལམ་ལྔའི་གྲོགས་འགུགས་དགའ་མ་གང༌། །ཟུར་ཕུད་ལྔ་པ་དགེ་སློང་གཟུགས་འཆང་བའི། །སྙིང་ལས་འོངས་ཏེ་འདི་ཡི་མཛའ་བོར་ཁུག །གཉིས་པ་ནི། བརྩེ་དང་གཞན་ཕན་རལ་གྲིས་བརྗིད་པ་ཡི། །དམ་བཅའི་གོ་ཆ་སྲ་བའི་དཔའ་བོ་དང༌། །རྣམ་དག་ཚུལ་ཁྲིམས་གྲོགས་མཆོག་མཁས་བཙུན་བཟང༌། །གཡོག་འཁོར་བཅས་པ་སྲོག་ནི་གཅིག་ཏུ་སྒྲུབས། །གསུམ་པ་དོན་བསྡུ་བའང༌། སྲོག་ནི་གཅིག་ཏུ་སྒྲུབས། །ཞེས་པ་འདིས་བསྟན་པ་ཡིན་ནོ། །༈ གསུམ་པ་མཇུག་གི་དོན་ལ། བསྟན་བཅོས་ཇི་ལྟར་བརྩམས་པའི་ཚུལ། བརྩམས་པའི་དགོས་དོན་འགྲུབ་པར་སྨོན་པ། རྩོམ་པ་པོའི་མཚན་བསྟན་པ་གསུམ། དང་པོ་ནི། དེ་ལྟར་བསྟོད་དང་སྨོན་པའི་ཨནྡ་རྙིལ། །བསམ་བཟང་སྲད་བུ་ཆེས་དཀར་རིང་པོ་ལ། །སྟར་དུ་བརྒྱུས་པའི་རྒྱན་ཕྲེང་དོ་ཤལ་འདི། །ཚུལ་བཞིན་ལྷ་མོ་ཁྱོད་ཀྱིས་མགུལ་བར་ཆོངས། །གཉིས་པ་ནི། ལས་འབྲས་རྟེན་འབྲེལ་བསླུ་བ་མེད་པ་དང་། །རིག་བྱེད་མཛེས་མ་མཐུ་སྟོབས་ཐོགས་མེད་པས། །ཇི་ལྟར་རེ་བའི་འབྲས་བུ་བདེ་བླག་ཏུ། །གེགས་དང་ཉེར་འཚེ་མེད་པར་འགྲུབ་གྱུར་ཅིག །གསུམ་པ་ནི། ཅེས་ཁམས་གསུམ་དབང་སྡུད་ལྷ་མོ་རིག་བྱེད་མ་ལ་བསྟོད་པ་འདི་ནི་ཆོས་སྨྲ་བ་སྙོམས་ལས་པ་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱིས་དོན་ཆེན་པོ་ལ་དམིགས་ནས་སུག་བྲིས་སུ་བགྱིས་པའོ། །ཞེས་གསུངས་ཏེ། འདིར་ཡང་དེ་དང་རྗེས་སུ་མཐུན་པའི་དགོས་དོན་ལྷུན་གྱིས་འགྲུབ་པའི་ཕྱིར་རོ། ། སརྦ་མངྒ་ལཾ།།

བ་རི་ལོ་ཙཱ་བ་ནས་བརྒྱུད་པའི་ལོ་རྒྱུས་དང་རིག་བྱེད་མའི་འདོད་གསོལ།


GTD005_Page_0826
[མ་དཔེ་གཟིགས་ན་འདིར་གནོན།]

བ་རི་ལོ་ཙཱ་བ་ནས་བརྒྱུད་པའི་ལོ་རྒྱུས་དང༌། རིག་བྱེད་མ་ལ་འདོད་གསོལ་བཀྲ་ཤིས་ཆར་འབེབས་བཅས་བཞུགས་སོ། །


GTD005_Page_0827
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་ལེགས་ཡོངས་འདུའི་དགའ་ཚལ་ཡངས་པ་ན། །བྱུ་རུའི་འཁྲི་ཤིང་དཔལ་གྱི་འཇོ་སྒེག་ཅན། །དཔག་བསམ་འདོད་པ་འཇོ་བའི་ཡིད་བཞིན་ནོར། །རྒྱལ་ཡུམ་རིག་བྱེད་དབང་མོས་འགྲོ་འདི་སྐྱོངས། །ཁྱོད་མཚན་དྲི་ཡི་གོས་ཅན་བཟུང་ཙམ་གྱིས། །མི་བཟད་རྒུད་པའི་སྦྲུལ་གདུག་མཐར་བྱེད་ན། །ངོ་མཚར་རྣ་བའི་བཅུད་ལེན་གྲུབ་པ་ཡིས། །དངོས་གྲུབ་དགའ་སྟོན་རྒྱས་པ་སྨོས་ཅི་འཚལ། །མཐུན་པའི་དྲི་བཞོན་གཡོ་བའི་རྗེས་འགྲོ་ཡང༌། །དུས་ལས་མི་ཡོལ་རྒྱ་མཚོའི་རྦ་རླབས་བཞིན། །འགོག་མེད་རྒྱལ་བ་རྣམས་ཀྱི་འཕྲིན་ལས་ཀྱང༌། །གདུལ་བྱའི་བསོད་ནམས་མཐུ་དང་ལྷན་ཅིག་སྤྱོད། །སྔོན་ཚེ་འཛམ་གླིང་འཛིན་མའི་ཐིག་ལེ་མཆོག །སྐྱེ་བོ་བློ་ལྡན་སྐལ་བ་བཟང་པོའི་ས། །གྲོང་ཁྱེར་འདབ་མ་དྲུག་ལྡན་རྒྱ་གར་ཡུལ། །ཆོས་སྲིད་དྲི་བཟང་རྫོགས་པའི་སྐྱེད་ཚལ་ན། །གྲགས་པ་ཕྱོགས་ཀྱི་རྣ་བའི་རྒྱན་གྱུར་མི་བདག་ལྷན་སྐྱེས་རོལ་པ་ཞེས། །བསོད་ནམས་བརྒྱ་པའི་གཟི་བྱིན་འཇིག་རྟེན་མེས་པོས་བློ་དང་ལྷན་ཅིག་པས། །འཇུག་པ་རྣམ་བཅུའི་དཔུང་གིས་རྒྱལ་ཕྲན་བྱེ་བའི་ཟུར་ཕུད་འདབ་མ་ལ། །ནོར་བུའི་རྐང་གདུབ་སིལ་སིལ་སྒྲ་ལྡན་དཔུང་བས་ཉེ་བར་རྩེན་པ་བྱུང༌། །དགའ་བ་བརྒྱ་བའི་དྲུང་ན་དཔལ་མོའམ། །བདེ་འབྱུང་མདུན་སར་གངས་རིའི་བུ་མོ་བཞིན། །དེ་ཡི་བཙུན་མོ་གནང་ཆེན་ཟླ་བཞིན་མ། །ཡངས་པའི་རྒྱལ་སྲིད་སྐྱོང་བའི་གྲོགས་སུ་ཐོབ། །འོན་ཀྱང་ལན་ཚྭའི་ཆུ་བོ་འཐུང་ཞིང་སྐོམ། །ནགས་ཀྱི་མེ་ལྕེ་


GTD005_Page_0828
[མ་དཔེ་གཟིགས་ན་འདིར་གནོན།]

འབར་ཞིང་མཆེད་པ་ལྟར། །འདོད་ལྡན་འདོད་པའི་ཡུལ་གྱིས་མི་ངོམས་པས། །མཛེས་སྡུག་བུ་མོ་གཞན་ཡང་ཁབ་ཏུ་བསུས། །མེ་ཏོག་ཕྲེང་མཛེས་སྔ་མ་མ་སྙིགས་ཀྱང༌། །གསར་བ་གསར་བའི་རྒྱན་གྱིས་མགུ་བ་བཞིན། །རྒྱལ་བུ་དགའ་བའི་ཡིད་ཀྱི་ཤིང་རྟ་ཡང༌། །སྨིན་ལེགས་ན་ཆུང་གསར་བའི་ཕྱོགས་སུ་ལྷུང༌། །དགེ་མ་ཆགས་བྲལ་དྲག་པོའི་དཀའ་ཐུབ་ལ། །ནན་གྱིས་སྦྱོར་བའི་ཐུབ་པ་ཇི་བཞིན་དུ། །མི་དབང་འདོད་པའི་ཟླ་བ་ཆུ་ཤེལ་ལས། །གནང་ཆེན་བཙུན་མོ་གདུང་བའི་མེ་ཆར་སྤྲོས། །དེས་ཀྱང་ཀྱེ་མ་ཆུན་མའི་མིང་ཅན་དྲང་སྲོང་དམོད་པའི་མ་མོ་འདི། །རྣ་བའི་རྗེས་སྐྱེས་རྭ་རྩེ་ཇི་བཞིན་བདག་གི་གོང་དུ་བརྒལ་ལོ་སྙམ། །ཡིད་ལ་ཟུག་རྔུའི་ཀུན་རྟོག་པིར་གྱིས་ཡང་ཡང་བྲིས་པའི་མཚན་མ་ལྟར། །རབ་དཀར་ཟླ་བ་རྒྱས་པའི་བཞིན་ལ་ནག་པོའི་ར་རིའི་དྲི་མ་ཆགས། །དེ་ཚེ་དེ་ལ་འབངས་མོ་བློ་ལྡན་མས། །བུ་མོ་འདི་ནི་གནོད་ལ་ཁྱབ་བདག་མིན། །ཉིད་ཀྱི་བདེ་དང་མི་བདེའི་གནས་སྐབས་ལ། །དབང་སྒྱུར་རྒྱལ་པོ་དབང་དུ་སྡུད་པར་འོས། །མི་མིན་རྒྱུ་བ་འདྲེ་ཡི་ཚོང་འདུས་ན། །དེ་ལྟའི་རིག་སྔགས་ཤེས་པ་ཡོད་དམ་སྙམ། །གདུང་བའི་ཡིད་ཀྱིས་ཕོངས་པ་མི་སེལ་བས། །བརྟན་པ་སྐྱེད་ཅིག་བདག་ནི་དེར་འགྲོ་ཞེས། །སྨྲས་ཏེ་ཚོང་འདུས་སྲང་དུ་ཕྱིན་པ་ན། །མིག་ཡངས་བུ་མོ་ཅུང་ཟད་བཞིན་འཛུམ་ཞིང༌། །ལུས་ཀྱི་ཤ་རྒྱས་ཤིན་ཏུ་བརྗིད་བག་ཅན། །རས་བཟང་དམར་པོའི་ཨང་རག་ལུས་ལ་བགོས། །གཡས་ན་སེང་ལྡེང་དམར་


GTD005_Page_0829
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ཉག་ཕྲན་གསོར། །གཡོན་པ་འོད་མའི་གཞུ་ལ་རྟེན་བྱེད་པ། །པདྨ་མཁའ་འགྲོའི་མཚན་དང་ལྡན་པ་ཞིག །མཐོང་སྟེ་གཏམ་གྱི་གོ་སྐབས་གླེང་བ་ན། །འདོད་པའི་གདམས་པ་ཡོད་པར་ཡིད་ཆེས་ཏེ། །རེ་བའི་གཏམ་སྙན་བདག་མོར་གསོལ་བ་ཡིས། །མངོན་དགའ་རྒྱས་པའི་མོད་ལ་རིག་འཛིན་མ། །ཕོ་བྲང་ཁབ་ཏུ་ཉེ་བར་སྤྱན་དྲངས་ཏེ། །ཆེན་པོ་ལ་འོས་བཀུར་སྟིས་རབ་མཆོད་ཅིང༌། །ནང་གི་རང་བཞིན་གསལ་བའི་གདུང་ཤུགས་ཀྱིས། །ས་ཡི་དབང་ཕྱུག་དབང་བྱེད་ཆོ་ག་ནི། །ཡང་དག་མཛོད་ཅེས་ནན་ཏན་ཆེན་པོས་གསོལ། །དེ་ཡིས་རིག་སྔགས་འགའ་ཙམ་བཏབ་པ་ཡི། །འབྲས་ཆན་ཤ་ཁ་ར་དང་བཅས་པ་ཞིག །གཏད་དེ་འདི་ནི་རྒྱལ་པོར་སྦྱིན་མཛོད་དང༌། །ཇི་ལྟར་འདོད་བཞིན་འགྲུབ་ཅེས་དེ་ལ་གདམས། །འཕྲལ་ལ་ཆགས་པས་དྭངས་ཀྱང་མཉེས་གཤིན་གྱི། །གཞུང་བཟང་མ་དོར་དེ་ཡིས་རྒྱལ་པོའི་སྐུར། །གནོད་ཀྱིས་དོགས་པས་ཟངས་ཀྱི་སྒྲོམ་བུ་རུ། །བཅུག་ནས་ཕོ་བྲང་ཉེ་བའི་མཚོ་ལ་བསྐྱུར། །དེར་གནས་ཀླུ་ཡི་རྒྱལ་པོ་རྒྱ་མཚོ་སྐྱོང༌། །ལས་ཀྱིས་བསྐུལ་བས་བཟའ་བ་དེ་མཐོང་ཞིང༌། །སྲེད་པས་བསྐུལ་བས་ཉེ་བར་ལོངས་སྤྱད་ཚེ། །སྔགས་ཀྱིས་བསྐུལ་བས་མི་ཡུལ་བགྲོད་སྙིང་འདོད། །དེ་ཡི་སྲོད་ནས་གདེངས་ཅན་བདག་པོ་མི་དབང་གཟུགས་སུ་རོལ་པ་ཡིས། །མཚན་རེ་བཞིན་དུ་ཉེ་བར་བཏུད་ཅིང་དགའ་བའི་དངོས་པོ་ཀུན་གྱིས་བསྟབས། །དེས་ཀྱང་རང་གི་བདག་པོར་འཁྲུལ་བའི་རྩེ་དགའ་ཉམས་སུ་མྱོང་བ་ལས། །དགའ་དང་སྡུག་བསྔལ་བརྒྱ་ཡི་སྣོད་གྱུར་སྲིད་པ་སྐྱེ་བའི་མངལ་ཁུར་བཟུང༌། །དེ་ཚེ་ཁྱབ་འཇུག་ཁྲོས་པའི་ང་རོ་ཅན། །སྨིན་འཁྱོག་གཡོ་ལྡན་གཏུམ་དྲག་རྒྱལ་པོ་ཡིས། །རྣམ་པ་དུ་མར་བསྡིགས་ཤིང་རྒྱུས་མེད་པའི། །


GTD005_Page_0830
[མ་དཔེ་གཟིགས་ན་འདིར་གནོན།]

ནལ་བུ་རིགས་གཉིས་སུན་འབྱིན་འདི་ནི་ཅི། །འབངས་ཀྱི་ཕུན་ཚོགས་རྒྱལ་པོ་ལ་གནས་ཤིང༌། །རྒྱལ་པོའི་དཔལ་ནི་གཙང་མའི་རིགས་ལ་ལྟོས། །ཕུན་ཚོགས་མ་ལུས་འཇོམས་པའི་ཕྲ་མེན་མ། །འདི་ནི་ཆད་པ་དྲག་པོས་བརླག་པར་འོས། །སྣ་ནག་མ་འདི་ཐོས་ཀྱང་མི་སྤྲོ་ན། །མཐོང་བ་ལྟ་ཅི་ད་ལྟ་ཁོ་ན་རུ། །སྣང་མིན་ལྔ་པའི་ལམ་དུ་སྒྲོལ་ཅིག་ཅེས། །དྲག་པོའི་ཆད་པ་གནམ་རྡོ་བཞིན་དུ་བབས། །དེ་ནས་སྐྲག་པས་བཞིན་གྱི་མདངས་ཉམས་ཤིང༌། །སྐྲ་གྲོལ་མཆི་མའི་ཐིགས་ཕྲེང་དོ་ཤལ་ཅན། །བདེན་པའི་ཡུས་ཀྱིས་འདར་བའི་དབུགས་འཚང་བ། །གདུང་ལྡན་བཙུན་མོས་ཞུ་བ་འདི་སྐད་ཕུལ། །ཀྱེ་ཧོ་ཟླ་བ་འདི་སྙེད་མཚན་རེ་བཞིན། །དགྱེས་པའི་གཟིགས་པ་ནམ་ཡང་མ་ཆད་ན། །དེ་རིང་ཤིན་ཏུ་མི་འཚམ་བསྙོན་གདེང་བ། །འདི་ལྟར་མཛད་པ་ཁྱོད་ཐུགས་མ་འཁྲུལ་ལམ། །འབངས་ཀྱི་ཕུན་ཚོགས་རྒྱལ་པོར་གནས་པ་ཡང༌། །དེ་ཡི་བཀའ་ཁྲིམས་གཙང་མའི་དྲིན་ལས་ཡིན། །ཉེས་མེད་བདག་ལ་ཐུབ་ཆོས་འདི་འདྲ་ན། །ཆབ་སྲིད་ཡངས་པའི་བཀའ་ཁྲིམས་གང་དུ་ཐལ། །ཉམ་ཆུང་བདག་ནི་ཁྱོད་ཀྱི་འབངས་མོ་སྟེ། །ལུས་འདི་དུམ་བུར་གཏུབ་ཀྱང་ཁྱོད་ཉིད་དབང༌། །འོན་ཀྱང་ལས་འབྲས་བདེན་པ་མི་འཆོལ་ཞིང༌། །ཡེ་ཤེས་སྤྱན་ལྡན་ལྷ་ཡིས་མི་ཁྲེལ་ལམ། །ཞེས་པ་ཤར་ནུབ་རི་ལྟར་འགལ་བའི་ཚིག །དེ་ཐོས་བློན་འབངས་སྡེར་བཅས་ངོ་མཚར་ཞིང༌། །ཤུགས་དྲག་ཁྲོ་བས་འཁྲུགས་པའི་རྒྱལ་པོ་ཡང༌། །སྐད་ཅིག་ཉིད་དུ་ཐེ་ཚོམ་ཁྱོགས་ལ་འཕྱང༌། །དམར་བའི་བཞིན་ལྡན་མཆུ་སྒྲོས་རབ་བསྡམས་ཤིང༌། །ཁྲོ་བའི་མིག་འབུར་མཁའ་ལ་ཆེར་བགྲད་དེ། །རིང་ཞིག་བསམ་ནས་མདང་གི་མཚན་མོ་ཡང༌། །འོང་ངམ་ཞེས་ནི་དེ་ལ་ནན་ཏན་དྲིས། །དེས་ཀྱང༌


GTD005_Page_0831
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་ཚིགས་བཅས་ཏེ་གསོལ་བ་ན། །ཁྱོད་སྨྲ་བདེན་ཚེ་དེང་ཡང་འོང་བས་རིགས། །དེ་ཚེ་ཉེར་སྤྱད་ཆེ་ཕྲ་ཅི་རིགས་ཤིག །ཟུངས་དང་ད་ཀོ་གསལ་བར་འགྱུར་ཞེས་སྨྲས། །སྲོད་ལ་མི་བདག་ལྟར་སྣང་དེ་འོངས་པར། །སྒྱུ་མའི་གཟུགས་སུ་མཐོང་ཡང་བདེན་བདེན་ལྟར། །འགྲོགས་པའི་ཟོལ་གྱིས་རྩེ་དགའ་མྱོང་བ་ན། །དེ་ཡི་སོར་གདུབ་དགོས་པའི་དོན་དུ་བླངས། །ཕོ་བྲང་ཁོར་ཡུག་རྒྱན་ཕྲེང་རྒྱ་ཆེན་ཀུན། །མོག་མོག་པོར་བྱེད་འབར་བའི་གཟི་འོད་ཅན། །དྲི་མེད་ནོར་བུའི་སོར་གདུབ་དེ་བསྟན་པས། །རྒྱལ་པོ་འབྱོར་པས་ཁེངས་པ་ཐུང་ངུར་བྱས། །དེ་མཐུ་མཐོང་བས་སྐྲག་དང་ངོ་མཚར་དང༌། །རང་གི་སྤྱོད་པས་གནོང་དང་འགྱོད་པ་སོགས། །འདུ་ཤེས་སྣ་ཚོགས་གཡོ་བའི་དྲི་བཞོན་གྱིས། །མི་དབང་བརྟན་པ་ཤིང་བལ་གནས་སུ་བཀོད། །ཨེ་མ་ཁྱོད་ནི་ལྷ་ཡི་གྲོགས་མོ་སྟེ། །ལག་པའི་ནོར་བུ་རྨོངས་པ་བདག་གིས་བོར། །སུམ་རྩེན་དགའ་བའི་ལམ་ནས་མ་བགྲོད་པར། །ཁབ་འདིར་བཞུགས་པ་ཁྱོད་ནི་ཐུགས་རྗེ་ཆེ། །ནང་གི་རང་བཞིན་མངོན་དུ་མ་གྱུར་པས། །འཕྲལ་ལ་ཟླ་བཞིན་མ་ཡི་འཛུམ་ཟེར་གྱིས། །བསླུ་བ་འདོད་ལྡན་སྤྱི་ཡི་ངང་ཚུལ་ཏེ། །བདག་ལ་ཁོན་འཛིན་མེད་པའི་བཀའ་དྲིན་མཛོད། །ཅེས་ནི་བཟོད་པར་གསོལ་བའི་རྔ་ཡབ་རྩེས། །ཁྲོ་བའི་ཡིད་ཀྱི་སྦྲང་བུ་བསལ་བ་དང༌། །ལྷན་ཅིག་མཉེས་གཤིན་ཚིག་གི་བསང་གཏོར་གྱིས། །ཆགས་པའི་ཀུན་རྟོག་བསིལ་བའི་གོ་སྐབས་ཕྱེ། །མཆུ་སྒྲོས་སྦྲང་རྩིས་མྱོས་པའི་ཟིམ་ཟིམ་མིག་གི་བུང་བ་གཡོ། །འཇམ་མཉེན་སོར་མོའི་འདབ་ཕྲེང་འོ་འཛིན་རྒྱས་པའི་ཟེའུ་འབྲུར་ཟུམ། །མུ་ཏིག་དོ་ཤལ་གཞན་མཚུངས་བདེ་དྲོད་རྔུལ་ཆུའི་ཐིགས་ཕྲེང་ཅན། །ཁྱོ་ཤུག་མཛའ་བའི་རྩེ་དགའ་ནམ་ཡང་གཏོང་མིན་སྐལ་བཟང་མྱོང༌། །དབེན་


GTD005_Page_0832
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མལ་དུ་གླེང་བའི་འབེལ་གཏམ་ལས། །ངོ་མཚར་རིག་སྔགས་རྒྱལ་མོའི་མཐུ་མཐོང་སྟེ། །དགེ་མ་ཁྱོད་ཀྱི་བསོད་ནམས་སྐལ་བ་ཡིས། །བདག་ཀྱང་བཅོམ་ལྡན་མ་དང་མཇལ་སྲིད་དམ། །ཞེས་སྨྲ་ས་ཡི་དབང་ཕྱུག་བཞེད་པ་བཞིན། །ལྷན་ཅིག་བཙུན་མོའི་ཚིག་གི་མཚམས་སྦྱོར་གྱིས། །རིག་འཛིན་དབང་མོ་ཉེ་བར་སྤྱན་དྲངས་ཏེ། །འདུད་པ་སྔོན་བྱས་མཆོད་པའི་སྤྲིན་གྱིས་གཏིབས། །དེ་ཡི་བྱིན་རླབས་ཡོངས་འདུའི་ས་བོན་ནི། །ས་སྐྱོང་ཐུགས་ཀྱི་དོ་རར་སྨིན་པ་ལས། །ཉམས་རྟོགས་དཔག་བསམ་ལྗོན་པ་རྒྱས་པའི་རྩེར། །ཟབ་རྒྱས་གདམས་པའི་མེ་ཏོག་ཅི་ཡང་བཞད། །བརྟག་གཉིས་གུར་དང་སམ་བུ་ཊ་ལ་སོགས། །རྒྱུད་སྡེ་རྒྱ་མཚོའི་འཇིངས་གནས་ནོར་བུའི་དཔྱ། །འདི་ཡི་མན་ངག་གྲུ་གཟིངས་ལ་བཀོད་དེ། །སྐལ་བཟང་འཇིག་རྟེན་ཡངས་པའི་ལོངས་སྤྱོད་གྱུར། །བཟང་པོའི་ལེགས་སྨོན་དར་བའི་སྐྱེ་བོ་ལ། །རྐྱེན་རྣམས་མཐའ་དག་ལེགས་པའི་ལམ་དུ་འགྲོ། །སྲིད་འབྱོར་དགའ་བའི་མཆིང་བུ་ཚོལ་བ་ཡིས། །ངེས་ལེགས་ཟུང་འཇུག་བསམ་འཕེལ་ནོར་བུ་རྙེད། །ཨེ་མ་འདི་ལྟའི་ངོ་མཚར་གླེང་བ་ཡང༌། །སྐལ་བ་བཟང་སྙམ་དགའ་བས་གཡེང་བ་ཡི། །སྨྲ་མཁས་དགེ་དབང་ཆོས་ཀྱི་སྲས་པོ་ཞིག །བྲིས་ཏེ་འཁྲི་ཤིང་ཡལ་འདབ་ལྷག་མ་བཞིན། །རྨད་བྱུང་གདམས་ངག་བརྒྱུད་པའི་མུཀྟི་ཀཿ། །སྒྲོ་སྐུར་ཉ་ཕྱིའི་རྡོག་གིས་མ་བསླད་པར། །སྡེབ་ལེགས་ཚིག་གི་ཕྲེང་བ་སྤེལ་བ་འདི། །རྣལ་འབྱོར་མ་མཆོག་མཉེས་པའི་རྒྱུར་གྱུར་ཅིག །ཅེས་བ་རི་ལོ་ཙཱ་བ་ནས་བརྒྱུད་པའི་ལོ་རྒྱུས་ཚིགས་བཅད་དུ་བསྡེབས་པ་འདི་ནི་སྐའི་ལུང་རིང་དུ་བྲིས་པའོ།། །།

བཅོམ་ལྡན་འདས་མ་ལྷ་མོ་རིག་བྱེད་མ་ལ་འདོད་དོན་གསོལ་བའི་ཚིགས་བཅད།


GTD005_Page_0833
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་མ་ལྷ་མོ་རིག་བྱེད་མ་ལ་འདོད་དོན་གསོལ་བའི་ཚིགས་སུ་བཅད་པ་བཀྲ་ཤིས་ཆར་འབེབས་ཞེས་བྱ་བ་བཞུགས་སོ། །ལྷུན་གྲུབ་བདེ་ཆེན་གྱི་ཆོས་དབྱིངས་ཀུན་གསལ་གྱི་ངོས་ལ། །གཞན་ཕན་འཕྲིན་ལས་ཀྱི་རྩིབས་བརྒྱ་ཁོར་ཡུག་ཏུ་བཀྲ་བས། །སྲིད་ཞིའི་གདུང་སེལ་གྱི་གྲིབ་བསིལ་འགོག་མེད་དུ་སྤྲོ་བ། །བཅོམ་ལྡན་རིག་བྱེད་ཀྱི་དབང་མོས་བུ་བཞིན་དུ་དགོངས་ལ། །མ་ཞུམ་སྙིང་སྟོབས་ཀྱིས་བཟུང་བའི་ལྷག་བསམ་གྱི་ཡུ་བ། །མདོ་སྔགས་ཟུང་འབྲེལ་གྱི་ཉམས་ལེན་གོས་བཟང་གི་ཤམ་བུ། །རྣམ་གྲོལ་ནོར་བུ་ཡི་ཏོག་གི་གཟི་འོད་དང་བཅས་པའི། །བསྟན་པའི་གདུགས་དཀར་འདི་ཕྱོགས་བཅུར་བསྒྲེང་བ་རུ་མཛོད་ཅིག །ཇི་ལྟ་ཇི་སྙེད་ཀྱི་ཆོས་ཚུལ་རྒྱ་མཚོ་ཡི་ཀློང་ན། །མཉམ་རྗེས་དབྱེར་མེད་ཀྱི་རོལ་བས་ཅི་དགའ་རུ་རྩེན་ཞིང༌། །འགྲོ་ལ་རྗེས་ཆགས་ཀྱི་གསེར་མིག་ཉི་ལྟར་དུ་འཁྱིལ་བ། །བཅོམ་ལྡན་རིག་བྱེད་ཀྱི་དབང་མོས་བུ་བཞིན་དུ་དགོངས་ལ། །མདོ་རྒྱུད་མན་ངག་གི་ཀླུང་བརྒྱ་ལྷན་ཅིག་ཏུ་འཁྱིལ་བའི། །རྙོག་བྲལ་དགེ་ལྡན་གྱི་ལུགས་བཟང་ཡིད་བཞིན་གྱི་མཚོ་ལ། །བློ་གྲོས་ཉ་ཆུང་གི་བང་རྩལ་ཐོགས་མེད་དུ་འགྱུར་བའི། །ཀློག་པ་ཐོས་བསམ་གྱི་དགའ་སྟོན་རྒྱས་པ་རུ་མཛོད་ཅིག །བསོད་ནམས་ཡེ་ཤེས་ཀྱི་ཚོགས་གཉིས་གསེར་བཟང་ལས་གྲུབ་ཅིང༌། །མཆོག་ཐུན་དངོས་གྲུབ་ཀྱི་རིན་ཆེན་བྱེ་བ་ཡིས་གཏམས་པས། །བགྲང་ཡས་ལུས་ཅན་གྱི་རེ་སྐོང་འདོད་འཇོ་ཡི་བུམ་བཟང༌། །བཅོམ་ལྡན་རིག་བྱེད་ཀྱི་དབང་མོས་བུ་བཞིན་དུ་དགོངས་ལ། །བྱིན་རླབས་བུམ་དབང་གི་ཆུ་རྒྱུན་སྤྱི་བོ་ནས་བསྒྲེངས་ཏེ། །ཉེས་ལྟུང་སྡིག་སྒྲིབ་ཀྱི་དྲི་མ་ལྷག་མེད་དུ་སྦྱངས་ནས། །ཉམས་རྟོགས་ཡོན་ཏན་གྱི་ནུས་པ་བདེ་བླག་ཏུ་སྨིན་པའི། །སྤོང་བ་བསམ་གཏན་གྱི་འབྲས་བུ་དར་བ་རུ་མཛོད་ཅིག །ཁམས་གསུམ་དབང་བྱེད་ཀྱི་དཔལ་ཡོན་དྲི་


GTD005_Page_0834
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་གི་ཕོ་ཉས། །སྐལ་བཟང་ཐར་འདོད་ཀྱི་བུང་བ་དབང་མེད་དུ་བཀུག་ནས། །ཕུལ་བྱུང་དངོས་གྲུབ་ཀྱི་སྦྲང་རྩིའི་དགའ་སྟོན་གྱིས་ཚིམ་མཛད། །བཅོམ་ལྡན་རིག་བྱེད་ཀྱི་དབང་མོས་བུ་བཞིན་དུ་དགོངས་ལ། །སྲིད་འབྱོར་ཆུ་མཚོ་ལས་སྐྱེས་ཀྱང་སྲིད་པ་ཡིས་མ་གོས། །བཤད་སྒྲུབ་ཐུབ་བསྟན་གྱི་དགའ་ཚལ་མཛེས་བྱེད་ཀྱི་རྒྱན་མཆོག །མཐར་ཐུག་ངེས་ལེགས་ཀྱི་སྙིང་པོའི་ཟེའུ་འབྲུ་ཡིས་སྤུད་པའི། །བསྟན་འགྲོའི་དོན་ཆེན་གྱི་འདབ་བརྒྱ་བཞད་པ་རུ་མཛོད་ཅིག །སོར་རྟོག་ཡེ་ཤེས་ཀྱི་སྒྱུ་འཕྲུལ་ནཱ་ད་ཡི་རང་སྒྲ། །བཅུ་ཕྲག་དྲུག་ལྡན་གྱི་དབྱངས་སྙན་འགག་མེད་ཀྱི་ཆོས་དུང༌། །ནུབ་ཕྱོགས་བདེ་ལྡན་གྱི་མགོན་དང་དབྱེར་མེད་ཀྱི་ལྷ་མོ། །བཅོམ་ལྡན་རིག་བྱེད་ཀྱི་དབང་མོས་བུ་བཞིན་དུ་དགོངས་ལ། །ཟླ་བྲལ་རྣམ་དཔྱོད་ཀྱི་རང་མདངས་ཟླ་ཤེལ་ལྟར་གསལ་ཞིང༌། །གནས་ལྔ་རིག་པ་ཡི་སྐྱེ་བ་རྣམ་ལྔ་ཡི་མཐར་སོན། །འཆད་རྩོད་རྩོམ་གསུམ་གྱི་སྒྲ་དབྱངས་ས་གསུམ་དུ་ཁྱབ་པས། །སྐྱེ་བོ་གཏི་མུག་གི་གཉིད་ལས་སློང་བ་རུ་མཛོད་ཅིག །དགའ་བ་བཅུ་དྲུག་གི་ལང་ཚོ་ལྷན་སྐྱེས་ཀྱི་གཞོན་ནུས། །སྒྲིབ་བྲལ་ཆོས་དབྱིངས་ཀྱི་མཛེས་མར་རྩེ་དགའ་ཡིས་རོལ་བའི། །ཤྲཱི་གཉིས་མེད་ཀྱི་ཡེ་ཤེས་དཔལ་བེའུ་ཡི་རང་མདངས། །བཅོམ་ལྡན་རིག་བྱེད་ཀྱི་དབང་མོས་བུ་བཞིན་དུ་དགོངས་ལ། །ལུང་རྟོགས་དམ་ཆོས་ཀུན་གྲུ་བཞི་ལམ་ལམ་དུ་འཆར་ཞིང༌། །ཐོས་བསམ་སྒོམ་གསུམ་གྱི་གཟི་འོད་འབུམ་ཕྲག་ཏུ་འཁྱུག་པའི། །ཐུགས་མཚན་དཔལ་བེའུ་ཡི་རི་མོ་སྙིང་ག་རུ་བཀོད་ནས། །ལེགས་བྱས་འདོད་པ་ཀུན་ལྷུན་གྱིས་གྲུབ་པ་རུ་མཛོད་ཅིག །མི་མཐུན་བདུད་བཞི་ཡི་དགྲ་ལས་རྣམ་རྒྱལ་གྱི་མཚན་མ། །ཕྱག་བཞིའི་གར་སྟབས་ཀྱི་རི་མོ་


GTD005_Page_0835
[མ་དཔེ་གཟིགས་ན་འདིར་གནོན།]

མཚར་སྡུག་གིས་སྤྲས་ཤིང༌། །ལས་བཞིའི་འཕྲིན་ལས་ཀྱི་གཡེར་ཁའི་སྒྲ་བརྒྱ་རུ་རྒོད་པ། །བཅོམ་ལྡན་རིག་བྱེད་ཀྱི་དབང་མོས་བུ་བཞིན་དུ་དགོངས་ལ། །མི་དང་མི་མིན་གྱི་ཉེར་འཚེ་ཐམས་ཅད་ལས་རྒྱལ་ཞིང༌། །མ་སྨད་སྙན་གྲགས་ཀྱི་དར་ལྕེ་སྲིད་གསུམ་དུ་གཡོ་བས། །དྲེགས་ལྡན་རྒྱལ་བློན་ཀུན་སྡེ་བཞིའི་དཔལ་འབྱོར་དང་བཅས་པ། །བདག་གི་མངའ་འབངས་སུ་དགའ་བཞིན་གཞུག་པ་རུ་མཛོད་ཅིག །བདེན་གཉིས་དབྱེར་མེད་ཀྱི་ཟུང་འཇུག་ལྟེ་བ་ལས་ཐོན་ཞིང༌། །གསང་གསུམ་སྒྱུ་འཕྲུལ་གྱི་རོལ་གར་རྩིབས་སྟོང་དུ་འབར་བའི། །ཁོར་ཡུག་དམིགས་མེད་ཀྱི་སྙིང་རྗེའི་མུ་ཁྱུད་ཀྱིས་བསྡམས་པ། །བཅོམ་ལྡན་རིག་བྱེད་ཀྱི་དབང་མོས་བུ་བཞིན་དུ་དགོངས་ལ། །མཁས་བཙུན་བཟང་གསུམ་གྱི་བདག་ཉིད་དམ་ཆོས་ཀྱི་འཁོར་ལོ། །ཐུབ་བསྟན་གླིང་བཞི་ཡི་མཁའ་ལ་ཐོགས་མེད་དུ་བསྒྱུར་བས། །འཇམ་དཔལ་སྙིང་པོ་ཡི་ཆོས་ཀྱི་རྒྱལ་སྲིད་ལ་འཁོད་ནས། །མཁའ་མཉམ་ལུས་ཅན་གྱི་མགོན་དུ་འགྱུར་བ་རུ་མཛོད་ཅིག །ཅེས་ཡུལ་དང་བྱ་བ་གཉིས་ཀ་བཀྲ་ཤིས་པའི་རྟགས་བརྒྱད་ལ་སྦྱར་ཏེ། བཅོམ་ལྡན་འདས་མ་ལྷ་མོ་རིག་བྱེད་མ་ལ་འདོད་དོན་གསོལ་བའི་ཚིགས་སུ་བཅད་པ་བཀྲ་ཤིས་ཆར་འབེབས་ཞེས་བྱ་བ་འདི་ནི། ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་དམ་པ་སྔ་མའི་གསུང་ཟུར་བཅོས་པ་ཙམ་མ་ཡིན་པར། རང་བློས་དཔྱད་དེ་བསིལ་ལྡན་གྱི་ཆུ་བོ་གངྒཱ་ཡན་ལག་བརྒྱད་དང་ལྡན་པའི་ཀླུང་ཆེན་རྨ་ཆུའི་འགྲམ་དུ་སྦྱར་བའོ། ། བཀྲ་ཤིས།།

འཕགས་མ་རིག་བྱེད་མ་ཕྱི་སྒྲུབ་ཀྱི་རྗེས་གནང་བྱ་ཚུལ།


GTD005_Page_0836
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་མ་རིག་བྱེད་མ་ཕྱི་སྒྲུབ་ཀྱི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྗེས་གནང་བྱ་ཚུལ་གསལ་བར་བཀོད་པ་དངོས་གྲུབ་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་བཞུགས་སོ། །


GTD005_Page_0837
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཀུ་རུ་ཀུལླེ་ཡེ། དབང་གི་དངོས་གྲུབ་ནོར་བུའི་དགའ་སྟོན་ལ། །སྦྱོར་བའི་གྲགས་སྙན་གཏམ་གྱིས་ཡིད་འཕྲོག་པའི། །སྐལ་བཟང་དོན་མཐུན་འཁོར་བའི་རྒྱ་མཚོ་ལས། །སྒྲོལ་མཛད་བཅོམ་ལྡན་མ་ཡིས་དགེ་ལེགས་སྩོལ། །དེའང་བཅོམ་ལྡན་འདས་མ་ལྷ་མོ་རིག་བྱེད་མའི་རྗེས་སུ་གནང་བ་བྱེད་པ་ལ། དཀའ་བོའི་ཕྱོགས་ཀྱི་ཚེས་བརྒྱད་དམ། འཕྲོད་སྦྱོར་བཟང་པོ་ལ་བབས་པའི་དུས་སུ་གནས་ཁང་བྱི་དོར་དང་ཆག་ཆག་བྱས། བ་བྱུང་དང་དྲི་བཟང་དམར་པོ་བྱུགས་པའི་སྟེགས་བུར་དུར་ཁྲོད་མེ་རི་དང་བཅས་པའི་དབུས་སུ་ཆོས་འབྱུང་དང༌། དེའི་ལྟེ་བར་པདྨ་དམར་པོ་འདབ་མ་བརྒྱད་པ། དེའི་དབུས་སུ་རྡུལ་ཚོན་ནམ་འབྲས་ཀྱི་ཚོམ་བུ་དམར་པོ་དགོད། ཆུ་བཞི་སྔོན་དུ་འགྲོ་བའི་ཉེར་སྤྱོད་དང༌། གཏོར་མ་པད་འདབ་བཞི་པ་སོགས་མཆོད་པ་ཐམས་ཅད་ཀྱང་ཁ་དོག་དམར་པོ་བྱ། སློབ་དཔོན་གྱི་མདུན་དུ་ནང་མཆོད་རྡོར་དྲིལ་མེ་ཏོག་རྣམས་བཤམ། རྗེས་གནང་ཐུན་མོང་མ་ཡིན་པ་བྱེད་ན། ཚོམ་བུའི་སྟེང་དུ་མཉྫིའི་ཁར་མཎྜལ་ལ་ཟན་ལེབ་སྒོར་མོ། དེའི་སྟེང་དུ་ཟླ་གམ་བཅད་ཁ་གདན་ལ་བསྟན་པ་མར་གྱི་ནོར་བུ་སོགས་ཀྱི་རྒྱན་སྤྲས་ཤིག་ཀྱང་དགོད། དེ་ནས་བདག་བསྐྱེད་བཟླས་པ་དང་བཅས་པ་སྔོན་དུ་བཏང༌། བུམ་པའི་ནང་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ཡིག་གི་མཐར་སྔགས་འཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས། རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་ཐམས་ཅད་བསྡུས་ཏེ་སྔགས་འཕྲེང་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམས་ལ། འཁྱིལ་བའི་སྔགས་བཟླ། ཟླ་


GTD005_Page_0838
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཧཱུཾ་ཡིག་སྔགས་འཕྲེང་དང་བཅས་པ་འོད་དུ་ཞུ་ནས་བུམ་པའི་ཆུ་ལ་ཐིམ་པར་བསམ། དེ་ནས་མདུན་གྱི་ཚོམ་བུ་བསངས་སྦྱངས། སྟོང་པའི་ངང་ལས་བཅོམ་ལྡན་འདས་མར་བསྐྱེད་དེ། མཆོད་བསྟོད་བཟླས་པ་གཏོར་འབུལ་སོགས་གཞུང་བཞིན་བྱས་ལ་སློབ་མའི་དོན་དུ་གསོལ་བ་གདབ། དེ་ནས་སློབ་མ་རྣམས་ཁྲུས་བྱས་ཏེ་གྲལ་དུ་འཁོད་པར་མེ་ཏོག་བཀྱེ་བསྡུ་བྱས་ཤིང་མཎྜལ་འབུལ་དུ་གཞུག ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་གཏེར། །གཙོ་བོས་བདག་ལ་བཀའ་དྲིན་སྩོལ། །ཅེས་པ་ལན་གསུམ་གྱིས་གསོལ་བ་གདབ། དེ་ནས་ཀུན་སློང་འཆོས་པ་ནི། རྗེ་བདག་ཉིད་ཆེན་པོས། འདིར་འཇུག་པ་ནི་སྐལ་བ་བཟང་ངོ་ཞེས། །ལེགས་པར་སོམས་ལ་དགའ་བའི་བཞིན་གྱི་མདངས། །རབ་གསལ་འཛུམ་པའི་ཉམས་དང་ལྡན་པ་ཡིས། །རྣམ་གཡེང་སྣོད་ཀྱི་སྐྱོན་གསུམ་སྤོང་ལ་ཉོན། །ཞེས་གསུངས་པ་ལྟར། རྙེད་དཀའ་ལ་དོན་ཆེ་བའི་དལ་འབྱོར་གྱི་རྟེན་བཟང་པོ་ཐོབ། མདོ་སྔགས་ཟུང་དུ་འཇུག་པའི་བསྟན་པའི་སྙིང་པོ་དྲི་མ་མེད་པ་འདི་ལྟ་བུ་དང་མཇལ། མཆོག་དང་ཐུན་མོང་གི་དངོས་གྲུབ་བདེ་བླག་ཏུ་སྩོལ་པའི་ལྷ་མཆོག་ཁྱད་པར་ཅན་འདི་ལྟ་བུ་སྒྲུབ་ཏུ་ཡོད་པའི་དུས་འདིར། འདི་སྣང་སྨྱོན་པའི་ཟློས་གར་ལྟ་བུའི་རྗེས་སུ་མ་འབྲངས་པར། གདམས་པ་ཟབ་མོ་འདི་ལྟ་བུ་ལེགས་པར་ཉན་ཅིང༌། ཐོས་དོན་སྒྲུབ་པས་ཉམས་སུ་བླངས་ནས་སྲིད་ཞིའི་འཇིགས་


GTD005_Page_0839
[མ་དཔེ་གཟིགས་ན་འདིར་གནོན།]

པ་མཐའ་དག་ལས་གྲོལ་བའི་གོ་འཕང་བླ་ན་མེད་པ་མངོན་དུ་བྱས་ཏེ། སྡུག་བསྔལ་གྱི་རྒྱ་མཚོར་བྱིངས་པའི་མ་རྒན་སེམས་ཅན་ཐམས་ཅད་ཀྱང་བདེ་ཆེན་སངས་རྒྱས་ཀྱི་ས་ལ་འགོད་པར་བྱ། དེའི་ཕྱིར་དུ་དམ་པའི་ཆོས་ཟབ་མོ་འདི་ཉིད་གསན་སྙམ་དུ་ཆོས་ཉན་པ་དོན་ལྡན་དུ་འགྱུར་བའི་ཀུན་སློང་ཀུན་སྤྱོད་ཀྱི་རིམ་པ་མཐའ་དག་ལེགས་པར་གསལ་བཏབ་སྟེ་གསན་དགོས། གསན་བྱ་དམ་པའི་ཆོས་ནི་དཔལ་ལྡན་ས་སྐྱ་པ་རྣམས་ཀྱི་གདམས་པ་རྒྱ་མཚོ་ལྟ་བུའི་ནང་ནས་ཤིན་ཏུ་ཟབ་ཅིང་གསང་བ་ཐུན་མོང་བསྒྲུབས་པས་མཆོག་ཞར་ལ་འབྱུང་བ་དམར་པོ་སྐོར་གསུམ་དུ་གྲགས་པའི་ནང་ཚན་རྒྱལ་བ་ཀུན་གྱི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་མདངས་བཅོམ་ལྡན་འདས་མ་ལྷ་མོ་རིག་བྱེད་མའམ་ཀུ་རུ་ཀུལླེ་ཞེས་དཔལ་ཀྱེ་རྡོ་རྗེའི་རྒྱུད་འབུམ་ལྔ་དང་བརྟག་གཉིས་སོགས་རྒྱུད་སྡེ་དུ་མ་ལས་གསལ་བར་གསུངས་པའི་ལྷ་མཆོག་ཁྱད་པར་ཅན། འདིའི་བརྒྱུད་པའི་བཀའ་བབས་ལའང་རྩ་བ་ལྟ་བུར་གྱུར་པ་རྒྱལ་པོ་ལྷན་སྐྱེས་རོལ་པ་ནས་བརྒྱུད་པའི་ཕྱི་སྒྲུབ་བམ་གཙོ་རྐྱང་དཔའ་མོ་གཅིག་པར་གྲགས་པ་དང༌། ཀླུ་སྒྲུབ་ནས་བརྒྱུད་པའི་ནང་སྒྲུབ་ལྷ་ལྔ་དང༌། ཌོམྦྷི་ཧེ་རུ་ཀ་ནས་བརྒྱུད་པའི་གསང་སྒྲུབ་ལྷ་ལྔ་སྟེ་གསུམ་དུ་ཡོད་ཅིང༌། ཕྱི་སྒྲུབ་གསང་སྒྲུབ་གཉིས་ལ་རྗེས་གནང་གི་རྒྱུན་ཡང་ད་ལྟའི་བར་དུ་མ་ཉམས་པར་བཞུགས་པ་ལས། འདིར་འབུལ་བར་བྱ་བ་ནི་ཕྱི་སྒྲུབ་ཀྱི་རྗེས་སུ་གནང་བ་ཡིན། འདིའི་ལོ་རྒྱུས་ནི་སྔོན་རྒྱ་གར་དུ་རྒྱལ་པོ་ལྷན་ཅིག་སྐྱེས་པའི་རོལ་བ་ཞེས་བྱ་བ་ལོངས་སྤྱོད་མངའ་ཐང་ཆེ་ཞིང་བཙུན་མོ་མང་དུ་ཡོད་པ། དེའི་ནང་


GTD005_Page_0840
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བཙུན་མོ་རྗེའུ་རིགས་མ་ཞིག་ལ་རྒྱལ་པོ་འཁོར་དུ་མ་འདོད་པས། དེས་རང་གི་བྲན་མོ་ཞིག་རྒྱལ་པོ་དབང་དུ་བྱེད་པའི་རིག་པ་ཚོལ་བའི་ཕྱིར་མངགས་པས། བྲན་མོ་དེ་ཉིད་སྐུད་པ་འཚོང་བའི་ཚོང་དུས་སུ་ཕྱིན་པ་ན། དེར་བུད་མེད་དམར་སྨུག་རས་གོས་དམར་པོ་གྱོན་པ་མཛེས་ཤིང་བརྗིད་ཆགས་པ་ཞིག་མཐོང་ནས་བྲིས་པས་གདམས་པ་ཡོད་པར་ཡིད་ཆེས་ཤིང་གསོལ་བ་བཏབ་པ་ན། གང་ལ་དམིགས་པ་དེ་ཉིད་ལ་བྱིན་ཅིག་ཅེས་རིལ་བུ་ཞིག་གནང༌། དེས་བཙུན་མོ་ལ་ཕུལ་ཡང་ཐེ་ཚོམ་སྐྱེས་ཏེ་ཕོ་བྲང་གི་ཉེ་ལོགས་ན་མཚོ་ཆུང་ཞིག་ཡོད་པ་དེར་བསྐྱུར་བས། དེའི་ནུབ་མོ་ནས་ཀླུའི་རྒྱལ་པོ་དེ་ཉིད་ལྷན་སྐྱེས་རོལ་བའི་རྣམ་པར་བརྫུས་ནས་བཙུན་མོའི་སར་འོངས་ཤིང་དེ་དང་ལྷན་ཅིག་འགྲོགས་པས་སེམས་ཅན་དང་ལྡན་པར་གྱུར་པ་ན། རྒྱལ་པོ་ཁྲོས་ཏེ་ཆད་པ་གཅོད་པར་བརྩམས་པ་ལ་སྔར་གྱི་ལོ་རྒྱུས་རྣམས་གསོལ་བས་རྒྱལ་པོ་ཐེ་ཚོམ་སྐྱེས་ཏེ། སྔར་རིལ་བུ་བསྐུར་བའི་བུད་མེད་དེ་ཚོལ་དུ་བཅུག་ནས་ཕོ་བྲང་དུ་སྤྱན་དྲངས་པ། དེ་ཉིད་རྗེ་བཙུན་མ་དངོས་སུ་གྱུར་ཏེ་གདམས་པ་དང་རྗེས་སུ་གནང་བ་སྩལ། རྒྱལ་པོས་ཀྱང་ཚུལ་བཞིན་ཉམས་སུ་བཞེས་པས་མཆོག་གི་དངོས་གྲུབ་ཐོབ་སྟེ། གདམས་པ་འདིའི་སྒོ་ནས་གདུལ་བྱ་མཐའ་ཡས་པ་སྨིན་ཅིང་གྲོལ་བར་མཛད། དེ་ནས་བཟུང་སྟེ་དམ་པ་བར་མ་ཆད་པ་ལ་རིམ་པར་བརྒྱུད་ཅིང༌། དེ་ཐམས་ཅད་ཀྱིས་འདིའི་སྒོ་ནས་བསྟན་པ་དང་འགྲོ་བའི་དོན་བསམ་གྱིས་མི་ཁྱབ་པ་མཛད་པས་བྱིན་རླབས་ཀྱི་གཏེར་ཆེན་པོར་གྱུར་པ་ཡིན།


GTD005_Page_0841
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ན་གདམས་པ་འདི་ཉིད་ཉམས་སུ་ལེན་པར་བྱེད་པ་ལ། ཐོག་མར་རྒྱུད་སྣོད་རུང་དུ་སྒྲུབ་པ་སྨིན་བྱེད་དབང་གི་དོད་ཐུབ་རྗེས་སུ་གནང་བ་ལེགས་པར་ཐོབ་པ་གལ་ཆེ་སྟེ། ལེགས་གྲུབ་ལས། གཞན་གྱིས་རྗེས་སུ་མ་གནང་བར། །གསང་སྔགས་གཟུང་བར་མི་བྱ་སྟེ། །ཞེས་གསུངས་པ་བཞིན། རང་གི་ལུས་ངག་ཡིད་གསུམ་ལྷའི་སྐུ་གསུང་ཐུགས་གསུམ་གྱི་རྗེས་སུ་སྦྱོར་བར་བྱེད་པ་ལ། བླ་མ་དང་ལྷག་པའི་ལྷས་དེ་ལྟར་དུ་གནང་བ་སྩལ་བ་ནི་ཆོས་དེ་ཉིད་ཉམས་སུ་ལེན་པ་ལ་དབང་བར་འགྱུར་བས། དབང་གི་གོ་དོན་དང་ཡང་ཕྱོགས་མཚུངས་པ་ཡིན། དེའི་རྒྱུ་མཚན་གྱིས་གསང་བ་སྤྱི་རྒྱུད་ལས། སྔགས་ཀྱི་ནུས་པ་བསྐྱེད་པའི་དབང༌། འབྱོར་བ་སྐྱེད་པའི་དབང༌། བགེགས་ཞི་བར་བྱེད་པའི་དབང༌། སྣོད་རུང་དུ་བྱེད་པའི་དབང་སྟེ་བཞི་གསུངས་པས། སྔ་མ་གསུམ་ཡང་རྗེས་གནང་དང་རིགས་གཏད་སོགས་ལ་གཙོ་བོར་བྱེད་པ་ཡིན། དེའང་ཆོས་འདི་ནི་གསང་སྔགས་ཟབ་མོའི་གདམས་པ་ཕུལ་དུ་ཕྱིན་པ་ཡིན་ཀྱང༌། དེ་ཐེག་ཆེན་གྱི་ཆོས་ཟབ་མོར་འགྲོ་བ་ཉམས་སུ་ལེན་པ་པོའི་གང་ཟག་ལ་རག་ལས། དེ་བསམ་པ་བྱང་ཆུབ་ཀྱི་སེམས་ལ་རག་ལས། དེའི་རྒྱུ་ཚོགས་བསགས་སྒྲིབ་སྦྱོང་ལ་རག་ལས་པས། ཚོགས་ཞིང་སྤྱན་དྲངས་ཏེ་མཆོད་པ་འབུལ་བ་སོགས་ཀྱི་སྤྱན་དམིགས་མ་ཡེངས་པ་མཛད་པར་ཞུ། བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས། རྩ་བརྒྱུད་ཀྱི་བླ་མ་རྣམས་སྟེང་གི་ཆ་ལ་བཞུགས་པའི་རྗེ་བཙུན་མ་ཀུ་རུ་ཀུལླེ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ་མདུན་གྱི་ནམ་


GTD005_Page_0842
[མ་དཔེ་གཟིགས་ན་འདིར་གནོན།]

མཁར་སྤྱན་དྲངས། ཨོཾ་བཛྲ་ས་མ་ཛཿ དེ་ནས་ཐལ་མོ་སྦྱོར་དུ་བཅུག་ལ། ན་མོ་གུ་རུ་བྷྱཿ ན་མཿ ཀུ་རུ་ཀུལླེ་བྷྱཿ ཞེས་པ་ལན་གསུམ་གྱི་རྗེས་ཟློས་བྱ། དེ་ནས་སློབ་དཔོན་རང་ཉིད་ཀྱིས་ཕྱག་རྒྱ་དང་བཅས་ཏེ། ཨོཾ་ཀུ་རུ་ཀུལླེ་བཛྲ་པུཥྤེ་ཨཱཿ ཧཱུཾ། ནས་ཤཔྟའི་བར་གྱིས་མཆོད། དེ་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཞིང་ཐོག་མེད་ནས་བསགས་པའི་སྡིག་པ་བཤགས་པ་ལ་སོགས་པ་ཡན་ལག་བདུན་པ་བྱ་སྙམ་པ་བྱས་ལ་འདིའི་རྗེས་ཟློས་མཛོད་ཅེས། དཀོན་མཆོག་གསུམ་ལ་ནས། འགྲུབ་པར་ཤོག་གི་བར་ལན་གསུམ་བྱ། དེ་ལྟར་རྒྱུད་དག་པར་བྱས་ནས་ཚོགས་ཞིང་རྣམས་རིམ་གྱིས་བསྡུས་ཏེ་མདུན་བསྐྱེད་ཀྱི་ལྷ་མོ་ལ་ཐིམ་པའི་མོས་པ་མཛོད་ཅིག །དེ་དག་གིས་སྔོན་འགྲོའི་རིམ་པ་རྣམས་སོང་ཟིན། དངོས་གཞི་ལ་སྐུའི་རྗེས་གནང་གི་སླད་དུ་དམིགས་པ་འདི་བཞིན་མཛད་པར་ཞུ། མདུན་བསྐྱེད་ཀྱི་ལྷ་མོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་རྣམས་ཀྱི་ལུས་ལ་ཞུགས་པས་ཚེ་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་སྦྱངས་ཏེ་ལུས་དྭངས་གསལ་འོད་ཀྱི་རང་བཞིན་ཅན་དུ་གྱུར། ཨོཾ་ཤཱུ་ནྱ་ཏ་ཞེས་སོགས་ཀྱིས་མངོན་རྟོགས་བཞིན་དུ་སློབ་མ་ལྷར་བསྐྱེད། བླ་མའི་ཐུགས་ཀའི་ཧྲཱིཿ ལས་འོད་ཟེར་འཕྲོས། ལྷོ་ཕྱོགས་རིག་བྱེད་ཀྱི་ཕུག་ན་བཞུགས་པའི་རྗེ་བཙུན་མའི་ཐུགས་ཀར་ཕོག་པས། དེའི་ཐུགས་རྒྱུད་བསྐུལ་ཏེ་ཐུགས་ཀ་ནས་འོད་ཟེར་དམར་པོའི་འཕྲེང་བ་བསམ་གྱིས་མི་ཁྱབ་པ་དམར་ཁྲིག་ཁྲིག་བྱོན་ཏེ་ཁྱེད་རང་རྣམས་ཀྱི་ལུས་ལ་ཐིམ་པས་ལུས་འོད་ཀྱི་རང་བཞིན་གྱུར། ཡང་འོད་ཟེར་འཕྲོས་སྣོད་བཅུད་ཐམས་


GTD005_Page_0843
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ལ་ཕོག་པས། སྣོད་ཐམས་ཅད་གཞལ་ཡས་ཁང་དང་བཅུད་ཐམས་ཅད་རྗེ་བཙུན་མའི་རྣམ་པར་གྱུར་ཏེ་ཚུར་འདུས་ནས་ཁྱེད་རང་རྣམས་ལ་ཐིམ། ཡང་འོད་ཟེར་འཕྲོས་པ་ལྷོ་ཕྱོགས་རིག་བྱེད་ཀྱི་ཕུག་ན་བཞུགས་པའི་རྗེ་བཙུན་མའི་སྐུ་ལ་ཕོག་པས། དེ་ལས་རང་འདྲའི་སྐུ་ཆེ་ཆུང་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་ཁྱེད་རང་རྣམས་ཀྱི་ལུས་ལ་སིབ་ཀྱིས་ཐིམ་པས་རྗེ་བཙུན་མའི་སྐུའི་བྱིན་རླབས་མ་ལུས་པ་ཐོབ་པའི་མོས་པ་མཛོད། ཅེས་དྲིལ་བུ་གསིལ་ཞིང་གུ་གུལ་གྱིས་བདུག སྔགས་ཀྱི་མཐར། བཛྲ་ཨ་བེ་ཤ་ཨ་ཨ། ཞེས་དང༌། ཛཿ ཧཱུཾ་བཾ་ཧོཿ ཞེས་བཏགས་པ་གང་མང་བརྗོད། དེས་རྗེ་བཙུན་མའི་སྐུའི་རྗེས་སུ་གནང་བ་ཐོབ། ལུས་ཀྱི་དྲི་མ་དག །ལུས་ལྷར་བསྒོམ་པ་ལ་དབང༌། རྗེ་བཙུན་མའི་སྐུ་དང་ཁྱེད་རང་རྣམས་ཀྱི་ལུས་དབྱེར་མེད་དུ་བྱིན་གྱིས་བརླབས་བྱུང་སྙམ་པའི་མོས་པ་བརྟན་པོ་མཛོད་ཅིག །དེ་ནས་གསུང་གི་རྗེས་གནང་གི་སླད་དུ་ཁྱེད་རྣམས་རྗེ་བཙུན་མར་གསལ་བའི་ཐུགས་ཀར་པད་ཉིའི་སྟེང་དུ་ཧྲཱིཿ ཡིག་ཅིག་གསལ་འདེབས་པ་དང༌། བླ་མ་དང་མདུན་བསྐྱེད་ཀྱི་རྗེ་བཙུན་མ་ལ་གུས་འདུད་དྲག་པོ་བྱས་པ་ན་དེ་གཉིས་ཀའི་ཐུགས་ཀ་ནས་སྔགས་ཀྱི་འཕྲེང་བ་བྱུང༌། ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀའི་ཧྲཱིཿ ཡིག་གི་མཐར་གཡས་སྐོར་དུ་འཁོད་པའི་མོས་པ་བྱས་ཏེ་ལག་པ་མེ་ཏོག་དང་བཅས་ཐལ་མོ་སྦྱར་ནས་སྔགས་འདིའི་རྗེས་ཟློས་མཛོད། བྱས་ལ། སྔགས་ཀྱི་རྗེས་ཟློས་ལན་གསུམ་བྱ། དེའང་རྗེས་ཟློས་ལན་གསུམ་གྱི་དང་པོའི་ཚེ་རང་གི་སྙིང་གར་དམ་ཚིག་པའི་ཚུལ་དུ་འཁོད།


GTD005_Page_0844
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་དེ་ལ་ཡེ་ཤེས་པའི་ཚུལ་དུ་བསྟིམ། གསུམ་པས་བརྟན་པར་བྱས་པའི་མོས་པ་དང་བཅས་བླ་མ་ལ་དྲིན་ལན་གྱི་ཚུལ་དུ་མེ་ཏོག་འཐོར་བཞིན་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་གིས་གཟུང་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། །ཞེས་ལན་གསུམ་བྱ། དེ་ནས་ཁྱེད་རང་རྣམས་ཀྱིས་ཕུལ་བའི་མེ་ཏོག་གི་འཕྲེང་བ་སྔགས་སུ་བྱིན་གྱིས་བརླབས་ཏེ་སྤྱི་བོར་བཞག་ནས་བྱིན་གྱིས་བརླབས་པའི་མོས་པ་མཛོད། ཅེས་མེ་ཏོག་འཐོར་ཞིང༌། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་ཐོབ་པ་དང༌། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །བཅོམ་ལྡན་འདས་མ་ལྷ་མོ་རིག་བྱེད་མའི་གསུང་གི་བྱིན་རླབས་མ་ལུས་པ་རྡོ་རྗེ་སློབ་མའི་རྒྱུད་ལ་འཇུག་པར་གྱུར་ཅིག །དེས་གསུང་གི་རྗེས་སུ་གནང་བ་ཐོབ། ངག་གི་དྲི་མ་དག །ངག་སྔགས་བཟླ་བ་ལ་དབང་བར་བྱས། རྗེ་བཙུན་མའི་གསུང་དང་ཁྱེད་རང་རྣམས་ཀྱི་ངག་དབྱེར་མེད་དུ་བྱིན་གྱིས་བརླབས་བྱུང་སྙམ་པའི་མོས་པ་མཛོད་ཅིག །ཐུགས་ཀྱི་རྗེས་སུ་གནང་བ་བྱེད་ཚུལ་ལ་གཉིས་ལས། ཐུན་མོང་བ་ཙམ་བྱེད་ན། བླ་མའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། བཅོམ་ལྡན་འདས་མ་ལྷ་མོ་རིག་བྱེད་མའི་ཐུགས་ཀྱི་བྱིན་རླབས་མ་ལུས་པ་ཧྲཱིཿ ཡིག་གི་རྣམ་པར་སྤྱན་དྲངས། མདུན་བསྐྱེད་ཀྱི་ཐུགས་ཀ་ནས་ཀྱང་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཧྲཱིཿ ཡིག་དང་ཕྱག་མཚན་སྣ་ཚོགས་པ་འཕྲོས། ཁྱེད་རང་རྣམས་ཀྱི་སྙིང་གར་སིབ་ཀྱིས་ཐིམ་པས་བཅོམ་ལྡན་འདས་མའི་ཐུགས་


GTD005_Page_0845
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བྱིན་རླབས་མ་ལུས་པ་ཐོབ་པའི་མོས་པ་མཛོད། ཅེས་དང༌། སྔགས་ཀྱི་མཐར་ཨ་བེ་ཤ་བཏགས་པ་མང་དུ་བརྗོད་ཅིང་དྲིལ་བུ་དཀྲོལ། ཐུགས་ཀྱི་རྗེས་གནང་ཐུན་མོང་བའི་ངོ་བོ་དེ་ཙམ་གྱིས་འགྲུབ། དེས་ཐུགས་ཀྱི་རྗེས་སུ་གནང་བ་ཐོབ། ཡིད་ཀྱི་དྲི་མ་སྦྱངས། གནས་ལུགས་སྟོང་པ་ཉིད་ཀྱི་དོན་བསྒོམ་པ་ལ་དབང་བར་བྱས། ཁྱེད་རང་རྣམས་ཀྱི་ཡིད་དང་རྗེ་བཙུན་མའི་ཐུགས་དབྱེར་མེད་དུ་བྱིན་གྱིས་བརླབས་བྱུང་སྙམ་པ་མཛོད་བྱས་ཏེ། གཙོ་བོས་ཇི་ལྟར་སོགས་ཀྱིས་དམ་ཚིག་གཟུང་ཞིང་མཎྜལ་འབུལ་དུ་གཞུག །ཐུན་མོང་མ་ཡིན་པའི་རྗེས་གནང་བྱེད་ཚེ། ཐུགས་ཀྱི་རྗེས་གནང་ཐུན་མོང་བའི་ངོ་བོ་གྲུབ་མཚམས་སུ། བླ་མའི་ཐུགས་ཀའི་ཧྲཱིཿ ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་དང༌། སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་ཐམས་ཅད་འོད་ཟེར་ཁ་དོག་དམར་པོའི་རྣམ་པར་སྤྱན་དྲངས། ཁྱེད་རང་རྣམས་ཀྱི་ཐུགས་ཀར་ཐིམ་པས། དེ་རྣམས་ཀྱི་བྱིན་རླབས་རྒྱུད་ལ་ཞུགས་པའི་མོས་པ་མཛོད། བྱས་ལ། གུ་གུལ་གྱིས་བདུག་ཅིང་དྲིལ་གསིལ་དང་བཅས། ཨོཾ་ཀུ་རུ་ཀུལླེ་ཧྲཱིཿ ཧྲཱིཿ ཧྲཱིཿ ཨ་ཧྲཱིཿ བེ་ཤ་ཡ་ཧྲཱིཿ ཧྲཱིཿ ཧྲཱིཿ ཞེས་གང་མང་བརྗོད། ཡང་བླ་མའི་ཐུགས་ཀའི་ཧྲཱིཿ ལས་འོད་ཟེར་འཕྲོས། འཕགས་པ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ལུང་དང་མངོན་པར་རྟོགས་པའི་ཡོན་ཏན་ཐམས་ཅད་འོད་ཟེར་དམར་པོའི་རྣམ་པར་སྤྱན་དྲངས། ཞེས་སོགས་སྔར་ལྟར། ཡང་ཐུགས་ཀའི་ཧྲཱིཿ ཡིག་ལས་འོད་ཟེར་འཕྲོས། ཚངས་པ་བརྒྱ་བྱིན་ལ་སོགས་པ་འཇིག་རྟེན་སྐྱོང་བ་རྣམས་དང༌། པཎྚི་ཏ་དང་གྲུབ་པ་རིག་འཛིན་རྣམས་དང༌། འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་སྐྱེ་འགྲོ་བསོད་


GTD005_Page_0846
[མ་དཔེ་གཟིགས་ན་འདིར་གནོན།]

ནམས་ཅན་རྣམས་ཀྱི་ལུང་དང་མངོན་པར་རྟོགས་པའི་ཡོན་ཏན། ཚེ་དང་བསོད་ནམས་དཔལ་དང་འབྱོར་བ་ཐམས་ཅད་འོད་ཀྱི་རྣམ་པར་བསྡུས་ཏེ་ཁྱེད་རང་རྣམས་ལ་ཐིམ་པས་ཚེ་བསོད་དཔལ་འབྱོར་ཐམས་ཅད་རྒྱས་པའི་མོས་པ་མཛོད། ཅེས་སྔགས་མང་དུ་བརྗོད། དེས་རྗེ་བཙུན་མའི་ཐུགས་ཀྱི་རྗེས་གནང་ཐོབ། ཡིད་ཀྱི་དྲི་མ་དག །སེམས་ཡེ་ཤེས་སུ་བསྒོམ་པ་ལ་དབང་བར་བྱས། རྗེ་བཙུན་མའི་ཐུགས་དང་ཁྱེད་རང་རྣམས་ཀྱི་ཡིད་དབྱེར་མེད་དུ་བྱིན་གྱིས་བརླབ་པའི་མོས་པ་མཛོད། དེ་ཡན་ཆད་བུམ་དབང་གི་དོད་ཡིན་པར་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གྱིས་གསུངས་པ་ལྟར་ཡིན་པས། དེ་ནས་དབང་གོང་མ་གསུམ་གའི་དོད་བདག་བྱིན་རླབས་ཀྱི་དམིགས་པའི་སྟེང་ནས་བྱེད་པ་ལ་ཁྱེད་རང་རྣམས་ཀྱིས་སྤྱན་དམིགས་འདི་བཞིན་མཛད་པར་ཞུ། ཁྱེད་རང་རྣམས་རྗེ་བཙུན་མར་གསལ་བའི་ལུས་ཀྱི་དབུས་དྲང་པོར་རྩ་དབུ་མ་མར་སྣེ་ལྟེ་བར་ཟུག་པ། ལྟེ་བར་ཨཾ་དང་སྙིང་གར་ཧྲཱིཿ ཡིག་དམར་པོ། ཡར་སྣེ་སྨིན་མཚམས་སུ་སླེབ་པ་ལ་ཧཾ་ཡིག་མགོ་བོ་ཐུར་དུ་བསྟན་པས་མཚན་པ། སྙིང་གའི་ཧྲཱིཿ ཡིག་ལ་དམིགས་པ་གཏད་པས་དེ་ལས་འོད་དམར་པོ་མེའི་རང་བཞིན་གྱེན་དུ་འཕྲོས་པ་དབུ་མའི་ལམ་ནས་གྱེན་དུ་སོན་པས་ཧཾ་ཡིག་ཕུག་སྟེ་སྨིན་མཚམས་ཀྱི་ཤ་ལྤགས་ཀྱི་མཚམས་བརྒྱུད་མགོ་བོ་ལ་གཡོན་སྐོར་དུ་སོང་བ་རྣ་བ་གཡོན་པའི་བུག་པ་ནས་ནང་དུ་ཞུགས། གཡས་ཀྱི་བུ་ག་ནས་ཕྱིར་ཐོན། མདའ་གཞུ་རྣ་བའི་དྲུང་དུ་བཀང་བའི་མདའི་ལྟོང་ནས་ཞུགས། ཨུཏྤ་ལའི་མདེའུ་རྒྱས་པར་བྱས་ཏེ་རྩེ་མོ་ནས་ཕྱིར་འཕྲོས། སྲིད་པ་གསུམ་


GTD005_Page_0847
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སེམས་ཅན་ཐམས་ཅད། ཁྱད་པར་དུ་གང་ཞིག་དབང་དུ་བྱེད་པར་འདོད་པ་རྣམས་ཀྱི་སྙིང་ལ་ཞུགས་པས། དེ་ཐམས་ཅད་བདག་ཉིད་ཀྱི་དབང་དུ་བསྡུས་ཏེ་བདེ་བ་ཆེན་པོའི་རང་བཞིན་གྱི་འོད་ཟེར་དམར་པོའི་རྣམ་པར་གྱུར་པ་ཚུར་བསྡུས་ཏེ་ཨུཏྤ་ལའི་མདེའུའི་ནང་དུ་ཞུགས། མདའི་ལྟོང་ནས་རྣ་བུག་གཡས་སུ་ཞུགས་པ་གཡོན་ནས་ཐོན། མགོ་བོ་ལ་གཡས་སུ་བསྐོར་བ་སྨིན་མཚམས་ནས་དབུ་མའི་ནང་དུ་ཞུགས། ཧཾ་ཡིག་ལ་ཐིམ་པས་དེ་ལས་བདུད་རྩིའི་རྒྱུན་བབས། སྤྱི་བོ་དང་མགྲིན་པའི་རྩ་འཁོར་རྣམས་གང་ཞིག་གསང་དབང་གི་ངོ་བོ་བདེ་བ་ཆེན་པོའི་ཡེ་ཤེས་སྐྱེས་པའི་དམིགས་པ་མཛོད། སླར་ཡང་ཧཾ་ཡིག་ལས་བདུད་རྩིའི་རྒྱུན་བབས་པ་སྙིང་གའི་རྩ་འཁོར་བརྒྱུད་དེ་ལྟེ་བའི་ཨཾ་ཡིག་གི་སྟེང་དུ་བབས་པས་མེའི་སྟེང་དུ་སྣུམ་ཕོག་པ་བཞིན་ལྟེ་བའི་ཨཾ་ཡིག་ལས་གཏུམ་མོའི་མེ་འོད་ཆེར་འཕྲོས། ཧཾ་ཡིག་ལས་ཀྱང་བདུད་རྩིའི་རྒྱུན་ཆིལ་ཆིལ་བབས་ཏེ་གསང་གནས་ཡན་ཆད་བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩིས་གང་བས་འབར་འཛག་གི་དམིགས་པ་ལ་བརྟེན་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་གི་ངོ་བོ་བདེ་སྟོང་གི་ཡེ་ཤེས་ཁྱད་པར་ཅན་སྐྱེས་པའི་མོས་པ་མཛོད། དེ་ལྟར་དགའ་བཞི་རིམ་གྱིས་དྲངས་པའི་མཐར་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བདེ་བ་ཆེན་པོས་རང་གི་ལུས་དང་སྣོད་བཅུད་ཐམས་ཅད་ཁྱབ་པར་མོས་ཏེ། གང་ལ་ཐོག་མ་དབུས་མཐའ་མེད། །སྲིད་མེད་མྱ་ངན་འདས་པ་མེད། །འདི་ནི་མཆོག་ཏུ་བདེ་ཆེན་ཉིད། །བདག་མེད་གཞན་ཡང་ཡོད་མ་ཡིན། །ཞེས་པའི་དོན་སེམས་ཀྱི་ངོ་བོ་སྐྱེ་འགག་གནས་གསུམ་གྱིས་སྟོང་པའི་དེ་བཞིན་ཉིད་དང༌། འཁོར་འདས་


GTD005_Page_0848
[མ་དཔེ་གཟིགས་ན་འདིར་གནོན།]

གཟུང་འཛིན་གྱི་རྟོག་པ་ཐམས་ཅད་དང་བྲལ་བའི་བདེ་བ་ཆེན་པོའི་ཡེ་ཤེས་དབྱེར་མི་ཕྱེད་པ་ནམ་མཁའ་ལྟ་བུའི་དོན་ལ་ངེས་པ་ཁྱད་པར་ཅན་སྐྱེས་ཏེ་ཚིག་གི་སྒོ་ནས་དབང་བཞི་པའི་རྟོགས་པ་རྒྱུད་ལ་འཁྲུངས་པའི་མོས་པ་མཛོད། དེ་དག་གིས་བཅོམ་ལྡན་འདས་མ་ལྷ་མོ་རིག་བྱེད་མ་ཕྱི་སྒྲུབ་ཀྱི་རྗེས་སུ་གནང་བ་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་ལྷན་དུ་སྦྲགས་ཏེ་བླ་མ་དམ་པའི་ཕྱག་བཞེས་བཞིན་ལེགས་པར་ཐོབ་པ་ཡིན་པས་དམ་ཚིག་མཐའ་དག་ཚུལ་བཞིན་དུ་སྲུང་སྙམ་པ་གྱིས་ལ་འདིའི་རྗེས་ཟློས་མཛོད་ཅེས། གཙོ་བོས་ཇི་ལྟར་བཀའ་སྩལ་བ། །དེ་དག་ཐམས་ཅད་བདག་གིས་བགྱིད། །ཅེས་པ་ལན་གསུམ་དང༌། གཏང་རག་གི་མཎྜལ་ཕུལ་བའི་རྗེས་སུ། བདག་ཉིད་བྲན་དུ་དབུལ་བའི་རྗེས་ཟློས་མཛོད། །ཅེས། དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ན། །ཁྱེད་ཀྱིས་སློབ་མར་བཟུང་བ་དང༌། །ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། །ཞེས་པ་ལན་གསུམ་དང༌། བསྟན་པ་རྒྱས་པའི་བསྔོ་བ་སོགས་ཀྱིས་མཚམས་སྦྱར་བར་བྱའོ། །དེའང་ཐུན་མོང་མ་ཡིན་པའི་དབང་བཞི་ཏིང་ངེ་འཛིན་གྱི་སྒོ་ནས་བསྐུར་ཚུལ་འདི་ནི་རྗེ་དབང་རབ་ཀྱི་གསུང་དང༌། དཀོན་མཆོག་ལྷུན་གྲུབ་ཀྱི་ཡིག་ཆ་གཉིས་གུང་བསྒྲིགས་པ་ཡིན་ལ། ཆོ་གའི་བདག་བྱིན་བརླབ་ཀྱི་ཚེ་དགའ་བཞི་དང་དབང་བཞི་སྦྱར་ཡང་འདིར་དེ་དང་མི་འདྲ་སྟེ། བུམ་དབང་གི་དོད་ཐུགས་ཀྱི་རྗེས་གནང་ཡན་ཆད་ཀྱིས་སོང་ཟིན་པར་རྗེ་དབང་རབ་ཀྱིས་གསུངས་པས། ཕྱི་མར་སྦྱོར་རྒྱུ་དབང་གསུམ་ལས་མེད་ལ། གསང་དབང་དང་ཤེར་དབང་གི་དམིགས་པའི་མཚམས་འབྱེད་ཚུལ་ཡང་ཟུར་འདེབས་ཀྱི་ཡི་གེ་ཞིག་ཏུ་འདི་བཞིན་འདུག་པ་ལྟར་བྱས་པ་ཡིན་ནོ། །ཀརྨ་འཕྲིན་ལས་གཉིས་པའི་བུམ་ཐོད་མེ་ལོང་སོགས་ལ་བརྟེན་པའི་རྫས་ཀྱི་དབང་བཞི་


GTD005_Page_0849
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་ཚུལ་བཤད་པའང་ལུགས་གཅིག་ཡིན་ཏེ། མཉམ་མེད་ཆེན་པོ་དང༌། སྭོ་འཇིགས་མེད་གྲགས་པས་དེ་ལྟ་བུའི་དབང་བཞི་བསྐུར་ཚུལ་ཞིག་གསུངས་པ་ལ་ལས་གསང་སྒྲུབ་ལྷ་ལྔ་དང་སྦྱར་ཡང༌། ཕྱི་སྒྲུབ་དཔའ་བོ་གཅིག་པ་འདི་ཉིད་དང་སྦྱོར་དགོས་པར་མཁན་ཆེན་ངག་དབང་ཆོས་གྲགས་ཀྱིས་གསང་བ་ལྷ་ལྔའི་བྱིན་རླབས་ཀྱི་ཆོ་གར་གསུངས་པས་ཤེས་སོ། །འཕགས་མའི་བྱིན་རླབས་གཏེར་གྱི་སྒོ། །མན་ངག་ལྡེ་མིག་འདིས་ཕྱེ་བས། །མཆོག་ཐུན་འདོད་དགུའི་དངོས་གྲུབ་ཀྱིས། །ལུས་ཅན་མཐའ་དག་ཚིམ་བྱེད་ཤོག །ཅེས་འཕགས་མ་རིག་བྱེད་མ་ཕྱི་སྒྲུབ་ཀྱི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྗེས་སུ་གནང་བ་བྱ་ཚུལ་གསལ་བར་བཀོད་པ་དངོས་གྲུབ་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་འདི་ནི། ཡང་དག་པའི་སྒྲུབ་པ་ལ་གཞོལ་བའི་སྤོང་བ་པ་སྡོམ་བརྩོན་ཆེན་པོ་དཀོན་མཆོག་བྱམས་པས་བསྐུལ་ངོར་ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་སྦྱར་བའི་ཡི་གེ་པ་ནི་བྷིཀྵུ་རཏྣ་ཨཱ་ནནྟའོ།། །།

དཔའ་བོ་གཅིག་པའི་བསྐྱེད་རིམ་སྙིང་པོའི་དོན་གསལ།


GTD005_Page_0850
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་བོ་གཅིག་པའི་བསྐྱེད་རིམ་སྙིང་པོའི་དོན་གསལ་ཞེས་བྱ་བ་བཞུགས་སོ། །


GTD005_Page_0851
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ། །དཔའ་གཅིག་གི་བསྐྱེད་རིམ་ནི། རགས་པ་བཅུ་གསུམ་མའི་དང་པོ་སྦྱོར་བ་ཡན་ཆད་དང་འདྲ་བས་ཐོ་ཙམ་ལ་སྒོས་ཆོས་རྣམས་ཀྱིས་ཅུང་ཟད་ཟུར་བརྒྱན་ཏེ་འགོད་པ་ནི། ལམ་ཐུན་མོང་བས་རྒྱུད་སྦྱངས་ཤིང་དབང་ཐོབ། དམ་ཚིག་གཙང་བའི་སྒྲུབ་པ་པོས་གནས་དང་ཡོ་བྱད་སྤྱོད་ལམ་སོགས་རྒྱུད་དང་མཐུན་པར་བྱས་ཏེ་ཀུན་སློང་བཅོས། རང་ལ་ཐ་མལ་གྱི་སྣང་ཞེན་འགོག་པའི་ཕྱིར་ལུས་འོད་དུ་སྦྱངས་ནས་པད་ཉི་ལ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པའི་སྐུར་དཀྲོང་གིས་བསྐྱེད། ལས་སྔགས་བརྗོད་ཅིང་ཁྲོ་བོ་སྤྲོས་ཏེ་བགེགས་བསྐྲད། སྟོང་པར་སྦྱངས་ཏེ་དེ་ཁོ་ནའི་ངང་ལས་སྣང་ཙམ་པ་སྒྱུ་མ་ལྟ་བུའི་རྣམ་རོལ་ཏུ་རླུང་མེའི་དཀྱིལ་འཁོར། མི་མགོ་རློན་པའི་སྒྱེད་བུ། དེ་ལ་གནས་པའི་ཐོད་པ་དུམ་བུ་གཅིག་པ་བདེ་སྟོང་མཚོན་བྱེད། དེའི་ནང་


GTD005_Page_0852
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གཤེགས་པ་ལྔའི་ས་བོན་ལས་ཤ་ལྔ་དང༌། ཡུམ་ལྔའི་ས་བོན་ལས་བདུད་རྩི་ལྔ་རང་རང་གི་མིང་ཡིག་དང་པོས་མཚན་པ། སྟེང་དུ་ཐུགས་གསུང་སྐུ་རྡོ་རྗེའི་ངོ་བོ་ཡི་གེ་གསུམ་བརྩེགས་མར་གནས་པ་ལྷུང་སྟེ་ཞུ་བས། ཆོས་དབྱིངས་ཡེ་ཤེས་ཀྱིས་མ་དག་པའི་ཉེས་པའི་རྩ་བ་སྦྱངས། ཚེ་དཔག་མེད་གསུང་རྡོ་རྗེའི་ས་བོན་གྱིས་འཆི་མེད་བདུད་རྩིར་བྱས། གཟུགས་ཀྱི་ཕུང་བོས་རབ་ཏུ་ཕྱེ་བ་རྣམ་སྣང་གིས་མང་པོར་སྤེལ་བར་བསམས་ལ། སེམས་ཅན་ཐམས་ཅད་ཀྱི་སྒོ་གསུམ་གྱི་ཉེས་པའང་སྦྱངས་པར་བསམས་ཏེ་འབྲུ་གསུམ་བརྗོད། ཕྱོགས་སྐྱོང་གི་མཆོད་པ་ཀུན་ཀྱང་བདེ་སྟོང་མཚོན་པའི་སྣོད་དུ་བདེ་སྟོང་གི་ས་བོན་ཁོ་ན་ལས། རང་བཞིན། རྣམ་པ། བྱེད་ལས་ཀྱི་ཁྱད་པར་གསུམ་གསུམ་དང་ལྡན་པར་བསྐྱེད་ཅིང་རྡོ་རྗེ་གསུམ་གྱི་བར་དུ་བཅུག་པས་བྱིན་གྱིས་བརླབ། ཕྱོགས་


GTD005_Page_0853
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོང་གི་གཏོར་མ་ནང་མཆོད་ལྟར་བརླབས་ལ། དེ་དག་བཀུག་ནས་སོ་སོའི་ཕྱོགས་སུ་འཁོད་པ་འོད་གསལ་དུ་བཅུག་སྟེ་འཇིགས་བྱེད་ཀྱི་སྐུར་བསྒོམ། ལྗགས་བྱིན་གྱིས་བརླབས་ཤིང་རྩ་སྔགས་ཀྱིས་ལྷ་ལ་ཕུད་དབུལ། སོ་སོའི་སྔགས་ཉེ་སྙིང་དང་སྤེལ་བས་ཆོས་རྒྱལ་ཡབ་ཡུམ། ལྷ་མོ། ལས་བཞིའི་གཤིན་རྗེ་རྣམས་དང་། སྙིང་པོ་དང་བརྒྱ་བྱིན་སོགས་ཕྱོགས་སྐྱོང་གཞན་གྱི་མིང་སྤེལ་བས་དེ་དག་ལ་ཕུལ་ཏེ་འཕྲིན་ལས་བཅོལ། ཡིག་བརྒྱའི་སྐབས་སོ་སོའི་རིགས་བདག་གི་ཐུགས་ཀའི་ཧཱུཾ་ལ་ཡིག་བརྒྱས་བསྐོར་བ་ལས་བདུད་རྩིའི་རྒྱུན་དབབ་པས་དེ་དག་གི་ཐུགས་དང་འགལ་བའི་ཉེས་པ་ཀུན་སྦྱངས་པར་བསམས། བཛྲ་མུཿ ཞེས་ཕྱིར་བཀྱེད་དེ་ཕྱོགས་དེ་དང་དེར་བྱ་ར་བྱེད་ཅིང་བཞུགས་པར་བསམས། བདག་བསྐྱེད་མཆོད་པའང་འདྲ་བས། འདི་དག་ནི་ཐུན་མགོར་བྱ་རྒྱུའི་སྐོར་རོ། །༈ ཐུན་དངོས་གཞི་སྐུ་གསུམ་ལམ་འཁྱེར་གྱིས་བསྡུས་པས། དང་པོ་ལ་ཆོས་སྐུའི་ལམ་འཁྱེར་དངོས་དང་དེའི་སྔོན་དུ་སྐྱེས་ནས་མྱོང་འགྱུར་གྱི་ལས་གསོག་པ་དང་མཚུངས་པའི་བསོད་ནམས་ཀྱི་ཚོགས་གསོག་པ་གཉིས་ཏེ། དེའང་བླ་མ་རིགས་བདག་ཏུ་བཞུགས་པའི་འཇིགས་བྱེད་ཀྱི་ལྷ་ཚོགས་སྤྱན་དྲངས་པ་ལ་ཕྱག་མཆོད་སྒྲུབ་པའི་མཆོད་པའི་མཆོག་སྡོམ་གཟུང་སོགས་ཞིང་ཁྱད་པར་ཅན་ལ་བརྟེན་པ་དང་། ཚད་མེད་བཞི་བསྒོམ་སྟེ་ཞིང་ཕལ་བ་ལ་བརྟེན་པའི་བསོད་ནམས་ཀྱི་ཚོགས་གསོག་


GTD005_Page_0854
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་གཉིས་ཡོད། ཡེ་ཤེས་ཀྱི་ཚོགས་གསོག་པ་དང་ཆོས་སྐུའི་ལམ་འཁྱེར་དངོས་གཉིས་སྟབས་གཅིག་ཏུ་བྱ་བ་ནི་བཅུ་གསུམ་མའི་སྐབས་ཡབ་ཡུམ་གྱི་སྦྱོར་མཚམས་ནས་ཀྱང་འོད་ཟེར་སྤྲོ་བ་བྱེད་ལ། འདིར་ཐུགས་ཀའི་ཧཱུཾ་ཁོ་ན་ལས་སྤྲོས་པའི་འོད་ཀྱིས་སྣོད་བཅུད་ཐམས་ཅད་ཞུ་བ་རང་དང༌། དེའང་སྟོད་སྨད་ནས་ཐུགས་ཀའི་ཧཱུཾ་ལ་བསྡུ་ཞིང༌། མཐར་ནཱ་དའང་མི་དམིགས་པར་ཡལ་བའི་སྟོང་སང་ལ་མཉམ་པར་བཞག་སྟེ་སྔགས་གཉིས་ཀྱི་དོན་འབྲས་དུས་ཀྱི་ཡེ་ཤེས་ཆོས་སྐུའི་ང་རྒྱལ་འཛིན། ང་རྒྱལ་དེའི་ངང་ལས་མ་གཡོས་བཞིན་དུ་བློའི་ཟུར་གཅིག་གིས་འབྱུང་བཞི་རིམ་བརྩེགས། སྲུང་བའི་འཁོར་ལོ། གཞལ་ཡས་ཁང་གདན་བཅས་གསལ་འདེབས་དགོས་ལ། འབྱུང་བཞི་རང་རང་གི་ས་བོན་ལས་བསྐྱེད་ཚུལ་སྤྱི་དང་འདྲའང༌། རླུང་དཀྱིལ་འོག་མ་བཞིན་ནག་ལ་དམར་མདངས་ཆགས་པའི་དུད་ཁར་བྱེད་པ་ནི་འདི་མངོན་སྤྱོད་གཙོ་ཆེ་བའི་སྒོས་ཆོས་ཡིན། འབྱུང་བཞིའི་སྟེང་གི་སྣ་ཚོགས་རྡོ་རྗེའི་ལྟེ་བའི་ཧཱུཾ་ལས་འོད་ཟེར་ཀུན་ཏུ་འཕྲོས་པས་རྡོ་རྗེ་དྲུག་ཅུ་རྩ་བཞིའི་རང་བཞིན་གྱི་ས་གཞི །རྭ་བ། གུར། བླ་རེ་དང་བཅས་པ་བསྐལ་པའི་མེ་དཔུང་འཁྲུགས་པས་ཀླུབས་པའི་སྲུང་འཁོར་ཐུན་མོང་བ་བསྒོམ། ཟ་མ་ཏོག་ཏུ་སྲུང་འཁོར་ཐུན་མོང་མ་ཡིན་པ་ཞལ་འཕང་ཙམ་མཛད་ལ། བདུད་ལས་རྣམ་རྒྱལ་དུ་གསལ་བར་མཛད་པ་ནི་དགོངས་


GTD005_Page_0855
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཤིན་ཏུ་ཟབ་སྟེ། ལྷ་འདི་སྒྲུབ་པའི་དགོས་པའི་གཙོ་བོ་ནོར་བུའི་གླིང་དུ་འཇུག་པའི་དེད་དཔོན་བཞིན་ཆོས་སྒྲུབ་པའི་བར་ཆད་བཟློག་པ་དང༌། ཡང་དེའི་རྐྱེན་སེལ་ཙམ་མ་ཡིན་པར་གདུལ་བྱ་དབང་པོ་མཆོག་རྣམས་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་དགའ་བཞིས་འོད་གསལ་འགྲུབ་ཅིང༌། དེ་ལས་སྒྱུ་མའི་སྐུར་བཞེངས་པས་ཕ་མའི་རྒྱུད་ཀྱི་ཟབ་གནད་གཉིས་ཀ་ཚང་ཚུལ། ཁ་ཊྭཱཾ། མེ་ཐབ། རྒྱུ་མ་སོགས་ཀྱིས་མཚོན་པའི་དོན་ཏེ་གཉིས་ཡོད་པས། རྗེས་འཇུག་སྤྱི་ཁྱབ་ལ་ཕན་པའི་དོན་དུ་དགོས་པ་དང་པོ་གཙོ་བོར་བྱས་ཏེ་དཔའ་བོ་གཅིག་པའི་སྒྲུབ་ཐབས་གཙོ་བོར་མཛད་ཅིང༌། དེའི་གནད་ཀྱིས་ཁྲོ་བཅུའི་སྲུང་འཁོར་ཡང་རྩལ་འདོན་མཛད་ལ། སྒྲུབ་ཐབས་ཀྱི་མཚན་ཡང་བདུད་ལས་རྣམ་རྒྱལ་ཞེས་བཏགས་སོ། །དགོས་པ་ཕྱི་མའི་དབང་དུ་མཛད་དེ་ཡུམ་བཅས་བཅུ་གསུམ་མའི་སྒྲུབ་ཐབས་མཛད་ཅིང༌། རྒྱུད་དོན་གྱི་ནོར་བུ་མ་ལུས་པ་འདིའི་ནང་ནས་བླང་དུ་ཡོད་པས་ཟ་མ་ཏོག་ཅེས་བཏགས་སོ། །ཚུལ་འདི་རྒྱུད་དང་གྲུབ་ཆེན་ཀུན་གྱི་དགོངས་པའང་ཡིན་ཏེ། སམྦུ་ཊའི་རབ་བྱེད་ཉེར་བརྒྱད་པར་དཔའ་བོ་གཅིག་པའི་ཆོ་ག་གསལ་བར་གསུངས་ལ། དེར་གཞན་དང་ཐུན་མོང་དུ་ཁྲོ་བཅུའི་སྲུང་འཁོར་ཡང་གསུངས་པས། རྗེ་བླ་མས་ཀྱང་ཁྲོ་བཅུ་བསྐྱེད་ཚུལ་སོགས་རྒྱུད་ཀྱི་དགོངས་པ་མན་སྙེར་བཀྲལ་བ་བཞིན་མཛད་དོ། །ཀུན་མཁྱེན་བླ་མ་སྐུ་སྔ་ཕྱིས་ཀྱང་ཚོགས་ཁང་དུ་དཔའ་བོ་གཅིག་པ་ལ་ཁྲོ་བོ་བཅུས་བསྐོར་བ་དམིགས་རྟེན་དུ་བྲི་བར་མཛད་པའང་དགག་བྱ་ཆུང་ལ་དགོས་པ་ཆེ་བའི་གནད་འདི་ཐུགས་ལ་བཞག་པ་ཡིན་ནོ། །དེ་བསྒོམ་ཚུལ་ནི། དབྱིབས་མདུང་ལྕགས་


GTD005_Page_0856
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱི་རྟིང་པ་སྤྲད་པ་ལྟ་བུའི་སྦུབས་སྟོང་ནང་དུ་གནོད་མཛེས་བསྒོམས་ཏེ། སྙོམས་འཇུག་གི་སྦྱོར་བས་ཁྲོ་བཅུ་ཞལ་དུ་དྲངས་པ་ཞུ་སྟེ་ཡུམ་གྱི་པདྨར་ཕབ་པ་སོ་སོའི་མདོག་ཅན་གྱི་ཐིག་ལེ་བཅུ་དང༌། དེ་ཧཱུཾ་བཅུ། དེ་ཁྲོ་བཅུར་གྱུར་ཏེ་མངལ་ནས་སྤྲོས། རྩིབས་སོ་སོར་གདན་སུམ་བརྩེག་རེ་ཡོད་པའི་སྟེང་དུ་འཁོད་པར་བསམས་ལ་གནད་ལྔ་དང་ལྡན་པའི་སྒོ་ནས་ཁྲོ་བཅུའི་སྔགས་བཟླ། གནོད་མཛེས་རྡོར་སེམས་སུ་བསྒྱུར་བ་ནི་ཆོས་འབྱུང་དང༌། དེའི་ནང་དུ་སྣ་ཚོགས་པདྨ་ལ་གནས་པའི་སྣ་ཚོགས་རྡོ་རྗེའི་ལྟེ་བར་བྷྲུཾཿ དང་འཁོར་ལོ་ལས་རྣམ་སྣང་བསྐྱེད། འདིའི་ཕྱག་མཚན་གྱི་འཁོར་ལོ་རྡོ་རྗེ་ཕྱེད་པའི་ཡུ་བ་ཅན་དུ་འགའ་ཞིག་བཤད་ཀྱང་དེ་ཙམ་གྲི་གུག་ལའང་ཡོད་ལ། འདིས་རྡོ་རྗེའང་འཛིན་པར་བསྐྱེད་རིམ་ཆེན་མོ་ལས་གསུངས་པས་ཕྱེད་པ་ཡིན་མིན་བརྟག་དགོས། དེ་ལས་བསྒྲུབས་པའི་གཞལ་ཡས་ཁང་གི་རྒྱ་དཔངས་སོགས་ཀྱི་ཁྱད་པར་ཞིབ་ཏུ་ཐིག་གིས་གཏན་ལ་འབེབས་དགོས་ཤིང༌། བཅུ་གསུམ་མ་དང་འདྲ་ལ། འོན་ཀྱང་འདིར་ཕ་གུའི་ཁ་དོག་སེར་པོར་བྱེད་པ་དང༌། ནང་གི་ཟླུམ་སྐོར་ནི་བཅུ་གསུམ་མ་ལ་རྩ་ཐིག་དང་ཚངས་ཐིག་འཕྲད་མཚམས་ནས་ཆ་ཆུང་གཅིག་ནང་དུ་འོངས་ཏེ་བསྐོར་ཡང༌། འདི་ཕྱེད་ཕྱེད་ཀྱི་ཚད་ནས་བསྐོར་དགོས་པས། གཞི་ལ་རེ་མིག་དགུར་བྱས་ནས་གཙོ་བོའི་གནས་ཧ་ཅང་ཆུང་བར་འགྱུར་བས། བདུད་ལས་རྣམ་རྒྱལ་རང་ལས། གཞལ་ཡས་ཁང་གི་དབུས་སུ་ཡཾ་ལས་རླུང་གི་དཀྱིལ་འཁོར་ཞེས་འབྱུང་བ་བཞིན་དུ་བྱ་དགོས་ལ། དཔེ་དུ་མར་རེ་མིག་


GTD005_Page_0857
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་བའི་ཞེས་འབྱུང་བ་ནི། སྟེང་དུ་གདུང་བསྣོལ་མར་འཕང་ཚེ་རེ་མིག་དགུ་འབྱུང་བའི་དོན་ཡིན་ཀྱང་དེ་དང་ལྷ་གནས་བསྟུན་མི་དགོས་པས་བྲི་བྱ་ལའང་མི་དགོས་སོ། །གཞལ་ཡས་ཁང་བསྒོམ་པ་ནི་གང་དུ་སྐྱེ་བ་ལེན་པའི་གནས་དང་རྣམ་པ་མཚུངས་ཤིང་མ་དག་པའི་སྣོད་སྦྱོང་བ་དང༌། འབྲས་དུས་ཀྱི་དག་པའི་གཞལ་ཡས་ཁང་འགྲུབ་པའི་རྒྱུར་འགྱུར་རོ། །དེ་ནས་ལོངས་སྐུའི་ལམ་འཁྱེར་ནི། ངག་ཏུ་འདོན་པའི་ཚེ་བར་དུ་འགྱང་ཆེའང༌། ཡིད་ངོར་ཆོས་སྐུའི་ང་རྒྱལ་ལས་བར་མ་ཆད་པར་ལྡང་བ་ཡིན་པས། གཞི་ལ་འཆི་བ་འོད་གསལ་ལས་ལུགས་ལྡོག་གི་ཉེར་ཐོབ་ཏུ་ལྡང་བ་ན་བར་དོ་འགྲུབ་པ་སྲང་མདའི་མཐོ་དམན་བཞིན་ཡིན་པ་དང་རྣམ་པ་མི་མཐུན་པའི་སྐྱོན་མེད་དེ། གཞི་ལ་སྐྱེ་བ་ལེན་པའི་གནས་རང་ཆས་སུ་ཡོད་ཀྱང༌། འདིར་བློའི་ཟུར་གྱིས་གསལ་མ་བཏབ་པར་བྱར་མེད་པའི་ཁྱད་ཙམ་ཡིན་ནོ། །དེའང་ཆོས་སྐུའི་ངང་ཙམ་དུ་གནས་པས་གདུལ་བྱའི་དོན་དུ་མི་འགྱུར་བར་མཐོང་སྟེ། ལས་ཀྱི་བར་དོ་སྦྱངས་ནས་འབྲས་དུས་ཀྱི་ལོངས་སྐུར་ལྡང་སྙམ་པའི་འཕེན་པས། ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཞུགས་པ་རྗེ་བཙུན་གྱི་མཁྱེན་པ་དང་དབྱེར་མི་ཕྱེད་པའི་དྷཱིཿ སེར་པོ་རང་སྒྲ་སྒྲོགས་བཞིན་པ་དང༌། དེ་ལས་རལ་གྲི་གྱེན་འགྲེང་ཡུ་བ་རྡོ་རྗེ་ཕྱེད་པའི་ལྟེ་བར་དྷཱིཿ ས་མཚན་པ། དེ་ལས་སྤྲོས་པའི་འོད་ཀྱིས་རྒྱལ་བ་སྲས་བཅས་ཐམས་ཅད་འཇམ་དབྱངས་རིགས་ལྔའི་རྣམ་པར་སྤྱན་དྲངས་ཏེ་ཐིམ་པ་ལས་རྒྱུ་རྡོ་རྗེ་འཛིན་པ་འཇམ་དཔལ་གཞུང་བཞིན་བསྐྱེད། འདིའི་ཟླ་བ། ས་བོན། ཕྱག་མཚན། སྒྲུབ་གཞིས། གཞི་ལམ་


GTD005_Page_0858
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་གསུམ་གའི་སྐབས་ཀྱི་བསྒྲུབ་གཞིའི་ཕྲ་བའི་རླུང་སེམས་དང༌། དེས་བསྒྲུབས་པའི་ངག །ཡིད། ལུས་ཏེ་བཞི་བཞི་མཚོན་ནོ། །སྤྲུལ་སྐུའི་ལམ་འཁྱེར་ནི། སྒྱུ་མའི་ལུས་དེ་ཙམ་གྱིས་ཀྱང་གཞན་དོན་མི་རྫོགས་པས། ཐ་མལ་གྱིས་མཐོང་ནུས་པའི་རགས་པའི་སྤྲུལ་སྐུ་གཟུང་སྙམ་པ་བྱས་ལ། འཇམ་དཔལ་གྱི་ཐུགས་ཀར་དོན་གྱི་འོད་གསལ་མཚོན་པའི་ཉི་དཀྱིལ་བསམས་ཤིང༌། དེའི་འོད་ཟེར་གྱིས་སངས་རྒྱས་བྱང་སེམས་ཐམས་ཅད་རྒྱུ་རྡོ་རྗེ་འཛིན་པའི་རྣམ་པར་སྤྱན་དྲངས་ཏེ་རང་ཉིད་འཇམ་དཔལ་དུ་གསལ་བ་དང་བཅས་ལྷན་ཅིག་ཏུ་ཉི་མ་ལ་ཞུགས་པས། ཉི་དཀྱིལ་དཔག་ཚད་སྟོང་ཕྲག་བརྒྱར་ཁྱབ་པ་གདུག་པ་ཅན་སྲེག་པར་བྱེད་པའི་འོད་ཟེར་ཚ་སྲེག་འབར་བ་དེ་ལྟ་བུར་གྱུར་པར་བསམ། གོང་གི་ཟླ་དཀྱིལ་བསྒོམ་པ་ཟླ་བའམ་མེ་ལོང་ཡེ་ཤེས་ལས་བྱང་ཆུབ་པ། དེའི་སྟེང་དྷཱིཿ བསྐྱེད་པ་ནས་འདིའི་བར་ཉི་མ་དང་མཉམ་ཉིད་ཡེ་ཤེས་ལས་བྱང་ཆུབ་པ་ཡིན། ཡང་དེའི་དབུས་ཀྱི་ཧཱུཾ་ཡིག་འོད་ཟེར་ལྔ་ལྡན་རང་སྒྲ་འབྲུག་ལྟར་སྒྲོགས་པ་ལས་སྤྲོས་པའི་འོད་ཟེར་གྱིས་སངས་རྒྱས་སྲས་བཅས་འཇིགས་བྱེད་ཀྱི་རྣམ་པར་སྤྱན་དྲངས་ཏེ་ཧཱུཾ་ལ་བསྟིམས་པས་ཁྲོ་བོའི་རྡོ་རྗེ་ཧཱུཾ་གིས་མཚན་པར་གྱུར་པ་འདི་ས་བོན་དང་ཕྱག་མཚན་ལས་བྱང་ཆུབ་པའམ་སོར་རྟོག་ཡེ་ཤེས་ལས་བྱང་ཆུབ་པ་ཡིན། ཡང་ཧཱུཾ་ལས་རྡོ་རྗེ་ཕྲ་མོའི་ཚོགས་སྤྲོས་པ་ཡོངས་སུ་གྱུར་པའི་སངས་རྒྱས་བྱང་སེམས་རྣམས་ཀྱིས་ཞིང་ཁམས་རབ་འབྱམས་སུ་འགྲོ་དོན་མཛད། སེམས་ཅན་ཐམས་ཅད་


GTD005_Page_0859
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་བྱེད་ཀྱི་སྐུར་གྱུར་ཏེ། ཕར་སྤྲོས་པའི་ལྷ་རྣམས་དང་ལྷན་དུ་ཚུར་འདུས་ནས་རྡོ་རྗེ་ཧཱུཾ་དང་བཅས་པ་ལ་ཐིམ། དང་པོ་ནས་གདན་གྱི་ཚུལ་དུ་ཡོད་པའི་ཟླ་བ་དང༌། དེའི་སྟེང་གི་ཉི་མ། རྡོ་རྗེ། ས་བོན་ཐམས་ཅད་གཅིག་ཏུ་འདྲེས་པར་བསམས་པ་ནི་བྱ་གྲུབ་ཡེ་ཤེས་ལས་བྱང་ཆུབ་པའམ་སྐད་ཅིག་མ་གཅིག་ལ་མངོན་པར་བྱང་ཆུབ་པ་ཡིན་ལ། དེ་ལས་རྡོ་རྗེ་འཇིགས་བྱེད་ཆེན་པོའི་སྐུར་བསྐྱེད་པ་ནི་སྐུ་རྫོགས་པ་ལས་སམ་ཆོས་དབྱིངས་ཡེ་ཤེས་ལས་བྱང་ཆུབ་པ་ཡིན་ནོ། །གོང་གི་ཟླ་བ་ནས་འདིའི་བར་གྱིས་ཕ་མའི་ཁུ་ཁྲག་དང༌། དེར་མཚམས་སྦྱོར་ཞིང་རིམ་གྱིས་འཕེལ་ཏེ་ཕྱིར་བཙས་པ་དང་ཆོས་མཐུན་སྦྱོར་ཚུལ་སོགས་ཡོད་ལ། སྐུའི་ཉམས་དང་ཞལ་གྱི་འཁོར་ལུགས། ཕྱག་བསྒྲིག་ཚུལ། ཕྱག་མཚན་དང་ཞབས་འོག་གི་སྲོག་ཆགས་སོ་སོའི་ཁྱད་པར་སོགས་དཀྱུས་སུ་གསལ་ཞིང་ཞིབ་པར་གཞན་ལས་ཤེས་དགོས། སྐྱེ་མཆེད་བྱིན་རླབས་ནི། ལྕགས་བསྲེགས་པ་མེའི་ངོ་བོར་སོང་བ་བཞིན་རྣམ་པ་མིག་སོགས་སུ་སྣང་ཡང༌། ངོ་བོ་ས་སྙིང་སོགས་ཀྱི་རང་བཞིན་དུ་བསམ་དགོས་ལ། མ་མཐའ་འང་སྐྱེ་མཆེད་སོ་སོར་ལྷ་སོ་སོའི་ངོ་བོ་ཡི་གེ་རྣམས་མེ་ལོང་ལ་གཟུགས་བརྙན་བཞིན་སྣང་བར་བསྒོམ། སེམས་དཔའ་གསུམ་ནི་ཡེ་ཤེས་པ་འཕྲོ་འདུའི་གཞིར་གྱུར་པས་དམ་ཚིག་སེམས་དཔའ་བདེ་སྟོང་ཡེ་ཤེས་ཀྱི་ངོ་བོ་ཙམ་ཡིན་པས་ཡེ་ཤེས་སེམས་དཔའ། གང་ལ་དམིགས་ནས་ཏིང་འཛིན་མཆོག་སྐྱེ་བས་ཏིང་ངེ་འཛིན་སེམས་དཔའ་སྟེ། རགས་པའི་ལུས། ཕྲ་བའི་ལུས། ཕྲ་བའི་སེམས་གསུམ་དང་ཆོས་མཐུན་པ་དང༌། འབྲས་དུས་ཀྱི་རགས་


GTD005_Page_0860
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྤྲུལ་སྐུ། སྒྱུ་མ། འོད་གསལ་གསུམ་ཡང་མཚོན་ནོ། །དེ་དག་གིས་ཐ་མལ་གྱི་སྐྱེ་ཤི་བར་དོ་གསུམ་སྦྱོང་ཞིང་ལམ་གྱི་སྐུ་གསུམ་སྨིན་པར་བྱས་ཏེ་འབྲས་བུའི་སྐུ་གསུམ་སྒྲུབ་པའི་བསྐྱེད་རིམ་གྱི་གནད་ཚང་ངོ༌། །འོ་ན་སྐུ་གསུམ་པོ་དེའང་འདོད་ཆགས་ཀྱི་ཆོས་ཀྱིས་ཐོབ་པར་བསྟན་པའི་ཕྱིར་རིག་མ་འདུ་བྱ་བ་ནི་བསྐྱེད་རིམ་འཁོར་བའི་རྩ་བ་གཅོད་བྱེད་དུ་འགྲོ་བ་དང༌། རིམ་པ་འདིར་འདོད་ཡོན་ལམ་དུ་བྱེད་ཚུལ་བསྐྱེད་རིམ་གྱི་གནད་མཐར་ཐུག་ཏུ་བཤད་པ་མ་ཡིན་ནམ། དཔའ་གཅིག་ལ་དེ་མ་ཚང་བར་བསྐྱེད་རིམ་མཚན་ཉིད་པ་ཇི་ལྟར་འབྱུང་སྙམ་ན་སྐྱོན་མེད་དེ། མཚན་མ་གྱེན་འགྲེང་གིས་བདེ་ཆེན་མཚོན་པར་གསུངས་པ་བཞིན་དགའ་བཞིས་དྲངས་པའི་བདེ་སྟོང་སྦྱོར་བར་ནུས་ལ། ལིངྒ་ལི་ཡ་ཏི་ཞེས་པ་སྦས་དོན་དུ་བཤད་པའི་ཚེ་བྷ་གར་ཐིམ་པ་ལ་འཇུག་ཅིང༌། རྒྱུན་དུ་ཡུམ་མེད་ནའང་དམིགས་བསལ་གྱི་ཚེ་ཡོད་ཆོག་པ་དབང་དང་བསང་མཆོད་ལྟ་བུ་ཡིན་པས་མ་ཚང་བ་མིན་ནོ། །དེར་མ་ཟད་གཞན་གྱི་བསྐྱེད་རིམ་ལ་མ་མཐའ་ལྷ་ལྔ་ཚང་དགོས་ཀྱང༌། འདིར་དཔའ་བོ་གཅིག་པ་ལ་བསྐྱེད་རིམ་རུང་བ་ཕྱག་མཚན་གྱི་གནད་ཡིན་པར་གསུངས་ཏེ། ཞེ་དགུ་མའི་སྐབས་ཕྱག་མཚན་དང་ཞབས་འོག་གི་སྲོག་ཆགས་རྣམས་དཀྱིལ་འཁོར་གྱི་ལྷའི་རང་བཞིན་དུ་བཤད་པའི་གནད་ཀྱིས་ཡིན་ནོ། །འོ་ན་ཕུང་པོ་ལྔ་རིགས་ལྔ་དང༌། གཞལ་ཡས་ཁང་རྣམ་སྣང་གི་རང་བཞིན་ཡིན་པས་གང་ལ་ཡིན་ཀྱང་ལྷའི་འཁོར་ལོ་ཚང་བར་འགྱུར་རོ་ཞེ་ན། ཕུང་པོ་ལྔ་དེའི་རང་བཞིན་ཙམ་ཡིན་ཀྱང་སོ་སོར་ཕྱེ་སྟེ་ལྷར་གནས་


GTD005_Page_0861
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བཀོད་པ་མེད་པས་འདི་དང་མི་མཚུངས་ཏེ། ལྷའི་གནས་བཟུང་ནས་བཀོད་ཚེ་དགྲ་ནག་གི་ཐོད་པ་བཞིའང་གྲངས་ཕན་དུ་བྱས་ཏེ་ལྷ་བཅུ་བདུན་ཞེས་གྲགས་པ་བཞིན་ནོ། །སྔགས་རིམ་ལས་བླ་མེད་གཞན་གྱི་བསྙེན་པ་ལ་ལྷའི་འཁོར་ལོ་ཚང་བ་དགོས་ཀྱང་འདི་དམིགས་བསལ་དུ་གསུངས་པའི་དོན། འགའ་ཞིག་དཔའ་གཅིག་ལ་དཔའ་གཅིག་གི་བསྙེན་པས་གོ་ཆོད་མི་ཆོད་དོགས་པ་མེད་པས། བཅུ་གསུམ་མ་ལའང་དེས་གོ་ཆོད་ཟེར་བ་དོན་མིན་ཏེ། དེའི་དགོངས་པ་གསང་འདུས་གཙོ་བོ་གཅིག་པུར་བསྙེན་པ་བཏང་ནས་དེའི་ཟུར་བཀའི་དབང་བསྐུར་ཚུལ་བཤད་པ་མེད་ལ། འདིའི་གཙོ་བོ་གཅིག་པུ་ལ་བསྙེན་པ་བཏང་སྟེ་དེའི་སྒོ་ནས་དབང་བསྐུར་དུ་ཡོད་པ་དང༌། དབང་གིས་ཇི་ལྟར་སྨིན་པར་བྱས་པ་བཞིན་དཔའ་བོ་གཅིག་པ་ལ་བརྟེན་ནས་རིམ་གཉིས་ཀྱི་རྣལ་འབྱོར་བསྐྱང་དུ་ཡོད་པའི་དོན་ནོ། །དེ་ནས་ཡེ་ཤེས་པ་སྤྱན་དྲངས་ཏེ་དགུག་གཞུག་བཅིང་མཉེས། དབང་ལྷས་དབང་བསྐུར་ཏེ་རིགས་ངེས་པར་བྱ་བའི་ཕྱིར་རིགས་བདག་གིས་རྒྱས་གདབ་པ། ཕྱི་ནང་གི་མཆོད་པས་མཆོད་ཅིང་བསྟོད་པ་བྱ་བ་སོགས་སྤྱི་དང་འདྲ་ལ། བཅུ་གསུམ་མར་འཁོར་རྣམས་ཀྱིས་བསྟོད་པའི་དོད། འདིར་ཐུགས་ཀ་ནས་སྤྲོས་པའི་ལྷ་མོ་རྣམས་ཀྱིས་བྲག་ཆའི་དབྱངས་བཞིན་བསྟོད་པར་མོས་པ་ཡིན་ནོ། །རྒྱས་པར་ན་ཀུན་མཁྱེན་འཇམ་དབྱངས་བཞད་པས། ཕྱི་ནང་གསང་བ་དེ་ཉིད་བཞིས་མཆོད་བསྟོད། །ལྷ་མཉེས་ཚོགས་རྫོགས་འདོད་ཡོན་ལམ་བྱེད་མྱུར། །ཞེས་པ་ལྟར་ཡིན་པས་ཡུམ་གསལ་འདེབས་པ་འགལ་བ་མེད་པར་བཤད་ཟིན་ཏོ། །དེ་ནས་མ་ཧེའི་ཞལ་


GTD005_Page_0862
[མ་དཔེ་གཟིགས་ན་འདིར་གནོན།]

རྭ་སྔོན་པོ་ཟིང་ངེ་བའམ། ཤངས་བུག་ཟངས་དུང་དམར་པོ་བསྲེགས་པ་བཞིན་དམར་ཧུར་རེ་བ་ལྟ་བུ་འཆར་གང་བདེ་ཞིག་ནས་བརྩམས་ཏེ་སྔ་མ་མ་ཤོར་བའི་ངང་ནས་དམིགས་པ་བསྣན་གྱིན་ཞལ་གཅིག་ཕྱག་གཉིས་པ་ལ་སེམས་གཟུང༌། དེ་ནས་ཞལ་ཕྱག་རིམ་པར་བསྣན་ཏེ་ཡོངས་སུ་རྫོགས་པ་ཐོག་མར་སྤྱི་བམ་དང༌། རྗེས་སུ་རྒྱན་ཆ་ལུགས་སྤྱན་དཀར་ནག་གི་ཆ་ཕྲ་མོ་ཚུན་ཆད་ལ་གསལ་སྣང་དང༌། དེ་དང་དེ་དངོས་ཡིན་སྙམ་པའི་ང་རྒྱལ་བརྟན་པོས་ཐ་མལ་གྱི་སྣང་ཞེན་བཟློག་ཅིང༌། དེ་ཐམས་ཅད་ཀྱང་སྣང་ལ་རང་བཞིན་མེད་པ་སྒྱུ་མའི་རྣམ་རོལ་དུ་བལྟ་བའི་ཟབ་གསལ་གཉིས་མེད་ཀྱི་ངང་དུ་སེམས་འཛིན། དེ་ལ་སེམས་བརྟན་པ་ན་སྟེང་འོག་གི་སྣ་རྩེར་ཐིག་ལེ་བསྒོམ་པ་སོགས་བསྐྱེད་རིམ་ཕྲ་མོ་ལ་སློབ་ཚུལ་གཞན་ནས་འབྱུང་བ་བཞིན་བྱ། སྐྱོ་ན་དག་པ་དྲན་པ་གཞུང་བཞིན་ཏེ་ལམ་དང་འབྲས་བུའི་རྣམ་པ་ཐམས་ཅད་མཚོན་ཞིང༌། བདེ་སྟོང་གི་ཡེ་ཤེས་གཅིག་ཉིད་རྣམ་པ་ཅིར་ཡང་འཆར་བའི་གསང་བའི་གནད་ལ་ངེས་པ་བསྐྱེད་པར་བྱའོ། །དེ་ནས་འཕྲེང་བ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པར་བསྐྱེད་བསྟིམ་འོད་ཞུ་སོགས་བྱ་ཞིང༌། བཟླས་པ་ནི། སྦྲགས་སྒྲུབ་བྱེད་ན་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཉི་གདན་ཟླ་གདན་དང་ཧཱུཾ་ཡིག་དྷཱིཿ ཡིག་ཏུ་གྱུར་པའི་ཕྱི་རོལ་འཁོར་ལོའི་རྩིབས་དྲུག་ལ་ཨ་ར་པ་ཙ་བཀོད་དེ་རྒྱལ་བ་སྲས་བཅས་ཀྱི་མཁྱེན་རབ་བསྡུས་པར་བསམས་ལ་བཟླ། དེ་ནས་ཕྱིར་བསྒྱུར་ཏེ་ཧཱུཾ་གི་མཐར་ཉེ་སྙིང་ཚར་གསུམ། དེའི་ཕྱི་


GTD005_Page_0863
[མ་དཔེ་གཟིགས་ན་འདིར་གནོན།]

སྐོར་ལ་སྙིང་པོ་ཚར་གཉིས། དེའི་ཕྱིར་རྩ་སྔགས་རྣམས་ཀྱིས་གཡས་སྐོར་དུ་བསྐོར་བའི་འོད་ཟེར་གྱིས་ལུས་ཐམས་ཅད་གང་བས་སྡིག་སྒྲིབ་ནད་གདོན་ཐམས་ཅད་སྦྱངས། དབུགས་ཕྱིར་འགྲོ་བ་ན་ཧཱུཾ་ཡིག་སྔགས་ཕྲེང་དང་བཅས་པ་ལས་འཇིགས་བྱེད་ཀྱི་སྐུའམ་འོད་ཟེར་གྲངས་མེད་སྤྲོས་ཏེ་སྣ་བུག་གཡས་ནས་ཐོན། སེམས་ཅན་ཐམས་ཅད་གཤིན་རྗེའི་གཤེད་ཀྱི་གོ་འཕང་ལ་བཀོད་དབུགས་ཚུར་རྔུབ་པ་དང་ལྷན་ཅིག་སྣ་བུག་གཡོན་ནས་ཞུགས་ཏེ་སྤྲོ་གཞི་ལ་ཐིམ་པའི་དམིགས་པ་བྱ། གེགས་འཚུབ་ཤིན་ཏུ་ཆེ་བ་ལྟ་བུའི་ཚེ་མེ་དང་ཁྲོ་བོའི་ཚོགས་སྤྲོས་པས་གནོད་བྱེད་གདོན་བགེགས་ཐམས་ཅད་བསྲེགས་ཏེ་ཐལ་བར་བརླག་པར་བསམ། རེས་འགའ་སྤྲོ་བསྡུ་མི་བྱེད་པར་དམིགས་རྟེན་ལ་རྩེ་གཅིག་ཏུ་སེམས་གཏད་དེ་བསྒོམ་ཞིང༌། མྱུར་བུལ་ཆད་ལྷག་སོགས་ཀྱི་སྐྱོན་དང་བྲལ་བ། ཞལ་ཐམས་ཅད་ནས་འུར་འུར་སྒྲོགས་པའི་མོས་པ་བྱེད་ཚུལ་སོགས་མན་ངག་བཞིན་བྱ། བཟླས་པ་ཟིན་ནས་རིགས་བདག་གི་ཐུགས་ཀར་ཟླ་གདན་ལ་ཧཱུཾ་ཡིག་གི་མཐར་ཡིག་བརྒྱ་དཀར་པོས་བསྐོར་བ་ལས་བབས་པའི་བདུད་རྩིས་ཆད་ལྷག་སོགས་ཀྱི་ཉེས་པ་བྱང་བར་བསམས་ཏེ་ཡིག་བརྒྱ་བཟླ། ཐུན་གྱི་མཐར་གཏོར་མ་བྱིན་གྱིས་བརླབས་ནས་འདས་མ་འདས་མགྲོན་སྤྱན་དྲངས། ལྗགས་བྱིན་གྱིས་བརླབས་ཏེ་དབུལ་ཞིང་འཕྲིན་ལས་བཅོལ་ནས་གཤེགས་སུ་གསོལ་བ་དང༌། གཏང་རག་གི་མཆོད་བསྟོད། ཉེར་བསྡུ། བསྔོ་བས་མཐའ་བརྒྱན་པ་སོགས་དཀྱུས་ལྟར་བྱའོ། །ཞེས་པ་འདི་ནི་དད་བརྩོན་ལྡན་པ་དགེ་སློང་ངག་


GTD005_Page_0864
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དོན་གྲུབ་དང༌། ཨུ་ཅུ་མུ་ཆིན་ཤོག་གི་དཀའ་བཅུ་བློ་བཟང་ནོར་ལྡན་སོགས་ཀྱིས་སྔ་ཕྱིར་ཡང་ཡང་བསྐུལ་བའི་ངོར། ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་སྦྱར་བའི་ཡི་གེ་པ་ནི་སྔགས་རམས་པ་དཀོན་མཆོག་ཀུན་དགའོ།། །།ན་མོ་གུ་རུ་བཛྲ་བྷཻ་ར་ཝཱ་ཡ། འདིར་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྫོགས་རིམ་ཉམས་སུ་ལེན་ཚུལ་མདོར་བསྡུས་ཏེ་བཤད་པ་ནི། ལམ་ཐུན་མོང་བས་རྒྱུད་སྦྱངས་ཤིང་སྔགས་ཀྱི་སྒོར་ཞུགས་ཏེ་དམ་སྡོམ་ཚུལ་བཞིན་དུ་བསྲུང༌། བསྐྱེད་རིམ་སྔོན་དུ་བཏང་སྟེ། ཉེ་བའི་སྔོན་འགྲོ་རྡོར་སེམས་བསྒོམ་བཟླས། བླ་མའི་རྣལ་འབྱོར་ཐུན་མོང་མ་ཡིན་པ། དབང་བཞི་བྱིན་རླབས་དང་བཅས་སྤྱི་ལྟར་བྱས་ལ། ལུས་ཀྱི་གནད་རྣམ་སྣང་གི་ཆོས་བདུན་ལྡན། དུས་ཀྱི་གནད་ཐོ་རངས་དང་ཕྱི་དྲོ། ཡུལ་གྱི་གནད་རང་འཇིགས་བྱེད་ཕྱག་གཉིས་པ་ཡུམ་བཅས་སུ་གསལ་བའི་ལྟེ་བའི་རྩ་འཁོར་གྱི་དབུས། རླུང་གི་གནད་རླུང་རོ་བསལ་ནས་སྙོམས་པར་གྱུར་པའོ། །རླུང་རོ་སེལ་ཚུལ་ལུས་ཀྱི་དབུས་སུ་དབུ་མ་གྲོ་སོག་ཙམ། གཡས་སུ་རོ་མ་དམར་པོ། གཡོན་དུ་རྐྱང་མ་དཀར་པོ། དང་པོའི་ཡར་སྣེ་སྨིན་མཚམས་དང་གཞན་གཉིས་སྣའི་སྦུ་གུའི་ཐད། མར་སྣེ་གསུམ་རྟགས་ཀྱི་བུ་ག་དང་མཉམ་པ། སྤྱི་བོའི་རྩ་འཁོར་རྩ་འདབ་སོ་གཉིས་པ་ཁ་ཐུར་ལྟ། མགྲིན་པར་བཅུ་དྲུག་པ་གྱེན་ལྟ། སྙིང་གར་བརྒྱད་པ་ཐུར་ལྟ། ལྟེ་བར་རེ་བཞི་པ་གྱེན་ལྟ། གསང་གནས་སུ་སོ་གཉིས་པ་ཐུར་ལྟ། མགྲིན་པ་དང་སྙིང་གའི་རྩ་འཁོར་གྱི་


GTD005_Page_0865
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་ཀྱི་དབྱིབས་ཟླུམ་པོ། གཞན་རྣམས་གྲུ་གསུམ། རྩ་རྣམས་མདུད་པས་མ་བཅིངས་པ་ཧར་རེ་བྱེད་པར་མོས་ལ། རོ་མའི་མར་སྣེ་རྐྱང་མར་བཅུག་སྟེ་གཡས་ནས་ལན་གསུམ་རྔུབ་པས་རོ་མ་བརྒྱུད་ཅིང་རྐྱང་མའི་ཞར་འཁུམ་སོགས་ཀྱི་སྐྱོན་བསལ་ཏེ་དྲང་ཞིང་གསལ་བར་གྱུར་པར་བསམས་ལ་གཡོན་ནས་འབུད། དམིགས་པ་དེ་ལས་བཟློག་སྟེ་གཡས་ནས་ལན་གསུམ་བུས། གཉིས་ཀའི་སྣེ་དབུ་མར་བཅུག་ལ་གཉིས་ཀ་ནས་མཉམ་དུ་རྔུབ་པའི་རླུང་གིས་དབུ་མའི་སྐྱོན་སྦྱངས་པར་བསམས་ལ་མཉམ་དུ་འབུད་པ་གསུམ་སྟེ་དགུ་ཕྲུགས་སུ་བྱེད་པ་ཡིན་ནོ། །དངོས་གཞིའི་དམིགས་པ་སྐྱོང་ཚུལ་ལ། སྔགས་ཀྱི་རྣལ་འབྱོར། དམ་ཚིག་གི་རྣལ་འབྱོར། དབྱིབས་ཀྱི་རྣལ་འབྱོར། རྣམ་དག་ཡེ་ཤེས་ཀྱི་རྣལ་འབྱོར་བཞི། དང་པོ་ལ་ལྟེ་བར་གནད་དུ་བསྣུན་ཚུལ་དང༌། སྙིང་གར་རྡོར་བཟླས་བྱེད་ཚུལ་གཉིས། དང་པོ་ནི། རྩ་དང་འཁོར་ལོ་གོང་བཞིན་བསྒོམས་པའི་དྷཱུ་ཏཱིའི་མར་སྣེ་ལྟེ་འོག་སོར་བཞི་ཙམ་གྱི་སར་རང་གི་རྣམ་ཤེས་འོད་ཀྱི་ཐིག་ལེར་གསལ་བས་སྐུའི་རྣམ་པ་ཀུན་ལ་བལྟ། དེ་ནས་དྷཱུ་ཏཱིའི་ནང་གྱེན་ལ་ཧྲིལ་གྱིས་སོང་སྟེ་སྤྱི་བོའི་རྩ་འཁོར་གྱི་དབུས་སུ་ཕྱིན་ནས་རྩ་འཁོར་འོག་མ་རྣམས་བལྟ། སྙིང་ག་ལྟེ་བ་སོགས་སུ་འོངས་ནས་ཡར་མར་ལ་བལྟ་ཞིང་ཡར་འགྲོ་མར་འགྲོ་བྱས་ཏེ་ལམ་སྦྱངས། དེར་གསལ་སྣང་ཐོན་པ་ན་ཐིག་ལེ་དེ་ཉིད་ལྟེ་བའི་རྩ་འཁོར་གྱི་དབུས་སུ་ཉི་གདན་ལ་ཡེ་ཤེས་སེམས་དཔའ་འཇིགས་བྱེད་དཔའ་བོ་ཕྱག་གཉིས་པ་ཡུམ་བཅས་རྒྱ་སྲན་ཙམ་གྱི་སྐུར་བཞེངས། དེའི་ཐུགས་ཀར་ཉི་གདན་ལ་ཧཱུཾ་ཡིག་དཀར་ལ་དམར་བའི་མདངས་ཅན་


GTD005_Page_0866
[མ་དཔེ་གཟིགས་ན་འདིར་གནོན།]

ཡུངས་འབྲུ་ཙམ་གྱིས་མཚན་པར་བསམ། དེར་སེམས་བརྟན་པ་ན་ལྟེ་བའི་ཡེ་ཤེས་སེམས་དཔའ་ཡབ་ཡུམ་སྙོམས་པར་ཞུགས་པའི་འོད་ཀྱིས་མ་དག་པའི་སྣོད་བཅུད་ཐམས་ཅད་སྦྱངས་ཏེ་དག་པའི་རྟེན་བརྟེན་པར་གྱུར་ཅིང་རིམ་གྱིས་བསྡུས་པ་དམ་ཚིག་སེམས་དཔའ་དང༌། དེ་ཡེ་ཤེས་སེམས་དཔའ། དེ་ཧཱུཾ་ཡིག །དེའང་ཞབས་ཀྱུ་ནས་བསྡུས་ཏེ་ནཱ་ད་ལ་སེམས་འཛིན་ཅིང༌། དབང་པོ་རབ་ཀྱིས་ནཱ་དའང་མི་དམིགས་པར་བསམས་ནས་ལྟེ་བའི་རྩ་འཁོར་གྱི་དབུས་ཀྱི་ཐད་དེར་སེམས་བཟུང་བས་ཞུགས་གནས་ཐིམ་གསུམ་འབྱུང་ལ། ཞུགས་པའི་རྟགས་མཉམ་རྒྱུ་ཤེད་མཚུངས། གནས་རྟགས་སྣ་བུག་ནས་རྒྱུ་བ་ཆད་ཅིང་ལྟོ་བ་མི་འགུལ། ཐིམ་རྟགས་འབྱུང་བཞི་ཐིམ་ཚེ་སྨིག་རྒྱུ་དུ་བ་མེ་ཁྱེར་མར་མེ་ལྟ་བུའི་སྣང་བ་དང༌། སྣང་མཆེད་ཐོབ་གསུམ་སོ་སོའི་རང་དུས་སུ་དཀར་ལམ་དམར་ལམ་ནག་ལམ་འཆར་ཞིང་འོད་གསལ་གྱི་ཚེ་སྟོན་གནམ་གཡའ་དག་ལྟ་བུའི་ཉམས་འཆར་རོ། །འོད་གསལ་དེ་ལ་གནས་བཞིན་པའི་ངང་ནས་བློའི་ཟུར་གཅིག་གིས་ལྷའི་སྐུ་དང་རྩ་འཁོར་སྔར་བཞིན་ལ་སྤྱི་བོར་ཧཾ་ཡིག་མགོ་ཐུར་ལྟ་དང་སྙིང་གར་ཧཱུཾ་ཡིག་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཅན། མགྲིན་པར་གཏུམ་མོའི་མེའི་རང་བཞིན་ཨཱཿ དམར་པོ་དང་ལྟེ་བར་ཡང་ཨ་ཐུང་ཤད་ཀྱི་རྣམ་པ་ཟླ་ཚེས་ཐིག་ལེ་དང་བཅས་བསམས་ལ་སྣ་བུག་གཉིས་ནས་རླུང་རྔུབ་པ་རོ་རྐྱང་བརྒྱུད་དེ་ཡུམ་གྱི་དབུ་མའི་རླུང་དང་ལྷན་ཅིག་རང་གི་དབུ་མར་ཞུགས། ལྟེ་བའི་ཨ་ཐུང་ལ་ཕོག་པས་འབར་ལ་ཁད་དུ་བྱེད་པ་མེ་གསོ་བ་དང༌། ཡང་བུས་པས་རྒྱ་ཁབ་ཙམ་འབར་


GTD005_Page_0867
[མ་དཔེ་གཟིགས་ན་འདིར་གནོན།]

བ་མེ་སྦར་བ་དང༌། ཡང་བུས་པས་ཆེར་འབར་ཏེ་སྤྱི་བོའི་ཧཾ་ཡིག་ཞུ་ནས་མགྲིན་པ། སྙིང་ག །ལྟེ་བ། གསང་གནས་ཀྱི་རྩེའི་བར་སླེབ་པས་དགའ་བཞི་ལུགས་འབྱུང་དང༌། དེ་ལས་བཟློག་ནས་སྤྱི་བོའི་བར་དུ་སོན་པས་ལུགས་ལྡོག་གི་དགའ་བཞི་དྲངས་ཏེ་ལྷན་སྐྱེས་ཀྱི་བདེ་བ་དང་འོད་གསལ་གཉིས་སྦྱར་ནས་བསྒོམས་པ་ནི་སད་དུས་ཀྱི་ཆོས་སྐུའི་བསྲེ་བ་ཡིན། དེ་ལས་འཕེན་པའི་དབང་གིས་ལོངས་སྐུ་འཇིགས་བྱེད་དུ་ལྡང་བ་ན་སྔ་མའི་རྟགས་རྣམས་ལུགས་ལྡོག་ཏུ་འབྱུང་ཞིང་སད་དུས་ཀྱི་ལོངས་སྐུའི་བསྲེ་བ་དང༌། དེ་ཕུང་པོ་རྙིང་པ་འཇིགས་བྱེད་དམ་ཚིག་པར་གསལ་བ་ལ་འཇུག་པ་སད་དུས་ཀྱི་སྤྲུལ་སྐུའི་བསྲེ་བའོ། །དེ་གོམས་ན་གཉིད་དུས་ཀྱི་བསྲེ་བ་གསུམ་བསྒོམ་ཞིང༌། དེ་གཉིས་གོམས་ལ་ཚེ་འདིར་ལམ་གོང་མ་མ་ཐོབ་ན་འཆི་ཚེ་འཆི་དུས་ཀྱི་བསྲེ་བ་སྐོར་གསུམ་བསྒོམ། འདི་དག་ནི་ལུས་དབེན་གྱི་དོད་ཐུབ་ཡིན་ཞིང་སྔགས་ཀྱི་གཞིའི་རྣལ་འབྱོར་ཞེས་བྱའོ། །གཉིས་པ་སྙིང་གར་གནད་དུ་བསྣུན་པའི་སྔགས་ཀྱི་རྣལ་འབྱོར་དངོས་ལ་བུམ་པ་ཅན་དང་རྡོར་བཟླས་བསྒོམ་ཚུལ་གཉིས། དང་པོ་ནི། ཐུགས་ཀའི་རྩ་འཁོར་གྱི་དབུས་སུ་ཐིག་ལེ་དམར་པོ་འོག་དང་དཀར་པོ་སྟེང་བྱས་ཏེ་ཁ་སྦྱར་བ་སྲན་ཆུང་ཙམ། དེའི་ལྟེ་བར་ཧཱུཾ་དཀར་པོ་ཡུངས་འབྲུ་ཙམ་བསམ་པར་སེམས་བཟུང་ལ་སྣ་བུག་གཉིས་ནས་རླུང་ཅུང་ཟད་རྔུབ་མཆིལ་མ་སྒྲ་མེད་ཅིག་མིད་པ་དང་མཉམ་དུ་སྟེང་རླུང་སྲོག་འཛིན་དཀར་པོ་མར་མནན། འོག་རླུང་ཐུར་སེལ་སེར་པོ་ཡར་དྲངས་ཏེ་ཧཱུཾ་ལ་བསྟིམ་ནས་བསྒོམས་པས་ཞུགས་གནས་ཐིམ་གསུམ་འབྱུང་ཞིང༌། སྔར་བཞིན་གཏུམ་མོ་སྦར་བས་དགའ་བཞི་དྲངས་ལ་བདེ་


GTD005_Page_0868
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་སྦྱར་ཏེ་བསྲེ་བ་གསུམ་སོགས་བསྒོམ་མོ། །རྡོར་བཟླས་ནི་ལྷ་སྐུ་རྩ་འཁོར་ཐུགས་ཀའི་དམིགས་རྟེན་ཧཱུཾ་ཡིག་རྣམས་སྔར་བཞིན་གསལ་བཏབ་ལ་ཧཱུཾ་གི་ནཱ་ད་ལས་རླུང་སྤོས་རེངས་ཀྱི་དུ་བ་ཕྲ་མོ་ལྟ་བུ་ཞིག་ཐོན་པས་ཧཱུཾ་གི་གདངས་དེ་སྤྱི་བོའི་རྩ་འཁོར་བར་དུ་སོང༌། ཨོཾ་གྱི་གདངས་ཀྱིས་ཕྱིར་དམིགས་རྟེན་ལ་ཐིམ་པ་ན་ཏིང་ལ་ཕུ་བཏབ་པ་ལྟར་ཨཱཿའི་གདངས་སུ་གནས་པར་བསམ་པ་སྟེང་འགྲོའི་རྡོར་བཟླས་དང༌། ཞབས་ཀྱུ་ནས་སྔར་ལྟར་འབྱུང་འཇུག་གནས་གསུམ་བྱེད་པ་འོག་འགྲོ། སྟེང་འོག་གཉིས་གཅིག་ནས་ཕྱིར་ཐིམ་པ་དང་གཅིག་ནས་ཕྱིར་འབྱུང་བ་མཉམ་དུ་བྱེད་པ་འབྲོས་འདེད། སྟེང་འོག་གཉིས་ཀར་མཉམ་དུ་ཕྱིར་འབྱུང་བ་སོགས་བྱེད་པ་ལྟག་སྤྲོད་དེ་རྩ་བའི་རླུང་གི་རྡོར་བཟླས་བཞི་དང༌། མིག་གི་མངོན་ཤེས་སོགས་འགྲུབ་པའི་ཕྱིར་རྩའི་རྩེ་མོ་མིག་གི་སྒོ་སོགས་སུ་ཟུག་པར་མོས་ལ་ཡན་ལག་གི་རླུང་ལྔའི་རྡོར་བཟླས་བྱེད་ཅིང་ཐིམ་རིམ་གྱི་མཐར་དགའ་བཞི་འདྲེན་ཚུལ་དང་བསྲེ་བ་སོགས་སྔར་བཞིན་བྱ་སྟེ་ངག་དབེན་གྱི་ལམ་མོ། །འདི་ལ་དང་པོ་སྔགས་སུ་ཕར་མོས་པ་ཙམ་དང་ཕྱིས་སྔགས་ཀྱི་གདངས་སུ་ཚུར་འཆར་བའི་གསུང་གི་ང་རྒྱལ་དུ་འཕོས་པ་འབྱུང་ལ། གནས་པའང་དང་པོ་ཆེད་དུ་བྱེད་པ་དགོས་ཀྱང་ཕྱིས་ངང་གིས་ལོངས་སྐུ་སོང་ནས་དེ་འབའ་ཞིག་པར་འགྲོའོ། །གཉིས་པ་དམ་ཚིག་གི་རྣལ་འབྱོར་ནི། དེ་ལྟར་རྡོར་བཟླས་ཀྱིས་རྩ་མདུད་ཅུང་ཟད་ལྷོད་ཀྱང་ཁྱབ་བྱེད་མ་འདུས་པས། དེ་བསྡུ་ཚུལ་དམིགས་རྟེན་སྔར་ལྟར་ལ་སེམས་དབེན་གྱི་སྟོང་པ་དང་པོར་འདྲེན་དུས་པདྨ་ཅན་སོགས་ལས་


GTD005_Page_0869
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མེད་མི་རུང་ཡིན་ཞིང་ཕྱིས་ཡེ་རྒྱ་ལའང་བརྟེན་ཆོག་པས་ཕྱག་རྒྱའི་དྷཱུ་ཏཱི་རང་གི་དྷཱུ་ཏཱིར་བཅུག །དེ་གཉིས་ནས་རླུང་ཅུང་ཟད་རེ་བྱུང་བ་ཕྲད་མཚམས་སུ་འཁྱིལ། རླུང་ཕྲ་མོ་རེ་ཕན་ཚུན་གྱི་དྷཱུ་ཏཱིར་ཞུགས་པས་ཡབ་ཀྱི་སྤྱི་བོ་ནས་ཐིག་ལེ་དཀར་པོ་དང༌། ཡུམ་གྱི་སྤྱི་བོ་ནས་ཐིག་ལེ་དམར་པོ་ཡུངས་འབྲུ་ཙམ་རེ་ཕབ་པ་སྦྱོར་མཚམས་སུ་ཁ་སྦྱར་བས་རྩ་རླུང་ཐིག་ལེའི་རྡོ་རྗེ་སྐྱིལ་ཀྲུང་གསུམ་བྱས་ལ། རྩ་ཕྲན་ཀུན་གྱི་རྩ་བ་དམིགས་རྟེན་ལ་ཟུག །རྩེ་བ་སྤུའི་བུ་ག་དང་མཉམ་པའི་རྩ་རླུང་ཟིལ་བ་ཕྲོམ་མེ་བར་བསམ། དམིགས་རྟེན་ལས་རྩ་སོ་སོའི་ནང་དུ་རླུང་དུ་བ་ལྟ་བུ་ཧཱུཾ་གི་གདངས་ཀྱིས་འཕྲོས། སྣེར་སླེབ་པ་ན་དེས་སྣ་དྲངས་ཏེ་རྩ་བའི་རླུང་དང་བཅས་ཨོཾ་གྱི་གདངས་ཀྱིས་འདུས། དམིགས་རྟེན་ལ་ཐིམ་སྟེ་ཨཱཿ འི་གདངས་སུ་གནས་པ་དང༌། ཡང་དེ་ལས་འོད་འཕྲོས་སྣོད་བཅུད་དག་པར་བསྒྱུར་ཅིང་བསྡུས་ཏེ་རང་ཡབ་ཡུམ་དང་ཡུམ་ཡབ་ལ་ཐིམ་པ་ནས། མཐར་དམིགས་རྟེན་ལ་ཐིམ་པས་རྟགས་རྣམས་རིམ་པར་འཆར་རོ། །སྐབས་འདིར་སྙིང་གར་དགའ་བཞི་ལུགས་འབྱུང་ལྡོག་ཏུ་འདྲེན་ཚུལ་ནི། ལྟེ་གསང་གི་གཏུམ་མོ་སྦར་བས་རླུང་དང་བྱང་སེམས་འདུས་པ་སྙིང་གའི་རྩ་འདབ་རིམ་པ་གསུམ་གྱི་དང་པོར་སླེབ་པ་ན་དགའ་བ་དང་སྟོང་པ། བར་མར་སླེབ་པ་ན་མཆོག་དགའ་དང་ཤིན་ཏུ་སྟོང་པ། ནང་མར་སླེབ་པ་ན་ཁྱད་དགའ་དང་སྟོང་ཆེན། མི་ཤིགས་པའི་ཐིག་ལེའི་ངོ་བོ་ཧཱུཾ་ལ་ཐིམ་པ་ན་ལྷན་སྐྱེས་ཀྱི་དགའ་བ་དང་ཐམས་ཅད་སྟོང་པ་འོད་གསལ་ཏེ་ལུགས་འབྱུང་དང༌། དེ་ནས་ཕྱིར་རྩ་འདབ་གསུམ་དང་སྒོ་ཀུན་ཏུ་སླེབ་པས་ལུགས་ལྡོག་


GTD005_Page_0870
[མ་དཔེ་གཟིགས་ན་འདིར་གནོན།]

གི་དགའ་བཞི་དང་སྟོང་བཞི་འབྱུང་བས་ལྷན་སྐྱེས་ཀྱི་དུས་བདེ་སྟོང་སྦྱོར་བ་སོགས་སད་དུས་ཀྱི་བསྲེ་བ་གསུམ་དང་གཉིད་དུས་ཀྱི་བསྲེ་བ་གསུམ་ཡང་སྒོམ་དགོས་སོ། །གསུམ་པ་དབྱིབས་ཀྱི་རྣལ་འབྱོར་ནི། སྒྱུ་ལུས་འགྲུབ་ཏུ་ཉེ་བར་མཐོང་བ་ན་སྔར་ལྟར་ཕྱིའི་རྐྱེན་ལས་ཀྱི་ཕྱག་རྒྱ་དང་སྙོམས་པར་འཇུག་ཅིང༌། ནང་གི་རྐྱེན་རྗེས་གཞིག་གི་སྡུད་རིམ་ལ་བརྟེན་ནས་རླུང་མཐའ་དག་འཆི་རིམ་ཇི་ལྟ་བ་བཞིན་སྙིང་གའི་མི་ཤིགས་པ་ལ་རྫོགས་པར་བསྡུས་པས་སེམས་དབེན་དཔེའི་འོད་གསལ་མཐར་ཐུག་གྲུབ་པ་ན་དེའི་བཞོན་པའི་རླུང་གིས་ཉེར་ལེན་དང༌། སེམས་རང་གིས་ལྷན་ཅིག་བྱེད་རྐྱེན་བྱས་པ་ལས་ལུགས་ལྡོག་གི་ཉེར་ཐོབ་གྲུབ་པ་དང་མཉམ་དུ་དབྱིབས་ཀྱི་རྣལ་འབྱོར་རིམ་པ་གསུམ་པའི་སྒྱུ་མའི་སྐུ་རྣམ་སྨིན་གྱི་ཕུང་པོ་རྙིང་པ་ལས་ལོགས་སུ་ཕྱེ་ནས་འགྲུབ་པ་རྨི་ལམ་གྱི་ལུས་ཁྱད་པར་བ་འགའ་ཞིག་དང་འདྲ་ལ། ལུས་རགས་པ་ལྟར་སྣང་ཡང་དེས་སྟོང་པས་རླུང་སེམས་ཀྱི་མདངས་ཙམ་ཡིན་པ་སྒྱུ་མ་ལྟ་བུ་དང༌། གཅིག་ལས་དུ་མར་སྤྲུལ་ནུས་པ་ཆུ་ཟླ་ལྟ་བུ། དཔེའི་འོད་གསལ་གྱི་མཇུག་ཐོགས་དེ་མ་ཐག་རླུང་ཙམ་ལས་ཐོལ་གྱིས་འབྱུང་བ་ཆུ་བུར་ལྟ་བུ། མཚན་དཔེ་སོགས་ཀུན་ཆ་ཚང་བ་གཟུགས་བརྙན་ལྟ་བུ་སྟེ་དཔེ་ལྔ་གསུངས་ལ་འདུས་པར་དཔེ་བཅུ་གཉིས་གསུངས་སོ། །སྒྱུ་ལུས་པ་དེས་ཀྱང་སྔར་ལྟར་ཕྱི་ནང་གི་ཐབས་གཉིས་ཀྱིས་ཡང་ཡང་འོད་གསལ་དུ་ཞུགས་ཏེ་ཡིད་ངོར་དག་པའི་སྒྱུ་མའི་སྐུར་ལྡང་བ་སོགས་བྱ་ལ། རྗེས་ཐོབ་ཏུ་ལྡང་བའི་


GTD005_Page_0871
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་ཕུང་པོ་རྙིང་པ་འཇིགས་བྱེད་དུ་བལྟ་བའི་སྤྱི་བོ་ནས་ཞུགས་ཏེ་ཆོས་སྟོན་པ། སྙོམས་འཇུག །བཟའ་བཏུང་སོགས་ཀྱི་རྣལ་འབྱོར་སྐྱོང་བའོ། །བཞི་པ་རྣམ་དག་ཡེ་ཤེས་ཀྱི་རྣལ་འབྱོར་ལ་དོན་གྱི་འོད་གསལ་འགྲུབ་ཚུལ་དང༌། དེ་ལས་ཟུང་འཇུག་གི་སྐུར་ལྡང་ཚུལ་གཉིས། དང་པོ་ནི། དོན་གྱི་འོད་གསལ་འགྲུབ་ཏུ་ཉེ་བའི་མཚན་མ་མཐོང་བ་ན་བོགས་འབྱིན་གྱི་སྤྱོད་པ་ཅི་རིགས་བྱེད་ཅིང༌། འགྲུབ་པའི་སྲོད་ལ་བླ་མ་ཚོགས་ཀྱི་འཁོར་ལོ་སོགས་ཀྱིས་མཉེས་པར་བྱས་ཤིང་དེས་འོད་གསལ་གྱི་གདམས་པ་བསྟན་པ་བཞིན་ཕྱག་རྒྱ་བསྟེན་པ་དང་སྡུད་རིམ་གྱི་ཐབས་གཉིས་ལ་བརྟེན་ནས་ཕྱིའི་མངོན་བྱང་ཐོ་རངས་གཡའ་དག་གི་དུས་ནང་གི་མངོན་བྱང་ཐམས་ཅད་སྟོང་པ་དོན་གྱི་འོད་གསལ་ལམ་རྣམ་དག་ཡེ་ཤེས་ཀྱི་རྣལ་འབྱོར་མངོན་དུ་བྱེད་ཅིང༌། དེས་ཉོན་སྒྲིབ་ཀུན་བཏགས་ལྷན་སྐྱེས་ཐམས་ཅད་ཀྱི་དངོས་གཉེན་བྱེད་ཅིང་སྟོང་ཉིད་གསར་དུ་མངོན་སུམ་དུ་རྟོགས་པས་སྔགས་ཀྱི་འཕགས་ལམ་གྱི་ཐོག་མ་ཡིན་ནོ། །གཉིས་པ་དེ་ལས་ཟུང་འཇུག་གི་སྐུར་ལྡང་ཚུལ་ནི། འོད་གསལ་དེའི་ཚེ་མ་དག་པའི་སྒྱུ་མའི་སྐུ་རྒྱུན་ཆད་ཀྱང་དག་པའི་སྒྱུ་མའི་སྐུར་ལྡང་སྙམ་པའི་འཕེན་པའི་ཤུགས་ཀྱིས་མཇུག་དེ་མ་ཐག་འོད་གསལ་དེས་ལྷན་ཅིག་བྱེད་རྐྱེན་དང༌། དེའི་བཞོན་པའི་རླུང་འོད་ཟེར་ལྔ་པས་ཉེར་ལེན་བྱས་ཏེ་ཕུང་པོ་རྙིང་པ་ལས་ལོགས་སུ་དག་པའི་སྒྱུ་ལུས་འཇིགས་བྱེད་དཀར་པོ་ཡུམ་བཅས་ཀྱི་སྐུར་དངོས་གནས་ལ་ལྡང་བ་འབྱུང༌། དེའི་ཚེ་ཟུང་འཇུག་གཙོ་བོ་མ་ཐོབ་ཀྱང་ཉོན་སྒྲིབ་སྤངས་པའི་སྤངས་པ་ཟུང་འཇུག་ཐོབ་སྟེ་དགྲ་བཅོམ་པར་གྱུར་པ་ཡིན་


GTD005_Page_0872
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །དེ་དང་མཉམ་དུ་ལུགས་ལྡོག་གི་ཉེར་ཐོབ་ནས་སྨིག་རྒྱུའི་བར་གྱི་རྟགས་རྣམས་འབྱུང་ངོ༌། །དེ་ནས་སྡུད་རིམ་གྱི་དམིགས་པ་མི་དགོས་པར་རང་བཞིན་མེད་པའི་སྟོང་ཉིད་ཀྱི་དོན་བསྒོམས་པ་ཁོ་ནས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་འབྱུང་བས་འོད་གསལ་དེས་སྐུ་དག་པ་སྒྱུ་མའི་སྐུ་དང༌། ཐུགས་དག་པ་དོན་གྱི་འོད་གསལ་གཉི་ག་དངོས་སུ་ཚང་བའི་སློབ་པའི་ཟུང་འཇུག་ཐོབ་ལ་འདི་ནས་ཤེས་སྒྲིབ་སྤོང་བའི་མགོ་ཚུགས་སོ། །དེ་ལས་རྗེས་ཐོབ་ཏུ་ལངས་པ་ན་ཡིད་ངོར་མི་སློབ་པའི་ཟུང་འཇུག་གི་སྐུར་ལྡང་སྙམ། དོན་སློབ་པའི་ཟུང་འཇུག་ལ་གནས་ཤིང་ཕུང་པོ་རྙིང་པ་སོགས་ལ་ཞུགས་ནས་སྔར་མ་བསླབས་པ་གསར་སློབ་མེད་ཀྱང་བསླབས་ཟིན་གོམས་པའི་ཕྱིར་རྗེས་ཀྱི་ཉམས་ལེན་ཅི་རིགས་སྐྱོང་ཞིང་ཤེས་སྒྲིབ་སྐོར་བར་པ་བདུན་རིམ་པར་སྤོང་ངོ༌། །དེ་ལྟར་རྣལ་འབྱོར་བཞིའི་བགྲོད་པ་མཐར་སོན་ཏེ་འབྲས་བུ་མངོན་དུ་བྱ་བའི་ཚུལ་ནི་སམྦུ་ཊི་ལས་འབྱུང་བ་བཞིན་མི་སློབ་པའི་ཟུང་འཇུག་འགྲུབ་ཏུ་ཉེ་བའི་མཚན་མ་མཐོང་བ་ན་ཚེས་བཅོ་ལྔའི་སྲོད་ལ་ཚོགས་ཀྱི་འཁོར་ལོ་བཤམས། གུང་ལ་བླ་མས་དབང་གསུམ་པ་དངོས་དབང་དུ་བསྐུར། ཐོ་རངས་ཟུང་འཇུག་གི་གདམས་པ་ཕོག་པ་བཞིན་ཕྱི་ནང་གི་མངོན་བྱང་སྦྱར་ཏེ་ཤེས་སྒྲིབ་ཐ་མའི་དངོས་གཉེན་སློབ་པ་མཐའི་དོན་གྱི་འོད་གསལ་མངོན་དུ་བྱས་པའི་སྐད་ཅིག་གཉིས་པར་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཁ་སྦྱོར་ཡན་ལག་བདུན་ལྡན་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་བྱེད་པ་ཡིན་ནོ། །གེགས་སེལ་


GTD005_Page_0873
[མ་དཔེ་གཟིགས་ན་འདིར་གནོན།]

བོགས་འབྱིན་ཞལ་ལས་ཤེས་དགོས་ཀྱང༌། །རྣལ་འབྱོར་བཞི་ཡི་དོན་གྱི་གནད་ཚང་བ། །གསང་ཆེན་བཅུད་ཀྱི་ཐིག་པ་འདི་བྲིས་པའི། །དགེ་བས་འགྲོ་ཀུན་འཇམ་དཔལ་གནས་ཐོབ་ཤོག །ཅེས་པ་འདི་ནི་ལུང་དང་རིགས་པ་སྨྲ་བའི་རྣམ་དཔྱོད་མཆོག་ཏུ་ཡངས་པ་རྡོ་རམས་པ་ཡོན་ཏན་ལེགས་གྲུབ་ཀྱིས་བསྐུལ་ངོར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་ཤིན་ཏུ་གོ་བདེ་ཞིང་གནད་ཚང་བར་བྱས་ཏེ་བསྒྲིགས་པ་ཡིན་པས་གང་བྱུང་ལ་མི་སྟོན་པར་སྦས་པའི་ཚུལ་གྱིས་སྙིང་གི་ཐིག་ལེར་འཆང་དགོས་སོ།། །།

གཟུགས་མཆོག་མའི་འགྲེལ་པ།


GTD005_Page_0874
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་མཆོག་མའི་འགྲེལ་པ་བཞུགས་སོ། །


GTD005_Page_0875
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ། །རྗེ་བཙུན་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོས་མཛད་པའི་འཇིགས་བྱེད་བསྐྱེད་རིམ་ལས། གྲུབ་ཆེན་ལཱ་ལི་ཏ་ནི་རྒྱུད་སྡུད་པ་པོ་དང་དབྱེར་མེད་པ་ཡིན་པས་གྲུབ་ཆེན་འདིའི་གསུང་རྣམས་རྒྱུད་ཀྱི་ཚིག་དང་དབྱེར་མེད་པར་བྱིན་རླབས་ཤིན་ཏུ་ཆེ་བ་དང༌། དོན་རྒྱ་ཆེ་བར་བྱེད་པས་ཚིགས་བཅད་འདི་ལ་བདེ་ཆེན་ཆོས་སྐུའི་སྒོ་ནས་བསྟོད་པ་དང༌། ཟུང་འཇུག་གཟུགས་སྐུའི་སྒོ་ནས་བསྟོད་པ་དང༌། མཛད་པ་འཕྲིན་ལས་ཀྱི་སྒོ་ནས་བསྟོད་པ་སོགས་བཤད་ཚུལ་མང་དུ་ཡོད་ཅིང༌། རྡོ་རྗེ་འཇིགས་བྱེད་ཀྱི་བྱིན་རླབས་མྱུར་དུ་འཇུག་པའི་སྔགས་དང་དབྱེར་མེད་པ་ཡིན་པས་རྗེ་རིན་པོ་ཆེས་ཀྱང་འདིའི་སྒོ་ནས་ཕྱག་འཚལ་ཚུལ་གསུངས་པ་ཡིན་ནོ། །ཞེས་པ་འདིའི་དོན་འགྲེལ་ཚུལ་ཇི་ལྟར་ཡིན་ཞེས་དྲིས་པའི་ལན་ཅུང་ཟད་དགྲོལ་བ་ལ། གཟུགས་མཆོག་མཆོག་ཏུ་དྲག་པོ་ཆེ། །ཞེས་སོགས་ཀྱི་ཚིགས་བཅད་འདི་ནི་ལཱ་ལི་ཏས་མཛད་པའི་སྒྲུབ་ཐབས་ཆེ་བ་ཞེ་དགུ་མའི་མཆོད་བརྗོད་ཡིན་ཞིང༌། བསྐྱེད་རིམ་རྣམས་ན་འདིའི་དོན་མཐའ་ཆོད་པར་བཀྲལ་བ་མི་སྣང་ཡང་མཚན་བརྗོད་དང་ཞིབ་ཏུ་བསྒྲགས་ཚེ། རྐང་པ་རེ་རེས་ཀྱང་བསྟོད་ཚུལ་དེ་གསུམ་གསུམ་བསྟན་པའི་བཅུ་གཉིས། བསྟོད་ཚུལ་གསུམ་རེ་རེའང་རྐང་པ་བཞི་བཞིས་བསྟན་པའི་བཅུ་གཉིས། རྐང་པ་རེ་དང་བསྟོད་ཚུལ་རེ་སྦྱར་ལ་རྐང་པ་ཐ་མ་དོན་བསྡུར་བྱས་པའི་བཞི་སྟེ་བཤད་


GTD005_Page_0876
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ཉེར་བརྒྱད་ཀྱང་རུང་བར་སྣང་ནའང༌། འདིར་གནད་བསྡུས་ཏེ་བཤད་ན། གཟུགས་མཆོག་ཅེས་པ་ནི། གཟུགས་མེད་གཟུགས་བཟང་དམ་པ་སྟེ། །ཞེས་བདེ་ཆེན་ཡེ་ཤེས་ཁོ་ན་འཇའ་ཚོན་ལྟར་གཟུགས་སྐུར་སྣང་ནས་གཞན་དོན་སྒྲུབ་པ་ནི་རང་དོན་ཆོས་སྐུ་སྒྲིབ་པའི་དྲི་མ་དང་བྲལ་བ་གཟུགས་མེད་པའི་ནམ་མཁའ་ལྟ་བུ་དེའི་མཐུ་ལས་བྱུང་བ་ཡིན་ཏེ། ནམ་མཁའ་ལས་བྱུང་རང་བྱུང་བ། །ཞེས་རང་བྱུང་ནི་ལྷུན་གྱིས་གྲུབ་པ་ལོངས་སྐུ་ཡིན་པས་དེ་ཆོས་སྐུའི་ནམ་མཁའ་ལས་བྱུང་བར་བསྟན་པ་ཡིན་ནོ། །འདི་སོར་སྡུད་ཀྱི་ལམ་རྟགས་ལ་སྦྱར་བའི་སྐབས་ཡོད་ཀྱང་རྡོ་རྗེའི་ཚིག་གཅིག་དོན་དུ་མར་འཇུག་པས་མི་འགལ་ལོ། །མཆོག་ཏུ་དྲག་པོ་ཆེ། །ཞེས་པ་ཤིན་ཏུ་ཁྲོས་པའི་ཉམས་རྫོགས་པའི་གཤིན་རྗེའི་གཤེད་ཀྱི་སྐུར་བཞེངས་པ་ལ་སྦྱར་ན་གཟུགས་མཆོག་ཅེས་པར་བསྟོད་ཚུལ་སྔ་མ་གཉིས། དྲག་པོ་ཆེ་ཞེས་པར་ཕྱི་མ་སྟེ་གསུམ་ཚང་ངོ༌། །རྐང་པ་འདི་ཆོས་སྐུ་གཅིག་པུར་སྦྱར་ན་གཟུགས་མཆོག་ཅེས་པའི་མཆོག་ཏུ་འགྲོ་བྱེད་ཀྱི་རྒྱུ་ཟ་མ་ཏོག་གི་ནང་གི་ནོར་བུ་ལྟ་བུ་ཆོས་སྐུ་ཡིན་པས་དེ་གཙོ་ཆེ་ལ། དྲག་པོ་ཞེས་པའང༌། དྲག་པོ་ཆེན་པོ་དྲག་ཤུལ་ཆེ། །ཞེས་པའི་ཐད་ཀྱི་འཇམ་དཔལ་གྲགས་པའི་འགྲེལ་ཆེན་ལས། ཉོན་མོངས་པའི་དགྲ་བོ་རྟོག་པའི་བག་ཆགས་རྩ་བ་ནས་འབྱིན་པས་ན་དྲག་པོ་ཆེན་པོ་ཞེས་པ་ལྟར་རོ། །ལོངས་སྐུ་


GTD005_Page_0877
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པུར་སྦྱར་ན། གཟུགས་མཆོག་ཅེས་པ་ངོ་བོའི་སྒོ་ནས་དག་པའི་རླུང་སེམས་ཀྱི་རང་མདངས་ཙམ་དང་མཚན་དཔེ་རྫོགས་པའི་ལོངས་སྐུར་གོ་སླ་ལ། དྲག་པོར་སྣང་བའང་ངེས་པར་ཁྲོས་པ་མིན་གྱི། རླུང་དབུ་མར་ཞུགས་པའི་བདེ་ཆེན་གྱིས་གང་འདོད་དུ་སྣང་ནས་འགྲོ་བའི་གདུང་བ་སེལ་བའི་ནོར་བུ་ལྟ་བུ་ཐུན་མོང་མ་ཡིན་པའི་སྙིང་རྗེའི་མཐུ་ཡིན་ཏེ། རྩ་རྒྱུད་ལས། དྲག་ཤུལ་ཆེ་ཞིང་འཇིགས་པར་བྱེད། །ཅེས་པའི་འགྲེལ་བར་གཞོན་ནུ་ཟླ་བས། ཤིན་ཏུ་དྲག་པོའི་ལྷ་ཐམས་ཅད་འཇིགས་པར་བྱེད་པའི་ཕྱིར་དེའང་སྙིང་རྗེའི་འབྲས་བུ་ཉིད་དོ། །ཞེས་དང༌། འཇམ་དཔལ་འགྲེལ་ཆེན་ལས། ཐུགས་རྗེ་ནི་དྲག་པོ་ཆེན་པོ་ལ་སོགས་པའི་སྐུར་སྟོན་པ། ཞེས་སོ། །འདི་ཐུན་མོང་བའི་སྙིང་རྗེས་ཀུན་སློང་བྱས་པ་ལྟ་བུ་ཙམ་ཞིག་མིན་གྱི། ཐུན་མོང་མ་ཡིན་པའི་སྙིང་རྗེ་བདེ་ཆེན་རང་ཉིད་དེ་ལྟ་བུར་ཤར་བའི་དོན་ཡིན་ཏེ། སྤྱོད་བསྡུས་སུ་རྒྱུད་དྲངས་པ་ལས། གང་དུ་བདེ་ཆེན་ཞེས་བྱ་གཅིག་པུ་ཉིད། །གཅིག་བུའི་ཉམས་ཀྱིས་དུ་མའི་གར་མཛད་དོ། །ཞེས་གདུལ་བྱ་ལ་ཕན་པའི་ཐབས་རྣམ་པ་ཐམས་ཅད་དུ་ཤར་ནས་དོན་སྒྲུབ་པ་ནོར་བུ་ལྟ་བུ་ཡིན་པས། དོན་ཡོད་ཞབས་ཀྱིས། ཡིད་བཞིན་ནོར་བུ་ཆེན་པོ་ལྟར། །ཇི་ལྟར་འདོད་པའི་སྐུར་སྟོན་མཛད། །ཅེས་དང༌། ཞི་བ་ཡེ་ཤེས་ཀྱིས་ཀྱང༌། ཐུགས་རྗེས་གདུག་པ་མ་ལུས་འདུལ་བའི་ཕྱིར། །ཞེས་གསུངས་པས། མཆོག་ཏུ་དྲག་པོར་འགྲོ་ཚུལ་མཆོག་ཏུ་བརྩེ་བའི་བདེ་ཆེན་ལྷན་ཅིག་སྐྱེས་པ་ལ་བྱེད་ཅིང་དེ་གསང་དབང་གི་ལམ་གྱི་བསྒྲུབ་བྱ་ཡིན་པས་འབྲས་བུ་ལོངས་སྐུ་དང་འབྲེལ་ལོ། །རྐང་


GTD005_Page_0878
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་སྤྲུལ་སྐུར་སྦྱར་ན། གཟུགས་མཆོག་ཏུ་འགྲོ་བའི་རྒྱུ་མཚན། གཟུགས་རྣམ་ཐམས་ཅད་སྣང་བའི་དཔལ། །ཞེས་གདུལ་བྱའི་དོན་ལ་གང་འགྱུར་དེ་ཐམས་ཅད་དུ་ཤར་ནས་སྐྱོབ་པའི་བྱེད་ལས་འབྲས་བུའི་ཆ་དེའི་སྒོ་ནས་གཙོ་བོར་བཞག་པ་ཡིན། མཆོག་ཏུ་དྲག་པོ་ཆེ། །ཞེས་པ། ཁྲོ་བོ་གཤིན་རྗེ་གཤེད་མཐོང་ན། །ཁྲོ་བོ་གཞན་རྣམས་ཐམས་ཅད་ཀྱིས། །ཐམས་ཅད་ཐམས་ཅད་ལག་ཆ་འཆོར། །ཞེས་ཤིན་ཏུ་ཁྲོ་ཉམས་ཡོངས་སུ་རྫོགས་པ་ལ་གྲགས་ཆེ་བ་ལྟར་རོ། །རྐང་པ་གཉིས་པའང་དཔའ་བོ་ནི། །དཔའ་བོ་བདུད་དགྲ་བདུད་འདུལ་བ། །ཞེས་བདུད་བཞིའི་གཡུལ་ལས་རྒྱལ་བའི་རང་དོན་ཆོས་སྐུ་བསྟན། ལྷག་མས་དེ་ཐོབ་ནས་གཟུགས་སྐུ་གཉིས་ཀྱིས་གཞན་དོན་ལ་སྤྱོད་པས་དོན་ཚན་ཕྱི་མ་གཉིས་བསྟན་ཏོ། །ཡང་འགྲེལ་ཆེན་ལས། ཕྱི་དང་ནང་གི་བདག་ཉིད་ཅན་གྱི་དགྲ་བོ་ངེས་པར་ཟློག་པར་མཛད་པའི་བརྩོན་འགྲུས་དང་ལྡན་པས་དཔའ་བོའོ། །ཞེས་པ་ལྟར་ན། དཔའ་བོའང་ནང་གི་དགྲ་བོའམ་གཤིན་རྗེ་ཉོན་མོངས་བཅོམ་པས་ཆོས་སྐུ། གསང་བའི་གཤིན་རྗེ་ལས་རླུང་བཅོམ་པས་ལོངས་སྐུ། ཕྱིའི་གཤིན་རྗེ་འབྱུང་པོ་མ་རུངས་པ་རྣམས་འཇོམས་པའི་དྲག་པོའི་སྤྲུལ་སྐུ་གསུམ་ག་ལ་སོ་སོར་སྦྱར་དུ་རུང༌། མཆོག་གི་སྤྱོད་ཡུལ་ཅན། །ཞེས་པའང༌། སངས་རྒྱས་ཀུན་གྱིས་མངོན་སུམ་པ། །ཞེས་སངས་རྒྱས་ནང་ཕན་ཚུན་ཁོ་ནའི་མངོན་སུམ་གྱི་སྤྱོད་ཡུལ་དུ་གྱུར་པ་སོ་སོར་རང་གི་རིག་པའི་ཡེ་ཤེས་ཆོས་སྐུ་དང༌། དག་པའི་བརྟན་གཡོ་འབའ་ཞིག་གི་རྣམ་པར་


GTD005_Page_0879
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་བས་ལོངས་སྐུ། བརྟན་གཡོ་རབ་འབྱམས་ཀྱི་རྣམ་པར་རོལ་བས་སྤྲུལ་སྐུ་སྟེ། མཆོག་གི་སྒྲ་རབ་དང་རྒྱ་ཆེན་པོ་སོགས་དུ་མ་ལ་འཇུག་གོ །རྐང་པ་དེ་ལོངས་སྐུ་གཅིག་པུར་སྦྱོར་ན། དཔའ་བོ་ནི་དྲིལ་བུ་པའི་དབང་ཆོག་ལས། དཔའ་བོ་བདེ་བ་ཆེན་པོས་རྟོགས། ཞེས་ཟུང་འཇུག་གི་ཡར་གྱུར་པའི་སྒྱུ་ལུས་དཔའ་བོའི་སྒྲས་བསྟན་པ་གཞན་དོན་ལ་མི་འཇིགས་པའི་ཐབས་གཙོ་བོར་གྱུར་པའི་རྒྱུ་མཚན་གྱིས་ཡིན་པས་བརྟེན་པ་ལྷའི་སྐུ་བསྟན་ཅིང༌། ཕྱི་མས་རྟེན་གཞལ་ཡས་ཁང་སོགས་བསྟན་ནོ། །རྐང་པ་དེ་སྤྲུལ་སྐུ་དང་སྦྱར་ན་ཤིན་ཏུ་ཁྲོས་པའི་རྣམ་རོལ་གྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་ལ་བསྡིགས་པར་མཛད་ཅིང༌། ཁྱད་པར་དུ་དྲག་པོ་སོགས་འཇིག་རྟེན་པའི་ལྷ་མཐུ་བོ་ཆེ་ཐམས་ཅད་ཞབས་འོག་ཏུ་མནན་ནས་དབང་དུ་བྱེད་པའི་དཔའ་བོ་དང༌། དེ་དག་གི་ཆུང་མ་བྷི་མོ་སྟེ་དྲག་མོ་སོགས་ཕྲོགས་ནས་དགའ་བ་བཞིས་རོལ་ཅིང༌། གཞན་ཡང་གནས་འཁོར་རྒྱན་ལག་ཆ་སོགས་ཐམས་ཅད་ཕྲོགས་ནས་ལོངས་སུ་སྤྱོད་པས་མཆོག་གི་སྤྱོད་ཡུལ་ཅན་ནོ། །དེ་གཉིས་ནི་སངས་རྒྱས་མཉམ་སྦྱོར་ལས། སྡིག་མེད་སྟོབས་ཀྱིས་ངོ་མཐོན་དུ། །དབང་ཕྱུག་དམ་པ་རབ་མནན་ནས། །ལྷ་མོ་བྷི་མོ་ཕྲོགས་ནས་ནི། །དེ་ཚེ་ལོངས་སྤྱོད་རང་གིར་མཛད། །ཅེས་དང༌། ཞི་བ་ཡེ་ཤེས་ཀྱིས། གཡས་ཀྱི་ཞབས་བརྒྱད་བསྐུམ་ཞེས་སོགས་དོན་འདྲའོ། །སྲིད་པའི་རི་བོ་ཆེན་པོ་འཇོམས། །ཞེས་པའང་དྲང་དོན་དུ་བཤད་པའི་ཚེ་འཇིག་རྟེན་གྱི་ལྷ་ཆེན་པོར་རློམ་པས་དྲེགས་པ་རྣམས་ཀྱི་ཁེངས་པ་བསྙིལ་བ་ལ་གསུངས་ཤིང༌། བཏུལ་བའི་དོན་དབང་དུ་བྱེད་


GTD005_Page_0880
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། ལོངས་སྤྱོད་པ་དང༌། ཐིམ་པ་གསུམ་དུ་གསུངས་པས་སོ་སོར་ཕྱེ་ན་སྔར་བཞིན་ཡིན་ལ། ལོངས་སྤྱོད་པ་དང་དབང་དུ་བྱེད་པ་ཡིན་པས་གཉིས་ཀ་གཉི་གར་སྦྱར་ཆོག་སྟེ། འགྲེལ་ཆེན་ལས། ཡང་ན་ཚངས་པ་དང༌། དབང་ཕྱུག་ཆེན་པོ་དང༌། ཞེས་པ་ནས། དགའ་མོ་མཐུ་སྟོབས་ཀྱིས་བླངས་ཏེ། དྲག་པོའི་སྟོབས་ཀྱིས་ལེན་པར་མཛད་པས་ན་དཔའ་བོ། ཞེས་སོ། །རྐང་པ་གསུམ་པ་ནི། གདུལ་དཀའ་འདུལ་བ་རྣམས་ཀྱི་མཆོག་ཅེས་པ་ལ་དྲང་ངེས་ཀྱི་བཤད་པ་མཛད་པ་ལྟར། ཤིན་ཏུ་གདུལ་དཀའ་བ་ཉོན་མོངས་དང་ལས་རླུང་དང་འབྱུང་བོ་གདུག་ཅན་སོ་སོ་དང་གསུམ་ཆར་འདུལ་བའི་སྒོ་ནས་དོན་ཚན་རེ་རེ་བ་དང་གསུམ་གར་སྦྱོར་དགོས་ལ། གཏམ་རྒྱུད་ཀྱི་རྟོག་པ་སོགས་གྲགས་ཚོད་ཆེ་བ་དང་བསྟུན་ན་དྲག་པོའི་ཆོ་འཕྲུལ་གྱིས་གཤིན་རྗེ་དང་མ་མོ་ཕྱོགས་སྐྱོང་བཅུ་སོགས་བཏུལ་བ་ལ་སྒེར་དུ་སྦྱར་ན་འབྲེལ་ཆེ་སྟེ། ཞི་བ་ཡེ་ཤེས་ཀྱིས། དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་ཞེས་སོགས་དང༌། དཔལ་འཛིན་གྱི་བསྟོད་པ་དེ་ཉིད་ལྔ་པ་ལས། སྡིགས་མཛུབ་དྲག་པོས་གདུལ་དཀའ་འདུལ། །མགོ་ལྡོག་མནན་ནས་རབ་ཏུ་གསོལ། །ཞེས་སོགས་ཤིན་ཏུ་མང་ངོ༌། །རྐང་པ་བཞི་པའང༌། འཇིགས་ཆེན་འཇིགས་པར་བྱེད་པ་པོ། །ཞེས་པའི་འགྲེལ་ཆེན་ལས། དྲག་ཤུལ་ཆེ་བའི་འཇིགས་བྱེད་ཆེན་པོའི་གཟུགས་འཇིགས་སུ་རུང་བར་བསྟན་ནས། ཞེས་པ་ལྟ་བུ་ཕྱི་ལ་སྦྱར་བ་དྲང་དོན་ཡིན་ཞིང༌། ངེས་དོན་ནི་དུས་འཁོར་ཊཱིཀ་ཆེན་དེ་ཉིད་སྣང་བ་ལས། སེམས་ཅན་རྣམས་ལ་འཇིགས་པར་


GTD005_Page_0881
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པའི་སྒྲིབ་པའི་བག་ཆགས་དག་ཀྱང་འཇིགས་པར་བྱེད་པའི་བདེ་ཆེན་དེ་ཉིད། ཅེས་པ་ལྟར། བདེན་གཉིས་དབྱེར་མི་ཕྱེད་པའི་ཡེ་ཤེས་ཀྱི་སྐུ་ལ་བྱེད་པས། དོན་ཚན་གསུམ་ག་དེའི་ཁོངས་ནས་ཐོན་ཞིང་མཐའ་ཆོད་པར་ནི་མཚན་བརྗོད་ལུགས་དྲུག་སོགས་ཀྱི་བཤད་སྲོལ་གུང་བསྒྲིགས་ཏེ་བཙལ་བར་བྱའོ། །ཞེས་པ་འདི་ནི་བསོད་ནམས་ཀྱིས་མངོན་པར་མཐོ་བ་ནཻ་མན་ཝང་གི་སྲས་བློ་དང་བརྩོན་པར་ལྡན་པ་འཇམ་དཔལ་རྡོ་རྗེའི་འདུན་པ་བཞིན། ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་མདོ་ཙམ་དུ་བྱས་པའོ། །དགེ་ལེགས་འཕེལ། །

རྡོར་སེམས་བསྒོམ་བཟླས་ཀྱི་སྒོ་ནས་ཉེས་ལྟུང་སྦྱོང་ཚུལ།


GTD005_Page_0882
[མ་དཔེ་གཟིགས་ན་འདིར་གནོན།]

རྡོར་སེམས་བསྒོམ་བཟླས་ཀྱི་སྒོ་ནས་ཉེས་ལྟུང་སྦྱོང་བའི་ཉམས་ལེན་སྙིང་པོར་བྱ་ཚུལ་བཞུགས་སོ། །


GTD005_Page_0883
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བཛྲ་སཏྭ་ཡ། འདིར་རྡོར་སེམས་བསྒོམ་བཟླས་ཀྱི་སྒོ་ནས་ཉེས་ལྟུང་སྦྱོང་བ་ཉམས་ལེན་གྱི་སྙིང་པོར་བྱེད་པར་འདོད་པའི་གང་ཟག་གིས་དམ་ཚིག་དང་སྡོམ་པའི་བསྔོ་བགྲང༌། སྡིག་ལྟུང་སོ་སོའི་ཉེས་དམིགས་རྣམས་ཡིད་ལ་དྲན་པས་སྔར་བྱས་ཀྱི་ཉེས་ཚོགས་ལ་འགྱོད་སེམས་དང༌། ལྷ་སྔགས་ཀྱི་བྱིན་རླབས་ལ་ཡིད་ཆེས་ཤུགས་དྲག་པོའི་སྒོ་ནས་སྐྱབས་སེམས་སྔོན་དུ་བཏང་ལ། རང་ཉིད་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་རྡོར་དྲིལ་འཛིན་པའི་སྐུར་གྱུར། རང་གི་སྤྱི་བོར་པཾ་ལས་པདྨ་དང་ཨཱ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུཾ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ། ལྟེ་བ་ལ་ཧཱུཾ་གིས་མཚན་པ། དེ་ལས་འོད་འཕྲོས། འདུས་ཡོངས་སུ་གྱུར་པ་ལས། རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པ། ཡུམ་རྡོ་རྗེ་བསྙེམས་མ་དཀར་མོ་ཞལ་གཅིག་ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པས་འཁྱུད་པ། གཉིས་ཀའང་དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་བརྒྱན་པ། ཡབ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུཾ་ཡིག་དཀར་པོ། དེ་ལས་འོད་ཟེར་འཕྲོས། རང་འདྲའི་ཡེ་ཤེས་པ་སྤྱན་དྲངས། གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། དབང་གི་ལྷ་རྣམས་སྤྱན་དྲངས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་


GTD005_Page_0884
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་ཐོགས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ། ཞེས་དབང་བསྐུར། སྐུ་ཡེ་ཤེས་ཀྱི་བདུད་རྩིས་གང༌། མི་བསྐྱོད་པས་དབུ་བརྒྱན་པར་གྱུར། མཆོད་པ་བླ་མེད་ལྟར་བྱིན་གྱིས་བརླབས་ལ། ཨོཾ་བཛྲ་སཏྭ་ཨརྒྷཾ་ནས་ཤཔྟ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། ཞེས་པའི་བར་གྱིས་དབུལ། དམིགས་མེད་བདེ་ཆེན་རྡོ་རྗེའི་མཚོན་རྣོན་གྱིས། །ལས་ཉོན་སྡིག་ལྟུང་དྲ་བ་གཅོད་མཛད་ཅིང༌། །ཟུང་འཇུག་གནས་སུ་འཁྲིད་པའི་ས་མཁན་མཆོག །བླ་མ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ། །སྤྲོ་ན་དེའི་འཕྲོར། ཕུལ་བྱུང་བྱམས་དང་སྙིང་རྗེ་ཕྱག་བརྐྱངས་ཏེ། །ངན་སོང་གཡང་ལས་སྒྲོལ་བའི་འདྲེན་པ་མཆོག །ཡབ་གཅིག་བསྟན་པའི་སྒྲོན་མེ་ཐུགས་རྗེའི་གཏེར། །བཀའ་དྲིན་དྲན་པའི་ཡིད་ཀྱིས་གསོལ་འདེབས་ན། །དལ་འབྱོར་རྙེད་དཀའ་འཇིག་པར་སླ་བ་དང༌། །ངན་སོང་སྡུག་བསྔལ་བསམ་པས་འཇིགས་སྐྲག་གིས། །སྐྱབས་འགྲོ་ལས་འབྲས་བླང་དོར་ལ་འབད་ནས། །ངན་སོང་སྐྱེ་སྒོ་ཆོད་པར་བྱིན་གྱིས་རློབས། །བསྟན་པའི་གཞི་མ་སོ་ཐར་ཁྲིམས་ནོད་ཅིང༌། །ཐར་པའི་དྲུང་དུ་འཇུག་པའི་ལམ་སྟོན་པ། །ཡབ་གཅིག་བསྟན་པའི་སྒྲོན་མེ་༝། །བཀའ་དྲིན་དྲན་པའི་ཡིད་༝། །རྣམ་དག་ངེས་འབྱུང་བརྟན་པོས་རྒྱུད་འཁུལ་ཞིང༌། །མི་བཟད་ཉེས་པའི་སྒོ་བཞི་ཡོངས་བཀག་སྟེ། །བསླབ་གསུམ་རྣམ་པར་དག་པའི་ཉམས་ལེན་གྱིས། །ཐར་པའི་རྒྱལ་མཚན་ཚུགས་པར་བྱིན་གྱིས་རློབས། །ཐེག་པ་མཆོག་གི་ཚུལ་ཁྲིམས་ལ་བཀོད་


GTD005_Page_0885
[མ་དཔེ་གཟིགས་ན་འདིར་གནོན།]

དེ། སྲིད་དང་ཞི་བའི་མཐའ་ལས་ཡོངས་སུ་འཛིན། །ཡབ་གཅིག་བསྟན་པའི་སྒྲོན་མེ་༝། །བཀའ་དྲིན་༝། །བྱམས་དང་སྙིང་རྗེ་བདག་གཞན་བརྗེ་བའི་བློས། །རིན་ཆེན་བྱང་ཆུབ་སེམས་ཀྱི་རྩ་བརྟན་ཅིང༌། །ཚོགས་གཉིས་སྤྱོད་པའི་ཡལ་འདབ་རྒྱས་པ་ཡི། །ཐེག་མཆོག་ལམ་བཟང་སྐྱེ་བར་བྱིན་གྱིས་རློབས། །འཇུག་སྒོ་རྣམ་དག་དབང་གིས་སྨིན་བྱས་ཏེ། །གསང་ཆེན་གདམས་པའི་དགའ་སྟོན་ལྷུག་པར་སྩོལ། །ཡབ་གཅིག་བསྟན་པའི་སྒྲོན་མེ་༝། །བཀའ་དྲིན་དྲན་༝། །དངོས་གྲུབ་རྩ་བ་དམ་ཚིག་རྣམ་པར་དག །མཚན་བཅས་མཚན་མེད་རིམ་གཉིས་རྣལ་འབྱོར་སོགས། །གསང་ཆེན་ལམ་གྱི་བགྲོད་པ་མཐར་ཕྱིན་ཏེ། །ཟུང་འཇུག་གོ་འཕང་ཐོབ་པར་བྱིན་གྱིས་རློབས། །མདོར་ན་ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །འདྲེན་པ་ཁྱོད་ཀྱིས་འབྲལ་མེད་རྗེས་འཛིན་ཅིང༌། །ཟབ་རྒྱས་གདམས་པའི་བདུད་རྩི་མྱང་བ་ཡིས། །སྟོབས་བཅུ་མངའ་བའི་གོ་འཕང་མྱུར་ཐོབ་ཤོག །ཅེས་པའི་གསོལ་འདེབས་འདི་ཉིད་སྦྱོར། དེ་ནས། བླ་མ་ལྷའི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུཾ་ཡིག་གི་མཐའ་མར་ཡི་གེ་བརྒྱ་པའི་སྔགས་ཀྱིས་བསྐོར་བར་གྱུར། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ། བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དང༌། དམ་ཚིག་ཉམས་ཆག་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། སངས་རྒྱས་སྲས་བཅས་ལ་མཉེས་པའི་མཆོད་པ་ཕུལ། དེ་རྣམས་ཀྱི་ཡོན་ཏན་ཐམས་ཅད་འོད་ཀྱི་རྣམ་པར་བསྡུས་ནས་ཐུགས་ཀའི་ཧཱུཾ་ལ་ཐིམ་པས་གཟི་བརྗིད་དང་མཐུ་སྟོབས་ཕུན་སུམ་ཚོགས་པར་གྱུར། བཟླས་


GTD005_Page_0886
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཅི་འགྲུབ་བྱ། མཇུག་ཏུ་མཆོད་བསྟོད་གོང་བཞིན་བྱས་ལ། བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །རྡོ་རྗེ་སེམས་དཔའི་ཞལ་ནས་རིགས་ཀྱི་བུ། ཁྱོད་ཀྱི་སྡིག་སྒྲིབ་དང་དམ་ཚིག་ཉམས་ཆག་ཐམས་ཅད་བྱང་ཞིང་དག་གོ །ཞེས་གསུངས་ནས། རང་ལ་ཐིམ་པས་རང་གི་སྒོ་གསུམ་དང་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པར་གྱུར། ཅེས་སྔ་མའི་སྡིག་ལྟུང་སངས་ཀྱིས་དག་སོང་སྙམ་དུ་དགའ་བ་སྐྱེད་ཅིང༌། ཕྱིན་ཆད་མི་བྱེད་སྙམ་པའི་སྡོམ་སེམས་ནན་ཏན་དུ་བྱ་བའི་བཤགས་པ་གནད་དུ་འགྲོ་བའི་བོགས་འབྱིན་གྱི་གཙོ་བོ་ཡིན་ནོ། །ཞེས་པ་འདི་ནི་དད་བརྩོན་བློ་དང་ལྡན་པ་ཆོས་སྐྱོང་རྒྱ་མཚོས་ངག་འདོན་དུ་བྱ་རྒྱུར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བསྒྲིགས་པའོ།། །།དཀོན་མཆོག་ཀུན་འདུས་འཇིགས་མེད་དབང་པོའི་སྡེ། །བཀའ་དྲིན་མཉམ་མེད་མཁས་གྲུབ་བསྟན་འཛིན་ཞབས། །ཐར་ལམ་གསལ་མཛད་བསྟན་པའི་སྒྲོན་མེ་སྟེ། །རྗེ་བཙུན་བླ་མ་རྣམས་ལ་གསོལ་བ་འདེབས། །ཐོག་མེད་དུས་ནས་མི་དགེ་ཅི་བགྱིས་དང༌། །ཁྱད་པར་སྡོམ་གསུམ་བཅས་མཚམས་ལས་འདས་ཤིང༌། །བླ་མ་མཆོག་གསུམ་ཞིང་ལ་བརྟེན་པ་ཡི། །མི་བཟད་སྡིག་པ་གང་བགྱིས་མཐོལ་ལོ་བཤགས། །བདག་སོགས་ལས་ངན་ཇི་ཙམ་མཐའ་ཡས་པ། །ཁྱེད་རྣམས་ཐུགས་རྗེའི་མཐའ་ཡང་དེ་ཙམ་ཕྱིར། །སེམས་ཀྱི་དབང་དུ་གྱུར་ལ་མི་རྨོངས་པར། །ཉེས་ཀུན་ལྷག་མེད་བྱང་བར་བྱིན་གྱིས་རློབས། །སྒོ་གསུམ་དགེ་བ་ཕྲ་རགས་ཅི་


GTD005_Page_0887
[མ་དཔེ་གཟིགས་ན་འདིར་གནོན།]

མཆིས་པ། །བླ་མའི་ཐུགས་བསྐྱེད་རྒྱ་མཚོར་རོ་གཅིག་ཏུ། །འདྲེས་ཏེ་དུས་གསུམ་རྒྱལ་བས་བསྔགས་པ་ཡི། །རྒྱལ་སྲས་སྤྱོད་པ་ཀུན་གྱི་རྒྱུར་གྱུར་ཅིག །འདི་ནས་འཕོས་ཚེ་བླ་མ་ལྷག་པའི་ལྷས། །དགྱེས་པའི་འཛུམ་ཞལ་བསྟན་ནས་དག་ཞིང་དུ། །ཁྲིད་དེ་འབྲལ་བ་མེད་པར་རྗེས་བཟུང་ནས། །གསུང་གི་བདུད་རྩིས་སྨིན་ཅིང་གྲོལ་གྱུར་ཅིག །འདི་ཡང་རྗེ་ཉིད་ཀྱིས་གསུངས་སོ།།

མགོན་པོ་འོད་དཔག་མེད་ལ་བརྟེན་པའི་འཕོ་ཁྲིད་སོགས།


GTD005_Page_0888
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་འོད་དཔག་མེད་ལ་བརྟེན་པའི་འཕོ་ཁྲིད་སོགས་འཕོ་ཁྲིད་ཀྱི་སྐོར་དག་ཞིང་དུ་མར་བགྲོད་པའི་མྱུར་ལམ་ཞེས་བྱ་བ་བཞུགས་སོ། །


GTD005_Page_0889
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱམས་རྒྱལ་བའི་འཁོར་ལོ་མ་ལུས་པའི། །མི་ཤིགས་གསུང་གི་གསང་བ་རྡོ་རྗེ་ཆོས། །བདེ་ལྡན་ཞིང་མགོན་སྣང་བ་མཐའ་ཡས་ཀྱིས། །དམིགས་མེད་ཐུགས་རྗེས་བྱང་ཆུབ་བར་དུ་སྐྱོངས། །ཐུབ་པའི་གསང་གསུང་ཆོས་ཀྱི་རོལ་མཚོ་ལས། །བསྔགས་པའི་རླབས་ཕྲེང་འབུམ་ཕྲག་སྤྲོ་བའི་གནས། །སྐྱོན་བྲལ་དག་པའི་ཞིང་མཆོག་བདེ་ལྡན་དུ། །བགྲོད་བྱེད་ཐབས་ཀྱི་གྲུ་གཟིངས་བརྟེན་པར་རིགས། །དེའང་སྟོན་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་ཉིད་ཀྱིས་གདུལ་བྱའི་མོས་པ་བཞིན་དུ་ཆོས་ཀྱི་ཕུང་པོ་མཐའ་ཡས་པར་གསུངས་པ་རྣམས་མཐར་སྲིད་ཞིའི་རྒུད་པ་མཐའ་དག་ལས་གྲོལ་བའི་མི་གནས་པའི་མྱང་འདས་སུ་བགྲོད་བྱེད་ཤ་སྟག་ཡིན་ཀྱང་། དེ་ལ་ཐོག་མར་འཁོར་བ་ལས་རྒྱབ་ཀྱིས་ཕྱོགས་པ་དང་། དེའི་སྔོན་དུའང་ངན་སོང་གི་སྒོ་ཁེགས་པ་ཞིག་བྱེད་དགོས་པས། བཙན་ཐབས་འཚང་རྒྱ་འཕོ་བའི་གདམས་པ་ཞེས་བྱ་བ་སྒྲུབ་པར་སླ་ཞིང་ཤིན་ཏུ་དོན་ཆེན་པོ་དང་ལྡན་པ་འདི་ལྟ་བུ་ལ་ཉམས་ལེན་གྱི་མཐིལ་དུ་བཟུང་སྟེ་འབད་དགོས་ཤིང་། དེའང་འཕོ་བའི་གདམས་པ་ནི་དཔལ་གསང་བ་འདུས་པ་སོགས་བླ་མེད་ཀྱི་རྒྱུད་སྡེ་མ་གཏོགས་གཞན་ལས་ངོས་ཟིན་གསལ་བར་མ་བྱུང་ཡང་། དམ་པ་གོང་མ་རྣམས་དེའི་རིགས་པས་རྒྱས་བཀབ་སྟེ་མགོན་པོ་འོད་དཔག་མེད་དང་རྗེ་བཙུན་བྱམས་མགོན་


GTD005_Page_0890
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ལ་བརྟེན་པའི་འཕོ་བའི་རིགས་མང་དུ་གསུངས་ལ། དེ་རྣམས་ཀྱི་ནང་ནས་ཀྱང་། རྒྱལ་བ་འོད་དཔག་མེད་ལ་བརྟེན་པའི་འཕོ་བ་ནི་ཤིན་ཏུ་ཟབ་ཅིང་དོན་ཆེ་སྟེ། རྒྱལ་བ་རང་ཉིད་ཀྱིས་སྔོན་སྨོན་ལམ་མཛད་པ་ལས། སེམས་ཅན་གང་དག་ང་ཡི་མིང་ཐོས་ན། །ང་ཡི་ཞིང་དུ་རྟག་ཏུ་འོང་བར་ཤོག །ང་ཡི་སྨོན་ལམ་བཟང་པོ་དེ་རྫོགས་པས། །འཇིག་རྟེན་ཁམས་མང་དག་ནས་སེམས་ཅན་འོང་། །དེ་དག་ང་ཡི་ཞིང་དུ་ལྷགས་ནས་ནི། །དེ་དག་སྐྱེ་བ་གཅིག་ལས་ཕྱིར་མི་ལྡོག། །ཅེས་ཞིང་དེར་སྐྱེ་བའི་རྒྱུ་སྒྲུབ་པར་སླ་ཞིང་དེར་སྐྱེས་ནས་སླར་ལས་ཉོན་གྱི་གཞན་དབང་དུ་གྱུར་ཏེ། འཁོར་བར་ཉིང་མཚམས་སྦྱོར་བ་མི་སྲིད་པར་གསུངས་ལ། དེའི་རྒྱུ་མཚན་གྱིས་སྟོན་པ་ཐུབ་པའི་དབང་པོས་ཀྱང་གཟུངས་དང་མདོ་སྡེ་དུ་མར་ཕན་ཡོན་གྱི་སྐབས་སུ་དག་པའི་ཞིང་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །ཞེས་དག་པའི་ཞིང་ཐམས་ཅད་ལས་འདི་ཉིད་དམིགས་ཀྱིས་བཀར་ནས་དེར་སྐྱེ་བའི་ཐབས་ལ་སྒོ་དུ་མ་ནས་སྦྱོར་བར་མཛད་དོ། །དེར་སྐྱེ་བའི་རྒྱུའང་ཞིང་བཀོད་ཀྱི་མདོ་དང་། ཞིང་མཆོག་སྒོ་འབྱེད་སོགས་ལས་གསུངས་པ་ལྟར། རྒྱལ་བ་འོད་དཔག་མེད་ལ་དམིགས་པའི་དད་པ། ཞིང་མཆོག་བདེ་བ་ཅན་དུ་སྐྱེ་འདོད་ཀྱི་འདུན་པ། རང་གི་སྔར་བྱས་ཀྱི་དགེ་རྩ་ཐམས་ཅད་ཞིང་དེར་སྐྱེ་བའི་རྒྱུར་བསྔོ་བ་གསུམ་


GTD005_Page_0891
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མེད་མི་རུང་ཡིན་ཞིང་། དེ་ན་དངོས་ཀྱི་གདུལ་བྱ་རིགས་ཅན་གཉིས་སུ་ཡོད་པ་ལས། ཐེག་པ་ཆེན་པོའི་རིགས་ཅན་དུ་སྐྱེ་བ་ལ་རྒྱུ་སྔ་མ་གསུམ་གྱི་སྟེང་དུ་བྱང་ཆུབ་ཀྱི་སེམས་བསྐྱེད་པའང་དགོས་པར་གསུངས་པས་དེ་དག་རང་རྒྱུད་ལ་ཚང་མ་ཚང་ལེགས་པར་བརྟགས་ཏེ་མཐུན་རྐྱེན་ཡོངས་སུ་རྫོགས་པའི་རྨང་གཞི་ཟིན་པ་དང་། ཚེ་འདིའི་ལུས་ལོངས་སྤྱོད་གཉེན་བཤེས་སོགས་ལ་ཆགས་པ་ནི་བ་ལ་ཧའི་རྟོགས་བརྗོད་ལྟར་དག་པའི་ཞིང་དུ་འཕོ་བའི་གེགས་བྱེད་ཀྱི་གཙོ་བོར་གསུངས་པས་མི་མཐུན་པའི་རྐྱེན་རྣམས་དང་བྲལ་བར་བྱས་ཏེ་འཕོ་བའི་གདམས་པ་དངོས་ཀྱི་ཉམས་ལེན་ལ་འཇུག་པར་བྱའོ། །དེ་ལ་ཐོག་མར་མགོན་པོ་འོད་དཔག་མེད་ཀྱི་སྐུ་དང་བདེ་བ་ཅན་གྱི་ཞིང་བཀོད་སོགས་དམིགས་རྟེན་རྣམས་ལེགས་པར་བཀྲམ། མཆོད་པ་གཙང་ཞིང་གྱ་ནོམ་པ་བཀོད་པས་མཛེས་པར་བཤམས། རང་ཉིད་བདེ་བའི་སྟན་ལ་འཁོད་དེ་ཀུན་སློང་ལེགས་པར་བཅོས་ནས་སྐྱབས་སེམས་སྔོན་དུ་གཏོང་བ་སོགས་སྦྱོར་བའི་ཆོས་རྣམས་གདམས་པ་སྤྱི་དང་འདྲ་བར་ཚགས་སུ་ཚུད་པར་བྱ། དེ་ནས། རང་གི་མདུན་གྱི་ནམ་མཁར་རྨ་བྱས་བཏེག་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་པད་ཟླའི་གདན་ལ་རྒྱལ་བ་འོད་དཔག་མེད་སྐུ་མདོག་དམར་པོ་བྱུ་རུའི་མདོག་ཅན། མཉམ་བཞག་གི་ཕྱག་རྒྱས་བདུད་རྩིས་གང་བའི་ལྷུང་བཟེད་བསྣམས་པ། སྐུ་ལ་ཆོས་གོས་ངུར་སྨྲིག་གསོལ་ཞིང་དབུ་གཙུག་ཏོར་དང་བཅས་པ། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པའི་གནས་གསུམ་དུ་ཡི་གེ་གསུམ་གྱིས་མཚན་པའི་ཐུགས་ཀའི་ཧཱུཾ་ཡིག་ལས་


GTD005_Page_0892
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོས་པའི་འོད་ཟེར་གྱིས་ནུབ་ཕྱོགས་བདེ་བ་ཅན་ནས་མགོན་པོ་འོད་དཔག་མེད་ཡེ་ཤེས་པ་སྤྱན་དྲངས་ཏེ་མདུན་གྱི་འོད་དཔག་མེད་ལ་བསྟིམ་པའམ། ཡང་ན་དམ་ཚིག་པ་མི་སྐྱེད་པར་ལྷ་མགྲོན་གྱི་ཚུལ་དུ་སྤྱན་འདྲེན་པ་ལ་མ་ག་དྷའི་རྟོགས་བརྗོད་ལྟར་བྱས་ལ། ཚོགས་གཉིས་རིན་ཆེན་དག་པའི་ཁམས་ལས་གྲུབ། །སྲིད་པའི་སྐྱོན་བྲལ་བདེ་ལྡན་ཞིང་མཆོག་ནས། །བཅོམ་ལྡན་འོད་དཔག་མེད་མགོན་འཁོར་དང་བཅས། །དགྱེས་བཞིན་འདིར་གཤེགས་མདུན་གྱི་ནམ་མཁར་བཞུགས། །ཞེས་སྤྱན་དྲངས། སྒོ་གསུམ་མི་ཕྱེད་དང་བས་ཕྱག་འཚལ་ཞིང་། །དངོས་བཤམས་ཡིད་སྤྲུལ་མཆོད་སྤྲིན་རྒྱ་མཚོས་མཆོད། །ཐོག་མེད་ནས་བསགས་སྡིག་ལྟུང་མ་ལུས་བཤགས། །བདག་གཞན་དགེ་བའི་ཚོགས་ལ་རྗེས་ཡི་རང་། །མྱ་ངན་མི་འདའ་བསྐལ་བརྒྱར་རྟག་བཞུགས་ནས། །ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །ལེགས་བྱས་མཐའ་དག་བྱང་ཆུབ་མཆོག་ཏུ་བསྔོ། །ཞེས་བསགས་སྦྱང་གི་གནད་བསྡུས་པ་ཡན་ལག་བདུན་པ་དབུལ། དེ་ནས་རང་གི་ལུས་ཤེལ་གྱི་ཕྲུ་མ་བུས་པ་བཞིན་དུ་དྭངས་ཤིང་གསལ་བའི་དབུས་ཅུང་ཟད་རྒྱབ་ལ་ཉེ་བའི་ཕྱོགས་སུ་རྩ་དབུ་མ་མདའ་སྙུག་གི་ཚད་ཙམ་པ་ཕྱི་དཀར་ལ་ནང་དམར་བ་རྩའི་སྐྱོན་རྣམས་དང་བྲལ་ཞིང་སྨད་ཕྲ་བ་ལྟེ་འོག་སོར་གསུམ་ཙམ་དུ་སླེབ་ཅིང་། སྟོད་ཡངས་པ་སྤྱི་བོའི་གཙུག་དང་ཁ་ད་ཆད་དུ་ཡོད་པའི་མར་སྣེའི་ནང་དུ་རྣམ་ཤེས་ཀྱི་ངོ་བོ་ཡི་གེའམ། འོད་ཀྱི་རང་བཞིན་ཅན་


GTD005_Page_0893
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཐིག་ལེ་དཀར་ལ་དམར་བའི་མདངས་ཆགས་པ་འཕར་ལ་ཁད་པ་ཞིག་གསལ་གདབ་དེའང་རང་ཉིད་འཕེན་པ་པོ་དང་རྣམ་ཤེས་འཕང་བྱ་ལྟ་བུའི་ངོ་བོ་སོ་སོ་བར་བཟུང་ནས་ཅི་ཙམ་སྦྱངས་ཀྱང་འཕོ་བ་གནད་དུ་མི་འགྲོ་བར་གསུངས་པས་ཕྱིའི་ལུས་འདི་སྡོད་གནས་ཀྱི་ཁང་པ་ལྟ་བུར་བྱས་ཏེ། རང་ཉིད་ནི་དབུ་མའི་ནང་གི་ཤིན་ཏུ་ཕྲ་བའི་རླུང་སེམས་ཀྱི་ངོ་བོ་ཐིག་ལེ་དང་ངོ་བོ་དབྱེར་མེད་པའི་ཚུལ་གྱིས་ཙེན་ནེ་གནས་པར་བསམ་ལ། ངག་ཏུ་ཚིགས་བཅད་བརྗོད་པ་དང་ལྷན་ཅིག་བྱས་ན་འཇུག་པ་བདེ་བས། རང་ལུས་དྲང་པོར་བསྲང་བའི་ལྟེ་བའི་འོག །སོར་གསུམ་ཐད་ནས་དབུ་མ་མདའ་སྙུག་ཙམ། །རྒལ་གཞུང་ལ་ཉེ་ཚངས་བུག་ལ་ཟུག་པ། །སྨད་ཕྲ་སྟོད་སྦོམ་རག་དུང་དབྱིབས་ཅན་གྱི། །མར་སྣེའི་ནང་དུ་རྣམ་ཤེས་ཡི་གེ་འམ། །འོད་ཀྱི་ཐིག་ལེ་དཀར་འཚེར་འཕར་ལ་ཁད། །རྩེ་གཅིག་བསྒོམས་ཏེ་མདུན་གྱི་བླ་མ་ལྷར། །སྙིང་ཁུང་རུས་པས་གསོལ་བ་འདི་ལྟར་འདེབས། །དུས་གསུམ་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱི། །ཡོན་ཏན་གཅིག་བསྡུས་རྩ་བའི་བླ་མ་དང་། །དབྱེར་མེད་སྐྱབས་མགོན་ཐུགས་རྗེ་གཏེར་ཁྱོད་ལ། །གསོལ་བ་འདེབས་སོ་ངན་འགྲོའི་འཇིགས་ལས་སྐྱོབས། །ཞེས་གསོལ་བ་ཕུར་ཚུགས་སུ་འདེབས། དེ་ནས་མདུན་གྱི་འོད་དཔག་མེད་དེ་ཉིད་སྤྱི་བོར་བྱོན་པའམ་རང་འདྲ་གཉིས་པ་ཞིག་བྱོན་པར་མོས་ལ། ངག་ཏུའང་། དེ་ལྟར་གསོལ་བཏབ་མདུན་གྱི་སྣང་མཐའ་ལས། །གཉིས་པ་ཆད་ནས་རང་གི་ཚངས་བུག་སྟེང་། །རིགས་བདག་ཚུལ་བཞུགས་ཐུགས་ཀའི་ཐད་དྲང་གི །དབུ་མ་རག་དུང་དབྱིབས་ཅན་


GTD005_Page_0894
[མ་དཔེ་གཟིགས་ན་འདིར་གནོན།]

མར་སྣེའི་ནང་། །ཐལ་ལེ་ཡོད་པའི་ཁ་དང་རང་ཉིད་ཀྱི། །སྤྱི་བོའི་དབུ་མ་ཕྲད་མཚམས་གང་གིས་ཀྱང་། །དབྱེ་མི་ནུས་པར་བསམས་ལ་སྣང་མཐའ་ཡི། །ཐུགས་ཀའི་ཐད་ཀྱི་དྷཱུ་ཏཱིའི་ནང་དུ་ནི། །ཧྲཱིཿ ཡིག་དམར་ལ་ཤིན་ཏུ་འཚེར་བ་ཞིག །བསྒོམས་ཏེ་སླར་ཡང་གསོལ་བ་འདི་ལྟར་འདེབས། །ཞེས་ཚིག་དོན་དྲན་བཞིན་པས་དལ་བུས་བརྗོད་ལ། རྩ་དབུ་མ་གཉིས་ཁ་སྦྱོར་དུ་ཡོད་པའི་རང་གི་དབུ་མའི་ནང་ནས་ཡར་བལྟས་པས། སྤྱི་བོའི་འོད་དཔག་མེད་ཀྱི་ཐུགས་ཀའི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཧྲཱིཿ ཡིག་དེ་ཉིད་མཐོང་སྟེ་རང་ཡང་དེར་འཕོ་འདོད་ཀྱི་འདུན་པ་ཤུགས་དྲག་པོ་སྦྱངས་ལ། དེའང་རྒྱལ་བ་དེ་ཉིད་ཀྱི་ཐུགས་རྗེ་བྱིན་རླབས་ལ་རག་ལས་པར་མཐོང་ནས་བློ་ལིངས་ཀྱིས་བཀལ་བའི་རེ་ལྟོས་རྩེ་གཅིག་པ་དང་བཅས། བསླུ་མེད་དཀོན་མཆོག་གསུམ་གྱི་ངོ་བོ་ཉིད། །ངན་སོང་འཇིགས་ལས་སྒྲོལ་བའི་དཔའ་བོ་སྟེ། །དག་པའི་ཞིང་དུ་འཁྲིད་པའི་དེད་དཔོན་མཆོག །མགོན་པོ་འོད་དཔག་མེད་ལ་གསོལ་བ་འདེབས། །ཞེས་ལན་གསུམ་མམ་བདུན་སོགས་བརྗོད། དེ་ནས། འདི་ཕྱི་བར་དོའི་འཇིགས་ལས་བསྒྲལ་དུ་གསོལ། །འཁྲུལ་སྣང་བར་དོའི་འཕྲང་ལས་བསྐྱབ་ཏུ་གསོལ། །བཟོད་དཀའ་ངན་འགྲོའི་གཡང་ལས་དྲང་དུ་གསོལ། །འདི་སྣང་ཞེན་པའི་འཆིང་བ་གཅད་དུ་གསོལ། །ཟབ་ལམ་འཕོ་བ་འབྱོངས་པར་བྱིན་གྱིས་རློབས། །དག་པའི་


GTD005_Page_0895
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་དུ་འཁྲིད་པར་བྱིན་གྱིས་རློབས། །རེ་ས་གཞན་ན་མེད་དོ་ཐུགས་རྗེས་གཟིགས། །ཞེས་གསོལ་བ་བཏབ་པས་སྤྱི་བོའི་འོད་དཔག་མེད་ཀྱི་ཐུགས་ཀའི་ཧྲཱིཿ དེ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་ཞིག་ནར་གྱིས་བྱུང་བས་རང་སེམས་ཐིག་ལེར་བཏབ། རང་གིས་ཀྱང་འོག་རླུང་དྲག་ཏུ་འཕེན་པའི་ཤུགས་ཀྱིས་གྱེན་དུ་འཕང་བའི་དམིགས་པ་དང་བཅས་ཏེ་ཧིཀ་ཅེས་བརྗོད་པས་གྱེན་དུ་སྤར། ཀ་ཞེས་བརྗོད་པས་རང་གནས་སུ་བབ་པ་ལན་གསུམ་ལ་སོགས་སུ་བྱ། ལས་སྦྱོར་དངོས་གཞིའི་ཚེ་ཧིཀ་ཐ་མས་འོད་དཔག་མེད་ཀྱི་ཐུགས་དང་དབྱེར་མེད་དུ་བསྲེས། ཕཊ་ཅེས་བརྗོད་པས་དེ་ཉིད་བདེ་བ་ཅན་དུ་གཤེགས། དེའི་ཐུགས་ཀ་ནས་ཕྱིར་ཕྱུང་པདྨའི་སྦུབས་སུ་ཡིད་ལུས་བླངས་ཏེ་རྒྱལ་བ་དེའི་གསུང་གི་བདུད་རྩི་ལ་ལོངས་སྤྱད་པར་མོས་ཤིང་རྒྱུན་ལྡན་དུ་མཐར་སྤྱི་བོའི་འོད་དཔག་མེད་དེ་ཉིད་འོད་དུ་ལྟེམ་གྱིས་ཞུ་བས་ཚངས་བུག་ཐལ་གྱིས་བཀག་པར་མོས་ན་བྱིན་རླབས་ཀྱི་ཁྱད་དང་ཚེ་སྒྲུབ་ཀྱི་མན་ངག་ཟབ་མོར་འགྱུར་རོ། །འདིར་འབད་ལས་བྱུང་ལེགས་བྱས་པདྨ་དཀར། །རྣམ་དག་བསླབ་གསུམ་སྦྲང་རྩིའི་སྙིང་པོ་ཅན། །བདེ་ལྡན་ཞིང་མཆོག་ལྷ་ཡི་དགའ་ཚལ་དུ། །སྣང་བ་མཐའ་ཡས་མདུན་སར་མཛེས་གྱུར་ཅིག །ཅེས་མགོན་པོ་འོད་དཔག་མེད་ལ་བརྟེན་པའི་འཕོ་བའི་ཉམས་ལེན་མདོར་བསྡུས་འདི་ནི། བསྔགས་འོས་ཡོན་


GTD005_Page_0896
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་དུ་མས་མངོན་པར་མཐོ་བ་རྒ་ཤོའུ་སྤྲུལ་སྐུ་བློ་བཟང་དབང་གྲགས་རྒྱལ་མཚན་གྱིས་བསྐུལ་ངོར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་ཀ་ཇུའི་མཁར་དུ་བྲིས་པ་སྐྱེ་འགྲོ་ཀུན་ལ་ཕན་ཐོགས་པར་གྱུར་ཅིག །༈ བདེ་བ་ཅན་ནས་རྩ་བའི་བླ་མ་དང་། །དབྱེར་མེད་སྐྱབས་ཀྱི་དམ་པ་འོད་དཔག་མེད། །འཁོར་བཅས་ཐོགས་མེད་རང་མདུན་མདའ་གང་གི །ནམ་མཁར་སྤྱན་དྲངས་དགྱེས་པའི་ཚུལ་གྱིས་བཞུགས། །སྒོ་གསུམ་གུས་པས་ཕྱག་འཚལ་ཕྱི་ནང་གི །མཆོད་འབུལ་སྡིག་ལྟུང་བཤགས་ཤིང་རང་གཞན་གྱི། །དགེ་ལ་ཡི་རང་ཆོས་འཁོར་བསྐོར་བ་དང་། །མྱ་ངན་མི་འདའ་རྟག་བཞུགས་དགེ་རྣམས་བསྔོ། །བླ་མ་སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་པ་འཁོར་རྒྱལ་སྲས་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །ལན་བདུན་སོགས། དུས་གསུམ་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱི། །ཡོན་ཏན་གཅིག་བསྡུས་རྩ་བའི་བླ་མ་དང་། །དབྱེར་མེད་སྐྱབས་མགོན་ཐུགས་རྗེའི་གཏེར་ཁྱོད་ལ། །གསོལ་བ་འདེབས་སོ་ངན་འགྲོའི་འཇིགས་ལས་སྐྱོབས། །བསླུ་མེད་དཀོན་མཆོག་གསུམ་གྱི་ངོ་བོ་ཉིད། །ངན་སོང་འཇིགས་ལས་སྒྲོལ་བའི་དཔའ་བོ་སྟེ། །དག་པའི་ཞིང་དུ་འཁྲིད་པའི་དེད་དཔོན་མཆོག །མགོན་པོ་འོད་དཔག་མེད་ལ་གསོལ་བ་འདེབས། །ཚར་གསུམ། འདི་ཕྱི་བར་དོའི་འཇིགས་ལས་


GTD005_Page_0897
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲལ་དུ་གསོལ། །བཟོད་དཀའ་ངན་འགྲོའི་གཡང་ལས་བསྐྱབ་ཏུ་གསོལ། །ཚེ་འདི་བློ་ཡིས་ཐོངས་པར་བྱིན་གྱིས་རློབས། །ཟབ་ལམ་འཕོ་བ་འབྱོངས་པར་བྱིན་གྱིས་རློབས། །དག་པའི་ཞིང་དུ་འཁྲིད་པར་བྱིན་གྱིས་རློབས། །རེ་ས་གཞན་ན་མེད་དོ་ཐུགས་རྗེས་གཟིགས། །ཧིཀ་གསུམ། ཕཊ་ཅེས་མཇུག་ཏུ་སྦྱོར། ༈ ཚེ་ལྡན་ཡིན་ན་ཡན་ལག་བདུན་པའི་འཕྲོར། ཁྱོད་ལུས་དྲང་བོར་བསྲང་བའི་ལྟེ་བའི་འོག །སོར་གསུམ་ཐད་ནས་དབུ་མ་མདའ་སྙུག་ཙམ། །སྒལ་གཞུང་ལ་ཉེ་ཚངས་བུག་ལ་ཟུག་པ། །སྨད་ཕྲ་སྟོད་སྦོམ་རག་དུང་དབྱིབས་ཅན་གྱི། །མར་སྣེའི་ནང་དུ་རྣམ་ཤེས་ཡི་གེ་འམ། །འོད་ཀྱི་ཐིག་ལེ་དཀར་འཚེར་འཕར་ལ་ཁད། །རྩེ་གཅིག་བསྒོམས་ཏེ་མདུན་གྱི་བླ་མ་ལྷར། །སྙིང་ཁུང་རུས་པས་གསོལ་བ་འདི་ལྟར་ཐོབས། །དུས་གསུམ་ཕྱོགས་བཅུའི། ཞེས་པ་ནས། འཇིགས་ལས་སྐྱོབས། །དེ་ལྟར་གསོལ་བཏབ་མདུན་གྱི་སྣང་མཐའ་ལས། །གཉིས་པ་ཆད་ནས་ཁྱོད་ཀྱི་ཚངས་བུག་སྟེང་། །རིགས་བདག་ཚུལ་བཞུགས་ཐུགས་ཀའི་ཐད་དྲང་གི །དབུ་མ་རག་དུང་དབྱིབས་ཅན་མར་སྣེའི་ནང་། །ཐལ་ལེ་ཡོད་པའི་ཁ་དང་ཁྱོད་རང་གི །སྤྱི་བོའི་དབུ་མ་ཕྲད་མཚམས་གང་གིས་ཀྱང་། །དབྱེ་མི་ནུས་པར་བསམ་ལ་སྣང་མཐའ་ཡི། །ཐུགས་ཀའི་ཐད་ཀྱི་དྷཱུ་ཏཱིའི་ནང་དུ་ནི། །ཧྲཱིཿ ཡིག་དམར་ལ་ཤིན་ཏུ་འཚེར་བ་ཞིག །བསྒོམས་ཏེ་སླར་ཡང་གསོལ་བ་འདི་ལྟར་ཐོབ། །བསླུ་མེད་མ་མན་འདྲ། ཧིཀ །ཀཿ སྦྲེལ་བ་ཚར་གསུམ། རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །ཞེས་སོགས་བསྔོ་སྨོན་གྱིས་མཚམས་སྦྱར་བར་བྱའོ། །༈ བླ་མ་


GTD005_Page_0898
[མ་དཔེ་གཟིགས་ན་འདིར་གནོན།]

འོད་དཔག་མེད་ལ་ཕྱག་འཚལ་ལོ། །འདིར་གཤིན་པོ་ལ་འཕོ་བ་འདེབས་པའི་ཚུལ་ཆོ་ག་ལྷོ་སྒོ་སོགས་དང་འབྲེལ་ན་དེས་འཐུས་ལ། མིན་ཚེ་འཕོ་བའི་སྔོན་དུ་གཤིན་པོའི་རྣམ་ཤེས་དགུག་དགོས་པས། མཆོག་གསུམ་གྱི་བདེན་བརྗོད་སོགས་དངོས་སུ་བྱེད་པའམ། མིན་ཡང་ཡིད་ཀྱིས་གསོལ་བ་བཏབ་སྟེ་ར་མདར་སྦྲན་ཞིང་བཀུག་པའི་དམིགས་པ་སྐྱོང་བ་གལ་ཆེ་བས་སྐྱབས་ཡུལ་ལ་དད་པ་དང་གཤིན་པོ་ལ་སྙིང་རྗེའི་དམིགས་པ་སྔོན་དུ་བཏང་སྟེ། བདེ་བ་ཅན་ནས་རྩ་བའི་བླ་མ་དང་། །དབྱེར་མེད་སྐྱབས་ཀྱི་དམ་པ་འོད་དཔག་མེད། །འཁོར་བཅས་སྤྱན་དྲངས་དུས་འདས་མདུན་གྱི་མཁར། །བརྩེ་ཞིང་དགྱེས་པའི་ཉམས་ཀྱིས་བཞུགས་པར་གྱུར། །དེ་ནས་ཡན་ལག་བདུན་པའི་དམིགས་རྣམ་དང་བཅས། སྒོ་གསུམ་གུས་པས་ཕྱག་འཚལ་ཕྱི་ནང་གི །མཆོད་འབུལ་སྡིག་ལྟུང་བཤགས་ཤིང་རང་གཞན་གྱི །དགེ་ལ་ཡི་རང་ཆོས་འཁོར་བསྐུལ་བ་དང་། །མྱ་ངན་མི་འདའ་རྟག་བཞུགས་དགེ་རྣམས་བསྔོ། །ཞེས་དང་། སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །ཞེས་གསོལ་བ་འདེབས་པ་ལན་གང་མང་བྱ། འཽ། །འཇིག་རྟེན་འདི་ན་མཆོག་དམན་ཐམས་ཅད་ཀྱི་སྟེང་དུ་ཁྱད་པར་མེད་པར་འབབ་པའི་འཆི་བ་མི་རྟག་པ་བྱ་བ་དེ་ད་ལན་ཁྱོད་ཀྱི་སྟེང་དུ་བབས་ནས་ད་ལྟ་སྲིད་པ་བར་དོ་ན་གནས་པའི་སྐབས་ཡིན། ཁྱོད་རང་གིས་ལེགས་པར་བརྟག་ན་འགྲོ་འོང་བྱ་སྤྱོད་སྣང་ཚུལ་ཐམས་ཅད་སྔར་དང་མི་འདྲ་བ་དེ་བར་དོར་གནས་པའི་


GTD005_Page_0899
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་ཡིན། སྐབས་འདིར་དགའ་མི་དགའི་སྣང་བ་ཅི་བྱུང་ཡང་གསོན་དུས་ཀྱི་རྨི་ལམ་དང་འདྲ་བས་དེའི་རྗེས་སུ་འབྲང་མི་ཉན། དེ་ལས་དཀོན་མཆོག་ལ་གསོལ་བ་བཏབ་ན་ད་ལྟ་ཉེན་ཆེ་ལ་སྒྱུར་སླ་བའི་དུས་ཡིན་པས། ཁྱེད་ཀྱི་མགོན་སྐྱབས་སུ་བླ་མ་འོད་དཔག་མེད་ངེད་ཀྱིས་སྤྱན་དྲངས་ཡོད་པ་འདིར་ངས་བརྗོད་པའི་ཚིག་རིས་བཞིན་གསོལ་བ་རྩེ་གཅིག་ཏུ་ཐོབ་ཅིག །དུས་གསུམ་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱི། །ཡོན་ཏན་གཅིག་བསྡུས་རྩ་བའི་བླ་མ་དང་། །དབྱེར་མེད་སྐྱབས་མགོན་ཐུགས་རྗེའི་གཏེར་ཁྱོད་ལ། །གསོལ་བ་འདེབས་སོ་ངན་འགྲོའི་འཇིགས་ལས་སྐྱོབས། །ཞེས་གསོལ་བ་བཏབ་པས་འོད་དཔག་མེད་གཤིན་པོའི་སྤྱི་བོར་བྱོན་ཏེ་བཞུགས་པའི་དབུ་མའི་མར་སྣེ་དང་གཤིན་པོའི་དབུ་མའི་ཡར་སྣེ་དབྱེར་མེད་དུ་སྦྱར་བའི་ལམ་ནས་རྣམ་ཤེས་གྱེན་དུ་འཕོ་བའི་ཕྱིར་སླར་ཡང་། བསླུ་མེད་དཀོན་མཆོག་གསུམ་གྱི་ངོ་བོ་ཉིད། །ངན་སོང་འཇིགས་ལས་སྒྲོལ་བའི་དཔའ་བོ་སྟེ། །དག་པའི་ཞིང་དུ་འཁྲིད་པའི་དེད་དཔོན་མཆོག །བླ་མ་འོད་དཔག་མེད་ལ་གསོལ་བ་འདེབས། །འདི་ཕྱི་བར་དོའི་འཇིགས་ལས་བསྒྲལ་དུ་གསོལ། །བཟོད་དཀའ་ངན་འགྲོའི་གཡང་ལས་བསྐྱབ་ཏུ་གསོལ། །ཚེ་འདི་བློ་ཡིས་ཐོངས་པར་བྱིན་གྱིས་རློབས། །ཟབ་ལམ་འཕོ་བ་འབྱོངས་པར་བྱིན་གྱིས་རློབས། །དག་པའི་ཞིང་དུ་འཁྲིད་པར་བྱིན་གྱིས་རློབས། །རེ་ས་གཞན་ན་མེད་དོ་ཐུགས་རྗེས་གཟིགས། །ཞེས་གསོལ་བ་བཏབ་པས་ཐུགས་ཀའི་ཧྲཱིཿ ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་ཐུར་དུ་འཕྲོས། གཤིན་པོའི་རྣམ་ཤེས་དབུ་མའི་ལམ་ནས་གྱེན་དུ་


GTD005_Page_0900
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས་ཏེ་ཧྲཱིཿ ལ་ཐིམ་པར་བསམ་ཞིང་ཧིག་ལན་གསུམ་བརྗོད། ཕཊ་ཅེས་བརྗོད་པ་དང་མཉམ་དུ་དེ་ཉིད་བདེ་བ་ཅན་དུ་གཤེགས་པའི་ཐུགས་ཀ་ནས་རྣམ་ཤེས་ཕྱིར་ཐོན། པདྨའི་སྦུབས་སུ་སྐྱེ་བ་བླངས་ཏེ་མགོན་པོ་འོད་དཔག་མེད་ཀྱི་སྲས་ཀྱི་ཐུ་བོར་གྱུར་པར་བསམ་ཞིང་། རྒྱལ་བའི་དཀྱིལ་འཁོར་ཞེས་སོགས་ཀྱི་སྨོན་པས་མཚམས་སྦྱར་བར་བྱའོ། །༈ བསྔོ་བའི་མགོ་མཇུག་ཐམས་ཅད་སྤྱི་དང་འདྲ། གཤིན་པོའི་ཆེད་དམིགས་ཀྱིས་ཅུང་ཟད་རྒྱས་པར་བྱེད་ན། དམིགས་ཡུལ་ཚེ་ལས་འདས་པ་དེ་ཉིད་ཀྱི་ཆེད་དུ་དམིགས་ཏེ་ཉེ་དུ་མཛའ་བཤེས་ཤུལ་ན་མཆིས་པ་རྣམས་ཀྱིས་འཁོར་གསུམ་རྣམ་པར་དག་པའི་སྒོ་ནས་དཀོན་མཆོག་ལ་མཆོད་པ། དབུལ་ཕོངས་ལ་སྦྱིན་པ། གཟུངས་སྔགས་ཟབ་མོའི་བཟླས་བརྗོད། མདོ་སྡེ་ཀློག་འདོན། དཀྱིལ་འཁོར་དུ་བཅུག་སྟེ་དབང་བསྐུར་བ་སོགས་དགེ་བའི་རྩ་བ་ཇི་སྙེད་ཅིག་བགྱིས་པ་ཐམས་ཅད་ཀྱང་ཚེ་འདས་དེ་ཉིད་ཀྱི་རྣམ་པར་ཤེས་པ་ཁམས་གསུམ་འགྲོ་བ་རིགས་དྲུག་གང་དུ་གནས་ཀྱང་དེའི་རྗེས་སུ་འབྲང་ཞིང་རྗེས་སུ་འཇུག་པར་གྱུར་ཅིག །དེའི་མཐུ་དང་ནུས་པ་ལ་བརྟེན་ནས་སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བའི་སྐྱེ་གནས་རྣམས་སུ་ནམ་ཡང་མི་སྐྱེ་བར་དལ་འབྱོར་གྱི་ཆོས་བཅོ་བརྒྱད་དང་ལྡན་ཞིང་མཐོ་རིས་ཀྱི་ཡོན་ཏན་བདུན་ཚང་བའི་རྟེན་བཟང་པོ་བར་མ་ཆད་དུ་ཐོབ་པར་གྱུར་ཅིག །རྟེན་དེ་དག་ལ་གཞོན་ནུ་ཉིད་ནས་རབ་ཏུ་བྱུང་ཞིང་ཐེག་པ་མཆོག་གི་དགེ་བའི་བཤེས་གཉེན་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ཏེ་དགྱེས་བཞིན་རྗེས་སུ་འཛིན་པར་གྱུར་ཅིག །དེས་ཇི་ལྟར་གདམས་པ་བཞིན་


GTD005_Page_0901
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཐོས་བསམ་སྒོམ་པའི་སྒོ་ནས་ལམ་ཐུན་མོང་བ་བཤེས་གཉེན་བསྟེན་ཚུལ་ནས་བཟུང་ལམ་གྱི་གཙོ་བོ་རྣམ་པ་གསུམ་དང་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པས་བློ་ལེགས་པར་སྦྱོང་བར་གྱུར་ཅིག །ཐུན་མོང་ལམ་སྦྱང་གི་རིམ་པ་སྔོན་དུ་བཏང་སྟེ་ཐུན་མོང་མ་ཡིན་པ་གསང་ཆེན་རྡོ་རྗེ་ཐེག་པའི་ལམ་གྱི་འཇུག་སྒོ་དབང་བཞི་རྣམ་པར་དག་པ་མནོས། དབང་དུས་སུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་བསྲུང་། སྨིན་བྱེད་བསྐྱེད་པའི་རིམ་པ་དང་གྲོལ་བྱེད་རྫོགས་པའི་ལམ་རིམ་པ་གཉིས་ཀྱི་བགྲོད་པ་ལ་བརྟེན་ནས་ཁ་སྦྱོར་ཡན་ལག་བདུན་ལྡན་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་སྐུར་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བའི་སྐལ་བ་དང་ལྡན་པར་གྱུར་ཅིག །གཞན་རྣམས་འདྲ། ཞེས་གཤིན་པོ་ལ་འཕོ་བ་དང་བསྔོ་བ་བྱེད་ཚུལ་དམིགས་ཀྱིས་བཀར་བ་ཞིག་དགོས་ཞེས་ཧལ་ཧ་ཇ་སག་ཐུ་ཧཱན་གྱི་ཤོག་ནས་དད་ལྡན་དགེ་སློང་བློ་བཟང་ཉི་མས་བསྐུལ་ངོར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་སྦྱར་བའི་ཡི་གེ་པ་ནི་བྷིཀྵུ་རཏྣཱན་ནྟའོ།། །།༈ བླ་མ་དང་མགོན་པོ་འོད་དཔག་ཏུ་མེད་པ་དབྱེར་མི་ཕྱེད་པ་ལ་ཕྱག་འཚལ་ལོ། །དེའང་བདེ་བ་ཅན་དུ་སྐྱེ་བར་འདོད་པའི་གང་ཟག་གིས་མགོན་པོ་འོད་དཔག་མེད་ལ་དད་པ་དང་། ཞིང་དེར་སྐྱེ་འདོད་ཀྱི་འདུན་པ། དགེ་རྩ་གང་བྱས་ཞིང་དེར་སྐྱེ་བའི་རྒྱུར་བསྔོ་བ་གསུམ་རྒྱུན་དུ་ཡིད་ལ་བྱེད་ཅིང་འབད་པ་ནི་རྒྱུའི་གཙོ་བོ་ཡིན་ཞིང། དངོས་གཞི་ལག་ལེན་དུ་བསྟར་ཚུལ་ནི། འོད་དཔག་མེད་ཀྱི་སྐུ་དང་ཞིང་བཀོད་སོགས་དགྲམ། མཆོད་པ་ལེགས་པར་བཤམ། ཁ་ནུབ་ཕྱོགས་སུ་བལྟས་ཏེ་སྐྱབས་སེམས་སྔོན་དུ་བཏང་ལ། མི་མཇེད་ཞིང་ནས་ནུབ་ཀྱི་ཕྱོགས་ཉིད་དུ། །བྱེ་བ་ཕྲག་ཁྲིག་བརྒྱ་སྟོང་སངས་རྒྱས་ཀྱི། །ཞིང་


GTD005_Page_0902
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་རྣམས་ནི་འདས་པར་གྱུར་པ་ན། །རྨད་བྱུང་བདེ་བ་ཅན་གྱི་ཞིང་ཁམས་ཞེས། །སྡུག་བསྔལ་རྣམས་ཀྱི་མིང་ཡང་མི་གྲགས་ཤིང་། །ཟག་མེད་འབྱོར་བའི་དཔལ་དང་ལྡན་པ་དེར། །འོད་དཔག་མེད་མགོན་ཉེ་བའི་སྲས་དང་བཅས། །བཞུགས་རྣམས་བདག་ལ་བརྩེ་བས་དགོངས་སུ་གསོལ། །བླང་དོར་གནས་རྣམས་མ་རིག་མཐུག་པོས་བསྒྲིབས། །ཁོང་ཁྲོའི་མཚོན་གྱིས་མཐོ་རིས་སྲོག་ཕྲོགས་ཤིང་། །འདོད་སྲེད་ཞགས་པས་འཁོར་བའི་བཙོན་རར་བཅིངས། །ལས་ཀྱི་ཆུ་བོས་སྲིད་པའི་རྒྱ་མཚོར་ཁྱེར། །ན་རྒའི་སྡུག་བསྔལ་རྦ་རླབས་མང་པོས་གཡེངས། །མི་བཟད་འཆི་བདག་ཆུ་སྲིན་ཁར་ཆུད་པས། །མི་འདོད་སྡུག་བསྔལ་ཁུར་གྱིས་ནོན་གྱུར་པ། །མགོན་མེད་བདག་གིས་ཉམ་ཐག་ང་རོ་ཡིས། །ཡིད་ལ་སྨོན་པ་འགྲུབ་པའི་དབང་པོ་རུ། །ཕོངས་པའི་གཉེན་གཅིག་འདྲེན་པ་འོད་དཔག་མེད། །འཁོར་དང་བཅས་ལ་གུས་པས་གསོལ་འདེབས་ན། །དཔག་མེད་བསྐལ་པར་བདག་ཅག་རྣམས་ཀྱི་ཕྱིར། །ཐུགས་མཆོག་བསྐྱེད་པའི་དམ་བཅའ་མ་བསྙེལ་བར། །འདབ་བཟང་གཙོ་བོ་ལྷ་ཡི་ལམ་ལ་བཞིན། །རྫུ་འཕྲུལ་སྟོབས་ཀྱིས་བརྩེ་བས་འདིར་གཤེགས་ཤིག །བར་དོའི་འཕྲང་ལས་སྒྲོལ་བའི་ས་མཁན་ཏེ། །བཟོད་དཀའ་ངན་སོང་འཇིགས་ལས་སྒྲོལ་བའི་སྐྱབས། །སྲིད་པའི་མཚོ་ལས་སྒྲོལ་བའི་སྟོན་པ་མཆོག །མགོན་པོ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །དངོས་བཤམས་ཡིད་སྤྲུལ་མཆོད་ཚོགས་ཐམས་ཅད་དང་། །


GTD005_Page_0903
[མ་དཔེ་གཟིགས་ན་འདིར་གནོན།]

དུས་གསུམ་དགེ་བའི་དངོས་པོ་ཅི་མཆིས་པ། །གུས་པས་འབུལ་ལོ་བདེ་ཅན་ཞིང་མཆོག་ཏུ། །སྐྱེ་བའི་རྒྱུ་རུ་འགྱུར་བར་བྱིན་གྱིས་རློབས། །མི་བཟད་སྡིག་ལྟུང་ཁུར་ཆེན་ཅི་མཆིས་དང་། །འདི་སྣང་ཞེན་པའི་འཆིང་བ་མ་ལུས་པ། །ཐུགས་རྗེ་བདེན་པའི་ཕྱག་གིས་ཉེར་བསལ་ཏེ། །མྱུར་བ་མྱུར་བར་ཞིང་དེར་དྲང་དུ་གསོལ། །ནམ་ཞིག་ཚེ་ཡི་འདུ་བྱེད་གཏོང་བ་ན། །འཁོར་ཚོགས་རྒྱ་མཚོས་བསྐོར་བའི་འོད་དཔག་མེད། །མིག་གི་ལམ་དུ་གསལ་བར་མཐོང་གྱུར་ནས། །དད་དང་སྙིང་རྗེས་བདག་རྒྱུད་གང་བར་ཤོག །བདག་ནི་འཆི་བའི་དུས་བྱེད་གྱུར་པ་ན། །སྒྲིབ་པ་ཐམས་ཅད་དག་ནི་ཕྱིར་བསལ་ཏེ། །མངོན་སུམ་སྣང་བ་མཐའ་ཡས་དེ་མཐོང་ནས། །བདེ་བ་ཅན་གྱི་ཞིང་དེར་རབ་ཏུ་འགྲོ། །དེར་སོང་ནས་ནི་སྨོན་ལམ་འདི་དག་ཀྱང་། །ཐམས་ཅད་མ་ལུས་མངོན་དུ་འགྱུར་བར་ཤོག །རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །པདྨོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །སྣང་བ་མཐའ་ཡས་རྒྱལ་བས་མངོན་སུམ་དུ། །ལུང་བསྟན་པ་ཡང་བདག་གིས་དེར་ཐོབ་ཤོག །མདོར་ན་འགྲོ་བ་མགོན་མེད་བདག་གི་མགོན། །ཁྱོད་མིན་རེ་བའི་སྐྱབས་གཞན་མ་མཆིས་པའི། །གདུང་བའི་འོ་དོད་ལྷང་ལྷང་འབོད་ལགས་ན། །ཐུགས་རྗེའི་ཕྱག་གིས་བཟུང་སྟེ་དྲང་དུ་གསོལ། །འདི་སྣང་ཞེན་པ་ཆོད་པར་བྱིན་གྱིས་རློབས། །གནད་གཅོད་སྡུག་བསྔལ་ཞི་བར་བྱིན་གྱིས་རློབས། །འཆི་བའི་འཇིགས་སྐྲག་སེལ་བར་བྱིན་གྱིས་རློབས། །བར་དོའི་འཁྲུལ་སྣང་ཡལ་བར་བྱིན་གྱིས་རློབས། །ལས་ངན་


GTD005_Page_0904
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་སྒྲིབ་དག་པར་བྱིན་གྱིས་རློབས། །དག་པའི་ཞིང་དུ་སྐྱེ་བར་བྱིན་གྱིས་རློབས། །ལམ་བཟང་རྟོགས་པ་སྐྱེ་བར་བྱིན་གྱིས་རློབས། །མགོན་པོ་ཁྱོད་ཀྱི་ཐུགས་དང་བདག་གི་ཡིད། །དབྱེར་མེད་གཅིག་ཏུ་འདྲེ་བར་བྱིན་གྱིས་རློབས། །ཞེས་མགོན་པོ་འོད་དཔག་མེད་ཀྱི་ཐུགས་ཀར་འཕོས་པའི་དམིགས་པ་བྱ་ཞིང་གཙོ་བོར་བློ་ལིངས་ཀྱིས་བཀལ་བའི་མོས་གུས་ཤུགས་དྲག་པོ་སྦྱོང་བ་གལ་ཆེའོ། །མཇུག་ཏུའང་བསྔོ་སྨོན་སོགས་ཀྱིས་མཚམས་སྦྱོར་ཅི་རིགས་བྱ། ཞེས་པ་འདི་ནི་དད་བརྩོན་བློ་དང་ལྡན་པ་རབ་འབྱམས་པ་ཆོས་རྒྱ་མཚོས་བསྐུལ་ངོར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། །།༈ ན་མོ་མཉྫུ་ཤྲི་ཡི། འཇམ་དབྱངས་ཀུན་གཟིགས་ལ་བརྟེན་པའི་འཕོ་བ་ཉམས་སུ་ལེན་པར་འདོད་པའི་གང་ཟག་གིས་དཀོན་མཆོག་བརྩེགས་པའི་ཆོས་ཀྱི་རྣམ་གྲངས་ཀུན་གཟིགས་ཀྱི་ཞིང་གི་བཀོད་པའི་མདོ་ལས་གསུངས་པ་ལྟར། ལྷོ་ཕྱོགས་སུ་དེའི་ཞིང་ཁམས་སྨོན་ལམ་ཇི་ལྟ་བ་བཞིན་དུ་ཡོངས་སུ་རྫོགས་ཤིང་དག་ལ་རྡུལ་མེད་པ་ཞེས་ཟག་པ་མེད་པའི་བདེ་འབྱོར་ཕུན་སུམ་ཚོགས་པའི་ཞིང་ཁམས་ཁྱད་པར་ཅན་ཡོད་ཚུལ་ཡང་ཡང་བསམས་ནས་དེར་སྐྱེ་འདོད་ཀྱི་འདུན་པ་སྦྱོང་ཞིང་དགེ་ཚོགས་རྣམས་དེའི་རྒྱུར་བསྔོ་བ་སོགས་འཕོ་བ་གནད་དུ་འགྲོ་བའི་རྒྱུ་ཚོགས་ཚང་བར་བྱས་ལ། དེའི་ཞིང་བཀོད་ཀྱི་བྲིས་ཐང་ངམ་སྐུ་བྲིས་འབུར་ཅི་རིགས་སོགས་བཀྲམ་ནས་མཆོད་པ་ལེགས་པར་བཤམ། སྐྱབས་སེམས་སྔོན་དུ་བཏང་ལ། རབ་འབྱམས་རྒྱལ་བའི་དམིགས་མེད་ཡེ་ཤེས་མཆོག །མ་དག་འཁྲུལ་བའི་དྲི་མ་ཀུན་དག་ཅིང། །དངོས་འཛིན་རྡུལ་བྲལ་ཞིང་མཆོག་དམ་པ་ནས། །རྗེ་བཙུན་འཁོར་བཅས་འདིར་གཤེགས་བརྟན་པར་བཞུགས། །


GTD005_Page_0905
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་གསུང་སྐུ་ཡི་ཡོན་ཏན་རྗེས་དྲན་ནས། །གུས་པས་ཕྱག་འཚལ་མཆོད་ཅིང་སྡིག་ལྟུང་བཤགས། །དགེ་ལ་ཡི་རང་བསྐུལ་ཞིང་གསོལ་བ་འདེབས། །དགེ་ཚོགས་ཀུན་ཀྱང་བྱང་ཆུབ་ཆེན་པོར་བསྔོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇམ་དཔལ་དབྱངས་ཀུན་གཟིགས་ལ་སོགས་པ་དག་ལ་རྡུལ་མེད་པའི་ཞིང་དུ་འཚོ་ཞིང་གཞེས་པའི་བདེ་བར་གཤེགས་པ་རྒྱལ་སྲས་དཔའ་བོའི་ཚོགས་དང་བཅས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ཞེས་ལན་གང་མང་། རང་ལུས་དབུས་ཀྱི་ཨ་ཝ་དྷཱུ་ཏིའི་ནང། །སྙིང་གའི་ཐད་དུ་རང་སེམས་ཐིག་ལེའི་གཟུགས། །ཤིན་ཏུ་དཀར་འཚེར་ཡང་ཞིང་གཡོ་བ་ཡི། །རྣམ་པ་ཤིན་ཏུ་གསལ་བ་གནས་པར་གྱུར། །མ་དག་འཁོར་བའི་བཙོན་རར་ཆུད་པ་ཡི། །ཉམ་ཐག་འགྲོ་ཀུན་བདེ་ཆེན་གྲོང་ཁྱེར་དུ། །འཁྲིད་པའི་ས་མཁན་ཐར་པའི་མིག་གཅིག་པུ། །རྗེ་བཙུན་མཁྱེན་པའི་གཏེར་ལ་གསོལ་བ་འདེབས། །དེང་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར། །ཁྱོད་མིན་སྐྱབས་གཞན་མེད་དོ་བརྩེར་དགོངས་ཏེ། །བྱིན་རླབས་ཐུགས་རྗེའི་ཕྱག་གིས་བཟུང་དུ་གསོལ། །གནས་ངན་འཁོར་བའི་འདམ་ལས་དྲང་དུ་གསོལ། །སྡུག་བསྔལ་ལྗོན་པའི་རྩ་བ་དབྱུང་དུ་གསོལ། །མི་བཟད་ལས་ཀྱི་ལྕགས་སྒྲོག་གཅད་དུ་གསོལ། །མ་རིག་ཉོན་མོངས་མུན་པ་བསལ་དུ་གསོལ། །ཡང་དག་ལམ་གྱི་རྟོགས་པ་སྐྱེད་དུ་གསོལ། །ཁྱོད་ཀྱི་ཞིང་ཁམས་མཆོག་དེར་དྲང་དུ་གསོལ། །མཆོག་ཐུན་


GTD005_Page_0906
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་མ་ལུས་སྩལ་དུ་གསོལ། །རེ་ས་གཞན་ན་མེད་ན་ཐུགས་རྗེས་གཟིགས། །མགོན་སྐྱབས་གཞན་ན་མེད་དོ་བྱིན་གྱིས་རློབས། །ཞེས་གསོལ་འདེབས་ཀྱི་ཚིགས་བཅད་རྣམས་ལན་གསུམ་མམ་བདུན་སོགས་བརྗོད། དེ་ལྟར་གསོལ་བ་བཏབ་པས་མཁྱེན་གཏེར་མཆོག །སྤྱི་བོར་བྱོན་ནས་རིགས་བདག་ཚུལ་བཞུགས་པའི། །ཐུགས་ཀའི་ཐད་དུ་མཁྱེན་རབ་དྷཱིཿ ཡིག་གཟུགས། །རབ་འབར་འོད་ཀྱི་དྲ་བས་འཁྱུད་པ་ལས། །སྤྲོས་པའི་འོད་ཀྱི་ལྕགས་ཀྱུས་རང་སེམས་ལ། །རེག་པས་དེ་ཡི་ཐུགས་ཀར་དྲངས་པར་གྱུར། །བར་བསམ་ཞིང་ཧིཀ་དང་། ཕྱིར་རང་གནས་སུ་ཕབ་པར་མོས་ནས་ཀ་ཞེས་སྤེལ་མར་བརྗོད། མཐར་སྤྱི་བོའི་འཇམ་མགོན་མར་ཕེབས་ཏེ་རང་སེམས་དང་འདྲེས་པར་བསམས་ལ། འཇམ་དཔལ་དཔའ་བོས་སོགས་སྨོན་ལས་ཀྱིས་མཚམས་སྦྱར་བར་བྱའོ། །ཞེས་པ་འདིའང་ད་ཚང་ལྷུན་གྲུབ་གླིང་ནས་རྣམ་དཔྱོད་ཡངས་པ་བྱམས་ཁང་བླ་མས་བསྐུལ་ངོར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་སྦྱར་བའི་ཡི་གེ་པ་ནི་སྔགས་རམས་པ་དཀོན་མཆོག་ཀུན་དགའོ། །༈ ན་མོ་ཨཱརྱ་ལོ་ཀེ་ཤྭ་རཱ་ཡ། འདིར་རྒྱལ་བ་ཀུན་གྱི་སྙིང་རྗེའི་རང་གཟུགས་འཕགས་པ་ཐུགས་རྗེ་ཆེན་པོ་ལ་བརྟེན་པའི་ཟབ་ལམ་འཕོ་བའི་མན་ངག་གི་སྒོ་ནས་དག་པའི་ཞིང་དུ་བགྲོད་པར་འདོད་པ་རྣམས་ཀྱིས་ཚེ་འདིའི་གཉེན་ཉེ་དུ་ལུས་ལོངས་སྤྱོད་སོགས་ལ་ཞེན་པའི་འདི་སྣང་གི་འཆིང་བ་མཐའ་དག་བཙན་ཐབས་སུ་བཅད་དེ། འཕགས་མཆོག་ཕྱག་ན་པདྨ་ཡི་དམ་གྱི་ལྷའི་གཙོ་བོར་བཟུང་ནས་རྒྱུན་གྱི་བསྙེན་སྒྲུབ་ལ་བརྩོན་པ་དང་། ལྷག་པར་ཚོགས་བསགས་སྒྲིབ་སྦྱང་གི་གནད་འདུས་པ་བྱིན་རླབས་ཀྱི་གཏེར་ཆེན་པོ་སྨྱུང་བར་གནས་པའི་ཆོ་ག་སོགས་ལ་ཆིག་དྲིལ་དུ་བརྩོན་ཞིང། དེས་མཚོན་པའི་དུས་གསུམ་


GTD005_Page_0907
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དགེ་ཚོགས་མཐའ་དག་ཀྱང་བདག་དང་ཕ་མ་རིགས་དྲུག་གི་སེམས་ཅན་ཐམས་ཅད་འཕགས་པ་ཐུགས་རྗེ་ཆེན་པོའི་ཞབས་དྲུང་དུ་སྐྱེ་བའི་རྒྱུར་བསྔོ་བ་སོགས་འཕོ་བ་འབྱོངས་པའི་རྒྱུ་ཚོགས་རྣམས་སྒོ་དུ་མ་ནས་བསྒྲུབས་ཏེ། དངོས་གཞི་ལ་སྐྱབས་སེམས་སྔོན་དུ་བཏང་སྟེ་ཚིག་དོན་དྲན་བཞིན་པའི་སྒོ་ནས། རི་པོ་ཏ་ལ་ཡི་རྩེ་མོ་ནས། །ལྷ་གངས་རིའི་མགོན་པོ་སྤྱན་རས་གཟིགས། །མ་མགོན་མེད་འགྲོ་བའི་མགོན་གཅིག་ཁྱོད། །ཐུགས་བརྩེ་བ་ཆེན་པོས་གནས་འདིར་གཤེགས། །ཞེས་སྤྱན་དྲངས། མདུན་མཁའ་ལ་པད་དཀར་ཟླ་བའི་སྟེང་། །སྐུའི་སྣང་བ་མི་འགྱུར་བརྟན་པར་བཞུགས། །ཡིད་སྒོ་གསུམ་གུས་པས་ཕྱག་དང་བཅས། །དཔལ་ཀུན་བཟང་མཆོད་པའི་སྤྲིན་གྱིས་མཆོད། །སྡིག་ཉེས་ལྟུང་གང་བགྱིས་མཐོལ་ལོ་བཤགས། །ལས་རྣམ་དཀར་དགེ་ལ་རྗེས་ཡི་རང་། །ཆོས་ཟབ་རྒྱས་འཁོར་ལོ་བསྐོར་བར་བསྐུལ། །དགེ་མཐའ་དག་བྱང་ཆུབ་མཆོག་ཏུ་བསྔོ། །ཞེས་ཡན་ལག་བདུན་པ་དབུལ། ལུས་ཤེལ་གྱི་ཕྲུ་མ་བུས་པ་ལྟར། །ཆེས་དྭངས་ཤིང་གསལ་བའི་དབུས་ཀྱི་ཆར། །རྩ་དབུ་མ་སྨད་ཕྲ་སྟོད་སྦོམ་པ། །རྩའི་མར་སྣེ་ལྟེ་འོག་སོར་གསུམ་ཙམ། །ཡེ་ཚངས་པའི་བུ་ག་ཐལ་གྱིས་ཕྱེ། །དབུས་ཆོས་ཀྱི་འཁོར་ལོའི་ཐད་དྲང་དུ། །ཆེས་ཕྲ་བ་གཉུག་མའི་སེམས་ཀྱི་དངོས། །མདངས་དཀར་ལ་དམར་བའི་འོད་ཆགས་པ། །གསལ་འཚེར་ཞིང་འཕར་ལ་ཁད་པ་ཡིས། །འོད་ཐིག་ལེའི་གཟུགས་སུ་གནས་པར་གྱུར། །ཅེས་རྩ་དང་ཐིག་ལེ་གསལ་གདབ། དེའང་རྣམ་ཤེས་ཀྱི་ངོ་བོ་ཐིག་ལེ་དེ་ཉིད་འཕེན་བྱ་དང་། རང་ཉིད་འཕེན་པ་པོ་ལྟ་བུའི་


GTD005_Page_0908
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོ་བར་བསམས་ནས་ཇི་ཙམ་སྦྱང་ཡང་འཕོ་བ་གནད་དུ་མི་འགྲོ་བར་གསུངས་པས་རྩ་དབུ་མའི་ནང་དེར་ལམ་གྱི་འདུ་ཤེས་དང་། རང་དང་ཕྲ་བའི་རླུང་སེམས་ཀྱི་ངོ་བོ་ཐིག་ལེ་གཉིས་དབྱེར་མི་ཕྱེད་པའི་ཚུལ་གྱིས་དེར་འགྲོ་བ་པོར་མོས་པ་ཤིན་ཏུ་གནད་ཆེའོ། །དེ་ནས་ཡང་མདུན་གྱི་མགོན་པོ་སྤྱན་རས་གཟིགས་ལ་དམིགས་པའི་དད་པ་ཤུགས་དྲག་པོ་དང་བཅས། ལྷ་སྐྱབས་གསུམ་འདུས་པའི་ངོ་བོ་ཉིད། །རྗེ་དྲིན་ཅན་རྩ་བའི་བླ་མ་དང་། །དབྱེར་མེད་པ་འཕགས་མཆོག་ཐུགས་རྗེའི་གཏེར། །བུ་ཉམ་ཐག་འགྲོ་བའི་མགོན་མཛོད་ཅིག །ཅེས་གསོལ་བ་གདབ། ཚུལ་དེ་ལྟར་གསོལ་བ་བཏབ་པ་ཡིས། །མདུན་མཁའ་ལ་བཞུགས་པའི་སྤྱན་རས་གཟིགས། །ཚུར་བྱོན་ནས་རིགས་བདག་ཚུལ་བཞུགས་པའི། །སྐུའི་དཀྱིལ་དུ་དབུ་མ་སྟོད་ཕྲ་ཞིང་། །སྨད་ཡངས་པ་རང་གི་ཚངས་བུག་དང། །དབྱེར་མེད་པར་སྦྱར་བའི་ཡར་སྣེའི་ནང། །ཐུགས་གཉིས་སུ་མེད་པའི་ཡེ་ཤེས་དངོས། །ཧྲཱིཿ དཀར་ཞིང་གསལ་བས་མཚན་པར་གྱུར། །ཅེས་བརྗོད་ལ་མགོན་པོ་སྤྱན་རས་གཟིགས་རང་གི་སྤྱི་བོར་བྱོན་ནས་བཞུགས་པའི་དྷཱུ་ཏཱིའི་ཡར་སྣེའི་ནང་གི་ཟག་མེད་ཡེ་ཤེས་ཀྱི་ངོ་བོ་ཧྲཱིཿ ཡིག་དེ་ཉིད་རང་གི་དབུ་མའི་ལམ་ནས་ཡར་བལྟས་ཏེ་མཐོང་བས་རང་ཉིད་ཀྱང་དེར་འཕོ་འདོད་ཀྱི་འདུན་པ་ཤུགས་དྲག་པོ་བསྐྱེད་ལ་སླར་ཡང་ཕུར་ཚུགས་སུ་གསོལ་བ་གདབ་པ་ནི། རྣམ་འདྲེན་རྒྱལ་བ་ཀུན་གྱི་ཐུགས་རྗེའི་གཏེར། །རྒྱལ་སྲས་ཕྱག་ན་པདྨ་སྙིང་རྗེའི་ལྷ། །ཆེར་སྙིགས་ལྔ་བདོ་གདུལ་དཀའི་འགྲོ་བ་རྣམས། །སྒྲོལ་བའི་ཐུགས་བསྐྱེད་དམ་བཅའ་ཉེར་དགོངས་ཏེ། །སྲིད་ཞིའི་རྒུད་པ་ཀུན་ལས་བསྐྱབ་ཏུ་


GTD005_Page_0909
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །འཁྲུལ་སྣང་བར་དོའི་འཇིགས་སྐྲག་བསལ་དུ་གསོལ། །བཟོད་དཀའ་ངན་འགྲོའི་གཡང་ལས་བསྒྲལ་དུ་གསོལ། །འདི་སྣང་ཞེན་པའི་འཆིང་བ་གཅད་དུ་གསོལ། །ཞིང་མཆོག་པོ་ཏ་ལ་རུ་དྲང་དུ་གསོལ། །བྱང་ཆུབ་བར་དུ་རྗེས་སུ་གཟུང་དུ་གསོལ། །གསོལ་བ་འདེབས་སོ་མགོན་པོ་སྤྱན་རས་གཟིགས། །བྱིན་གྱིས་རློབས་ཤིག་བླ་མ་ལྷག་པའི་ལྷ། །ཞེས་ལན་གསུམ་བརྗོད། དེ་ནས་སྟེང་གི་ཧྲཱིཿ ཡིག་ལས་འོད་ཟེར་ཐུར་དུ་འཕྲོས་པས་རང་སེམས་ཐིག་ལེའི་རྣམ་པ་དེ་ཉིད་ཉ་ལ་ལྕགས་ཀྱུས་བཏབ་པ་བཞིན་དུ་ཡར་དྲངས་ཤིང་འོག་རླུང་དྲག་ཏུ་འཐེན་པའི་ཤུགས་ཀྱིས་གྱེན་དུ་འཕངས་པའི་དམིགས་པ་དང་བཅས་ངག་ཏུ་ཧིཀ་ཅེས་བརྗོད། སླར་ཡང་ཀ་ཞེས་བརྗོད་པས་རང་གནས་སུ་དབབ་པ་ལན་གསུམ་སོགས་སུ་བྱ་ལ། འཆི་ཁའི་ཉམས་ལེན་ནམ། གཤིན་པོ་ལྟ་བུའི་དོན་དུ་ཡིན་ན་ཧིཀ་ལན་གསུམ་གྱི་མཐར། ཕཊ་ཅེས་བརྗོད་པས་མགོན་པོ་སྤྱན་རས་གཟིགས་དེ་ཉིད་པོ་ཏ་ལར་རྒྱངས་ཏེ་བྱོན་པའི་ཐུགས་ཀ་ནས་རྣམ་པར་ཤེས་པ་ཕྱིར་ཐོན་པདྨའི་སྦུབས་སུ་ཡིད་ལུས་བླངས་ནས་དེའི་གསུང་གི་བདུད་རྩི་ལ་ལོངས་སྤྱད་པའི་དམིགས་པ་བྱའོ། །དེའང་འཕོ་བ་སྦྱངས་པའི་སྐབས་རྣམས་སུ་སྤྱི་བོའི་ལྷག་པའི་ལྷ་དེ་ཉིད་འོད་དུ་ཞུ་བའི་བདུད་རྩི་གསེར་ཞུན་མ་ལྟ་བུས་ཚངས་བུག་ཆིལ་གྱིས་བཀག་པར་མོས་ན་ཚེ་སྒྲུབ་ཏུ་འགྱུར་ཞིང་བྱིན་རླབས་ཀྱི་འཇུག་པ་མྱུར་བའི་དགོས་པ་ཡོད་དོ། །དེ་ནས། ཚུལ་འདི་ལྟར་འབད་པའི་དགེ་ཚོགས་དང་། །གཟུངས་ཡི་གེ་དྲུག་མའི་བྱིན་རླབས་ཀྱིས། །ཞིང་ཁྱད་འཕགས་པོ་ཏ་ལར་སྐྱེས་ནས། །ལྷ་ཐུགས་རྗེ་ཆེན་པོའི་ཞལ་མཐོང་ཤོག །ཅེས་དང་། རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །པདྨོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །འཕགས་མཆོག་


GTD005_Page_0910
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་རས་གཟིགས་ཀྱིས་མངོན་སུམ་དུ། །ལུང་བསྟན་པ་ཡང་བདག་གིས་དེར་ཐོབ་ཤོག །ཅེས་སོགས་བསྔོ་སྨོན་གྱི་མཚམས་སྦྱོར་བྱའོ། །དེ་ལྟར་འཕགས་པ་ཐུགས་རྗེ་ཆེན་པོ་དང་འབྲེལ་བའི་འཕོ་བ་བྱེད་ཚུལ་འདི་ནི། སྨྱུང་གནས་སོགས་ཀྱི་སྒོ་ནས་དལ་འབྱོར་དོན་ལྡན་དུ་སྒྲུབ་པའི་ཐབས་ལ་བརྩོན་པའི་རི་ཁྲོད་པ་དགེ་སློང་ངག་དབང་རྒྱལ་མཚན་དང་དགེ་སློང་བློ་བཟང་དར་རྒྱས་གཉིས་ཀྱིས་བསྐུལ་ངོར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་ཀྱོའུ་ཀྱའི་གཞི་ཁར་བྲིས་པའོ།། །