cover

ཞེ་ཆེན་དབོན་སྤྲུལ་གསུང་འབུམ་པོད་དང་པོ།

གླེགས་བམ། ཨོཾ༽

འགྱུར་མེད་མཐུ་སྟོབས་རྣམ་རྒྱལ།

Nitartha international

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

ཞེ་ཆེན་མ་ཧཱ་པཎྜི་ཏ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་གྱི་གསུང་འབུམ་ལེགས་བཤད་ནོར་བུའི་མཛོད་ཁང་།


GTN001_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

༄༅།།སུ་བྷ་ཥི་ཏཾ་མ་ཎ་ཡཀོ་ཥཔྲ་སཱ་ད་ནཱ་མ་མ་ཧཱ་པཎྜི་ཏཱཀྵ་རཔྲ་བྷ་བ་བི་ཛ་ཡ་ཝཱཀླ་ཀྟཾ་མ་ཧཱ་པྲ་ཏཱི་ཤ་བི་ཧ་ར་ཏིསྨ།
༄༅། །ཞེ་ཆེན་མ་ཧཱ་པཎྜི་ཏ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་གྱི་གསུང་འབུམ་ལེགས་བཤད་ནོར་བུའི་མཛོད་ཁང་ཞེས་བྱ་བ་བཞུགས་སོ།།
དཔལ་རྒྱལ་བ་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་།


GTN001_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་སྔགས་ལུང་རྟོགས་བསྟན་པ་གཉིས་ལྡན་ཆེ། །བཤད་དང་སྒྲུབ་པས་དར་ཞིང་རྒྱས་མཛད་པའི། །བསླབ་གསུམ་ངུར་སྨྲིག་འཆང་བའི་ཆོས་སྡེ་འདིའི། །འཕྲིན་ལས་གླིང་བཞི་ཡོངས་ལ་ཁྱབ་པར་ཤོག །༧ རྒྱལ་དབང་བདུན་པ་སྐལ་བཟང་རྒྱ་མཚོས།
ལེགས་བཤད་ཉི་ཟླའི་སྣང་བས་འཛམ་གླིང་ཁྱོན། །ཀུན་ཏུ་རབ་ཁྱབ་བཀྲ་ཤིས་དཔལ་འབར་ཞིང་། །བཤད་སྒྲུབ་པདྨའི་དགའ་ཚལ་རབ་རྒྱས་པ། །རྟག་ཏུ་མི་ཉམས་གོང་ནས་གོང་འཕེལ་ཤོག །
༧ ཀུན་མཁྱེན་མི་ཕམ་རྒྱ་མཚོས།


GTN001_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་ཞེ་ཆེན་མ་ཧཱ་པཎྜི་ཏ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་ལ་ན་མོ།
ལྷ་རིས་པ་ཕུར་བུ་ཚེ་རིང་།


GTN001_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཇི་སྐད་དུ། འཇམ་མགོན་མི་ཕམ་ཕྱོགས་ལས་རྣམ་རྒྱལ་གྱི་ཞལ་སྔ་ནས། ཐུན་མོང་ཐུན་མིན་གཞུང་ཀུན་རང་དབང་གིས། །མ་ནོར་བསྒྱུར་ཞུས་གཏན་ལ་ཕབ་པ་ཡིས། །གངས་ལྗོངས་སྣང་བའི་སྒོ་ཆེན་ཐོག་མར་ཕྱེས། །ཞེས་གསུངས་པ་ལྟར། མཁན་སློབ་ཆོས་རྒྱལ་སྤྲུལ་པའི་ལོ་པཎ་རྣམས་ཀྱི་སྐུ་དྲིན་ལ་བརྟེན་ནས་གངས་ལྗོངས་མུན་པའི་གླིང་དུ་ཐུབ་བསྟན་མདོ་སྔགས་ཟུང་དུ་འབྲེལ་བའི་བཀའ་སྲོལ་གྱི་སྒོ་ཆེན་ཐོག་མ་ཉིད་དུ་འབྱེད་པར་མཛད་པའི་རིང་ལུགས་དྲི་མ་མེད་པ་འདི་ཉིད་ལ་སྔ་འགྱུར་རྙིང་མ་ཞེས་ས་ཆེན་པོའི་ཁྱོན་འདིར་ཡོངས་སུ་གྲགས་པ་ཡིན་ལ། དེའི་རིང་ལུགས་འཛིན་པའི་བསྟན་འཛིན་གྱི་སྐྱེས་བུ་མཁས་གྲུབ་གཉིས་ལྡན་ནམ་མཁའི་སྐར་ཚོགས་ཀྱི་གྲངས་ལ་འགྲན་པ་བྱོན་ཅིང་། ཐོས་བསམ་སྒོམ་གསུམ་གྱིས་རྒྱལ་བསྟན་འཛིན་སྐྱོང་སྤེལ་བའི་བསྟི་གནས་ཆོས་སྡེ་གྲངས་ལས་འདས་པ་ཕྱག་བཏབ་པའི་བྱེ་བྲག སྟོད་ན་རྡོར་སྨིན་གཉིས། བར་ན་ཞེ་རྫོགས་གཉིས། སྨད་ན་ཀཿདཔལ་གཉིས་ཞེས་སྔ་འགྱུར་རྙིང་མའི་གདན་ས་ཆེན་པོ་དྲུག་ཏུ་གྲགས་པའི་ཡ་གྱལ། དཔལ་རྒྱལ་བ་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་ཞེས་སྔ་འགྱུར་བཀའ་གཏེར་ཆོས་ཀྱི་རྒྱ་མཚོ་འཛིན་སྐྱོང་སྤེལ་གསུམ་གྱི་ཕྱག་རྗེས་ཀྱི་རེ་ཁཱ་ཆེས་ཆེར་བཀྲ་བར། ཞེ་ཆེན་རབ་འབྱམས་སྐུ་ཕྲེང་གོང་འོག་གིས་གཙོས་པའི་བསྟན་འཛིན་གྱི་སྐྱེས་བུ་མང་དུ་བྱོན་ཅིང་དེ་དག་གི་གསུང་རྩོམ་མང་དུ་བཞུགས་ཡོད་ཀྱང་། དུས་འགྱུར་གྱི་དབང་གིས་མཁས་གྲུབ་གོང་མའི་གསུང་ཕལ་ཆེ་བ་མིང་གི་ལྷག་མ་ཙམ་དུ་གྱུར་བའི་སྐབས་འདིར། ཁམས་ཞེ་ཆེན་དགོན་གྱི་མཁན་སྤྲུལ་རྣམས་ནས་རེ་སྐུལ་གནང་བ་བཞིན། རྒྱལ་བསྟན་སྤྱི་དང་བྱེ་བྲག་ལ་ལྷག་བསམ་རྣམ་པར་དཀར་བ་གཤང་ནག་དགོན་གྱི་མཁན་པོ་སྐལ་བཟང་རྡོ་རྗེ་མཆོག་ནས་བོད་ཡུལ་གྱི་ས་གནས་གང་སར་ཁ་འཐོར་ནས་བཞུགས་ཡོད་པའི་གསུང་རྣམས་སྐུ་ངལ་འཛེམས་མེད་ཀྱིས་འཚོལ་སྡུད་གནང་སྟེ་གང་རྙེད་ཡོངས་རྫོགས་ཕྱོགས་སྒྲིག་གནང་ནས། སྔ་འགྱུར་རྒྱལ་བ་ཞེ་ཆེན་པའི་དཔེ་ཚོགས་ཞེས་པའི་དེབ་ཕྲེང་པར་སྐྲུན་ཞུ་རྒྱུའི་ཁོངས། ཞེ་ཆེན་དབོན་སྤྲུལ་སྐུ་ཕྲེང་ལྔ་པ་འགྱུར་མེད་གཞན་ཕན་འོད་ཟེར་མཆོག་ནས་ཞེ་ཆེན་དབོན་སྤྲུལ་སྐུ་ཕྲེང་དང་པོ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་གྱི་གསུང་ཇི་རྙེད་པར་སྐྲུན་ཞུ་རྒྱུར་དཔལ་འབྱོར་གྱི་མཐུན་རྐྱེན་སྦྱར་གནང་བར་ཡི་རངས་བསྔགས་བརྗོད་ཞུ་བ་དང་ཆབས་ཅིག གསུང་རབ་དེ་དག་གླེགས་བམ་གྱི་རྣམ་པ་ཙམ་དུ་མ་བཞག་པར་ནང་དོན་ཐོས་བསམ་སྒོམ་པས་འཛིན་སྐྱོང་སྤེལ་གསུམ་གནང་རྒྱུར་འབྲེལ་ཡོད་ཚང་མས་དགོངས་འཇགས་ཡོད་པར་ཞུ།
ཞེ་ཆེན་རབ་འབྱམས་བདུན་པའི་མཚན་འཛིན་འགྱུར་མེད་བཤད་སྒྲུབ་ཆོས་ཀྱི་སེང་གེས། རབ་བྱུང་བཅུ་བདུན་པའི་ ས་ཕོ་ཁྱི་ལོའི་ཟླ་༢ ཚེས་༡༠ བཟང་པོར།།


GTN001_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

༼ཨོཾ་དུམ་པ།༽
༄༅། །མདོ་སྔགས་རྒྱུད་སྡེ་རབ་འབྱམས་ཀྱི་གོ་དོན་དཀའ་གནད་ལྷུག་བཀྲོལ་གྱི་བཤད་པ་རྒྱུན་གྱི་ཉམས་ལེན་ཉེར་མཁོ་སྣ་ཚོགས་བཏུས་པ་སྦྲང་ཆུང་རྩི་བཅུད་ཅེས་བྱ་བ་བཞུགས་སོ། །
༼སྟོད་ཆ།༽
གསང་ཆེན་སྔ་འགྱུར་པའི་ཆོས་སྡེ་ཆེན་པོ་དཔལ་རྒྱལ་བ་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་གི་དཔེ་ཚོགས།


GTN001_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

༧ སྔ་འགྱུར་རྒྱལ་བ་ཞེ་ཆེན་པའི་དམ་པ་རྣམས་ཀྱི་གསུང་རབ་བྱུང་བའི་དཔེ་ཚོགས།
1 རྗེ་རབ་འབྱམས་གཉིས་པ་འགྱུར་མེད་ཀུན་བཟང་རྣམ་རྒྱལ་གྱི་གསུང་ཆོས་པོད་དགུ།
2 མཁས་དབང་ཞེ་དྲུང་པདྨ་རྣམ་དག་གི་གསུང་ཆོས་པོད་གཉིས།
3 པདྨའི་ཐུགས་སྲས་རྒྱལ་ཚབ་བསྟན་འཛིན་ཆོས་རྒྱལ་གྱི་གསུང་ཆོས་པོད་གཅིག
4 མཁས་བཙུན་བཟང་པོ་བླ་མ་འཇིགས་མེད་བློ་གསལ་འོད་ཟེར་གྱི་གསུང་ཆོས།
5 ལྔ་རིག་སྨྲ་བ་གྲུབ་དབང་དབང་ཆེན་འབུམ་གྱི་གསུང་ཆོས་པོད་གཉིས།
6 གྲུབ་ཆེན་ཤེས་རབ་ཡར་འཕེལ་གྱི་གསུང་ཆོས་པོད་གསུམ།
7 མ་ཧཱ་པཎྜི་ཏ་དབོན་སྤྲུལ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་གྱི་གསུང་ཆོས་པོད་བདུན།
8 གྲུབ་ཆེན་བླ་མ་རྟ་མགྲིན་དབང་ཆེན་གྱི་གསུང་ཆོས།
9 རྗེ་རབ་འབྱམས་བཞི་པ་གར་དབང་ཆོས་ཀྱི་རྒྱལ་མཚན་གྱི་གསུང་ཆོས།
10 མཁས་གྲུབ་གཉིས་ལྡན་ཨ་གྲོ་སྒྲ་རམས་པ་འགྱུར་མེད་རྣམ་རྒྱལ་གྱི་གསུང་ཆོས་པོད་གཅིག
11 འཇམ་མགོན་མི་ཕམ་ཕྱོགས་ལས་རྣམ་རྒྱལ་གྱི་གསུང་ཆོས་པོད་སོ་གཉིས།
12 མཁས་གྲུབ་དབང་ཕྱུག་རྒྱལ་ཚབ་འགྱུར་མེད་པདྨ་རྣམ་རྒྱལ་གྱི་གསུང་ཆོས་པོད་བཅུ་གསུམ།
13 རྗེ་རབ་འབྱམས་དྲུག་པ་སྣང་མཛད་གྲུབ་པའི་རྡོ་རྗེའི་གསུང་ཆོས།
14 འཇམ་མགོན་ཀོང་སྤྲུལ་པདྨ་དྲི་མེད་ལེགས་པའི་བློ་གྲོས་ཀྱི་གསུང་ཆོས་པོད་གཉིས།
15 གྲུབ་བརྙེས་ཀྱི་རིག་འཛིན་ཆེན་པོ་མཁས་དབང་གང་ཤར་དབང་པོའི་གསུང་ཆོས་པོད་གཅིག
16 རྟོགས་པའི་དབང་ཕྱུག་བླ་མ་པདྨ་འོད་གསལ་གྱི་གསུང་ཆོས་པོད་གཅིག
17 གྲུབ་དབང་བླ་མ་དགེ་ལེགས་འཕེལ་རྒྱས་ཀྱི་གསུང་ཆོས་པོད་གཅིག
18 འཇམ་མགོན་མཁྱེན་བརྩེ་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱི་གསུང་ཆོས་པོད་ཉེར་ལྔ།
19 རྗེ་རབ་འབྱམས་བདུན་པ་འགྱུར་མེད་ཆོས་ཀྱི་སེངྒེའི་གསུང་ཆོས།

དག་སྒྲིག་གསལ་བཤད།


GTN001_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་མེས་གོང་མ་རྣམས་ཀྱི་བཀའ་དྲིན་ལས་ཕན་བདེ་འབྱུང་གནས་ཐུབ་བསྟན་མདོ་སྔགས་རིག་གནས་དང་བཅས་པའི་གཙུག་ལག་སྐར་ཚོགས་ཀྱི་གྲངས་དང་མཉམ་པ་རྣམས་སྤྱི་མཐུན་གྱི་བསོད་ནམས་ཀྱིས་མ་ཐེག་པ་དུས་འགྱུར་ནང་མི་ཉུང་བ་ཞིག་གཏོར་བརླག་སོང་ན་ཡང་། བསྟན་བ་ཡང་དར་གྱི་དུས་འདིར་སླར་ཡང་གོ་སྐབས་བཟང་པོ་དང་བསྟུན་ཕྱོགས་ཡོངས་ནས་ཉམས་པ་སླར་གསོ་ཡི་གནས་ལ་འབད་བཞིན་བའི་སྐབས་འདིར། མདོ་སྔགས་བསྟན་པ་རྒྱ་མཚོའི་འབྱུང་གནས་མ་དགོན་ཆེན་མོ་སྔ་འགྱུར་རྒྱལ་བ་ཞེ་ཆེན་པའི་བསྟན་པ་འཛིན་པའི་སྐྱེས་ཆེན་སྐྱབས་མགོན་ཉི་ཟླ་རྣམ་གཉིས། ཟླ་བྲལ་གྱི་པཎ་གྲུབ་རྣམ་གཉིས། མཚུངས་མེད་འཇམ་མགོན་རྣམ་གསུམ། རིག་འཛིན་གྲུབ་དབང་རྣམ་གསུམ། ཉེ་གནས་མཁས་དབང་རྣམ་གཉིས་སོགས་མཁས་གྲུབ་གཉིས་ལྡན་སྔོན་བྱོན་གྱི་སྐྱེས་བུ་དམ་པ་མི་ཉུང་བ་ཞིག་གི་གསུང་རབ་རྣམས། ཤེས་འཇོན་ནུས་གསུམ་ལྡན་པའི་དགོན་འདིའི་མཁན་སྤྲུལ་རྣམ་པས། ཕ་ནོར་བུས་བདག་གི་དཔེ་ལྟར་ཐུགས་ཁུར་ཆེ་བཞེས་ཐོག་དཔེ་སྐྲུན་གྱི་མཛད་པ་སྐྱོང་བཞིན་པ་ལས།
སྐབས་འདིར་ཟླ་བྲལ་གྱི་བཎ་གྲུབ་རྣམ་གཉིམ་གྱི་ཡ་གྱལ་ཏེ། གནམ་གྱིས་ས་ཁེབས་པ་ལྟ་བུའི་སློབ་ཚོགས་གསེར་རིའི་ཕྲེང་བ་ལྟ་བུ་རྣམས་ཀྱི་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག །མདོ་སྔགས་ཆོས་རིག་རྒྱ་མཚོའི་འབྱུང་གནས་ཞེ་ཆེན་མ་ཧཱ་པཎྜི་ཏ་དབོན་སྤྲུལ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་དཔལ་བཟང་པོ་གང་གི་གསུང་འབུམ་ཡང་གདན་ས་འདི་ག་ནས་དབྱངས་ཡིག་པོད་གཅིག་ཙམ་ལས་གཞན་དག་དུས་འགྱུར་གྱིས་


GTN001_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ཟིན་ན་ཡང་། རྗེ་ཉིད་ཀྱི་ཕྲིན་ལས་ལ་དུས་ལས་ཡོལ་པ་མེད་སྟབས་བལ་ཡུལ་དང་མདོ་ཁམས་དག་ནས་ཆོས་ཚན་མི་ཉུང་བ་ཞིག་ཐོར་བུའི་ཚུལ་དུ་མ་ཉམས་པ་བཞུགས་ཡོད་པ་རྣམས་མཁན་པོ་སྐལ་བཟང་རྡོ་རྗེས་དེ་དག་ཕལ་ཆེར་འཚོལ་སྡུད་མཛད་ཅིང་། གཞན་ཡང་ཕྱོགས་གང་ཐད་ནས་མ་ཕྱི་ལག་སོན་བྱུང་བ་རྣམས་ཁྱོན་བསྡོམས་པོད་ཕྲེང་བདུན་གྱི་བདག་ཉིད་ཅན་འདི་སྐྱེ་འགྲོའི་བསོད་ནམས་ཀྱི་དཔལ་དུ་སྒྲུབ་པ་པོ་ཞེ་ཆེན་དབོན་སྤྲུལ་སྐུ་ཕྲེང་ལྔ་པ་འགྱུར་མེད་གཞན་ཕན་འོད་ཟེར་མཆོག་གིས་གསུང་འབུམ་འདི་བཞེངས་བའི་ཕན་ཡོན་དང་འགན་འཁྲི་ཞིག་ཏུ་མཁྱེན་དཔྱོད་རྣམ་བར་ཡངས་བས་ལེགས་པར་གཟིགས་ནས། སྐབས་འདིའི་འཚོལ་སྡུད་ཀྱི་འགྲོ་གྲོན་ནས་བཟུང་འགྲོ་སོང་ཡོངས་དང་སྐུ་ངལ་འོ་བརྒྱལ་ཆེན་པོས་ཆོས་སྦྱིན་མི་ཟད་པའི་བསོད་ནམས་ཀྱི་རྒྱུན་སྤེལ་པའི་ཚེ། དག་སྒྲིག་བྱེད་དགོས་ཚུལ་གྱི་བཀའ་ཐེབས་པ་བཞིན་དག་སྒྲིག་ཇི་ལྟར་བགྱིས་ཚུལ་ནི། དཔེ་བསྡུར་ནན་ཏན་བྱེད་རྒྱུ་རྩ་དོན་རྒྱུན་འཁྱོངས་སུ་བྱས་ཏེ། ཐོག་མར་མཁན་སྐལ་བཟང་རྡོ་རྗེ་དང་། མཁན་ཤེས་རབ་རྡོ་རྗེ། བླ་མ་པདྨ་ནོར་བུ་གསུམ་གྱིས་དཔེ་སྡུར་འབྲུ་དེད་ལན་གསུམ། བར་དུ་དགོན་པའི་དབུ་མཛད་རྣམ་པ་སོགས་ཀྱིས་དཔེ་སྡུར་དེད་ལན་གཅིག །ཆེས་མཇུག་མཐའི་དཔེ་སྡུར་དང་བཅས་དཔེ་སྡུར་ཚར་ལྔ་གྲུབ། གཞན་ཡང་མཁན་སྐལ་བཟང་རྡོ་རྗེ་དང་མཁན་ཤེས་རབ་རྡོ་རྗེ་དཔལ་ཡུལ་མཁན་བསོད་ནམས་ཚེ་རིང་སོགས་ཀྱིས་ཞུ་དག་ཚར་གཅིག་ལྷག །རང་གིས་ཀྱང་ལན་བརྒྱད་ཙམ་ཞུས་ཁུལ་བཅས་ཁྱོན་བསྡོམས་ཚར་གྲངས་བཅུ་གསུམ་ལྷག་བསྡུར་དག་ཞུས། འདི་ལ་གང་ཅིའི་ཐད་ནས་འོལ་ཚོད་ཀྱིས་དེས་ཆོག་དང་སླ་ཆོས་སོགས་ཀྱི་དབང་དུ་མ་བཏུང་ནས། གཞན་ལ་བཀའ་འདྲི་སོགས་ཐབས་ཤེས་གང་ལེགས་འབད་ནན་གྱིས་བྱི་


GTN001_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

དོར་གྱི་ཁུར་བླངས་ཁུལ་བྱས་ན་ཡང་། དམ་པའི་གསུང་རབ་འདི་ལ་དག་སྒྲིག་པའི་སྐྱོན་གསུམ་གང་གི་རྙོག་མའི་ཆ་མཆིས་ན་བཤགས་ཡུལ་རྣམས་ཀྱི་མདུན་སར་བཟོད་གསོལ་ཞུ་བ་དང་འབྲེལ་ཡོ་བསྲང་མཛུབ་སྟོན་གྱི་དྲན་སྐུལ་གནང་རྒྱུ་སོལ་ལ་འདེབས་པ་ལགས། བཀའ་འགྱུར་གསན་ཡིག་ལས་བླ་མའི་མཚན་དང་ས་གནས་སོགས་དང་། ཆོས་ཚན་གཞན་དག་རྣམས་སུ་ཡང་དོགས་གནས་སྣང་ཡང་དེ་གར་བཞག་པ་ལས་ཇི་བཞིན་རྔོ་མི་ཐོགས། ལྷག་ཏུ་དབུ་མེད་དབུ་ཅན་དུ་ཕབ་པའི་བརྒྱུད་རིམ་ལས་ཉེས་འགལ་ཡོད་ངེས་སྙམ་པས་གཟིགས་པ་པོ་རྣམས་ལ་ཐུགས་ཕན་གསོ་བར་དམིགས་ནས་མ་ཕྱི་དཔེ་རྙིང་དག་ཕལ་ཆེར་ཟེར་སྡེར་དུ་བླུགས་ནས་གསུང་འབུམ་མཉམ་དུ་འབུལ་ལམ་ཡང་ཞུས་ཡོད།
འདིར་གསལ་བཤད་དགོས་ངེས་དག་གཤམ་དུ་གསལ།
༡༽ དཔེར་ན་རྡོ་རྗེ་ལྟ་བུའི་ཚིག་ཅིག་མ་ཕྱི་ནང་མི་གསལ་ནས་ཡིན་མིན་ཐེ་ཚོམ་མ་ཆོད་པ་རྣམས། ཚིག་དེ་དཔེར་ན་གུག་རྟགས་འདིའི་ནང་དུ་[རྡོ་རྗེ་]འདི་ལྟར་བྱས་ནས་བཀར་ཡོད། དེས་ན་མཚོན་རྟགས་འདི་ཅན་ནི་མ་ཕྱི་ནང་མི་གསལ་ནས་ཡིག་འབྲུ་དེ་ཡིན་མིན་ལ་དཔྱད་གཞི་ཅན་ཡིན།
༢༽ གཤེ༷ར་བུ༷་གཤེ༷ར་(ཤེད་བུ་ལ་ཤེད་)སྔོན་མ་གོར་ཐིག་རྟགས་ཅན་ནི་མ་ཕྱིའི་ཡིག་ནོར་དོགས་ཅན་ཉིད་སོར་བཞག་བྱས་ཏེ། ཕྱི་མ་གུག་རྟགས་ཅན་དེ་ནོར་བཅོས་ཡིག་འབྲུ་ཡིན། སྤྱིར་ཡིག་ནོར་ངེས་ཅན་རྣམས་ནོར་བཅོས་ཐད་ཀ་བྱས་པ་ལས་དེ་རིགས་གསལ་བཤད་དང་རེ་མིག་ཏུ་གུད་དུ་བཅད་པ་ནི་དགག་བྱ་ལས་དགོས་ལ་མ་མཐོང་། བཀའ་འགྱུར་གསན་ཡིག་ལས་དཔེར་ན་བླ་མ་གཅིག་གི་མཚན་ལ། བ་རི་ལོ་ཙཱ་བ། བ་རེག་ལོ་ཙཱ་བ། བ་རི་ལོ་ཙཱ་བ་འདིས་མཚོན་གཅིག་གྱུར་མེད་པ་ལ་ལ་དེ་གར་བཞག་ཡོད།


GTN001_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

༣༽ ( ) རྟགས་འདིའི་ནང་དུ་བླུག་པའི་ཚིག་རེ་ཟུང་ཡོད་པ་དེ་ནི་མ་ཕྱིའི་ནང་དུ་མེད། དེས་ན་དེ་དག་གཞུང་དཀྱུས་དང་མ་འདྲེས་པ་བྱས་ནས་ལོགས་སུ་གུགས་རྟགས་དེའི་ནང་དུ་བཀར་ཏེ་ཡོད། རྗེས་ཕྱོགས་སུ་རྗེ་འདིའི་གསུང་འབུམ་དང་ཡང་ན་ཚན་པ་དམིགས་བསལ་བ་དཔར་སྐྲུན་གནང་མཁན་བྱུང་ཚེ་སྐབས་འདིའི་དོན་ཚན་བརྒྱད་པོ་དང་འབྲེལ་བ་ཡོད་མེད་གཟིགས་ནས་དེ་ལུགས་ཞུ།
༤༽ སྐབས་ཀྱི་ལུང་དེའི་བར་ནས་ཆད་པ་གསོ་ཕྱིར་ལུང་ཁུངས་དངོས་ལས་དྲངས་ཏེ་ལུང་ཚིག་རེ་ཟུང་ལ་ཁ་གསབ་བྱས་ཡོད། དེ་དག་གཞུང་དཀྱུས་དང་མ་འདྲེས་པ་བྱས་ཏེ། དཔེར་ན་སྐབས་ཐོབ་དེར་(སྲིད་གསུམ་ཡེ་ནས་སངས་རྒྱས་ཞིང་།།)གུགས་རྟགས་འདི་ཅན་བྱས་ནས་བར་དུ་བཏགས་ཡོད།
༥༽ ལུང་ཁུངས་ནང་གི་ཚིག་དང་མ་ཕྱི་ནང་གི་ཚིག་གཉིས་གཅིག་མཚུངས་མིན་ས་རྣམས་དཔྱད་གཞིའི་ཆེད་དུ། དཔེར་ན་བད༷ག་{བ༵ག་}སྔོན་མ་གོར་ཐིག་རྟགས་ཅན་ནི་མ་ཕྱིའི་ནང་གི་ལུང་ཚིག་དེ་ལྟར་སོར་བཞག་ཡིན། ཕྱི་མ་གུག་རྟགས་ནང་གི་ཟླ་ཚེས་རྟགས་ཅན་དེ་ལུང་ཁུངས་ཀྱི་ཚིག་ཡིན། སྤྱིར་མ་ཕྱིའི་ལུང་དེ་ལུང་ཁུངས་དངོས་དང་གཤིབ་སྡུར་བྱས་ཏེ་ལ་ལ་ཡིག་ནོར་ཡིན་ངེས་རྣམས་བཅོས་ཏེ། དོགས་ཅན་རྣམས་དཔྱད་གཞི་རུ་གུག་རྟགས་སུ་བཀར་བ་ལས། རྣམ་པ་ཀུན་ཏུ་གཅིག་མཚུངས་འོང་ཐབས་བྱས་མེད། རྒྱུ་མཚན་ནི་གཞུང་གཅིག་ན་ཡང་དཔེ་མི་འདྲ་བ་དང་། ལུང་ཁུངས་ཀྱི་དཔེ་ཆ་རྣམས་དག་པོ་ཡིན་པའི་ངེས་པ་མེད། གཞུང་འདིར་ལུང་དྲངས་སྟངས་ཡང་མཐར་ཆགས་སུ་མ་དྲངས་ནས་བར་བར་ནས་དྲངས་ཏེ་ལུང་ཚིག་དཀྱུས་གཅིག་ཏུ་བྱས་པ་ཡང་འདུག་པས་སོ།།
༦༽ མ་ཕྱི་ནང་གཏན་ནས་མི་གསལ་བའི་ཚིག་གྲངས་ལྟར་གུག་རྟགས་འདིའི་ནང་དུ་ཚེགས་གྲངས་དེ་མཚུངས་སུ་བཞག་ཡོད། དཔེར་ན་(་་་་་)འདི་ལྟར་མ་ཕྱིའི་ནང་ནས་ཚིག་ལྔ་ཙམ་གཏན་ནམ་མ་གསལ་ན་དེ་སྙེད་ཚེགས་གྲངས་ལྔས་མཚོན་ཏེ་ཡོད།


GTN001_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

༧༽ མ་ཕྱི་ནང་མཛད་པ་པོའི་མཆན་གྱི་ཚུལ་དུ་ཡོད་རིགས་དང་གཞན་ཡང་གང་ལྟར་མཆན་བཏགས་ཡོད་བ་རྣམས། དཔེར་ན་གུག་རྟག་འདིའི་ནང་དུ་༼གོང་དུ་གསལ། ༽འདི་ལྟར་གཞུང་དང་མ་འདྲེས་པ་བྱས་ཏེ་བཀར་ཡོད། གུག་རྟགས་འདིར་ཡོད་རིགས་མཆན་རྣམས་ཚང་མ་མཛད་པ་པོའི་ཡིན་ཚོད་མ་རེད་སྙམ། གང་ལྟང་དཔེ་རྙིང་ནང་དུ་ཇི་ལྟར་ཡོད་པ་རྣམས་དེ་ལྟར་བཀོད་ཡོད།
༨༽ དམིགས་བསལ་གཞི་གསུམ་ཟིན་བྲིས་ཀྱི་མཆན་བཏབ་པ་རྣམས་{ }རི་མོ་འདིའི་ནང་དུ་བླུགས་ཡོད། མཚམས་འདི་ནས་མ་ཕྱི་མཁོ་སྤྲོད། དཔེ་རྙིང་འཚོལ་སྡུད། ཞུ་དག་རོགས་སྐྱོར་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་བ་དང་། གཞན་ཡང་ད་དུང་བཀའ་འབུམ་འདིར་འཁོད་མ་ཐུབ་པའི་ཆོས་ཚན་ཉེར་གཅིག་ལྷག་རྙེད་མ་སོང་བས། དེ་དག་སུ་ལ་ཡོད་ན་རྗེས་ཕྱོགས་སུ་དཔེ་གཡར་ཐུགས་ཁུར་གནང་རྒྱུ་ཡང་གསོལ་བ་འདེབས་པ་བཅས།
༢༠༢༠ལོ་ཟླ་༤ཚེས་༩ཉིན་གྲོངས་ཁྱེར་སྤོས་ལྡན་ནས་ཐུབ་བསྟན་འགྱུར་མེད་ཤེས་རབ་ཀྱིས།

ཞེ་ཆེན་མ་ཧཱ་པཎྜི་ཏ་དབོན་སྤྲུལ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་དཔལ་བཟང་པོའི་རྣམ་ཐར་མདོར་བསྡུས་བློ་གསར་ཡིད་ཀྱི་དགའ་སྟོན།

༼དང་པོ།༽ སྔོན་གྱི་སྐྱེས་རབས་དང་འབྲེལ་སྐུ་བལྟམས་ཚུལ་སོགས་ཀྱི་མཛད་པ་བསྡུས་ནས་བརྗོད་པ།


GTN001_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་ཆེན་མ་ཧཱ་པཎྜི་ཏ་དབོན་སྤྲུལ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་དཔལ་བཟང་པོའི་རྣམ་ཐར་མདོར་བསྡུས་བློ་གསར་ཡིད་ཀྱི་དགའ་སྟོན་ཞེས་བྱ་བ་བཞུགས་སོ། །དེ་ཡང་འཇམ་མགོན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ཞལ་སྔ་ནས། འཕགས་པའི་རྣམ་ཐར་འཕགས་པ་ཁོ་ནའི་ཡུལ། །ཕྱོགས་མཐོང་ཙམ་ཡང་སོ་སྐྱེས་བརྗོད་པར་དཀའ། །ཞེས་གསུངས་པ་ལྟར་འཕགས་པའི་རྣམ་ཐར་ཇི་བཞིན་སོ་སྐྱེའི་བློ་ཡིས་བརྗོད་པར་དཀའ་ན་ཡང་། གངས་ཅན་མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཞལ་ནས། རང་ཅག་གི་བླ་མ་རྡོ་རྗེ་འཆང་ཆེན་པོ་བསྟན་པ་རྒྱ་མཚོའི་གསལ་བྱེད་དུ་གྱུར་པ་ལ་རྣམ་ཐར་ཞིག་སྔ་འགྱུར་བསྟན་པའི་རྒྱན་དུ་ཅི་ནས་སྤེལ་དགོས། དེ་ཡི་མཚན་ལ་སྐལ་བཟང་མགུལ་རྒྱན་ཞེས་པ་ཐོགས། ཞེས་རྡོ་རྗེའི་ལྗགས་ཀྱིས་བསྐུལ་བ་བཞིན་གྲུབ་དབང་རྒྱལ་བ་རྫོགས་ཆེན་པའི་མཁན་པོ་རྡོ་རྗེ་རབ་བརྟན་གྱིས་མཛད་པའི་རྗེ་འདིའི་རྣམ་ཐར་སྐལ་བཟང་མགུལ་རྒྱན་དང་། གྲུབ་དབང་སྒྲ་རམས་པ་འགྱུར་མེད་རྣམ་རྒྱལ། རྒྱལ་ཚབ་པདྨ་བི་ཛ་སོགས་ཀྱི་རྗེ་འདིའི་རྣམ་ཐར་དང་། རྒྱལ་ཚབ་དང་པོའི་རྣམ་ཐར་སྐལ་བཟང་གདུང་སེལ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་རང་རྣམ་བྱུང་བ་བརྗོད་པ་ནོར་བུ་སྣ་ཚོགས་མདོག་ཅན། རྡོ་རྗེ་གཟི་བརྗིད་རྩལ་གྱི་རྣམ་ཐར་ངོ་མཚར་ཨུ་དུམྦ་རའི་དགའ་ཚལ། ཐུབ་བསྟན་རྡོ་རྗེ་བྲག་གི་ཆོས་འབྱུང་ངོ་མཚར་གཏམ་གྱི་ཕྲེང་བ། ཀཿ ཐོག་གདན་རབས་ངོ་མཚར་མུ་ཏིག་གསར་པའི་ཕྲེང་མཛེས། སྡེ་དགེའི་རྒྱལ་རབས་ལོ་རྒྱུས་སོགས་ལས་བཏུས་ཏེ་གཞུང་འདི་མཛད་པ་པོའི་རྣམ་ཐར་ཆེ་ལོང་ཙམ་ཞིག་སྤྲོ་བ་ལ།


GTN001_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

༼དང་པོ།༽ སྔོན་གྱི་སྐྱེས་རབས་དང་འབྲེལ་སྐུ་བལྟམས་ཚུལ་སོགས་ཀྱི་མཛད་པ་བསྡུས་ནས་བརྗོད་པ། དེ་ཡང་ཆོས་ཚིགས་ཀྱི་ཡུལ་དབུས་སྡེ་བཞིའི་དཔལ་གྱིས་མངོན་པར་མཐོ་བའི་སྡེ་དགེ་ཆོས་རྒྱལ་ཆེན་པོའི་མངའ་ཁོངས་མདོ་ཁམས་ལྷ་སྒང་རིང་མོའི་སའི་ཆ་འབྲོང་པ་ལྷ་སྡེ་རུ། ལུགས་གཉིས་ཀྱི་རྣམ་དཔྱོད་མཆོག་ཏུ་མངའ་བའི་ཕོ་ཏེ་གྲ་ལྔ་ནོར་བུ་དང་འབྲོང་པ་དཔོན་གྱི་སྲས་མོ་ཟི་སྨན་སྐྱིད་གཉིས་ཀྱི་སྲས་སུ། ཕྱི་ལོ་༡༧༨༧རབ་བྱུང་བཅུ་གསུམ་པའི་ལོ་རབས་ཞེ་གཅིག་མེ་མོ་ལུག་གི་ལོར་ཐུགས་ཆེན་སྙིང་པོ་ཡིག་བཅུ་གསུང་བཞིན་ངོ་མཚར་བའི་ལྟས་དང་བཅས་མཚན་དཔེའི་ཟླ་བ་གཞོན་ནུ་གསར་དུ་ཤར། དེ་དུས་རྒྱལ་ཚབ་རྡོ་རྗེ་འཆང་ལྷོ་ཁོག་ཏུ་ཕེབས་ནས་སིབ་སྤྲུལ་པདྨ་དབང་རྒྱལ་མཆོག་གི་ཡང་སྲིད་ངོས་འཛིན་དང་མཚན་གསོལ་སྐབས་རྗེ་འདི་ཡང་གསར་འཁྲུངས་ལ་བསྟན་འགྲོར་ཕན་པའི་ཉམས་རྨིས་གསལ་བར་བྱུང་ནས་ཐུགས་གཏད་དང་ཕྱག་མདུད་བསྩལ་ཏེ་ཐུགས་དགྱེས་བརྩེས་བཟུང་། དམ་པ་འདིའི་སྐྱེས་རབས་ནི། སྤྲུལ་གཞི་སྤྲེལ་སྒོམ་བྱང་ཆུབ་སེམས་དཔའ་དང་། ཐོན་མི་སམ་བྷོ་ཊ། གཡུ་སྒྲ་སྙིང་པོ། དུམ་པ་རྒྱ་ཞང་ཁྲོམ། ཟུར་ཆུང་ཤེས་རབ་གྲགས་པ། ནག་ཚོ་ལོ་ཙཱ་བ། གསལ་ལྡོམ་སྒོམ་པ་ཤེས་རབ། རྩེ་ལེ་སྣ་ཚོགས་རང་གྲོལ། ལོ་ཆེན་དྷརྨ་ཤྲཱི། གཏེར་སྟོན་ཨོ་རྒྱན་དྲི་མེད་ཀུན་དགའ་སོགས་ཀྱི་ཡེ་ཤེས་གཅིག་ཏུ་བསྡུས་པའི་རྣམ་འཕྲུལ་དུ་ལུང་གིས་ཟིན་ཅིང་། སྐུ་དངོས་ཀྱི་སྐྱེ་བ་སྔ་མ་ནི་རྗེ་རབ་འབྱམས་གཉིས་པའི་ཐུགས་སྲས་གཙོ་བོ་རྟོགས་ལྡན་སངས་རྒྱས་རབ་བརྟན་ཞེས་ཚེ་ལུས་གཅིག་ལ་གྲུབ་པའི་རྒྱལ་ས་ཟིན་པ་གང་གི་ཡང་སྲིད་དུ་རྒྱལ་ཚབ་རིན་པོ་ཆེའི་སྒྲིབ་བྲལ་ཡེ་ཤེས་ཀྱིས་གཟིགས། ལྕགས་ཁྱི་དགུང་ལོ་བཞིར་རྒྱལ་ཚབ་བསྟན་འཛིན་
ཆོས་རྒྱལ་གྱིས་གཙུག་ཕུད་བཞེས་ནས་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་ཞེས་མཚན་གྱི་ཅོད་པན་གསོལ་ནས་རྗེ་འདི་དང་སིབ་སྤྲུལ་རྣམ་གཉིས་ལ་རབ་བྱུང་གི་སྡོམ་པ་གནངས་ཏེ་རང་ལུགས་སྔ་འགྱུར་སིབ་རྫོགས་ཆེན་བཀྲ་ཤིས་ཆོས་གླིང་དུ་ཆེ་དགུ་འདུས་པ་རྒྱ་མཚོས་ཁྲི་སྟོན་གཟབ་རྒྱས་མཛད། སྔ་འགྱུར་ལྕང་བྲག་རིག་འཛིན་མཁའ་སྤྱོད་གླིང་དུའང་ཆོས་ཁྲིར་མངའ་གསོལ་ཅིང་ཞེ་ཆེན་བླ་སྐོས་འགྱུར་མེད་མཐའ་ཡས་ལས་འབྲི་ཀློག་བསླབ་སྦྱང་མཛད། རིག་པ་ཤིན་ཏུ་བཟང་ཞིང་ན་མཉམ་གཞན་ལས་ཁྱད་དུ་འཕགས་པ་ཆུང་ངུའི་སྐབས་ནས་དམ་པའི་རིགས་སད་པའི་ངང་ཚུལ་གྱིས་བློ་ལྡན་དག་ལ་དང་བ་འདྲེན་ནུས་པ་ཞིག་བྱོན་པའོ། །

༼གཉིས་པ།༽ བཤེས་གཉེན་བསྟེན་ཏེ་ཆོས་རིག་ཡོན་ཏན་རྒྱ་མཚོའི་གན་མཛོད་བདག་གིར་བཞེས་ཚུལ་གྱི་མཛད་པ།


GTN001_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

༼གཉིས་པ།༽ བཤེས་གཉེན་བསྟེན་ཏེ་ཆོས་རིག་ཡོན་ཏན་རྒྱ་མཚོའི་གན་མཛོད་བདག་གིར་བཞེས་ཚུལ་གྱི་མཛད་པ། ཤིང་ཡོས་དགུང་ལོ་བརྒྱད་ལ་སྐུ་ཉིད་དང་སྐྱེལ་བསུ་བ་བཅས་ཆུ་ཀླུང་ཆེན་པོ་གསེར་ལྡན་དལ་འབབ་རིང་མོ་བརྒལ་ནས་གསང་ཆེན་སྔ་འགྱུར་རྙིང་མའི་མ་དགོན་ཆེན་མོ་དྲུག་གི་ཡ་གྱལ་མཁས་གྲུབ་གསེར་རི་ཕྲེང་བའི་གདན་ས་འོག་མིན་གཉིས་པ་དཔལ་རྒྱལ་བ་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་གི་ཆོས་སྡེ་ཆེན་མོ་ག་ལ་བ་དེར་ཞབས་ཟུང་གསེར་གྱི་འཁོར་ལོ་བསྒྱུར་ཏེ་དགོན་དེ་ཡི་སྲུང་མ་དང་གཉུག་མར་གནས་པའི་གཞི་བདག་དཀར་ཕྱོགས་སྐྱོང་བ་རྣམས་དགའ་བའི་རྟགས་མཚན་མངོན་དུ་བྱུང་ཞིང་ཆིབས་བསུ་རིང་ཐུང་དང་སེར་སྦྲེང་བཅས་ཟླ་བ་བཞི་པའི་ཚེས་བཞི་གཟའ་སྐར་དགེ་བར་གདན་སར་འཁོད་དེ་མི་འཇིགས་གདོང་ལྔས་བཏེགས་པའི་ཆོས་ཀྱི་ཁྲི་ལ་མངའ་གསོལ། སྐྱབས་མགོན་རྣམ་གཉིས་ཀྱིས་བཤད་སྒྲུབ་བསྟན་པའི་རྒྱལ་མཚན་ལ་ཕྲིན་ལས་ཅན་ཞིག་འོང་བར་དགོངས་ནས་ཐུགས་དགྱེས་བརྩེས་བསྐྱང་སྟེ།


GTN001_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་བླ་ཀུན་བཟང་མི་འགྱུར་དང། བྱང་འདྲེན་པ་བསྟན་འཛིན། མཁས་དབང་དྲུང་ཡིག་བསྟན་འཛིན། མཁས་གྲུབ་ཆེན་པོ་ཕྱག་མཛོད་པདྨ་དོན་ལྡན། ལྔ་རིག་སྨྲ་བ་དབང་ཆེན་འབུམ་སོགས་ལས་འབྲི་ཀློག་དང་སྒྲིག་འདོན། ཆོ་ག་ཆོས་སྤྱོད་བློ་འཛིན་ནས་བཟུང་། སྔ་ཕྱི་ཅི་རིགས་སུ་ཡིད་བཞིན་མཛོད་དང་སྡོམ་གསུམ་རྣམ་ངེས་སོགས་གཞུང་ལུགས་ཀྱི་རྩ་བ་རྣམས་བློ་རྒྱུགས་དང་། སྒྲ་རྩིས་སྙན་སྡེབ་སོགས་ཐུན་མོང་ཐུན་མིན་གྱི་གནས་ལ་སྐྱེས་སྦྱངས་ཀྱི་ཤེས་རབ་རྣམ་གཉིས་ཀྱི་འཇུག་པ་ཤིན་ཏུ་ཡངས་པས། ན་ཚོད་དང་ཡོན་ཏན་ལྷན་ཅིག་རྫོགས་ཏེ་ཡོངས་འཛིན་རྣམ་པ་ཐུགས་ཤིན་ཏུ་དགྱེས་ནས་ཐུགས་རིག་བཀྲ་བའི་ཚད་དུ་གྲགས། མཁས་པ་མཁས་པའི་དབུས་ན་མཛེས་ཟེར་བ་ལྟར་དགུང་གྲངས་བཅུ་གཉིས་ཐོག་སྡེ་གླིང་གཉིས་དང་ཞེ་རྫོགས་གཉིས་སོགས་ཀྱི་ཆེ་མཁས་རྣམས་གདན་གཅིག་ཏུ་འཛོམས་པའི་ལྷ་གྲལ་ནས་ཁྲོམ་སྐྱ་སེར་ཁྲི་ལྷག་གི་དབུས་སུ་མདོ་སྔགས་ཆོས་ཀྱི་བབས་ཚུལ་སོགས་འབེལ་གཏམ་མཁས་པ་དགྱེས་པའི་ལེགས་བཤད་ཁྱད་ཐོན་དགའ་སྟོན་དུ་ཕུལ་བ་དུས་དེ་ཡི་ཚེ་ལྷ་རྫས་ཀྱི་ལེགས་སྐྱེས་དང་གཟེངས་བསྟོད་ཀྱི་དབུགས་དབྱུང་ཐོབ་སྟེ་མཁས་པའི་སྙན་གྲགས་ཀྱི་བེརྒ་སྐུ་ཆུང་ངུའི་དུས་ནས་བྲིས། བདེ་གཤེགས་མྱ་ངན་མེད་པའི་རྣམ་རོལ་རབ་འབྱམས་གསུམ་པ་ ༧ རིག་འཛིན་དཔལ་འབྱོར་རྒྱ་མཚོ་མཆོག་གིས་རྒྱལ་སྲས་ལམ་བཟང་གི་སྟེང་ནས་སྨོན་འཇུག་གི་སྡོམ་པ་དང་། སྨིན་གླིང་གཏེར་ཆེན་བཀའ་འབུམ། འདུས་པ་མདོ་དབང་ཆེན་མོ་རྩ་བ་ཡན་ལག་དང་བཅས་པ། བཀའ་བརྒྱད་རྣམ་གསུམ། བདེ་གཤེགས་ཀུན་འདུས། ཞི་ཁྲོ་སོགས་ཀྱི་དབང་ལུང་གདམས་ཁྲིད་ཀྱི་ཕ་ཕོག་བསྩལ་ཅིང་ཐུགས་དགྱེས་ཚོར་ཆེན་པོས་རྗེས་སུ་བཟུང་། རིགས་བདག་མཚུངས་མེད་ ༧ རྒྱལ་ཚབ་བསྟན་འཛིན་ཆོས་རྒྱལ་མཆོག་གིས་ཀུན་མཁྱེན་མཛོད་བདུན་


GTN001_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

དང་། སྙིང་ཐིག་ཡ་བཞི་དབང་ལུང་། འདོད་འཇོའི་བུམ་བཟང་། དཀོན་མཆོག་སྤྱི་འདུས་ཀྱི་དབང་ལུང་ཁྲིད་སྦྲགས་མ་སོགས་ཆོས་ཀྱི་བདུད་རྩི་རྒྱ་ཆེར་བཀའ་དྲིན་བསྐྱངས། དེ་ནས་སྐྱབས་མགོན་རྣམ་གཉིས་ཀྱི་ལུང་གིས་བསྐུལ་ཏེ་ལྕགས་སྤྲེལ་དགུང་ལོ་བཅུ་བཞི་དུས་སྔ་འགྱུར་བསྟན་པའི་ཆུ་མགོ་ཀཿཐོག་རྡོ་རྗེ་གདན་དུ་བྱོན་ནས་གནས་ལྔ་རིག་པའི་པཎྜི་ཏ་ཆེན་པོ་ ༧ འགྱུར་མེད་ཚེ་དབང་མཆོག་གྲུབ་ཀྱི་ཞབས་པད་ལོ་ལྔར་བསྟེན་ཏེ། སྒྲ་ཀ་ཙན་དབྱངས་གསུམ་སྙན་ངག་སོགས་དང་། ཐུན་མིན་ཀློང་གསལ་སྐོར་པོད་བཅུ་གཉིས། བླ་མ་དགོངས་འདུས་ཀྱི་དབང་ལུང་ཆ་ཚང་། སྒྱུ་འཕྲུལ་ཞི་ཁྲོའི་དབང་། རབ་འབྱམས་པ་ཨོ་རྒྱན་ཆོས་གྲགས་ཀྱི་ཡིག་ཆའི་སྟེང་ནས་རྒྱུད་ཀྱི་སྤྱི་དོན། གསང་བདག་དགོངས་རྒྱན་སྨིན་ཁྲིད་ཟབ་རྒྱས། ཁྱད་པར་ཀློང་གསལ་རྡོ་རྗེ་སྙིང་པོའི་ཁྲིད་སྔོན་འགྲོ་དང་། བསྐྱེད་རྫོགས་ཀྱི་ཉམས་ཁྲིད། གསར་རྩོམ་ལམ་རིམ་འགྲེལ་ཆེན། ཁྲེགས་ཆོད་དང་ཐོད་རྒལ་གྱི་ཁྲིད་སོགས་ཆོས་ཚུལ་རྒྱ་མཚོའི་གན་མཛོད་བདག་གིར་བཞེས་ནས་བཀའ་དྲིན་འཁོར་མེད་ཀྱི་རྩ་བའི་བླ་མར་གྱུར་ཏེ་སློབ་ཚོགས་རྒྱུ་སྐར་གྱི་ཕྲེང་བ་ལྟ་བུ་ཡོད་པའི་ནང་ནས་མཚན་མོའི་མགོན་པོ་ལྟར་ཁྱད་དུ་འཕགས་པའི་གོ་སར་དབུགས་དབྱུང་ཞིང་འགྲན་ཟླ་དང་བྲལ་བའི་ངེས་པ་དོན་གྱི་ཐུགས་སྲས་མཆོག་ཏུ་གྱུར། རྗེ་ཉིད་ཀྱི་ཞལ་ནས། འཇམ་མགོན་མི་ཡི་གཟུགས་ཅན་དགེ་རྩེ་རིན་པོ་ཆེས་མན་ངག་ལམ་རིམ་འགྲེལ་ཆེན་པོད་གཉིས་གསར་རྩོམ་གྱི་ཞབས་ཕྱི་ལུང་ཁུངས་ཀྱི་དཔེ་ཆ་རྣམས་འཚོལ་རྒྱུ་དང་ཚིག་དོན་ལྗགས་བཀོད་རིགས་སྒྲ་དོན་འདྲེས་འཛིན་གྱི་སྤོབས་པས་ནོར་འཁྲུལ་ལྷག་ཆད་བྲལ་བ་ཉིན་མོར་སྐུ་མདུན་ནས་བྱང་ནག་ཏུ་ཕབ་རིགས། དེའི་མཚན་མོ་གཉིད་སྤངས་ཏེ་སྣང་གསལ་གྱི་འོད་ལ་ཤོག་ཐོག་ཏུ་འབེབས་པའི་ངལ་བ་དང་དུ་བླངས་ནས་རང་ལའང་གསང་སྔགས་ཐུན་མོང་མ་ཡིན་པའི་ཆོས་མཐའ་དག་གི་སྒྲོ་འདོགས་ཞར་ལ་ཆོད་པ་དང་།


GTN001_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བའི་བླ་མའི་ཞབས་ཕྱི་ཐུགས་ཀྱི་བཞེད་པ་ལྟར་འགྲུབ་པ་དང་། ཆོས་ལ་དཀའ་བ་སྤྱད་པས་ལས་ཀྱི་སྒྲིབ་པ་བྱང་ཞིང་ཚོགས་རྫོགས་པ། རྙིང་བསྟན་མཛེས་པའི་རྒྱན་དུ་ཆེ་བ་སོགས་བྱ་བ་གཅིག་གིས་དགོས་པ་མང་པོ་ཆབས་ཅིག་ཏུ་འགྲུབ་པས་དགའ་སྤྲོ་ཆེན་པོ་བྱུང་བ་ཡིན། ཞེས་གསུངས་པ་དང། གཞན་ཡང་ཀུན་གཟིགས་ཀཿཐོག་སི་ཏུ་དང་པོ་སོགས་བཤེས་གཉེན་རྣམ་ལྔའི་ཞབས་ལ་བཏུད་ནས་བཀའ་བརྒྱད་བདེ་འདུས་པོད་བཅུ་གཉིས་དབང་ལུང་ཆ་ཚང་སོགས་དབང་ཁྲིད་གདམས་པ་མང་དུ་བཞེས། དགུང་ལོ་བཅུ་དགུ་ཤིང་གླང་ཟླ་བ་བཞི་པའི་ཚེས་བཅུར་རང་དགོན་དུ་ཕྱག་ཕེབས་ནས། ཟབ་རྒྱས་ཀྱི་ཆོས་ཚུལ་རྒྱ་མཚོ་ལྟ་བུ་ཐུགས་སུ་ཆུད་པའི་དགའ་སྟོན་དུ་ཐོག་རོལ་གྱིས་བསུ་བ་སོགས་མཛད་དེ་སྐྱབས་མགོན་རྣམ་གཉིས་ཐུགས་དགྱེས་པའི་རྩེར་སོན། དེ་ནས་རང་དགོན་གྱི་གྲྭ་སའི་ཕྱག་སྲོལ་བཞིན་རྒྱུགས་དང་པོ་དང་གཉིས་པ་གསུམ་པ་རྣམས་དང་། ལོ་མཇུག་དུས་རིམ་ཆེན་མོའི་འཆམ་སྣ་ཡོངས་དང་། སྤྲོས་བཅས་ཚེས་བཅུ་ཆེན་མོའི་འཆམ་སྣ་ཡོངས་དང་། གཞན་ཡང་འབུད་དབྱངས་རྡུང་གསུམ་སོགས་རང་ལུགས་མཐོང་བ་བརྒྱུད་པའི་ཕྱག་བཞེས་ཀྱི་སྒྲིག་ལམ་ཇི་སྙེད་ཡོད་པ་རྣམས་དཔྱིས་ཕྱིན་པ་བྱང་ཆུབ་པར་མཛད་ནས་བླ་དབུ་ཆོས་གསུམ་ལ་རྒྱུགས་ཕུལ་ནས་ཕྱིན་ཆད་དེ་རྣམས་གཞན་ལ་སྤེལ་བ་ལ་ཞུམ་མེད་ཀྱི་སྤོབས་པ་བརྙེས། བར་ཁྲོད་དབེན་རི་བདེ་ཆེན་པདྨ་འོད་ཀྱི་ཕོ་བྲང་དུ་གསང་ཆེན་རྒྱུད་སྡེའི་མངའ་བདག་བཀའ་དྲིན་མཚུངས་མེད་སྐྱབས་རྗེ་རབ་འབྱམས་གསུམ་པ་ལས། ཀློང་ཆེན་སྙིང་ཐིག་རྩ་བ་ཡན་ལག་དང་བཅས་པའི་སྨིན་བྱེད་དབང་། གྲོལ་བྱེད་ཁྲིད། རྒྱབ་རྟེན་ལུང་སྟེ། གསུང་འབུམ་ཡོངས་རྫོགས་ལྗགས་ལུང་མཐའ་རྒྱས་སུ་མནོས་ནས་དོན་བརྒྱུད་འཛིན་པའི་ཐུགས་སྲས་ཐུ་བོར་གྱུར།


GTN001_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

མེ་སྟག་དགུང་གྲངས་ཉི་ཤུ་པར་ཆོས་འཁོར་དུས་ཆེན་ཆུ་སྟོད་ཟླ་བའི་ནང་རྡོ་རྗེ་འཆང་རྒྱལ་ཚབ་རིན་པོ་ཆེས་བཀའ་འགྱུར་ལྗགས་ལུང་གནང་བ་མཐའ་ལེགས་པར་རྫོགས་ཏེ། གནམ་སྟོང་ཉིན་ཉི་མ་བཞི་ཆ་ཤར་བ། གྲིབ་ཚོད་སྐྱེས་བུ་གསུམ་གྱི་དུས་སུ། བླ་ཆེན་དགོངས་པ་རབ་གསལ་བསམ་བཞིན་མིའི་སྲིད་པ་བཟུང་བ་མཁན་ཆེན་སྡེ་སྣོད་འཛིན་པ་རྗེ་དེ་ཉིད་ལས་བསྙེན་པར་རྫོགས་ཏེ་དགེ་སློང་གི་དངོས་པོ་བཞེས། མཚན་སྔ་མ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་ལ་དཔལ་བཟང་པོ་ཞེས་བསྩལ། གཞན་ཡང་བཀའ་བརྒྱད་རྣམ་གཉིས་ཀྱི་དབང་ཆེན། ཟབ་ལམ་བདེ་གཤེགས་ཀུན་འདུས་ཀྱི་སྨིན་ཁྲིད་དང། བཀའ་བརྒྱད་བདེ་གཤེགས་འདུས་པའི་དབང་ལུང་། སྒྱུ་འཕྲུལ་ཞི་ཁྲོའི་དབང་རྒྱས་པ་སོགས་སྔ་ཕྱི་ཀུན་ཏུ་དབང་ཁྲིད་གདམས་པའི་ཆོས་ཚུལ་རྒྱ་མཚོ་ལྟ་བུ་བསྩལ་ཏེ་ཐུགས་གཏད་ཤིན་ཏུ་ཆེ་བས་སྤྱིར་རྒྱལ་བའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་བའི་ཕྲིན་ལས་མྱུར་ཞིང་། ལྷག་ཏུ་སྔ་འགྱུར་རྒྱལ་བ་ཞེ་ཆེན་པའི་རིང་ལུགས་འཛིན་སྤེལ་ལ་རྨད་དུ་བྱུང་བའི་ཕྲིན་ལས་ཅན་ཞིག་ཏུ་གྱུར། ཤིང་ཁྱི་དགུང་ལོ་ཉེར་བརྒྱད་ལ་དབུས་འགྱུར་འཆང་དང་བྱིན་རླབས་དོ་མཉམ་པའི་ཆོས་ཚིགས་ཀྱི་ཡུལ་དབུས་ལྷ་ལྡན་དག་པའི་ཞིང་དུ་ཆིབས་བསྐྱོད་གནང་སྟེ་ཆོས་འཁོར་རྣམ་གསུམ་གཙོ་བོར་གྱུར་པའི་རྟེན་མཆོག་དགོན་གནས་སོགས་ལ་གསེར་གསོལ་མཆོད་འབུལ་ཕྱག་སྐོར་སོགས་རྣམ་དཀར་དགེ་ཚོགས་ཀྱི་སྤྲོས་པ་རྒྱ་ཆེར་སྤེལ། གཞུང་ས་ནས་ཀྱང་རྒྱལ་བ་ཞེ་ཆེན་པ་ལ་སྔར་ཐོབ་གང་ཡོད་ཀྱིས་བཀུར་བཟོས་བླ་མེད་བསྐྱངས། རྒྱལ་བསྟན་མདོ་སྔགས་རིག་གནས་དང་བཅས་པའི་འབྱུང་གནས་གདན་ས་ཆེན་མོ་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་དུ་ཟླ་བ་གསུམ་ལྷག་བཞུགས་ནས་གཏེར་ཆེན་རྣམ་འཕྲུལ་ཁྲི་ཆེན་ ༧ འགྱུར་མེད་པདྨ་དབང་རྒྱལ་ལས་སྔ་འགྱུར་བཀའ་མ་དང་། ཞི་བྱེད་སྐོར་སོགས་དབང་ཁྲིད་གདམས་པ་མང་དུ་


GTN001_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

མནོས། གཞན་ཡང་རྒྱལ་མཆོག་ལུང་རྟོགས་རྒྱ་མཚོ། བོད་རྒྱལ་པོ་དེ་མོ་ཐུབ་བསྟན་རྣམ་རྒྱལ། ས་སྐྱ་ཁྲི་ཆེན་པདྨ་བདུད་འདུལ་དབང་ཕྱུག །མཁར་རྡོ་གྲུབ་ཆེན་ཆོས་ཀྱི་རྡོ་རྗེ། ཡར་ཀླུང་བཀྲ་ཤིས་ཆོས་སྡེའི་དབོན་རིན་པོ་ཆེ་སོགས་ལས་གསར་རྙིང་གི་དབང་ལུང་མང་དུ་གསན་བཞེས་མཛད། ཤིང་ཕག་ཟླ་བ་བདུན་པར་རང་དགོན་དུ་ཉེ་ཞོ་མེད་པ་དགའ་སྤྲོས་བསུ་མ་རིང་ཐུང་བཅས་གདན་སར་ཕྱིར་བྱོན། ཆུ་ལུག་ལོར་བྱ་བཏང་བའི་ཚུལ་གྱིས་སྨད་རྒྱ་ནག་གླང་ཆེན་དང་རོང་བཙན་ཁ་བ་དཀར་པོ་ནས་བཟུང་ཙཱ་རི་དང་དབུས་རི་བར་སྐོར་རྒྱས་པ་མཛད་ནས་བོད་ཡུལ་དབུས་ཀྱི་ནོར་འཛིན་ཆོས་འཁོར་ལྷ་ལྡན་དུ་ཕེབས། དགུང་གྲངས་སོ་བརྒྱད་ཤིང་སྤྲེལ་ཟླ་བ་དང་པོའི་ཚེས་བཅུ་དགུ་ཐོག །དེ་ཡང་གུ་རུ་པདྨའི་རྒྱལ་ཚབ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་ཆོས་འབྱུང་ལྷ་དབང་གཡུལ་ལས་རྒྱལ་བའི་རྔ་བོ་ཆེའི་སྒྲ་དབྱངས་ལས། ཡང་སྒོས་ཁྲི་སྲོང་མཆོད་ཡོན་ཕྱག་རྗེས་སྔ་འགྱུར་རྙིང་མ་བཀའ་མ་མདོ་སྒྱུ་སེམས་གསུམ་གྱི་གཙོས་རིང་ལུགས་རྨད་དུ་བྱུང་བ་རྣམས་ཀྱི་བཤད་སྒྲུབ་སྣུམ་ཟད་ཀྱི་མར་མེ་ལྟ་བུར་མནལ་དུ་ཉེ་བ་ན། ཐུགས་སྟོབས་ཞུམ་པ་མེད་པའི་འབད་རྩོལ་ཆེན་པོས་བཙལ་ཏེ་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་བསྟན་པ་ཉམས་པ་རྨང་ནས་གསོས་ཤིང་། དོན་གྱི་སྙིང་པོ་རྗེ་བཙུན་ཆེན་པོ་འདི་ཉིད་མཆེད་ཞལ་གདུང་བརྒྱུད་དང་བཅས་པའི་བཀའ་དྲིན་ལ་བརྟེན་གསང་སྔགས་རྙིང་མ་མཚན་དོན་མཐུན་པ་འཁྲུལ་མེད་ཚད་ཐུབ་ཀྱི་རྒྱུན་ད་ལྟའི་བར་མ་ཉམས་པར་གོང་འཕེལ་དུ་རྒྱས་པ་འདི་བྱུང་བས་ན། ངོ་མཚར་བའི་ཕྱག་རྗེས་དང་བཀའ་དྲིན་ལ་སུས་ཀྱང་འགྲན་བྱར་མ་གྱུར་པས། སླད་ཀྱི་རྙིང་མ་བའི་ཆོས་གྲལ་དུ་སྐྱེས་པ་རྣམས་ནས་ཀྱང་ཟབ་ཆོས་སུ་བཏགས་པའི་ཆོག་ཕྲིན་ཉི་ཚེ་བ་ཙམ་ལ་བློ་མི་གཏོད་པར་བསྟན་པའི་སྒྲོམ་ཆེན་པོ་ཕྱོགས་འདིའི་རིང་ལུགས་


GTN001_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ཆེར་འཛིན་ཅིང་སྤེལ་བ་ལ་བརྩོན་པ་ཆེ་ཐང་དུ་བསྐྱེད་པར་རིགས་པ་ཡིན་ནོ། །ཞེས་གསུངས་པ་ལྟར་བསྟན་པ་ཡོངས་རྫོགས་ཀྱི་མངའ་བདག་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་རིག་འཛིན་འདུས་པའི་དགའ་ཚལ་དེར་ལོ་གསུམ་བཞུགས་ཏེ། ཐོག་མར་གྲྭ་ས་དེའི་ལུགས་སྲོལ་ལྟར་རྗེ་ཉིད་ཀྱི་གཙུག་ཕུད་དགེ་བའི་བཤེས་གཉེན་མཁན་ཆེན་ཨོ་རྒྱན་ཆོས་འཕེལ་ལ་ཕུལ། མཚན་འགྱུར་མེད་བསྟན་འཛིན་འཕེལ་རྒྱས་ཞེས་བསྩལ། ལྕམ་རྗེ་བཙུན་མ་ཕྲིན་ལས་ཆོས་སྒྲོན་ལས་ལེགས་བཤད་དོ་ཤལ་བརྒྱ་ཡིས་བསྒྲུན་དུ་མེད་པའི་གསང་ཆེན་སྔ་འགྱུར་པའི་གཅེས་ནོར་རྙིང་མ་རྒྱུད་འབུམ་རིན་པོ་ཆེའི་ལུང་ཡོངས་རྫོགས་སོགས་དང་། མཁས་གྲུབ་གཉིས་ལྡན་མ་ཧཱ་པཎྜི་ཏ་ཆེན་པོ་དགེ་ཟུར་བསྟན་འཛིན་སྐྱེས་མཆོག །མྱོས་རིགས་རྡོ་རྗེ་འཛིན་པ་ཆོས་མཛད་ཀུན་ལྡན་རྣམས་ལས་རྩ་རྒྱུད་གསང་བ་སྙིང་པོ། འགྲེལ་ཆེན་གསང་བདག་དགོངས་རྒྱན། འདུལ་བ་གཞི་གསུམ་གྱི་ལག་ལེན་ཞལ་ཁྲིད་སོགས་དང། སྔ་འགྱུར་པ་ཡོངས་ཀྱི་ཕྱི་མོར་གྱུར་པ་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རིག་འཛིན་མཐོང་བ་བརྒྱུད་པའི་ཕྱག་བཞེས་བྱིན་རླབས་ཀྱི་ཚན་ཁ་མ་ཉམས་པ་བུམ་པ་གང་བྱོས་ཚུལ་དུ་གསན་བཞེས་མཛད་ནས་ཐུན་མོང་ཐུན་མིན་གྱི་གནས་ལ་མཁྱེན་རབ་ཀྱི་པདྨོ་རབ་ཏུ་རྒྱས་ཏེ་ཕྱིས་སུ་གཏེར་ཆེན་ཡབ་སྲས་ཀྱི་རང་ལུགས་འཛིན་པ་ལ་རྒྱུ་སྐར་གྱི་དབང་པོ་ལྟར་ཁྱད་པར་དུ་འཕགས། རྗེ་ཉིད་ཀྱིས་དབྱངས་ཡིག་གི་མཇུག་རྩོམ་དུ། འོག་མིན་ཨོ་རྒྱན་སྨིན་གླིང་གི་བསྟན་པ་དང་ཕྱག་བཞེས་སྤེལ་བའི་བྱེད་པོ་བཀའ་དྲིན་ཟླ་མེད་སྔགས་རམས་པ་འགྱུར་མེད་བློ་ལྡན་ལགས་ཀྱི་ཁྲིད་རྒྱུན་རྣམས། ཚངས་པའི་དབྱངས་ལྡན་ལམ་འདིར་སྨོན་ལམ་གྲུབ་ཅིང་ངེས་པ་རྙེད་པར་དབུ་མཛད་འགྱུར་མེད་ལྷུན་གྲུབ་ནས་སྦྱོང་བརྩོན་ནན་ཏན་དང་། སྨིན་གླིང་བྱང་འདྲེན་རིགས་ལམ་བསྐྱེད་རྫོགས་སོགས་ལ་ནང་བྱན་ཆུབ་པ་སྔགས་རམས་པ་པེ་སྒང་བློ་འཕེལ་ནས་ཞུས་དག་བགྱིས།


GTN001_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

སླར་ཡང་གྲྭ་སར་ལོ་གསུམ་སྡོད་སྐབས་དགེ་སློང་བགྲེས་པ་རྡོར་འཛིན་ཆོས་མཛད་ཀུན་ལྡན་དང་། དགེ་སློང་སྔགས་རབ་དཔལ་མགོན། རབ་འབྱམས་པ་ཚེ་དབང་། བྱང་འདྲེན་པ་བཀྲ་ཤིས་སོགས་ལས་ཞུས་དག་ཞིབ་ཆ་མང་ཞིག་དང་། ཚོགས་ཆེན་གདུང་དབྱངས་ལ་ཡང་རྣ་ཉན་ཞུས་ཤིང་། ཁྱད་པར་ཡོངས་ཀྱི་འདྲེན་པ་ཆེན་པོ་མཁས་གྲུབ་གཉིས་ལྡན་པཎྜི་ཏ་ཆེན་པོ་དགེ་ཟུར་བསྟན་འཛིན་སྐྱེས་མཆོག་རིན་པོ་ཆེའི་སྐུ་མདུན་དུ་བློ་རྒྱུགས་ཕུལ་བ་བཞིན་བཅོས་བསྒྱུར་བཅས་དགེ་སྔགས་འགྱུར་མེད་བསྟན་འཛིན་འཕེལ་རྒྱས་ནས་སླར་ཡང་དག་པར་བྱས། ཞེས་གསུངས་པ་ལྟར་བསྲེགས་བཅད་བརྡར་བའི་གསེར་ཞུན་མ་ལྟར་ལེགས་པར་གཏན་ལ་ཕབ་སྟེ་སླན་ཆད་དྭངས་གཙང་དྲི་མེད་ཀྱི་གནས་ལ་རང་བཟོའི་བསྲེ་བསླད་ཀྱི་སྐབས་མེད་པར་མ་ཟད་བློ་ནེམ་ནུར་ཙམ་ཡང་མི་དགོས་པས་སྒྲུབ་པ་པོ་རྣམས་ལ་ལེགས་སྐྱེས་རྨད་དུ་བྱུང་བའོ། །གསང་ཆེན་སྔ་འགྱུར་པའི་གདན་ས་ཆེན་པོ་ཐུབ་བསྟན་རྡོ་རྗེ་བྲག་ཏུ་རིག་འཛིན་ཆེན་པོ་དང་། མཚོ་རྒྱལ་རྣམ་འཕྲུལ་གངས་ར་རྗེ་བཙུན་མ། ཡོངས་འཛིན་ཆུ་བཟང་རིན་པོ་ཆེ་ནམ་མཁའ་ཀློང་ཡངས་སོགས་ལ་ཉང་གཏེར་བཀའ་བརྒྱད་བདེ་འདུས་ཀྱི་དབང་ལུང་ཡོངས་རྫོགས། གུ་རུ་ཆོས་དབང་གཏེར་བྱོན་བཀའ་བརྒྱད་གསང་རྫོགས་དབང་ལུང་ཆ་ཚང་སྟེ་གཏེར་ཁ་གོང་འོག་གཉིས་དང་། ཀཿཐོག་དགེ་པཎ་ལམ་རིམ་འགྲེལ་ཆེན་པོད་གཉིས་སོགས་ཕུལ་ཏེ་དྲིན་ཆེན་བླ་མ་རྣམ་གསུམ་ལས་བརྒྱུད་པ་དབུས་སུ་སྤེལ་ནས། གདན་ས་ཆེན་པོ་རྡོར་སྨིན་གཉིས་གཙོས་དབུས་གཙང་གི་བཤེས་གཉེན་མང་དུ་བསྟེན་ནས་དེད་དཔོན་མཁས་པ་ནོར་བུའི་གླིང་དུ་ཕྱིན་པ་ལྟར་དམ་པ་ཆོས་ཀྱི་འདོད་དོན་ཡོངས་སུ་རྫོགས་ཏེ་སླར་རང་ཡུལ་དུ་ཕེབས་ནས་ཤིང་བྱ་ཟླ་དྲུག་པའི་ཚེས་བཅུ་ལ་དཔལ་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་དུ་གཞིས་བྱེས་ལྷན་འཛོམས་ཐོག་དགའ་སྤྲོའི་སྟོན་མོ་བླ་གྲྭ་འཁོར་བཅས་ཀྱིས་གཟབ་རྒྱས་དང་། ཆོས་སྲུང་ལ་


GTN001_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

གཏང་རག་གི་བསྐང་གསོ་གྲངས་ལྡན་བཅས་བཀྲ་ཤིས་ལེགས་ལམ་གྱི་དཔལ་ལ་རོལ་བའོ། །དེ་ལྟར་རྗེ་འདིས་སྔ་ཕྱི་ཀུན་ཏུ་མཚུངས་མེད་ཡོངས་འཛིན་རྣམ་པ་གསུམ་གཙོ་བོར་གྱུར་པའི་སྤྲུལ་པའི་གཏེར་སྟོན་ཆེན་པོ་བསམ་གཏན་གླིང་པ་ལས་རང་གཏེར་སོགས་གསན་ནས་ཆོས་བདག་ཏུ་ཟིན། གླང་ནག་གཏེར་སྟོན་གྱིས་རང་གཏེར་ཕུར་པའི་ཆོས་སྐོར་བསྩལ་ནས་ཆོས་ཀྱི་བདག་པོར་དབུགས་དབྱུང་། མཁར་རྡོ་གྲུབ་ཆེན་གྱིས་རང་གཏེར་གྱི་ཆོས་བདག་ཏུ་ལུང་གིས་བཟུང་། རྫོགས་ཆེན་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ། རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན། ཟུར་མང་གཏེར་སྟོན་རོལ་པའི་རྡོ་རྗེ་སོགས་ཁམས་དབུས་གསར་རྙིང་གི་བཤེས་གཉེན་ལྔ་ཕྲག་བཅུ་ལྷག་བསྟེན་ནས་སྒྲ་རྩིས་སྙན་སྡེབ་ནས་བཟུང་། སྔ་འགྱུར་མདོ་སྒྱུ་སེམས་གསུམ་ལ་སོགས་པ་རྒྱུད་སྡེ་དང་སྒྲུབ་སྡེའི་དབང་བཀའ་བཤད་ལུང་མན་ངག །སྔགས་གསར་མའི་བཀའ་སྲོལ་ཡང་ཕལ་ཆེ་བ་དང་། བཀའ་བརྒྱད་རྣམ་གསུམ་སོགས་གལ་ཆེ་བ་རྣམས་ལན་གསུམ་རེ་བཅས་ཐུན་མོང་ཐུན་མིན་གྱི་མདོ་སྔགས་བསྟན་པ་རྒྱ་མཚོའི་འབྱུང་གནས་ཀྱི་མཛོད་ཆེན་པོ་ཞིག་ཏུ་གྱུར་ནས་ཐམས་ཅད་མཁྱེན་པའི་གནས་ལ་བདག་གིར་མཛད་པའི་སྙན་གྲགས་དབྱར་གྱི་རྔ་གསང་མདོངས་ལྡན་དགེས་པའི་དཔྱིད་དུ་གྱུར། །རྣམ་ཐར་མགུལ་རྒྱན་ལས། མདོར་ན་བཟོ་རིག་ལག་ཁྲ་ཕྲན་བུ་མ་གཏོགས་ཕྱི་ནང་གི་ཤེས་བྱ་མཐའ་དག་གྲུབ་པའི་བུམ་པ་བཟང་པོར་ལག་པ་བཅུག་པ་བཞིན་གཞི་གཅིག་ལས་སྣ་ཚོགས་པའི་འདོད་པ་ཅི་དགར་འབྱུང་བ་མཐོང་ཆོས་ཚད་མས་གྲུབ། ཅེས་གསུངས་པ་ལྟར་དང་། རྒྱལ་མཆོག་བཅུ་བཞི་པ་ཐེག་པ་མཆོག་གི་རྡོ་རྗེས་ཀྱང། ཁྱེད་རང་ཁམས་དབུས་གཉིས་ན་མཁས་པ་འགྲན་ཟླ་དང་བྲལ་བ་རེད་འདུག་གསུངས་ནས། གཞུང་ཡིག་ཤེ་བམ་གནངས་ཏེ་ཞེ་ཆེན་མ་ཧཱ་པཎྜི་ཏ་ཞེས་མཚན་གྱི་ཅོད་པན་དཔྱངས་པའི་སྒྲ་ཆེན་པོས་ཁྱབ་པར་གྱུར་ཏོ། །

༼གསུམ་པ།༽ ངོ་མཚར་གསུང་གི་ཕྲིན་ལས་ཀྱིས་རྨད་བྱུང་གི་སློབ་ཚོགས་བསྐྱངས་ཏེ་བཀའ་གཏེར་ཉི་ཟླའི་རྒྱལ་མཚན་བསྒྲེངས་པའི་མཛད་པ།


GTN001_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

༼གསུམ་པ།༽ ངོ་མཚར་གསུང་གི་ཕྲིན་ལས་ཀྱིས་རྨད་བྱུང་གི་སློབ་ཚོགས་བསྐྱངས་ཏེ་བཀའ་གཏེར་ཉི་ཟླའི་རྒྱལ་མཚན་བསྒྲེངས་པའི་མཛད་པ། ༧ བཀའ་བབས་བདུན་ལྡན་པདྨ་འོད་གསལ་མདོ་སྔགས་གླིང་པའི་རྣམ་ཐར་ངོ་མཚར་ཨུ་དུམྦ་རའི་དགའ་ཚལ་ལས། ཆོས་རྒྱལ་སྡེ་དགེ་མཆོད་ཡོན་གྱི་བཀས་བསྐུལ་ཏེ་ཞེ་ཆེན་རི་ཁྲོད་པདྨ་འོད་གླིང་དུ་ཕེབས། བཅུ་ཕྲག་རིག་པའི་གནས་མཐར་སོན་པའི་མ་ཧཱ་པཎྜི་ཏ་སྣང་བའི་བདེན་འཛིན་གྱི་འཁྲུལ་པ་གཏད་མེད་དུ་ཞིག་པའི་གྲུབ་བརྙེས་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་དཔལ་བཟང་པོའི་ཞབས་པད་བསྙེན་ཏེ། ཞེས་གསུངས་པ་ལྟར། རྗེ་བླ་མ་དགུང་གྲངས་ང་གཅིག་ནས་འཇམ་མགོན་མཁྱེན་བརྩེའི་དབང་པོ་མཆོག་ཞེ་ཆེན་རི་ཁྲོད་པདྨ་འོད་གླིང་དུ་ལན་འགའ་ཕེབས་པ་ལ་དགེ་རྩེ་པཎ་ཆེན་གྱི་འགྲེལ་པའི་སྟེང་ནས་དབྱངས་ཅན་སྒྲ་མདོའི་ས་རིས་ཆིག་རྒྱུགས་འཕེར་བ་ཟླ་བ་གཅིག་དང་ཞག་བཞིས་འདྲིལ་བ་མཛད། དེ་རྗེས་ས་བཟང་སྒྲ་ཊཱིཀ་སོགས་ཀྱི་སྟེང་ནས་ཀ་ལཱ་པའི་གཞུང་། སི་སོགས། ཏི་སོགས། བྱིངས་མདོ་རྩ་འགྲེལ་གྱི་རི་མོ་ཚང་མ། སི་ཏུ་རིན་པོ་ཆེའི་འགྲེལ་ཆེན་སྟེང་ནས་ཙནྡྲ་པའི་གཞུང་དང་། སིཔ྄་མཐའ། ཏིད྄་མཐའ། ཨུཎ་སོགས་ཀྱི་རི་མོ་ཚང་མ། སི་ཏུ་རིན་པོ་ཆེའི་ཞལ་ལུང་ཁམས་པའི་འགྲེལ་ཆེན་སྟེང་ནས་སྙན་ངག་མེ་ལོང་མའི་ལེའུ་གསུམ་གའི་གོ་དོན་རྩོམ་རྒྱུགས་རྒྱས་སྤྲོས་ཞག་ཉི་ཤུས་འདྲིལ་བ། མངོན་བརྗོད་འཆི་མེད་མཛོད་རྩ་འགྲེལ། སྡེབ་སྦྱོར་ལོ་ཆེན་འགྲེལ་པ་སོགས་བྱང་བར་མཛད། མདོ་བསྐལ་བཟང་། མངའ་རིས་པཎ་ཆེན་སྡོམ་གསུམ། འགྲེལ་ཆེན་དཔག་བསམ་སྙེ་མ། དུག་དབང་རྡོ་རྗེ་ཕ་ལམ། ཉང་གཏེར་ཁྲོས་ནག་གི་དབང་ལུང་ཁྲིད་གསུམ། ཟབ་ལམ་བདེ་གཤེགས་ཀུན་འདུས་ཀྱི་དབང་ལུང་ཁྲིད་གསུམ་རྒྱས་པ། ཚེ་སྒྲུབ་འཆི་མེད་ཡང་སྙིང་། གཙུག་ཏོར་དྲི་མེད་དབང་ལུང་། གྲུབ་ཆེན་བརྒྱད་ཅུའི་རྗེས་གནང་། ལྔ་པ་རིན་པོ་ཆེའི་དག་སྣང་རྒྱ་ཅན་ཉེར་


GTN001_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

ལྔའི་དབང་ལུང་ཡོངས་རྫོགས། མངའ་བདག་ཉང་གི་བཀའ་བརྒྱད་དབང་ཆེན། ཐུགས་ཆེན་རྒྱལ་པོ་ལུགས་ཀྱི་ཁྲིད་ལུང་། བྱད་གྲོལ་གསེར་ལྡེའུ་ལུང་མན་ངག་དང་བཅས་པ། སྔགས་སྡེབ་ཀྱི་ཕྱག་ཁྲིད། གཤིན་རྗེ་དྲེགས་པ་འཇོམས་བྱེད་དབང་ལུང་། གཟའ་དང་དུར་ཁྲོད་མ་མོའི་བེའུ་བུམ། རྗེ་བླ་མ་མཐུ་སྟོབས་རྣམ་རྒྱལ་གྱི་གསུང་འབུམ། བཀའ་བརྒྱད་རྣམས་ཀྱི་དབང་ཆེན། སྒྱུ་འཕྲུལ་ཞི་ཁྲོའི་དབང་སྔོན་དུ་འགྲོ་བས་རྒྱུད་རྒྱལ་གསང་བ་སྙིང་པོའི་རྒྱུད་ཀྱི་བཤད་པ། དེ་བཞིན་འགྲེལ་ཆེན་གསང་བདག་ཞལ་ལུང་དང་། གསང་བདག་དགོངས་རྒྱན། རབ་འབྱམས་པ་ཨོ་རྒྱན་ཆོས་གྲགས་ཀྱི་འགྲེལ་པ་རིན་ཆེན་ཕྲེང་བ། དགེ་རྩེ་པཎྜི་ཏའི་པདྨའི་ལམ་རིམ་འགྲེལ་ཆེན་པོད་གཉིས། རྒྱུད་འགྲེལ་ཕྱོགས་བཅུའི་མུན་སེལ། སྒེག་པ་རྡོ་རྗེའི་སྤར་ཁབ། རོང་ཟོམ་དཀོན་མཆོག་འགྲེལ། སྒྲོལ་ཊཱིཀ །གཡུང་ཊཱིཀ །སྨན་ཊཱིཀ་སོགས་བཤད་པའི་ལེ་ལག་ཏུ་གཏོགས་པའི་ཡིག་ཆ་ཚང་མ་དང་། བཀའ་མའི་སྒྲུབ་དཀྱིལ་གྱི་ལུང་རྣམས་ཀྱང་ཕུལ་ནས་མདོ་མགོན་ལེགས་ལྡན་ལྗང་ནག་གཙང་ཤོད་པའི་ཡིག་ཆའི་སྟེང་ནས་དབང་ལུང་མཛད་དེ། དེ་དང་མཉམ་དུ་བུ་འདི་དང་ལུས་དང་གྲིབ་མ་ལྟར་མི་འབྲལ་བར་འགྲོགས་པ་དང་ཅི་བསྒོ་བའི་ཕྲིན་ལས་ཐོགས་མེད་དུ་སྒྲུབ་དགོས་པའི་བཅོལ་དམ་དྲག་པོ་མཛད་པ་བཅས་དབང་ལུང་མན་ངག་ཟབ་ཁྲིད་མཐའ་རྒྱས་དང་། བརྡ་སྤྲོད་ཀུན་བཤད་ཀྱི་མཚན་དང་འབྲེལ་ཕྱི་མཐའ་གཟིགས་པའི་ཆེད་བརྗོད་ཐེག་དགུའི་གྲངས་ཀྱིས་སྙེད་པའི་ཤོ་ལོ་ཀ་བཅས་བསྩལ་ནས་སྲས་ཀྱི་དྭངས་མར་རྗེས་སུ་བཟུང་སྟེ་འགྲན་ཟླ་དང་བྲལ་བའི་བརྒྱུད་འཛིན་མཆོག་ཏུ་གྱུར། རྗེ་བླ་མ་གཤེགས་རྗེས་སུའང་ཡེ་ཤེས་སྐུ་ཡིས་རྗེས་སུ་བཟུང་སྟེ་བྱིན་གྱིས་བརླབས་པ་ལ་བརྟེན་ནས་གཏེར་ཆོས་ཤོག་སེར་རིགས་གཏན་ལ་དབབ་རྒྱུ་མ་བྱུང་བ་དག་ཚང་མ་གཏན་ལ་ཕབ་སྟེ་ཀོང་སྤྲུལ་བློ་གྲོས་མཐའ་ཡས་སོགས་ལ་དབང་ཁྲིད་ཆིག་རྫོགས་སུ་བསྩལ་པའི་ལོ་རྒྱུས་འཇམ་དབྱངས་མཁྱེན་


GTN001_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེའི་དབང་པོའི་རྣམ་ཐར་ཆེན་པོར་རྒྱས་པར་གསལ་ཡང་འདིར་ཡིག་ཚོགས་ལ་འཛེམས་པར་བྱས། བཀའ་བབས་བདུན་ལྡན་པདྨ་འོད་གསལ་མདོ་སྔགས་གླིང་པ་ཉིད་ཀྱིས་རྒྱང་རིང་མོ་ནས་བསྐུལ་ངོར་རྗེ་བླ་མས་རང་ཉིད་ལ་རིངས་པར་ཞབས་བརྟན་གསོལ་འདེབས་རྩོམ་མཛད་ཚུལ་དང་། རྣམ་ཐར་མགུལ་རྒྱན་ལས། ཟླ་བ་བདུན་པའི་ནང་སྤྲུལ་སྐུ་མཁྱེན་བརྩེ་སླར་ཡང་བྱོན་པར་སྡོམ་གསུམ་རྣམ་ངེས་ཀྱི་བཤད་པ་དང་། སྒྱུ་འཕྲུལ་ཞི་ཁྲོའི་དབང་སྔོན་དུ་འགྲོ་བས། ཞེས་པ་ལ་སོགས་པ་ནས། སྨན་ཊཱིཀ་སོགས་ལུང་གང་བཞུགས་ཐམས་ཅད་གནང་། ཕྲན་ཡང་དེ་སྐབས་ཤིག་ལ་སྐུ་རྩར་གཅར་ནས་སྒྲ་དབྱངས་ཅན་མ་ཞིག་སྦྱང་རློམ་བྱས། སྤྲུལ་སྐུ་མཁྱེན་བརྩེར་མདོ་མགོན་ལེགས་ལྡན་ལྗང་ནག་གཙང་ཤོད་པའི་ཡིག་ཆའི་སྟེང་ནས་དབང་ལུང་མཛད། དེ་དང་མཉམ་དུ་བུ་འདི་དང་ལུས་དང་གྲིབ་མ་ལྟར་མི་འབྲལ་བར་འགྲོགས་པ་དང་། ཅི་བསྒོ་བའི་ཕྲིན་ལས་ཐོགས་མེད་དུ་སྒྲུབ་དགོས་པའི་བཅོལ་དམ་དྲག་པོ་མཛད། ཚུལ་དེས་སྲུང་མས་ཕྲིན་ལས་མངོན་དུ་སྒྲུབ་པའི་རྒྱུ་མཚན་དུ་གཟིགས་ནས། མཁྱེན་བརྩེ་རྡོ་རྗེ་འཆང་དང་། གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པས་རྟེན་འབྲེལ་གྱི་སྒོ་འཕར་ཕྱེ་སྟེ་དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་ཆོས་གླིང་དུ་སྔ་འགྱུར་བཀའ་མའི་སྒྲུབ་ཕྲིན་ཡོད་དོ་ཅོག་གི་སྒྲུབ་མཆོད་གསར་འཛུགས་མཛད་ཚེ། དཔལ་ཡུལ་རྒྱ་སྤྲུལ་མདོ་སྔགས་བསྟན་འཛིན་ལ་བཀའ་མའི་དབང་ལུང་ཡོངས་རྫོགས་གནང་བའི་མཐའ་རྟེན་དུ་ལེགས་ལྡན་གྱི་དབང་མཛད་དེ་བརྒྱུད་པའི་མཚན་གཤར་དང་། ཁྱད་པར་དུ་རྡོ་རྗེ་འཆང་དངོས་འགྱུར་མེད་བསྟན་འཛིན་འཕེལ་རྒྱས་ཀྱིས་བཀའ་བསྒོས་པ་བཞིན་བུ་འདིའི་ལུས་དང་གྲིབ་མ་ལྟར་འགྲོགས་ནས་སྔ་འགྱུར་གྱི་བསྟན་པའི་རྒྱལ་མཚན་མཆོག་ཏུ་བསྒྲེང་བའི་ཕྲིན་ལས་མཛོད་ཅིག་ཅེས་བཅོལ། དེ་དུས་དབང་གྲལ་དུ་སྐུ་ཞབས་དགེ་མང་མཆོག་སྤྲུལ་སོགས་འདུས་པ་མང་ཞིག་ཡོད་པ་དང་། ཁོ་བོས་མཆོད་གཡོག་


GTN001_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པས་མངོན་སུམ་ཚད་མས་མྱོང་བ་ཡིན། རྒྱུ་མཚན་དེའི་ཕྱིར་བསྟན་འཛིན་གྱི་སྐྱེས་བུ་དང་བསྟན་པ་སྲུང་བའི་ཆོས་སྐྱོང་ཟེར་བ་དེ་འདི་འདྲ་ཞིག་ལ་མཚན་ཆགས་པ་རེད་སྙམ་པ་བྱུང་། ཞེས་གསུངས་པ་སོགས་བླ་སློབ་དམ་ཚིག་རྡོ་རྗེའི་སྲད་བུ་བསྐལ་པར་མི་ལྷོད་ཅིང་སྔ་འགྱུར་བཀའ་གཏེར་བསྟན་པའི་ཆུ་བོ་རྣམས་ཕྱོགས་ཀུན་ཏུ་སྤེལ་ཚུལ་རྣམ་པར་ཐར་པ་ངོ་མཚར་བའི་ཡུལ་མང་དུ་བཞུགས། མེ་ཕག་དགུང་ལོ་ཞེ་གཅིག་ནས་ལོ་དྲུག་རིང་ཟླ་བྲལ་གྱི་བརྒྱུད་འཛིན་རྣམ་གཉིས་ལས་རྒྱལ་བའི་ལུང་ཟིན་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་ལ་རྩིས་ནག་གི་མ་བུ་དགྲ་གྲོགས་ཀྱི་ལག་རྩིས་སོགས་རིག་གནས་ཕྲ་མོ་ཁ་ཤས་སློབ་པ་དེ་མ་ཐག་ཚེགས་མེད་དུ་མཁྱེན་པས། སྒྲ་གཞུང་ཆེ་བ་ཙནྡྲ་པ་པོད་ཆེན་གསུམ་གྱི་རི་མོ། རྗེས་འབྲེལ་འཆི་མེད་མཛོད་པོད་གཉིས། གཞན་ཀ་ལཱ་པ། དབྱངས་ཅན་སྒྲ་མདོ། པ་ཎི་པ་བཅས་དང་། སྙན་ངག་མེ་ལོང་མ། ཁམས་པའི་འགྲེལ་ཆེན། སྡེབ་སྦྱོར་ལ་མཁོ་བའི་དགུ་མཐའ་བསླབ་པ་དང་། གྲུབ་མཐའི་རྣམ་གཞག །སྨིན་ལུགས་ཀྱི་དབྱངས། སྡོམ་གསུམ་རྣམ་ངེས་རྩ་འགྲེལ་བཤད་པ་སོགས་གཞུང་ཆེན་པོད་དུ་མ་ལ་འཆད་ཉན་དང་། གཞན་ཡང་བསྙེན་རྫོགས་ཀྱི་དངོས་པོར་བསྒྲུབས། མ་ཏིའི་འཇམ་དཀར་དང་དབྱངས་ཅན་མའི་དབང་། ཚེ་དབང་གསང་འདུས་དང་ཕུར་པ་སོགས་དང་། མཚན་བརྗོད་ལུང་། རྙིང་རྒྱུད་པོད་ཉེར་དྲུག་དཀར་ཆག་དང་བཅས་པ། རྫོགས་པ་ཆེན་པོ་སེམས་སྡེ་མ་བུ་བཅོ་བརྒྱད་ཀྱི་དབང་། ཆོས་དབང་གཏེར་བྱོན་ཕུར་པ་སྤུ་གྲིའི་དབང་ལུང་། ཀློང་ཆེན་མཛོད་བདུན། ངལ་གསོ་སྐོར་གསུམ། དོན་ཁྲིད་སྐོར་སོགས་གསུང་ཐོར་བུའི་སྐོར་ཡོངས་རྫོགས། ཇོ་ནང་རི་ཆོས་ངེས་དོན་རྒྱ་མཚོ། ཟབ་མོ་ནང་དོན་རྩ་འགྲེལ། རྩ་རྒྱུད་གསང་བ་སྙིང་པོ། འགྲེལ་བ་ཕྱོགས་བཅུའི་མུན་སེལ། གསང་བདག་ཞལ་ལུང་དང་། གསང་བདག་དགོངས་རྒྱན། དཀར་


GTN001_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

ཆག །གསང་སྙིང་འགྲེལ་བ་གཡུང་ཊཱིཀ །རོང་ཊཱིཀ །སྒྲོལ་ཊཱིཀ །སྨན་ལུང་པའི་སྤྱི་དོན་ཊིཀྐ། སྨིན་གླིང་རབ་འབྱམས་པ་ཨོ་རྒྱན་ཆོས་གྲགས་ཀྱི་སྤྱི་དོན། རྣམ་ཤེས་ཡེ་ཤེས་འབྱེད་པ། སྙིང་པོ་བསྟན་པ། ཀུན་མཁྱེན་འཇིགས་གླིང་དགོངས་གཏེར་དང་བཀའ་འབུམ་ཚང་མ། ཀོང་པོ་བདེ་ཆེན་རྒྱ་མཚོའི་རྩ་གསུམ་ཟབ་མོ་ཀུན་འདུས་ཀྱི་དབང་ལུང་། མདོ་མགོན་གཙང་ཤོད་པའི་ཡིག་ཆ་ལྟར། ཙིའུ་དམར་དང་ཐང་ལྷའི་སྲོག་གཏད། གོ་འཇོ་གཏེར་སྟོན་འོད་ཆོག་དབང་ལུང་། པདྨ་བཀའ་ཐང། ཐང་ཡིག་སྡེ་ལྔ། མ་ཎི་བཀའ་འབུམ། རྗེ་རབ་འབྱམས་གཉིས་པའི་བཀའ་འབུམ། སྨིན་གླིང་གཏེར་ཆོས་དབང་ལུང་ཡོངས་རྫོགས། གཏེར་ཆེན་བཀའ་འབུམ། བཀའ་བརྒྱད་རྣམ་གསུམ་གྱི་དབང་ལུང་ཡོངས་རྫོགས། གཏེར་སྟོན་སངས་རྒྱས་གླིང་པའི་བླ་མ་དགོངས་འདུས་ཀྱི་དབང་རྣམས་དང་པོད་བཅུ་གསུམ་གྱི་ལུང་ཡོངས་རྫོགས་དང་། འཇམ་མགོན་ཀོང་སྤྲུལ་རང་རྣམ་ལས། སྨིན་གླིང་འདོད་འཇོ་བུམ་བཟང་གི་སྨིན་བྱེད་ཆ་ཚང་། སྒྲུབ་ཐབས་པོད་ཀྱི་དབང་ལུང་། ཞལ་ཤེས་རྣམས་ཞལ་ཁྲིད་མཛད་ནས་འདི་རྣམས་ཡིད་ལ་མ་བརྗེད། བསྟན་པ་ལ་ཕན་སུས་ཐོགས་ཅི་ཤེས་སོགས་གསུངས། ལར་འདི་ཉིད་ཀྱི་གསུང་སྒྲོས་ཆེད་དུ་གནང་བ་ཐམས་ཅད་ཕྱིས་ལུང་བསྟན་ཁོ་ནར་སོང་འདུག །ཅེས་དང་། ཡང་། འཇམ་མགོན་བླ་མ་རིན་པོ་ཆེས་ཉིད་ཀྱིས་གསོལ་བའི་བཟང་གོས་ཀྱི་ཆོས་གོས། བུམ་པ་ཆ། ཤིས་བརྗོད་ཀྱི་ཚིག་བཀྲ་ལ་ཡོན་ཏན་རྒྱ་མཚོ་ཡོད་པ་ཞིག་གནང་ནས་བླ་མར་མངའ་གསོལ་བའི་རྟེན་འབྲེལ་ཡིན། དུས་རྒྱུན་དུ་བློ་སྣ་སྟུངས། དྲན་ཤེས་སྟེན། ཕྱོགས་རིས་མ་བྱེད་ཅེས་པའི་བསླབ་སྟོན་སྩལ། ཞེས་སོགས་གསུངས་པ་དེ་དག་དང་། གཞན་ཡང་རྒྱལ་བའི་བཀའ་འགྱུར་གྱི་བཀླག་ལུང་། དུས་འཁོར་འགྲེལ་ཆེན་དྲི་མེད་འོད། གསང་འདུས་འགྲེལ་བ་སྒྲོན་གསལ། ཞི་བ་ལྷའི་སྤྱོད་འཇུག །བསླབ་བཏུས། ཇོ་བོའི་ཆོས་ཆུང་བརྒྱ་རྩ། ཟླ་གྲགས་གསང་འདུས་འགྲེལ་པ། སྐྱེས་རབས་དཔག་


GTN001_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་འཁྲི་ཤིང་། འདུལ་བ་མདོ་རྩ། ཀརྨ་ཤ་ཏཾ། མེ་ཏོག་ཕྲེང་རྒྱུད། དབུ་མ་རིགས་ཚོགས་དྲུག །བྱམས་ཆོས་སྡེ་ལྔ། མངོན་མཛོད་སོགས་བསྟན་འགྱུར་ལས་མང་དུ་གསུངས། བཀའ་བརྒྱད་བདེ་གཤེགས་འདུས་པའི་དབང་ཆེན་དང་པོད་ཆེན་བཅུའི་ལུང་ཡོངས་རྫོགས། དབང་ཕྲན་སྐོར་ཚང་མ། ཕུར་པ་ཡང་གསང་བླ་མེད་ཀྱི་དབང་ཞེ་ཆེན་ལྗགས་འགྲིགས་ཀྱི་ལུང་། བདེ་གཤེགས་ཀུན་འདུས་ཀྱི་དབང་ལུང་ཁྲིད་གསུམ། སྙིང་ཐིག་བླ་བརྒྱུད་རྣམ་ཐར་དང། བི་མ་སྙིང་ཐིག །མཁའ་འགྲོ་སྙིང་ཐིག །བླ་མ་ཡང་ཏིག །མཁའ་འགྲོ་ཡང་ཏིག །ཟབ་མོ་ཡང་ཏིག་རྣམས་ཀྱི་དབང་ལུང་མཐའ་རྒྱས་སོགས་གསང་ཆེན་སྨིན་གྲོལ་ཞལ་ཤེས་དམར་ཁྲིད་རྒྱབ་རྟེན་དང་བཅས་པ་བགྲང་བྱ་དྲུག་གི་རིང་ཞིབ་པར་བསྩལ་ཏེ། ཐུན་མོང་ཐུན་མིན་གྱི་གཞུང་ལུགས་ལ་མཁྱེན་རབ་ཀྱི་དཀྱིལ་འཁོར་ཡོངས་སུ་རྫོགས་ཏེ། རྗེ་ཉིད་ཀྱི་ཞལ་ནས། དེང་སྔོན་སྦྱངས་སྐྱེས་ཐོབ་ཀྱི་ཤེས་རབ་མངོན་པར་རྒྱས་པའི་མཁྱེན་རབ་ཀྱི་མྱུ་གུ་གསར་པ་ཐོས་བསམ་སྒོམ་པའི་འདབ་སྟོང་རྣམ་པར་རྒྱས་གྲུབ་པས། བློ་གསལ་བུང་བ་གཞོན་ནུའི་གསོས་སུ་གྱུར་པ་ལ་ཐེ་ཚོམ་བྲལ་ཞིང་། སླད་ཀྱི་ཆར་རིས་བྲལ་རྒྱལ་བ་མཆོག་གི་བསྟན་པ་བླ་ནས་བླར་འཕེལ་བའི་བྱེད་པོ་སྲིད་ཞིའི་འདྲེན་པ་མཆོག་ཏུ་མངའ་གསོལ་བར་བྱ་ཕྱིར། རྟེན་འབྱུང་གི་སྒོ་འཕར་བརྒྱ་ཕྲག་ཕྱེ་བའི་ལེགས་སོ་འབུལ་བའི་རྟེན་མཚོན་ལ། བཀྲ་ཤིས་པའི་ལྷ་རྫས། བུམ་པ་ལེགས་ཆ། རང་གི་གྱོན་པ་བཟང་གོས་ཀྱི་ཆོས་གོས་བཅས་ཕུལ་བ་བརྩེ་བ་མཆོག་གིས་རྗེས་སུ་བཞེས་པ་ནས། འཆད་རྩོད་རྩོམ་པ་དང་བཤད་སྒྲུབ་སྒོམ་པས་བསྟན་འགྲོའི་དོན་ཆེན་སྒྲུབ་པའི་མཛད་པ་སྐྱོ་ངལ་སྤངས་ནས་རང་གཞན་དོན་གཉིས་དཀའ་བ་མེད་པ་འགྲུབ་པར་གདོན་མི་ཟ་བ་ལགས་པས་ཐུགས་ལ་བསྟིམ་འཚལ། ཞེས་སོགས་འབྱུང་འགྱུར་ལུང་བསྟན་ཁོ་ན་ལྟར་སོང་བའི་ཕྱག་བྲིས་གནངས་ཏེ། བརྡ་སྤྲོད་ཀུན་བཤད་ཀྱི་མཚན་དང་བཀའ་གཏེར་མདོ་སྔགས་རྒྱ་མཚོ་ཕྱོགས་


GTN001_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱར་སྤེལ་བའི་བྱེད་པོར་མཆོག་ཏུ་མངའ་གསོལ་དང་གཟེངས་བསྟོད་བཅས་མཛད་དེ་སྲས་ཀྱི་ཐུ་བོ་དང་ཕྲིན་ལས་ཀྱི་བྱེད་པོ་འགྲན་ཟླ་དང་བྲལ་བར་བྱོན་པ་སྟེ། ཤིང་རྟ་ཆེན་པོ་འདིས་ཕྱིས་སུ་ཁྱབ་བདག་རྒྱལ་བ་ཞེ་ཆེན་པའི་བརྒྱུད་པའི་ཆུ་བོ་འཛམ་གླིང་ཐ་གྲུར་ཡོངས་ཁྱབ་ཏུ་སྤེལ་ཏེ། མཁས་གྲུབ་དབང་པོ་རྒྱལ་ཚབ་པདྨ་བི་ཛས་ཐུབ་མིན་རིགས་བདག་ཏུ་བསྙེན་པ་སོགས་བསྟན་པ་སྤྱི་དང་བྱེ་བྲག་ལ་བཀའ་དྲིན་མཚུངས་ཟླ་བྲལ། ལྕགས་ཁྱི་དགུང་གྲངས་རེ་བཞིར་དཔལ་རི་བོ་དགེ་ལྡན་པའི་སྐྱེས་ཆེན་ལུགས་གཉིས་དཔལ་གྱིས་མངོན་པར་མཐོ་བའི་བྲག་ཡབ་སྐྱབས་མགོན་ནོ་མི་ཧན་དཔལ་ལྡན་འཇིགས་མེད་བསྟན་པའི་རྒྱལ་མཚན་གྱིས་དགའ་ལྡན་ཁྲི་རིན་པོ་ཆེར་རྙིང་མའི་ཆོས་གསན་བཞེས་ཆོག་པར་སྙན་ཞུས་བཞིན། ཁམས་ཞེ་ཆེན་པཎྜི་ཏ་ཟེར་བ་སྔར་སྨིན་གླིང་གི་སྔགས་རམས་པ་བསྟན་འཛིན་སྐྱེས་མཆོག་སོགས་གསར་རྙིང་གི་ཡོངས་འཛིན་ཚད་ཐུབ་མང་པོའི་ཞབས་ལ་གཏུགས་པས་ཕྱི་ནང་གི་རིག་པའི་གནས་ལ་མཁྱེན་རྒྱ་ཆེ་ཞིང་། བསྟན་པ་ཐམས་ཅད་འགལ་མེད་ལམ་དུ་ཁྱེར་ཐུབ་པ་ཞིག་ཡོད་པ་དེ་བླ་མར་བསྟེན་ན་ལེགས་ཚུལ་བཀའ་གསལ་དམ་འབྱར་ཕེབས་པར་བརྟེན། ནོ་མི་ཧན་གྱིས་སྡེ་དགེ་ཚང་ལ་བཀའ་ནན་སྩལ་པ་ལྟར། སྡེ་དགེ་རྒྱལ་བློན་བཀའ་བགྲོས་ཀྱིས་བྱོན་ཆས་ཕྱག་མཐུད་རྒྱ་དངུལ་སྲང་ཉེར་ལྔ་སོགས་དང་། སྣ་ཤན་ཧོར་འདྲ་ས་ཚུགས་ལམ་ཡིག་བཅས་མི་འབྱོན་ཀ་མེད་བཞིན་ཕེབས། དེར་བྲག་ཡབ་རྫིས་དཔོན་ཨ་འབྲུག་སྐོར་རིང་བསུ་དང་། ལྷ་ཐོག་ཏུ་བྲག་ཡབ་མཛེས་བཅུ་དཔོན་ལྷུན་གྲུབ་རྒྱལ་དཔོན་གཡོག་བརྒྱད་ཅུ་ཐམ་པ་བར་བསུ། ཐུང་བསུ་ལ་ཕྱག་མཛོད་དཔོན་གཡོག་བརྒྱ་ལྷག་ཙམ། དེའི་ཕྱི་ཉིན་ཟླ་བ་བདུན་པའི་དགའ་བ་དང་པོ་ལ་བྲག་ཡབ་སྐུ་ཞབས་ནོ་མི་ཧན་དང་མཇལ་འཕྲད་བྱས། ཕྱི་ཉིན་ནས་སྔ་འགྱུར་རྡོ་རྗེ་ཐེག་པའི་ཆོས་སྒོ་རྒྱ་ཆེན་འབྱེད་པའི་སྣ་སེལ་དུ་བཀའ་བརྒྱད་བདེ་


GTN001_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་འདུས་པའི་གཏོར་བཟློག་མཛད། དེ་ནས་ཐོག་མའི་ཆོས་སྒོ་བླ་མ་དགོངས་པ་འདུས་པས་ཕྱེ་སྟེ་དབང་ལུང་ཆ་ཚང་དང་། བཀའ་བརྒྱད་སྒྲུབ་མཆོད་དང་སྦྲེལ་ཏེ་དབང་ཆེ་ཆུང་རྣམས་དང་པོད་ལུང་ཡོངས་རྫོགས་བསྩལ། ཆབ་མདོ་དགོན་ཆེན་ནས་གདན་ཞུས་བཞིན་ཕེབས་མ་ཐུབ་ནས་གཡོ་མདའ་ཆོས་རྗེ་ངག་དབང་འཇམ་དབྱངས་ཆེད་བཏང་མཛད་པ་དེ་དང་སྐྱབས་མགོན་ནོ་མི་ཧན་མཆོག་བཅས་ལ་རྙིང་མ་རྒྱུད་འབུམ་དང་། བསྟན་འགྱུར་ལུང་རྒྱུན་ཡོད་རིགས་དང་། མདོ་སྒྱུ་སེམས་གསུམ་གྱི་གཙོས་བཀའ་མ་སྐོར་གྱི་དབང་ལུང་དང་། མངའ་བདག་ཉང་དང་གུ་རུ་ཆོས་དབང་གཉིས་ཀྱི་གཏེར་ཁ་ཡོངས་རྫོགས། རཏྣ་གླིང་པ་སོགས་གཏེར་སྟོན་ཡོངས་སུ་གྲགས་པ་ཕལ་མོ་ཆེའི་ཆོས་སྐོར། རྒྱལ་མཆོག་ལྔ་པའི་དག་སྣང་རྒྱ་ཅན་ཡོངས་རྫོགས། སྨིན་གླིང་གཏེར་བྱོན་ཡོངས་རྫོགས་ཀྱི་དབང་ལུང་གདམས་ཁྲིད་བཞུགས་རིགས་རྣམས་ཞིབ་པར་ཕུལ། བྲག་ཡབ་ནོ་མི་ཧན་མཆོག་སྔགས་རྙིང་མའི་ཆོས་དང་གང་ཟག་ལ་རྒྱུ་མཚན་ཤེས་ནས་དད་པ་དང་དག་སྣང་ལྷག་པར་འཁྲུངས་ཏེ། རྙིང་མའི་གྲྭ་ཚང་ཞིག་གསར་དུ་བཙུགས་པ་དེ་ལ་སྨིན་ལུགས་གཙོར་བཏོན་གྱི་སྒྲུབ་པ་ཆེན་པོ་བཀའ་བརྒྱད་སོགས་ཀྱི་སྒྲུབ་ཕྲིན་གྱི་ཕྱག་བཞེས་དང་། གདངས་དབྱངས་རོལ་མོ་འབུད་ཚིགས་སོགས་ཞིབ་པར་བསླབས། བཀའ་བརྒྱད་བདེ་གཤེགས་འདུས་པའི་སྒྲུབ་ཆེན་ཕྱག་ལེན་རྒྱས་པའི་ལུགས་དང་འབྲེལ་བ་བདུད་རྩི་སྨན་སྒྲུབ་ཆེན་མོ་བདུན་ཕྲག་གཉིས་ལ་མཛད། གྲྭ་ཚང་གསར་ཞུགས་ལ་རབ་བསྙེན་དང་བྱང་སྡོམ་འབོགས་པ་སོགས་བསྟན་འགྲོའི་དོན་ཆེན་ཕྱོགས་ཀུན་ནས་ལེགས་པར་འགྲུབ་སྟེ་དེར་ལོ་གཉིས་ཙམ་བཞུགས། ཕྱོགས་འདིར་རྒྱལ་བ་ཞེ་ཆེན་པའི་ཆོས་བརྒྱུད་འཛིན་པའི་དགོན་ལག་ཀྱང་མང་དུ་འཕེལ། དེ་ནས་བཀའ་དྲིན་གཏང་རག་གི་མཎྜལ་ལ་ཆབ་མདོ་ཆོས་རྗེས་དངོས་པོ་རྒྱ་གང་ཆེར་དང་། བྲག་ཡབ་གཞུང་ནས་གསེར་རྡིལ་ཚད་གཅིག །


GTN001_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

དངུལ་རྡིལ་ཚད་བཅུ། རྟ་ཉི་ཤུ། མཛོ་མཛོ་མོ་སུམ་ཅུ་ལྷག །ཡུག་ཆེན་སྣ་ལྔའི་གྲངས་ཚན་བཞི་ལྷག །གཅན་གཟན་སྣ་ཚང་གི་པགས་པ་སོགས་ཚན་གྲངས་བརྒྱ་ཕྲག་གསུམ་སོགས་རྒྱ་ཆེར་དང་། ནོ་མི་ཧན་སྐུ་སྒེར་ནས་ཀྱང་ཐུགས་དགྱེས་པའི་རྩེར་སོན་ཏེ་སྐུ་གསུང་ཐུགས་རྟེན་ཁྱད་ཐོན་གྱིས་ཐོག་དྲངས་ཏེ་དངོས་པོ་རིན་ཐང་ཅན་ལེགས་སྐྱེས་རྒྱ་ཆེར་བསྟབས་ཏེ་མཆོད་ཡོན་བླ་སློབ་འབྲལ་དཀའ་བའི་ངང་ནས་སྔར་ཆིབས་བསུའི་གོ་རིམ་ལྟར། ཆིབས་སྐྱེལ་ཡང་རིམ་པ་གསུམ་གྱིས་རང་དགོན་དུ་ཆིབས་ཞལ་བསྒྱུར། སྡེ་དགེ་ཆོས་རྒྱལ་ཆེན་པོ་བྱང་སྒར་ལྷ་ལུང་ཁུག་ཏུ་བཞུགས་པར་མཆོད་ཡོན་ཞལ་འཛོམས་མཛད། ཆབ་བྲག་སྒ་ཉག་སྐོར་སོགས་ལ་དམ་པ་ཆོས་ཀྱི་དགའ་སྟོན་སྤེལ་ཚུལ་གྱི་བཀའ་མོལ་དང་། བྲག་ཡབ་ནོ་མི་ཧན་གྱིས་བླ་མ་བྱོན་ཅིང་ཆོས་ཀྱི་བཀའ་དྲིན་ལེགས་པར་བསྐྱངས་ཚུལ་གྱི་ཞུ་རྒྱ་ལེགས་སྐྱེས་རྣམས་ཕུལ་བས་རྒྱལ་བློན་འཁོར་བཅས་ཐུགས་ཤིན་ཏུ་དགྱེས་པར་མཛད། གོང་ཞུས་དེ་དག་གིས་མཚོན་མཛད་པ་གསུང་གི་འཕྲིན་ལས་ཐུན་མོང་གི་རིག་གནས་སུམ་རྟགས་དག་གསུམ། ཀ་ཙན་དབྱངས་གསུམ། སྙན་མངོན་སྡེབ་གསུམ། རྩིས་དཀར་ནག་སོགས་ཐ་སྙད་རིག་གནས་ཀྱི་སྐོར་འཆད་སྤེལ་ཆེས་མང་བས་བཤད་རྒྱུན་དང་སློབ་ཚོགས་ཀྱིས་མདོ་དབུས་གཉིས་ལ་ཁྱབ། ཕྱིས་སུ་ཐུགས་སྲས་དམ་པ་རྣམས་ཀྱི་གསུང་རྩོམ་རྣམས་སྙན་འཇེབས་སྡེབ་ལེགས་ཀྱིས་ཁྱད་པར་དུ་འཕགས་པ་འབའ་ཞིག་བཞུགས། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་ལྗགས་ལུང་ཚར་གསུམ་སྤེལ་བའི་རྒྱུན་གསར་རྙིང་ཡོངས་ལ་འབྱམས། ཁྱད་པར་རྩ་རྒྱུད་གསང་བ་སྙིང་པོའི་རྒྱུད་རྒྱུད་འགྲེལ་དང་བཅས་པའི་བཤད་རྒྱུན་གྱི་སྒྲོན་མེ་ཡང་ཡང་སྦར་བ་འདི་གཅིག་པུའི་བཀའ་དྲིན་བསམ་ལས་འདས། དགོངས་འགྲེལ་བསྟན་བཅོས་རྒྱུན་ཡོད་རིགས་དང་། སྙིང་ཐིག་མ་བུ་ལྔ་དང་མཛོད་བདུན་ངལ་གསོ་སྐོར་གསུམ་སོགས་ཀུན་མཁྱེན་ཆེན་པོའི་གསུང་རབ་རྣམས་དང་།


GTN001_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་མཁྱེན་འཇིགས་མེད་གླིང་པའི་བཀའ་འབུམ་སོགས་མཁས་གྲུབ་གོང་མ་རྣམས་ཀྱི་གསུང་འབུམ། གསར་རྙིང་གི་རྒྱུད་འབུམ་རྣམས་དང་། སྔ་འགྱུར་བཀའ་གཏེར་རྒྱ་མཚོའི་དབང་ལུང་ཁྲིད་མན་ངག །བདུད་རྩི་སྨན་སྒྲུབ་ཀྱི་ལག་ལེན་དང་ཉམས་མྱོང་གི་བསླབ་བྱ་སོགས་བཀའ་གཏེར་སྒྲུབ་ཕྲིན་གྱི་མཐོང་བ་བརྒྱུད་པའི་ཕྱག་བཞེས་ཆེ་ཕྲ། ལྷ་བྲིས་འབུར་ཐིག་དང་སྤོས་སྦྱོར་ནས་བཟུང་གང་ལ་གང་འདོད་དེ་ལ་དེ་ལྟར་མི་ཟད་པ་ཆོས་རིག་རྒྱ་མཚོའི་ཆུ་གཏེར་གྱིས་བརྒྱུད་པ་ཟིན་ངེས་ཀྱི་སློབ་ཚོགས་ཨུ་དུམྦ་རའི་སྐྱེད་ཚལ་ལྟ་བུ་བསྐྱངས་ཏེ། གོང་སྨོས་ཟླ་བྲལ་གྱི་བརྒྱུད་འཛིན་རྣམ་གཉིས་ཏེ་འཇམ་མགོན་མཁྱེན་ཀོང་གཉིས་དང་། རྗེ་ཉིད་ཀྱི་རྒྱལ་ཚབ་ཏུ་བྲག་ཡབ་དང་ནང་ཆེན་སོགས་སུ་དབུ་བླར་ཕེབས་ཏེ་བསྟན་འགྲོའི་ཕྲིན་ལས་ཅན་ལྔ་རིག་སྨྲ་བ་སྒྲ་རམས་པ་གྲུབ་དབང་འགྱུར་མེད་རྣམ་རྒྱལ། མདོ་སྔགས་རིག་གནས་དང་བཅས་པ་ཐུགས་སུ་ཆུབ་པའི་ལྷོ་སེང་ཚ་སྨན་རམས་པ་བློ་གྲོས་མཆོག་རྒྱས་འོད་ཟེར་ཏེ་ནང་ཐུགས་ཀྱི་སྲས་བཞི། བྲག་ཡབ་སྐྱབས་མགོན་ནོ་མི་ཧན་གོང་སྨོས་ཉིད་དང་། གསེར་མདོག་ཅོད་པཎ་འཆང་བའི་ལུགས་བཟང་མཁའ་ཁྱབ་ཏུ་སྤེལ་བའི་ཕྲིན་ལས་ཅན་ཧོར་དགོན་སྡེ་བཅུ་གསུམ་གྱི་བདག་པོ་ལུང་དང་རིགས་པ་སྨྲ་བའི་དགེ་བའི་བཤེས་གཉེན་དགོན་སར་ཆོས་རྗེ་བློ་བཟང་མཐུ་སྟོབས། པདྨའི་ཐུགས་སྲས་མདོ་སྨད་སྐྱེ་དགུའི་གཙུག་རྒྱན་ཁམས་སྤྲུལ་ལྔ་པ་སྒྲུབ་བརྒྱུད་བསྟན་པའི་ཉི་མ། འཁྲུལ་ཞིག་ལྔ་པ་ཨ་ལྡེའུ་པཎྜི་ཏ་དཔལ་ལྡན་འགྱུར་མེད་ཚེ་དབང་ཕྲིན་ལས། ཆབ་མདོ་གཡོ་མདའ་ཆོས་རྗེ་ངག་དབང་འཇམ་དབྱངས་ཏེ་ཆེ་བཙུན་མཁས་པའི་བཤེས་གཉེན་ལྔ། སངས་རྒྱས་གཉིས་པ་གུ་རུ་པདྨས་བསྩལ་པའི་ཆེ་མཆོག་འདུས་པ་བདུད་འཇོམས་རོལ་པ་རྩལ་ཞེས་མཚན་གྱི་ཅོད་པཎ་འཆང་བའི་རྗེ་བླ་མ་རྒྱལ་ཚབ་དང་པོ་དང། རྡོ་བྲག་རྗེ་ཙུན་མའམ་མཚོ་རྒྱལ་རྣམ་འཕྲུལ་གངས་ར་རྗེ་བཙུན་མ་བྱང་ཆུབ་སྒྲོལ་མ། གྲུབ་པའི་དབང་ཕྱུག་གཏེར་


GTN001_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་གླིང་རྗེ་དྲུང་པདྨ་འགྲོ་འདུལ་རྩལ། མཚོ་འཁྲུངས་པདྨ་ཀ་རའི་ཞལ་སྐྱིན་ལྷ་འབྲང་གྲུབ་དབང་དཔལ་ལྡན་ཆོས་རྒྱལ། རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་ཐུགས་སྲས་གྲུབ་དབང་རྡོ་བླ་འཇིགས་མེད་སྐལ་བཟང་། མཚོ་ཕུ་སྒྲུབ་ཆེན་ཆོས་དབྱིངས་རང་གྲོལ། མཚུངས་མེད་ཆོས་ཀྱི་སྤྱན་ལྡན་གྲུབ་དབང་གཞི་ཆེན་སྤྲུལ་བསོད་ནམས་དཔལ་ལྡན། ཟུར་མང་གཏེར་སྟོན་རོལ་པའི་རྡོ་རྗེ་སོགས་གྲུབ་བརྙེས་ཀྱི་སྐྱེས་ཆེན། རྡོ་བྲག་རིག་འཛིན་ཆེན་པོ་བདུན་པ་ངག་དབང་མི་འགྱུར་ལྷུན་གྲུབ་རྡོ་རྗེ། རབ་འབྱམས་བཞི་པ་མི་མཇེད་ཞིང་གི་མགོན་པོ་གར་དབང་ཆོས་ཀྱི་རྒྱལ་མཚན། ཀཿཐོག་སི་ཏུ་གཉིས་པ་ཆོས་ཀྱི་བློ་གྲོས་ཨོ་རྒྱན་བསྟན་པ་རྣམ་རྒྱལ། ཀཿ ཐོག་དགེ་རྩེ་གཉིས་པ་རིག་འཛིན་ཚེ་དབང་རྒྱ་མཚོ། རྒྱལ་ཚབ་གཉིས་པ་མི་བསྐྱོད་མཁས་གྲུབ་རྒྱ་མཚོ་ཚེ་དབང་གྲུབ་པ་རྩལ། ཀཿ ཐོག་ཉིན་དགོན་གསུམ་པ་འགྱུར་མེད་ངེས་དོན་བསྟན་འཛིན་སོགས་བསྟན་ལ་ཕྱག་རྗེས་ཆེ་བའི་ཁྲི་ཆེན། ལུང་རིགས་སྨྲ་བའི་ཁྱུ་མཆོག་ཡོངས་ཀྱི་བཤེས་གཉེན་ཆེན་པོ་རྫ་དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་སྟེ། རྣམ་ཐར་མགུལ་རྒྱན་ལས། ལྕགས་སྟག་ལོ་དཔལ་སྤྲུལ་རྡོ་རྗེ་འཆང་སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་དེ་ཉིད་ཕེབས། ཟླ་བ་ལྔ་དྲུག་གཅིག་བཞུགས་སྒྲ་དབྱངས་ཅན་མ་དང་ཕྱི་ནང་གི་གཙུག་ལག་དུ་མ་གསན་བཞེས་མཛད་ནས་སྨྲ་བའི་སེངྒེ་ལྟ་བུར་གྱུར། ཇི་སྐད་དུ་། ལ་ལས་ལོ་བརྒྱར་སྦྱངས་ན་ཡང་། །ལ་ལས་ཡུད་ཙམ་ཞིག་གིས་ཤེས། །ལ་ལས་ཚེགས་ཀྱིས་སྒྲུབ་པ་ཡང་། །ལ་ལས་འབད་པ་ཆུང་ངུས་འགྲུབ། །ཅེས་གསུངས་པའི་ཚུལ་ལྟར་ལས། མཁས་དབང་འདིས་གཞན་ནས་ཐུན་མོང་གི་རིག་གནས་སོགས་སློབ་སྦྱོང་མཛད་པའི་ལོ་རྒྱུས་མེད། ཅེས་གསུངས་པ་ལྟར་ཕྱི་ནང་གི་གཙུག་ལག་དུ་མ་གསན་བཞེས་མཛད་ནས་སྨྲ་བའི་སེངྒེ་ལྟ་བུར་གྱུར་པའི་ཆོས་རྗེ་མཆོག་དང་། རྡོ་བྲག་རིག་འཛིན་ཆེན་པོ་དྲུག་པའི་ཐུགས་སྲས་ཐུ་བོ་རིག་འཛིན་བདུན་


GTN001_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་བརྒྱད་པའི་ཡོངས་འཛིན་ཆུ་བཟང་མཁན་རིན་པོ་ཆེ་ནམ་མཁའ་ཀློང་ཡངས། རྫོགས་ཆེན་མཁན་རབས་དང་པོ་སེང་ཕྲུག་པདྨ་བཀྲ་ཤིས། ཁྲོ་ཤུལ་མཁན་ཆེན་ཚུལ་ཁྲིམས་རྒྱ་མཚོ། སྔ་འགྱུར་བསྟན་པའི་སྒྲོན་མེ་མཆིམས་ཕུའི་ཟུར་མཁར་སྤྲུལ་སྐུ་སོགས་ལུང་རིགས་སྨྲ་བའི་སྟོན་ཆེན། གཞན་ཡང་རྒྱལ་སྲས་འགྱུར་མེད་རྡོ་རྗེས་མཛད་པའི་ཨ་འཛོམས་འགྲོ་འདུལ་དཔའ་བོ་རྡོ་རྗེའི་རྣམ་ཐར་ལས། བཤེས་གཉེན་དམ་པས་རྗེས་བཟུང་རབ་ཏུ་བྱུང་། །པདྨ་མདོ་སྔགས་ལྷུན་གྲུབ་བཟང་པོ་ལ། །གསོལ་བ་འདེབས་སོ་སྲིད་ལས་ངེས་འབྱུང་ཤོག (འདི་རང་རྣམ་ཞལ་གསུང་མ།) ཅེས་གསུངས་ཏེ། དགུང་གྲངས་བཞི་ལྔར་སོན་པ་ན། གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་རྣམ་འཕྲུལ་ཞེ་ཆེན་མ་ཧཱ་པཎྜི་ཏ་མཐུ་སྟོབས་རྣམ་རྒྱལ་ལས་བསྟན་པའི་སྒོར་ཐོག་མར་ཞུགས་པ་ཡིན་ཏེ། ཁོང་གི་མནལ་ལམ་དུ་དུང་དཀར་ཆེ་ཆུང་གཉིས་འདུག་པའི་ཆུང་བ་དེ་ཕྱག་ཏུ་བཞེས་ནས་བུས་པས། དུང་གི་སྐད་དེས་ལྷ་ལྡན་ཕྱོགས་མན་ཆད་གྲགས་སྙམ་བྱུང་། སྐྱེས་བུ་འདི་ཉིད་ངེས་པར་རིགས་བཟང་ཞིག་ཡིན་ཞེས། མཚན་སྙན་ལི་ཤིའི་དྲི་བསུང་འཐུལ་བ་ལས། །སོགས་སྙན་ཚིག་དང་སྦྱར་བའི་བསྟོད་པ་བཅས་མཚན་དེ་ཉིད་གསོལ་བ་ཡིན། ཞེས་གསུངས་པ་ལྟར་རྫོགས་ཆེན་བསྟན་པའི་མངའ་བདག་ཨ་འཛོམས་འགྲོ་འདུལ་དཔའ་བོ་རྡོ་རྗེ་དང་། མཁྱེན་བརྩེ་ནུས་ལྡན་མཆོག་སྤྲུལ་བྱང་ཆུབ་རྡོ་རྗེ། ལྕང་སྐྱའི་དབུ་བླ་མདོ་ཤུལ་བླ་མ་ངག་དབང་རྒྱ་མཚོ། རྫོགས་ཆེན་མཁན་བཤད་སྒྲུབ་ཉི་མ།(འདིས་རྗེ་བླ་མའི་སྐུ་གམ་དུ་ཡང་ཡང་གཅར་ནས་ཐུན་མོང་སྒྲ་རིག་ནས་བཟུང་ཐུན་མིན་མཐོང་བ་བརྒྱུད་པའི་ཕྱག་བཞེས། དབང་ལུང་གདམས་ཁྲིད་སོགས་གསན་རྒྱ་ཆེ་བས། བསྟན་པའི་གནས་གཞི་དགོན་ཆེན་དག་ཏུ་མཁན་པོ་འདིའི་ཕྱག་རྗེས་ཀྱི་མཛད་ཕྲིན་འོད་སྟོང་འཕྲོ་བཞིན་པའི་དམིགས་བསལ་མཛད་འཕྲིན་ཅན་ཞིག་གོ།) གཙང་མདའ་སྤྲུལ་ཨོ་རྒྱན་མདོ་སྔགས་དོན་རྟོགས་སྐུ་མཆེད། མཁས་གྲུབ་བསྟན་འཛིན་ཆོས་དབང་། གཙང་མཐིལ་སེངྒེ་བླ་མ་བསོད་ནམས་དབང་


GTN001_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་དང་བླ་མ་གུ་རུ་བླ་མ་ཨོ་རྒྱན་བསོད་ནམས། གོ་ཆ་མཆོག་སྤྲུལ་འཇིགས་མེད་དཔལ་གྱི་སེངྒེ། བདེ་གྲོལ་བརྒྱད་པ་ཀུན་བཟང་ཡེ་ཤེས་རྒྱལ་མཚན། སྤང་ལེབ་སྤྲུལ་སྐུ་ཕྲིན་ལས། དགེ་མང་བླ་མ་སྨོན་ལམ་དར་རྒྱས། ཝ་ཤུལ་བླ་མ་སངས་རྒྱས་བཟང་པོ། གོར་རྩ་བླ་མ་ཨོ་རྒྱན་དཔལ་འབྱོར། གཅོད་ཀྱི་གྲུབ་བརྙེས་ཁྲོཾ་ཐར་རྒྱ་སྒོང་བླ་མ་ངག་དབང་། ཁམས་པ་སྒར་ནས་ཆེད་མངགས་མཁས་པའི་དབང་པོ་བྲག་ཡབ་ཉི་མ་དང་ཆབ་མདོ་ཤེས་རབ། སྐྱ་ནང་བླ་མ་ཀློང་ཆེན་པ། དགོན་ཆེན་ལུག་ར་བླ་མ་འཇམ་དབྱངས་ཡོན་ཏན། ཞྭ་སེར་བསྟན་པའི་རྒྱལ་མཚན་འཛིན་པ་ཇོ་བོ་སྤྲུལ་སྐུ། ཀཿ ཐོག་ཧོར་མདོ་སྨྱོན་རིན་པོ་ཆེ། སྨར་ཁམས་མཆོག་སྤྲུལ་འགྱུར་མེད་ཆོས་ཀྱི་རྒྱལ་མཚན། སྟག་སྒང་སྤོར་འགུར་བླ་མ་ཨོ་རྒྱན་བསམ་འགྲུབ། རྩེ་བ་མདའ་མཁན་བུ་སངས་རྒྱས་ཆོས་འཕེལ་སོགས་དང། གཞན་ཡང་ཆོས་སྡེ་ཆེན་མོ་འདིའི་དགོན་མ་ལག་དང་བཅས་པའི་བླ་སྤྲུལ་མཁན་གསུམ་སྟེ། བསྟན་འགྲོའི་དཔལ་མགོན་དམ་པ་སིབ་རྫོགས་ཆེན་གསུམ་པ་པདྨ་ཐེག་མཆོག་བསྟན་པ་རྣམ་རྒྱལ། བཞི་པ་འགྱུར་མེད་སྲིད་ཞི་ཕུན་ཚོགས། ལྕང་བྲག་བླ་མ་ཨ་འཇའ་འགྱུར་མེད་རྒྱ་མཚོ་དང་གྲུབ་དབང་བླ་མ་རྟ་མགྲིན། ལྷ་འབྲང་རྗེ་དབོན་རིན་པོ་ཆེ་སངས་རྒྱས་བཀྲ་ཤིས། གྲུབ་པའི་དབང་ཕྱུག་ཁྱབ་བདག་པ་ཕུག་ཁང་འགྱུར་མེད་སྟོབས་རྒྱས། མཁས་གྲུབ་དབང་པོ་ཕུག་ཁང་པདྨ་རྒྱལ་མཚན། ཕུག་ཁང་བླ་མ་འགྱུར་མེད་སྙིང་པོ། ཕུག་ཁང་བླ་མ་འགྱུར་མེད་དོན་འགྲུབ། འཇུ་ཉུང་དབོན་གྲུབ་དབང་འཇིགས་མེད་རྡོ་རྗེ། འཇུ་བླ་བསྟན་དར། གཟུར་ལྷ་འབུམ་བསྟན་པའི་མངའ་བདག་དབོན་ལྷུན་གྲུབ་བཀྲ་ཤིས་དང་མཁས་དབང་བླ་མ་པདྨ་ཆོས་འབྱོར་རྒྱ་མཚོ་སོགས་དང་། རང་དགོན་གྱི་ལྔ་རིག་པ་ཆེན་པོ་སྒྲ་རབ་བློ་གྲོས་མཆོག་རྒྱས། ལྔ་རིག་སྨྲ་བ་གྲུབ་ཆེན་དབང་ཆེན་འབུམ། ལྔ་རིག་སྨྲ་བ་བླ་མ་པདྨ་སྐལ་བཟང་། ཀུན་མཁྱེན་འཇིགས་གླིང་ཐུགས་སྲས་མཁས་བཙུན་བཟང་པོའི་དཔལ་གྱིས་འབྱོར་


GTN001_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བཤེས་གཉེན་དམ་པ་བླ་མ་འཇིགས་མེད་བློ་གསལ་འོད་ཟེར་ཏེ།(རྗེ་འདིས། ལྷ་སྲས་མི་ཡི་དབང་པོས་སྡེ་དགེ་པར་ཁང་ཆོས་མཛོད་དུ་སྙིང་ཐིག་ཡ་བཞིའི་པར་ཤིང་གསར་བཞེངས་ལ་བཀའ་ལུང་ལྟར་མཁའ་འགྲོ་སྙིང་ཐིག་ཞུས་དག་དང་དཀར་ཆག་ཉིན་མོའི་སྣང་བ་དང་། གཞན་ཡང་སྙིང་ཐིག་གཏོར་མའི་རེག་གཟིག་སོགས་མཛད།) བླ་མ་དྷརྨ་ཙཀྲ། མཁན་པོ་འགྱུར་མེད་རང་གྲོལ་སོགས་མདོར་ན་སྐལ་ལྡན་སློབ་མའི་འདུ་བ་ཆེས་ཆེར་རྒྱས་ཏེ་བསྟན་ལ་ཕྱག་རྗེས་ཆེ་བའི་མཁས་གྲུབ་གསེར་རིའི་ཕྲེང་བ་ལྟར་བྱོན་པ་དེ་དག་སློབ་བརྒྱུད་དང་བཅས་པའི་ཕྲིན་ལས་ས་ཆེན་པོས་ཁྱབ་པ་བཞིན་དུ་གྱུར། (དམ་པ་དེེ་དག་ལས་རྗེ་བླ་མ་དང་ཕན་ཚུན་བླ་སློབ་ཏུ་གྱུར་པའང་ཡོད།) གཞན་ཡང་ལུགས་གཉིས་དཔལ་གྱིས་མངོན་པར་མཐོ་བའི་ས་སྐྱོང་སྡེ་གླིང་ནང་གསུམ་དང་། བྲག་ཡབ། ལྷ་ཐོག །འབྲོང་པ་སོགས་ཀྱི་རྒྱལ་བློན་དཔོན་ཁག་སོགས་ཀྱིས་མཆོད་ཡོན་དུ་བཀུར་བའི་སྐལ་ལྡན་སློབ་མའི་ཚོགས་རྒྱ་ཆེ་ཡང་འདིར་སྤྲོས་པ་བསྐྱུངས། སྔར་ཀཿཐོག་དགེ་པཎ་རིན་པོ་ཆེས་རྗེ་འདི་དགུང་ལོ་བཅུ་དགུའི་དུས་མངའ་གསོལ་གཟེངས་བསྟོད་ཀྱི་རྟེན་འབྱུང་གི་སྒོ་འཕར་གསར་དུ་ཕྱེ་སྐབས་ཆེད་དུ་བརྗོད་པའི་ཤིས་སྨོན་ཁྱད་པར་བ་སྟེ། ཁྱོད་ཀྱི་བསྡུ་བཞིའི་དཔག་བསམ་དར་བའི་ཚལ། །སྡིག་ལྟའི་བྲང་འགྲོ་འགྲོགས་པའི་སྐབས་མེད་པར། །གཞན་ཕན་ཁོ་ལག་རྒྱས་པར་རྒྱལ་རྣམས་ཀྱི། །ཐུགས་བསྐྱེད་འབྲས་བུ་སྨིན་པའི་བཀྲ་ཤིས་ཤོག །ཅེས་གསུངས་པ་ལྟར་རོ། །

༼བཞི་པ།༽ རྟོག་གེའི་ཡུལ་ལས་འདས་པའི་ཐུན་མིན་ནང་གི་ངོ་མཚར་གྱི་མཛད་པ་མཚོན་ཙམ་གླེང་བ།


GTN001_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

༼བཞི་པ།༽ རྟོག་གེའི་ཡུལ་ལས་འདས་པའི་ཐུན་མིན་ནང་གི་ངོ་མཚར་གྱི་མཛད་པ་མཚོན་ཙམ་གླེང་བ། སྨིན་གླིང་ཡབ་སྲས་ཀྱི་གདན་སར་ཕེབས་དུས་ཡེ་ཤེས་ཀྱི་མཁའ་འགྲོ་མ་མི་ཡི་རྣམ་པར་སྣང་བ་རྗེ་བཙུན་མ་ཕྲིན་ལས་ཆོས་སྒྲོན་གྱི་བྱིན་རླབས་ཀྱིས། སྣང་ཤེས་ཀྱི་ཉམས་ལ་སྤྲུལ་པའི་
གུ་རུ་མཚན་བརྒྱད་ཀྱི་ཞབས་རྗེས་གསལ་པོར་མངོན་པ་དང་། མཚན་བརྒྱད་པོའི་སྐུ་ཡི་རྣམ་འགྱུར་རྣམས་ཀྱང་རིག་པ་རང་བབས་སུ་བཞག་པའི་ངོར་ཤིན་ཏུ་གསལ་ལ། བརྟག་ཅིང་དཔྱད་ན་ལྷག་པར་གསལ་དུ་མི་འགྲོ་བའི་དག་སྣང་མངོན་སུམ་དུ་བྱུང་བ་དང་། བླ་མ་དང་ལྷག་པའི་ལྷ་ཡིས་རྗེས་སུ་བཟུང་ཞིང་། དཔའ་བོ་དང་མཁའ་འགྲོའི་ཚོགས་གྲལ་དུ་ལྷན་གཅིག་ཏུ་ལོངས་སྤྱོད་པ་དང་། གཞན་ཡང་འཇམ་མགོན་ཀོང་སྤྲུལ་དང་དཔལ་སྤྲུལ་ཆོས་ཀྱི་དབང་པོ་གཉིས་བྱ་བྲལ་བའི་ཚུལ་གྱིས་རྗེ་འདི་ལས་གསན་སྦྱང་གནང་སྐབས་སུ་གྲྭ་འཁོར་ཀུན་ལ། ཁྱེད་རྣམས་ཀྱིས་འདི་རྣམ་པ་གཉིས་ཀུ་སཱ་ལི་རེད་སྙམ་ནས་བརྙས་བཅོས་མི་རུང། མ་འོངས་པར་བསྟན་ལ་བྱ་བ་ནུས་པ་བཻ་རོ་ཙ་ན་དང་ཞི་བ་ལྷར་གྲགས་པ་འབྱུང་ཞེས་གསུངས་པས་མཚོན་དུས་གསུམ་སྒྲིབ་མེད་དུ་གཟིགས་པ་དང་། བྲག་ཡབ་མ་བུ་དགོན་དུ་སྐྱབས་མགོན་མཆོག་གི་དབུ་བླར་ཕེབས་སྐབས་ཁྲོམ་ཚོགས་མཆོག་དམན་སྐར་ཚོགས་ལྟ་བུའི་དབུས་ནས་སྨིན་གཏེར་འཇམ་དཔལ་གཤིན་རྗེ་དྲེགས་པ་འཇོམས་བྱེད་ཀྱི་ཟོར་རྒྱག་སྐབས། སྣ་ཚོགས་ཟོར་ཀོང་ཕྱག་ཏུ་བསྣམས་པར་མེ་དངོས་སུ་འབར་བ། ཟོར་ཁང་དུ་འཕངས་པས་ཟོར་མེ་རང་འབར་དུ་སོང་བས་རང་གཞན་དེར་འཁོད་ཐམས་ཅད་ངོ་མཚར་བའི་གནས་ལ་བཀོད། གཞན་ཡང་ཨོ་རྒྱན་རིན་པོ་ཆེ་དང་རྗེ་གཏེར་བདག་གླིང་པ་རྣམས་ཀྱི་ཞལ་གཟིགས་བྱིན་རླབས་ཐོབ་པ་སོགས་དང་། སྐུ་ཤིན་ཏུ་ཆུང་དུས་སུ་ཀློག་ཡིག་མ་བསླབ་གོང་ཀཻ་ཤ་ཅན་གྱི་ཡི་གེ་གཟིགས་ཚེ་འདི་ཀློག་དུས་སྒྲ་རིང་པོ་འཐེན་དགོས་གསུངས་པས་མཚོན་ངོ་མཚར་བའི་གནས་ཐུན་མིན་གྱི་རྣམ་ཐར་མང་དུ་བཞུགས་སོ། །

༼ལྔ་པ།༽ འཁོར་ལོ་གསུམ་གྱི་མཛད་པ་དང་འབྲེལ་རྒྱལ་བསྟན་སྤྱི་བྱེ་ལ་ཕྱག་རྗེས་ཀྱི་རེ་ཁ་བཀྲ་བའི་མཛད་པ།


GTN001_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

༼ལྔ་པ།༽ འཁོར་ལོ་གསུམ་གྱི་མཛད་པ་དང་འབྲེལ་རྒྱལ་བསྟན་སྤྱི་བྱེ་ལ་ཕྱག་རྗེས་ཀྱི་རེ་ཁ་བཀྲ་བའི་མཛད་པ། མེ་ཡོས་དགུང་ལོ་ཉེར་གཅིག་ཐོག་རྒྱལ་ཚབ་རྡོ་རྗེ་འཆང་དང་། རྡོ་གྲུབ་ཆེན་འཇིགས་མེད་ཕྲིན་ལས་འོད་ཟེར་། གླིང་རྗེ་དྲུང་པདྨ་འགྲོ་འདུལ་རྩལ་གསུམ་གྱིས་སྔར་གྱི་ལུང་བྱང་ལྟར་ཁམས་ཀྱི་གནས་ཆེན་ཉེར་ལྔའི་ནང་ཚན་ཕྱི་ལྟར་སེངྒེ་གནམ་རྫོང་ནང་ལྟར་མཁའ་འགྲོ་འབུམ་རྫོང་གསང་བ་ཟངས་མདོག་དཔལ་རིར་གྲགས་པའི་གནས་མཆོག་འདི་ཡི་སྒོ་འཕར་གསར་དུ་འབྱེད་པའི་སྐབས་ཐུན་མོང་མ་ཡིན་པའི་རྟེན་འབྲེལ་གྱི་སྒོ་མངོན་དུ་གྱུར་པའི་མཐུན་རྐྱེན་ཐམས་ཅད་མཛད་པས་རྗེ་བླ་མ་ཐུགས་ལྷག་ཏུ་མཉེས་པར་གྱུར། དགུང་གྲངས་བཅུ་དགུའི་ཐོག་ཁྱབ་བདག་རྡོ་རྗེ་འཆང་རྒྱལ་ཚབ་མཆོག་གིས་བསྟན་པ་གཏད་པ་ནས་བཟུང་གཞན་དོན་མཛད་དེ་དགོན་ལེ་ལག་དང་བཅས་པ་ལ་འཁོར་ལོ་གསུམ་གྱི་མཛད་ཕྲིན་ཡར་ངོས་ཟླ་བ་ལྟར་རྒྱས་པ་སྟེ། སྐྱབས་མགོན་རྣམ་གཉིས་ཀྱི་སྐུ་གདུང་གསར་བཞེངས་དང་ཡང་སྲིད་ཁྲི་འདོན། ལྕང་བྲག་དང་སིབ་རྫོགས་ཆེན་རྫ་ཕུག་ཁང་གཟུར་ལྷ་འབུམ་སོགས་ལ་བླ་སྐོས་གཏོང་ཞིང་སྤྲུལ་སྐུ་ཁྲིར་བཀོད་དང་དབང་ཁྲིད་བསྩལ་ཅིང། ཉག་རོང་གཟུར་ལྷ་འབུམ་གསང་སྔགས་ཆོས་གླིང་གསར་བཏབ་ལ་མེ་ཡོས་ལོར་ཐོག་མའི་རབ་གནས་དང་དགོན་དེར་དབང་ལུང་སོགས་ཀྱི་ཐུགས་བཞེད་ལེགས་པར་བསྐངས། ཁྱད་པར་གཟུར་བ་ལྷ་འབངས་སྟོང་ཕྲག་ཙམ་ལ་ཟབ་ལམ་བདེ་གཤེགས་ཀུན་འདུས་ཀྱི་ཐུན་མོང་གི་སྔོན་འགྲོའི་ཁྲིད་རྒྱས་པའི་ལུགས་སུ་མཛད་དེ། སྔོན་འགྲོའི་ཁྲིད་ཉམས་ལེན་བྱེད་མཁན་མང་དུ་བྱུང་། ཡུལ་སྡེ་ནང་འཁྲུགས་བསྡུམས་པ་སོགས་འཕྲལ་ཡུན་གྱི་བསྟན་འགྲོར་སྨན་པའི་ལེགས་ཚོགས་དུ་མ་ཡོངས་སུ་གྲུབ་པ་སོགས་དང་། རང་


GTN001_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་འགྲོ་འདུལ་གཏེར་བདག་གླིང་པ་ཡབ་སྲས་ཀྱི་ཕྱག་བཞེས་ཇི་ལྟ་བར་བུམ་པ་གང་བྱོས་ཀྱི་དཔེ་ལྟར་བསྲེ་བསླད་ཉམས་ཆག་མེད་པ་དགོན་འདིར་སྔར་ནས་ཡོད་རིགས་ལ་རྗེ་ཉིད་ཀྱིས་ཐ་ན་འཚོགས་པའི་བྱོན་ལུགས་བཞུགས་སྟངས་དང་ཇ་མཆོད་གསུང་ལུགས་ཚུན་ལ་དག་ཐེར་ཁུངས་དག་པར་མཛད། སྐྱབས་མགོན་རྣམ་གཉིས་ཀྱི་ཐུགས་སྲས་ལྔ་རིག་སྨྲ་བ་གྲུབ་ཆེན་དབང་ཆེན་འབུམ་ལ་བཀའ་གཏེར་སྒྲུབ་ཆོག་གི་ལག་ལེན་སྲིད་ན་དཀོན་པ་ད་ལྟ་ཡང་མ་ཉམས་པ་བཞུགས་ཡོད་པ་འདི་རྣམས་རྗེ་བླ་མ་ཡབ་སྲས་ཀྱིས་མཛད་བསྐུལ་གནང་བ་དེ་དང་། རྗེ་ཉིད་ཀྱིས་སྒྲུབ་ཁོག་རྣམས་ཀྱི་དབྱངས་ཀྱི་དཔྱད་ཁྲ་དང་འབྲེལ། བླ་མ། ལས་རྡོར། བྱང་འདྲེན་པ། འབུད་རྡུང་སོགས་ལག་ལེན་ཅི་ཡོད་ཀུན་འདུས་ནོར་བུ་རིན་པོ་ཆེ་ལྟ་བུ་མཛད་ནས་དགོན་འདིར་མཐོང་བ་བརྒྱུད་པའི་ཕྱག་བཞེས་གང་ཅིའི་ཐད་ནས་ཁུངས་བཙན་ལ་བྱིན་ཆེ་བ་ད་ལྟའི་བར་ཀུན་གྱིས་ཁུངས་གཏུགས་ས་ཉིད་དུ་གྱུར་པ་འདི་རྣམས་དམ་པ་འདི་དག་གི་བཀའ་དྲིན་ལས་བྱུང་། ལྷག་ཏུ་སྔ་འགྱུར་བཀའ་གཏེར་གྱི་བསྟན་པ་ལ་ཕྱག་རྗེས་ཤིན་ཏུ་ཆེ་ཚུལ་སྐྱབས་རྗེ་རྡོ་རྗེ་འཆང་མཁྱེན་བརྩེ་རིན་པོ་ཆེས་གསུངས་པ་བཞིན་བློ་ལྡན་དག་གིས་མཁྱེན་གསལ་ལྟར་ལས་འདིར་ངལ་བར་མ་བྱས། སྡེ་དགེ་ས་སྐྱོང་ཁྲི་རབས་བཅུ་པ་དང་བཅུ་གཅིག་པ་སྔ་ཕྱིའི་བཀའ་ལུང་ལྟར་རྟོགས་བརྗོད་དཔལ་གྱི་དུམ་བུ་དང་འགྲེལ་པ་དཔག་བསམ་ལྗོན་འབྲས། བི་མ་སྙིང་ཐིག་དང་ཟབ་མོ་ཡང་ཏིག་གི་དཀར་ཆག་རྣམས་མཛད་དེ་ལུགས་གཉིས་གང་ཐད་ནས་བཀའ་དྲིན་ཁྱད་ཐོན་བསྐྱངས་ཚུལ་མང་དུ་བདོག་ཀྱང་ཡིག་ཚོགས་ལ་འཇིགས་ནས་མ་སྤྲོས། མེ་ཕག་ནས་ཆུ་སྦྲུལ་བར་བགྲང་བྱ་དྲུག་གི་རིང་དབེན་རི་སེངྒེ་གནམ་རྫོང་བདེ་ཆེན་པདྨ་འོད་གླིང་གི་ནགས་ཁྲོད་རིག་འཛིན་གྲུབ་པའི་དགའ་ཚལ་དུ་ཟབ་ལམ་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་རྩ་བསྙེན་དུང་ཕྱུར་ལྗགས་བཟླས་ཀྱིས་མཚོན། གཞན་ཡང་ལོ་ཟླ་


GTN001_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

མང་དུ་བསྐྱེད་རྫོགས་ཀྱི་ཉམས་བཞེས་ནང་གི་རྣལ་འབྱོར་ལ་གཙོ་བོར་སྦྱོར་བས། རྩ་གསུམ་ལྷག་ལྷ་དུ་མའི་སྒྲུབ་པའི་རྒྱལ་མཚན་བསྒྲེངས་པས་རྟགས་མཚན་བྱུང་ཞིང་ཕྲིན་ལས་བཞི་གང་རྩོམ་ལ་ཐོགས་པ་མེད་པའི་སྤོབས་པ་དགེ་བར་གྱུར་ཏེ་གྲུབ་པའི་རྒྱལ་ས་མཐོན་པོར་གཤེགས། སྐུ་མཚམས་གྲོལ་ནས་ཆུ་སྦྲུལ་ཟླ་བ་ལྔ་པའི་ཚེས་བཅུའི་དམར་འཆམ་རྣམས་ལ་འཆམ་སྣ་ཚང་མ་མང་གྲལ་དུ་སྐུ་འཆམ་དང་། དངོས་གཞིའི་ཉིན་བྱང་འདྲེན་པ་རྣམས་ཀྱི་གྲལ་ལ་འཆམ་རོལ་གདངས་དབྱངས་རྣམས་ཇི་ལྟ་བར་མཛད་པས། བླ་མ་འདིས་ལོ་དྲུག་གི་རིང་ཚེས་བཅུའི་འཆམ་གཟིགས་ཐོས་མེད་པ་ལ། ད་རེས་འདི་འདྲ་ཐོགས་མེད་མཁྱེན་པ་མི་བརྗེད་པའི་གཟུངས་ཐོབ་པ་རེད་མ་གཏོགས། གཞན་རྣམས་ཀྱིས་ལོ་ལྟར་འཆམ་གྲལ་དུ་འགྲོ་ན་ཡང་དུས་ལ་བབ་ཚེ་བློ་གསོ་བཟང་བ་རེ་མ་བྱས་པར་མི་ཤེས་འདུག་ཟེར་ནས་ཀུན་ཡ་མཚན་གྱི་གནས་ལ་བཀོད། རྩོམ་པས་རྒྱལ་བསྟན་གསལ་བར་མཛད་ཚུལ་ཡང་། ཐེག་པ་མཐའ་དག་གི་ལམ་རིམ་མདོ་སྔགས་རྒྱུད་སྡེ་རབ་འབྱམས་ཀྱི་གོ་དོན་དཀའ་གནད་ལྷུག་བཀྲོལ་སྦྲང་ཆུང་རྩི་བཅུད་དང་། གསང་སྙིང་སྤྱི་དོན་སོགས་(ཆོས་ཚན་དྲུག་ཅུ་ལྷག་གི་མཚན་བྱང་བཞུགས་པའི་དཔེ་ཐོ་མུ་ཏིག་ཕྲེང་བར་གཟིགས།)གསུང་འབུམ་པོད་བདུན་ཙམ་ཕྱི་རབས་བསྟན་འགྲོ་ལ་ཕན་པའི་ལེགས་བཤད་གསུང་གི་དགའ་སྟོན་བསྩལ། མདོར་ན་དམ་པ་འདི་ནི། སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་བྱུང་བ་བརྗོད་པའི་གཏམ་མདོར་བསྡུས་ལེགས་བཤད་པདྨ་དཀར་པོའི་རྫིང་བུ་ལས། ཕྱི་ཚུལ་དམ་པའི་ཆོས་འདུལ་བ་ནས་གསུངས་པའི་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་ལ་ཉེས་ལྟུང་གི་རྙོག་མས་མ་བསླད་པའི་མཁན་ཆེན་འདུལ་བ་འཛིན་པ་ཆེན་པོ། ནང་དུ་རང་དོན་ཡིད་བྱེད་ཀྱི་འཆིང་བ་ལྷོད་པོར་གྱུར་པས་རྟག་པར་གཞན་དོན་ལས་མི་གཡེལ་བའི་རྒྱལ་སྲས་སེམས་དཔའ་ཆེན་པོ༑ གསང་བར་དམ་ཚིག་རྣམ་པར་དག་ཅིང་རིམ་གཉིས་ཀྱི་ལམ་ལ་གཤེགས་པའི་སྔགས་སྤྱོད་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ། ཡང་གསང་རྫོགས་པ་ཆེན་པོ་ལྷུན་གྲུབ་འོད་གསལ་
གྱི་སྣང་བ་ཚད་ལ་ཕེབས་ཏེ་སངས་རྒྱས་ཀྱི་ཞིང་ཁམས་རྒྱ་མཚོར་མཉམ་པ་ཉིད་དུ་སྤྱོད་ནུས་ཤིང་། དུས་གསུམ་སྒྲིབ་མེད་དུ་གཟིགས་པས་ལྐོག་གྱུར་གྱི་ཆོས་ཀུན་གཏན་ལ་དབབ་པ་ལ་མི་བསྙེང་དམ་ཅན་བྲན་དུ་ཁོལ་བས་ལས་གང་བཅོལ་ཐོགས་མེད་དུ་གྲུབ་ཀྱང་གཞན་ལ་གནོད་པའི་མཐུ་གཏད་དང་ལས་སྦྱོར་མི་མཛད། ལུང་རིགས་ཀྱི་སྤོབས་པ་མཐོ་བས་འཇིགས་མེད་སེངྒེའི་ངང་ཚུལ་བརྟན་ཡང་གཞན་ལུགས་ཀྱི་གྲུབ་མཐར་དཔྱས་གདགས་མི་གནང་། དགོན་ཚང་ཁག་ལྔ་སོགས་ཆེན་པོ་རྣམས་ཀྱིས་ཏི་ཤྲཱི་བཀུར་ཡང་ཁེངས་དྲེགས་དང་སྙེམས་པ་མི་མངའ། ཆོས་བརྒྱད་ཀྱི་འཛིན་པ་དག་པས་ཆེ་ཐབས་དང་སྙན་གྲགས་མི་བསྒྲུབ། གསུང་རབ་ཐམས་ཅད་གདམས་ངག་ཏུ་ཤར་བས་གྲུབ་མཐའི་ཁ་འཛིན་དང་ཕྱོགས་ཞེན་མི་མངའ་བ་སོགས་དམ་པའི་རྣམ་ཐར་བརྗོད་ཀྱིས་མི་ལང་། ཞེས་གསུངས་པ་ལྟར་རོ། །

༼དྲུག་པ།༽ རེ་ཞིག་གཟུགས་སྐུའི་བཀོད་པ་ཆོས་སྐུའི་དབྱིངས་སུ་བསྡུས་ཚུལ་གྱི་མཛད་པ།


GTN001_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

༼དྲུག་པ།༽ རེ་ཞིག་གཟུགས་སྐུའི་བཀོད་པ་ཆོས་སྐུའི་དབྱིངས་སུ་བསྡུས་ཚུལ་གྱི་མཛད་པ། འཇམ་མགོན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་རང་རྣམ་ལས། རྗེ་བླ་མ་མཁྱེན་བརྩེ་དབང་པོའི་གཟིམས་ལམ་འོད་གསལ་དུ། མདུན་དེར་པདྨ་སཾ་བྷ་ཝ་ལྟ་བུའི་སྐུ་ཚབ་ཁྱད་ཅན་བཞུགས་ཁྲི་པད་སྡོང་རྒྱབ་ཡོལ་བཞུགས་ཁང་སོགས་ངོ་མཚར་བའི་བཀོད་པ་ཅན་ཞིག་འདུག་པ་བུད་མེད་གཅིག་ལ་འདི་ཅི་རེད་དྲིས་པར། འདི་བཻ་རོ་ཙ་ན་རེད་ཟེར། བཻ་རོ་མ་རེད་པདྨ་སཾ་བྷ་འདྲ་འདུག་གསུངས་པས་དེ་གཉིས་གཅིག་པ་རེད་ཁྱད་པར་ཡོད་མ་རེད་ཟེར་མ་ཐག །ཕག་ཅེས་པ་ལྟ་བུའི་སྒྲ་ཞིག་གྲག་ནས་བཞུགས་ཁང་དེ་སིལ་གྱིས་འཐོར། སྐུ་ཚབ་དེ་ཡོ་བྱུང་བས་འདི་ཆག་ལེ་ཡོད་དགོངས་ཐུགས་ངལ་ཆེ་བས་མནལ་སད་པས་མི་བདེ་བ་ལྷོང་བྱུང་། ཡང་དེ་རྗེས་མནལ་དུ་


GTN001_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

སོང་བས་ཞེ་ཆེན་དབོན་སྤྲུལ་རིན་པོ་ཆེ་དེ་མཇལ་འདུག་པར་སྔར་གྱི་མནལ་ལྟས་དེ་ཅི་རེད་ཞུས་པས། ལོ་རྗེས་མར་ཀོང་སྤྲུལ་ལ་སྲི་ཀེག་གི་རྐྱེན་ཆག་ཡོད་པའི་ལྟས་རེད་གསུངས། སྲི་ཅི་རེད་ཞུས་པས། བླ་མའི་དུས་སྲི་ཟེར་བ་དེ་རེད། ཁོང་ཡང་དགུང་ལོ་རེ་བརྒྱད་ཐོག་གྲོངས་པ་ཡིན། ཀོང་སྤྲུལ་ཡང་ད་ཕྱིས་རེ་བརྒྱད་རེད་གསུངས། དེ་ལ་ཅིས་ཕན་ཞུས་པས། ལོ་གཅིག་ཏུ་སུ་དང་མི་འཕྲད་པའི་མཚམས་དམ་པོར་བསྡམས་ནས་བསྙེན་སྒྲུབ་དང་ཁྱད་པར་པདྨ་བཅུད་སྡུད་ཀྱི་ཉམས་ལེན་གནད་དུ་འགྲོ་བ་ཞིག་བྱས་ན་སྐྱོན་མེད་གསུངས་པའི་མནལ་ལམ་བྱུང་། ཞེས་གསུང་ཚན་འདི་ཡང་བི་མ་བཻ་རོ་གཡུ་སྒྲ་གསུམ་གྱི་རྣམ་འཕྲུལ་དུ་ལུང་གིས་བསྔགས་པའི་འཇམ་མགོན་ཡབ་སྲས་གསུམ་ལ་སླར་ཡང་ལྷག་ཏུ་དད་གུས་དྲན་སྐུལ་གྱི་ཚུལ་དུ་སྐབས་འདིར་འབྲེལ་བ་རྒྱུ་མཚན་དུ་བྱས་ཏེ་འདིར་དྲངས་ནས། དེ་ཡང་རྗེ་བླ་མ་འདིས་སྐུ་ཚེ་གང་པོར་གཙུག་ལག་འཆད་ཉན་སྒོམ་སྒྲུབ་ཀྱིས་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གྱི་མཛད་པ་བསྐྱངས་པས། སྐུ་འདའ་ལ་ཉེ་བའི་དུས་སུ་ཡང་སྙུན་ཁམས་ཀྱིས་གསུང་ཇི་བཞིན་འབྱོན་དཀའ་ན་ཡང་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་ལ་སྲོག་ལས་གཅེས་པའི་ཁུར་ཆེན་དང་དུ་བཞེས་ནས་ཀཿཐོག་སི་ཏུ་རིན་པོ་ཆེ་དང་མདོ་སྨྱོན་སྤྲུལ་སྐུ། ཞྭ་སེར་བསྟན་པའི་རྒྱལ་མཚན་འཛིན་པ་ཇོ་བོ་སྤྲུལ་སྐུ་སོགས་ལ་ཟླ་བ་གཉིས་ལྷག་རིང་དབང་ལུང་དང་རིག་གནས་འཆད་སྤེལ་གྱི་མཛད་པ་སྐྱོང་བཞིན་མཐར་དགུང་གྲངས་རེ་བརྒྱད་ཐོག །སྤྲུལ་པའི་སྐུ་མཆོག་རབ་འབྱམས་བཞི་པ་གར་དབང་ཆོས་ཀྱི་རྒྱལ་མཚན་ལ་བསྟན་པ་གཏད་ཅིང་ཐ་མའི་ཞལ་གདམས་བཅས། སྤྱི་ལོ་༡༨༥༤རབ་བྱུང་བཅུ་བཞི་པའི་ཤིང་སྟག་ཧོར་ཟླ་བཅུ་གཉིས་པའི་ཚེས་བཅོ་བརྒྱད་དེ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་འོག་མིན་ཆོས་དབྱིངས་སུ་སྐུ་གཤེགས་པའི་དུས་ཚེས་ཁྱད་པར་ཅན་ཉིན་སྐུ་དྲང་པོར་བསྲངས། སྤྱན་ནམ་མཁའ་ལ་ཅེར་གྱིས་གཟིགས། ཞབས་སྐྱིལ་


GTN001_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ཀྲུང་དང་། ཕྱག་མཉམ་བཞག་མཛད་དེ། རླུང་དང་དྲོད་ཐམས་ཅད་གྱེན་དུ་ལྡོག་སྟེ། སྦྲུལ་གྱིས་ཤུན་པ་བརྗེ་བ་ལྟར་འདིར་སྣང་གི་ཞེན་འཛིན་དང་། ཕལ་པ་ལྟར་གནད་གཅོད་ཀྱི་ཟུག་རྔུ་སོགས་ཕྲ་མོ་ཙམ་ཡང་མེད་པར་ངོ་མཚར་བའི་ལྟས་དང་བཅས་གཟུགས་སྐུའི་བཀོད་པ་ཡེ་གྲོལ་ཆོས་སྐུའི་ཀློང་དུ་བསྡུས་ཏེ། འཇའ་འོད་རིང་བསྲེལ་སོགས་ཆོས་སྐུའི་རྒྱལ་ས་ཟིན་པའི་རྟགས་རྣམས་རྒྱུད་ནས་ཇི་སྐད་བསྟན་པ་ལྟར་བྱུང་ཚུལ་ཡང་། ཐུགས་ཀྱི་བུ་ཆེན་སྒྲ་རམས་པ་གྲུབ་དབང་འགྱུར་མེད་རྣམ་རྒྱལ་གྱིས་མཛད་པའི་རྗེ་འདིའི་རྣམ་ཐར་ལས། རྒྱལ་བའི་ཉི་མ་ནུབ་རིར་གཞོལ་བའི་དུས། །ས་ཆེན་རྣམ་དྲུག་གཡོ་བའི་ཉམས་དང་བཅས། །ཆོས་དབྱིངས་གཞོན་ནུ་བུམ་སྐུའི་གཏན་སྲིད་བཟུང་། །རིང་བསྲེལ་གོང་བུར་འདྲིལ་དེར་གསོལ་བ་འདེབས། །ཀ་དག་སྟོན་གནམ་དྭངས་པའི་ནམ་མཁའ་ལ། །སྣ་ཚོགས་འཇའ་གུར་འཁྲིགས་པའི་འོད་ཀློང་ནས། །མེ་ཏོག་ཆར་འབེབས་རོལ་མོའི་སྒྲ་དང་བཅས། །གཞན་སྣང་ཟིལ་གྱིས་གནོན་དེར་གསོལ་བ་འདེབས། །ཞེས་གསུངས་པ་ལྟར་རོ། །སྐྱེ་དགུའི་བསོད་ནམས་ཀྱི་རྟེན་ཟངས་གསེར་ལས་གྲུབ་པའི་སྐུ་གདུང་མཆོད་རྟེན་གསེར་གདུང་ལྷ་ཁང་དུ་བཞུགས་སུ་གསོལ། གདུང་རུས་རྡོ་རྗེ་འཆང་འཇམ་དབྱངས་མཁྱེན་བརྩེ་དབང་པོ་སོགས་དད་འབྱོར་ལྡན་པའི་སློབ་བུ་རྣམས་ཀྱིས་རྟེན་གསར་བཞེངས་ཀྱི་ནང་གཟུངས་སོགས་སུའང་སྤྱན་དྲངས་སོ། །ཞེས་ཞེ་ཆེན་མ་ཧཱ་པཎྜི་ཏའི་རྣམ་ཐར་རགས་བསྡུས་འདི་ནི་ཁུངས་ཐུབ་ཀྱི་ཡིག་ཆ་ལས་བཏུས་ཏེ་མཚམས་སྦྱོར་རྣམས་སུའང་རང་ཚིག་ཉུང་གང་ཐུབ་དང་། ངག་སྒྲོས་ལ་ཁ་གཡར་ཏེ་སྒྲོ་སྐུར་གྱི་དྲི་མས་མ་བསླད་པ་བྱས་ཏེ་སྦྱར་བ་འདི་ཡང་དོན་ཡོད་པར་གྱུར་ཅིག །འདི་ལ་རྨོངས་བློས་བྱས་པའི་ཚིག་དོན་གྱི་ནོངས་ཆ་ཅི་མཆིས་གཟིགས་པ་པོ་ཡོངས་ལ་བཟོད་གསོལ་བཅས་ཐུབ་བསྟན་འགྱུར་མེད་ཤེས་རབ་ནས།

དཀར་ཆག


GTN001_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་ཆག ༼སྟོད་ཆ།༽༼ཨ་དུམ་པ།༽རྟོགས་པའི་དམ་ཆོས། (2) གསུང་གི་ཡོན་ཏན་བཅུ་དྲུག (4སྡེ་སྣོད་ཅེས་པ། (8) གསུང་རབ་ཡན་ལག་བཅུ་གཉིས་ཀྱི་དོན། (12) སྤྱིར་ཆོས་ཀྱི་འཁོར་ལོ། (17) བདེན་བཞིའི་ཆོས་འཁོར་གྱི་མཚན་ཉིད། (26) འཁོར་ལོ་བར་པའི་མཚན་ཉིད། (29) འཁོར་ལོ་ཐ་མའི་མཚན་ཉིད། (34) དྲང་ངེས་གཉིས་སུ་དབྱེ་བའི་ཆོས། (41) ཐེག་པ་ཆེ་ཆུང་གི་ཁྱད་པར། (42) དོགས་པའི་གནས། (46) མདོ་དང་སྔགས་སུ་བཤད་ཚོད་ཀྱི་སངས་རྒྱས་ལ་ཁྱད་པར། (50) བྱེ་བྲག་སྨྲ་བ་དང་མདོ་སྡེ་པ་གཉིས། (60)


GTN001_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་ཆེན་དབུ་སེམས་གཉིས། (64) རང་བཞིན་རྣམ་དག་དང་གློ་བུར་དྲི་བྲལ། (82) སྒོམ་པ་ཉམསམྱོང་གིས་གཏན་ལ་འབེབས་པའི་ཚེ། (94) དྲང་ངེས་རྣམ་བཞག (97) རྒྱུའི་ཐེག་པ་ལས་རྡོ་རྗེའི་ཐེག་པ་ཁྱད་པར་འཕགས་ཚུལ། (102) ཆོས་ཉིད་བསམ་གྱིས་མི་ཁྱབ་པ་ཟབ་ཅིང་རྒྱ་ཆེ་བའི་གནས་ལུགས་འཇལ་བ། (110) ལྟ་བ་ཁྱད་པར་དུ་འཕགས་པ། (113) བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་པ། (118) གཞིའི་རྒྱུད། (129) ལམ་གྱི་རྒྱུད། (132) འབྲས་བུའི་རྒྱུད། (140) བསྐྱེད་པ་མ་ཧཱ་ཡོ་ག ལྟ་བར་གཏན་ལ་འབེབས་བྱེད་རྟོགས་པ་བཞི་དག་པ་གསུམ་མཉམ་པ་བཞི་བདག་ཉིད་ཆེན་པོའི་གཏན་ཚིགས། (143) ལམ་ཐབས་ཀྱི་རིམ་པ་དང་། (144) གྲོལ་ལམ། (145)


GTN001_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་དང་། (146) རགས་པ་བསྐྱེད་རིམ་དང་། (147) ཕྲ་བ་རྫོགས་རིམ་གྱིས་སྦྱོང་ཚུལ། (149) ལམ་འགྱུར་གྱི་འབྲས་བུ་རིག་འཛིན། (150 རྫོགས་པ་ཨ་ནུ་ཡོ་ག རྗེས་སུ་རྣལ་འབྱོར། (152) གཞི་ལམ་གཉིས་རྣལ་འབྱོར་གསུམ་དུ་བསྡུས་ནས་བཤད་པ། (153) ཁྱད་པར་འདིའི་ལམ་ལ་དབྱེ་ན། (155) དེ་ལྟར་བསྒྲུབས་པས་གྲུབ་པ་འབྲས་བུའི་ཚུལ་ལའང་། (156) རྫོགས་ཆེན་ཨ་ཏི་ཡོ་ག འོག་མ་ལས་ཁྱད་པར་འཕགས་ཚུལ་དང་། (158) རིག་པ་འོག་མ་དེ་དག་བསྟན་པ་ལ་དགོས་པ། (165) རྫོགས་པ་ཆེན་པོ་ཞེས་པའི་མཚན་གྱིས་བསྙད་པ། (179) ཨ་ཏི་ཡོ་ག་ཞེས་པ་ངེས་ཚིག་གི་དབང་དུ་ན། (180) དབང་པོའི་རིམ་པས་གྲུབ་མཐའི་འཇལ་ལུགས་གསུམ། (189) སེམས་ཀྱི་སྡེ། (193)


GTN001_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

ཀློང་གི་སྡེ། (196) མན་ངག་གི་སྡེ། (200) ཁྱད་པར་གྱི་མན་ངག་སྡེ། (202) སྟོང་པའི་ཆོསཟད་པར་བྱེད་པ་ཁྲེགས་ཆོད་དང་། (206) ལྷུན་གྲུབ་ཀྱི་སྣང་བ་གཏན་ལ་ཕབ་པ་ཐོད་རྒལ་གྱི་མན་ངག (209) མདོར་ན་རྫོགས་པ་ཆེན་པོའི་གནས་ལུགས་ནི། (217) དུ་མ་རོ་གཅིག་ཆེན་པོའི་ངང་དུ་ལ་བཟླ་བ། (226) གསང་སྔགས་སྔ་འགྱུར་པ་རྣམས་ནི། (231) རྫོགས་ཆེན་གྱི་རང་བཞིན་ལྟ་བའི་དམ་ཚིག་བཞི་པོ་ངོས་འཛིན། (234) ཀུན་གཞི་གསུམ། (238) ད་ནི་མངོན་སུམ་ཞེས་པའི་དོན་བརྗོད་པར་བྱ་སྟེ། (248) ཆོས་ཉིད་མངོན་སུམ་གྱི་ཟབ་གནས་ཅི་ཡོད་དྲི་བ་ལ། (259) ངན་སོང་སོགས་འབྱུང་མི་རིགས་པར་སྨྲ་མཁན་ལ་ལན། (262) སྤྱི་དོན་དང་པོ་རང་བཞིན་གཞི་ཡི་གནས་ཚུལ།) གཞི་ངོ་བོའི་གནས་ལུགས། (265) གཞི་སྣང་ལྷུན་གྲུབ་ཀྱི་རང་བཞིན། (270) འཆར་ཚུལ་ཐུགས་རྗེའི་རོལ་པ་བསྟན་པ། (276)


GTN001_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

འཆར་ཚུལ་གསུམ་གྱི་གོ་དོན་མདོར་བསྟན། (276) རྩལ་དང་། (277) ཤར་ཚུལ་དངོས། (278) ཞར་ལ་ལོག་རྟོག་བསལ་བ། (280) རྒྱན་དང་། (281) རོལ་པ། (283) ཀུན་ཏུ་བཟང་པོའི་གྲོལ་ཚུལ་ལ་རྫོགས་ཆེན་སྣང་བཅས་སྣང་མེད། (285) སྤྱི་དོན་གཉིས་པ་མ་རིག་སེམས་ཅན་གྱི་འཁྲུལ་ཚུལ།བསྐལ་པ་གསུམ་གྱི་རང་བཞིན་སྤྱིར་བསྟན་པ་དང་། (288) འཁྲུལ་ཚུལ་དངོས་ཀྱི་རིམ་པ་བྱེ་བྲག་ཏུ་བཤད་པ་ལ་འཁྲུལ་གཞི། (290) འཁྲུལ་རྒྱུ་འཁྲུལ་དུས་འཁྲུལ་རྐྱེན་འཁྲུལ་དངོས། (291) སྤྱི་དོན་གསུམ་པ་འཁྲུལ་དུས་དགོངས་པའི་གནས་ཚུལ།བསྐལ་པ་ཐ་མའི་ཆོས་སྤྱིར་བསྟན། (295) འབྱུང་བའི་ཆོས་བྱེ་བྲག་ཏུ་འཆད་པ། (301) སྐུ་གསུམ་དུ་བསྟན་པ། (304) སྐུ་ལྔའི་ངོ་བོ་མདོར་བསྟན་པ། (310)


GTN001_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ལྔའི་དབྱིངས་དང་གཙོ་འཁོར་གྱི་གནས་ཚུལ། (311) ཕུན་སུམ་ཚོགས་པ་ལྔས་དོན་བསྡུ་བ། (313) ཡེ་ཤེས་ཀྱི་གནས་བྱེ་བྲག་ཏུ་བཤད་པ། (315) སེམས་དང་ཡེ་ཤེས་ཀྱི་གནས་ཚུལ་བསྟན་པ། (317) མདོར་བསྟན། (317) ཡེ་ཤེས་ཀྱི་གནས་ཚུལ། (318) སེམས་ཀྱི་གནས་ཚུལ། (321) དེ་གཉིས་ཀྱི་ཆོས་གཞན་བསམ་པ། (322) སེམས་དང་ཡེ་ཤེས་ཀྱི་དོན་བསྡུ་བ། (325)

མདོ་སྔགས་རྒྱུད་སྡེ་རབ་འབྱམས་ཀྱི་གོ་དོན་དཀའ་གནད་ལྷུག་བཀྲོལ་གྱི་བཤད་པ་རྒྱུན་གྱི་ཉམས་ལེན་ཉེར་མཁོ་སྣཚོགས་བཏུས་པ་སྦྲང་ཆུང་རྩི་བཅུད།

རྟོགས་པའི་དམ་ཆོས།


GTN001_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་སྔགས་རྒྱུད་སྡེ་རབ་འབྱམས་ཀྱི་གོ་དོན་དཀའ་གནད་ལྷུག་བཀྲོལ་གྱི་བཤད་པ་རྒྱུན་གྱི་ཉམས་ལེན་ཉེར་མཁོ་སྣཚོགས་བཏུས་པ་སྦྲང་ཆུང་རྩི་བཅུད་ཅེས་པ་བཞུགས་སོ། ༀ་སྭ་སྟི། བླ་མ་དང་དབྱེར་མེད་པའི་མགོན་པོ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ་ཚེ་རབས་ཀུན་ཏུ་རྗེས་སུ་བཟུང་བར་མཛོད། དེ་ལ་ཆོས་ཞེས་པ་དྷརྨ་སྟེ་མཚན་ཉིད་འཛིན་པའི་དོན་ཡིན་ཏེ། དཔེར་ན་ས་ནི་སྲ་བའོ། །ཞེས་སོགས་རང་མཚན། འདུས་བྱས་ཐམས་ཅད་མི་རྟག་པའོ། །ཞེས་སོགས་སྤྱི་མཚན་དང་། ལམ་དང་མྱང་འདས་ནི་འཁོར་བར་ལྟུང་བ་ལས་འཛིན་པ་དང་། ཡིད་ཡུལ་གྱིས་ནི་ཡིད་འཛིན་པ་དང་། བསོད་ནམས་ཀྱིས་ངན་འགྲོར་ལྟུང་བ་ལས་འཛིན་པ་དང་། ཚེའམ་སྲོག་གིས་ནི་ལུས་སམ་རིས་མཐུན་འཛིན་པ་དང་། གསུང་རབ་ཀྱིས་ནི་དོན་ཕྱིན་ཅི་མ་ལོག་པར་འཛིན་པ་དང་། འབྱུང་འགྱུར་གྱིས་འབྱུང་རྒྱུའི་ཆོས་དེ་འཛིན་པ་དང་། ངེས་པས་ངེས་པར་བྱ་བའི་གཞི་འཛིན་པ་དང་། ལུགས་ཀྱིས་ནི་རང་དང་མཚུངས་པའི་སྤྱོད་པ་འཛིན་པ་དང་། རིགས་པས་ནི་འཁྲུལ་པའི་ཕྱོགས་ལས་འཛིན་པ་རྣམས་ཏེ་གཞན་ཡང་ཇི་ལྟར་མཐུན་མཐུན་དུ་སྦྱར་རོ། །


GTN001_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པའི་དམ་ཆོས་ཀྱང་གཉིས་ཏེ། སྐྱེས་བུ་དམ་པ་རྣམས་གང་དུ་འགྲོ་བའི་འགོག་བདེན་བསམ་པའི་ཡུལ་ལས་འདས་པའི་ཞི་བ་ཆེན་པོ་གཉིས་སུ་མེད་པའི་མཚན་ཉིད་ཅན་རྟོགས་པའི་སྟོབས་ཀྱིས་ཐོབ་པ་དང་། གང་གིས་འགྲོ་བའི་ལམ་བདེན་དྲི་མ་དག་ཅིང་རང་བཞིན་གྱིས་འོད་གསལ་བ་སྒྲིབ་པའི་གཉེན་པོར་གྱུར་པའི་ཟག་མེད་ཀྱི་ཡེ་ཤེས་འཁོར་བཅས་རྟོགས་པའི་ངོ་བོར་གྱུར་པ། །དེའང་སྔ་མ་ནི་འཕགས་བཞིའི་ཐུགས་རྒྱུད་ཀྱི་གཉེན་པོས་སྤང་བྱ་སྤངས་པའི་ཆགས་བྲལ་ཉིད་ཀྱི་ངོ་བོ་དང་། ཕྱི་མ་ནི་གང་གིས་ཆགས་པ་དང་འབྲལ་བར་བྱེད་པའི་གཉེན་པོའི་རང་བཞིན་ཉིད་དེ། འདི་དག་གི་ཚུལ་རྒྱུད་བླ་མ་ལས། བསམ་མེད་གཉིས་མེད་རྟོག་མེད་པ། །དག་གསལ་གཉེན་པོའི་ཕྱོགས་ཉིད་ཀྱིས། །གང་ཞིག་གང་གིས་ཆགས་བྲལ་བ། །བདེན་གཉིས་མཚན་ཉིད་ཅན་དེ་ཆོས། །ཆགས་བྲལ་ཉིད་ནི་འགོག་པ་དང་། །ལམ་གྱི་བདེན་པ་དག་གིས་བསྡུས། །གོ་རིམ་ཇི་བཞིན་དེ་དག་ཀྱང་། །ཡོན་ཏན་གསུམ་གསུམ་གྱིས་རིག་བྱ། །བརྟག་མིན་ཕྱིར་དང་བརྗོད་མིན་ཕྱིར། །འཕགས་པས་མཁྱེན་ཕྱིར་བསམ་མེད་ཉིད། །ཞི་ཉིད་གཉིས་མེད་རྟོག་མེད་དེ། །དག་སོགས་གསུམ་ནི་ཉི་བཞིན་ནོ། །ཞེས་པ་ལྟར་རོ། །ལེགས་པར་གསུངས་པ་ཞེས་པའི་དོན་ནི། རྣམ་བཤད་རིགས་པར། ཇི་ལྟར་ལེགས་པར་གསུངས་པ་ཡིན་ཞེ་ན། རྣམ་པ་བཅུ་དག་གིས་ཏེ་ཡང་དག་པར་བསླང་བ་ཉིད་ཀྱིས་དང་། དབང་དུ་མཛད་པ་ཉིད་ཀྱིས་དང་། འཇུག་པ་ཉིད་ཀྱིས་དང་། རབ་ཏུ་བསྟན་པ་ཉིད་ཀྱིས་དང་། རབ་ཏུ་དབྱེ་བ་ཉིད་ཀྱིས་དང་། རྟེན་ཉིད་ཀྱིས་


GTN001_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

དང་། གོ་བར་མཛད་པ་ཉིད་ཀྱིས་དང་། གདགས་པ་ཉིད་ཀྱིས་དང་། དུས་ཉིད་ཀྱིས་དང་། ཡོན་ཏན་ཡོངས་སུ་འཛིན་པ་ཉིད་ཀྱིས་སོ། །ཞེས་བསྟན་པ་སྟེ། དེ་ཡང་རིམ་པ་བཞིན་ཡང་དག་པར་མངོན་པར་རྫོགས་པར་སངས་རྒྱས་ནས་གསུངས་པའི་ཕྱིར་དང་། སེམས་ཅན་ཐམས་ཅད་ཀྱི་དབང་དུ་མཛད་པའི་ཕྱིར་དང་། རེས་འགའ་བ་མ་ཡིན་པར་རྒྱུན་དུ་གསུངས་པའི་ཕྱིར་དང་། སློབ་དཔོན་གྱི་དཔེ་མཁྱུད་མི་མངའ་བའི་ཕྱིར་དང་། སེམས་ཅན་གྱི་བསམ་པ་ཇི་ལྟ་བ་བཞིན་དུ་གསུངས་པའི་ཕྱིར་དང་། དབྱངས་ཀྱི་ཡན་ལག་ལྔ་དང་ལྡན་པར་གསུངས་པའི་ཕྱིར་དང་། དབྱངས་གཅིག་གིས་འཇིག་རྟེན་མཐའ་ཡས་ཁྱབ་པར་མཛད་པའི་ཕྱིར་རམ། འཁོར་གྱི་དཀྱིལ་འཁོར་ཇི་སྙེད་པས་གོ་བར་མཛད་དེ་གསུངས་པའི་ཕྱིར་དང་། མཐའ་གཉིས་སྤངས་པའི་ལམ་གསུངས་པའི་ཕྱིར་དང་། གདུལ་བྱ་ཡོངས་སུ་སྨིན་པ་རྣམས་ལ་གསུངས་པའི་ཕྱིར་དང་། ཡོན་ཏན་དྲུག་ཅུ་དང་ལྡན་པར་གསུངས་པའི་ཕྱིར་རོ། །དབྱངས་ཀྱི་ཡན་ལག་ལྔ་ནི། འབྲུག་སྒྲ་ལྟར་ཟབ་པ། སྙན་ཅིང་འཇེབས་ལ་རྣར་སྙན་པ། ཡིད་དུ་འོང་ཞིང་དགའ་བར་བྱེད་པ། རྣམ་པར་གསལ་ཞིང་རྣམ་པར་རིག་པར་བྱེད་པ། མཉན་པར་འོས་ཤིང་མི་མཐུན་པ་མེད་པ་རྣམས་ཏེ། དེ་དག་ལ་རྒྱ་ཆེ་བ་ལ་སོགས་པའི་ཡོན་ཏན་ལྔ་ཡོད་པས་མཉན་པ་ལ་སོགས་པའི་བྱ་བ་ལྔ་བྱེད་པ། ཇི་སྐད་དུ། སློབ་དཔོན་དབྱིག་གཉེན་གྱིས། ཡོན་ཏན་ལྔ་ནི་རྒྱ་ཆེན་དང་། །སྙན་དང་རིག་དོན་ལྡན་ཉིད་དང་། །གཟུང་སླ་སྣ་ཚོགས་ཅི་འདོད་ཉིད། །
འདི་དག་ལྔ་ནི་ཡན་ལག་སྟེ། །མཉན་དང་རྣམ་པར་མི་གཡེང་དང་། །རྣམ་གྲོལ་ཁོང་དུ་ཆུད་པ་དང་། །སྨིན་པར་བྱེད་པ་ཡིན་ཏེ་དེས། །ཐབས་ཆེན་གསུང་ནི་ཡན་ལག་ལྔ། །ཞེས་ལེགས་པར་བཤད་དོ། །

གསུང་གི་ཡོན་ཏན་དྲུག་བཅུ།


GTN001_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་གི་ཡོན་ཏན་དྲུག་ཅུ་ནི། ཐུབ་པ་དགོངས་རྒྱན་ལས། མཉེན་པ་ནི་སེམས་ཅན་གྱི་ཁམས་ལ་དགེ་བའི་རྩ་བ་སྟོན་པར་བྱེད་པའི་ཕྱིར་རོ། །འཇམ་པ་ནི་མཐོང་བའི་ཆོས་ཁོ་ན་ལ་བདེ་བ་ལ་རེག་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །ཡིད་དུ་འོང་བ་ནི་དོན་བཟང་བ་ཉིད་ཀྱི་ཕྱིར་རོ། །ཡིད་དུ་འཐད་པ་ནི་ཡི་གེ་བཟང་བ་ཉིད་ཀྱི་ཕྱིར་རོ། །དག་པ་ནི་འཇིག་རྟེན་ལས་འདས་པ་བླ་ན་མེད་པའི་རྗེས་ལ་ཐོབ་པའི་ཕྱིར་རོ། །དྲི་མ་མེད་པ་ཉིད་ནི་ཉོན་མོངས་པའི་བག་ལ་ཉལ་དང་བག་ཆགས་ཐམས་ཅད་དང་བྲལ་བ་ཉིད་ཀྱི་ཕྱིར་རོ། །གསལ་བ་ནི་ཚིག་དང་ཡི་གེ་སོ་སོར་གྲགས་པ་ཉིད་ཀྱི་ཕྱིར་རོ། །སྙན་ཅིང་འཇེབས་པ་ནི་མུ་སྟེགས་ཅན་བློ་གྲོས་ངན་པ་ཅན་ཐམས་ཅད་ཀྱི་ལྟ་བ་འཇོམས་པའི་སྟོབས་ཀྱི་ཡོན་ཏན་དང་ལྡན་པའི་ཕྱིར་རོ། །མཉན་པར་འོས་པ་ནི་སྒྲུབ་པས་ངེས་པར་འབྱུང་བའི་ཕྱིར་རོ། །མི་ཚུགས་པ་ནི་ཕ་རོལ་གྱི་སྨྲ་བ་པོ་ཐམས་ཅད་ཀྱིས་དཔྱས་པར་བྱ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །སྙན་པ་ནི་དགའ་བར་བྱེད་པ་ཉིད་ཀྱི་ཕྱིར་རོ། །འདུལ་བ་ནི་འདོད་ཆགས་ཀྱི་གཉེན་པོ་ཉིད་ཀྱི་ཕྱིར་རོ། །མི་རྩུབ་པ་ནི་བསླབ་པ་བཅའ་བའི་བདེ་བའི་ཐབས་ཉིད་ཀྱི་ཕྱིར་རོ། །མི་བརླང་བ་ནི་དེ་ལས་འདས་པས་ན་ཡང་དག་པར་ངེས་པར་འབྱུང་བ་ཉེ་བར་སྟོན་པ་ཉིད་ཀྱི་ཕྱིར་རོ། །རབ་ཏུ་དུལ་བ་ནི་ཐེག་པ་གསུམ་གྱིས་འདུལ་བ་ཉེ་བར་སྟོན་པ་


GTN001_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱི་ཕྱིར་རོ། །རྣ་བར་སྙན་པ་ནི་རྣམ་པར་གཡེང་བའི་གཉེན་པོ་ཉིད་ཀྱི་ཕྱིར་རོ། །ལུས་ཚིམ་པར་བྱེད་པ་ནི་ཏིང་ངེ་འཛིན་བསྐྱེད་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །སེམས་ཚིམ་པར་བྱེད་པ་ནི་ལྷག་མཐོང་གིས་རབ་ཏུ་དགའ་བ་སྐྱེད་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །སྙིང་དགའ་བར་བྱེད་པ་ནི་ཐེ་ཚོམ་གཅོད་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །དགའ་བ་དང་བདེ་བ་བསྐྱེད་པ་ནི་ལོག་པར་ངེས་པ་སེལ་བའི་ཕྱིར་རོ། །ཡོངས་སུ་གདུལ་བ་མེད་པ་ནི་སྒྲུབ་པ་པོ་འགྱོད་པ་མེད་པའི་ཕྱིར་རོ། །ཀུན་ཏུ་ཤེས་པར་བྱ་བ་ནི་ཐོས་པ་ལས་བྱུང་བའི་ཤེས་པ་ཕུན་སུམ་ཚོགས་པའི་རྟེན་ཉིད་ཀྱི་ཕྱིར་རོ། །རྣམ་པར་རིག་པར་བྱ་བ་ནི་བསམ་པ་ལས་བྱུང་བའི་ཤེས་པ་ཕུན་སུམ་ཚོགས་པའི་རྟེན་ཉིད་ཀྱི་ཕྱིར་རོ། །རྣམ་པར་གསལ་བ་ནི་སློབ་དཔོན་གྱི་དཔེ་མཁྱུད་མེད་པར་ཆོས་སྟོན་པའི་ཕྱིར་རོ། །དགའ་བར་བྱ་བ་ནི་རང་གི་དོན་རྗེས་སུ་ཐོབ་པ་རྣམས་དགའ་བར་བྱ་བ་ཉིད་ཀྱི་ཕྱིར་རོ། །མངོན་པར་དགའ་བར་འོས་པ་ནི་རང་གི་དོན་རྗེས་སུ་ཐོབ་པ་རྣམས་ཀྱིས་སྤྲོས་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །ཀུན་ཤེས་པར་བྱ་བར་གཞུག་ཏུ་འོས་པ་ནི་བསམ་གྱིས་མི་ཁྱབ་པའི་ཆོས་ཡང་དག་པར་སྟོན་པ་ཉིད་ཀྱི་ཕྱིར་རོ། །རྣམ་པར་རིག་པར་བྱ་བར་གཞུག་ཏུ་འོས་པ་ནི་བསམ་པར་བྱ་བའི་ཆོས་ཡང་དག་པར་སྟོན་པ་ཉིད་ཀྱི་ཕྱིར་རོ། །རིག་པ་ནི་ཚད་མ་དང་མི་འགལ་བའི་ཕྱིར་རོ། །འགྲེལ་བ་ནི་ཇི་ལྟར་འོས་པ་གདུལ་བྱ་ལ་སྟོན་པ་ཉིད་ཀྱི་ཕྱིར་རོ། །ཟློས་པའི་སྐྱོན་མེད་པ་ནི་འབྲས་བུ་མེད་པ་མ་ཡིན་པའི་ཕྱིར་རོ། །སེངྒེའི་སྒྲའི་ཤུགས་ནི་མུ་སྟེགས་ཀྱི་ཚོགས་ཐམས་ཅད་སྐྲག་པར་


GTN001_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པའི་ཕྱིར་རོ། །གླང་པོ་ཆེའི་སྒྲ་སྐད་ནི་རྒྱ་ཆེ་བ་ཉིད་ཀྱི་ཕྱིར་རོ། །འབྲུག་གི་སྒྲ་དབྱངས་ནི་ཟབ་པ་ཉིད་ཀྱི་ཕྱིར་རོ། །ཀླུའི་དབང་པོའི་སྒྲ་དབྱངས་ནི་གཟུང་བར་འོས་པ་ཉིད་ཀྱི་ཕྱིར་རོ། །དྲི་ཟའི་གླུ་དབྱངས་ནི་སྙན་པ་ཉིད་ཀྱི་ཕྱིར་རོ། །ཀ་ལ་པིངྐའི་སྒྲ་དབྱངས་ནི་རྒྱུན་མི་འཆད་པ་དང་མི་འཇིག་པའི་ཕྱིར་རོ། །ཚངས་པའི་སྒྲ་དབྱངས་བསྒྲགས་པ་ནི་ཐག་རིང་པོར་གྲགས་པ་ཉིད་ཀྱི་ཕྱིར་རོ། །ཤང་ཤང་ཏེའུའི་སྒྲ་དབྱངས་སུ་གྲགས་པ་ནི་གྲུབ་པ་ཐམས་ཅད་ལ་བཀྲ་ཤིས་པ་ཉིད་ཀྱིས་སྔོན་དུ་འགྲོ་བ་ཉིད་ཀྱི་ཕྱིར་རོ། །དེ་ལ་སྒྲ་བཟུང་བ་ནི་དོན་རྟོགས་པར་བྱེད་པའི་མཚན་ཉིད་ཅན་གྱི་སྒྲ་རྟོགས་པར་བྱ་བའི་དོན་དུའོ། །དབྱངས་བཟུང་བ་ནི་ཐག་རིང་པོར་དེ་དང་དེའི་བརྡའ་རྟོགས་པར་བྱེད་པའི་དོན་ནོ། །གྲགས་པར་བཟུང་བ་ནི་དེ་དང་དེའི་དབྱངས་ཀྱི་བརྡ་རྗེས་སུ་སྟོན་པ་རྟོགས་པར་བྱེད་པའི་དོན་ཏོ། །ལྷ་ཡི་དབང་པོའི་དབྱངས་ལྟར་སྙན་པ་ནི་འདའ་བར་བྱ་བ་མ་ཡིན་པའི་ཕྱིར་རོ། །རྔའི་སྒྲ་ནི་བདུད་དང་གླགས་འཚོལ་བ་ཐམས་ཅད་ལས་རྒྱལ་བའི་སྔོན་དུ་འགྲོ་བ་ཉིད་ཀྱི་ཕྱིར་རོ། །མ་ཁེངས་པ་ནི་བསྟོད་པས་ཀུན་ནས་ཉོན་མོངས་པ་མེད་པའི་ཕྱིར་རོ། །མི་དམའ་བ་ནི་ཀུན་ནས་ཉོན་མོངས་པ་མེད་པའི་ཕྱིར་རོ། །སྒྲ་ཐམས་ཅད་ནི་རྗེས་སུ་ཞུགས་པ་ནི་ལུང་སྟོན་པ་ཐམས་ཅད་ལ་མཚན་ཉིད་རྣམ་པ་རྗེས་སུ་ཞུགས་པ་ཉིད་ཀྱི་ཕྱིར་རོ། །སྒྲ་ཟུར་བཅག་པ་མེད་པ་ནི་དྲན་པ་ཉམས་པས་དེ་མི་གསུང་བའི་ཕྱིར་རོ། །མ་ཚང་བ་མེད་པ་ནི་གདུལ་བྱའི་བྱ་བ་རྣམས་ལ་དུས་ཐམས་ཅད་དུ་ཉེ་བར་གནས་པའི་ཕྱིར་རོ། །མ་ཞུམ་པ་ནི་རྙེད་པ་དང་བཀུར་སྟི་ལ་མ་བརྟེན་པ་ཉིད་ཀྱི་ཕྱིར་རོ། །


GTN001_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཞན་པ་ནི་འཇིགས་པ་དང་བྲལ་བ་ཉིད་ཀྱི་ཕྱིར་རོ། །རབ་ཏུ་དགའ་བ་ནི་མི་སྐྱོ་བའི་ཕྱིར་རོ། །ཁྱབ་པ་ནི་རིག་པའི་གནས་ཐམས་ཅད་མཁས་པ་དང་ལྡན་པ་ཉིད་ཀྱི་ཕྱིར་རོ། །ཆུབ་པ་ནི་སེམས་ཅན་རྣམས་ཀྱི་དེའི་དོན་ཐམས་ཅད་ཕུན་སུམ་ཚོགས་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །རྒྱུན་ཆགས་པ་ནི་རྒྱུན་མི་འཆད་པ་ཉིད་ཀྱི་ཕྱིར་རོ། །འབྲེལ་བ་ནི་རྣམ་པ་སྣ་ཚོགས་སུ་ཉེ་བར་གནས་པ་ཉིད་ཀྱི་ཕྱིར་རོ། །སྒྲ་ཐམས་ཅད་རྫོགས་པར་བྱེད་པ་ནི་སྒྲ་གཅིག་ལས་སྒྲའི་རྣམ་པར་རིག་པ་དུ་མ་ཉེ་བར་གནས་པའི་ཕྱིར་རོ། །དབང་པོ་ཐམས་ཅད་ཚིམ་པར་བྱེད་པ་ནི་གཅིག་ལས་དོན་དུ་མའི་རྣམ་པར་རིག་པ་ཉེ་བར་གནས་པའི་ཕྱིར་རོ། །མ་སྨད་པ་ནི་དམ་བཅའ་བ་ཅི་ལྟ་བ་བཞིན་པའི་ཕྱིར་རོ། །མི་འགྱུར་བ་ནི་དུས་ལ་བབ་པར་རབ་ཏུ་སྦྱོར་བའི་ཕྱིར་རོ། །མ་བརྟབས་པ་ནི་རྟབ་རྟབ་པོར་མི་གསུང་བའི་ཕྱིར་རོ། །འཁོར་ཡུག་ཀུན་ཏུ་གྲགས་པ་ནི་རིང་བ་དང་ཉེ་བའི་འཁོར་དུ་མཚུངས་པར་ཐོས་པ་ཉིད་ཀྱི་ཕྱིར་རོ། །རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ནི་འཇིག་རྟེན་པའི་དོན་ཐམས་ཅད་དཔེའི་ཆོས་སུ་བསྒྱུར་བ་ཉིད་ཀྱི་ཕྱིར་རོ། །ཞེས་སོ། །ཡང་ན་ལེགས་པར་གསུངས་པ་ནི། སློབ་དཔོན་ཐོགས་མེད་ཀྱིས། ཐོག་མར་དགེ་བ་ནི་ཉན་པ་རྣམས་རབ་ཏུ་དགའ་བ་བསྐྱེད་པའོ། །བར་དུ་དགེ་བ་ནི་རབ་ཏུ་སྦྱོར་བ་རྣམས་ཚེགས་ཆུང་ངུས་མཐའ་གཉིས་རྣམ་པར་སྤངས་པ་དབུ་མའི་ལམ་ལ་ཡང་དག་པར་བརྟེན་པའོ། །ཐ་མར་དགེ་བ་ནི་ཤིན་ཏུ་དྲི་མ་མེད་པ་དང་། ཤིན་ཏུ་མཐར་ཕྱིན་པའི་ཕྱིར་དང་། ཐམས་ཅད་ལ་འདོད་ཆགས་དང་བྲལ་བ་དང་།
ཤིན་ཏུ་འདོད་ཆགས་དང་བྲལ་བའི་མཐར་གྱུར་པའི་ཕྱིར་རོ། །དོན་བཟང་པོ་ནི་ཕན་པ་དང་བདེ་བ་དང་ལྡན་པའི་ཕྱིར་རོ། །ཚིག་འབྲུ་བཟང་པོ་ནི་མིང་གི་ཚོགས་ལ་སོགས་པར་ལེགས་པར་སྦྱར་བ་དང་། ཚིག་ཏུ་འདོན་པ་ཟུར་ཕྱིན་པ་དང་ལྡན་པའོ། །མ་འདྲེས་པ་ནི་འདི་ལས་ཕྱི་རོལ་པ་རྣམས་དང་ཐུན་མོང་མ་ཡིན་པའོ། །ཡོངས་སུ་རྫོགས་པ་ནི་ཚད་མེད་པ་ཐམས་ཅད་ཀྱི་མཆོག་ཏུ་བྱུང་བའོ། །ཡོངས་སུ་དག་པ་ནི་རང་བཞིན་རྣམ་པར་གྲོལ་བའོ། །ཡོངས་སུ་བྱང་བ་ནི་རྒྱུད་རྣམ་པར་གྲོལ་བའོ། །ཞེས་སོ། །

སྡེ་སྣོད་ཅེས་པ།


GTN001_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་སྣོད་ཅེས་པ་ལེགས་སྦྱར་པི་ཊཱ་ཀ་སྟེ། དེ་གང་བུ་དང་བྲེ་བོ་ཆེ་ལ་འཇུག་སྟེ་མང་པོ་འདུས་པའི་བྲེ་བོ་ཆེ་ལྟ་བུ་སྟེ། དེ་ལ་བྲེའུ་ཆུང་མང་དུ་འདུས་པ་བཞིན་དེ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་ཆོས་ནས་སྐུ་དང་ཡེ་ཤེས་ལ་སོགས་པའི་བར་དུ་ཤེས་པར་བྱ་བའི་དོན་ཐམས་ཅད་འདུས་པས་ན་དེའི་ཕྱིར་སྡེ་སྣོད་ཅེས་བྱའོ། །མདོ་སྡེ་ཞེས་པ་སཱུ་ཏྲ་སྟེ་དོན་གྱི་སྡོམ་སྨོས་པ་ཡིན་ལ་དེའང་རྣམ་པ་བཞི་སྟེ། མདོ་སྡེ་རྒྱན་ལས། གནས་རྣམས་དང་ནི་མཚན་ཉིད་དང་། །ཆོས་དོན་སྨོས་ཕྱིར་མདོ་ཡིན་ནོ། །ཞེས་འབྱུང་བ་ལྟར་ཡུལ་གང་དུ་གང་ཟག་གང་གི་ཕྱིར་གསུངས་པ་སྨོས་པས་གནས་དང་། ཀུན་རྫོབ་དང་དོན་དམ་པའི་བདེན་པའི་མཚན་ཉིད་སྨོས་པས་མཚན་ཉིད་དང་། ཕུང་ཁམས་སྐྱེ་མཆེད་ལ་སོགས་པ་སྨོས་པས་ཆོས་དང་དགོངས་པའི་དོན་ཟབ་མོ་སྟོན་པས་དོན་ནོ། །འདུལ་བ་ཞེས་པ་བི་ན་ཡ་སྟེ། མདོ་རྒྱན་ལས། ལྟུང་དང་འབྱུང་དང་ལྡང་བ་


GTN001_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ངེས་པར་འབྱུང་དང་གང་ཟག་དང་། །བཅས་པ་དང་ནི་རབ་དབྱེ་དང་། །རྣམ་པར་ངེས་ཕྱིར་འདུལ་བ་ཉིད། །ཅེས་བཞི་ཚན་གཉིས་ཀྱིས་བཤད་པ། ལྟུང་བ་ནི་ལྟུང་བ་སྡེ་ལྔ་དང་། ལྟུང་བ་དེ་དག་གང་ལས་འབྱུང་བ་ནི། མི་ཤེས་པ། བག་མེད་པ། ཉོན་མོངས་པ་མང་བ། མ་གུས་པ་རྣམས་དང་། ལྟུང་བ་དེ་དག་ལས་ལྡང་བ་ནི་སྤོང་བའི་སེམས་པ་སོར་ཆུད་པ་དང་། ལྟུང་བ་ལས་ངེས་པར་འབྱུང་བ་ནི་ཆད་པའི་ལས་ཁས་ལེན་པ་དང་། རྗེས་ནས་གནང་བ་དང་། བག་ཡངས་སུ་བྱ་བ་དང་། རྟེན་གྱུར་པ་དང་། ཡང་དག་པར་སོ་སོར་རྟོགས་པ་དང་། ཆོས་ཉིད་ཐོབ་པ་རྣམས་སོ། །དེ་ལྟར་གནས་བཞི་པོ་དེ་སྟོན་པས་འདུལ་བའི་ཕྱིར་རམ་གང་ལ་བརྟེན་ནས་བསླབ་པ་བཅའ་བ་གང་ཟག །བསླབ་པ་བཅས་པ་དངོས། དེ་རབ་ཏུ་དབྱེ་བ། ལྟུང་བ་དང་ལྟུང་མེད་རྣམ་པར་ངེས་པ་སྟེ་རྣམ་པ་བཞི་སྨོས་པའི་ཕྱིར་རོ། །མངོན་པ་ཞེས་པ་ཨ་བྷི་སྟེ། མདོ་རྒྱན་ལས། མངོན་དུའི་ཕྱིར་དང་ཡང་དང་ཡང་། །ཟིལ་གནོན་རྟོགས་ཕྱིར་མངོན་པའི་ཆོས། །ཞེས་པ་ལྟར་རྒྱུ་མཚན་བཞིས་དེ་ལྟར་བརྗོད་དེ་མྱ་ངན་ལས་འདས་པ་ལ་མངོན་དུ་ཕྱོགས་པའི་བདེན་པ་ལ་སོགས་པ་སྟོན་པའི་ཕྱིར་དང་། ཆོས་རེ་རེ་ལའང་གཟུགས་ཅན་དང་གཟུགས་ཅན་མ་ཡིན་པ་སོགས་ཞིབ་མོར་ཕྱེ་ནས་ཡང་དང་ཡང་དུ་སྟོན་པའི་ཕྱིར་དང་། ཕས་རྒོལ་ཟིལ་གྱིས་གནོན་པའི་ཆོས་ཡིན་པའི་ཕྱིར་དང་། འདིས་མདོ་སྡེའི་དོན་རྟོགས་པར་འགྱུར་བའི་ཕྱིར་རོ། །དེ་ལྟར་སྡེ་སྣོད་གསུམ་པོ་དེ་ཉིད་དུ་རྣམ་པར་བཞག་པའི་རྒྱུ་མཚན་ཅི་ཕྱིར་དང་། ཕས་རྒོལ་ཟིལ་གྱིས་གནོན་པའི་ཆོས་ཡིན་པའི་ཕྱིར་རོ། །


GTN001_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་སྡེ་སྣོད་གསུམ་པོ་དེ་ཉིད་དུ་རྣམ་པར་བཞག་པའི་རྒྱུ་མཚན་ཅི་ཞེ་ན། ཐར་པ་སྒྲུབ་པ་རྣམས་ཀྱི་སྤང་བྱའི་གཙོ་བོ་ལམ་གོང་མ་ལ་ཐེ་ཚོམ་ཟ་བ་དང་། རང་ལམ་ལ་སྤྱོད་པ་ཕྱིན་ཅི་ལོག་པ་དང་། ལྟ་བ་ཕྱིན་ཅི་ལོག་པ་སྟེ་གསུམ་ཡིན་པའི་ཕྱིར། དེ་དག་གི་གཉེན་པོར་སྡེ་སྣོད་གསུམ་གསུངས་པ་སྟེ། སྡེ་སྣོད་དང་པོ་ནི། གང་ཞིག་དོན་གང་ལ་ཐེ་ཚོམ་པ་དེ་ལ་ངེས་པར་བྱ་བའི་ཕྱིར་བཤད་པ་གང་ཞིག །གཉིས་པ་ནི། ཁ་ན་མ་ཐོ་བ་དང་བཅས་པའི་ཡོངས་སུ་སྤྱད་པ་འདོད་སྲེད་ཀྱི་དབང་གིས་གསོག་འཇོག་བྱེད་པ་སོགས་བཀག་པའི་སྒོ་ནས་འདོད་པ་བསོད་སྙོམས་ལ་རྗེས་སུ་སྦྱོར་བའི་མཐའ་སྤོང་བ་དང་། ཁ་ན་མ་ཐོ་བ་མེད་པའི་ཡོངས་སུ་སྤྱད་པ། ཚུལ་ཁྲིམས་དག་ཅིང་མ་ཞེན་པར་ལྷག་པར་རྙེད་ན། བརྒྱ་སྟོང་རི་བའི་གོས་ལ་སོགས་པའང་རྗེས་སུ་གནང་བའི་སྒོ་ནས་བདག་ཉིད་དུབ་པ་ལ་སྦྱོར་བའི་མཐའ་སྤོང་བ་སྟེ་མཐའ་གཉིས་སྤོང་བའི་སྤྱོད་པ་སྟོན་པའི་ཕྱིར་དང་། གསུམ་པ་ནི། ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ཕྱིན་ཅི་མ་ལོག་པར་སྟོན་པའི་ཕྱིར་བཤད་པ་ཡིན་པས་སོ། །ཡང་ན་ཤེས་པར་བྱ་བ་གསུམ་གྱི་ཕྱིར་སྡེ་སྣོད་གསུམ་དུ་འཇོག་སྟེ། ཆོས་དོན་བཤད་པ་དང་། ཆོས་དོན་སྒྲུབ་པ་དང་། ཆོས་དོན་འབེལ་བའི་གནས་གཏན་ལ་དབབ་པ་རྣམས་ཀྱི་ཆེད་དུ་རིམ་བཞིན་གསུངས་པའི་ཕྱིར་རོ། །དེ་ལ་ཆོས་དོན་ནི། མདོ་སྡེ་རྒྱན་གྱི་འགྲེལ་བཤད་ལས། མིང་དང་ཚིག་དང་ཡི་གེ་རྣམས་ལ་ནི་ཆོས་ཞེས་བྱའོ། །དེས་བརྗོད་པར་བྱ་བ་ཕུང་པོ་ཁམས་དང་སྐྱེ་


GTN001_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

མཆེད་རྣམས་ལ་ནི་དོན་ཞེས་བྱའོ། །ཡང་ན་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་ལ་ནི་ཆོས་ཞེས་བྱའོ། །དགོངས་པ་བཞི་དང་ལྡེམ་པོ་དག་བཞི་ལ་ནི་དོན་ཞེས་བྱའོ། །ཡང་ན་མཐོ་རིས་འཐོབ་པར་བྱེད་པའི་རྒྱུ་དགེ་བ་བཅུ་ལ་ནི་ཆོས་ཞེས་བྱའོ། །མྱ་ངན་ལས་འདས་པ་འཐོབ་པར་བྱེད་པའི་རྒྱུ་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སོགས་པ་ལ་ནི་དོན་ཞེས་བྱ་སྟེ། ཞེས་འབྱུང་། གཞན་ནི་གོ་སླ་ལ། འདུལ་བ་ཆོས་དོན་ཇི་ལྟར་སྒྲུབ་པ་ནི། དེ་ཉིད་ལས། འདུལ་བ་ལ་བརྟེན་ནས་མི་གཙང་བ་བསྒོམ་པ་ལ་སོགས་པའི་སྒོ་ནས་ཉོན་མོངས་པ་འདུལ་བ་ལ་བརྩོན་པས་ན་ཚིག་དང་ཡི་གེའི་མཚན་ཉིད་ཀྱི་ཆོས་དང་། ཕུང་པོ་དང་ཁམས་ལ་སོགས་པའི་མཚན་ཉིད་ཀྱི་དོན་ནམ་མཐོ་རིས་ཀྱི་མཚན་ཉིད་ཀྱི་ཆོས་དང་མྱ་ངན་ལས་འདས་པའི་མཚན་ཉིད་ཀྱི་དོན་རྣམས་རྟོགས་པར་འགྱུར་བས་ན། འདུལ་བས་ནི་ཆོས་དང་དོན་མངོན་སུམ་དུ་བྱེད་དོ། །ཞེས་གསུངས་སོ། །འདི་དག་ལ་དགོངས་ནས་མདོ་རྒྱན་དུ། སྡེ་སྣོད་དག་ནི་གསུམ་མམ་གཉིས་ཀྱང་རུང་། །བསྡུས་པའི་ཕྱིར་ཏེ་རྒྱུར་ནི་དགུ་འདོད་དོ། །ཞེས་འབྱུང་ངོ་།ཐེག་པ་དམན་པ་ཞེས་བྱ་བ་ནི། ཐེག་པ་འདི་གང་ཞིག་སྒྲིབ་གཉིས་ལྷག་མེད་དུ་འཇོམས་མི་ནུས་པའི་ཕྱིར་ནུས་པ་དམན་པའམ་ཆེན་པོ་བདུན་གྱི་ལྡོག་ཕྱོགས་སུ་གྱུར་པས་དམན་པའོ། ཐེག་ཆེན་ཞེས་བརྗོད་པ་ནི། ཆེན་པོ་བདུན་དང་ལྡན་པའི་ཕྱིར་ཏེ། རྗེ་བཙུན་


GTN001_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཕམ་པས། དམིགས་པ་ཆེ་བ་ཉིད་དང་ནི། །དེ་བཞིན་སྒྲུབ་པ་གཉིས་དག་དང་། །ཡེ་ཤེས་བརྩོན་འགྲུས་རྩོམ་པ་དང་། །ཐབས་ལ་མཁས་པར་གྱུར་པ་དང་། །ཡང་དག་གྲུབ་པ་ཆེན་པོ་དང་། །སངས་རྒྱས་ཕྲིན་ལས་ཆེན་པོ་སྟེ། །ཆེན་པོ་འདི་དང་ལྡན་པའི་ཕྱིར། །ཐེག་ཆེན་ཞེས་ནི་ངེས་པར་བརྗོད། །ཅེས་གསུངས་པ་ལྟར་ཏེ། དེའང་མདོའི་སྡེ་ལ་སོགས་པའི་ཆོས་རྒྱ་ཆེན་པོ་དཔག་ཏུ་མེད་པའི་དོན་དང་ལྡན་པའི་ཕྱིར་དམིགས་པ་ཆེན་པོ་དང་། རང་གཞན་གྱི་དོན་གཉིས་སྒྲུབ་པའི་ཕྱིར་སྒྲུབ་པ་ཆེན་པོ་དང་། འདི་རྟོགས་པའི་དུས་ན་གང་ཟག་དང་ཆོས་ཀྱི་བདག་མེད་རྣམ་གཉིས་ཤེས་པའི་ཕྱིར་ཡེ་ཤེས་ཆེན་པོ་དང་། བསྐལ་པ་གྲངས་མེད་གསུམ་སོགས་སུ་རྟག་སྦྱོར་དང་། གུས་སྦྱོར་གྱི་བརྩོན་འགྲུས་ཀྱིས་སྒྲུབ་པའི་ཕྱིར་བརྩོན་པ་ཆེན་པོ་དང་། ཐུགས་རྗེ་ཆེན་པོས་སྲིད་པ་ཡོངས་སུ་མི་གཏོང་བཞིན་དུ་ཉོན་མོངས་པས་མ་གོས་པའི་ཕྱིར་དང་། ཐབས་ལ་མཁས་པ་ཆེན་པོ་དང་། སྟོབས་དང་མི་འཇིགས་པ་དང་མ་འདྲེས་པ་སོགས་འདིས་འགྲུབ་པས་གྲུབ་པ་ཆེན་པོ་དང་། ཡང་ནས་ཡང་དུ་རྫོགས་པར་བྱང་ཆུབ་པ་དང་མྱ་ངན་ལས་འདས་པ་ཆེན་པོ་ལ་སོགས་པའི་མཛད་པ་སྟོན་པས་སམ་ལྷུན་གྲུབ་དང་རྒྱུན་མི་འཆད་པའི་ཕྲིན་ལས་སྟོན་པའི་ཕྱིར་ཕྲིན་ལས་ཆེན་པོ་ཞེས་བརྗོད་པ་ཡིན་ནོ། །

གསུང་རབ་ཡན་ལག་བཅུ་གཉིས།


GTN001_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་རབ་ཡན་ལག་བཅུ་གཉིས་ཀྱི་དོན་ནི། དེ་ལ་དང་པོ་མདོའི་སྡེ་ནི། འདུས་བྱས་འདུས་མ་བྱས་རྣམས་དངོས་སུ། དེ་ལ་
ཚིག་རྐྱང་ལྷུག་གིས་མདོ་མདོར་བརྗོད་པ་དེ་ནི་མདོ་སྡེའོ། །ཞེས་བཤད་པ་བཞིན་དུ་སྨོས་པའི་ཚུལ་གྱིས་ཚིག་ལྷུག་པས་དོན་མདོར་བསྟན་པའི་གསུང་རབ་ཡིན་ཞིང་། སྨོས་པའི་ཚུལ་གྱིས་གསུངས་པ་ཡང་ཕན་ཡོན་བཅུའི་ཕྱིར་དུ་སྟེ། ཀུན་བཏུས་ལས། ཕན་ཡོན་བཅུ་གཟིགས་ནས་དེ་བཞིན་གཤེགས་པས་མདོར་སྨོས་པའི་ཚུལ་གྱིས་ཆོས་སྟོན་ཏེ། རྣམ་པར་བཞག་པར་སླ་བ་དང་། བཤད་སླ་བ་དང་། གཟུང་སླ་བ་དང་། ཆོས་ལ་གུས་པས་མྱུར་དུ་ཚོགས་ཡོངས་སུ་རྫོགས་པར་བྱེད་པ་དང་། མྱུར་དུ་ཆོས་ཉིད་རྟོགས་པར་འགྱུར་བ་དང་། སངས་རྒྱས་ལ་ཤེས་ནས་དད་པ་ཐོབ་པ་དང་། ཆོས་དང་དགེ་འདུན་ལ་ཤེས་ནས་དད་པ་ཐོབ་པ་དང་། མཐོང་བའི་ཆོས་ལ་བདེ་བར་གནས་པའི་མཆོག་ལ་རེག་པ་དང། འབེལ་བའི་གཏམ་གྱིས་གཏན་ལ་འབེབས་པས་དམ་པ་རྣམས་ཀྱི་སེམས་མགུ་བར་བྱེད་དེ། མཁས་པ་མཁས་པ་ཞེས་བྱ་བའི་གྲངས་སུ་འགྲོ་བའོ། །ཞེས་སོ། །དབྱངས་ཀྱིས་བསྙད་པའི་སྡེ་ནི། མདོའི་སྡེ་དེ་ཉིད་ཀྱི་བར་མཐའ་རྣམས་སུ་ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྙད་པ་དག་དང་། བརྟག་པར་བྱ་བ་གཞན་ཡོད་པའི་ཕྱིར་དྲང་བའི་དོན་གྱི་མདོ་སྡེ་གང་ཡིན་པ་རྣམས་སོ། །ལུང་དུ་བསྟན་པའི་མདོ་སྡེ་ནི། ཉན་ཐོས་ལ་སོགས་པ་འདས་པ་དང་སྐྱེ་བ་ལུང་སྟོན་པ་རྣམས་དང་། བྱེ་བྲག་ཏུ་དགོངས་པ་གསལ་བར་བསྟན་པའི་ཕྱིར་ངེས་དོན་གྱི་མདོ་སྡེ་རྣམས་སོ། །ཚིགས་སུ་བཅད་པའི་སྡེ་ནི། ཚིགས་བཅད་རྐང་པ་གཉིས་པ་ནས་དྲུག་པའི་བར་


GTN001_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་གསུངས་པ་རྣམས་སོ། །ཆེད་དུ་བརྗོད་པའི་སྡེ་ནི། གཞན་གྱིས་མ་བསྐུལ་པར་ཐུགས་དགྱེས་པའི་ཚུལ་གྱིས་ཆེད་དུ་གསུངས་པར་སྣང་བ་སྟེ། སྒྲ་སྦྱོར་བམ་གཉིས་སུ། གང་ཟག་འགའ་ཞིག་གི་ཕྱིར་བཤད་པ་མ་ཡིན་གྱི། སངས་རྒྱས་ཀྱི་བསྟན་པ་ཡུན་རིང་དུ་བཞག་པའི་ཕྱིར་གཞན་གྱིས་མ་བསྐུལ་མ་གསོལ་བར་ཆེད་དུ་བརྗོད་ཅིང་གསུངས་པ་ལ་བྱ་སྟེ། དཔེར་ན་ཕྱི་དྲོའི་དུས་ཀྱི་ཚེ་བཅོམ་ལྡན་འདས་ནང་དུ་ཡང་དག་འཇོག་ལས་བཞེངས་ཏེ་གདན་ལ་བཞུགས་ནས་དགེ་སློང་གི་དགེ་འདུན་རྣམས་ལ་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཞེས་མདོ་ལས་གསུངས་པ་ལྟ་བུ་སྟེ་ཆེད་དུ་བརྗོད་པའི་ཞེས་བྱ་ཞེས་དང་། གཞན་ཡང་རྣམ་བཤད་རིགས་པར། གང་དག་གི་ཆེད་དུ་མ་ཡིན་གྱི་བསྟན་པ་གནས་པར་བྱ་བ་འབའ་ཞིག་གི་ཕྱིར་གང་ཡིན་པ་སྟེ། ཞེས་གསུངས་པ་ལྟར་རོ། །གླེང་གཞིའི་སྡེ་ནི། གང་ཟག་གི་ཆེད་དུ་གསུངས་པ་དང་། བྱུང་བ་དང་བཅས་པའི་བསླབ་པ་གསུངས་པ་རྣམས་ཏེ། སྟོབས་བཅུ་དཔལ་བཤེས་གཉེན་གྱི་གང་ཅུང་ཟད་གཞིར་བྱས་ནས་གསུངས་པ་དེ་ནི་གླེང་གཞིའི་སྡེའོ། །ཞེས་བཤད་དོ། །རྟོགས་པ་བརྗོད་པའི་སྡེ་ནི། དཔེ་དང་བཅས་པས་གསུངས་པ་རྣམས་ཏེ། བམ་གཉིས་ལས། ཆོས་ཉན་པ་རྣམས་ཀྱིས་གོ་ཞིང་རྟོགས་པར་བྱ་བའི་ཕྱིར་སྔོན་བཏགས་པར་བྱུང་བ་གཞན་ལས་དྲངས་ཏེ་དཔེ་རྒྱས་པར་བསྟན་པས་ན་རྟོགས་པར་བརྗོད་པའི་སྡེ་ཞེས་བྱའོ། །ཞེས་སོ། །


GTN001_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟ་བུ་བྱུང་བའི་སྡེ་ནི། སྔོན་གྱི་གཏམ་རྒྱུད་སོགས་གསུངས་པ་རྣམས་སོ། །སྐྱེས་རབས་ཀྱི་སྡེ་ནི། བྱང་ཆུབ་སེམས་དཔའི་སྤྱོད་པ་སྟོན་པ་རྣམས་ཏེ། ཐམས་ཅད་སྒྲོལ་གྱི་སྐྱེས་རབས་ལྟ་བུའོ། །ཤིན་ཏུ་རྒྱས་པའི་སྡེ་ནི། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཐེག་ཆེན་འབའ་ཞིག་སྟོན་པ་རྣམས་ཏེ། དེ་ལ་རྣམ་པར་འཐག་པའི་སྡེ་དང་མཚུངས་པ་དང་བྲལ་བའི་སྡེ་ཞེས་ཀྱང་བྱའོ། །དེའང་ཀུན་བཏུས་ལས། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་གནས་ཡིན་པ་དང་། རྒྱས་པ་དང་། རྒྱ་ཆེ་བ་ཟབ་པའི་རྣལ་འབྱོར་ཆོས་སྟོན་པའི་ཕྱིར་རོ། །ཅིའི་ཕྱིར་རྣམ་པར་འཐག་པ་ཞེས་བྱ་ཞེ་ན། སྒྲིབ་པ་ཐམས་ཅད་རྣམ་པར་འཐག་པའི་ཕྱིར་རོ། །ཅིའི་ཕྱིར་མཚུངས་པ་བྲལ་ཞེས་བྱ་ཞེ་ན། མཚུངས་པ་མེད་པའི་ཕྱིར་རོ། །ཞེས་སོ། །འདི་སྐབས་ཐེག་དམན་པ་དག་མདོ་སྡེའི་ལེའུའི་གྲངས་རྒྱས་པ་རྣམས་ནི་ཤིན་ཏུ་རྒྱས་པའི་མདོ་ཡིན་གྱི་ཐེག་པ་ཆེན་པོ་ནི་མ་ཡིན་ནོ། །ཞེས་འདོད་པའང་ཡོད་དོ། །རྨད་དུ་བྱུང་བའི་སྡེ་ནི། ཉན་ཐོས་དང་བྱང་ཆུབ་སེམས་དཔའ་དང་། སངས་རྒྱས་རྣམས་ཀྱི་མཁྱེན་པ་དང་རྫུ་འཕྲུལ་དང་། བྱིན་རླབས་སོགས་ངོ་མཚར་རྨད་དུ་བྱུང་བའི་ཆོས་བསྟན་པ་རྣམས་སོ། །གཏན་ལ་དབབ་པའི་སྡེ་ནི། གོང་དུ་ཆོས་རྣམས་ཀྱི་མཚན་ཉིད་ཅི་ལྟ་བར་གཏན་ལ་ཕབ་ནས་མདོ་སྡེ་ལ་སོགས་པའི་དོན་གསལ་བར་གསུངས་པ་རྣམས་སོ། །དེ་ལྟར་གསུང་རབ་ཡན་ལག་བཅུ་གཉིས་པོ་རྣམས་སྔར་བཤད་པའི་སྡེ་སྣོད་


GTN001_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སུ་སོ་སོར་བསྡུ་ན་འདི་ལྟར་ཤེས་དགོས་ཏེ། མདོའི་སྡེ་ནས་ཆེད་དུ་བརྗོད་པའི་སྡེའི་བར་ལྔ་ནི་ཉན་ཐོས་ཀྱི་མདོའི་སྡེ་སྣོད་དོ། །དེ་ནས་གླེང་གཞིའི་སྡེ་ལ་སོགས་པ་བཞི་ནི་འདུལ་བའི་སྡེ་སྣོད་དེ། དེ་ལ་དང་པོ་ནི་ལྟུང་བ་བསླབ་བྱ་དང་བཅས་པ་སྟོན་པའི་ཕྱིར་གཙོ་བོ་ཡིན་ལ། ཕྱི་མ་རྣམས་ནི་དེའི་འཁོར་རོ། །དེ་ནས་ཤིན་ཏུ་རྒྱས་པའི་སྡེ་སོགས་གཉིས་ནི་བྱང་ཆུབ་སེམས་དཔའི་མདོ་སྡེའི་སྡེ་སྣོད་ཡིན་ཏེ་བསམ་གྱིས་མི་ཁྱབ་ཅིང་རྒྱ་ཆེ་བའི་ཁྱད་པར་དང་ལྡན་པའི་ཕྱིར་རོ། །དེ་ནས་གཏན་ལ་དབབ་པའི་སྡེ་གཅིག་པུ་ནི་གཉིས་ཀའི་མངོན་པའི་སྡེ་སྣོད་དུ་ཤེས་པར་བྱའོ། །ཡང་མདོ་སྡེ་དགོངས་པ་ངེས་འགྲེལ་ལས། བཅོམ་ལྡན་འདས་ཀྱིས་དང་པོར་ཡུལ་ཝཱ་རཱ་ཎ་སཱི་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་སུ་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ལ་འཕགས་པའི་བདེན་པ་བཞིའི་རྣམ་པར་བསྟན་པས་ཆོས་ཀྱི་འཁོར་ལོ་ངོ་མཚར་རྨད་དུ་བྱུང་བ་དང་། སྔོན་ལྷར་གྱུར་པའམ་མིར་གྱུར་པ་སུས་ཀྱང་ཆོས་དང་མཐུན་པར་འཇིག་རྟེན་དུ་མ་བསྐོར་བ་གཅིག་ཏུ་རབ་ཏུ་བསྐོར་རོ། །ཞེས་དང་། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས། སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པ་དང་། གཟོད་མ་ནས་ཞི་བ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ལ་སྟོང་པ་ཉིད་སྨོས་པའི་རྣམ་པས་ཆེས་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གཉིས་པ་
བསྐོར་ཏེ། ཞེས་དང་། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས། སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པ་དང་། གཟོད་མ་ནས་ཞི་བ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས། ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་རྣམས་ལ་ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པ་ཤིན་ཏུ་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གསུམ་པ་བསྐོར་ཏེ། །ཞེས་གསུངས་སོ། །

སྤྱིར་ཆོས་ཀྱི་འཁོར་ལོ།


GTN001_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱིར་ཆོས་ཀྱི་འཁོར་ལོ་ཞེས་བྱ་བ་སྟོན་པས་གསུངས་པའི་དམ་པའི་ཆོས་ཡིན་པ་གང་ཞིག །མི་མཐུན་ཕྱོགས་འཇོམས་ནུས་པ་སྟེ། དེའང་བྱེ་བྲག་སྨྲ་བ་རྣམས་ཀྱིས་མཐོང་ལམ་ཁོ་ན་ཆོས་འཁོར་དུ་འདོད་དོ། །མཛོད་ལས། ཆོས་ཀྱི་འཁོར་ལོ་མཐོང་བའི་ལམ། །མྱུར་བར་འགྲོ་སོགས། ཞེས་བཤད་པ་ལྟར་འཁོར་ལོས་སྒྱུར་བའི་འཁོར་ལོ་རིན་པོ་ཆེ་ནི་འདོང་བར་འདོད་པའི་སར་མྱུར་དུ་འགྲོ་བ་དང་། ཡུལ་གཞན་འདོར་ཞིང་གཞན་དུ་འཇུག་པ་དང་། གྲོང་དང་གྲོང་རྡལ་སོགས། མ་རྒྱལ་བ་ལས་རྒྱལ་བ་དང་། རྒྱལ་བ་རྣམས་རྣལ་དུ་འགོད་པ་དང་། གནས་ལ་ལར་འཕར་ཞིང་ལ་ལར་འབབ་པ་ལྟར་སྐད་ཅིག་བཅོ་ལྔས་བདེན་པ་རྟོགས་པའི་ཕྱིར་མྱུར་དུ་འགྲོ་བ་དང་། བར་ཆད་མེད་ལམ་འདོར་བ་དང་། རྣམ་གྲོལ་ལམ་མངོན་དུ་བྱ་བའི་ཕྱིར། འཇུག་པའམ་བདེན་པའི་དམིགས་པ་གཞན་འདོར་ཞིང་། གཞན་དུ་འཇུག་པ་དང་། བར་ཆད་མེད་ལམ་གྱིས་འཇིག་ལྟ་སོགས་ཉོན་མོངས་པ་མ་རྒྱལ་བ་རྣམས་ལས་ཐོབ་པ་གཅོད་པའི་སྒོ་ནས་རྒྱལ་བར་བྱེད་པ་དང་།


GTN001_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་གྲོལ་ལམ་གྱིས་ཉོན་མོངས་བྲལ་བའི་ཐོབ་པ་དང་། ལྷན་ཅིག་སྐྱེས་པའི་སྒོ་ནས་རྒྱལ་བ་རྣལ་དུ་དགོད་པ་དང་། གཟུགས་དང་གཟུགས་མེད་པའི་ཁམས་ལ་དམིགས་ནས་འཕར་བ་དང་། འདོད་པའི་ཁམས་ལ་དམིགས་ནས་འབབ་པ་ལ་སོགས་པ་རྣམས་ཀྱི་ཕྱིར། ཆོས་འཁོར་ནི་མཐོང་བའི་ལམ་ཁོ་ནའོ། །ཞེས་སོ། །དེའི་ཁུངས་ཀྱང་མཛོད་འགྲེལ་ལས། མཐོང་བའི་ལམ་ཆོས་ཀྱི་འཁོར་ལོ་ཡིན་ནོ་ཞེས་བྱ་བ་འདི་དག་ག་ལས་ཤེ་ན། འཕགས་པ་ཀཽཎྜི་ནྱ་ལ་དེ་སྐྱེས་པ་ན་ཆོས་ཀྱི་འཁོར་ལོ་བསྐོར་ཏོ་ཞེས་གསུངས་པའི་ཕྱིར་རོ། །ཞེས་བཤད་དོ། །ཡང་ན་མཛོད་ལས་ཚིག་རྐང་སྔ་མའི་འཕྲོར། རྩིབས་སོགས་ཀྱིས། །ཞེས་པ་བཙུན་པ་དབྱངས་སྒྲོགས་ཀྱི་འདོད་པ་སྟེ། དེས་ནི་འཕགས་ལམ་ཡན་ལག་བརྒྱད་འཁོར་ལོ་དང་མཚུངས་པས་མཐོང་ལམ་ཆོས་འཁོར་ཞེས་བྱ་སྟེ། ཡང་དག་པའི་ལྟ་བ་དང་། རྟོགས་པ་དང་། རྩོལ་བ་དང་། དྲན་པ་རྣམས་རྩིབས་ལྟ་བུ། ཡང་དག་པའི་ངག་དང་། ལས་ཀྱི་མཐའ་དང་། འཚོ་བ་རྣམས་ནི་ལྟེ་བ་ལྟ་བུ། ཏིང་འཛིན་ནི་མུ་ཁྱུད་ལྟ་བུ་ཡིན་པའི་ཕྱིར་རོ། །ཞེས་བཤད་པར་མཛོད་ཊཱིཀ྄་ལས་འབྱུང་ངོ་། །མདོ་སྡེ་པ་རྣམས་ཀྱིས་ནི། མཐོང་སྒོམ་མི་སློབ་ལམ་གསུམ་ག་དེ་སྟོན་པར་བྱེད་པའི་ཆོས་ཀྱི་རྣམ་གྲངས་དང་བཅས་པ་ཆོས་འཁོར་དུ་འདོད་དེ། སློབ་དཔོན་རྒྱལ་པོའི་སྲས་ཀྱིས། དེ་ལྟ་བས་ན་ཆོས་ཀྱི་རྣམ་གྲངས་དེ་ཉིད་ཆོས་ཀྱི་འཁོར་ལོ་ཡང་ཡིན་ཏེ། ཆོས་ཀྱི་འཁོར་ལོ་རབ་ཏུ་སྟོན་པའི་ཕྱིར་རོ། །ཞེས་དང་། མཐོང་བ་དང་སྒོམ་པ་དང་མི་སློབ་པའི་ལམ་ཡང་ཆོས་ཀྱི་འཁོར་ལོ་ཡིན་ཏེ། གདུལ་བའི་སྐྱེ་བོའི་རྒྱུད་ལ་


GTN001_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པས་འཁོར་ལོ་ཞེས་བྱ་བའི་ཕྱིར་རོ། །ཞེས་བཤད་པས་སོ། །རང་ལུགས་ཐེག་པ་ཆེན་པོ་ལྟར་ན། ཚོགས་ལམ་ནས་མི་སློབ་ལམ་གྱི་བར་ལམ་ལྔ་པོ་ཐམས་ཅད་ཆོས་ཀྱི་འཁོར་ལོ་ཡིན་ཏེ། དབུ་མ་པ་ཆོས་བཤེས་ཀྱིས། ཆོས་ཀྱི་འཁོར་ལོ་ཁ་ཅིག་ནི་ཚོགས་ཀྱི་ལམ་མོ། །ཁ་ཅིག་ནི་སྦྱོར་བའི་ལམ་མོ། །ཁ་ཅིག་ནི་བར་ཆད་མེད་པའི་ལམ་གྱི་བར་རོ། །ཞེས་བཤད་ཅིང་རྣམ་གྲོལ་གྱི་ལམ་ཡང་ཆོས་ཀྱི་འཁོར་ལོ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་སྟེ། རྒྱ་ཆེར་རོལ་པའི་མདོར། བྱམས་པ་ཆོས་ཀྱི་འཁོར་ལོ་དེ་ནི་གཏིང་མི་དམིགས་པའི་ཕྱིར་ཟབ་པའོ། །འཁོར་ལོ་དེ་ནི་གཉིས་དང་བྲལ་བའི་ཕྱིར་བལྟ་དཀའ་བའོ། །འཁོར་ལོ་དེ་ནི་ཡིད་ལ་བྱེད་པས་ཡིད་ལ་བྱ་བ་མ་ཡིན་པའི་ཕྱིར་ཁོང་དུ་ཆུད་པར་དཀའ་བའོ། །འཁོར་ལོ་དེ་ནི་ཡེ་ཤེས་དང་རྣམ་པར་ཤེས་པ་མཉམ་པ་ཉིད་དུ་རྟོགས་པའི་ཕྱིར་རྣམ་པར་ཤེས་པར་དཀའ་བའོ། །འཁོར་ལོ་དེ་ནི་སྒྲིབ་པ་མེད་པའི་རྣམ་པར་ཐར་པ་ཐོབ་པའི་ཕྱིར་རྙོག་པ་མེད་པའོ། །འཁོར་ལོ་དེ་ནི་དཔེ་བཞག་པ་དང་བྲལ་བའི་ཕྱིར་ཕྲ་བའོ། །འཁོར་ལོ་དེ་ནི་རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱིས་ཐོབ་པའི་ཕྱིར་སྙིང་པོའོ། །འཁོར་ལོ་དེ་ནི་སྔོན་གྱི་མཐར་མ་བྱུང་བའི་ཕྱིར་མི་ཕྱེད་པའོ། །འཁོར་ལོ་དེ་ནི་སྤྲོས་པའི་སྐྱོན་ཐམས་ཅད་བྲལ་བའི་ཕྱིར་སྤྲོས་པ་མེད་པའོ། །འཁོར་ལོ་དེ་ནི་ཤིན་ཏུ་མཐར་ཐུག་པའི་ཕྱིར་མི་འཁྲུགས་པའོ། །འཁོར་ལོ་དེ་ནི་ནམ་མཁའ་དང་མཚུངས་པའི་ཕྱིར་ཐམས་ཅད་ཀྱི་རྗེས་སུ་སོང་བའོ། །བྱམས་པ་ཆོས་ཀྱི་འཁོར་ལོ་དེ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་དང་། ངོ་བོ་ཉིད་ཀུན་ཏུ་བསྟན་པ་


GTN001_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་པའི་འཁོར་ལོའོ། །སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། འབྱུང་བ་མེད་པའི་འཁོར་ལོའོ། །ཀུན་གཞི་མེད་པའི་འཁོར་ལོའོ། །རྟོག་པ་མེད་པ་དང་། རྣམ་པར་རྟོག་པ་མེད་པའི་ཆོས་ཀྱི་ཚུལ་ལ་རྟོགས་པའི་འཁོར་ལོའོ། །སྟོང་པ་ཉིད་ཀྱི་འཁོར་ལོའོ། །མཚན་མ་མེད་པའི་འཁོར་ལོའོ། །སྨོན་པ་མེད་པའི་འཁོར་ལོའོ། །མངོན་པར་འདུ་བྱ་བ་མེད་པའི་འཁོར་ལོའོ། །དབེན་པའི་འཁོར་ལོའོ། །འདོད་ཆགས་དང་བྲལ་བའི་འཁོར་ལོའོ། །འགོག་པའི་འཁོར་ལོའོ། །དེ་བཞིན་གཤེགས་པས་ཐུགས་སུ་ཆུད་པའི་འཁོར་ལོའོ། །ཆོས་ཀྱི་དབྱིངས་འདྲེས་པ་མེད་པའི་འཁོར་ལོའོ། །ཡང་དག་པའི་མཐའ་རྣམ་པར་མི་འཁྲུགས་པའི་འཁོར་ལོའོ། །ཆགས་པ་མེད་ཅིང་སྒྲིབ་པ་མེད་པའི་འཁོར་ལོའོ། །རྟེན་ལ་འཇུག་ཅིང་གཉིས་སུ་ལྟ་བ་ལས་ཡང་དག་པར་འདས་པའི་འཁོར་ལོའོ། །ཆོས་ཀྱི་དབྱིངས་མཐའ་དང་དབུས་མེད་པ་རྣམ་པར་མི་འཁྲུགས་པའི་འཁོར་ལོའོ། །སངས་རྒྱས་ཀྱི་མཛད་པ་ལྷུན་གྱིས་གྲུབ་པར་རྒྱུན་མི་གཅོད་པའི་འཁོར་ལོའོ། །འཇུག་པ་མེད་ཅིང་མངོན་པར་འགྲུབ་པ་མེད་པའི་འཁོར་ལོའོ། །ཤིན་ཏུ་དམིགས་སུ་མེད་པའི་འཁོར་ལོའོ། །བླང་བ་མེད་པ་དང་དོར་བ་མེད་པའི་འཁོར་ལོའོ། །བརྗོད་དུ་མེད་པའི་འཁོར་ལོའོ། །རང་བཞིན་གྱིས་ཇི་ལྟ་བ་བཞིན་གྱི་འཁོར་ལོའོ། །ཡུལ་གཅིག་ལ་ཆོས་ཐམས་ཅད་མཉམ་པ་ཉིད་དུ་འཇུག་པའི་འཁོར་ལོའོ། །སེམས་ཅན་གདུལ་བའི་ཕྱིར་ཁྱད་པར་བྱིན་གྱིས་རློབ་ཅིང་ལྡོག་པ་མེད་པའི་འཁོར་ལོའོ། །གཉིས་སུ་མེད་ཅིང་སྒྲོ་བཏགས་པ་མེད་པ་དོན་དམ་པའི་ཚུལ་ལ་འཇུག་པའི་འཁོར་ལོའོ། །ཆོས་ཀྱི་


GTN001_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་སུ་ཡང་དག་པར་འདུ་བའི་འཁོར་ལོའོ། །འཁོར་ལོ་དེ་ནི་ཚད་ཐམས་ཅད་ལས་ཤིན་ཏུ་འདས་པས་དཔག་ཏུ་མེད་པའོ། །འཁོར་ལོ་དེ་ནི་གྲངས་ཐམས་ཅད་དང་བྲལ་བས་གྲངས་མེད་པའོ། །འཁོར་ལོ་དེ་ནི་སེམས་ཀྱི་ལམ་ལས་ཡང་དག་པར་འདས་པས་བསམ་གྱིས་མི་ཁྱབ་པའོ། །འཁོར་ལོ་དེ་ནི་གཞལ་བ་དང་བྲལ་བས་མཚུངས་པ་མེད་པའོ། །འཁོར་ལོ་དེ་ནི་སྒྲ་སྐད་ཀྱི་ཚིག་གི་ལམ་ཐམས་ཅད་དང་བྲལ་བས་བརྗོད་དུ་མེད་པ་སྟེ། ཚད་མེད་པ་དང་། དཔེ་མེད་པ་དང་། དཔེ་དང་བྲལ་བ། ནམ་མཁའ་དང་མཚུངས་ཤིང་འདྲ་བ། ཆད་པ་མེད་པ། རྟག་པ་མེད་པ། རྟེན་པ་ལ་འཇུག་པ་དང་མི་འགལ་བ། ཞི་བ། ཤིན་ཏུ་ཉེ་བར་ཞི་བ། དེ་ཁོ་ན། དེ་བཞིན་ཉིད། མ་ནོར་བ་དེ་བཞིན་ཉིད། གཞན་མ་ཡིན་པ། གཞན་དུ་མི་འགྱུར་བ། སེམས་ཅན་ཐམས་ཅད་ཀྱི་སྒྲར་བརྗོད་པ། བདུད་རྣམས་ཚར་གཅོད་པ། མུ་སྟེགས་ཅན་རྣམས་ཕམ་པར་བྱེད་པ། འཁོར་བའི་ཡུལ་ལས་ཤིན་ཏུ་འདས་པ། སངས་རྒྱས་ཀྱི་ཡུལ་ལ་འཇུག་པ། འཕགས་པའི་གང་ཟག་རྣམས་ཀྱིས་ཡོངས་སུ་ཤེས་པ། རང་སངས་རྒྱས་རྣམས་ཀྱིས་རྟོགས་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡོངས་སུ་བཟུང་བ། དེ་བཞིན་གཤེགས་པ་ཐམས་ཅད་དང་དབྱེར་མེད་པའོ། །ཞེས་རྒྱ་ཆེར་གསུངས་པའི་ཕྱིར་རོ། །ལམ་དེ་དག་བརྗོད་བྱར་སྟོན་པའི་གསུང་རབ་ཆོས་འཁོར་ཡིན་པ་ནི་གོང་དུ་དྲངས་པའི་མདོ་སྡེ་དགོངས་པ་ངེས་འགྲེལ་གྱི་ལུང་གིས་ཀྱང་གྲུབ་ལ། སློབ་དཔོན་དབྱིག་གཉེན་གྱིས་ཀུན་རྫོབ་ཀྱི་ཆོས་ཀྱི་ངོ་བོ་བསྟན་པའི་རང་བཞིན་གྱི་


GTN001_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་ནི་ཆོས་ཀྱི་འཁོར་ལོ་ཡིན་ནོ། །ཞེས་དང་། མཁས་པ་ཆོས་ཀྱི་བཤེས་གཉེན་གྱིས་ཀྱང་། ཐུབ་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་མ་ལུས་པ་སྟེ། ཆོས་ནི་བསྟན་པའི་ཆོས་གཙོ་བོར་བྱས་པའོ། །ཞེས་བཤད་པའི་ཕྱིར་དང་། ཤེར་ཕྱིར་དང་། མངོན་པ་སོགས་ཀྱི་མིང་ཡང་གཞུང་ལུགས་ལ་འཇུག་པ་མི་འགལ་བ་བཞིན་དུ་འདིར་ཡང་རིགས་པའི་ཕྱིར་རོ། །ཡང་ན་ཆོས་འཁོར་དངོས་རྟོགས་པའི་ཆོས་དང་། ཚོགས་སྦྱོར་གྱི་ལམ་དེའི་ཡན་ལག་ཡིན་ཞིང་། གསུང་རབ་ནི་དེ་དག་གཞན་རྒྱུད་ལ་གོ་བར་བྱེད་པའི་ཕྱིར་ཆོས་འཁོར་བསྐོར་བ་ཞེས་བྱ་བར་བཤད་ཀྱང་ལེགས་པའི་ཕྱོགས་གཅིག་ཡིན་ནོ། །ལུང་གི་ཆོས་འཁོར་གྱི་མཚན་ཉིད་ནི། སྟོན་པས་གསུངས་པའི་དམ་ཆོས་གང་ཞིག་མྱ་ངན་ལས་འདས་པའི་རྒྱུ་འབྲས་ངོ་བོ་ཉིད་གསུམ་གང་རུང་བརྗོད་བྱའི་གཙོ་བོར་གྱུར་པའི་ངག་གི་རྣམ་པར་སྣང་བ་རྣམ་རིག་གོ །དེའི་མཚན་གཞི་ཡང་། བདག་རྐྱེན་སངས་རྒྱས་ཀྱི་ཡེ་ཤེས་དང་། རྒྱུའི་རྐྱེན་གདུལ་བྱའི་རྒྱུད་དག་པ་གཉིས་ལ་བརྟེན་ནས། གདུལ་བྱ་དེའི་ཤེས་པ་མིང་ཚིག་ཡི་གེའི་རྣམ་པར་སྣང་བ་ཉིད་ཡིན་གྱི། བཅོམ་ལྡན་འདས་ལ་ངག་ཀུན་ནས་སློང་བའི་བག་ཆགས་མི་མངའ་བའི་ཕྱིར་དང་། ནང་གི་ཤེས་པ་ཕྱི་རོལ་གྱི་སྒྲར་ཞེན་པའི་མ་རིག་པ་མེད་པའི་ཕྱིར་དོན་དམ་པར་དེ་བཞིན་གཤེགས་པས་བཞེད་པའི་དབང་གིས་བསྟན་པ་ནི་མ་ཡིན་ནོ། །


GTN001_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟ་བས་ན་ཐེག་ཆེན་གྱི་མདོ་སྡེ་འགའ་ཞིག་ལས་དེ་བཞིན་གཤེགས་པས་ཆོས་ཚིག་འབྲུ་གཅིག་ཀྱང་མ་བསྟན་པར་བཤད་པའང་དོན་འདི་ལ་དགོངས་ཤིང་། རྒྱན་སྣང་ལས་ཀྱང་། སངས་རྒྱས་ཀྱིས་ཆོས་བསྟན་པ་ཞེས་བྱ་བ་ནི། གང་གི་ཕྱིར་རྣམ་པར་རྟོག་པ་རང་གི་རྣམ་པ་ལ་ཕྱི་རོལ་གྱི་རང་བཞིན་དུ་སྒྲོ་བཏགས་ནས་འཇུག་པའི་ཕྱིར། དེ་མ་ཡིན་པ་ལ་དེར་འཛིན་པས་རང་ཉིད་མ་རིག་པའི་རང་བཞིན་ཡོད་ན་སྒྲིབ་པ་མ་ལུས་པ་སྤངས་པ་མི་སྲིད་པ་དེ་བས་ན་རྟག་ཏུ་མཉམ་པར་བཞག་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་ཀྱི་མཐུས་མོས་པ་ཇི་ལྟ་བ་བཞིན་དུ་སྐལ་བ་དང་ལྡན་པ་རྣམས་ལ་མ་འཆོལ་པར་རང་གི་ཤེས་པའི་སྣང་བ་སྟོན་པར་སྣང་བ་ཉེ་བར་སྐྱེ་སྟེ། དེ་བས་ན་རྣམ་པ་དེ་ལྟ་བུའི་རྟོགས་པའི་རྗེས་སུ་འབྲངས་ནས་དེ་རྣམས་ལས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བསྟན་པར་རྣམ་པ་བཞག་གོ །ཞེས་དང་། དེ་བས་ན་གདུལ་བྱའི་ཤེས་པ་སྒྲར་སྣང་བའི་རང་བཞིན་ཉིད་ཡིན་པས་བསྟན་པ་ཉན་པ་པོའི་སྐྱེ་བོ་དང་འབྲེལ་བ་ཡིན་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་ཀྱི་བདག་པོ་ལས་སྐྱེས་པའི་ཕྱིར་སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ་ཡིན་ནོ་ཞེས་བྱས་ནས་མཆོད་པར་བྱས་པ་དེ་བཞིན་དུ། ད་ལྟ་བའི་ཆོས་སྨྲ་བ་རྣམས་ཀྱིས་སྟོན་པའང་བཅོམ་ལྡན་འདས་ལས་བརྒྱུད་ནས་འོངས་པ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ངེས་པར་སྐྱེས་པའི་ཕྱིར་མཆོད་པར་བྱ་བ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །ཞེས་འབྱུང་ངོ་། །འདི་སྐབས་ཐེག་དམན་བྱེ་མདོ་དག་གིས་མཚན་ཉིད་དེ་ལྟར་མི་འདོད་དེ། མཛོད་


GTN001_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

ལས། གང་རྣམས་ཐུབ་པས་གསུངས་དེ་དག །ཚིག་གམ་མིང་ཡིན་དེ་དག་ནི། །གཟུགས་དང་འདུ་བྱེད་དག་ཏུ་འདུས། །ཞེས་བཤད་པ་ལྟར་བྱེ་སྨྲས་གསུང་རབ་ཀྱི་ངོ་བོ་མིང་ཚིག་ཡི་གེའི་ཚོགས་སྒྲ་སྤྱིའི་ཕྲེང་བར་འདོད་པས་ལྡན་མིན་འདུ་བྱེད་དང་། མདོ་སྡེ་པས་དེ་སྒྲ་རང་མཚན་པར་འདོད་པས་གཟུགས་ཕུང་དུ་སྨྲ་བར་བྱེད་དོ། །ངེས་ཚིག་ནི། དྷརྨ་ཙཀྲ་ཞེས་བྱ་སྟེ་དྷརྨའི་སྒྲ་ནི་དམ་པའི་ཆོས་ལུང་དང་རྟོགས་པའི་བདག་ཉིད་ལ་འཇུག་སྟེ་དེའི་སྒྲ་བཤད་གོང་དུ་སོང་། ཙཀྲ་ཞེས་པ་འཕོ་བ་དང་། ཚོགས་པ་ལའང་འཇུག་པས་རྟོགས་པའི་ཆོས་འཁོར་གདུལ་བྱའི་རྒྱུད་ལ་འཕོ་བ་ལྟར་སྣང་བའི་ཕྱིར་དང་། ལུང་གི་ཆོས་འཁོར་ཆོས་ཀྱི་ཕུང་པོ་མང་པོའི་བདག་ཉིད་ཡིན་པའི་ཕྱིར་དེ་སྐད་ཅེས་བྱ་སྟེ། ཆོས་བཤེས་ཀྱིས་ཀྱང་། འཁོར་ལོ་ནི་གདུལ་བྱའི་རྒྱུད་ལ་འཕོ་བར་སྣང་བས་ནའམ། ཚོགས་ཀྱི་དོན་གྱི་ཕྱིར་འཁོར་ལོ་སྟེ་སྒྲའི་དོན་ནི་དེ་དག་དང་ཉེ་བའི་ཕྱིར་རོ། །ཞེས་སོ། །ཚངས་པའི་འཁོར་ལོ་ཞེས་པ་ནི། མཛོད་ལས། དེ་ཉིད་ཚངས་ཚུལ་ཚངས་པ་ཡི། །འཁོར་ལོ་ཚངས་པས་བསྐོར་ཕྱིར་རོ། །ཞེས་འབྱུང་བ་ལྟར། མདོ་ལས། བཅོམ་ལྡན་འདས་དེ་ནི་ཚངས་པ་ཞེས་ཀྱང་བྱ། ཞི་བ་དང་བསིལ་བར་གྱུར་པ་ཞེས་ཀྱང་བྱ། ཞེས་གསུངས་སོ། །ཐེག་དམན་རིགས་ངེས་ཀྱི་ངོར། བདེན་པ་བཞི་དང་། རྟེན་འབྲེལ་བཅུ་གཉིས་སོགས་སྟོན་པ་འཁོར་ལོ་དང་པོ་དང་། ཐེག་ཆེན་རིགས་ངེས་ཀྱི་ངོར། ཤིན་ཏུ་ཟབ་པའི་སྟོང་པ་ཉིད་ཀྱི་གནས་སྟོན་པ་འཁོར་ལོ་བར་པ་དང་། རྐྱེན་གྱིས་འགྱུར་


GTN001_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

བས་རིགས་མ་ངེས་པ་དག་གི་ངོར། ཟབ་མོའི་གནས་ལ་སྐྲག་པ་སྤོང་བའི་ཕྱིར་ཆོས་རྣམས་རྣམ་རིག་ཙམ་དུ་སྟོན་ཞིང་ཡོངས་གྲུབ་དོན་དམ་བདེན་པར་གསུངས་པ་འཁོར་ལོ་ཐ་མའོ། །གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོ་ལས། རིགས་ཀྱི་བུ་དེ་བཞིན་དུ། དེ་བཞིན་གཤེགས་པས་ཡོངས་སུ་མ་དག་པའི་སེམས་ཅན་གྱི་ཁམས་རིག་ནས། མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། མི་སྡུག་པ་ཡིད་འབྱུང་བར་འགྱུར་བའི་གཏམ་གྱིས་འཁོར་བ་ལ་མངོན་པར་དགའ་བའི་སེམས་ཅན་རྣམས་ཡིད་འབྱུང་བར་བྱེད། འཕགས་པའི་ཆོས་འདུལ་བ་ལ་འཇུག་པར་བྱེད་དོ། །དེ་ཙམ་གྱིས་དེ་བཞིན་གཤེགས་པ་བརྩོན་འགྲུས་རྒྱུན་མི་གཅོད་ཅིང་། དེའི་འོག་ཏུ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་གཏམ་གྱིས་དེ་བཞིན་གཤེགས་པའི་ཚུལ་ཁོང་དུ་ཆུད་པར་བྱེད་དོ། །དེ་ཙམ་གྱིས་ཀྱང་དེ་བཞིན་གཤེགས་པའི་བརྩོན་འགྲུས་རྒྱུན་མི་གཅོད་ཀྱི། དེའི་འོག་ཏུ་ཕྱིར་མི་ལྡོག་པའི་འཁོར་ལོའི་གཏམ་དང་། འཁོར་གསུམ་ཡོངས་སུ་དག་པའི་གཏམ་གྱིས་སེམས་ཅན་དེ་དག་དེ་བཞིན་གཤེགས་པའི་ཡུལ་ལ་འཛུད་དོ། །ཞེས་ཆོས་འཁོར་གསུམ་ལ་གཏམ་གསུམ་གྱིས་བསྟན་པར་མཛད་དེ། དང་པོ་འཁོར་བ་ལས་ཡིད་འབྱུང་བའི་གཏམ། གཉིས་པ་རྣམ་ཐར་སྒོ་གསུམ་གྱི་གཏམ། གསུམ་པ་ཕྱིར་མི་ལྡོག་པའི་འཁོར་ལོའི་གཏམ་མོ། །དེའང་འཕགས་པ་ཡབ་སྲས་ཀྱིས། ཀུན་རྫོབ་ཀྱི་བདེན་པ་ལ་བླང་དོར་ཕྱིན་ཅི་མ་ལོག་པར་ཞུགས་ནས། དོན་དམ་བདེན་པ་མཐོང་རུང་དུ་བསྒྲུབ་པའི་ཕྱིར་དང་པོ། བདག་འཛིན་བཟློག་པའི་
ཕྱིར་སྤྲོས་པའི་ཕྱོགས་གཅིག་འགོག་པའི་རྣམ་གྲངས་པའི་དོན་དམ་བདེན་པ་བསྟན་པས། ཡོད་མེད་ལ་སོགས་པ་ལྟ་བའི་གཞི་ཐམས་ཅད་བཟློག་པའི་ཕྱིར་། སྤྲོས་པ་ཐམས་ཅད་དང་བྲལ་བའི་དོན་དམ་བདེན་པ་དངོས་བསྟན་པ་གསུམ་པར་བཞེད་པ་ཡིན་ཞིང་འདིའང་གདུལ་བྱ་ལ་ལྟོས་ནས་འདུལ་བྱེད་ཐབས་ཀྱི་དབྱེ་བ་དང་གོ་རིམ་བྱས་པ་ཡིན་ནོ། །

བདེན་བཞིའི་ཆོས་འཁོར་གྱི་མཚན་ཉིད།


GTN001_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་བཞིའི་ཆོས་འཁོར་གྱི་མཚན་ཉིད་ནི། སྟོན་པས་གསུངས་པའི་དམ་ཆོས་གང་ཞིག་ཐེག་ཆེན་གྱི་ལམ་སྟེགས་སུ་དགོངས་ནས། གཙོར་བོར་ཐེག་དམན་གྱི་རིགས་ཅན་རྣམས་ལ་བསྟན་པའོ། །དེའི་མཚན་གཞི་ནི། ཉན་ཐོས་རྣམས་ལ་གྲགས་པའི་འདུལ་མངོན་མདོ་སྡེའི་གསུང་རབ་རྣམས་ཏེ། ལུང་སྡེ་བཞི་སོགས་སོ། །དེ་དག་ལ་ཅིའི་ཕྱིར་བདེན་བཞིའི་ཆོས་འཁོར་ཞེས་བྱ་ཞེ་ན་གཙོ་བོར་བདེན་པ་བཞི་ལས་བརྩམས་ཏེ་དམན་པ་ལ་མོས་པ་རྣམས་དྲང་བའི་ཕྱིར་ལྟ་སྤྱོད་ཡང་དག་པར་སྟོན་པས་ན་དེ་སྐད་ཅེས་བྱའོ། །དེ་ལ་འཇིག་རྟེན་འདི་ཉིད་དུ་དམན་པའི་གདུལ་བྱ་རྣམས་ཀྱི་ཐུན་མོང་གི་སྣང་ངོ་ཙམ་དུ་འཁོར་ལོ་དང་པོའི་དངོས་གཞི་ནི་ཝཱ་རཱ་ཎ་སཱི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་སྟོན་པས་ཆུ་སྟོད་ཟླ་བའི་ཚེས་བཞིའི་དུས་སུ་ལྔ་སྡེ་བཟང་པོ་ལ་ལན་གསུམ་དུ་བཟླས་པ་རྣམ་པ་བཅུ་གཉིས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚུལ་བསྟན་པ་དེ་ཡིན་ཏེ། དེའི་ཚུལ་ནི་བྱེ་སྨྲ་བས་འདི་ལྟར་འདོད་དེ། བདེན་པ་བཞི་པོ་སོ་སོར་འདི་དང་འདིའོ་ཞེས་བསྟན་པ་བཟླས་པ་དང་པོ། སྡུག་བསྔལ་ཤེས་པར་བྱ། ཀུན་འབྱུང་སྤང་བར་བྱ། འགོག་པ་


GTN001_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་དུ་བྱ། ལམ་བསྒོམ་པར་བྱ་ཞེས་བསྟན་པ་བཟླས་པ་གཉིས་པ། སྡུག་བསྔལ་ཡོངས་སུ་ཤེས་སོ། །ཀུན་འབྱུང་སྤངས་སོ། །འགོག་པ་མངོན་དུ་བྱས་སོ། །ལམ་བསྒོམས་སོ། །ཞེས་བསྟན་པ་བཟླས་པ་གསུམ་པ། དེ་ལྟར་བཟླས་པ་རེ་རེ་ལ་མིག་སྐྱེས་སོ། །ཤེས་པ་དང་། རིག་པ་དང་། བློ་དང་། རྟོགས་པ་སྐྱེས་སོ། །ཞེས་བཞི་བཞིས་རྣམ་པ་བཅུ་གཉིས་སུ་འགྱུར་བ་ཡིན་ནོ། །དེ་ལ་འཁོར་བའི་འབྲས་བུ་སྡུག་བསྔལ། དེའི་རྒྱུ་ཀུན་འབྱུང་། མྱ་ངན་ལས་འདས་པ་བྲལ་བའི་འབྲས་བུ་འགོག་བདེན། དེའི་བྱེད་རྒྱུ་ལམ་བདེན་ཏེ། འདི་བཞིས་འཁོར་འདས་ཀྱི་ཆོས་མཐའ་དག་བསྡུས་ཤིང་། དེ་དག་བཟླས་པ་དང་པོས་ངོ་བོར་སོ་སོར་ངེས་པའི་སྒོ་ནས་མཐོང་ལམ་བསྟན། གཉིས་པས་དེ་དག་ལ་བླང་དོར་བྱེད་པའི་སྒོ་ནས་སྒོམ་ལམ་བསྟན། གསུམ་པས་བླང་དོར་ཟིན་པའི་སྒོ་ནས་མི་སློབ་ལམ་བསྟན་ཅིང་། དེ་དག་སོ་སོར་བདེན་པ་རེ་རེ་ལའང་བཞི་བཞི་གསུངས་པ། མིག་ཅེས་བྱ་བ་ཟག་མེད་ཀྱི་ཤེས་རབ། ཤེས་པ་ཞེས་པ་ཐེ་ཚོམ་མེད་པ། རིག་པ་ཞེས་པ་ཡང་དག་པའི་དོན། བློ་ཞེས་པ་རྣམ་པར་དག་པའི་བློ་སྟེ། རིམ་པ་བཞིན་ཕྱི་རོལ་པའི་བདེན་པ་མཐོང་བར་རློམ་པ་ནི་ལོག་ལྟ། ཐེ་ཚོམ། མ་རིག་པ། ཟག་བཅས་བཞི་ལས་མ་འདས་པས། དེ་དག་ལས་ཁྱད་པར་དུ་བྱ་བའི་ཕྱིར་སྨོས་པ་ཡིན་པར་མཛོད་འགྲེལ་རྣམས་ལས་བཤད་དོ། །དེ་ལྟར་ན་རྣམ་པ་བཞི་བཅུ་རྩ་བརྒྱད་དུ་འགྱུར་ཏེ། བཟླས་པ་གསུམ་ལ་བདེན་པ་རེ་རེ་ནས་བགྲངས་ན་བཅུ་གཉིས་སུ་འགྱུར་བ་གང་ཞིག །དེ་བཞིས་བསྒྱུར་བས་


GTN001_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་འགྲུབ་པའི་ཕྱིར་རོ་ཞེ་ན་སྐྱོན་མེད་དེ། བཅུ་གཉིས་ཚན་དུ་ཆོས་མཐུན་པའི་ཕྱིར་ཏེ། དཔེར་ན་མདོ་ལས། དགེ་སློང་དག །དེའི་ཕྱིར་ཁྱེད་ལ་གཉིས་ཤིག་བསྟན་པར་བྱ་སྟེ། ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཞིག་དང་བཤད་དོ། །གཉིས་པོ་གང་ཞེ་ན། མིག་དང་གཟུགས་རྣམས་ཞེས་བྱ་བ་ནས། ཡིད་དང་ཆོས་རྣམས་སོ། །ཞེས་བྱ་བའི་བར་གསུངས་པ་ལྟ་བུའོ། །ཞེས་འདོད་དོ། །མདོ་སྡེ་པ་དག་གིས་ནི། ལན་གསུམ་དུ་བཟླས་པའི་ཚུལ་དེ་ལྟ་བུ་ཡིན་ན་ཆོས་ཀྱི་འཁོར་ལོ་ལན་གསུམ་དུ་བཟླས་པར་མི་འགྲུབ་སྟེ། ཁྱེད་ཀྱིས་མཐོང་ལམ་ཁོ་ན་ཆོས་འཁོར་དུ་འདོད་པ་གང་ཞིག །དེ་དང་པོ་ལན་གཅིག་ལས་མ་སྨོས་པའི་ཕྱིར། དེ་ལ་རྣམ་པ་བཅུ་གཉིས་ཡིན་པའང་མི་འགྲུབ་སྟེ། མཐོང་བ་ལ་ལྟོས་པའི་མིག་སོགས་བཞི་ཚན་གཅིག་ཏུ་ཁྱེད་རང་གིས་ཁས་བླངས་པའི་ཕྱིར་རོ། །ཞེས་བྱེ་སྨྲའི་རྣམ་གཞག་དེ་དག་སུན་ཕྱུང་ནས་རང་ལུགས་འཇོག་པའི་ཚེ། བདེན་བཞི་རང་གི་ངོ་བོ་ལ་དམིགས་པའི་ཚུལ་གྱིས་བཟླས་པ་དང་པོ། བྱ་བའི་ངོ་བོ་ལ་དམིགས་པའི་ཚུལ་གྱིས་བཟླས་པ་གཉིས་པ། མཐར་ཐུག་པ་ལ་དམིགས་པའི་ཚུལ་གྱིས་གསུམ་པ་སྟེ། བཟླ་བྱ་ནི་བདེན་བཞིའི་ཆོས་ཀྱི་རྣམ་གྲངས་ཉིད་ཡིན་ཞིང་། བཟླས་པ་གསུམ་ལ་བདེན་པ་བཞི་སོ་སོར་ངོ་བོ་བྱ་བ་འབྲས་བུ་རྣམས་ལ་དམིགས་པའི་རྣམ་པ་བཞི་བཞིར་འགྱུར་བའི་ཕྱིར་རྣམ་པ་བཅུ་གཉིས་ཡིན་ནོ། །ཞེས་འདོད་དོ། །དེ་ལྟ་བས་ན་མདོ་སྡེ་པའི་འདོད་པ་འདི་ཉིད་འཐད་པའི་ཕྱོགས་སུ་གཟུང་བར་བྱའོ། །
དེ་ལྟ་བུའི་ཆོས་ཀྱི་འཁོར་ལོ་དངོས་ཀྱི་དགོས་པ་ནི། ལྔ་སྡེ་བཟང་པོས་དགྲ་བཅོམ་པ་ཐོབ་པ་དང་། ལྷ་བརྒྱད་ཁྲིས་མཐོང་ལམ་ཐོབ་པ་རྣམས་ཡིན་ཞིང་། ཁྱད་པར་གྱི་དགོས་པ་ནི། གདུལ་བྱ་རྣམས་གང་ཟག་ཏུ་འཛིན་པ་ལས་བཟློག་ནས་རྒྱུན་ཞུགས། ཕྱིར་འོང་། ཕྱིར་མི་འོང་། དགྲ་བཅོམ་སྟེ་འབྲས་བུ་བཞི་ལ་ཅི་རིགས་པར་འགོད་པ་རྣམས་སོ། །འདི་ལས་གཞན་བདེན་བཞིའི་ཆོས་འཁོར་དུ་གཏོགས་པ་རྣམས་ནི་འདུལ་བ་ལུང་། གྲོང་ཁྱེར་དྲུག་སོགས་སུ་ཐོར་བུར་གསུངས་པ་སོགས་གནས་དང་དུས་མ་ངེས་པ་སྣ་ཚོགས་པའོ། །

འཁོར་ལོ་བར་པའི་མཚན་ཉིད།


GTN001_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་བར་པའི་མཚན་ཉིད་ནི། སྟོན་པས་གསུངས་པའི་དམ་ཆོས་གང་ཞིག་ཐེག་པ་ཆེན་པོའི་ལམ་དངོས་ལ་དགོངས་ནས་གཙོ་བོར་བྱང་ཆུབ་སེམས་དཔའ་རྣམས་ལ་ཟབ་མོ་སྟོང་པ་ཉིད་ཀྱི་ཚུལ་ལས་བརྩམས་ཏེ་བསྟན་པ་སྟེ། དེའང་རྒྱ་ཆེར་རོལ་པ་ལས། ཀུན་གཞི་མེད་ཅིང་སྤྲོས་མེད་པ། །སྐྱེ་བ་མེད་ཅིང་འབྱུང་མེད་ལ། །དབེན་ཞིང་རང་བཞིན་སྟོང་པ་ཡི། །ཆོས་ཀྱི་འཁོར་ལོ་རབ་བསྐོར་ཏོ། །བླང་བ་མེད་ཅིང་དོར་མེད་ལ། །མཚན་མ་མེད་ཅིང་མཚན་ཉིད་མེད། །མཉམ་པ་ཉིད་ཀྱི་ཆོས་བསྟན་པའི། །འཁོར་ལོ་སངས་རྒྱས་ཀྱིས་བསྐོར་ཏོ། །ཞེས་གསུངས་སོ། །དེའི་མཚན་གཞི་ནི། ཤེར་ཕྱིན་གྱི་མདོ་སྡེ་ལ་སོགས་པ་རྣམས་སོ། །དེ་དག་ཅིའི་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་ཞེས་བྱ་ཞེ་ན། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་རང་རང་གི་མཚན་ཉིད་ཤིན་ཏུ་དབེན་པའི་སྨྲ་


GTN001_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་བརྗོད་བྲལ་གྱི་དེ་ཁོ་ན་ཉིད་སྟོན་པར་སྣང་བའི་ཕྱིར་དེ་སྐད་ཅེས་བྱའོ། །དེ་ལ་འཁོར་ལོ་བར་པའི་དངོས་གཞི་ནི། དུས་ལ་བོད་རྣམས་ཀྱི་འཆད་ཚུལ་སྣ་ཚོགས་ཤིག་སྣང་ཡང་། ཁུངས་འདི་ཡིན་གྱི་ངེས་གསལ་མ་མཐོང་བས་ཀྲིག་ཅར་སྨྲ་མ་བཏུབ་ལ། གནས་ནི་གྲོང་ཁྱེར་རྒྱལ་པོའི་ཁབ་ཀྱི་བྱ་རྒོད་ཕུང་པོའི་རིར་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་ལ་སོགས་ཉན་ཐོས་ཀྱི་འཁོར་བཞིའི་ཚོགས་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་བྱེ་བ་ཁྲག་ཁྲིག་དཔག་ཏུ་མེད་པ་རྣམས་ལ་ཟབ་མོ་སྟོང་པ་ཉིད་ཀྱི་ཚུལ་བསྟན་པས་མངོན་རྟོགས་བརྒྱད་གདུལ་བྱའི་རྒྱུད་ལ་ཇི་ལྟར་སྐྱེ་བའི་རིམ་པ་དོན་བདུན་ཅུ་དང་བཅས་པ་སྦས་དོན་དུ་ཡོད་པ་དེ་ཉིད་དངོས་བསྟན་ཆོས་ཐམས་ཅད་སྟོང་ཉིད་ཀྱི་ཚུལ་དུ་སྒོ་གསུམ་རྣམ་གྲངས་བཅུ་གཅིག་གི་སྒོ་ནས་བསྟན་པར་མཛད་པ་དེ་ཡིན་ནོ། །དེ་ལ་སྦས་དོན་མངོན་རྟོགས་བརྒྱད་ནི། མངོན་རྟོགས་རྒྱན་ལས། ཤེས་རབ་ཕ་རོལ་ཕྱིན་པ་ནི། །དངོས་པོ་བརྒྱད་ཀྱིས་ཡང་དག་བཤད། །རྣམ་ཀུན་མཁྱེན་ཉིད་ལམ་ཤེས་ཉིད། །དེ་ནས་ཐམས་ཅད་ཤེས་པ་ཉིད། །རྣམ་ཀུན་མངོན་རྫོགས་རྟོགས་པ་དང་། །རྩེ་མོར་ཕྱིན་དང་མཐར་གྱིས་པ། །སྐད་ཅིག་གཅིག་མངོན་རྫོགས་བྱང་ཆུབ། །ཆོས་ཀྱི་སྐུ་དང་དེ་རྣམས་བརྒྱད། །ཅེས་པ་ལྟར་དང་། ཡན་ལག་གི་དོན་བདུན་ཅུའང་། དེ་ཉིད་ལས། སེམས་བསྐྱེད་པ་དང་གདམས་ངག་དང་། །ངེས་འབྱེད་ཡན་ལག་རྣམ་བཞི་དང་། །སྒྲུབ་པ་ཡི་ནི་རྟེན་


GTN001_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང་། །དམིགས་པ་དག་དང་ཆེད་དང་ནི། །གོ་ཆ་འཇུག་པའི་བྱ་བ་དང་། །ཚོགས་ནི་ངེས་པར་འབྱུང་བཅས་རྣམས། །ཐུབ་པའི་རྣམ་ཀུན་མཁྱེན་པ་ཉིད། །ཅེས་རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ་དང་། མོག་མོག་པོར་བྱེད་ལ་སོགས་དང་། །སློབ་མ་བསེ་རུའི་ལམ་གང་དང་། །འདི་དང་གཞན་པའི་ཡོན་ཏན་གྱིས། །ཕན་ཡོན་ཆེ་བ་མཐོང་བའི་ལམ། །བྱེད་པ་དང་ནི་མོས་པ་དང་། །བསྟོད་དང་བཀུར་དང་བསྔགས་པ་དང་། །བསྔོ་དང་རྗེས་སུ་ཡི་རང་བ། །ཡིད་ལ་བྱེད་པ་བླ་མེད་དག །སྒྲུབ་དང་ཤིན་ཏུ་དག་པ་ཞེས། །བྱ་བ་འདི་ནི་བསྒོམ་པའི་ལམ། །བྱང་ཆུབ་སེམས་དཔའ་མཁས་རྣམས་ཀྱི། །ལམ་ཤེས་ཉིད་ནི་དེ་འདྲར་བཤད། །ཅེས་ལམ་ཤེས་མཚོན་བྱེད་ཀྱི་ཆོས་བཅུ་གཅིག་དང་། ཤེས་པས་སྲིད་ལ་མི་གནས་ཤིང་། །སྙིང་རྗེས་ཞི་ལ་མི་གནས་དང་། །ཐབས་མ་ཡིན་པས་རིང་བ་དང་། །ཐབས་ཀྱིས་རིང་བ་མ་ཡིན་ཉིད། །མི་མཐུན་གཉེན་པོའི་ཕྱོགས་དག་དང་། །སྦྱོར་དང་དེ་ཡི་མཉམ་ཉིད་དང་། །ཉན་ཐོས་ལ་སོགས་མཐོང་བའི་ལམ། །དེ་འདྲ་ཀུན་ཤེས་ཉིད་དུ་འདོད། །ཅེས་{གཞི་ཤེས་མཚོན་བྱེད་ཀྱི་ཆོས་དགུ་དང་། རྣམ་པ་སྦྱོར་བར་བཅས་རྣམས་དང་། །ཡོན་ཏན་སྐྱོན་ནི་མཚན་ཉིད་བཅས། །ཐར་དང་ངེས་འབྱེད་ཆ་མཐུན་དང་། །སློབ་པ་ཕྱིར་མི་}ལྡོག་པའི་ཚོགས། །སྲིད་དང་ཞི་བ་མཉམ་ཉིད་དང་། །ཞིང་དག་བླ་ན་མེད་པ་ནི། །རྣམ་ཀུན་མངོན་རྫོགས་རྟོགས་པ་སྟེ། །འདི་ནི་ཐབས་མཁས་བཅས་པ་ཡིན། །ཞེས་རྣམ་རྫོགས་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཅུ་གཅིག་དང་། དེ་ཡི་རྟགས་དང་རྣམ་འཕེལ་


GTN001_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །བརྟན་དང་སེམས་ཀུན་གནས་པ་དང་། །མཐོང་ཞེས་བྱ་དང་སྒོམ་པ་ཞེས། །བྱ་བའི་ལམ་ནི་སོ་སོ་ལ། །རྣམ་པར་རྟོག་པ་རྣམ་བཞི་ཡི། །གཉེན་པོ་རྣམ་པ་བཞི་དང་ནི། །བར་ཆད་མེད་པའི་ཏིང་ངེ་འཛིན། །ལོག་པར་སྒྲུབ་དང་བཅས་པ་ནི། །རྩེ་མོའི་མངོན་རྟོགས་་ ཞེས་རྩེ་སྦྱོར་མཚོན་བྱེད་ཀྱི་ཆོས་བརྒྱད་དང་། ་་མཐར་གྱིས་པ། །རྣམ་གསུམ་རྣམ་བཅུ་་ ཞེས་མཐར་གྱིས་པའི་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཅུ་གསུམ་དང་། ་་སྐད་ཅིག་མ། །གཅིག་གིས་མངོན་རྫོགས་བྱང་ཆུབ་པ། །མཚན་ཉིད་ཀྱིས་ནི་རྣམ་པ་བཞི། །ཞེས་སྐད་ཅིག་མའི་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཞི། ངོ་བོ་ཉིད་ལོངས་རྫོགས་བཅས་དང་། །དེ་བཞིན་གཞན་པ་སྤྲུལ་པ་ནི། །ཆོས་སྐུ་མཛད་པ་དང་བཅས་པ། །རྣམ་པ་བཞིར་ནི་ཡང་དག་བརྗོད། །ཅེས་འབྲས་བུ་ཆོས་སྐུ་མཚོན་བྱེད་ཀྱི་ཆོས་བཞི་རྣམས་སོ། །དེ་དག་སྒོ་གསུམ་རྣམ་གྲངས་བཅུ་གཅིག་གི་སྒོ་ནས་བསྟན་པའི་སྒོ་གསུམ་ནི། མགོ་སྨོས་པས་གོ་བ་རྣམས་ཀྱི་ངོར་བསྡུས་ཏེ་བསྟན་པའི་སྒོ། སྤྲོས་པ་ཙམ་གྱིས་གོ་བ་རྣམས་ཀྱི་ངོར་འབྲིང་དུ་བསྟན་པའི་སྒོ། ཚིག་ལ་འཆེལ་བ་རྣམས་ཀྱི་ངོར་རྒྱས་པར་བཤད་པའི་སྒོ་རྣམས་སོ། །རྣམ་གྲངས་བཅུ་གཅིག་ནི། ཤཱ་རིའི་བུ། རབ་འབྱོར། བརྒྱ་བྱིན། ཡང་རབ་འབྱོར། བྱམས་པ། ཡང་རབ་འབྱོར། བརྒྱ་བྱིན། རབ་འབྱོར། བྱམས་པ། རབ་འབྱོར། ཀུན་དགའ་བོ་རྣམས་དང་གོ་རིམ་བཞིན་དུ་དྲི་ལན་སོགས་ཀྱིས་བསྟན་པ་རྣམས་སོ། །དེ་ལྟ་བུའི་བརྗོད་བྱ་རྗོད་བྱེད་མ་ཚང་བ་མེད་པ་ནི། རྒྱས་པར་ཤེར་


GTN001_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་བྱེ་བ་ཕྲག་བརྒྱ་པ་དང་། འབུམ་པ་སོགས་དང་། འབྲིང་པོ་ཉི་ཁྲི་ལྔ་སྟོང་པ་སོགས་དང་། བསྡུས་པ་བརྒྱད་སྟོང་པ་སོགས་ཡིན་ཞིང་། དེ་དག་ལས་འཕྲོས་པའི་མདོ་སྡེའང་དཔག་ཏུ་མེད་པས་ཕལ་ཆེར་གསུང་གཅིག་ཉིད་དུ་གསུང་མོད་ཀྱང་། དུ་མ་ཉིད་དུ་སོ་སོར་གོ །ཞེས་གསུངས་པ་ལྟར། དུས་དང་གནས་གཅིག་ཉིད་དུ་གསུངས་པ་རྒྱལ་བ་ཉིད་ཀྱི་མཐུས་སྡུད་པ་པོ་རྣམས་ཀྱིས་སོ་སོ་ལ་ཇི་ལྟར་སྣང་ཞིང་གདུལ་བྱ་དང་ཉེ་བར་འཚམས་པའི་སྒོ་ནས་རྒྱས་འབྲིང་བསྡུས་གསུམ་སྣ་ཚོགས་བསྡུས་པ་ཡིན་ནོ། ཁ་ཅིག་གིས་དེ་ལྟར་ན་བཅོམ་ལྡན་འདས་ཀྱིས་ཤེར་ཕྱིན་གྱི་ཆོས་གནས་དང་དུས་གཅིག་ལས་གཞན་དུ་མ་བསྟན་ན། གནས་གཞན་དང་གཞན་དུ་དང་། དུས་གཞན་དང་གཞན་དུ་བསྟན་པར་གསུངས་པ་དག་ཀྱང་ཡོད་པས་ཇི་ལྟར་མི་འགལ་ཞེ་ན་སྐྱོན་མེད་དེ། མ­དོ་ལས།(ཕལ་པོ་ཆེ།) ཀྱེ་མ་རྒྱལ་སྲས་ཁྱོད་ལྟོས་ཤིག །ཛམྦུའི་གླིང་རྣམས་ཐམས་ཅད་ན། །བདེ་གཤེགས་འདི་ན་བཞུགས་སྙམ་བྱེད། །བདག་ཅག་རྣམས་ནི་འདི་སྙམ་དུ། །རི་རབ་རྩེ་ལ་བདེ་གཤེགས་སྙམ། །འཇིག་རྟེན་ཁམས་ནི་གཞན་ན་ཡང་། །སངས་རྒྱས་ངོ་མཚར་རྨད་རེ་ཆེ། །ཞེས་འབྱུང་བ་ལྟར་དང་། གོང་དུ་སྨྲས་ཟིན་པ་ལྟར། སྐད་ཅིག་བསྐལ་པར་བྱིན་གྱིས་རློབ་པ་སོགས། རྫོགས་པའི་སངས་རྒྱས་ཀྱི་མཐུ་ལ་ལྟ་ཅི་དགོས། བྱང་འཕགས་སོགས་ཀྱི་རྣམ་པར་འཕྲུལ་པའང་བསམ་གྱིས་མི་ཁྱབ་པའི་གནས་ཡིན་པའི་ཕྱིར་དང་། ཁྱད་པར་སངས་རྒྱས་འཕགས་པ་རྣམས་ཤིན་ཏུ་དྲི་མ་མེད་པའི་ཆོས་ཀྱི་


GTN001_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་རྟག་པ་དམ་པའི་གནས་སུ་མཉམ་པར་བཞག་པ་ལས་ནམ་ཡང་མི་གཡོ་བར། དུས་ཐམས་ཅད་དང་བྲལ་བ་མཉམ་པ་ཉིད་ཀྱི་དུས་གཅིག་ཉིད་དུ་བརྗོད་པ་ཐམས་ཅད་དང་བྲལ་བའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚུལ་འདི་ལྟ་བུ་ཇི་ལྟ་བ་བཞིན་མཉན་པའི་སྣོད་དུ་མ་གྱུར་ནའང་། རང་རེ་ཐེག་ཆེན་པ་དག་གིས། ཐེག་ཆེན་འཆད་པའི་སྐབས་སུ་མོས་པ་ཙམ་གྱིས་འདི་བཞིན་དུ་བཤད་ན་ལེགས་པའི་ཕྱིར་རོ། །དེ་ལྟ་ན་བྱ་རྒོད་ཕུང་པོའི་རི་སོགས་ཀྱི་གནས་སྨོས་པའི་ངལ་བས་ཅི་ཞིག་བྱ་ཞེ་ན། འོ་སྐོལ་གླིང་བཞི་པའི་འཇིག་རྟེན་འདིར་བྱིས་པ་མཐའ་གཅིག་ཏུ་འཛིན་པ་ཅན་རྣམས་ཀྱིས་མཐོང་བར་ནི་དེ་ཙམ་དུ་ཟད་པའི་ཕྱིར་མདོ་རྣམས་ལས་ཀྱང་དེ་དག་རྗེས་སུ་འཛིན་པའི་ཕྱིར་དེ་དག་དང་མཐུན་པར་གསུངས་ཤིང་སྣང་ངོ་། །དེ་ལྟ་བུའི་འཁོར་ལོ་བར་པ་བསྐོར་བ་འདིའི་དགོས་པ་ནི་དངོས་སུ་བསྐོར་ཚུལ་བསྟན། ཡུལ་གྱི་གདུལ་བྱ་ངེས་པར་རྒྱུད་གྲོལ་པ་འདི་ལ་ལྟོས་དགོས་པ་རྣམས། དེ་བཞིན་གཤེགས་པའི་ཡུལ་ལ་འཇུག་པ་དང་། རྒྱུད་ནས་སེམས་ཅན་ཐམས་ཅད་ཀྱི་ལྟ་བ་ངན་པའི་སྒྲིབ་གཡོགས་བསལ་ནས་ཆོས་ཐམས་ཅད་ཀྱི་གནས་ལུགས་ཕྱིན་ཅི་མ་ལོག་པར་མངོན་སུམ་དུ་རྟོགས་ནས་མཐའ་གཉིས་སུ་རབ་ཏུ་མི་གནས་པའི་མྱ་ངན་ལས་འདས་པ་ཆེན་པོ་འཐོབ་པའོ། །

འཁོར་ལོ་ཐ་མའི་མཚན་ཉིད།


GTN001_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་ཐ་མའི་མཚན་ཉིད་ནི། སྟོན་པས་གསུངས་པའི་དམ་ཆོས་གང་ཞིག་མ་ངེས་པའི་རིགས་ཅན་ཐེག་པ་ཆེན་པོའི་ཚུལ་གྱིས་རྗེས་སུ་འཛིན་པའི་ཕྱིར་
འཁོར་གསུམ་རྣམ་དག་གི་གཏམ་གཙོ་བོར་སྟོན་པ་སྟེ། དེའི་མཚན་གཞི་ནི། ཕལ་པོ་ཆེ་དང་ལང་ཀར་གཤེགས་སོགས་དེ་བཞིན་གཤེགས་པའི་སྙིང་པོའི་གཏམ་གཙོ་བོར་སྟོན་པའི་ཕྱོགས་ཀྱི་གསུང་རབ་རྣམས་ཡིན་ནོ། །དེ་དག་ལ་ཅིའི་ཕྱིར་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་ཞེས་བྱ་ཞེ་ན། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་ཀུན་བརྟགས་གཞན་དབང་ཡོངས་གྲུབ་གསུམ་དུ་ལེགས་པར་ཕྱེ་ནས་གསུངས་པའི་ཕྱིར་དེ་སྐད་ཅེས་བྱའོ། །དེ་ལ་འཁོར་ལོ་ཐ་མའི་དངོས་གཞི་ནི། དོན་དམ་པར་ཚད་གཟུང་ཅི་ཞིག་ཀྱང་། རང་རེ་བྱིས་པ་རྣམས་ཀྱིས་མཐོང་ཐོས་ཀྱི་ཡུལ་ཙམ་དུའང་། རི་མ་ལ་ཡ་དང་། བྱང་ཆུབ་ཀྱི་སྙིང་པོ་དང་། ཡངས་པ་ཅན་སོགས་སུ་དུས་མ་ངེས་པར་གསུངས་པས་འདི་ཉིད་ཁོ་ནའོ་ཞེས་མཐའ་གཅིག་ཏུ་གཞག་དཀའ་མོད་ཀྱི། གོང་དུ་མཚན་གཞིར་བཞག་པ་དག་དང་། གཞན་ཡང་དཀོན་མཆོག་བརྩེགས་པ། རྒྱན་སྟུག་པོ་བཀོད་པ། མྱ་ངན་འདས་མདོ་སོགས་དོན་དང་ཚིག་གཉིས་ཀ་རྒྱས་པའི་ལུགས་སུ་སྣང་བས་གཞག་ཏུ་རུང་ངོ་། །དེ་ཡང་ཐེག་པ་ཆེ་ཆུང་གི་མདོ་སྡེ་ཕལ་ཆེ་བ་ཞིག་ལས་དགོངས་པ་ཅན་དུ་གསུངས་པ་མང་པོ་འདི་དག་ཏུ་གསལ་བར་བསྟན་པ་ཤས་ཆེ་སྟེ། དཔེར་ས་འདུལ་བའི་(ལང་གཤེགས)མདོར། དགེ་སློང་དག་གིས་རུང་བའི་ཤ་བཟའ་བར་གནང་བ། རྣམ་གསུམ་དག་པའི་ཤ་འདི་ནི། །མ་བརྟགས་པ་དང་མ་བསླངས་དང་། །མ་བསྐུལ་


GTN001_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི་ཡོངས་མེད་པས། །དེ་ཕྱིར་ཤ་ནི་མི་བཟའོ། །ཞེས་སོགས་ཀྱིས་དགོངས་པ་ཅན་དུ་བསྟན་པ་སོགས་མང་བའི་ཕྱིར་རོ། །ཡང་སློབ་དཔོན་ཐོགས་མེད་སྐུ་མཆེད་སོགས་ཀྱི་བཞེད་པ་དང་མདོ་སྡེ་དགོངས་པ་ངེས་འགྲེལ་གཟུངས་དབང་གི་མདོ་སོགས་དང་། གཞན་ཡང་འཁོར་ལོ་ཐ་མའི་མདོ་སྡེ་ཕལ་ཆེར་ལས། འཁོར་ལོ་བར་པར་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ། མ་སྐྱེས་པ། མ་འགགས་པ་ལ་སོགས་པ་གསུངས་པ་རྣམས་དགོངས་པ་ཅན་དུ་བསྟན་པའི་ཕྱིར་འཁོར་ལོ་ཐ་མ་ཉིད་ངེས་དོན་མཐར་ཐུག་ཡིན་གྱི་གཞན་གྱི་ནི་མ་ཡིན་ནོ། །ཞེས་སོ།­­ །དེ་བས་ལུགས་ཀྱི་འཁོར་ལོ་བར་པ་དྲང་དོན་དུ་འཇོག་པའི་རིགས་པའང་མདོ་དང་བསྟན་བཅོས་རྣམས་སུ་ཤིན་ཏུ་རྒྱས་པར་འབྱུང་མོད་ཀྱི་གཙོ་བོར་ནི། ཆོས་རྣམས་ཐམས་ཅད་ངོ་བོ་ཉིད་མེད་པར་བསྟན་པ་སྒྲ་ཇི་བཞིན་པར་བཟུང་ན་གཞན་གྱི་དབང་དང་། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཀྱང་མེད་པར་ཐལ་བས། དེ་ལྟ་ན་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དག་ཀྱང་མི་དམིགས་པར་ཐལ་ལོ། །ཅིའི་ཕྱིར་ཞེ་ན། ས་བོན་ཐམས་ཅད་པའི་ཀུན་གཞིའི་རྣམ་ཤེས་དེ་ཉིད་ཡང་དག་པ་མ་ཡིན་པའི་ཀུན་རྟོག་གིས་བསྡུས་པའི་རྣམ་པར་རིག་པའི་མཚན་ཉིད་ཅན་གཞན་དབང་དུ་གྱུར་པ་དེ་ལ་དོན་དུ་བཟུང་བས་ལས་དང་ཉོན་མོངས་པ་དག་དམིགས་པ་ཡིན་གྱི། གཞན་དབང་དེ་ངོ་བོ་ཉིད་མེད་པ་ཡིན་ན་ཀུན་རྫོབ་ཙམ་དུའང་ཡོད་པ་མི་རིགས་པས། དེ་ལྟ་ན་དེ་ལས་དམིགས་པའི་ལས་དང་ཉོན་


GTN001_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་པའང་འབྱུང་བར་མི་རིགས་སོ། །དེས་ན་གཞན་དབང་སྒྱུ་མའི་དཔེ་བརྒྱད་ལྟ་བུར་ཀུན་རྫོབ་ཏུ་ཡོད་ཅིང་། ཀུན་རྫོབ་ཏུ་དོན་བྱེད་ལ། དེ་ཉིད་དོན་དུ་སྣང་བའི་རྣམ་རིག་ཀུན་བརྟགས་ཀྱི་ངོ་བོ་ཉིད་ནི་ཀུན་རྫོབ་ཏུའང་མེད་པ་ཁོ་ནའོ། །གཞན་དབང་ཀུན་བརྟགས་ཀྱིས་སྟོང་པ་ཡོངས་གྲུབ་དེ་བཞིན་ཉིད་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་དེ་བཞིན་གཤེགས་པའི་སྙིང་པོའམ་རིགས་སུ་བརྗོད་པ་སྟེ། དེ་མེད་དུ་ཟིན་ན། དེ་ལ་བརྟེན་ནས་སྣང་བའི་ཚོགས་བསགས་ཤིང་སྒྲིབ་པ་སྦྱངས་ནས་མཐར་བྱང་ཆུབ་ཐོབ་པ་སོགས་རྣམ་བྱང་གི་ལམ་འབྲས་བུ་དང་བཅས་པའི་རྣམ་གཞག་དགོས་པ་མེད་པར་ཐལ་བས་དེ་ནི་ངེས་པར་དོན་དམ་བདེན་གྲུབ་ཏུ་ཡོད་དོ། །འོ་ན་ཅིའི་ཕྱིར་ངོ་བོ་ཉིད་མེད་པར་གསུངས་ཤེ་ན། རྒྱུ་མཚན་ཡོད་དེ། ཀུན་བརྟགས་པའི་ཆོས་རྣམས་མཚན་ཉིད་ངོ་བོ་ཉིད་མེད་པ། གཞན་དབང་གི་ཆོས་རྣམས་སྐྱེ་བ་ངོ་བོ་ཉིད་མེད་པ། ཡོངས་གྲུབ་ཀྱི་ཆོས་ནི་དོན་དམ་ངོ་བོ་ཉིད་མེད་པ་ཡིན་པར་དགོངས་ཏེ་བསྟན་པའི་ཕྱིར་རོ། །དགོས་པ་ནི། གཙོ་བོར་ཆོས་ལ་བདག་ཏུ་འཛིན་པའི་ལྟ་བ་ངན་པ་གཞོམ་པའི་གཉེན་པོར་གསུངས་པ་ཡིན་ནོ། །ཞེས་སོགས་ཀྱིས་ལེགས་པར་བཤད་དོ། ཁྱད་པར་སློབ་དཔོན་ཀླུ་སྒྲུབ་ཡབ་སྲས་རྣམས་ཀྱིས་ནི། ཡུམ་(བརྒྱད་སྟོང་པ་)ལས། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་ཅི་སྲིད་དུ་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིས་ཆོས་གང་ཡང་མི་སྐྱེད་མི་འགོག་པ་དང་། ཆོས་


GTN001_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་སྐྱེ་བ་མ་མཆིས་པ་དང་། འགོག་པ་མ་མཆིས་པའི་སླད་དུ་ཉེ་བར་གནས་ལ་གནས་པའང་མ་ལགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ངོ་མཚར་རོ། །ཞེས་དང་། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་ལྟར་ཡང་འདུ་ཤེས་པར་བགྱིད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རིང་དུ་བགྱིད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སྲོག་ཏུ་བགྱིད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གསོབ་ཏུ་བགྱིད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མི་བགྱིད་པ་ལགས་སོ། །ཞེས་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཡོངས་སུ་གསལ་བར་བྱས་ན། གཟུགས་ཡོངས་སུ་གསལ་བར་བྱས་པ་མ་ཡིན། ཚོར་བ་མ་ཡིན། འདུ་ཤེས་མ་ཡིན། འདུ་བྱེད་རྣམས་མ་ཡིན། རྣམ་པར་ཤེས་པ་ཡོངས་སུ་གསལ་བར་བྱས་པ་མ་ཡིན། རྒྱུན་དུ་ཞུགས་པའི་འབྲས་བུ་ཡོངས་སུ་གསལ་བར་བྱས་པ་མ་ཡིན། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡོངས་སུ་གསལ་བར་བྱས་པ་མ་ཡིན། ཕྱིར་མི་འོང་བའི་འབྲས་བུ་ཡོངས་སུ་གསལ་བར་བྱས་པ་མ་ཡིན། དགྲ་བཅོམ་པ་ཉིད་ཡོངས་སུ་གསལ་བར་བྱས་པ་མ་ཡིན། རང་སངས་རྒྱས་ཉིད་ཡོངས་སུ་གསལ་བར་བྱས་པ་མ་ཡིན། སངས་རྒྱས་ཉིད་ཡོངས་སུ་གསལ་བར་བྱས་པ་མ་ཡིན། ཞེས་དང་། སྡུད་པ་ཚིགས་སུ་བཅད་པ་ལས་ཀྱང་། འདྲེན་པ་རྣམས་ཀྱི་ཆོས་འདི་ཟབ་སྟེ་མཐོང་བར་དཀའ། །སུས་ཀྱང་རྟོགས་པ་མེད་ཅིང་འཐོབ་པར་འགྱུར་མེད་པ། །དེ་ཕྱིར་ཕན་མཛད་བརྩེར་ལྡན་བྱང་ཆུབ་བརྙེས་


GTN001_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འདི། །སེམས་ཅན་ཚོགས་སུས་ཤེས་སྙམ་ཐུགས་ཁྲལ་ཆུང་བར་མཛད། །སེམས་ཅན་རྣམས་ནི་གནས་ལ་དགའ་ཞིང་ཡུལ་རྣམས་འདོད། །འཛིན་ལ་གནས་ཤིང་མི་མཁས་བླུན་རྨོངས་མུན་པ་བཞིན། །ཐོབ་པར་བྱ་བའི་ཆོས་ནི་གནས་མེད་འཛིན་མེད་དེ། །དེས་ན་འཇིག་རྟེན་དག་དང་རྩོད་པ་འབྱུང་བ་ཡིན། །ནམ་མཁའི་ཁམས་ནི་ཤར་གྱི་ཕྱོགས་དང་ལྷོ་ཕྱོགས་དང་། །དེ་བཞིན་ནུབ་ཀྱི་ཕྱོགས་དང་བྱང་ཕྱོགས་ཕ་མཐའ་ཡས། །སྟེང་དང་འོག་དང་ཕྱོགས་བཅུ་ཇི་སྙེད་རྣམས་ནའང་ཡོད། །ཐ་དད་གྱུར་པ་མེད་ཅིང་བྱེ་བྲག་གྱུར་པ་མེད། །འདས་པའི་དེ་བཞིན་ཉིད་གང་མ་བྱོན་དེ་བཞིན་ཉིད། །ད་ལྟར་དེ་བཞིན་ཉིད་གང་དགྲ་བཅོམ་དེ་བཞིན་ཉིད། །ཆོས་ཀུན་དེ་བཞིན་ཉིད་གང་རྒྱལ་བའི་དེ་བཞིན་ཉིད། །ཆོས་ཀྱི་དེ་བཞིན་ཉིད་འདི་ཐམས་ཅད་བྱེ་བྲག་མེད། །བདེ་གཤེགས་བྱང་ཆུབ་ཐ་དད་ཆོས་དང་བྲལ་གྱུར་པ། །འདི་ནི་བྱང་ཆུབ་སེམས་དཔའ་གང་ཞིག་ཐོབ་འདོད་པ། །ཐབས་དང་ལྡན་པས་ཤེས་རབ་ཕ་རོལ་ཕྱིན་ལ་སྦྱོར། །འདྲེན་པའི་ཤེས་རབ་མེད་ན་ཐོབ་པར་འགྱུར་མ་ཡིན། །ཞེས་གསུངས་པ་སོགས་ངེས་དོན་མཐར་ཐུག་ཏུ་བཤད་པའི་ལུང་མཐའ་ཡས་པའི་ཕྱིར་དང་། ཤིན་ཏུ་ཟབ་པའི་སྟོང་པ་ཉིད་ཀྱི་ཚུལ་བསྟན་པ་འདི་ལ་རིགས་པའི་གནོད་བྱེད་གང་ཡང་མི་འཇུག་པའི་ཕྱིར་འཁོར་ལོ་བར་པ་ངེས་དོན་མཐར་ཐུག་ཏུ་བཞེད་དོ། །ལུགས་འདིས་བཀའ་ཐ་མ་དྲང་དོན་དུ་འཇོག་སྟེ། རྒྱུ་མཚན། ཡོངས་གྲུབ་དོན་དམ་བདེན་པར་ངོ་བོ་ཉིད་ཀྱིས་ཡོད་པ་སོགས་འདོད་ན། རྩ་ཤེར་ལས། གལ་ཏེ་སྟོང་མིན་ཅུང་ཟད་ཡོད། །སྟོང་པའང་ཅུང་ཟད་ཡོད་པར་


GTN001_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། །མི་སྟོང་ཅུང་ཟད་ཡོད་མིན་ན། །སྟོང་པའང་ཡོད་པར་ག་ལ་འགྱུར། །རྒྱལ་བ་རྣམས་ཀྱིས་སྟོང་པ་ཉིད། །ལྟ་ཀུན་ངེས་པར་འབྱུང་བར་གསུངས། །གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་བསྒྲུབ་ཏུ་མེད་པར་གསུངས། །ཞེས་སོགས་རིགས་པ་མང་པོའི་སྐྱོན་འབབ་པར་འགྱུར་བའི་ཕྱིར་རོ། །འོ་ན་བཅོམ་ལྡན་འདས་ཀྱིས་དེ་ལྟར་བསྟན་པའི་དགོས་པ་ཅི་ཞེ་ན། ཟབ་མོའི་སྟོང་པ་ཉིད་ཀྱི་ཚུལ་བསྟན་པ་ལ་ལོག་པར་བརྟགས་ནས་ཆད་ལྟའི་ཕྱོགས་སུ་གཞོལ་བ་རྣམས་དྲང་བའི་ཕྱིར་རམ། ཡང་ན་ཟབ་མོ་ཉིད་ལ་མི་མོས་པ་དག་དྲང་བའི་ཕྱིར་ཏེ་གོང་དུ་སྨོས་ཟིན་ཏོ། །རྣམ་གཞག་འདི་ལ་རྣམ་རིག་སྨྲ་བ་དག་གིས་མདོའི་ལུང་དང་བཅས་རེ་རྩོད་པ་བཀོད་པ་དག་ལ། མདོའི་ལུང་རྣམས་ནི་བཤད་མ་ཐག་པ་ལྟར་དགོངས་པ་ཅན་ཡིན་པའི་ཕྱིར་དང་། རིགས་པ་བརྗོད་པ་རྣམས་ཀྱིས་ཀྱང་སྐྱོན་མེད་དེ། གཞུང་སྔ་མ་དེ་ཉིད་ལས། གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བར་འགྱུར། །གང་ལ་སྟོང་ཉིད་མི་རུང་བ། །དེ་ལ་ཐམས་ཅད་རུང་མི་འགྱུར། །ཞེས་དང་། གལ་ཏེ་འདི་ཀུན་མི་སྟོང་ན། །འབྱུང་བ་མེད་ཅིང་འཇིག་པ་མེད། །འཕགས་པའི་བདེན་པ་བཞི་པོ་རྣམས། །ཁྱོད་ལ་མེད་པར་ཐལ་བར་འགྱུར། །ཞེས་གསུངས་པ་སོགས་ཀྱི་རིགས་པ་དུ་མས་སྒྲུབ་པར་མཛད་དོ། །དེས་ན་འཁོར་ལོ་དང་པོ་དྲང་དོན་ཡིན་པར་ནི་ཐེག་ཆེན་གྱི་གྲུབ་མཐའ་དབུ་སེམས་གཉིས་ཀ་བཞེད་པ་མཐུན་ཞིང་། བར་ཐ་ལ་བཞེད་ཚུལ་ཐ་དད་པ་དེ་བཞིན་
ཡང་ལུགས་ཕྱི་མ་གཙོ་བོར་གཟུང་སྟེ། བར་པ་ངེས་དོན་མཐར་ཐུག་དང་། ཐ་མ་དྲང་ངེས་ཅི་རིགས་ཀྱི་ཆ་ཡོད་པར་ཤེས་པར་བྱའོ། །

དྲང་ངེས་གཉིས་སུ་དབྱེ་བའི་ཆོས།


GTN001_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་དྲང་ངེས་གཉིས་སུ་དབྱེ་བའི་ཆོས་ནི། བློ་གྲོས་མི་ཟད་པས་བསྟན་པ་ལས། ཀུན་རྫོབ་སྒྲུབ་པ་སྟོན་པ་ནི་དྲང་བའི་དོན་ནོ། །དོན་དམ་སྒྲུབ་པ་སྟོན་པ་ནི་ངེས་པའི་དོན་ནོ། །ཞེས་གསུངས་པ་ལྟར་ཀུན་རྫོབ་ཀྱི་བདེན་པ་ལས་བརྩམས་ཏེ་རྒྱུ་ལམ་འབྲས་བུའི་ཚུལ་ལ་སོགས་པ་སྟོན་པ་རྣམས་དྲང་བའི་དོན་ཏེ། དེས་དོན་དམ་པའི་དེ་ཁོ་ན་ཉིད་ལ་རིམ་གྱིས་བཀྲི་བར་བྱེད་པའི་ཕྱིར་རོ། །དོན་དམ་པའི་བདེན་པ་ལས་བརྩམས་ཏེ་གཞི་ལམ་འབྲས་བུའི་གནས་ལུགས་སོགས་ཕྱིན་ཅི་མ་ལོག་པར་སྟོན་པ་ནི་ངེས་དོན་ཏེ་སྒྲོ་སྐུར་དང་བྲལ་བའི་དེ་ཁོ་ན་ཉིད་ཀྱི་དོན་ངེས་པར་སྟོན་པས་སོ། །དེའང་སློབ་དཔོན་ཀླུ་སྒྲུབ་ཀྱིས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །འཇིག་རྟེན་ཀུན་རྫོབ་བདེན་པ་དང་། །དམ་པའི་དོན་གྱི་བདེན་པའོ། །ཞེས་དང་། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་རྟོགས་མི་འགྱུར། །དམ་པའི་དོན་ནི་མ་རྟོགས་པར། །མྱ་ངན་འདས་པ་ཐོབ་མི་འགྱུར། །ཞེས་ལེགས་པར་གསུངས་ཤིང་། བདེན་པ་གཉིས་སོ་སོའི་ཚུལ་ཡང་། ག་ལས་འཇིགས་མེད་དུ། འཇིག་རྟེན་པའི་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱ་བ་ནི་ཆོས་རྣམས་ངོ་བོ་ཉིད་ཀྱིས་སྒྲུབ་པ་དག་ལ། འཇིག་རྟེན་གྱི་ཕྱིན་ཅི་ལོག་མ་རྟོགས་པས་ཆོས་ཐམས་ཅད་སྐྱེ་བར་མཐོང་བ་གང་ཡིན་པ་སྟེ། དེ་ནི་དེ་དག་ཉིད་ལ་ཀུན་རྫོབ་ཏུ་བདེན་པ་ཉིད་ཡིན་པས་ཀུན་རྫོབ་ཀྱི་


GTN001_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་པའོ། །དོན་དམ་པའི་བདེན་པ་ནི་འཕགས་པ་རྣམས་ཀྱིས་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་པས་ཆོས་ཐམས་ཅད་སྐྱེ་བ་མེད་པར་གཟིགས་པ་གང་ཡིན་པ་སྟེ། དེ་ནི་དེ་དག་ཉིད་ལས་དོན་དམ་པར་བདེན་པ་ཉིད་ཡིན་པས་དོན་དམ་པའི་བདེན་པའོ། །དེ་ལ་གང་དག་ཀུན་རྫོབ་ཀྱི་བདེན་པ་དང་། དོན་དམ་པའི་བདེན་པ་དེ་གཉིས་ཀྱི་རྣམ་པར་དབྱེ་བ་དེ་ལྟར་ངེས་པའི་དྲང་དོན་དེ་ལྟར་རྣམ་པར་མི་ཤེས་པ་དེ་དག་ནི། སངས་རྒྱས་ཀྱི་བསྟན་པ་ཟབ་མོའི་དེ་ཉིད་རྣམ་པར་མི་ཤེས་པ་ཡིན་ནོ། །ཞེས་པ་ལྟར་རོ། །དེ་ལ་ཐེག་པ་ཆེ་ཆུང་དབྱེ་ཞིང་རྩོད་པ་སྤོང་བ་ནི།དེ་ལྟར་ངེས་པའི་དྲང་དོན་གྱིས་བརྗོད་པ་ཡོད་པའི་མདོ་སྡེ་ཡིན་ན་ཐེག་དམན་གྱི་མདོ་སྡེ་ཡིན་པས་ཁྱབ་བམ་ཞེ་ན་མ་ཁྱབ་སྟེ། འཁོར་ལོ་དང་པོ་ཕལ་ཆེར་ཐེག་དམན་གྱི་ཚུལ་སྟོན་པ་ཤས་ཆེ་ན། ཐ་མ་ལས་གསུངས་པའི་དྲང་དོན་རྣམས་ཀྱིས་དེ་ཐེག་དམན་སྟོན་བྱེད་ཀྱི་མདོ་སྡེར་བསྒྲུབ་མི་ནུས་པའི་ཕྱིར་ཏེ། དེའི་དོན་ཐེག་ཆེན་ཉིད་དུ་ངེས་པའི་ཕྱིར་རོ། །འོ་ན་ངེས་དོན་གྱི་དོན་སྟོན་པ་ཡོད་ན་ཐེག་ཆེན་གྱི་མདོ་སྡེ་ཡིན་པས་ཁྱབ་བམ་ཞེ་ན། དེའང་མ་ཁྱབ་སྟེ། ལུང་ལས། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །ཞེས་སོགས་ངེས་དོན་མཐར་ཐུག་སྟོན་པའི་སྐབས་ཀྱང་ཡོད་མོད་ཀྱི། དེས་འདུལ་ལུང་ཐེག་ཆེན་དུ་བསྒྲུབ་མི་ནུས་པ་བཞིན་ནོ། །དེས་ན་དྲང་ངེས་ཙམ་གྱིས་ཐེག་པ་ཆེ་ཆུང་འབྱེད་མི་ནུས་ཏེ། ཐེག་ཆེན་མདོ་
དང་རྒྱུད་གཉིས་ཀར་དྲང་དོན་དགོངས་པ་ཅན་མང་དུ་གསུངས་པའི་ཕྱིར་རོ། །འོ་ན་འཁོར་ལོ་གསུམ་སོ་སོར་དྲང་ངེས་འབྱེད་པ་ཅི་ཞེ་ན། དེ་ནི་གཙོ་ཆེ་ཆུང་གི་དབང་ལས་ཡིན་པས་ནོངས་པ་མེད་དོ། །

ཐེག་པ་ཆེ་ཆུང་གི་ཁྱད་པར།


GTN001_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བས་ན་ཐེག་པ་ཆེ་ཆུང་གི་ཁྱད་པར་ནི། རྣམ་རིག་སྨྲ་བ་དག་གི་ལྟར་ན་ཁྱད་པར་གྱི་ཆོས་བཅུས་འབྱེད་དེ། ཐེག་བསྡུས་ལས། ཤེས་བྱའི་གནས་དང་མཚན་ཉིད་དེར་འཇུག་དང་། །དེ་ཡི་རྒྱུ་འབྲས་དེ་རབ་དབྱེ་བ་དང་། །བསླབ་པ་གསུམ་དང་དེ་འབྲས་སྤངས་པ་དང་། །ཡེ་ཤེས་ཐེག་པ་མཆོག་གྱུར་ཁྱད་པར་འཕགས། །ཞེས་འབྱུང་ངོ་། །དེའང་ཤེས་བྱའི་གནས་ཀུན་གཞིའི་རྣམ་ཤེས། ཤེས་བྱའི་མཚན་ཉིད་ཀུན་བརྟགས། གཞན་དབང། ཡོངས་གྲུབ་གསུམ། མཚན་ཉིད་དེར་འཇུག་པ་རྣམ་རིག །དེར་འཇུག་པའི་རྒྱུ་འབྲས་ཕར་ཕྱིན་དྲུག །དེ་བསྒོམས་པའི་རབ་ཏུ་དབྱེ་བ་ནི་ས་བཅུ། ལྷག་པའི་ཚུལ་ཁྲིམས་ནི་བྱང་སྡོམ། ལྷག་པའི་སེམས་ནི་དཔའ་བར་འགྲོ་བ་སོགས་ཀྱི་ཏིང་ངེ་འཛིན། ལྷག་པའི་ཤེས་རབ་ནི་རྟོག་མེད་ཀྱི་ཡེ་ཤེས། དེ་འབྲས་སྤངས་པ་ནི་མི་གནས་པའི་མྱང་འདས། དེ་འབྲས་ཡེ་ཤེས་ནི་སྐུ་གསུམ་མོ། །དེས་ན་ཁྱད་པར་བཅུ་པོ་འདི་དག་དང་ལྡན་ན་ཐེག་ཆེན། མི་ལྡན་ན་ཐེག་དམན་དུ་ཤེས་པར་བྱ་ཞིང་། དེ་བཞིན་དུ་ཁྱད་པར་བཅུ་པོ་དེ་དག་ཐམས་ཅད་དམ་གང་རུང་དང་འབྲེལ་བའི་བརྗོད་བྱ་ཅན་གྱི་གསུང་རབ་ནི་ཐེག་ཆེན་གྱི་སྡེ་སྣོད་དུ་བཞེད་དོ། །ཡང་ན་དབུ་སེམས་ཐམས་ཅད་ཀྱི་འདོད་པ་ལྟར། གོང་དུ་བཤད་པའི་ཆེན་


GTN001_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བདུན་གྱི་ཚུལ་དང་ལྡན་མི་ལྡན་དང་། བརྗོད་བྱ་དེ་དག་དང་འབྲེལ་མི་འབྲེལ་སོགས་ཀྱིས་སོ། །འདི་སྐབས་སྡུད་པ་ལས། གང་དག་བདེ་གཤེགས་ཉན་ཐོས་འགྱུར་བར་བྱ་སྙམ་དང་། །རང་སངས་རྒྱས་དང་དེ་བཞིན་ཆོས་རྒྱལ་འགྱུར་འདོད་པ། །བཟོད་པ་འདི་ལ་མ་བརྟེན་ཐོབ་པར་མི་ནུས་ཏེ། །དཔེར་ན་ཕ་རོལ་ཚུར་རོལ་འགྲོ་ངོགས་མི་མཐོང་བཞིན། །ཞེས་གསུངས་པ་དང་། སློབ་དཔོན་ཀླུས། བཅོམ་ལྡན་དངོས་དང་དངོས་མེད་པ། །མཁྱེན་པས་ཀཱཏྱཱ་ན་ཡི། །གདམས་ངག་ལས་ནི་ཡོད་པ་དང་། །མེད་པ་གཉིས་ཀ་དགག་པར་གསུངས། །ཞེས་གསུངས་པ་སོགས་ཀྱི་ཉན་རང་རྣམས་ཀྱིས་ཀྱང་དངོས་པོའི་དེ་ཁོ་ན་ཉིད་རྟོགས་པས་འཁོར་བ་ལས་བརྒལ་ཏེ། རང་རང་གི་ལྷག་མེད་མྱང་འདས་མངོན་དུ་བྱེད་པ་ཡིན་པའི་ཕྱིར། ལྟ་བ་རྐྱང་པས་ནི་ཐེག་པ་ཆེ་ཆུང་དབྱེ་བར་དཀའ་བས་གཙོ་བོར་ཐབས་ལ་མཁས་པའི་སྤྱོད་པ་སོགས་ཀྱི་སྒོ་ནས་དབྱེ་བར་ཤེས་དགོས་ཏེ། རིན་ཆེན་ཕྲེང་བ་ལས། ཉན་ཐོས་ཐེག་པ་དེ་ལ་ནི། །བྱང་ཆུབ་སེམས་དཔའི་སྨོན་ལམ་དང་། །སྤྱོད་པ་ཡོངས་བསྔོ་མ་བཤད་དེས། །བྱང་ཆུབ་སེམས་དཔར་ག་ལ་འགྱུར། །བྱང་ཆུབ་སྤྱོད་ལ་གནས་པའི་དོན། །མདོ་སྡེ་ལས་ནི་བཀའ་མ་སྩལ། །ཐེག་པ་ཆེ་ལས་བཀའ་སྩལ་པ། །དེ་ཕྱིར་མཁས་པ་རྣམས་ཀྱིས་གཟུང་། །ཞེས་གསུངས་པའི་ཕྱིར་རོ། །ཐེག་པ་ཆུང་ངུ་དེ་ལ། དམན་པ་ཉན་ཐོས་ཀྱི་ཐེག་པ་དང་འབྲིང་རང་རྒྱལ་གྱི་ཐེག་པ་གཉིས་སུ་དབང་པོ་དང་འབྲས་བུ་མཆོག་དམན་གྱིས་དབྱེར་མོད་ཀྱི། དེ་


GTN001_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ལམ་ཕལ་ཆེར་རྣམ་གཞག་མཚུངས་པར་སའི་དངོས་གཞི་ལས་བཤད་དོ། །ཐེག་ཆེན་ལ་རྒྱུ་ལམ་དུ་བྱེད་པ་མཚན་ཉིད་ཀྱི་ཐེག་པ། འབྲས་བུ་ལམ་དུ་བྱེད་པ་གསང་སྔགས་རྡོ་རྗེ་ཐེག་པ་ཞེས་གཉིས་སུ་ཕྱེ་ཞིང་། སྔ་མ་ལ་དབུ་སེམས་གཉིས་འབྱེད་ཀྱང་དེ་དག་ལ་ཐེག་པ་ཐ་དད་པའི་རྣམ་གཞག་བྱར་མེད་དེ། ལྟ་བ་ལ་ཅུང་ཟད་ཁྱད་ཞུགས་ཀྱང་འབྲས་བུ་ལ་ཁྱད་པར་མེད་པའི་ཕྱིར་དང་། ལམ་མྱུར་བུལ་ཙམ་གྱིས་ནི་ཐེག་པ་སོ་སོར་འབྱེད་མི་ནུས་པའི་ཕྱིར་རོ། །ཐེག་པ་ཐམས་ཅད་ཀྱང་སྤྱིའི་མཐར་ཐུག་ཐེག་པ་གཅིག་ཏུ་ངེས་ཏེ། ཉན་རང་གི་ཐེག་པའི་མྱང་འདས་དེ་གནས་སྐབས་མྱང་འདས་ཙམ་དུ་བཞག་གི །མཐར་ཐུག་གི་མྱང་འདས་མཚན་ཉིད་པ་མ་ཡིན་པའི་ཕྱིར་ཏེ། མྱང་འདས་དེ་དག་ལ་སླར་དེ་བཞིན་གཤེགས་པས་འོད་ཟེར་གྱིས་བསྐུལ་ནས་བྱང་ཆུབ་ཆེན་པོའི་གནས་སུ་འཁྲིད་དགོས་པའི་ཕྱིར་རོ། །གནས་སྐབས་བྱེ་བྲག་ཏུ་ཐེག་པ་སོ་སོར་གཞག་དགོས་ཏེ། སོ་སོ་ལ་ལམ་དང་འབྲས་བུ་སོགས་ཀྱི་ཚུལ་རང་རྐང་རེ་ཡོད་པའི་ཕྱིར་རོ། །འདི་སྐབས་ཉན་ཐོས་པ་དག་གིས། ཐེག་ཆེན་གྱི་ཆོས་འཁོར་ཕྱི་མ་གཉིས་ཁས་མི་ལེན་ཞིང་། དེ་གཉིས་ཀྱི་མདོ་སྡེ་རྣམས། བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་དང་འགལ་བ་དང་།༡ འདུལ་བ་ལ་མི་སྣང་། མདོ་སྡེ་ལ་མི་འཇུག །ཆོས་ཉིད་དང་འགལ་བ་དང་།༢ སྔགས་བཟླ་བ་དང་། ཁྲུས་དང་། སྨྱུང་བར་གནས་པས་སྡིག་པ་འདག་པ་སོགས་ཕྱི་རོལ་པའི་ལམ་བསྟན་པ་དང་།༣ སངས་རྒྱས་ཀྱི་བསྟན་པ་སྡེ་པ་
བཅོ་བརྒྱད་དུ་འདུས་པར་གསུངས་པ་ལས། དེར་མ་འདུས་པ་དང་། ༤ གཞན་ཡང་གྲགས་པ་དང་འགལ་བ་སོགས་སྐྱོན་མང་པོ་བརྗོད་ནས་སུན་འབྱིན་པར་བྱེད་དོ། །

དོགས་པའི་གནས།


GTN001_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

༥ ༡- དེ་ལ་དོགས་པའི་གནས་དང་པོ་ནི། འདུས་བྱས་མི་རྟག་པར་གསུངས་པ་དང་འགལ་བ་ལོངས་སྐུ་རྟག་པར་བཤད་པ་དང་།༡ ཟག་བཅས་སྡུག་བསྔལ་དང་འགལ་བ་བྱང་སེམས་བདེ་འགྲོར་བཤད་པ་དང་།༢ ཆོས་རྣམས་བདག་མེད་པ་དང་འགལ་བ་དམ་པའི་བདག་གྲུབ་པར་བཤད་པ་དང་།༣ མྱང་འདས་ཞི་བ་དང་འགལ་བ་ཉན་རང་གི་མྱང་འདས་སླར་སྐྱེ་བ་བླངས་ནས་འཚང་རྒྱ་དགོས་པ་རྣམས་ཏེ།༤ དེ་དག་རིམ་པ་བཞིན་དུ་སྐྱོན་དང་པོ་མེད་དེ། ལོངས་སྐུ་ནི་ས་བཅུ་པ་དག་གི་ངོར་རྒྱུན་གྱིས་རྟག་པར་སྣང་བ་ཡིན་གྱི། ངོ་བོ་ཉིད་ཀྱིས་རྟག་པར་མ་ཡིན་པའི་ཕྱིར་དང་། སྐྱོན་གཉིས་པ་མེད་དེ། ཉན་ཐོས་རྣམས་ཀྱིས་གང་སྡུག་བསྔལ་དུ་བལྟ་བའི་དངོས་པོ་དག་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤེས་རབ་མཆོག་གིས་བརྟགས་པས་དེར་མི་བལྟ་བའི་ཕྱིར་དང་། སྐྱོན་གསུམ་པ་མེད་དེ། བདག་དང་བདག་གིའི་མཚན་མ་ཐམས་ཅད་དང་བྲལ་བའི་དེ་བཞིན་ཉིད་ལ་མི་འགྱུར་མི་འཕོ་མི་ཤིགས་པའི་ཕྱིར་དམ་པའི་བདག་གི་སྒྲས་བསྟན་པའི་ཕྱིར་དང་། སྐྱོན་བཞི་པ་མེད་དེ། ཉན་རང་གི་མྱང་འདས་ནི་རེ་ཞིག་དགོངས་པས་མྱང་འདས་སུ་བཞག་གི །གཏན་དུ་མྱ་ངན་ལས་འདས་པ་ཆེན་པོར་མ་བཞག་པའི་ཕྱིར་རོ། །༢- དོགས་པའི་གནས་གཉིས་པ་དེ་དག་ཀྱང་། ཉན་ཐོས་པ་ཉིད་ལ་གྲགས་པའི་ཐུན་མོང་གི་འདུལ་བ་སོགས་ལ་མི་སྣང་བ་སོགས་དོན་ཉི་ཚེ་བ་ལ་བསམ་པར་


GTN001_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་པས། དེས་སྐྱོན་མེད་པའི་ཚུལ། མདོ་རྒྱན་ལས། རང་གི་ཉིད་ལ་འཇུག་པ་དང་། །རང་གི་འདུལ་ལའང་སྣང་ཕྱིར་དང་། །ཟབ་པའི་ཕྱིར་དང་རྒྱ་ཆེའི་ཕྱིར། །ཆོས་ཉིད་དང་ནི་འགལ་བ་མེད། །ཅེས་དང་། རྟོག་གེ་འབར་བ་ལས་ཀྱང་། ཐེག་པ་ཆེན་པོ་ནི་སངས་རྒྱས་ཀྱིས་གསུངས་པ་ཉིད་ཡིན་ཏེ། ཆོས་ཀྱི་ཕྱག་རྒྱ་དང་ནི་མི་འགལ་བའི་ཕྱིར་དང་། གང་འཕགས་པའི་བདེན་པའི་མདོ་སྡེ་ལའང་འཇུག །ཉོན་མོངས་པ་འདུལ་བ་ལའང་ཡང་དག་པར་མཐོང་། རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཉིད་དང་ཡང་མི་འགལ་བ་ཉིད་ནི་སངས་རྒྱས་ཀྱི་གསུང་ཡིན་ནོ། །ཞེས་བྱ་བ་དེ་ཐམས་ཅད་ཐེག་པ་ཆེན་པོ་ལ་འགྲུབ་པའི་ཕྱིར་རོ། །ཡང་ན་སྡེ་པ་བཅོ་བརྒྱད་པོ་རྣམ་ཀུན་གྱིའང་རང་རང་གི་མདོ་སྡེ་ལ་སོགས་པ་ལ་འཇུག་པ་ཡིན་གྱི་ཕན་ཚུན་ནི་འགལ་བ་ཆེར་ཡོད་པ་མ་ཡིན་ནོ། །ཐེག་པ་ཆེན་པོ་དང་གཞན་ལ་ཕན་པའི་དབང་དུ་བྱས་པའི་ཟབ་པ་དང་རྒྱ་ཆེ་བའི་ཚུལ་གྱིས་ཉན་ཐོས་ཀྱི་མདོ་སྡེ་ལ་སོགས་པའི་སྡེ་སྣོད་ལ་འགའ་ཞིག་མི་འཇུག་ཏུ་ཟིན་ཀྱང་། ཐེག་པ་ཆེན་པོའི་མདོ་སྡེ་ལའང་འཇུག །བྱང་ཆུབ་སེམས་དཔའི་བསླབ་པའི་གནས་བདུན་བརྒྱ་ལའང་སྣང་། སྟོང་པ་ཉིད་དུ་བསྟན་པའི་ཆོས་ཉིད་དང་མི་འགལ་བའི་ཕྱིར་རོ། །དེ་ལྟར་ན་ཆོས་ཀྱི་ཕྱག་རྒྱ་དང་འགལ་བ་མེད་དོ། །ཞེས་གསུངས་པ་སོགས་མཐའ་ཡས་སོ། །༣- དོགས་གནས་གསུམ་པའང་སྐྱོན་མེད་དེ། སྔགས་བཟླ་བ་བཤད་པའང་གཟུངས་སྔགས་རྣམས་ནི་བསྒོམ་པའི་རྣམ་པ་ཅན་ཡིན་པ་དང་། གསང་སྔགས་


GTN001_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་གསང་བ་སྟོན་པར་བྱེད་པའི་སྦས་པའི་ཡི་གེའི་སྦྱོར་བ་ཇི་ལྟར་འདོད་པའི་བསམ་པ་སྒྲུབ་པའི་ནུས་པ་ཅན་ཡིན་པ་དང་། རིགས་སྔགས་རྣམས་ནི་བྱང་ཕྱོགས་སོགས་ཀྱི་ཆོས་སྟོན་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་དང་། ཁྲུས་ཀྱང་ཀླུའི་རྒྱལ་པོ་མ་དྲོས་པས་མཚེའུ་ཞིག་ཏུ་སྐྱེ་བ་བླངས་ནས་གང་སྲོག་ཆགས་གང་དང་གང་དག་གིས་བདག་གི་མཚེའུ་འདི་ལས་འབབ་པར་གྱུར་པའི་ཆུ་ཀླུང་རྣམས་ལ་ཁྲུས་བྱས་པ་དང་། འཐུང་བ་དང་ཞུགས་ནས་གནས་པར་བྱེད་པ་དེ་རྣམས་ལ། དེ་དག་ཉིད་དེ་རྣམས་ཀྱི་བྱང་ཆུབ་ཀྱི་རྒྱུར་གྱུར་ལ་དེ་དག་ཐམས་ཅད་ཀྱང་རིམ་གྱིས་བདག་གིས་སངས་རྒྱས་ཉིད་ལ་འགོད་པར་གྱུར་ཅིག །ཅེས་སྨོན་ལམ་བཏབ་པ་ལྟར་ཆུ་ལ་སྡིག་པ་སྦྱོང་བའི་ནུས་པ་མེད་ཀྱང་སྨོན་ལམ་གྱི་དབང་གིས་དེ་ལྟར་མི་འགལ་བའི་ཕྱིར་དང་། སྨྱུང་གནས་ཀྱང་དེས་གྲོལ་བར་མ་ཡིན་གྱི། རིགས་སྔགས་བསྒྲུབ་པའི་ཕྱིར་རོ། །༤- དོགས་གནས་བཞི་པའང་སྐྱོན་མེད་དེ། རྟོག་གེ་འབར་བ་ལས། ཐེག་པ་ཆེན་པོ་ནི་ངེས་པར་ཟབ་ཅིང་རྒྱ་ཆེ་བ་ལ་མོས་པའི་སེམས་ཅན་གྱི་བསམ་པ་དང་ལྷག་པའི་བསམ་པའི་དབང་དུ་བྱས་ནས་སྡེ་པ་བཅོ་བརྒྱད་ལ་ཐུན་མོང་དུ་བསྟན་པ་ཡིན་ཏེ། གཙུག་ལག་གི་གསུང་རབ་རྣམས་ལས་སྐྱེ་བ་དང་། ན་ཚོད་དང་། མདོག་དང་། ཡུལ་དང་། དུས་ཐ་དད་པ་མེད་པར་བསྟན་པ་བཞིན་ནོ། །ཡང་ན་སངས་རྒྱས་ཐམས་ཅད་ཀྱི་བསྟན་པ་ལ། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོའི་དབྱེ་བ་ནི་ཡོད་པ་ཁོ་ན་ཡིན་ལ།


GTN001_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་ཐམས་ཅད་ཀྱི་དབྱེ་བ་ནི་ཤཱཀྱ་ཐུབ་པ་ཁོ་ན་ལ་ཡོད་ཀྱི་གཞན་ལ་ནི་ཡོད་པ་མ་ཡིན་ཞིང་ལོག་པར་དད་སེལ་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་ཐེག་པ་ཐ་དད་དུ་དབྱེ་བ་མཛད་པ་ནི་ཡོད་པ་ཡིན་པས་འོད་སྲུང་གིས་མ་བསྟན་པ་ཡིན་ནོ། །ཞེས་སོགས་རྒྱ་ཆེར་བཤད་པ་ལྟར་འཐད་པའི་ཕྱིར་རོ། །༥- དོགས་གནས་ལྔ་པའང་སྐྱོན་མེད་དེ། རབ་བྱུང་གིས་ཁྱིམ་པ་བྱང་ཆུབ་སེམས་དཔའ་ལ་ཕྱག་བྱེད་པར་བཤད་པ་སོགས་གྲགས་པ་དང་འགལ་བ་རྣམས་ཀྱང་ཕལ་ཆེན་པ་སོགས་སྡེ་པ་ཐ་དད་པ་དག་གི་མདོ་ལས་ཀྱང་དེ་ལྟར་འབྱུང་བ་དང་། ཡང་དག་རྫོགས་པའི་བྱང་ཆུབ་རྒྱུ། །སེམས་ནི་རིན་ཆེན་དེ་ཉིད་ཀྱང་། །དཔའ་བོ་ཁྱོད་ཀྱིས་སྙིང་པོར་མཁྱེན། །དེ་ལས་གཞན་པས་རིང་བར་འགྱུར། །དང་པོར་ཁྱོད་ལ་ཕྱག་བགྱིའམ། །འོན་ཏེ་གང་གིས་འཁོར་བར་ཁྱོད། །སྐྱོན་མཁྱེན་ཡུན་རིང་དེ་ལྟ་བུར། །བཞུགས་མཛད་ཐུགས་རྗེ་ཆེ་ལ་བགྱི། །ཞེས་སོགས་བཤད་པ་དག་གིས་ལེགས་པར་སེལ་ནུས་པའི་ཕྱིར་རོ། །གཞན་ཡང་ཐེག་པ་ཆེན་པོའི་ཆོས་ཤིན་ཏུ་རྒྱས་པའི་མདོ་སྡེ་འདི་དག་ལ་ཤིན་ཏུ་རྒྱས་པའི་མདོ་སྡེར་མི་འདོད་པ་དང་། བྱང་ཆུབ་ཆེན་པོ་སྒྲུབ་པའི་ཐབས་ཉན་ཐོས་ལ་གྲགས་པའི་མདོ་སྡེ་རྣམས་ཀྱིས་སྟོན་པས་ཐེག་ཆེན་གཞན་མི་དགོས་པར་འདོད་པ་སོགས་རྒྱུ་མཚན་གྱི་རྣམ་གྲངས་ཤིན་ཏུ་མང་པོས་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀའ་མ་ཡིན་པར་སྒྲུབ་པ་དག །མདོ་སྡེ་རྒྱན་དུ། སྔར་ལུང་མ་བསྟན་ལྷན་ཅིག་བྱུང་། །སྤྱོད་ཡུལ་མ་ཡིན་གྲུབ་པ་དང་། །ཡོད་དང་མེད་ན་ཡོད་མེད་
དང་། །གཉེན་པོ་དང་ནི་སྒྲ་གཞན་ཕྱིར། །སངས་རྒྱས་རྣམས་ནི་མངོན་སུམ་སྤྱན། །བསྟན་པ་དག་ཀྱང་སྲུང་བར་མཛད། །དུས་ལའང་ཡེ་ཤེས་མ་བསྒྲིབས་པས། །དེ་ཕྱིར་བཏང་སྙོམས་མི་རུང་ངོ་། །མ་ཚང་བ་དང་འགལ་བ་དང་། །ཐབས་མིན་དེ་ལྟར་མ་བསྟན་ཕྱིར། །ཉན་ཐོས་ཀྱི་ནི་ཐེག་པ་འདི། །ཐེག་ཆེན་ཆོས་ཤེས་བྱ་བ་མིན། །བསམ་པ་དང་ནི་བསྟན་པ་དང་། །སྦྱོར་བ་དང་ནི་རྟོན་པ་དང་། །དུས་འགལ་ཕྱིར་ན་དམན་པ་གང་། །དེ་ནི་དམན་པ་ཁོ་ན་ཡིན། །ཞེས་སོགས་འབྱུང་བ་ལྟ་བུ་དང་། གཞན་ཡང་སློབ་དཔོན་ཀླུ་སྒྲུབ་དང་། ཐོགས་མེད། དབྱིག་གཉེན། ཞི་བ་ལྷ་སོགས་མང་པོས་མཛད་པའི་གཞུང་འགྲེལ་རྣམས་སུ་ལེགས་པར་སུན་ཕྱུང་ནས་ལུང་དང་རིགས་པ་བཟང་པོས་ཐེག་པ་ཆེན་པོ་རྒྱ་ཆེར་སྒྲུབ་པའི་ཚུལ་ཡོད་དོ། །

མདོ་དང་སྔགས་སུ་བཤད་ཚོད་ཀྱི་སངས་རྒྱས་ལ་ཁྱད་པར།


GTN001_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

༈ དེ་ཡང་སྔོན་གྱི་མཁས་པ་ཆེན་པོ་དག་རྒྱུ་འབྲས་ཐེག་པའི་ཁྱད་པར་དང་བློ་གྲོས་རྣམ་འབྱེད་ཀྱི་ཆེད་དུ་མདོ་དང་སྔགས་སུ་བཤད་ཚོད་ཀྱི་སངས་རྒྱས་ལ་ཁྱད་པར་འདི་ལྟར་དཔྱད་དེ། ཆོས་སྐུ་ལ་ངོ་བོའི། མཚན་ཉིད། བྱིན་རླབས་ཀྱི་ཁྱད་པར་དང་གསུམ་ལས། དང་པོ་ནི། མཚན་ཉིད་ཐེག་པའི་ཆོས་སྐུ་སྤྲོས་པ་དང་བྲལ་བའི་སྟོང་ཉིད་ནམ་མཁའ་ལྟ་བུ་ཡིན་ཏེ། འཇུག་པ་ལས། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། །བསྲེགས་པས་ཞི་དེས་རྒྱལ་རྣམས་ཆོས་སྐུ་སྟེ། །དེ་ཚེ་སྐྱེ་བ་མེད་ཅིང་འགག་པ་མེད། །སེམས་འགགས་པ་དེ་སྐུ་ཡི་མངོན་སུམ་མཛད། །ཅེས་པ་ལྟར་རོ། །


GTN001_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱི་ཆོས་སྐུ་ནི་དབྱིངས་དང་ཡེ་ཤེས་ཀྱི་རང་བཞིན་སྣང་སྟོང་ཟུང་དུ་འཇུག་པ་སྟེ། སྒྱུ་འཕྲུལ་རྒྱས་པ་ལས། འཇིག་རྟེན་བརྟན་གཡོ་ལ་སོགས་པ། །སྣང་བ་ཉིད་ན་དངོས་པོ་མེད། །ཅེས་གསུངས་པ་བཞིན་ནོ། །གཉིས་པ་ནི། མཚན་ཉིད་ཐེག་པའི་ཆོས་སྐུ་སྟོང་པའི་མཐར་ལྷུངས་ལ། སྔགས་ཀྱི་ཆོས་སྐུ་ནི་སྣང་སྟོང་གཉིས་སུ་མེད་པས་རྟག་ཆད་ཀྱི་མཐར་མ་ལྷུང་བའོ། །གསུམ་པ་ནི། མཚན་ཉིད་ཆོས་སྐུ་ལས་བྱིན་རླབས་གཟུགས་སྐུ་གཉིས་ལས་མི་འཆར། སྔགས་ཀྱི་ཆོས་སྐུ་ནི། དབྱིངས་དང་ཡེ་ཤེས་སྣང་སྟོང་ཟུང་དུ་འཇུག་པའི་བྱིན་རླབས་ལས་སྐུ་ལྔ་ལ་སོགས་པ་ཅི་རིགས་པར་འཆར་རོ། །ལོངས་སྐུ་དང་སྤྲུལ་སྐུའི་ཁྱད་པར་ཡང་འདི་ལྟར་ཡོད་དེ། རྒྱུ་མཚན་ཉིད་ཀྱིས་གཟུགས་སྐུ་གཉིས་རྒྱུ་རྐྱེན་གྱིས་བསྐྱེད་པར་འདོད་ལ། སྔགས་ཀྱི་གཟུགས་སྐུ་ནི་རྒྱུ་དང་རྐྱེན་གྱིས་བསྐྱེད་པར་མ་བྱུང་སྟེ། སྔ་མ་ལས། རྒྱུ་རྐྱེན་རག་ལུས་མེད་པའི་ཕྱིར། །ཞེས་སོ། །གསུམ་པ་ལའང་གཉིས་ཏེ། ལོངས་སྐུའི་ཁྱད་པར་དང་། སྤྲུལ་སྐུའི་ཁྱད་པར་རོ། །ལོངས་སྐུའི་ཁྱད་པར་ལའང་གཉིས་ཏེ། ལོངས་སུ་སྤྱད་བྱའི་ཁྱད་པར་ནི། མཚན་ཉིད་ཐེག་པའི་ལོངས་སྐུས་དཀར་པོའི་ཕྱོགས་ལ་ལོངས་སྤྱོད་པ་ལས་ནག་པོའི་ཕྱོགས་ལ་མི་སྤྱོད། སྔགས་ཀྱི་ལོངས་སྐུས་ནི་གཉིས་ཀ་ལ་ལོངས་སྤྱོད། སྤྱོད་བྱེད་ཐབས་ཀྱི་ཁྱད་པར་ཡང་། མཚན་ཉིད་ཐེག་པར་ནག་པོའི་ཕྱོགས་ལ་


GTN001_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྤྱོད་པའི་ཐབས་མེད། སྔགས་ལ་དཀར་ནག་གཉིས་ཀར་ལོངས་སྤྱོད་པའི་ཐབས་ཡོད་པའི་ཕྱིར་རོ། །སྤྲུལ་སྐུ་ལའང་ཁྱད་པར་གཉིས་ལས་གདུལ་བྱ་ཡུལ་གྱི་ཁྱད་པར་ནི། མཚན་ཉིད་ཐེག་པའི་སྤྲུལ་སྐུས་དཀར་ཕྱོགས་ཀྱི་གདུལ་བྱ་འདུལ་བས་ནག་པོའི་ཕྱོགས་ཀྱི་གདུལ་བྱ་མི་འདུལ། སྔགས་ཀྱི་སྤྲུལ་སྐུའི་གདུལ་བྱ་ལ་ཕྱོགས་རིས་མེད་པའོ། །འདུལ་བྱེད་ཐབས་ཀྱི་ཁྱད་པར་ཡང་། རྒྱུ་མཚན་ཉིད་སྤྲུལ་སྐུ་ལ་ནག་ཕྱོགས་འདུལ་བའི་ཐབས་མེད། སྔགས་ཀྱི་སྤྲུལ་སྐུ་ནི་གདུལ་བྱ་དཀར་ནག་གི་ཕྱོགས་གཉི་ག་འདུལ་བའི་ཐབས་དང་ལྡན་པའོ། །གཞན་ཡང་ཆོས་སྐུ་ལ་མཆོག་ཏུ་མི་འགྱུར་བའི་བདེ་བ་ཁྱད་པར་དུ་བྱས་པ་དང་། ལོངས་སྐུ་ངེས་པ་ལྔ་ལྡན་ཀྱང་ཞིང་དང་སྟོན་འཁོར་ཐམས་ཅད་རང་སྣང་གཞིའི་འོད་གསལ་ཆེན་པོར་ལྷུན་གྱིས་གྲུབ་པའི་སྣང་ཆ་ལས་གཞན་སྣང་གིས་བསྡུས་པ་མིན་པ་དང་། སྤྲུལ་སྐུ་ཡང་འདུལ་བ་རྣམ་པ་བཞིའི་སྒོ་ནས་ཕྲིན་ལས་རྣམ་པ་བཞི་རབ་འབྱམས་ཅི་ཡང་རུང་བ་ལ་མངའ་དབང་བསྒྱུར་ནས་གདུལ་བྱའི་དོན་མཛད་པ་ལ་དབང་འབྱོར་པ་སོགས་ཁྱད་པར་གཞན་ཡང་ཡོད་པར་ཤེས་པར་བྱའོ། །དེ་ཉིད་ཀྱིས་འགྲོ་བའི་དོན་མཛད་པ་དེ་ཡང་གང་གི་ཚེ་དེ་བཞིན་གཤེགས་པས་ཐམས་ཅད་མཁྱེན་པའི་གོ་འཕང་མངོན་དུ་མཛད་པ་ན། རང་གི་ངོ་བོའི་ཆ་ལས་གདུལ་བྱ་སེམས་ཅན་གྱི་ཁམས་རབ་འབྱམས་རྒྱ་མཚོ་དང་འདུལ་བྱེད་ཐབས་ཀྱི་ཁྱད་


GTN001_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

པར་དེ་སྙེད་ཀྱང་ཐུགས་རྗེ་ཆེན་པོའི་རོལ་པ་ལས་གཞན་དུ་མ་གྱུར་པ་སྟེ་ཐམས་ཅད་རོ་གཅིག་པར་འབད་མེད་ལྷུན་གྲུབ་ཏུ་གནས་པས་གདུལ་བྱའི་བསོད་ནམས་ཀྱི་ཚོགས་དང་། རྒྱལ་བའི་ཐུགས་བསྐྱེད་ཀྱི་ཁྱད་པར་སོགས་རྒྱུ་དང་རྐྱེན་ལ་མ་ལྟོས་པར་སེམས་ཅན་ཐམས་ཅད་ཀྱི་རང་བཞིན་གང་ཡིན་པ་དེ་དང་སངས་རྒྱས་ཀྱི་ཡེ་ཤེས་བདེ་བར་གཤེགས་པའི་སྙིང་པོ་ཆོས་ཉིད་ཀུན་ཁྱབ་ཀྱི་རང་བཞིན་འགྲོ་འོང་འཕོ་འགྱུར་མེད་པར་ཏིལ་གྱི་ཁམས་ལ་སྣུམ་གྱིས་ཁྱབ་པ་བཞིན་རྣམ་པར་དབྱེར་མེད་པའི་བདག་ཉིད་དུ་བཞུགས་པ་ནི། གཤིས་ལུགས་སུ་ཁྱབ་པའི་ཕྲིན་ལས་འདུས་མ་བྱས་པའི་ངོ་བོས་རྟག་པ་དང་། ཁྱབ་པ་དང་། ལྷུན་གྱིས་གྲུབ་པའི་མཚན་ཉིད་ཅན་ཏེ། དད་པའི་སྟོབས་བསྐྱེད་པ་ལ་འཇུག་པའི་མདོ་ལས། འཇམ་དཔལ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམས་ཐམས་ཅད་ནི་མུ་སྟེགས་ཅན་གྱི་གནས་ཐམས་ཅད་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ལས་བྱ་བ་ཐམས་ཅད་གང་ཅི་འབྱུང་བ་དེ་དག་ཐམས་ཅད་ནི་དེ་བཞིན་གཤེགས་པའི་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཀྱིས་འབྱུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། མ་འདྲེས་པའི་ཆོས་དང་ལྡན་པའི་ཕྱིར་རོ། །ཞེས་དང་། རྒྱུད་བླ་མ་ལས། གཞན་གྱི་དབང་གིས་ངེས་འབྱུང་དང་། །བདག་དང་སེམས་ཅན་མཚུངས་གཟིགས་དང་། །མཛད་པ་ཡོངས་སུ་མ་རྫོགས་ཕྱིར། །འཁོར་བ་སྲིད་དུ་མཛད་མི་འཆད། །ཅེས་རྟག་པའི་དོན་དང་། དེ་ལྟར་ནམ་མཁའི་མཐའ་ཀླས་ཀྱིས། །འགྲོ་བ་རྟག་ཏུ་ལྷུན་གྲུབ་པར། །ཐོགས་མེད་བློ་ལྡན་དེ་ཡིས་ནི། །སེམས་ཅན་དོན་ནི་ཡང་དག་འཇུག །


GTN001_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་ཁྱབ་པ་དང་ལྷུན་གྱིས་གྲུབ་པའི་དོན་དང་། མདོ་སྡེ་ལས་བརྒྱ་པ་ལས། རྒྱ་མཚོ་ཆུ་སྲིན་གནས་ཀྱི་རླབས། །དུས་ལས་ཡོལ་བར་འགྱུར་སྲིད་ཀྱི། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་མི་མངའ། །ཞེས་གསུངས་པ་བཞིན་ལྷུན་གྱིས་གྲུབ་པའི་ཕྲིན་ལས་དེ་ཉིད་གདུལ་བྱ་སོ་སོའི་རྒྱུད་ལ་སྐལ་བ་དང་འཚམས་པར་སད་ཚུལ་ལ་ལྟོས་ནས་མྱང་འདས་ཀྱི་རྒྱུད་ཀྱིས་བསྡུས་པའི་འབད་རྩོལ་དང་རྣམ་པར་མི་རྟོག་བཞིན་དུ་གཤེགས་སྙིང་གི་རྩལ་འཁོར་བ་ལྟར་ཤར་བའི་གློ་བུར་གྱི་ཆོས་དང་འཛོམས་པ་ལས་རྣམ་གྲོལ་གྱི་ལམ་སྟོན་པ་དགེ་བའི་བཤེས་གཉེན་དང་། ལམ་གྱི་སྟེགས་དང་། ལམ་གྱི་རྣམ་པར་ཤར་བ་དྲི་མ་སྦྱོང་བའི་གཉེན་པོར་འགྲོ་བས་བྱང་ཆུབ་ཀྱི་མྱུ་གུ་སྨིན་ཟིན་པ་དང་། སྨིན་པ་དང་། སྨིན་པར་འགྱུར་བའི་ཐབས་ཚུལ་ནི་བདེ་བར་གཤེགས་པའི་འཕྲིན་ལས་དང་ཐུགས་རྗེའི་རོལ་བ་རྨད་དུ་བྱུང་བ་སྟེ། སྒྱུ་འཕྲུལ་རྒྱས་པ་ལས། ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །ཕྱོགས་བཅུའི་འཇིག་རྟེན་རྡུལ་སྙེད་དུ། །འགྲོ་བའི་ཕྲིན་ལས་བསམ་མི་ཁྱབ། །སྐུ་གསུང་ཐུགས་དང་ཡོན་ཏན་དང་། །ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཀྱིས། །གདུལ་བ་བྱ་རྣམས་ཆུད་མི་གསོན། །ངན་སོང་སྦྱངས་ཤིང་བྱང་ཆུབ་ཞིང་། །ཡེ་ཤེས་ཚོགས་རྫོགས་ཀུན་ཏུ་སྟོན། །ཞེས་གསུངས་པའི་ཕྱིར་རོ། །གཞན་དུ་མཉམ་བཞག་གི་ཡེ་ཤེས་ལ་གཡོ་བ་མེད་བཞིན་དུ་རྗེས་ཐོབ་ཀྱིས་སེམས་ཅན་གྱི་དོན་མཛད་པར་འདོད་པ། ཇི་སྐད་དུ། (རྒྱུད་བླ་མ།) མི་རྟོག་པ་དང་དེ་ཡི་ནི། །རྗེས་ཐོབ་དེ་ནི་ཡེ་ཤེས་འདོད། །ཅེས་བཤད་པ་དང་། གདུལ་


GTN001_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

བྱའི་དཀར་པོ་རྣམ་པར་འཕེལ་བའི་རྒྱུ་དང་སངས་རྒྱས་ཀྱི་སྔོན་གྱི་སྨོན་ལམ་གྱི་རྐྱེན་ལས་འགྲོ་བའི་དོན་འབྱུང་བར་འདོད་པ་ནི། འཇུག་པ་ལས། ཞི་སྐུ་དཔག་བསམ་ཤིང་ལྟར་གསལ་གྱུར་ཅིང། །ཡིད་བཞིན་ནོར་བུ་ཇི་བཞིན་རྣམ་མི་རྟོག །འགྲོ་གྲོལ་བར་དུ་འཇིག་རྟེན་འབྱོར་སླད་རྟག །འདི་ནི་སྤྲོས་དང་བྲལ་ལ་སྣང་བ་ཡིན། །ཞེས་གསུངས་པ་རྣམས་ཀྱང་ཐུན་མོང་གི་གདུལ་བྱ་ལ་ལྟོས་པའི་འཆད་ཚུལ་ཕྱོགས་རེ་ཙམ་ལས་ངེས་དོན་མཐར་ཐུག་ཡིན་དཀའོ། །༈ གང་ལ་དམིགས་པས་ཟག་པ་དང་བཅས་པའི་ལས་ཀྱིས་ཁམས་གསུམ་དུ་འཁོར་ཞིང་སྡུག་བསྔལ་འབའ་ཞིག་ལ་སྤྱོད་པའི་སྐྱོན་གྱི་རང་བཞིན་ཅན་ནི་འཇིག་རྟེན་པའི་ཆོས་ཀྱི་མཚན་ཉིད། གང་གིས་རྒྱུད་ལ་བརྟེན་པས་སྒྲིབ་གཉིས་འཇིག་ཅིང་འཁོར་བའི་སྡུག་བསྔལ་ལས་སྐྱོབ་པར་བྱེད་པའི་རྣམ་དཀར་གྱི་ཡོན་ཏན་མངའ་བ་ནི་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་མཚན་ཉིད་དེ། ཇི་སྐད་དུ། སྡུག་བསྔལ་དག་ནི་ཐམས་ཅད་དང་། །སྒྲིབ་ཀུན་སེལ་བྱེད་དམ་པའི་ཆོས། །ཞེས་གསུངས། འཁོར་བའི་ཆོས་ནི་རྒྱུ་མ་རིག་པ་གསུམ་མཚུངས་ལྡན་དུ་ཤར་བ་སྟེ། བདག་ཉིད་གཅིག་པའི་མ་རིག་པ་ཤེས་པ་སྐྱེས་པ་དེ་ལ་དེ་ཉིད་དུ་མ་ཤེས་པ་དང་། ལྷན་ཅིག་སྐྱེས་པའི་མ་རིག་པས་རང་ངོ་མ་ཤེས་པ་དེ་དང་ཤེས་པ་དེ་གཉིས་ལྷན་ཅིག་ཏུ་སྐྱེས་པ་ལ། ཀུན་ཏུ་བརྟགས་པའི་མ་རིག་པས་རང་སྣང་ལ་གཞན་དུས་དཔྱད་པའི་ཆ་དེ་གསུམ་ངོ་བོ་གཅིག་ལས་ལྡོག་པ་ཐ་དད་དུ་ཤར་བས་གཞི་ལས་གཞི་སྣང་དུ་ཤར་བ་དེ་རང་ཉིད་ལས་བྱུང་བར་མ་ཤེས་པས་ཡུལ་ཡུལ་ཅན་དུ་


GTN001_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱོད་བྱེད་ཀྱི་མ་རིག་པ་གསུམ་པོ་རྒྱུའི་རྐྱེན། རང་ལས་གཞན་དུ་བཟུང་བས་སྣང་ཡུལ་མེ་ལོང་ལ་རང་གི་བྱད་ཤར་བ་ལྟ་བུ་དམིགས་པའི་རྐྱེན། ང་དང་ང་ཡི་བར་འཛིན་པའི་ཤེས་པ་བདག་པོའི་རྐྱེན། གསུམ་པོ་དུས་མཚུངས་པས་དེ་མ་ཐག་པའི་རྐྱེན་ཏེ་བཞི་པོ་དེ་འཛོམས་པའི་དམིགས་པ་མ་དག་པའི་ལས། སྣང་བ་དང་ཤེས་པ་གཉིས་ནང་དང་ཕྱི་རོལ་དུ་གཟུང་འཛིན་གྱི་རྣམ་ཆར་བཟུང་བས་འཁྲུལ་པ་སྟེ། ཐལ་འགྱུར་ལས། འཁྲུལ་པའི་རྒྱུ་ནི་མ་རིག་པ། །མ་རིག་པ་ནི་རྣམ་པ་གསུམ། །ཞེས་དང་། རྒྱུ་གཅིག་བྱེད་མེད་རྩ་བ་ལས། །རང་ངོ་ཡིན་པར་མ་ཤེས་པས། །འདི་ནི་འཁོར་བའི་ཐོག་མའོ། །ཞེས་དང་། བཀོད་པ་ཆེན་པོ་ལས། ལྷུན་གྲུབ་སྟོང་པའི་ཡུལ་ལས་ཤར། །དེ་ཚེ་རྐྱེན་བཞིས་འཁྲུལ་འཁོར་ལས། །འཛིན་པའི་རྒྱ་དང་བཅས་པར་འགྱུར། །ཞེས་སོ། །འཁྲུལ་པ་དེ་ཉིད་འཁྲུལ་དུས་ཉིད་ནས་རང་ངོ་མ་ཤེས་པའི་སྒྲིབ་བྱེད་ཀྱི་རང་རྩལ་མ་རིག་པའི་ཆར་ཀུན་གཞི་དང་། དེ་ལ་བརྟེན་པ་ཀུན་གཞིའི་རྣམ་པར་ཤེས་པའི་སེམས་དང་། དེ་ལས་བྱུང་བའི་ཉོན་མོངས་པ་དྲུག་སྟེ། ཤེས་རབ་ཀྱི་ཆ་ལས་འཁྲུལ་པ་གཏི་མུག །སྐྱེད་པའི་རིམ་པའི་ཆ་ལས་འཁྲུལ་པ་ཞེ་སྡང་། ལྟ་བའི་ཆ་ལས་འཁྲུལ་པ་ང་རྒྱལ། སྣང་བའི་ཆ་ལས་འཁྲུལ་པ་འདོད་ཆགས། མ་རྟོགས་པའི་ཆ་ལས་འཁྲུལ་པ་ཕྲག་དོག་སྟེ་དེ་ལ་སོགས་པ་ཉོན་མོངས་པ་ནི་བསམ་པ་རྗེས་སུ་འཛིན་པའི་སེམས་དང་། དྲན་པ་རྣམས་རྗེས་སུ་འཛིན་པའི་ཡིད་དང་མཚམས་སྦྱོར་བའི་བག་ཆགས་དང་ཐེ་ཚོམ་རྣམས་ཀྱི་གཞིར་གྱུར་པའི་རྟོག་པ་


GTN001_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཡུལ་དང་དངོས་པོར་འཛིན་པའི་ཆ་ལས་སོགས་ཏེ་དཔག་ཏུ་མེད་ལ། རྟོག་ཚོགས་ཀྱི་རིམ་པས་བརྒྱད་ཁྲི་བཞི་སྟོང་སྟེ། དུག་གསུམ་ཀ་ཆ་མཉམ་པ་ལ་ཉི་ཁྲི་ཆིག་སྟོང་དུ་མཆིས་པ་རྣམས་བག་ལ་ཉལ་གྱི་ཆར་ཤར་བའི་ཡིད་ཀྱི་རྣམ་པར་ཤེས་པ་དང་། སྒོ་ལྔའི་ཤེས་པ་བྱུང་ཞིང་། དེ་ཉིད་ཡུལ་ལ་འཇུག་པ་ན་སྔ་ལོགས་པའི་ཤེས་པ་དྲུག་གང་ཡང་རུང་བའི་རྒྱུན་ཡོད་པ་ཡུལ་དང་། དེ་ཉིད་སྐད་ཅིག་གིས་དེ་དང་དེའི་རྣམ་པར་འཛིན་པ་ད་ལྟའི་ཤེས་པ་དང་། དེའི་རྗེས་ལ་བདེ་སྡུག་བར་མ་གསུམ་གང་རུང་ཚོར་བ་ནི་རེག་པའི་ཚོར་བ་ཞེས་བྱ་སྟེ། དེ་ལྟར་དྲུག་ཚན་གསུམ་དུ་དབྱེ་བ་ནི་ཁམས་བཅོ་བརྒྱད་དང་། རྡུལ་ཕྲ་རབ་ཚོགས་པ་གཞིག་ཅིང་གཞོམ་དུ་རུང་བའི་གཟུགས་ཀྱི་ཕུང་པོ། མྱོང་ཞིང་སྲེད་པ་འབྱུང་བ་ཚོར་བའི་ཕུང་པོ། གཡོ་ཞིང་ཡུལ་ལ་འཇུག་པ་འདུ་ཤེས་ཀྱི་ཕུང་པོ། བྱེད་ཅིང་བག་ཆགས་སོགས་པ་འདུ་བྱེད་ཀྱི་ཕུང་པོ་སྟེ་ལྔ་དང་། རྟོག་ཚོགས་གང་ཞིག་སྐྱེ་ཞིང་མཆེད་པར་བྱེད་པའི་ཡུལ་གྱི་རྣམ་པ་ལས་རང་གི་སྐད་ཅིག་ཕྱི་ལོགས་ཀྱི་རྒྱུན་དང་། དེ་ཉིད་འཛིན་བྱེད་ཀྱི་ཤེས་པ་གཉིས་སྐྱེ་ཞིང་མཆེད་པར་བྱེད་པའི་མིག་གི་གཟུང་ཡུལ་གཟུགས་སོགས་དྲུག་དང་། ཤེས་པའི་རྣམ་པ་ལས་སྐད་ཅིག་ཕྱི་ལོགས་སུ་སྐྱེ་ཞིང་ཡུལ་ལ་མཆེད་རུང་དུ་སྐྱེ་བའི་གཟུགས་ལ་གཟུགས་སུ་ཤེས་པ་མིག་གི་རྣམ་ཤེས་ལ་སོགས་དྲུག་སྟེ་བཅུ་གཉིས་པོ་དང་། ཡུལ་འཛིན་པ་ལ་དབང་བྱེད་པའི་མིག་གི་དབང་པོ་སོགས་ལྔ་དང་། རྣམ་པར་རིག་བྱེད་ཤེས་པ་དང་པོའི་གཟུགས་ཅན་གྱི་བདག་པོའི་རྐྱེན་ལས་བྱུང་བ་ཡིད་ཀྱི་དབང་པོ་སྟེ་དྲུག་དང་།


GTN001_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱང་བསོད་ནམས་དང་། བསོད་ནམས་མ་ཡིན་པ། མི་གཡོ་བ་གསུམ་སྟེ། དང་པོ་ནི། འཁོར་བའི་བདེ་འབྲས་སྐྱེད་བྱེད་དགེ་བཅུ་ལ་སོགས་དང་། གཉིས་པ་ནི། དེ་ལས་ལྡོག་པའི་ལས་ངན་འགྲོར་འཕེན་བྱེད། གསུམ་པ་ཁམས་གོང་མར་འཕེན་བྱེད་ཀྱི་ལས་སོ། །དེ་རྣམས་ནི་ནང་སེམས་ཉིད་ཀྱིས་བསྡུས་པ་ཡིན་ལ། དེ་དག་གི་སྣང་ཆ་དང་རྟེན་གཞིར་གྱུར་པ་ཕྱི་ཡུལ་གྱིས་བསྡུས་པའི་ཁམས་འབྱུང་བ་ཆེན་པོ་ལྔ་ཆགས་པ་དང་། གནས་པ་དང་། འཇིག་པ་དང་། སྟོང་པ་བཞིས་རྒྱུ་དང་རྐྱེན་དང་། རྟེན་དང་དངོས་པོ་བྱེད་ལ། དེ་ལས་ཡུལ་སྣང་སེམས་ཀྱི་བག་ཆགས་བརྟས་པས་རྨི་ལམ་ལྟ་བུར་འདོད་པའི་ཁམས་གླིང་བཞི་རི་རབ་ཁོར་ཡུག་དང་བཅས་པའི་འཇིག་རྟེན་དང་། གཟུགས་ཀྱི་ཁམས་འོད་ལྔ་རང་གསལ་འཇའ་ཚོན་ལྟ་བུ་དང་། གཟུགས་མེད་པའི་ཁམས་སྲིད་རྩེའི་ཏིང་ངེ་འཛིན་གྱི་ཆ་ལས་བྱུང་བ་སོགས་མདོར་ན་ཁམས་གསུམ་གྱིས་བསྡུས་པའི་སྣོད་བཅུད་བརྟན་གཡོའི་བཀོད་པ་ཐམས་ཅད་འཕགས་པ་རྣམས་ཀྱི་དོན་དམ་པའི་གཟིགས་ངོར་མི་སྣང་ཡང་སེམས་ཅན་རྣམས་ཀྱི་བློ་འཁྲུལ་པའི་སྣང་ཚུལ་སྨིག་རྒྱུ་ལ་ཆུར་འཁྲུལ་པ་དང་། ཐག་ཁྲ་ལ་སྦྲུལ་དུ་མཐོང་བའི་ཤེས་པ་ཕྱིན་ཅི་ལོག་ཏུ་གྱུར་པའི་གཟུང་འཛིན་གྱི་དབང་གིས་སྣང་སྟེ། མུ་ཏིག་ཕྲེང་བ་ལས། དེ་ལྟར་སྣང་བ་སྣ་ཚོགས་རྣམས། །ཐག་ཁྲ་ལ་ནི་སྦྲུལ་མཐོང་ལྟར། །དེ་མ་ཡིན་ལ་དེར་བཟུང་བས། །ཕྱི་ནང་སྣོད་བཅུད་གཉིས་སུ་ཆགས། །དེ་ཡང་བརྟགས་ན་ཐག་པ་ཉིད། །སྣོད་བཅུད་ཡེ་ནས་སྟོང་པ་སྟེ། །དོན་དམ་ཀུན་རྫོབ་གཟུགས་ཅན་ནོ། །སྦྲུལ་མཐོང་དེ་ཉིད་མཐོང་བས་བདེན། །ཐག་


GTN001_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་ཡང་དག་ཉིད་དུ་བདེན། །དཔེར་ན་ཐོ་ལ་བྱ་བཞིན་གནས། །བདེན་པ་གཉིས་ཀྱི་རང་བཞིན་ནི། །འཇིག་རྟེན་ཀུན་རྫོབ་ཙམ་དུ་སྟེ། །ཡང་དག་ཉིད་ལ་འབྲེལ་བ་མེད། །སྟོང་པ་ཉིད་ཀྱི་དབྱིངས་ལས་ནི། །དེ་ཡི་ངོ་བོ་ཐམས་ཅད་གྲོལ། །ཞེས་དང་། འཇམ་དཔལ་ཞལ་ལུང་ལས། འཁོར་བའི་ཆོས་རྣམས་ཐག་ཁྲ་ལ། །སྦྲུལ་ལྟར་མེད་པར་ཉིད་དུ་འདོད། །ཅེས་གསུངས་པ་བཞིན་ནོ། །དེ་ཡང་འཁོར་བ་བདེ་སྡུག་མཐོ་དམན་སོགས་སྣང་ཚུལ་མཐའ་དག་པ་རྣམས་སྐྱེད་མཁན་ནི་ཀུན་ནས་ཉོན་མོངས་པ་དང་བཅས་པའི་ཟག་བཅས་ཀྱི་ལས་གསུམ་པོ་སྟེ། ལས་ཀྱིས་བྱས་པ་དང་། ལས་ཀྱིས་སྤྲུལ་པ། ལས་ཀྱིས་རྣམ་པར་སྨིན་པ། ལས་ཀྱིས་སྣང་བ་ལས་གཞན་དུ་མ་གྱུར་པ་སྟེ། མདོ་སྡེ་ལས་བརྒྱ་པ་ལས། འཇིག་རྟེན་སྣ་ཚོགས་ལས་ལས་སྐྱེས། །བདེ་དང་སྡུག་བསྔལ་ལས་ཀྱིས་བྱས། །རྐྱེན་རྣམས་ཚོགས་ནས་ལས་འབྱུང་ཞིང་། །ལས་ཀྱིས་བདེ་དང་སྡུག་བསྔལ་བྱས། །ཞེས་དང་། དབུ་མ་ལ་འཇུག་པ་ལས། སེམས་ཉིད་ཀྱིས་ནི་སེམས་ཅན་འཇིག་རྟེན་དང་། །སྣོད་ཀྱི་འཇིག་རྟེན་ཤིན་ཏུ་སྣ་ཚོགས་འགོད། །འགྲོ་བ་མ་ལུས་ལས་ལས་སྐྱེས་པར་གསུངས། །ཞེས་བཤད་པ་ལྟར་རོ། །འཁོར་བའི་སྡུག་བསྔལ་ལས་སྐྱོབ་པར་བྱེད་པ་མྱང་འདས་དམ་པའི་ཆོས་ལ་བརྗོད་བྱ་རྟོགས་པའི་ཆོས་དང་། རྗོད་བྱེད་ལུང་གི་ཆོས་སོ། །སྔ་མར་གཉིས་ཏེ། འཕགས་པ་རྣམས་གང་དུ་གཤེགས་པའི་འགོག་བདེན་བསམ་བརྗོད་ཀྱི་ཡུལ་ལས་བརྒལ་བའི་མྱང་འདས་ཆེན་པོ་གཉིས་སྣང་གི་མཚན་མ་ཐམས་ཅད་ནུབ་ཀྱི།
དབྱིངས་སུ་སྙོམས་པར་ཞུགས་པ་རྟོགས་པའི་ཡོན་ཏན་གྱི་ཐོབ་པ་གང་ཡིན་པ་དེ་དང་། གང་གིས་གཤེགས་པའི་ལམ་བདེན་རང་བཞིན་གྱིས་རྣམ་པར་དག་པའི་འོད་གསལ་བའི་སྙིང་པོ་ཅན་སོ་སོ་རང་གིས་རིག་པར་བྱ་བའི་སྤྱོད་ཡུལ་སྒྲིབ་པའི་གཉེན་པོར་གྱུར་པའི་ཟག་མེད་ཀྱི་ཡེ་ཤེས་འཁོར་བཅས་རྟོགས་པའི་ངོ་བོར་གྱུར་པ་སྟེ། སྔ་མ་ནི་འཕགས་བཞིའི་ཐུགས་རྒྱུད་ཀྱི་སྤང་བྱ་སྤངས་པའི་ཟད་མི་སྐྱེའི་ཡེ་ཤེས་ཏེ་ཆགས་བྲལ་གྱི་ངོ་བོ་དང་། ཕྱི་མ་ནི་གང་གིས་སྤོང་བྱེད་ཆགས་པ་དང་བྲལ་བར་བྱེད་པའི་གཉེན་པོའི་ཡེ་ཤེས་ཀྱི་རང་བཞིན་ཏེ་མ་ཕམ་པའི་ལུང་བཅས་སྔོན་དུ་སོང་། །

བྱེ་བྲག་སྨྲ་བ་དང་མདོ་སྡེ་པ་གཉིས།


GTN001_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡང་རྒྱུའི་ཐེག་པ་ལ་གྲུབ་མཐའི་སྒོ་ནས་དབྱེ་ན་བཞི་སྟེ། ཉན་ཐོས་ལ་བྱེ་བྲག་སྨྲ་བ་དང་མདོ་སྡེ་པ་གཉིས། ཐེག་ཆེན་དབུ་སེམས་གཉིས་ཏེ་བཞིའོ། །དེ་དག་སོ་སོའི་བདེན་པ་གཉིས་ཀྱི་འཇོག་ཚུལ་སོགས་གྲུབ་མཐའི་ཁས་ལེན་མི་འདྲ་བ་རེ་རེ་ཡོད་ཅིང་། བྱེ་བྲག་ཏུ་སྨྲ་བས། ཤེས་བྱ་ཐམས་ཅད་གཞི་ལྔར་འདོད་པ་སྟེ། སྣང་བ་གཟུགས་ཀྱི་གཞི། གཙོ་བོ་སེམས་ཀྱི་གཞི། འཁོར་སེམས་བྱུང་གི་གཞི། ལྡན་པ་མ་ཡིན་འདུ་བྱེད་ཀྱི་གཞི། འདུས་མ་བྱས་ཀྱི་གཞི་སྟེ་ལྔ་ལས། དང་པོ་ནི། རྡུལ་ཕྲ་རབ་འདུས་པའི་བདག་ཉིད་ཅན་གྱི་རགས་པའི་དངོས་པོ་བཅོམ་པའམ་བློས་སོ་སོར་བསལ་བ་ན། དེར་འཛིན་གྱི་བློ་འདོར་རུང་གི་ཆོས་སུ་དམིགས་པ་ཀུན་རྫོབ་བདེན་པའི་མཚན་ཉིད། བཅོམ་པའམ་བློས་བསལ་བས་


GTN001_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

དེར་འཛིན་གྱི་བློ་འདོར་དུ་མི་རུང་བ་དོན་དམ་བདེན་པའི་མཚན་ཉིད་དེ། མཛོད་ལས། གང་ལ་བཅོམ་དང་བློ་ཡིས་གཞན། །བསལ་ན་དེ་བློ་མི་འཇུག་པ། །བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། །ཡོད་དེ་དོན་དམ་གཞན་ཡིན་ནོ། །ཞེས་བཤད་པ་བཞིན་དང་། འདིས་ཀུན་རྫོབ་བདེན་པ་དོན་དམ་དུ་མ་གྲུབ་ཀྱང་བདེན་གྲུབ་ཏུ་འདོད་དེ་དངོས་པོ་ཐམས་ཅད་ལ་བདེན་གྲུབ་ཀྱིས་ཁྱབ་པར་ཁས་བླངས་པས་སོ། །གཉིས་པ་ནི། སྒོ་ལྔ་ཡིད་དང་བཅས་པའི་རྣམ་ཤེས་ཀྱིས་ཕྱིའི་དོན་མཐོང་བ་དང་། གསུམ་པ་ནི། ཚོར་བ་འདུ་ཤེས་སོགས་སེམས་བྱུང་ལྔ་བཅུ་རྩ་གཅིག་པོ་ཐམས་ཅད་གཙོ་བོ་རྣམ་ཤེས་དང་ལྷན་ཅིག་ཡུལ་ལ་འཇུག་པས། དམིགས་པ་མཚུངས་པ་དང་། དཔྱོད་པ་མཚུངས་པ་དང་། དུས་མཚུངས་པ། རྟེན་མཚུངས་པ། རྫས་མཚུངས་པའི་སྒོ་ནས་དབང་པོའི་དོན་ལ་བལྟས་པས་རྣམ་ཤེས་ཀྱིས་དོན་རྟོགས་པ་དང་། སེམས་བྱུང་གིས་ཀྱང་དོན་གྱི་ཁྱད་པར་རྟོགས་པ་གཟུང་འཛིན་དུས་མཉམ་དུ་སྐྱེ་བར་འདོད་པས་སེམས་དང་སེམས་བྱུང་གཉི་ག་ཕྱི་རོལ་གྱི་དོན་རིག་པ་མ་གཏོགས་རང་རིག་པ་མེད་པར་འདོད་ལ།བཞི་པ་ནི། སྙོམས་འཇུག་སོགས་དང་མིང་ཚིག་ཡི་གེ་སོགས་དུས་གསུམ་རྫས་སུ་ཡོད་པར་དཔེར་ན། བུམ་པ་བུམ་པའི་འདས་པའི་དུས་སུ་ཡོད་ལ། མ་འོངས་པའི་དུས་སུའང་ཡོད། ད་ལྟའི་དུས་སུའང་ཡོད་པ་ལྟ་བུ་སྟེ་ལས་གང་བྱས་པའང་ཆུད་མི་ཟ་བར་རྫས་སུ་ཐོབ་པར་འདོད་དོ། །ལྔ་པ་ནི། འདུས་མ་བྱས་ནམ་མཁའ་དང་། སོ་སོར་བརྟག་འགོག །སོ་སོར་


GTN001_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

བརྟག་མིན་འགོག་གསུམ་དང་། ལམ་བདེན་འཁོར་བཅས་དང་། ཡིད་ཀྱི་རྣམ་ཤེས་འཁོར་བཅས་ཟག་མེད་ཡིན་པས། ལྷག་མ་རྣམས་ནི་ཟག་བཅས་སུ་འདོད་དོ།གཉིས་པ་མདོ་སྡེ་པའི་འདོད་པ་ཕལ་ཆེར་བྱེ་སྨྲ་དང་མཚུངས་པ་ལ། ཁྱད་པར་ནི། བྱེ་བྲག་སྨྲ་བས་གཟུགས་སུ་འདོད་པ་རིག་བྱེད་མ་ཡིན་པའི་གཟུགས་སྤོང་སེམས་ལ་རྒྱུན་ཆགས་པ་ལ་སོགས་པ་ཡིན་ཀྱང་གཟུགས་ལ་བརྟེན་ནས་འབྱུང་བས་གཟུགས་བརྟགས་ཡོད་ཙམ་དང་། དུས་གསུམ་ཡང་རྫས་གྲུབ་ཏུ་མི་འདོད་ཅིང་དབང་པོ་རྣམས་རྣམ་ཤེས་ཀྱི་བདག་རྐྱེན་ཡིན་པ་དང་ཡུལ་རྣམས་ཀྱང་ཤེས་པ་ལ་རྣམ་པ་གཏོད་བྱེད་ཀྱི་དམིགས་པའི་རྐྱེན་དུ་འདོད། སེམས་དང་སེམས་བྱུང་གི་གཞི་སྒོ་ལྔའི་རྣམ་ཤེས་དང་འཁོར་སེམས་བྱུང་གཟུགས་ལ་སོགས་པ་ཡུལ་ལ་དམིགས་ཏེ་གཟུགས་སྒྲ་ལ་སོགས་ཕྱི་རོལ་གྱི་ཡུལ་མཐོང་བ་མེད་ཀྱང་མེ་ལོང་ལ་རང་གི་བཞིན་དང་འདྲ་བའི་རྣམ་པ་གཏད་པ་ལྟར། སྐད་ཅིག་ད་ལྟའི་སྔ་ལོགས་སུ་གཟུགས་སོགས་ཀྱི་དོན་གྱི་རྣམ་པ་གཏོད་བྱེད་ཕག་ན་མོས་གཏད་པས། སྐད་ཅིག་ད་ལྟ་བ་ལ་གཟུགས་སོགས་དེ་དང་དེའི་རྣམ་པར་ཤར་བ་ཡིན་ཞིང་། སྐད་ཅིག་དེའི་མ་འོངས་པ་ལ་ད་ལྟའི་གཏོད་བྱེད་ཀྱི་ཕྱི་ལོགས་སུ་རྣམ་པ་གཏད་པས་ཤེས་པ་ཕྱི་རོལ་དོན་གྱི་རྣམ་པར་ཤར་ཏེ་ཡུལ་དུ་དམིགས་པས་གཟུང་འཛིན་ཡུལ་ཡུལ་ཅན་དུ་གྱུར་པ་ལ་དོན་རྟོགས་སོ་ཞེས་བཏགས་པ་སྟེ། རྣམ་ངེས་ལས། འདྲ་བ་ཉམས་སུ་མྱོང་བ་ལ། །དོན་མྱོང་ཞེས་ནི་རྣམ་པར་བརྗོད། །ཅེས་སོ། །སྣང་


GTN001_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཤེས་པའི་ངོ་བོ་ཡིན་ཡང་རྣམ་པ་གཏོད་བྱེད་ཕྱི་རོལ་ན་མེད་པས་འཁྲུལ་བ་ཡིན་ལ། ཤེས་པ་ཐམས་ཅད་གསལ་བར་མྱོང་བ་རང་རིག་པ་ནི་མ་འཁྲུལ་བའོ། །ཞེས་འདོད། ལྡན་མིན་འདུ་བྱེད་རྣམས་ཀྱང་གཟུགས་དང་། སེམས་དང་སེམས་བྱུང་གི་གནས་སྐབས་ཙམ་རྫས་གཞན་དུ་མི་འདོད་ཅིང་། འདུས་མ་བྱས་གསུམ་ནི་མོ་གཤམ་གྱི་བུ་ལྟར་རྫས་སུ་མེད་པའོ། །ཞེས་སྨྲ། །དེ་ལྟར་ཉན་ཐོས་རིགས་ངེས་རྣམས་ཀྱིས་སྤྱོད་པ་སོ་ཐར་བརྒྱད་གང་རུང་ལ་གནས་ཤིང་བདེན་པ་བཞི་ལ་མི་རྟག་པ་སོགས་བཞི་རེ་བསྒོམས་པས་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱི་བདག་གིས་དབེན་པར་རྟོགས་ཤིང་དེ་ཉིད་གོམས་པས་དུག་གསུམ་ས་བོན་དང་བཅས་པ་དང་། ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པའི་སྒྲིབ་པ་གཉིས་ལམ་ལྔ་མཐར་ཕྱིན་པ་ན་སྒོམ་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བཅོམ་སྟེ་ཐོབ་པ་ཆད་པའི་ཚུལ་གྱིས་སྤངས་ཏེ་ལྷག་བཅས་ལྷག་མེད་ཀྱི་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱས་པ་ཡིན་ལ། རང་སངས་རྒྱས་རྣམས་ཀྱིས་བདེན་བཞི་མི་རྟག་སོགས་ལ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ་བཅུ་གཉིས་བསྣན་ནས་བསྒོམས་པས་ལམ་བགྲོད་ཚུལ་སྤྱིར་སྔ་མ་དང་མཚུངས་ཀྱང་། ཉན་ཐོས་པས་འཛིན་པ་གང་ཟག་གི་བདག་སྤང་བར་འདོད་ཀྱང་། གཟུང་བ་ཡུལ་གྱི་དངོས་པོ་རྡུལ་ཕྲན་ཆ་མེད་དོན་དམ་དུ་འདོད་པ་གང་ཞིག །རང་སངས་རྒྱས་རྣམས་ཀྱིས་ཕྱིའི་དོན་བསླུ་བ་སེམས་སྣང་ཙམ་ལས་དོན་དམ་དུ་མི་བདེན་པར་འདོད་ཀྱང་ནང་འཛིན་བྱེད་ཀྱི་ཤེས་པ་བདེན་པར་འདོད་པ་སེམས་
ཙམ་པ་དང་ཕྱོགས་མཚུངས་ཏེ། མངོན་རྟོགས་རྒྱན་ལས། གཟུང་དོན་རྟོག་པ་སྤང་ཕྱིར་དང་། །འཛིན་པ་མི་སྤང་ཕྱིར་དང་ནི། །རྟེན་གྱི་བསེ་རུ་ལྟ་བུའི་ལམ། །ཡང་དག་བསྡུས་པར་ཤེས་པར་བྱ། །ཞེས་གསུངས་པ་བཞིན་ནོ། །དེ་ལྟ་བུས་ཚོགས་ལམ་ཆེན་པོ་མན་ཆད་དུ་བདག་མེད་པ་བསྒོམས་ནས་སྦྱོར་ལམ་དྲོད་ནས་མི་སློབ་ལམ་བར་སྟན་ཐོག་གཅིག་ཏུ་མངོན་དུ་བྱེད་པས་དབང་པོ་རྣོ་བརྟུལ་གྱི་དབང་གིས་ཉན་རང་གཉིས་ཐེག་པ་ཐ་དད་དུ་འབྱེད་པ་ཡིན་ལ། བསམ་པ་དང་རྟོགས་རིགས་ལ་ཁྱད་པར་ཆེར་མེད་ཅིང་དེའི་དབང་གིས་སྡེ་སྣོད་ཀྱང་གཅིག་གོ །

ཐེག་ཆེན་དབུ་སེམས་གཉིས།


GTN001_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་བྱང་ཆུབ་སེམས་དཔའི་ཐེག་པ་ལའང་གྲུབ་མཐའི་སྒོ་ནས་གཉིས་ཏེ། རྣམ་རིག་སྨྲ་བ་དང་། དབུ་མ་པའོ། །དང་པོ་ནི། བྱེ་བྲག་སྨྲ་བས་འདོད་པའི་ཤེས་པ་དུས་ཆ་དང་རྡུལ་ཕྲན་ཕྱོགས་ཆས་གཞིག་ན་མི་རྙེད་པ་མདོ་སྡེ་པས་བཀག་པ་ལྟར་དོན་ལ་མ་རེག་ཅིང་ཕག་ན་མོའི་རྫས་ཀྱང་དམ་བཅའ་ཙམ་སྟེ། དེའི་ཕྱིར་ན་ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པོ་འདི་ནི་སེམས་ཙམ་མོ། །ཞེས་བཀའ་སྩལ་པ་ལྟར་ཆོས་ཐམས་ཅད་སེམས་ཀྱི་སྣང་ཆ་ཙམ་དུ་འདོད་པའི་ཕྱིར་རྣམ་རིག་སྨྲ་བའི་གྲུབ་མཐར་བཏགས་ཤིང་། འདིས་ཀྱང་འཁོར་ལོ་ཐ་མའི་ལུང་གི་རྗེས་སུ་འབྲངས་ནས་ཆོས་ཐམས་ཅད་ཀུན་ཏུ་བརྟགས་པ་དང་། གཞན་གྱི་དབང་དང་། ཡོངས་སུ་གྲུབ་པ་གསུམ་གྱི་རྣམ་པར་བཞག་པ་ཁས་ལེན་པ་ཡིན་ལ། ཀུན་བརྟགས་


GTN001_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

ལའང་དབྱེ་ན་རྣམ་གྲངས་པའི་ཀུན་བརྟགས་དང་། མཚན་ཉིད་ཡོངས་སུ་ཆད་པའི་ཀུན་བརྟགས་གཉིས་ལས་སྔ་མ་ནི་ཐ་སྙད་གདགས་པའི་ཕྱིར་ཆོས་རྣམས་ངོ་བོ་ཉིད་དམ་བྱེ་བྲག་ཏུ་མིང་དང་བརྡར་བཏགས་པ་དོན་ལ་མེད་བཞིན་དུ་བློས་སྒྲོ་བཏགས་པ་རྣམས་སོ། །ཕྱི་མ་ནི་བདག་གཉིས་ལྟ་བུའོ། །གཞན་གྱི་དབང་ལའང་གཉིས་ཏེ། མ་དག་པའི་གཞན་དབང་དང་། དག་པའི་གཞན་དབང་ངོ་། །སྔ་མ་ནི། ཆོས་རྣམས་རྟེན་ཅིང་འབྲེལ་བར་འབྱུང་བ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་འབྱུང་། ཞེས་པ་ལྟ་བུ་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་འདི་བྱུང་བར་གྱུར་ཏོ། །ཞེས་གསུངས་པ་ལྟར་ཟག་བཅས་ཉེར་ལེན་གྱི་ཕུང་པོ་ལྔས་བསྡུས་པ་རྣམས་སོ། །ཕྱི་མ་ནི། ཤིན་ཏུ་དག་པའི་རྒྱལ་བ་རྣམས་ཀྱི་སྐུ་དང་ཡེ་ཤེས་ཞིང་ཁམས་ལ་སོགས་པ་རྣམས་ཏེ། སྔ་མ་ལས་དང་བག་ཆགས་ཀྱི་རྐྱེན་གཞན་དང་། ཕྱི་མ་འདི་ནི་སྒྲིབ་པ་བྲལ་སྟོབས་ཀྱིས་རྐྱེན་ལས་བྱུང་བས་ན་དེ་ལྟར་བཏགས་པའོ། །ཡོངས་སུ་གྲུབ་པའང་གཉིས་ཏེ། འགྱུར་མེད་དང་། ཕྱིན་ཅི་མ་ལོག་པ་གཉིས་སོ། །སྔ་མ་ནི། གནས་ལུགས་ཀྱི་དོན་ཏེ། ཆོས་དབྱིངས་འགྱུར་མེད་རང་བཞིན་འོད་གསལ་བའི་སྙིང་པོ་ཅན་ཏེ། རྒྱན་སྟུག་པོ་བཀོད་པ་ལས། སྙིང་པོ་དེ་ལ་ཀུན་གཞིའི་སྒྲས། །རབ་ཏུ་བརྟག་པར་གྱུར་པ་ཡིན། །ཞེས་གསུངས་པས། དེའི་སྟེང་ན་ཉོན་མོངས་པ་ཐམས་ཅད་ཀྱི་རྩ་བར་གྱུར་པ་རིས་སུ་མ་ཆད་པའི་མ་རིག་ལུང་མ་བསྟན་གྱི་ཤེས་པ་ས་བོན་ཐམས་ཅད་པའི་ཀུན་གཞི་ཞེས་པ་རྟོག་པ་དང་


GTN001_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་བ། ཡུལ་ལ་མི་འཛིན་པའོ། །དེ་ལས་མཆེད་པ་སྒོ་ལྔའི་རྣམ་ཤེས་དང་། དེའི་རྗེས་ལ་སྐྱེས་པས་ཕྱི་ནང་གི་དོན་ལ་སྤྱོད་པའི་ཡིད་ཀྱི་རྣམ་ཤེས། དེ་ལ་དཔྱད་པས་ཆགས་སྡང་བར་མ་གསུམ་གང་ཡང་རུང་བ་ལས་བྱུང་བ་དུག་གསུམ་མམ་ལྔ་གང་ཡིན་པ་ཉོན་ཡིད་དོ། །ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ནི། ཟག་པ་མེད་པའི་ལམ་མཐར་ཕྱིན་ནས་འབྲས་བུའི་དམ་པ་ཀུན་གཞིའི་སྟེང་གི་ཉོན་མོངས་པ་ཆ་དང་བཅས་པ་རྣམ་པར་བྱང་བས་སྙིང་པོ་དེ་ཉིད་ཕྱིན་ཅི་མ་ལོག་པར་མངོན་དུ་གྱུར་པ་ལ་བཤད་དོ། །སེམས་ཙམ་པའི་གྲུབ་མཐའ་འདི་ལ་དབྱེ་ན་རྣམ་བདེན་པ་དང་། རྣམ་རྫུན་པ་གཉིས་སོ། །སྔ་མས། སྔོན་པོར་འཛིན་པའི་མིག་ཤེས་ལ་སྔོན་པོ་སྔོན་པོར་སྣང་བ་ལྟར་གྲུབ་པར་ཁས་ལེན། ཕྱི་མས་ནི། སྔོན་པོར་སྣང་བ་སོགས་ཐམས་ཅད་དོན་དང་བློ་གཉིས་ཀའི་ངོ་བོར་མེད་དེ་མ་རིག་པའི་བག་ཆགས་ལ་སྒྲོ་བཏགས་ནས་དེ་ལྟར་སྣང་བ་བློ་མ་རིག་པའི་བསླད་པ་ཞུགས་པའི་ཤེས་པ་ལས་རྫས་གཞན་མ་ཡིན་པར་འདོད་པ་སྔ་མ་ལས་ཅུང་ཟད་འཕགས་ཤིང་། (རྣམ་བདེན་པ)དེ་ལ་དབྱེ་ན་གཟུང་འཛིན་གྲངས་མཉམ་པ་དང་། སྣ་ཚོགས་གཉིས་མེད་པ། སྒོ་ང་ཕྱེད་ཚལ་པ་སོགས་ཡུལ་ཤེས་གཉིས་ཀྱི་དབྱེ་བས་ཐ་དད་པ་དང་། རྣམ་རྫུན་པ་ལའང་སེམས་ཀྱི་ངོ་བོ་མ་རིག་པའི་བག་ཆགས་ཀྱི་དྲི་མས་བསླད་པ་དང་མ་བསླད་པར་འདོད་པས་དྲི་བཅས་དྲི་མེད་གཉིས་སུ་དབྱེ་ལ། གཟུང་འཛིན་གྲངས་མཉམ་པ་ལ་རྣམ་ཤེས་ཚོགས་བརྒྱད་སྨྲ་བ་དང་ཚོགས་དྲུག་སྨྲ་བ་གཉིས་སོ། །སྣ་ཚོགས་གཉིས་


GTN001_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་ལ་ཚོགས་དྲུག་འདོད་པ་དང་རྣམ་ཤེས་གཅིག་པུར་འདོད་པ་གཉིས་སོགས་དབྱེ་བས་མཐའ་ཡས་པར་འགྱུར་ལ། འདི་ཉིད་ཉན་རང་གི་ཐེག་པ་ལས་ཅུང་ཟད་འཕགས་ཀྱང་ཡོངས་གྲུབ་དོན་དམ་པའི་བདེན་པ་ཇི་བཞིན་མ་རྟོགས་ཏེ་རྣམ་བདེན་རྫུན་གཉིས་ཀས། ཕྱི་རོལ་ཡུལ་གྱི་རྣམ་པ་བདེན་མེད་དུ་རྟོགས་ཀྱང་གཉིས་སུ་མེད་པའི་ཤེས་པ་རང་རིག་རང་གསལ་དོན་དམ་པར་བདེན་པར་དང་ཡོངས་གྲུབ་ཏུ་ཁས་བླངས་པའི་ཕྱིར་རོ། གཉིས་པ་དབུ་མ་ལའང་རགས་པ་ཕྱིའི་དབུ་མ་ངོ་བོ་ཉིད་མེད་པར་སྨྲ་བ་དང་། ཕྲ་བ་ནང་གི་ངེས་དོན་དབུ་མ་ཆེན་པོའོ། །དང་པོ་ལའང་རང་རྒྱུད་སྨྲ་བའི་དབུ་མ་དང་ཐལ་འགྱུར་གཉིས་སོ། །དང་པོ་ནི། བྱེ་མདོ་སེམས་གསུམ་གྱི་གྲུབ་མཐའ་ནི་དངོས་པོར་འཛིན་པའི་མཐར་ལྷུང་བའི་ཕྱིར་འཛིན་ཞེན་གྱི་སྤྲོས་པ་ལས་མི་ལྡོག་ལ། འདིར་ཆོས་ཐམས་ཅད་མཐའ་གཉིས་གང་དུའང་མ་ལྷུང་བའི་དབུས་མ་ཉིད་ཁས་བླངས་པའི་ཕྱིར་དབུ་མ་སྟེ། དེ་ཡང་ཆོས་ཀུན་ཀུན་རྫོབ་བློ་འཁྲུལ་པའི་ཤེས་ངོ་ལ་ཡོད་ཅིང་། དོན་དམ་པར་བློ་མ་འཁྲུལ་པའི་རིགས་ཤེས་ངོར་མེད་པར་གང་ཞིག་རང་རྒྱུད་སྨྲ་བའི་དབུ་མའི་འདོད་པ་སྟེ། སྔ་མ་དེ་ལ་དབྱེ་ན་སྣང་ལ་དོན་བྱེད་ནུས་པ་ཡང་དག་ཀུན་རྫོབ་དང་། སྣང་ལ་དོན་བྱེད་མི་ནུས་པ་ལོག་པའི་ཀུན་རྫོབ་གཉིས་དང་། དོན་དམ་ལའང་མྱུ་གུ་བདག་ལས་མི་སྐྱེ་བ་སོགས་སྤྲོས་པ་ཕྱོགས་རེ་གཅོད་པ་རྣམ་གྲངས་


GTN001_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། མྱུ་གུ་བདག་ལས་མི་སྐྱེ་གཞན་ལས་མི་སྐྱེ་བ་སོགས་མཐའ་བཞིའི་སྤྲོས་པ་རྣམས་གཅོད་པ་རྣམ་གྲངས་མ་ཡིན་པའི་དོན་དམ་གཉིས་སུ་འདོད་ལ། མཚན་ཉིད་ནི། དཔྱོད་བྱེད་ཀྱི་རིགས་པས་དགག་པར་ནུས་པ་ལ་དཔྱད་མི་བཟོད་པ་ཀུན་རྫོབ་དང་། རིགས་པས་དགག་མི་ནུས་པ་ལ་དཔྱད་བཟོད་པ་ཞེས་དོན་དམ་བདེན་པའི་མཚན་ཉིད་དེ། འདི་ལྟར་ཆོས་ཅན་ཀུན་རྫོབ་ཀྱི་སྣང་བ་ཐམས་ཅད་དགག་བྱ་མེད་པ་ལ་མེད་པར་རྟོགས་པར་བྱ་བའི་ཕྱིར་ཏེ་བདེན་དངོས་མེད་པ་ལ་མེད་པར་ཤེས་པར་བྱེད་པས་ཕྱི་རོལ་གྱི་དོན་དང་ཤེས་པའི་དངོས་པོ་གཉིས་ཀས་སྟོང་སྟེ་ཡོད་མེད་ཀྱི་སྒྲོ་སྐུར་གང་དུའང་མ་ཕྱེ་བའི་ཡེ་ཤེས་ཙམ་ཞིག་ཁས་ལེན་པ་ཡིན་ཏེ། འགྲེལ་ཆུང་ལས། སོ་སོ་རང་གི་རིག་པའི་ཡེ་ཤེས་ཀྱིས། །ཞེས་སོགས་གསུངས་པ་བཞིན་དང་། དགག་བྱ་འགོག་བྱེད་ཀྱི་རིགས་པ་ཡང་། རྒྱུ་ལ་དཔྱོད་པ་རྡོ་རྗེ་ཟེགས་མ། འབྲས་བུ་ལ་དཔྱོད་པ་ཡོད་མེད་སྐྱེ་འགོག །གཉིས་ཀར་དཔྱོད་པ་མུ་བཞི་སྐྱེ་འགོག །མ་ཡིན་དགག་གཏན་ཚིགས་སུ་བཀོད་པ་རྟེན་འབྲེལ་ཆེན་པོ། མེད་དགག་གཏན་ཚིགས་སུ་བཀོད་པ་གཅིག་དང་དུ་བྲལ་ལ་སོགས། གཏན་ཚིགས་དང་རིགས་པས་བསྒྲུབས་པས་བསྒྲུབ་བྱ་སྒྱུ་མ་ལ་སོགས་ཡོངས་དཔྱོད་མ་ཡིན་པར་དགག་པ་ནི་མ་ཡིན་ཏེ་བདེན་པའི་དངོས་པོ་བཀག་པ་ཙམ་གྱི་རྣམ་དཔྱད་མེད་དགག་བསྒྲུབ་པ་ཡིན་ཏེ་རིགས་ཤེས་རྗེས་དཔག་གིས་རང་བཞིན་སྐྱེ་མེད་ནམ་མཁའ་ལྟ་བུ་སྤྲོས་བྲལ་དོན་དམ་བདེན་པའི་མཚན་ཉིད་དུ་དབུ་མ་རང་རྒྱུད་པའི་བཞེད་པ་ཡིན་ལ། འདིས་དོན་དམ་པར་མེད་ལ་ཀུན་རྫོབ་


GTN001_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ཡོད་པར་བསྒྲུབས་པས་རྟག་ཆད་ཀྱི་སྐྱོན་གནས་ཤིང་བློས་དཔྱད་པའི་རིགས་ཤེས་ཀྱིས་སྤྲོས་བྲལ་མེད་དགག་ཙམ་རྟོགས་པའང་ངེས་དོན་དུ་མི་གནས་ལ་སྤྲོས་པ་འགོག་པའི་རིགས་ཤེས་ཀྱང་སྤྲོས་པའི་བྱེ་བྲག་ལས་མི་འདའོ། ། གཉིས་པ་ཐལ་འགྱུར་པའི་བཞེད་པའི་ཕྱོགས་ནི། བློ་འཁྲུལ་པ་དང་མ་འཁྲུལ་པ་གཉིས་ཀྱིས་དབྱེ་བས་བདེན་པ་གཉིས་སུ་འབྱེད་དེ། བྱང་འཕགས་ཀྱི་མཉམ་གཞག་དང་སངས་རྒྱས་ཀྱི་རྣམ་པ་ཀུན་ཏུ་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་དུ་ཤེས་དང་ཤེས་བྱ་ཡུལ་ཡུལ་ཅན་གྱི་གཟུང་འཛིན་དུ་སྣང་བ་གང་ཡང་མེད་དེ་དཔེར་ན་གཉིད་དུ་མ་ལོག་པས་རྨི་ལམ་མི་མཐོང་བ་བཞིན་ཏེ། སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱིས། དཔེར་ན་གཉིད་ལོག་གཉིད་དབང་གིས། །བུ་དང་བུད་མེད་གཞལ་ཡས་ཁང་། །གནས་ལ་སོགས་པ་མཐོང་གྱུར་ན། །སད་ནས་དེ་ཡིས་མི་སྣང་ལྟར། །དེ་བཞིན་ཀུན་རྫོབ་ཤེས་པ་དག །བློ་གྲོས་མིག་ནི་ཕྱེ་གྱུར་ཅིང་། །མི་ཤེས་གཉིད་དང་བྲལ་གྱུར་ནས། །སད་པའི་ཚེ་ན་མི་གཟིགས་སོ། །ཞེས་གསུངས་པ་བཞིན་ནོ། །ཡུལ་ཅན་ཡེ་ཤེས་ཀྱི་འཇུག་པའང་ཉེ་བར་ཞི་བ་ཞེས་བྱ་སྟེ་གང་གི་ཚེ་སེམས་དང་སེམས་ལས་བྱུང་བའི་སྤྲོས་པ་ཐམས་ཅད་རྒྱུན་ཆད་ཅིང་འགགས་ནས་བསམ་བརྗོད་ཐམས་ཅད་དང་བྲལ་བའི་ཆོས་དབྱིངས་ཞི་བ་ཆེན་པོའི་འགོག་པར་གནས་པ་དེ་ལ་བློ་མ་འཁྲུལ་པའི་ཆོས་ཉིད་ཅེས་བྱ་སྟེ། ཟླ་བ་གྲགས་པས། གང་ཕྱིར་ཆོས་ཉིད་སྐྱེ་མེད་ཡིན་ཕྱིར་བློ་ཡང་སྐྱེ་བ་དང་བྲལ་ལ། །དེ་ཕྱིར་དེ་རྣམས་


GTN001_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ལ་དེ་ཡིས་དེ་ཉིད་རིག་པ་ལྟ་བུ་སྟེ། །གང་ཕྱིར་སེམས་ནི་ཡུལ་གྱི་རྣམ་པར་འབྱུང་བས་དེ་ཡི་ཡུལ། །དེ་རབ་རིག་པ་དེ་བཞིན་ཐ་སྙད་བརྟེན་ནས་རིག་པ་ཡིན། །ཞེས་དང་། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། །བསྲེགས་ནས་ཞི་སྟེ་རྒྱལ་རྣམས་ཆོས་སྐུ་སྟེ། །དེ་ཚེ་སྐྱེ་བ་མེད་ཅིང་འགག་པ་མེད། །སེམས་འགག་པ་དེ་སྐུ་ཡི་མངོན་སུམ་མཛད། །ཅེས་བཤད་པའི་གནས་དེ་ནི་དོན་དམ་པའི་བདེན་པ་རྟོགས་པ་ཞེས་བཏགས་ཏེ། དེའི་ཡུལ་ནི་གཤིས་ཀྱི་གནས་ལུགས་ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་ཡིན་ལ། མཐོང་བ་རྫུན་པ་བློ་འཁྲུལ་པ་ནི་སོ་སྐྱེའི་མ་རིག་པའི་བག་ཆགས་ཀྱིས་བསླད་པས་འདི་ལྟར་མིག་ནད་ཅན་གྱིས་རབ་རིབ་དང་སྐྲ་ཤད་འཛག་པ་ལ་བདེན་པར་ཞེན་པ་ལྟར་འདི་ལྟར་འགྲོ་བ་དྲུག་གི་གནས་དང་ལོངས་སྤྱོད་བདེ་སྡུག་མཐོ་དམན་སྣ་ཚོགས་སུ་སྣང་བ་འཁྲུལ་པའི་གཟུང་འཛིན་གྱི་རྣམ་པ་དང་། འཕགས་པ་རྣམས་ཀྱི་རྗེས་ཐོབ་ཏུ་གཞན་དང་ཐུན་མོང་དུ་སྣོད་བཅུད་ལ་སོགས་པར་སྣང་བའི་རྣམ་པ་གཉིས་དབང་པོ་སྐྱོན་ཅན་གྱི་རྣམ་པ་དང་། སྐྱོན་མེད་པ་གཉིས་ལྟར་ཀུན་རྫོབ་གཉིས་སུ་བཞག་སྟེ། འཇུག་པ་ལས། མཐོང་བ་རྫུན་པའང་རྣམ་པ་གཉིས་ཡིན་ཏེ། །དབང་པོ་གསལ་དང་དབང་པོ་སྐྱོན་ལྡན་ནོ། །སྐྱོན་ལྡན་དབང་པོ་རྣམས་ཀྱི་ཤེས་པ་ནི། །དབང་པོ་ལེགས་གྱུར་ལ་ལྟོས་ལོག་པར་འདོད། །ཅེས་སོ། །དེ་ཡི་དབང་གིས་འཁོར་བའི་ཆོས་སེམས་དང་སེམས་བྱུང་ཡུལ་གྱི་རྣམ་པར་སྣང་བ་དང་བཅས་པ་ཐམས་ཅད་ཀུན་རྫོབ་ཡིན་ལ། ས་ཐོབ་ཀྱང་སེམས་དང་སེམས་བྱུང་མ་འགགས་པའི་ཆ་


GTN001_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་མ་དག་པའི་གཟུགས་སོགས་ཚོགས་དྲུག་སྣང་བ་དང་བཅས་པ་མདོར་ན་སྤང་བྱར་གྱུར་ཏོ་ཅོག་ཀུན་རྫོབ་ཀྱི་ཕྱོགས་སུ་བསླན་ནས་འཁྲུལ་པར་བཞག་ལ། ཀུན་རྫོབ་དེ་ལའང་དབང་པོ་སྐྱོན་ཅན་ལ་སྣང་བ་ལོག་པའི་ཀུན་རྫོབ་དང་། སྐྱོན་མེད་ཀྱི་ཡུལ་དུ་སྣང་བ་ཡང་དག་པའི་ཀུན་རྫོབ་གཉིས་ཏེ་སྔ་མ་ནི་འཇིག་རྟེན་ཤེས་ངོ་ལ་སྣང་ཡང་མི་བདེན་པར་གྲགས་པ་ཟླ་བ་གཉིས་དང་རྨི་ལམ་ལ་སོགས་དང་། ཕྱི་མ་ནི་འཇིག་རྟེན་ཤེས་ངོར་སྣང་ལ་བདེན་པར་གྲགས་པ་ཟླ་བ་གཅིག་ཏུ་སྣང་བ་ལོག་པའོ། །དེའང་གཉིས་སུ་འཛིན་པའི་འཁྲུལ་བློའི་གནས་སྐབས་སུ་བདེན་པ་ལྟར་སྣང་བ་མིག་སྐྱོན་ཅན་ལ་སྐྲ་ཤད་དུ་སྣང་བ་མིག་དག་ལ་ཅི་ཡང་མེད་པ་བཞིན་དུ་བློ་འཁྲུལ་པ་ལ་སྣ་ཚོགས་སུ་སྣང་བ་ཉིད་འཕགས་པའི་མཉམ་བཞག་དང་འཁྲུལ་པ་ཟད་པའི་སངས་རྒྱས་ལ་དམིགས་པར་བྱ་བ་ཅི་ཡང་མེད་པས་འཁྲུལ་སྣང་ཆ་དང་བཅས་པ་མི་སྣང་སྟེ། འཇུག་པ་ལས། རབ་རིབ་མཐུ་ཡིས་སྐྲ་ཤད་ལ་སོགས་པ། །དངོས་པོ་ལོག་པ་གང་ཞིག་རྣམ་བརྟགས་པས། །དེ་ཉིད་གང་གིས་བདག་ཉིད་མིག་དག་པས། །མཐོང་བ་གང་ཡིན་དེ་བཞིན་འདིར་ཤེས་བྱ། །ཞེས་དང་། ཨཱརྱ་དེ་བས་དབུ་མ་འཁྲུལ་འཇོམས་སུའང་ཀླུ་སྒྲུབ་ཀྱི་ལུང་དྲངས་པ། དེ་བཞིན་མཁས་པ་ཡང་དག་གིས། །ཤེས་པ་ཉིད་ལས་མི་ཤེས་པའི། །བག་ཆགས་མ་ལུས་བཅོམ་པའི་ཚེ། །སེམས་དང་སེམས་བྱུང་ཡུལ་མི་གཟིགས། །ཞེས་གསུངས་པ་ལྟར་རོ། །གཟུང་འཛིན་སྤྲོས་པ་ཐམས་ཅད་དང་བྲལ་བའི་ངོ་བོ་སྒྲ་ཚིག་ལ་སོགས་པར་དངོས་པོ་མི་རྟོག་པའི་ཆ་ནས་གཞན་ལས་ཤེས་པ་མ་ཡིན་པ་སེམས་དང་སེམས་བྱུང་གི་


GTN001_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

རྙོག་མ་མ་ལུས་པ་ཆོས་ཀྱི་དབྱིངས་སུ་ཞི་བ། རྣམ་པར་རྟོག་པ་ལས་འདས་པ། སྤྲོས་པ་ཐམས་ཅད་དང་བྲལ་བ། གྲུབ་པའི་མཐས་མ་རེག་སྟེ། ཆོས་ཉིད་ཀྱི་གནས་ལུགས་དེ་ནི་དོན་དམ་བདེན་པའི་མཚན་ཉིད་དེ། རྩ་བ་ཤེས་རབ་ལས། གཞན་ལས་ཤེས་མིན་ཞི་བ་དང་། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མིན། །དེ་ནི་དེ་ཡི་མཚན་ཉིད་དོ། །ཞེས་བཤད་པ་ལྟར་མདོར་བསྡུས་ན། སངས་རྒྱས་འཕགས་པའི་ཐུགས་སྒྲིབ་པ་ཐམས་ཅད་དང་བྲལ་བའི་ཟབ་པ་དང་ཞི་བའི་མཚན་ཉིད་ཅན་གྱི་དབྱིངས་དང་། དེ་རྟོགས་བྱེད་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས། བྱང་འཕགས་ཀྱི་མཉམ་བཞག་གི་ཡེ་ཤེས་ཀྱི་ངོ་བོ་དང་། དེའི་རྗེས་ཐོབ་ཀྱི་སྣང་བ་ལྷག་མཐོང་གི་རྣམ་པར་གྱུར་ཏོ་ཅོག་དོན་དམ་པའི་བདེན་པ། །དེ་ཡང་གཏན་ཚིགས་ལྔ་པོ་རྣམས་ཀྱིས་ཆོས་ཐམས་ཅད་རང་བཞིན་མེད་པར་འཇལ་མོད་ཀྱི། རང་རྒྱུད་པ་ལྟར་ཀུན་རྫོབ་བདེན་པ་བཀག་ནས་རྫུན་པར་སྒྲུབ་པ་དང་། དོན་དམ་སྤྲོས་པ་བཀག་ནས་སྤྲོས་མེད་དུ་སྒྲུབ་པ་སོགས་རེས་འཇོག་ཅན་མ་ཡིན་པར་ཆོས་ཐམས་ཅད་ཡོད་མིན་གང་དུའང་མི་ཕྱེ་བར་བརྗོད་དུ་མེད་པའི་གནས་ལུགས་བསམ་གྱིས་མི་ཁྱབ་པར་སྐྱེལ་བ་ནི་ཐལ་འགྱུར་མ་འཁྲུལ་པའི་དགོངས་པ་འདིས་ཁས་བླངས་པའི་གྲུབ་མཐའ་ཐམས་ཅད་བཀག་སྟེ། རྩོད་བཟློག་ལས། གལ་ཏེ་ངས་དམ་བཅས་འགའ་ཡོད། །དེ་ཚེ་ང་ལ་སྐྱོན་འདི་ཡོད། །ང་ལ་དམ་བཅའ་མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། །ཞེས་དང་། བཞི་བརྒྱ་པ་ལས། ཡོད་དང་མེད་དང་ཡོད་མེད་ཅེས། །གང་ལ་ཕྱོགས་ནི་ཡོད་མིན་པ། །དེ་


GTN001_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡུན་ནི་རིང་པོ་ནའང་། །ཀླན་ཀ་བརྗོད་པར་ནུས་མ་ཡིན། །ཞེས་དང་། རིན་ཆེན་སྒྲོན་མ་ལས། ཁས་བླངས་པ་ཡི་དངོས་པོ་ནི། །ཕྲ་རབ་ཙམ་ཡང་ཡོད་མིན་ཏེ། །གདོད་ནས་སྐྱེ་བ་མེད་པའི་ཕྱིར། །མོ་གཤམ་གྱི་ནི་བུ་བཞིན་ནོ། །ཞེས་བཤད་པ་ལྟར་རོ། །འོ་ན་བདེན་པ་གཉིས་ཀྱི་རྣམ་གཞག་ཀྱང་མེད་པར་འགྱུར་རོ་ཞེ་ན། གནས་ལུགས་ལ་བདེན་གཉིས་སོགས་ཆོས་ཐམས་ཅད་ལས་འདས་ཀྱང་། འཇིག་རྟེན་སྣང་ལུགས་སུ་སྒྲོ་བཏགས་པ་ཙམ་དུ་དེ་ལྟར་འདོགས་པར་བྱེད་པ། དེ་ཉིད་གྲུབ་མཐའི་བདེན་ཞེན་ལྟར་བཟུང་བ་མ་ཡིན་ཏེ། འཇུག་པ་ལས། ཇི་ལྟར་ཁྱོད་ཀྱིས་གཞན་དབང་དངོས་འདོད་ལྟར། །ཀུན་རྫོབ་ཀྱང་ནི་བདག་གིས་ཁས་མ་བླངས། །ཞེས་དང་། ཏིང་འཛིན་རྒྱལ་པོ་ལས། ཡི་གེ་མེད་པའི་ཆོས་རྣམས་ལ། །ཉན་པ་གང་དང་སྟོན་པ་གང་། །འགྱུར་བ་མེད་ལ་སྒྲོ་བཏགས་ནས། །ཉན་ཅིང་སྟོན་པར་བྱེད་པའང་ཡིན། །ཞེས་གསུངས་པ་བཞིན་ནོ། །དེ་ལྟ་བུའི་ཆོས་ཉིད་ལ་མཉམ་པར་བཞག་པ་ཤེས་རབ་དང་ཐབས་སྙིང་རྗེ་ཆེན་པོ་ཟུང་དུ་འཇུག་ཅིང་སྒོམ་པ་ཡེ་ཤེས་ཀྱི་ཚོགས་དང་། རྗེས་ཐོབ་ཏུ་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས་པས་བསོད་ནམས་ཀྱི་ཚོགས་བསགས་པ་ལས་མཐར་གྱིས་ཆོས་ཀྱི་སྐུ་དང་གཟུགས་སྐུ་རྣམ་པ་གཉིས་འཐོབ་པར་འགྱུར་བ་སྟེ། རིན་ཆེན་ཕྲེང་བ་ལས། སངས་རྒྱས་རྣམས་ཀྱི་གཟུགས་སྐུ་འདི། །བསོད་ནམས་ཚོགས་ལས་བྱུང་བ་སྟེ། །ཆོས་ཀྱི་སྐུ་ནི་མདོར་བསྡུས་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །ཞེས་གསུངས་


GTN001_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཞིན་ནོ། །དེ་ཡང་གཞི་དབུ་མ་བདེན་གཉིས། ལམ་དབུ་མ་ཚོགས་གཉིས། འབྲས་བུ་དབུ་མ་སྐུ་གཉིས་ཟུང་འཇུག་ཏུ་འདུས་པ་ཡིན་ནོ། གཉིས་པ་ངེས་དོན་དབུ་མ་ཆེན་པོའི་ཚུལ་ཅུང་ཟད་རྣམ་པར་གཞག་པར་བྱ་སྟེ། དེ་ལ་སློབ་དཔོན་སྐལ་ལྡན་གྱི་དབུ་མའི་བསྟན་བཅོས་རིན་ཆེན་སྒྲོན་མར། ཐལ་རང་གི་དབུ་མ་ནི་རགས་པ་ཕྱིའི་དབུ་མ་སྟེ། ཐོས་པ་ལས་བྱུང་བའི་རིགས་པར་སྨྲ་བས་ཕྱི་རོལ་པ་དང་རྩོད་པའི་དུས་དང་། བསྟན་བཅོས་ཆེན་པོ་བྱེད་པ་དང་། རིགས་པ་ཆེན་པོའི་གཞུང་འཛུགས་པའི་ཚེ་སྨྲ་བར་བྱ་བ་ཡིན་ལ། ཕྲ་བ་ནང་གི་དབུ་མ་ཉམས་སུ་ལེན་པའི་ཚེ་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་ཉིད་བསྒོམ་པར་བྱའོ། །ཞེས་དབུ་མ་ལ་ཕྱི་ནང་གི་ཕྲ་རགས་གཉིས་སུ་གསུངས་པའི་ཕྱི་མ་སྟེ། དེ་ཡང་འཁོར་ལོ་ཐ་མའི་དགོངས་པ་ཕྱིར་མི་ལྡོག་པ་དང་། འཁོར་གསུམ་ཡོངས་སུ་དག་པའི་གཏམ་གྱིས་ཆོས་ཐམས་ཅད་མཚན་ཉིད་གསུམ་དུ་བསྟན་པའི་དོན་རྒྱ་ཆེ་བའི་གནས་རྣམས་རྒྱལ་ཚབ་མ་ཕམ་པས་དོན་གྱི་དགོངས་པ་རྒྱས་པར་ཕྱེ་བ་སྟེ། དེ་ཡང་སྔར་སྨོས་པའི་སེམས་ཙམ་སྨྲ་བའི་ལུགས་ཀྱི་སྟོང་གཞི་གཞན་དབང་དགག་བྱ་ཀུན་བརྟགས་ཀྱིས་སྟོང་པའི་ཡོངས་གྲུབ་ཏུ་བཤད་པ་ཡིན་ལ། འདིར་ནི་ཆོས་ཉིད་ཡོངས་གྲུབ་དགག་བྱ་ཀུན་བཏགས་ཀྱིས་སྟོང་པར་བཞེད་དེ། འདི་ལྟར་གཞན་དབང་དུ་རྟོག་པའི་ཕུང་པོ་ཁམས་དང་སྐྱེ་མཆེད་ཀུན་བརྟགས་བདག་དང་བདག་གི་བས་སྟོང་པའི་གཞིར་གསུངས་ལ། སྟོང་གཞི་གཞན་དབང་


GTN001_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

གིས་སྟོང་པའི་གཞི་ཆོས་ཉིད་ཡོངས་གྲུབ་ཡིན་ཏེ། དེ་ཉིད་སྟོང་པའི་གཞི་ནི་ནམ་ཡང་མི་སྲིད་དེ་ངོ་བོ་དྲི་མ་དང་སྐྱོན་གྱི་དངོས་པོ་རྣམ་པར་དབྱེ་བ་དང་བཅས་པའི་འཁོར་བའི་ཆོས་གློ་བུར་པའི་མཚན་ཉིད་ཅན་གྱིས་སྟོང་ལ་ཡེ་ནས་ལྷུན་གྲུབ་ཏུ་གནས་པའི་མྱ་ངན་ལས་འདས་པའི་ཡོན་ཏན་གྱི་ཚོགས་ཀྱིས་མི་སྟོང་པ་སྟེ། རྒྱུད་བླ་མ་ལས། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གི །རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་པ་དང་། དེའི་འགྲེལ་པར། འདིས་ཅི་བསྟན་ཞེ་ན། གང་གི་ཕྱིར་རང་བཞིན་གྱིས་ཡོངས་སུ་དག་པ་དེ་བཞིན་གཤེགས་པའི་ཁམས་འདི་ལ་བསལ་བར་བྱ་བ་ཀུན་ནས་ཉོན་མོངས་པའི་རྒྱུ་མཚན་ནི་འགའ་ཡང་མེད་དེ་གློ་བུར་བའི་དྲི་མ་དང་བྲལ་བ་འདིའི་རང་བཞིན་ཡིན་པའི་ཕྱིར་རོ། །འདི་ལ་རྣམ་པར་བྱང་བའི་རྒྱུ་མཚན་ཅན་གཞག་པར་བྱ་བ་ཅུང་ཟད་ཡོད་པ་མ་ཡིན་ཏེ། རྣམ་པར་དབྱེ་བ་མེད་པའི་ཆོས་དག་པའི་ཆོས་ཉིད་ནི་རང་བཞིན་ཡིན་པའི་ཕྱིར་རོ། །དེས་ན་དེ་བཞིན་གཤེགས་པའི་སྙིང་པོ་ནི་རྣམ་པར་དབྱེ་བ་ཡོད་པ་བྲལ་ཤེས་པ། ཉོན་མོངས་པའི་སྦུབས་ཐམས་ཅད་ཀྱིས་སྟོང་པ་ཡིན་ལ། རྣམ་པར་དབྱེ་བ་མེད་པ་བྲལ་མི་ཤེས་པ། བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཆོས་གངྒཱའི་ཀླུང་གི་བྱེ་མ་སྙེད་ལས་འདས་པས་མི་སྟོང་ངོ་། །ཞེས་གསུངས་པ་བཞིན་ནོ། །དེ་ཡང་ཀུན་ཏུ་བརྟགས་པ་ནི་མཚན་ཉིད་ངོ་བོ་ཉིད་མེད་པ། གཞན་གྱི་དབང་ནི་སྐྱེ་བ་ངོ་བོ་ཉིད་མེད་པ་དང་། ཡོངས་སུ་གྲུབ་པ་དོན་དམ་ངོ་བོ་ཉིད་མེད་པར་


GTN001_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པའི་སྔ་མ་གཉིས་ནི་བཅོས་མ་གློ་བུར་བར་གྱུར་པའི་གཟུང་འཛིན་སྤྲོས་པའི་ཆ་རྣམས་རང་གི་ངོ་བོས་སྟོང་ཞིང་། ཕྱི་མ་ནི་རང་བཞིན་གཉུག་མ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི་རང་བཞིན་གྱིས་རྣམ་པར་དག་པས་སྟོང་ཆ་ནས་ཆོས་སྐུའི་ཡོན་ཏན་དང་། སྣང་ཆ་ནས་སྐུ་དང་ཞིང་ཁམས་གཞལ་ཡས་ཁང་སོགས་ཀྱི་འཆར་གཞིར་གནས་ཤིང་རིག་པའི་ཆ་ནས་སྟོབས་བཅུ་མི་འཇིགས་པ་བཞི་སོགས་ཀྱི་རྟེན་གཞིར་གྱུར་པས། བྲལ་རྒྱུ་དང་བྲལ་འབྲས་གདོད་ནས་ལྷུན་གྲུབ་ཏུ་བཞུགས་པས་སངས་རྒྱས་ཀྱི་རང་བཞིན་བདེ་བར་གཤེགས་པའི་སྙིང་པོ་ཞེས་བྱ་བ་དེ་ནི། སྐྱེ་འཇིག་འཕོ་འགྱུར་འཕེལ་འགྲིབ་རྒྱུ་རྐྱེན་སོགས་ཀྱི་ཁམས་སུ་མི་གནས་ཤིང་ཐ་སྙད་དང་བསམ་བརྗོད་ཀྱི་ཡུལ་ཡང་མ་ཡིན་པ་རྟག་ཏུ་གོས་པ་མེད་པར་ཡོད་པ་ཡིན་ཏེ། འཇམ་དཔལ་རྣམ་པར་རོལ་པ་ལས། སྲིང་མོ་གང་རང་བཞིན་གྱིས་འོད་གསལ་བ་ལ་གློ་བུར་གྱི་ཉོན་མོངས་པ་བྱུང་ཡང་རང་བཞིན་གྱིས་འོད་གསལ་བ་དེ་ནི་གློ་བུར་གྱི་ཉོན་མོངས་པ་དེས་ཀུན་ནས་ཉོན་མོངས་པར་བྱེད་མི་ནུས་སོ། །ཞེས་དང་། རྒྱལ་ཚབ་མ་ཕམ་པས། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །མཁྱེན་དང་བརྩེ་དང་ནུས་པར་ལྡན། །དོན་གཉིས་ལྡན་པའི་སངས་རྒྱས་ཉིད། །ཅེས་གསུངས་པ་ལྟར་རོ། །གཞན་དུ་རང་སྟོང་པ་ལྟར་ཆོས་ཐམས་ཅད་རང་གི་ངོ་བོས་སྟོང་པ་ཁོ་ནར་བཟུང་ན་མཐའ་གཅིག་ཏུ་ཆོས་ཀྱི་སྐུ་ཡང་རང་སྟོང་དུ་འགྱུར་ཞིང་སྐུ་དང་ཡེ་


GTN001_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཞིང་ཁམས་སོགས་ཀྱང་མེད་པར་འགྱུར་བ་དང་དེར་བརྟེན་པའི་ཚོགས་བསགས་པ་དང་། སྒྲིབ་པ་སྦྱོང་བ་རྣམས་ཀྱང་མེད་པར་འགྱུར་ཞིང་རྒྱུ་དང་འབྲས་བུའི་ཐེག་པ་དག་གིས་གཞི་གང་དུ་ལམ་གང་གིས་དྲི་མ་སྦྱོང་བའི་ཐབས་ཇི་སྙེད་བསྟན་པ་རྣམས་ཀྱང་ཉམས་པར་འགྱུར་ཏེ་སྦྱང་གཞི་མེད་པས་སྦྱོང་བྱེད་དགོས་པ་མེད་པ་དང་། ཡེ་ཤེས་ཀྱིས་སྟོང་པས་གཞན་དོན་མཛད་པ་མཁྱེན་པར་མི་འགྱུར་བ་དང་། མ་དག་པའི་གཞན་དབང་ཀུན་རྫོབ་ཙམ་དུའང་མེད་པས་དག་པའི་གཞན་དབང་གནས་ཡོངས་སུ་འགྱུར་བའི་ཡོན་ཏན་རྣམས་ཀྱང་མེད་པར་འགྱུར་བ་དང་། བཅིངས་པ་དང་གྲོལ་བའི་གཞིར་གྱུར་པའི་བདག་མེད་པར་འགྱུར་བ་དང་སོ་སོ་རང་གིས་རིག་པར་བྱ་བའི་ཆོས་མེད་པར་འགྱུར་བ་སོགས་སྐྱོན་གྱི་རྣམ་པ་དུ་མ་གནས་ཤིང་ལྟ་བ་མི་ཟད་པའི་འབྱུང་གནས་སྐྱེ་བའི་བདག་ཉིད་ཅན་དུ་གསུངས་ཏེ། འཕགས་པ་དཀོན་མཆོག་བརྩེགས་པའི་འོད་སྲུང་གིས་ཞུས་པའི་མདོ་ལས། འོད་སྲུང་གང་ཟག་སྟོང་པ་ཉིད་དུ་དམིགས་པའི་སྟོང་པ་ཉིད་ལ་རྟོན་པ་དེ་དག་ནི་ངའི་གསུང་རབ་འདི་ལས་ཉམས་རབ་ཏུ་ཉམས་ཞེས་བཤད་དོ། །འོད་སྲུང་གང་ཟག་ཏུ་ལྟ་བ་རི་རབ་ཙམ་ལ་གནས་པ་བླའི། མངོན་པའི་ང་རྒྱལ་ཅན་སྟོང་པ་ཉིད་དུ་ལྟ་བ་ནི་དེ་ལྟར་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འོད་སྲུང་ལྟ་བར་གྱུར་པ་ཐམས་ཅད་ལས་འབྱུང་བ་ནི་སྟོང་པ་ཉིད་ཡིན་ན། འོད་སྲུང་གང་སྟོང་པ་ཉིད་ཁོ་ནར་ལྟ་བ་དེ་ནི་གསོར་མི་རུང་ངོ་། །ཞེས་ངས་བཤད་དོ། །ཞེས་གསུངས་པ་སོགས་ཀྱིས་ཤེས་པར་ནུས་ཤིང་།


GTN001_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

འོ་ན་མི་སྟོང་པ་ཡིན་ནམ་ཞེ་ན་མ་ཡིན་ཏེ། འཕགས་པ་ལང་ཀར་གཤེགས་པའི་མདོ་ལས། ཆོས་ཐམས་ཅད་ཀྱི་དོན་དམ་པ་འཕགས་པའི་ཡེ་ཤེས་ཆེན་པོ་སྟོང་པ་ཉིད་གང་ཞེ་ན། འདི་ལྟ་སྟེ། སོ་སོ་རང་གིས་རིག་པ་འཕགས་པའི་ཡེ་ཤེས་ཐོབ་པ་ནི་ལྟ་བ་དང་ཉེས་པ་ཐམས་ཅད་ཀྱི་བག་ཆགས་ཀྱིས་སྟོང་སྟེ། འདི་ནི་ཆོས་ཐམས་ཅད་ཀྱི་དོན་དམ་པ་འཕགས་པའི་ཡེ་ཤེས་ཆེན་པོ་སྟོང་པ་ཉིད་ཅེས་བྱའོ། །ཞེས་པ་དང་། དེ་ལྟ་བུའི་དོན་དམ་པ་གཞན་གྱིས་སྟོང་པའི་ཚུལ་འདི་འཁོར་ལོ་བར་པའི་མདོ་སྡེ་ནས་ཀྱང་འབྱུང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་ལས། དེ་ལ་གཞན་གྱི་དངོས་པོ་སྟོང་པ་ཉིད་གང་ཞེ་ན། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་སྟེ། ཆོས་ཀྱི་གནས་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་སྐྱོན་མེད་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་ནི་དེ་བཞིན་ཉིད་དུ་གནས་པ་སྟེ། དེ་ལྟར་ཆོས་ཉིད་དེ་དག་གཞན་གྱིས་སྟོང་པ་གང་ཡིན་པ་དེ་ནི། གཞན་གྱི་དངོས་པོས་སྟོང་པ་ཉིད་ཅེས་བྱ་སྟེ། རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཐེག་པ་ཆེན་པོའོ། །ཞེས་དང་། རྒྱུད་བླ་མ་ལས་ཀྱང་། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །ཞེས་པ་སོགས་སྔར་སྨོས་པ་ལྟར་རྒྱ་ཆེར་གསུངས་སོ། དེ་ལྟ་བུའི་དབྱིངས་དེ་ཉིད་སེམས་ཅན་གྱི་རྒྱུད་ལ་སའི་ཁམས་སུ་རིན་པོ་ཆེའི་


GTN001_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་གནས་པ་བཞིན། རང་གི་ངོ་བོ་ལ་དྲི་མས་མ་གོས་ཀྱང་གློ་བུར་འཁོར་བ་དང་རྣམ་པ་མཚུངས་ལྡན་དུ་གནས་པ་ཆུ་དང་ཆབ་རོམ་གྱི་དཔེ་བཞིན་དུ་བཞུགས་པ་སྟེ། ཏིང་ངེ་འཛིན་རྒྱལ་པོ་ལས། དག་པ་དང་བ་འོད་གསལ་བ། །མི་འཁྲུགས་འདུས་མ་བྱས་པ་ནི། །ཞེས་དང་། སློབ་དཔོན་ཀླུའི་ཆོས་ཀྱི་དབྱིངས་ཀྱི་བསྟོད་པར། ས་ཡི་ནང་ན་གནས་པའི་ཆུ། །དྲི་མ་མེད་པར་ཡང་དག་གནས། །ཉོན་མོངས་ནང་ན་ཡེ་ཤེས་ཀྱང་། །དེ་བཞིན་དྲི་མ་མེད་པར་གནས། །ཞེས་པ་ལ་སོགས་པའི་ངེས་དོན་སྙིང་པོའི་མདོ་སྡེ་རྣམས་སུ་སྙིང་པོའི་བཞུགས་ཚུལ་བསམ་གྱིས་མི་ཁྱབ་པར་གསུངས་ཤིང་གཤེགས་སྙིང་དེ་ཉིད་རང་ངོ་ལ་ལྟོས་ནས་འཁོར་འདས་བཟང་ངན་མེད་པར་མཉམ་པ་ཉིད་དེ། དེ་བཞིན་ཉིད་དེ་ཐམས་ཅད་ལ། །ཁྱབ་པར་མེད་ཅིང་དག་གྱུར་པ། །དེ་བཞིན་གཤེགས་ཉིད་དེ་ཡི་ཕྱིར། །འགྲོ་ཀུན་དེ་ཡི་སྙིང་པོ་ཅན། །ཞེས་དང་། དེ་བཞིན་གཤེགས་པའི་སྙིང་པོའི་མདོར། ཀྱེ་རིགས་ཀྱི་བུ། འདི་ནི་ཆོས་རྣམས་ཀྱི་ཆོས་ཉིད། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་སེམས་ཅན་འདི་དག་ནི་རྟག་ཏུ་བདེ་བར་གཤེགས་པའི་སྙིང་པོ་ཡིན་ནོ། །ཞེས་པ་དང་། རྩ་བ་ཤེས་རབ་ལས། འཁོར་བ་མྱ་ངན་འདས་པ་ལས། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །མྱ་ངན་འདས་པའང་འཁོར་བ་ལས། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །མྱ་ངན་འདས་མཐའ་གང་ཡིན་པ། །དེ་ནི་འཁོར་བའི་མཐའ་ཡིན་ལ། །དེ་ཉིད་ཁྱད་པར་ཅུང་ཟད་ནི། །ཤིན་ཏུ་ཕྲ་བའང་ཡོད་མིན་ཏེ། །ཞེས་སོགས་རྒྱ་ཆེར་གསུངས་པ་རྣམས་ནི་ཆོས་ཉིད་མི་འགྱུར་བའི་


GTN001_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་གྲུབ་ལ་དགོངས་པ་ཡིན་ཏེ། རྒྱུད་བླ་མ་ལས། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་གསུངས་པའི་ཕྱིར་རོ། །དྲི་མ་གློ་བུར་པ་དེ་ལ་གནས་སྐབས་ཀྱི་སྒོ་ནས་ཕྱེ་ན་གསུམ་དུ་འགྱུར་ཏེ། རྒྱུད་བླ་མ་ལས། མ་དག་མ་དག་དག་པ་དང་། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང་། །དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །ཞེས་དང་། དེའི་འགྲེལ་པར། འདི་ལྟར་མ་དག་པའི་གནས་སྐབས་སུ་ནི་སེམས་ཅན་གྱི་ཁམས་ཞེས་བྱ་བ་དང་། མ་དག་པ་དང་། དག་པའི་གནས་སྐབས་སུ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དང་། ཤིན་ཏུ་རྣམ་པར་དག་པའི་གནས་སྐབས་སུ་ནི་དེ་བཞིན་གཤེགས་པ་ཞེས་བྱའོ། །ཞེས་བཤད་པ་བཞིན་དང་། དེ་བཞིན་དུ་ཐེག་པ་གསུམ་སོགས་ཐ་དད་པ་དང་། ས་བཅུ་ལམ་ལྔ་སོགས་གོང་འོག་གི་དབྱེ་བས་ཐ་དད་པར་བཞག་པ་རྣམས་དང་། དེ་བཞིན་དུ་འགྲོ་བ་བཟང་ངན་ཉན་རང་དང་བྱང་སེམས་སངས་རྒྱས་འཕགས་པ་ལ་སོགས་གོང་འོག་བཟང་ངན་ལྟར་དུ་སྣང་བ་ཐམས་ཅད་ཀྱང་། དཔེར་ན་རྫ་སྣོད་དང་། ཤིང་སྣོད་དང་། རིན་པོ་ཆེའི་སྣོད་ལ་སོགས་པ་ཐ་དད་བཟང་ངན་ལྟར་དུ་སྣང་ཡང་སྣོད་དེ་དག་གི་ནང་གི་ནམ་མཁའ་ལ་བཟང་ངན་མེད་པར་མཉམ་པ་ལྟར་ཆོས་ཀྱི་དབྱིངས་དོན་དམ་པའི་བདེན་པ་རང་བཞིན་གྱིས་འོད་གསལ་བ་དེ་ནི་བཟང་ངན་དང་དབྲི་བསྣན་མེད་པར་ཀུན་ལ་ཁྱབ་པར་ཡོད་དེ། རྒྱུད་བླ་མ་ལས། ཇི་ལྟར་རྟོག་མེད་བདག་ཉིད་ཅན། །ནམ་མཁའ་ཀུན་ཏུ་རྗེས་སོང་ལྟར། །སེམས་ཀྱི་རང་བཞིན་དྲི་མེད་དབྱིངས། །དེ་


GTN001_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཀུན་ཏུ་འགྲོ་བ་ཉིད། །དེ་སྤྱིའི་མཚན་ཉིད་ངེས་པ་དང་། །ཡོན་ཏན་མཐར་ཐུག་ཁྱབ་པ་སྟེ། །གཟུགས་ཀྱི་རྣམ་པ་དམན་པ་དང་། །བར་པ་མཆོག་ལ་ནམ་མཁའ་བཞིན། །ཞེས་གསུངས་པ་བཞིན་ནོ། །འོ་ན་གོང་དུ་གནས་སྐབས་གསུམ་སྨོས་པ་ཅི་ཞེ་ན། སྙིང་པོ་དེ་ཉིད་སྒྲིབ་བྱེད་ཀྱི་དྲི་མ་ལས་གྲོལ་བ་དང་མ་གྲོལ་བའི་ཁྱད་པར་གྱིས་འཁོར་བ་དང་མྱང་འདས་གཉིས་སུ་ཕྱེ་བ་ཡིན་ཏེ། དེ་ཉིད་ལས། ཉོན་མོངས་དྲ་བས་གཡོགས་པ་ལས། །སེམས་ཅན་ཞེས་ནི་ངེས་པར་བརྗོད། །དེ་ཉིད་ཉོན་མོངས་བྲལ་གྱུར་ན། །སངས་རྒྱས་ཞེས་ནི་བརྗོད་པར་བྱེད། །ཅེས་གསུངས་པ་བཞིན་དང་། གནས་སྐབས་གསུམ་པོ་དེ་ཡང་། སྒྲིབ་པའི་མུན་པ་ཆེན་པོས་བསྒྲིབས་པའི་སོ་སོ་སྐྱེ་བོ་ལ་ཡང་ཡོན་ཏན་ཆ་ཤས་ཙམ་ལས་མེད་པ་ལས་སྙིང་པོའི་དྲི་མ་བསལ་སྟོབས་གཉེན་པོའི་ནུས་པ་ཆེ་ཆུང་གི་དབང་གིས་རིམ་པ་བཞིན་སྲབ་ཏུ་སོང་བས་ཉན་རང་གི་དགྲ་བཅོམ་ཡོན་ཏན་འཕགས་པ་དང་། དེ་དག་གིས་ཀྱང་མི་ཤེས་པ་ཐམས་ཅད་མ་སྤངས་པ་ལས་གོང་མར་གྱུར་པས་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་འཕགས་པར་སྣང་བ་དང་། དེ་བས་སྒྲིབ་པ་ཐམས་ཅད་དང་བྲལ་བའི་སངས་རྒྱས་འཕགས་པར་སྣང་བའོ། །དེ་ལྟ་བས་ན་དབྱིངས་དོན་དམ་པའི་བདེན་པ་དེ་ཉིད་ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའ་སྟེ་འཕགས་པ་འོག་མ་གསུམ་གྱིས་གནས་ལུགས་ཇི་ལྟ་བ་བཞིན་མི་མཐོང་སྟེ་ཚོགས་སྦྱོར་གྱི་ལམ་ལ་གནས་པས་ཡིད་དཔྱོད་ཀྱི་མོས་པ་ཙམ་ལས་མངོན་སུམ་དུ་མི་མཐོང་། མཐོང་སྒོམ་གཉིས་སུ་ཕྱོགས་རེ་མཐོང་ལ། འོན་ཀྱང་ལམ་དེ་
བས་བུ་ཆུང་གིས་མཐོངས་ཀའི་ཉི་ཞུར་མཐོང་བ་ཙམ་ལས་ཡོངས་ལ་ཁྱབ་པའི་ཉི་མ་མི་མཐོང་བཞིན་དུ་དབྱིངས་ཀྱི་ཡོན་ཏན་ཆ་ཤས་ཙམ་ལས་ཡོངས་སུ་རྫོགས་པར་མཐོང་བའི་སྐབས་མེད་དེ། ངག་ཡུལ་མིན་ཕྱིར་དོན་དམ་གྱིས་བསྡུས་ཕྱིར། །རྟོག་གནས་མིན་ཕྱིར་དཔེ་ལས་འདས་ཕྱིར་དང་། །བླ་ན་མེད་ཕྱིར་སྲིད་ཞིས་མ་བསྡུས་ཕྱིར། །རྒྱལ་ཡུམ་འཕགས་རྣམས་ཀྱིས་ཀྱང་བསམ་མི་ཁྱབ། །ཅེས་གསུངས་པ་ལྟར་རོ། །སངས་རྒྱས་ཀྱི་སར་ནི་རང་བཞིན་ཅི་ཡིན་པ་མངོན་སུམ་དུ་གྱུར་ནས་ཡོངས་སུ་རྫོགས་པར་གཟིགས་པ་སྟེ། རྒྱུད་བླ་མའི་ཐོགས་འགྲེལ། སྤྲིན་མཐོངས་མཁའ་ལ་ཉི་བཞིན་འདིར་ཁྱོད་ཕྱོགས་གཅིག་བློ་གྲོས་ཅན། །བློ་མིག་དག་པའི་འཕགས་རྣམས་ཀྱིས་ཀྱང་ཐམས་ཅད་མཐོང་མ་ལགས། །བཅོམ་ལྡན་འདས་ཁྱོད་ཆོས་སྐུ་རྣམ་དག་བློ་གྲོས་མཐའ་ཡས་པས། །ཤེས་བྱ་མཐའ་མེད་མཁའ་དབྱིངས་ཁྱབ་པ་དེ་དག་གིས་ཀུན་མཐོང་། །ཞེས་བཤད་པ་བཞིན་ནོ། །

རང་བཞིན་རྣམ་དག་དང་གློ་བུར་དྲི་བྲལ།


GTN001_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་སེམས་ཅན་གྱི་ཁམས་ལ་དབྱིངས་རང་བཞིན་གྱིས་འོད་གསལ་བ་དེ་རང་ཆས་སུ་བཞུགས་པས་སེམས་ཅན་རྣམས་ཚོགས་གཉིས་བསགས་ཤིང་སྒྲིབ་གཉིས་སྤངས་པའི་སངས་རྒྱས་སུ་འགྱུར་རོ་ཞེ་ན། དེའང་མ་ཡིན་པའི་རྒྱུ་མཚན་སྤང་བ་ལ་གཉིས་ཡོད་དེ་རང་བཞིན་རྣམ་དག་དང་གློ་བུར་དྲི་བྲལ་ལོ། །དང་པོ་ནི། ཆོས་ཉིད་ཀྱི་ངོ་བོ་ལ་གདོད་ནས་ཚང་བ་སྟེ། ཟད་པ་གཉེན་པོས་ཟད་པ་མ་ཡིན་ཞིང་རང་གི་ངོ་བོ་གདོད་མ་ཉིད་ནས་དག་པ་ཆེན་པོའི་གཤིས་


GTN001_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་སུ་གནས་པ་ལ་འགྱུར་བ་མེད་པ་སྟེ། སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས། འཇམ་དཔལ་སེམས་ནི་རང་བཞིན་གྱིས་འོད་གསལ་བའི་ཕྱིར་ཏེ། དེ་ནི་གློ་བུར་པའི་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱིས་ཉེ་བར་ཉོན་མོངས་པ་ཟད་ཀྱིས། རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་མ་ཡིན་ནོ། །རང་བཞིན་གྱིས་འོད་གསལ་བ་གང་ཡིན་པ་དེ་ནི་ཀུན་ནས་ཉོན་མོངས་པ་མེད་པ་ཉིད་ཡིན་ནོ། །ཀུན་ནས་ཉོན་མོངས་པ་མེད་པ་དེ་ལ་ནི་གཉེན་པོ་གང་གིས་ཀུན་ནས་ཉོན་མོངས་པ་སྤོང་བར་འགྱུར་བའི་གཉེན་པོ་མེད་དོ། །ཞེས་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་ལས། ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས། དེ་ལ་སེམས་ཅན་གང་ཡང་སྐྱེ་བའམ་འགག་པར་གྱུར་པ་ཡོད་དམ། སྨྲས་པ། བཙུན་པ་རབ་འབྱོར་དེ་ནི་མེད་དེ། དེའི་ཅིའི་ཕྱིར་ཞེ་ན། སེམས་ཅན་ཐོག་མ་ནས་རྣམ་པར་དག་པའི་ཕྱིར་རོ། །ཞེས་པ་དང་། ཡང་དེ་ཉིད་ལས། གཟུགས་རང་བཞིན་གྱིས་འོད་གསལ་བའི་ཕྱིར་རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མེད་པའོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་རང་བཞིན་གྱིས་འོད་གསལ་བའི་ཕྱིར་རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མེད་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མེད་པའོ། །ཞེས་སོགས་རྒྱ་ཆེར་གསུངས་པ་དང་། རང་བཞིན་གྱིས་ནི་ཡ༷ང་{ཡོངས་}དག་ཕྱིར། །ཉོན་མོངས་གདོད་ནས་ཟད་ཕྱིར་རོ། །ཞེས་པ་ལ་སོགས་པ་རྣམས་སོ། །དེ་བས་


GTN001_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ན་རྣམ་པར་ཤེས་པའི་ཆོས་ལས་འདས་པ་དང་སྒྲིབ་པ་ཀུན་ལས་ངེས་པར་གྲོལ་བ་ཉིད་ཀྱི་ཕྱིར། རང་བཞིན་གྱིས་སྤངས་པ་དེ་དོན་དམ་པའི་ཆོས་ཉིད་ལ་ཚང་བ་སྟེ། དེས་ན་ཆོས་ཉིད་གང་ལ་ཡོད་པ་དེར་སྤངས་པའང་ཡོད་དེ་ཆོས་ཉིད་ཡོངས་གྲུབ་དེ་ཉིད་རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར་རོ། །སྤང་བ་གཉིས་པ་ནི། གློ་བུར་གྱི་སྒྲིབ་བྱེད་དེ་དང་འཚམས་པའི་གཉེན་པོས་བསལ་བ་སྟེ། ལམ་གྱིས་མ་སྦྱངས་པར་གཞི་ལ་ཡོད་པའི་ཡོན་ཏན་མངོན་དུ་མི་འགྱུར་བ་སྔར་བཤད་པ་བཞིན་སེམས་ཅན་གྱི་སྐབས་སུ་གྱུར་ཀྱང་། དེས་གྲུབ་མཐའ་འདི་ལ་སྐྱོན་དུ་མི་འགྱུར་ཏེ་སེམས་ཅན་རྣམས་སྒྲིབ་པ་ཀུན་བྲལ་གྱི་སངས་རྒྱས་སུ་མི་བཞེད་པའི་ཕྱིར་རོ། །དེ་བཞིན་དུ་རྟོགས་པའང་གཉིས་ཏེ། གདོད་ནས་ཆོས་ཉིད་རང་གི་རིག་པས་རྟོགས་པ་རང་བྱུང་ཡེ་ཤེས་དང་། ལམ་སྒོམ་བྱུང་གི་རྟོགས་པ་གཞན་བྱུང་ཡེ་ཤེས་གཉིས་ཏེ། དང་པོ་ནི། དོན་དམ་ཆོས་ཉིད་དེ་རྟོགས་བྱེད་སོ་སོ་རང་གི་རིག་པ་ཤེས་རབ་རང་བྱུང་གི་ཡེ་ཤེས་འཇིག་རྟེན་ལས་འདས་པའི་མཚན་ཉིད་ཅན་ཏེ། བདག་རིག་གཞན་རིག་ཐམས་ཅད་རིག །ཀུན་ཤེས་ཀུན་རིག་དམ་པ་པོ། །ཞེས་གསུངས་པ་ལྟར་གཉུག་མའི་སྤངས་རྟོགས་གཉིས་པོ་དོན་དམ་པའི་གནས་ལུགས་རང་གི་ངོ་བོར་ཚང་བ་སྟེ། རྗེ་བཙུན་བྱམས་པས། འདི་ལ་བསལ་བྱ་གང་ཡང་མེད། །གཞག་པར་བྱ་བའང་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་


GTN001_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ན་རྣམ་པར་གྲོལ། །ཞེས་གསུངས་སོ། །རྟོགས་པ་གཉིས་པ་ནི། ལམ་བསྒོམས་སྟོབས་ཀྱིས་རྟོགས་པ་རྒྱས་འགྱུར་གྱི་རིགས་དེ་མཉམ་བཞག་གི་ཡེ་ཤེས་ཀྱི་ཚོགས་དང་། རྗེས་ཐོབ་ཏུ་བསོད་ནམས་ཀྱི་ཚོགས་གཉིས་བསགས་པས་མཐར་བྲལ་སྟོབས་ཀྱིས་ཡོན་ཏན་མངོན་དུ་གྱུར་པ་ལ་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ཏུ་གདགས་པ་སྟེ། མདོ་སྡེ་རྒྱན་ལས། སྔ་མ་ཕྱི་མར་ཁྱད་མེད་ཀྱང་། །སྒྲིབ་པ་ཀུན་གྱི་དྲི་མེད་པ། །དེ་བཞིན་ཉིད་ནི་སངས་རྒྱས་འདོད། །ཅེས་པ་བཞིན་ནོ། །དེ་ལ་ཀུན་རྫོབ་རང་གི་ངོ་བོས་སྟོང་པ་དང་། དོན་དམ་གཞན་གྱིས་སྟོང་པའི་ཚུལ་འདི་ཉིད་འཁོར་ལོ་བར་ཐ་གཉིས་ནས་ཅི་རིགས་པར་བསྟན་ལ། ཁྱད་པར་སྟོང་གཞི་བདེ་གཤེགས་སྙིང་པོ་ཟབ་གསལ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བཞུགས་ཚུལ་བཀའ་ཐ་མའི་སྡེ་སྣོད་རྣམས་སུ་རྒྱས་པར་གསུངས་པ་དང་ཆོས་ཐམས་ཅད་སེམས་ཀྱི་སྣང་ཆ་ཙམ་དུ་གསུངས་པ་སྔོན་གྱི་སློབ་དཔོན་འགའ་ཞིག་གིས་དགོས་པའི་དབང་གིས་སེམས་དོན་དམ་པར་ཁས་བླངས་པས། དེང་སང་གྲུབ་མཐའ་བཞིར་གྲགས་པའི་ནང་གི་རྣམ་རིག་སྨྲ་བར་བརྗོད་པ་འདི་བྱུང་བ་ཡིན་ལ་དོན་གྱི་དགོངས་པ་ཇི་བཞིན་མ་ལོང༷ས་(ལོན་)ཏེ་ཆོས་ཐམས་ཅད་སེམས་ཀྱི་སྣང་ཆ་ཙམ་དུ་གསུངས་པའི་སེམས་དེ་ཀུན་གཞིའི་རྣམ་ཤེས་སུ་དགོངས་པའི་སྐབས་དང་། ཆོས་ཉིད་ཡོངས་གྲུབ་ལ་དགོངས་པའི་སྐབས་གཉིས་ཡོད་དེ། སྔ་མ་ལ་དགོངས་ནས་འཁྲུལ་པའི་ཡུལ་དང་ཡུལ་ཅན་ཀུན་རྫོབ་པ་ཡིན་པའི་ཕྱིར་


GTN001_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་པ་མི་སྲིད་པས་དོན་དམ་བདེན་པར་མ་གསུངས་ཏེ། ཡེ་ཤེས་སྣང་བ་རྒྱན་གྱི་མདོར། ཤཱ་ར་དྭ་ཏའི་བུ། སེམས་ཞེས་བྱ་བ་ནི་སེམས་དང་ཡིད་ཀྱི་རྣམ་པར་ཤེས་པ་དང་། ཡིད་དང་། ཡིད་ཀྱི་ལུས་དང་། ཡིད་ཀྱི་དབང་པོ་དང་། ཡིད་ཀྱི་ཁམས་ཏེ། འདི་ནི་སེམས་ཞེས་བྱའོ། །དེའི་སྟོང་པ་ཉིད་གང་ཞེ་ན། ཤཱ་ར་དྭ་ཏའི་བུ་སེམས་ནི་སེམས་ཀྱིས་སྟོང་སྟེ། དེ་ལ་བྱེད་པ་པོ་གང་ཡང་མེད་དོ། །གལ་ཏེ་དེའི་བྱེད་པ་པོ་འགའ་ཞིག་ཡོད་ན་ནི་དེས་བྱས་ན་གཞན་གྱིས་མྱོང་བ་དེ་ལྟ་བུར་འགྱུར་རོ། །སེམས་ཀྱིས་ཀྱང་སེམས་མངོན་པར་འདུ་མི་བྱེད་དོ། །ཞེས་པ་ལ་སོགས་གསུངས་ཤིང་། ཆོས་ཐམས་ཅད་སེམས་ཀྱི་སྣང་ཆ་ཙམ་དུ་གསུངས་ཀྱང་དེ་དོན་དམ་པའི་བདེན་པར་གསུངས་པའི་སྐབས་མེད་ལ། སེམས་དང་། ཡིད་དང་། རྣམ་ཤེས་ཐམས་ཅད་ལས་འདས་པའི་ཡེ་ཤེས་ལ་དོན་དམ་པའི་བདེན་པར་བསྟན་ཏེ། འཕགས་པ་ལང་ཀར་གཤེགས་པའི་མདོ་ལས། སེམས་དང་། ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། རྣམ་པར་རྟོག་པ་དང། འདུ་ཤེས་མེད་པར་གྱུར་པས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་འགྱུར་ཏེ། བློ་གྲོས་ཆེན་པོ་སྣང་བ་མེད་པ་རྣམ་པར་རྟོག་པས་དབེན་པའི་ཆོས་བསྟན་པའི་ཕྱིར་དོན་དམ་པ་འདི་ལ་གོ་རིམ་དང་གོ་རིམ་གྱི་མཚམས་སྦྱར་བ་མེད་དོ། །ཞེས་དང་། སེམས་དང་ཡིད་དང་རྣམ་ཤེས་དང་། །འདུ་ཤེས་རྟོག་པ་སྤངས་པ་སྟེ། །རྣམ་པར་རྟོག་པའི་ཆོས་ཐོབ་པ། །ཉན་ཐོས་རྣམས་ནི་རྒྱལ་སྲས་ཡི༷ན་{མི༵ན}། །ཞིང་དང་བཟོད་པའི་ཁྱད་པར་ལས། །དེ་བཞིན་གཤེགས་པའི་ཡེ་ཤེས་དགེ །ཞེས་སོགས་གསུངས་པ་བཞིན་ནོ། །


GTN001_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་སེམས་ཙམ་པའི་གྲུབ་མཐའ་སྨྲ་བ་གང་ཞིག །དོན་དམ་བདེན་པ་འདོད་པ་ནི་རྣམ་ཤེས་ལས་མ་འདས་ལ། དེ་ནི་འཁོར་བའི་ཡུལ་ཅན་གྱི་ཤེས་པ་ཟང་ཀ་མ་སྟེ་འཇིག་རྟེན་ལས་འཕགས་པར་མི་ནུས་པའི་ཕྱིར་དང་། དོན་དམ་པའི་བདེན་པ་ནི་ཟག་པ་མེད་པའི་དབྱིངས་དང་དེ་རྟོགས་པའི་སྒྲིབ་བྲལ་གྱི་ཡེ་ཤེས་ཀྱི་འཕགས་པ་རྣམས་ཀྱི་སོ་སོ་རང་གི་རིག་པ་འཇིག་རྟེན་ལས་འདས་པའི་མཚན་ཉིད་ཅན་ཏེ། དེ་གཉིས་ཀྱི་ཁྱད་པར་ནི། ཐེག་པ་ཆེན་པོའི་མདོ་སྡེ་(ལང་གཤེགས་)ལས། དེ་ལ་བློ་གྲོས་ཆེན་པོ་ཡེ་ཤེས་ནི་རྣམ་པ་གསུམ་སྟེ། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། འཇིག་རྟེན་ལས་འདས་པའི་མཆོག་གོ ། དེ་ལས་སྐྱེས་ནས་འཇིག་པ་ནི་རྣམ་པར་ཤེས་པའོ། །མ་སྐྱེས་མི་འཇིག་པ་ནི་ཡེ་ཤེས་སོ། །གཞན་ཡང་བློ་གྲོས་ཆེན་པོ་མཚན་མ་དང་མཚན་མ་མེད་པར་ལྷུང་བ་དང་། ཡོད་པ་དང་མེད་པར་ལྷུང་བ་དང་། མཚན་ཉིད་སྣ་ཚོགས་ཀྱི་རྒྱུ་ལས་སྐྱེས་པ་རྣམས་ནི་རྣམ་པར་ཤེས་པའོ། །མཚན་མ་དང་མཚན་མ་མེད་པ་ལས་ཤིན་ཏུ་འདས་པའི་མཚན་ཉིད་ནི་ཡེ་ཤེས་སོ། །གཞན་ཡང་བློ་གྲོས་ཆེན་པོ་དེ་ལ་སོགས་པའི་མཚན་ཉིད་ནི་རྣམ་པར་ཤེས་པའོ། །བྲི་བའི་མཚན་ཉིད་ནི་ཡེ་ཤེས་སོ། །དེ་ལ་རྣམ་པ་གསུམ་ནི་འདི་ལྟ་སྟེ། རང་དང་སྤྱིའི་མཚན་ཉིད་རྟོགས་པར་བྱེད་པ་དང་། སྐྱེ་བ་དང་འཇིག་པ་རྟོགས་པར་བྱེད་པ་དང་། སྐྱེ་བ་མེད་པ་དང་འགག་པ་མེད་པར་རྟོགས་པར་བྱེད་པའོ། །དེ་ལ་འཇིག་རྟེན་པའི་ཡེ་ཤེས་ནི། ཡོད་པ་དང་མེད་པའི་ཕྱོགས་ལ་མངོན་པར་ཆགས་པ་མུ་སྟེགས་བྱེད་དང་། བྱིས་པ་སོ་སོའི་སྐྱེ་


GTN001_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

བོ་ཐམས་ཅད་ཀྱིའོ། །དེ་ལ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ནི། རང་དང་སྤྱིའི་མཚན་ཉིད་དུ་ལྟུང་བའི་བསམ་པ་ལ་མངོན་པར་ཆགས་པ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིའོ། །དེ་ལ་འཇིག་རྟེན་ལས་འདས་པ་མཆོག་གི་ཡེ་ཤེས་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྣང་བ་མེད་པའི་ཆོས་ལ་རབ་ཏུ་རྣམ་པར་འབྱེད་པ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པར་མཐོང་བ་དང་། ཡོད་པ་དང་མེད་པའི་ཕྱོགས་དང་བྲལ་བ་དེ་བཞིན་གཤེགས་པས་བདག་མེད་པ་ཐུགས་སུ་ཆུད་པའི་ཕྱིར་འབྱུང་བའོ། །གཞན་ཡང་བློ་གྲོས་ཆེན་པོ་ཆགས་པ་མེད་པའི་མཚན་ཉིད་ནི་ཡེ་ཤེས་སོ། །ཡུལ་སྣ་ཚོགས་ལ་ཆགས་པའི་མཚན་ཉིད་ཅན་ནི་རྣམ་པར་ཤེས་པའོ། །གཞན་ཡང་བློ་གྲོས་ཆེན་པོ་གསུམ་དུ་འདུས་པའི་བྱ་བ་སྐྱེ་བ་དང་ལྡན་པའི་མཚན་ཉིད་ནི་རྣམ་པར་ཤེས་པའོ། །མི་ལྡན་པའི་ངོ་བོ་ཉིད་ཀྱི་མཚན་ཉིད་ནི་ཡེ་ཤེས་སོ། །གཞན་ཡང་བློ་གྲོས་ཆེན་པོ་ཐོབ་པ་མེད་པའི་མཚན་ཉིད་ནི་ཡེ་ཤེས་ཏེ་བདག་གི་སོ་སོ་རང་གི་འཕགས་པའི་ཡེ་ཤེས་ཀྱིས་རྟོགས་པའི་སྤྱོད་ཡུལ་དུ་མི་འཇུག་མི་འབྱུང་བའི་ཕྱིར་ཆུ་ལ་ཆུ་ཟླ་བཞིན་ནོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། སེམས་ཀྱིས་སུ་ནི་ལས་རྣམས་སོགས། །ཡེ་ཤེས་ཀྱིས་ནི་རྣམ་པར་འབྱེད། །ཤེས་རབ་ཀྱིས་ཀྱང་སྣང་མེད་དང་། །མཐུ་ཡང་རབ་ཏུ་ཐོབ་པར་བྱེད། །སེམས་ནི་ཡུལ་དང་འབྲེལ་བ་སྟེ། །ཞེས་པ་ལ་སོགས་རྒྱས་པར་གསུངས་པ་དང་། དེ་བཞིན་དུ་འཕགས་པ་དཀོན་མཆོག་སྤྲིན་གྱི་མདོ་ལས། ཆོས་འདི་ནི་ཡི་གེ་ཐམས་ཅད་ལས་


GTN001_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་པར་འདས་པ། སྨྲ་བ་ཐམས་ཅད་ལས་ཡང་དག་པར་འདས་པ། ཚིག་གི་སྤྱོད་ཡུལ་ཐམས་ཅད་ལས་ཡང་དག་པར་འདས་པ། ངག་གི་ལམ་ཐམས་ཅད་ལས་ཡང་དག་པར་འདས་པ། སྤྲོས་པ་ཐམས་ཅད་དང་བྲལ་བ། བླང་བ་དང་དོར་བ་ཐམས་ཅད་དང་བྲལ་བ། ཕྱེ་བ་དང་བཙུམ་པ་ཐམས་ཅད་དང་བྲལ་བ། རྟོག་གེ་ཐམས་ཅད་དང་བྲལ་བ། བརྟག་པར་བྱ་བ་མ་ཡིན་པ། རྟོག་གེའི་སྤྱོད་ཡུལ་མ་ཡིན་པ། རྟོག་གེའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པ། མཚན་མ་མེད་པ། མཚན་མ་དང་བྲལ་བ། མཚན་མའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པ། བྱིས་པའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པ། བདུད་ཐམས་ཅད་ཀྱི་ཡུལ་ལས་ཡང་དག་པར་འདས་པ། ཉོན་མོངས་པ་ཐམས་ཅད་ཀྱི་སྤྱོད་ཡུལ་ལས་ཡང་དག་པར་འདས་པ། རྣམ་པར་ཤེས་པའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པ། གནས་མ་ཡིན་པ་མི་གནས་པ། ཞི་བ། འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཏེ། དེ་དག་ཉིད་ཀྱི་སོ་སོ་རང་གིས་རིག་པ། དྲི་མ་མེད་པ། མ་གོས་པ་དང་རྣམ་པར་དག་པ། གྱ་ནོམ་པ། མཆོག་དམ་པ། ཕུལ། རྟག་པ་བརྟན་པ། ཐེར་ཟུག་མི་འཇིག་པའི་ཆོས་ཅན་ཏེ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་སྟེ་ཆོས་ཀྱི་དབྱིངས་འདི་ནི་འདུག་པ་ཁོ་ནའོ། །ཞེས་པ་ལ་སོགས་པས་དོན་དམ་འཕགས་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཚུལ་རྒྱས་པར་བསྟན་པ་དག་ནི་སེམས་ཙམ་པ་འདོད་པའི་ལམ་དུ་མི་གནས་ཏེ་གཟུང་འཛིན་གཉིས་མེད་ཤེས་པ་རང་རིག་རང་གསལ་དེ་ཉིད་སངས་རྒྱས་ཀྱི་རྒྱུ་གྲུང་པོར་ཁས་བླངས་ཤིང་ཡུལ་ཅན་གཞན་དབང་


GTN001_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་པར་འདོད་པས་རྣམ་ཤེས་རྫས་གྲུབ་དོན་དམ་པར་འདོད་པ་གང་ཞིག་ཆོས་ཀྱི་བདག་མེད་སྒྲ་ཇི་བཞིན་པ་ཡང་རྟོགས་པར་དཀའ་བའི་ཕྱིར་རོ། །དེ་ལྟར་ཡང་ལང་གཤེགས་ལས། སེམས་ཙམ་ཡིན་ཏེ་སྣང་བ་མེད། །སྣང་བ་མེད་པས་མི་སྐྱེ་སྟེ། །དབུ་མ་ཡི་ནི་ལམ་འདི་དག །ང་དང་གཞན་དག་གིས་ཀྱང་བཤད། །སེམས་ཙམ་དུ་ནི་རྟོགས་པ་དང་། །ཕྱི་རོལ་དངོས་པོ་རྣམ་བསལ་བས། །རྣམ་པར་རྟོག་པ་རྣམ་ལྡོག་པས། །ལམ་དེ་ཉིད་ནི་དབུ་མའོ། །ཞེས་བཤད་པ་བཞིན་བཀའ་ཐ་མའི་དགོངས་པ་འདི་ཉིད་ངེས་དོན་དབུ་མ་ཆེན་པོར་གནས་པ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་འགྲེལ་པ་དང་། ཐེག་ཆེན་གྱི་སློབ་དཔོན་ཤིང་རྟ་གཉིས་རྗེས་འབྲངས་དང་བཅས་པས་རང་གཞུང་རྣམས་སུ་གསལ་བར་བསྟན་པ་ཡིན་ལ། འོན་ཀྱང་སློབ་དཔོན་འགའ་ཞིག་གིས་དགོས་དབང་ལ་བརྟེན་ནས་རྣམ་གཞག་གཞན་དང་གཞན་དུ་སྨྲ་བ་དག་བྱུང་སྲིད་ནའང་དེ་དག་རྣམས་སྐྱེ་འཕགས་ཇི་ལྟར་ཡིན་ཚད་བཟུང་དཀའ་ལ། འཕགས་པའི་སར་བཞུགས་པར་གྲུབ་ན་དགོངས་གཞི་གཞན་གྱིས་དེ་ལྟར་གསུངས་པའི་སྐབས་སྲིད་པས་རང་རེ་བྱིས་པ་རྣམས་ཀྱིས་མཐའ་གཅིག་ཏུ་བཟུང་ནས་ཆོས་སྤངས་ཀྱི་ལས་ངན་མི་བསོག་པ་ཉིད་གནད་དུ་གོ་ལ། གལ་ཏེ་འདིར་ངོ་བོ་ཉིད་གསུམ་བསྟན་པའི་ཕྱིར་སེམས་ཙམ་པའོ། །ཞེས་སྨྲས་ཀྱང་། ཡུམ་བར་མ་(སྟོང་ཕྲག་ཉ་ིཤུ་ལྔ་པ་)ལས། བྱམས་པ། ཡོངས་སུ་བརྟགས་པའི་གཟུགས་གང་ཡིན་པ་དེ་ནི་རྫས་མེད་པར་བལྟའོ། །རྣམ་པར་བརྟགས་པའི་གཟུགས་གང་ཡིན་པ་དེ་ནི་རྣམ་པར་རྟོག་པ་རྫས་ཡོད་པའི་ཕྱིར་རྫས་ཡོད་པར་


GTN001_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

བལྟ་ཡི་རང་དབང་དུ་འཇུག་པ་ནི་མ་ཡིན་ནོ། །ཆོས་ཉིད་ཀྱི་གཟུགས་གང་ཡིན་པ་དེ་ནི་རྫས་མེད་པ་ཡང་མ་ཡིན་རྫས་ཡོད་པ་ཡང་མ་ཡིན་ཏེ། དོན་དམ་པས་རབ་ཏུ་ཕྱེ་བ་ཡིན་པར་བལྟ་བར་བྱའོ། །ཞེས་སོགས་གསུངས་པ་དང་། བརྒྱད་སྟོང་དོན་བསྡུས་སུའང་། ཤེས་རབ་ཕ་རོལ་ཕྱིན་པ་ནི། །བསྟན་པ་གསུམ་ལ་ཡང་དག་བརྟེན། །བརྟགས་པ་དང་ནི་གཞན་དབང་དང་། །ཡོངས་སུ་གྲུབ་པ་ཁོ་ན་འོ། །མེད་ཅེས་བྱ་བ་སོགས་ཚིག་གིས། །བརྟགས་པ་ཐམས་ཅད་འགོག་པ་སྟེ། །སྒྱུ་མ་ལ་སོགས་དཔེ་རྣམས་ཀྱིས། །གཞན་གྱི་དབང་ནི་ཡང་དག་བསྟན། །རྣམ་པར་བྱང་བ་བཞི་ཡིས་ནི། །ཡོངས་སུ་གྲུབ་པར་རབ་ཏུ་བསྒྲགས། །ཤེས་རབ་ཕ་རོལ་ཕྱིན་པ་ནི། །སངས་རྒྱས་རྣམས་ཀྱིས་གཞན་བསྟན་མེད། །ཅེས་པ་ལ་སོགས་པ་ངོ་བོ་ཉིད་གསུམ་གྱི་ཚུལ་བཀའ་བར་པ་ནས་ཀྱང་རྒྱས་པར་བསྟན་པ་དང་། དེ་བཞིན་དུ་གཞན་ཡང་ཀླུའི་བཤེས་གཉེན་གྱི་སྐུ་གསུམ་ལ་འཇུག་པའི་སྒོར་ཡང་། ངོ་བོ་ཉིད་གསུམ་གྱིས་སྐུ་གསུམ་ཐོབ་པའི་རྒྱུར་བསྡུས་པ་དང་། དེའི་འགྲེལ་པ་དབུ་མ་ཆེན་པོ་ཡེ་ཤེས་ཟླ་བས་མཛད་པར་ཡང་དེ་དང་དོན་གཅིག་པར་བཤད་པ་སོགས་དབུ་མའི་གཞུང་ཆེན་པོ་ཐམས་ཅད་དུ་ངོ་བོ་ཉིད་གསུམ་གྱི་རྣམ་གཞག་མཛད་པ་ཐམས་ཅད་ཀྱང་དབུ་མའི་ལུགས་སུ་དེ་མེད་ཅིང་སེམས་ཙམ་གྱི་ལུགས་ཁོ་ནའོ་ཞེས་སྨྲ་བ་རྣམས་ཀྱིས་གཞུང་དེ་དག་མ་མཐོང་བར་ཟད་ལ། གཞན་ཡང་ལང་གཤེགས་ལས། སེམས་ཙམ་ལ་ནི་གནས་ནས་སུ། །ཕྱི་རོལ་དོན་ནི་མི་བརྟག་གོ །ཡང་དག་དམིགས་ལ་གནས་ནས་ནི། །སེམས་ཙམ་ལས་ནི་འདའ་


GTN001_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱ། །སེམས་ཙམ་ལས་ནི་འདས་ནས་ནི། །སྣང་བ་མེད་ལས་འདའ་བར་བྱ། །རྣལ་འབྱོར་སྣང་བ་མེད་གནས་ན། །ཐེག་པ་ཆེན་པོ་མི་མཐོང་ངོ་། །ཞེས་གནས་སྐབས་སུ་སེམས་ཙམ་དུ་བསྟན་ནས་མཐར་དེ་ལས་ཡང་དག་པར་འདས་ནས་སྣང་མེད་དབུ་མ་དང་། དེ་ལས་ཀྱང་འདས་ནས་སྣང་བཅས་དབུ་མ་སྟོན་ཞིང་། དེ་ལ་མ་སླེབས་ན་ཐེག་ཆེན་གྱི་དོན་ཟབ་མོ་མི་མཐོང་བར་གསུངས་པ་ཡིན་ལ། སྤྱིར་སེམས་ཀྱི་སྒྲས་སྨོས་པ་ཐམས་ཅད་སེམས་ཙམ་དུ་སྨྲ་བའང་ནོངས་ཏེ། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དང་། རང་བཞིན་གྱིས་མྱ་ངན་ལས་འདས་པ་དང་། ཆོས་ཀྱི་དབྱིངས་དང་། འོད་གསལ་བའི་སེམས་དང་། ཀུན་ཏུ་བཟང་པོའི་ཡིད་ལ་སོགས་པ་མཐའ་ཐམས་ཅད་དང་བྲལ་བའི་གནས་ལ་སེམས་ཀྱི་སྒྲས་བསྟན་པའི་སྐབས་ཡོད་དེ། ཡུམ་རྒྱས་པ་ལས། རབ་འབྱོར་སེམས་དེ་ནི་སེམས་མ་མཆིས་ཏེ་སེམས་ཀྱི་རང་བཞིན་ནི་འོད་གསལ་བའོ། །ཞེས་འཁོར་བའི་སེམས་དང་སེམས་བྱུང་ལས་འདས་པའི་འོད་གསལ་བའི་སེམས་ཉིད་གསུངས་པ། རྣམ་ཤེས་ལས་མ་འདས་པའི་སེམས་ཙམ་དུ་ནོར་བར་མི་བྱ་སྟེ། ཕྱི་མའི་མཚན་ཉིད་ནི། མདོ་(ལང་གཤེགས་)ལས། རྣམ་པར་རྟོག་པའི་བག་ཆགས་འབྲེལ། །སེམས་ལས་བྱུང་བ་སྣ་ཚོགས་པ། །མི་ལ་ཕྱི་རོལ་སྣང་བ་ནི། །འཇིག་རྟེན་པ་ཡི་སེམས་ཙམ་མོ། །ཞེས་གསུངས་པས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སེམས་ཙམ་གྱི་ཁྱད་པར་བསྟན་པ་སྔར་བཤད་པའི་རྣམ་ཤེས་ཡེ་ཤེས་ཀྱི་ཁྱད་པར་དང་དོན་གཅིག་ཅིང་དེ་བཞིན་དུ་ཤིན་ཏུ་ཟབ་པའི་ཐེག་ཆེན་རྣམས་སུ་


GTN001_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པའི་མིང་གཞན་གྱིས་བསྙད་པའི་སེམས་ཀྱི་དོན་ཅན་རྣམས་ཀྱང་དེ་བཞིན་དུ་ཤེས་དགོས་ལ། དེར་མ་ཟད་ཟག་པ་མེད་པའི་དབྱིངས་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་དང་། དོན་དམ་པའི་དགེ་བ་དང་། ཆོས་ཉིད་མི་འགྱུར་ཞིང་བརྟན་པ་དང་། དོན་དམ་པའི་གནས་ལུགས་སུ་བདེན་པ་དང་། གདོད་ནས་རྣམ་པར་གྲོལ་བའི་སྐུ་དང་། མཐའ་བཞིའི་སྤྲོས་པ་ཐམས་ཅད་དང་བྲལ་བ་དང་། བདག་གཉིས་སྤངས་སོགས་ཐུབ་པ་ཆེན་པོའི་ཆོས་ཀྱི་སྐུ་དང་དབྱེར་མེད་པའི་ཡོན་ཏན་གྱི་ཚོགས་གང་གཱའི་ཀླུང་བྱེ་མ་སྙེད་ལས་འདས་པ་རྣམས་ཀྱང་རྣམ་ཤེས་ཀྱི་ཆོས་ལས་ཤིན་ཏུ་འདས་པར་ལྷུན་གྲུབ་ཏུ་གནས་པའི་ཕྱིར། འཇིག་རྟེན་པའི་སེམས་ཙམ་སྨྲ་བ་དང་རྣམ་པ་རབ་ཏུ་འགལ་བ་ཅན་ཡིན་ནོ། །སྤྱིར་ཆོས་སུ་མ་ལྷུང་བའི་བློ་གྲོས་ཚད་མར་གྱུར་པ་དག་གིས་སྟོང་ལུགས་གཉིས་ཀ་ཡང་ཤིང་རྟའི་སྲོལ་སོ་སོ་ལ་བརྟེན་པའི་གྲུབ་མཐའ་བཞིར་གྲངས་ངེས་པ་དག་གི་རྩེ་མོར་གྱུར་པའི་དབུ་མར་གནས་པ་ལས་ཁྱད་པར་མེད་དེ་གཉིས་ཀའི་སྐབས་སུ་ཡོད་པ་དང་བདེན་པར་ཡོད་པ་ལ་ཁྱད་པར་མེད་དེ། ངེས་དོན་གྱི་དགོངས་པ་འགྲེལ་བ་ལ་རྒྱལ་བས་ལུང་བསྟན་པའི་སློབ་དཔོན་ཆེན་པོ་ཀླུ་ཐོགས་རྣམ་གཉིས་སོ་སོའི་བསྟན་བཅོས་ཀྱིས་གསལ་བར་རྟོགས་ཤིང་། དེ་དང་མཐུན་པར་རྩོད་དུས་ཀྱི་ཐམས་ཅད་མཁྱེན་པ་རིན་ཆེན་འབྱུང་ཞི་བ་དང་། ལེགས་ལྡན་ཞབས་དང་། གསེར་གླིང་པ་དང་། ཇོ་བོ་རྗེ་སོགས་ཀྱིས་ཀྱང་བཤད་ལ། སློབ་དཔོན་སེངྒེ་བཟང་པོས་ཀྱང་ཞལ་གྱིས་བཞེས་ཏེ། དེས་རྒྱན་གྱི་དགོངས་པ་འཆད་
པ་ན། གཉིས་སུ་མེད་པའི་ཡེ་ཤེས་འབའ་ཞིག་འདི་ཡང་དག་པར་ཡོད་པའི་ངོ་བོ་ཡིན་ནོ་སྙམ་དུ་ངེས་པར་བྱས་ནས་ཞེས་པ་འདི་རྣལ་འབྱོར་གྱི་ས་གསུམ་པའི་སྒོམ་བྱུང་གི་རྣལ་འབྱོར་རམ་བསམ་བྱུང་གི་རིམ་པ་གང་རུང་དུ་བཞེད་པའི་ཕྱིར་དང་། དེ་བཞིན་ཉིད་ཀྱི་ངོས་འཛིན་ཡེ་ཤེས་ལ་བཤད་པ་དང་། ངོ་བོ་ཉིད་སྐུའི་འགྲེལ་པར་གནས་ཚུལ་གྱི་སྐུ་ལྷག་མ་གསུམ་པོ་ཆོས་ཉིད་དུ་བཤད་པའི་ཕྱིར་རོ། །དེའི་འཁོར་ལོ་བར་པ་ནས་དངོས་སུ་བསྟན་པའི་སྟོང་ཉིད་ཀྱི་ལུས་ཅན་རྣམས་ཀྱི་བློ་ལྷན་སྐྱེས་ཀྱི་ངར་འཛིན་དང་། མུ་སྟེགས་བྱེད་རྣམས་ཀྱི་གྲུབ་མཐས་གསར་དུ་བཏགས་པའི་བདག་ཏུ་ལྟ་བ་དང་། རང་སྡེ་དངོས་པོར་སྨྲ་བའི་གྲུབ་མཐའི་འཛིན་ཞེན་གྱི་སྤྲོས་པ་གཅོད་པའི་དོན་དུ་ངེས་དོན་མེད་དགག་ཁོ་ནར་བཞེད་ཅིང་ཅི་ཡང་མི་བསྒོམ་པ་ལ་སྟོང་ཉིད་བསྒོམ་པ་དང་། ཅི་ཡང་མ་མཐོང་བ་ལ་དེ་ཁོ་ན་ཉིད་རྟོགས་པར་བསྟན་པས་དེ་དང་དེའི་མཐོང་བས། བདག་མེད་ཚུལ་བཞིན་དུ་རྟོགས་པར་བྱེད་པའི་གོ་ཡུལ་གྱི་ལྟ་བ་སྟེ་མཚན་འཛིན་གཞིག་པར་དཀའ་བ་ཡང་། ཐོས་བསམ་ལས་བྱུང་བའི་ཤེས་རབ་ཀྱིས་འགོག་པར་བྱེད་པ་ལ་ཐལ་རང་གི་སྤྲོས་པ་གཅོད་བྱེད་ལ་རྣོ་བ་དང་།

སྒོམ་པ་ཉམསམྱོང་གིས་གཏན་ལ་འབེབས་པའི་ཚེ།


GTN001_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པ་ཉམས་མྱོང་གིས་གཏན་ལ་འབེབས་པའི་ཚེ་ནི། འཁོར་ལོ་གསུམ་པར་གསུངས་པའི་དབུ་མ་ཆེན་པོའི་ལུགས་འདི་ཉིད་མཆོག་ཏུ་ཟབ་ལ་རྒྱ་ཆེ་བ་ཡིན་ཏེ། དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་དོན་དམ་པའི་བདེན་པ་རང་བྱུང་གི་ཡེ་ཤེས་དེ་ཉིད་ནི་ཆོས་ཐམས་ཅད་ཀྱི་ཐོག་མའི་གནས་ལུགས་ཡིན་པ་གང་


GTN001_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་སོ་སོ་རང་གི་རིག་པས་ཉམས་སུ་མྱང་བྱར་ཡོད་པའི་ཡེ་ཤེས་ཡིན་པའི་ཕྱིར་ཏེ། སྒྲ་གཅན་ཟིན་གྱིས་ཡུམ་ལ་བསྟོད་པར། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཞེས་པ་དང་། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་བདག་གིས་རྙེད། །ཅེས་གསུངས་པ་སོགས་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་མཚོན་པར་བྱས་ཤིང་། འདི་ཉིད་ཀྱི་རང་བཞིན་མཐོང་བས་དོན་དམ་བདེན་པ་མཐོང་བ་ཞེས་བྱ་ཡི། ཅི་ཡང་མེད་པའི་སྟོང་ཉིད་ཙམ་ལ་དོན་དམ་བདེན་པར་མི་རུང་ངོ་། །དེའི་ཕྱིར་ཆོས་ཉིད་ཡོངས་གྲུབ་ནི་གཉིས་སུ་མེད་པའི་དེ་བཞིན་ཉིད་ཀྱི་ཡེ་ཤེས་ཡིན་པའི་ཕྱིར་རྣམ་ཤེས་ཀྱི་ཆོས་ལས་ཡང་དག་པར་འདས་པ་སངས་རྒྱས་ཆོས་ཀྱི་སྐུ་དང་། ངོ་བོ་ཉིད་སྐུའི་སྒྲས་བསྟན་པ། གསང་སྔགས་སུ་གསུངས་པའི་རྒྱུད་གསུམ་གྱི་རྣམ་པར་བཞག་པ་དང་། ལྷ་དང་། སྔགས་དང་། རྡོ་རྗེའི་བདག་དང་། བདེ་བ་ཆེན་པོ་དང་། རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་དང་། གཉུག་མའི་ལུས་ངག་ཡིད་གསུམ་གྱི་རྟེན་མི་ཤིགས་པའི་ཐིག་ལེ་ཆེན་པོ་དག་གི་སྦྱང་གཞི་དང་སྦྱོང་བྱེད་དང་། སྦྱངས་འབྲས་སོགས་ཀྱི་རྣམ་པར་བཞག་པ་དང་། གཞི་ལམ་འབྲས་བུའི་རྣམ་བཞག་ཐུན་མོང་མ་ཡིན་པ་རྣམས་ཀྱང་སེམས་ཙམ་པར་གྲགས་པའི་གྲུབ་མཐའ་དང་འགལ་བའི་ཆོས་སུ་གནས་ཤིང་། རང་སྟོང་པ་ལྟར་འདོད་པའི་ལམ་དུ་མི་གནས་པར་འཁོར་ལོ་ཐ་མའི་དགོངས་པ་ས་བཅུའི་


GTN001_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཕྱུག་ཆེན་པོ་རྣམས་ཀྱིས་བཀྲལ་པ་དང་སྔགས་ཀྱི་རྒྱུད་སྡེ་རྣམས་ཀྱིས་བསྟན་པ་གཅིག་ལ་གཅིག་ལྟོས་ཀྱིས་མི་འགལ་བར་གནས་པ་ནི་ཤེས་པར་བྱ་དགོས་ལ། དེ་ལྟར་ཉིད་ཕྱིར་བཀའ་ཐ་མའི་དགོངས་པ་འཇིག་རྟེན་པའི་སེམས་ཙམ་སྨྲ་བ་དང་རྣམ་པ་ཀུན་ཏུ་གཅིག་པ་མ་ཡིན་པར་ཐེག་པའི་རིམ་པར་འོག་མ་འོག་མའི་དགོས་པ་གོང་མ་གོང་མའི་ནང་དུ་རིམ་གྱིས་འདུ་ཞིང་མཐའ་གཅིག་ཏུ་གྲུབ་པ་ལས་འགལ་བ་མེད་ཀྱང་འོག་མ་ལས་གོང་མ་ཆེས་ཁྱད་པར་དུ་འཕགས་པ་བདེ་བར་གཤེགས་པའི་བསྟན་པ་རིན་པོ་ཆེའི་ཁྱད་པར་དུ་ངེས་པ་ཁོང་དུ་ཆུད་དགོས་ཏེ་དེ་ལྟར་མིན་ན་འཁོར་ལོ་དང་པོར་སྡུག་བསྔལ་བ་དང་། བདག་མེད་པ་དང་། མི་གཙང་བ་དང་། མི་རྟག་པ་ཞེས་བསྟན་ནས། བཀའ་བར་པར་ཐམས་ཅད་སྟོང་པ་ཉིད་དུ་གཏན་ལ་ཕབ་ནས་སླར་ཡང་བཀའ་ཐ་མར། བདེ་བ་དང་། གཙང་བ་དང་། རྟག་པ་དང་། བདག་དམ་པར་བསྟན་པའི་དོན་གྱི་དགོངས་པ་རྟོན་པ་གཞི་ལ་གདེང་དུ་གྱུར་པའི་བློ་གྲོས་ཀྱིས་བླང་མ་ཤེས་པར་སྒྲ་ཇི་བཞིན་པར་བཟུང་ན་གདུལ་བྱ་མགོ་རྨོངས་པར་འགྱུར་བ་དང་བསྟན་པ་འགལ་བར་དཔྱོད་པའི་རྣམ་པར་རྟོག་པ་ཅན་དུ་འགྱུར་ཏེ། འདི་ལ་དགོངས་ནས་རྒྱུད་བླ་མའི་འགྲེལ་པར། མདོར་བསྡུ་ན། གང་ཟག་བཞི་པོ་འདི་ནི་དེ་བཞིན་གཤེགས་པའི་སྙིང་པོ་མཐོང་བ་ལ་མིག་དང་མི་ལྡན་པར་བཞག་སྟེ། བཞི་གང་ཞེ་ན་འདི་ལྟ་སྟེ། སོ་སོའི་སྐྱེ་བོ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། ཐེག་པ་ལ་གསར་དུ་ཞུགས་པའི་
བྱང་ཆུབ་སེམས་དཔའ་སྟེ། ཇི་སྐད་(དཔལ་ཕྲེང་གི་མདོར།)དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་འདི་ནི་འཇིག་ཚོགས་ལ་ལྟ་བར་ལྷུང་བ་རྣམས་དང་། ཕྱིན་ཅི་ལོག་ལ་མངོན་པར་དགའ་བ་རྣམས་དང་། སྟོང་པ་ཉིད་ལ་སེམས་རྣམ་པར་གཡེངས་པ་རྣམས་ཀྱི་སྤྱོད་ཡུལ་མ་ལགས་སོ་ཞེས་གསུངས་པ་བཞིན་ནོ། །ཞེས་པ་ལ་སོགས་པ་གསུངས་པ་བཞིན་གཞན་ཡང་ཚུལ་འདི་ཉིད་བཀའ་དང་བསྟན་བཅོས་ཐམས་ཅད་ནས་ཤིན་ཏུ་སྒྲུབ་ཏུ་ཡོད་ཀྱང་འདིར་དེ་ཙམ་ཞིག་ལས་མ་བཀོད་ལ་སྤྲོས་པས་ཆོག་གོ །

དྲང་ངེས་རྣམ་བཞག


GTN001_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡང་བསྟན་པ་དེ་དག་དྲང་ངེས་གཉིས་སུ་རྣམ་པར་བཞག་ན། ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་པོ་དེ་དག་གིས་གོང་དུ་སྒྲིབ་བྱེད་གློ་བུར་པའི་དྲི་མ་རགས་པ་དང་། ཕྲ་བ་དང་། ཤིན་ཏུ་ཕྲ་བའི་ཚུལ་རྣམས་སྦྱོང་བྱེད་ཀྱི་ཐབས་རྒྱ་ཆེ་ཆུང་ལས་དོན་དུ་གཤེགས་སྙིང་གཅིག་པུའི་སྟེང་གི་དྲི་མ་སྦྱོང་བ་ལ་གསུམ་ཀ་མཐུན་ཞིང་། འདི་ལྟར་དང་པོས་མི་རྟག་པ་སོགས་ཀྱིས་འཁོར་བ་ལས་ཡིད་འབྱུང་ཞིང་མྱ་ངན་ལས་འདས་པའི་སྒོར་འཇུག་པའི་རྒྱུ་བྱེད། གཉིས་པ་རྣམ་པར་ཐར་པའི་སྒོ་གསུམ་གྱིས་འཇིག་རྟེན་པའི་བདག་ཏུ་ལྟ་བ་སོགས་མཚན་འཛིན་གྱི་གཉེན་པོར་འགྱུར་ཞིང་། གསུམ་པ་ཕྱིར་མི་ལྡོག་པའི་གཏམ་གྱིས་བདེ་བར་གཤེགས་པའི་ཚུལ་རྒྱ་ཆེན་པོ་ཁོང་དུ་ཆུད་པར་བྱེད་པ་ལ་དགོངས་པ་སྟེ། གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོ་ལས། རིགས་ཀྱི་བུ་འདི་ལྟར་དཔེར་ན་ནོར་བུ་མཁན་མཁས་


GTN001_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

པས་ནོར་བུ་སྦྱོང་བའི་ཚུལ་ལེགས་པར་ཤེས་པ་དེས། ནོར་བུ་རིན་པོ་ཆེའི་རིགས་ནས་ཡོངས་སུ་མ་དག་པའི་ནོར་བུ་བླངས་ཏེ་ལན་ཚྭའི་ཆུ་རྙོག་པོར་སྦངས་ནས་སྐྲའི་རེ་བས་ཡོངས་སུ་སྦྱོང་བར་བྱེད་དོ། །དེ་བཞིན་དུ་དེའི་འོག་ཏུ་ཟས་ཀྱི་ཁུ་བར་སྦངས་ཏེ་བལ་གྱི་ལྭ་བས་ཡོངས་སུ་སྦྱོང་བས་ཡོངས་སུ་སྦྱོང་བར་བྱེད་དོ། །དེ་བཞིན་དུ་དེའི་འོག་ཏུ་སྨན་བཟང་པོའི་ཁུ་བས་སྦངས་ཏེ་རས་སྲབ་མོས་ཡོངས་སུ་སྦྱོང་བས་ཡོངས་སུ་སྦྱོང་བར་བྱེད་དོ། །ཡོངས་སུ་སྦྱངས་ཏེ་དྲི་མ་དང་བྲལ་བ་ནི་བཻ་ཌཱུརྱའི་རིགས་ཆེན་པོ་ཞེས་བརྗོད་དོ། །དེ་བཞིན་དུ་སེམས་ཅན་ལ་དང་པོ་མི་རྟག་པ་དང་། སྡུག་བསྔལ་བ་སོགས་ཡིད་འབྱུང་བའི་གཏམ་གྱིས་འདུལ་བ་ལ་འཛུད་པར་མཛད་པ་དང་། དེའི་འོག་ཏུ་རྣམ་པར་ཐར་པ་གསུམ་གྱི་གཏམ་གྱིས་དེ་བཞིན་གཤེགས་པའི་ཚུལ་རྟོགས་པར་མཛད་པ་དང་། དེའི་འོག་ཏུ་ཕྱིར་མི་ལྡོག་པའི་འཁོར་ལོའི་གཏམ་གྱིས་དེ་བཞིན་གཤེགས་པའི་ཡུལ་ལ་འཇུག་པར་མཛད་དོ། །ཞུགས་པར་གྱུར་ཅིང་ཆོས་ཉིད་རྟོགས་ན་ནི་བླ་ན་མེད་པའི་ཡོན་གནས་སོ། །ཞེས་པ་ལ་སོགས་པས་རྒྱས་པར་གསུངས་ཤིང་། དེ་བཞིན་དུ་བཀའ་རིམ་པ་གསུམ་པོ་དྲང་དོན་དང་ངེས་དོན་དུ་རྣམ་པར་དབྱེ་བ་ཡང་། དགོངས་པ་ངེས་པར་འགྲེལ་པའི་མདོ་ལས། བཅོམ་ལྡན་འདས་ཀྱིས་ཉན་ཐོས་ཀྱི་ཐེག་པ་ལ་ཞུགས་པ་རྣམས་ལ་འཕགས་པའི་བདེན་པ་བཞི་སྟོན་པའི་ཆོས་ཀྱི་འཁོར་ལོ་དང་པོ་བསྐོར་བ་དེ་ཡང་བླ་ན་མཆིས་པ། སྐབས་མཆིས་པ། དྲང་བའི་དོན་རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས་ལ། བཅོམ་ལྡན་འདས་


GTN001_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས་ཏེ། ཐེག་པ་ཆེན་པོར་ཡང་དག་པར་ཞུགས་པ་རྣམས་ལ་སྟོང་པ་ཉིད་སྟོན་པའི་ཆོས་ཀྱི་འཁོར་ལོ་གཉིས་པར་བསྐོར་བ་དེ་ཡང་བླ་ན་མཆིས་པ། སྐབས་མཆིས་པ། དྲང་བའི་དོན། རྩོད་པའི་གཞིར་གྱུར་པ་ལགས་ཀྱི། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས་ཏེ་ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་རྣམས་ལ་ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པའི་ཤིན་ཏུ་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གསུམ་པ་བསྐོར་ཏེ། ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ནི་བླ་ན་མ་མཆིས་པ། སྐབས་མ་མཆིས་པ། ངེས་པའི་དོན། རྩོད་པའི་གཞིར་མ་གྱུར་པ་ལགས་སོ། །ཞེས་པ་ལ་སོགས་པའི་སྒོ་ནས་དྲང་ངེས་ཀྱི་རྣམ་བཞག་མཛད་ལ། དེ་ལྟར་འཁོར་ལོ་བར་པ་དྲང་དོན་དུ་བཞག་པའི་རྒྱུ་མཚན་ནི། ཆོས་འཁོར་འདིར་དགོས་པའི་དབང་གིས་བདེ་བར་གཤེགས་པའི་སྟོབས་སོགས་དོན་དམ་གྱི་ཡོན་ཏན་རང་སྟོང་མ་ཡིན་པ་རྣམས་ཀྱང་ཕལ་ཆེར་རང་སྟོང་དུ་སྟོན་པ་དང་དེ་དག་ལེགས་པར་ཕྱེ་སྟེ་ནང་འགལ་མེད་པར་མ་བསྟན་པ་སོགས་ཀྱིས་བླ་ན་མཆིས་པ་ལ་སོགས་པ་གསུངས་ལ། གསུམ་པར་ནི། ཀུན་རྫོབ་ཀྱི་ཆོས་རྣམས་རང་སྟོང་དང་། དོན་དམ་པའི་ཆོས་གཞན་གྱིས་སྟོང་པས་དེ་དག་གི་ཚུལ་ཉིད་ལེགས་པར་རྣམ་པ་ཇི་ལྟ་བར་ཕྱེ་ནས་བསྟན་པའི་རྒྱུ་མཚན་གྱིས་ཀྱང་དེ་ལྟར་དུ་བཞག་གོ། གལ་ཏེ་འཁོར་ལོ་བར་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པའི་ཕྱིར་ངེས་དོན་ཡིན་ལ། དེ་ལས་བཟློག་ནས་སྟོན་པའི་ཕྱིར་ཐ་མ་དྲང་དོན་དགོངས་པ་


GTN001_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཡིན་ནོ་ཞེས་སྨྲ་བ་ནི་ལེགས་པར་མ་བརྟགས་པ་སྟེ། མ་སྐྱེས་མི་འགག་གདོད་ནས་ཞི་བ་ལ་སོགས་པ་ཤེར་ཕྱིན་སྒྲ་ཇི་བཞིན་པ་ནི་འཁོར་ལོ་ཐ་མ་ཉིད་དུ་མཆོག་ཏུ་རྒྱས་ཤིང་། ཤིན་ཏུ་ཟབ་པའི་ཚུལ་ནི་རྡོ་རྗེ་ཐེག་པར་བསྟན་ལ། དེ་ཉིད་མི་གསལ་བ་དང་། གསལ་བ་དང་། རབ་ཏུ་གསལ་བར་སྟོན་པའི་རྒྱུ་མཚན་གྱིས་བླ་ན་ཡོད་མེད་དང་སྐབས་ཡོད་མེད་ཀྱི་ཁྱད་པར་གསུངས་པ་ཡིན་གྱི་ཤེར་ཕྱིན་གྱི་ངོ་བོ་ལ་ཁྱད་པར་ཡོད་པ་མ་ཡིན་ཏེ། གང་བདེ་གཤེགས་སྙིང་པོ་དང་། ཆོས་ཀྱི་དབྱིངས་དང་། འོད་གསལ་བའི་སེམས་དང་། རང་བཞིན་གྱིས་དག་པའི་རིགས་དང་། ཡང་དག་པའི་མཐའ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་སོགས་པ་མིང་གིས་བསྟན་པ་མཐའ་ཡས་པ་ཐམས་ཅད་རང་བྱུང་གཉིས་སུ་མེད་པའི་ཡེ་ཤེས་སུ་གཅིག་པ་ཡིན་ལ། དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། སློབ་དཔོན་ཕྱོགས་ཀྱི་གླང་པོས། ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །བསྒྲུབ་བྱའི་དོན་དེ་དང་ལྡན་པས། །གཞུང་ལམ་དག་ལ་དེའི་སྒྲ་ཡིན། །ཞེས་གསུངས་པའི་ཕྱིར་རོ། དེ་བས་ན་བཀའ་ཐ་མ་ངེས་དོན་མཐར་ཐུག་ཏུ་ལུང་དང་རིགས་པ་ཐམས་ཅད་ཀྱིས་འགྲུབ་སྟེ། རྒྱལ་བ་ཉིད་ཀྱིས་དྲང་ངེས་དབྱེ་བར་མཛད་པ་དང་། གཞན་ཡང་ཇི་སྐད་(འཇམ་དཔལ་རྩ་རྒྱུད་)དུ། ཐོགས་མེད་ཅེས་བྱའི་དགེ་སློང་ནི། །བསྟན་བཅོས་དེ་ཡི་དོན་ལ་མཁས། །མདོ་སྡེ་དྲང་དོན་ངེས་པའི་དོན། །རྣམ་པ་མང་པོའང་རབ་ཏུ་འབྱེད། །ཅེས་རྒྱལ་བས་དྲང་ངེས་འབྱེད་པར་ལུང་དུ་བསྟན་པའི་འཕགས་པ་


GTN001_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་ཀྱིས་ཐ་མ་མཐར་ཐུག་ཏུ་བཞག་པ་ཡིན་ཞིང་། བར་པ་ངེས་དོན་དང་ཐ་མ་དྲང་དོན་ཡིན་པའི་ལུང་གང་ཡང་མིན་མོད་ཀྱི། འོན་ཀྱང་བཀའ་ཐ་མ་འདི་ཉིད་རྣམ་རིག་སྨྲ་བར་འདོད་པ་དག་གིས་དེ་ལྟར་བྱས་པ་ཡིན་སྲིད་ཀྱང་གོང་དུ་དྲངས་པའི་ནོར་བུ་སྦྱོང་བའི་དཔེ་དང་། ནད་པའི་སྨན་དང་། ཡི་གེ་སློབ་པའི་དཔེ་སོགས་ཀྱིས་བསྟན་པའི་གོ་རིམ་དང་འགལ་བ་དང་། རྒྱལ་བ་ཉིད་དང་འཕགས་པས་རྣམ་པར་བཞག་པ་ལའང་དགོས་པ་མེད་པ་འགྱུར་བ་སོགས་སྐྱོན་མཐའ་ཡས་ཤིང་། དེར་མ་ཟད་གདུལ་བྱ་རྣམས་ལ་དང་པོར་དྲང་དོན་དང་བར་དུ་ངེས་དོན་བསྟན་ནས་སླར་ཡང་དྲང་དོན་ཟློས་ཏེ་བསྟན་པ་ལ་དགོངས་པ་ལེན་ལུགས་དང་དགོས་པ་ཅི་ཡོད་ཀྱང་བསམ་དགོས་སོ། །དེ་བས་ན་ངེས་དོན་མཐར་ཐུག་ལ་དངོས་པོར་སྨྲ་བའི་གྲུབ་མཐར་བཞག་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ལ་ཀུན་རྫོབ་བསྟན་པའི་སྐུར་ཞུས་དང་། སྙིང་པོའི་ཆོས་འདི་སྤང་བར་འགྱུར་བ་སོགས་སྡིག་ཏོ་མི་ཟད་པར་ཤེས་པར་བྱའོ། །གཞན་ཡང་ཐེག་པ་གསུམ་གྱི་སྒོ་ནས་ཀྱང་ངེས་དོན་འཁོར་ལོ་ཐ་མར་འདུ་བའི་དབང་དུ་མཛད་པས་ཀྱང་ངེས་དོན་མཐར་ཐུག་ཏུ་གྲུབ་སྟེ། ཕྱིར་མི་ལྡོག་པ་འཁོར་ལོའི་མདོ་ལས་ཀྱང་། དེ་ནས་བཅོམ་ལྡན་འདས་དེའི་བསྙེན་བཀུར་བ་བྱང་ཆུབ་སེམས་དཔའ་ཆེན་པོ་སྒྲ་དབྱངས་སྙན་པ་ཞེས་པ་དེ་པདྨའི་སྟན་ལས་ལངས་ཏེ་གསོལ་པ། བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་མི་མཇེད་འདི་ཇི་སྲིད་ཅིག་ན་མཆིས། བཀའ་སྩལ་པ། རིགས་ཀྱི་བུ་འཇིག་རྟེན་གྱི་ཁམས་འདི་ནས་ནུབ་
ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་གདྒའི་ཀླུང་བྱེ་མ་སྙེད་ལས་འདས་པ་ནའོ། །གསོལ་པ་བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་དེ་ན་བཅོམ་ལྡན་འདས་གང་ཆོས་སྟོན། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཞེས་བྱའོ། །ཆོས་སྟོན་པ་ཅི་འདྲ་ཞིག་ལགས། ཐེག་པ་གསུམ་ལས་བརྩམས་ཏེའོ། །ཐེག་པ་གསུམ་གང་ལགས། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོ་སྟེ། ས་གསུམ་དེ་དག་ལས་བརྩམས་ཏེ་ཆོས་སྟོན་ཏོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་མཐུན་ལགས་སམ། རིགས་ཀྱི་བུ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ནི་མཐུན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་བསྟན་པ་ཅི་ཙམ་ཞིག་མཐུན། བཀའ་སྩལ་པ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་བསྟན་པ་ནི་ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོར་མཐུན་ནོ། །ཞེས་པ་ལ་སོགས་པས་རྒྱ་ཆེར་གསུངས་སོ། །

རྒྱུའི་ཐེག་པ་ལས་རྡོ་རྗེའི་ཐེག་པ་ཁྱད་པར་འཕགས་ཚུལ།


GTN001_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

༈ རྒྱུའི་ཐེག་པ་ལས་འབྲས་བུ་གསང་སྔགས་རྡོ་རྗེའི་ཐེག་པ་ཁྱད་པར་དུ་འཕགས་ཚུལ་ནི། ཁྱད་པར་བཞིས་རིག་པར་བྱ་སྟེ། ཚུལ་གསུམ་སྒྲོན་མེ་ལས། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་ཕྱིར་དང་། །དབང་པོ་རྣོན་པོའི་དབང་བྱས་ནས། །སྔགས་ཀྱི་བསྟན་བཅོས་ཁྱད་པར་འཕགས། །ཞེས་གསུངས་པའི་ཕྱིར། མདོ་སྔགས་གཉིས་ཀྱི་ཁྱད་པར་དངོས་ནི། ཐབས་དང་སྤྱོད་པ་དག་ལ་ཡོད་


GTN001_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་གྱི་ལྟ་བ་ནི་མཚུངས་སོ། །དེའང་ཅིས་ཤེས་ཞེ་ན། དོན་གཅིག་ཅེས་པའང་འབྲས་བུའི་ཚུལ་གཅིག་པ་ལ་བཤད་ཅིང་། གནས་ལུགས་ཇི་ལྟ་བ་བཞིན་རྟོགས་པའི་ལྟ་བ་ནི་འབྲས་བུ་ཡིན་པའི་ཕྱིར་དང་། ཕར་ཕྱིན་ཐེག་པའི་ལྟ་བ་མཆོག་ནི་དབུ་མ་ཡིན་པ་གང་ཞིག །དབུ་མ་ལས་ལྷག་ལྟ་ཡོད་ན། །ལྟ་དེ་སྤྲོས་པ་ཅན་དུ་འགྱུར། །ཞེས་ཀྱང་གསུངས་བའི་ཕྱིར་རོ། །ཡང་ཁ་ཅིག་ཐབས་དང་སྤྱོད་པའི་ཚུལ་དྲང་བ་དེ་ཙམ་ཞིག་གིས་ནི་ཁྱད་པར་འབྱེད་མི་ནུས་ཏེ། ཕར་ཕྱིན་ཐེག་པར་སྦྱིན་སོགས་འཁོར་གསུམ་མི་དམིགས་པར་སྤྱོད་པའི་ཚུལ་སོགས་མ་རྨོངས་པའི་ཤེས་རབ་བསྟན་པས། དེར་ཐབས་ལ་མ་རྨོངས་པ་ཡོད་པ་གང་ཞིག །བདེན་པ་གཉིས་དང་། མཚན་ཉིད་གསུམ་དང་། ཕ་རོལ་ཕྱིན་པ་དྲུག་དང་། བྱང་ཕྱོགས་སོ་བདུན་སོགས་དེ་ཁོ་ན་ཉིད་རྟོགས་པའི་ཐབས་ཚུལ་དུ་མས་བསྟན་པ་ཡོད་པས་ཐབས་ཀྱང་མང་བར་མཚུངས་ཤིང་། (འོད་སྲུང་གི་ལེའུ་ལས།) དཔེར་ན་གྲོང་ཁྱེར་རྣམས་ཀྱི་མི་གཙང་ལུད། །དེ་ནི་བུ་རམ་ཤིང་གི་ཞིང་ལ་ཕན། །དེ་བཞིན་བྱང་ཆུབ་སེམས་དཔའི་ཉོན་མོངས་ལུད། །དེ་ནི་རྒྱལ་བའི་ཆོས་ལ་ཕན་པར་བྱེད། །ཅེས་སོགས་གསུངས་པ་ལྟར་འདོད་པ་ལ་སྤྱོད་པའི་ཐབས་མཁས་ཀྱང་བསྟན་པས་དཀའ་བ་མེད་པར་ཡང་གྲུབ། སྤྲོས་པའི་མཐའ་བརྒྱད་དང་བྲལ་བ་སོགས་ཀྱི་ལྟ་བ་ཟབ་པ་དང་། དེ་ལ་བརྟེན་པའི་མཚན་མ་མེད་པའི་སྤྱོད་པ་རབ་འབྱམས་བསྟན་པ་རྣམས་གང་ཟག་དབང་པོ་ཆེས་ཤིན་ཏུ་རྣོན་པོའི་དབང་དུ་བྱས་པར་མདོ་རྣམས་སུ་གསལ་བ་དང་། འདོད་ན་ཞག་བདུན་གྱིས་


GTN001_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་འཚང་རྒྱ་བ་སོགས་ལམ་མྱུར་བའི་ཚུལ་ཡང་ཡོད་པ་སོགས་མཚུངས་པའི་ཕྱིར་རོ། །ཞེས་དོགས་པ་སྐྱེ་སྲིད་ཀྱང་སྐྱོན་མེད་དེ། ཁྱོད་ཀྱིས་བཤད་པ་དེ་ལྟ་ན་མ་རྨོངས་པ་དང་ཐབས་མང་བ་སོགས་ཀྱི་མིང་ཙམ་མཚུངས་པར་ཟད་ཀྱི། ལུང་དེ་ལས་བཤད་པའི་དོན་ནི། རིམ་པ་གཉིས་དང་ཟུང་འཇུག་གི་རྣལ་འབྱོར་ཁྱད་པར་ཅན་དང་། འཕོ་མེད་ཀྱི་ཚུལ་ཁྲིམས་དང་། འགྱུར་མེད་ལྷན་སྐྱེས་ཀྱི་བདེ་བ་སོགས་ཕར་ཕྱིན་ཐེག་པར་མིང་ཙམ་ཡང་མ་གྲགས་པའི་ཁྱད་པར་གྱི་ཟབ་མོའི་གནད་གསང་འབྱམས་ཀླས་པ་འདི་ལ་ཡོད་པའི་རྒྱུ་མཚན་གྱིས་མ་རྨོངས་པ་སོགས་བཞག་པ་སྟེ། དེ་ཉིད་ལས་(ཚུལ་གསུམ་སྒྲོན་མེ་སྙམ།)། མཁས་པ་སྙིང་རྗེ་ཆེར་ལྡན་པས། །དཔྱད་དེ་ཐབས་ཀྱི་མཆོག་ལེན་ཅིང་། །ཐ་མལ་པ་ཡི་ཐབས་སྤངས་ནས། །མི་འཕོ་བ་ཡི་གནས་འཐོབ་བོ། །ཞེས་སེམས་ཅན་མང་པོ་ལ་ཕན་གདགས་པར་མི་ནུས་པའི་མགོ་ལ་སོགས་པ་སྦྱིན་པ་སོགས་ཐ་མལ་གྱི་ཐབས་སྨད་ནས་སེམས་ཅན་ཐམས་ཅད་ཀྱི་རེ་བ་ཅིག་ཅར་དུ་སྐོང་བར་བྱེད་པའི་ཐབས་མཆོག་རིམ་གཉིས་དང་ཟུང་འཇུག་གི་ཏིང་ངེ་འཛིན་གྱི་འབྲས་བུ་ཁྱད་པར་དུ་འཕགས་པ་བསྒྲུབས་ཏེ་མྱུར་དུ་མི་འགྱུར་མི་འཕོ་བའི་གནས་ཐོབ་ནས་ལྷུན་གྲུབ་ཀྱི་ཕྲིན་ལས་འབྱུང་བ་ཐབས་ལ་མ་རྨོངས་པར་བཤད་པའི་ཕྱིར་དང་། (ཚུལ་གསུམ་སྒྲོན་མེ་སྙམ།) སེམས་ཅན་ཀུན་དོན་ལེགས་བསྒྲུབ་ཕྱིར། །བློ་ཆེན་ལ་ནི་ཐབས་ཐམས་ཅད། །དབྱེ་བ་རྣམ་བཞིར་ཚུལ་གྱི་མཆོག །འགྲོ་བའི་སྟོན་པས་གསུངས་པ་ཡིན། །ཞེས་དཀའ་ཐུབ་དང་སྡོམ་པ་སོགས་ཕྱོགས་རེ་བའི་ཐབས་ཀྱིས་གདུལ་བྱ་མཐའ་དག་


GTN001_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་འཛིན་པར་མི་ནུས་པས། འདིར་ཕར་ཕྱིན་དྲུག་སོགས་ཀྱི་ཐབས་དེ་ཡོད་པ་གཞིར་བཞག་ནས་དེའི་སྟེང་དུ་གདུལ་བྱ་ཐམས་ཅད་ལ་རྗེས་སུ་འགྲོ་བའི་ཐབས། དཔེར་ན་དང་པོར་རང་རིག་དང་ལྷག་ལྷ་སོགས་ངེས་པར་བྱས་ནས་འདོད་ཆགས་ཆེ་བའི་རིགས་ཅན་གྱི་འདོད་ཆགས་རྡོ་རྗེའི་ལྷ་སྔགས་ཕྱག་རྒྱ་ཏིང་ངེ་འཛིན་བསྒོམ་པ་སོགས་མང་པོ་གསུངས་པ་དག་རྒྱུད་སྡེ་བཞིའི་ཚུལ་དུ་བསྟན་པས་ཐབས་མང་བ་ཡིན་པའི་ཕྱིར་དང་། (ཚུལ་གསུམ་སྒྲོན་མེ་སྙམ།) གང་ཞིག་གང་དུ་ཇི་ལྟར་འདོད། །དེ་ཉིད་དེ་ལ་ངེས་སྦྱོར་ཞིང་། །འདོད་པའི་དོན་ནི་ཐོབ་མཛད་པའི། །དམ་པའི་དོན་ནི་ཐུབ་པས་གསུངས། །ཞེས་ཉོན་མོངས་པ་ཤས་ཆེ་བ་རྣམས་དང་པོར་ཐབས་གཞན་གྱིས་མགོ་སྨད་ནས་རིམ་པས་སྟོང་པ་ཉིད་བསྒོམ་པ་སོགས་དུས་རིང་པོར་གོམས་མི་དགོས་པར་ཐོག་མ་ཉིད་ནས་སེམས་ཅན་རྣམས་རང་རང་གིས་ཇི་ལྟར་འདོད་པ་དེ་དང་མཐུན་པའི་ཐབས་ཀྱང་སྟོན་པ། དཔེར་ན་དབང་རྣོན་གྱི་དབང་རྟུལ་ཆགས་པས་ཤིན་ཏུ་གདུང་བའི་སྐྱེ་བོ་ལ་སྦས་རྒྱ། ཆགས་པ་དེ་ལས་ཤས་ཆུང་བ་ལ་དམ་རྒྱ། འདོད་པའི་བག་ཆགས་ཀྱི་རྣམ་རྟོག་མ་སྤངས་པ་ཙམ་ལ་ཡེ་རྒྱ། དབང་རྣོན་གྱི་དབང་རྣོན་གཉིས་མེད་ཀྱི་དེ་ཁོ་ན་ཉིད་ལ་མོས་པ་རྣམས་ལ་ཕྱག་ཆེན་སོགས་རང་འདོད་ཀྱི་རྗེས་སུ་འཇུག་པའི་ཐབས་དང་རྣལ་འབྱོར་ཡོད་པས་དཀའ་བ་མེད་པར་བཤད་དེ། རང་གི་མོས་པ་བཞིན་དུ་སྤྱོད་པ་ནི་དཀའ་བ་མེད་པར་གྲུབ་པའི་ཕྱིར་དང་། ཚུལ་སྒྲོན་ལས། འདིར་བདེན་པའི་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པ་ནི་དེ་ཁོ་ན་ཉིད་ཀྱི་ཐབས་མ་ཤེས་པའི་ཕྱིར་དབང་པོ་རྟུལ་པོ་ཡིན་


GTN001_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཤེས་པར་བྱའོ། །ཕ་རོལ་ཏུ་ཕྱིན་པའི་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་ཐབས་ཉིད་ལ་འཁྲུལ་པ་ཡིན་པའི་ཕྱིར་དབང་པོ་འབྲིང་པོ་ཡིན་ནོ། །གསང་སྔགས་ཀྱི་སྒོར་སྤྱད་པ་སྤྱོད་པ་རྣམས་ནི་གང་དུའང་རྣམ་པར་རྨོངས་པ་མེད་པས་ན་དབང་པོ་རྣོན་པོ་ཡིན་ནོ། །དེ་བས་ན་དབང་པོ་རྣོན་པོ་རྣམས་ནི་གང་གཞན་དག་བྱེད་ན་ངན་འགྲོར་འགྲོ་བར་འགྱུར་བ་དེ་ཉིད་ཀྱི་ཕྱིན་ཅི་མ་ལོག་པའི་ཐབས་ལ་མཁས་པས་ཀུན་ཏུ་སྤྱོད་པའི་སྔགས་ཀྱི་བརྟུལ་ཞུགས་ཅན་ནི་རྣམ་པར་དག་པའི་གནས་ཐོབ་པར་འགྱུར་རོ། །ཞེས་སྔར་བཤད་པའི་ཚུལ་དེ་དག་དང་ལྡན་པས་དབང་པོ་རྣོན་པོའི་དབང་དུ་བྱས་པར་ཡང་འགྲུབ་པར་བཤད་ཅིང་། ཕར་ཕྱིན་ཐེག་པའི་དབང་རྣོན་དེ་ལ་སྔགས་ཀྱི་བརྟུལ་ཞུགས་འདི་མ་བསྟན་པའི་ཕྱིར་འདི་ལ་ལྟོས་ནས་དབང་འབྲིང་དུ་གྲུབ་པའི་ཕྱིར་དང་། ཕར་ཕྱིན་ཐེག་པར་འདོད་ན་ཞག་བདུན་གྱིས་འགྲུབ་པའང་ས་བརྒྱད་པ་ཐོབ་ནས་ཡིན་པའི་ཕྱིར། དེ་ཚུན་ཆད་མྱུར་ནའང་གྲངས་མེད་གཉིས་འགོར་བས་ལམ་བགྲོད་ཐག་རིང་ལ། འདིར་དེ་ལྟར་འགོར་བ་མེད་པའི་ཕྱིར་རོ། །སློབ་དཔོན་བཛྲ་པཱ་ཎིས་ཀྱང་། དོན་དེ་ཁོ་ན་ཉིད་ལ་དབྱེ་བ་མེད་ཀྱང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ནི་རྨོངས་པ་སྟེ། ལུང་དང་རིགས་པས་གཏན་ལ་ཕབ་སྟེ་རྟོགས་པའོ། །རྡོ་རྗེ་ཐེག་པ་ནི་མ་རྨོངས་པ་སྟེ། ལུང་དང་རིགས་པ་དང་། བླ་མའི་མན་ངག་གིས་ཉམས་སུ་མྱོང་བའོ། །གཞན་ཡང་དཀའ་བ་མེད་པ་སྟེ་བདེ་བ་ཆེན་པོ་ལམ་དུ་བྱེད་པའོ། །ཕ་རོལ་ཏུ་ཕྱིན་པ་ནི་བཏང་སྙོམས་པ་དང་ཉམས་སུ་མྱོང་བ་མེད་པའོ། །རྒྱུ་ལམ་དུ་བྱེད་པས་ན་རྒྱུའི་ཐེག་པའོ། །འབྲས་བུ་ལམ་དུ་བྱེད་


GTN001_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

པས་ན་འབྲས་བུའི་ཐེག་པ་ཁྱད་པར་དུ་འཕགས་སོ་ཞེས་བཀྲལ་ཞིང་། དེ་ལྟར་བཀྲལ་པས་ཐབས་མང་བ་དང་ཆེས་དབང་པོ་རྣོན་པོའི་དབང་དུ་བྱས་པར་ཡང་ཤུགས་ཀྱིས་གསལ་ལོ། །ཡང་ན་ཐབས་ལ་མཁས་པ་རྣམ་པ་གཅིག་གིས་ཁྱད་པར་དུ་འཕགས་ཏེ། སློབ་དཔོན་ཛྙཱ་ན་ཤྲཱིས། གསང་སྔགས་ཀྱི་ཐེག་པ་འདི་ལ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་དབུ་མ་ལས་ཀྱང་ཁྱད་པར་ཅི་ཡོད་པ་བསྟན་ཏེ། དམིགས་པ་བླ་ན་མེད་པ་ལ་དམིགས་པའི་ཐབས་དང་། སྒྲུབ་པ་བླ་ན་མེད་པ་དང་། ཡེ་ཤེས་བླ་ན་མེད་པ་དང་། བརྩོན་འགྲུས་བླ་ན་མེད་པ་དང་། གདུལ་བྱ་མ་ལུས་པ་འཛིན་པར་ནུས་པ་དང་། ཉོན་མོངས་པ་བྱིན་གྱིས་རློབ་པ་དང་། བྱིན་གྱིས་རློབ་པ་མྱུར་བ་དང་། མྱུར་དུ་འབྱུང་བ་དང་། ཉོན་མོངས་པ་སྤོང་བ་དང་། བསམ་པ་བླ་ན་མེད་པ་དང། སྤྱོད་པ་བླ་ན་མེད་པའི་ཐབས་མཁས་པ་སྟེ། དེ་ལྟར་ཐབས་མཁས་པ་ཉིད་རྣམ་པ་བཅུ་གཅིག་གིས་ཁྱད་པར་འཕགས་སོ། །ཞེས་པ་ལྟར་རོ། །དེ་དག་ཀྱང་རིམ་པ་བཞིན་ཕར་ཕྱིན་ཐེག་པར་མ་གྲགས་པའམ། དམན་པ་ཐམས་ཅད་ལ་གཞིར་བཞག་ནས་དགྱེས་རྡོར་འབུམ་ལྔ་ལ་སོགས་པ་གཞུང་རྒྱ་ཆེན་པོ་ལམ་འདིར་དམིགས་པའི་ཕྱིར་དང་། ཏིང་ངེ་འཛིན་ཐོབ་ནས་མངོན་སུམ་མ་ཡིན་པའི་དོན་བྱེད་ནུས་པའི་ཕྱིར་དང་། སེམས་གནས་པར་བྱེད་པའི་ཏིང་ངེ་འཛིན་ཁྱད་པར་ཅན་ལ་བརྟེན་པས་རྒྱུ་དང་ངོ་བོ་ཉིད་དང་ལས་དག་ལས་ཡེ་ཤེས་ཀྱི་རྒྱུ་ཤིན་ཏུ་མྱུར་བའི་ཕྱིར་བླ་ན་མེད་པའོ། །དམ་ཚིག་གི་དབང་གིས་བརྩོན་འགྲུས་ཆེན་པོ་རང་དབང་


GTN001_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་བརྩམས་པས་བརྩོན་འགྲུས་བླ་ན་མེད་པའོ། །མཚམས་མེད་བྱེད་པ་སོགས་ཐེག་པ་གཞན་ལས་སྤངས་པ་རྣམས་ཀྱང་ལམ་འདིའི་གདུལ་བྱར་གསུངས་པའི་ཕྱིར་དང་། ཉོན་མོངས་མ་སྤངས་པར་ཡུལ་ཁྱད་པར་ཅན་དུ་བྱས་ནས་རང་བཞིན་གྱིས་གནས་སུ་དག་པའི་ཚུལ་གྱིས་སྤོང་བའི་ཕྱིར་དང་། མཆོད་པའི་རང་བཞིན་དང་བདེ་བ་ལ་བརྟེན་པའི་རྫོགས་རིམ་གྱིས་ཉོན་མོངས་པ་བྱིན་གྱིས་རློབ་པའི་ཕྱིར་དང་། (ལང་གཤེགས་ལས།) དེ་བཞིན་གཤེགས་པས་དབང་བསྐུར་བ། །ས་ལ་ཞུགས་ནས་ཐོབ་པར་འགྱུར། །ཞེས་པ་ལྟ་བུ་མ་ཡིན་པར་ད་ལྟ་ཉིད་དུ་དེ་བཞིན་གཤེགས་པ་རྣམས་ཀྱིས་བྱིན་གྱིས་རློབ་པའི་ཕྱིར་དང་། ཟུང་འཇུག་གི་གོ་འཕང་ཚེ་གཅིག་ཉིད་ལ་ཐོབ་པ་སོགས་འདི་ལ་ཡོད་པའི་ཕྱིར་དང་། སངས་རྒྱས་རྣམས་ཀྱི་སྐུ་ལྷ་སྒོམ་པ་དང་། གསུང་སྔགས་བཟླ་བ་དང་། ཐུགས་ཏིང་ངེ་འཛིན་བསྒོམ་པ་སྟེ་སྦྱོར་བ་གསུམ་དང་ལྡན་པའི་ཕྱིར་དང་། མི་མཐུན་པའི་སྤྱོད་པ་གསུམ་སྟེ་ནུས་པ་དམན་པའི་སྤྱོད་པ་ཕྱི་རོལ་གྱི་དཀའ་ཐུབ་སྡོམ་པ་སོགས་དང་། གཡེང་བྱེད་ཀྱི་སྤྱོད་པ་དེ་བཞིན་ཉིད་ལ་བརྟན་པ་མ་ཐོབ་པར་རྩོལ་བའི་ལུས་ངག་གི་དགེ་སྦྱོར་སོགས་དང་། དངོས་འཛིན་གྱི་སྤྱོད་པ་གཙང་སྨེའི་རྟོག་པ་སོགས་ཏེ། དེ་རྣམས་ལས་ལྡོག་པའི་སྤྱོད་པ། དཀའ་ཐུབ་སྡོམ་པ་མི་བཟད་པ། །བསྟེན་པས་འགྲུབ་པར་མི་འགྱུར་གྱི། །འདོད་པའི་ལོངས་སྤྱོད་ཐམས་ཅད་ལ། །བརྟེན་ནས་མྱུར་དུ་འགྲུབ་པར་འགྱུར། །ཞེས་སོགས་དང་། གལ་ཏེ་བྱང་ཆུབ་མཆོག་འདོད་ན། །གླེགས་བམ་བཀླག་པར་མི་བྱ་ཞིང་། །མཆོད་རྟེན་


GTN001_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་བར་མི་བྱའོ། །བྱས་ན་བྱང་ཆུབ་རྙེད་པར་དཀའ། །ཞེས་སོགས་དང་། ཤ་ལྔ་དང་ནི་བདུད་རྩི་ལྔ། །རྣམ་རྟོག་སྤང་ཕྱིར་ཅི་རིགས་བསྟེན། །ཞེས་སོགས་རྡོ་རྗེ་འཆང་གི་ངེས་པར་བསྟན་པའི་ཚུལ་གསུམ་པོ་དེ་འདི་ལ་ཡོད་པའི་ཕྱིར་རོ། །དེས་ན་ཐབས་མཁས་ཕྱི་མའི་སྐབས་ལུས་ངག་གི་དགེ་སྦྱོར་འགོག་པ་ཅི་ཞེ་ན། ལས་དང་པོ་པ་དག་ལ་དགོངས་ནས་གསུངས་པ་སྟེ། སློབ་དཔོན་ཛྙཱ་ན་ཤྲཱིས་མཐའ་གཉིས་སེལ་བར། འདོད་པའི་འབྲས་བུ་བྱང་ཆུབ་སྒྲུབ་པ་ལ་རྒྱུའི་གཙོ་བོ་ནི་སེམས་ཡིན་པས། དང་པོར་ནི་སེམས་ཚར་གཅད་ཅིང་བྱ་བ་གཞན་གཙོར་མི་བྱའོ། །སེམས་ལ་དབང་མ་ཐོབ་པ་དག་ནི། གླེགས་བམ་བཀླག་པ་ལ་སོགས་པ་ལུས་དང་ངག་གི་བྱ་བ་སྤྱོད་པ་ན་སེམས་གཡེང་བར་འགྱུར་བས་བྱ་བ་ཐམས་ཅད་བཏང་སྟེ། ཅི་བདེར་གནས་པས་སེམས་ལེགས་པར་བལྟ་སྟེ། སེམས་ཀྱི་དམིགས་པ་ཐོབ་ནས་ཉོན་མོངས་པ་རགས་པ་གཅོད་པའི་དབང་ཐོབ་པ་ན་བྱ་བ་ཕྱི་རོལ་པ་སྤྱད་པའམ། ཡང་ན་སེམས་སྟོང་པ་ཉིད་འབའ་ཞིག་བསྒོམས་པས་ཆོག་གི་ལུས་ངག་གི་བྱ་བ་མི་དགོས་ཏེ། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་ལས། མཚན་མར་བཅས་པ་མཚན་བཅས་ཀྱིས། །དངོས་གྲུབ་དམ་པ་རྒྱལ་བས་བཞེད། །མཚན་མ་མེད་ལ་གནས་པས་ནི། །མཚན་མར་བཅས་པའང་འགྲུབ་ཏུ་རུང་། །དེ་བས་རྣམ་པ་ཐམས་ཅད་དུ། །མཚན་མ་མེད་ལ་གནས་པར་བྱ། །ཞེས་གསུངས་སོ། །སློབ་དཔོན་ཡེ་ཤེས་སྙིང་པོས་ཀྱང་བདེན་པ་གཉིས་རྣམ་པར་འབྱེད་པའི་འགྲེལ་བ་ལས། ཆོས་ཀྱི་དབྱིངས་རྟོགས་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་


GTN001_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་བོས་པ་བཞིན་དུ་འདུ་སྟེ། ཟད་པ་ཤེས་པ་ཟག་བཅས་ཀྱང་། །ཞེས་པའི་ལུང་དང་ལྡན་པར་བཤད་དོ། །དེ་བས་ན་བདག་གི་ཉོན་མོངས་པ་སྤང་བ་དང་། གཞན་གྱི་དོན་རྩོལ་བ་དང་བཅས་པ་འབྱུང་བར་བྱ་བ་ལ་ནི་སྟོང་པ་ཉིད་འབའ་ཞིག་བསྒོམ་པའམ། དང་པོར་སེམས་འབའ་ཞིག་དབང་དུ་བྱས་ལ་དེའི་རྗེས་ལ་བྱ་བ་གཞན་སྤྱད་པ་འདི་ནི་ཐབས་ཀྱི་མཆོག་གོ །ཞེས་ལེགས་པར་བཤད་དོ། །གཞན་ཡང་སློབ་དཔོན་ཌོམ་བི་པས། འདི་ནི་སྣོད་ཀྱི་ཁྱད་པར་དང་། །སྣོད་དུ་བྱེད་པའི་ཆོས་དང་ནི། །གཞུང་དང་ལམ་གྱི་ཁྱད་པར་དང་། །འབྲས་བུ་དག་གི་ཁྱད་པར་གྱིས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་གསུངས་པ་སོགས་ཁྱད་པར་འབྱེད་པའི་ཚུལ་མང་དུ་འབྱུང་བར་སྣང་ངོ་། །འདི་སྐབས་བོད་ཀྱི་མཁས་པ་འགའ་ཞིག་ཌོམ་བི་པས་གསུངས་པའི་ལུང་དེ་དང་། སློབ་དཔོན་ཡེ་ཤེས་ཞབས་ཀྱིས། ཐེག་པ་འདི་ནི་རྣམ་པ་གསུམ་གྱིས་ཐུན་མོང་མ་ཡིན་ཏེ། འདི་ལྟར་སྒྲུབ་པ་པོ་དང་། ལམ་དང་། འབྲས་བུ་གསུམ་མོ། །ཞེས་དང་། ཨིནྡྲ་བྷཱུ་ཏིས། བླ་མའི་ཁྱད་པར་དང་། སྣོད་ཀྱི་ཁྱད་པར་དང་། ཆོ་གའི་ཁྱད་པར་དང་། ལས་ཀྱི་ཁྱད་པར་དང་། དམ་ཚིག་གི་ཁྱད་པར་དང་། ལྟ་བའི་ཁྱད་པར་དང་། སྤྱོད་པའི་ཁྱད་པར་ཏེ་བདུན་གྱིས་འཕགས་སོ། །ཞེས་སོགས་ཀྱི་ལུང་གིས་ལྟ་བ་དང་འབྲས་བུ་གཉིས་ཅར་ལ་ཁྱད་ཞུགས་པར་བཞེད་ཅིང་འཆད་ཚུལ་འདི་ལ་རྡོ་རྗེ་ཐེག་པའི་གནད་གསང་ཁྱད་པར་དུ་མ་ཡོད་པར་སྣང་ཡང་རེ་ཞིག་ཡོངས་གྲགས་ལྟར་བྱས་པའོ། །

ཆོས་ཉིད་བསམ་གྱིས་མི་ཁྱབ་པ་ཟབ་ཅིང་རྒྱ་ཆེ་བའི་གནས་ལུགས་འཇལ་བ།


GTN001_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

༈ དེ་ཡང་ཆོས་ཉིད་བསམ་གྱིས་མི་ཁྱབ་པ་ཟབ་ཅིང་རྒྱ་ཆེ་བའི་གནས་ལུགས་འཇལ་བ་ན། མཚན་ཉིད་ཐེག་པས་གཏན་ཚིགས་ཀྱི་སྒོ་ནས་གཞལ་བའི་བསམ་ཤེས་ཀྱིས་རྗེས་སུ་དཔག་པ་ངེས་པའི་ཚད་མས་གཏན་ལ་ཕབ་པའི་དོན་དམ་བདེན་པ་བློས་བྱས་ཀྱི་གཞི་དང་། དེ་ལ་ངེས་ཤེས་ཀྱི་བློ་སྐྱེས་པ་ལ་འབད་པས་འཇོག་པའི་ཞི་གནས་དང་། དེ་ལ་རྟོག་དཔྱོད་ལྷག་མཐོང་དུ་བཏགས་པ་ཙམ་གྱིས་ཏིང་ངེ་འཛིན་དང་། དུས་རིང་པོ་ཞིག་ཏུ་ཚོགས་གྲངས་མེད་པ་འདུ་བྱས་པའི་རྒྱུ་ལས་ཐོབ་པ་ལ་ཕྱོགས་པའི་འབྲས་བུ་ལ་དམིགས་པའི་ཟབ་པ་ཙམ་དང་། རྒྱ་ཆེ་བའི་ཕུང་ཁམས་སྐྱེ་མཆེད་ལ་སོགས་ཀྱང་ཀུན་རྫོབ་ཀྱི་བདེན་པར་གཏན་ལ་ཕབ་ནས་བླང་དོར་གྱི་འདུ་ཤེས་དམ་པོས་དཀྲིས་པ་ཙམ་ལས་མེད་ལ། སྔགས་སུ་གཏན་ཚིགས་དང་བློས་བྱས་པའི་བསམ་བྱུང་གི་ཤེས་རབ་ལ་མ་ལྟོས་པར། དབང་གསུམ་པ་དང་། ཡེ་ཤེས་བཙན་ཐབས་སུ་དབབ་པ་དང་། རྡོ་རྗེ་ལུས་ཀྱི་རྟེན་འབྲེལ་ལས་རྩ་རླུང་ཐིག་ལེ་གནད་དུ་བསྣུན་པས་བློས་མ་བྱས་པའི་ཡེ་ཤེས་རྣམ་པར་མི་རྟོག་པའི་ཆོས་ཉིད་དམ་ཆོས་ཀྱི་སྐུའི་སྙིང་པོ་གཏན་ལ་ཕེབས་ནས། དེ་ཉིད་ཀྱི་ངང་དུ་རང་བཞིན་གྱིས་བློ་གནས་པས་དོན་དམ་པའི་བདེན་པ་རྟོགས་ནས་ཚེ་གཅིག་ལ་སོགས་པ་ལ་བྱང་ཆུབ་མངོན་དུ་བྱེད་པས་ཟབ་མོ་མངོན་སུམ་དུ་སྐྱེ་བ་དང་། རྒྱ་ཆེ་བ་ཡང་དབྱིངས་འོད་གསལ་གྱི་དཀྱིལ་འཁོར་དུ་ཡེ་ནས་གནས་པས་གཞི་རྒྱུད་གཏན་ལ་ཕབ་ནས། དེ་ལ་བརྟེན་པའི་ཀུན་རྫོབ་ལྟར་སྣང་བའི་སྣོད་བཅུད་སྐྱེ་མཆེད་ཐམས་ཅད་སྤང་བླང་དང་བྲལ་བའི་ལྷ་དང་གཞལ་ཡས་


GTN001_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

ཁང་དང་ཞིང་གི་བཀོད་པར་རྟོགས་པས་ལམ་གྱི་རྒྱུད་རྣམས་ཉམས་སུ་བླང་བྱར་བསྟན་པས། ཐུན་མོང་གི་དངོས་གྲུབ་གྲུབ་པ་བརྒྱད་སོགས་དང་། ཐུན་མོང་མ་ཡིན་པ་མཐོང་ལམ་ནས་མི་སློབ་པའི་བར་གྱི་འབྲས་བུའི་རྒྱུད་གཏན་ལ་འབེབས་པའི་ཕྱིར་ཟབ་ཅིང་རྒྱ་ཆེ་བའི་དོན་ལ་རྨོངས་པ་མེད་པ་ཡིན་ནོ། །རྣམ་པ་གཞན་དུ་མྱུར་བ་དང་། བདེ་བ་དང་། ཐབས་ལ་མཁས་པས་ཀྱང་ཁྱད་པར་དུ་འཕགས་ཏེ། ཇི་ལྟར་མྱུར་བ་ཡིན་ཞེ་ན། སྐྱེ་བ་འདིའམ། སྐྱེ་བ་བཅུ་དྲུག་གམ། བསྐལ་པ་གསུམ་མམ། བསྐལ་པ་བརྒྱད་ཀྱིས་བྱང་ཆུབ་ཐོབ་པ་སྟེ། རྒྱུ་ཅིས་མྱུར་བ་ཡིན་ཞེ་ན། ཆོ་གའི་ཁྱད་པར་གྱིས་ལྷ་རྣམས་དངོས་སུ་མཆོད་པ་ལེན་པས་ཡོངས་སུ་སྤྱད་པ་ལས་བྱུང་བའི་བསོད་ནམས་ཡོད་པ་དང་། སྔགས་ཀྱི་མཐུས་ཆུ་ཐིགས་པ་གཅིག་ཀྱང་གངྒཱའི་བྱེ་སྙེད་དུ་འགྱུར་བས་དེ་སྙེད་ཀྱི་བསོད་ནམས་འབྱུང་བ་དང་། ལས་དང་པོ་པས་མ་དག་པའི་སྣང་བའི་ཞིང་སྦྱོང་བའི་ཏིང་ངེ་འཛིན་མངོན་དུ་བྱེད་པ་དང་། སྔགས་དང་ཏིང་ངེ་འཛིན་གྱི་ཁྱད་པར་རེ་རེས་ཀྱང་སེམས་ཅན་རྣམས་སྨིན་པའི་རྒྱུ་ཁྱད་པར་ཅན་འདི་དག་ཐེག་པ་འདི་ཉིད་ལ་ཞུགས་པ་ཙམ་ལའང་ཡོད་ཅིང་། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱིས་གཟུགས་བདེན་པ་གཉིས་ཀའི་ཚུལ་གྱིས་འབྲས་བུའི་རྣམ་པ་ལ་དམིགས་པའི་ཤེས་རབ་རྣམས་དང་པོ་ནས་ཐ་མའི་བར་དུ་ཡོད་པ་དང། ཇི་ལྟར་ན་བདེ་བ་ཡིན་ཞེ་ན། ལུས་དང་སེམས་ལ་ཚོར་བ་རྩུབ་མོ་མེད་པ་ཉིད་དེ། རྒྱུ་ཅིས་བདེ་བ་ཡིན་ཞེ་ན། འདི་ལ་བསྐལ་པ་དྲུག་དང་ལྡན་པའི་ལུས་ཀྱང་འགྲུབ་
པ་དང་། རྫུ་འཕྲུལ་དང་ཏིང་ངེ་འཛིན་མང་པོ་འཐོབ་པ་དང་། སྔགས་ཀྱིས་མཐུས་སངས་རྒྱས་རྣམས་མངོན་སུམ་དུ་བཞུགས་པ་དང་། སྔགས་དང་རྒྱུད་ཀྱི་སྦྱོར་བས་སེམས་ཅན་གྱི་བསམ་པ་ཐམས་ཅད་སྒྲུབ་པའི་ཕྱིར་དང་། ཐབས་ལ་མཁས་པ་གང་ཞེ་ན། འཕོ་བ་མེད་པའི་བདེ་བ་སོགས་ཚུལ་ཁྲིམས་ཀྱི་བསླབ་པ་དང་། མཚན་བཅས་དང་མཚན་མ་མེད་པའི་ཏིང་ངེ་འཛིན་གྱི་བསླབ་པ་དང་། བདེན་གཉིས་གདོད་ནས་དབྱེར་མེད་པའི་རང་བཞིན་དུ་རྟོགས་པའི་ཤེས་རབ་ཀྱི་བསླབ་པ་དང་། སྤྱོད་ཡུལ་ལ་འཇུག་པ་རྣམས་སོ། །གཞན་ཡང་ར་ལི་བསམ་གྱིས་མི་ཁྱབ་པའི་རྒྱུད་(དཔལ་འཁོར་ལོ་སྡོམ་པ་གསང་བ་བསམ་གྱིས་མི་ཁྱབ་པའི་རྒྱུད་ཀྱི་རྒྱལ་པོ།)ལས། ཉན་ཐོས་ལ་སོགས་ཐེག་ཆེན་ལ། །མན་ངག་ཡོད་པ་མ་ཡིན་ཏེ། །ལྟ་བ་སྤྱོད་པ་སེམས་བཟུང་དང་། །རྒྱུ་དང་ལམ་དང་འབྲས་བུ་ཡང་། །དུས་དང་ལོངས་སྤྱོད་རྣལ་འབྱོར་དང་། །བདག་གཞན་དོན་དང་དགོངས་པ་དང་། །ངལ་དུབ་མཐའ་སྤངས་ཚེགས་ཆུང་དང་། །ཚོགས་བསགས་པ་ཡི་ཁྱད་པར་དང་། །ཁྱད་པར་རྣམ་པ་བཅོ་ལྔ་ཡིས། །རིག་འཛིན་ཐེག་པ་ཁྱད་པར་འཕགས། །ཞེས་བསྟན་པས།

ལྟ་བ་ཁྱད་པར་དུ་འཕགས་པ།


GTN001_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བ་ཁྱད་པར་དུ་འཕགས་པ་ནི། སེམས་ཉིད་དོན་དམ་དཀོར་བདུན་ངོ་བོ་ཉིད་དུ་གདོད་ནས་ལྷུན་གྱིས་གྲུབ་པ་སྟེ། དེ་ཡང་ངོ་བོ་རང་བཞིན་གྱིས་དག་པའི་ཆ་ནས་དབྱིངས་དོན་དམ། མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་འཆར་གཞིར་གནས་པ་དེ་ཉིད་དངས་གསལ་སྒྲིབ་གཡོགས་ཐམས་ཅད་དང་བྲལ་བའི་ཆ་


GTN001_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཡེ་ཤེས་དོན་དམ། དེ་ལ་སྐུ་དང་ཡེ་ཤེས་ཀྱི་ཡོན་ཏན་འཆར་རུང་མ་འགགས་པར་གནས་པ་འབྲས་བུ་དོན་དམ་སྟེ། ཕྱི་མ་འདི་ལ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་གསང་བ་ཆེན་པོ་འབྲས་བུའི་ཆོས་རྣམས་ལྷུན་གྲུབ་ཏུ་བཞུགས་པ་ནི་རང་བཞིན་གདོད་མའི་འགོག་པ་དོན་དམ་བདེན་པ་ཆེན་པོར་གཏན་ལ་ཕབ་ནས། སེམས་ཉིད་དོན་དམ་བདེན་པ་དེ་ཉིད་ཀྱི་རྩལ་ལམ་སྣང་ཆ་སྣོད་བཅུད་བྱིས་པ་རྣམས་ལ་ཀུན་རྫོབ་པ་ལྟར་སྣང་བ་རྣམས་ཀྱང་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོར་རང་སྣང་བས་འཁོར་འདས་བཟང་ངན་དབྱེར་མེད་པར་མཉམ་པ་ཉིད་དུ་རྫོགས་པར་གཏན་ལ་དབབ་པ་ཀུན་རྫོབ་ཀྱི་བདེན་པ། དེ་གཉིས་ཀྱང་བླང་དོར་རེས་འཇོག་ཅན་མ་ཡིན་པར་གསེར་དང་གསེར་གྱི་ཁ་དོག་ལྟ་བུ་དང་། གཡུ་དང་གཡུའི་སྔོན་པོ་དང་། མར་མེ་དང་མར་མེའི་འོད་ལྟ་བུར་ཟུང་འཇུག་ངོ་བོ་གཅིག་པའི་བདག་ཉིད་དུ་གདོད་ནས་གནས་པ་ནི་བདེན་པ་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོ་སྟེ། དེར་འཛིན་གྱི་བསམ་བརྗོད་ལས་ཀྱང་ཡང་དག་པར་འདས་པས་ན། ཐ་སྙད་ཙམ་དུ་བདེན་པ་དབྱེར་མེད་བསམ་བརྗོད་ལས་འདས་པ་ཞེས་གདགས་པ་ཡིན་ལ། དེ་ཉིད་སངས་རྒྱས་ཀྱིས་བཟང་པོར་མ་མཛད། སེམས་ཅན་གྱིས་ངན་པར་མ་བཅོས་པའི་ཕྱིར་བཅོས་མ་གློ་བུར་གྱི་ཆོས་མ་ཡིན་པར་གདོད་མ་ཁུངས་ཐུབ་ཀྱི་ཆོས་སེམས་ཉིད་གཉུག་མའི་གཤིས་ལུགས་སུ་དེ་ལྟར་དུ་གནས་པའི་ཕྱིར་ཏེ། སངས་རྒྱས་གསང་བའི་ལམ་རིམ་དུ། རྒྱལ་བགྲོས་མ་མཛད་མ་བཅོས་ཕྱིར། །རང་བཞིན་ངང་གིས་དབྱེར་མེད་ལ། །དེ་མིང་


GTN001_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ཞེན་པ་དགྲོལ་ཕྱིར་དུ། །ཐ་སྙད་གཉིས་པར་བསམ་བརྗོད་འདས། །ཞེས་སོ། །བདེན་པ་གཉིས་ཀྱི་གནས་ཚུལ་དེ་སྔགས་ཀྱི་ལྟ་བ་ཁྱད་པར་དུ་འཕགས་པ་ཡིན་ཀྱང་། བོད་ཡུལ་གྱི་མཁས་པ་འགའ་ཞིག་གིས་སྤྱིར་ཕར་ཕྱིན་ཐེག་པའི་ལྟ་བ་དང་གསང་སྔགས་གཉིས་ཁྱད་པར་མི་འབྱེད་པར་འདོད་པ་དང་། བྱེ་བྲག་ཀུན་རྫོབ་ཇི་ལྟར་སྣང་བ་དེ་ནི་ལྟ་བར་མི་རུང་སྟེ། ཡུལ་ཀུན་རྫོབ་པ་ལ་དམིགས་པའི་ཡུལ་ཅན་གྱིས་བསྒོམ་པའི་བློ་ངོ་ཡིན་པའི་ཕྱིར། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སོགས་སྒོམ་པ་བཞིན་ནོ། །ཞེས་འཆད་མོད། འདི་ནི་རྡོ་རྗེ་ཐེག་པའི་གྲུབ་མཐའ་ལ་བློ་མ་ཕྱོགས་པའི་གཏམ་སྟེ། གོང་དུ་བཤད་པ་དེ་སྔགས་ཀྱི་ལྟ་བར་ཤེས་པར་བྱ་བའི་གནད་གལ་པོ་ཆེ་ཡིན་ལ་བསྒོམ་པར་བྱ་བའང་ཤིན་ཏུ་ཡིན་ཏེ། ལྟ་བ་ཞེས་པ་ཆོས་ཐམས་ཅད་ཀྱི་གདོད་མའི་གནས་ལུགས་གང་ཡིན་པ་དེ་ལ་དེ་དང་རྗེས་སུ་མཐུན་པའི་ཤེས་རབ་ཀྱི་མིག་གིས་ལྟ་བའི་དོན་ཡིན་པ་གང་ཞིག །འཕགས་པ་རྣམས་ཀྱིས་མ་འཁྲུལ་པའི་ཡེ་ཤེས་ལ་སྣང་བ་ནི་ཆོས་ཐམས་ཅད་ཀྱི་གནས་ལུགས་དོན་དམ་པར་བདེན་པར་ཚད་མ་ཡིན་ལ། སེམས་ཅན་རྣམས་ཀྱི་འཁྲུལ་བློའི་རྣམ་ཤེས་ཀྱི་ཡུལ་དུ་སྣང་བའི་ཆོས་རྣམས་ནི་སྣང་ལུགས་ཀུན་རྫོབ་པ་རྫུན་པ་ཡིན་པའི་ཕྱིར། དཔེར་ན་ཆུ་གཅིག་ལའང་འགྲོ་བ་དྲུག་གིས་སྣང་ཚུལ་དུ་མར་མཐོང་ལ། སངས་རྒྱས་རྣམས་ཀྱི་ཡུམ་མཱ་མ་ཀཱིའི་དབྱིངས་སུ་སྣང་བ་བཞིན་ནོ། །ཡང་གནས་ལུགས་ལ་ཅི་ཡང་མི་དམིགས་པའི་སྤྲོས་པ་དང་བྲལ་བ་ཁོ་ནའོ། །


GTN001_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་མདོ་ལམ་དུ་བཤད་པའི་མཚན་ཉིད་མ་འཁྲུལ་པ་ཡིན་པའི་ཕྱིར་མདོ་སྔགས་ཀྱི་ལྟ་བ་ལ་ཁྱད་པར་མེད་པ་གྲུབ་ཟེར་ན། དབྱིངས་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཆ་ནས་ཆོས་སྐུའི་རྣམ་པ་ལམ་བྱེད་རྒྱུའི་ཐེག་ཆེན་དུ་བཤད་པ་ལྟར་ཡིན་ཀྱང་། སྤྲོས་བྲལ་མེད་དགག་ཁོ་ན་ལ་ཟག་མེད་ཀྱི་ཆོས་ཐམས་ཅད་ཀྱི་འཆར་གཞིར་གྱུར་པའི་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་དང་། སྔགས་ཀྱིས་ཁྱད་པར་དུ་བྱས་པའི་བདེ་བ་ཆེན་པོའི་ཡོན་ཏན་ཀྱང་མ་ཚང་སྟེ། དྲི་མ་མེད་པའི་འོད་ལས། ནམ་མཁའི་ཁམས་ལ་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་མེ་ལོང་གི་པྲ་ཕབ་པ་བཞིན་དུ་སྐྱེ་བ་མེད་པའི་ཆོས་ངེས་པར་མཐོང་བ་རང་གི་སེམས་ཀྱིས་སྤྲོས་པའི་རབ་ཏུ་སྣང་བ་རྨི་ལམ་དང་མཚུངས་པའི་དོན་དུ་སེམས་པ་རྡུལ་ཕྲ་རབ་ཚོགས་པའི་བདག་ཉིད་ཀྱི་ཆོས་རྣམ་པར་དཔྱད་པའི་སྟོང་པ་ཆད་པའི་སྟོང་པ་ཉིད་ལས་རིང་དུ་བྱས་པ། ནང་གི་བདེ་བ་རང་རིག་པར་བྱ་བའི་ཆོས་ལ་རྗེས་སུ་ཆགས་པ། ཕྱི་རོལ་གྱི་དབང་པོས་རང་རིག་པར་བྱ་བའི་བདེ་བའི་ཆོས་ཡོངས་སུ་སྤངས་པ། ཞེས་སོགས་གསུངས་པའི་ཕྱིར་དང་། ལྟ་འདོད་མདོར་བསྟན་དུ། ཕུང་པོ་རྣམ་དཔྱད་སྟོང་པ་ཉིད། །ཆུ་ཤིང་བཞིན་དུ་སྙིང་པོ་མེད། །རྣམ་པ་ཐམས་ཅད་མཆོག་ལྡན་པའི། །སྟོང་ཉིད་དེ་ལྟར་འགྱུར་བ་མིན། །སྐྱེ་བ་མེད་པ་འགག་མེད་པ། །ཤེས་བྱ་གང་ཞིག་འདིར་མཐོང་བ། །སྟོང་པའི་དངོས་པོས་སྟོང་པ་ཉིད། །ཕུང་པོ་རྣམ་པར་དཔྱད་པས་མིན། །ཞེས་བཤད་པ་ལྟར་དང་། ཀུན་རྫོབ་ཀྱི་མཚན་ཉིད་མེད་པར་གཏན་ལ་ཕབ་པ་ཙམ་ལས་དག་མཉམ་ཆེན་པོ་གདོད་


GTN001_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གནས་པའི་གནད་མི་ཤེས་ལ། དེ་མ་ཤེས་པས་གཟུགས་སྐུ་གཉིས་ཀྱི་རྟེན་འབྲེལ་སྒྲིག་པའི་རྣམ་པ་ལམ་བྱེད་སྒོམ་པ་མི་ཤེས། དེ་མ་ཤེས་པས་འདོད་ཡོན་ལོངས་སུ་སྤྱོད་པའི་ཚོགས་ཁྱད་པར་ཅན་བསགས་པའི་ཐབས་མི་ཤེས་པས། སྤང་གཉེན་གྱི་འཆིང་བས་གྲངས་མེད་གསུམ་གྱི་མཐའ་ལ་རེ་ལྟོས་འཆའ་དགོས་པ་ཡིན་ལ། སྔགས་སུ་བདེ་སྟོང་ཟུང་དུ་འཇུག་པའི་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ངོ་བོ་ཉིད་ཀྱིས་འབྲས་བུ་དམ་པ་ཡེ་ནས་ལྷུན་གྱིས་གྲུབ་པར་བཞུགས་པའི་ཐོག་མའི་གནས་ལུགས་ཤིན་ཏུ་རྣམ་པར་དག་པ་དེ་ཉིད་ལྟ་བའི་ཡུལ་དུ་ཤེས་པར་བྱས་ནས་དེ་ཁོ་ན་ཉིད་ལ་བསླབ་པའམ། དེ་ལ་གོམས་སུ་འཇུག་པ་སྒོམ་པ་ཡིན་པའི་ཕྱིར་དང་། དེ་རྣམ་པ་ལམ་བྱེད་ཀྱི་སྒྱུ་མ་ལྟ་བུའི་བསྐྱེད་རིམ་དང་། རྩ་རླུང་ཐིག་ལེ་གནད་དུ་བསྣུན་པའི་རྫོགས་རིམ་ཁྱད་པར་ཅན་ལ་བློ་སྦྱངས་པས་མ་དག་པའི་གཞན་དབང་ལས་བྱུང་བའི་འཁྲུལ་རྟོག་གློ་བུར་བའི་སྣང་ཚུལ་སྣོད་བཅུད་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་རིམ་གྱིས་ནུབ་ནས་ཡོངས་སུ་དག་པའི་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་གདོད་མའི་གནས་ལུགས་མངོན་དུ་འགྱུར་བའི་གནད་ཡོད་པས་སྔགས་ཀྱི་ལྟ་སྒོམ་ཁྱད་པར་དུ་འཕགས་པར་བྱ་དགོས་པའི་ཕྱིར་འབྲས་བུའི་ཐེག་པར་གྲུབ་སྟེ། པདྨ་རྩེ་མོ་ལས། དྲི་མེད་དབྱིངས་ཀྱི་རང་བཞིན་ནི། །སྐུ་གསུམ་ཡེ་ཤེས་བཞི་དག་དང་། །གང་ཚེ་དག་པ་དེ་ཉིད་དུ། །རང་གསལ་མངོན་དུ་འཆར་བ་དང་། །འདྲ་བ་ལམ་དུ་བྱེད་པ་ལ། །འབྲས་བུའི་ཐེག་པར་ཡང་དག་བརྗོད། །ཅེས་གསུངས་པའི་ཕྱིར་དང་།

བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་པ།


GTN001_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ནི། ཇི་ལྟར་སྣང་བ་ལ་དམིགས་པའི་ཡུལ་ཅན་གྱི་ཤེས་པ་མ་དག་པའི་བཅོས་མ་གློ་བུར་བ་ཡིན་པའི་ཕྱིར་སྔགས་ཀྱི་ལྟ་སྒོམ་ཐུན་མོང་མ་ཡིན་པ་དང་གཅིག་པའི་སྐབས་མེད་དེ། དེ་ནི་མདོའི་གཞུང་ལམ་དུ་གསུངས་པའི་ཀུན་རྫོབ་སེམས་བསྐྱེད་ཀྱི་བྱེ་བྲག་ཡིན་པ་བྱིས་པའི་བློ་གྲོས་ཀྱིས་ཀྱང་རྟོགས་ནུས་པ་དེར་ཟད་ལ། དེའི་ཕྱིར། སྒྱུ་འཕྲུལ་ལམ་རིམ་དུ། བླ་མེད་ཐེག་པའི་ནང་ནས་ནི། །དོན་དམ་དུ་ནི་མཉམ་རྫོགས་ལ། །ཀུན་རྫོབ་ཏུ་ནི་ཐམས་ཅད་དུ། །དག་དང་མ་དག་གཉིས་སུ་འཛིན། །ཐབས་ཀྱི་ཐེག་པ་ཆེན་པོར་ནི། །རྣམ་པར་བྱང་དང་སྡུག་བསྔལ་དག །ཀུན་རྫོབ་ཏུ་ཡང་དབྱེར་མེད་པས། །ལྟ་བ་མཐོ་དམན་དེ་ཙམ་མོ། །ཞེས་བཤད་པས་སོ། །ད་རུང་དེ་ལས་ཀྱང་ཆེས་ཁྱད་པར་དུ་གྱུར་པ་ནི། དབྱིངས་དག་མཉམ་རང་བཞིན་གྱིས་རྣམ་པར་དག་པའི་འོད་གསལ་རང་གནས་ཆེན་པོ་བཅོས་བསྒྱུར་མེད་པའི་ཡེ་ཤེས་བྱས་ཆོས་བློ་ལས་འདས་པའི་བཅིང་གྲོལ་གཟོད་ནས་དག་པའི་ངང་ལ་ཡིད་དཔྱོད་བློས་བཏགས་ཀྱིས་བཟོ་འཆོས་མི་དགོས་པར་རང་བབ་གཤིས་ཀྱི་ལུགས་སུ་བཞག་པར་དུས་གསུམ་ལས་འདས་པའི་རིག་པ་དྲི་མ་མེད་པ་དེ་ལ་སྤྲོས་པ་ཐམས་ཅད་དང་བྲལ་བའི་གནས་ལུགས་ཕྱིན་ཅི་མ་ལོག་པར་གནས་པ་དང་། བློ་དང་ཡིད་དཔྱོད་ཀྱིས་རྟག་ཆད་ཀྱི་མཐའ་བསལ་བར་རློམ་པས་སེམས་དང་སེམས་བྱུང་བླང་དོར་གྱི་མཐའ་ལ་ཞེན་པ་གཉིས། རང་བཞིན་ལྷུན་གྱིས་གྲུབ་པའི་སྤྲོས་བྲལ་དང་། འབད་རྩོལ་གྱིས་བྱས་པའི་ཁྱད་པར་གནམ་ས་ལྟ་བུར་ཡོད་ཅིང་། ལྟ་བའི་


GTN001_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ལུགས་སུ་སྔ་མ་ལ་དངོས་དང་ཕྱི་མ་བཏགས་པ་བཞིན་ནོ། །ལྷར་ལྟ་བ་ན་ཀྲཱི་ཡས་དག་པ་ཆོས་ཉིད་ཀྱི་ལྷ་དང་། ཡོ་གས་དེའི་སྟེང་དུ་མི་གནས་པའི་ཡེ་ཤེས་ཆེན་པོས་བྱིན་གྱིས་བརླབས་པའི་ལྷ་དང་། བླ་ན་མེད་པས་དེ་གཉིས་ཀའི་སྟེང་དུ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་རྟོགས་པའི་ཕྱིར་རོ། །དེ་ལྟར་མ་ཡིན་ན་གཞིའི་གནས་ལུགས་སུ་སྦྱང་གཞི་མེད་པས་སྦྱང་བྱ་དང་སྦྱོང་བྱེད་ཀྱི་རྟེན་འབྲེལ་ལ་དགོས་པ་མ་གྲུབ་ཅིང་དེ་མ་ཡིན་ལ་དེར་འཛིན་དུ་འགྱུར་བས་རི་བོང་ལ་རྭ་སྒོམ་པ་དང་མཚུངས་སོ། །གཞན་ཡང་འདི་ཉིད་ལྟ་བས་ཁྱད་པར་དུ་གྱུར་པ། སློབ་དཔོན་ཨིནྡྲ་བྷཱུ་ཏིས་ཀྱང་། བླ་མའི་ཁྱད་པར་སོགས་༼སྣོད་ཀྱི་ཁྱད་པར། ཆོ་གའི་ཁྱད་པར། ལས་ཀྱི་ཁྱད་པར། དམ་ཚིག་གི་ཁྱད་པར། ལྟ་བའི་ཁྱད་པར། སྤྱོད་པའི་ཁྱད་པར་ཞེས་སོ། །༽གསུངས་པ་དང་། སངས་རྒྱས་ཡེ་ཤེས་ཞབས་ཀྱི་ལུང་༼ཐེག་པ་འདི་ནི་རྣམ་པ་གསུམ་གྱིས་ཐུན་མོང་མ་ཡིན་ཏེ། འདི་ལྟར་སྒྲུབ་པ་པོ་དང་། ལམ་དང་། འབྲས་བུ་གསུམ་མོ་ཞེས་སོ། །༽བཅས་གོང་དུ་གསལ་བ་ལྟར། ལྟ་བ་དང་འབྲས་བུ་ལ་ཁྱད་པར་ཡོད་པར་བཤད་པའི་ཕྱི་མས་རྒྱུ་འབྲས་ཀྱི་སངས་རྒྱས་ལ་ཁྱད་པར་ཕྱེ་བའང་ཡིན་ལ། གཞན་དུ་ཁྱད་པར་གསུམ་གྱིས་འཕགས་པར་ཡང་བསྟན་ཏེ། ཐེག་པ་གསུམ་རྣམ་པར་བཞག་པ་ལས། དམིགས་པ་རྣམ་པར་དག་པ་དང་། །གྲོགས་ཀྱི་མཐུ་དང་སྤྱོད་པའི་ས། །བློ་ལྡན་རྣམས་ཀྱིས་ཐེག་པ་ནི། །ཆེན་པོའི་ཆེན་པོར་ཡོངས་སུ་བསྒྲགས། །ཞེས་པས་ཆོས་ཐམས་ཅད་དབྱེར་མེད་པར་དཀྱིལ་འཁོར་གསུམ་གྱི་རང་བཞིན་ཞིང་དང་སྤྱོད་ཡུལ་ཡོངས་སུ་དག་པར་བལྟ་བས་དམིགས་


GTN001_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམ་པར་དག་པ་ལྟ་བ་དང་། དེའི་གྲོགས་ཐུན་མོང་མ་ཡིན་པའི་དམ་ཚིག་གི་སྡོམ་པ་དང་ལྡན་པའི་མཐུ་དང་། དེ་བཞིན་གཤེགས་པའི་མཛད་སྤྱོད་ཉམས་སུ་ལེན་པས་འཕགས་པར་བསྟན་ཏོ། །ཞེས་བཀྲལ་ལ། ཡང་ན་ཆེན་པོའི་ཆེན་པོ་བཞིས་འཕགས་པར་བསྟན་ཏེ། འཕགས་པ་ཐབས་ཀྱི་ཞགས་པ་ལས། དམིགས་པ་ཆེན་པོའི་ཡང་ཆེན་པོ་དང་། དེ་བཞིན་དུ་སྒྲུབ་པ་དང་། ཡེ་ཤེས་དང་། ཐབས་རྣམས་ཀྱི་ཆེན་པོའི་ཡང་ཆེན་པོར་གྱུར་པས་འཕགས་པར་བསྟན་ལ། ཌོམ་བི་པས་ཀྱང་། འདི་ནི་སྣོད་ཀྱི་ཁྱད་པར་དང་། །སོགས་གསུངས་པས། སྣོད་དུ་བྱེད་པའི་ཆོས་དང་ནི། །གཞུང་དང་ལམ་གྱི་ཁྱད་པར་དང་། །འབྲས་བུ་དག་གིས་ཁྱད་པར་གྱིས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་གསུངས་པས་སོ། གནས་ལུགས་རྟོགས་པའི་ལྟ་བ་ནི་འབྲས་བུ་ཡིན་པའི་ཕྱིར་དེ་ལ་ཁྱད་པར་བསྟན་པས་ལྟ་བ་ལ་ཁྱད་ཡོད་པར་གྲུབ་བོ། །དེ་བཞིན་དུ་སྤྱོད་པ་ཡང་མཚན་ཉིད་ལ་སྤང་བྱ་དུག་ལྔ་སྤང་འགོག་གི་འདུ་ཤེས་ལ་གནས་པའི་ཟག་བཅས་ཀྱི་ཚུལ་ཁྲིམས་ལ་བླང་དོར་བྱེད་ལ། སྔགས་སུ་དག་མཉམ་སྒྱུ་མའི་རང་བཞིན་གྱིས་ཀུན་འབྱུང་ལམ་དུ་བསྒྱུར་བས་ཚོགས་དང་། མཆོད་པ་དང་། འཕོ་བ་མེད་པའི་ཚུལ་ཁྲིམས་སོགས་ཀྱིས་འཕགས། སེམས་བཟུང་བ་ཡང་མཚན་ཉིད་ཀྱིས་ཞི་ལྷག་གི་ཏིང་ངེ་འཛིན་ལ་སེམས་བཟུང་བའི་འབད་རྩོལ་གྱི་ངལ་བ་ཆེན་པོས་དུས་རིང་པོར་སྒྲུབ་དགོས་པ་ཉིད།


GTN001_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་སུ་རིམ་པ་གཉིས་དང་ཟུང་འཇུག་གི་རྣལ་འབྱོར་ཁྱད་པར་ཅན་གྱིས་སྐད་ཅིག་ལ་ཡེ་ཤེས་རྟོགས་པའི་ཕྱིར་འཕགས། རྒྱུའང་མཚན་ཉིད་ཀྱིས་ཚོགས་སོགས་སྔོན་དུ་སོང་བས་དོན་དམ་མཐོང་བར་འདོད་ལ། སྔགས་སུ་བྲལ་རྒྱུའི་ཡེ་ཤེས་རང་ལ་གནས་པ་ཉིད་བཙན་ཐབས་སུ་ངོ་སྤྲད་པས་ཆོས་ཉིད་ཀྱི་བདེན་པ་རྟོགས་པས་འཕགས། ལམ་ཡང་མཚན་ཉིད་ཀྱི་ཚོགས་བསགས་པ་ལ་མཉམ་རྗེས་རེས་འཇོག་གིས་ལམ་བསྐལ་ཆེན་དུ་མར་བགྲོད་དགོས་པ་ཉིད། སྔགས་སུ་མཉམ་རྗེས་དབྱེར་མེད་ཀྱི་ལམ་ལ་ཞུགས་པས་མྱུར་དུ་བགྲོད་པས་འཕགས། འབྲས་བུའང་མཚན་ཉིད་དུ་དུས་རིང་པོ་ཞིག་ཏུ་ཕྱིས་འབྱུང་བར་འདོད། སྔགས་སུ་གཞི་འབྲས་དབྱེར་མེད་ད་ལྟ་ལྷུན་གྲུབ་ཏུ་འདོད་པས་འཕགས། སའང་མཚན་ཉིད་དུ་སྤང་གཉེན་རིམ་ཅན་གྱིས་དབྱེ་བས་བཅུ་གཅིག་ཏུ་འདོད་ལ། སྔགས་སུ་དམ་ཚིག་མ་ཉམས་པས་ཚེ་གཅིག་སོགས་ཀྱིས་འགྲུབ་པས་འཕགས། ལོངས་སྤྱོད་ཀྱང་མཚན་ཉིད་ལ་འདོད་ཡོན་སྤངས་ཏེ་སྒྲུབ། སྔགས་ལ་གྲོགས་སུ་བྱེད་པས་འཕགས། རྣལ་འབྱོར་ཀྱང་མཚན་ཉིད་པས་མཉམ་རྗེས་ཐ་དད་དུ་འབྱེད་ལ། སྔགས་སུ་དབྱེར་མེད་བསམ་གྱིས་མི་ཁྱབ་པའི་རྣལ་འབྱོར་ལམ་དུ་བྱེད་པས་འཕགས། བདག་གཞན་གྱི་དོན་སྒྲུབ་པའང་མཚན་ཉིད་པས་གནས་སྐབས་ཅུང་ཟད་ཕན་པ་ཙམ་ལས་ཆེར་མི་འགྲུབ། སྔགས་ཀྱི་ལས་གང་ཡང་རུང་བས་ཚར་གཅོད་རྗེས་


GTN001_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་གྱི་སྒོ་མང་པོས་རང་དང་གཞན་གྱི་དོན་ལ་སྤྱོད་པས་འཕགས། དགོངས་པའང་མཚན་ཉིད་ལ་རྒྱུའི་ཐེག་པ་ཙམ་ལས་མ་ཤེས་པ་ཉིད། སྔགས་ལ་འབྲས་བུ་གསང་ཆེན་ངེས་པར་བྱེད་པས་འཕགས། བྱ་སླ་བས་ངལ་དུབ་ཀྱི་སྐྱོན་སྤངས་པ་དང་། ཚེགས་ཆུང་ངུས་དོན་ཆེན་པོ་འགྲུབ་པའི་ཕྱིར་ཡང་མཚན་ཉིད་ལས་འཕགས་ལ། ཚོགས་བསགས་པ་ཡང་མཚན་ཉིད་ལ། སྦྱིན་སོགས་ཕར་ཕྱིན་དྲུག་གི་སྤྱོད་པས་བསྐལ་པ་གྲངས་མེད་པ་རྣམས་སུ་རྒྱ་ཆེར་བསགས་དགོས་པ་ཉིད། སྔགས་སུ་ཉུང་ངུ་ཙམ་ཡང་སྔགས་ཀྱི་བྱིན་རླབས་ཀྱིས་ནམ་མཁའི་མཛོད་དུ་སྤེལ་ནས་སྦྱིན་པ་བྱར་ཡོད་པའི་ཕྱིར་རྒྱ་ཆེ་ཞིང་ཡུལ་ཐམས་ཅད་སངས་རྒྱས་ཀྱི་ཞིང་དུ་ཤེས་པ་དང་། ལོངས་སྤྱོད་ཐམས་ཅད་ཚོགས་སུ་འགྱུར་བ་དང་། ཉོན་མོངས་རང་བཞིན་གྱིས་མ་སྤངས་པར་དག་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མྱུར་དུ་འདུམས་ཤིང་རྫོགས་པས་འཕགས་སོ། །གཞན་ཡང་མཚན་ཉིད་དུ་སྐུ་སྣང་ལ་སྒྱུ་མའི་རང་བཞིན་དང་། ལུས་བྱ་བ་ཐ་མལ་གྱི་སྒོ་ནས་དགེ་བ་ལ་འཇུག་པ་ལས་མེད། སྔགས་སུ་སྐུའི་གསང་བ་སྣོད་བཅུད་དུ་སྣང་བ་ཐམས་ཅད་ལྷ་དང་གཞལ་ཡས་ཁང་། ལུས་དཀྱིལ་འཁོར་དུ་རྫོགས་པས་ལྷའི་ཕྱག་རྒྱ་འདུ་འཕྲོ་ལས་མ་འདས་པས་འཕགས། མཚན་ཉིད་དུ་གསུང་བྲག་ཆ་ལྟར་སྟོང་པ་དང་། ངག་སྨྲ་བའི་འཇུག་པ་བཅད་དེ་དགེ་བ་ལ་འཇུག་པ་ཙམ་ལས་མེད། སྔགས་སུ་གསུང་གི་གསང་བ་སྒྲ་དབྱངས་


GTN001_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཤིགས་པའི་ནཱ་ད་ཆེན་པོའི་རང་བཞིན་ཤེས་པས་ཆོས་ཀྱི་ཆར་འབེབས་པ་དང་། ངག་གསུང་གི་དཀྱིལ་འཁོར་དུ་གདོད་ནས་གནས་པས་སྒྲ་ཚིག་གྲགས་པ་ཐམས་ཅད་སྔགས་ཀྱི་རང་གདངས་སུ་ཤར་བས་ཅི་སྨྲས་ཐམས་ཅད་ནུས་པ་ཐོགས་པ་མེད་པས་དོན་སྒྲུབ་པའི་ཕྱིར་འཕགས། མཚན་ཉིད་པས་ཐུགས་དྲན་རྟོག་ཐམས་ཅད་རང་བཞིན་མེད་པས་རྒྱས་འདེབས་པ་དང་། ཡིད་ཐ་མལ་གྱི་རྣམ་རྟོག་འདུ་འཕྲོ་བཀག་ནས་ཞི་ལྷག་གི་ཏིང་ངེ་འཛིན་སྒྲུབ་ལ། སྔགས་སུ་ཐུགས་ཀྱི་གསང་བ་ཆོས་ཉིད་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་དང་རྣམ་ཀུན་མཆོག་དང་ལྡན་པའི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཟུང་དུ་འཇུག་པའི་རང་བཞིན་དུ་ཤར་བས། ཡིད་ཀྱི་དྲན་རྟོག་ཐམས་ཅད་ཆོས་ཀྱི་རོལ་པ་འགག་པ་མེད་པར་ཤར་བས་ཏིང་ངེ་འཛིན་ཆུ་བོ་རྒྱུན་གྱི་རྣལ་འབྱོར་མཉམ་རྗེས་གཉིས་མེད་རྣམ་པར་མི་རྟོག་པའི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པའི་ཕྱིར་འཕགས་སོ། །དེ་ཙམ་གྱིས་མཚོན་པས་ཁྱད་པར་གཞན་ཡང་བསམ་གྱིས་མི་ཁྱབ་པར་ཤེས་པར་བྱ་སྟེ། མདོར་ན་དགོངས་པ་ལུང་སྟོན་ལས། ཤིན་ཏུ་གྲངས་མེད་བསྐལ་པ་རུ། སངས་རྒྱས་རྣམས་ཀྱིས་གང་མཁྱེན་པ། །སྔགས་པ་རྣམས་ཀྱིས་དུས་གཅིག་ཏུ། །ཚེ༷་གཅི༷ག་{སྐད༵་ཅི༵ག་}རྫོགས་པའི་བྱང་ཆུབ་ཐོབ། །ཅེས་གསུངས་པས་སྡུད་པར་བྱའོ། །དེ་ཡང་སྟོན་པས་གསུངས་པའི་ཐེག་ཆེན་གྱི་སྡེ་སྣོད་གང་ཞིག་རྒྱུ་འབྲས་དབྱེར་མེད་ལྷུན་གྲུབ་ཏུ་བལྟ་བས། ཀུན་འབྱུང་བདེན་པའི་རང་བཞིན་ལམ་བདེན་


GTN001_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྡུག་བསྔལ་བདེན་པའི་རང་བཞིན་འགོག་བདེན་དུ་སྣང་བས་བྱེད་ལས་བཞིའི་གནས་ལུགས་ལ་སྤང་བླང་མེད་པར་ཉམས་སུ་བླངས་པས་འབྲས་བུ་མྱུར་དུ་འགྲུབ་པར་བྱེད་པ་ཞིག་ལ་སྔགས་ཀྱི་ངོ་བོར་བཞེད་ལ། ངེས་ཚིག་ནི། མ་ན་ཡིད་དང་ཏྲ་ཡ་སྐྱོབས་པ་ལ་འཇུག་པས་ཡི་གེ་ཕྱིས་བསྣན་གྱི་དབང་གིས་མནྟྲ་ཞེས་པ། གསང་བ་འདུས་པ་ལས། དབང་པོ་དང་ནི་ཡུལ་རྣམས་ཀྱི། །རྐྱེན་གྱིས་གང་དང་གང་བྱུང་ཡིད། །ཡིད་དེ་མན་ཞེས་བྱ་བར་བཤད། །ཏྲ་ནི་སྐྱོབ་པར་བྱེད་པའི་དོན། །ཞེས་དང་། སྔ་འགྱུར་ཐིག་ལེ་ཀུན་གསལ་ཆེན་པོ་ལས་ཀྱང་། སྔགས་གསུམ་དག་གི་ངེས་ཚིག་ནི། །ཤེས་སྐྱོབ་ཕྱིར་ན་དེར་བརྗོད་པའོ། །ཞེས་བཤད་པ་ལྟར་ཡིད་ཤེས་བདེ་མྱུར་དུ་སྐྱོབ་པའི་ཕྱིར་ན་སྔགས་སོ། །དེ་ཡང་བདེ་བས་སྐྱོབ་པ་ནི། མ་ཧཱ་མཱ་ཡཱ་ལས། འདོད་པའི་ལོངས་སྤྱོད་ལྔ་པོ་ལ། །ཅི་བདེ་བར་ནི་སྤྱད་པས་འགྲུབ། །ཅེས་པ་དང་། མྱུར་བར་སྐྱོབ་པ་ནི། གྲངས་མེད་པ་གསུམ་གྱི་ཚོགས་སོགས་ལ་མ་ལྟོས་པར་ཐབས་མཁས་པས་ཚེ་གཅིག་སོགས་ཀྱིས་འབྲས་བུ་མངོན་དུ་བྱེད་ནུས་པས་ན་མྱུར་བ་དང་འབྲས་བུའི་ཐེག་པར་བཞག་པ་ཡིན་ཏེ། དཔལ་ཁ་སྦྱོར་ཐིག་ལེ་ལས། བསྐལ་པ་བྱེ་བ་དུ་མ་རུ། །བསྒྲུབ་པར་དཀའ་བའི་སངས་རྒྱས་ཀྱང་། །ཚེ་འདི་ཉིད་ལ་སྟེར་བས་ན། །འབྲས་བུའི་ཐེག་པ་ཞེས་བྱའོ། །ཞེས་པ་དང་། སངས་རྒྱས་མཉམ་སྦྱོར་ལས། བསྐལ་པ་བྱེ་བ་གྲངས་མེད་ཀྱིས། །སངས་རྒྱས་ཀུན་དངོས་མི་ཐོབ་པ། །གསང་


GTN001_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཚེ་འདིའི་ཆོ་ག་ཡིས། །ཚེ་འདི་ཉིད་ལ་ཐོབ་པར་འགྱུར། །ཞེས་གསུངས་པ་བཞིན་ནོ། །ཡང་ན་ཨེ་ཝཾ་གྱིས་མཚོན་པའི་རྣམ་ཀུན་མཆོག་ལྡན་གྱི་སྟོང་གཟུགས་ཕྱག་རྒྱ་ཆེན་པོ་ཞུ་བདེས་དྲངས་པས་འདོད་ཆགས་ཆེན་པོའི་ཐིག་ལེའི་འགྲོས་ལས་ཤར་བའི་ལྷན་ཅིག་སྐྱེས་པའི་བདེ་བ་དང་སྟོང་པ་ངོ་བོ་གཅིག་ཏུ་གྱུར་པའི་ཟུང་འཇུག་ཡེ་ཤེས་མི་འགྱུར་བའི་བདེ་བ་ཆེན་པོ་དེ་ནི་སངས་རྒྱས་ཀུན་གྱི་སྡོམ་པ་ཡིན་ལ། དེས་སྤང་བྱ་འགྱུར་བདེ་འཕོ་བའི་བག་ཆགས་དང་མཚན་རྟོག་སྡོམ་པར་བྱེད་པའི་ཡིད་བདེ་མྱུར་གྱི་སྒོ་ནས་སྐྱོབ་པས་ཀྱང་སྔགས་ཏེ། དུས་ཀྱི་འཁོར་ལོ་ལས། དབྱངས་དང་གསལ་བྱེད་ཀྱི་ཚོགས་ནི་མི་འགྱུར་བ་མ་ཡིན་ཏེ་མི་འགྱུར་བའི་སྒྲས་ནི་མཆོག་ཏུ་མི་འགྱུར་བ་བདེ་བའི་ཡེ་ཤེས་རྡོ་རྗེ་སེམས་དཔའ་འོ། །དེ་བཞིན་དུ་ཡིད་སྐྱོབ་པར་གྱུར་པ་ཉིད་ཀྱི་ཕྱིར་སྔགས་ཀྱང་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་སུ་བརྗོད་དོ། །ཞེས་པ་དང་། རྡོ་རྗེ་རྩེ་མོ་ལས། སྔགས་རྣམས་ཀུན་གྱི་མཚན་ཉིད་ནི། །སངས་རྒྱས་ཀུན་གྱི་ཐུགས་ཡིན་ཏེ། །ཆོས་ཀྱི་སྙིང་པོ་སྒྲུབ་བྱེད་ཅིང། །ཆོས་ཀྱི་དབྱིངས་དང་ཡང་དག་ལྡན། །ཞེས་སོ། །དེ་རྒྱས་པར་སྟོན་པའི་བཀའི་ཚོགས་ལ་རིག་པ་འཛིན་པའི་སྡེ་སྣོད་དམ་རྡོ་རྗེའི་ཐེག་པའི་སྡེ་སྣོད་ཅེས་བཏགས་ཏེ། པི་ཊོ་ཀ་ཞེས་པ་གང་བུ་དང་བྲེ་བོ་ཆེ་ལ་འཇུག་པས་དོན་གྱིས་འདི་ལྟར་ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་ནས་སྐུ་དང་ཡེ་ཤེས་ཀྱི་བར་གྱི་ཤེས་བྱའི་ཚུལ་རྣམས་གནས་ལུགས་ལྟར་གཏན་ལ་ཕབ་ཅིང་ཞིབ་པར་བསྟན་པའི་


GTN001_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ཤིན་ཏུ་རྒྱས་པའི་སྡེ་སྣོད་དང་། སྡེ་སྣོད་འོག་མ་གསུམ་གྱི་བརྗོད་བྱ་ཐམས་ཅད་འདིར་འདུས་ཤིང་རྫོགས་པས་སྡེ་སྣོད་ཐམས་ཅད་ཀྱི་མ་མོའང་ཡིན་ཏེ། སྒྱུ་འཕྲུལ་རྒྱས་པ་ལས། མཉམ་ཉིད་དོན་རྟོགས་རང་རིག་རྒྱལ་པོ་ནི། །རྒྱ་མཚོར་ཆེན་པོར་ཆུ་ཀླུང་ཀུན་འབབ་ལྟར། །བླ་མེད་དོན་རྟོགས་ཐབས་ཆེན་འདི་དག་ཏུ། །རྣམ་པར་ཐེག་པ་བསམ་ཡས་མ་ལུས་འདུས། །ཞེས་སོ། །དེ་ལ་རིག་པ་འཛིན་པ་ནི་གང་ཞེ་ན་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་གཉིས་ལས། དང་པོ་ནི། རིལ་བུ་མིག་སྨན་དངོས་གྲུབ་དང་། །ས་འོག་རལ་གྲི་དངོས་གྲུབ་དང་། །མཁའ་ལ་འཕུར་དང་མི་སྣང་དང་། །ཤི་བ་མེད་དང་ནད་འཇོམས་སོ། །ཞེས་ལས་ཆེན་བརྒྱད་གྲུབ་པ་རིག་འཛིན་ཆུང་ངུ་དང་། འབྲིང་ནི་འདོད་པའི་རིག་འཛིན་ཕལ་པ་དང་། ཆེན་པོ་ནི་ཚེ་དང་ལོངས་སྤྱོད་ལ་སོགས་པ་བསྐལ་པ་དྲུག་གམ་དཔག་ཏུ་མེད་པར་འདོད་པ་དང་། གཟུགས་ཀྱི་རིག་པ་འཛིན་པ་གསུམ་དང་། འཇིག་རྟེན་ལས་འདས་པ་མཐོང་ལམ་ནས་བཟུང་སློབ་པའི་སར་གནས་པ་ཟུང་འཇུག་གི་སེམས་ཅན་ནམ་དྲི་མ་མེད་པའི་ཡེ་ཤེས་ཀྱི་སྐུ་སྟེ་རིག་པ་འཛིན་པ་དང་། དེ་ཉིད་འཇའ་ལུས་ཡིན་མོད་ཀྱི་ཁམས་པའི་གཟུགས་ཅན་མ་ཡིན་ཅིང་དེ་ལ་ཡོན་ཏན་གྱི་ཁྱད་པར་བདུན་དང་ལྡན་ཏེ། ཏིང་ངེ་འཛིན་ལ་གནས་པ་དང་། མངོན་ཤེས་ལྔ་དང་ལྡན་པ་དང་། ཞིང་སྣ་ཚོགས་སུ་འགྲོ་བའི་དོན་སྤྱོད་པ་དང་། འདོད་ཅིང་མཚུངས་པ་མེད་པ་དང་། འདོད་པ་མཐའ་ཡས་པ་ལ་བདེ་བ་ཆེན་པོར་ལོངས་སྤྱོད་པ་དང་། ཚེ་ཚད་ལས་བརྒལ་བ་དང་། ཡིད་ཀྱི་ལུས་སུ་


GTN001_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པའོ། །དེ་ཡང་ཕུང་པོའི་ཟ་མ་ཏོག་མ་ཉམས་པ་ནི་ཡེ་ཤེས་ཀྱི་སྐུ་ཙམ་དང་། ལས་སམ་ཏིང་ངེ་འཛིན་གྱི་ཉམས་པ་དེའི་ཚེ་རིག་པ་འཛིན་པའི་ཡེ་ཤེས་ཀྱི་སྐུ་ཞེས་བྱ་སྟེ། འདི་ལ་མ་ཧཱ་ཡོ་གར་རྣམ་སྨིན། ཚེ་དབང་། ཕྱག་ཆེན། ལྷུན་གྲུབ་སྟེ་ལྔ་དང་། མཉམ་སྦྱོར་དུ། འདུན་པ་དབྱེ་བར་མཛད་ལ། དེ་དག་རྣམས་ཀྱིས་བསླབ་པར་བྱ་བའི་གཞིར་གྱུར་པས་སམ་ཐེག་པ་འདི་ལ་ཞུགས་པས་ཐུན་མོང་དང་མཆོག་གི་གྲུབ་པ་དེ་ལྟ་བུ་ཐོབ་པར་འགྱུར་བའི་ཕྱིར་རིག་པ་འཛིན་པའི་སྡེ་སྣོད་དེ། དཔུང་བཟང་གི་རྒྱུད་ཀྱི་འགྲེལ་པ་ལས། རིག་པ་འཛིན་པའི་སྡེ་སྣོད་ཅེས་བྱ་བ་ནི་རིགས་སྔགས་འཆང་རྣམས་ཀྱིས་བསླབ་པའི་གཞི་དང་། ལྟ་བའི་རླུང་གི་གྲུབ་པའི་མཐའ་ཉིད་ཀྱིས་སྟོན་ཏོ། །ཞེས་བཤད་པ་ལྟར་རོ། །དེ་ཉིད་རྡོ་རྗེ་ཐེག་པ་ཡིན་ཏེ། རྡོ་རྗེ་མི་ཕྱེད་པ་དང་། མི་ཤིགས་པའི་དོན་དུ་བཤད་ན། གང་ཐ་དད་དུ་མི་ཕྱེད་པ་ནི། འཁོར་འདས་གཉིས་སྣང་ཚུལ་ལ་ཐ་དད་ཀྱང་གནས་ལུགས་སུ་སེམས་ཉིད་ལས་ནམ་ཡང་གཡོས་པ་མེད་པས་ན། (རྡོ་རྗེ་སེམས་དཔའ་གསང་བ་མེ་ལོང་གི་རྒྱུད་ལས།) ཐ་དད་མེད་པའི་རང་བཞིན་ཉིད། །རྡོ་རྗེ་ཞེས་སུ་བརྗོད་པ་ཡིན། །ཞེས་པ་དང་། མི་ཤིགས་པ་ནི། མཚན་མར་གྱུར་པའི་ཆོས་གང་གིས་ཀྱང་མི་ཤིགས་པ་ནི་ཆོས་ཉིད་ཀྱི་ངོ་བོ་ཡིན་པས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཏེ་དེ་ཉིད་རྡོ་རྗེ་དང་མཚུངས་པའི་ཕྱིར་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྡོ་རྗེ་ཞེས་བརྗོད་པ་ནི་སྔགས་ཀྱི་ངོ་བོར་གནས་པ་གོང་དུ་སྨོས་པ་བཞིན་དང་། དེ་འཐོབ་བྱེད་ཀྱི་རྟེན་ནམ་བགྲོད་བྱེད་དུ་གྱུར་པའི་ཕྱིར་ཐེག་པའི་སྒྲས་སྨོས་


GTN001_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

པས་བརྗོད་བྱ་དང་རྗོད་བྱེད་ཀྱི་ཚུལ་ཏེ། འདུས་པའི་འགྲེལ་པ་ལས། རྡོ་རྗེའི་ཐེག་པ་ཞེས་བྱ་བ་ནི། ཐེག་པ་ཆེན་པོ་མ་ལུས་པ་བསྡུས་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡིན་ཏེ། དེ་རྣམས་བསྡུས་པ་ནི་ཐབས་དང་ཤེས་རབ་ཡིན་ཞིང་དེ་དག་ཀྱང་བསྡུས་པ་རོ་གཅིག་པ་དེ་ནི་བྱང་ཆུབ་ཀྱི་སེམས་ཡིན་ཏེ། དེ་ཡང་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ཡིན་ལ་དེ་ཉིད་ནི་རྡོ་རྗེ་ཡིན་ནོ། །རྡོ་རྗེ་ཡང་ཡིན་ལ་ཐེག་པ་ཡང་ཡིན་པས་ན་རྡོ་རྗེ་ཐེག་པ་སྟེ་སྔགས་ཀྱི་ཐེག་པ་ཞེས་བྱ་བའི་དོན་ཏོ། །བླ་མེད་ཅེས་བྱ་བ་ནི། ཐེག་པ་ཐམས་ཅད་ཀྱི་མཆོག་ཉིད་དུ་གྱུར་པའི་ཕྱིར་རོ། །ཞེས་བཤད་པ་དང་། འཕགས་པ་སྤྱན་རས་གཟིགས་ཀྱི་དྲི་མ་མེད་པའི་འོད་ལས། རྡོ་རྗེ་ཞེས་པ་ནི་མི་ཕྱེད་པའི་ཡེ་ཤེས་བསམ་དུ་མེད་པའི་ཐུགས་རྡོ་རྗེའོ། །དེ་གང་ལ་ཡོད་པ་དེ་ནི་རྡོ་རྗེ་ཅན་ཏེ། ཞེས་དང་། རྡོ་རྗེ་ནི་མི་ཕྱེད་པ་དང་མི་ཆོད་པ་ཆེན་པོ་ཡིན་ལ་དེ་ཉིད་ཐེག་པ་ཡིན་པ་ནི་རྡོ་རྗེ་ཐེག་པ་སྟེ་སྔགས་ཀྱི་ཚུལ་དང་། ཕ་རོལ་ཏུ་ཕྱིན་པའི་ཚུལ་འབྲས་བུ་དང་རྒྱུའི་བདག་ཉིད་གཅིག་ཏུ་འདྲེས་པར་གྱུར་པའོ། །ཞེས་དང་། རྡོ་རྗེ་ཐེག་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐེག་པ་སྟེ། མུ་སྟེགས་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་རྣམས་ཀྱིས་མི་ཕྱེད་པའི་ཕྱིར་རྡོ་རྗེའི་ཐེག་པ་སྟེ། ཐར་པ་འདིས་འགྲོ་བའི་ཕྱིར་རྡོ་རྗེའི་ཐེག་པའོ། །ཞེས་སོགས་རྒྱ་ཆེར་གསུངས་སོ། །ཡང་ན་ཏནྟྲའི་སྒྲ་ལས་སེམས་སྐྱོབ་པ་ལ་འཇུག་སྟེ། ཙི་ཏན྄་སེམས་དང་། ཏྲ་ཡ་སྐྱོབ་པ་ལ་འཇུག་པའི་ཕྱིར། དཀའ་འགྲེལ་ཡེ་ཤེས་ལྡན་ལས། དེ་སེམས་རྣམ་


GTN001_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྟོག་པ་ལས་སྐྱོབ་པར་བྱེད་པས་རྒྱུད་དོ། །རྒྱུད་ཀྱི་ཚོགས་སམ་རིགས་སུ་གྱུར་པས་ན་རྒྱུད་སྡེའོ། །ཞེས་འབྱུང་བ་ལྟར་དང་། ཡང་ན་པི་ཝཾ་གི་རྒྱུད་ལྟར་རྒྱུན་ཆགས་སུ་གནས་པ་ལ་འཇུག་སྟེ་སེམས་ཅན་ནས་སངས་རྒྱས་ཀྱི་བར་དུ་སེམས་ཀྱི་ཆོས་ཉིད་རང་བཞིན་རྣམ་དག་དེ། གཞི་ལམ་འབྲས་གསུམ་གྱིས་བསྡུས་པས་རྒྱུད་མ་ཆད་པར་འབྲེལ་བར་གནས་པའི་ཕྱིར་རྒྱུད་དེ། གསང་བ་འདུས་པ་རྒྱུད་ཕྱི་མ་ལས། རྒྱུད་ནི་རྒྱུན་ཆགས་ཞེས་བྱ་སྟེ། །རྒྱུད་དེ་རྣམ་པ་གསུམ་དུ་འགྱུར། །གཞི་དང་དེ་ཡི་རང་བཞིན་དང་། །མི་འཕྲོག་པ་ཡིས་རབ་དབྱེ་བས། །རང་བཞིན་རྣམ་པ་རྒྱུ་ཡིན་ཏེ། །གཞི་ནི་ཐབས་ཞེས་བྱ་བ་ཡིན། །དེ་བཞིན་མི་འཕྲོགས་འབྲས་བུ་དེ། །གསུམ་གྱིས་རྒྱུད་ཀྱི་དོན་བསྡུས་པའོ། །{རྒྱུད་ནི་རྒྱུན་ཆགས་ཞེས་བྱར་གྲགས། །རྒྱུན་དེ་རྣམ་པ་གསུམ་འགྱུར་ཏེ། །གཞི་དང་དེ་བཞིན་རང་བཞིན་དང་། །མི་འཕྲོག་པ་ཡིས་རབ་ཕྱེ་བ། །རྣམ་པ་རང་བཞིན་རྒྱུ་ཡིན་ཏེ། །དེ་བཞིན་མི་འཕྲོགས་འབྲས་བུའོ། །གཞི་ནི་ཐབས་ཤེས་བྱ་བ་སྟེ། །གསུམ་གྱིས་རྒྱུད་ནི་དོན་བསྡུས་པའོ། །གོང་གི་ལུང་ཚིག་དང་ལུང་ཁུངས་ཀྱི་ཚིག་གཉིས་ཅུང་ཟད་ཚིག་མི་འདྲ་བས་འདིར་ལུང་ཁུངས་ཚིག་ཤོ་ལོ་ཀ་གཉིས་དྲངས། མཆན།}ཞེས་དང་། སྙིང་པོའི་རྒྱུད་ཕྱི་མ་ལས། རྒྱུད་ནི་རྒྱུན་ཆགས་ལ་བཤད་དེ། །ཐབས་དང་རྒྱུ་ལས་འབྲས་བུ་འོ། །ཞེས་སོ། །དེ་ཉིད་ཐབས་ཀྱི་རྐྱེན་གྱིས་ཟིན་པ་དང་། མ་ཟིན་པ་ལ་ལྟོས་ནས་གཞི་ལམ་འབྲས་གསུམ་དུ་སྣང་སྟེ།

གཞིའི་རྒྱུད།


GTN001_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

གང་རྟོགས་པར་བྱ་བ་གཞིའམ་རྒྱུའི་རྒྱུད། གང་གིས་རྟོགས་ཤིང་བགྲོད་པ་ཐབས་སམ་ལམ་གྱི་རྒྱུད། གང་དུ་མཐར་ཕྱིན་པ་འབྲས་བུའི་རྒྱུད་དང་གསུམ་སྟེ། དེ་ཡང་བརྗོད་བྱ་ལ་ལྟོས་ནས་གཞི་དང་འབྲས་བུའི་རྒྱུད་དང་། རྗོད་བྱེད་ལ་ལྟོས་
ནས་ཐབས་སམ་ལམ་གྱི་རྒྱུད་དེ་སྔགས་རྣམས་དང་དེའི་ཆོ་ག་ལ་སོགས་པས་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་དགོས་པ་མ་ལུས་པར་བྱེད་པ་སྟེ། རྡོ་རྗེ་རྩེ་མོ་(རྔམ་གློག་)ལས། འབྲེལ་དང་མ་ཚང་མེད་ཕྱིར་དང་། །ཕུན་སུམ་ཚོགས་པས་རྒྱུད་ཅེས་བྱ། །ཞེས་སོ། །[༡] དེ་ལ་གཞིའི་རྒྱུད་གང་ཞེ་ན། ཐོག་མ་མེད་པའི་དུས་རྣམས་ནས་བརྒྱུད་དེ་འོངས་པ། སེམས་ཀྱི་རང་བཞིན་འོད་གསལ་བ་གང་ཡིན་པ་དང་། སེམས་དང་སེམས་ལས་བྱུང་བ་རྣམས་དང་། སྣོད་དང་བཅུད་ཀྱི་རང་བཞིན་དང་། རྩ་དང་། རླུང་དང་། ཁམས་དང་། ཆོས་ཀྱི་དབྱིངས་གང་ཡིན་པ་རྣམས་བཏང་སྟེ་གཙོ་བོ་ནི། གཞི་འཆིང་གྲོལ་མེད་པའི་གནས་ལུགས་རང་རིག་པ་བྱང་ཆུབ་ཀྱི་སེམས་བདེན་པ་དབྱེར་མེད་བློའི་སྤྱོད་ཡུལ་དང་བྲལ་བར་རང་བཞིན་གྱིས་འོད་གསལ་བར་ཡེ་ནས་གནས་པ་གང་ཡིན་པ་སྟེ་ཞིང་དང་། སྐུ་དང་། ཡེ་ཤེས་ལ་སོགས་པ་འབྲས་བུའི་ཆོས་མཐུན་པའི་ཁྱད་པར་ཅན་བདེ་བ་ཆེན་པོ་རྒྱུན་ཆད་མེད་པ་ཆོས་ཉིད་ཀྱིས་ཐོབ་པ་སྟེ། ཁྱད་པར་གྱི་ཆོས་བཞི་དང་ལྡན་པ་དེ་ཉིད་རྟོགས་མ་རྟོགས་ཀྱི་དབང་གིས་འཁོར་འདས་གཉིས་ཀྱི་གཞིའམ་རྒྱུར་འགྱུར་མོད་ཀྱི་འོན་ཀྱང་རང་བཞིན་ལ་འགྱུར་བ་མེད་པར་རྒྱུན་ཆགས་པས་ན་རྒྱུའི་རྒྱུད་ཅེས་བྱ་སྟེ། དེ་ཉིད་སངས་རྒྱས་ཀྱི་ངོ་བོ་ཡིན་པའི་ཆ་ནས་བདེ་གཤེགས་སྙིང་པོ་དང་། སྟོང་ཆས་ཆོས་སྐུའི་ཡོན་ཏན་དང་། སྣང་ཆས་གཟུགས་སྐུའི་ཡོན་ཏན་འཆར་རུང་དུ་གནས་པས་རང་བཞིན་གནས་རིགས་དང་། འཁོར་འདས་གཉིས་ཀྱི་འབྱུང་གཞི་ཡིན་


GTN001_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཀུན་གཞིའི་ཡེ་ཤེས་དང་། ཀྲཱ་ཡའི་བདག་གི་དེ་ཁོ་ན་ཉིད་དང་། ཨུ་པ་དང་ཡོ་གས་དོན་དམ་མཚན་མ་མེད་པའི་བྱིན་རླབས་ཀུན་རྫོབ་རྡོ་རྗེ་དབྱིངས་ཀྱི་ལྷར་ལྟ་བ་དང་། མ་ཧཱ་ཡོ་གའི་བདེན་གཉིས་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོ་དང་། ཨ་ནུ་ཡོ་གའི་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་སྲས་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དང་། ཨ་ཏི་ཡོ་གའི་ངོ་བོ་རང་བཞིན་ཐུགས་རྗེ་ལ་སོགས་པའི་ཐ་སྙད་གང་ལའང་འཇུག་པའི་གཞི་སྟེ་བྱེ་བྲག་ལུས་ཅན་རྣམས་ཀྱི་སྙིང་ག་ཆོས་ཀྱི་འཁོར་ལོའི་དབུས་སུ་རྒྱུའི་རྒྱུད་ཀྱི་རྟེན་དངས་མ་ལྔ་ལྡན་གྱི་དབུས་སུ་ཆོས་སྐུ་བྱང་ཆུབ་སེམས་ཉིད་ཐིག་ལེ་མི་ཤིགས་པའི་རང་བཞིན་དུ་བཞུགས་པར་བཤད་ཅིང་འབྱུང་ལྔ་སེམས་དང་བཅས་པའི་དངས་མ་དྲུག་ཀྱང་གཉིས་གཉིས་རོ་གཅིག་ཏུ་འཇུག་པས་ཤིན་ཏུ་ཕྲ་བའི་སྒོ་གསུམ་རྡོ་རྗེ་མི་ཤིགས་པ་གསུམ་གྱི་རང་བཞིན་དུ་ཡེ་ནས་གནས་ཤིང་རྣམ་པ་ཀུན་ཏུ་མི་གཡོ་བ་སྟེ། རྡོ་རྗེ་ཕྲེང་བ་(རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་)ལས། ལུས་ཅན་སྙིང་ལ་གང་གནས་པ། །རང་བྱུང་ཟག་མེད་ཡེ་ཤེས་བཞུགས། །མི་ཤིགས་ཐིག་ལེ་བདེ་ཆེན་པོ། །ནམ་མཁའ་ལྟ་བུ་ཀུན་ཁྱབ་པ། །མི་གནས་ཆོས་སྐུའི་རང་བཞིན་ཡིན། །ཞེས་པ་དང་། དཔལ་དུས་ཀྱི་འཁོར་ལོ་ལས། བུམ་པའི་ཆུ་ནི་ལེན་པར་བྱེད་པ་ན་ཡང་ནམ་མཁའ་འགྲོ་བ་མིན་པ་ཇི་ལྟ་བར། མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཅན་ནི་ཡུལ་དང་རྣམ་པར་བྲལ་བ་ལུས་ཀྱི་དབུས་སུ་དེ་བཞིན་ནོ། །ཞེས་པ་ལ་སོགས་པས་རྒྱས་པར་གསུངས་པ་དེ་ཉིད་གྲོལ་གཞི་ལྷུན་གྲུབ་ཀྱི་ཆོས་ཉིད་ཡེ་


GTN001_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རང་ལ་གནས་པ་འབྲས་རྒྱུད་ཉེར་ལེན་གྱི་རྒྱུར་ངེས་པ་སྟེ། མན་ངག་སྙེ་མ་ལས། དངོས་པོ་རྣམས་ཀྱི་སྟོང་པ་ཉིད་ཀྱི་ངོ་བོ་ནི་རང་བཞིན་དང་རྣམ་པ་ཞེས་དོན་གཞན་མ་ཡིན་ཏེ་། རང་གི་ངོ་བོ་ཞེས་པའི་དོན་ཏོ། །དེ་རྒྱུ་སྟེ། ཉེ་བར་ལེན་པའི་བྱེད་པ་པོའི་རྡོ་རྗེ་འཛིན་པ་སྟེ། གང་འདི་རྣམས་ཀྱི་ཐོག་མ་མེད་པའི་དུས་ནས་དྲི་མས་མ་གོས་པའི་ངོ་བོ་ཉིད་ཀྱིས་གྲུབ་པའི་སངས་རྒྱས་ཉིད་དེ་ཁོ་ན་ནི་དྲི་མ་མེད་པ་ཐོབ་པའི་མཚན་ཉིད་སངས་རྒྱས་ཉིད་ཀྱི་རྒྱུའོ། །ཞེས་གསུངས་པའི་ཕྱིར་དང་། སྦྱང་གཞི་འབྲས་རྒྱུད་ཉེར་ལེན་དེ་ལ་སྒྲིབ་བྱེད་ཀྱི་དྲི་མ་འཁོར་བ་ལྟར་སྣང་བའི་ཆོས་རྣམས་ནི་གཟུང་ཡུལ་བདེན་པར་མེད་བཞིན་དུ་འཛིན་བྱེད་ལོག་པའི་རྣམ་ཤེས་ཀྱིས་དེ་དང་དེར་བཏགས་ནས་བཞག་པའི་ཕྱིར་སྦྱང་བྱ་ཡིན་ལ། དེས་བསྒྲིབས་པས་འདམ་རྫབ་ཀྱི་ནོར་བུ་བཞིན་གནས་པ་སྟེ། ཀླུ་སྒྲུབ་ཀྱིས། ས་ཡི་ནང་ན་གནས་པའི་ཆུ། །དྲི་མ་མེད་པར་ཡང་དག་གནས། །ཉོན་མོངས་ནང་ན་ཡེ་ཤེས་ཀྱང་། །དེ་བཞིན་དྲི་མ་མེད་པར་གནས། །ཞེས་པ་ལྟར་རོ། །

ལམ་གྱི་རྒྱུད།


GTN001_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

༡ [༢] གཉིས་པ་ལམ་གྱི་རྒྱུད་ནི། གཞི་རྒྱུད་ལ་སྒྲིབ་བྱེད་ཀྱི་དྲི་མ་དེ་ཉིད་སྦྱོང་བྱེད་ཀྱི་ཐབས་སུ་གྱུར་པ་ལ་བྱ་སྟེ། གཞི་ཤེས་པར་བྱེད་པ་དང་མར་འབྲེལ། འབྲས་བུ་འཐོབ་པར་བྱེད་པ་དང་ཡར་འབྲེལ་བས་གཞི་འབྲས་བར་གྱི་བྱ་བྱེད་འབྲེལ་བ་ཅན་དུ་གནས་པའི་ཕྱིར་ན་ལམ་གྱི་རྒྱུད་དོ། །ངོ་བོའི་སྒོ་ནས་དབྱེ་ན། དབང་བསྐུར་བ་དང་།༡ དམ་ཚིག་རྣམས་དང་།༢
སྡོམ་པ་དང་།༣ ཏིང་ངེ་འཛིན་དང་།༤ ལས་དང་།༥ དངོས་གྲུབ་ཀྱི་སྦྱོར་བ་༦ རྣམས་སོ། །(༡)(༡) དེ་ལ་དབང་བསྐུར་བ་ནི། བུམ་པ་དང་། གསང་བ་དང་། ཤེས་རབ་ཡེ་ཤེས་དང་། དེ་ཁོ་ན་ཉིད་དང་། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་དང་། སློབ་མའི་དབང་དང་། ཕྱིར་མི་ལྡོག་པ་དང་། ཐ་མལ་གྱི་དབང་དང་། མཆོག་གི་དབང་དང་། འཇུག་པའི་ཆོ་ག་དང་། དངོས་གཞི་དང་། རྗེས་སུ་གནང་བ་དང་། ལུང་བསྟན་པ་དང་། གཟེངས་བསྟོད་པ་དང་། ཡོན་དབུལ་བ་དང་བཅས་པ་རྣམས་ཏེ། རྡོ་རྗེ་ལས་རིམ་ལས། དབང་ཕྱུག་འཇུག་དང་བཟོད་གསོལ་དང་། །ཁྲུས་དགབ་དྲི་དང་ལུས་དབུལ་དང་། །བགེགས་བསྐྲད་ལྷར་རློབ་དམ་ཚིག་སྦྱིན། །དེ་ཉིད་དབབ་དང་ཆུ་ནན་དང་། །བསྒྲགས་དང་རིན་ཆེན་དོར་བ་དང་། །ལྷ་དབབ་པ་དང་ནན་ཏན་དང་། །མིག་དབྱེ་དཀྱིལ་འཁོར་ལེགས་མཐོང་བསྟན། །ཚོགས་མཆོད་ཡོན་དང་རྣམ་བཅོ་བརྒྱད། །འདི་ཡིས་ཡན་ལག་རྫོགས་པར་འགྱུར། །ཞེས་པ་ལྟ་བུའོ། (༢) དམ་ཚིག་ལ་ཡང་ངོ་བོའི་སྒོ་ནས་དབྱེ་ན་བསྲུང་བའི་དམ་ཚིག་དང་། བསྒྲུབ་པའི་དམ་ཚིག་གཉིས་ལས། དང་པོ་ནི། རྩ་བའི་ལྟུང་བ་དང་ཡན་ལག་གི་དམ་ཚིག་གཉིས་སོ། །དེ་ཡང་རིམ་པས་ལྟུང་བ་བཅུ་བཞི་དང་། སྦོམ་པོ་བརྒྱད་རྣམས་སོ། །ཇི་སྐད་དུ། སློབ་དཔོན་སྨད་པར་མི་བྱ་ཞིང་། །བདེ་གཤེགས་བཀའ་ལས་འདའ་མི་བྱ། །སྤུན་ལ་སྨད་པར་མི་བྱ་ཞིང་། །སེམས་ཅན་རྣམས་ལ་བྱམས་མི་སྤང་། །བྱང་ཆུབ་སེམས་ནི་དོར་མི་བྱ། །རང་གཞན་ཆོས་ལ་སྨད་


GTN001_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

མི་བྱ། །མ་སྨིན་པ་ལ་གསང་མི་བསྒྲག །ཕུང་པོ་རྣམ་པར་སྨད་མི་བྱ། །དག་པའི་ཆོས་ལ་སོམ་ཉི་སྤངས། །གདུག་པ་ཅན་ལ་བྱམས་པ་སྤངས། །མིང་སོགས་བྲལ་ལ་དེར་མི་རྟོག །དད་ལྡན་སེམས་ནི་སུན་མི་དབྱུང་། །དམ་ཚིག་སྤངས་དང་བུད་མེད་སྨོད། །རྩ་བའི་ལྟུང་བ་ཞེས་བརྗོད་དོ། །ཞེས་བཤད་པ་ལ་སོགས་པ་རྣམས་དང་། གཞན་ཡང་ཏིང་ངེ་འཛིན་དང་། སྤྱོད་ལམ་དང་། བཟའ་བ་དང་མི་འབྲལ་བའི་ཡོ་བྱད་སོགས་སྒྲུབ་པའི་དམ་ཚིག་དང་། རིགས་ལྔ་སོ་སོའི་བརྟུལ་ཞུགས་ཏེ་ཏིང་ངེ་འཛིན་གྱི་དམ་ཚིག་དང་། ལས་དང་པོ་པ་དང་། ཅུང་ཟད་བརྟན་པ་ཐོབ་པ་དང་། བརྟན་པ་ཆེར་ཐོབ་པའི་དམ་ཚིག་དང་། སྐུ་གསུང་ཐུགས་རྡོ་རྗེའི་དམ་ཚིག་དང་། བུམ་དབང་དང་། གསང་དབང་དང་། ཤེར་དབང་གི་དམ་ཚིག་དང་། གཞན་ཡང་བསྙེན་པའི་དམ་ཚིག་དང་། འཇིག་རྟེན་པ་སོ་སོའི་བསྒྲུབ་པའི། ལས་སོ་སོའི། འཇིག་རྟེན་ལས་འདས་པའི་བསྒྲུབ་པའི། བསྒྲུབ་པ་ཆེན་པོའི་དམ་ཚིག་ལ་སོགས་པ་རྣམས་དང་། འདི་ལས་ཐུན་མོང་མ་ཡིན་པ་གཞན་རྣམས་ཀྱང་ཤེས་པར་བྱའོ། (༣) སྡོམ་པ་ནི། སྔགས་ཀྱི་ཚུལ་ཁྲིམས་དེ་འཐོབ་པར་བྱེད་པའི་ཆོ་ག་ནི། རིག་པ་འཛིན་པའི་སྡེ་སྣོད་འདིར་བཤད་པའི་དབང་བསྐུར་བའོ། །ཐོབ་པའི་དུས་ནི། དབང་སོ་སོའི་དངོས་གཞི་རྫོགས་པ་ནའོ། །ངོ་བོ་ནི། བྱིན་གྱིས་བརླབས་པའི་སེམས་ཀྱི་རྒྱུན་གྱི་ཁྱད་པར་ཉེས་པ་རྣམས་ཟློག་པར་བྱེད་པ་ཡོན་ཏན་གྱི་རྟེན་མཐུ་བརྟས་པའོ། །


GTN001_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེ་ན། ཐུན་མོང་དང་ཐུན་མིན་གཉིས་ལས། དང་པོ་ནི། བྱ་བ་སོགས་ཕྱི་རྒྱུད་ཀྱི་སྡོམ་པ་དང་། གཉིས་པ་ནི། བླ་ན་མེད་པའི་རྒྱུད་འདིར་བདེ་བས་བྱིན་གྱིས་རློབ་པ་སྟེ། བུམ་པ་དང་། གསང་བ་དང་། ཤེས་རབ་ཡེ་ཤེས་ཀྱི་སྡོམ་པ་རྣམས་ཏེ། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་གཉིས་གཉིས་སུ་རྟོགས་པར་བྱ་བ་ལ། གཏོང་བའི་དུས་ནི། སྤྱིར་རྩ་བའི་ལྟུང་བ་བྱུང་བ་དང་། བྱེ་བྲག་སྔགས་ཀྱི་ཐེག་པ་སྤང་བ་དེའི་ཚེ་ནའོ། །གསོ་བའི་ཆོ་ག་ནི། སྡིག་པ་ཡོངས་སུ་སྦྱངས་ནས་སླར་ཡང་དབང་བསྐུར་བའི་ཆོ་གས་བླངས་པ་ཡིན་ནོ། །༡ (༤) ཏིང་ངེ་འཛིན་ཀྱང་། མཚན་མ་དང་བཅས་པ་དང་མཚན་མ་མེད་པ་གཉིས་སོ། །དེ་ལ་བྱ་བའི་རྒྱུད་དུ་དེ་ཁོ་ན་ཉིད་བཞི་ལ་སོགས་པ་དང་། བླ་མེད་དུ་ཀུན་བཏགས་བསྐྱེད་རིམ་གྱི་རྣལ་འབྱོར་དང་། ༡ ཡོངས་གྲུབ་རྫོགས་རིམ་གྱི་རྣལ་འབྱོར་དང་། ༢ གཉིས་སུ་བྱུང་བའི་དང་པོ་ལའང་། ངོ་བོ་དང་། ཡན་ལག་དང་། དབྱེ་བ་དང་། གནས་སྐབས་དང་། དངོས་བཏགས་ཀྱི་ཁྱད་པར་རོ། དང་པོ་ནི། སྣང་བ་རིས་མེད་ལ་སྙིང་རྗེ་ཆེན་པོའི་འཕེན་པ་དང་ཏིང་ངེ་འཛིན་གྱི་ཞུ་བདེ་དང་མཚུངས་ལྡན་དུ་གྱུར་པའི་ལྷ་སྐུའི་རྣམ་པ་ཅན་སྲིད་པ་གསུམ་དང་ཆོས་མཐུན་དུ་བསྒོམས་པས་ལྷ་སྐུ་གསུམ་གྱི་སྨིན་བྱེད་དུ་འགྲོ་བ་གང་ཞིག་བསྐྱེད་རིམ་གྱི་ངོ་བོར་གནས་པ་ཡིན་ཏེ། ཡན་ལག་ནི། ཐུན་མཚམས་སམ་མཆོད་པ་དང་བསྟོད་པ་ལ་སོགས་པ་དང་རྣལ་འབྱོར་ཆེན་པོ་བརྒྱད་ལ་སོགས་པ་རྣམས་སོ། །དབྱེ་བ་ནི། དང་པོ་སྦྱོར་བ་དང་། དཀྱིལ་འཁོར་རྒྱལ་མཆོག་དང་། ལས་རྒྱལ་


GTN001_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་དང་། བསྙེན་པ་དང་། ཉེར་སྒྲུབ་དང་། སྒྲུབ་པ་དང་། སྒྲུབ་པ་ཆེན་པོ་དང་། རྣལ་འབྱོར་དང་། རྗེས་སུ་རྣལ་འབྱོར་དང་། ཤིན་ཏུ་རྣལ་འབྱོར་དང་། རྣལ་འབྱོར་ཆེན་པོ་རྣམས་སོ། །གནས་སྐབས་སུ་སྦྱོར་ན་ལས་དང་པོ་པ་དང་། ཡེ་ཤེས་ཕེབས་པ་དང་། ཡེ་ཤེས་ལ་དབང་བ་དང་། ཡེ་ཤེས་ལ་ཆེས་དབང་བའོ། །བསྐྱེད་རིམ་དངོས་ནི། ཡན་ལག་བདུན་དང་ལྡན་པ་ཉིད་ཡིན་ལ་གཞན་རྣམས་ནི་བཏགས་པའོ། གཉིས་པ་ལའང་ངོ་བོ། ངེས་ཚིག །དབྱེ་བ་རང་བཞིན་དང་གསུམ་ལས། དང་པོ་ནི། རླུང་ཡིད་སེམས་གསུམ་དབུ་མར་ཐིམ་པས་བདེ་སྟོང་གི་ཡེ་ཤེས་མངོན་དུ་གྱུར་པ་གང་ཞིག་རྫོགས་རིམ་གྱི་ངོ་བོར་ངེས་པ་ཡིན་ཏེ། དབྱེ་ན། དངོས་དང་།༡ བཏགས་པ་དང་།༢ མཚན་མ་ཅན་དང་།༣ མཚན་མ་མེད་པ་དང་།༤ ཁྱབ་བྱེད་དང་།༥ ཁྱབ་བྱའི་རིམ་པ་རྣམས་སོ། །༦ ༡-དེ་ལ་དང་པོ་ནི། ཞུ་བའི་བདེ་བ་ལྷན་སྐྱེས་ཆེན་པོ་དང་། སྒྱུ་མའི་སྐུ་དང་། རང་བཞིན་ལྷན་སྐྱེས་དང་། ཟུང་འཇུག་གི་སྐུ་དང་། རླུང་དྷཱུ་ཏིར་ཐིམ་པའི་མཐར་ཐོབ་པ་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བའི་སྣང་བ་གསུམ་དང་། དགའ་བ་གསུམ་དང་། དེ་རྣམས་དངོས་སུ་ཐོབ་པའི་ལམ་ཡིན་པ་དེ་རྣམས་ལ་རྫོགས་པའི་རིམ་པ་དངོས་ཞེས་བྱ་ལ། ༢- གཞན་དུ་རྩ་དང་། རླུང་དང་། ཕྲ་མོ་དང་། ཐིག་ལེའི་རྣལ་འབྱོར་དང་། ཕྱག་རྒྱའི་རིམ་པ་རླུང་དབུ་མར་འཇུག་པ་དང་། གནས་པ་དང་ཐིམ་པར་བྱེད་པའི་ལས་


GTN001_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་རྣམས་ནི་རྫོགས་རིམ་དངོས་མ་ཡིན་ཀྱང་དེ་འཐོབ་བྱེད་ཡིན་པས་རྫོགས་རིམ་དུ་བཏགས་པ་ཡིན་ལ། ༣- མཚན་མ་ཅན་གྱི་རྫོགས་རིམ་ལའང་དངོས་བཏགས་གཉིས་ལས། སྔ་མ་ནི། སེམས་དང་སེམས་ལས་བྱུང་བའི་མཚན་ཉིད་ཅན་གྱི་སྣང་བ་གསུམ་ནི་འོད་གསལ་བར་གནས་ཡོངས་སུ་མ་གྱུར་པ་སྟེ་སོ་སོའི་སྐྱེ་བོ་ཐམས་ཅད་དང་གཞན་ལ་ཡང་ཡོད་དོ། །ཕྱི་མ་ནི། སྒྲ་དོན་ཅན་གྱི་རྟོགས་པ་དང་། མཚུངས་ལྡན་དུ་གྱུར་པ་གང་ཡིན་པ་སྟེ། དོན་གྱི་འོད་གསལ་མ་ཐོབ་པའི་བར་དུ་ཅི་རིགས་པར་ཡོད་དོ། །༤- མཚན་མ་མེད་པའི་རྫོགས་རིམ་ཡང་དངོས་དང་བཏགས་པ་གཉིས་ལས། དང་པོ་ནི། འཕགས་རྒྱུད་ཀྱི་རྟོགས་པ་དང་། ཕྱི་མ་ནི། སོ་སྐྱེའི་གནས་སྐབས་ན་ཡང་ཡོད་དོ། །༥- ཁྱབ་བྱེད་ཀྱི་རྫོགས་པའི་རིམ་པ་ནི། སོ་སོར་སྡུད་པ་དང་། བསམ་གཏན་དང་། སྲོག་རྩོལ་དང་། འཛིན་པ་དང་། རྗེས་སུ་དྲན་པ་དང་། ཏིང་ངེ་འཛིན་དང་། དགའ་བ་བཞི་དང་། སྣང་བ་དང་། སྣང་བ་མཆེད་པ་དང་། སྣང་བ་ཉེ་བར་ཐོབ་པ་དང་། འོད་གསལ་བ་དང་། སྣང་ཕྱོགས་དང་། སྟོང་ཕྱོགས་དང་། བདེ་བའི་ཕྱོགས་དང་། ཕྱོགས་དང་བྲལ་བ་རྣམས་ཏེ་གང་རྫོགས་པའི་རིམ་པ་དེ་ཐམས་ཅད་ལ་ཁྱབ་པའི་ཕྱིར་རོ། །༦- ཁྱབ་པའི་རྫོགས་རིམ་ནི། ལུས་ངག་སེམས་གསུམ་རྣམ་པར་དབེན་པ་དང་།


GTN001_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

བདག་བྱིན་གྱིས་བརླབ་པའི་རིམ་པ་དང་། འོད་གསལ་བ་དང་། ཟུང་འཇུག་དང་། རྫོགས་པའི་རིམ་པར་སྤྱོད་པའི་ཏིང་ངེ་འཛིན་དང་། བདག་བྱིན་གྱིས་བརླབ་པའི་སྒོ་དང་། སྣ་ཚོགས་རྡོ་རྗེ་དང་། ནོར་བུ་འགེངས་པ་དང་། ཛ་ལནྡྷ་ར་དང་། བསམ་མི་ཁྱབ་དང་། རང་བཞིན་གྱིས་བརླབ་དང་། དཀྱིལ་འཁོར་འཁོར་ལོ་དང་། རྒྱུད་ཀྱི་རིམ་པ་དང་། སྔགས་དང་། ཡེ་ཤེས་དང་། གསང་བའི་རིམ་པ་དང་། དབྱིབས་དང་། ཆོས་དང་། རྩ་རླུང་ཐིག་ལེའི་རིམ་པ་དང་། མེ་དང་། ལས་དང་། ཡེ་ཤེས་དང་། དམ་ཚིག་དང་། ཕྱག་རྒྱ་ཆེན་པོ་སྟེ་བཞི་དང་། སྙིང་གའི་ཐིག་ལེ་དང་། ནོར་བུ་དང་། སྤྲུལ་པ་དང་། མི་ཤིགས་པའི་རྣལ་འབྱོར་ལ་སོགས་དབྱེ་བའི་སྒོ་ནས་དཔག་ཏུ་མེད་པར་ཡོད་ལ། དེ་དག་གི་གནད་གང་ལ་བསྣུན་པའི་ཡུལ་ལུས་ཆགས་གནས་འཇིག་པའི་ཚུལ་ལ་ཇི་ལྟར་གནད་དུ་བསྣུན་ཞེ་ན། ཡུལ་དང་། དུས་དང་། ལུས་དང་། རླུང་དང་། དམིགས་པའི་གནད་རྣམས་སོ། །དེ་རྣམས་ཀྱིས་ཡོན་ཏན་མངོན་དུ་བྱེད་ཅིང་དྲི་མ་རྣམས་སྦྱོང་བར་བྱེད་པ་ཡིན་ཀྱང་ད་དུང་རྒྱུ་རྐྱེན་ལ་ལྟོས་དགོས་པའི་ཕྱིར་འདུ་བྱས་པའི་མཚན་ཉིད་ཅན་ནོ། །དེ་དག་རྣམས་ཀྱིས་ཡེ་ཤེས་ཕེབས་པ་ནི། ཚོགས་ལམ་ཆུང་ངུ་སྟེ་དྲན་པ་ཉེ་བར་བཞག་པ་དང་། ཡེ་ཤེས་ལ་ཆེས་དབང་བས་ཡང་དག་པའི་སྤོང་བ་སྟེ་ཚོགས་ཀྱི་ལམ་འབྲིང་པོ་དང་། དེ་ཉིད་སྤྱོད་པས་མཐར་ཕྱིན་ཅིང་ལྟ་སྟངས་རྣམས་ལ་ཐོགས་པ་མེད་པ་དང་། སངས་རྒྱས་རྣམས་མངོན་དུ་གྱུར་པ་དང་། སྐྱེ་བ་གཅིག་གིས་


GTN001_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ཐོགས་པ་ནི་རྫུ་འཕྲུལ་གྱི་རྐང་པ་ཅན་ཚོགས་ལམ་ཆེན་པོ་ཡིན་ནོ། །རྫོགས་རིམ་དངོས་ཀྱི་སེམས་དབེན་པ་ཐོབ་པ་ཞུ་བདེའི་མཐར་ཐུག་པ་དབང་པོ་ལྔའི་རང་བཞིན་དྲོད་དང་། རྩེ་མོ་ཞེས་བྱ་ལ། ཡེ་ཤེས་ཀྱི་སྐུ་ནི་ནམ་མཁའ་མཛོད་ཐོབ་པ་སྟོབས་ལྔ་དང་ལྡན་པ་བཟོད་པ་དང་། ཆོས་མཆོག་སྟེ་འདིར་རྩ་རླུང་ཐིག་ལེའི་འགྲོས་རྣམས་ཐིམ་པའི་ཡེ་ཤེས་ཡོན་ཏན་གྱི་གཞིར་གྱུར་པས་གོང་མའི་ལམ་དང་མཐུན་པ་བཅུ་གཉིས་སུ་དབྱེ་བ་ཡོད་ལ། དེའི་ཚེ་ཡེ་ཤེས་ཀྱི་སྐུ་ལ་སངས་རྒྱས་ཞེས་བཏགས་སོ། །དོན་དམ་པར་སོ་སོ་རང་གི་རིག་པ་ཐམས་ཅད་སྟོང་པ་འོད་གསལ་བ་ནི་བྱང་ཆུབ་ཀྱི་ཡན་ལག་མཐོང་བའི་ལམ་སྟེ་འདི་ལ་དགའ་བའི་རང་བཞིན་བདེན་པ་བཅུ་དྲུག་དང་ལྡན་ནོ། །སློབ་པའི་ཟུང་འཇུག་ནི་ས་ལྷག་མ་དགུ་དང་། ས་བཅུ་ཙམ་དང་། རྒྱུན་མཐའི་ཡེ་ཤེས་དག་ལས་རྣམ་གྲོལ་ལམ་དང་། ཁྱད་པར་གྱི་ལམ་ནི་ས་བཅུ་གཉིས་སམ་བཅུ་གསུམ་སྟེ་ཡན་ལག་བདུན་དང་ལྡན་པའི་ཡེ་ཤེས་གོང་མའི་གཞིར་གྱུར་པ་སྟེ། འདི་རྣམས་ནི་སྒོམ་པའི་ལམ་འཕགས་ལམ་ཡན་ལག་བརྒྱད་དོ། རྒྱུད་ཀྱི་སྦྱོར་བ་ནི། (༥) ལས་དང་། དངོས་གྲུབ་ཀྱི་རྒྱུད་དོ། །དང་པོ་ནི། བསམ་གཏན་གྱི་ལས་དང་། སྦྱིན་སྲེག་གི་ལས་དང་། འཁྲུལ་འཁོར་གྱི་ལས་དང་། སྦྱོར་བའི་ལས་ཕལ་པ་དང་། གཞན་ཡང་ལས་ཆེན་བཅུ་གཉིས་ལ་སོགས་པ་རྣམས་སོ། །
(༦) དངོས་གྲུབ་ཀྱི་རྒྱུད་ལའང་གཉིས་ཏེ། དང་པོ་ནི། རྫས་ཀྱི་རིག་པ་འཛིན་པ་དང་། ལུས་དང་། ལོངས་སྤྱོད་དང་། འདོད་པ་དང་། གཟུགས་ཀྱི་རིག་པ་འཛིན་པ་དང་། གཟུགས་མེད་པར་འགྲོ་བའོ། །ངང་པ་དང་། མཁའ་ལྡིང་དང་། ཁྱུ་མཆོག་ལ་སོགས་བཞོན་པ་དང་། རྡོ་རྗེ་དང་། འཁོར་ལོ་དང་། པདྨ་ལ་སོགས་པ་དང་། རིན་པོ་ཆེ་བདུན་དང་། འཇིག་རྟེན་པ་རྣམས་ཀྱི་མཚོན་ཆ་དང་། ཡི་གེ་དང་། མིང་གི་སྔགས་ཀྱི་རིག་པ་འཛིན་པ་ལ་སོགས་པ་དང་། གཞན་ཡང་ལྷ་དང་ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་ལ་སོགས་པ་བསྒྲུབས་པས་གཞན་ལ་བརྟེན་པའི་འཇིག་རྟེན་པའི་དངོས་གྲུབ་མཐའ་ཡས་པ་རྣམས་དང་། དེ་ལས་ཆེན་པོ་ཙམ་བསྡུས་པས་རིལ་བུ་སོགས་ཆེན་པོ་བརྒྱད་རྣམས་དང་། འདོད་པའི་རིག་འཛིན་དང་། གཟུགས་ཀྱི་རིག་འཛིན་རྣམས་སོ། །དེ་ལ་སྤྱོད་པ་ནི། སྤྲོས་བཅས་དང་། སྤྲོས་མེད་དང་། ཤིན་ཏུ་སྤྲོས་མེད་དོ། །ཡང་ན་ཨ་བ་དྷཱུ་ཏི་དང་། ཀུན་བཟང་དང་། ཕྱོགས་ལས་རྣམ་པར་རྒྱལ་བ་དང་གསུམ་མོ། །

འབྲས་བུའི་རྒྱུད།


GTN001_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

[༣] གསུམ་པ་འབྲས་བུའི་རྒྱུད་ནི། དེ་ལྟར་གཞི་རྒྱུད་སྒྲིབ་བྱེད་ཀྱི་དྲི་མ་དེ་ལམ་བསྒོམ་སྟོབས་ཀྱིས་དག་པ་ལས་གཞི་ལ་ཇི་ལྟར་ཡོད་པའི་ཡོན་ཏན་མངོན་དུ་གྱུར་པ་ནི་འབྲས་བུ་སྟེ། སྙིང་པོའི་འགྲེལ་པ་ཁོག་གཞུང་ལས། གྲུབ་པ་མཐར་ཕྱིན་འབྲས་བུར་བརྗོད། །ཅེས་པས་བླ་ན་མེད་པ་མཆོག་གི་འབྲས་བུ་དོན་དུ་གཉེར་


GTN001_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

བ་རྣམས་བསམ་པ་ཡོངས་སུ་རྫོགས་པའི་ཕྱིར་འབྲས་བུ་དང་། ནམ་ཡང་རྒྱུན་མི་འཆད་པས་ན་རྒྱུད་དོ། །དབྱེ་ན་དངོས་དང་བཏགས་པ་གཉིས་ལས། དངོས་ནི། མི་སློབ་པའི་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོ་སྒྱུ་མའི་སྐུ་དང་། སློབ་པའི་ཟུང་འཇུག་གི་སེམས་ཅན་འབྲས་བུ་དངོས་མིན་ཀྱང་དེར་བཏགས་པ་སྟེ་ཁམས་གསུམ་པ་མ་ཡིན་པའི་ཕྱིར་དང་། ཡོན་ཏན་བརྒྱད་ཚན་གཉིས་ལ་དབང་འབྱོར་པའོ། །མི་སློབ་པའི་སངས་རྒྱས་ཀྱི་སའི་ཡོན་ཏན་བྱང་ཆུབ་ཀྱི་ཕྱོགས་རྣམས་དང་། ཚད་མེད་པ་དང་། དབང་བཅུ་དང་། སྟོབས་བཅུ་དང་། ཤེས་པ་བཅུ་དང་། མ་འདྲེས་པ་བཅོ་བརྒྱད་དང་། མི་འཇིགས་པ་དང་། ཉོན་མོངས་མེད་པ་དང་། མཁྱེན་པ་དང་། ཐུགས་རྗེ་ཆེན་པོ་དང་། ཟད་པར་དང་། ཟིལ་གནོན་དང་། རྣམ་ཐར་ལ་སོགས་རྒྱུའི་སྡེ་སྣོད་ལས་བཤད་པ་རྣམས་དང་། སྔགས་སུ་བཤད་པའི་ཟུང་འཇུག་གི་ཡེ་ཤེས་ཁྱད་པར་བ་ཡང་། ཇི་སྐད་དུ།(རིམ་པ་གཉིས་དེ་ཁོ་ན་ཉིད་བསྒོམ་པ་ལས།) རྟག་པ་དང་ནི་མི་གདུང་དང་། །བསིལ་བ་དང་ནི་གཅིག་པ་དང་། །བདེ་བ་དང་ནི་དྲི་མེད་དང་། །དགའ་བ་དང་ནི་ཡིད་དངས་པ། །ཞེས་མྱོང་བརྒྱད་དང་། (རྒྱུད་ཕྱི་མ་ལས།) སྐུ་ཡི་དབང་ཕྱུག་དང་ནི་གསུང་གི་དབང་ཕྱུག་དང་། །དེ་བཞིན་དུ་ནི་ཐུགས་ཀྱི་དབང་ཕྱུག་དང་། །རྫུ་འཕྲུལ་ཀུན་འགྲོ་གནས་ཀྱི་དབང་ཕྱུག་དང་། །ཅི་འདོད་སྐྱེད་དང་ཡོན་ཏན་བརྒྱད་པའོ། །ཞེས་དབང་ཕྱུག་བརྒྱད་དང་། (སློབ་དཔོན་ཆེན་པོ་ངག་དབང་གྲགས་པས།)ལོངས་སྤྱོད་རྫོགས་དང་ཁ་སྦྱོར་བདེ་ཆེན་རང་བཞིན་མེད། །སྙིང་རྗེས་ཡོངས་གང་རྒྱུན་མི་འཆད་དང་


GTN001_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

འགོག་པ་མེད། །ཅེས་ཁ་སྦྱོར་བདུན་དང་། (སྤྱོད་བསྡུས་ཆགས་འགྱུར་ལས།) གཟུགས་ཕྲ་རེག་པ་ཡང་བ་དང་། །ཁྱབ་པ་ཡང་དག་ཐོབ་པ་ཉིད། །རབ་ཏུ་གསལ་བ་ཉིད་བསྟན་པ། །དབང་ཕྱུག་ཉིད་དང་འདོད་དགུར་བསྒྱུར། །ཞེས་ཡོན་ཏན་བརྒྱད་ལ་སོགས་པ་དང་། གཞན་ཡང་རང་བཞིན་མེད་པ་ལ་སོགས་པས་ཟབ་པ་རྣམས་དང་། བསོད་ནམས་དང་ཡེ་ཤེས་ལ་སོགས་པ་རྒྱ་ཆེ་བ་རྣམས་དང་། ཡུལ་ཐམས་ཅད་ལ་སོགས་པར་ཁྱབ་པ་རྣམས་དང་། རྒྱུན་མི་འཆད་པ་ལ་སོགས་ཀྱིས་རྟག་པ་རྣམས་དང་། ཁ་སྦྱོར་ཆེན་པོ་ལ་སོགས་པས་བདེ་བ་རྣམས་ཀྱི་བདག་ཉིད་ཆོས་དང་། ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པ་དང་། བདེ་བ་ཆེན་པོ་ལ་སོགས་པ་སྐུའི་བྱེ་བྲག་རྣམས་སོ། །དེ་དག་རྣམས་ཀྱིས་བརྗོད་བྱ་རྒྱུད་གསུམ་གྱི་རྣམ་པར་བཞག་ལ། རྗོད་བྱེད་ཐེག་པའི་རིམ་པ་ཡང་གསུམ་སྟེ། ཀུན་འབྱུང་འདྲེན་དང་དཀའ་ཐུབ་རིག །དབང་བསྒྱུར་ཐབས་ཀྱི་ཐེག་པའོ། །ཞེས་པའི་མཚན་ཉིད་སྡེ་གསུམ་དང་། ཕྱི་རྒྱུད་སྡེ་གསུམ་སྟེ་ཐེག་པ་སྔ་མ་གཉིས་འདིར་ཡིག་ཚོགས་ལ་འཇིགས་པས་གཞན་དུ་ཤེས་ཤིང་།

བསྐྱེད་པ་མ་ཧཱ་ཡོ་ག ལྟ་བར་གཏན་ལ་འབེབས་བྱེད་རྟོགས་པ་བཞི་དག་པ་གསུམ་མཉམ་པ་བཞི་བདག་ཉིད་ཆེན་པོའི་གཏན་ཚིགས།


GTN001_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཕྱི་མ་དབང་བསྒྱུར་ཐབས་ཀྱི་ཐེག་པའམ་ནང་རྒྱུད་སྡེ་གསུམ་ཞེས་བསྐྱེད་རྫོགས་གསུམ་བྱེ་བྲག་ཏུ་བཤད་པ་ལ། དང་པོ། མ་ཧཱ་ཡོ་ག་སྟེ་རྣལ་འབྱོར་ཆེན་པོའི་གཞི་རྒྱུད་ཀྱི་གནས་ལུགས་དེ་
ཉིད་རྟོགས་བྱའི་ལྟ་བར་གཏན་ལ་འབེབས་པར་བྱེད་པ་ལ། རྟོག་གེ་དང་རིགས་པ་ལྟར་སྣང་གིས་གཏན་ལ་མི་དབབ་ཅིང་། ཀུན་ཁྱབ་ཚད་མ་གསུམ་གྱིས་གཏན་ལ་ཕབ་ཅིང་རང་རིག་མངོན་སུམ་གྱིས་རྟོགས་དགོས་པའི་ཕྱིར་རོ། །གཏན་ལ་འབེབས་བྱེད་ཀྱི་གཏན་ཚིགས་ཀྱང་། རྟོགས་པ་བཞིའི། དག་པ་གསུམ་གྱི། མཉམ་པ་བཞིའི། བདག་ཉིད་ཆེན་པོའི་གཏན་ཚིགས་དང་བཞི་ལས། དང་པོ་ནི། སྙིང་པོའི་རྒྱུད་ལས། རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ། །བྱིན་གྱིས་བརླབས་དང་མངོན་སུམ་པ། །རབ་ཏུ་རྟོགས་པ་རྣམ་བཞི་ཡིས། །ཐམས་ཅད་མངོན་རྫོགས་རྒྱལ་པོ་ཆེ། །ཞེས་པས། རྒྱུ་གཅིག་པའི་གཏན་ཚིགས་ཀྱིས་ཆོས་ཐམས་ཅད་རང་བྱུང་སྐྱེ་མེད་དུ་གཏན་ལ་ཕབ། ཡིག་འབྲུའི་ཚུལ་གྱི་གཏན་ཚིགས་ཀྱིས་ཆོས་ཐམས་ཅད་རོལ་པ་འགགས་མེད་དུ་གཏན་ལ་ཕབ། བྱིན་གྱིས་བརླབས་ཀྱི་གཏན་ཚིགས་ཀྱིས་ངོ་བོ་དབྱེར་མེད་དུ་གཏན་ལ་ཕབ། མངོན་སུམ་པའི་གཏན་ཚིགས་ཀྱིས་ཆོས་ཐམས་ཅད་མཚན་ཉིད་བློ་བྲལ་དུ་གཏན་ལ་ཕབ་པ་ནི་རྟོགས་པ་བཞིའི་གཏན་ཚིགས་སོ། གཉིས་པ་ནི། སྣོད་བཅུད་རྒྱུད་རྣམས་དག་རྟོགས་ཤིང་། །ཞེས་པས། དག་པ་གསུམ་གྱི་གཏན་ཚིགས་ཀྱིས་ཕྱི་ནང་སྣོད་བཅུད་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་དག་པ་ཆེན་པོར་གཏན་ལ་ཕབ། གསུམ་པ་ནི། མཉམ་གཉིས་ལྷག་པའི་མཉམ་ཉིད་ཀྱིས། །དཀྱིལ་འཁོར་ཀུན་ཏུ་བཟང་པོའི་ཞིང་། །ཞེས་པས་མཉམ་པ་བཞིའི་གཏན་ཚིགས་ཀྱིས་ཀུན་
རྫོབ་དང་དོན་དམ་གྱི་བདེན་པས་བསྡུས་པའི་ཆོས་ཐམས་ཅད་མཉམ་པ་ཆེན་པོར་གཏན་ལ་ཕབ། བཞི་པ་ནི། རང་བྱུང་ཡེ་ཤེས་གནས་མེད་སྣང་། །ཞེས་པས། བདག་ཉིད་ཆེན་པོའི་གཏན་ཚིགས་ཀྱིས་ཆོས་ཐམས་ཅད་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཆེན་པོ་གཅིག་གི་བདག་ཉིད་དུ་ཡེ་ནས་གནས་པར་གཏན་ལ་ཕབ་པ་སྟེ་འཇལ་བྱེད་ཀྱི་གཏན་ཚིགས་དེ་རྣམས་ཀྱིས་རང་བཞིན་རྒྱུའི་རྒྱུད་ཀྱི་གནས་ལུགས་མངོན་སུམ་དུ་རྟོགས་པ་ནི་རྣལ་འབྱོར་ཆེན་པོའི་གྲུབ་མཐའ་ཐུན་མོང་མིན་པ་སྟེ། རྒྱ་མཚོ་ལས། རྒྱ་མཚོ་དངས་པའི་གཟུགས་བརྙན་ལྟར། །སྒྲ་བརྙན་ཡིད་ལ་བྱེད་མིན་པར། །རང་རིག་མངོན་སུམ་དམིགས་བྲལ་བ། །རང་གསལ་གསུམ་བྲལ་མི་བསྒུལ་བར། །ངེས་པར་གདེང་དུ་གང་བྱས་པ། །ཐོས་བསམ་བསྒོམ་པའི་ལྟ་མཐར་ཕྱིན། །ཞེས་དང་། རྔམས་གློག་ལས། མངོན་སུམ་རིག་པས་ཐག་ཆོད་ན། །རྣལ་འབྱོར་ས་ལ་སླེབས་པ་ཡིན། །ཞེས་སོ། །

ལམ་ཐབས་ཀྱི་རིམ་པ་དང་།


GTN001_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟ་བའི་དོན་ངེས་པ་གཞིར་བཞག་ནས། ལམ་ཐབས་ཀྱི་རིམ་པ་དང་། གྲོལ་བའི་རིམ་པ་གཉིས་ལས། དང་པོ་ལའང་། གྲོལ་ལམ་ཐབས་སུ་རྣམ་པར་བསྟན། །ཞེས་པས་འཆིང་བྱེད་ཀྱི་ལས་ལ་སྤྱད་པས་གྲོལ་བའི་འབྲས་བུ་ཐོབ་པ་སྟེ། གཙོ་བོར་ཐབས་ཀྱི་ཁྱད་པར་བརྟུལ་ཞུགས་ཀྱི་སྤྱོད་པ་རྨད་དུ་བྱུང་བའི་འབྲས་བུ་མྱུར་དུ་འགྲུབ་པར་བྱེད་པས་དུག་གསུམ་མ་སྤངས་ཐོག་བརྫིས་ཀྱི་སྤྱོད་པའི་བརྟུལ་ཞུགས་གང་ཞིག །ལྟ་བའི་གདེང་དང་ལྡན་པས་སྤྱད་ན་མི་འཆིང་བར་མ་ཟད་གྲོལ་
བའི་འབྲས་བུ་མྱུར་དུ་ཐོབ་ལ། དེ་ལྟར་མ་ཡིན་པ་ཞིག་གིས་སྤྱད་ན་གྲོལ་བར་མི་ཐོབ་པར་མ་ཟད་ངན་སོང་དུ་ལྟུང་བའི་ཉེན་ཆེན་པོ་ལྡན་པས་མཀྵི་ཀའི་སྦྱོར་བ་བཞིན་ཁེ་ཉེན་ཆེ་ཞིང་། དེ་ལྟ་བུའི་ཐབས་ལམ་དེ་ལ་གཉིས་ཏེ། གདམས་ངག་སྟེང་དང་འོག་གི་སྒོ། །ཞེས་པས་སྔ་མ་རིམ་གྱིས་ལྟར་བསྒོམ་པ་རང་ལུས་སྟེང་སྒོ་འཁོར་ལོ་དྲུག་ལ་བརྟེན་ནས་འབར་འཛག་གི་སྦྱོར་བས་བདེ་བ་ཆེན་པོའི་ཡེ་ཤེས་ཉམས་སུ་མྱོང་བ་བཤད་རྒྱུད་རྒྱ་མཚོ་ནས་བསྟན་པ་དང་། ཕྱི་མ་ཅིག་ཅར་ལྟར་གཞན་ལུས་འོག་སྒོ་མཁའ་གསང་གཉིས་ལ་བརྟེན་ནས་བསྙེན་པ་དང་། ཉེ་བར་བསྙེན་པ་དང་། སྒྲུབ་པ་དང་། སྒྲུབ་པ་ཆེན་པོའི་སྦྱོར་བ་བཞིས་སྐད་ཅིག་ལ་བདེ་སྟོང་གི་ཡེ་ཤེས་བཙན་ཐབས་སུ་སྐྱེ་བའི་ས་ལམ་ཆིག་ཆོད་དུ་རྫོགས་པའི་ཐབས་ལམ་ཅིག་ཅར་བ་སྟེ་བཤད་རྒྱུད་ཐལ་བ་ནས་བསྟན་པ་བཞིན་ནོ། །

གྲོལ་ལམ།


GTN001_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་གྲོལ་ལམ་ལ། གཙོ་བོར་ཤེས་རབ་གསུམ་གྱིས་གཏན་ལ་ཕབ་ཅིང་རྟོགས་པས་རང་རྒྱུད་ཀྱི་འཆིང་བ་རང་སངས་སུ་སོང་ནས་ཆོས་ཉིད་ཀྱི་ཀློང་དུ་གྲོལ་བར་འགྱུར་བ། ཐབས་ལམ་ལྟ་བུའི་མྱུར་ཁྱད་མེད་ཀྱང་ཇི་ཞིག་ན་འབྲས་བུར་སྦྱོར་བ་ལ་ཁྱད་པར་མེད་ཅིང་ཁེ་ཉེན་ཆུང་བ་རིན་པོ་ཆེ་ཀཽ་ཏུ་བྷའི་དཔེ་བཞིན་ནོ། །དེ་ལའང་དབང་པོའི་རིམ་པས་ཅིག་ཅར་དང་། རིམ་གྱིས་གཉིས་སུ་འབྱེད་པའི་དང་པོ་ནི། དབང་དུས་སུ་གྲོལ་བ་ཨིནྡྲ་བྷཱུ་ཏི་ལྟ་བུའོ། །གཉིས་པ་ནི། སྙིང་པོའི་རྒྱུད་ལས། ཤེས་འཇུག་མཚན་ཉིད་འབྱོར་བའི་གཟུངས། །འབྲས་བུ་སྨིན་
བྱེད་རྒྱུ་དང་རྐྱེན། །ནུས་མཐུ་ཅན་དུ་གང་གྱུར་པ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །ཞེས་སོ། །

རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན།


GTN001_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་གསུམ་སྟེ། རྒྱུ་ཤེས་པའི་མཚན་ཉིད་ལྟ་བ། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་དང་། ལམ་འགྱུར་གྱི་འབྲས་བུ་རིག་འཛིན་བཞིའོ། །དང་པོ་ནི་གོང་དུ་སྨོས་ཟིན་ལ། གཉིས་པ་ནི། ཏིང་ངེ་འཛིན་ལ་མོས་སྒོམ་དང་། ངེས་རྫོགས་གཉིས་ལས། དང་པོ་ནི། དོན་སྤྱིའི་རྣམ་པ་ཙམ་དེ་དང་དེ་མོས་པ་ལམ་བྱེད་ཀྱིས་བསྒོམ་པའོ། །གཉིས་པ་ནི། རིམ་པ་གཉིས་པོའི་ཏིང་ངེ་འཛིན་ཉམས་ལྔ་མཐར་ཕྱིན་གྱི་བར་དུ་སློབ་པ་སྟེ། བི་མ་ལའི་ཕྱག་རྒྱ་བསམ་གཏན་གྱི་འགྲེལ་པ་ལས། གཡོ་ཐོབ་གོམས་བརྟན་མཐར་ཕྱིན་ལྔ། །བསམ་གཏན་ཉམས་ཀྱི་སྐྱེ་ཚུལ་ཡིན། །ཞེས་པ་ལྟར་བསྒོམ་བྱའི་ལམ་ནི། སྙིང་པོའི་རྒྱུད་ལས། སྲིད་པ་རིམ་པར་སྨིན་ཚུལ་གྱིས། །འཇུག་པའི་ཡན་ལག་ལྔ་རུ་བཞག །གང་དག་དངོས་ཀུན་རང་རིག་ཕྱིར། །ཤི་བ་དོན་དམ་བདེན་པ་སྟེ། །སྐྱེ་བ་བར་མ་ཀུན་རྫོབ་ཡིན། །སྐྱེ་བའི་རིམ་གསུམ་གཉིས་མེད་དོན། །ཞེས་པས། འཆི་བར་སྐྱེ་གསུམ་གྱི་སྲིད་པ་ཅིག་ཅར་དུ་སྦྱོང་བའི་ལམ་རྫོགས་པར་སྟོན་པ་ལ། འཆི་བ་འོད་གསལ་དང་རྗེས་སུ་མཐུན་པའི་ལམ་སྟོང་པ་ཆེན་པོ་དང་། ༡ བར་དོ་དང་རྗེས་སུ་མཐུན་པའི་ལམ་སྙིང་རྗེ་ཆེན་པོ་དང་། ༢ སྐྱེ་བའི་རིམ་པ་གསུམ་དང་མཐུན་པའི་ལམ་ཕྱག་རྒྱ་གཅིག་པ་དང་། ༣ ཕྱག་རྒྱ་སྤྲོས་བཅས་དང་། ༤ ཚོམ་བུ་
ཚོགས་སྒྲུབ་དང་ལྔའོ། །

རགས་པ་བསྐྱེད་རིམ།


GTN001_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

༥ དེའང་རགས་པ་བསྐྱེད་རིམ་དང་། ཕྲ་བ་རྫོགས་རིམ་གྱིས་སྦྱོང་ཚུལ་གཉིས་ལས། དང་པོ་ནི། ལུས་ཅན་རྣམས་འཆི་འཕོ་བའི་ཚེ་ཕྱི་ནང་གི་ཐིམ་རིམ་རྣམས་རྫོགས་པའི་མཐར་འཆི་སྲིད་ཆོས་སྐུའི་འོད་གསལ་འཆར་ལ། དེ་ཉིད་ལམ་དུ་འཁྱེར་བའི་ཕྱིར། སྣང་གྲག་གིས་བསྡུས་པའི་ཆོས་སྐུ་སྤྲོས་བྲལ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་བསྒོམ་པ་དང་། ༡ འོད་གསལ་དེ་ཉིད་ངོས་མ་ཟིན་པར་བར་དོའི་ཡིད་ལུས་སྒྱུ་མ་ལྟ་བུའི་གནས་སྐབས་ཀྱི་བག་ཆགས་སྦྱོང་བྱེད་དམིགས་པ་མེད་པའི་ཀུན་སྣང་གི་ཏིང་ངེ་འཛིན་གྱི་ངོ་བོ་སྙིང་རྗེ་ཆེན་པོ་མཁའ་ཁྱབ་ཏུ་བསྒོམ་ཞིང་། ༢ གཞི་དེ་ལས་བར་དོར་མ་གྲོལ་བར། མའི་མངལ་དུ་སྐྱེ་བ་བཟུང་བ་ནས་བཙས་པའི་བར་གྱི་བག་ཆགས་སྦྱོང་བྱེད་ཕྱག་རྒྱ་གཅིག་པ་ལ་ཕྲ་རགས་གཉིས་ཏེ། གོང་དུ་སྐྱེ་བར་འགྱུར་བའི་གནས་ལ་སྲེད་པ་སྐྱེས་པའི་རྐྱེན་གྱིས་དེར་འཇུག་མ་རག་གི་བར་སྲིད་ཀྱི་གནས་སྐབས་སྦྱོང་བྱེད་ཕྲ་བ་རྒྱུའི་ཏིང་ངེ་འཛིན་གྱི་ངོ་བོ་ཡིག་འབྲུ་གསལ་བརྟན་གྱི་ཚད་བརྒྱད་དང་ལྡན་པ་ལ་བསླབ་པ་དང་། དེ་ཉིད་ཕ་མའི་ཁུ་རྡུལ་གྱི་བར་དུ་ཞུགས་ནས་ཕྱི་རོལ་དབང་པོ་ཡུལ་ལ་སད་ཀྱི་གནས་སྐབས་སྦྱོང་བྱེད་རགས་པ་ལྷ་སྐུ་ལ་བསླབ་པ་མངོན་བྱང་བཞི་དང་། ཆོ་ག་གསུམ་སོགས་ཀྱིས་བསྐྱེད་པ་སྐྱེ་གནས་རིགས་བཞིའི་ཚུལ་དང་མཐུན་པ་ལ་བསླབ་པ་དང་། ༣ བཙས་ནས་ནར་སོན་པའི་བར་གྱི་བག་ཆགས་སྦྱོང་བྱེད་ཕྱག་རྒྱ་སྤྲོས་བཅས་


GTN001_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བསླབ་པ་ལ་བཞི་སྟེ། ལམ་རིམ་ལས། འཁོར་ལོ་ཚོམ་བུ་གྲངས་ཞལ་ཕྱག ། ཅེས་བཤད་པ་ལྟར་དཀྱིལ་འཁོར་སྤྲོ་བ་དང་། ཚོམ་བུ་སྤྲོ་བ་དང་། གྲངས་སྤྲོ་བ་དང་། ཞལ་ཕྱག་སྤྲོ་བ་སྟེ་བཞི་ལས་རིམ་བཞིན་ཞི་བ་དང་། ཁྲོ་བོའི་དཀྱིལ་འཁོར་རྒྱས་འབྲིང་བསྡུས་པ་དང་། ཚོམ་བུ་གཅིག་གསུམ་ལྔ་པ་དང་། གྲངས་ལའང་། ཞི་བ་སྟོང་དང་ཉི་ཁྲི་བཞི་སྟོང་དང་། བསམ་ཡས་ལྷུན་གྲུབ་རྣམས་དང་། ཁྲོ་བོ་ལའང་སྟོང་བཞི་བརྒྱ་ལྔ་བཅུ་དང་། བདུན་ཁྲི་དྲུག་སྟོང་བརྒྱད་བརྒྱ་ལྔ་བཅུ་དང་། བསམ་ཡས་ལྷུན་གྲུབ་ལ་བསླབ་པ་རྣམས་དང་། ཞལ་ཕྱག་ཀྱང་རྒྱས་འབྲིང་བསྡུས་གསུམ་གྱི་ཚུལ་ལོ། །༤ནར་སོན་པས་ན་རྒན་པོའི་བར་གྱི་བག་ཆགས་སྦྱོང་བྱེད་ཚོམ་བུ་ཚོགས་ཀྱི་སྒྲུབ་པ་ལ། ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང་བ་དང་། བསྙེན་བསྒྲུབ་ཡན་ལག་བཞིས་གཞུང་བསྲང་བ་དང་། འབྲས་བུ་རིག་འཛིན་འགྲུབ་པའི་དུས་བསྟན་པ་དང་གསུམ་གྱི་ཆིངས་སུ་ཡན་ལག་དང་དབྱེ་བ་མཐའ་ཡས་པར་འགྱུར་རོ། ། ༥ དེ་ལྟར་ཟག་བཅས་ཀྱི་ལམ་ལྔ་པོ་དེས་མར་འཁོར་བ་དང་རྣམ་པ་མཐུན་པས་དེའི་བག་ཆགས་སྦྱངས་ཤིང་དག །ཡར་སངས་རྒྱས་སྐུ་གསུམ་དང་དེའི་མཛད་སྤྱོད་ཀྱི་རིགས་ཀྱི་ནུས་པ་གསོས་ཐེབས་པས་འབྲས་བུར་རྫོགས་པར་བྱེད། བར་དུ་ལམ་འོག་མས་གོང་མ་སྒོམ་རུང་གི་གཞི་བཏིང་བས་སྨིན་བྱེད་དུ་འགྲོ་བའི་ཐབས་སོ། །

ཕྲ་བ་རྫོགས་རིམ་གྱིས་སྦྱོང་ཚུལ།


GTN001_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ཕྲ་བ་རྫོགས་རིམ་གྱིས་སྦྱོང་ཚུལ་ཀྱང་། དེ་དང་རྣམ་པ་མཐུན་པའི་བསམ་གཏན་ལ་ཚེར་མ་མི་འབྱུང་བའི་གནས་སུ་ལུས་གནད་དང་ལྡན་པས་རིག་པ་མ་བཅོས་པར་སོ་མའི་ངང་དུ་འཇོག་པའི་རིག་པ་སྤྱི་བླུགས་དང་། ཐོས་བསམ་གྱི་ལྟ་བ་དྲན་པར་བྱས་ནས་དེའི་ངང་ལ་འཇོག་པ་ནི། མཐོང་བའི་རྗེས་ལ་འཇོག་པ་སྟེ་འཇོག་ཐབས་གཉིས་པོ་གང་རུང་གིས་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་བསླབ་པ་ཉིན་མོའི་རྣལ་འབྱོར་དང་། མཚན་མོ་གཉིད་སྟུག་གི་འོད་གསལ་དང་སྦྲེལ་བའི་ཉིན་མཚན་ཁ་སྦྱོར་དུ་ཉམས་སུ་བླངས་པས་ཉམས་ལྔ་མཐར་ཕྱིན་པ་ལ་བསླབ་པ་དང་པོ། སྟོང་ཉིད་འོད་གསལ་གྱི་ངང་དུ་སེམས་འགགས་པ་དེའི་ངང་ལས་སྟོང་གཟུགས་ཀྱི་རྣམ་པར་འཆར་བ་དེ་དང་། མཚན་མོའི་འོད་གསལ་གྱི་སྣང་བ་གང་ཤར་འཛིན་མེད་ཀྱིས་རྒྱས་འདེབས་པ་གཉིས་པ། སྣང་བ་རིས་མེད་ལ་སྙིང་རྗེ་ཆེན་པོའི་འཕེན་པ་ཏིང་ངེ་འཛིན་གྱི་ཞུ་བདེ་དང་མཚུངས་ལྡན་དུ་གྱུར་པའི་ལྷ་སྐུ་ཕྱག་རྒྱ་གཅིག་པས་གང་ཤར་གྱི་སྣང་བ་ལ་རྒྱས་འདེབས་པ་གསུམ་པ། ལྷ་སྣང་དེ་ལས་ཆེས་ཆེར་འཕེལ་བ་སྣང་བ་ཐམས་ཅད་ཟུང་འཇུག་གི་སྐུ་གཙོ་འཁོར་དང་ཚོམ་བུ་མ་འདྲེས་ཡོངས་སུ་རྫོགས་པ་ལ་གོམས་སུ་འཇུག་པ་བཞི་པ། ཚོམ་བུ་གང་རུང་ལ་བརྟེན་པ་སྤྲོས་བཅས་བསྐྱེད་རིམ་དང་ཕྱོགས་མཐུན་ནམ། སྤྲོས་མེད་རྣལ་འབྱོར་པ་ཕོ་མོ་གཙོ་བོ་ཡབ་ཡུམ་ཚོགས་པ་ལ་བརྟེན་པ་དང་།
ཤིན་ཏུ་སྤྲོས་མེད་ཡབ་མི་འགྱུར་བའི་བདེ་བ་ཆེན་པོ་དང་། ཡུམ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ཁ་སྦྱོར་ཟུང་འཇུག་ཏུ་བསྒོམ་པ་ལྔ་པའོ། །དེ་དག་གི་དུས་སུ་སྤྱོད་པ་ཡང་། ཐབས་ལམ་བརྟུལ་ཞུགས་ཀྱི་སྤྱོད་པ་དང་། གྲོལ་ལམ་བག་ཡོད་ཀྱི་སྤྱོད་པ་གཉིས་ལས་ཕྱི་མ་ལ། དད་བརྩོན་གྱི་སྤྱོད་པ་དང་། ཤེས་རབ་དང་མཐུན་པའི། སྙིང་རྗེ་དང་མཐུན་པའི། ཕྱོགས་གཅིག་པའི། སྤྲོས་བཅས་ཀྱི། ཚོགས་ཀྱི། རྫུ་འཕྲུལ་གྱི། ཅིག་ཅར་བའི་སྤྱོད་པ་དང་བདུན་དུ་ཕྱེས་ནས་བཤད་དོ། །དེ་དག་གིས་བློ་རབ་འབྲིང་ཐ་མའི་དབྱེ་བས། ཟླ་བ་དྲུག །ལོ་གཅིག་ཟླ་བ་གཉིས། ལོ་གཅིག་ཟླ་བ་བཞི་རྣམས་ཀྱིས་ཟག་པ་མེད་པའི་མཐོང་ལམ་ལ་སྦྱོར་བར་བྱེད་དོ། །ལམ་རིམ་(གསང་བའི་སྙིང་པོ་དེ་ཁོ་ན་ཉིད་)ལས། ཞག་ནི་སུམ་ཅུ་ཕྲག་དྲུག་གམ། །བཅུ་གཉིས་བཅུ་བཞི་བཅུ་དྲུག་གིས། །དབང་བསྒྱུར་རིགས་ཀྱི་དམ་པ་འགྲུབ། །ཅེས་གསུངས་པ་ཡིན་ལ།

ལམ་འགྱུར་གྱི་འབྲས་བུ་རིག་འཛིན།


GTN001_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ལམ་འགྱུར་གྱི་འབྲས་བུ་རིག་འཛིན་ནི། དེ་ལྟར་བསྒོམས་པས་ཟག་པ་མེད་པའི་ལམ་མཐོང་སྒོམ་མཐར་ལམ་གསུམ་གྱིས་བསྡུས་པའི་རིག་འཛིན་བཞི་མངོན་དུ་བྱེད་པ་སྟེ་མཐོང་ལམ་ལ་བློའི་ནུས་སྟོབས་ཆེ་ཆུང་གིས་རྣམ་སྨིན་གྱི་ལུས་དངས་མའི་ལུས་སུ་མ་གྱུར་པ་རྣམ་སྨིན་རིག་འཛིན་དང་། དངས་མའི་ལུས་སུ་གྱུར་པ་ལམ་མཆོག་ཡོངས་སུ་རྫོགས་པ་ཚེ་དབང་རིག་འཛིན་དང་། ས་ལྷག་མ་དགུ་སྒོམ་ལམ་ཕྱག་རྒྱ་ཆེན་པོའི་རིག་འཛིན་གྱིས་བསྡུས་ཤིང་། དེའང་ས་གཉིས་པ་ནས་ལྔ་པའི་བར་ལ་རྡོ་རྗེའི་རིག་འཛིན་དང་། དྲུག་པ་


GTN001_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

དང་བདུན་པ་གཉིས་ལ་འཁོར་ལོའི་རིག་འཛིན་དང་། བརྒྱད་པ་རིན་པོ་ཆེའི་རིག་འཛིན་དང་། དགུ་པ་པདྨའི་རིག་འཛིན་དང་། བཅུ་པ་རལ་གྲིའི་རིག་འཛིན་དུ་མཛད་སྤྱོད་ཀྱི་སྒོ་ནས་དབྱེ་བར་ཡོད་ལ། ས་བཅུའི་རྣམ་གྲོལ་ལམ་ཚུན་ཆད་ཕྱག་ཆེན་དུ་བསྡུས་ཤིང་། ས་བཅུའི་ཁྱད་པར་ལམ་མམ་མཐར་ལམ་ལྷུན་གྲུབ་རིག་འཛིན་ནི་སྐུ་ལྔ་ལྷུན་གྲུབ་རྡོ་རྗེ་འཆང་གི་ཆ་ལུགས་འཛིན་པ་དྲུག་པའི་རྒྱལ་ཚབ་མཛད་པ་གསང་བའི་བདག་པོ་བཞིན་ནོ། དེ་ཡང་རྒྱུའི་ཐེག་པའི་འཕགས་པ་རྣམས་དང་། རྣལ་འབྱོར་ཆེན་པོ་འདི་ཉིད་ཀྱི་རིག་པ་འཛིན་པ་རྣམས་སའི་མུ་ཚོད་མཚུངས་ཀྱང་དགོངས་པ་ལ་ཁྱད་པར་ཆེ་སྟེ། རྒྱུའི་ཐེག་པའི་ས་དང་པོ་དང་རྣམ་སྨིན་རིག་འཛིན་གཉིས་དགོངས་པ་མཉམ་ལ། རྒྱུའི་ས་བརྒྱད་པ་དང་ཚེ་དབང་རིག་འཛིན། བཅུ་པ་དང་ཕྱག་ཆེན་མི་སློབ་པའི་ས་ཀུན་ཏུ་འོད་དང་ལྷུན་གྲུབ་རིག་འཛིན་གཉིས་མཉམ་པའི་ཕྱིར་ཏེ། ལམ་ཆུང་ལས། དེ་ཡང་དང་པོ་དང་པོ་དང་། །སྐལ་མཉམ་གཉིས་པའི་རིགས་ཅན་དང་། །བརྒྱད་པའི་སེམས་པར་སྐལ་བ་མཉམ། །གསུམ་དང་བཅུ་དག་སྐལ་མཉམ་མོ། །དགོངས་སྤྱོད་རྒྱ་མཚོས་ཁྱད་པར་འཕགས། །ཞེས་བཤད་པ་བཞིན་ནོ། །དེས་ལམ་གོང་མར་སྦྱོར་བའི་མཐར། ཆོས་སྐུ་དང་། ལོངས་སྤྱོད་དང་། སྤྲུལ་པ་དང་། མངོན་བྱང་དང་། རྡོ་རྗེའི་སྐུ་སྟེ་ལྔ་དང་། སྐྱེ་མེད་དོན་གྱི་གསུང་སོགས་གསུང་ལྔ་དང་། ཆོས་དབྱིངས་ཡེ་ཤེས་སོགས་ཐུགས་ལྔ་དང་། རྣམ་པར་དག་པའི་ཞིང་ཁམས་སོགས་ཡོན་ཏན་ལྔ་དང་། ལྷུན་གྲུབ་སོགས་ཕྲིན་
ལས་ལྔ་སྟེ་འབྲས་བུའི་ཆོས་ཉེར་ལྔའི་བདག་ཉིད་ཆེན་པོའི་གོ་འཕང་མངོན་དུ་བྱེད་པ་ཡིན་ནོ། །དེ་དག་སྟོན་པའི་སྡེ་སྣོད་ལས། རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་ལས། དང་པོ་ནི་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་སོགས་སྒྱུ་འཕྲུལ་སྡེ་བརྒྱད་རྣམས་དང་། གཉིས་པ་སྒྲུབ་སྡེ་བརྒྱད་སྤྱི་བྱེ་བྲག་རྣམས་དང་། གཞན་ཡང་འདུས་པ་དང་། གཤིན་རྗེ་གཤེད་དམར་ནག་འཇིགས་གསུམ་སོགས་དང་། ཟླ་གསང་ཐིག་ལེ་སོགས་ཕ་རྒྱུད་དང་། བདེ་མཆོག་དང་དུས་ཀྱི་འཁོར་ལོ་སོགས་མ་རྒྱུད་རྣམས་ཀྱང་འདིར་སྡུད་པར་ཤེས་པར་བྱའོ། །

རྫོགས་པ་ཨ་ནུ་ཡོ་ག རྗེས་སུ་རྣལ་འབྱོར།


GTN001_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

༈ གཉིས་པ་རྫོགས་པ་ཨ་ནུ་ཡོ་ག་སྟེ་རྗེས་སུ་རྣལ་འབྱོར་ནི། བསྐྱེད་པ་རྣལ་འབྱོར་ཆེན་པོ་དང་། ཡོངས་སུ་རྫོགས་པ་ཤིན་ཏུ་རྣལ་འབྱོར་གྱི་ཐེག་པ་དག་གི་མཚམས་སྦྱོར་དུ་གྱུར་པ་ཡིན་ལ། འདི་ཉིད་ཀྱིས་རྟོགས་བྱའི་ལྟ་བ། དབྱིངས་དང་ཡེ་ཤེས་ཟུང་དུ་འཇུག་པའི་མཚན་ཉིད་ཅན་དཀྱིལ་འཁོར་རྣམ་པ་གསུམ་དབྱེར་མེད་པའི་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཆོས་ཐམས་ཅད་ཡེ་གདོད་མ་ནས་སངས་རྒྱས་པ་ཉིད་དེ། སྤྱི་མདོ་དགོངས་པ་འདུས་པ་ལས། ཐམས་ཅད་བདག་ཉིད་དེར་གཅིག་པས། །ཡེ་ནས་སངས་རྒྱས་བདེ་ཆེན་ཉིད། །སྐྱེ་འགག་མེད་པའི་སྙིང་པོ་ཡིན། །བྱ་བྱེད་མེད་པའི་དཀྱིལ་འཁོར་གསུམ། །ཡེ་ནས་གྲུབ་ཟིན་ལྷུན་གྱིས་གྲུབ། །ཅེས་སོ། །
དེ་ལ་དཀྱིལ་འཁོར་རྣམ་པ་གསུམ་ནི། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་སེམས་ཉིད་རང་རྩལ་དུ་འདུ་ཞིང་། སེམས་ཉིད་སྐྱེ་མེད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ཡུམ་ཀུན་ཏུ་བཟང་མོའི་མཁའ་ཀློང་རྣམ་པར་དག་པ་ནི་ཡེ་ཇི་བཞིན་པའི་དཀྱིལ་འཁོར་དང་། དེ་ཉིད་ཐམས་ཅད་ནས་ཐམས་ཅད་དུ་མ་འགགས་པར་རང་སྣང་རིས་མེད་ཀུན་ཁྱབ་ཏུ་ཤར་བ་ནི་ཀུན་ཏུ་བཟང་པོ་རང་བྱུང་གི་ཡེ་ཤེས་རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་དང་། དེ་གཉིས་ཀྱང་ངོ་བོ་ཐ་མི་དད་པ་ཟུང་འཇུག་ཏུ་གནས་པ་ནི་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་སྲས་བདེ་བ་ཆེན་པོ་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་རོ། །

གཞི་ལམ་གཉིས་རྣལ་འབྱོར་གསུམ་དུ་བསྡུས་ནས་བཤད་པ།


GTN001_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་བྱའི་གཞི་དེ་དང་རྟོགས་བྱེད་ཀྱི་ལམ་གཉིས་ཀ་རྣལ་འབྱོར་གསུམ་དུ་བསྡུས་ནས་བཤད་དེ། སྤྱི་མདོ་དགོངས་འདུས་ལས། གྲོགས་པོ་དག །དེ་བས་ན་བསམ་གྱིས་མི་ཁྱབ་པའི་རྣམ་པ་གང་ཞེ་ན། འདི་ལྟར་བསམ་གྱིས་མི་ཁྱབ་པའི་ཆོས་ཐམས་ཅད་ཀྱི་རྣམ་པ་ནི། རྣལ་འབྱོར་པ་གསུམ་གྱིས་ཡོངས་སུ་འབྲེ༷ལ་{འགྲེ༵ལ་}བ་སྟེ། གསུམ་གང་ཞེ་ན། བྱ་བའི་རྣལ་འབྱོར་དང་། བྱ་བ་བྱེད་པའི་རྣལ་འབྱོར་དང་། བྱ་བ་མེད་པའི་རྣལ་འབྱོར་རོ། །ཞེས་པ་དང་། ཡང་རྒྱུའི་རྣལ་འབྱོར་དང་། རྐྱེན་གྱི་རྣལ་འབྱོར་དང་། འབྲས་བུའི་རྣལ་འབྱོར་གསུམ་དུ་རྩ་རྒྱུད་ཀུན་འདུས་རིག་པར་གསུངས་ཤིང་། རྩ་བཤད་ཀྱི་རྒྱུད་དེ་གཉིས་ཀྱི་དགོངས་དོན་གཅིག་ཏུ་བསྡུས་ནས་བསྟན་པ་ནི། དོན་བསྡུས་ལས། ཀུན་བཟང་ཐུགས་རྗེས་འགྲོ་དོན་དུ། །ཐེག་པ་གསུམ་སྣང་འདུལ་མཛད་པའི། །དོན་དམ་ངེས་པའི་ཐེག་པ་


GTN001_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

ལས། །གསང་སྒོ་མཚོན་པའི་མདོ་རྒྱུད་དོན། །རྣམ་པ་གསུམ་དུ་ཤེས་བྱ་སྟེ། །བྱ་བ་རྒྱུ་དང་བྱེད་པ་རྐྱེན། །བྱ་བྲལ་འབྲས་བུའི་རྣལ་འབྱོར་དག །ཇི་སྙེད་ཆོས་ཀྱི་རྩ་བར་བཤད། །ཅེས་གསུངས་པས། བྱ་བ་རྒྱུའི་རྣལ་འབྱོར་དང་། བྱེད་པ་རྐྱེན་གྱི་རྣལ་འབྱོར་དང་། བྱ་བྲལ་འབྲས་བུའི་རྣལ་འབྱོར་ཏེ་གསུམ་ལས། དང་པོ་ནི། ཆོས་ཐམས་ཅད་ཀྱི་གནས་ལུགས་དཀྱིལ་འཁོར་རྣམ་པ་གསུམ་གྱི་རང་བཞིན་དུ་མ་འདྲེས་ཡོངས་སུ་རྫོགས་པར་གནས་པ་ཉིད་ཡིན་ཏེ། དེ་ཉིད་ལས། ཕྱི་ནང་བྱེ་བྲག་ཇི་སྙེད་པའི། །ཆོས་རྣམས་ཐམས་ཅད་བྱང་ཆུབ་སེམས། །ཇི་བཞིན་ངང་དུ་ཡེ་གནས་པས། །ཤེས་པར་བྱ་བ་རྒྱུད་དོན་ཡིན། །ཞེས་སོ། །གཉིས་པ་ནི། ལམ་གྱི་རྩོལ་བ་དང་བཅས་པའི་བྱེད་པས་སྲིད་པ་ལས་བརྒལ་ཏེ་ཞི་བ་གནས་སྐབས་ཀྱི་འབྲས་བུ་ལ་འཇུག་པར་བྱེད་པ་ཉན་རང་བྱང་སེམས་ཀྱི་ཐེག་པ་གསུམ་སྟེ། སྔ་མ་ལས། རྩོལ་བཅས་སྤྱོད་པས་འདྲེན་འཇུག་པའི། །ཐེག་པ་དེ་ནི་བྱ་བྱེད་རྐྱེན། །ཞེས་སོ། །གསུམ་པ་ནི། སེམས་ཀྱི་ཆོས་ཉིད་གདོད་མ་ནས་རང་བཞིན་གྱིས་རྣམ་པར་དག་པས་འབྲས་བུ་གཞན་ནས་བཙལ་བའི་རྩོལ་སྒྲུབ་ཀྱི་རེ་དོགས་དང་བྲལ་བ་སྔགས་ཕྱི་ནང་གི་ཐེག་པ་སྟེ། དེ་ཉིད་ལས། གཞན་དུ་འབྲས་བུ་རེ་རྩོལ་མེད། །བསྒྲུབ་པ་ཉིད་ལ་ལམ་གནས་པས། །ཐབས་ཆེན་ཐེག་པའི་བྱ་བྲལ་ལོ། །ཞེས་སོ། །དེ་ལྟར་རྣལ་འབྱོར་ཕྱི་མ་གཉིས་པོ་དེ་ལ་ཐུན་མོང་སྤྱིའི་ལམ་ཞེས་བྱ་ཞིང་། དེའི་ནང་ནས་ཀྱང་།

ཁྱད་པར་འདིའི་ལམ་ལ་དབྱེ་ན།


GTN001_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་འདིའི་ལམ་ལ་དབྱེ་ན། དེ་ཉིད་ལས། ངོ་བོ་ཐབས་དང་ཤེས་རབ་སྟེ། །ཞེས་པ་ཐབས་ཀྱི་ངེས་པའི་ལམ་དང་། ཤེས་རབ་རྣམ་པར་གྲོལ་བའི་ལམ་གཉིས་སུ་ངེས་པ་ལས། དང་པོ་ནི། མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་ལྷན་ཅིག་སྐྱེས་པ་ཞུ་བདེའི་ཡེ་ཤེས་སྒྲུབ་པའི་ཐབས་གང་ཞིག །འཁོར་ལོ་བཞིའི་སྒོམ་ཐབས་ཀྱིས་ལྷན་སྐྱེས་ཡེ་ཤེས་རིམ་གྱིས་འདྲེན་པའི་ཐབས་སྟེང་སྒོའི་མན་ངག་དང་། མཁའ་གསང་གི་སྙོམས་འཇུག་ལ་བརྟེན་ནས་ལྷན་སྐྱེས་ཀྱི་ཡེ་ཤེས་ཅིག་ཅར་དུ་འདྲེན་པའི་ཐབས་འོག་སྒོའི་མན་ངག་གཉིས་ཏེ། དེ་ཉིད་ལས། རོལ་པའི་ཀ་ར་ལ་སོགས་པ། །མན་ངག་ཐབས་ཀྱིས་དེར་འཇུག་དང་། །ཞེས་སོ། །གཉིས་པ་ནི། གོང་དེའི་འཕྲོས་སུ། ཐོས་བསམ་བསྒོམ་པའི་ཚུལ་འགྲོ་བའི། །དེར་ནི་འཇུག་པ་རྣམ་གསུམ་སྟེ། །རྟོག་དཔྱོད་དོན་དང་ཡི་གེ་ཡིད། །ཅེས་པས། དང་པོ་རྟོག་དཔྱོད་ཀྱི་རྗེས་སུ་འཇུག་པ་ལྟ་བ་གཏན་ལ་ཕབ་པ་ནི། ལམ་གྱི་སྔོན་དུ་འགྲོ་དགོས་ཏེ། དེ་ཡང་ཆོས་ཅན་ཤེས་བྱའི་དོན་ལ། ཤེས་བྱེད་རིག་པའི་གཏན་ཚིགས་རྣམས་ཀྱིས་སོ་སོར་བརྟགས་པས་ཆོས་ཐམས་ཅད་ཀྱི་གནས་ལུགས་ཆོས་ཉིད་ཡེ་ཇི་བཞིན་པ་དཀྱིལ་འཁོར་གསུམ་གྱི་རང་བཞིན་སྨྲ་བསམ་བརྗོད་བྲལ་དུ་གཏན་ལ་ཕབ་པ་ནི་དེ་ཉིད་ཀྱི་གྲུབ་མཐའ་འོ། གཉིས་པ་དོན་གྱི་རྗེས་སུ་འཇུག་པ་ནི། མཚན་ཉིད་རྣམ་པར་མི་རྟོག་ཏིང་ངེ་འཛིན་ལ་གནས་པ་སྟེ། བསྒོམ་བྱ་ཆོས་ཉིད་ཇི་བཞིན་པའི་ངང་ལ་སྒོམ་བྱེད་ཀྱི་བློ་ཡང་དེ་བཞིན་པར་བཞག་པ་ཡིན་ཏེ། དགོངས་འདུས་སུ། ཇི་བཞིན་པ་ཡི་ཆོས་
ཉིད་ལ། །དེ་བཞིན་པ་ཡི་བློ་བཞག་ན། །བརྗོད་པ་མེད་པའི་ངང་ཉིད་ལས། །མ་ཡེངས་རྒྱུན་དུ་དྲན་པའོ། །གསུམ་པ་ཡི་གེའི་རྗེས་སུ་འཇུག་པ་ནི། མཚན་བཅས་ལྷའི་ཏིང་འཛིན་བསྒོམ་པ་སྟེ། ས་བོན་ནམ་རྟེན་དང་བརྟེན་པ་སོ་སོའི་བསྐྱེད་སྔགས་བརྗོད་པ་ཙམ་གྱིས་ཆུ་ལས་ཉ་ལྡང་བ་ལྟར་སྣོད་བཅུད་ཐམས་ཅད་ལྷའི་གཞལ་ཡས་ཁང་དང་དཀྱིལ་འཁོར་གྱི་འཁོར་ལོར་གསལ་ལ་མ་འདྲེས་པར་བསྒོམ་པ་གཙོ་བོར་བྱེད་པའི་ཉམས་ལེན་འདི་ཉིད་ཐུན་མོང་མ་ཡིན་པའི་ཁྱད་པར་རོ། །

དེ་ལྟར་བསྒྲུབས་པས་གྲུབ་པ་འབྲས་བུའི་ཚུལ་ལའང་།


GTN001_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་བསྒྲུབས་པས་གྲུབ་པ་འབྲས་བུའི་ཚུལ་ལའང་། བློ་སྟོབས་ཆེ་བ་རྣམས་རྟོགས་གོམས་ཐམས་ཅད་ཆིག་ཆོད་དུ་བྱེད་པས་མཐར་ཕྱིན་པས་ས་ལམ་རིམ་བགྲོད་ཀྱིས་རྩོལ་བ་དང་བྲལ་ཞིང་། བློ་འབྲིང་ཐ་གཉིས་ཀྱིས་ནི་ས་བཅུ་པའི་སློབ་ལམ་བཞི་རིམ་གྱིས་སམ་ཐོད་རྒལ་གང་རུང་གིས་བགྲོད་ནས་མི་སློབ་པའི་ལམ་མཐར་ཐུག་གི་འབྲས་བུ་ལ་སྦྱོར་བར་བྱེད་དེ། དེ་ཡང་དང་པོ་འགྱུར་བ་མ་ངེས་པའི་ས་དང་། བརྟེན་པ་བཞིའི་ས་གཉིས་ནི་ཚོགས་ལམ་འདུན་པ་སེམས་དཔའི་རྣལ་འབྱོར་གྱིས་བསྡུས་ཤིང། མོས་སྤྱོད་ཀྱི་ལྷ་སྐུ་འདིས་ཐུན་མོང་གི་དངོས་གྲུབ་སྤྱན་དང་མངོན་ཤེས་ལ་སོགས་པ་གྲུབ། གསུམ་པ་གལ་ཆེན་སྦྱོང་བ་དང་། བཞི་པ་བསླབ་པ་རྒྱུན་གྱི་ས་དང་། བསོད་ནམས་རྟེན་གྱི་ས་གསུམ་ནི། སྦྱོར་ལམ་རིགས་ཆེན་འབྱེད་པའི་རྣལ་འབྱོར་ཏེ་རླུང་སེམས་ཀྱི་ལྷ་སྐུ་འགྲུབ་ཅིང་དེར་ཚོགས་ཀྱི་སྤྱོད་པའི་ཉེ་རྒྱུ་ལ་བརྟེན་པས་འགྱུར་བདེ་རགས་པ་བཅོམ་སྟེ་ཟག་པ་


GTN001_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཟད་ནས། བརྟེན་པས་ཁྱད་པར་དུ་འགྲོ་བའི་ས་ནི་མཐོང་ལམ་དབུགས་ཆེན་འབྱིན་པའི་རྣལ་འབྱོར་ཏེ་བདེ་སྟོང་འོད་གསལ་གྱི་ལྷ་སྐུ་འགྲུབ། མཐོང་ལམ་འོད་གསལ་ལངས་པའི་རྗེས་ལ་དམིགས་པས་འབྲས་བུ་སྐྱེ་བའི་ས་སྒོམ་ལམ་ལུང་ཆེན་ཐོབ་པའི་རྣལ་འབྱོར་ཏེ་ཡེ་ཤེས་དང་དག་པའི་སློབ་པའི་ཟུང་འཇུག་གི་ལྷ་སྐུ་རྒྱུན་མི་འཆད་པ་འགྲུབ། དེ་ནས་གནས་པ་མི་འགྱུར་བ་དང་། བདལ་བ་ཆོས་ཉིད་ཀྱི་ས་དང་། རྫོགས་པ་ཅི་ཆིབ་ཀྱི་ས་གསུམ་པོ་མཐར་ལམ་རྩལ་ཆེན་རྫོགས་པའི་རྣལ་འབྱོར་གྱིས་བསྡུས་པ་སྟེ། དེའི་མཐར་མི་སློབ་པའི་ལམ་རྒྱུན་མཐའི་བར་ཆད་མེད་ལམ་ལ་བརྟེན་ནས་འདོད་ཆགས་ཆེན་པོའི་ལམ་གྱིས་འབྲས་བུའི་དབང་བསྐུར་བས་སྣང་གསུམ་འཕོ་བའི་བག་ཆགས་ཕྲ་བའང་སྦྱངས་ཏེ། མི་སློབ་པའི་ཟུང་འཇུག་འབྲས་ཆོས་ཉེར་ལྔ་དབྱེར་མེད་ལྷུན་གྲུབ་ཀྱི་ངོ་བོ་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་དཔལ་ཀུན་ཏུ་བཟང་པོའི་གོ་འཕང་ལ་མངའ་དབང་འབྱོར་བས། རྟག་ཁྱབ་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཀྱིས་གདུལ་བྱའི་དོན་མཛད་པ་སྟེ། དོན་བསྡུས་ལས། འབྲས་བུ་ཉིད་ནི་རྫོགས་སངས་རྒྱས། །སྐུ་གསུང་ཐུགས་དང་ཡོན་ཏན་ལས། །ཉི་ཤུ་རྩ་ལྔས་བསྡུས་མཐའ་ཡས། །ལྷུན་རྫོགས་རྣམ་ཀུན་མཁྱེན་པའོ། །ཞེས་གསུངས་སོ། །

རྫོགས་ཆེན་ཨ་ཏི་ཡོ་ག འོག་མ་ལས་ཁྱད་པར་འཕགས་ཚུལ་དང་།


GTN001_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

༈ གསུམ་པ་ཐེག་པ་ཀུན་གྱི་ཡོངས་རྩེར་གྱུར་ཅིང་བགྲོད་བྱ་ཐམས་ཅད་ཀྱི་མཐར་ཐུག་པ་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ནི། འོག་མ་ལས་ཁྱད་པར་འཕགས་ཚུལ་དང་།
དེ་དག་གི་དབྱེ་བ་འཆད་པའོ། །དང་པོ་ནི། དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་སེམས་ཉིད་འོད་གསལ་བའི་རང་བཞིན་ལྷུན་གྲུབ་རང་གནས་ཆེན་པོ་གདོད་མ་ཉིད་ནས་གནས་པའི་རང་བྱུང་གི་ཡེ་ཤེས་འཕོ་འགྱུར་མེད་པ་ལ་རྫོགས་པ་ཆེན་པོའི་གཞིར་འདོད་པ་གང་ཞིག །ཐེག་པའི་རྒྱལ་པོ་འདི་ཉིད་ཀྱིས་གཞལ་ན་རིམ་པ་འོག་མ་བརྒྱད་པོའི་ཐེག་པ་རྣམས་ཀྱི་དོན་ལ་ཡོད་མ་མྱོང་བའི་སེམས་རྟོག་གློ་བུར་པ་འབའ་ཞིག་གིས་འགྱུར་བ་མེད་པ་ལ་བློས་བཟོ་འཆོས་ཤིང་བསྒྱུར། སྤང་དུ་མེད་པ་ལ་གཉེན་པོས་བཅོས་ནས་སྤངས། བསལ་དུ་མེད་པ་ལ་བསལ་འདོད་ཀྱི་བློས་སྐྱོན་དུ་དམིགས། ཐོབ་ཏུ་མེད་པ་ལ་གཞན་ནས་ཐོབ་བྱར་ཡོད་པའི་རེ་དོགས་ཀྱི་དབྱེན་བཅུག ། རྩོལ་སྒྲུབ་དང་བྲལ་བར་འབད་རྩོལ་གྱིས་མ་རིག་པ་ཆེན་པོས་རང་གནས་ཀྱི་ཡེ་ཤེས་ལ་བསྒྲིབས་པས་རྣལ་མའི་དེ་ཁོ་ན་ཉིད་ལ་རེག་པའི་སྐབས་མེད་པ་སྟེ། འདི་ལྟར་ཐེག་པ་འོག་མའི་ཉན་རང་གིས་རྟོགས་པའི་བདག་མེད་ནི་ཤེས་པ་དང་། རྡུལ་རྫས་ལ་དོན་དུ་འདོད་ལ། རྣམ་རིག་སྨྲ་བས་རང་ཤེས་རང་གསལ་ཉིད་ཀྱི་རྣམ་ཤེས་ལ་དོན་དམ་ཡོངས་གྲུབ་ཏུ་འདོད་པ་དག་ནི་འཇིག་རྟེན་པའི་སེམས་དང་སེམས་བྱུང་ལས་འདས་པ་མེད་ཅིང་། དབུ་མས་བདེན་པ་གཉིས་ཀྱིས་གཞལ་བའི་སྐྱེ་མེད། འགག་མེད། ཡོད་མེད། མེད་མིན་ལ་སོགས་གཏན་ཚིགས་ཆེན་པོ་བཞི་ལ་སོགས་པས་དཔྱད་པའི་འགོག་


GTN001_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་དང་། མཐའ་བྲལ་དང་། སྤྲོས་བྲལ་སོགས་ཀྱི་མཚུངས་དཔེ་ནམ་མཁའ་ལྟ་བུའི་སྟོང་པར་འཛིན་པ་དང་། སྔགས་འོག་མའི་བྱ་བས་དག་པ་གསུམ་གྱི་ལྷ་གཙང་སྦྲ་སོགས་དཀའ་ཐུབ་ཀྱིས་མཉེས་པའི་དངོས་གྲུབ་འགྲུབ་པར་འདོད་པ་དང་། ཉེ་བའི་རྣལ་འབྱོར་གྱིས་ལྟ་སྤྱོད་གོང་འོག་ཡ་ཆ་བས་མཚན་འཛིན་དང་རྣལ་འབྱོར་གྱིས་དོན་དམ་པའི་བྱིན་རླབས་ལྷར་བལྟས་ནས་ཕྱག་རྒྱ་བཞིའི་རྣལ་འབྱོར་ལ་དམིགས་པ་དང་། རྣལ་འབྱོར་ཆེན་པོས་བསྐྱེད་རིམ་མཚན་བཅས་དང་། རྫོགས་རིམ་རྩ་ཐིག་རླུང་གསུམ་ལ་གནད་དུ་གཅུན་པས་ཡེ་ཤེས་སྐྱེ་བར་འདོད་པ་དང་། རྗེས་སུ་རྣལ་འབྱོར་གྱིས་དབྱིངས་ཡེ་ཤེས་བསྐྱེད་བྱ་སྐྱེད་བྱེད་ལྷའི་དཀྱིལ་འཁོར་དུ་བལྟ་བ་སོགས་མདོར་ན་ཨ་ནུ་མན་ཆད་ཀྱི་རིམ་པ་དེ་དག་ཐམས་ཅད་བློས་རེག་པའི་གྲུབ་མཐའ་ཁོ་ན་སྟེ། དེ་དག་ཀྱང་བློ་ངོར་འདི་ནི་མེད་དོ། །སྟོང་ངོ་། །བདེན་ནོ། །སྙམ་པའི་སྙམ་བྱེད་དང་། ཡིད་བྱེད་དང་། རྟོག་དཔྱོད་ཀྱིས་ཡུལ་ཡུལ་ཅན་ལ་ཆོས་ཉིད་ཡིན་པར་བརླམས་པ་ལས་གཉུག་མའི་གནས་ལུགས་ཇི་བཞིན་མཐོང་བ་ནི་མེད་དེ། ཇི་སྐད་དུ། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལས། རྒྱལ་པོས་ལོང་བ་དུ་མ་བསོགས་ཏེ་གླང་ཆེན་བསྟན་ཏེ། མཚན་ཉིད་སོ་སོར་སྨོས་ཤིག་ཅེས་བསྒོས་པས། དེ་དག་རྣམས་ཀྱིས་གླང་པོ་ཆེའི་སྣ་ལ་རེག་པ་རྣམས་ནི་ལྕགས་ཀྱུ་འདྲའོ། །ཞེས་ཟེར། མིག་ལ་རེག་པ་རྣམས་


GTN001_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཕོར་པ་འདྲའོ། །རྣ་བ་ལ་རེག་པ་རྣམས་ནི་ཞིབ་མ་འདྲའོ། །རྒྱབ་ལ་རེག་པ་རྣམས་ནི་ཁྱོག་དང་འདྲའོ། །མཇུག་མ་ལ་རེག་པ་རྣམས་ནི་ཐིག་གུ་འདྲའོ། །ཞེས་ཟེར་རོ། །དེ་རྣམས་ཀྱིས་གླང་པོ་ཆེ་ལས་གཞན་ལ་སྨྲས་པ་མ་ཡིན་ཡང་ཐམས་ཅད་དུ་རྟོགས་པ་ནི་མ་ཡིན་ནོ། །དེ་བཞིན་དུ་སངས་རྒྱས་ཀྱི་རང་བཞིན་ཡང་། སྟོང་པ་ཉིད་དང་། སྒྱུ་མ་ལྟ་བུ་དང་། འོད་གསལ་བ་ལ་སོགས་པ་ཐ་དད་པར་སྨྲས་ཀྱང་ཐམས་ཅད་དུ་རྟོགས་པ་ནི་མ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །ལམ་དེ་དག་གིས་རྫོགས་པ་ཆེན་པོའི་དོན་ལ་བསྒྲིབས་ཤིང་རྫོགས་པ་ཆེན་པོའི་ལམ་ལ་གནས་བཞིན་པར་དེ་དག་གི་རྟོག་པ་སྐྱེས་ན་གོལ་བར་བཤད་དེ། ཀུན་བྱེད་རྒྱལ་པོ་ལས། ངེས་པ་ཐོབ་པའི་ཐེག་པ་དྲུག །རྫོགས་པ་ཆེན་པོའི་གོལ་སར་བསྟན། །དེ་ཡང་ཇི་ལྟ་བུ་ཞེ་ན། བྱང་ཆུབ་སེམས་དཔའི་མདོ་སྡེ་ནི། །ཀུན་ཏུ་འོད་ཀྱི་ས་འདོད་པ། །བདེན་པ་གཉིས་ཀྱི་རྟོག་དཔྱོད་ཀྱིས། །ཆོས་ཉིད་སྟོང་པ་ནམ་མཁར་འདོད། །ཨ་ཏི་ཡོ་གའི་བདེ་ཆེན་ནི། །རྟོག་དཔྱོད་འདས་པའི་བྱང་ཆུབ་སེམས། །རྟོག་དཔྱོད་འདས་ལ་མདོ་སྡེས་བསྒྲིབས། །རྫོགས་ཆེན་རྟོག་དང་དཔྱོད་པ་ནི། །མདོ་སྡེ་དག་ཏུ་གོལ་བར་བཤད། །ཀྲཱྀ་ཡ་རྡོ་རྗེ་འཛིན་འདོད་པ། དག་པ་རྣམ་གསུམ་སྒོར་ཞུགས་ནས། །གཟུང་འཛིན་དག་པའི་ཡུལ་ལ་གནས། ། ཨ་ཏི་ཡོ་གའི་བདེ་ཆེན་ནི། །གཟུང་འཛིན་འདས་པའི་བྱང་ཆུབ་སེམས། །གཟུང་འཛིན་འདས་ལ་ཀྲཱྀ་ཡས་བསྒྲིབས། རྫོགས་ཆེན་གཟུང་དང་འཛིན་བྱེད་པ། །ཀྲཱྀ་ཡ་དག་ཏུ་གོལ་བར་བཤད། ཨུ་པ་ཡ་ཡི་ལྟ་སྤྱོད་ནི། །ཀྲཱྀ་ཡ་སྤྱོད་ཅིང་ཡོ་ག་


GTN001_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ། ལྟ་སྤྱོད་འབྲེལ་བའི་དོན་མེད་པས། །གཉིས་སུ་མེད་པའི་དོན་མ་རྟོགས། །ཨ་ཏི་ཡོ་གའི་བདེ་ཆེན་ནི། །གཉིས་སུ་མེད་པའི་བྱང་ཆུབ་སེམས། །གཉིས་སུ་མེད་ལ་ཨུ་པས་བསྒྲིབས། །རྫོགས་ཆེན་གཉིས་སུ་འབྱེད་པ་ནི། །ཨུ་པ་ཡ་རུ་གོལ་བར་བཤད། །ཡོ་ག་སྟུག་པོ་བཀོད་འདོད་པ། །མཚན་མ་ཡོད་མེད་སྒོར་ཞུགས་ནས། །ཕྱག་རྒྱ་བཞི་ལ་གཙོར་བྱེད་དེ། །བླང་དོར་མེད་ལ་འཇུག་མི་ནུས། །ཨ་ཏི་ཡོ་གའི་བདེ་ཆེན་ནི། །བླང་དོར་མེད་པའི་བྱང་ཆུབ་སེམས། །བླང་དོར་མེད་ལ་ཡོ་གས་བསྒྲིབས། །རྫོགས་ཆེན་བླང་དང་དོར་བྱེད་པ། །ཡོ་ག་དག་ཏུ་གོལ་བར་བཤད། །མ་ཧཱ་རྡོ་རྗེ་འཆང་འདོད་པ། །ཐབས་དང་ཤེས་རབ་སྒོར་ཞུགས་ནས། །རང་རྒྱུད་དག་པའི་དཀྱིལ་འཁོར་ལ། །བསྙེན་བསྒྲུབ་རྣམ་བཞི་སྒྲུབ་པར་བྱེད། །ཨ་ཏི་ཡོ་གའི་བདེ་ཆེན་ནི། །རྩོལ་སྒྲུབ་འདས་པའི་བྱང་ཆུབ་སེམས། །རྩོལ་སྒྲུབ་འདས་ལ་མ་ཧཱས་བསྒྲིབས། །རྫོགས་ཆེན་རྩོལ་སྒྲུབ་བྱེད་པ་ནི། །མ་ཧཱ་ཡོ་གར་གོལ་བར་བཤད། །ཨ་ནུ་དབྱེར་མེད་པ་འདོད་པ། །དབྱིངས་དང་ཡེ་ཤེས་སྒོར་ཞུགས་ནས། །འདི་ལྟར་སྣང་བའི་ཆོས་རྣམས་ལ། །རྒྱུ་ནི་དག་པའི་དབྱིངས་ལྟ་བ། །འབྲས་བུ་ཡེ་ཤེས་དཀྱིལ་འཁོར་བལྟ། །ཨ་ཏི་ཡོ་གའི་བདེ་ཆེན་ནི། །རྒྱུ་འབྲས་འདས་པའི་བྱང་ཆུབ་སེམས། །རྒྱུ་འབྲས་འདས་ལ་ཨ་ནུས་བསྒྲིབས། །རྫོགས་ཆེན་རྒྱུ་འབྲས་གཉིས་བལྟ་ན། །ཨ་ནུ་ཡོ་གར་གོལ་བར་བཤད། །ཅེས་གསུངས་པས་དེ་དག་རྣམས་ནི་སེམས་ཀྱིས་བྱས་ཤིང་བཅོས་པས་སེམས་ནི་ཚོགས་བརྒྱད་ཀུན་ཏུ་རྟོག་པ་དོར་བྱའི་དྲི་མ་ཡིན་ལ། འདི་ལྟར་རང་


GTN001_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་རྫོགས་པ་ཆེན་པོ་ནི་སེམས་ལས་འདས་པའི་སེམས་ཉིད་རིག་པ་རང་བྱུང་གི་ཡེ་ཤེས་འོད་གསལ་འདུས་མ་བྱས་པས། གཤིས་ཀྱི་ཡོན་ཏན་ཐམས་ཅད་ལྷུན་གྲུབ་ཏུ་བཞུགས་པ་ལས་བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་དང་གཞན་གྱི་རྐྱེན་ལ་སོགས་པའི་ཁམས་ལས་རང་བཞིན་གྱིས་གྲོལ་བས། ལྟོས་མི་དགོས་པ་ནམ་མཁའ་ལྟ་བུའི་མཚན་ཉིད་གནས་ལུགས་འཕོ་འགྱུར་མེད་པར་གྲུབ་པའི་གནད་ཀྱིས། ཐོག་མའི་མགོན་པོ་ཀུན་ཏུ་བཟང་པོ་ཉིད་ཀྱང་བྱས་པ་མེད་པར་རང་བྱུང་གི་ཡེ་ཤེས་རང་ངོ་རྟོགས་པའི་ཆ་ནས་སངས་རྒྱས་པ་ལས། ཐོས་བསམ་དང་འདུ་བྱས་པའི་ཚོགས་བསགས་སོགས་རྐྱེན་གཞན་གྱིས་མ་བྱུང་བར་བསྟན་པ་སྟེ། སངས་རྒྱས་རྣམས་ཀྱི་ཡུལ་ལ་འཇུག་པ་ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས། སངས་རྒྱས་རྣམས་ཀྱིས་ནི་ཆོས་འགའ་ཡང་མ་གཟིགས། མ་གསན། མ་དགོངས། རྣམ་པར་མི་མཁྱེན། ཀུན་ཏུ་མི་མཁྱེན་ཏོ། །སངས་རྒྱས་རྣམས་ཀྱིས་ནི་མ་གསུངས། མ་བརྗོད་དོ། །སངས་རྒྱས་རྣམས་ཀྱིས་ནི་མི་གསུང་མི་བརྗོད་དོ། །སངས་རྒྱས་རྣམས་ཀྱིས་ནི་གསུང་བར་མི་འགྱུར་བརྗོད་པར་མི་འགྱུར་རོ། །སངས་རྒྱས་རྣམས་ཀྱིས་ནི་མངོན་པར་རྫོགས་པར་འཚང་རྒྱ་བར་མི་མཛད་དོ། །སངས་རྒྱས་རྣམས་ཀྱིས་ནི་ཆོས་གང་ཡང་མངོན་པར་རྫོགས་པར་འཚང་མ་རྒྱས་སོ། །སངས་རྒྱས་རྣམས་ཀྱིས་ནི་ཉོན་མོངས་པ་མ་སྤངས་སོ། །སངས་རྒྱས་རྣམས་ཀྱིས་ནི་རྣམ་པར་བྱང་བ་མངོན་སུམ་དུ་མ་མཛད་དོ། །སངས་རྒྱས་རྣམས་ཀྱིས་ནི་ཆོས་གང་ཡང་མ་གཟིགས། མ་གསན། མ་མྱངས། མ་མནམས། མ་རིག །མི་མཁྱེན་ཏོ། །


GTN001_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་ཆོས་ཐམས་ཅད་ནི་གཟོད་མ་ནས་ཡོངས་སུ་དག་པ་ཡིན་པའི་ཕྱིར་རོ། །ཞེས་དང་། མགོན་པོ་བྱམས་པས། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་དང་། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །ཞེས་པ་ལ་སོགས་གསུངས་པ་ལྟར་ཆོས་ཐམས་ཅད་ཀྱི་རང་བཞིན་དང་། གནས་ལུགས་སམ། གཤིས་ལུགས་སམ། ཆོས་ཉིད་གང་ཡིན་པ་དེ་ནི་འདུས་མ་བྱས་པ། རྒྱུ་རྐྱེན་གྱིས་མ་བསྐྱེད་པ། གཞན་ལ་རག་མ་ལུས་ཤིང་། རྐྱེན་གཞན་གྱིས་མི་རྟོགས་པ། བློས་སྒྲུབ་པའི་མཐའ་ལ་མི་གནས་པ་ཞིག་སྟེ། འཕགས་པ་དཀོན་མཆོག་བརྩེགས་པ་ཐེག་པ་ཆེན་པོའི་མདོའི་འོད་སྲུང་གིས་ཞུས་པ་ལས། གང་འདུས་མ་བྱས་པ་དེ་ནི་འཕགས་པ་རྣམས་ཀྱི་རིགས་སོ། །འཕགས་པ་རྣམས་ཀྱི་རིགས་གང་ཡིན་པ་དེ་ལ་བསླབ་པ་ཡང་མེད་། བསླབ་པ་ལས་འདས་པ་ཡང་མེད་དོ། །གང་བསླབ་པ་ཡང་མེད་བསླབ་པ་ལས་འདས་པ་ཡང་མེད་པ་དེ་ལ་རྒྱུ་བ་ཡང་མེད། མི་རྒྱུ་བ་ཡང་མེད། རབ་ཏུ་རྒྱུ་བ་ཡང་མེད་པ་གང་ལ་རྒྱུ་བ་ཡང་མེད། མི་རྒྱུ་བ་ཡང་མེད། རབ་ཏུ་རྒྱུ་བ་ཡང་མེད་པ་དེ་ལ་སེམས་ཀྱང་མེད། སེམས་ལས་བྱུང་བའི་ཆོས་རྣམས་ཀྱང་མེད་དོ། །གང་ལ་སེམས་ཀྱང་མེད། སེམས་ལས་བྱུང་བའི་ཆོས་རྣམས་ཀྱང་མེད་པ་དེ་ལ་ལས་ཀྱང་མེད། ལས་ཀྱི་རྣམ་པར་སྨིན་པ་ཡང་མེད་དོ། །གང་ལ་ལས་ཀྱང་མེད། ལས་ཀྱི་རྣམ་པར་སྨིན་པ་ཡང་མེད་པ་དེ་ལ་བདེ་བ་ཡང་མེད། སྡུག་བསྔལ་ཡང་མེད་དོ། །གང་ལ་བདེ་བ་ཡང་མེད། སྡུག་བསྔལ་བ་ཡང་མེད་པ་དེ་ནི་འཕགས་


GTN001_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་ཀྱི་རིགས་ཏེ། འཕགས་པ་རྣམས་ཀྱི་རིགས་གང་ཡིན་པ་དེ་ལ་ནི་ལས་ཀྱང་མེད། ལས་མངོན་པར་འདུ་བྱེད་པ་ཡང་མེད་དོ། །ཞེས་དང་། དགོངས་པ་ངེས་པར་འགྲེལ་བ་ཐེག་པ་ཆེན་པོའི་མདོ་སྡེ་ལས། འཕགས་པ་རྣམས་ཀྱི་འཕགས་པའི་ཤེས་པ་དང་། འཕགས་པའི་མཐོང་བས་བརྗོད་དུ་མེད་པར་མངོན་པར་རྫོགས་པ་སངས་རྒྱས་པ་གང་ཡིན་པ་སྟེ། བརྗོད་དུ་མེད་པའི་དེ་ཉིད་མངོན་པར་རྫོགས་པར་རྟོགས་པར་བྱ་བའི་ཕྱིར་འདུས་མ་བྱས་ཞེས་མིང་དུ་བཏགས་སོ། །ཞེས་དང་། རྩ་བ་ཤེས་རབ་ལས། རང་བཞིན་རྒྱུ་དང་རྐྱེན་ལས་ནི། །འབྱུང་བར་རིགས་པ་མ་ཡིན་ནོ། །རྒྱུ་དང་རྐྱེན་ལས་བྱུང་བ་ནི། །རང་བཞིན་བྱས་པ་ཅན་དུ་འགྱུར། །རང་བཞིན་བྱས་པ་ཅན་ཞེས་བྱ། །ཇི་ལྟ་བུར་ན་རུང་བར་འགྱུར། །རང་བཞིན་དང་ནི་བཅོས་མིན་དག །གཞན་ལ་ལྟོས་པ་མེད་པ་ཡིན། །ཞེས་སོགས་རྒྱ་ཆེར་གསུངས་པ་འདིས་རང་བཞིན་གཤིས་ཀྱི་གནས་ལུགས་རྫོགས་པ་ཆེན་པོའི་གྲུབ་པའི་མཐའ་རྒྱུ་རྐྱེན་ལས་འདས་པའི་འདུས་མ་བྱས་ཀྱི་ཡེ་ཤེས་མངོན་པར་རྟོགས་པའི་སྒྲ་དབྱངས་མངོན་སུམ་དུ་སྒྲོགས་པར་མཛད་ཅིང་། དེ་ཉིད་མཐའ་བྲལ་དུ་གཏན་ལ་ཕབ་པའི་ཚུལ་ཡང་། གང་དག་རང་བཞིན་གཞན་དངོས་དང་། །དངོས་དང་དངོས་མེད་ཉིད་ལྟ་བ། །དེ་དག་སངས་རྒྱས་བསྟན་པ་ལ། །དེ་ཉིད་མཐོང་བ་མ་ཡིན་ནོ། །ཞེས་དང་། དཔལ་ནཱ་རོ་པས། དེ་ཁོ་ན་ཉིད་སྒྲུབ་པའི་ཐབས་ཤེས་བྱ་བ་རྫོགས་པ་ཆེན་པོའི་ལམ་གྱི་རིམ་པ་ལས་ཀྱང་། སངས་རྒྱས་སེམས་ཅན་རང་བཞིན་གཅིག །སེམས་ཀྱི་ཡེ་ཤེས་གསང་བ་
འདི། །སྙིང་པོའི་དོན་ལས་རྨད་དུ་བྱུང་། །རང་བྱུང་ཆེ་བ་བདག་ཉིད་སྐུ། །རང་རིག་བདེ་བ་རྫོགས་པ་ཆེ། །ཐུགས་རྗེ་སྣང་བ་སྤྲུལ་པའི་སྐུ། །ངོ་བོ་མ་གྲུབ་གསང་བའི་སེམས། །སྣང་དང་མི་སྣང་དབྱེར་མེད་དོ། །ཞེས་པ་དང་། དེ་ཉིད་ལ་ལམ་གྱི་དམིགས་པ་འོག་མ་ལྟར་མི་གནས་པའི་ཚུལ་ཡང་། སྔ་མ་ལས། རྫོགས་པའི་ཡེ་ཤེས་སྙིང་པོ་ལ། །རིམ་པའི་ལམ་མེད་མཐར་ཕྱིན་པ། །ཞེས་སོ། །

རིག་པ་འོག་མ་དེ་དག་བསྟན་པ་ལ་དགོས་པ།


GTN001_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

འོ་ན་རིག་པ་འོག་མ་དེ་དག་བསྟན་པ་ལ་དགོས་པ་ཅི་ཞེ་ན། གདུལ་བྱའི་བློ་རིམ་ལ་ལྟོས་པའམ་འོག་མས་བློ་སྦྱངས་ནས་རིམ་གྱིས་ལམ་འདིར་འཇུག་པའི་ཐབས་སམ་ལམ་སྟེགས་སུ་འགྱུར་བ་ལ་དགོངས་པ་སྟེ། བདེ་བར་གཤེགས་པའི་བསྟན་པ་ཐམས་ཅད་ཀྱི་སྙིང་པོའམ་ཐོབ་བྱའི་མཐར་ཐུག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་གཉུག་མའི་དེ་བཞིན་ཉིད་གཅིག་པུ་ཡིན་ལ། དེ་ཉིད་རང་རིག་མངོན་སུམ་གྱིས་རྫོགས་པར་གཏན་ལ་ཕེབས་པ་ནི་རྫོགས་པ་ཆེན་པོའི་ལམ་ལས་གཞན་དུ་མེད་ཅིང་། སྡོམ་པ་གསུམ་དང་། ཕར་ཕྱིན་དྲུག་དང་། བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པ་དེ་དག་ཐམས་ཅད་ཀྱང་རྫོགས་པ་ཆེན་པོ་རྟོགས་པའི་ཐབས་དང་། དེ་ཉིད་གང་དུ་བགྲོད་པའི་ངལ་སྟེགས་ཙམ་དུ་བསྟན་པ་སྟེ། གསང་བ་སྙིང་པོ་ལས། ས་རྣམས་ཁྱད་པར་བཀོད་པ་ཡང་། །གསང་བའི་སྙིང་པོར་འགྲོ་བའི་ལམ། །ཞེས་དང་། ཨིནྡྲ་བྷུ་ཏིའི་དབང་གི་འཁོར་ལོའི་མན་ངག་ལས། རང་བཞིན་གྱིས་ནི་འོད་གསལ་ཞིང་། །རྫོགས་པ་ཆེན་པོའི་མཐའ་ཐུག་པ། །མན་ངག་ཀུན་གྱི་མཆོག་གི་མཆོག །དེ་སྒྲུབ་ཐབས་སུ་གསུངས་


GTN001_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཟད། །ཅེས་དང་། ཞི་བ་ལྷས་ཀྱང་། ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པས་ཤེས་རབ་དོན་དུ་གསུངས། །ཞེས་བཤད་པས་སོ། །དེ་ལྟར་ཡིན་པ་དེའི་ཕྱིར་རྫོགས་པ་ཆེན་པོའི་རང་བཞིན་འདི་ཉིད་བདེ་བར་གཤེགས་པས་བཀའ་འཁོར་ལོ་བར་པར་སྤྲོས་པའི་མཚན་མ་མི་དམིགས་པའི་ཚུལ་གྱིས་བསམ་གྱིས་མི་ཁྱབ་པའི་གནས་ལུགས་རྒྱས་པར་བསྟན་མོད་ཀྱི། གཤིས་ཀྱི་བཞུགས་ཚུལ་མ་བསྟན། འཁོར་ལོ་ཐ་མར་གཤིས་ཀྱི་བཞུགས་ཚུལ་བསྟན་ཀྱང་དེ་མངོན་དུ་བྱེད་པའི་ལམ་མཚན་ཉིད་པ་མ་བསྟན། དེའི་འཁོར་ལོ་བར་པའི་དགོངས་པ་འཕགས་མཆོག་ཀླུས་བཀྲལ་པའི་རིགས་ཚོགས་ཀྱི་དགོངས་པ་མ་འགྱུར་བ་དང་། དེའི་ཆོས་དབྱིངས་བསྟོད་པ་སོགས་དང་། ཐ་མའི་དགོངས་པ་རྒྱལ་ཚབ་བྱམས་པ་དང་ཐོགས་མེད་སྐུ་མཆེད་སོགས་ཀྱིས་བཀྲལ་པ་བཅས་ཤིང་རྟ་ཆེན་པོ་རྣམ་གཉིས་ཀྱི་དགོངས་པ་མཐར་ཐུག་པར་འགལ་བ་མི་འདུ་བར་རྫོགས་པ་ཆེན་པོ་ཉིད་དུ་དོན་གྱིས་གནས་ཤིང་། གང་གི་ཕྱིར་ཞེ་ན་རང་བཞིན་ཆོས་དབྱིངས་ཟབ་མོའི་གནས་ལུགས་དེ་ལས་གཞན་སློབ་དཔོན་དེ་དག་མི་བཞེད་ཅིང་། དེ་ལས་གཞན་དུ་རྫོགས་པ་ཆེན་པོའང་མ་གྲུབ་པའི་ཕྱིར་རོ། །འོན་ཀྱང་དེ་ཉིད་མངོན་དུ་བྱེད་པའི་ལམ་སྔགས་ཁོ་ན་ཁྱད་པར་དུ་འཕགས་མོད་ཀྱི། དེ་ལྟ་ནའང་སྔགས་འོག་མའི་མཚན་བཅས་དང་མཚན་མེད་ཀྱི་རིམ་པ་ཙམ་པོ་དང་། བླ་མེད་མཆོག་ཏུ་གྲགས་པ་དུས་ཀྱི་འཁོར་ལོའི་སྦྱོར་བ་ཡན་ལག་དྲུག་དང་། གཞན་ཡང་རིམ་པ་ལྔ་པ་སོགས་ཀྱིས་རྩ་ཐིག་རླུང་གསུམ་གྱི་བྱེད་པ་བཅིངས་པས་འོད་


GTN001_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་རྟགས་བཅུ་དང་། སྟོང་གཟུགས་རེ་ཁ་ནག་པོའི་ནང་དུ་སྲིད་པ་གསུམ་གྱི་གཟུགས་བརྙན་མཐོང་བར་བཤད་པ་ཙམ་སྟེ། དེའང་ཤེས་ཉམས་འཕེལ་འགྲིབ་ཅན་ཏེ་ཇི་ལྟར་བསྒོམས་ཀྱང་འབྱུང་བ་འོད་དུ་དེངས་པའི་རྡོ་རྗེའི་སྐུ་འགྲུབ་མི་ནུས་པའི་ཕྱིར་དེ་དག་སྐལ་དམན་རྣམས་འདིར་དྲང་བའི་དོན་ཙམ་ལས་ངེས་པའི་དོན་ལ་མ་རེག་སྟེ། ནཱ་རོ་པས། ངེས་པའི་ཐབས་གཅིག་སྙིང་པོའི་དོན། །ཕྱག་རྒྱ་རིམ་བཞི་སྦྱོར་བ་དྲུག །བསམ་པའི་ཐེག་པ་སྣ་ཚོགས་པ། །དྲང་བ་ཉིད་གྱུར་ངེས་པ་མིན། །ངོ་བོ་ཉིད་ལ་མཐོ་དམན་མེད། །མོས་འཇུག་བསམ་པའི་རྟོག་པར་ཟད། །ཅེས་གསུངས་པ་བཞིན་ནོ། །དེར་མ་ཟད་ལམ་འོག་མའི་བསྐྱེད་རིམ་བསྒོམ་པ་ནི་རྫོགས་རིམ་གྱི་སྨིན་བྱེད་ཙམ་དང་། དེ་བསྒོམས་པས་ལས་རྒྱ་དང་ཡེ་རྒྱའི་ཁྱད་པར་གྱིས་འདོད་པའི་རིག་འཛིན་དང་གཟུགས་ཀྱི་རིག་འཛིན་གང་རུང་གི་རྟེན་དེས་མཁའ་སྤྱོད་འགྲུབ་པ་ཙམ་ལས་མེད་ལ། རྫོགས་རིམ་རྩ་ཐིག་རླུང་གསུམ་གཅུན་པས་ཡེ་ཤེས་སྐྱེ་བར་འདོད་པ་ཡང་རྩོལ་བཅས་ཀྱི་རྐྱེན་ཁར་མ་འདས་ལ། དབང་གསུམ་པའི་བདེ་སྟོང་གི་ཡེ་ཤེས་ཀྱང་དབང་པོ་གཉིས་སྦྱོར་གྱི་དགའ་བའི་རྗེས་སུ་སྐྱེ་བར་འདོད་པ་གང་ཞིག །ཁམས་གསུམ་ལས་མ་གྲོལ་བའི་ཕྱིར། འཕོ་མེད་ཀྱི་བདེ་བ་ཆེན་པོ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ནི་དེས་རྟོགས་པར་མ་བསྟན་ཅིང་སྔ་མ་དེ་དག་བདེ་བའི་བསམ་གཏན་དུ་བཤད་པ་སྟེ། དཔལ་ནཱ་རོ་པའི་དེ་ཁོ་ན་ཉིད་སྒྲུབ་པ་ལས། ངེས་པར་སྤྲོས་བྲལ་བྱང་ཆུབ་སེམས། །ཆགས་པའི་ལམ་གྱིས་ཤེས་མི་འགྱུར། །


GTN001_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

རང་བྱུང་འོད་གསལ་སྙིང་པོ་འདི། །མཚན་མ་མེད་པའི་སྙིང་པོ་པས། །ཤེས་རབ་ཐབས་ཀྱི་ཆགས་པ་བྲལ། །ཐིག་ལེ་འདོད་རྩོལ་སྤྲོ་བསྡུ་མེད། །ཤེས་རབ་ཐབས་ལ་སྙོམས་འཇུག་པ། །བདེ་བའི་བསམ་གཏན་ཆེན་པོ་ཡིན། །སྒྱུ་མའི་རོ་ལ་མ་ཆགས་པར། །ཆགས་མེད་ཡེ་ཤེས་རྫོགས་པའི་ལམ། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་གྲུབ་པ་ཉིད་ཀྱིས་རང་བཞིན་ཡོངས་སུ་དག་པའི་ཤེས་རབ་རྫོགས་པ་ཆེན་པོའི་གནས་ལུགས་གང་ཞིག་མ་རྟོགས་པར་ནི་བློའི་ཡུལ་དུ་དམིགས་པའི་སྡོམ་གསུམ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་དང་བསྐྱེད་རྫོགས་སོགས་ལམ་བདེན་གྱི་རྣམ་པ་དེ་དང་དེས་ཉོན་མོངས་པའི་ཚོགས་ཉན་རང་གིས་སྤང་། བྱང་སེམས་ཀྱིས་འགེགས། གསང་སྔགས་ཀྱིས་ལམ་དུ་བསྒྱུར་བ་སོགས་ཅི་རིགས་པའི་ཐབས་རྣམས་དྲན་བསམ་རང་རྒྱུད་པའི་རྟོག་དཔྱོད་ཀྱིས་བསྒྲུབས་པའི་དགེ་རྩ་འདུས་བྱས་པ་ལས་མ་འདས་ཤིང་། དབུ་མ་རྒྱན་ལས། ངོ་བོ་འདུས་བྱས་མ་ཡིན་པ། །འགའ་ཡང་གང་ན་ཡོད་མ་ཡིན། །ཞེས་པ་ལྟར་རོ། །གནས་ལུགས་ཀྱི་དེ་ཉིད་རྟོགས་པའི་སྐབས་ཐོབ་པ་ཉིད་ནས་ཀྱང་འོག་མ་ལྟར་དཀར་ནག་དགེ་སྡིག་གི་སྤང་བླང་ལ་སོགས་སྤྱོད་པའི་མཐའ་ལ་ཞེན་ན། ཡེ་ཤེས་ཀྱི་ཚོགས་དམ་པའི་གེགས་དང་གོལ་ས་ཆེན་པོར་བཤད་དེ། དཀོན་བརྩེགས་ལས། དེ་བཞིན་གཤེགས་པ་རྣམས་ཀྱི་དགོངས་པའི་རྣམ་གྲངས་འདི་ལ་འཇུག་པར་བྱའོ། །དགེ་བའམ་མི་དགེ་བའི་ཆོས་རྣམས་ལ་མངོན་པར་ཞེན་པར་མི་བྱ་སྟེ། མི་དགེ་བའི་ཆོས་ལ་མངོན་པར་ཞེན་པས། མི་དགེ་བའི་ཆོས་རྣམས་ལ་མངོན་པར་ཞེན་པར་འགྱུར་རོ། །མི་དགེ་བའི་ཆོས་རྣམས་ལ་མངོན་པར་


GTN001_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ཞེན་པས་སྡུག་བསྔལ་དང་། ཡིད་མི་བདེ་བའི་ཆོས་རྣམས་མངོན་པར་འབྱུང་བར་འགྱུར་བ་འདི་དག་ནི་སྡུག་བསྔལ་འཕགས་པའི་བདེན་པར་བཏགས་པས་དེ་བཞིན་གཤེགས་པས་མི་དགེ་བའི་ཆོས་རྣམས་ཀྱི་གྲངས་སུ་བསྟན་ཏོ། །དགེ་བ་དང་མི་དགེ་བ་ལ་མངོན་པར་ཞེན་པ་མེད་པ་དང་། སྲེད་པ་འགོག་པ་འདི་དག་ནི་ཀུན་འབྱུང་བ་སྤང་ཞིང་འཕགས་པའི་བདེན་པ་གཉིས་པོ་རྟོགས་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པས་དགེ་བའི་ཆོས་ཀྱི་རྣམ་གྲངས་སུ་བསྟན་ཏོ། །ཞེས་སོ། །ཡང་དེ་ཉིད་ལས། དེ་ལ་དགེ་བ་ཡང་སྟོང་ལ། མི་དགེ་བ་ཡང་སྟོང་། དགེ་བ་ཡང་རྣམ་པར་དབེན་ལ། མི་དགེ་བ་ཡང་རྣམ་པར་དབེན། དགེ་བ་ཡང་མི་དགེ་བ་དང་མི་འདྲེ་ལ། མི་དགེ་བ་ཡང་དགེ་བ་དང་མི་འདྲེ་ཞིང་། དགེ་བ་དང་མི་དགེ་བར་མངོན་པར་ཞེན་པའི་རྒྱུ་དང་རྐྱེན་མེད་དོ། །ཞེས་དང་། ཐེག་པ་ཆེན་པོའི་སྡེ་སྣོད་ཡེ་ཤེས་དམ་པའི་མདོ་ལས། བྱང་ཆུབ་སེམས་དཔའ་ཡེ་ཤེས་ཏོག་གིས་གསོལ་པ། བསོད་ནམས་ཀྱི་ཚོགས་གང་ལགས། བཀའ་སྩལ་པ། སྦྱིན་པ་ལ་སོགས་པ་དཀར་པོའི་ཆོས་མཚན་མ་དང་བཅས་པའོ། །ཡེ་ཤེས་ཀྱི་ཚོགས་གང་ལགས། ཤེས་རབ་ལ་སོགས་མཚན་མ་མེད་པའོ། །གསོལ་བ། དེ་གཉིས་ཇི་ལྟར་གསོག་པར་བགྱི། བཀའ་སྩལ་པ། བསོད་ནམས་ཀྱི་ཚོགས་ནི། འཁོར་བསོད་ནམས་ཀྱི་ཚོགས་ཞེས་བྱ་ལ་དཔེར་ན་བ་ལང་གི་རྨིག་རྗེས་ཀྱི་ཆུ་དང་མཚུངས་སོ། །དེ་ཅིའི་ཕྱིར་ཞེ་ན། མྱུར་དུ་བརླག །ཟད་པ། འབྲི་བ། ལྷ་མིའི་


GTN001_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་མྱོང་ནས་ཀྱང་ངན་སོང་དུ་འཁོར་བར་བྱེད་པ་ཡིན་ནོ། །ཡེ་ཤེས་ཚོགས་ནི། མྱ་ངན་ལས་འདས་པའི་ཚོགས་ཞེས་བྱ་སྟེ། དཔེར་ན་རྒྱ་མཚོ་ཆེན་པོའི་ཆུ་ལྟ་བུ། མི་བརླག་པ། མི་འཛད་པ། མི་བསླུ་བ། མྱ་ངན་ལས་འདས་པ་ཐོབ་པར་བྱེད་པའོ། །ཡེ་ཤེས་ཏོག་ཡེ་ཤེས་ཀྱི་ཚོགས་ཁོ་ན་བསོག་པར་བྱའོ། །ཞེས་གསུངས་པ་དང་། དེར་མ་ཟད་སྔགས་ཕྱི་ནང་གི་དེ་ཉིད་བཅུ་ཡང་རྣལ་མའི་དོན་ལ་སྒྲིབ་བྱེད་ཀྱི་མཚན་མར་གྱུར་པ་སྟེ། ཀུན་བྱེད་ལས། ལྟ་བ་བསྒོམ་མེད་དམ་ཚིག་བསྲུང་དུ་མེད། །ས་ལ་སྦྱང་མེད་ལམ་ལ་བགྲོད་དུ་མེད། །ཕྲིན་ལས་རྩོལ་མེད་དབང་ལ་བསྐུར་དུ་མེད། །སྒོ་གསུམ་རྩོལ་མེད་དཀྱིལ་འཁོར་བསྐྱེད་དུ་མེད། །རྒྱུ་འབྲས་གཉིས་མེད་ནམ་མཁའ་ལྟ་བུའོ། །ཞེས་དང་། འཕགས་པ་འཇམ་དཔལ་གྱིས་ཀྱང་། དེ་ལ་དཀྱིལ་འཁོར་སྦྱིན་སྲེག་དང་། །གཏོར་མ་བཟླས་པ་བགྲང་ཕྲེང་དང་། །སྐྱིལ་མོ་ཀྲུང་དང་སྟངས་སྟབས་སོགས། །སྤྲོས་བྲལ་རྣམ་པར་བསླུ་བ་སྟེ། །བྱ་བ་མ་ཡིན་དགག་པའང་མིན། །ཞེས་དང་། བྱ་བ་རྣམས་ལ་རྣལ་འབྱོར་པ། །ལམ་ཆེན་དག་ཏུ་ཡོངས་འཛིན་པ། །རི་དྭགས་སྨིག་རྒྱུར་བསྙེགས་པ་ལྟར། །རྟག་ཏུ་སྣང་ཡང་མི་ཟིན་ནོ། །ཞེས་དང། ཀྱེ་རྡོ་རྗེ་ལས། བསྒོམ་མེད་སྒོམ་པ་པོ་ཡང་མེད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །ཞེས་དང་། ཐིག་ལེ་མཉམ་གནས་ཀྱི་རྒྱུད་ལས། བདེ་བ་ཆེན་པོའི་ངང་གནས་ན། །དམ་ཚིག་མེད་ཅིང་སྡོམ་པའང་མེད། །བྱ་དང་བྱེད་དང་རྩོལ་བ་མེད། །ནམ་མཁའ་ལྟ་བུར་འགྲུབ་པར་འགྱུར། །ཞེས་དང་། མཁའ་འགྲོ་མ་གསང་མཛོད་ལས་ཀྱང་། འདི་ལྟར་སྣང་བའི་དངོས་པོ་རྣམས། །


GTN001_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུ་མ་ལྷ་དང་ལྷ་མོར་གནས། །བསྡོམ་བྱ་མེད་ཅིང་སྡོམ་བྱེད་མེད། །རྩ་དང་རླུང་དང་ཐིག་ལེ་མེད། །སྟོང་པ་ཉིད་ཀྱིས་འགྲུབ་པར་འགྱུར། །ཞེས་དང་། ཁྲུས་དང་གཙང་སྦྲ་འདིར་མི་དགོས། །དཀའ་ཐུབ་དཀའ་སྤྱད་འདིར་མི་དགོས། །ཞེས་དང་། སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ཡེ་ཤེས་སྣང་བ་རྒྱན་གྱི་མདོ་(དགེ་བའི་རྩ་བ་ཡོངས་སུ་འཛིན་པ་ཐེག་པ་ཆེན་པོའི་མདོ་)ལས། ཀུན་དགའ་བོ་དེ་ལྟར་ན་དེ་བཞིན་གཤེགས་པས་ཆོས་རྣམས་རྣམ་པར་བྱང་བའོ། །ཞེས་བསྟན་ཀྱང་གང་ཡང་རྣམ་པར་བྱང་བ་མེད་དོ། །གང་གི་ཡང་རྣམ་པར་བྱང་བ་མེད་དོ། །གང་གིས་ཀྱང་རྣམ་པར་བྱང་བ་མེད་དོ། །གང་ལ་ཡང་རྣམ་པར་བྱང་བ་མེད་དོ། །ཀུན་དགའ་བོ་ཆོས་ཀྱི་ཕྱག་རྒྱ་དེ་ནི་ཆོས་ཐམས་ཅད་ཀྱི་ཕྱག་རྒྱ་སྟེ། ཕྱག་རྒྱ་མེད་པ་ཡིན་ནོ། །མ་བྱས་པའི་ཕྱག་རྒྱ་ཡིན་ནོ། །དབྱེར་མེད་པའི་ཕྱག་རྒྱ་ཡིན་ནོ། །ཀུན་དགའ་བོ་གང་དག་ཕྱག་རྒྱ་དེས་བཏབ་པ་དེ་དང་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡིན། རིགས་བཙུན་པ་ཡིན། མི་ཡི་སེངྒེ་ཡིན། སྤྱོད་པ་གཅིག་པ་ཡིན། བག་ཚ་བ་མེད་པ་ཡིན། སྒྲ་སྒྲོགས་པ་ཡིན། གཞན་མུ་སྟེགས་ཅན་དག་སྐྲག་པར་བྱེད་པ་ཡིན། བདུད་ཀྱི་སྡེ་འདུལ་བར་བྱེད་པ་ཡིན། གཞན་མུ་སྟེགས་ཅན་དག་རི་སུལ་གྱི་ཕུག་ཏུ་འཇུག་པར་བྱེད་པ་ཡིན། དམིགས་པ་ཅན་དག་སྐྲག་པར་བྱེད་པ་ཡིན། ལྷག་པའི་ང་རྒྱལ་ཅན་དག་འབིགས་པར་བྱེད་པ་ཡིན། རྡེག་པར་བྱེད་པ་ཡིན། སངས་རྒྱས་ཀྱི་སྲས་བདུད་སུན་འབྱིན་པ་དག་མངོན་པར་དགའ་བར་བྱེད་པ་ཡིན། ཆོས་ཉིད་ཀྱང་རྣམ་པར་འབྱེད་པར་


GTN001_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་ཡིན། ཕྱོགས་བཅུར་ཆོས་ཀྱི་རྒྱལ་མཚན་སྒྲེང་བར་བྱེད་པ་ཡིན། དེ་དག་ནི་ཆོས་ཀྱི་རྔ་རྡུང་བར་བྱེད་པ་ཡིན། ཆོས་ཀྱི་བཅུད་འཐུང་བར་བྱེད་པ་ཡིན། ཞེས་པ་སོགས་རྒྱ་ཆེར་བསྟན་ལ། དེ་ལ་བློ་རྒྱ་ཆུང་བ་དག་གིས་བྱ་བ་དང་། སྤྱོད་པའི་རྒྱུད་སོགས་རྡོ་རྗེ་ཐེག་པ་མ་ཡིན་ནམ། དེ་དག་ལས་ནི་ལས་དང་བྱ་བས་འགྲུབ་པར་བསྟན་ལ། གཞན་ཡང་ཐེག་པ་ཆེན་པོའི་མདོ་སྡེ་རྣམས་ལས། སྦྱིན་པ་སོགས་བསོད་ནམས་ཀྱི་ཚོགས་ཐམས་ཅད་མཁྱེན་པའི་རྒྱུའི་གཙོ་བོར་གསུངས་པ་དང་འགལ་ལོ་ཞེ་ན། དེ་དག་ནི་བདེ་བར་གཤེགས་པས་དགོངས་ཏེ་གསུངས་པ། བྱིས་པ་བློ་དམན་པ་དང་སྤྲོས་པ་ལ་དགའ་བ་དང་། ཤིན་ཏུ་ཟབ་མོའི་གནས་ལ་འཇིགས་པ་རྣམས་ཉེ་བར་བཟུང་བའི་ཕྱིར་གསུངས་པ་ཡིན་ཏེ། ཇི་སྐད་དུ། དེ་ཁོ་ན་ཉིད་ལ་འཇུག་པ་ལས། སྟོང་ཉིད་ལྟ་བས་གྲོལ་འགྱུར་ཏེ། །སྒོམ་པ་ལྷག་མ་དེ་དོན་ཡིན། །ལུས་ངག་ཡིད་ཀྱི་སྤྱོད་པ་ཀུན། །ཐེག་པ་དམན་ལ་བསྟན་པ་ཡིན། །ཞེས་འབྱུང་བ་དང་། སློབ་དཔོན་ཀླུ་སྒྲུབ་ཀྱིས་ཀྱང་། དེ་ཉིད་འཚོལ་ལ་ཐོག་མར་ནི། །ཐམས་ཅད་ཡོད་ཅེས་སྨྲ་བར་བྱ། །དོན་དམ་རྟོགས་ཤིང་ཆགས་མེད་པ། །ཕྱིས་ནི་རྣམ་པར་དབེན་དོན་ཉིད། །ཅེས་དང་། གཞན་ཡང་རྡོ་རྗེ་གཙུག་ཏོར་ལས་ཀྱང་། དེ་ཁོ་ན་ཉིད་ལ་མཉམ་གནས་ན། །དམ་ཚིག་མེད་ཅིང་སྔགས་སྤྱོད་མེད། །རྡོ་རྗེ་དྲིལ་བུ་གཟུང་མི་དགོས། །དེ་ཉིད་བཅུ་བྲལ་འགྲུབ་པར་འགྱུར། །ཞེས་པ་ལ་སོགས་པའི་ལུང་དང་བཅས་སློབ་དཔོན་འཇམ་དཔལ་གྲགས་པས་རྒྱ་ཆེར་བཤད་ལ། དེ་དག་


GTN001_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ནི་འཁོར་འདས་རོ་མཉམ་ཆེན་པོར་གཤིས་ལུགས་སུ་གྲོལ་བའི་རང་གྲོལ་རྒྱ་ཡན་ཆེན་པོ་དམ་ཚིག་བསྲུང་མཚམས་དང་། ཚིག་དང་ཡི་གེའི་ཡུལ་ལས་འདས་པའི་བརྗོད་མེད་ཀྱི་དེ་ཁོ་ན་ཉིད་མ་རྟོགས་ན་བསྐྱེད་རྫོགས་སོགས་ཡིད་དཔྱོད་ཀྱི་ཆོས་སོ་ཅོག་གིས་མི་གྲོལ་བའི་ཚུལ་གསལ་བར་བསྟན་ཅིང་། དེ་དང་མཚུངས་པར་འཇམ་དཔལ་སྒྱུ་འཕྲུལ་དྲ་བ་ལས་ཀྱང་། ལག་ན་རྡོ་རྗེས། ངས་སེམས་ཅན་རྣམས་ཀྱི་བློའི་ཁྱད་པར་དང་རིགས་ཀྱི་བྱེ་བྲག་གིས་ཐེག་པའི་ཁྱད་པར་རྣམས་བསྟན་ཏེ། ལ་ལ་ཕྱི་རོལ་པའི་ཚུལ་ལོ། །ལ་ལ་ཉན་ཐོས་ཀྱི་ཐེག་པའོ། །ལ་ལ་རང་སངས་རྒྱས་ཀྱི་ཐེག་པ་དང་། གཞན་ཡང་ཕ་རོལ་ཕྱིན་པའི་ཐེག་པ་དང་། རིག་པ་འཛིན་པའི་རྒྱུད་དཔག་ཏུ་མེད་པ་བསྟན་ཀྱང་ཐིག་ལེ་ཆེན་པོ་ཡི་གེ་མེད་པར་བརྡའ་དང་བྲལ་བས་གཉིས་སུ་མེད་པར་སངས་རྒྱས་པར་རིག་པར་བྱའོ། །ཞེས་རྡོ་རྗེའི་ལུང་གིས་བསྙོན་དུ་མེད་པའི་སྒྲ་དབྱངས་སྒྲོགས་པར་མཛད་དོ། །གལ་ཏེ་རྫོགས་པ་ཆེན་པོར་དེ་ལྟར་བསྟན་པ་ཉིད་ཀྱིས་ལམ་འོག་མའི་ཐབས་ཀྱི་ཕྱོགས་རྣམས་སྤང་བར་ཡང་མི་འགྲུབ་སྟེ། རང་བྱུང་གི་ཡེ་ཤེས་རྫོགས་པ་ཆེན་པོའི་དེ་ཁོ་ན་ཉིད་ལ་རྣམ་བྱང་གི་ཆེ་བའི་ཡོན་ཏན་ལྷུན་གྲུབ་ཏུ་བཞུགས་ཤིང་སངས་རྒྱས་སྐུ་གསུམ་རང་ཆས་ཡོད་པས་ལོགས་ནས་བཙལ་ཞིང་བསྒྲུབ་མི་དགོས་པ་དེ་ཉིད་བླ་མའི་མན་ངག་གིས་རྟོགས་པར་གྱུར་པའི་སྐབས་ཉིད་ནས། དག་མཉམ་ཆེན་པོའི་དཀྱིལ་འཁོར་སྤྲོས་པ་མེད་པའི་བདག་ཉིད་ལ་ལྷ་དང་སྔགས་ཀྱི་རང་བཞིན་ཀྱང་ཚང་ཞིང་། འདི་ཉིད་མ་བཅོས་པ་ཡེ་ཇི་བཞིན་པའི་


GTN001_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ངང་ལས་མ་གཡོས་པར་རྩོལ་སྒྲུབ་མེད་པ་ཁོ་ནར་བཞག་པས་འགྲུབ་ཅིང་དེ་ལ་སྦྱིན་སོགས་ཕར་ཕྱིན་དྲུག་གི་སྤྱོད་པའི་ཕྱོགས་ཀྱང་ཚང་བར་འགྱུར་ཏེ། ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པ་ཐེག་པ་ཆེན་པོའི་མདོ་ལས། མངོན་པར་འདུ་མི་བྱེད་པའི་ཚུལ་གྱིས་ཚུལ་ཁྲིམས་ཀྱིས་མྱ་ངན་ལས་འདས་པའོ། །སྐད་ཅིག་པའི་ཚུལ་གྱིས་བཟོད་པས་མྱ་ངན་ལས་འདས་པའོ། །བླང་བ་དང་དོར་བ་མེད་པའི་ཚུལ་གྱིས་བརྩོན་འགྲུས་ཀྱིས་མྱ་ངན་ལས་འདས་པའོ། །རྣམ་པར་མི་རྟོག་པའི་ཚུལ་གྱིས་བསམ་གཏན་གྱིས་མྱ་ངན་ལས་འདས་པའོ། །ཐོགས་པ་མེད་པའི་ཚུལ་གྱིས་ཤེས་རབ་ཀྱིས་མྱ་ངན་ལས་འདས་པའོ། །ཆོས་ཀྱི་དབྱིངས་འདོད་ཆགས་དང་བྲལ་བས་ན་འདོད་ཆགས་ནི་འདོད་ཆགས་དང་བྲལ་བའི་མཐའ་འོ། །ཆོས་ཀྱི་དབྱིངས་ལ་གཏུམ་པ་མེད་པས་ཞེ་སྡང་ནི་ཡང་དག་པའི་མཐའ་འོ། །ཆོས་རྣམས་ལ་རྨོངས་པ་མེད་པའི་ཕྱིར་གཏི་མུག་ནི་གཏི་མུག་མེད་པའི་མཐའ་འོ། །ཤི་འཕོ་མེད་པ་དང་སྐྱེ་བ་མེད་པའི་ཚུལ་གྱིས་འཁོར་བ་ཡང་མྱ་ངན་ལས་འདས་པའོ། །མངོན་པར་ཆགས་པ་མེད་པའི་ཚུལ་གྱིས་མྱ་ངན་ལས་འདས་པ་ཡང་འཁོར་བའོ། །ཐ་སྙད་དུ་འདོགས་པའི་ལྟ་བས་བདེན་པ་ཡང་བརྫུན་པའོ། །མངོན་པའི་ང་རྒྱལ་ཅན་རྣམས་ལ་ནི་བརྫུན་པ་ཡང་བདེན་པའོ། །ཞེས་དེ་ལྟར་ཤེས་སོ། །ཞེས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་ལས། བླ་ན་མེད་པ་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ལྷུར་ལེན་པ་མ་ཡིན། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་ལྷུར་ལེན་པ་མ་ཡིན། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལྷུར་


GTN001_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་པ་མ་ཡིན། སངས་རྒྱས་བལྟ་བ་ལྷུར་ལེན་པ་མ་ཡིན། དགེ་བའི་རྩ་བ་བསྐྱེད་པ་ལྷུར་ལེན་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་ལ་ལྷུར་བླང་བ་བསྐྱེད་པ་དང་། གང་གིས་སྐྱེད་པ་དང་གང་ལ་བསྐྱེད་པར་བྱ་བའི་ཆོས་དེ་ལྟ་བུ་གང་ཡང་། ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཞེས་སོགས་རྒྱ་ཆེར་གསུངས་པ་ལྟར་བྱ་བ་ཐམས་ཅད་དང་བྲལ་བའི་གནས་ལུགས་དེ་ལ་ལམ་བདེན་གྱི་ཆོས་ཐམས་ཅད་ཀྱང་མ་རྩོལ་བཞིན་དུ་ཆུ་བརྒྱ་ཟམ་འོག་ཏུ་འདུ་བ་བཞིན་རང་བཞིན་གྱིས་ཚང་བ་ཡིན་ཏེ། ཀུན་བྱེད་ལས། དོན་གྱི་སྙིང་པོ་རྣལ་མ་བྱར་མེད་ལས། །རྣལ་འབྱོར་ཆེན་པོ་རྣམས་ཀྱིས་མཐོང་བ་ནི། །ཡེ་ནས་རང་རྒྱུད་དག་པའི་དཀྱིལ་འཁོར་ལ། །རྒྱུ་ལས་བད༷ག་ཉི༷ད་{འབྲ༵ས་བུ༵་}ལྷ་ཡི་དཀྱིལ་འཁོར་དེ། །བསྙེན་བསྒྲུབ་ཡན་ལག་བཞི་ཡིས་རྫོགས་བྱས་ཏེ། །འཕྲོ་འདུ་བདག་ཉིད་ལྷུན་གྱིས་གྲུབ་པར་གནས། །ཞེས་དང་། གསང་སྙིང་ལས། ཕྱོགས་བཅུ་དུས་བཞི་གང་ནས་ཀྱང་། །རྫོགས་པའི་སངས་རྒྱས་རྙེད་མི་འགྱུར། །སེམས་ཉིད་རྫོགས་པའི་སངས་རྒྱས་ལས། །སངས་རྒྱས་གཞན་དུ་མ་ཚོལ་ཅིག །བཙལ་ཀྱང་རྒྱལ་བས་མི་རྙེད་དོ། །ཞེས་དང་། ཀུན་བྱེད་ལས། སེམས་ནི་ཇི་བཞིན་པ་ཡི་དངོ༷ས་པོ༷་{ངོ༵་བོ༵་}སྟེ། །ཆོས་རྣམས་ཐམས་ཅད་དེ་བཞིན་ཉིད་དུ་འགྲུབ། །ཇི་བཞིན་པ་ལ་འཆོས་པར་མ་བྱེད་ཅིག །ངོ་བོ་ཉིད་ལས་གཞན་དུ་མ་བསྒྲུབ་ཅིག །བཙལ་ན་རྒྱལ་བས་དབྱིངས་ནས་རྙེད་མི་འགྱུར། །སྔར་བྱས་ཟིན་པས་ད་ནི་བྱེད་མི་


GTN001_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

དགོས། །སྔར་བསྒྲུབས་ཟིན་པས་ད་སྒྲུབ་མི་བྱེད་པར། །མི་རྟོག་ཅིར་མི་དགོངས་ལ་མཉམ་པར་ཞོག །ཅེས་དང་། ཀྱེ་རྡོ་རྗེ་ལས། སྤྲོས་པ་མེད་པའི་རང་བཞིན་ལ། །ལྷ་དང་སྔགས་ནི་རྣམ༷་པ༷ར་{ཡ༵ང་ད༵ག་}གནས། །ཞེས་སོ། །གཞན་ཡང་སྔགས་དང་། ཕྱག་རྒྱ་དང་། དམ་ཚིག་དང་། འཕྲོ་འདུ་སོགས་ཐམས་ཅད་ཀྱང་དྲན་མཆོག་རྒྱལ་པོ་རིག་པའི་ཆོས་ཉིད་ལ་རྫོགས་པའི་ཚུལ་དཔལ་ནཱ་རོ་པའི་དེ་ཁོ་ན་ཉིད་སྒྲུབ་ཐབས་ལས་ཀྱང་། ཡི་གེ་མེད་པ་སྙིང་པོའི་གསུང་། །དམ་པ་བྱང་ཆུབ་སེམས་ལ་གནས། །རྒྱལ་པོ་དམ་ཚིག་མ་བཅོས་པ། །བསྲུང་བ་མེད་པའི་ཚུལ་གྱིས་བསྲུང་། །འགྱུར་བ་མེད་པའི་ཕྱག་རྒྱ་ལ། །འགྱུར་བ་མེད་པའི་དོན་གྱིས་འདེབས། །མཐའ་དབུས་མེད་པའི་དཀྱིལ་འཁོར་ལ། །ཡེ་ཤེས་འདུ་འཕྲོ་མེད་པར་གསལ། །བསམ་བྲལ་རང་བཞིན་རྒྱལ་བའི་ཐུགས། །བྱང་ཆུབ་སེམས་ལས་འདའ་བ་མེད། །ཅེས་དང་། དེ་བཞིན་དུ་རྒྱུའི་ཐེག་པའི་སྤྱོད་པའི་ཕྱོགས་ཀྱང་ཚང་བར་བསྟན་ཏེ། དེ་ཉིད་ལས། དེ་ཉིད་སྙིང་པོའི་དོན་ལྡན་པས། །འདོད་པའི་ཚོགས་ལ་ཡིད་མི་འཇུག །དེ་བཞིན་ཕ་རོལ་ཕྱིན་པ་དྲུག །རང་བྱུང་རྫོགས་པའི་སེམས་ལ་གནས། །བསམ་བྲལ་མི་རྟོག་དགོངས་པ་ལ། །དེ་ཉིད་ཕ་རོལ་ཕྱིན་དྲུག་ལྡན། །མི་རྟོག་འཛིན་མེད་ཚུལ་ལ་གནས། །མ་ཡེངས་རིག་པ་རྒྱུན་མི་འཆད། །དམིགས་མེད་ཤེས་རབ་ཕ་རོལ་ཕྱིན། །ཞེས་སོགས་གཞན་དང་གཞན་དུ་རྒྱ་ཆེར་གསུངས་ཀྱང་འདིར་དེ་ཙམ་མོ། །


GTN001_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

༈ དེ་ལྟར་ཡིན་པ་ཉིད་ཀྱིས་གནས་ལུགས་དེ་བཞིན་ཉིད་ཀྱི་ལྟ་བའི་གཞི་འདི་ནི། དམིགས་པ་མེད་པའི་ངོ་བོས་མི་མཐུན་ཕྱོགས་རྣམ་རྟོག་གིས་དབེན་པ། ཡུལ་གྱི་མི་མཐུན་ཕྱོགས་མཚན་མའི་སྣང་བས་དབེན་པ། ཡུལ་ཅན་གྱི་མི་མཐུན་ཕྱོགས་གཏི་མུག་དང་བྲལ་བའི་སྒོ་ནས་འཁོར་བའི་ས་བོན་དྲུང་ནས་འབྱིན་ཛཔ་དུས་གསུམ་མཉམ་པ་ཉིད་ཀྱི་ལྟ་བ་ཞེས་བྱ་སྟེ། ངོ་བོ་ནི། བསམ་བརྗོད་རྒྱུ་འབྲས་དང་བཅས་པའི་རྣམ་ཤེས་ཚོགས་བརྒྱད་ཀྱི་རྒྱལ་ཁམས་ལས་འདས་ཤིང་རིག་པའི་ཆོས་ཉིད་རང་བཞིན་རྫོགས་པ་ཆེན་པོའི་ཡེ་ཤེས་གནས་པ་ཡིན་ཏེ། དེ་སྐད་དུའང་སློབ་དཔོན་འཕགས་པས། འཇིག་རྟེན་པས་ནི་གང་སྤངས་པ། །དེ་ནི་དོན་དམ་ཡིན་པར་བཤད། །ཅེས་དང་། དེའི་འགྲེལ་པར། ཕྱིན་ཅི་མ་ལོག་པ་དེ་ཉིད། འཇིག་རྟེན་ཐ་མལ་པས་གང་ལ་མ་རྟོགས་པར་གང་ཡིན་གྱིས་བསམ་པར་མ་གྱུར། ཡིད་ཀྱིས་བསམ་གྱིས་མི་ཁྱབ་པ། དབང་པོའི་ཡུལ་དུ་མ་གྱུར་པ། མ་རིག་པའི་ལིང་ཐོག་གི་མུན་པས་མ་མཐོང་བས་སྤངས་པ། དབང་པོ་ཤིན་ཏུ་རྣོན་པོ་འཕགས་པའི་ཡེ་ཤེས་ཀྱིས་མཐོང་བའི་ཡུལ་དོན་དམ་པའོ། །ཞེས་གསུངས་པ་ལྟར་འཕགས་པའི་བདེན་པ་གཟུང་འཛིན་གཉིས་དང་བྲལ་བའི་སོ་སོ་རང་གི་རིག་པའི་ཡེ་ཤེས་ཀྱིས་ཉམས་སུ་མྱང་བྱ་དང་། དོན་དམ་པའི་བདེན་པ་དང་། ཡང་དག་པའི་མཐའ་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་ཆེན་པོ་སྟོང་པ་ཉིད་སོགས་མཚན་གྱིས་བསྙད་པ་གང་ཡིན་པ་སྟེ། སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུ་དང་མཚུངས་ལྡན་དུ་ཡོད་པའི་ཡེ་ཤེས་ཀྱི་སྤྱི་གཟུགས་ཅན་གང་ཞིག །འཕགས་པ་དཀོན་


GTN001_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་སྤྲིན་གྱི་མདོ་ལས། ཆོས་འདི་ནི་ཡི་གེ་ཐམས་ཅད་ལས་ཡང་དག་པར་འདས་པ། སྨྲ་བ་ཐམས་ཅད་ལས་ཡང་དག་པར་འདས་པ། ཚིག་གི་སྤྱོད་ཡུལ་ལས་ཡང་དག་པར་འདས་པ། ངག་གི་ལམ་ཐམས་ཅད་ལས་ཡང་དག་པར་འདས་པ། སྤྲོས་པ་ཐམས་ཅད་དང་བྲལ་བ། བླང་བ་དང་དོར་བ་ཐམས་ཅད་དང་བྲལ་བ། ཕྱེ་བ་དང་། བཙུམས་པ་ཐམས་ཅད་དང་བྲལ་བ། རྟོག་གེ་ཐམས་ཅད་དང་བྲལ་བ། བརྟག་པར་བྱ་བ་མ་ཡིན་པ། རྟོག་གེའི་སྤྱོད་ཡུལ་མ་ཡིན་པ། རྟོག་གེའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པ། མཚན་མ་མེད་པས་མཚན་མ་དང་བྲལ་བ། མཚན་མའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པ། བྱིས་པའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པ། བདུད་ཐམས་ཅད་ཀྱི་ཡུལ་ལས་ཡང་དག་པར་འདས་པ། ཉོན་མོངས་པ་ཐམས་ཅད་ཀྱི་སྤྱོད་ཡུལ་ལས་ཡང་དག་པར་འདས་པ། རྣམ་པར་ཤེས་པའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པ། གནས་མ་ཡིན་པ། མི་གནས་པ། ཞི་བ། འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཏེ། དེ་དག་ཉིད་ནི་སོ་སོ་རང་གིས་རིག་པ། དྲི་མ་མེད་པ། མ་གོས་པ། རྣམ་པར་དག་པ། གྱ་ནོམ་པ། མཆོག །དམ་པ། ཕུལ། རྟག་པ། བརྟན་པ། ཐེར་ཟུག །མི་འཇིག་པའི་ཆོས་ཅན་ཏེ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། མ་བྱུང་ཡང་རུང་སྟེ། ཆོས་ཀྱི་དབྱིངས་འདི་ནི་འདུག་པ་ཁོ་ནའོ། །ཞེས་གསུངས་ཤིང་ཚིག་ཐ་མས་རྫོགས་པ་ཆེན་པོའི་གནས་ལུགས་གདོད་ནས་དག་པའི་དངོས་དོན་ཇི་བཞིན་པར་བསྟན་ཏོ། །

རྫོགས་པ་ཆེན་པོ་ཞེས་པའི་མཚན་གྱིས་བསྙད་པ།


GTN001_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་རྫོགས་པ་ཆེན་པོ་ཞེས་པའི་མཚན་གྱིས་བསྙད་པ་ནི། རང་བྱུང་གི་
ཡེ་ཤེས་རྒྱ་ཆད་ཕྱོགས་ལྷུང་མེད་པ་གང་དུ་ཐེག་པ་མཐའ་དག་གི་བརྗོད་བྱ་གང་ཡིན་པ་གཅིག་གི་ངོ་བོར་གནས་ཤིང་རྫོགས་པས་སམ་རྣམ་པར་བྱང་བའི་ཆོས་ཐམས་ཅད་བློའི་འཛིན་སྟངས་ཀྱིས་ཆེད་དུ་མ་དཔྱད་པར་རིག་པའི་ཆོས་ཉིད་སྐད་ཅིག་མའི་ངང་དུ་རྫོགས་པའི་ཕྱིར། ཀུན་བྱེད་ལས། གཅིག་རྫོགས་གཉིས་རྫོགས་སེམས་ལ་རྫོགས། །གཅིག་རྫོགས་སེམས་ཀྱིས་བྱས་པར་རྫོགས། །གཉིས་རྫོགས་ཕུན་སུམ་ཚོགས་པར་རྫོགས། །ཀུན་རྫོགས་བྱང་ཆུབ་སེམས་སུ་རྫོགས། །ཞེས་དང་། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། གང་དག་ཆོས་ཚུལ་འདི་དག་རྣམ་དག་ཅིང་། །རྫོགས་པའི་བྱང་ཆུབ་སེམས་བརྟན་ཁ་ལོ་བསྒྱུར། །དེ་དག་བྱང་ཆུབ་སེམས་མཆོག་རྣམ་དག་སྟེ། །ཉོན་མོངས་དྲི་མས་གཞར་ཡང་གོས་མི་འགྱུར། །ཇི་སྙེད་ནམ་མཁའི་ཉོན་མོངས་བྱ་བར་ནུས། །དེ་ལ་རྗེས་ཀྱང་བསྟན་པར་ནུས་སྲིད་ཀྱི། །རང་བཞིན་འོད་གསལ་རྫོགས་པའི་བྱང་ཆུབ་སེམས། །དེ་ནི་ནམ་ཡང་ཉོན་མོངས་བྱར་མི་ནུས། །ཞེས་གསུངས་པས། རྫོགས་པ་ཆོས་ཉིད་འོད་གསལ་བྱང་ཆུབ་སེམས་ཀྱི་རང་བཞིན་ཀ་དག་གི་མཚན་ཉིད་མ་འཁྲུལ་པར་བསྟན་ཞིང་། དེ་དང་མཚུངས་པར་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་ལས་ཀྱང་། གཞན་ཡང་། ཡང་དག་པ་ཞེས་བྱ་བ་ནི་འཇིག་རྟེན་གྱི་དབུ་མའོ། །རྫོགས་པ་ཞེས་བྱ་བ་ནི་མཐར་ལམ་དབུ་མ་ལ་ནན་ཏན་བྱས་ན་ངེས་པར་བླ་ན་མེད་པར་ཡང་དག་པར་རྫོགས་པར་ཤེས་པའོ། །ཞེས་གསུངས་པ་འདིས་སྔ་མ་ནི་རིགས་ཤེས་ཀྱི་རྗེས་དཔག་ཚད་མས་བཞག་པ་དང་། ཕྱི་མ་འདི་བློའི་ཡུལ་མ་
ཡིན་པའི་ཕྱིར་འཕགས་པའི་ལམ་འདི་ཉིད་ཀྱི་དགོངས་པར་དོན་གྱིས་གནས་པ་ཡིན་ནོ། །

ཨ་ཏི་ཡོ་ག་ཞེས་པ་ངེས་ཚིག་གི་དབང་དུ་ན།


GTN001_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཏི་ཡོ་ག་ཞེས་པ་ངེས་ཚིག་གི་དབང་དུ་ན། ཨ་ཏི་ནི་ཤིན་ཏུ་བའི་དོན་ཏེ། མཆོག་དང་། རབ་དང་། ཕུལ་དང་། རྩེ་མོ་དང་། ཡང་སྙིང་དུ་གྱུར་པའོ། །ཡོ་ག་ནི་རྣལ་འབྱོར་ཏེ། རྣལ་འབྱོར་ཐམས་ཅད་ཀྱི་མཐར་ཐུག་པས་ཤིན་ཏུ་རྣལ་འབྱོར་རོ། །དེ་ཉིད་རྫོགས་རིམ་ཐམས་ཅད་ཀྱི་སྙིང་པོར་གྱུར་པས་དེའི་བླ་ན་བགྲོད་བྱ་གཞན་མེད་ལ། འདི་ཉིད་ཀྱིས་ཤིན་ཏུ་ཟབ་ཅིང་བརྟག་པར་དཀའ་བའི་ནམ་མཁའ་ལྟ་བུའི་སྐྱེ་བ་མེད་པའི་ཆོས་ཉིད་བཅར་ཕོག་ཏུ་སྟོན་པས་ན་ཆེན་པོའི་སྒྲས་བསྟན་པ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས། ནམ་མཁའ་ལྟར་བསམ་གྱིས་མི་ཁྱབ་པའི་ཆོས་སྟོན་པ་ནི་ཤིན་ཏུ་ཆེན་པོའོ། །ཞེས་བཀའ་སྩལ་པའང་འདིའི་ངེས་ཚིག་ལ་དགོངས་པའོ། །གཞན་ཡང་རང་བྱུང་གི་རིག་པ་ཉིད་ལ་འཁོར་འདས་ཀྱི་ཆོས་མཐའ་དག་རྫོགས་པའི་ཚུལ། ནཱ་རོ་པས་ཀྱང་། མ་བཅོས་རིག་པའི་ཏིང་འཛིན་གསལ། །བྱ་བ་མེད་བཞིན་དོན་ཀུན་རྫོགས། །རང་བྱུང་གཉུག་མ་ཀུན་གྱི་གཞི། །བགྲོད་མེད་རྣལ་འབྱོར་ལྷུན་གྲུབ་ལམ། །ཇི་བཞིན་ཀུན་རྫོགས་འབྲས་བུ་ཉིད། །ཐིག་ལེ་བྱ་བྲལ་རྫོགས་པའི་གཏེར། །བདེ་བའི་ཡེ་ཤེས་མི་རྟོག་ཐུགས། །སྐལ་ལྡན་དང་པོ་ཉིད་ནས་རྫོགས། །འགྲོ་དྲུག་འཁོར་བའི་རྟོག་པ་དང་། །རྒྱལ་བའི་ཡེ་ཤེས་མྱ་ངན་འདས། །བདེ་ཆེན་རིག་པ་གཅིག་གི་ངང་། །རང་བྱུང་ཇི་བཞིན་མ་བཅོས་པ། །


GTN001_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུན་རྫོགས་སྤྲོས་པ་མེད་པའི་ངང་། །ཞེས་སོ། །གཞན་ཡང་འཕགས་པ་འཇམ་དཔལ་དབྱངས་ཀྱི་ཞལ་གྱི་ལུང་སློབ་དཔོན་ཡེ་ཤེས་ཞབས་ཀྱིས་བསྡུས་པ་ལས་ཀྱང་། རྫོགས་པ་ཆེན་པོ་ཡེ་ཤེས་སྤྱི་ཡི་གཟུགས། །ཡོངས་སུ་དག་སྐུ་རྡོ་རྗེ་འཆང་ཆེན་པོ། །དཔལ་ལྡན་ཀུན་གྱི་ངོ་བོ་རིམ་གཉིས་འདི། །སྡུག་བསྔལ་ལམ་བཅས་བསྐལ་པ་གསུམ་དུ་ཡང་། །རང་གི་རྗེས་མཐུན་བྱང་ཆུབ་བླ་དང་བཅས། །ཐོབ་ནས་དེ་བདེ་ཅུང་ཙམ་རབ་ཚོ༷གས་{ཆ༵གས་}པ། །རྣལ་འབྱོར་དེ་ཡིས་ཅི་ཕྱིར་དེ་མི་བསྒོམ། །ཞེས་དང་། དེའི་འགྲེལ་པར། རྫོ༷གས་པ༷་ཆེ༷ན་པོ༷་ཞེས་པ་ནི་རིམ་པ་གཉིས་པའི་རིམ་པ་གཉིས་པའོ། །དེའི་ཡེ༷་ཤེ༷ས་ནི་མེ་ལོང་ལྟ་བུ་ལ་སོགས་པ་ལྔའོ། །སྤྱི༷་གཟུ༵གས་ཞེས་པ་ནི་དེ་རྣམས་ཀྱི་ཤིན་ཏུ་རྣམ་པར་དག་པའི་ཡོངས་སུ་དག་པ་སྟེ། དེ་བས་ན་ཡོ༷ངས་སུ༷་དག་པའི་སྐུ་༷ཞེས་ཏེ། ཇི་བཞིན་པའི་འབྲས་བུའི་སྐུ་ཡིན་པས་ན་དེ་སྐད་དེ། །དེ་ཉིད་ལ་རྡོ༷་རྗེ༷་འཆ༷ང་ཆེ༷ན་པོ༵་ཞེས་སོ། །དཔ༷ལ་ལྡན༷་ཀུན༷་ཞེས་པ་ནི། རང་གི་ཤེས་རབ་དང་ལྡན་པས་ན་སངས་རྒྱས་ཐམས་ཅད་ལ་བྱའོ། །དེ་ཉིད་དེ་ཐམས་ཅད་ཀྱི་དོན་དམ་པ་དང་ཀུན་རྫོབ་ཀྱི་ངོ༷་བོ༷འོ། །དེ་ཉིད་ལ་རི༷མ་པ་


GTN001_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

གཉི༷ས་འདི༵་ཞེས་ཏེ་རྫོགས་པའི་རིམ་པ་དེ་ཁོ་ན་ཞེས་སོ། །ལམ་རིང་བ་རྣམས་ཀྱི་ཐབས་ཆེ་བ་འདི་སྒོམ་པར་གསུངས། སྡུག་བསྔལ་ཞེས་པ་ལ་སོགས་པའོ། །སྡུག༷་བསྔ༷ལ་ཞེས་པ་ནི་མགོ་སྦྱིན་པ་ལ་སོགས་པའི་སྒོ་ནས་ལ༷མ་རྣམས་ལ་བསྐལ༷་པ༷་གསུམ༷་དུ་༷ཡ༵ང་གསུངས་ཏེ། དད་པས་སྤྱོད་པ་དང་། དང་པོ་ནས་བདུན་པ་དང་། བརྒྱད་པ་ནས་བཅུ་པའི་བར་དུ་གྲངས་མེད་པའི་བསྐལ་པ་ར༷ང་གི་༷རྗེ༷ས་སུ་མཐུ༷ན་པའི་བྱང༷་ཆུ༷བ་ཐོ༷བ་ཀྱང་དེའི་གོང་ན་བླ་ན་མེད་པའི་སངས་རྒྱས་རྡོ་རྗེ་འཆང་ཆེན་པོ་ཡོད་པས་ན་བླ་༷དང༷་བཅ༵ས་ཞེས་སོ། །དེ༷འི་བདེ་བ་ནི་བདེ་༷བ་ཆེན་པོའི་སྦྱོར་བ་ལ་ལྟོས་ན་ཅུ༷ང་ཟད་ཙ༷མ་སྟེ། དེ་ལ་ར༷བ་ཏུ་ཆ༷གས་པའི་རྣལ༷་འབྱོ༷ར་པ་དེ༷་ཡི༷ས་འདི་ལྟ་བུ་དཔལ་དང་ལྡན་པ་ཀུན་ནས་བཀྲིས་པ་འདི། ཚེ་གཅིག་གིས་འགྲུབ་པའི་ལམ་འདི་ཅི༷འི་ཕྱི༷ར་མི་བསྒོམ་སྟེ་བསྒོ༵མ་པར་བྱ་བ་ཁོ་ནའོ། །ཞེས་བི་ཏ་པ་དས་ལེགས་པར་བཤད་དོ། །དེ་བཞིན་ཉིད་ཀྱི་ཆོས་ཉིད་ཟབ་མོའི་གནས་ལུགས་ནི་ཚད་མ་དང་རྟོག་གེའི་རིག་ཤེས་ལྟར་སྣང་གིས་རྟོགས་བྱའི་ཡུལ་དུ་མི་གནས་པའི་ཚུལ་ཡང་། འཕགས་པ་དགོངས་པ་ངེས་འགྲེལ་ལས། སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །བརྗོད་དུ་མེད་ཅིང་ཐ་སྙད་ཡོངས་ཆད་པ། །རྩོད་དང་བྲལ་བ་དོན་དམ་ཆོས་ཡིན་ཏེ། །དེ་ནི་རྟོག་གེ་ཀུན་ལས་འདས་མཚན་ཉིད། །ཅེས་དང་། ལང་ཀར་གཤེགས་པ་ལས། བྱིས་པ་ངན་པའི་རྟོག་གེ་པ། །རོ་དང་འདྲ་བས་འདི་དག་བརྟགས། །ཞེས་གསུངས་པ་བཞིན་ནོ། །གང་དག་རྟོག་གེའི་བསམ་བྱུང་གི་ཤེས་རབ་ནི་སྒྲ་ཚིག་ཐ་སྙད་དང་མཚན་མའི་ཆོས་ཀྱི་རྗེས་སུ་རྣམ་པར་རྟོག་པའི་


GTN001_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དང་སེམས་བྱུང་གིས་ཀུན་ཏུ་བསྐྱེད་པའི་ཕྱོགས་ཆོས་དང་། མཚན་ཆོས་དང་། རྫས་ལྡོག་དང་། འགལ་ཁྱབ་སོགས་ཀྱིས་རྟོག་པས་བཏགས་པའི་ཆོས་ཐམས་ཅད་རང་བཞིན་མེད་པ་དང་། རྣམ་རིག་མེད་པ་དང་། དངོས་པོ་མེད་པ་དང་། ཀུན་གཞི་མེད་པ་ལ་སོགས་སྟོང་པ་ཉིད་དུ་བློས་བཞག་ཅིང་རྗེས་སུ་དཔག་པར་བྱེད་པ་ནི་བྱིས་པའི་སྐྱེ་བོ་དག་གི་རྟོག་པའི་ཕྲེང་བ་ཙམ་དུ་སློབ་དཔོན་འཕགས་པ་ཉིད་ཀྱིས་ཞལ་གྱིས་བཞེས་ཤིང་། ཇི་སྐད་དུ། སློབ་དཔོན་ཉིད་ཀྱིས། སྐྱེ་བ་དང་ནི་འགག་པ་ལ། །རྐྱེན་ནི་རྟོག་པ་གཅིག་པུ་ཡིན། །རྣམ་རིག་ཙམ་དུ་འབྱུང་བ་ནི། །དངོས་པོའི་རང་བཞིན་ཡོད་མ་ཡིན། །རྟོག་པར་གྱུར་པའི་རྟོག་གེ་པ། །བཏགས་པ་ཙམ་དུ་བསྒོམ་པ་ན། །རང་བཞིན་མེད་ཅིང་རྣམ་རིག་མེད། །དངོས་པོ་མེད་ཅིང་ཀུན་གཞི་མེད། །འདི་དག་བྱིས་པས་རབ་ཏུ་བཏགས། །རྟོག་གེ་ངན་པས་ཀུན་ཏུ་སྤྱད། །ཅེས་གསུངས་པས་སོ། །དེ་ལྟ་བས་ན་དོན་དམ་པའི་བདེན་པ་ནི་སྤྲོས་པ་ཉེ་བར་ཞི་བ། མཚན་མའི་ཆོས་དང་བྲལ་བ། ཚིག་དང་ཐ་སྙད་ཀྱི་ལམ་དུ་མི་གནས་པ། ཀུན་ཏུ་རྟོག་པའི་རྗེས་སུ་འབྲང་མ་མྱངས་པས་ན་རྟོག་དཔྱོད་དང་རྗེས་དཔག་གི་ཡུལ་དང་ཤིན་ཏུ་འགལ་བ་ཅན་ཡིན་ལ། དེ་ཉིད་ཀྱི་ཕྱིར་གནས་ཚུལ་དེ་ལྟ་བུའི་ཡེ་ཤེས་དེ་ཉིད་ལ་མཉམ་པར་བཞག་པའི་གནས་སྐབས་གཤིས་ལ་བྱ་རྩོལ་དང་བྲལ་བའི་གྲུབ་མཐའི་འཇོག་ལུགས་འདི་མ་ཤེས་ན་རྟོག་དཔྱོད་ཀྱི་ཐོས་པ་ཐམས་ཅད་ནི་ཚིག་གི་སྦུན་པ། བསམ་པ་དང་གོ་བ་ནི་རྣམ་རྟོག་གི་ཡོ་ལང་། བསྒོམ་པ་ནི་དེར་འཛིན་


GTN001_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

མྱོང་བ་ནི་འོལ་ཚོད་དུ་སོང་བས་བློའི་ངོ་ལ་འཐད་འཐད་འདྲ་བ་ཇི་ལྟར་ཤར་རུང་གནས་ལུགས་ཟབ་མོའི་ཕྱོགས་ཉེ་ཙམ་དུ་ཕྱིན་པར་ཡང་ཤིན་ཏུ་དཀའ་སྟེ། འདི་ལྟར་སངས་རྒྱས་ཀྱི་སྙིང་པོའི་མདོ་ལས། གང་སོ་སོའི་སྐྱེ་བོ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གང་ཇི་ལྟ་བ་བཞིན་དུ་སངས་རྒྱས་ཀྱི་སྙིང་པོ་མཐོང་བ་མ་ཡིན་ནོ། །དཔེར་ན་དམུས་ལོང་ཞིག་གིས་གཞན་ལ་མར་གྱི་ཁ་དོག་དྲིས་པས། ཁ་བ་འདྲའོ་ཞེས་སྨྲས་པ་དང་། དེས་ཁ་བ་ལ་རེག་པས་མར་གྱི་ཁ་དོག་གྲང་མོར་འཛིན་ཏོ། །དྲིས་པ། ཁ་བའི་ཁ་དོག་ཅི་འདྲ་སྨྲས་པ། ངང་པའི་གཤོག་པ་འདྲའོ། །ངང་པའི་གཤོག་སྒྲ་ཐོས་པས་ཁ་བའི་ཁ་དོག་འུར་འུར་པོ་འཛིན་ཏོ། །དྲིས་པ། གཤོག་པའི་ཁ་དོག་ཅི་འདྲ། དུང་དང་འདྲའོ། དུང་ལ་རེག་པས་འཇམ་པོར་འདུག་པས། དེ་ཡང་འཇམ་པོར་འཛིན་ཏོ། །ཇི་ལྟར་སྨྲས་ཀྱང་དམུས་ལོང་གིས་ཁ་དོག་ཇི་ལྟ་བ་བཞིན་མི་ཤེས་པ་དེ་ལྟར་སངས་རྒྱས་ཀྱི་རང་བཞིན་མཐོང་བར་ཡང་རབ་ཏུ་དཀའོ། །ཞེས་བཀའ་སྩལ་ཞིང་། དེ་བཞིན་དུ་འཕགས་པ་འཇམ་དཔལ་གྱིས་དེ་ཁོ་ན་ཉིད་སྒྲུབ་པའི་ཐབས་ཞལ་གྱི་ལུང་དུ་ཡང་། དེ་འདྲའི་རབ་མཆོག་ཡེ་ཤེས་ནི། །སོ་སོ་སྐྱེ་བོས་ག་ལ་ཤེས། །ཉན་ཐོས་རྣམས་ཀྱིས་མི་ཤེས་སོ། །རང་སངས་རྒྱས་ཀྱིས་ཀྱང་མི་ཤེས། །རྣལ་འབྱོར་སྤྱོད་དང་དབུ་མ་པ། །བྱང་ཆུབ་སེམས་དཔས་མི་ཤེས་སོ། །བླ་བཅས་སངས་རྒྱས་ཀུན་གྱིས་ཀྱང་། །འདི་ནི་ཅུང་ཟད་མི་ཤེས་སོ། །ཞེས་སོགས་རྒྱལ་བ་སྲས་དང་བཅས་པས་རྒྱ་ཆེར་བསྟན་ལ། དེ་ལྟར་རྟོགས་


GTN001_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

པར་དཀའ་བ་ཡང་འབད་རྩོལ་དང་། ཞེ་འདོད་དང་། རྟོག་དཔྱོད་དང་། རྒྱུ་འབྲས་སུ་དམིགས་པའི་རྟོག་པ་འབའ་ཞིག་གི་སེམས་དང་སེམས་ལས་བྱུང་བའི་ཉེར་ལེན་སྤྲོས་པའི་མཚན་མ་སྣ་ཚོགས་པས་ལྟ་བའི་ཡུལ་དང་ཡུལ་ཅན་དུ་བཟུང་བས་རེ་དོགས་ཀྱིས་དབྱེན་བཅོས་ཤིང་བསྒྲིབས་པར་གྱུར་ལ། འདིར་ནི་རྫོགས་པ་ཆེན་པོའི་སྤྱིའི་ལམ་དུ་བཅིང་གྲོལ་མེད་པའི་གནས་ལུགས་གཤིས་ཀྱི་བཞུགས་ཚུལ་གཏན་ལ་ཕེབས་པའི་ངང་དེ་ལས་མ་གཡོས་པར་མཉམ་པར་བཞག་པས་སྤྲོས་པ་ཐམས་ཅད་རང་གི་དབྱིངས་སུ་ཞི་བ་ལས་བྱ་བ་ཐམས་ཅད་བྲལ་བའི་བློ་འདས་ཆེན་པོའི་ངང་ལ་རང་གནས་རྒྱུན་བཞག་ཏུ་སྐྱོང་བ་ལས་བཟོ་མི་འཆོས། རྩལ་སྣང་གློ་བུར་གྱི་དྲི་མ་མཐའ་དག་ཀྱང་། རང་རིག་ཡེ་སྟོང་འཕོ་འགྱུར་མེད་པའི་ཀློང་དུ་ཆུ་དང་རླབས་བཞིན་སྤང་གཉེན་དུ་མ་གྲུབ་པར་རང་སངས། རང་དངས། རང་གྲོལ་དུ་འགྱུར་བ་ཙམ་ལས། གཞན་དུ་མི་བཙལ། ཆེད་དུ་མི་བསྒོམ། གཅིག་ཏུ་མི་གནས། བློས་མི་བཞག །རྣམ་པར་མི་རྟོག །སྐྱོན་དུ་མི་འཛིན། ཕྱིར་མི་གསལ། ནང་དུ་མི་བསྒྲུབ་པར་རང་བབ་རང་ལུགས་སུ་འཇོག་པ་ཙམ་ལ་བསྒོམ་པ་དང་མཉམ་བཞག་གི་ཐ་སྙད་བཏགས་པ་སྟེ། དེ་ཉིད་ཀྱི་ཕྱིར་ངོ་བོ་བསམ་བརྗོད་དང་བྲལ་བས་སྟོང་པ་ཉིད། རྣམ་པར་རྟོག་པ་དང་བྲལ་བས་མཚན་མ་མེད་པ། བླང་དོར་རེ་དོགས་དང་བྲལ་བས་སྨོན་པ་མེད། དུས་གསུམ་དུ་མི་དམིགས་པ་མི་འཇུག་པའི་ཕྱིར་འཁོར་གསུམ་ཡོངས་སུ་ཆད་པའི་མཚན་ཉིད་དུ་རང་བཞིན་གྱིས་གནས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའི་སྡེ་


GTN001_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

སྣོད་ལས། དེ་ལ་འཁོར་གསུམ་ཡོངས་སུ་ཆད་པ་གང་ཞེ་ན། གང་འདས་པ་ལ་སེམས་མི་འཇུག་པ་དང་། མ་འོངས་པ་ལ་རྣམ་པར་ཤེས་པ་རྗེས་སུ་མི་འཇུག་པ་དང་། ད་ལྟར་བྱུང་བ་ལ་ཡིད་ལ་བྱེད་པ་མི་འཇུག་པ་སྟེ། དེ་སེམས་དང་། ཡིད་དང་རྣམ་པར་ཤེས་པ་ལ་མི་གནས་པས་འདས་པ་ལ་མི་རྟོག །མ་འོངས་པ་ལ་རློམ་སེམས་མི་བྱེད། ད་ལྟར་བྱུང་བ་ལ་སྤྲོས་པ་མི་བྱེད། འདི་ནི་དུས་གསུམ་མཉམ་པ་ཉིད་འཁོར་གསུམ་ཡོངས་སུ་དག་པ་ཡིན་ན་སེམས་ཅན་རྣམས་ཀྱིས་ཁོང་དུ་མ་ཆུད་པས་དེ་ཁོང་དུ་ཆུད་པར་བྱའོ། །ཞེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་འཇུག་གོ །ཞེས་དང་། ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པའི་མདོ་ལས། ཆོས་ཐམས་ཅད་སྔོན་གྱི་མཐའ་ནས་ཡོངས་སུ་དག་པའོ། །ཆོས་ཐམས་ཅད་ཕྱི་མའི་མཐའ་ནས་ཡོངས་སུ་དག་པའོ། །ཆོས་ཐམས་ཅད་ད་ལྟར་བྱུང་བའི་མཐའ་ནས་ཡོངས་སུ་དག་པ་སྟེ། འདི་ནི་དུས་གསུམ་ཡོངས་སུ་དག་པ་ཞེས་བྱའོ། །གང་ཡོངས་སུ་དག་པ་འདི་ནི་ནམ་དུ་ཡང་ཡོངས་སུ་མ་དག་པར་མི་འགྱུར་ཏེ། ཡོངས་སུ་དག་པ་གང་གིས་རང་བཞིན་ཡོངས་སུ་དག་པ་འདི་ནི་ཤིན་ཏུ་ཡོངས་སུ་དག་པ་སྟེ། དེའི་ཕྱིར་ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བ་ཞེས་བྱའོ། །ཆོས་ཐམས་ཅད་ཀྱི་རང་བཞིན་དེ་གང་ཞེ་ན། ཆོས་ཐམས་ཅད་ནི་སྟོང་པ་ཉིད་ཀྱི་རང་བཞིན་ཅན་ཏེ་དམིགས་པ་དང་བྲལ་བའོ། །ཆོས་ཐམས་ཅད་ནི་མཚན་མ་མེད་པའི་རང་བཞིན་ཅན་ཏེ་རྟོག་པ་དང་རྣམ་པར་རྟོག་པ་དང་བྲལ་བའོ། །ཆོས་ཐམས་ཅད་ནི་སྨོན་པ་མེད་པའི་རང་བཞིན་ཅན་ཏེ།


GTN001_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

བླང་བ་མེད་པ། དོར་བ་མེད་པ། བསམ་པ་མེད་པ། ནུས་པ་མེད་པ་ཤིན་ཏུ་ངོ་བོ་ཉིད་དང་བྲལ་བ་ཡིན་ཏེ། དེ་ནི་རང་བཞིན་གྱིས་འོད་གསལ་བའོ། །འཁོར་བའི་རང་བཞིན་གང་ཡིན་པ་དེ་མྱ་ངན་ལས་འདས་པའི་རང་བཞིན་ཡིན་ནོ། །མྱ་ངན་ལས་འདས་པའི་རང་བཞིན་གང་ཡིན་པ་དེ་ཆོས་ཐམས་ཅད་ཀྱི་རང་བཞིན་ཡིན་ཏེ། དེའི་ཕྱིར་སེམས་རང་བཞིན་གྱིས་འོད་གསལ་བ་ཞེས་བྱའོ། །ཞེས་དང་། ཀུན་བྱེད་རྒྱལ་པོ་ལས། ངང་ལ་གནས་པ་གཡོ་མེད་ལྷུན་གྱིས་གྲུབ། །རང་བཞིན་གནས་པས་སུས་ཀྱང་བཅོས་སུ་མེད། །མ་བཅོས་ཇི་བཞིན་པ་རུ་གནས་པ་དེ། །བྱ་བ་མེད་པ་ལས་ཀྱི་མཆོག་ཏུ་བསྟན། །གཅིག་ལ་གཉིས་སུ་བལྟས་པས་བསྒོམ་པ་ནོར། །ངོ་བོ་གཅིག་ལ་གཉིས་ཀྱིས་ཐོབ་པ་མེད། །ཅེས་དང་། མངོན་རྟོགས་རྒྱན་ལས། འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བའང་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་དང་། སློབ་དཔོན་ནཱ་རོ་པས་ཀྱང་། འཛིན་པའི་ཆ་ལས་གང་གནས་ཀྱང་། །འཁོར་བའི་འབྲས་བུ་ཉིད་དུ་འགྱུར། །རབ་འདོད་དོན་གྱི་མཐར་མི་ཕྱིན། །ཡེ་ཤེས་གསང་བ་བདེ་བའི་ས། འདོད་པས་མི་འགྲུབ་ཐོབ་པ་མེད། །འདོད་མེད་རང་བཞིན་ཉིད་ལས་འབྱུང་། །ཤེས་པ་རང་ལུགས་སོ་མ་ཉིད། །ཀུན་བཟང་རྒྱལ་བའི་དགོངས་པའོ། །ཞེས་དང་། དམ་པའི་དོན་ལ་གང་འཇུག་པ། །ངེས་པའི་གདམས་ངག་ཟབ་མོ་ཡིས། །བཙལ་མེད་རང་བཞག་བཙལ་བ་དང་། །མི་བསྒོམ་རང་ལུགས་བསྒོམ་པ་དང་། །མི་གནས་ཚུལ་ལ་འདུག་པ་དང་། །གཞག་མེད་མཉམ་བཞག་རང་བྱུང་


GTN001_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

བདེ། །མི་རྟོག་དོན་ལ་གྱི་ན་པ། །དགེ་མི་དགེ་ཡི་རྣམ་རྟོག་བྲལ། །བྱང་ཆུབ་སེམས་ཀྱི་མཚན་ཉིད་དོ། །ཞེས་སོགས་རྒྱ་ཆེར་གསུངས་ཤིང་། སློབ་དཔོན་ཀླུའི་དབུ་མ་ལས་ཀྱང་། གྲུབ་པ་མེད་པའི་ཆོས་རྣམས་ལ། །གཉིས་དང་གསུམ་སོགས་ག་ལ་སྲིད། །སྣང་སེམས་ཁས་ལེན་སྤྲོས་དང་བྲལ། །ཆོས་ཉིད་བློ་འདས་བསྒོམ་དུ་མེད། །ཅེས་བློ་འདས་ཆེན་པོ་བསྒོམ་དུ་མེད་པའི་དོན་གསལ་བར་བསྟན་ཞིང་གཞན་ཡང་། སློབ་དཔོན་ཀླུའི་བྱང་ཆུབ་ཀྱིས་ཀྱང་། ཨ་ཏིའི་རྣལ་འབྱོར་རིག་པ་མེད། །ཇི་ལྟར་བཞག་པ་དེ་ལྟར་ཡིན། །གཉིས་མེད་སེམས་ལ་རྟག་ལྟ་དང་། ། ཆད་པར་འགྱུར་བ་མ་ཡིན་ནོ། །ཞེས་གཤིས་ལུགས་རང་བབ་ཏུ་བཞག་པ་ཉིད་ཀྱིས་འགྲུབ་པར་བསྟན་པ་ལྟ་བུའོ། །དེ་ལྟར་བཞག་པས་བློ་འདས་འཕགས་པའི་ཡེ་ཤེས་བསལ་བཞག་མེད་པའི་དེ་ཁོ་ན་ཉིད་རང་རིག་མངོན་སུམ་དུ་རྫོགས་པར་གཏན་ལ་ཕེབས་ཤིང་། རྟོགས་པའི་གནས་སྐབས་དེར་དེ་བཞིན་གཤེགས་པས་ལེགས་པར་གསུངས་པའི་ཆོས་ཀྱི་སྒོ་ཐམས་ཅད་དེར་འདུ་ཞིང་གནས་པའི་ཚུལ་ཡང་། ཟླ་བ་སྒྲོན་མའི་མདོ་(ཏིང་འཛིན་རྒྱལ་པོའི་མདོ་)ལས། འཇིག་རྟེན་ཁམས་ནི་སྟོང་དག་ཏུ། །ངས་ནི་མདོ་སྡེ་གང་བཤད་པ། །ཚིག་འབྲུ་ཐ་དད་དོན་གཅིག་སྟེ། །ཐམས་ཅད་བརྗོད་པར་ནུས་མ་ཡིན། །ཚིག་གཅིག་རྣམ་པར་བསྒོམ་ན་ནི། །དེ་དག་ཐམས་ཅད་བསྒོམ་པར་འགྱུར། །ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱིས། །ཆོས་རྣམས་མང་པོ་རབ་བཤད་པ། །ཆོས་རྣམས་ཐམས་ཅད་སྟོང་པ་ཉིད། །མི་གང་དོན་ལ་མཁས་པ་དག །ཚིག་འདི་བསླབ་པར་གྱུར་པ་ན། །སངས་རྒྱས་ཆོས་ནི་དཀོན་མ་ཡིན། །ཞེས་སོ། །

དབང་པོའི་རིམ་པས་གྲུབ་མཐའི་འཇལ་ལུགས་གསུམ།


GTN001_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་དབང་པོའི་རིམ་པས་གྲུབ་མཐའི་འཇལ་ལུགས་གསུམ་དུ་བྱུང་སྟེ། བཀོད་པ་ཆེན་པོ་ལས། འོན་ཀྱང་ང་འདས་འོག་དག་ཏུ། །འདི་ལྟར་རྣམ་པ་སྣང་བར་འགྱུར། །ཡིད་ཅན་རྣམས་ལ་སེམས་ཀྱི་སྡེ། །ནམ་མཁའ་ཅན་ལ་ཀློང་གི་སྡེ། །རིམ་རྩོལ་བྲལ་བ་མན་ངག་སྡེ། །ཞེས་པས་འདི་ལྟར་ཆོས་ཐམས་ཅད་སེམས་ཉིད་ལས་གུད་ན་མེད་པས་སྤང་བྱའི་མཐའ་ལས་གྲོལ་བ་སེམས་ཀྱི་སྡེ། ཆོས་ཅན་ཐམས་ཅད་ཆོས་ཉིད་ཀུན་ཏུ་བཟང་མོའི་ཀློང་དུ་འུབ་ཆུབ་པས་གཉེན་པོའི་མཐའ་ལས་གྲོལ་བ་བྱ་བྲལ་ཀློང་གི་སྡེ། དོན་རང་གི་མཚན་ཉིད་ཡིན་ལུགས་ལྟར་གཏན་ལ་འབེབས་པས་སྤང་གཉེན་གཉིས་ཀའི་མཐའ་ལས་གྲོལ་བ་ཟབ་པ་མན་ངག་གི་སྡེ་གསུམ་མོ། །དང་པོ་ནི། ཐེག་པའི་རིམ་པ་དང་། བདེན་པ་གཉིས་དང་། ཕར་ཕྱིན་དྲུག་དང་། རིམ་པ་གཉིས་སོགས་ལ་དེར་འཛིན་གྱི་འདུ་ཤེས་དམ་པོས་དཀྲིས་པའི་ཟག་པ་དང་བཅས་པའི་ལམ་བདེན་འདུ་བྱས་པ་གང་ཞིག་དག་མཉམ་ཆེན་པོའི་ཡེ་ཤེས་གཉུག་མའི་བྱང་ཆུབ་སེམས་ཀྱི་རང་བཞིན་ཆོས་དབྱིངས་སྤྲོས་པ་དང་བྲལ་བ་དོན་དམ་བདེན་པའི་གཤིས་དེ་ཉིད་རྒྱུ་འབྲས་དགེ་སྡིག་བླང་དོར་གྱི་ཆ་ལས་རྣམ་པར་གྲོལ་བའི་དབྱིངས་ཆེན་པོར་ལ་བཟླ་བ་སེམས་ཀྱི་སྡེའི་གྲུབ་མཐའ་སྟེ། མདོར་ན་གཟུང་འཛིན་གཉིས་སྣང་གི་ཆོས་ཐམས་ཅད་ལས་འདས་པའོ། །དེའི་ཚུལ་ནི། ཀུན་བྱེད་ལས། སེམས་ཉིད་བྱང་ཆུབ་སེམས་ཀྱི་ངོ་བོ་ལ། །ལྟ་བ་སྒོམ་


GTN001_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

མེད་སྤྱོད་པ་སྤྱད་དུ་མེད། །འབྲས་བུ་བསྒྲུབ་མེད་ས་ལ་བགྲོད་དུ་མེད། །དཀྱིལ་འཁོར་བསྐྱེད་མེད་བཟླས་བརྗོད་རྫོགས་རིམ་མེད། །དབང་ལ་བསྐུར་མེད་དམ་ཚིག་བསྲུང་དུ་མེད། །ཡེ་ནས་ལྷུན་གྲུབ་དག་པའི་ཆོས་ཉིད་ལ། །གློ་བུར་རིམ་རྩོལ་རྒྱུ་འབྲས་ཆོས་ལས་འདས། །ཞེས་དང་། ཡོ་ག་ཤིན་ཏུ་རྣལ་འབྱོར་རྫོགས་ཆེན་ལ། །རྒྱུ་དང་འབྲས་བུ་ཡོད་ཟེར་སྨྲ་བྱེད་ན། །དེ་ནི་རྫོགས་ཆེན་རྟོགས་པའི་དོན་མི་ལྡན། །དོན་དམ་ཀུན་རྫོབ་གཉིས་སུ་སྨྲ་བྱེད་ན། །སྒྲོ་དང་སྐུར་བ་འདེབས་པའི་ཚིག་ཡིན་ཏེ། །དེ་ཡིས་གཉིས་སུ་མེད་པར་རྟོགས་པ་མེད། །དུས་གསུམ་སངས་རྒྱས་རྣམས་ཀྱིས་རྟོགས་པ་ཡང་། །གཉིས་སུ་མ་མཐོང་རྣམ་གཞག་གཅིག་ཏུ་རྟོགས། །ཞེས་དང་། འཕགས་པ་ཀུན་རྫོབ་དང་དོན་དམ་པའི་བདེན་པ་བསྟན་པའི་མདོ་ལས། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དོན་དམ་པར་ན་དེ་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཤིན་ཏུ་མི་སྐྱེ་བ་གང་དང་མཉམ་པ། དོན་དམ་པར་ན་མཚམས་མེད་པ་ལྔ་པོ་དག་ཀྱང་དེ་དང་མཉམ་མོ། །དོན་དམ་པར་ན་དེ་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཤིན་ཏུ་མི་སྐྱེ་བ་གང་དང་མཉམ་པ། དོན་དམ་པར་ན་ལྟ་བར་གྱུར་པ་རྣམ་ཀྱང་དེ་དང་མཉམ་མོ། །ཞེས་དང་། དེ་ལྟར་བསྟན་པས་ཟབ་མོའི་གནས་ལ་བལྟ་བའི་བློ་གྲོས་ཀྱི་མིག་ཟུམ་པ་འགའ་ཞིག་གིས་རྫོགས་ཆེན་གྱིས་ཐབས་ཀྱི་ཆ་ཡལ་བར་དོར་བས་རྒྱུ་འབྲས་ལ་སྐུར་བ་བཏབ་བོ་ཞེས་སྲོག་འདོར་བ་ཙམ་དུ་བྱས་སོ། །ཟབ་མོའི་གནས་ལ་བྱིས་པའི་བློ་གྲོས་སྐྲག་པ་སྐྱེ་བ་བདེན་ཀྱང་། ཆོས་འདི་


GTN001_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

བས་རྣམ་ཤེས་རྟོག་པའི་ཡུལ་ལས་འདས་པའི་ཡེ་ཤེས་ཀྱི་རྒྱལ་ཁམས་དོན་དམ་བདེན་པའི་ཆོས་ཀྱི་དབྱིངས་དེ་འདུས་མ་བྱས་སུ་སྨྲ་བ་གང་ཞིག །ཁམས་གསུམ་དང་དཀར་ནག་ལས་ཀྱི་ཆ་འདུས་བྱས་པའི་ཁམས་སུ་མི་གནས་ཤིང་། དེ་ལས་ཡོངས་སུ་གྲོལ་བའི་བདག་ཉིད་ཅན་དུ་འདོད་པའི་ཕྱིར་རྒྱུ་རྐྱེན་གྱིས་མ་བསྐྱེད་པ་སྔར་གྱི་ལུང་རྣམས་ཀྱིས་ཀྱང་རྟོགས་པར་ནུས་ལ། གལ་ཏེ་དེར་འདོད་ན། སློབ་དཔོན་ཀླུ་སྒྲུབ་ཀྱི་དབུ་མ་རྩ་ཤེར་ལས། ལས་དང་ཉོན་མོངས་རྣམ་རྟོག་ལས། །དེ་དག་སྤྲོས་ལས་སྤྲོས་པ་ནི། །སྟོང་པ་ཉིད་ཀྱིས་འགག་པར་འགྱུར། །ཞེས། ལས་དཀར་ནག་གི་རྒྱུ་འབྲས་ཐམས་ཅད་རྣམ་རྟོག་གི་མཚན་མ་ཙམ་ལས་བྱུང་བར་གསུངས་ནས། དེ་དག་ཐམས་ཅད་སྤྲོས་པ་དང་བྲལ་བའི་སྟོང་པ་ཉིད་ཀྱིས་ཞི་བར་གསུངས་ཤིང་། དེ་ཉེ་བར་ཞི་བའི་ཚུལ་ཡང་། གཞན་ལས་ཤེས་མིན་ཞི་བ་དང་། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །དེ་ནི་དེ་ཡི་མཚན་ཉིད་དོ། །ཞེས་དང་། ཡང་དེ་ཉིད་ལས། ཉོན་མོངས་ལས་དང་ལུས་རྣམས་དང་། །བྱེད་པ་པོ་དང་འབྲས་བུ་དག །དྲི་ཟའི་གྲོང་དང་སྨིག་རྒྱུ་དང་། །མིག་ཡོར་ཆུ་ཟླ་ཇི་བཞིན་ནོ། །ཞེས་དང་། དེ་ཉིད་དབུ་མ་སྲིད་པ་འཕོ་བ་ལས། ཅིར་ཡང་མི་རྟོག་སྟོང་པ་སྟེ། །ཡིད་ལ་མི་བྱེད་སྐྱེ་འཆི་མེད། །སྣང་བ་སྒྱུ་མ་དགེ་སྡིག་བྲལ། །སྟོང་དང་སྙིང་རྗེ་འཁོར་འདས་སྟོང་། །སྒྱུ་མ་གསལ་སྟོང་བརྗོད་མེད་ཀྱི། །ཆོས་ཉིད་གསལ་དངོས་རྟོག་པ་མེད། །ཅེས་སོགས་དོན་དམ་བདེན་པའི་ཆོས་ཉིད་རྟོགས་པའི་དོན་འདུས་བྱས་པའི་དཀར་ནག་གི་ལས་ཐམས་ཅད་ཀྱིས་འཆིང་གྲོལ་མེད་པར་བཟང་ངན་རོ་མཉམ་ཆེན་


GTN001_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

པོར་རྟོགས་པ་སྔར་སྨོས་པ་ལྟར་ཆོས་ཐམས་ཅད་ཀྱི་རང་བཞིན་སྨོན་པ་མེད་པའི་མཚན་ཉིད་ཅན་དུ་ལ་བཟླ་བའི་ཆོས་ཉིད་དྲང་ཐད་དུ་སྟོན་པའི་སྐབས་ཏེ། འདི་ལྟར་བྱང་ཆུབ་སེམས་དཔའི་སྤྱོད་པ་དམ་པ་ལས། རིན་ཆེན་བྱིན་གྱིས་སྨྲས་པ། དེ་སྐད་ཅེས་སྨྲ་བར་བྱ་སྟེ། འདོད་ཆགས་མ་སྤངས་ཤིག །ཞེ་སྡང་མ་གཞིལ་ཅིག །གཏི་མུག་མ་བསལ་ཅིག །རང་གི་ལུས་ལས་གྱེན་དུ་མ་བསྐྱོད་ཅིག །མི་དགེ་བ་སྤྱོད་ཅིག །ལྟ་བ་ཚར་མ་གཅོད་ཅིག །ཀུན་ཏུ་སྦྱོར་བ་རྣམས་མ་སྟོན་ཅིག །ཕུང་པོ་རྣམས་ཡོངས་སུ་ཟུང་ཞིག །ཁམས་རྣམས་རིལ་པོར་གྱིས་ཤིག །སྐྱེ་མཆེད་རྣམས་ལ་སྤྱོད་ཅིག །བྱིས་པའི་ས་ལས་འདའ་བར་མ་བྱེད་ཅིག །མི་དགེ་བ་ལ་རྟོགས་ཤིག །དགེ་བ་སྤོངས་ཤིག །སངས་རྒྱས་ཡིད་ལ་མ་བྱེད་ཅིག །ཆོས་མ་སེམས་ཤིག །དགེ་འདུན་ལ་ནི་མཆོད་པར་མ་བྱེད་ཅིག །བསླབ་པ་དག་ཡང་དག་པར་མ་ལེན་ཅིག །སྲིད་པ་ཉེ་བར་ཞི་བ་དོན་དུ་མ་གཉེར་ཅིག །ཆུ་བོ་ལས་མ་བརྒལ་ཅིག །ཅེས་གདམས་ངག་འདི་ལྟ་བུ་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་ལ་གདམས་པར་བྱའོ། །རྗེས་སུ་བསྟན་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་རྣམས་ཀྱི་ཆོས་གནས་པ་འདི་ནི་གནས་པ་ཁོ་ན་ཡིན་པའི་ཕྱིར་རོ། །ཞེས་གསུངས་པ་དང་། དེ་བཞིན་དུ་དཔལ་གསང་བ་འདུས་པ་(རྒྱུད་ཕྱི་མ་)ལས་ཀྱང་། སེམས་ཅན་སངས་རྒྱས་མི་མཉམ་མཉམ། །བསྒྲུབ་བྱ་སུ་ཡིན་སྒྲུབ་པོ་གང་། །སྒྲུབ་པའི་དབང་པོ་བདག་ཉིད་ཆེ། །སངས་རྒྱས་ཐམས་ཅད་གསོད་པ་ཡིས། །ཇི་ལྟར་སྡིག་པས་གོས་མི་འགྱུར། །གལ་ཏེ་གོས་གྱུར་འབྲས་བུ་གང་། །ཞེས་དང་། ཡང་
དེ་ཉིད་ལས། དངོས་རྣམས་ཐམས་ཅད་སྒྱུ་མ་བཞིན། །སྐྱེད་དང་སྡུད་པར་མཛད་པ་པོ། །དེས་ན་དེ་ཡིས་སྡིག་མི་འགྱུར། །བསོད་ནམས་དག་ཀྱང་དེ་བཞིན་ནོ། །གང་ལ་སྡིག་དང་བསོད་ནམས་མེད། །དེ་ནི་བྱང་ཆུབ་ཡིན་པར་གསུངས་། །ཞེས་པ་ལ་སོགས་པས་རྒྱས་པར་བསྟན་པ་དེ་རྣམས་ཀྱིས་ཀྱང་ཐབས་ཀྱི་ཆ་ཡལ་བར་འདོར་བར་འགྱུར་རམ། འོན་ཀྱང་གནས་ལུགས་དེ་ཉིད་མ་རྟོགས་ཤིང་རྨི་ལམ་ལྟ་བུའི་ཆོས་ལ་བདེན་པར་འདུ་ཤེས་པ་རྣམས་ལ་རྨི་ལམ་ལྟ་བུའི་རྒྱུ་འབྲས་སྨིན་པ་ཆོས་ཉིད་དེ། དབུ་མ་ལས། ཡུལ་ཅན་སྒྱུ་མ་ཙམ་ཉིད་དུ། །སྒྱུ་མའི་སེམས་དང་ལྡན་པ་ལ། །བསོད་ནམས་དང་ནི་སྡིག་པ་འབྱུང་། །དེ་ཕྱིར་རྨི་ལམ་ལྟ་བུར་རྫུན། །ཞེས་གསུངས་པས་སོ། །

སེམས་ཀྱི་སྡེ།


GTN001_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱི་སྡེ་ལ་དབྱེ་ན་བདུན་ཏེ། དང་པོ་འབྲས་བུ་སེམས་ཀྱི་བྱུང་བར་འདོད་པའི་སེམས་ཕྱོགས་པ་ནི། འབྲས་བུ་གདོད་མའི་དབྱིངས་ལ་འགྱུར་བ་མེད་པས་སེམས་ལ་འཕོ་འགྱུར་མེད་པའི་ངང་ལས་གྲོལ་གཞིའི་ལྷུན་གྲུབ་ཀྱི་སྣང་ཆ་ལས་འཁོར་བ་ལྟར་ཤར་ཀྱང་ངང་ལས་མ་གཡོས་པས་མ་དག་རང་མཚན་གྱིས་སྟོང་ལ། སྣང་བའི་ཆ་ནས་དབྱིངས་ལས་བྱུང་ཞིང་དབྱིངས་ལ་གནས། དབྱིངས་སུ་ཐིམ་པ་ནམ་མཁའི་ཆོ་འཕྲུལ་བཞིན་ཏེ་ཡེ་གྲོལ་རང་བཞག་འབད་རྩོལ་མེད་པར་ལ་བཟླ་བའོ། །གཉིས་པ་གོལ་སྒྲིབ་ལ་བཟླ་བ་ནི། ཨ་ནུ་མན་ཆད་ཀྱི་རིམ་པ་བརྒྱད་པོ་རྣམས་ནི་བློས་བཏགས་པས་གཞི་ལས་གོལ་བ་ཡིན་ལ། འདིར་ནི་རང་བྱུང་གི་ཡེ་ཤེས་


GTN001_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

བློ་དང་བྲལ་བས་རྒྱུ་རྐྱེན་ལ་བཟླ་བས་ཆོས་ཉིད་ཡེ་སྟོང་ཆེན་པོ་དྲན་བསམ་ཕྱོགས་འཛིན་བྱུང་ཚོར་སོགས་ལས་འདས་པའི་གཤིས་སུ་མ་བསྒྲིབ་པའོ། །གསུམ་པ་གཏན་ཚིགས་ཁུངས་རྡིབ་པ་ནི། གཞི་སེམས་ཉིད་སྤྲོས་བྲལ་ཆེན་པོ་ལ་བཅོས་སུ་མེད་པའི་དོན་རྟོགས་པས་ངོ་བོ་སྐྱེ་མེད་དུ་གྲོལ། རྩལ་འགག་མེད་རྒྱ་ཡན་ཆེན་པོར་ཕྱམ་གདལ་བས་བག་ཆགས་ཀྱི་རྟེན་མེད་པས་རྣམ་སྨིན་དཀར་ནག་གཉིས་མ་གྲུབ་པས་ཆོས་ཉིད་ཡེ་སྟོང་རང་སངས། མཐའ་གྲོལ་ཆེན་པོའི་གཏན་ཚིགས་ཀྱིས་འཁོར་འདས་མཉམ་པ་ཉིད་དུ་གྲོལ་བའོ། །བཞི་པ་རྒྱ་ཆད་ཕྱོགས་ལྷུང་མེད་པར་འདོད་པ་ནི། སེམས་ཉིད་རང་བྱུང་གི་ཡེ་ཤེས་ཀྱིས་འཁོར་འདས་ཀུན་ལ་ཁྱབ་ཀྱང་། སྣང་བ་དངོས་པོར་རྒྱ་མ་ཆད། སྟོང་པ་དངོས་མེད་དུ་རྒྱ་མ་ཆད། གཉིས་ཀ་མ་ཡིན་པས་ཟུང་འཇུག་གི་ཡེ་ཤེས་ཕྱོགས་སུའང་མ་ལྷུངས། ངོ་བོ་སྟོང་པས་རྟག་པའི་མཐའ་ལས་གྲོལ། རྩལ་མ་འགགས་པས་ཆད་མཐའ་ལས་གྲོལ་བས་བྱེ་བྲག་བདེ་སྡུག་ལས་འདས་པའི་ཆོས་ཉིད་དོ། །ལྔ་པ་ཕྱོགས་འཛིན་གྲུབ་མཐའི་ས་ནི། སེམས་ཀྱི་ངོ་བོ་གང་དུའང་མི་གནས་ཤིང་གང་དུའང་མ་གྲུབ་པར་ཅིར་ཡང་སྣང་ལ་ཅིར་ཡང་མ་འགགས་པར་འཆར་བ་སྟེ། སྒྱུ་འཕྲུལ་བླ་མ་ལས། ཅིར་ཡང་མེད་ལ་ཅིར་ཡང་སྣང་། །མ་བསྐྱེད་སྒྱུ་འཕྲུལ་སྣ་ཚོགས་སྣང་། །རྒྱལ་བའི་དཀྱིལ་འཁོར་སྣ་ཚོགས་ཀྱང་། །སེམས་ཀྱི་ཆོ་འཕྲུལ་ཆེན་པོ་ཡིན། །ཞེས་གསུངས་པ་ལྟར་ཤར་ཡང་མི་དགག་མི་འཛིན་མི་རྟོག་པའོ། །


GTN001_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་པ་བློ་བྲལ་ཕྱོགས་འཛིན་ལས་འདས་པ་ནི། རང་བྱུང་གི་ཡེ་ཤེས་བློ་དང་བྲལ་བས་ཇི་ལྟར་སྣང་ཡང་བདེན་རྫུན་གང་དུའང་མ་གྲུབ་པས་ཡོད་མེད་མཐའ་གྲོལ་ཆེན་པོའི་རོལ་པའོ། །བདུན་པ་སེམས་ཀྱི་ཕྱོགས་ཡིན་དུ་སྨྲ་བ་ནི། འདི་ལྟར་སྣང་བ་ཐམས་ཅད་སེམས་ཀྱི་རོལ་པ་ཡིན་པས་སྣ་ཚོགས་སུ་སྣང་ཡང་། སེམས་ཉིད་ངོ་བོ་མེད་པས་སྣང་བ་སྣ་ཚོགས་ཀྱང་ངོ་བོ་མེད་པའི་ཕྱིར་དང་། གང་ཤར་སེམས་ཀྱི་རྣམ་པ་འཛིན་བྱེད་དང་། སྣང་བ་གཟུང་བར་བྱུང་བར་བ་གཉིས་ཀའང་སྣང་བ་ཐ་དད་དུ་སྣང་ཡང་། ཡིན་གང་ཡང་མ་ཡིན་པའི་ཆོས་ཉིད་རང་བྱུང་གི་ཡེ་ཤེས་སུ་དབྱེར་མེད་པའི་ཕྱིར། རང་རྩལ་ལྷུན་གྲུབ་ཀྱི་གདངས་ལས་འཁོར་འདས་གཉིས་སུ་ཤར་ཡང་། ཤར་མཁན་ལ་ངོ་བོ་མེད་པས་ཤར་ས་རང་གྲོལ་དུ་འགྲོ་བ་འདིའི་ཁྱད་པར་གྱི་ཆོས་ཏེ། ཀུན་བྱེད་ལས། སྣང་སྲིད་སྣོད་བཅུད་སངས་རྒྱས་སེམས་ཅན་ཀུན། །སེམས་ཀྱིས་བྱས་ཤིང་སེམས་ཀྱི་ངང་དུ་གཅིག །ཅེས་སོ། །དེ་ལྟར་སེམས་ཀྱི་སྡེ་ལ་རྗོད་བྱེད་ཀྱི་རྒྱུད་ཤོ་ལོ་ཀ་འབུམ་ཕྲག་ཉི་ཤུ་རྩ་གཉིས་ཡོད་པར་གསུངས་པ་བསྡུ་ན། ཆོས་ཉིད་བརྗོད་དུ་མེད་པའི་ཀློང་དང་། ལྟ་བ་མིན་པ་མེད་པའི་ཀློང་དང་། སྤྱོད་པ་མིན་པ་མེད་པའི་ཀློང་གསུམ་པོ་ལ་བམ་པོ་དྲུག་སྟོང་སུམ་བརྒྱར་གནས་པ་ཉིད་བསྡུ་ན། གནས་པ་གཞི་ཐོག་ཕེབས་པའི་འཕྱོང་། སྣང་བ་རང་སར་གྲོལ་བའི་འཕྱོང་། ངོ་མཉམ་ཐ་དད་དུ་མེད་པའི་འཕྱོང་གསུམ་དུ་འདུས་ལ། ཆོས་ཉིད་ལ་འཆུག་པ་མེད་པའི་གཟེར་བུ་ལྔ་བཅུ། ཡུལ་སེམས་ལ་ལྟ་
བའི་གནས་ལྔ་བརྒྱ་བཅུ་གཅིག །སྣང་སེམས་ཅིག་ཅར་དུ་ཤན་འབྱེད་པ་ཁྲི་ཕྲག་གཉིས། ལྟ་བ་ཐོད་རྒལ་དུ་ལ་བཟླ་བ་ལྔ་ཁྲི། སྒོམ་ཡོད་རྟོག་པ་གཅོད་པའི་གནད་ཆིག་སྟོང་རྣམས་མཚན་ཐོགས་པའི་རྒྱུད་སྡེ་ཆེན་པོ་སྟོང་དང་གསུམ་བཞུགས་པ་ཡིན་ནོ། །མདོ་འགག་ཏུ་དྲིལ་ན་སེམས་སྡེའི་གྲུབ་མཐའ་འདིས་ཆོས་སུ་ཇི་ལྟར་སྣང་བ་ལ་ཆོས་ཉིད་ཀྱི་ཕྱག་རྒྱས་ཕར་རྒྱས་མི་འདེབས་པར་ཆོས་ཅན་ཇི་ལྟར་སྣང་བ་ཐམས་ཅད་ཆོས་ཉིད་བྱང་ཆུབ་སེམས་ཀྱི་དབྱིངས་སུ་རྫོགས་པས་རྩལ་ལམ་རོལ་པ་ཙམ་དུ་སྣང་རིག་ངོས་བཟུང་དང་བྲལ་བར་བསྐྱེལ་བ་སྟེ། དཔལ་ནཱ་རོ་པས་ཀྱང་། སྣ་ཚོགས་སྣང་བའི་རང་བཞིན་འདི། །ཆོས་ཉིད་ཡིན་པར་དབྱེར་མེད་པས། །ཟུང་དུ་འཇུག་པ་གང་དགོངས་པ། །གསལ་བའི་སེམས་དེ་ཉིད་ལ་ནི། །ཆོས་ཉིད་མ་ཡིན་བག་མི་སྣང་། །ཐམས་ཅད་སྣང་བའི་ངོ་བོ་ཉིད། །ཡེ་ཤེས་སྙིང་པོ་ཉིད་དུ་མཐོང་། །ངོ་བོ་ཉིད་ལ་བརྗོད་པ་བྲལ། །ཞེས་སོ། །

ཀློང་གི་སྡེ།


GTN001_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ཀློང་གི་སྡེའི་ངོ་བོ་ནི། རང་བྱུང་གི་ཡེ་ཤེས་ཆོས་ཉིད་ཀུན་ཏུ་བཟང་པོའི་ཀློང་ཡངས་པར་ཆོས་ཅན་ཇི་ལྟར་སྣང་བ་ཐམས་ཅད་རང་སྣང་བཀོད་པའི་རྒྱན་ཙམ་ལས་འཆིང་གྲོལ་དང་ཤར་བྱ་ཤར་བྱེད་དུ་མ་གྲུབ་པས། སེམས་སྡེ་ལྟར་རྩལ་དང་རོལ་པར་སྣང་བར་མི་བཞེད་ཅིང་། ལྟོས་གྲུབ་དང་། ཡོད་མེད་དང་། ཡིན་མིན་དང་། དག་མ་དག་གང་དུའང་མི་དཔྱོད་པར་ཡེ་གྲོལ་ཕྱོགས་འབྱམས་


GTN001_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོར་གཏན་ལ་ཕབ་པ་འདི་ཉིད་ཀྱི་གྲུབ་པའི་མཐའོ། །དེ་ཡང་སློབ་དཔོན་ནཱ་རོ་པ་ཆེན་པོས་དེ་ཁོ་ན་ཉིད་སྒྲུབ་པའི་ཐབས་ལས། རྩོལ་བྲལ་རིག་པ་མི་རྟོག་པ། །མ་བཅོས་རང་སྣང་བདེ་བའི་ཀློང་། །ཡེ་ཤེས་ལྷུན་གྲུབ་ཀློང་དུ་ཤར། །རང་བྱུང་ནམ་མཁའ་ལྟ་བུར་ཁྱབ། །རང་སྣང་རོལ་པ་བྱང་ཆུབ་སེམས། །སྒྱུ་མའི་ཡེ་ཤེས་བདེ་བའི་ཀློང་། །རང་རིག་ཡེ་ཤེས་འཛིན་པ་ཡི། །རང་བྱུང་སྒྱུ་མར་མངོན་སུམ་གསལ། །ཞེས་སོ། །དེ་ལ་དབྱེ་ན། ཀློང་ནག་པོ་རྒྱུ་མེད་དུ་སྨྲ་བ། ཀློང་ཁྲ་བོ་སྣ་ཚོགས་སུ་སྨྲ་བ། ཀློང་དཀར་པོ་སེམས་སུ་སྨྲ་བ། ཀློང་རབ་འབྱམས་རྒྱུ་འབྲས་ལ་བཟླ་བའོ། །༡- དང་པོ་ཀློང་ནག་པོའི་ངོ་བོ་ནི། རང་བྱུང་གཉུག་མའི་ཡེ་ཤེས་དེ་ཉིད་འགྱུར་མེད་རྒྱུ་དང་རྐྱེན་ལས་འདས་པའི་རང་བཞིན་ཕྱོགས་ཆར་མེད་པས་ཆོས་ཅན་དང་ཆོས་ཉིད་གཉིས་ཀར་མི་ལྟོས་པར་འདོད་པ་སྟེ། དེ་ལ་དབྱེ་ན། མཛད་པ་ཀློང་ནག །ཐུགས་རྗེ་ཀློང་ནག །སྤྲུལ་པ་ཀློང་ནག་གི་སྡེ་དང་གསུམ་མོ། །༢- གཉིས་པ་ཀློང་ཁྲ་བོའི་ངོ་བོ་ནི། རང་བྱུང་གི་ཡེ་ཤེས་དེ་ཉིད་ཀྱི་རོལ་པར་སྣང་བ་རྣམས། ཡིན་སྣ་ཚོགས་རང་ཤར་དུ་སྣང་བ་ཆོས་ཉིད་ཀྱི་རྒྱན་དང་རོལ་པ་ལ། མིན་ཕྱོགས་མེད་ཀུན་ཁྱབ་ཏུ་ཤར་བ་རོལ་པ་དགག་སྒྲུབ་ལས་འདས་པར་འདོད་པའོ། །དེ་ལ་དབྱེ་ན། ཡོད་སྨྲ་སེམས་སྡེ་དང་མཐུན་པའི་ཀློང་ཁྲ་བོ་དང་། མེད་སྨྲ་རང་གནས་དང་མཐུན་པའི་ཀློང་ཁྲ་བོ་དང་། ཡོད་མེད་མན་ངག་དང་མཐུན་པའི་ཀློང་ཁྲ་བོ་གསུམ་མོ། །


GTN001_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

༣- གསུམ་པ་ཀློང་དཀར་པོ་སེམས་སུ་སྨྲ་བའི་ངོ་བོ་ནི། རང་བྱུང་རིག་པའི་ངང་ལས་ཕྱི་སྣང་བ་དང་། ནང་རིག་པར་ཤར་བ་ཐམས་ཅད་སེམས་ཀྱི་རོལ་པ་སྟེ། སྣང་བ་དང་རྐྱེན་རང་སར་གྲོལ་བས་བྱར་མེད་རྒྱུ་ནས་དག་སྟེ་གནས་ལུགས་ལ་བསྒྲུབ་ཏུ་མེད་པར་འདོད་པའོ། །དེ་ལ་དབྱེ་ན། བརྗོད་མེད་རང་ཤར་ཆེན་པོའི་ཀློང་དཀར་པོ། ལྟ་སྒོམ་གཉིས་སུ་མེད་པའི་ཀློང་དཀར་པོ་གཉིས་སོ། །༤- བཞི་པ་ཀློང་རབ་འབྱམས་རྒྱུ་འབྲས་ལ་བཟླ་བའི་ངོ་བོ་ནི། རང་བྱུང་གི་ཡེ་ཤེས་ཀྱི་ངང་ལས་ཤར་བའི་ཆོས་ཐམས་ཅད་སྣང་བར་སེམས་ཀྱིས་ཤེས་ལ། མི་སྣང་བར་གནས་ལུགས་ཀྱིས་ཤེས་པར་འདོད་དོ། །དེ་ལ་དབྱེ་ན། བྱ་བ་དང་བྲལ་བ་ཕྱིའི་རབ་འབྱམས། གྲུབ་མཐའ་རང་གཞུང་སྨྲ་བ་ནང་གི་རབ་འབྱམས། གེགས་བསལ་བ་གསང་བའི་རབ་འབྱམས། གནད་བཀྲོལ་བ་དེ་ཁོ་ན་ཉིད་ཀྱི་རབ་འབྱམས་སོ། དེ་དག་ཀྱང་བསྡུ་ན། རོལ་པ། རྒྱན། ཆོས་ཉིད། བྱ་བྲལ་གྱི་ཀློང་བཞི་ལས། དང་པོ་ནི། སེམས་ཉིད་ཀྱི་རོལ་པ་འགག་མེད་དུ་ཤར་བའི་ངང་ནས་འཕོ་འགྱུར་མེད་པས་ཡིན་ལ། དངོས་མེད་ཀྱི་རོལ་པ་མཐར་འཛིན་དུ་མ་གྲུབ་པས་མིན། ཕྱོགས་ཡན་ནམ་མཁའ་དང་འདྲ་བའི་དགོངས་པའོ། །གཉིས་པ་ནི། སྣང་བ། སེམས། རང་བྱུང་། བཅོས་བསླད་མེད་པ་བཞི་རིམ་པ་བཞིན་ཡེ་ནས་རྒྱན་དུ་ཤར་བས་སྐྱེ་མེད་ཀྱི་ངང་ལས་འགག་མེད་དུ་ཤར་བས་སྣང་


GTN001_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་མི་དགག །མི་བསྒྲུབ། རང་འགྲོས་རང་གསལ་ཆེན་པོའི་དགོངས་པའོ། །གསུམ་པ་ནི། ཐམས་ཅད་གང་ནས་ཀྱང་མ་འོངས། མི་གནས། མི་འགག །ཆོས་ཉིད་ཀྱི་ངང་ལས་དེའི་རོལ་རྩལ་ཐམས་ཅད་སྣང་ཡང་འབྱུང་བཞི་ནམ་མཁའི་དབྱིངས་ལས་མ་གཡོས་ལྟར། ཆོས་ཉིད་ཀྱི་ངང་དུ་ཕྱམ་གདལ་བར་འདོད་དོ། །བཞི་པ་ནི། གང་ལའང་འབད་རྩོལ་གྱི་བླང་དོར་མི་དགོས་ཏེ། མ་བྱས་ཡེ་ཟིན། མ་གྲོལ་ཡེ་གྲོལ། མ་སྦྱངས་ཡེ་དག །མ་བསྒྲུབས་ཡེ་གྲུབ་ཏུ་གནས་པས་ནམ་མཁའ་ལྟར་འདུས་མ་བྱས་ཀྱི་ཁམས་སུ་གནས་པའོ། །དེ་ལྟར་ཀློང་གི་སྡེ་རྣམས་བསྡུ་ན་དགུར་འདུས་ཏེ། ལྟ་བ་འཕོ་འགྱུར་མེད་པའི་ཀློང་། སྒོམ་པ་ཡིན་མིན་མེད་པའི་ཀློང་། འབྲས་བུ་རེ་དོགས་མེད་པའི་ཀློང་། ངོ་བོ་གྲུབ་གསལ་མེད་པའི་ཀློང་། རང་བཞིན་མ་འགགས་པའི་ཀློང་། མཚན་ཉིད་ལ་སྣང་སེམས་གྲོལ་བའི་ཀློང་། དབྱིངས་འཕོ་འགྱུར་མེད་པའི་ཀློང་། རོལ་པ་འགག་མེད་རང་ཤར་གྱི་ཀློང་། ལྷུན་མཉམ་ཡེ་གྲོལ་ཅོག་བཞག་གི་ཀློང་དགུའོ། །དེ་ཡང་བསྡུ་ན་ལྷུན་གྲུབ་ཡོངས་པ་ཆེན་པོའི་ཀློང་། རང་གསལ་བྱ་རྩོལ་མེད་པའི་ཀློང་། མ་བྱས་ཡེ་ནས་གྲུབ་པའི་ཀློང་དང་གསུམ་དུ་འདུས་སོ། །དེ་དག་གི་ཚུལ་རྒྱས་པར་སྟོན་པའི་རྒྱུད་སྟོང་ཕྲག་གསུམ་གྱི་མཚན་གྱིས་བསྡུས་པ་ལ། ལེའུ་ཆིག་ཁྲི་ཆིག་སྟོང་། ཤོ་ལོ་ཀ་འབུམ་ཕྲག་དྲུག་ཅུ་རྩ་བཞི་ཡོད་པ་རྣམས་ཀྱང་ལ་བཟླ་བ་ཁྲི་ཕྲག་བརྒྱད་དུ་འདུས་ལ། དེའང་ཤན་འབྱེད་ཁྲི་ཕྲག་གཉིས་སུ་འདུ། དེ་ཡང་གགས་དགུ་བརྒྱར་འདུས་ཏེ། གནད་ཉིས་སྟོང་གཟེར་བུ་ལྔ་བཅུ་དང་ས་
ཐམས་ཅད་ཀྱང་བསྡུ་ན། བྱས་གྲོལ་བཞག་གྲོལ་ཅེར་གྲོལ་གསུམ་དུ་འདུས་ཏེ། མངའ་བདག་མཻ་ཏྲི་པས་བསྡེབས་པའི་དོ་ཧ་ལས། མི་རྟོག་རྟོག་མེད་རྟོག་དཔྱོད་ཡུལ་ལས་འདས། །མི་སེམས་སེམས་མེད་བསམ་དུ་ཅི་ཡང་མེད། །རྟེན་དང་བརྟེན་མེད་འགྲོ་འོང་གནས་དང་བྲལ། །འཁོར་འདས་བདེ་སྡུག་བདེ་ཆེན་ཀློང་དུ་སད། །མ་བཅོས་ཡེངས་མེད་རང་བཞིན་ལྷུག་པ་ལ། །སེམས་བྱུང་རྒྱུན་ཆད་འོད་གསལ་འགྲོ་འོང་བྲལ། །སྣང་བ་སྣང་མེད་སློབ་དཔོན་སུ་ཡང་མེད། །ཆོས་ཉིད་རང་གསལ་རིག་པ་ཆོས་སྐུ་འཕྲོད། །ཅེས་གསུངས་པས་ཀྱང་འདིའི་གྲུབ་མཐའ་ལྷོངས་པའོ།

མན་ངག་གི་སྡེ།


GTN001_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་མན་ངག་སྡེ་ནི། འོག་མ་གཉིས་ལས་ཁྱད་པར་དུ་གྱུར་པ་སྟེ། འདི་ལྟར་སེམས་སྡེས་སེམས་ཡིན་པས་གསལ་བ་ལས་ཟབ་མོའི་ཕྱོགས་ཤས་ཆེ་བར་བསྒྲུབས་ཀྱང་། གསལ་བའི་རྩལ་ཆོས་ཉིད་དུ་མ་རྟོགས་པས་ཡིད་དཔྱོད་དུ་འཛིན་པར་ཉེ་ཞིང་། ཀློང་སྡེས་ཟབ་གསལ་མཉམ་པར་བསྒྲུབས་ཀྱང་ཆོས་ཉིད་ལ་འཛིན་པའི་ཡིད་དཔྱོད་ལས་སྟོང་ཕྱོགས་ཀྱི་གོལ་སར་ཤོར་ཉེ་ལ། མན་ངག་སྡེ་ནི་ངོ་བོ་ཀ་ནས་དག་པ་བརྗོད་བྲལ་བློ་འདས་ཆེན་པོའི་གདངས་རང་སྣང་ལྷུན་གྲུབ་ཀྱི་རང་རྩལ་ལས་ཆོས་ཅན་གྱི་སྣང་བ་ཐམས་ཅད་ཆོས་ཉིད་སྤྲོས་པ་དང་བྲལ་བའི་དབྱིངས་སུ་སྡུད་པའི་དོན་གྱིས་ཁྱད་པར་དུ་འཕགས་པ་སྟེ། ཨ་ཏི་བཀོད་པ་ཆེན་པོ་ལས། ཀྱེ་རྡོ་རྗེ་འཛིན་པ། དེ་ལྟར་གཏན་ལ་མ་ཕབ་ན། །ཡིད་


GTN001_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱོད་འཛིན་པ་རྣམས་དང་ནི། །ཁྱད་པར་ཅི་ཡང་མེད་པར་འགྱུར། །དེ་ཕྱིར་ངེས་གསང་སྙིང་པོ་འདི། །མུན་པ་ལས་ནི་མར་མེ་འམ། །བ་ལང་རྣམས་ལས་གླང་ཆེན་ནམ། །གཅན་གཟན་རྣམས་ལས་སེངྒེ་འམ། །རྐང་ཐང་རྣམས་ལས་རྟ་པ་བཞིན། །ཀུན་གྱི་ནང་ནས་ཁྱད་པར་འཕགས། །ཞེས་སོ། །ངོ་བོ་ནི། གདོད་མ་ཉིད་ནས་གྲོལ་ཞིང་ཀ་ནས་དག་པའི་ཆོས་ཉིད་ལ་ཉི་ཚེ་བའི་བལྟ་བྱའི་ཡུལ་དང་། ལྟ་བྱེད་ཀྱི་ཤེས་པ་གཉིས་ཆད་པས་འཁྲུལ་མ་འཁྲུལ་དང་། རྟོགས་མ་རྟོགས་སུ་བསྒྲུབ་པའི་ལྟོས་གཞི་དང་། ལྟོས་པའི་ཆོས་ལས་ལོག་པས། རང་གི་ངོ་བོ་སྤྲོས་བྲལ་གྱི་ཆ་ནས་ཤེས་བྱ་ཤེས་བྱེད་ཀྱི་ཡུལ་ཡུལ་ཅན་གཉིས་ཀ་ཡང་དག་པ་མ་ཡིན་པར་མཉམ་ཞིང་ཐ་སྙད་ཙམ་དུ་བཏགས་པ་ལས། དེ་འཛིན་གྱི་བསམ་བརྗོད་ལས་ཡང་དག་པར་འདས་པས་ན། བློ་དང་། ཡིན་སྙམ་དང་། སྙམ་བྱེད་དང་། ཡིད་དཔྱོད་ལས་འདས་པའི་དོན་གནད་ཐོག་ཏུ་ཕབ་པའི་མེ་བཙའ་ལྟ་བུ་སྟེ། རྩ་བ་ཤེས་རབ་ལས། ཐམས་ཅད་ཡང་དག་ཡང་དག་མིན། །ཡང་དག་ཡང་དག་མ་ཡིན་ཉིད། །ཡང་དག་མིན་མིན་ཡང་དག་མིན། །དེ་ནི་སངས་རྒྱས་རྗེས་བསྟན་པའོ། །ཞེས་གསུངས་ཤིང་། འཇམ་དཔལ་གྱིས།(རིམ་པ་གཉིས་པའི་དེ་ཁོ་ན་ཉིད་བསྒོམ་པ་ཞེས་བྱ་བའི་ཞལ་གྱི་ལུང་ལས། རང་བཞིན་གྱིས་ནི་འོད་གསལ་བ། །གདོད་ནས་དག་པ་ནམ་མཁའ་བཞིན། །མེད་ནས་ཆོས་རྣམས་མཚན་ཉིད་སྤངས། །ཆོས་དང་ཆོས་ཉིད་ཡང་མེད་དེ། །དངོས་པོ་མེད་པའི་མཁའ་དང་མཚུངས། །ཚིག་དང་ཡི་གེ་ཀུན་ལས་གྲོལ། །ཞེས་སོ། །འདི་ལས་གཞན་དུ་ལྟ་བར་འདོགས་པའི་
ཡུལ་དུ་དམིགས་པ་དེ་སྲིད་དུ་ཡུལ་ཅན་སེམས་ཀྱི་འཛིན་སྟངས་སྤོང་བར་མི་ནུས་ཤིང་། དེ་མ་སྤངས་པས་མི་ཟད་པ་དང་སྐྱེ་བའི་བདག་ཉིད་ཅན་དུ་འགྱུར་བས་སྲིད་པའི་རྩ་བར་འབྱིན་པར་མི་ནུས་པའི་ཕྱིར། རྩ་ཤེར་ལས། རྒྱལ་བ་རྣམས་ཀྱིས་སྟོང་ཉིད་ནི། །ལྟ་ཀུན་ངེས་པར་འབྱིན་པར་གསུངས། །ཞེས་གསུངས་པས་སོ། །

ཁྱད་པར་གྱི་མན་ངག་སྡེ།


GTN001_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་གྱི་མན་ངག་སྡེ་ལ་དབྱེ་ན། ཁ་འཐོར་དང་། ཁ་གཏམ་དང་། རྒྱུད་རང་གཞུང་དུ་བསྟན་པ་དང་གསུམ་ལས། དང་པོ་ཁ་འཐོར་གྱི་ངོ་བོ་ནི། བློ་ལས་འདས་པའི་ཡེ་ཤེས་དབྱེ་བསལ་གཞན་ལྟོས་མེད་པར་སྐད་ཅིག་ཉིད་ལ་འཆར་བའོ། །དབྱེ་ན། བཞག་པ་ལམ་གྱི་མཐའ་གཅོད་པའི་མན་ངག་དང་། གྲོལ་བ་སྟོབས་དག་པ་ལམ་མངོན་འགྱུར་གྱི་མན་ངག་གཉིས་སོ། །གཉིས་པ་ཁ་གཏམ་གྱི་ཚུལ་དུ་གསུངས་པའི་ངོ་བོ། བློ་བྲལ་མ་འཁྲུལ་པ། རང་བཞིན། རྣམ་རྟོག་གི་ཁུངས་རྡིབ་པ། མཚན་ཉིད། ངོས་བཟུང་དང་བྲལ་བའོ། །དབྱེ་ན། གླེང་བ་ཡེངས་ལ་བོར་བའི་ཁ་གཏམ་དང་། ཁར་ཕོག་དུས་མེད་པའི་ཁ་གཏམ་གཉིས་སོ། །གསུམ་པ་རྒྱུད་རང་གཞུང་དུ་བསྟན་པའི་ངོ་བོ། བཀའ་ཐམས་ཅད་ཀྱི་བྱུང་བར་གྱུར་པ། རང་བཞིན། འཁོར་འདས་དང་བྲལ་བས་སྤང་བླང་བྱ་རྩོལ་མེད། ཆོས་ཉིད་སྒྲ་དང་ཚིག་ཏུ་མི་གནས་པས་སྟོང་ཉིད་ལ་རྩོད་པས་མི་རེག་པའོ། །


GTN001_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེ་ན། ལྟ་བ་སྒང་དྲིལ་བ་དང་། གཏར་ག་གེགས་སེལ་བ་དང་། གབ་པ་མངོན་དུ་བྱུང་བ་དང་། བཤད་པ་རང་གསལ་གྱི་ཚུལ་དང་བཞིའོ། །འདི་དག་ལའང་ལྟ་སྒོམ་སྤྱོད་གསུམ་གྱི་གནད་གབ་པ་དང་། མངོན་དུ་ཕྱུང་བ་དང་། དྲོད་ཚད་དང་། ཡུལ་ཤེས་གནད་ལ་བོར་ནས་རིག་པ་ཐེར་ལ་འབྱིན་པའི་གནད། འཁྲུལ་པ་གཞི་ལ་བཟློག་པ། ཐིག་ལེ་གནད་ལ་དབབ་པ་སོགས་ཟབ་པ་རྒྱ་ཆེ་བའི་ནང་གསེས་ཀྱི་དབྱེ་བ་མང་དུ་ཡོད་ཀྱང་། མདོར་བསྡུ་ན། ལུས་དང་འདྲ་བ་ཕྱི་སྐོར། མིག་དང་འདྲ་བ་ནང་སྐོར། སྙིང་དང་འདྲ་བ་གསང་སྐོར། ཐམས་ཅད་རྫོགས་པ་དང་འདྲ་བ་ཡང་གསང་བླ་ན་མེད་པའི་སྐོར་ཏེ་བཞིའོ། །དང་པོ་ཕྱི་སྐོར་གྱི་ངོ་བོ་ལ། ཉོན་མོངས་མ་གྲུབ་པས་དུག་ལྔ་ལམ་དུ་ཁྱེར། རང་བཞིན་ལ། རྩོལ་སྒྲུབ་མེད་པས་ཅིར་སྣང་ཆོས་ཉིད་དུ་ཤར། མཚན་ཉིད་ལ། ཕྱོགས་ཆ་མེད་པས་སྟོང་ཉིད་གང་དུའང་ཕྱེ་བ་མེད་པའོ། །ནང་སྐོར་གྱི་ངོ་བོ། གཟུགས་ཅན་ལས་འདས་པས་མཚན་མ་མེད་པའི་ཆོས་ཉིད། རང་བཞིན། འགྲོ་འོང་མེད་པས་རྟག་པ་རྒྱུན་གནས་ཀྱི་ཡེ་ཤེས་སོ། །མཚན་ཉིད་ནི། འཁོར་འདས་གཉིས་ཀ་ལ་ཟུག་པས་རྩ་བ་ལྟ་བུ། རང་ངོ་ཐ་དད་དུ་འདྲིལ་བས་སྡོང་པོ་ལྟ་བུ། རྩལ་སྣང་ཅིར་ཡང་རྒྱས་པས་ཡལ་ག །གསལ་ཆ་མི་འགག་པས་མེ་ཏོག །སྣ་ཚོགས་གཅིག་ཏུ་སྨིན་པས་འབྲས་བུ་ལྟ་བུའོ། །གསང་སྐོར་གྱི་ངོ་བོ། ངོ་སྤྲད་པ་དང་རྟོགས་པ་དུས་མཉམ་པས་ཤེས་རབ་གསུམ་ལ་མ་ལྟོས། རང་བཞིན། དབུགས་ཆད་པ་དང་གྲོལ་བ་དང་དུས་མཉམ་


GTN001_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

པས་གོམས་སྟོབས་ལ་མ་ལྟོས། མཚན་ཉིད་ནི། སངས་རྒྱས་པ་དང་ཐུགས་རྗེ་འབྱུང་བ་དུས་མཉམ་པས་རྒྱུ་ཚོགས་གཉིས་ལ་མི་ལྟོས་པའོ། །ཡང་གསང་བླ་ན་མེད་པ་ནི། ངོ་བོ། ཤེས་བྱ་མ་ཡིན་པས་ཤེས་བྱེད་ལ་མི་ལྟོས། རང་བཞིན། མངོན་སུམ་མཐོང་བས་ཆོས་ཉིད་ཡིད་དཔྱོད་དུ་མི་གནས། མཚན་ཉིད། སྣང་བ་བཞིས་འབྲས་བུ་ཕྱི་དུས་ལ་རེ་བ་མི་འཆའ་བར་ཚེ་འདི་ཉིད་ཀྱིས་གདོད་མའི་གཞི་དབྱིངས་སུ་སྦྱོར་བ། །དེ་ལྟ་བུའི་ཚུལ་ལ་རྗོད་བྱེད་ཚིག་གི་རྒྱུད་ཁྲི་ཕྲག་གཉིས། ལེའུ་སྟོང་ཕྲག་སུམ་ཅུ་རྩ་ལྔ། ཤོ་ལོ་ཀ་འབུམ་ཕྲག་དྲུག་ཅུ་རྩ་བཞི། གནད་སྟོང་ཕྲག་ལྔ། འཕྱོང་ཆེན་པོ་བརྒྱད། གཟེར་བུ་བརྒྱ་དང་བརྒྱད་ཅུ། གགས་སྟོང་ཕྲག་དགུ་བརྒྱ། ཤན་འབྱེད་ཁྲི་ཕྲག་བདུན། ལ་བཟླ་བ་འབུམ་ཕྲག་ཕྱེད་དང་གཉིས་སོགས་བརྗོད་བྱ་དང་། རྗོད་བྱེད་ནམ་མཁའི་མཐའ་དང་མཉམ་པར་བཀའ་སྩལ། མན་ངག་གི་སྡེ་གསུམ་ཀའང་ཀློང་གསུམ་དུ་འདུ་སྟེ། རོལ་པ་འགག་པ་མེད་པའི་ཀློང་། བློ་ལ་མ་གྲོལ་བ་མེད་པའི་ཀློང་། ངོ་བོ་ལ་བཟང་ངན་མེད་པའི་ཀློང་གསུམ་མོ། །མན་ངག་གི་སྙིང་པོའང་། གནད་བཀྲོལ་བ་དང་། འགག་བསྡམ་པ་དང་། ངོ་སྤྲད་པ་དང་། མངོན་སུམ་རང་གནད་ལ་དབབ་པ་དང་བཞིའོ། །དེ་ལྟར་བསྟན་པས་ཐམས་ཅད་ཀྱི་སྙིང་པོར་རྫོགས་པ་ཆེན་པོའི་མན་ངག་སྡེ་པའི་ལུགས་འདིས་སོ་སོའི་རང་གི་རིག་པ་ནི། ཡེ་ཤེས་ཀྱི་ཉམས་སུ་མྱང་བྱའི་


GTN001_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ཡིན་ལ་ཟག་པ་དང་བཅས་པའི་ཉེ་བར་ལེན་པའི་རྣམ་ཤེས་ཚོགས་བརྒྱད་པོའི་རང་བཞིན་ཅན་གྱི་སེམས་ལས་འདས་པའི་ཚུལ་ནི། སེངྒེ་རྩལ་རྫོགས་ལས། སེམས་དང་ཡེ་ཤེས་བག་ཆགས་དངོས་མ་ཡིན། །ཡེ་ཤེས་བག་ཆགས་ཀུན་དང་བྲལ་གྱུར་ཀྱང་། །སེམས་ཀྱིས་སྣ་ཚོགས་བག་ཆགས་སྡུད་པར་བྱེད། །སེམས་དང་ཡེ་ཤེས་གཉིས་སུ་མ་ཕྱེ་ན། །སྣང་བ་ཡུལ་གྱི་རྩ་བ་མི་ཆོད་པས། །རྐྱེན་བྲལ་ཆོས་ཉིད་དག་ཀྱང་རྟོགས་པར་དཀའ། །ཞེས་དང་། རྣམ་རྟོག་སེམས་ཀྱི་རྒྱུ་བ་བྲལ། །རང་རིག་འོད་གསལ་འཛིན་པ་མེད། །ཅེས་སོ། །མདོར་ན་སྣང་གྲག་བསམ་ཡུལ་དུ་གནས་སོ་ཅོག་ཐམས་ཅད་ནི་སེམས་ཀྱིས་སྣང་བ་སྟེ། འཁོར་བའི་ཆོས་ཐམས་ཅད་ཀྱི་རང་གི་མཚན་ཉིད་འཛིན་པའི་སེམས་ཏེ། འཕགས་པ་སྟོང་ཕྲག་བརྒྱ་པ་(བརྒྱད་སྟོང་པ་)ལས་ཀྱང་། སེམས་ལ་སེམས་མ་མཆིས་ཏེ་སེམས་ཀྱི་རང་བཞིན་ནི་འོད་གསལ་བའོ། །ཞེས་འཇིག་རྟེན་པའི་སེམས་སེམས་བྱུང་ལས་འདས་པའི་སེམས་ཉིད་ཀྱི་དོན་དུ་གསུངས་པའང་སྔ་མ་དང་དོན་གཅིག་གོ། གཞན་ཡང་འཕགས་པ་དཀོན་མཆོག་བརྩེགས་པ་ལས། སེམས་དང་ཡིད་དང་རྣམ་པར་ཤེས་པ་དང་ཡང་བྲལ་ལ། ཏིང་ངེ་འཛིན་གྱི་གནས་ཀྱང་མི་འདོར་བ་སྟེ། འདི་ནི་དེ་བཞིན་གཤེགས་པའི་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ་ཡིན་ནོ། །ཞེས་སོ། །འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང་། སེམས་མེད་པས་ན་ཆོས་ཀྱང་མེད། །དེ་ལྟར་ལུས་དང་ཁམས་ཀྱང་མེད། །དེ་ལྟར་གཉིས་མེད་ལམ་གྱིས་ནི། །དེ་ཉིད་དུ་ནི་རབ་ཏུ་བཤད། །ཅེས་པ་ལ་སོགས་རྒྱ་ཆེར་གསུངས་ཀྱང་། སེམས་ལས་འདས་པའི་
རིག་པ་ལ་དགོངས་པ་ཡིན་ལ།དེ་ལྟ་བུའི་རིག་པ་དེ་ཉིད་ཀྱང་ཐོག་མ་མེད་པ་ནས་རང་ངོ་ལ་འཁོར་བའི་ཆོས་གང་གིས་ཀྱང་མ་གོས་པས་སྲིད་པའི་ཉེར་ལེན་གྱི་རྒྱུ་ཟད་པས་ཡེ་གྲོལ། གཉེན་པོ་གང་གིས་ཀྱང་མ་བཅོས་པར་གང་ཤར་ཐམས་ཅད་སྦྲུལ་མདུད་རང་ཞིག་པ་བཞིན་འགྲོལ་བྱེད་གཞན་ལ་མ་ལྟོས་པས་རང་གྲོལ། ཚོགས་བརྒྱད་ཀྱི་ཤེས་པ་ཐམས་ཅད་ཀྱང་ཡུལ་ཡུལ་ཅན་གཉིས་སུ་མེད་པ་སྐད་ཅིག་ཉིད་ལ་ཐོག་བབ་ཆེན་པོར་རང་བཞིན་གྱིས་གྲོལ་བས་གཅེར་གྲོལ། དུས་གསུམ་དང་ཤེས་བྱ་གང་དུའང་མི་གནས་པས་མཐའ་གྲོལ་ཏེ། དེ་ལྟར་གྲོལ་ལུགས་ཆེན་པོ་བཞིའི་ངང་དུ་གནས་པ་རང་གི་རིག་པ་རང་བྱུང་གི་ཡེ་ཤེས་དེ་ཉིད་ལམ་འདི་ཉིད་ཀྱི་ཁྱད་ཆོས་སུ་ངེས་པར་བྱས་ནས།

སྟོང་པའི་ཆོས་ཟད་པར་བྱེད་པ་ཁྲེགས་ཆོད།


GTN001_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

༈ དེ་ཚུལ་བཞིན་རྟོགས་པར་བྱ་བ་ལ། སྟོང་ངོས་ཀ་དག་གིས་རིག་པ་སྤྲོས་བྲལ་དུ་གྱུར་པས་སྟོང་པའི་ཆོས་ཟད་པར་བྱེད་པ་ཁྲེགས་ཆོད་དང་། སྣང་ངོས་ལྷུན་གྲུབ་ཀྱིས་རྡོས་བཅས་འོད་གསལ་དུ་དེངས་པས་སྣང་བའི་ཆོས་ཉིད་ཟད་པར་བྱེད་པ་ཐོད་རྒལ་གཉིས་ཀྱི་དང་པོ་ནི། ཐེག་པ་མཆོག་འདིའི་དགོངས་པ་རིག་པའི་ངོ་བོ་འཆིང་གྲོལ་མེད་པའི་གཤིས་ལུགས་ཀ་ནས་དག་པའི་ངོ་བོ་དེ་ཉིད་མ་བཅོས་པ་རྒྱ་གང་དུའང་མ་ཆད། རང་གི་རང་བཞིན་ལ་ངོ་བོ་འདི་ཞེས་གདགས་སུ་མེད་པས་ཕྱོགས་གང་དུའང་མ་ལྷུངས་ཤིང་། རྟོག་པའི་བློ་དང་བྲལ་བས་བསམ་བརྗོད་ལས་འདས་པའི་ཟང་ཐལ་རྗེན་པའི་རིག་པ་དེ་ཉིད་སྟོང་པ་ཉིད།


GTN001_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་དུས་ཚིག་དང་ཡི་གེས་མི་མཚོན་པས་མཚན་མ་མེད་པ་དང་། འབྲས་བུའི་ངོས་ནས་ཐོབ་བྱར་རེ་དོགས་མེད་པས་སྨོན་པ་མེད་པ་དང་། རིག་པའི་ཆ་ལས་བྱང་ཆུབ་ཀྱི་ཡོན་ཏན་རྣམས་རྫོགས་ཤིང་འོད་གསལ་བའི་རང་བཞིན་གྱི་རྣམ་པར་ཐར་པ་བཞིའི་བདག་ཉིད་ཅན་གྱི་རིག་པ་གང་ལ་ལྟ་སྒོམ་སྤྱོད་འབྲས་རྟོག་བཅས་རྟོག་མེད་ཀྱི་ཤེས་པས་བསྡུས་པའི་ཕྱིར་མི་འགྲུབ་ཅིང་། བལྟས་པས་མི་མཐོང་། བསྒོམས་པས་མི་རྟོགས། སྤྱོད་པས་ཕན་མི་བཏགས། འབྲས་བུས་སྒྲུབ་ཏུ་མེད་ལ། དེ་མ་དམིགས་པས་ས་ལ་སྦྱང་བ་དང་། ལམ་ལ་བགྲོད་པ་དང་། འབྲས་བུ་ལ་དམིགས་པ་དང་། དེ་དང་དེའི་རིམ་པའང་བྱར་མེད་པ་སྟེ། དཔལ་ས་ར་ཧས་ཀྱང་། ཀྱེ་མ་རྒྱུ་དང་འབྲས་བུ་གཉིས་ལ་མ་ལྟ་ཞིག །དངོས་པོར་སྐྱེ་བའི་རྒྱུ་དང་འབྲས་བུ་ཡོད་མིན་ཏེ། །རེ་དང་དོགས་པའི་སེམས་ཀྱིས་རྣལ་འབྱོར་སེམས་མྱོས་ན། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་གནས་དེར་འཆིང་བར་འགྱུར། །ཀྱེ་མ་རང་བཞིན་བྲལ་བས་དེ་ཉིད་བསྒོམ་དུ་ཡོད་མ་ཟེར། །གལ་ཏེ་བསྒོམ་པར་བྱ་དང་སྒོམ་བྱེད་གཉིས་རྟོག་ན། །གཉིས་སུ་འཛིན་པའི་ཡིད་ཀྱིས་བྱང་ཆུབ་ཏུ་སེམས་ན། །སྐྱེས་བུ་དེ་ཡིས་རང་གིས་རང་ལ་སྡིག་པར་བྱས། །ཞེས་སོ། །གནས་ཚུལ་དེ་ལྟ་བུ་བློར་མ་ཆུད་པ་ཁ་ཅིག་གིས་རྒྱུ་བསྐྱེད་རིམ་སོགས་ཚོགས་གཉིས་མ་བསགས་ན་འབྲས་བུ་གཟུགས་སྐུ་མི་འགྲུབ་པར་འདོད་པ་སོགས་རྫོགས་རིམ་ཟབ་མོ་རྣམས་ལ་སྐུར་བ་བཏབ་པའི་ཆོས་སྤངས་ཀྱི་ལས་ཏེ། ལམ་འདིས་སངས་རྒྱས་རྣམས་ཀྱི་མཐར་ཐུག་པ་ཆོས་ཀྱི་སྐུ་ཡིན་ན་དེ་ནི་ཐོབ་ལ། གཞན་དུ།


GTN001_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

(རྡོ་རྗེ་གཅོད་པ་ལས།) གང་དག་ང་ལ་གཟུགས་སུ་མཐོང་། །གང་དག་ང་ལ་སྒྲར་ཤེས་པ། །ལོག་པའི་ལམ་དུ་ཞུགས་པ་ཡི། །སྐྱེ་བོ་དེ་དག་ང་མི་མཐོང་། །སངས་རྒྱས་རྣམས་ནི་ཆོས་ཀྱི་སྐུ། །ཞེས་གསུངས་པས་སོ། །དེའི་ཕྱིར་རྡོ་རྗེ་སྙིང་པོ་ཀ་དག་གི་རིག་པ་ནི་གདོད་མའི་ཆོས་ཀྱི་སྐུའི་ཡིན་ལུགས་ཇི་ལྟ་བ་ལ་གོམས་སུ་འཇུག་པ་སྟེ། སྤྲོས་པའི་སྒྲིབ་བྱེད་ལས་གྲོལ་བས་ཉི་མ་རང་བཞིན་གྱིས་གསལ་བ་ལྟ་བུ་ཡིན་ལ། རིམ་པ་བརྒྱད་པོའི་ཉེར་ལེན་སེམས་ཀྱི་ཀུན་ཏུ་རྟོག་པ་འབའ་ཞིག་གིས་བསྐྱེད་པའི་མཚན་བཅས་ཀྱི་རིམ་པ་ལ་བརྟེན་པས་སྒྲིབ་བྱེད་ཀྱིས་སྒྲིབ་པ་སྦྱངས་ནས་གཟོད་ཉི་མ་མཐོང་བར་འདོད་པ་ལྟ་བུའི་ཁྱད་ཡོད་པས། རང་བྱུང་གི་ཡེ་ཤེས་ལ་རྟོག་པའི་ལྟ་སྒོམ་སྤྱོད་འབྲས་ཀྱིས་མ་བཅོས་པར་རང་བཞག་ཉིད་དུ་ལ་བཟླ་བ་སྟེ་རིག་པ་དེ་ཉིད་རྒྱ་ཡན། མ་བཅོས། མི་འཆོས། མི་བསྒོམ། མི་ཡེངས། མི་འཁྲུལ། རྟོག་དཔྱོད་མ་ཞུགས་པ། ལྷག་གེ། རྗེན་ནེ། ལྷོད་དེ་བར་རང་བབ་ཏུ་བཞག་པ་ཙམ་ལ་ལྟ་བ་དང་། བསྒོམ་པའི་བླ་དྭགས་བཏགས་པ་ཙམ་སྟེ། རང་ཤར་ལས། རིག་པ་སྤྲོས་དང་བྲལ་བ་ལ། །འཁྲུལ་དང་མ་རིག་ག་ལ་ཡོད། །ཡེ་ཤེས་སེམས་དང་བྲལ་བ་ལ། །མ་རིག་བག་ཆགས་ག་ལ་ཡོད། །ཅེས་སོ། །དེ་ལྟར་མཉམ་པར་བཞག་པ་ཉིད་ཀྱིས་རིག་པ་ཀ་དག་ཆེན་པོའི་གཤིས་མ་བཅོས་པའི་གནས་ལུགས་བཅར་ཕོག་ཏུ་ངོ་འཕྲོད་པ་ལ་གཟུང་འཛིན་གྱིས་འཆིང་མི་ནུས་ཤིང་། དེ་ལ་བསྒོམ་བྱ་སྒོམ་བྱེད་ཀྱི་སླད་མི་གཞུག་པའི་ཚུལ་རྡོ་རྗེའི་གད་མོ་ཆེན་པོ་བཅུ་གཉིས་སོགས་ཀྱིས་ལེགས་པར་སྟོན་ཅིང་། ལམ་འདི་
ཉིད་ལ་གོམས་པ་བརྟན་པར་གྱུར་པ་ན་མཐར་གྱིས་གྲོལ་བའི་ཀ་དག་ཆེན་པོར་སྡུད་པར་ནི། འབྱུང་བཞི་རགས་པའི་རྡུལ་ཕྲན་ཡེ་ཤེས་ཀྱི་མེ་སྟོབས་སུ་གྱུར་པས་སྦྱངས་ཏེ། ཆོ་འཕྲུལ་ཆེན་པོ་དང་བཅས་ཏེ་ཐིམ་པར་འགྱུར་ལ། གཞན་དོན་དུ་འགྱུར་ན་རྡུལ་ཕྲན་དེངས་པ་དེ་རིང་བསྲེལ་རྣམ་བཞིར་སྤྲུལ་ནས་འཇོག་པའང་ཡོད་ལ། རིག་པ་ནི་ཆོས་སྐུའི་དབྱིངས་སུ་འཁྱིལ་ནས་སྤྲུལ་པའི་སྐུ་རྒྱུན་ཆད་མེད་པས་འགྲོ་དོན་མཛད་པའོ། །

ལྷུན་གྲུབ་ཀྱི་སྣང་བ་གཏན་ལ་ཕབ་པ་ཐོད་རྒལ་གྱི་མན་ངག


GTN001_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ལྷུན་གྲུབ་ཀྱི་སྣང་བ་གཏན་ལ་ཕབ་པ་ཐོད་རྒལ་གྱི་མན་ངག་ནི། དེ་ཡང་ཁྲེགས་ཆོད་ཀྱི་གཟུང་ཡུལ་འཁྲུལ་པའི་སྣང་བ་གཞི་མེད་རྩ་བྲལ་གཤིས་ཐོག་ཏུ་གྲོལ་བ་ཡིན་ལ། འདིར་ནི་ཁམས་གསུམ་གྱི་སྣང་ཆ་དེ་དག་ཐམས་ཅད་རིག་པའི་རང་གདངས་འོད་ལྔ་ཐིག་ལེ་ཆེན་པོའི་འོད་གསལ་དུ་གྲོལ་བའི་ཕྱིར། འོག་མ་ལས་ཁྱད་པར་དུ་འཕགས་པ་སྟེ། ཐལ་འགྱུར་ལས། འདི་ནི་ང༷ང་{རང༵་}ཡུལ་བསྟན་པ་ལས། །འཁོར་རྐྱེན་འཇུག་པ་མ་ཡིན་པར། །ཟང་མ་ཉིད་དང་ཐལ་བྱུང་དུ། །ཡུལ་དང་ཤེས་པའི་སྣང་ཆ་ལས། །ཐ༷་ད༷ག་{ཐ༷ད་ཀ་༵}སོ་སོའི་གཞི་ལས་གྲོལ། །ཞེས་དང་། དཔལ་ནཱ་རོ་པས་ཀྱང་། དངོས་པོར་རང་བཞིན་ཐམས་ཅད་ནི། །ཆོས་ཀྱི་དབྱིངས་ཀྱི་ཐིག་ལེ་ཡིན། །དེ་ཉིད་སྒྲུབ་པའི་ཐབས་སུ་ནི། །སྙིང་པོ་རིག་པ་ཉིད་ཤར་བས། །མཐའ་ཡི་མུན་པ་ངང་གིས་དག །སྒྲུབ་མེད་རང་བྱུང་སྒྲུབ་པ་འདིས། །ཁམས་གསུམ་འོད་གསལ་ཐུགས་སུ་སྒྲུབ། །ཅེས་བཤད་པ་འདིས་


GTN001_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་ཀྱི་སྣང་བ་དང་། སྙིང་པོ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་སྨིན་པའི་མཐར་ཆོས་ཉིད་ཟད་པའི་སྣང་བས་ཁམས་གསུམ་ཕྱི་ནང་གི་འབྱུང་བ་རྣམས་འོད་གསལ་དུ་དེངས་པའི་ལམ་མདོར་བསྟན་ཅིང་། དེ་ཡང་བཅའ་བ་ལུས་ཀྱི་གནད་གསུམ། འཁྲིད་པ་དབྱིངས་ཀྱི་གནད་གསུམ། སྣང་བ་ཡུལ་གྱི་གནད་གསུམ་དུ་བསྡུས་ཏེ་ཉམས་སུ་བླངས་པ་ལས་ཕྱི་མ་འདི་ལ་སྒྲོན་མ་བཞིར་དབྱེ་ན། རྒྱངས་ཞག་ཆུའི་སྒྲོན་མ། རིག་པ་དབྱིངས་ཀྱི་སྒྲོན་མ། ཐིག་ལེ་སྟོང་པའི་སྒྲོན་མ། ཤེས་རབ་རང་བྱུང་གི་སྒྲོན་མ་བཞི་ལས། དང་པོ་ནི། འཆར་བྱེད་ཀྱི་སྒོ་སྟེ། རིག་ཆའི་གདངས་ཕྱི་རོལ་གྱི་ལམ་ལ་མཐོང་བའི་ཕྱིར་དང་། གཉིས་པ་ནང་དབྱིངས་ཕྱི་རུ་གསལ་བའི་གདངས་འཆར་གཞི། གསུམ་པ་འཆར་བའི་རྣམ་པ་རྩོལ་བྱེད་ཀྱི་རྟེན་དང་། བཞི་པ་ནི་དངས་ལ་ཡུལ་མེད་དུ་འཆར་བའི་རིག་ངོ་ལྷག་མཐོང་གི་གནས་ལུགས་མ་ནོར་བ་སྟེ་དེ་དག་གི་དབྱེ་བའང་། རང་ཤར་ལས། ནམ་མཁའ་སྟོང་པའི་དཀྱིལ་འཁོར་དུ། །བཅོས་མེད་སྒྲོན་མ་རྣམ་པ་བཞི། །མ་འགགས་པ་ཡི་དོན་གྱིས་གསལ། །རིག་པ་དབྱིངས་ཀྱི་སྒྲོན་མ་ནི། །ནམ་མཁའ་སྟོང་པའི་ཀློང་དཀྱིལ་དུ། །དབྱིངས་ཀྱི་རང་བཞིན་འོད་ཀྱི་སྐུ། །མ་འགགས་འགག་མེད་རྣམ་པར་གསལ། །ཡེ་ཤེས་ལྔ་ལྡན་ཐུགས་ཀྱི་སྐུ། །ལུ་གུ་རྒྱུད་ཀྱི་ཚུལ་དུ་འཆར། །དེ་ཡང་འགྲོ་དང་འོང་བ་དང་། །འགུལ་བ་དང་ནི་འཕྲིག་པ་དང་། །རིག་པ་དབྱིངས་ཀྱི་སྒྲོན་མ་རུ། །བཅུག་སྟེ་རིག་པ་མ་འགུལ་ན། །འགྱུར་མེད་རྟོགས་པའི་རབ་ཏུ་བཤད། །ཤེས་རབ་རང་བྱུང་སྒྲོན་མ་ནི། །


GTN001_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོ་འདོགས་ཐམས་ཅད་གཅོད་པ་དང་། །ཐིག་ལེ་སྟོང་པའི་སྒྲོན་མ་ནི། །རྩོལ་བ་མེད་པར་ཤར་གྱུར་ན། །རྒྱངས་ཞགས་ཆུ་ཡི་སྒྲོན་མ་ཡིས། །དེ་ལ་བལྟ་བ་མ་ཡེངས་ན། །མཐར་ཕྱིན་བསྒོམ་པའི་ཚད་དུ་གསུངས། །ཞེས་པ་ལྟར། ལྷག་མཐོང་གི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ལ་བལྟས་པས་གོམས་པའི་རིམ་པས་སྣང་བ་བཞིར་འབྱོངས་ཤིང་། ཆོས་ཉིད་མངོན་སུམ་གྱིས་ཞིང་ཁམས་ཀྱི་སྒོ་ཕྱེ། དེ་ལས་ཐིག་ལེ་སྐུ་རུ་སྨིན་དུ་ཉེ་བ་ཉམས་གོང་འཕེལ་སྤྲུལ་སྐུ། སྐུ་རུ་སྨིན་པ་རིག་པ་ཚད་ཕེབས་ལོངས་སྐུ། དེ་ནས་སྣང་བ་ཐམས་ཅད་ཐིག་ལེ་ཆེན་པོ་གཅིག་གི་དཀྱིལ་འཁོར་དུ་དག་ནས་བློས་བཏགས་པའི་ཆོས་སོ་ཅོག་ཐམས་ཅད་ཟད་ཅིང་ཆོས་ཉིད་དུ་འཛིན་པ་ཙམ་ཡང་ཟད་པས་ཆོས་སྐུའི་སྣང་བ་མཐོང་སྟེ། ཐལ་འགྱུར་ལས། ཆོས་ཉིད་མངོན་སུམ་མཐོང་བ་ཡིས། །ཡིད་དཔྱོད་འཛིན་པའི་མཐའ་ལས་འདས། །ཉམས་སྣང་གོང་དུ་འཕེལ་བ་ཡིས། །འཁྲུལ་པའི་སྣང་བ་ནུབ་པ་དང་། །བར་དོའི་ཡེ་ཤེས་མངོན་དུ་བྱེད། །རིག་པ་ཚད་ཕེབས་སྣང་བ་ཡིས། །སྐུ་གསུམ་རྟོགས་པའི་ལམ་སྣང་འདས། །ཆོས་ཉིད་ཟད་པའི་སྣང་བ་ཡིས། །ཁམས་གསུམ་འཁོར་བའི་རྒྱུན་ཐག་ཆད། །ཅེས་གསུངས་པ་བཞིན་ནོ། །ཐིག་ལེ་སྐུར་སྨིན་པའི་ཚུལ་འདི་དང་ཕྱོགས་མཚུངས་ཙམ། དུས་འཁོར་དུ་ཡང་གསུངས་པ་ཡོད་དེ། ནམ་མཁར་ཀུན་ནས་ཞེན་པའི་སེམས་དང་མིག་ནི་མི་འཛུམ་རྡོ་རྗེའི་ལམ་དུ་རབ་ཏུ་ཞུགས་པ་ཡིས། །སྟོང་པ་ལས་ནི་དུ་བ་སྨིག་རྒྱུ་རབ་གསལ་དྲི་མ་མེད་པའི་མཁའ་སྣང་ཉིད་དང་མར་མེ་དང་། །འབར་བ་དང་ནི་ཟླ་བ་ཉི་མ་རྡོ་རྗེ་རྣམས་དང་མཆོག་གི་


GTN001_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་དང་ཐིག་ལེ་མཐོང་བར་འགྱུར། །དེ་ཡི་དབུས་སུ་སངས་རྒྱས་གཟུགས་ནི་ཡུལ་དང་རྣམ་པར་བྲལ་བ་དུ་མ་ལོངས་སྤྱོད་རྫོགས་པའི་སྐུ། །ཞེས་གསུངས་སོ། །འདི་ལྟར་གསང་བ་བླ་ན་མེད་པ་འདིར་ཐོག་མ་ནས་འཁོར་བའི་སེམས་ལས་འདས་པའི་རང་བྱུང་གི་རིག་པ་ཉིད་བཅར་ཕོག་ཏུ་ལམ་དུ་བྱེད་པ་ལ་མཁས་པས་མྱུར་དུ་འབྲས་བུ་རང་ཐོག་ཏུ་ཕེབས་པའི་གནད་ཀྱང་དེ་ཡིན་ལ། དེ་ལྟར་མ་ཡིན་ན་ཉམས་སུ་ལེན་དུས་འཁོར་བའི་སེམས་དང་སེམས་བྱུང་ལས་མ་འདས་པས་འབྲས་བུ་འཁོར་བ་ཉིད་དེ་རྒྱུ་འབྲས་མི་བསླུ་བར་གཅིག་པའི་ཕྱིར་འགལ་བར་འདུ་བའི་སྐབས་མེད་ལ། ཁྱད་པར་མངོན་སུམ་འོད་གསལ་ལ་བལྟ་བའི་རིག་པ་སྐད་ཅིག་མ་དེ་ཉིད་ནི་ཁམས་གསུམ་པའི་སེམས་སེམས་བྱུང་ཀུན་གཞི་དང་བཅས་པ་ལྡོག་པ་སྟེ། མངོན་སུམ་ལ་བལྟས་པས་ནང་ཀུན་རྟོག་གི་འཕྲོ་འདུ་མེད་པས་འདོད་པའི་སེམས་ལོག །གསལ་བའི་ངང་ལ་གསལ་བར་འཇོག་བྱེད་ཀྱི་གཉེན་པོ་མེད་པས་གཟུགས་ཀྱི་ཁམས་ལས་ལོག །རྟོག་མེད་རྩེ་གཅིག་ལ་ཆོས་ཉིད་ཀྱི་ངང་དུ་ཞེན་པའི་བློ་མེད་པས་གཟུགས་མེད་ཀྱི་ཁམས་ལས་ལོག །དངས་ལ་རིག་པའི་ཕྱིར་ཀུན་གཞི་ལས་ལོག །རང་བྱུང་གི་ཡེ་ཤེས་སུ་ཐག་ཆོད་པས་ཀུན་གཞིའི་རྣམ་ཤེས་ལས་ལོག །སྣང་བ་འོད་གསལ་གྱི་ཡུལ་ལས་ཐ་མལ་གྱི་རྗེས་སུ་སྣང་བ་མེད་པས་སྒོ་ལྔའི་རྣམ་ཤེས་ལས་ལོག །དེའི་ཚེ་དཔྱོད་བྱེད་ཀྱི་རྟོག་པ་དང་ཆགས་སྡང་གི་ཀུན་རྟོག་མེད་པས་ཡིད་ཤེས་དང་ཉོན་ཤེས་ལས་ལོག་སྟེ། མདོར་ན་


GTN001_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་གསུམ་གྱི་སེམས་དང་སེམས་བྱུང་ཐམས་ཅད་ལས་རྣམ་པར་གྲོལ་བ་ནི། སངས་རྒྱས་ཀྱི་ཡེ་ཤེས་ཞི་བ་ཉིད་ལས་གཞན་མ་ཡིན་པའི་མཐར་ཐུག་པ་སྟེ། དེའི་ཕྱིར་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལས། ཞི་བའི་བློ་གྲོས། དེ་བཞིན་གཤེགས་པའི་ཐུགས་ཀྱི་གསང་བ་འདི་སེམས་དང་ཡིད་དང་རྣམ་པར་ཤེས་པ་དང་ཡང་བྲལ་ལ། ཏིང་ངེ་འཛིན་གྱི་གནད་ཀྱང་མི་འདོར་ལ། འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའོ། །ཞེས་གསུངས་པའི་ཕྱིར་རོ། །གང་དག་སྔགས་ཀྱི་གྲུབ་མཐའ་རྒྱུད་སྡེ་འོག་མ་རྣམས་སུ་རོ་རྐྱང་གི་རླུང་དབུ་མར་ཚུད་པས་བདེ་གསལ་མི་རྟོག་པའི་ཡེ་ཤེས་ལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་འདོད་པ་གང་ཞིག །ཚོགས་བརྒྱད་ཀྱི་རྣམ་ཤེས་ལས་མ་ལོག་སྟེ། ཚོར་བ་བདེ་བ་ནི་ཡིད་དང་ཉོན་ཡིད་ཀྱིས་རྗེས་སུ་བསྐྱེད་ཅིང་། སེམས་རྟོག་མེད་ཀྱི་ཆ་ནི་ཀུན་གཞི་ལས་གཞན་དུ་མ་འདས་ཤིང་། རླུང་དང་ཁམས་རྣམས་རོ་རྐྱང་གི་ལམ་ནས་དབུ་མར་འཇུག་ཅིང་། དེའི་རྩ་མདུད་རེ་རེ་གྲོལ་སྟོབས་ཀྱིས་ས་བཅུའི་སྤངས་རྟོགས་འཆར་བར་འདོད་པས་འགྲོ་དྲུག་གི་རྩ་འདབ་ཏུ་རླུང་སེམས་ཞུགས་པས་མ་དག་པས་སའི་འཁྲུལ་སྣང་འཆར་བའི་ཕྱིར་གོལ་མ་གོལ་གྱི་གནད་ཀྱང་དེ་ཡིན་ལ། འདིར་ནི་རླུང་རྣམས་རང་ཞིར་འཇོག་པ་ལས་དབུ་མར་འཇུག་པ་སོགས་མེད་ཅིང་རྩ་འདབ་སོ་སོའི་རླུང་རང་དག་ལ་སོང་དུས་འོད་ཀྱི་རྩའི་ཡེ་ཤེས་ཀྱི་རླུང་རང་ས་ན་རང་གསལ་བས་དག་པ་ཡེ་ཤེས་ཀྱི་སྣང་བ་སྐུ་དང་། ཞིང་


GTN001_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་དང་འོད་ཀྱི་རང་བཞིན་ལས་མ་དག་པའི་འཁྲུལ་སྣང་འཆར་བའི་སྐབས་མེད་ཅིང་དབུ་མའི་འོད་ཀྱི་རྩ་རྣམས་འཕེལ་བས། རྩ་མདུད་ཀྱི་རྣམ་པ་རྣམས་རིམ་གྱིས་འོད་དུ་ཡལ་བའི་ཡོན་ཏན་ལས་སའི་མངོན་རྟོགས་རྣམས་རང་སྣང་དུ་འཆར་རོ། །དེ་ཡང་རྩ་མདུད་དང་པོ་གཉིས་འོད་དུ་ཡལ་བས། ཕྱིར་སྣང་འོད་ཀྱི་ནང་དུ་སངས་རྒྱས་ཀྱི་ཞིང་ཁམས་བརྒྱ་ཕྲག་འཆར་ལ། དེ་དག་ཏུ་འོད་ཟེར་འགྱེད་པ་དང་། རང་སྣང་དུ་འདུས་པས་བགྲོད་པ་དང་། ལུས་འགུལ་བས་ཞིང་བརྒྱ་གཡོ་བ་དང་། ནང་དུ་ཆོས་ཉིད་མི་རྟོག་པའི་ཏིང་ངེ་འཛིན་བརྒྱ་ལ་འཇུག་ཅིང་ལྡང་བ་ལ་སོགས་འབྱུང་བའི་ཕྱིར་དེ་དག་གིས་མཚོན་པའི་ལམ་གོང་མ་རྣམས་ཀྱང་ཐེག་པ་འོག་མ་ལས་ཆེས་ཁྱད་པར་དུ་འཕགས་པ་ཤེས་པར་བྱ་དགོས་ལ། དེ་ལྟར་སྣང་བ་བཞིའི་ལམ་མཐར་ཕྱིན་པ་དེའི་ཚེ་ཁྲེགས་ཆོད་ཀྱིས་ལུས་རྡུལ་ཕྲན་དུ་དེངས་པ་ཡོད་ཀྱང་དེས་རྡོ་རྗེའི་སྐུ་མི་འགྲུབ། དེ་མ་འགྲུབ་པས་རྟེན་དེས་འཁོར་བ་མ་སྟོང་གི་བར་གཞན་དོན་རླབས་པོ་ཆེ་སྒྲུབ་པའི་ཐབས་མེད་པས། གཟུགས་སྐུ་དེ་ཉིད་ཆུ་ཟླ་ལྟར་སྣང་གཟུགས་ཡོད་ཀྱང་རེག་གཟུགས་མེད་པར་བཞུགས་ནས་སེམས་ཅན་གྱི་དོན་དཔག་ཏུ་མེད་པར་མཛད་པ་ལ་འཕོ་བ་ཆེན་པོའི་སྐུ་ཞེས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང། བི་མ་མི་ཏྲ་ལྟ་བུའོ། །གལ་ཏེ་རྟེན་དེས་རེ་ཞིག་གདུལ་བར་བྱ་བ་མེད་ན། ཕྱིར་གསལ་ཟུང་འཇུག་གཟུགས་ཀྱི་སྐུའི་རང་སྣང་དེ་ཉིད་ནང་དབྱིངས་སྤྲོས་པ་དང་བྲལ་བ་ཆོས་སྐུའི་ངང་དུ་ཐིམ་ནས་སོ་སོ་རང་གི་རིག་པ་ཕྲ་བའི་ཡེ་ཤེས་ནང་གསལ་གཞོན་ནུ་བུམ་པ་སྐུའི་ཚུལ་གྱིས་འཁྱིལ་བ་ལས་


GTN001_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ངང་དུ་གདུལ་བྱ་འདུལ་བྱེད་ཀྱི་རོལ་པ་བཀྱེ་བ་ན། འགག་པ་མེད་པའི་ཐུགས་རྗེ་ཆེན་པོའི་ཡེ་ཤེས་འཕྲོ་བའི་གཞིར་ཤིན་ཏུ་མཉམ་པར་བཞག་པ་ལས་མ་གཡོས་བཞིན་དུ་བཞུགས་པའི་ཆོས་ཉིད་དེ་ནི་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ཆོས་ཀྱི་སྐུའི་མཐར་ཐུག་པ་སྟེ། ཀ་དག་དང་ལྷུན་གྲུབ་གཉིས་མེད་ཀྱི་གྲོལ་ས་ཀ་དག་ཆེན་པོ་གདོད་མའི་གཞིའི་གནས་ལུགས་སུ་བྱང་ཆུབ་པ་ཡིན་ལ། ངོ་བོ་ཉིད་མེད་པར་སྨྲ་བའི་དབུ་མ་པ་རྣམས་ཀྱིས་འདི་སྐབས་སུ། འཇུག་པ་ཐམས་ཅད་ཞི་བའི་འགོག་པ་དམ་པ་ལ་གནས་པས་རང་སྣང་གི་སྐུ་དང་ཡེ་ཤེས་ཀྱང་མི་འདོད་དེ་སྤྲོས་པའི་མཐའ་ཐམས་ཅད་བྲལ་བ་ཉིད་ཀྱང་སྟོང་པ་མཐའ་གཅིག་ཏུ་འདོད་པའི་ཕྱིར་རོ། །དེ་ལྟར་ན་སངས་རྒྱས་ལ་ཡེ་ཤེས་མེད་པར་འགྱུར་བས་གཞན་དོན་མི་འབྱུང་བར་ཐལ་ཏེ་ཅི་ཡང་མེད་པའི་ནམ་མཁའ་སྟོང་པ་དང་མཚུངས་པར་སྨྲས་པའི་ཕྱིར། འོ་ན་ངོ་བོ་ཀ་དག་གི་ཆ་ནས་དབྱིངས་སྟོང་པ་ཉིད་དེ་དང་ཚུལ་མཐུན་དུ་རུང་ཡང་། དེའི་ངང་ལས་ལྷུན་གྲུབ་ཀྱི་ཆ་ནས་རང་སྣང་ལོངས་སྤྱོད་རྫོགས་པའི་ཞིང་དང་སྐུའི་འཆར་གཞི་ཕྲ་བའི་ཡེ་ཤེས་གསུམ་དང་། དེའི་རྩལ་ལས་མཚན་ཉིད་འཛིན་པའི་ཡེ་ཤེས་ལྔ་དང་། ཤེས་བྱ་མཁྱེན་པའི་ཡེ་ཤེས་འཆར་གཞིའི་ཆ་ཤེལ་འོད་ནང་དུ་གསལ་བ་ཕྱིར་རོལ་དུ་མི་མངོན་པ་བཞིན་གནས་པ་ཡིན་ལ། ཡེ་ཤེས་དེ་ཉིད་ཡོད་པས་སྐུ་དང་ཡེ་ཤེས་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པ་དང་། ཆོས་ཀྱི་སྐུ་ལས་མ་གཡོས་བཞིན་དུ་གཟུགས་སྐུ་གཉིས་ཕྲིན་ལས་དང་བཅས་པ་གདུལ་བྱ་ལ་སྣང་བའི་ནུས་པ་འདི་ཉིད་ལས་


GTN001_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་སྟེ། དེ་ལྟར་མིན་ན་ཡེ་ཤེས་མེད་པས་གདུལ་བྱའི་དོན་དང་། ཐམས་ཅད་མཁྱེན་པའི་ཡོན་ཏན་ཚད་མེད་པ་རྣམས་ཀྱང་མི་འབྱུང་བར་འགྱུར་ཏེ། སྡུད་པ་ལས། ཡེ་ཤེས་མེད་ན་ཡོན་ཏན་འཕེལ་མེད་བྱང་ཆུབ་དང་། །རྒྱ་མཚོ་འདྲ་བའི་སངས་རྒྱས་ཆོས་ཀྱང་མེད་པར་འགྱུར། །ཞེས་པ་དང་། སྒྲོན་མ་སྣང་བྱེད་ལས། དེ་ལྟར་ཡེ་ཤེས་ཆ་མེད་ན། །ཕྱི་རོལ་ནམ་མཁའ་སྟོང་པ་དང་། །ཁྱད་པར་ཉིད་ནི་ཡོད་མ་ཡིན། །དེ་ཕྱིར་གཞི་ནས་ཡེ་ཤེས་ཁྱབ། །ཡེ་ཤེས་མེད་ན་ཆད་པ་དང་། །ཁྱད་པར་ཅི་ཡང་ཡོད་མི་འགྱུར། །ཞེས་པ་ལ་སོགས་མཐའ་ཡས་ལ། ཡོན་ཏན་ལྷུན་གྲུབ་ཀྱི་ཚུལ་འདི་ལ་མཉམ་སྦྱོར་འགྲེལ་ཆེན་ལས་ཀྱང་། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་མཚན་ཉིད་བདེ་བ་ཆེན་པོའི་སྐུ་འདི་ནི་རྣལ་འབྱོར་གྱི་བདག་ཉིད་ཅན་ཏེ། གཉིས་ཅན་དུ་རྟོག་པའི་མཚན་མ་བདུད་ལ་སོགས་པའི་ཚོགས་རྣམས་ངང་གིས་བཅོམ་ཞིང་། ལེགས་པའི་ཡོན་ཏན་གྱི་བཀོད་པ་ཐམས་ཅད་ལ་མངའ་བརྙེས་པས་ཡོན་ཏན་གྱི་བྱེ་བྲག་གཞན་མེད་དེ། རང་བཞིན་ལྷུན་གྱིས་གྲུབ་པ་དང་རྟོགས་པ་མངོན་དུ་གྱུར་པའི་ཚུལ་དུ་བཞུགས་ཤིང་། ཞེས་པ་ལ་སོགས་པ་རྣམས་ཀྱིས་ལེགས་པར་བཤད་དོ། །ཆོས་ཀྱི་སྐུ་དེའི་ངང་ལས་རང་སྣང་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་པའི་བྱིན་རླབས་ལས་དག་པའི་ཞིང་ཁམས་སུ་དེ་བཞིན་གཤེགས་པ་རིགས་ལྔ་དང་། མ་དག་པའི་ཞིང་དུ་མཆོག་གི་སྤྲུལ་སྐུ་སོགས་ཕྲིན་ལས་རྒྱུན་མི་འཆད་དུ་འབྱུང་བ་ཡིན་ནོ། །རྗེས་མཐའ་བརྟེན་བཞིའི་མན་ངག་ཀྱང་། མི་འགུལ་བ་གསུམ་ལ་གཞི་
བཅའ་བ། སྡོད་པ་གསུམ་གྱི་ཚད་བཟུང་བ། ཐོབ་པ་གསུམ་གྱི་གཟེར་གདབ་པ། གདེང་བཞིའི་གྲོལ་ཚད་བསྟན་པ་ལ་སོགས་པས་མཇུག་བསྡུ་བ་ཡིན་ནོ། །

རྫོགས་པ་ཆེན་པོའི་གནས་ལུགས།


GTN001_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

མདོར་ན་རྫོགས་པ་ཆེན་པོའི་གནས་ལུགས་ནི།ལྟ་བ་ཡོངས་གྲུབ། རྒྱུ་འབྲས་དག་མཉམ། བདེན་པ་དབྱེར་མེད། གཟུང་འཛིན་རང་ཞིག །སྐྱེ་འགག་ཟང་ཐལ། སྤྲོས་མ་སྤྲོས་ཀྱི་མཐར་མ་ལྷུངས། བློས་མ་བཅོས། ཕྱིར་མི་འཕྲོ། ནང་དུ་མི་བཟུང་། བར་དུ་མི་བཞག །བརྗོད་པ་ཐམས་ཅད་ཚིག་དང་ཐ་སྙད་ཀྱི་སྦུན་པ། བསམ་ཚད་དཔྱོད་ཚད་ཐམས་ཅད་རྟོག་པས་བཏགས་པར་ཁོ་ནར་སོང་བས་རང་ངོ་ཁས་ལེན་གྱི་མཐར་མི་གནས་པའི་ངང་དུ་ལ་བཟླ་བ་ཞིག་སྟེ། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། རིག་པའི་ཆོས་ཐམས་ཅད་བདག་རྟོག་གི་བློ་དང་བྲལ་བར་ཤེས་པར་གྱིས་ཤིག །ཅེས་སོ། །འོན་ཀྱང་སྔ་ཕྱི་ཅི་རིགས་པ་རྣམས་སུ་ཆོས་ཉིད་ཟབ་མོ་བློས་བྱས་ཀྱིས་སྒྲུབ་པར་རློམ་པ་རྣམས་ནི། ཆོས་ཉིད་བློ་བྲལ་གྱི་གཏམ་ཟབ་མོས་སྐྲག་པར་གྱུར་ཅིང་། འདིས་ལམ་གྱི་རིམ་པ་འོག་མ་རྣམས་སུན་ཕྱུང་བ་ལྟར་སྣང་བ་ལ་ཟབ་མོའི་ཕྱོགས་དང་རྒྱ་ཆེ་བའི་གནས་ལ་ཤིན་ཏུ་མཛའ་བ་མ་ཡིན་པའི་རྟོག་གེའི་བློ་གྲོས་ལྟར་སྣང་དང་ལྷན་ཅིག་ཏུ་དུས་སྔ་ཕྱིའི་ཙམ་ལའང་ཕྲག་པ་དོག་པའི་དཀའ་ཐུབ་རེས་འགའ་མ་ཡིན་པར་ལྷུར་ལེན་པ་དག་བྱུང་མོད་ཀྱི། འཕགས་པ་འཇམ་དཔལ་གྱིས། བྱ་བ་རྣམས་ལ་རྣལ་འབྱོར་པ། །ལམ་ཆེན་དག་ཏུ་ཡོངས་འཛིན་པ། །རི་དྭགས་སྨིག་རྒྱུ་སྙེག་པ་ལྟར། །རྟག་ཏུ་སྣང་ཡང་མི་ཟིན་ནོ། །དེ་བས་དེ་དག་ཐམས་ཅད་


GTN001_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་། །ཡང་དག་མིན་པའི་བློ་དང་བཅས། །འོག་མ་འོག་མའི་རྣལ་འབྱོར་བློ། །གོང་མ་གོང་མའི་ཁྱད་པར་འཕགས། །འོག་མའི་བློ་ནི་གོང་མ་ཡི། །ཤེས་རབ་ཀྱིས་ནི་སུན་འབྱིན་ནོ། །ཞེས་གསུངས་པ་བཞིན་ཤེས་པར་བྱ་ཞིང་རྩོད་པའི་ཀུན་སློང་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་ངང་དུ་ཞི་བ་ལ་མཁས་པར་བྱའོ། །ཡང་རྫོགས་པ་ཆེན་པོས་གཤིས་ལ་བྱ་བ་དང་བྲལ་བའི་གྲུབ་མཐའ་རྒྱུ་རྐྱེན་འདུས་བྱས་ཀྱི་ཁམས་སུ་མི་གནས་པའི་ཡེ་ཤེས་ངེས་དོན་མཐར་ཐུག་པ་དྲང་ཐད་དུ་སྟོན་པའི་སྐབས། དཀར་ནག་དང་རྒྱུ་འབྲས་འབད་རྩོལ་གྱིས་བྱས་ཆོས་ལ་ལྟོས་འཆའ་མི་དགོས་པར་བཤད་པ་ལ། བོད་འགའ་ཞིག་གིས་སྤྱོད་པའི་ཕྱོགས་སྤངས་པས་ཧྭ་ཤང་དང་མཐུན་པར་ཐལ་ལོ་ཞེས་སྨྲེ་སྔགས་སྲོག་འདོར་བ་ཙམ་བྱེད་པ་བྱུང་མོད། ལར་བདེ་བར་གཤེགས་པས་ཆོས་ཀྱི་འཁོར་ལོ་གསུམ་བསྐོར་བའི་རིམ་པ་དང་པོ་དགེ་མི་དགེའི་རྒྱུ་འབྲས་མི་བསླུ་བར་སྟོན་པ་དེ་ཡང་འཇིག་རྟེན་གྱི་ངོ་ལ་ལྟོས་ནས་བསྟན་པའི་ཕྱིར་དྲང་དོན་དུ་བཞག་པ་ཡིན། བར་པ་དང་ཐ་མ་གཉིས་རྣམ་ཐར་སྒོ་གསུམ་གྱི་མཚན་ཉིད་དུ་དོན་གྱིས་མི་མཐུན་པ་མེད་ལ་ངེས་དོན་ཟབ་མོའི་གནས་ལུགས་སྟོན་པ་ལ་ཟབ་པ་དང་། ཆེས་ཟབ་པའི་ཁྱད་པར་ཙམ་ཡོད། དྲང་ངེས་ཀྱི་དོན་དེ་ཡང་འདུས་བྱས་དང་། འདུས་མ་བྱས་ཀྱི་སྒོ་ནས་འབྱེད་ཅིང་བརྗོད་བྱ་དེ་དག་ཤས་ཆེ་ཆུང་གི་སྒོ་ནས་དབྱེ་བ་ཡིན་པར་མཁས་པ་ཀུན་ལ་གྲགས་ཤིང་གྲུབ་མོད། དེ་ལྟར་ཉིད་ཀྱིས་རེ་ཞིག་བཀའ་བར་པར་རྣམ་ཤེས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་གི་ངོ་བོས་སྟོང་པར་ཁས་


GTN001_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

བླངས་ནས། དེ་ངེས་དོན་དུ་འཆད་པའི་སྐབས་གང་ལ་དམིགས་པར་བྱ་བ་ཐམས་ཅད་དང་བྲལ་བ། རྟོག་པ་དང་རྣམ་པར་རྟོག་པ་ཐམས་ཅད་སྤངས་པ། གང་ལ་བླང་བར་བྱ་བ་དང་། དོར་བར་བྱ་བའི་ཆོས་སུ་མི་དམིགས་པ་སྟེ། མདོར་ན་གཟུང་འཛིན་གྱི་ཆོས་རྣམས་ལས་ཡང་དག་པར་འདས་པའི་འདུས་མ་བྱས་ཀྱི་གནས་ལུགས་གང་ཡིན་པ་དེ་ལ་རྣམ་ཐར་གསུམ་གྱི་མཚན་ཉིད་ཀྱང་གནས་པའི་ཕྱིར་རྫོགས་ཆེན་པས་གཞིའི་དུས་སུ་འཁོར་འདས་མཉམ་པ་ཉིད་དུ་བལྟ་བས་རྒྱུ་འབྲས་ཐ་དད་དུ་མི་འབྱེད། ལམ་གྱི་དུས་སུ་ཅི་ལའང་རྣམ་པར་མི་རྟོག་པས་བླང་བ་དང་དོར་བའི་མཐའ་མི་དཔྱོད། འབྲས་བུའི་དུས་སུ་ཐོབ་བྱ་རེ་དོགས་དང་བྲལ་བས་གདེང་ཆོས་ཀུན་ཟད་སར་འཁྱོལ་བ་ལ་གྲུབ་མཐའི་སྙིང་པོར་བྱེད་དེ། ཀུན་བྱེད་རྒྱལ་པོ་ལས། ཡོ་ག་ཤིན་ཏུ་རྣལ་འབྱོར་རྫོགས་ཆེན་ལ། །སོགས། གཅིག་ཏུ་རྟོགས། ཞེས་གསུངས་པ་བཞིན་ནོ། །དེ་ལྟ་བུའི་གྲུབ་མཐའི་འཆའ་ལུགས་ཆེན་པོ་འདི་ནི། གཉིས་སུ་མི་གསུང་བའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ངེས་དོན་ཟབ་མོའི་མདོ་སྡེ་རྣམས་ཀྱི་དགོངས་པའང་དེ་ཁོ་ན་ཉིད་དུ་གནས་པ་ཡིན་ཏེ། ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པའི་མདོ་ལས། ཆོས་ཐམས་ཅད་ཀྱི་རང་བཞིན་དེ་གང་ཞེ་ན། ཆོས་ཐམས་ཅད་ནི་སྟོང་པ་ཉིད་སོགས། ༼གོང་དུ་གསལ།༽ དེའི་ཕྱིར་སེམས་རང་བཞིན་གྱིས་འོད་གསལ་བའོ། །ཞེས་གསུངས་པ་ལྟར་རོ། །དེའི་ཕྱིར་ལྟ་བ་ཁས་བླངས་དང་བྲལ་བ། བསྒོམ་པ་ཡིད་བྱེད་དང་བྲལ་བ། སྤྱོད་པ་བླང་དོར་དང་བྲལ་བ། འབྲས་བུ་རེ་དོགས་དང་


GTN001_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་བ་བཞི་པོ་དེས་རྣམ་པར་ཐར་པའི་སྒོ་གསུམ་གྱི་མཚན་ཉིད་ཉམས་ལེན་རྗེན་པར་དེ་ལས་གཏན་དུ་ཅི་ཞིག་ཕབ། ཁྱེད་ཉིད་ཀྱིས་ཚད་མར་ཁས་ལེན་སོར་བཞག་གི་རྒྱུད་སྡེ་དུ་མའི་རྫོགས་རིམ་མན་ངག་གིས་འཆད་པ་ན་གྲུབ་མཐའ་འཁོར་འདས་དབྱེར་མེད་ཅེས་པ་འདི་ལ་ངོས་མ་བཟུང་ན། རྟོག་གེའི་བློས་བཞག་པའི་གྲུབ་མཐའ་དང་ནི་འདི་གཉིས་གཅིག་ཏུ་མཛའ་བའི་སྐབས་མི་འབྱུང་ངོ་། །འོན་ཏེ་ལྟ་བའི་ལྡོག་པ་ནས་དེ་ལྟར་ཡིན་ཀྱང་སྤྱོད་པའི་ཕྱོགས་དོར་བས་སོ་ཞེ་ན། ལྟ་བ་དོན་དམ་པའི་བདེན་པ་མ་འཁྲུལ་པའི་གནས་ལུགས་མཐོང་བ་ལ་བཞག་ནས་སེམས་དང་སེམས་བྱུང་གི་གོ་ན་གནས་པའི་བསླབ་པ་སོགས་འདུས་བྱས་ཀྱི་དགེ་རྩ་སོགས་བྱས་ཆོས་དཀར་ནག་གི་འཆིང་གྲོལ་ལས་འདས་པའི་ཕྱིར་བླང་དོར་མེད་པར་འགྲུབ་ཅིང་། དེ་སྨོན་པ་མེད་པའི་མཚན་ཉིད་དུ་གནས་པ། དཀོན་བརྩེགས་འོད་སྲུང་གིས་ཞུས་མདོར། གང་འདུས་མ་བྱས་པ་དེ་ནི་འཕགས་པ་རྣམས་ཀྱི་རིགས་སོ། །སོགས་གོང་དུའོ། །ལས་མངོན་པར་འདུ་བྱེད་པ་ཡང་མེད་དོ། །ཞེས་པ་དང་། དེ་ལ་དགེ་བ་ཡང་སྟོང་ལ། མི་དགེ་བ་ཡང་སྟོང་སོགས། རྒྱུ་དང་རྐྱེན་ཡང་མེད་དོ། །ཞེས་དང་། ཀྱེ་རྡོར་ལས། བསྒོམ་མེད་སྒོམ་པ་པོ་ཡང་མེད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །ཞེས་པ་ལ་སོགས་ཀྱིས་བསྟན་པ་རྨད་དུ་བྱུང་བའི་སྒྲ་བསྒྲགས་པ་འདི་ཡང་ཧྭ་ཤང་གི་ལུགས་སུ་འགྱུར་རམ་སོམས་ཤིག །སྤྱིར་ཡང་ཤེས་རབ་ཕྱིན་ཅི་མ་ལོག་པར་རྟོགས་པས་ཐབས་དེའི་ཡན་ལག་ཙམ་


GTN001_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གྱུར་པ་ནི། སངས་རྒྱས་ཀྱི་དགོངས་པ་མ་ནོར་བ་ཡིན་ཏེ། སློབ་དཔོན་འཕགས་པ་ལྷས་ཀྱང་། ཚུལ་ཁྲིམས་ལ་ནི་ཉམས་བླ་ཡི། །ལྟ་ལས་དེ་ལྟ་མ་ཡིན་ནོ། །ཞེས་བཤད་པ་ལྟར་ལྟ་བ་ཇི་བཞིན་པར་རྟོགས་ནས་སྤྱོད་པ་ཅི་ལ་སྤྱད་ཀྱང་མི་འཆིང་བར་མ་ཟད་གྲོལ་བའི་འབྲས་བུ་འཐོབ་པ་རྒྱལ་བའི་སྲས་ཀྱི་གཞུང་ལམ་ཆེན་པོ་ཉིད་དུ་གནས་མོད་ཀྱི། རྫོགས་པ་ཆེན་པོའི་ལམ་འདིར་ནི་ཆོས་ཉིད་མཉམ་པ་ཆེན་པོའི་ཀློང་དུ་བླང་དོར་མེད་པར་བཞག་པས་དོན་འགྲུབ་པ་ལ་སྤྱོད་པ་ལ་ཆེད་འཛིན་གྱི་སྤྱོད་པས་མ་བསྒྲིབས་པར་ནི་ཁྱད་པར་གྱི་ཆོས་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་དམ་པ་ལས། རིན་བྱིན་གྱིས་སྨྲས་པ། འདོད་ཆགས་མ་སྤངས་ཤིག །སོགས། ཆུ་བོ་ལས་མ་བརྒལ་ཅིག །ཅེས་གདམས་ངག་འདི་ལྟ་བུས་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་ལ་གདམས་པར་བྱའོ། །རྗེས་སུ་སོགས་ཡིན་པའི་ཕྱིར་རོ། །ཞེས་བཤད་ཅིང་དེ་དང་གཅིག་པར་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། བདག་ཉིད་ལྷ་ཡི་དཀྱིལ་འཁོར་རང་ལ་རང་སྣང་བས། །ལྷ་ལ་མཆོད་པ་མི་ཕུལ་ཕུལ་ན་འཆིང་བར་འགྱུར། །མཆོད་པ་ཕྱག་རྒྱ་ལ་སོགས་སྐུ་ལ་སྒྲིབ་པ་ཡིན། །ཕྱག་རྒྱ་མི་བསྒྱུར་བསྒྱུར་ན་རིན་ཆེན་བརླག་པར་འགྱུར། །འཁོར་བ་མི་སྤང་སྤངས་ན་སངས་མི་རྒྱ། །སངས་རྒྱས་གུད་ན་མེད་པས་རིག་པ་ཉིད་ལས་གང་ཡང་མེད། །འཁོར་བ་གུད་ན་མེད་དེ་རང་གི་སེམས་སུ་ཐམས་ཅད་འདུས། །འདུས་བྱས་དགེ་རྩ་མི་བྱ་བྱས་ན་འཆིང་བར་འགྱུར། །མཆོད་རྟེན་ལྷ་ཁང་ལ་སོགས་འདུས་བྱས་དགེ་རྩ་སྤང་། །བྱས་པའི་ཆོས་ནི་མི་ཟིན་བཞག་ན་ཟིན་པར་འགྱུར། །


GTN001_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་བཏང་བའི་རྣལ་འབྱོར་མི་སྤོང་སྤངས་ན་དེ་བཞིན་གཤེགས། །ཡང་དག་སངས་རྒྱས་ལམ་ནི་དེ་བཞིན་ཀུན་ལ་ཤེས་པར་བྱ། །ཞེས་གཤིས་ལ་བྱ་བ་ཐམས་ཅད་དང་བྲལ་བའི་ཆོས་ཉིད་མཉམ་པ་ཆེན་པོའི་དོན་ལ་གདེང་དུ་གྱུར་པའི་ལྟ་བས་ཟིན་པའི་ཚེ་འདུ་བྱས་པའི་དཀར་ནག་གི་ལས་ཀྱང་མཉམ་པ་ཉིད་དུ་སྒྲ་ཇི་བཞིན་པར་བསྟན་པ་འདི་ཉིད་རྒྱུད་དུ། དགེ་བ་བྱར་མེད་སྡིག་པ་སྤང་དུ་མེད། ། དགེ་སྡིག་གཉིས་དང་བྲལ་བའི་རིག་པ་ཆོས་ཀྱི་སྐུ། །དགེ་བ་མི་བྱ་བྱས་ན་སངས་རྒྱས་མེད། །སྡིག་པ་མི་སྤང་སྤངས་ན་སངས་རྒྱས་འགྲུབ་མི་འགྱུར། །ཞེས་སོ། །དེ་ཡང་གངས་ཅན་ན་ལུགས་དེ་ཐོས་པས་སྙིང་འགས་ནས་སྲོག་འདོར་བར་བྱེད་པ་དག་མང་མོད་ཀྱི། དེ་དག་གིས་རང་བཞིན་ཁོང་དུ་མ་ཆུད་པས་བློར་མ་ཤོང་བ་ལ་ཁག་མེད་དེ། འདི་ལྟར་འཕགས་པ་ཀུན་རྫོབ་དང་དོན་དམ་པའི་བདེན་པ་བསྟན་པའི་མདོ་ལས། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དོན་དམ་པར་ན་དེ་བཞིན་ཉིད་དང་། སོགས། དེ་དང་མཉམ་མོ། །ཞེས་སོ། །དེ་ལྟར་བསྟན་པ་ཉིད་ཀྱིས་སྤྱོད་པའི་ཕྱོགས་རྣམས་ཡལ་བར་འདོར་བར་མི་འགྲུབ་སྟེ། རང་ལུགས་སེམས་སྡེའི་རྒྱུད་ཆེན་པོ་རྡོ་ལ་གསེར་ཞུན་དུ། བདེ་གཤེགས་མ་ལུས་ཡུམ་དུ་གྱུར་པས་རྒྱལ་བ་ཀུན་གྱི་ལམ་གཅིག་པུ། །ཚུལ་ཁྲིམས་ལ་སོགས་ཕ་རོལ་ཕྱིན་ལམ་སྤྱོད་པ་རྒྱ་མཚོའི་གཞིར་གྱུར་པ། །ཞེས་ཤེས་རབ་ཀྱི་ཡན་ལག་ཏུ་གྱུར་པའི་ཐབས་སྤྱོད་པའི་ཕྱོགས་མི་འདོར་བའི་གྲུབ་པའི་མཐའ་ཆེན་པོ་འདི་ཡོད་བཞིན་ཐབས་ལ་མཁས་པའི་ཕྱིར་གནས་སྐབས་སུ་ཀུན་རྫོབ་བདེན་པ་འདོར་བ་


GTN001_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་མོད་ཀྱི། འོན་ཀྱང་གནས་ལུགས་བདེན་པའི་ཆོས་ཉིད་མ་འཁྲུལ་བ་རང་གི་ངོ་བོ་མངོན་སུམ་རྟོགས་པའི་ཚེ། བདེན་གཉིས་རེས་འཇོག་ཕྱོགས་སུ་མ་ལྷུངས་པར་ཕ་རོལ་ཕྱིན་པ་བཅུ་སོགས་བྱང་ཆུབ་ཕྱོགས་སུ་གྱུར་པའི་ལམ་བདེན་གྱི་ཆོས་རྣམས་ཀྱང་འདི་ཉིད་དུ་འདུ་བའི་ཚུལ་ནི། རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། ལྷུན་གྱིས་གྲུབ་པའི་ཆོས་སྐུ་ཉིད། །གསལ་འགྲིབ་སྣང་བའི་མུན་པ་སངས། །རྟག་ཆད་གཉིས་ཀྱི་མཐའ་ལས་འདས། །མུན་སྣང་གཉིས་ཀྱིས་གཟུང་དུ་མེད། །གཅིག་དང་དུ་མའི་ཆོས་ལས་འདས། །སྣང་དང་མི་སྣང་ཆོས་ལས་འདས། །སྐྱེ་དང་འཛིན་པའི་ཚིག་དང་བྲལ། །གོལ་སྒྲིབ་བདག་རྟོག་ག་ལ་ཡོད། །བསམ་པ་ཉིད་ལ་བསལ་དུ་མེད། །ཤེས་རབ་ཕ་རོལ་ཕྱིན་པའི་མཐའ། །རིག་གསལ་ཆོས་ཀྱི་སྐུ་ལ་འདུས། །བསམ་གཏན་ཕ་རོལ་ཕྱིན་པའི་མཐའ། །སྒྲོན་མ་ཅོག་བཞག་ངང་དུ་འདུས། །བརྩོན་འགྲུས་ཕ་རོལ་ཕྱིན་མཐའ་ནི། །རྟོག་མེད་རང་བྱུང་དོན་ལ་འདུས། །བཟོད་པའི་ཕ་རོལ་ཕྱིན་པའི་མཐའ། །སྣང་བ་ཐད་ཀར་གཅོད་ལ་འདུས། །ཚུལ་ཁྲིམས་ཕ་རོལ་ཕྱིན་པའི་མཐའ། །གྲོགས་མེད་གཅིག་པུ་འདུག་ལ་འདུས། །སྦྱིན་པའི་ཕ་རོལ་ཕྱིན་པའི་མཐའ། །འཁོར་བའི་འཛིན་ཆགས་ཐོང་ལ་འདུས། །སྨོན་ལམ་ཕ་རོལ་ཕྱིན་པའི་མཐའ། །སྣང་བ་རེ་དོགས་མེད་ལ་འདུས། །ཐབས་ཀྱི་ཕ་རོལ་ཕྱིན་པའི་མཐའ། །རིག་པ་ཅོག་བཞག་ངང་ལ་འདུས། །སྟོབས་ཀྱི་ཕ་རོལ་ཕྱིན་པའི་མཐའ། །འཁྲུལ་སྣང་རྒྱ་ཡིས་ཐེབས་ལ་འདུས། །ཡེ་ཤེས་ཕ་རོལ་ཕྱིན་པའི་མཐའ། །རྐྱེན་དང་བྲལ་བར་སྣང་ལ་


GTN001_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

འདུས། །དེ་བཞིན་ཕ་རོལ་ཕྱིན་པའི་མཐའ། །རང་བཞིན་ཀུན་ཁྱབ་ཡེ་ཤེས་སོ། །ཞེས་གསུངས་པ་བཞིན་དང་། དེ་དང་མཚུངས་པར་ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པའི་མདོ་ལས། གང་མི་འཛིན་པ་ནི་སྦྱིན་པ། མི་གནས་པ་ཚུལ་ཁྲིམས། མི་བསྲུང་བ་བཟོད་པ། མི་བརྩོན་པ་བརྩོན་འགྲུས། མི་སེམས་པ་བསམ་གཏན། མི་དམིགས་པ་ཤེས་རབ་བོ། །ཞེས་དང་། ཀུན་བྱེད་ལས། དོན་གྱི་སྙིང་པོ་རྣལ་མ་བྱར་མེད་ལ། །རྣལ་འབྱོར་ཆེན་པོ་རྣམས་ཀྱིས་མཐོང་བ་ནི། །ཡེ་ནས་རང་རྒྱུད་དག་པའི་དཀྱིལ་འཁོར་ལ། །རྒྱུ་ལས་འབྲས་བུ་ལྷ་ཡི་དཀྱིལ་འཁོར་དེ། །བསྙེན་བསྒྲུབ་ཡན་ལག་བཞི་ཡིས་རྫོགས་བྱས་ཏེ། །འཕྲོ་འདུ་བདག་ཉིད་ལྷུན་གྱིས་གྲུབ་པར་གནས། །ཞེས་སོ། །འོ་ན་ཆོས་ཐམས་ཅད་ཀྱི་གནས་ལུགས་དགེ་སྡིག་བཅིང་གྲོལ་ལས་འདས་པའི་འདུས་བྱས་ཀྱི་ཁམས་སུ་མི་གནས་ན། ལས་དཀར་ནག་དང་རྒྱུ་འབྲས་མི་བསླུ་བའི་ཚུལ་གསུངས་པ་རྣམས་དགོས་པ་མེད་པར་འགྱུར་རོ་ཞེ་ན། རྣམ་ཤེས་ཀྱི་ངོ་བོ་ལ་དགོངས་ནས་དེ་སྐད་དུ་གསུངས་པ་དཔེར་ན་རྨི་ལམ་གྱི་ཡུལ་དུ་ལེགས་ཉེས་གང་སྣང་རྨི་ལམ་དུ་བདེན་ཀྱང་། སད་པའི་གནས་སྐབས་སུ་མི་བདེན་པ་ལྟ་བུ་ལ་དགོངས་ནས་ཆོས་ཐམས་ཅད་རྨི་ལམ་ལྟ་བུ་དང་སྒྱུ་མ་ལྟ་བུ་ཞེས་མི་བདེན་པའི་དཔེས་གསུངས་པའི་ཕྱིར། རྣམ་ཤེས་ཀྱིས་བསྡུས་པའི་འཁྲུལ་སྣང་མ་ཟད་ཀྱི་བར་དུ་ནི་བླང་དོར་ཀྱང་ཡོད་ལ་ལས་དཀར་ནག་གི་རྒྱུ་དང་འབྲས་བུའི་རྣམ་པའང་མི་བསླུ་བའི་ཚུལ་གྱིས་འབྱུང་མོད་ཀྱི། འཁྲུལ་པ་ཟད་ནས་བདེན་པ་


GTN001_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བའི་ཡེ་ཤེས་ཀྱི་ལྡོག་པ་ལ། དེ་དག་མི་སྣང་སྟེ་ཡུལ་ཅན་གཟུང་འཛིན་གྱི་ཤེས་པ་མེད་པས་ཡུལ་ཀུན་རྫོབ་སྣང་བར་མི་འགྱུར་བ་ནི་སངས་རྒྱས་སྲས་དང་བཅས་པའི་དགོངས་པ་སྒྲ་ཇི་བཞིན་པར་ངེས་ཤིང་། མཆོག་གཟིགས་རྣམས་ཀྱི་ཐུགས་རྒྱུད་ལ་རང་བཞིན་གྱིས་གནས་པའི་ཕྱིར། ངེས་པའི་དོན་ཟབ་མོ་འགྲེལ་པར་ལུང་བསྟན་པའི་ཤིང་རྟ་ཆེན་པོ་དག་གི་དགོངས་པ་ཡང་འདིར་མཐུན་པ་ཡིན་ཏེ། འཕགས་པ་ཀླུའི་ཞབས་ཀྱིས། དཔེར་ན་གཉིད་ལོག་གཉིད་དབང་གིས། །བུ་དང་བུད་མེད་གཞལ་མེད་ཁང། །གནས་ལ་སོགས་པ་མཐོང་གྱུར་པ། །སད་ནས་དེ་ཡིས་མི་མཐོང་ལྟར། །དེ་བཞིན་ཀུན་རྫོབ་ཤེས་པ་དག །བློ་གྲོས་མིག་ནི་བྱེ་གྱུར་ཅིང་། །མི་ཤེས་གཉིད་དང་བྲལ་གྱུར་ནས། །སད་པའི་ཚེ་ན་མི་གཟིགས་སོ། །དེ་བཞིན་མཁས་པ་ཡང་དག་གིས། །ཤེས་པའི་ཉི་མས་མི་ཤེས་པའི། །བག་ཆགས་མ་ལུས་བཅོམ་པའི་ཚེ། །སེམས་དང་སེམས་བྱུང་ཡུལ་མི་གཟིགས། །ཞེས་དང་། འཇུག་པ་ལས་ཀྱང་། མིག་ནི་རབ་རིབ་ཅན་གྱིས་དམིགས་པ་ཡིས། །རབ་རིབ་མེད་ཤེས་ལ་གནོད་མིན་ཇི་ལྟར། །དེ་བཞིན་དྲི་མེད་ཡེ་ཤེས་སྤངས་པའི་བློས། །དྲི་མེད་བློ་ལ་གནོད་པ་ཡོད་མ་ཡིན། །ཞེས་དང་། ཞི་བ་ལྷས་ཀྱང་། ཇི་སྲིད་རྐྱེན་རྣམས་ཚོགས་གྱུར་ན། །དེ་སྲིད་སྒྱུ་མའང་འབྱུང་བར་འགྱུར། །རྐྱེན་རྣམས་རྒྱུན་ནི་ཆད་པ་ན། །ཀུན་རྫོབ་ཏུ་ཡང་མི་འབྱུང་ངོ། །གང་ཚེ་འཁྲུལ་པ་ཡོད་མིན་ན། །ཀུན་རྫོབ་གང་གིས་དམིགས་པར་འགྱུར། །ཞེས་སོགས་ཀྱིས་བཤད་པ་བཞིན་ནོ། །

དུ་མ་རོ་གཅིག་ཆེན་པོའི་ངང་དུ་ལ་བཟླ་བ།


GTN001_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་གྲུབ་པས་རྫོགས་པ་ཆེན་པོ་འདིར་ལྟ་སྤྱོད་མཉམ་པ་ཉིད་ཀྱི་ཡེ་ཤེས་དུ་
མ་རོ་གཅིག་ཆེན་པོའི་ངང་དུ་ལ་བཟླ་བའི་དབང་དུ་བགྱིས་ན། གཞིའི་དུས་སུ་ཡེ་ཤེས་ཀྱིས་ཀུན་རྫོབ་རྫུན་པར་རྟོགས་པས་འདུས་བྱས་ཀྱི་དགེ་རྩ་ལ་མི་རེ་བས་ཤེས་རབ་ལ་སྒྲོ་མ་བཏགས། རྣམ་ཤེས་ཀྱི་ལྡོག་པ་ལ་བླང་དོར་ཡོད་པས་ཐབས་ལ་སྐུར་བ་མ་བཏབ། ལམ་གྱི་དུས་སུ་ཡིད་ལ་བྱེད་པ་ཐམས་ཅད་རྣམ་པར་རྟོག་པ་ལས་མ་འདས་པས་བསྒོམ་པར་བྱ་བ་རྡུལ་ཙམ་མེད། འབྲས་བུའི་དུས་སུ་སེམས་དང་སེམས་ལས་བྱུང་བ་ཐམས་ཅད་རྒྱུན་འགག་ན་ཀུན་རྫོབ་གང་ལ་སྣང་བར་འགྱུར། གནས་འདི་བཀའ་འཁོར་ལོ་ཕྱི་མ་གཉིས་ཀྱི་དགོངས་པའི་ཞེ་ཕུགས་མཐར་ཐུག་པ་འཕགས་པའི་ཡུལ་དང་གངས་ཅན་གྱི་ཁྲོད་འདིར་བདེ་བར་གཤེགས་པའི་བསྟན་པ་མ་འཁྲུལ་བ་བཟུང་བ་རྣམས་ཀྱིས་ལེགས་པར་བཤད་པའི་ཚུལ་རྨ་མེད་པ་ཡིན་ནོ། །དེ་ལྟར་ཡིན་པས་རྔོག་ལོ་ཆེན་པོ་ནས་ཇོ་ཞལ་ཡན་ཆད་ཀྱི་ཀློག་པ་བ་མཁས་པ་རྣམས་དང་། བསམ་གཏན་པ་འཁྲུལ་མེད་ཐམས་ཅད་ཀྱི་ཡིག་ཆར་འདི་བཞིན་བཤད་པས་སོ། །སྤྱིར་བདག་ཅག་གི་སྟོན་པས་རྣམ་ཤེས་ཀྱི་ངོ་ལ་དགོངས་ནས་བླང་དོར་དང་རྒྱུ་འབྲས་ཀྱི་རྣམ་གཞག་རྨི་ལམ་གྱི་ཡུལ་དུ་དེའི་རྒྱུ་འབྲས་ཚད་མར་གྱུར་པ་ཙམ་ཞིག་བསྟན་པས། སངས་རྒྱས་ཀྱི་ཡེ་ཤེས་ཀུན་རྫོབ་ཚད་མར་གྲུབ་པའི་གོ་བ་ཞིག་ལ་གློ་བ་ཞེན། རྒྱུ་དེས་སྤྱོད་པའི་ཕྱོགས་སུ་ཞེན་པ་ཨ་འཐས་ཀོ་འཐས་སུ་སོང་བས་འཕགས་པའི་ཤེས་རབ་དང་སངས་རྒྱས་ཀྱི་ཡེ་ཤེས་ལ་བཅད་དྲས་བྱེད་པ་ཞིག་བྱུང་། དེས་ཟབ་མོའི་གནས་ཕྱིན་ཅི་མ་ལོག་པའི་གྲུབ་མཐའ་


GTN001_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ལའང་ཡིད་མི་ཆེས་པ་འདི་བྱུང་། དེ་དག་གིས་བདེ་བར་གཤེགས་པའི་ཕྲིན་ལས་རྨད་པོ་ཆེ་ཆུད་གསོན་པ་ལ་མུ་སྟེགས་བྱེད་ལས་ཀྱང་རྣམ་རིག་བཟོ་བ་ཉིད་དུ་གྱུར་ཏོ། །མཉམ་བཞག་གི་ཚེ་ཅི་ཡང་ཡིད་ལ་མི་བྱེད་པས་ཧྭ་ཤང་གི་སྒོམ་དུ་འགྱུར་ན། ཁྱེད་ཅག་གིས་དབུ་མའི་གཞུང་ཆེན་པོར་འདོད་པའི་སློབ་དཔོན་བྷ་བྱའི་དབུ་མ་རིན་ཆེན་སྒྲོན་མ་ལས། ཤེས་པ་གང་ལའང་མི་རྟོག །ཅིར་ཡང་མི་འཛིན། དྲན་པ་དང་ཡིད་ལ་བྱེད་པ་ཐམས་ཅད་སྤངས་ཏེ། ཞེས་པ་ལ་སོགས་པས་རྒྱས་པར་བཤད་ཅིང་། དེ་དང་མཐུན་པར་ཀ་ཤཱིའི་སྒོམ་རིམ་གསུམ་ཀར་ཡང་བཤད་པས་དབུ་མ་རང་རྒྱུད་པ་རྣམས་ལ་གྲགས་པའི་གཏམ་ཞིག་ཡིན་ནི་ཡིན། དེ་ཧྭ་ཤང་དང་མཐུན་རུང་མི་མཐུན་རུང་མཐུན་པར་ཁས་བླངས་ཟིན་པ་དེ་ཡིན། རྫོགས་ཆེན་གྱིས་རང་བྱུང་གི་རིག་པ་ལྷག་མཐོང་གི་ངོ་བོ་དེ་ཉིད་སོ་སོར་རྟོགས་པའི་ཡེ་ཤེས་སུ་ངེས་པས་དེ་ཉིད་སྒོམ་གྱི་རྟེན་དུ་བྱས་ནས་རྟོག་དཔྱོད་བྲལ་བའི་ཆོས་ཉིད་ལ་མཉམ་པར་བཞག་པས་རྣམ་པར་མི་རྟོག་པའི་ངང་དེར་མཐའ་གྲོལ་ཆེན་པོའི་གནས་ལུགས་ཕྱིན་ཅི་མ་ལོག་པར་གནས་པ་ཡིན་ཏེ། ཐལ་འགྱུར་ལས། རང་བཞིན་རྫོགས་པ་ཆེན་པོའི་མཐའ། །ཆོས་རྣམས་རང་སར་བཞག་པ་སྟེ། །སྣང་ཤེས་ཆོས་ཉིད་ཟུང་འཇུག་པས། །ཡེ་གྲོལ་ཅོག་བཞག་ཉིད་ལ་ཐུག །དགོངས་པ་བློ་ལས་འདས་པ་དང་། །མཚན་བཅས་རང་སར་དག་པ་དང་། །སྟོང་དང་ངོ་བོའི་མཐའ་གྲོལ་དང་། །འགྱུ་ཟད་རྟོག་པ་མེད་པ་དང་། །བློ་ཟད་ཡིད་ལས་འདས་པའོ། །ཞེས་སོ། །


GTN001_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟར་མ་རྟོགས་པས་རྟོག་དཔྱོད་ཀྱི་འདུ་འཕྲོ་འབའ་ཞིག་པས་ལྷག་མཐོང་གི་ཆོས་ཉིད་ལ་མ་རེག་ཅིང་སེམས་དང་སེམས་བྱུང་གི་ལྡོག་པས་བཞག་པའི་སྟོང་པ་འབའ་ཞིག་ལྟར་སྣང་བ་ལ་དམིགས་པའི་དེར་འཛིན་གྱི་བློ་དང་བཅས་པའི་འཛིན་སྟངས་ཀྱིས་བསྒྲིབས་པ་ནི་མི་ཟད་པ་དང་སྐྱེ་བའི་བདག་ཉིད་ཅན་གྱི་ལྟ་བ་ཆེན་པོར་འགྱུར་ཏེ། (འོད་སྲུང་གི་ལེའུ་ལས།) འོད་སྲུང་སྟོང་པ་ཉིད་དུ་དམིགས་པས་སྟོང་པ་ཉིད་ལ་བརྟེན་པ་དེ་ནི་ངའི་གསུང་རབ་འདི་ལས་ཉམས་རབ་ཏུ་ཉམས་ཞེས་བཤད་དོ། །འོད་སྲུང་གང་ཟག་ཏུ་ལྟ་བ་རི་རབ་ཙམ་ལ་གནས་པ་ནི་བླའི། མངོན་པའི་ང་རྒྱལ་ཅན་སྟོང་པ་ཉིད་དུ་ལྟ་བ་ནི་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འོད་སྲུང་ལྟ་བར་གྱུར་པ་ཐམས་ཅད་ལས་འབྱུང་བ་ནི་སྟོང་པ་ཉིད་ཡིན་ན། འོད་སྲུང་གང་སྟོང་པ་ཉིད་ཁོ་ནར་ལྟ་བ་དེ་ནི་གསོར་མི་རུང་ངོ་ཞེས་ངས་བཤད་དོ། །ཞེས་སྟོན་པ་ཉིད་ཀྱིས་གསལ་བར་གསུངས་པའི་ཕྱིར་རོ། །དེ་ལྟ་ནའང་རེ་ཞིག་ཀླུའི་ཞབས་ཀྱིས། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་རྟོགས་མི་འགྱུར། །ཞེས་བཤད་པས། དགག་སྒྲུབ་ཀྱི་རྣམ་དཔྱད་ལ་བརྟེན་ནས་རྟོགས་པར་བསྟན་པའི་ཕྱིར་ཞེ་ན་མ་ཡིན་ཏེ། ལུང་དེའི་གོ་བ་ནི། དོན་དམ་པའི་བདེན་པ་ཐོག་མར་བརྗོད་བྱ་རྗོད་བྱེད་ཀྱི་ཚུལ་ལ་བརྟེན་ནས་རྟོགས་དགོས་པར་བསྟན་པ་ཙམ་ལས་མཐའ་གཅིག་ཏུ་རྟོག་གེའི་རིགས་པས་དཔྱད་ནས་རྟོགས་དགོས་པར་གསུངས་པ་མ་ཡིན་ཏེ། དེ་ཕྱིར་དེ་ནི་རྟོག་གེ་བ། །རོ་དང་འདྲ་བ་རྣམ་པར་བརྟགས། །ཞེས་རྣམ་གྲངས་དུ་མས་སྨད་པར་མཛད་པ་བཞིན་རྟོག་དཔྱོད་ཀྱི་


GTN001_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲང་ལ་གཏུགས། དགག་སྒྲུབ་ཀྱི་བྲག་རི་ལ་བསྐོར་བ་བྱས་ནས་རང་གནས་ཀྱི་ཡེ་ཤེས་སྒྲོ་སྐུར་གྱི་ལམ་དུ་སྤུར། བློས་དཔྱད་པས་མཐའ་གཉིས་བསལ་བར་རློམ་པ་སྲིན་བུའི་ཁ་ཆུས་རང་ཉིད་བཅིངས་པ་ལྟར་ཆོས་ཉིད་ཡིན་ལུགས་ཀྱི་སྟེང་དུ་ཕེབས་པ་ཤིན་ཏུ་དཀའ་སྟེ། ཆོས་ཉིད་ནི་བསམ་གྱིས་མི་ཁྱབ་པའི་ཕྱིར་ཐ་སྙད་ཀྱིས་མཚོན་དུ་མེད་ལ། ཐ་སྙད་ནི་རྟོག་བཏགས་ཀྱི་ངོ་བོར་གནས་པ་སྟེ། དགོངས་པ་ངེས་འགྲེལ་ལས། སོ་སོ་རང་རིག་མཚན་ཉིད་སྤྱོད་ཡུལ་ཏེ། །བརྗོད་དུ་མེད་ཅིང་ཐ་སྙད་ཡོངས་འཆད་པ། །རྩོད་དང་བྲལ་བ་དོན་དམ་ཆོས་ཡིན་ཏེ། །དེ་ནི་རྟོག་གེ་ཀུན་ལས་འདས་མཚན་ཉིད། །ཅེས་གསུངས་པའི་ཕྱིར། འདིར་ནི་རང་བཞིན་རྫོགས་པ་ཆེན་པོའི་འདུག་སྟངས་གསུམ་གྱིས་གཟེར་བསྡམ། ལྟ་སྟངས་གསུམ་གྱིས་གནད་གཅུན། སྒྲོན་མ་དྲུག་གི་ལམ་ནས་ཆོས་ཉིད་ཡིད་དཔྱོད་དང་བྲལ་བར་མངོན་སུམ་དུ་མཐོང་བའི་ཕྱིར་ལམ་ཁྱད་གནམ་ས་ལྟ་བུར་ཡོད་པ་ཡིན་ཏེ། སྒྲ་ཐལ་འགྱུར་ལས། དམ་པའི་དོན་ནི་བློ་བྲལ་ནས། །དབང་པོ་ཅིག་ཆར་རང་གྲོལ་ནས། །མངོན་སུམ་མཐོང་བའི་གནད་ཀྱིས་ནི། །རང་གི་གྲུབ་པའི་མཐའ་ཞིག་ནས། །གང་ལ་ཞེན་དང་འཛིན་མེད་པར། །ཡང་དག་ཆོས་ཉིད་རོ་མྱོང་ནས། །ཁམས་གསུམ་འཁོར་བའི་རྟེན་མེད་པར། །མཁའ་ལ་མཁའ་ཉིད་ཐིམ་པ་ལྟར། །རྣལ་འབྱོར་མཆོག་ཀྱང་དེ་བཞིན་ནོ། །ཞེས་གསུངས་པ་ལྟར་རོ། །རྒྱུ་མཚན་དེ་རྣམས་ལ་དགོངས་ནས་ས་པཎ་གྱིས། ཨ་ཏི་ཡོ་གའི་ལྟ་བ་ཡང་། །ཡེ་ཤེས་ཡིན་གྱི་ཐེག་པ་མིན། །ཞེས་གསུངས་ལ། ལྟ་བ་ཟབ་མོའི་


GTN001_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ལུགས་མ་འཁྲུལ་པར་གྲུབ་པའི་ལྡོག་པ་ནས་ཡེ་ཤེས་སུ་ལེགས་པར་བཤད་ཀྱང་། དེ་ཉིད་ཐེག་པར་མི་འཐད་པར་སྨྲ་བ་ནི་ཤིན་ཏུ་ནོངས་ཏེ། ཉན་རང་བྱང་སེམས། སངས་རྒྱས་ཀྱི་སས་བསྡུས་པའི་ཡེ་ཤེས་དེ་ཉིད་མ་རྫོགས་པ་དང་། ཅུང་ཟད་རྫོགས་པ་དང་། ཡོངས་སུ་རྫོགས་པ་ལ་བརྟེན་ནས་འཕགས་བཞིའི་རྣམ་གཞག་དང་ཐེག་པའི་རིམ་པར་བཞག་པ། རྒྱུད་བླ་མ་ལས། གཟུགས་ཀྱི་རྣམ་པ་དམན་པ་དང་། །བར་མ་མཆོག་ལ་ནམ་མཁའ་བཞིན། །ཞེས་སྣོད་བཟང་ངན་གྱི་ནམ་མཁའ་ལ་བཟང་ངན་མེད་པའི་དཔེས་སྒྲིབ་བྱེད་བྲལ་སྟོབས་ཆེ་ཆུང་གིས་ཡེ་ཤེས་མངོན་དུ་འགྱུར་བར་བྱ་རྒྱུ་ཡོད་པ་ལ་དགོངས་པའི་ཕྱིར། ཐེག་པར་བཞག་པ་ལ་འགལ་བའི་གནས་ཆ་ཙམ་ཡང་མེད་དེ། སངས་རྒྱས་མ་ཡིན་པའི་འཕགས་པ་གསུམ་གྱི་རྒྱུད་ལ་ཡེ་ཤེས་མེད་པར་བཞེད་ན་དེར་ཟད། ཅུང་ཟད་མཐོང་བ་ནས་རྫོགས་པར་མཐོང་བར་ཡེ་ཤེས་གཅིག་པུའི་སྟེང་དུ་ས་ལམ་གྱི་རྣམ་གཞག་བྱུང་བས་ཐེག་པར་བཞག་པ་མདོ་རྒྱུད་ཀྱི་དགོངས་པ་ཟབ་མོ་ཡིན་ཏེ། སངས་རྒྱས་ཕལ་པོ་ཆེ་ལས། ཡེ་ཤེས་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོ་ལ་རབ་ཏུ་གཞོལ་བའི་སེམས་ཀྱིས་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོའོ། །ཞེས་དང་། རབ་རྩལ་རྣམ་གནོན་གྱིས་ཞུས་པ་ལས། སངས་རྒྱས་ཀྱི་ཡེ་ཤེས་ནི་ཐེག་པ་ཆེན་པོའོ། །ཞེས་གསུངས་པའི་ཕྱིར་རོ། །གང་དག་གདོད་ནས་གྲུབ་པའི་མཐའ་རྫོགས་པ་ཆེན་པོ་ལ་ཡིད་མི་ཆེས་བཞིན་དུ་བློས་གསར་དུ་བཞག་པའི་གྲུབ་མཐའ་ལ་མཆོག་ཏུ་བཟུང་བས་རྣམ་ཐར་སྒོ་གསུམ་གྱི་དོན་ཀྱང་གཞན་དུ་འཕུར་བར་འགྱུར་ཏེ་གཟུགས་
བརྙན་སྤངས་པའི་གྲིབ་མ་བཞིན་ནོ། ཡང་ན་ས་པཎ་གྱིས་སྡོམ་གསུམ་རབ་དབྱེ་ལས། གཞན་ཡང་གསང་སྔགས་གསར་རྙིང་ལ། །ཞེས་དང་། ད་ལྟའི་ཕྱག་རྒྱ་ཆེན་པོ་དང་། །རྒྱ་ནག་ལུགས་ཀྱི་རྫོགས་ཆེན་གཉིས། །ཞེས་པའི་ཕྱི་མ་ནི་གོང་དུ་བཤད་པའི་ཧྭ་ཤང་གི་ལྟ་བ་དེ་འགོག་པར་ཚིག་དངོས་བསྟན་ལས་རྫོགས་ཆེན་བརྒྱུད་པ་དང་པོ་ལ་ཤྲཱི་སེངྷའི་སློབ་མ་རྒྱ་ནག་གི་གྲུབ་ཐོབ་མང་པོས་གསུངས་པའི་རྫོགས་ཆེན་ཡོད་པ་དང་། ཨ་རོའི་ཆོས་སྐོར་དུ་རྫོགས་ཆེན་རྒྱ་གར་བདུན་བརྒྱུད། རྒྱ་ནག་ནས་བརྒྱུད་པ་གཉིས་ཡོད་པ་རྣམས་མ་ཡིན་ཏེ་ལྟ་སྤྱོད་ལ་འཁྲུལ་པ་གང་ཡང་མེད་དོ། །ཁ་ཅིག་འབྲས་བུ་མཐར་ཐུག་པ། འོད་གསལ་ཡིན་ཞེས་སྨྲ་བ་ཐོས། ཤེས་པ་ནི་རྫོགས་ཆེན་གྱི་འོད་གསལ་མ་ཡིན་ཏེ། བརྒྱད་སྟོང་པ་ལས་གསུངས་པའི། སེམས་ལ་སེམས་མ་མཆིས་ཏེ་སེམས་ཀྱི་རང་བཞིན་འོད་གསལ་བའོ། །ཞེས་གསུངས་པའི་དོན་ཏེ། ས་དང་པོའི་བདེན་པ་མཐོང་བའི་ཚེ་སེམས་ཀྱི་རང་བཞིན་རྣམ་དག་གི་ཆོས་ཉིད་སྣང་མེད་སྤྲོས་བྲལ་གྱི་འོད་གསལ་ཡིན་པར་རྒྱལ་བ་ཡང་དགོན་པས། འོད་གསལ་ནི་སྣང་མེད་སྤྲོས་བྲལ་ཡིན་ལ། ཞེས་གསུངས་ལ།

གསང་སྔགས་སྔ་འགྱུར་པ་རྣམས།


GTN001_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

གསང་སྔགས་སྔ་འགྱུར་པ་རྣམས་ནི། རྣལ་འབྱོར་རྣལ་འབྱོར་ཆེན་པོ་དང་། །རྗེས་སུ་རྣལ་འབྱོར་ཤིན་ཏུ་ནི། །རྣལ་འབྱོར་ཞེས་བྱ་རྣམ་པ་བཞི། །ཐེག་པའི་རིམ་པ་ཡིན་ཞེས་ཟེར། །ཤིན་ཏུ་རྣལ་འབྱོར་བཟང་བར་འདོད། །ཅེས་གསུངས་པར་འདོད་ཚུལ་དེ་གསར་མ་ལྟར་ན་མི་འཐད་ལ། རྙིང་མ་ལྟར་ན་ཤིན་ཏུ་འཐད་དེ།


GTN001_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

གསར་མས་བླ་མེད་ཀྱི་ནང་གསེས་གསུམ་དུ་མ་ཕྱེ་བར་དེ་ལས་གོང་ན་གཞན་མེད་པར་འདོད་ཀྱང་། ཨ་ཏི་ཡོ་ག་ཡེ་ཤེས་སྐྱེ་བའི་ཐབས་ཀྱི་ཐེག་པ་བ་ལ་ཐེག་རིམ་དུ་བཞག་པ་ངེས་པར་འཐད་དེ། འཕགས་པ་ཐོགས་མེད་ཀྱིས། ཤེས་བྱའི་གནས་དང་མཚན་ཉིད་དེ་འཇུག་དང་། །དེ་ལ་གནས་དང་དེ་དངོས་དབྱེ་བ་དང་། །ཉེས་པ་གསུམ་དང་དེ་འབྲས་སྤངས་པ་དང་། །ཡེ་ཤེས་ཐེག་པ་མཆོག་གྱུར་ཁྱད་པར་འཕགས། །ཞེས་གསུངས། གསར་མ་པ་རྣམས་ཀྱི་ལུགས་ལ་དེ་ལྟར་མ་ཡིན་ཏེ། དེའི་ཚུལ་ནི། དེས་ན་གསང་སྔགས་གསར་མ་ལ། །རྣལ་འབྱོར་ཆེན་པོའི་ལྟག་ན་ནི། །དེ་བས་མཐོ་བའི་རྒྱུད་སྡེ་མེད། །སྒོམ་པའི་དམིགས་པ་ཉིད་ཀྱང་ནི། །རྣལ་འབྱོར་ཆེན་པོའི་གོང་ན་མེད། །དེ་ལས་སྐྱེས་པའི་ཡེ་ཤེས་ནི། །དམིགས་པ་མེད་ཅིང་བརྗོད་བྲལ་བས། །ཐེག་པའི་རིམ་པར་མི་བཞེད་དོ། །ལུགས་འདི་ལེགས་པར་ཤེས་གྱུར་ན། །ཨ་ཏི་ཡོ་གའི་ལྟ་བ་ཡང་། །ཡེ་ཤེས་ཡིན་གྱི་ཐེག་པ་མིན། །བརྗོད་བྲལ་བརྗོད་བྱར་བྱས་པ་ནི། །མཁས་པའི་དགོངས་པ་མིན་ཞེས་བྱ། །ཞེས་བཤད་ལ། རྙིང་ལུགས་འཆད་པ་ན། དེས་ན་ཐོས་པའི་ལྟ་བ་ནི། །དབུ་མ་ཡན་ཆད་ཐམས་ཅད་མཐུན། །དེ་ཕྱིར་ལྟ་བའི་ལུང་སྦྱོར་ཀུན། །ཕ་རོལ་ཕྱིན་བཞིན་ཐམས་ཅད་མཛོད། །དེ་རྟོགས་པ་ཡི་ཐབས་ལ་ནི། །ཐེག་པའི་རིམ་པ་ཡོད་པ་ཡིན། །ཞེས་གསུངས།


GTN001_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

མདོར་ཧྲིལ་བཤད་ན། གསར་མ་ལྟར་བླ་མེད་ཀྱི་གོང་ན་དེ་ལས་ལྷག་པའི་རྒྱུད་སྡེ་མེད་། བསྒོམ་པ་མེད། ཨ་ནུ་དང་ཨ་ཏིའི་དགོངས་པ་དེ་ནི། གསང་སྔགས་གསར་མ་བའི་བླ་མེད་ཀྱི་ཡེ་ཤེས་ཡིན་གྱི་ཐེག་པ་མ་ཡིན། གལ་ཏེ་ཐེག་པར་བགྲངས་ན་བརྗོད་བྲལ་བརྗོད་བྱར་སོང་བའི་སྐྱོན་འབབ་གསུངས་པ་ཡིན་ལ། ཐོས་པས་གཏན་ལ་དབབ་པའི་ལྟ་བ་དབུ་མའི་སྤྲོས་བྲལ་ལས་ལྷག་པ་སྔགས་ལའང་མེད་དེ། ཕ་རོལ་ཕྱིན་པའི་སྤྲོས་བྲལ་ལས། །ལྷག་པའི་ལྟ་བ་ཡོད་ན་ནི། །ལྟ་དེ་སྤྲོས་པ་ཅན་དུ་འགྱུར། །ཞེས་པ་དང་མཐུན་པར་ལམ་རིམ་ལས། རྒྱ་མཚོ་དངས་པའི་གཟུགས་བརྙན་ལྟར། །སྒྲ་བརྙན་ཡིད་ལ་བྱེད་མིན་པར། །རང་དམིགས་མངོན་སུམ་དམིགས་བྲལ་བ། །རང་གསལ་གསུམ་བྲལ་མི་བསྒུལ་བར། །ངེས་པར་གདེང་དུ་གང་བྱས་པར། །ཐོས་བསམ་བརྟེན་པའི་ལྟ་མཐར་ཕྱིན། །ཞེས་པས་ཐོས་བསམ་གྱིས་འཚོལ་བའི་ལྟ་བ་སྔགས་དང་། ཕ་རོལ་ཕྱིན་པ་ཁྱད་པར་མེད་ཚུལ་བཤད་ནས། སྒོམ་པས་ཉམས་སུ་ལེན་པའི་ཚེ་ལྟ་བའི་ངོ་བོ་དེའི་ལྡོག་ཆ་ལ་རིམ་པ་གསུམ་ཡོད་དེ། གང་ཞེ་ན་རིག་པའི་ཆོ་འཕྲུལ་དུ་སྣང་བ་མ་ཧཱ། རིག་པའི་རྩལ་དུ་སྣང་བ་ཨ་ནུ། རིག་པ་རང་སྣང་བ་ཨ་ཏི་གསུམ་པོ་སྣང་ཐབས་ཀྱི་ངོ་བོ་དེ་མྱོང་བྱ་རིག་པས་ཐག་གཅོད་པ་ལས་ཚིག་གི་ལམ་ཆད་པས་གཏན་ལ་མི་ཕེབས་ཏེ། གཉན་དཔལ་དབྱངས་ཀྱིས། བརྗོད་དུ་མེད་གང་བཤད་དུ་ཇི་ལྟར་ཡོད། །ཅེས་དང་། ཇི་ཙམ་ཟབ་པའི་ཚིག་བརྗོད་ཀྱང་། །རྟོགས་པར་ནུས་པ་མ་ཡིན་ནོ། །ཞེས་བཤད་པ་དང་། རིག་པས་གཏན་ལ་ཕེབས་པ་ནི། རྔམས་གློག་
ལས། མངོན་སུམ་རིག་པས་ཐག་ཆོད་ན། །རྣལ་འབྱོར་ས་ལ་སླེབས་པ་ཡིན། །ཞེས་དང་། བི་མ་ལའི་སེམས་ཕྱོགས་ཀྱི་སྤྱི་ཆིངས་སུ། འདི་ལྟར་གསལ་བའི་དུས་ན་རྟོག་ཅེའམ། མི་རྟོག་ཅེའམ། ཡོད་ཅེའམ། མེད་ཅེའམ། སྟོང་ཅེའམ། མི་སྟོང་ཅེའམ། ཐམས་ཅད་ལས་འདས་ཏེ། འདིས་ནི་ཐེག་པ་ཆེན་པོའི་མདོ་སྡེ་དབུ་མ་ལ་སོགས་པ་བདར་ཤ་བཅད་དེ། ཐེ་ཚོམ་དང་གླེང་གཞི་ཐམས་ཅད་དང་བྲལ་བས་ན། རྣམ་རྟོག་མི་མངའ་ཅིར་ཡང་ས་ལེ་མཁྱེན་ཞེས་གསུངས་སོ། །ལར་འོན་ཀྱང་སྤྲོས་བྲལ་རྟོགས་པ་ཡིས། །ཐབས་ལ་གསང་སྔགས་ཁྱད་པར་འཕགས། །ཞེས་དང་། ལྟ་སྒོམ་རྣམ་དབྱེ་མ་ཕྱེད་ཅིང་། །ཐབས་དང་ཤེས་རབ་མ་ཤེས་པས། །ཞེས་སོགས་ཀྱིས་སྤྱིར་བཤད་ནས། བདག་མེད་བསྟོད་འགྲེལ་དུ་སྔགས་དང་ཕ་རོལ་ཕྱིན་པའི་ལྟ་བའི་ཁྱད་པར་གསལ་བར་བཤད་དོ། །

རྫོགས་ཆེན་གྱི་རང་བཞིན་ལྟ་བའི་དམ་ཚིག་བཞི་པོ་ངོས་འཛིན།


GTN001_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་རྫོགས་ཆེན་གྱི་རང་བཞིན་ལྟ་བའི་དམ་ཚིག་བཞི་པོའི་ངོས་འཛིན་ནི། འདི་དག་མིང་ངམ་ཚིག་ཏུ་བཏགས་ཀྱང་ངོ་བོ་ནི། ཆོས་ཉིད་གཞིའི་གནས་ལུགས་དངོས་ཀྱི་མངོན་རྟོགས་སུ་གདའ་ལ། སྐབས་དོན་འགག་བསྡུས་སུ། མེད་པ། ཕྱལ་བ། གཅིག་པུ། ལྷུན་རྫོགས་དང་བཞི་ལས། དང་པོ་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་རང་གི་ངོ་བོས་སྟོང་ཞིང་སྐྱེ་འགག་གནས་གསུམ་གྱི་མཚན་མ་དང་བྲལ་བའི་རང་བཞིན་དུ་གདོད་ནས་སྟོང་པ་ཆེན་པོ་སྟེ། དེའི་ཕྱིར་དམ་ཚིག་གི་བསྲུང་བྱའི་ངོ་བོ། སྲུང་བྱེད་ཀྱི་གང་ཟག །


GTN001_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་བསྲུང་བའི་ཚུལ་ལ་སོགས་པ་ཐམས་ཅད་ཀྱང་ཆོས་ཉིད་སྟོང་པ་ཆེན་པོ་ལས་གཞན་དུ་རྡུལ་ཙམ་གྲུབ་པ་མེད་པས་ན་མེད་པའི་དམ་ཚིག་ཅེས་བྱ། དེ་ལྟར་ངོ་བོའི་ཆ་ནས་དངོས་མཚན་དུ་གྲུབ་པ་མེད་ཀྱང་། རྣམ་པའི་ཆ་ནས་མེད་བཞིན་སྣང་བའི་ཆོ་འཕྲུལ་རྨི་ལམ་ལྟར། སྣ་ཚོགས་སུ་སྣང་བ་འདི་ལ་དམ་ཚིག་བསྲུང་མཚམས་ཇི་ལྟར་བྱ་ཞེ་ན། སྣང་བ་བདེན་མེད་རྨི་ལམ་མམ། ཆུ་ཟླའི་ངང་ཚུལ་དུ་གྱུར་པ་དེ་ཀའི་གནད་ཀྱིས་ལྟར་སྣང་གི་དམ་ཚིག་བླང་བསྲུང་ཉམས་བཤགས་པ་ལ་སོགས་མཐའ་དག་ཀྱང་འདུས་བྱས་དྲང་དོན་བྱིས་པ་ཁྲིད་ཐབས་ཙམ་དུ་ཟད་ལ། བསྲུངས་པའི་ཕན་ཡོན་དང་། ཉམས་པའི་ཉེས་མིག་གི་མཐོང་ཆོས་ཐམས་ཅད་ཀྱང་ཀུན་བརྟགས་ཀྱི་མེ་ལོང་ལ་ཀུན་བརྟགས་ཀྱི་གཟུགས་བརྙན་ཤར་བའི་རྣམ་འགྱུར་ལས་མ་འདས་པའི་ཕྱིར་ན། གཟུང་འཛིན་དངོས་པོའི་ཆོས་ཀྱིས་ཀུན་ནས་བླངས་པས་བསྲུང་བྱ་སྲུང་བྱེད་བསྲུང་མཚམས་ཐམས་ཅད་རང་རིག་ཡེ་ཤེས་ཁྱབ་གདལ་ཕྱོགས་ལྷུང་མེད་པར་ཐག་ཆོད་ཅིང་གདེངས་རྙེད་པ་ལ་ཕྱལ་བའི་དམ་ཚིག་ཅེས་བྱ། དེ་ལྟ་བུའི་གདོད་ནས་གནས་ལུགས་སམ་རང་རིག་པའི་ཡེ་ཤེས་དམ་ཚིག་བསྲུང་བྱ་སྲུང་བྱེད་ཀྱི་མཚན་མས་མ་གོས་ཤིང་། ཉམས་རྒྱུ་ཉམས་རྐྱེན་ཉམས་པའི་རྣམ་སྨིན་སོགས་ཀྱི་དངོས་པོ་རིས་ཅན་དུ་མ་གྲུབ་ན། དམ་ཚིག་དེ་གང་ལ་ཟེར་གང་ཞིག་ཡིན་སྙམ་ན། དེ་ནི་ཕྱི་རོལ་ལམ་ནང་ངམ་བར་དང་སྟེང་འོག་སོགས་གང་དུ་ཡང་མེད། གང་དུ་ཡང་མི་གནས། གང་ལ་ཡང་མ་སོང་སྟེ། ད་ལྟའི་ཐ་མལ་


GTN001_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཤེས་པ་གཉུག་མ། མ་བཅོས། ལྷན་སྐྱེས་སེམས་ཉིད་རྗེན་པ་འདི་ཁོ་ན་སྟེ། འདི་ནི་དམ་ཚིག་ཀུན་གྱི་རྩ་བའམ། སྙིང་པོ་མཐར་ཐུག་ཡིན་པའི་ཕྱིར། ཇི་སྐད་དུ།(དཔལ་སྒེག་པའི་རྡོ་རྗེའི་དམ་ཚིག་མདོར་བསྡུས་པ་ལས།) དམ་ཚིག་དམ་ཚིག་ཅེས་བྱ་བ། །གུད་ན་ཡོད་པ་མ་ཡིན་ཏེ། །རང་གི་སེམས་ཉིད་དམ་ཚིག་ཡིན། །ཞེས་དང་། སྤྱོད་འཇུག་ལས་ཀྱང་། སེམས་བསྲུང་བརྟུལ་ཞུགས་མ་གཏོགས་པ། །བརྟུལ་ཞུགས་མང་པོས་ཅི་ཞིག་བྱ། །ཞེས་པ་ལྟ་བུ་འདི་ཉིད་ལ་གཅིག་པུའི་དམ་ཚིག་ཅེས་བྱ། དེ་ལྟར་ཡིན་པའི་གནད་དོན་རྟོགས་ཤིང་རིག་ནས། དུས་དང་རྣམ་པ་ཐམས་ཅད་དུ་འཁོར་འདས་ཀྱི་ཆོས་ལ་བཟང་ངན་བདག་གཞན་སྤང་བླང་བསྲུང་ཉམས་སོགས་ཀྱི་མཚན་འཛིན་ཞེས་རྟོག་པ་མང་པོས་རང་སེམས་རང་གིས་གཡེང་། དཀྲུག །གཟེངས། བསླད། བཅིངས་པ་སོགས་ཀྱིས་རྩོལ་བའི་མགོ་འཁོར་དུ་མི་གཞུག་པར། སེམས་ཉིད་སྐུ་གསུམ་ལྷུན་གྲུབ་ཡེ་ཤེས་ལྔ་དང་གསུམ་དང་གཉིས་སོགས་ཀྱི་ཡོན་ཏན་མཐའ་དག་གཟོད་ནས་རང་ཆས་སུ་གནས་ཤིང་རྫོགས་ལ་སྐྱོན་དང་སེལ་གྱི་དྲི་མ་ཐམས་ཅད་ཡེ་བྲལ་དུ་གྱུར་པའི་ས་ལམ་གྱི་ཡོན་ཏན་མཐའ་དག་གཞི་ལ་ལྷུན་རྫོགས་སུ་ཚང་ཕྱིར། རྩོལ་སྒྲུབ་མཚན་བཅས་ཀྱིས་གཡེང་བ་ལ་མ་ལྟོས་པར་རང་བྱུང་རང་བབས་མ་བཅོས་གཉུག་མ་ལྷན་སྐྱེས་ཀྱི་ངང་དུ་གཞག་བྱ་འཇོག་བྱེད་མེད་པར་མཉམ་པར་འཇོག་པ་ནི་ཆོས་ཀྱི་སྒོ་རབ་འབྱམས་མ་ལུས་པའི་ཉམས་ལེན་ལྷུན་གྱིས་གྲུབ་ཅིང་རྫོགས་ཕྱིར་ལྷུན་རྫོགས་ཀྱི་དམ་ཚིག་ཅེས་བྱ་བ་སྟེ། དེ་ལྟར་ན་རང་བཞིན་ལྟ་བའི་དམ་ཚིག་བཞི་


GTN001_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་འགག་དོན་ཐམས་ཅད་འདིར་འདུ་བ་ལགས། ཡང་ཁ་ཅིག་འདི་སྐད་དུ། ཁྱེད་རང་གི་གཞིའི་སྐབས་སུ་འཁྲུལ་བ་འབྱུང་སྟེ། དེ་ལ་གསར་མ་པའི་ལུགས་ནི་ཀླུ་སྒྲུབ་དཔའ་བོ་ལ་སོགས་འཕགས་ཡུལ་གྱི་མཁས་གྲུབ་ཕལ་མོ་ཆེ་དང་། ཁྱད་པར་ཆོས་ཀྱི་གྲགས་པའི་བཞེད་པས། ཀུན་གཞིའི་རྣམ་ཤེས་ནི། ངོ་བོ་མ་བསྒྲིབས་ལུང་མ་བསྟན། །ཞེས་པ་ལྟར་མེ་ལོང་རང་གི་ངོ་བོའི་དུས་ན་གཟུགས་བརྙན་གྱིས་སྟོང་པ་བཞིན་དུ། ཀུན་གཞི་རང་གི་ངོ་བོའི་དུས་ན་ཚོགས་བདུན་སེམས་བྱུང་དང་བཅས་པས་སྟོང་པ། གཟུགས་བརྙན་ཅིར་ཡང་སྣང་རུང་གི་གསལ་བ་མི་འདོར་བ་བཞིན་དུ། འཁོར་འདས་ལམ་གསུམ་གྱི་བག་ཆགས་འཇོག་རུང་གི་ནུས་པ་མི་འདོར་བ་ཡུལ་རྐྱེན་དང་མ་འཕྲད་པས་མེ་ལོང་རང་གི་དུས་ན་ལུང་མ་བསྟན་གྱི་གསལ་བ་ཡིན་པ་བཞིན། ཀུན་གཞི་འཁྲུལ་གྲོལ་འདུ་བྱེད་མ་གཡོས་པའི་དུས་ན་འཁོར་འདས་ཀྱི་ཕྱོགས་སུ་མ་ལྷུངས་པའི་ལུང་མ་བསྟན་གྱི་ཕྱོགས་སུ་བཞེད་པ་ལས། ཁྱེད་རང་གི་ལུགས་ལ་གཞི་ཀ་དག་དང་། ཡེ་གྲོལ་དུ་འདོད་ཟེར་བ་ཀུན་གཞི་དང་ཀ་དག་གཅིག་གམ་ཐ་དད། གཅིག་ན་ཀུན་གཞི་འཁོར་འདས་གཉིས་ཀྱི་སྤྱི་གཞི་ཡིན་པས་དོན་གྱིས་ལྷན་ཅིག་སྐྱེས་པའི་མ་རིག་པ་ཡོད་ལ། དེ་མ་རིག་པ་ཐམས་ཅད་ཀྱི་རྩ་བ་ཡིན་པས་ཀ་ནས་དག་པ་དང་། ཡེ་གྲོལ་གྱི་དོན་མ་ཚང་། ཀུན་གཞི་དང་ཀ་དག་གཉིས་མི་གཅིག་ན། དེ་གཉིས་ཐོག་མར་གང་སྔ། ཀ་དག་སྔ་ན། དང་པོ་ཀ་དག་ལ་རྗེས་ཞིག་ནས་ཀུན་གཞིའི་གནས་ལུགས་སུ་བྱུང་བ་ནི་ལུང་རིགས་ཀྱི་ངོས་ནས་མི་
འཐད་དོ། །ཀུན་གཞི་ནི་འཁོར་འདས་ཀྱི་ཕྱོགས་སུ་མ་ལྷུང་བའི་གདོད་མའི་གནས་ལུགས་ཡིན་ལ། དེའི་གོང་ན་གཞན་མེད་པས་སོ། །ཀུན་གཞི་སྔ་ན་ཀ་དག་དང་ཡེ་གྲོལ་དུ་མི་འགྱུར་བས། དེ་བས་ན་ཀ་དག་ཅེས་ས་བོན་གྱི་བརྡ་མིང་བརྗེས་པ་སྟེ། དང་པོ་ཡེ་མེད་དུ་འདོད་པ་ལ་ཀ་དག་དང་། དེ་ནས་ཡེ་ཡོད་ཅུང་ཙམ་སྲིད་པ་ལ་མ་རྟོགས་པ་འཁོར་བའི་འཁྲུལ་གཞི་ཞེས་མིང་འདོགས་བསྒྱུར་བ་ཡིན་མོད། ཅེས་པར་ལན་འདི་སྐད་སྨྲ་སྟེ། འདི་དོན་ཁྱོད་རང་ཐོས་རྒྱ་ཆུང་ཞིང་ཀུན་གཞིའི་སྤུ་རིས་མ་འབྱེད་པར་ཟད།

ཀུན་གཞི་གསུམ།


GTN001_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱིར་ཀུན་གཞི་ལ། ཀུན་གཞི་དབྱིངས་ཀྱི་ཆ་དང་། སྦྱོར་བ་དོན་གྱི་ཀུན་གཞི། བག་ཆགས་སྣ་ཚོགས་པའི་ཀུན་གཞི་སྟེ་གསུམ་ལས། དང་པོ་ནི། དབྱིངས་དེ་བཞིན་ཉིད་དེ་འཁོར་འདས་གང་དུ་ཡང་མ་ཕྱེ་བའི་ཆ་ནས་བཞག་པ་སྟེ། འདི་ལ་སྦྱོར་བ་དོན་གྱི་ཀུན་གཞིར་བཤད་དེ། ཀུན་གཞི་ཀུན་གྱི་གཞི་ཡིན་ཏེ། །འཁོར་དང་མྱ་ངན་འདས་པའི་གཞི། །ཞེས་སོ། །གཉིས་པ་ནི། དེའི་སྟེང་ངམ་ངང་ན་རིག་པ་ཡེ་ནས་འདུས་མ་བྱས་པའི་རང་བཞིན་ལྷུན་གྲུབ་ཏུ་བརྟེན་པའི་ཆ་ནས་སྦྱོར་བ་དོན་གྱི་ཀུན་གཞིར་འབོད་དེ། ངོ་བོ་སྟོང་པ། རང་བཞིན་གསལ་བ། ཐུགས་རྗེ་ཀུན་ལ་ཁྱབ་ཅིང་འཆར་བ། ཡོན་ཏན་ནོར་བུ་རིན་པོ་ཆེ་ལྟར་ལྷུན་གྱིས་གྲུབ་པ། དྲི་མ་མེད་པ། དྲི་མ་དང་བྲལ་བ་མེད་པ། ཡེ་ནས་འོད་གསལ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པ་གནས་ལུགས་ཀྱི་དོན་ཞེས་བྱའོ། །


GTN001_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་རང་བཞིན་གྱིས་རྣམ་པར་དག་པའི་ཆ་ནས་ནམ་མཁའ་ལྟ་བུ་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། སྟོང་པ་ཉིད་དང་། མངོན་པར་འདུས་མ་བྱས་སོགས་མིང་གིས་བཏགས་ཀྱང་། ཅི་ཡང་མེད་པའི་སྟོང་ཆད་མིན་ཏེ། སྐུ་དང་ཡེ་ཤེས་སོགས་ཀྱི་ཡོན་ཏན་ལྷུན་གྲུབ་ཅན་ཏེ། དེའི་ངོར་འཁོར་བའི་སྐྱོན་གྱིས་མ་གོས་པར་ཀ་ནས་དག་ཀྱང་སྟོང་པ་སྟེ། རྒྱན་སྟུག་པོ་བཀོད་པ་ལས། ཟླ་བའི་དཀྱིལ་འཁོར་རྣམ་དག་པ། །རྟག་ཏུ་དྲི་མེད་ཡོངས་གང་ཡང་། །ཚེས་ཀྱི་དབང་གིས་འཇིག་རྟེན་ན། །ཟླ་བ་སྐྱེ་འབྲི་རྣམ་པར་རྟོག །དེ་བཞིན་དོན་གྱི་ཀུན་གཞི་ཡང་། །རྟག་ཏུ་བདེ་གཤེགས་སྙིང་པོ་ཅན། །སྙིང་པོ་དེ་ལ་ཀུན་གཞིའི་སྒྲས། །དེ་བཞིན་གཤེགས་པས་བསྟན་པར་མཛད། །དེ་ཉིད་མི་ཤེས་བྱིས་པ་རྣམས། །བག་ཆགས་དབང་གིས་ཀུན་གཞི་ཡང་། །བདེ་དང་སྡུག་བསྔལ་སྣ་ཚོགས་དང་། །ལས་ཞེས་ཀུན་ནས་ཉོན་མོངས་མེད། །རང་བཞིན་དག་ཅིང་དྲི་མ་མེད། །ཡོན་ཏན་ཡིད་བཞིན་ནོར་བུ་འདྲ། །འཕོ་བ་མེད་ཅིང་འགྱུར་བ་མེད། །དེ་ལྟར་ཡོངས་ཤེས་རྣམ་པར་གྲོལ། །ཞེས་གསུངས། འདི་ལ་མིང་གི་རྣམ་གྲངས་ཀྱང་། སྦྱོར་བ་དོན་གྱི་ཀུན་གཞི། ཐོག་མེད་ཆོས་ཁམས་དགེ་བ། དེ་བཞིན་གཤེགས་སྙིང་། སེམས་ཀྱི་རང་བཞིན་འོད་གསལ་བ། ཆོས་ཀྱི་དབྱིངས། གནས་ལུགས་དེ་ཁོ་ན་ཉིད་ཀྱི་དོན། རང་བཞིན་གྱིས་དག་པའི་དེ་བཞིན་ཉིད། ཤེས་རབ་ཕར་ཕྱིན་སོགས་རྟེན་གཞི་དང་འབྱུང་ཁུངས་དང་། བྲལ་རྒྱུ་བྱེད་པ་ལ་སོགས་པའི་ཆ་ནས་བརྟགས་པ་བསམ་གྱིས་མི་ཁྱབ་བོ། །


GTN001_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ནི། དེ་ཉིད་མ་རིག་པའི་གཞི་བྱས་ཏེ་འཁོར་བའི་ཆོས་རྣམ་ཤེས་ཚོགས་བརྒྱད་བག་ཆགས་དང་བཅས་པ་བརྟེན་པའི་ཆ་ནས་བག་ཆགས་སྣ་ཚོགས་པའི་ཀུན་གཞི་ཞེས་བྱའོ། །ཅིའི་ཕྱིར་ན། དགེ་བ་དང་། མི་དགེ་བ་དང་། ཐར་པ་དང་། རྣམ་པར་བྱང་བའི་ལས་རང་བཞིན་གདོད་མ་ནས་མེད་ལ། གློ་བུར་དུ་སྐྱེས་པ་རྣམས་གསོག་པའི་རྟེན་བྱེད་པའི་ཕྱིར་རོ། །དེ་ཡང་དགེ་མི་དགེ་གཉིས་ཆར་བརྟེན་ལ། ངོ་བོ་གཏི་མུག་ཡིན་པའི་ཕྱིར་ལུང་མ་བསྟན་ཡིན་ནོ། ཁ་ཅིག་གིས་འདི་གཏི་མུག་མ་ཡིན་ཏེ། དུག་ལྔ་གའི་རྟེན་བྱེད་པ་དང་། རྣམ་བྱང་གི་རྟེན་བྱེད་པར་བཤད་པའང་མ་གོ་བའི་རྣམ་འགྱུར་ཏེ། འདིར་དུག་ལྔར་ཕྱེ་བའི་གཏི་མུག་མིན་ཏེ་ལྷན་སྐྱེས་ཀྱི་མ་རིག་པ་ལ་དེ་ལྟར་བཏགས་ལ། རྣམ་བྱང་གི་རྟེན་བྱེད་པའང་དཔྱད་དགོས་ཏེ། ཡེ་ནས་དག་པ་དང་གློ་བུར་གྱི་དྲི་མ་མཐའ་དག་དག་པ་དང་། དག་པ་གཉིས་ལྡན་སངས་རྒྱས་ཀྱི་ཡེ་ཤེས་དང་སྙིང་པོ་གཉིས་ཀྱིས་རྟེན་མི་བྱེད་དེ། ཀུན་གཞི་དེ་གནས་འགྱུར་དགོས་པའི་ཕྱིར། འབྱུང་བཞི་ཟད་པའི་རྒྱུད་ལས། ཀུན་གཞི་དག་པ་ཆོས་ཀྱི་དབྱིངས། །ཞེས་དང་། གསེར་འོད་དམ་པ་ལས། ཀུན་གཞི་གནས་འགྱུར་བ་ནི། ངོ་བོ་ཉིད་ཀྱི་ཆོས་ཀྱི་སྐུ། ཞེས་གསུངས་པའི་ཕྱིར། ཁམས་ཀྱི་རྟེན་མ་ཡིན་ཏེ། སྡོང་བུ་ལ་བརྟེན་པའི་མར་མེས་རང་བསྲེགས་པ་དང་། བུད་ཤིང་ལ་བརྟེན་པའི་མེས་རང་བསྲེགས་པ་ལ་སོགས་པ་བཞིན་དུ་ཀུན་གཞི་ལ་བརྟེན་ནས་ཚོགས་གཉིས་ཀྱི་ལམ་གྱིས་འཁོར་བའི་བག་ཆགས་རང་སྦྱོང་ཞིང་། རིགས་དང་ཁམས་ཀྱི་དྲི་མ་བསལ་ཏེ། དང་པོ་ཇི་


GTN001_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་གནས་པ་བཞིན་མངོན་སུམ་གསལ་བའི་བྱང་ཆུབ་མངོན་དུ་བྱེད་པས་རྐྱེན་དག་པ་ཞེས་བྱ་སྟེ། ཕྱི་ནང་སྦྱོང་བྱེད་ཀྱི་སྙིང་པོ་དེ་ཡང་ཚིག་པར་བྱེད་དེ། བློས་བཏགས་པས་ཀུན་བརྟགས་པའི་དགེ་བ་ཡིན་པའི་ཕྱིར། དབུ་མ་འཇུག་པ་ལས། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། །ཞེས་སོགས་གསུངས་སོ། །དེ་ལྟར་ན་དོར་བ་མེད་པ་སྟོང་པ་ཉིད་དང་། ཆོས་སུམ་ཅུ་རྩ་བདུན་ཡོད་པ་ཇི་ལྟར་ཡིན་ཞེ་ན། སངས་རྒྱས་ཀྱི་སས་བསྡུས་པའི་ཆོས་དེ་དག་ཡོད་ཀྱི། སློབ་ལམ་གྱི་སས་བསྡུས་པའི་ཡོད་པ་མིན་ཏེ། ལམ་མཐར་ཕྱིན་པའི་གནས་སྐབས་ཡིན་པའི་ཕྱིར་རོ། །འདི་ལ་མིང་གི་རྣམ་གྲངས་ལྷན་སྐྱེས་མ་རིག་པ་དང་། བག་ཆགས་སྣ་ཚོགས་པའི་ཀུན་གཞི་དང་། ཐོག་མཐའ་མེད་སྒྲིབ་དང་། མུན་པ་ཆེན་པོ་དང་། ཡེ་ནས་སའི་མི་ཤེས་པ་ལ་སོགས་པར་བཤད་དོ། །དེ་ལ་བརྟེན་པའི་ཚོགས་བརྒྱད་ནི། དཔེར་ན་བག་ཆགས་སྣ་ཚོགས་པའི་ཀུན་གཞི་ལུང་མ་བསྟན་ནི་མེ་ལོང་དང་འདྲ་ཞིང་། ཀུན་གཞིའི་རྣམ་པར་ཤེས་པ་ནི་མེ་ལོང་གི་དངས་གསལ་དང་འདྲ་ཞིང་། སྒོ་ལྔའི་རྣམ་ཤེས་ནི་གཟུགས་བརྙན་ཤར་བ་དང་འདྲ་སྟེ། དེ་ལ་དོན་སྔ་མ་ལམ་གྱིས་དཔྱོད་པའོ། །སྒོ་ལྔའི་སྣང་ཡུལ་ལ་འདི་ཞེས་དང་པོར་ཤར་བ་ནི་ཡིད་ཤེས་ཡིན། དེའི་རྗེས་ལ་ཡུལ་ཆགས་སྡང་བར་མ་གསུམ་དང་མཚུངས་ལྡན་དུ་ཤར་བ་ནི་ཉོན་མོངས་པ་ཅན་གྱི་ཡིད་ཅེས་བྱ་སྟེ། ཀུན་མཁྱེན་ཆོས་རྗེས།(སེམས་ཉིད་ངལ་གསོ་ལས།)ཤེས་པ་གང་དུའང་མི་རྟོག་ཡེངས་ཐབས་ཚེ། །སྣང་ཡུལ་མི་འཛིན་རྩེ་གཅིག་ཀུན་གཞིའི་དུས། །གསལ་སྣང་གང་ལའང་དེར་འཛིན་མི་འཇུག་པ། །ཀུན་གཞིའི་རྣམ་


GTN001_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་དངས་གསལ་གཡོ་བ་མེད། །སྒོ་ལྔའི་ཡུལ་དང་དགག་སྒྲུབ་གཟུང་འཛིན་གྱིས། །ཚོགས་བདུན་ཡུལ་ལ་རགས་པར་རྟོག་པ་ན། །རྣམ་ཤེས་བདུན་ཞེས་ཉེ་བར་བཏགས་པ་ཡིན། །ཞེས་བཤད་པས་སོ། །དེ་ལྟར་ན་བག་ཆགས་སྣ་ཚོགས་པའི་ཀུན་གཞི་དེ་ཀ་དང་མི་གཅིག་པ་བསྟན་པ་ཡིན་ནོ། །བོན་གྱི་གཞུང་ལུགས་ལྟར་དང་པོ་ཡེ་མེད་སྟོང་པ་དེ་ལ་མིང་ཀ་དག་ཏུ་བཏགས་ནས། དེ་ལས་འཁྲུལ་སྣང་འཁོར་བའི་གཞི་འབྱུང་བར་འདོད་པ་མིན་ཏེ། དེ་ལྟར་ན་ཀ་ནས་དག་པ་དང་འགལ་བ་ལྟག་སྤྲོད་ཡིན་ནོ། །ཡང་འདི་སྐད་དུ། ཐོད་རྒལ་དང་ལྷུན་གྲུབ་འོད་གསལ་གྱི་སྣང་བ་ཞེས་ཟབ་མོར་རློམ་སྟེ། ཉི་མའི་ཟེར་དང་། མིག་གཙིར་བ་དང་། མིག་ལ་ཚོས་མ་བཀབ་པའི་མཐོང་སྣང་དང་། རྣ་བ་བཀག་པའི་སྒྲ་དང་། རྩ་འཆིངས་དང་། འབག་ཆས་ལ་སོགས་པའི་ངོ་སྤྲོད་ཞིག་འདུག་པ། དེའི་སྐབས་ཤིག་ན་གསལ་བའི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་དུ་གྲགས་པ་དེ་ཆོས་ཉིད་མངོན་སུམ་ཡིན་ནམ་ཉམས་སྣང་གིའམ། དབང་པོའི་མངོན་སུམ་ཡིན། (ཆོས་ཉིད་མངོན་སུམ་ཡིན་ན།) ཆོས་ཉིད་ཀྱི་སྤྱོད་ཡུལ་ཡིན་ཕྱིར་རང་སྣང་ཡེ་ཤེས་ཀྱི་རོལ་པར་ངང་གིས་གསལ་བ་ལས་འདུ་བྱེད་ཀྱི་རྐྱེན་སྣ་ཚོགས་མི་དགོས་ལ། དབང་པོ་དབང་ཤེས་ཀྱི་མཐོང་བྱའི་ཡུལ་མ་ཡིན། ཉམས་ཀྱི་མངོན་སུམ་ཡིན་ན། དུས་ཉམས་ནི་བསྒོམ་པར་ལྟོས་ཏེ། ལམ་རྟགས་ཀྱི་ངོ་བོར་གསལ་བ་ཞིག་ཡིན་ལ། འདི་ནི་དེ་ཡང་མ་ཡིན་ཏེ་མ་བསྒོམས་


GTN001_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་རྐྱེན་སྣ་ཚོགས་དུས་ན་གསལ།དབང་པོའི་མངོན་སུམ་ཡིན་ན། ཆོས་ཉིད་མངོན་སུམ་ཞེས་མིང་བཏགས་སུ་མི་རུང་ལ། རུང་ནའང་དབང་པོའི་ཡུལ་དུ་དངོས་སུ་སྣང་བའི་ཆོས་ཉིད་དེ་ནི་གད་མོའི་གནས་སུ་གོ །རྐྱེན་སྣ་ཚོགས་པ་ལས་བྱུང་བའི་ཁ་དོག་དེ་དག །རང་གི་སྙིང་ནང་ན་སེམས་ཉིད་འོད་ལྔའི་རྣམ་པར་བཞུགས་པའི་རྩལ་མདངས་ཕྱིར་ཤར་བའི་རྣམ་པར་མཐོང་བ་ཡིན་ཞེས་ཟེར་ན། ཉི་ཟེར་སོགས་ལ་ལྟ་བར་བྱེད། སྙིང་ནང་ན་རང་ལ་ཡོད་པའི་རྩལ་ཡིན་ན་ཉི་ཟེར་སོགས་ལ་མ་ལྟོས་པར་རྩོལ་མེད་དུ་གསལ་དགོས་ཏེ་མི་གསལ། རྐྱེན་གྱིས་བསྐུལ་དགོས་ཟེར་ན། དཔེར་ན་འཆར་གཞི་སྙིང་ནང་ན་འོད་ལྔའི་རྣམ་པ་ཅན་གྱི་སེམས་གཅིག་སྟེ། ཤར་བ་ཉི་ཟེར་གྱི་ངོ་ན་ལུ་གུ་རྒྱུད་ཀྱི་རྣམ་པའི་སེམས་གཅིག །འཛིན་པའི་ལུ་གུ་རྒྱུད་མིག་ཤེས་ཀྱི་ལྟ་བའི་སེམས་གཅིག་སྟེ་གསུམ་ཡོད་པར་འགྱུར་ལ། དེ་ནི་སངས་རྒྱས་པ་ལས་ལྐོག་ཏུ་གྱུར་པའི་གྲུབ་མཐའ་ཞིག་ཡིན་པ་འདྲ་ལ། སྙིང་ནང་ན་སེམས་ཉིད་འོད་ལྔའི་རྣམ་པར་འཛིན་པ་འདི་དང་། རྟག་པར་ལྟ་བ་བདག་ཏུ་ལྟ་བ་ཟ་བ་པོ་བྱེད་པ་པོ་རང་དབང་ཅན་གྱི་སེམས་ཞིག་འོད་ཆེ་སྟེ་སྒོང་ང་ཙམ། ཆུང་སྟེ་ཡུངས་འབྲུ་ཙམ་ཞིག་ཡོད་པར་འཛིན་པ་ནི་ཁྱད་པར་ཅུང་ཟད་ཀྱང་མ་མཆིས་ཏེ། ཁྱད་ཡོད་ན་དེའི་སྒྲུབ་བྱེད་ཀྱང་རིགས་ལ། འོན་ཀྱང་དེ་སྙིང་ནང་ན་ཡོད་ངེས་ཡིན་ནའང་རྩལ་ཕྱི་རོལ་ནས་མཐོང་བའི་


GTN001_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པ་མེད། འོད་དེ་རྟེན་གྱི་སྙིང་དང་ནང་དུ་ཡོད་ཀྱང་དེ་དག་ལས་འདི་ཡིན་དངོས་སུ་མཐོང་བ་མེད་དོ། །མཐོང་བའི་ཟེར་ཐག་སོགས་དེ་དག་མངོན་སུམ་ལྟ་བ་ན་སེམས་འཛིན་གྱི་རྟེན་དུ་བྱས་ཏེ་མཉམ་བཞག་གི་ལྟ་བ་བསྐྱང་རྒྱུ་ཡིན་ན་ནི་སྐྱོན་ཆེར་མེད་དེ། དེ་ལས་ཀྱང་ཡུལ་རྐྱེན་ཅིར་སྣང་གི་སྟེང་དུ་སྐྱོང་བ་ཆེས་གནད་ཟབ་ལ། ཟེར་དེ་མཐོང་བ་དང་ངན་སྐྱུག་གི་ཕུང་པོ་མཐོང་བ་གཉིས་མཉམ་བཞག་གི་ལྟ་བ་སྐྱོང་ཚུལ་ཤེས་ན་གྲོལ་བ་དང་། མ་ཤེས་ན་འཆིང་བའི་རྒྱུར་མཚུངས་སོ། །དེས་ན་ལྷུན་གྲུབ་མངོན་སུམ་གྱི་སྣང་བ་ལ་ཟབ་གནད་ཅི་མཆིས་ཞེས་དྲི་ན་རྣམ་དག་གི་གཏན་ཚིགས་ཅི་སྨྲ།ཡང་ཐིག་ལེ་ཐིག་ཕྲན་གྱི་སྣང་བ་འདི་དག་ལོངས་སྐུའི་ཞིང་ཁམས་ཡིན་པས་ཞིང་ཁམས་མཐོང་བའོ། །ཞེས་ཁྱོད་རང་གི་གཞུང་དུ་བཤད་འདུག་པར་འདི་ཞིང་ཁམས་མཚན་ཉིད་པ་ཡིན་ནམ་མ་ཡིན། མ་ཡིན་ན་ཞིང་ཁམས་བཤད་པ་དོན་མེད་དུ་འགྱུར། ཡིན་པར་ནི་རྒྱུ་མཚན་གཉིས་ཀྱིས་མི་འཐད་དེ། ལོངས་སྐུའི་ཞིང་ཁམས་ལྟ་བ་ལ་དབང་བའི་གང་ཟག་དེ་ས་དྲུག་གི་རྟོག་པ་ཡོད་པ་ཞིག་དགོས་པར་གསུངས་ལ། ཁྱེད་ཀྱི་ཞིང་ཁམས་དེ་མཐོང་བ་ལ་ནི་ས་དང་པོའི་བདེན་པ་མཐོང་བ་ཙམ་ཡང་མི་དགོས་ཏེ། གང་ཟག་སོ་སྐྱེ་ཞིག་ལ་བསྟན་པས་དེ་མ་ཐག་ཏུ་དེས་མཐོང་བའི་ཕྱིར། ཞིང་ཁམས་མཐོང་བའི་གང་ཟག་མ་དག །ལོངས་སྐུའི་ཞིང་ཁམས་མཚན་ཉིད་པ་ཡིན་ན་རྒྱུད་ཚོད་མཐོར་སོང་བ་བཞིན་ཞིང་ཁམས་རྒྱ་ཆེར་མཐོང་བའི་མཐར། རབ་བཀྲམ་ཆེན་པོ་གཅིག་དང་གྲངས་མེད་སོགས་མཐོང་


GTN001_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུར། ཁྱོད་རང་ཚང་རྒྱུད་མཐོ་ཤོས་སུ་བྱེད་པའི་ཆོས་ཉིད་ཟད་སར་ཞིང་ཁམས་ཀྱི་སྣང་བ་བ་ཐག་བསྡུས་པར་ལྟར། བསྡུས་མཐར་མི་མཐོང་བར་བཤད་པས། དེས་ན་ལམ་གྱི་མཐོང་སྣང་ཡིན་པས་ཞིང་ཁམས་མ་ཡིན་པས། ཞིང་ཁམས་རང་གི་ངོ་བོ་ལ་མ་དག །ཅེས་ལུང་རིགས་ཀྱིས་དངོས་སུ་དགག་པ་ལ་ཅི་སྨྲ། ཡང་ངེད་ཀྱི་ཆོས་ཉིད་མངོན་སུམ་དང་། གཞན་ནས་བཤད་པའི་དུ་སོགས་ཀྱི་རྟགས་མཚུངས་ཏེ་སྐྱོན་མེད་དོ་སྙམ་ན། དུ་སོགས་མཉམ་བཞག་གི་བརྟན་པའི་ཉམས་སྣང་ལ་མིག་དངས་བཙུམས་མེད་ཅིང་། ཉིན་མཚན་མེད་པ། རྐྱེན་འཛོམས་མིན་ལ་མ་ལྟོས་ཏེ་རིག་པ་ལུ་གུ་རྒྱུད་མིག་བཙུམས་ན་མི་གསལ། ཉི་མ་མེད་པ་དང་། ཡུལ་རྐྱེན་སྣ་ཚོགས་མེད་ན་མི་གསལ་ཞེས་གང་ནས་ཀྱང་མ་བཤད་ཅིང་མི་མཚུངས། མཚུངས་ཀྱང་དུ་སོགས་རྟགས་མེད་ནས་དུ་བ་འདྲེན་པ་ལྟ་བུའི་ལམ་རྟགས་ཀྱི་རྣམ་པ་ཙམ་ལས། དེ་ལ་ཏིང་ངེ་འཛིན་མཆོག་ཏུ་ཡང་མི་འཛིན། ཉམས་ཀྱི་ཤུན་པ་ཡིན་པས་དོར་ནས་གྲོལ་བར་ཐོབ་པར་བཤད་པ་དང་། ཆོས་ཉིད་མངོན་སུམ་དག་པའི་ཞིང་ཁམས་ཡིན་པས་མཐོང་བས་གྲོལ་བར་བཤད་པ་ཏིང་ངེ་འཛིན་མཆོག་ཏུ་འཛིན་པ་གཉིས་སྐྱེལ་སོ་མི་མཚུངས། དེས་ན་འདི་དག་ནི་བོན་ཆོས་རྣམས་ན་འོད་ལ་ལྟ་བའི་གདམས་པ་མང་པོ་ཞིག་དང་། རང་ལུས་འོད་ལ་ཕར་ཞུགས་ན་ལྷག་མེད་གཡུང་དྲུང་གི་སྐུ་ཐོབ་ལ། འོད་རང་ལུས་ལ་ཚུར་ཞུགས་ན་ལྷག་བཅས་གཡུང་དྲུང་གི་སྐུ་ཐོབ་པར་བཞེད་པའི་ལུགས་དང་ཁྱད་པར་མ་མཆིས་པས་དེའི་ཁྱད་སེལ་གྱི་སྒྲུབ་བྱེད་གང་ཡོད།


GTN001_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་པ་འདི་དག་ལ་ལན་ཐ་རམས་ཤིག་གདབ་ན། དེ་ལ་སངས་རྒྱས་ཀྱི་བསྟན་པའི་སྙིང་པོ་སྟོང་པ་ཉིད་དང་སྙིང་རྗེའི་བདག་ཉིད་ཅན་ཏེ། དྲི་མེད་འོད་ལས། གང་ཞིག་སྟོང་ཉིད་སྙིང་རྗེ་གཉིས་སུ་མེད་པར་སྨྲ་བ་པོ་སྟེ། འདིར་སྙིང་རྗེ་དམིགས་པ་མེད་ཅིང་རྣམ་པར་རྟོག་པ་དང་བྲལ་བ་དང་། སྟོང་པ་ཉིད་རྣམ་ཀུན་མཆོག་ལྡན་དུས་གསུམ་ཡོངས་སུ་ཤེས་པའི་སླད་དུ་དུས་གསུམ་ལ་འཇུག་པའོ། །ཞེས་པ་ནི་སངས་རྒྱས་པའི་གྲུབ་པའི་མཐའ་ངེས་པའོ། །ཞེས་གསུངས་པའི་སྟོང་ཉིད་སྙིང་རྗེ་དབྱེར་མེད་དེ་ཡང་ཁང་སྟོང་མིས་སྟོང་པ་ལྟ་བུའི་ཉི་ཚེ་བའི་སྟོངས་པ་ཉིད་དང་། རྒྱས་འདེབས་ཀྱི་སྟོང་ཉིད་སོགས་རྣམ་པར་དཔྱད་པའི་ཐམས་ཅད་ལས་འདས་པ་བདེ་བར་གཤེགས་པ་རྣམས་ཀྱི་ཡང་དག་པའི་ཡེ་ཤེས་ཆེན་པོ་དེ་ནི་འོད་གསལ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་གཟུགས་དེ་ཉིད་ཡིན་ཏེ། འཇམ་དཔལ་དབྱངས་ཀྱིས་རང་གི་ལྟ་བའི་འདོད་པ་མདོར་བསྟན་པ་ལས། ཕུང་པོ་རྣམ་དཔྱད་སྟོང་པ་ཉིད། །ཆུ་ཤིང་ཇི་བཞིན་སྙིང་པོ་མེད། །རྣམ་པ་ཐམས་ཅད་མཆོག་ལྡན་པའི། །སྟོང་ཉིད་དེ་ལྟར་འགྱུར་མ་ཡིན། །སྐྱེས་པ་མེད་ལ་འགག་པ་མེད། །ཤེས་བྱ་གང་ཞིག་འདིར་མཐོང་བ། །སྟོང་པའི་དངོས་པོ་སྟོང་པ་ཉིད། །ཅེས་གསུངས། དེ་ལྟ་བུའི་འོད་གསལ་དེ་ཅི་ལྟ་བུ་ཞེ་ན། ཡེ་ཤེས་སྙིང་པོ་ལས། བཅོམ་ལྡན་འདས་འོད་གསལ་ཞེས་བགྱི་བ་ཇི་ལྟར་ལགས། གང་དུ་གནས་པ་ཡིན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་གསལ་ནི་ནམ་མཁའི་དབྱིངས་སུ་གནས་པའི་ཐིག་ལེའི་ངོ་བོ་སྟེ། དེ་ནི་ཕྱག་རྒྱ་ཆེན་པོས་


GTN001_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

རྙེད་པར་འགྱུར་བ་ཡིན་ནོ། །ཞེས་དང་། གསང་འདུས་རིམ་ལྔ་ལས། རིགས་ལྔའི་སངས་རྒྱས་ལ་ལྟོས་པའི། །ཕྱག་རྒྱ་ཆེན་པོ༷་བརྟག༷ས་པར༷་ནི༷་{པོར༵་བ༵རྟག་པ༵་མེ༵ད། །}འོད་ཟེར་ལྔ་ནི་འབྱུང་བ་དག །ནམ་མཁའ་འཇའ་ཚོན་དག་དང་མཚུངས། །ཞེས་དང། གྲོལ་ཐིག་ལས། ཕྱག་རྒྱ་ཆེན་པོའི་གཟུགས་འཆང་བ། །སྒྱུ་མ་འཇའ་ཚོན་ལྟ་བུ་རུ། །རང་དང་གཞན་གྱི་རྒྱུད་སྦྱོང་བ། །ཡང་དག་གསལ་བ་ཞེས་བཤད་དོ། །ཞེས་གསུངས་པས་འོད་གསལ་དེ་ནི་མཚན་མ་ཅན་ལྟར་མཐོང་བ་སྟེ། ནཱ་རོ་པས། དེ་ཁོ་ན་ཉིད་ཀྱི་འབྲས་བུའི་སྔ་ལྟས་སུ་གྱུར་པའི་ཕྱིར་མཚན་མའོ། །ཞེས་དང་། འོ་ན་དེ་རྣམས་དངོས་པོ་ཅི་ཞིག་ཡིན་སྙམ་ན། སེམས་ཀྱི་སྣང་བ་ཙམ་སྟེ། རང་གི་ཡིད་ལས་སྐྱེས་པ་མེ་ལོང་གི་གཟུགས་བརྙན་ལྟ་བུ་ཉིད་ཅེས་གསུངས་པའི་ཕྱིར། སེམས་ཀྱི་སྣང་བ་ཙམ་ཡིན་གྱི། དེ་ལས་གཞན་པའི་དངོས་པོའི་ཆོས་ནི་ཅི་ཡང་མ་ཡིན་ནོ། །སེམས་ཀྱང་རྟོག་པ་དང་བྲལ་ཞིང་མ་འཁྲུལ་པའི་མངོན་སུམ་ཉིད་ཡིན་ལ། དེའི་སྣང་བ་ཙམ་ཡིན་པས་བག་ཆགས་ཀྱིས་བསྐྱེད་པའི་རྣམ་པར་རྟོག་པའི་སྣང་བ་ཡང་མ་ཡིན་ལ། མིག་སྐྱོན་ཅན་གྱི་ཟླ་བ་གཉིས་སུ་སྣང་བ་སོགས་དབང་པོ་ལྷད་པའི་ཤེས་སྣང་མ་ཡིན་ཡིད་ཤེས་ལྷད་པའི་སྣང་བ་ཡང་མིན། དབང་པོ་ལྔ་ཡི་རྣམ་པར་ཤེས་པའི་སྣང་བ་ཡང་མ་ཡིན་ཏེ། དོན་གྱིས་བཞག་པ་མ་ཡིན་པའི་ཕྱིར་རོ། །མ་བསླད་པའི་ཡིད་ཀྱི་ཤེས་པའི་རྣམ་པ་ཡིན་ཏེ། སློབ་དཔོན་ཨཱརྱ་དེ་བས་ཡིད་ཀྱི་དབང་པོ་སྣང་བ་གསུམ་ལ་བཞེད་པས་སོ། །སློབ་དཔོན་འ༷གྲོ་{བློ༵་}བཟང་སྙིང་པོས་ཀྱང་དེ་ཁོ་ན་ཉིད་ཀྱི་མན་ངག་གི་འགྲེལ་པར། འདི་ཅི་དངོས་པོ་
ངོ་བོ་ཉིད་ཡིན་ནམ། འོན་ཏེ་མ་ཡིན་ཞེ་ན་ཡི་གེ་མེད་པ་ཞེས་སྨོས་ཏེ། དངོས་པོ་མེད་པའི་ངོ་བོ་ཉིད་ཀུན་གཞི་རྣམ་པར་ཤེས་པའི་རང་བཞིན་ནམ་མཁའ་ཁྱབ་པར་སྣང་ངོ་། །དེ་ལྟ་བུ༷་མ༷གོ༷ན་པོ༷་བསྒོ༷མས་{བུ༵འི་ངོ༵་བོ༵་ཉིད༵་ཀྱི༵་སྒོམ་༵}པ་ལས་ནི་ཡེ་ཤེས་སྐྱེ་བར་འགྱུར་རོ། །ཞེས་གསུངས་པས། འདི་ནི་དོན་གྱི་ཀུན་གཞིའི་སྣང་བ་ཞེས་པ་དེ་ཡིན་གྱི། རྣམ་ཤེས་ཚོགས་བརྒྱད་ཀྱི་ཡ་གྱལ་ཀུན་གཞི་དེ་མ་ཡིན་ནོ། །དེ་དག་འཁྲུལ་པའི་སྣང་བར་ཡང་གསུངས་པ་མེད་ཀྱི། མངོན་སུམ་གྱི་སྣང་བ་ཁོ་ན་ཡིན་ལ། རྟགས་ཙམ་ཞིག་ཀྱང་མ་ཡིན་ཏེ། ཟུང་དུ་འཇུག་པ་ཞེས་རབ་ཏུ་བསྔགས་པ་དེའི་ངོ་བོ་ཉིད་དུ་གྱུར་ནས་རྒྱལ་བའི་སྐུ་ཆེན་པོར་འགྱུར་བས་ན། ཀྱེ་རྡོ་རྗེ་ལས། མཐོ་རིས་ས་འོག་ས་སྟེང་རྣམས། །སྐད་ཅིག་ལས་ནི་སྐུ་གཅིག་འགྱུར། །ཞེས་གསུངས་པ་ཡིན་ནོ། །སྔགས་ཀྱི་ཐེག་པ་ལས་གསང་བར་གསུངས་པའི་དོན་གྱི་གཙོ་བོ་ཡང་འདི་ཡིན་པས། དད་པ་དང་ཤེས་བྱ་མེད་པའི་གང་ཟག་ལ་གཏམ་བྱ་བར་དཀའོ། །

མངོན་སུམ་ཞེས་པའི་དོན།


GTN001_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་མངོན་སུམ་ཞེས་པའི་དོན་བརྗོད་པར་བྱ་སྟེ། འདིར་ཚད་མས་གཏན་ལ་དབབ་པར་མངོན་རྗེས་གཉིས་སུ་སློབ་དཔོན་ཆོས་གྲགས་ཀྱིས་བཞེད་པ་ལྟར་གསང་ཐེག་འདིར་ཡང་ཚད་མ་གཉིས་ཁོ་ན་སྟེ། དཔལ་དུས་ཀྱི་འཁོར་ལོའི་བསྒྲུབ་ཐབས་ཀྱི་ལེའུར། ལྷ་ཡི་དམིགས་པ་མངོན་སུམ་དང་ནི་རྗེས་སུ་དཔག་པ་རྣམ་པ་གཉིས་སུ་འགྱུར་བ་སྟེ། །མངོན་སུམ་དག་ནི་དེ་གཉིས་སྦྱོར་བས་མཁའ་ལ་སྐར་མ་བཞིན་དུ་དུ་མ་ལོངས་སྤྱོད་རྫོགས་པའི་སྐུ། །མངོན་སུམ་མེད་ན་རྗེས་


GTN001_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

སུ་དཔག་པ་ཤི་བའི་ལུས་བཞིན་དེ་ཉིད་མིན་པ་ཡི་ནི་བརྟགས་པ་གང་། །དེ་ནི་རི་མོ་ལ་སོགས་བལྟ་བྱ་ཡོངས་སུ་མ་སྨིན་བློ་ཅན་རྣལ་འབྱོར་རྣམས་ཀྱིས་བསྒོམ་པའི་དོན། །ཞེས་གསུངས་སོ། །དེ་ལ་མངོན་སུམ་ཡང་ཐ་མལ་པའི་དབང་པོའི་མངོན་སུམ་ནས་ཉན་རང་བར་གྱི་མངོན་སུམ་གྱིས་ནི་ཤེས་པ་མ་ཡིན་པས། མངོན་སུམ་ཁྱད་པར་ནང་གི་དེ་ཁོ་ན་ཉིད་བསྒོམ་པའི་མངོན་སུམ་གྱིས་གཏན་ལ་ཕེབས་པ་ཡིན་ནོ། །དེ་ཡང་ཆོས་རྣམས་ལ་འཁྲུལ་པའི་ཤེས་པ་སྣ་ཚོགས་ཀྱིས་བསླད་པའི་སྣང་བ་མ་ཡིན་པར། སེམས་ཅན་ནས་སངས་རྒྱས་ཀྱི་བར་དུ་རིག་མི་འགྱུར་བར་གནས་པ་དེ་ལ་དེ་ཁོ་ན་ཉིད་ཅེས་བྱ་སྟེ། འཇམ་དཔལ་ཞལ་ལུང་ལས། ཆོས་རྣམས་གཟུགས་ལ་སོགས་པ་རྣམས། །ཀུན་མཁྱེན་བར་གྱི་རང་བཞིན་ནི། །ནམ་མཁའི་དཀྱིལ་ལྟར་རྣམ་དག་པའི། །ཟབ་གསལ་གཉིས་མེད་ཡེ་ཤེས་ཏེ། །དེ་ནི་དངོས་མེད་བསྒོམ་དངོས་མེད། །དངོས་པོ་ཐམས་ཅད་དང་བྲལ་བའི། །ཁམས་དང་སྐྱེ་མཆེད་ཀྱིས་མ་ཟིན། །རང་བཞིན་གྱིས་ནི་འོད་གསལ་བ། །གདོད་ནས་དག་པ་ནམ་མཁའ་བཞིན། །མེད་ནས་ཆོས་རྣམས་མཚན་ཉིད་སྤངས། །ཆོས་དང་ཆོས་ཉིད་ཡང་མེད་དེ། །དངོས་པོ་མེད་པས་མཁའ་དང་མཚུངས། །ཚིག་དང་ཡི་གེ་ཀུན་ལས་གྲོལ། །དེ་ནི་དུས་དང་ཕྱོགས་རྣམས་དང་། །ཆོས་རྣམས་ཀུན་གྱི་ངོ་བོར་སོང་། །ལུས་མ་ཡིན་ཏེ་ངག་དང་ནི། །ཡིད་ཀྱང་མ་ཡིན་འདོད་ཁམས་དང་། །གཟུགས་དང་གཟུགས་མེད་ཁམས་མ་ཡིན། །འབྱུང་ཆེན་བཞི་ཡང་མ་ཡིན་ཏེ། །


GTN001_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བས་དེ་ཉིད་གང་ན་ཡང་། །མི་གནས་པས་ན་མཉམ་པ་ཉིད། །དེ་འདྲའི་རྡོ་རྗེ་འཆང་ཆེན་པོ། །ཆོས་རྣམས་ཀུན་གྱི་ཆོས་ཉིད་མཆོག །ཐབས་ཀྱིས་བསྒྲུབ་པར་བྱ་བའི་དངོས། །བརྟག་པ་ཀུན་ལས་རབ་དབེན་པ། །ཕུན་སུམ་ཚོགས་རྒྱུ་དཔག་དཀའ་བ། །ཕྱག་རྒྱ་ཆེན་པོར་རབ་སྣང་བའི། །ཟེར་གྱིས་རང་གཞན་སྨིན་བྱེད་པ། །གཉིས་སུ་མེད་པའི་རང་བཞིན་མཆོག །རྡོ་རྗེ་འཛིན་པ་ཆེན་པོས་ཀྱང་། །བརྗོད་དུ་མེད་པའི་སྐུ་ཆེན་པོ། །ཞེས་པ་ལ་སོགས་པས་བསྟན་པ་ནི་ནང་གི་དེ་ཁོ་ན་ཉིད་ཀྱི་མཐོང་བའི་མངོན་སུམ་ཞེས་བྱ་སྟེ། རྡོ་རྗེ་སྙིང་པོའི་འགྲེལ་པ་ལས། དབང་པོའི་མངོན་སུམ་དང་། ཡིད་ཀྱི་མངོན་སུམ་དང་། རྣལ་འབྱོར་མངོན་སུམ་དང་། རང་རིག་མངོན་སུམ་སྟེ། {ཤེས་པ་དེ་ཉིད་ནི་ཉེ་བར་}སྟོན་པར་བྱེད་པ་དང་། འཇུག་པར་བྱེད་པ་དང་། ཐོབ་པར་བྱེད་པ་དང་། ཉམས་སུ་མྱོང་བའི་མཚན་ཉིད་ཅན་ནོ། །ཞེས་གསུངས་པས། དེ་ལ་མངོན་སུམ་གྱི་ངོ་བོ་གང་ཡིན་ཞེ་ན། དེ་ཁོ་ན་ཉིད་སྟོང་ཉིད་སྙིང་རྗེའི་རྣལ་འབྱོར་བསྒོམས་པས་ཤ་ལ་སོགས་པས་མིག་ལྔས་རྣམ་པ་ཐམས་ཅད་པའི་གཟུགས་ནམ་མཁའ་ལ་སྐར་མ་བཞིན་དུ་གསལ་བར་མཐོང་བའི་ཤེས་པ་རྟོག་པ་དང་བྲལ་ཞིང་མ་འཁྲུལ་པ་དེ་ལ་བྱ་སྟེ། རྡོ་རྗེ་སྙིང་འགྲེལ་ལས། འདིར་ནམ་མཁའ་ལ་དངོས་པོ་བསྒོམ་བྱ་ནི་རྨི་ལམ་ལྟ་བུས་ཏེ་རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་འདས་པའོ། །དེ་ཡོངས་སུ་ཤེས་པས་ནི་དངོས་པོ་མེད་པ་བསྒོམ་པར་བྱ་སྟེ། རྣམ་པར་རྟོག་པ་དང་བྲལ་བའི་སེམས་ཀྱིས་སྣང་བརྙན་མཐོང་བའོ། །རྟོག་པ་དང་བྲལ་ཞིང་མ་འཁྲུལ་པ་ནི་མངོན་སུམ་ཞེས་བརྗོད་


GTN001_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱའོ། །ཞེས་གསུངས་སོ། །དེ་ལྟ་བུ་ཐབས་གང་གིས་མཐོང་ན། བདེ་མཆོག་རི་གི་ཨ་ར་ལིའི་རྒྱུད་ལས། དགོན་པ་དབེན་པའི་གནས་སུ་ནི། །གཉིས་གཉིས་ཐམས་ཅད་རྣམ་པར་སྤངས། །མིག་དག་སྟེང་དུ་ལྡོག་ནས་ནི། །སྨིན་མའི་དབུས་སུ་སེམས་བྱས་ན། །མི་ཟད་མུན་པའི་གཟུགས་སུ་ནི། །སྒྲུབ་པོས་དང་པོར་མཐོང་བར་འགྱུར། །ཞེས་གསུངས་ནས། ཚུལ་ཇི་ལྟར་མཐོང་བ་ཡང་། དེ་ཉིད་ལས། དང་པོར་མུན་པར་མཐོང་བར་འགྱུར། །གཉིས་པ་དཀར་དང་དུ་བ་མཚུངས། །གསུམ་པ་མེ་ཁྱེར་རྣམ་པར་ལྟར། །བཞི་པ་ཡང་བའི་མེ་ཏོག་བཞིན། །ལྔ་པ་སྤྲིན་མེད་ཡེ་ཤེས་ནི། །རང་གཞན་ཡང་དག་རིག་པར་སྤང་། །{སྤྲིན་མེད་ནམ་མཁའ་ལྟ་བུ་ནི། །དེ་ཡོད་ཐམས་ཅད་མཁྱེན་པའི་རྒྱུ། །}རྟག་ཏུ་གོམས་པའི་རྣལ་འབྱོར་གྱིས། །རྩེ་གཅིག་སེམས་ཀྱིས་ཡི༷་གེ༷ར་{རི༵་གི༵ར་}འགྱུར། །ཞེས་གསུངས་ཤིང་། རྡོ་རྗེ་གུར་ལས། དང་པོ་སྤྲིན་དང་འདྲ་བར་སྣང། །གཉིས་པ་དུ་བ་འདྲ་བ་ཡིན། །གསུམ་པ་མེ་ཁྱེར་འདྲ་བ་སྟེ། །བཞི་པ་མར་མེ་ཆེར་འབར་བ། །ལྔ་པར་རྟག་ཏུ་སྣང་བ་ནི། །སྤྲིན་མེད་ནམ་མཁའ་ལྟ་བུའོ། །ཞེས་དང་། གསང་བ་འདུས་པ་ལས། དང་པོ་སྨིག་རྒྱུ་འདྲ་བ་སྟེ། །གཉིས་པ་དུ་བ་འདྲ་བ་ཡིན། །གསུམ་པ་མེ་ཁྱེར་རྣམ་པ་སྟེ། །བཞི་པ་མར་མེ་འབར་བ་ཉིད། །ལྔ་པ་སྤྲིན་མེད་ནམ་མཁའ་འདྲ། །ཞེས་དང་། སློབ་དཔོན་ཨཱརྱ་དེ་བའི་སྤྱོད་བསྡུས་སུ། དང་པོ་སྨིག་རྒྱུ་ལྟ་བུ་ལ་འོད་ཟེར་ལྔའི་ཚོགས་དང་ལྡན་པར་མཐོང་ངོ་། །གཉིས་པ་ནི་སྣང་བ་སྟེ་ཟླ་བའི་འོད་ཟེར་ལྟ་བུའོ། །གསུམ་པ་ནི་སྣང་བ་མཆེད་པ་སྟེ་ཉི་མའི་འོད་ཟེར་ལྟ་བུའོ། །


GTN001_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པ་ནི་སྣང་བ་ཐོབ་པ་སྟེ་མུན་པ་ལྟ་བུའོ། །དེ་ནས་མུན་པ་དང་བྲལ་བའི་སྐད་ཅིག་ལ་འོད་གསལ་བ་སྟེ་ཤིན་ཏུ་གསལ་བ་རྟག་ཏུ་སྣང་བའི་མཚན་ཉིད་ཅན། དོན་དམ་པའི་བདེན་པའི་རང་གི་མཚན་ཉིད་ཡེ་ཤེས་ཀྱི་མིག་གིས་མཐོང་ངོ་། །ཞེས་གསུངས་པའི། དང་པོ་སྨིག་རྒྱུ་ལྟ་བུ་ལ་འོད་ཟེར་ལྔའི་ཚོགས་དང་ལྡན་པར་མཐོང་བར་གསུངས་པ་དང་། རྫོགས་ཆེན་གྱི་ཐོག་མར་གྱི་དབྱིངས་རྣམ་དག་གི་སྒྲོན་མ་དར་མཐིང་གའི་མདོག་ལྟ་བུའམ། རྨ་བྱའི་མདོངས་ལྟ་བུར་འཆར་བར་གསུངས་པ་དང་ཁྱད་པར་མེད་དོ། །དེ་ལས་གཞན་གསུངས་པ་རྣམས་ནི། རིག་པ་རྡོ་རྗེ་ལུ་གུ་རྒྱུད་དང་། ཉ་མིག་ལྟ་བུ་དང་། སྐྱ་ཆིལ་ཆིལ་བ་སོགས་འཆར་སྒོ་སྣ་ཚོགས་པ་དུ་མ་དང་། ཐིག་ལེ་གསུམ་སྦྲེལ་ནས་ཉི་ཤུ་རྩ་ལྔ་ལ་སོགས་པའི་བར་དུ་སྣང་བ་ནི་ཆོས་ཉིད་མངོན་སུམ་གྱི་སྣང་བ་ཞེས་བྱ་བ་ཡིན་ནོ། །དེ་ཡང་སྔར་གསུངས་པ་རྣམས་ཀྱི་སྟེང་དུ་ཉིན་མོའི་རྟགས་ལྔ་བསྣན་པས་བཅུ་པོ་རྫོགས་པ་ཡན་ཆད་ལ་བྱ་སྟེ། རྟགས་བཅུ་ནི། དབང་མདོར་བསྟན་དུ། དུ་བ་སྨིག་རྒྱུ་མཁའ་སྣང་དང་། །སྒྲོན་མེ་འབར་དང་ཟླ་ཉི་མ། །མུན་ཅན་ཆ་དང་ཐིག་ལེ་ཆེ། །སྣ་ཚོགས་གཟུགས་ཅན་འོད་གསལ་བ། །ཞེས་གསུངས་པའི་ཚིག་རྐང་ཐ་མ་ནི། ཉམས་གོང་འཕེལ་གྱི་སྣང་བ་ཡིན་ཏེ། འོད་ལྔ་མ་འདྲེས་པའི་རྣམ་པ་ལྟ་བུ་དང་། རྩིབས་ཤར་དང་། གྱེན་འགྲེང་དང་། མིག་མང་རིས་དང་། ཟ་འོག་དང་། རེ་ལྡེ་ལྟ་བུར་སྣང་བ་ཚུན་ཆད་ཡིན་ནོ། །དེ་ནས་འོད་ཀྱིས་སྣང་སྲིད་ཐམས་ཅད་ལ་ཁྱབ་པ་མ་བལྟས་ཀྱང་གསལ་ན། ཐིག་ལེའི་ནང་དུ་སངས་རྒྱས་ཞི་བ་དང་། ཁྲོ་བོ་གང་ཡང་ངེས་པ་མེད་


GTN001_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྣ་ཚོགས་འཆར་བ་ཕྱིན་ཆད་ནི་རིག་པ་ཚད་ལ་ཕེབས་པའི་སྣང་བ་ཡིན་ཏེ། དཔལ་དུས་ཀྱི་འཁོར་ལོ་ལས། ནམ་མཁར་ཀུན་ནས་ཞེན་པའི་སེམས་དང་མིག་ནི་སོགས། ལོངས་སྤྱོད་རྫོགས་པའི་སྐུ། ཞེས་དང་། ནམ་མཁའ་ཆུ་འཛིན་བྲལ་བའི་དབུས་སུ་རྣལ་འབྱོར་པ་ཡི་བསྒྲད་པའི་མིག་གིས་བལྟ་བྱ་སྟེ། རེ་ཁ་ནག་པོ་དྲི་མེད་འོད་ཟེར་འཕྲོ་བ་དུས་ཀྱི་རྩ་ལ་མཐོང་བར་འགྱུར་གྱི་བར་དུའོ། །ཞེས་དང། དཔལ་ཤ་བ་རིས། རྟགས་བཅུ་རྫོགས་པར་གྱུར་པ་ན། །ཐིག་ལེ་ཆེན་པོའི་སྣང་བ་འབྱུང་། །སྣ་ཚོགས་ཐིག་ལེ་ཆེན་པོ་ལ། །རེ་ཁ་ནག་པོའི་རི་མོ་འབྱུང་། །དེ་ནས་འགྲོ་དྲུག་ལ་སོགས་དང་། །ཤིན་ཏུ་ཕྲ་བའི་སྤྲུལ་སྐུ་དང་། །ལོངས་སྐུ་དུ་མ་མཐོང་གྱུར་པ། །སྣ་ཚོགས་གཟུགས་བརྙན་འོད་གསལ་ཡིན། །དེ་ལ་སེམས་ནི་ཐིམ་པ་ན། །ཏིང་འཛིན་ཡན་ལག་མཐར་ཕྱིན་པའོ། །ཞེས་བཤད་པའི་དོན་ནི། རྫོགས་ཆེན་ནས་ཆོས་ཉིད་ཟད་པའི་སྣང་བ་ཞེས་གསུངས་པ་དང་ཁྱད་པར་མེད་དེ། དེ་དག་ནི་ཆོས་ཉིད་མངོན་སུམ་ཀྱང་ཡིན་ཏེ། ཡེ་གདོད་མའི་ཆོས་ཉིད་ཡེ་ཤེས་ཀྱི་རང་འོད་དུ་ཡེ་ནས་ངང་གིས་གསལ་བ་ཡིན་པར་སྔར་བཤད་པའི་ལུང་གིས་བསྒྲུབས་ཟིན་ཏོ། །དབང་པོའི་ཡུལ་དུ་སྣང་བའི་ཆོས་ཉིད་གད་མོའི་གནས་སུ་འཇོག་པ་ཤིན་ཏུ་མི་རིགས་ཏེ། སྟོང་ཆེན་འདུས་པ་རིན་པོ་ཆེའི་ཏོག་ལས། ཤེས༷་ར༷བ་ཟ༷བ་མོ༷་ཚུལ༷་བཞི༷ན་རྣམ༷་དག༷་པ༷ས། །{མཆོ༵ག་ཏུ༵་གང༵་འདོ༵ད་ཚུ༵ལ་བཞི༵ན་ར༵བ་བ༵སྟན་པ༵། །}སྟོན་པའི་རྣལ་འབྱོར་བླ་མེད་རྟག་བསྒྲུབ་པ། །རྡོ་རྗེ་ལྟ་བུའི་མིག་གཉིས་ལམ་མཐོང་བ། །ཏིང་འཛིན་དེ་དང་མཉམ་པ་ཡོད་མ་ཡིན། །དེ་བས་འདི་ནི་རིན་ཆེན་མཆོག་ཏུ་གསུངས། །ཞེས་


GTN001_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

མིག་གིས་མཐོང་བར་གསུངས་ལ། ནཱ་རོ་པས་ཀྱང་།(ཨཱརྱ་དེ་བ་མིན་ནམ་སྙམ)། རང་ཡིད་མཚན་མ་མཐའ་དག་བྲལ་བ་ཡིས། །མིག་ཕྱེད་གྱེན་དུ་བལྟ་བ་དང་བཅས་པས། །གང་ཚེ་རླུང་ནི་དབུ་མར་བུས་གྱུར་པ། །དེ་ཚེ་རྡོ་རྗེའི་མེ་དང་དུ་བ་འབྱུང་། །ཞེས་བཤད་དོ། །ཉམས་ཀྱི་མངོན་སུམ་ཀྱང་ཡིན་ཏེ། རྣལ་འབྱོར་པས་ལམ་བསྒོམས་པས་ལམ་གྱི་སྣང་བ་ཡིན་པའི་ཕྱིར། བིར་ཝ་པས་ལམ་འབྲས་རྡོ་རྗེའི་ཚིག་རྐང་ལས། རྣལ་འབྱོར་པ་ལ་ཏིང་ངེ་འཛིན་ལ་ཉམས་ཀྱི་སྣང་བ་ཞེས་བཤད་པས་སོ། །དབང་པོའི་མངོན་སུམ་ཡིན་པར་སྙིང་ཐིག་རྣམ་གཉིས་ལ་སོགས་པར་རྒྱང་ཞགས་ཆུའི་སྒྲོན་མ་ཞེས་འཆར་བའི་སྒོ་མིག་ཡིན་པ་ལ་དགོངས་ནས་ཡིན་གྱི། དོན་དུ་དབང་པོའི་མངོན་སུམ་མ་ཡིན་ཏེ། ཡེ་ཤེས་ཀྱི་ཡེ་ཤེས་གདོད་མ་ནས་ཡེ་ཤེས་ལྔའི་རང་འོད་དུ་རང་གསལ་བ་དེ་ཉིད། མིག་གིས་མཐོང་བྱ་མཐོང་བྱེད་ལས་འདས་པའི་ཕྱིར་དང་། མུན་ཁང་དུ་རང་གི་ལག་པ་བརྐྱང་བསྐུམ་མི་མཐོང་བའི་ཚེ་ན་ཡང་མཐོང་བའི་ཕྱིར་དང་། བར་དོར་མིག་དང་བྲལ་བའི་དུས་ནའང་མཐོང་བའི་ཕྱིར་ཏེ། དབང་མདོར་བསྟན་ལས། རང་གི་མིག་གིས་མི་མཐོང་ཞིང་། །གཞན་གྱི་མིག་གིས་ཀྱང་མིན་པ། །སྐྱེ་བ་མེད་པ་མཐོང་བ་ནི། །གཞོན་ནུ་མ་ཡི་བུ་ཇི་བཞིན། །ཞེས་གསུངས་ཤིང་། བདེ་མཆོག་བསྟོད་འགྲེལ་(མངོན་པར་བརྗོད་པ་འབུམ་པ་ལས་ཕྱུང་བ་ཉུང་ངུའི་རྒྱུད་ཀྱི་བསྡུས་དོན་རྣམ་པར་བཤད་པ)ལས། གང་གི་ཕྱིར་བཀབ་པ་དང་མ་བཀབ་པའི་མིག་གིས་རྟོགས་པར་བྱ་བ་དེའི་ཕྱིར་གཟུགས་མ་ཡིན་ཞིང་། གཟུགས་ལས་གཞན་ཡང་མ་ཡིན་ལ། མིག་གིས་རྟོགས་པར་བྱ་བ་མ་ཡིན། མིག་མེད་པར་ཡང་རྟོགས་


GTN001_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་བ་མ་ཡིན་ནོ། །ཞེས་གསུངས་པ་ཉིད་ཀྱིས་ཤེས་སོ། །ཡང་མངོན་སུམ་བཞིར་རྡོ་རྗེ་སྙིང་འགྲེལ་ལས་གསུངས་པ་ཡང་ཡིན་ཏེ། དེའི་ཚུལ་ཡང་རྫོགས་པའི་རིམ་པའི་རྣལ་འབྱོར་པས་འཇུག་པའི་ཡུལ་ནི་མི་ཤིགས་པའི་ཐིག་ལེ་ཡིན་པས་དེ་དབང་པོའི་མངོན་སུམ་གྱི་མཐོང་བ་ཙམ་ཞིག་བྱས། དེ་ནས། (དུས་འཁོར་ལས།) ཕྱག་རྒྱ་སྒྱུ་མའི་རྗེས་སུ་མཐུན་པ་ཡིད་དང་ནམ་མཁའ་ལ་ནི་མེ་ལོང་དག་ལ་གཟུགས་བཞིན་ཏེ། །འཇིག་རྟེན་གསུམ་པོ་སྣང་བར་བྱེད་ཅིང་དྲི་མེད་གློག་དང་མཚུངས་པའི་འོད་ཟེར་དུ་བ་འཕྲོ་བར་བྱེད། །ཅེས་གསུངས་པས། ཡིད་ཀྱི་མངོན་སུམ་མི་ཤིགས་པའི་ཐིག་ལེ་དེའི་ནང་དུ་ཡིད་ཀྱི་གཟུགས་བརྙན་མཐོང་བས་ངེས་པ་རྙེད། དེ་ནས་རིག་པ་ཚད་ལ་ཕེབས་པས་རྣལ་འབྱོར་གྱི་མངོན་སུམ་གྱིས་རང་རིག་པའི་ཡེ་ཤེས་མངོན་དུ་གྱུར། ཆོས་ཉིད་ཟད་པའི་སྐབས་སུ་གཟུང་འཛིན་དང་བྲལ་བས་རང་རིག་པའི་མངོན་སུམ་གྱིས་འཇུག་པའི་ཡུལ་མི་ཤིགས་པའི་ཐིག་ལེ་གཉིས་སུ་སྣང་བ་མེད་པའི་ཚུལ་གྱིས་ཉམས་སུ་མྱོང་བ་ཡིན་ནོ། །དེ་ལ་ཚོས་མ་བཀབ་པའི་མཐོང་སྣང་དང་། ཤེལ་དང་། ཉི་ཟེར་ལ་བརྟེན་པ་དང་། འབག་ཆས་ལ་སོགས་ལ་བརྟེན་ནས་སྟོན་པ་ནི། རིག་པའི་ཡེ་ཤེས་དངོས་མ་ཡིན་ཏེ། འདི་པའི་ལུགས་ལ་དཔེ་དོན་རྟགས་གསུམ་གྱི་ངོ་སྤྲོད་ཅེས་འབྱུང་བས་ན། དཔེ་ལ་བརྟེན་ནས་དོན་ངོ་སྤྲོད་པས་ན་མཚོན་བྱེད་དཔེའི་ཡེ་ཤེས་ཞེས་བྱ་བ་ཡིན་གྱི། འདི་དག་མངོན་སུམ་ཡེ་ཤེས་སུ་ཁས་མི་ལེན་ནོ། །དེ་ལྟ་བུའི་ཡེ་ཤེས་རང་རང་གི་སྙིང་ག་ན་སྟོང་གསལ་འོད་ཀྱི་རང་བཞིན་དུ་


GTN001_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་ལ། དེ་ཡང་མུ་སྟེགས་རྟག་ལྟ་བའི་ལུགས་ལྟར་མི་འདོད་དེ། རྟག་ལྟ་བ་ལ་བེམ་པོ་རྟག་པར་འདོད་པ་དང་། ཤེས་པ་རྟག་པར་འདོད་པ་གཉིས་ལས། དང་པོ་ནི། དབང་ཕྱུག་གི་གཞུང་ལས། སྨྱུག་མའི་ཚལ་ན་སྨྱུག་མ་སྐྱེ། །འདམ་བུའི་ཚལ་ན་འདམ་བུ་བཞིན། །མི་ཤི་བ་ནི་མི་རུ་སྐྱེ། །ཞེས་པས་རྟག་པ་མི་འགྱུར་བ། སེམས་ཅན་གཅིག་ཤི་ན་སེམས་སྤྱི་དེ་ལ་ཐིམ་ཞིང་། སེམས་ཅན་གཅིག་སྐྱེ་ན་སེམས་རྟག་པ་སྤྱི་དེ་ལས་ཆད་པ་ཡིན་ནོ་ཟེར། ཤེས་པ་རྟག་པར་འདོད་པ་ནི། སེམས་དེ་སྙིང་གི་དཀྱིལ་ན་ཆེ་བ་མཐེ་བོང་ཙམ། ཆུང་བ་ཡུངས་འབྲུ་ཙམ། ཡང་ཆུང་སྐྲ་རྩེ་ཙམ་དཀར་ལ་འཚེར་བ་སྣུམ་ལ་འགྲིལ་བ་ཤེས་རིག་གི་བདག་ཉིད་ཅན། རྟག་པ་གཅིག་པུ་རང་དབང་ཅན་དུས་ཐམས་ཅད་དུ་མི་འགྱུར་བ་རྫས་སུ་གྲུབ་པ་གཅིག་སྙིང་ནང་ན་ཡོད་དེ། ཕུང་པོ་ཉིང་མཚམས་སྦྱོར་བ་ཡང་། །རྟག་པ་མཐེ་བོང་ཡུངས་འབྲུ་ཙམ། །བདག་ཅེས་བྱ་བ་དེ་ཡིས་ལན། །ང་ནི་རྟག་པ་བློ་མི་འགྱུར། །ཞེས་བྱེད་པ་པོ་དེས་བྱས་ནས་ད་ལྟའི་ལུས་འདི་མི་རྟག་ཀྱང་སེམས་རྟག་སྟེ། རྫ་ཆག་བྱེའུ་འཕུར་བ་ལྟ་བུ་ཡིན་ཞེས་ཟེར། ལུས་ཆེ་ཆུང་ལ་སེམས་ཆེ་ཆུང་ཡོད་དེ་ཁང་པ་དང་བུམ་པ་ལྟ་བུར་འདོད་ལ། དེ་ལྟར་འདིར་མ་ཡིན་ཏེ། ཀྱེ་རྡོ་རྗེ་ལས། ལུས་ལ་ཡེ་ཤེས་ཆེན་པོ་གནས། །{རྟོག་པ་ཐམས་ཅད་ཡང་དག་སྤངས། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ལུས་ལ་གནས་ཀྱང་ལུས་སྐྱེས་མིན། །ཞེས་དང་།}{སམྦུ་ཊ་ལས། རང་གི་ལུས་ལ་སངས་རྒྱས་བཞུགས། །}གཞན་དུ་གང་ན་སངས་རྒྱས་མེད། །མི་ཤེས་མུན་པས་བསྒྲིབས་པ་རྣམས། །ལུས་ལས་གཞན་དུ་སངས་རྒྱས་འདོད། །


GTN001_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་དང་། སམྦུ་ཊ་ལས། སྙིང་གི་ནང་སོན་པདྨ་ནི། །འདབ་མ་བརྒྱད་པ་སྙིང་པོར་བཅས། །དེ་ཡི་ནང་དུ་སོན་པའི་རྩ། །མར་མེ་རང་གི་ངོ་བོ་ཅན། །{ཀ་ཏ་ལ་ཡི་མེ་ཏོག་མཚུངས། །ནར་ཞིང་ཁ་ནི་འོག་ཏུའོ། །}ཆུ་ཤིང་གི་ནི་མེ་ཏོག་ལྟར། །བརྐྱངས་ཤིང་ཁ་ནི་འོག་ཏུ་འོ། །དེ་ཡི་ནང་ན་དཔའ་བོ་ནི། །ཡུངས་དཀར་གྱི་ནི་སྦོམ་ཕྲ་ཙམ། །ཞེས་དང་། རྩ་ཡི་མཛེས་སྤྱི་ལས་བྱུང་བའི། །དེ་ནི་རྡུལ་ཕྲ༷ན་{བྲ༵ལ་}རབ་ཏུ་གྲགས། །དག་པ་ཤེལ་གྱི་འོད་དང་མཉམ། །བྱང་ཆུབ་སེམས་ནི་འོད་གསལ་བ། །ཡེ་ཤེས་ལྔ་ཡི་དངོས་དེ་ཉིད། །ཡུངས་དཀར་གྱི་ནི་སྦོམ་ཕྲ་ཙམ། །ཞེས་གསུངས་ཤིང་། ས་ར་ཧས། མཁས་པ་རྣམས་ནི་བསྟན་བཅོས་འཆད་པ་ན། །ལུས་ལ་ཡེ་ཤེས་ཡོད་པ་མ་རྟོགས་སོ། །ཞེས་དང་། སློབ་དཔོན་རྡོ་རྗེ་དྲིལ་བུ་པས། རྟག་ཏུ་སྙིང་ལ་གནས་པ་ཡི། །ཐིག་ལེ་གཅིག་ལ་འགྱུར་བ་མེད། །དེ་སྒོམ་བྱེད་པའི་སྐྱེ་བོ་ལ། །ངེས་པར་ཡེ་ཤེས་སྐྱེ་བར་འགྱུར། །ཞེས་གསུངས་པས་མུ་སྟེགས་པ་ལྟ་བུའི་བེམ་རྫས་སུ་གྲུབ་པ་ནི་མ་ཡིན་ཏེ། འཇམ་དཔལ་སྒྱུ་དྲྭ་ལས། ཆ་མེད་ཀུན་འགྲོ་ཁྱབ་པ་པོ། །ཞེས་དང་། གཟུགས་མེད་གཟུགས་བཟང་དམ་པ་སྟེ། །སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས། །ཞེས་སོགས་གསུངས་པས་རྒྱ་ཆེར་འཆད་དུ་ཡོད་ཀྱང་ཡི་གེས་འཇིགས་སོ། །སེམས་གསུམ་འགྱུར་བར་འདོད་པ་མ་ངེས་པ་ཆེན་པོ་སྟེ། རྣམ་པར་ཤེས་པ་ཚོགས་བརྒྱད་ཀྱི་དོན་སྤྱི་ཙམ་ཡང་བློ་ཡུལ་དུ་མ་ཤར་བས་བླུན་པོ་དག་གི་ཚིག་དང་མཚུངས་ལ། དེ་ལྟར་ན་ཉི་མ་དང་ཉི་མའི་འོད་ཟེར་གྱི་སྒོ་ནས་ཉི་མ་ཡོད་པར་


GTN001_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཏེ། འཆར་གཞི་ནམ་མཁའ་གནས་པའི་ཉི་མ་གཅིག་དང་། ཤར་བ་འོད་ཟེར་གྱི་ཚུལ་དུ་གཅིག་སྟེ་གཉིས་སུ་མི་འགྱུར་རམ། ཆོས་དྲུག་པ་དག་ལ་ཡང་སེམས་དྲུག་ཡོད་པར་འགྱུར་ཏེ། སྣང་བ་སྒྱུ་མར་བསྒོམ་པའི་སྒྱུ་ལུས་ཀྱི་སེམས་གཅིག །ཐམས་ཅད་རྨི་ལམ་དུ་བསྒོམ་པའི་རྨི་ལམ་གྱི་སེམས་གཅིག་ལ་སོགས་པ་དུ་མར་འགྱུར་རོ། །དེ་ལྟར་མ་ཡིན་ཏེ། ས་ར་ཧས། སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། །སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད། །དེ་ཕྱིར་སྣང་སེམས་དབྱེར་མེད་ལྷན་ཅིག་སྐྱེས། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་གསུངས། འོད་སྣང་དེ་དག་གི་སྟེང་དུ་མཉམ་བཞག་གི་ལྟ་བ་མི་སྐྱོང་བར་བྱིས་པས་ལྷ་ཁང་ལྟ་བ་ལྟ་བུ་ནི་མ་ཡིན་ཏེ། དེའི་ཚུལ་སྦྱོར་དྲུག་གི་བསམ་གཏན་པའི་ཡན་ལག་དང་། རྫོགས་ཆེན་པའི་ཐོད་རྒལ་གྱི་ཁྲིད་ཡིག་རྣམས་སུ་གསལ་ལོ། །ཟེར་དེ་མཐོང་བ་དང་ངན་སྐྱུག་གི་ཕུང་པོ་མཐོང་བ་མཉམ་བཞག་གི་སྐྱོང་ཚུལ་ཤེས་ན་མཉམ་པར་སྨྲ་བ་དེ་ཡང་མི་འཐད་དེ། འདི་ནི་ངེས་པའི་དོན་གྱི་རྒྱལ་བའི་དཀྱིལ་འཁོར་ཡིན་པས་མཐོང་བ་ཙམ་གྱིས་སྒྲོལ་བ་ཡིན་ཏེ། སངས་རྒྱས་རྗེས་དྲན་ལས། འདི་མཐོང་བ་ལ་དོན་ཡོད་ཅིང་། མཁས་པ་རྣམས་ཀྱིས་སོ་སོ་རང་གིས་རིག་པར་བྱ། ཞེས་པ་དང་། སོ་སོར་སྡུད་པ་རྟགས་བཅུ་མཐོང་བས་བདེན་པའི་ཚིག་འགྲུབ་པ་ལ་སོགས་གསུངས་ཤིང་། ངན་སྐྱུག་གི་ཕུང་པོ་ནི། ལྟ་བ་ཅན་ལ་དོན་དུ་མ་གྲུབ་པ་ཡིན་ཀྱང་། མཐོང་བ་ལ་དེ་ལྟ་བུའི་ཡོན་ཏན་མེད་པས་ངན་སྐྱུག་ཉིད་དུ་ཟད་དོ། །

ཆོས་ཉིད་མངོན་སུམ་གྱི་ཟབ་གནས་ཅི་ཡོད་དྲི་བ།


GTN001_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཉིད་མངོན་སུམ་གྱི་ཟབ་གནས་ཅི་ཡོད་དྲི་བ་ལ། འདི་ནི་གྲོང་ཁྱེར་རྒྱུན་གཅོད་ཀྱི་ལྟ་བ་ཞེས་མངལ་གྱི་གྲོང་ཁྱེར་རྒྱུན་གཅོད་པས་ན་ཕྱིས་འཁོར་བར་མི་འཁྱམས་ཏེ། རིག་པ་རང་ཤར་ལས། མངོན་སུམ་གནད་འདི་སུས་མཐོང་བ། །ཁམས་གསུམ་ལྡོག་པ་མ་ཡིན་ནོ། །ཞེས་གསུངས་ཤིང་། རྒྱ་གར་གྱི་གྲུབ་ཆེན་རྣམས་ཀྱང་ལམ་འདིའི་སྒོ་ནས་བགྲོད་པ་ཤ་སྟག་ཡིན་ཏེ་རང་རང་གི་གསུང་མགུར་རྣམས་སུ་གསལ་བཞིན་ལས་མཚོན་ཙམ། ས་ར་ཧས། རྨད་བྱུང་ནམ་མཁའི་དཀྱིལ་ཤར་བྷུ་སུ་ཀུ། །{སྟོང་པའི་གཟུགས་མཛེས་ལྟོས་ཤིག་བྷུ་སུ་ཀུ། །}དཔེ་མེད་མེ་ཏོག་རྒྱས་སོ་བྷུ་སུ་ཀུ། །རིན་ཆེན་རིན་ཐང་མེད་པའི་མེ་ཏོག་ལོང་། །མེ་ཏོག་འདི་ནི་སྟོང་ཉི༷ད་{པ༵འི་}དགོན་པར་སྐྱེ། །མེ་ཏོག་འདི་ནི་ཁ་དོག་སྣ་ཚོགས་ཅན། །ཞེས་དང་། ལྭ་བ་པས། སྣང་བ་ཐོབ་པའི་རྣལ་འབྱོར་པས། །གཞན་དུ་རྟགས་ནི་ཤེས་བྱ་སྟེ། །གྲུབ་པའི་འཁྲུལ་བ་མེད་པ་རྣམས། །ལམ་ནག་གི་ནི་དུ་བ་བཞིན། །མིག་དག་རེངས་པར་བྱེད་པ་དང་། །མགོ་བོ་དུད་པ་ཉིད་དང་ནི། །སེམས་དང་སེམས་བྱུང་མི་གཡོ་དང་། །སྟོང་ཉིད་མཐོང་བའི་སྟོང་པ་ཉིད། །ཅེས་དང་། ཨཱརྱ་དེ་བས། གང་ཚེ་ཟླ་བ་ཉ་བ་ཤར་གྱུར་པ། །དེ་ཚེ་སེམས་ཀྱི་རྒྱལ་པོ་ཀུན་ཏུ་ཉལ། །དགའ་དང་སྙིང་རྗེའི་ཌཱ་མ་རུ་ཡི་སྒྲ། །འཕགས་པ་ལྷ་ཡི་དམིགས་པ་མེད་པར་གསལ། །ཞེས་དང་། ཞི་བ་ལྷས་(ཨཱརྱ་དེ་བ་མིན་ནམ་སྙམ)། ཟབ་མོའི་ཆོས་མཐོང་ནས་ནི་ལམ་ངན་པ། །མུན་པའི་ལམ་ལ་ཅི་ཡང་མཐོང་བ་མེད། །གང་ཚེ་ནམ་མཁའི་རྩེ་མོར་མེ་ཏོག་རྒྱས། །ཤཱནྟིས་སྨྲས་པ་དེ་ཚེ་འཁྲུལ་པ་ཆད། །ཅེས་དང་། ལྟ་ཞིང་ལྟ་བས་ནམ་ལངས་ཀྱང་། །


GTN001_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

ཤཱནྟིའི་སྒྲོན་མེ་ལམ་ཚོལ་ལོ། །ཞེས་དང་། ནག་པོ་པས་(ཨཱརྱ་དེ་བ)། མེ་ཏོག་ལྔ་བྱུང་དེ་རུ་ཐིམ། །དགའ་བའི་སེམས་ཉིད་ནམ་མཁར་བྱིན། །ཞེས་དང་། སློབ་དཔོན་དཔེ་མེད་མཚོས། དྲི་མ་མེད་པའི་ནམ་མཁའ་གང་ལ་སྤྲུལ་པའི་མིག་ཕྱེ་ལ། །ཐུགས་རྗེ་ཆེན་པོ་རྒྱས་པས་བརླན་པ་བསམ་པའི་རྟེན་ཟ་ལས། །ཡོད་དང་མེད་དང་དངོས་པོ་དངོས་མེད་འབྱེད་པ་བྲལ། །སྟོང་པ་ཉིད་ཀྱི་རྗེས་འགྲོ་དུ་སོགས་མ་ལུས་གློ་བུར་ཤར། །ཞེས་སོགས་རྒྱ་ཆེར་གསུངས་ལ། ལོངས་སྤྱོད་རྫོགས་པའི་སྐུ་ནི་ས་བཅུའི་བྱང་ཆུབ་སེམས་དཔའ་ཁོ་ན་ལ་སྣང་བ་ཡིན་ན་གནས་སྐབས་འདིར་ཇི་ལྟར་མཐོང་ཞེ་ན། རྒྱུད་(དུས་འཁོར་)ལས། ལོངས་སྤྱོད་རྫོགས་པས་གཟུགས་ཅན་རྣམས་དང་མཁའ་ལ་རྒྱལ་བའི་སྲས་སོགས་དགྲ་བཅོམ་རྣམས་ལ་ཆོས་སྐུ་ཡིས། །ཞེས་པས་གནས་གཙང་མ་ན་བཞུགས་པའི་སངས་རྒྱས་ཀྱི་སྐུ་ལ་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱ་ཞིང་། དེ་འདིར་མཐོང་བ་ཡིན་ལ། ལོངས་སྤྱོད་རྫོགས་པ་ཆེན་པོ་ནི་ཆོས་ཀྱི་སྐུའི་མིག་གི་བཤད་པར་མངོན་ནོ། །རྣམ་པ་གཅིག་ཏུ་ན་ཐིག་ལེའི་དབུས་སུ་མཐོང་བའི་སྐུ་གང་ཡིན་པ་དེ་དག་ལ་སྤྲུལ་པའི་སྐུ་ཞེས་བྱ་ཞིང་། སྣ་ཚོགས་པའི་སྒྲ་སྐད་མང་པོ་སྣང་བ་ལ་ལོངས་སྤྱོད་རྫོགས་སྐུ་ཞེས་བྱའོ། །ཞེས་སྦྱོར་དྲུག་པའི་བླ་མ་གོང་མ་རྣམས་ཀྱིས་བཤད་ཅིང་། འདིར་རྒྱུད་ལས། རིག་པ་ཚད་ཕེབས་སྣང་བ་ཡིས། །ལོངས་སྤྱོད་རྫོགས་པའི་སྐུ་དངོས་ཟིན། །ཞེས་པས་རིག་པ་ཚད་ཕེབས་ཀྱི་རྣལ་འབྱོར་པ་དེ་གར་གནས་ལོངས་སྐུའི་ཞིང་ཁམས་དང་། འཁོར་རྣམས་ལོངས་སྐུའི་འཁོར་དུ་བཞག་པ་སོགས་ཡོད་ཀྱང་། རིག་པ་ཚད་ལ་


GTN001_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཕེབས་པའི་གོང་གི་སྣང་བ་རྣམས་ལོངས་སྐུའི་ཞིང་དུ་མ་བཤད་ཅིང་། རིག་པ་ཚད་ལ་ཕེབས་པའི་རྣལ་འབྱོར་པ་དེ་རང་གི་བློ་ངོ་ན་རང་གནས་པའི་ཡུལ་ལོངས་སྐུའི་ཞིང་ཁམས་དང་། འཁོར་རྣམས་ཀྱང་དེ་ལྟར་ཡིན་མོད། གཞན་གྱི་བློ་ངོ་ན་ནི་དེ་ལྟར་མེད་དོ། །འདི་ལ་སློབ་དཔོན་དུས་ཞབས་པས་ཀྱང་ལོངས་སྐུའི་ཞིང་ཁམས་མཐོང་བ་ཡིན་པར་བཤད་དེ། དཀར་དང་སེར་དང་དམར་དང་ལྗང་། །མཐིང་ག་སངས་རྒྱས་འོད་རྣམས་འཆར། །{འོད་ཆེན་རྣམ་པར་སྣང་བར་བྱེད། །}འོད་སྐོར་འོག་མིན་ཞིང་ཁམས་མཐོང་། །{གཟུགས་བརྙན་གཉིས་ཀྱི་སྦྱོར་བ་ཡིས། །}དེ་ནང་གཟུགས་བརྙན་ཡུལ་མེད་པ། །ལོངས་སྤྱོད་རྫོགས་སྐུ་དུ་མ་མཐོང་། །ཞེས་གསུངས་པས་ཞིང་ཁམས་ཀྱི་ངོ་བོ་མ་དག་པ་མ་ཡིན་ནོ། །རིག་པ་ལུ་གུ་རྒྱུད་མིག་བཙུམས་པ་དང་། ཉི་མ་མེད་པ་དང་། ཡུལ་རྐྱེན་སྣ་ཚོགས་མེད་པ་སོགས་ལ་མི་འཆར་བར་འདོད་པ་རྒྱུས་མེད་ཀྱི་སྨྱོན་གཏམ་དུ་ཟད་དོ། །དུ་སོགས་ཀྱི་རྟགས་ལ་ཏིང་ངེ་འཛིན་ནི་མཆོག་ཏུ་ཡང་མི་འཛིན་ཏེ་ཉམས་ཀྱི་ཤུན་པ་ཡིན་པས་དོར་ནས་གྲོལ་ནས་ཐོབ་པ་འདོད་པ་ཡང་མི་འཐད་དེ། རྒྱ་བོད་གཉིས་སུ་བྱོན་པའི་དུས་ཀྱི་འཁོར་ལོའི་མཁས་གྲུབ་ཐམས་ཅད་ཀྱིས་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཅེས་གཅེས་སྤྲས་སུ་མཛད་ཅིང་ཡེ་ཤེས་དེ་ལ་གཞོམ་ཞིག་མེད་པས་ན། རྒྱུད་(རྡོ་རྗེའི་སྙིང་འགྲེལ)ལས། ཇི་ལྟར་བུམ་པ་ཞིག་གྱུར་ཀྱང་། །ནམ་མཁའ་ལ་ནི་འཇིག་པ་མེད། །དེ་བཞིན་སེམས་ནི་ཞིག་གྱུར་ཀྱང་། །ཡེ་ཤེས་ལ་ནི་འཇིག་པ་མེད། །ཅེས་དང་། དབང་མདོར་བསྟན་དུ། ཇི་ལྟར་ཟངས་ཀྱི་དྲི་མ་ནི། །
བཅུད་ཀྱིས་སྦྱངས་པས་ཉམས་པར་འགྱུར། །དེ་ཡི་ཡོད་ཉིད་ཉམས་པ་མེད། །དྲི་མེད་སེམ༷ས་ཀྱི༷་{ཉི༵ད་ནི༵་}ཡང་དག་གནས། །དེ་བཞིན་སེམས་ཀྱི་དྲི་མ་ནི། །སྟོང་ཉིད་སྦྱོར་བས་རྣམ་ཉམས་འགྱུར། །དེ་ཡིས་ཡེ་ཤེས་ཉིད་ཉམས་མེད། །དྲི་མེད་ཉིད་ནི་ཡང་དག་གནས། །ཞེས་གསེར་འགྱུར་གྱི་རྩི་དཔེར་མཛད་ནས་ཡང་དག་པའི་ཡེ་ཤེས་ཉམས་པ་མེད་པར་གསུངས་པ་ཡིན་ནོ། །

ངན་སོང་སོགས་འབྱུང་མི་རིགས་པར་སྨྲ་མཁན་ལ་ལན།


GTN001_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་གཞི་གདོད་མ་ནས་ཀ་དག་ཡིན་པ་ལ། སླར་འཁོར་བ་དང་ངན་སོང་སོགས་འབྱུང་མི་རིགས་པར་སྨྲ་མཁན་མང་བར་ལན་འདི་སྐབས་སུ་ཅུང་ཙམ་གླེང་ན། དེ་ཡང་གདོད་མའི་སྤྱི་གཞི་འཁོར་བ་དང་མྱང་འདས་གང་དུའང་མ་གྲུབ་པའི་སྔོན་རོལ་ན། ཀུན་ཏུ་བཟང་པོ་རང་རིག་པའི་ཡེ་ཤེས་རང་ངོ་ཤེས་པས་སངས་རྒྱས་ཏེ་འཁྲུལ་མ་མྱོང་བ་གདོད་མའི་སངས་རྒྱས་ཞེས་བྱ་ལ། གདོད་མའི་ཀ་དག་ཆེན་པོ་དེའི་རང་ངོ་ལ་འཁྲུལ་པའི་དྲི་མ་རྡུལ་ཙམ་ཡང་མེད་ཀྱང་། རང་མདངས་འགག་པ་མེད་པའི་ལྷུན་གྲུབ་ཀྱི་སྣང་བ་ཤར་ཞིང་། དེ་ཉིད་རང་མདངས་ཡིན་པར་མ་ཤེས་པར་ཡུལ་དང་དངོས་པོར་བཟུང་བས་ཁམས་གསུམ་གྱི་སེམས་ཅན་རྣམས་བྱུང་ཞིང་། ཀུན་གཞི་ལས་ཀུན་གཞིའི་རྣམ་ཤེས་དང་། དེ་ལས་ཡིད་དང་སྒོ་ལྔའི་རྣམ་ཤེས་བྱུང་། དེ་ལས་ཉོན་མོངས་པའི་རྟོག་ཚོགས་བརྒྱད་ཁྲི་བཞི་སྟོང་སོགས་འཁྲུལ་པའི་ཕྲེང་བ་ཟད་པ་མེད་པར་ཤར་ཞིང་། གཅིག་ལས་གཅིག་མཆེད་དེ་ལས་དང་ཉོན་མོངས་པའི་སྒྲིབ་པ་ཇེ་མང་དུ་བསགས། དེ་དག་གིས་


GTN001_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུའི་ཁམས་གསུམ་རིགས་དྲུག་གི་བདེ་སྡུག་སྣ་ཚོགས་ལ་སྤྱོད་ཅིང་ཉམས་སུ་མྱོང་བ་ཡིན་མོད། ལ་ཀ་དག་གི་རིག་པའི་ཡེ་ཤེས་རང་ངོ་རིག་ཅིང་རྟོགས་པ་མངོན་དུ་གྱུར་པ་ཞིག་མ་བྱུང་གི་བར་ལ་ནི། ནམ་ཡང་འཁོར་བ་ལས་ཐར་པའི་དུས་མི་འབྱུང་བ་དང་། ནམ་རིག་པའི་ཡེ་ཤེས་ལ་རང་དབང་ཐོབ་པ་ན་འཁོར་བའི་འཕྲུལ་འཁོར་གཞི་མེད་རྩ་བྲལ་དུ་རང་གྲོལ་བར་འགྱུར་རོ། །འོ་ན་རང་ངོ་རང་གིས་མ་རིག་པར་འཁྲུལ་པའི་བག་ཆགས་གཅིག་ལས་གཅིག་འཕེལ་བས་འཁོར་བའི་གཏིང་རྡོར་གྱུར་ཚར་ནས་དེ་ལས་ཐར་ཞིང་གྲོལ་བའི་གོ་སྐབས་མི་འབྱུང་ངམ་སྙམ་ན་དེ་ཡང་མ་ཡིན་ཏེ། ཁམས་གསུམ་གྱི་སེམས་ཅན་རྣམས་ཐོག་མ་མེད་པ་ནས་ད་བར་དུ་འཁོར་བའི་རྒྱ་མཚོར་འཁྱམས་ཀྱང་། རང་རྒྱུད་ལ་བདེ་གཤེགས་སྙིང་པོའམ་གདོད་མའི་གནས་ལུགས་ཀ་དག་ཆེན་པོའི་སྐུ་གསུམ་ཡེ་ཤེས་ལྔའི་རང་བཞིན་ངོ་བོ་སྟོང་ལ་རང་བཞིན་གསལ་བ་རྣམ་པ་ཅིར་ཡང་འགག་མེད་དུ་འཆར་བའི་སེམས་ཉིད་འོད་གསལ་ཆེན་པོ་དེ་ནི་འགྲོ་བ་ཐམས་ཅད་ཀྱི་རྒྱུད་ལ་རྟག་ཏུ་འབྲལ་བ་མེད་པར་བཞུགས་ཤིང་། དེ་ལ་ནི་འཕོ་འགྱུར་བྲི་གང་འཕེལ་འགྲིབ་སོགས་གང་ཡང་མེད་པས། དམྱལ་བ་མནར་མེད་པའི་སྡུག་བསྔལ་ཉམས་སུ་མྱོང་བའི་གང་ཟག་ལྟ་བུ་ཞིག་ལ་ཡང་ཀ་དག་རིག་པའི་ཡེ་ཤེས་དེ་གསལ་ལམ་མེ་རྗེན་ཧྲིག་གེ་འབྲལ་མེད་དུ་ཡོད་ཀྱང་། རང་གི་རང་ངོ་མ་རིག་པས་ཕན་མ་ཐོགས་པ་ཡིན་ལ། ནམ་རང་ངོ་རིག་ན་དམྱལ་བའི་སྡུག་བསྔལ་གྱི་སྣང་བ་སྐད་ཅིག་དེ་ཉིད་ལ་མ་སྤངས་རང་གྲོལ་དུ་འགྱུར་བ་སྟེ།
དོན་ལ་འཁོར་བ་བདེན་གྲུབ་ཏུ་མེད་ཀྱང་། རང་སྣང་འཁྲུལ་པའི་བག་ཆགས་ཀྱི་རང་གཟུགས་ཀུན་རྫོབ་ལས་སྣང་ཡིན་པའི་ཕྱིར། ཁམས་གསུམ་རིགས་དྲུག་གི་ལས་སྣང་མཐའ་དག་ནི་དཔེར་ན་རང་ཉིད་མལ་དུ་ཉལ་བ་ལས་གཞན་པ་གང་ཡང་མ་བྱས་ནའང་རྨི་ལམ་གྱི་སྣང་བ་བདེ་སྡུག་བསམ་ལས་འདས་པ་མང་པོ་ཉམས་སུ་མྱོང་མོད་ཀྱང་དོན་ལ་བདེན་པར་གྲུབ་པ་གང་ཡང་མེད་པ་ལྟ་བུ་དང་། རང་རང་གི་ལས་དགེ་སྡིག་གང་བྱས་པའི་འབྲས་བུ་མྱོང་བར་འགྱུར་བ་ནི། དཔེར་ན་རྡ་དུ་ར་ཞེས་ཐང་ཕྲོམ་ཟོས་ནས། འཁྲུལ་པའི་སྣང་བ་སྣ་ཚོགས་འཆར་བར་འགྱུར་བ་དེ་དོན་ལ་མ་གྲུབ་ཀྱང་། རྫས་དེའི་སྐྱོན་ཡིན་པ་བཞིན། འཁོར་བའི་བདེ་སྡུག་དོན་དམ་པར་བདེན་པར་གྲུབ་པ་གང་ཡང་མེད་ཀྱང་རང་རང་གི་ལས་ཀྱིས་སྣང་བར་འཆར་བར་ཡིན་ནོ། །གཞན་ཡང་མདོ་རྒྱུད་བསྟན་བཅོས་ཀུན་ནས་རྒྱལ་བུ་དམངས་སུ་འཁྱམས་པའི་དཔེ་དང་ལུང་གི་སྤྲོས་པས་བསྒྲུབས་པ་བཞིན་ནོ། །

སྤྱི་དོན་དང་པོ་རང་བཞིན་གཞི་ཡི་གནས་ཚུལ། གཞི་ངོ་བོའི་གནས་ལུགས།


GTN001_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

༈ དེ་དག་གིས་གནས་སྐབས་བརྒལ་ལན་སྐྱོན་སེལ་གྱི་རིམ་པ་རེ་ཞིག་ཚང་བས་ད་ནི་གང་དུ་མ་ཚང་བའི་གནད་དོན་འབྲི་བ་ལ་དྲན་པ་ཉེ་བར་གཞག་པར་བྱ་སྟེ། ༡ དེ་ལ་རང་བཞིན་གཞི་ཡི་གནས་ཚུལ། ༢ མ་རིག་པ་སེམས་ཅན་གྱི་འཁྲུལ་ཚུལ། ༣ འཁྲུལ་དུས་དགོངས་པའི་གནས་ཚུལ། ༤ གདམས་པ་ཉམས་ལེན་གྱིས་མཚོན་ཚུལ།


GTN001_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

༥ ཆོས་གཞན་ངེས་པའི་རྣམ་གྲངས། ༦ བར་དོ་གནད་ཀྱི་གདམས་ཚུལ། ༧ མཐར་ཕྱིན་གནད་ཀྱི་འབྲས་བུའི་གྲུབ་ཚུལ་ཏེ་རྡོ་རྗེའི་གནས་བདུན་རིམ་པར་འཆད་པ་ལས། (1) སྤྱི་དོན་དང་པོ་གནས་ཚུལ་ལ། ༡ གཞི་ངོ་བོའི་གནས་ལུགས། ༢ གཞི་སྣང་ལྷུན་གྲུབ་ཀྱི་རང་བཞིན། ༣ འཆར་ཚུལ་ཐུགས་རྗེའི་རོལ་པ་བསྟན་པ་དང་གསུམ་ལས། དང་པོ་ལའང་དྲུག་ལས། ༡ གཞི་ཡི་ངོ་བོ་ནི། འཁོར་འདས་གང་དུ་ཡང་མ་གྲུབ་ལ། གང་གིའང་འཆར་གཞིར་གྱུར་པ། འགག་མེད་རང་བྱུང་གི་ཡེ་ཤེས། སྒྲིབ་མེད་ཟང་ཐལ་ཆེན་པོ་ཀུན་གཞི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། བཤད་རྒྱུད་ཐིག་ལེ་ཀུན་གསལ་ཆེན་མོ་ལས། འཁོར་འདས་ཐམས་ཅད་དེ་ལས་སྣང་བས་གཞིའོ། །ངོ་བོ་གསལ་ལ་མི་འགག་ཟང་ཐལ་ཏེ་སྒྲིབ་པ་མེད་པས་ཀུན་གཞི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ཞེས་སོ། །༢ ངེས་ཚིག་ཀྱང་དེ་ཉིད་ལས། ཐམས་ཅད་འབྱུང་བའི་ཕྱིར་ན་གཞི་ཞེས་བྱའོ། །ཞེས་སོ། །༣ མཚན་ཉིད་ནི། གཞི་ངོ་བོ་ཉིད་ཀྱི་ཆོས་སྐུ་དེ་ཡེ་ཤེས་ལྔའི་དགོངས་པ་འདུ་འབྲལ་མེད་པ་སྟེ། བཤད་རྒྱུད་ལས། མཚན་ཉིད་ནི་ཡེ་ཤེས་ལྔའོ། །ཞེས་སོ། །


GTN001_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

༤ དབྱེ་ན། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་མོ། །ངོ་བོ་སྟོང་པ་ཆོས་སྐུ་དྲི་མེད་ཟང་ཐལ། རང་བཞིན་གསལ་བ་ལོངས་སྐུ་ལྷུན་གྲུབ་གཏིང་གསལ། ཐུགས་རྗེ་རིག་པས་སྐུ་གཉིས་འགག་མེད་སྤྲུལ་སྐུར་བཞུགས་པའོ། །ངོ་བོ་སྟོང་པས་དངོས་པོ་དང་མཚན་མར་མ་གྲུབ་པ། རང་བཞིན་གསལ་བས་གཞི་སྣང་འཆར་ཚུལ་མ་འགགས། ཐུགས་རྗེ་རིག་པས་ཕྱག་རྒྱ་མ་བསྐྱེད་པའི་སྐུ་ལྔ་རང་གསལ་ལས་ཕྱིར་གསལ་དུ་འཆར་བ་གདུལ་བྱ་ལ་སྣང་ནུས་སོ། །ངོ་བོ་ཆོས་སྐུར་གནས་པས་གཟུགས་སྐུ་གཉིས་ཀྱི་རྟེན་བྱེད། རང་བཞིན་གསུང་དུ་ཡོད་པས་འོད་གསལ་གྱི་ཀློང་ན་ཆོས་ཉིད་ཀྱི་རང་སྒྲ་རང་སྣང་། ཐུགས་རྗེ་ཐུགས་སུ་མཁྱེན་པས་ཡེ་ཤེས་གསུམ་གྱི་མཁྱེན་པ་མ་འགགས་པའོ། །གཞི་གནས་ཀྱི་ཡེ་ཤེས་རང་བྱུང་གི་རིག་པ་ལ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལྡན་དུ་མཁྱེན་ནས་མཚན་ཉིད་འཛིན་པའི་ཡེ་ཤེས་ལྔ་ལ་མ་འགགས་གསལ་བའི་དགོངས་པ་ལྷུན་གྲུབ་ཏུ་མཁྱེན། ཡུལ་སྣང་ཀུན་ཁྱབ་ཀྱི་ཡེ་ཤེས་ལ་མ་འདྲེས་ཡོངས་སུ་མཁྱེན་ནོ། །གང་གིས་གཞིར་བྱུང་ན། ངོ་བོ་རང་མལ་གྱི་དུས་ན་སྐུ་དང་ཡེ་ཤེས་ཀྱི་གཞིར་བྱུང་། མ་འགགས་འཆར་ཚུལ་གྱི་དུས་ན་ཡེ་དོན་གྱི་ཀུན་གཞིར་བྱུང་སྟེ་འཁོར་འདས་ཐམས་ཅད་རིག་པ་ལུང་མ་བསྟན་གྱི་བརྟེན་གཞིར་གྱུར་པ་ལས་བརྟེན་པའི་ཕྱིར་ཏེ། ཀུན་གསལ་ལས། འཁོར་འདས་ཐམས་ཅད་ཀྱི་རྟེན་དུ་གྱུར་པའོ། །ཞེས་སོ། །རང་བཞིན་ནི་རང་མལ་གྱི་དུས་ན། ཡེ་ཤེས་ལྔའི་འཆར་གཞི་ལྷུན་གྲུབ་གཞི་སྣང་དུ་བྱུང་ལ། མ་འགགས་འཆར་ཚུལ་གྱི་དུས་ན་བག་ཆགས་སྣ་ཚོགས་ཀྱི་ཀུན་གཞིར་བྱུང་སྟེ།


GTN001_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ལས་དང་བག་ཆགས་ཐམས་ཅད་དུག་ལྔ་ལ་དུག་ལྔ་ཐུག་པ་དེ། ཡེ་ཤེས་ལྔའི་རྩལ་མ་འགགས་པ་ལ་ཐུག་པ་དེ་ཡེ་ཤེས་ལྔ་ལ་ཐུག་ལ། དེ་ལྷུན་གྲུབ་ལ་བརྟེན་པའི་ཕྱིར་རོ། །ཐུགས་རྗེ་རང་མལ་གྱི་དུས་ན་རིག་པའི་གདངས་ལ་གཟུགས་སྐུའི་འཆར་གཞི་བྱེད་ལ། མ་འགགས་འཆར་ཚུལ་གྱི་དུས་ན་སྦྱོར་བ་དོན་གྱི་ཀུན་གཞི་དབྱེར་མེད་ཐུགས་རྗེའི་རང་རྩལ་དེས་རང་ངོ་ཤེས་ན་ཡེཤེས་དབྱིངས་སུ་སྦྱོར་བས་མྱ་ངན་ལས་འདས་པ་ལ། མ་ཤེས་ན་སེམས་ཅན་འཁྲུལ་སྣང་ལ་སྦྱོར་བས་འཁོར་བའི་བདེ་སྡུག་ལ་སྤྱོད་པ་ཚོགས་བརྒྱད་སེམས་ཀྱི་གཞིར་བྱུང་བའོ། །ཀུན་གསལ་ལས། དབྱེ་བ་ནི་གསུམ་སྟེ། ཡེ་ཡོད་ཀྱི་ཀུན་གཞི་༼ནི་ཡང་དག་པའི་ཀུན་གཞིའོ།།༽བག་ཆགས་༼སྣ་ཚོགས་༽བསོགས་པའི་ཀུན་གཞི་༼ནི་བག་ཆགས་དང་འདྲེས་པའི་ཤེས་པ་ཚོགས་པ་དང་།༽སྦྱོར་བ་༼གནས་ལུགས་༽དོན་གྱི་ཀུན་གཞིའོ། །༼ནི་འདུག་ཚུལ་བརྒྱད་ཀྱི་དཔེའོ། །༽ཞེས་སོ། །༥ མཚོན་དཔེ་ལ། ངོ་བོ་སྟོང་པ་ནམ་མཁའ་ལྟ་བུ། རང་བཞིན་གསལ་བ་ཉི་མ་ལྟ་བུ། ཐུགས་རྗེ་འཆར་གཞི་ཡོད་པ་ནང་གསལ་ཤེལ་སྒོང་ལྟ་བུ། རང་ཤར་རོལ་པར་མ་འགགས་པ་སྤྲིན་ཆར་ལྟ་བུ། སྐུ་གསུམ་གཞི་གནས་ཀྱི་ཡེ་ཤེས་ཉི་མ་ལྟ་བུ་སྟེ་ཐམས་ཅད་ནང་དབྱིངས་གཏིང་གསལ་དུ་གནས་པ་ཤེལ་གྱི་ནང་འོད་ལྟ་བུ་འཆར་གཞིར་ཡོད། དོན་ལ་མ་ཤར། འཆར་སྒོ་མ་འགགས། རང་མལ་ཀ་དག་ཆེན་པོའི་དཔེ་ཕྱོགས་རེ་བས་མཚོན་ཏེ། བཤད་རྒྱུད་ལས། ཆོས་སྐུ་ལ་ཡེ་ཤེས་ནང་གསལ་དུ་གནས་པ་ནི་ཤེལ་དང་། དེའི་ནང་གི་འོད་ལྔར་གསལ་བ་བཞིན་ནོ། །གཞི་ལ་སྐུ་གསུམ་རྫོགས་པ་ནི་ཉི་མའི་སྙིང་པོ་ལ་འོད་ཟེར་མི་འགག་


GTN001_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཞིན་ནོ། །ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་དཔེ་ནི་རྨ་བྱའི་སྒོ་ངའམ། ཉི་མའམ་ནམ་མཁའ་སྤྲིན་དང་ཆར་བཞིན་ནོ། །ཡང་ན་མན་ཤེལ་བཞིན་ནོ། །ཞེས་སོ། །རྨ་བྱའི་སྒོ་ང་ནི་ངོ་བོ་ཀ་དག་ལ་ཡེ་ཤེས་གཞན་གཉིས་གཏིང་གསལ་དང་། འཆར་ཚུལ་རོལ་པར་ཡོད་པའི་དཔེའོ། །ཉི་མ་ནི་རང་བཞིན་འོད་གསལ་གྱི་དཔེའོ། །ནམ་མཁའ་སྤྲིན་ཆར་ནི་ཐུགས་རྗེ་རིག་སྟོང་ནམ་མཁའ་ལྟ་བུ་ལས། རྩལ་སྤྲིན་ལྟར་རོལ་པ་ཆར་བ་ལྟ་བུའི་དཔེའོ། །ཤེལ་ནི་དེ་ཐམས་ཅད་རོལ་པ་གཅིག་ཏུ་འདུ་འབྲལ་མེད་པའི་དཔེའོ། །གཞན་ཤེལ་ནི། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལས། ངོ་བོ་སྟོང་པས་དངོས་པོ་དང་མཚན་མ་སེལ་བ་ནམ་མཁའ་ལྟ་བུ་ལས། རིག་པ་ཕྱང་ཆད་ཀྱང་མ་ཡིན་པས། རིགས་མཐུན་དང་རིགས་མི་མཐུན་ཐམས་ཅད་སེལ་ལོ། །རང་བཞིན་ལ་གསལ་བས་ཆད་པ་ཕྱང་ཆད་སེལ་བ་ལྷུན་གྲུབ་འོད་གསལ་ཁ་དོག་ལྔར་བསྟན་ལ། དངོས་སུ་རང་མལ་དུ་འཇའ་ཚོན་ལྟ་བུའི་རིགས་ཅན་ཀྱང་མ་ཡིན་པས་ལྷུན་གྲུབ་གཏིང་གསལ་གྱི་ཆ་ལ་རིགས་མཐུན་དང་རིགས་མི་མཐུན་ཐམས་ཅད་སེལ་ལོ། །ཐུགས་རྗེ་ལ་འཆར་བ་གོ་མ་འགགས་པས། གཅིག་ཏུ་ངེས་པ་དང་ཡུལ་སྣང་མི་རིགས་པ་སེལ་བས་མེ་ལོང་དངས་པའི་དཀྱིལ་ལྟ་བུ་ལ་ཕྱི་གསལ་ཡུལ་ཕྱིར་ཤོར་བ། ཚོགས་བརྒྱད་སེམས་སུ་སྣང་བ་ལས་ཀྱང་ལོག་པས། རིག་པའི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལས་རིགས་མཐུན་མིན་ཀུན་སེལ་བ། །ཀ་དག་དེ། ཀུན་གསལ་ལས། ༦ གཞན་སེལ་ནི། རིག་པར་འདུག་པས་བེམ་


GTN001_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

པོ་སེལ། །སྟོང་པར་འདུག་པས་དངོས་པོ་སེལ། །གཉིས་མེད་ཡིན་པས་གཉིས་སྣང་སེལ། །རང་བྱུང་ཡིན་པས་རྒྱུ་རྐྱེན་སེལ། །ལྷུན་གྲུབ་ཡིན་པས་རེ་དོགས་སེལ། །དག་པ་ཡིན་པས་དྲི་མ་སེལ། །མེད་པའི་ཡོད་པས་ཆད་མཐའ་སེལ། །ཡོད་པའི་མེད་པས་རྟག་ཆད་སེལ། །ཀྱེ་རྡོ་རྗེ་འཛིན་པས་ལེགས་པར་ཟུངས་ཤིག །ཡང་དག་པའི་དོན་གྱི་གཞིའི་ཕྱི་མོ་ནི་རང་དང་རིགས་མཐུན་པ་ལས་ཀྱང་ལོག་སྟེ། རིག་པ་༼ཙམ་དུ་༽མཐུན་པའི་ཚོགས་༼བརྒྱད་ལས་༽གྲོལ་༼བའོ་༽ལོ། །དེ་ཡང་ཇི་ལྟར་གྲོལ་ན་འཕེལ་འགྲིབ་མེད་པས་ཀུན་གཞིའི་རྣམ་པར་ཤེས་པ་ལས་གྲོལ། ངར་འཛིན་མེད་པས་ཉོན་མོངས་པའི་ཡིད་ལས་གྲོལ། གཟུང་འཛིན་མེད་པས་ཡིད་ལས་གྲོལ། སྐྱེ་འགག་མེད་པས་སྒོ་ལྔའི་རྣམ་ཤེས་ལས་གྲོལ་ཞིང་ལོག་པའོ། །ཀྱེ་གསང་བའི་བདག་པོ་སྟོང་པ་རིགས་མཐུན་པ་ལས་ཀྱང་ལོག་སྟེ། རང་བཞིན་དག་པའི་ནམ་མཁའ་ཁ་དོག་དང་བཅས་པ། དབྱིབས་དང་བཅས་པ་བག་རྡུལ་དང་བཅས་པ་འདི་མ་ཡིན་ནོ། །ཀྱེ་སེམས་དཔའ་ཆེན་པོ། རིགས་མི་མཐུན་པ་ལས་ཀྱང་ལོག་སྟེ། རིག་པ་དང་རིགས་མི་མཐུན་པ་བེམ་པོ་མེད་དོ། །སྟོང་པ་དང་རིགས་མི་མཐུན་པའི་ཕྱི་ནང་གི་འབྱུང་བ་བཞི་ལས་༼གྲུབ་ཅིང་༽བསྐྱེད་པའི་དངོས་པོ་མེད་༼པའོ་༽དོ། །རིགས་ཀྱི་བུ་དོན་ཆེན་པོ་དེས་ནི་གཉིས་ཀ་ལས་ཀྱང་ལོག་པར་ཤེས་པར་བྱའོ། །གཉིས་ཀ་མ་ཡིན་པའི་དངོས་པོ་འཛིན་པ་དང་ཡང་བྲལ་ལོ། །ཞེས་གསུངས་སོ། །

གཞི་སྣང་ལྷུན་གྲུབ་ཀྱི་རང་བཞིན།


GTN001_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་གཞི་སྣང་ལྷུན་གྲུབ་ཀྱི་རང་བཞིན་ལའང་དྲུག་(དཔྱད་)སྟེ། ངོ་བོ་ནི། གཞི་ཀ་དག་གི་རང་གདངས་ལྷུན་གྲུབ་གཏིང་གསལ་གྱི་རིག་གདངས་འཁོར་འདས་གང་དུའང་རྒྱ་ཆད་མེད་པ་རང་གསལ་ཟང་ཐལ་ཆེན་པོ་སྟེ། བཤད་རྒྱུད་ལས། རང་གི་རིག་པ་ངོ་བོ་དངོས་མེད་ཀྱི་ཡེ་ཤེས་ཡེ་དག་ཟང་ཐལ་དུ་གནས་ལ། རྡོས་པ་ཅན་གྱི་ཆོས་མིན་པས་ཡོན་ཏན་གྱི་སྒོ་ཡངས་པ་ནི་ཆོས་ཐམས་ཅད་ཀྱི་འབྱུང་གནས་ཏེ། ངོ་བོ་རྒྱ་མ་ཆད་པའོ། །ཞེས་སོ། །ངེས་ཚིག་ནི། གཞི་རིག་པའི་རང་གདངས་ནང་གསལ་ཡིན་པས་གཞི་སྣང་སྟེ། དེ་ཉིད་ལས། དེ་ཡི་རང་སྣང་ཡིན་པས་ན། །ངོ་བོ་ཉིད་ཀྱི་སྣང་བ་འོ། །ཞེས་སོ། །མཚོན་དཔེ་ལ། ངོ་བོ་དང་རྣམ་གྲངས་གཉིས་ལས། ངོ་བོའི་མཚོན་དཔེ་ལ། ངོ་བོ་ཉིད་ཀྱི་སྣང་བའི་མཚོན་དཔེ་ནི། ནང་དབྱིངས་སུ་ཡོད་ཀྱང་། ཕྱི་གསལ་དུ་མེད་པས་ནམ་མཁའ་སྤྲིན་མེད་ལྟ་བུའི་ངང་ནས། ངོ་བོ་ཉིད་ཀྱི་སྐུའི་མཚོན་དཔེ། ཕྱག་རྒྱའི་སྐུ་ལྔ་འཆར་ཞིང་ཡོད་པ་ཉི་མའི་སྙིང་པོའམ་གནམ་གང་གི་ཟླ་བ་ལྟ་བུ་སྟེ། བཤད་རྒྱུད་ལས། དཔེ་ཇི་ལྟ་བུ་ཞེ་ན། ནམ་མཁའ་དང་ཉི་མ་ལྟ་བུའོ། །རིགས་ཀྱི་བུ་ངོ་བོ་ཉིད་ཀྱིས་སྣང་བ་ནི། ནམ་མཁའ་སྤྲིན་དང་བྲལ་བ་ལྟ་བུའོ། །ངོ་བོ་ཉིད་ཀྱི་སྐུ་ནི་ཉི་མའི་སྙིང་པོ་ལྟ་བུའོ། །ཞེས་སོ། །རྣམ་གྲངས་ཀྱི་མཚོན་དཔེ་ནི། གཞི་སྣང་གི་ལྡོག་ཆོས་རྣམས་ཏེ། དཔེ་དུ་མར་མཚོན་ཡང་དོན་གཅིག་ཏུ་འདུ་བ། ཉི་མའི་དཀྱིལ་འཁོར་གཅིག་པུ་ལ། ཟླུམ་པས་སྒོ་ང་ལྟ་བུ། གསལ་བས་སྒྲོན་མེ་ལྟ་བུ། ཚ་བས་མེ་ལྟ་བུ་ཞེས་སྨོས་ཀྱང་། དབྱིབས་


GTN001_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

དང་འོད་དང་འོད་ཟེར་གྱི་ལྡོག་པ་ཐ་དད་རང་བརྗོད་ཀྱིས་དོན་སོ་སོ་བ་མེད་པ་ལྟར་གོ་བར་བྱའོ། །ཡང་དེ་ཉིད་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྡོ་རྗེ་འཛིན་པ་ཉོན་ཅིག །ངས་གཞི་སྣང་ཆེན་མོ་མཚོན་པའི་དཔེ་དང་བརྡ་བཤད་པར་བྱའོ། །མི་གཡོ་བ་རྒྱ་མཚོའི་གཏིང་ལྟ་བུའོ། །སྟོང་པ་དང་ཡོངས་ལ་ཁྱབ་པ་ནི་ནམ་མཁའ་ལྟ་བུའོ། །དྲི་མ་མེད་པ་མན་ཤེལ་ལྟ་བུའོ། །དག་ཅིང་གསལ་ལ་མ་འདྲེས་རིག་པ་མེ་ལོང་དང་གཟུགས་བརྙན་ལྟ་བུའོ། །སྣ་ཚོགས་སུ་སྣང་ཡང་དྲི་མས་མ་གོས་པ་པདྨ་བཞིན་ནོ། །འགྱུར་བ་མེད་པ་རྡོ་རྗེའམ་གླང་པོ་ཆེ་བཞིན་ནོ། །ཐམས་ཅད་འབྱུང་བ་ས་གཞི་ལྟ་བུའོ། །དངོས་སུ་མི་སྣང་ཡང་བྱིན་རླབས་འབྱུང་བ་ཡིད་བཞིན་གྱི་ནོར་བུ་བཞིན་ནོ། །རང་གི་ངོ་བོ་གསལ་ལ་མི་འགག་པ་ཉི་མའི་སྙིང་པོ་བཞིན་ནོ། །རྒྱུན་ཆད་པ་མེད་པ་ཆུ་བོ་བཞིན་ནོ། །བརྟན་པ་རི་བོ་བཞིན་ནོ། །གཅིག་ཉིད་དུ་མར་སྣང་བ་ཉི་ཟླ་བཞིན་ནོ། །གཅིག་ཉིད་ཀུན་ལ་ཁྱབ་པ་ཆུའི་ལྦུ་བ་ལ་བྱད་ཀྱི་གཟུགས་སྣང་ཤར་བ་བཞིན་ནོ། །ཆོས་ཉིད་ལ་ཆོས་སྐུ་ཤར་བ་ནི་མེ་ལོང་ལ་ཉི་མ་ཤར་བ་བཞིན་ནོ། །ཆོས་ཉིད་ལ་ཆོས་སྐུས་ཁྱབ་པ་ནི་འོ་མ་དང་མར་བཞིན་ནོ། །ཆོས་ཉིད་ཀྱི་སྙིང་པོར་རིག་པར་གནས་པ་ནི་ནམ་མཁའ་དང་ཉི་མ་བཞིན་ནོ། །ཆོས་ཉིད་མི་རྟོག་པ་ལ་ཆོས་སྐུའི་རྩལ་ཡོད་པ་སྤུ་གཅོད་པ་ན་གྲིའི་ལྟག་པ་དང་སོ་བཞིན་ནོ། །མ་འདྲེས་པར་ཡོངས་སུ་རྫོགས་པ་ནི་ཟ་འོག་གི་གུར་ཁྱིམ་དང་གཟུགས་བརྙན་བཞིན་ནོ། །སྣ་ཚོགས་གཉིས་སུ་མེད་པ་ནི་ཤིང་དང་གྲིབ་མ་བཞིན་ནོ། །གཞི་ལས་རྩལ་འཕྲོ་ཞིང་འདུ་བ་ནི་རྒྱ་མཚོ་དང་ཆུ་བྲན་བཞིན་ནོ། །


GTN001_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཉིད་ལ་ཆོས་སྐུའི་བརྒྱན་པ་མཛེས་པ་ནི། གཡུ་ཡི་མཎྜལ་ལ་གསེར་གྱི་མེ་ཏོག་བཀྲམས་པ་བཞིན་ནོ། །ཆོས་སྐུ་ལ་ཡེ་ཤེས་ནང་གསལ་དུ་གནས་པ་ནི་ཤེལ་དང་དེའི་ནང་གི་འོད་ལྔ་གསལ་བ་བཞིན་ནོ། །གཞི་ལ་སྐུ་གསུམ་རྫོགས་པ་ནི་ཉི་མའི་སྙིང་པོ་ལ་འོད་ཟེར་མི་འགག་པ་བཞིན་ནོ། །ངོ་བོ་རང་བཞིན་ཐུགས་རྗེའི་དཔེ་ནི་རྨ་བྱའི་སྒོ་ངའམ། ཉི་མའམ་ནམ་མཁའི་སྤྲིན་དང་ཆར་བཞིན་ནོ། །ཡང་ན་མན་ཤེལ་བཞིན་ནོ། །འཁོར་འདས་གཉིས་སྐྱོན་དང་ཡོན་ཏན་དུ་འཆར་ཡང་རིག་པའི་ངོ་བོ་གཅིག་པས་ན་ག་པུར་བཞིན་ནོ། །གནས་ལུགས་དང་སྣང་ཚུལ་ནི་མར་མེ་དང་མེ་ལོང་བཞིན་ནོ། །རིག་པ་དང་ཡེ་ཤེས་ནི་གསེར་དང་དེའི་སེར་པོ་བཞིན་ནོ། །ཆོས་ཉིད་དང་ཆོས་སྐུ་གཙོ་བོར་མཚོན་པའི་དཔེའོ། །ཞེས་གསུངས་སོ། །རྣམ་གྲངས་བསྟན་པའང་གཞི་དང་གཞི་སྣང་གི་ཆའི་མིང་དུ་གདགས་པ་ཡིན་ནོ། །ངོ་བོ་ཉིད་ཀྱི་སྐུ། ངོ་བོ་ཉིད་ཀྱི་སྣང་བ། སྣང་བ་ཆེན་པོ། བཅོས་མིན་གྱི་སྐུ། རིག་པ་རང་བྱུང་གི་ཡེ་ཤེས། ཐིག་ལེ་ཉག་གཅིག་ཀུན་བྱེད། ཀུན་བྱེད་མེ་ལོང་ལྟ་བུ། མཚན་རྫོགས་རྡོ་རྗེ་འཆང་གི་ཞིང་ཁམས་གཞི་ཇི་བཞིན་མའི་དྲུག་པ་རྡོ་རྗེ་འཆང་། སངས་རྒྱས་ཐམས་ཅད་ཀྱི་མེས་པོ། ཐོག་མའི་མགོན་པོ་འོད་མི་འགྱུར་བ། གཞོན་ནུ་བུམ་པའི་སྐུ། རང་བཞིན་ལྷུན་གྲུབ་ཀྱི་སངས་རྒྱས་། དང་པོའི་སངས་རྒྱས། སངས་རྒྱས་འོད་དཔག་མེད། རྒྱལ་བ་འོད་ཀྱི་ཕུང་པོ་ཆེན་པོ། སངས་རྒྱས་ཐམས་ཅད་ཀྱི་མེས་པོ་ཐོག་མ་གཞིའི་ཀུན་ཏུ་བཟང་པོ་ཞེས་པ་དང་། ངོ་བོ་འཆར་གཞི་ལ་ལྟོས་ནས། ངོ་བོ་རང་བཞིན་ཐུགས་རྗེ་གསུམ། ཡེ་ཤེས་མིག་གཅིག །གཉིས་


GTN001_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

མེད། ཉག་ཅིག །ཟང་ཐལ། རྩ་བ། བརྗོད་བྱ། ཤེས་བྱ། གཤིས། རྒྱུ། ས་བོན། ཀ་དག །རིན་པོ་ཆེ། འབྱེད་པ་མེད་པའི་ཤེས་རབ། ཆོས་ཐམས་ཅད་ཀྱི་འབྱུང་གནས་ཏེ་རྣམ་གྲངས་སུམ་ཅུ་རྩ་གསུམ་ནི་གཞི་སྣང་གི་མིང་སྟེ། བཤད་རྒྱུད་ལས། ངས་བསྟན་རྒྱུད་ལུང་ཐམས་ཅད་ནས། །གཞི་བརྗོད་ཚིག་ཚོགས་མང་གིས་ཀྱང་། །མདོར་བསྡུས་ངས་བཤད་ཁྱོད་ཀྱིས་ཟུང་། །འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་ངོ་བོར་གྱུར་པས་ན་ངོ་བོ་ཉིད་ཀྱི་སྐུའོ། །དེའི་རང་སྣང་མིན་པས་ན་༼གཞན་ཡིན་པས་ན་༽ངོ་བོ་ཉིད་ཀྱི་སྣང་བའོ། །དེ་ཡང་རང་གདངས་ཆེན་པོ་མི་འགག་པས་སྣང་བ་ཆེན་པོའོ། །འཁོར་འདས་ཀྱི་ཐ་སྙད་ལས་སྒྲོལ་བས་ན་ཆོས་ཀྱི་སྐུའོ། །ཡོན་ཏན་དུ་ཕྱིས་འབྲས་བུ་ཆོས་སྐུར་གསལ་བས་འབྲས་བུའི་མིང་རྒྱུ་ལ་བཏགས་པས་ཆོས་སྐུའོ། །བཅོས་མིན་གྱི་སྐུའོ། །ཡོན་ཏན་དུ་ཕྱིས་འཁོར་འདས་གསལ་ཞིང་སྣང་བ་དང་། འབྲས་བུའི་མིང་དུ་བཏགས་པས་ཆོས་སྐུའོ། །མ་རིག་པ་དང་བེམ་པོ་ལས་ལོག་སྟེ། ཡང་དག་པའི་ཤེས་པའི་ངོ་བོར་གནས་པས་ན་རིག་པའོ། །རྒྱུ་རྐྱེན་ལས་འདས་པས་ན་རང་བྱུང་ངོ་། །བློ་བུར་དུ་བྱུང་བ་མེད་༼མིན་ཏེ༽དེ་ཡེ་ནས་གནས་པའི་རིག་པའི་བདག་ཉིད་དུ་གྱུར་པས་ན་ཡེ་ཤེས་སོ། །རང་སྣང་ལས་གཞན་སྣང་མེད་ཅིང་། ངོ་བོ་མི་འགྱུར་བས་ན་སྣང་བ་རང་གདངས་ཆེན་པོར་གསལ་བའི་ཐིག་ལེ་ཉག་གཅིག་གོ། དེའི་གོང་ན་གཞན་མེད་པས་ཆེན་པོའོ། །དེ་ལས་སྔ་བ་མེད་པས་སྔོན་བྱུང་ངོ་། །ཐམས་ཅད་དེ་ལས་ཤར་ཞིང་སྣང་བས་ཀུན་བྱེད་དོ། །འཁོར་འདས་ཐམས་ཅད་དེ་ལས་སྣང་བས་གཞིའོ། །ངོ་བོ་གསལ་ལ་མི་འགག་པ་ཟང་ཐལ་


GTN001_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་སྒྲིབ་པ་མེད་པས་ཀུན་གཞི་མེ་ལོང་ལྟ་བུའོ། །ཡུལ་ཆོས་ཉིད་སྟོང་པ་དང་རིག་པ་འདུས་མ་བྱས་སྟོང་པ་དང་། སྟོང་པ་དབྱེར་མེད་གསལ་བ་ཟང་ཐལ་བའི་ངང་ན་སྐུ་གཉིས་ནང་གསལ་དུ་བཞུགས་ཤིང་འདུ་འབྲལ་མེད་དེ། དོན་དབྱེར་མེད་མི་ཕྱེད་པས་རྡོ་རྗེ་འཆང་ངོ་། །སྐུ་ལྔ་ངོ་བོ་ཉིད་ཀྱི་སྐུ་དང་དྲུག །ཡེ་ཤེས་ལྔ་མི་སྣང་བའི་ཡེ་ཤེས་དང་དྲུག །ཡུལ་ལྔ་བདག་མེད་པའི་ཀློང་དང་དྲུག །རིགས་ལྔ་༼པའི་ཡང་༽ཨའི་རིགས་དང་དྲུག །འོད་ལྔ་རང་བཞིན་གྱི་འོད་དང་དྲུག །འབྱུང་བ་ལྔ་རང་བྱུང་གི་འབྱུང་བ་དང་དྲུག །ཡུལ་ལྔ་ཆོས་ཉིད་ཀྱི་ཡུལ་དང་དྲུག །ཉོན་མོངས་པ་ལྔ་ཁོང་ཁྲོ་བ་དང་དྲུག །འགྲོ་བ་རིགས་དྲུག་རྣམས་དོན་གཉིས་སུ་མེད་པར་བཞུགས་ཤིང་ཕྱིས་ཡོན་ཏན་དུ་འཆར་བ་མི་འགག་པས་དྲུག་པ་རྡོ་རྗེ་འཆང་ངོ་། །གཟུགས་ཀྱི་སྐུའི་སངས་རྒྱས་གྲངས་ལས་འདས་པ་ཐམས་ཅད་དེའི་དོན་རྟོགས་པ་ལས་ཤར་ཞིང་བྱུང་བས་ན། སངས་རྒྱས་ཐམས་ཅད་ཀྱི་མེས་པོའོ། །རང་གི་ངོ་བོ་དྲི་མ་མེད་ཅིང་ཡེ་ཤེས་ཀྱི་རང་གདངས་ཆེན་པོ་མ་འགགས་པར་གསལ་བ་དང་། དེ་ཀུན་གྱི་གོང་དུ་གྱུར་པ་དང་། རིག་པ་རང་༼ཆས་སུ་མི་འགྱུར་༽སྣང་དང་བཅས་པ་མི་འགྱུར་བས་ཐོག་མའི་སངས་རྒྱས་འོད་མི་འགྱུར་བའོ། །ཡོན་ཏན་གྱི་བྱེ་བྲག་ཅིར་ཡང་སྣང་བ་ལ། རང་གི་ངོ་བོ་ལ་དབྱེ་བ་མེད་པས་ཐམས་ཅད་གཉིས་མེད་ཆེན་པོར་རོ་གཅིག་པས་ཀུན་ཏུ་བཟང་པོའོ། །ཆོས་ཉིད་གསལ་བའི་རང་གདངས་ལ། ཡེ་ཤེས་དག་པའི་ཟེར་གདངས་ཤར། འགག་མེད་འོད་ཀྱི་གཞལ་མེད་ཁང་ན། སྙིང་པོ་སྐུ་ལྔ་ནང་ན་གསལ་བས་ན་བུམ་པའི་སྐུའོ། །བགྲེས་པ་མི་མངའ་བས་


GTN001_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

གཞོན་ནུའོ། །རིག་པ་དང་ཡེ་ཤེས་འདུ་འབྲལ་མེད་པས་ཐབས་འགག་པ་མེད་པའི་ཡེ་ཤེས་དང་། ཤེས་རབ་འགྱུར་བ་མེད་པའི་ཆོས་ཉིད་དོ། །ཆོས་ཉིད་ཀྱི་ཀློང་དུ་རིག་པ་གནས་༼གྲུབ་ཅིང་༽ཤིང་། རིག་པའི་༼ཡེ་ཤེས་ཀྱི་གདངས་ལྔ་གྲུབ་པས་རང་བཞིན་ལྷུན་གྱིས་གྲུབ་པའི་སངས་རྒྱས་སོ། །༽ཀློང་དུ་འོད་ལྔ་གསལ་ལ། འོད་ལྔའི་ནང་དུ་སྐུ་ལྔ་ཡོན་ཏན་གྲུབ་པས་ན་རང་བཞིན་ལྷུན་གྲུབ་ཀྱི་སངས་རྒྱས་སོ། །ངོ་བོ་ཆོས་ཉིད་དང་ཆོས་སྐུ་དབྱེར་མི་ཕྱེད་པའི་ངང་ན། རང་བཞིན་འོད་ཀྱི་བུམ་པ་ལྔ་གསལ་ཏེ། ཐུགས་རྗེའི་སྙིང་པོ་སྐུ་ལྔ་ཕྱག་རྒྱ་མ་སྐྱེས་པའི་ཚུལ་དུ་གནས་པས་ན། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་མོ། །ཀྱཻ་རྡོ་རྗེ་འཛིན་པ་ལེགས་པར་ཟུངས་ཤིག །གཞན་ཐམས་ཅད་ཐ་སྙད་ཡིན་ལ། ཡང་དག་པའི་དོན་དེ་ལྟར་གནས་པས་ན་དང་པོའི་གནས་ལུགས་སོ། །རང་བྱུང་གི་ཡེ་ཤེས་ཡིན་པས་ན། དང་པོའི་སངས་རྒྱས་རྒྱུ་མེད་པ་དང་། སངས་རྒྱས་ཐོག་མ་ཐ་མ་མེད་པའོ། །གཟིགས་སྣང་ལས་འདས་པའི་གསལ་ལ་མི་འགག་པ་ཡེ་ཤེས་མིག་གཅིག་གོ། གཉིས་སུ་སྣང་བ་ནི་རྟག་ཆད་དང་ཡོད་མེད་དང་། བཟང་ངན་དང་། ཆེ་ཆུང་དང་། མཐོ་དམན་དང་། ཡངས་དོག་དང་། གཟུང་འཛིན་དང་། དགག་བསྒྲུབ་དང་། དག་དང་མ་དག་པ་དང་། ཕྱི་ནང་༼ཡངས་དོག་༽དང་། སྤང་ཐོབ་དང་། བླང་དོར་ཡིན་མིན་གཉིས་ཀྱི་ཆོས་དེ་བཞིན་ཉིད་དུ་གཉིས་སུ་སྣང་བ་མེད་པས་ན་གཉིས་མེད་དོ། །མི་མཐུན་པར་སྣང་བ་མེད་པས་ན་གཅིག་གོ། སྒྲིབ་པ་མེད་པས་ན་ཟང་ཐལ་ལོ། །འཁོར་འདས་ཐམས་ཅད་དེ་ལས་བྱུང་ཞིང་དེ་ལ་ཐུག་པས་ན་རྩ་བའོ། །བརྗོད་མེད་བསམ་གྱིས་མི་ཁྱབ་ཀྱང་།
དོན་ཡང་དག་པ་དེ་ལས་མི་འདའ་བས་བརྗོད་པའོ། །ཤེས་བྱའོ། །མ་བཅོས་པར་ངང་གིས་གནས་པས་གཤིས་སོ། །ཐམས་ཅད་དེ་ལས་བྱུང་བས་ན་རྒྱུའོ། །གཞི་ཆེན་པོ་དེ་ལས་ཐམས་ཅད་བསྐྱེད་ཅིང་འབྲེལ་བས་ན་ས་བོན་ནོ། །ཀ་དག་པའི་ཡེ་ཤེས་ཡིན་ཏེ། དྲི་མར་གྱུར་པ་མི་གནས་པར་རྣམ་པར་དག་པའོ། །འཁོར་འདས་ཐམས་ཅད་དེ་ལས་བྱུང་བས་ན་རིན་པོ་ཆེའོ། །རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ། སྣ་ཚོགས་སུ་ཤར་ཞིང་སྣང་ཡང་ངོ་བོ་མི་རྟོག་པས་འབྱེད་པ་མེད་པའི་ཤེས་རབ་བོ། །རང་གི་ངོ་བོ་རིག་པ་དངོས་མེད་ཀྱི་ཡེ་ཤེས། ཡེ་དག་ཟང་ཐལ་དུ་གནས་ལ། དེ་རྡོས་པ་ཅན་གྱི་ཆོས་མ་ཡིན་པས། ཡོན་ཏན་གྱི་སྒོ་ཡངས་པ་ནི་ཆོས་ཐམས་ཅད་ཀྱི་འབྱུང་གནས་ཏེ། ངོ་བོ་རྒྱ་མ་ཆད་པའོ། །ཀྱེ་རྡོ་རྗེ་འཛིན་པ་ངས་བསྟན་པའི་རྒྱུད་ལུང་དུ་ཚིག་དེ་རྣམས་གང་བྱུང་ཡང་གཞི་མཚོན་པའི་ཚིག་ཏུ་ཤེས་པར་གྱིས་ཤིག །ཅེས་གསུངས་སོ། །

འཆར་ཚུལ་ཐུགས་རྗེའི་རོལ་པ་བསྟན་པ།
འཆར་ཚུལ་གསུམ་གྱི་གོ་དོན་མདོར་བསྟན།


GTN001_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་འཆར་ཚུལ་ཐུགས་རྗེའི་རོལ་པ་ལ་གསུམ་སྟེ། འཆར་ཚུལ་གསུམ་གྱི་གོ་དོན་མདོར་བསྟན། སོ་སོའི་རང་བཞིན་རྒྱས་པར་བཤད། ཀུན་ཏུ་བཟང་པོའི་གྲོལ་ཚུལ་བསྟན་པའོ། །(༡) དང་པོ་ནི། རྩལ་དང་རྒྱན་དང་རོལ་པ་གསུམ་པོ་དེ་ནང་དབྱིངས་ལྷུན་གྲུབ་རིན་པོ་ཆེའི་སྦུབས་གཞི་དང་གཞི་སྣང་ལ་ཡོད་པ་ཉིད། ཕྱི་གསལ་དུ་འཆར་བ་ཡིན་ཏེ། བྱད་ཀྱི་རྣམ་པ་མེ་ལོང་དུ་ཤར་བ་བཞིན་ནོ། །ནང་དབྱིངས་སུ་ཇི་ལྟར་ཡོད་ན། རིག་པའི་ངོ་བོ་སྟོང་པ་ལ་འཆར་ཚུལ་གོ་མ་འགགས་པར་ཡོད་པས་
རྩལ་ཡོད་པའོ། །སྟོང་ཆད་དུ་མ་སོང་བས་ཡེ་ཤེས་ཀྱི་རྒྱན། ལྷུན་གྲུབ་རིགས་ཅན་དུ་མ་སོང་བས་ཟང་ཐལ་དངོས་མེད་ཀྱི་རྒྱན། རང་གདངས་སེམས་སྟོང་དུ་མ་སོང་བས་རིག་པའི་བརྒྱན་པས་རྒྱན་ཡོད་པའོ། །རིག་པ་རང་གདངས་ལ་རོལ་པ་དང་། གདངས་ཡེ་ཤེས་སུ་རོལ་པ་དེ་ལས་ཕྱི་གསལ་དུ་འཆར་བ་ལ་རོལ་པས་རོལ་པ་ཡོད་པའོ། །དེ་གསུམ་ཡང་གཞི་རིག་པ་གཅིག་པས་དོན་གཉིས་སུ་མེད་དོ། །དེ་གསུམ་ལ་རྟོགས་དུས་ཡོན་ཏན་ཞེས་བྱའོ། །རིག་པ་ཉིད་ཀྱི་ཆེ་བ་དེ་ལྟར་སྣང་བའི་ཕྱིར་རོ། །

རྩལ།


GTN001_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

(༢) གཉིས་པ་ལ་གསུམ་སྟེ། རྩལ་དང་རྒྱན་དང་རོལ་པ་བསྟན་པའོ། །དང་པོ་ལའང་ལྔ་ལས། དང་པོ་གཞི་ནི། ཀུན་གསལ་ལས། ངོ་བོ་ནི། མ་འགགས་པའོ། །ངེས་ཚིག་ནི། འབྱུང་བའི་སྟོབས་དང་ལྡན་པས་ན་རྩལ་ལོ། །དབྱེ་བ་ནི། འཁྲུལ་སྣང་འཁོར་བར་སྣང་བ་དང་། རྟོགས་ཏེ་མྱ་ངན་ལས་འདས་པར་སྣང་བ་སྟེ་རིག་པ་རང་ཉིད་འཁོར་འདས་གཉིས་སུ་སྣང་བའོ། །དཔེ་ནི། ཉི་མ་གཅིག་ཉི་མ་དུ་མར་སྣང་བའམ། ཉི་མ་ལས་འོད་ཟེར་མི་འགག་པའམ། བཙན་དུག་སྔགས་ཀྱིས་ཟིན་མ་ཟིན་ནམ། ག་པུར་རམ། གློག་འགྱུ་བ་ལྟ་བུའོ། །ཞེས་སོ། །ལྔ་པ་ནི། ནང་གསལ་འཆར་རུང་ངམ་འཆར་ནུབ་ཙམ་དུ་རིག་པ་སྟོང་པ་ཤེལ་གོང་ལྟ་བུའི་ནང་ན། ཡེ་ཤེས་ལྔའི་རང་གདངས་འོད་ལྔ་གསལ་བའི་རང་རྩལ་ལས་ཕྱི་གསལ་དུ་ཤར་བའི་སྣང་བ་སྐུ་དང་ཡེ་ཤེས་གསལ་བ་ལ་མ་རྟོགས་གཟུང་འཛིན་གྱི་འཁོར་བའི་རྩལ་འཁྲུལ་སྣང་དུ་རང་ཤར། རྟོགས་པ་ཡེ་ཤེས་ཀྱི་མྱ་ངན་ལས་འདས་པའི་


GTN001_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

རྩལ་དག་སྣང་གཟུགས་སྐུ་གཉིས་སུ་ཤར་ཏེ། བཤད་རྒྱུད་ལས། ཆོས་སྐུ་གཅིག་ལས་ཐ་དད་སྣང་། །རིག་པའི་རྩལ་དུ་ཤར་ལུགས་གསུངས། །དེ་ནས་སྟོན་པས་བཀའ་སྩལ་པ། །རིག་པ་དངོས་མེད་ཟང་ཐལ་ནི། །སྟོང་པ་འགག་མེད་དབྱེར་མི་ཕྱེད། །དེར་ཤེས་ཐོགས་པ་མེད་པ་ནི། །ཡེ་ཤེས་ལྔ་རུ་རང་ཤར་ཡིན། །ཆོས་དབྱིངས་ཡེ་ཤེས་རང་གདངས་ནི། །སྟོང་པའི་ངང་དུ་མཐིང་གར་གསལ། །མེ་ལོང་ཡེ་ཤེས་རང་གདངས་ནི། །འགག་མེད་ངང་ན་དཀར་པོ་གསལ། །མཉམ་ཉིད་ཡེ་ཤེས་རང་གདངས་ནི། །དབྱེར་མེད་ངང་ན་སེར་པོ་གསལ། །ཀུན་རྟོགས་ཡེ་ཤེས་རང་གདངས་ནི། །དེར་ཤེས་ངང་ན་དམར་པོ་གན༷ས་{གས༵ལ}། །བྱ་བ་གྲུབ་པའི་རང་གདངས་ནི། །ཐོགས་མེད་ཀློང་ན་ལྗང་གུ་གསལ། །དེ་ལྔ་ཆོས་ཉིད་ཀློང་དུ་ཤར། །ཡེ་ཤེས་འོད་དུ་ཤར་ཅེས་བྱ། །རྟོགས་པས་སྐུ་དང་ཡེ་ཤེས་སྣང་། །མ་རྟོགས་སྣོད་བཅུད་གཉིས་སུ་སྣང་། །དཔེར་ན་མེ་ལོང་དག་པ་ལ། །གང་འཕྲད་རྐྱེན་གྱིས་སྣང་མོད་ཀྱང་། །སྣང་བའི་དུས་ན་གོས་པ་མེད། །གོས་པ་མེད་ཀྱང་དེ་ལྟར་སྣང་། །དེ་བཞིན་རིག་པ་ཆོས་སྐུ་ལ། །ཡོན་ཏན་མ་འགགས་སྣ་ཚོགས་ཤར། །ཤར་ཀྱང་རང་རིག་གཅིག་པུར་གནས། །གཅིག་པུར་གནས་ལ་དུ་མ་མེད། །དུས་དང་གནས་སྐབས་ཐམས་ཅད་དུ། །དངོས་མེད་དག་པ་ཆེན་པོར་གནས། །སྒྲིབ་མེད་གསལ་བ་ཟང་ཐལ་གནས། །གཟུགས་སྐུ་གཉིས་པོའི་སྣང་བ་ཡང་། །རང་སྣང་མ་འགག་རྣམ་པར་དག །ཅེས་སོ། །

ཤར་ཚུལ་དངོས།


GTN001_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་ཚུལ་དངོས་ནི། རིག་པའི་རྩལ་ཡེ་ཤེས་ལྔར་ཤར། དེའི་རྩལ་ལས་འོད་
ཟེར་ལྔ་ལས་འབྱུང་བ་ལྔར་ཤར། དེའི་རྩལ་ལས་སྣོད་ཀྱི་འབྱུང་གཟུགས་སུ་ཤར། དེའི་རྩལ་ལས་སོ་སོའི་མེ་ཏོག་ལེགས་པར་ཤར་། ཐིག་ལེ་འོད་ལྔ་ལས་ལུས་ཀྱི་འབྱུང་ལྔ་རྩལ་དུ་ཤར། དེ་ལས་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པར་བཤད་དོ། །ཡང་རྟོགས་པས་མྱང་འདས་ཀྱི་རྩལ། སྐུ་ལྔ་ཡེ་ཤེས་ལྔ་ཕྲིན་ལས་དང་བཅས་པར་ཤར་ཏེ། ཡོན་ཏན་མ་འགགས་པར་རང་བྱུང་བ་ནི། དེ་ཉིད་ལས། ངས་བསྟན་རྒྱུད་ལུང་ཐམས་ཅད་དུ། །རྩལ་ཞེས་བྱུང་ན་འདི་སྐད་བཤད། །རིག་པའི་རྩལ་ནི་ཡེ་ཤེས་ལྔ། །དེ་ཡི་རྩལ་ནི་འོད་ཟེར་ལྔ། །འོད་ལྔའི་རྩལ་ནི་འབྱུང་བ་ལྔ། །འབྱུང་ལྔའི་རྩལ་ནི་སོ་སོར་ཤར། །ནམ་མཁའི་རྩལ་དུ་སྤྲིན་དང་རླུང་། །ཡངས་དང་སྐབས་དབྱེ་དེ་བཞིན་ནོ། །རླུང་གི་རྩལ་དུ་འུར་སྒྲ་དང་། །ཡང་དང་བསྐྱོད་པ་དེ་བཞིན་ནོ། །ཆུ་ཡི་རྩལ་དུ་ཤྭ་སྒྲ་དང་། །རླན་ཞིང་བསྡུད་པ་དེ་བཞིན་ནོ། །ས་ཡི་རྩལ་དུ་གཟུགས་རྣམས་སྣང་། །སྲ་དང་བརྟན་པ་དེ་བཞིན་ནོ། །མེ་ཡི་རྩལ་དུ་ཚ་ཞིང་བསྲེག །སྨིན་ཞིང་རྫོགས་པ་དེ་འདྲ་འོ། །འབྱུང་བ་འདུས་པའི་རང་རྩལ་དུ། །རྩི་ཤིང་ནགས་ཚལ་སྨན་སྤོས་དང་། །མེ་ཏོག་ལོ་ཏོག་འབྲས་བུར་སྣང་། །འོད་ལྔའི་རྩལ་དུ་ཕྱི་ལྟར་ཤར། །ཐིག་ལེའི་རྩལ་དུ་ནང་ལྟར་བསྟན། །དཀར་པོ་དག་ལས་ཤ་རུས་སྣང་། །སེར་པོ་དག་ལས་ཆུ་སེར་སྣང་། །དམར་པོ་དྲོད་དུ་དེ་བཞིན་སྣང་། །ལྗང་གུ་དབུགས་སུ་སྣང་བ་ཡིན། །མཐིང་ཁ་ལུས་ཀྱི་གོ་སྐབས་ཀྱི། །གཟུགས་ཀྱི་ཕུང་པོ་དེ་བཞིན་སྣང་། །དེ་ནི་རྩལ་དུ་སྣང་བ་ཡིན། །
ཕུང་པོ་ལྔ་དང་དུག་ལྔར་སྣང་། །དབང་པོ་ལྔ་བརྟེན་རྣམ་ཤེས་ཡུལ། །དེ་ལྟར་སྣང་ནུས་སྟོབས་སུ་བཤད། །དེ་ལྟར་སྣང་བས་འབྱུང་བ་འོ། །གཞན་ལས་མ་བྱུང་རང་བྱུང་བས། །ཡོན་ཏན་འབྱུང་བས་རང་བྱུང་ཡིན། །དེ་ལྟར་ཤར་བས་རང་ཤར་ཡིན། །ཡོན་ཏན་ཞེས་ཀྱང་དེ་ལ་བྱ། །ཐམས་ཅད་འབྱུང་དང་ཀུན་འབྱུང་དང་། །མང་པོ་རིག་པས་འབྱུང་བ་རྣམས། །རིག་པར་ཤར་བས་འདི་བཞིན་སྣང་། །སྐུ་ལྔ་སྣང་དང་ཡུལ་ལྔར་སྣང་། །དེ་ལྟར་སེམས་དཔའ་སེམས་མར་ཤར། །དེ་བཞིན་ཐུགས་རྗེའི་མཛད་སྤྱོད་སྣང་། །དེ་མཚུངས་སྣང་བ་སྣ་ཚོགས་ཤར། །སྒྱུ་མ་ལྟ་བུར་གསུངས་པ་དང་། །སྣང་ལ་རང་བཞིན་མེད་པ་དང་། །གསལ་ལ་རྟོག་མེད་ཅེས་བྱུང་ན། །རྩལ་ལ་རང་བཞིན་མེད་པར་ཤར། །ཐམས་ཅད་རང་སྣང་རང་ཤར་ཡིན། །ཞེས་སོ། །

ཞར་ལ་ལོག་རྟོག་བསལ་བ།


GTN001_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ཞར་ལ་ལོག་རྟོག་བསལ་བ་ནི། ཁ་ཅིག་ཡེ་ཤེས་འོད་ལ་བཟུང་བས་འོད་ཉིད་སྣོད་བཅུད་དུ་འཁྲུལ་དུས་སྣང་བ་འཁྲུལ་པར་སྣང་ཡང་དོན་ལ་རང་འོད་ཡིན་པས། ཡེ་ཤེས་སུ་སྣང་བའི་ཕྱིར་སྣང་བ་སེམས་སུ་འཐད། ཉམས་སུ་བླངས་པས་སྣང་བ་དག་པར་སོང་བ་ཡང་རང་འོད་དུ་སྣང་ལ། འཁྲུལ་པ་དེ་ཉིད་མ་འཁྲུལ་པའི་སོར་གནས་པའོ། །ཞེས་སེམས་ཡིན་དུ་རྟོག་པ་ནི་མི་འཐད་དེ། གདངས་ལ་འཛིན་པ་སྐྱེ་དུས་གདངས་འཁྲུལ་པར་སོང་བ་མ་ཡིན་གྱི། གདངས་ལ་རྣམ་པ་འདྲ་བར་འཛིན་པས་དེའི་བག་ཆགས་སྣང་བ་སྟེ། ཁ་སང་རྟ་གླང་མཐོང་བའི་བག་ཆགས་རྨི་ལམ་གྱི་རྟ་གླང་དུ་མ་སོང་ཡང་དེའི་བག་ཆགས་སྣང་བ་བཞིན་ནོ། །འཛིན་པ་སྐྱེ་
དུས་རང་བཞིན་ཡེ་ཤེས་ཀྱི་རང་འོད་ནུབ་ནས་འཁྲུལ་སྣང་བག་ཆགས་ཀྱི་སྣང་བ་ལངས་ཏེ། ལུས་དང་ཡུལ་སྣང་དུ་སྣང་བ་ཤར་ཡང་སེམས་མ་ཡིན་ཏེ། ཁ་དོག་ལ་སོགས་པ་དངོས་སུ་སྣང་བའི་ཕྱིར་དང་། སེམས་སྣང་ལས་གཞན་མ་ཡིན་ཏེ་འཁྲུལ་སྣང་ཡིན་པའི་ཕྱིར་རོ། །དེས་ན་མེད་བཞིན་དུ་སྣང་བས་མེད་པ་ལ་གསལ་སྣང་སྟེ། ཉམས་སུ་བླངས་པ་དག་གྲོལ་བའི་འཐད་པའང་དེ་ཡིན་ནོ། །དེས་ན་རྩལ་སྣང་ངོ་ཕྱེད་པར་བྱའོ། །

རྒྱན།


GTN001_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་རྒྱན་ལ་ལྔ་སྟེ། ༡ ངོ་བོ་ནི། ངོ་བོའི་ཆོས་ལས་ཁྱད་པར་གྱི་ཆོས་ཀྱིས་མཛེས་པའོ། ༢ །ངེས་ཚིག །གང་ཡོད་པས་ཡོད་པ་མཛེས་པའི་ཕྱིར་རྒྱན་ནོ། ༣ །དབྱེ་ན། གསུམ་སྟེ་ཆོས་ཉིད་ཀྱི་རྒྱན་དུ་སྐུ་གསུམ། ཆོས་སྐུའི་རྒྱན་དུ་གཟུགས་སྐུ་གཉིས། །གཉིས་ཀའི་རྒྱན་དུ་ཡེ་ཤེས་ལ་རང་གདངས་འོད་ལྔ་དང་བཅས་པའོ། །དེ་ཡང་། ཀུན་གསལ་ལས། ངོ་བོ་དབྱེ་བའི་སྒོ་ནས་བསྟན། །ངེས་ཚིག་མཛེས་པས་རྒྱན་ཞེས་བྱ། །༼དབྱེ་ན་༽ཆོས་ཉིད་༼ཀྱི་༽རྒྱན་དང་ཆོས་སྐུའི་རྒྱན། །ཆོས་ཉིད་རྒྱན་ནི་སྐུ་གསུམ་ཡིན། །ཆོས་སྐུའི་རྒྱན་ནི་གཟུགས་སྐུ་གཉིས། །མཚན་ཉིད་འཛིན་པའི་འོད་ལྔ་ཡང་། །གཉིས་ཀའི་རྒྱན་དུ་དེ་བཞིན་བརྗོད། །མཚོན་དཔེ་གསེར་ལ་གཡུས་སྤྲས་འདྲ། །ངེས་ཚིག་དོན་གྱི་དབྱེ་བ་ནི། །ཆོས་ཉིད་དག་ལ་ཆོས་སྐུས་བརྒྱན། །སྟོང་པ་ཕྱང་ཆད་བསལ་བས་མཛེས། །ཆོས་ཀྱི་སྐུ་ལ་ཡེ་ཤེས་བརྒྱན། །ཡོན་ཏན་འགག་པ་མེད་པས་མཛེས། །ཡེ་ཤེས་དག་ལ་ཐུགས་རྗེས་བརྒྱན། །འགྲོ་དྲུག་༼རང་སར་འདྲེན་པས་མཛེས་༽དོན་ལ་སྦྱོར་བས་


GTN001_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

མཛེས། །དེ་ཕྱིར་མཛེས་པའི་རྒྱན་ཞེས་བྱ། །ཞེས་སོ། ༤ །དཔེ་ལ་གསུམ་སྟེ། ཆོས་ཉིད་སྟོང་པ་ལ་ཆོས་སྐུས་བརྒྱན་པ་ནམ་མཁའ་ལ་ཉི་མས་བརྒྱན་པ་ལྟ་བུ། ཆོས་སྐུ་ལ་རིག་པ་ཡེ་ཤེས་ཀྱིས་བརྒྱན་པ་རྨ་བྱའི་སྒོ་ང་རང་འོད་ལྔ་ཕྲུ་གུའི་རིག་པས་བརྒྱན་པས་བརྒྱན་པ་ལྟ་བུ། ཡེ་ཤེས་རྟོག་མེད་ལ་ཐུགས་རྗེས་བརྒྱན་པ་མན་ཤེལ་ལས་འོད་ལྔ་ཕྱིར་གསལ་དུ་ཤར་བ་ལྟ་བུའམ། གསེར་ལ་གཡུས་སྤྲས་པ་དང་། མན་ཤེལ་ལ་འོད་གསལ་བ་དང་། སྒོ་ང་བརྡོལ་ནས་ཕྱིར་བྱུང་བ་ལྟར་རིམ་པ་བཞིན་ཤེས་པར་བྱ་སྟེ། དེ་ལས། ནམ་མཁའི་དཀྱིལ་འཁོར་ན་ཉི་ཟླ་གསལ་བར་གནས་པ་དང་གཅིག །རིན་ཆེན་གསེར་ལ་གཡུ་ཡི་ཕྲ་བཅུག་གཉིས། །ཆོས་ཉིད་ཆོས་སྐུས་བརྒྱན་པའི་དཔེ་རུ་བསྟན། །རྨ་བྱའི་སྒོ་ང་ཁ་དོག་ལྔ་ལྡན་དང་། །མན་ཤེལ་སྐུ་ལ་འོད་ལྔ་མི་འགག་པ། །ཆོས་ཀྱི་སྐུ་ལ་ཡེ་ཤེས་བརྒྱན་པའི་དཔེ། །མན་ཤེལ་རྐྱེན་༼དང་༽འཕྲད་༼པས་༽སྣང་བ་ཕྱིར་༼རུ་འབྱུང་བ་༽དབྱུང་དང་། སྒོ་ང་བྱེར་སྨིན་ཕྱིར་བྱུང་བྱ་བ་བྱེད། །ཉི་མའི་སྙིང་པོར་འོད་དང་ཟེར་འབྱུང་རྣམས། །ཡེ་ཤེས་དག་ལ་ཐུགས་རྗེས་བརྒྱན་པའི་དཔེ། །ཞེས་སོ། ༥ །མཚོན་ཚིག་ནི། དེ་ཉིད་ལས། ངས་བསྟན་རྒྱུད་ལུང་ཐམས་ཅད་དུ། །ཆོས་ཉིད་ངང་ན་ཆོས་སྐུ་གནས། །དེ་སྐད་བརྗོད་པའི་ཚིག་བྱུང་ན། །ཆོས་ཉིད་ཆོས་སྐུས་བརྒྱན་པར་བཤད། །རིག་པའི་མཚན་ཉིད་༼མཚན་ཉིད་ལྔར་བརྗོད་ཅིང་། དེ་ཡང་ཡེ་ཤེས་ལྔ་ཡི་མཚན་ཉིད་དང་། དེའི་གདངས་སུ་བརྗོད་པས་ན་༽ཡེ་ཤེས་ལྔར་བརྗོད་ཅིང་། །དེ་ཡི་རང་གདངས་ཡེ་ཤེས་ལྔར་བརྗོད་ན། །ཆོས་ཀྱི་སྐུ་ལ་ཡེ་ཤེས་བརྒྱན་པར་བཤད། །ཡེ་ཤེས་འོད་ལྔ་སྐུ་
རུ་རྫོགས་ལུགས་དང་། །དེ་ཡི་རིགས་དང་ཁ་དོག་དབྱིབས་བརྗོད་པས། །ཡེ་ཤེས་དག་ལ་ཐུགས་རྗེས་བརྒྱན་པར་བཤད། །ཅེས་སོ། །

རོལ་པ།


GTN001_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་རོལ་པ་ལའང་ལྔ་སྟེ། ༡ ངོ་བོ་ནི། ཕུན་སུམ་ཚོགས་ཆོས་སུ་འབྱོར། རྗེས་འགྲོ་བྱེད་པའོ། །༢ངེས་ཚིག་ནི། རང་ལ་ཤར་བ་ལ་རོལ་པས་རོལ་པའོ། །༣དབྱེ་ན། དག་པ་ཆོས་ཉིད་ཀྱི་རོལ་པ་རིག་པའི་རང་གདངས་སུ་སྐུ་དང་ཡེ་ཤེས་ཐུགས་རྗེར་ཤར་བ་དང་། མ་དག་པ་ལ་འཁོར་བའི་རོལ་པ་སྣོད་བཅུད་འཁྲུལ་པར་སྣང་བ་དེ། གཟུགས་སྣང་སྐུའི་རོལ་པ། སྒྲ་སྣང་གསུང་གི་རོལ་པ། དྲན་རིག་ཐུགས་ཀྱི་རོལ་པ་སྟེ། སྐུ་གསུང་ཐུགས་ཀྱི་གདངས་ལས་ཤར་ཞིང་། ད་ལྟ་སྒོ་གསུམ་གྱིས་རོལ་དུ་ཡོད་པའོ། །བཤད་རྒྱུད་ལས། ད་ནི་རོལ་པའི་དོན་བསྟན་པ། །མ་འགགས་གཉིས་མེད་སྦྱོར་བ་ནི། །རོལ་པའི་ངོ་བོར་ང་ཡིས་བསྟན། །ཅི་ཕྱིར་རོལ་པ་བརྟགས་ཤེ་ན། །རང་ལས་ཤར་ཞིང་རང་ལ་རོལ། །ངེས་ཚིག་གཏན་ཚིགས་བཅས་པ་ཡིན། །དབྱེ་བ་རྣམ་པ་གཉིས་ཡིན་ཏེ། །དག་པ་ཆོས་ཉིད་རོལ་པ་དང་། །འཁོར་བ་རང་རྒྱུད་རོལ་པའོ། །དག་པ་ཆོས་ཉིད་རོལ་པ་ནི། །མ་བཅོས་པ་ཡི་ཆོས་ཉིད་དང་། །མ་གཡོས་པ་ཡི་ངང་ཉིད་ལས། །རང་བཞིན་འགག་པ་མེད་པར་ཤར། །བད༷ག་{བ༵ག་}དང་བྲལ་བའི་ནམ་མཁའ་ལ། །འབྱུང་བ་བཞི་ཡི་གདངས་ཤར་བཞིན། །སྣང་ལ་རང་བཞིན་མེད་པར་ཤེས། །མ་འགགས་རང་གདངས་ཆེན་པོར་གསལ། །འཁོར་བ་རང་རྒྱུད་རོལ་པ་ནི། །ཕྱི་ནང་སྣོད་བཅུད་བསྡུས་པའི་ཆོས། །གཟུགས་སུ་སྣང་བ་སྐུ་ཡིན་ཏེ། །ཆུ་ཟླ་


GTN001_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུར་གཟུང་དུ་མེད། །སྒྲ་སྐད་ཐམས་ཅད་གསུང་ཡིན་ཏེ། །བྲག་ཅ་བཞིན་དུ་རང་བཞིན་མེད། །དྲན་ཅིང་རྟོག་པ་ཐུགས་ཡིན་ཏེ། །ཆུ་ལ་རི་མོ་བྲིས་པ་བཞིན། །འཛིན་པ་རང་རྒྱུད་ཡོད་མ་ཡིན། །དེ་ལྟར་གཟུགས་རྣམས་སྐུ་ཡི་རོལ་པ་ཡིན། །སྒྲ་སྐད་ཐམས་ཅད་གསུང་གི་རོལ་པ་ཡིན། །དྲན་རྟོག་ཐམས་ཅད་ཐུགས་ཀྱི་རོལ་པ་ཡིན། །དེ་ལྟར་མ་ཤེས་མཚན་མ་རང་རྒྱུད་འཛིན། །དེ་ནི་འཁོར་བའི་རོལ་པ་ཡིན། །ཞེས་སོ། །ཡང་དེ་ཉིད་ལས། ༤ དཔེ་ཡང་འདི་ལྟར་གསུངས་ཏེ། རྒྱ་མཚོར་ཆུ་བྲན་འཕྲོ་ཞིང་འདུ་བ་དང་། །སྒྱུ་མའི་སྦྱོར་བས་གཟུགས་བརྙན་སྣ་ཚོགས་སྣང་། །ཡོན་ཏན་མ་འགགས་རོལ་པ་ཅིར་ཡང་གསལ། །རོལ་པའི་དཔེ་དེ་མང་ཡང་བསྡུས་པ་ཡིན། །ཞེས་སོ། །༥ རྟོགས་ཚུལ་ནི། ཐ་མལ་པ་ལ་འཁྲུལ་སྣང་རང་གར་ཤར། རང་གར་འཛིན། བདེན་ཞེན་ལ་གནས་པ་ཉིད་རྣལ་འབྱོར་པས་མེད་པ་གསལ་སྣང་རིག་པའི་རྒྱན་དང་། རོལ་པར་ཤེས་པས་སྒྱུ་མ་རང་སྣང་དུ་གྲོལ་ཏེ། ཡོད་མེད་མཐའ་བྲལ་དུ་རྟོགས་པ་ནི། དེ་ཉིད་ལས། གང་ཞིག་རྣལ་འབྱོར་རྟོགས་ལྡན་པས། །རྒྱན་དང་རོལ་པ་སྣང་བ་སྣ་ཚོགས་ཀུན། །སྒྱུ་མའི་དཔེ་བཞིན་སྣང་ལ་རང་བཞིན་མེད། །ཆོས་ཉིད་ཆོས་སྐུའི་མི་སྣང་རང་བཞིན་ཡོད། །ཡོད་པ་མེད་པར་རྟོགས་པས་མཚན་མ་ཟིལ་གྱིས་གནོན། །མེད་པ་ཡོད་པར་རྟོགས་པས་རིག་པ་རང་ས་ཟིན། །དེ་ཕྱིར་རྒྱན་དང་རོལ་པ་བསྟན་པ་ཡིན། །ཞེས་སོ། །དེ་ཡང་འཁྲུལ་སྣང་ཡོད་ཡོད་
འདྲ་ཡང་དོན་ལ་མེད་པ་རང་གསལ་དུ་རྟོགས་པས། གཟུང་འཛིན་འཁྲུལ་པའི་འཁོར་བ་རྟེན་མེད་དུ་འཇིག །རིག་པ་དངོས་མེད་ཟང་ཐལ་མེད་མེད་འདྲ་ཡང་དོན་ལ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པ་ལྷུན་གྲུབ་ཆེན་པོར་རྟོགས་པས། མྱ་ངན་ལས་འདས་ཏེ་རིག་པ་ཆོས་སྐུའི་རང་ས་ཟིན་པར་བྱེད་དོ། །གནད་འདི་ནི་གལ་པོ་ཆེའོ། །

ཀུན་ཏུ་བཟང་པོའི་གྲོལ་ཚུལ་ལ་རྫོགས་ཆེན་སྣང་བཅས་སྣང་མེད།


GTN001_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

(༣) གསུམ་པ་ཀུན་ཏུ་བཟང་པོའི་གྲོལ་ཚུལ་ལ་གཉིས་ཏེ། རྫོགས་ཆེན་སྣང་མེད་པ་ཡེ་ཇི་བཞིན་པར་སངས་རྒྱས་པའི་ལུགས་དང་། སྣང་བཅས་པ་གཞི་སྣང་ཕྱིར་གསལ་དུ་ཤར་བ་སངས་རྒྱས་པར་འདོད་པའི་ལུགས་སོ། །དང་པོ་ནི། གཞི་སྟོང་པ་ལས་མ་གཡོས་པར་རང་མལ་ཆོས་སྐུར་ཤེས་པའི་སྐད་ཅིག་ལ་སངས་རྒྱས་པར་འདོད་དེ། དགོངས་པ་བཀའ་བགྲོའི་རྒྱུད་ལས། དེ་ཚེ་ཀུན་བཟང་ཆོས་དྲུག་གིས། །གཞི་ཤེས་མ་རིག་དྲུག་བཅོམ་ནས། །ཉུག་ཙམ་ལས་ནི་ཡོད་པ་སྟོང་། །རིག་ཙམ་བྱུང་བས་རིག་སྒྲིབ་བརླག །སལ་གྱིས་གསལ་བས་མུན་གཡོགས་སངས། །ཝལ་གྱིས་བྱུང་བས་ཐིབས་སོ་མེད། །སྒྲོ་སྐུར་བྲལ་བས་མ་རིག་སངས། །འགྱུར་བ་མེད་པས་ནམ་མཁའ་འདྲ། །ཞེས་དང་། རང་བྱུང་བདེ་བ་འཁོར་ལོའི་རྒྱུད་ལས། ཉུག་ཙམ་ལས་ནི་རིག་བྱུང་ན། །ཝལ་གྱིས་གསལ་བས་སྒྲོ་བསྐུར་བྲལ། །ཞེས་སོ། །འདི་དག་གཞི་ཀ་དག་གི་རང་ངོ་ཐུགས་རྗེ་རིག་པས་སངས་རྒྱས་པར་བཞེད་དོ། སྣང་བཅས་པ་ནི། གཞི་སྣང་ལྷུན་གྲུབ་ཀྱི་རང་གདངས་རང་ངོ་ཤེས་པས་གཟུགས་སྐུ་གཉིས་ཆོས་སྐུའི་རང་


GTN001_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

མལ་དུ་གཞི་ཐོག་ནས་སངས་རྒྱས་སོ། །དེ་ཡང་གཞི་ལྷུན་གྲུབ་ཀྱི་རང་གདངས་ཐུགས་རྗེ་སྐད་ཅིག་ལ་བྱེ་བྲག་ཕྱེད་ནས་གཉིས་པར་གྲོལ། གསུམ་པར་ལྷུན་གྲུབ་རིན་པོ་ཆེའི་སྦུབས་སུ་འབྲས་བུར་འཁྱིལ་ཏེ། སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །ཞེས་སོ། །འདི་གཉིས་ཀའང་གཞི་ལ་ཐུགས་རྗེ་ཤར་བས་གཡོས་པར་འདྲ་ལ། ཡུལ་ཕྱིར་མ་བཟུང་སྐད་ཅིག་ལ་རང་མལ་དུ་གྲོལ་བས་གཞི་ཐོག་ནས་སངས་རྒྱས་པར་དོན་གཅིག་གོ ། དེ་ཡང་ཤེས་རབ་རང་ཤར་རང་རིག་པས་གཞི་ལ་སངས་རྒྱས་ཏེ། ཀུན་གསལ་ལས། དེ་བཞིན་ཕྱོགས་ལྷུང་མེད་པའི་ཤེས་རབ་ནི། །མགོན་པོ་གཞི་ནས་རྫོགས་སངས་རྒྱས་པ་ལ། །བག་ཆགས་འཁྲུལ་པའི་དྲི་མ་ཀ་ནས་དག །ཅེས་སོ། །སྤྱིར་བར་དོ་ལ་སོགས་གར་གྲོལ་ཡང་གཞི་ཐོག་ཏུ་གྲོལ་བ་ཡིན་མོད་ཀྱི། གཞི་ལས་སེམས་ཅན་དུ་འཁྲུལ་ནས་ཡང་གྲོལ་བ་ལ་ལྟོས་ན་གཞི་ཐོག་ཏུ་གྲོལ་བར་གཅིག་ཀྱང་། གཞིའི་ཐོག་མ་ནས་གྲོལ་བ་མ་ཡིན་པས་ཀུན་ཏུ་བཟང་པོའི་གྲོལ་ཚུལ་དང་མི་འདྲ་བར་ཤེས་པར་བྱའོ། །ལུགས་གཉིས་གཅིག་ཏུ་བསྡུ་བ་ནི། ལྷུན་གྲུབ་ཀྱི་གཞི་ལ། སྟོང་པ་དང་གསལ་བ་གཉིས་རང་སོ་དང་རང་གདངས་སུ་ཡེ་ནས་ཡོད་པ་དེ། ཐུགས་རྗེས་ངོ་བོ་སྟོང་པ་ཆོས་སྐུར་རིག །རང་བཞིན་ལྷུན་གྲུབ་ལོངས་སྐུར་རིག །ཐུགས་རྗེའི་རང་ངོ་སྤྲུལ་སྐུར་རིག་ནས། རང་གསལ་མ་གཡོས་བཞིན་དུ་གཞི་ཐོག་ཏུ་སངས་རྒྱས་པ་ཡིན་ནོ། །དེ་ལ་ཀུན་ཏུ་བཟང་པོ་ནི་རང་མལ་ལས་མ་གཡོས་པར་ངོ་


GTN001_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

བོ་ཀ་དག་ཏུ་གྲོལ། རང་བཞིན་ལྷུན་གྲུབ་ཏུ་གྲོལ། ཐུགས་རྗེ་རང་རིག་ཏུ་གྲོལ་བས་སྣང་བཅས་སྣང་མེད་གཉིས་ཀ་ལྡོག་པས་ཕྱེ་བ་ལས། ངོ་བོ་རྫས་གཅིག་སྟེ་སྐུ་གསུམ་རང་མལ་དུ་དུས་གཅིག་ལ་གྲོལ་བའི་ཕྱིར་རོ། །ལུགས་འདི་གཉིས་པོ་སློབ་དཔོན་སྔ་མ་དག་སོ་སོར་འདོད་ཀྱང་ཁོ་བོ་གཅིག་ཏུ་འདོད་དེ། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལས་ངོ་བོ་སྣང་མེད་སྟོང་པ་ནང་དབྱིངས་སུ། རང་བཞིན་འོད་གསལ་སྣང་བ་རྩལ་དུ་ཤར་བ་དེ་གཉིས་གཞི་རང་མལ་དང་འོད་རང་གདངས་སུ། ཐུགས་རྗེས་རིག་ཚུལ་གྱི་འཆར་གཞི་ལ་འཁོར་འདས་མ་འགགས་པས་ཕྱི་ལ་ལྟོས་ནས་སྐྱོན་ཡོན་ལྟར་སྣང་ཡང་རང་ངོས་གང་དུའང་མ་ཆད་པར། རང་ངོ་ཤེས་པས་ཡོན་ཏན་དུ་གྲོལ་ཏེ། གཞི་སྣང་ག་པུར་ལྟར་རྐྱེན་གྱིས་ཐ་དད་ངོ་བོ་གང་དུའང་མ་ཆད་པར་རྟོགས་པས་སངས་རྒྱས་པས་ངོ་བོ་རང་བཞིན་གཉིས་རྟོགས་པར་བྱ་དགོས་ལ། ཐུགས་རྗེ་རྟོགས་བྱེད་དུ་ཤར་ཏེ། ལྷུན་གྲུབ་རིན་པོ་ཆེ་འབྲས་བུའི་རང་ས་ཟིན་པ་ནི། ཀུན་གསལ་ལས། རང་རིག་གཅིག་ལས་མེད་བཞིན་ཏུ། །འཁོར་འདས་གཉིས་ལ་༼དུ་མར་༽ཐ་དད་སྣང་། །ག་པུར་སྨན་དུག་དབྱེར་མེད་ཀྱང་། །སྨན་དང་དུག་ཏུ་སྣང་བ་བཞིན། །གཉིས་མེད་གཞི་སྣང་ཆེན་པོ་དེ། །གཉིས་མེད་ངང་ལས་མ་གཡོས་ཀྱང་། །ཡོན་ཏན་སྟོབས་ཀྱིས་སྣང་བའོ། །དུ་མར་སྣང་བ་ཡོན་ཏན་ལ། །འཁྲུལ་པར་༼གྱུར་པས་ཡོན་ཏན་སྐྱོན་དུ་ཤར་༽སྣང་བ་སྐྱོན་ལྟར་བཤད། །རྟོགས་པས་སྐྱོན་ཉིད་ཡོན་ཏན་གྲོལ། །{གོང་ལྟར་རྟོགས་པས་སྐྱོན་ཉིད་ཡོན་ཏན་གྲོལ། །}ཞེས་གསུངས་སོ།། །།

སྤྱི་དོན་གཉིས་པ་མ་རིག་སེམས་ཅན་གྱི་འཁྲུལ་ཚུལ།བསྐལ་པ་གསུམ་གྱི་རང་བཞིན་སྤྱིར་བསྟན་པ།


GTN001_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

༈ སྤྱི་དོན་གཉིས་པ་མ་རིག་སེམས་ཅན་གྱི་འཁྲུལ་ཚུལ་ལ་གཉིས་ཏེ། ༡ བསྐལ་པ་གསུམ་གྱི་རང་བཞིན་སྤྱིར་བསྟན་པ་དང་། ༢ འཁྲུལ་ཚུལ་དངོས་བྱེ་བྲག་ཏུ་བཤད་པའོ། དང་པོ་ནི། རིག་པ་ལྷུན་གྲུབ་ཀྱི་གཞི་ལ་གཞི་སྣང་རང་ཆས་སུ་ཡོད་པ་དེ། ཐུགས་རྗེའི་རྩལ་དུ་ཡོད་པས་རང་གཡོས་ཏེ། ཕྱིར་སྣང་གདངས་སུ་ཤར་ནས་བཟུང་བས་འཁྲུལ་པ་ལ་བསྐལ་པ་གསུམ་རྩི་བ་ནི། གཞི་སྣང་དབྱིངས་ལས་མ་གཡོས་པ་བསྐལ་པ་དང་པོ། རང་གདངས་ཕྱིར་གསལ་བ་ལ་འཁྲུལ་མ་འཁྲུལ་གང་ལྟར་ཡང་མ་གྲོལ་བར་དར་ཅིག་གནས་པ་བར་གྱི་བསྐལ་པ་སྟེ་དེ་ལ་མ་རིག་དངོས་སུ་མེད་ལ་རང་ངོ་མ་ཤེས་པའི་ཆ་མཚུངས་ལྡན་ཙམ་དུ་ཡོད་པས་མྱུ་གུའི་གནས་སྐབས་ཏེ་ཆ་ཡི་མ་རིག་པ་འོད་ལྔ་ནང་དུ་འགྲིབ་པར་ཕྱོགས་ཀྱང་། སེམས་ཅན་དུ་མ་འཁྲུལ་མ་བསྐྱེད་པས་མི་བསྐྱོད་རྡོ་རྗེ་རིག་རིག་པར་ཕྱེའོ། །གསལ་བའི་བདག་ཉིད་ཅན་ཞེས་བྱའོ། །དེ་ནས་འཛིན་པ་སྐྱེས་ནས་སེམས་ཅན་དུ་འཁྲུལ་དུས། བསྐལ་པ་ཐ་མ་ཞེས་བྱའོ། །དེ་ཐམས་ཅད་ཀྱི་གནས་སྐབས་ན་གཞི་རང་ངོ་ལ་སྔར་མ་འཁྲུལ། ད་ལྟ་འཁྲུལ་པ་མེད། ཕྱིས་འཁྲུལ་མི་སྲིད་པ་ཆོས་སྐུ་དྲི་མེད་ཟང་ཐལ་དུ་གནས་པ། ཉི་མ་ལ་མུན་པ་སྔ་ཕྱི་དུས་གསུམ་དུ་མེད་པ་ལྟ་བུའོ། །འོན་ཀྱང་རྐྱེན་ནམ་རྣམ་པ་ལ་འཁྲུལ་པར་སྣང་བ་སྤྲིན་གྱིས་བསྒྲིབས་པར་སྣང་བའམ། མན་ཤེལ་རས་གང་འཕྲད་དུ་དར་ཅིག་འགྱུར་འགྱུར་འདྲ་བ་བཞིན་ཏེ། བཤད་རྒྱུད་ལས། རིགས་ཀྱི་བུ་ལེགས་པར་ཉོན་ཅིག །གཞི་འགྱུར་བ་


GTN001_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་ཡེ་ནས་སངས་རྒྱས་པའི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ཡིན་པས། སྔར་ཡང་འཁྲུལ་མ་མྱོང་། ད་ལྟ་ཡང་མ་འཁྲུལ། ཕྱིས་ཀྱང་འཁྲུལ་པ་མི་སྲིད་དོ། །དཔེར་ན་ཉི་མའི་སྙིང་པོ་ལ་མུན་པའི་གཞི་མེད་པ་ལྟ་བུའམ། མན་ཤེལ་ལ་རྐྱེན་གང་དང་འཕྲད་པ་དེར་སྣང་ཡང་། དག་པའི་སྟོབས་ཀྱིས་སྣང་མོད་༼ཀྱིས་ཁོ་ལ་འབྱར་པ་དང་གོས་པ་མེད་དོ། །༽ ཤེལ་ལ་མ་གོས་པ་བཞིན་ནོ། །ཞེས་སོ། །བསྐལ་པ་གསུམ་ཡང་། དེ་ཉིད་ལས། རིགས་ཀྱི་བུ་དེ་ལ་མཚོན་པའི་ཚིག་བསྟན་པ། དང་པོ་གཞི་༼མཚོན་གང་དུ་བྱུང་། སངས་རྒྱས་སེམས་ཅན་འོག་ནས་བྱུང་། །དེ་གཉིས་བར་དུ་རྩལ་འཕྲོ་བ། །བར་གྱི་བསྐལ་པར་བཤད་པ་ཡིན། །ཞེས་སྣང་༽སྣང་གོང་དུ་གནས། །སངས་རྒྱས་འོག་ཏུ་གནས། དེ་གཉིས་བར་དུ་རྩལ་སྦྱོར་བ། །བར་གྱི་བསྐལ་པ་བཤད་པ་ཡིན། །རང་གི་ས་ལ་གནས་པས་ན། །མི་བསྐྱོད་པ་ཞེས་དེ་ལ་བྱ། །དེ་མ་ཡིན་པ་དེར་འཛིན་གྱིས། །འོད་ལྔ་བསྒྲིབས་ཤིང་རིག་པ་སྟོང་། །མི་བསྐྱོད་རྡོ་རྗེ་ཡིན་པར་བཤད། །འགྲོ་མ་ནུས་པས་འཕྱེ་བོ་ཡིན། །ངོ་བོ་གསལ་ལ་མི་འགག་པར། །དངོས་སུ་གསལ་མ་ནུས་པས་ན། །མི་གསལ་བ་ཡི་བདག་ཉིད་ཅན། །གཞི་ལས་འཕགས་ཤིང་༼སངས་རྒྱས་༽དངོས་མ་ཡིན། །བར་དུ་མྱུ་གུ་ཇི་བཞིན་ནོ། །མྱུ་གུ་འབྱུང་ཞེས་དེ་ལ་བྱ། །དེ་ནི་ངས་བསྟན་རྒྱུད་ལུང་དུ། །གར་བྱུང་དེ་བཞིན་ཤེས་པར་གྱིས། །ཞེས་དང་། ངས་བསྟན་རྒྱུད་ལུང་ཐམས་ཅད་དུ། །བསྐལ་པ་ཐ་མའི་ཚིག་བརྗོད་པས། །ཚོགས་བརྒྱད་༼ལྡན་པའི་༽བཅས་ཕྱིར་སེམས་ཅན་ནོ། །དེ་ཡང་འགྱུར་བྱེད་ཀྱི་དབུགས་༼དང་བཅས་པས་༽ཡོད་པས་རྟོགས་བྱེད་༼སེམས་སུ་བཤད་༽ཀྱི་སེམས་ཡོད་པར་བཤད་དོ། །ཞེས་སོ། །

འཁྲུལ་ཚུལ་དངོས་ཀྱི་རིམ་པ་བྱེ་བྲག་ཏུ་བཤད་པ་ལ་འཁྲུལ་གཞི།


GTN001_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་འཁྲུལ་ཚུལ་དངོས་ཀྱི་རིམ་པ་བྱེ་བྲག་ཏུ་བཤད་པ་ལྔ་སྟེ། བཤད་རྒྱུད་ལས། འཁྲུལ་ལུགས་རྒྱས་པར་ངས་བཤད་ཀྱི། །འཁྲུལ་པའི་གཞི་དང་རྒྱུ་དང་དུས། །འཁྲུལ་པའི་རྐྱེན་དང་འཁྲུལ་པ་དངོས། །ཞེས་པས། དང་པོ་འཁྲུལ་གཞི་ལ་གསུམ། ལྷུན་གྲུབ་ཀྱི་ཆོས་ཉིད་རིག་པ་འོད་ལྔ་རྣམས། ཕྱིར་གསལ་དུ་ཡུལ་དང་སེམས་དང་ལུས་ཀྱི་འཁྲུལ་གཞིར་དང་པོ་དང་བར་དང་ཐ་མ་གསུམ་གྱིས་བཤད་ནས་འཁྲུལ་གཞིར་ཕྱོགས་ཙམ་མཐུན་པས་འཐད་པ་ཡང་། དེ་ཉིད་ལས། དང་པོ་འཁྲུལ་པའི་གཞི་བསྟན་པ། །དེ་ལ་ཡང་ནི་རྣམ་པ་གསུམ། །ཆོས་ཉིད་ཡུལ་གྱི་འཁྲུལ་གཞི་དང་། །རིག་པ་སེམས་ཀྱི་འཁྲུལ་གཞི་དང་། །འོད་ལྔ་ལུས་ཀྱི་འཁྲུལ་གཞིར་བསྟན། །དང་པོ་ཆོས་ཉིད་རིས་མེད་སྟོང་། །བར་དུ་ཡེ་ཤེས་རྣམ་པར་ཤར། །ཐ་མར་འཛིན་རྟོག་བག་ཆགས་བརྟས། །དེ་ལས་སྙིག༷ས་མ༷་{སྙིང༵་པོ་༵}མེད་བཞིན་སྣང་། །དེ་ནི་ཡུལ་གྱི་འཁྲུལ་གཞི་བསྟན། །ད་ནི་སེམས་ཀྱི་འཁྲུལ་གཞི་བཤད། །དང་པོ་རིག་པ་འགག་མེད་འགྱུས། །བར་དུ་གདངས་ལ་འཛིན་པ་སྐྱེས། །ཐ་མ་སེམས་ཀྱི་རྒྱུ་བྱུང་བས། །དེ་ལས་སེམས་རྟོག་དུ་མར་ཤར། །སེམས་ཀྱི་༼འཁྲུལ་གཞི་༽གཞི་རུ་དེ་བསྟན་ནོ། །ད་ནི་ལུས་ཀྱི་འཁྲུལ་གཞི་བསྟན། །དང་པོ་རིག་པ་ཀློང་ན་གསལ། །བར་དུ་ཆོས་ཉིད་ཀློང་དུ་ཤར། །ཐ་མ་དེ་ལ་བག་ཆགས་པས། །གཟུགས་ཀྱི་ཕུང་པོ་རྡོས་བཅས་སྣང་། །ལུས་ཀྱི་འཁྲུལ་གཞི་དེས་བསྟན་ནོ། །གཞི་གསུམ་འཐད་པ་ངས་བཤད་ཀྱིས། །ཀྱེ་ཀྱེ་གསང་བདག་ངེས་པར་ཟུང་། །ཆོས་ཉིད་ཡུལ་གྱི་འཁྲུལ་གཞིར་འཐད། །ཅིའི་ཕྱིར་
རིག་མེད་བེམ་པོར་སྣང་། །རིག་པ་སེམས་ཀྱི་འཁྲུལ་གཞིར་འཐད། །ཅིའི་ཕྱིར་རིག་ཙམ་ཕྱོགས་མཐུན་ཕྱིར། །འོད་ལྔ་ཡུལ་གྱི་འཁྲུལ་གཞིར་འཐད། །ཁ་དོག་དབྱིབས་སུ་ཕྱོགས་མཐུན་ཕྱིར། །ཞེས་སོ། །སྤྱིར་གྱི་གཞི་ནི་ལྷུན་གྲུབ་ཡིན་ལ། འཁྲུལ་གཞི་ནི་དེ་ལས་བར་གྱི་བསྐལ་པ་ཤར་བའི་རིག་གདངས་ཡིན་པས་ཕྱེད་པ་ཞེས་སོ། །

འཁྲུལ་རྒྱུ་འཁྲུལ་དུས་འཁྲུལ་རྐྱེན་འཁྲུལ་དངོས།


GTN001_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་འཁྲུལ་རྒྱུ་མ་རིག་པ་ལས། ངོ་བོ་ཤེས་པའི་གནས་ལ་རྨོངས་པ། ངེས་ཚིག་མི་ཤེས་པ། དབྱེ་ན་རིག་པའི་ཆ་ལ་རང་ཉིད་ཡེ་ཤེས་སུ་གཉིས་སུ་མི་ཤེས་པའི་ཆས་ལྷན་ཅིག་སྐྱེས་པ་དང་། རང་ལ་གཞན་དུ་འཛིན་པ་ཀུན་ཏུ་བརྟགས་པའི་མ་རིག་པ་གཉིས་སོ། །དཔེ་རྒན་མོ་ལོང་མ་ས་ཚུགས་མེད་པར་འཁྱམས་པ་ལྟ་བུའོ། །འཁྲུལ་ཚུལ་ནི་ཐག་པ་སྦྲུལ་འཛིན་ལྟར་རང་ངོ་ལ་མེད་ཀྱང་སྣང་ངོ་ལ་ཤར་བ་བདེན་པར་བཟུང་བས་འཁྲུལ་ལོ། །མིང་གི་རྣམ་གྲངས་མ་རིག་པ། གཏི་མུག །མི་ཤེས། མ་རྟོགས། མ་མཐོང་། འཁྲུལ་པ་ཕྱིན་ཅི་ལོག་ཅེས་པ་སྟེ། ཀུན་གསལ་ལས། འཁྲུལ་པའི་རྒྱུ་ནི་མ་རིག་པ། །ལྷན་ཅིག་སྐྱེས་དང་ཀུན་ཏུ་བརྟགས། །ངོ་བོ་ངེས་ཚིག་དབྱེ་བ་དང་། །མཐུན་པའི་ཚུལ་དང་བརྗོད་ཚིག་བསྟན། །རིགས་ཀྱི་བུ་མ་རིག་པའི་ངོ་བོ་གཏི་མུག་དང་། དེ་མ་ཡིན་པ་ལ་དེར་འཛིན་པའོ། །ངེས་ཚིག་ནི། དོན་ལ་རྨོངས་པའི་ཕྱིར་མ་རིག་པའོ། །དབྱེ་ན་གཉིས་ཏེ། ལྷན་ཅིག་སྐྱེས་པའི་མ་རིག་པ་དང་། ཀུན་ཏུ་བརྟགས་པའི་མ་རིག་པའོ། །ལྷན་ཅིག་སྐྱེས་པའི་མ་རིག་པ་དེ་གང་ལས་གང་དང་། ལྷན་ཅིག་ཏུ་སྐྱེས་ནས་གང་གིས་གང་མ་རིག་ཅེ་ན། རིགས་ཀྱི་བུ་


GTN001_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

གང་ལས་ཞེ་ན། གཞི་འཛིན་པའི་རིག་པ་ལས་སོ། །གང་དང་གང་ཞེ་ན། ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང་རིག་པ་གཉིས་སོ། །གང་ཞེ་ན། བཅོས་པས་མི་འཆོས་པའི་ཆོས་ཉིད་ཀློང་དུའོ། །གང་གིས་གང་མ་རིག་ཅེ་ན། རང་བཞིན་གྱི་འོད་བྱད་ལྟ་བུས་གཟུགས་བརྙན་གྱི་འོད་བྱད་ཀྱི་རྣམ་པ་མེ་ལོང་ལ་སྣང་བ་ལྟ་བུ་དེ་མ་རིག་གོ །དོན་དེས་ན་ལྷན་ཅིག་སྐྱེས་པའི་མ་རིག་པ་ཞེས་བྱའོ། །ཀུན་ཏུ་བརྟགས་པ་ནི། ཡུལ་ལ་རྟོག་པ་རགས་པ་སྐྱེ་སྟེ། སྐད་ཅིག་མ་སྔ་ཕྱིའི་ཚུལ་ལོ། །དཔེ་རྒན་མོ་མེ་ལོང་དང་འདྲའོ། །ཀྱེ་མ་རིགས་ཀྱི་བུ། མ་རིག་པ་དེ་ཡང་། ཡང་དག་པར་ཡོད་པ་ནི་མ་ཡིན་ཏེ། འོ་ན་ཇི་ལྟ་བུ་ཞེ་ན། ཐོ་ཡོར་རམ་ཐག་པ་ལ་མི་དང་སྦྲུལ་མེད་ཀྱང་རྒྱུས་མེད་དམ་སྔར་སུན་པའི་མི་ལ་དགྲར་ལང་བའམ་སྣང་བ་མ་དག་པ་ལ་ཐག་པ་སྦྲུལ་དུ་སྣང་བ་ལྟ་བུའོ། །དེ་ནི་ཡང་དག་པར་མེད་བཞིན་དུ་སྣང་ལ། སྣང་བཞིན་དུ་སྟོང་པའོ། །རིགས་ཀྱི་བུ་དཔེ་ནི་དེ་བཞིན་དུ་མ་རིག་པ་དངོས་སུ་མེད་ལ་མ་རྟོགས་པའི་ཉམས་ལ་ཡོད་པའོ། །དེ་ཅིས་འབྱུང་ཞེ་ན། ལུས་ཀྱི་མཐའ་མ་རྟོགས་པས་ཤེས་རབ་ཀྱི་རྩལ་མ་རྫོགས་པས་མཐོང་བའི་ཡུལ་ཡེ་ཤེས་ཀྱི་གདངས་འོད་ལྔ་ལ་ཤེས་པའི་དྲན་པ་མ་སད་དོ། །དེའི་ངང་མ་གཡོས་པའི་ངང་ཀུན་ཏུ་བཟང་པོ་ལས། རང་གི་རང་བཞིན་ཡེ་ཤེས་ཀྱི་འབྱུང་བ་ཡུལ་ལ་མ་འགགས་པར་སྣང་བ་ལ། སྔར་མཐོང་མ་མྱོང་བས་དེ་ལ་ཡིད་འགྲོགས་ཏེ། རང་སྣང་ཆེན་པོར་རྟོག་པའི་མཐའ་མ་ཆོད་པའོ། །རིགས་ཀྱི་བུ་མ་རིག་པའི་གཏན་ཚིགས་སོ། །མ་རིག་པ་དང་། གཏི་མུག་དང་། མ་ཤེས་པ་དང་། ཡེ་ཤེས་མ་རྟོགས་པ་དང་དོན་མ་མཐོང་བ་དང་། འཁྲུལ་པ་དང་། ཕྱིན་


GTN001_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་ལོག་ལ་སོགས་པ་གར་བྱུང་ཡང་མ་རིག་པ་གཉིས་སུ་བཤད་དོ། །ཞེས་སོ། །གསུམ་པ་འཁྲུལ་དུས་ནི། གཞི་སྣང་རང་བཞིན་གྱིས་འོད་གསལ་བ་ལས་རང་གདངས་གཟུགས་བརྙན་གྱི་འོད་ཤར་དུས་འཛིན་པ་སྐྱེས་ནས་འཁྲུལ་ཏེ། དེ་ཉིད་ལས། ཀྱེ་གསང་བའི་བདག་པོ་འཁྲུལ་པའི་དུས་ནི་རང་རིག་ཡུལ་ལ་ཤར་ཏེ་འཛིན་པ་སྐྱེས་པའི་དུས་སོ། །ཞེས་སོ། །བཞི་པ་འཁྲུལ་པའི་རྐྱེན་ལ་བཞི། རྒྱུ་ཡི་རྐྱེན་རིག་པ་རང་བཞིན་གྱི་འོད་ཅན། བདག་པོའི་རྐྱེན་གཟུགས་བརྙན་གྱི་འོད་རང་ལས་ཤར་བ། དམིགས་པའི་རྐྱེན་ཡུལ་དུ་འཛིན་པའི་རྟོག་པ་སྐྱེས་པ། དེ་མ་ཐག་པའི་རྐྱེན་དེ་གསུམ་དུས་མཚུངས་པ་དེ་རང་བཞིན་གྱི་འོད་གསལ་མ་ནུས། གཟུགས་བརྙན་གྱི་འོད་གསལ་ལ་བག་ཆགས་ཀྱིས་བཟུང་བས་འཁྲུལ་ལོ། ལྔ་པ་འཁྲུལ་པ་དངོས་ནི། སེམས་ཅན་དུ་སྨིན་ནས་སྣོད་བཅུད་དུ་སྨིན་པ་སྟེ་གཟུགས་བརྙན་གྱི་འོད་ལྔ་ལ་བག་ཆགས་བརྟས་པས་སྣོད་ཀྱི་འཇིག་རྟེན་གླིང་བཞི་རི་རབ་ལ་སོགས་པ་འགྲོ་དྲུག་སོ་སོའི་ཡུལ་ཁམས་སུ་སྣང་བ་དང་འོད་ཀྱི་ཐིག་ལེ་སྒོ་ང་ལྟ་བུ་ལ་འཛིན་པ་སྐྱེས་པས་ལུས་སུ་འཁྲུལ་ཏེ་འོད་ལྔའི་ཐིག་ལེ་འབྱུང་བཞི་ནམ་མཁའ་དང་བཅས་པ་ལས་ཕུང་པོ་ལྔའི་བག་ཆགས་གྲུབ་བོ། །འདི་ལ་སྒོང་སྐྱེས་ཟེར་ཡང་བྱའི་སྒོ་ང་མ་ཡིན་ལ་གཤེ༷ར་བུ་གཤེ༷ར་(ཤེད་བུ་ལ་ཤེད་)རོགས་ཟེར་ཡང་འཛམ་གླིང་དུ་དང་པོ་བྱུང་བའི་ལྷ་གཉིས་ལ་མི་ཟེར། འོད་ཀྱི་སྒོ་ང་ལ་འཛིན་པ་སྐྱེས་ནས་སེམས་ཅན་ཕོ་མོར་ཤར་བའི་མིང་ངོ་། །དེ་ཡང་རིག་པའི་ངང་ནས་འོད་


GTN001_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཐིག་ལེར་ཤར་བ་ལ་བག་ཆགས་པས་ཡུལ་དང་ལུས་སུ་གྲུབ་པའོ། །དེ་ནས་སྐྱེ་བ་བཞི་དང་འགྲོ་བ་དྲུག་ལ་སོགས་པ་ཐ་དད་འཁྲུལ་པའི་ཆོས་སུ་སྣང་སྟེ། ཀུན་གསལ་ལས། དེ་དུས་གཟུང་འཛིན་རྣམ་རྟོག་གིས། །རང་བཞིན་འོད་ལྔ་གསལ་མ་ནུས། །གཟུགས་བརྙན་ལྔ་ལ་བག་ཆགས་པས། །མཚོ་ལ་དར་ཆགས་ཞོ་ལ་སྤྲིས་ཆགས་ལྟར། །གླིང་བཞི་རི་རབ་གླིང་ཕྲན་སྣང་། །དེ་ཡི་བཅུད་ལས་སྲེད་པའི་སྒོ་ང་དང་། །རྩི་ཤིང་ནགས་ཚལ་སྨན་དང་མེ་ཏོག་འཁྲུངས། །བརླན་དང་དྲོད་ལས་སྐྱེས་པ་ཡིན། །ཞེས་པ་དང་། ནམ་མཁའ་སྟོང་ལས་རླུང་རྒྱུ་བཞིན། །ཡིད་ཀྱི་རླུང་ཆེན་ཀུན་ཏུ་རྒྱུ། །སྤྱན་གྱི་སྦྱོར་བས་སྲིད་པའི་སྒོ་ང་མཐོང་། །ཐུགས་ཀྱི་སྦྱོར་བས་སྒོ་ང་ལེགས་༼ཤིང་མཛེས་༽པར་མཁྱེན། །ཞལ་གྱི་སྦྱོར་བས་དེ་ལ་ཆགས་སེམས་སྐྱེས། །རིག་པ་ཡིད་དང་ཆགས་པ་ཞུགས། །སེམས་ཅན་༼རྩ་བ་༽ཕོ་མོ་གཉིས་སུ་སྨིན། །སྐྱེ་བ་བཞི་ལས་སྒོང་སྐྱེས་ཡིན། །༼གཞི་ལ་༽ཆེན་པོ་ལྔ་ཡིས་ཕུང་པོ་ལྔར་གྲུབ་ཅིང་། །རྟེན་ལས་འབྱུང་བ་ལྔ་ཡི་ཆ་རྫོགས་པས། །ཕུང་པོ་ཁམས་དང་སྐྱེ་མཆེད་གྲུབ། །ཤེད་བུ་ཤེད་ལ་རིག༷ས་{རོག༵ས་}སུ་གྲགས། །དེ་ལས་མངལ་ནས་སྐྱེས་པ་བྱུང་། །མི་མཇེད་འཇིག་རྟེན་རིམ་པར་ཆགས། །ཉོན་མོངས་རགས་ཤིང་འབྲས་བུ་ངན། །མཐའ་མ་མནར་མེད་རྣམས་ལ་ཐུག །ཅེས་སོ། །དེའང་རང་བཞིན་གཟུགས་བརྙན་གྱི་འོད་ཤར་དུས། སྐུ་ལྔའི་གདངས་འོད་ཀྱི་བུམ་པ་ལྔ་ལས་ཐིག་ལེར་སྣང་བ་ལ་སྨིན་པའི་སྣང་བ་སྟེ། དེ་ལ་བག་ཆགས་པས་འོད་ལྔ་ཡུལ། ཐིག་ལེ་ལུས་ཀྱི་རྟེན་དུ་འཁྲུལ་པ་ལས་ཉམས་སུ་ལེན་དུས་འོད་དང་ཐིག་ལེ་གོང་འཕེལ་
ལས་འོད་ཞིང་ཁམས་སུ་གྲོལ། ཐིག་ལེ་སྐུར་སྨིན་ནས་ལུས་རྡོས་བཅས་དང་ས་རྡོའི་འཁྲུལ་པ་དག་སྟེ་མཐར་རང་བཞིན་འོད་ཀྱི་བུམ་པ་ལྔ་ནང་གསལ་དུ་གྲོལ་བའི་གནད་དེ། དེས་ན་འོད་ལ་བཟུང་བས་གཟུགས་བརྙན་གྱི་འོད་ཐིག་ལེ་དང་བཅས་པ་རང་མལ་དུ་གནས་ཏེ། དེའི་བག་ཆགས་ཀྱི་མཐུ་བརྟས་པས་སྣོད་བཅུད་བདེ་སྡུག་ཏུ་སྣང་བ་འདི་ཡིན་ནོ།། །།

སྤྱི་དོན་གསུམ་པ་འཁྲུལ་དུས་དགོངས་པའི་གནས་ཚུལ།བསྐལ་པ་ཐ་མའི་ཆོས་སྤྱིར་བསྟན།


GTN001_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

༈ སྤྱི་དོན་གསུམ་པ་འཁྲུལ་དུས་དགོངས་པའི་གནས་ཚུལ་བསྟན་པ་ལ་ལྔ་སྟེ།༡ བསྐལ་པ་ཐ་མའི་ཆོས་སྤྱིར་བསྟན། ༢ འབྱུང་བའི་ཆོས་བྱེ་བྲག་ཏུ་བཤད། ༣ སྐུ་དང་ཡེ་ཤེས་ཀྱི་དགོངས་པ་བསྟན། ༤ སེམས་དང་ཡེ་ཤེས་ཀྱི་གནས་ཚུལ་བརྗོད། ༥ ངེས་དོན་མཐུན་པའི་རྣམ་གྲངས་དགོད་པའོ། །〈༡〉དང་པོ་ལ་བཅུ་གསུམ་སྟེ། ཕུང་པོ་ལྔ། དབང་པོ་ལྔ། རྟེན་ལྔ། ཤེས་པ་ལྔ། སྐྱེ་མཆེད་བཅུ་གཉིས། ཁམས་བཅོ་བརྒྱད། འགྲོ་བ་དྲུག །སྐྱེ་བ་བཞི། ལམ་ལྔ། གནས་དྲུག །ཉོན་མོངས་པ་དྲུག །རྟེན་འབྲེལ་བཅུ་གཉིས། རྣམ་པར་ཤེས་པ་ཚོགས་བརྒྱད་དོ། །སྔ་མ་གཉིས་གོ་སླ། གསུམ་པ་རྟེན་ལྔ་ནི། མིག་གི་དབང་རྟེན་ཟར་མའི་མེ་ཏོག་ལྟ་བུ། རྣ་བའི་དབང་རྟེན་


GTN001_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

གྲོ་ག་གཅུས་ལྟ་བུ། སྣའི་དབང་རྟེན་ཟངས་མའི་སྦུ་གུ་གཤིབ་པ་ལྟ་བུ། ལྕེའི་དབང་རྟེན་ཟླ་བ་ཕྱེད་པ་ལྟ་བུ། ལུས་ཀྱི་དབང་རྟེན་རེག་འཇམ་པགས་པ་ལྟ་བུ་དང་ལྔ་ནི་ཡུལ་ལྔ་མཐོང་བའི་རྟེན་དབང་ཤེས་ཡུལ་ལ་འཆར་བའི་སྒོ་བྱེད་པས་སྒོ་ལྔའོ། །བཞི་པ་ཤེས་པ་ལྔ་དང་ཡུལ་གྱི་རྣམ་པར་ཤེས་པས་རྣམ་ཤེས་ཏེ། དེ་དང་འདྲ་བར་སྐྱེས་པའི་ཤེས་པ་ཡིན་པའི་ཕྱིར་རོ། །ཡུལ་གྱི་རྣམ་པར་ཤེས་པས་རྣམ་ཤེས་ཏེ། ལྔ་པ་སྐྱེ་མཆེད་བཅུ་གཉིས་ནི། གཟུགས་སྒྲ་དྲི་རོ་རེག་ཆོས་མིག་རྣ་བ་སྣ་ལྕེ་ལུས་ཡིད་ཀྱི་རྣམ་པར་ཤེས་པའི་སྐྱེ་མཆེད་དེ་ཡུལ་དྲུག་གི་རྣམ་པར་ཤེས་པ་ལ་ཤེས་པ་དྲུག་འཆར་ཞིང་མཆེད་པ་དང་། སྔ་མ་ལས་ཕྱི་མ་སྐྱེ་ཞིང་མཆེད་དོ། །དྲུག་པ་ཁམས་བཅོ་བརྒྱད་ནི། ཡུལ་དྲུག །དབང་པོ་དྲུག །དབང་ཤེས་དྲུག་སྤེལ་བ་སྟེ་མིག་དང་གཟུགས་དང་མིག་གི་རྣམ་པར་ཤེས་པ་དང་ཞེས་མཚོན་ཏེ་མང་ཞིང་རྒྱ་ཆེ་བས་ཁམས་ཞེས་བྱའོ། །བདུན་པ་འགྲོ་བ་དྲུག་ནི། བདེ་འགྲོ་གསུམ་ངན་འགྲོ་གསུམ་སྟེ་གཅིག་ནས་གཅིག་ཏུ་འཕོ་ཞིང་འགྲོ་བའི་སེམས་ཅན་ཡིན་པས་དེ་ལྟར་བརྗོད། བརྒྱད་པ་སྐྱེ་གནས་བཞི། སྒོང་སྐྱེས་སོགས་ཏེ་ཤེས་པའི་རྟེན་ལུས་ཀྱི་སྣང་བ་ཙམ་སྐྱེ་བར་སྣང་བའི་ཕྱིར་རོ། །དགུ་པ་ལམ་ལྔ་ནི། དམྱལ་བ་གདུང་བའི་ལམ། ཡི་དྭགས་འགོག་པའི་ལམ། བྱོལ་སོང་མུན་པའི་ལམ། མི་འདམ་པའི་ལམ། ལྷ་ཡངས་པའི་ལམ་མོ། །རང་རང་གི་ས་དེས་ད་ལྟ་དང་ཕྱིས་ཀྱི་བདེ་སྡུག་ཏུ་བགྲོད་ཅིང་ཕྱིན་པར་བྱེད་པས་ལམ་རིགས་


GTN001_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

མི་འདྲ་བ་ལྔ་ཡོད་པའོ། །ལྷ་མིན་ནི་འདོད་ལྷར་བསྡུས་པ་ཏེ། གཞུང་ཁ་གཅིག་ལས་སྟོད་རིགས་ལྷ་དང་སྨད་རིགས་དུད་འགྲོར་བསྡུས་པ་ཡང་བཤད་དོ། །བཅུ་པ་གནས་དྲུག་ནི། དམྱལ་བ་བཟོད་ལྡན་གྱི་གནས། ཡི་དྭགས་ཡིད་ཀྱི་གནས། བྱོལ་སོང་སྙོམས་ལྡན་གྱི་གནས། མི་འདོད་ལྡན་གྱི་གནས། ལྷ་མིན་རྩོད་ལྡན་གྱི་གནས། ལྷ་དགའ་ལྡན་གྱི་གནས་སོ། །ས་དེར་བརྟེན་པས་ན་གནས་ཞེས་བྱའོ། །བཅུ་གཅིག་པ་ཉོན་མོངས་པ་དྲུག་ནི། འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཁོང་ཁྲོ་མ་རིག་པ་རྣམས་ཏེ་སྡུག་བསྔལ་ལ་སྦྱོར་བས་ཐ་མའི་སེམས་སུ་བྱེད་པས་ན་ཉོན་མོངས་པ་ཞེས་བྱའོ། །བཅུ་གཉིས་པ་རྟེན་འབྲེལ་ནི། མ་རིག་པ། འདུ་བྱེད། རྣམ་པར་ཤེས་པ། མིང་དང་ གཟུགས། སྐྱེ་མཆེད་དྲུག །རེག་པ། ཚོར་བ། སྲེད་པ། ལེན་པ། སྲིད་པ། སྐྱེ་བ། རྒ་ཤིའོ། །གཅིག་ལ་གཅིག་བརྟེན་རྒྱུ་རྐྱེན་འབྲེལ་ཆགས་སུ་འབྱུང་བས། འཁོར་བ་ལུགས་འཇུག་ཏུ་བྱེད་པའི་ཕྱིར་དེ་སྐད་ཅེས་གྲགས་སོ། །བཅུ་གསུམ་པ་རྣམ་ཤེས་ཚོགས་བརྒྱད་ནི། ཀུན་གཞིའི་རྣམ་ཤེས། ཡིད་ཤེས། ཉོན་ཡིད། སྒོ་ལྔའི་རྣམ་ཤེས་དང་བརྒྱད་དོ། །གཞན་ཡུལ་གྱི་རྣམ་པར་ཤེས་པ་སེམས་ཡིན་པས་རྣམ་ཤེས་ཞེས་བཏགས་སོ། །བརྒྱད་ནི་ནང་ཚན་མི་འདྲ་བའི་བྱེ་བྲག་གོ །ཡང་ཚོར་བ། འདུ་ཤེས། རེག་པ། ཡིད་ལ་བྱེད་པ། སེམས་དཔའ་སྟེ་ཀུན་ཏུ་འགྲོ་བ་ལྔ། འདུན་པ། མོས་པ། དྲན་པ། ཏིང་ངེ་འཛིན། ཤེས་རབ་སྟེ་ཡུལ་སོ་སོར་ངེས་པ་ལྔ། དད་པ། བག་ཡོད། བརྩོན་འགྲུས། ཤིན་ཏུ་སྦྱངས་པ། བཏང་


GTN001_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

སྙོམས། ངོ་ཚ་ཤེས་པ། ཁྲེལ་ཡོད་པ། དུག་གསུམ་མེད་པ། རྣམ་པར་མི་འཚེ་བ་སྟེ་དགེ་བ་བཅུ་གཅིག །འདོད་ཆགས། ཁོང་ཁྲོ། ང་རྒྱལ། མ་རིག་པ། འཇིག་ཚོགས་ལ་བལྟ་བ། ཐེ་ཚོམ་སྟེ་རྩ་བའི་ཉོན་མོངས་པ་དྲུག །ཕྲག་དོག །སེར་སྣ། གཡོ། སྒྱུ། རྒྱགས་པ། རྨུགས་པ། རྒོད་པ། མ་དད་པ། ལེ་ལོ། གཡེང་བ། བག་མེད་པ། བརྗེད་ངེས་པ། ཤེས་བཞིན་མ་ཡིན་པ། འཚེ་བ། ངོ་ཚ་མེད་པ། ཁྲེལ་མེད་པ། ཁྲོ་བ། འཁོན་འཛིན། འཆབ་པ། འཚིག་པ་སྟེ་ཉི་ཤུ་ནི་ཉེ་བའི་ཉོན་མོངས་པ་དང་། གཉིད། འགྱོད། རྟོག་པ། དཔྱོད་པ་སྟེ་གཞན་འགྱུར་བཞིའོ། །དེ་རྣམས་བསྡོམས་པས་སེམས་བྱུང་ལྔ་བཅུ་རྩ་གཅིག་ནི་སེམས་ཀྱི་ཀུན་འགྲོར་ལྡན་པས་དེའི་ཁུངས་སུ་བསྡུས་ཏེ། མདོར་ན་ཁམས་གསུམ་སྣོད་བཅུད་དུ་སྣང་བ་འཁྲུལ་པའི་ཆོས་ཐམས་ཅད་བསྐལ་པ་ཐ་མར་བརྗོད་དེ། ཀུན་གསལ་ལས། ཀྱེ་རྡོ་རྗེ་འཛིན་པ་ཉོན་ཅིག །ངས་བསྟན་རྒྱུད་ལུང་ཐམས་ཅད་དུ། །བསྐལ་པ་ཐ་མའི་ཚིག་བརྗོད་པ། །ཚོགས་བརྒྱད་ལྡན་པའི་སེམས་ཅན་ནོ། །དེ་ཡང་འགྱུ་བྱེད་ཀྱི་དབུགས་ཡོད་པས་རྟོག་བྱེད་ཀྱི་སེམས་ཡོད་པར་བཤད་དོ། །ཕུང་པོ་ཞེས་མང་པོར་འདུས་པའི་དོན་ནོ། །ཁམས་ཞེས་པ་མཚན་མའི་ཆོས་ཉིད་ཅན་དུ་བཤད་དོ། །མཚན་མར་སྐྱེ་བའི་ཕྱིར་སྐྱེ་མཆེད་དུ་བཤད་དོ། །སོ་སོ་ཡང་དག་པའི་སྒོ་གསལ་ཞིང་རང་རང་གི་ཡུལ་ལ་དབང་བའི་ཕྱིར་དབང་པོར་བཤད་དོ། །ཁ་དོག་དང་དབྱིབས་སུ་སྣང་བའི་ཕྱིར་གཟུགས་ཞེས་བརྗོད་དོ། །འབྱུང་བ་རྐྱང་པ་འདུས་པའི་སྒྲ་དང་། འབྱུང་བ་བརྩེགས་མའི་སྒྲ་དང་། དེ་གཉིས་འབྲེལ་བ་ལས་བྱུང་བའི་སྒྲ་ཞེས་བཤད་དོ། །སྣའི་


GTN001_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་དུ་གྱུར་པས་དྲི་ཞེས་བཤད་དོ། །ལྕེའི་ཡུལ་དུ་གྱུར་པས་རོ་ཞེས་བཤད་དོ། །ལུས་ཀྱི་ཡུལ་དུ་གྱུར་པས་རེག་ཅེས་བཤད་དོ། །དུ་མར་མྱོང་བའི་ཕྱིར་ཚོར་བ་ཞེས་བཤད་དོ། །ཡུལ་ལ་མཚན་མར་འཛིན་པའི་ཕྱིར་འདུ་ཤེས་བཤད་དོ། །ཐམས་ཅད་ནས་བྱེད་པ་དང་རྒྱུ་རྐྱེན་ལས་བྱུང་བའི་ཕྱིར་འདུ་བྱེད་དུ་བཤད་དོ། །ཡིད་ལ་བྱེད་པས་དམིགས་པ་སྟེ། །རིག་པ་དག་ནི་དཔྱོད་པའོ། །ཐམས་ཅད་ཀུན་ནས་འབྱེད་ཕྱིར་དང་། །རྒྱུ་རྐྱེན་ལས་བྱུང་འདུ་བྱེད་ཡིན། །རྣམ་པར་རིག་པའི་ཕྱིར་རྣམ་ཤེས་སུ་བཤད་དོ། །གློ་བུར་དུ་སྨིན་པའི་ཕྱིར་བརླན་ལས་སྐྱེ་བར་བཤད་དོ། །རྫོགས་པར་སྨིན་པའི་ཕྱིར་བརྫུས་ཏེ་སྐྱེ་བར་བཤད་དོ། །རིམ་པར་སྨིན་པའི་ཕྱིར་མངལ་ལས་སྐྱེ་བར་བཤད་དོ། །འགྱུར་ཏེ་སྨིན་པའི་ཕྱིར་སྒོ་ང་ལས་སྐྱེ་བར་བཤད་དོ། །ཞེས་སོགས་ནས། དེ་དག་ནི་རྒྱུ་དྲུག་གོ །དེ་ལས་ངོ་བོ་དྲུག་དང་འབྲས་བུ་དྲུག་ཏུ་སྨིན་པའོ། །ཀྱེ་གསང་བའི་བདག་པོ་དེ་རྣམས་འགྲོ་དྲུག་ལ་ད་ལྟ་ལྡན་པའི་ཆོས་ཏེ་རྒྱུད་གར་བྱུང་ཡང་བསྐལ་པ་ཐ་མའི་ཆོས་སུ་འདིར་བཤད་པ་ལྟར་ཤེས་པར་གྱིས་ཤིག །ཅེས་གསུངས་སོ། །འཁོར་བའི་ཆོས་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པ་འདི་དག་ལས་དང་ཉོན་མོངས་པ་ལ་བརྟེན། དེ་སེམས་ལ་བརྟེན། དེའི་རྩ་བ་རིག་པ་ནམ་མཁའ་ལྟ་བུ་ལ་བརྟེན་པས་དཔྱད་ན་རྟེན་དང་གནས་མེད་པ་སྒྱུ་མ་དང་སྤྲུལ་པ་ལྟ་བུ་སྟེ་རང་བཞིན་མེད་ལ་རིག་པ་འགྱུར་བ་མེད་པ་སྟེ། རྒྱུད་བླ་མ་ལས། ཉེས་པ་གློ་བུར་དང་ལྡན་དང་། །ཡོན་ཏན་རང་བཞིན་ཉིད་ལྡན་ཕྱིར། །ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་


GTN001_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དོ། །ཇི་ལྟར་ནམ་མཁའ་ཀུན་སོང་བ། །ཕྲ་ཕྱིར་ཉེ་བར་གོས་པ་མེད། །དེ་བཞིན་སེམས་ཅན་ཐམས་ཅད་ལ། །གནས་འདིས་ཉེ་བར་གོས་པ་མེད། །ཇི་ལྟར་འཇིག་རྟེན་ཐམས་ཅད་དུ། །ནམ་མཁའ་ལ་ནི་སྐྱེ་ཞིང་འཇིག །དེ་བཞིན་འདུས་མ་བྱས་དབྱིངས་ལ། །དབང་པོ་རྣམས་ནི་སྐྱེ་ཞིང་འཇིག །ཇི་ལྟར་ནམ་མཁའ་མེ་རྣམས་ཀྱིས། །སྔོན་ཆད་ནམ་ཡང་འཚིག་པ་མེད། །དེ་བཞིན་འདི་ནི་འཆི་བ་དང་། །ན་དང་རྒ་བའི་མེས་མི་ཚིག །ས་ནི་ཆུ་ལ་ཆུ་རླུང་ལ། །རླུང་ནི་མཁའ་ལ་རབ་ཏུ་གནས། །མཁའ་ནི་རླུང་དང་ཆུ་དག་དང་། །ས་ཡི་ཁམས་ལ་གནས་མ་ཡིན། །དེ་བཞིན་ཕུང་པོ་ཁམས་དབང་རྣམས། །ལས་དང་ཉོན་མོངས་དག་ལ་གནས། །ལས་དང་ཉོན་མོངས་ཚུལ་བཞིན་མིན། །ཡིད་ལ་བྱེད་པ་རྟག་ཏུ་གནས། །ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །སེམས་ཀྱི་དག་པ་ལ་རབ་གནས། །སེམས་ཀྱི་རང་བཞིན་ཆོས་རྣམས་ནི། །ཐམས་ཅད་ལ་ཡང་གནས་པ་མེད། །ས་དང་འདྲ་བར་ཕུང་པོ་དང་། །སྐྱེ་མཆེད་ཁམས་རྣམས་ཤེས་པར་བྱ། །ཆུ་ཁམས་དང་འདྲར་ལུས་ཅན་གྱི། །ལས་དང་ཉོན་མོངས་ཤེས་བྱ་སྟེ། །ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །རླུང་གི་ཁམས་དང་འདྲ་བར་ལྟར། །རང་བཞིན་ནམ་མཁའི་ཁམས་བཞིན་དུ། །དེ་བཞིན་ཅན་མིན་གནས་པ་མེད། །ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །སེམས་ཀྱི་རང་བཞིན་ལ་གནས་ཏེ། །ཚུལ་བཞིན་མ་ཡིན་ཡིད་བྱེད་ཀྱིས། །ལས་དང་ཉོན་མོངས་རབ་ཏུ་ཕྱེད། །ལས་དང་ཉོན་མོངས་ཆུ་ལས་ནི། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་འབྱུང་། །དེ་འཇིག་པ་དང་ཆགས་པ་ལྟར། །སྐྱེ་དང་འཇིག་པར་འགྱུར་བ་ཡིན། །
སེམས་ཀྱི་རང་བཞིན་ནམ་མཁའ་ཡི། །ཁམས་ལྟར་རྒྱུ་མེད་རྐྱེན་མེད་དེ། །ཚོགས་པ་མེད་ཅིང་སྐྱེ་བ་མེད། །འཇིག་དང་གནས་པའང་ཡོད་མ་ཡིན། །སེམས་ཀྱི་རང་བཞིན་འོད་གསལ་གང་ཡིན་པ། །དེ་ནི་ནམ་མཁའ་བཞིན་དུ་འགྱུར་མེད་དེ། །ཡང་དག་མིན་རྟོག་ལས་བྱུང་འདོད་ཆགས་སོགས། །གློ་བུར་དྲི་མས་དེ་ཉོན་མོངས་མི་འགྱུར། །ཞེས་པ་དང་། ཡང་དག་མཐའ་ནི་འདུས་བྱས་ཀྱིས། །རྣམ་པ་ཀུན་ཏུ་དབེན་པ་དེ། །ཉོན་མོངས་ལས་དང་རྣམ་སྨིན་དོན། །སྤྲིན་ལ་སོགས་པ་བཞིན་དུ་བརྗོད། །ཉོན་མོངས་སྤྲིན་འདྲ་བྱ་བ་ཡིན། །ལས་ནི་རྨི་ལམ་ལོངས་སྤྱོད་བཞིན། །ཉོན་མོངས་ལས་ཀྱི་རྣམ་པར་སྨིན། །ཕུང་པོ་སྒྱུ་མ་སྤྲུལ་པ་བཞིན། །ཞེས་སོ། །

འབྱུང་བའི་ཆོས་བྱེ་བྲག་ཏུ་འཆད་པ།


GTN001_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

〈༢〉གཉིས་པ་འབྱུང་བའི་ཆོས་བྱེ་བྲག་ཏུ་འཆད་པ་ལ་བདུན་ལས། ༡ ངོ་བོ་ནི། གཞི་སྣང་ལས་འཁོར་འདས་བྱུང་བའི་རྩལ་མ་འགགས་པར་སྣང་བ། དངས་མའི་ངོ་བོ་ཡེ་ཤེས་ལྔའི་རང་གདངས་སུ་སྣང་བ་སྙིགས་མའི་ངོ་བོ་ས་ཆུ་མེ་རླུང་ནམ་མཁའི་སྣང་བའོ། །༢ ངེས་ཚིག་ནི། གདངས་ལས་རོལ་པ་མ་འགགས་པར་འབྱུང་བས་འབྱུང་བའོ། །ནང་ཡེ་ཤེས་ཀྱི་རང་སྣང་དག་པས་དངས་མ་དང་། ཕྱི་བག་ཆགས་འཁྲུལ་པར་བྱུང་བས་སྙིགས་མའི་འབྱུང་བ་ཞེས་བྱ། ༣ དབྱེ་ན་བཞི་སྟེ། དངས་མ། སྙིགས་མ། དངས་མའི་སྙིགས་མ། སྙིགས་མའི་དངས་མའོ། །


GTN001_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

དངས་མ་ནི། ལྷུན་གྲུབ་ཀྱི་འབྱུང་ཆེན་ལྔ་སྟེ། སྲ་བ་མེད་པའི་ས། གཤེར་བ་མེད་པའི་ཆུ། ཚ་བ་མེད་པའི་མེ། གཡོ་བ་མེད་པའི་རླུང་། ཁྱབ་པ་མེད་པའི་གདངས་ཅན་ནམ་མཁའོ། །བྱེད་ལས་སྐུ་དང་ཡེ་ཤེས་ཀྱི་འབྱུང་གནས་བྱེད་པས། གསང་བ་འབྱུང་བའི་ཡེ་ཤེས་རྣམ་པར་དག་པའོ། །སྙིགས་མ་ནི། ཕལ་ཆེར་རིག་ཤེས་དང་བཅས་པའོ། །སྲ་བ་ས། གཤེར་བ་ཆུ། ཚ་བ་མེ། གཡོ་བ་རླུང་། ཁྱབ་པ་ནམ་མཁའ་སྟེ་ནང་འབྱུང་ལུས་ཀྱི་རྟེན་དུ་གྱུར་པའོ། །དངས་མའི་སྙིགས་མ། ཤ་རུས་པ་ཁྲག་དང་ཆུ་སེར་ཁུ་བ་ཆུ་དྲོད་མེ་དབུགས་རླུང་། ནང་གི་ཁོང་སྟོང་ནམ་མཁའོ། །སྙིགས་མའི་དངས་མ་ལྔ། སྙིགས་མ་ཕྱིས་འབྱུང་གཟུགས་ས་ཆུ་མེ་རླུང་ནམ་མཁར་སྣང་བ་དང་ལྔའོ། །དེའི་དངས་མ་འཇའ་ཚོན་ལྔའོ། །བསྡོམས་པས་སྙིགས་མའི་དངས་མ། །༤ དཔེ་ནི། ཉི་མའི་འོད་ཟེར་སྣང་བ་ཤེལ་ལས་འོད་སྣང་བ་ལྟ་བུའོ། །༥ མཚན་ཉིད་ལ། སྤྱི་ནི་གང་ཞིག་གང་ལས་བྱུང་བའོ། །བྱེ་བྲག་གི་མཚན་ཉིད་ལ་གཉིས་སོ། །དབྱེ་ན་སྲ་བ་མེད་པར་བསྟན་པ་སོགས་འབྱུང་ཆེན་ལྔ་ཡུམ་ལྔར་དག་པའི་ཀློང་ན་རིགས་ལྔའི་སངས་རྒྱས་ཐམས་ཅད་བཞུགས་ལ། དེའི་གདངས་གཟུགས་བརྙན་གྱི་འོད་ལས་སྙིགས་མ་ལྔར་སྣང་བ་ཡང་ཡུམ་ལྔའི་གདངས་སམ་རྩལ་ཤར་བས་ཡུམ་ལྔའི་རྣམ་དག་ཏུ་སྦྱོར་བའི་དབྱིངས་ན་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་གནས་པས་སྣང་སྲིད་ཐམས་ཅད་ཡུམ་གྱི་བྷ་གའི་ཀློང་ཞེས་བྱའོ། །སྙིགས་མའི་འབྱུང་ལྔའི་མཚན་ཉིད། གཟུགས་བརྙན་གྱི་


GTN001_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ལས་སོ་སོའི་འབྱུང་བའི་གཞིར་སྣང་ཞིང་། ཆོས་གཞན་འབྱུང་བའི་དབྱིངས་སུ་གནས་པ། དབྱེ་ན་སྲ་ཞིང་བརྟན་པ་སོགས་རྨི་ལམ་གྱི་འབྱུང་བ་ལྟ་བུས་སྣོད་བཅུད་ཀྱི་རྟེན་དང་འབྱུང་གནས་བྱེད་པ། །༦ ཤར་ལུགས་གཉིས། རང་བཞིན་གྱི་འོད་ལྔ་སྙིང་པོ་འོད་ལྔའི་ཀློང་དུ་ཡེ་ནས་ཤར་བ་ཤེལ་གྱི་ནང་འོད་ལྟ་བུ་ལས། གཟུགས་བརྙན་གདངས་ཀྱི་འོད་ཡེ་ཤེས་རླུང་གིས་བསྐྱོད་པས་རང་ཤར་བའོ། །སྙིགས་མའི་ཤར་ལུགས་གཟུགས་བརྙན་གྱི་འོད་ལས་སྙིགས་མར་ཤར་ཏེ། སྲ་བ་མེད་པའི་སའི་འོད་དཀར་པོ་ལས་སྲ་བའི་སར་ཤར། གཤེར་བ་མེད་པ་ཆུ་འོད་སེར་པོ་ལས་གཤེར་བའི་ཆུར་ཤར་བ་སོགས་སོ། །༧ གྲོལ་ལུགས་ནི། དང་པོ་གང་ལས་ཤར་བ་དེའི་ངང་དུ་གྲོལ་བ་སྟེ། འབྱུང་བ་མ་ལ་ཞ་དགོས་པའི་ཕྱིར་རོ། །དེ་ཡང་སྙིགས་མའི་འབྱུང་བ་ལྔ་གཟུགས་བརྙན་གྱི་ངང་དུ་གྲོལ་ཏེ་སྣང་སྲིད་ཞིང་ཁམས་གསུམ་སྣང་བའི་དུས་སུ་འཁྲུལ་སྣང་ནུབ་པའོ། །གཟུགས་བརྙན་གྱི་འོད་རང་བཞིན་དངས་མའི་འོད་ལྔ་སོ་སོའི་ངང་དུ་ཐིམ་པས་འོད་གསལ་ཞིང་ནང་དུ་ཤར་བ་གཞི་རང་མལ་ལྷུན་གྲུབ་རིན་པོ་ཆེའི་སྦུབས་སུ་འཁྱིལ་བ་རིག་པ་ཟིན་པའི་དུས་སུའོ། །དེས་ན། འབྱུང་བ་ཆེན་པོ་བཅོམ་ལྡན་འདས། །འགྲོ་བ་ཀུན་ལ་རང་བཞིན་གནས། །དེ་ལ་ཕྱོགས་ཀྱི་འོད་འདུས་པ། །མཚམས་བཞི་བླ་དང་སྟེང་འོག་གྲུབ། །མ་ངེས་ཁ་དོག་ཁྱད་པར་ལས། །རིགས་ཀྱི་ཁྱད་པར་སོ་སོར་སྣང་། །དེ་བཞིན་གཡོ་རྡུལ་མི་གཡོ་བ། །འབྱུང་བ་ལྔ་ལས་གཙོ་ཆེན་ཡིན། །ཞེས་ཀུན་བྱེད་དུ་གསུངས་པ་བཞིན་ནོ། །དེ་
ལྟར་དངས་མའི་འབྱུང་ལྔ་ལས་གདངས་ཤར་བ་སྙིགས་མར་འཁྲུལ་པ་ལ་བསྐལ་པ་གསུམ་དུ་བརྗོད་ཚུལ་ཡང་། བཤད་རྒྱུད་ལས། བསྐལ་པའི་ངོ་བོ་བསྟན་པ་ནི། །གཞི་ལམ་འབྲས་བུ་ང་ཡིས་བསྟན། །དང་པོ་ཡེ་ཤེས་ཡུལ་ལ་ཤར། །ཤར་བྱ་ཤར་བྱེད་ལྟར་སྣང་བས། །དང་པོའི་དུས་སུ་ཆོས་ཉིད་བསྐལ། །བར་དུ་འཛིན་པའི་རྣམ་རྟོག་གིས། །ཡེ་ཤེས་སྣང་བ་ནང་དུ་ནུབ། །དེ་ཡི་རྣམ་པ་སྣོད་དུ་ཆགས། །སྣོད་ཀྱིས་འཇིག་རྟེན་བསྐལ་ཞེས་བྱ། །མཐའ་མ་གཟུང་འཛིན་གཉིས་སུ་བསྐལ། །སངས་རྒྱས་སེམས་ཅན་དེ་བཞིན་བསྐལ། །ངེས་ཚིག་བསྟན་ཚིག་བཅས་པ་ཡིན། །དབྱེ་བ་རྣམ་པ་གསུམ་ཡིན་ནོ། །ཡུན་དུ་གནས་པས་བསྐལ་པར་བརྗོད། །ཅེས་གསུངས་སོ། །འབྱུང་བའི་གནས་བཤད་ཟིན་ཏོ། །

སྐུ་གསུམ་དུ་བསྟན་པ།


GTN001_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

〈༣〉གསུམ་པ་སྐུ་དང་ཡེ་ཤེས་ཀྱི་གནས་ལུགས་བསྟན་པ་ལ་གཉིས། སྐུའི་གནས་ཚུལ་སྤྱིར་བསྟན་པ་དང་། ཡེ་ཤེས་བྱེ་བྲག་ཏུ་འཆད་པའོ། །དང་པོ་ལ། སྐུ་གསུམ་དུ་བསྟན་པ་དང་། ལྔར་བསྟན་པའོ། །དང་པོ་ལ་ལྔ་ལས། ༡ ཆོས་སྐུའི་ངོ་བོ་ནི། ལྷུན་གྲུབ་འདུས་མ་བྱས་ཀྱི་རིག་པ་ཀུན་གཞི་མེ་ལོང་ལྟ་བུའི་ཡེ་ཤེས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་གནས་པ་སྟེ། ཀུན་གསལ་ལས། ཆོས་སྐུའི་ངོ་བོ་ནི་ཕྱོགས་ལྷུང་མེད་པའི་ཤེས་རབ་དང་གཉིས་སུ་མེད་པའོ། །ཞེས་པ་དང་། ཡང་ངོ་བོ་ནི་མ་བྱས་པ། མ་བཅོས་པ། མ་བསླད་པ། མི་འགྱུར་བ། རང་བཞིན་གྱིས་རྣམ་པར་དག་པ། འདུས་མ་བྱས་པའི་ཡེ་ཤེས་


GTN001_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ། །ནམ་མཁའ་ལྟ་བུའི་ཆོས་ཉིད། སྟོང་པ་རྡོ་རྗེའི་ཆོས་ཅན། རིག་པ་དངོས་མེད་ཡེ་ཤེས་ཟང་ཐལ་ཆེན་པོ། རང་བཞིན་ནི་གཞི་གནས་ཀྱི་ཡེ་ཤེས་ཆེན་པོ་ལ་མཚན་ཉིད་འཛིན་པའི་ཡེ་ཤེས་ལྔ་མ་འགགས་པར་ངོ་བོའི་ནང་ནས་འོད་དུ་གསལ་བའོ། །ཐུགས་རྗེའི་སྙིང་པོ་སྐུ་ལྔ་ཕྱག་རྒྱ་མ་འགགས་པར་གསལ་བའོ། །རིགས་ཀྱི་བུ་གཞི་ཆོས་སྐུ། རང་བཞིན་ལོངས་སྐུ། ཐུགས་རྗེ་སྤྲུལ་སྐུ་སྟེ་ཐམས་ཅད་འབྱུང་བའི་གཞི་མ་འགགས་པར་གནས་པས་གཞི་ལ་གནས་པའི་སྐུ་གསུམ་མོ། །རྒྱུ་དག་པ་ཆེན་པོའི་སྐུ་ལས་འབྲས་བུ་དག་པ་གཟུགས་སྐུ་གཉིས་ནང་གསལ་དུ་གནས་པ་ནི་ཡོན་ཏན་དུ་གྲུབ་པ་སྟེ་གཞི་ལ་གནས་པའི་སྐུ་གསུམ་ཞེས་བྱའོ། །༢ངེས་ཚིག་ནི། ཡང་དེ་ཉིད་ལས། ཆོས་སྐུའི་ངེས་ཚིག་ནི། ཁྱབ་པ་དང་། རྟེན་བྱེད་པའོ། །ཞེས་སོ། །༣དབྱེ་བ་ཡང་། དབྱེ་ན་ཆོས་སྐུ་ལ་གསུམ་སྟེ། རིག་པ་ངོས་བཟུང་དང་བྲལ་ཞིང་མི་འགྱུར་བ་ཆོས་ཀྱི་སྐུའོ། །རིག་པ་ཤེས་རབ་ཀྱི་མཁྱེན་པ་མ་འགགས་པར་ཡེ་ཤེས་ཀྱི་སྤྱན་རྣམ་པར་དག་པ་ལྔ་ནི་ཆོས་སྐུའི་ལོངས་སྐུའོ། །གདུལ་བྱ་ལ་སྣང་བའི་འཆར་གཞི་བྱེད་པའི་སྐུ་ལྔ་ནི་ཆོས་སྐུའི་སྤྲུལ་སྐུའོ། །རིགས་ཀྱི་བུ་དེ་ལ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ཞེས་ཀྱང་བྱ། གཞི་ལ་གནས་པའི་སྐུ་གསུམ་ཞེས་ཀྱང་བྱ། འབྲས་བུ་གཞི་ལ་གྲུབ་པ་ཞེས་ཀྱང་བྱ། སྐུ་གསུམ་ཇ་ལོག་ཆེན་པོ་ཞེས་ཀྱང་བྱ། འབྲས་བུའི་ངང་ལ་གནས་པ་ཞེས་ཀྱང་བྱ། ཞེས་སོ། །༤ མཚོན་དཔེ་ནི། སྐུ་དང་ཡེ་ཤེས་བུམ་ནང་གི་མར་མེ་ལྟ་བུ། ལྷུན་གྲུབ་ཀྱི་རང་གདངས་ཇི་ལྟར་གནས་པ་མིག་ནས་སྦྲེལ་མར་འབྲེལ་ཏེ། རྒྱང་ཞགས་ནས་


GTN001_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

འོད་གསལ་དུ་འཆར་ཞིང་། ཐུགས་རྗེའི་རྩལ་ལས་དུང་ཁང་ནས་ཁྲོ་བོར་གསལ་བ་ཡེ་ཤེས་ཀྱི་ཁང་ནས་ཁྲོ་བོར་གསལ། གསལ་བར་ཡེ་ཤེས་ཀྱི་ཁོང་གསལ་གྱི་དཔེ་ནི། བཤད་རྒྱུད་ལས། ཀྱེ་གསང་བདག་ངེས་པར་ཟུངས་ཤིག །པདྨ་འདམ་ན་གནས་ཀྱང་ཉེས་པའི་སྐྱོན་གྱིས་མ་གོས་ལྟར། ཕྱི་ནང་འཁྲུལ་པར་ཤར་ཀྱང་། རང་རིག་མ་འཁྲུལ་ཡེ་ནས་གོས་པ་མེད། མ་འཁྲུལ་པའི་སངས་རྒྱས་ཡིན། རིགས་ཀྱི་བུ་གཞི་དག་པ་ཆོས་ཀྱི་སྐུ་ལ་འབྲས་བུ་དག་པ་གཟུགས་སྐུ་གཉིས་ཀྱིས་བརྒྱན་པས། སྐུ་གསུམ་འདུ་འབྲལ་མེད་པ་ནི་བུམ་ནང་གི་མར་མེ་ལྟར་ཡེ་ཤེས་ནང་གསལ་དུ་གནས་ཏེ། རིགས་ཀྱི་བུ་གཟུགས་ཀྱི་ཕུང་པོ་ཕྱི་སྣོད་ཀྱི་འཇིག་རྟེན་དུ་སྣང་བའི་གཞལ་ཡས་ཁང་འགྲོ་བ་འདུལ་བའི་དཀྱིལ་འཁོར་གྱི་ནང་ན། སྐུ་གསུམ་གྱི་རང་བཞིན་གདངས་འགག་པ་མེད་པའི་ཡེ་ཤེས་ཀྱི་གཞལ་མེད་ཁང་འོད་དུ་གསལ་ཏེ། དེའི་ནང་ན་སྐུ་བཞི་སྐུ་གསུང་ཐུགས་དང་ལྡན་ཏེ་རང་བཞིན་རྣམ་པར་དག་པ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་འགག་པ་མེད་པར་གནས་སོ། །དེའི་ཐུགས་རྗེ་ནི། ཧེ་རུ་ཀ་ལྔ་ལྟར་སྣང་བ་ཡང་མི་འགག་པས་ཐུགས་རྗེ་རང་བྱུང་གི་དཀྱིལ་འཁོར་དང་། དེ་ལྟར་གནས་ན་མ་འཁྲུལ་པའི་སངས་རྒྱས་སོ། །རིགས་ཀྱི་བུ་མ་འཁྲུལ་པའི་སངས་རྒྱས་ལ་མ་བྱས་པའི་ཆོས་ཉིད་བསྟན་པ་ནི། ཐུགས་ཀྱི་མེ་ལོང་ཡིན་ཏེ། དཔེར་ན་ཟག་བཅས་ཀྱི་ཕུང་པོ་འདི་བྱས་པའི་མེ་ལོང་གིས་གཏན་ལ་ཕབ་པ་ལྟར་ཟག་པ་མེད་པའི་ཡེ་ཤེས་འགག་པ་མེད་པ་གསལ་བ། ཀུན་གཞི་མེ་ལོང་ལྟ་བུའི་ཡེ་ཤེས་གསལ་ལ་དག་པ། ཐམས་ཅད་འབྱུང་བའི་གཞི་མ་འགགས་པའི་དོན།


GTN001_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

མགར་བའི་ལག་གི་འདུ་བྱེད་ཀྱིས་མ་བྱས་པར་སྣང་བ་མཐའ་ཡས་ཀྱི་ཐུགས་ཀྱི་ཀློང་ནས། རང་བྱུང་དུ་རང་ཤར་བའི་ཤེལ་གྱི་མཆོད་རྟེན་ཁྲི་འཕང་ལྔ་པ་ཐུགས་ཀྱི་མེ་ལོང་དུ་གྱུར་པ་དེ་བརྡ་བསྟན་པའི་ཚེ། ཟག་བཅས་ཀྱི་སྒྲོམ་བུས་ཟག་མེད་ཀྱི་ཡེ་ཤེས་མི་ཐུབ་པར་ཐུགས་ཡེ་ཤེས་ཀྱི་མེ་ལོང་ལ་ཇི་ལྟ་བ་བཞིན་དུ་སྣང་ངོ་། །དེ་ནི་འཕྲུལ་གཞི་མན་ངག་གི་ཏི་ཀ་ཆེན་པོས་གཏན་ལ་ཕབ་པའོ། །དོན་དེ་ནི་རང་བྱུང་གི་ཡེ་ཤེས་ཆེན་པོ་ཡིན་པས། དུས་གསུམ་དུ་འགྱུར་མ་མྱོང་སྟེ་མི་འགྱུར་ལྟ་བ་ཐོད་རྒལ་ཆེན་པོའོ། །དེ་ནི་འཁྲུལ་པ་ལོག་ནས་ཡེ་ཤེས་སྐྱེ་བ་ཁོ་ན་ཉིད་ཀྱི་ཏི་ཀ་ཆེན་པོའོ། །ཞེས་གསུངས་སོ། །དེ་ལ་སྣང་བ་མཐའ་ཡས་ནི། ཐོག་མའི་སངས་རྒྱས་འོད་དཔག་མེད་རིག་པ་རང་བྱུང་གི་ཡེ་ཤེས་སོ། །ཐུགས་ཀྱི་ཀློང་ནི་དེ་ཡི་ངང་ངོ་། །ཤེལ་གྱི་མཆོད་རྟེན་ནི་རང་བཞིན་གྱི་འོད་ལས་གཟུགས་བརྙན་གྱི་འོད་དུ་ཤར་བའོ། །དེ་ཕྱག་ཏུ་བབས་ནས་བརྡའི་མེ་ལོང་དུ་གྱུར་པ་ནི་ཡེ་ཤེས་རྒྱང་ཞགས་ནས་ནམ་མཁའ་ཤར་བ་དེ་ནི་རིག་པ་འོད་གསལ་གྱི་ཀློང་ན་ཡོད་པར་ངེས་ཤེས་བསྐྱེད་པའོ། །ཀུན་གཞི་མེ་ལོང་ལྟ་བུ་ཡེ་ཤེས་ནི། ཚོགས་བརྒྱད་ཀྱི་ཀུན་གཞི་དང་མི་གཅིག་སྟེ། རིག་པ་ཉིད་འཁོར་འདས་སུ་མ་ཆད་དྲི་མ་མ་དག་པའི་ཆའམ་ལྡོག་པས་ན་ཀུན་གཞིར་བཏགས་པ་སྟེ་ཉམས་སུ་བླངས་པས་རྟོགས་པ་མངོན་དུ་གྱུར་དུས་ཕན་ཆད་འཁོར་བར་མི་སྟོན་པས། རིག་པ་ལ་ཀུན་གཞིའི་སྒྲ་ལོག་ནས་མྱ་ངན་ལས་འདས་པ་གཅིག་པུའི་གཞིར་དག་པས་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ཞེས་བྱའོ། །དེས་ན་རིག་པའི་གནས་ལ་མིང་ཐ་དད་དུ་བཏགས་པ་ཡིན་ཏེ་དྲི་མ་


GTN001_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་དག་དང་བཅས་དུས་སེམས་ཅན། ལམ་གྱིས་ལ་ལ་དག་སྦྱངས་པས་དག་ལ་མ་དག་པ་འདྲེས་དུས་བྱང་ཆུབ་སེམས་དཔའ། ཐམས་ཅད་དག་དུས་དེ་བཞིན་གཤེགས་པ་ཞེས་བརྗོད་པའི་ཚུལ་དང་འདྲ་སྟེ། རྒྱུད་བླ་མ་ལས། མ་དག་མ་དག་དག་པ་དང་། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང་། །དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །ཞེས་སོ། །ད་ལྟར་ཀུན་གཞིར་གཞག་དུས་ཀྱི་མིང་དོན་གཉིས་ཀ་སངས་རྒྱས་དུས་ཆོས་སྐུར་དག་སྟེ་དྲི་མེད་ཆོས་སྐུར་སོང་ངོ་། །ཁ་ཅིག་མིང་ལོག་དོན་མ་ལོག་ཅེས་པས་བཅིངས་ཏེ་ཀུན་གཞིར་དྲི་མས་བཞག་པའི་དྲི་མ་ལྡོག་དགོས་པའི་ཕྱིར་རོ། །རིག་པ་ལ་དུས་གསུམ་འགྱུར་བ་མེད་པ་མི་རྟོག་པས་ཀུན་གཞི་མི་རྟོག་པར་འཇོག་པར་ནི་ཆ་མ་ཕྱེད་པ་ཡིན་ཏེ། རིག་པ་རང་ངོ་འགྱུར་མེད་གང་དུའང་མ་ཆད། རྟེན་དང་བརྟེན་པར་མ་གྲུབ་པས་ཀུན་གཞིར་མི་འཇོག །དེའི་ཆ་ལ་སྒྲིབ་པ་གློ་བུར་པ་བདེན་སྟོབས་ཀྱིས་རིག་པ་དྲི་བཅས་ཀྱི་སྐབས་ལ་ཚོགས་དོན་ཀུན་གཞིར་བཏགས་པ་ཡིན་ནོ། །དེའང་འཁོར་འདས་ཀྱི་འཆར་གཞི་མ་འགགས་པས་ཀུན་གཞི་བརྗོད་དོ། །མ་རིག་པ་མཚུངས་ལྡན་དེ་རྟོགས་ནས་སྤངས་མེད་པའི་ཕྱིར་རོ། །དེ་ཡང་ཚོགས་བརྒྱད་ཀྱི་ཀུན་གཞི་ལུང་མ་བསྟན་ལ་དྲི་མ་དངོས་སུ་བསྟན་ལ། དབྱིངས་ཀྱི་ཀུན་གཞི་མེ་ལོང་ལྟ་བུ་རང་ངོ་མ་ཤེས་པ་མཚུངས་ལྡན་དུ་ཡོད་པར་རྒྱུད་ནས་བརྟེན་པ་ཙམ་ལས་རང་ངོ་ཆོས་སྐུ་ཟང་ཐལ་དྲི་མེད་རང་བཞིན་རྣམ་དག་ཡིན་པའི་ཁྱད་པར་ལ་མཁས་པ་རྣམས་ཀྱིས་ཤེས་པར་བྱའོ། །གནས་འདི་ནི་རྟོགས་དཀའ་ལ་ཕྲ་བའི་ཆོས་ཡིན་ནོ། །


GTN001_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་པ་རྣམ་གྲངས་བསྟན་པ་ནི། གཞི་དག་པ་ཆོས་སྐུའི་མིང་དོན་ངེས་པ་རྣམས་ཡོན་ཏན་གྱི་སྒོ་ནས་བསྡུ་ན། སངས། རྒྱས། བཅོམ། ལྡན། འདས་པ་དང་ལྔ་ལས། གཞི་རང་བྱུང་གི་ཡེ་ཤེས་ཉི་མ་ལྟར་ཡེ་ནས་འོད་གསལ་བས། སྒྲིབ་པ་རང་ནི་དྲི་མ་སྤྲིན་ལྟ་བུ་ཡིན་པས་རྣམ་དག་ཏུ་བྱང་ཞིང་སངས། ལྷུན་གྲུབ་གཞི་མ་རྩལ་རང་བྱུང་དུ་ཆུབ་ཅིང་རྒྱས་ཏེ། བཤད་རྒྱུད་ལས། ཆོས་སྐུའི་མཚན་མའི་ཆོས་རྣམས་དང་། །གཉིས་སུ་སྣང་བ་ཐམས་ཅད་སངས། །དངས་གསལ་གཉིས་མེད་ཡེ་ཤེས་རྒྱས། །ཞེས་སོ། །འོ་ན་ཐམས་ཅད་སྟོང་པར་གསུངས་པ་མ་ཡིན་ནམ། རྒྱས་པ་མི་འཐད་དོ་སྙམ་ན། མ་ཡིན་ཏེ་ཉི་མའི་རང་ངོ་མུན་པས་སྟོང་ལ་འོད་ཟེར་ཡེ་ནས་ལྷུན་གྲུབ་ཡིན་པས་མི་འགལ་བ་ལྟར་རྣམ་པར་དབྱེར་ཡོད་ལ་བྲལ་ཤེས་པ་དྲི་མའི་ཆོས་ཐམས་ཅད་ཀྱིས་སྟོང་ལ། རང་ངོ་དབྱེར་མེད་སྐུ་དང་ཡེ་ཤེས་ལ་སོགས་པ་ཡོན་ཏན་གྱི་ཆོས་ཐམས་ཅད་ཀྱིས་མི་སྟོང་སྟེ། རྒྱུད་བླ་མ་ལས། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །བློ་བུར་དག་གིས་ཁམས་སྟོང་གི། །རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་དང་། དེའི་འགྲེལ་པར། འདིས་ཅི་བསྟན་ཞེ་ན། གང་གི་ཕྱིར་རང་བཞིན་གྱིས་ཡོངས་སུ་དག་པ་དེ་བཞིན་གཤེགས་པའི་ཁམས་འདི་ལས་བསལ་བར་བྱ་བ་ཀུན་ནས་ཉོན་མོངས་པའི་རྒྱུ་མཚན་འགའ་ཡང་མེད་དེ། བློ་བུར་གྱི་དྲི་མ་དང་བྲལ་བ་ནི་འདི་ཡི་རང་བཞིན་ཡིན་པའི་ཕྱིར་རོ། །འདི་ལ་རྣམ་པར་བྱང་བའི་རྒྱུ་མཚན་ཅན་གཞག་པར་བྱ་བའང་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། རྣམ་
པར་དབྱེ་བ་མེད་པའི་ཆོས་དག་པའི་ཆོས་ཉིད་ནི་འདི་ཡི་རང་བཞིན་ཡིན་པའི་ཕྱིར་རོ། །དེས་ན་དེ་བཞིན་གཤེགས་པའི་སྙིང་པོ་ནི། རྣམ་པར་དབྱེར་ཡོད་པ། བྲལ་ཤེས་པ། ཉོན་མོངས་པའི་སྦུབས་ཐམས་ཅད་ཀྱིས་ནི་སྟོང་པ་ཡིན་ལ། རྣམ་པར་དབྱེར་མེད་། བྲལ་མི་ཤེས་པ། བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཆོས་ཡོན་ཏན་ཆུ་བོ་གང་གཱའི་ཀླུང་གི་བྱེ་མ་ལས་འདས་པ་ནི་མི་སྟོང་ངོ་ཞེས་གསུངས་པ་བཞིན་ནོ། །བཅོམ་པ་ནི། རིག་པ་ལས་ཡེ་ནས་བདུད་བཞི་མེད་པས་བཅོམ་སྟེ། ཀུན་གསལ་ལས། ཆོས་སྐུ་སྐྱེ་འགག་མེད་པས་འཆི་བདག་གི་བདུད་ཀྱང་བཅོམ། མཚན་མའི་ཕུང་པོ་མེད་པས་མཚན་མའི་བདུད་ཀྱང་བཅོམ། དེ་ལ་གཉིས་སུ་མེད་པས་ཉོན་མོངས་པའི་བདུད་དང་ལྷའི་བདུད་བཅོམ། དེ་ནི་ཡེ་ནས་ངང་གིས་བཅོམ་པ་ཡིན། ཞེས་སོ། །ལྡན་པ་ནི། རིག་པ་རང་བྱུང་གི་ཡེ་ཤེས་ལ་ཡེ་ནས་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པར་ལྡན་ཏེ། དེ་ཉིད་ལས། ཆོས་སྐུ་ཡེ་ཤེས་སྒོ་ཡངས་པ། །ཡེ་ཤེས་ལྔ་དང་སྐུ་གཉི༷ས་{ལྔ༵་}ལྡན། །ཞེས་སོ། །འདས་པ་ནི། རིག་པ་ལ་ཡོད་མེད་སྤྲོས་པ་དང་མཚན་མའི་ཆོས་ཐམས་ཅད་ཡེ་ནས་འདས་པ་སྟེ། ཆོས་སྐུ་མཐའ་རྣམས་ཀུན་ལས་འདས། །ཞེས་སོ། །

སྐུ་ལྔའི་ངོ་བོ་མདོར་བསྟན་པ།


GTN001_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་སྐུ་ལྔར་བསྟན་པ་ལ་གསུམ་སྟེ། སྐུ་ལྔའི་ངོ་བོ་མདོར་བསྟན། རང་བཞིན་རྒྱས་པར་བཤད། ཕུན་སུམ་ཚོགས་པ་ལྔས་དོན་བསྡུ་བའོ། །དང་པོ་ནི། ལྷུན་གྲུབ་རང་བྱུང་གི་ཡེ་ཤེས་རང་གདངས་སྐུ་ལྔར་ཡེ་ནས་
གནས་པ་ནི། བཤད་རྒྱུད་ལས། སྐུ་གཅིག་སྐུ་ལྔར་གསལ་བས་རྣམ་པར་སྣང་མཛད་ཡིན། །དེ་ལས་འགྱུར་བ་མེད་པས་མི་བསྐྱོད་པ། །ཡོན་ཏན་ཕྱོགས་མེད་འབྱུང་བས་རིན་ཆེན་འབྱུང་། །དྲི་མས་མ་གོས་ཐུགས་རྗེའི་རྩལ་སྣང་བས། །འོད་དཔག་མེད་དེ་རྣམ་དག་པདྨའི་སྐུ། །དྲི་མེད་ཐོགས་པ་རབ་མེད་ཅིང་། །བདག་གཞན་དོན་གཉིས་ལྷུན་གྲུབ་པས། །ཕྲིན་ལས་མཐར་ཕྱིན་དོན་ཡོད་སྐུ། །ཞེས་སོ། །

རིགས་ལྔའི་དབྱིངས་དང་གཙོ་འཁོར་གྱི་གནས་ཚུལ།


GTN001_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་རང་བཞིན་རྒྱས་པར་བཤད་པ་ལ་གཉིས་ཏེ། རིགས་ལྔའི་དབྱིངས་དང་། གཙོ་འཁོར་གྱི་གནས་ཚུལ་བསྟན་པའོ། །དང་པོ། རང་རིག་ལྷུན་གྲུབ་ཀྱི་ཐིག་ལེ་རང་བཞིན་འོད་ལྔའི་ཀློང་ནི་གཞོན་ནུ་བུམ་པ་སྐུ་ཡི་ནང་དབྱིངས་ཏེ། བཤད་རྒྱུད་ལས། ཆོས་སྐུའི་དཀྱིལ་འཁོར་བཞུགས་པའི་གདན། །རྣམ་དག་དབྱིངས་ཀྱི་ཐིག་ལེ་ལ། །གཅིག་ལ་མཚན་ཉིད་ལྔ་དང་ལྡན། །འགྱུར་བ་མེད་པ་རྡོ་རྗེའི་དབྱིངས། །ཡོན་ཏན་སྡུད་པ་རིན་ཆེན་དབྱིངས། །དྲི་མ་མེད་པ་པདྨའི་དབྱིངས། །ཐོགས་མེད་བརྟན་པ་རྒྱ་གྲམ་དབྱིངས། །མ་བསྒྲིབས་གསལ་ཁྱབ་ནམ་མཁའི་དབྱིངས། །རང་རིག་ཡེ་ཤེས་གདངས་ཤར་བས། །ཡེ་ཤེས་གདངས་ཀྱི་བུམ་པ་ལྔ། །སྐྱེ་མེད་ཀློང་ན་འགག་པ་མེད། །དེ་ཡི་ངང་ན་འདུ་འབྲལ་མེད། །ས་ཆུ་མེ་རླུང་ནམ་མཁའ་ལྔ། །དེ་ཡི་རྩལ་གྱི་སྣང་བ་དེ། །ཆོས་ཉིད་ལྔ་རུ་ཡེ་སངས་རྒྱས། །ཡེ་ཤེས་ལྔ་དང་སྐུ་གསུམ་གྱི། །བཞུགས་པའི་གནས་དང་ཁྱད་པར་འཕགས། །ཞེས་སོ། །གཉིས་པ་གཙོ་འཁོར་གྱི་གནས་ཚུལ་ནི། རིག་པ་ལྷུན་གྲུབ་སྟུག་པོ་བཀོད་པ་རང་བཞིན་འོད་དུ་གསལ་བའི་ཞིང་ཁམས་ན། ཐུགས་རྗེ་འགགས་མེད་སྐུ་


GTN001_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

ལྔའི་ཚོམ་བུ་མཚན་རྫོགས་རྡོ་རྗེ་འཆང་གི་སར་བཀོད་དེ། ངོ་བོ་སྟོང་པ་ཀུན་བཟང་ཡབ་ཡུམ་གྱི་ཀློང་དུ་འཁྱིལ་པ་ནི། ཤེས་རབ་ཀྱི་སྐུ་ལྔ་མ་འདྲེས་སོ་སོར་གསལ་བས་ཀུན་གཞི་མེ་ལོང་ལྟ་བུའི་ཡེ་ཤེས་སུ་རང་སྣང་བ་སྟེ། ཐིག་ལེ་ཀུན་གསལ་ལས། རྣམ་དག་སྟུག་པོ་བཀོད་པའི་ས། །ཆོས་ཉིད་ཆོས་སྐུ་དབྱེར་མེད་ཀློང་། །ཡེ་ཤེས་རང་གདངས་བུམ་པ་ལྔ། །མ་འགགས་གསལ་བའི་མྱུ་གུར་སྣང་། །ཆོས་ཉིད་དག་པའི་བག་ཆགས་ལྔར། །མཐིང་ག་དཀར་སེར་དམར་དང་ལྗང་། །མ་འདྲེས་གསལ་བའི་ཡེ་ཤེས་ཀློང་། །དེ་ཡི་ནང་ན་སྐུ་ལྔ་གྲུབ། །ཕྱོགས་བཞི་དབུས་དང་ལྔར་གནས་ཏེ། །དབུས་ནི་ཀུན་སྣང་ཡེ་ཤེས་ཏེ། །བཞི་པོ་རྣམ་སྣང་ཀུན་ཏུ་ཞལ། །མི་བསྐྱོད་རིན་འབྱུང་ཆེན་པོ་དང་། །དཔག་མེད་དོན་ཡོད་ཆེན་པོར་སྣང་། །ཕྱག་མཚན་རང་བཞིན་ཐུགས་ལ་གནས། །ཁ་དོག་ལྔ་ཡི་མཚན་ཉིད་འཛིན། །གདན་གསུམ་ངང་ལ་ཡོངས་སུ་རྫོགས། །གདུལ་བྱ་རིགས་བཞིའི་སངས་རྒྱས་ཏེ། །དག་ཅིང་གསལ་བའི་མེ་ལོང་ལ། །བྱད་ཀྱི་རྣམ་པ་འཆར་བ་ལྟར། །མཚན་རྫོགས་རྡོ་རྗེ་འཆང་གི་ས། །ཆོས་ཉིད་དག་པའི་སྣང་བ་ལ། །མི་བསྐྱོད་རིན་ཆེན་འབྱུང་ལྡན་དང་། །སྣང་མཐའ་དོན་ཡོད་གྲུབ་པར་བཤད། །གདན་གསུམ་ངང་ལ་ལྷུན་གྱིས་རྫོགས། །རང་རང་ཕྱག་མཚན་ཐུགས་ལ་གབ། །དབྱེར་མེད་རྡོ་རྗེ་སྐྱིལ་ཀྲུང་བཞུགས། །ཡེ་ཤེས་ལྔ་ཡི་སྦུབས་ན་གསལ། །རང་རང་སོ་སོའི་ཆོས་ཉིད་ལས། །ལྔ་པོ་སོ་སོའི་དབུས་ན་གནས། །རེ་རེ་ལ་ཡང་བཞི་བཞིས་བསྐོར། །ཡེ་ཤེས་ལྔ་རྫོགས་མཚན་ཉིད་འཛིན། །ཡུམ་ལྔ་ལུས་དང་གྲིབ་
མ་བཞིན། །ཐབས་དང་ཤེས་རབ་ཞལ་སྦྱར་ནས། །རྣམ་སྣང་ཞལ་གཟིགས་དགོངས་པ་མཁྱེན། །རྣམ་སྣང་རང་སྣང་༷{ལས༵་}གཞན་སྣང་མེད། །རང་བྱུང་རང་སྣང་རང་གིས་མཁྱེན། །རང་རྩལ་རྩེ་གཅིག་འབྱེད་པ་མེད། །ཅེས་སོ། །མྱུ་གུར་སྣང་བ་ནི། གཞི་ལྷུན་གྲུབ་ཀྱི་དུས་འབྲས་བུ་སྨིན་རུང་ཡོད་པར་མཚོན་པའོ། །ཕྱག་མཚན་ཐུགས་ལ་གབ་པ་ནི། དངོས་པོར་རང་མཚན་གཞན་སྣང་དུ་མེད་པ་ལས། འཆར་གཞི་ལྷུན་གྲུབ་རིག་སྟོང་ཐུགས་ཀྱི་ངང་ན་རང་གསལ་བའོ། །གཞན་སྣང་མེད་པ་ནི་ཕྱིར་མི་སྣང་སྟེ་ཁ་དོག་མཚན་མར་མེད་པའོ། །རྩེ་གཅིག་བྱེད་པ་མེད་པ་ནི་ནང་ཡེ་ཤེས་རིན་པོ་ཆེའི་སྦུབས་ན་ཕྲ་བའི་ཡེ་ཤེས་སུ་གསལ་བ་ལས་མ་གཡོས་པར་གནས་པ། །

ཕུན་སུམ་ཚོགས་པ་ལྔས་དོན་བསྡུ་བ།


GTN001_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ཕུན་སུམ་ཚོགས་པ་ལྔས་དོན་བསྡུ་བ་ནི། གཞི་རིགས་པ་ལ་ཡོད་པའི་ཆོས་དེ་ཕུན་སུམ་ཚོགས་པ་ལྔ་ཡེ་ནས་ལྷུན་གྲུབ་ཏུ་གནས་ཏེ། དེ་ཉིད་ལས། བདག་མེད་སྐུ་ནི་སྟོན་པར་ཆེ། །རང་རིག་ཡེ་ཤེས་བསྟན་པ་ཆེ། །མ་བྲིས་དཀྱིལ་འཁོར་གནས་སུ་ཆེ། །སྲོག་མེད་སྐུ་ལྔ་འཁོར་དུ་ཆེ། །ཡེ་ནས་ལྷུན་གྲུབ་དུས་སུ་ཆེ། །མངོན་པར་སངས་རྒྱས་ཆེ་བ་ཡིན། །ཞེས་སོ། །དེ་ཡི་རིག་པའི་ཀློང་ན་སྐུ་དང་ཡེ་ཤེས་ཕྲ་བ་ལྷུན་གྲུབ་ཀྱི་རང་གདངས་འཆར་གཞིའི་ཆ་ཙམ་ལས། མཚན་མ་རིགས་ཅན་དུ་མེད་ལ། མེད་པ་ཕྱང་ཆད་དུ་མ་སོང་བ་ཤེལ་གྱི་ནང་འོད་ལྟར་ཤེས་རབ་ཀྱི་སྐུར་གནས་པ་སྟེ། དེ་ཉིད་ལས། ཐུགས་རྗེའི་སྐུ་གཉིས་སྣང་བ་ཡང་། །འདུལ་བྱ་རྣམས་ལ་ཤར་བར་ཟད། །རང་ལས་ཤེས་རབ་སྐུ་རུ་


GTN001_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་། །མཚན་མར་བཅས་པའི་སྐུ་མི་གནས། །ཡེ་ཤེས་རང་བྱུང་ཆེན་པོ་ལ། །མཚན་མ་གཞན་སྣང་རྣམ་རྟོག་མེད། །ཅེས་སོ། །དེ་ལ་ཤེས་རབ་སྐུ་ཡི་ངོ་བོ་ནི། རིག་པ་གཅིག་ཉིད་ཡེ་ཤེས་ལྔའི་སྐུར་འཆར་བ་མ་འགགས་གཞི་ལ་ལྷུན་གྲུབ་ཏུ་གནས་པའོ། །ངེས་ཚིག་ནི་མཁྱེན་ཆར་ཡོད་པའོ། །དབྱེ་ན་རྣམ་སྣང་ལ་སོགས་པ་ལྔའོ། །དེ་ལྟར་ཡང་། བཤད་རྒྱུད་ལས། ཀྱཻ་སྟོན་པ་ཐུགས་རྗེ་ཆེ་ལྔ་བ། །ཤེས་རབ་སྐུ་ལྔ་གསུང་དུ་གསོལ། །དེ་ནས་སྟོན་པས་བཀའ་སྩལ་པ། །རིག་པ་གཅིག་གི་ངོ་བོ་ལས། །ཐམས་ཅད་འཆར་ཞིང་སྣང་བའི་ཕྱིར། །ཀུན་སྣང་ཆེན་པོ་ཞེས་ཀྱང་བྱ། །རང་རིག་ཡོན་ཏན་མ་འགགས་པས། །རིན་འབྱུང་ཆེན་པོ་ཞེས་ཀྱང་བྱ། །ཐུགས་རྗེའི་སྟོབས་ལྡན་འོད་དཔག་མེད། །ཤེས་བྱ་ཐོགས་མེད་དོན་ཡོད་གྲུབ། །དེ་ཉིད་འགྱུར་མེད་མི་བསྐྱོད་པ། །སྟོང་རིག་གཉིས་མེད་ཐོགས་པ་མེད། །ཤེས་རབ་སྐུ་ལྔའི་ངོ་བོ་ཡིན། །དབྱེ་བ་ཡོན་ཏན་སྒོ་ནས་ཕྱེ། །ངེས་ཚིག་ཤེས་རབ་དེ་ལྟར་མཁྱེན། །ས་མ་འགགས་པས་ཤེས་རབ་ཀྱི་སྐུའོ། །ཡང་ན་རང་ལ་ཤེས་པ་མ་འགགས་པས་གདུལ་བྱ་ལ་སྐུར་སྣང་བའི་ཕྱིར་ན་ཡང་དེ་སྐད་ཅེས་བཏགས་སོ། །ཞེས་དང་། རང་ནི་རིག་པ་དངོས་མེད་ཡེ་དག་ཟང་ཐལ་ཆེན་པོ་གཞན་སྣང་མེད་པས་རང་ཞེས་བཤད་དོ། །མཚན་མའི་སྐུ་གསུམ་མེད་པས་རིག་པ་དངོས་མེད་དོ། །སྤྱན་རྣམ་པ་གཉིས་ལས་གྲོལ་ཏེ་དྲི་མ་མེད་པས་ཡེ་ཤེས་ཀྱི་སྤྱན་གསང་བ་ཟང་ཐལ་བའོ། །དེའི་གོང་ན་གཞན་མེད་པས་ཆེན་པོར་བཤད། །ཅེས་སོ། །སྤྱན་རྣམ་པ་གཉིས་ནི་ད་ལྟ་ཤེས་རབ་ཀྱི་སྤྱན། བར་དོ་ཡེ་ཤེས་ཀྱི་སྤྱན། དེའང་གཞི་ལྷུན་
གྲུབ་ཀྱི་དུས་སུ་དེ་ཉིད་ལས་འདས་ཏེ། དྲི་མ་མེད་པའི་ཟང་ཐལ་ཆེན་པོའི་སྤྱན་དུ་གནས་པའོ། །

ཡེ་ཤེས་ཀྱི་གནས་ཚུལ་བྱེ་བྲག་ཏུ་བཤད་པ།


GTN001_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ཡེ་ཤེས་ཀྱི་གནས་ཚུལ་བྱེ་བྲག་ཏུ་བཤད་པ་ལ། ཆོས་སྐུའི་ཡེ་ཤེས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ། ལོངས་སྐུའི་ཡེ་ཤེས་མཚན་ཉིད་ལྔ། སྤྲུལ་སྐུའི་ཡེ་ཤེས་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པ་གཉིས་ཏེ་སྡེ་ཚན་གསུམ་དུ་གནས་པ་དང་། ལྷུན་གྲུབ་ཀྱི་ཡེ་ཤེས་ལྔར་འདུས་ཏེ། ངོ་བོ་ཆོས་དབྱིངས་ཡེ་ཤེས། རང་བཞིན་དང་མཚན་ཉིད་འཛིན་པ་རང་ངོ་ལྔ། མཁྱེན་པ་གཉིས་སོ་སོར་རྟོགས་པའི་ཡེ་ཤེས་སུ་འདུ་བས་འདིར་ལྷུན་གྲུབ་ཀྱི་ཡེ་ཤེས་ལྔར་བཞག་པ་ལ། ཡེ་ཤེས་ལྔ་དང་རང་གདངས་ལྔ་དབྱེར་མེད་དུ་གནས་ཏེ་ཆོས་ཀྱི་དབྱིངས་རིག་སྟོང་ནམ་མཁའ་ལྟ་བུ་དང་། གདངས་མཐིང་གས་བརྒྱན་པ་ནི་ཆོས་དབྱིངས་ཡེ་ཤེས་སོ། །མེ་ལོང་ལྟ་བུའི་རིག་གདངས་གསལ་ལ་རྟོག་པ་མེད་པ་གདངས་དཀར་པོས་བརྒྱན་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །མཉམ་པ་ཉིད་ཀྱི་རིག་པ་ཡིད་བཞིན་ནོར་བུ་དང་། གདངས་སེར་པོས་བརྒྱན་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །སོ་སོར་རྟོགས་པའི་རིག་པ་མཁྱེན་གསལ་པདྨ་ལྟ་བུ་རང་གདངས་དམར་པོས་བརྒྱན་པ་ནི་སོར་རྟོགས་ཡེ་ཤེས་སོ། །བྱ་བ་གྲུབ་པའི་རིག་པ་ཟང་ཐལ་རྡོ་རྗེ་ལྟ་བུ་དང་། རང་གདངས་ལྗང་གུས་བརྒྱན་པ་ནི་བྱ་གྲུབ་ཡེ་ཤེས་སོ། །འདི་ཡང་རིག་པ་རང་བྱུང་གི་ཡེ་ཤེས་རང་བཞིན་གྱི་འོད་ལྔ་སྙིང་པོ་ལྔས་བརྒྱན་པའི་ལྡོག་པ་ནས་ཡེ་ཤེས་ཞེས་བཏགས་ཏེ། དོན་ལ་སེམས་རང་བཞིན་གྱིས་འོད་


GTN001_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བ་འཁོར་འདས་ཐམས་ཅད་ཀྱི་འབྱུང་གནས་སུ་གནས་པ་སྒྲིབ་མེད་ཟང་ཐལ་ཆེན་པོ་སྟེ། ཀུན་གསལ་ལས། རིག་པ་དངོས་མེད་ཟང་ཐལ་ནི། །སྟོང་པ་འགག་མེད་གཉིས་སུ་མེད། །དེར་ཤེས་ཐོགས་པ་མེད་པས་ནི། །ཡེ་ཤེས་ལྔ་རུ་རང་ཤར་ཡིན། །ཆོས་དབྱིངས་ཡེ་ཤེས་རང་གདངས་ནི། །སྟོང་པའི་ངང་དུ་མཐིང་གར་གསལ། །མེ་ལོང་ཡེ་ཤེས་རང་གདངས་ནི། །འགག་མེད་ངང་དུ་དཀར་པོར་གསལ། །མཉམ་ཉིད་ཡེ་ཤེས་རང་གདངས་ནི། །དབྱེར་མེད་ཀློང་དུ་སེར་པོར་གསལ། །ཀུན་རྟོགས་ཡེ་ཤེས་རང་གདངས་ནི། །གསལ་བའི་ཀློང་དུ་དམར་པོར་གནས། །བྱ་གྲུབ་ཡེ་ཤེས་རང་གདངས་ནི། །ཐོགས་མེད་ཀློང་ན་ལྗང་གུར་གྲུབ། །དེ་ལྔ་ཆོས་ཉིད་ཀློང་ན་ཤར། །ཡེ་ཤེས་འོད་དུ་ཤར་ཞེས་བྱ། །རྟོགས་པས་སྐུ་དང་ཡེ་ཤེས་སྣང་། །མ་རྟོགས་སྣོད་བཅུད་གཉིས་སུ་ཤར། །དཔེར་ན་མེ་ལོང་དག་པ་ལ། །གང་འཕྲད་རྐྱེན་གྱིས་སྣང་མོད་ཀྱང་། །སྣང་བའི་དུས་ན་གོས་པ་མེད། །གོས་པ་མེད་ཀྱང་དེ་ལྟར་སྣང་། །དེ་བཞིན་རིག་པ་ཆོས་སྐུ་ལ། །ཡོན་ཏན་མ་འགགས་སྣ་ཚོགས་ཤར། །ཤར་ཀྱང་རང་ཉི༷ད་{རི༵ག་}གཅིག་པུར་གནས། །གཅིག་པུར་གནས་ལ་དུ་མ་མེད། །དུས་དང་གནས་སྐབས་ཐམས་ཅད་དུ། །དངོས་མེད་དག་པ་ཆེན་པོར་གནས། །སྒྲིབ་མེད་གསལ་བ་ཟང་ཐལ་གནས། །གཟུགས་སྐུ་གཉིས་པོའི་སྣང་བ་ཡང་། །རང་སྣང་མ་འགགས་རྣམ་པར་དག །ཅེས་སོ། །དེ་ཡང་གཞི་རང་བྱུང་གི་ཡེ་ཤེས་ལ་སྐུ་དང་ཡེ་ཤེས་ཀྱི་སྣང་བ་མ་འགགས་པར་ལྷུན་གྲུབ་ཏུ་ཡོད་པས། རྟོགས་ན་དག་པ་སངས་རྒྱས་ཀྱི་ཞིང་དང་སྐུ་གསུང་ཐུགས་སུ་འཆར་
བ་ལ། མ་རྟོགས་ན་འཁྲུལ་སྣང་སྣོད་བཅུད་ཀྱི་སྣང་བ་དང་ལུས་ངག་སེམས་གསུམ་དུ་འཆར་བའི་གནད་ཐམས་ཅད་རིག་པ་ལ་ཡེ་ནས་མ་འགགས་རང་ཤར་གྱི་སྒོ་ཡོད་པ་ལ་ཐུག་པས་གནས་གལ་པོ་ཆེའོ། །

སེམས་དང་ཡེ་ཤེས་ཀྱི་གནས་ཚུལ་བསྟན་པ།
མདོར་བསྟན།


GTN001_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

〈༤〉དོན་བཞི་པ་སེམས་དང་ཡེ་ཤེས་ཀྱི་གནས་ཚུལ་བསྟན་པ་ལ་གསུམ་སྟེ། མདོར་བསྟན། རྒྱས་བཤད། དོན་བསྡུ་བའོ། །དང་པོ་ནི། ཐེག་པ་ཐུན་མོང་བས་རྟོག་བཅས་རྟོག་མེད་ལ་སེམས་ཡེར་ཕྱེ་བ་ཙམ་ལས་མེད་ཀྱང་། འདིར་ཁྱད་པར་གསལ་བར་ཕྱེ་ནས་བསྟན་ཏེ། ཡེ་ཤེས་ནི་ཡེ་ནས་ལྷུན་གྲུབ་ཀྱི་ས་འདུས་མ་བྱས་པ་རྣམ་པར་མི་རྟོག་པ། སངས་རྒྱས་ཀྱི་ཆོས་སྐུ་དྲི་མ་མེད་པའི་འཆར་གཞི་དྲི་བཅས་དེ་བཞིན་ཉིད་ཀྱི་གནས་སྐབས་སྐུ་དང་ཡེ་ཤེས་ཀྱི་རང་བཞིན་བྲལ་གཞི་བྲལ་འབྲས་ཀྱི་ཆར་གནས་སྐབས་ཀྱི་བཞག་པ་ཅན་ཡིན་ཏེ། སངས་རྒྱས་རང་ཆས་ཆེན་མོའི་རྒྱུད་ལས། ཀྱཻ་གསང་བའི་བདག་པོ། ཡེ་ཤེས་ཀྱི་སྐུ་ལ་འཕེལ་འགྲིབ་མེད་པས། དུས་བཞི་མཉམ་པ་ཉིད་དུ་རང་རིག་སྟོང་པ་འོད་གསལ་ཆེན་པོར་འདུག་པ་འདི་ཡང་དག་པར་རྫོགས་པའི་སངས་རྒྱས་འདུས་མ་བྱས་ཀྱི་སྐུ་ཡིན་ནོ། །ཞེས་སོ། །སེམས་ནི་གློ་བུར་གྱི་དྲི་མར་གྱུར་པ། འཁོར་བའི་རྩ་བའི་རྒྱུ་བྱེད་པ། ཁམས་གསུམ་པའི་བག་ཆགས་ཀྱི་རྟེན། གསོན་པར་འདུ་བྱེད་པ་བྲལ་བྱ་ཡིན་པ་སྟེ། ངོ་སྤྲོད་སྤྲས་པའི་རྒྱུད་ལས། རིགས་ཀྱི་བུ་སེམས་དང་སེམས་ལས་བྱུང་བ་ཐམས་ཅད་འཁོར་བའི་རྒྱུ་ཡིན་ནོ། །ཞེས་བཀའ་
སྩལ་ཏོ། །ཞེས་པ་དང་། ལུང་གོང་མ་ལས། སེམས་ལ་སངས་རྒྱས་མེད་དོ། །སངས་རྒྱས་ལ་ཆོས་མེད་དོ། །ཆོས་འཁོར་བའི་ཆོས་ཅན་ཡིན་ནོ། །སེམས་ནི་འདུས་བྱས་ཡིན་པའི་ཕྱིར་རོ། །ཆོས་ནི་བྱས་པའི་ཆོས་ཅན་ཡིན་ནོ། །སངས་རྒྱས་ནི་འདུས་མ་བྱས་ཏེ་རང་བྱུང་གི་ཡེ་ཤེས་སོ། །འགྱུར་བ་མེད་དོ། །སངས་རྒྱས་ཆོས་ལས་མ་བྱུང་སྟེ། བྱས་པའི་ཆོས་ཀྱིས་སངས་རྒྱས་མི་འགྲུབ་བོ། །ཅིའི་ཕྱིར་ཞེ་ན་ཆོས་ནི་འཁོར་བའི་ཆོས་ཅན་ནོ། །ཞེས་པ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བ་ནི་དྲི་མེད་ལྷུན་གྱིས་གྲུབ་པའི་ཡེ་ཤེས་སོ། །སེམས་ནི་བྱ་བ་ཐམས་ཅད་ཀྱི་བདག་ཉིད་དོ། །སྙིང་པོ་བྱང་ཆུབ་ཀྱི་འདུག་ཚུལ་ནི་ཆོས་ཐམས་ཅད་ལས་འདས་པའོ། །སེམས་ཀྱི་བག་ཆགས་སམ་རྟོག་པའི་མདུད་པ་འདི་གྲོལ་བའི་ཕྱིར་རོ། །སེམས་ལས་བྱུང་བའི་ཆོས་ཇི་སྙེད་བྱ་བ་ཡང་། ཚེ་འདིར་འབྲས་བུ་བླ་ན་མེད་པ་ལ་སྦྱོར་བར་མི་ནུས་སོ། །ཞེས་གསུངས།

ཡེ་ཤེས་ཀྱི་གནས་ཚུལ།


GTN001_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་རྒྱས་པར་བཤད་པ་ལ་བཞི་སྟེ། ༡ ཡེ་ཤེས་ཀྱི་གནས་ཚུལ། ༢ སེམས་ཀྱི་གནས་ཚུལ། ༣ དེ་གཉིས་ཀྱི་ཆོས་གཞན་བསམ་པ་དང་། ༤ སེམས་དང་ཡེ་ཤེས་ཀྱི་དོན་བསྡུ་བའོ། །[༡]དང་པོ་ལ་ལྔ་ལས། རྟེན་ནི། ཡེ་ཤེས་ཀྱི་སྟོད། གནས་ནི། ཙིཏྟ་རིན་པོ་ཆེའོ། །ལམ། སྙིང་ནས་མིག་ཏུ་འབྲེལ་བའི་རྩ་དར་དཀར་གྱི་སྐུད་པ་ལྟ་བུ། སྒོ། ཆུ་ཡི་སྒྲོན་མ་དང་གླང་མོའི་འུར་སྒྲ་གཉིས་ཏེ་རིག་པ་ལ་སྐུ་གསུང་ཐུགས་གསུམ་


GTN001_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུན་གྲུབ་ཏུ་ཡོད་པའི་རང་གདངས་གསུམ་ལས། སྐུའི་འོད་གཉིས་རྒྱང་ཞགས་ལ་གནས། གསུང་གི་སྒྲ་རྣ་བ་ལ་གནས། ཐུགས་ཀྱི་རིག་གདངས་གློ་བར་འབྲེལ་བ་སེམས་སུ་གསལ། ཡེ་ཤེས་རང་གི་ངོ་བོ། གཞི་དག་པ་ཆོས་ཀྱི་སྐུ་སྟོང་གསལ་ལྷུན་གྲུབ་ཆེན་པོར་འཁོར་འདས་ཀུན་ཁྱབ་ཏུ་བཞུགས་པ་དེ་ཡིན་ནོ། །འདིས་སེམས་ཅན་ལ་གཞིའི་བྱ་བ་བྱེད་དོ། །རྣལ་འབྱོར་པ་ལ་རྟོགས་ནས་ཉམས་སུ་ལེན་པས་ལམ་གྱི་བྱ་བ་བྱེད་དོ། །མངོན་དུ་གྱུར་དུས་རང་ངོ་རྣམ་པར་དག་པས་འབྲས་བུའི་བྱ་བ་བྱེད་དོ། །དེ་ཡང་གཞི་ལ་འོད་ཡོད་པས་གདངས་ཀྱི་རྩལ་ལམ་སྣོད་ཀྱི་བྱ་བ་བྱེད་དོ། །སྐུ་ཡོད་པའི་རྩལ་ལས་སེམས་ཅན་ཀྱི་ལུས་ཀྱི་བྱ་བ་བྱེད་དོ། །རིག་པ་ཡོད་པའི་རྩལ་ལས་སེམས་ཅན་གྱི་བྱ་བ་བྱེད་པའི་ཕྱིར། སེམས་ཅན་ལ་གཞིའི་བྱ་བ་བྱེད་པར་བཞག་གོ། ཡང་འོད་ཡོད་པས་ཉམས་སུ་ལེན་དུས་དབྱིངས་སྣང་གི་བྱ་བ་བྱེད་དོ། །སྐུ་ཡོད་པས་ཐིག་ལེ་ལུ་གུ་རྒྱུད་སྨིན་པས་སྐུ་ཡི་བྱ་བ་བྱེད་དོ། །རིག་པ་ཡོད་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་བདེ་གསལ་སྟོང་པའི་ཉམས་སུ་རང་འཆར་ཞིང་། རིག་པ་རང་ས་ཟིན་པ་ལ་སྦྱོར་བའི་བྱ་བ་བྱེད་པའི་ཕྱིར་རྣལ་འབྱོར་པ་ལ་ལམ་གྱི་བྱ་བ་བྱེད་པར་བཞག་གོ། དག་པ་མྱ་ངན་ལས་འདས་པའི་ཚེ་འོད་ཀྱི་ཞིང་དང་གཞལ་ཡས་ཁང་གི་བྱ་བ་བྱེད། སྐུས་ལོངས་སྐུ་རང་སྣང་གི་བྱ་བ་བྱེད། རིག་པས་སྤངས་རྟོགས་མཐར་ཕྱིན་པའི་བྱ་བ་བྱེད། ཤིན་ཏུ་དག་པས་རིན་པོ་ཆེའི་སྦུབས་སུ་རང་གསལ་ཐིག་ལེ་ཆོས་སྐུ་ཉག་གཅིག་གི་བྱ་བ་


GTN001_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པའི་ཕྱིར་མྱ་ངན་ལས་འདས་པ་ལ་འབྲས་བུའི་བྱ་བ་བྱེད་པར་བཞག་གོ། དེ་ཐམས་ཅད་ཀྱང་ཡེ་ཤེས་རང་གི་ངོ་བོ་ཡེ་ཇི་བཞིན་པ་ལས་མ་གཡོས་པས་གང་གི་དུས་ནའང་དེའི་ཕྱོགས་སུ་མ་ལྷུང་། རྒྱར་མ་ཆད་ལ་སྣང་ཚུལ་གོ་མ་འགགས་པ་ལ་དེ་ལྟར་སྣང་བའི་ཕྱིར། འཁོར་འདས་སུ་སྣང་བ་ནས་གཉིས་སུ་གྲུབ་ལ་རང་སྣང་བས་མཉམ་པ་ཉིད་ཅེས་བྱའོ། །གང་དུ་མཉམ་ན་རིག་ངོར་སྣང་ངོ་། །ཇི་ལྟར་མཉམ་ན་རང་གདངས་གསལ་བ་ཙམ་དུ་མཉམ་པའོ། །མཉམ་པའི་འཐད་པ་ནི་རྟོགས་པས་མྱང་འདས་སུ་སྣང་ཡང་རང་གདངས་སྐུ་གསུམ་དུ་སྣང་བ་ཙམ་མ་རྟོགས། སེམས་ཅན་དུ་སྣང་ཡང་རང་གདངས་སྐུ་གསུམ་ཐུགས་རྗེའི་རྩལ་དང་རོལ་པར་ཤར་བ་ཙམ། དོན་རང་ངོ་ལ་ལྷུན་གྲུབ་རང་ས་འཁོར་འདས་ལས་འདས་པའི་དབྱིངས་ཡེ་ཇི་བཞིན་པའི་དགོངས་པར་གནས་པའི་ཕྱིར་རོ། །འདི་ནི་ཤིན་ཏུ་དཀའ་བའི་གནས་ཏེ་ཁྱད་པར་རིག་པ་ལ་མཁས་པ་རྣམས་ཁོ་ནའི་སྤྱོད་ཡུལ་ལོ། །ཡེ་ཤེས་ཀྱི་བརྟེན་པ་ལ་སོགས་པ་འདི་དག་གང་ལས་བྱུང་ཞེ་ན། བླ་ན་མེད་པ་རྒྱུད་ཀྱི་གནས་ངོ་སྤྲད་པ་ལས་གསུངས་ཏེ། གསང་བའི་བདག་པོ་བདེ་བར་གཤེགས་པའི་ཡེ་ཤེས་ཀྱི་ལུས་ཅན་བརྟེན་པ་རང་གི་ལུས་བྱང་ཁོག་སྟོད་འདི་ལ་བརྟེན་ནས་ཡོད་དོ། །གནས་པ་སྙིང་ན་གནས་སོ། །ལམ་ནི་སྙིང་དང་མིག་གི་བར་དུ་རྩ་དར་དཀར་གྱི་སྐུད་པ་ལྟ་བུ་མཉེན་ལ་འཁྲིལ་པ་ཁྲག་དང་ཆུ་སེར་མེད་པ་གཅིག་གིས་འབྲེལ་ནས་ཡོད་དོ། །དེ་ནི་ཡེ་ཤེས་ཀྱི་ལམ་ཡིན་ནོ། །སྒོ་ནི་མངོན་དུ་གྱུར་པའི་སྒོ་གཉིས་དང་། ལྐོག་ཏུ་གྱུར་པའི་སྒོ་གཉིས་ཏེ་བཞི་ཡིན་ནོ། །


GTN001_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་དུ་གྱུར་པའི་སྒོ་གཉིས་ནི་རང་གི་མིག་གཉིས་ཡིན་ནོ། །ལྐོག་ཏུ་གྱུར་པའི་སྒོ་གཉིས་ནི་རང་གི་རྣ་བ་གཉིས་ཡིན་ནོ། །ཡེ་ཤེས་རང་གི་ངོ་བོ་ནི། གཞི་དག་པ་ཆོས་ཀྱི་སྐུའི་ངོ་བོ་སྟོང་པར་བཞུགས་སོ། །ཡེ་ཤེས་འོད་གསལ་བར་བཞུགས་སོ། །སྙིང་པོ་ཟང་ཐལ་དུ་བཞུགས་སོ། །ངོ་བོ་སྟོང་པར་བཞུགས་པ་ནི། རང་གི་རིག་པ་འདི་ཉིད་དངོས་པོ་དང་མཚན་མ་གར་ཡང་མ་གྲུབ་པས་ངོ་བོ་སྟོང་པར་འདུག་པ་འདི་ཉིད་ཡིན་ནོ། །ཡེ་ཤེས་འོད་གསལ་ལ་བཞུགས་པ་ནི། རིག་པ་རང་གི་ངོ་བོ་མ་འགགས་པར་གསལ་བ་འདི་ཡིན་ནོ། །རིགས་ཀྱི་བུ་རིག་པ་རང་གི་ངོ་བོ་མ་འགགས་པར་གསལ་བ་འདི་ནི་སངས་རྒྱས་ཀྱི་དགོངས་པ་ཡིན་ནོ། །སྙིང་པོ་ཟང་ཐལ་དུ་བཞུགས་པ་ཤ་ཁྲག་གི་ལུས་ཀྱིས་གཏུམས་ཀྱང་མ་འཐུམས་པར་མིག་གི་རྣམ་པར་ཤེས་པ་ལ་མཐོང་བ་མ་འགགས་པར་འོད་དུ་གསལ་བ་འདི་ཡིན་ནོ། །འདི་ཁོ་ན་ཡེ་ཤེས་ཟང་ཐལ་གྱི་དགོངས་པ་ཡིན་ནོ། །ཞེས་རྒྱ་ཆེར་གསུངས་སོ། །

སེམས་ཀྱི་གནས་ཚུལ།


GTN001_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

[༢]གཉིས་པ་སེམས་ཀྱི་གནས་ཚུལ་ལ་ལྔ་ལས། སེམས་ཀྱི་རྟེན་རོ་སྟོད། གནས་གློ་བ། ལམ་མགྲིན་པ་སྟེ་གློ་བ་ནས་མགྲིན་པར་རྩ་སོག་སྦུག་ཙམ་
འབྲེལ་བ་ནས་དབུགས་འགྱུ་བའོ། །སྒོ་ཁ་སྣའོ། །སེམས་རང་གི་ངོ་བོ་ཚོགས་དྲུག་གམ་བརྒྱད་ཡུལ་ལ་ཤར་བ་ཕྱི་ནང་དུ་རྟོག་པ་སྟེ། ལུང་སྔ་མར། གསང་བའི་བདག་པོ། སེམས་ཀྱི་རྟེན་ནི་རང་གི་ཤ་ཁྲག་གི་ལུས་བྱང་ཁོག་སྟོད་ཡིན་ནོ། །གནས་ནི་གློ་བའི་ནང་ན་གནས་སོ། །ལམ་ནི་གློ་བ་ནས་མགྲིན་པར་རྩ་གྲོ་སོག་གི་སྦུག་མ་ཙམ་གཅིག་གིས་འབྲེལ་ནས་ཡོད་དོ། །དེ་ནས་མར་དབུགས་རྒྱུ་བ་དེ་སེམས་ཀྱི་ལམ་ཡིན་ནོ། །སྒོ་ནི་འདོད་པའི་སྒོ་གསུམ་སྟེ། སྣ་བུག་གཉིས་ཁ་དང་གསུམ་ཡིན་ནོ། །འདོད་པའི་ཤེས་པ་དེ་ལས་བྱུང་ངོ་། །སེམས་རང་གི་ངོ་བོ་ནི་རྣམ་པར་རྟོག་པ་དང་བཅས་པ། དབུགས་ཕྱི་ནང་དུ་འགྱུ་བ་འདི་རང་ཡིན་ནོ། །ཞེས་གསུངས་སོ། །དེ་ཡང་སྙིང་ནས་གློ་བར་རྩ་སོག་སྦུག་ཙམ་འབྲེལ་བའི་ནང་ན། ཡེ་ཤེས་ཐུགས་ཀྱི་གདངས་ཤར་བ་དེ་རླུང་དང་འདྲེས་པས་སེམས་ཞེས་བྱ་སྟེ། གདངས་མི་འཕྱེའོ་མིག་ཅན་ལྟ་བུ། རླུང་རྟ་ལོང་བ་རྐང་ཅན་ལྟ་བུ་ལ་ཞོན་ནས་རླུང་ཕྱིར་རྒྱུ། ཁ་སྣ་ནས་འགྲོ་འོང་བྱེད། སྒོ་ལྔའི་ཡུལ་འཛིན། ནང་དུ་རྩ་འདབ་རྣམས་སུ་རྒྱུ། ཡིད་ཀྱི་ཡུལ་ཆོས་ལ་རྟོག་དཔྱོད་དུ་འཛིན་ཏེ། ཆོས་ནི་སྒོ་ལྔའི་ཡུལ་ལྟར་དངོས་སུ་བལྟར་མེད་ཀྱང་ཞེན་ནས་ཡིད་ཀྱིས་ཀུན་ལ་སེམས་ཏེ་བློ་ཡི་ཡུལ་དུ་དོན་ཅི་ཡིད་ལ་བྱེད་པ་ཐམས་ཅད་དོ། །དེ་ཡང་རིག་གདངས་ཀྱི་མི་བཀྲ་དགུ་བཀྲར་བྱུང་ལ་རླུང་གི་མི་འགྱུ་དགུ་འགྱུར་བྱུང་བས་རླུང་རིག་ཏུ་འདྲེས་པ་ལ་སེམས་ཞེས་བཏགས་སོ། །ལམ་དུས་རླུང་དག་ན་གདངས་བཞི་ལས་མ་གཡོས་པར་རྣམ་པར་མི་རྟོག་པའི་ཡེ་ཤེས་རང་མལ་དུ་གནས་པ་རྒྱལ་བའི་དགོངས་པ་ལྷུན་གྱིས་གྲུབ་པ་ལ་འཇོག་ཅིང་། རླུང་གི་གནད་བསྟུན་པ་ཐམས་ཅད་འདི་ལ་ཐུག་པ་ཡིན་ནོ། །

དེ་གཉིས་ཀྱི་ཆོས་གཞན་བསམ་པ།


GTN001_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

[༣] གསུམ་པ་དེ་གཉིས་ཀྱི་ཆོས་གཞན་བསམ་པ་ལ། ད་ལྟ་འཕྲད་ཚུལ་དང་། ཐ་མ་གྱེས་ཚུལ་གཉིས་ལས། འཕྲད་ཚུལ་ནི། གློ་བ་ནས་སྙིང་དུ་འབྲེལ་བའི་རྩ་ནང་དུ་སྙིང་ཁའི་ཐུགས་རྗེའི་
གདངས་རླུང་ལ་འདྲེས་པ་འདི་སེམས་ཡིན་ལ། རྣལ་འབྱོར་པའི་ལྟ་སྟངས་དང་གཟིགས་སྟངས་གཅུན་པའི་གནད་ཀྱིས་གློ་བའི་རླུང་སྙིང་ནང་དུ་འདུས་པས་ཐུགས་རྗེའི་གདངས་རང་ངོར་ཐིམ་ནས་རྟོག་པ་མེད་པ། རླུང་གི་ཆས་གསལ་བར་ཤར་ཏེ། གསལ་སྟོང་མི་རྟོག་པའི་རིག་པ་ཤར་བ་ནི་སེམས་དང་ཡེ་ཤེས་འཕྲད་ཚུལ་ལོ། །དོན་ལ་ཐུགས་རྗེའི་རང་གདངས་རང་མལ་དུ་ཐིམ་པ་ལ་སེམས་དང་ཡེ་ཤེས་འཕྲད་ཅེས་བྱའོ། །དེ་ནས་རླུང་རང་ངོར་གློ་བར་ཞ་བས་དར་ཅིག་གྱེས་པ་ཡང་དོན་གྱིས་གནས་སོ། །ཐ་མ་གྱེས་ཚུལ་ནི། འབྱུང་བཞི་ཐིམ་ནས་གློ་བའི་དབུགས་ཕྱིར་སོང་ནས་ནང་དུ་མ་འདུས་པས་ཕར་ཆད་རྟ་ལོང་བ་རྐང་ཅན་ནམ་མཁར་ཞ། ཡེ་ཤེས་ཀྱི་གདངས་ཚུར་འདུས་སྙིང་ལ་ཐིམ་པ་དེ་ལམ་དར་དཀར་ལྟ་བུ་ནས་ཆུའི་སྒྲོན་མར་ཐོན་དེ། སྣང་སྲིད་ཐམས་ཅད་ཞིང་ཁམས་སུ་ཤར་བའི་དུས་སུ་སེམས་དང་ཡེ་ཤེས་རྒྱབ་གྱེས་སོ། །དོན་ལ་རླུང་གི་རྟ་དང་རིག་པ་བྲལ་བ་ལ་སེམས་ཡེ་རྒྱབ་གྱེས་ཞེས་བྱ་བ་འདིའི་དུས་སུ་རང་སྣང་རང་ངོར་ཤེས་པས་སངས་རྒྱས་པ་ཡིན་ནོ། །ངོ་སྤྲོད་སྤྲས་པ་ལས། གསང་བའི་བདག་པོ། ད་ལྟ་འཕྲད་ཚུལ་ནི། རང་གི་སྙིང་གའི་ནང་ན་རིག་པ་ཆོས་སྐུའི་ངོ་བོ། སྟོང་པ་འདུས་མ་བྱས་པ་ནམ་མཁའ་ལྟ་བུར་གནས་སོ། །རིག་པ་རང་གི་ངོ་བོ་དངུ༷ལ་དཀ༷ར་{ཉུང༵ས་ཀ༵ར་}གྱི་ཡང་ཞུན་ལྟ་བུར་གནས་སོ། །རིག་པ་རང་གི་ལུས་འོད་ཀྱི་གོང་བུ་ཚོན་སྣ་ལྔའི་གྲུ་གུ་བསྡོགས་པ་ལྟར་གནས་སོ། །རིག་པ་ཆོས་ཀྱི་སྐུ་ཡེ་ཤེས་ལྔའི་མཚན་ཉིད་དུ་བཞུགས་སོ། །


GTN001_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ལྔ་འོད་ལྔའི་རང་བཞིན་དུ་ཡོད་དོ། །རང་གི་སྙིང་གའི་ནང་ན་འོད་ཁ་དོག་རྣམ་པ་ལྔ་མེར་རེ་ཡོད་དོ། །སེམས་གློ་བ་ན་ཡོད་དོ། །གློ་བ་ནས་སྙིང་དུ་རྩ་སོག་མའི་སྦུ་གུ་ཙམ་གྱིས་འབྲེལ་ནས་ཡོད་དོ། །སེམས་གློ་བ་ནས་དོན་ནས་རྩ་སོག་མའི་སྦུག་མ་ཙམ་དེ་ན་ཡར་ལ་དབུགས་འགྱུས་པས་སྙིང་གི་ནང་ན་སྐུ་གསུམ་ཡེ་ཤེས་ལྔ་ཡོད་པ་དང་འཕྲད་དེ། རང་གི་སྙིང་གི་དཀྱིལ་དུ་རིག་པ་དབུགས་ཀྱི་རྟ་དང་འཕྲད་པས་དབུགས་མེད་པའི་འགྱུ་བ་ཡེ་ཤེས་ཞེས་བྱའོ། །ཐ་མ་རྒྱབ་གྱེས་ཚུལ་ནི། རང་འཆི་བའི་དུས་སེམས་གློ་བའི་ནང་ནས་དོན། ལམ་རྩ་གྲོ་སོག་གི་སྦུག་མ་ཙམ་དེ་ནས་སྣ་བུག་གཉིས་ཁ་དང་གསུམ་ནས་ཕར་ལ་དབུགས་ཧ་ཟེར་ནས་དབུགས་ཕར་རྒྱུ། ཧུ་ཟེར་ནས་དབུགས་ཚུར་ལ་འདྲེན་ནོ། །གསང་བའི་བདག་པོ་སྲིད་པའི་རི་བོ་ལས་བརྒལ་བའི་དུས་སུ། སྲོག་ཏུ་གྱུར་པའི་རླུང་ནང་དུ་འདྲེས༷་{འདྲེ༵ན་}པ་སྟོབས་ཆེ་སྟེ། འདུས་མ་བྱས་པའི་ནམ་མཁའ་ནས་དྲངས་པས། ཚུར་འདུས་ཐུགས་རིག་པའི་ཡེ་ཤེས་ལ་ཐིམ། ཕར་འཕྲོས་པས་འདུས་མ་བྱས་པའི་ནམ་མཁའ་ལ་ཐིམ་པས་རྣམ་ཤེས་རླུང་ཞོན་གྱི་དགོངས་པ་ཞེས་བྱའོ། །ཐ་མ་ཧ་ཟེར་ནས་ཕར་ལ་སོང་། ཧུ་ཟེར་ནས་ཚུར་ལ་མ་འདུས་པའི་ཚེ། དབུགས་འདོད་པའི་སྒོ་གསུམ་དུ་འཆད་དོ། །རིགས་ཀྱི་བུ་དེའི་ཚེ་ཡེ་ཤེས་རང་གི་སྙིང་གི་དཀྱིལ་ནས་ཐོན། ལམ་རྩ་དར་དཀར་གྱི་སྐུད་པ་འདྲ་བའི་ནང་ན་ཡར་སོང་ནས་སྒོ་རང་གི་མིག་ནས་ཕར་ལ་ཐོན་ནོ། །དེའི་དུས་སུ་སེམས་དང་ཡེ་ཤེས་རྒྱབ་གྱེས་སོ། །ཞེས་གསུངས།


GTN001_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་ད་ལྟ་འཕྲད་དུས་རླུང་གི་སྙིང་ནང་གི་ཡེ་ཤེས་འོད་ལྔའི་གདངས་ལ་ཞུགས་པས་དབྱིངས་དང་ལུ་གུ་རྒྱུད་འགྲོ་འོང་དུ་སྣང་བ་ཡིན་ལ། རླུང་ཇེ་དག་ལ་སོང་བས་སྣང་བ་ཇེ་བརྟན་ལ་སོང་ནས་ཚད་དུ་ཕེབས་ལ་འོད་ཀྱི་གདོས་བཅས་དག་དུས་རླུང་ཐམས་ཅད་ཤིན་ཏུ་དག་པས་ཟད་པར་སོང་སྟེ། ཡེ་ཤེས་ཀྱི་གདངས་རླུང་དང་བྲལ་བས་ལྷུན་གྲུབ་ལ་ཐིམ་ནས་ཕྱིར་མི་སྣང་། ཆོས་སྐུ་ནང་གསལ་ཐིག་ལེ་ཉག་གཅིག་ཏུ་གྲོལ་པའི་གནད་ཐམས་ཅད་དེ་ལ་ཐུག་གོ །དེས་ན་ཉམས་སུ་ལེན་དུས་སེམས་ཡེ་ཤེས་ལ་འཕྲད་ནས་ཐིམ་པས་རྟོག་མེད་རང་གསལ་དུ་གནས་ཀྱང་། རླུང་གིས་གདངས་བསྐྱོད་པས་དབྱིངས་རིག་གི་སྣང་བ་ཕྱིར་གསལ་ཏེ། འགྲོ་འོང་འགུལ་འཕྲིག་ཏུ་སྣང་བ་དང་། རྟོག་པ་རང་ས་རྗེས་མེད་ཟང་མ་ཐལ་བྱུང་དུ་སྣང་བའང་རླུང་གིས་ཐུགས་རྗེའི་གདངས་སྔར་བཞིན་ཡུལ་ལ་རྒྱ་ཡན་དུ་མ་བསྐྱོད་ཀྱང་སྐད་ཅིག་ཕྲ་མོར་བསྐྱོད་པ་ལས་བྱུང་སྟེ། ལུས་གནད་འཆིངས་པས་རྩོལ་མེད་རང་གྲོལ་ལ་འགྲོ་བའི་གནད་ཐམས་ཅད་དེ་ལ་ཐུག་པའོ། །མདོར་ན་རིག་གདངས་ཕྱིར་གསལ་དུ་འཆར་ཞིང་བསྐྱོད་པ་ཐམས་ཅད་རླུང་གིས་ཕྱིར་ཕུལ་བ་ལས་བྱུང་ལ། རླུང་དག་པ་ན། ནང་ཐིམ་ལ་སོང་ནས་ཕྱིར་མི་སྣང་བ་ནི། འདི་ཡི་རྟོགས་དཀའ་བའི་གནས་སོ། །

སེམས་དང་ཡེ་ཤེས་ཀྱི་དོན་བསྡུ་བ།


GTN001_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

[༤] བཞི་པ་སེམས་དང་ཡེ་ཤེས་ཀྱི་དོན་བསྡུ་བ་ནི། ཡེ་ཤེས་དེའི་གདངས་རླུང་དང་འདྲེས་པའི་སེམས་སུ་བརྗོད་པས། སེམས་ཀྱི་རྩ་བ་ཡེ་ཤེས་ལ་ཐུག་པ་དང་། སེམས་ཀྱི་རང་དུས་ཡུལ་སྲ་བར་རིག་པ་དེ་ཡེ་ཤེས་ཀྱི་རང་རྩལ་ལམ་རང་
གདངས་ཡིན་པས་གཅིག་པ་འདྲ་ལ་མི་གཅིག་པ་ནི་རླུང་དང་འདྲེས་པས་འགྱུ་ཆར་ཤར་བ་སྟེ། ཡེ་ཤེས་མི་རྟོག་པའི་ཕྱིར་ན། སེམས་དང་ཡེ་ཤེས་གཅིག་དང་ཐ་དད་ལས་གྲོལ་བའི་མ་གྲོལ་བ་ཞེས་བྱ་བ་སྟེ། རྟེན་དང་གནས་ལུགས་ལ་སོགས་པ་སོ་སོར་བསྟན་པ་ཡིན་ནོ། །དེའི་ཕྱིར་སེམས་འཁོར་བའི་གཞི་དང་། ཡེ་ཤེས་མྱ་ངན་ལས་འདས་པའི་གཞིར་བརྗོད་ཅིང་བརྟགས་པའོ། །ཚུལ་འདི་དག་ལས། ཀུན་གསལ་ལས། རྡོ་རྗེ་འཛིན་པ་ལེགས་པར་ཟུང་ཞིག །སེམས་དང་ཡེ་ཤེས་རྣམ་པ་གཉིས། །གཅིག་མིན་ཐ་དད་མ་ཡིན་ཏེ། །དབྱེ་བ་རབ་ཏུ་དཀའ་བའི་ཆོས། །སེམས་ནི་ཡེ་ཤེས་རྩལ་ཡིན་ཏེ། །སེམས་ཀྱི་གཞི་མ་ཡེ་ཤེས་ཡིན། །དེ་བས་སེམས་དང་ཡེ་ཤེས་གཉིས། །གཅིག་པ་དང་ནི་ཐ་དད་པས། །གྲོལ་བའི་མ་གྲོལ་ཞེས་བྱའོ། །སེམས་དང་ཡེ་ཤེས་དབྱེ་བ་ནི། །ངོ་བོའི་སྒོ་ནས་དབྱེ་བ་དང་། །གནས་ཀྱི་སྒོ་ནས་དབྱེ་བ་དང་། །ལམ་གྱི་སྒོ་ནས་དབྱེ་བ་དང་། །སྒོ་ཡི་སྒོ་ནས་དབྱེ་བ་དང་། །སྐྱོན་ཡོན་སོ་སོའི་སྒོ་ནས་དབྱེ། །དེ་ལ་ཡེ་ཤེས་ངོ་བོ་ནི། །རང་བཞིན་རྣམ་པར་དག་པས་ཆོས་ཀྱི་སྐུ། །འདུག་ཚུལ་འོད་དུ་གནས་པས་གཟུགས་ཀྱི་སྐུ། །སྣང་ཚུལ་ཕྱི་ནང་མེད་པས་ཡེ་ཤེས་ཟང་ཐལ་ཡིན། །སྐུ་གསུམ་དབྱེར་མེད་དངོས་པོའི་སྒྲིབ་ལས་འདས། །ཞིབ་ཏུ་གོང་བཤད་འདིར་མི་བརྗོད། །སེམས་ཀྱི་ངོ་བོ་བསྟན་པ་ནི། །སྦུགས་དང་བཅས་པའི་གཟུང་འཛིན་ཡིན། །སེམས་དང་ཡེ་ཤེས་གནས་བསྟན་པ། །ཡེ་ཤེས་ཆེན་པོའི་བཞུགས་གནས་ནི། །རྣམ་དག་དབྱིངས་ཀྱི་ཐིག་ལེ་ཡིན། །དེ་ལྟར་རིན་ཆེན་ཀློང་ན་བཞུགས། །འདུག་ཚུལ་


GTN001_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

གནས་དང་སྣང་ཚུལ་འབྱམས་༼མཇལ༽། །གོང་དང་འོག་ཏུ་ཤེས་པར་བྱ། །སེམས་ནི་རླུང་ཅན་གྲོང་ན་གནས། །ལམ་ཡང་རྣམ་པ་གཉིས་སུ་བསྟན། །རིན་ཆེན་རྒྱ་མཚོར་སྦྲེལ་བ་ནི། །དཀར་འཇམ་ཁོག་པ་སྟོང་པའི་རྩ། །ཐིག་ལེ་ཁྲག་གིས་མ་གང་བར། །ཡེ་ཤེས་ཆེན་པོ་ཕྱོགས་མེད་༼ཀུན་ཏུ་འགྱུ་༽རྒྱུ། །དེ་ནི་ཡེ་ཤེས་ལམ་དུ་བཤད། །མགྲིན་པ་སེམས་ཀྱི་ལམ་དུ་བསྟན། །དེ་ལ་དབུགས་རྒྱུ་རྒྱུ་སྲང་ཡིན། །སྒོ་ལ་རྣམ་པ་གཉིས་སུ་བཤད། །ཡེ་ཤེས་སྒོ་དང་སེམས་ཀྱི་སྒོ། །ཡེ་ཤེས་སྒོ་ལ་གཉིས་ཡིན་ཏེ། །ཁྱབ་ལ་མི་སྣང་ལྐོག་འགྱུར་སྒོ། །རྣ་བ་གཉིས་སུ་བསྟན་པ་ཡིན། །གསལ་བའི་བདག་ཉིད་ཟང་ཐལ་བས། །མངོན་གྱུར་ཡེ་ཤེས་སྒོ་སྟེ་སྤྱན་དུ་བསྟན། །སེམས་སྒོ་འདོད་པའི་སྒོ་གསུམ་ཡིན། །དབུགས་རྒྱུ་དང་མི་རྒྱུའི་རྣམ་ཤེས་ཕྱེ་བའོ། །ཡེ་ཤེས་ཡོན་ཏན་ཀུན་སྣང་རྫོགས། །སེམས་ཀྱི་སྐྱོན་ནི་འཁོར་བའི་ཆོས། །དེ་དང་དེ་ལས་འབྱུང་བར་བརྩི། །ཞེས་གསུངས་སོ།


GTN001_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱང་སྨོན་ཚིགའདི་ལྟར་བགྱིས་པའི་བསོད་ནམས་དགེ་ཚོགས་ཀྱིས། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པ་དང་། །དེ་འཛིན་བྱེད་པའི་སྐྱེས་བུ་དམ་པ་རྣམས། །སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པར་ཤོག །འཇིག་རྟེན་བདེ་ཞིང་ནད་མུག་འཁྲུགས་རྩོད་ཞི། །འབྲེལ་ཐོགས་གཙོར་བྱས་མ་གྱུར་འགྲོ་བ་ཀུན། །ཚོགས་གཉིས་རྫོགས་ཏེ་སྒྲིབ་གཉིས་བྱང་ནས་སུ། །མྱུར་དུ་རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །ཅེས་པ་འདི་ནི་ཞེ་ཆེན་དབོན་སྤྲུལ་ལྔ་པའི་མཚན་འཛིན་འགྱུར་མེད་གཞན་ཕན་འོད་ཟེར་ནས་སྨོན་པའོ།། །།