cover

ཞེ་ཆེན་དབོན་སྤྲུལ་གསུང་འབུམ་པོད་གཉིས་པ།

གླེགས་བམ། ཨ༽

འགྱུར་མེད་མཐུ་སྟོབས་རྣམ་རྒྱལ།

Nitartha international

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

ཞེ་ཆེན་མ་ཧཱ་པཎྜི་ཏ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་གྱི་གསུང་འབུམ་ལེགས་བཤད་ནོར་བུའི་མཛོད་ཁང་།


GTN002_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

༄༅།།སུ་བྷ་ཥི་ཏཾ་མ་ཎ་ཡཀོ་ཥཔྲ་སཱ་ད་ནཱ་མ་མ་ཧཱ་པཎྜི་ཏཱཀྵ་རཔྲ་བྷ་བ་བི་ཛ་ཡ་ཝཱཀླ་ཀྟཾ་མ་ཧཱ་པྲ་ཏཱི་ཤ་བི་ཧ་ར་ཏིསྨ།
༄༅། །ཞེ་ཆེན་མ་ཧཱ་པཎྜི་ཏ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་གྱི་གསུང་འབུམ་ལེགས་བཤད་ནོར་བུའི་མཛོད་ཁང་ཞེས་བྱ་བ་བཞུགས་སོ།།
དཔལ་རྒྱལ་བ་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་།


GTN002_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་སྔགས་ལུང་རྟོགས་བསྟན་པ་གཉིས་ལྡན་ཆེ། །བཤད་དང་སྒྲུབ་པས་དར་ཞིང་རྒྱས་མཛད་པའི། །བསླབ་གསུམ་ངུར་སྨྲིག་འཆང་བའི་ཆོས་སྡེ་འདིའི། །འཕྲིན་ལས་གླིང་བཞི་ཡོངས་ལ་ཁྱབ་པར་ཤོག །
༧ རྒྱལ་དབང་བདུན་པ་སྐལ་བཟང་རྒྱ་མཚོས།
ལེགས་བཤད་ཉི་ཟླའི་སྣང་བས་འཛམ་གླིང་ཁྱོན། །ཀུན་ཏུ་རབ་ཁྱབ་བཀྲ་ཤིས་དཔལ་འབར་ཞིང་། །བཤད་སྒྲུབ་པདྨའི་དགའ་ཚལ་རབ་རྒྱས་པ། །རྟག་ཏུ་མི་ཉམས་གོང་ནས་གོང་འཕེལ་ཤོག །
༧ ཀུན་མཁྱེན་མི་ཕམ་རྒྱ་མཚོས།


GTN002_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་ཞེ་ཆེན་མ་ཧཱ་པཎྜི་ཏ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་ལ་ན་མོ།
ལྷ་རིས་པ་ཕུར་བུ་ཚེ་རིང་།


GTN002_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཇི་སྐད་དུ། འཇམ་མགོན་མི་ཕམ་ཕྱོགས་ལས་རྣམ་རྒྱལ་གྱི་ཞལ་སྔ་ནས། ཐུན་མོང་ཐུན་མིན་གཞུང་ཀུན་རང་དབང་གིས། །མ་ནོར་བསྒྱུར་ཞུས་གཏན་ལ་ཕབ་པ་ཡིས། །གངས་ལྗོངས་སྣང་བའི་སྒོ་ཆེན་ཐོག་མར་ཕྱེས། །ཞེས་གསུངས་པ་ལྟར། མཁན་སློབ་ཆོས་རྒྱལ་སྤྲུལ་པའི་ལོ་པཎ་རྣམས་ཀྱི་སྐུ་དྲིན་ལ་བརྟེན་ནས་གངས་ལྗོངས་མུན་པའི་གླིང་དུ་ཐུབ་བསྟན་མདོ་སྔགས་ཟུང་དུ་འབྲེལ་བའི་བཀའ་སྲོལ་གྱི་སྒོ་ཆེན་ཐོག་མ་ཉིད་དུ་འབྱེད་པར་མཛད་པའི་རིང་ལུགས་དྲི་མ་མེད་པ་འདི་ཉིད་ལ་སྔ་འགྱུར་རྙིང་མ་ཞེས་ས་ཆེན་པོའི་ཁྱོན་འདིར་ཡོངས་སུ་གྲགས་པ་ཡིན་ལ། དེའི་རིང་ལུགས་འཛིན་པའི་བསྟན་འཛིན་གྱི་སྐྱེས་བུ་མཁས་གྲུབ་གཉིས་ལྡན་ནམ་མཁའི་སྐར་ཚོགས་ཀྱི་གྲངས་ལ་འགྲན་པ་བྱོན་ཅིང་། ཐོས་བསམ་སྒོམ་གསུམ་གྱིས་རྒྱལ་བསྟན་འཛིན་སྐྱོང་སྤེལ་བའི་བསྟི་གནས་ཆོས་སྡེ་གྲངས་ལས་འདས་པ་ཕྱག་བཏབ་པའི་བྱེ་བྲག སྟོད་ན་རྡོར་སྨིན་གཉིས། བར་ན་ཞེ་རྫོགས་གཉིས། སྨད་ན་ཀཿདཔལ་གཉིས་ཞེས་སྔ་འགྱུར་རྙིང་མའི་གདན་ས་ཆེན་པོ་དྲུག་ཏུ་གྲགས་པའི་ཡ་གྱལ། དཔལ་རྒྱལ་བ་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་ཞེས་སྔ་འགྱུར་བཀའ་གཏེར་ཆོས་ཀྱི་རྒྱ་མཚོ་འཛིན་སྐྱོང་སྤེལ་གསུམ་གྱི་ཕྱག་རྗེས་ཀྱི་རེ་ཁཱ་ཆེས་ཆེར་བཀྲ་བར། ཞེ་ཆེན་རབ་འབྱམས་སྐུ་ཕྲེང་གོང་འོག་གིས་གཙོས་པའི་བསྟན་འཛིན་གྱི་སྐྱེས་བུ་མང་དུ་བྱོན་ཅིང་དེ་དག་གི་གསུང་རྩོམ་མང་དུ་བཞུགས་ཡོད་ཀྱང་། དུས་འགྱུར་གྱི་དབང་གིས་མཁས་གྲུབ་གོང་མའི་གསུང་ཕལ་ཆེ་བ་མིང་གི་ལྷག་མ་ཙམ་དུ་གྱུར་བའི་སྐབས་འདིར། ཁམས་ཞེ་ཆེན་དགོན་གྱི་མཁན་སྤྲུལ་རྣམས་ནས་རེ་སྐུལ་གནང་བ་བཞིན། རྒྱལ་བསྟན་སྤྱི་དང་བྱེ་བྲག་ལ་ལྷག་བསམ་རྣམ་པར་དཀར་བ་གཤང་ནག་དགོན་གྱི་མཁན་པོ་སྐལ་བཟང་རྡོ་རྗེ་མཆོག་ནས་བོད་ཡུལ་གྱི་ས་གནས་གང་སར་ཁ་འཐོར་ནས་བཞུགས་ཡོད་པའི་གསུང་རྣམས་སྐུ་ངལ་འཛེམས་མེད་ཀྱིས་འཚོལ་སྡུད་གནང་སྟེ་གང་རྙེད་ཡོངས་རྫོགས་ཕྱོགས་སྒྲིག་གནང་ནས། སྔ་འགྱུར་རྒྱལ་བ་ཞེ་ཆེན་པའི་དཔེ་ཚོགས་ཞེས་པའི་དེབ་ཕྲེང་པར་སྐྲུན་ཞུ་རྒྱུའི་ཁོངས། ཞེ་ཆེན་དབོན་སྤྲུལ་སྐུ་ཕྲེང་ལྔ་པ་འགྱུར་མེད་གཞན་ཕན་འོད་ཟེར་མཆོག་ནས་ཞེ་ཆེན་དབོན་སྤྲུལ་སྐུ་ཕྲེང་དང་པོ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་གྱི་གསུང་ཇི་རྙེད་པར་སྐྲུན་ཞུ་རྒྱུར་དཔལ་འབྱོར་གྱི་མཐུན་རྐྱེན་སྦྱར་གནང་བར་ཡི་རངས་བསྔགས་བརྗོད་ཞུ་བ་དང་ཆབས་ཅིག གསུང་རབ་དེ་དག་གླེགས་བམ་གྱི་རྣམ་པ་ཙམ་དུ་མ་བཞག་པར་ནང་དོན་ཐོས་བསམ་སྒོམ་པས་འཛིན་སྐྱོང་སྤེལ་གསུམ་གནང་རྒྱུར་འབྲེལ་ཡོད་ཚང་མས་དགོངས་འཇགས་ཡོད་པར་ཞུ།
ཞེ་ཆེན་རབ་འབྱམས་བདུན་པའི་མཚན་འཛིན་འགྱུར་མེད་བཤད་སྒྲུབ་ཆོས་ཀྱི་སེང་གེས། རབ་བྱུང་བཅུ་བདུན་པའི་ ས་ཕོ་ཁྱི་ལོའི་ཟླ་༢ ཚེས་༡༠ བཟང་པོར།།


GTN002_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

༼ཨ་དུམ་པ།༽
༄༅། །མདོ་སྔགས་རྒྱུད་སྡེ་རབ་འབྱམས་ཀྱི་གོ་དོན་དཀའ་གནད་ལྷུག་བཀྲོལ་གྱི་བཤད་པ་རྒྱུན་གྱི་ཉམས་ལེན་ཉེར་མཁོ་སྣ་ཚོགས་བཏུས་པ་སྦྲང་ཆུང་རྩི་བཅུད་ཅེས་བྱ་བ་བཞུགས་སོ། །
༼སྨད་ཆ།༽
གསང་ཆེན་སྔ་འགྱུར་པའི་ཆོས་སྡེ་ཆེན་པོ་དཔལ་རྒྱལ་བ་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་གི་དཔེ་ཚོགས།


GTN002_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

༧ སྔ་འགྱུར་རྒྱལ་བ་ཞེ་ཆེན་པའི་དམ་པ་རྣམས་ཀྱི་གསུང་རབ་བྱུང་བའི་དཔེ་ཚོགས།
1 རྗེ་རབ་འབྱམས་གཉིས་པ་འགྱུར་མེད་ཀུན་བཟང་རྣམ་རྒྱལ་གྱི་གསུང་ཆོས་པོད་དགུ།
2 མཁས་དབང་ཞེ་དྲུང་པདྨ་རྣམ་དག་གི་གསུང་ཆོས་པོད་གཉིས།
3 པདྨའི་ཐུགས་སྲས་རྒྱལ་ཚབ་བསྟན་འཛིན་ཆོས་རྒྱལ་གྱི་གསུང་ཆོས་པོད་གཅིག
4 མཁས་བཙུན་བཟང་པོ་བླ་མ་འཇིགས་མེད་བློ་གསལ་འོད་ཟེར་གྱི་གསུང་ཆོས།
5 ལྔ་རིག་སྨྲ་བ་གྲུབ་དབང་དབང་ཆེན་འབུམ་གྱི་གསུང་ཆོས་པོད་གཉིས།
6 གྲུབ་ཆེན་ཤེས་རབ་ཡར་འཕེལ་གྱི་གསུང་ཆོས་པོད་གསུམ།
7 མ་ཧཱ་པཎྜི་ཏ་དབོན་སྤྲུལ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་གྱི་གསུང་ཆོས་པོད་བདུན།
8 གྲུབ་ཆེན་བླ་མ་རྟ་མགྲིན་དབང་ཆེན་གྱི་གསུང་ཆོས།
9 རྗེ་རབ་འབྱམས་བཞི་པ་གར་དབང་ཆོས་ཀྱི་རྒྱལ་མཚན་གྱི་གསུང་ཆོས།
10 མཁས་གྲུབ་གཉིས་ལྡན་ཨ་གྲོ་སྒྲ་རམས་པ་འགྱུར་མེད་རྣམ་རྒྱལ་གྱི་གསུང་ཆོས་པོད་གཅིག
11 འཇམ་མགོན་མི་ཕམ་ཕྱོགས་ལས་རྣམ་རྒྱལ་གྱི་གསུང་ཆོས་པོད་སོ་གཉིས།
12 མཁས་གྲུབ་དབང་ཕྱུག་རྒྱལ་ཚབ་འགྱུར་མེད་པདྨ་རྣམ་རྒྱལ་གྱི་གསུང་ཆོས་པོད་བཅུ་གསུམ།
13 རྗེ་རབ་འབྱམས་དྲུག་པ་སྣང་མཛད་གྲུབ་པའི་རྡོ་རྗེའི་གསུང་ཆོས།
14 འཇམ་མགོན་ཀོང་སྤྲུལ་པདྨ་དྲི་མེད་ལེགས་པའི་བློ་གྲོས་ཀྱི་གསུང་ཆོས་པོད་གཉིས།
15 གྲུབ་བརྙེས་ཀྱི་རིག་འཛིན་ཆེན་པོ་མཁས་དབང་གང་ཤར་དབང་པོའི་གསུང་ཆོས་པོད་གཅིག
16 རྟོགས་པའི་དབང་ཕྱུག་བླ་མ་པདྨ་འོད་གསལ་གྱི་གསུང་ཆོས་པོད་གཅིག
17 གྲུབ་དབང་བླ་མ་དགེ་ལེགས་འཕེལ་རྒྱས་ཀྱི་གསུང་ཆོས་པོད་གཅིག
18 འཇམ་མགོན་མཁྱེན་བརྩེ་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱི་གསུང་ཆོས་པོད་ཉེར་ལྔ།
19 རྗེ་རབ་འབྱམས་བདུན་པ་འགྱུར་མེད་ཆོས་ཀྱི་སེངྒེའི་གསུང་ཆོས།

དག་སྒྲིག་གསལ་བཤད།


GTN002_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་མེས་གོང་མ་རྣམས་ཀྱི་བཀའ་དྲིན་ལས་ཕན་བདེ་འབྱུང་གནས་ཐུབ་བསྟན་མདོ་སྔགས་རིག་གནས་དང་བཅས་པའི་གཙུག་ལག་སྐར་ཚོགས་ཀྱི་གྲངས་དང་མཉམ་པ་རྣམས་སྤྱི་མཐུན་གྱི་བསོད་ནམས་ཀྱིས་མ་ཐེག་པ་དུས་འགྱུར་ནང་མི་ཉུང་བ་ཞིག་གཏོར་བརླག་སོང་ན་ཡང་། བསྟན་བ་ཡང་དར་གྱི་དུས་འདིར་སླར་ཡང་གོ་སྐབས་བཟང་པོ་དང་བསྟུན་ཕྱོགས་ཡོངས་ནས་ཉམས་པ་སླར་གསོ་ཡི་གནས་ལ་འབད་བཞིན་བའི་སྐབས་འདིར། མདོ་སྔགས་བསྟན་པ་རྒྱ་མཚོའི་འབྱུང་གནས་མ་དགོན་ཆེན་མོ་སྔ་འགྱུར་རྒྱལ་བ་ཞེ་ཆེན་པའི་བསྟན་པ་འཛིན་པའི་སྐྱེས་ཆེན་སྐྱབས་མགོན་ཉི་ཟླ་རྣམ་གཉིས། ཟླ་བྲལ་གྱི་པཎ་གྲུབ་རྣམ་གཉིས། མཚུངས་མེད་འཇམ་མགོན་རྣམ་གསུམ། རིག་འཛིན་གྲུབ་དབང་རྣམ་གསུམ། ཉེ་གནས་མཁས་དབང་རྣམ་གཉིས་སོགས་མཁས་གྲུབ་གཉིས་ལྡན་སྔོན་བྱོན་གྱི་སྐྱེས་བུ་དམ་པ་མི་ཉུང་བ་ཞིག་གི་གསུང་རབ་རྣམས། ཤེས་འཇོན་ནུས་གསུམ་ལྡན་པའི་དགོན་འདིའི་མཁན་སྤྲུལ་རྣམ་པས། ཕ་ནོར་བུས་བདག་གི་དཔེ་ལྟར་ཐུགས་ཁུར་ཆེ་བཞེས་ཐོག་དཔེ་སྐྲུན་གྱི་མཛད་པ་སྐྱོང་བཞིན་པ་ལས།
སྐབས་འདིར་ཟླ་བྲལ་གྱི་བཎ་གྲུབ་རྣམ་གཉིམ་གྱི་ཡ་གྱལ་ཏེ། གནམ་གྱིས་ས་ཁེབས་པ་ལྟ་བུའི་སློབ་ཚོགས་གསེར་རིའི་ཕྲེང་བ་ལྟ་བུ་རྣམས་ཀྱི་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག །མདོ་སྔགས་ཆོས་རིག་རྒྱ་མཚོའི་འབྱུང་གནས་ཞེ་ཆེན་མ་ཧཱ་པཎྜི་ཏ་དབོན་སྤྲུལ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་དཔལ་བཟང་པོ་གང་གི་གསུང་འབུམ་ཡང་གདན་ས་འདི་ག་ནས་དབྱངས་ཡིག་པོད་གཅིག་ཙམ་ལས་གཞན་དག་དུས་འགྱུར་གྱིས་


GTN002_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ཟིན་ན་ཡང་། རྗེ་ཉིད་ཀྱི་ཕྲིན་ལས་ལ་དུས་ལས་ཡོལ་པ་མེད་སྟབས་བལ་ཡུལ་དང་མདོ་ཁམས་དག་ནས་ཆོས་ཚན་མི་ཉུང་བ་ཞིག་ཐོར་བུའི་ཚུལ་དུ་མ་ཉམས་པ་བཞུགས་ཡོད་པ་རྣམས་མཁན་པོ་སྐལ་བཟང་རྡོ་རྗེས་དེ་དག་ཕལ་ཆེར་འཚོལ་སྡུད་མཛད་ཅིང་། གཞན་ཡང་ཕྱོགས་གང་ཐད་ནས་མ་ཕྱི་ལག་སོན་བྱུང་བ་རྣམས་ཁྱོན་བསྡོམས་པོད་ཕྲེང་བདུན་གྱི་བདག་ཉིད་ཅན་འདི་སྐྱེ་འགྲོའི་བསོད་ནམས་ཀྱི་དཔལ་དུ་སྒྲུབ་པ་པོ་ཞེ་ཆེན་དབོན་སྤྲུལ་སྐུ་ཕྲེང་ལྔ་པ་འགྱུར་མེད་གཞན་ཕན་འོད་ཟེར་མཆོག་གིས་གསུང་འབུམ་འདི་བཞེངས་བའི་ཕན་ཡོན་དང་འགན་འཁྲི་ཞིག་ཏུ་མཁྱེན་དཔྱོད་རྣམ་བར་ཡངས་བས་ལེགས་པར་གཟིགས་ནས། སྐབས་འདིའི་འཚོལ་སྡུད་ཀྱི་འགྲོ་གྲོན་ནས་བཟུང་འགྲོ་སོང་ཡོངས་དང་སྐུ་ངལ་འོ་བརྒྱལ་ཆེན་པོས་ཆོས་སྦྱིན་མི་ཟད་པའི་བསོད་ནམས་ཀྱི་རྒྱུན་སྤེལ་པའི་ཚེ། དག་སྒྲིག་བྱེད་དགོས་ཚུལ་གྱི་བཀའ་ཐེབས་པ་བཞིན་དག་སྒྲིག་ཇི་ལྟར་བགྱིས་ཚུལ་ནི། དཔེ་བསྡུར་ནན་ཏན་བྱེད་རྒྱུ་རྩ་དོན་རྒྱུན་འཁྱོངས་སུ་བྱས་ཏེ། ཐོག་མར་མཁན་སྐལ་བཟང་རྡོ་རྗེ་དང་། མཁན་ཤེས་རབ་རྡོ་རྗེ། བླ་མ་པདྨ་ནོར་བུ་གསུམ་གྱིས་དཔེ་སྡུར་འབྲུ་དེད་ལན་གསུམ། བར་དུ་དགོན་པའི་དབུ་མཛད་རྣམ་པ་སོགས་ཀྱིས་དཔེ་སྡུར་དེད་ལན་གཅིག །ཆེས་མཇུག་མཐའི་དཔེ་སྡུར་དང་བཅས་དཔེ་སྡུར་ཚར་ལྔ་གྲུབ། གཞན་ཡང་མཁན་སྐལ་བཟང་རྡོ་རྗེ་དང་མཁན་ཤེས་རབ་རྡོ་རྗེ་དཔལ་ཡུལ་མཁན་བསོད་ནམས་ཚེ་རིང་སོགས་ཀྱིས་ཞུ་དག་ཚར་གཅིག་ལྷག །རང་གིས་ཀྱང་ལན་བརྒྱད་ཙམ་ཞུས་ཁུལ་བཅས་ཁྱོན་བསྡོམས་ཚར་གྲངས་བཅུ་གསུམ་ལྷག་བསྡུར་དག་ཞུས། འདི་ལ་གང་ཅིའི་ཐད་ནས་འོལ་ཚོད་ཀྱིས་དེས་ཆོག་དང་སླ་ཆོས་སོགས་ཀྱི་དབང་དུ་མ་བཏུང་ནས། གཞན་ལ་བཀའ་འདྲི་སོགས་ཐབས་ཤེས་གང་ལེགས་འབད་ནན་གྱིས་བྱི་


GTN002_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

དོར་གྱི་ཁུར་བླངས་ཁུལ་བྱས་ན་ཡང་། དམ་པའི་གསུང་རབ་འདི་ལ་དག་སྒྲིག་པའི་སྐྱོན་གསུམ་གང་གི་རྙོག་མའི་ཆ་མཆིས་ན་བཤགས་ཡུལ་རྣམས་ཀྱི་མདུན་སར་བཟོད་གསོལ་ཞུ་བ་དང་འབྲེལ་ཡོ་བསྲང་མཛུབ་སྟོན་གྱི་དྲན་སྐུལ་གནང་རྒྱུ་སོལ་ལ་འདེབས་པ་ལགས། བཀའ་འགྱུར་གསན་ཡིག་ལས་བླ་མའི་མཚན་དང་ས་གནས་སོགས་དང་། ཆོས་ཚན་གཞན་དག་རྣམས་སུ་ཡང་དོགས་གནས་སྣང་ཡང་དེ་གར་བཞག་པ་ལས་ཇི་བཞིན་རྔོ་མི་ཐོགས། ལྷག་ཏུ་དབུ་མེད་དབུ་ཅན་དུ་ཕབ་པའི་བརྒྱུད་རིམ་ལས་ཉེས་འགལ་ཡོད་ངེས་སྙམ་པས་གཟིགས་པ་པོ་རྣམས་ལ་ཐུགས་ཕན་གསོ་བར་དམིགས་ནས་མ་ཕྱི་དཔེ་རྙིང་དག་ཕལ་ཆེར་ཟེར་སྡེར་དུ་བླུགས་ནས་གསུང་འབུམ་མཉམ་དུ་འབུལ་ལམ་ཡང་ཞུས་ཡོད།
འདིར་གསལ་བཤད་དགོས་ངེས་དག་གཤམ་དུ་གསལ།
༡༽ དཔེར་ན་རྡོ་རྗེ་ལྟ་བུའི་ཚིག་ཅིག་མ་ཕྱི་ནང་མི་གསལ་ནས་ཡིན་མིན་ཐེ་ཚོམ་མ་ཆོད་པ་རྣམས། ཚིག་དེ་དཔེར་ན་གུག་རྟགས་འདིའི་ནང་དུ་[རྡོ་རྗེ་]འདི་ལྟར་བྱས་ནས་བཀར་ཡོད། དེས་ན་མཚོན་རྟགས་འདི་ཅན་ནི་མ་ཕྱི་ནང་མི་གསལ་ནས་ཡིག་འབྲུ་དེ་ཡིན་མིན་ལ་དཔྱད་གཞི་ཅན་ཡིན།
༢༽ གཤེ༷ར་བུ༷་གཤེ༷ར་(ཤེད་བུ་ལ་ཤེད་)སྔོན་མ་གོར་ཐིག་རྟགས་ཅན་ནི་མ་ཕྱིའི་ཡིག་ནོར་དོགས་ཅན་ཉིད་སོར་བཞག་བྱས་ཏེ། ཕྱི་མ་གུག་རྟགས་ཅན་དེ་ནོར་བཅོས་ཡིག་འབྲུ་ཡིན། སྤྱིར་ཡིག་ནོར་ངེས་ཅན་རྣམས་ནོར་བཅོས་ཐད་ཀ་བྱས་པ་ལས་དེ་རིགས་གསལ་བཤད་དང་རེ་མིག་ཏུ་གུད་དུ་བཅད་པ་ནི་དགག་བྱ་ལས་དགོས་ལ་མ་མཐོང་། བཀའ་འགྱུར་གསན་ཡིག་ལས་དཔེར་ན་བླ་མ་གཅིག་གི་མཚན་ལ། བ་རི་ལོ་ཙཱ་བ། བ་རེག་ལོ་ཙཱ་བ། བ་རི་ལོ་ཙཱ་བ་འདིས་མཚོན་གཅིག་གྱུར་མེད་པ་ལ་ལ་དེ་གར་བཞག་ཡོད།


GTN002_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

༣༽ ( ) རྟགས་འདིའི་ནང་དུ་བླུག་པའི་ཚིག་རེ་ཟུང་ཡོད་པ་དེ་ནི་མ་ཕྱིའི་ནང་དུ་མེད། དེས་ན་དེ་དག་གཞུང་དཀྱུས་དང་མ་འདྲེས་པ་བྱས་ནས་ལོགས་སུ་གུགས་རྟགས་དེའི་ནང་དུ་བཀར་ཏེ་ཡོད། རྗེས་ཕྱོགས་སུ་རྗེ་འདིའི་གསུང་འབུམ་དང་ཡང་ན་ཚན་པ་དམིགས་བསལ་བ་དཔར་སྐྲུན་གནང་མཁན་བྱུང་ཚེ་སྐབས་འདིའི་དོན་ཚན་བརྒྱད་པོ་དང་འབྲེལ་བ་ཡོད་མེད་གཟིགས་ནས་དེ་ལུགས་ཞུ།
༤༽ སྐབས་ཀྱི་ལུང་དེའི་བར་ནས་ཆད་པ་གསོ་ཕྱིར་ལུང་ཁུངས་དངོས་ལས་དྲངས་ཏེ་ལུང་ཚིག་རེ་ཟུང་ལ་ཁ་གསབ་བྱས་ཡོད། དེ་དག་གཞུང་དཀྱུས་དང་མ་འདྲེས་པ་བྱས་ཏེ། དཔེར་ན་སྐབས་ཐོབ་དེར་(སྲིད་གསུམ་ཡེ་ནས་སངས་རྒྱས་ཞིང་།།)གུགས་རྟགས་འདི་ཅན་བྱས་ནས་བར་དུ་བཏགས་ཡོད།
༥༽ ལུང་ཁུངས་ནང་གི་ཚིག་དང་མ་ཕྱི་ནང་གི་ཚིག་གཉིས་གཅིག་མཚུངས་མིན་ས་རྣམས་དཔྱད་གཞིའི་ཆེད་དུ། དཔེར་ན་བད༷ག་{བ༵ག་}སྔོན་མ་གོར་ཐིག་རྟགས་ཅན་ནི་མ་ཕྱིའི་ནང་གི་ལུང་ཚིག་དེ་ལྟར་སོར་བཞག་ཡིན། ཕྱི་མ་གུག་རྟགས་ནང་གི་ཟླ་ཚེས་རྟགས་ཅན་དེ་ལུང་ཁུངས་ཀྱི་ཚིག་ཡིན། སྤྱིར་མ་ཕྱིའི་ལུང་དེ་ལུང་ཁུངས་དངོས་དང་གཤིབ་སྡུར་བྱས་ཏེ་ལ་ལ་ཡིག་ནོར་ཡིན་ངེས་རྣམས་བཅོས་ཏེ། དོགས་ཅན་རྣམས་དཔྱད་གཞི་རུ་གུག་རྟགས་སུ་བཀར་བ་ལས། རྣམ་པ་ཀུན་ཏུ་གཅིག་མཚུངས་འོང་ཐབས་བྱས་མེད། རྒྱུ་མཚན་ནི་གཞུང་གཅིག་ན་ཡང་དཔེ་མི་འདྲ་བ་དང་། ལུང་ཁུངས་ཀྱི་དཔེ་ཆ་རྣམས་དག་པོ་ཡིན་པའི་ངེས་པ་མེད། གཞུང་འདིར་ལུང་དྲངས་སྟངས་ཡང་མཐར་ཆགས་སུ་མ་དྲངས་ནས་བར་བར་ནས་དྲངས་ཏེ་ལུང་ཚིག་དཀྱུས་གཅིག་ཏུ་བྱས་པ་ཡང་འདུག་པས་སོ།།
༦༽ མ་ཕྱི་ནང་གཏན་ནས་མི་གསལ་བའི་ཚིག་གྲངས་ལྟར་གུག་རྟགས་འདིའི་ནང་དུ་ཚེགས་གྲངས་དེ་མཚུངས་སུ་བཞག་ཡོད། དཔེར་ན་(་་་་་)འདི་ལྟར་མ་ཕྱིའི་ནང་ནས་ཚིག་ལྔ་ཙམ་གཏན་ནམ་མ་གསལ་ན་དེ་སྙེད་ཚེགས་གྲངས་ལྔས་མཚོན་ཏེ་ཡོད།


GTN002_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

༧༽ མ་ཕྱི་ནང་མཛད་པ་པོའི་མཆན་གྱི་ཚུལ་དུ་ཡོད་རིགས་དང་གཞན་ཡང་གང་ལྟར་མཆན་བཏགས་ཡོད་བ་རྣམས། དཔེར་ན་གུག་རྟག་འདིའི་ནང་དུ་༼གོང་དུ་གསལ། ༽འདི་ལྟར་གཞུང་དང་མ་འདྲེས་པ་བྱས་ཏེ་བཀར་ཡོད། གུག་རྟགས་འདིར་ཡོད་རིགས་མཆན་རྣམས་ཚང་མ་མཛད་པ་པོའི་ཡིན་ཚོད་མ་རེད་སྙམ། གང་ལྟང་དཔེ་རྙིང་ནང་དུ་ཇི་ལྟར་ཡོད་པ་རྣམས་དེ་ལྟར་བཀོད་ཡོད།
༨༽ དམིགས་བསལ་གཞི་གསུམ་ཟིན་བྲིས་ཀྱི་མཆན་བཏབ་པ་རྣམས་{ }རི་མོ་འདིའི་ནང་དུ་བླུགས་ཡོད། མཚམས་འདི་ནས་མ་ཕྱི་མཁོ་སྤྲོད། དཔེ་རྙིང་འཚོལ་སྡུད། ཞུ་དག་རོགས་སྐྱོར་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་བ་དང་། གཞན་ཡང་ད་དུང་བཀའ་འབུམ་འདིར་འཁོད་མ་ཐུབ་པའི་ཆོས་ཚན་ཉེར་གཅིག་ལྷག་རྙེད་མ་སོང་བས། དེ་དག་སུ་ལ་ཡོད་ན་རྗེས་ཕྱོགས་སུ་དཔེ་གཡར་ཐུགས་ཁུར་གནང་རྒྱུ་ཡང་གསོལ་བ་འདེབས་པ་བཅས།
༢༠༢༠ལོ་ཟླ་༤ཚེས་༩ཉིན་གྲོངས་ཁྱེར་སྤོས་ལྡན་ནས་ཐུབ་བསྟན་འགྱུར་མེད་ཤེས་རབ་ཀྱིས།

དཀར་ཆག


GTN002_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་ཆག ༼སྨད་ཆ།༽ ༼ཨ་དུམ་པ།༽ སྤྱི་དོན་གསུམ་པ་འཁྲུལ་དུས་དགོངས་པའི་གནས་ཚུལ། ངེས་དོན་མཐུན་པའི་རྣམ་གྲངས་འགོད་པ། (1) དེ་བཞིན་ཉིད། (3) རྣམ་དག་ལྷུན་གྱིས་གྲུབ་པའི་དཔེ། (10) ཁྱབ་ཅིང་འགྱུར་བ་མེད་པའི་དཔེ། (10) རྣམ་གྲངས་ཤིན་ཏུ་གསལ་བའི་དཔེ། (11) རྣམ་གྲངས་ངེས་པའི་ཆོས་གཞན་བསམ་པ་ལ་ལྔ། (14) སྤྱི་དོན་བཞི་པ་གདམས་པ་ཉམས་ལེན་གྱིས་མཚོན་ཚུལ། གདམས་བཞི་རྒྱུད་ལུང་བབ་ཚུལ་གྱིས་ཁོག་བཅིངས། (23) གདམས་ཚུལ་དབང་གི་ཆུ་བོས་རང་གི་རྒྱུད་སྦྱང་བ་ལ། དཀྱིལ་འཁོར་གྱི་རང་བཞིན་སྤྱིར་བསྟན་པ། (27) ཚོམ་བུའི་དཀྱིལ་འཁོར་བྱེ་བྲག་ཏུ་བཤད་པ། (28) བསྒྲུབ་པའི་ཆོ་ག (30)


GTN002_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་བའི་ཚུལ་ལ་གོ་དོན་སྤྱིར་བསྟན་པ། (34) བསྐུར་ཚུལ་བྱེ་བྲག་ཏུ་བཤད་པ། (35) གྲོགས་དམ་ཚིག་བསྟན་པ། (35) གདམས་ཁྲིད་ཉམས་ལེན་གྱི་རིམ་པས་གྲོལ་བར་བྱ་བ། ལྟ་སྒོམ་སྤྱོད་པ་འབྲས་བུ་བཞི། (37) ཉམས་སུ་བླངས་ཚུལ་བྱེ་བྲག་ཏུ་བསྟན་པ་ལ་ལྟ་བས་གཏན་ལ་དབབ་པ། (40) སྒོམ་པས་ངང་བསྐྱང་བ། (46) སྤྱོད་པས་འཛིན་ཞེན་གཏོར་བ། (52) འབྲས་བུ་རང་ས་བཟུང་བ། (53) སྤྱི་དོན་ལྔ་པ་ཆོས་གཞན་ངེས་པའི་རྣམ་གྲངས་བསྟན་པ། ཐེག་པའི་སྒྲོ་འདོགས་སྤྱིར་བཅད་པ། (55) ཁྱད་པར་བྱེ་བྲག་ཏུ་བཤད་པ། (56) གོལ་སྒྲིབ་བསྟན་པ། (68) རྒྱུད་ལུང་མན་ངག་གི་དོན་བཤད་པ། (70) ལྡང་ཚད། (71) བཤད་ཚུལ། (74) སྒྲ་མཐུན་དོན་དཔགས་ཀྱི་ས་ལམ་བརྩི་བ་ལ་གོ་དོན་མདོར་བསྟན། (80 དབྱེ་བས་རྒྱས་པར་བཤད་པ། (80) རང་གི་གྲུབ་མཐའ་བཤད་པ་ལ།


GTN002_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ། (86) སྦུབས། (88) སྤྱན། (89) མཚོན་དཔེ། (90) གྲོལ་བའི་མུ་བཞི། (93) བརྒལ་ལན། (94) སྤྱི་དོན་དྲུག་པ་བར་དོ་གནད་ཀྱི་གདམས་ཚུལ། བར་དོའི་གནས་སྤྱིར་བསྟན་པ། (96) ངོ་སྤྲོད་བཞིས་གཏན་ལ་དབབ་པ། (98) དུས་གནད་བཞིའི་ཆས་སུ་ཞུགས་པ། (100) གྲོལ་ཚུལ་གསུམ་གྱི་རིམ་པ་བསྟན་པ། (102) མངོན་པར་ཤེས་པ། (109) སྤྱི་དོན་བདུན་པ་མཐར་ཕྱིན་འབྲས་བུའི་ཚུལ་བསྟན་པ། གྲོལ་བ་སྤྱིའི་ངོ་བོ་བསྟན་པ། (112) མྱ་ངན་འདས་པའི་རང་བཞིན་བཤད་པ། (113) ལྷུན་གྲུབ་རིན་པོ་ཆེའི་རྣམ་པར་བཞག་པ། (113)


GTN002_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པ་ཆེན་པོའི་གཞི་ལམ་འབྲས་གསུམ་གྱི་རིམ་པ་བཤད་པ། ཀ་དག་ལྷུན་གྲུབ་ཀྱི་སྒོ་ནས་འཁོར་འདས་འཁྲུལ་གྲོལ་གྱི་ཚུལ་སྤྱིར་བཤད་པ། (118) གཞི་བདུན་གྱི་རང་བཞིན་སྤྱིར་བཤད་པ། (118) བླ་ན་མེད་པའི་གཞི་བྱེ་བྲག་ཏུ་བཤད་པ་མདོར་བསྟན། (130) རྒྱས་པར་བཤད་པ། (136) སྤྱི་གཞི་དེ་ལ་འཁོར་བ་དང་འདས་པ་འཁྲུལ་གྲོལ་གྱི་ཚུལ། ལྷུན་གྲུབ་གཞི་སྣང་གི་ཤར་ཚུལ། (139) འཆར་ཚུལ་བྱེ་བྲག་ཏུ་བཤད་པ། (143) ལྷུན་གྲུབ་སྒོ་བརྒྱད་ཀྱི་ཡོན་ཏན། (147) ཀུན་ཏུ་བཟང་པོའི་གྲོལ་ཚུལ། (148) གཞན་དོན་མཛད་ཚུལ། (152) མ་རིག་སེམས་ཅན་གྱི་འཁྲུལ་ཚུལ་ལ་མདོར་བསྟན་པ། (154) རང་བཞིན་རྒྱས་པར་བཤད་པ། (158) སྤྱིའི་རྣམ་དག་དང་བྱེ་བྲག་གི་རྣམ་དག་བཤད་པ། (163) ལམ་ཁྲེགས་ཆོད་ཐོད་རྒལ་གཉིས་ཀྱི་མན་ངག་ཉམས་སུ་ལེན་ཚུལ་བྱེ་བྲག་ཏུ་བཤད་པ། མདོར་བསྟན་པ། (166) ཀུན་གཞི་དང་ཆོས་སྐུའི་ཁྱད་པར་རྣམ་དབྱེ་སྤྱིར་བསྟན། (167) ཁྱད་པར་སོ་སོར་བཤད་པ། (172)


GTN002_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྐུའི་ཁྱད་པར་བཤད་པ། (176) ཡིད་དང་ཤེས་རབ་དབྱེ་བ། (180) སེམས་དང་ཡེ་ཤེས་ཀྱི་གནད་ཐུན་མོང་གི་དབྱེ་བ་སྤྱིར་བསྟན་པ། (182) སེམས་ཀྱི་གནས་རྟོགས་དཀའ་བ་བྱེ་བྲག་ཏུ་བཤད་པ། རང་ངོ་གཉིས་སུ་དབྱེ་བ་དང་། (193) རྣམ་ཤེས་ཀྱི་ཚོགས་པར་དབྱེ་བ། (194) ཁྱད་པར་གྱི་གནས་ངེས་པ་ལ་ལྔ། (203) ཡེ་ཤེས་ཀྱི་གནས་རྟོགས་དཀའ་བ་བྱེ་བྲག་ཏུ་བཤད་པ། ཐུན་མོང་གི་དབྱེ་བ་ཡེ་ཤེས་གསུམ། (206) ཁྱད་པར་གྱི་གསང་ཆེན་ངེས་པའི་གནས་ལ་བརྒྱད། (216) སྒྲོན་མ་བཞིའི་དཀའ་གནས་དག་རྒྱ་ཆེར་བཤད་པ། ངོ་བོ་མདོར་བསྟན་པ། (223) འཆར་བྱེད་སྒྲོན་མ་རྣམ་དབྱེ་སྤྱིར་བསྟན་པ། (224) རྒྱང་ཞགས་ཆུ་ཡི་སྒྲོན་མ། (225) ཐིག་ལེ་སྟོང་པའི་སྒྲོན་མ། (230) དབྱིངས་རྣམ་པར་དག་པའི་སྒྲོན་མ། (236) ཤེས་རབ་རང་བྱུང་གི་སྒྲོན་མ། (243) སྐབས་འཕྲོས་སྒྲོན་མ་སྤྱིའི་མཚན་ཉིད། (249)


GTN002_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་སྐུ་དང་ཡེ་ཤེས་ཐོབ་ཚུལ་གོ་དོན་སྤྱིར་བསྟན་པ། (253) ས་ལམ་ཇི་ལྟར་རྫོགས་ཚུལ། (254) མཐོང་སྒོམ་མཐར་གསུམ་གྱིས་བསྡུས་པ་ས་བཅུའི་ངེས་ཚིག (259) ཡོན་ཏན། (260) སྐུ་གསུམ་གྱི་རྣམ་པར་བཞག་པ་ལ་ཆོས་ལོངས་སྤྲུལ་གསུམ། (270) དེ་ལས་གཞན་དུ་སྐུའི་རྣམ་གྲངས་འཆད་པ་ལ་ཐུན་མོང་དང་། (275) ཁྱད་པར་གྱི་དབྱེ་བ་རྒྱས་པར་བཤད་པ། (277) མཐའ་དཔྱད་ཀྱི་འགགས་བསྡུ་བ། སྐོར་ཚོ་ལྔ་ལས་དང་པོ་ཡང་ཏིའི་སྐོར། (282) རྫོགས་པ་ཆེན་པོ་སྤྱི་ཏིའི་སྐོར། (284) མན་ངག་སྡེའི་སྐོར། (285) ཀློང་སྡེའི་སྐོར། (288) སེམས་སྡེའི་སྐོར། (289) རྫོགས་པ་ཆེན་པོ་སྤྱིའི་རྒྱུད། (293) མན་ངག་གི་སྡེ་དེ་ལ་ཚིག་གི་རྒྱུད་ཀྱི་དབྱེ་བ་བཅོ་བརྒྱད། (296) རྒྱུད་དེ་དག་སོ་སོའི་དོན་གྱི་ཆིངས་སྡུད་ཚུལ་བཤད་པ། (297) རྒྱུད་དེ་དག་གི་གོ་རིམ་དོན་གྱི་ཆིངས་ངེས་པ། (298) ཆོས་སྨྲ་བའི་བཙུན་པར་མིང་གི་ཅོད་པཎ་སྦྱིན་པའི་བཀའ་ལུང་། (303)


GTN002_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོས་དོན་དུ་གྲོལ་ལམ་ཕྱག་རྒྱ་ཆེན་པོའི་རྣམ་གཞག གྲོལ་ལམ་ཕྱག་རྒྱ་ཆེན་པོའི་རྣམ་གཞག་བསྡུས་ཙམ་ནི། (308) དང་པོ་གཞི་ནི། (309) གཉིས་པ་ལམ་གྱི་རིམ་པ། (314) གསུམ་པ་འབྲས་བུ། (316) བཞི་པ་ཕྱག་རྫོགས་ཀྱི་ཁྱད་པར། (317) དཔྱད་ན་ཕྱག་རྫོགས་ཀྱི་ལམ་ལ་ཁྱད་པར་ཡོད། (319) མཁས་བཞེད་བཙན་པ་རྣམས་འདི་སྐབས་ཕྱག་རྫོགས་ཀྱི་ཁྱད་པར་ལ། (321) འདིར་སྨྲས་པ། (330)

སྤྱི་དོན་གསུམ་པ་འཁྲུལ་དུས་དགོངས་པའི་གནས་ཚུལ།

ངེས་དོན་མཐུན་པའི་རྣམ་གྲངས་འགོད་པ།


GTN002_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་སྔགས་རྒྱུད་སྡེ་རབ་འབྱམས་ཀྱི་གོ་དོན་དཀའ་གནད་ལྷུག་བཀྲོལ་གྱི་བཤད་པ་རྒྱུན་གྱི་ཉམས་ལེན་ཉེར་མཁོ་སྣ་ཚོགས་བཏུས་པ་སྦྲང་ཆུང་རྩི་བཅུད་ཅེས་བྱ་བ་བཞུགས་སོ། །སྨད་ཆ།〈༥〉དོན་ལྔ་པ་ངེས་དོན་མཐུན་པའི་རྣམ་གྲངས་འགོད་པ་ནི། ཚུལ་འདི་དག་གི་དགོངས་པ་ཟབ་མོ་བཀའ་ཐ་མ་དོན་དམ་རྣམ་པར་ངེས་པའི་ཆོས་ཀྱི་མདོར་གསུངས་པ་རྣམས་འཕགས་པ་བྱམས་པས་རྒྱུད་བླ་མར་གཏན་ལ་ཕབ་པའི་དོན་ཅུང་ཟད་བསྡུ་ན་རང་བཞིན་གྱིས་འོད་གསལ་བའི་ཆོས་སྐུ་དེ་བཞིན་གཤེགས་པའི་རིགས་ལ་ཟབ་མོར་བསྟན་པ་དང་། སྙིང་པོ་ཀུན་ལ་ཁྱབ་པར་བསྟན་པ་དང་། བདེན་ཞིང་འགྱུར་བ་མེད་པར་བསྟན་པ་དང་། ཇི་ལྟར་གནས་པའི་དཔེ་བསྟན་པ་དང་། རྣམ་གྲངས་ངེས་པའི་ཆོས་བསྟན་པ་སྟེ། དོན་ཆིངས་རྣམ་པ་ལྔས་འདི་ཡི་ཟབ་གནད་རིག་པར་བྱ་དགོས་པས་དང་པོ་སེམས་ཀྱི་དམ་པ་འོད་གསལ་བ་ཉིད་བློ་བུར་དྲི་བཅས་སུ་གནས་ཀྱང་། དེ་སྦྱངས་ན་ངོ་བོ་དྲི་མ་མེད་པའི་སངས་རྒྱས་ཀྱི་ཆོས་སྐུ་དག་པ་གཉིས་ལྡན་འབྱུང་བས་སངས་རྒྱས་ཀྱི་ཡོན་ཏན་འབྱུང་བ་དང་འཕྲིན་ལས་འབྱུང་བའི་ཕྱིར་དེ་བཞིན་གཤེགས་པའི་
རིགས་སོ། །སངས་རྒྱས་ཀྱི་གདུང་ཞེས་ཀྱང་བྱ་སྟེ། རྒྱུད་བླ་མ་ལས། དྲི་བཅས་དེ་བཞིན་ཉིད་དང་དྲི་མ་མེད། །དྲི་མེད་སངས་རྒྱས་ཡོན་ཏན་རྒྱལ་བའི་མཛད། །གང་ལས་དཀོན་ཅོག་དགེ་བ་གསུམ་བྱུང་བ། །དོན་དམ་གཟིགས་པ་ཉིད་ཀྱི་ཡུལ་ཉིད་དོ། །ཞེས་པ་དང། དེའི་འགྲེལ་པ་ལས།

དེ་བཞིན་ཉིད།


GTN002_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་དྲི་མ་དང་བཅས་པའི་དེ་བཞིན་ཉིད་ནི། ཉོན་མོངས་པའི་སྦུགས་ལས་མ་གྲོལ་བའི་ཁམས་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བརྗོད་པ་གང་ཡིན་པའོ། །དྲི་མ་མེད་པའི་སངས་རྒྱས་ཀྱི་སར་ཡོངས་སུ་གྱུར་པའི་མཚན་ཉིད་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ཞེས་བརྗོད་པ་གང་ཡིན་པའོ། །དྲི་མ་མེད་པའི་སངས་རྒྱས་ཀྱི་ཡོན་ཏན་ནི་གནས་གྱུར་པའི་མཚན་ཉིད་དེ་བཞིན་གཤེགས་པའི་ཆོས་སྐུ་དེ་ཉིད་ལ་ཡོད་པ། འཇིག་རྟེན་ལས་འདས་པ་སྟོབས་བཅུ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་གང་དག་ཡིན་པའོ། །རྒྱལ་བའི་མཛད་པ་སྟོབས་བཅུ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་དེ་ཉིད་ཀྱི་སོ་སོ་རང་གི་བླ་ན་མེད་པའི་འཕྲིན་ལས་ཏེ། གང་ཞིག་མེད་པར་མ་གྱུར་ཅིང་། ཆད་པ་མེད་ལ་རྒྱུན་མ་ཆད་པས་བྱང་ཆུབ་སེམས་དཔའ་ལུང་བསྟན་པའི་གཏམ་རྒྱུན་མི་འཆད་པའོ། །ཞེས་གསུངས་སོ། །གནས་བཞི་པོ་འདི་ཡང་རིགས་གཅིག་པོ་ཉིད་དྲི་མ་ཡོད་མེད་ཙམ་ལས་ངོ་བོ་རང་བྱུང་གི་ཡེ་ཤེས་ལྷུན་གྲུབ་ཆེན་པོ་ལས་འགྱུར་བ་མེད་པས་བསམ་གྱིས་མི་ཁྱབ་པའི་ཆོས་སུ་བཤད་དོ། །རྒྱུད་བླ་མ་ལས། དེ་ཡང་རྣམ་བཞི་གོ་རིམ་བཞིན། །རྒྱུ་བཞི་ཡིས་ནི་བསམ་མི་ཁྱབ། །དག་དང་ཉོན་མོངས་དང་ལྡན་ཕྱིར། །ཀུན་ནས་ཉོན་མོངས་མེད་དག་ཕྱིར། །རྣམ་


GTN002_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

པར་དབྱེ་བ་མེད་ཆོས་ཕྱིར། །ལྷུན་གྲུབ་རྣམ་པར་མི་རྟོག་ཕྱིར། །ཞེས་པ་དང་། དེའི་འགྲེལ་པར། དེ་ལ་དྲི་མ་དང་བཅས་པའི་དེ་བཞིན་ཉིད་ནི། གཅིག་ཅར་དུས་གཅིག་ཏུ་རྣམ་པར་དག་པ་ཡང་ཡིན་ལ། ཀུན་ནས་ཉོན་མོངས་པ་ཡང་ཡིན་པའི་ཕྱིར། གནས་འདི་བསམ་གྱིས་མི་ཁྱབ་སྟེ། ཟབ་མོའི་ཆོས་ཀྱི་ཚུལ་ལ་མོས་པ་རང་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་དུ་མ་གྱུར་པའི་ཡུལ་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་ལྷ་མོ་ཆོས་འདི་གཉིས་ནི་རྟོགས་པར་དཀའ་སྟེ། སེམས་རང་བཞིན་གྱིས་རྣམ་པར་དག་པའི་ཡེ་ཤེས་དག་རྟོགས་པར་དཀའ་བ་དང་། སེམས་དེ་ཉིད་ཀྱི་ཉེ་བར་ཉོན་མོངས་པ་རྟོགས་པར་དཀའ་བའོ། །ལྷ་མོ་ཆོས་འདི་གཉིས་ཉན་པར་བྱེད་པ་ཁྱོད་དམ་ཡང་ན་ཆོས་ཆེན་པོ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་ཡིན་ནོ། །ལྷ་མོ་ལྷག་མ་ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་ཆོས་འདི་གཉིས་དེ་བཞིན་གཤེགས་པ་ལ་དད་པས་རྟོགས་པར་བྱ་བ་ཉིད་དོ། །ཞེས་གསུངས། དེ་ལ་དྲི་མ་མེད་པའི་དེ་བཞིན་ཉིད་ནི། ཡེ་ཤེས་རང་ངོ་སྔར་དྲི་མས་ཀུན་ནས་ཉོན་མོངས་པར་མ་གྱུར་པ། ཕྱིས་རྣམ་པར་དག་པའི་ཕྱིར་གནས་འདི་བསམ་གྱིས་མི་ཁྱབ་བོ། །གང་གི་ཕྱིར་སེམས་ནི་རང་བཞིན་གྱིས་འོད་གསལ་བ་སྟེ། དེ་ནི་དེ་ཁོ་ན་བཞིན་ཤེས་སོ། །དེས་ན་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་བླ་ན་མེད་པ་ཡང་དག་པ་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པ་སངས་རྒྱས་སོ། །ཞེས་གསུངས་པ་ཡིན་ནོ། །དེ་ལ་དྲི་མ་མེད་པའི་སངས་རྒྱས་ཀྱི་ཡོན་ཏན་ནི། གཅིག་ཏུ་ཀུན་ནས་ཉོན་མོངས་པ་སོ་སོའི་སྐྱེ་བོའི་


GTN002_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

ས་ལ་ཡང་རྣམ་པར་དབྱེར་མེད་པའི་ཆོས་ཉིད་སྔ་ཕྱིར་ཁྱད་པར་མེད་པར་ཡོད་པའི་ཕྱིར་གནས་འདི་བསམ་གྱིས་མི་ཁྱབ་སྟེ། གང་གི་ཕྱིར་གང་ལ་དེ་བཞིན་གཤེགས་པའི་ཡེ་ཤེས་མཐའ་དག་རྗེས་སུ་མ་ཞུགས་པའི་སེམས་ཅན་དེ་ནི་སེམས་ཅན་གྱི་རིགས་ནི་འགའ་ཡང་མེད་དོ། །འོན་ཀྱང་འདུ་ཤེས་ཀྱི་འཛིན་པས་དེ་བཞིན་གཤེགས་པའི་ཡེ་ཤེས་མི་མངོན་ནོ། །འདུ་ཤེས་ཀྱི་འཛིན་པ་དང་བྲལ་བ་ལས་ནི་ཐམས་ཅད་མཁྱེན་༼ད་ལྟ་འཛིན་པ་སེམས་ཀྱིས་བཅིངས་པའི་ཡེ་ཤེས་དངོས་སུ་མི་སྣང་། བར་དོར་སེམས་མེད་པས་འཛིན་པ་མེད་དུས་སྐུ་དང་ཡེ་ཤེས་སྣང་བའི་འཐད་པའོ། །༽པའི་ཡེ་ཤེས་རང་བྱུང་གི་ཡེ་ཤེས་ཐོགས་པ་མེད་པར་རབ་ཏུ་བྱུང་ངོ་། །ཀྱཻ་རྒྱལ་བའི་སྲས་འདི་ལྟ་སྟེ། དཔེར་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་དང་མཉམ་པའི་དར་ཡུག་ཆེན་པོ་གཅིག་ཡོད་པར་གྱུར་ལ། དར་ཡུག་ཆེན་པོ་དེ་ལ་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཡོངས་སུ་བྲིས་པར་གྱུར་ཏེ། འདི་ལྟར་ཁོར་ཡུག་ཆེན་པོའི་ཚད་དུ་ནི་ཁོར་ཡུག་ཆེན་པོ་བྲིས། ས་ཆེན་པོའི་ཚད་དུ་ནི་ས་ཆེན་པོ། སྟོང་གཉིས་པའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་དུ་ནི་སྟོང་གཉིས་པའི་འཇིག་རྟེན་གྱི་ཁམས། སྟོང་གི་འཇིག་རྟེན་གྱི་ཚད་དུ་ནི་སྟོང་གི་འཇིག་རྟེན་གྱི་ཁམས། གླིང་བཞི་པའི་འཇིག་རྟེན་གྱི་ཚད་དུ་ནི་གླིང་བཞི་པའི་འཇིག་རྟེན་གྱི་ཁམས། རྒྱ་མཚོ་ཆེན་པོའི་ཚད་དུ་ནི་རྒྱ་མཚོ་ཆེན་པོ། འཛམ་བུ་གླིང་གི་ཚད་དུ་ནི་འཛམ་བུ་གླིང་། ཤར་གྱི་ལུས་འཕགས་གླིང་གི་ཚད་དུ་ནི་ཤར་གྱི་ལུས་འཕགས་གླིང་། ནུབ་ཀྱི་བ་ལང་སྤྱོད་ཀྱི་


GTN002_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་དུ་ནི་ནུབ་ཀྱི་བ་ལང་སྤྱོད། བྱང་གི་སྒྲ་མི་སྙན་གྱི་ཚད་དུ་ནི་བྱང་སྒྲ་མི་སྙན། རི་རབ་ཀྱི་ཚད་དུ་ནི་རི་རབ། ས་ལ་སྤྱོད་པའི་ལྷའི་གཞལ་ཡས་ཁང་གི་ཚད་དུ་ནི་ས་ལ་སྤྱོད་པའི་ལྷའི་གཞལ་ཡས་ཁང་། འདོད་པ་ལ་སྤྱོད་པའི་ལྷའི་གཞལ་ཡས་ཁང་གི་ཚད་དུ་ནི་འདོད་པ་ལ་སྤྱོད་པའི་ལྷའི་གཞལ་ཡས་ཁང་། གཟུགས་ན་སྤྱོད་པའི་ལྷའི་གཞལ་ཡང་ཁང་གི་ཚད་དུ་ནི་གཟུགས་ན་སྤྱོད་པའི་ལྷའི་གཞལ་ཡས་ཁང་བྲིས་སོ། །དར་ཡུག་ཆེན་པོ་དེ་ཡང་ཆུ་ཞེང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་ཙམ་དུ་གྱུར་ལ། དར་ཡུག་ཆེན་པོ་དེ་ཡང་རྡུལ་ཕྲ་རབ་ཀྱི་རྡུལ་གཅིག་ཏུ་བཅུག་པར་གྱུར་ཏོ། །ཇི་ལྟར་རྡུལ་ཕྲ་རབ་ཀྱི་རྡུལ་གཅིག་ཏུ་དར་ཡུག་ཆེན་པོ་དེ་བཅུག་པ་དེ་བཞིན་དུ་རྡུལ་ཕྲ་རབ་ཀྱི་རྡུལ་མ་ལུས་པ་རྣམས་སུ་དེའི་ཚད་ཀྱི་དར་ཡུག་ཆེན་པོ་ནང་དུ་བཅུག་པར་གྱུར་ཏོ། །དེ་ནས་མཁས་པ། མཛངས་པ། གསལ་བ། ཡིད་གཞུང་བ་དེར་ཉེ་བར་ཞུགས་པའི་སྤྱོད་པ་དང་ལྡན་པའི་སྐྱེས་བུ་འགའ་ཞིག་སྐྱེས་ཏེ། དེའི་མིག་ལྷའི་མིག་ལྟ་བུར་གྱུར་ཅིང་། ཀུན་ཏུ་ཡོངས་སུ་དག་པ་འོད་གསལ་བར་གྱུར་པ་ཞིག་ལ། དེས་ལྷའི་མིག་གིས་རྣམ་པར་ཕྱེ༷་{བལྟས༵་}སྟེ། འདི་ལྟ་བུར་གྱུར་པའི་དར་ཡུག་ཆེན་པོ་འདི་རྡུལ་ཕྲ་རབ་ཀྱི་རྡུལ་ཆུང་ངུ་འདི་ཉིད་ལ་གནས་ཏེ། སེམས་ཅན་འགའ་ལ་ཡང་ཉེ་བར་མཁོ་བར་མ་གྱུར་ཏོ། །དེ་འདི་སྙམ་དུ་སེམས་ཏེ། ཀྱེ་མ་བདག་གིས་བརྩོན་པ་ཆེན་པོའི་སྟོབས་ཀྱིས་མཐུ་བསྐྱེད་དེ། རྡོ་རྗེ་ཕྲ་མོས་རྡུལ་ཕྲ་རབ་ཀྱི་རྡུལ་དེ་ཕྱེ་ནས་བསམ་པ་ཇི་ལྟ་བ་བཞིན་དུ། དར་ཡུག་ཆེན་པོ་འདིས་འགྲོ་བ་མཐའ་དག་ལ་


GTN002_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་བར་མཁོ་བར་བྱེད་ཅིང་གཅིག་ལས་ཇི་ལྟ་བ་དེ་བཞིན་དུ་རྡུལ་ཕྲ་རབ་ལུས་པ་མེད་པ་མཐའ་དག་ལས་དེ་ཁོ་ན་བཞིན་བྱེད་དོ། །ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ། དེ་བཞིན་གཤེགས་པའི་ཡེ་ཤེས་ཚད་མེད་པའི་ཡེ་ཤེས་སེམས་ཅན་ཐམས་ཅད་ཉེ་བར་འཚོ་བའི་ཡེ་ཤེས་ཀྱང་། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་ལ་མ་ཚང་བ་མེད་པར་རྗེས་སུ་ཞུགས་ཏེ། སེམས་ཅན་གྱི་སེམས་ཀྱི་རྒྱུ་དེ་དག་ཀྱང་། དེ་བཞིན་གཤེགས་པའི་ཡེ་ཤེས་དང་འདྲ་བར་ཚད་མེད་དོ། །དེ་ལྟར་མོད་ཀྱི། འདུ་ཤེས་ཀྱི་འཛིན་པས་བཅིངས་པའི་བྱིས་པ་རྣམས་ཀྱིས། དེ་བཞིན་གཤེགས་པའི་ཡེ་ཤེས་མི་ཤེས་རབ་ཏུ་མི་ཤེས་ཤིང་ཉམས་སུ་མི་མྱོང་ངོ་། །མངོན་དུ་མི་བྱེད་དོ། །དེས་ན་དེ་བཞིན་གཤེགས་པས་ཆགས་པ་མེད་པའི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཆོས་ཀྱི་དབྱིངས། སེམས་ཅན་ཐམས་ཅད་ཀྱི་གནས་ཐམས་ཅད་ལ་རྣམ་པར་གཟིགས་ནས་སློབ་དཔོན་གྱི་འདུ་ཤེས་སུ་གྱུར་ཏེ། ཀྱེ་མ་མ་ལ་སེམས་ཅན་འདི་དག་ནི། དེ་བཞིན་གཤེགས་པའི་ཡེ་ཤེས་ཡང་དག་པ་ཇི་ལྟ་བ་བཞིན་མི་ཤེས་པ་དང་། དེ་བཞིན་གཤེགས་པའི་ཡེ་ཤེས་རྗེས་སུ་ཞུགས་པ་དག་སྟེ་གང་ཡང་ངས་སེམས་ཅན་འདི་དག་ལ་འཕགས་པའི་ལམ་ཉེ་བར་བསྟན་པས་འདུ་ཤེས་ཀྱིས་བྱས་པའི་འཆིང་བ་མཐའ་དག་བསལ་བར་བྱ་སྟེ། ཇི་ལྟར་རང་ཉིད་འཕགས་པའི་ཡེ་ཤེས་ཀྱིས་སྟོབས་བསྐྱེད་པས་འདུ་ཤེས་ཀྱི་མདུད་པ་ཆེན་པོ་བསལ་ནས། དེ་བཞིན་གཤེགས་པའི་ཡེ་ཤེས་སོ་སོར་མངོན་པར་ཤེས་ཤིང་། དེ་བཞིན་གཤེགས་པ་དང་མཉམ་པ་ཉིད་དུ་རྗེས་སུ་ཐོབ་པ་བཞིན་དུ། དེ་དག་ལ་དེ་བཞིན་གཤེགས་


GTN002_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལམ་བསྟན་པས་འདུ་ཤེས་ཀྱིས་བྱས་པའི་འཆིང་བ་ཐམས་ཅད་ཟློག་པར་བྱེད་དོ། །འདུ་ཤེས་ཀྱིས་བྱས་པའི་འཆིང་བ་ཐམས་ཅད་ལོག་པ་དག་ལ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཚད་མེད་པ་དེ་འགྲོ་བ་མཐའ་དག་གི་ཉེ་བར་འཚོ་བར་འགྱུར་རོ། །ཞེས་གསུངས་སོ། །དེ་ལ་རྒྱལ་བའི་མཛད་པ་ནི་ཅིག་ཅར་ཐམས་ཅད་ལ་དུས་ཐམས་ཅད་དུ་ལྷུན་གྱིས་གྲུབ་ཅིང་། རྣམ་པར་མི་རྟོག་པར་བསམ་པ་ཇི་ལྟ་བ་དང་། གདུལ་བྱ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ལ་མ་ཚང་བ་མེད་ཅིང་རྗེས་སུ་མཐུན་པར་འཇུག་པའི་ཕྱིར་གནས་འདི་བསམ་གྱིས་མི་ཁྱབ་སྟེ་ཞེས་རྒྱ་ཆེར་འབྱུང་ངོ་། །དེ་ལྟ་བུའི་སྙིང་པོས་འགྲོ་བ་ཀུན་ལ་ཡེ་ནས་ཁྱབ་པར་ཡང་། རྒྱུད་བླ་མ་ལས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་བདེ་གཤེགས་སྙིང་པོ་ཅན། །ཞེས་པ་དང་། དེའི་འགྲེལ་པར། མདོར་བསྡུ་ན་དོན་རྣམ་པ་གསུམ་གྱིས་སེམས་ཅན་ཐམས་ཅད་ནི་རྟག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་ཏེ་འདི་ལྟར། སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་འཕྲོ་བའི་དོན་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་རྣམ་པར་དབྱེ་བ་མེད་པའི་དོན་དང་། དེ་བཞིན་གཤེགས་པའི་རིགས་ཡོད་པའི་དོན་གྱིས་སོ། །ཞེས་སོ། །སྙིང་པོ་དེ་ཉིད་བདེན་ཞིང་མི་འགྱུར་བ་སྟེ། ཕ་རོལ་ཏུ་ཕྱིན་པ་བཞི་ཡི་ངོ་བོར་ལྷུན་གྱིས་གྲུབ་པ་ཡང་། སྔ་མ་ལས། གཙང་བདག་བདེ་དང་བདག་ཉིད་ཀྱིས། །ཡོན་ཏན་ཕ་རོལ་ཕྱིན་པའི་འབྲས། །ཞེས་དང་། དེའི་


GTN002_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་སྦྱར་དུ། གང་གི་ཕྱིར་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་ཡོན་ཏན་གྱིས་ཕ་རོལ་ཏུ་ཕྱིན་པ་རྣམ་པ་བཞི་རྣམ་པར་བཞག་སྟེ་འདི་ལྟར། རྟག་པའི་ཕ་རོལ་ཏུ་ཕྱིན་པ་དང་། བདེ་བའི་ཕ་རོལ་ཏུ་ཕྱིན་པ་དང་། བདག་གི་ཕ་རོལ་ཏུ་ཕྱིན་པ་དང་། གཙང་བའི་ཕ་རོལ་ཕྱིན་ཏུ་ཕྱིན་པའོ། །ཞེས་པ་དང་། བཅོམ་ལྡན་འདས་རྟག་པར་འདུ་ཤེས་པ། བདེ་བར་འདུ་ཤེས་པ། བདག་ཏུ་འདུ་ཤེས། གཙང་མར་འདུ་ཤེས་པའི་སེམས་ཅན་དེ་དག་ནི། བཅོམ་ལྡན་འདས་ཀྱི་ཐུགས་ལས་སྐྱེས་པའི་སྲས་ལགས་སོ། །བཅོམ་ལྡན་འདས་སེམས་ཅན་དེ་དག་ནི་ཕྱིན་ཅི་ལོག་ཏུ་གྱུར་པ་མ་ལགས་ཏེ། བཅོམ་ལྡན་འདས་སེམས་ཅན་དེ་དག་ནི་ཡང་དག་པར་མཐོང་བ་ལགས་སོ། །ཞེས་སོ། །ཡང་འགྱུར་བ་མེད་པ་དང་། ཕྱི་མའི་མཐར་གནས་པ་དང་། གཉིས་སུ་མི་རྟོག་པ་དང་། འཇིག་པ་མེད་པ་དང་། སྐྱེ་བ་མེད་པ་དང་། འཆི་བ་མེད་པ་དང་། འཆི་འཕོ་བ་མེད་པ་དང་། ན་བ་མེད་པ་དང་། རྒས་པ་མེད་པའི་ཕྱིར། རྟག་པ་དང་བརྟན་པ་དང་། ཞི་བ་དང་། གཡུང་དྲུང་གི་ཆོས་སུ་ལྷུན་གྱིས་གྲུབ་པ་དང་། རྟག་པ་ཡིན་ནོ། །རྒྱུད་བླ་མ་ལས། གཞན་འགྱུར་མིན་བདག་མི་ཟད་ཆོས་ལྡན་ཕྱིར། །འགྲོ་སྐྱབས་ཕྱི་མའི་མཐའ་མེད་མུར་ཐུག་ཕྱིར། །དེ་ནི་རྟག་དང་བརྟན་ཕྱིར་དང་། །ཞི་བའི་ཕྱིར་དང་གཡུང་དྲུང་ཕྱིར། །དེ་ནི་ཡིད་ཀྱི་རང་བཞིན་གྱི། །ལུས་ཀྱི་སྐྱེ་མེད་རྟག་པའི་ཕྱིར། །བསམ་གྱིས་མི་ཁྱབ་གྱུར་པ་ཡིས། །འཆི་འཕོས་བརྟན་ཕྱིར་དེ་མི་འཆི། །བག་ཆགས་ཕྲ་མོའི་ནད་རྣམས་ཀྱིས། །གནོད་མེད་ཞི་བ་ཉིད་ཀྱི་ཕྱིར། །ཟག་མེད་མངོན་པར་འདུ་བྱེད་ཀྱིས། །


GTN002_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

གཡུང་དྲུང་ཕྱིར་ན་རྒ་བ་མེད། །ཅེས་སོགས་ཀྱིས་མདོར་ན་འགྱུར་བ་མེད་པར་བསྟན་པ་སྟེ། ཉེས་པ་གློ་བུར་དང་ལྡན་དང་། །ཡོན་ཏན་རང་བཞིན་ཉིད་ལྡན་ཕྱིར། །ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་གསུངས། འདི་ལ་ལྷུན་གྲུབ་ཀྱི་ཡོན་ཏན་དབྱེར་མེད་ལྡན་པས་དེ་བཞིན་ཆོས་སྐུ་དམ་པ། ཡེ་ནས་སྐུ་གསུང་ཐུགས་ཀྱི་རིགས་འཇིགས་མེད་ཐོབ་པས་དེ་བཞིན་གཤེགས་པ་འདུས་མ་བྱས། འཕོ་འགྱུར་མེད་པ། རྫུན་པ་དང་བསླུ་བ་མ་ཡིན་པའི་ཆོས་ཉིད་ཀྱིས་དོན་དམ་པའི་བདེན་པ་དང་། གདོད་མ་ནས་ཉེ་བར་ཞི་བས་མྱ་ངན་ལས་འདས་པ་ཞེས་མིང་གི་རྣམ་གྲངས་ངོ་བོ་ལ་ལྟོས་ནས་བཞིར་བཤད་དེ། དེ་ཉིད་ལས། མདོར་ན་ཟག་མེད་དབྱིངས་ལ་ནི། །དོན་གྱི་རབ་ཏུ་དབྱེ་བ་བཞིས། །ཆོས་ཀྱི་སྐུ་ལ་སོགས་པ་ཡི། །རྣམ་གྲངས་བཞིར་ནི་རིག་པར་བྱ། །སངས་རྒྱས་ཆོས་དབྱེར་མེད་པ་དང་། །དེ་བཞིན་དེ་རིགས་ཐོབ་པ་དང་། །རྫུན་མེད་བསླུ་མེད་ཆོས་ཉིད་དང་། །གདོད་ནས་རང་བཞིན་ཞི་ཉིད་དོ། །ཞེས་སོ། །དྲི་མ་མ་དག་པ་སེམས་ཅན་གྱི་ཁམས་དང་། ཅུང་ཟད་དག་པ་ཉན་རང་། ཡོངས་སུ་མ་དག་པ་བྱང་ཆུབ་སེམས་དཔའི་ཁམས་དང་། ཤིན་ཏུ་རྣམ་དག་སངས་རྒྱས་ཀྱི་ཁམས་ཞེས་གནས་སྐབས་ལ་ལྟོས་ནས་གསུམ་དུའང་བརྗོད་པ་སྟེ། དེ་ཉིད་ལས། མ་དག་མ་དག་དག་པ་དང་། །ཤིན་དུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང་། །དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །ཞེས་གསུངས་སོ། །

རྣམ་དག་ལྷུན་གྱིས་གྲུབ་པའི་དཔེ།


GTN002_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

དཔེ་ལ་ཡང་དག་གསུམ་སྟེ་རྣམ་དག་ལྷུན་གྱིས་གྲུབ་པའི་དཔེ། ཁྱབ་ཅིང་འགྱུར་བ་མེད་པའི་དཔེ། རྣམ་གྲངས་ཤིན་ཏུ་གསལ་བའི་དཔེའོ། །དང་པོ། གཞིའི་སྐུ་གསུམ་ཡེ་ནས་རང་ལ་གྲུབ་པ་ནམ་མཁའ་དང་ནོར་བུ་དང་། ཆུ་དག་པ་ལྟར། སྟོང་པ་དང་། ལྷུན་གྱིས་གྲུབ་པ་དང་། སྙིང་རྗེ་འཆར་བའི་དབང་དུ་བྱས་ཏེ། རྒྱུད་བླ་མ་ལས། རིན་ཆེན་ནམ་མཁའ་ཆུ་དག་བཞིན། །རྟག་ཏུ་རང་བཞིན་ཉོན་མོངས་མེད། །ཆོས་མོས་ལྷག་པའི་ཤེས་རབ་དང་། །ཏིང་འཛིན་སྙིང་རྗེ་ལས་བྱུང་བ། །མཐུ་དང་གཞན་དུ་མི་འགྱུར་དང་། །བརླན་པའི་ངོ་བོ་རང་བཞིན་ཕྱིར། །འདི་དག་ཡིད་བཞིན་ནོར་བུ་མཁའ། །ཆུ་ཡི་ཡོན་ཏན་ཆོས་མཐུན་ཉིད། །ཅེས་སོ། །

ཁྱབ་ཅིང་འགྱུར་བ་མེད་པའི་དཔེ།


GTN002_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ནི། རང་ངོ་གཞན་གྱི་དཔེ་ལས་འདས་པ། རང་གི་མཚོན་པ་དེ་བཞིན་གཤེགས་པ་དང་ཟབ་ཅིང་རྟོགས་པར་དཀའ་བ་སྦྲང་རྩིའི་གཟུགས་ལས་རོ་དང་ཀུན་གྱི་སྙིང་པོར་ཁྱབ་པ་སྣོད་ནང་གི་ནམ་མཁའ་ལྟ་བུ་དང་། ངོ་བོ་མི་འགྱུར་བ་གསེར་གྱི་རིགས་ཀྱི་དཔེ་བཞིས་མཚོན་པ་ནི། རྒྱུད་བླ་མ་ལས། འཇིག་རྟེན་འདས་ཕྱིར་འཇིག་རྟེན་ན། །འདི་ལ་དཔེ་ནི་མ་དམིགས་པས། །དེ་བཞིན་གཤེགས་པ་ཉིད་དང་ཁམས། །འདྲ་བ་ཉིད་དུ་བསྟན་པ་ཡིན། །ཕྲ་མོ་ཟབ་མོའི་ཚུལ་བསྟན་ནི། །སྦྲང་རྩིའི་རོ་གཅིག་པ་བཞིན་ཏེ། །རྣམ་པ་སྣ་ཚོགས་ཚུལ་བསྟན་ནི། །སྣ་ཚོགས་སྦུབས་སྙིང་བཞིན་ཤེས་བྱ། །རང་བཞིན་འགྱུར་བ་མེད་པ་དང་། །དགེ་དང་རྣམ་པར་དག་པའི་ཕྱིར། །དེ་བཞིན་ཉིད་དེ་གསེར་གྱི་ནི། །གཟུགས་དང་མཚུངས་
པར་བརྗོད་པ་ཡིན། །ཞེས་པ་དང་། དེའི་འགྲེལ་པ་ལས། གང་ཞིག་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ལས། ཕྱི་རོལ་ཏུ་གྱུར་པའི་སེམས་ཅན་དེ་ནི་འགའ་ཡང་སེམས་ཅན་གྱི་ཁམས་ན་མེད་དེ་ནམ་མཁའི་ཁམས་ལས་གཟུགས་བཞིན་ནོ། །དེ་སྐད་དུ། ཇི་ལྟར་ནམ་མཁའ་དག་རྟག་ཏུ་ཀུན་སོང་འདོད། །དེ་བཞིན་འདིར་ནི་དེ་ཡང་རྟག་ཏུ་ཀུན་སོང་འདོད། །ཇི་ལྟར་ནམ་མཁའ་གཟུགས་རྣམས་ཀུན་ཏུ་སོང་། །དེ་བཞིན་འདིར་ཡང་སེམས་ཅན་ཀུན་སོང་འདོད། །ཅེས་སོ། །

རྣམ་གྲངས་ཤིན་ཏུ་གསལ་བའི་དཔེ།


GTN002_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ལ། མདོར་བསྟན། རྒྱས་བཤད་གཉིས་ལས། དང་པོ་ནི། རྒྱུད་བླ་མ་ལས། སངས་རྒྱས་པད་ནང་སྦྲང་རྩི་སྦྲང་མ་ལས། །སྦུན་ལ་སྙིང་པོ་མི་གཙང་ནང་ན་གསེར། །ས་ལ་གཏེར་དང་སྨྱུག་སོགས་འབྲས་ཆུ་དང་། །གོས་ཧྲུལ་ནང་ན་རྒྱལ་བའི་སྐུ་དང་ནི། །བུད་མེད་ངན་མའི་ལྟོ་ན་མི་བདག་དང་། །ས་ནང་རིན་ཆེན་གཟུགས་ཡོད་ཇི་ལྟ་བར། །བློ་བུར་ཉོན་མོངས་དྲི་མས་བསྒྲིབས་པ་ཡི། །སེམས་ཅན་རྣམས་ལ་དེ་བཞིན་ཁམས་འདི་གནས། །ཞེས་སོ། །རྒྱས་པར་བཤད་པ་ལ་དགུ་ལས། དཔེ་དང་པོ་ནི། ཇི་ལྟར་མདོག་ངན་པདྨའི་ཁོང་གནས་པ། །མཚན་སྟོང་གི་འབར་དེ་བཞིན་གཤེགས་པ་ནི། །དྲི་མེད་ལྷ་ཡི་མིག་ལྡན་མིས་མཐོང་ན། །ཆུ་སྐྱེས་འདབ་མའི་སྦུབས་ནས་འབྱིན་བྱེད་པ། །དེ་བཞིན་བདེ་གཤེགས་མནར་མེད་གནས་རྣམས་ལའང་། །སངས་རྒྱས་སྤྱན་གྱིས་རང་ཆོས་ཉིད་གཟིགས་ཏེ། །སྒྲིབ་མེད་ཕྱི་མའི་མུར་གནས་ཐུགས་རྗེ་ཡིས། །བདག་ཅག་སྒྲིབ་པ་ལས་ནི་གྲོལ་བར་མཛོད། །ཅེས་སོ། །
དཔེ་གཉིས་པ་ནི། ཇི་ལྟར་སྲོག་ཆགས་ཚོགས་བསྐོར་སྦྲང་རྩི་ནི། །སྐྱེས་བུ་མཁས་པ་དེ་དོན་གཉེར་བ་ཡིས། །མཐོང་ནས་ཐབས་ཀྱི་དེ་དང་སྲོག་ཆགས་ཚོགས། །ཀུན་ནས་བྲལ་བར་རབ་ཏུ་བྱེད་པ་བཞིན། །དྲང་སྲོང་ཆེན་པོས་ཀུན་མཁྱེན་སྤྱན་གྱིས་ནི། །རིགས་ཁམས་སྦྲང་རྩི་དང་འདྲ་འདི་གཟིགས་ནས། །དེ་ཡི་སྒྲིབ་པ་སྦྲང་མ་དང་འདྲ་བ། །གཏན་ནས་རབ་ཏུ་སྤངས་པར་མཛད་པ་ཡིན། །ཞེས་སོ། །དཔེ་གསུམ་པ་ནི། ཇི་ལྟར་སྦུན་ལྡན་འབྲུ་ཡི་སྙིང་པོ་ནི། །མི་རྣམས་ཀྱིས་ནི་ལོངས་སྤྱོད་མི་འགྱུར་བ། །ཟས་སོགས་དོན་དུ་གཉེར་བ་གང་ཡིན་པ། །དེ་དག་གིས་ནི་སྦུན་ནས་དེ་འབྱིན་ལྟར། །དེ་བཞིན་སེམས་ཅན་ལ་ཡོད་ཉོན་མོངས་ཀྱི། །དྲི་མ་དང་འདྲེས་རྒྱལ་བའང་ཇི་སྲིད་དུ། །ཉོན་མོངས་དྲི་མ་འདྲེས་ལས་མ་གྲོལ་བ། །དེ་སྲིད་རྒྱལ་མཛད་སྲིད་གསུམ་དུ་མི་བྱེད། །ཅེས་སོ། །དཔེ་བཞི་པ་ནི། ཇི་ལྟར་རབ་ཏུ་རྒྱུ་ཚེ་མི་ཡི་གསེར། །ལྗན་ལྗིན་རུལ་བའི་ནང་དུ་ལྷུང་གྱུར་པ། །མི་འཇིག་ཆོས་ཅན་དེ་ནི་དེར་དེ་བཞིན། །ལོ་བརྒྱ་མང་པོ་དག་ཏུ་གནས་པ་སྟེ། །ལྷ་མིག་རྣམ་དག་དང་ལྡན་ལྷ་ཡིས་དེར། །མཐོང་ནས་མི་ལ་འདི་ན་ཡོད་པའི་གསེར། །རིན་ཆེན་མཆོག་འདི་སྦྱོངས་ལ་རིན་ཆེན་གྱིས། །བསྒྲུབ་པར་བྱ་བ་གྱིས་ཞེས་སྨྲ་བ་ལྟར། །དེ་བཞིན་ཐུབ་པས་མི་གཙང་དང་འདྲ་བའི། །ཉོན་མོངས་སུ་བྱིང་སེམས་ཅན་ཡོན་ཏན་ནི། །གཟིགས་ནས་ཉོན་མོངས་འདམ་དེ་དག་བྱའི་ཕྱིར། །སྐྱེ་དགུ་རྣམས་ལ་དམ་ཆོས་ཆར་ཆེན་འབེབས། །ཞེས་སོ། །དཔེ་ལྔ་པ་ནི། ཇི་ལྟར་མི་དབུལ་ཁྱིམ་ནང་ས་འོག་ན། །མི་ཟད་པ་ཡི་གཏེར་ནི་


GTN002_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་གྱུར་ལ། །མི་དེས་དེ་མ་ཤེས་ཏེ་གཏེར་དེས་ཀྱང་། །དེ་ལ་ང་འདིར་ཡོད་ཅེས་མི་སྨྲ་ལྟར། །དེ་བཞིན་ཡིད་ཀྱི་ནང་ཆུད་རིན་ཆེན་གཏེར། །དྲི་མེད་བཞག་དང་བསལ་མེད་ཆོས་ཉིད་ཀྱང་། །མ་རྟོགས་པས་ན་དབུལ་བའི་སྡུག་བསྔལ་ནི། །རྣམ་མང་རྒྱུན་དུ་སྐྱེ་དགུ་འདི་ཡིས་མྱོང་། །ཞེས་སོ། །དཔེ་དྲུག་པ་ནི། ཇི་ལྟར་ཨ་འབྲས་ལ་སོགས་ཤིང་འབྲས་ལ། །ཡོད་པའི་ས་བོན་མྱུ་གུ་འཇིག་མེད་ཆོས། །ས་རྨོས་ཆུ་སོགས་ལྡན་པའི་ལྗོན་ཤིང་གི །རྒྱལ་པོའི་དངོས་པོར་རིམ་གྱིས་འགྲུབ་པ་ལྟར། །སེམས་ཅན་རྣམས་ཀྱི་མ་རིག་སོགས་འབྲས་ཀྱི། །པགས་སྦུན་ནང་ཚུད་ཆོས་ཁམས་དགེ་བ་ཡང་། །དེ་བཞིན་དགེ་བ་དེ་དེ་ལ་བརྟེན་ནས། །རིམ་གྱིས་ཐུབ་པའི་རྒྱལ་པོའི་དངོས་པོར་འགྱུར། །ཞེས་སོ། །དཔེ་བདུན་པ་ནི། ཇི་ལྟར་རིན་ཆེན་ལས་བྱས་རྒྱལ་བའི་གཟུགས། །གོས་ཧྲུལ་དྲི་ངན་གྱིས་ནི་གཏུམས་གྱུར་པ། །ལམ་གནས་ལྷ་ཡིས་མཐོང་ནས་གྲོལ་བྱའི་ཕྱིར། །ལམ་ནས་དོན་ནི་དེ་ལ་སྨྲས་པ་ལྟར། །དེ་ནི་ཐོག་མེད་རྣམ་པ་སྣ་ཚོགས་ཀྱིས། །ཉོན་མོངས་ཀྱིས་གཏུམས་བདེ་གཤེགས་དངོས་པོ་ཉིད། །དུད་འགྲོ་ལ་ཡང་གཟིགས་ནས་དེ་བཞིན་དེ། །ཐར་པར་བྱ་བའི་དོན་དུ་ཐབས་དོན་མཛད། །ཅེས་སོ། །དཔེ་བརྒྱད་པ་ནི། ཇི་ལྟར་མི་མོ་གཟུགས་ངན་མགོན་མེད་འགའ། །མགོན་མེད་འདུག་གནས་སུ་ནི་འདུག་འགྱུར་ལ། །མངལ་གྱིས་རྒྱལ་པོའི་དཔལ་ནི་འཛིན་བྱེད་པ། །རང་ལྟོ་ན་ཡོད་མི་བདག་མི་ཤེས་ལྟར། །སྲིད་པར་སྐྱེ་བ་མགོན་མེད་ཁྱིམ་བཞིན་ཏེ། །མ་དག་སེམས་ཅན་མངལ་ལྡན་བུད་མེད་བཞིན། །དེ་ལ་གང་ཞིག་ཡོད་
པས་མགོན་བཅས་པ། །དྲི་མེད་ཁམས་ནི་དེ་ཡི་མངལ་གནས་བཞིན། །ཞེས་སོ། །དཔེ་དགུ་པ་ནི། ཇི་ལྟར་ནང་གི་གསེར་ཞུན་གཟུགས་རྒྱས་པ། །ཞི་བ་ཕྱི་རོལ་ས་ཡི་རང་བཞིན་ཅན། །མཐོང་ནས་དེ་ཤེས་པ་དག་ནང་གི་གསེར། །སྦྱོང་ཕྱིར་ཕྱི་རོལ་སྒྲིབ་པ་སེལ་བྱེད་ལྟར། །རང་བཞིན་འོད་གསལ་དྲི་མ་རྣམས་ཀྱང་ནི། །གློ་བུར་པར་ནི་རྣམ་པར་གཟིགས་གྱུར་པ། །རིན་ཆེན་འབྱུང་གནས་ལྟ་བུའི་འགྲོ་བ་རྣམས། །སྒྲིབ་པ་དག་ལས་སྦྱོང་མཛད་བྱང་ཆུབ་མཆོག །ཅེས་སོ། །

རྣམ་གྲངས་ངེས་པའི་ཆོས་གཞན་བསམ་པ།


GTN002_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་གྲངས་ངེས་པའི་ཆོས་གཞན་བསམ་པ་ལ། 1. རིགས་ཀྱི་རང་བཞིན། 2 . དེ་ཡོད་པའི་རྟགས། 3. སྟོང་ཚུལ། 4. ཚུལ་གཞན་དྲང་དོན་དུ་བསྟན་པ། 5. འདི་ཉིད་ངེས་དོན་དུ་གསུངས་ཚུལ་ཕན་ཡོན་དང་བཅས་ལྔས་རིག་པར་བྱ་བ་ལ། 1. ཁམས་བདེ་བར་གཤེགས་པའི་སྙིང་པོ་འདི་ཡི་རང་བཞིན་ནི། ཡེ་ནས་འོད་གསལ་བ་ཆོས་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པ་སྟེ། རྒྱུད་བླ་མའི་འགྲེལ་པར། ཐོག་མ་མེད་དུས་ཅན་གྱི་ཁམས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང་། །མྱ་ངན་འདས་པའང་ཐོབ་པ་ཡིན། །ཞེས་གསུངས་སོ། །དེ་ལ་ཇི་ལྟར་ན་ཐོག་མ་མེད་པའི་དུས་གང་ཞེ་ན། དེ་བཞིན་གཤེགས་པའི་སྙིང་པོ་ཉིད་ཀྱི་དབང་དུ་མཛད་ནས་སྔོན་གྱི་མཐའ་མི་དམིགས་སོ་ཞེས་བསྟན་ཞིང་། རབ་ཏུ་བཞག་པ་གང་ཡིན་པའོ། །ཁམས་ཞེས་བྱ་བ་ནི། ཇི་སྐད་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་གང་ལགས་པ་འདི་


GTN002_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

ནི་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྙིང་པོ། རང་བཞིན་གྱིས་ཡོངས་སུ་དག་པའི་ཆོས་ཀྱི་སྙིང་པོའོ། །ཞེས་གསུངས། ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། ཞེས་བྱ་བ་ནི། ཇི་སྐད་དུ། བཅོམ་ལྡན་འདས་དེའི་སླད་དུ། དེ་བཞིན་གཤེགས་པའི་སྙིང་པོ་ནི། འབྲེལ་བ་རྣམ་པར་དབྱེ་བ་མེད་པ། བྲལ་མི་ཤེས་པ། འདུས་མ་བྱས་ཀྱི་ཆོས་རྣམས་ཀྱི་གནས་དང་གཞི་དང་རྟེན་ལགས་ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་ནི་མ་འབྲེལ་བ་རྣམ་པར་དབྱེ་བ་དང་བཅས་པའི་ཆོས་བྲལ་ཤེས་པ་འདུས་བྱས་ཀྱི་ཆོས་རྣམས་ཀྱི་ཡང་གནས་དང་གཞི་དང་རྟེན་ལགས་སོ་ཞེས་གསུངས་པའོ། །དེ་ཡོད་ན་ནི་འགྲོ་ཀུན་དང་། །ཞེས་པ་ནི། ཇི་སྐད་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་མཆིས་ན། དེ་ལ་འཁོར་བ་ཞེས་ཚིག་གིས་བཏགས་པ་ལགས་སོ། །ཞེས་སོ། །མྱ་ངན་འདས་པའང་ཐོབ་པར་འགྱུར། །ཞེས་པ་ནི། ཇི་སྐད་དུ། བཅོམ་ལྡན་འདས་གལ་ཏེ་དེ་བཞིན་གཤེགས་པའི་སྙིང་པོ་མ་མཆིས་ན། སྡུག་བསྔལ་ལ་ཡིད་འབྱུང་བར་མི་འགྱུར་ཞིང་། མྱ་ངན་ལས་འདས་པ་ལའང་འདོད་པ་དང་དོན་དུ་གཉེར་བ་དང་སྨོན་པར་ཡང་མི་འགྱུར་རོ། །ཞེས་རྒྱས་པར་གསུངས་སོ། །ཆོས་ཀྱི་སྐུ་ལྟར་རྒྱ་ཆེ་བ་དེ་བཞིན་གཤེགས་པ་དང་དབྱེར་མེད་པའི་མཚན་ཉིད་ངེས་པའི་རིགས་ཀྱི་རང་བཞིན་དེ་བཞིན་གཤེགས་པའི་སྙིང་པོ་དེ་ཡང་ཐམས་ཅད་ཀྱི་ཚེ། ཐམས་ཅད་ལ་ཁྱད་པར་མེད་པའི་ཚུལ་དུ་ཡོད་དོ། །ཞེས་བྱ་བ་ནི་ཆོས་ཉིད་མཚན་མར་བྱས་ནས་བལྟ་བར་བྱ་སྟེ། ཇི་སྐད་དུ། རིགས་ཀྱི་བུ། འདི་ནི་ཆོས་རྣམས་ཀྱི་ཆོས་


GTN002_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དེ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་སྟེ། སེམས་ཅན་འདི་དག་ནི་རྟག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ། །ཞེས་གསུངས་པ་བཞིན་ནོ། །ཞེས་སོ། །2. རིགས་དེ་སེམས་ཅན་ལ་ཡོད་པའི་རྟགས་སུ། བདེ་བ་འདོད་སྡུག་བསྔལ་མི་འདོད་པའི་བློ་ཡོད་པས་ཤེས་ལ། རིགས་དེ་སད་པའི་རྟག་ཏུ་འཁོར་བ་ལས་སྐྱོ་ཞིང་ཐར་པ་ལ་སྨོན་པའི་བློ་ཡོད་པས་མཚོན་ཏེ། རྒྱུད་བླ་མ་ལས། གལ་ཏེ་སངས་རྒྱས་ཁམས་མེད་ན། །སྡུག་ལའང་སྐྱོ་བར་མི་འགྱུར་ཞིང་། །མྱ་ངན་འདས་ལ་འདོད་པ་དང་། །དོན་གཉེར་སྨོན་པའང་མེད་པར་འགྱུར། །སྲིད་དང་མྱ་ངན་འདས་དེ་ཡི། །སྡུག་བདེའི་སྐྱོན་ཡོན་མཐོང་བ་འདི། །རིགས་ཡོད་ལས་ཡིན་གང་ཕྱིར་ཏེ། །རིགས་མེད་དག་ལ་མེད་ཕྱིར་རོ། །ཞེས་སོ། 3. རིགས་དེའི་སྟོང་ཚུལ་ནི། དབྱེར་ཡོད་ཅིང་བྲལ་ཤེས་པ་དྲི་མའི་ཆོས་གློ་བུར་གྱིས་བསྒྲིབས་པས། རང་ངོ་ལ་གོས་པ་མེད་པས་སྟོང་པ་དག་དུས་དག་ནས་སྟོང་ལ། བློས་བསམ་པས་དེ་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །རྣམ་དབྱེར་མེད་ཅིང་ལྷུན་གྱིས་གྲུབ་པའི་ཡོན་ཏན་གྱི་ཆོས་རྣམས་ཀྱིས་མི་སྟོང་སྟེ། འདུས་མ་བྱས་པའི་རང་བཞིན་རྟག་ཏུ་འཕོ་འགྱུར་མེད་པར་གནས་པའི་ཕྱིར་རོ། །དེ་སྐད་དུའང་། འདི་ལ་བསལ་བར་བྱ་བ་དང་། །གཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །རྣམ་དབྱེར་བཅས་པའི་མཚན་ཉིད་


GTN002_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། །གློ་བུར་དག་གིས་ཁམས་སྟོང་གི །རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །འདིས་ཅི་བསྟན་ཞེ་ན། གང་གི་ཕྱིར་རང་བཞིན་གྱིས་ཡོངས་སུ་དག་པ་དེ་བཞིན་གཤེགས་པའི་ཁམས་འདི་ལས། བསལ་བར་བྱ་བ་ཀུན་ནས་ཉོན་མོངས་པའི་རྒྱུ་མཚན་ནི་འགའ་ཡང་མེད་ལ། གློ་བུར་བའི་དྲི་མ་དང་བྲལ་བ་ནི་འདི་ཡི་རང་བཞིན་ཡིན་པའི་ཕྱིར་རོ། །འདི་ལ་རྣམ་པར་བྱང་བའི་རྒྱུ་མཚན་གཞག་པར་བྱ་བའང་ཅུང་ཟད་ཡོད་པ་མ་ཡིན་ཏེ། རྣམ་པར་དབྱེ་བ་མེད་པའི་ཆོས་ཉིད་ནི་འདི་ཡི་རང་བཞིན་ཡིན་པའི་ཕྱིར་རོ། །དེས་ན་དེ་བཞིན་གཤེགས་པའི་སྙིང་པོ་ནི། རྣམ་པར་དབྱེ་བ་ཡོད་པ། བྲལ་ཤེས་པ། ཉོན་མོངས་པའི་སྦུབས་ཐམས་ཅད་ཀྱིས་ནི་སྟོང་པ་ཡིན་ལ། རྣམ་པར་དབྱེ་བ་མེད་པ། བྲལ་མི་ཤེས་པ། བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཆོས་གངྒཱའི་ཀླུང་གི་བྱེ་མ་ལས་འདས་པ་ནི་མི་སྟོང་ངོ་ཞེས་གསུངས་སོ། །དེ་ལྟར་ན་གང་ཞིག་གང་ན་མེད་པ་དེ་ནི་དེས་སྟོང་ངོ་ཞེས་ཡང་དག་པར་རྗེས་སུ་མཐོང་ལ། གང་ཞིག་དེར་ལྷག་པར་གྱུར་པ་དེ་ནི་དེ་ལ་རྟག་པར་ཡོད་དོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ། །ཚིགས་སུ་བཅད་པ་འདི་གཉིས་ཀྱིས་ནི་སྒྲོ་འདོགས་པ་དང་། བསྐུར་བ་འདེབས་པའི་མཐའ་དང་བྲལ་བའི་ཕྱིར། ཕྱིན་ཅི་མ་ལོག་པ་སྟོང་པ་ཉིད་ཀྱི་མཚན་ཉིད་བསྟན་པའོ། །ཞེས་གསུངས་སོ། །འདི་ཉིད་དོན་དམ་པ་སྟོང་པ་ཉིད་ཅེས་བྱའོ། །4. ཚུལ་གཞན་དྲང་བའི་དོན་དུ་བསྟན་པ་ནི། བཀའ་བར་པས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྟན་པ་ནི། ཕྱི་རོལ་པ་གང་ཟག་གི་བདག་ཏུ་ལྟ་བ་དང་། ཉན་ཐོས་དང་རང་སངས་རྒྱས་ཆོས་ཀྱི་བདག་ཏུ་འཛིན་པ་དང་། བྱང་ཆུབ་སེམས་


GTN002_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་ལས་དང་པོ་པ་སེམས་ལ་མངོན་པར་ཞེན་ཅིང་གཉེན་པོ་ལ་མཆོག་ཏུ་འཛིན་པ་རྣམས་དོན་དམ་པ་སྟོང་པ་ཉིད་ཀྱི་ཆོས་ལ་དྲང་བའི་ཕྱིར་སྟོང་པ་ཉིད་ནམ་མཁའ་ལྟ་བུ་གསུངས་ཏེ། དགོངས་གཞི་སེམས་ཉིད་རང་བཞིན་གྱིས་འོད་གསལ་བ་དོན་དམ་པ་སྟོང་པ་ཉིད་ལ་དགོངས་པའོ། །དགོས་པ་སོ་སོའི་འཛིན་པ་བྲལ་བར་བྱེད། དངོས་ལ་གནོད་བྱེད་ནི། རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་པ་དང་། རྒྱུད་བླ་མའི་འགྲེལ་པར། དེ་ལ་སྟོང་པ་ཉིད། སེམས་རྣམ་པར་ཡེངས་པ་ནི། ཐེག་པ་ལ་གསར་དུ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་འམ། སྟོང་པ་ཉིད་ཀྱི་ཚུལ་གྱི་དེ་བཞིན་གཤེགས་པའི་སྙིང་པོ་ལས་མཉམ་པ་དག་ལ་བརྗོད་དེ། ཞེས་པ་དང་། དགོངས་པ་ངེས་འགྲེལ་གྱི་མདོ་ལས། ངས་ངོ་བོ་ཉིད་མེད་པ་གསུམ་ལ་དགོངས་ནས་ཆོས་ཐམས་ཅད་སྟོང་པ་ཉིད་ཅེས་བསྟན་ཏོ། །ཞེས་པའོ། །མྱ་ངན་ལས་འདས་པའི་མདོ་ལས། ངས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྟན་པ་ནི། ཉན་ཐོས་དང་རང་སངས་རྒྱས་དང་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། གཞན་མུ་སྟེགས་ཅན་རྣམས་ཀྱིས་དངོས་པོ་ལ་མངོན་པར་ཞེན་པ། བདག་ཏུ་ལྟ་བ་ཅན། འདུ་ཤེས་ཀྱི་འཛིན་པས་བཅིངས་པ་རྣམས་ལ་ཕན་གདགས་པའི་ཕྱིར་གསུངས་ཀྱི། དེ་ཁོ་ན་ཉིད་དུ་ན། ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བ་སྟེ། དེ་བཞིན་ཉིད་ཀྱི་དོན་ལྷུན་གྱིས་གྲུབ་པའི་ངོ་བོ་ཉིད་དུ་རིག་པར་བྱའོ། །ཞེས་གསུངས་པའི་གནད་དོ།


GTN002_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ལུགས་རང་བཞིན་གྱིས་དག་ཅིང་ལྷུན་གྱིས་གྲུབ་པར་མ་ཤེས་ན། ཕྱིན་ཅི་ལོག་བཞིའི་གཉེན་པོར་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། མི་གཙང་བར་བསྒོམས་ཀྱང་ལམ་དེས་གྲོལ་བར་མི་ནུས་ཏེ་རྣལ་དོན་མ་རྟོགས་པའི་ཕྱིར་རོ། །ཡང་དེ་ཉིད་ལས། དགེ་སློང་དག་དཔེར་ན་སོས་ཀའི་དུས་ལ་བབས་པ་ན། སྐྱེ་བོ་དག་ཁྲུས་རས་བཅིངས་ཏེ། རང་རང་གི་རྒྱན་དང་ཉེ་བར་སྤྱོད་པ་དག་གིས་ཆུ་ལ་རྩེའོ། །དེ་ནས། དེར་གཅིག་གིས་རིགས་དང་ལྡན་པའི་ནོར་བུ་བཻ་ཌཱུརྱ་ཆུའི་ནང་དུ་བཞག་པ་དང་། དེ་ནས་བཻ་ཌཱུརྱ་དེའི་དོན་དུ་དེ་དག་ཐམས་ཅད་རྒྱན་བཞག་ནས་ཆུ་ལ་ཞུགས་པར་གྱུར་ཏོ། །དེ་ནས་དེ་ན་ཡོད་པའི་གསེག་མའམ་གྱོ་མོ་དེ་དག་ལ་ནོར་བུ་དང་མཉམ་པར་བཟུང་སྟེ། བདག་གིས་ནོར་བུ་རྙེད་དོ་སྙམ་ནས་ཕྱུང་ངོ་། །ཕྱུང་ནས་ཀྱང་རྫིང་བུའི་འགྲམ་དུ་བལྟས་པ་ན་འདི་ནི་ནོར་བུའོ་སྙམ་པའི་འདུ་ཤེས་རབ་ཏུ་འཇུག་གོ །རྫིང་བུའི་ཆུ་དེ་ཡང་ནོར་བུའི་མཐུས་ནོར་བུ་འོད་དང་འདྲ་བར་སྣང་ངོ་། །དེ་དག་དེ་ལྟར་སྣང་བའི་ཆུ་དེ་མཐོང་ནས། ཨེ་མ་འོ་ནོར་བུའོ་སྙམ་པའི་འདུ་ཤེས་རབ་ཏུ་ཞུགས་སོ། །དེ་ནས་དེ་ལ་ཐབས་མཁས་ཤིང་ཡིད་གཞུངས་པ་གཅིག་གིས་ནོར་བུ་དེ་ཡང་དག་པར་རྙེད་པར་གྱུར་ཏོ། །དགེ་སློང་དག་དེ་བཞིན་དུ་ནོར་བུ་ལྟར་ཆོས་ཀྱི་དེ་ཁོ་ན་ཉིད་མི་ཤེས་པ་ཁྱེད་རྣམས་ཀྱིས་ཐམས་ཅད་མི་རྟག་པ་དང་། ཐམས་ཅད་སྡུག་བསྔལ་བ་དང་། ཐམས་ཅད་བདག་མེད་པ་དང་། ཐམས་ཅད་མི་སྡུག་པའོ། །ཞེས་འཛིན་པ་ཐམས་ཅད་ཀྱིས་སྒོམ་ཞིང་བསྒོམ་པའི་བྱ་བ་ལན་མང་དུ་བྱས་ཤིང་། མང་དུ་


GTN002_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པ་ལ་བློ་ཉེ་བར་བཞག་པ་དེ་དག་ཐམས་ཅད་ནི་དོན་མེད་དོ། །དགེ་སློང་དག་དེའི་ཕྱིར་རྫིང་གི་གསེག་མ་དང་གྱོ་མོའི་རྣམ་པར་གནས་པ་སོ་སོར་ཕྱེ་བས་ནོར་བུ་ལེན་པ་ལྟར། དོན་མི་འགྱུར་བར་ཁྱེད་ཅག་ཐབས་ལ་མཁས་པར་གྱིས་ཤིག །ཅེས་གསུངས་སོ། །དོན་དམ་པ་སྟོང་པ་ཉིད་ཀྱི་ཚུལ་མི་ཤེས་པར་གང་ཡང་མེད་པའི་སྟོང་པར་འདོད་པ་ནི། ཆད་པར་ལྷུང་བས་ཕྱི་རོལ་པ་དང་དོན་ལ་མཚུངས་པས་སྨད་དེ། དཀོན་མཆོག་བརྩེགས་པ་ལས། འོད་སྲུང་གང་དག་བདག་ཏུ་ལྟ་བ་རི་རབ་ཙམ་ལ་གནས་པ་བླའི། མངོན་པའི་ང་རྒྱལ་ཅན་སྟོང་པ་ཉིད་དུ་ལྟ་བ་ནི་དེ་ལྟར་མ་ཡིན་ནོ། །ཞེས་སོ། །རྩ་ཤེར་ལས་ཀྱང་། སྟོང་པ་ཉིད་ལ་ལྟ་ཉེས་ན། །ཤེས་རབ་ཆུང་རྣམས་ཕུང་བར་འགྱུར། །ཇི་ལྟར་སྦྲུལ་ལ་བཟུང་ཉེས་དང་། །རིགས་སྔགས་བསྒྲུབ་པ་ལོག་པ་བཞིན། །ཞེས་སོ། །5. འདི་ཉིད་ངེས་དོན་དུ་གསུངས་ཚུལ་ཕན་ཡོན་དང་བཅས་པ་ནི། བཀའ་བར་པ་ཆོས་ཐམས་ཅད་སྟོང་པར་བསྟན་པ་ལས་ཆེས་ཁྱད་པར་དུ་འཕགས་པ་ཐ་མར་གདོད་མ་ནས་ལྷུན་གྱིས་གྲུབ་ཅིང་འོད་གསལ་བའི་ངེས་པའི་དོན་དུ་གསུངས་པས། གདུལ་བྱ་དབང་པོ་རྣོན་པོ་རྣམས་ཀྱིས་རྟོགས་ཏེ། སེམས་ཞུམ་པ་མེད་པས་བྱང་ཆུབ་ཏུ་སེམས་རླབས་ཆེར་བསྐྱེད་དེ་བརྩོན་པ་དང་། སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་སྙིང་པོ་ཅན་དུ་མཐོང་བས་གུས་ཤིང་རང་ལ་རློམ་སེམས་མེད་པ་དང་། གནས་ལུགས་ཕྱིན་ཅི་མ་ལོག་པར་རྟོགས་པས་ཤེས་རབ་རྒྱ་ཆེར་འཕེལ་ཞིང་ལོག་པར་ལྟ་བ་མེད་པ་དང་། བདག་དང་སེམས་ཅན་མཚུངས་པར་མཐོང་བས་


GTN002_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

བྱམས་པ་སྐྱེ་བ་དང་། སྒྲོ་སྐུར་ཞི་བའི་བདེན་པ་མཐོང་བ་ལ་འཇུག་པས་སྟོང་པར་སྐུར་འདེབས་ཀྱི་མཐའ་དང་བྲལ་ཏེ་སངས་རྒྱས་མྱུར་དུ་ཐོབ་པ་ཉིད་དུ། རྒྱུད་བླ་མ་ལས། སྤྲིན་དང་རྨི་ལམ་སྒྱུ་བཞིན་དེ་དང་དེར། །ཤེས་བྱ་ཐམས་ཅད་རྣམ་ཀུན་སྟོང་པ་ཞེས། །གསུངས་ནས་ཡང་འདིར་རྒྱལ་རྣམས་སེམས་ཅན་ལ། །སངས་རྒྱས་སྙིང་པོ་ཡོད་ཅེས་ཅི་སྟེ་གསུངས། །སེམས་ཞུམ་སེམས་ཅན་དམན་ལ་བརྙས་པ་དང་། །ཡང་དག་མི་འཛིན་ཡང་དག་ཆོས་ལ་བསྐུར། །བདག་ཅག་ལྷག་པའི་སྐྱོན་ལྔ་གང་དག་ལ། །ཡོད་པ་དེ་དག་དེ་སྤང་དོན་དུ་གསུངས། །ཞེས་པ་དང་། འདི་ལྟར་དེ་ནི་ཐོས་པ་ལས། །སྤྲོ་དང་སྟོན་པ་བཞིན་གུས་དང་། །ཤེས་རབ་ཡེ་ཤེས་བྱམས་ཆེན་བསྐྱེད། །ཆོས་ལྔ་སྐྱེ་ཕྱིར་དེ་ལ་ནི། །ཁ་ན་མ་ཐོ་མེད་མཚུངས་ལྟ། །སྐྱོན་མེད་ཡོན་ཏན་ལྡན་པ་དང་། །བདག་དང་སེམས་ཅན་མཚུངས་བྱམས་ལས། །སངས་རྒྱས་ཉིད་ནི་མྱུར་དུ་ཐོབ། །ཅེས་གསུངས་སོ། །གནས་འདི་ནི་དགེ་བའི་རྩ་བ་བསྐྲུན་པ། དབང་པོ་སྦྱངས་པ། དགེ་བའི་བཤེས་གཉེན་དམ་པས་ཟིན་པ་རྣམས་ཀྱིས་དད་པས་དོན་སྤྱིའི་ཚུལ་དུ་རྟོགས་པར་བྱ་བ་ཡིན་གྱི། སོ་སོ་སྐྱེ་བོ་ཕལ་དང་ཉན་རང་གི་རིགས་ཅན་དང་། སྟོང་པ་མཐར་འཛིན་དུ་ཞེན་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་ཏེ། རྒྱུད་བླ་མ་ལས། རང་བྱུང་རྣམས་ཀྱི་དོན་དམ་དེ། །དད་པ་ཉིད་ཀྱིས་རྟོགས་བྱ་ཡིན། །ཉི་མའི་དཀྱིལ་འཁོར་འོད་འབར་བ། །མིག་མེད་པས་ནི་མཐོང་བ་མེད། །ཅེས་པ་དང་། དེའི་འགྲེལ་པར། ཇི་སྐད་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་འདི་ནི་འཇིག་ཚོགས་ལ་ལྟ་བར་ལྟུང་བ་རྣམས་དང་། ཕྱིན་ཅི་ལོག་ལ་མངོན་པར་དགའ་བ་རྣམས་དང་། སྟོང་པ་ཉིད་ལ་སེམས་རྣམ་པར་གཡེང་བ་རྣམས་ཀྱི་སྤྱོད་ཡུལ་མ་ལགས་སོ། །ཞེས་བྱ་བ་ཡིན་ནོ། །ཞེས་སོ།། །།

སྤྱི་དོན་བཞི་པ་གདམས་པ་ཉམས་ལེན་གྱིས་མཚོན་ཚུལ་བསྟན་པ།

གདམས་བཞི་རྒྱུད་ལུང་བབ་ཚུལ་གྱིས་ཁོག་བཅིངས།


GTN002_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

༈ སྤྱི་དོན་བཞི་པ་གདམས་པ་ཉམས་ལེན་གྱིས་མཚོན་ཚུལ་བསྟན་པ་ལ་གསུམ་སྟེ། 1 གདམས་བཞི་རྒྱུད་ལུང་བབ་ཚུལ་གྱིས་ཁོག་བཅིངས།2 གདམས་ཚུལ་དབང་གི་ཆུ་བོས་རྒྱུད་སྦྱོང་། 3 གདམས་ཁྲིད་ཉམས་ལེན་གྱི་རིམ་པས་གྲོལ་བར་བྱ་བའོ། །[1] དང་པོ་ནི། གཞི་ལྷུན་གྲུབ་ཆེན་པོའི་ངང་ལས། ཐུགས་རྗེས་རང་སྣང་དུ་རིག་པས་དབང་བཞི་ཡེ་ཤེས་ཀྱི་ཆུ་བོ་ཡེ་རྫོགས་རང་བྱུང་ཆེན་པོར་ཐོབ་སྟེ། དགོངས་པ་རང་བྱུང་གི་མན་ངག་རང་ཤར་བས། ལུང་སྟོན་པའི་བླ་མ་མེད་པར་སངས་རྒྱས་པ་ནི། ཀུན་ཏུ་བཟང་པོ་གཞི་ཐོག་ཏུ་བྱང་ཆུབ་པའོ། །དེ་ནས་ཆོས་ཀྱི་སྐུ་ལས་ལོངས་སྐུར་བཞེངས་ཏེ་རྣམ་དག་སྟུག་པོ་བཀོད་པའི་ཞིང་དུ་རིགས་ལྔའི་དཀྱིལ་འཁོར་མངོན་པར་སྣང་བ་དང་། སྟོན་པ་རྣམ་པར་སྣང་མཛད་ཀྱིས་འཁོར་རིགས་བཞིའི་ཚོམ་བུ་རང་སྣང་དུ་གསལ་བ་ལ། དགོངས་པ་བཞི་འདུས་ཀྱི་དབང་རང་རྫོགས་ལྷུན་གྲུབ་ཏུ་རྫོགས་ཏེ། རང་གི་ངོ་བོས་བརྡའི་ཆོས་བསམ་གྱིས་མི་ཁྱབ་པའི་དུས་སུ་གསུངས། དེ་ནས་ལོངས་སྐུ་ཡབ་ཡུམ་གྱི་བྱིན་རླབས་ཐུགས་རྗེའི་རང་ཤར་གྱི་རྩལ་ལས་སྤྲུལ་སྐུ་རྡོ་རྗེ་སེམས་དཔའ་རང་བྱོན་ཏེ། དགེ་བ་ཡེ་རྫོགས་ཀྱི་དབང་དང་ཆོས་ཉིད་རང་བྱུང་གི་གདམས་པ་ཡེ་བབས་ལྷུན་


GTN002_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཆེན་པོར་ཐོབ་ནས་གནས་རིགས་གསུམ་དུ་གདུལ་བྱའི་དོན་མཛད་དེ། ཀུན་གསལ་ལས། ངས་ལེན་མ་མྱོང་བའི་ལུས་གཉིས་བླངས་པས། མཐོང་མ་མྱོང་བའི་ཡུལ་གཉིས་མཐོང་། གྲག་མ་མྱོང་བའི་སྒྲ་གཅིག་བྱུང་། བརྗོད་མ་མྱོང་བའི་ཚིག་གཅིག་བྱུང་། དེའི་ཚེ་རྟོགས་པའི་ཤེས་རབ་སྐྱེས་སོ། །ཞེས་གསུངས། ལེན་མ་མྱོང་བའི་ལུས་ནི་ཆོས་སྐུ་ནང་གསལ་ཏེ། ལོངས་སྤྲུལ་གཉིས་དེ་ལས་བྱུང་བའོ། །ཡུལ་གཉིས་ལོངས་སྐུ་རང་སྣང་གི་ཞིང་དང་། སྤྲུལ་སྐུའི་གདུལ་ཞིང་ངོ་། །སྒྲ་ནི་ལོངས་སྐུ་རང་གདངས་ཡི་གེ་དྲུག་གི་འཁོར་ལོ། ཚིག་ནི་འདུས་བྱས་རང་སྣང་ཚངས་པའི་དབྱངས་སུ་ཐོས་པའོ། །ཡང་ལུས་ནི་སྐུ་གསུམ། ཡུལ་ནི་ནང་ལྷུན་གྲུབ་དང་ཕྱི་ཞིང་ཁམས། སྒྲ་ནི་རང་བྱུང་གི་ཡི་གེ། ཚིག་ནི་རང་ཤར་རང་གྲོལ་དུའང་སྦྱོར། དེ་ཐམས་ཅད་སྐུ་གསུམ་གྱི་མཛད་པ་སྟེ། དེ་ཉིད་ལས། རིགས་ཀྱི་བུ། ངོ་བོ་ཆོས་སྐུ། རང་བཞིན་ལོངས་སྐུ། ཐུགས་རྗེ་སྤྲུལ་སྐུ་སྟེ། ཐམས་ཅད་འབྱུང་བའི་གཞི་མ་འགགས་པར་གནས་པས། གཞི་ལ་གནས་པའི་སྐུ་གསུམ་མོ། །རྒྱུ་དག་པ་ཆོས་ཀྱི་སྐུ་ལས། འབྲས་བུ་དག་པ་གཟུགས་ཀྱི་སྐུ་གཉིས་ནང་གསལ་དུ་གནས་པ་ནི་ཡོན་ཏན་དུ་གྲུབ་པ་སྟེ། གཞི་ལ་གྲུབ་པའི་སྐུ་གསུམ་ཞེས་བྱའོ། །ཞེས་དང་། ཀྱེ་གསང་བའི་བདག་པོ་རྣམ་སྣང་ལ་ལོང༷ས་སྐུར༷་{ལོང༵ས་སྐུའི༵་ཆོས༵་སྐུར༵་}བཞག་པ་ནི། རྣམ་སྣང་ལས་རིགས་བཞི་འབྱུང་ཞིང་། རྣམ་སྣང་གི་ཡོན་ཏན་གྱིས་ཁྱབ་པ་སྟེ། རིགས་བཞིའི་གཞི་མའམ་ཤེས་བྱར་གྱུར་པའོ། །རིགས་བཞི་ཡང་ཡར་རྣམ་སྣང་གི་ཐུགས་རྣམ་པར་དག་པ་ལ་ལོངས་སྤྱོད། མར་འཁོར་དུ་སྨིན་པ་སེམས་


GTN002_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་དང་སེམས་མ་ལ་ཐུགས་རྗེས་ལོངས་སྤྱོད་པའོ། །དེས་ན་རིགས་བཞིའི་ལོངས་སྐུའོ། །དེ་ལས་ཐུགས་རྗེའི་བྱེ་བྲག་མི་འདྲ་བར་མཁྱེན་པས། སེམས་དཔའ་དང་སེམས་མར་སྤྲུལ་སྐུའོ། །དེ་བཞིན་ཆོས་སྐུའི་སྐུ་གསུམ་གྱི་བཞག་ལུགས་དང་། སྤྲུལ་སྐུའི་སྐུ་གསུམ་གྱི་བཞག་ལུགས་ཀྱང་ཤེས་པར་བྱའོ། །སྐུའི་ཆེ་བ་ཡོངས་སུ་རྫོགས་པ་སྟེ། གདུལ་བྱ་འཁོར་སྨིན་པ་རྣམས་ལ་ཡང་མངོན་པར་སྣང་བས། འབྲས་བུ་མངོན་པར་རྫོགས་པའི་དུས་ཤེས་པར་བྱའོ། །ཐུགས་ཀྱི་མཁྱེན་པས་ཡར་ཆོས་སྐུར་གསལ་ཞིང་སྤྱན་གྱི་མཁྱེན་པས་མར་སྤྲུལ་པའི་སྐུར་གསལ་ཏེ། བར་ན་སྐུ་མཆོག་འོད་གསལ་རྩལ་སྣང་བས་ན་ལོངས་སྐུར་རྣམ་པར་བཞག་པའོ། །ཆོས་ཀྱི་སྤྱན་གྱིས་རྣམ་རྟོག་མི་མངའ་བར་གཟིགས་ལ། ཞལ་གྱི་བར་ནས་ཡི་གེ་དྲུག་འོད་ཟེར་དུ་འཕྲོས་པས། འཛམ་བུ་གླིང་བྱེ་བ་ཕྲག་བརྒྱ་ན་རྡོ་རྗེ་སེམས་དཔའ་རེ་རེ་གསལ་ཞིང་། འགྲོ་དྲུག་སྤྱིའི་གནས་ན་ཐུབ་པ་དྲུག་གནས་པས་ཐུགས་རྗེ་འབྱུང་བའི་སྐུ་གསུམ་མོ། །ཐུགས་རྗེ་མ་ལུས་པ་གཅིག་ལས་འབྱུང་བའི་ཕྱིར་རོ། །དེས་སེམས་ཅན་གྱི་དོན་དངོས་སུ་མཛད་པས་ན་སྤྲུལ་པའི་སྐུ་སྟེ། འགྲོ་བ་འདུལ་བའི་སྐུ་གསུམ་མོ། །མ་འགགས་པས་སྤྲུལ་པའི་སྐུ་སྟེ། རྩལ་ལམ་ཐུགས་རྗེ་ལྟར་སྣང་བའོ། །ཞེས་སོ། །སྐུ་དེ་དག་དབྱེ་བ་དངོས་ནི། དེ་ཉིད་ལས། དབྱེ་ན་ཆོས་སྐུ་ལ་གསུམ་སྟེ། རིག་པ་ངོས་བཟུང་དང་བྲལ་ཞིང་མི་འགྱུར་བས་ཆོས་སྐུའི་ཆོས་སྐུའོ། །རིག་པ་ཤེས་རབ་ཀྱི་སྐུ་ལྔ་མཁྱེན་པ་མ་འགགས་པ་ཡེ་ཤེས་ཀྱི་སྤྱན་རྣམ་པར་དག་པ་ལྔ་ནི་ཆོས་སྐུའི་ལོངས་སྐུའོ། །གདུལ་བྱ་ལ་སྣང་བའི་སྐུ་ལྔ་ནི་ཆོས་


GTN002_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

སྐུའི་སྤྲུལ་སྐུའོ། །རིགས་ཀྱི་བུ་དེ་ལ་ནི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ཞེས་ཀྱང་བྱའོ། །གཞི་ལ་གནས་པའི་སྐུ་གསུམ་ཞེས་ཀྱང་བྱའོ། །འབྲས་བུ་གཞི་ལ་གྲུབ་པ་ཞེས་ཀྱང་བྱའོ། །སྐུ་གསུམ་རྣམ་དག་ཇ་ལོག་ཆེན་པོ་ཞེས་ཀྱང་བྱའོ། །འབྲས་བུའི་ངང་ལ་གནས་པ་ཞེས་ཀྱང་བྱའོ། །ལོངས་སྐུའི་ཆོས་སྐུ་ནི་རྣམ་སྣང་ཆེན་པོའོ། །ལོངས་སྐུའི་ལོངས་སྐུ་ནི་རིགས་བཞིའོ། །ལོངས་སྐུའི་སྤྲུལ་སྐུ་ནི་སེམས་དཔའ་དང་སེམས་མ་རྣམས་སོ། །རིགས་ཀྱི་བུ་དེ་རྣམས་ལ་མཚན་གྱི་བྱེ་བྲག་འབྲས་བུ་མངོན་པར་གསལ་བ་ཞེས་ཀྱང་བྱའོ། །སྐུ་གསུམ་རྣམ་པར་བཞག་པ་ཞེས་ཀྱང་བྱའོ། །ལོངས་སྐུའི་སྐུ་གསུམ་མོ། །སྤྲུལ་སྐུའི་སྐུ་གསུམ་ནི། རིགས་བཞི་སངས་རྒྱས་ཆོས་སྐུ། སེམས་དཔའ་སེམས་མ་ལོངས་སྐུ། ཐུགས་རྗེའི་འོད་ཟེར་སྤྲུལ་སྐུའོ། །ཀྱེ་སེམས་དཔའ་ཆེན་པོ་དེ་ལ་ནི། ཐུགས་རྗེ་འབྱུང་བའི་སྐུ་གསུམ་ཞེས་ཀྱང་བྱའོ། །སྐུ་གསུམ་མཐའ་ལ་བསྐྱལ་བ་ཞེས་ཀྱང་བྱའོ། །དེ་རྣམས་རྡོ་རྗེ་སེམས་དཔའི་ཐུགས་ལ་གནས་ཤིང་སྟོན་པས་དོན་མཛད་པས་འགྲོ་བ་འདུལ་བའི་སྐུ་གསུམ་ཞེས་ཀྱང་བྱའོ། །ཀྱེ་གསང་བདག་ངེས་པར་ཟུང་ཞིག་རྡོ་རྗེ་སེམས་དཔའ་ནི་སྤྲུལ་པའི་སྐུའི་ཆོས་སྐུའོ། །ངའི་དབུའི་ཐོར་ཚུགས་དང་མཛོད་སྤུའི་བུ་ག་དང་། ཤངས་ཀྱི་རླུང་སྒྲོམ་ལ་སོགས་པ་ནས་བྱུང་བའི་སྐུ་འཇམ་དཔལ་དྲི་མེད་སྙིང་པོ་ལ་སོགས་པ་རྣམས་ནི་སྤྲུལ་པའི་སྐུའི་ལོངས་སྐུའོ། །ཐུབ་པ་དྲུག་དགའ་རབ་རྡོ་རྗེ་ལ་སོགས་པ་རྣམ་ནི་སྤྲུལ་པའི་སྐུའི་སྤྲུལ་སྐུའོ། །ཞེས་དང་། སྐུ་གསུམ་ཇ་ལོག་ཅེས་པ་ནི། མཚན་ཉིད་སྡེ་གསུམ་ལས་ཇ་ལོག་སྟེ། འདུས་བྱས་ཀྱི་ཆོས་


GTN002_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་ནས་དག་པས་རང་བྱུང་གི་ཡེ་ཤེས་ལྷུན་གྱིས་གྲུབ་པའོ། །སྔགས་ཕྱི་ནང་ལས་ཇ་ལོག་སྟེ། རིགས་ལྔ་གདུལ་བྱ་ལ་སྣང་བའི་སྤྲུལ་སྐུ་སྟེ། ལོངས་སྐུ་ལ་སྤྲུལ་སྐུ་ཇ་ལོག་གོ །རྫོགས་པ་ཆེན་པོ་ལ་སོགས་པ་སྤྱི་ཐུན་མོང་ལས་ཇ་ལོག་སྟེ། བདག་གིས་མ་བསྒོམས་མི་བསྒོམ་པར་བདག་ཉིད་ཆེན་པོའི་དགོངས་པ་དང་མི་འབྲལ་བར་གནས་པའོ། །འདུག་ཚུལ་ཇ་ལོག་སྟེ། ཆོས་སྐུ་ཡིས་གཟུགས་སྐུ་གཉིས་ཀྱི་ལུས་བྱས་ཏེ། བདག་མེད་བསམ་འདས་ཀྱི་སྐུ་ཡིན་པས་ཆོས་སྐུ་ཇ་ལོག་གོ ། ལོངས་སྐུ་སྤྲུལ་སྐུར་ཇ་ལོག་ཅིང་། སྤྲུལ་སྐུ་ལོངས་སྐུར་ཇ་ལོག་པས་ན་ཇ་ལོག་གོ ། རིགས་ཀྱི་བུ་དེ་ནི་ལོངས་སྐུ་མན་ཆད་ནས་ལྟོས་པའི་བརྗོད་ཚིག་གི །དེ་ལ་བྱེད་པ་མེད་པར་རང་བཞིན་གྱིས་གནས་པས་ཆེན་པོའོ། །སྐུ་གཉིས་རང་གི་གཞིའི་ངང་ལ་གནས་པས་ན། འབྲས་བུའི་ངང་ལ་གནས་པས། དོན་འགྱུར་བ་མེད་པར་གནས་པར་བྱའོ། །ཞེས་སོ། །དེ་ལྟར་སྟོན་པ་སྐུ་གསུམ་དགོངས་པར་བརྒྱུད་ནས་རྡོར་སེམས་དགའ་རབ་རྡོ་རྗེ་ལ་སོགས་པའི་འཁོར་ལ་ཞི་བ་རྫོགས་དབང་གི་ཆུ་བོ་ཕབ། རྒྱུད་ལུང་མན་ངག་གསང་སྒོ་ཕྱེ། ཚིག་སྦྱོར་ལེགས་པའི་སྒོ་ནས་དཔེ་དོན་རྟགས་གསུམ་གྱིས་སྨིན་ཅིང་གྲོལ་བར་མཛད་དོ། །དེ་ནས་རིམ་པར་བརྒྱུད་དེ་དབང་དང་གདམས་པའི་བཀའ་བབས་ཟམ་མ་ཆད་པར་བརྒྱུད་པ་ནི། གདམས་ཁྲིད་ཆེན་མོ་ལ་རྟོགས་པ་ཡེ་བབས་མན་ངག་གིས་ཁོག་བཅིངས་པས་ཟབ་དོན་སྙིང་པོའི་གཞི་ལ་བསྐྱལ་བ་ཞེས་བྱའོ། །

གདམས་ཚུལ་དབང་གི་ཆུ་བོས་རང་གི་རྒྱུད་སྦྱང་བ་ལ།

དཀྱིལ་འཁོར་གྱི་རང་བཞིན་སྤྱིར་བསྟན་པ།


GTN002_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

[2] གཉིས་པ་གདམས་ཚུལ་དབང་གི་ཆུ་བོས་རང་གི་རྒྱུད་སྦྱང་བ་ལ་གསུམ་སྟེ༑ ༡ རྟེན་དཀྱིལ་འཁོར་གྱི་རང་བཞིན། ༢ དེ་བསྒྲུབ་པའི་ཆོ་ག ༣ ཇི་ལྟར་དབང་བསྐུར་བའི་ཚུལ་ལོ། །(༡) དང་པོ་ལ་དཀྱིལ་འཁོར་གྱི་རང་བཞིན་སྤྱིར་བསྟན་པ་དང་། ཚོམ་བུའི་དཀྱིལ་འཁོར་བྱེ་བྲག་བཤད་པའོ། །དང་པོ་ལ་བཞི་ལས། ཀུན་གསལ་དུ། དང་པོ་དཀྱིལ་འཁོར་བཤད་བྱ་བ། །ངོ་བོ་དང་ནི་ངེས་ཚིག་དང་། །དབྱེ་བ་མཐུན་པའི་དཔེ་རུ་བཤད། །ངོ་བོ་རྣམ་པ་གསུམ་ཡིན་ཏེ། །མཚོན་པ་བརྡ་ཡི་ངོ་བོ་ནི། །བྲིས་དང་འབུར་དུ་བཏོད་པ་ཡིན། །དམ་ཚིག་ཏིང་འཛིན་ངོ་བོ་ནི། །གང་བསྒོམས་ཡིད་ལ་གསལ་བ་ཡིན། །རང་བཞིན་གྲུབ་པའི་དཀྱིལ་འཁོར་ནི། །སྐུ་གསུམ་རྒྱལ་བའི་དཀྱིལ་འཁོར་ཡིན། །རིག་པ་དཀྱིལ་ལ་ཡེ་ཤེས་འཁོར། །ཆོས་སྐུའི་ངོ་བོ་ངེས་ཚིག་ཡིན། །གཙོ་བོ་དཀྱིལ་ལ་སེམས་དཔའ་སེམས་མ་འཁོར། །ལོངས་སྐུའི་ངོ་བོ་ངེས་ཚིག་ཡིན། །ཀུན་གཞིའི་དཀྱིལ་ན་ཚོགས་བརྒྱད་འཁོར། །སྤྲུལ་སྐུའི་ངོ་བོ་ངེས་ཚིག་ཡིན། །དབྱེ་བ་རྣམ་པ་གསུམ་དུ་བཤད། །མཚོན་པ་བརྡའ་ཡི་དཀྱིལ་འཁོར་དང་། །དམ་ཚིག་ཏིང་འཛིན་དཀྱིལ་འཁོར་དང་། །རང་བཞིན་གྲུབ་པའི་དཀྱིལ་འཁོར་རོ། །དཔེ་ནི་ཉི་ཟླ་གཟའ་སྐར་ཤར་བ་བཞིན། །ཞེས་སོ། །

ཚོམ་བུའི་དཀྱིལ་འཁོར་བྱེ་བྲག་ཏུ་བཤད་པ།


GTN002_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ཚོམ་བུའི་དཀྱིལ་འཁོར་བྱེ་བྲག་ཏུ་བཤད་པ་ལ། བཞུགས་གནས། གདན། གཙོ་བོར། བཞུགས་ཚུལ། དོན་རྟགས་སོ། དང་པོ་བཞུགས་གནས་ནི། ནང་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ཆོས་སྐུ་བྱང་ཆུབ་སེམས་ཀྱི་མཁའ་ཀློང་ཡངས་པ་ནི་གཞིའི་གནས་ལ། ཡུལ་ཡངས་པ་ཡེ་ཤེས་ཀྱི་རང་སྣང་དག་པ་ཆོས་ཉིད་ཡུལ་སྣང་གི་ནམ་མཁའ་ནི་གདངས་ཀྱི་གནས་ཏེ། དེ་ལ་རིག་སྟོང་ཡངས་པ་ཆེན་པོའི་ངང་ནི་གནས་མེད་དོན་གྱི་གནས་ལུགས་བསྟན་པ་སྟེ། དེ་ཉིད་ལས། གནས་མེད་གནས་ཆེན་ཆོས་དབྱིངས་རྣམ་དག་ན། །མ་བྲིས་དཀྱིལ་འཁོར་འགག་མེད་འོད་དུ་གསལ། །ཡང་དག་གསང་བའི་དཀྱིལ་འཁོར་མཆོག །བཞུགས་གནས་ཆེན་པོར་དེར་བཤད་དོ། །ཞེས་སོ། །གཉིས་པ་གདན་ནི། དེ་ཉིད་ལས། ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། གདན་གྱི་ངོ་བོ་ངེས་ཚིག་དང་། །དབྱེ་བ་དཔེ་རྣམས་གསུང་དུ་གསོལ། །ཞེས་ཞུས་སྟོན་པས་བཀའ་སྩལ་པ། །ངོ་བོ་ཆོས་ཉིད་འགྱུར་མེད་ཡིན། །བསྡུས་པ་དེ་ལས་མེད་མོད་ཀྱི། །དབྱེ་བའི་སྒོ་ནས་མཚོན་ན་ཡང་། །རྟགས་ཀྱི་གདན་ལ་རྣམ་པ་ལྔ། །ཁྱད་པར་གདན་ལ་རྣམ་པ་གཉིས། །ཆོས་ཉིད་གདན་ཀྱང་དེ་དང་མཚུངས། །རང་རང་དོན་གྱི་ངོ་ལ་སྦྱར། །ངེས་ཚིག་དེ་ལ་བཞུགས་ཕྱིར་གདན་ཞེས་བྱ། །དབྱེ་ན་རྣམ་པ་གསུམ་ཡིན་ཏེ། །རྟགས་དང་ཁྱད་པར་ཆོས་དང་གསུམ། །དེ་ལ་དབྱེ་བ་གོང་མ་བཞིན། །དཔེ་ནི་འཇིག་རྟེན་གདན་དང་མཚུངས། །ཞེས་སོ། །


GTN002_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་གཙོ་འཁོར་ནི། ཀུན་གསལ་ལས། ཆོས་ཉིད་དག་པའི་སྣང་ཆར་ལྔར། །མཐིང་ག་དཀར་སེར་དམར་དང་ལྗང་། །མ་འདྲེས་གསལ་བའི་ཡེ་ཤེས་རྫོགས། །དེ་ལྔའི་ནང་ནས་སྐུ་ལྔ་གྲུབ། །ཕྱོགས་བཞི་དབུས་དང་ལྔར་གནས་ཏེ། །དབུས་ནི་ཀུན་སྣང་ཡེ་ཤེས་ལ། །བཞི་པོ་རྣམ་སྣང་ཀུན་ཏུ་ཞལ། །མི་བསྐྱོད་རིན་འབྱུང་ཆེན་པོ་དང་། །དཔག་མེད་དོན་ཡོད་ཆེན་པོར་སྣང་། །ཞེས་དང་། བཅོམ་ལྡན་རྡོ་རྗེ་མི་བསྐྱོད་ལས། ༢༦ །ཐུགས་རྗེའི་མཛད་སྤྱོད་རྒྱན་དང་རོལ་པར་ཤར། །ཞེས་སོ། །བཞི་པ་བཞུགས་ཚུལ་ནི། དེ་ཉིད་ལས། རྣམ་སྣང་ལ་སོགས་རིགས་ལྔའི་སྐུ། །མེ་ལོང་ནང་གི་གཟུགས་བརྙན་བཞིན། །སྣང་ལ་རང་བཞིན་མེད་པའི་སྐུ། །ཐུན་མོང་མཚན་དང་ལྡན་པ་ནི། །སྐུ་རེ་ལ་ཡང་ཡོངས་རྫོགས་པས། །ཐུན་མོང་སྤྱི་ཡི་མཚན་དཔེར་ལྡན། །ལོངས་སྤྱོད་རྫོགས་སྐུ་སྐུ་ཡི་རྒྱལ། །སྐུ་ཡི་རྔམས་དང་གཟི་བརྗིད་ཀྱིས། །སྤྲུལ་སྐུའི་མཚན་མ་ཟིལ་གནོན་པ། །ཆེ་བའི་ཡོན་ཏན་མདོར་བསྡུས་ཡིན། །ཞེས་སོ། །ལྔ་པ་དོན་རྟགས་ལ། གནས་ཀྱི་དོན་རྟགས་ནི། རིག་པ་མཚོན་བརྗོད་ལས་འདས་པ། ལྷུན་གྲུབ་རང་གསལ་དུ་ཡེ་ནས་དག་པའི་དོན་གྱི་རྟགས་སུ། དེའི་བཞུགས་གནས་རྒྱ་ཆད་དང་ཕྱོགས་ལྷུང་མེད་པ་ཆོས་ཀྱི་དབྱིངས་དག་པ་ཆེན་པོར་བརྗོད་དེ་ཆོས་དབྱིངས་གནས་ནི་མཚན་བརྗོད་ཀུན་ལས་འདས། སྐྱེ་མེད་རྟགས་སུ་སྟོང་གསལ་མཐའ་དབུས་མེད། །ཅེས་སོ། །གདན་གྱི་དོན་རྟགས།
ཀུན་གསལ་ལས། དེར་བཞུགས་གདན་གྱི་ཁྱད་པར་ནི། ༢༤ དེ་མཚོན་པདྨའི་གདན་ཏེ་དངོས་མེད་དོན་ལ་སྦྱོར་ཞེས་སོ། །ལྷའི་དོན་རྟགས་ནི། དེ་ཉིད་ལས། བཞི་བཅུ་རྩ་གཉིས་འོད་གསལ་བ། །རང་རང་ལྷ་ཡི་དོན་བཤད་ན། ༢༨ །ཡུམ་གྱུར་དམ་ཚིག་སྒྲོལ་མའི་དོན་དང་སྦྱོར། །ཞེས་པ་དང་། འཁོར་གྱི་རྣམ་གྲངས་མང་མོད་ཀྱང་། །ཡབ་ཀྱི་ཆ་འཛིན་ཡབ་ལ་སྦྱར། །ཡུམ་གྱི་ཆ་འཛིན་ཡུམ་ལ་སྦྱར། །ཡབ་ཡུམ་གོང་དུ་སྦྱར་བ་བཞིན། །ཞེས་དང་། མི་བསྐྱོད་ཆེན་པོས་ཞལ་གཟིགས་པས། ༢༩།མ་འགགས་ཐུབ་པ་དྲུག་གི་དོན་དང་སྦྱོར། །ཞེས་སོ། །

བསྒྲུབ་པའི་ཆོ་ག


GTN002_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

(༢)གཉིས་པ་དེ་བསྒྲུབ་པའི་ཆོ་ག་ལ། མཆོད་པ། སྔགས། ཕྱག་རྒྱ། བསྙེན་བསྒྲུབ། ཕྲིན་ལས་བསྟན་པའོ། །༡- དང་པོ་ལ་མཆོད་རྫས་དང་ཏིང་འཛིན་གཉིས་ལས། མཆོད་རྫས་ནི། འོག་མར་ཕྱི་ནང་གསང་བའི་མཆོད་རྫས་ལས་ཆེས་འཕགས་པ་འདིར་སྐུ་གསུམ་རང་སྣང་གི་མཆོད་རྫས་གསུམ་སྟེ། དབྱིངས་ཆོས་སྐུའི་ངང་ནས་ཡེ་ཤེས་འགག་མེད་ཀྱི་མཆོད་པ། ལྷུན་གྲུབ་ལོངས་སྐུའི་ངང་ནས་ཡེ་ཤེས་རང་གི་མཆོད་པ། ཐུགས་རྗེ་སྤྲུལ་སྐུའི་ངང་ནས་འདོད་ཡོན་རང་སྣང་གི་མཆོད་པར་ཡེ་ནས་སྣང་བ་ནི། བཤད་རྒྱུད་ལས། ཀྱཻ་བཅོམ་ལྡན་རྡོ་རྗེ་འཆང་། །མཆོད་པ་རྣལ་འབྱོར་ཇི་ལྟར་ལགས། ༦༨ །མཆོད་པ་རྒྱུན་མི་འཆད་པའོ། །ཞེས་སོ། །ཏིང་འཛིན་ཐུན་མོང་བ་འཁོར་གསུམ་དུ་རྟོགས་པའི་ཏིང་ངེ་འཛིན་ལས་འཕགས་པ་གང་སྣང་རིག་པའི་


GTN002_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

རང་གདངས་སུ་ཤེས་པ། བླང་དོར་བཅོས་སླད་མེད་པར་ཅོག་བཞག་དོན་གྱི་དགོངས་པར་རོལ་པ་སྟེ། སེམས་དང་བྲལ་བ་ཆོས་སྐུའི་ཏིང་ངེ་འཛིན། གསལ་ལ་མི་རྟོག་པ་ལོངས་སྐུའི་ཏིང་ངེ་འཛིན། ཤར་གྲོལ་རིས་མེད་སྤྲུལ་སྐུའི་ཏིང་འཛིན་དུ་རྣལ་འབྱོར་པས་སྤྱོད་པ་ནི། མཆོད་པའི་རང་བྱུང་ཡེ་ཤེས་ལ་འབུལ་བ་ཞེས་བྱ་སྟེ། དེ་ཉིད་ལས། དེ་ནས་ཡང་རྣལ་འབྱོར་གསུངས་པ། སྐུ་གསུམ་འདུ་འབྲལ་མེད་པ་ནི། །དོན་ལ་མོས་བྱེད་རྣལ་འབྱོར་ཡིན། །རྣལ་འབྱོར་ཆེན་པོ་བསྒོམ་ལས་འདས་པར་རྟོགས། །རྟོགས་པའི་དོན་ལ་བྱ་རྩོལ་མི་མངའ་བར། །རང་གདངས་ཆེན་པོའི་དོན་ལ་གནས་པ་ནི། །རྣལ་འབྱོར་དབང་ཕྱུག་བྱ་རྩོལ་འདས་པ་ཡིན། །དེ་དོན་རང་ལ་གནས་པ་ནི། །རྣལ་འབྱོར་བླ་ན་མེད་པ་ཡིན། །རྣལ་འབྱོར་དག་གི་ངོ་བོ་ཡང་། །གཉིས་སུ་མེད་པའི་དགོངས་པ་ཡིན། །རྣལ་འབྱོར་དག་གི་ངེས་ཚིག་ཀྱང་། །བློ་དང་དངོས་པོ་གཉིས་མེད་རྣལ། །སྐུ་གསུམ་དབྱེར་མེད་འབྱོར་ཞེས་བྱ། །དབྱེ་ན་རྣམ་པ་གཉིས་ཡིན་ནོ། །མིང་དང་དོན་དུ་ང་ཡིས་བཤད། །དོན་གྱི་རྣལ་འབྱོར་གོང་བསྟན་བཞིན། །ཞེས་སོ། །༢-སྔགས་ཀྱི་ཐུན་མོང་བས་ཡི་གེ་འཕྲོ་བ་བཟླས་པ་ལས་འཕགས། ཤེས་རབ་དང་སྙིང་རྗེ། ཤེས་རབ་དང་ཡེ་ཤེས། ཤེས་རབ་དང་ཏིང་འཛིན་དབྱེར་མེད་དུ་རྟོགས་པའི་ངང་ལ་མ་ཡེངས་པར་རྩལ་སྦྱངས་ཏེ། ངོ་བོ། རང་བྱུང་གི་ཡེ་ཤེས། ངེས་ཚིག །དེ་སྙེད་རྟོགས་པས་འཁོར་བ་ལས་སྐྱོབ་པའི་ཕྱིར་སྔགས་སོ། །དབྱེ་ན། རྟོགས་པའི་སྔགས། རང་རྩལ་རིགས་སྔགས། ཏིང་ངེ་འཛིན་གཟུངས་སྔགས་ཏེ་


GTN002_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ། ཕྲིན་ལས། བག་ཆགས་བསལ་བ་སྟེ། བཤད་རྒྱུད་ལས། དང་པོ་སྔགས་ཀྱི་དོན་བཤད་པ། ༦༩ འཕྲལ་བྱུང་བག་ཆགས་སེལ་བར་བྱེད་པ་ཡིན། ཞེས་སོ། །༣-ཕྱག་རྒྱ་ནི། ཐུན་མོང་བ་སྒོ་གསུམ་འཆིང་གྲོལ་གྱི་ཕྱག་རྒྱ་ལས་འཕགས་པ། སེམས་ཉིད་འགྱུར་བ་མེད་པ་རང་བྱུང་གི་ཡེ་ཤེས་ཕྱག་རྒྱའི་ངོ་བོ། དེའི་ངང་ལས་རྟག་ཏུ་མི་འདའ་བ་ངེས་ཚིག །དབྱེ་ན་སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྔ་ལ་ལྔར་ལྔར་ཕྱེ་བའི་འབྲས་ཆོས་ཉེར་ལྔ། སྤྲོས་བྲལ་ཕྱག་རྒྱ་ཆེན་པོ་གཉིས་མེད་དམ་ཚིག་གི་ཕྱག་རྒྱ། ཡེ་ཤེས་ཆོས་ཀྱི་ཕྱག་རྒྱ། ཐུགས་རྗེ་ལས་ཀྱི་ཕྱག་རྒྱ་སྟེ་བཞི་ནི་བསྡུས་པའི་ཕྱག་རྒྱ་བཞིའོ། །དཔེ་འདའ་བར་དཀའ་བ་རྒྱལ་པོའི་ཕྱག་རྒྱས་བཏབ་པ་ལྟར་ཆོས་ཐམས་ཅད་རང་བྱུང་ཡེ་ཤེས་ཀྱི་ཕྱག་རྒྱ་ལས་མི་འདའ་བ་སྟེ། ཀུན་གསལ་ལས། ཕྱག་རྒྱ་ཆེན་པོའི་ངོ་བོ་ནི།༦༩ །དེ་ལས་འདའ་བར་མི་ནུས་བཞིན། །ཞེས་སོ། །ཁྱད་པར་དུ་རྣལ་འབྱོར་པའི་རིག་པ་སྟོང་གསལ་དང་ཆོས་ཐམས་ཅད་ཀྱི་ངོ་བོ་སྐྱེ་མེད་བསམ་ཡུལ་ལས་འདས་པར་རྟོགས་པས་ཕྱག་རྒྱ་ཆེན་པོའོ། །སྣོད་བཅུད་སྣང་བ་སྣང་སྟོང་སྐྱེ་མེད་དུ་སྣང་བ་དམ་ཚིག་གི་ཕྱག་རྒྱ། སྒྲར་སྣང་གྲག་སྟོང་བརྗོད་མེད་དུ་རྟོགས་པའི་རང་སྒྲ་ཆོས་ཀྱི་ཕྱག་རྒྱ། དྲན་རིག་རིག་སྟོང་སྐྱེ་མེད་དུ་རྟོགས་པའི་ཤར་གྲོལ་ལས་ཀྱི་ཕྱག་རྒྱ་བཞིར་སྣང་བས་རྣལ་འབྱོར་པའི་བྱ་བྱེད་ཐམས་ཅད་ཕྱག་རྒྱའི་ངང་ལས་མི་འབྲལ་བའོ། །༤-བསྙེན་སྒྲུབ་ནི། ཐུན་མོང་བསྐྱེད་རྫོགས་རྩོལ་བསྒྲུབ་པའི་བསྙེན་སྒྲུབ་


GTN002_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འཕགས་པ། རྫོགས་ཆེན་དོན་གྱི་བསྙེན་སྒྲུབ་ནི། རང་བྱུང་གི་ཡེ་ཤེས་རང་ངོ་སྤྲད་པས་ཆོས་སྐུར་རང་ངོ་ཤེས་པས་བསྙེན་པ། དེའི་ངང་ལ་སྐྱོང་བ་ཉེ་བར་བསྙེན་པ་བདག་འཛིན་གྲོལ་བ་བསྒྲུབ་པ། འབྲས་བུ་མངོན་དུ་གྱུར་པས་བསྒྲུབ་པ་ཆེན་པོ་སྟེ། དེ་ཉིད་ལས། ལྟ་བ་རང་རིག་ཡེ་ཤེས་དེ། །ངོ་སྤྲོད་བཞི་ཡིས་གཏན་ལ་འབེབས། །རང་གི་མཚན་ཉིད་ཉམས་སུ་མྱོང་། །དེ་ནི་བསྙེན་པའི་དོན་དུ་བཤད། །ལམ་ལ་གནས་པ་ཉེ་བསྙེན་ཡིན། །ལམ་གྲོལ་གྱུར་པས་སྒྲུབ་པ་ཡིན། །ལམ་གྱི་འབྲས་བུ་མཐར་ཕྱིན་པས། །བསྒྲུབ་པ་ཆེན་པོར་གྱུར་པའོ། །རྟོགས་པ་རྣམ་བཞི་བསྙེན་སྒྲུབ་བཞི། །གསང་སྔགས་མི་བཟླས་དོན་ལ་བཞག །ཕྱག་རྒྱ་མི་བསྒོམ་མི་བསྐྱེད་པར། །ལྷུན་གྱིས་གྲུབ་སྟེ་འདུ་འབྲལ་མེད། །ཅེས་སོ། །༥-ཕྲིན་ལས་ནི། ཐུན་མོང་ལས་བཞི་མཚན་བཅས་སུ་བསྒྲུབ་པ་ལས་ཁྱད་པར་དུ་འཕགས་པ། རང་བྱུང་གི་ཡེ་ཤེས་ལ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པར་ཡེ་ནས་ལྷུན་གྱིས་གྲུབ་པས་དོན་གཉིས་འབད་རྩོལ་མེད་པར་འབྱུང་སྟེ། ངོ་བོ་ངེས་ཚིག་དབྱེ་བ་དཔེ་དང་བཅས་པ། ཀུན་གསལ་དུ། མ་བྲིས་མ་བསྐྱེད་མ་བསྒོམས་པར། ༦༧ །བྱ་རྩོལ་མེད་པའི་ཕྲིན་ལས་ཆེན་པོ་འགྲུབ། །ཅེས་སོ། །རྣལ་འབྱོར་པ་ལ་རང་བྱུང་གི་ཡེ་ཤེས་སྤྲོས་པ་ཉེ་བར་ཞི་བ། ལྟ་སྒོམ་གྱི་རྩལ་གསུམ་རྒྱས་པ། ཐམས་ཅད་རིག་པའི་རང་སྣང་དུ་དབང་བསྒྱུར་བ། ཤར་གྲོལ་རིས་མེད་རང་སྣང་ཆེན་པོར་གྲོལ་བ་རྣམ་པ་བཞིས་ཕྲིན་ལས་བཞིའི་དོན་ཏེ་ལྷུན་གྱིས་གྲུབ་པའོ། །

དབང་བསྐུར་བའི་ཚུལ་ལ་གོ་དོན་སྤྱིར་བསྟན་པ།


GTN002_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

(༣) གསུམ་པ་ཇི་ལྟར་དབང་བསྐུར་བའི་ཚུལ་ལ་གོ་དོན་སྤྱིར་བསྟན་པ་དང་། བསྐུར་ཚུལ་བྱེ་བྲག་ཏུ་བཤད་པ། གྲོགས་དམ་ཚིག་བསྟན་པ་དང་གསུམ་ལས། ༡ དང་པོ་ནི། སྤྱིར་ལུས་ངག་ཡིད་གསུམ་གྱི་བྱ་བའི་དྲི་མ་མཐའ་དག་སྦྱོང་བ་དང་། བྱེ་བྲག་ཏུ་གཞི་ལ་ལྟོས་ནས་དབང་བཞི་དང་། སྐུ་གསུང་ཐུགས་ཡེཤེས་རྡོ་རྗེར་གཞིའི་ཚིག་གིས་བསྟན་པ་དང་གསུམ་ལས་ནུས་པ་འཇོག་པ་ལ་ལྟོས་ཏེ་ཨ་བྷི་ཥིཉྩའི་སྒྲས་དབང་ཞེས་བུམ་གསང་ཤེར་ཚིག་བཤད་ཀྱང་། འདིར་ཡེ་ཤེས་རྡོ་རྗེའི་དབང་དུ་བྱས་ན། ཡེ་རྫོགས་ལྷུན་གྱིས་གྲུབ་པའི་དོན་ད་ལྟ་མངོན་དུ་བྱེད་པ་ལ་དབང་བའི་ཕྱིར། བྱིས་པ་ཉེར་སྤྱོད་ཀྱི་དབང་ལས་ཆེས་འཕགས་པ། སྤྱི་བླུགས་བུམ་པའི་དབང། རྒྱས་བཏབ་ཕྱག་རྒྱའི་དབང་། རིག་པ་རྩལ་གྱི་དབང་དང་གསུམ་དུ་བཤད་དེ། གཞི་ལྷུན་གྲུབ་ཀྱི་སྦུབས་ན་སྒོ་གསུམ་ཡེ་ཤེས་རྡོ་རྗེར་དག་པའི་དབང་གི་ཆུ་བོ་བཞི་ཡོད་དེ་སྙིང་པོ་ཡེ་ཤེས་ཀྱི་བུམ་པ་ལྔ་ནི་རིན་པོ་ཆེའི་སྐུ་ལྔ་རང་གསལ་བས་ཡེ་བབས་བུམ་པའི་དབང་། གཞི་ནས་རྫོགས་པའི་ཚུལ་དུ་རང་བྱུང་བའི་ཡེ་ཤེས་ལ་ཡེ་ཐོག་ཏུ་རྫོགས་པས་ད་ལྟའི་སྤྱི་བླུགས་བུམ་དབང་འབྱུང་བའི་གནད་དོ། །ཡེ་ཤེས་རང་སྣང་གི་སྐུ་ལྔ་ལ་རང་རྟགས་ཕྱག་རྒྱའི་མཚན་ཉིད་རིན་པོ་ཆེ་ཡི་གེ་ལྔས་མཚན་པ་རྡོ་རྗེ་གཞིར་རྫོགས་པའི་དབང་གི་ཆུ་བོ་བཞི་ལྷུན་གྲུབ་ཏུ་ཡོད་པ་དེ་རང་བྱུང་གི་ཡེ་ཤེས་ལ་ཡེ་བབས་སུ་ཐོབ་པ། ད་ལྟ་རྒྱས་བཏབ་ཕྱག་རྒྱའི་དབང་བྱུང་བའི་གནད་དམ། ཆོས་ཉིད་རང་བྱུང་གི་ཡེ་ཤེས་ལ་
ཐུགས་རྗེ་འགག་མེད་ཀྱི་ཡེ་ཤེས་དང་ཡོན་ཏན་ལྷུན་གྲུབ་ཏུ་ཡེ་ནས་རྫོགས་ཏེ། འགག་མེད་འཆར་གཞིའི་རང་རྩལ་ཐུགས་རྗེའི་དབང་ཡེ་ནས་རང་རྫོགས་སུ་ཐོབ་པ། རྡོ་རྗེ་གཞི་རྫོགས་ཀྱི་དབང་ཆེན་དུ་ལྷུན་གྱིས་གྲུབ་པ་ཉིད། ད་ལྟའི་རིག་པ་རྩལ་གྱི་དབང་འབྱུང་བའི་གནད་དོ། །དེ་ཡང་བཤད་རྒྱུད་ལས། དབང་ལ་རྣམ་པ་གསུམ་དུ་བསྟན། ༦༢ །རྩལ་དབང་དུ་ཐོབ་པར་འགྱུར་བས་ངས་ལུང་བསྟན་ཏོ། །ཞེས་སོ། །དེ་ནི་ཡས་རྫོགས་དང་སྦྱར་བའོ། །རྒྱལ་རྟགས་ཕྱག་རྒྱའི་དབང་སྤྲུལ་སྐུ་སེམས་དཔའ་སེམས་མས་རིགས་བཞི་ལ་ཐོབ། སྤྱི་བླུགས་བུམ་པའི་དབང་རིགས་བཞིས་ཀུན་སྣང་ལ་ཐོབ། རིག་པ་རྩལ་གྱི་དབང་ཀུན་སྣང་གི་རིན་པོ་ཆེའི་སྦུབས་སུ་ཆོས་སྐུ་རང་རྫོགས་སུ་ཐོབ་པ་ནི་ཡང་རྫོགས་སྐུར་མཁན་དང་སྦྱར་བའོ། །མདོར་ན་ལྔ་ལྡན་དང་རྫོགས་ལྡན་དང་རྫོགས་ལྡན་ཆེན་པོ་གསུམ་གཞི་སྣང་ལ་འཆར་ཚུལ་མ་འགགས་པ་དེ་རྣམས་རྣལ་འབྱོར་པས་རང་དབང་ཐོབ་པར་བྱེད་པ་ལ་བུམ་པ་ཕྱག་རྒྱ་རྩལ་དབང་གསུམ་བྱུང་བའོ། །

བསྐུར་ཚུལ་བྱེ་བྲག་ཏུ་བཤད་པ།


GTN002_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

༢ བསྐུར་ཚུལ་ནི། ཚིག་དབང་རིན་པོ་ཆེ། སྤྱི་བླུགས་བུམ་པ། རྒྱལ་རྟགས་ཕྱག་རྒྱ། རིག་པ་རྩལ་དབང་བཞི་ཕྱག་བཞེས་ལྟར་རམ་བསྡུས་པ་སྙན་བརྒྱུད་བརྡ་དབང་བཞི་ཕྱག་བཞེས་ལྟར་བསྐུར་བའོ། །དེ་ཡང་། བཤད་རྒྱུད་ལས། ཀྱེ་རྡོ་རྗེ་འཛིན་པ་ངེས་པར་ཟུངས་ཤིག །དབང་གི་དངོས་གཞི་ནི་བསྐུར་ཐབས་གཉིས་ཏེ། ༦༢གདམས་ངག་དང་འབྲེལ་བར་བཤད་དོ། །ཞེས་སོ། །

གྲོགས་དམ་ཚིག་བསྟན་པ།


GTN002_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

༣ གྲོགས་དམ་ཚིག་ནི། སྤྱིར་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉི་ཤུ་རྩ་བདུན། བྱེ་བྲག་ཏུ་དམ་ཚིག་ཆེན་པོ་བཞི་ལས་མི་འདའ་བར་བྱའོ། །ཆེན་པོ་བཞི་ནི། མེད་པ་ཕྱལ་བ་གཅིག་པུ་ལྷུན་གྲུབ་སྟེ། རང་བྱུང་གི་ཡེ་ཤེས་གང་དུའང་མ་གྲུབ་པས་ནམ་མཁའ་དང་མཉམ། བསྲུང་མཚམས་ཀྱི་རིམ་པ་ལས་འདས་པས་དངོས་མེད་ཟང་ཐལ་ཆེན་པོའི་ལྟ་བ། ངང་གདངས་ཕྱལ་བ་བར་མེད། རང་གསལ་རྒྱ་ཡན་དག་པའི་སྒོམ་པ་དང་། གང་ཤར་རང་བྱུང་ཡེ་ཤེས་རང་གྲོལ་གཅིག་པུར་དག་པའི་སྤྱོད་པ་དང་། རང་རིག་འོད་གསལ་ལྷུན་གྲུབ་ཆོས་སྐུ་རང་མལ་དག་པའི་འབྲས་བུར་རྟོགས་པ་ལས་མི་འདའ་བའི་དམ་ཚིག་ལ་གནས་པར་བྱའོ། །དེ་ཡང་གཞི་ལྷུན་གྲུབ་ཆེན་པོའི་དབང་ལ་མ་བཅོས་མཉམ་པ་ཆེན་པོའི་དམ་ཚིག་གིས་གནས་པར་བྱ་སྟེ། སྔ་མ་ལས། དམ་ཚིག་དབང་ལས་སྐྱེ་བས་ན། ༦༤།ལྷུན་གྲུབ་ཅེས་སུ་བཏགས་པ་ཡིན། །ཞེས་སོ། །རྣལ་འབྱོར་པས་རང་བྱུང་གི་ཡེ་ཤེས་གཅིག་པུ་ལས་མ་གཡོས་པར་ཡེ་བསྲུང་ཆེན་པོའི་དམ་ཚིག་ཏུ་བཞག་སྟེ། གང་བསྲུང་ན་གཟུང་འཛིན་ཞེན་རྟོག་གི་བཅོས་མ་རང་མཚན་པ་རྣམས་རང་གར་མ་ཤོར། གཉེན་པོས་མ་སྤངས་ཐད་ཀར་ཆོད་པས་གཞི་ལ་བསྐྱལ་ཏེ་གང་ཅིར་སྣང་ཅི་ཤར་རང་བྱུང་གི་ཡེ་ཤེས་ལས་གཞན་མེད་པས་རང་བྱུང་གི་ཡེ་ཤེས་ཕྱལ་པ་ཡངས་པ། རང་བྱུང་གི་རིག་པ་གཅིག་པུའི་རོལ་པར། རང་བྱུང་གི་ཡེ་ཤེས་ལྷུན་གྱིས་གྲུབ་པར་ཐག་བཅད་ལ་ཁྱབ་གདལ་དུ་རྟོགས་པར་བྱའོ། །

གདམས་ཁྲིད་ཉམས་ལེན་གྱི་རིམ་པས་གྲོལ་བར་བྱ་བ།

ལྟ་སྒོམ་སྤྱོད་པ་འབྲས་བུ་བཞི།


GTN002_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

[3]གསུམ་པ་གདམས་ཁྲིད་ཉམས་ལེན་གྱི་རིམ་པས་གྲོལ་བར་བྱ་བ་ལ་གཉིས་ཏེ་གོ་དོན་སྤྱིར་བསྟན་པ་དང་། ཉམས་སུ་བླངས་ཚུལ་བྱེ་བྲག་ཏུ་བཤད་པའོ། །-1-དང་པོ་ལ་ལྟ་སྒོམ་སྤྱོད་པ་འབྲས་བུ་སྟེ་བཞིའོ ། །དང་པོ། ལྟ་བའི་ངོ་བོ། ཤེས་བྱ་གཤིས་ཀྱི་གནས་ལུགས་རྟོགས་པའི་དོན་གྱིས་མ་ནོར་བར་མཐོང་བའོ། །ངེས་ཚིག་ནི། དོན་ལ་བློ་སྤྱོད་པས་ལྟ་བའོ། །དབྱེ་ན། འཇུག་ཐབས་རྒྱུའི་ལྟ་བ་རང་ངོ་ཡང་དག་མ་ཡིན་པ་ཐེག་པ་བརྒྱད་དང་། བཞུགས་དོན་འབྲས་བུའི་ལྟ་བ་ཨ་ཏི་ཡོ་ག་ཡང་དག་པའི་ཐེག་པ་རང་བྱུང་གི་ཡེ་ཤེས་ལྷུན་གྲུབ་ཆེན་པོ་སྟེ་གཉིས་སོ། །དཔེ་དོན་གྱི་ངོ་བོ་ལ་སོ་སོར་འཛིན་པ་དང་། རྒྱ་ཆད་ཕྱོགས་ལྷུང་མེད་པ་གཉིས་ཏེ། བཤད་རྒྱུད་ལས། རིགས་ཀྱི་བུ་ལྟ་བའི་ངོ་བོ་ནི་སོ་སོར་དབྱེ་བ་ལས་ཤེས་པར་བྱའོ། །ངེས་པའི་དོན་ལྟ་བ་རང་རིག་པའི་ཡེ་ཤེས་ཀྱི་ངོ་བོ་ནི། ཕྱོགས་ལྷུང་མེད་པའི་ཤེས་རབ་བོ། །ལྟ་བའི་ངེས་ཚིག་ནི། ཡང་དག་པའི་ཤེས་བྱ་གྲུབ་པའི་མཐར་གྱུར་པས་ན་ལྟ་བའོ། །དབྱེ་ན་གཉིས་སོ། །ཡང་དག་པའི་ལྟ་བ་དང་། ཡང་དག་པ་མ་ཡིན་པའི་ལྟ་བའོ། །ཡང་དག་པའི་ལྟ་བ་ནི་ཨ་ཏི་ཡོ་གའོ། །ཡང་དག་པ་མ་ཡིན་པ་ནི་ཨ་ནུ་ཡོ་ག་མན་ཆད་དོ། །ལྟ་བའི་དཔེ་ནི་གཉིས་ཏེ་ཡང་དག་པའི་དཔེ་ནི་མན་ཤེལ་སྣང་བ་ལྟ་བུའོ། །ཡང་དག་པ་མ་ཡིན་པའི་དཔེ་ནི་དོན་དམ་ནམ་མཁའ་ལྟ་བུ་ཀུན་རྫོབ་སྒྱུ་མ་ལྟ་བུ་གཉིས་ཨ་ནུ་མན་ཆད་བྱང་ཆུབ་སེམས་དཔའ་ཡན་ཆད་ཀྱི་དཔེའོ། །ཉན་ཐོས་རང་རྒྱལ་གྱི་དཔེ་ནི། འཛིན་པའི་དཔེ་


GTN002_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་བོ་ལྟ་བུ་སྐད་ཅིག་མར་མི་རྟག་པའི་དཔེ་གློག་བཞིན་ནོ། །ཡུལ་གཟུང་བའི་དཔེ་གཡག་རྔ་དང་ནེའུ་སིང་ལྟ་བུའོ། །རིགས་ཀྱི་བུ་ལེགས་པར་ཟུང་ཞིག་བྱང་ཆུབ་སེམས་དཔའ་ཡན་ཆད་ཀྱི་ཀུན་རྫོབ་ཀྱི་དཔེ་རྒྱས་པར་བསྟན་ན་སྐྲ་ཤད་ཆུ་ཟླ་ལ་སོགས་མེད་སྣང་བཞིན་དང་། ཀྲཱ་ཡར་རྗེ་དང་འབངས་ལྟ་བུ། ཡོ་ག་སྤུན་དང་གྲོགས་ཀྱི་དཔེ། མ་ཧཱ་ཡོ་ག་རང་གཅིག་པུས་མདའི་ལན་དུ་འབན་འཛུགས་པ་ལྟ་བུ། ཨ་ནུ་ཡོ་ག་ཕོ་མོ་སྙོམས་འཇུག་བྱེད་པ་བཞིན། ཨ་ཏི་ཡོ་ག་ལྟ་བ་བྱ་རྩོལ་ལས་འདས་པ་ཁྱུང་ཆེན་མཁའ་ལ་ལྡིང་བ་ལྟ་བུའོ། །ཞེས་སོ། །དེ་ཡང་ཨ་ཏི་པས་ལྟ་བ་རང་བྱུང་གི་ཡེ་ཤེས་རང་གདངས་འཁོར་འདས་སུ་ཤར་བ་གཞི་ནས་དག་པའི་དཔེ་ཤེལ་ལས་དེའི་འོད་སྣང་བ་ལྟ་བུར་ངོ་སྤྲད། ལྟ་བ་ཡིན་ཐོག་ཏུ་བསྒོམས་པས་ཀློང་དུ་གྱུར་པ་ཁྱུང་ཆེན་ནམ་མཁར་ལྡིང་བ་ལྟ་བུར་ལ་བཟླ་བའོ། །མཚོན་ཚིག་ངོས་བཟུང་བ་ནི། བཤད་རྒྱུད་ལས། ངས་བསྟན་རྒྱུད་ལུང་ཐམས་ཅད་དུ། །ལྟ་བ་ཞེས་པའི་ཚིག་རྣམས་དང་། །གྲུབ་མཐའ་ཞེས་པའི་ཚིག་རྣམས་དང་། །ཡང་དག་ཅེས་པའི་ཚིག་རྣམས་དང་། །མཐར་ཐུག་པ་དང་མཐར་ཕྱིན་དང་། །འབྲས་བུ་ཞེས་སུ་གང་བྱུང་ཡང་། །དེ་མཚོན་ཚིག་ཏུ་བསྡུས་པ་ཡིན། །ཞེས་སོ། །སྒོམ་པ་ལའང་ལྔ་སྟེ། དེ་ཉིད་ལས། རྡོ་རྗེ་འཛིན་པ་ངེས་ཟུང་ཞིག །ངོ་བོ་ངེས་ཚིག་དབྱེ་བ་དང་། །མཐུན་དཔེ་བརྗོད་པའི་ཚིག་ཏུ་བསྟན། །ངོ་བོ་རྩེ་གཅིག་གནས་པ་ཡིན། །བསྒོམ་པའི་ངེས་ཚིག་རྣམ་པ་བཞི། །དོན་ལ་དམིགས་པས་བསྒོམ་པ་ཡིན། །མ་ཡེངས་པས་ན་བསྒོམ་པ་ཡིན། །མི་འབྲལ་གནས་པས་


GTN002_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པ་ཡིན། །གོམས་ཤིང་འདྲིས་དང་མི་འཕྲོ་བའོ། །དབྱེ་བ་རྣམ་པ་གཉིས་སུ་བསྟན། །མཚན་བཅས་མཚན་མེད་གཉིས་ཡིན་ནོ། །མཚན་མེད་ལ་ཡང་རྣམ་པ་གཉིས། །རྩོལ་བ་མེད་པའི་བསྒོམ་ཐབས་དང་། །རྩོལ་བ་མ་བྲལ་བསྒོམ་པའོ། །མཚན་བཅས་ལའང་དེ་བཞིན་ནོ། །བསྒོམ་པ་མཚོན་པའི་དཔེ་བཞི་སྟེ། །མར་མེའི་སྡོང་བུ་མནན་པ་དང་། །ཆུ་དང་འོ་མ་འདྲེས་པ་དང་། །ནོར་བུ་ཆུ་དངས་ལྟ་བུ་དང་། །བུམ་པའི་མར་མེ་ལྟ་བུའོ། །ཀྱཻ་གསང་བདག་ངེས་པར་ཟུང་། །ངས་བསྟན་རྒྱུད་ལུང་ཐམས་ཅད་དུ། །དགོངས་པ་ཞེས་པ་གར་བྱུང་ཡང་། །བསྒོམ་པ་བསམ་གཏན་ཏིང་འཛིན་དང་། མ་ཡེངས་མ་འཕྲོས་འབྲལ་བ་མེད། །གནས་དང་གོམས་དང་འདྲིས་པའི་ངང་། །དེ་རྣམས་གང་བྱུང་འབོད་སྐད་བསྡེབ་ལ་བཤད། །ཅེས་སོ། །དེ་ཡང་ཨ་ཏི་ཡོ་ག་རང་བྱུང་གི་ཡེ་ཤེས་མཚན་མེད་དང་། སྤྱིའི་བསྒོམ་པ་ཨ་ནུ་མན་ཆད་བསྐྱེད་རྫོགས་མཚན་བཅས་སོ། །སྤྱི་དོན་སོ་སོའི་གཞུང་དུ་གསལ་ལ། རང་གི་བསྒོམ་པ་ལའང་། དབང་པོ་གསུམ་ལས་ཐ་མ་བསྒོམ་པ་དང་། འབྲིང་རང་གནས་དང་། རབ་བསྒོམ་མེད་རྣམས་དང་། དེ་དག་གི་ངོ་བོ་ལ་བསྒོམ་དུ་མེད་པར་ལ་བཟླ་བས་དེའི་དོན་ཤེས་པར་བྱ་བ། ཐིག་ལེ་ཀུན་གསལ་ལས། ལག་ན་རྡོ་རྗེ་ངེས་ཟུང་ཞིག །བསྒོམ་མེད་ངོ་བོ་ངེས་ཚིག་དང་།༤༨།བསྒོམ་དུ་མེད་པའི་ཚིག་རྣམས་ཀུན། །ངས་བསྟན་བཞིན་དུ་ཤེས་པར་གྱིས། །ཞེས་སོ། སྤྱོད་པ་ལའང་རང་དང་སྤྱིའི་མཚན་ཉིད་བླང་དོར་མེད་པར་དང་ཡོད་པར་
ཕྱེ་སྟེ། དེ་ཉིད་ལས། སྤྱོད་པའི་ངོ་བོ་ངེས་ཚིག་དང་།༤༩།གར་བྱུང་ངས་བསྟན་བཞིན་དུ་བཤད། །ཅེས་སོ། །འབྲས་བུ་ནི། རང་དང་སྤྱིའི་མཚན་ཉིད་མཐར་ཕྱིན་པ་དག་གི་དོན། སྔ་མ་ལས། འབྲས་བུའི་ངོ་བོ་ངེས་ཚིག་དང་།༥༠།ངས་བསྟན་བཞིན་དུ་ཤེས་པར་གྱིས། །ཞེས་སོ། །དེ་ལྟར་རང་དང་སྤྱིའི་ཐེག་པ་གཉིས་ཀྱི་གཞི་ལམ་འབྲས་བུ་ལྟ་སྒོམ་སྤྱོད་འབྲས་བཞི་བསྟན་པ་ནི། གདམས་པ་འདིའི་ཤེས་བྱར་གཏན་ལ་དབབ་པར་བྱ་བའི་གནས་ཏེ། མདོ་ཆིངས་ངེས་པའི་གནད་གལ་པོ་ཆེར་བསྟན་པའོ། །

ཉམས་སུ་བླངས་ཚུལ་བྱེ་བྲག་ཏུ་བསྟན་པ་ལ་ལྟ་བས་གཏན་ལ་དབབ་པ།


GTN002_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

-2- གཉིས་པ་ཉམས་སུ་བླངས་ཚུལ་བྱེ་བྲག་ཏུ་བསྟན་པ་ལ་བཞི་སྟེ། ལྟ་བས་གཏན་ལ་དབབ། སྒོམ་པས་ངང་བསྐྱང་། སྤྱོད་པས་འཛིན་མེད་དུ་དོར། འབྲས་བུ་རང་ས་བཟུང་བའོ། །〔 1〕དང་པོ་ནི། རིག་པ་རང་བྱུང་གི་ཡེ་ཤེས་སྟོང་གསལ་ལྷུན་གྲུབ་ཆེན་པོར་སྤྲོས་པའི་མཐའ་དང་བྲལ་བ། རྟག་ཆད་མཚན་མའི་རིགས་དང་བྲལ་བ། འཁོར་འདས་སྐྱོན་ཡོན་གྱི་རྩིས་དང་བྲལ་བ། ཡེ་ཡིན་ཀ་ནས་དག་པས་དངོས་པོ་དང་མཚན་མར་མ་གྲུབ། རང་བྱུང་ལྷུན་གྱིས་གྲུབ་པས་ཡོན་ཏན་རང་རྫོགས་སུ་གནས་པ། སྐུ་གསུམ་ཡེ་ཤེས་ཀྱིས་བརྒྱན་པས་ཆོས་སྐུ་ཐིག་ལེ་ཉག་གཅིག་མི་འགྱུར་བའི་ལྟ་བ་ཐོད་རྒལ་ཆེན་པོ། ཕྱི་ནང་བར་མེད་ཟང་ཐལ་གྱི་རང་རིག །རྒྱ་ཆད་དང་ཕྱོགས་ལྷུང་མེད་པ་རྒྱལ་བའི་དགོངས་པ་དུས་གཅིག་མཉམ་པ་ཉིད་ཀྱི་


GTN002_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས། རང་ངོ་སྟོང་གསལ་ལྷུན་གྲུབ་ཆེན་པོའི་ངང་ནས་རང་གདངས་འཁོར་འདས་སུ་སྣང་བ་མ་འགགས་པར་རང་ཤར་བས། ཕྱི་ནང་སྣོད་བཅུད་བདེ་སྡུག་མཐོ་དམན། བདག་གཞན་ཅིར་སྣང་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་རྩལ་ལས་རང་ཤར། རང་སྣང་། རང་གནས། རང་གྲོལ་བས་བླང་དོར་དང་འབད་རྩོལ་ཐམས་ཅད་ལས་འདས་ཏེ། སྣང་མཚན་རང་གི་རང་གདངས་རང་སྣང་དུ་སྣང་བ་ལས་གཞན་མེད་པས། རང་བྱུང་གི་ཡེ་ཤེས་ཀྱི་རོལ་པ་དང་། རྩལ་དུ་སྣང་བ་ལ་རང་གྲོལ་བས། རང་ངང་ན་རང་འཕྱོ་བ་ལ་བཟང་ངན་གྱི་རྩིས་མི་གདབ། རྨི་ལམ་གཉིད་ཀྱི་ངང་དུ་འཕྱོ་བ་ལྟར་ཐག་བཅད་ནས། ཕྱི་ནང་སྣོད་བཅུད་ཐམས་ཅད་རིག་པའི་རང་གདངས་མ་དག་པ་མེད་པ། གསལ་སྣང་འཇའ་ཚོན་ལྟ་བུ་སྣང་ལ་རང་བཞིན་མེད་པར་ཕྱི་ན་རང་སེམས་དང་སེམས་ལས་གཞན་མིན་གཞི་མེད་སྟོང་པར་ལ་བཟླ། རང་རིག་རིག་སྟོང་རྩ་བྲལ་ངོ་བོ་སྟོང་པས་གང་དུ་ཡང་མ་གྲུབ། རང་བཞིན་གསལ་བས་གཞི་སྣང་ལྷུན་གྱིས་གྲུབ། ཐུགས་རྗེ་མ་འགགས་རོལ་པ་ཅིར་ཡང་འཆར་ཞིང་མཐའ་གཅོད། ད་ལྟའི་དུས་ན་རིག་སྟོང་ཆོས་སྐུ་ཟང་མ། རྒྱ་ཆད་ཕྱོགས་ལྷུང་མེད་པའི་ངང་ན་གནས། ངང་ལ་འགྲོ། ངང་ལ་གྲོལ། ངང་ལ་ཉལ། ངང་ལ་ལངས། ངང་ལ་ཟ། ངང་ལ་འཆགས། ངང་ལ་ལབ། ངང་ལ་སེམས། ངང་ལ་རྟོགས། ངང་ལ་བལྟ། ངང་ལ་བསྒོམ། ངང་ལ་སྤྱོད། ངང་ལ་གྲོལ། དཔེར་ན་བྱ་གར་ཕྱིན་ཀྱང་ནམ་མཁའ་ལས་མ་འདས་པ་ལྟར། རྣལ་འབྱོར་པ་ལ་ཅི་སྣང་ཅི་བྱེད་ཐམས་ཅད་རང་བྱུང་གི་ཡེ་ཤེས་སུ་བལྟ་བ་རྒྱལ་པོའི་རང་གདངས་ལས་མ་


GTN002_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

འདས་པར་ཤེས་པར་བྱེད་པ་ནི། ལྟ་བ་ལ་བཟླ་བ་ཞེས་བྱ་སྟེ། ལྟ་བས་ཐག་བཅད་པ་ཞེས་བྱ། ལྟ་བས་རང་ངོ་སྤྲད་པ་ཞེས་བྱ་བ་དང་། ལྟ་བས་གཏན་ལ་དབབ་པ་ཞེས་བྱ་སྟེ་ཀ་ནས་དག་པའི་ངང་ན་ལྷུན་གྱིས་གྲུབ་པས། ཐོད་རྒལ་ཆེན་པོ་རང་བྱུང་གི་ཡེ་ཤེས་ཡེ་དག་ཆོས་སྐུ་ཟང་ཀ་སྟེ། གཞི་བྲལ་ཡང་པ་ཆེན་པོ་རྒྱ་ཆད་ཕྱོགས་ལྷུང་མེད་པ་གཏན་མེད་ཕྱལ་བ་ཆེན་པོར་རྫོངས་བཅའ་བ་ནི། ཐིག་ལེ་ཀུན་གསལ་ལས། བལྟར་མེད་བལྟ་བའི་དོན་བསྟན་པ། །ཨ་ཏིའི་ལྟ་བ་གཟབ་གཏད་བྲལ། །དངོས་མེད་ཡེ་ཤེས་ཟང་ཐལ་བས། །རང་རིག་ཡེ་ཤེས་ལྷུན་གྱིས་གྲུབ། །དེ་ལས་མ་གཏོགས་གཞན་མེད་པས། །སོ་སོ་རང་རིག་ཡེ་ཤེས་ལ། །ཅིར་སྣང་ཡེ་ཤེས་ཆེན་པོའི་གདངས། །ཡེ་ཉིད་བཅོམ་ལྡན་རྡོ་རྗེ་འཆང་། །དེ་བས་གཞི་སྣང་རྫོགས་སངས་རྒྱས། །སངས་རྒྱས་ཡུལ་མེད་གཟུང་འཛིན་རྣམ་པར་དག །རང་རིག་ཡེ་ཤེས་རང་གི་གདངས་ལ་ཞུགས། །འབྱུང་བཞི་རང་བཞིན་དག་པའི་ནམ་མཁའ་ལ། །ཆོས་ཉིད་དག་པའི་ནམ་མཁའ་ཡེ་ནས་ཁྱབ། །ཆོས་ཉིད་དོན་གྱི་ནམ་མཁའ་ལ། །རང་རིག་ཡེ་ཤེས་ཉི་མ་ཤར། །ཕྱོགས་རིས་མེད་པར་ཀུན་ཏུ་གསལ། །ཡིད་ཀྱི་རྣམ་རྟོག་ཅི་འགྱུ་ཡང་། །མ་པང་མཚོ་ལ་གསེར་གྱི་ཉ་མོ་འགྱུར། །མ་འགགས་རང་བཞིན་མེད་པའི་དོན། །བལྟས་ཤིང་གསལ་བས་མཐོང་རྙེད་བྲལ། །ཕྱི་ནང་གཉིས་ཀ་ཕྱི་ཉིད་ནང་། །ཟབ་མོ་ཆ་ཤས་རྟོགས་ཡུལ་བྲལ། །ཕྱི་ནང་སྣོད་བཅུད་ཐམས་ཅད་ཀུན། །བྱིས་པའི་སྐྱེ་བོ་རྣམས་ལ་སྣང་མོད་ཀྱི། །ལྟ་བ་རང་རིག་ཡེ་ཤེས་དངོས་མེད་ཟང་ཐལ་ལ། །དངོས་པོ་


GTN002_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མའི་སྒྲིབ་པ་ཡེ་ནས་རྣམ་པར་དག །ཀུན་བཟང་ཞལ་ནི་ཕྱོགས་བཅུ་ཀུན་ཏུ་གཟིགས། །ཡུམ་གྱི་བྷ་ག་བདེ་ཀློང་གཅིག་ཏུ་འཁྱིལ། །དེ་བས་ཁམས་གསུམ་མ་ལུས་ཐིག་ལེ་ཆེན་པོ་གཅིག་གི་ངང་། །ལྟ་བ་རྣམ་དག་རང་རིག་ཡེ་ཤེས་ལ། །སངས་རྒྱས་མེད་པས་སངས་རྒྱས་མིང་ཡང་མེད། །སེམས་ཅན་མེད་པས་ཁམས་དང་འབྱུང་བ་མེད། །མན་ཤེལ་སྐུ་ལྟར་རང་རིག་རྒྱུད་དག་པས། །དྲི་མེད་ཟང་ཐལ་དག་པ་ཆོས་ཀྱི་སྐུ། །ས་ཆུ་མེ་རླུང་ནམ་མཁར་སྣང་བ་ཡང་། །མ་རྟོགས་བློ་ལ་མཚན་མར་སྣང་མོད་ཀྱི། །སྣང་ལ་རང་བཞིན་མེད་པས་ཡེ་ཤེས་གདངས་སུ་ཤར། །དཔེར་ན་མཁའ་ལ་འཇའ་ཚོན་གསལ་བ་ཡང་། །མཁའ་ལས་ལོགས་ན་མེད་ཀྱང་ལོགས་ལྟར་སྣང་། །ནམ་མཁའི་ངང་ལ་གནས་ཤིང་མཁའ་དང་མི་ཕྱེད་ལྟར། །ཆོས་ཉིད་ཆོས་སྐུ་དབྱེར་མེད་དོན་གྱི་ནམ་མཁའ་ལ། །རང་ཤར་རང་སྣང་རང་གསལ་ཡེ་ཤེས་གདངས། །ལོགས་ལྟར་སྣང་ཞིང་འགག་པ་མེད་པར་གསལ། །གློག་ལྟར་སྣང་ཞིང་འགག་པ་མེད་པར་གསལ། །གསལ་ལ་རྟོགས་མེད་ཡེ་ཤེས་ཆོས་ཀྱི་སྐུ། །རང་ལ་རང་སྣང་སྣོད་བཅུད་ཡེ་སངས་རྒྱས། །ལས་དང་ཐུགས་རྗེ་མཐའ་གཉིས་རྣམ་པར་དག །ས་དང་རྣམ་ཐར་བྱང་ཆུབ་མཆོག་ལ་རིང་། །བགྲོད་དུ་མེད་དེ་ཆོས་ཉིད་བྱང་ཆུབ་མཆོག །བགྲོད་པར་འདོད་ན་ཡེ་ཤེས་མཐའ་ལ་རིང་། །མ་བསགས་བཞིན་དུ་ཚོགས་གཉིས་ཡེ་ནས་རྫོགས། །མ་སྦྱངས་བཞིན་དུ་སྒྲིབ་གཉིས་ཡེ་ནས་བྱང་། །མ་བྱུང་མ་སྐྱེས་འོད་ཀྱི་དཀྱིལ་འཁོར་ལ། །དགོད་པ་ལྷ་ཡི་དཀྱིར་འཁོར་བསྒོམ་མི་དགོས། །དཀྱིལ་འཁོར་ཁྲོ་གཉེར་ཆ་


GTN002_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་ཀྱིས། །ཁྲོ་བདག་ཆེན་པོའི་སྐུ་བསྐྱེད་ནས། །སྐུ་གསུང་ཐུགས་ཀྱི་བཟླས་པ་དག །ཆུ་བོའི་རྒྱུན་ལྟར་བཟླས་ན་ཡང་། །རང་རིག་ཡེ་ཤེས་རྒྱབ་ཀྱིས་ཕྱོགས། །ཡེ་ནས་བྱས་ཟིན་ད་གདོད་བྱ་མི་དགོས། །ཆེད་དུ་བྱར་མེད་ཆེད་དུ་དགག་ཏུ་མེད། །མར་མེའི་སྙིང་པོ་རང་གི་འོད་ལ་གནས་པ་ལྟར། །རང་རིག་ཡེ་ཤེས་རང་གི་གདངས་ལ་གནས། །འདས་དང་མ་བྱོན་ད་ལྟར་སངས་རྒྱས་དང་། །གཉིས་མེད་རོ་གཅིག་ཆུ་ལ་ཆུ་བཞག་བཞིན། །ཞེས་སོ། །དེ་ཡང་རིག་པ་རང་ངོ་ལྷུན་གྲུབ་ཆེན་པོར་རང་བྱུང་གི་ཡེ་ཤེས་ཀྱི་ལྟ་བ་དངོས་ཡིན་ལ། དེའི་རང་གདངས་ལས་ཡེ་ཤེས་ཀྱི་རྩལ་ཤར་བ་ལས་སྣོད་བཅུད་དུ་སྣང་ངོ་ཅོག་ཕུང་པོ་ཁམས་དང་སྐྱེ་མཆེད་དུ་སྣང་བ་རྣམས་ལྟ་བའི་རྣམ་གཞག་རང་གདངས་སོ་སོའི་ཆ་ཙམ་དུ་རང་བྱུང་ཡེ་ཤེས་ཀྱི་ངང་ན་མེད་སྣང་འཇའ་ཚོན། སྤྲུལ་པ་ལྟར་གཞི་མེད་དུ་ཤེས་པར་བྱ་བ་ལས། ལྟ་བ་དངོས་ནི། དེ་ཉིད་ལས། རིགས་ཀྱི་བུ་མ་འཁྲུལ་བའི་སངས་རྒྱས་ལ། མ་བྱས་པའི་ཆོས་ཉིད་བསྟན་པ་ནི་ཐུགས་ཀྱི་མེ་ལོང་ཡིན་ཏེ། དཔེར་ན་ཟག་བཅས་ཀྱི་ཕུང་པོ་འདི། བྱས་པའི་མེ་ལོང་གིས་གཏན་ལ་འབེབས་པ་ལྟར། ཟག་པ་མེད་པའི་ཡེ་ཤེས་འགག་པ་མེད་པར་གསལ་བ། ཀུན་གཞི་མེ་ལོང་ལྟ་བུའི་ཡེ་ཤེས་གསལ་ལ་དག་པ་ཐམས་ཅད་འབྱུང་བའི་གཞི་མ་འགགས་པའི་དོན། མགར་བའི་ལག་གི་འདུ་བྱེད་ཀྱིས་མ་བྱས་པར། སྣང་བ་མཐའ་ཡས་ཀྱི་ཐུགས་ཀྱི་ཀློང་ན་རང་བྱུང་དུ་ཤར་བའི་ཤེལ་གྱི་མཆོད་རྟེན་ཁྲི་འཕང་ལྔ་པ་ཐུགས་ཀྱི་མེ་ལོང་དུ་གྱུར་པ་དེ་བརྡའ་བསྟན་པའི་


GTN002_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་ཟག་བཅས་ཀྱི་སྒྲོམ་བུའི་ཟག་མེད་ཀྱི་ཡེ་ཤེས་མི་ཐུབ་པར་ཐུགས་ཡེ་ཤེས་ཀྱི་མེ་ལོང་ལ་ཇི་ལྟ་བ་བཞིན་དུ་སྣང་བའོ། །དེའི་འཁྲུལ་གཞི་མན་ངག་གི་ཏི་ཀ་ཆེན་པོར་གཏན་ལ་ཕབ་པའོ། །དོན་དེ་ནི་རང་བྱུང་གི་ཡེ་ཤེས་ཆེན་པོ་ཡིན་པས། དུས་གསུམ་དུ་འགྱུར་མ་མྱོང་བ་སྟེ། མི་འགྱུར་བའི་ལྟ་བ་ཐོད་རྒལ་ཆེན་པོའོ། །ཞེས་སོ། །རྩལ་སྣང་མ་དག་པ་སོ་སོའི་རང་གདངས་སུ་རྣམ་པར་སྦྱར་ན། དང་པོའང་རང་བྱུང་གི་ཡེ་ཤེས་ཀྱི་ངང་ནས་རང་གདངས་སྐུ་དང་ཡེ་ཤེས་སུ་ཤར་བ་སོ་སོ་ལ་བཟུང་བས་དེ་དང་འདྲ་བར་སྣང་བའི་སྣོད་བཅུད་ལུས་སེམས་ཀྱི་སྣང་བ་འདི་མཐར་ཡང་དེའི་ངང་དུ་གྲོལ་དགོས་པས་ནང་ལྷུན་གྲུབ་ཀྱི་སྐུ་དང་ཡེ་ཤེས་ལྔ་དག་པར་སྦྱར་བ་ནི། བཤད་རྒྱུད་ལས། སྤྲུལ་པའི་སྣོད་གྱུར་འབྱུང་བ་ལྔ། །རང་ལས་བྱུང་བའི་ཆོས་ཉིད་པས། །ལས་ལ་མ་རྨོངས་ཐབས་ཀྱི་ཞིང་། །གཟུང་འཛིན་མི་གནས་རྣམ་པར་དག །བདག་ཉིད་རང་དོན་མངོན་སངས་རྒྱས་པས་ཆེ། །ཕུང་པོ་ལྔ་རྣམས་སྣང་བ་ཡང་། །རིགས་ལྔའི་སངས་རྒྱས་རྣམས་ཀྱི་སྐུ། །སྐུ་ལྔ་རིན་ཆེན་འོད་དུ་འབར། །མ་བཙལ་རང་ལ་ཡེ་ནས་ལྷུན་གྱིས་གྲུབ། །ཡེ་ཤེས་རང་སྣང་ཡིན་པས་བདག་ཉིད་ཆེ། །རྣམ་ཤེས་བརྒྱད་དུ་སྣང་བ་ཡང་། །སེམས་དཔའ་བརྒྱད་དེ་རང་ལ་རྫོགས། །གཞན་མ་ཡིན་ཏེ་རང་སྣང་ཡིན་པས་ཆེ། །རྣམ་ཤེས་བརྒྱད་ཀྱི་ཡུལ་བརྒྱད་ཀྱང་། །རང་ལ་གནས་པའི་སེམས་མ་བརྒྱད། །མ་བཙལ་རང་ལ་ལྷུན་གྱིས་གྲུབ། །ཡེ་ཤེས་རང་སྣང་ཡིན་པས་བདག་ཉིད་ཆེ། །རང་ལས་བྱུང་ཞིང་རང་ལས་སྣང་། །རང་གདངས་ཡིན་པས་ཡུལ་དང་བྲལ། །ཡུལ་མེད་རང་
སྣང་ཆེན་པོ་ལ། །བགྲོད་དུ་མེད་དེ་ཀུན་ལས་ཆེ། །རང་ཆས་ཡིན་པས་བཙལ་དུ་མེད། །མ་བཙལ་ལྷུན་གྱིས་གྲུབ་པས་ཆེ། །ཞེས་པ་དང་། རྒྱུད་གསང་བ་སྙིང་པོ་ལས། ཨེ་མ་ཧོ། རྡོ་རྗེའི་ཕུང་པོ་ཡན་ལག་ནི། །རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །སྐྱེ་མཆེད་ཁམས་རྣམས་མང་པོ་ཀུན། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཉིད། །ས་ཆུ་སྤྱན་དང་མ་མ་ཀཱི། །མེ་རླུང་གོས་དཀར་སྒྲོལ་མ་སྟེ། །ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། །{སྲིད་གསུམ་ཡེ་ནས་སངས་རྒྱས་ཞིང་། །}ཐམས་ཅད་མ་ལུས་ཆོས་སོ་ཅོག །སངས་རྒྱས་ཉིད་ལས་གཞན་མ་ཡིན། །སངས་རྒྱས་ཉིད་ལས་གཞན་པའི་ཆོས། །བཙལ་ཀྱང་རྒྱལ་བས་མི་བརྙེས་སོ། །ཞེས་གསུངས།

སྒོམ་པས་ངང་བསྐྱང་བ།


GTN002_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

〔 2〕གཉིས་པ་བསྒོམ་པས་ངང་བསྐྱང་བ་ལ་གསུམ་སྟེ། དབང་པོ་རབ་འབྲིང་ཐ་མ་གསུམ་མོ། །དང་པོ་ནི། ལྟ་བའི་དོན་ལ་ངོ་སྤྲད་པ་ཙམ་གྱིས་གྲོལ་ཏེ། གཞི་རང་བྱུང་གི་ཡེ་ཤེས་ཀྱི་ངང་དངས་འདུ་འབྲལ་མེད་པར་བསྒོམ་དུ་ཡོད་མེད་ལས་འདས་ཏེ་ཆོས་སྐུ་ཟང་ཐལ་རྗེན་པའི་ངང་ལ་རང་གནས་ལྷུན་གྲུབ་ཆེན་པོར་དུས་བཞི་ཆོས་ཉིད་ཀྱི་དཀྱིལ་འཁོར་འཁྱིལ་བས་ཡིད་ལ་བྱེད་པའི་སྒོམ་དང་། རྩོལ་བསྒྲུབ་ཀྱི་ཆོས་ལས་འདས་ཏེ། རང་བཞིན་ཆུ་བོ་རྒྱུན་གྱི་དགོངས་པར་བསྟན་པ་ནི། བཤད་རྒྱུད་ལས། ངས་བསྟན་གཉིས་མེད་བདེ་ཆེན་ལ། །བསྒོམ་དུ་ཡོད་མེད་ཐ་སྙད་རྣམ་པར་དག །ཤེས་རབ་སྟོབས་ཅན་རང་རིག་དོན་རྟོགས་པས། །གཉིས་མེད་བདེ་ཆེན་ངང་དུ་འདུ་འབྲལ་མེད། །མ་བཙལ་བཞག་པས་ངང་ལ་མ་གཡོས་


GTN002_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

གསལ། རྒྱུན་ཆད་མེད་པས་ཆུ་བོ་གངྒཱ་བཞིན། །དབང་པོ་ཡང་རབ་དོན་དུ་དེ་བསྟན་ནོ། །ཞེས་སོ། །དབང་པོ་འབྲིང་། བསྒོམ་མེད་ལ་ཡེངས་མེད་རྒྱུན་གྱི་ཏིང་ངེ་འཛིན་བསྟན་པ་ནི། ཐག་ཆོད་པས་བསྒོམ་མི་དགོས་པར་ལ་བཟླ་བ་དང་། ངང་ལ་གནས་པས་ཡེངས་སུ་མེད་པར་རང་གནས་པར་ལ་བཟླ་བ་གཉིས་ཏེ། རིག་པ་ལྷུན་གྲུབ་ཟང་ཀ་ཡིན་པས་བསྒོམ་དུ་མེད་ལ་བསྒོམ་མི་དགོས་བསྒོམས་པས་བཟང་དུ་མི་འགྲོ་བས། རང་གདངས་ཡེ་བབ་གང་གནས་སུ་གཞིར་བཞག་སྟེ་འབད་རྩོལ་བྱ་མི་དགོས་ལ། འཁྲུལ་སྣང་ཡེ་ཤེས་ལྔའི་རོལ་པར་ཤར་བས་སྤང་མི་དགོས། བླང་མི་དགོས། གང་སྣང་བཅོས་བསླད་མེད་པར་སྣང་དུ་ཆུག །དང་པོ་ཡང་གཞི་ལས་ཤར། ད་ལྟ་ཡང་གཞིའི་ངང་ནས་རང་སྣང་། མཐར་ཡང་གཞིར་གྲོལ་བས་ཤེས་བྱ་བུམ་འཇུག་གི་དགོངས་པར་ལ་བཟླ་བའོ། །ངང་ལ་གནས་པས་ཡེངས་སུ་མེད་པར་ལ་བཟླ་བ་ནི། ཕྱི་གང་སྣང་ཡུལ་མེད་དུ་ཕྱམ་གདལ། ནང་གང་ཤར་ཟང་ཀར་རང་ཡལ། བར་ཕྱལ་པ་བར་མེད་དུ་ནང་སངས་གཞི་ཕྱམ་ཕྱམ། དོག་མེར་མེར་རང་གསལ་འཛིན་མེད་དུ་མ་ཡེངས་ཙམ་གྱི་ངང་ལ་གློད་པས་སྣང་བ་བདེན་མེད་དུ་རང་སྣང་། རིག་པ་གཏད་མེད་དུ་རང་གྲོལ། སྒོ་ལྔ་རྒྱ་ཡན་དུ་རང་དངས། ཆོས་ཟད་བློ་ཟད་དུ་ཕྱལ་ཡས་ཏེ་མཚན་མོའང་ཕྱི་ཡུལ་སྣང་རང་སྟོང་དུ་རང་འདུས། རིག་སྟོང་རང་མལ་དུ་གཉིད་ལོག་པས་ཤེས་པ་བུམ་འཇུག་གི་དགོངས་པའོ། །དེ་ལྟར་ཉིན་མཚན་གོམས་པས་བེམ་རིག་བྲལ་དུས་འཁྲུལ་སྣང་ཡེ་ཤེས་སུ་དག་


GTN002_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཡེ་ཤེས་ལྷུན་གྲུབ་ཀྱི་བུམ་པར་ཐིམ་པ་ནི་ཤེས་བྱ་བུམ་འཇུག་གི་དགོངས་པ་ཞེས་བྱའོ། །དེ་ཡང་རིག་པ་ཆོས་ཉིད་ཀྱི་ངང་ནས་སྣང་སེམས་ཅིར་སྣང་ཡང་བཟང་རྟོག་གིས་མ་བསླད། ངན་རྟོག་གིས་མ་བསྒྱུར། རང་སངས་སུ་ཡལ་དུ་བཅུག་པས་རང་བྱུང་གི་ཡེ་ཤེས་ཀྱི་ངང་ལས་མི་འདའ་སྟེ། ཕྱི་སྣང་སྲིད་ཡེ་ཤེས་ཀྱི་རོལ་པ་རྩལ་གྱི་རང་གདངས་སུ་ཤེས་པས། ཕྱལ་པ་རང་སྣང་དུ་གྲོལ། ནང་རིག་པ་ཤར་གྲོལ་དུ་རང་ཡལ་བས་ཐུགས་རྗེས་རོལ་པར་རང་དག །ཆེད་དུ་མི་དམིགས་པའི་བསྒོམ་པ་མེད་པས་བསྐྱེད་རྫོགས་སེམས་འཛིན་གྱི་སྒོམ་པ་གཏད་ཡལ། བྱ་གར་ཕྱིན་ཡང་ནམ་མཁའ། ཉ་གར་ཕྱིན་ཡང་ཆུ་བོ། མི་གར་ཕྱིན་ཡང་ས་གཞི་ལས་མ་འདས་པ་ལྟར་རྣལ་འབྱོར་པས་གང་བྱེད་ཅི་བསྒོམ་ཅི་སྤྱད་ཀྱང་། རང་བྱུང་ཡེ་ཤེས་ཀྱི་རིག་པ། སྟོང་པ་གསལ་བ་འཛིན་མེད་གསུམ་གྱི་ངང་ལས་མ་གཡོས་པར། སྐུ་གསུམ་རང་རྫོགས་ཆེན་པོར་གྲུབ་སྟེ། ཆོས་སྐུ་རང་མལ་ལས་མ་གཡོས་པ། གཞི་ཐོག་ལྷུན་གྲུབ་ཆེན་པོར་གནས་པས་བསྒོམ་མེད་ཡེངས་མེད་ཆེན་པོའི་ངང་བསྐྱངས་པ་ཞེས་བྱ་སྟེ། རིག་པ་ཡེ་སངས་རྒྱས་པས་བསྐྱར་ནས་བསྒོམ་མི་དགོས་པར་རང་གི་ངང་ལ་རང་སར་གནས་པས། རང་མལ་ཆོས་སྐུ་ལྷུན་གྲུབ་ཏུ་བསྟན་པ་ནི། བཤད་རྒྱུད་ལས། རྟེན་གྱི་གང་ཟག་ཤེས་རབ་འབྲིང་རྣམས་ལ། བསྒོམ་དུ་མེད་པའི་དགོངས་པ་བསྟན་པ་སྟེ། བདག་ཉིད་ཆེན་པོ་དེ་ཁོ་ན་ཉིད་ཀྱི་ཏི་ཀ་ལ་གཞི་བཅའ་འོ། །དེའི་དོན་རྟོགས་ནས་བསྒོམ་དུ་མེད་དེ་ཡོན་


GTN002_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་ནོ། །དེ་ཡང་རང་ཆས་སུ་གནས་པས་འདུ་འབྲལ་མེད་དོ། །ཡུལ་དང་ཡུལ་ཅན་བསྒོམ་བྱ་དང་སྒོམ་བྱེད་ཐམས་ཅད་དངོས་པོ་དང་མཚན་མར་དམིགས་སུ་མེད་དེ། དཔེར་ན་གར་སྤྱིན་ལ་སྦྲང་མའི་འདབ་མ་འབྱར་བ་ལྟ་བུའོ། །ཆོས་ཉིད་ཀྱི་དོན་ཐ་མལ་གྱིས་མི་རྟོགས་པས། སོ་སོ་སྐྱེ་བོ་ཐ་མལ་གྱིས་མི་གོ་སྟེ། གོང་ལྟར་རྟོགས་དགོས་པས། ཡེངས་སུ་མེད་དེ་སྐྱོན་ཅན་ནོ། །ངེས་པར་རྟོགས་ཙ་ན་ཡེངས་པ་མེད་དེ་ཡོན་ཏན་ནོ། །ཡེངས་པ་མེད་པ་ནི་འདུག་ཀྱང་ཆོས་ཉིད་རང་སྣང་གི་ངང་ལས་མ་གཡོས་ཙམ་དུ་འདུག །འགྲོ་ཡང་ཡེ་ཤེས་ཀྱི་རང་གདངས་ལ། རང་བཞིན་མ་འགགས་པ་ཙམ་དུ་འགྲོ་སྟེ། མར་མེའམ་ཉི་མ་རང་སྣང་དང་ཆས་ནས་འགྲོ་བ་བཞིན་ནོ། །ཉལ་ཡང་ངང་ལས་ཆས་མ་གཡོས་པའི་ཀློང་། རིག་པ་ཟང་ཐལ་གྱི་ངང་ན་རྩལ་གཞི་ལ་འདུས་ཏེ། རང་བཞིན་གཞི་ལ་ཐིམ། མཚན་མ་རང་སར་གྲོལ། དོན་ལ་འབྱོར་པ་ཆེན་པོར་འགྱུར་རོ། །ལངས་ཀྱང་ངང་ལས་མ་གཡོས་པ་ལས། རིག་པ་རང་ཤར་ཏེ་རང་བཞིན་མ་འགགས་པར་གསལ་ལོ། །ཀྱེ་མ་རིགས་ཀྱི་བུ་ལེགས་པར་ཡིད་ལ་ཟུང་ཞིག །སྤྱོད་ལམ་རྣམ་བཞི་ནི་སྤྱད་ཀྱང་རང་གི་གདངས་ལས་མི་འདའ་ཞིང་། ཆོས་ཉིད་ལས་མ་གཡོས་པ་ནི། དཔེར་ན་བྱ་ཡིས་གར་འཕུར་ཀྱང་མཁའ་ལས་འདའ་ས་མེད། ཉ་ཡིས་གར་འཕྱོས་ཀྱང་ཆུ་ལས་འདའ་བ་མེད་པ་དང་། མི་ཡིས་གར་ཕྱིན་ཀྱང་ས་ལས་མི་འདའ་བ་བཞིན། རྣལ་འབྱོར་རྟོགས་ལྡན་ངང་ལས་གཡོས་པ་མེད། རིགས་ཀྱི་བུ། བསྒོམ་བྱ་རྫོགས་པའི་སངས་རྒྱས་དེ་ནི་ལོགས་ན་མེད་དེ། རང་རིག་ཆོས་ཀྱི་སྐུ་ཁོ་ནའོ། །


GTN002_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་བ་ཐམས་ཅད་ནི་རང་ཤར་ཏེ། རིག་པ་ཆོས་སྐུ་སྟོང་པ་དང་། འགག་པ་མེད་པ་དང་། དེ་གཉིས་དབྱེར་མེད་པ་དང་། དེ་ལྟར་ཤེས་པའི་ཤེས་རབ་མི་འགག་པ་དང་། དེ་ལ་ཐོགས་པ་མེད་པ་དང་མཚན་ཉིད་ལྔར་ཤར་རོ། །དེ་ལྔ་ཡེ་ཤེས་ལྔར་ཤར་རོ། །ཡེ་ཤེས་ལྔ་འོད་དུ་ཤར་རོ། །འོད་ལྔ་རིགས་ལྔར་ཤར་རོ། །རིགས་ལྔ་སྐུ་ལྔར་ཤར་རོ། །སྐུ་ལྔ་ཡབ་ཡུམ་མི་འགག་གོ །ཡབ་ཡུམ་ལྔ་ལ་སེམས་དཔའ་དང་སེམས་མ་མི་འགག་གོ །རིགས་ལྔ་ཡབ་ཡུམ་ལས་སྒོ་ལྔར་ཤར་རོ། །སེམས་དཔའ་རྣམས་ལ་དབང་པོ་དང་རྣམ་ཤེས་སུ་ཤར་རོ། །སེམས་མ་རྣམས་ལ་ཡུལ་དུ་ཤར་རོ། །དེ་ནི་རིག་པ་རང་ཤར་གྱི་དགོངས་པས་སྣང་བ་ལ་རྒྱས་བཏབ་སྟེ། རང་གི་ཡེ་ཤེས་ལས་གཞན་སྣང་གི་རྟོགས་པ་མེད་དོ། །འགག་པའི་དུས་སུ་མཚན་མ་རང་གྲོལ་གྱི་དགོངས་པས་རྩལ་གཞི་ལ་འདུས་ཏེ་ཡུལ་ལྔ་སྒོ་ལྔའི་ངང་དུ་གྲོལ། སྒོ་ལྔ་སེམས་དཔའ་དང་སེམས་མའི་ངང་དུ་གྲོལ། སེམས་དཔའ་དང་སེམས་མ་རིགས་ལྔ་ཡབ་ཡུམ་གྱི་ངང་དུ་གྲོལ། དེ་ལྔ་ཡེ་ཤེས་ལྔ་ཡི་ངང་དུ་གྲོལ། ཡེ་ཤེས་ལྔ་ཡང་རིག་པའི་མཚན་ཉིད་ལྔར་གྲོལ། མཚན་ཉིད་ལྔ་རིག་པ་འཛིན་མེད་རང་གསལ་དུ་གྲོལ། དབང་པོ་གནས་སྡུད་ཀྱི་མན་ངག་སྟེ། འབྱུང་བ་མ་ལ་ཞ། ཡེ་ཤེས་དབྱིངས་སུ་ཐིམ་པའོ། །དེ་ལྟར་གྲོལ་ནས་ངང་ལས་མ་གཡོས་པ་ནི་ཤེས་བྱ་བུམ་པར་ཚུད་པ་སྟེ། ཆོས་ཉིད་ཆོས་སྐུ་དབྱེར་མེད་ཟང་ཐལ་གྱི་བུམ་པ་ན། རང་རིག་པའི་ཡེ་ཤེས་མར་མེ་རླུང་གིས་མ་བསྐྱོད་པ་ལྟར་གསལ་བས། ཤེས་བྱ་བུམ་འཇུག་གི་མན་ངག །གཏི་མུག་གི་གཉིད་ལོག་པའང་


GTN002_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཀྱི་དོན་དེ་ཁོ་ན་ཉིད་ལ་འབྱོར་པའོ། །ཐམས་ཅད་འབྱུང་ཡང་རང་ལས་འབྱུང་། སྣང་ཡང་རང་ལས་སྣང་། གསལ་ཡང་རང་ལས་གསལ་ཏེ། དག་ཅིང་གྲོལ་ཡང་རང་གི་ངང་དུ་གྲོལ་བས་ན་ཡེ་ཤེས་རང་དག་ཆེན་པོའོ། །དེ་ནི་ངོ་བོ་ཉིད་ཀྱི་སྣང་བ་རང་སྣང་ལས་གཞན་སྣང་མེད་པའོ། །སྤྲིན་དང་ཁུ་རླངས་བྱུང་ཡང་ནམ་མཁའ་ལས་བྱུང་། སྣང་ཡང་ནམ་མཁའ་རང་ལ་སྣང་། གནས་ཀྱང་ནམ་མཁའི་ངང་ལ་གནས། དག་ཀྱང་ནམ་མཁའི་ངང་དུ་དག །གྲོལ་ཀྱང་ནམ་མཁའི་ངང་དུ་གྲོལ་བ་ལྟ་བུའོ། །ཞེས་གསུངས་སོ། །འདི་ནི་རང་སྣང་ཡེ་ཤེས་ཀྱི་དགོངས་པ་བསྒོམ་མེད་ཡེངས་མེད་ཆེན་པོར་བསྟན་པ་ཡིན་ནོ། །དབང་པོ་ཐ་མ། ཆོས་ཉིད་རང་སྣང་གི་གོལ་ས་བསྟན་པ་ལ་གཉིས་ཏེ། བསྒོམ་པའི་འཐད་པ་དང་། བསྒོམ་ཚུལ་གཉིས་སོ། །འཐད་པ་ནི། ཐིག་ལེ་ཀུན་གསལ་གྱི་རྒྱུད་ལས། བློ་ཞན་རྣམས་ལ་བསྒོམ་པ་བསྟན། །བསྒོམ་དུ་མེད་པར་མ་ཤེས་ན། །མ་ཚོར་ཡིད་ལ་བྱེད་པ་དང་། །བྱ་རྩོལ་འདས་པར་མི་རྟོགས་ཏེ། །རྒྱུན་གྱི་ཏིང་ངེ་འཛིན་གྱིས་དོན་མི་རྙེད། །བསྒོམ་དུ་ཡོད་པར་མ་ཤེས་ན། །སྐྱེ་བོ་རྣམས་དང་ཁྱད་པར་མེད། །ཐ་མལ་རང་རྒྱུད་གོལ་སར་འགྲོ། །མི་བསྒོམ་བསྒོམ་པའི་དོན་ཤེས་པས། །སངས་རྒྱས་ཉག་གཅིག་དོན་དང་འདུ་འབྲལ་མེད། །བསྒོམ་ལ་མི་བསྒོམ་དོན་ཤེས་པས། །དམིགས་གཏད་བློ་ཡི་མཐའ་ལས་ལྡོག །གཉིས་སུ་མེད་པའི་དོན་རྟོགས་པས། །ཕྱོགས་རིས་འཛིན་པའི་མཐའ་དང་བྲལ། །བསྒོམ་དུ་ཡོད་པའི་དོན་བསྟན་པས། །གནས་ལུགས་གཞི་
ལ་ཟད་སར་ཕྱིན། །ཞེས་སོ། །བསྒོམ་ཚུལ་ལ་གསུམ་སྟེ་བསླབ་ཐབས། བསླབ་བྱ། བསླབ་བྱ་ལོབས་པའི་ཚད་བསྟན་པའོ། །དང་པོ་ནི། བཤད་རྒྱུད་ལས། བསྒོམ་དུ་ཡོད་པའི་དོན་བསྟན་པ། །བསླབ་ཐབས་བསླབ་བྱ་ལོབས་པའི་ཚད། ༤༢ །དེ་ཡིས་ངེས་པ་རྒྱུ་ལ་སྐྱེ། །ཞེས་སོ། །དེ་དག་མན་ངག་ལག་ཁྲིད་དུ་བསྡུ་ན། བསླབ་ཐབས་གསུམ་གྱིས་ཆོས་ཉིད་རང་ངོ་སྤྲད་པ། བསླབ་བྱ་གསུམ་གྱིས་འོད་གསལ་ངང་སྐྱོང་བ། ལོབས་ཚད་གསུམ་གྱིས་དེའི་རྟགས་ཚད་བཟུང་བ་རྣམས་མན་ངག་རིན་པོ་ཆེའི་པྲ་ཁྲིད་དུ་བསྟན་པ་ལྟར་རོ། །

སྤྱོད་པས་འཛིན་ཞེན་གཏོར་བ།


GTN002_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

〔 3〕གསུམ་པ་སྤྱོད་པས་འཛིན་ཞེན་གཏོར་བ་ལ། རྣམ་གྲངས་བཅོ་ལྔ་ལ་མཉམ་བཞག་གི་དུས་ན། དགོངས་པ་ཆོས་ཉིད་ལ་གནས་པ་བླང་དོར་མེད་པའི་སྤྱོད་པ། མཚན་འཛིན་མེད་པ་ཆོས་ཉིད་དོན་གྱི་སྤྱོད་པ། གསལ་ལ་རྟོག་པ་མེད་པ་རང་རིག་ཡེ་ཤེས་ཀྱི་སྤྱོད་པ། རྩོལ་སྒྲུབ་མེད་པ་ལྟ་བ་དོན་གྱི་སྤྱོད་པ། ངང་ལས་མ་གཡོས་པ་དགོངས་པ་དོན་གྱི་སྤྱོད་པ། རང་གདངས་ལས་མི་འདའ་བ་འབྲས་བུ་དོན་གྱི་སྤྱོད་པ་རྣམ་པ་རིག་ངོར་ཐ་དད་མེད་པར་སྤྱོད་པའོ། །རྗེས་ཐོབ་ལ་གཉིས་ལས། རང་དོན་ཆོས་ཉིད་ཀྱི་རོལ་པར་སྤྱོད་པ་ལ། མཉམ་གཞག་གི་ཉམས་རྗེས་ཐོབ་ཏུ་དྲན་པས་སྤྱོད་པ་ཡིད་ཀྱི་སྤྱོད་པ། རང་གཞན་གྱི་བརྗོད་པ་ལས་རྗེས་མི་སྤྱོད་པ་རང་མལ་དུ་སྟོང་པ་ངང་གི་སྤྱོད་པ། ཐམས་ཅད་བདེན་མེད་
དུ་སྤྱོད་པ་སྒོ་གསུམ་རང་གྲོལ་གྱི་སྤྱོད་པ་གང་ལའང་དངོས་འཛིན་མེད་པ་ཞེན་པ་མེད་པའི་སྤྱོད་པ། གང་སྣང་ལ་སྤྱོད་པའི་རྟོག་དཔྱོད་མི་བྱེད་པ་ཕྱལ་པ་ཟང་ཐལ་དུ་སྤྱོད་པ། ཅི་ལའང་ཆགས་ཞེན་མེད་པ་ཆགས་པ་མེད་པའི་སྤྱོད་པ། སྒོ་གསུམ་ལ་ཆེད་དུ་མི་དགག་ཆེད་དུ་མི་བསྒྲུབ། ཟང་ཀ་རང་ཤར་རྗེས་མེད་དུ་སྤྱོད་པ་གཉིས་སུ་མེད་པའི་སྤྱོད་པ་རྣམས་ཀྱིས་གཟུང་འཛིན་དང་སྣང་སེམས་ཆོས་ཉིད་དུ་བསྲེའོ། །གཞན་དོན་ཐུགས་རྗེའི་སྤྱོད་པ། གང་ལའང་གཞན་དོན་དུ་འཆར་བ་ཐུགས་རྗེ་ཆེན་པོའི་སྤྱོད་པ་དང་སེམས་ཅན་ལ་སྙིང་རྗེ་རང་དབང་མེད་པར་འབྱུང་བས་དོན་བྱེད་པ་ཐུགས་རྗེ་གདུང་བའི་སྤྱོད་པ་གཉིས་ཀྱིས་གདུལ་བྱ་འདུལ་བའི་སྤྱོད་པའོ། །དེ་དག་ཀྱང་། ཀུན་གསལ་ལས། བླང་དོར་མེད་པའི་སྤྱོད་པ་ལས། ༤༣། མ་བཅོས་ངང་ལ་རང་བཞིན་འགག་མེད་སྤྱད། །ཅེས་སོ། །

འབྲས་བུ་རང་ས་བཟུང་བ།


GTN002_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

〔 4〕བཞི་པ་འབྲས་བུ་རང་ས་བཟུང་བ་ནི། གནས་སྐབས་ཀྱི་འབྲས་བུ་ལྟ་བའི་དོན་མངོན་སུམ་དུ་མཐོང་བས་དབྱིངས་དང་ཡེ་ཤེས་ཀྱི་སྣང་བ་དང་པོ་མཐོང་། དེ་ནས་མཆེད། མཆེད་པ་རྫོགས། མཐར་ཟད་པ་བཞིའོ། །དེ་ཡང་ལྷུན་གྲུབ་རང་བཞིན་གྱི་འོད་ཡོད་པས་ཡེ་ཤེས་ལྔའི་གདངས་ཕྱིར་ཤར་བས་འོད་ལྔའི་སྣང་བ་ཐིག་ལེ་དང་བཅས་པ་མཐོང་བའོ། །དབྱིངས་ན་སྐུ་ཡོད་པས་ཐིག་ལེའི་སྣང་བ་དག་གོང་དུ་མཆེད་པ་ལས་འདོགས། ཐིག་ལེ་ནམ་མཁའ་ཁྱབ་པར་ཤར་ནས། མཆེད་པ་རྫོགས་དུས་ཐམས་ཅད་སྐུ་ལྔའི་སྣང་བ་ཞིང་ཁམས་སུ་གསལ་བའོ། །


GTN002_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་ནི་གཟུགས་སྐུའི་གདངས་སམ་རྩལ་ལོ། །ཟད་པ་ནི་རླུང་དག་པས་གདངས་ནང་དུ་ཞ་སྟེ་ཆོས་སྐུའི་རང་གདངས་ནམ་མཁའ་སྤྲིན་མེད་པ་འདྲ་བའི་ངང་ལ་དར་ཅིག་ཟིན་པ་ཟད་པར་གནས་སོ། །དེ་དག་གི་དུས་སུ་སྤྱན་དང་མངོན་ཤེས་དང་ཏིང་འཛིན་དཔག་ཏུ་མེད་པ་ཡང་ཐོབ་བོ། །མཐར་ཐུག་གི་འབྲས་བུ་ནི་ཆོས་སྐུའི་གདངས་སུའང་སྣང་བ་མེད་པར་ནང་དབྱིངས་སུ་ལྷུན་གྲུབ་རིན་པོ་ཆེ་རང་ས་ཟིན་པའོ། །དེའང་བཤད་རྒྱུད་ལས། འབྲས་བུ་ནི་ལྟ་བའི་དོན་མངོན་དུ་གྱུར་པ་སྟེ། དེ་ཡི་གནས་ལུགས་བསྟན་པ་ནི། །ཆོས་ཉིད་ཕྱི་ནང་མེད་པར་ཁྱབ། །གཉིས་མེད་ཆོས་སྐུ་རྡོ་རྗེའི་ལུས། །རང་གསལ་འཛིན་མེད་ངང་དུ་གནས། །དེ་ལས་མཁྱེན་པ་མ་འགགས་པས། །རིག་པའི་ཡེ་ཤེས་ལོངས་སྤྱོད་རྫོགས་པའི་སྐུ། །ཡུལ་གྱི་རང་བཞིན་ཡེ་ཤེས་སྤྱན་གྱི་བུམ་པ་ལྔ། །སྣང་ལ་དངོས་མེད་ནམ་མཁའི་འཇའ་ཚོན་བཞིན། །དེ་ཡི་ནང་ན་སྤྲུལ་སྐུའི་སྐུ་ལྔར་གསལ། །གསལ་ལ་མི་རྟོགས་བུམ་པའི་ནང་གི་མར་མེ་བཞིན། །སྐུ་གསུམ་ནང་གསལ་འདུ་འབྲལ་མེད་པའི་ངང་ན་གནས། །རིག་པ་རང་སྣང་གསལ་བ་ཟང་ཐལ་བས། །སྐུ་གཉིས་ཡུལ་དུ་མི་སྣང་ཞིང་། །ཡོན་ཏན་མ་འགགས་འདུ་འབྲལ་མེད། །སྐུ་གཉིས་མ་འགགས་ཡོད་པའི་མེད་པ་སྟེ། །ཆོས་སྐུ་མི་འགྱུར་མེད་པའི་ཡོད་པ་ནི། །མཁར་གཞོང་བཅུད་དང་མེ་ལོང་གཟུགས་བརྙན་བཞིན། །སྣང་ལ་རང་བཞིན་མེད་པས་མཚན་མའི་སྐྱོན་དང་བྲལ། །མི་སྣང་རང་བཞིན་ཡོད་པས་ཆད་ལྟ་སྟོང་པའི་སྐྱོན་ལས་འདས། །མཐའ་བཞི་ལས་གྲོལ་འཁོར་བ་རྒྱ་ཡིས་ཐེབས། །དོན་ལ་འགྱུར་མེད་རིག་པ་རང་ས་ཟིན། །ཞེས་སོ།། །།

སྤྱི་དོན་ལྔ་པ་ཆོས་གཞན་ངེས་པའི་རྣམ་གྲངས་བསྟན་པ།

ཐེག་པའི་སྒྲོ་འདོགས་སྤྱིར་བཅད་པ།


GTN002_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

༈ སྤྱི་དོན་ལྔ་པ་ཆོས་གཞན་ངེས་པའི་རྣམ་གྲངས་བསྟན་པ་ལ་གསུམ་སྟེ། [༡]ཐེག་པའི་སྒྲོ་འདོགས་བཅད་པ། [༢] སྒྲ་མཐུན་དོན་དཔགས་ཀྱིས་ས་ལམ་བརྩི་བ། [༣]རང་གི་གྲུབ་མཐའ་བཤད་པའོ། །[༡] དང་པོ་ལ་གཉིས་ཏེ། ༡ ཐེག་པའི་སྒྲོ་འདོགས་སྤྱིར་བཅད་པ། ༢ རང་གི་སྒྲོ་འདོགས་བྱེ་བྲག་ཏུ་བཅད་པའོ། །དང་པོ་ནི་གོ་དོན་སྤྱིར་བསྟན་པ་དང་། ཁྱད་པར་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་ངོ་བོ་ནི། ཡཱ་ནའི་སྒྲ་ཐེག་པ་སྟེ་གར་འདོད་སར་བསྐྱེལ་བས་སོ། །ངེས་ཚིག་ནི། ཁུར་ཐེག་པའི་དོན་གྱིས་ན་དེ་སྐད་ཅེས་བྱ། དབྱེ་ན། ཐེག་པ་ཆེ་ཆུང་ངམ་རྒྱུ་འབྲས་གཉིས་སོ། །དེ་ཡང་བཤད་རྒྱུད་ལས། ཐེག་པའི་ངོ་བོ་ཤེས་རབ་སྙིང་རྗེ་ཡིན། །དེ་གཉིས་ཆེ་ཆུང་ཐེག་པ་ཆེ་ཆུང་སྣང་། །ཐེག་པའི་ངེས་ཚིག་འདེགས་དང་བསྐྱོད་པ་ཡིན། །དབྱེ་ན་མང་ཡང་བསྡུ་ན་གཉིས་ལས་མེད། །རྒྱུ་རྐྱེན་ལམ་ཁྱེར་མཚན་ཉིད་ཐེག་པ་དང་། །འབྲས་བུ་ལམ་ཁྱེར་གསང་སྔགས་ཐེག་པ་གཉིས། །སྐྱ་བ་གྲུ་སོགས་མཚན་ཉིད་ཐེག་པའི་དཔེ། །ཟམ་པ་ས་གཞི་གསང་སྔགས་ཐེག་པའི་དཔེ། །ཞེས་སོ། །མཚན་ཉིད་པས་རྒྱུ་རྐྱེན་ལས་སྐུ་གསུམ་བསྒྲུབ་པར་འདོད་པས་རྒྱུ་ལམ་དུ་བྱེད་པ་ལ། སྔགས་ཀྱིས་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ཁས་བླངས་ནས་འོག་མས་དེ་དང་མཐུན་པར་སྐུ་གསུམ་གྱི་དཀྱིལ་འཁོར་བསྐྱེད་རྫོགས་བསྒོམས་པས་ཐོབ་པར་འདོད་ལ།
ཐུན་མོང་མ་ཡིན་པ་འདིར་རིག་པ་ལ་བལྟས་པས་རང་དངས་སྐུ་གསུམ་དུ་ཤར་ཏེ། ལོངས་སྤྲུལ་གཟུགས་སྐུ་འོད་སྣང་དུས་ཆོས་སྐུ་སྟོང་གསལ་ཁོང་ནས་ཤར་བ་ལམ་དུ་བྱེད་པས། འབྲས་བུར་གྲགས་པ་སྐུ་གསུམ་གྱི་སྣང་བ་ལམ་དུ་བྱེད་པའི་ཕྱིར་ཆོས་གཞན་ནས་སྐུ་གསུམ་འབྲས་བུར་བཞག་པ། འདིར་ལམ་དུ་ཤར་བས་སྐུ་གསུམ་ལམ་དུ་བྱེད་པ། སྐུ་གསུམ་གྱི་རང་གདངས་ལས་ངོ་བོ་ལ་ས་ཟིན་པར་བྱེད་པ་ནི་འབྲས་བུ་ལམ་བྱེད་དུ་བཞག་གོ །

ཁྱད་པར་བྱེ་བྲག་ཏུ་བཤད་པ།


GTN002_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ཁྱད་པར་བྱེ་བྲག་ཏུ་བསྟན་པ་ལ། ངོ་བོ། ངེས་ཚིག །དབྱེ་བ། འཕགས་ཚུལ། གོལ་སྒྲིབ། མཚོན་ཚིག་བསྟན་པའོ། །(༡) རེ་རེ་ལའང་དགུ་ཚན་རེ་སྟེ། ཉན་ཐོས་ཀྱི་ཐེག་པའི་ངོ་བོ་གང་ཟག་གི་བདག་མེད་རྟོགས་ནས་ལམ་བསྒོམ་པ། རང་སངས་རྒྱས་ཀྱི་ཐེག་པའི་ངོ་བོ་གང་ཟག་གི་བདག་དང་། ཆོས་ཀྱི་བདག་ཕྱེད་ཙམ་རྟོགས་ནས་གཟུང་བ་རང་བཞིན་མེད་པར་བལྟས་ཏེ་རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་དུ་རྟོགས། ལུགས་ལྡོག་ཏུ་བསྒོམ་པ། བྱང་ཆུབ་སེམས་དཔའི་ཐེག་པའི་ངོ་བོ་བདག་མེད་གཉིས་རྟོགས་ནས་ལམ་བསྒོམ་པ། ཀྲཱྀ་ཡའི་ཐེག་པའི་ངོ་བོ་བདེན་པ་གཉིས་རྟོགས་ནས་བདག་དང་ལྷ་རྗེ་དང་བྲན་ལྟར་བསྒོམ་པ། ཨུ་པའི་ངོ་བོ་བདེན་གཉིས་རྟོགས་ནས་སྤུན་ནམ་གྲོགས་ལྟར་བསྒོམ་པ། ཡོ་གའི་ངོ་བོ་བདེན་གཉིས་རྟོགས་ནས་གཉིས་མེད་རེས་འཇོག་གི་ལྷ་བསྒོམ་པ། མ་ཧཱའི་ངོ་བོ་ཐབས་དང་ཤེས་རབ་འདུ་འབྲལ་མེད་


GTN002_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྟོགས་ནས་བསྐྱེད་རྫོགས་གཉིས་མེད་དུ་བསྒོམ་པ། ཨ་ནུའི་ངོ་བོ་དབྱིངས་དང་ཡེ་ཤེས་གཉིས་མེད་དུ་རྟོགས་ནས་བསྐྱེད་རྫོགས་ཟུང་འཇུག་ཏུ་བསྒོམ་པ། ཨ་ཏིའི་ཐེག་པའི་ངོ་བོ་ཐམས་ཅད་རང་བྱུང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རྟོགས་ནས་རང་གདངས། རང་གནས་ཅོག་བཞག་གི་དགོངས་པར་འཇོག་པ་སྟེ། དེ་ལ་ཨ་ནུ་མན་ཆད་ཀྱི་ལྟ་བ་རྣམས་ཀྱང་ལྡེམ་པོའི་ལྟ་བར་བཞེད་ཅིང་། ཞེ་འདོད་དང་མ་བྲལ་བས་ཏེ། བཤད་རྒྱུད་ལས། ལྡེམ་པོའི་ལྟ་བ་འདི་ལྟ་སྟེ། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའ་དང་། །ཀྲཱྀ་ཡོག་སྡེ་གསུམ་བསྐྱེད་རྫོགས་གཉིས། བདེན་པ་ཕྱོགས་རེ་ངོས་བཟུང་ནས། །གཟའ་གཏད་བཅས་པའི་ལྟ་བ་བརྒྱད། །བློ་ཡུལ་གཉིས་ཀྱི་མུར་འཛིན་པས། །རང་རིག་ཡེ་ཤེས་ལ་མ་ཟློས། །དེ་བས་ཕྱིན་ཅི་ལོག་པ་ཡིན། །དོན་ལས་ཉམས་དང་གོལ་བའི་ཕྱིར། །ཞེ་འདོད་བློ་ཡི་ལྟ་བ་ཡིན། །ཀྱེ་གསང་བའི་བདག་པོ་ཞེ་འདོད་ཆས་པའི་ལྟ་བ་བརྒྱད། །གང་ཟག་བདག་མེད་རྟོགས་ཀྱང་ཆོས་ཉིད་བདག་མ་སྤངས། །ཆོས་ཀྱི་བདག་ནི་གཟུང་འཛིན་གཉིས་སུ་སྣང་། །འཛིན་པའི་རྒྱུན་རྟོག་སྐད་ཅིག་འགགས། །རྟག་ཆད་གཉིས་ལས་འདས་པ་ལྟར། །དཔེར་ན་ཆུ་བོ་གངྒཱ་བཞིན། །གཟུང་བྱ་ཀུན་རྫོབ་ཕར་བསལ་ནས། །དོན་དམ་རྡུལ་ཕྲན་རྫས་སུ་འདོད། །དཔེར་ན་གཡག་རྔ་ནེ་སིང་བཞིན། །མདོ་སྡེ་བྱེ་བྲག་རྣམ་གཉིས་འདོད། །ཉན་ཐོས་ཞེ་འདོད་ཡིན་པས་ན། །གཉིས་མེད་བདེ་ཆེན་དོན་དང་འགལ། །གང་ཟག་བདག་མེད་གོང་མཐུན་ངེས་རྟོགས་ནས། །ཆོས་ཀྱི་ཁམས་ལ་ཕྱོགས་གཅིག་བདག་མེད་པ། །དེ་ཉིད་མཚན་མར་ངོས་འཛིན་པ། །རང་


GTN002_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ཞེ་འདོད་ལྟ་བ་ཡིན། །འཛིན་མེད་བདེ་ཆེན་དོན་ལས་འགལ། །བདག་གཉིས་བྲལ་བར་བལྟ་ཞིང་བདེན་གཉིས་ཚུལ་དུ་འདོད། །དོན་དམ་སེམས་སུ་བལྟ་བ་དང་། །སེམས་ལས་འདས་པར་བལྟ་བ་དང་། །ཀུན་རྫོབ་སྐུར་བ་མི་འདེབས་པ། །དཔེར་ན་རྨི་ལམ་སྨིག་རྒྱུ་བཞིན། །བྱང་ཆུབ་སེམས་དཔའི་ལྟ་བ་ཡིན། །གཉིས་མེད་བདེ་ཆེན་ཡེ་ཤེས་དོན་ལ་གོལ། །མི་རྟོག་སྐྱེ་འགག་བྲལ་བའི་ངང་ལས་མ་གཡོས་ཀྱང་། །སེམས་དཔའ་རྣམ་གཉིས་རྗེ་དང་བྲན་དུ་བལྟ། །ཀྲཱ་ཡའི་ལྟ་བ་ཞེ་འདོད་པས། །ཀུན་བཟང་བདེ་ཆེན་དོན་དང་འགལ། །མི་རྟོག་ངང་ལས་མ་གཡོས་སྐྱེ་འགག་བྲལ་བཞིན་དུ། །སེམས་དཔའ་རྣམ་གཉིས་སྤུན་དང་གྲོགས་པོར་བལྟ། །ཨུ་པ་ཡོ་གའི་ལྟ་བ་ཞེ་འདོད་པས། །དབྱེར་མེད་བདེ་ཆེན་ཡེ་ཤེས་དོན་དང་འགལ། །མ་སྐྱེས་འགག་པ་མེད་ཅིང་མི་རྟོག་གཡོ་བ་མེད་བཞིན་དུ། །ཁམས་དང་སྐྱེ་མཆེད་ལྷ་དང་ལྷ་མོར་བལྟ། །མ་ཧཱ་ཞེ་འདོད་མཚན་མའི་སྐུ་རུ་འཛིན། །སྤྲོས་བྲལ་བདེ་བ་ཆེན་པོའི་དོན་ལས་གོལ། །མ་གཡོས་མི་རྟོག་སྐྱེ་འགག་མེད་བཞིན་དུ། །དབྱིངས་དང་ཡེ་ཤེས་ལྷ་དང་ལྷ་མོར་འཛིན། །ཨ་ནུའི་ཞེ་འདོད་ལྟ་བ་ཡིན། །དངོས་མེད་ཟང་ཐལ་རང་སྣང་བདེ་ཆེན་དོན་ལས་གོལ། །ཞེས་བཤད་དེ། དེས་ན་ལྟ་བ་རྣམ་དག་ཏུ་མི་བཞེད་ལ། དེ་བཞིན་བསྒོམ་པ་སྤྱོད་པ་འབྲས་བུ་རྣམས་ཀྱང་ལམ་དམན་པའི་ཕྱོགས་སུ་བཞག་སྟེ། སྔ་མའི་འཕྲོར། དམིགས་གཏད་བཅས་པའི་སྒོམ་པ་བརྒྱད། །རྩོལ་བ་བློ་ཡི་ཡུལ་བཟུང་བས། །རྩོལ་བྲལ་བློ་ལས་གྲོལ་མ་རྟོགས། །དེ་བསྒོམ་མ་


GTN002_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་འདོད་པ་བསྒོམ། །དེ་ཡང་ཇི་ལྟར་བསྒོམ་ཞེ་ན། །ཉན་ཐོས་པ་ནི་འདི་ལྟར་བསྒོམ། །རང་ལུས་རྡོས་བཅས་ཕུང་པོ་ལ། །མི་གཙང་རྫས་སུ་འདུ་ཤེས་བསྐྱེད། །རྣམ་པར་སྔོ་བ་བམ་པ་དང་། །རུལ་བར་མྱགས་པར་བསྒོམ་པ་སྟེ། །གཟུགས་ཕུང་ཞེན་པའི་མཐའ་ལས་ཟློག །ཞི་གནས་ཡན་ལག་བཅུ་གཉིས་ལྡན། །ཚོགས་དྲུག་ཡུལ་དང་རྟོག་པ་སྤང་། །རང་རྒྱལ་འདོད་པ་འདི་ལྟར་བསྒོམ། །དང་པོ་མ་རིག་ལ་སོགས་ནས། །ཐ་མ་རྒ་ཤི་ལ་ཐུག་བསྒོམ། །རང་གི་དཔྲལ་བར་སེམས་གཏད་དེ། །ཀེང་རུས་དཀར་པོ་མཐེབ་བོང་ཙམ། །དེ་ལ་སེམས་འཛིན་བརྟན་པ་དང་། །དེ་ལས་མཆེད་ནས་ཀེང་རུས་བལྟ། །དེ་ནས་རིམ་པས་འགག་པར་བསྒོམ། །བྱང་སེམས་འདོད་པ་འདི་ལྟར་བསྒོམ། །དེ་ཡང་བློ་ཡི་འདོད་པ་ཡིས། །སེམས་ཙམ་སེམས་ཉིད་རང་གསལ་བསྒོམ། །དབུ་མ་བདེན་པ་དབྱེར་མེད་ནམ་མཁའི་དཀྱིལ་ལྟར་བསྒོམ། །ཀྲཱྀ་ཡའི་འདོད་པ་འདི་ལྟར་བསྒོམ། སྟོང་པ་ལ་སོགས་སྔོན་སོང་ནས། །རིགས་གསུམ་ཕྱག་རྒྱ་ལྡན་པར་བསྒོམ། །ཡོ་གའི་ཞེ་འདོད་འདི་ལྟར་བསྒོམ། །བྱང་ཆུབ་རྣམ་ལྔ་སྔོན་སོང་ནས། །སུམ་ཅུ་རྩ་བདུན་ཕྱག་རྒྱ་བཞི་ལྡན་བསྒོམ། །མ་ཧཱ་ཡོ་གའི་སྒོམ་པ་ནི། །ཏིང་འཛིན་རྣམ་གསུམ་སྔོན་སོང་བའི། །ཞི་ཁྲོ་རབ་འབྱམས་སྒོམ་པར་བྱེད། །ཕྱག་རྒྱ་བཞི་ལྡན་སྒོམ་པའི་མཆོག །ཨ་ནུའི་ཞེ་འདོད་བསྒོམ་པ་ནི། །སྙིང་པོ་ཚིག་ཙམ་བརྗོད་པ་སྔོན་སོང་ནས། །ཕུང་པོ་ལྷ་ཡི་ཕྱག་རྒྱ་བཞི། །དཔེར་ན་ཆུ་ལས་ཆུ་བུར་དང་། །ཚ་ཚ་བརྐོས་ཕོར་ནས་བཏོན་བཞིན། །སྐད་ཅིག་མ་ལས་གསལ་བར་བསྒོམ། །བསམ་


GTN002_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་ཡན་ལག་སྔོན་སོང་ནས། །དངོས་གཞི་བྱེ་བྲག་དེ་ལྟར་བསྒོམ། །དགོས་ཆེད་མཐར་ཕྱིན་འབྲས་བུ་ཐོབ། །ཅེས་དང་། ཐེག་བརྒྱད་རང་གི་སྤྱོད་པ་བརྒྱད། །སྡུག་བསྔལ་རྩོལ་བསྒྲུབ་བཅས་པར་སྤྱོད། །སྤྱོད་པ་བླང་དོར་མེད་པར་མ་རྟོགས་པས། །ཐུན་མོང་མ་གྱུར་བླང་དོར་སྤྱད། །ཉན་ཐོས་སྤྱོད་པའི་ཁྱད་པར་ནི། །མ་བྱིན་ལེན་དང་མི་ཚངས་སྤྱོད། །སྲོག་གཅོད་པ་རྣམས་སྤངས་པ་སྟེ། །ལུས་ཀྱི་སྤྱོད་པ་རྣམ་པར་དག །ངག་གི་སྤྱོད་པ་དག་པ་ནི། །རྫུན་དང་ངག་འཁྱལ་ཕྲ་མ་དང་། །ཞེ་གཅོད་ཚིག་རྣམས་མེད་པར་སྤྱོད། །ཡིད་ཀྱི་སྤྱོད་པ་དག་པ་ནི། །བརྣབ་སེམས་གནོད་སེམས་ལོག་ལྟ་བྲལ་བ་ཡི། །དགེ་བ་བཅུ་རྣམས་རང་གི་དོན་དུ་སྤྱོད། །རང་རྒྱལ་པ་ཡི་སྤྱོད་པ་ནི། །རྫུ་འཕྲུལ་ཡ་མ་ཟུང་འགའ་ཡིས། །འགྲོ་དོན་ཤས་ཙམ་སྤྱོད་པར་བྱེད། །བྱང་ཆུབ་སེམས་དཔའི་སྤྱོད་པ་ནི། །ཚད་མེད་བཞི་དང་བསྡུ་བ་བཞི། །གཙོ་རུ་གཞན་གྱི་དོན་དུ་སྤྱོད། །ཀྲཱྀ་ཡ་དག་གི་སྤྱོད་པ་ནི། །ཕྱི་ནང་རྫས་གསུམ་དག་པར་སྤྱོད། །ཡོ་ག་དག་གི་སྤྱོད་པ་ནི། །ཕྲིན་ལས་རྣམ་པ་བཞི་དག་དང་། །ཁོ་ན་བཞི་ཉིད་སྤྱོད་པར་བྱེད། །མ་ཧཱ་ཡོ་གའི་སྤྱོད་པ་ནི། །ཐབས་དང་ཤེས་རབ་གཉིས་སྒོ་ནས། །འགྲོ་དོན་མཐའ་རུ་ཕྱིན་པར་སྤྱོད། །ཨ་ནུ་ཡོ་གའི་སྤྱོད་པ་ནི། །གཉིས་སུ་མེད་པའི་ཚུལ་གྱིས་སུ། །དབྱིངས་དང་ཡེ་ཤེས་རྣམ་པ་གཉིས། །གཅིག་ལ་གཅིག་རྫོགས་ཡོངས་སུ་སྤྱོད། །ཅེས་དང་། ཐེག་པ་སོ་སོའི་འབྲས་བུ་ནི། །མངོན་དུ་གྱུར་པས་འབྲས་བུའི་མཆོག །ཉན་ཐོས་དག་གི་འབྲས་བུ་ནི། །ལྟ་སྒོམ་སྤྱོད་པ་མཐར་ཕྱིན་པས། །འབྲས་བུ་ཟུང་བཞི་ཡ་བརྒྱད་


GTN002_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན། །རང་རྒྱལ་དག་གི་འབྲས་བུ་ཡང་། །ལྟ་སྒོམ་སྤྱོད་པ་མཐར་ཕྱིན་པས། །དགོངས་པ་འབྲས་བུ་རྣམ་གཉིས་ཐོབ། །དཔེར་ན་ནེ་ཙོ་བསེ་རུ་བཞིན། །བྱང་སེམས་དག་གི་འབྲས་བུ་ཡང་། །ལྟ་བ་སྒོམ་པ་སྤྱོད་པ་རྣམས། །མངོན་གྱུར་ས་བཅུ་རིམ་སྦྱངས་ནས། །ཀུན་ཏུ་འོད་ལ་གནས་པར་འདོད། །ཀྲཱྀ་ཡའི་འབྲས་བུ་རྫོགས་པ་ནི། །རང་གི་ལྟ་བསྒོམ་དོགས་ཆོད་པས། །རིགས་གསུམ་སྐུ་གསུམ་ངོ་བོར་འདོད། །རྡོ་རྗེ་འཛིན་པའི་ས་ནོན་པའོ། །ཡོ་ག་དག་གི་འབྲས་བུ་ནི། །ལྟ་སྒོམ་སྤྱོད་པའི་བྱིན་རླབས་ཀྱིས། །སུམ་ཅུ་རྩ་བདུན་མངོན་རྫོགས་ཏེ། །སྐུ་གསུམ་རང་བཞིན་ལྷུན་གྲུབ་པའོ། །མ་ཧཱ་ཡོ་གའི་འབྲས་བུ་ནི། །ལྟ་བ་ལ་སོགས་མངོན་གྱུར་ནས། །ཕྱག་རྒྱ་ཆེན་པོར་མངོན་རྫོགས་པས། །བཅུ་བཞི་རྡོ་རྗེ་འཛིན་༼སྤྲོས་བྲལ་དོན་གསལ་ལས། བཅུ་གཅིག་ཀུན་ཏུ་འོད་བྱུང་བ་དང་། འོག་ཨ་ནུ་ལ་མ་ཆགས་པདྨ་ཅན་བྱུང་བས་དཔྱད།༽པའི་ས་ལ་མངོན་གྱུར་ཏོ། །ཨ་ནུ་དག་གི་འབྲས་བུ་ནི། །ལྟ་བ་དག་གི་དགོས་པ་ནི། །རྡོ་རྗེ་སེམས་དཔའི་མཚན་ཡོངས་སུ་རྫོགས་པའི་ས་ཆེན་པོ། མ་ཆགས་པདྨ་ཅན་གྱི་ས་ལ་གནས། །ཞེས་བཤད་དོ། །འདི་དག་སྐབས་འདིར་སྤྲོ་བྱ་ཡིན་ནམ་ཞེ་ན། མིན་ཏེ་འོན་ཀྱང་ཐེག་པ་འོག་མ་བརྒྱད་ལས་ལྟ་སྒོམ་སྤྱོད་འབྲས་ཁྱད་དུ་འཕགས་པ་ཨ་ཏི་ཡིན་པར་གོང་དུ་བསྟན་པ་ལྟར་ཁྱད་འབྱེད་ཤེས་ཕྱིར་བྲིས་པ་ལ་འགལ་བར་མི་འདུའོ། །


GTN002_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

(༢) སོ་སོའི་ངེས་ཚིག་ནི། ཀུན་གསལ་ལས། སོ་སོའི་མིང་གི་ངེས་ཚིག་ནི། །ངས་བསྟན་ཁྱོད་ཀྱིས་ཡིད་ལ་ཟུང། །སྟོན་པས་གསུངས་པའི་དོན་ཚིག་རྣམས། །རྣ་བའི་དབང་པོས་ཉན་ཅིང་ཡིད་ཀྱི་དབང་པོས་ཐོས། །རང་རིག་ཁོང་ནས་མི་འཆར་བར། །སྟོན་པའི་གསུངས་ལ་རག་ལུས་པས། །དེ་དོན་གཞན་ལ་སྒྲོག་བྱེད་པ། །ཉན་ཐོས་མིང་གི་ངེས་ཚིག་ཡིན། །སྟོན་པ་གཞན་ལ་མི་ལྟོས་པར། །རང་གི་མཐུ་ཡིས་རང་སངས་རྒྱས། །རང་རྒྱལ་མིང་གི་ངེས་ཚིག་ཡིན། །སྤངས་དང་ཡེ་ཤེས་ཐུགས་རྗེ་དང་། །འཕྲིན་ལས་ཕུན་སུམ་ཚོགས་ལྡན་པས། །བྱང་སེམས་མིང་གི་ངེས་ཚིག་ཡིན། །ཁྲུས་དང་གཙང་སྦྲ་གཟའ་དང་རྒྱུ་སྐར་གཙོར་སྟོན་པས། །ཀྲཱ་ཡའི་མིང་གི་ངེས་ཚིག་ཡིན། །སྤྱོད་པ་མས་འཛེགས་ལྟ་བ་ཡས་འབུབས་པས། །ཨུ་པ་ཡ་ཡི་ངེས་ཚིག་ཡིན། །རིགས་བཞིའི་སངས་རྒྱས་དོན་གྱི་རྣལ་མ་ལ། །རང་གི་ལུས་ངག་ཡིད་གསུམ་སྦྱོར་ཞིང་གཞན་དོན་བྱེད། །ཡོ་གའི་མིང་གི་ངེས་ཚིག་ཡིན། །ཏིང་འཛིན་རྣམ་གསུམ་ཐབས་དང་ཤེས་རབ་གཙོར་བཏོན་དོན་ལ་འཇུག་པའི་ཕྱིར། །མ་ཧཱ་ཡོ་གའི་མིང་གི་ངེས་ཚིག་ཡིན། །མ་བསྐྱེད་རྫོགས་དང་དེ་ཡི་དོན་ལ་འཇུག་པའི་ཕྱིར། །རྫོགས་པ་ཨ་ནུའི་མིང་གི་ངེས་ཚིག་ཡིན། །སྣང་ཞིང་སྲིད་པས་བསྡུས་ཆོས་ཐམས་ཅད་ཀུན། །ལྷུན་གྲུབ་ཆོས་སྐུར་ཡེ་ནས་རྫོགས་སངས་རྒྱས། །གནས་ལུགས་གཉིས་མེད་ཚུལ་གྱིས་འཇུག་པ་ནི། །རྣལ་འབྱོར་རྫོགས་ཆེན་མིང་གི་ངེས་ཚིག་ཡིན། །ཞེས་སོ། །


GTN002_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

(༣) དབྱེ་ན། ཆུང་ངུའི་ཆུང་ངུ་(ཉན་ཐོས།)། ཆུང་ངུའི་འབྲིང་རང་རྒྱལ། ཆུང་ངུའི་ཆེན་པོ་བྱང་ཆུབ་སེམས་དཔའི་ཐེག་པ་སྟེ་རྒྱུའི་ཐེག་པ་གསུམ། འབྲིང་གི་ཆུང་ངུ་ཀྲཱི་ཡ། །འབྲིང་གི་འབྲིང་ཨུ་པ། འབྲིང་གི་ཆེན་པོ་ཡོ་ག་སྟེ་སྔགས་ཕྱི་པའི་ཐེག་པ་གསུམ། ཆེན་པོའི་ཆུང་ངུ་མ་ཧཱ། ཆེན་པོའི་འབྲིང་ཨ་ནུ། ཆེན་པོའི་ཆེན་པོ་ཨ་ཏི་སྟེ་ནང་པ་གསུམ་བསྡོམས་པས་ཐེག་པ་དགུའོ། །(༤) འཕགས་ཚུལ་ལ་སྤྱི་དང་། ཁྱད་པར་གཉིས་ལས། དང་པོ་ནི། བཤད་རྒྱུད་ཐིག་ལེ་ཀུན་གསལ་ལས། མ་རྟོགས་ལོག་རྟོག་གཉིས་ལས་ཉན་ཐོས་འཕགས། དེ་ཡང་ཇི་ལྟར་འཕགས་ཞེ་ན། གང་ཟག་བདག་མེད་རྟོགས་པས་ལྟ་བ་ཁྱད་པར་འཕགས། དགེ་བཅུ་རང་གི་དོན་ལ་སྤྱོད་པས་སྤྱོད་པ་ཁྱད་པར་འཕགས། བདེན་པ་བཞི་ཡི་སྒོ་ནས་བསྒྲུབ་པས་སྒྲུབ་པ་ཁྱད་པར་འཕགས། དགྲ་བཅོམ་ལ་སོགས་ཟུང་བཞི་ཡ་བརྒྱད་ཐོབ་པས་འབྲས་བུ་ཁྱད་པར་འཕགས། ཉན་ཐོས་དག་ལས་རང་རྒྱལ་འཕགས་པ་ཡང་། གཟུགས་ཀྱི་ཕུང་པོ་ཆོས་ཀྱི་ཁམས་དག་ལ་ཕྱོགས་གཅིག་བདག་མེད་རྟོགས་པས་ལྟ་བ་ཁྱད་པར་འཕགས། དགེ་བཅུའི་སྟེང་དུ་རྫུ་འཕྲུལ་ཡ་མ་ཟུང་འགའ་ཡིས་འགྲོ་དོན་ཤས་ཙམ་མཛད་པས་སྤྱོད་པ་ཁྱད་པར་འཕགས། དགེ་བའི་བཤེས་གཉེན་མི་བསྟེན་པར། གོམས་པའི་ཤུགས་ཀྱིས་བསྒྲུབ་པས་སྒྲུབ་པ་ཁྱད་པར་འཕགས། ནེ་ཙོ་བསེ་རུ་ལྟ་བུའི་འབྲས་བུ་ཁྱད་པར་འཕགས། རང་རྒྱལ་དག་ལས་བྱང་སེམས་འཕགས་པ་ཡང་། བདག་མེད་རྣམ་གཉིས་རྟོགས་པས་ལྟ་བ་ཁྱད་པར་འཕགས། ཚད་མེད་བསྡུ་བ་རྣམ་


GTN002_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

བཞིས་འགྲོ་དོན་མཛད་པས་སྤྱོད་པ་ཁྱད་པར་འཕགས། ཕ་རོལ་ཕྱིན་བཅུ་བསྒྲུབ་པས་སྒྲུབ་པ་ཁྱད་པར་འཕགས། ཀུན་ཏུ་འོད་ཀྱི་ས་ནོན་འབྲས་བུ་ཁྱད་པར་འཕགས། བྱང་སེམས་དག་ལས་ཀྲཱ་ཡ་འཕགས་པ་ཡང་། དོན་དམ་སྐྱེ་འགག་མེད་པར་རབ་རྟོགས་ཤིང་། །ཀུན་རྫོབ་བདག་དང་ཡེ་ཤེས་སེམས་དཔའི་ལྷ། །རྗེ་འབངས་ལྟ་བུར་བལྟས་པས་ལྟ་བ་ཁྱད་པར་འཕགས། །དག་པ་རྣམ་གསུམ་སྤྱོད་པས་སྤྱོད་པ་ཁྱད་པར་འཕགས། །གོམས་དང་བསྒྱུར་དང་བྱིན་རླབས་སྒོ་ནས་བསྒྲུབ་པས་སྒྲུབ་པ་ཁྱད་པར་འཕགས། རིགས་གསུམ་འབྲས་བུ་ཐོབ་པས་འབྲས་བུ་ཁྱད་པར་འཕགས། ཀྲཱ་ཡ་དག་ལས་ཨུ་པ་འཕགས་པ་ཡང་། ལྷ་བདག་དཔོན་གཡོག་བལྟས་པས་ལྟ་བ་ཁྱད་པར་འཕགས། མཚན་མ་ཡོད་མེད་སྒོ་ནས་འགྲོ་དོན་མཛད་པས་སྤྱོད་པ་ཁྱད་པར་འཕགས། དེ་ཁོ་ན་ཉིད་བཞི་ཡི་སྒོ་ནས་བསྒྲུབ་པས་སྒྲུབ་པ་ཁྱད་པར་འཕགས། རིགས་བཞི་འབྲས་བུ་ཐོབ་པས་འབྲས་བུ་ཁྱད་པར་འཕགས། ཨུ་པ་ཡ་ལས་ཡོ་ག་འཕགས་པ་ཡང་། ཀུན་རྫོབ་ལྷ་དང་གྲོགས་པོར་བལྟ་བས་ལྟ་བ་ཁྱད་པར་འཕགས། ཕྲིན་ལས་རྣམ་བཞི་སྤྱོད་པས་སྤྱོད་པ་ཁྱད་པར་འཕགས། ཕྱག་རྒྱ་རྣམ་བཞི་བསྒྲུབ་པས་སྒྲུབ་པ་ཁྱད་པར་འཕགས། རིགས་ལྔའི་སངས་རྒྱས་ཉིད་དུ་གྲུབ་པས་འབྲས་བུ་ཁྱད་པར་འཕགས། ཡོ་ག་དག་ལས་མ་ཧཱ་ཡོ་ག་བཞིས་འཕགས་ཏེ། རང་ལུས་རྒྱལ་བའི་དཀྱིལ་འཁོར་བལྟས་པས་ལྟ་བ་ཁྱད་པར་འཕགས། སྦྱོར་སྒྲོལ་གཉིས་ཀྱིས་འགྲོ་དོན་མཛད་པས་སྤྱོད་པ་ཁྱད་པར་འཕགས། ཐབས་དང་ཤེས་རབ་གཉིས་ཀྱི་སྒོ་ནས་


GTN002_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབས་པས་སྒྲུབ་པ་ཁྱད་པར་འཕགས། བཅུ་༼སྤྲོས་བྲལ་དོན་གསལ་ལས། བཅུ་གཅིག་ཀུན་ཏུ་འོད་དང་། ཟབ་མོ་ཡང་ཐིག་ཏུ་སྟུག་པོ་བཀོད་པའི་སར་བྱུང་བས་དཔྱད་དགོས་པ་འདྲ་ལགས་༽ བཞི་རྡོ་རྗེ་འཛིན་པའི་ས་ཐོབ་པས་འབྲས་བུ་ཁྱད་པར་འཕགས། མ་ཧཱ་དག་ལས་ཨ་ནུ་བཞིས་འཕགས་ཏེ། དབྱིངས་དང་ཡེ་ཤེས་གཉིས་མེད་རྟོགས་པས་ལྟ་བ་ཁྱད་པར་འཕགས། དབྱིངས་ནི་ཡེ་ཤེས་དག་ལ་སྤྱོད་ཅིང་ཡེ་ཤེས་དབྱིངས་ལ་སྤྱོད་པས་སྤྱོད་པ་ཁྱད་པར་འཕགས། ཕུང་པོ་ལྔ་དང་འབྱུང་བ་ལྔ་རིགས་ལྔ་ཡབ་ལྔ་ཡུམ་ལྔར་བསྒྲུབས་པས་སྒྲུབ་པ་ཁྱད་པར་འཕགས། མ་ཆགས་པདྨ་ཅན་གྱི་ས་ཐོབ་འབྲས་བུ་ཁྱད་པར་འཕགས། ཨ་ནུ་དག་ལས་ཨ་ཏི་བཞིས་འཕགས་ཏེ། སྣང་སྲིད་ཐམས་ཅད་ཆོས་སྐུའི་ལྟ་བས་ལྟ་བ་ཁྱད་པར་འཕགས། ཆོས་སྐུ་བྱིན་རླབས་སྒོ་ནས་འགྲོ་དོན་མཛད་པས་སྤྱོད་པ་ཁྱད་པར་འཕགས། བྱ་རྩོལ་མེད་པར་བསྒྲུབ་པས་སྒྲུབ་པ་ཁྱད་པར་འཕགས། བཅུ་༼བཅུ་གསུམ་ཟེར་བའང་སྣང་སྟེ་བཅུ་དྲུག་ཡིན་པ་འདྲ་༽དྲུག་འཁོར་ལོ་ཚོགས་ཆེན་ཡན་ཆད་ནས། ཉི་ཤུ་རྩ་གཅིག་མན་ཆད་ས་ནོན་འབྲས་བུ་ཁྱད་པར་འཕགས། ཞེས་སོ། །ཁྱད་པར་གྱི་ཆེ་བ་ནི། དེ་ཉིད་ལས། གནས་སྐབས་འགྱུར་བའི་ཆེ་བ་རྣམས། །ཐེག་པ་སོ་སོའི་ཆེ་བ་ཡིན། །མཐར་ཐུག་ཆེ་བ་རྣམ་པ་ལྔ། །ཡེ་ནས་འདུ་འབྲལ་མེད་པ་ཡི། །ཕུན་སུམ་ཚོགས་པ་རྣམ་པ་ལྔས། །མངོན་པར་སངས་རྒྱས་ཆེ་བ་དང་། །བཞུགས་གནས་དབྱིངས་ཀྱི་མཚན་ཉིད་ལྔས། །ཆོས་དབྱིངས་སངས་རྒྱས་ཆེ་བ་དང་། །བདག་ཉིད་ཆེན་པོ་རང་རྫོགས་ལྔས། །ཡེ་སངས་རྒྱས་


GTN002_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆེ་བ་དང་། །གཏན་ལ་འབེབས་པའི་ཐབས་ཆེན་ལྔས། །དེ་ཉིད་སངས་རྒྱས་ཡིན་པས་ཆེ་བ་དང་། །དྲི་མེད་རྣམ་དག་ལྔས་འཕགས་པས། །ཐམས་ཅད་སངས་རྒྱས་ཆེ་བ་ལྔ། །མཐར་ཐུག་ཆེ་བ་རྣམ་ལྔ་ཡིན། །ཞེས་སོ། །མངོན་པར་སངས་རྒྱས་ཆེ་བ་ལྔ་ཡང་རིམ་པ་ལྟར། བདག་མེད་སྐུ་ནི་སྟོན་པར་ཆེ། །རང་རིག་ཡེ་ཤེས་བསྟན་པར་ཆེ། །མ་བྲིས་དཀྱིལ་འཁོར་གནས་སུ་ཆེ། །སྲོག་མེད་སྐུ་ལྔ་འཁོར་དུ་ཆེ། །ཡེ་ནས་ལྷུན་གྲུབ་དུས་སུ་ཆེ། །ཞེས་དང་། བཞུགས་གནས་དབྱིངས་ཀྱི་མཚན་ཉིད་ལྔ་ཡང་། ཆོས་སྐུའི་དཀྱིལ་འཁོར་བཞུགས་པའི་གདན། །རྣམ་དག་དབྱིངས་ཀྱི་ཐིག་ལེ་ལ། །གཅིག་ལ་མཚན་ཉིད་ལྔ་དང་ལྡན། །འགྱུར་བ་མེད་པ་རྡོ་རྗེའི་དབྱིངས། །ཡོན་ཏན་སྡུད་པ་རིན་ཆེན་དབྱིངས། །དྲི་མ་མེད་པ་པདྨའི་དབྱིངས། །ཐོག་མེད་བརྟན་པ་རྒྱ་གྲམ་དབྱིངས། །མ་བསྒྲིབས་གསལ་ཁྱབ་ནམ་མཁའི་དབྱིངས། །རང་རིག་ཡེ་ཤེས་གདངས་ཤར་བའི། །ཡེ་ཤེས་གདངས་ཀྱི་བུམ་པ་ལྔ། །སྐྱེ་མེད་ཀློང་ནས་འགག་པ་མེད། །དེ་ཡི་ངང་ལ་འདུ་འབྲལ་མེད། །ས་ཆུ་མེ་རླུང་ནམ་མཁའ་ལྔ། །དེ་ཡི་རྩལ་དུ་རང་ཤར་ཏེ། །ཆོས་ཉིད་ལྔ་རུ་ཡེ་སངས་རྒྱས། །ཡེ་ཤེས་ལྔ་དང་སྐུ་གསུམ་གྱི། །བཞུགས་པའི་གནས་ཏེ་ཁྱད་པར་འཕགས། །ཞེས་དང་། བདག་ཉིད་ཆེན་པོར་རང་རྫོགས་ལྔའི་ཆེ་བ་ཡང་། སྤྲུལ་པའི་སྣོད་གྱུར་འབྱུང་བ་ལྔ། །སོགས་བས་མ་བཙལ་ལྷུན་གྱིས་གྲུབ་པས་ཆེ། །རང་ལ་རང་མི་བསྒྲུབ་པས་རྩོལ་བསྒྲུབ་འདས་པས་ཆེ། །


GTN002_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

རང་སྣང་དོན་ལ་འདུ་འབྲལ་མེད་པས་ཆེ། །མི་འགྱུར་ས་ལ་སྦྱང་དུ་མེད་པས་ཆེ། །བགྲོད་དུ་མེད་དེ་ལམ་ལ་དམིགས་སུ་མེད་པས་ཆེ། །ཆོས་རྣམས་ཐམས་ཅད་བདག་ཉིད་ཆེ། །འོག་མ་དག་གིས་ཤེས་པ་མེད། །དེས་ན་བདག་ཉིད་ཆེན་པོར་བཤད། །ཅེས་དང་། དེ་ཉིད་སངས་རྒྱས་ཆེ་བ་ལྔ་ཡང་། མཚོན་པའི་བརྡ་བཞི་ཀུན་ནས་འཕགས་པས་དཔེ་རུ་ཆེ། །རྒྱང་ཞགས་ཆུ་ལ་ཡེ་ཤེས་སྣང་བ་གསལ་བས་རྟགས་སུ་ཆེ། །བརྡ་བཞི་དཔེ་རུ་ཡིན་པར་ངེས། །སྐུ་གསུམ་འདུ་འབྲལ་མེད་པས་དོན་དུ་ཆེ། །ཡེ་ཤེས་སྒྲོན་མ་རྟགས་སུ་ངེས། །དེ་བས་ངེས་པ་གསུམ་གྱིས་ཆེ། །དང་པོའི་སྟོན་པ་ལ་སོགས་པས། །གཏན་ཕབ་གཏན་ཚིགས་ལྔ་ཡིས་ཆེ། །ཞེས་དང་། ཐམས་ཅད་སངས་རྒྱས་ཆེ་བ་ནི། །རང་རིག་འགྱུར་མེད་ཆོས་སྐུ་ལ། །ངོས་བཟུང་མེད་པས་བསམ་ལས་འདས། །བསྒོམ་དུ་མེད་པས་ཁྱད་པར་འཕགས། །ཆོས་སྐུ་དངོས་མེད་ཟང་ཐལ་ལ། །དམིགས་པར་བྱ་བའི་ཡུལ་མེད་པས། །གཉིས་སུ་མེད་པས་ཁྱད་པར་འཕགས། །རིག་པ་དངོས་མེད་ཞི་བ་ལ། །སྤྲོས་པའི་དངོས་པོ་མཚན་མ་མེད། །རང་གདངས་ཆེན་པོར་འཕགས་ཏེ་ཆེ། །རང་རིག་ཆོས་སྐུ་གཉིས་མེད་ཆེན་པོ་ལ། །ཕྱོགས་དུས་མེད་པས་འཕགས་ཏེ་ཆེ། །ཆོས་སྐུ་རང་བྱུང་ཡེ་ཤེས་ལ། །རྒྱུ་རྐྱེན་མེད་པས་འདུས་བྱས་མེད། །འགྱུར་བ་མེད་པས་འཕགས་ཏེ་ཆེ། །རང་རིག་དྲི་མ་ལྔ་བྲལ་བས། །ཐམས་ཅད་སངས་རྒྱས་ཆེ་བར་བཤད། །ཅེས་སོ། །

གོལ་སྒྲིབ་བསྟན་པ།


GTN002_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

(༥) གོལ་སྒྲིབ་བསྟན་པ་ལ་གཉིས་ཏེ། གོལ་སྒྲིབ་སྤྱིར་བསྟན་པ་དང་། གོལ་སྒྲིབ་ཡོད་མེད་བྱེ་བྲག་ཏུ་བསྟན་པའོ། །དང་པོ་ནི། ཀུན་གསལ་ལས། གོལ་སྒྲིབ་ངོ་བོ་མ་རིག་པ། །གོལ་སྒྲིབ་ངེས་ཚིག་བསྟན་པ་ནི། །གོང་མའི་དོན་མ་མཐོང་བས་སྒྲིབ་པ་ཡིན། །གོང་མས་འོག་མའི་དོན་སྤྱོད་གོལ་ས་ཡིན། །གོལ་སྒྲིབ་དབྱེ་ན་གྲངས་མང་སྟེ། །བསྡུ་ན་རྣམ་པ་བཞི་ཡིན་ནོ། །ལྟ་སྒོམ་སྤྱོད་པ་འབྲས་བུ་བཞི། །རེ་རེ་ལའང་གོལ་སྒྲིབ་གཉིས། །གོལ་སྒྲིབ་མཚོན་པའི་དཔེ་བསྟན་པ། །བྱང་དུ་དོན་གཉེར་ལྷོ་རུ་ཕྱིན། །ལྷོར་ཕྱིན་བྱང་གི་དོན་མི་འགྲུབ། །གོང་མའི་དཔེ་དོན་འོག་མར་སྤྱོད། །འོག་མས་གོང་གི་དོན་མི་རྙེད། །ཅེས་སོ། །གཉིས་པ་གོལ་སྒྲིབ་ཡོད་མེད་བྱེ་བྲག་ཏུ་བསྟན་པ་ལ། ཐེག་པ་འོག་མ་བརྒྱད་གོལ་སྒྲིབ་དང་བཅས་པར་བསྟན་ཞིང་། ཨ་ཏི་གོལ་སྒྲིབ་མེད་པར་བསྟན་ཏེ། བཤད་རྒྱུད་ལས། ཐེག་པ་དགུ་ཡི་གོལ་སྒྲིབ་རྣམས། །ཕྱེ་ན་བསམ་གྱིས་མི་ཁྱབ་སྟེ། །བསྡུ་ན་སུམ་ཅུ་༼ཐེག་བརྒྱད་རེ་རེ་ལ་ལྟ་སྒོམ་སྤྱོད་འབྲས་བཞི་བཞི་རྩ་བ་བཞི་བཅས།༽ རྩ་དྲུག་ཡོད། །ལྟ་སྒོམ་སྤྱོད་པ་འབྲས་བུ་བཞི། །མཚན་ཉིད་སྡེ་གསུམ་སྒྲིབ་པ་མང་། །སུམ་ཅུ་རྩ་དྲུག་རྩ་གཉིས་དང་། །རྩ་བརྒྱད་གསུམ་ལ་རིམ་པ་ཡོད། །གོལ་ས་བཅུ་གཉིས་བརྒྱད་དང་བཞིར་གནས་སོ། །ཕྱི་པ་སྡེ་གསུམ་གོལ་སྒྲིབ་མཉམ། །སྒྲིབ་པ་བཅུ་གཉིས་མུན་པས་ཆོད། །ལྟུང་བའི་གོལ་ས་བཅུ་གཉིས་ཡོད། །ནང་པ་སྡེ་གཉིས་གོལ་ས་མང་། །སོ་གཉིས་རྩ་བརྒྱད་རིམ་པས་ཆོད། །སྒྲིབ་པ་བཞི་


GTN002_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

དང་བརྒྱད་༼དྲུག་ཏུ་ཟེར་བའང་སྣང་།༽དུ་གནས། །རྫོགས་ཆེན་ཐིག་ལེ་ཉག་གཅིག་ལ། །གོལ་དང་མ་གོལ་གཉིས་སུ་མེད། །གོལ་ས་རང་བཞིན་རྣམ་པར་དག །ཀུན་བྲལ་ཉག་གཅིག་སྤྱིར་༼ཅིར་ཟེར་བའང་སྣང་།༽མ་སྤངས། །ཨ་ཏིའི་ལྟ་སྒོམ་སྤྱོད་པ་དང་། །འབྲས་བུ་ཡེ་ནས་གཉིས་མེད་པས། །གཉིས་༼བདུད་ཟེར་བའང་སྣང་།༽སུ་སྣང་བའི་གོལ་སྒྲིབ་མེད། །ལྟ་སྒོམ་སྤྱོད་པ་འབྲས་བུ་བཞི། །ཡེ་ནས་རང་བྱུང་གཉིས་མེད་པས། །རྒྱུ་རྐྱེན་འདས་པའི་གོལ་སྒྲིབ་མེད། །རྫོགས་ཆེན་ལྟ་བ་སྒོམ་པ་དང་། །སྤྱོད་པ་འབྲས་བུ་ལྷུན་གྲུབ་པས། །བསྒོམ་བསྒྲུབ་རེ་དོགས་རྩོལ་བ་ཡི། །གོལ་ས་སྒྲིབ་པ་རྣམ་པར་དག །ང་ཡི་གོང་ན་གཞན་མེད་པས། །སྒྲིབ་མེད་གསལ་བའི་ཡེ་ཤེས་ཡིན། །ཐེག་བརྒྱད་འོག་ཏུ་སྣང་བ་ཡང་། །ང་ཡི་ཐུགས་རྗེའི་མཛད་སྤྱོད་ཡིན། །དབྱེར་མེད་ཤེས་རབ་ངང་ལ་གནས། །ངང་ལ་མ་འདྲེས་རྗོགས་པའི་ཡེ་ཤེས་ལ། །ལྟུང་བའི་གོལ་ས་རྣམ་པར་དག །འབྱེད་པ་མེད་པའི་ཤེས་རབ་རང་གསལ་ལ། །གོལ་དང་སྒྲིབ་པ་གཉིས་སུ་དབྱེར་མེད་གསལ། །ཞེས་སོ། །དེ་ཡང་འོག་མ་ཡིད་ཀྱི་དཔྱོད་པས་འདྲ་མིན་རྩོལ་བསྒྲུབ་བྱས་པས། དེ་འདྲས་གོལ་ས་དང་། དོན་མ་མཐོང་བའི་བསྒྲིབས་པར་བཅས་ལ། ཨ་ཏི་རང་བྱུང་གི་ཡེ་ཤེས་ཉག་གཅིག་དངོས་སུ་མཐོང་བས་རྩོལ་སྒྲུབ་མེད་པའི་ཕྱིར་གོལ་སྒྲིབ་མེད་པ་ཡིན་ནོ། །(༦)མཚོན་ཚིག་ནི། སྔ་མ་ལས། ཀྱཻ། སེམས་དཔའ་ཆེན་པོ། གཟུང་འཛིན་གཉིས་སུ་བརྗོད་ན་ཉན་ཐོས་ལྟ་བར་བཤད། འཛིན་པར་ཡོད་ལ་གཟུང་དུ་མེད་དོ་ཟེར་ན་རང་རྒྱལ་ལྟ་བར་བཤད། སེམས་དང་སེམས་ཀྱི་རྣམ་པར་སྨྲ་བ་
དང་། དོན་དམ་ཀུན་རྫོབ་སྨྲ་བ་ནི། བྱང་ཆུབ་སེམས་དཔའི་ལྟ་བར་བཤད། དོན་དམ་ཐམས་ཅད་མཐུན་པ་ལ། རིགས་གསུམ་འདོད་པར་ཀྲཱ་ཡའི་ལྟ་བར་བཤད། ཆ་གཉིས་འདོད་པ་ཨུ་པ་ཡ་ཡི་ལྟ་བར་བཤད། སེམས་དཔའ་སུམ་ཅུ་རྩ་བདུན་མཚོན་པའི་ཚིག་བྱུང་ན། རྣལ་འབྱོར་ཡོ་གའི་ལྟ་བར་བཤད། བཞི་བཅུ་རྩ་གཉིས་ལྔ་བཅུ་རྩ་བརྒྱད་སོགས། །མ་ཧཱ་ཡོ་གའི་ལྟ་བ་ཡིན་པར་བཤད། །མ་བསྐྱེད་རྫོགས་པའི་ཚིག་ཚོགས་དང་། །དབྱིངས་དང་ཡེ་ཤེས་ཚིག་བྱུང་ན། །ཨ་ནུ་ཡོ་གའི་ལྟ་བ་ཡིན་པར་བཤད། །བྱ་བཙལ་འདས་པའི་ཚིག་ཚོགས་དང་། །རང་བྱུང་ཡེ་ཤེས་ཚིག་རྣམས་དང་། །ལྷུན་གྲུབ་ཡེ་ཤེས་སངས་རྒྱས་སོགས། །འདི་རྣམས་རྫོགས་ཆེན་ལྟ་བར་བཤད། །ཅེས་སོ། །

རྒྱུད་ལུང་མན་ངག་གི་དོན་བཤད་པ།


GTN002_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

༢ གཉིས་པ་རང་གི་སྒྲོ་འདོགས་བྱེ་བྲག་ཏུ་བཅད་པ་ལ་གསུམ། རྒྱུད་ལུང་མན་ངག་གི་དོན་བཤད་པའོ། །དང་པོ་རྒྱུད་ལ་དྲུག་སྟེ། ངོ་བོ། ངེས་ཚིག །དབྱེ་བ། མཐུན་དཔེ། ལྡང་ཚད། བཤད་ཚུལ་ལོ། །སྔ་མ་བཞི་ནི། ཀུན་གསལ་ལས། རྒྱུད་ཀྱི་ངོ་བོ་ངེས་ཚིག་དང་། དབྱེ་བ་མཐུན་པའི་དཔེ་རུ་བཤད། །རྒྱུད་ཀྱི་ངོ་བོ་བསྟན་པ་ནི། །ཚིག་གི་རྒྱུད་ཀྱི་ངོ་བོ་དང་། །དོན་གྱི་རྒྱུད་ཀྱི་ངོ་བོ་འོ། །ཚིག་གི་རྒྱུད་ཀྱི་ངོ་བོ་ནི། །བསྣན་ཕྲི་མ་བྱས་དགོས་པ་ཚང་། །དོན་གྱི་རྒྱུད་ཀྱི་ངོ་བོ་ནི། །རང་རིག་ཡེ་ཤེས་ཆེན་པོ་ཡིན། །གླེགས་བམ་ཚིག་གི་ཚོགས་སུ་བསྟན། །རྒྱུད་ཀྱི་ངེས་ཚིག་རྣམ་པ་ལྔ། །འབྲེལ་
དང་མ་ཚང་མེད་པ་དང་། །ཡོངས་སུ་རྫོགས་དང་དཀྲུགས་པ་དང་། །ཕུན་སུམ་ཚོགས་པས་རྒྱུད་ཅེས་བྱ། །དབྱེ་བ་ཚིག་དང་དོན་རྒྱུད་གཉིས། །གོང་བཤད་བཞིན་དུ་ཤེས་པར་བྱ། །འབྲེལ་བའི་དཔེ་ནི་དྲ་བ་བཞིན། །དགོས་པ་ཚང་བས་ནོར་བུ་བཞིན། །ཡོངས་སུ་རྫོགས་པས་ལྗོན་ཤིང་བཞིན། །དཀྲུགས་པས་ཐགས་ཀྱི་སྦུན་པ་བཞིན། །ངས་བསྟན་རྒྱུད་རྣམས་དེ་ལྟར་བཤད། །ཅེས་སོ། །དཀྲུགས་པ་ནི། མིང་དང་ཡི་གེ་ཡང་ཡང་སྦྲེལ་བ་ཐ་དད་པའི་སྡེབས་ལས་ཚིག་དོན་རྒྱུད་མར་བྱུང་བས་ཏེ། དཔེར་ན་ཨ་ལ་མ་སྤེལ་ཞིང་དཀྲུགས་པས་དྲིན་ཅན་དུ་མཚན། ཨ་ཉིད་རུ་དང་སྤེལ་བ་སྨན་དུ་མཚོན་པ་ལ་སོགས་པ་བཞིན་ནོ། །ཁ་ཅིག་རྒྱུད་དཀྲུགས་པ་ལ་གོ་བ་ལོག་ནས་གོང་འོག་འཁྲུགས་པ་ལ་ངོས་འཛིན་པ་ནི་ཤེས་པར་རློམ་པའི་ང་རྒྱལ་ཅན་ནོ། །

ལྡང་ཚད།


GTN002_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

(5)ལྡང་ཚད་ནི། ཕུལ་དྲུག་གིས་བྲེ་གང་དུ་ལོངས་པའི་ལྡང་ཚད་ལྟར་རོ། །རྒྱུད་ཆེན་པོ་གཅིག་ལ་བྱང་ཆུབ་བསྒྲུབ་པའི་གནས་ཐམས་ཅད་དང་པོ་ནས་ཐ་མའི་བར་ཚང་བར་སྟོན་པ་ཡིན་ལ། དུམ་བུ་བསྟན་ན་བཀོལ་བ་དུམ་བུའི་རྒྱུད་ཅེས་བྱ་བས་རྒྱུད་ཆེན་པོར་མི་བཞག་གོ །དེ་ལ་དོན་གྱི་རྒྱུད་ཆོས་ཐམས་ཅད་ཚང་བས་རྒྱུད་ཆེན་པོའོ། །ཚིག་གི་རྒྱུད་ལ་སྤྱིར་གསང་སྔགས་ཕྱི་ནང་གི་བསྐྱེད་རྫོགས་ཀྱི་གནས་དབང་གདམས་པ་གྲོགས་གསུམ་ཆ་ཤས་ཚང་བར་སྟོན་པ་ན་རྩ་རྒྱུད། དེའི་འཕྲོས་ཀྱི་ཡན་ལག་རེ་རེ་སྟོན་པའམ་ཁ་ཡར་སྟོན་ན་ཡན་ལག་གི་རྒྱུད་དམ་


GTN002_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོས་པ་ཆ་མཐུན་གྱི་རྒྱུད་ཡིན་ལ། ཁྱད་པར་དུ་རྫོགས་རིམ་ལ། རྩ་རླུང་ཐིག་ལེས་ཉམས་སུ་མྱོང་བྱ་གཞི་ལམ་འབྲས་བུ་དང་བཅས་པ་སྟོན་ན་རྫོགས་པ་ཆུང་ངུ་། རང་བྱུང་གི་ཡེ་ཤེས་ལྷུན་གྲུབ་ཆེན་པོའི་གཞི་ལམ་འབྲས་བུ་དང་བཅས་པ་སྟོན་ན་རྫོགས་པ་ཆེན་པོའི་རྒྱུད་དོ། འདི་ལའང་རྩ་བའི་རྒྱུད་ཐམས་ཅད་ཚང་བ་དང་། ཡན་ལག་གི་རྒྱུད་ཆ་རེ་སྟོན་པ་གཉིས་སུ་ཡོད་དོ། །སྤྱིར་བཤད་པའི་རྒྱུད་དང་། མན་ངག་གི་རྒྱུད་གཉིས་སུ་ཡོད་དེ། ཚིག་བརླིང་ཞིང་རྟོགས་པར་དཀའ་ལ་མཐའ་དྲུག་ཚུལ་བཞིའི་རྒྱས་བཏབ་ནས་གོ་དཀའ་བར་བཤད་རྒྱུད་ཅེས་བྱ་སྟེ། གསང་སྔགས་ཐུན་མོང་གི་རྒྱུད་ཕལ་ཆེ་བ་བཞིན་ནོ། །ཚུལ་བཞི་ནི་དྲང་དོན། ངེས་དོན། དགོངས་པ། ལྡེམ་དགོངས་བཞི། མཐའ་དྲུག་ནི། དེའི་སྟེང་དུ་སྒྲ་ཇི་བཞིན་པ་དང་། ཇི་བཞིན་པ་མ་ཡིན་པ་གཉིས་སོ། །དྲང་དོན་ནི། ཁ་དྲང་བའི་ཕྱིར་བློ་དང་མཐུན་པར་སྟོན་པ་སྟེ། ཚོང་ལ་དྲང་བའི་ཕྱིར་ཁབ་ཀྱིས་རྟ་ཁུག་ཅེས་པ་དང་ལྟ་བུ་དང་། ངེས་དོན་ནི། ཡེ་ནས་འོད་གསལ་བའི་དོན་བསྟན་པ་སྟེ། ཡུམ་ལས། སེམས་ནི་སེམས་མ་མཆིས་ཏེ་སེམས་ཀྱི་རང་བཞིན་ནི་འོད་གསལ་བ་ལགས་སོ། །ཞེས་པ་ལྟ་བུའོ། །དགོངས་པ་ནི། དགོངས་གཞི་གཙོ་བོར་སྟོན་པ་དེ། མཚོན་རྣོན་པོ་ལ་འདིས་རེག་པ་ཙམ་གྱིས་ཆོག་ཅེས་མྱུར་དུ་ཆོད་པ་ལ་དགོངས་ཏེ། ཕུང་པོ་ལྔ་རིགས་ལྔར་བརྗོད་པ་ལ་སོགས་པ་དག་བྱ་དང་གདངས་སུ་ཤར་བ་ལྟ་བུའོ། །ལྡེམ་དགོངས་ནི། དགོས་


GTN002_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

ཆེད་གཙོ་བོར་བསྟན་པ་སྟེ། གཞན་བཞག་པའི་ཕྱིར་འབད་དགོས་ཀྱང་ལེ་ལོ་ཅན་དུས་དེར་འཇུག་པའི་ཆེད་དུ་འབད་མི་དགོས་པ་དེ་བཞིན་གཤེགས་པའི་མཚན་ལན་ཅིག་བརྗོད་པས་སངས་རྒྱས་ཞེས་པའམ། བརྙས་པ་སྤང་བའི་ཕྱིར། ང་དེའི་ཚེ། དེ་བཞིན་གཤེགས་པ་རྣམ་གཟིགས་སུ་གྱུར་ཏོ། །ཞེས་དངོས་སུ་མ་ཡིན་ཡང་དུས་སུ་འདོམས་ལ་དགོས་ཆེད་དུ་གསུངས་པ་རྣམས་སོ། །སྒྲ་ཇི་བཞིན་པ། སྡིག་པ་སྤོངས་ཤིག་ཞེས་པའམ། ལྷའི་སྐུ་མདོག་ཕྱག་མཚན་བསྟན་པ་ལྟ་བུའོ། །སྒྲ་ཇི་བཞིན་མ་ཡིན་པ། སྦས་པ་སྟེ། ཕ་དང་མ་ནི་གསད་པར་བྱ། །ཞེས་པའམ། ཉི་ཟླ་ཟ་བའི་དབང་བྱིན་ནས། །ཞེས་པ་ལྟ་བུའོ། དེ་ལ་འདིར་རྫོགས་པ་ཆེན་པོའི་རྒྱུད་རྣམས་ནི། གོ་སླ་བ་དོན་མི་འཛོལ་བ། ངེས་པའི་དོན་འབའ་ཞིག་ཏུ་བསྟན་པས། མན་ངག་རྫོགས་པ་ཆེན་པོ་ཞེས་བྱ་སྟེ་མཐའ་དྲུག་ཚུལ་བཞིར་སྟོན་པའི་ཚུལ་ལས་འཕགས་པར་བསྟན་པའོ། །དེ་ལྟར་བསྟན་པའི་རྒྱུད་ལས་བསྐྱེད་རྫོགས་ཐུན་མོང་དུ་བསྟན་པ་ལ་དེའི་དབང་དཀྱིལ་འཁོར་ལ་སོགས་པ་དང་། རྫོགས་པ་ཆེན་པོ་ལ་དེའི་དཀྱིལ་འཁོར་བརྡ་དབང་མཚོན་པའི་ཕྱག་རྒྱ་ལ་སོགས་བཅུར་བཤད་དོ། །བཤད་རྒྱུད་ལས། རྒྱུད་ཀྱི་ལྡང་ཚད་རྣམ་པ་བཅུ། །དབང་དང་དམ་ཚིག་གཉིས་སུ་བསྟན། །དཀྱིལ་འཁོར་ཕྲིན་ལས་གཉིས་སུ་བཤད། །མཆོད་པ་རྣལ་འབྱོར་གཉིས་སུ་བཤད། །སྔགས་དང་ཕྱག་རྒྱ་གཉིས་སུ་བསྟན། །བསྙེན་པ་སྒྲུབ་པ་གཉིས་སུ་བཤད། །ཅེས་སོ། །

བཤད་ཚུལ།


GTN002_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

(6)བཤད་ཚུལ་ལ། ངོ་བོ། ངེས་ཚིག །(དཔེ།) དབྱེ་བ། དགོས་པ། གསུངས་པ་དངོས་དང་དྲུག་ལས། ༡ ཕུན་སུམ་ཚོགས་པའི་ངོ་བོ་ནི། གང་དགོས་རང་ལ་ཚང་བ། ༢ངེས་ཚིག་ནི། རང་སྣང་ལ་ཚང་ཞིང་གཞན་ལ་རག་མ་ལུས་པའོ། །༣ དཔེ་ནི། རྒྱལ་བློན་དམངས་གསུམ་གཅིག་ཏུ་ཚོགས་ནས་བཀའ་བགྲོས་པ་ལྟ་བུ་སྟེ། ལུང་(བཤད་རྒྱུད་)ལས། ཕུན་སུམ་ཚོགས་པའི་ངོ་བོ་དང་། །ཕུན་སུམ་ཚོགས་པའི་ངེས་ཚིག་དང་། །ཕུན་སུམ་ཚོགས་པའི་དབྱེ་བ་དང་། །ཕུན་སུམ་ཚོགས་པའི་དཔེ་རྣམས་བསྟན། །དང་པོ་ངོ་བོ་བསྟན་པ་ནི། །རྒྱུ་ཡི་ངོ་བོ་ཚོགས་པ་ཡིན། །དགོས་པ་རྒྱུ་རྐྱེན་ཚོགས་པར་སྦྱོར། །ཅི་ཕྱིར་ཕུན་སུམ་ཚོགས་ཟེར་ན། །མ་ཚང་མེད་པས་ཕུན་སུམ་ཚོགས། །ངེས་ཚིག་གཏན་ཚིགས་བཅས་པ་ཡིན། །དབྱེ་བ་གོང་དུ་བསྟན་པ་ཡིན། །དཔེ་ནི་རྒྱལ་བློན་དམངས་དང་གསུམ། །གང་ལ་གང་འཚམས་བཀའ་བགྲོས་བྱུང་། །དེས་མཚོན་ཕྱོགས་གཅིག་དཔེ་བསྟན་པའོ། །ཞེས་སོ། །༤ དབྱེ་ན་གསུམ་སྟེ། དེ་ལ་དབྱེ་ན་རྣམ་གསུམ་སྟེ། །ཆོས་སྐུའི་ཕུན་སུམ་ཚོགས་པ་དང་། །ལོངས་སྐུའི་ཕུན་སུམ་ཚོགས་པ་དང་། །སྤྲུལ་སྐུའི་ཕུན་སུམ་ཚོགས་པ་དང་། །ཆོས་སྐུའི་ཕུན་སུམ་ཚོགས་པ་ནི། །སྟོན་པ་འགྱུར་མེད་ཆོས་ཀྱི་སྐུ། །བསྟན་པ་མི་ནུབ་རྒྱལ་མཚན་ནི། །གསང་བའི་རིག་པ་རྒྱུད་ཆེན་ལྔ། །འདུས་པའི་འཁོར་ཚོགས་ཉིད་ལས་མི་གཞན་པའི། །རིགས་ལྔའི་བདེ་གཤེགས་འོད་དུ་འབར་བ་ལྔ། །བཞུགས་གནས་སྐྱེ་མེད་སྤྲོས་བྲལ་ཆོས་ཀྱི་དབྱིངས། །དུས་ནི་འདས་དང་མ་བྱོན་


GTN002_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་རོལ་ན། །རྟོག་མེད་སྟོན་པས་བྱིན་གྱིས་བརླབས་ཀྱིས་བཤད། །ལོངས་སྐུའི་ཕུན་སུམ་ཚོགས་ལྔ་ནི། །སྟོན་པ་རིགས་ལྔའི་བདེ་གཤེགས་ལྔ། །བསྟན་པ་གསང་བའི་རྒྱུད་ཆེན་ལྔ། །འཁོར་ནི་སེམས་དཔའ་སེམས་མའི་ཚོགས། །གནས་ནི་ཡེ་ཤེས་འོད་ལྔའི་ཀློང་། །དུས་ནི་དེ་རྣམས་རིག་པ་ཡུལ་ལ་ཤར་བའི་ཚེ། །ཚིག་དང་ཡི་གེའི་སྒོ་ནས་མི་འཆད་པར། །སྐུ་ཡི་ཆ་བྱད་སྒོ་ནས་སྟོན། །བདེ་གཤེགས་རྣམ་པར་སྣང་མཛད་ཀྱིས། །རིགས་བཞིའི་སངས་རྒྱས་འདུས་པ་ལ། །སྐུ་ཡི་རྒྱུད་ཆེན་གང་གི་ངོ་བོས་བཤད། །བཅོམ་ལྡན་རྡོ་རྗེ་མི་བསྐྱོད་པས། །རྡོ་རྗེ་སོགས། ཐུགས་ཀྱི་དགོངས་པ་ཡེ་ཤེས་རྣམ་ལྔར་གསལ། །བཤད་པ་མ་ཡིན་མཉན་པ་མིན། །གཙོ་བོའི་ཞལ་གཟིགས་ཐུགས་ཀྱི་དགོངས་པ་གསལ། །རང་གི་ངོ་བོས་ཏིང་འཛིན་དགོངས་པས་བཤད། །སྤྲུལ་པ་སྐུ་ཡི་ཕུན་སུམ་ཚོགས་པ་ལྔ། །སྟོན་པ་རྡོ་རྗེ་སེམས་དཔའ་ལྔ། །བསྟན་པའི་སྙིང་པོ་གསང་བའི་རྒྱུད་ཆེན་ལྔ། །དེ་སོགས་ཕྱི་ནང་གསང་བས་བསྡུས་པ་རྣམས། །ཐུགས་ཀྱི་ཀློང་དུ་ཤེས་རབ་ཆེན་པོས་བཀྲོལ། །མགུལ་གྱི་བུམ་པར་ཡེ་ཤེས་རླུང་གིས་དྲིལ། །ཞལ་གྱི་ལྗགས་ལ་མ་འདྲེས་གསལ་བར་བཀྲམ། །ཚེམས་ཀྱི་བར་ནས་ཚིག་དོན་སོ་སོར་བཤད། །ཡན་ལག་དྲུག་ཅུའི་སྡེབས་སྦྱོར་ལེགས་པར་བཤད། །ཁྱུང་ཆེན་ལྡིངས་ཐབས་དོན་གྱི་སྤྱི་ཁོག་དབུབ། །སྟག་མོའི་མཆོངས་སྟབས་ལྟ་བུས་དཀྱུས་ཀྱི་ས་རྣམས་བཅད། །རུས་སྦལ་འགྲོས་ཀྱིས་ཚིག་གི་འབྲུ་རྣམས་གཞོམ། །སེངྒེའི་གདངས་སྐད་ཐེག་བརྒྱད་ཟིལ་གྱིས་གནོན། །གླག་མོས་གཟན་འཇུམ་དོན་གྱི་མན་ངག་དྲིལ། །འདུས་པའི་


GTN002_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ཚོགས་སངས་རྒྱས་རབས་བདུན་ལ། །ལྷ་གནས་གསུམ་དུ་བདུད་རྩིའི་ཆར་ཆེན་འབེབས། །པདྨ་བརྩེགས་པའི་གཞལ་ཡས་ཁང་ཆེན་དུའོ། །ཞེས་སོ། །སངས་རྒྱས་རབས་བདུན་ནི། རང་གིས་སྤྲུལ་ཏེ་འཁོར་དུ་སྣང་བ་ཡིན་གྱིས། ཐུན་མོང་བ་ལྟར་མ་ཡིན་ཏེ་དུས་འགལ་བ་དང་སྤྲུལ་སྐུ་གཅིག་གི་གདུལ་བྱར་གཅིག་མི་རུང་བའི་ཕྱིར་རོ། །སངས་རྒྱས་སུ་སྣང་བ་ནི་བསྐལ་པ་དེ་དག་གི་མཚན་གྱིས་འདུལ་བ་ལ་དགོངས་ནས། དོན་གྱི་དགོངས་པ་གཅིག་ཏུ་བསྟན་པའི་ཕྱིར་དེ་ལྟར་སྤྲུལ་པ་ཡིན་ནོ། །༥ དགོས་པ་ཡང་། སྟོན་པ་ཕུན་སུམ་ཚོགས་པ་སྨོས་པའི་དགོས་པ་ནི། །གང་ཟག་རིག་བཅོས་མ་ཡིན་སངས་རྒྱས་ཉིད་ཀྱིས་གསུངས། །མི་བསླུ་བདེན་པའི་གཏན་ཚིགས་དག་ཏུ་འགྱུར། །བསྟན་པ་ཕུན་ཚོགས་སྨོས་པའི་དགོས་པ་ནི། །བབ་ཅོལ་མ་ཡིན་དོན་དང་ལྡན་པ་ཡིད་ཀྱང་ཆེས། །འདུས་པའི་འཁོར་ཚོགས་སྨོས་པའི་དགོས་པ་ནི། །ཀུན་གྱི་ཐུན་མོང་མ་གྱུར་དང་། །ངེས་པར་སྟོན་པས་གསུངས་པར་ཡིད་ཀྱང་ཆེས། །གནས་ཀྱི་བྱེ་བྲག་དགོངས་པའི་དགོས་པ་ནི། །གཞན་དུ་བསྟན་པའི་སྙིང་པོ་མ་གསུང་བར། །ངེས་པའི་གནས་དེར་གསུངས་པར་ཡིད་ཀྱང་ཆེས། །དུས་ཀྱི་ཕུན་ཚོགས་སྨོས་པའི་དགོས་པ་ནི། །སྔ་ཕྱིར་མ་བསྐལ་དུས་ཚོད་ཟིན་པར་ཡིད་ཀྱང་ཆེས། །ཞེས་སོ། །༦ གང་གསུངས་པ་དངོས་ནི། སྙིང་པོའི་རྒྱུད་ལྔ། མན་ངག་གི་རྒྱུད་བཞི། ཡང་བྱེད་པའི་རྒྱུད་བཞི། ཡན་ལག་གི་རྒྱུད་གསུམ་སྟེ། གནས་བཅུ་དྲུག་རྣམ་གྲངས་ཉི་


GTN002_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

ཤུ་རྩ་གཉིས་དང་བཅས་པ་ནི། རྒྱུད་ལས། པདྨ་འཁྱིལ་བ་སྐུ་ཡི་རྒྱུད་ཆེན་ནི། །ཕྱི་ནང་གསང་བའི་དོན་ཁྲིགས་མ་ནོར་བར། །གནས་ལུགས་འཁྲུལ་ལུགས་འཁྲུལ་པ་བཟློག་ཐབས་རྣམས། །བརྒྱུད་པ་གསུམ་གྱི་སྤྱི་ཁོག་དོན་ཕུབ་ལ། །རིན་ཆེན་བསྟར་ལ་རྒྱུས་པ་བཞིན་དུ་བཤད། །རྡོ་རྗེ་རྩེ་མོ་འདུས་པ་གསུང་གི་རྒྱུད། །རྒྱུད་ཀུན་སྤྱི་ཁོག་དོན་བཤད་མ་ནོར་བར། །གྱི་ལིང་སྒྲོག་བཀྲོལ་སྒོ་ལྕགས་ཕྱེ་བ་བཞིན། །རྒྱུད་རྣམས་ཀུན་གྱི་དགོངས་པ་བཀྲོལ་ཏེ་བཤད། །རིན་ཆེན་སྤུངས་པ་ཐུགས་ཀྱི་རྒྱུད་ཆེན་ནི། །ལྟ་བ་སྤྱི་ཁོག་མ་ནོར་དོན་གྱི་ཁོག་བསྡེབས་ལ། །བྱ་བཙལ་མེད་པར་ཁྱུང་ཆེན་ལྡིངས་ལྟར་བཤད། །ཡོན་ཏན་རྒྱུད་ཆེན་བྱམས་པ་བརྩེགས་པ་ནི། །ཡོན་ཏན་འབྱུང་ཚུལ་སྤྱི་ཁོག་ཀུན་བསྡེབས་ལ། །མ་འདྲེས་རྫོགས་པའི་མཆོད་རྟེན་ལྟ་བུར་བཤད། །ཕྲིན་ལས་རྒྱུད་ཆེན་མཁའ་གསལ་ཉི་མ་ཡང། །དབྱེར་མེད་ཕྲིན་ལས་སྤྱི་ཁོག་ཀུན་བསྡེབས་ལ། །གོལ་སྒྲིབ་སྐྱོན་མེད་ཡོངས་སུ་རྒྱས་པར་བཤད། །ཡེ་ཤེས་བླ་མ་མན་ངག་རྒྱུད་ཆེན་ནི། །ལྟ་བའི་ངོ་བོ་རང་ལ་སྦྱར་བྱས་ལ། །མཚན་མའི་དངོས་པོ་ཟིལ་གྱིས་མནན་ཏེ་བཤད། །ལྟ་བ་གནད་གཅོད་འཁོར་བ་དོང་སྤྲུགས་ནི། །སྒྲ་བདུན་བརྡའ་བདུན་དོན་གྱི་ཁོག་བསྡེབས་ལ། །དོན་གནད་གཅོད་ཅིང་རང་ས་ཟིན་པར་བཤད། །རྨ་བྱ་མཇིང་བསྣོལ་བསྒོམ་པའི་མན་ངག་ནི། །དགོངས་པ་བསྒོམ་པའི་སྤྱི་ཁོག་ཀུན་བཀྲོལ་ལ། །བསྒོམ་དུ་ཡོད་མེད་བློ་དང་འཚམས་པར་ནི། །དོན་གྱི་ཁོག་བསྡེབས་ཁྲིགས་སུ་མཐུན་པར་བཤད། །གཟུགས་སྐུའི་མན་ངག་རྒྱུད་ཆེན་འོད་ཟེར་ཅན། །ཡེ་ཤེས་སྐུ་ཡིས་སྤྱི་ཁོག་མཐའ་བཀྲོལ་ཏེ། །


GTN002_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ལུགས་སྣང་ལུགས་མ་ནོར་དོན་གྱིས་བཤད། །རྒྱུད་ཀྱིས་བུ་བཞི་མ་བཞིས་དོན་གྱི་གནད་གཅོད་དེ། །རང་རང་མ་ཡི་དོན་སྙིང་ཕྱུང་ལ་བཤད། །ཡེ་ཤེས་གསང་འཁོར་རྒྱུད་ཀྱི་ལྡེའུ་མིག་ནི། །ཐམས་ཅད་བཀྲོལ་ཏེ་གཅིག་ཏུ་བསྡུས་ལ་བཤད། །དགོངས་པ་ཀུན་འདུས་མན་ངག་རྒྱུད་ཆེན་ནི། །ཕྱི་ནང་གསང་བའི་མན་ངག་ཀུན་བཀྲོལ་ལ། །བརྡའ་སྒྲ་ངེས་པའི་མན་ངག་གསུམ་དུ་བཀྲོལ་ལ་བཤད། །ཀུན་གྱི་མཛོད་གྱུར་སེམས་ཕྱོགས་ཆེན་པོའི་རྒྱུད། །བཤད་ལུགས་རྣམ་བཞིས་དོན་གྱི་ཁོག་ཕུབ་ལ། །སྦྱོར་བ་རྣམ་བཞིའི་ཐོག་ཏུ་ཕེབས་པར་བཤད། །རྒྱུད་ཀྱི་སྙིང་པོ་རྡོ་རྗེ་མཁའ་འགྲོ་མ། །དབང་ཆེན་རབ་རྫོགས་དོན་གྱི་ཁོག་ཕུབ་ལ། །སྒྲ་དང་དོན་གྱི་དགོངས་པའི་མཐའ་བཀྲོལ་ཏེ། །ད་ལྟ་འབྲས་བུ་མངོན་པར་སངས་རྒྱས་བཤད། །རྒྱུད་ཀྱི་རྒྱལ་པོ་འཇམ་དཔལ་རྣམ་བཞི་པོས། །ཕྱི་ནང་གསང་བའི་རྒྱུད་ཀྱི་དོན་བཀྲོལ་བ། །མ་འདྲེས་གསལ་བའི་དོན་དུ་སྦྱར་ལ་བཤད། །མན་ངག་དོན་གྱི་ཏི་ཀ་རྣམ་པ་བཞི། །དོན་གྱི་མཚན་ཉིད་རྣམ་བཞིས་ཁོག་ཕུབ་ལ། །ངོ་སྤྲོད་རྒྱས་དང་བསྡུས་པས་དོན་སྦྱར་ཏེ། །སྐད་ཅིག་གསུམ་དང་གཅིག་གིས་གྲོལ་བར་བཤད། །རིན་ཆེན་ཕྲེང་བ་ལུང་གི་རྒྱལ་པོ་ནི། །ལོ་རྒྱུས་དགོངས་པ་ལུང་གིས་སྦྱར་བྱས་ལ། །མན་ངག་མ་ལུས་དོན་གནད་བཅད་དེ་བཤད། །ཅེས་སོ། །གཉིས་པ་ལུང་ལ་ལྔ་ལས་ངོ་བོ། ངེས་ཚིག །དབྱེ་བ། དཔེ། བཤད་ཐབས་ཏེ། ཀུན་གསལ་ལས། རིགས་ཀྱི་བུ་ལུང་གི་ངོ་བོ་ནི། ༧༢ འདམ་གྱི་ཕུར་པ་ལྟ་བུའོ། །ཞེས་དང་། ལུང་རྣམས་ཆེ་བ་ལྔས་བཤད་དེ། །ལུང་གི་ཡིད་ཆེས་ཆེ་བའོ། །


GTN002_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སོ། །གསུམ་པ་མན་ངག་ལའང་དེ་བཞིན་དང་སྙིང་པོ་བཅས་དྲུག་ཏེ། བཤད་རྒྱུད་ལས། མན་ངག་དོན་གྱི་ངོ་བོ་དང་། །རྗེ་བློན་དམངས་དང་འདྲ་བར་བསྟན། །ཞེས་སོ། །སྙིང་པོ་ནི། སྐུ་དང་གསུང་དང་ཐུགས་རྒྱུད་གསུམ། །སྙིང་པོ་གསུམ་དུ་ཤེས་པར་བྱ། །ཞེས་དང་། ཕྱུང་ལུགས་ནི། དཔེ་མ་ནོར་བ་སྣང་བ་མཐའ་ཡས་ཀྱི་ཐུགས་ལས་ཤེལ་གྱི་མཆོད་རྟེན་སྤྲོས་པ་སྐུའི་མཛོད་ནས་ཕྱུང་སྟེ་བརྡའ་མཚོན། རྟགས་མ་ནོར་བ་བྱང་ཆུབ་སེམས་ཀྱི་སྒྲོན་མ་མི་བསྐྱོད་པའི་སྤྱན་ལས་སྤྲོས་པས་ཤན་སྦྱར། དོན་མ་ནོར་བ་ཀུན་ཏུ་བཟང་པོའི་དབྱིངས་ལས་ཕྱུང་སྟེ་གནས་ལུགས་རང་ངོ་སྤྲད། སྐུ་ལས་དཔེ་བྱུང་། གསུང་ལས་ཚིག་སྤྲོས། ཐུགས་ལས་དོན་སྦྱར་ཏེ། དཔེ་དོན་རྟགས་གསུམ་དུ་མན་ངག་གི་སྙིང་པོ་ཕྱུང་བའོ། །བཤད་ཐབས་ལ་ལྔ་སྟེ། ཀུན་གསལ་ལས། མན་ངག་དོན་གྱི་བཤད་ལུགས་ནི། ༢༣རིན་ཆེན་སྦུབས་སུ་གྲུབ་མཐའ་རྫོགས་པར་བསྟན། ཞེས་སོ། །དེ་ལྟར་རྒྱུད་ལུང་མན་ངག་གསུམ་འཛོམས་ན་འདོད་པའི་དོན་རྣམས་འབད་མེད་དུ་འགྲུབ་པར་གདོན་མི་ཟ་བས། འདིར་ཐེག་ཀུན་རྩེ་མོའི་བགྲོད་བྱ་མཐར་ཐུག་པ་ལའང་སྤྲོས་བཅས་སྤྲོས་མེད་ཤིན་ཏུ་སྤྲོས་པ་མེད་པར་དབང་པོ་ཐ་དང་འབྲིང་རབ་ལ་རྒྱུད་ལུང་མན་ངག་གི་མཚན་ཉིད་ཀུན་ཚང་དུ་བསྟན་པས་ཁྱད་པར་འཕགས་སོ། །

སྒྲ་མཐུན་དོན་དཔགས་ཀྱི་ས་ལམ་བརྩི་བ་ལ་གོ་དོན་མདོར་བསྟན།


GTN002_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

[༢]གཉིས་པ་སྒྲ་མཐུན་དོན་དཔགས་ཀྱི་ས་ལམ་བརྩི་བ་ལ་གཉིས་ཏེ། གོ་དོན་མདོར་བསྟན། དབྱེ་བས་རྒྱས་པར་བཤད་པའོ། །དང་པོ་ནི། རྫོགས་པ་ཆེན་པོ་གཞི་རང་མལ་ལས་མི་གཡོ་བས་བཙན་ས་ཟིན་པས་གཞན་དུ་བགྲོད་ཅིང་རྩོལ་བསྒྲུབ་ཀྱི་མཐའ་ལས་འདས་པས་རྒྱུ་འབྲས་ཀྱི་ཐེག་པ་འོག་མ་ལྟ་བུའི་ས་ལམ་དང་ཕ་རོལ་ཏུ་ཕྱིན་པ་སོགས་རྩིར་མེད་དེ། རིག་པ་རང་བྱུང་གི་ཡེ་ཤེས་ལ་ས་ལམ་རྩོལ་བསྒྲུབ་གང་ཡང་མེད་པའི་ཕྱིར་དང་། འདིར་དེའི་རང་གདངས་དགོངས་པ་རང་མལ་ལས་མི་གཡོ་བ་དངོས་སུ་ཉམས་སུ་ལེན་པའང་ལམ་ཐུན་མོང་བར་རྩིར་མེད་དེ། ལམ་བསྒོམ་ཚུལ་མི་འདྲ་བའི་ཕྱིར་རོ། །འོན་ཀྱང་དག་ཚུལ་ཁམས་ཀྱི་དྲི་མ་རང་དངས་སུ་བྲལ་བ་གཅིག་པ་ཙམ་དང་། འཇུག་རུང་ཙམ་ལ་ལྟོས་ནས་འོག་མ་རྣམས་འཇུག་པའི་ཡན་ལག་ཏུ་སྒྲ་མཐུན་ལ། དོན་འོག་མ་ལས་སྤར་ཏེ་ཁྱད་པར་དུ་འཕགས་པར་བརྗོད་ན། བཤད་རྒྱུད་ལས། མན་ངག་རྫོགས་པ་ཆེན་པོ་ལ། །ས་ལ་སྦྱང་དུ་མེད་པ་ཡིན། །ལམ་ལ་བགྲོད་དུ་མེད་པ་ཡིན། །ཕ་རོལ་ཕྱིན་བཅུ་བཤད་དུ་མེད། །འོན་ཀྱང་ཐེག་སྤྱིར་སྒོ་བསྟུན་ལ། །སྦྱང་དུ་མེད་པའི་ས་རིམ་དང་། བགྲོད་དུ་མེད་པའི་ལམ་རིམ་དང་། །སྤྱད་མེད་ཕ་རོལ་ཕྱིན་བཅུར་བཤད། །ཅེས་སོ། །

དབྱེ་བས་རྒྱས་པར་བཤད་པ།


GTN002_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་རྒྱས་པར་ཕྱེ་བ་ལ་གསུམ་སྟེ། ས་ལམ་ཕ་རོལ་ཕྱིན་པའོ། །དང་པོ་ས་ལ་ལྔ་ལས། ངོ་བོ། བརྟེན་པའི་གཞི་བྱེད་པ་སྟེ། ཡོན་ཏན་གྱི་དབྱིངས་སམ་འབྱུང་གནས་
སུ་གྱུར་པའོ། །ངེས་ཚིག་ནི། གནས་ཤིང་བརྟེན་གཞིར་གྱུར་པའོ། །དབྱེ་ན། དགེ་བཅུ་དང་བསམ་གཏན་གཟུགས་མེད་ལ་སོགས་པ་བརྟེན་པ་འཇིག་པའི་ས་དང་། མཐོང་སྒོམ་གྱི་དྲི་མ་ཅི་རིགས་པས་དག་པ་སོ་སོའི་ཡོན་ཏན་གྱི་རྟེན་བྱེད་པ་ཐེག་པ་ཆུང་ངུ་དང་ཆེན་པོའི་ས་འཇིག་རྟེན་ལས་འདས་པ་གཉིས་སོ། །དཔེར་ན། ས་སོ་སོའི་ཡོན་ཏན་མ་འདྲེས་པར་རྫོགས་པས་མཆོད་རྟེན་གྱི་བང་རིམ་ལྟ་བུ་སྟེ། སྔ་མ་ལས། ངོ་བོ་ངེས་ཚིག་དབྱེ་བ་དང་། མཐུན་པའི་དཔེ་རུ་བསྡུས་པས་བསྟན། །ཀྱེ་མ་རིགས་ཀྱི་བུ། ས་ཡི་དོན་གྱི་ངོ་བོ་ནི། ༧༦ ཁྲི་འཕང་ལྟ་བུའོ། །ཞེས་སོ། །བརྩི་ཚུལ་ནི། སྦུབས་གསུམ་ལ་གང་ཟག་གཅིག་དང་པོ་ངོ་སྤྲད། བར་དུ་ཉམས་སུ་བླངས། ཐ་མ་བརྡོས་བཅས་དག་པས་དག་པ་ལྔ་ལྡན་དང་རྫོགས་ལྡན་གྱི་དགོངས་པའི་རང་ས་ཟིན་པར་བྱེད་པའི་བར་གྱི་གདམས་པས་ཡོན་ཏན་གྱི་ཆོས་ཐོབ་ཚུལ་རིག་པ་གཅིག་གི་སྟེང་ནས་མས་བརྩིས་པ་སྟེ་ས་བཅོ་ལྔའི་མིང་འོག་མ་དང་མཐུན་ཡང་དོན་ཐ་དད་པར་བསྟན་པ་ནི། དེ་ཉིད་ལས། རྫོགས་ཆེན་ཆོས་ཉིད་ས་གཅིག་ལ། །ཡོན་ཏན་རྫོགས་ཚུལ་བཅོ་ལྔས་བརྩི། །རྒྱུད་ལུང་སྤྱི་ཡི་ཁོག་དོན་ཀུན་བཀྲོལ་ནས། །ངོ་སྤྲོད་རྣམ་བཞིས་ཚེ་འདིར་བདེན་པ་མཐོང་། །རབ་ཏུ་དགའ་བའི་ས་ཞེས་ངས་བཤད་དོ། །མན་ངག་དོན་གྱིས་བློ་ཡི་ཐེ་ཚོམ་བསལ། །རང་གི་རྒྱུད་ལ་ངེས་པའི་ཤེས་རབ་སྐྱེས། །དྲི་མ་མེད་པའི་ས་རུ་བཏགས་པ་ཡིན། །གསུམ་པ་འོད་བྱེད་པ་ནི། སེམས་ཡེ་ཤེས་ཀྱི་དབང་དུ་འདུས་ཏེ། དེ་ཉིད་ཀྱི་རྩལ་དུ་ཤེས་པས་དོན་གྱི་ཚོགས་གཞན་ལ་རག་མ་ལུས།


GTN002_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པ་འོད་འཕྲོ་དེ་དོན་ཀུན་ཏུ་སྒྲོགས། །ལྔ་པས་དུག་ལྔ་དུག་གསུམ་ངང་དུ་དག །དྲུག་པས་སྦུབས་གསུམ་སྐབས་ཀྱི་སྐུ་གསུམ་གསལ། །བདུན་པས་ཐེག་བརྒྱད་དོན་ལས་རབ་ཏུ་འཕགས། །བརྒྱད་པས་རང་གི་དོན་ལས་མ་གཡོས་མཁྱེན། །དགུ་པས་ཡོན་ཏན་རང་ལ་རྫོགས་པར་མཁྱེན། །བཅུ་པས་ཆོས་རྣམས་གང་ལའང་ཐོགས་མེད་མཁྱེན། །བག་ཆགས་སྦུབས་སུ་རྟོགས་པ་སྐྱེ་ལུགས་ཡིན། །རྟོགས་ལྡན་འཁྲུལ་པའི་སྣང་བ་འགགས་པའི་ཚེ། །ཆོས་ཉིད་ཀློང་དུ་ཡེ་ཤེས་འོད་དུ་གསལ། །བཅུ་རྫོགས་གནས་པས་༼བཅུ་གཅིག་ས་ལ་གནས་པས་ཀུན་ཏུ་འོད་ཀྱི་ས། བྱས་འདུག༽བཅུ་གཅིག་ཀུན་ཏུ་འོད། །དེ་ཚེ་{རང་སྣང་}ཡིན་པས་མཁྱེན་པ་ཁོང་ནས་ཤར། །ཤེས་རབ་སྐྱེས་པའི་སྟོབས་ཀྱིས་སྐུར་གསལ་བས། །ཚོམ་བུ་ལྔ་ལས་ཆོས་ཀྱི་སྤྱན་༼དྲུག་༽དུ་ཤར། །གསལ་ལ་མི་གནས་༼བཅུ་གཉིས་༽པདྨ་ཅན་གྱི་ས། །གསུང་བའི་ངོ་བོ་རང་བྱུང་ཡི་གེ་དྲུག །ལྗགས་ལས་འོད་འཕྲོས་སྤྲུལ་པའི་སྐུར་གྱུར་པ། །བཅུ་གསུམ་ཡི་གེ་འཁོར་ལོ་ཚོགས་ཆེན་པ། །སྤྲུལ་པའི་སྐུ་ཡི་འགྲོ་དོན་རྫོགས་མཛད་པས། །རྡོ་རྗེ་འཛིན་པ་བཅུ་བཞིའི་ས་རུ་བཞག །ཡེ་ཤེས་སྦུབས་སུ་རྫོགས་སངས་རྒྱས་པ་ཡིས། །ཐུགས་རྗེའི་གནས་ནས་སྒྲོལ་ཞིང་རང་རང་གཞི་ལ་སྦྱོར། །གསང་བའི་དོན་གྱིས་སྦྱོར་སྒྲོལ་ཞེས་སུ་བཏགས། །རང་བྱུང་ཚིག་ལྔས་ཞི་བ་མྱ་ངན་འདས། །རིན་ཆེན་སྦུབས་སུ་སྐུ་གསུམ་ཀློང་ནས་འཁྱིལ། །དཔེར་ན་གནམ་སྟོང་ཟླ་བ་ཡོངས་རྫོགས་ཀྱང་། །ཉི་མའི་སྟོབས་ཀྱིས་ཟླ་བ་མི་སྣང་ལ། །ཚེས་གཅིག་དགོངས་ནས་བཅོ་ལྔས་རྫོགས་གྱུར་ཏེ། །དེ་ནས་ཟླ་བ་སྐྱེ་རུ་མེད་པ་ལྟར། །རིན་


GTN002_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་སྦུབས་དང་འདུ་འབྲལ་མེད་ཀྱིས་ཀྱང་། །འཁྲུལ་པའི་སྟོབས་ཀྱིས་མངོན་དུ་གསལ་མ་ནུས། །དང་པོའི་ས་ནས་བཅོ་ལྔ་ཡོངས་རྫོགས་ཏེ། །དེ་ལས་ཡར་གཤེགས་དགུ་ལ་ཤུལ་མི་མངའ། །ཉི་ཤུ་རྩ་གཅིག་སུམ་ཅུ་རྩ་སོགས་རྣམས། །བཅོ་ལྔའི་འདུག་ཚུལ་ཡོན་ཏན་ཟུར་ཙམ་ཡིན། །བརྩི་བ་མས་བརྩི་ཤེས་པ་ཐད་ཀར་ཆོད། །གཟིགས་པ་མ་འགགས་མཁྱེན་པས་ཡས་གཟིགས་ཏེ། །རྣམ་རྟོག་མི་མངའ་ས་ལེར་མཁྱེན་པའོ། །ཞེས་སོ། །ལམ་ལའང་ལྔ་ལས། ལམ་གྱི་ངོ་བོ། འབྲས་བུའི་སར་བགྲོད་པའི་ཐབས། ངེས་ཚིག །བགྲོད་པར་བྱེད་པ། དབྱེ་ན། རྒྱུ་འབྲས་ཀྱི་ལམ་གཉིས། དཔེ་ནི། འགྲོ་བའི་ལམ་འཇིག་རྟེན་གྱི་ལམ་དང་། རྩོལ་མེད་ཀྱི་ལམ་ནམ་མཁའི་བྱ་ལམ་ལྟ་བུ་སྟེ། བཤད་རྒྱུད་ལས། ལམ་གྱི་ངོ་བོ་ངེས་ཚིག་དང་། །དབྱེ་བ་མཐུན་པའི་དཔེ་རུ་བཤད། ༢༨ །མཁའ་ལ་ཁྱུང་ཆེན་ལྡིངས་པ་འདྲ། །ཞེས་སོ། །བརྩི་ཚུལ་ནི། བླ་མ་དམ་པའི་དྲུང་དུ་སློབ་མ་སྣོད་ལྡན་གྱིས་བསྟེན་ནས་གདམས་ཁྲིད་ངོ་སྤྲོད་ཉམས་སུ་བླངས། མཐར་གདེང་རྙེད་པའི་བར་གྱི་ཡོན་ཏན་གྱི་ཆོས་དང་སྦྱར་ཏེ། དབྱེ་བ་ནི། དེ་ཉིད་ལས། ལམ་མེད་ལམ་དུ་འཇུག་པ་རྣམས་ཀྱི་གནད་ཆེ་བ། །ཕྱིན་པར་འདོད་པས་རི་དྭགས་སྨིག་རྒྱུར་བསྙེག་པ་འདྲ། །དེ་བས་ངེས་པའི་ལམ་མ་ཡིན། །བགྲོད་མེད་ལམ་ལ་རབ་གནས་པའི། །འདུ་འབྲལ་མེད་པའི་དགོངས་པ་ལས། །མ་ནོར་ངེས་པའི་ལམ་ཆེན་གཅིག །བགྲོད་དུ་མེད་དོ་ཆོས་ཉིད་བྱང་ཆུབ་སེམས། །རྩོལ་བས་བགྲོད་པས་ཡེ་ཤེས་མཐའ་ལ་རིང་། །འཇུག་ཏུ་མེད་དོ་


GTN002_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

རང་རིག་ཡེ་ཤེས་ལམ། །འཇུག་པའི་རྩོལ་བས་སྡུག་བསྔལ་མཐའ་རུ་ལྷུང་། །འོན་ཀྱང་མ་བཤད་གོ་བར་མི་འགྱུར་བས། །བགྲོད་མེད་ལམ་གཅིག་རྟོགས་པའི་ཐབས། །སྤྱི་དང་སྒྲ་མཐུན་དོན་དཔ༷ག་(འཕགས་)ལམ་ལྔར་བཤད། །བླ་མར་བསྙེན་བཀུར་ཡོངས་རྫོགས་ནས། །དམ་པའི་དྲུང་ན་གནས་པ་ནི། །ཚོགས་ཀྱི་ལམ་ཞེས་དེ་ལ་བྱ། །བླ་མས་གདམས་པའི་དོན་བཤད་དེ། །གདམས་ངག་རྣམ་གཉིས་རྒྱུད་ལ་སྦྱོར། །སྦྱོར་བའི་ལམ་དུ་ང་ཡིས་བསྟན། །ངོ་སྤྲོད་རྣམ་པ་བཞིའི་སྒོ་ནས། །ཚེ་འདིར་ངེས་པའི་བདེན་པ་མཐོང་། །མཐོང་བའི་ལམ་དུ་བཤད་པ་ཡིན། །བསྒོམ་དུ་མེད་པའི་བསྒོམ་པ་དང་། །བསྒོམ་དུ་ཡོད་པའི་མེད་པ་ཡིས། །འདུ་འབྲལ་མེད་པར་གནས་པ་ནི། །བསྒོམ་པའི་ལམ་དུ་ང་ཡིས་བསྟན། །སངས་རྒྱས་དགོངས་པའི་གདེང་ཆེན་བཞི། །མི་གནས་ཚུལ་གྱིས་མཐར་ཕྱིན་པས། །མཐར་ཕྱིན་ལམ་དུ་བཤད་པ་ཡིན། །ཞེས་སོ། །ཕ་རོལ་ཏུ་ཕྱིན་པ་ལའང་ལྔ་ལས། ངོ་བོ་ནི། སྤྱོད་པ་རླབས་པོ་ཆེའི་ཆོས་སུ་གྱུར་པ། ངེས་ཚིག་ནི། འཁོར་བ་ལས་ཕ་རོལ་ཏུ་ཕྱིན་པར་བྱེད་པ། དབྱེ་ན། རྒྱུ་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྔ། འབྲས་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྔ་སྟེ་བཅུའོ། །དང་པོ་ནི་སྦྱིན་པ་ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས། བསམ་གཏན་ནོ། །གཉིས་པ་ནི། ཤེས་རབ་ནི་ངོ་བོ། ཐབས་ནི་ཁྱད་པར། སྟོབས་ནི་ཡོན་ཏན། སྨོན་ལམ་ནི་ཡན་ལག །ཡེ་ཤེས་ནི་འབྲས་བུ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་དོན་གཅིག་གོ །དཔེ་ནི། བཞོན་པ་དང་། གྲུ་པ་དང་། མདའ་ལྟར་འདོད་པའི་


GTN002_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

སར་ཕྱིན་པ་སྟེ། བཤད་རྒྱུད་ལས། ཕ་རོལ་ཕྱིན་པའི་ངོ་བོ་དང་། །ངེས་ཚིག་དབྱེ་བ་མཐུན་དཔེ་རྣམས། ༨༠ །མཐར་ཕྱིན་གྲུབ་པའི་ས་ལ་གནས། །ཞེས་སོ། །བརྩི་ཚུལ་ནི། དང་པོ་རྩོལ་བསྒྲུབ་ལས་འདས་པར་དབྱེར་མེད་ཀྱང་། ཡོན་ཏན་ཆ་ཤས་བཅུ་བརྩི་བ་ནི། ཕ་རོལ་ཕྱིན་པ་ཆེན་པོ་བཅུ། །ཟིན་པས་རྩོལ་བའི་ནད་སྤངས་པ། །ལྷུན་གྱིས་གནས་པས་བཞག་པ་ཡིན། །སྙིང་པོ་ཡེ་ནས་སངས་རྒྱས་ལ། །རྩོལ་བའི་བསམ་པས་དབྱིངས་མི་བསྐྱེད། །བསམ་གཏན་ཏིང་འཛིན་སངས་རྒྱས་སྐུ་ལ་བསྒྲིབས། །སངས་རྒྱས་སྐུ་ནི་མ་བསྒྲིབས་ཀུན་ཏུ་གསལ། །ལྷུན་གྲུབ་ཆེན་པོར་མ་རྟོགས་པས། །ངེས་པའི་ཕ་རོལ་ཕྱིན་པ་མིན། །ཡང་དག་ངེས་པའི་དོན་ཆེན་འདི། །ངོ་བོ་ནམ་མཁའ་ལྟ་བུ་ལས། །ཡོན་ཏན་སྣང་བ་ཕྱོགས་མེད་ཤར། །ཤར་ཡང་རང་རིག་རྣམ་པར་དག །དེ་ཉིད་སྦྱིན་པའི་ཕ་རོལ་ཕྱིན་པ་ཡིན། །དྲི་མེད་རྣམ་དག་ཚུལ་ཁྲིམས་ཕ་རོལ་ཕྱིན། །འགྲན་ཟླ་མེད་པས་བཟོད་པའི་ཕ་རོལ་ཕྱིན། །བརྗེད་པ་མེད་པས་བརྩོན་འགྲུས་ཕ་རོལ་ཕྱིན། །གཡོ་བ་མེད་པས་བསམ་གཏན་ཕ་རོལ་ཕྱིན། །འགག་པ་མེད་པས་ཤེས་རབ་ཕ་རོལ་ཕྱིན། །གཏི་མུག་མ་རིག་མེད་པས་དེ་བཞིན་ནོ། །བྱ་རྩོལ་མི་མངའ་ཐབས་ཀྱི་ཕ་རོལ་ཕྱིན། །སྐད་ཅིག་སྤྱོད་པས་དེ་བཞིན་ནོ། །ཡོན་ཏན་ཀུན་འབྱུང་སྟོབས་ཀྱི་ཕ་རོལ་ཕྱིན། །ཡོན་ཏན་རང་རྫོགས་སྨོན་ལམ་ཕ་རོལ་ཕྱིན། །གཞི་གནས་ཡེ་ཤེས་ཡིན་པས་ཡེ་ཤེས་ཕ་རོལ་ཕྱིན། །ཞེས་སོ། །

རང་གི་གྲུབ་མཐའ་བཤད་པ་ལ།

སྣང་བ།


GTN002_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

[༣] གསུམ་པ་རང་གི་གྲུབ་མཐའ་བཤད་པ་ལ། སྣང་བ། སྦུབས། སྤྱན། མཚོན་དཔེ། མུ་བཞི། བརྒལ་ལན་དང་དྲུག་ལས། དང་པོ་ལའང་བཞི་སྟེ། སྣང་བའི་ངོ་བོ་ནི། རིག་པའི་རང་གདངས་སུ་ཤར་བ། ངེས་ཚིག །འགག་མེད་ཡུལ་དུ་མཐོང་བ། དབྱེ་ན། བཞི་དང་། གསུམ་དུ་དབྱེ་བ་གཉིས་སོ། །བཞིར་དབྱེ་ན་འགྲོ་དྲུག་ཞེན་པའི་སྣང་བ་བདེ་སྡུག་སྣ་ཚོགས་རྒྱུ་འབྲས་བློ་ཡི་སྣང་བ་གྲུབ་མཐའ་སོ་སོ། རྟོགས་ལྡན་དོན་གྱི་སྣང་བ་རྒྱན་ཤར། ཀུན་ཏུ་བཟང་པོའི་སྣང་བ་གཞི་སྣང་ལྷུན་གྲུབ་བོ། །གསུམ་དུ་ཕྱེ་ན། མ་དག་འཁྲུལ་པའི་སྣང་བ་རིགས་དྲུག་སོ་སོ། དག་པ་འཇིག་རྟེན་གྱི་སྣང་བ་ས་ཆུའི་སྣང་ཆ་སོགས། ཡང་དག་ཡེ་ཤེས་ཀྱི་སྣང་བ་ལྷུན་གྲུབ་གཞི་སྣང་། དཔེ་ནི། ཉི་མ་དང་མར་མེའི་རང་གདངས་ལ་འོད་གནས་ལྟ་བུ་སྟེ། བཤད་རྒྱུད་ལས། སྣང་བའི་ངོ་བོ་ངེས་ཚིག་དང་། །དབྱེ་བ་སོ་སོའི་དཔེ་རུ་བཤད། །དང་པོ་དབྱེ་བ་རྒྱས་བསྡུས་གཉིས། །རྒྱས་པ་ལ་ཡང་རྣམ་པ་བཞི། །འགྲོ་དྲུག་ཞེན་པའི་སྣང་བ་དྲུག །རྒྱུ་འབྲས་བློ་ཡི་སྣང་བ་བཅུ། །རྟོགས་ལྡན་དོན་གྱི་སྣང་བ་གཅིག །དབྱེར་མེད་ཀུན་བཟང་སྣང་བ་བཞི། །བསྡུས་པའི་སྣང་བ་རྣམ་པ་གསུམ། །མ་དག་འཁྲུལ་པའི་སྣང་བ་དང་། །དག་པ་འཇིག་རྟེན་སྣང་བ་དང་། །ཡང་དག་ཡེ་ཤེས་སྣང་བའོ། །དང་པོ་རྒྱས་པར་བཤད་བྱ་བ། །འགྲོ་དྲུག་ཞེན་པའི་སྣང་བ་དྲུག །ཤེས་བྱའི་དཀྱིལ་འཁོར་མ་འགགས་པའི། །སྣང་བའི་དངོས་པོ་འདི་ཉིད་ལ། །དམྱལ་བས་ཚ་གྲང་གཉིས་སུ་མཐོང་། །ཡི་དྭགས་གསུམ་ལ་སྣང་བ་གསུམ། །ཕྱི་ནང་སྤྱི་མཐུན་སྣང་བའོ། །ཕྱི་


GTN002_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་ཟས་ལ་རྣག་ཁྲག་དང་། །གོས་ལ་ཚེར་མ་ལྟ་བུའོ། །གཅིག་ལ་ཟས་སྣང་སྲུང་མས་བསྲུངས། །གཅིག་ལ་བསྲུང་མེད་ཟོས་པས་དུག །དེ་ནི་ཡི་དྭགས་གསུམ་ལ་སྣང་། །བྱོལ་སོང་གཉིས་ལ་སྣང་བ་གཉིས། །བྱིང་ན་གནས་ལ་མུན་པ་དང་། །ཁ་འཐོར་རྣམས་ལ་གྱེན་ཐུར་སྣང་། །བཟའ་བཏུང་མ་འགགས་ཐད་ཀར་སྣང་། །མི་ལ་སྣང་བ་འདི་ཉིད་དེ། །ཡུལ་དང་ས་ཕྱོགས་ཁྱིམ་ལ་སོགས། །ལྷ་མ་ཡིན་ལ་གོ་མཚོན་སྣང་། །ལྷ་ལ་རིན་ཆེན་བདུད་རྩིར་སྣང་། །བློ་སྣང་ཞེན་པའི་བག་ཆགས་ཡིན། །རྒྱུ་འབྲས་བློ་ཡི་སྣང་བ་བཅུ། །མུ་སྟེགས་རྟག་པའི་སྣང་བ་ཡང་། །རྟག་པའི་དངོས་པོ་འདི་ལས་གཞན་མི་སྣང་། །མུ་སྟེགས་ཆད་པའི་སྣང་བ་ཡང་། །འདི་ཡོད་ཕྱི་མ་མེད་པ་སྟེ། །སྣང་བ་འདི་ཉིད་གློ་བུར་བྱུང་བ་ལ། །ཞིག་པས་འབྱུང་ལྔའི་ངང་དུ་ཞ། །མེད་ཆར་སྣང་བ་གཞན་མི་སྣང་། །ཉན་ཐོས་གཡག་རྔ་ནེའུ་སིང་དང་། །གོང་བུ་ཆ་ཤས་མེད་པར་བལྟ། །གཟུང་འཛིན་ཆོས་ཀྱི་བདག་ཏུ་སྣང་། །རང་རྒྱལ་གོང་མཐུན་ཕྱོགས་གཅིག་སྟོང་། །ཕུང་པོ་ཁམས་ལ་ཕྱོགས་གཅིག་བདག་མེད་པའོ། །མདོ་སྡེ་དོན་དམ་སྟོང་པ་ཉིད། །ཀུན་རྫོབ་སྒྱུ་མ་ཙམ་དུ་སྣང་། །གསང་སྔགས་ཕྱི་ནང་གཉིས་པོ་དང་། །དོན་དམ་མདོ་སྡེར་མཐུན་པ་ལ། །ཀུན་རྫོབ་སྣང་བ་སོ་སོར་མཐོང་། །ཀྲཱ་ཡས་རིགས་གསུམ་རྗེ་འབངས་མཐོང་། །ཨུ་པས་ལྷ་དང་དཔོན་གཡོག་མཐོང་། །ཡོ་གས་སྤུན་དང་གྲོགས་པོར་མཐོང་། །མ་ཧཱས་ཕུང་པོ་ལྷར་སྣང་མཐོང་། །ཨ་ནུས་དབྱིངས་དང་ཡེ་ཤེས་མཐོང་། །ཀུན་གྱིས་རྒྱུ་འབྲས་མ་སྤངས་མཐོང་། །དངོས་པོར་མི་བདེན་བློ་ལ་
སྣང་། །རྒྱུ་འབྲས་བློ་ཡི་སྣང་བ་ཡིན། །རྟོགས་ལྡན་དོན་གྱི་སྣང་བ་ནི། །རྫོགས་ཆེན་རྟོགས་པའི་སྣང་བ་ཡིན། །ཐམས་ཅད་ཆོས་སྐུའི་ངོ་བོར་མཐོང་། །ཀུན་ཏུ་བཟང་པོའི་སྣང་བ་ནི། །གོང་མ་དང་མཚུངས་གཉིས་མེད་སྣང་། །ཐོག་མའི་གཞི་སྣང་འདུག་ཚུལ་ཡིན། །བསྡུས་པས་སྣང་བ་རྣམ་པ་གསུམ། །མ་དག་འཁྲུལ་སྣང་རིགས་དྲུག་ཡིན། །དག་པ་འཇིག་རྟེན་སྣང་བ་ས་བཅུའི་བྱང་སེམས་ཡིན། །ཡང་དག་ཡེ་ཤེས་སྣང་བ་གཞི་སྣང་གོང་དུ༷་{དང༵་}མཚུངས། །སྣང་བའི་དབྱེ་བ་རྒྱས་བསྡུས་བསྟན་པའོ། །སྣང་བའི་ངོ་བོ་བསྟན་པ་ནི། །དབྱེ་བའི་ཁོང༷ས་{གོ༵ང་}ནས་བསྟན༷་{ཤེ༷ས་}པར་གྱིས། །ཞེས་དང་། ཡང་དག་ངེས་པའི་ངོ་བོ་ནི། །ཆོས་ཉིད་གདངས་དང་སྣང་བ་དག་གི་ངེས་ཚིག་ནི། །འགག་མེད་ཡུལ་དུ་མཐོང་བས་སྣང་བར་བརྟགས། །དཔེ་ནི་དབྱེ་བའི་ཁོངས་སུ་བསྟན། །འདི་རུ་ངེས་པའི་དཔེ་བསྟན་པ། །ཉི་མ་དག་ལ་ཟེར་སྣང་དང་། །མར་མེ་དག་ལས་འོད་སྣང་བཞིན། །སྣང་ཞིང་རང་གི་གདངས་ལ་བཞུགས། །དེ་བཞིན་ཡེ་ཤེས་ཆེན་པོ་ལས། །ཡེ་ཤེས་རང་གདངས་ཟང་ཐལ་སྣང་། །ཡེ་ཤེས་རང་གི་གདངས་ལ་བཞུགས། །ཆོས་ཉིད་དག་པའི་དཔེ་བསྟན་པ། །མེ་ལོང་ལ་སོགས་བཞིན་སྣང་ལྟར། །ཞེས་སོ། །

སྦུབས།


GTN002_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་སྦུབས་ལ་བཞི་སྟེ། སྔ་མ་ལས། སྦུབས་ཀྱི་ངོ་བོ་ངེས་ཚིག་དང་། །དབྱེ་བ་མཐུན་པའི་དཔེ་ཡིས་བཤད། །དབྱེ་ན་རྣམ་པ་བ༷ཅུ་{གསུ༵མ་}ཡིན་ཏེ། །རིན་ཆེན་སྦུབས་དང་འོད་ཀྱི་སྦུབས། །བག་ཆགས་སྦུབས་དང་གསུམ་དུ་བསྟན། །


GTN002_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོའི་མཚན་ཉིད་བསྟན་པ་ནི། །ཆོས་སྐུ་ཟང་ཐལ་འགྱུར་བ་མེད། །འགག་མེད་ཀུན་གསལ་ཡེ་ཤེས་སྐུ། །ཕྱོགས་གཅིག་མཚོན་པ་མན་ཤེལ་བཞིན། །ཞིབ་ཏུ་གོང་བསྟན་གཞི་སྣང་བཞིན། །རིན་ཆེན་སྦུབས་ཏེ་ཆོས་སྐུ་ཡིན། །བར་པའི་མཚན་ཉིད་བསྟན་པ་ནི། །འགག་མེད་ཡེ་ཤེས་འོད་ཀྱི་སྐུ། །སུམ་ཅུ་རྩ་གཉིས་མཚན་འཆང་བ། །ཚོམ་བུའི་དཀྱིལ་འཁོར་ཆེན་པོ་ལྔ། །གསལ་འཚེར་ལྷུན་སྡུག་གཟི་བརྗིད་ལྡན། །འོད་ཀྱི་སྦུབས་དེ་ལོངས་སྐུ་ཡིན། །ཐ་མའི་མཚན་ཉིད་བསྟན་པ་ནི། །བག་ཆགས་རྣམ་བཞི་ཡོངས་རྫོགས་པ། །ཕུང་པོ་ཁམས་དང་སྐྱེ་མཆེད་བཅས། །ཚོགས་བརྒྱད་སེམས་དང་བཅས་པ་ནི། །བག་ཆགས་སྦུབས་སུ་ང་ཡིས་བསྟན། །དེ་ལ་སྦུབས་གསུམ་ངོ་བོ་ནི། །གོང་བསྟན་སྐུ་གསུམ་ཡིན་པར་བཤད། །སྦུབས་ཞེས་བྱ་བའི་གཏན་ཚིགས་ནི། །བཞུགས་པའི་རྟེན་དུ་གྱུར་པའོ། །སྦུབས་ཞེས་བྱ་བའི་སྤྱི་ཚིག་ལ། །སོ་སོ་ངེས་པར་བསྟན་པ་ནི། །ཡོན་ཏན་ཀུན་འབྱུང་རིན་ཆེན་སྦུབས། །རང་བཞིན་མེད་པས་འོད་ཀྱི་སྦུབས། །ཆུ་ཟླ་མེ་ལོང་གཟུགས་བརྙན་དང་། །འཇའ་ཚོན་ལྟ་བུའི་དཔེ་ཡིས་བསྟན། །རྣམ་རྟོག་མཐུ་བརྟས་བག་ཆགས་སྦུབས། །ཞེས་སོ། །ཆོས་འདི་ཡི་གྲུབ་མཐའ་སྦུབས་གསུམ་པོ་འདི་ལ་བཅའ་བས་གནད་གལ་པོ་ཆེའོ། །

སྤྱན།


GTN002_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་སྤྱན་ལ་བཞི་སྟེ། བཤད་རྒྱུད་ལས། སྤྱན་གྱི་ངོ་བོ་དབྱེ་བ་དང་བཅས་པ་ནི། ཡེ་ཤེས་ཀྱི་སྤྱན་འབྱེད་པ་མེད་པ་རྩེ་གཅིག་ཏུ་གསལ་བ་དང་། ཆོས་
ཀྱི་སྤྱན་རྟོག་པ་མེད་པར་རྣམ་པར་མཁྱེན་ཅིང་གསལ་བ་དང་། ཤེས་རབ་ཀྱི་སྤྱན་རྟོག་པ་དང་བཅས་པས་རྣམ་པར་དཔྱོད་ཅིང་དོན་སོ་སོར་གསལ་བ་དང་། ལྷའི་སྤྱན་རྣམ་པར་དག་པ་བག་ཆགས་ཟད་པ་ལ་སྣང་བ་དང་། ཤ་ཡི་སྤྱན་རྣམ་པར་དག་པ་ཏིང་འཛིན་ལས་སུ་རུང་བ་ལ་སྣང་བ་དང་། ཆུ་བུར་གྱི་མིག་བག་ཆགས་ཀྱི་ལུས་ཅན་རྣམས་ལ་ཐུན་མོང་དུ་གསལ་བའོ། །ངེས་ཚིག་ནི་དོན་མཐོང་ཞིང་མ་འགགས་པར་གསལ་བས་ནའོ། །མཚན་ཉིད་ནི་སྤྱིར་སྒྲིབ་པ་དང་བྲལ་བའོ། །དཔེ་ནི་ཉི་མའི་སྙིང་པོ་ལྟ་བུའོ། །ཞེས་སོ། །

མཚོན་དཔེ།


GTN002_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པ་དཔེ་ལའང་། ངོ་བོ། །དོན་མཚོན་པའི་བརྡའོ། །ངེས་ཚིག །ཕྱོགས་མཐུན་སྟོན་པས་དཔེའོ། །དབྱེ་ན། གཞིའི་དཔེ། རྩལ་གྱི་དཔེ། གྲོལ་བའི་དཔེ། གཉིས་མེད་ཀྱི་དཔེ་དང་བཞི། རྣམ་གྲངས་ཉི་ཤུ་རྩ་ལྔ་སྟེ། བཤད་རྒྱུད་ལས། རིགས་ཀྱི་བུ། བག་ཆགས་སྦུབས་ན་གནས་པའི་དཔེ་ནི། སེང་ཕྲུག་དང་ཁྱུང་ཕྲུག་ལྟ་བུའོ། །སྦུབས་འཕོ་བའི་དཔེ་ནི། བྱེ་ཕྲུག་སྒོ་ང་ནས་བྱུང་བ་དང་། སྦྲུལ་སྐོགས་པ་དང་བྲལ་བ་ལྟ་བུའོ། །འདིར་རྟོགས་པས་བར་དོ་ཆོད་པའི་དཔེ་ནི། སྔར་འདྲིས་པའི་མི་ཕྱིས་ངོ་ཤེས་ལྟ་བུའོ། །སྦུབས་འཕོ་ཁར་ཡེ་ཤེས་དང་མི་འབྲལ་བར་འགྲོགས་པའི་དཔེ་ནི། ཚང་མང་ནས་སྒྲོན་མེ་ཕྱིར་བཏོན་པས་ཚང་མང་མུན་པར་གྱུར་ཏེ། མིའི་ལག་པ་སྒྲོན་མེ་དང་མི་འབྲལ་བར་འགྲོགས་ཏེ་འགྲོ་སར་ཕྱིན་པ་ལྟ་བུའོ། །འཁྲུལ་པ་ལོག་པའི་དཔེ་ནི། གཉིད་སད་པ་ལྟ་བུའོ། །རྟོགས་པ་ཅན་འཆི་
ཁར་ནད་དང་རྐྱེན་གྱིས་དཀྲུགས་ཀྱང་མི་བརྗེད་པའི་གཟུངས་ཐོབ་སྟེ་ཤེས་རབ་ཕྱིས་འཆར་བའི་དཔེ་ནི། ཆུ་ཟླ་ལ་རྡོས་བརྒྱབ་པས་འཁྲུགས་ནས་མི་གསལ་ཀྱང་། ཆུ་དངས་འཕྲོར་གསལ་བ་ལྟ་བུའོ། །ཆོས་སྐུ་ལུས་ལས་མ་བྱུང་བར་ཡེ་ཤེས་སྔོན་རོལ་དུ་འཆར་བའི་དཔེ་ནི། ཉི་མ་ཤར་གྱི་ལ་ཁ་ན་འདུག་ཀྱང་འོད་ནུབ་རི་ལ་ཤར་བ་ལྟ་བུའོ། །སྐད་ཅིག་མའི་ཆོས་སྐུ་གསུམ་ནི་འཛིན་པར་བྱེད་པའི་ལྕགས་ཀྱུས་འོད་ལྔ་མ་བཟུང་བའི་གཟུང་བར་འགྱུར་བ་དང་། སྡུད་པར་བྱེད་པའི་དངས་མ་ཆོས་ཉིད་ཀྱི་ངོ་བོ། ཡེ་ཤེས་ཤར་བའི་ངང་དུ་ཐིམ་པ་དང་། མི་བརྗེད་པའི་གཟུངས། རྒྱུན་གྱི་ཐག་པ་དང་གསུམ་མོ། །སྐད་ཅིག་མ་གཅིག་ལ་གྲོལ་བའི་དཔེ་ནི། སེངྒེ་མཆོངས་པ་ལྟ་བུ་དང་། བུམ་པ་ཆག་པས་མར་མེ་གསལ་བ་ལྟ་བུ་དང་། སྐར་མདའ་ནམ་མཁའ་ལ་རྒྱུག་པ་ལྟ་བུའོ། །ཡེ་ཤེས་ཀྱི་གདངས་ལ་ཤེས་པ་མྱུར་བར་འཇུག་པའི་དཔེ་ནི། གསེར་གྱི་ཐུར་མ་ལྟ་བུའོ། །ཆོས་ཉིད་ལ་ཡེ་ཤེས་ཀྱི་སྣང་བ་འཆར་བའི་དཔེ་ནི། ནམ་མཁའ་ལ་འཇའ་ཚོན་ཤར་བ་ལྟ་བུའོ། །ཕྱིར་མི་ལྡོག་པའི་དཔེ་ནི། ཐོག་དང་དཔག་ཆེན་གྱི་མདའ་བཞིན་ནོ། །མངོན་པར་རྫོགས་པ་སངས་རྒྱས་པའི་དཔེ་ནི། ནམ་ལངས་པས་རི་ལུང་མེད་པར་གསལ་བ་ལྟ་བུའོ། །རྒྱ་མཚོ་ལ་གཟའ་སྐར་ཤར་བ་དང་ཆུ་ཟླ་ལྟ་བུའོ། །མ་རྟོགས་པ་ལ་དོན་སེམས་དངོས་སུ་མེད་པར་སེམས་ཕྱིས་༼བར་དོ་ནས་ལུས་དང་ཁ་དོག་མངོན་སུམ་མེད་པ་ལས་བྱས་སྣང་­༽འཆར་བའི་དཔེ་ནི། ས་བོན་ལ་མྱུ་གུ་དངོས་སུ་མེད་ཀྱང་ཕྱིས་༼སྐྱེད་དུས་ལ་མྱུ་གུ་སྔོན་པོ་སྔོན་མེད་པར་༽འདུ་འབྱུང་བ་ལྟ་བུའོ། །སྤྲུལ་པའི་སྐུ་ཡིས་དོན་བྱས་ནས་རང་དུ་གྲོལ་བའི་དཔེ་ནི། ཆུ་


GTN002_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

བྲན་རྒྱ་མཚོར་འདུ་བ་ལྟ་བུ་དང་། ཉི་མ་ནུབ་ཀར་ཟེར་འདུ་བ་བཞིན་ནོ། །མྱ་ངན་ལས་འདས་པའི་དཔེ་ནི། འཇའ་ཚོན་ནམ་མཁའ་ལ་ཐིམ་པ་ལྟ་བུའོ། །ཞིང་ཁམས་གཅིག་པ་ལ་རིགས་ཐ་དད་པའི་དཔེ་ནི། མར་མེ་མང་དུ་བཏང་བས་འོད་མི་བྱེད་པར་སྙིང་པོ་སོ་སོར་གསལ་བ་ལྟ་བུའོ། །རིག་པ་གཅིག་ལ་རྩལ་སོ་སོར་རྫོགས་པའི་དཔེ་ནི། ས་བོན་གཅིག་ལས་སྡོང་བུ་དང་ཡལ་ག་སོ་སོར་གྱེས་ཏེ་དེ་ལ་སྙེ་མ་སོ་སོར་བྱུང་བས་འབྲས་བུ་ནས་མང་པོ་རྫོགས་པ་བཞིན་ནོ། །རང་ས་ནས་རང་སར་གྲོལ་ཞིང་རང་སར་དབྱེར་མེད་གནས་པའི་དཔེ་ནི། ནམ་མཁའ་གུད་དུ་བཅད་པ་སླར་བཏང་བ་ལྟ་བུའོ། །མུ་བཞིའི་དཔེ་ནི། གཅིག་དང་ཐ་དད་ལས་གྲོལ་བ་གསེར་གྱི་སེར་པོ་ལྟ་བུའོ། །མ་གྲོལ་བ་སྨིག་རྒྱུ་ཆུ་ཟླ་ལྟ་བུའོ། །གྲོལ་བའི་མ་གྲོལ་བ་ཁམས་དང་བུམ་པ་ལྟ་བུའོ། །མ་གྲོལ་བའི་གྲོལ་བ་ཉི་མ་དང་འོད་ལྟ་བུའོ། །ཡེ་ཤེས་རང་ལ་གསལ་བ་རྟགས་ཀྱི་དཔེ་ནི། ཆང་འཐུངས་པས་ར་རོ་བ་ལྟ་བུའོ། །རྟོགས་པ་མེད་པར་བསྒོམས་པས་མི་གྲོལ་བའི་དཔེ་ནི། རི་མོའམ་ལྡེར་སོ་ལྟ་བུའོ། །རིན་པོ་ཆེའི་སྦུབས་ནས་དགོངས་པ་རང་གསལ་བ་ལས་གཞན་གྱིས་མི་གཟིགས་པའི་དཔེ་ནི། གནས་ཁང་ཡངས་པར་མཚན་མོ་ལ་མགྲོན་པོ་སྔ་ཕྱི་འཚོགས་ནས་ཉལ་བ་ལྟ་བུའོ། །དང་པོ་རིན་པོ་ཆེའི་སྦུབས་ལས་འཁྲུལ་པའི་དཔེ་ནི། བྱིས་པས་མེ་ལོང་དུ་རང་གི་བྱད་ཤར་བ་ངོ་མ་ཤེས་པར་གཞན་གྱི་བྱད་དུ་མཐོང་བ་ལྟ་བུའོ། །ཕྱིས་རིན་པོ་ཆེའི་སྦུབས་ནས་མི་འཁྲུལ་པའི་དཔེ་ནི། བྱིས་པས་ལུས་ཀྱི་མཐའ་རྫོགས་ནས་རང་གི་བྱད་ངོ་ཤེས་པ་ལྟ་བུའམ་
ལོ་ཐོག་ནས་སུ་སྨིན་ནས་ནང་པར་ལྗང་བུར་མི་འགྱུར་བར་བཞིན་ནོ། །རིགས་ཀྱི་བུ་དཔེ་ཡི་ངོ་བོ་ནི། སོ་སོའི་མཚོན་པའི་བརྡ་ཇི་བཞིན་པའོ། །དཔེ་ཡི་ངེས་ཚིག་ནི། ཕྱོགས་མཐུན་འདྲ་བའི་སྒོ་ནས་མཚོན་པར་བྱེད་པའི་ཕྱིར་ནའོ། །དབྱེ་བ་ནི། གཞི་མཚོན་པའི་དཔེ་དང་རྩལ་མཚོན་པའི་དཔེ་གྲོལ་བ་མཚོན་པའི་དཔེ། གཉིས་མེད་མཚོན་པའི་དཔེའོ། །དགོས་པ་ནི། དོན་རྟོགས་པའོ། །ཞེས་སོ། །དཔེ་རྣམས་སིལ་བུར་གནས་ཀྱང་དོན་རླབས་པོ་ཆེ་སྟོན་པས་དོན་གལ་པོ་ཆེའོ། །

གྲོལ་བའི་མུ་བཞི།


GTN002_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་པ་མུ་བཞི་ལའང་། ངོ་བོ་གཅིག་ཉིད་སྐབས་ཀྱིས་ཆོས་ལ་ལྟོས་ནས་གཅིག་ཐ་དད་གྲོལ་དུ་སྣང་བའོ། །ངེས་ཚིག་མུ་བཞིར་དབྱེར་ཡོད་པའོ། །དབྱེ་ན་དུས་དང་། གྲོལ་མ་གྲོལ་ཏེ་གཉིས་སོ། །དཔེ་ནི་སྔར་བསྟན་པ་བཞིན་ཏེ། བཤད་རྒྱུད་ལས། མུ་བཞིའི་ངོ་བོ་ངེས་ཚིག་དང་། །དབྱེ་བ་མཐུན་པའི་དཔེ་རྣམས་ཏེ། །དཔེ་ནི་གོང་བསྟན་ཤེས་པར་བྱ། །ངོ་བོ་དབྱེ་བ་བཅས་པ་ནི། །མུ་བཞི་རྣམ་པ་གཉིས་ཡིན་ཏེ། །དུས་དང་གྲོལ་བ་ལ་སོགས་བརྩི། །དང་པོ་དུས་ཀྱི་མུ་དབྱེ་ན། ལུས་ཀྱི་མཐའ་རྫོགས་པའི་དུས་དང་། ཤེས་རབ་ཀྱི་རྩལ་རྫོགས་པའི་དུས་དང་། ལས་ཀྱི་མཐའ་ཟད་པས་ཆེ་བའི་ཡེ་ཤེས་རང་ལ་རྫོགས་པའི་དུས་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཐུགས་རྗེའི་རྩལ་ཟད་པའི་དུས་སོ། །གྲོལ་བའི་མུ་བཞི་ནི། གཅིག་པ་དང་ཐ་པ་དད་ལས་གྲོལ་བའི་ཐིག་ལེ་དང་རང་བྱུང་གི་ཡེ་ཤེས་སོ། །རིགས་ཀྱི་བུ་ཅིའི་ཕྱིར་ཞེ་ན། རང་བྱུང་གི་ཡེ་ཤེས་ཉིད་
ཐིག་ལེ་ཡིན་ལ། ཐིག་ལེ་ཉིད་ཀྱང་རང་བྱུང་གི་ཡེ་ཤེས་སུ་གསལ་བས་གཅིག་པ་དང་ཐ་དད་དུ་བརྗོད་པ་ལས་འདས་པའོ། །གཅིག་པ་དང་ཐ་དད་པ་ལས་མ་གྲོལ་བ་ནི། ཆོས་ཀྱི་སྐུ་དང་ནམ་མཁའོ། །རིགས་ཀྱི་བུ་ཅིའི་ཕྱིར་ཞེ་ན། དེ་གཉིས་ཐ་དད་པའི་ཕྱིར་ཏེ། རང་བཞིན་དག་པའི་ནམ་མཁའ་ནི་ཁ་དོག་བཞི་དང་དབྱིབས་བཞིའི་བདག་ཉིད་ཅན་ནོ། །འབྱུང་བ་བཞིའི་རང་བཞིན་དག་ཀྱང་། བག་ཆགས་དང་མ་བྲལ་ཏེ། ངོ་བོ་རིག་མེད་སྟོང་པ་ཡིན་པའི་ཕྱིར་རོ། །ཆོས་སྐུ་ཐིག་ལེ་ཆེན་པོ་ནི། སྟོང་པར་མཐུན་ཡང་དེ་རྣམས་ལས་ལོག་པའོ། །དོན་དེས་གཅིག་པ་དང་ཐ་དད་པ་ལས་མ་གྲོལ་བའོ། །གྲོལ་བའི་མ་གྲོལ་བ་ནི། སེམས་དང་ཡེ་ཤེས་ཏེ། གྲོལ་བ་ནི་གཞི་གཅིག་པའོ། །སེམས་རྟོག་བཅས་སུ་གསལ་ལ་ཡེ་ཤེས་རྟོག་མེད་དུ་བཞུགས་པས། དོན་དེས་ན་གཞིའི་ངོས་ནས་གྲོལ་བ་རྩལ་གྱི་ངོས་ནས་མ་གྲོལ་བའོ། །མ་གྲོལ་བའི་གྲོལ་བ་ནི། ཐིག་ལེ་དང་ཡུལ་ཏེ། ཐིག་ལེ་རིག་པ་འགག་པ་མེད་པ་དང་། ཡུལ་རིག་མེད་སྟོང་པར་གནས་པས་མ་གྲོལ་བའོ། །གྲོལ་བ་ནི་ཆོས་ཅན་ཐ་དད་པ་ལྟ་བུ་མ་ཡིན་པར་སྟོང་པ་དབྱེར་མེད་དུ་གནས་ཏེ། སོ་སོར་བརྗོད་པ་ལས་འདས་པའི་གསལ་བ་ཟང་ཐལ་ལོ། །དོན་དེས་ན་མ་གྲོལ་བའི་གྲོལ་བའོ། །ཞེས་སོ། །

བརྒལ་ལན།


GTN002_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་པ་བརྒལ་ལན་ནི། རང་གི་གྲུབ་མཐའ་བརྟན་པོར་བཟུང་ཞིང་དེ་ལ་ལོག་རྟོགས་ཀྱི་གནོད་པ་སྤོང་བ་དང་ཐེག་པ་འོག་མ་སྐྱོན་ཅན་དུ་བསྟན་པས། ཐེག་


GTN002_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱལ་པོ་རྒྱལ་མཚན་གྱི་རྩེ་མོ་ལྟར་ནུབ་པ་མེད་པའི་དཔུང་རྒྱན་དུ་མཚོན་ཏེ། ཀུན་གསལ་ལས། ངས་བསྟན་པའི་དོན་དེ་རྣམས་ལ་རྩོད་པར་གྱུར་ན། གང་རྩོད་པ་དང་རྗེ་བློན་༼རྒྱུད་ལུང་མན་ངག༽དམངས་དང་གསུམ་དཔང་དུ་བཞག་ལ། འདྲི་ལུགས་དང་དམ་བཅའ་མ་ནོར་བར་བྱས་ལ། སྒྲུབ་བྱེད་ཀྱིས་གང་ཡིན་པར་བསྒྲུབ་ཅིང་། གཞན་སེལ་གྱིས་མི་མཐུན་པའི་ཕྱོགས་ཐམས་ཅད་སྤངས་ལ། ཕན་པའི་རྐྱེན་ཅན་གྱིས་སྟངས་གདབ་སྟེ། དོན་མི་འགྱུར་བའི་དབྱིངས་ལ་བསྐྱལ་ལོ། །ལོག་ལྟ་ཅན་གྱི་སྒྲུབ་བྱེད་ལ། སྐྱོན་གྱི་སྒྲུབ་བྱེད་མི་མཐུན་པའི་ཕྱོགས་གཏོང་ངོ་། །ཁོའི་གཞན་སེལ་དེ་ལ། བསྒྲུབ་པའི་སྒྲུབ་བྱེད་གཏོང་ངོ་། །ཕན་པའི་རྐྱེན་ལ་གནོད་པའི་འགལ་རྐྱེན་གཏོང་ངོ། །རང་རིག་པའི་ཡེ་ཤེས་དགག་སྒྲུབ་དང་བྲལ་བ་ནི། དབྱིངས་སུ་བཞག་སྟེ་བཙན་པོའི་ཡུལ་མཁར་ལྟ་བུའོ། །དེའི་ཕྱོགས་ནས་བསྒྲུབ་པའོ། །གཏན་ཚིགས་༼ངང་དང་རང་བཞིན་བདག་ཉིད།༽གསུམ་ནས་བཞིའི་ཕན་པའི་རྐྱེན་བྱའོ། །གནོད་པའི་སྐྱོན་དུ་ཡང་དེ་རྣམས་སྟོན་ཏེ། གཞི་སྣང་ལ་སོགས་པ་གང་ལ་རྩོད་ཀྱང་གྲོགས་དེ་རྣམས་ཀྱིས་བྱས་ལ་ངས་བཤད་པ་བཞིན་དོན་གྱི་གནད་དྲིལ་བ་དང་ལན་གདབ་པར་བྱའོ། །མཐུན་ན་སྒྲུབ་བྱེད་ཀྱིས་དབྱིངས་ལ་སྦྱར། མི་མཐུན་གཞན་སེལ་གྱིས་བརྒལ་ལོ། །དོན་ངེས་པར་བྱེད་པ་དང་། ཐེ་ཚོམ་དང་བྲལ་བར་བྱེད་པ་དང་། ཤེས་བྱ་གཏན་ལ་འབེབས་པར་བྱེད་པས་ན་གཏན་ཚིགས་ཞེས་བྱ་སྟེ། དེ་དང་རྗེས་སུ་མཐུན་པར་བཤད་དོ། །དེ་ཡིས་ཡིད་གཉིས་ཟ་བ་དང་བྲལ་བར་འགྱུར་རོ། །ཞེས་སོ། །དེའང་རང་བྱུང་གི་ཡེ་ཤེས་ལ་རྫོང་དང་གཞི་བཅས་ལ།
ཐམས་ཅད་དེའི་ངང་ལ་གནས་པ་དང་རྩལ་ལས་ཤར་བར་མཐའ་བཅད་དོ། །འོག་མ་རྣམས་སོ་སོའི་གྲུབ་མཐའ་ནང་འགལ་དུ་ཡོད་པས་མཐར་ཐུག་འཇོག་མི་ཤེས་པའི་ཕྱིར་འདིས་གནོད་དེ། སྤྱོད་འཇུག་ལས། རྣལ་འབྱོར་པ་ཡང་བློ་ཁྱད་ཀྱིས། །གོང་མ་གོང་མ་རྣམས་ཀྱིས་གནོད། །ཅེས་པ་ལྟར་ཐེག་པའང་གོང་མས་འོག་མ་ལ་གནོད་ཅིང་ཟིལ་གྱིས་གནོན་པ་རྒྱལ་པོས་རང་གི་མངའ་འོག་ལ་བྱ་བ་བཞིན་ནོ། །འདི་ནི་ངེས་པའོ།། །།

སྤྱི་དོན་དྲུག་པ་བར་དོ་གནད་ཀྱི་གདམས་ཚུལ།

བར་དོའི་གནས་སྤྱིར་བསྟན་པ།


GTN002_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

༈ སྤྱི་དོན་དྲུག་པ་བར་དོ་གནད་ཀྱི་གདམས་ཚུལ་ལ་གཉིས་ཏེ། བར་དོའི་གནས་སྤྱིར་བསྟན་པ་དང་། གདམས་པའི་མཚོན་ཚུལ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་བཞི་སྟེ། རང་བཞིན་གྱི་བར་དོ། ཏིང་ངེ་འཛིན་གྱི་བར་དོ། །ཆོས་ཉིད་ཀྱི་བར་དོ། །སྲིད་པའི་བར་དོའོ། །དང་པོ་ནི། རང་བཞིན་བར་དོ་ནི་སྐྱེས་ནས་མ་ཤིའི་བར་གྱི་སྣང་བ་འདི་ཡིན་ཏེ། ངོ་སྤྲོད་བཞིས་ཤེས་བྱའི་སྒྲོ་འདོགས་བཅད་ནས་སེམས་དང་ཡེ་ཤེས་དབྱེ་བའི་མན་ངག་ཉམས་སུ་བླང་ངོ་། །གཉིིས་པ་ཏིང་འཛིན་གྱི་བར་དོ་ནི། རྣལ་འབྱོར་པ་ཆོས་ཉིད་རང་ངོ་ལ་རྩེ་གཅིག་ཏུ་འཇོག་དུས་ཏེ་དགོངས་པ་རང་བྱུང་ཡེ་ཤེས་ལས་མ་གཡོས་པར་ཉམས་སུ་བླང་ངོ་། །


GTN002_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ཆོས་ཉིད་ཀྱི་བར་དོ་ནི། འཁྲུལ་སྣང་འགགས་ནས་སྣང་སྲིད་སྐུ་དང་ཡེ་ཤེས་ཀྱི་རང་སྣང་དུ་ཤར་བའི་དུས་ཏེ། རང་སྣང་རང་ངོ་ཤེས་ནས་རིག་པ་བཙན་ས་ཟིན་པའི་གནད་ལ་བསླབ། བཞི་པ་སྲིད་པའི་བར་དོ་ནི། ཆོས་ཉིད་ནུབ་ནས་སྐྱེ་བ་ཕྱི་མ་ལོན་པའི་བར་གྱི་འཁྲུལ་སྣང་རྨི་ལམ་ལྟ་བུ་སྟེ། སྐྱབས་སུ་འགྲོ་བ་དང་། སྒྱུ་མ་ལྟ་བུའི་བསྐྱེད་རྫོགས་དང་། བླ་མའི་གདམས་ངག་གིས་ཐམས་ཅད་བདེན་མེད་དུ་སྦྱངས་ལ། ལས་ཀྱི་འཕྲོ་འཐུད་པའི་ཐབས་ངོས་ཟིན་པར་བྱའོ། །དེ་དག་ཀྱང་དོན་ལྔས་བསྟན་པ་ནི། ཀུན་གསལ་ལས། བར་དོ་རྣམ་པ་བཞིར་བཤད་དོ། །རང་བཞིན་དག་གི་བར་དོ་དང་། །ཏིང་ངེ་འཛིན་གྱི་བར་དོ་དང་། །ཆོས་ཉིད་འོད་གསལ་བར་དོ་དང་། །སྲིད་པའི་བར་དོ་རྣམས་སོ། །དེ་ལ་རང་བཞིན་བར་དོ་ནི། །ད་ལྟའི་འཁྲུལ་སྣང་འདི་ཉིད་ཡིན། །ཏིང་ངེ་འཛིན་གྱི་བར་དོ་ནི། །ལས་སུ་མ་རུངས་བསྒོམ་དུས་ཡིན། །ཆོས་ཉིད་བར་དོ་ཞེས་བྱ་བ། །འཁྲུལ་སྣང་འགགས་ནས་ཞག་ལྔའི་བར། །རང་རིག་ཡེ་ཤེས་འོད་དུ་འཆར། །འོད་ལ་གནས་པས་བར་དོ་ཡིན། །སྲིད་པའི་བར་དོ་ཞེས་བྱ་བ། །ཆོས་ཉིད་འོད་གསལ་སྣང་བ་ཡང་། །རྟོགས་པའི་ཤེས་རབ་མ་སྐྱེས་པས། །སྔར་ནས་ཡེ་ཤེས་བག་ལ་ཞ། །སྔར་གྱི་བག་ཆགས་སྣང་བ་འཆར། །དབང་པོ་ཀུན་ཚང་ཐོགས་མེད་ལྡན། །སྲིད་པའི་ཤ་གཟུགས་སྔོན་དུ་ཤར། །རང་དང་རིགས་མཐུན་ལྷ་མིག་མཐོང་། །ལུས་དང་འདུག་ས་འཚོལ་བར་བྱེད། །ངོ་བོ་དབྱེ་བར་བཅས་པའོ། །ངེས་པའི་དོན་ལ་མི་གནས་པས། །རང་ས་མ་ཟིན་བར་དོ་ཡིན། །
ངེས་པའི་གཏན་ཚིགས་ཞེས་བྱའོ། །དཔེར་ན་འཇིག་རྟེན་དོན་གཉེར་བ། །འགྲོ་སར་མ་ཕྱིན་བར་ཞག་བཞིན། །རང་བཞིན་གནས་པའི་བར་དོ་ལ། །རྒྱུད་ལུང་ཀུན་གྱིས་ཁོག་བཀྲོལ་ཏེ། །ངོ་སྤྲོད་རྣམ་བཞིས་གཏན་དུ་དབབ། །རང་རིག་ལྟ་བའི་ཐག་བཅད་པའོ། །ཏིང་འཛིན་བར་དོ་གསལ་བར་བྱ། །ཆོས་ཉིད་བར་དོར་ཡེ་ཤེས་ངོས་བཟུང་བའོ། །གལ་ཏེ་དེ་ལྟར་མ་གྱུར་པས། །སྲིད་པ་བར་དོར་ལས་ཀྱི་འཕྲོ་མཐུད་དོ། །ཞེས་སོ། །དེའང་རང་མལ་གཞི་ལས་གཡོས་ཏེ་བར་དོ་བཞིར་སྣང་བ་མ་དག་ཅིང་འབྲས་བུར་མ་སླེབས་པས་བར་དོ་ཞེས་བྱའོ། །གཞི་ལས་རྩལ་སྣང་ལ་འཁྲུལ་པའི་སྣང་བ་ཁ་ཕྱིར་བལྟས་པའི་དུས་སུ་གདོས་བཅས་དང་བྲལ་དུས་གཞི་སྣང་ལ་རང་ས་བཟུང་བའི་ཤིན་ཏུ་གཅེས་སོ། །

ངོ་སྤྲོད་བཞིས་གཏན་ལ་དབབ་པ།


GTN002_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་གདམས་པའི་མཚོན་ཚུལ་བྱེ་བྲག་ཏུ་བཤད་པ་ལ་གསུམ་སྟེ། ངོ་སྤྲོད་བཞིས་གཏན་ལ་དབབ་པ། དུས་གནད་བཞིའི་ཆས་སུ་ཞུགས་པ། གྲོལ་ཚུལ་གསུམ་གྱི་རིམ་པ་བསྟན་པའོ། །༡ དང་པོ་ལ་བཞི་སྟེ། ཆོས་སྐུ་རིན་པོ་ཆེའི་སྦུབས། ལོངས་སྐུ་ལྔ་ལྡན། སྤྲུལ་སྐུ་བར་དོ། །སྐུ་གསུམ་འདུ་འབྲལ་མེད་པ་རྫོགས་ལྡན་ཆེན་པོའི་ངོ་སྤྲོད་པའོ། །དང་པོ་ལ་གཞི་ལྷུན་གྲུབ་དང་། རྟོགས་པ་མངོན་གྱུར་གཉིས་ལས། དང་པོ་ནི་གཞི་ལ་ཚང་ཚུལ་དང་། དེ་ལས་ཤར་ཚུལ་གྱི་དབང་དུ་བྱས་ནས་ཆོས་སྐུ་མན་ཤེལ་ངོ་སྤྲོད། ལོངས་སྐུ་འདྲ་འབག་ལ་ངོ་སྤྲོད། སྤྲུལ་སྐུ་འོད་ཁྱིམ་ཁ་སྦྱོར་ལ་ངོ་


GTN002_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོད། སྐུ་གསུམ་འདུ་འབྲལ་མེད་པར་ཉི་མའི་སྙིང་པོ་ལ་ངོ་སྤྲོད་དོ། །འོད་ཁྱིམ་ཁ་སྦྱོར་ནི། ནང་སྙིང་གའི་རང་འོད་དང་ཕྱི་མན་ཤེལ་གྱི་འོད་ཁྱིམ་གཉིས། བར་རྒྱང་ཞགས་སུ་རྟགས་ཀྱི་འོད་ཁ་དོག་སྟེ་འོད་གསུམ་ངོ་སྤྲོད། ནང་གི་དོན་དམར་སེར་རྟགས། ཕྱིའི་འོད་དཔེའོ། །རྟོགས་པ་མངོན་གྱུར་ནི་བར་དོ་ལ་བརྩི་སྟེ་འོད་གསལ་ངོས་ཟིན་ནས་སྤྲུལ་པ་འབྱིན་པ་སྤྲུལ་སྐུར་ངོ་སྤྲོད། ལྔ་ལྡན་ཚོམ་བུར་སྣང་བས་ལོངས་སྐུ་ངོ་སྤྲོད། སྐུ་གསུམ་རང་སྣང་དུ་འདུ་འབྲལ་མེད་པར་རྫོགས་ལྡན་ཏེ་ལོངས་སྐུའོ། །རིན་པོ་ཆེའི་སྦུབས་སུ་ཕྱིན་པ་ནི་རྫོགས་ལྡན་ཆེན་པོ་ཆོས་སྐུའི་ངོ་སྤྲོད། ཡང་ན་ཆོས་ཉིད་རང་སྣང་ཤར་བ་སྤྲུལ་སྐུ། ཚོམ་བུར་སྣང་བ་ལྔ་ལྡན་ལོངས་སྐུ། གྲོལ་ནས་སྤྲུལ་པ་འབྱིན་པ་རྫོགས་ལྡན་ཏེ་འདུ་འབྲལ་མེད་པས་རིན་པོ་ཆེའི་སྦུབས་ཆོས་སྐུ་ངོ་སྤྲད་དོ། །དེ་ལྟར་བཞི་ཡང་ཆོས་ཉིད་ཐིག་ལེ་༼ཉག་གཅིག་གི༽ངོ་སྤྲོད། ལོངས་སྐུ་མ་ཧཱ་ཡོ་གའི་ངོ་སྤྲོད། སྤྲུལ་སྐུ་ལ་ཨ་ནུ་ཡོ་གའི་ངོ་སྤྲོད། འདུ་འབྲལ་མེད་པ་རྫོགས་ལྡན་རྫོགས་པ་ཆེན་པོའི་ངོ་སྤྲོད་བཞིར་བསྟན་ཏེ། སྤྲོད་ཚུལ་མན་ཤེལ་ལ་བརྟེན་ནས་ལག་ཁྲིད་ལྟར་བྱ་གསུངས། དེ་དག་ཀྱང་བཤད་རྒྱུད་ལས། ཀྱེ་གསང་བའི་བདག་པོ་ངོ་སྤྲོད་ནི། བཞིར་ཤེས་པར་བྱ། ༨༦ ངོ་སྤྲོད་བཞི་ཡི་དགོངས་པ་ཡིན། །ཞེས་སོ། །དེ་ལྟར་ངོ་འཕྲོད་པས་བར་དོ་སྔར་འདྲིས་པའི་མི་དང་འཕྲད་པ་ལྟ་བུར་གོམས་པར་བྱ་བ་གཅེས་སོ། །

དུས་གནད་བཞིའི་ཆས་སུ་ཞུགས་པ།


GTN002_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

༢ གཉིས་པ་དུས་གནད་བཞིའི་ཆས་སུ་ཞུགས་པ་ལ་བཞི་སྟེ། འཁྲུལ་པའི་སྣང་བ་འགགས་པ། ཡེ་ཤེས་ཀྱི་སྣང་བ་འཆར་བ། རང་རིག་ཤེས་པ་ལ་འཇུག་པ།
རྟགས་ཀྱི་རིམ་པ་འབྱུང་དུས་སོ། །དང་པོ་ནི། སྦུགས་མཐོ་བ་ལ་ཕྱོགས་དུས་སོགས་ཕྱི་ཡུལ་སྣང་གི་འཁྲུལ་པར་འཛིན་པ་མཐའ་དག་ནང་གི་སེམས་ལ་འདུས་པས་གཟུང་བ་ཡུལ་དང་བྲལ། སེམས་ཡེ་ཤེས་སུ་འདུས་པས་འཛིན་པ་སེམས་དང་བྲལ་ཏེ། དང་པོ་ཡེ་ཤེས་ལས་ཤར་བས་ཐ་མའང་ཡེ་ཤེས་སུ་འདུས་པའོ། །གཉིས་པ་ནི། ཡེ་ཤེས་ཁོང་གསལ་བུམ་ནང་གི་མར་མེ་ལྟར་གསལ་བའོ། །གསུམ་པ་ནི། དུས་དེར་ཤེས་པ་སྙིང་གའི་ཡེ་ཤེས་ཁོང་གསལ་དུ་འཇུག་སྟེ། རླུང་མེད་པས་སེམས་མེད། སེམས་མེད་པས་གདངས་ཀྱི་ཤེས་པ་གཞན་དུ་འཇུག་པ་མེད་དོ། །དོན་ལ་ཐམས་ཅད་རིག་པ་ཡེ་ཤེས་སུ་འཇུག་ཅིང་འདུས་པའི་དུས་སོ། །བཞི་པ་ནི། འཁྲུལ་པ་འགགས་དུས་སུ་རྟགས་འདི་རྣམས་འབྱུང་སྟེ། ས་ས་ལ་ཐིམ་པས་ལུས་ལྗི། ཤེས་པ་འཐིབས། ཆུ་ཆུ་ལ་ཐིམ་པས་ཁ་སྣའི་ཆུ་སྐམས། མེ་མེ་ལ་ཐིམ་པས་མཐའ་བཞིའི་དྲོད་འཆོར། རླུང་རླུང་ལ་ཐིམ་པས་ལུས་དང་ཤེས་པ་བྱིང་། རྣམ་ཤེས་ནམ་མཁའ་ལ་ཐིམ་པས་ཚོར་བའི་རྣམ་རྟོག་འགགས། ཐམས་ཅད་ཕྱམ་ཕྱམ་པ་ཀ་དག་གི་སྣང་བ་དར་གཅིག་འཆར། ནམ་མཁའ་འོད་གསལ་ལ་ཐིམ་པས་ཆོས་ཉིད་རང་སྣང་དུ་ཤར་བ་བྱུང་། དེ་ནས་ཡེ་ཤེས་གཞི་ནས་བཏེགས་ཏེ་ལམ་དར་དཀར་གྱི་སྐུད་པ་ལྟ་བུ་ནས་ཞུགས་ཏེ། རྒྱང་ཞགས་ནས་འཐོན་ཏེ་སྣང་སྲིད་ཞིང་ཁམས་སུ་གསལ་བའི་རྟགས་འཆར་ཏེ། བཤད་རྒྱུད་ལས། འཇིག་རྟེན་འཁྲུལ་པའི་སྣང་བ་འདི། །དང་པོ་རང་ལས་ཤར་བའི་ཕྱིར། །ཐ་མ་རང་གི་ངང་དུ་གྲོལ། །གོང་བསྟན་རང་ཤར་རང་གྲོལ་


GTN002_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན། །སྣང་བ་སེམས་ཀྱི་ངང་དུ་འདུས། །གཟུང་བར་བྱ་བའི་ཡུལ་དང་བྲལ། །སེམས་རྟོགས་ཡེ་ཤེས་དབང་དུ་འདུས། །འཛིན་པར་བྱེད་པའི་སེམས་དང་བྲལ། །གཟུང་འཛིན་བྲལ་བའི་རིག་པ་ལ། །ཡེ་ཤེས་རང་གདངས་འོད་གསལ་བས། །མཁའ་ལ་འཇའ་ཚོན་གསལ་བ་ལྟར། །ཆོས་ཉིད་ཀློང་ན་ཡེ་ཤེས་གསལ། །མཐའ་དབུས་མེད་པར་ཀུན་ལ་ཁྱབ། །དེ་ཚེ་ཤེས་པ་དེ་ལ་འཇུག །དྭངས་མའི་འབྱུང་བ་རྣམ་པ་ལྔ། །ཆོས་ཉིད་ངོ་བོ་ལྔ་ལས་ཤར། །དེ་ལས་འབྱུང་བའི་སྣང་བའི་འབྱུང་བ་ལྔ། །རང་རང་ངང་དུ་དག་ཅིང་ཐིམ། །འབྱུང་བའི་སྐབས་སུ་བསྟན་པ་བཞིན། །དང་པོ་ས་ལ་ས་ཐིམ་པས། །ལུས་ལྕི་ཤེས་པ་འཐིབས་པ་ཡིན། །དེ་ནས་ཆུ་ལ་ཆུ་ཐིམ་པས། །ལུས་པོ་ཁ་སྣ་སྐམས་པ་ཡིན། །དེ་ནས་རླུང་ལ་རླུང་ཐིམ་པས། །ལུས་དང་ཤེས་པ་བརྡིབ་ཅིང་བྱིང་། །དེ་ཚེ་མེ་ལ་མེ་ཐིམ་པས། །ལུས་ནི་དྲོད་དང་བྲལ་བ་ཡིན། །རྣམ་ཤེས་ནམ་མཁའི་ངང་དུ་ཐིམ། །ཚོར་བ་བདེ་སྡུག་རྟོག་པ་བྲལ། །ཁྱབ་པ་མེད་པའི་གདངས་ལ་གནས། །ཆོས་ཉིད་རང་གི་ངོ་བོ་ལྔ། །ཐིག་ལེ་ལྔ་ཡི་བདག་ཉིད་ཅན། །རང་བཞིན་དག་པའི་ནམ་མཁའ་དང་། །གཉིས་མེད་གཅིག་མིན་དོན་གྱིས་གནས། །ཅི་ཕྱིར་འདི་ལས་ལོགས་ན་མེད། །བག་དང་མ་བྲལ་ཁ་དོག་དབྱིབས། །དེ་བས་དེ་སྣང་དེ་ཡི་ངོ་བོ་བས། །དེ་ཕྱིར་དེ་ལ་དེ་སྐད་ཅེས་བརྗོད་པའོ། །ཡེ་ཤེས་གཞི་ལ་བྲོས་པའི་རྟགས། །རི་རབ་རྩེ་ནས་ཉི་མ་ནུབ། །རླུང་བཞི་རིམ་པས་ཞི་འགྱུར་ནས། །ལས་ཀྱི་རླུང་གིས་བསྐྱོད་གྱུར་ནས། །འཆི་བདག་བདུད་ཀྱི་གྲོང་ཁྱེར་ནས། །བདུད་ཀྱི་སོ་པ་མི་གཅིག་པོས། །དུས་ལ་བབ་དང་མ་བབ་བལྟ། །མང་ཡང་དེས་རྟགས་བསྡུས་པ་ཡིན། །ཞེས་སོ། །

གྲོལ་ཚུལ་གསུམ་གྱི་རིམ་པ་བསྟན་པ།


GTN002_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

༣ གསུམ་པ་གྲོལ་ཚུལ་གསུམ་གྱི་རིམ་པ་བསྟན་པ་ལ། དབང་པོ་རབ་འབྲིང་ཐ་གསུམ་ལས། རབ་དེ་ཡེ་ཤེས་ཟང་ཐལ་ཆེན་པོར་ད་ལྟ་རྟོགས་པའི་རླུང་དང་འདུ་འབྲལ་མེད་པས་ཁང་པའི་ནང་གི་ནམ་མཁའ་དེ་མཐོངས་ཀྱི་ནམ་མཁའ་ཆེན་པོ་དང་འབྲེལ་བ་ལྟར་རྟོགས་པ་ཟང་ཐལ་བག་ཆགས་སྦུབས་ཀྱི་རིག་པ་དེ་ཆུ་ཡི་སྒྲོན་མ་ཟང་ཐལ་གྱི་མཚམས་སྦྱོར་ནས་ཆོས་སྐུ་ལྷུན་གྲུབ་ཀྱི་སྦུབས་དང་གཉིས་མེད་ཆེན་པོར་འབྲེལ་བས་བག་ཆགས་ཀྱི་སྦུབས་ཀྱིས་མ་བསྒྲིབས་པར་ད་ལྟ་ཆོས་སྐུར་འབྲེལ། སྦུབས་འཕོ་དུས་ཁང་པ་ཞིག་པས་ནམ་མཁའ་གསུམ་རྣམ་དབྱེར་མེད་པ་ལྟར་ཆོས་ཉིད་བར་དོ་འཆར་ལང་མེད་པར་རིན་པོ་ཆེའི་སྦུབས་ལ་རང་ས་ཟིན་པ་སེངྒེའི་མཆོངས་སྟབས་གཅིག་གིས་ས་བཅད་པ་ལྟ་བུའོ། །ནམ་མཁའ་མཚན་ཉིད་གསུམ་གྱི་དཔེ་ཡང་ནམ་མཁར་རིགས་གཅིག་བསྟན་ལ་རིག་པ་ཚན་གསུམ་བྱས་ཀྱང་ཕྱི་ནང་བར་གསུམ་གྱི་གཅིག་ཏུ་དྲིལ་བ་མ་ཡིན་ཏེ། ད་ལྟའི་ཟང་ཐལ་སྦུབས་དང་བྲལ་བས་རྗེན་པར་སོང་བ་རིན་ཆེན་སྦུབས་སུ་ངོས་འཛིན་པའོ། །ད་ལྟ་ལུས་ཡོད་པས་དེར་མ་བརྗོད་ཀྱང་དོན་ལ་ད་ལྟ་ནས་རིན་ཆེན་སྦུབས་སུ་ངོས་འཛིན་པའོ། །འདི་ལ་གོམས་དགོས་མི་དགོས་ཀྱི་ཆ་ནས་རབ་འབྲིང་ཐ་གསུམ་དུ་ཕྱེ་ལ། དོན་ཟང་ཐལ་གཅིག་ཏུ་གནས་པས་ངོ་བོ་ལ་རྩིར་མེད་པའི་ཕྱིར། རབ་སེངྒེ་མཆོངས་སྟབས་ཀྱིས་སངས་རྒྱས་པ་ཞེས་གཅིག་ཏུ་བསྟན་པའོ། །འབྲིང་ལ་གསུམ་ལས། འབྲིང་རབ་སྐད་ཅིག་མ་གསུམ་ལ་གྲོལ། འབྲིང་


GTN002_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

གི་འབྲིང་བསམ་གཏན་གྱི་ཞགས་ལྔ་ལ་གྲོལ། འབྲིང་གི་ཐ་མ་རང་སྣང་གི་འཆར་ཚུལ་དྲུག་རྫོགས་ནས་གྲོལ་བའོ། །འདི་དག་འཁྲུལ་པ་རིམ་གྱིས་འགགས། ཡེ་ཤེས་རིམ་གྱིས་འཆར། རང་སྣང་རིམ་གྱིས་རྟོགས་པ་ལ་ལྟོས་ནས་རིམ་པ་གསུམ་དུ་གནས་པའོ། །ཐ་མ་ལ། སྐྱེ་བ་གཅིག་གིས་ཐོགས་པའི་ཕྱིར་གཅིག་ཏུ་བཞག་གོ །དེ་དག་ཀྱང་ཀུན་གསལ་ལས། དབང་པོ་ཡང་རབ་གྱུར་པ་ལ། ཡེ་ནས་ཟང་ཐལ་ཆེན་པོ་ལས། །བར་དོ་མེད་ཅིང་སྐད་ཅིག་མེད། །དེ་ལྟ་ཉིད་དུ་གནས་པ་ཡིན། །རང་བཞིན་དག་པའི་ནམ་མཁའ་ལ། །ཆོས་ཉིད་དག་པའི་ངོ་བོར་གནས། །དེ་ལ་རིག་པ་ཟང་ཐལ་ཤར། །ཤར་བ་མ་ཡིན་གནས་པ་ཡིན། །དཔེར་ན་ནམ་མཁའ་ཟང་ཐལ་ལ། །ཁང་ཁྱིམ་བྱས་པས་ནམ་མཁའ་གུད་དུ་ཆད། །ཁང་པའི་ནང་གི་ནམ་མཁའ་དང་། །རང་བཞིན་དག་པའི་ནམ་མཁའ་གཉིས། །སྒོའམ་མཐོངས་ནས་སྒྲིབ་མེད་པར། །ནམ་མཁའ་གཉིས་པོ་སྒྲིབ་མེད་གསལ། །བག་ཆགས་སྦུབས་ཀྱི་རིག་པ་དང་། །ནམ་མཁའ་ལ་གནས་རིག་པ་གཉིས། །ཡེ་ཤེས་སྒོ་ཡིས་མཚམས་སྦྱར་ནས། །བག་ཆགས་ལུས་ཀྱིས་མ་བསྒྲིབས་པར། །གཉིས་མེད་ཟང་ཐལ་ཆེན་པོར་གནས། །རྟོགས་པའི་དོན་ཆེན་དེ་ལྡན་ན། །སེངྒེ་མཆོངས་པས་ས་བཅད་ལྟར། །ཡེ་ཤེས་ཟང་ཐལ་ཆེན་པོ་ཡིས། །བར་དོར་སྐྱེ་འགག་མི་གནས་པར། །རིན་ཆེན་སྦུབས་ཀྱི་ངང་དུ་གཅོད། །དེ་བས་ཡེ་གྲོལ་ཆེན་པོར་གནས། །དེ་ལ་རྩིས་གདབ་མི་བྱའོ། །ཇི་ལྟར་དོན་བརྗོད་མི་ཤེས་པའི། །དབང་པོ་དམན་པའི་གང་ཟག་ལ། །


GTN002_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་ལུགས་རྩིས་གདབ་བྱ་རྒྱུ་མེད། །བྱས་ཀྱང་ངེས་པ་མི་རྙེད་པས། །སྐྱེ་བ་གཅིག་གིས་ཐོགས་པར་བཤད། །དེ་ནས་དེ་ཉིད་འཕྲད་པར་འགྱུར། །འབྲིང་ལ་རབ་འབྲིང་ཐ་མ་གསུམ། །འབྲིང་གི་རབ་དང་འབྲིང་གི་འབྲིང་། །འབྲིང་གི་ཐ་མ་རྣམ་པ་གསུམ། །འབྲིང་གི་རབ་ཀྱི་གྲོལ་ལུགས་ནི། །སྐད་ཅིག་གསུམ་ལ་གྲོལ་བར་འགྱུར། །དང་པོ་སྣང་བ་ཚུར་ལ་འཇུག །སྒོ་ལྔའི་རྣམ་ཤེས་དག་ལའོ། །ནང་གི་འབྱུང་བ་འོད་ལ་འདུས། །རྣམ་ཤེས་ལྔ་ཡང་དེ་བཞིན་འཇུག །རྩལ་སྣང་གཞི་ལ་འདུས་པ་ནི། །མཚོན་གྱི་དྲུ་གུ་བསྡོགས་པ་བཞིན། །དེ་ཚེ་རླུང་བཞི་རིམ་ཞི་བས། །སྙིང་རྗེ་མེད་པ་ལས་ཀྱི་རླུང་། །སྲོག་པ་རྩ་ནས་ལྡང་བར་འགྱུར། །དེ་ཚེ་གནས་ནས་ལམ་དུ་འཇུག །ལམ་ནས་སྒོ་རུ་མྱུར་བར་འབྱུང་། །སྒོ་ཡི་སྣང་བ་ཆོས་ཉིད་ཀློང་དུ་འཆར། །ཐུགས་རྗེ་རྒྱུན་གྱི་ཐག་པ་ཟང་ཐལ་ལ། །ཞོན་ནས་ཡེ་ཤེས་རང་གི་གདངས་ལ་འཇུག །དེ་ནི་སྐད་ཅིག་དང་པོ་ལའོ། །དེ་ཚེ་སྐུར་སྣང་ཤེས་རབ་སྐྱེ། །བཞི་བཅུ་རྩ་གཉིས་མངོན་གསལ་ནས། །མེ་ལོང་ནང་གི་གཟུགས་བརྙན་བཞིན། །ཡེ་ཤེས་ལྔ་ལྡན་དགོངས་པ་ཡིན། །གོང་དུ་ཞིབ་པར་བཤད་པའི་ཕྱིར། །འདི་རུ་བརྗོད་པར་མི་བྱའོ། །དེ་ལས་མངོན་ཤེས་ཆོས་སྤྱན་འཆར། །སྐུ་གསུམ་རྣམ་པར་བཞག་པ་སྟེ། །ཡི་གེ་དྲུག་གི་འོད་ཟེར་འཕྲོ། །སྤྲུལ་པའི་སྐུར་གྱུར་དོན་རྣམས་བྱེད། །དེ་ཚེ་རྫོགས་ལྡན་དགོངས་པ་རྫོགས། །དེ་ནི་སྐད་ཅིག་གཉིས་པ་ལའོ། །དེ་ནས་མྱ་ངན་འདས་གྱུར་ཏེ། །བློ་དང་འཁོར་བའི་ཆོས་ཅན་ལ། །འདས་ཏེ་མི་གནས་ངང་དུ་ཐིམ། །ཡེ་ཤེས་སྤྱན་གཅིག་འགྱུར་མེད་གསལ། །རྫོགས་


GTN002_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ཆེན་པོའི་དགོངས་པ་རྫོགས། །དེ་ནི་སྐད་ཅིག་གསུམ་ལའོ། །འབྲིང་གི་འབྲིང་གི་གྲོལ་ཚུལ་ནི། །དང་པོ་ཕྱི་ནང་འཁྲུལ་པ་འགགས། །གཉིས་པ་རང་གདངས་འོད་དུ་གསལ། །གསུམ་པར་དེ་ལ་སྐད་ཅིག་གནས། །བཞི་པར་རང་སྣང་ཤེས་རབ་སྐྱེས། །ལྔ་པ་ལྔ་ལྡན་དགོངས་པ་རྫོགས། །མ་རིག་བདུད་བཞི་ངེས་བཅོམ་སྟེ། །བཞི་བཅུ་རྩ་གཉིས་མངོན་སངས་རྒྱས། །མངོན་ཤེས་དྲུག་ལྡན་རྗེས་དྲན་དྲུག །ནམ་མཁའི་མཐོངས་ནས་ཉི་ཤར་ལྟར། །རྣམ་པ་ཀུན་མཁྱེན་ཡེ་ཤེས་ཤར། །འ་སོགས་ཡི་གེ་རྣམ་དྲུག་འཕྲོ། །དེ་ནི་སྤྲུལ་སྐུའི་རྒྱུ་ཡིན་ཏེ། །ལས་དང་གང་ཟག་རྣམ་པ་གཉིས། །འཕྲོ་འདུ་བྱེད་པའི་བར་དུ་འཕྲོ། །དཀར་དམར་རྣམ་གཉིས་ལུས་ཀྱི་རྒྱུ། །ཡི་གེ་དྲུག་པའི་བྱང་ཆུབ་སེམས། །ལུས་ཀྱི་རྒྱུ་ལས་སེམས་ཀྱི་རྒྱུ་ཤར་བས། །དཀར་དམར་ཀློང་ན་རིག་པར་གནས་པ་ནི། །གནས་ལ་གནས་གབ་ལུས་དང་སེམས་ཀྱི་ཚུལ། །དེ་ནས་ལུས་ཀྱིས་༼རིམ་པས་ལུས་རྫོགས་སྤྲུལ་སྐུའི་༽འགྲོ་དོན་མཛད། །འགྲོ་བ་མ་ལུས་ཐམས་ཅད་ལ། །རང་རིག་ཡེ་ཤེས་ཡེ་གནས་པས། །སྙིང་པོ་འགྱུར་མེད་འགག་པ་མེད། །དེ་དོན་ངེས་པ་ཀུན་ལ་སྒྲོགས། །ཐུགས་ཀྱི་སྙིང་པོ་འགྲོ་ལ་ཤར། །སྟོན་པ་ང་ཡི་དགོངས་པ་ལོངས་གྱུར་པས། །ཡིད་འདྲེས་བཅུད་ལ་བཅུད་གབ་འགྱུར། །དེ་ཡིས་ངེས་པར་གྲོལ་བར་འགྱུར། །འབྲིང་གི་རྫོགས་ལྡན་དགོངས་པ་རྫོགས། །དེ་ནས་སྐད་ཅིག་དྲུག་པ་ལ། །སངས་རྒྱས་མྱ་ངན་ཡོངས་འདས་ཏེ། །ཡེ་ཤེས་རླུང་གི་སྟོབས་རྣམས་ཀྱིས། །དང་པོར་ཆོས་སྐུར་གཟུགས་སྐུ་བསྐྱོད། །ཐ་མ་གཙོ་འཁོར་རིམ་པས་ཐིམ་གྱུར་ཏེ། །ཡེ་ཤེས་


GTN002_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་གིས་ཆོས་ཉིད་ངང་ལ་བསྐྱོད། །དེ་ཚེ་འབྱུང་བའི་མཚན་མ་རང་སར་ཐིམ། །སྤྲུལ་སྐུའི་འབྱུང་ལྔ་འོད་ལྔའི་ངང་དུ་ཐིམ། །དེ་ལྔ་ཡེ་ཤེས་ལྔ་ཡི་འབྱུང་བར་གྲོལ། །དང་པོ་མ་ལ་ཤར་བས་མ་ཡི་ངང་དུ་ཞ། །དང་པོ་ཤར་ཡང་དབྱིངས་ཀྱི་ངང་ནས་ཤར། །བར་དུ་གནས་ཀྱང་ཆོས་ཉིད་ངང་དུ་གནས། །ཐ་མ་ཐིམ་ཡང་ཆོས་ཉིད་ངང་དུ་ཐིམ། །སྤྱན་གསུམ་རྣམ་འགྱུར་འགྱུར་མེད་གཅིག་ཏུ་གསལ། །ཆོས་ཉིད་ངང་ན་རིག་པའི་ཡེ་ཤེས་གནས། །ཕྱིར་མི་གསལ་ལ་ཡེ་ཤེས་ནང་དུ་གསལ། །བུམ་པའི་ནང་གི་མར་མེ་གསལ་བ་བཞིན། །དེ་ཚེ་འགྱུར་མེད་སྐུ་གསུམ་རང་ས་ཟིན། །འབྲིང་གི་རྫོགས་ལྡན་ཆེན་པོའི་དགོངས་པ་རྫོགས། །འབྲིང་གི་ཐ་མའི་གྲོལ་ལུགས་ནི། །ཕྱི་ཡི་འབྱུང་བ་རྣམ་པ་ལྔ། །སྣང་བྱེད་སྒྲོན་མ་ལྔ་ལ་ཚུར་ཤར་ཏེ། །གཟུང་བའི་ཡུལ་དང་བྲལ་བའོ། །སྒོ་ལྔ་གསལ་བའི་སྒྲོན་མ་ནི། །ཡེ་ཤེས་དབང་དུ་འདུས་པས་འཛིན་རྟོག་བྲལ། །ནང་གི་འབྱུང་བ་རྣམ་པ་ལྔ། །རིག་པའི་སྒྲོན་མ་ཡེ་ཤེས་རྩལ་སྣང་ལྔ་ལ་འདུས། །དེ་ནི་རྩལ་སྣང་གཞི་ལ་འདུས། དེ་ཚེ་ཐུགས་རིན་པོ་ཆེ་ཉི་ཟླ་ཁ་སྦྱོར་གྱི་ཀློང་ཡངས་པ་ན་འབྱེད་པ་མེད་པའི་ཤེས་རབ་ཀློང་གཅིག་ཏུ་འདྲིལ་ལོ། །དེ་ནི་བག་ཆགས་ཀྱི་སྦུབས་ཀྱི་རང་སངས་ཏེ། སྐད་ཅིག་མ་དང་པོ་ལ་གནས་སོ། །དེའི་དབུས༷་{དུས༵་}སུ་འབྱུང་བ་བཞི་བྲོས་པས་རྟགས་རིམ་པར་འབྱུང་ངོ་། །སྙིང་རྗེ་མེད་པ་ལས་ཀྱི་རླུང་ལ་སོགས་པ་རླུང་ལྔ་གནས་པ་ནི། འདེགས་པར་བྱེད་པའི་རླུང་ཚིགས་པ་ལ་གནས་ཏེ་ལུས་ཡང་ཞིང་སྤྱོ༷ད་{བསྐྱོ༵ད་}ནུས་སོ། །དེ་ཞི་བས་ལུས་མི་ཐེག་སྟེ། དེ་ནི་ས་དང་འགྲོགས་པའི་རླུང་ངོ་། །བཀྲག་དང་གཟི་


GTN002_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

མདངས་བསྐྱེད་པའི་རླུང་ནི་ལུས་སྤྱིར་ཁྱབ་པར་གནས་ཏེ། དེ་ནི་ཁྱབ་བྱེད་ཀྱི་རླུང་ཞེས་བྱ་སྟེ། ལུས་ཀྱི་སྣུམ་བཀྲག་དང་གཟི་མདངས་འབྱིན་པའོ། །ཤིན་ཏུ་སྡར་བས་རྐྱེན་ཕྲ་མོས་ཀྱང་འབྲོས་ནུས་ཏེ། ལུས་མདངས་དང་བཀྲག་འཆོར་རོ། །དེ་ནི་ཆུ་དང་འགྲོགས་པའི་རླུང་སྟེ། དེ་ཞི་བས་མདངས་ཉམས་སོ། །མེ་དང་དུས་མཉམ་པའི་རླུང་ནི་ཕོ་བ་ན་གནས་ཏེ། དེས་ནི་ཟས་འཇུ་བ་དང་། ལུས་བྱིངས་དྲོ་བར་བྱེད་དོ། །དེ་ཞི་བས་དྲོད་འཆོར་ཟས་མི་འཇུ། དེ་ནི་མེ་དང་འགྲོགས་པའི་རླུང་ངོ་། །དངས་སྙིགས་འབྱེད་པའི་རླུང་སྟེང་སྒོ་འོག་སྒོ་གཉིས་ལ་ཁྱབ་པར་གནས་ཏེ་དེ་ནི་རླུང་གི་རླུང་སྟེ། ཟས་དངས་སྙིགས་འབྱེད་པ་དང་། སྙིགས་མ་ཐུར་དུ་སེལ་བར་བྱེད་དོ། །ཐིག་ལེ་དཀར་དམར་དང་དྲི་ཆུ་ལ་སོགས་པ་སེལ་ལོ། །དེ་ཞི་བས་ཕོ་བ་རྫིང་བ་དང་། ཤེས་པ་དང་ལུས་བྱིང་ངོ་། །སྙིང་རྗེ་མེད་པ་ལས་ཀྱི་རླུང་ནི། རླུང་འཁོར་བར་སྲོག་པ་རྩ་ན་གནས་ཏེ། སྲོག་འཛིན་པའི་རླུང་ཡིན་པས། ཇི་སྲིད་གནས་ཀྱི་བར་དུ་ལུས་སེམས་མི་འབྲལ་ལོ། །དེ་ནི་རྣམ་པར་ཤེས་པ་དང་འགྲོགས་པའི་རླུང་སྟེ། དེ་བསྐྱོད་པས་ཙིཏྟ་ནས་ལམ་རྩ་དར་དཀར་གྱི་སྐུད་པ་འདྲ་བ་དེར་བསྐྱོད་དེ། རྟགས་ཀྱི་གསང་སྒོར་ཕྱིན་ནོ། །དེ་ནི་དཔེར་ན་ཉི་མ་ཤར་གྱི་ལ་ཁར་ཤར། འོད་ནུབ་རི་ལ་འབྱུང་ལ། བར་ན་ཟེར་ཐག་པ་བཞིན་དུ། རགས་པའི་ཡེ་ཤེས་སྒོ་ན་གནས་པས། དེའི་སྣང་བ་ཡུལ་ཆོས་ཉིད་ལ་གསལ་ཏེ། ཡེ་ཤེས་ཟང་ཐལ་ཡིན་པས། བར་ཆད་མེད་པ་ཐུགས་རྗེ་རྒྱུན་གྱི་ཐག་པས་སྦྲེལ་ཏེ། ཐུགས་རྗེ་རྒྱུན་གྱི་ཐག་པ་ལ་ཞོན་ནས་རང་གི་གདངས་ལ་འཇུག་གོ །ཡེ་ཤེས་ཀྱི་གདངས་ལ་ཞག་ལྔར་


GTN002_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཏེ། ཤར་བ་ཅིག་ཆར་ཤར་བའོ། །དེ་ཡང་ཡེ་ཤེས་ཀྱི་སྣང་བ་ནམ་མཁའ་ལ་འཇའ་ཤར་བ་ལྟ་བུར་སྣང་ངོ་། །དེ་ལ་རྟོགས་པའི་ཤེས་རབ་རིམ་པས་སྐྱེད་དེ། ཞག་དང་པོ་ལ། འོད་མཐིང་གར་གསལ་བས་རིག་པ་ངོས་བཟུང་དང་བྲལ་བས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རང་སྣང་རང་ཤར་རང་གསལ་རང་གདངས་སུ་ཤེས་པས་ཤེས་བྱ་ལ་དཔྱོད་བྱེད་མེད་པའོ། །ཞག་གཉིས་པ་ལ། ཆོས་དབྱིངས་ཡེ་ཤེས་གསལ་བའི་སྟེང་དུ་མེ་ལོང་ཡེ་ཤེས་འཆར་རོ། །འོད་དཀར་པོ་ཡུལ་དུ་འཆར་བའི་ཚེ། དེ་ཉིད་རང་སྣང་རིག་པ་འགགས་པ་མེད་པའི་མེ་ལོང་ཡེ་ཤེས་སུ་ཐག་ཆོད་དོ། །ཞག་གསུམ་པ་ལ། འོད་སེར་པོ་ཡུལ་དུ་སྣང་བའི་ཚེ། དེ་ཉིད་རིག་སྟོང་དབྱེར་མེད་རང་སྣང་མཉམ་ཉིད་ཡེ་ཤེས་ཀྱི་གདངས་སུ་གསལ་བའོ། །ཞག་བཞི་པ་ལ། འོད་དམར་པོ་ཡུལ་དུ་སྣང་བའི་ཚེ། དེ་ཉིད་ཤེས་པའི་ཤེས་རབ་མ་འགགས་པའི་རང་སྣང་སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་གདངས་སུ་གསལ་ལོ། །ཞག་ལྔ་པ་ལ། འོད་ལྗང་གུ་ཡུལ་དུ་སྣང་བའི་ཚེ། དེ་ཉིད་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་གདངས་སུ་གསལ་ལོ། །སྐྱེ་བ་རིམ་པར་སྐྱེ་བས་ཞག་རེ་ལ་ཡེ་ཤེས་ཀྱི་སྣང་བ་རེ་རེ་གསལ་ལོ། །ཆོད་པ་ཐད་ཀར་ཆོད་པས་སྣང་བ་རེ་རེ་ལ་རྟོགས་པའི་ཤེས་རབ་རེ་རེ་སྐྱེས་ཏེ། སེམས་མེད་པའི་ཤེས་པས་ཤེས་ཀྱང་དཔྱོད་བྱེད་མེད་དོ། །ཞག་ལྔ་ལ་ལུས་མཐར་རྫོགས་ཤེས་རབ་ཀྱང་མཐར་རྫོགས་ཏེ་སྐད་ཅིག་མ་ལ་ཆོས་ཉིད་འོད་གསལ་གྱི་དཀྱིལ་འཁོར་ན། ཚོམ་བུའི་ཕྱག་རྒྱ་མ་འགགས་པར་གསལ་ལོ། །
དེས་ཐ་མའི་ལྔ་ལྡན་གྱི་དགོངས་པ་རྫོགས་སོ། །སྐུ་དེ་ལས་ཤེས་པ་ལྔ་ལྡན་{མངོན་པར་ཤེས་པ་}དྲུག་འཆར་ཏེ། སྤྱན་རྣམ་པ་གསུམ་ལས་ཆོས་ཀྱི་སྤྱན་ནོ། །དེ་ཇི་ལྟར་འཆར་ན། སྤྱན་གྱི་མངོན་པར་ཤེས་པས་ཡར་གཟིགས་སུ་མེད་པའི་ཆོས་སྐུ་རིན་པོ་ཆེའི་སྦུབས་གཟིགས། ཐད་ཀར་ལོངས་སྤྱོད་རྫོགས་པའི་སྐུ་བཞི་བཅུ་རྩ་གཉིས་ཕྱག་རྒྱ་མི་འགག་པར་འོད་དུ་གསལ། མར་སྤྲུལ་པའི་སྐུའི་ཞིང་ཁམས་བག་ཆགས་ཀྱི་སྦུབས་ན་ཇི་ལྟར་གནས་པ་ཐམས་ཅད་གཟིགས་སོ། །

མངོན་པར་ཤེས་པ།


GTN002_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

སྙན་གྱི་མངོན་པར་ཤེས་པ་ནི། ཡར་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཐུགས་ཡེ་ཤེས་རྩེ་གཅིག་པ་ཉིད་ལ་ཉིད་གླེང་བསླང་བ་གསན། ཐད་ཀར་ལོངས་སྐུའི་ཚོམ་བུ་ལྔར་གསལ་ཡི་གེ་དྲུག་གི་རང་སྒྲ་གསན། མར་སྤྲུལ་སྐུའི་ཞིང་ན་ཇི་སྐད་སྨྲས་པ་ཐམས་ཅད་གསན་ནོ། །ཐུགས་ཀྱི་མངོན་པར་ཤེས་པས། ཡར་ཆོས་སྐུ་རིན་པོ་ཆེའི་སྦུབས་ན་འབྱེད་པ་མེད་པའི་ཤེས་རབ། འཛིན་པ་མེད་པའི་རང་གསལ་རང་སྣང་གི་ཡེ་ཤེས་ལ་གཞན་སྣང་གི་རྣམ་རྟོག་མེད་པར་བཞུགས་པ་མཁྱེན་ནོ། །ཐད་ཀར་རང་གི་དགོངས་པ་མི་འགག་པར་གསལ་ལོ། །མར་སེམས་ཅན་གྱི་རྟོགས་པ་མངོན་དུ་མཁྱེན་ནོ། །གནས་ཀྱི་མངོན་པར་ཤེས་པ་ནི། སྐུ་གསུམ་གྱི་བཞུགས་གནས་ཆོས་ཀྱི་དབྱིངས་དང་འོད་ཀྱི་སྣང་བ་དང་། འབྱུང་བ་བཞི་ལ་རྟེན་འཆའ་ལུགས་མཁྱེན་ཏེ། རིགས་དྲུག་གི་གནས་མ་འགགས་པར་གསལ་ལོ། །


GTN002_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱི་མངོན་པར་ཤེས་པ་ནི། སྔོན་རང་གིས་ཇི་ལྟར་སྤྱད་པ་དང་། ད་ལྟ་འགྲོ་བ་གཞན་ཇི་ལྟར་སྤྱོད་པ་དང་། དེའི་རྣམ་པར་སྨིན་པ་ཐམས་ཅད་མཁྱེན་ནོ། །ཐུགས་རྗེའི་བྱིན་རླབས་ཀྱི་མངོན་པར་ཤེས་པ་ནི། མཐུན་པའི་སེམས་ཅན་ལ་སྣང་བས། རིགས་དྲུག་མཐུན་པས་མཐུན་པ་འདུལ་བར་གཟིགས་ཏེ། སྤྲུལ་པའི་སྐུ་དྲུག་འཆར་ལུགས་མཁྱེན་ནོ། །རིགས་ཀྱི་བུ་དེ་ལ་ཆོས་ཀྱི་སྤྱན་ཞེས་ཅི་ཕྱིར་གདགས་ཅེ་ན། སྤྲུལ་པའི་སྐུ་འཁོར་བའི་ཆོས་དང་། ཆོས་སྐུ་རིན་པོ་ཆེ་མྱ་ངན་ལས་འདས་པའི་ཆོས་གཉིས་རྣམ་རྟོག་མི་མངའ་བར་གསལ་བས་ཆོས་ཀྱི་སྤྱན་ནོ། །མངོན་པར་ཤེས་པ་ནི། ལྐོག་གྱུར་དུ་གཟིགས་སོ། །སྤྱན་ནི་གསལ་ལ་མི་རྟོག་པ་སྟེ། གཟུགས་བརྙན་ལ་སོགས་པའོ། །དེའི་ཚེ་རང་བྱུང་གི་ཡི་གེ་དྲུག་འཆར་བ་ནི། འ་དང་། ཨ་དང་། ཧ་དང་། ཤ་དང་། ས་དང་། མ་སྟེ་རིགས་ཀྱི་བུ་ཡི་གེ་དྲུག་པོ་དེ། གཞི་ཆོས་ཀྱི་སྐུ་ལ་དོན་དུ་བཞུགས་སོ། །དབྱིངས་དང་རིག་པའི་ཡེ་ཤེས་དང་། །ཤེས་རབ་མི་འགྱུར་མཉམ་པ་ཉིད། །དབྱེ་རུ་མེད་པར་གནས་པའོ། །བག་ཆགས་ཡུལ༷་{ལུས་}ཅན་སྤྲུལ་སྐུ་ལ། །ལུས་ཀྱི་གནས་དྲུག་ལ་གནས་ཏེ། །གསུང་འགག་པ་མེད་པར་དོན་ལ་སྦྱོར་བའོ། །ལོངས་སྐུའི་ལྗགས་ལས་འཕྲོ་བར་བྱ་བ་ནི། ཐུགས་རྗེ་རང་འབྱུང་བའི་གཞི་མ་འགགས་པའོ། །དེ་ཚེ་ཡི་གེ་དྲུག་ལས་འོད་ཟེར་དཀར་དམར་གཉིས། རིན་པོ་ཆེའི་སྲད་བུ་བསྒྲིལ་མའམ། ཚོན་སྐུད་བསྒྲིལ་མ་ལྟར་འཕྲོས་པས། ལས་དག་པའི་སྤྲུལ་པ་ཕོ་མོའི་སྤྱན་ནས་འཇུག །སེམས་ཅན་ལས་ཀྱིས་སྐྱེ་བ་ནི་མངལ་ནས་འཇུག་གོ། བདེ་ཆེན་གསང་བའི་གནས་ནས་བདེ་


GTN002_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཆེན་པོ་འོད་འབར་བའི་རྟ་ལ་ཞོན་ནས། བདེ་བ་ཆེན་པོ་ཡོངས་སུ་ཁྱབ་པའི་ཐིག་ལེ་ལ། སྣོད་དང་བཅུད་ཀྱི་ཚུལ་དུ་གབ། དེ་སྤྲུལ་པའི་སྐུར་གྱུར་ནས་སེམས་ཅན་གྱི་དོན་བྱེད་པས། དོན་ཡོད་འགྲོ་བའི་དོན་བྱེད་པའོ། །རྟོགས་མེད་དུ་འབྱུང་བས། དྲུག་པོ་ཀུན་གྱི་དོན་མ་སྤངས་པའོ། །དེ་བཞིན་གཤེགས་པ་སྔ་མ་ལས་ཕྱི་མ་འཆར་ཏེ། དེ་བཞིན་དུ་སྤྲུལ་པའི་སྐུ་རྒྱུན་མི་ཆད་པས། སངས་རྒྱས་སྤྲུལ་པའི་རྒྱུད་འཆང་བའོ། །ཕྱོགས་གཅིག་ཏུ་མ་ངེས་ཏེ། གདུལ་བྱ་གང་ལ་གནས་པའི་དོན་མཛད་པས། ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་འགྱེད་པའོ། །མཐུན་པས་མཐུན་པར་འདུལ་བས་ན། ཇི་བཞིན་འགྲོ་བའི་དོན་བྱེད་པའོ། །ཐུགས་རྗེའི་ལྕགས་ཀྱུས་ཞིང་དག་པ་ངེས་པའི་ས་ལ་འཛིན་པའོ། །རྫོགས་ལྡན་གྱི་དགོངས་པའོ། །དེ་ནས་བདག་ཉིད་ཆོས་སྐུར་གྲོལ་བས་ན། མི་གནས་པའི་ཡེ་ཤེས་ཆེན་པོས། འབྱེད་པ་མེད་པའི་ཀློང་དུ་ཁོད་མཉམ་པའོ། །དེ་བས་ན་མཐའ་མའི་རྫོགས་ལྡན་ཆེན་པོའོ། །ཞེས་གསུངས་སོ། །བར་དོར་སྤྱན་ལ་སོགས་པ་རང་སྣང་དུ་ཐོབ་ནས། སྐད་ཅིག་ལ་སྤྲུལ་པ་འགྲོ་དྲུག་གི་གནས་སུ་འཕྲོས་པས་དོན་བསྐལ་པ་རྒྱ་མཚོར་མཛད་པ་སྟོན་ཏེ། སྐད་ཅིག་བསྐལ་པ་རྒྱ་མཚོར་སྟོན་ཞིང་། བསྐལ་པ་རྒྱ་མཚོར་དོན་མཛད་པ་ཡང་། སྐད་ཅིག་སོང་བའི་ཡུན་ནས་ལྷུན་གྲུབ་ཏུ་ཐིམ་པས་བསྐལ་པ་རྒྱ་མཚོ་སྐད་ཅིག་ཏུ་སྟོན་པ་སྟེ། གནས་འདི་ནི་བསམ་གྱིས་མི་ཁྱབ་པའོ།། །།

སྤྱི་དོན་བདུན་པ་མཐར་ཕྱིན་འབྲས་བུའི་ཚུལ་བསྟན་པ།

གྲོལ་བ་སྤྱིའི་ངོ་བོ་བསྟན་པ།


GTN002_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

༈ སྤྱི་དོན་བདུན་པ་མཐར་ཕྱིན་འབྲས་བུའི་ཚུལ་བསྟན་པ་ལ་གསུམ་སྟེ། ༡ གྲོལ་བ་སྤྱིའི་ངོ་བོ་བསྟན་པ། ༢ མྱ་ངན་འདས་པའི་རང་བཞིན་བཤད་པ། ༣ ལྷུན་གྲུབ་རིན་པོ་ཆེའི་རྣམ་པར་བཞག་པའོ། །(1) དང་པོ་ལ་རང་དོན་གྲོལ་བ་དང་། གཞན་དོན་ཐུགས་རྗེའོ། །དང་པོ་ལ་བཞི་སྟེ། ངོ་བོ་ནི། འཁོར་བའི་ཆོས་འཁྲུལ་སྣང་འཁྲུལ་རྐྱེན་དང་བཅས་པ་སྦུག༷ས་(སྦུབས)གཉིས་ལས་གྲོལ་བའོ། །ངེས་ཚིག་ནི། འཁྲུལ་སྣང་ཆ་དང་བཅས་པ་དག་པའོ། །དབྱེ་ན། ཡུལ་ལས་གྲོལ་བ་ཕྱིར་སྣང་འཁྲུལ་པའི་རྒྱུ་རྐྱེན་མེད་པས་ལུས་ལས་གྲོལ་བ་འབྱུང་བཞི་བརྡོས་པའི་སྦུག༷ས་(སྦུབས་)ལས་འདས་པ། སེམས་ལས་གྲོལ་བ་ཚོགས་བརྒྱད་ཀུན་གཞིའི་བརྟེན་པ་དང་བྲལ་བ་གསུམ་མོ། །ཀུན་གཞི་མེད་དེ་འཁོར་འདས་བརྟན་དུས་ཀུན་གཞིར་བཞག་པ་ལ་ད་འཁོར་བ་མི་བརྟན་པས་མྱང་འདས་ཀྱི་ཆོས་གཅིག་པུ་ལྷུན་གྲུབ་རྣམ་དབྱེར་མེད་པར་རང་ས་ཟིན་པའི་ཕྱིར་རོ། །དེའང་དྲི་བཅས་ཀྱི་རིག་པ་ལ་ཀུན་གཞིར་བཞག་པ་དེ་དྲི་མ་མེད་དུས་ཆོས་སྐུར་གནས་པ་ཡིན་ནོ། །དཔེ་ནི། མདུད་པའི་འཆིང་གྲོལ་བའོ། །གཞན་དོན་ཐུགས་རྗེ་ནི། གྲོལ་ནས་རྒྱུན་ཆད་མེད་པར་ལྷུན་གྲུབ་རྩོལ་མེད་དུ་འབྱུང་སྟེ། ཐུགས་རྗེའི་ངོ་བོ། གཟུགས་སྐུ་གཉིས་ཀྱི་རོལ་པ་ཡེ་ཤེས་དང་བཅས་པས་གང་ལ་གང་འདུལ་དུ་དོན་མཛད་པ་དང་། ངེས་ཚིག །འཁོར་བ་ལས་ཞི་བར་འདྲེན་ཞིང་སྡུག་བསྔལ་ལས་སྐྱོབ་པའི་ཕྱིར་ཐུགས་རྗེའོ། །དབྱེ་ན། ཇི་ལྟ་བ་དང་
ཇི་སྙེད་པ་ཡེ་ཤེས་གཉིས་ཀྱིས་དོན་མཛད་པ་སྟེ། རྟོག་མེད་དང་རྟོག་བཅས་ཞེས་དམིགས་ཡུལ་ཆོས་ཅན་ཆོས་ཉིད་གཉིས་ལ་ལྟོས་ནས་བཏགས་པའོ། །དཔེ་ནི། འདྲེན་པ་ལྕགས་ཀྱུ་ལྟ་བུའོ། །གྲོལ་བས་གྲུ་དང་། མ་རིག་སེལ་བས་ཉི་མ་དང་། ཉོན་མོངས་པའི་ནད་འཇོམས་པས་སྨན་དང་། ཐབས་སྟོན་པས་ལམ་ལྟ་བུའོ། །དེ་ཡང་། ཀུན་གསལ་ལས། འཁོར་བའི་ཆོས་ལ་མི་གནས་པར། །མྱ་ངན་འདས་པའི་དོན་ལ་གནས། །གྲོལ་བ་རང་གི་ངོ་བོར་བཤད། ༨༩ །སྡུག་བསྔལ་ནད་སེལ་སྨན་དང་སྨན་པ་བཞིན། །ཞེས་སོ། །

མྱ་ངན་འདས་པའི་རང་བཞིན་བཤད་པ།


GTN002_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

(2) གཉིས་པ་མྱ་ངན་ལས་འདས་པའི་རང་བཞིན་ལ་བཞི་སྟེ། ངོ་བོ་ནི། མི་གནས་པའི་ཡེ་ཤེས་བདེ་བ་ཆེན་པོའི་གོ་འཕང་ཐོབ་པའོ། །ངེས་ཚིག་ནི། འཁོར་བའི་ཆོས་ལས་འདས་པའོ། །དབྱེ་ན། ཟག་བཅས་བག་ཆགས་ཀྱི་སྦུབས་དང་མ་བྲལ་བར་རྟོགས་པས་འཁོར་བ་ཆོད་པ་དང་། ཟག་མེད་སྦུབས་གཉིས་ལས་གྲོལ་ཏེ་རིན་པོ་ཆེ་ལ་མཐར་ཕྱིན་པ་གཉིས་སོ། །མཚན་ཉིད་ནི། མཐའ་བཞི་ལས་འདས་པའོ། །དེ་ཡང་། བཤད་རྒྱུད་ལས། ངོ་བོ་ངེས་ཚིག་དབྱེ་བ་དང་། ༩༢ །རྣམ༷་པ༷་བ༷ཞི་ལ༷ས་འདས༷་པ༷འོ། །{མཚ༷ན་ཉིད༵་རྣམ༵་པ༵་བ༵ཞི་ཡི༵ས་བ༵ཤད། །}ཞེས་སོ། །

ལྷུན་གྲུབ་རིན་པོ་ཆེའི་རྣམ་པར་བཞག་པ།


GTN002_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

(3) གསུམ་པ་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ལ་ལྔ་སྟེ། སྔ་མ་ལས། ༡ ཤེས་རབ་མཁའ་ལ་འདེགས་པ་ཡིས། །མ་བསྐྱོད་ཤུགས་ཀྱིས་བསྐྱོད་པར་བྱེད། ༢ ། འབྱུང་བ་མ་ལ་ཞ་བ་ཡིས། །མཚན་མ་རང་སར་གྲོལ་བར་བྱེད། ༣ །ཡེ་ཤེས་དབྱིངས་སུ་ཐིམ་པ་ཡིས། །རྩ་སྟོབས་བཞི་ལ་ཐིམ་པར་སྟོན། ༤ །ཤེས་རབ་
མཁའ་ལ་འཁྱིལ་བ་ཡིས། །སྐུ་གསུམ་ཡེ་ཤེས་ནང་གསལ་སྟོན། ༥ །རིག་པ་རང་ས་ཟིན་པ་ཡིས། །དགོངས་པ་འགྱུར་བ་མེད་པར་སྟོན། །ཞེས་སོ། །དང་པོ་ནི། ཡེ་ཤེས་ཀྱི་རླུང་ནང་དུ་འཕོ་འགྱུར་མེད་པར་གནས་པའི་ལྡོག་ཆ་སྟེ། དེ་ལ་བཞིའི་སྟོབས་ལྡན་མས་ཕྱིར་སྣང་སྐུ་དང་ཡེ་ཤེས་སུ་གསལ་བ། ནང་དབྱིངས་སུ་ལྷུན་གྲུབ་ཀྱི་ངང་དུ་སྐད་ཅིག་ལ་གཉིས་སུ་མེད་པར་སྦྱོར་བར་བྱེད། ཤུགས་འཆང་མས་སྐུ་དང་ཡེ་ཤེས་སུ་དང་པོ་རྩོལ་མེད་དུ་ཤར་བས། ཐ་མའང་རྩོལ་མེད་དུ་རིན་པོ་ཆེའི་སྦུབས་སུ་འདུས་པར་བཤད། འདེགས་བྱེད་མས་རིན་པོ་ཆེའི་སྦུབས་སུ་རང་གསལ་ཟང་ཐལ་ཆེན་པོར་གནས་པར་བྱེད། བརྟེན་མས་རིན་པོ་ཆེའི་སྦུབས་ལས་མི་གཡོ་བར་བྱེད་དོ། །གཉིས་པ་འབྱུང་བ་མ་ལ་ཞ་བ་ནི། ལྷུན་གྲུབ་ལས་ཡེ་ཤེས་ཤར་བས་རྩལ་སྣང་འབྱུང་བ་ལྔར་སྣང་བ་མཐར་ཡང་ལྷུན་གྲུབ་རང་བཞིན་གྱི་འོད་ལྔར་ཐིམ་པའོ། །དེ་ཡང་རླུང་རྡོ་རྗེ་རྒྱ་གྲམ་བཀོད་ལེགས་དེ་གདན་དུ་བཏིངས་པས་གཡོ་བ་མེད་པ་བསྐྱོད་པའི་རླུང་ངོ་། །ཆུ་ཤེལ་གྱི་འཁོར་ལོ་བརྩེགས་ལེགས་ཏེ་ཀློང་གཅིག་ཏུ་འདྲེས་པ་གཤེར་བ་མེད་པའི་ཆུའོ། །ས་རིན་པོ་ཆེའི་སྣ་ལྔའི་མཆོད་རྟེན་ཁོད་སྙོམས་ཏེ་མ་འདྲེས་པར་རྫོགས་པས་སྲ་བ་མེད་པའི་སའོ། །མེ་པདྨ་འདྲ་བ་འོད་འབར་ཏེ་མ་སྨིན་པ་སྨིན་པར་བྱེད་པ་ཚ་བ་མེད་པར་སྲེག་པའི་མེའོ། །ནམ་མཁའ་རྒྱལ་མཚན་གྱི་རྩེ་མོ་ལྟར་སྐྱེ་འགག་དང་འཆར་ནུབ་མེད་པ་ཁྱབ་པ་མེད་པའི་གདངས་ཅན་ནོ། །


GTN002_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ཡེ་ཤེས་དབྱིངས་སུ་ཐིམ་པ་ནི། ཕྱིར་སྣང་སྐུ་ལྔ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཡེ་ཤེས་ལྔའི་རང་གདངས་དང་བཅས་པ་ནང་དབྱིངས་ལྷུན་གྲུབ་ལ་ཐིམ་པའི་ཚེ། ཕྱི་ཡུལ་ལ་སྤྱོད་པའི་ཤེས་རབ་དང་། གཟུང་འཛིན་ནང་གི་ཡུལ་ལས་འདས་ཤིང་གཉིས་སུ་མེད་པའི་ཡེ་ཤེས་རྩེ་གཅིག་ཏུ་གསལ་ཏེ། ད་ལྟ་ཤེས་རབ་ཀྱི་སྤྱན་བར་དོ་ཆོས་ཀྱི་སྤྱན་ལ་ཐིམ། དེ་ཡེ་ཤེས་ཀྱི་སྤྱན་ལ་ཐིམ་པས་ཡེ་ཤེས་རྩེ་གཅིག་གོ །སྣང་བ་གསུམ་དང་ལུས་གསུམ་ཡང་གཅིག་ལ་གཅིག་ཐིམ་སྟེ་ལྷུན་གྲུབ་རང་གསལ་དུ་གནས་སོ། །བཞི་པ་ཤེས་རབ་མཁའ་ལ་འཁྱིལ་བ་ལ། ཐིམ་པ་ལ་མ་རྨུགས་པ། གསལ་བ་རྟོག་པ་མེད་པ་ཡིན་པ་ལ་བདག་མེད་པ། སོ་སོར་མ་འདྲེས་པ། གོ་མི་འབྱེད་པ་བཞི་ལས། དུས་དེར་སྐུ་དང་ཡེ་ཤེས་ཀྱི་གསལ་ཆ་ཐམས་ཅད་ནང་དུ་ཐིམ་ཡང་། ཅང་མེད་རྨུགས་འཐིབས་སུ་མ་སོང་སྟེ་ནང་གསལ་ལྷུན་གྲུབ་ཀྱི་རང་གདངས་སུ་གནས་སོ། །དེ་ཡང་འཁོར་གཙོ་བོ་ལ་ཐིམ། གཙོ་བོ་ལྔ་འོད་ཀྱི་ཚོམ་བུ་གཅིག་གི་ནང་དུ་གསལ་བ་ལ་ཤེས་རབ་ཀྱི་བུམ་པ་ལྔའམ། ཡུམ་གྱི་བུམ་པ་ལྔ་ན་ཡེ་ཤེས་ཀྱི་སྐུ་གསལ་བ་ཞེས་བྱའོ། །འདི་ཉིད་སྐུ་རྣམས་ཀྱི་འཆར་གཞི་ཕྲ་བའི་སྐུར་བཞུགས་སོ། །འདི་གནད་ཆེ་བར་ཡོད་དོ། །རང་གསལ་ཡེ་ཤེས་སུ་གསལ་ཡང་ཚོགས་བརྒྱད་ཀྱི་སེམས་མེད་པས། གཅོད་བྱེད་ཀྱི་འཛིན་རྟོག་གང་ཡང་མེད་དོ། །རིག་པ་རང་བྱུང་གི་ཡེ་ཤེས་ཡིན་ཡང་དངོས་པོ་དང་མཚན་འཛིན་ཆོས་ལས་གྲོལ་བས། བདག་དང་བདག་གིར་འཛིན་པ་གང་ཡང་མེད་དོ། །ལྷུན་གྲུབ་ཀྱི་


GTN002_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ཀློང་ན་སྐུ་དང་ཡེ་ཤེས་སོ་སོར་གསལ་ཀྱང་ཐ་དད་རིགས་མཚན་དུ་འབྱེད་པའི་ཆོས་སུ་མེད་དེ། རིག་པ་ཆོས་སྐུ་གཅིག་ཏུ་གནས་པའི་ཕྱིར་རོ། །(ལྔ་པ་)རིག་པ་རང་ས་ཟིན་པ་ནི། གདངས་དབྱིངས་སུ་འཁྱིལ་བས་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པ་ལ་རྟག་ཏུ་འཕོ་འགྱུར་མེད་པར་བཞུགས་ཏེ། ཆོས་སྐུ་རྡོ་རྗེ་ལྟ་བུའི་སྐུ། ལོངས་སྐུ་གཡུང་དྲུང་ལྟ་བུའི་ཚེ། སྤྲུལ་སྐུ་ཡེ་ཤེས་དག་པའི་སྤྱན། དགོངས་པ་ཐུན་གྱི་ཏིང་ངེ་འཛིན་ཆུ་བོ་ལྟ་བུ་རྣམས་ཐོབ་ནས། རང་དོན་ཆོས་སྐུ་ལས་གཞན་དོན་གཟུགས་སྐུའི་རོལ་པ་འཆར་བས་འགྲོ་བའི་དོན་གཉིས་ལྷུན་གྱིས་གྲུབ་པར་མཛད་པ་ནི། ཆོས་ཀྱི་སྐུ་རིན་པོ་ཆེ་གསང་བའི་སྦུབས་ཀྱི་རྣམ་པར་བཞག་པ་སྟེ། བཤད་རྒྱུད་ཐིག་ལེ་ཀུན་གསལ་ཆེན་པོ་ལས། སངས་རྒྱས་མྱ་ངན་འདས་པའི་ཚུལ། །ཟུར་ཙམ་གོང་དུ་ངས་བསྟན་ཀྱང་། །ཁྱོད་ཀྱིས་ངེས་པར་མ་ཤེས་ན། །རྒྱས་པར་ངས་བཤད་ལེགས་པར་ཟུང་། །ཞེས་དང་། ཤེས་རབ་མཁའ་ལ་འདེགས་པ་ལ། །མཚན་ཉིད་རྣམ་གྲངས་རྣམ་པ་བཞི། །སྟོབས་ལྡན་མ་དང་ཤུགས་འཆང་མ། །འདེགས་བྱེད་མ་དང་བརྟེན་མ་བཞི། །སྟོབས་ལྡན་མ་ནི་འཆར་བ་དང་། ༩༡ །རིག་པ་རྐྱང་པ་རིན་པོ་ཆེ་ལྟ་བུ་དྲི་མ་དང་བྲལ་ཏེ་གཅེར་བུར་གནས་པའོ། །ཞེས་སོ། །མཐར་ཕྱིན་པ་རིན་པོ་ཆེའི་སྦུབས་རིག་པ་དྲི་མེད་ཆོས་སྐུ་དེའི་ནང་ལྷུན་གྲུབ་སྐུ་ལྔའི་བུམ་པ་ལྔ་ཡེ་ཤེས་ཀྱི་སྤྱན་དུ་གསལ་བ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཅན་གཞི་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ལ་འཁོར་བའི་འཆར་གཞི་བྱེད་པ་དག་པས། འབྲས་བུ་ལྷུན་གྲུབ་དང་ཕྱིས་འཁོར་བར་ལྟུང་མི་སྲིད་པས་
ལྷུན་གྱིས་གྲུབ་པའི་ཐུགས་རྗེ་ཆེན་པོའི་བྱིན་རླབས་ལས་གཞན་དོན་སྐུ་དང་ཡེ་ཤེས་སུ་འཆར་བའི་གོ་མ་འགགས་པར་གནས་ཏེ། གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །ཞེས་གསུངས་པ་གང་ཡིན་པའོ། །ནམ་མཁའ་འདྲ་བའི་ཆོས་ཀྱི་སྒོ་འདི་ནི། །རང་བཞིན་དག་པའི་སྤྱོད་ཡུལ་ངོ་མཚར་རྨད། །གང་གིས་དེ་རྟོགས་རྒྱལ་བའི་གོ་འཕང་འཛིན། །ཟབ་ཅིང་རྒྱ་ཆེའི་དོན་ལ་མཁས་པ་ཡིན། །ཞེས་ཀུན་མཁྱེན་དྲི་མེད་འོད་ཟེར་གྱིས་གསུངས་སོ། །༈དེ་ལྟར་རྡོ་རྗེའི་གནས་བདུན་དེར་རང་བཞིན་རྫོགས་པ་ཆེན་པོའི་དགོངས་པ་མཐའ་དག་འདུས་མོད་ཀྱིས། སླར་ཡང་རང་འདྲའི་བློ་དམན་རྣམས་ལ་ཕན་ཕྱིར་སྤྱི་དོན་གནད་ཆེ་བ་དག་གསལ་བར་ཕྱེ་བ་ལ། ༡ རང་བཞིན་རྫོགས་པ་ཆེན་པོའི་གཞི་ལམ་འབྲས་གསུམ་གྱི་རིམ་པ་བཤད་པ། ༢ དེའི་མཐའ་དཔྱོད་ཀྱིས་འགག་བསྡུ་བ། ༣ འཕྲོས་དོན་དུ་གྲོལ་ལམ་ཕྱག་རྒྱ་ཆེན་པོའི་རྣམ་པར་བཞག་པ། ༤ ཕྱག་རྫོགས་གཉིས་ཀྱི་ཁྱད་པར་དབྱེ་བ་བཅས་སྤྱི་དོན་རྣམ་པ་བཞིས་བསྟན་པ་ལས།

རྫོགས་པ་ཆེན་པོའི་གཞི་ལམ་འབྲས་གསུམ་གྱི་རིམ་པ་བཤད་པ།

ཀ་དག་ལྷུན་གྲུབ་ཀྱི་སྒོ་ནས་འཁོར་འདས་འཁྲུལ་གྲོལ་གྱི་ཚུལ་སྤྱིར་བཤད་པ།


GTN002_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་དོན་དང་པོ་ལའང་། 1 གཞི་ཀ་དག་ལྷུན་གྲུབ་ཀྱི་སྒོ་ནས་འཁོར་འདས་འཁྲུལ་གྲོལ་གྱི་ཚུལ་སྤྱིར་བཤད་པ་དང་། 2 ལམ་ཁྲེགས་ཆོད་ཐོད་རྒལ་གཉིས་ཀྱི་མན་ངག་ཉམས་སུ་ལེན་ཚུལ་བྱེ་བྲག་ཏུ་བཤད་པ་དང་། 3 འབྲས་བུ་སྐུ་དང་ཡེ་ཤེས་ཀྱི་ཐོབ་ཚུལ་བཤད་པ་སྟེ་གསུམ་ལས།

གཞི་བདུན་གྱི་རང་བཞིན་སྤྱིར་བཤད་པ།


GTN002_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

[1] དང་པོ་ལ་གཞི་བདུན་གྱི་རང་བཞིན་སྤྱིར་བཤད་པ་དང་། བླ་ན་མེད་པའི་གཞི་བྱེ་བྲག་ཏུ་བཤད་པའོ། །༡ དང་པོ་ནི། སྤྱིར་རྫོགས་པ་ཆེན་པོའི་ལུགས་ཀྱི་གཞིའི་འདོད་ལུགས་ནི་བདུན་ཏེ། དེ་ཡང་གཞི་ཀ་དག་ཏུ་འདོད་པ། ལྷུན་གྲུབ་ཏུ་འདོད་པ། མ་ངེས་པར་འདོད་པ། ངེས་པར་འདོད་པ། ཅིར་ཡང་བསྒྱུར་དུ་བཏུབ་པར་འདོད་པ། ཅིར་ཡང་ཁས་བླང་དུ་བཏུབ་པར་འདོད་པ། སྣ་ཚོགས་སུ་འདོད་པ་དང་བདུན་ནོ། །དེ་དག་ཀྱང་ངོ་བོ་ཀ་དག་གི་ཕྱོགས་རེ་ལ་བཏགས་ནས་སོ་སོར་ཁས་བླངས་ཏེ། རང་བྱུང་གི་ཡེ་ཤེས་འདི་ལ་གང་ཡང་ཡོད་མེད་ཀྱི་ཁས་ལེན་མེད་ཅིང་། སྤྲོས་བྲལ་ཐིག་ལེ་ཆེན་པོའི་ཆ་ནས་གཞི་ཀ་དག་ཏུ་འདོད། རིག་པའི་ངོ་བོ་ལ་ཡོན་ཏན་རང་ཆས་སུ་ཡེ་ནས་གནས་པ་ཉི་མ་དང་ཟེར་གྱི་ཚུལ་དུ་ལྡན་ཞིང་དྲི་མ་མེད་པར་འདོད་པ་ལྷུན་གྲུབ་བོ། །རིག་པའི་ངོ་བོ་ལ་འདི་ཡིན་གཅིག་ཏུ་མ་གྲུབ་པས་ཕྱོགས་ཡན་སྤྲོས་མེད་ཆེན་པོར་འདོད་པ་མ་ངེས་པ། རིག་པའི་ངོ་བོ་འཕོ་འགྱུར་མེད་པར་འདོད་པ་ངེས་པ་ཅན་ནོ། །རིག་པའི་ངོ་བོ་ལ་


GTN002_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ཅིར་ཡང་འཆར་བར་འདོད་པས་ཅིར་ཡང་བསྒྱུར་དུ་བཏུབ་པར་འདོད་པ། རིག་པའི་ངོ་བོ་ལ་འཁོར་འདས་ཀྱི་ཆོས་ཐམས་ཅད་འབྱུང་བར་འདོད་པས་ཅིར་ཡང་ཁས་བླང་དུ་བཏུབ་པར་འདོད་པ། རིག་པའི་ངོ་བོ་ལ་སྣང་ཚུལ་གོ་མ་འགགས་པར་སྣང་བར་འདོད་པས་སྣ་ཚོགས་ཁྲ་བོར་འདོད་པའོ། །འདི་དག་ཀྱང་རིག་པ་གཅིག་ལ་སོ་སོའི་འཐད་གཞུང་ཕྱོགས་རེ་མཐོང་བས་བཞག་པ་ཡིན་ཏེ། ཐལ་འགྱུར་ལས། བབས་ལས་གྲུབ་པའི་གནས་ལུགས་ནི། །གནས་ལུགས་བདུན་གྱིས་ཚུལ་ལས་ཀྱང་། །སྣ་ཚོགས་ངོས་ནས་ལྷུན་གྲུབ་ལ། །འགྱུར་ཚད་ཆ་ནས་ངེས་མེད་དོ། །མི་འགྱུར་བ་ལས་ངེས་པ་ཅན། །སྣང་བའི་རྩལ་ནི་ཅིར་ཡང་བསྒྱུར། །ཐམས་ཅད་འབྱུང་ཕྱིར་ཁས་ལེན་བཅས། །འཁྲུལ་པ་དག་ཕྱིར་ཀ་དག་ལ། །སྣང་ཚུལ་མཐའ་དག་ཁྲ་བོར་འདོད། །ཅེས་དང་། ཀློང་དྲུག་པ་ལས། ཐོག་མ་བབས་ཀྱིས་གྲུབ་པའི་གཞི། །ཡོད་ནི་གཅིག་ལས་མེད་པ་ལ། །འཁྲུལ་པར་སྣང་བའི་ཕྱོགས་དག་ནས། །རྟོགས༷་པ༷་རྣམ༷ས་ཀྱིས༷་{རྟོག༵་ཚོ༵གས་ད༵ག་ནི༵་}གཏན་ཕབ་ན། །རིམ་པ་བདུན་གྱིས་ཚུལ་དུ་སྣང་། །རིམ་པ་བདུན་གྱིས་སྣང་བ་ཡང་། །ངོ་བོ་གཅིག་གི་སྣང་ཚུལ་ལས། །གཅིག་མ་ཤེས་པས་དེ་ལྟར་སྣང་། །འོན་ཀྱང་དེ་དོན་འདི་ལྟ་སྟེ། །ལྷུན་གྲུབ་ཉིད་དུ་གནས་པ་ལ། །སྣ་ཚོགས་འདུས་པའི་སྙིང་པོར་སྣང་། །ངེས་པ་མེད་པར་གནས་པ་ལ། །འགྱུ་བྱེད་ཡིད་བཅས་རྣམ་པར་སྣང་། །ངེས་པར་རང་ངོར་གནས་པ་ལ། །དྲན་བྱེད་འཕོ་བ་མེད་པར་སྣང་། །བསྒྱུར་དུ་བཏུབ་པར་གནས་པ་ལ། །འབད་དེ་བློ་ཡི་རྣམ་པར་སྣང་། །ཅི་ཡི་ངོ་བོར་གནས་པ་ལ། །གང་སྣང་རང་གི་ངོ་བོར་སྣང་། །ཁྲ་བོ་དག་ཏུ་གནས་པ་ལ། །སྣ་ཚོགས་སོ་སོའི་ཚུལ་དུ་སྣང་། །ཀ་ནས་དག་པར་གནས་


GTN002_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ། །དྲི་མ་ཡེ་ནས་མེད་པར་སྣང་། །འདི་ཀུན་བློ་ཡི་རིམ་པ་ལས། །རང་ངོ་ཀ་ནས་དག་པའོ། །ཞེས་སོ། །དེ་ལྟར་གཞིའི་འདོད་པ་བདུན་པོ་ནི་ལོང་བ་བདུན་གྱིས་གླང་པོ་ཆེའི་མཚན་ཉིད་བརྗོད་པ་ལྟར་འདོད་པ་ཕྱོགས་རེ་བ་ལས་གཞིའི་གནད་ལ་རེག་པ་མེད་དེ། དེ་ཡང་གཞི་དང་པོ་ལྷུན་གྱིས་གྲུབ་པའི་གནས་ལུགས་ནི། རྒྱ་གར་ཡང་མ་ཆད་ཕྱོགས་གང་དུའང་མ་ལྷུང་ཡོན་ཏན་ཐམས་ཅད་ཡེ་ནས་ལྷུན་གྲུབ་ཏུ་གནས་པའི་བདག་ཉིད་ཡིན་པས། དེ་ལྟར་ན་དང་པོ་ནས་ལྷུན་གྱིས་གྲུབ་ན་འཁོར་བ་རྟག་ཏུ་འཁོར་བས་གྲོལ་བར་མི་རིགས་ཏེ་ལྷུན་གྲུབ་ཡིན་པའི་ཕྱིར་རོ། །མྱ་ངན་ལས་འདས་པའང་རང་ངོ་ཤེས་པ་ལ་སོགས་པའི་རྐྱེན་ལ་མི་ལྟོས་པ་ཐལ་ཏེ། དང་པོ་ནས་མྱང་འདས་སུ་ལྷུན་གྱིས་གྲུབ་པའི་ཕྱིར་རོ། །དེ་གཉིས་ཀྱི་ལྷུན་གྲུབ་ཡིན་ནོ་ཞེས་པའང་མི་རིགས་ཏེ། ལྷུན་གྲུབ་ཡིན་ན་མི་འགྱུར་བས་འཁོར་འདས་འབྱུང་བར་མི་རིགས་སོ། །ཡང་ན་སུ་ཡང་འབད་མེད་དུ་གྲོལ་བར་འགྱུར་ཏེ་རྒྱུ་འབྲས་ཡེ་ནས་ལྷུན་གྲུབ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་རྒྱུ་འབྲས་དུས་མཉམ་པར་ཐལ་ལ། འདོད་ན་རྒྱུ་འཁོར་བ་ཡིན་དུས། འབྲས་བུ་མྱ་ངན་ལས་འདས་པ་མ་ཡིན་པས་གསལ་ལ། དེ་གཉིས་གཅིག་ན་འཁོར་བ་མྱང་འདས་སུ་ཐལ་ལ། མྱང་འདས་འཁོར་བར་ཐལ་ཏེ་དེ་གཉིས་གཅིག་ཡིན་པའི་ཕྱིར་རོ། །འདོད་ན་ཐ་དད་པས་མི་རུང་ལ། དག་མ་དག་འདུག་པས་གསལ་ལོ། །དེ་དག་གཞན་ཡང་སྐྱོན་དུ་མ་གནས་ཏེ། ཀློང་དྲུག་པ་ལས། ལྷུན་གྲུབ་སྣ་ཚོགས་གཞི་དེ་ཡང་། །ཡང་


GTN002_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

དག་གཞི་ཉིད་མ་ལགས་ཏེ། །གལ་ཏེ་ཡིན་ན་འདི་ལྟར་འགྱུར། །འདི་ལྟར་སེམས་ཅན་འབད་པས་ནི། །གྲོལ་བ་ཉིད་དུ་མི་འགྱུར་ཏེ། །མ་རིག་ཉིད་ཀྱིས་སྦགས་པའི་ཕྱིར། །རིག་པ་ཡོད་པས་གྲོལ་གསུངས་ན། །འབྲས་བུའང་གྲོལ་ཉིད་མི་འགྱུར་རམ། །དཔེར་ན་སོལ་བ་ནག་པོ་ལ། །བྱི་དོར་གང་གིས་དཀར་པོ་ཡིས། །མདོག་ཏུ་འགྱུར་བར་མི་ནུས་བཞིན། །རྒྱུ་དང་འབྲས་བུ་ཐ་དད་པས། །ཡང་ན་ལྷུན་གྲུབ་མ་ལགས་སོ། །དེ་བཞིན་རྒྱུ་དང་འབྲས་གཅིག་ན། །འབད་པ་རྣམས་ལ་དགོས་མེད་འགྱུར། །དེ་ཕྱིར་ལྷུན་གྲུབ་ཅེས་པའི་གཞི། །དོན་དེ་བཏུབ་པ་ལགས་མ་ལགས། །ཀུན་ཏུ་བཟང་པོས་བདག་ལ་གསུངས། །སྟོན་པས་གསུངས་པ་སེམས་དཔའ་ཆེ། །ཅི་ལྟར་ཁྱོད་ཀྱིས་གོ་བ་བཞིན། །འདི་ཉིད་ཤེས་བྱའི་ཆོས་ཅ༷ན་{ཙམ༷་}ལས། །ཡང་དག་ངོ་བོ་མ་ཡིན་ནོ། །ཞེས་སོ། །གཞི་གཉིས་པ་མ་ངེས་པ་ནི།ངོ་བོ་གང་ཡང་མ་ཡིན་པས་རང་བཞིན་གཅིག་ཏུ་མ་ངེས། བློས་གང་ལྟར་བཏགས་པ་ཙམ་དེར་སྣང་བ་སྟེ། སེམས་སྡེ་ལས། ངེས་མེད་མིང་གི་སྣ་ཚོགས་ལས། །དོན་ཀྱང་བཏགས་པ་ཙམ་གྱིས་སྟོང་། །རང་བཞིན་གཅིག་ཏུ་མ་ངེས་པས། །གང་ལྟར་བཏགས་པ་དེ་ལྟར་སྣང་། །ཞེས་གསུངས་ལ། དེ་ལྟར་ན་གཅིག་ཡིན་ཕྱིན་གཅིག་མ་ཡིན་པ་དངོས་འགལ་རྫས་ཐ་དད་པའི་རིགས་པས་གནོད་དེ། གཞི་མ་ངེས་པ་དེ་འཁོར་བའི་འབྱུང་གཞི་ཡིན་ན་དེ་ཉིད་དུ་ངེས་པའི་ཕྱིར་རང་


GTN002_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་གིས་གསལ་ལ། མྱང་འདས་ཀྱི་གཞི་ཡིན་ནའང་དེར་གསལ་ལོ། །ཡང་གཞི་དེ་དག་པ་ཡིན་དུས་མ་དག་པ་མ་ཡིན་པས་རེས་འཇོག་མ་ངེས་པར་འདོད་པ་དང་འགལ་ལ། ཡང་དྲི་མ་དག་ནས་ཀྱང་མ་དག་པར་ལྡོག་པར་ཐལ་ཏེ་གཞི་ལ་མ་ངེས་པས་སས་ཟིན་མེད་པའི་ཕྱིར་རོ། །ཡང་འཁོར་འདས་ཕན་ཚུན་འཆོལ་བར་ཐལ་ཏེ། གཞི་མ་ངེས་པས་གང་དུའང་འགྱུར་བ་ཡིན་པའི་ཕྱིར་རོ། །འདོད་ན་སེམས་ཅན་འབད་མེད་དུ་གྲོལ་ལ། སངས་རྒྱས་མ་དག་པར་ལོག་ནས་སྡུག་བསྔལ་ལ་སྤྱོད་པར་ཐལ་ལོ། །ཡང་གཞི་དེ་ངེས་པ་ཅན་དུ་ཐལ་ཏེ་མ་ངེས་པའོ། །ཞེས་དམ་བཅས་པའི་ཕྱིར་རོ། །དེ་དག་ལ་སོགས་སྐྱོན་དུ་མ་ཡོད་དེ། ཀློང་དྲུག་པ་ལས། མ་ངེས་པ་ཡི་གཞི་གསུངས་པ། །འདི་ཡང་གཞི་ཉིད་མི་བཏུབ་པར། །བདག་གིས་བློ་རིམ་འདི་ལྟར་གོ །འབྲས་བུ་རེས་འཇོག་ཅན་ཉིད་དམ། །ཡང་ན་ལྡོག་བཅས་ཉིད་དུ་འགྱུར། །མ་ངེས་ངེས་པ་ཅན་འགྱུར་ཞིང་། །ངེས་པའང་མ་ངེས་ཅན་དུ་འགྱུར། །རང་གི་མ་ངེས་རང་ཡོད་པས། །ངེས་པ་ཡོད་ན་ལས་མཐའ་བཞིན། །འདི་ཀུན་ཤེས་བྱ་མ་ལགས་སམ། །སྟོན་པས་གསུངས་པ་དེ་བཞིན་ནོ། །ཞེས་སོ། གཞི་གསུམ་པ་ངེས་པར་འདོད་པ་ནི། ངོ་བོ་འགྱུར་བ་མེད་པ་ནམ་མཁའ་ལྟ་བུ། སྣང་ཚུལ་བསྒྱུར་དུ་མི་བཏུབ་པ་མེ་དང་ཆུ་ལྟ་བུར་འདོད་ལ། ངོ་བོ་ལ་འགྱུར་བ་མེད་པས་སྣང་ཚུལ་བསྒྱུར་དུ་མི་བཏུབ་པས་གཞི་དེ་ལས་འཁོར་བ་འབྱུང་བར་མི་འཐད་ལ། སུ་ཡང་གྲོལ་བར་མི་


GTN002_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

རུང་ངོ་། །མྱང་འདས་ཐོག་མ་ནས་ཡོད་ན་མུ་སྟེགས་རྟག་པ་བ་དང་ཁྱད་མེད་ལ་རྒྱུ་རྐྱེན་ལས་གྲོལ་བར་འདོད་པ་དང་འགལ། འཁོར་བའི་ངོ་བོ་མྱང་འདས་ཡིན་པས་མི་འགྱུར་ཞེས་འདོད་ནའང་། ངོ་བོ་མྱང་འདས་ཡིན་ན་གཟོད་གྲོལ་མི་དགོས་ཏེ། མེ་ཚ་བར་ད་གཟོད་བསྒྱུར་མི་དགོས་པ་བཞིན་ནོ། །བློ་སྣང་ལ་དགོས་སོ་ཞེ་ན་སྣང་ཚུལ་བསྒྱུར་མི་བཏུབ་པ་དང་འགལ་ལོ། །འཁོར་བའི་སྣང་ཚུལ་ཡིན་གྱི་གཞིའི་སྣང་ཚུལ་མིན་ནོ་ཞེ་ན། གཞི་དེ་གཉིས་བཅས་སུ་ཐལ་ཏེ། གཞི་ལས་ལོགས་ན་འཁོར་བའི་སྣང་ཚུལ་ཡོད་པའི་ཕྱིར་རོ། །ཡང་ན་གཞི་དེ་རྟོགས་ནས་ངེས་པར་འདོད་ན་གཞིར་མི་རུང་སྟེ། རྟོགས་པའི་སྔོན་དུ་རྟོགས་གཞི་ཡོད་ལ། དེ་ནས་རྟོགས་པའི་བློ་བྱུང་བའི་ཕྱིར་རྟོགས་པ་ལ་གཞི་མི་ལྟོས། གཞི་ལ་རྟོགས་པའི་བློ་ལྟོས་ཀྱང་། རྟོགས་པའི་སྔོན་ནས་ཡོད་དགོས་པས་ཁྱབ་བོ། །མ་རྟོགས་ཀྱང་གཞི་ཡིན་ན་གཞི་ཡིན་པར་གང་གིས་ཤེས། བློས་ཤེས་ན་མ་རྟོགས་ཀྱང་གཞི་ཡིན་པ་བུད་དོ། །དེ་དག་ལ་སོགས་པའི་སྐྱོན་དམིགས་པ་ཡང་། ཀློང་དྲུག་པ་ལས། ངེས་པའི་གཞི་ཞེས་བསྟན་པ་ལ། །འདི་ཡང་ཡང་དག་སྙིང་པོ་མིན། །དཔེར་ན་མིག་སེར་ཅན་དག་ལ། །དུང་ལ་སེར་པོ་སྣང་བ་བཞིན། །རང་ལ་ལྡོག་པའི་ཁྱད་ཀྱིས་ནི། །རང་གཞན་གཉིས་མེད་ངེས་མཐའ་བྲལ། །དེ་ཕྱིར་དེ་ཡང་ཡང་དག་མིན། །ཡང་ན་རྒྱུར་ངེས་འབྲས་ངེས་པས། །བདག་རྟག་པ་དང་ཁྱད་མེད་འགྱུར། །འདི་ཡང་ཤེས་བྱ་མ་ལགས་སམ། །གསུངས་པ་དེ་ཡང་གང་དང་མཚུངས། །ཞེས་སོ།


GTN002_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་བཞི་པ་ཅིར་ཡང་བསྒྱུར་དུ་བཏུབ་པར་འདོད་པ་ནི། ངོ་བོ་ཕྱོགས་དང་རིས་སུ་མ་ཆད་ལ་སྣང་ཚུལ་ཅིར་ཡང་བསྒྱུར་དུ་བཏུབ་པ་སྟེ། དེ་ལ་གཞི་ཅིར་ཡང་བསྒྱུར་དུ་བཏུབ་ན། དག་པ་སངས་རྒྱས་ཀྱང་མ་དག་པ་འཁྲུལ་པར་འགྱུར་ལ། སུས་ཀྱང་མ་འབད་པར་སེམས་ཅན་སངས་རྒྱས་བསྒྱུར་ནས་གྲོལ་བར་ཐལ་ལོ། །ཡང་འབྲས་བུར་རྒྱུར་ལྡོག་པར་ཐལ་ཏེ་འགྱུར་བའི་གཞི་ཡིན་པའི་ཕྱིར་རོ། །ཡང་ས་རྡོ་སོགས་བེམ་པོའང་རིག་པར་འགྱུར་ལ། རིག་པའང་བེམ་པོར་འགྱུར་བར་ཐལ་ལོ། །ཡང་ངོ་བོ་རིས་སུ་མ་ཆད་པ་དེ་བསྒྱུར་རམ། གཞན་བསྒྱུར། ངོ་བོ་བསྒྱུར་ན་གཞིར་མི་རུང་སྟེ་གཞི་ལས་གཞན་པའི་ཆོས་སུ་བསྒྱུར་བའི་ཕྱིར་རོ། །གཞན་བསྒྱུར་ན་ངོ་བོ་གང་དུའང་བསྒྱུར་བའི་དམ་བཅའ་ཉམས་སོ། །ཡང་རྟག་པ་བསྒྱུར་རམ་མི་རྟག་པ་བསྒྱུར། རྟག་པ་བསྒྱུར་དུ་མི་རུང་སྟེ་ནམ་མཁའ་བཞིན། མི་རྟག་པ་བསྒྱུར་མི་དགོས་ཏེ་བསྒྱུར་ཟིན་པའི་ཕྱིར། ཡང་དུས་གསུམ་གྱི་རིགས་པས་འདས་མ་འོངས་བསྒྱུར་རྒྱུ་མེད་དེ། དངོས་མེད་ཡིན་ལ། ད་ལྟའི་སྔ་ཆ་འགགས། ཕྱི་ཆ་མ་སྐྱེས་པས་མེད་པའི་ཕྱིར། བསྒྱུར་རྒྱུ་མ་དམིགས་པས་གཞི་ཅིར་ཡང་བསྒྱུར་དུ་བཏུབ་པ་དེ་མི་འཐད་དེ། ལུང་སྔ་མར། བསྒྱུར་དུ་བཏུབ་ཅེས་སྔར་གསུངས་པ། །རང་གི་གནས་ལུགས་བསྒྱུར་བཏུབ་ན། །འདི་ཡང་ངེས་པ་མེད་པ་མཚུངས། །འབྲས་བུ་ཉིད་ནི་རྒྱུར་ལྡོག་ཕྱིར། །འབད་པ་རྣམས་ལ་དགོས་མེད་པས། །ཡང་དང་ཡང་དུ་ལྡོག་པས་ན། །བེམ་པོ་རྣམས་ནི་རིག་


GTN002_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་སུ། །བསྒྱུར་དུ་བཏུབ་པ་མ་ཡིན་བཞིན། །འདི་ཡང་ཤེས་བྱ་མ་ལགས་སམ། །གསུངས་པ་དེ་ཡང་དེ་བཞིན་ནོ། །ཞེས་སོ། །གཞི་ལྔ་པ་ཅིར་ཡང་ཁས་བླང་དུ་བཏུབ་པར་འདོད་པ་ནི།རིག་པའི་ངོ་བོ་ལ་ཕྱོགས་མེད་ཀུན་ཏུ་ཤར་བས་ཅིར་ཡང་ཁས་བླང་དུ་བཏུབ་པར་འདོད་པ་སྟེ། དེ་ལ་ཅིར་ཡང་ཁས་ལེན་པ་དེ། གཞི་དེ་ལས་གནས་པ་ཁས་ལེན་ནམ། མི་གནས་པར་ཁས་ལེན། དང་པོ་ལྟར་ན་རྟག་དངོས་མི་རྟག་དངོས་གཉིས་ལྷན་ཅིག་གྲུབ་པར་ཐལ་ཏེ་མི་རྟག་པ་སྣང་ཙམ་དུ་གནས་པའི་ཕྱིར་རོ། །མི་རྟག་པ་གྲུབ་ཀྱང་རྟག་དངོས་མ་གྲུབ་ཅེ་ན། ཅིར་ཡང་ཁས་ལེན་དུ་བཏུབ་པ་ཉམས། དེ་བཞིན་དུ་འཁོར་བ་འབད་མེད་དུ་གྲོལ་བ་དང་། གྲོལ་བ་རྣམས་ལྡོག་པར་ཐལ་ཏེ་ཅིར་ཡང་ཁས་བླངས་པའི་ཕྱིར་རོ། །གཉིས་པ་ལྟར་ན་རི་བོང་རྭ་དང་མོ་གཤམ་གྱི་བུས་འཁོར་འདས་བྱས་པ་ཡང་ཁས་ལེན་པ་ལ་སོགས་ཐུག་པ་མེད་པའི་སྐྱོན་དམིགས་ཏེ། ལུང་སྔ་མ་ལས། ཁས་ལེན་རྣམས་དང་ལྡན་པར་ནི། །སྟོན་པ་ཉིད་ཀྱིས་སྔར་གསུངས་པ། །འདི་ཀུན་ཕྱོགས་ཀྱི་འཕེན་པ་ཙམ། །ཐམས་ཅད་ཡིན་ངོར་བསྒྲུབ་པའི་ཕྱིར། །ཐུག་པ་མེད་པའི་སྐྱོན་འགྱུར་བས། །འདི་ཡང་ཤེས་བྱ་མ་ལགས་སམ། །སྟོན་པས་གསུངས་པ་སྔར་དང་མཚུངས། །ཞེས་སོ། །


GTN002_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་དྲུག་པ་སྣ་ཚོགས་ཁྲ་བོར་འདོད་པ་ནི། ངོ་བོ་ཀུན་ཏུ་རང་ཤར་བས་། །སྣང་ཚུལ་སྣ་ཚོགས་སྣང་བའོ། །ཞེས་སོ། །དེ་ཡང་སྣ་ཚོགས་དེ་ཕྱི་སྣང་བ་ལ་འདོད་དམ། ནང་ཤེས་པ་ལ་འདོད་དམ། དེ་གཉིས་ཚོགས་པ་ལ་འདོད་། དང་པོ་ལྟར་སྣང་བ་སྣ་ཚོགས་པ་ལྟར་གཞི་གཅིག་པོ་དེ་ཡང་སྣ་ཚོགས་སུ་ཕྱིར་ཤར་བའི་སྐྱོན་ཡོད་ལ། གཉིས་པ་ལྟར་ན་ཤེས་པ་སྐད་ཅིག་མ་བཞིན་དུ་གཞི་སྐད་ཅིག་མར་ཐལ་བ་དང་། ཤེས་པ་སྙམ་བྱེད་རྟོག་པ་དུ་མ་ལྟར་གཞི་ཡང་དེར་ཐལ་བ་དང་། ཤེས་པ་ཉོན་མོངས་པའི་རྐྱེན་དབང་ལྟར་གཞི་ཡང་དེར་ཐལ་ལོ། །གསུམ་པ་ལྟར་ན་གཞི་ཕྱི་ནང་དུ་ཐལ་བ་དང་། གཞུང་གཟུང་འཛིན་དུ་ཐལ་བ་དང་། གཞི་ཚོགས་དྲུག་སྤང་བྱ་ཕྱོགས་གཅིག་པར་ཐལ་ལོ། །ཡང་གཞི་ཞེས་དབྱིངས་གཅིག་ཏུ་མི་འཐད་དེ་མང་པོ་ཚོགས་པ་ཡིན་པའི་ཕྱིར་རོ། །དེ་དག་ལ་སོགས་པའི་སྐྱོན་ནི། ཀློང་དྲུག་པ་ལས། སྟོན་པས་གོང་དུ་ཁྲ་བོར་གསུངས། །འདི་ཡང་ཕྱོགས་དང་མི་འཐད་པས། །གང་གི་ངོ་བོ་དེ་སྣང་བས། །འབྲས་བུ་ཐ་དད་དོན་དེ་མཚུངས། །མང་བའི་སྒྲ་ཡིས་ཉམས་པའི་ཕྱིར། །འདི་ཡང་ཤེས་བྱ་མ་ལགས་སམ། །གསུངས་པ་དེ་ཡང་དེ་བཞིན་ནོ། །ཞེས་སོ། གཞི་བདུན་པ་ཀ་དག་ཏུ་འདོད་པ་ནི། རིག་པ་རང་བྱུང་གི་ཡེ་ཤེས་ནི། ཡོད་མེད་ཀྱི་མཐའ་དང་བྲལ་བས་ཡེ་ཤེས་ཙམ་དུའང་གྲུབ་པ་མེད་དེ། སྤྲོས་བྲལ་ཐིག་ལེ་ཆེན་པོའི་ཆ་ནས་གང་དུའང་མ་གྲུབ་


GTN002_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

པར་འདོད་དོ། །དེ་ལྟར་ན་ཅིར་ཡང་མ་གྲུབ་ལ་ཡེ་ཤེས་ཙམ་དུའང་མེད་ཅིང་ཀ་ནས་དག་པས་གང་དུའང་བཞག་ཏུ་མེད་པའི་གནས་ལུགས་ཅིར་ཡང་མེད་པ་ཡིན་ན་འཁོར་འདས་འབྱུང་བའི་དབྱིངས་སུ་འགལ་ལ། ཡེ་ཤེས་མེད་ན་སངས་རྒྱས་དང་སེམས་ཅན་གྱི་རྣམ་གྲོལ་མེད་པས་གཞི་རྟོགས་ནས་གྲོལ་བ་ཡང་མི་རིགས་ལ། ཕྲ་བའི་འོད་ལྔ་མེད་ན་གཞི་སྣང་འཆར་བའི་རྒྱུ་མེད་པས་དེའི་ངང་ལས་གཞི་སྣང་མི་རིགས་པའི་ཕྱིར། མ་རྟོགས་འཁྲུལ་པའི་སེམས་ཅན་མི་རིགས་ཏེ། ཀློང་དྲུག་པ་ལས། ངོ་བོ་ཉིད་ལ་ཡེ་དག་པས། །སེམས་ཅན་འཁོར་བ་འདི་མི་རིགས། །མ་རིག་དྲི་མ་ཡེ་ཟད་ཕྱིར། །ཞེས་པས་སྔར་གྱི་གཞི་དྲུག་དང་མཚུངས་སོ། །དེ་ལྟར་གཞི་བདུན་སྐྱོན་ཅན་དུ་བསྟན་ནས་འདིར་འདོད་པའི་གཞི་ནི། ཀ་དག་དང་ལྷུན་གྲུབ་དབྱེར་མེད་དུ་ཁས་ལེན་པ་ཡིན་ཏེ། ངོ་བོ་ཀ་དག་ལ་ལྷུན་གྲུབ་གཏིང་གསལ་དུ་ཡོད་པས་དབྱེར་མེད་ཀྱི་ཆའི་ངོ་བོ་ཀ་ནས་དག་པས་ཡོད་པ་རྟག་པའི་མཐའ་དང་བྲལ་ཏེ། དངོས་པོ་དང་མཚན་མའི་ཆོས་སུ་མ་གྲུབ། རང་བཞིན་ལྷུན་གྱིས་གྲུབ་པས་འོད་གསལ་ཕྲ་བ་ནང་གསལ་དུ་གནས་པས་མེད་པ་ཆད་པའི་མཐའ་ལས་འདས་ཏེ། སྣང་བའི་ངོ་བོ་སྟོང་ལ། སྟོང་པའི་རང་བཞིན་གསལ་བ། གསལ་བའི་སྙིང་པོ་རིག་པ་སྟེ། སྐུ་དང་ཡེ་ཤེས་ཡེ་ནས་འདུ་འབྲལ་མེད་པ་ཉི་མའི་སྙིང་པོ་ལྟར་གནས་ཏེ། རང་ཤར་ལས། གཞི་ལ་རྣམ་པ་གཉིས་སུ་གསུངས། །ཀ་དག་ཆེན་པོའི་གཞི་དང་ནི། །ལྷུན་གྲུབ་སྣ་ཚོགས་གཞི་རུ་འདོད། །


GTN002_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་པ་དང་། ཀློང་དྲུག་པ་ལས། ངོ་བོ་ཉིད་ལ་ཀ་དག་པས། །རང་བཞིན་དུ་ནི་ལྷུན་གྲུབ་བོ། །ཞེས་དང་། མུ་ཏིག་ཕྲེང་བ་ལས། ངོ་བོ་ཀ་དག་བརྗོད་གཞི་བྲལ། །རང་བཞིན་ལྷུན་གྲུབ་ཅིར་སྣང་རྫོགས། །ཞེས་སོ། །འདིར་འགའ་ཞིག་གཞི་བརྒྱད་དུ་སོང་བ་ལྟར་གྱི་སྐྱོན་བཏགས་ཀྱང་དེ་ནི་མ་ཡིན་ཏེ་ཀ་དག་ལྷུན་གྲུབ་དབྱེར་མེད་དུ་འདོད་པས་གཞི་སྔར་གྱི་བདུན་ལས་ལོགས་སུ་མིན་ནོ། །ཡང་ངོ་བོ་ཀ་དག་ཡིན་ན་དྲི་མ་ཡེ་ཟད་ཡིན་པའི་ཕྱིར་སེམས་ཅན་འཁོར་བར་འཁྲུལ་པ་མི་རིགས་ལ། རང་བཞིན་ལྷུན་གྲུབ་ཡིན་ན་འབྲས་བུ་ལྷུན་གྱིས་གྲུབ་ཟིན་པས་ཡེ་ནས་འབད་མེད་དུ་སེམས་ཅན་རྣམས་གྲོལ་བར་རིགས་པ་སོགས་གོང་དུ་གཞི་བདུན་པའི་ནང་གསེས་ཀྱི་སྐྱོན་འབབ་ཞེ་ན། འདིར་ཐ་དད་དུ་མིན་ཏེ་གཉིས་ཆར་ཁས་བླངས་པས་སྐྱོན་དུ་མི་འགྱུར་ཏེ། ངོ་བོ་ཀ་ནས་དག་པས་སེམས་ཅན་འཁོར་བ་མེད་ཀྱང་ལྷུན་གྲུབ་ཀྱི་རྩལ་ལམ་རོལ་པ་ཙམ་ལས་དེ་ལྟར་སྣང་བ་མི་འགལ་ཏེ། གཉིད་དུ་འགྲོ་ཁ་དང་གཉིད་དུས་ཀྱི་ཤེས་པའི་རང་ངོ་ལ་རྨི་ལམ་མེད་ཀྱང་སྣང་ངོ་ལ་རྟ་གླང་དུ་སྣང་བ་མི་འགལ་བ་བཞིན་ནོ། །ཡང་སེམས་ཅན་དུ་སྣང་བའང་སྒྱུ་མའི་རོལ་པ་ཙམ་ལས་དོན་གྱི་ངོ་བོ་ལ་མ་གྲུབ་པས་ཡེ་ནས་གྲོལ་ཟིན་ལ། ཀུན་རྫོབ་སྣང་ཚོད་དུ་མིག་སྔགས་ཀྱི་ནུས་པས་རྟ་གླང་དུ་སྣང་བ་གྲོལ་བ་ལ་འབད་མེད་རང་སར་བཞག་པས་ཤིང་བུ་རྡེའུར་ལོག་པ་ལྟར། དབྱིངས་སུ་གྲོལ་བར་སྣང་དུས་ནས་ལོག་པར་སྣང་བ་ལོག་པ་ཙམ་ལས། གྲོལ་གྲོལ་པོ་གསར་བྱུང་ཅི་ཡང་མེད་དེ་འཆིང་བ་མ་གྲུབ་པའི་ཕྱིར་རོ། །


GTN002_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སྣང་ངོ་ཀུན་རྫོབ་ཀྱི་ཆ་ནས་ལྷུན་གྲུབ་ལ། སྟོང་ངོ་དོན་དམ་གྱི་ཆ་ནས་ཀ་དག་ཏུ་ཚིག་གིས་བརྗོད་པ་ཙམ་ལས་དེ་གཉིས་རྫས་ཐ་དད་དུ་མེད་པས་སོ་སོར་མི་འགྱུར་ཏེ། ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པ་བྲམ་ཟེ་ཡིན་པས་མི་ཡིན་ལ། སྡོམ་ལྡན་ཡིན་པས་རབ་ཏུ་བྱུང་བ་ཡིན་པ་གཉིས་མི་འགལ་བ་བཞིན་ནོ། །དེ་དག་གི་རྩོད་ལན་ཡང་། ཀློང་དྲུག་པ་ལས། ངོ་བོ་ཉིད་ལ་ཀ་དག་པས། །སེམས་ཅན་འཁོར་བ་འདི་མི་རིགས། །མ་རིག་དྲི་མ་ཡེ་ཟད་ཕྱིར། །སྟོན་པས་གསུངས་པ་སེམས་དཔའ་ཆེ། །རང་བཞིན་ལྷུན་གྱིས་གྲུབ་པའི་ཕྱིར། །དེ་ཡང་མ་འགགས་རོལ་པར་སྣང་། །སེམས་དཔའ་ཉིད་ཀྱིས་ཡང་གསོལ་པ། །རང་བཞིན་ཉིད་ལ་ལྷུན་གྲུབ་ན། །སེམས་ཅན་འདི་དག་རང་གྲོལ་རིགས། །ཡེ་ནས་ལྷུན་གྱིས་གྲུབ་པའི་ཕྱིར། །གསུངས་པ་སེམས་ཅན་འདི་དག་ནི། །ངོ་བོ་ཀ་ནས་དག་པའི་ཕྱིར། །གྲོལ་བ་རྣམས་ཀྱང་རོལ་པར་སྣང་། །བྱང་ཆུབ་སེམས་དཔས་ཡང་གསོལ་པ། །ངོ་བོ་ཉིད་ནི་ཀ་དག་པས། །ལྷུན་གྲུབ་ལ་ཡང་དགོས་མེད་འགྱུར། །ཡང་ན་ལྷུན་གྱིས་གྲུབ་པའི་ཕྱིར། །ཀ་ནས་དག་པ་མེད་པར་འགྱུར། །སྟོན་པས་གསུངས་པ་འདུག་ཚུལ་ནི། །གང་གིས་བརྗོད་པའི་ཚིག་མེད་པས། །བརྗོད་པའི་སྒྲ་ཚིག་དང་བྲལ་བ། །ཅི་ཡི་ངོ་བོར་གྲུབ་མེད་ཕྱིར། །ཚིག་གིས་འདི་ལ་གནོད་པ་བྲལ། །སེམས་ཅན་བདག་འཛིན་བློ་ཡུལ་ལ། །སྣ་ཚོགས་དྲན་བསམ་མ་འགགས་པས། །ཚིག་གནོད་ངོ་བོ་ཁྱད་པར་མེད། །དོན་དམ་ཀུན་རྫོབ་ཐ་སྙད་ཕྱིར། །ཞེས་སོ། །དེ་ཡང་དབྱིངས་གདོད་མའི་ཡེ་གཞི་ལ་ངོ་བོ་རང་བཞིན་
ཐུགས་རྗེ་གསུམ་ངང་དངས་རང་བཞིན་བདག་ཉིད་གསུམ། ཀ་དག་ཉིད་དང་ལྷུན་གྲུབ་སྟེ། ངོ་བོ་གཅིག་ལ་ལྡོག་པས་ཕྱེ་ན་བརྒྱད་དུ་གནས་ཤིང་། དེའི་ངང་ལས་གཞི་སྣང་དུ་ཤར་དུས་གྲོལ་འཁྲུལ་གཉིས་ཀའི་གཞི་བྱེད་པའི་ཆ་ནས་སྤྱི་གཞི་ཟེར་ལ་གྲོལ་གཞི་བྱེད་པས་གྲོལ་བའི་གཞི་དང་། སེམས་ཅན་གྱི་འཁྲུལ་གཞི་བྱེད་པས་འཁྲུལ་གཞི་ཞེས་གཞི་སྣང་གི་ངོ་བོ་གཅིག་ལ་གྲོལ་འཁྲུལ་གྱི་ཆས་དབྱེ་ན་གསུམ་དུ་གནས་པ་སྟེ། མུ་ཏིག་ཕྲེང་བ་ལས། ངོ་བོ་རང་བཞིན་ཐུགས་རྗེ་དང་། །ངང་དངས་རང་བཞིན་བདག་ཉིད་ཆེ། །ཀ་དག་ཉིད་དང་ལྷུན་གྲུབ་དང་། །སྤྱི་པའི་གཞི་དང་འཁྲུལ་གཞིའོ། །ཞེས་པ་དང་། དེའི་རྒྱས་བཤད་དུ། ངོ་བོ་ཀ་དག་བརྗོད་གཞི་བྲལ། །རང་བཞིན་ལྷུན་གྲུབ་ཅིར་སྣང་རྫོགས། །ཐུགས་རྗེ་ཀུན་ཁྱབ་རང་ཤར་བའོ། །ངང་ནི་ཤུགས་ལས་འབྱུང་བ་སྟེ། །རང་བཞིན་མ་བཅོས་ཀུན་སྣང་བས། །བདག་ཉིད་ཁྱབ་གདལ་འུབ་ཆུབ་པའོ། །ཀ་དག་དྲི་མ་རང་དག་སྟེ། །ལྷུན་གྲུབ་སྣ་ཚོགས་འབྱུང་བའི་ཕྱིར། །སྤྱི་པའི་གཞི་ནི་གྲུབ་པར་སྣང་། །ཞེས་སོ། །

བླ་ན་མེད་པའི་གཞི་བྱེ་བྲག་ཏུ་བཤད་པ་མདོར་བསྟན།


GTN002_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

༢དོན་གཉིས་པ་བླ་ན་མེད་པའི་གཞི་བྱེ་བྲག་ཏུ་བཤད་པ་ཐུན་མོང་དུ་མདོར་བསྟན། སོ་སོའི་ཆ་ལས་རྒྱས་པར་བཤད་པའོ། །དང་པོ་ནི། ཐོག་མའི་གཞི་ངོ་བོ་ཀ་ནས་དག་པ་ཤེལ་གོང་དྲི་མ་མེད་པ་ལྟར་དངོས་པོ་དང་མཚན་མར་མ་གྲུབ་པའི་རང་བཞིན་ལྷུན་གྱིས་གྲུབ་པ་དཀར་པོའི་ནང་ན་ཕྲ་བའི་རང་འོད་གཏིང་གསལ་དུ་ཡོད་ཀྱང་རྐྱེན་མེད་པས་ཕྱིར་མི་སྣང་བའི་ཕྱིར།


GTN002_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་རྒྱ་མ་རལ་བ་གཞོན་ནུ་བུམ་པ་སྐུའི་གནས་ལུགས་སུ་བཞུགས་ཏེ། ངོ་བོ་ཀ་ནས་དག་པས་སྟོང་ལ། དངོས་པོ་མེད་ཀྱང་ཕྲ་བའི་རིག་པ་ཡེ་གདངས་ཀྱི་རང་འོད་ནི་མ་བཀག་པར་རང་ཆས། རང་བཞིན་ལྷུན་གྱིས་གྲུབ་པས་སྣང་བ་ཐམས་ཅད་ཀྱི་འཆར་གཞིར་གནས་ཀྱང་། རང་ངོ་ཕྱིར་གསལ་དུ་མཚན་མ་རིས་ཅན་གྱི་འོད་དང་སྐུ་དང་ཁ་དོག་ནི་མི་སྣང་བ་སྟེ། ངོ་བོ་ཀ་དག་གི་ཀློང་ན་རང་བཞིན་ལྷུན་གྲུབ་ཀྱི་ཡེ་གདངས་གཏིང་གསལ་ཕྲ་བའི་རང་འོད་ཡེ་ཤེས་དང་བཅས་པ། གཅིག་དང་ཐ་དད་དང་། སོ་སོ་མ་ཡིན་པའི་ཚུལ་གྱིས་འོད་གསལ་བའི་དམ་པ་ལྷུན་གྲུབ་རིན་པོ་ཆེའི་སྦུབས། གཞོན་ནུ་བུམ་སྐུའི་ཞིང་། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་བདག་ཉིད་དམ་པར་བཞུགས་སོ། །བཀྲ་ཤིས་མཛེས་ལྡན་ཆེན་པོའི་རྒྱུད་ལས། རྟོགས་པའི་སངས་རྒྱས་མ་བྱུང། མ་རྟོགས་པའི་སེམས་ཅན་མ་བྱུང་བའི་སྔ་རོལ་ན། རིག་པ་རང་བྱུང་གི་ཡེ་ཤེས་གཞི་ལས་མ་གཡོས་ཏེ། རྐྱེན་མེད་པའི་སྣང་བ་གསུམ་དང་ཐབས་གཅིག་ཏུ་བཞུགས་སོ། །དེ་ནས་རང་རིག་པའི་ཡེ་ཤེས་ཉིད་ཀྱིས་རང་གི་འདུག་ཚུལ་གྱི་གནས་ལུགས་འདི་གསུངས་སོ། །ཀྱེ་སྣང་བ་ཆེན་པོ་ཡངས་པའི་ཀློང་འདི་ནི་མ་གཡོས་པའི་ཆོས་ཀྱི་སྐུ་ཆེན་པོ་ལས་མ་འཁྲུལ་པའི་སངས་རྒྱས་ཆེན་པོར་བཞུགས་སོ། །ངོ་བོའི་སྐུ་མ་འགགས་པར་གནས་ཏེ། ངོ་བོ་མི་འགྱུར་ཐབས་གསང་བ། མ་གཡོས། མི་གཡོ། མ་བསྐྱོད་པ། སྣང་བ་ཐམས་ཅད་དུས་གཅིག་ལ་རྫོགས་པ། ཡེ་ཤེས་ཐམས་ཅད་སྐད་ཅིག་ལ་རྫོགས་པ། སྐུ་ཐམས་ཅད་སྨིན་པར་གནས་པ། འོད་ཀྱི་སྣང་བ་ཐམས་ཅད་ལ༷་(མ)བསྒྲིབས་གསལ་བ།


GTN002_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ལུགས་ཀྱི་སྣང་བ་ལ་སྣང་ཐབས་ཀྱིས་མ་བསྒྲིབས་པ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་རྒྱ་མ་ཆད་པར་ཡོངས་སུ་རྫོགས་པ་ཆེན་པོའོ། །ངོ་བོའི་གནས་ལུགས་ཆེན་པོ་དེ་ཡང་། སྐུ་ལྟར་གནས་ལ་ཁ་མིག་རྣ་བར་དོད་པ་ནི་ཅང་མི་བཞུགས། སྟོང་པ་ལྟར་གནས་པ་ལ་བེམ་སྟོང་ལྟར་ཅང་མི་བཞུགས། འོད་ལྔ་ལྟར་སྣང་བ་ཆེན་པོ་ལ་ཁ་དོག་ཏུ་ཕྱེ་བ་ནི་ཅང་མི་བཞུགས། རྒྱ་མ་ཆད་པར་སྣང་བ་ལ་འབྲེལ་བ་ལྟར་ཅང་མི་བཞུགས། མཐའ་དབུས་མེད་པ་ལྟར་སྣང་བ་ལ་ཕྱོགས་སུ་མེད་པ་ནི་ཅང་མི་བཞུགས། ཆ་ཡིས་མ་གོས་པ་ལྟར་སྣང་ལ་རིས་སུ་ཕྱེ་བ་ནི་ཅང་མི་བཞུགས། རྒྱན་མ་འགགས་པ་ལྟར་སྣང་ཞིང་དཔངས་མཐོ་བ་ལ་སྟེང་འོག་ཏུ་སྣང་བ་ནི་གང་ལ་ཡང་མེད་དོ། །རང་བཞིན་གྱི་སྣང་བ་ནི། ཡངས་པ་ལྟར་སྣང་བ་ལ་ཕྱོགས་ལྷུང་མེད་པ། གསལ་བ་ལྟར་སྣང་བ་ལ་དངོས་པོ་མེད་པ། མཐིང་ག་ལྟར་སྣང་བ་ལ་ཆ་མ་ཕྱེ་བ། དཀར་པོ་ལྟར་སྣང་བ་ལ་རིགས་མི་འཛིན་པ། སེར་པོ་ལྟར་སྣང་བ་ལ་ཡོན་ཏན་རྫོགས་པ། དམར་པོ་ལྟར་སྣང་བ་ལ་གོ་མ་འགགས་པ། ལྗང་གུ་ལྟར་སྣང་བ་ལ་ཡོན་ཏན་རྫོགས་པ། སྣ་ལྔ་ཉིད་དུ་གནས་པ་ལ་ཁ་དོག་མི་འཛིན་པ་ཆེན་པོ། ཟླུམ་པ་ལ་དབྱིབས་མེད་པ་མ་འགགས་པ་སྐྱོན་མེད་པ། ཁྱབ་པ་མེད་པ་ལ་རང་གདངས་ཆེན་པོ། རང་གསལ་བ་ལ་ཕྱི་ནང་དང་བཅས་པ། རྩོལ་སྒྲུབ་མེད་པ་ལ་བབས་ཀྱིས་གྲུབ་པའོ། །ཐུགས་རྗེའི་སྣང་བ་ནི། སྟོང་པ་ལྟར་སྣང་བ་ལ་གསལ་བ་མ་འགགས་པ། སྤྲོས་


GTN002_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་པ་ལ་སྤྲོས་པ་ཆེན་པོ། རང་བཞིན་མ་འགགས་པ་ལ་སྣ་ཚོགས་མ་ངེས་པ་ཆེན་པོ། གསལ་བ་ལ་མུན་པ་མེད་པ། མ་འགགས་པས་མེད་པ་ཆེན་པོ་བབས་ཀྱི་སྟོང་པ་ལ་ཀུན་ཏུ་འཆར་བ་ཆེན་པོ། མ་འདྲེས་པ་ལ་ཡོངས་སུ་སྣང་བ་ཆེན་པོ་ཀུན་ལ་ཁྱབ་པ་ལ་གཅིག་ཏུ་འདུས་པ་ཆེན་པོ། དག་པ་ལ་འཁྲུལ་པ་མ་འགགས་པ་ཆེན་པོ་རྫོགས་པ་ལ་གཅིག་ཏུ་སྣང་བ་ཆེན་པོ། ཐུགས་རྗེའི་གོ་མ་འགགས་པར་བཞུགས་སོ། །ཞེས་སོ། །དེ་ལྟར་ཀ་དག་ཆེན་པོའི་གཞི་དེ་ལ་ངོ་བོ་རང་བཞིན་ཐུགས་རྗེ་སྟེ་ཡེ་ཤེས་གསུམ་ལྡན་དུ་བཤད་པ་ལུང་ཚིག་དེས་གསལ་བ་དང་། ཐལ་འགྱུར་ལས་ཀྱང་། འཁོར་དང་འདས་པ་མི་གནས་པའི། །ཆོས་ཉིད་སྟོང་པ་ཀུན་ཁྱབ་པས། །ཡེ་ཤེས་རང་ངོར་གནས་པ་ལས། །གསུམ་གྱི་ཚུལ་དུ་དབྱེར་མེད་དོ། །ཞེས་དང་། ཀློང་དྲུག་པ་ལས། ཡེ་ཤེས་ཉིད་ནི་རྣམ་གསུམ་གྱིས། །གཞི་ཡི་ཁྱད་པར་ཚིག་ཏུ་བསྟན། །ཞེས་གསུངས་ཤིང་། གསང་བ་བླ་ན་མེད་པ་འདིའི་བཞེད་པར་ཆོས་སྐུ་གདོད་ནས་དག་པའི་ངོ་བོར་བཞུགས་པས་སྐུ་གསུམ་འདུ་འབྲལ་མེད་པའི་འཆར་གཞིར་གནས་ཀྱང་མཚན་མ་རིས་ཅན་གྱི་ཞལ་ཕྱག་ཏུ་གྲུབ་པ་ནི་ཅུང་ཟད་ཀྱང་མེད་དོ། །རང་བཞིན་གསལ་བ་འོད་ལྔར་བཞུགས་པས་གདངས་གསུམ་ཡེ་ནས་རང་གསལ་ཀྱང་ཁ་དོག་རིས་བཅས་སུ་སོ་སོར་གྲུབ་པ་ནི་མེད་དོ། །ཐུགས་རྗེ་རིག་པའི་ཡེ་ཤེས་སུ་བཞུགས་ཀྱང་མཁྱེན་པའི་ཆ་མ་འགགས་པར་སོ་སོར་གསལ་ཀྱང་བྱ་དང་བྱེད་པའི་རྣམ་པ་ཡུལ་ཡུལ་ཅན་དུ་སྣང་བ་ནི་མེད་དེ། ཐལ་


GTN002_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ལས། ཐོག་མའི་ངོ་བོ་རང་བཞིན་དང་། །ཐུགས་རྗེ་རྣམ་པ་གསུམ་དུ་གནས། །དེ་ཡང་ངོ་བོ་སྐུར་གནས་པས། །ཆོས་དང་ལོངས་སྤྱོད་སྤྲུལ་པའི་ཆར། །མ་ཕྱེ་འབྱེད་པ་མེད་པའི་ཚུལ། །བབས་ལས་གྲུབ་པ་ཉིད་ལ་ཡང་། །སྐུ་མདོག་ལ་སོགས་བློ་ཡུལ་མེད། །རང་བཞིན་འཆར་བྱེད་འོད་ཀྱི་ཚུལ། །དཀར་དམར་སེར་དང་ལྗང་མཐིང་ནི། །མཚན་མ་རིས་ཅན་མ་ཡིན་པར། །རིས་མེད་ཤེས་བྱའི་བབས་ལས་གྲུབ། །ཐུགས་རྗེ་འཆར་གཞི༷་{བ་༵}སྣ་ཚོགས་ལས། །འདི་འདྲ་གཅིག་ཏུ་ངེས་མེད་པས། །སྣ་ཚོགས་སྣང་བས་གཞི་ཞེས་བྱ། །ཞེས་སོ། །དེས་ན་ཀ་དག་གི་རང་བཞིན་ལྷུན་གྲུབ་ཡིན་ལ། དེའི་དབྱིངས་ནང་གསལ་དུ་ཕྲ་བའི་ཡེ་ཤེས་ཡེ་གདངས་འོད་གསལ་གྱི་སྣང་བ་ཕྲ་བར་ཡོད་དོ། །དེ་ཡང་ཕྱིར་གསལ་རགས་པ་ཁས་མ་བླངས་པས་རྟག་པའི་མཐའ་ལས་གྲོལ། ནང་གསལ་ཕྲ་བར་འདོད་པས་ཆད་པའི་མཐའ་ལས་གྲོལ་ལོ། །དེ་ལྟར་མཐའ་བྲལ་རང་བྱུང་གི་ཡེ་ཤེས་ངོ་བོ་སྟོང་པས་གང་དུའང་མ་གྲུབ། རང་བཞིན་གསལ་བ༷ར་(བས་)སྣང་ཚུལ་མ་འགགས། ཐུགས་རྗེ་གོ་མ་འགགས་པས་གང་ལྟར་ཡང་འཆར་བའི་གཞི་བྱེད་པ་ནི། གཞི་དངོས་པོ་གཤིས་ཀྱི་གནས་ལུགས་ཡིན་ནོ། །ཀ་དག་གི་གཞི་དེ་ལ་ཡེ་ཤེས་སུམ་ལྡན་དུ་གསུངས་པའི་ངོ་བོ་སྐུར་གནས་པ་ལ་འཁྲུལ་ནས་འདི་ལ་ཁ་ཅིག་གིས་ཤེས་རབ་དང་རང་འོད་ཀྱི་ཁ་མིག་རྣ་བ་ཅན་ལ་སོགས་པ་འདོད་དེ་གསང་སྐོར་དང་འདྲེས་ཤིང་མ་ཧཱ་ཡོ་གའི་གོལ་ས་སྤང་བར་མི་ནུས་སོ། །གལ་ཏེ་ཁ་མིག་ཡོད་ན་དབང་པོའི་གཟུགས་ཅན་དུ་རགས་པར་ཡོད་ལ།


GTN002_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་མེད་པའི་ཡིད་ཀྱི་ཆ་ཙམ་དུ་ཡོད། དང་པོ་ལྟར་ན་འདོད་གཟུགས་རགས་པ་དང་ཁྱད་མེད། གཉིས་པ་ལྟར་ན་སྐྱེ་མཆེད་མུ་བཞི་དང་ཁྱད་མེད་དེ། རང་ཤར་ལས། ཆོས་སྐུ་རྣམ་དག་ཆེན་པོ་ལ། །དངོས་པོ་གཟུང་དུ་མེད་པའི་ཕྱིར། །མཚན་མ་ཅན་དུ་བཏགས་པ་མེད། །གལ་ཏེ་མཚན་མ་ཡོད་གྱུར་ན། །ཆོས་སྐུ་གཟུང་དུ་ཡོད་པར་འགྱུར། །ཞེས་སོ། །རང་བཞིན་འོད་ལྔར་བཤད་པ་ལ་འཁྲུལ་ནས་འོད་ལྔ་རང་མཚན་དུ་ཡོད་པར་འདོད་དེ། ཆོས་སྐུ་དང་གཟུགས་སྐུ་ཁྱད་མེད་པ་དང་། དབྱིངས་དེ་ཆོས་ཉིད་སྟོང་པ་མ་ཡིན་པར་འགྱུར་ཏེ། སྔ་མ་ལས། མཚན་མ་ཅན་དུ་ལྡོག་པས་ན་ཆོས་སྐུ་གཟུགས་སུ་ཡོད་པར་འགྱུར། །ཞེས་སོ། །ཐུགས་རྗེ་འགག་མེད་ཀུན་ཁྱབ་སྤྲོས་བྲལ་དུ་བཤད་པ་ལ་འཁྲུལ་ནས་ཡེ་ཤེས་རྒྱུན་ཆད་དུ་འདོད་པས། དེ་ལྟར་ན་ཡེ་ཤེས་ཀྱི་འཆར་གཞི་མེད་ན་སངས་རྒྱས་ཀྱི་མཁྱེན་ཆ་མེད་པས་ཕྱང་ཆད་ནམ་མཁའ་ལྟ་བུའམ་ཡང་ན་བེམ་པོ་ལྟ་བུར་འགྲོ་སྟེ། ཀློང་དྲུག་པ་ལས། ཤེས་བྱ་ཡེ་ཤེས་གཉིས་མེད་ན། །བེམ་པོ་རྣམས་དང་ཁྱད་ཅི་ཡོད། །ཡང་ན་སྟོང་པ་ཕྱང་ཆད་དུ། །འདི་ཉིད་འགྱུར་བ་ཁོ་ན་འོ། །ཤེས་བྱ་ཇི་ལྟ་ཉིད་མཁྱེན་པའི། །ཐུགས་རྗེའི་ཆ་ཡི་ཡེ་ཤེས་ཀྱིས། །རང་གི་དངོས་པོའི་གནས་ལུགས་མཁྱེན། །ཡེ་ཤེས་དེ་ཡི་ཆ་མེད་ན། །འབྱུང་བཞིའི་གཟུགས་དང་ཁྱད་ཅི་ཡོད། །ཤེས་བྱ་ཇི་སྙེད་མཁྱེན་པ་ཡི། །ཐུགས་རྗེ་ཡི་ནི་ཡེ་ཤེས་ཀྱིས། །གདུལ་བྱ་རྣམས་ཀྱི་བསམ་པ་མཁྱེན། །འདི་ཉིད་ནམ་མཁའ་ཉིད་དང་མཚུངས། །དེ་ཕྱིར་ཐམས་ཅད་མཁྱེན་པ་ཡི། །ཡེ་ཤེས་ཐུགས་རྗེའི་ཆ་ལས་སྣང་། །འདི་ཀུན་
དྲན་པས་བཟུང་བ་མིན། །རང་བཞིན་ཉིད་དུ་གནས་པ་ལས། །གཟུང་འཛིན་རགས་པར་མི་གནས་སོ། །གཏིང་གསལ་ཕྲ་བའི་ཆར་སྣང་བ། །འདི་ནི་སེམས་ཅན་རྣམས་ཀྱི་ལམ། །གོང་དུ་ས་བོན་བཞིན་དུ་འཕེལ། །ཞེས་སོ། །ཡེ་ཤེས་འདི་གཉིས་ཀ་དག་ཡེ་གཞི་ལ་འཆར་གཞིའི་ཆ་ཙམ་དུ་ཡོད་ལ་རགས་པར་མེད་པས་སངས་རྒྱས་ཀྱི་དུས་ན་ཡེ་ཤེས་དེ་གཉིས་འབྱུང་བའི་འཐད་པའོ། །

རྒྱས་པར་བཤད་པ།


GTN002_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་སོ་སོའི་ཆ་ལས་རྒྱས་པར་བཤད་པ་ལ་གཉིས་ཏེ། ངོ་བོ་སྟོང་ཆའི་ལྡོག་པ་ནས་རྒྱས་པར་བཤད་པ་དང་། རང་བཞིན་སྣང་ཆའི་ལྡོག་པ་ནས་རྒྱས་པར་བཤད་པའོ། དང་པོ་ནི། ཀ་དག་དངོས་པོ་དང་མཚན་མར་མ་གྲུབ་པའི་ལྡོག་པ་ལ་ལྟོས་ཏེ། རིག་པ་མེད། མ་རིག་པ་མེད། སངས་རྒྱས་མེད། སེམས་ཅན་མེད། འཁོར་བ་མེད། འདས་པ་མེད། འོད་མེད། ཁ་དོག་མེད། སྐུ་མེད། ཡེ་ཤེས་མེད། གཞི་མེད། ལམ་མེད། འབྲས་བུ་མེད། སུ་ཡང་འཁྲུལ་པ་མེད། གྲོལ་བ་མེད། བཅིངས་པ་མེད། ཐར་པ་མེད། ལས་མེད། ཉོན་མོངས་མེད། རླུང་མེད། འབྱུང་བ་མེད། ཡིན་པ་མེད། མིན་པ་མེད། གང་མེད། ཅི་མེད། ཅིར་ཡང་གྲུབ་པ་དང་དམིགས་སུ་མེད་པ་སྟེ། དགག་ཆོས་འབའ་ཞིག་གིས་བསྒྲུབ་ཆོས་དོར་བར་བསྟན་པ་ནི། བཀྲ་ཤིས་མཛེས་ལྡན་ལས། ཀ་དག་ཆེན་པོ་ཞེས་བྱ་སྟེ། ཡང་དག་པའི་སངས་རྒྱས་མ་བྱུང་།


GTN002_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

མ་དག་པའི་སེམས་ཅན་མ་བྱུང་བའི་གནས། རིག་པ་མ་གཡོས་པའི་ཡེ་གདངས་ཆེན་པོ་ཞེས་བྱའོ། །དེ་ལ་བརྗོད་དུ་མེད་དོ། །དཔག་ཏུ་མེད་དོ། །དམིགས་སུ་མེད་དོ། །གཞལ་དུ་མེད་དོ། །བརྩིར་མེད་དོ། །གང་གིས་ཀྱང་གཏན་ལ་མི་ཕེབས་སོ། །མཚོན་དུ་མེད་དོ། །ཤེས་པའི་ཡུལ་དུ་བྱར་མེད་དོ། །དེས་ནི་འཁོར་བ་མི་མཐོང་། འཁོར་བས་དེ་ཉིད་མི་མཐོང་ངོ་། །དེ་ནི་ཆོས་མི་སྤྱོད་དོ། །ཆོས་ཀྱིས་དེའི་དོན་མི་རྟོགས་སོ། །དེ་ནི་འཁོར་བ་མིན་ནོ། །མྱ་ངན་ལས་འདས་པ་མིན་ནོ། །གཞི་མིན་ནོ། །སྣང་བ་མིན་ནོ། །མུན་པ་མིན་ནོ། །ལམ་མ་ཡིན་ནོ། །བགྲོད་པ་མེད་དོ། །མ་བགྲོད་པ་མ་ཡིན་ནོ། །འབྲས་བུ་མ་ཡིན་ནོ། །སྤངས་པ་མ་ཡིན་ནོ། །ཐོབ་པ་མ་ཡིན་ནོ། །དེ་ནི་རིག་པའི་དབྱིངས་ཆེན་མོ་ཞེས་བྱའོ། །ཞེས་པ་དང་། ཡི་གེ་མེད་པ་ལས། རང་བྱུང་གི་ཡེ་ཤེས་{ཀྱི་ལྟ་བ་}ལ། དཔྱད་པའི་ཡུལ་མེད་དོ། །སྔར་འདས་པ་མེད་དོ། །ཕྱིས་འབྱུང་བ་མེད་དོ། །ད་ལྟར་སྣང་བ་གང་ཡང་མེད་དོ། །ལས་མེད་དོ། །བག་ཆགས་མེད་དོ། །མ་རིག་པ་མེད་དོ། །སེམས་མེད་དོ། །ཡིད་མེད་དོ། །ཤེས་རབ་མེད་དོ། །འཁོར་བ་མེད་དོ། །མྱ་ངན་ལས་འདས་པ་མེད་དོ། །རིག་པ་ཉིད་ཀྱང་མེད་དོ། །ཡེ་ཤེས་སུ་སྣང་བ་གང་ཡང་མེད་དོ། །ཞེས་སོ། །གཉིས་པ་རང་བཞིན་སྣང་ཆའི་ལྡོག་པ་ནས་རྒྱས་པར་བཤད་པ་ནི། རང་བཞིན་ལྷུན་གྱིས་གྲུབ་པའི་གནས་ལུགས། རྒྱ་གར་ཡང་མ་ཆད། ཕྱོགས་གང་དུའང་མ་ལྷུང་། སྐུ་དང་ཡེ་ཤེས་འཆར་བའི་གནས་ནང་གསལ་ཕྲ་བར་ཡོད་ལ་ཕྱི་


GTN002_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མ་རལ་བ། རིན་པོ་ཆེ་གའུའི་དགོངས་པ། ལྷུན་གྲུབ་རིན་པོ་ཆེའི་སྦུབས། གཞོན་ནུ་བུམ་པ་སྐུའི་ཞིང། འོད་གསལ་སྟུག་པོ་བཀོད་པའི་ཀློང་། ཕྱི་དང་ནང་མེད་པ་ཀུན་ཏུ་ཡང་ནང་དུ་གྱུར་པ་ན། རྩ་བ་སྲོག་རླུང་ལྔ་དང་དེ་ལ་སྐུ་ལྔ་གསུང་ལྔ་ཐུགས་ལྔ་ཡོན་ཏན་ལྔ་ཕྲིན་ལས་ལྔ་ཡེ་ཤེས་ལྔ་འོད་ལྔ་ལ་སོགས་པར་འཆར་བའི་གཞི། འབྱུང་བའི་གནས། བརྟེན་པའི་ཡུལ་མེད་པ་ལས་འདས་པའི་ཡོད་པ། ཕྱིར་མེད་ལ་ནང་དུ་གསལ་བ། ཆ་ཕྲ་ལ་བརྟག་པར་དཀའ་བ། གཞི་སྣང་འཆར་བའི་སྐུ། ལམ་སྣང་འཆར་བའི་གཞི། འབྲས་བུའི་སྣང་བ་འཆར་བའི་དབྱིངས། གཟུགས་སྐུ་དང་རིག་པ་འཆར་བའི་ཀློང་ཆེན་པོར་གནས་ཏེ། རང་ཤར་ལས། དབྱིངས་དེ་ཡང་རྒྱ་མ་ཆད་པ། ཕྱོགས་སུ་མ་ལྷུང་བ། འགྲིབ་པ་མེད་པ། འཕེལ་བ་མེད་པ། སྟོང་པ་མེད་པ། གང་བ་མེད་པ། གསལ་ཆ་དང་བཅས་པ། སྐུ་མང་པོ་འཆར་བའི་གནས། ཡངས་པ་ཀུན་གྱི་བདག་ཉིད། ཅེས་དང་། རང་བཞིན་ལྷུན་གྱིས་གྲུབ་པའི་སྣང་བ། རིན་པོ་ཆེ་གའུའི་དགོངས་པ། ནང་ཡེ་ཤེས་རིན་པོ་ཆེའི་སྣང་བར་གསལ་བ་ལ། ཕྱི་རྒྱ་མ་རལ་བ། གཞོན་ནུ་བུམ་པ་སྐུའི་གནས་ལུགས་ཞེས་བྱ་སྟེ། ཞེས་སོ། །དེ་ལྟར་གཞིའི་དོན་ཀ་དག་དང་ལྷུན་གྲུབ་དབྱེར་མེད་ཆེན་པོ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པ་ཐོག་མ་མེད་པའི་དེ་བཞིན་ཉིད། རང་བྱུང་གི་ཡེ་ཤེས་འགྲན་ཟླ་མེད་པའི་ཉག་ཅིག་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་བདག་ཉིད་ཆེན་པོ་ནི་གདོད་མའི་སངས་རྒྱས་དང་། རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ཞེས་བྱ་སྟེ་གཞིའི་གནས་ལུགས་སོ། །

སྤྱི་གཞི་དེ་ལ་འཁོར་བ་དང་འདས་པ་འཁྲུལ་གྲོལ་གྱི་ཚུལ།

ལྷུན་གྲུབ་གཞི་སྣང་གི་ཤར་ཚུལ།


GTN002_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་གཞི་དེ་ལ་འཁོར་བ་དང་འདས་པ་འཁྲུལ་གྲོལ་གྱི་ཚུལ་ཇི་ལྟར་བྱུང་ཞེ་ན་དེ་ལ་གསུམ་སྟེ། ༡ ལྷུན་གྲུབ་གཞི་སྣང་གི་ཤར་ཚུལ། ༢ ཀུན་ཏུ་བཟང་པོའི་གྲོལ་ཚུལ། ༣ མ་རིག་སེམས་ཅན་གྱི་འཁྲུལ་ཚུལ་ལོ། །(༡) དང་པོ་ནི། ནང་དབྱིངས་ཀ་དག་གི་ཡེ་གཞི་གཞོན་ནུ་བུམ་སྐུའི་རྒྱ་ཁ་རལ་ཏེ་ཡེ་ཤེས་ཀྱི་རླུང་གཡོས་པས། རིག་པ་གཞི་ནས་འཕགས་ཏེ་རང་སྣང་ལྷུན་གྲུབ་ཀྱི་སྒོ་བརྒྱད་ཤར་དུས་སྟེང་དུ་ཀ་དག་ཆོས་སྐུའི་སྣང་བ་ནམ་མཁའ་སྤྲིན་མེད་ལྟ་བུ། ཐད་ཀར་ལོངས་སྐུ་འོད་གསལ་གྱི་ཞིང་སྣང་ནམ་མཁའི་དབྱིངས་ཁྱབ་པ། དེའི་རྩལ་ལས་འོག་མ་གཞི་སྣང་ཆེན་པོ་དང་དེའི་རྩལ་ལས་འོག་མ་ལོངས་སྐུའི་སྣང་བ་དང་། ཕྱོགས་མཚམས་ན་རང་བཞིན་སྤྲུལ་སྐུའི་ཞིང་སྣང་དང་། མར་འོག་ན་འཁོར་བའི་སྒོ་ལས་འགྲོ་དྲུག་རང་སྣང་གི་ཞིང་ཁམས་ཚད་མེད་པ་སྟེ། དེ་ཐམས་ཅད་ལྷུན་གྲུབ་སྒོ་བརྒྱད་ཀྱི་སྣང་བ་ལས་རང་ཤར་བས། འཁོར་འདས་ཀྱི་སྣང་བ་ཆེན་པོ་དུས་གཅིག་ལ་ཤར་བ་ཞེས་བྱ་ལ། ལྷུན་གྲུབ་ཀྱི་གདངས་ལས་འོད་ལྔའི་སྣང་བ་མེ་རེ་རེ་ཤར་བ་དང་མཉམ་དུ། ཐུགས་རྗེ་རིག་པའི་གདངས་རྣམ་པ་ལ་དཔྱོད་པའི་ཤེས་པ་ཤར་བ་དེ་ཡང་། རང་ངོ་མ་ཤེས་ཙམ་གྱི་ཆ་ནས་རིག་པ་ལ་ལྟོས་པའི་མ་རིག་པ་ཞེས་བྱ་བར་གནས་སོ། །དེའི་ཚེ་གཞི་མ་འགྱུར་ཡང་གཞི་སྣང་ཤར་བས་འགྱུར་འགྱུར་འདྲ་བར་སོང་བ་ནི་རིག་པ་ལ་སྣང་བ་འགྱུར་བ་ཞེས་བྱའོ། །དེའི་ཚེ་ཀ་དག་གི་སྣང་བ་ནམ་མཁའ་


GTN002_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲིན་མེད་ལྟ་བུའི་ངང་ལས་ལྷུན་གྲུབ་ཀྱི་འཆར་ཚུལ་བརྒྱད་རང་སྣང་དུ་ཤར་ཏེ། རིན་པོ་ཆེ་གའུའི་གནས་ལུགས་ཆེན་པོ་སྣང་བ་ནི། ཐུགས་རྗེ་ལྟར་འཆར་བའི་གོ་མ་འགགས་པས་སེམས་ཅན་སྙིང་རྗེ་འབྱུང་བ། འོད་ལྟར་འཆར་བའི་གོ་མ་འགགས་པས་ཡེ་ཤེས་ལྔའི་རང་འོད་འཇའ་ཚོན་ལྟ་བུའི་སྣང་བ་ཁེངས་པ། ཡེ་ཤེས་ལྟར་འཆར་བའི་གོ་མ་འགགས་པས་མི་རྟོག་པའི་ངང་ལ་གནས་པ། སྐུ་ལྟར་འཆར་བའི་གོ་མ་འགགས་པས་ཞི་ཁྲོ་འོད་གསལ་གྱི་སྐུས་ནམ་མཁའ་ཁེངས་པ། གཉིས་མེད་ལྟར་འཆར་བའི་གོ་མ་འགགས་པས་གཅིག་དང་དུ་མར་མི་དཔྱོད་པ། མཐའ་གྲོལ་ལྟར་འཆར་བའི་གོ་མ་འགགས་པས་ལྷུན་གྲུབ་རང་དོན་གསལ་བ། དག་པ་ཡེ་ཤེས་ཀྱི་སྒོ་ལྟར་འཆར་བའི་གོ་མ་འགགས་པས་ངོ་བོ་ཀ་དག་གི་སྣང་བ་ནམ་མཁའ་སྤྲིན་མེད་པ་ལྟ་བུའི་སྣང་བ། གོང་ནས་མཐོང་བ་མ་དག་པ་འཁོར་བའི་སྒོ་ལྟར་འཆར་བའི་གོ་མ་འགགས་པས་འོག་ན་རིགས་དྲུག་སྣང་ཆ་སྣང་བ་སྟེ་འཁོར་བ་ངན་སོང་རོལ་བ་ཡེ་ཤར་ལ། ཞེས་སོ། །དེ་ལྟར་ཤར་བའི་ཚེ་སྣང་སྲིད་འོད་དང་སྐུར་ཤར་བས་ཐམས་ཅད་ལྷུན་གྲུབ་ཀྱི་ཞིང་སྣང་བ་ཞེས་བྱའོ། །དེའི་ངོ་བོའི་རྩལ་ལས་ལོངས་སྐུའི་སྣང་བ་དང་། ཡོན་ཏན་གྱི་རྩལ་ལས་རང་བཞིན་སྤྲུལ་སྐུའི་ཞིང་སྣང་དང་། ཐུགས་རྗེའི་རྩལ་ལས་འཁོར་བའི་སྒོ་རང་སྣང་དུ་རྨི་ལམ་དུ་ཤར་བ་སྟེ། བཀྲ་ཤིས་མཛེས་ལྡན་ལས། ནང་གཞོན་ནུ་བུམ་པའི་སྐུ་ཞེས་བྱ་བ་རྒྱ་ཁ་རལ་ཏེ། ཕྱི་ལྷུན་གྲུབ་ཀྱི་གནས་ལུགས་སུ་གནས་སོ། །དུས་དེ་ཙམ་ན་ངའི་སྣང་བ་ཕྱིར་རལ་ཏེ། སང་མ་སེང་མ། ཤག་


GTN002_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཤིག་མ། ཁྲལ་མ་ཁྲོལ་མ། ཡང་མ་ཡེང་མ། འགུལ་བ་འཕྲིག་པ་སྣ་ཚོགས་སུ་འཕྲོ་བ་བྱུང་ངོ་། །དེ་ནས་ལྷུན་གྲུབ་ཀྱི་གནས་ལུགས་ཆེན་པོ་ཆགས་སོ། །དེའི་ཡེ་ཤེས་ཀྱི་གོ་མ་འགགས་པ་ལས་ལོངས་སྤྱོད་རྫོགས་སྐུའི་ཞིང་གི་གནས་ལུགས་ཆགས་སོ། །ཡོན་ཏན་གྱི་གོ་མ་འགགས་པ་ལས་རང་བཞིན་སྤྲུལ་སྐུའི་སྣང་ལུགས་སྲིད་དོ། །དེའི་ཐུགས་རྗེའི་གོ་མ་འགགས་པ་ལས་མ་དག་པའི་སྣང་ལུགས་བྱུང་ངོ་། །དེ་ལྟར་གཞི་སྣང་ལ་ལྷུན་གྲུབ་ཀྱི་སྒོ་ཡོད་པས་དག་པའི་ཞིང་དང་མ་དག་པའི་འཁྲུལ་སྣང་མཐོང་བའི་གནད་ཀྱང་འདི་ལ་ཐུག་གོ །དེ་ལྟར་གཞི་སྣང་དེའི་སྣང་ངོ་ལ་སྣང་ཚུལ་དེ་ལྟར་སྣང་ཡང་འཁྲུལ་མ་འཁྲུལ་གང་དུའང་མ་གྲུབ་སྟེ། མུ་ཏིག་ཕྲེང་བ་ལས། གཞི་སྣང་ཆེན་པོ་དེ་ཉིད་ལ། །མ་རིག་པ་ཞེས་བཏགས་མེད་པས། །འཁྲུལ་པར་གྲུབ་པ་ཡོད་མ་ཡིན། །བློ་ཞེས་ཀུན་ཏུ་མ་བཏགས་པས། །དྲི་མ་འཁྲུལ་པའི་མིང་ཡང་མེད། །མིང་དང་ཡི་གེའི་ཚོགས་མེད་པས། །བཏགས་པའི་འཁྲུལ་པ་ཡོད་མ་ཡིན། །ཆོས་ཞེས་མིང་དུ་མ་གྲགས་པས། །བློས་བཏགས་འཁྲུལ་པའི་མིང་ཡང་མེད། །སེམས་དང་ཡིད་དུ་མ་གྲུབ་པས། །འགྱུ་བྱེད་འཁྲུལ་པ་ངང་གིས་མེད། །ཕྲ་རགས་དྲི་མ་གཉིས་མེད་པས། །འབྱུང་རྐྱེན་འཁྲུལ་པ་ངང་གིས་མེད། །བྱ་བ་བྱེད་པོ་གཉིས་མེད་པས། །ཡུལ་འཛིན་འཁྲུལ་པ་ག་ལ་ཡོད། །ཅེས་སོ། །འོན་ཀྱང་རང་ངོ་ཤེས་པས་གྲོལ་རྐྱེན་བྱེད་པའི་ཆ་ནས་གྲོལ་གཞི་ཞེས་བཏགས་ལ། མ་ཤེས་པའི་ཆ་ནས་འཁྲུལ་རྐྱེན་བྱེད་པས་འཁྲུལ་གཞི་ཞེས་བཏགས་པ་ཡིན་ནོ། །


GTN002_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་གཞི་སྣང་འདི་གྲོལ་གཞི་ཡིན་ལ། ཀ་དག་ནི་གྲོལ་ས་ཡིན་པས། འདི་གཉིས་ཀྱི་བྱེ་བྲག་ཕྱེད་དགོས་ཤིང་གཞི་སྣང་འདི་ལ་བརྟེན་ནས་འཁྲུལ་རྐྱེན་བྱེད་པས་འཁྲུལ་པར་བཏགས་པ་ནི། དུང་དཀར་པོ་ལ་སེར་པོར་འཁྲུལ་རྐྱེན་བྱས་པ་ལྟ་བུ་སྟེ། འཁྲུལ་པ་དངོས་མ་ཡིན་ཡང་རྐྱེན་བྱས་དུས་བཏགས་པ་ནི། མུ་ཏིག་ཕྲེང་བ་ལས། ཁྱད་པར་ཆེན་པོའི་སྣང་བ་ལས། །ཡོད་དང་མེད་པ་གཉིས་བྱུང་སྟེ། །སྤྱི་པ་འཁྲུལ་པའི་གཞི་ཞེས་བྱ། །མ་རིག་ཉིད་དང་སྦགས་པའི་ཕྱིར། །ཤེས་བྱ་ཉིད་ཀྱང་དྲི་མར་སྣང་། །ཞེས་སོ། །དེ་ལྟ་བུའི་གཞི་སྣང་དེ་ལ་རང་ངོ་ལྷུན་གྲུབ་ཀྱི་སྣང་བ་ནམ་མཁའི་མཐའ་ལྟར་རྒྱ་ཆེ་ཞིང་རིག་མ་རིག་ལས་འཁོར་འདས་འབྱུང་བས་དབྱིངས་ཆེ་བའི་ཕྱིར་སྔོན་མེད་པའི་རང་སྣང་ཤོང་ཆེ་ལ་མཚར་ཆེ་བ་སྟེ། མུ་ཏིག་ཕྲེང་བ་ལས། གསལ་བ་མངོན་སྣང་བརྗིད་རེ་ཆེ། །སྣང་བ་ཉིད་ནི་ལྷུན་རེ་སྡུག །ཆོས་སྐུ་ངོ་སྤྲོད་དང་རེ་སྤྲོ། །ངོ་བོ་ཟང་ཐལ་སྦུབས་རེ་ཡང་། །རང་བཞིན་ཀུན་ཁྱབ་གདལ་རེ་ཆེ། །ཐུགས་རྗེ་ཀུན་འབྱུང་སྐྱེད་རེ་ཆེ། །ཁྱབ་པ་ཡེ་གདངས་བཀྲག་རེ་གསལ། །གནས་པ་ཐོགས་མེད་བང་རེ་མགྱོགས། །རིག་པའི་རང་གདངས་འོད་རེ་གསལ། །སྟོང་པ་ཀུན་འབྱུང་ངོ་རེ་མཚར། །མ་བཙལ་བཞག་པས་རྒྱུན་རེ་རིང་། །མ་བ༷ཀག་{བ༵ཀོད་}རང་བྱུང་གདལ་རེ་ཆགས་། །སྣང་སྲིད་གཞིར་བཞེངས་དཔངས་རེ་མཐོ། །འབད་མེད་རང་གྲོལ་རྒྱ་རེ་ཆེ། །ཡེ་རྟོགས་ཆེན་པོ་འཁོར་རེ་མཁས། །ཁ་དོག་ལྔ་ལྡན་བྲི་རེ་ལེགས། །སྣང་སྲིད་རྣམ་དག་ཁོད་རེ་སྙོམས། །རང་བྱུང་འོད་གསལ་བཀོད་རེ་ལེགས། །གཞི་སྣང་ཆེན་པོ་ཤོང་རེ་ཆེ། །འཁོར་འདས་
གཉིས་པོ་འབྲེལ་རེ་མཁས། །སྐུ་ལྔ་ཡེ་ཤེས་བརྩེགས་རེ་ལེགས། །ཞེས་སོ། །ལྷུན་གྲུབ་ཀྱི་སྒོ་ཕྱིར་ཤར་བའི་འཆར་ཚུལ་བརྒྱད་ཀྱི་སྣང་བའི་གནས་ལ་གཞི་སྣང་གི་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ཟེར་ལ། ཐོག་མའི་གཞི་ལ་མཐར་ཕྱིན་པ་དང་གཞི་རང་མལ་གཉིས་ལ་གཞི་ལྷུན་གྲུབ་རིན་པོ་ཆེའི་སྦུབས་དང་། མཐར་ཕྱིན་པ་འབྲས་བུ་ལྷུན་གྲུབ་རིན་པོ་ཆེའི་གསང་བའི་སྦུབས་ཞེས་གསུམ་དུ་བཤད་ལ། གཞིར་སྣང་ལ་ལམ་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ཞེས་གསུངས་ཏེ་ཉམས་སུ་བླང་དུས་སྣང་བ་བཞིའི་ཡེ་ཤེས་དང་ལམ་སྣང་ཐམས་ཅད་འདི་ལས་འཆར་བ་ཡིན་ནོ། །

འཆར་ཚུལ་བྱེ་བྲག་ཏུ་བཤད་པ།


GTN002_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུན་གྲུབ་ཀྱི་འཆར་སྒོ་བརྒྱད་ལས་འཁོར་འདས་ཀྱི་ཆོས་སོ་ཅོག་ཐམས་ཅད་འབྱུང་བའི་གོ་མ་འགགས་པར་འཆར་བའི་ཚུལ་བྱེ་བྲག་ཏུ་བཤད་པ་ལ། རིན་པོ་ཆེ་སྤུངས་པའི་ལུང་གིས་བསྟན་རུང་ཡིག་ཚོགས་ལ་འཇིགས་པས་མ་བྲིས་ལ། དོན་བསྡུས་སུ་བཀྲ་ཤིས་མཛེས་ལྡན་གྱི་ལུང་དྲངས་ན། དེ་ལས་ལྷུན་གྲུབ་རིན་པོ་ཆེའི་སྣང་ལུགས་འབྱུང་སྟེ། དེ་ནི་སངས་རྒྱས་ལ༷ས་{པ༵ས་}ཆོས་ཐམས་ཅད་འབྱུང་བའི་གཞི་ཞེས་བྱའོ། །དེ་ལས་ནི་སངས་རྒྱས་འབྱུང་ངོ་། །སེམས་ཅན་འབྱུང་ངོ་། །ཡེ་ཤེས་འབྱུང་ངོ་། །འོད་འབྱུང་ངོ་། །རིག་པ་འབྱུང་ངོ་། །མ་རིག་པ་འབྱུང་ངོ་། །ལས་ཐམས་ཅད་འབྱུང་ངོ་། །ཐུགས་རྗེ་འབྱུང་ངོ་། །ཡོད་པ་ལྟར་སྣང་བ་འབྱུང་ངོ་། །དེ་ལ་ནི་ངོ་བོ་ཡོད་དོ། །རང་བཞིན་ལྟར་སྣང་བ་ཡོད་དོ། །ཐུགས་རྗེ་ལྟར་སྣང་བ་ཡོད་དོ། །རྩལ་ཡོད་དོ། །སྣང་བ་ཡོད་དོ། །སེམས་ཡོད་དོ། །


GTN002_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ཡོད་དོ། །འཁྲུལ་པ་ཡོད་དོ། །མ་འཁྲུལ་པ་ཡང་ཡོད་དོ། །ཐམས་ཅད་འབྱུང་བ་ཆེན་པོའོ། །དེ་ནི་སངས་རྒྱས་དང་སེམས་ཅན་གྱི་དབྱིངས་ཆེན་མོ་ཞེས་བྱའོ། །དེ་ལས་ལོངས་སྐུའི་སྣང་ལུགས་འབྱུང་སྟེ། དེ་ནི་ལམ་མངོན་པར་སྣང་བའི་གཞི་ཞེས་བྱའོ། །དེ་ཡང་གསལ་བ། དྲོ་བ། བསིལ་བ། ཡངས་པ། གཡོ་བའི་བདག་ཉིད་འཛིན་པ། སྐུ་ལྔ་དང་ལྡན་པ། {ཡེ་ཤེས་ལྔ་དང་ལྡན་པ།} རིགས་ལྔ་དང་། ཁ་དོག་ལྔ་དང་། འོད་ལྔ་དང་། ཡབ་ལྔ་དང་། ཡུམ་ལྔ་དང་། གཟུགས་ལྔ་དང་། སྒྲ་ལྔ་དང་། དྲི་ལྔ་དང་། རོ་ལྔ་དང་། རེག་ལྔ་དང་། ཆོས་ལྔ་དང་། སྣང་བ་ལྔ་དང་། གཙོ་བོ་ལྔ་དང་། འཁོར་ལྔ་དང་ལྡན་པའོ། །དེ་ཡང་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་ལྡན་པ། དཔེ་བྱད་བཟང་པོ་བརྒྱད་ཅུ་དང་ལྡན་པ། ཡ༷ང་{སྤང༵ས་}བའི་ཆོས་དྲུག་དང་ལྡན་པའོ། །དེ་ནི་ལོངས་སྐུའི་སྣང་ལུགས་ཏེ། དེ་དང་དེ་ལས་བྱུང་བའི་འབྲེལ་བའོ། །དེའི་སྣང་བ་ལས་རང་བཞིན་སྤྲུལ་པ་སྐུའི་སྣང་བ་དང་། འགྲོ་བ་འདུལ་བ་སྤྲུལ་པ་སྐུའི་སྣང་ལུགས་དང་། མ་དག་པ་སྤྲུལ་པ་སྐུའི་སྣང་ལུགས་ཆགས་སོ། །དེ་ཡང་རང་བཞིན་སྤྲུལ་པའི་སྐུ་ནི། ངོ་བོ་ལྷུན་གྲུབ་ལས་ཤར་བའོ། །རང་བཞིན་སྤྲུལ་པའི་སྐུ་དེའི་སྣང་ལུགས་ནི། ལོངས་སྤྱོད་མི་ཟད་པ། འཁོར་མི་ཟད་པ། ཡོན་ཏན་ཟད་མི་ཤེས་པ། སྟོབས་ཟད་མི་ཤེས་པ། རྩལ་ཟད་མི་ཤེས་པ། ཆོ་འཕྲུལ་ཟད་མི་ཤེས་པ། ཚེའི་ཚད་གྲངས་མེད་པ། ནད་ཀྱི་སྡུག་བསྔལ་ཐམས་ཅད་བྲལ་བ། གཞལ་ཡས་ཁང་བསམ་གྱིས་མི་ཁྱབ་པ། ཆོས་བསམ་གྱིས་མི་ཁྱབ་པར་སྒྲོགས་པའོ། །དེ་ནི་རང་བཞིན་སྤྲུལ་པ་སྐུའི་སྣང་ལུགས་ཞེས་བྱའོ། །དེ་ལས་


GTN002_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བ་འདུལ་བ་སྤྲུལ་པའི་སྐུ་འབྱུང་ངོ་། །དེ་ཡང་སྣ་ཚོགས་སུ་སྣང་བ་ལ་སྣ་ཚོགས་ཀྱི་དོན་ཤེས་པ། སྣང་ཡང་རྗེས་སུ་མ་ཆད་པའོ། །སྣང་བ་ལ་རྗེས་སུ་མི་ཞེན་པ། མིག་རྣམ་པར་དག་པ་མངའ་བ། སྙན་རྣམ་པར་དག་པ་མངའ་བ། ཤངས་རྣམ་པར་དག་པ་མངའ་བ། ལྗགས་རྣམ་པར་དག་པ་མངའ་བ། སྐུ་རྣམ་པར་དག་པ་མངའ་བ། ཐུགས་རྣམ་པར་མངའ་བ། ཐུགས་རྗེའི་མཛད་པ་སྣ་ཚོགས་སྟོན་པ། ཡེ་ཤེས་ཁྱད་པར་ཅན་མངའ་བ། མཁྱེན་པ་མ་འགགས་པར་ཀུན་ཏུ་སྣང་བའོ། །དེ་ནི་འགྲོ་བ་འདུལ་བ་སྤྲུལ་པའི་སྐུའོ། །དེ་ལས་མ་དག་པའི་འཇིག་རྟེན་གྱི་ཁམས་ཆགས་སོ། །དེ་ཡང་འདི་ལྟར་སྣང་བ་ཆེན་པོ་སྟེ། ཕྱི་སྣོད་འབྱུང་བ་ལྔའི་དཀྱིལ་འཁོར་ཆགས་པ་ལས། ས་དང་། ཆུ་དང་། མེ་དང་། རླུང་དང་། འབྱུང་བ་ཆེན་པོ་ནམ་མཁའ་སྲིད་དོ། །དེ་ལ་འཛིན་པའི་བསམ་པ་བརྗོད་ཀྱིས་མི་ལང་བ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་དང་། ཕྲག་དོག་དང་། ཁོང་ཁྲོ་དང་དྲུག་གོ། དེ་ལས་འགྲོ་བ་རིགས་དྲུག་བྱུང་ངོ་། །ཞེས་དང་། དེ་ནི་འཁོར་བའི་གནས་སོ། །དེ་ཡང་གནས་ལུགས་ཆེན་པོ་གཅིག་ལས་སྣང་ལུགས་བཞི་ལྟར་བྱུང་ངོ་། །གནས་ལུགས་བཞི་ལས་སྣང་ཐབས་བཞི་ལྟར་ཤར་རོ། །སྣང་བ་ཆེན་པོ་བཞི་ནི། ལྷུན་གྲུབ་ལ་སྣ་ཚོགས་སུ་སྣང་བའོ། །ལོངས་སྐུ་ལ་ཁ་མིག་རྣ་བ་ཅན་འོད་ཀྱི་རང་བཞིན་སྒྱུ་མའི་སྐུར་གནས་པའོ། །སྤྲུལ་སྐུ་ལ་གཟུགས་ལྟར་སྣང་བའོ། །སེམས་ཅན་ལ་ཐ་དད་དུ་སྣང་བའོ། །དེ་ཡང་སེམས་ཅན་ལ་སྣང་ཐབས་ཀྱིས་སྒྲིབ་པའོ། །ཞེས་གསུངས་སོ། །


GTN002_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཐམས་ཅད་དྲིལ་ན་ཀ་དག་ལས་སྤྲིན་མེད་པའི་ནམ་མཁའ་ལྟར་སྣང་བའི་འོག་ཏུ་ལྷུན་གྲུབ་ཀྱི་སྒོ་བརྒྱད་ཀྱི་འཆར་ཚུལ་ལས་ཡེ་ཤེས་ཀྱི་སྣང་བ་ལོངས་སྐུ་དང་། དེའི་རྩལ་ལས་ཐད་ཀར་རིགས་ལྔའི་སྣང་བ་ཚད་མེད་པ་ལས། རང་བཞིན་སྤྲུལ་སྐུར་སྣང་ལ། མར་འགྲོ་དྲུག་གི་ཞིང་ཁམས་སྟོན་པ་དང་བཅས་པ་སྟེ། སྐུ་གསུམ་གྱི་སྣང་བ་སུམ་བརྩེགས་སུ་ཤར་བ་ནི་གཞི་ལྷུན་གྲུབ་ཀྱི་སྣང་བའོ། །རང་ངོར་སྣང་བའི་ལོངས་སྐུ་འགྲོ་འདུལ་རང་བཞིན་སྤྲུལ་པའི་སངས་རྒྱས་རྣམས་རང་གི་གཞི་སྣང་གི་རྩལ་ཡིན་གྱི། ད་ལྟ་ཕྱོགས་ག་ཤེད་ན་མེད་དེ། རང་རིག་གི་སྣང་བ་ཡིན་པས་རང་རིག་དང་ལྷན་ཅིག་གནས་སོ། །རང་སྣང་གི་འགྲོ་དྲུག་གི་སྣང་བའང་གཞན་ན་མེད་དེ་མ་དག་པ་འཁོར་བའི་སྒོ་ལྟར་འཆར་ཚུལ་མ་འགགས་པ་ལས་རང་ཤར་བས། ད་ལྟར་རང་ལ་སྣང་བ་འདི་ཡིན་ནའང་། ཐུན་མོང་མཐུན་པའི་འཇིག་རྟེན་གྱི་ཆ་ནི་སྤྱི་མཐུན་གྱི་ལས་དང་། སྟོན་པའི་མཛད་པས་བཀོད་ལ་རང་ལ་སྣང་རུང་འཁྲུལ་བར་སྣང་བའི་ཆ་ནི་རང་སྣང་འཁོར་བའི་སྒོས་བཀོད་དེ། རང་སྣང་གི་ཆ་ནི་སྦུབས་འཕོ་དུས་རང་ལོག་ལ་འགྲོ་ལ། ཐུན་མོང་པ་ནི་གཞན་ངོར་ད་དུང་ཤོལ་ན་ཡོད་པའོ། །འདི་གཉིས་ཕྱེད་པའང་གལ་ཆེ། རང་བཞིན་དུ་རིག་པ་ལ་རང་འཁྲུངས་སུ་ལྷུན་གྲུབ་ཀྱི་སྒོ་ལས་འགྲོ་དྲུག་གི་སྣང་བ་ཡོད་པས། འཁྲུལ་སྣང་རྨི་ལམ་འདྲ་བ་ཀ་དག་གི་ས་ལ་སྣང་མེད་དུ་རང་ལོག་ལ་གཏོང་དགོས་པའི་གནད་དེ་ཡིན་ལ། བར་དོར་ཡང་རང་ངོའི་འགྲོ་དྲུག་ཏུ་རང་སྣང་གི་སྤྲུལ་པས་དོན་བྱེད་པ་དང་། མི་བྱེད་པ་ཆ་གཉིས་སུ་བཤད་པ་ནི། མ་དག་པ་འཁོར་བའི་སྒོ་མ་ཤར་
བའི་གོང་དུ་རང་སྣང་རང་ངོ་ཤེས་ན་དོན་མི་བྱེད་དེ། བྱ་བའི་ཡུལ་མི་སྣང་བའི་ཕྱིར་རོ། །ཤར་ནས་དོན་བྱེད་དགོས་ཏེ། འཁྲུལ་སྣང་ལ་སྟོངས་ན་གྲོལ་བར་མི་ནུས་པའི་ཕྱིར་རོ། །གནད་འདི་ཡང་ཕྲ་ལ་གལ་པོ་ཆེ་ཞིག་ཡིན་ནོ། །

ལྷུན་གྲུབ་སྒོ་བརྒྱད་ཀྱི་ཡོན་ཏན།


GTN002_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུན་གྲུབ་ཀྱི་སྒོ་བརྒྱད་དེར་ཡོན་ཏན་གྱི་ཆ་ཅི་ཞིག་ཡོད་ཞེ་ན། ཐོག་མའི་གཞི་ལ་ལྷུན་གྱིས་མ་གྲུབ་ན། གཞི་སྣང་འཆར་བའི་དོན་མ་མཆིས་ལ། གཞི་སྣང་ལྷུན་གྲུབ་ཀྱི་འཆར་ཚུལ་མེད་ན་འཁོར་འདས་འབྱུང་བའི་དོན་མེད་པས་གཞི་དང་གཞི་སྣང་ལ་ནང་དབྱིངས་ཕྲ་བ་དང་། ཕྱི་དབྱིངས་རགས་པར་འཆར་སྒོ་བསྟན་པའོ། །དེ་ཡང་སེམས་ཉིད་འོད་གསལ་གྱི་དབྱིངས་ལྷུན་གྲུབ་ཀྱི་གདངས་ལ་ཐུགས་རྗེ་འབྱུང་བྱེད་དུ་མེད་ན། འཁོར་འདས་གཉིས་སྡེ་ཆད་དེ་གཅིག་གིས་གཅིག་གདུལ་བྱ་འདུལ་བྱེད་དུ་མི་འཐད་དོ། །སེམས་ཅན་གྱི་རང་སྣང་འཁྲུལ་པ། སངས་རྒྱས་ཀྱི་རང་ངོ་རྣམ་དག་ཡིན་པས་སྣང་བ་མི་གཅིག་པའི་ཕྱིར་རོ། །སྣང་བ་མི་གཅིག་ཀྱང་སེམས་ཅན་གྱི་དོན་འབྱུང་བ་ནི། གཞི་ལ་ཐུགས་རྗེ་ཡོད་པ་གཞི་སྣང་ནས་ཤར་ཏེ། གདུལ་བྱ་དང་འདུལ་བྱེད་དུ་འབྲེལ་བ་ཡིན། དེ་བཞིན་དུ་འོད་གདངས་རིག་པའི་གཞི་དང་སྣང་ཆར་མེད་ན་འབྱུང་ལྔ་སོ་སོར་གསལ་བའི་དོན་མེད་ལ། དེ་མེད་ན་རིག་པ་ནང་དུ་རྒྱ་ཆད། འབྱུང་བ་གང་ཡང་མེད་པས་སྣོད་བཅུད་ཀྱི་སྣང་བ་མི་འབྱུང་ན་འོད་ལྟར་སྣང་བ་ཡོད་པ་དེའི་ཡོན་ཏན་ནོ། །གཉིས་མེད་ལྟར་མེད་ན་སྒོ་གསུམ་གཅིག་ཏུ་འབྲེལ་མི་ནུས་ན། སེམས་ཅན་གྱི་ལུས་ངག་ཡིད་གསུམ། སངས་རྒྱས་ཀྱི་སྐུ་གསུམ་འདུ་འབྲལ་
མེད་པ་དེའི་ཡོན་ཏན་ནོ། །སྐུ་ལྟར་སྣང་བ་མེད་ན་ལུས་སུ་སྣང་བ་འོང་དོན་མེད་ན་འགྲོ་བའི་ལུས་དང་རྒྱལ་བའི་སྐུར་སྣང་བ་དེ་ཡོད་པའི་ཡོན་ཏན་ནོ། །ཡེ་ཤེས་ལྟར་སྣང་བ་མེད་ན་འཁོར་བ་ལས་འདས་པར་འགྲོ་བའི་མཚམས་སྦྱོར་ལམ་གྱི་སྣང་བ་མེད་པའི་སྐྱོན་ཡོད་ན། འདི་ཡོད་པས་ལམ་དང་ཡེ་ཤེས་བཞི་སྦྱོར་གྱི་སྣང་བ་ཡོད་པ་དེ་དེའི་ཡོན་ཏན་ནོ། །མཐའ་གྲོལ་ལྟར་སྣང་བ་ཡོད་པས་སངས་རྒྱས་ནས་ཕྱིར་མི་ལྡོག་པ་འབྱུང་སྟེ། དེ་མེད་ན་མི་འབྱུང་བའི་ཕྱིར་དེའི་ཡོན་ཏན་ནོ། །མ་དག་པའི་སྒོ་ལྟར་སྣང་བ་ཡེ་ཤར་ལྷུན་གྲུབ་ལ་མེད་ན། སེམས་ཅན་འཁོར་བར་སྣང་བ་རིག་ངོ་འདིར་འོང་དོན་མེད་ན། དེ་ཡོད་པས་འགྲོ་དྲུག་སོ་སོའི་སྣང་བ་ཤར་བ་ཡང་དེའི་ཡོན་ཏན་ཡིན། དག་པ་ཡེ་ཤེས་ཀྱི་སྒོ་མེད་ན་མྱ་ངན་ལས་འདས་པའི་སྣང་བ་འོང་དོན་མེད་པ་ལ། དེ་ཡོད་པས་རིག་ངོར་སངས་རྒྱས་པའི་སྣང་བ་ཡོད་པ་དེ་ཡོད་པའི་ཡོན་ཏན་ནོ། །དེ་ཡང་ལྷུན་གྲུབ་ལ་དག་མ་དག་འཆར་རུང་མཐོང་བའི་སྒོ་ཡོད་པ་སྐར་ཁུང་ལྟར་ཡོད་ཀྱི། གཞི་ལ་དག་མ་དག་ཡོད་པ་ནི་མ་ཡིན་ནོ། །

ཀུན་ཏུ་བཟང་པོའི་གྲོལ་ཚུལ།


GTN002_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

(༢)གཉིས་པ་ཀུན་ཏུ་བཟང་པོའི་གྲོལ་ཚུལ་ནི། ཐོག་མའི་དབྱིངས་ལས་ནང་གདངས་ཕྱིར་ཤར་ཏེ། གཞི་ལས་འཕགས་པའི་སྐད་ཅིག་ལ་གཞི་སྣང་ལྷུན་གྲུབ་ཀྱི་སྒོ་བརྒྱད་རང་སྣང་དུ་ཤར་བ་དེ། གཞན་དུ་མ་བཟུང་བར་གཟུ་བོའི་བློས་རང་གདངས་སུ་ངོ་ཤེས་པས་འགྱུ་བ་རང་ཐོག་ཏུ་ཆོད་དེ། སྐད་ཅིག་དང་པོ་ལ་རང་སྣང་དུ་ཤར་བ་རང་ངོ་ཤེས་པས་རྟོགས་པ་སྐྱེས་ཏེ་བྱེ་བྲག་ཕྱེད། གཉིས་པ་


GTN002_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འཁྲུལ་པ་སངས་ཞིང་ཡེ་ཤེས་རྒྱས་པས་གཞི་འབྲས་བུར་སྨིན་ཏེ། ངོ་བོ་ཡེ་སངས་རྒྱས་པ་རྟོགས་པས་ཡང་སངས་རྒྱས་པ་ཞེས་བྱ། རང་སྣང་ཀ་དག་ཏུ་ཐིམ་ནས་གཞི་ཐོག་ཏུ་ཀུན་གྱི་སྔོན་རོལ་ཏུ་སངས་རྒྱས་པའི་སྟོན་པ་ཀུན་ཏུ་བཟང་པོ་ཞེས་བྱ་སྟེ། ཐལ་འགྱུར་ལས། དེ་ལྟར་འཁོར་འདས་ཐོག་མཐའ་ལས། །སངས་རྒྱས་འཁྲུལ་པར་མ་གྱུར་པས། །གཞི་ལས་འཕགས་པའི་དབང་པོ་ཡིས། །རང་སྣང་རང་བཞིན་མེད་པར་ཤེས། །རྟོག་དཔྱོད་ཡིད་རྣམས་ཕྱིར་མ་ཤོར། །འགྱུ་བ་རང་ཐག་ཆོད་པའོ། །དེ་ཡང་གནས་ལུགས་ཆེན་པོ་ལས། །འཁྲུལ་ཞེས་ཀ་ནས་དག་པ་ལ། །མ་འཁྲུལ་ཉིད་དུ་བཅོས་སུ་མེད། །མེད་སྣང་མཐོང་བ་མེད་པའི་ཆོས། །བྱས་བྱུང་རྟོག་པ་རང་འགགས་སོ། །འཁྲུལ་ནས་དམིགས་པར་སྣང་བ་ཡིན། །རང་བཞིན་ཡེ་གདངས་མི༷་དམིག༷ས་{མ༵་གཡོས༵་}པས། །ཆོས་ཀུན་མཉམ་པར་རོ་གཅིག་གོ །མི༷་མཛ༷ད་རྟོག༷་བྲ༷ལ་{འཛིན༵་རྟོག༵་བྲལ༵་ན༵ས་}ཡེ་སངས་རྒྱས། །ཞེས་པ་དང་། མཚན་བརྗོད་ལས། སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །ཞེས་སོ། །དེའང་ཀུན་ཏུ་བཟང་པོས་དགེ་བ་རྡུལ་ཅིག་མ་བྱས་པར་གཞི་ཐོག་ནས་སངས་རྒྱས་པའོ་ཞེས་གྲགས་ཀྱང་། དཔྱད་ན་རང་ངོ་ཤེས་པ་དེ་ཟག་མེད་རང་བྱུང་གི་དགེ་བ་རྒྱ་མཚོ་ཡིན་པས་ཚོགས་ཆེན་ཡེར་རྫོགས་པ་དང་། ལུང་མ་བསྟན་གྱི་མ་རིག་པ་སངས་པས་སྒྲིབ་པ་ཡེའི་དུས་སུ་བཅོམ་སྟེ། རང་སྣང་དུ་ཤེས་པས་མ་རིག་པ་སངས་ལ། དེ་སངས་པས་ཉོན་མོངས་པ་ཐམས་ཅད་སངས་ཏེ། མ་རིག་


GTN002_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

པ་སངས་པ་ལས་བྱུང་བའི་ཕྱིར་རོ། །དེ་ཙམ་ན་རང་གནས་ཀྱི་ཡོན་ཏན་མངོན་དུ་གྱུར་པས་སྐུ་དང་ཡེ་ཤེས་སུ་སངས་རྒྱས་པའོ། །གཞི་ཐོག་ནས་གྲོལ་ཟེར་བ་རྩིང་སྟེ། གཞི་ལས་གཞི་སྣང་དུ་ཤར་དུས་གྲོལ་བས་གཞི་ལས་འཕགས་པའི་སྐད་ཅིག་ལ་གྲོལ་བའོ། །གང་དུ་གྲོལ་ན་གཞི་ཐོག་ཏུ་མིན་ཏེ་མཐར་ཕྱིན་ལྷུན་གྲུབ་ཀྱི་ས་ལ་གྲོལ་བའོ། །གལ་ཏེ་གཞི་ཐོག་ཏུ་གྲོལ་ན་ཡང་ལྡོག་པར་འགྱུར་ཏེ། གཞི་དེ་འཁྲུལ་བ་འབྱུང་རུང་གི་ཆ་ནས་བཞག་པའི་ཕྱིར་ཏེ། འཁོར་འདས་ཀྱི་གཞི་ཡིན་པའི་ཕྱིར་རོ། །གྲོལ་ས་ཉིད་ནི་ཐོག་མའོ། །ཞེས་པ་གཞི་ཐོག་མ་ཡིན་ནམ་ཞེ་ན། གནས་ལུགས་ལ་ཐོག་མར་བཤད་པ་ཡིན་གྱི། དང་པོའི་གཞི་མ་ཡིན་ནོ། །མདོར་ན་རང་ངོ་ཤེས་དུས་དབྱིངས་ཀྱི་ཡོན་ཏན་མཐར་ཕྱིན་ཏེ། སྒྲིབ་པ་དང་བྲལ་བས་འབྲས་བུར་གྲོལ་བར་ཞེས་བྱའོ། །དེས་ན་སྐུ་དང་ཡེ་ཤེས་ལ་སོགས་པའི་ཡོན་ཏན་འཆར་གཞིར་གནས་ཚད་ལ་དབྱིངས་ཀྱི་ཡོན་ཏན་ཞེས་བྱ་སྟེ། རིག་པ་ལ་ཡོད་ནི་ཡོད་ལ། མ་མངོན་པའི་ཕྱིར་རོ། །མཐར་ཕྱིན་དུས་སངས་རྒྱས་ཀྱི་ཡོན་ཏན་ཞེས་བྱ་སྟེ། མ་རིག་པ་སངས་ཤིང་སངས་སྟོབས་ཀྱིས་རང་ལ་ཡོད་པའི་ཡོན་ཏན་སྣང་བས་རྒྱས་པའི་ཕྱིར་རོ། །དེ་ལྟར་ཀུན་ཏུ་བཟང་པོ་སངས་རྒྱས་པ་དེ་ཡང་གཞི་ལས་འཕགས་པ། རང་ངོར་སྣང་བ། བྱེ་བྲག་ཕྱེད་པ། ཕྱེད་ཐོག་གྲོལ་བ། གཞན་ལས་མ་བྱུང་བ། རང་སར་གནས་པའི་ཆོས་དྲུག་གིས་ཏེ། དགོངས་པ་བཀའ་བགྲོས་རྒྱུད་ལས། དེ་ཚེ་ཀུན་བཟང་ཆོས་དྲུག་གིས། །གཞི་ཤེས་མ་རིག་དྲུག་བཅོམ་ནས། །ཉུག་ཙམ་ལས་


GTN002_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཡིད༷་(ཡུད་)ཙམ་སྟོངས། །རིག་ཙམ་བྱུང་བས་རིག་འགྲིབ་བརླག །སལ་གྱིས་གསལ་བས་མུན་པ་སངས། །ཝལ་གྱིས་བྱུང་བས་འཐིབས་པ་མེད། །སྒྲོ་སྐུར་བྲལ་བས་མ་རིག་དག །འགྱུར་བ་མེད་པས་ནམ་མཁའ་འདྲ། །ཞེས་སོ། །དེ་དག་རྒྱུ་ལས་མ་བྱུང་བའི་འབྲས་བུ། སེམས་ལས་མ་བྱུང་བའི་སངས་རྒྱས། ལུང་ལས་མ་བྱུང་བའི་མན་ངག །རང་ལས་བྱུང་སྟེ་སངས་རྒྱས་པའོ། །དེ་ཡང་གཞི་ནས་འཕགས་པའི་རིག་པ་ས་བོན་ལྟ་བུ་གྲོལ་འཁྲུལ་གང་བྱེད་མ་ངེས་པས་མ་སྨིན་པའི་རིག་པ་ཞེས་བྱ་སྟེ། སངས་རྒྱས་སུ་སྨིན་པར་བྱེད་པ་ནི་རྟོགས་པའི་ཤེས་རབ་ཀྱིས་བྱས་ཏེ། སྒྲོན་མ་འབར་བ་ལས། གཞི་ཉིད་འབྲས་བུར་སྨིན་བྱེད་ཤེས་རབ་སྟེ། །ཤེས་རབ་སྐུ་རུ་སྨིན་པ་ཡིས། །ངོ་བོ་ཉིད་ཀྱི་ཆོས་སྐུ་དེ། །ཡེ་ཤེས་ཆོས་ཀྱི་སྐུ་རུ་སྨིན། །དེ་ཡིས་ཡེ་ཤེས་རྒྱུན་མ་ཆད། །སྐུ་དང་ཡེ་ཤེས་ལྷུན་གྲུབ་གསལ། །ཞེས་སོ། །དེའི་དུས་སུ་ཤེས་བྱ་ཡུལ་སྣང་དུ་ཤར་བའི་རྣམ་པ་རང་ངོར་མཁྱེན་པས་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཡིན་ལ། རང་ངོ་ནང་གསལ་དུ་བཞུགས་ཏེ་ཆོས་ཉིད་ཀྱི་ངང་ལས་དཔྱོད་བྱེད་ཀྱི་སྤྲོས་པ་ཞི་བ་ནི་ཐམས་ཅད་མཁྱེན་པའི་སངས་རྒྱས་སོ། །དེ་ཡང་ཐམས་ཅད་ཤེས་ཀྱང་རང་ངོ་ཆོས་ཉིད་ལས་མི་གཡོ་བས་ནང་བཞུགས་ཀྱི་ཤེས་པ་དང་། ཕྱིར་གཟིགས་ཀྱི་ཤེས་པའི་ཆ་ལ་རྣམ་པ་སྣང་མི་སྣང་གི་ཁྱད་པར་གྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཞེས་བརྗོད་དོ། །དེ་གཉིས་ལྡོག་པ་ཐ་དད་ངོ་བོ་གཅིག་པས་ནང་བཞུགས་ལ་ཐམས་ཅད་མཁྱེན་པར་བརྗོད་པ་ཉིད་དོ། །

གཞན་དོན་མཛད་ཚུལ།


GTN002_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་ཐོག་མའི་ཀུན་ཏུ་བཟང་པོ་དེ་ཉིད་གྲོལ་ནས་དབྱིངས་ན་བཞུགས་ཚུལ་དེ་ལ་གཞན་དོན་མཛད་ཚུལ་ཇི་ལྟ་བུ་ཡིན་ཞེ་ན། ཀ་དག་ལྷུན་གྲུབ་ཀྱི་ཡོན་ཏན་མངོན་དུ་གྱུར་པས་ཤེལ་འོད་ནང་དུ་བསྡུས་པ་ལྟར་རང་ངོ་ནང་གསལ་གཞོན་ནུ་བུམ་པ་སྐུར་བཞུགས་ཏེ། ཆོས་སྐུ་ཀ་དག་གི་ངོ་བོ་མཐའ་དབུས་མེད་པའི་དབྱིངས་དཔངས་མཐོ་བའི་ཀློང་ན། ལྷུན་གྲུབ་གཏིང་གསལ་གྱི་འོད་ལྔ་གཞལ་ཡས་ཁང་གི་བཀོད་པའི་ནང་ན་རིག་པའི་སྟོང་ཆ་ཆོས་ཉིད་ཀུན་ཏུ་བཟང་མོ་སྣང་ཆ་ཆོས་སྐུ་ཀུན་ཏུ་བཟང་པོའི་བཙུན་མོར་རང་གསལ་བ་ལ། ཐབས་དང་ཤེས་རབ་ཀྱི་དྲ་བས་རང་འབྲེལ་ཞིང་། ཤེས་རབ་སྲོག་ཏུ་གྱུར་པའི་རྟ་ཤེས་བྱ་ཐམས་ཅད་ཤེས་བྱེད་དུ་གྲུབ་པས་བང་མགྱོགས་ཤིང་། འོད་གསལ་ལྔའི་ནང་གདངས་མ་འདྲེས་ལ་མཉམ་པའི་རང་བཞིན་ཐང་ཡངས་ཏེ། དེ་ཉིད་ནུབ་པ་མེད་པས་གསང་བའི་ཉི་མ་དབྱིངས་ན་ཤར་རོ། །དེའི་ཚེ་དབྱིངས་ཀྱི་འབྱུང་ལྔ་རང་ས་ན་བཀོད་པས་སྣང་བ་དང་འོད་ཀྱི་རང་གདངས་སུ་གསལ་ལ་གཏིང་གསལ་གྱི་གདངས་ནུབ་པ་མེད་ཅིང་། ཡེ་ཤེས་ཀྱི་འོད་ལྔ་དབྱིངས་ན་ཟ་ར་ཚགས་སུ་འཁྱིལ་ཏེ། དངོས་པོ་དང་མཚན་མ་ལྟར་མ་གྲུབ་པས་སྟོང་ལ། མེད་པ་ཕྱམ་ཆད་དུ་མ་སོང་བས་འདྲི་ལེགས་པ། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་རྒྱ་མདུད་གཅིག་ཏུ་འདྲིལ་ཞིང་། རིག་པ་འོད་ཀྱི་ཁང་པ་ཅན། འོད་མཐའ་མེད་པའི་སྣང་བ་ལྷུན་སྟུག་པ། རྣམ་པར་གྲོལ་བའི་ཡེ་ཤེས་མཐའ་ཡས་པ་རྒྱལ་མཚན་གྱི་རྩེ་མོ་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་རིག་པ་དང་། མཚན་དང་དཔེ་བྱད་ལ་སོགས་པ་


GTN002_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་ཏུ་མི་ནུབ་པའི་རང་བཞིན། འོད་ཟེར་མཐའ་ཡས་པའི་སྒྲོན་མར་གསལ་བ། ཡེ་ཤེས་ཀྱི་རང་སྣང་ལ་འཕེལ་འགྲིབ་མེད་པ། ཐུགས་རྗེ་ཆེན་པོས་ཕན་པར་བཞེད་པའི་ལམ་གཞན་དུ་མི་བགྲོད་དེ། རང་དོན་གསལ་བ། སྐུ་ལྔའི་མཆོད་རྟེན་ཡེ་ཤེས་ལྔའི་བང་རིམ་དང་བཅས་པ། དབྱིངས་ཆོས་ཉིད་ཀྱི་གདན་ལས་མི་གཡོ་ཞིང་། ཐབས་ལ་མཁས་པའི་ཐུགས་རྗེ་ཆེན་པོའི་སྟོང་ལམ་ཕྱོགས་མཐའ་གཏུགས་པ་ཀུན་ཏུ་འཕྲོ་བས། སངས་རྒྱས་དང་སེམས་ཅན་ཐམས་ཅད་ཀྱི་བླ་མར་སྤྱི་ཕུད་སྔོན་གྱི་ཐོག་མར་བཞུགས་སོ། །དབྱིངས་ཀ་དག་ཆེན་པོ་ཆོས་ཀྱི་སྐུའི་ཞིང་དེ་ལས་མ་གཡོས་བཞིན་དུ་ལྷུན་གྲུབ་ཀྱི་སྒོ་ལས་སེམས་ཅན་གྱི་སྣང་ཚུལ་དང་བསྟུན་དོན་མཛད་དེ། ལྷུན་གྲུབ་ཀྱི་འོད་དང་སྐུའི་རྩལ་ལས་ལོངས་སྐུའི་སྣང་བ་བཀོད་ནས། དེ་ལས་ཚངས་ཆེན་གྱི་བསྐལ་པ་བཀོད་དེ། རང་བཞིན་སྤྲུལ་སྐུའི་སྣང་བ་དང་མ་དག་པ་འཁོར་བའི་སྒོ་ལས་འགྲོ་བའི་སྣང་བ་དང་མཐུན་པའི་སྟོན་པ་སེམས་ཅན་གྱི་གནས་རིས་ཁྱབ་པར་བསྟན་པས་འཁོར་བ་སྟོངས་པར་མཛད་དོ། །དེ་ལྟ་བུའི་སྟོན་པ་ནི། ཀུན་གྱི་སྔོན་རོལ་དུ་བྱང་ཆུབ་བརྙེས་ནས། དུས་གསུམ་གྱི་སངས་རྒྱས་དང་། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པ་ལ། ཐོག་མ་དང་ཐ་མ་མེད་པར་བཞུགས་པས་མངའ་དབང་རྫོགས་པའི་སྟོན་པ་ཀུན་ཏུ་བཟང་པོ་ཞེས་བྱའོ། །ཞིང་དང་མཛད་པ་ནི་ཆོས་ཀྱི་དབྱིངས་དང་ནམ་མཁའི་མཐའ་ཀླས་པར་སེམས་ཅན་དང་སངས་རྒྱས་ཀྱི་སྣང་བ་ཇི་ཙམ་པ་དེ་ཙམ་ཡིན་ནོ། །

མ་རིག་སེམས་ཅན་གྱི་འཁྲུལ་ཚུལ་ལ་མདོར་བསྟན་པ།


GTN002_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

(༣) གསུམ་པ་མ་རིག་པ་སེམས་ཅན་གྱི་འཁྲུལ་ཚུལ་ལ་མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས་སོ། །དང་པོ་ནི། གཞི་སྣང་དུ་ཤར་དུས་རང་ངོ་མ་རིག་པའི་ཤེས་པ་ལུང་མ་བསྟན་མ་རིག་པའི་རྩ་བ་ཅན་དེས། གཞི་སྣང་ལ་རིས་སུ་བཅད་པས་སེམས་ཅན་དུ་འཁྲུལ་ཏེ། ཐལ་འགྱུར་ལས། གཅིག་མ་ཤེས་པས་ཀ་དག་ལ། །ཆོས་ཉིད་རང་ངོ་མ་ཤེས་པས། །རྒྱུ་དང་མཚུངས་པའི་ཉེར་ལེན་ནོ། །དམིགས་པའི་རྟེན་ནི་ཁ་དོག་ལས། །གཉིས་ཆ་ཕྲ་བའི་རྒྱུ་རྐྱེན་གྱིས། །འཁོར་བ་ལས་ཀྱི་དམིགས་གྱུར་ཏོ། །ཞེས་སོ། །ཚུལ་དེ་ཇི་ལྟར་ཤར་ཞེ་ན། གཞི་སྣང་དུ་ཤར་དུས་ཐུགས་རྗེའི་རྩལ་ཤེས་པ་གསལ་རིག་ཡུལ་དཔྱོད་ནུས་སུ་རང་ཤར་བ་དེ་རང་ངོ་མ་ཤེས་པ་ལ་ལྟོས་ནས་མ་རིག་པ་གསུམ་དང་མཚུངས་ལྡན་དུ་ཤར་ཏེ། རྒྱུ་བདག་ཉིད་གཅིག་པའི་མ་རིག་པ་ཤེས་པར་སྐྱེས་པ་དེ་ཉིད་དུ་མ་ཤེས་པ་དང་། ལྷན་ཅིག་སྐྱེས་པའི་མ་རིག་པ་རང་ངོ་མ་ཤེས་པ་དེ་དང་ཤེས་པ་དེ་གཉིས་ལྷན་ཅིག་སྐྱེས་པ་དང་། ཀུན་ཏུ་བརྟགས་པའི་མ་རིག་པ་རང་སྣང་ལ་གཞན་དུ་དཔྱོད་པའི་ཆ་དང་གསུམ་མོ། །དེ་གསུམ་ཤེས་པ་གཅིག་ལ་ལྡོག་པ་ཐ་དད་ངོ་བོ་གཅིག་ཏུ་ཡོད་པ་དེས་རང་སྣང་ལ་དཔྱོད་པ་ན་གཞི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དང་། གཞི་སྣང་ལྷུན་གྲུབ་ཀྱི་འཆར་ཚུལ་སྣང་བ་ལ་གཞི་དང་གཞི་སྣང་གི་རང་བཞིན་དུ་མ་ཤེས་ཏེ་གཞན་ཡིན་པར་བཟུང་བའི་ཁྱད་པར་ལས་འཁྲུལ་ལོ། །


GTN002_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་རྒྱུ་མ་རིག་པ་གསུམ་དང་རྐྱེན་བཞི་དམིགས་པ་མ་དག་པའི་ཆ་ལས་སྣང་བ་ལ་ཤེས་པ་གཟུང་འཛིན་དུ་འཁྲུལ་དུས་ཡིད་དྲུག་འཛིན་པ་མ་འགགས་པར་ཤར་བས་ཉོན་མོངས་པ་དྲུག་བག་ལ་ཉལ་གྱི་ཆར་ཤར་བས་རིག་པ་བཅིངས་ཏེ་ཡུལ་དྲུག་གི་སྣང་བ་ལ་འཁྲུལ་པ་ནི། སྒྲོན་མ་སྣང་བྱེད་ལས། དེ་ལྟར་གནས་པའི་གཞི་དེ་ལས། །རྒྱུ་དང་འཁྲུལ་པའི་ས་བོན་ནི། །གསལ་བའི་ཆ་ནི་ཕྱིར་ཤོར་བས། །ཤེས་པ་གསལ་གསལ་རིག་རིག་སྟེ། །མ་རིག་པ་ནི་གསུམ་དག་ལས། །ཡིད་ཙམ་ཕྱིར་འགྱུས་སྣང་ཆ་ལ། །ཡུལ་དེ་བདག་ཏུ་བཟུང་བའི་བློས། །གཞི་དང་གཞི་ཡི་སྣང་ཆ་ལ། །གཞི་དང་གཞི་ཤེས་ཁྱད་པར་འཁྲུལ། །འཁྲུལ་པའི་རྒྱུ་ལས་ཡུལ་རྐྱེན་འཕྲད། །རྐྱེན་གཞི་དམིགས་པ་མ་དག་པས། །སྣ་ཚོགས་སྣང་བའི་གསལ་ཆ་འགགས། །ཡིད་དྲུག་འཛིན་པ་མ་འགགས་པས། །ཉོན་མོངས་དྲུག་གིས་བདག་བཅིངས་པ། །ཡུལ་དྲུག་སོ་སོར་སྣང་བར་ཤར། །དེ་ལྟར་ཡུལ་ལ་བདག་བཟུང་བའོ། །ཞེས་སོ། །ཡུལ་དྲུག་ནི། གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་སོ། །ཉོན་མོངས་པ་དྲུག་ནི། མ་རིག་པ་དང་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་ང་རྒྱལ་དང་ཕྲག་དོག་གོ །དེའང་མ་རིག་པ་ནི། དུག་ལྔ་ཐམས་ཅད་ལ་ཁྱབ་ཅིང་། གཏི་མུག་ནི། དུག་ལྔའི་ཡ་གྱལ་ཡིན་པས་སོ་སོར་བཤད་དོ། །མ་རིག་པ་ལ་དབྱེ་ན། རྒྱུའི་གསུམ་བཤད་ཟིན་ལ། ངོ་བོའི་ཆ་དྲུག་ནི། རང་ཤར་ལས། མ་རིག་པ་ནི་འདི་ལྟ་སྟེ། རྩ་བ་སེམས་ཀྱི་མ་རིག་པ་དང་། འཁྲུལ་པ་ཡུལ་གྱི་མ་རིག་པ་དང་། འཁྲུལ་གཞི་གཞིའི་མ་རིག་པ་དང་། འཛིན་པ་རྟོག་པའི་མ་རིག་པ་དང་། བཅོས་པ་


GTN002_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་གྱི་མ་རིག་པ་དང་། མ་ཤེས་པ་རྨོངས་པའི་མ་རིག་པ་དང་། དེ་ལྟར་མ་རིག་པ་རྣམ་པ་དྲུག་བྱུང་སྟེ་རང་གི་སྣང་བ་མི་མཐོང་ངོ་། །དེ་ཡང་འདི་ལྟ་སྟེ། རྩ་བ་སེམས་ཀྱི་མ་རིག་པ་ནི། ལྷན་ཅིག་སྐྱེས་པ་དངོས་ཡིན་ཏེ། རིག་པའི་ཡེ་ཤེས་ངོ་མ་ཤེས་ནས་འཁྲུལ་ཏེ། ང་ལས་ཡེ་ཤེས་ཀྱི་སྣང་བ་འདི་བྱུང་ངམ། ངའི་སྣང་བ་འདི་མིན་ནམ་སྙམ་པའི་ཤེས་པ་འབྱུང་སྟེ། སྙམ་བྱེད་བྱུང་བ་དེ་ལྷན་ཅིག་སྐྱེས་པ་རྩ་བའི་མ་རིག་པ་ཡིན་ཏེ། བདག་ཏུ་རྟོག་པའི་བློ་ཆུང་བས་འཁྲུལ་ལོ། །དེ་ནས་རིག་པ་ཡེ་ཤེས་ཀྱི་སྣང་བ་བསྒྲིབས་སོ། །དེ་ནི་རྩ་བ་སེམས་ཀྱི་མ་རིག་པ་ཞེས་བྱའོ། །ད་ནི་འཁྲུལ་པ་ཡུལ་གྱི་མ་རིག་པ་སྟོན་ཏེ། འཁྲུལ་པ་ནི་གོང་གིས་འཁྲུལ་ལོ། །ཡུལ་ནི་སྔོན་འཇིག་རྟེན་མ་ཆགས་ཙམ་ན་དཔག་བསམ་གྱི་ཤིང་རྒྱས་པ་ཞེས་བྱ་བ། སངས་རྒྱས་གཞོན་ནུ་བུམ་པ་སྐུའི་བྱིན་རླབས་ལས་བྱུང་བའི་ཤིང་དང་། སྒོ་ང་ལས་བྱུང་བའི་དྲོད་དང། རླན་ལས་བཙས་པ་ཞིག་ཡོད་པ་དེ་ལས་ཡིད་རང་བྱུང་གི་ཡེ་ཤེས་ཞེས་བྱ་བ་ཞིག་བསྐྱོད་པ་ལས་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ཆགས་སོ། །དེ་ནི་འཁྲུལ་པ་ཡུལ་གྱི་མ་རིག་པ་ཞེས་བྱའོ། །འཁྲུལ་གཞི་གཞིའི་མ་རིག་པ་ནི། འཁྲུལ་གཞི་རང་གིས་རང་མ་དག་པ་ལས་བྱུང་སྟེ། དང་པོ་རྒྱུའི་རྐྱེན་ཞེས་བྱ་བ། མ་རིག་པ་དངོས་བྱུང་སྟེ་གཞི་མ་ཤེས་པས་མ་རིག་པའོ། །དེ་ལས་དམིགས་པའི་རྐྱེན་ཞེས་བྱ་བ་འཁྲུལ་པ་ཡུལ་གྱི་མ་རིག་པ་ལྟ་བུའོ། །དེ་ལས་བདག་པོའི་རྐྱེན་ཞེས་བྱ་བ་ཤིང་ལ་ངར་འཛིན་བྱུང་། དེ་ལས་མཚུངས་པ་དེ་མ་ཐག་པའི་རྐྱེན་ཞེས་བྱ་བ། ཤེས་པ་རགས་སུ་སོང་ནས་འཛིན་པས་གཟུང་བའོ། །དེ་ལས་ཉོན་མོངས་


GTN002_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

པ་རགས་སུ་སོང་ངོ་། །དེ་ནི་འཁྲུལ་པ་གཞིའི་མ་རིག་པ་ཞེས་བྱའོ། །འཛིན་པ་རྟོག་པའི་མ་རིག་པ་ནི། དེ་ལས་ཉོན་མོངས་པའི་ཚོགས་དཔག་ཏུ་མེད་པ་བྱུང་ངོ་། །དེ་ཡང་འདི་ལྟ་སྟེ། འཛིན་པའི་ཡིད་དྲུག་བྱུང་ངོ་། །མ་རིག་པ་དང་མཚུངས་པར་ལྡན་པའི་ཡིད་དང། ཡིད་ཀྱི་རྣམ་པར་ཤེས་པའི་ཡིད་དང་། ཀུན་ཏུ་འཚོལ་བའི་ཡིད་དང་། གཏན་ལ་འབེབས་པའི་ཡིད་དང་། རྣམ་པར་རགས་པའི་ཡིད་དང་། ངེས་པར་འཇོག་པའི་ཡིད་དོ། །དེ་ཡང་འདི་ལྟ་སྟེ། མ་རིག་པ་དང་མཚུངས་པར་ལྡན་པའི་ཡིད་ནི། འདི་ལྟར་རྩ་བའི་མ་རིག་པ་དངོས་ཡིན་ལ། ཡིད་ཀྱི་འགྱུ་བ་དང་བཅས་པའོ། །དེ་ནི་མ་རིག་པ་དང་མཚུངས་པར་ལྡན་པའི་ཡིད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་ནི། ཡུལ་ལ་ངའི་ཡིན་སྙམ་པའི་ཤེས་པས་བཟུང་བས། ང་དང་བདག་ཏུ་བཟུང་སྟེ་ཉོན་མོངས་པའི་དབང་དུ་སོང་བའི་ཕྱིར་ན། ཡིད་ཀྱི་རྣམ་པར་ཤེས་པ་ཞེས་བྱའོ། །གཏན་ལ་འབེབས་པའི་ཡིད་ཀྱིས་ནི། ཡུལ་ངའི་ཡུལ་ཡིན་ནོ་སྙམ་པའི་ཤེས་པས་བཟུང་བས་དེ་ལ་ཆགས་པ་སྐྱེས་ནས་གཏན་ལ་འབེབས་པ་ཞེས་བྱའོ། །ཀུན་ཏུ་འཚོལ་བའི་ཡིད་ནི། ཀུན་གྱི་དབང་དུ་སོང་ནས་ཉོན་མོངས་པ་ཕྲ་བ་ཐམས་ཅད་ཟླ་ལ་སྡུད་པའོ། །དེའི་ཕྱིར་ཀུན་ཏུ་འཚོལ་བའི་ཡིད་ཅེས་བྱའོ། །རྣམ་པར་རགས་པའི་ཡིད་ནི། ཉོན་མོངས་པ་རགས་པས་སྲོག་གཅོད་པ་དང་། དམ་ཚིག་ཉམས་པའི་ལས་མང་པོ་བྱེད་པའོ། །ངེས་པར་འཇོག་པའི་ཡིད་ནི། དེ་རྣམས་ཀྱི་སྣང་བ་ལ་ངའི་ཡིན་སྙམ་པ་དང་། གཞན་གྱི་ཡིན་སྙམ་པ་དེ་ནི་ངེས་པར་འཇོག་པའི་ཡིད་དོ། །དེ་ནི་འཛིན་པ་རྟོག་པའི་མ་རིག་པ་ཞེས་བྱའོ། །བཅོས་
པ་ལམ་གྱི་མ་རིག་པ་ནི། ཡིད་དྲུག་འདུས་ནས་ཡེ་ཤེས་ཀྱི་ལམ་བསྒྲིབས་པ་སྟེ། དེ་ཡང་ཡིད་ཀྱིས་ཡེ་ཤེས་མི་མཐོང་ཞིང་གསལ་དུ་མི་སྟེར། ཡེ་ཤེས་ལ་རྟོག་པ་མེད། ཡིད་ལ་འགྱུ་བྱེད་ཡོད་པའི་ཕྱིར། སངས་རྒྱས་ཀྱི་ལམ་སྒྲིབ་པ་ཡིན་ནོ། །དེ་ནི་བཅོས་པ་ལམ་གྱི་མ་རིག་པ་ཞེས་བྱའོ། །མ་ཤེས་རྨོངས་པའི་མ་རིག་པ་ནི། རང་གི་སྣང་བའི་འོད་དུ་ཡོད་པ་མ་ཤེས་པས་ཡང་ནས་ཡང་དུ་འཁོར་བས་ན་འཁོར་བར་འཁོར་བའོ། །དེ་ནི་མ་ཤེས་རྨོངས་པའི་མ་རིག་པ་ཞེས་བྱའོ། །དེ་ལྟར་མ་རིག་པ་དྲུག་ཏུ་བྱུང་བས་ཡེ་ཤེས་ཀྱི་སྣང་བ་མ་ཤེས་པའོ། །ཞེས་སོ། །

རང་བཞིན་རྒྱས་པར་བཤད་པ།


GTN002_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་རང་བཞིན་རྒྱས་པར་བཤད་པ་ལ་གཉིས་ཏེ། འཁྲུལ་ཚུལ་ངོ་བོའི་ཆ་དང་། རྣམ་པ་རྐྱེན་གྱི་ཆ་རྒྱས་པར་བཤད་པའོ། །དང་པོ་ནི། སྤྱི་པའི་འཁྲུལ་གཞི་སྣང་དུས་རིག་པས་རང་ངོ་མ་ཤེས་པའི་དྲི་མས་རིག་པ་ཉིད་འཁྲུལ་པར་སྦགས་པས་ཤེས་བྱ་རིག་པ་དྲི་མ་མེད་པ་ཉིད་ཀྱང་དྲི་བཅས་སུ་སོང་སྟེ་སེམས་ཀྱི་རྒྱར་འཐུམས་ནས་ངོ་བོ་ཀ་དག་གི་རིག་པ་རྟོག་པས་སྦགས་ཏེ་ཡིད་དྲུག་གིས་བཅིངས་པས་ལུས་རྡུལ་ཕྲན་ཆ་མེད་ཀྱི་དྲ་བར་ཚུད་དེ་འོད་གསལ་བག་ལ་ཞའོ། །དེ་ཡང་གཞི་སྣང་དེ་རང་ལས་བྱུང་བར་མ་ཤེས་པས་རྒྱུའི་རྐྱེན། དེ་ཉིད་ཡུལ་དུ་ཤར་བས་དམིགས་པའི་རྐྱེན། བདག་དང་བདག་གིར་བཟུང་བས་བདག་པོའི་རྐྱེན། དེ་གསུམ་དུས་མཚུངས་པས་དེ་མ་ཐག་པའི་རྐྱེན་བཞིར་འཁྲུལ་ལོ། །དེ་ཡང་འཁྲུལ་པའི་རྒྱུ་མ་རིག་པ། རྐྱེན་ཤེས་པ་ལ་ཡུལ་


GTN002_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ། གཞི་ལས་གཞི་ཤེས་སུ་སྣང་བ་འཁྲུལ་མཁན་འགྱུ་བ་མཆེད་པའི་རིག་པ་གཟུང་འཛིན་དུ་བཅིངས་པ་སྟེ། ཐལ་འགྱུར་ལས། འཁྲུལ་པའི་རྒྱུ་ནི་མ་རིག་པ། །གཞི་དང་ཤེས་པ་སྦགས་པ་དང་། །གཟུང་དང་དབང་པོ་འཁོར་ཚུལ་ལོ། །རྐྱེན་ནི་ཡུལ་དང་གཟུང་ཆ་ལས། །མཐའ་ཡི་སོ་སོར་འབྱེད་པ་དང་། །གཅིག་མ་ཤེས་པའི་དམིགས་རྟེན་ནོ། །གཞི་ནི་གར་ཡང་འབྱེད་མེད་ཅིང་། །ངེས་པ་མེད་པར་བཅོ༷མ་{ཙ༵མ་}ལས་སོ། །ཤེས་པ་འགྱུ་དང་ཡལ་བ་དང་། །མཆེད་པར་འཛིན་པ་རྣམས་ཡིན་ནོ། །སྦགས་པར་དྲི་མར་འཛིན་པ་སྟེ། །ཤེས་བྱས་རང་རྒྱུད་བཅིངས་པའོ། །གཟུང་བ་མ་ཡིན་པ་ལ་ཡང་། །བདེན་པས་དམ་དུ་བཅིངས་པའོ། །ཞེས་སོ། །གཉིས་པ་རྣམ་པ་རྐྱེན་གྱི་ཆ་ལས་རྒྱས་པར་བཤད་པ་ནི། དེ་ཡང་མེད་པ་ལ་ཡོད་པར་མཐོང་སྟེ། དེ་ལ་འཁྲུལ་པའི་རྒྱུ་མ་རིག་པ་གསུམ་སྟེ་དོན་གྱིས་མ་འཁྲུལ་པའི་ཆ་ལ་རང་མ་རིག་པས་བརྟགས་ནས་འཁྲུལ་པར་སོང་བ་ལ་རྒྱུ་བདག་ཉིད་གཅིག་པའི་མ་རིག་པ་ཞེས་བྱའོ། །དེ་ཉིད་ངོ་མ་ཤེས་པ་ལ་ལྷན་ཅིག་སྐྱེས་པའི་མ་རིག་པ་སྟེ་འཁོར་འདས་གཉིས་ཀྱི་སྣང་ཆར་བྱུང་བའོ། །ཡུལ་ཐ་དད་སྣང་བ་ལ་སོ་སོར་ཀུན་ཏུ་བརྟགས་དཔྱད་སྐྱེས་པས་ཀུན་བརྟགས་པའི་མ་རིག་པའོ། །དེ་ལྟ་བུའི་རྒྱུ་དེ་ལ་རྐྱེན་ནི་བཞི་སྟེ། རྒྱུའི་རྐྱེན་དེ་ལྟར་མ་རིག་པ་གསུམ་འདུས་པས་འཁྲུལ་བ་འབྱུང་བ་ནི། སྐྱེས་བུ་གཟུགས་དང་ཡན་ལག་དང་ལྡན་པ་ལ་བྱད་རང་ཆས་སུ་འབྱུང་བ་ལྟ་བུའོ། །དེ་ལས་དམིགས་པའི་རྐྱེན་མེ་ལོང་དང་འདྲ་བར་ཕྱི་ཡུལ་ལ་ཤར་བ་


GTN002_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

དང་། དེ་ལ་བཞིན་ཡོད་པས་རྐྱེན་མེ་ལོང་གི་ནང་དུ་ཤར་བ་ལྟར། དམིགས་པའི་ཡུལ་རང་འོད་ཕྱིར་ཤར་བ་ལས་བདག་པོའི་རྐྱེན་མེ་ལོང་དང་བཞིན་དང་བདག་མངོན་སུམ་དུ་བཟུང་བས་བཞིན་དང་མེ་ལོང་དུ་རྟོག་པ་ལྟར། འོད་དང་རིག་པ་དང་ཆོས་ཉིད་གསུམ་དུ་རྟོག་པ་དང་བཅས་པས་བདག་པོའི་རྐྱེན་ཞེས་བྱའོ། །དེ་ལྟར་རྒྱུ་མ་རིག་པ་གསུམ་དང་། རྐྱེན་གསུམ་དུས་མཚུངས་པས་མཚུངས་པ་དེ་མ་ཐག་པའི་རྐྱེན་ཏེ། འཁྲུལ་པ་དངོས་སུ་འབྱུང་བའོ། །དེ་དག་ཀྱང་རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི་རྒྱུད་ལས། ཁམས་གསུམ་གྱི་སེམས་ཅན་འདི་དག་ཐམས་ཅད་ནི། དང་པོ་གཞི་ཅི་ཡང་མ་ཡིན་པ་ལས་ཅིར་ཡང་འཁྲུལ་ལོ། །གཞི་དེའི་ངོ་བོ་སྟོང་པ། རང་བཞིན་གསལ་བ། ཐུགས་རྗེ་སེམས་ཅན་ལ་སྣང་ནུས་པའོ། །དེ་ལ་འཛིན་བྱེད་ཀྱི་ཤེས་པ་མ་རིག་པའི་ཆ་ལས་བྱུང་བ་བྲེང་ཙམ་ཞིག་འགྱུས་པ་ལས་ཤེས་པ་མུ༷ན་(དམུན་)པོས་ཕ་གི་ལས་ང་བྱུང་ངམ། ང་ལས་ཕ་གི་བྱུང་སྙམ་པའི་ཤེས་པ་བྱུང་བ་ཙམ་གྱིས་འཁྲུལ་ལོ། །མ་རིག་པ་དེ་གཞི་ལ་མེད་དེ་ཉམས་སམ་རྣམ་པ་ལ་ཡོད་དོ། །རྣམ་པ་ལས་རྐྱེན་རྣམ་པ་བཞི་འབྱུང་ངོ་། །དེ་ཡང་གཞི་འོད་ཁྱིམ་གྱི་ཚུལ་དུ་གནས་པ་ལ་རྒྱུའི་རྐྱེན་ཞེས་བྱ་སྟེ་མ་རིག་པ་དངོས་སོ། །དེ་ལ་འཛིན་རྟོག་ཏུ་སོང་བས་བདག་པོའི་རྐྱེན་ཞེས་བྱའོ། །དེ་ལ་ཡུལ་ཅན་དུ་བཟུང་བས་དམིགས་པའི་རྐྱེན་ཞེས་བྱ་སྟེ། དཔེར་ན་མེ་ལོང་ལ་སྐྱེས་བུའི་བྱད་བསྟན་པ་ལྟ་བུའོ། །དེ་གསུམ་དུས་མཚུངས་པས་དེ་མ་ཐག་པའི་རྐྱེན་ཞེས་བྱའོ། །དེ་རང་གི་གཞི་ཡིན་པ་ལ་རང་གིས་ངོ་མ་ཤེས་ཏེ་འཁྲུལ་ནས་ཁམས་གསུམ་འཁོར་བ་གྲུབ་བོ། །དེ་ལས་ཉོན་མོངས་རགས་སུ་སོང་ནས་སེམས་ཅན་གྱི་


GTN002_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ཐ་དད་བྱུང་ངོ་། །གཞི་དེ་ལྟ་བུ་མ་དག་པ་ལས་འཁྲུལ་ལོ། །ཞེས་སོ། །དེ་ཡང་རིག་པ་གཞི་ནས་འཕགས་ཏེ་མ་སྨིན་པས་ཁམས་གསུམ་རིགས་དྲུག་ཏུ་སོ་སོའི་ལས་ཀྱི་འཁོར་བ་དེ་ཡང་རྟེན་འབྲེལ་བཅུ་གཉིས་ལས་འཁྲུལ་ཏེ་ཕྱིར་ལོ་བཅུ་གཉིས་དང་ཟླ་བའི་ཆ་བཅུ་གཉིས། ནང་དུ་ཉོན་མོངས་པ་བཅུ་གཉིས་རྣམས་ཚོགས་པས་སྐྱེ་མཆེད་བཅུ་གཉིས་སུ་སྲིད་པར་བྱས་པས་ནི་རྟེན་འབྲེལ་ལུགས་སུ་འཇུག་པ་བཅུ་གཉིས་མ་དག་པ་ལས་འབྱུང་བ་སྟེ། གཞི་ལས་གཞི་སྣང་དུ་ཤར་དུས་རིག་པའི་རྩལ་ལས་ཡིད་ཀྱི་ཤེས་པ་བྱུང་སྟེ་རང་ངོ་མ་ཤེས་པ་དང་ལྷན་ཅིག་པས་མ་རིག་པའོ། །དེ་ལས་འཁྲུལ་པས་འདུ་བྱེད་དོ། །དེ་ལས་ཡུལ་གྱི་རྣམ་པ་ལ་དཔྱོད་པས་རྣམ་པར་ཤེས་པའོ། །དེ་ལས་འདི་ནི་ཡུལ་ལོ། །སྣང་བའོ་ཞེས་པ་ལ་སོགས་པའི་མིང་དུ་འབྱེད་པའོ། །དེ་ལས་མིང་ཅན་དོན་གྱི་རང་བཞིན་གཟུགས་སུ་འཛིན་པས་སྲིད་པའི་འཁྲུལ་པ་དང་པོ་མིང་དང་གཟུགས་ཞེས་བྱའོ། །དེ་ལས་ཡུལ་གྱི་རྣམ་པ་དྲུག་ལ་ཤེས་པ་སྐྱེ་ཞིང་མཆེད་པའི་སྐྱེ་མཆེད་དྲུག་ཏུ་བྱུང་ངོ་། །དེ་ལས་ཡུལ་འཛིན་པའི་རེག་པའོ། །དེ་ལས་ཆགས་སྡང་བར་མའི་ཆའི་ཚོར་བའོ། །དེ་ལས་ཡུལ་ལ་ཞེན་པའི་སྲེད་པའོ། །དེ་ལས་ཕྱིས་ཀྱི་ལེན་པོ་དང་དེ་ལྟར་ཡུལ་དང་དུ་ལེན་པའི་ལེན་པའོ། །དེ་ལས་འཁྲུལ་པ་དུ་མར་སྣང་བ་དང་བྱེད་པ་མྱོང་བའི་ཆ་ཅི་འབྱུང་མ་ངེས་པ་བསྐྱེད་པས་སྲིད་པའོ། །དེ་ལས་གཟུགས་མེད་གཟུགས་དང་འདོད་པར་སྐྱེ་བས་སྐྱེ་བའོ། །དེ་ལས་རྒས་པ་དང་ན་བ་དང་ཤི་བའི་བར་དུ་འབྱུང་སྟེ་ཡང་དང་ཡང་དུ་དེ་ལྟར་འཁོར་བས་འཁོར་བའི་རྒྱུ་རྟེན་འབྲེལ་ལུགས་


GTN002_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

སུ་འཇུག་པ་བཅུ་གཉིས་གཞི་སྣང་ལས་དང་པོར་མཆེད་པའོ། །དེ་ལས་སྲིད་པ་སོ་སོར་འཁྲུལ་དུས་ཀྱི་རྟེན་འབྲེལ་བཅུ་གཉིས་ཀྱང་ཞར་ལ་ཤེས་པར་བྱ་སྟེ། ཆོས་ཉིད་ནུབ་ནས་རང་མ་རིག་པ་ལས་ཕྱི་མའི་འདུ་བྱེད་དང་། རྣམ་ཤེས་ཀྱི་ཆས་ལུས་འཚོལ་བ་དང་། མངལ་དུ་ཚུད་དེ་མེར་མེར་པོ་ལ་སོགས་པ་ནས་མིང་དང་གཟུགས་སུ་གྲུབ་པ་དང་། དེའི་སྐྱེ་མཆེད་དྲུག་དང་། རྐྱེན་འདུས་པས་རེག་པ་དང་། བདེ་སྡུག་གི་ཚོར་བ་དང་། མྱོང་བ་ལ་སྲེད་པ་དང་། ཡུལ་དང་ལས་ཀྱི་ལེན་པ་དང་། ཡང་སྲིད་པའི་ཉེ་བར་ལེན་པ་དང་། མངལ་ནས་སྐྱེ་བ་དང་། དར་ལ་བབ་པའི་ཚོགས་པ་གཞན་དུ་འགྱུར་བའི་བརྒྱུད་པ་ནི་རྒས་པ་དང་། མཐར་འཆི་བ་སྟེ་འབྲེལ་ཆགས་སུ་འབྱུང་བ་ཡིན་ནོ། །དེ་ལྟར་འཁྲུལ་སྣང་འཁོར་བར་སྣང་བ་ཡང་རང་མ་རིག་པས་མེད་པ་ལ་བདག་ཏུ་བཟུང་བའི་བག་ཆགས་མཐུ་བརྟས་པ་ལས་འབྱུང་སྟེ། སོ་སོའི་ལས་ཀྱི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པར་གྲུབ་ནས་གཅིག་ནས་གཅིག་ཏུ་འཁོར་ཞིང་གཏན་དུ་སྲིད་པ་ན་གནས་པ་ནི། མུ་ཏིག་ཕྲེང་བ་ལས། དེ་ལྟར་འཇིག་རྟེན་གསུམ༷་པོ༷་ནི༷་{གསུམ༵་པ༵་ཉིད༵}། །ཕུང་པོ་ལྔ་དང་དབང་པོ་ལྔ། །ཡན་ལག་ལྔ་དང་དོན་སྙིང་ལྔ། །ཡུལ་ལྔ་དང་ནི་ཉོན་མོངས་ལྔ། །སེམས་ལྔ་ཡིད་ལྔ་རྟོག་པ་ལྔ། །གཟུང་འཛིན་འཁོར་བ་ཉིད་དུ་གྲུབ། །འཁྲུལ་པ་གཉིས་སྣང་དེ་ལྟ་བུ། །དཔེར་ན་མྱུར་འགྲོའི་འཁོར་ལོ་བཞིན། །རྒྱུན་ཆགས་འཁོར་ལ་ཡུན་རིང་གནས། །ཞེས་སོ། །དེ་ཡང་གཟུགས་ལ་སོགས་པའི་ཡུལ་ལྔ་ནི། འོད་ལྔ་རང་སྣང་དུ་མ་ཤེས་པར་བཟུང་བའི་ཆ་ལས་བྱུང་ཞིང་།
ཉོན་མོངས་པ་ལྔ་ནི། ཡེ་ཤེས་ལྔ་རང་ངོ་མ་ཤེས་པའི་ཆ་ལས་བྱུང་། སྣ་ཚོགས་སྡུད་པའི་ལུས་སེམས་ལ་སོགས་པ་ལྔ་ནི། ཆོས་ཉིད་ཀྱི་རང་གདངས་མ་དག་པ་ལས་བྱུང་། ཀུན་ནས་འཚོལ་བའི་ཡིད་ལ་སོགས་པ་ལྔ་ནི་རླུང་ལྔ་རྣམ་པར་མ་དག་པ་ལས་བྱུང་། བསམ་པ་དྲན་པས་འཛིན་པའི་བདག་ཏུ་རྟོག་པ་དང་། ཡུལ་དུ་མ་ལ་བདག་ཏུ་རྟོག་པ་དང་། འགྱུ་བ་ཐ་དད་པ་ལ་བདག་ཏུ་རྟོག་པ་དང་། ཤེས་པའི་རྣམ་པ་ཙམ་ལ་བདག་ཏུ་རྟོག་པ་དང་། ཆོས་རྣམ་པར་སེམས་པ་དང་བཅས་པ་ལ་བདག་ཏུ་རྟོག་པ་དང་ལྔ་ནི་འགྱུ་བ་རང་ཐོག་ཏུ་མ་ཆོད་པ་ལས་བྱུང་བའོ། །དེ་ལྟར་མ་དག་པ་འཁོར་བའི་ཆོས་རྣམས་རིག་པའི་ངང་ལས་བྱུང་། ངང་ལ་གནས། ངང་ལ་རོལ་པ་ཙམ་ལས་གཞན་དུ་གཡོས་པ་ཅུང་ཟད་ཀྱང་མེད་པ་ནི། རྨི་ལམ་གཉིད་ཀྱི་ངང་ལས་མ་གཡོས་པ་ལྟ་བུ་སྟེ། དོན་ལ་སྟོང་གཟུགས་མེད་པ་གསལ་སྣང་གི་ཆོ་འཕྲུལ་ཙམ་དུ་བསྟན་པ་ནི་འཁོར་བའི་རྣམ་དག་སྟེ།

སྤྱིའི་རྣམ་དག་དང་བྱེ་བྲག་གི་རྣམ་དག་བཤད་པ།


GTN002_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལ་སྤྱིའི་རྣམ་དག་དང་། བྱེ་བྲག་གི་རྣམ་དག་བཤད་པ་གཉིས་ལས། དང་པོ་བསྟན་ན་ཡེ་སྟོང་རང་སྣང་རོལ་པ་ཙམ་དུ་སྣང་བ་ནི། དཔེར་ན་ཐག་པ་རགས་པ་ལྟར་སྣང་ཡང་རུང་དོན་ལ་སྤུ་རེ་རེ་བ་དེ་ཡང་རྡུལ་ཕྲན་ཆ་མེད་སྟོང་པ་ལྟར་འཁྲུལ་སྣང་རགས་པ་ལྟར་སྣང་ཡང་དོན་ལ་སྐྱེ་འགག་གནས་གསུམ་དང་བྲལ་བའི་རང་སྣང་སྟོང་པ་སྟེ། མུ་ཏིག་ཕྲེང་བ་ལས། དེ་ལྟར་སྣང་བ་སྣ་ཚོགས་རྣམས། །ཐག་པ་ལ་ནི་སྦྲུལ་མཐོང་བཞིན། །དེ་མ་ཡིན་ལ་དེར་བཟུང་བས། །ཕྱི་ནང་སྣོད་བཅུད་གཉིས་སུ་ཆགས། །དེ་ཡང་བརྟགས་ན་ཐག་པ་ཉིད། །སྣོད་བཅུད་ཡེ་ནས་


GTN002_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་སྟེ། །དོན་དམ་ཀུན་རྫོབ་གཟུགས་ཅན་ནོ། །སྦྲུལ་མཐོང་དེ་ཉིད་མཐོང་བས་བདེན། །ཐག་མཐོང་ཡང་དག་ཉིད་དུ་བདེན། །དཔེར་ན་མཐོ༷་{ཐོ༵་}ལ་བྱར་སྣང་བཞིན། །བདེན་པ་གཉིས་ཀྱི་རང་བཞིན་ནི། །འཇིག་རྟེན་ཀུན་རྫོབ་ཙམ་དུ་སྟེ། །ཡང་དག་ཉིད་དུ་འབྲེལ་བ་མེད། །སྟོང་པ་ཉིད་ཀྱི་དབྱིངས་ལ་ནི། །དེ་ཡི་ངོ་བོར་ཐམས་ཅད་གྲོལ། །ཞེས་སོ། །དེའང་ཕུང་པོ་ལ་སོགས་པའི་ཆོས་རྣམས་རིག་པའི་ངང་ན་ནམ་མཁའ་ལ་སྤྲིན་ལྟར་རིག་པ་ལ་སྣང་ཡང་རིག་པ་ལ་མ་གོས་པར་སྟོང་གཟུགས་སུ་ལིང་ངེ་གནས་པ་ནི་སྒྱུ་མ་དང་སྤྲུལ་པ་ལྟ་བུའོ། །དེ་དག་གང་ལ་གནས་ན་སྣོད་བཅུད་ནམ་མཁའ་ལ་གནས་པ་ལྟར་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་ལས་དང་ཉོན་མོངས། དེ་རྣམ་རྟོག་རང་སྣང་ཙམ་ལ། དེ་སེམས་ཉིད་སྟོང་པའི་ངང་དུ་གནས་པས། དང་པོ་ཡང་སྟོང་པ། ད་ལྟ་ཡང་སྟོང་པ། མཐར་ཡང་སྟོང་པ་སྐྱེ་འགག་གནས་གསུམ་དང་བྲལ་བར་གནས་ཏེ། སྔ་མ་ལས། ས་ནི་ཆུ་ལ་ཆུ་རླུང་ལ། །རླུང་ནི་མཁའ་ལ་རབ་ཏུ་གནས། །མཁའ་ནི་རླུང་དང་ཆུ་དག་དང་། །ས་ཡི་ཁམས་ལས་གནས་མ་ཡིན། །ར༷ང་{དེ༵་}བཞིན་ཕུང་པོ་ཁམས་དབང་རྣམས། །ལས་དང་ཉོན་མོངས་དག་ལ་གནས། །ལས་དང་ཉོན་མོངས་ཚུལ་བཞིན་མིན། །ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །སེམས་ཀྱི་དག་པ་ལ་རབ་གནས། །སེམས་ཀྱི་རང་བཞིན་ཆོས་རྣམས་ནི། །ཐམས་ཅད་ལ་ཡང་གནས་མ་ཡིན། །ཞེས་དང་། དབུ་མ་རྩ་བ་ཤེས་རབ་ལས། རྨི་ལམ་ཇི་བཞིན་སྒྱུ་མ་བཞིན། །དྲི་ཟའི་གྲོང་ཁྱེར་ཇི་བཞིན་དུ། །དེ་བཞིན་སྐྱེ་དང་དེ་བཞིན་གནས། །དེ་བཞིན་དུ་ཡང་འཇིག་


GTN002_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

པར་གསུངས། །ཞེས་དང་། སྣང་ཞིང་སྲིད་པའི་ཆོས་སོ་ཅོག །སྣང་དུས་ཉིད་ནས་སྐྱེ་འགག་སྤྲོས་པའི་མཐའ་དང་བྲལ་བར། དེ་ཉིད་ལས། གང་གིས་རྟེན་ཅིང་འབྲེལ་བ་འབྱུང་། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞིར་བསྟན་པ། །ཞེས་སོ། །བྱེ་བྲག་གི་རྣམ་དག་ནི། ཁམས་གསུམ་འཁོར་བའི་སྣང་བ་ཐམས་ཅད་དང་པོ་ཡང་དབྱིངས་ཀྱི་ཆ་ལ་བཟུང་བས་དེའི་ཆ་རེ་སྦྱར་དུ་ཡོད་པས་ཀྱང་གཟུགས་བརྙན་ལྟར་དོན་ལ་ཆོས་ཉིད་སྟོང་པར་གནས་ལ། ད་ལྟར་སྣང་དུས་ཕུང་པོ་དང་འབྱུང་བ་ལ་སོགས་པ་སྐུ་དང་ཡེ་ཤེས་ཀྱི་ཆར་སྦྱར་ཏེ། སྒོ་གསུམ་སྐུ་གསུང་ཐུགས་སུ་གྲོལ་བའི་རང་བཞིན་ནི་སྐྱེ་རྒ་ན་འཆིའི་སྣང་བ་ཆོས་དབྱིངས་ཡེ་ཤེས་རོལ་པར་ཤར་ཞིང་། བྱ་བྱེད་སྣང་བ་ཐམས་ཅད་ཆོས་ཉིད་ཀྱི་ལྟ་སྒོམ་རང་ཤར་ཆེན་པོར་སྣང་བའི་རྣམ་དག་བཤད་པ་ནི། མུ་ཏིག་ཕྲེང་བ་ལས། ཇི་ལྟར་སྨྲ་དང་བྱ་བྱེད་རྣམས། །སྟོང་རིག་གསལ་བའི་སྤྱོད་པ་ཡིན། །བཟང་དང་ངན་པའི་རྟོག་པ་རྣམས། །སྒོམ་པ་ཆུ་བོའི་ཀློང་ཆེན་ཡིན། །ལོག་ལྟ་ཡང་དག་འདོད་པ་རྣམས། །རྣལ་འབྱོར་རིས་མེད་ལྟ་བ་ཡིན། །རེ་དང་དོགས་པར་འཛིན་པ་ཀུན། །ཟང་མ་ཐལ་བྱུང་འབྲས་བུ་ཡིན། །ཕྱག་རྒྱ་ཆེན་པོ་མངོན་འདོད་པས། །བཟའ་དང་བཏུང་བ་བསྙེན་པ་ལ། །ཉལ་དང་འདུག་པ་སྒྲུབ་པའོ། །འདུ་བྱེད་རྣམས་ནི་ལྷག་གནས་ཡིན། །ཀླད་དང་ལུད་པ་དཀྱིལ་འཁོར་སྒྲུབ། །སྟོང་གསུམ་ཐམས་ཅད་དཀྱིལ་འཁོར་ལ། །ཆར་དང་ཁུ་
རླངས་ཆག་ཆག་བཏབ། །འགྲོ་བའི་ལམ་དམིགས་ཐེག་ཆེན་ཏེ། །རྐང་པའི་རྗེས་ནི་རྡུལ་མཚོན་རིས། །འགྲོ་བར་འདོད་པ་སྟངས་སྟབས་ཉིད། །ཡན་ལག་སྤྱོད་པ་ཕྱག་རྒྱ་འོ། །ཇི་ལྟར་སྨྲས་པ་སྔགས་ཀྱི་ཚིག །བསམ་པ་རྣམས་ནི་བསྐྱེད་རིམ་ཡིན། །ཡིད་ལ་འགྱུ་བ་མཆོད་པ་ཉིད། །གཟུགས་སུ་སྣང་བ་ལྷ་ཡི་སྐུ། །སྒྲ་ཆེན་བརྗོད་པ་རོལ་མོ་ཉིད། །རང་གི་ལུས་ནི་བུམ་པ་ལ། །སྐྲ་ནི་ལོ་འདབ་ཁ་རྒྱན་མཛེས། །ཁྲག་དང་ཆུ་སེར་ཆུ་རྣམས་ཉིད། །དོན་སྙིང་ལ་སོགས་རྫས་ཀྱིས་གཏམས། །རང་ལ་སྣང་བའི་དབང་རྣམས་ཀུན། །མ་བསྐུར་ཉིད་ལ་རྫོགས་པའོ། །འདའ་བར་འདོད་པ་དམ་ཚིག་ལ། །བསྲུང་བར་འདོད་པ་བཅིངས་པ་ཡིན། །གྲོལ་བར་འདོད་པ་ཉམས་པ་སྟེ། །མེད་པར་འདོད་པ་ཐུབ་མཆོག་ཡིན། །མཐོང་བ་རྣམས་ནི་ཕྱག་རྒྱའི་བརྡ། །དེ་ལ་ཆགས་པ་ཉམས་མྱོང་ཡིན། །ཤེས་རིག་གསལ་བ་གདམས་ངག་ལ། །ལུས་སེམས་གཉིས་འདུས་གདབ་པའི་ཡུལ། །སྐྱེ་རྒ་ན་འཆི་གོམས་པའི་གནད། །ཚོགས་དྲུག་མ་འགགས་རྟོགས་པའོ། །ཞེས་གསུངས་སོ། །འདི་ཡན་རྣམས་ལ་ཡི་གེའི་འཇིགས་པས་ལུང་དང་རྒྱས་བཤད་སོགས་ཀྱི་སྤྲོས་པ་ཆེར་མ་བྱས་ཤིང་སྐབས་འདིར་ཡང་རྟེན་ལུས་ཀྱི་གྲུབ་ཚུལ་བརྟེན་པ་རྩ་ཐིག་རླུང་གསུམ་གྱི་རང་བཞིན། ཁྱབ་བྱེད་འབྱུང་བའི་ཚང་ཚུལ་སོགས་ཀྱིས་མཚོན་ཏེ་རྒྱ་ཆེར་སྤྲོས་པས་ཆོག་གོ །

ལམ་ཁྲེགས་ཆོད་ཐོད་རྒལ་གཉིས་ཀྱི་མན་ངག་ཉམས་སུ་ལེན་ཚུལ་བྱེ་བྲག་ཏུ་བཤད་པ།

མདོར་བསྟན་པ།


GTN002_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

[2] གཉིས་པ་ནི། དེ་ལྟར་གཞི་འཁྲུལ་གྲོལ་གྱི་གནས་ལུགས་ངེས་པར་བྱས་ནས་ལམ་གྱི་རང་བཞིན་བསྟན་པ་ལ། ཐོག་མར་གྲོལ་ལུགས་ཆེན་པོ་གཞིའི་
ངང་དུ་གནས་པ་རང་གི་རིག་པ་རང་བྱུང་གི་ཡེ་ཤེས་ཐུན་མོང་མ་ཡིན་པ་ཉིད་ལམ་འདིའི་ཁྱད་ཆོས་སུ་རྟོགས་ནས། དེ་ཚུལ་བཞིན་ལམ་དུ་བྱེད་པ་ལ་སྟོང་ངོས་ཀ་དག་གིས་རིག་པ་སྤྲོས་བྲལ་དུ་གྱུར་པས་སྟོང་པའི་ཆོས་ཟད་སར་བྱེད་པ་ཁྲེགས་ཆོད་དང་། སྣང་ངོས་ལྷུན་གྲུབ་ཀྱིས་རྡོས་བཅས་འོད་གསལ་དུ་དངས་པས་སྣང་བའི་ཆོས་ཉིད་ཟད་པར་བྱེད་པ་ཐོད་རྒལ་ཏེ་གཉིས་ལས་དེ་དག་གི་ལྟ་སྒོམ་སྤྱོད་པའི་དོན་རྣམས་གོང་དུ་ལན་དུ་མར་སོང་བས་ཡང་ཟློས་ཀྱི་སྤྲོས་པ་མ་བྱས་ལ། ཉམས་སུ་ལེན་ཚུལ་བྱེ་བྲག་ཏུ་བཤད་པ་དག་ཀྱང་སྙིང་ཐིག་གི་ཁྲིད་གཞུང་རྣམས་སུ་གསལ་བས་དེར་མཐུས་པའི་དབང་དུ་བཏང་ནས། སྐབས་འདིར་དེ་དག་ལ་ཉེར་མཁོའི་གོ་དོན་དཀའ་གནད་ཀྱི་རིམ་པ་རྣམས་གོ་སླ་བ་གཙོ་བོར་བཟུང་སྟེ་གོ་རིམ་ས་བཅད་སོགས་ཀྱི་ངེས་པ་སྤངས་པས་ལྷུག་པར་འབྲི་བ་ལ།

ཀུན་གཞི་དང་ཆོས་སྐུའི་ཁྱད་པར་རྣམ་དབྱེ་སྤྱིར་བསྟན།


GTN002_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

༡ ཀུན་གཞི་དང་ཆོས་སྐུའི་ཁྱད། ༢ ཡིད་དང་ཤེས་རབ་ཀྱི་ཁྱད། ༣ སེམས་དང་ཡེ་ཤེས་ཁྱད་འབྱེད་སོགས་ཀྱིས་མཚོན་ནས། (༡)ཐོག་མར་ཀུན་གཞི་དང་ཆོས་སྐུའི་ཁྱད་པར་བཤད་པ་ལ་རྣམ་དབྱེ་སྤྱིར་བསྟན། ཁྱད་པར་སོ་སོར་བཤད་པའོ། །འོ་ན་རྩ་བའི་དང་པོ་ནི། སེམས་ཅན་གྱི་གཞི་དང་། སངས་རྒྱས་ཀྱི་གཞི་ལ་ལྟོས་ནས་རིག་པའི་ངོ་བོ་ཡིན་ཚུལ་ཀ་དག་དྲི་མ་མེད་པ་དང་། དྲི་བཅས་མ་རིག་པ་རྟོག་ཚོགས་དང་བཅས་པས་སྦགས་པ་འཁྲུལ་སྣང་འཁྲུལ་འཛིན་ཀུན་གྱི་གཞིར་གྱུར་


GTN002_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆ་ནས་ཀུན་གཞི་དང་ཆོས་སྐུ་རྣམ་པ་གཉིས་སུ་ཤེས་པར་བྱ་སྟེ། ཐལ་འགྱུར་ལས། ཀུན་གཞི་དང་ནི་ཆོས་སྐུའི་གནད། །ཅེས་སོ། །དེ་ལ་ཀུན་གཞི་ནི་མ་རིག་པས་ཁྱད་པར་དུ་བྱས་པ་སེམས་དང་སེམས་བྱུང་ཐམས་ཅད་ཀྱི་དང་པོའི་རྟེན། བར་གྱི་གནས། ཐ་མའི་ཁྱིམ། བག་ཆགས་ཀྱི་སྣོད་དུ་གྱུར་པས་རྫིང་དང་འདྲ་ལ། ཆོས་སྐུ་ནི་མ་རིག་པ་ལས་ལོག་པས་ཁྱད་པར་དུ་བྱས་པ། སེམས་དང་སེམས་བྱུང་གི་ཡུལ་ལས་འདས་པ། ལས་དང་བག་ཆགས་ཐམས་ཅད་ལས་རྣམ་པར་དག་པའོ། །ཀུན་གཞི་ནི་ཟ་འོག་གི་བེར་ཁྱིམ་ལྟར་དུ་མར་སྣང་བའི་གཞིར་གྱུར་པ། ཡུལ་སྣ་ཚོགས་སྣོད་དུ་སྣང་བ་དང་། ཡུལ་ཅན་དུ་མ་རིག་པ་དྲུག་ཁམས་གསུམ་བཅུད་དུ་སྣང་བ་དང་དེའི་ལུས་དང་། བདེ་སྡུག་དང་། སེམས་ཀྱི་འཁྲུལ་པའི་ཆ་ཤས་མང་པོ་འཛིན་ལ། ཆོས་སྐུ་ནི་དེ་ཐམས་ཅད་མེད་པ། ཡིད་ལ་སོགས་པ་དང་ལྷན་ཅིག་མི་གནས་པ་སྟེ། རང་ཤར་ལས། སེམས་ཅན་གཞི་དང་སངས་རྒྱས་གཞི། །ཁྱད་པར་གཅིག་གིས་ཕྱེ་བར་ངེས། །ཞེས་དང་། མུ་ཏིག་ཕྲེང་བ་ལས། ཀུན་གཞི་ཉིད་ནི་བསགས་པའི་ཕྱིར། །ཆོས་ཀྱི་སྐུ་ནི་ཟག་པ་ཟད། །སྟོང་ཞིང་གསལ་ལ་གསལ་ཞིང་ཁྱབ། །བསམ་པས་མ་སྦགས་དྲན་པས་སངས། །སྤྲོས་པ་ཉིད་དང་བྲལ་བ་སྟེ། །ནམ་མཁའ་ལྟ་བུར་ཁྱབ་ཅིང་སྟོང་། །རང་དག་མཚོན་པ་ཀུན་དང་བྲལ། །རྒྱུ་དང་རྐྱེན་བཅས་ཀུན་གཞི་ལ། །བག་ཆགས་གསོག་ཕྱིར་རྫིང་དང་འདྲ། །ཆོས་ཀྱི་སྐུ་ནི་བག་ཆགས་བྲལ། །ཡིད་དང་སེམས་སོགས་ལུས་པ་ལས། །ལུས་ཅན་ཀུན་གཞི་དུ་མར་སྣང་། །ཆོས་སྐུ་ཡིད་སོགས་


GTN002_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་བས་ན། །དུ་མ་གཟུགས་སྣང་ལུས་མེད་པའོ། །ཞེས་སོ། །དེ་ཡང་ཀུན་གཞི་ནི་སེམས་ཀྱི་གནས་ཡིན་ལ། ཆོས་སྐུ་ནི་ཡེ་ཤེས་ཀྱི་གནས་ཡིན་ཏེ། ཀུན་ཏུ་བཟང་པོ་ཀློང་དྲུག་པའི་རྒྱུད་ལས། ཀྱེ་སེམས་དཔའ་ཆེན་པོ། སེམས་ཀྱི་གནས་ནི་ཀུན་གཞི་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན་ཀུན་གཞིས་ནི་བསམ་པའི་ཡུལ་ཐམས་ཅད་སྡུད་ཅིང་། སེམས་སུ་ཤེས་པའི་ཕྱིར་རོ། །ཡེ་ཤེས་ཀྱི་གནས་ནི་ཆོས་ཀྱི་སྐུ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་སྐུ་ནི་དྲན་རྟོག་ཐམས་ཅད་མི་མངའ་ཞིང་། ཡུལ་ཅན་ཐ་དད་དུ་འཛིན་པའི་ཤེས་པ་མེད་པའི་ཕྱིར་རོ། །ཞེས་སོ། །དེ་ལ་ཁ་ཅིག་གིས་ཀུན་གཞིར་ཆོས་སྐུར་འདོད་དེ། འདི་ལ་ཐུན་མོང་གི་བསྟན་བཅོས་ལས་ཀྱང་། ཀུན་གཞི་དག་མ་དག་ཐམས་ཅད་ཀྱི་རྟེན་དུ་འདོད་ལ། ཆོས་སྐུ་དག་པའི་ནང་ནས་ཀྱང་དྲི་མ་མེད་པའི་དེ་བཞིན་ཉིད་དུ་འདོད་ཅིང་། སྔགས་ཁ་ཅིག་ལས་ཀྱང་ཀུན་གཞི་གནས་གྱུར་ཏེ་དག་པའི་ཆ་ཆོས་དབྱིངས་ཡེ་ཤེས་དང་ངོ་བོ་ཉིད་ཀྱི་སྐུར་འདོད་དེ། ཀུན་གཞི་ཀུན་གྱི་གཞི་ཡིན་ཏེ། །མྱ་ངན་འདས་པའི་གཞི་མའང་ཡིན། །ཞེས་པ་དང་། ཀུན་གཞི་གནས་གྱུར་པ་ནི། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ངོ་བོ་ཉིད་ཀྱི་སྐུའོ། །ཞེས་བཤད་པས་ཐ་དད་ཀྱི་ནང་ནས་ཀྱང་རྫས་འགལ་བར་བཤད་དོ། །འོ་ན་ཁྱོད་ཀྱིས་བཤད་པའི་རིགས་པ་འདི་ལ་གནོད་པ་ཡོད་དེ། གལ་ཏེ་ཀུན་གཞི་ཆོས་སྐུ་ཡིན་ན་ཆོས་སྐུ་དྲི་མ་ཅན་དུ་ཐལ་བ་དང་། ཀུན་གཞིས་སྣོད་བཅུད་


GTN002_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་འཁྲུལ་པ་བསྐྱེད་པ་ལྟར་ཆོས་སྐུས་འཁྲུལ་པ་བསྐྱེད་པར་ཐལ་ལ། འདོད་ན་སངས་རྒྱས་ནས་ཀྱང་སླར་སེམས་ཅན་དུ་འཁྲུལ་པར་ཐལ། ཀུན་གཞི་བག་ཆགས་དང་བཅས་པའི་ཕྱིར་ཆོས་སྐུ་བག་ཆགས་དང་བཅས་པར་ཐལ། ཀུན་གཞི་གནས་འགྱུར་དགོས་པའི་ཕྱིར། ཆོས་སྐུ་གནས་འགྱུར་དགོས་པར་ཐལ། ཀུན་གཞི་འཁོར་བའི་གནས་སྐབས་ཀྱི་ཆོས་ལ་ལྟོས་པས་རེས་འགའ་བ་ཡིན་པའི་ཕྱིར། ཆོས་སྐུ་རེས་འགའ་བ་ཐལ་བ་སོགས་ཀྱི་རིགས་པས་གནོད་ཅིང་། བླ་ན་མེད་པའི་ལུང་གིས་ཀྱང་གནོད་དེ། འོ་ན་ལུང་ནི། ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས། ཀུན་གཞི་ཆོས་སྐུར་འདོད་པ་ང་ལས་གོལ་བ་ཡིན། ཞེས་དང་། རིག་པ་རང་ཤར་གྱི་རྒྱུད་ལས། ལ་ལས་ཀུན་གཞི་ཆོས་སྐུར་འདོད། །དེ་ལ་ལན་གདབ་བསྟན་པའི་ཕྱིར། །ཀུན་གཞིའི་མཚན་ཉིད་ཇི་ལྟར་ཡིན། །དེ་ནས་དེ་ཡིས་ལན་སྨྲས་པ། །ཐམས་ཅད་རྫོགས་ཕྱིར་ཀུན་གཞི་ཡིན། །དེ་ནས་དྲིས་པའི་ཚིག་གིས་བཟློག །སངས་རྒྱས་འགྱུར་བ་ཡོད་པར་རིགས། །ཀུན་གཞི་སྣ་ཚོགས་འཆར་བའི་ཕྱིར། །དེ་ལས་ཐམས་ཅད་རྫོགས་པའི་ཕྱིར། །སངས་རྒྱས་ཉིད་དུ་སེམས་ཅན་རིགས། །ཅི་ཕྱིར་ཐམས་ཅད་རྫོགས་པའི་ཕྱིར། །ཡང་ན་རེས་འཇོག་ཅན་དུ་འགྱུར། །ཅི་ཕྱིར་སྣ་ཚོགས་འཆར་བའི་ཕྱིར། །རེས་འགའ་སངས་རྒྱས་ཡིན་པར་འགྱུར། །རེས་འགའ་སེམས་ཅན་ཡིན་པར་འགྱུར། །ཅི་ཕྱིར་རེས་འཇོག་ཡོད་པའི་ཕྱིར། །དེ་ནས་དྲིས་པ་བཟློག་སྟེ་སྨྲས། །འོ་ན་ཀུན་གཞི་མེད་དམ་ཅི། །དེ་ནས་དྲིས་པའི་ལན་བཏབ་པ། །ཀུན་གཞི་རྣམ་རྟོག་འཛིན་པ་ལ། །སྣ་ཚོགས་


GTN002_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་པའི་ཤེས་པས་བསླད། །ཀུན་གཞི་མ་རིག་དངོས་པོ་ཡིན། །ཞེས་སོ། །དེས་ན་ཀུན་གཞི་དང་ཆོས་སྐུ་ཕྱེད་པ་གཅེས་ཏེ། ཀློང་དྲུག་པ་ལས། དེའི་ཕྱིར་ན་ཀུན་གཞི་དང་ཆོས་སྐུ་མ་ཕྱེད་ན་གཟུགས་གཅིག་ལ་ཐ་དད་དུ་འཛིན་པའི་ཤེས་པ་དང་འདྲ་ལ། དོན་སོ་སོར་སྣང་བར་མི་ནུས་སོ། །ཞེས་སོ། །འོ་ན་འདི་གཉིས་ཀྱི་དཔེར་བརྗོད་ནི། རྒྱ་མཚོ་དང་གྲུ་པའི་རྣམ་པ་འདྲ་སྟེ། ཆོས་སྐུ་ཀ་དག་གི་རིག་པ་དྲི་མ་ཡོད་མ་མྱོང་བ་དབྱིངས་རྒྱ་མཚོ་དངས་པ་འདྲ་བ། གང་དུའང་མ་གྲུབ་ལ་གང་དུའང་འཆར་བའི་གོ་མ་འགགས་པ། ཐོག་མའི་གཞི་རང་བཞིན་རྣམ་དག་དང་། རྐྱེན་གློ་བུར་གྱི་དྲི་མ་བྲལ་བས་དབྱིངས་དེར་བཙན་ས་ཟིན་པ་དག་པ་གཉིས་ལྡན་གྱི་ཆ་ཡིན་ལ། ཀུན་གཞི་མཚོའི་སྟེང་ན་གྲུར་མི་ཞུགས་པ་ལྟར། ཐོག་མའི་དབྱིངས་ལས་འཁྲུལ་དུས་གཞིའི་མ་རིག་པ་ཐམས་ཅད་ཀྱི་རྟེན་དང་། ཁྱབ་བྱེད་དང་ངོ་བོར་གནས་པ་གྲུ་ལྟ་བུ། སེམས་སེམས་བྱུང་ལས་དང་བག་ཆགས་འཁྲུལ་པའི་མི་མང་པོས་གང་བ་སྟེ། རང་ཤར་ལས། ཀུན་གཞི་དང་ཆོས་སྐུའི་ཚུལ༷་{ད༵པེ་}ནི་རྒྱ་མཚོ་དང་གྲུའི་ཚུལ་ཏེ་ལམ་འབྱུང་། {ལམ་འབྱུང་བ་དངས་སྙིགས་ཀྱི་དཔེ་ནི་}གཉིད་ལོག་པ་དང་སད་པའི་ཚུལ་ཏེ། དབང་པོའི་ཁྱད་ཡོད་པའི་ཕྱིར། །ཞེས་སོ། །དེའང་རིག་པ་དྲི་མ་མེད་པ་ཆོས་སྐུའི་ངོ་བོ་དུས་ཐམས་ཅད་དུ་ལྡོག་བྱ་མ་ཡིན་ཞིང་མཐར་ཐུག་གྲོལ་གཞིར་ཡོད་ལ། ཀུན་གཞི་གཉིད་ལྟ་བུ་འཁྲུལ་སྣང་གི་རྨི་ལམ་ཐམས་ཅད་འཆར་བའི་རྟེན་དུ་གྱུར་པ་ལས་སངས་པར་བྱེད་དགོས་པས་ཁྱད་ཤིན་ཏུ་ཆེའོ། །དེའང་གཉིད་དང་རྨི་ལམ་ལྡོག་དགོས་ཀྱང་། རང་གི་རིག་པ་ལྡོག་མི་དགོས་
པས་ཆོས་སྐུ་གཞི་རྟོགས་བྱ་ཡིན་ལ། དེའི་ངང་གོམས་བྱར་འགྱུར་ཞིང་། འབྲས་བུ་གྲོལ་སར་ངོས་བཟུང་ངོ་། །ཀུན་གཞི་དང་དེ་ལ་བརྟེན་པའི་ཆོས་རྣམས་དག་བྱ་དྲི་མར་ཤེས་པར་བྱའོ། །

ཁྱད་པར་སོ་སོར་བཤད་པ།


GTN002_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

འོ་ན་རྩ་བའི་ས་བཅད་གཉིས་པ་ཁྱད་པར་སོ་སོར་བཤད་པ་ལ་གཉིས་ཏེ། དང་པོ་ཀུན་གཞིའི་ངོ་བོ། ༡ ངེས་ཚིག ༢ །དབྱེ་བ། ༣ བྱེད་ལས། ༤ སྒྲ་འཇུག་པའི་རྒྱུ་མཚན་དང་ལྔའོ། །༥ ༡ འོ་ན་ཀུན་གཞིའི་ངོ་བོ་ནི། སེམས་སེམས་བྱུང་གིས་ཉེ་བར་བསྡུས་པས་འཁོར་འདས་ཀྱི་ལས་དང་བག་ཆགས་ཐམས་ཅད་ཀྱི་རྟེན་དུ་གྱུར་པ་སྟེ། མ་རིག་པའི་ས་བ་ལུང་མ་བསྟན་ཏེ། ཐལ་འགྱུར་ལས། ངོ་བོ་བག་ཆགས་རྣམས་ཀྱི་སྣོད། །ཅེས་སོ། །༢ ངེས་ཚིག་ནི། བག་ཆགས་དུ་མའི་གཞི་ཡིན་པས་ཀུན་གཞི་སྟེ། སྔ་མ་ལས། ངེས་ཚིག་ཀུན་ལས་འདས་པ་ལ། །གཞི་ནི་ཚོགས་ཤིང་སོག་པའོ། །ཞེས་སོ། །༣ དབྱེ་ན། ཡེ་དོན་གྱི་ཀུན་གཞི། སྦྱོར་བ་དོན་གྱི་ཀུན་གཞི། བག་ཆགས་ལུས་ཀྱི་ཀུན་གཞི། བག་ཆགས་སྣ་ཚོགས་ཀྱི་ཀུན་གཞི་དང་བཞིའོ། །དང་པོ་ནི། རིག་པའི་སྟེང་ན་ཡེ་ཐོག་དང་པོའི་དུས་ནས་གསེར་དང་གཡའ་བཞིན་ལྷན་ཅིག་སྐྱེས་པའི་ཆ་རིག་པ་ལ་ལྟོས་པའི་མ་རིག་པ་སྟེ། འཁོར་བའི་ཆོས་ཀུན་གྱི་དང་པོའི་གཞི་དཔྱོད་བྱེད་ཐོག་མའི་འགྱུ་བ་དང་། སྦྱོར་བ་དོན་གྱི་ཀུན་གཞི་ནི། ཤེས་པ་དེ་ཉིད་ལ་རང་མ་རིག་ན་འཁོར་བར་སྦྱོར་ལ། རིག་ན་མྱང་འདས་སུ་སྦྱོར་བའི་


GTN002_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་ནས་བརྗོད་པས་ལུང་མ་བསྟན་པ་དང་། བག་ཆགས་སྣ་ཚོགས་པའི་ཀུན་གཞི། སེམས་དང་སེམས་བྱུང་གི་འཁོར་བར་བསྐྱེད་པའི་ཆའི། ལས་སྣ་ཚོགས་པ། བག་ལ་ཉལ་གྱི་ཆ། ལུང་མ་བསྟན་པ་སྟེ། ཤེས་པ་དེ་ཉིད་ལ་མ་དག་པའི་ལས་དང་བག་ཆགས་ཀྱི་འབྱུང་ཁུངས་ཀུན་གྱི་གཞི་བྱེད་པའི་ཆ་ནས་བརྗོད། བག་ཆགས་ལུས་ཀྱི་ཀུན་གཞི་ནི། རྩ་བའི་ཤེས་པ་དེ་ཉིད་ལ་ལུས་ཀྱི་བག་ཆགས་ཡོད་པས་ཤ་ཁྲག་འོད་ཡིད་ལུས་འཆར་བའི་ཆ་ནས་བརྗོད་དེ་ཡན་ལག་དང་ཉིང་ལག་རྡུལ་ཕྲན་ཆ་ཤས་སུ་སྣང་བ་རགས་པའི་ལུས་དང་། དངས་པ་འོད་ཀྱི་ལུས་དང་། ཏིང་ངེ་འཛིན་ལྟར་སྣང་བའི་ལུས་གསུམ་དུ་སོ་སོར་སྣང་བའི་གཞི་མ་རིག་པའི་རྟེན་གྱི་ཆ་ཅན་ཏེ། ཐལ་འགྱུར་ལས། དབྱེ་ན་ལུས་་དང་སྦྱོར་བ་དང་། །སྣ་ཚོགས་པ་དང་ཡེ་གཞིའོ། །ཞེས་སོ། །ཁ་ཅིག་གིས་རིག་པ་དངོས་དྲི་བཅས་ཀྱི་ཆ་ནས་ཀུན་གཞིར་བཏགས་པ་འདུག་སྟེ་ཆོས་དང་གཅིག་ཏུ་འདྲེས་པའི་སྐྱོན་ཡོད་པས་བག་ཆགས་ཁོ་ནར་འཇོག་པ་ནི་འཐད་དོ། །འདི་ལ་མིང་བཞིར་བརྗོད་ཀྱང་། དོན་ཤེས་གཅིག་གི་ཆ་ལ་ལྡོག་པ་བཞིར་དབྱེར་ཡོད་པས་བཏགས་ལ་ངོ་བོ་མ་རིག་པའི་ཤེས་པ་ལུང་མ་བསྟན་བག་ཆགས་ཀྱི་ས་བར་གཅིག་གོ། དེ་ལྟར་དང་པོ་འགྱུ་ཆ་ནས་བཟུང་སྟེ། ད་ལྟའི་བར་དུ་ཤེས་པ་ཐམས་ཅད་ཀྱི་རྟེན་ཀུན་གཞི་དང་། དེ་ལས་བརྟེན་པ་ཚོགས་བརྒྱད་དུ་གནས་པའང་ཆ་སོ་སོར་དབྱེ་ན། རྩ་བ་འཁོར་བའི་གོ་འབྱེད་འཆར་བའི་གཞིས་ཡེ་དོན་དང་། འཁོར་འདས་སུ་སྦྱོར་བས་སྦྱོར་བ་དོན་དང་། ལུས་སུ་སྣང་བས་


GTN002_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་དང་སེམས་ཀྱི་བག་ཆགས་བརྟེན་པས་ཀུན་གཞི་བཞིར་བཞག་ལ། དེ་དུས་ཤེས་པའི་རྣམ་པར་ཡོད་ཅིང་ཕྱི་ནང་ལ་མ་ཆད་པས་ཀུན་གཞིའི་རྣམ་ཤེས་སུ་བཏགས་སོ། །དེ་ལས་དབང་ཤེས་ལྔ་ལ་རང་རང་གི་ཤེས་པ་རྟོག་མེད་ཡུལ་ལྔ་འཛིན་པའི་ཆ་ནས་སྒོ་ལྔའི་རྣམ་ཤེས་སུ་བཏགས་སོ། །དེ་དུས་རྟོག་དཔྱོད་ཁ་ནང་བལྟས་ཀྱིས་རྟོག་པས་དང་པོ་དེར་མཇལ་བས་ཡིད་ཤེས་དཔྱོད་པས་ཁྱད་པར་སོ་སོར་འཛིན་པ་ལ་དོན་ཉིད་དུ་འདོད་དེ། སེམས་གཅིག་ལ་ལྡོག་པས་ཐ་དད་དུ་ཤེས་པར་བྱའོ། །དེ་ཡང་ལུས་སུ་བག་ཆགས་པའི་གཞི་ཀུན་གཞིར་བྱུང་བས། ད་ལྟ་ལུས་སུ་སྣང་བའི་གནད་དེ་ཡིན་ལ། སེམས་སུ་བག་ཆགས་པའི་གཞིར་བྱུང་བས། ད་ལྟ་རྣམ་ཤེས་དུ་མའི་ཚོགས་པ་སེམས་བྱུང་དང་བཅས་པར་བྱུང་ལ། བག་ཆགས་སྣ་ཚོགས་པའི་གཞིར་བྱུང་བས། ད་ལྟ་སྣང་བ་ཐ་དད་དུ་ཤར་བ་དང་། ཡེ་གཞིར་བྱུང་བས། ད་ལྟ་གང་ལའང་མ་རིག་པ་དང་མཚུངས་ལྡན་དུ་བྱུང་བའོ། །ཀུན་གཞི་བཞི་པོ་འདི་བག་ལ་ཉལ་གྱི་ཆ་ལུང་མ་བསྟན་ཡིན་པས་ས་འོག་གི་ས་བོན་དང་འདྲ་བར་དངོས་སུ་བལྟར་མེད་ལ། མངོན་གྱུར་གྱི་ཆོས་རྣམས་ཀྱི་རྒྱུ་ཙམ་དུ་ཡོད་ཅིང་ལུས་སེམས་སྣང་ཆའི་མ་རིག་པ་བཞི་པོ་མྱུ་གུ་དང་འདྲ་བར་དངོས་སུ་བལྟར་ཡོད་པའི་གནད་དེ་ལས་བྱུང་བའོ། །༤ བྱེད་ལས་ནི། ཡེ་ཤེས་འཁྲུལ་གཞི་བྱེད། སྦྱོར་བས་ལུས་སེམས་འབྲེལ་ནས་བདེ་སྡུག་གི་ཀུན་སྦྱོར་བྱེད། ལུས་ཀྱིས་ལུས་དང་དེའི་ཆོས་ཚོགས་པ་དུ་མའི་


GTN002_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན་བྱེད། བག་ཆགས་ཀྱིས་ལས་དང་ཉོན་མོངས་པའི་རྒྱུ་རྐྱེན་བྱེད་པའོ། །༥ སྒྲ་འཇུག་པའི་རྒྱུ་མཚན་ནི། བག་ཆགས་སྔ་ཕྱིའི་ཉིང་མཚམས་དང་། ལས་ཀྱི་རྣམ་སྨིན་སྔ་ཕྱིའི་འབྲེལ་དང་། རྒྱུ་འབྲས་ཀྱི་སྟོབས་དཀར་ནག་སོ་སོ་བའི་རྟེན་བྱེད་པས་ཀུན་ཞེས་བྱ་ལ། ལྷན་ཅིག་ཏུ་ཚོགས་པའི་གནས་ཡིན་པས་གཞི་ཞེས་བྱ་སྟེ། ཐལ་འགྱུར་ལས། དེ་ལ་ཀུན་གཞི་རེ་ཞིག་བཤད། །ཆོས་དང་ཆོས་མིན་ཀུན་གྱི་གཞི། །ཞེས་པ་དང་། རྒྱུད་བླ་མའི་འགྲེལ་པར། ཀུན་གཞི་ཀུན་གྱི་གཞི་ཡིན་ཏེ། །རྣམ་པར་བྱང་བའི་གཞི་མའང་ཡིན། །ཞེས་སོ། །འཁོར་བའི་གཞིར་འཐད་ཀྱི་རྣམ་བྱང་གི་གཞི་ཇི་ལྟར་ཡིན་ཞེ་ན། སྤྱིར་གཞི་ལ་དངོས་ཀྱི་གཞི་ཟེར་ལས་ཉི་མ་ལྟ་བུ་དང་། དེ་ལ་སྦྱོར་བའི་གཞི་དགེ་བས་མཐོ་རིས་ཀྱི་གཞི་བྱེད་པ་ལྟ་བུ་ལས། འདི་སྦྱོར་བའི་གཞི་ལ་མིང་དུ་བཏགས་པ་སྟེ། མྱང་འདས་ལ་སྦྱོར་བའི་ཐར་པ་ཆ་མཐུན་གྱི་དགེ་བ་སྒོ་གསུམ་གྱིས་བསགས་པའི་ཀུན་གཞིའི་སྟེང་ན་ཡོད་པའི་ཆ་ལས་སོ། །ཐར་པ་ཆ་མཐུན་གྱི་ལས་དེ་མྱང་འདས་ཀྱི་ཆ་ལ་སྒྲིབ་པའི་དྲི་མ་སེལ་བའི་རྒྱུ་བྱེད་པ་ལ་མྱང་འདས་ཀྱི་རྒྱུར་བཏགས་ཀྱི་བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་འབྲས་སུ་མི་འདོད་དེ། མྱང་འདས་ཀྱི་ངོ་བོ་འདུས་མ་བྱས་ཡིན་པས་རྒྱུ་རྐྱེན་གྱིས་གསར་དུ་བྱས་པ་འགལ་བའི་ཕྱིར། རྒྱུད་བླ་མ་ལས། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །མཁྱེན་དང་བརྩེ་དང་ནུས་པར་ལྡན། །དོན་གཉིས་ལྡན་པའི་སངས་རྒྱས་ཉིད། །ཅེས་སོ། །


GTN002_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

འོ་ན་གཉིས་པ་ཆོས་སྐུའི་ཁྱད་པར་བཤད་པ་ལ་ངོ་བོ། ངེས་ཚིག །དབྱེ་བ། བྱེད་ལས། སྒྲ་འཇུག་པའི་རྒྱུ་མཚན་དང་ལྔ་ལས། ༡ དང་པོ་ནི། ཐོག་མའི་ཀ་དག་ཆེན་པོ་ནང་གསལ་རང་བཞིན་ལྷུན་གྲུབ་ཀྱི་འཆར་གཞི་ཕྲ་བའི་ཡེ་ཤེས་སུ་གནས་པ་དང་། འཁྲུལ་དུས་དེའི་གདངས་ལ་བཞག་པས་བློ་དངོས་སྤྲོས་བྲལ་ཉག་གཅིག་ཏུ་རྟོགས་ནས་ཉམས་སུ་མྱོང་ཆ་དང་བཅས་པ་སྟེ། ཐལ་འགྱུར་ལས། ཆོས་ཀྱི་སྐུ་ནི་སྤྲོས་བྲལ་ཏེ། །རང་གར་འཛིན་པའི་མཚན་མ་མེད། །ངོ་བོ་སྟོང་གསལ་དབྱེར་མེད་ལ། །ཞེས་དང་། བཞུགས་ཚུལ་གནས་ལུགས་རྣམ་པ་གཉིས། །ཐོག་མའི་གཞི་ལ་གནས་པ་དང་། །འཁྲུལ་བའི་ཡུལ་ལ་གནས་པའོ། །ཐོག་མའི་ངོ་བོ་རང་བཞིན་དང་། །ཐུགས་རྗེ་རྣམ་པ་གསུམ་དུ་གནས། །དེ་ཡང་ངོ་བོར་སྐུར་གནས་པས། །ཆོས་དང་ལོངས་སྤྱོད་སྤྲུལ་པའི་ཆར། །མ་ཕྱེ་འབྱེད་པ་མེད་པའི་ཚུལ། །བབས་ལས་གྲུབ་པ་ཉིད་ལས་ཀྱང་། །སྐུ་མདོག་ལ་སོགས་བློ་ཡུལ་མེད། །རང་བཞིན་འཆར་བྱེད་འོད་ཀྱི་ཚུལ། །དཀར་དམར་སེར་དང་ལྗང་མཐིང་ནི། །མཚན་མ་རིས་ཅན་མ་ཡིན་པར། །རིས་མེད་ཤེས་བྱའི་བབས་ལས་གྲུབ། །ཐུགས་རྗེ་འཆར་བ་སྣ་ཚོགས་ལས། །འདི་འདྲ་གཅིག་ཏུ་ངེས་མེད་པས། །སྣ་ཚོགས་སྣང་ཕྱིར་གཞི་ཞེས་བྱ། །འཁྲུལ་བའི་ཡུལ་ལ་རང་གཞག་དང་། །ཅོག་བཞག་རང་གྲོལ་རྒྱས་གདབ་བོ། །ཞེས་པ་དང་། རང་ཤར་ལས། ཆོས་སྐུ་ཡེ་ཤེས་ཆེན་པོའི་ལུགས། །མཚན་ཉིད་རྣམ་པ་གསུམ་དང་ལྡན། །ངོ་བོ་རང་བཞིན་ཐུགས་རྗེ་གསུམ། །ཆོས་ཀྱི་སྐུ་ཡི་མཚན་ཉིད་ཡིན། །ཞེས་སོ། །


GTN002_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ད་ལྟ་གང་ན་ཡོད་ཅེ་ན། སྙིང་ག་དཔལ་གྱི་བེའུ་རིན་པོ་ཆེའི་གསང་བའི་མཛོད་ན་ཡོད་པ། སྔ་མ་ལས། ཆོས་ཀྱི་སྐུ་ཡི་ཕོ་བྲང་འགྱུར་མེད་འདི། །རང་རང་ཙིཏྟའི་དཀྱིལ་ན་གསལ་བར་གནས། །སྟོང་པ་ཡེ་ཤེས་སྙིང་པོའོ། །གསལ་བ་འོད་ཀྱི་སྙིང་པོའོ། །རང་བྱུང་རིག་པའི་སྙིང་པོའོ། །སྙིང་པོ་གསུམ་ལྡན་ཆོས་ཀྱི་སྐུ། །ཡེ་ཤེས་དོན་རྟོགས་ས་ལམ་བགྲོད་དུ་མེད། །བརྗོད་པའི་མཐའ་བྲལ་ཆོས་སྐུ་ཆེན་པོ་འདི། །ཀུན་ལ་གནས་ཏེ་ཀུན་གྱིས་རྟོགས་པ་མེད། །ཡིད་མེད་སེམས་མེད་མ་རིག་འཁྲུལ་པ་མེད། །ཅེས་སོ། །འདི་ལ་རེས་གཞི་གནས་ཀྱི་ཡེ་ཤེས་སུ་བཏགས། རེས་ཆོས་སྐུར་བཏགས། རེས་གྲོལ་གཞིར་བཏགས་པ་རྣམས། ངོ་བོ་གཅིག་ལ་ལྡོག་པའི་ཆ་ནས་བརྗོད་དེ། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པ་ཡིན་པར་ཤེས་པར་བྱའོ། །༢ ངེས་ཚིག་ནི། ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་སྙིང་པོ་འདུས་པས་ཆོས་སྐུ་ཞེས་བྱ་སྟེ། ཐལ་འགྱུར་ལས། ངེས་ཚིག་ཆོས་ནི་ཡང་དག་ལམ། །སྐུ་ནི་དེ་ལས་གྲུབ་པའོ། །ཞེས་སོ། ༣ དབྱེ་ན་གསུམ་སྟེ། སྔ་མ་ལས། དབྱེ་བ་ཆོས་དང་ལོངས་སྤྲུལ་སྐུ། །གསུམ་གྱི་ཕྱེ་བས་ཁྱད་པར་འཇུག །ཅེས་པས་གཞི་ཀ་དག་གི་དོན་རང་བཞིན་རྣམ་དག་དང་། དེ་ལུས་ལ་ཡོད་པ་དང་། བློ་བུར་དྲི་བྲལ་གྱི་ཆོས་སྐུ་དམ་པ་དང་གསུམ་ལ་ལྟོས་ནས་སྐུ་གསུམ་དང་། དེ་ལས་ཕྱེ་བར་དགུར་འགྱུར་ཏེ། རང་ཤར་ལས། སྐུ་ལ་བསམ་གྱིས་མི་ཁྱབ་ཀྱང་བསྡུ་ན་གསུམ་དུ་འདུས་སོ། །གང་ཞེ་ན། ཆོས་ཀྱི་སྐུ་
མཚན་མའི་ཡུལ་ལས་འདས་པ་དང་། ལོངས་སྤྱོད་རྫོགས་པའི་སྐུ་གཟུང་བའི་ཡུལ་ལས་འདས་པ་དང་། སྤྲུལ་པའི་སྐུ་ཆགས་པའི་ཡུལ་ལས་འདས་པའོ། །

ཆོས་སྐུའི་ཁྱད་པར་བཤད་པ།


GTN002_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་ཆོས་ཀྱི་སྐུ་ལ་གསུམ་སྟེ། ཆོས་ཀྱི་སྐུའི་ཆོས་སྐུ་དང་། ཆོས་ཀྱི་སྐུའི་ལོངས་སྐུ་དང་། ཆོས་ཀྱི་སྐུའི་སྤྲུལ་པའི་སྐུའོ། །དེ་ཡང་ཆོས་ཀྱི་སྐུའི་ཆོས་སྐུ་ནི་རིག་པ་སྟེ། ཆོས་ནི་ཡུལ་དུ་སྣང་བ། སྐུ་ནི་རིག་པའི་ངོ་བོ་མ་འགགས་པའོ། །ཆོས་ཀྱི་སྐུའི་ལོངས་སྐུ་ནི་འོད་ལྔ། ཆོས་ཀྱི་སྐུའི་སྤྲུལ་སྐུ་ནི་མིག་གི་དབང་པོ་ལ་མཐོང་བ་མ་འགགས་པའོ། །ཆོས་ཀྱི་སྐུའི་ཡུལ་ནི་ནམ་མཁའ་རྣམ་པར་དག་པ། ཆོས་ཀྱི་སྐུའི་གནས་ཙིཏྟ། ཆོས་ཀྱི་སྐུའི་ལམ་རིན་པོ་ཆེ་ཤེལ་གྱི་སྦུ་གུ་ཅན་ཡིན་ནོ། །ལོངས་སྤྱོད་རྫོགས་པའི་སྐུ་ལ་ཡང་གསུམ་སྟེ། ལོངས་སྤྱོད་རྫོགས་པའི་སྐུའི་ཆོས་སྐུ་དང་། ལོངས་སྐུའི་ལོངས་སྐུ་དང་། ལོངས་སྐུའི་སྤྲུལ་སྐུའོ། །དེའང་ལོངས་སྤྱོད་རྫོགས་པའི་སྐུའི་ཆོས་སྐུ་ནི་ཡེ་ཤེས་ལྔའི་སྣང་བ་མ་འགགས་པར་སང་ངེ་གནས་པ་ཡིན་ནོ། །ལོངས་སྤྱོད་རྫོགས་པ་སྐུའི་ལོངས་སྐུ་ནི་ཐིག་ལེ་རྣམ་པ་ལྔའི་ལམ་དང་བཅས་པའོ། །ལོངས་སྤྱོད་རྫོགས་པ་སྐུའི་སྤྲུལ་སྐུ་ནི་སྒོ་ལྔའི་རྣམ་ཤེས་ཡུལ་ལ་ཤར་བའི་རིག་པའོ། །ལོངས་སྤྱོད་རྫོགས་པའི་སྐུའི་གནས་ནི་ཨ་བ་དྷཱུ་ཏཱིའོ། །ལོངས་སྤྱོད་རྫོགས་པ་སྐུའི་ལམ་ནི་རྩེའུ་ཆུང་གཡས་པའོ། །{ལོངས་སྤྱོད་རྫོགས་པའི་སྐུའི་སྣང་བ་ལྔར་རོ། །} སྤྲུལ་པའི་སྐུ་ལ་ཡང་གསུམ་སྟེ། སྤྲུལ་པ་སྐུའི་ཆོས་སྐུ་དང་། སྤྲུལ་པ་སྐུའི་


GTN002_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྐུ་དང་། སྤྲུལ་པ་སྐུའི་སྤྲུལ་སྐུའོ། །དེ་ཡང་འདི་ལྟ་སྟེ། སྤྲུལ་པ་སྐུའི་ཆོས་སྐུ་ནི་སྒྲོན་མ་གཉིས་སོ། །སྤྲུལ་པ་སྐུའི་ལོངས་སྐུ་ནི་འོད༷་{སྐུ༵་}ལྔ་མཐོང་བའོ། །སྤྲུལ་པ་སྐུའི་སྤྲུལ་སྐུ་ནི་ཉོན་མོངས་པ་ལྔ་ཤར་བའི་སོ་སོ་རང་གི་རིག་པའོ། །སྤྲུལ་པ་སྐུའི་གནས་ཀླད་པའོ། །སྤྲུལ་པ་སྐུའི་ལམ་མིག་གོ། སྤྲུལ་པ་སྐུའི་ཡུལ་འཁྲུལ་སྣང་ཡིན་ནོ། །ཞེས་སོ། །དེའང་ཆོས་སྐུ་སེམས་དང་ཉོན་མོངས་དུས་སུ་མེད་ལ། དེའི་དབྱེ་བ་སྐུ་གསུམ་གྱི་ལོངས་སྐུའི་སྤྲུལ་སྐུ་དང་། སྤྲུལ་སྐུའི་སྤྲུལ་སྐུ་གཉིས་སྒོ་ལྔའི་ཤེས་པ་དང་ཉོན་མོངས་སུ་བརྗོད་པ་འགལ་ལོ་སྙམ་ན། མི་འགལ་ཏེ་རྣམ་ཤེས་དང་ཉོན་མོངས་ཀྱི་རང་དུས་ན་རིག་པའི་རང་གདངས་ཡོད་པས་དེ་ལ་བརྗོད་ཀྱི། རྣམ་ཤེས་དང་ཉོན་མོངས་དངོས་སྤྲུལ་སྐུ་མ་ཡིན་ནོ། །༤ བྱེད་ལས་ནི། ངོ་བོ་ཀ་དག་གི་ཆོས་སྐུ་དེས་གྲོལ་གཞི་བྱེད་ལ་ལམ་དུས་ངང་དངས་ཀྱི་ཆོས་སྐུས་གྲོལ་བྱེད་ཀྱི་ལས་བྱེད་པ། སྐུ་གསུམ་པོ་དེས་དག་བྱེད་དང་དག་གཞིའི་བྱ་བ་བྱེད་དོ། །དེ་ཡང་རང་ཤར་ལས། འགག་མེད་ཞེན་མེད་ཆགས་པ་མེད། །ཆོས་ཀྱི་སྐུ་ཡི་སྤྱོད་པའོ། །ལྷན་ནེ་ལྷང་ངེ་ཡེངས་པ་མེད། །ཆོས་ཀྱི་སྐུ་ཡི་སྒོམ་པ་ཡིན། །བལྟར་མེད་བལྟས་ཟིན་ལྟ་བ་རྫོགས། །ཆོས་ཀྱི་སྐུ་ཡི་ལྟ་བ་ཡིན། །བྱས་མེད་བྱུང་མེད་འབྱུང་བ་མེད། །ཆོས་ཀྱི་སྐུ་ཡི་འབྲས་བུ་ཡིན། །བསྒྲུབ་མེད་བསྒྲུབས་ཟིན་སྒྲུབ་པ་རྫོགས། །ཆོས་ཀྱི་སྐུ་ཡི་ཕྲིན་ལས་ཡིན། །གཅིག་བྱུང་གཉིས་བྱུང་ཐམས་ཅད་བྱུང་། །ཆོས་ཀྱི་སྐུ་ཡི་ཡོན་ཏན་
ཡིན། །ཞེས་སོ། །༥ སྒྲ་འཇུག་པའི་རྒྱུ་མཚན་ནི། ཡེ་ནས་རྡུལ་དང་བྲལ་ཞིང་དྲི་མ་མེད་པ་དང་། གནས་སྐབས་རང་ལ་ཡོད་ཀྱང་། ངོ་མ་ཤེས་པས་གསང་བའི་ཆོས་སུ་ཡོད་པ་དང་། མཐར་ཐུག་དོན་དུ་གཉེར་བྱའི་འབྲས་བུར་ཡོད་པའི་ཆོས་ཡིན་པ་དང་། སྟོང་པ་དངོས་པོ་དང་མཚན་མ་མེད་པའི་སྐུ་ལ་སྟོབས་དང་མི་འཇིགས་པ་དང་། མ་འདྲེས་པའི་ཡོན་ཏན་གྱི་ཆོས་རྫོགས་པས་ཆོས་སྐུ་ཞེས་བྱ་སྟེ། དེ་ཉིད་ལས། མི་འཇིགས་སྟོབས་དང་གསལ་བ་དང་། །བྱ་བ་ཐམས་ཅད་རྫོགས་པ་ནི། །ཆོས་ཀྱི་སྐུ་ཡི་ངེས་ཚིག་ཡིན། །ཞེས་སོ། །སྐབས་འདིའི་ཆོས་སྐུ་ནི། གཞི་གནས་ཀྱི་ཆོས་སྐུ་རང་བཞིན་རྣམ་དག་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་མཚན་ཉིད་ཅན་ལ་འདོད་དེ། སྔ་མ་ལས། ངོ་བོ་རང་བཞིན་ཐུགས་རྗེ་གསུམ། །ཆོས་ཀྱི་སྐུ་ཡི་མཚན་ཉིད་ཡིན། །ཞེས་སོ། །

ཡིད་དང་ཤེས་རབ་དབྱེ་བ།


GTN002_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

(༢)འོ་ན་གཉིས་པ་ཡིད་དང་ཤེས་རབ་དབྱེ་བ་ནི། རིག་པས་ཡུལ་ཤེས་པས་ན་ཡིད་དང་ཤེས་རབ་གཉིས་ཀས་དོན་རིག་པར་གཅིག་པས་ཆའི་འདྲེས་པ་དབྱེ་བ་ལ་གཉིས་ལས། དང་པོ་ཡིད་ནི། སེམས་ཀྱི་རྩལ་རྟོག་པས་ཡུལ་ཕྱིར་འབྲངས་ནས་ཞེན་ཅིང་རྟོག་པའོ། །དེ་ལ་ཡིད་ཀྱི་ངོ་བོ། རྟོག་པ་རང་ག་མར་འགྱུར་བའོ། །ངེས་ཚིག །ཡུལ་ཡིད་ལ་བྱེད་པས་ཡིད་དོ། །དབྱེ་ན། ཀུན་ཏུ་འཚོལ་བ་ལ་སོགས་པ་


GTN002_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་གམ། ཡིད་ཤེས་ཡུལ་རིག་ཙམ་དང་། ཉོན་ཡིད་ཆགས་སྡང་དུ་བསྐྱེད་པ་གཉིས་སོ། །བྱེད་ལས། ལས་དང་བག་ཆགས་བསགས་ནས་འཁོར་བར་མངོན་པར་འདུ་བྱེད་དོ། །འབྲས་བུ། སྡུག་བསྔལ་ལོ། །སྒྲ་འཇུག་པའི་རྒྱུ་མཚན་ནི། ཡུལ་ཐོག་ཏུ་སྤྱོད་ཅིང་འགྱུ་བའི་ཆ་ནས་ཡིད་ཅེས་བཏགས་སོ། །རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། དཔེར་ན་ཡིད་ནི་བྱ་སྒྲོ་རླུང་ཁྱེར་འདྲ། །ཞེས་སོ། །(གཉིས་པ་)ཤེས་རབ་ནི། ཐུགས་རྗེའི་རྩལ་ཤར་གྲོལ་གཉིས་མེད་ཀྱི་ཤེས་པ་སྟེ། ཡུལ་རིག་ཀྱང་ཡུལ་ཕྱིར་མ་འབྲངས་པས། རིག་གདངས་མི་རྟོག་པའོ། །མེ་ལོང་ལྟ་བུར་གཟུགས་བརྙན་ཤར་དུས་རྟོག་དཔྱོད་མེད་པས། རྣམ་པ་སྣང་ཡང་སྣང་གི་རྣམ་པ་ལ་མི་རྟོག་པའི་ཕྱིར། རྣམ་པར་མི་རྟོག་པའི་ཤེས་པ་དམ་པ་ཞེས་བྱའོ། །ཤེས་རབ་ཀྱི་ངོ་བོ། ཡུལ་ངེས་ཀྱང་རྣམ་པར་མི་རྟོག་པའོ། །ངེས་ཚིག །ཡུལ་གྱི་རྣམ་པ་ཅི་ཡིན་པ་སྐད་ཅིག་གིས་ཤེས་ཀྱང་། དེ་ལ་རྟོག་དཔྱོད་ཞིབ་རྩིང་གི་ཚུལ་གྱིས་མི་རྟོག་པས། ཡུལ་ཤེས་པ་ཐམས་ཅད་ཀྱི་ནང་ནས་རབ་ཏུ་གྱུར་པའི་ཕྱིར་ན་ཤེས་རབ་བོ། །དབྱེ་ན། ཆོས་ཅན་ཤེས་པའི་ཤེས་པ་དང་། ཆོས་ཉིད་ཤེས་པའི་ཤེས་རབ་གཉིས་སམ། ཐོས་བསམ་སྒོམ་གསུམ་གྱི་རིམ་པའོ། །རྣལ་འབྱོར་པས་ཐོས་ཀྱང་མི་རྟོག །བསམ་ཀྱང་མི་རྟོག །སྒོམ་ཀྱང་མི་རྟོག་སྟེ། སྐད་ཅིག་རྗེས་མཐུད་ཀྱི་རྣམ་པ་མེད་པས་སྐད་ཅིག་གཅིག་གི་ཁོང་དུ་ཆུད་པར་བྱེད་པ་དེ། མཚན་བརྗོད་ལས། ཤེས་རབ་ཆེན་པོས་སྐད་ཅིག་ལ། །ཆོས་ཀུན་ཁོང་དུ་ཆུད་པ་འཆང་། །ཞེས་སོ། །སྒྲ་འཇུག་པའི་འཐད་པ་ནི། གཞན་ཡུལ་ཤེས་པའི་ཤེས་རབ་


GTN002_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་མི་རྟོག་པས་ཤེས་པས་ཤེས་པ་ཡིན་པའི་ཕྱིར་ཤེས་རབ་བོ། །རྟག་ཚད་ལས། ཡིད་དང་ཤེས་རབ་ཤེས་པའི་ཚད་ཆོས་རྣམས་སྣ་ཚོགས་སུ་ཤར་བའི་ཚེ་ན་ཡིན། ཞེས་སོ། །དེའང་བླ་མེད་ཀྱི་རྒྱུད་དང་མན་ངག་ཏུ། རེས་འགའ་རྟོག་པས་འཁོར་བར་འཇུག་པ་སྤང་བྱར་གསུངས་པ་དང་། རེས་འགའ་དགོངས་པའི་ཀློང་ཆེན་དུ་གསུངས་པ་ཐམས་ཅད་ཚུལ་འདིས་ཤེས་པར་བྱ་སྟེ། དྲི་མ་དང་གེགས་དང་སྤང་བྱར་བཤད་པ་རྣམས་གང་བྱུང་དུ་ཡིད་ཡུལ་ཕྱིར་འགྱུ་བའི་རྟོག་པ་ལ་ངོས་བཟུང་ངོ་། །རང་གྲོལ་རང་ཤར་རོལ་པ་ཙམ་ལ་དགོངས་པ་ཞེས་རྟོག་པ་མི་སྤང་བར་ལམ་འཁྱེར་དུ་བཤད་པ་ཐམས་ཅད། མིང་རྟོག་པ་དང་ཡིད་དུ་བཏགས་ཀྱང་དོན་ཤེས་རབ་ཏུ་ངོས་བཟུང་སྟེ། དཔེར་ན་འདས་རྗེས་སུ། སྣང་སྲིད་ཐམས་ཅད་ཆོས་སྐུའི་ཞིང་དུ་ཤར། །ཤར་བ་དེ་ཉིད་རང་གི་ཐོག་ཏུ་གྲོལ། །ཞེས་པ་ལྟ་བུའོ། །དེའང་འཆར་དུས་རིག་ཆ་དེ་ཤེས་རབ་ལ་ཡོད་ཀྱང་། འགྱུ་ཆ་དེ་རླུང་དུ་བྱུང་བས་ཡིད་ཀྱི་རྟ་རླུང་དང་བྲལ་དགོས་པས་ཡིད་དང་ཤེས་རབ་ཆ་ཕྱེད་པ་གཅེས་སོ། །ཤེས་རབ་ལ་རིག་ཆ་ཡོད་ཀྱང་འགྱུ་ཆ་མེད་པས་ཡིད་དང་དོན་མཚུངས་སོ། །

སེམས་དང་ཡེ་ཤེས་ཀྱི་གནད་ཐུན་མོང་གི་དབྱེ་བ་སྤྱིར་བསྟན་པ།


GTN002_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

(༣)གསུམ་པ་སེམས་དང་ཡེ་ཤེས་ཀྱི་གནད་ལ་གཉིས་ཏེ། ཐུན་མོང་གི་དབྱེ་བ་སྤྱིར་བསྟན་པ་དང་། སོ་སོའི་རང་བཞིན་བྱེ་བྲག་ཏུ་དབྱེ་བས་བཤད་པའོ། །1 དང་པོ་ལ་ཁྱད་པར་དངོས། མ་ཤེས་པའི་སྐྱོན། ཤེས་པར་གདམས་ཚུལ།
དེ་གཉིས་ཀྱི་ངོ་བོ། སོ་སོའི་གནས་དང་ལྔ་ལས། དང་པོ་ཁྱད་པར་ནི། མུ་ཏིག་ཕྲེང་བ་ལས། སེམས་དང་ཡེ་ཤེས་དབྱེ་བ་ནི། །མཁས་པ་རྣམས་ཀྱིས་ཤེས་པར་བྱ། །ཞེས་འབྱུང་བས། སེམས་གང་ཡིན་འཁོར་བའི་ཆོས་ཏེ། ལས་དང་བག་ཆགས་ཀྱི་རང་བཞིན་དྲི་མར་སྐྱེས་པའི་སྐྱོན་དེ་རིག་པ་ལ་ལྡན་དུས་སེམས་ཞེས་བཏགས་ཤིང་། སེམས་དེས་འགྲོ་དྲུག་སོ་སོར་འཁྲུལ་བར་བྱེད་ལ། རིག་པ་དེ་སེམས་དང་བྲལ་དུས་གློ་བུར་དྲི་བྲལ་གྱི་སངས་རྒྱས་ཞེས་བྱའོ། །ཡེ་ཤེས་གང་ཡིན་མྱ་ངན་ལས་འདས་པའི་ཆོས་ཏེ་ལས་དང་བག་ཆགས་བསྲེགས་པས་མེ་དང་འདྲ་ཞིང་ཀུན་ཏུ་རྟོག་པ་ཐམས་ཅད་དང་བྲལ་བ་སྟོང་གསལ་ནམ་མཁའི་རང་བཞིན་ཅན་ཏེ། དེ་ཉིད་ལས། སེམས་ནི་བག་ཆགས་ཀུན་གྱི་གཞི། །ལུས་ཅན་རྣམས་ཀྱི་དྲི་མ་ཡིན། །གཟུང་བ་ཡུལ་ལ་འཛིན་པ་སེམས། །དེ་ཕྱིར་འཁོར་བའི་ཆོས་ཉིད་དོ། །སེམས་དེ་བྲལ་ན་སངས་རྒྱས་པ། །ལུས་ཅན་ཀུན་གྱི་དྲི་མ་དག །འགྲོ་བ་རྣམས་ནི་སེམས་དེས་འགྲོ། །དེ་མིན་འགྲོ་བར་ནུས་མིན་ཏེ། །དེ་ཕྱིར་འགྲོ་རྣམས་འཁྲུལ་འཁོར་བཞིན། །ཐུགས་ནི་སྤྱོད་པ་ཀུན་བྲལ་བས། །བེམ་པོ་ལྟ་བུ་མ་ཡིན་ཏེ། །ཤེས་ཤིང་རིག་ལ་གསལ་བྱེད་སྣང་། །རྣམ་པར་རྟོག་པ་ཀུན་བསྲེགས་ཏེ། །ཡེ་ཤེས་ཉིད་ནི་མེ་བཞིན་ཟ། །ནམ་མཁའ་ཉིད་དང་མཚུངས་པ་ཡིན། །སྟོང་གསལ་རིག་བཅས་ཉིད་ཡིན་ནོ། །དེ་ཕྱིར་ཡེ་ཤེས་སྣང་བར་སྟོན། །འབད་མེད་ཐུགས་རྗེ་རང་ཤར་བས། །ཁྱབ་ཅིང་ཀུན་འབྲེལ་ཆོས་ཀུན་རྫོགས། །དྲན་པ་ཉིད་ནི་དྲན་མེད་པས། །ཡེ་ཤེས་དྲན་གཞི་


GTN002_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དང་བྲལ། །ཞེས་སོ། །དེའང་སེམས་ནི་ལས་དང་ཉོན་མོངས་པ་དང་། བག་ཆགས་ཐམས་ཅད་ཀྱི་གཞི་དང་འབྱུང་ཁུངས་དང་། གསོག་བྱེད་དང་། ཀུན་ནས་སློང་བ་དང་། མ་རིག་པའི་ཁྱིམ་ན་རྟག་ཏུ་གནས་པས་ཡེ་ཤེས་ཀྱི་ཉི་མ་སྒྲིབ་པའི་སྤྲིན་དང་འདྲ་ལ། ཡེ་ཤེས་ནི། ཆོས་ཀྱི་སྐུ་དང་མཚུངས་པར་ལྡན་པར་དྲི་མ་མེད་ཅིང་སེམས་ཀྱི་དྲན་བསམ་དང་ལྷན་ཅིག་མི་གནས་པ་ཉི་མ་ལྟ་བུ་སྟེ། རང་ཤར་ལས། སེམས་ནི་བག་ཆགས་ཐམས་ཅད་སྡུད་པའོ། །སེམས་ནི་བག་ཆགས་ཐམས་ཅད་སློང་བའོ། །སེམས་ནི་ཉོན་མོངས་པ་ཐམས་ཅད་གསོག་པའོ། །སེམས་ནི་བག་ཆགས་ཐམས་ཅད་ཀྱི་གཞི་ཡིན་ཏེ། བག་ཆགས་དེ་ཡང་འགོག་པར་དཀའ་བས། རང་གི་སྣང་བ་སྒྲིབ་པར་བྱེད་པ་མ་རིག་པ་མཉམ་དུ་གནས་པས། ཞེས་དང་། མུ་ཏིག་ཕྲེང་བ་ལས། སེམས་ནི་འདུས་ཚོགས་འབྱུང་བའི་ཕྱིར། །དྲི་མ་ཉིད་དང་ཡང་སྦགས་པས། །ཀུན་གཞི་སྡུད་པའི་སེམས་ལ་སོགས། །དྲི་མའི་གྲངས་སུ་གྱུར་པས་ན། །ཞེས་སོ། །གཉིས་པ་མ་ཤེས་པའི་སྐྱོན་ནི། སེམས་དང་ཡེ་ཤེས་གཉིས་མ་ཕྱེད་ན་སྣང་བ་ཡུལ་གྱི་རྩ་བ་མི་ཆོད་པས། སེམས་ཀྱི་ཡུལ་འཁྲུལ་སྣང་འཁོར་བ་ལས་མི་ཐར་བའི་སྐྱོན་ཡོད་དེ། དེ་ལ་སེམས་ཀྱི་ཡུལ་འཁྲུལ་སྣང་འཁོར་བའི་ཆོས་ཏེ་བསྡུ་ན་གཟུགས་སྒྲ་དྲི་རོ་རེག་དང་ཆོས་ཏེ་དྲུག་གོ །འདི་དག་སེམས་ཀྱི་བག་ཆགས་ལས་སྐྲ་ཤད་ཀྱི་རྣམ་པ་ལྟར་སྣང་བ་སྟེ། གང་ལ་སྣང་ན་འཁྲུལ་པའི་སེམས་ལ་སྣང་བའོ། །


GTN002_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཀྱི་ཡུལ་ནི་དག་པའི་ཆོས་ཉིད་ནམ་མཁའ་ལྟ་བུ་དང་། འོད་གསལ་གྱི་སྣང་བ་སྐུ་དང་ཡེ་ཤེས་ཀྱི་ཞིང་སྣང་རྒྱ་ཆེ་བ་རྣམས་སོ། །དེ་ཡང་ཀློང་དྲུག་པ་ལས། སེམས་དང་ཡེ་ཤེས་རང་གི་ངོ་བོ་མ་ཕྱེད་ན། ཉི་མ་སྤྲིན་ཕུང་གིས་བསྒྲིབས་པ་དང་འདྲ་སྟེ། ཕྱིར་སྣང་བའི་དོན་བྱེད་མི་ནུས་སོ། །ཞེས་དང་། མུ་ཏིག་ཕྲེང་བ་ལས། སེམས་དེ་བྲལ་ན་སངས་རྒྱས་ཉིད། །ལུས་ཅན་ཀུན་གྱི་དྲི་མ་ཟད། །འགྲོ་བ་རྣམས་ནི་སེམས་དེས་འགྲོ། །དེ་མིན་འགྲོ་བར་ནུས་མིན་ཏེ། །དེ་ཕྱིར་འགྲོ་རྣམས་འཕྲུལ་འཁོར་བཞིན། །ཞེས་སོ། །གསུམ་པ་ཤེས་པར་གདམས་ཚུལ་ནི། འདི་ལ་སེམས་རང་ངོ་ཤེས་ན་ཡེ་ཤེས་ཡིན། ད་ལྟའི་སྣང་བ་འདི་ཡེ་ཤེས་ཀྱི་འོད་གསལ་ཡིན་བྱ་བ་དང་། སེམས་རྟོགས་ན་ཡེ་ཤེས་ཡིན་པས་ཞེས་བཤད་པའི་ཚིག་ལ་འཁྲུལ་ནས་སེམས་མི་རྟོག་པའི་ཆ་རྐྱང་པ་དེ་ཡེ་ཤེས་སུ་འདོད་པ་སོགས་ཤིན་ཏུ་མང་སྟེ། འདི་ཡང་ནོར་ས་ཤིན་ཏུ་ཁམས་ཆེ་བས་བསལ་ན་སྐྱོན་མཐའ་ཡས་ཀྱང་རེ་ཞིག་ཆེ་ལོང་ཙམ་བརྗོད་ན། སེམས་འཛིན་པ་དང་བཅས་པའི་ཕྱིར་ཡེ་ཤེས་ཀྱང་དེར་ཐལ་བ་དང་། སེམས་དྲི་བཅས་ཡིན་པའི་ཕྱིར་ཡེ་ཤེས་ཀྱང་དེར་ཐལ་བ་དང་། སེམས་སྤང་བྱ་འཁོར་བའི་ཆོས་ལ་སྣང་བའི་ཕྱིར་ཡེ་ཤེས་ཀྱང་དེར་ཐལ་ཏེ། བདེན་གཉིས་ལས། སེམས་དང་སེམས་བྱུང་ཁམས་གསུམ་པ། །སྒྲོ་བཏགས་རྣམ་པ་ཅན་རྟོག་ཡིན། །ཞེས་སོ། །ཡང་སྣང་བ་འདི་འཁྲུལ་པར་སྣང་བས་འོད་གསལ་འཁྲུལ་སྣང་དུ་ཐལ་བ་དང་།


GTN002_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་སེམས་ཅན་ཕལ་ལ་མཐུན་སྣང་དུ་ཡོད་པའི་ཕྱིར་འོད་གསལ་མཐུན་སྣང་དུ་གྲུབ་པར་ཐལ་ཏེ། འདོད་ན་ཐམས་ཅད་རྣལ་འབྱོར་པ་བཞིན་དུ་གྲོལ་བར་ཐལ་བ་དང་། སྣང་བ་དང་སེམས་ལ་སྐྱེ་ཤི་འཕོ་འགྱུར་སྣང་བའི་ཕྱིར། ཡེ་ཤེས་དང་དེའི་སྣང་བ་ཡང་དེར་ཐལ་བ་ལ་སོགས་པའི་སྐྱོན་མང་པོ་དམིགས་པས། རྨོངས་པ་གཏི་མུག་ལས་ཀྱང་ཆེས་གཏི་མུག་པ་དག་གི་ཕྱོགས་ལ་བརྟེན་པར་མི་བྱའོ། །འདི་དག་གི་དགོས་པར་ཐུན་མོང་གི་གཞུང་ལས་ཀྱང་། སེམས་འགགས་པ་དེ་སྐུ་ཡིས་མངོན་སུམ་མཛད། །ཅེས་དང་། ཚིག་གསལ་དུ། སེམས་དང་སེམས་ལས་བྱུང་བའི་འཇུག་པ་ཡང་རྒྱུན་ཆད་དང་། ཞེས་པ་དང་། དཀོན་མཆོག་བརྩེགས་པ་ལས། སེམས་དང་ཡིད་དང་རྣམ་པར་ཤེས་པ་དང་ཡང་བྲལ་ལ། ཏིང་ངེ་འཛིན་གྱི་གནས་ཀྱང་མི་འདོར་བ་སྟེ། འདི་ནི་དེ་བཞིན་གཤེགས་པའི་ཐུགས་ཀྱིས་གསང་བ་བསམ་གྱིས་མི་ཁྱབ་པའོ། །ཞེས་གསུངས་པ་ཡིན་ནོ། །འདིར་མི་ཤེས་པ་ཁ་ཅིག །སེམས་མེད་ན་བེམ་པོའམ་མུན་པ་ལྟར་འགྱུར་རོ་ཞེས་པའང་ཐོས་པ་ཆུང་བ་ཡིན་ཏེ། སེམས་མེད་ཀྱང་ཡེ་ཤེས་ཡོད་པས་རིག་པ་འགག་པ་མ་ཡིན་པའི་ཕྱིར་རོ། །དེའང་མ་རིག་པ་འཁྲུལ་པའི་སེམས་འགགས་པས། ཡེ་ཤེས་གསལ་བའི་ཉི་མ་འཆར་ཏེ། མཚན་མོ་སངས་པས་ཉིན་མོ་ཤར་བ་བཞིན་ནོ། །ཁ་ཅིག་ནི། མ་རིག་པ་རིག་པའི་ཁྱབ་བྱེད་ཡིན་པས། སེམས་འགག་དུས་རིག་པ་འགག་པར་འདོད་པའང་ཤིན་ཏུ་ནོར་བ་ཆེན་པོ་སྟེ། རིག་པས་མ་རིག་པ་ལ་ཕར་ཁྱབ་ཀྱང་། མ་རིག་པས་རིག་པ་


GTN002_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཚུར་མ་ཁྱབ་སྟེ་སངས་རྒྱས་ཀྱི་ཡེ་ཤེས་བཞིན་ནོ། །སེམས་ལ་མ་རིག་པས་ཁྱབ་པས། སེམས་ཀྱི་ཁྱབ་བྱེད་དུ་འཐད་ཀྱི། རིག་པ་ལ་མ་ཁྱབ་པས། མ་རིག་པ་རིག་པའི་དབྱིངས་ནས་ལྡོག་པའམ་རྒྱུན་ཆད་པར་འདོད་དེ། དེས་ན་སེམས་འགག་དུས་གཞི་མ་རིག་པ་ཆ་དང་བཅས་པ་འགགས་ཀྱང་། རིག་པ་མ་འགགས་ཏེ་འགག་གཞི་རིག་པ་ཡིན་པའི་ཕྱིར་རོ། །རིག་པ་མེད་ན་གང་གི་སྟེང་དུ་འགག་པ་བསམ་པར་འོས་སོ། །འདིར་མ་རིག་པ་སེམས་ཀྱི་ཆ་དང་བཅས་པ་འགགས་པས་རིག་པའི་ཡེ་ཤེས་སུ་རྒྱས་ཏེ་མཁྱེན་པ་གཉིས་ལ་ལོངས་སྤྱོད་པ་ཡིན་ནོ། །དེས་ན་སེམས་དང་ཡེ་ཤེས་སོ་སོ་ཡིན་ཏེ། ཐུན་མོང་གི་ལུང་ལས་ཀྱང་། སེམས་དང་སེམས་ཉིད་རང་བཞིན་གྱིས་དག་པ་གཉིས་སུ་འབྱེད་དོ། །དེ་ལ་སེམས་ནི་ཀུན་རྟོག་པ་འཁོར་བའི་ཆོས། སེམས་ཉིད་ནི་སྤྲོས་པ་དང་བྲལ་བ་མྱ་ངན་ལས་འདས་པའི་ཆོས་ཏེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས་ཀྱང་། སེམས་ནི་སེམས་མ་མཆིས་ཏེ་སེམས་ཀྱི་རང་བཞིན་འོད་གསལ་བ་ལགས་སོ། །ཞེས་གསུངས་སོ། །དེ་ལྟར་སེམས་དང་ཡེ་ཤེས་ལེགས་པར་ཕྱེ་ནས་ཐུན་མོང་བ་དམིགས་བཅས་ཀྱི་ཐེག་པར་སེམས་ལ་གཞི་ལམ་འབྲས་བུར་བྱེད་ཀྱང་དེ་ཐམས་ཅད་དོན་ཐོག་ཏུ་མ་ཕེབས་པས། ཐེག་པ་འདིར་ཡེ་ཤེས་ལ་སངས་རྒྱས་ཀྱི་གཞི་ལམ་འབྲས་བུར་རྣམ་པར་འཇོག་པས། མྱུར་བར་འཁོར་བ་ལས་གྲོལ་ལ། གཞན་དག་འཁོར་བའི་རྩ་བ་ལ་བྱང་ཆུབ་རེ་བས་རིང་མོ་ཞིག་ནའང་དེ་ཐོབ་པར་དཀའ་སྟེ། གཞི་འཆའ་ལུགས་


GTN002_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

འཛོལ་བའི་ཕྱིར་རོ། །དེ་ཡང་ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས། སེམས་ལས་སངས་རྒྱས་འདོད་ན་ང་ལས་གོལ་བ་ཡིན། །ཞེས་སོ། །ཁ་ཅིག་སེམས་མེད་ན་དེས་ཀྱང་སངས་རྒྱས་མི་རིགས་ལ། སངས་རྒྱས་དེ་དག་བྱ་སེམས་ཀྱིས་ཁྱད་པར་དུ་བྱས་པར་འདོད་པའི་ཕྱིར་ཟེར་ཏེ། སེམས་མེད་པ་དང་ཡོད་པས་སངས་རྒྱས་པ་མ་ཡིན་གྱི། ཆོས་སྐུའི་ཡེ་ཤེས་ཡོད་མེད་ཀྱིས་དེ་ལྟར་བྱུང་བའོ། །སེམས་ཀྱི་འཁྲུལ་པ་སངས་པས་སངས་རྒྱས་ཁྱད་པར་བྱས་པ་བདེན་དུ་ཆུག་ཀྱང་། ད་དུང་གཞི་ལྷུན་གྲུབ་ཀྱི་སངས་རྒྱས་ཀྱིས་མ་ངེས་པས་བདེན་པ་དངོས་ཀྱང་མ་ཡིན་ལ། དག་བྱར་སངས་ཀྱང་སངས་པའི་དག་བྱ་དེ་སངས་རྒྱས་མ་ཡིན་པས། སངས་རྒྱས་སེམས་ལས་བྱུང་བ་མ་ཡིན་ནོ། །འདིར་ལུང་གིས་ཀྱང་གནོད་དེ། ཐུན་མོང་གི་ལུང་དབུ་མ་འཇུག་པ་ལས་བསྟན་པ་དང་། ཐུན་མོང་མ་ཡིན་པའི་ལུང་རྡོ་རྗེ་རྩེ་མོ་ལས་ཀྱང་། རྣམ་པར་ཤེས་པའི་ཁམས་ལྔ་དག་པ་ནི་ཡེ་ཤེས་ལྔའི་རང་བཞིན་ནོ། །ཞེས་པ་ལ་སོགས་པ་གནས་འགྱུར་བཤད་དེ། སེམས་དངོས་ལས་སངས་རྒྱས་འགྲུབ་ན། དག་བྱ་དང་གནས་འགྱུར་དོན་མེད་དོ། །བླ་ན་མེད་པའི་ལུང་ཡང་། རིག་པ་རང་ཤར་གྱི་རྒྱུད་ལས། ལ་ལ་དག་གི་འདོད་པ་ནི། །སེམས་ལས་འབྲས་བུ་འཚོལ་བར་འདོད། །དེ་ལ་ལྡོག་པ་འདི་འདྲ་སྟེ། །སེམས་ཀྱི་དངོས་པོ་ཇི་ཙམ་ལགས། །དྲིས་ལན་རྒྱས་པར་བཏབ་པ་ནི། །སེམས་ལ་དངོས་པོ་མེད་པའི་ཕྱིར། །འོ་ན་སེམས་ཀྱི་མཚན་ཉིད་ཅི། །དྲིས་ལན་རྒྱས་པར་བཏབ་པར་ནི། །ཆོས་ཉིད་གཟུང་འཛིན་ག་ལ་ཡོད། །དཔེར་ན་ནམ་


GTN002_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

མཁའི་མཚན་ཉིད་བཞིན། །གཟུང་དང་འཛིན་པ་མེད་པའི་ཕྱིར། །དེ་ལ་བཟློག་པའི་ཚིག་སྨྲས་པ། །སེམས་ལ་གཟུང་འཛིན་ཡོད་དམ་མེད། །དྲིས་ལན་རྒྱས་པར་བཏབ་པ་ནི། སེམས་ལ་གཟུང་དང་འཛིན་ཡོད་ཀྱང་། །ཆོས་ཉིད་གཟུང་འཛིན་མེད་པའི་ཕྱིར། །དེ་ལ་བཟློག་པ་ཡང་སྨྲས་པ། །གོང་གི་དམ་བཅའ་ཉམས་པར་འགྱུར། །སེམས་དང་ཆོས་ཉིད་གཅིག་པའི་ཕྱིར། །སེམས་ལ་གཟུང་འཛིན་བྱུང་གྱུར་ན། །སངས་རྒྱས་འབད་པས་རྙེད་གྱུར་ན། །སེམས་ལ་གཟུང་འཛིན་ཡོད་པའི་ཕྱིར། །དྲིས་ལན་བཟློག་སྟེ་སྨྲས་པ་ནི། །གལ་ཏེ་སེམས་མེད་སངས་རྒྱས་ཉིད། །ཁྱོད་ཀྱིས་རྙེད་དམ་གང་གི་ཕྱིར། །དྲིས་ལན་རྒྱས་པར་བཏབ་པ་ནི། །སེམས་ལ་འབྲས་བུ་མི་འཚོལ་ཏེ། །སེམས་ལས་སྣ་ཚོགས་འབྱུང་བའི་ཕྱིར། །སེམས་ནི་བག་ཆགས་སྡུད་པ་ཡིན། །འཛིན་པ་ཡུལ་ལ་འགྱུ་བའི་ཕྱིར། །སེམས་ནི་འཁོར་བའི་རྩ་བ་ཡིན། །སེམས་ནི་སྤང་བའི་རིམ་པ་ཡིན། །ཅི་ཕྱིར་སེམས་སུ་ཡོད་པའི་ཕྱིར། །སེམས་ནི་འཁྲུལ་པའི་རྩ་བ་སྟེ། །ཐམས་ཅད་དེ་ལས་གྱེས་པ་ཡིན། །འདྲ་གཞི་དག་ལས་གོལ་བའི་ཕྱིར། །སེམས་ནི་དྲི་མ་ཅན་དུ་བསྟན། །ཅི་ཕྱིར་རྣམ་རྟོག་ཡོད་པའི་ཕྱིར། །སེམས་ནི་བྱ་སྒྲོ་ལྟ་བུ་ཡིན། །ཅི་ཕྱིར་སེམས་པ་མེད་པའི་ཕྱིར། །དེ་ནས་བཟློག་པའི་ཚིག་སྨྲས་པ། །འོ་ན་ཇི་ལྟར་སེམས་ཉིད་འདོད། །དེ་ནས་དྲིས་ལན་རྒྱས་པར་བཏབ་པ་ནི། །སེམས་ལ་འབྲས་བུ་མི་འདོད་དེ། །རིག་པའི་ཡེ་ཤེས་ཡོད་པའི་ཕྱིར། །འོ་ན་རིག་པ་འདི་ཉིད་ལ། །མཚན་ཉིད་རྣམ་པ་དུ་དང་ལྡན། །དེ་ནས་དྲིས་ལན་འདི་ལྟར་བྱ། །རིག་པའི་ཡེ་ཤེས་མཚན་ཉིད་ནི། །


GTN002_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་དང་གསལ་དང་ཁྱབ་པ་ཡིན། །ཞེས་སོ། །རིག་པ་ལ་གཞི་ལམ་འབྲས་བུར་བྱེད་ན། རིག་པ་དེ་ཉིད་དངོས་པོར་མཚན་མར་མི་འགྱུར་རམ་ཞེ་ན། མི་འགྱུར་ཏེ། སྟོང་པ་དང་གསལ་བ་དང་འཛིན་ཞེན་གང་ཡང་མེད་པའི་ཕྱིར་ཏེ། སྔ་མ་ལས། ཤེས་རིག་གསལ་བ་ཉིད་དུ་ཡོད། །ཅི་ཕྱིར་གསལ་བར་ཡོད་གྱུར་ན། །མཚན་མ་ཅན་དུ་མི་འགྱུར་རམ། །ཅི་ཕྱིར་གསལ་བས་མཛེས་པའི་ཕྱིར། །དེ་ལ་དྲིས་ལན་རྒྱས་པར་བཏབ་པ་ནི། །མཚན་མ་ཅན་དུ་མི་འགྱུར་ཏེ། །དེ་ལ་ཆགས་པ་མེད་པའི་ཕྱིར། །དེ་ཡང་འདི་ལྟར་ཤེས་པར་བྱའོ། །དཔེར་ན་ཉི་མའི་དཀྱིལ་འཁོར་བཞིན། །གསལ་ཡང་ཕྱོགས་སུ་མ་ལྷུང་བའོ། །ཅི་ཕྱིར་ཞེ་འདོད་མེད་པའི་ཕྱིར། །ཞེས་སོ། །དེང་སང་རྨོངས་པ་ཕལ་པ་དག་གིས་སྣང་བ་རང་གི་སེམས་ཡིན། སྣང་བ་ཆོས་སྐུ་ཡིན། ཡེ་ཤེས་སེམས་ཡིན་ཟེར་ཏེ། མགོ་འཕོང་ཡིན། མེ་ཆུ་ཡིན། མུན་པ་སྣང་བ་ཡིན། ཞེས་ཅི་རུང་རུང་དུ་སྨྲ་བ་དག་མཐོང་སྟེ། སྣང་བ་སེམས་ཡིན་ན། སེམས་ལ་ཁ་དོག་ཡོད་པར་ཐལ་ལ། ཁྱོད་མེད་དུས་ཁྱོད་ཀྱི་སེམས་ཕྱོགས་འདིར་ཡོད་པར་ཐལ། སྣང་བ་ཡོད་པའི་ཕྱིར་དང་། ཡང་གཅིག་སྐྱེ་བས་ཀུན་སྐྱེ་ལ། གཅིག་ཤི་བས་ཀུན་འཆི་བར་ཐལ་བ་དང་། སྐྱེ་བོ་བྱེ་བས་བུམ་པ་གཅིག་མཐོང་དུས་རིལ་པོར་འཛིན་སེམས་གཅིག་ཡིན་པ་བཞིན་སྐྱེ་བོ་དེ་དག་སེམས་གཅིག་ཏུ་ཐལ་བ་དང་། སངས་རྒྱས་ཀྱི་ཇི་སྙེད་མཁྱེན་པའི་ཡུལ་ལ་ཆོས་ཐམས་ཅད་སྣང་བས་འཁོར་བ་སངས་རྒྱས་ཀྱི་ཡེ་ཤེས་སུ་ཐལ་བ་དང་།


GTN002_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་གྱིས་སངས་རྒྱས་མཐོང་དུས་སངས་རྒྱས་དེ་འཁྲུལ་པར་ཐལ་ཏེ། སེམས་ཅན་གྱི་སེམས་ཡིན་པའི་ཕྱིར། སེམས་ཅན་དེ་སངས་རྒྱས་སུ་ཐལ་ཏེ། སངས་རྒྱས་སེམས་ཅན་དེའི་སེམས་ཡིན་པའི་ཕྱིར། སེམས་སྐད་ཅིག་ལ་འགྱུ་བ་ལང་མ་ལིང་དུ་བྱེད་པ་ལྟར་སྣང་བ་འདི་ཡང་སྐད་ཅིག་ལ་ལང་མ་ལིང་དུ་འགྱུར་བར་ཐལ་བ་སོགས་ཤིན་ཏུ་མང་ངོ་། །སྣང་བ་ཆོས་སྐུ་ཡིན་ན། སྣང་བ་འདི་སྣང་མི་སྣང་ལས་འདས་པར་ཐལ་ཏེ། ཆོས་སྐུ་སྣང་བ་ལས་འདས་པའི་ཕྱིར་དང་། ཆོས་སྐུ་འཁྲུལ་སྣང་དུ་ཐལ་བ་དང་། ཆོས་སྐུ་དངོས་པོ་དང་མཚན་མར་འཛིན་པར་ཐལ་བ་དང་། སྣང་བ་འདི་འཁྲུལ་ངོར་སྣང་མི་སྲིད་པར་ཐལ་ཏེ། ཆོས་སྐུ་འཁྲུལ་ངོར་སྣང་མི་སྲིད་པའིི་ཕྱིར་ཏེ། དོན་དམ་ཡིན་པའི་ཕྱིར་ཏེ། སྤྱོད་འཇུག་ལས། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཡིན་པར་འདོད། །ཅེས་པ་དང་། རྡོ་རྗེ་གཅོད་པ་ལས། འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། །ཆོས་ཉིད་ཤེས་བྱ་མ་ཡིན་ཏེ། །དེ་ནི་ཤེས་པར་ནུས་མ་ཡིན། །ཞེས་པས་གསལ་ལོ། །བཀག་ཟིན་དེ་དག་དོན་འཁྲུལ་པར་ལུང་གིས་ཀྱང་བསྟན་ཏེ། ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས། སྣང་བ་ཆོས་སྐུར་འདོད་པ་ང་ལ་སྒྲིབ་པ་ཡིན། །ཅིར་སྣང་སེམས་སུ་འདོད་པ་ང་ལ་སྒྲིབ་པ་ཡིན། {རང་བྱུང་གཞན་ལས་འདོད་པ་ང་ལས་སྒྲིབ་པ་ཡིན། །སྲིད་པའི་བར་དོ་འདོད་པ་ང་ལས་སྒྲིབ་པ་ཡིན། །}ཡེ་ཤེས་སེམས་སུ་འདོད་པ་ང་ལ་སྒྲིབ་པ་ཡིན། །ཞེས་དང་། སེངྒེ་རྩལ་རྫོགས་ལས། སེམས་དང་ཡེ་ཤེས་གཉིས་སུ་མ་ཕྱེ་ན། །སྣང་བ་ཡུལ་གྱི་རྩ་བ་མི་ཆོད་པས། །


GTN002_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོན་བྲལ་ཆོས་ཉིད་དོན་གྱིས་རྟོགས་པར་དཀའ། །ཞེས་སོ། །བཞི་པ་དེ་གཉིས་ཀྱི་ངོ་བོ་ནི། སེམས་ཀྱི་ངོ་བོ་འཁྲུལ་པའི་སྣང་བར་འཇོག་པ་ཁམས་གསུམ་པའི་རྣམ་པ་ཅན་ཏེ། ཐལ་འགྱུར་ལས། སེམས་ཞེས་བྱ་བ་འཁྲུལ་རྟོག་ལ། །ཞེས་སོ། །ཡེ་ཤེས་ཀྱི་ངོ་བོ་རྣམ་པར་མི་རྟོག་པ་ནི། ཡེ་ཤེས་རྟོག་པ་མ་ཡིན་ཏེ། །ཞེས་སོ། །ལྔ་པ་གནས་ལ་གཉིས་ཏེ། སེམས་ཀྱི་གནས་ཀུན་གཞི། ཡེ་ཤེས་ཀྱི་གནས་ཆོས་སྐུ་སྟེ། ཀློང་དྲུག་པ་ལས། ཀྱེ་སེམས་དཔའ་ཆེན་པོ། སེམས་ཀྱི་གནས་ནི་ཀུན་གཞི་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་གཞིས་ནི་བསམ་པའི་ཡུལ་ཐམས་ཅད་སྡུད་ཅིང་སེམས་སུ་འདུ་ཤེས་པའི་ཕྱིར་རོ། །ཡེ་ཤེས་ཀྱི་གནས་ནི་ཆོས་སྐུ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་སྐུ་ནི་དྲན་རྟོག་ཐམས་ཅད་མི་མངའ་ཞིང། ཡུལ་ཅན་ཐ་དད་དུ་འཛིན་པའི་ཤེས་པ་མེད་པའི་ཕྱིར་རོ། །ཞེས་སོ། །དེ་ལྟར་ན་སེམས་སྤྲིན་དང་འདྲ་བ་ཡེ་ཤེས་ལ་སྒྲིབ་པ་དང་། ཡེ་ཤེས་ཉི་མ་དང་འདྲ་བ་གཉིས་གཅིག་པའི་གནས་མེད་དེ། བསྒྲིབ་བྱ་དང་སྒྲིབ་བྱེད་ཐ་དད་དུ་གནས་པ་ལས་སེམས་དང་སེམས་ལ་སྣང་བ་འཁྲུལ་པར་ཤེས་དུས་ཕྱི་སྣང་བའི་ཡུལ་དང་། དེ་འཛིན་པའི་སེམས་གློ་བུར་བ་གཞི་མེད་དུ་རྟོགས་ཤིང་ཡེ་ཤེས་དང་ཡེ་ཤེས་ཀྱི་སྣང་བ་མ་འཁྲུལ་པར་ཤེས་དུས་རིག་པ་ཆོས་སྐུའི་དཀྱིལ་འཁོར་ལ་དབང་བསྒྱུར་བའི་ཕྱིར་ན་སེམས་དང་ཡེ་ཤེས་ཕྱེད་པར་བྱ་སྟེ། མ་ཕྱེད་ན་ཡེ་ཤེས་སེམས་ཀྱིས་བསྒྲིབས་ནས་སྦྱོར་བའི་རང་ངོ་ལ་སྣང་མི་ནུས་པའི་སྐྱོན་ཡོད་དེ། སྔ་མ་ལས།
དེའི་ཕྱིར་ན་སེམས་ལ་མཁས་པའི་རྣལ་འབྱོར་པ་རྣམས་ཀྱིས་ཕྱི་རོལ་གྱི་ཡུལ་བདག་མེད་དུ་རྟོགས་སོ། །ཡེ་ཤེས་ལ་མཁས་པའི་རྣལ་འབྱོར་པ་རྣམས་ཀྱིས་རིག་པ་ཉིད་ཀྱི་ཡེ་ཤེས་ལ་དབང་བསྒྱུར་བའོ། །ཞེས་སོ། །

སེམས་ཀྱི་གནས་རྟོགས་དཀའ་བ་བྱེ་བྲག་ཏུ་བཤད་པ།

རང་ངོ་གཉིས་སུ་དབྱེ་བ་དང་།


GTN002_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

2 དོན་གཉིས་པ་སོ་སོའི་རང་བཞིན་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། སེམས་ཀྱི་གནས་རྟོགས་དཀའ་བ་བྱེ་བྲག་ཏུ་བཤད་པ་དང་། ཡེ་ཤེས་ཀྱི་གནས་རྟོགས་དཀའ་བ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་ཐུན་མོང་གི་རབ་ཏུ་དབྱེ་བ་དང་། ཁྱད་པར་གྱི་གནས་ངེས་པ་གཉིས་ལས། 1. དང་པོ་ལ་ངོ་བོ། ངེས་ཚིག །དབྱེ་བ་གསུམ་ལས། ༡ སེམས་ཀྱི་ངོ་བོ་ནི། འགྲོ་དྲུག་ཐ་དད་པའི་ཤེས་པ་རང་ག་མ་གཟུང་འཛིན་ཀུན་ཏུ་རྟོག་པས་སྣང་བ་ལ་བདག་ཏུ་འཛིན་པ་དང་བཅས་པ་སྟེ། དྲན་བསམ་རང་རྒྱུད་དུ་ཤར་བ་ནི། ཐལ་འགྱུར་ལས། སེམས་ཞེས་བྱ་བ་འཁྲུལ་རྟོག་ལ། །ངོ་བོ་འཇུག་ཅིང་ཁྱབ་པ་སྟེ། །དྲན་བསམ་རྣམས་ཀྱི་གཞི་མའོ། །ཞེས་པ་དང་། སེངྒེ་རྩལ་རྫོགས་ལས། སེམས་ཀྱིས་སྣ་ཚོགས་བག་ཆགས་སྡུད་པར་བྱེད། །ཅེས་དང་། ཀློང་དྲུག་པ་ལས། མདོར་ན་འཁོར་བའི་ཆོས་ཐམས་ཅད་ནི། རང་གི་མཚན་ཉིད་འཛིན་པའི་སེམས་ཏེ། འགྲོ་བ་རིགས་དྲུག་གི་རང་ག་མའི་སྣང་བ་ཐམས་ཅད་དོ། །ཞེས་སོ། །དེའང་སྣང་མི་སྣང་དུ་སེམས་འཛིན་པས་སྣང་བ་སེམས་སུ་མིང་བཏགས་སོ། །སྣང་བ་སེམས་སུ་མི་འདོད་པ་སྔར་བཤད་ཟིན་ཏོ། །
༢ ངེས་ཚིག་ནི། ཡུལ་ལ་སེམས་པས་ན་སེམས་ཏེ། རྟོག་བཅས་རགས་པའི་ཡུལ་ལ་སེམས་པ་དང་། རྟོག་མེད་ཕྲ་བའི་ཡུལ་ཅི་ཡང་མི་འཛིན་པ་ཙམ་གྱི་ངང་ཡུལ་དེར་སེམས་སུ་འཇོག་པས་སེམས་ཞེས་བྱ་སྟེ། །ཐལ་འགྱུར་ལས། ངེས་ཚིག་བསམ་པས་དྲན་ཡུལ་བསྐྱེད། །གང་ལ་སེམས་དང་གང་གིས་སེམས། །གར་སེམས་པ་དང་གང་ཕྱིར་སེམས། །ཞེས་སོ། །

རྣམ་ཤེས་ཀྱི་ཚོགས་པར་དབྱེ་བ།


GTN002_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

༣ དབྱེ་བ་ལ་གཉིས་ཏེ་རང་ངོ་གཉིས་སུ་དབྱེ་བ་དང་། རྣམ་ཤེས་ཀྱི་ཚོགས་པར་དབྱེ་བའོ། །དང་པོ་ལ། དག་པ་དང་། མ་དག་པའི་སེམས་གཉིས་ལས། དག་པ་ལ་སེམས་ཉིད་དག་པ་དང་། སེམས་དག་པ་གཉིས་སོ། །སྔ་མ་ནི། སེམས་སེམས་བྱུང་དང་དངོས་པོ་མཚན་མར་འཛིན་པས་སྟོང་པའི་ཆོས་ཉིད་དེ་བཞིན་ཉིད་སོ་སོ་རང་གི་རིག་པ་སྟེ། སྒྲ་གཅན་འཛིན་གྱི་ཡུམ་ལ་བསྟོད་པ་ལས། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཞེས་འབྱུང་བ་བཞིན་ནོ། །སེམས་དག་པ་ནི། འཁྲུལ་རྟོག་རགས་པས་མ་བསྐྱེད་པའི་ཡེ་ཤེས་རྟོག་མེད་རང་ས་ན་གནས་པ་སྟེ། བསམ་གཏན་བཞི་དང་། གཟུགས་མེད་བཞི་དང་། འདོད་པའི་ཞི་གནས་རྩེ་གཅིག་པའི་སེམས་ཀྱི་སྣང་བ་དང་དགུའོ། །དེ་ཡང་ལམ་དུས་ཀྱི་རྟོག་པས་མ་བསླད་པ་ཐར་པའི་རྒྱུར་རུང་ཏིང་ངེ་འཛིན་དུ་སྐྱེས་པ་དང་། རྟོག་


GTN002_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་སྙིང་རྗེ་སེམས་བསྐྱེད་ལ་སོགས་པ་ཐར་པའི་རྒྱུར་རུང་རྣམས་ཏེ། རིན་ཆེན་ཕྲེང་བ་ལས། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །བྱང་ཆུབ་བསྒྲུབ་པ་ཁ་ཅིག་ལའོ། །ཞེས་དང་། མ་ཆགས་མི་སྡང་གཏི་མུག་མེད། །དེས་བསྐྱེད་ལས་ནི་དགེ་བ་འོ། །ཞེས་པ་རྣམས་སོ། །འདི་དག་ཀྱང་རང་བྱུང་གི་དོན་དམ་དོན་སྤྱི་འཛིན་པ་ལས་དངོས་སུ་དམིགས་པར་མི་ནུས་པས། འཁོར་བའི་ཆར་གཏོགས་པའི་སེམས་སུ་སྡུད་པ་སྟེ། རྒྱུད་བླ་མ་ལས། རང་བྱུང་རྣམས་ཀྱི་དོན་དམ་དེ། །དད་པ་ཉིད་ཀྱིས་རྟོགས་བྱ་ཡིན། །ཉི་མའི་དཀྱིལ་འཁོར་འོད་གསལ་ཡང་། །མིག་མེད་པས་ནི་མཐོང་བ་མེད། །ཅེས་སོ། །མ་དག་པ་ནི། ཀུན་ཏུ་རྟོག་པ་སྣ་ཚོགས་པ་དང་། རོ་མྱོང་མཚུངས་ལྡན་གྱི་སེམས་བསམ་གཏན་གཟུགས་མེད་ཀྱི་རྣལ་འབྱོར་རྗེས་ཀྱི་ཡུལ་ཅན་ཐམས་ཅད་དོ། །ཐལ་འགྱུར་ལས། དབྱེ་བ་དག་དང་མ་དག་པའོ། །ཞེས་སོ། །གཉིས་པ་རྣམ་ཤེས་ཀྱི་ཚོགས་པར་དབྱེ་བ་ལ་བརྒྱད་དེ། ཀུན་གཞི་རྣམ་པར་ཤེས་པའི་སེམས་གསལ་ལ་རྟོག་མེད་ལུང་མ་བསྟན་མེ་ལོང་གི་ངོས་ལྟ་བུ་དང་། མིག་གི་རྣམ་ཤེས་གཟུགས་སྣང་ལ་མི་རྟོག་པ་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་ཀྱི་རྣམ་ཤེས་རང་རང་གི་ཡུལ་སྣང་ལ་མི་རྟོག་པ་མེ་ལོང་དུ་གཟུགས་བརྙན་ཤར་ཟིན་པ་ལྟ་བུ་དང་། ཡིད་རང་ཡུལ་ཆོས་དུ་མ་ལ་རྟོག་པའི་ཆ་ལས་མངོན་གྱུར་དབང་པོའི་ཡུལ་ལ་དབང་ཤེས་དང་འཛིན་སྟངས་སུ་འཇུག་གམ། དོན་སྤྱི་རྟོག་པའི་ཡུལ་མེད་པ་གསལ་སྣང་རྡོ་རྗེ་གདན་ལྟ་བུར་རྟོག་དུས་ན། དང་པོར་རྟོག་པའི་


GTN002_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་བཟུང་བར་སྐྱེས་པ་དེ་ཡིད་ཤེས། དེའི་རྗེས་ལ་ཆགས་སྡང་བར་མ་གང་རུང་དུ་སྤྱོད་པར་སྐྱེས་པ་དེ་འཛིན་པའི་ཤེས་པ་སྟེ་ཉོན་ཡིད་ཅེས་བྱའོ། །དེ་ཡང་འདི་ཉིད་ཞིབ་ཏུ་བརྗོད་ན་མདོར་བསྟན་དང་། རྒྱས་བཤད་གཉིས་ཀྱིས་ཏེ། དང་པོ་ནི། དབྱིངས་ལ་མ་དག་པ་མེད་ཀྱང་། དེ་ལས་གཡོས་དུས་གཞི་སྣང་ལས་གོ་མ་འགགས་པར་གང་ཡང་ཤར་ཏེ། མ་རིག་པའི་རོལ་པ་ལས་སེམས། སེམས་ཀྱི་རྒྱན་ལས་ཡིད། ཡིད་ལས་ཉོན་མོངས་སུ་ཤར་བའོ། །དེ་ཡང་རོལ་པ་ནི་ནུས་པའམ་རྩལ་ལམ་ཟེར་ལྟར་དེ་ལས་བྱུང་བའི་གདངས་ཙམ་སྟེ། ས་བོན་ལས་མྱུ་གུ་དང་། བྱད་ཀྱི་རྣམ་པ་ལས་དེའི་གཟུགས་བརྙན་མེ་ལོང་དུ་ཤར་བ་བཞིན་ནོ། །རྒྱན་ནི་དེ་ལས་སྨིན་སོར་ཤར་བ་འབྲུའི་ཆ་ཙམ་སྟེ་ས་བོན་ལས་མེ་ཏོག་དང་རྒྱའི་འབུར་བཞིན་ནོ། །དེ་ལྟར་ཡང་རང་ཤར་ལས། ཡང་དག་པར་ཀ་དག་གི་སྣང་བ་ལ་མ་རིག་པ་མེད། སེམས་མེད། ཡིད་མེད་ཀྱང་། ལྷུན་གྲུབ་ཀྱི་རྩལ་ལས་མ་རིག་པ་བྱུང་། མ་རིག་པའི་རོལ་པ་ལས་སེམས་བྱུང་། སེམས་ཀྱི་རྒྱན་ལས་ཡིད་བྱུང་། ཡིད་ཀྱི་ཡུལ་ལས་དུག་ལྔ་བྱུང་། དུག་ལྔ་ལས་ཉོན་མོངས་པ་བཅུ་དྲུག་བྱུང་། བཅུ་དྲུག་ལས་ཉི་ཤུ་རྩ་ལྔ་བྱུང་། དེ་ལས་ལྔ་བཅུ་རྩ་གཅིག་བྱུང་། དེ་ལས་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་བྱུང་ངོ་། །ཞེས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་ལས། དང་པོ་རྩ་བ་མ་རིག་པའི་དབྱེ་བ་ནི། རང་ཤར་ལས་མ་རིག་པ་རྣམ་པ་དྲུག་གསུངས་པ་གོང་སྨོས་ལྟར་དང་།


GTN002_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་དེ་ལས་བྱུང་བའི་སེམས་ཀྱི་དབྱེ་བ་ནི། ལུང་སྔ་མ་ལས། སེམས་ཀྱི་དབྱེ་བ་འདི་ལྟ་སྟེ། སྣ་ཚོགས་སྡུད་པ་ཆུ་ལྟ་བུའི་སེམས་དང་། གཙང་བཙོག་མེད་པ་ཕག་ལྟ་བུའི་སེམས་དང་། དཔའ་བརྟུལ་ཆེ་བ་སྟག་ལྟ་བུའི་སེམས་དང་། ཡང་བ་སྒྲོ་ལྟ་བུའི་སེམས་དང་། བསྐྱོད་པ་རླུང་ལྟ་བུའི་སེམས་དང་། རབ་ཏུ་མྱོས་པ་འདམ་རྫབ་ལྟ་བུའི་སེམས་དང་། མཆེད་པ་མེ་སྟག་ལྟ་བུའི་སེམས་དང་། འདོད་པ་བྱ་ལྟ་བུའི་སེམས་དང་། རྒྱས་པ་ཡལ་ག་ལྟ་བུའི་སེམས་དང་། འགོག་པར་དཀའ་བ་གར་སྤྱིན་ལྟ་བུའི་སེམས་དང་། གཟའ་གཏད་མེད་པ་སྨྱོན་པ་ལྟ་བུའི་སེམས་དང་བཅུ་གཅིག་གོ །ཞེས་སོ། །དེ་དག་ཀྱང་རིམ་པ་ལྟར་ཡུལ་དང་བག་ཆགས་སྣ་ཚོགས་སྡུད་པས་ཆུ་དང་། བླང་དོར་ལ་རྨོངས་པས་ཕག་དང་། ཞེ་སྡང་དང་ང་རྒྱལ་རགས་པས་སྟག་དང་། ཡུལ་དུ་མ་ལ་འཇུག་ལ་ས་ཟིན་གཅིག་ཏུ་མ་ངེས་པས་བྱ་སྒྲོ་དང་། འགྱུ་བ་ལ་ཐོགས་པ་མེད་པ་རླུང་དང་། ཡུལ་ལ་སྲེད་པས་མྱོས་པ་རྫབ་དང་། གཅིག་ནས་དུ་མར་རྣམ་རྟོག་མཆེད་པ་མེ་དང་། ཡུལ་དང་དུ་ལེན་པར་འདོད་པར་བྱ་དང་། ཤེས་པའི་རྩལ་རྒྱས་པའི་དོན་ལ་དཔྱོད་པ་ཡལ་ག་དང་། ཡུལ་གྱིས་རིག་པ་བཟུང་ནས་དེའི་དབང་དུ་སོང་བ་གར་སྤྱིན་དང་། ཡལ་མ་ཡལ་གྱི་ཤེས་པ་གཏད་མེད་དུ་འཕྱོ་བ་སྨྱོན་པ་ལྟ་བུའི་སེམས་སོ། །འདི་དག་ཀྱང་ཡུལ་དང་རྐྱེན་གྱིས་དགེ་མི་དགེ་ལུང་མ་བསྟན་གྱི་སེམས་གསུམ་དུ་འདུས་སོ། །སེམས་ལས་ཡིད་བྱུང་སྟེ་ཀུན་ཏུ་འཚོལ་བའི་ཡིད་ལ་སོགས་པ་དྲུག་གོ །


GTN002_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་དེ་ལས་བྱུང་བ་ཉོན་མོངས་པའི་དབྱེ་བ་ལ་གསུམ་སྟེ། (དང་པོ་)དྲུག་རྩ་བའི་ཉོན་མོངས་པ་ནི། ཉི་ཟླ་ཁ་སྦྱོར་ལས། ཉོན་མོངས་པ་ནི་དྲུག་སྟེ། མ་རིག་པ་ཞེས་བྱ་བ་ནི་གཞི་འཁྲུལ་རྟོག་གི་ཆ་འཛིན་པའོ། །གཏི་མུག་ནི་ཤེས་རབ་ཀྱི་ཆ་ལས་འཁྲུལ་པའོ། །ཞེ་སྡང་ནི་བསྐྱེད་པའི་རིམ་པའི་ཆ་ལས་འཁྲུལ་པའོ། །ང་རྒྱལ་ནི་ལྟ་བའི་ཆ་ལས་འཁྲུལ་པའོ། །འདོད་ཆགས་ནི་སྣང་བའི་ཆ་ལས་འཁྲུལ་པའོ། །ཕྲག་དོག་ནི་མ་རྟོག་པའི་ཆ་ལས་འཁྲུལ་པའོ། །ཞེས་སོ། །དེའང་རིམ་པ་ལྟར་ཡུལ་ཡུལ་ཅན་འཁྲུལ་རྟོག་གི་ཆའི་རྨོངས་པ་དང་། ཤེས་རབ་རིག་པ་ལས་ལོག་ཙམ་གྱི་མི་ཤེས་པ་དང་། ཡུལ་ལ་སྡང་བའི་ཆ་ཅན་དང་། ངའོ་སྙམ་པའི་ཁེངས་པ་དང་། ཡུལ་ལ་སྲེད་པ་དང་། དོན་མ་རྟོགས་པས་གཞན་ལ་ཁྲོ་བ་རྣམས་སོ། གཉིས་པ། བཅུ་དྲུག་ཉེ་བའི་ཉོན་མོངས་པ་ནི། རང་ཤར་ལས། བཅུ་དྲུག་པོ་གང་ཞེ་ན། མ་རིག་པ་དང་། སེམས་དང་། ཡིད་དང་། འཛིན་པ་དང་། རྟོག་པ་དང་། མ་ཤེས་པ་དང་། མ་མཐོང་བ་དང་། མ་རྟོགས་པ་དང། མ་གོ་བ་དང་། རང་གི་དེ་མ་དག་པ་དང་། ང་ཡིར་བཟུང་བ་དང་། གཞན་ལ་སེར་སྣ་བྱེད་པ་དང་། འདོད་པ་དང་། ཆགས་པ་དང་། ཁེངས་པ་དང་། འཕྲོ་བ་དང་བཅུ་དྲུག་གོ། ཞེས་སོ། །དེ་དག་ཀྱང་རིམ་པ་ལྟར། དེ་ཁོ་ན་ཉིད་མ་ཤེས་པའི་རྨོངས་པས་ཀུན་ནས་ཉོན་མོངས་པར་བྱས་པ་དང་། ཡུལ་ལ་སེམས་པ་བཟུང་བ་དང་། ཡུལ་ཅན་ལ་འཛིན་པ་ཡིད་དང་། གཉིས་ཀ་ལ་བདག་ཏུ་འཛིན་པ་དང་། ཀུན་ཏུ་རྟོག་པ་དང་། དོན་མ་རིག་པ་དང་། གནས་ལུགས་གཉེར་བྱ་མ་མཐོང་བ་དང་། ཚིག་དོན་མ་རྟོགས་པ་དང་།


GTN002_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་སྤྱི་མ་གོ་བ་དང་། འཁྲུལ་པར་ཤེས་ནས་དམ་བཅས་པའི་དོན་སྔ་མ་ནོར་བའི་རྣམ་པ་དང་། ཡུལ་ང་ཡིར་འཛིན་པ་དང་། གཞན་ཕུན་སུམ་ཚོགས་པ་ལ་མི་དགའ་བ་དང་། ཡུལ་དང་དུ་ལེན་པ་དང་། ཡུལ་ལ་སྲེད་པ་དང་། ཅུང་ཟད་ཀྱིས་རློམ་ཞིང་ཁེངས་པ་དང་། ཡུལ་ལ་འཕྲོ་ཞིང་ཁྲོ་བ་རྣམས་སོ། །གསུམ་པ། ཕྲ་རྒྱས་གསལ་བ་མཐའ་ཡས་པའི་ཉོན་མོངས་པ་ལ་གསུམ་སྟེ། ཉི་ཤུ་རྩ་ལྔ། ལྔ་བཅུ་རྩ་གཅིག །སྟོང་ཕྲག་བརྒྱད་ཅུ་རྩ་བཞིའོ། །དང་པོ་ནི། རྩ་བའི་མ་རིག་པ་བྱ་བ་བྱེད་དུ་ཡོད་པས་ལོགས་སུ་མ་བགྲངས་པར་ཁྱབ་བྱ་དུག་ལྔ་ལ་ལྔ་ལྔར་ཕྱེ་བས་ཉི་ཤུ་རྩ་ལྔ་སྟེ། རང་ཤར་ལས། གཏི་མུག་ལ་ལྔ་སྟེ། རབ་ཏུ་གཏི་མུག་པའི་གཏི་མུག་དང་། མ་ཤེས་པའི་གཏི་མུག་དང་། མ་མཐོང་བའི་གཏི་མུག་དང་། ཤིན་ཏུ་འཐིབས་པའི་གཏི་མུག་དང་། རབ་ཏུ་མྱོས་པའི་གཏི་མུག་དང་ལྔའོ། །འདོད་ཆགས་ལའང་ལྔ་སྟེ། ཞེ་ལ་འདོད་པའི་འདོད་ཆགས་དང་། ཤིན་ཏུ་གདུང་བའི་འདོད་ཆགས་དང་། སྲོག་ལ་མི་ལྟ་བའི་འདོད་ཆགས་དང་། ཞེ་སྡང་དང་བཅས་པའི་འདོད་ཆགས་དང་། མཁའ་ལ་སྤྱོད་པའི་འདོད་ཆགས་དང་ལྔའོ། །ཞེ་སྡང་ལ་ཡང་ལྔ་སྟེ། འདོད་པ་ཤས་ཆེ་བའི་ཞེ་སྡང་དང་། ཁྲོ་བ་དང་བཅས་པའི་ཞེ་སྡང་དང་། ཤིན་ཏུ་རགས་པའི་ཞེ་སྡང་དང་། གཏི་མུག་དང་བཅས་པའི་ཞེ་སྡང་དང་། དུས་ཀྱི་འབྲུག་ཆར་ལྟ་བུའི་ཞེ་སྡང་དང་ལྔའོ། །


GTN002_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

ང་རྒྱལ་ལའང་ལྔ་སྟེ། ཟིལ་གྱིས་གནོན་པ་སེངྒེ་ལྟ་བུའི་ང་རྒྱལ་དང་། གོང་ན་མེད་པ་ནམ་མཁའ་ལྟ་བུའི་ང་རྒྱལ་དང་། དཔའ་བརྟུལ་ཆེ་བ་སྟག་ལྟ་བུའི་ང་རྒྱལ་དང་། ང་འོ་སྙམ་པ་དུར་བྱ་ལྟ་བུའི་ང་རྒྱལ་དང་། མི་མཉམ་པ་སྙོམས་པ་གླང་པོ་ཆེ་ལྟ་བུའི་ང་རྒྱལ་དང་ལྔའོ། །ཕྲག་དོག་ལ་ཡང་ལྔ་སྟེ། ཕྲ་བའི་ཕྲག་དོག་དང་། ང་ལས་བྱུང་བའི་ཕྲག་དོག་དང་། ཤིན་ཏུ་རྩུབ་པའི་ཕྲག་དོག་དང་། རགས་པའི་ཕྲག་དོག་དང་། ལྟ་བའི་ཕྲག་དོག་དང་ལྔའོ། །དེ་ནི་ཉོན་མོངས་པ་ཉི་ཤུ་རྩ་ལྔའོ། །ཞེས་སོ། །གཉིས་པ་ལྔ་བཅུ་རྩ་གཅིག་ནི། དེ་ལྟར་ཉི་ཤུ་རྩ་ལྔ་ལ་ཡུལ་བཟུང་བའི་ཉོན་མོངས་པ་ཉི་ཤུ་རྩ་ལྔ། ཡུལ་ཅན་འཛིན་པའི་ཉོན་མོངས་པ་ཉི་ཤུ་རྩ་ལྔ་སྟེ་ལྔ་བཅུ། རྩ་བ་མ་རིག་པ་དང་རྩ་གཅིག་འབྱུང་ངོ་། །གསུམ་པ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ནི། འདོད་ཆགས་ལས་གྱུར་པ་ཉི་ཁྲི་ཆིག་སྟོང་། ཞེ་སྡང་ལས་གྱུར་པ་ཉི་ཁྲི་ཆིག་སྟོང་། གཏི་མུག་ལས་གྱུར་པ་ཉི་ཁྲི་ཆིག་སྟོང་། ཆ་མཉམ་ལས་གྱུར་པ་ཉི་ཁྲི་ཆིག་སྟོང་སྟེ་བསྡོམས་པས་སྟོང་ཕྲག་བརྒྱད་དང་བཞིའོ། །ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་ཡང་གསལ་བ་ཡང་མཐའ་ཡས་པར་ཕྱེ་ན་དཔག་ཏུ་མེད་དེ་བསམ་གྱིས་མི་ཁྱབ་བོ། །དེ་དག་ཀྱང་སེམས་དང་། ཡིད་དང་། དྲན་པ་དང་། བག་ཆགས་དང་། ཐེ་ཚོམ་གྱིས་སྐྱེད་ཅིང་ཀུན་ནས་ལྡང་བ་དང་ཉོན་མོངས་པའི་དྲི་ང་བས་བསྒོས་པར་འཁོར་བར་ཉོན་མོངས་པར་བྱེད་པའི་ལས་ཅན་ཏེ། ཉི་ཟླ་ཁ་སྦྱོར་ལས། དེ་དག་ལ་སོགས་ཏེ་ཉོན་མོངས་པ་ནི་བསམ་པ་རྣམས་རྗེས་སུ་འཛིན་པའི་སེམས་དང་། དྲན་པ་རྣམས་རྗེས་སུ་


GTN002_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པའི་ཡིད་དང་། མཚམས་སྦྱོར་བའི་བག་ཆགས་དང་། ཐེ་ཚོམ་ཐམས་ཅད་ཀྱི་གཞིར་གྱུར་པའི་རྟོག་པ་དང་། ཡུལ་དང་དངོས་པོ་འཛིན་པའི་ཆ་ལ་སོགས་ཏེ་དཔག་ཏུ་མེད་དོ། །ཞེས་སོ། །དེ་ལྟར་ལས་དང་ཉོན་མོངས་པ་ཐམས་ཅད་ཁམས་གསུམ་པའི་སེམས་སེམས་བྱུང་ལ་བརྟེན་པས། དེ་ཡང་རྣམ་པར་ཤེས་པའི་ཚོགས་བརྒྱད་དོ། །ཀུན་གཞིའི་རྣམ་པར་ཤེས་པ་ཡུལ་དུ་མི་རྟོག་རྣམ་པར་འཆར་བའི་རྒྱུར་གྱུར་པའི་རྣམ་ཤེས་རྟོག་མེད་དངས་པ་དང་། དེ་ལས་མཆེད་པ་སྒོ་ལྔའི་ཤེས་པ་ལས། མིག་གི་རྣམ་ཤེས་གཟུགས་འཛིན་རྟོག་མེད། རྣ་བའི་རྣམ་ཤེས་སྒྲ་འཛིན་རྟོག་མེད། སྣའི་རྣམ་ཤེས་དྲི་འཛིན་རྟོག་མེད། ལྕེའི་རྣམ་ཤེས་རོ་འཛིན་རྟོག་མེད། ལུས་ཀྱི་རྣམ་ཤེས་རེག་འཛིན་རྟོག་མེད་དོ། །དེ་ལས་གཟུང་འཛིན་གྱི་ཡིད་ཤེས་གཉིས་ཏེ། ཡུལ་དང་པོར་སྤྱི་འཛིན་པ་ཡིད་ཤེས་དང་། རྗེས་ལ་བྱེ་བྲག་འཛིན་པ་ཉོན་ཡིད་དེ། གཟུང་བ་དང་། འཛིན་པའོ། །ཡིད་ཤེས་འདི་གཉིས་ལ། དགེ་མི་དགེ་ལུང་མ་བསྟན་གསུམ་ཡོད་ལ། རྟོག་བཅས་རྟོག་མེད་ཅི་རིགས་སུ་ཡོད་དོ། །སྒོ་ལྔ་དང་ཀུན་གཞིའི་རྣམ་ཤེས་རྟོག་མེད་ཡིན་ནོ། །འདི་ལྟར་ཁམས་གསུམ་པའི་སེམས་དང་སེམས་བྱུང་ལྔ་བཅུ་རྩ་གཅིག་ཐམས་ཅད་སྤང་བྱ་སྒྲོ་བཏགས་ཁོ་ན་ཡིན་ཏེ། བདེན་གཉིས་ལས། སེམས་དང་སེམས་བྱུང་ཁམས་གསུམ་པའི། །སྒྲོ་བཏགས་རྣམ་པ་ཅན་རྟོག་ཡིན། །ཞེས་སོ། །དེ་དག་སྤང་བྱ་ཅན་ཡིན་ཏེ། མ་རིག་པའི་རང་བཞིན་ཡིན་པའི་ཕྱིར་རོ། །འདིར་སེམས་ལ་དུ་མ་བྱས་ཏེ་སངས་རྒྱས་འདོད་པའི་གཞུང་ཆེན་པོ་དབུ་མ་ལ་སོགས་པའི་ལུགས་ཀྱིས་ཀྱང་། སེམས་དང་


GTN002_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཉིད་གཉིས་སུ་ཕྱེ་ནས་སེམས་ཚོགས་བརྒྱད་དམ་བདུན་ནམ་དྲུག་གི་རང་བཞིན་དྲུག་གི་སྤང་བྱར་བསྡུས་ནས། སེམས་ཉིད་རང་བཞིན་གྱིས་རྣམ་པར་དག་པ་བླང་བྱར་རྟོགས་པས་ལམ་བསྒོམ་པ་ལ་འཇུག་པར་བྱེད་དོ། །འདིར་ཡང་དེ་དང་ཆ་ཙམ་མཚུངས་པར། རིག་པ་དང་རིག་པ་ལས་བྱུང་བའི་སེམས་ཉིད་དང་། རང་གི་མཚན་ཉིད་འཛིན་པའི་སེམས་ཞེས་བཤད་དེ། ཀློང་དྲུག་པ་ལས། ཀྱེ་སེམས་དཔའ་ཆེན་པོ་རིག་པ་དང་རིག་པ་ལས་བྱུང་བའི་སེམས་ཉིད་ནི་དྲི་མ་དང་རྣམ་པར་རྟོག་པ་ཐམས་ཅད་ལས་འདས་པ་སྟེ། མདོར་ན་མྱ་ངན་ལས་འདས་པའི་རྒྱུ་དང་འབྲས་བུ་ཐམས་ཅད་དེ། རིག་པ་རང་སྣང་མཐོང་བའི་སྐྱེས་བུ་རྣམས་ཀྱི་སྤྱོད་ཡུལ་ལོ། །རང་གི་མཚན་ཉིད་འཛིན་པའི་སེམས་ནི། འདི་ལྟར་བཏགས་པར་སྣང་བ་ཐམས་ཅད་དང་། ཡོད་པར་སྣང་བ་དང་མེད་པར་སྣང་བ་ཐམས་ཅད་དང་། སྣང་བ་དང་། གྲགས་པ་དང་། ལྟ་བ་དང་། སྒོམ་པ་དང་། སྤྱོད་པར་སྣང་བ་ཐམས་ཅད་དང་། འཛིན་པ་དང་། རྟོག་པ་དང་། ཉོན་མོངས་པ་རྣམས་ཏེ། བསམ་པའི་ཡུལ་དུ་སྣང་བ་ཐམས་ཅད་ཡིན་ནོ། །མདོར་ན་འཁོར་བའི་ཆོས་ཐམས་ཅད་ནི། རང་གི་མཚན་ཉིད་འཛིན་པའི་སེམས་ཏེ། འགྲོ་བ་རིགས་དྲུག་གི་རང་ཀ་མའི་སྣང་བ་ཐམས་ཅད་དོ། །ཞེས་གསུངས་པ་ཡིན་ནོ། །འོ་ན་འདི་གཉིས་མཚུངས་སམ་སྙམ་ན། ཁྱད་པར་ཆེ་སྟེ་ཐུན་མོང་གི་ཐེག་པས་ལྟ་སྒོམ་སྤྱོད་པ་གང་བྱེད་ཀྱང་སེམས་ལས་འདའ་མི་ནུས་ལ། འདིར་སེམས་མ་འདྲེས་པའི་རིག་པ་མངོན་སུམ་གྱི་གནད་ཀྱིས་ཆེས་འཕགས་པ་ལ་སོགས་པ་མང་ངོ་། །

ཁྱད་པར་གྱི་གནས་ངེས་པ།


GTN002_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

2. གཉིས་པ་ཁྱད་པར་གྱི་གནས་ངེས་པ་ལ་ལྔ་སྟེ། ངོ་བོ། གནས། ལམ། བྱེད་ལས། འབྲས་བུའོ། །༡ སེམས་ཀྱི་ངོ་བོ་ནི། གཟུང་འཛིན་གྱི་ཤེས་པ་ཁམས་གསུམ་པའི་ཀུན་ཏུ་རྟོག་པ་སྟེ། སེམས་ཀུན་གཞིའི་རྣམ་ཤེས་ཡིད་ཀུན་ཏུ་འགྲོ་བ་ཡུལ་ལ་སྤྱོད་པ་རྣམ་པར་ཤེས་ཏེ། དེ་གསུམ་ངོ་བོ་གཅིག་པའི་ཤེས་པ་རང་མ་རིག་པ་དུག་ལྔའི་རྩ་བ་ཅན་ནོ། །༢ གནས་ནི། གློ་བ་ནས་སྙིང་དུ་འབྲེལ་བའི་བར་ན་རྩ་སོག་མའི་སྦུ་གུ་ཙམ་ནས་རླུང་གི་རྟ་ལ་རིག་པའི་གདངས་ཞོན་ནས་གནས་ཏེ་རླུང་ནི་རྟ་ལོང་བ་རྐང་ཅན་འདྲ་ལ། རིག་གདངས་ནི་མི་འཕྱེ་བོ་མིག་ཅན་འདྲའོ། །དེ་གཉིས་གཅིག་ཏུ་མ་འདྲེས་ན་མི་འགྱུ་དགུ་འགྱུའི་རྟོག་པ་མི་འབྱུང་བར། གདངས་རིག་པ་རང་ལ་རང་ཆས་སུ་གནས་པས་ཡུལ་སྣང་ཡང་དེ་ལ་མི་རྟོག་པར་ཤེས་པ་དངས་སངས་བྱེད་པ་འབྱུང་བས་རླུང་གནད་ཀྱིས་རླུང་དང་རིག་པ་འབྱེད་པའི་རྒྱུ་མཚན་དེ་ཡིན་ནོ། །དེ་གཉིས་འདྲེས་པས་རྟོག་པ་མི་བཀྲ་དགུ་བཀྲར་བྱུང་བའི་འགྱུ་ཆ་རླུང་ཡིན་ལ། རིག་ཆ་རིག་གདངས་ཡིན་ནོ། །དེ་ཡང་སྙིང་ནང་གི་རིག་པ་དངོས་ཆུ་དང་འདྲ་ལ། དེ་ལས་རྩལ་གདངས་རྩ་སྦུབས་སུ་སོང་བས་རླུང་དང་འདྲེས་པའི་སེམས་དེ་ཆུའི་ལྦུ་བ་དང་འདྲ་སྟེ། སེམས་དེ་རིག་པའི་རྩལ་ལམ་གདངས་ཡིན་ནོ། །དེའང་སེམས་ནི་རིག་པ་ཡོད་མེད་ཀྱི་རྗེས་སུ་བྱེད་ལ། རིག་པ་ནི་སེམས་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་མི་བྱེད་པས། ངོ་བོ་ལ་སེམས་ཀྱི་དབང་དུ་རིག་པ་མ་གྱུར་ལ་རྩལ་ཡིན་


GTN002_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

པས་རིག་པའི་དབང་དུ་སེམས་གྱུར་པ་ཡིན་ཏེ། རིག་པ་མི་གཡོ་ན་སེམས་རྟོག་མི་སྲིད་དེ་ཆུ་མི་གཡོ་ན་རྦ་རླབས་འབྱུང་མི་སྲིད་པ་བཞིན་ནོ། །༣ ལམ་ནི། དེ་ནས་སྒལ་ཚིགས་འདབ་ན་ཡར་རྩ་གཅིག་རྩེ་ཆུང་ནས་ཁ་སྣར་འབྲེལ་བས་ན་ཡར་རྒྱུ་བའོ། །༤ བྱེད་ལས་ནི། འཁོར་བའི་བདེ་སྡུག་སྣ་ཚོགས་བྱེད་དོ། །༥ འབྲས་བུ། འཁོར་བ་དང་ངན་སོང་མུ་མཐའ་མེད་པའོ། །དེའང་མ་དག་སུམ་བརྩེགས་ཞེས་བྱ་སྟེ། སྙིང་དང་གློ་བའི་བར་གྱི་རྩ་འདབ་དབུགས་ཀྱི་རྟ་ལ་རིག་པའི་གདངས་ཏེ། ངོ་བོ་མ་རིག་པ། རྣམ་པ་སེམས། རྟོག་པ་ཡིད་ཅེས་བྱ་བ་སུམ་ལྡན་གྱི་ཚོགས་ཏེ། རང་ཤར་ལས། མ་དག་པ་ཡི་གནས་ལུགས་ནི། །སེམས་ཅན་ཀུན་གྱི་རང་རྒྱུད་ལ། །མ་དག་སུམ་བརྩེགས་གནས་པའོ། །དེ་ཡང་གནས་ལུགས་འདི་ལྟ་སྟེ། །སྙིང་དང་གློ་བའི་བར་དུ་ཡང་། །བརྩེགས་མ་གསུམ་དུ་གནས་པའོ། །དེ་ནས་རྩ་ནས་འགྱུ་བའོ། །སྲོག་པ་རྩ་ནས་ལམ་འབྱུང་ངོ་། །སྒོ་ནི་ཁ་དང་སྣ་ནས་འབྱུང་། །དེ་ལ་སྟོང་ཕྲག་བརྒྱད་ཅུའོ། །དེ་ལ་སོགས་པའི་ཉོན་མོངས་རྣམས། །སྣ་ཚོགས་དུ་མར་འབྱུང་བའོ། །ཞེས་པ་དང་། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། སྐྱེ་འགྲོ་སྲོག་གིས་བསྡུས་པའི་སེམས་ཅན་ཐམས་ཅད་ལ། ཉོན་མོངས་པ་མ་རིག་པ་ཞེས་བྱ་བ་ཤས་ཆེར་གནས་སོ། །དེ་ཡང་རྟེན་གཟུགས་ཀྱི་ཕུང་པོ་ལ་བརྟེན་ནས་གནས་སྙིང་དང་གློ་བའི་བར་ན་གནས་སོ། །དེ་ཡང་མ་རིག་པ་རྐྱང་པར་མེད་དེ་སེམས་ཞེས་བྱ་བ་བག་ཆགས་ཐམས་ཅད་སྡུད་པས༷་བརྒྱན༷་ནས༷་{པའི༵་གཞིར༵་}གནས་སོ། །དེ་ལ་ཡིད་ཅེས་བྱ་བ་རྟོག་པ་དང་ལྷན་ཅིག་ཏུ་གནས་སོ། །དེ་


GTN002_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གཅིག་ཏུ་འདུས་པ་ལས་མ་རིག་པ་ཞེས་བྱ་སྟེ་འཁོར་བ་ཁོ་ནའོ། །དེ་ལས་དུག་ལྔ་ཁོང་ཁྲོ་དང་དྲུག་བྱུང་ངོ་། །དེ་ལས་ཉོན་མོངས་པ་སྟོང་ཕྲག་དྲུ༷ག་{བརྒྱ༵ད་}ཅུ་བྱུང་ངོ་། །དེ་རྣམས་ལམ་གང་ནས་འབྱུང་ཞེ་ན། གློ་བ་དང་སྙིང་དུ་འབྲེལ་བའི་བར་ན་སྲོག་རྩ་དམར་པོ་ཞེས་བྱ་བ་སོག་སྦུབས་ཙམ་གྱི་ནང་དུ་ཡར་རྒྱུ་སྟེ་དེ་ཡང་སྒལ་ཚིགས་ཀྱི་འདབས་ནས་ཡར་རྒྱུའོ། །དེའང་རྩེའུ་ཆུང་གཡོན་པ་དང་འབྲེལ་ལོ། །དེ་ནས་དབུགས་ཀྱི་རྟ་ལ་ཞོན་ནས་རྒྱུའོ། །དེ་ཡང་ཁ་དང་སྣ་ནས་རྒྱུ་སྟེ། དེ་ལས་"ལས་དང་"(འདི་གཉིས་ལུང་ཁུངས་སུ་མི་སྣང་)ཉོན་མོངས་པ་སྣ་ཚོགས་འབྱུང་ངོ་། །ཞེས་སོ། །སྙིང་དང་གློ་བའི་བར་རྩེ་ན་གློ་བ་ནས་རླུང་གི་རྟ་རྩ་དེར་འཇུག་ལ། སྙིང་ནས་རིག་གདངས་རྩ་དེར་འཇུག་པ་གཉིས་འཛོམས་པ་སྟེ། རླུང་དང་རིག་གདངས་འདྲེས་པ་ལས་བག་ཆགས་ཀྱི་སྡུད་བྱེད་སེམས། ཡུལ་ལ་རྟོག་པ་ཡིད། རིག་པ་ལ་ལྟོས་པའི་མ་རིག་པ་སྟེ། ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པ་སུམ་བརྩེགས་རླུང་གི་རྟ་ལ་རག་ལས་པས། གཟུང་འཛིན་ཉོན་མོངས་ཀྱི་རྣམ་རྟོག་འཁོར་བ་ཞེས་བྱ་བ་གྲུབ་བོ། །འདི་རྟོགས་ན་གློ་བུར་བ་ཡིན་པས་གཞོམ་པར་སླ་ལ། མ་རྟོགས་ན་ཐོག་མ་མེད་པ་ནས་གོམས་པ་ཚན་ཆེ་བས་བྲལ་དཀའ་བ་ཡིན་ནོ། །གློ་བུར་པ་ཡིན་པར་རྣམ་འགྲེལ་ལས། སེམས་ཀྱི་རང་བཞིན་འོད་གསལ་བ། །དྲི་མ་རྣམས་ནི་གློ་བུར་པ། །ཞེས་སོ། །རྣམ་རྟོག་མ་རིག་པ་ཡིན་པས་བསྙགས་རིང་ཞིང་འཁོར་བའི་རྒྱུ་ཡིན་པར་ལུང་གིས་གསལ་བ་བཞིན་ནོ། །

ཡེ་ཤེས་ཀྱི་གནས་རྟོགས་དཀའ་བ་བྱེ་བྲག་ཏུ་བཤད་པ།

ཐུན་མོང་གི་དབྱེ་བ་ཡེ་ཤེས་གསུམ།


GTN002_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

དོན་གཉིས་པ་ཡེ་ཤེས་ཀྱི་གནས་རྟོགས་དཀའ་བ་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། ཐུན་མོང་གི་དབྱེ་བ་དང་། ཁྱད་པར་གྱི་གསང་ཆེན་ངེས་པའོ། །(༡)དང་པོ་ལའང་། ངོ་བོ། ངེས་ཚིག །དབྱེ་བ་གསུམ་ལས། ༡ ཡེ་ཤེས་ཀྱི་ངོ་བོ། འོད་གསལ་བའི་རིག་པ་བདེ་བར་གཤེགས་པའི་སྙིང་པོ་སྟེ། ཐལ་འགྱུར་ལས། ཡེ་ཤེས་རྟོག་པ་མ་ཡིན་ཏེ། །ངོ་བོ་རང་གསལ་སྙིང་པོའི་དོན། །ཞེས་དང་། ཡེ་ཤེས་ཞེས་བྱ་གནས་པ་ལས། །དེ་ཡིས་མཚན་ཉིད་རྟོགས་པ་ཡིས། །འཁོར་འདས་གཉིས་ལ་མི་གནས་པའོ། །ཞེས་སོ། །༢ ངེས་ཚིག་ནི། ཡེ་ནས་གནས་པའི་དོན་རྟོགས་ཤིང་ཤེས་པ་སྟེ། སྔ་མ་ལས། ངེས་ཚིག་ཡེ་ནས་གནས་པའི་དོན། །ད་ལྟ་ཤེས་པས་ཡེ་ཤེས་སོ། །ཞེས་དང་། རང་ཤར་ལས། ཡེ་ནས་རང་བཞིན་ལྷུན་གྱིས་གྲུབ། །དེ༷་ན༷ས་{ཤེས༵་ན༵་}རྟོགས་པ་མངོན་དུ་གྱུར། །ཞེས་སོ། །༣ དབྱེ་བ། མུ་ཏིག་ཕྲེང་བ་ལས། ཡེ་ཤེས་ཉིད་ནི་འདི་ལྟ་སྟེ། །གཞི་གནས་དག་པའི་ཡེ་ཤེས་དང་། །མཚན་ཉིད་འཛིན་དང་ཡུལ་ཁྱབ་བོ། །ཞེས་པས་གསུམ་ལས། དང་པོ་གཞི་གནས་ཀྱི་ཡེ་ཤེས་ལ་གསུམ་ལས། ངོ་བོ་ཀ་དག་གི་ཡེ་ཤེས་ནི། ཡོད་མེད་ཀྱི་མཐའ་ལས་འདས་པ་ནམ་མཁའ་ལྟ་བུ་སྟེ། ཐལ་འགྱུར་ལས། ངོ་བོ་ཀ་དག་ཡེ་ཤེས་ལ། །མ་རིག་པ་ཞེས་སྲིད་མིང་མེད། །གཅིག་དང་གཉིས་ཀྱི་གྲངས་མེད་པའོ། །བརྟགས་པས་ཡོད་མེད་གྲུབ་པ་མེད། །གང་དུ་མ་ཕྱེའི་ཆོས་ཉིད་ལས། །ཡེ་ཤེས་ཙམ་དུའང་གྲུབ་པ་མེད། །ཚིག་མེད་བརྗོད་པར་གྲུབ་པ་མེད། །


GTN002_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ལ་མི་གནས་རང་རིག་དག །བརྗོད༷་{གཟུང༵་}འཛིན་མིང་གི་མཐའ་ཟད་པའོ། །རྒྱུ་མེད་རྐྱེན་གྱི་གྲངས་མེད་ལ། །གཉིས་སྣང་ཡུལ་དང་ཡུལ་ཅན་མེད། །མཚན་ཉིད་གང་དུའང་ཕྱེ་བ་མེད། །ཡུལ་རྐྱེན་རགས་པ་རང་ཟད་པའོ། །ཡེ་ནས་མེད་པས་དག་པས་དག །འཁྲུལ་རྟོག་འགགས་པས་ཅིར་མི་མཛད། །མ་སྐྱེས་པས་ན་འགག་སྟོང་ངོ་། །ཞེས་སོ། །རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས་ནི། ཡེ་ནས་ཡོན་ཏན་རྫོགས་པས་རྩལ་དང་འཆར་གཞིར་གྲུབ་པ་འདོད་འབྱུང་གི་ནོར་བུ་ལྟ་བུར་སྣང་བཞིན་པའི་ངོ་བོ་དངོས་པོ་དང་མཚན་མས་སྟོང་པ་དང་། ཡང་དེ་ཉིད་ལས། རང་བཞིན་ལྷུན་གྲུབ་ཡེ་ཤེས་ནི། །མི་སྐྱེ་མི་འགག་ཅིར་མི་དགོངས། །ཡུལ་དག་ངེས་པ་མེད་ཕྱིར་རོ། །རྩལ་དང་ཡོན་ཏན་འགགས་མེད་པས། །རོལ་པ་ཙམ་དུ་སྣང་བ་ལས། །སྣ་ཚོགས་རྫོགས་པའི་གཞི་མའོ། །མེད་ཕྱིར་སྣང་ལ་སྣང་ཕྱིར་སྟོང་། །སྣང་སྟོང་འཇུག་པའི་ཡན་ལག་ཅན། །སངས་རྒྱས་སེམས་ཅན་དག་ཡུལ་ལོ། །འདི་ལྟར་གཞི་ཞེས་མངོན་པར་གནས། །རང་བཞིན་ཙམ་དུ་གནས་པ་ལས། །ངོ་བོའི་ཆ་ནས་བརྟགས་པས་སྟོང་། །ཡན་ལག་སྤྲོས་ཕྱིར་མཁྱེན་པ་རྫོགས། །རང་གནས་ལྷུན་གྱིས་གྲུབ་པའི་ཕྱིར། །འདི་ལ་སྤང་བླང་གཉིས་མེད་པའོ། །ཞེས་སོ། །ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་ནི། རང་ངོར་མེད་ལ་འཆར་གཞིར་འཕྲོ་བའི་རྩ་བ་སྟེ། ཡང་སྔ་མ་ལས། ཐུགས་རྗེ་ཀུན་ཁྱབ་ཡེ་ཤེས་ལ། །མི་འཛད་སྣ་ཚོགས་འཆར་བའི་སྒོ། །འཛད་པ་ལྟར་སྣང་ངོ་བོར་རྫོགས། །ཆོས་སྐུ་སྟོང་པའི་རང་བཞིན་ལས། །ཡེ་ཤེས་མཁྱེན་པ་རྫོགས་པའི་ཆ། །ཤུགས་ཀྱིས་སེམས་


GTN002_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་རྣམས་ལ་འཆར། །འདི་མེད་འཁོར་འདས་སྡེ་ཆད་པས། །མཁྱེན་པས་རིག་ཅིང་གསལ་བའོ། །རང་རིག་གསལ་བའི་བདག་ཉིད་ལས། །རང་བཞིན་ཤུགས་ཀྱི་ཐུགས་རྗེ་ཉིད། །མ་འགགས་འགག་པ་མེད་པའོ། །འབྱུང་བ་དག་པའི་ཆ་ལས་ནི། །ལས་སུ་མེད་པ་གཅིག་རྫོགས་པའི། །ཉི་མ་ལས་ནི་འོད་བཞིན་དུ། །རང་ཆས་སྒྲིབ་པ་མེད་པའོ། །ཞེས་སོ། །གཉིས་པ་མཚན་ཉིད་འཛིན་པའི་ཡེ་ཤེས་ནི། རྩ་བ་ལྔ་དང་དབྱེ་བ་ཉི་ཤུ་རྩ་ལྔའི་བདག་ཉིད་དོ། །རྩ་བ་ལྔ་ནི། རང་ཤར་ལས། ཆོས་དབྱིངས་ཡེ་ཤེས་རྟོག་མེད་དང་། །མེ་ལོང་ཡེ་ཤེས་འགག་མེད་གསལ། །མཉམ་ཉིད་ཡེ་ཤེས་མ་འདྲེས་རྫོགས། །སོར་རྟོག་ཡེ་ཤེས་གོང་བཞིན་རྟོགས། །བྱ་གྲུབ་ཡེ་ཤེས་ཆོས་རྣམས་རྫོགས། །དེ་ལྟར་རྣམ་པ་ལྔར་འདོད་དོ། །ཞེས་སོ། །དེ་དག་གི་དོན་སྦྱར་རྒྱས་པར་བཤད་ན། ཐལ་འགྱུར་ལས། དེ་ལས་མཚན་ཉིད་འཛིན་པ་ཡི། །ལོངས་སྐུའི་ཡེ་ཤེས་བཤད་པར་བྱ། །མེ་ལོང་ཡེ་ཤེས་གཟུགས་བརྙན་ལས། །དབྱིབས་དང་ཁ་དོག་སྣང་ཆ་རྫོགས། །དཀར་པོ་དྲི་མ་དག་ཕྱིར་འོད། །རང་ཆས་སྣང་སྟེ་འཁོར་འདས་སྦྱོར། །ཆོས་རྣམས་ཀུན་གྱི་གཟུགས་སྣང་བས། །རང་རིག་ཡེ་ཤེས་ཞེས་བྱའོ། །གསལ་ཞིང་སྟོང་ལ་སྟོང་པས་གྲོལ། །གྲོལ་འཛིན་མཐའ་ཡི་རྟོག་པ་ཟད། །བཞག་མེད་གྲོལ་གཞི་རྫོགས་པའོ། །མཉམ་པ་ཉིད་ཅེས་བྱ་བ་ནི། །མཉམ་རྒྱུ་གཉིས་ལས་མཉམ་རྐྱེན་གསུམ། །མཉམ་པའི་དུས་དང་ཚད་ཀྱིས་སོ། །འདི་ལ་གཉིས་མེད་རིས་དང་བྲལ། །མ་ཕྱེ་མི་འབྱེད་རང་གནས་གཉིས། །མཉམ་པ་


GTN002_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་ཆོས་ཉིད་ལ། །ཟུག་རྔུའི་སྤྲོས་པ་བྲལ་བའོ། །ཉིད་ཅེས་བཅོས་ཤིང་རྩོལ་སྒྲུབ་མེད། །རང་བཞིན་གནས་པ་ངོ་བོས་སྟོང་། །སེམས་ཉིད་རྟོག་པ་ཀུན་ཟད་པའོ། །ཡེ་ཤེས་ཞེས་བྱ་གནས་པ་ལས། །དེ་ཡི་མཚན་ཉིད་རྟོགས་པ་ཡིས། །འཁོར་འདས་གཉིས་ལ་མི་གནས་པའོ། །སོ་སོར་རྟོགས་པ་དབང་པོའི་རིགས། །གང་ལ་གང་སྣང་དེ་ཡིས་ཆོས། །རིམ་པ་སོ་སོར་གསལ་བའོ། །བརྟགས་པས་རང་སྣང་དག་ནས་ནི། །རིག་པ་ཡུལ་དུ་གྱུར་པ་ཉིད། །སོ་སོ་ཞེས་བྱ་དེ༷་དག༷་ལ༷་{བྱེ༵་བྲ༵ག་ལ༵ས}། །གཉེན་པོའི་ཚུལ་དུ་བྱུང་བ་སྟེ། །རྟོགས་པ་ཞེས་ནི་མཚན་ཉིད་མཐོང་། །རང་སྣང་འཕེལ་དང་བཅས་པའོ། །ཡེ་ཤེས་ཐོག་མར་བྱུང་བ་ལ། །ཤེས་པས་ཉོན་མོངས་སྐྱོན་དག་གོ །བྱ་བ་གྲུབ་པ་ཞེས་བྱ་བ། །འབད་ཅིང་རྩོལ་བ་རང་འགགས་ནས། །ཆོས་ཀུན་རང་གཞག་རང་གྲོལ་ལོ། །རང་གྲོལ་རྫོགས་པའི་གཞི་སྣང་ལས། །ཆ་ཕྲ་རྡུལ་ཕྲན་དྲི་མེད་ཐོབ། །རྟོག་དཔྱོད་ཡུལ་ལས་འདས་པ་སྟེ། །གང་གི་མ་ཕྱེའི་ཆོས་ཉིད་དོ། །རང་བཞིན་རྫོགས་པས་སྣང་མཐའ་ཟད། །ཅིག་ཅར་རྟོགས་པར་བྱ་བའོ། །གྲུབ་པས་འདོད་པ་བྲལ་བ་ལ། །བསྐྱར་དང་ལྡོག་པ་མེད་པའོ། །ཡེ་ནི་གནས་པའི་དོན་ཉིད་ལ། །ཤེས་པས་མངོན་དུ་གྱུར་ནས་ནི། །ཆོས་རྣམས་ཟད་པའི་སར་ཕྱིན་པའོ། །ཆོས་ཀྱི་དབྱིངས་ནི་ཡངས་པ་ལ། །མཐའ་དང་དབུས་སུ་མ་དམིགས་པས། །གྲོལ་གཞིའི་ཆོས་ཉིད་དག་པའོ། །ཆོས་ནི་སྤྱོད་པར་བྱེད་པ་ལ། །འདས་དང་འཇིག་རྟེན་བྱ་བ་མེད། །རང་བཞིན་གསལ་ཞིང་དངས་པའོ། །དབྱིངས་ཀྱི་གོ་སྐབས་འབྱེད་པ་ལ། །རང་བྱུང་ཆེན་པོའི་གནས་པའོ། །


GTN002_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ནི་རྫོགས་པའི་བདག་ཉིད་ལ། །ཐོག་མ་ནས་ནི་བཅོས་པ་མེད། །ཤེས་པས་འཁོར་འདས་གཉིས་ལས་གྲོལ། །རང་སྣང་རྫོགས་པའི་དགོངས་པའོ། །ཞེས་སོ། །དེ་ཡང་ཐུགས་རྗེའི་ཆ་ལས་ཤེས་པས་བསྡུས་པའི་ཡེ་ཤེས་དང་། ཤེས་བྱས་བསྡུས་པའི་ཡེ་ཤེས་གཉིས་སུའང་གནས་སོ། །ཤེས་པས་བསྡུས་པ་ནི་སངས་རྒྱས་ལ་སྐུ་དང་ཡེ་ཤེས་ཀྱི་དགོངས་པ་རང་གསལ་མངོན་གྱུར་དུ་གནས་ལ། སེམས་ཅན་ལ་ཕྲ་བ་སྙིང་པོར་གནས་ཏེ། དེ་ཉིད་ལས། ཤེས་པས་བསྡུས་པའི་ཡེ་ཤེས་ནི། །སངས་རྒྱས་སེམས་ཅན་ཐམས་ཅད་ལ། །དབྱེར་མེད་རང་བཞིན་མེད་པས་ཁྱབ། །དེ་དང་སངས་རྒྱས་རྣམ་དག་རྫོགས། །དྲི་མེད་རྡུལ་དང་བྲལ་བར་གནས། །སེམས་ཅན་རིགས་དྲུག་སྣང་ཆ་ལས། །སོ་སོའི་རྒྱུད་ལ་གནས་པ་སྟེ། །ཞེས་སོ། །ཤེས་བྱས་བསྡུས་པའི་ཡེ་ཤེས་ལ་གཉིས་ལས། ཇི་སྙེད་པ་ཤེས་བྱའི་རྣམ་པ་ལ་ཅི་སྣང་བ་ཐམས་ཅད་སོ་སོར་མ་འདྲེས་པར་མཁྱེན་ལ། ཇི་ལྟ་བ་ཤེས་བྱའི་གནས་ལུགས་སྤྲོས་བྲལ་ནམ་མཁའ་ལྟ་བུར་མཁྱེན་པ་སྟེ། ཐལ་འགྱུར་ལས། ཤེས་བྱས་བསྡུས་པའི་ཡེ་ཤེས་ནི། །རྣམ་པ་གཉིས་སུ་ཤེས་པར་བྱ། །དེ་ལ་ཤེས་བྱ་ཇི་སྙེད་བཤད། །འདིས་ནི་གདུལ་བྱའི་བསམ་པ་མཁྱེན། །གཞན་དོན་ཁོང་དུ་ཆུད་པ་ཡིས། །ཆོས་རྣམས་རང་བཞིན་ཤེས་པའོ། །ཇི་ཞེས་བྱ་བ་གནས་ལུགས་ལ། །སྙེད་པས་མ་ལུས་རྫོགས་པར་བྱས། །ཡེ་ནི་སེམས་ཅན་ཀུན་དོན་ལ། །ཤེས་པས་ཁམས་གསུམ་དོང་ནས་འབྱིན། །སྤྲུལ་པ་སྐུ་ཡི་མཁྱེན་


GTN002_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆ། །རང་སྣང་ངོ་ལ་རྫོགས་པའོ། །ཇི་ལྟ་མཁྱེན་པའི་ཡེ་ཤེས་བཤད། །སྣང་ཆས་བརྗོད་གཞི་བྲལ་བ་ལ། །རང་སྣང་དག་པའི་གཟུགས་བརྙན་གསལ། །དངོས་པོའི་གནས་ལུགས་མཁྱེན་པ་ལ། །རང་དོན་རྟོགས་པས་འཁྲུལ་རྒྱུན་ཟད། །ཇི་ཞེས་བྱ་བ་གནས་ལུགས་ལ། །ལྟ་བ་ཡེངས་པ་མེད་པར་སྤྱོད། །མཁྱེན་པ་འགག་པ་མེད་ཕྱིར་རྫོགས། །ཡེ་ནི་ལམ་དུ་གྱུར་པ་ལ། །ཤེས་པ་ཚད་དུ་ཕྱིན་པའོ། །མ་བཅོས་རང་གྲོལ་ཆེན་པོ་ཡི། །གཞི་ལས་གཡོས་པ་མེད་པའོ། །ཞེས་སོ། །ཡེ་ཤེས་ཉི་ཤུ་རྩ་ལྔར་དབྱེ་བ་ནི། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། ཀྱེ་ཧོ་གསང་བའི་བདག་པོ་ཉོན། །ཡེ་ཤེས་རྣམ་པ་ལྔ་པོ་ལ། །ལྔ་ལྔ་ཉི་ཤུ་ལྔར་ཤེས་བྱ། །དེ་ཡི་དབྱེ་བ་འདི་ལྟ་སྟེ། །དབྱིངས་ཀྱི་ཡེ་ཤེས་དང་། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་། དབྱིངས་རྣམ་པར་དག་པའི་ཡེ་ཤེས་དང་། དབྱིངས་ཆེན་པོའི་ཡེ་ཤེས་དང་། དབྱིངས་ཐམས་ཅད་ཡེ་ཤེས་གཉིས་སུ་མེད་པའི་ཡེ་ཤེས་དང་ལྔའོ། །མེ་ལོང་ལྟ་བུའི་ཡེ་ཤེས་དང་། །མེ་ལོང་ཆེན་པོའི་ཡེ་ཤེས་དང་། །རྟོག་མེད་གསལ་བའི་ཡེ་ཤེས་དང་། །རྟོག་མེད་དངས་པའི་ཡེ་ཤེས་དང་། །གསལ་ལ་འཛིན་པ་མེད་པའི་ཡེ་ཤེས་དང་ལྔའོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། མཉམ་པ་ཉིད་མ་འགགས་པའི་ཡེ་ཤེས་དང་། མི་གཡོ་བ་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། མི་འགག་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། ཅི་ལའང་མི་གནས་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་ལྔའོ། །སོ་སོར་རྟོག་པའི་ཡེ་ཤེས་དང་། དོན་ཐམས་ཅད་རབ་ཏུ་འབྱེད་པའི་ཡེ་ཤེས་དང་། རྟོགས་པ་སྐད་ཅིག་མ་ལ་སྐྱེ་བའི་ཡེ་ཤེས་དང་། སྒྲ་


GTN002_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་རྣམ་པར་སེལ་བའི་ཡེ་ཤེས་དང་། སྒྲ་དང་ཚིག་ལ་མི་གནས་པར་གོ་བའི་ཡེ་ཤེས་དང་ལྔའོ། །བྱ་བ་གྲུབ་པའི་ཡེ་ཤེས་དང་། བྱ་བ་ཐམས་ཅད་བྱེད་པའི་ཡེ་ཤེས་དང་། བྱ་བ་ལ་མི་གནས་པའི་ཡེ་ཤེས་དང་། བྱ་བ་བྲལ་བའི་ཡེ་ཤེས་དང་། སྒྲོ་འདོགས་ཐམས་ཅད་ཆོད་པའི་ཡེ་ཤེས་དང་ལྔའོ། །ཞེས་སོ། །དེ་དག་གི་དོན་བཤད་ནི། རིག་པ་རང་ཤར་གྱི་རྒྱུད་ལས། རྣམ་དག་ཆོས་ཉིད་གདལ་བའི་ཀློང་། །རྣམ་པར་དག་པའི་དབྱིངས་སུ་བཤད། །རྟོག་མེད་བསམ་པ་ཀུན་སྤངས་ཤིང་། །དབྱིངས་ཆེན་གསལ་བའི་ཡེ་ཤེས་ཡིན། །ཕྱི་ནང་སྟོང་པ་རིག༷་{རི༵ས་}མེད་ནི། །དབྱིངས་ཀྱི་ཡེ་ཤེས་ཆེན་པོར་འདོད། །ཕྱི་ནང་གསང་བའི་ཚིག་རྣམས་རྫོགས། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡིན། །གཉིས་མེད་དོན་ལྡན་རྡོ་རྗེའི་དོན། །གཉིས་མེད་དབྱིངས་ཀྱི་ངོ་བོར་འདོད། །འགག་མེད་གསལ་དངས་ཆེན་པོའི་དོན། །མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དག་པ་གསལ་དྭངས་ངོ་བོ་ལ། །དག་པའི་སྣང་བ་དུས་གཅིག་རྫོགས། །མེ་ལོང་ཡེ་ཤེས་ཆེན་པོ་ཡིན། །རྣམ་རྟོག་ཡིད་མེད་སེམས་མེད་ལ། །ཆགས་པའི་འཛིན་པ་མ་ཞུགས་པས། །རྟོག་མེད་གསལ་བའི་ཡེ་ཤེས་ཡིན། །འོད་སྣང་མ་འགགས་གསལ་བ་ལ། །ཡིད་ཀྱི་རྟོག་པ་མ་འགྱུས་པས། །རྟོག་མེད་དྭངས་པའི་ཡེ་ཤེས་ཡིན། །གསལ་བྱ་གསལ་བྱེད་ཆོས་དང་བྲལ། །དེ་ལ་རྣམ་རྟོག་མ་འགྱུས་ན། །གསལ་བ་འཛིན་མེད་ཡེ་ཤེས་ཡིན། །ཆོས་ཉིད་མཉམ་དང་མ་འདྲེས་པ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཡིན། །མ་འགགས་སོ་སོའི་མཚན་ཉིད་འཛིན། །མཉམ་ཉིད་མ་འགགས་ཡེ་ཤེས་ཡིན། །


GTN002_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

མི་གཡོ་བ་ནི་སྐུ་ཡི་རྒྱ། །རྒྱ་ཆད་ཕྱོགས་ལྷུང་མེད་པ་ནི། །མི་གཡོ་མཉམ་ཉིད་ཡེ་ཤེས་ཡིན། །མི་འགག་གསལ་དྭངས་ཆེན་པོ་ལ། །ཡིད་ཀྱི་མི་རྟོགས་གསལ་བ་ནི། །མཉམ་ཉིད་མི་འགག་ཡེ་ཤེས་ཡིན། །ཅི་ལའང་མི་གནས་ཡེ་ཤེས་ཀུན་གྱི་རྩེ། །མཚན་མའི་དངོས་པོ་རང་སར་གྲོལ་བ་ནི། །ཅི་ལའང་མི་གནས་མཉམ་ཉིད་ཡེ་ཤེས་ཡིན། །བློ་ལ་སྣང་བའི་ཐེ་ཚོམ་ངོ་བོར་གྲོལ། །སོ་སོར་རྟོགས་པའི་ཡེ་ཤེས་ཆེན་པོ་ཡིན། །སྣ་ཚོགས་གཅིག་ཏུ་སྡུད་པ་སྟེ། །དེ་ལ་ཕྱེ་ནས་དོན་རྣམས་འབྱུང་། །དོན་རྣམས་འབྱེད་པའི་ཡེ་ཤེས་ཡིན། །རྟོག་པའི་དོན་ལས་མི་འདའ་ཞིང་། །སྐད་ཅིག་གསུམ་ལ་གྲོལ་བྱེད་པས། །སྐད་ཅིག་སྐྱེ་བའི་ཡེ་ཤེས་ཡིན། །སྒྲ་ཚིག་རིག་པའི་ངོ་བོར་འདས། །ཐ་སྙད་གཅིག་ལ་རྫོགས་པའི་ཕྱིར། །སྒྲ་རྣམས་སེལ་བའི་ཡེ་ཤེས་ཡིན། །སྒྲ་ཚིག་ཐམས་ཅད་ངང་ལ་རྫོགས། །རིག་པའི་ཀློང་དུ་ཚིག་རྣམས་འདས། །ཚིག་ལ་མི་གནས་ཡེ་ཤེས་ཡིན། །རང་རིག་འཛིན་པའི་ཆོས་ལས་གྲོལ། །ཐ་སྙད་བཏགས་པའི་མིང་སྤངས་ཤིང་། །བྱ་བ་གྲུབ་པའི་ཡེ་ཤེས་ཡིན། །ཐུགས་རྗེའི་འོད་ཟེར་ཕྱོགས་བཅུར་འཕྲོ། །སྤྲུལ་པས་འགྲོ་བའི་དོན་བྱེད་ཕྱིར། །བྱ་བ་བྱེད་པའི་ཡེ་ཤེས་ཡིན། །ཡེ་ཤེས་འགྱུར་མེད་ངང་ལ་བྱ་བ་བཏང་། །དངོས་པོ་མཚན་མའི་ཆོས་ལས་འདས་པ་ནི། །བྱ་བ་མི་གནས་ཡེ་ཤེས་ཡིན། །རིག་པ་རྟོག་མེད་གསལ་བ་ལ། །ཤེས་པ་ངང་གིས་དལ་བ་ནི། །བྱ་བ་བཏང་བའི་ཡེ་ཤེས་ཡིན། །ཕྱི་ནང་གསང་བའི་ཆོས་རྣམས་ཀུན། །རིག་པའི་ཀློང་དུ་ཀུན་འདུས་པས། །སྒྲོ་འདོགས་ཆོད་པའི་ཡེ་ཤེས་ཡིན། །དེ་ལྟར་ཡེ་ཤེས་


GTN002_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

དོན་སྦྱར་ནི། །གང་ཞིག་མྱ་ངན་འདས་འདོད་པས། །འདི་ལ་གནས་ན་གཉིས་མེད་འཐོབ། །སྐུ་གསུམ་ས་ལས་ཕྱིར་མི་ལྡོག །ཡེ་ཤེས་མཚོན་དཔེ་དེ་བཞིན་ནོ། །ཞེས་གསུངས་སོ། །གསུམ་པ་ཁྱབ་བྱེད་ཀྱི་ཡེ་ཤེས་ནི། ནང་གི་རང་གདངས་འོད་ལྔ་དང་དེ་ལས་ཁ་དོག་ལྔའི་སྣང་བ་ཕྱིར་འཆར་བ་ཡེ་ཤེས་བཞི་སྦྱོར་གྱི་སྣང་བ་ཡིན་ཏེ། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། ཡེ་ཤེས་ལས་ཟེར་འབྱུང་སྟེ། ཉི་མ་ལྟ་བུའི་ཟེར་དང་། སྲིན་བུ་མེ་ཁྱེར་ལྟ་བུའི་ཟེར་དང་། མེ་མར་ལྟ་བུའི་ཟེར་དང་། སྣང་བ་ཟེར་དང་བཅས་པར་སྣང་ངོ་། །ཞེས་དང་། ཐལ་འགྱུར་ལས། རྟོག་བྲལ་ཆོས་ཉིད་རང་གདངས་ལས། །དམིགས་མེད་ཡེ་ཤེས་སྣང་བ་འབྱུང་། །དེ་ལ་རྣལ་འབྱོར་ཡེ་ཤེས་རྫོགས། །ཡང་དག་འདུས་པའི་ཡན་ལག་ཏུ། །ཡེ་ཤེས་གནད་ནི་མིག་ལས་འབྱུང་། །མིག་གི་གཟིགས་སྟངས་ཤེས་པ་ཡིས། །ཆོས་ཀྱི་དབྱིངས་དང་ལྷན་ཅིག་སྤྱོད། །ཁམས་གསུམ་པོ་ནི་ཟད་བྱའི་ཕྱིར། །མིག་གི་ཕུགས་ནས་འཕར་བའི་རྩ། །གྱེན་ལ་བཟློགས་པས་ཡེ་ཤེས་འབེབས། །གནད་ལས་བྱུང་བའི་ཡེ་ཤེས་གང་། །རིམ་ལྡན་ཆོས་ཉིད་ཇི་བཞིན་དུ། །རྟོག་པ་ཀུན་ལས་ངེས་གྲོལ་བས། །དབྱིངས་ལས་བྱུང་བའི་ཡེ་ཤེས་སོ། །མིག་གི་གནད་ནི་སྟེང་དང་འོག ། མཁས་པས་རྩོལ་བའི་སྣ་གར༷་བྱུང༷་{གང༵་འགྱུར༵}། །ཀུན་འདུས་ཡེ་ཤེས་སྣང་བའོ། །ཡང་ནི་མིག་གི་ཡེ་ཤེས་ལས། །ཁ་དོག་ལྔ་ཡིས་རབ་ཕྱེ་བས། །དཀྱིལ་འཁོར་རྫོགས་པའི་གཟུགས་འདྲ་བ། །འདི་ལས་བྱུང་བའི་ཉམས་མྱོང་ནི། །གང་གིས་


GTN002_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པར་མི་ནུས་པས། །ཨེ་མ་ངོ་མཚར་ཆེ་བ་ཉིད། །ཡོན་ཏན་རྫོགས་པའི་སྣང་བ་འོ། །ཁྱབ་ཆེ་ཆ་ཕྲ་ཡེ་ཤེས་ལས། །མངོན་སུམ་པ་དང་ལམ་དུ་འོ། །ཞེས་སོ། །དེས་མཚོན་ནས་ཡུལ་སྣང་ལ་སྣང་ཐོག་ནས་རང་གྲོལ་བ་སྣང་བའི་ཡེ་ཤེས་དང་། སྟོང་པའི་ཡེ་ཤེས་དང་། ཡུལ་གྱི་ཡེ་ཤེས་དང་གསུམ་ལས། དང་པོ་ནི། ཐལ་འགྱུར་ལས། གཞན་ཡང་སྣང་བའི་ཡེ་ཤེས་བཤད། །ས་ཆུ་མེ་རླུང་ནམ་མཁའ་ལས། །ཡེ་ཤེས་སྣང་བ་ངོ་མཚར་བས། །བཅོམ་ལྡན་མགོན་པོ་རིག་མེད་པའོ། །ཞེས་སོ། །(གཉིས་པ་སྟོང་པའི་ཡེ་ཤེས་ནི།) སྟོང་པ་ཉིད་ནི། དེ་ཉིད་ལས། བརྟགས་པས་མ་རྙེད་ཡེ་ཤེས་ནི། །ཁམས་གསུམ་གདར་ཤ་ཆོད་པ་ལས། །སྒོ་ལྔའི་ཞེན་ཡུལ་རྒྱུན་ཆད་པའོ། །ཟླ་དང་ནོར་བུ་མརྒད་འོད། །གང་གིས་འབྱིན་པར་འདོད་པ་ཡིས། །འཛིན་བྱུང་སྐུ་ཡི་སྣང་བ་བཟུང་། །ཡང་ནི་རྫོགས་པ་ཆེན་པོ་ཡི། །གནད་ཤེས་པ་ལས་ཡེ་ཤེས་ནི། །བྱ་བྲལ་ནམ་མཁའ་ཇི་བཞིན་དུ། །ཀུན་ཏུ་རྟོ༷ག་པ༷་བསྡོ༷་{རྟོག༵ས་པ༵ས་སྔོ༵་}དང་བྲལ། །ངོ་མཚར་རྨད་བྱུང་ཡེ་ཤེས་ནི། །སྔོན་མེད་ཕྱིས་མེད་གདོད་ནས་མེད། །ད་ལྟ་རྣམ་རྟོག་ཡུལ་ལས་འདས། །མཐའ་བྲལ་སྟོང་པའི་རང་བཞིན་ནོ། །ཚིག་འདས་བློ་བྲལ་ངོ་བོས་སྟོང་། །རང་བཞིན་གང་དུ་མ་ཕྱེ་བས། །ཐུགས་རྗེ་མཛད་པ་མི་སྣང་ངོ་། །ཡེ་ཤེས་སྣང་བ་གསུམ་པ་ལས། །ཡིད་འབྱུང་ཤེས་རབ་འཁྲུལ་ཆར་བཟུང་། །འདི་ལ་རྣམ་པར་དམིགས་མཐའ་མེད། །མེད་པ་རྨད་བྱུང་རོལ་པ་ལས། །སངས་རྒྱས་རྣམས་ཀྱིས་འབྲས་བུ་རྙེད། །ཕྱི་དང་ནང་ཀུན་ཆོས་
ཀྱི་དབྱིངས། །འདི་ལ་གང་ཡང་མི་སྣང་ངོ་། །ཞེས་སོ། །གསུམ་པ་ཡུལ་གྱི་ཡེ་ཤེས་ནི། གཟུགས་སོགས་ཡུལ་ལྔ་རང་གྲོལ་དུ་སོང་ནས་སྣང་བ་བཞིའི་ཆོས་ཉིད་གོང་འཕེལ་དུ་ཐོབ་པ་སྟེ། སྔ་མ་ལས། གཞན་ཡང་ཡུལ་གྱི་ཡེ་ཤེས་བཤད། །གཟུགས་དང་སྒྲ་ཡི་བྱེ་བྲག་ལས། །བསླབ་བྱའི་ཉམས་ཀྱང་ལྔར་འགྱུར་རོ། །ཤེས་པའི་ཉམས་ཟད་སྣང་བ་སྟེ། །འཕེལ་སྟོན་ཟླ་བ་ཡར་ངོ་བཞིན། །སྣང་བ་རེ་ལ་ཉམས་རེ་འོང་། །གཞན་ཡང་ཡུལ་གྱི་ཡེ་ཤེས་བཤད། །དྲོད་དང་ཚད་དང་རྟགས་ལས་ནི། །བདེན་གཉིས་ཟུང་འཇུག་རྟོག་མཐའ་ཟད། །བྱ་བ་མེད་པས་མཚན་ཉིད་སྟོང་། །བརྗོད་གཞི་འགགས་པས་མཐའ་མི་གནས། །ཟག་པ་ཟད་ཕྱིར་རྡོས་བཅས་མིན། །དྲན་པའི་ཁུང༷ས་{ཁོང༵་}འགགས་ངོ་བོ་གསལ། །གསལ་རིག་ཡུལ་གྱི་མཐའ་མི་རྟོག །སྒྲ་བྲལ་ཡང་དག་ཚིག་མེད་ཕྱིར། །ལྟོས་གཞི་ཐམས་ཅད་ཟད་པའོ། །ཞེས་སོ། །

ཁྱད་པར་གྱི་གསང་ཆེན་ངེས་པའི་གནས་ལ་བརྒྱད།


GTN002_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

(༢)གཉིས་པ་ཁྱད་པར་གྱི་གསང་ཆེན་ངེས་པའི་གནས་ལ་བརྒྱད་དེ། ངོ་བོ། རྟེན། གནས། ཕོ་བྲང་། ལམ། སྣང་བ། བྱེད་ལས། འབྲས་བུའོ། །༡དང་པོ་ཡེ་ཤེས་ཀྱི་ངོ་བོ་ནི། སྔར་བཤད་པའི་གཞི་བདེ་བར་གཤེགས་པའི་སྙིང་པོ་དེ་ཉིད་ཡིན་ལ། དེས་སེམས་ཅན་ཐམས་ཅད་ལ་དབྲི་བསྣན་དང་ཆེ་ཆུང་བཟང་ངན་མེད་པར་ཁྱབ་ཅིང་། ༢རྟེན་ནི། གཟུགས་ཀྱི་ཕུང་པོ་བྱང་ཁོག་སྟོད་དོ། །༣གནས་ནི། སྙིང་རིན་ཆེན་ཟུར་བརྒྱད་པའི་དབུས་འོད་རྩའི་དངས་ལ་འོད་ལྔའི་དབུས་ཞི་བའི་སྐུ་ཡུངས་འབྲུ་ཙམ་ལ་རིག་པ་གནས་སོ། །༤ཕོ་བྲང་ནི། འོད་ལྔ་


GTN002_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་འདུས་ཀྱི་གཞལ་མེད་ཁང་ངོ་། །༥ལམ་ནི། རོ་རྐྱང་ཀུན་འདར་མ་ཤེལ་སྦུག་ཅན་བཞི་དང་ཁྱད་པར་དུ་ཡུལ་སྣང་བའི་ལམ་སྙིང་ནས་རྒྱང་ཞགས་སུ་འབྲེལ་བའི་རྩ་དར་དཀར་གྱི་སྣལ་མ་ལྟ་བུའོ། །༦སྣང་བ་ནི། སྒྲོན་མ་གཉིས་ཏེ། དབྱིངས་རྣམ་དག་གི་སྒྲོན་མའི་ངོ་བོ་ཡི་གེ་ན་རོ་ལྟ་བུ་སྣང་བ་མཐིང་ག་ནས་རྣམ་པར་འཆར་བས་ནམ་མཁའ་གང་བའོ། །ཐིག་ལེ་སྟོང་པའི་སྒྲོན་མའི་ངོ་བོ་རྨ་བྱའི་མདོངས་ལྟ་བུ་སྣང་བ་རང་གསལ་ཟླུམ་པོ་མུ་ཁྱུད་ལྔའི་ར་བ་དང་བཅས་པའོ། །༧བྱེད་ལས་ནི། འཁོར་བ་མྱང་འདས་སུ་སྒྲོལ་ཞིང་རིག་པ་སྐུར་སྨིན་པས་ཆོས་ཉིད་གདོད་མའི་ས་ཟིན་པར་བྱེད་པའོ། །༨འབྲས་བུ་ནི། དབྱིངས་དང་འདུ་འབྲལ་མེད་པར་མཐར་ཕྱིན་ཏེ་འབྲས་བུ་ཆོས་སྐུ་ཐོབ་པར་བྱེད་པའོ། །འདིར་ཁ་ཅིག་སེམས་ཅན་གྱི་རྒྱུད་ལ་སྙིང་པོའི་ཡེ་ཤེས་རང་ཆས་སུ་གནས་ན་དངོས་སུ་བལྟར་རུང་དུ་མཐོང་བར་རིགས་སོ་སྙམ་ན་སྐུའི་སྣང་བ་འོད་དང་བཅས་པ་རྡོས་བཅས་ལུས་ཀྱིས་གཏུམ་ནས་ལྟ་བའི་ཡུལ་ན་མེད། འོན་ཀྱང་ད་ལྟ་དཔེ་ཉི་མ་ལྟར་ལུས་ཀྱི་སྤྲིན་རུམ་ན་གནས་པ་དོན་སྙིང་ནང་དུ་ངོ་སྤྲད་དེ། རྟགས་ཐིག་ལེ་སྟོང་པའི་སྒྲོན་མ་བསྟན་པས་ཡིད་ཆེས་སོ། །གསུང་ལ་ངག་གིས་བསྒྲིབས། ཐུགས་ལ་སེམས་ཀྱིས་བསྒྲིབས་ནས་མི་མཐོང་བ་ཡིན་ལ། སྐྱེས་བུ་བརྩོན་འགྲུས་ཅན་གྱི་སྣང་བ་བཞི་ཚད་དུ་བསྒོམ་ལ་ད་ལྟ་བལྟར་ཡོད་ལ། བར་དོར་རང་སྣང་དག་པར་ཇི་ལྟར་ཡོད་པ་བཞིན་རེ་ཞིག་འཆར་རོ། །ད་ལྟ་ནི་ཁྱུང་སྒོང་རྒྱས་འཐུམས་པ་ལྟར་བག་ཆགས་ཀྱི་རྒྱས་བསྒྲིབས་པ་ཡིན་ཏེ། སེངྒེ་རྩལ་རྫོགས་ཆེན་པོའི་རྒྱུད་ལས། སེམས་ཅན་ཀུན་གྱི་


GTN002_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

རང་ལུས་ལ། །ཡེ་ཤེས་དག་པའི་སྣང་བ་གནས། །རྒྱ་ཆེ་སྣང་བ་མི་ནུས་ཏེ། །དཔེར་ན་མངལ་དང་སྒོ་ངའི་རྒྱ། །མངོན་དུ་མི་འབྱུང་བསྒྲིབས་གྱུར་ཀྱང་། །རང་རྩལ་རྫོགས་ནས་འབྱུང་བ་བཞིན། །རྣམ་རྟོག་ལུས་འདི་བོར་མ་ཐག །རང་སྣང་ཡུལ་དང་འཕྲད་པར་འགྱུར། །ཡེ་ནས་གནས་པའི་རང་རིག་ཉིད། །ངོ་བོ་རྟོག་མེད་མཐོང་བར་འགྱུར། །ཡེ་ཤེས་དག་པའི་སྣང་བ་དང་། །སངས་རྒྱས་བདེན་པ་མཐོང་བར་འགྱུར། །ཡེ་ཤེས་རང་སྣང་ངོ་བོ་ནི། །ཡིད་ཀྱི་རྣམ་རྟོག་མེད་པ་སྟེ། །འདས་པའི་ཡུལ་དང་མ་འོངས་ཡུལ། །སྣང་བ་ཐད་ཀར་གཅོད་པའོ། །ཡེ་ཤེས་ཆེན་པོའི་རང་སྣང་དེ། །མངོན་སུམ་ཡུལ་དུ་མེད་མོད་ཀྱང་། །རང་བྱུང་སྒྲོན་མ་བསྟན་དུ་ཡོད། །སྒྲོན་མ་ཉིད་ཀྱི་ཡེ་ཤེས་ནི། །སྣང་དང་མི་སྣང་མཐའ་ལས་འདས། །ཞེས་སོ། །དེ་ཡང་ཡེ་ཤེས་ཆེན་པོ་དེ་སྙིང་དབུས་འོད་རྩ་དག་པའི་གཞལ་ཡས་ན་ངོ་བོ་སྐུར་གནས་པས་འོད་ལྔའི་མཚན་དཔེ་རྫོགས། རང་བཞིན་འོད་དུ་གནས་པས་ཡེ་ཤེས་ལྔའི་སྣང་བ་ཚད་མེད་ཐུགས་རྗེ་རིག་པར་གནས་པས་མཁྱེན་པ་ནང་ན་གསལ་བའོ། །དེའི་གདངས་དུང་ཁང་ན་འཕྲོས་པས་ཁྲོ་བོའི་དཀྱིལ་འཁོར་ཡོངས་རྫོགས་ཆེན་པོར་བཞུགས་ལ། འོད་དང་། ཟེར་དང་། ཐིག་ལེ་དང་། ཐིག་ཕྲན་དུ་སྣང་བའི་གདངས་སྙིང་གི་འོད་རྩ་ལས་གྱེས་པའི་རྩ་ཆེན་བཞི་ན་རང་བཞིན་གྱིས་གནས་ལ། མིག་ན་སྒྲོན་མ་བཞིའི་འཆར་ཚུལ་དུ་གནས་སོ། །དེའང་ཙིཏྟ་ན་སྐུ། རྩ་བཞི་ན་ཐིག་ལེ། དུང་ཁང་ན་འོད་ཟེར། མིག་སྟེ་བྷྲི་གུ་ཏ་ན་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྣང་བར་གནས་པ་ཉིད། སེངྒེ་རྩལ་རྫོགས་ལས། ཨེ་མ་ཧོ་རིག་པའི་ཡེ་


GTN002_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཉིད། །སངས་རྒྱས་སེམས་ཅན་ཐམས་ཅད་ལ། །འགྱུར་བ་མེད་པའི་ཚུལ་དུ་གནས། །དེ་ཡང་གནས་ལུགས་འདི་ལྟ་སྟེ། །ལ་ལ་དག་ན་སྐུ་རུ་གནས། །ལ་ལ་དག་ན་ཐིག་ལེ་སྟེ། །གཅིག་ལ་འོད་ཟེར་ཚུལ་དུ་གནས། །གཅིག་ནས་ལུ་གུ་རྒྱུད་དུ་འབྱུང་། །དེས་ནི་གནས་པའི་མདོ་ཉིད་བསྟན། །སངས་རྒྱས་ཡེ་ནས་གནས་པའི་དོན། །སེམས་ཅན་ཀུན་ལ་གནས་པ་དེ། །རྒྱལ་བ་རྣམས་ཀྱིས་རབ་ཏུ་བཤད། །ཅེས་སོ། །དེ་ཡང་སྐུ་དང་། ལུ་གུ་རྒྱུད་དང་། དབྱིངས་དང་། ཡེ་ཤེས་ཀྱི་དོན་ནི། སྔ་མ་ལས། རིག་དང་མ་རིག་སྣང་བ་ཉིད། །བྱ་བྱེད་གཉིས་ཀྱི་མཐའ་ལས་འདས། །ཡངས་པ་ཉིད་དང་སྐུ་ལྟར་འཕྲོ། །གསལ་བ་ཉིད་དང་འོད་ལྟར་འབྱུང་། །སྟོང་པ་ཉིད་དང་ཟེར་ལྟར་འཕྲོ། །སངས་རྒྱས་ཉིད་དང་སེམས་ཅན་གཉིས། །རིག་པ་སོ་སོ་མ་ཡིན་ཏེ། །སྣང་བ་སོ་སོ་ཉིད་དུ་བསྟན། །{སྣང་བ་སོ་སོར་མ་གསལ་ན། །སངས་རྒྱས་ས་ལ་དོན་གོ་མེད། །}སྐུ་ཡི་མཚན་ཉིད་འདི་ལྟ་སྟེ། །འགྱུར་བ་མེད་པར་གསལ་བ་དང་། །སྟོང་པ་དང་ནི་རྟོག་བྲལ་ལོ། །རིག་པའི་མཚན་ཉིད་འདི་ལྟ་སྟེ། །ཕྲ་བ་ཉིད་དང་འཕྲོ་བ་དང་། །ལུ་གུ་རྒྱུད་དུ་འགུལ་བ་འོ། །དབྱིངས་ཀྱི་མཚན་ཉིད་འདི་ལྟ་སྟེ། །ཡངས་དང་ལྷུན་སྟུག་སྟོང༷་{གཏིང༵་}མཐའ་ཡས། །གསལ་དང་དྲོ་དང་བསིལ་བ་དང་། །ཡང་ཞིང་གཡོ་བའི་བདག་ཉིད་འཛིན། །ཁྱབ་དང་མུ་ཁྱུད་ར་བ་འོ། །ཡེ་ཤེས་མཚན་ཉིད་འདི་ལྟ་སྟེ། །འབྱུང་དང་འཇུག་དང་རང་གསལ་དང་། །ཡེ་དང་ཤེས་དང་རྟོག་པ་འོ། །གསལ་དང་འཚེར་དང་འབྱམས་ཀླས་ཉིད། །སྣང་དང་མུན་དང་གོ་འབྱེད་དང་། །སྟོང་དང་གསལ་བའི་ཡེ་ཤེས་


GTN002_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག །གསང་སྔགས་མཚན་ཉིད་དག་ཏུ་འདོད། །ཅེས་སོ། །དེ་ཡང་སྙིང་ན་སྐུ། དུང་ཁང་ན་ཡེ་ཤེས། བྷྲི་གུ་ཏ་ན་རིག་པ། རྩ་བཞི་ན་དབྱིངས་སྣང་གི་འོད་དང་ཐིག་ལེ་འཆར་བ་ཡིན་ནོ། །རྩ་བཞི་ནི། རང་ཤར་ལས། དཀར་འཇམ་སྟོང་པའི་རྩ་དག་དང་། །རིན༷་ཆེ༷ན་{ཐིག༵་ལེ༵་}འཕྲོ་བའི་རྩ་རྣམས་དང་། །རྣམ་པར་གྲོལ་བྱེད་རྩ་ཆེན་དང་། །ཤེལ་དཀར་རྒྱུ་བའི་རྩ་དག་ནས། །རྣམ་ཤེས་རླུང་ལ་ཞོན་ནས་ནི། །བྷྲི་གུ་ཏ་ཡི་སྒོ་ཆེན་ནས། །ལམ་བྱུང་སྟོང་པའི་ངང་དུ་ཐིམ། །འཐིམ་བྱེད་མེད་པར་ས་ལེར་གསལ། །ཚོམ་བུ་ལྔ་ལྡན་ཡེ་ཤེས་རྫོགས། །ཞེས་སོ། །དེ་ལྟ་བུའི་ཡེ་ཤེས་རང་གནས་སྙིང་གའི་རྩ་ཆེན་ན་གདངས་གསལ་བར་རང་འོད་ཡེ་ཤེས་ཀྱི་རང་གདངས་ལ་བཞུགས་པ་ཡང་། རྩ་བཞི་ན་ཡེ་ཤེས་ལྔའི་རང་གདངས་ལ་བརྟེན་ནས། ཙཀྵུའི་ནང་གི་སྒྲོན་མ་བཞི་ལས་ཇི་ལྟ་བའི་ཡེ་ཤེས་ཐིག་ལེ་སྟོང་པའི་སྒྲོན་མ་དང་དབྱིངས་རྣམ་དག་གི་སྒྲོན་མར་སྨིན་ལ། ཇི་སྙེད་པའི་ཡེ་ཤེས་རྒྱང་ཞགས་ཆུའི་སྒྲོན་མ་དང་ཤེས་རབ་རང་བྱུང་གི་སྒྲོན་མར་སྨིན་པར་ཡིན་ཏེ། ཐལ་འགྱུར་ལས། ལུས་ཀྱི་དུས་ན་འདི་ལྟ་སྟེ། །འབྱུང་བ་བཞི་ཡི་ཕུང་པོ་ཡི། །ཙིཏྟ་རིན་ཆེན་གཞལ་ཡས་ན། །ངོ་བོ་ཀ་ནས་དག་པའི་ཆ། །སྟོང་གསལ་འདུས་པ་སྐུ་ཡི་གདངས། །ཞལ་ཕྱག་རྫོགས་པ་བུམ་སྐུའི་ཚུལ། །ལྷུན་གྲུབ་འོད་ཀྱི་གོང་བུར་གནས། །ཐུགས་རྗེ་ཁ་དོག་སོ་སོར་གསལ། །རོ་མ་རྐྱང་མ་ཀུན་འདར་མ། །ཀ་ཏི་ཤེལ་གྱི་སྦུ་གུ་ཅན། །མེ་ལོང་མཉམ་ཉིད་སོ་སོར་རྟོགས། །བྱ་གྲུབ་ཆོས་དབྱིངས་ཡེ་ཤེས་ནི། །ཐིག་ལེ་རྒྱུ་དང་མི་རྒྱུ་བ། །རང་


GTN002_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

རྩལ་རྫོགས་པའི་རྟེན་དུ་གནས། །དངས་མ་འདུས་པའི་མིག་གཉིས་ནས། །ཐབས་དང་ཤེས་རབ་ཁྱད་པར་ལས། །ཇི་ལྟ་མཁྱེན་པའི་ཐིག་ལེ་དང་། །དག་པ་དབྱིངས་ཀྱི་སྒྲོན་མར་སྨིན། །ཇི་སྙེད་པ་ནི་རྒྱང་ཞགས་དང་། །ཤེས་རབ་སྒྲོན་མར་སྨིན་པ་ཡིས། །འགྲོ་བ་རྣམས་ཀྱི་ལས་དང་ཡང་། །དབང་པོའི་བྱེ་བྲག་ཇི་ལྟ་བར། །དེ་ལ་བསླབས་པས་ཤེས་པར་འགྱུར། །ཞེས་སོ། །གཞན་ཡང་རང་ཤར་ལས། ཀྱེ་གྲོགས་པོ་དག་ཉོན་ཅིག །ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དཔེས་མཚོན་པར་བྱའོ། །དེའང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དགོངས་པ་ནི། རྟེན་ནི་གཟུགས་ཀྱི་ཕུང་པོ་ལ་བརྟེན་ནོ། །དཔེར་ན་ཁྲ་ཚང་ན་ཉལ་བ་ལྟ་བུའོ། །གནས་ནི་སྙིང་ག་ན་གནས་ཏེ་དཔེར་ན་བུམ༷་པ༷འི་སྐུ༷་{ནང༵་གི༵་མ༵ར་མེ༵་}ལྟ་བུའོ། །ལམ་ནི་རྩ་བཞི་ནས་འབྱུང་སྟེ་དཔེར་ན་མུ་ཏིག་གི་ཕྲེང་བ་རྒྱུས་པ་ལྟ་བུའོ། །འཁྱིལ་ནི་དུང་ཁང་དཀར་པོའི་ནང་ན་འཁྱིལ་ཏེ་དཔེར་ན་བུམ་ནང་གི་མར་མེ་བཏང་བ་ལྟ་བུའོ། །སྒོ་ནི་མིག་ནས་འབྱུང་སྟེ་དཔེར་ན་རྒྱ་སྐར་གྱི་ཉི་ཞུར་ལྟ་བུའོ། །ཐིག་ལེ་སྟོང་པའི་སྒྲོན་མ་ནི་དཔེར་ན་རྨ་བྱའི་མདོངས་ལྟ་བུའོ། །དབྱིངས་རིག་པའི་སྒྲོན་མ་ནི་དཔེར་ན་ཡི་གེ་ན་རོ་ལྟ་བུའོ། །ཡུལ་ནི་ནམ་མཁའ་སྟོང་པའོ། །དུས་ནི་བར་དོའི་སྣང་བ་སྟེ་དཔེར་ན་མེ་ལོང་གི་དཀྱིལ་འཁོར་ལྟ་བུའོ། །འགྲོ་ས་ནི་རིན་པོ་ཆེའི་ལ༷མ་{ལུས༵་}སྟེ་དཔེར་ན་ཁ་བྲག་གི་ལམ་ལྟ་བུའོ། །གྲོལ་ས་ནི་ཀ་དག་གི་སྣང་བ་སྟེ་དཔེར་ན་བུམ་པའི་སྐུ་ལྟ་བུའོ། །ཞེས་པ་དང་། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། ཨ་ཧོ། ཀློང་ཆེན་པོ་རྣམས་ཉོན་ཅིག །འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ལ་དེ་


GTN002_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གཤེགས་པའི་སྙིང་པོ་ནི་{རང་ཆས་སུ་ཡོད་དོ། །དེ་ཡང་}ཏིལ་འབྲུ་ལ་མར་གྱིས་ཁྱབ་པ་བཞིན་དུ་གནས་སོ། །དེ་ཡང་རྟེན་ནི་གཟུགས་ཀྱི་ཕུང་པོ་ལ་བརྟེན་ནོ། །གནས་ནི་སྙིང་གི་དཀྱིལ་ན་{གནས་ཏེ། དེ་ཡང་}ཀུན་ཏུ་བཟང་པོ་གའུ་ཁ་སྦྱོར་གྱི་དགོངས་པ་ཞེས་བྱ་སྟེ། དཔེར་ན་བསེའི་གའུ་ཁ་སྦྱར་བ་བཞིན་དུ་གནས་པའི་ནང་ན་འོད་ཁ་དོག་ལྔའི་དཀྱིལ་ན་ཞི་བའི་སྐུ་ཡུངས་འབྲུ་ཙམ་འོད་ཁྱིམ་གྱི་ཚུལ་དུ་གནས་སོ། །དེ་ནི་རིག་པའི་གནས་སོ། །དཔེར་ན་བུམ་པའི་སྐུ་ལྟ་བུའོ། །དེ་ལས་བྱུང་བའི་ཡེ་ཤེས་ནི། གནས་ཀླད་པ་དུང་ཁང་ན་གནས་སོ། །དེ་ཡང་ཁྲོ་བོའི་སྐུ་ཡུངས་འབྲུ་ཙམ་ལ་སྤྱན་ཕུལ་ཐག་ཙམ་དུ་གནས་སོ། །དེ་ཡང་འོད་ཟེར་གྱི་ཚུལ་དུ་གནས་སོ། །དེ་ལས་བྱུང་བའི་འོད་ནི་མེ་ལོང་གི་དཀྱིལ་ལྟར་གསལ་ལ་དངས་པའམ། དཔེར་ན་ཉའི་མིག་བཞིན་དུ་འོད་ཟེར་དུ་གནས་སོ། །དེ་ཡང་རིག་པའི་འབྲེལ་བ་ནི་སྙིང་གི་རྩེ་མོ་ནས་ཡར་རྩ་དར་དཀར་གྱི་སྣལ་མ་ཙམ་སྒལ་ཚིགས་འདབས་ན་ཡར་ཡོད་དེ། དེ་ནས་ལམ་དུ་བྱུང་ནས་མགོ་བོའི་ནང་དུ་འཇུག་གོ །རྩ་དེ་ཡང་རྩེ་ཆུང་{གི་གཡས་}གཡོན་ནས་ཐོན་ནས་ཀླད་པར་འབྲེལ་ལོ། །དེ་ཡང་རྣ་བའི་འདབས་གཡས་གཡོན་ནས་ཐོན་ནས་མིག་དང་འབྲེལ་ལོ། །དེ་ལས་མིག་ནམ་མཁའ་ལ་བཟློག་སྟེ་རྩ་གཅུན་ནས་བལྟས་ན་ཡེ་ཤེས་ཀྱི་འོད་སྣང་གིས་ནམ་མཁའ་གང་བར་འགྱུར་རོ། །ཞེས་སོ། །འདིར་འོད་རྩ་བསྟེམས་པས་འོད་སྣང་འཆར་བའི་གནད་ནི་དེ་ཡིན་ཏེ། ལྟ་སྟངས་གཟིགས་སྟངས་ལྡན་པ་ཡི། །རྩེ་ཆུང་གཡོན་འདབས་འོད་རྩ་བསྟེམ། །སྣང་བས་ནམ་མཁའ་གང་བར་འཆར། །ཡང་ཟབ་གདམས་པའི་
ཟབ་རྒྱའོ། །ཞེས་སོ། །དེ་ཡང་སྙིང་གི་དབུས་ཀྱི་འོད་རྩ་ཀ་ཏི་གསེར་གྱི་རྩ་ཆེན་ལས་གྱེས་པའི་ཡར་རྩེ་དར་དཀར་སྣལ་མ་ནི་སྙིང་རྩེ་ནས་སྒལ་ཚིགས་བརྒྱུད་དེ་རྣ་བ་ནས་ཡལ་ག་གསུམ་གྱི་གཉིས་མིག་གི་སྒོར་ཟུག །དབུ་མ་ཚངས་བུག་ལ་ཟུག་གོ ། ཕྲ་ལ་འཁྲིལ་ནི་འཁོར་ལོ་བཞིའི་དབུས་སོ་སོ་ལ་སྙིང་ནས་འབྲེལ་ལོ། །ཤེལ་སྦུག་ཅན་ནི་སྲོག་པ་རྩ་ན་འོད་གསལ་གྱི་རླུང་ལྔའི་གདངས་དང་ལྷན་ཅིག་གནས་སོ། །སྐུ་ཡུངས་འབྲུ་ཙམ་ལ་སྤྱན་ཕུལ་ཐག་ཙམ་དུ་བཤད་པ་ནི་སྐད་རྙིང་སྟེ་འཚམས་པར་ཡོད་ཅེས་པའི་དོན་ཏོ། །སྐབས་འདིར་ཡེ་ཤེས་གང་ལ་འཆར་བའི་ལམ་བསྟན་པ་དང་། སྒོ་དངོས་ངོས་བཟུང་བ་སོགས་ཡིག་ཚོགས་ལ་འཇིགས་པས་མ་སྤྲོས་ཤིང་།

སྒྲོན་མ་བཞིའི་དཀའ་གནས་དག་རྒྱ་ཆེར་བཤད་པ།

ངོ་བོ་མདོར་བསྟན་པ།


GTN002_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོན་མ་བཞིའི་དཀའ་གནས་དག་རྒྱ་ཆེར་བཤད་པ་ལ་གཉིས་ཏེ། འཆར་གཞི་སྒྲོན་མ་བཞི་མིག་གཉིས་ལས་ཇི་ལྟར་འཆར་བའི་འབྲེལ་དགོད་པས་ངོ་བོ་མདོར་བསྟན་པ་དང་། འཆར་བྱེད་སྒྲོན་མ་དངོས་སོ་སོར་བསྟན་པས་རང་བཞིན་རྒྱས་པར་བཤད་པའོ། །དང་པོ་ནི། མིག་གཡས་ནས་རྒྱང་ཞགས་ཆུའི་སྒྲོན་མ་དང་ཤེས་རབ་རང་བྱུང་གི་སྒྲོན་མ་གཉིས་ཏེ། ཇི་སྙེད་མཁྱེན་པའི་ཡེ་ཤེས་ཐབས་སྣང་བའི་རང་བཞིན་དུ་འཆར་ལ། མིག་གཡོན་ནས་ཐིག་ལེ་སྟོང་པའི་སྒྲོན་མ་དང་དབྱིངས་རྣམ་དག་གི་སྒྲོན་མ་གཉིས་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཤེས་རབ་སྟོང་པའི་རང་བཞིན་དུ་འཆར་ཞིང་། དེའི་དབུས་ཚངས་པའི་བུ་ག་ནས་རིག་པ་རྟོག་མེད་ཀྱི་སྐུ་ལུ་གུ་
རྒྱུད་ཐིག་ལེ་བརྩེགས་མར་སྣང་བ་སྟེ། མུ་ཏིག་ཕྲེང་བ་ལས། འགྲོ་བའི་ལམ་ནི་མཐོང་བྱེད་སྒོ། །དེ་ཉིད་གཡས་གཉིས་གཡོན་གཉིས་དབུས། །སྒྲོན་མ་འབར་བའི་ཚུལ་དུ་གནས། །ཐིག་ལེ་སྟོང་པའི་སྒྲོན་མ་དང་། །དག་པ་དབྱིངས་ཀྱི་སྒྲོན་མ་དང་། །ཤེས་རབ་རང་བྱུང་ཉིད་དང་ནི། །རྒྱང་ཞགས་ཆུ་ཡི་སྒྲོན་མ་ནི། །མཐོང་བྱེད་ཡུལ་ལ་སྣང་བའོ། །རིག་པ་རྟོག་མེད་ལུ་གུ་རྒྱུད། །བདེ་ཆེན་ཚངས་པའི་སྒོ་ནས་སྣང་། །ཞེས་པ་དང་། ཐལ་འགྱུར་ལས། དངས་མ་འདུས་པའི་མིག་གཉིས་ནས། །ཐབས་དང་ཤེས་རབ་ཁྱད་པར་ལས། །ཇི་ལྟ་མཁྱེན་པའི་ཐིག་ལེ་དང་། །དག་པ་དབྱིངས་ཀྱི་སྒྲོན་མར་སྣང་། །ཇི་སྙེད་པ༷ས་{པ༵་}ནི་རྒྱང་ཞགས་དང་། །ཤེས་རབ་སྒྲོན་མར་སྨིན་པ་ཡི༷ས་{ཡི༵}། །འགྲོ་བ་རྣམས་ཀྱི་ལས་ད༷ང་{ཀྱི༵་}ཡང་། །དབང་པོའི་བྱེ་བྲག་ཇི་ལྟ་བར། །དེ་ལ་བསླབས་པས་ཤེས་པར་འགྱུར། །ཞེས་སོ། །

འཆར་བྱེད་སྒྲོན་མ་རྣམ་དབྱེ་སྤྱིར་བསྟན་པ།


GTN002_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ལ་གཉིས་ཏེ་རྣམ་དབྱེ་སྤྱིར་བསྟན་པ་དང་། རྣམ་གྲངས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི་སྒྲོན་མ་བཞི་སྟེ། རང་ཤར་ལས། སྒྲོན་མ་རྣམ་བཞི་འདི་ལྟ་སྟེ། །ཐིག་ལེ་སྟོང་པའི་སྒྲོན་མ་དང་། །རིག་པ་དབྱིངས་ཀྱི་སྒྲོན་མ་དང་། །ཤེས་རབ་རང་བྱུང་སྒྲོན་མ་དང་། །རྒྱང་ཞགས་ཆུ་ཡི་སྒྲོན་མ་རྣམས། །སེམས་ཅན་ཀུན་ལ་སྣང་བའོ། །ཞེས་པ་དང་། སྒྲོན་མ་འབར་བ་ལས། འདི་ཀུན་སྒྲོན་མ་རྣམ་བཞི་ཡིས། །སེམས་ཅན་ཀུན་གྱི་སྣང་བ་འཛིན། །རྒྱང་ཞགས་ཆུ་ཡི་སྒྲོན་མ་ཡིས། །གཟུགས་སོགས་ངོ་བོ་ཉིད་ཀྱིས་སྡུད། །ཤེས་རབ་རང་བྱུང་སྒྲོན་མ་ཡིས། །ཐེག་པ་རྣམས་
ཀྱི་ཐེ་ཚོམ་གཅོད། །ཐིག་ལེ་སྟོང་པའི་སྒྲོན་མ་ཡིས། །འཁོར་འདས་བསྲེ་བའི་མཚམས་སྦྱོར་བྱེད། །དག་པ་དབྱིངས་ཀྱི་སྒྲོན་མ་ཡིས། །རྣལ་འབྱོར་ཉམས་ཀྱི་ས༷་བོ༷ན་འདེབ༷ས་{བོ༵ག་འདོ༵ན་བྱེ༵ད}། །འདི་ཀུན་ཁྱད་པར་སྣང་བའོ། །ཞེས་སོ། །

རྒྱང་ཞགས་ཆུ་ཡི་སྒྲོན་མ།


GTN002_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་རྣམ་གྲངས་བྱེ་བྲག་ཏུ་བཤད་པ་ལ་བཞི་ལས། དང་པོ་རྒྱང་ཞགས་ཆུ་ཡི་སྒྲོན་མ་ལ་ངོ་བོ། ངེས་ཚིག །མཚན་ཉིད། དབྱེ་བ། རྟེན། བཞུགས་ཚུལ། གནས། ཡུལ། དཔེ། གནད་དང་བཅུ་ལས། ༡དང་པོ་ངོ་བོ་ནི། རྒྱང་ཞགས་ཆུའི་སྒྲོན་མའི་ངོ་བོས་སྣང་བ་གཉིས་ཀྱི་ཆ་འཛིན་པས་འཁོར་འདས་མཐུན་པར་ལྟ་བ་སྟེ། སྒྲོན་མ་འབར་བ་ལས། རྒྱང་ཞགས་ཆུ་ཡི་སྒྲོན་མ་ཡིས། །ངོ་བོས་སྣང་བ་གཉིས་ཀ་སྡུད། །མཐོང་བྱེད་འཛིན་ཆ་མ་འགགས་ཕྱིར། །གཉིས་ཀའི་ཆ་འཛིན་བལྟ་བས་ན། །འཁོར་འདས་མཐུན་པའི་བལྟ་བའོ། །ཞེས་སོ། །༢ ངེས་ཚིག་ནི། མུ་ཏིག་ཕྲེང་བ་ལས། རྒྱང་ནི་སྒོ་ལྔའི་རྟ་ཕོ་ལ། །ཡིད་ཀྱི་རྣམ་ཤེས་ཞོན་ནས་རྒྱུ༷་{འགྱུ༵}། །ཡུལ་རྣམས་ཀུན་ལ་འཇུག་ཅིང་སྡུད། །ཞགས་པ༷ས་བཟུ༷ང་{ནི༵་གཟུ༵ང་}བའི་ཡུལ་ཉིད་ནི༷་{ལ༵}། །འཛིན་པའི་སེམས་ཀྱིས་རྣམ་པར་བཟུང་། །ཆུས་ནི་དངས་སྙིགས་འབྱེད་པར་བྱེད། །དེ་ཡང་གཉིས་ན་ཆ་མཉམ་སྟེ། །མདོར་ན་དབང་པོའི་དངས་མ་ཡིན། །ཞེས་དང་། སྔ་མ་ལས། ངེས་པའི་ཚིག་ནི་འདི་ལྟ་བུ། །རྒྱང་ནི་རིང་བའི་རྒྱུད་འཛིན་པས། །གཟུགས་སུ་སྣང་བ་འཛིན་པ་དང་། །


GTN002_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་དོག་ལ་སོགས་སྡུད་པ་དང་། །རིག་པའི་སྐུ་ཡང་རྒྱང་རིང་ནས། །མཐོང་བྱེད་འཛིན་པར་བྱེད་པ་དང་། །འཁོར་བ་རྟོགས་པའི་ཆ་ནས་ནི། །རྒྱང་དུ་འཕེན་པས་རྒྱང་ཞེས་བྱ། །དེ་བཞིན་མ་རྟོགས་ཕྱོགས་ནས་ཀྱང་། །མྱང་འདས་འཕེན་པས་རྒྱང་ཡིན་ནོ། །དེ་བཞིན་འཁོར་བའི་སྣང་ཆ་ནས། །གཟུགས་དང་འདོད་ཡོན་ལྔ་རྣམས་ནི། །འདི་ཡིས་འཆིང་བས་ཞགས་པ་ཡིན། །དབང་པོའི་ཡུལ་ལ་སྣང་བ་ཡི། །དྲན་བསམ་བདག་ཏུ་འདིས་འཛིན་པས། །ཞགས་པ་ཞེས་ནི་རྒྱང་ནས་འཛིན། །དེ་བཞིན་ནམ་མཁའ་སྤྲིན་བྲལ་ལ། །རིག་པ་བདག་མེད་སྐུར་སྣང་བས། །སྣང་བ་ཡེངས་སུ་མི་འཇུག་པར། །འདི་ཡིས་འཛིན་པས་ཞགས་ཞེས་བྱ། །ཆུ་ནི་སྣང་བ་དེ་དག་ལ། །ཞེན་པ་རང་སར་ལོག་ནས་ནི། །ཀུན་ལ་ཆགས་པའི་སེམས་མེད་པར། །སྣང་བ་རང་སར་བཞག་པས་ནི། །བདག་འཛིན་བྲལ་བས་ཆུ་ཞེས་བྱ། །སྒྲོན་ནི་རང་གི་སྣང་བ་ཀུན། །གོང་ནས་གོང་དུ་འཕེལ་བ་ཡི། །རིག་པའི་ཡེ་ཤེས་གསལ་བས་སྒྲོན། །འབྱུང་བ་རགས་པའི་སྣང་བ་ཀུན། །རང་ཤེས་སྤྱོད་པ་འགག་མེད་ཅིང་། །དབང་པོའི་ར༷ང་{རབ༵་}སྒོ་གསལ་བས་སྒྲོན། །རིག་པ་ཕྱི་ཡི་དབྱིངས་བཞག་པས། །ནང་དབྱིངས་རང་སར་དག་སྟེ་སྣང་། །ཉམས་ཀྱི་སྣང་བ་འདིས་བསྐྱོད་པས། །དབྱིངས་རིག་འདྲེས་པས་མ་ཡང་ཡིན། །དབང་པོ་ཀུན་གྱི་དངས་མ་ཡི། །འཆར་བྱེད་སྒོ་ནི་མིག་ཡིན་པས། །ཀུན་གྱི་གཞི་འཛིན་མ་ཞེས་བྱ། །ཞེས་སོ། །༣མཚན་ཉིད་ནི། གཟུགས་སྣང་འཛིན་རུང་དུ་སྐྱེས་པ་གང་ཞིག་ཡེ་ཤེས་ཀྱི་


GTN002_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་མཐོང་བས་འཁྲུལ་སྣང་འགག་བྱེད་དུ་གནས་པ་སྟེ། ཐལ་འགྱུར་ལས། རྒྱང་ཞགས་སྒྲོན་མའི་མཚན་ཉིད་ནི། །ཁྱབ་པས་འཇུག་ལ་འཇུག་པས་ཁྱབ། །འབྱུང་བ་བཞི་དག་བྱེད་པར་གནས། །འཛིན་འཇུག་མཆེད་དང་བྱེད་པའོ། །ཞེས་དང་། སྒྲོན་མ་འབར་བ་ལས། འདི་ཡི་མཚན་ཉིད་འདི་ལྟ་བུ། །འཆར་བྱེད་འགག་པ་མེད་པ་ཡིས། །དབང་པོའི་དངས་མ་མིག་གི་སྒོར། །བསྐྱེད་པས་པདྨའི་སྤྱན་དུ་གནས། །རང་གི་མཚན་ཉིད་དབང་པོ་འཛིན། །འབྱུང་བ་ལས་ནི་འཕེན་པ་དང་། །སྡུད་དང་འཛིན་དང་མཆེད་པར་སྣང་། །ཡེ་ཤེས་ལས་ནི་ལྟ་བ་དང་། །གནས་དང་གོང་མ་འཛིན་པའོ། །དབང་པོས་ཡུལ་དང་ཡུལ་ཅན་དང་། །ཡུལ་མེད་རྣམས་ནི་རང་འཛིན་པའོ། །ཞེས་སོ། །༤དབྱེ་ན་གསུམ་སྟེ། འབྱུང་བའི་དངས་མ་འདུས་པའི་རྒྱང་ཞགས་དབང་རྟེན་དང་ཟར་མའི་མེ་ཏོག་ལྟ་བུ་དང་། དབང་པོ་འདུས་པའི་རྒྱང་ཞགས་དབང་པོ་གཟུགས་ཅན་པ་གཟུགས་ལ་འཛིན་ནུས་སུ་སྐྱེས་པ་མིག་གི་དབང་པོ་དང་། ཡེ་ཤེས་འདུས་པའི་རྒྱང་ཞགས་འོད་རྩ་དངས་པའི་རྩ་སྣ་འོད་གསལ་གྱི་སྣང་བ་མཐོང་བྱེད་དུ་གནས་པ་སྟེ། དེ་ཉིད་ལས། དབྱེ་བ་རྣམ་པ་གསུམ་ཡིན་ནོ། །འབྱུང་བའི་དངས་མར་རང་འདུས་པའི། །རྒྱང་ཞགས་ཆུ་ཡི་སྒྲོན་མ་དང་། །ཡེ་ཤེས་འདུས་པའི་རྒྱང་ཞགས་དང་། །དབང་པོ་འདུས་པའི་རྒྱང་ཞགས་སོ། །ཞེས་སོ། །༥རྟེན་ནི། རང་གནས་མིག་ལ་བརྟེན་ལ་མཐོང་བྱེད་ཀྱི་ཆ་དེ་སྣང་ཡུལ་དེ་ལ་བརྟེན་པས་དག་མ་དག་གཉིས་ལ་བརྟེན་པ་སྟེ། ཐལ་འགྱུར་ལས། རྒྱང་ཞགས་


GTN002_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ནི་སྣང་བ་ལ། །དག་དང་མ་དག་བྱེ་བྲག་གིས། །ལས་དང་ཚོགས་པ་དག་དང་ནི། །སྐུ་དང་ཡེ་ཤེས་ཉིད་ལ་བརྟེན། །ཞེས་སོ། །༦བཞུགས་ཚུལ་ནི། སྣང་བ་འཛིན་བྱེད་དུ་རང་གསལ་འགག་མེད་ཆེན་པོར་བཞུགས་ཏེ། སྒྲོན་མ་འབར་བ་ལས། གནས་དང་གོང་མ་འཛིན་པར་བཞུགས། ཞེས་སོ། །༧ གནས་ནི། དེ་ཉིད་ལས། འདི་ཡི་གནས་ནི་མིག་ཡིན་ཏེ། །མཐོང་བྱེད་འགགས་པ་མེད་པ་ཡིས། །ཡུལ་རྣམས་འཛིན་པར་བྱེད་པ་ཡིན། །ཞེས་སོ། །དེའང་འོད་གསལ་དང་སྒྲོན་མ་ལ་སོགས་པ་གལ་པོ་ཆེ་ཐམས་ཅད་གནད་མིག་ལ་འདུས་པས་སྒོ་མི་འགུལ་བ་དང་གཟིགས་སྟངས་གཅུན་པ་གཅེས་ཏེ། ནོར་བུ་ཕྲ་བཀོད་ལས། རིགས་ཀྱི་བུ། རིག་པའི་དེ་བཞིན་ཉིད་མིག་གི་དེ་ཁོ་ན་ཉིད་ཅོག་བཞག་གི་ལྟ་བ་ཤེས་ན་ཆོས་ཐམས་ཅད་ཀྱི་སྤྱི་དང་རང་གི་མཚན་ཉིད་ཤེས་པར་འགྱུར་རོ། །ཞེས་པ་དང་། ཡུམ་བར་མ་ལས། མིག་གི་དེ་བཞིན་ཉིད་ཤེས་ན་ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །ཞེས་སོ། །ཅིའི་ཕྱིར་ཞེ་ན་དེ་ལ་རྡོ་རྗེ་ལུ་གུ་རྒྱུད་སྐུ་དང་ཡེ་ཤེས་ཀྱི་གདངས་དང་བཅས་པ་འཁྲུལ་སྣང་འོད་གསལ་དུ་བསྒྱུར་ཏེ་ཆོས་ཉིད་ཟད་ས་ལས་གདོད་མའི་དབྱིངས་སུ་སྦྱོར་བའི་ཕྱིར་ཏེ། ནོར་བུ་ཕྲ་བཀོད་ལས། ཀྱེ་མ་རིགས་ཀྱི་ལྷ་མོ་རང་གི་མིག་གི་དེ་ཁོ་ན་ཉིད་སྙིང་པོ་རྡོ་རྗེའི་སྐུ་ལུ་གུ་རྒྱུད་བསྟན་པ་ནི། མིག་གི་དེ་བཞིན་ཉིད་སྐུ་གསུམ་འདུ་འབྲལ་མེད་པའི་དོན་རིག་པ་རང་གསལ་གྱི་དགོངས་པ་མ་བཅོས་པའི་ཡེ་ཤེས་


GTN002_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་པས་བལྟ་བར་བྱའོ། །རྒྱང་ཞགས་ཆུའི་སྒྲོན་མ་ལ་ཡང་དག་པའི་སངས་རྒྱས་རིག་པ་ལུ་གུ་རྒྱུད་ཀྱི་སྐུ་ཡོངས་སུ་གསལ་བའོ། །དེ་ཡང་དབྱིངས་དང་རིག་པ་འདུ་འབྲལ་མེད་པར་གནས་ཏེ། དོན་གྱིས་མ་བསྒྲིབས་པ་རང་སྣང་བས་མིག་གི་དེ་ཁོ་ན་ཉིད་ཀྱི་རང་བཞིན་ནི་དེ་ཉིད་ལ་གཟུང་བར་བྱའོ། །དེའི་ཚེ་རིག་པའི་སྣང་བའི་ངོ་བོ་དང་བཅས་པ་དེ་ཉིད་རིག་པ་ཅོག་བཞག་གི་ལྟ་བར་དྲན་པར་བྱའོ། །རིག་པ་དེ་ཉིད་རང་གི་འདུག་ཚུལ་གྱི་དངོས་པོ་དེ་ཉིད་ལས་མ་གཡོས་པས། ཡང་དེ་ཉིད་ལ་མིག་གི་ཟུར་གྱིས་བལྟ་བར་བྱའོ། །དེ་ནས་རང་གི་དབྱིངས་ཀྱི་སྣང་བ་སྐུ་དང་བཅས་པ་གསལ་ལོ། །ཞེས་སོ། །༨ཡུལ་ནི། སྣང་ཡུལ་འཁྲུལ་པ་དེའི་དོན་རང་མཚན་གྱི་ཆ་སྟེ་དངས་མ་འདུས་པའི་ཡུལ་ལོ། །དེ་ལ་གཟུགས་ཞེས་མིག་གི་ཆ་དེ་དབང་པོའི་རྒྱང་ཞགས་ཀྱི་ཡུལ་ལོ། །འོད་སྣང་སྟོང་གཟུགས་ནི། ཡེ་ཤེས་ཀྱི་རྒྱང་ཞགས་ཀྱི་ཡུལ་ཏེ་དེ་ཉིད་ལ་བསླབ་པར་བྱ་བ་ནི། ཐལ་འགྱུར་ལས། རྒྱང་ཞགས་ཡུལ་ནི་གཟུགས་ལ་སོགས། །སྡུད་ཅིང་འཛིན་ལ་འཕེན་པར་བྱེད། །གནད་ཀྱིས་བཅིངས་དང་ཞག༷ས་{བཞ༵ག་}པ་དང་། །དབང་པོ་བསྒྱུར་དང་རྩ་བ་བཅད། །འདྲེན་ཅིང་གཟུགས་ལ་བསླབ་པར་བྱ། །ཞེས་སོ། །༩མཚོན་དཔེ་ནི། ལྕགས་ཀྱུ་ལྟ་བུ་སྟེ། མུ་ཏིག་ཕྲེང་བ་ལས། དཔེར་ན་འཛིན་བྱེད་ལྕགས་ཀྱུ་ལྟར། །ཞེས་པ་དང་། སྒྲོན་མ་འབར་བ་ལས། དཔེར་ན་འཛིན་བྱེད་ལྕགས་ཀྱུ་ཡིས། །གང་སྣང་སྣ་ནས་འཛིན་པ་བཞིན། །འཁོར་དང་མྱ་ངན་
འདས་པ་ཡི། །སྣ་གཉིས་འདི་ཡིས་འཛིན་པར་བྱེད། །ཅེས་སོ། །༡༠ ཇི་ལྟར་ཉམས་སུ་ལེན་པའི་གནད་ནི། སྤྱིར་སྣང་ཡུལ་གཏད་དུས་རིག་པ་དལ་བ་རླུང་དལ་བ་ཡུལ་མི་རྟོག་པ་གསུམ་ཡིན་ལ། འདིར་མིག་མི་འགུལ་བ་གཙོ་བས་ལྟ་སྟངས་དང་སྦྱར་བ་སྟེ། ཐལ་འགྱུར་ལས། སྒྲོན་མའི་གནད་ནི་ངས་བཤད་ཀྱི། །ལྷ་བུ་སྐལ་ལྡན་ཁྱོད་ཉོན་ཅིག །ཡུལ་དང་རིག་པ་རླུང་དག་གིས། །ཆོས་ཉིད་ལམ་དུ་བཟུང་བའི་ཕྱིར། །ཡེ་ཤེས་རྫོགས་པས་ཆོས་ཉིད་དག །འདི་ཡང་སྒྲོན་མའི་གནད་ཡིན་ནོ། །རྒྱང་ཞགས་འགུལ་བ་མེད་པ་གནད། །འདི་དུས་ལྟ་སྟངས་གསུམ་དང་སྦྱར། །ཞེས་སོ། །

ཐིག་ལེ་སྟོང་པའི་སྒྲོན་མ།


GTN002_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ཐིག་ལེ་སྟོང་པའི་སྒྲོན་མ་རྒྱས་པར་བཤད་པ་ལའང་། ངོ་བོ།༡ ངེས་ཚིག༢ །མཚན་ཉིད།༣ དབྱེ་བ།༤ རྟེན།༥ གནས།༦ ཡུལ།༧ སྒོ།༨ རང་བཞིན།༩ ཚད།༡༠ དངོས།༡༡ དཔེ།༡༢ གནད་དང་༡༣བཅུ་གསུམ་ལས། ༡ངོ་བོ་ནི། རང་གསལ་ཀ་དག་སྟོང་པའི་རང་གདངས་སུ་གནས་ཏེ། སྒྲོན་མ་འབར་བ་ལས། ཐིག་ལེ་སྟོང་པའི་སྒྲོན་མ་ནི། །ཆོས་རྣམས་ཀུན་གྱི་ཡིད་ཆེས་པ༷ས་{སུ༵}། །འདི་ཉིད་སུ་ཡིས་ཤེས་པ་དེ། །ཐིག་ལེའི་སྐུ་ལ་ལོངས་སྤྱོད་དེ། །གོམས་པ་རྣམས་ཀྱི་སྤྱོད་ཡུལ་ཐོབ། །དེ་ཕྱིར་དེ་ཡི་ངོ་བོ་ནི། །ཉག་གཅིག་ཆེ་ཕྲ་སྤྲོས་དང་བྲལ། །སྟོང་པའི་མུ་བྲལ་རང་གསལ་ཆེ། །རང་བཞིན་རང་གསལ་མཉམ་པ་ཉིད། །མི་རྟོག་སྤྲོས་བྲལ་ཟླུམ་པོར་གནས། །མ་བསྐུར་རང་དབང་བཞི་


GTN002_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་ཕྱིར། །དམར་པོ་རང་གསལ་ཡེ་ནས་དངས། །དྲི་མ་མེད་ཅིང་ཀ་དག་པས། །བདག་འཆིང་ཉོན་མོངས་རྣམས་དང་བྲལ། །རང་གིས་རང་གསལ་ངོ་བོ་སྟོང་། །འདི་ནི་དེ་ཡི་ངོ་བོར་འདོད། །ཅེས་སོ། །༢ ངེས་ཚིག་ནི། མུ་ཏིག་ཕྲེང་བ་ལས། ཐིག་ནི་འགྱུར་བ་ཡོད་མ་ཡིན། །ལེ་ནི་ཁྱབ་ཅིང་ཡུལ་ལ་སྣང་། །སྟོང་པ་དངོས་པོ་མཚན་མ་མེད། །སྒྲོན་མས་མུན་སེལ་སྣང་བར་འགྱུར། །ཞེས་པ་དང་། སྔ་མ་ལས། ཐིག་ནི་མི་འགྱུར་དྲང་པོ་ལ། །ཡེ་ནས་བཅོས་པ་ཉིད་དང་བྲལ། །ལེ་ནི་གདལ་བ་ཆེན་པོ་ལ། །སྣང་བ་རྣམས་ནི་རང་སར་རྫོགས། །སྟོང་པ་དངོས་པོའི་འཛིན་པ་ནི། །ཡུལ་ལ་ཞེན་པའི་བློ་རྣམས་བཀག །རང་བཞིན་སྟོང་པ་ཆེན་པོ་ཡི། །གསལ་བར་རང་བཞིན་བློ་མི་སྣང་། །སྒྲོན་མས་འོད་གས༷ལ་ལྔ༵ར་སྣང་བ་ནི། །བྱས་ཏེ་རང་ངོ་གསལ་རིག་བཅས། །འདི་རྣམས་ངེས་པའི་ཚིག་ཡིན་ནོ། །ཞེས་སོ། །༣ མཚན་ཉིད་ནི། ཚོན་གང་འོད་ཀྱི་ཐིག་ལེ་གང་ཞིག་རང་གསལ་ཟླུམ་ཞིང་ཟུག་རྔུ་དང་བྲལ་བ་སྟེ། ཐལ་འགྱུར་ལས། ཐིག་ལེ་སྟོང་པའི་མཚན་ཉིད་ནི། །ཟླུམ་ཞིང་རང་བཞིན་ཀུན་གསལ་བ། །དམར་དངས་ཁ་དོག་གསལ་བའི་འོད། །སྤྲོས་དང་བཅས་ཏེ་མཆེད་པར་བྱེད། །ཅེས་པ་དང་། སྒྲོན་མ་འབར་བ་ལས། མཚན་ཉིད་སྟོང་པ་གསལ་བས་ཁྱབ། །རང་ངོ་ལུས་ཀྱི་མཐའ་རྣམས་ཟད། །ཅེས་སོ། །༤ དབྱེ་བ་ནི་ལྔ་སྟེ། གཞི་གནས་རིག་པའི་ཐིག་ལེ་སྟོང་པ་སྙིང་ག་ན་གནས། ལུས་གནས་རྩ་ཡི་ཐིག་ལེ་སྟོང་པ་རྩ་རྣམས་ན་གནས། ཀུན་རྫོབ་རྒྱུ་ཡི་ཐེག་ལེ་


GTN002_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

རོ་མ་ན་གནས། དོན་དམ་སྤྲོས་མེད་ཀྱི་ཐིག་ལེ་སྟོང་པ་རྐྱང་མ་ན་གནས། རང་བྱུང་འབྲས་བུའི་ཐིག་ལེ་སྟོང་པ་མིག་ན་གནས་པའོ། །འདི་དག་ཀྱང་རང་ངོ་ཡེ་ནས་སྟོང་པས་ཐིག་ལེ་སྟོང་པའི་ཁོངས་སུ་གཏོགས་པའི་ཕྱིར་དབྱེ་བ་ཙམ་དུ་ཟད་མོད། དོན་ལ་མིག་གཉིས་ལ་ལྟོས་ནས་གཉིས་སུ་འགྱུར་བ་ཁོ་ན་སྟེ། སྒྲོན་མ་འབར་བ་ལས། དབྱེ་བ་ཉིད་ནི་རྣམ་པ་ལྔ། །གཞི་གནས་རང་གི་ཐིག་ལེ་ཡིས། །སྣང་སྲིད་འཁོར་འདས་གཅིག་ཏུ་བཟླུམ། །ལུས་གནས་རྩ་ཡི་ཐིག་ལེ་ཡིས། །བདེ་དང་སྡུག་བསྔལ་གཅིག་ཏུ་བཟླུམ། །ཀུན་རྫོབ་རྒྱུ་ཡི་ཐིག་ལེ་ཡིས། །ཕུང་སེམས་བསྐྱེད་པའི་རྒྱུ་རྐྱེན་ཏེ། །ཕུང་པོ་ཁམས་སོགས་ཆོས་རྣམས་ཀུན། །བྱ་བྲལ་རྫོགས་པ་ཆེན་པོར་བཟླུམས། །དོན་དམ་སྤྲོས་མེད་ཐིག་ལེ་ཡིས། །དབྱིངས་དང་རིག་པ་གཅིག་ཏུ་བཟླུམས། །རང་བྱུང་འབྲས་བུའི་ཐིག་ལེ་ཡིས། །སངས་རྒྱས་ཀུན་གྱི་དགོངས་པ་རྣམས། །{མཐའ་བྲལ་ལྷུན་གྲུབ་རྫོགས་པའི་ངང་། །}རྩོལ་སྒྲུབ་བྲལ་བའི་དབྱིངས་སུ་བཟླུམས། །ཞེས་སོ། །༥ རྟེན་ནི། ངོ་བོ་འོད་རྩ་གཉིས་ལ་བརྟེན། སྣང་བ་ཡེ་ཤེས་ལྔ་ལ་བརྟེན། རྣམ་པ་ཐིག་ལེ་གསལ་བ་ལ་བརྟེན། འགྲོ་འོང་རང་གནས་རླུང་ལ་བརྟེན། ཡུལ་ནམ་མཁའ་སྟོང་པ་ལ་བརྟེན། གནས་མིག་གི་དབུས་ན་བརྟེན། སྐྱེ་མཆེད་ངེས་པར་མཐོང་བྱེད་ཀྱི་གནས་ལ་བརྟེན་པ་སྟེ། ཐལ་འགྱུར་ལས། ཐིག་ལེ་སྟོང་པའི་བརྟེན་པ་ནི། །རྣམ་ཤེས་ཉིད་དང་བར་སྣང་དང་། །རྩ་དང་རླུང་དང་ཐིག་ལེ་དང་། །ཡེ་ཤེས་དག་ལ་བརྟེན་པའོ། །ཞེས་སོ། །


GTN002_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

༦ གནས་ནི། ངོ་བོའི་གནས་སྙིང་ག །གདངས་ཀྱི་གནས་མིག་གཉིས་ཏེ། སྒྲོན་མ་འབར་བ་ལས། སེམས་ཅན་ཀུན་གྱི་ལུས་ཀྱི་དཀྱིལ། །ཙིཏྟ་རིན་ཆེན་གཞལ་ཡས་ལས། །ཞེས་སོ། །༧ ཡུལ་ནི། སྣང་བའི་འཕེལ་ཚད་དེ། འོད་ལྔའི་མུ་ཁྱུད་ར་བ་ན། ༼དེ་ལས་མཆེད་པའི་ཕྱེད་སྐུ་དང་། སྐུ་རྐྱང་དང་། ཡབ་ཡུམ་དང་། ཚོམ་བུ་དང་། དཀྱིལ་འཁོར་དང་། དཀྱིལ་འཁོར་ཆེན་པོའི་སྣང་བ་དྲུག་དང་། ལོངས་སྐུ་ལས་སྤྲུལ་སྐུ། དེ་ལས་ཟེར་གྱི་སྐུ་འཕྲོ་བས་གསུམ་དང་། ཞི་ཁྲོ་གཉིས། ཐུབ་པ་དྲུག་གི་རྣམ་པར་ཡུལ་དུ་སྣང་བ་ཐམས་ཅད་ཀྱི་འབྱུང་བ་ཆེན་པོར་ལྔར་བཤད་དོ། །༽ཕྱེད་སྐུ་ལ་སོགས་པ་དྲུག་དང་། སྐུ་དང་འོད་ཟེར་གསུམ་དང་། དབྱིངས་ཀྱི་སྐུ་དང་རིག་པའི་སྐུ་གཉིས་དང་། དོན་དམ་གྱི་འབྱུང་ལྔ་དག་པ་དང་འཆར་གཞི་ཡེ་ཤེས་ཀྱི་རང་བཞིན་བསྡོམས་པས་དྲུག་སྟེ། ཐལ་འགྱུར་ལས། ཐིག་ལེའི་ཡུལ་ནི་ཁ་དོག་སྟེ། །ལྔ་དང་དྲུག་དང་གསུམ་གཉིས་དྲུག །གསལ་དང་དྲོ་དང་བསིལ་བ་དང་། །ཡང་ཞིང་གཡོ་བའི་བདག་ཉིད་འཛིན། །དོན་དམ་ཆོས་ཉིད་འབྱུང་བའོ། །ཞེས་སོ། །ཡང་ན་ནམ་མཁའི་ཀློང་གསལ་འོད་ལྔའི་འབྱུང་གནས་དང་། མེ་ཚ་བ་མེད་པ་ཡེ་ཤེས་དྲུག་གི་རང་བཞིན་དང་། ཆུ་གཤེར་བ་མེད་པ་གཙང་བ། དངས་པ། བདེ་བ་གསུམ་དང་། ས་སྲ་བ་མེད་པ་ཡེ་ཤེས་གཉིས་དང་། རླུང་བསྐྱོད་པ་མེད་པའི་ཡེ་གདངས་གཡོ་བ་སྐུ་ལྔ་ལྷུན་གྲུབ་དང་དྲུག་ཏུའང་བཤད་དོ། །གཞན་ཡང་། སྒྲོན་མ་འབར་བ་ལས། རྣ་༷{སྣ༵ང་}བའི་ཡུལ་དུ་གསལ་བར་ཡང་། །{ཀུན་གྱིས་མིག་ནས་འཆར་བའོ། །}སྟོང་པ་ཉིད་ལས་རང་ལོག་པའི། །མྱོང་བྱེད་གསལ་བའི་སྣང་བར་ནི། །ཡེ་གདངས་ལྔ་དང་བཅས་པར་ཡང་། །རང་


GTN002_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་བབས་ཀྱིས་གནས་པ་ལ། །གསལ་བྱེད་རྣམས་ཀྱི་ངོ་བོ་ཡང་། །དངོས་པོ་ལས་ནི་ལོགས་པར་བཞུགས། །ཞེས་སོ། །༨ སྒོ་ནི། དེ་ཉིད་ལས། རྐྱེན་གྱིས་མ་བསྒྲིབས་སེམས་ཅན་མིག །ཙཀྵུ་ཞེས་པའི་སྒོ་ནས་ནི། །ཉི་མའི་དཀྱིལ་འཁོར་བཞིན་དུ་ཡང་། །རང་རིག་འོད་དང་ཟེར་ཉིད་དུ། །རང་ཆས་རྣམས་སུ་རྣམ་པར་སྣང་། །ཞེས་སོ། །༩ རང་བཞིན་ནི། ཀ་དག་གི་རང་སྣང་སུས་ཀྱང་མ་བྱས་པར་རང་སྣང་བ་སྟེ། དེ་ཉིད་ལས། ཐོག་མའི་ཀ་དག་ཆེན་པོ་ལ། །རང་བཞིན་ཉིད་ནི་འདི་ལྟ་བུ། །སུས་ཀྱང་མ་བྱས་རང་གསལ་བར། །ཡེ་ཉིད་ནས་ནི་རང་བཞིན་ནོ། །ཞེས་སོ། །༡༠ ཚད་ནི། ཉམས་སུ་བླང་དུས་ནམ་མཁར་སྣང་ལ་གོམས་པའི་ཚད་དེ། སྒྲོན་མ་འབར་བ་ལས། ཐིག་ལེ་སྤྲོ་དང་བསྡུ་མེད་པར། །བར་སྣང་ཉིད་དུ་སུས་ཟིན་པ། །དེ་ཡི་ཚད་དུ་དེ་གྱུར་ཏོ། །ཞེས་སོ། །༡༡ དངོས་ནི། མིག་བཙིར་དུས་སྣང་བའི་འོད་དམར་སེར་མཚོན་གང་བ་དེ་ཡིན་ཏེ། དེ་ཡང་འགྲོ་དྲུག་སོ་སོའི་སྣང་ཚུལ་ནི། ལྷ་ལ་ཕྱིར་སྣང་དུ་བལྟར་ཡོད་པ་ལས་འདོད་ལྷ་རྣམས་ལ་རང་མཐོ་གང་། གཟུགས་ཁམས་པ་རྣམས་ལ་རང་ཁྲུ་གང་། ལྷ་མིན་རྣམས་ལ་རིགས་གཉིས་ལས་ལྷའི་རིགས་ཅན་དུ་གཏོགས་པ་རྣམས་ལ་འོད་ཟེར་རབ་ཏུ་གསལ་བ་ཕྱག་གང་། གཞན་རྣམས་ལ་ཕྲ་མོ་སོར་བཞི་པ། མི་རྣམས་ལ་མཐེབ་གང་། དུད་འགྲོ་རྣམས་ལ་རང་གནས་ཙམ་ལས་བལྟར་མེད་དོ། །ཡི་དྭགས་རྣམས་ལ་རང་ངོ་ཕྲ་ཞིང་འཕྲིག་པ་ཏིལ་འབྲུ་ཙམ། དམྱལ་བ་རྣམས་ལ་


GTN002_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

རང་གནས་རྟ་རྔའམ་ཏིལ་ཉག་ཡང་ཆུང་ཙམ་སྟེ། རང་ཤར་ལས། མ་རྟོགས་སེམས་ཅན་ཐམས་ཅད་ལ། །མི་ལ་མཚོན་དུ་ཡོད་པའོ། །ལྷ་རྣམས་ལ་ནི་བལྟར་ཡོད་པའོ། །ལྷ་མ་ཡིན་ལ་ཕྲ་བར་ཡོད། །བྱོལ་སོང་རང་གནས་ཙམ་དུ་ཡོད། །ཡི་དྭགས་རྣམས་ལ་འཕྲིག་པར་ཡོ༷ད་{སྣ༵ང་}། །དམྱལ་བའི་ཡུལ་ལ་ཏིལ་འབྲུ་ཙམ། །ཞེས་དང་། སྒྲོན་མ་འབར་བ་ལས། འོད་ལྔ་འདུས་པའི་ཐིག་ལེ་ནི། །ལྷ་རྣམས་ལ་ནི་རང་མཐོ་གང་། །ཟླུམ་པོ་རང་གསལ་ཆེན་པོར་ཡོད། །ལྷ་མིན་རང་གི་ཕྱག་གང་ངོ་། །མི་རྣམས་རང་གི་མཐེབ་གང་ལ། །ཟླུམ་པོ་ཟག་པ་མེད་པར་ཡོད། །བྱོལ་སོང་ལ་ནི་ཕྱིར་མི་སྣང་། །ཡི་དྭགས་རང་ངོ་ཕྲ་བར་ཡོད། །དམྱལ་བ་རྣམས་ལ་རང་གསལ་ཙམ། །ལྷ་ལ་དཀར་པོ་ཤས་ཆེར་སྣང་། །ལྷ་མིན་དེ་བཞིན་ལྗང་གུ་ཆེ། །མི་ལ་དམར་གསལ་རང་ཆགས་བྲལ། །བྱོལ་སོང་ཉིད་ལ་མཐིང་ཤས་ཆེ། །ཡི་དྭགས་སེར་པོ་དེ་བཞིན་ནོ། །དམྱལ་བ་རྣམས་ལ་ཁ་དོག་ལྔ། །རང་གསལ་ཤེས་པའི་ཆར་གནས་པ། །སྒྲོན་མ་དངོས་ནི་དེ་བཞིན་ནོ། །ཞེས་པ་དང་། སེངྒེ་རྩལ་རྫོགས་ལས། དགའ་ལྡན་རྣམས་ལ་ཁྲུ་གང་གནས། །རྩོད་ལྡན་རྣམས་ལ་སོར་བཞི་གནས། །ཆ་མཉམ་ལྡན་ལ་ཚོན་གང་ངོ་། །ཉིས༷་{མྱོས༵་}ལྡན་རྣམས་ལ་རང་གསལ་ཙམ། །བཀྲེས་ལྡན་རྣམས་ལ་ཏིལ་འབྲུ་ཙམ། །སྡུག་བསྔལ་ལྡན་ལ་རྟ་རྔ་ཙམ། །དེ་བཞིན་དུ་ནི་གནས་པར་བཤད། །ཅེས་སོ། །དེ་བཞིན་དུ་སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུ་ལ་དཔག་ཏུ་མེད་པ་དང་། བྱང་ཆུབ་སེམས་པར་གནས་ལ་མདའ་གང་དང་། སྤྲུལ་སྐུ་རྣམས་ལ་འདོམ་གང་དང་བཅས་པའོ། །སངས་རྒྱས་དང་


GTN002_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའ་དང་ལྷ་རྣམ་པ་གཉིས་དང་བཅས་པ་རྣམས་ལ་རང་སྣང་ཡུལ་ལ་སྣང་ལ། མི་ལ་སོགས་པ་ལྔ་ལ་མ་བསྟན་ན་མི་མཐོང་སྟེ། སྔ་མ་ལས། སངས་རྒྱས་རྣམས་ལ་དཔག་ཏུ་མེད། །བྱང་ཆུབ་སེམས་དཔའ་མདའ་གང་ངོ་། །སྤྲུལ་པའི་སྐུ་ལ་འདོ༷མ་གང་གནས། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །སྤྲུལ་པའི་སྐུ་དང་ལྷ་རྣམས་ལ། །མངོན་སུམ་ཡུལ་ལ་སྣང་བའོ། །དེ་རྣམས་མན་ཆད་ཡུལ་ལྔ་ལ། །མ་བསྟན་མཐོང་བར་མི་འགྱུར་རོ། །ཞེས་སོ། །༡༢ དཔེ་ནི། མུ་ཏིག་ཕྲེང་བ་ལས། དཔེར་ན་རྨ་བྱའི་མདོངས་ལྟ་བུ། །ཞེས་དང་། སྒྲོན་མ་འབར་བ་ལས། དཔེར་ན་རྨ་བྱའི་མདོངས་དང་མཚུངས། །དེ་བཞིན་ཕྲ་བའི་མིག་གམ་ནི། །ཡང་ན་དེ་བཞིན་ཉ་ཡི་མིག །དེ་བཞིན་སྲོག་ཆགས་རྐུན་མོའི་མིག །འདི་རྣམས་བཞིན་དུ་གནས་པའོ། །ཞེས་སོ། །༡༣ ཉམས་སུ་ལེན་པའི་གནད་ནི། ཐལ་འགྱུར་ལས། ཐིག་ལེའི་སྒྲོན་མ་བསྟེམ་པ་གནད། །རྩ་དང་མཐེབ་མཛུབ་མ་བྲལ་བས། །ཡེ་ཤེས་གོང་དུ་འཕེལ་བའོ། །ཞེས་པ་དང་། སྔ་མ་ལས། རང་གི་མཐེབ་དང་མཛུབ་མོ་ཡིས། །ཙཀྵུའི་ཕུགས་དང་འགྲམ་བཙིར་ན། །མངོན་དུ་སྣང་སྟེ་ཡིད་ཆེས་ཀྱིས། །ཞེས་སོ། །

དབྱིངས་རྣམ་པར་དག་པའི་སྒྲོན་མ།


GTN002_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་དབྱིངས་རྣམ་པར་དག་པའི་སྒྲོན་མ་རྒྱས་པར་བཤད་པ་ལ་ངོ་བོ།༡ ། ངེས་ཚིག༢ མཚན་ཉིད།༣ དབྱེ་བ།༤ རྟེན།༥ རང་བཞིན།༦ ཡུལ།༧ དགོས་པ།༨ ཚད།༩ གནས།༡༠ སྒོ།༡༡ དངོས།༡༢ དཔེ།༡༣ གནད་༡༤ དང་བཅུ་བཞི་ལས།
༡ ངོ་བོ་ནི། ངེས་པའི་ཡུལ་བྱེད་པ་སྟེ། སྒྲོན་མ་འབར་བ་ལས། རྣམ་དག་དབྱིངས་ཀྱི་སྒྲོན་མས་ནི། །རིག་པ་ཡི་ནི་ངོ་བོ་སྡུད། །ལུ་གུ་རྒྱུད་ཀྱི་ར་བར་སྣང་། །འདི་ལ་སུས་གོམས་དོན་དེ་ཉིད། །མཐིང་ག་མི་འགྱུར་རང་གསལ་བ། །མུ་ཁྱུད་ཀྱི་ནི་ར་བར་གནས། །རང་གསལ་ཕྱི་ཡི་ཡུལ་དུ་སྣང་། །ངོ་བོ་ཉིད་ནི་མ་བཅོས་པའོ། །ཞེས་སོ། །༢ ངེས་ཚིག་ནི། དེ་ཉིད་ལས། རྣམ་པ་ཡུལ་དུ་སྣང་བ་ལ། །དག་པ་དྲི་མའི་གྲངས་མཐའ་ཟད། །དབྱིངས་ཀྱིས་རིག་པའི་རང་ཡུལ་བྱེད། །རྡོ་རྗེ་ཉིད་ནི་ལུ་གུ་རྒྱུད། །འདི་ཉིད་ནང་དུ་གཞུག་པར་བྱ། །རང་གི་ངོ་བོ་རྟོག་མེད་དུ། །ནང་གི་དབྱིངས་ཀྱི་གོ་རར་ཡང་། །མ་བཟུང་མི་གནས་ཚུལ་གྱིས་ནི། །འབྲལ་བ་མེད་པར་རྒྱུན་དུ་སྣང་། །སྒྲོན་མ་རྡོ་རྗེ་ལུ་གུ་རྒྱུད། །ནམ་མཁའ་ཉིད་ལ་ཅེར་སྟོ༷ན་{བཏོ༵ན་}ཏེ། །རང་བཞིན་མེད་པར་སྣང་བར་བྱེད། །མས་ནི་དེ་ཡི་དོན་འཛིན་པས། །རང་བཞིན་ཉིད་ཀྱི་ངེས་ཚིག་ཏུ། །ཡེ་ནས་འདུ་འབྲལ་མེད་པར་གནས། །ཞེས་པ་དང་། མུ་ཏིག་ཕྲེང་བ་ལས། དབྱིངས་ནི་ཡངས་ཤིང་རྒྱ་མ་ཆད། །ཆོས་ནི༷་{ཉི༵ད་}ཡུལ་ལ་རྣམ་དག་པས། །གཉིས་ཀའི་ཟུར་ནས་འཆར་བར་བྱེད། །ཁྱབ་བྱེད་མཐིང་ག་འགྱུར་བ་མེད། །སྣང་བ་དག་པའི་རྐྱེན་འཕྲད་ན། །ཁ་དོག་ལྔ་དང་ལྡན་པར་འགྱུར། །ཞེས་སོ། །༣ མཚན་ཉིད་ནི། མཐིང་ག་ཁྱབ་བྱེད་ཀྱི་འོད་ལས་མཆེད་པའི་རྣམ་ལྔ་མིག་ཟུར་གཉིས་ལས་རང་གསལ་དུ་འབྱུང་བས་སྐུའི་འཆར་གཞི་བྱེད་པ་སྟེ། ཐལ་འགྱུར་ལས། དབྱིངས་ཉིད་དག་པའི་མཚན་ཉིད་ནི། །མཐིང་ག་རང་རྫོགས་


GTN002_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱི་ཆ། །ཐབས་དང་ཤེས་རབ་རྫོགས་པ་ཡིས། །ཟུང་གཉིས་ཆ་ལས་སྐུ་གཉིས་འཛིན། །རབ་ཏུ་སྣང་བ་མཆེད་པར་བྱེད། །འདི་དག་རྣམས་ཀྱང་རང་ཤེས་རྫོགས། །ཁྱབ་བདག་སེམས་དཔའི་གཟུགས་བརྙན་སྟོན། །ལུ་གུ་རྒྱུད་ནི་སྲང་ནས་འདྲེན། །དཀྱིལ་འཁོར་རྫོགས་པའི་གཟུགས་དང་མཚུངས། །ཡེ་ཤེས་རྣམས་ཀྱི་གཟི་མདངས་སྟོན། །འོད་ཀྱི་གཏིང་མདངས་བཀྲག་ཀྱང་སྟོན། །སྐུ་དང་ཐིག་ལེ་འདུན་པའོ། །དེ་ལྟར་ཡེ་ཤེས་རྫོགས་པའི་སྐུ། །འདི་ཉིད་སུས་མཐོང་འཚང་རྒྱ་སྟེ། །སྐུ་གསུམ་ཟད་སར་རང་བཞིན་གྲོལ། །གཟུང་འཛིན་འཕྲང་ལས་བརྒལ་ནས་ནི། །འཁོར་འདས་རྡོས་ཐག་ཆོད་པའོ། །ཞེས་པ་དང་། སྒྲོན་མ་འབར་བ་ལས། བརྗོད་ཅིང་སྣང་ཚིག་གཉིས་མེད་པས། །ཕྱི་དང་ནང་མེད་དབྱིངས་སུ་ཡང་། །རང་གདལ་ཆེན་པོའི་ངང་དུ་གནས། །ཕྱི་ནང་མེད་པར་ཟང་ཐལ་བས། །མ་བསྒྲིབས་དྲི་མ་མེད་པར་ནི། །ཡེ་ནས་ཀ་དག་ཆེན་པོར་སྣང་། །རྣམ་པར་དག་པའི་དབྱིངས་ཀྱི་ནི། །མཚན་ཉིད་དུ་ནི་ཡེ་ནས་བཞུགས། །ཞེས་སོ། །༤ དབྱེ་བ་ནི་གསུམ་སྟེ། གཞིའི་དབྱིངས་རང་གི་སྙིང་ག་ན་འོད་ལྔ་ལྷུན་གྲུབ། ལམ་གྱི་དབྱིངས་མིག་གི་འོད་རྩའི་རང་འོད་སྣང་བ་ཡུལ་ལ་སྣང་བའི་དབྱིངས་མཐིང་ག་དང་ལྔ་ལྡན་ཏེ། དེ་ཉིད་ལས། དབྱེ་ན་རྣམ་པ་གསུམ་ཡིན་ཏེ། །གཞི་ལ་གནས་པའི་དབྱིངས་ཀྱིས་ནི། །ལུ་གུ་རྒྱུད་དེ་བཙོན་དུ་འཛིན། །འདི་ཀུན་དེ་ཡི་དབྱེ་བའོ། །ཞེས་སོ། །༥ རྟེན་ནི། ཐལ་འགྱུར་ལས། རྣམ་དག་དབྱིངས་ཀྱི་བརྟེན་པ་ཡི། །སྨིན་མཚམས་


GTN002_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དང་ནམ་མཁའ་དང་། །འོད་དང་ཐིག་ལེ་དག་དང་ཡང་། །སྣ་ཚོགས་སྐུ་ལ་བརྟེན་པའོ། །ཞེས་སོ། །༦ རང་བཞིན་ནི། དབྱིངས་སྣང་ལ་གཏད་པས་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་མཉམ་གནས་ཀྱི་དབྱིངས་ཆོས་ཉིད་ཟད་པའི་དགོངས་པ་ལ་ངང་གིས་བློ་གནས་པ་སྟེ། སྒྲོན་མ་འབར་བ་ལས། རང་བཞིན་སྣང་བ་མ་འགགས་པས། །བློ་དངོས་དྲན་པ་ཀུན་ཟད་དེ། །སྣང་བ་རང་དག་དབྱིངས་སུ་ནི། །རྟོག་པ་མེད་པའི་རིག་པ་ཡང་། །མི་གཡོ་མཉམ་པ་ཉིད་ཤེས་པས། །ཐམས་ཅད་མཉམ་པའི་དབྱིངས་སུ་ཡང་། །ཡེ་ནས་རྣམ་རྟོག་ཟད་པར་ནི། །རང་བཞིན་རྣམ་དག་དབྱིངས་སུ་གནས། །ཞེས་སོ། །༧ ཡུལ་ནི། ནམ་མཁའ་སྟོང་པ་ལ་འོད་ལྔ་རང་གསལ་བ་སྟེ། ཐལ་འགྱུར་ལས། དབྱིངས་ཀྱི་ཡུལ་ནི་སྟོང་པ་དང་། །གསལ་དང་སྒྲིབ་བྲལ་གདངས་འབྱིན་པ། །ཁྱབ་ཅིང་ཡང་ལ་གཅིག་འདུས་པའོ། །བག་རྡུལ་དེངས་པའི་ནམ་མཁའ་ལ། །མཉམ་རྫོགས་ཆོས་ཉིད་དག་པའོ། །གསལ་ཞིང་ཡེ་ཤེས་ལྔ་ཡི་གདངས། །འོད་གསལ་དག་པའི་ཡུལ་ཉིད་དོ། །ཞེས་པ་དང་། སྔ་མ་ལས། འདི་མེད་རིག་པའི་ཡུལ་མེད་པས། །སྣང་བ་འགག་པ་མེད་པ་ཡི། །ཆར་ནི་དབྱིངས་ཀྱི་སྒྲོན་མའོ། །ཞེས་སོ། །༨ དགོས་པ་ནི། སྔ་མ་ལས། དབྱིངས་ཀྱི་རིག་པའི་རང་ཡུལ་བྱེད། །ལུ་གུ་རྒྱུད་ནི་སྲང་ནས་འདྲེན། །ཞེས་སོ། །༩ ཚད་ནི། དབྱིངས་སྨིན་མཚམས་ལས་སོར་བཞིའི་ཡར་མཚམས་སུ་སྣང་


GTN002_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

དུས། དང་པོ་མཐིང་ག་ལས་ཁ་དོག་ལྔར་མཆེད་པ་སྟེ། སྒྲོན་མ་འབར་བ་ལས། མཐིང་ག་མི་འགྱུར་སྣང་བ་ལས། །ཁ་དོག་གསལ་བའི་འོད་ལྔར་ཡང་། །འདི་ཉིད་རབ་ཏུ་གསལ་འགྱུར་ཞིང་། །རང་གི་མདུན་གྱི་ཡར་མཚམས་སུ། །སོར་བཞི་འམ་ནི་མཐོ་གང་ལས། །འཕགས་ཏེ་ལུས་དང་བྲལ་བ་ན། །དེ་ཡི་ཚད་དུ་དེ་འགྱུར་རོ། །ཞེས་སོ། །འདིའི་དུས་ན་འཁོར་འདས་ཕྱེད་པས་ཕྱི་འཁོར་བར་མི་འཇུག་པའི་ཚད་ཐོབ་སྟེ། རང་བྱུང་བསྟན་པའི་རྒྱུད་ལས། ཡར་མཚམས་ལས་ནི་སོར་བཞི་ལས། །བྲལ་བའི་སྐྱེས་བུ་སྐལ་བཟང་བ། །འཁོར་བ་འཇུག་པ་ག་ལ་སྲིད། །ཅེས་སོ། །༡༠ གནས་ནི། གསུམ་སྟེ། ཕྱིའི་ཡུལ་གནས་ནམ་མཁའ། བར་གྱི་འཆར་གནས་མིག་ཟུར། ནང་གི་གཞི་གནས་ཙིཏྟའོ། །སྔ་མ་ལས། མིག་ནི་འབྱུང་བའི་རྐྱེན་མེད་ལ། །གནས་པ་རང་གི་རིག་པ་ཉིད། །ལུ་གུ་རྒྱུད་དུ་སྣང་བ་སྟེ། །སྤྲིན་བྲལ་མཁའ་ལ་འཛིན་པར་བྱེད། །རང་ཤེས་ནང་དུ་གསལ་བའི་ཚེ། །ཙིཏྟའི་དཀྱིལ་དུ་གནས་པ་ཡིན། །ཕྱིར་འཕྲོས་སྤྲིན་བྲལ་ནམ་མཁའ་ལའོ། །ཞེས་སོ། །༡༡ སྒོ་ནི། དེ་ཉིད་ལས། འདི་ཡི་འཆར་སྒོ་མིག་ནས་ཀྱང་། །འགྱུར་མེད་ཁྱབ་པའི་ཚུལ་དུ་སྣང་། །ཞེས་སོ། །༡༢ དངོས་ནི། ཡར་མཚམས་སུ་དང་པོ་མཐིང་ག་ཁྱབ་པ་ཆེན་པོའི་འོད་ལས་རྣམ་ལྔ་རང་གསལ་འཇའ་འོད་ཀྱི་ནང་ན་མུ་ཁྱུད་ཀྱི་ར་བས་བསྐོར་བའི་ཐིག་ལེ་པད་འདབ་དང་བཅས་པ་ནི་དབྱིངས་ཀྱི་ར་བ་ཞེས་བྱ་བའམ་འཇའ་འོད་ཀྱི་དབྱིངས་


GTN002_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྣང་བ་ཞེས་བྱ། མཐིང་ག་ནི་དབྱིངས་རང་ངོ་ཞེས་བྱ་སྟེ། སྒྲོན་མ་འབར་བ་ལས། མིག་གི་རྣམ་ཤེས་དག་པ་ལ། །གསལ་བྱེད་འབར་བའི་འོད་ཟེར་ལྔ། །མི་འགྱུར་ཁྱབ་པའི་ཚུལ་དུ་ཡང་། །མཐིང་གའི་རང་གདངས་ཆེན་པོར་གནས། །འཆར་བྱེད་སྣང་བ་མ་འགགས་པས། །ཕྱི་ཡི་ཡུལ་ལ་རྣམ་པར་སྣང་། །ཞེས་པ་དང་། སྲིད་པ་ཡི་ནི་ཡར་མཚམས་ནས། །འདི་ཉིད་གཉིས་འཇུག་ཟུར་ལས་ནི། །ཐབས་དང་ཤེས་རབ་རང་བཞིན་ལས། །གཉིས་ནི་འཁྲིལ་ཏེ་གཅིག་པར་ཡང་། །སོར་གཅིག་གིས་ནི་མ་རེག་པར། །ཉིན་དུས་འབྱུང་བའི་རྐྱེན་ལྡན་པས། །སྣང་བར་འགྱུར་ཏེ་མཚན་མོ་ཡང་། །མཐིང་ག་རང་ངོ་ཉིད་དང་འབྱར། །དབྱིངས་ཀྱི་རང་བཞིན་འོད་ཀྱི་ཁྱིམ། །འགྱུར་མེད་ཡེ་གདངས་ཆེན་པོར་ནི། །སངས་རྒྱས་སེམས་ཅན་ཐམས་ཅད་ལ། །སུས་ཀྱང་བྱས་པ་མེད་པར་ནི། །ཡེ་ནས་གཉིས་མེད་མཉམ་པར་གནས། །འདི་ནི་ཁྱབ་ཆེ་ཕྲ་བ་ལས། །རང་གི་ཤེས་པའི་ཆར་ཤར་ནས། །མངོན་སུམ་ཉིད་དེ་རབ་ཏུ་གསང་། །གསང་བ་ཆེན་པོ་འདི་ཉིད་ལ། །གང་དུ་སྤྱོད་པར་འདོད་པ་དེ། །ཡེ་སངས་ཉིད་ལས་ཡང་སངས་རྒྱས། །ཞེས་སོ། །༡༣ དཔེ་ནི། མུ་ཏིག་ཕྲེང་བ་ལས། དཔེར་ན་ནམ་མཁའི་འཇའ་ཚོན་ལྟར། །དག་པས་ཉོན་མོངས་དྲི་མ་ཟད། །ཅེས་པ་དང་། སྒྲོན་མ་འབར་བ་ལས། དཔེར་ན་ཡི་གེ་ན་རོ་བཞིན། །གཉིས་ཀྱིས་བཟུང་སྟེ་སྡོམ་པས་གཅིག །ནག་པོ་བསྒྱུར་དུ་བཏུབ་པ་མིན། །དེ་ལ་གོམས་པའི་གདེང་རྙེད་ནས། །བར་སྣང་འཇའ་ཚོན་ཇི་བཞིན་དུ། །ཁ་དོག་མ་འདྲེས་ཡོངས་སུ་རྫོགས། །དེ་ནས་ཡང་ནི༷་གོམས་སྟོབས་ཀྱིས། །དེ་ཡི་


GTN002_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་དང་ལྡན་པ་ལ། །བར་སྣང་ཁམས་ཀྱང་དེ་བཞིན་ནོ། །ཞེས་སོ། །༡༤ ཇི་ལྟར་ཉམས་སུ་ལེན་པའི་གནད་ནི། དང་པོར་འཁོས་འདས་རུ་ཤན་ཕྱེ་བས་དབྱིངས་སྣང་ངོ་སྤྲད་དེ། སྣ་རྩེར་མིག་གཏད་པས་འཇའ་འོད་དུ་སྣང་དུས་མིག་ཟུར་གཉིས་ལ་དལ་བུས་འཁྲིད་དེ་ནམ་མཁར་བལྟ་ཞིང་ཉི་མའི་ཁྲིད་པས་གང་གཏད་ཀྱི་སར་སྣང་བ་སྟེ། ཟླ་བ་དང་མར་མེའི་འོད་ཀྱི་དཀྱིལ་ལ་གཏད་པས་སྣང་སྟེ་རིམ་གྱིས་མཆེད་ནས་འཁྲུལ་སྣང་འོད་གསལ་དུ་འཆར་བ་ནི་གོམས་པའི་ཚད་ཀྱིས་མཐོང་བ་སྟེ། སྒྲོན་མ་འབར་བ་ལས། འཁོར་འདས་རུ་ཤན་ཕྱེད་ནས་ནི། །ལུས་ངག་རྣམས་ནི་རྣལ་དུ་དབབ། །དེ་ནས་དབྱིངས་རིག་སྣང་བ་བརྟག །འདི་ལ་གོམས་པའི་ཚད་རྙེད་ནས། །ཕྱི་རོལ་ཉི༷ད་ཀྱི༷་{ཡུ༵ལ་གྱི༵་}སྣང་བ་ནི། །གོང་ནས་གོང་དུ་ཡང་འཕེ༷ན་པ༷ར་{འཕེ༷ལ་བ༵ས}། །རིམ་གྱིས་རང་བཞིན་གོམས་ཆེན་ཐོབ། །འདི་ལ་བརྟན་པའི་ཚད་རྙེད་ནས། །ཆོས་རྣམས་ཟད་པར་གྱུར་པ་ནི། །དེ་ཉིད་གོམས་པར་བྱ་བ་ཡིན། །ཡན་ལག་ཏུ་ནི་ངས་བཤད་དོ། །ཞེས་པ་དང་། ཐལ་འགྱུར་ལས། དབྱིངས་ཀྱི་གནད་ནི་འཁྲིད་པ་སྟེ། །ཉི་ལ་བསླབ་ཐབས་རྣལ་འབྱོར་པས། །ལེགས་པར་སྦྱང་སྟེ་འཁྲིད་པར་བྱ། །ཟླ་བ་དག་ལའང་བསླབ་པར་བྱ། །འདི་ལྟར་རྒྱུན་དུ་སུས་བྱས་པ། །འཁྲུལ་པའི་སྣང་བ་རྒྱུན་ཆད་དེ། །དག་པ་ཡེ་ཤེས་ལྔ་ཡི་འོད། །ས་རྡོ་རི་བྲག་བག་སྟོངས་ནས། །གྲུ་ཆད་དང་ནི་ཡུལ་གྲུ་ཙམ། །འཁྲིད་ལ་མཁས་པས་སྣང་བར་འགྱུར། །འདི་དུས་ཐབས་ཀྱིས་བཅོས་པ་གནད། །རྫོགས་པས་ཆོས་ཉིད་ཐོབ་པའོ། །འདི་ལྟར་གོམས་པས་ཆོས་ཉིད་སྟོབས། །ལུས་འབྱུང་
རང་སོར་རྫོགས་པའོ། །དེ་ལྟར་ལུས་འབྱུང་རྒྱུན་ཆད་པས། །ཟག་བཅས་ཕུང་པོ་མི་སྣང་བར། །འདི་ལ་མངོན་པར་འཚང་རྒྱ་འོ། །ཞེས་སོ། །

ཤེས་རབ་རང་བྱུང་གི་སྒྲོན་མ།


GTN002_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པ་ཤེས་རབ་རང་བྱུང་གི་སྒྲོན་མ་རྒྱས་པར་བཤད་པ་ལའང་། ༡ ངོ་བོ། །༢ ངེས་ཚིག །༣ མཚན་ཉིད། ༤ དབྱེ་བ། ༥ རྟེན། ༦ སྒོ། ༧ དངོས། ༨ ཡུལ། ༩ གནས། ༡༠ ཚད། ༡༡ དཔེ་དང་བཅུ་གཅིག་ལས། ༡ ངོ་བོ་ནི། སྒྲོན་མ་གཞན་ལ་ཁྱབ་བྱེད་དུ་ཡོད་པའི་ཤེས་རབ་ཀྱི་རྣམ་པ་སྟེ། སྒྲོན་མ་འབར་བ་ལས། ཤེས་རབ་རང་བྱུང་སྒྲོན་མ་ནི། །འདི་ལྟར་སྒྲོན་མ་ཐམས་ཅད་ཀྱི། །ཤེས་བྱེད་ཚུལ་དུ་གནས་པས་ན། །ཀུན་གྱི་ཆ་ལ་འདི་ཉིད་པས། །འབྱེད་པའི་ཤེས་རབ་ཉིད་ལས་ནི། །འབྱེད་པ་མེད་པའི་ཚུལ་དུ་གནས། །ཆ་ཕྲ་བསྐྱེད་པའི་ངོ་བོར་ནི། །ཡེ་ཐོག་ཉིད་ནས་གནས་པའོ། །ཞེས་སོ། །༢ ངེས་ཚིག་ནི། དེ་ཉིད་ལས། ཤེས་པ་དངོས་དང་དངོས་མེད་པའི། །སྣང་བ་ཀུན་ལ་རབ་ཞུགས་ནས། །སྤྱི་ཡི་དོན་རྣམས་ཤེས་པ་དང་། །མ་བཙལ་བཞག་པའི་གདེངསརྙེད་དེ། །རང་གི་ཡེ་ཤེས་ཚད་རྣམས་ཤེས། །རང་བཞིན་དག་པའི་ཆོས་སྐུ་ནི། །སུས་མ་རྙེད་པར་རང་རིག་པས། །ཀུན་ལས་ཁྱད་འཕགས་རབ་ཏུ་སྣང་། །གཞན་གྱིས་སྤྱོ༷ད་{དཔྱ༵ད་}པའི་གནས་མེད་པས། །རང་ཤར་ཡེ་ནས་དག་པའི་ཡུལ། །གཞན་གྱིས་ཡུལ་མིན་རང་ཤེས་བྱ། །བྱས་པས་འདི་དོན་རྙེད་པ་མེད། །སུ་ལ་རེ་བ་མེད་པའི་ཕྱིར། །ཡེ་ནས་རང་སྣང་འབྱུང་ཞེས་བྱ། །སྒྲོན་ནི་ཆོས་ཉིད་ཐམས་


GTN002_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀུན། །གཉིས་སུ་མེད་པར་སྣང་བར་བྱེད། །མས་ནི་རང་ངོ་ཁྱབ་པའོ། །ཞེས་པ་དང་། མུ་ཏིག་ཕྲེང་བ་ལས། ཤེས་པས་ཆོས་རྣམས་ཅིག་ཆར་རྟོགས། །རབ་ནི་ཀུན་གྱི་རྩེ་མོར་གྱུར། །རང་ནི་གཞན་ལྟོས་ཆོས་དང་བྲལ། །བྱུང་བས་མ་བཀག་ལྷུག་པར་སྣང་། །གཡོན་ནས་འཆར་བྱེད་སྒོ་མ་འགགས། །ཞེས་སོ། །༣ མཚན་ཉིད་ནི། སྤྲོས་བྲལ་རང་བྱུང་གི་ཡེ་ཤེས་གང་ཞིག་ཆོས་དང་ཆོས་ཉིད་རང་དང་སྤྱིའི་མཚན་ཉིད་ཕྱིན་ཅི་མ་ལོག་པར་རྟོགས་པས་ཤེས་བྱ་ཤེས་ཤིང་སྤང་བྱ་སྤང་བ་སྟེ། སྒྲོན་མ་འབར་བ་ལས། སྣང་དང་མི་སྣང་ཆོས་རྣམས་ཀུན། །རང་བཞིན་མེད་པར་སུས་ཤེས་པ། །འདི་ནི་དེ་ཡི་མཚན་ཉིད་དོ། །ཞེས་པ་དང་། ཐལ་འགྱུར་ལས། ཤེས་རབ་དག་གི་མཚན་ཉིད་ལ༷ས་{ནི༵}། །མཁ༷ས་པ༷་{གས༵ལ་བ༵འི་}ཚིག་འཇུག་གཞི་མ་སྡུད། །ཉོན་མོངས་ལས་དང་བག་ཆགས་བསྲེག །སྨིན་བྱེད་འཁོར་འདས་སྲོག་གཅོད་པའོ། །ཞེས་སོ། །༤ དབྱེ་བ་ནི་ལྔ་སྟེ། གཞི་གནས་རང་བྱུང་གི་ཤེས་རབ་ཀྱིས་ཆོས་ཐམས་ཅད་ཀྱི་རྟེན་བྱེད་ལ། སྣང་བ་ཅེར་འཛིན་གྱི་ཤེས་རབ་ཀྱིས་དབྱིངས་རིག་ཐད་ཀར་རྟོགས་པ། དྲན་པ་འགག་མེད་ཀྱི་ཤེས་རབ་ཀྱིས་མཉམ་བཞག་ཏུ་གསལ་དངས་ཕྱེད་པ། སོ་སོར་རྟོགས་པའི་ཤེས་རབ་ཀྱིས་སྤྱི་དང་རང་གི་མཚན་ཉིད་ཤེས་པ། འཇུག་བྱེད་རྣམ་གསུམ་གྱི་ཤེས་རབ་ཀྱིས་ཐོས་བསམ་སྒོམ་པའི་མཚམས་ཕྱེད་པ་སྟེ། སྔ་མ་ལས། དབྱེ་བ་རྣམ་པ་ལྔ་ཡིན་ཏེ། །གཞི་གནས་རང་བྱུང་ཤེས་རབ་ཀྱིས། །ལུས་སོགས་ཆོས་ཀྱི་རྟེན་རྣམས་བྱེད། །སྣང་བ་ཅེར་འཛིན་ཤེས་རབ་


GTN002_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས། །དབྱིངས་དང་རིག་པའི་དྲན་པ་འཛིན། །དྲན་པ་འགག་མེད་ཤེས་རབ་ཀྱིས། །ཤེས་པ་རྩེ་གཅིག་ཡུལ་རྣམས་སྡུད། །སོ་སོར་རྟོགས་པའི་ཤེས་རབ་ཀྱིས། །སྤྱི་དང་རང་གི་མཚན་ཉིད་འབྱེད། །འཇུག་བྱེད་རྣམ་གསུམ་ཤེས་རབ་ཀྱིས། །རང་བཞིན་བར་དོར་གཏན་ལ་འབེབས། །ཞེས་སོ། །༥ རྟེན་ནི། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་དང་རང་གི་མཚན་ཉིད་རྣམས་ལ་ཤེས་བྱ་དང་ཤེས་བྱེད་དུ་བརྟེན་ལ། རང་བྱུང་གི་ཡེ་ཤེས་ལ་ལྡན་པ་དང་། ལྡན་ཆོས་སུ་ངོ་བོ་གཅིག་པ་བརྟེན་པ་སྟེ། ཐལ་འགྱུར་ལས། ཤེས་རབ་རང་བྱུང་བརྟེན་པ་ནི། ཚིག་དང་ཡིན་མིན་རྟོག་པ་དང་། །གྲུབ་པའི་མཐའ་དང་ལྟ་སྒོམ་དང་། །ཆོས་ཉིད་ལ་ནི་བརྟེན་པའོ། །ཞེས་སོ། །༦ སྒོ་ནི། དབང་པོ་ལྔ་སྟེ། སྒྲོན་མ་འབར་བ་ལས། འཆར་བྱེད་སྒོ་ནི་དབང་པོ་ལྔ། །ཁྱད་པར་སྣ་༷{སྙི༵ང་}ནས་འཆར་བར་བྱེད། །དེ་རྟགས་མཚན་མོའི་དུས་ཉིད་དུ། །གློ་དང་སྦྲིད་པ་དྲག་པོ་དང་། །ཤིན་ཏུ་གློ་དྲག་བུས་པའི་ཚེ། །དམར་ལ་དངས་པའི་འོད་ཟེར་ནི། །མེ་སྟག་བཞིན་དུ་རྣམ་པར་འཕྲོས། །དེ་ཡི་ཚད་དང་རྟགས་དེ་ཡིས། །འཆར་བར་བྱེད་པའི་སྒོ་ངོས་ཟིན། །ཞེས་སོ། །༧ ཤེས་རབ་དངོས་ནི། ཤེས་པས་ཡུལ་རིག་ཀྱང་རྟོག་པར་མ་སྐྱེས་པའི་གསལ་བ་དེ་ལ་ངོས་བཟུང་ནས་སྒོ་དབང་པོ་ལྔ་ལ་རྟོག་མེད་ཀྱི་ཤེས་པ་དངས་པ་ལྔ་འབྱུང་བ་ལ་བྱའོ། །དབང་ཤེས་རྟོག་བྲལ་དེ་ཉིད་སེམས་ཡིན་ཀྱང་དེའི་ནང་ན་རང་བྱུང་ཡེ་ཤེས་ཀྱི་ཆ་གསལ་རིག་རྟོག་མེད་གང་ལའང་མི་འཛིན་པ་ཞིག་ཡོད་པ་དེ་ངོས་


GTN002_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་བར་བྱའོ། །དེ་བཞིན་དུ་ཐོས་བསམ་སྒོམ་པའི་ཤེས་པའི་རང་དུས་ན་ཡེ་ཤེས་ཀྱི་ཆ་ཡོད་པ་དེ་འདིར་ངོས་བཟུང་གི །རྟོག་དཔྱོད་ཀྱི་སེམས་ཀྱིས་བསྡུས་པ་ལ་མི་འདོད་པས་གནད་འདི་གལ་ཆེ་བ་ཡོད་དོ། །༨ ཡུལ་ནི། རང་ངོའི་ཡུལ་རིག་པ་འཇུག་ཡུལ་ཆོས་དང་ཆོས་ཉིད་ཐམས་ཅད་ཡིན་ཏེ། ཐལ་འགྱུར་ལས། ཤེས་རབ་ཡུལ་ནི་ཚིག་དང་དོན། །ཚིག་དོན་འབྲེལ་བར་འདོད་པ་ཡིས། །མཚོན་པས་ཤེས་དང་བརྗོད་པས་སོ། །མཚོན་པ་དཔེ་དང་བརྡའ་མཚོན་དང་། །ཚིག་གིས་མཚོན་པ་མཐའ་མར་བརྗོད། །བརྗོད་པས་ཤེས་པ་ཐ་སྙད་དང་། །ངོ་སྤྲད་པ་དང་འཁྲིད་པ་དང་། །ལ་བཟླ་ཤན་འབྱེད་དག་གིས་སོ། །ཞེས་སོ། །༩ གནས་ནི། ངོ་བོ་སྙིང་གའི་འོད་རྩ་བཞི་དང་ཤེས་རབ་ཀྱི་རང་རྩལ་ཟེར་གདངས་ཀྱི་མ་རྩ་ཐམས་ཅད་ཀྱི་ནང་ན་གནས་པས་ལུས་ལ་ཁྱབ་སྟེ། གང་དུ་རེག་ཀྱང་ཤེས་པས་ཚོར་བ་དེས་ཤེས་པ་རླུང་གི་རྟ་ལ་ཞོན་པས་རང་རྩལ་རྩ་འདབ་འགར་འཐུམས་དུས་ཤེས་པ་རྨུགས་ཤིང་མི་གསལ་ལ་རྩ་ཟང་ཐ༷ང་(ཐལ)དུ་རང་རྩལ་ཚུད་དུས་ཤེས་པ་གསལ་ལ་ངར་ཆེ་བ་སྟེ། མདོར་ན་ངོ་བོ་སྙིང་དང་རྩལ་རྩ་རྣམས་ན་རླུང་གི་རྟ་ལ་ཞོན་ནས་རྒྱུ་སྟེ། སྒྲོན་མ་འབར་བ་ལས། སྐྱེད་པར་བྱེད་པའི་རྩ་བཞི་ན། །འགྱུ་དང་འགུལ་དང་འཕྲིག་པ་དང་། །ཡང་ཞིང་བསྐྱོད་པའི་བདག་ཉིད་དུ། །ཙིཏྟའི་དཀྱིལ་འཁོར་ཉིད་དུ་འཁོར། །དངས་མ་ཤེས་པའི་བཅུད་རྣམས་ནི། །མེ་སྟག་ཡར་བའི་མཚན་ཉིད་དུ། །ལྔ་བཞི་ལས་ཀྱི་རླུང་དང་བཅས། །ཤེས་པ་གསལ་


GTN002_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་རིག་རིག་པོ། །ཤེས་རབ་རྣམས་ཀྱི་རང་བཞིན་དུ། །རོ་མ་རྐྱང་མ་ཀུན་འདར་མ། །ཤེལ་ཕུག་ཁོག་པ་སྟོང་པའི་ནང་། །གསལ་བ་ཤེས་རབ་ཆེན་པོར་བཞུགས། །མིང་གཞི་འདུས་པའི་ཡེ་གདངས་སུ། །ཐམས་ཅད་འབྱེད་པའི་ངོ་བོར་ནི། །ཡེ་ནས་ལུས་ཀྱི་ཆ་ལ་གནས། །སྐབས་སུ་རླུང་གིས་རང་གཟུང་བས། །ཤེས་པ་དྲན་མེད་རྨུགས་པར་ཡང་། །ཤེས་རབ་རྩལ་རྣམས་རྒྱས་འཐུམས་པས། །གསལ་བའི་ཆ་མེད་རྨུགས་པར་འགྱུར། །རླུང་གིས་ཤེས་རབ་རྩལ་བསྐྱེད་ཚེ། །སྔོན་མ་ཐོས་པའི་ཆོས་རྣམས་ཀྱང་། །ཡིད་ལ་དྲན་ཞིང་གསལ་བར་འཆར། །གསལ་དང་མི་གསལ་རྩལ་རྣམས་ནི། །རླུང་གི་གཡོ་འགུལ་ཉིད་ལས་འབྱུང་། །ལུས་དཀྱིལ་རྩ་ནང་གནས་པའོ། །ཞེས་སོ། །༡༠ ཚད་ནི། ཤེས་རབ་ལྔ་པོ་དེས་རང་རང་གི་འཇུག་ཡུལ་ཞུགས་པས་གདེང་ཚད་དུ་ལོངས་པའི་ཚད་དུ་ཕྱིན་པ་ནི། ཡང་དེ་ཉིད་ལས། གཞི་གནས་ཤེས་རབ་རང་བྱུང་ཚད། །ཆོས་ཀུན་མཉམ་པའི་ཉམས་སྐྱེས་ན། །ཤེས་པ་བརྟན་པའི་གདིང་རྙེད་ཡིན། །དེ་ཉིད་འགྱུར་བ་མ་ཡིན་པར། །རྟག་ཏུ་རྒྱུད་ལ་གནས་པས་ན། །འདི་ནི་གཞི་གནས་ཤེས་རབ་ཡིན། །འདི་ཡི་ལུས་ཀྱང་ཡང་བ་དང་། །ཤེས་པ་རྣམས་ནི་གསལ་བའོ། །སྣང་བ་ཅེར་འཛིན་ཤེས་རབ་ཚད། །ཅོག་བཞག་ཉམས་སུ་མྱོང་བའི་རྟགས། །ལུས་དཀྱིལ་ཁ་དོག་ལྔ་ཡི་འོད། །རྩོལ་བ་མེད་པར་ཕྱིར་ཤར་ནས། །འདི་ལ་ཤེས་པ་རང་ས་ཟིན། །ལུས་ཀྱང་ས་ལ་རེག་པ་མེད། །འདི་ཡིས་དམིགས་པ་གར་གཏད་པའི། །བེམ་པོ་རྣམས་ཀྱང་འགུལ་བར་ནུས། །རང་


GTN002_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

རྩལ་འབྱོངས་པའི་ཚད་ཡིན་ནོ། །དྲན་པ་འགག་མེད་ཤེས་རབ་ཚད། །ཤེས་པ་གཞན་ལ་འཇུག་པ་མེད། །གཅིག་པུར་འདུག་པར་དགའ་བ་དང་། །དབེན་པའི་ས་ལ་རྟག་པར་དད། །མི་དང་འགྲོགས་སྙིང་མི་འདོད་པར། །ཤེས་པ་རྩེ་གཅིག་འགྱུར་བ་མེད། །གཞན་གྱིས་བརྗོད་པའི་གཏམ་ལ་ཡང་། །གཉིས་སུ་འཛིན་པ་ཉིད་དང་བྲལ། །ལྟ་བ་མི་འགྱུར་གདེང་ཉིད་དུ། །ནམ་མཁའ་དག་ལ་འགྲོ་བ་སྙམ། །སེམས་དེ་གར་གཏད་ས་དེར་འགག །ཕ་རོལ་རྣམས་ཀྱི་རྐྱེན་གྱིས་ཀྱང་། །འདི་ལ་བསྒྱུར་དུ་ག་ལ་ནུས། །བག་མེད་ཤེས་པ་བདེ་ཡངས་པ། །འདི་ཉིད་སྐྱེས་པའི་མི་དེ་ནི། །དྲན་པ་འགག་མེད་ཤེས་རབ་ཟིན། །སོ་སོར་རྟོགས་པའི་ཤེས་རབ་ཚད། །ཀུན་གཞི་ཉིད་ནི་ཆོས་སྐུ་ཡང་། །འདི་ལྟར་ཕྱི་རྟགས་འདི་ལྟ་བུ། །ལུས་ལ་ཞེན་པའི་བློ་བྲལ་ནས། །རིག་པ་གར་གཏད་སར་གནས་ཏེ། །ལུས་ནི་བེམ་པོ་བཞིན་དུ་འགྱུར། །སེམས་དང་ཡེ་ཤེས་ཕྱེད་པས་ནི། །འགྱུ་བྱེད་རྣམས་ཀྱི་སྒོ་ཡང་འགགས། །འབྱུང་བ་དངས་སྙིགས་སུས་ཕྱེད་པ། །རགས་པའི་སྣང་བ་རང་འགགས་ཏེ། །ལུ་གུ་རྒྱུད་ལ་བདེ་བར་སྤྱོད། །དེ་བཞིན་འཁོར་འདས་སུས་ཕྱེད་པར། །འཁྲུལ་པའི་བློ་རྣམས་སྐྱེ་མི་སྲིད། །གལ་ཏེ་སྐྱེས་ཀྱང་ཕན་གནོད་བྲལ། །དེ་ལ་སོགས་པའི་རང་ཤེས་ཀྱིས། །འཁོར་འདས་གཏན་ལ་ཕེབས་པ་ནི། །སོ་སོར་རྟོགས་པའི་ཤེས་རབ་བོ། །འཇུག་བྱེད་རྣམ་གསུམ་ཤེས་རབ་ཚད། །ཆོས་ཀུན་ཚིག་གཅིག་སྨོས་པ་ན། །དེ་ཡི་གཞུང་ཀུན་ཤེས་པ་ནི། །ཐོས་པའི་ཤེས་རབ་ཚད་དུ་ཕྱིན། །ཤེས་པས་གང་ལ་བསམ་པ་ཡིས། །བཟུང་དེ་རྒྱུད་ལ་བདེར་ཤར་ནས། །བསམ་པ་ཡང་ནི་དེ་
བཞིན་འབྱོངས། །གང་བྱུང་རྐྱེན་གྱིས་མི་གནོད་པར། །འཁྲུལ་རྟོག་ཞེན་པ་རང་འགག་ནས། །འདིས་ནི་བསྒོམ་པའི་ཤེས་རབ་རྙེད། །ཅེས་སོ། །༡༡ དཔེར་ན། སྣང་བར་བྱེད་པས་སྒྲོན་མེ་དང་འདྲ་ལ། མཆེད་ཅིང་སྤྲོ་ཐུབ་པས་མེ་སྟག་མཆེད་པ་ལྟ་བུ་སྟེ། མུ་ཏིག་ཕྲེང་བ་ལས། དཔེར་ན་སྲེག་བྱེད་མེ་སྒྲོན་ལྟར། །ཤེས་པས་ཆོས་རྣམས་གཅིག་ཅར་རྟོགས། །ཞེས་པ་དང་། སྒྲོན་མ་འབར་བ་ལས། དཔེར་ན་སྤྲ་བ་རླན་མེད་ལ། །མེ་སྟག་ཕྲ་བ་ཉིད་འཕྲད་ཀྱང་། །སྤྲ་བ་ཀུན་མཆེད་མེས་བསྲེགས་བཞིན། །ཤེས་རབ་ཀྱིས་ནི་བག་ཆགས་བསྲེག །འདི་ཀུན་ཤེས་རབ་སྒྲོན་མའོ། །ཞེས་སོ། །དེ་ཡང་གོང་དུ་ཤེས་རབ་ཀྱི་རང་རྩལ་མེ་སྟག་ལྟ་བུ་དང་འབྲེལ་བ་བསྒྲུབ་པའི་དོན་ཏོ། །

སྐབས་འཕྲོས་སྒྲོན་མ་སྤྱིའི་མཚན་ཉིད།


GTN002_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་འཕྲོས་སྒྲོན་མ་སྤྱིའི་མཚན་ཉིད་ནི། ཡེ་ཤེས་ཀྱི་རང་སྣང་སྟོན་ཞིང་འོད་གསལ་མ་བུ་སྤྲོད་པས་འཁོར་འདས་གཉིས་ཀྱི་མཚམས་འབྱེད་པ་སྟེ། ཐལ་འགྱུར་ལས། སྒྲོན་མའི་མཚན་ཉིད་འདི་ལྟར་ཏེ། །སྤྱིར་ན་སྣང་བ་སྟོན་པ་དང་། །ཡེ་ཤེས་མ་བུར་སྦྲེལ་བར་བྱེད། །འཁོར་འདས་གཉིས་ཀྱི་མཚམས་སྦྱོར་བའོ། །རང་གདངས་གསལ་བས་འོད་ལུས་ལ། །རྟོག་བྲལ་ཡེ་ཤེས་སྡུད་པར་བྱེད། །རྟོག་བཅས་ཡུལ་གྱི་སྣང་བ་ལ། །མི་རྟོག་ཡེ་ཤེས་གཞི་མ་འཛིན། །ཞེས་གསུངས། སྤྱིའི་ཡུལ་ནི། ཕྱིའི་ཡུལ་ནམ་མཁའ་སྟོང་པ་དང་། ནང་གི་དབྱིངས་རྣམ་པར་


GTN002_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

དག་པའི་སྒྲོན་མ་གཉིས་རིག་པ་ལུ་གུ་རྒྱུད་འཆར་བའི་ཡུལ་དུ་གསལ་ཏེ། སྔ་མ་ལས། དབྱིངས་ནི་ཕྱི་དང་ནང་དུ་སྟེ། །ཕྱི་ནི་སྤྲིན་བྲལ་མཁའ་ལ་འཛིན། །ནང་དབྱིངས་སྒྲོན་མ་ལམ་དུའོ། །ཞེས་སོ། །ཕྱིའི་ཡུལ་ནམ་མཁའ་སྟོང་པ་ལ་རིག་པ་གཏད་པས་དེ་དང་མཚུངས་པའི་ཉམས་སྟོང་གསལ་རྣམ་དག་ཏུ་འཆར་བའི་ཕྱིར་ནམ་མཁའ་བཤད་དེ། དེ་ཉིད་ལས། འདི་ཉིད་ཡུལ་གནད་འདི་ལྟ་སྟེ། །སྤྲིན་བྲལ་ཕྱི་ཡུལ་སྟོང་པ་ལ། །རྣལ་འབྱོར་ནམ་མཁའི་བྱ་ལམ་གནས། །འདི་དང་མ་བྲལ་ཆོས་ཉིད་དོ། །ཞེས་དང་། སྡུད་པ་ལས། དོན་དེ་གང་ཡིན་ནམ་མཁའ་དག་ལ་བལྟ་བར་གྱིས། །ཞེས་དང་། ཡུམ་བར་མ་ལས་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པར་འདོད་པས་ནམ་མཁའ་རྣལ་འབྱོར་དུ་བྱའོ། །ཞེས་དང་། ནམ་མཁའ་ཆེ་ལས། རྣལ་འབྱོར་ནམ་མཁའི་བྱ་ལམ་གནས། །ནམ་མཁའ་སྟོང་པ་སྐྱེ་མེད་ཅིང་། །སྐྱེ་མེད་དེ་ནི་ནམ་མཁའ་བཞིན། །ཞེས་པ་དང་། ཐལ་འགྱུར་ལས། ཡུལ་ལ་སྣང་བའི་མཚན་ཉིད་ནི། །ནམ་མཁའ་སྔོ་བསངས་རྫི་མེད་ལས། །འོད་དང་ཁ་དོག་དབྱིངས་ཉིད་དང་། །ཡེ་ཤེས་ལྔ་ཡི་རང་སྣང་གསལ། །ཞེས་སོ། །དེ་ལྟར་ཕྱིའི་ནམ་མཁའ་ལ་ནང་དབྱིངས་སྣང་བ་ནི། སྣང་བ་དང་སྟོང་པ་གཉིས་སུ་མེད་པའི་དབྱིངས་ཞེས་བྱ་སྟེ། སྔ་མ་ལས། ཕྱི་དང་ནང་ཀུན་ཆོས་ཀྱི་དབྱིངས། །རྣམ་པར་དག་པའི་སྤྱོད་ཡུལ་དུ། །སངས་རྒྱས་སེམས་ཅན་གཉིས་མེད་དེ། །ལས་ཀྱིས་བཅོས་སུ་ག་ལ་ཡོད། །ཅེས་སོ། །དེ་ལྟར་ཡུལ་ནམ་མཁའ་སྟོང་པའི་དབྱིངས་


GTN002_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་། དབྱིངས་ཀྱི་ར་བར་ལུ་གུ་རྒྱུད་འགུལ་འཕྲིག་མེད་པར་བཞག་ནས་བལྟ་བ་ནི་རྫོགས་པ་ཆེན་པོའི་འདིའི་ལུགས་ཀྱི་གཏད་སོའི་འབེན་མངོན་སུམ་རང་ངོ་ལ་བལྟ་བ་དབྱིངས་རིག་གཉིས་སུ་མེད་པའི་དགོངས་པ་ཞེས་བྱ་བར་འདོད་དེ། ཡི་གེ་མེད་པ་ལས། སྐྱེ་བ་མེད་པའི་མངོན་སུམ་སངས་རྒྱས་ཀྱིས། །ཡུལ་མེད་རྣམ་པར་དག་པའི་ནམ་མཁའ་མཐོང་། །ཞེས་སོ། །ཐབས་གང་གིས་མཐོང་ན་ལྟ་སྟངས་དང་གཟིགས་སྟངས་ཤེས་པས་མཐོང་བ་ཡིན་ཏེ་འདིར་མ་བྲིས་སོ། །ཁ་ཅིག་ཕྱིའི་ནམ་མཁའ་སྤྲིན་མེད་རྐྱང་པ་དེ་ལ་ངོས་འཛིན་པ་ནི་ཤིན་ཏུ་མི་རིགས་ཏེ། ནམ་མཁའ་སྐྱེས་བུ་དང་འབྲེལ་བ་མ་གྲུབ་ལ། སྒྲོན་མ་སྐྱེས་བུ་ཡོད་མེད་ཀྱི་རྗེས་སུ་བྱེད་པའི་ཕྱིར་རོ། །འདིར་ནང་གི་ནམ་མཁའི་གདངས་སྔོ་བ་དེ་ཕྱིར་ཤར་བ་ལ་ཕྱིའི་དབྱིངས་ཞེས་བྱའོ། །དེས་ན་ནམ་མཁའ་གོ་འབྱེད་འཆར་གཞིའི་ཆ་ཙམ་ལས་དབྱིངས་དངོས་མ་ཡིན་ནོ། །དངོས་ནི་མཐིང་ཁ་ཡིན་ལ། དབྱིངས་ནང་གི་དབྱིངས་ཏེ། དེ་ལྟར་ན་དབྱིངས་དེ་ལས་སྣང་བ་དེ་བྱུང་བར་སྣང་བས་དབྱིངས་གཉིས་ལ་ཕྱི་དབྱིངས་ནང་དབྱིངས་ཞེས་སོ་སོར་བརྗོད་ཀྱང་འཇའ་འོད་ཀྱི་གུར་ཁྱིམ་དུ་མི་གསལ་བ་གསལ་བར་གོ་འཕོས་པ་ཙམ་དུ་ཤེས་པར་བྱའོ། །ནང་ཚུར་ལ་བྱས་པ་ལྟ་བུ་མ་ཡིན་གྱི། དེ་ལས་བྱུང་བར་སྣང་བའི་ཕྱི་ནང་དུ་ཤེས་པར་བྱའོ། །དེ་ལྟར་ཤེས་པ་ཀ་དག་དབྱིངས་ཀྱི་སྒྲོན་མའི་ནང་དུ་ལས་ཀྱི་རླུང་དག་པའི་ཆ་ལས་བྱུང་བའི་ཐིག་ལེ་སྟོང་པའི་སྒྲོན་མ། ཀོ་མོག་ཆུ་ལ་རྡོ་བོར་བའི་རྣམ་པས་མཚོན་པས་ཐིག་ཟླུམ་འོད་ལྔའི་མུ་ཁྱུད་ཅན་ལ་སོགས་པར་སྣང་


GTN002_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་། དེར་རྒྱང་ཞགས་གཟིགས་སྟངས་ཀྱིས་གཅུན་པས་ནང་གི་རིག་པ་ཤིན་ཏུ་དངས་ལ་ཡུལ་མེད་པ་ཞིག་ཉམས་སུ་མྱོང་བ་དེ་ནི་ཤེས་རབ་རང་བྱུང་གི་སྒྲོན་མའི་ངོ་བོ་ཡིན་ནོ། །དེ་ལས་ཡུལ་ཤེས་ཀྱི་ཤེས་རབ་རྣོ་ལ་མྱུར་བ་དང་། ཚིག་དོན་ཀློང་རྡོལ་དུ་འཆར་བ་ནི་དེའི་རྩལ་ཡིན་ནོ། །དེ་ལས་ལྷག་མཐོང་གི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་མུ་ཏིག་བསྟར་ལ་བརྒྱུས་པའམ་གསེར་གྱི་སྐུད་པ་ལྡིང་བ་ལྟར་སྣང་བ་ལ་ཤེས་རབ་ཀྱི་གདངས་ཤེས་བྱ་སྟེ། ངོ་བོ་གཅིག་ལ་ལྡོག་པ་གསུམ་གྱིས་དབྱེ་བ་ངོས་ཟིན་དགོས་སོ། །གཞན་སྣང་བཞིའི་ཉམས་བགྲོད་ཚུལ་སོགས་ངེས་གསང་རྟོགས་དཀའ་བ་དུ་མ་ཞིག་གསང་སྒྲོགས་ཀྱི་ཉེས་པར་འགྱུར་དོགས་བྲི་བའི་སྤྲོས་པ་དོར་བ་ལགས་པས་ཤེས་པར་འདོད་ན་རང་ལུགས་ཀྱི་བསྟན་ལ་སྐུ་དྲིན་གཞལ་བར་དཀའ་བའི་སྨིན་གླིང་ཡབ་སྲས་སྐུ་མཆེད་ཞལ་སློབ་བརྒྱུད་པར་བཅས་པ་དང་ཡོངས་འཛིན་རྣམ་པ་གསུམ་༼ཀུན་མཁྱེན་དྲི་མེད་འོད་ཟེར། རིག་འཛིན་འཇིགས་མེད་གླིང་པ། འགྱུར་མེད་ཚེ་དབང་མཆོག་གྲུབ་༽གྱི་ལེགས་བཤད་ལ་ངེས་ཤེས་ཁྱད་པར་བ་གསུམ་གྱིས་འདྲིས་པར་བྱ་བ་གནད་དམ་པ་སྟེ།ཚིག་དོན་རིན་པོ་ཆེའི་མཛོད་ལས། སྔོན་བསྐལ་པ་བཟང་དུས་སུ་བླ་མ་ཡང་གྲུབ་ཆེན་ཤ་སྟག་བྱོན་དུས། རང་གི་ལས་འཕྲོ་དང་བླ་མའི་ཐུགས་རྗེ་དང་མངོན་པར་མཁྱེན་པས་གནད་དུ་འགྲོ་བའི་ཆོས། རང་གང་མོས་ལས་འཕྲོ་ཡོད་པ་གཅིག་པུ་དེས་གྲོལ་བ་ཡིན་ཀྱང་། ད་ལྟའི་དུས་ན་ལས་འཕྲོ་བཟང་པོའང་དཀའ་ལ། རྣམ་
རྟོག་གྲངས་མང་བས་སྤྲོས་པ་གཅིག་གིས་ཆོད་པའང་སྲིད་མཐའ་མ་ཁེགས་པ་ཙམ་ལས་ཕལ་པ་ཀུན་ཐོས་བསམ་ཕྱོགས་མེད་དུ་སྦྱོང་དགོས་ཏེ། ད་ལྟའི་སྙིང་ཐིག་འདིའི་བསྟན་པའི་མཐའ་མ་མོས་པས་སྤྱོད་པའི་ས་ཞེས་བྱ་བ་ལ་སླེབ་པའི་དུས་ཏེ། ཁྱད་པར་དུ་གསང་བ་རྒྱལ་པོ་འདི་ཀུན་གྱི་རྩེ་མོ་ཡིན་པས་ཀྱང་ཐོས་བསམ་ཆེ་ལ་ཤེས་རབ་དང་སྐལ་བ་མཆོག་མ་གཏོགས་པས་དོན་རྟོགས་མི་སྲིད་པའི་ཕྱིར་ན་ཐེག་པ་འདིར་འཇུག་པ་ལ་ཐོས་བསམ་ཆེ་བ་ཞིག་བསྟེན་དགོས་ཏེ། ཞེས་དང་། ལྷག་པར་སློབ་དཔོན་དེ་ལམ་མ་ནོར་བ་དགོས་ཏེ། ནོར་ན་དེས་བསྟན་ཚད་ནོར་བ་ལ་འགྲོ་བའི་ཕྱིར་དང་པོ་ཐོས་བསམ་རྒྱ་ཆེ་བ་གཅེས་སོ། །ཞེས་པའི་ལུང་འདི་ཀུན་མཁྱེན་ཆེན་པོས་རྗེས་འཇུག་རྣམས་ལ་ཤིན་ཏུ་བརྩེ་བའི་གསུངས་ཡིན་ནོ། །

འབྲས་བུ་སྐུ་དང་ཡེ་ཤེས་ཐོབ་ཚུལ་གོ་དོན་སྤྱིར་བསྟན་པ།


GTN002_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

[3] གསུམ་པ་འབྲས་བུ་སྐུ་དང་ཡེ་ཤེས་ཐོབ་ཚུལ་གོ་དོན་སྤྱིར་བསྟན་པ། ས་ལམ་ཇི་ལྟར་རྫོགས་ཚུལ། སྐུ་གསུམ་གྱི་རྣམ་བཞག་མདོ་ཙམ་བསྟན་པ་དང་གསུམ་ལས། དང་པོ་ནི། འབྲས་བུ་ཞེས་པའི་ཐ་སྙད་གང་ལ་བཏགས་ཤེ་ན། གཞི་དུས་སུ་སྦྱང་བྱ་བདེ་གཤེགས་སྙིང་པོ་ལ་སྒྲིབ་བྱེད་གློ་བུར་བའི་དྲི་མའི་ཚོགས་གང་ཞིག་ལམ་དུས་བསྐྱེད་རྫོགས་ཁྱད་པར་བའི་ཐབས་ཟབ་མོ་དག་གིས་སྦྱངས་པ་ལས། འབྲས་བུའི་དུས་སུ་གཞི་དེ་ཉིད་ལ་གནས་པའི་སྐུ་དང་ཡེ་ཤེས་ཀྱི་ཡོན་ཏན་རྣམས་ཇེ་གསལ་དུ་སོང་ནས། དྲི་མ་མཐའ་དག་དང་བྲལ་བའི་གནས་སྐབས་དེར་ཡོན་ཏན་ཐམས་ཅད་ཀྱང་རྫོགས་པར་འགྱུར་བ་སྟེ། དཔལ་མགོན་ཀླུས་ཆོས་
དབྱིངས་བསྟོད་པ་ལས། གང་ཞིག་འཁོར་བའི་རྒྱུར་གྱུར་པ། །དེ་ཉིད་སྦྱངས་པ་བྱས་པ་ལས། །དག་པ་དེ་ཉིད་མྱ་ངན་འདས། །ཆོས་ཀྱི་སྐུ་ཡང་དེ་ཉིད་དོ། །ཞེས་དང་། ཇི་ལྟར་འོ་མ་རྣམ་སྦྱངས་པས། །མར་གྱི་སྙིང་པོ་དྲི་མེད་འགྱུར། །དེ་བཞིན་ཉོན་མོངས་རྣམས་སྦྱངས་པས། །ཆོས་དབྱིངས་ཤིན་ཏུ་དྲི་མེད་འགྱུར། །ཞེས་གསུངས་པ་ལྟར་རོ། །འོ་ན་ངོ་བོ་ཉིད་མེད་པར་སྨྲ་བ་གང་ཞིག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ངོ་བོ་ཉིད་ཀྱིས་མེད་པར་འདོད་པ་འདི་དང་མི་འགལ་ལམ་ཞེ་ན་སྐྱོན་མེད་དེ། དེ་ནི་བདག་ཏུ་ལྟ་བ་ངན་པ་བཟློག་པའི་ཆེད་དང་། མཚན་འཛིན་གྱི་སྤྲོས་པ་འགོག་པའི་ཕྱིར་བསྟན་པ་ཡིན་ལ། འདི་ནི་གནས་ལུགས་ཀྱི་དོན་བསྒོམ་པ་ཉམས་མྱོང་གིས་གཏན་ལ་དབབ་པར་བསྟན་པ་ཡིན་པས། དེ་གཉིས་གནས་སྐབས་གཙོ་ཆེ་ཆུང་གི་དབྱེ་བ་ཙམ་ལས་འགལ་བ་ཅན་དུ་མི་བསམ་སྟེ། སངས་རྒྱས་ཀྱིས་འགལ་བ་ཅན་གསུངས་མི་སྲིད་པས་སོ། །དེ་བས་ན་འཁོར་ལོ་ཐ་མའི་དགོངས་པ་དང་རང་གི་གདམས་པའི་དོན་ཕྱོགས་གཅིག་ཏུ་འབྲེལ་བ་སྤྱིའི་དོན་ཤེས་དགོས་སོ། །

ས་ལམ་ཇི་ལྟར་རྫོགས་ཚུལ།


GTN002_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ས་ལམ་ཇི་ལྟར་རྫོགས་པ་ནི། གོང་དུ་བཤད་པའི་གཞི་ཀ་དག་གི་ལྟ་བ་རང་ངོ་ཤེས་པ་དང་། ལམ་ཐོད་རྒལ་གྱི་རྩལ་རྩ་རླུང་ཐིག་ལེ་ལམ་དུ་སློང་བ་སོགས་ཀྱིས་རླུང་སེམས་འཁོར་ལོ་སོ་སོའི་ལྟེ་བར་ཆུད་ཅིང་རྩ་མདུད་གྲོལ་བ་ལས་ས་ལམ་གྱི་ཡོན་ཏན་རྣམས་འབྱུང་སྟེ། འཁོར་ལོ་བཞི་ལས་སུ་རུང་བས་ཚོགས་


GTN002_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་མཐོང་སྒོམ་བཞིས་བསྡུས་པའི་སློབ་པའི་ལམ་བཞིའི་ཡོན་ཏན་རྣམས་འཆར་ཞིང་དབུ་མ་ལ་རོ་རྐྱང་གི་མདུད་པ་ཉེར་གཅིག་ཡོད་པ་ལས། མདུད་པ་གཉིས་གཉིས་གྲོལ་བ་ན། དེར་དངས་མ་ཡེ་ཤེས་ཀྱི་རླུང་སེམས་རེ་ཆུད་པས་ཉི་ཤུ་པའི་བར་གྱིས་མཐོང་སྒོམ་གྱིས་བསྡུས་པའི་སློབ་པའི་ཟུང་འཇུག་ས་བཅུ་པོ་རེ་རེ་དང་ཉེར་གཅིག་པ་གྲོལ་བས་མི་སློབ་པའི་ཟུང་འཇུག་བརྙེས་པ་ཡིན་ལ། དེ་དག་ཅུང་ཟད་ཕྱེ་སྟེ་བཤད་ན། ཡིད་བཞིན་མཛོད་ལས། འཁོར་ལོ་བཞི་པོའི་རླུང་སེམས་ལས་རུང་ཚེ། །ལམ་བཞིའི་ཡོན་ཏན་རིམ་བཞིན་འཆར་བ་སྟེ། །དབུ་མའི་རྩ་མདུད་གཉིས་གཉིས་གྲོལ་བ་ལས། །ས་བཅུའི་ཡོན་ཏན་ནང་ནས་འཆར་བར་བཞེད། །སྤྲུལ་པའི་འཁོར་ལོའི་རླུང་སེམས་ལས་རུང་བས། །ཚོགས་ལམ་གསུམ་པོའི་དྲོད་རྟགས་འཆར་བ་སྟེ། །སངས་རྒྱས་སྤྲུལ་སྐུའི་ཞལ་མཐོང་སྤྲུལ་པ་འགྱེད། །ཚོགས་ལམ་ཆུང་ངུར་དྲན་པ་ཉེར་བཞག་སྟེ། །ལུས་ལྷར་བསྐྱེད་པས་ལུས་དྲན་ཉེ་བར་བཞག །བྱུང་ཚོར་རྣམ་རྟོག་ཡེ་ཤེས་བསྒྱུར་བ་ནི། །ཚོར་བ་དྲན་པ་ཉེར་བར་བཞག་པ་སྟེ། །སེམས་དང་སེམས་བྱུང་སྤྲོས་པ་ཉེར་ཞི་བསྒོམ། །སེམས་དྲན་ཉེར་བཞག་རྫོགས་པའི་རིམ་པ་སྟེ། །སྣང་བཏགས་ཆོས་ཀུན་སྒྱུ་མར་ཤེས་པ་ནི། །ཆོས་དྲན་ཉེར་བཞག་ལགས་པར་རྒྱུད་ལས་གསུངས། །བསྐྱེད་རྫོགས་དོན་ལ་མ་ཡེངས་རྩེ་གཅིག་ཏུ། །{འབྲིང་དུ་ཡང་དག་སྤོང་བཞིའི་རིམ་པ་ནི། །དེ་ལྟར་བསྒོམས་པས་དགེ་དང་མི་དགེ་ཡི། །ཞེན་པ་བཞི་པོ་ཡང་དག་སྤོང་བ་སྟེ། །མི་དགེའི་ཆོས་རྣམས་མ་སྐྱེས་མི་བསྐྱེད་ཅིང་། །སྐྱེས་པ་གཞོམ་ཕྱིར་འབད་རྩོལ་བརྩོན་འགྲུས་བརྩམ། །ཆེན་པོ་རྫུ་འཕྲུལ་རྐང་བཞི་བསྒོམ་


GTN002_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡང་། །}དྲན་དང་འདུན་དང་དཔྱོད་དང་སེམས་རྣམས་ཀྱིས། །ཏིང་འཛིན་སྐྱོན་མེད་ཞི་བ་བསྒོམས་པ་ལས། །རླུང་སེམས་ལས་རུང་རྫུ་འཕྲུལ་ལེགས་གྲུབ་ནས། །དག་པའི་ཞིང་བགྲོད་སྤྲུལ་སྐུའི་ཆོས་རབ་ཉན། །ཞེས་པས། དེ་ཡང་སྐྱེས་བུ་ཤེས་རབ་བརྩོན་འགྲུས་ལྡན་པ་རྡོ་རྗེའི་ཐེག་པར་ཞུགས་ནས་ལྷར་བསྐྱེད་པའི་ཏིང་འཛིན་བསྒོམ་པ་ནས་ཚོགས་ལམ་པ་ཡིན་ཏེ། སྒྱུ་འཕྲུལ་དམ་པ་ལས། སྔགས་པ་གང་ཞིག་རྣལ་འབྱོར་ལ་བརྩོན་པས་བདག་བྱིན་གྱིས་བརླབས་པ་ནི། ལུས་དྲན་པ་ཉེ་བར་བཞག་པ་སྟེ་ལྷའི་ངོ་བོ་ཉིད་དུ་སྣང་བ་གཟུགས་བརྙན་ལྟ་བུའོ། །ཞེས་སོ། །ལྟེ་བ་སྤྲུལ་པའི་འཁོར་ལོར་རླུང་སེམས་རིམ་གྱིས་ཚུད་དེ་ལས་སུ་རུང་བ་ལས་ཚོགས་ལམ་ཆུང་འབྲིང་ཆེ་གསུམ་གྱི་ཡོན་ཏན་འཆར་བ་དང་། རྟོག་ཚོགས་སྣང་སྟོང་གཉིས་མེད་ཀྱི་ལྷའི་དཀྱིལ་འཁོར་དུ་གསལ་བ་ལ་བློ་གནས་པའི་ཏིང་ངེ་འཛིན་མངའ་ཞིང་། ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་པས་སངས་རྒྱས་སྤྲུལ་པའི་སྐུ་ལས་གདམས་ངག་ཉན་པ་སྟེ། མདོ་སྡེ་རྒྱན་ལས། དེ་ཚེ་ཆོས་ཀྱི་རྒྱུན་ལས་ནི། །སངས་རྒྱས་རྣམས་ལ་ཞི་གནས་དང་། །ཡེ་ཤེས་ཡངས་པ་ཐོབ་བྱའི་ཕྱིར། །འཇིག་རྟེན་ཁམས་ནི་རྣམས་སུ་འགྲོ། །ཞེས་སོ། །དེ་ནས་སྙིང་ཁ་ཆོས་ཀྱི་འཁོར་ལོའི་རླུང་སེམས་ལས་སུ་རུང་བས་དྲོད་རྩེ་གཉིས་དང་། བཟོད་པ་ཆོས་མཆོག་གཉིས་ཏེ་སྦྱོར་ལམ་གྱི་ཡོན་ཏན་རྣམས་རིམ་པར་འཆར་ཞིང་སྣང་བ་ཟུང་འཇུག་གི་ལྷའི་དཀྱིལ་འཁོར་དུ་གསལ་བའང་སྔར་ལས་ཤིན་ཏུ་གསལ་བརྟན་དུ་གྱུར་པ་སྟེ། འདིར་བརྩོན་འགྲུས་བར་མ་ཆད་པའི་ཚོགས་


GTN002_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྤྱོད་པའི་ཉེ་རྒྱུ་ལ་བརྟེན་ནས་མཐོང་ལམ་ལ་དངོས་སུ་སྦྱོར་བའི་བར་ཆད་མེད་ལམ་ཡིན་པས་ན་ཟག་པ་ཡོད་ལ་ལྡོག་པ་མེད་པའི་ལམ་ཡིན་ཞིང་། སྔ་མ་ཚོགས་ལམ་ལ་ནི་ཟག་ལྡོག་གཉིས་ཀ་ཡོད་པར་བཤད་ལ། ལས་ཀྱི་རླུང་ཆིག་སྟོང་བརྒྱད་བརྒྱ་པ་ལན་བཅུ་གཉིས་ཀྱི་དང་པོ་ཆོས་མཆོག་ཆེན་པོ་མན་ལ་དག །རྟེན་དེ་ཉིད་ལ་ཆོས་མཆོག་ཆེན་པོ་མ་ཐོབ་པར་རྣམ་སྨིན་གྱི་ལུས་དང་བྲལ་ན་བར་དོར་ཕྱག་རྒྱ་ཆེན་པོ་འཐོབ་སྟེ། སྒྱུ་འཕྲུལ་རྒྱས་པ་ལས། རྒྱ་མིག་རྒྱ་ས་ཇི་བཞིན་དུ། །ཕྱག་རྒྱ་ཐོབ་ལ་མ་རེག་པ། །གཟུགས་རྫོགས་སྟོབས་ཆེན་དེ་ཁོ་ན། །ཞེས་དང་། མཛོད་ལས། ཆོས་ཀྱི་འཁོར་ལོའི་རླུང་སེམས་ལས་རུང་བས། །སྦྱོར་བའི་ལམ་གྱི་ཡོན་ཏན་འཆར་བ་ནི། །དད་བརྩོན་དྲན་པ་ཏིང་འཛིན་ཤེས་རབ་ཀྱིས། །དབང་པོ་ལྔ་ཉིད་དྲོད་རྩེར་བསྒོམས་པ་ཡིས། །རྨི་ལམ་སྒྱུ་མའི་རང་བཞིན་འབྱོངས་པ་དང་། །བདེན་པའི་ཚིག་འགྲུབ་སྦྱངས་པའི་ཡོན་ཏན་ལྡན། །ལུས་ཀྱི་ཤིག་སྲོ་འབུ་སྲིན་མེད་པ་ཡིན། །སྟོབས་ལྔའི་རང་བཞིན་བཟོད་པ་ཆོས་མཆོག་བསྒོམ། །ངན་སོང་རྣམས་ཆད་དགེ་རྩ་བརྟན་པ་དང་། ཏིང་འཛིན་རྫུ་འཕྲུལ་སྔོན་ལས་མཆོག་ཏུ་འཕགས། །ཞེས་སོ། །མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་རླུང་སེམས་ལས་སུ་རུང་ཞིང་དབུ་མའི་མདུད་པ་དང་པོ་གཉིས་གྲོལ་བས་ཆོས་ཉིད་རང་མཚན་བསྐྱེད་དུ་བྱར་མེད་པ་མཐོང་སྟེ་འཕགས་པའི་ས་དང་པོ་མཐོང་ལམ་གྱི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་འཆར་ཏེ། མཛོད་འགྲེལ་དུ། ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ནི་དུས་སྐད་ཅིག་


GTN002_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

སྔ་ཕྱི་མེད་པ་གཅིག་ལ་ཏིང་ངེ་འཛིན་བརྒྱ་ཐོབ་པ། སངས་རྒྱས་བརྒྱ་མཐོང་བ། སངས་རྒྱས་བརྒྱས་བྱིན་གྱིས་བརླབས་པར་ཤེས་པ། འཇིག་རྟེན་གྱི་ཁམས་བརྒྱ་བསྐྱོད་པ། ཞིང་བརྒྱར་འགྲོ་བ། ཞིང་བརྒྱར་སྣང་བར་འོད་ཟེར་འགྱེད་པ། སེམས་ཅན་བརྒྱ་སྨིན་པ། བསྐལ་པ་བརྒྱར་གནས་པ། སྔོན་དང་ཕྱི་མའི་མཐའ་བརྒྱ་ལ་ཡེ་ཤེས་འཇུག་པ། ཆོས་ཀྱི་སྒོ་བརྒྱ་འགྱེད་པ། ལུས་བརྒྱ་སྟོན་པ། ལུས་རེ་རེ་ལ་འཁོར་ཕུན་སུམ་ཚོགས་པ་བརྒྱ་བརྒྱས་བསྐོར་བར་སྟོན་པའོ། །ཞེས་དང་། མཛོད་ལས། ལོངས་སྤྱོད་འཁོར་ལོའི་རླུང་སེམས་ལས་རུང་བས། །རྣམ་པར་མི་རྟོག་བདེན་མཐོང་མཐོང་ལམ་གྱི། །ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་དབང་བསྒྱུར་ཞིང་། །ལོངས་སྐུའི་ཞིང་བགྲོད་རིགས་ལྔའི་སངས་རྒྱས་མཐོང་། །དྲན་དང་ཏིང་འཛིན་ཤེས་བརྩོན་བཏང་སྙོམས་དགའ། །ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི། །ཡན་ལག་བདུན་པོ་དག་ཀྱང་རྫོགས་པར་འགྱུར། །ཞེས་སོ། །སློབ་དཔོན་སངས་རྒྱས་གསང་བས་སྐབས་འདིར། ཆོས་ཉིད་ཀྱི་བདེན་པ་མཐོང་ཡང་བློའི་ནུས་སྟོབས་དང་ཉེ་རྒྱུའི་སྤྱོད་པ་སྟོབས་ཆེ་ཆུང་གི་བྱེད་པས་འབྱུང་བ་སྙིགས་མའི་ལུས་ཡེ་ཤེས་ཀྱི་མེས་སྦྱོང་བར་མ་ནུས་པ་རྣམ་སྨིན་རིག་འཛིན་ནམ། ལུས་རྒྱ་དང་བྲལ་མ་ཐག་ཕྱག་ཆེན་ལ་སྦྱོར་བས་ལྷག་མེད་མྱང་འདས་དང་སྦྱོང་བར་ནུས་པས་སྐྱེ་འཇིག་མེད་པ་དངས་མའི་ལུས་སུ་གྱུར་པ་ལམ་མཆོག་ཡོངས་སུ་རྫོགས་པ་ཚེ་དབང་རིག་འཛིན་ནམ། རྟེན་དེས་རིམ་དང་ཐོད་རྒལ་གྱི་སྒོ་ནས་ལམ་གོང་མ་རྣམས་ལ་སྦྱོར་བས་ན་ལྷག་བཅས་མྱང་འདས་
ཞེས་གསུངས་ཏེ། ལམ་རིམ་ལས། དུས་ཚོགས་བར་ཆད་མེད་པ་ནས། །ལྷག་མ་མེད་དང་ཡོད་པ་ཡི། །མྱ་ངན་འདས་པས་མཐར་སྦྱོར་བ། །ཐུན་མོང་ལྟ་བུར་ཟུང་དུ་འགྱུར། །ཞེས་དང་། ལམ་ཆུང་ལས། ནུས་པ་ཐོབ་དང་མ་ཐོབ་པས། །མཐོང་ལམ་གཉིས་སུ་འགྱུར་བ་ཡིན། །ཞེས་སོ། །སྤྱི་བོ་བདེ་ཆེན་གྱི་འཁོར་ལོའི་རླུང་སེམས་ལས་སུ་རུང་ཞིང་དབུ་མའི་མདུད་པ་གསུམ་པ་ནས་ཉི་ཤུ་པའི་བར་གཉིས་གཉིས་གྲོལ་བས་སྒོམ་ལམ་ས་དགུའི་ཡོན་ཏན་རྣམས་རིམ་གྱིས་འཆར་ཏེ། དེ་ཡང་དྲི་མ་མེད་པ་ནས་ལེགས་པའི་བློ་གྲོས་ཀྱི་བར་གྱིས་བསྡུས་པ་བརྒྱད་ནི། ཡེ་ཤེས་སྒྱུ་མའི་སྐུ་ཅན་སྒོམ་ལམ་ཕྱག་ཆེན་རིག་འཛིན་དང་། བཅུ་པ་ཆོས་ཀྱི་སྤྲིན་ནི། སྐུ་ལྔ་ལྷུན་གྲུབ་རྡོ་རྗེ་འཆང་གི་ཆ་བྱད་འཛིན་པ་མཐར་ལམ་ལྷུན་གྲུབ་རིག་འཛིན་ཞེས་བྱའོ། །

མཐོང་སྒོམ་མཐར་གསུམ་གྱིས་བསྡུས་པ་ས་བཅུའི་ངེས་ཚིག


GTN002_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་ན་མཐོང་སྒོམ་མཐར་གསུམ་གྱིས་བསྡུས་པ་ས་བཅུའི་ངེས་ཚིག་དང་ཡོན་ཏན་ནི། མདོ་སྡེ་རྒྱན་ལས། བྱང་ཆུབ་ལ་ནི་ཉེ་བ་དང་། །སེམས་ཅན་དོན་སྒྲུབ་མཐོང་བ་ལ། །རབ་ཏུ་དགའ་བ་སྐྱེ་འགྱུར་ཏེ། །དེ་ཕྱིར་རབ་དགའ་ཞེས་བརྗོད་དོ། །འཆར་ཚུལ་རྩོལ་བའི་དྲི་བྲལ་ཕྱིར། །དྲི་མ་མེད་པའི་ས་ཞེས་བྱ། །ཆོས་ཀྱི་སྣང་བ་ཆེན་པོ་ནི། །བྱེད་པོའི་ཕྱིར་ན་འོད་བྱེད་དང་། །འདི་ལྟར་བྱང་ཆུབ་མི༷་མཐུན༷་ཕྱོ༷གས{ཕྱོག༵ས་མཐུ༵ན་ཆོ༵ས}། །{རབ་ཏུ་སྲེག་བྱེད་འོད་ལྟ་བུ། །དེ་དང་ལྡན་ཕྱིར་ས་དེ་ནི། །}གཉིས་པོ་བསྲེགས་པས་འོད་འཕྲོ་ཅན། །སེམས་ཅན་རྣམས་ཡོངས་སྨིན་བྱེད་ཅིང་། །རང་གི་སེམས་ཀྱང་བསྲུང་བའི་ཕྱིར། །བློ་ལྡན་རྣམས་ཀྱིས་སྦྱང་དཀའ་བ། །དེ་
ཕྱིར་སྦྱང་དཀའ་ཞེས་བརྗོད་དོ། །ཤེས་རབ་ཕ་རོལ་ཕྱིན་བརྟེན་ནས། །འཁོར་བ་དང་ནི་མྱ་ངན་འདས། །གཉིས་འདིར་མངོན་དུ་གྱུར་པས་ན། །མངོན་དུ་གྱུར་པའི་ས་ཞེས་བྱ། །བགྲོད་གཅིག་ལམ་དང་འབྲེལ་བའི་ཕྱིར། །རིང་དུ་གྱུར་པའི་ས་ཞེས་བྱ། །འདུ་ཤེས་གཉིས་ཀྱིས་མི་གཡོའི་ཕྱིར། །མི་གཡོ་བ་ཡི་ས་འདོད་དོ། །སོ་སོ་ཡང་དག་རིག་བློ་བཟང་། །ས་དེ་ལེགས་པའི་བློ་གྲོས་ཡིན། །སྤྲིན་བཞིན་གཉིས་ཀྱིས་ནམ་མཁའི་ཆོས། །ཁྱབ་པའི་ཕྱིར་ན་ཆོས་ཀྱི་སྤྲིན། །ཞེས་དང་། མཛོད་ལས། བདེ་ཆེན་འཁོར་ལོའི་རླུང་སེམས་ལས་རུང་བས། །བསྒོམ་ལམ་ས་དགུའི་ཡོན་ཏན་འཆར་བ་སྟེ། །དྲི་མེད་འོད་འཕྲོ་འོད་བྱེད་ཆུང་ངུ་གསུམ། །སྦྱང་དཀའ་མངོན་གྱུར་རིང་སོང་འབྲིང་པོ་གསུམ། །མི་གཡོ་ལེགས་བློ་ཆོས་སྤྲིན་ཆེན་པོ་གསུམ། །ཞེས་སོ། །

ཡོན་ཏན།


GTN002_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་ནི། དུས་སྦྱོར་གཉིས་པ་ནས་བཅུ་གཅིག་པའི་བར་གྱི་སྟོང་བརྒྱད་བརྒྱ་པ་རེ་རེས་དང་པོ་ནས་བཅུ་པའི་བར་འགག་ཅིང་། འཁོར་ལོ་སོ་སོའི་རྩ་མདུད་ཕྲ་མོ་རྣམས་ཀྱང་གྲོལ་བར་ཡེ་ཤེས་ཀྱི་རླུང་རིམ་པར་ཚུད་ནས་བྱང་ཆུབ་ཀྱི་སེམས་བརྟན་པས་མཐོང་ལམ་དུ་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་དང་། དེ་ཉིད་སྒོམ་ལམ་ས་དགུར་གོང་འཕེལ་དུ། ས་གཉིས་པར་སྟོང་ཕྲག་བཅུ་གཉིས། གསུམ་པར་འབུམ་ཕྲག་བཅུ་གཉིས། བཞི་པར་ཁྲག་ཁྲིག་ཕྲག་བརྒྱ། ལྔ་པར་ཁྲག་ཁྲིག་ཕྲག་སྟོང་། དྲུག་པར་ཁྲག་ཁྲིག་ཕྲག་འབུམ། བདུན་པར་བྱེ་བ་ཁྲག་ཁྲིག་ཕྲག་འབུམ། བརྒྱད་པར་སྟོང་གསུམ་འཇིག་རྟེན་འབུམ་གྱི་རྡུལ་ཕྲན་གྱི་གྲངས་སྙེད་


GTN002_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

དང་། དགུ་པར་སངས་རྒྱས་ཀྱི་ཞིང་ཁམས་གྲངས་མེད་དུ་འབུམ་ཕྲག་བཅུའི་རྡུལ་ཕྲན་གྱི་གྲངས་དང་མཉམ་པའི་སངས་རྒྱས་ཀྱི་ཞལ་ལྟ་བ་ལ་སོགས་པ་དང་། བཅུ་པར་ཞིང་ཁམས་བརྗོད་དུ་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་གྲངས་མཉམ་པའི་སངས་རྒྱས་ཀྱི་ཞལ་ལྟ་བ་དང་། ཆོས་མཉན་པ། ཞིང་གཡོ་བར་བྱེད་པ་སོགས་དུས་སྐད་ཅིག་རེར་ནུས་པའོ། །དེ་ཡང་ས་བདུན་པ་མན་ཆད་ལ་རྗེས་ཐོབ་ཏུ་སེམས་སུ་འཛིན་པ་ཅུང་ཟད་དང་། ས་བརྒྱད་པར་དེ་ཉིད་དབྱིངས་སུ་དག་ཀྱང་སྣང་མེད་ཀྱི་དབུ་མ་ལ་ཞེན་པའི་ཆ་ཅུང་ཟད་ཡོད་ཅིང་། དགུ་པ་དང་བཅུ་པར་དེ་ཡང་དག་པར་འགྱུར་ཏེ། ལང་གཤེགས་ལས། ས་བདུན་པ་ནི་སེམས་ཡིན་ཏེ། །སྣང་བ་མེད་པ་བརྒྱད་པའོ། །ས་མཆོག་དང་ནི་སངས་རྒྱས་པ། །དེ་དག་ང་ཡི་རང་བཞིན་ནོ། །ཞེས་སོ། །དེའང་ཞིང་གཞན་དུ་འགྲོ་བ་དང་། ཏིང་ངེ་འཛིན་ལ་མཉམ་པར་འཇོག་དུས་མཚུངས་པར་མི་འགལ་ཏེ། དག་པའི་ས་གསུམ་པོར་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་དབང་ཐོབ་པའི་ཕྱིར་ཏེ། རྒྱུད་བླ་མ་ལས། བྱ་བ་གྲུབ་ལ་རྟག་ཏུ་བློ། །མེ་བཞིན་དུ་ནི་འབར་བ་དང་། །ཞི་བའི་བསམ་གཏན་སྙོམས་འཇུག་པ། །རྟག་ཏུ་སྙོམས་པར་འཇུག་པའང་ཡིན། །ཞེས་སོ། །གཞན་ཡང་ས་བརྒྱད་པར་ཡིད་ཤེས་གནས་འགྱུར་པས་རྣམ་པར་མི་རྟོག་པ་ལ་དབང་ཐོབ། དགུ་པར་འཛིན་བཅས་སྒོ་ལྔའི་རྣམ་པར་ཤེས་པ་གནས་འགྱུར་ཞིང་དག་པ་ལ་དབང་ཐོབ། བཅུ་པར་ཀུན་གཞིའི་རྣམ་ཤེས་གནས་གྱུར་ཕྲིན་ལས་ཕུན་


GTN002_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་ཚོགས་པ་ལ་དབང་ཐོབ་སྟེ། མདོ་སྡེ་རྒྱན་ལས། ཡིད་དང་འཛིན་དང་རྣམ་པར་རྟོག །གྱུར་ཕྱིར་རྣམ་པར་མི་རྟོག་དང་། །ཞིང་དང་ཡེ་ཤེས་ལས་དག་ལ། །དབང་ནི་རྣམ་པ་བཞི་ཡིན་ནོ། །དབང་དེ་མི་གཡོ་ལ་སོགས་པའི། །ས་གསུམ་ལ་ནི་རྣམ་བཞི་སྟེ། །གཅིག་ལ་རྣམ་གཉིས་དེ་ལས་གཞན། །དབང་ནི་རེ་རེར་འདོད་པ་ཡིན། །ཞེས་སོ། །དེའང་ས་བཅུ་པ་ལ་ཡེ་ཤེས་དང་ཕྲིན་ལས་གཉིས་ཀའི་དབང་ཐོབ་ལ། བརྒྱད་པར་མི་རྟོག་པ། དགུ་པར་ཞིང་དག་པ་རེ་རེ་ཡིན་ནོ། །རང་བཞིན་དུ་བརྒྱད་པར་ཡང་ཞིང་དག་པའི་སྣང་བར་མཐོང་བས། ཞིང་ལ་དབང་བར་མདོ་ལས་ཀྱང་བཤད་རུང་། དགུ་པ་ལྟར་སྒོ་ལྔའི་རྣམ་ཤེས་གནས་མ་གྱུར་པས་མ་དག་པའང་མཐོང་བའི་ཕྱིར་དེ་གཉིས་མི་འདྲ་བ་ཡིན་ནོ། །གཞན་ཡང་ས་བརྒྱད་པ་ནས་དབང་བཅུ་ཕུལ་བྱུང་གི་མགོ་རྩོམ་པ་ཡིན་ཏེ། རྟོག་གེ་འབར་བའི་འགྲེལ་པར་དྲངས་པ། གང་ཚེ་མར་མེ་མཛད་ཀྱིས་ངད། །ལུང་བསྟན་གྱུར་པ་དེ་ཡི་ཚེ། །ས་བརྒྱད་པ་ནི་ཐོབ་གྱུར་ཅིང་། །དབང་བཅུ་དག་ཀྱང་ཐོབ་པར་འགྱུར། །ཞེས་སོ། །དབང་བཅུའི་དང་པོ་ཚེ་ལ་དབང་བ་ནི། བསྐལ་པ་ཇི་ཙམ་འདོད་པར་གནས་པའོ། །སེམས་ལ་དབང་བ་ནི། ཏིང་ངེ་འཛིན་དཔག་ཏུ་མེད་པ་ལ་སྐད་ཅིག་རེ་རེ་མཉམ་པར་འཇོག་ཅིང་ལྡང་ནུས་པའོ། །ཡོ་བྱད་ལ་དབང་བ་ནི། བསམ་པ་ཙམ་གྱིས་འཇིག་རྟེན་དུ་ཟས་ནོར་སྣ་ཚོགས་པས་གང་བར་ནུས་པའོ། །ལས་ལ་དབང་བ་ནི། བཟོ་དང་ལས་ཀྱི་གནས་ཐམས་ཅད་ལ་ཇི་ལྟར་འདོད་པ་བཞིན་སྤྱོད་པའོ། །སྐྱེ་བ་ལ་དབང་བ་ནི། ལྷ་དང་མི་ལ་སོགས་པ་གང་འདོད་དུ་སྐྱེའོ། །མོས་པ་ལ་


GTN002_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བ་ནི། ས་གཞི་ཐམས་ཅད་རིན་པོ་ཆེ་སྣ་ཚོགས་སུ་བསྒྱུར་བ་ལ་སོགས་པ་དངོས་པོ་ཐམས་ཅད་ཇི་ལྟར་འདོད་པར་བསྒྱུར་བ་སེམས་ཅན་གྱིས་མཐོང་ནས་སྤྱད་དུ་རུང་བའོ། །སྨོན་ལམ་ལ་དབང་བ་ནི། འཇིག་རྟེན་ཐམས་ཅད་སངས་རྒྱས་ཀྱིས་གང་བ་ལ་སོགས་པ་ཇི་ལྟར་སྨོན་པ་ལྟར་འགྲུབ་པའོ། །རྫུ་འཕྲུལ་ལ་དབང་བ་ནི། ཞིང་ཁམས་དཔག་ཏུ་མེད་པ་སྐྲ་རྩེ་གཅིག་གི་ནམ་མཁའ་ལ་འཛིན་པ་སོགས་ཇི་ལྟར་འདོད་པ་ལྟར་སྤྲུལ་ནུས་པའོ། །ཡེ་ཤེས་ལ་དབང་བ་ནི། ཤེས་བྱ་གང་ཤེས་པར་འདོད་པ་དེ་ཤེས་པའོ། །ཆོས་ལ་དབང་བ་ནི། ཆོས་ཐམས་ཅད་ཀྱི་མིང་རྣམ་པར་གཞག་པ་ལ་མཁས་པའོ། །སྤྱིར་དབང་བཅུ་ཐོབ་པ་ཙམ་ནི། མ་དག་ས་བདུན་ནས་ཡོད་ལ། དབང་བཅུ་ཕུལ་བྱུང་ནི་དག་པ་ས་གསུམ་ན་ཡོད་ལ། དབང་བཅུ་ཤིན་ཏུ་རྣམ་དག་ནི་སངས་རྒྱས་ཀྱི་ས་ན་ཡོད་པའོ། །དེ་ལྟར་བཤད་པའི་ས་བཅུའི་རྣམ་གཞག་དེ་དག་མཁས་པ་ཕལ་ཆེར་འཕགས་པའི་ས་མཚན་ཉིད་པར་བཞེད་པ་དང་། ཡང་མཁས་པ་མཆོག་འགའ་ཞིག །དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་དང་སྐལ་བ་མཉམ་པའི་ཡེ་ཤེས་ཀྱི་སྐུ་འགྲུབ་པ་ལ། དེའི་སྔ་ལོགས་སུ་དུས་སྦྱོར་བཅུ་གཉིས་འགགས་ཟིན་པ་ཞིག་དགོས་པས་འཕགས་ལམ་གྱི་ས་བཅུ་མ་ཡིན་མོད། འོ་ན་གང་ཞེ་ན། མི་འགྱུར་བའི་ཡེ་ཤེས་ཀྱི་སྐད་ཅིག་མ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་པོ་ཐམས་ཅད་རིམ་ལྔའི་རིམ་པ་བཞི་པའི་འོད་གསལ་དང་། སྦྱོར་དྲུག་གི་ཏིང་འཛིན་གྱི་ས་ཞེས་བཤད་པ་དེ་ཉིད་ཡིན་ལ། དེ་ལས་འཕགས་ལམ་མངོན་དུ་བརྙེས་པ་ནི་ཟུང་འཇུག་གམ་ཡེ་ཤེས་ཀྱི་སྐུ་སྟེ།


GTN002_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་སངས་རྒྱས་ཞེས་བཏགས་པའོ། །ཞེས་བཤད། སྔགས་ལུགས་ཐུན་མོང་མ་ཡིན་པ་ལྟར་ན། མདོའི་མཐོང་ལམ་རབ་དགའ་ལ་གནས་པའི་བྱང་སེམས་འཕགས་པ་རྣམ་སྨིན་རིག་འཛིན་དང་དགོངས་པ་མཉམ་ཞིང་། ཚེ་དབང་། རྒྱ་ཆེན། ལྷུན་གྲུབ་རིག་འཛིན་གསུམ་ནི་རྒྱུའི་ཐེག་པའི་ས་དང་པོ་མཐོང་སྒོམ་མཐར་གསུམ་གྱི་ལམ་དུ་སྐལ་བ་མཉམ་པར་གྱུར་ཀྱང་དགོངས་སྤྱོད་ཀྱིས་ཁྱད་པར་དུ་གྱུར་པ་ཡིན་ཏེ། རྒྱུའི་ཐེག་པའི་སྒོམ་ལམ་ས་བརྒྱད་པ་དང་ཚེ་དབང་རིག་འཛིན། བཅུ་པ་ཆོས་སྤྲིན་དང་ཕྱག་ཆེན་རིག་འཛིན། མི་སློབ་པའི་ས་ཀུན་ཏུ་འོད་དང་ལྷུན་གྲུབ་རིག་འཛིན་དགོངས་པ་མཉམ་པར་བཞེད་པའི་ཕྱིར་ཏེ། ལམ་ཆུང་ལས། དེ་ཡང་དང་པོ་དང་པོ་དང་། །ཞེས་སོགས་གསུངས་པ་བཞིན་ནོ། །དེ་ལྟར་ན་ཕར་ཕྱིན་ཐེག་པའི་ལམ་གྱིས་སྦྱོང་བར་མི་ནུས་པའི་སྒྲིབ་པ་སྔགས་ལམ་ཁོ་ནས་སྦྱོང་དགོས་པ་ཞིག་ཡོད་པར་འགྱུར་རམ་ཞེ་ན། ཡོད་དེ་ཀུན་འབྱུང་ཕྲ་བའི་མཐར་ཐུག་འཕོ་བའི་བག་ཆགས་སྣང་གསུམ་གྱི་སྒྲིབ་པ་ནི། ལམ་བདེན་མཐར་ཐུག་སྔགས་ལམ་ཁོ་ནས་སྦྱོང་དགོས་པ་ཡིན་གྱི། ཕར་ཕྱིན་ཐེག་པར་ནི་སྒྲིབ་པ་དེའི་ཐ་སྙད་ཀྱང་མ་གྲགས་ཤིང་། གཉེན་པོ་ཡང་མ་བཤད་པའི་ཕྱིར་རོ། །ལ་ལ་དག་སྔགས་ལམ་བདེ་མྱུར་གྱི་ཐབས་ཀྱིས་ཁྱད་པར་དུ་བྱས་པ་ལས་དམིགས་ཡུལ་གྱི་འབྲས་བུ་ལ་ཁྱད་པར་མེད་ཅེས་གསུངས་མོད། དེ་ལྟར་ན་སྔགས་ཀྱི་ཐབས་ཁྱད་པར་ཅན་དབང་སོགས་ཀྱི་རྒྱུ་ལ་མ་ལྟོས་པའི་སྔགས་ལམ་མཐར་ཐུག་གི་འབྲས་བུ་སྲིད་པར་འགྱུར་ལ། དེ་འགྱུར་ན་ནི་རྒྱུ་འབྲས་འཆོལ་བར་


GTN002_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བས་ཉན་རང་གི་ལམ་གྱིས་ཀྱང་ཕར་ཕྱིན་ཐེག་པའི་མཐར་ཐུག་གི་འབྲས་བུ་ཅི་ཕྱིར་མི་འགྲུབ། དེས་ན་འདོད་པས་བསྒྲུབས་པའི་རང་རང་གི་འབྲས་བུ་རེ་ཐེག་པ་འོག་མ་རྣམས་ཀྱིས་ཀྱང་མི་བསླུ་བར་འགྲུབ་ནའང་མཐར་ཐུག་བླ་ན་མེད་པའི་འབྲས་བུ་ནི་སྔགས་ལམ་ཁོ་ནས་བགྲོད་དགོས་པ་ཡིན་ནོ། །འོ་ན་ཐེག་པ་འོག་མ་ནས་སྔགས་ལམ་དུ་ངེས་པར་འཇུག་པའི་དུས་གང་ཞེ་ན། འགའ་ཞིག །ཕར་ཕྱིན་ཐེག་པའི་ལམ་གྱི་ཚོགས་ལམ་ཆེན་པོའི་བར་བསྒྲུབས་ཏེ། དེ་ནས་ངེས་པར་སྔགས་ལམ་དུ་འཇུག་པར་བཞེད་པ་སོགས་བཞེད་པ་ཐ་དད་པ་མང་ནའང་། ལུགས་ལ་མཐའ་གཅིག་ཏུ་མ་ངེས་ཏེ། འོག་མའི་འབྲས་བུ་མཐར་ཕྱིན་ནས་འཇུག་པའང་ཡོད་པའི་ཕྱིར་རོ། །དེ་ཡང་རྫོགས་པ་ཆེན་པོའི་སའི་རིམ་པ་མར་མེ་སྨོན་ལམ་རྣམས་ནས་མི་འདྲ་བ་གསུངས་མོད། ན་རག་དོང་སྤྲུགས་ཀྱི་བསྐང་ཆོག་ཏུ། ས་བཅུའི་ཁྱད་པར་རིམ་གྱིས་བགྲོད་པའི་ཚེ། །ཞེས་སོགས་ཚིག་རྐང་དགུའི་གཉིས་པས་སྦྱོར་ལམ་ས་དགུ་དང་ཐ་མས་འཕགས་ལམ་ས་བཅུ་པ་སྟེ། འདིར་བར་དོའི་འཕྲང་ལ་མི་ཆང་བཟི་ལྟ་བུ་སྔོན་རྒྱབ་ནས་སྐྱོར་བརྟེན་འགྲོ་རྒྱུ་ཡོད་པ་ཞེས་བླུན་པོ་དག་སྨོད་རུང་། དེ་ལྟར་ན་བདེ་མཆོག་ཉུང་ངུའི་རྒྱུད་ལས། རྣལ་འབྱོར་པ་རྣམས་འཕོ་བའི་ཚེ། །ཁྲག་འཐུང་དཔལ་སོགས་རྣལ་འབྱོར་མ། །ལག་ན་མེ་ཏོག་སྣ་ཚོགས་ཐོགས། །རྒྱལ་མཚན་བ་དན་སྣ་ཚོགས་དང་། །རོལ་མོའི་སྒྲ་ནི་སྣ་ཚོགས་དང་། །སྣ་ཚོགས་གླུ་ཡི་མཆོད་པ་ཡིས། །འཆི་བ་ཞེས་བྱ་རྣམ་རྟོག་སྟེ། །མཁའ་སྤྱོད་གནས་སུ་འཁྲིད་པར་བྱེད། །


GTN002_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་དཔལ་མགོན་ཀླུའི་རྡོ་རྗེའི་སྨོན་ལམ་དུ་དྲངས་འདུག་པ་མ་གོ་བས་ལེན་ནོ། །བར་ཆད་མེད་ལམ་དང་རྣམ་གྲོལ་ལམ་རྣམས་ལ་དབྱེ་བ་ཅུང་ཟད་རེ་མཛད་པའི་ཀུན་ཏུ་འོད་ནི། ཉི་མའི་དཀྱིལ་འཁོར་དུས་ཀུན་ཏུ་འོད་འབྱུང་བ་ལས་ནག་ནོག་མེད་པ་དང་འདྲ་སྟེ། དེར་བར་ཆད་མེད་ཅིང་དེ་ནས་བཟུང་འཕགས་པ་དེ་བཞིན་གཤེགས་པ་ཁོ་ན་ཡིན་པས་ཡེ་ཤེས་ཁོ་ན་ལས་རྣམ་ཤེས་མེད་པའི་དོན་ནོ། །རྡོ་རྗེ་འཛིན་པ་ནི། དཀྱིལ་འཁོར་གྱི་བདག་པོ་རྡོ་རྗེ་འཛིན་པ། བདེ་དགྱེས་གསང་འཇིགས་རྣམས་ཡིན་ཏེ། སྐུ་ཞིང་ཁམས་འཁོར་རྣམས་དབྱེ་བ་མེད་ཀྱང་འཕགས་ཆེན་དེ་དཀྱིལ་འཁོར་གྱི་གཙོ་བོའི་རྣམ་པ་དང་། འཁོར་བྱང་ཆུབ་སེམས་དཔའ་རྣམས་དང་། སྤྱན་སའི་སྙིང་པོ། ཡུལ་གཟུགས་རྡོ་རྗེ་མ་དང་ཐ་དད་མེད་པར་ལོངས་སྤྱོད་པ་སོགས་དཀྱིལ་འཁོར་གྱི་འཁོར་ལོ་གྱུར་པ་དང་། པདྨ་ཅན་གྱི་ས་ནི། རིག་མའི་འདོད་ཆགས་རྣམ་པ་ལྔ་ལ་དུས་རྟག་ཏུ་རོལ་ཀྱང་། པདྨ་ནི་ཆུའི་ནང་ན་གནས་ཀྱང་ཆུའི་གོས་པ་མེད་པ་བཞིན་དུ་བུད་མེད་ཀྱི་བདེ་བ་ཆེན་པོའི་ཡེ་ཤེས་རྟག་ཆད་མུ་བཞིའི་སྒོ་རང་སར་གྲོལ་བས་མཐར་བྱེད་ཀྱི་ཁྲོ་བོ་ཆེན་པོ་རྣམས་དང་ལྡན་པའོ། །འཁོར་ལོ་ཚོགས་ཆེན་ནི། དུས་གསུམ་ཐམས་ཅད་དུས་མེད་པ་ཀ་དག་གི་དུས་ཏེ་དུས་ཀྱི་འཁོར་ལོ། དེ་ཡང་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ནི་དབྱིངས་གཅིག་པས་ཡི་དམ་དང་རིགས་ཀྱི་དབང་ཕྱུག་མ་རྣམས་ཀྱང་དེའོ། །དངོས་གྲུབ་བསྟན་གཟིགས་སུ་མ་མོ་སྲིད་པའི་རྒྱལ་མོས་རྣམ་པར་སྣང་མཛད་བརྫུས་པ་


GTN002_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་འདིའི་དོན་ཏོ། །བཀོད་པ་རབ་རྫོགས་ནི། རྣམ་དག་སྟུག་པོ་བཀོད་པ་ཆོས་སྐུའི་ཞིང་ཁམས་ཏེ། རྒྱན་སྟུག་པོའི་མདོ་ལས་རྒྱ་ཆེན་གསུངས་པ་ལྟར་ཞིང་ཁམས་དེ་སྐྱོང་བའི་བཀོད་པ་ནི། ཞི་ཆགས་ཁྲོ་སེམས་རིག་འཛིན་སོགས་སྐུ་གསུམ་གྱི་ཞིང་ཁམས་རབ་འབྱམས་བརྗོད་ལས་འདས་པ་ལ་དབང་ཐོབ་པའམ་སྤྲུལ་པའི་བདག་ཉིད་ཅན་ཏེ། ཤེས་བྱའི་སྒྲིབ་པ་ཕྲ་བའང་སྦྱངས་ནས་རྣལ་འབྱོར་དང་། རྣལ་འབྱོར་ཆེན་པོ་དང་། རྗེས་སུ་རྣལ་འབྱོར་དང་། ཤིན་ཏུ་རྣལ་འབྱོར་རྣམས་ཀྱིས་བསྒོམ་འཛིན་གྱི་གཏད་སོ་ཕྲ་བའང་སྦྱངས་ཏེ་སྤྲུལ་པའི་ཞིང་ཡིན་ནོ། །དེ་བ་ཀོ་ཤ་ནི། དཀྱིལ་འཁོར་ཆེན་པོ་གཅིག་གི་འཁོར་ལོས་སྒྱུར་བ་ཙམ་མ་ཡིན་པར། སངས་རྒྱས་མཉམ་སྦྱོར། བཀའ་བརྒྱད། དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་སོགས་ལྟ་བུ་དཀྱིལ་འཁོར་དུ་མའི་འཁོར་ལོས་སྒྱུར་བ་ཧེ་རུ་ཀ་ཐམས་ཅད་ཀྱི་མཆོག་ཁྲོ་བོ་ཀུན་གྱི་དབང་ཕྱུག་ཆེན་པོའི་གོ་འཕང་མངོན་དུ་མཛད་པས་ལྷའི་མཛོད་ལྟ་བུའོ། །ཐར་པ་ཆེན་པོའི་གྲོང་ཞེས་པ། ཞིང་ཁམས་གཞན་ཐར་པའི་གྲོང་ཁྱེར་ཡིན་མོད། ཐར་པ་ཆེན་པོའི་གྲོང་ནི་འོག་མིན་རྣམ་དག་སྟུག་པོ་བཀོད་པའི་ཞིང་དངོས་ཡིན་ཞིང་། ཐོག་མའི་སངས་རྒྱས་ཀུན་བཟང་འོད་དཔག་ཏུ་མེད་པ་དང་། ཡུམ་ཀུན་ཏུ་བཟང་མོ་གཉིས་མེད་བདེ་བ་ཆེན་པོར་བཞུགས་སོ། །བདེ་བ་ཅན་སོགས་ལ་སྐུ་གསུམ་གྱི་ཞིང་སོ་སོར་ཡོད་དེ། ལང་གཤེགས་འགྲེལ་པ་སློབ་དཔོན་ཡེ་ཤེས་རྡོ་


GTN002_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་མཛད་པར་བཤད་དོ། །རྡོ་རྗེ་འཛིན་པའི་མིང་འཛིན་པ་ནི། ས་བཅུའི་རྒྱུན་མཐར་བྱང་ཆུབ་སེམས་དཔའ་རྣམས་འཚང་རྒྱ་ཀ་མའི་ཚེ། ཕྱོགས་བཅུའི་བདེ་བར་གཤེགས་པ་རྣམས་ཀྱིས་ཐུན་མོང་རིག་པའི་དབང་ལྔ་བསྐུར་ཏེ། མངོན་པར་བྱང་ཆུབ་པ་ལྔའི་སྒོ་ནས་ཡང་དག་པར་རྫོགས་འཚང་རྒྱ་བར་ཡིན་ཏེ། སེམས་དཔའ་ཆེན་པོ་རྣམས་ལས་ཆེས་གསལ་བའི་ཏིང་ངེ་འཛིན་ཐོབ་ནས་སངས་རྒྱས་གཞན་རྣམས་དང་འདུ་འབྲལ་མེད་པའོ། །སངས་རྒྱས་ཀྱི་ཆོས་དབྱིངས་སམ་བདེ་བ་ཆེན་པོའམ་ལྕང་ལོ་ཅན་ནི། སྔ་མའི་སངས་རྒྱས་རྣམས་དང་གང་ཟག་དེའི་སྐུ་གསུམ་ཐམས་ཅད་མཁའ་ལ་མཁའ་བཞག་པ་ལྟ་བུར་གྱུར་པ་ལ་བསྒྲུབས་པའི་འབྲས་བུ་ཐ་སྙད་བྱས་པ་སྟེ། ཆོས་ལོངས་གཅིག་པའང་རྒྱུ་མཚན་དེས་སོ། །རྫོགས་པ་བླ་མེད་མ་སྤངས་ཡེ་ཤེས་ནི། འཁོར་བའི་ཆོས་ཐམས་ཅད་མ་སྤངས། གཉེན་པོ་གཞན་ནས་མ་བླངས་པར་རང་གནས་སུ་འཁོར་འདས་དབྱེར་མེད་ཁྱབ་བདལ་གྱི་ཏིང་ངེ་འཛིན་ལ་མངའ་བརྙེས་པས་སངས་རྒྱས་ཀྱི་ཆོས་ཉིད་ཀྱི་ཡོན་ཏན་ཏིང་ངེ་འཛིན་གྱི་སྒོ་ཐམས་ཅད་ལ་འུབ་ཆུབ་པའམ་འདུས་པའོ། །སྲིད་གསུམ་ངང༷ས་(དྭངས་)རྫོགས་སམ་ཀུན་བཟང་དབྱེར་མེད་ཀྱི་ས་ནི། སྲིད་པ་གསུམ་ཐམས་ཅད་དངས་མ་ཐིག་ལེ་གཅིག་གི་དཀྱིལ་འཁོར་དུ་དག་ནས། ཐིག་ལེ་གཅིག་ཏུ་སྲིད་པ་གསུམ་སོགས་གཟུགས་བརྙན་རྣམས་དཀྱིལ་འཁོར་གྱི་འཁོར་ལོ་ཤར་བ་སྟེ། དུས་འཁོར་དང་། མཁའ་འགྲོ་རྒྱ་མཚོ་དང་། ཚོགས་


GTN002_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་འདུས་པའི་དཀྱིལ་འཁོར། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྒྱུ་འཕྲུལ་ཉི་མ་དང་འོད་ཟེར་ལྟར་སྒྱུ་མའི་འཕྲུལ་རོལ་པ་ཆེན་པོས་སྲིད་པའི་གནས་ཐམས་ཅད་སྟོང་སྟེ་འཁོར་བ་ལས་རང་གྲོལ་ཏེ་མཐའ་སྡུད་པའོ། །ལྷུན་གྲུབ་ཡེ་ཤེས་སམ་བྱ་རྩོལ་གཉིས་མེད་ནི། དོན་དམ་པའི་བྱ་བ་དང་བྱེད་པ་ནི་ཀུན་བཟང་ཡབ་ཡུམ་ཡིན་ཞིང་། དེ་ནི་གདོད་མ་ནས་ལྷུན་གྲུབ་ཀྱི་ཡེ་ཤེས་ཡིན་པས་ནམ་དུའང་སྐྱེ་བ་དང་འགག་པ་མེད་ཅིང་། ས་བཅུ་པ་རྣམས་ལ་ལོངས་སྐུ་དང་འཕགས་པ་ཙམ་ལ་དང་། སོ་སྐྱེ་རྣམས་ལ་ཐབས་མཁས་པས་གང་འདུལ་གྱི་སྤྲུལ་སྐུ་དང་། འཕགས་ཆེན་རྣམས་ལ་ཆོས་ཀྱི་སྐུའི་སྒྱུ་འཕྲུལ་བཤད་མ་ཐག་པའོ། །འདི་རྣམས་ཐེག་པ་ཐུན་མོང་བའི་ས་བཅུ་ལྟར་གཅིག་ལ་གཅིག་མཐུད་པའི་གོ་རིམ་རང་མིན་ཞིང་། སངས་རྒྱས་ཀྱི་སའི་གནས་སྐབས་ཀྱི་དབྱེ་བ་ཅུང་ཟད་ཀྱི་རིམ་པའོ། །འདིར་སྔགས་རྙིང་མའི་བཀའ་གཏེར་གྱི་རིམ་པ་རྣམས་ལས་མིང་དང་གོ་རིམ་ཅུང་མི་མཐུན་པ་འབྱུང་ཡང། བཅུ་གཉིས་པ་མ་ཆགས་པདྨ་ཅན་དང་རྡོ་རྗེ་དབྱིངས་གཅིག །བཅུ་གསུམ་འཁོར་ལོ་ཚོགས་ཆེན་ནས་བཅུ་བཞི་རྡོར་དབྱིངས་བྱ་བ་ཡིག་ནོར་ཡིན། །བཅོ་ལྔ་པ་རྣམ་དག་སྟུག་པོ་བཀོད་དང་། བཀོད་པ་རབ་རྫོགས་གཉིས་གཅིག་ཡིན། ལྷའི་མཛོད་དང་ཆགས་མེད་སྟུག་པོ་གཅིག །མཚན་རྫོགས་རྡོ་རྗེ་འཆང་དང་། རྡོ་རྗེ་འཛིན་པའི་མིང་འཛིན་གཅིག །རྫོགས་པ་བླ་མེད་དང་ཡེ་ཤེས་བླ་མེད་གཅིག །སྲིད་གསུམ་དྭངས་རྫོགས་དང་ཡེ་ཤེས་ལྷུན་གྲུབ་གཅིག་ཅེས་སྦས་


GTN002_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྣལ་འབྱོར་མཁས་གྲུབ་ཆེན་པོ་ཟུར་མང་ཀུན་ཁྱབ་པས་བཞེད་དེ་པཎ་ཆེན་ཐམས་ཅད་མཁྱེན་གཟིགས་ཆེན་པོ་སི་ཏུ་དྷརྨཱ་ཀ་ར་ལས་ཐོས་གསུངས། སྤྱིར་ཡང་འཕགས་ས་ཐོབ་ནས་རྣམ་ཤེས་ཀྱི་རྒྱལ་ཁམས་ལས་བརྒལ་ནས་དུས་དང་ཕྱོགས་སྒྲ་རྟོག་གི་ཡུལ་མིན་ལ་ཡེ་ཤེས་ཀྱི་ཕྱོགས་ཡིན། ས་བཅུ་པ་ནས་སངས་རྒྱས་ཀྱི་ས་ནི་འཕགས་པའི་ཡེ་ཤེས་ཀྱི་ཡུལ་ཡང་མ་ཡིན་ལ་སངས་རྒྱས་རང་གི་ཡེ་ཤེས་རྣམ་པ་ཐམས་ཅད་པའི་བདག་ཉིད་སྒྱུ་འཕྲུལ་དྲ་བའི་རོལ་པ་མི་ཟད་རྒྱན་གྱི་འཁོར་ལོའི་རང་བཞིན་སངས་རྒྱས་ཆགས་ཅན་དང་། ཆགས་བྲལ། དེ་བཞིན་གཤེགས་པ། ཁྲོ་བོ་ཁྲོ་མོ། སེམས་དཔའ་སེམས་མ་སོགས་ཐམས་ཅད་ས་རྣམ་པ་ཀུན་ཏུ། ཞིང་གདན། གཞལ་ཡས་ཁང་། ཤར་ཕྱི་ནང་། སྟེང་འོག །ཟླུམ་པོ། གྲུ་བཞི། གྲུ་གསུམ། ཟླ་གམ། ཞལ། ཕྱག །ཞབས། སྤྱན་མདུན་དབང་པོ་རེ་རེས་ཀྱང་དབང་པོ་ཐམས་ཅད་ཀྱི་བྱ་བ་བྱེད་པ་སྟེ། སངས་རྒྱས་ཀྱི་ཡུལ་དེ་ནི་སངས་རྒྱས་ཁོ་ནའི་སྤྱོད་ཡུལ་ལས་གཞན་གྱིས་མ་ཡིན་ནོ། །དེ་ལྟ་བུའི་གནད་ཤེས་ན་རྣལ་འབྱོར་པ་རྣམས་བསྐྱེད་རིམ་ཙམ་ཡང་དོན་ཆེན་པོ་འགྱུར་རོ་ཞེས་རྗེ་བླ་མ་ཀཿ ཐོག་པ་བཞེད། གསུམ་པ་སྐུ་གསུམ་གྱི་རྣམ་པར་བཞག་པ་ལ་ཆོས་ལོངས་སྤྲུལ་གསུམ་ལས། དང་པོ་ཆོས་སྐུ་ལ། ཆོས་ཉིད་འཕོ་འགྱུར་མེད་པའི་རྟག་བརྟན་ཡོངས་གྲུབ་འདུས་མ་བྱས་པའི་རང་བཞིན་རྡོ་རྗེ་ལྟ་བུ་ཡིན་པས་སམ། ངོ་བོ་རང་བཞིན་གྱིས་


GTN002_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་དག་པ་དང་། དྲི་མ་གློ་བུར་པ་རྣམ་པར་དག་པས་དག་པ་གཉིས་ལྡན་གྱི་ཆོས་སྐུ་མི་འགྱུར་རྡོ་རྗེའི་སྐུ་དང་། ངོ་བོ་དེ་ལ་སྣང་ཆ་མ་འདྲེས་པའི་སྟོབས་སོགས་བྲལ་སྨིན་གྱི་ཡོན་ཏན་དྲུག་ཅུ་རྩ་བཞི་ལ་དབང་འབྱོར་ཞིང་། དེའི་ཚེ་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་མངོན་པར་རྟོགས་པའི་ཡོན་ཏན་ཐམས་ཅད་ཀྱི་འཆར་གཞིར་གནས་པ་མངོན་པར་བྱང་ཆུབ་པའི་སྐུ་དང་། རྟག་པའི་མཐར་མ་ལྷུངས་ཏེ་དམིགས་བསམ་ལས་འདས་པའི་ཕྱིར་དང་། ཆད་པའི་མཐར་མ་ལྷུངས་ཏེ་སོ་སོ་རང་རིག་པའི་ཡེ་ཤེས་ཡིན་པའི་ཕྱིར། གཉིས་ཀ་དང་གཉིས་ཀ་མ་ཡིན་པའི་མུ་ལ་མ་ཐུག་སྟེ་རྟག་ཆད་མ་གྲུབ་པའི་ཕྱིར་རོ། །དེའི་ཕྱིར་ན་དབྱིངས་ཀྱི་རང་བཞིན་བརྟག་པའི་ཡུལ་ལས་འདས་པ་ནམ་མཁའ་ལྟ་བུའི་ཀློང་དུ་ཕྲ་བའི་ཡེ་ཤེས་དེ་དང་རོ་གཅིག་ཏུ་འདྲེས་པ་གནམ་གང་གི་ཟླ་བ་ནམ་མཁའ་དང་འདྲེས་པ་བལྟར་མི་མངོན་པར་བཞུགས་ཀྱང་། མཁྱེན་ཆ་འགགས་པ་མེད་པའི་ཡེ་ཤེས་ནང་གསལ་མཉམ་བཞག་གི་ཆ་ལས་ཕྱིར་གསལ་གྱི་ཡེ་ཤེས་མཆེད་པའི་སྙིང་པོར་གྱུར་པས་གདུལ་བྱ་རྣམས་མཐོང་ཐོས་སྣོམ་མྱོང་སོགས་ཀྱི་རྒྱུ་བྱེད་པ་ཐིམ་ལ་མ་རྨུགས་པའི་ཡེ་ཤེས་ཆོས་ཀྱི་སྐུ་སྟེ། དེ་ལྟར་ནའང་ཡུལ་དང་ཡུལ་ཅན་གྱི་འཛིན་པ་ནི་མེད་ཅིང་བདག་དང་གཞན་མི་དམིགས་པས་སོ། །

སྐུ་གསུམ་གྱི་རྣམ་པར་བཞག་པ་ལ་ཆོས་ལོངས་སྤྲུལ་གསུམ།


GTN002_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ལོངས་སྤྱོད་རྫོགས་པའི་སྐུ་ནི། བཤད་མ་ཐག་པའི་ནང་གསལ་ཡེ་ཤེས་དེ་ཉིད་རང་སྣང་གི་ཡུལ་ལ་ཕྱིར་གསལ་གྱི་ཡེ་ཤེས་མཚན་དཔེ་རྒྱ་མཚོའི་
བདག་ཉིད་དུ་སྣང་བ་ཐུབ་པ་གངས་ཅན་མཚོ་རྒྱལ་སོགས་ལོངས་སྐུ་ཆེན་པོའི་སྟོན་པ་རྣམས་སྣང་ཞིང་རང་ལས་མི་གཞན་པའི་འཁོར་གྱི་རྣམ་པ་དང་། སྤྱན་སའི་སྙིང་པོ་སོགས། ཡུལ་གཟུགས་རྡོ་རྗེ་མ་སོགས་དང་ཐ་མི་དད་ཀྱི་རོལ་པ་ཆེན་པོའི་དཀྱིལ་འཁོར་གྱི་འཁོར་ལོར་བརྗོད་པ་ཐམས་ཅད་ལས་འདས་པའི་གྲག་སྟོང་ན་ད་མི་ཤིགས་པའི་ཆོས་འཁོར་བསྐོར་བ་སོགས་རྟག་པ་རྒྱུན་གྱི་འཁོར་ལོར་ལོངས་སྤྱོད་པ་ནི་སངས་རྒྱས་རང་སྣང་གི་སྤྱོད་ཡུལ་ལས་འཕགས་པ་རྣམས་ཀྱིས་ཀྱང་མཐོང་བའི་སྐབས་མེད་དེ། རྒྱུད་བླ་མ་ལས། ངག་ཡུལ་མིན་ཕྱིར་དོན་དམ་གྱིས་བསྡུས་ཕྱིར། །རྟོག་གནས་མིན་ཕྱིར་དཔེ་ལས་འདས་པའི་ཕྱིར། །བླ་ན་མེད་ཕྱིར་སྲིད་ཞིས་མ་བསྡུས་ཕྱིར། །རྒྱལ་ཡུམ་འཕགས་མ་རྣམས་ཀྱིས་ཀྱང་བསམ་མི་ཁྱབ། །ཅེས་གསུངས་པ་ལྟར་དང་། དེ་ལས་གདུལ་བྱ་ས་བཅུ་པར་སྣང་བས་བསྡུས་པའི་ལོངས་སྐུ་ནི། ལོངས་སྐུ་ཆེན་པོའི་མཚན་དཔེ་ལྟར་སྣང་བ་རྣམ་སྣང་སོགས་རིགས་ལྔའི་སངས་རྒྱས་སུ་སྤྲུལ་པས་མངོན་དགའ་སོགས་སྤྲུལ་སྐུའི་ཞིང་ཁམས་ལྔར་གདུལ་བྱ་འཕགས་པ་རྣམས་ལ་འོད་ཟེར་ཆེན་པོས་དབང་བསྐུར་ཏེ་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་རྫོགས་པར་བྱེད་པ་ཡིན་ཞིང་། འདི་ནི་ཕྱེད་སྤྲུལ་ལོངས་སྐུ་ཞེས་རྒྱུད་ཉི་ཟླ་ཁ་སྦྱོར་དུ་གསུངས་སོ། །གསུམ་པ་སྤྲུལ་པའི་སྐུ་ནི། འཕགས་པ་ཙམ་དང་སོ་སྐྱེའི་སྣང་བས་བསྡུས་


GTN002_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་གདུལ་བྱའི་བསོད་ནམས་དང་། སངས་རྒྱས་ཀྱི་ཐུགས་རྗེའི་རྒྱུ་རྐྱེན་ལས་སྣང་བ་འགྲོ་དྲུག་ཏུ་རིག་པའི་སྐྱེས་བུ་ཐུབ་པ་དྲུག་ཏུ་སྤྲུལ་ནས་འདུལ་བ་རྣམ་པ་བཞིའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་དང་། དེ་ལས་མཛད་པ་བཅུ་གཉིས་སྟོན་པ་ལ་མཆོག་གི་སྤྲུལ་སྐུ་དང་། ཐུགས་རྗེས་འདུལ་བ་གཞན་དང་གཞན་ལ་དངོས་སུ་ཕན་པ་དེའི་ལུས་སུ་སྤྲུལ་ནས་ཕན་གདགས་པ་སྐྱེ་བ་སྟེ། མུ་གེའི་དུས་སུ་ཉ་བོ་ཆེ། སྲིན་མོའི་གླིང་དུ་རྟ་མཆོག །བཀྲེས་པས་ཉན་པ་ལ་གླང་པོ་ཆེ། ནད་པ་ལ་སྲོག་ཆགས་དེས་པ་སོགས་དང་། གཞན་ཡང་སྐྱེས་པ་བུད་མེད། རྒྱལ་པོ་བློན་པོ་དེད་དཔོན་ལ་སོགས་པ་དང་། བཟོ་ནི་བེམ་པོར་སྤྲུལ་ནས་ཕན་བཏགས་པ་དཔག་བསམ་ཤིང་དང་། གྲུ་གཟིངས་ཟམ་པ། སྒྲོན་མེ་དང་ནོར་བུ། སྨན་གྱི་ལྡུམ་བུར་སྤྲུལ་པ་སོགས་མདོར་ན་སྲིད་པ་ཇི་སྲིད་གནས་ཀྱི་བར་དུ་སྐྱོ་དུབ་མི་མངའ་བའི་འཕྲིན་ལས་ཀྱི་འཇུག་པ་བསམ་གྱིས་མི་ཁྱབ་པ་ཉིད་དུ་ཤེས་པར་བྱའོ། །འདིར་ཕྱོགས་ཞེན་གྱིས་བཅིངས་ཤིང་ཐོས་བསམ་ཆ་ཕྲ་བ་རྣམས་ཐུབ་པ་དྲུག་མེད་པར་སྨྲ་བ་ནི་རང་མཚང་སྟོན་པ་སྟེ། ཕལ་པོ་ཆེ་ལས། ཀྱེ་རིགས་ཀྱི་བུ། དེ་བཞིན་གཤེགས་པའི་སྤྲུལ་པ་ནི་ཚད་མེད་དེ་འགྲོ་བ་གང་དང་གང་གིས་འདུལ་བ་དེ་དང་དེའི་གཟུགས་དང་ཁ་དོག་དང་མིང་གིས་དོན་མཛད་དོ། །ཞེས་དང་། སློབ་དཔོན་དཔའ་བོས། སྐུ་ཡི་ཆ་ལུགས་རྣམ་མང་དང་། །གསུང་གིས་སོ་སོའི་སྐད་བཞིན་དུ། །གདུལ་བྱའི་བསམ་པ་ཐ་དད་པ། །དེ་དང་དེར་ནི་ཁྱོད་ཀྱིས་མཛད། །ཅེས་དང་། སྤེལ་མར་བསྟོད་པ་ལས། བྱང་ཆུབ་སེམས་ནི་ཉེར་བླངས་


GTN002_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །གཞན་དོན་ལ་ཆགས་ཐུགས་མངའ་བས། །ཁྱོད་བསྐལ་བྱེ་བ་སྐད་ཅིག་བཞིན། །དམྱལ་བར་ཡང་ནི་དེ་བཞིན་བཞུགས། །ཞེས་སོགས། གསུངས་པ་ལྟར་དྲན་དགོས་སོ། །ཞར་ལ་དེ་ལྟ་བུའི་སྐུ་གསུམ་དེ་རྣམས་དབྱིངས་ལས་བྱུང་ཞིང་དབྱིངས་ལ་ཐིམ་པའི་ཚུལ་ཡང་། ཆུ་སྣོད་མེད་ན་ཟླ་གཟུགས་མེད་ལྟར་གདུལ་བྱ་མེད་ན་དེ་ངོར་སྣང་བའི་འདུལ་བྱེད་ཀྱི་སྤྲུལ་སྐུ་རང་སྣང་ལོངས་སྐུའི་དབྱིངས་སུ་ཞི་བར་འགྱུར་ལ། ལོངས་སྐུ་ཡང་ནང་གསལ་ཆོས་སྐུའི་དབྱིངས་སུ་ཞི་བས་ཡེ་ཤེས་དབྱིངས་སུ་འཁྱིལ་བའམ་གཞོན་ནུ་བུམ་པ་སྐུའི་དཀྱིལ་འཁོར་ཞེས་བྱ་བ་ཡིན་ཞིང་། དཔེར་ན་གནམ་གང་གི་ཟླ་བ་ནམ་མཁའི་ངང་དུ་མི་མངོན་པ་ལྟ་བུ་དང་། དེ་ལྟ་བུའི་མཉམ་བཞག་གི་ཡེ་ཤེས་བ༷་(ལ)མེད་བཞིན་དུ་རྗེས་ཐོབ་ཏུ་སེམས་ཅན་མཐའ་ཡས་པའི་དོན་མཛད་དོ། །དེ་ཡང་སངས་རྒྱས་ཀྱི་སྤངས་རྟོགས་ཀྱི་ཡོན་ཏན་མངོན་པར་བྱང་ཆུབ་པ་ཞི་བ་ཆོས་ཀྱི་སྐུའི་ངང་ན་མཚན་སུམ་ཅུ་རྩ་གཉིས། དཔེ་བྱད་བཟང་པོ་བརྒྱད་ཅུ། ཡོངས་སུ་དག་པ་བཞི། སྟོབས་བཅུ། མི་འཇིགས་པ་བཞི། སོ་སོ་ཡང་དག་པར་རིག་པ་བཞི། དྲན་པ་ཉེ་བར་བཞག་པ་བཞི། བསྲུང་བ་མེད་པ་གསུམ། ཐུགས་རྗེ་ཆེན་པོ་བསྙེལ་བར་མི་མངའ་བའི་མཚན་ཉིད། བག་ཆགས་ཡང་དག་པར་བཅོམ་པ། ཆོས་མ་འདྲེས་པ་བཅོ་བརྒྱད་བསྡོམས་པ་སྡེ་ཚན་བཅུ་གཉིས་རྣམ་གྲངས་བརྒྱ་དྲུག་ཅུ་རྩ་བཞིར་བསྟན་པ་དེ་ལྟ་བུའི་ཡོན་ཏན་རྒྱས་པ་ནི་བྱང་ཆུབ་དམ་པ་སྟེ། སྔོན་རང་ལ་ཡོད་པའི་འོད་གསལ་བླ་མས་ངོ་སྤྲད་
པའི་དོན་ཉམས་སུ་བླངས་པས་སྒྲིབ་པ་མཐའ་དག་བྲལ། ཡེ་ཤེས་འདི་ཉིད་དུ་ཅི་ཡིན་པ་མངོན་དུ་གྱུར་པས་འཇིག་རྟེན་གསུམ་གྱི་མགོན་པོ་ཆོས་ཀྱི་རྗེ་དོན་གཉིས་ལྷུན་གྱིས་གྲུབ་པའི་གོ་འཕང་ཐོབ་པ་ཡིན་ཏེ། མཛོད་ལས། འདི་དག་རྣམ་གྲོལ་འབྲས་བུའི་མཆོག་རབ་སྟེ། །འོད་གསལ་མཐར་ཐུག་མངོན་དུ་གྱུར་པ་ཡིན། །ཞེས་སོ། །མདོར་ན་འབྲས་བུའི་རྣམ་གཞག་དེ་དག་ཀྱང་སྤངས་ཐོབ་མེད་པར་རང་སྣང་བ་ཙམ་སྟེ། སེམས་ཅན་ཐམས་ཅད་ཡེ་ནས་བཅིངས་གྲོལ་མེད་པའི་རང་བཞིན་དུ་རྣམ་པར་དག་པས། གློ་བུར་འཁྲུལ་སྣང་གི་ཆོས་ཐམས་ཅད་ཀྱང་མེད་པ་གསལ་སྣང་ཙམ་ལས་གཞན་སྤང་དུ་མེད་པས་མ་སྤངས་ཤིང་། ཐོབ་བྱའི་འབྲས་བུ་སྐུ་དང་ཡེ་ཤེས་ཀྱང་གཞན་ནས་བཙལ་དུ་མེད་པའི་ཕྱིར། འཁོར་བ་ཉིད་མ་སྤངས། མ་བསྒྱུར་བར་མྱ་ངན་ལས་འདས་པར་འགྱུར་རོ། །ཞེས་པ་སྟེ། གསང་སྙིང་ལས། ངོ་མཚར་ཆོ་འཕྲུལ་རྨད་ཀྱི་ཆོས། །གཞན་ནས་ཡོད་འོང་མ་ཡིན་ཏེ། །ཐབས་ལ་བརྟེན་པའི་ཤེས་རབ་ཉིད། །དེ་ལྟ་བུ་ཡི་ངང་དུ་བྱུང་། །ཞེས་སོ། །

དེ་ལས་གཞན་དུ་སྐུའི་རྣམ་གྲངས་འཆད་པ་ལ་ཐུན་མོང་དང་།


GTN002_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སྐབས་ཀྱི་འཕྲོས་དོན་ལ་གོང་དུ་སྐུ་ལྔའི་རྣམ་གཞག་ཙམ་སྨོས་པ་དེ་ལས་གཞན་དུ་སྐུའི་རྣམ་གྲངས་འཆད་དུ་ཡོད་དམ་ཞེ་ན་ཡོད་དེ། དེ་ལ་ཐུན་མོང་དང་། ཁྱད་པར་གྱི་དབྱེ་བ་རྒྱས་པར་བཤད་པའོ། །(༡) དང་པོ་ལ་གཉིས་ཏེ། ཉི་ཟླ་ཁ་སྦྱོར་ལས། སྐུ་ནི་གཉིས་ཏེ། རིག་པ་ཡུལ་


GTN002_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་གི་སྐུ་དང་། དངས་མ་རྣམས་འདུས་པའི་སྐུའོ། །ཞེས་སོ། །དང་པོ་ནི། དབང་པོ་ལ་སྣང་ཞིང་དགག་སྒྲུབ་མེད་པ་སྟེ། དབྱེ་ན། སྔ་མ་ལས། རིག་པ་ཡུལ་ལ་སྣང་བའི་སྐུ་ནི་དབང་པོ་རྣམས་རྣམ་པར་དག་པའི་སྐུ་ཆེན་པོ་དང་། ཕུང་པོ་རྣམས་རྣམ་པར་དག་པའི་སྐུ་ཆེན་པོ་དང་། ཁམས་དང་། སྐྱེ་མཆེད་དང་། ཡུལ་དང་། ཡུལ་ཅན་དང་ཉོན་མོངས་པ་རྣམས་རྣམ་པར་དག་པའི་སྐུ་ཆེན་པོའོ། །ཞེས་སོ། །གཉིས་པ་དངས་མ་རྣམས་འདུས་པའི་སྐུ་ནི། གོམས་པ་སྟོབས་སུ་གྱུར་པ་རྣམས་ལ་སྣང་བ་སྟེ། དབྱེ་ན། ལམ་ཕྱིན་ཅི་མ་ལོག་པ་རང་གི་མཚན་ཉིད་འཛིན་པའི་སྐུ་དང་། འོད་དང་སྐུའི་མཚན་ཉིད་ཁ་དོག་མི་ཕྱེད་པ་ཡེ་ཇི་བཞིན་པའི་སྐུ་གཉིས་ལས། དང་པོ་ནི། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱིས་ལམ་གྱི་མཚན་ཉིད་འཛིན་པས་འབྲས་བུ་ཚད་ལ་ཕེབས་པར་བྱེད་པས་རོལ་པ་ཆེན་པོའི་སྐུ་དང་། སྤྱི་ཕུད་ཆེན་པོའི་སྐུ་དང་། རིགས་རྗེས་སུ་འཛིན་པའི་སྐུ་ཞེས་གྲགས་ཏེ། དེ་ཉིད་ལས། རང་གི་མཚན་ཉིད་འཛིན་པའི་སྐུ་ནི་འདི་ལྟ་སྟེ། རྣམ་པར་མི་འབྱེད་པའི་རོལ་པ་ཆེན་པོའི་སྐུ་དང་། དམ་པ་སྤྱི་ཕུད་ཆེན་པོའི་སྐུ་དང་། རིགས་རྗེས་སུ་འཛིན་པའི་སྐུའོ། །ཞེས་སོ། །གཉིས་པ་ཡེ་ཇི་བཞིན་པའི་སྐུ་ནི་གཞི་དང་ལམ་དང་འབྲས་བུ་གསུམ་སྟེ། གཞི་རང་བྱུང་གི་ཡེ་ཤེས་ཡེ་ནས་གནས་པའི་སྐུ་དང་། ལམ་འོད་གདངས་དབྱིངས་སྐུ་ཡེ་ཐོག་ལས་ཕྱིར་སྣང་ཙམ་ལས་མི་འགྱུར་བའི་སྐུ་དང་། འབྲས་བུ་སྐུ་གསུམ་
ལྷུན་གྲུབ་དབྱིངས་ཟད་སར་ཕྱིན་པའི་སྐུ་གསུམ་སྟེ། དེ་ཉིད་ལས། ཡེ་ཇི་བཞིན་པའི་སྐུ་ནི་འདི་ལྟ་སྟེ། ཡེ་གནས་དང་པོའི་སྐུ་དང་། ཡེ་ཐོག་མི་འགྱུར་བའི་སྐུ་དང་། འབྲས་བུ་རང་རྫོགས་པའི་སྐུའོ། །འབྲས་བུ་རང་རྫོགས་པའི་སྐུ་ནི་གསུམ་སྟེ། ཆོས་ཀྱི་སྐུ་སྤྲོས་པ་མེད་པ་ཆེན་པོ་དང་། ལོངས་སྤྱོད་རྫོགས་པའི་སྐུ་འཛིན་པ་མེད་པ་ཆེན་པོ་དང་། སྤྲུལ་པའི་སྐུ་བདག་མེད་པ་ཆེན་པོའོ། །ཞེས་སོ། །

ཁྱད་པར་གྱི་དབྱེ་བ་རྒྱས་པར་བཤད་པ།


GTN002_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

(༢) གཉིས་པ་ཁྱད་པར་གྱི་དབྱེ་བ་རྒྱས་པར་བཤད་པ་ལ་གཉིས་ཏེ། ངོ་བོ་མདོར་བསྟན་པ་དང་། རྣམ་པ་རྒྱས་པར་བཤད་པའོ། །དང་པོ་ནི། རང་ཤར་ལས། དེ་ཡང་སྐུ་གང་ཞེ་ན། རྩ་བ་རིག་པའི་སྐུ་དང་། ཡངས་པ་ཆོས་ཉིད་ཀྱི་སྐུ་དང་། གདལ་བ་དབྱིངས་ཀྱི་སྐུ་དང། མི་འགྱུར་བ་རྡོ་རྗེའི་སྐུ་དང་། འགྱུར་བ་མེད་པ་ངོ་བོ་ཉིད་ཀྱི་སྐུ་དང་། ཡང་དག་པ་བདེ་བའི་སྐུ་དང་། ལོག་པ་སེམས་ཀྱི་སྐུ་དང་། མཐོང་བ་རང་གྲོལ་གྱི་སྐུ་དང་། གཅིག་པ་ཐིག་ལེའི་སྐུ་དང་། རྒྱ་མ་ཆད་པ་ནམ་མཁའི་སྐུ་དང་། ཕྱོགས་སུ་མ་ལྷུང་བ་ཉི་ཟླའི་སྐུ་དང་། ཐ་མི་དད་པ་གཅིག་ཤེས་ཀྱི་སྐུ་དང་། ཞེན་པ་མེད་པ་རང་གྲོལ་གྱི་སྐུའོ། །ཞེས་སོ། །གཉིས་པ་ནི། སྐུ་བཅུ་གསུམ་པོ་དེ་དག་གི་རྣམ་པ་གང་ཡིན་ཞེ་ན། སྔ་མའི་འཕྲོར། དེ་ཡང་འདི་ལྟ་སྟེ། རྩ་བ་རིག་པའི་སྐུ་ནི།༡ རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་ཡིན་ཏེ། རང་གི་མིག་གི་དབང་པོ་མ་འགགས་པ་ལ་གསལ་ལོ། །དེ་ནི་རྩ་བ་རིག་པའི་སྐུ་ཞེས་བྱའོ། །


GTN002_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

ཡངས་པ་ཆོས་ཉིད་ཀྱི་སྐུ་ནི།༢ དང་པོའི་གཞི་ཀ་དག་ཆེན་པོ་དེ་ལ་བསམ་པ་མེད། མ་རིག་པ་མེད། སེམས་མེད། ཡིད་མེད། འཛིན་པ་མེད་དོ། །དེ་ཡང་འདི་ལྟ་སྟེ། རྒྱ་མ་ཆད་པའི་ཡེ་ཤེས། ལྷུན་གྱིས་གྲུབ་པའི་སངས་རྒྱས། སྤྲོས་པ་དང་བྲལ་བའི་ཆོས་ཉིད། མཐའ་དང་བྲལ་བའི་རིག་པ། དག་པ་ཆེན་པོའི་སྣང་བ། ཕྱོགས་ལྷུང་མེད་པའི་ལྟ་བར་བཞུགས་སོ། །དེ་ཡང་། ཡངས་པ། གསལ་བ། མི་འགྱུར་བ། ཡེ་ཤེས་མི་འགག་པ། ཐིག་ལེ་སྣ་ཚོགས་སུ་འཕྲོ་བ། མི་འགྱུར་བའི་ཆོས་ཉིད་ཕྱི་རྒྱ་མ་རལ་བ། ནང་ཡེ་ཤེས་ཀྱི་འོད་ལྔ་མ་འགགས་པར་གསལ་བ། སྐུ་དང་ཡེ་ཤེས་ཀྱི་ངོ་བོར་བཞུགས་སོ། །དེ་ནི་ཡངས་པ་ཆོས་ཉིད་ཀྱི་སྐུ་ཞེས་བྱའོ། །གདལ་བ་དབྱིངས་ཀྱི་སྐུ་ནི།༣ དབྱིངས་རྣམ་པར་དག་པའི་སྒྲོན་མ་ཡིན་ཏེ། དབྱིངས་དེ་ཡང་རྒྱ་མ་ཆད་པ། ཕྱོགས་སུ་མ་ལྷུང་བ། འགྲིབ་པ་མེད་པ། འཕེལ་བ་མེད་པ། སྟོང་པ་མེད་པ། གང་བ་མེད་པ། གསལ་ཆ་དང་བཅས་པ། སྐུ་མང་པོ་འཆར་བའི་གནས། ཡངས་པ་ཀུན་གྱི་བདག་ཉིད། ཤིན་ཏུ་ཆེ་བས་གོང་ན་མེད་པ། ལྟ་བ་མཐོང་བའི་སངས་རྒྱས། ངེས་པ་རྙེད་པའི་ས་ཞེས་བྱའོ། །དེ་ནི་གདལ་བ་དབྱིངས་ཀྱི་སྐུའོ། །མི་འགྱུར་བ་རྡོ་རྗེའི་སྐུ་ནི།༤ སངས་རྒྱས་མེད་པའི་འབྲས་བུ། སེམས་ཅན་མེད་པའི་འཁོར་བ། སྲོག་བཅད་པའི་སངས་རྒྱས། བྱས་པ་མེད་པའི་བྱུང་བ། མཐོང་བ་མ་མྱོང་པའི་ཡུལ། ཤེས་མ་མྱོང་བའི་གཏམ། ལེན་མ་མྱོང་བའི་ལུས། སྲོག་བཅད་པའི་དགེ་བ། བསྒྲུབས་པ་མེད་པའི་ལྷ། མ་བགྲངས་པའི་སྙིང་པོ། མ་


GTN002_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམས་པའི་སྒོམ་པ། མ་བྲིས་པའི་དཀྱིལ་འཁོར། མ་བསགས་པའི་ཚོགས་སོ། །དེ་ནི་མི་འགྱུར་བ་རྡོ་རྗེའི་སྐུའོ། །འགྱུར་བ་མེད་པ་ངོ་བོ་ཉིད་ཀྱི་སྐུ་ནི།༥ གྲུབ་མཐའ་འགྱུར་མེད། གཏན་ཚིགས་ངེས་མེད། མཚན་ཉིད་གཉིས་མེད། ལྟ་བ་ཕྱོགས་མཐོང་། སྒོམ་པ་མཐོང་བ། སྤྱོད་པ་བྱར་མེད། འབྲས་བུ་ཐོབ་མེད། དམ་ཚིག་བསྲུང་མེད། རོལ་པ་འགག་མེད། ངོ་བོ་ཟང་ཐལ། རང་བཞིན་ཀུན་ཁྱབ། ཐུགས་རྗེ་མཁའ་ཁྱབ་བོ། །དེ་ནི་འགྱུར་བ་མེད་པ་ངོ་བོ་ཉིད་ཀྱི་སྐུའོ། །དག་པ་བདེ་བའི་སྐུ་ནི།༦ གསལ་བ་མཁའ་ཁྱབ། སྟོང་པ་ཀུན་ཁྱབ། ཡེ་ཤེས་མིག་ཁྱབ། རིག་པ་ལུས་ཁྱབ། སྒྲོན་མ་ཡུལ་ཁྱབ། ཆོས་སྐུ་གཞི་ཁྱབ། ལོངས་སྐུ་རང་ཁྱབ། སྤྲུལ་སྐུ་ཀུན་ཁྱབ། འོད་ལྔ་གནས་ཁྱབ་བོ། །དེ་ནི་དག་པ་བདེ་བའི་སྐུའོ། །ལོག་པ་སེམས་ཀྱི་སྐུ་ནི།༧ སྣ་ཚོགས་འབྱུང་བ། སྣ་ཚོགས་སྡུད་པ། ཐམས་ཅད་ཀྱི་ལམ། ཐམས་ཅད་ཀྱི་གནས། ཐམས་ཅད་ཀྱི་གཞི། འཁོར་བ་རང་ཀ་མའོ། །དེ་ནི་ལོག་པ་སེམས་ཀྱི་སྐུའོ། །མཐོང་བ་རང་གྲོལ་གྱི་སྐུ་ནི།༨ མི་འགྱུ་སྟེ་འགྱུ་བ། འགྱུ་སྟེ་མི་འགྱུ་བ། སྲོག་མེད་པའི་སྐུ། སེམས་མེད་པའི་སེམས་ཅན། དབུགས་མེད་པའི་འགྱུ་བ། འགྲོ་འོང་མེད་པའི་སངས་རྒྱས། དུས་ཐམས་ཅད་པའི་ཡེ་ཤེས། རྟག་པར་བཞུགས་པའི་ཆོས་ཉིད། འཛིན་པ་མེད་པའི་རང་གྲོལ། རྟོག་པ་མེད་པའི་སྐུ་ལྔ། མཐོང་བ་མ་འགགས་པའི་ཤེས་རབ། རང་སར་གྲོལ་བའི་ཆོས་ཉིད་དོ། །དེ་ནི་མཐོང་བ་


GTN002_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

རང་གྲོལ་གྱི་སྐུའོ། །གཅིག་པ་ཐིག་ལེའི་སྐུ་ནི།༩ འབྱུང་བ་ཀུན་ཁྱབ་ཀྱི་ཡེ་ཤེས། འབྱུང་བ་ཀུན་སྣང་གི་ཡེ་ཤེས། འབྱུང་བ་ཀུན་འབྱུང་གི་ཡེ་ཤེས། འབྱུང་བ་ཀུན་གསལ་གྱི་ཡེ་ཤེས། འབྱུང་བ་གཏིང་གསལ་གྱི་ཡེ་ཤེས། འབྱུང་བ་མཁའ་གསལ་གྱི་ཡེ་ཤེས། འབྱུང་བ་ར༷ང་བྱུ༷ང་{ཕྱི༵་གས༵ལ་}གི་ཡེ་ཤེས་སོ། །དེ་ནི་གཅིག་པ་ཐིག་ལེའི་སྐུའོ། །རྒྱ་མ་ཆད་པ་ནམ་མཁའི་སྐུ་ནི།༡༠ སྣང་བ་དང་ཡེ་ཤེས་རྒྱ་མ་ཆད། ནམ་མཁའ་དང་དབྱིངས་རྒྱ་མ་ཆད། སེམས་ཅན་དང་སངས་རྒྱས་རྒྱ་མ་ཆད། འབྱུང་བ་དང་འོད་སྣང་རྒྱ་མ་ཆད། མཐོང་བ་དང་རང་ལུས་རྒྱ་མ་ཆད། སྟོང་པ་དང་ཆོས་ཉིད་རྒྱ་མ་ཆད། ལྷུན་གྲུབ་དང་ཀ་དག་རྒྱ་མ་ཆད། ཞིང་ཁམས་དང་ལྷུན་གྲུབ་རྒྱ་མ་ཆད། ཚོམ་བུ་དང་འཁྲུལ་སྣང་རྒྱ་མ་ཆད། སེམས་དང་ཡེ་ཤེས་རྒྱ་མ་ཆད། ཡིད་དང་ཤེས་རབ་རྒྱ་མ་ཆད། མ་རིག་པ་དང་རིག་པ་རྒྱ་མ་ཆད། སྟོང་པ་དང་གསལ་བ་རྒྱ་མ་ཆད་དོ། །དེ་ནི་རྒྱ་མ་ཆད་པ་ནམ་མཁའི་སྐུ་ཞེས་བྱའོ། །ཕྱོགས་སུ་མ་ལྷུང་བ་ཉི་ཟླའི་སྐུ་ནི།༡༡ འཛིན་པ་མེད་པས་རང་གྲོལ། རྟོག་པ་མེད་པས་རང་སངས། འགྱུ་བ་མེད་པས་རང་དག །གསལ་བ་མེད་པའི་འཚེར་བ། བསྒོམ་དུ་མེད་པའི་ཆོས་ཉིད། གཟུང་དུ་མེད་པའི་ཡངས་པ། སངས་རྒྱས་མེད་པའི་སེམས་ཅན་ནོ། །དེ་ནི་ཕྱོགས་སུ་མ་ལྷུང་བ་ཉི་ཟླའི་སྐུའོ། །ཐ་མི་དད་པ་ཅི༷ག་ཤོ༷ས་{གཅི༵ག་ཤེ༵ས་}ཀྱི་སྐུ་ནི།༡༢ སྒྲོན་མ་མཁའ་ཁྱབ། ཡེ་ཤེས་དབྱིངས་ཁྱབ། ཤེས་རབ་ཡུལ་ཁྱབ། ཐབས་ཀྱིས་ལམ་ཁྱབ། དབང་པོས་


GTN002_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཁྱབ། དེ་ནི་ཐ་མི་དད་པ་སྒྲོན་མའི་སྐུའོ། །ཞེན་མེད་རང་གྲོལ་གྱི་སྐུ་ནི།༡༣ སྣང་བ་ལ་མི་ཞེན། སྟོང་པ་ལ་མི་ཆགས། མེད་པ་མི་བསྒྲུབ། ཡོད་པ་མི་སྤོང་། མེད་པ་ལ་ཞེ་འདོད་མི་བྱེད། ཡོད་པ་ལ་མངོན་པར་མི་ཞེན། བྱས་པ་མི་བསྒྲུབ། བྱུང་བ་མི་འགེགས། བྱུང་བ་ལ་སྐྱོན་དུ་མི་བལྟ། མ་བྱུང་བ་ལ་ཡོན་ཏན་དུ་མི་སེམས། ཉོན་མོངས་མི་སྤོང་། སངས་རྒྱས་མི་བསྒྲུབ། བསྒོམ་པ་མི་བསྒོམ། ལྟ་བ་མི་ལྟ། འཁྲུལ་སྣང་མི་འགེགས། དག་སྣང་མི་འཚོལ། སེམས་ལ་སངས་རྒྱས་མི་རེ། རིག་པ་ལ་སེམས་ཅན་མི་དོགས། ཀུན་གཞི་ལ་ཆོས་སྐུ་མི་རེ། སྒྲོན་མ་ལ་གཟུགས་སྐུར་མི་དོགས། ལམ་ལ་སྦྱང་དུ་མེད། འབྲས་བུ་ལ་ཐོབ་ཏུ་མེད། གཞི་ལ་བཟང་ངན་མེད། རྟོགས་དང་མ་རྟོགས་གཉིས་སུ་མེད་པའོ། །དེ་ནི་ཞེན་མེད་རང་གྲོལ་གྱི་སྐུའོ། །ཞེས་གསུངས་སོ། །འདི་དག་རྒྱས་པར་སྤྲོས་ན་གསལ་བ་མཐའ་ཡས་སོ། །དེས་རྟེན་སྐུའི་འཕྲོས་དོན་བཅས་གྲུབ་ནས་བརྟེན་པ་ཡེ་ཤེས། མཛད་པ་ཕྲིན་ལས་གཉིས་གོང་དུ་ལན་མང་སོང་བས་ཡང་ཟློས་ཀྱི་སྤྲོས་པ་དོར་རོ། །

མཐའ་དཔྱད་ཀྱི་འགགས་བསྡུ་བ།

སྐོར་ཚོ་ལྔ་ལས་དང་པོ་ཡང་ཏིའི་སྐོར།


GTN002_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

༈ གཉིས་པ་དེའི་མཐའ་དཔྱད་ཀྱི་འགག་བསྡུ་བ་ལ། དེང་དུས་རང་རེ་རྙིང་མ་བར་གྲགས་པ་རྣམས་ཉམས་ལེན་གྱི་གཙོ་བོ་རྫོགས་ཆེན་ལས་མེད་རུང་། དེ་ལ་རྒྱབ་རྟེན་ལུང་གི་ཁུངས་འདྲེན་ཡུལ་རྒྱུད་གཅིག་གི་
མིང་ཡང་ཤེས་དཀའ་བར་སྣང་ཚེ། འདིར་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་རྒྱུད་སྡེའི་རིམ་པ་གཙོ་གང་ཆེའི་མིང་ཙམ་བྲིས་ན་སྐོར་ཚོ་ལྔ་ལས།[1] དང་པོ་ཡང་ཏིའི་སྐོར་ལ། ༼ཀ་༽གུ་རུ་ཆོས་ཀྱི་དབང་ཕྱུག་གིས་སྤྱན་དྲངས་པའི་ཡང་ཏི་རྫོགས་པ་ཆེན་པོ་སངས་རྒྱས་མཉམ་སྦྱོར་གྱི་ཆོས་སྡེར་བཞུགས་པའི་མ་རྒྱུད་སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལེའུ་བརྒྱ་དང་༼ཏ་༽ཉེར་གསུམ་པ། རྒྱུད་ཐམས་ཅད་ཀྱི་རྩེ་རྒྱལ་ནམ་མཁའ་འབར་བའི་རྒྱུད་ལེའུ་སོ་དགུ་པ། རྒྱུད་ཐམས་ཅད་ཀྱི་སྤྱི་ཕུད་ཉི་ཟླ་བཀོད་པ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལེའུ་བཅོ་ལྔ་པ། ནམ་མཁའི་འབྲུག་སྒྲོག་ཐོག་བབ་ཀློང་འདུས་སྤྱི་རྒྱལ་རྒྱ་མདུད་ཀྱི་རྒྱུད་ལེའུ་བཅུ་པ། ལྟ་བ་ལ་ཤན་རིན་ཆེན་སྒྲོན་མ་ལེའུ་བཅུ་བཞི་པ། རྩ་རླུང་ཐིག་ལེའི་རྒྱུད་ལེའུ་བདུན། འཇམ་དཔལ་འདུས་པའི་རྒྱུད་ལས་བཏུས་པ་རྩ་རླུང་གི་རྩ་བ་ཞེས་པ་རྫོགས་སོའི་མཐའ་ཅན། སྲོག་གི་འཁོར་ལོའི་རྒྱུད། བརྒྱུད་པ་གསུམ་པ་ལྟ་བ་ལ་ཐལ་གྱི་རྒྱུད། སྣང་བྱེད་སྤུ་གྲིའི་རྒྱུད། ཀུན་ཏུ་བཟང་པོ་སྲོག་གི་ཐིགས་པ་འབྲས་བུ་ཡེ་གྲོལ་ཆེན་པོའི་རྒྱུད། ཐིག་ལེ་མཐོང་བརྡོལ་ཡང་ཏི་ནག་པོའི་རྒྱུད། རྒྱུད་ཀྱི་རྩེ་རྒྱལ་ཉི་ཟླ་འོད་འབར་མཁའ་ཀློང་རྣམ་དག་རྒྱ་མཚོའི་ཀློང་གསལ་ཀྱི་རྒྱུད་ལེའུ་༼ཏ་༽ཉེར་བཞི་པ། རྡོ་རྗེ་སེམས་དཔའ་ཡི་གེ་བརྒྱ་པ་དབང་མཆོག་རྒྱལ་པོའི་རྒྱུད་ལེའུ་ཉེར་གཅིག་པ། དེའི་རྒྱུད་ཕྱི་མ་ལེའུ་ཉེར་བརྒྱད་པ། རྡོ་རྗེ་སེམས་


GTN002_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་ཡི་གེ་བརྒྱ་པ་ཐུགས་ཕྲིན་ལས་ཐམས་ཅད་ཀྱི་དམ་ཚིག་གི་རྒྱུད་ལེའུ་ཉེར་བདུན། རྫོགས་པ་ཆེན་པོ་ངེས་དོན་འདུས་པ་ལེའུ་བརྒྱད་ཅུ་གཅིག་པ། རྫོགས་པ་ཆེན་པོ་རིན་ཆེན་འཁོར་བ་རྩད་གཅོད་ཀྱི་རྒྱུད་ལེའུ་བདུན་པ། རྫོགས་པ་ཆེན་པོ་འཁོར་བ་རྩད་ནས་གཅོད་པ་ཆོས་སྐུ་རིག་པའི་རྒྱུད་ལེའུ་ཉེར་བཞི། རྫོགས་པ་ཆེན་པོ་ལྟ་བའི་ཡང་སྙིང་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལེའུ་ང་གསུམ་པ། རྫོགས་པ་ཆེན་པོ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཆོས་སྐུ་གཅིག་ཏུ་འདུས་པར་བཀའ་བགྲོས་པའི་དོན་རིན་པོ་ཆེ་ཡོན་ཏན་ཀུན་འབྱུང་གི་རྒྱུད་ལེའུ་དྲུག་ཅུ་རེ་ལྔ་པ། རྫོགས་པ་ཆེན་པོ་ཤིན་ཏུ་རྣལ་འབྱོར་སངས་རྒྱས་ཐམས་ཅད་འབྱུང་བའི་རྒྱུད་ཡེ་ཤེས་ཀྱི་སྐུ་དོན་འདུས་རིག་པའི་གསུང་ལེའུ་དྲུག་ཅུ་རྩ་བདུན། རྫོགས་པ་ཆེན་པོ་ངེས་དོན་འདུས་པའི་ཡང་སྙིང་ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད་རིན་པོ་ཆེ་གསེར་གྱི་ཡང་ཞུན་ཞེས་བྱ་བ་ལེའུ་སོ་བདུན། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལེའུ་ཉིས་བརྒྱ་བཅུ་གཉིས་༼ཁ་༽པ། རྫོགས་པ་ཆེན་པོ་ངེས་དོན་རིག་པའི་གསུང་རང་བྱུང་བདེ་བའི་འཁོར་ལོ་ལེའུ་སོ་གསུམ་པ། རྫོགས་པ་ཆེན་པོ་མ་རིག་མུན་པ་རབ་ཏུ་སེལ་བར་བྱེད་པ་ལྟ་བ་ཡེ་ཤེས་གཉིས་ནས་རྫོགས་པའི་རྒྱུད་ལེའུ་ཞེ་གཅིག་པ། རྫོགས་པ་ཆེན་པོ་ལྟ་བ་ཐམས་ཅད་ཀྱི་སྙིང་པོའི་རྒྱུད་ལེའུ་ཉེར་བཞི། རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ་ཡེ་ཤེས་གསལ་བར་སྟོན་པའི་རྒྱུད་ལེའུ་བཅུ་གཉིས་པ། དེའི་རྒྱུད་ཕྱི་
མ་ལེའུ་བཞི། དེའི་ཕྱི་མའི་ཡང་ཕྱི་མ་ལེའུ་བཞི། ཡེ་ཤེས་འཁོར་ལོའི་རྒྱུད་ལེའུ་བདུན་པ། རྫོགས་པ་ཆེན་པོ་ཡེ་ཤེས་འཁོར་ལོ་གསང་བ་ཐུགས་ཀྱི་རྒྱུད་ལེའུ་བཅུ་དགུ་པ། འཇམ་དཔལ་འདུས་པའི་རྒྱུད་ལེའུ་བཅུ་དྲུག་པ། འཕགས་པ་སྤྱན་རས་གཟིགས་ཏིང་འཛིན་རྩེ་གཅིག་པའི་རྒྱུད་ལེའུ་བཅུ་གསུམ་པ་རྣམས་སོ། །

རྫོགས་པ་ཆེན་པོ་སྤྱི་ཏིའི་སྐོར།


GTN002_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

[2]གཉིས་པ་རྫོགས་པ་ཆེན་པོ་སྤྱི་ཏིའི་སྐོར་ལ། སྣང་སྲིད་ཁ་སྦྱོར་བདུད་རྩིའི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལེའུ་བརྒྱ་རྩ་བརྒྱད་པ། རིན་པོ་ཆེ་བཅུད་ཀྱི་ཡང་སྙིང་ཐོག་ཐ་དྲས་ཐག་གཅོད་པ་སྤྲོས་གཅོད་རྩ་བའི་རྒྱུད་ལེའུ་བཅུ་གཅིག་པ། སྤྲོས་པ་གཅོད་པ་སྡེ་ལྔའི་རྒྱུད། རིན་པོ་ཆེ་བདུད་རྩི་བཅུད་ཐིགས་ཀྱི་རྒྱུད་ལེའུ་བཅོ་ལྔ་པ། རིན་པོ་ཆེ་སྣང་གསལ་སྤུ་གྲི་འབར་བ་འཁྲུལ་སྣང་ཐམས་ཅད་རྩད་ནས་གཅོད་པ་ནམ་མཁའ་དང་མཉམ་པའི་རྒྱུད་ལེའུ་སོ་ལྔ་པ། རིན་པོ་ཆེ་སྤྱི་གནད་སྐྱོན་སེལ་ཐིག་ལེ་ཀུན་འདུས་ཀྱི་རྒྱུད་ལེའུ་བཅུ་པ། གཏེར་སྙིང་རིན་པོ་ཆེ་སྤུངས་པའི་རྒྱུད་ལེའུ་དགུ་པ། ཐིག་ལེ་ཡེ་ཤེས་བཅུད་སྤུངས་སྒྲོན་མ་འོད་འབར་བའི་རྒྱུད་ལེའུ་བཅུ་བདུན་པ། བདུད་རྩི་བཅུད་ཐིགས་སྒྲོན་མ་བརྩེགས་པའི་རྒྱུད་ལེའུ་ཉེར་གཉིས་པ། སྙིང་པོ་བཅུད་སྤུངས་ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལེའུ་ཉི་ཤུ་པ། ཐུགས་ཀྱི་ཡང་སྙིང་དགོངས་པའི་བཅུད་འདུས་པ་བཀའ་བརྒྱུད་རྣམས་ཀྱི་གསང་དོན་བཅུད་དྲིལ་བ་མ་རིག་མུན་སེལ་ཉི་ཟླ་འབར་བའི་རྒྱུད་ལེའུ་བཅུ་གསུམ་པ། རི་བོ་བརྩེགས་
པའི་རྒྱུད་ལེའུ་༼ག་༽ཉེར་གཅིག་པ། དྲི་མེད་ཀ་དག་གི་རྒྱུད་རིན་པོ་ཆེ་གསལ་བ་ཆེན་པོ་ཞེས་བྱ་བ་ལེའུ་བཅུ་གཉིས། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་ཉི་ཟླའི་སྙིང་པོ་འོད་འབར་བ་བདུད་རྩིའི་རྒྱ་མཚོ་འཁྱིལ་བའི་རྒྱུད་ལེའུ་གྱ་གཅིག་པ། སྐྱེ་མེད་ཀ་དག་ཟང་ཀའི་རྒྱུད་ལེའུ་བཅུ་པ་རྣམས་སོ། །

མན་ངག་སྡེའི་སྐོར།


GTN002_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

[3]གསུམ་པ་མན་ངག་སྡེའི་སྐོར་ལ། ཤིན་ཏུ་ཟབ་པ་ཡང་གསང་བླ་ན་མེད་པ། གསང་སྐོར། ཕྱི་སྐོར། ནང་སྐོར་གྱི་མན་ངག་དང་བཞི་ལས། དང་པོ་ཡང་གསང་སྐོར་ལ། སྐུ་ཐམས་ཅད་ཀྱི་སྣང་བ་སྟོན་པ་དབང་རྫོགས་པ་རང་བྱུང་ཆེན་པོའི་ལེའུ་ཉེར་ལྔ་པ། རྫོགས་པ་རང་བྱུང་གི་རྒྱུད་དུམ་བུ་བཅུ་གཉིས་པ་རྫོགས་སོའི་མཐའ་ཅན། ཡི་གེ་མེད་པའི་རྒྱུད་ཆེན་པོ་ཞེས་བྱ་བ་རིན་པོ་ཆེ་རྒྱལ་མཚན་རྒྱུད། རྒྱལ་པོའི་གདུང་རྒྱུད། ལྟ་བ་ནམ་མཁའ་དང་མཉམ་པའི་རྒྱུད་ཆེན་པོ་ལེའུ་དྲུག་པ། རིག་པ་རང་ཤར་ཆེན་པོའི་རྒྱུད་ལེའུ་བརྒྱད་ཅུ་གྱ་དྲུག །རིག་པ་རང་གྲོལ་ཆེན་པོའི་རྒྱུད་ལེའུ་བཅུ་པ། རིན་ཆེན་སྤུངས་པ་ཡོན་ཏན་ཆེན་པོ་སྟོན་པ་རྒྱུད་ཀྱི་རྒྱལ་པོ་ལེའུ་ལྔ་པ། འབུམ་ཕྲག་དྲུག་ཅུ་རྩ་བཞིའི་བཅུད་ཕྱུང་བ་རྫོགས་སོའི་མཐའ་ཅན། སྐུ་གདུང་འབར་བ་ཆེན་པོའི་རྒྱུད་ལེའུ་གསུམ་པ། སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད་ལེའུ་དྲུག་པ། རྫོགས་པ་ཆེན་པོ་ཤོ་ལོ་ཀ་འབུམ་ཕྲག་དྲུག་ཅུ་རྩ་བཞི་ལས་ཁྱད་པར་དུ་བཀོད་པ་རྫོགས་སོའི་མཐའ་ཅན། བཀྲ་ཤིས་མཛེས་ལྡན་ཆེན་པོའི་རྒྱུད་ལེའུ་༼ང་༽ལྔ་པ།


GTN002_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལེའུ་བརྒྱད་པ། ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་གི་རྒྱུད་ལེའུ་བཞི་པ། ངོ་སྤྲོད་རིན་པོ་ཆེ་སྤྲས་པ་ཞིང་ཁམས་བསྟན་པའི་རྒྱུད་ལེའུ་གསུམ་པ། མུ་ཏིག་རིན་པོ་ཆེ་ཕྲེང་རྒྱུད་ལེའུ་བརྒྱད་པ། ཀུན་ཏུ་བཟང་པོ་ཀློང་དྲུག་གི་རྒྱུད་སྐབས་དྲུག་པ། གསེར་གྱི་མེ་ཏོག་མཛེས་པ་རིན་པོ་ཆེ་སྒྲོན་མ་འབར་བའི་རྒྱུད་ལེའུ་བཞི་པ། ཉི་མ་དང་ཟླ་བ་ཁ་སྦྱོར་བ་ཆེན་པོ་གསང་བའི་ལེའུ་བཞི་པ། སེངྒེ་རྩལ་རྫོགས་ཆེན་པོའི་རྒྱུད་ལེའུ་བཅུ་གསུམ་པ། ནོར་བུ་ཕྲ་བཀོད་རང་གི་དོན་ཐམས་ཅད་གསལ་བར་བྱེད་པའི་རྒྱུད་ལེའུ་བཅུ་བཞི་པ། རྒྱུད་ཀྱི་ཁོག་སྙིང་སྡེབ་པ་གསལ་བའི་ལྡེའུ་མིག་ཅེས་བྱ་བ་གསང་བའི་ཐེམ་རྫོགས་སོའི་མཐའ་ཅན། གཉིས་པ་གསང་སྐོར་ལ། རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་དོན་འགྲེལ་ཐིག་ལེ་ཀུན་གསལ་ཆེན་པོའི་རྒྱུད་ལེའུ་གོ་བདུན་པ། ཡེ་ཤེས་མར་མེའི་རྒྱུད་ལེའུ་གསུམ་པ། སངས་རྒྱས་རྡོ་རྗེ་སེམས་དཔའི་དགོངས་པ་ཚིག་གསུམ་པའི་རྒྱུད་ལེའུ་གསུམ་པ། ཐིག་ལེ་ཀུན་འདུས་ཆེན་པོའི་རྒྱུད་ལེའུ་བཅུ་གཉིས་པ། སྐུའི་རྒྱུད་པདྨ་འཁྱིལ་བ་ལེའུ་ཉེར་གཅིག་པ། རྡོ་རྗེ་རྩེ་མོ་འདུས་པའི་རྒྱུད་ཅེས་ལེའུ་དང་པོའི་མཐའ་ཅན། ཡང་ལེའུ་གཉིས་པའི་མཐའ་ཅན། བྱང་ཆུབ་སེམས་ཀྱི་མུན་པའི་སྒྲོན་མ་ཞེས་བྱ་བ་ལེའུ་གསུམ་པའི་མཐའ་ཅན། རིན་པོ་ཆེ་དྲ་བའི་མཛོད་ལེའུ་བཞི་པའི་མཐའ་ཅན། རིན་པོ་ཆེ་སྤྱི་བཅིངས་ཀྱི་མན་ངག་ལེའུ་ལྔ་པའི་མཐའ་ཅན། རྡོ་རྗེ་སེམས་དཔའ་རིན་པོ་ཆེའི་ཟ་མ་ཏོག་སྤྲས་པའི་མན་ངག་


GTN002_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

ལེའུ་དྲུག་པའི་མཐའ་ཅན། བྱང་ཆུབ་སེམས་དཔའ་ཐུགས་ཀྱི་ཉི་མ་ཞེས་བྱ་བ་ལེའུ་བདུན་པའི་མཐའ་ཅན། སངས་རྒྱས་ཐམས་ཅད་ཀྱི་རྒྱུད་ལྔ་གདམས་པར་བཞག་པ་ཞེས་ལེའུ་བཅུ་པའི་མཐའ་ཅན། ཡེ་ཤེས་བླ་མ་ཆེན་པོའི་རྒྱུད་ལེའུ་བདུན་པ། རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་རྒྱལ་མཚན་རྩེ་མོའི་རྒྱུད་ལེའུ་ལྔ་པ། རྫོགས་པ་ཆེན་པོ་ཐིག་ལེ་གསང་བ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ལེའུ་གྲངས་མེད་པ། རྡོ་རྗེ་སྲིན་པོ་རྣོ་བ་རྡོ་རྗེའི་མཆུ་ཅན་གྱི་རྒྱུད་ཅེས་བྱ་བ་རྒྱུད་ཐམས་ཅད་ཀྱི་སྙིང་པོ་འཁོར་བ་དོང་སྤྲུགས་ཆེན་པོའི་རྒྱུད་ལེའུ་བདུན་པ་རྣམས་སོ། གསུམ་པ་ཕྱི་སྐོར་དང་བཞི་པ་ནང་སྐོར་གྱི་མན་ངག་སྡེ་ལ། རིན་པོ་ཆེ་སྲིད་པ་བར་མ་དོ་སྣང་བའི་རྒྱུད་ལེའུ་བཅུ་དྲུག་པ། ལྷ་མིན་གཡུལ་ངོ་བཟློག་པའི་རྒྱུད་ལེའུ་སུམ་ཅུ་པ། རོ་སྲེག་ཐལ་བ་ནག་པོའི་རྒྱུད་ལེའུ་བཅུ་དྲུག་པ། ལྷ་རྒྱུད་རིན་ཆེན་སྤུངས་པ་༼ཅ༽ལེའུ་སོ་གསུམ་པ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་བཤད་རྒྱུད་རིན་ཆེན་ཕྲེང་བ་ལེའུ་དགུ་པ། འཇམ་དཔལ་དགོངས་པ་འདུས་པ་གསང་སྔགས་ཆེན་པོའི་རྒྱུད་ལེའུ་དྲུག་པ། དུར་ཁྲོད་ཕུང་པོ་འབར་བ་མན་ངག་གི་རྒྱུད་ལེའུ་བཅུ་གཅིག་པ། རྡོ་རྗེ་ཡང་རྩེའི་རྒྱུད་ལེའུ་ཉེར་གཅིག་པ། རྡོ་རྗེ་ཡང་ཏོག་གི་རྒྱུད་ལེའུ་བཅོ་ལྔ་པ། སྙིང་པོ་རྡོ་རྗེ་རིན་པོ་ཆེ་ཐམས་ཅད་གཅིག་པའི་རྒྱུད་ལེའུ་ཉེར་གསུམ་པ། དམ་ཚིག་བཀོད་པ་ས་གཞིའི་རྒྱུད་རིན་པོ་ཆེ་སྤུངས་པའི་རྒྱན་ལེའུ་གསུམ་པ། འབྱུང་པོ་ཀུན་འདུལ་ཀྱི་རྒྱུད་ལེའུ་སོ་གཉིས་པ། ལྷ་རྒྱུད་དབང་རིན་པོ་ཆེ་འཁོར་ལོ་ལེའུ་བཅུ་གསུམ་པ། རྡོ་རྗེ་
གསང་བ་ཆེན་པོའི་སྐུ་རིན་པོ་ཆེ་དབྱིག་གི་སྒྲོན་མ་ཤེས་རབ་ཆེན་པོའི་མདོ་རྣམས་སོ། །

ཀློང་སྡེའི་སྐོར།


GTN002_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

[4] བཞི་པ་ཀློང་སྡེའི་སྐོར་ལ། ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད་ལེའུ་བཞི་བཅུ་རྩ་བརྒྱད་པ། ཀུན་ཏུ་བཟང་པོ་ནམ་མཁའ་ཆེ་རྩ་བ་བསྡུས་པའི་རྒྱུད་ལེའུ་བཅུ་བདུན་པ། བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོ་རིག་པ་རང་རྩལ་ཤར་བའི་རྒྱུད་ལེའུ་བཅུ་བཞི་པ། རིན་པོ་ཆེ་གདམས་ངག་སྣ་ཚོགས་འཁོར་ལོའི་རྒྱུད་ཕྱི་མ་ལེའུ་བཅུ་དྲུག་པ། རིན་པོ་ཆེ་འཕགས་ལམ་བཀོད་པའི་རྒྱུད་ལེའུ་བཅུ་གཉིས་པ། རྡོ་རྗེ་སེམས་དཔའ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ཆེན་པོ་ལེའུ་ཉེར་བདུན་པ། ཡེ་ཤེས་གསང་བའི་སྒྲོན་མ་རིན་པོ་ཆེ་མན་ངག་གི་རྒྱུད་ལེའུ་བཅུ་དྲུག་པ། རིན་པོ་ཆེ་འཁོར་ལོའི་རྒྱུད་ལེའུ་བརྒྱད་པ་ཡེ་ཤེས་གསང་བའི་རྒྱུད་ལེའུ་བཅུ་གཉིས་པ། བྱང་ཆུབ་ཀྱི་སེམས་རྫོགས་པའི་རྒྱུད་ལེའུ་བཅུ་པ། རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་ལ་འཇུག་པ་རྣམ་དག་སྟོན་པའི་རྒྱུད་ལེའུ་ལྔ་པ། བྱང་ཆུབ་ཀྱི་སེམས་རྡོ་རྗེ་འོད་འཕྲོའི་རྒྱུད་ལེའུ་བཅུ་གཉིས་པ་རྣམས་སོ། །

སེམས་སྡེའི་སྐོར།


GTN002_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

[5]ལྔ་པ་སེམས་སྡེའི་སྐོར་ལ། ཀུན་བྱེད་རྒྱལ་པོའི་སྐོར་དང་། སེམས་སྨད་བཅོ་བརྒྱད་ཀྱི་སྐོར་དང་། དེར་མ་འདུས་པ་སེམས་སྡེའི་སྤྱི་སྐོར་དང་གསུམ་མོ། །
དང་པོ་ནི། ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལེའུ་ལྔ་བཅུ་རྩ་བདུན་པ། དེའི་རྒྱུད་ཕྱི་མ་གོང་གི་འཕྲོས་ལེའུ་ང་བརྒྱད་ནས་བརྒྱད་ཅུ་རྩ་བཞིའི་བར་ཆོས་ཐམས་ཅད་རྫོགས་པ་བྱང་ཆུབ་སེམས་སུ་འདུས་པའི་མདོ་ལེའུ་བཞི་པ་དེའི་དོན་འགྲེལ་རྫོགས་སོའི་མཐའ་ཅན། རྣམ་པར་བགྲང་བའི་མདོ་ལེའུ་གསུམ་པ། ཕུན་སུམ་ཚོགས་པའི་མདོ་ལེའུ་གཅིག་པ་དོན་འགྲེལ་རྫོགས་སོའི་མཐའ་ཅན། བྱེ་བྲག་འབྱེད་པའི་མདོ་ལེའུ་གཅིག་པ་དོན་འགྲེལ་རྫོགས་སོའི་མཐའ་ཅན། ཁྱད་པར་འཕགས་པའི་མདོ་རྩ་བ་དང་དོན་འགྲེལ་རྫོགས་སོའི་མཐའ་ཅན། གོལ་སྒྲིབ་བསྟན་པའི་མདོ་རྩ་བ་དང་དོན་འགྲེལ་རྫོགས་སོའི་མཐའ་ཅན། གཏན་ལ་འབེབས་པའི་མདོ་རྩ་བ་དང་དོན་འགྲེལ་རྫོགས་སོའི་མཐའ་ཅན། ངེས་པར་བསྟན་པའི་མདོ་རྩ་བ་དང་དོན་འགྲེལ། ཐེག་པ་ཡས་འབུབས་ཀྱི་མདོ་དང་དོན་འགྲེལ་དགུ་པ་རྫོགས་སོའི་མཐའ་ཅན། ཡོངས་སུ་རྫོགས་པའི་མདོ་རྩ་བ་དང་དོན་འགྲེལ་བཅུ་པ་རྫོགས་སོའི་མཐའ་ཅན། དོན་འགྲེལ་ལྔ་པ་རྫོགས་སོའི་མཐའ་ཅན། ཡོངས་སུ་གཏད་པའི་ལེའུ་མདོ་འགྲེལ་ཆེན་པོ་བཅུ་པ་རྫོགས་སོའི་མཐའ་ཅན། ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་རྫོགས་པ་ཆེན་པོ་འཁོར་བ་རྩད་ནས་གཅོད་པ་ནམ་མཁའ་དང་མཉམ་པ་ཡི་གེ་མེད་པའི་རྒྱུད་ལེའུ་བཅུ་གསུམ་པ། ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་འཁོར་བ་རྩད་ནས་གཅོད་པ་རྒྱ་མཚོ་དང་མཉམ་པ་རྙོག་པ་མེད་པའི་རྒྱུད་ལེའུ་བདུན་པ། ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་རྫོགས་པ་ཆེན་པོ་འཁོར་བ་རྩད་ནས་གཅོད་པ་ཉི་ཟླ་


GTN002_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཉམ་པ་དྲི་མ་མེད་པའི་རྒྱུད་ལེའུ་བཅུ་གཅིག་པ། གཅོད་པ་ཉི་ཟླ་དང་མཉམ་པའི་རྒྱུད་ཀྱི་དཀའ་འགྲེལ་སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེས་མཛད་པ་ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་རྫོགས་པ་ཆེན་པོ་འཁོར་བ་རྩད་ནས་གཅོད་པ་རིན་པོ་ཆེ་དང་མཉམ་པ་སྐྱེ་བ་མེད་པའི་རྒྱུད་ལེའུ་བཅུ་བཞི་པ་རྣམས་སོ། །གཉིས་པ་སེམས་སྨད་བཅོ་བརྒྱད་ལ། བྱང་ཆུབ་སེམས་རྩལ་ཆེན་གྱི་༼སྔ༽རྒྱུད་ལེའུ་དགུ། ཁྱུང་ཆེན་གྱི་༼སྔ༽རྒྱུད་ལེའུ་བཅུ་པ། རྡོ་རྗེ་སེམས་༼སྔ༽དཔའ་ནམ་མཁའ་ཆེ་རྒྱས་པ་ཡི་གེ་མེད་པའི་རྒྱུད་ལེའུ་བརྒྱད་པ། བདེ་བ་རབ་༼ཕྱི༽འབྱམས། ནམ་མཁའི་རྒྱལ་༼ཕྱི༽པོ། རྩེ་མོ་བྱུང་༼ཕྱི༽རྒྱལ། སྲོག་གི་༼ཕྱི༽འཁོར་ལོ། བྱང་ཆུབ་ཀྱི་སེམས་༼ཕྱི༽བདེ་བའི་མྱུ་གུ། བྱང་ཆུབ་ཀྱི་སེམས་བདེ་བ་༼ཕྱི༽ཕྲ་བཀོད། བྱང་ཆུབ་ཀྱི་སེམས་རྫོགས་པ་༼ཕྱི༽སྤྱི་གཅོད་རྣམས་ལེའུ་གྲངས་མེད་པ་རྫོགས་སོའི་མཐའ་ཅན་རྣམས་སོ། །གསུམ་པ་སེམས་སྡེ་སྤྱིའི་སྐོར་ལ། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་གསེར་གྱི་རུས་སྦལ་རྡོ་རྗེ་ཐེག་པ་རྩ་བའི་རྒྱུད་ལེའུ་སུམ་ཅུ་པ། བྱང་ཆུབ་ཀྱི་སེམས་བསྒོམ་པ་ཡི་གེ་མེད་པ་སྐབས་རྫོགས་སོའི་མཐའ་ཅན། བྱང་ཆུབ་ཀྱི་སེམས་བསྒོམ་པ་ཡི་གེ་མེད་པའི་རྒྱུད་བསྡུ་བ་གསུངས་པའི་སྐབས་རྫོགས་སོའི་མཐའ་ཅན། བྱང་ཆུབ་ཀྱི་སེམས་རྫོགས་པ་ཆེན་པོ་ཡེ་ཤེས་བདུན་འབྱུང་བའི་རྒྱུད་ལེའུ་བརྒྱད་པ། རྫོགས་པ་ཆེན་པོ་ཆོས་ཉིད་བྱང་ཆུབ་ཀྱི་སེམས་བཀྲ་ཤིས་མི་འགྱུར་བ་གསལ་བར་གནས་པའི་རྒྱུད་ལེའུ་བཅུ་པ། བྱང་ཆུབ་སེམས་ཀྱི་མན་ངག་རིན་པོ་ཆེའི་


GTN002_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲེང་བ་བང་མཛོད་འཕྲུལ་གྱི་ལྡེའུ་མིག་ལེའུ་དྲུག་ཅུ་རེ་གཅིག་པ་རྫོགས་སོའི་མཐའ་ཅན། ཡང་འབྱེད་འཕྲུལ་གྱི་ལྡེའུ་མིག་ལེའུ་བཅུ་བཞི་པ་ཚིག་ལེའུར་བྱས་པ་རྫོགས་སོའི་མཐའ་ཅན། བང་མཛོད་འཕྲུལ་གྱི་མེ་ལོང་ལེའུ་བཅུ་པ། འཁོར་ལོ་རྡོ་རྗེའི་རྒྱུད་ལེའུ་བཞི་པ། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འཁོར་ལོའི་ལེའུ་བཅུ་པ། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་རྒྱས་པ་ཞེས་བྱ་བ་རྣལ་འབྱོར་མའི་རྒྱུད་ལེའུ་བཅོ་ལྔ་པ། རིན་པོ་ཆེ་འཁོར་ལོ་བརྩེགས་པའི་རྒྱུད་ལེའུ་བཅུ་གསུམ་པ། བྱང་ཆུབ་ཀྱི་སེམས་ཉ་མོ་བག་ལ་ཉལ་གྱི་རྒྱུད་ལེའུ་དྲུག་པ། རིན་པོ་ཆེ་སྣང་བྱེད་ཀྱི་རྒྱུད་ལེའུ་བཅུ་དགུ་པ། བྱང་ཆུབ་ཀྱི་སེམས་རྨ་བྱ་མཇིང་བསྣོལ་གྱི་རྒྱུད་ལེའུ་དྲུག་པ། ཆོས་ཆེན་པོ་རྨད་དུ་བྱུང་བ་ལེའུ་ཉེར་གཉིས། རྫོགས་པ་ཆེན་པོ་ཆོས་ཉིད་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བཀོད་པ་རྣམ་པར་དབྱེ་བའི་རྒྱུད་ལེའུ་ལྔ། བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ་ལེའུ་སུམ་ཅུ་རྩ་དགུ། བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བའི་རྒྱུད་ལེའུ་བཅུ་གཅིག་པ། བཀྲ་ཤིས་པའི་དཔལ་རིག་པའི་ཁུ་བྱུག་གི་༼སྔ༽རྒྱུད་ལེའུ་བདུན་པ། རྫོགས་པ་ཆེན་པོ་ལྟ་བ་ཡེ་ཤེས་གཏིང་རྫོགས་ཀྱི་རྒྱུད་ལེའུ་ཉི་ཤུ་རྩ་བདུན་པ། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་གསང་བའི་སྙིང་པོ་རྣལ་མ་དོན་གྱི་རྒྱུད་ལེའུ་བཅུ་གཉིས་པ། བྱང་ཆུབ་ཀྱི་སེམས་བསྒོམ་པའི་རྒྱུད་ལེའུ་བཅུ་གཅིག་པ། རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ་ཡེ་ཤེས་གསལ་བར་སྟོན་པ་གསང་སྔགས་ལམ་མཆོག་འདུས་པའི་རྒྱུད་ལེའུ་ལྔ་པ། བྱང་ཆུབ་སེམས་བསྒོམ་པ་རྡོ་ལ་གསེར་ཞུན་༼སྔ༽ལེའུ་མེད་པ། ཐུགས་རྒྱུད་རི་པོ་ཆེ་སྤུངས་པའི་རྒྱུད་ལེའུ་ལྔ་པ།


GTN002_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ལུང་ཆེན་མོའི་མདོ་གསང་བ་སྤྱི་རྒྱུད་ལེའུ་ཉེར་ལྔ་པ། རིན་པོ་ཆེ་རྒྱས་པའི་རྒྱུད་ལེའུ་དྲུག་ཅུ་རེ་གཅིག་པ་རྣམས་སོ། །དེ་ལྟར་བཀོད་པ་རྣམས་ཆོས་རྒྱལ་ཆེན་པོ་ས་སྐྱོང་སྡེ་དགེའི་རྒྱལ་ཁབ་ཏུ་རྙིང་མ་རྒྱུད་འབུམ་པུསྟི་ཉེར་དྲུག་པར་དུ་བསྐྲུན་པའི་དཀར་ཆག་བདག་གི་འདྲེན་མཆོག་དམ་པ་མཁས་དང་གྲུབ་པ་གཉིས་ལྡན་རྗེ་ཐམས་ཅད་མཁྱེན་པ་ཤར་རྒྱལ་བ་ཀཿ ཐོག་རྡོ་རྗེའི་གདན་གྱི་ཁྲི་ལ་ཞབས་པད་མི་ཤིགས་རྡོ་རྗེའི་རང་བཞིན་དུ་རྟག་པར་བརླིངས་པ་དོན་གྱི་སླད་དུ་མཚན་ནས་སྨོས་ན་མཆོག་སྤྲུལ་འགྱུར་མེད་ཚེ་དབང་མཆོག་གྲུབ་ངེས་དོན་བསྟན་འཕེལ་དཔལ་བཟང་པོས་མཛད་པ་ལས་རྫོགས་ཆེན་སྐོར་རགས་པ་ཙམ་བཏུས་པ་༼ཁ་སྐོང་སྐོར་མ་བྲིས། མཆན།༽སྟེ། གཞན་དུ་ཞིབ་པར་མཚན་ཙམ་ཡང་མཐོང་ཐོས་སུ་མ་གྱུར་པ་ལ་ཚད་མེད་ཕྱིར་བྲིར་ག་ལ་ལང་ཞིང་། ཁྱད་པར་རྒྱུད་རྣམས་སྡེ་གསུམ་གྱི་རྣམ་འབྱེད་ཀྱིས་སོ་སོར་དབྱེ་ནུས་པ་ནི་ཐམས་ཅད་མཁྱེན་པའི་སྤྱོད་ཡུལ་ལོ། །དེ་ཡང་སེམས་སྡེའི་རྒྱུད་བོད་དུ་འགྱུར་བ་ལ་སེམས་སྨད་བཅོ་བརྒྱད་དུ་གྲགས་པའི་སྔ་འགྱུར་ལྔ་ནི། རིག་པའི་ཁུ་བྱུག །རྩལ་ཆེན་སྤྲུགས་པ། ཁྱུང་ཆེན་ལྡིང་པ། རྡོ་ལ་གསེར་ཞུན། མི་ནུབ་པའི་རྒྱལ་མཚན་ནམ་མཁའི་ཆེའོ། །དེ་དག་བཻ་རོ་ཙ་ནས་བསྒྱུར་པས་སྔ་འགྱུར་དུ་གྲགས། ཕྱི་འགྱུར་བཅུ་གསུམ་ནི། རྩེ་མོ་བྱུང་རྒྱལ། ནམ་མཁའི་རྒྱལ་པོ། བདེ་བ་འཕྲ་བཀོད། རྫོགས་པ་སྤྱི་ཆིངས། བྱང་ཆུབ་སེམས་ཏིག །བདེ་བ་རབ་འབྱམས། སྲོག་
གི་འཁོར་ལོ། ཐིག་ལེ་དྲུག་པ། རྫོགས་པ་སྤྱི་སྤྱོད། ཡིན་བཞིན་ནོར་བུ། ཀུན་འདུས་རིག་པ། རྗེ་བཙན་དམ་པ། སྒོམ་པ་དོན་གྲུབ་སྟེ། བི་མ་ལ་དང་ཀུ་མཱ་ར་གཡུ་སྒྲ་གསུམ་གྱིས་བསྒྱུར་བས་ཕྱི་འགྱུར་དུ་གྲགས། དེ་དག་ནི་བཻ་རོས་བསྒྱུར་པའི་ཀུན་བྱེད། རྨད་བྱུང་། མདོ་བཅུ་གསུམ་བསྡོམས་པས་སེམས་སྡེ་ཉེར་གཅིག་གོ །ཀློང་སྡེའི་རྒྱུད་ལ་འཁོར་བ་དོང་སྤྲུགས། རིན་པོ་ཆེན་གསང་བའི་རྒྱུད། བྱ་རྩོལ་མེད་པའི་རྒྱུད། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལ་སོགས་པ་འབུམ་ཕྲག་གཅིག་ཏུ་གསུངས་སོ། །མན་ངག་གི་རྒྱུད་ལའང་པདྨ་ཀློང་གསལ། པདྨ་དབང་རྒྱས། ཡིད་བཞིན་ཏོག་གི་རྒྱུད་ལ་སོགས་པ་ཁྲི་ཕྲག་ལྔ་དང་སྟོང་ཕྲག་གཅིག་གོ །ཁྱད་པར་སངས་རྒྱས་མཉམ་སྦྱོར་ཐིག་ལེ་སྐོར་གྱི་སྙིང་པོའི་རྒྱུད་ལྔ་སྟོང་སུམ་བརྒྱ། སྒྲ་ཐལ་འགྱུར་སོགས་གསང་ཆེན་ངེས་པའི་རྒྱུད་བཅུ་བདུན་༼ཕྱི་ནས་སོ་སོར་མིང་སྨྲོས་ལྟར།༽ ཁྲོས་མ་དང་བཅས་བཅོ་བརྒྱད། གསང་བ་སྤྱོད་པ་ས་བོན་གྱི་རྒྱུད་ལས་འཕྲོས་ཏེ་བྱོན་པ་རྣམས་སོ། །

རྫོགས་པ་ཆེན་པོ་སྤྱིའི་རྒྱུད།


GTN002_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པ་ཆེན་པོ་སྤྱིའི་རྒྱུད་ལ། སེམས་ཉིད་བྱ་རྩོལ་ལས་འདས་པ་ནམ་མཁའ་ཆེའི་རྒྱུད་དང་། དེ་ཉིད་ཉམས་སུ་བླང་བ་ནམ་མཁའ་ཆེ་ཕྱི་མའི་རྒྱུད་། དེ་ཉིད་ཡོངས་སུ་རྫོགས་པའི་འབྲས་བུ་ནམ་མཁའ་ཆེ་ཕྱི་མ་ཕྱི་མའི་རྒྱུད་ཡོངས་སུ་བགྲོ་བ། སེམས་ཉིད་འཕོ་འགྱུར་མེད་པ་ཆོས་ཉིད་རྒྱལ་པོའི་རྒྱུད། སེམས་ཉིད་ཐིག་ལེ་ཉག་གཅིག་ཏུ་སྟོན་པ་བྱང་ཆུབ་ཀྱི་སེམས་ཐིག་ལེའི་རྒྱུད། སེམས་ཉིད་


GTN002_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

རང་བྱུང་གི་ཡེ་ཤེས་སུ་བསྟན་པ་ཡེ་ཤེས་ཐིག་ལེའི་རྒྱུད། སེམས་ཉིད་ཐམས་ཅད་ཀྱི་རྩ་བར་བསྟན་པ་མན་ངག་ཕྲེང་བའི་རྒྱུད། སེམས་ཉིད་ཀུན་ཁྱབ་ཆེན་པོར་བསྟན་པ་གསང་བ་རྒྱལ་པོའི་རྒྱུད། སེམས་ཉིད་རང་རིག་ཏུ་བསྟན་པ་ཡེ་ཤེས་དམ་པའི་རྒྱུད། སེམས་ཉིད་ཀུན་ཏུ་བཟང་པོའི་རོལ་པར་སྟོན་པ་མཁའ་དབྱིངས་རྣམ་དག་གི་རྒྱུད། སེམས་ཉིད་ཀུན་གྱི་སྙིང་པོ་སྟོན་པ་མན་ངག་སྙིང་པོའི་རྒྱུད། སེམས་ཉིད་རང་རིག་ཏུ་ཡིད་ཆེས་པ་སྙིང་པོ་གསང་བའི་རྒྱུད། སེམས་ཉིད་ཀུན་གྱི་རྩ་བ་ནམ་མཁའ་ཆེ་རྩ་བ་ཅན་གྱི་རྒྱུད། སེམས་ཉིད་གཅིག་ཏུ་འདུས་པ་ཉག་གཅིག་དགོངས་པའི་རྒྱུད། སེམས་ཉིད་ཇི་བཞིན་པར་བཞག་པ་བསམ་གཏན་ཆེན་པོའི་རྒྱུད། སེམས་ཉིད་རྒྱུན་ཆགས་སུ་གོམས་པ་བསམ་གཏན་རྒྱུན་ཆགས་ཀྱི་རྒྱུད། སེམས་ཉིད་ཐམས་ཅད་དུ་གསུང་སྒོ་མང་མདོའི་རྒྱུད། སེམས་ཉིད་དབང་དང་སྦྱར་བ་ནམ་མཁའ་ཆེ་དབང་གི་རྒྱུད། སེམས་ཉིད་སྒྲ་ཚིག་ལས་འདས་པ་ནམ་མཁའ་ཆེ་ཡི་གེ་མེད་པའི་རྒྱུད། སེམས་ཉིད་གདོད་མའི་གནས་སུ་བསྟན་པ་ནམ་མཁའ་ཆེ་གཞིའི་རྒྱུད། སེམས་ཉིད་འོད་གསལ་དུ་བསྟན་པ་རིན་ཆེན་འབར་བའི་རྒྱུད། སེམས་ཉིད་ཡོན་ཏན་ལྷུན་གྲུབ་བསྟན་པ་རིན་པོ་ཆེ་ཕྲེང་བའི་རྒྱུད། སེམས་ཉིད་ཁམས་གསུམ་ལས་གསལ་བ་ཁམས་གསུམ་སྒྲོན་མའི་རྒྱུད། སེམས་ཉིད་སྤང་བླང་ལས་འདས་པར་སྟོན་པ་ངེས་པ་སྙིང་པོའི་རྒྱུད། སེམས་ཉིད་འཕོ་འགྱུར་མེད་པར་སྟོན་པ་རྡོ་རྗེ་གསང་བའི་རྒྱུད། སེམས་ཉིད་ཡེ་ནས་སངས་རྒྱས་པར་སྟོན་པ་ཡེ་སངས་རྒྱས་པའི་རྒྱུད་སྡེ་ཉི་ཤུ་རྩ་ལྔ་དང་། ལུང་བམ་པོ་བཅོ་བརྒྱད་ལ། ཐམས་ཅད་


GTN002_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ཀྱི་སེམས་ལས་བྱུང་བ་རིག་པའི་ཁུ་བྱུག །རྩོལ་སྒྲུབ་ཟིལ་གནོན། རྩལ་ཆེན་སྤྲུགས་པ། སེམས་ཉིད་དབྱིངས་སུ་རྫོགས་པ་ཁྱུང་ཆེན་རྫོགས་པ། ཆོས་ཉིད་ཡེ་གནས་ཀྱི་སྒོམ་པ་རྡོ་ལ་གསེར་ཞུན། སེམས་ཉིད་ལྷུན་གྲུབ་ཀྱི་ལྟ་བ་མི་ནུབ་རྒྱལ་མཚན། སེམས་ཉིད་ཡེ་ནས་སྟོང་པ་རྨད་བྱུང་རྒྱལ་པོ། །སེམས་ཉིད་ཆོས་སྐུར་བསྟན་པ་ཡེ་ཤེས་དམ་པ། སེམས་ཉིད་ཐིག་ལེར་བསྟན་པ་ཡང་ཏིག་རྒྱལ་པོ། སེམས་ཉིད་སྐྱེ་ཤི་མེད་པར་བསྟན་པ་སྲོག་གི་འཁོར་ལོ། །སེམས་ཉིད་འདོད་དགུ་འབྱུང་བར་སྟོན་པ་ཡིད་བཞིན་ནོར་བུ། སེམས་ཉིད་མཉམ་རྫོགས་ཆེན་པོར་སྟོན་པ་ཐིག་ལེ་ཀུན་འདུས། སེམས་ཉིད་ཐེག་པ་ཀུན་རྫོགས་སུ་སྟོན་པ་ནམ་མཁའ་ཆེ་རྒྱལ་པོ། །སེམས་ཉིད་ཀུན་གྱི་ཡང་རྩེར་སྟོན་པ་རྩེ་མོ་བྱུང་རྒྱལ། སེམས་ཉིད་ཡེ་བདེ་སྤྲོས་བྲལ་དུ་སྟོན་པ་བདེ་བ་རབ་འབྱམས། སེམས་ཉིད་ཉོན་མོངས་མེད་ཅིང་ཟག་མེད་དུ་སྟོན་པ་བདེ་བ་འཕྲ་བཀོད། སེམས་ཉིད་འཁོར་འདས་ཀྱི་གཞི་འདུས་པར་བསྟན་པ་གཏེར་ཆེན་ཡོངས་རྫོགས། སེམས་ཉིད་ཐེག་པ་ཀུན་གྱི་སྤྱི་ཆིངས་སུ་བསྟན་པ་ལྷུན་རྫོགས་སྤྱི་ཆིངས། སེམས་ཉིད་རྒྱ་ཆད་དང་ཕྱོགས་ལྷུང་མེད་པར་སྟོན་པ་ནམ་མཁའ་མཐའ་དབུས་ཀྱི་རྒྱུད་རྣམས་སོ། །འདི་དག་ཏུ་ངེས་པའི་དོན་གྱི་སྙིང་པོ་རྣམས་ཡོངས་སུ་ཚང་བར་བསྟན་པས་སྤྱིའི་རྒྱུད་དུ་རྣམ་པར་བཞག་པར་རྒྱལ་བ་ཀློང་ཆེན་རབ་འབྱམས་བཞེད་དོ། །དེ་ཡང་ཐེག་པ་ཐམས་ཅད་ཀྱི་མཆོག་དང་རབ་དང་ཕུལ་དང་རྩེ་མོར་གྱུར་པ་ནི་རྫོགས་པ་ཆེན་པོ་ཡིན་ལ། དེ་བས་ཀྱང་སེམས་ཀློང་གཉིས་སུ་མ་ཟད་ཐིག་ལེ་
སྐོར་གསུམ་པོས་ཀྱང་ཡང་གསང་བླ་མེད་ཀྱི་མན་ངག་སྡེའི་དགོངས་པའི་གནད་གསང་ཇི་བཞིན་དུ་འཇལ་མི་ནུས་ཏེ། གཡུ་ཡིག་ཅན་ལས། ཨེ་མ་ཧོ་རིགས་ཀྱི་བུ་ཡང་གབ་སྦས་པའི་སྙིང་ཐིག་འདིའི་ཚད་མ་ཟིན་པར། ཕྱི་ནང་གསང་བ་གསུམ་གྱི་ངོ་སྤྲོད་ལ་ཡིད་ཆེས་པར་བྱེད་པའི་གང་ཟག་ནི། རྒྱུ་ཁ་བའི་ས་བོན་ལ་འབྲས་བུ་མངར་བ་འདོད་པ་དང་འདྲའོ། །ཞེས་དང། ཨེ་མ་ཧོ། རིགས་ཀྱི་བུ་གསང་བ་ཡང་གསང་སྙིང་ཏིག་གི་དོན་མ་མཐོང་བ་ཕྱི་ནང་གསང་བའི་བར་དོ་བཞི་ལ་ཕུག་གཏོད་པ་ནི་ནམ་མཁའི་སྤྲིན་ལ་འཇོལ་འཛུགས་པ་དང་འདྲའོ། །ཞེས་སོ། །

མན་ངག་གི་སྡེ་དེ་ལ་ཚིག་གི་རྒྱུད་ཀྱི་དབྱེ་བ་བཅོ་བརྒྱད།


GTN002_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟ་བུའི་ཡང་གསང་བླ་ན་མེད་པའི་མན་ངག་གི་སྡེ་དེ་ལ་ཚིག་གི་རྒྱུད་ཀྱི་དབྱེ་བ་ནི་རྣམ་པ་བཅོ་བརྒྱད་དེ། རྒྱ་མཚོ་ལྟ་བུའི་རྒྱུད་རིག་པ་རང་ཤར། ཉི་མ་ལྟ་བུའི་རྒྱུད་རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་། སེངྒེ་ལྟ་བུའི་རྒྱུད་སེངྒེ་རྩལ་རྫོགས། རི་རྒྱལ་ལྟ་བུའི་རྒྱུད་ཡི་གེ་མེད་པ། འཁོར་ལོ་ལྟ་བུའི་རྒྱུད་བཀྲ་ཤིས་མཛེས་ལྡན། ལྡེ་མིག་ལྟ་བུའི་རྒྱུད་སྒྲ་ཐལ་འགྱུར། རལ་གྲི་ལྟ་བུའི་རྒྱུད་ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་། གསལ་ཤིང་ལྟ་བུའི་རྒྱུད་སྒྲོན་མ་འབར་བ། གསེར་ཞུན་ལྟ་བུའི་རྒྱུད་ནོར་བུ་ཕྲ་བཀོད། མ་བུ་འབྲེལ་བ་ལྟ་བུའི་རྒྱུད་ཉི་ཟླ་ཁ་སྦྱོར། མེ་ལོང་ལྟ་བུའི་རྒྱུད་ངོ་སྤྲོད་སྤྲས་པ། མུ་ཏིག་བསྟར་ལ་བརྒྱུས་པ་ལྟ་བུའི་རྒྱུད་མུ་ཏིག་ཕྲེང་བ། སྦྲུལ་མདུད་ལྟ་བུའི་རྒྱུད་རིག་པ་རང་གྲོལ། ཁྱུང་ཆེན་ལྟ་བུའི་རྒྱུད་ཀློང་དྲུག་པ། ཆུ་བོ་ལྟ་བུའི་རྒྱུད་རྫོགས་པ་རང་བྱུང་། སྤུ་གྲི་ལྟ་བུའི་རྒྱུད་ནག་མོ་ཁྲོས་མ། རྒྱལ་པོ་ལྟ་བུའི་རྒྱུད་སྐུ་གདུང་འབར་བ།
བང་མཛོད་ལྟ་བུའི་རྒྱུད་རིན་ཆེན་སྤུངས་པའོ། །དེ་སྐད་དུའང་མུ་ཏིག་ཕྲེང་བ་ལས། རྒྱ་མཚོ་དང་ནི་ཉི་མ་དང་། །སེངྒེ་དང་ནི་རི་རྒྱལ་དང་། །འཁོར་ལོ་དང་ནི་ལྡེ་མིག་དང་། །རལ་གྲི་དང་ནི་གསལ་ཤིང་དང་། །གསེར་ཞུན་དང་ནི་མ་བུ་འབྲེལ། །མེ་ལོང་དང་ནི་མུ་ཏིག་བརྒྱུས། །སྦྲུལ་མདུད་དང་ནི་ཁྱུང་ཆེན་དང་། །ཆུ་རྒྱུན་དང་ནི་སྤུ་གྲི་དང་། །རྒྱལ་པོ་དང་ནི་བང་མཛོད་དང་། །དེ་དག་རྣམ་པར་ཕྱེ་བས་ནི། །ཚིག་རྒྱུད་གསལ་བར་བྱེད་པའོ། །དེ་ཡི་དོན་རྣམས་རྣམ་དབྱེ་བས། །ངོ་བོ་ཉིད་ཀྱང་མཐོང་བར་འགྱུར། །ཞེས་སོ། །

རྒྱུད་དེ་དག་སོ་སོའི་དོན་གྱི་ཆིངས་སྡུད་ཚུལ་བཤད་པ།


GTN002_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་དེ་དག་སོ་སོའི་དོན་གྱི་ཆིངས་སྡུད་ཚུལ་གྱི་སྒོ་ནས་བཤད་པ་ནི། རང་ཤར། རང་གྲོལ། ཡི་གེ་མེད་པ་གསུམ་རྒྱུད་ཀྱི་སྙིང་པོ་གསུམ་ཡིན། ནོར་བུ་ཕྲ་བཀོད། མེ་ལོང་གཉིས་ཏེ་གསུམ་ནི་རྒྱུད་ཀྱི་དངས་མ་གསུམ་ཡིན། མུ་ཏིག་ཕྲེང་བ། སེངྒེ་རྩལ་རྫོགས། བཀྲ་ཤིས་མཛེས་ལྡན་གསུམ་ནི་རྒྱུད་ཀུན་གྱི་དགོངས་དོན་ཟབ་མོར་གསལ་བས་མེ་ཏོག་གསུམ་ཡིན། རྫོགས་པ་རང་བྱུང་གི་རྒྱུད་ནི་རྒྱུད་ཀུན་གྱི་སྡོམ་འདུས་པ་གཅིག་པུ་ཡིན། ངོ་སྤྲོད་སྤྲས་པ་ནི་དཔེ་དོན་གསལ་བས་སྣང་བ་གཏིང་ནས་རྫོགས་པ་ཡིན། ཉི་ཟླ་ཁ་སྦྱོར་ནི་བར་དོར་གྲོལ་བས་ཡེ་ཤེས་གཡུལ་བཟློག་ཡིན། རིན་ཆེན་སྤུངས་དང་། སྐུ་གདུང་འབར་བ་ནི་རྒྱུད་ཀྱི་མ་ཚང་བ་ཁ་སྐོང་བའི་ཡན་ལག་སྟེ་རྒྱུད་ཆེན་གཉིས་ཡིན། སྒྲོན་མ་འབར་བ་ནི་ཉམས་ལེན་གསལ་བས་རྣལ་འབྱོར་གྲོལ་བའི་རྒྱུད་ཡིན། ཀློང་དྲུག་པ་ནི་དགོངས་པ་དྲང་ཐད་དུ་སྟོན་པས་སྙིང་དང་འདྲ་བ་ཡིན། ཐལ་འགྱུར་ནི་རང་
གི་གྲུབ་མཐའ་གསལ་ཞིང་ཕ་རོལ་གྱི་རྒོལ་བས་མི་ཚུགས་པས་གསང་བ་རང་གཞུང་ཡིན། ནག་མོ་ཁྲོས་མ་ནི་འགལ་བྱེད་ཆོམ་ལ་འབེབས་པས་མཚོན་ཆ་ལྟ་བུ་ཡིན་ཏེ། དེ་རྣམས་མུ་ཏིག་ཕྲེང་བ་ལས། རྒྱུད་ཀྱི་སྙིང་པོ་གསུམ་ཤེས་ན། །རྒྱལ་བློན་འབངས་གསུམ་འཛོམས་པ་འདྲ། །རྒྱུད་ཀྱི་དངས་མ་གསུམ་ཤེས་ན། །རི་གསུམ་༼རྒྱུད་ཐམས་ཅད་ཀྱི་དོན་མཐོང་བས་རི་རྒྱལ་གྱི་༽རྩེ་མོར་ཕྱིན་པ་འདྲ། །རྒྱུད་ཀྱི་མེ་ཏོག་གསུམ་ཤེས་ན། །མཁའ་ལ་ཉི་མ་གསུམ་ཤར་འདྲ། །རྒྱུད་ཀུན་སྡོམ་གཅིག་ཤེས་པ་ན། །མཁར་གྱི་འགྲམ་རྡོ་ལེགས་ཚུགས་འདྲ། །སྣང་བ་གཏིང་རྫོགས་རྒྱུད་ཤེས་ན། །རྩེ་མོར་འབྱོངས་པའི་མཁར་དང་འདྲ། །ཡེ་ཤེས་གཡུལ་བཟློག་རྒྱུད་ཤེས་ན། །ཕྱོགས་བཞིར་སྐར་ཁུང་བཏོད་པ་འདྲ། །ཡན་ལག་རྒྱུད་ཆེན་གཉིས་ཤེས་ན། །ངོས་བཞིར་བ་གམ་བཏགས་པ་འདྲ། །རྣལ་འབྱོར་གྲོལ་བའི་རྒྱུད་ཤེས་ན། །རྒྱལ་པོ་མཁར་གྱི་རྩེར་བཞུགས་འདྲ། །སྙིང་དང་འདྲ་བའི་རྒྱུད་ཤེས་ན། །དེ་ལ་སྒོ་མོ་དམ་༼མཚན་འཛིན་གྱི་དམག་མི་འཇུག་པས་༽བསྒྲིགས་འདྲ། །གསང་བ་རང་གཞུང་རྒྱུད་ཤེས་ན། །མཐའ་མ་ལྕགས་རིས་བསྐོར་བ་འདྲ། །མཚོན་ཆ་ལྟ་བུའི་རྒྱུད་ཤེས་ན། །གོ་ཞུབ་ལྡན་པའི་སྒོ་བསྲུངས་འདྲ། །ཞེས་སོ། །

རྒྱུད་དེ་དག་གི་གོ་རིམ་དོན་གྱི་ཆིངས་ངེས་པ།


GTN002_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་དེ་དག་གི་གོ་རིམ་དོན་གྱི་ཆིངས་ངེས་པ་ཡང་། དེ་ཉིད་ལས། དེ་ལ་རྒྱུད་ཀྱི་རིམ་པ་ནི། །རྩ་བའི་རྒྱུད་ཆེན་རྣམ་གཉིས་ཀྱིས། །ཆོས་ཀུན་ངོ་བོ་གཅིག་པར་བཤད། །བཤད་རྒྱུད་མ་བུ་གཉིས་ཀྱིས་ནི། །ལོ་འདབ་རྒྱས་པའི་ཚུལ་དུ་བཤད། །ཡན་ལག་རྒྱུད་ནི་གཉིས་དག་གིས། །རྒྱ་མཚོར་


GTN002_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

གཟའ་སྐར་ཤར་བཞིན་བཤད། །ལུང་རིག་གསལ་བའི་རྒྱུད་གཉིས་ཀྱིས། །མེ་ཏོག་ཁ་བྱེའི་ཚུལ་དུ་བཤད། །མན་ངག་རྒྱུད་སྡེ་བཞི་ཡིས་ནི། །འབྲས་བུ་སྨིན་པའི་ཚུལ་དུ་བཤད། །དགོངས་པ་རང་གནས་རྒྱུད་གསུམ་གྱིས། །མཐོང་བྱེད་མིག་གི་ཚུལ་དུ་བཤད། །འཇུག་པ་རང་གྲོལ་རྒྱུད་གཉིས་ཀྱིས། །དྲན་གཞི་སྙིང་གི་ཚུལ་དུ་བཤད། །མཁས་པ་ཆོ་གའི་རྒྱུད་ཀྱིས་ནི། །མེལ་ཚེ་བྱེད་པའི་ཁྱི་ལྟར་བཤད། །ཅེས་སོ། །དེའང་རྫོགས་པ་རང་བྱུང་རྩ་བའི་རྒྱུད་ལེའུ་ཉེར་ལྔ་པར་བརྟེན་ནས་ཕྱི་སྤྲོས་བཅས་དབང་གིས་སྤྲོས་པ་ལ་དགའ་བ་རྣམས་སྨིན་པར་བྱེད། ཡི་གེ་མེད་པའི་རྒྱུད་ལེའུ་དྲུག་པ་ལ་བརྟེན་ནས་སྨིན་ཟིན་གྲོལ་བར་བྱེད་པའི་མན་ངག་གི་གནད་རྫོགས་པར་བསྟན་པས་རྩ་བའི་རྒྱུད་ཆེན་གཉིས་པོས་ཆོས་ཐམས་ཅད་ངོ་བོར་དབྱེར་མེད་དུ་བཤད། རིག་པ་རང་ཤར་ལེའུ་བརྒྱད་ཅུ་རྩ་དྲུག་ལ་བརྟེན་ནས་ལྟ་སྒོམ་སྤྱོད་པ་འབྲས་བུ་བཞིའི་བརྗོད་བྱ་ཁྱད་པར་གསལ་བར་བྱེད་ལ། རིག་པ་རང་གྲོལ་ལེའུ་དགུ་པ་ལ་བརྟེན་ནས་དམིགས་གསལ་བར་བྱེད་དེ། དེ་ལྟར་བཤད་རྒྱུད་མ་བུ་གཉིས་ཀྱིས་ཤིང་ལོ་འདབ་བརྒྱད་པ་ལྟར་བཤད་དོ། །རིན་ཆེན་སྤུངས་པ་ལེའུ་ལྔ་པས་ཡོན་ཏན་རང་རྫོགས་སུ་བསྟན་པ་དང་། སྐུ་གདུང་འབར་བས་རྟགས་རྣམས་བསྟན་པ་སྟེ། ཡན་ལག་གི་རྒྱུད་གཉིས་ཀྱིས་རྒྱ་མཚོ་ལ་གཟའ་སྐར་ཤར་བ་ལྟར་བཤད། སྒྲ་ཐལ་འགྱུར་ལེའུ་དྲུག་པས་སྡེ་སྣོད་ཀུན་གྱི་རྩ་བར་བསྟན་པ་དང་། བཀྲ་ཤིས་མཛེས་ལྡན་ལེའུ་བདུན་གྱིས་འཁྲུལ་པ་བཟློག་ཚུལ་ངོས་


GTN002_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་སྟེ། ལུང་རིག་གསལ་བའི་རྒྱུད་གཉིས་པོ་དེས་མེ་ཏོག་ཁ་བྱེ་བའི་ཚུལ་དུ་བཤད། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི་རྒྱུད་ལེའུ་བརྒྱད་པས་ངོ་སྤྲད་པ་དང་དབང་དང་དམ་ཚིག་གི་མན་ངག་བསྟན། ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལེའུ་བདུན་པས་གོལ་སྒྲིབ་ཤན་འབྱེད་དུ་བསྟན། ངོ་སྤྲོད་སྤྲས་པ་ལེའུ་གསུམ་པས་དཔེ་དོན་གྱི་ཡིད་ཆེས་བསྐྱེད་པ་བསྟན། མུ་ཏིག་ཕྲེང་བ་ལེའུ་བརྒྱད་པས་མན་ངག་ཐ་དད་པའི་ཐབས་ཀྱིས་གྲོལ་བར་བསྟན་ཏེ། དེ་ལྟར་མན་ངག་གི་རྒྱུད་ཆེན་བཞིས་འབྲས་བུ་སྨིན་པའི་ཚུལ་དུ་བཤད་དོ། །ཀློང་དྲུག་པ་སྐབས་དྲུག་གིས་རིགས་དྲུག་གནས་སུ་དག་པར་བསྟན། སྒྲོན་མ་འབར་བ་ལེའུ་བཞི་པས་སྒྲོན་བཞི་བསྟན། ཉི་ཟླ་ཁ་སྦྱོར་ལེའུ་བཞི་པས་བར་དོ་བསྟན་ཏེ། དེ་ལྟར་དགོངས་པ་རང་གནས་ཀྱི་རྒྱུད་གསུམ་གྱིས་མཐོང་བྱེད་མིག་གི་ཚུལ་དུ་བཤད་དོ། །སེངྒེ་རྩལ་རྫོགས་ལེའུ་བཅུ་གསུམ་པས་ལྟ་བ་ཕྱོགས་རིས་མེད་པར་བསྟན། ནོར་བུ་ཕྲ་བཀོད་ལེའུ་བཅུ་བཞི་པས་ལམ་སྲོལ་དུ་འཇུག་པར་བསྟན་ཏེ། དེ་ལྟར་འཇུག་པ་རང་གྲོལ་གྱི་རྒྱུད་གཉིས་པོས་དྲན་གཞི་སྙིང་གི་ཚུལ་དུ་བཤད་དོ། །མཁས་པ་ཆོ་གའི་རྒྱུད་དཔལ་ནག་མོ་ཁྲོས་མས་བསྟན་པ་བསྲུང་བའི་ལས་རྒྱས་པར་བསྟན་ཏེ་ཁྱི་བཟང་པོས་མེལ་ཚེ་བྱེད་པ་ལྟར་བཤད་དོ། །དེ་ལྟར་སྡེ་ཚན་བརྒྱད་དུ་རྒྱུད་བཅོ་བརྒྱད་བསྡུས་ཏེ་བཤད་པ་ནི་དགོངས་པའི་དབང་གིས་བཞག་གོ ། དེ་ཡང་རྩ་རྒྱུད་གཉིས་མེད་ན་སྡོང་པོ་རྩ་བ་རུལ་བས་ཡལ་ག་ལོ་འབྲས་མི་འབྱུང་བ་དང་འདྲ། བཤད་རྒྱུད་གཉིས་མེད་ན་ལོ་མ་མེད་པས་མེ་ཏོག་འོང་མི་སྲིད་


GTN002_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་འདྲ། ཡན་ལག་གི་རྒྱུད་གཉིས་མེད་ན་ལག་རྡུམ་གྱིས་བྱ་བ་མི་འགྲུབ་པ་དང་འདྲ། འཇུག་པ་རང་གྲོལ་གྱི་རྒྱུད་གཉིས་མེད་ན་སྙིང་མེད་པའི་རོ་དང་འདྲ། ལུང་རིག་གསལ་བའི་རྒྱུད་གཉིས་མེད་ན་མེ་ཏོག་མེད་པས་འབྲས་བུ་མི་འབྱུང་བ་དང་འདྲ། མན་ངག་གི་རྒྱུད་བཞི་མེད་ན་འབྲས་བུ་མི་འབྱུང་བ་ལ་སོ་ནམ་བྱས་ཀྱང་དོན་མེད་པ་དང་འདྲ། དགོངས་པ་རང་གནས་ཀྱི་རྒྱུད་གསུམ་མེད་ན་མིག་མེད་ཀྱིས་སྣང་བ་མི་མཐོང་བ་དང་འདྲ། མཁས་པ་ཆོ་གའི་རྒྱུད་མེད་ན་མེལ་ཚེ་མེད་པས་དགྲ་རྐུན་འོང་བ་དང་འདྲའོ། །དེ་ལྟར་དོན་ཚན་བརྒྱད་མེད་ན་བསྟན་པ་གཅིག་གི་ཆ་རྐྱེན་མི་རྫོགས་ལ། དེ་བས་མང་ཡང་དགོས་པ་མེད་པས་བརྒྱད་དུ་གྲངས་ངེས་ཤིང་གོ་རིམ་ངེས་པའི་འཐད་པའང་དེ་ཡིན་ནོ། །དེ་དག་ཀྱང་བློ་དམན་པ་སྤྲོས་པ་ལ་དགའ་བའི་ངོར་རྣམ་པ་བཅོ་བརྒྱད་དུ་བསྟན། འབྲིང་པོ་རྣམས་ལ་དོན་ཚན་བརྒྱད་པོ་དེར་བསྟན། དབང་པོ་རབ་ལ་མཚོན་བྱ་མཚོན་བྱེད་གཉིས། གཞིའི་རྒྱུད། སྙིང་པོའི་རྒྱུད། བཅུད་ཀྱི་རྒྱུད་གསུམ་སྟེ་ལྔས་རྟོགས་པར་བསྟན། ཤིན་ཏུ་ཡང་རབ་རྣམས་ལ་ཚིག་དོན་གྱི་རྒྱུད་གཉིས་ཀྱིས་རྟོགས་པར་བསྟན་ཏེ། མུ་ཏིག་ཕྲེང་བ་ལས། གཞི་གཅིག་ངོ་བོའི་ཁྱད་པར་ལས། །མཚོན་བྱ་དང་ནི་མཚོན་བྱེད་དོ། །ཞེས་དང་། རང་བཞིན་རྒྱུད་ནི་འདི་ལྟར་ཏེ། །གཞི་དང་སྙིང་པོ་བཅུད་ཉིད་དོ། །ཞེས་དང་། དེ་ཉིད་རྣམ་པར་བཤད་བྱ་བ། །དོན་གྱི་རྒྱུད་དང་ཚིག་གི་རྒྱུད། །ཅེས་སོགས་གསུངས་པ་ལྟར་སྤྲོས་པས་ཆོག་ལ། དོན་དུ་རྣལ་འབྱོར་པ་རབ་ཏུ་སྤྲོས་པ་མེད་པ་རྣམས་ལ་རྒྱུད་བཅུ་བདུན་པོ་རང་


GTN002_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

གི་རིག་པའི་ངང་དུ་ཚང་བར་བསྟན་པ་ཡང་། སྒྲ་ཐལ་འགྱུར་ལས། རང་གི་ངོ་བོ་ཡི་གེ་མེད། །རང་རིག་ཡེ་ཤེས་སྒྲོན་འོད་འབར། །ཆོས་ཉིད་དག་པས་བཀྲ་ཤིས་མཛེས། །ལྟ་བ་འཇིགས་བྲལ་སེང་རྩལ་རྫོགས། །རང་རིག་སྨིན་པས་རྫོགས་རང་བྱུང་། །ལུ་གུ་རྒྱུད་འབྲེལ་མུ་ཏིག་ཕྲེང་། །ཉམས་ཀྱི་སྣང་བ་ནོར་ཕྲ་བཀོད། །རང་སྣང་སྟོན་པས་སྙིང་མེ་ལོང་། །གོལ་ས་རང་ཆོད་ཐུགས་མེ་ལོང་། །གཞན་ལས་མ་བྱུང་རང་ཤར་ཉིད། །རང་བྱུང་ཡིན་པས་རང་གྲོལ་ལ། །དབྱིངས་སུ་གཅིག་པས་ཀློང་ཡང་དྲུག །ཡོན་ཏན་རྫོགས་པས་རིན་ཆེན་སྤུངས། །རང་རིག་བསྟན་པས་ངོ་སྤྲོད་སྤྲས། །སྣང་བ་དག་པས་ཉི་ཟླ་སྦྱོར། །རིག་པ་སྨིན་ཕྱིར་སྐུ་གདུང་འབར། །འདི་དག་རྣམས་ཀྱང་གཞི་ལས་ཤར། །འདི་ལྟར་ཆོས་ཉིད་བརྗོད་མེད་ལས། །ཐ་དད་ཚིག་གི་གཞི་མར་ཤར། །ཚིག་བརྗོད་རིམ་པ་རྣམ་དག་པས། །ད་ལྟ་བརྗོད་མེད་ངང་ལ་རྫོགས། །ཞེས་སོ། །དེ་ལྟར་རྫོགས་པ་ཆེན་པོ་ལས་འཕྲོས་པའི་བཤད་པ་སྔ་རབས་པ་དག་གི་ལེགས་བཤད་ལས་ཁོལ་དུ་ཕྱུངས་ཏེ་གཞན་ཕན་གྱི་བསམ་པ་རྣམ་པར་དག་པས་ཡང་བསྐྱར་དུ་བཀོད་པ་ནི། དོན་འདི་ལ་ངེས་ཤེས་ཀྱི་དད་པ་ཁྱད་པར་ཅན་རྒྱུད་ལ་ལྡན་པས་ཚིག་དོན་གཉིས་ཆར་གཟུ་བོས་བློས་བླ་མའི་དྲིན་ལས་རིགས་མིན་གྱི་རྣམ་འབྱེད་ཅུང་ཙམ་ཐོབ་པས་སྤྲོས་པ་ནི་དགོས་པ་ཁྱད་པར་དང་ལྡན་ཏེ།

ཆོས་སྨྲ་བའི་བཙུན་པར་མིང་གི་ཅོད་པཎ་སྦྱིན་པའི་བཀའ་ལུང་།


GTN002_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་མཚུངས་མེད་ཀཿ ཐོག་པ་ཆེན་པོས་བོང་བ་གསེར་གཟིགས་ཀྱིས་ཆོས་སྨྲ་བའི་བཙུན་པར་མིང་གི་ཅོད་པཎ་སྦྱིན་པའི་བཀའ་ལུང་ལས། གང་གི་ཞབས་ཀྱི་ཆུ་སྐྱེས་ལ་ཆགས་རྡུལ། །སྲིད་ན་དྲེགས་པ་རྣམས་ཀྱིས་དོ་ཀེར་རྩེ། །རབ་ཏུ་འདར་ལྡན་བཏུད་པའི་བསྟི་སྟང་གིས། །མཆོད་བྱས་སངས་རྒྱས་གཉིས་པས་བཀྲ་ཤིས་སྩོལ། །ཞེས་ཤིས་པར་བརྗོད་པའི་དབྱངས་ཀྱི་མེ་ཏོག་མན་ད་ར་བས་མངོན་པར་འཐོར་བ་སྔོན་དུ་འགྲོ་བས་ཐོག་མའི་དུས་ནས་གཞན་ཕན་ཐུགས་བསྐྱེད་དམ་བཅའི་ས་བོན་གྲུང་པོ་རིགས་ཀྱི་ནུས་པ་སད་པ་ལས་ཐུབ་བསྟན་ཡོངས་སུ་རྫོགས་པའི་མྱུ་གུ་གཞོན་ནུ་སྔོན་བྱོན་གྲུབ་པ་རྣམས་ཀྱི་བསྟི་གནས་ཁྱད་པར་དུ་འཕགས་པ་འདིར་བྱོན་ནས། ཁོ་བོ་ཅག་གི་གམ་དུ་ཉེ་བར་བསྙེན་པར་མཛད་པའི་རིང་ཕྱིའི་རིག་པ་འཛིན་པ་རྗོད་བྱེད་ཐ་སྙད་ཀྱི་གཞུང་ཆེན་པོ་ཕལ་ཆེ་བ་རྣམས་ལ་གསན་བསམ་དཔྱིས་ཕྱིན་པ་དང་། ནང་རིག་པ་སྨིན་གྲོལ་གྱི་གདམས་ཁྲིད་ཟབ་མོའི་བདུད་རྩི་ལེགས་པར་གསོལ་བས་བརྗོད་བྱ་རིམ་པ་གཉིས་ཀྱི་དེ་ཁོ་ན་ཉིད་ཐོག་མར་གཟིགས་ཤིང་བསྒྲུབ་པ་ཉམས་ལེན་གྱི་གོམས་པ་སྟོབས་སུ་འགྱུར་བའི་ཉེར་ལེན་གྱི་རྒྱུ་ཕུན་སུམ་ཚོགས་པར་བསྒྲུབས་ཟིན་པས་གསང་སྔགས་སྔ་འགྱུར་གྱི་བསྟན་པ་འདི་ལ་གཞན་དྲིང་མི་འཇོག་པའི་མཁས་པ་ཆེན་པོ་རོང་ཟོམ་པཎྜི་ཏ་དང་། ཀུན་མཁྱེན་ཆེན་པོ་དྲི་མེད་འོད་ཟེར། མངའ་རིས་པཎ་ཆེན་རིན་པོ་ཆེ། སྨིན་


GTN002_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

གླིང་པ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་སྐུ་མཆེད་ཡབ་སྲས། གོང་ལོ་གཞན་ཕན་རྡོ་རྗེ། མཁས་མཆོག་སོག་བཟློག་པ། ཀུན་མཁྱེན་འཇིགས་མེད་གླིང་པ་སོགས་ཀྱི་རྨད་དུ་བྱུང་བའི་རྣམ་པར་ཐར་པ་བཟང་པོ་ལ་བདག་གིར་མཛད་པས། མཁས་བཙུན་བཟང་པོའི་དབང་ཕྱུག་ཆེན་པོའི་གནས་ལ་བརྫི་བ་མེད་པར་སྤྱོན་ནས་སངས་རྒྱས་གཉིས་པའི་བཤད་སྒྲུབ་ཀྱི་བསྟན་པ་དྲི་མ་མེད་པ་འདི་ཉིད་ཀུན་ནས་ཀུན་ཏུ་འཛིན་པ་དང་། འཆད་པ་དང་། རྩོམ་པ་དང་། སྤེལ་བ་དང་། ཀུན་ནས་ཀུན་ཏུ་སྐྱོང་བ་དང་། སྒྲུབ་པ་ལ་སོགས་པས་མཚོན་འཁོར་ལོ་གསུམ་གྱི་སྒོ་ནས་བྱ་བ་ཡང་དག་པར་བྱེད་པར་མངའ་གསོལ་ཞིང་གཟེངས་བསྟོད་པས། དགེ་མཚན་འགོག་པ་མེད་པའི་རྟེན་འབྱུང་གི་སྒོ་གསར་དུ་དབྱེ་བ་ལ་གེགས་ཀྱི་རྒྱུ་བ་ཕྲ་མོ་ཙམ་གྱིས་ཀྱང་སྐབས་རྙེད་པར་མ་གྱུར་མི་འགྱུར། འགྱུར་བ་མེད་པས་སྟོན་འཁོར་གནས་དུས་ཕུན་སུམ་ཚོགས་ཤིང་བཀྲ་ཤིས་ལེགས་ལམ་གྱི་དགེ་མཚན་བསམ་གྱིས་མི་ཁྱབ་པའི་དགའ་སྟོན་ཉམས་སུ་བསྟར་བ་ལ་མངོན་དུ་ཕྱོགས་པའི་རྟེན་ཅིང་འབྲེལ་འབྱུང་གི་རེ་ཁ་གསལ་བར་བྱེད་པའི་ཕྱིར། ཞེས་དང་། བཏུང་བའི་ཕུལ་གྱུར་ཞི་བསིལ་བདུད་རྩིའི་རྒྱུན། །གསན་བསམ་སྒོམ་པས་རྫོགས་པ་ཆེན་པོའི་རོ། །ཆོས་རྣམས་ཡོངས་ཀྱི་མདོ་དང་རྒྱས་པ་རུ། །ཉམས་སུ་མྱོང་བ་སྟོབས་སུ་འགྱུར་བ་དང་། །བྱང་ཆུབ་སེམས་གཉིས་མཆིལ་པའི་གཞན་དབང་དུ། །


GTN002_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཞིང་བསླབ་གསུམ་གསེར་གྱི་དྲ་བས་མཛེས། །བསྐྱེད་རྫོགས་གསུམ་གྱི་ཐེག་པ་རྨད་བྱུང་བ། །གླང་པོ་ཆེན་པོའི་བྱ་བ་འགྲུབ་གྱུར་ཅིག །ཅེས་སོགས་གསུངས་པའི་དོན་དངོས་བསྟན་གྱི་ནུས་པ་ལུས་རྟེན་འདིར་རང་ལ་ཅི་བཞིན་པ་ཚང་བ་རི་བོང་གི་རྭ་ལས་ཀྱང་ཆེས་དཀའ་མོད། སླར་སྐྱེ་བ་འདི་ནས་བརྩམས་ཚེ་རབས་ཀུན་ཏུ་བསྟན་པ་ལ་བྱ་བ་བགྱིད་འགྱུར་དུ་སྨོན་པས་དགོངས་པ་ཅན་གྱི་གསུངས་ཏེ། དེས་ན་འཆད་རྩོད་རྩོམ་པར་བཀའི་གནང་བ་ནོད་པས་རང་ཡང་ཟབ་མོའི་གནད་ལ་གོམས་པ་མཐུ་བརྟས་པའི་སླད་དུ་བག་ཆགས་འཇོག་པ་དང་། ད་ལྟར་ཡང་ཟབ་ཆོས་ཁྱད་པར་ཅན་འདི་ལ་སྤྱོད་པས་ལས་སྐལ་མི་དམན་པར་སྤྲོ་བ་དང་བཅས་པ་སྟེ། རིན་ཆེན་སྤུངས་པ་ལས། དེ་ཡི་ཕྱིར་ན་གསང་བའི་རྒྱུད། །འདི་ཉིད་འཛིན་པའི་སྐྱེས་བུ་ནི། །རང་རིག་རྣམས་ཀྱི་དབང་ཐོབ་སྟེ། །རྒྱུད་འདི་བཅངས་པ་ཙམ་གྱིས་ནི། །རྡོ་རྗེ་འཆང་གི་སྤྲུལ་པར་འགྱུར། །རྒྱུད་འདི་སུ་ཡིས་བཀླག་པ་ཡིས། །ལྟ་བའི་དོན་ཀུན་སེམས་ལ་འཆར། །འདི་ཉིད་སུ་ཡིས་བྲིས་པ་དེས། །སངས་རྒྱས་ཀུན་གྱི་གསུང་ལ་རོལ། །དེ་ཡི་ཕྱིར་ན་དམ་པར་གཟུང་། །ཞེས་དང་། ཉི་ཟླ་ཁ་སྦྱོར་གྱི་རྒྱུད་ལས། ང་ཡི་རྒྱུད་འདི་སུས་བཟུང་བ། །འཇིག་རྟེན་ཕན་པའི་འབྲས་བུ་དང་། །ངེས་པར་སྣང་བའི་ས་ཐོབ་སྟེ། །སྐུ་གསུམ་ལ་ཡང་ལོངས་སྤྱོད་དོ། །འདི་ཉིད་བཅངས་པ་ཙམ་གྱིས་ནི། །མ་བསྒོམས་བསམ་གཏན་འབབ་པ་དང་། །མ་བསླབས་ཆོས་རྣམས་ཤེས་པ་དང་། །མ་བསྟན་གདམས་


GTN002_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ངག་ཉིད་གོམས་དང་། །མ་བཤད་རྒྱུད་རྣམས་རང་ཤེས་དང་། །མ་བསྐྱེད་ལྷ་ཡང་མངོན་དུ་སྣང་། །དེ་ཡི་ཕྱིར་ན་རྒྱུད་འདི་དག །རྣལ་འབྱོར་གང་ཞིག་སྐལ་ཆེ་བས། །འདི་ཉིད་བཅངས་པས་དངོས་གྲུབ་ཐོབ། །སངས་རྒྱས་མཛད་སྤྱོད་དང་དུ་ལོངས། །ངན་སོང་གནས་གསུམ་དོང་སྤྲུགས་ཏེ། །བདེ་བ་ཆེན་པོའི་ལམ་དུ་འཛུད། །རང་སྣང་གོམས་པའི་གདེང་ཐོབ་ནས། །དབྱིངས་སུ་འཕྱོ་བའི་འཇིགས་མེད་རྙེད། །ཅེས་སོ། །ཨ་ཧོ། ཐེག་ཀུན་རྩེ་རྒྱལ་ཡང་གསང་རྫོགས་པ་ཆེ། །གྲུབ་བརྙེས་བྱེ་བའི་གཤེགས་ལམ་སྙིང་པོའི་ཆོས། །མཐོང་ཐོས་དྲན་པས་གཏན་བདེའི་དཔལ་སྦྱིན་པ། །མཐའ་དག་ཐེག་པའི་གྲུབ་འབྲས་མ་ནོར་ཉིད། །དེང་དུས་ཆོས་འདིར་སྤྱོད་རློམ་གང་ཟག་ཕལ། །ངེས་པའི་གནད་གསང་རྟོགས་པ་རི་བོང་རྭ། །མཚན་ཙམ་དོན་ལ་སྤྱོད་ནུས་ཉིན་མོའི་སྐར། །རྒྱ་མཚོའི་གོར་མོ་རླན་གྱིས་མ་སྦགས་སྐྱོ། །འགྲོ་ཀུན་ཁམས་ལ་བདེ་གཤེགས་སྙིང་པོ་ཉིད། །རྟག་བརྟན་ཞི་བ་གཡུང་དྲུང་འདུས་མ་བྱས། །ཀུན་ཁྱབ་ཆོས་སྐུར་བཞུགས་ལ་དེའི་ངོ་བོ། །སྤང་བླང་བསལ་བཞག་མེད་པར་མངོན་སུམ་དུ། །


GTN002_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་ལ་ཚད་མའི་གཞུང་གྲུབ་མན་ངག་སྡེའི། །དགོངས་དོན་རྟོགས་དཀའི་ཉིན་མོར་བྱེད་པའི་གཟིས། །ལོག་རྟོག་བློས་བྱས་གྲུབ་མཐའི་ལྟ་བ་ལ། །གདེང་བཅའི་འབྱུང་བྱ་མུན་པའི་ཁུང་བུར་ཡིབས། །གཟོད་ནས་སྐྱོན་ཀུན་ལས་གྲོལ་ཀ་དག་དབྱིངས། །རྟེན་འབྱུང་འགོག་མེད་ལྷུན་གྲུབ་རོལ་པའི་རྩལ། །དཔྱད་བཟོད་བྲལ་བར་ཁས་བླང་ལས་འདས་པའི། །དབུ་མ་ཆེན་པོ་དངོས་ཀྱང་འདི་ཉིད་དོ། །ཐེག་པའི་རིམ་པ་གྲུབ་མཐའི་རྣམ་གྲངས་སོགས། །ཚུལ་འདི་རྟོགས་བྱེད་ཉིད་ཕྱིར་འདིས་གཞལ་ན། །ཀུན་ཀྱང་འགལ་མེད་རྒྱ་མཚོར་ཆུ་བྲན་ལྟར། །དེས་ན་བསྒྲུབས་འབྲས་ཉིད་ཕྱིར་རྩོད་དང་བྲལ། །ཐེག་པ་མཆོག་འདིར་ཚུལ་བཞིན་ཞུགས་པ་ལྟ། །ལན་གཅིག་མཚན་ཙམ་རྣ་བར་ཐོས་པ་ཡང་། །དེ་འདྲོག་འགྲོལ་བའི་ས་བོན་རྒྱུད་བཞག་པར། །སྲས་བཅས་རྒྱལ་བས་བསླུ་མེད་བདེན་མཐུས་བསྒྲུབས། །འདི་ན་དལ་འབྱོར་ལུས་ཀྱི་ལྗོན་པ་ཡང་། །ཐོས་བསམ་རླན་གྱིས་སྨིན་ལས་འཆད་རྩོད་རྩོམ། །
འབྲས་བུའི་ཁུར་དུད་ཀུན་སློང་རྣམ་དཀར་གྱི། །ཡལ་འདབ་ཡངས་པོར་གྲོལ་བའི་དགེ་མཚན་ནོད། །སླར་ཡང་འདི་ནས་འཁོར་བ་མཐའ་ཅན་བར། །རང་ཉིད་ཞི་བདེར་གཞོལ་བའི་བློ་བཏང་ནས། །མ་རྣམས་གཏན་བདེར་སྦྱོར་དང་དེ་སྲིད་དུ། །ལམ་མཆོག་འདི་ལས་གཡོ་བ་མ་གྱུར་ཅིག །ཁྱད་པར་ཡང་གསང་བླ་མེད་མན་ངག་སྡེའི། །རྟོགས་དཀའི་གནས་ལ་གཞན་དྲིང་མི་འཇོག་པས། །རང་གཞན་སྨིན་གྲོལ་ལམ་ལ་འགོད་མཁས་པའི། །རྒྱལ་དབང་པདྨའི་རྗེས་སུ་འགྲོ་ནུས་ཤོག །ཚུལ་འདིར་ལེགས་བྱས་རྗེ་བཙུན་བླ་མའི་དྲིན། །ནོངས་པར་གྱུར་ན་སོ་སྐྱེའི་སྐྱོན་དུ་ཟད། །འོན་ཏེ་དཔྱོད་པའི་བློ་རྟོག་གཡོས་སྲིད་ན། །རྒྱ་ཆེན་གཞུང་འགྲེལ་ལྡེ་མིག་ཉིད་དུ་བས། །ཞེས་ཀྱང་སྨྲས་སོ། །

འཕྲོས་དོན་དུ་གྲོལ་ལམ་ཕྱག་རྒྱ་ཆེན་པོའི་རྣམ་གཞག

གྲོལ་ལམ་ཕྱག་རྒྱ་ཆེན་པོའི་རྣམ་གཞག་བསྡུས་ཙམ་ནི།


GTN002_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

༈ གསུམ་པ་འཕྲོས་དོན་དུ་གྲོལ་ལམ་ཕྱག་རྒྱ་ཆེན་པོའི་རྣམ་གཞག་བསྡུས་ཙམ་ལ། སྤྱིར་རྒྱུའི་ཐེག་པར་ཕྱག་རྒྱ་ཆེན་པོའི་མིང་ཙམ་ཡང་མ་གྲགས་པར་འདོད་པ་ནི་མཐོང་རྒྱ་ཆུང་བ་སྟེ། རྣམ་པར་འདུས་མ་བྱས་པའི་དབྱིངས་ལ་ཕྱག་


GTN002_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱའི་མཚན་གྱིས་གསུངས་པར་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ཡེ་ཤེས་སྣང་བ་རྒྱན་གྱི་མདོ་(དགེ་རྩ་ཡོངས་སུ་འཛིན་པའི་མདོ་)ལས། ཀུན་དགའ་བོ་ཆོས་ཀྱི་ཕྱག་རྒྱ་དེ་ནི་ཆོས་ཐམས་ཅད་ཀྱི་ཕྱག་རྒྱ་སྟེ་ཕྱག་རྒྱ་མེད་པ་ཡིན་ནོ། །མ་བྱས་པའི་ཕྱག་རྒྱ་ཡིན་ནོ། །དབྱེར་མེད་པའི་ཕྱག་རྒྱ་ཡིན་ནོ། །ཀུན་དགའ་བོ་གང་དག་ཕྱག་རྒྱ་དེས་བཏབ་པ་དེ་དང་དེ་དག་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་ཡིན་ཏེ། རིགས་བཙུན་པ་ཡིན། མིའི་སེངྒེ་ཡིན། ཞེས་པ་ལ་སོགས་པ་དང་། སློབ་དཔོན་ཡེ་ཤེས་གྲགས་པས་དེ་ཁོ་ན་ཉིད་འཇུག་པར་ཡང་། ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱི་མཚན་གཞན་ནི་ཕྱག་རྒྱ་ཆེན་པོ་སྟེ། དེ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཞེས་སོགས་རྒྱས་པར་བཤད་པའི་ཕྱིར། མདོའི་དངོས་བསྟན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྐབས་འགར་ཕྱག་རྒྱ་ཆེན་པོའི་སྒྲས་སྨོས་པར་མཛད་ཅིང་། སྔགས་སུ་དེ་ཉིད་བདེ་བ་ཆེན་པོའི་ཐབས་ཀྱིས་བསྒྲུབས་པས་བདེ་སྟོང་ཕྱག་རྒྱ་ཆེན་པོར་འགྱུར་བའི་ཕྱིར་མདོ་སྔགས་ཀྱི་ཁྱད་ཙམ་ལས་མདོའི་ཐེག་པར་ཕྱག་རྒྱ་ཆེན་པོ་གཏན་མ་བཤད་པར་སྨྲ་བ་ནི་ཆེས་མི་ལེགས་ཏེ་བདེ་གཤེགས་སྙིང་པོ་སྤྱི་ཙམ་ཞིག་མདོའི་ལམ་དུ་བསྟན་ནས་ཤིན་ཏུ་རྒྱས་པའི་ཚུལ་རྣམས་སྔགས་སུ་བསྟན་པ་དང་མཚུངས་པའི་ཕྱིར་རོ། །

དང་པོ་གཞི།


GTN002_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་དེ་འཆད་པ་ལ་གཞི་ལམ་འབྲས་གསུམ་ལས། དང་པོ་གཞི་ནི། དེ་ཡང་འཁོར་འདས་གང་དུའང་མ་གྲུབ་ཅིང་ཕྱོགས་དང་རིས་སུ་མ་ཆད་པའི་རང་ངོ་ལ་
བདེ་སྡུག་ཡིན་མིན་ཡོད་མེད་རྟག་ཆད་བདག་གཞན་ལ་སོགས་པའི་མིང་འདོགས་ཀྱི་ཐ་སྙད་གང་གིས་ཀྱང་མ་གོས་ཤིང་མ་བསླད་པས་སྒྲོ་སྐུར་གྱི་མཐའ་དང་བྲལ་བ། ངོ་བོ་ཅིར་ཡང་མ་གྲུབ་པའི་གནད་ཀྱིས། རྣམ་པའམ་མཚན་ཉིད་ཅིར་ཡང་འཆར་བའི་གཞིར་རུང་ལ། གང་ལྟར་ཤར་ཡང་དོན་ལ་བདེན་པར་མ་གྲུབ་པ་སྟེ། སྐྱེ་འགག་གནས་གསུམ་གྱི་མཐའ་དང་བྲལ་བའི་སྟོང་པ་ཆེན་པོ་འདུས་མ་བྱས་པའི་ཆོས་ཀྱི་དབྱིངས་དེ་ཉིད་སྐུ་གསུམ་ལྷུན་གྲུབ་ཀྱི་རང་བཞིན་ཉིད་དུ་ཡེ་ནས་ཡིན་པ་དེ་ལ་གཞི་དངོས་པོ་གཤིས་ཀྱི་གནས་ལུགས་ཕྱག་རྒྱ་ཆེན་པོ་དང་། སྦྱོར་བ་དོན་གྱི་ཀུན་གཞི་སོགས་མིང་འདོགས་ཀྱི་ཐ་སྙད་བྱས་པ་སྟེ། གནས་ལུགས་དེས་ཏིལ་ལ་མར་གྱིས་ཁྱབ་པ་ལྟར་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་ཁྱབ་ཅིང་སྲོག་ཏུ་གྱུར་པའི་ཕྱིར་ལམ་སྒོམ་པས་གྲོལ་བའང་དེའི་གནད་ཀྱིས་ཏེ། སྒྱུ་འཕྲུལ་ལས། གཞི་རྩ་མེད་པའི་སེམས་ཉིད་ནི། །ཆོས་རྣམས་ཀུན་གྱི་རྩ་བ་ཡིན། །ཞེས་སོ། །སེམས་ཉིད་དེའི་རང་བཞིན་ལ་འཁོར་བ་དང་འདས་པ་གང་ཡང་མ་གྲུབ་ཅིང་གཉིས་ཆོས་ཐམས་ཅད་ལས་འདས་པ་ཡིན་ལ་ཐ་སྙད་ཙམ་དུ། དེ་ཉིད་མངོན་སུམ་རང་ངོ་འཕྲོད་པས་རྟོགས་པ་ལ་དག་པ་སངས་རྒྱས་དང་། དེའི་ལྡོག་ཆར་མ་དག་པ་སེམས་ཅན་དུ་བཏགས་པ་སྟེ། དེ་ལས་སེམས་ཅན་འཁྲུལ་གྲོལ་གྱི་ཚུལ་ཇི་ལྟར་བྱུང་ཞེ་ན། དེ་ལྟ་བུའི་གཞི་དེ་རྟོགས་མ་རྟོགས་གང་དུའང་དཔྱད་མ་ཞུགས་པར་འཁོར་འདས་གཉིས་སུ་ཁ་ཚོན་མ་བཅད་པས་རང་བབ་ཏུ་གནས་པ་འདུས་མ་བྱས་པའི་ཆོས་ཉིད་དེ་ལ་ལུང་མ་བསྟན་གྱི་ཀུན་གཞི་སྟེ་སྤྱི་གཞིར་ཡང་འདོད་


GTN002_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡོད་དེ། ཇི་སྐད་དུ་སློབ་དཔོན་ཀླུ་སྒྲུབ་ཀྱིས། ཀུན་གཞི་ཀུན་གྱི་གཞི་ཡིན་ཏེ། །འཁོར་དང་མྱ་ངན་འདས་པའི་གཞི། །ཞེས་བཤད་ལ། ལུང་འདིའི་དོན་གོང་དུ་སྨོས་པའི་ལུང་མ་བསྟན་དེ་ལ་དཔྱོད་འཛིན་གྱི་བློས་འཁྲུལ་པའི་རྒྱུན་མ་སྤེལ་བས་འཁོར་བའི་བག་ཆགས་མ་བསོགས་པར་སྐད་ཅིག་ཉིད་ལ་རང་ངོ་རང་གིས་རིག་ཅིང་ཤེས་པས་རང་སར་གདོད་མའི་གཞིར་གྲོལ་བ་ལ་དགོངས་ནས་འདས་པའི་གཞིར་གསུངས་པ་སྟེ། དགོངས་པ་ཟང་ཐལ་ལས། ཀུན་གྱི་གཞི་ནི་འདུས་མ་བྱས། །རང་བྱུང་ཀློང་ཡངས་བརྗོད་དུ་མེད། །འཁོར་འདས་གཉིས་ཀའི་མིང་མེད་དོ། །དེ་ཉིད་རིག་ན་སངས་རྒྱས་ཏེ། །ཞེས་གསུངས། གཞན་དུ་དེ་ལྟ་བུའི་ལུང་མ་བསྟན་གྱི་ཆ་མ་རིག་པ་དང་མཚུངས་ལྡན་དུ་གནས་པ་དང་། ཀུན་གཞི་ཡང་དག་པའི་གནས་སྐབས་སུ་གནས་འགྱུར་དགོས་པས་རྣམ་གྲོལ་གྱི་གཞིར་མི་འཐད་དེ། རྗེ་མི་བསྐྱོད་རྡོ་རྗེས། མངོན་པར་རྫོགས་པ་སངས་རྒྱས་པ་ན་ཀུན་གཞིའི་རྣམ་ཤེས་མེ་ལོང་ཡེ་ཤེས་སུ་གནས་འགྱུར་བ་དེས་མྱང་འདས་ཀྱི་བག་ཆགས་ཀྱང་འཇོག་རུང་དང་ལེན་ནུས་ཀྱི་དགོས་པ་མེད་དེ་སྤངས་པར་བྱས་ཟིན་པའི་ཕྱིར། ཞེས་དང་། ཀུན་གཞིའི་རྣམ་ཤེས་ཀྱི་བདག་ཉིད་དུ་གྲུབ་ཕྱིན་ཆད་འཁོར་བའི་རྣམ་སྨིན་དང་ས་བོན་དུ་གྱུར་ཟིན་པའི་ཕྱིར་འཁོར་བའི་ཕྱོགས་སུ་མ་ལྷུང་བ་མི་སྲིད་དོ། །ཞེས་གསུངས་པའང་དོན་འདིར་དགོངས་སོ། །ཀུན་གཞི་དེ་ཉིད་ཅི་ཡང་མེད་པའི་སྟོང་པ་ཕྱང་ཆད་མ་ཡིན་པར། རང་གསལ་གྱི་ཤེས་པ་འགག་མེད་འཆར་རུང་དུ་ཡོད་པ་དེ་ལ་ཀུན་གཞིའི་རྣམ་ཤེས་ཞེས་


GTN002_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་སྟེ། མེ་ལོང་དང་དེའི་དངས་ཆ་བཞིན་ནོ། །ཀུན་གཞི་ལུང་མ་བསྟན་དེའི་གཏི་མུག་གི་ཆ་ལས་རང་ངོ་རང་གིས་མ་རིག་ཅིང་གནས་ལུགས་མ་རྟོགས་པར་རང་གིས་རང་ཉིད་བསྒྲིབས་པ་ལྟ་བུ་དེ་ལ་ནི་ལྷན་ཅིག་སྐྱེས་པའི་མ་རིག་པ་ཞེས་ཀྱང་བྱ། འདི་ལ་བརྟེན་ནས་ཉོན་མོངས་པ་དང་། འཁྲུལ་རྟོག་མཐའ་དག་འབྱུང་ཕྱིར་བག་ཆགས་སྣ་ཚོགས་པའི་ཀུན་གཞི་ཞེས་ཀྱང་བྱ་ལ་སེམས་ཅན་གྱི་འཁྲུལ་གཞིར་ཡང་འདོད་དེ། དགོངས་པ་ཟང་ཐལ་གྱི་སྨོན་ལམ་དུ། གཞི་ལ་རིག་པ་མ་ཤར་བས། །ཅི་ཡང་དྲན་མེད་ཐོམ་མེ་བ། །དེ་ཀ་མ་རིག་འཁྲུལ་པའི་རྒྱུ། །ཞེས་གསུངས་ཤིང་། མ་རིག་པ་འདིའི་འཁོར་གྱི་ཚུལ་དུ་ཆགས་པ་བར་མ་དང་བརྗེད་ངེས་པ་ལ་སོགས་གཏི་མུག་གི་རྟོག་པ་བདུན་ཀྱང་ཡོད་དེ། དེ་ལྟ་བུའི་ལྷན་སྐྱེས་ཀྱི་མ་རིག་པ་དེ་ལ་ང་དང་བདག་ཏུ་འཛིན་པའི་རྣམ་པར་རྟོག་པ་ཤར། བདག་ལ་བརྟེན་ནས་གཞན་དུ་འཛིན་པ་བྱུང་ཞིང་། རང་སྣང་ལ་རང་སྣང་ཡིན་པར་ངོ་མ་ཤེས་པས་ཕྱིའི་ཡུལ་དུ་བཟུང་སྟེ། གཟུང་འཛིན་གྱི་རྟོག་པ་ངོ་མ་ཤེས་པས་འཁྲུལ་པའི་མགོ་རྩོམ་པ་དེ་ལ་ཀུན་ཏུ་བཏགས་པའི་མ་རིག་པ་ཟེར། ཡིད་ཀྱི་རྣམ་ཤེས་ཀྱང་ཟེར་ཏེ། ཡུལ་སེམས་ཐ་དད་དུ་འཁྲུལ་པའི་སེམས་ཡིན་ལ། འདིའི་འཁོར་དུ་ཆགས་པ་དང་ཞེན་པ་ལ་སོགས་འདོད་ཆགས་ལས་གྱུར་པའི་རྟོག་པ་བཞི་བཅུ་པོ་རྣམས་ཡོད་དོ། །དེ་ནས་ཡིད་ཀྱི་རྣམ་ཤེས་དེའི་རྩལ་ལས་བག་ཆགས་འཁྲུལ་པ་སྣ་ཚོགས་པ་ཤར་ཞིང་རྒྱས་པ་དང་། དེའི་གྲོགས་སུ་ལས་རླུང་ཁྱབ་བྱེད་ཀྱི་རྐྱེན་དང་ཀུན་གཞི་


GTN002_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

མ་རིག་པའི་རྒྱུ་སོགས་རྟེན་ཅིང་འབྲེལ་འབྱུང་གི་མཐུ་བརྟས་པའི་དབང་གིས་ལུས་སྣང་སེམས་གསུམ་ཚང་བར་གྲུབ་ཅིང་སྒོ་ལྔའི་དབང་ཤེས་ཀྱི་བྱེ་བྲག་དང་ཚོགས་དྲུག་སྣང་རྟོག་ཤར་བ་དེ་ལ་གཞན་དབང་ཞེས་ཀྱང་བྱ། རྩ་བའི་རླུང་ཆེན་ལྔ་དང་ཡན་ལག་གི་རླུང་ཕྲན་ལྔ་སོགས་ཀྱིས་རྣམ་རྟོག་གི་ཞེན་པ་བྱས་ཤིང་། རང་སྣང་འཁྲུལ་འཛིན་གོམས་པའི་མཐུ་ལས་གྲུབ་པའི་སྣོད་བཅུད་དུ་སྣང་བས་གཞི་རྟེན་དང་ཡུལ་དུ་བྱས་ནས་ཉོན་མོངས་པ་མཐའ་དག་བསྐྱེད་པའི་ཕྱིར་ན་ཉོན་མོངས་པ་ཅན་གྱི་ཡིད་ཀྱང་ཟེར། དབང་པོ་སྒོ་ལྔ་སོ་སོར་རྒྱུ་ཞིང་ཞེན་ཆགས་སོགས་ཀྱི་བྱེད་པོ་ཡིན་ཕྱིར་སྒོ་ལྔའི་རྣམ་པར་ཤེས་པ་ཡང་ཟེར་ལ། འདིའི་འཁོར་དུ་ཆགས་བྲལ་བར་མ་སོགས་ཞེ་སྡང་ལས་གྱུར་པའི་རྟོག་ཚོགས་སུམ་ཅུ་རྩ་གསུམ་ཀྱང་ཡོད་དེ། དེ་ལྟར་ན་རྩ་བ་བག་ཆགས་སྣ་ཚོགས་པའི་ཀུན་གཞི་དང་། ཡན་ལག་རང་བཞིན་བརྒྱད་ཅུའི་རྣམ་རྟོག་རྣམས་རིམ་གྱིས་མཆེད་པས་འཁྲུལ་པ་ལུ་གུ་རྒྱུད་དུ་གྱུར་ཅིང་འཁོར་བ་མཐའ་མེད་པར་འཁྱམས་པ་འདི་ནི་མ་རྟོགས་སེམས་ཅན་གྱི་འཁྲུལ་ཚུལ་ཡིན་ལ། ཀུན་གཞི་དེ་ནི་བག་ཆགས་སྣ་ཚོགས་བསོག་པའི་གཞི་བྱེད་པ་ས་བོན་གྱི་ཚུལ་དུ་གནས་པའི་མཐུས། ནང་གི་ལུས་རྡོས་བཅས་རགས་པ་རྩ་རླུང་ཐིག་ལེ་དངས་སྙིགས་སྣ་ཚོགས་པའི་དངོས་པོ་རྣམས་དང་། ཕྱི་རོལ་དུ་འཁོར་འདས་ཁམས་གསུམ་སྣོད་བཅུད་ཀྱི་དངོས་པོ་ཐམས་ཅད་གཅིག་ལ་གཅིག་བརྟེན་གྱི་ཚུལ་དུ་སྣང་བ་དེ་ཐམས་ཅད་སེམས་འཁྲུལ་པས་བཏགས་པའི་ངོར་སྒྱུ་མ་ལྟར་སྣང་བ་སྟེ། དྲན་པ་ཉེར་བཞག་ལས། འདི་ལྟར་ལུས་དང་ལོངས་
སྤྱོད་དང་། །བདེ་སྡུག་ཉིད་དུ་སྣང་བ་ནི། །སེམས་ཀྱིས་སྤྲུལ་ཞིང་སེམས་ཀྱིས་བྱས། །སེམས་ལས་གཞན་དུ་ཅུང་ཟད་མེད། །དཔེར་ན་རྨི་ལམ་ཇི་བཞིན་ནོ། །ཞེས་སོ། །

གཉིས་པ་ལམ་གྱི་རིམ་པ།


GTN002_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ལམ་གྱི་རིམ་པ་ནི། གཞི་དངོས་པོ་གཤིས་ཀྱི་གནས་ལུགས་ཀྱི་ཕྱག་རྒྱ་ཆེན་པོ་དེའི་བཞུགས་ཚུལ་དང་། དེ་གློ་བུར་གྱི་དྲི་མས་སྒྲིབ་པ་སྦྱོང་བའི་སྐབས། སྦྱངས་ཟིན་པའི་དུས་ཏེ་གསུམ་དུ་ཕྱེ་ནས་གཞི་ལམ་འབྲས་བུའི་རྣམ་པར་བཞག་མོད། དོན་དུ་གཞི་འབྲས་ལྟོ་འབྱོར་ཉིད་ཕྱིར། གཞིའི་རང་བཞིན་ལ་བཟང་ངན་སྤང་བླང་བཅོས་བསྒྱུར་སོགས་ཀྱིས་བསྒྱུར་དུ་བཏུབ་པ་ཅི་ཡང་མེད་ཀྱང་གནས་སྐབས་སུ་འགྲོ་བ་རྣམས་ཉོན་མོངས་པས་བསྒྲིབས་ཏེ་རང་ངོ་རང་གིས་མ་རིག་ཅིང་རྨོངས་པས་དབུལ་པོའི་ཁྱིམ་གྱི་ས་འོག་གི་གཏེར་ལྟར་གཞི་རང་ངོ་མ་འཕྲོད་པ་འཕྲོད་པར་བྱེད་པའི་ཐབས་རྨད་དུ་བྱུང་བ་ལམ་ཕྱག་རྒྱ་ཆེན་པོ་ལ་བརྟེན་དགོས་ཤིང་། དེ་ཡང་བརྒྱུད་པ་ཁྱད་པར་ཅན་གྱི་བརྒྱུད་འཛིན་མཚན་ལྡན་གྱི་བླ་མས་སྨིན་བྱེད་ཀྱི་དབང་དང་། གྲོལ་བྱེད་ཀྱི་གདམས་པ། རྒྱབ་རྟེན་གྱི་ལུང་རྣམས་མཉན་པས་རང་གི་ལས་སྐལ་དང་བླ་མའི་བྱིན་རླབས་བརྩོན་འགྲུས་དྲག་པོ་གསུམ་འཛོམས་པས་རང་སེམས་གཉུག་མའི་རང་ཞལ་རྗེན་པར་རྟོགས་པ་ན་ཕྱག་རྒྱ་ཆེན་པོའི་ལྟ་བ་རྟོགས་པ་ཡིན་ཏེ། ཞི་བྱེད་ཆུ་ཀླུང་ཆེན་པོའི་རྒྱུད་ལས། བརྗོད་བྲལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འདི། །ཚོགས་བསགས་སྒྲིབ་པ་དག་པའི་ལག་རྗེས་དང་། །


GTN002_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་ལྡན་བླ་མའི་བྱིན་རླབས་ཁོ་ན་ལས། །ཐབས་གཞན་བརྟེན་ན་རྨོངས་པར་ཤེས་པར་བྱ། །ཞེས་སོ། །དེ་ཡང་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་ཞི་ལྷག་གི་ཏིང་ངེ་འཛིན་བསྒོམ་པའི་རིམ་པ་རྣམས་ཁྲིད་གཞུང་རྣམས་སུ་གསལ་བ་ལ་འདིར་མ་ཟློས་ཤིང་། དྭགས་ལུགས་རྣལ་འབྱོར་བཞི་དང་དེར་གསུམ་གསུམ་དུ་ཕྱེ་བས་བཅུ་གཉིས་ཀྱིས་ས་ལམ་བགྲོད་པའི་ཐ་སྙད་མཛད་པ་ནི། རྒྱུད་གསང་བ་བསམ་གྱིས་མི་ཁྱབ་པའི་ལུང་གི་དགོངས་པ་གསལ་བར་མཛད་པ་སྟེ། ཇི་སྐད་དུ། སེངྒེ་རྣམ་པར་བསྒྱིངས་པའི་ཏིང་འཛིན་གྱིས། །མི་གཡོ་རྩེ་གཅིག་དངས་པའི་ཤེས་པ་གསལ། །རང་རིག་ཡེ་ཤེས་ཁོང་ནས་སད་པར་བྱེད། །བཟོད་པ་བརྟན་པོས་ངན་སོང་སྡུག་བསྔལ་སྤངས། །གཉིས་པ་སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །སྤྲོས་དང་བྲལ་བའི་མཉམ་བཞག་ཆེན་པོ་ལས། །བསམ་གྱིས་མི་ཁྱབ་ཏིང་འཛིན་རྩལ་དུ་ཤར། །དྲོད་ཐོབ་ནས་ནི་སྐྱེ་ལ་དབང་བ་ཡིན། །གསུམ་པ་དཔའ་བར་འགྲོ་བའི་ཏིང་འཛིན་གྱིས། །དུ་མ་རོ་གཅིག་ས་བཅུའི་རྟོགས་པ་ཤར། །དུས་གསུམ་རྒྱལ་བའི་སྲས་པོ་གཞན་དོན་མཛད། །རྩེ་མོ་ཐོབ་ནས་འཕེལ་བ་རྒྱུན་མི་ཆད། །བཞི་པ་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །སྒོམ་དུ་མེད་པའི་ཉམས་ལེན་བརྩོན་པ་ལས། །མཁྱེན་པའི་ཡེ་ཤེས་སངས་རྒྱས་ཞིང་ཁམས་མཐོང་། །མ་བཙལ་ལྷུན་གྲུབ་ཆོས་མཆོག་ཆེན་པོའི་ངང་། །ཞེས་སོ། །འདི་དང་མཐུན་པར་ལང་གཤེགས་ཀྱི་མདོ་ཡང་བསྟན་ལ། སློབ་དཔོན་ཤཱནྟི་པས་ཀྱང་གསལ་བར་མཛད་དོ། །

གསུམ་པ་འབྲས་བུ།


GTN002_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་འབྲས་བུ་ནི། སྐུ་གསུམ་ཡེ་ཤེས་ལྔའི་བདག་ཉིད་ཁྱབ་བདག་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་བྱེད་པ་ཡིན་ཞིང་སྐུ་གསུམ་པོ་དེ་ལ་ཁ་སྦྱོར་ཡན་ལག་བདུན་དང་། དབང་ཕྱུག་གི་ཡོན་ཏན་བརྒྱད་སོགས་ལྡན་པ་སྟེ། དེ་ཡང་འོག་མིན་གྱི་གནས་སུ་སེམས་དཔའ་ཆེན་པོ་རྣམས་ལ་ཟབ་རྒྱས་གསང་སྔགས་ཀྱི་ཆོས་འཁོར་རྟག་པ་རྒྱུན་དུ་བསྐོར་བར་ལོངས་སྤྱོད་མཛད་པའི་ཕྱིར་ལོངས་སྤྱོད་ཀྱི་ཡན་ལག །མཚན་དཔེ་རྫོགས་པའི་ཡེ་ཤེས་ཀྱི་སྐུ་ཉིད་རང་འོད་ཀྱི་ཡུམ་དང་སྦྱོར་བས་ཁ་སྦྱོར་གྱི་ཡན་ལག །ཟག་མེད་ཀྱི་བདེ་བ་ཆེན་པོ་རྒྱུན་མེད་ཕྱིར་བདེ་བ་ཆེན་པོའི་ཡན་ལག་དང་གསུམ་ནི་ལོངས་སྐུའི་ཁྱད་ཆོས་ཡིན། དམིགས་མེད་ཀྱི་ཐུགས་རྗེ་མཁའ་ལྟར་ཁྱབ་པ་ནི། སྙིང་རྗེས་ཡོངས་སུ་གང་བའི་ཡན་ལག །ཕྲིན་ལས་རྒྱ་ཆེན་པོས་འཁོར་བའི་མཐའ་དང་མཉམ་པར་དོན་རྟོག་མེད་ལྷུན་གྲུབ་ཏུ་མཛད་པ་ནི་རྒྱུན་མི་འཆད་པའི་ཡན་ལག །མྱང་འདས་ཞི་བའི་མཐའ་ལ་མི་གནས་པ་ནི་འགོག་པ་མེད་པའི་ཡན་ལག་སྟེ། འདི་གསུམ་ནི་སྤྲུལ་པ་སྐུའི་ཁྱད་ཆོས་ཡིན། སྟོང་པ་སྙིང་རྗེ་ཟུང་དུ་འཇུག་པ་སྤྲོས་པ་ཐམས་ཅད་དང་བྲལ་བས་རང་བཞིན་མེད་པའི་ཡན་ལག་ནི་ཆོས་སྐུའི་ཁྱད་ཆོས་སུ་བཞེད་དེ་ཁ་སྦྱོར་བདུན་ནོ། །སྐུ་གང་ལ་གང་འདུལ་རྣམ་པ་ཐམས་ཅད་དང་ལྡན་པ་ནི་སྐུའི་དབང་ཕྱུག །གང་འདུལ་ཆོས་འཁོར་རྒྱུན་མི་འཆད་པ་གསུང་གི་དབང་ཕྱུག །རྟོག་མེད་ཐུགས་རྗེ་མངའ་བ་ཐུགས་ཀྱི་དབང་ཕྱུག །རྫུ་འཕྲུལ་ཐོགས་པ་མེད་པ་རྫུ་འཕྲུལ་གྱི་དབང་ཕྱུག །འཁོར་འདས་དུས་
གསུམ་མཉམ་ཉིད་རོ་གཅིག་པར་མངོན་པར་བྱང་ཆུབ་པ་ནི་ཀུན་འགྲོའི་དབང་ཕྱུག །རི་རབ་སོ་གཉིས་ཀྱི་རྡུལ་དང་གྲངས་མཉམ་པའི་ལྷ་མོས་འདོད་ཡོན་གྱིས་མཆོད་ཀྱང་འདོད་པས་གོས་པ་མེད་པ་ནི་འདོད་པའི་དབང་ཕྱུག །ཡིད་བཞིན་གྱི་ནོར་བུ་ལྟར་འགྲོ་བའི་རེ་འདོད་ཡིད་མཐུན་དུ་བསྐང་བ་ཅི་འདོད་བསྐྱེད་པའི་དབང་ཕྱུག །འོག་མིན་གྱི་དབྱིངས་ན་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་རྟག་ཏུ་བཞུགས་པ་ནི་གནས་ཀྱི་དབང་ཕྱུག་སྟེ། དབང་ཕྱུག་བརྒྱད་པོ་དེ་ལོངས་སྐུའི་ཡོན་ཏན་གྱི་རྣམ་གྲངས་ཡིན་ནོ། །དེ་ཡང་ད་ལྟ་ལམ་གྱི་གནས་སྐབས་སུ་དོན་དམ་སྟོང་ཉིད་ལམ་གྱི་ཕྱག་རྒྱ་ཆེན་པོ་ལས་གནད་དུ་བསྣུན་པར་འབྲས་བུ་ཆོས་ཀྱི་སྐུ་དངོས་འགྲུབ་ཅིང་། དེའི་ཡན་ལག་གམ་ཐབས་ཀྱི་ཆར་སེམས་བསྐྱེད་སྨོན་ལམ་རྣམ་པར་དག་པ་བགྱིས་པའི་མཐུ་ལས་སྤྲུལ་པའི་སྐུ་དང་། བསྐྱེད་རིམ་ཟབ་མོ་བསྒོམ་པའི་རྒྱུ་འབྲས་ལས་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། ཉམས་ལེན་དེ་དག་ཀྱང་སོ་སོ་ཡ་བྲལ་རེས་འཇོག་ལྟ་བུར་ནི་མ་ཡིན་པར་ཐབས་ཤེས་ཟུང་འཇུག་འཁོར་གསུམ་ཡོངས་དག་ཆེན་པོར་འབད་པའི་མཐུ་འབྲས་ཀྱིས་སྐུ་གསུམ་འདུ་འབྲལ་མེད་པའི་ངོ་བོར་གཏན་སྲིད་ཟིན་པར་འགྱུར་བའོ། །

བཞི་པ་ཕྱག་རྫོགས་ཀྱི་ཁྱད་པར།


GTN002_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པ་ཕྱག་རྫོགས་ཀྱི་ཁྱད་པར་ལ། མཁས་པ་འགའ་ཞིག་ཁྱད་མེད་དུ་འདོད་དེ། རྫོགས་ཆེན་ལ་ཕྱི་ནང་གསང་གསུམ་གྱི་སེམས་ཀློང་མན་ངག་གི་སྡེ་དང་། ཡང་གསང་བླ་ན་མེད་པའི་སྡེ་སྐོར་


GTN002_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་ཁྲེགས་ཆོད་གཞི་ཡི་ཉམས་ལེན་གྱི་ལྟ་སྒོམ་ཐམས་ཅད་ཕྱག་རྫོགས་ཁྱད་མེད་དང་། དེའི་བོགས་འདོན་ཐབས་ཀྱི་མྱུར་ལམ་དུ་གསར་མ་ལ་གཏུམ་མོ་བདེ་སྟོང་ཕྱག་ཆེན་ཆོས་དྲུག་སྐོར་དང་། སྦྱོར་དྲུག་གི་སྲོག་རྩོལ་རྗེས་ཏིང་སོགས་ཀྱི་དོད་དུ་རྫོགས་ཆེན་གྱི་སྡེ་གོང་མ་རྣམས་སུ་འོད་གསལ་ཐོད་རྒལ་གྱི་སྐོར། དཀར་ཁྲིད་དམར་ཁྲིད་སེར་ཁྲིད་ཁྲ་ཁྲིད་སོགས་སུ་གསུངས་སོ། །ཡང་ཁྱད་ཡོད་པར་བཞེད་མཁན་རྣམས། གཞིའི་སྐབས་སུ་ཀུན་གཞི་དང་ཀ་དག་གི་ཁྱད། ལམ་གྱི་སྐབས་སུ་རྣམ་རྟོག་ཆོས་སྐུར་འདོད་མིན། སེམས་རིག་དབྱེ་བ། སྣང་སེམས་གཅིག་མིན། དྲན་པ་སྒོམ་དུ་བྱེད་མི་བྱེད། འབྲས་བུའི་སྐབས་སུ་དངས་མའི་སྐུ་འགྲུབ་མིན་བཅས་ཀྱིས་དབྱེ་བར་བཤད་ལ། དོན་དུ་ཆོས་ཅན་གང་ཤར་གྱི་སྣང་བ་ལ་ཆོས་ཉིད་ཀྱི་རྒྱས་ཕར་བཏབ་ནས་སྣང་རིག་ངོས་བཟུང་བྲལ་བའི་གསལ་སྟོང་དུ་སྐྱོང་བ་ཕྱག་ཆེན་པའི་ལུགས། ཆོས་ཐམས་ཅད་ཆོས་ཉིད་བྱང་ཆུབ་ཀྱི་སེམས་རང་བྱུང་ཡེ་ཤེས་ཀྱི་དབྱིངས་སུ་ཚུར་རྫོགས་པས་དོན་དུ་རང་བྱུང་གི་ཡེ་ཤེས་ལ་འཁོར་འདས་སུ་གྲུབ་པ་མེད་པས་ཡེ་གྲོལ་སྤང་བླང་ལས་འདས་པར་འདོད་པ་རྫོགས་ཆེན་པའི་ལུགས་ཏེ་ཞེས་རྗེ་གཏེར་ཆེན་བླ་མས་གསུངས་སོ། །ལར་དྭགས་བརྒྱུད་ཕྱག་ཆེན་པ་རྣམས། གནས་ལུགས་ཕྱག་ཆེན་ཞེས་མདོ་ཏིང་ངེ་འཛིན་རྒྱལ་པོ་དང་། རྒྱུད་བླ་མའི་དགོངས་པ་ལྟར་མདོ་ལུགས་སུ་བཞེད། བདེ་སྟོང་ཕྱག་རྒྱ་ཆེན་པོ་ཞེས་སྔགས་ལུགས་དབང་ལས་བྱུང་བའི་ཡེ་
ཤེས་ཏེ་བརྒྱུད་ལུགས་ཐ་དད་པ་གཉིས་རྗེ་མར་པ་ལ་བཀའ་བབ་ཡོད་པར་བཞེད། ཤངས་ལུགས་སོགས་ཕྱག་ཆེན་གྱི་མཚན་ཅན་གཞན་བོད་འདིར་བྱུང་བ་ཐམས་ཅད་དང་། སྦྱོར་དྲུག་རིམ་ལྔ་ལམ་འབྲས་སོགས་དབང་ལས་བྱུང་བའི་ཡེ་ཤེས་ཕྱག་རྒྱ་ཆེན་པོར་བཞེད། ཞི་བྱེད་པ་རྣམས་ངོ་བོ་ཕ་རོལ་ཏུ་ཕྱིན་པ་སྔགས་དང་རྗེས་སུ་མཐུན་པ་ཞེས་ཤེར་ཕྱིན་གྱི་དགོངས་པ་སྔགས་ཀྱིས་ཟབ་ལམ་བདེ་མྱུར་དུ་འཁྲིད་པས་ཁྱད་པར་འཕགས་པར་བཞེད་དོ། །

དཔྱད་ན་ཕྱག་རྫོགས་ཀྱི་ལམ་ལ་ཁྱད་པར་ཡོད།


GTN002_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱད་ན་ཕྱག་རྫོགས་ཀྱི་ལམ་ལ་ཁྱད་པར་ཡོད་དེ། རྫོགས་ཆེན་སེམས་སྡེ་བ་དང་ལམ་གྱི་སྣེ་ཁྲིད་ཚུལ་ཕྱག་ཆེན་དང་ཕྱོགས་མཚུངས་ཙམ་ལ། སེམས་སྡེ་བས་ཡུལ་ཅན་སེམས་ཉིད་རིག་སྟོང་ཀ་དག་ཏུ་གཏན་ལ་འབེབས་པས་ཁྱད་པར་དུ་བྱས། ཀློང་སྡེ་བས་འོད་གསལ་ལ་རྩིས་སོ་ཆེར་བྱེད་པ་གསར་མའི་རིམ་ལྔ་དང་ཆ་འདྲ་ཙམ་ལ་རིམ་ལྔ་ནི། རླུང་གི་བྱེད་ཆིངས་ཀྱི་གནད་ལས་སྒྱུ་ལུས་སྟོང་གཟུགས་ཀྱི་སྣང་བརྙན་རིལ་འཛིན་དང་རྗེས་གཞིག་གིས་འོད་གསལ་དུ་དངོས་སུ་འཇུག་པ་ཡིན་པས་བྱ་རྩོལ་དང་བཅས་པ་ཡིན་ལ། ཀློང་སྡེས་ནི་དམིགས་གཏད་དང་བྲལ་བའི་གནད་ཟབ་མོས་བྱ་རྩོལ་མེད་པའི་ངང་དུ་འཇོག་པ་ཟབ་གསལ་ཡེ་ཤེས་ཟུང་འཇུག་གིས་འཇའ་ལུས་རྡོ་རྗེའི་སྐུར་འགྲུབ་པའི་ཐབས་ཟབ་པས་ལམ་འདིར་ཞུགས་པ་རྣམས་ཡེ་ཤེས་ཀྱི་སྐུར་གཤེགས་པ་ཤ་སྟག་བྱུང་བས་ཁྱད་པར་དུ་བྱས། མན་ངག་སྡེས་ལམ་ཐོད་རྒལ་གྱི་སྣང་བ་གཙོ་བོར་བྱེད་པས་གསར་མའི་སྦྱོར་


GTN002_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་དང་ཆ་འདྲ་མོད། དོན་ལ་ཁྱད་པར་ཆེ་སྟེ། སྦྱོར་དྲུག་པས་རླུང་ལྔ་དབུ་མར་བཅིངས་པའི་གནད་ཀྱིས་སྟོང་གཟུགས་ཀྱི་སྣང་བ་ཤར་བ་བྱེད་རྩོལ་གྱིས་བདེ་བ་ཆེན་པོའི་ལམ་ལ་རིམ་གྱིས་དཀྲི་བ་ཡིན་ལ། འདིར་ནི་རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་ལ་དྲན་པ་གཞུར་དུ་འཛུད་ནས་འཁོར་འདས་ཀྱི་ཆོས་ཐམས་ཅད་ཆོས་ཉིད་སྟོང་འཛིན་དང་བྲལ་བའི་ངང་དུ་རང་རིག་ཆོས་ཉིད་ཀྱི་ཡུལ་ལ་མངོན་སུམ་དུ་ཤར་ནས་རིག་པ་ཡེ་ཤེས་ཀྱི་སྐུར་སྨིན་ཏེ་གདོད་མའི་དབྱིངས་སུ་སྐྱེལ་བས་ཁྱད་པར་དུ་འཕགས་ཤིང་། ལམ་འདིས་ཡེ་ཤེས་ཀྱི་སྐུ་འཇའ་ལུས་སུ་གྲོལ་བའང་ཀློང་སྡེ་སོགས་ཀྱིས་བསྒྲུབ་པ་ལས་འཕགས་ཏེ། འདིར་ནི་རགས་པའི་སྒོ་གསུམ་ཕྲ་བ་དངས་མའི་སྐུར་བསྒྱུར་བ་ཙམ་མ་ཡིན་པར། ཆོས་ཉིད་ཟད་པའི་སྣང་བ་མཐར་ཕྱིན་པས་སྒོ་གསུམ་ཕྲ་རགས་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་ངང་ལ་གཞི་མེད་དུ་དངས་པ་ཡིན་པའི་ཕྱིར་རོ། །ཞེས་སྨིན་གླིང་པ་བཞེད།དོན་དུ་རྒྱལ་བས་གདུལ་བྱའི་ཁམས་དབང་བསམ་པ་དང་རྗེས་མཐུན་ཆོས་ཀྱི་རྣམ་གྲངས་མཐའ་ཡས་པར་བསྟན་པ་དག་རང་རང་གི་གནས་སྐབས་དེ་དང་དེར་སོ་སོར་བདེན་ཅིང་འབྲས་བུ་འབྱུང་བ་ལ་མི་བསླུ་བས་ཟབ་མི་ཟབ་དང་། བཟང་རྟོག་ངན་རྟོག་གི་ལྷད་མ་ཕྱེས་པར་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་དོན་ལ་བློ་བཞག་ན་རྡོ་རྗེ་ཐེག་པའི་རྩ་ལྟུང་དྲུག་པས་ཀྱང་མི་གོས་ཤིང་ཆོས་སྤང་གི་ལས་མི་བསོག་པ་འདི་རང་གནད་ཟབ་ལ།
ཐོས་བསམ་སྒོམ་པས་ཕྱུག་ཅིང་སྐྱེས་སྦྱངས་ཀྱི་ཡོན་ཏན་མངོན་པར་མཐོ་བ་དང་། ཁྱད་པར་སྒོམ་བྱུང་གི་ཤེས་རབ་ཀློང་རྡོལ་བས་ཆོས་ཀྱི་དེ་ཉིད་རིག་པ་རྣམས་ཀྱིས་ནི། ཟབ་མོའི་གནད་གསང་མཁྱེན་ཅིང་རྟོགས་པས་ཐེག་པ་དང་གྲུབ་མཐའི་རྩེ་མོར་གྱུར་པའི་རྫོགས་ཆེན་དངོས་ཀྱི་སྐོར་ལ་ཡང་ལྟ་བ་མཐོ་དམན་དང་ལམ་གྱི་ཁྱད་འབྱེད་པ་ལ་མཁས་ཕྱིར་། ཕྱག་རྫོགས་ཀྱི་ལམ་མྱུར་བུལ་དང་འབྲས་བུ་ཁྱད་དབྱེ་བ་ནི་ལོས་ཀྱང་བདེན། དེང་དུས་ལམ་ཁྱད་མྱུར་བུལ་དང་ཟབ་མི་ཟབ་ལྟ་བ་མཐོ་དམན་བཅས་ཆོས་ལ་མ་ལྟོས་པར་ཉམས་སུ་ལེན་པའི་གང་ཟག་དེར་རག་ལས་འདུག་སྙམ་ཞིང་། འབྲས་བུ་མཐར་ཕྱིན་དུས་ཆུ་དང་འཁྱགས་རོམ་ངོ་བོ་དབྱེར་མེད་ལྟར་ལ། གནས་སྐབས་སུ་ཇི་བཞིན་མངོན་དུ་གྱུར་ནུས་མ་ནུས་དང་། ཡོན་ཏན་གྱི་རྩལ་ཁ་རྫོགས་མ་རྫོགས་ལ་ཐེག་པ་དང་གྲུབ་མཐའ་སོ་སོའི་འབྲས་བུ་རིམ་པ་ཇི་སྙེད་ཅིག་སྣང་བ་སྟེ། དེ་ལྟར་མིན་ན་གྲོལ་འབྲས་ཐ་དད་པས་དབྱིངས་མི་མཚུངས་པར་མེ་དང་ཆུར་འགྱུར་ན་འབྲས་བུ་རྟག་པར་འགྱུར་ཞིང་ཕྱི་རོལ་པའི་ལུགས་སོ། །

མཁས་བཞེད་བཙན་པ་རྣམས་འདི་སྐབས་ཕྱག་རྫོགས་ཀྱི་ཁྱད་པར་ལ།


GTN002_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་བཞེད་བཙན་པ་རྣམས་འདི་སྐབས་ཕྱག་རྫོགས་ཀྱི་ཁྱད་པར་ལ། ཕྱག་ཆེན་མན་ཆད་ཀྱི་སྤྱི་གཞི་ཀུན་གཞིར་འདོད་དེ་འཁོར་བ་དང་མྱང་འདས་གཉིས་ཀའི་སྤྱི་གཞི་ལྷན་སྐྱེས་ཀྱི་མ་རིག་པ་དང་མཚུངས་ལྡན་དུ་འགྲོགས་པའི་ཕྱིར། ལྷན་སྐྱེས་ཀྱི་དྲི་མ་སྦྱངས་ཏེ། ད་གཟོད་རིག་པའི་ཡེ་ཤེས་གསལ་དགོས་པ་དང་། ཞེས་པ་འདིའང་དཔྱད་དེ། ཕྱག་ཆེན་མན་ཆད་ཅེས་པས་གནས་ལུགས་


GTN002_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་ཆེན་མདོའི་དགོངས་པ་ཡིན་ན་དེ་ལས་འོག་ཏུ་ཐེག་པ་དང་གྲུབ་མཐའ་གང་ཡང་མེད་ལ། སྔགས་སུ་བཞེད་ཚེ་རྫོགས་ཆེན་སེམས་སྡེ་དང་གཅིག་པར་འདོད་པའང་ཡོད་སྲིད་པས་དེས་ཀྱང་གཞི་ཀུན་གཞིར་འདོད་དགོས་ན་ཧ་ཅང་ཐལ་ལ། ལྷན་སྐྱེས་ཀྱི་མ་རིག་པ་དང་མཚུངས་ལྡན་དུ་འགྲོགས་ན་རྣམ་བྱང་གི་རྟེན་བྱེད་པའང་མི་འཐད་དེ། དག་པ་གཉིས་ལྡན་སངས་རྒྱས་ཀྱི་ཡེ་ཤེས་དང་སྙིང་པོ་གཉིས་ཀྱི་རྟེན་མི་བྱེད་ཅིང་ཀུན་གཞི་མེ་ལོང་ཡེ་ཤེས་སུ་གནས་འགྱུར་དགོས་པར་འབྱུང་བཞི་ཟད་པའི་རྒྱུད་ལས། ཀུན་གཞི་དག་པ་ཆོས་ཀྱི་དབྱིངས། །ཞེས་དང་། གསེར་འོད་དམ་པ་ལས། ཀུན་གཞི་གནས་འགྱུར་བ་ནི་ངོ་བོ་ཉིད་ཆོས་ཀྱི་སྐུའོ། །ཞེས་གསུངས། ལྷན་སྐྱེས་ཀྱི་དྲི་མ་སྦྱངས་ཏེ། ད་གཟོད་རིག་པའི་ཡེ་ཤེས་གསལ་དགོས་ན་ལམ་པ་དང་མཚུངས་པས་ཐོག་མའི་གྲོལ་གཞིར་ག་ལ་འཐད་དེ་འཁྲུལ་ཟིན་པས་སོ། །འོ་ན་ཕྱག་ཆེན་གྱི་གཞི་ཀུན་གཞིར་མི་འདོད་དམ་ཞེ་ན། དེ་ལ་གྲོལ་གཞི། སྤྱི་གཞི། འཁྲུལ་གཞི་གསུམ་ཡོད་དེ། གྲོལ་གཞི་སྦྱོར་བ་དོན་གྱི་ཀུན་གཞི་ནི་རྫོགས་ཆེན་གྱི་ཀ་དག་དང་མཚུངས་པར་རྒྱན་སྟུག་པོ་བཀོད་པ་ལས། ཟླ་བའི་དཀྱིལ་འཁོར་རྣམ་དག་ཅིང་། །རྟག་ཏུ་དྲི་མེད་ཡོངས་གང་ཡང་། །ཚེས་ཀྱི་དབང་གིས་འཇིག་རྟེན་ན། །ཟླ་བ་སྐྱེ་འབྲི་རྣམ་པར་རྟོག །དེ་བཞིན་དོན་གྱི་ཀུན་གཞི་ཡང་། །རྟག་ཏུ་བདེ་གཤེགས་སྙིང་པོ་ཅན། །སྙིང་པོ་དེ་ལ་ཀུན་གཞིའི་སྒྲས། །དེ་བཞིན་གཤེགས་པས་བསྟན་པར་མཛད། །ཅེས་དང་། རང་བཞིན་དག་ཅིང་དྲི་


GTN002_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

མ་མེད། །ཡོན་ཏན་ཡིད་བཞིད་ནོར་བུ་འདྲ། །འཕོ་བ་མེད་ཅིང་འགྱུར་བ་མེད། །དེ་ལྟར་ཡོངས་ཤེས་རྣམ་པར་གྲོལ། །ཞེས་སོ། །སྤྱི་གཞི་ཙམ་ཞིག་ལུང་མ་བསྟན་གྱི་ཀུན་གཞིར་ངོས་འཛིན་ཏེ། འཁོར་བ་དང་འདས་པ་གཉིས་ཀར་ལུང་མ་བསྟན་པ་ཙམ་ལ་དགོངས་ཏེ། དོན་དུ་ལུང་མ་བསྟན་པ་དེ་གཏི་མུག་གི་ཆར་འགྱུར་བས་དེ་ལས་རྟོག་དཔྱོད་ཀྱི་ཤེས་པ་འགྱུས་མ་ཐག་རང་གི་རིག་པའི་རང་གདངས་སུ་ངོ་ཤེས་མ་ཐག་གོང་གི་གཞིར་གྲོལ་བ་ཐོབ་པས་སླར་མི་འཁྲུལ་པ་ཡིན་ལ་ཀུན་གཞིར་གྲོལ་རུང་སླར་ཡང་ཡིད་ཀྱི་རྣམ་ཤེས་གཡོས་མ་ཐག་འཁྲུལ་པས་མཐའ་མེད་ལ། གོང་གི་རིག་པའི་རང་གདངས་ངོས་མ་ཟིན་པར་བདག་ཏུ་བཟུང་ན་འཁྲུལ་པ་ཡིན་ལ། འཁྲུལ་གཞི་དངོས་ལུང་མ་བསྟན་གྱི་ཀུན་གཞིའི་ཆ་ལ་རང་ངོ་རང་གིས་མ་རིག་པ་ལྟ་བུའི་ལྷན་སྐྱེས་ཀྱི་མ་རིག་པ་དང་། དེ་ལས་ཀུན་གཞིའི་རྣམ་ཤེས་མེ་ལོང་གི་དངས་ཆ་ལྟར་ཅིར་ཡང་འཆར་རུང་གི་ནུས་པ་མ་འགགས་པ་ལ་ཀུན་ཏུ་བཏགས་པའི་མ་རིག་པས་གཉིས་འཛིན་གྱི་བག་ཆགས་མཐུ་བརྟས་པས་ཡིད་ཀྱི་རྣམ་ཤེས་གཡོས་ནས་བདག་དང་གཞན་དུ་རྣམ་པར་རྟོག་པས་ཉོན་མོངས་པ་ཅན་གྱི་ཡིད་དང་སྒོ་ལྔའི་རྣམ་ཤེས་སོགས་ཀྱིས་འཁྲུལ་པ་རྒྱུན་ཆགས་སུ་བྱུང་བ་དེའི་ཡུལ་ལྷན་སྐྱེས་ཀྱི་མ་རིག་པ་དེ་ལ་བག་ཆགས་སྣ་ཚོགས་པའི་ཀུན་གཞིར་འབོད་པ་དེ་ཡིན་ཏེ། དགོངས་པ་ཟང་ཐལ་ལས། དང་པོ་སེམས་ཅན་འཁྲུལ་པའི་གཞི། །གཞི་ལ་རིག་པ་མ་ཤར་བས། །ཅི་ཡང་དྲན་མེད་ཐོམ་མེ་བ། །དེ་ག་མ་རིག་འཁྲུལ་པའི་རྒྱུ། །ཞེས་གསུངས།


GTN002_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

འོ་ན་གཞི་དེ་གསུམ་ཐ་དད་དམ་ཞེ་ན་མི་དད་དེ། དོན་དུ་རང་ངོས་ལ་འཁྲུལ་མ་འཁྲུལ་གྱི་དྲི་མས་ཡེ་ནས་གོས་མ་མྱོང་བ་ནམ་མཁའ་ལྟ་བུ་ལ་ཅིར་ཡང་འབྱུང་རུང་གི་ཆ་མི་འདོར་བས་གློ་བུར་དུ་སྤྲིན་གཡོས་པ་དང་ཆ་མཚུངས་སོ། །ཡང་རྫོགས་པ་ཆེན་པོའི་མྱང་འདས་ཐོག་མའི་གྲོལ་གཞི་དང་། མཐར་ཐུག་གི་གྲོལ་ས་གཞི་འབྲས་དབྱེར་མི་ཕྱེད་པར་དབྱིངས་འགྱུར་བ་མེད་པ་རིག་སྟོང་ཀ་དག་མཚན་མའི་སྤྲོས་པ་ཐམས་ཅད་ལས་ཡེ་ནས་རིང་དུ་སོང་བ་ཡེ་ཤེས་གསུམ་གྱི་བདག་ཉིད་སངས་རྒྱས་ཀྱི་ཡོན་ཏན་རྒྱ་མཚོའི་རང་བཞིན་དེ་ཁོ་ནར་ངོས་འཛིན་པས་ཁྱད་པར་འཕགས་ཞེས་པའང་དཔྱད་དེ། རྫོགས་ཆེན་པས་གཞི་ཀ་དག་ལྷུན་གྲུབ་གཉིས་ཆར་འདོད་ཀྱིས་ཀ་དག་རྐྱང་པར་མི་འདོད་དེ། འདོད་ན་ཀློང་དྲུག་པ་ལས། ངོ་བོ་ཉིད་ལ་ཡེ་དག་པས། །སེམས་ཅན་འཁོར་བ་འདིར་མི་རིགས། །མ་རིག་དྲི་མ་ཡེ་ཟད་ཕྱིར། །ཞེས་གསུངས་པའི་ལུང་གི་གནོད་བྱེད་བབས་ཤིང་། ཀ་དག་རྐྱང་པ་དེ་ནི་སྟོང་རྐྱང་ལ་བཞེད་ཕྱིར་ཡེ་ཤེས་གསུམ་གྱི་བདག་ཉིད་ཅེས་པ་མི་འཐད་པར། འཇུག་པ་ལས། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། །བསྲེགས་ནས་ཞི་སྟེ་རྒྱལ་རྣམས་ཆོས་སྐུ་སྟེ། །དེ་ཚེ་སྐྱེ་བ་མེད་ཅིང་འགག་པ་མེད། །ཅེས་བཤད་ལ། ཀློང་གསལ་གྱི་ལུང་ནི་ངོ་བོ་ཀ་དག་གི་ཡེ་ཤེས་ཀ་དག་རང་ལ་བརྗོད་པ་ཡིན། བདག་ཉིད་ཀྱི་སྒྲས་འདིར་ལོགས་སུ་ཕྱེས་པ་ལྟར་སོང་འདུག་ཅིང་། སངས་རྒྱས་ཀྱི་ཡོན་ཏན་རྒྱ་མཚོ་ནི་གྲོལ་ཟིན་པའི་འབྲས་བུ་ཆོས་སྐུའི་ཡོན་ཏན་རྣམས་ཡིན་ལ། རང་བཞིན་ནི་ཡོན་ཏན་དེ་


GTN002_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གྱིས་བཅོས་པ་དང་བསྒྱུར་དུ་བཏུབ་པ་མ་ཡིན་པས་མ་བཅོས་པའི་དོན་ཡིན་ཚེ། དེ་ཁོ་ནར་ཞེས་ངེས་བཟུང་གི་ཚིག་སྒྲས་གྲོལ་འཁྲུལ་གྱི་གཞི་ལ་ངོས་ཚུལ་བཞིན་དུ་བཟུང་བ་ནི་སངས་རྒྱས་ཀྱི་ཡོན་ཏན་ལ་འཁྲུལ་པ་འབྱུང་ཡུལ་གྱི་ཆར་བཞག་པས་ཉེས་པ་མི་བཟད་པའོ། །ལར་ཀ་དག་དང་ཀུན་གཞིའི་ཁྱད་ཕྱེ་ནས་དེ་གཉིས་ཐ་དད་དུ་འདོད་པར་ཐག་ཆོད་པ་ཡང་དཀའ་སྟེ། ལང་ཀར་གཤེགས་པ་ལས། བློ་གྲོས་ཆེན་པོ་འདི་ལྟ་སྟེ། དཔེར་ན་འཇིམ་པའི་རྡུལ་ཕྲ་རབ་དང་འཇིམ་པའི་གོང་བུ་ནི་གཅིག་པ་ཡང་མ་ཡིན། ཐ་དད་པ་ཡང་མ་ཡིན་པ་དང་། ཇི་ལྟར་གསེར་དང་རྒྱན་བཞིན་དེ། བློ་གྲོས་ཆེན་པོ་ཅི་སྟེ་འཇིམ་པའི་གོང་བུ་འཇིམ་པའི་རྡུལ་ཕྲ་རབ་དང་ཐ་དད་པ་ཞིག་ཡིན་ན་ནི་དེ་དག་ལས་བརྩམས་པར་མ་ཡིན་པར་འགྱུར་ན། དེ་ནི་འཇིམ་པའི་རྡུལ་ཕྲ་རབ་དེ་དག་ལས་ཀྱང་བརྩམས་པས་ན་དེའི་ཕྱིར་ཐ་དད་པ་མིན་ནོ། །དེ་སྟེ་ཐ་དད་པ་མ་ཡིན་ན་ནི་འཇིམ་པའི་གོང་བུ་དང་རྡུལ་ཕྲ་རབ་ཏུ་བྱེ་བྲག་མེད་པར་འགྱུར་རོ། །དེ་བཞིན་བློ་གྲོས་ཆེན་པོ་འཇུག་པའི་རྣམ་པར་ཤེས་པ་རྣམས་ཀུན་གཞིའི་རྣམ་པར་ཤེས་པའི་རིགས་ཀྱི་མཚན་ཉིད་དང་གལ་ཏེ་ཐ་དད་པ་ཡིན་ན་ནི་ཀུན་གཞིའི་རྣམ་པར་ཤེས་པའི་རྒྱུ་ལས་འབྱུང་བར་མི་འགྱུར་རོ། །དེ་སྟེ་ཐ་དད་པ་མ་ཡིན་ན་ནི་འཇུག་པའི་རྣམ་པར་ཤེས་པ་འགགས་ན་ཀུན་གཞིའི་རྣམ་པར་ཤེས་པ་ཡང་འགག་པར་འགྱུར་ན། དེ་ལྟར་བདག་གི་རིགས་ཀྱི་མཚན་ཉིད་འགག་པར་ཡང་མི་འགྱུར་ཏེ། དེའི་ཕྱིར་བློ་གྲོས་ཆེན་པོར་རྣམ་པར་ཤེས་པ་རྣམས་ཀྱི་


GTN002_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་རིགས་ཀྱི་མཚན་ཉིད་འགག་པར་མི་འགྱུར་གྱི་ལས་ཀྱི་མཚན་ཉིད་ནི་འགག་གོ །ཞེས་ཁམས་ས་ལས་བྱས་པའི་རྫ་བུམ་ལ་ཁམས་སའི་རིགས་ཡོད་ཀྱང་དེ་ཁམས་ས་ཉིད་མ་ཡིན་ཏེ་གལ་ཏེ་ཡིན་ན་འདི་ནི་ཁམས་སའི་འོ། །འདི་ནི་བུམ་པའོ་ཞེས་ཁྱད་པར་མི་འགྱུར་ལ། རྫ་བུམ་ལ་ཁམས་སའི་རིགས་མེད་ན་དེ་ལ་རིགས་གཞན་ཅི་ཡང་མེད་པ་དཔེར་མཛད་ལ་དེ་བཞིན་ཆབ་རོམ་ཆུའི་རིགས་ཅན་ཡིན་ཀྱང་ཆུ་ཉིད་མ་ཡིན་ཏེ། དེ་ཞུ་བ་ན་ཆུར་འགྱུར་བ་བཞིན་ནོ་ཞེས་མཁས་པ་སོག་བཟློག་པ་བཞེད་དོ། །ཡང་ལམ་གྱི་སྐབས་སུ་ཕྱག་རྫོགས་སེམས་རིག་གི་ཁྱད་པར་དབྱེ་སོགས་ཟེར་བའང་དཔྱད་དེ། ཕྱག་རྒྱ་བས་རང་སེམས་རང་བབ་བཅོས་སླད་མེད་པར་འཇོག་པ་རྣམ་ཐར་སྒོ་གསུམ་གྱི་མཚན་ཉིད་ཅན་དུ་འདོད་པ་གང་ཞིག་གང་ཤར་རང་ངོ་ཤེས་པས་རང་གྲོལ་དུ་ལ་བཟླ་བར། བྲམ་ཟེ་ཆེན་པོས། འགྲོ་རྣམས་བསམ་གཏན་རྩོལ་བས་བསླད། །བསྒོམ་རྒྱུ་ཅི་ཡང་མེད་པ་ལ། །ཡེངས་སུ་སྐད་ཅིག་མི་འདོད་པས། །ཕྱག་རྒྱ་ཆེན་པོའི་སྒོམ་པ་ཡིན། །ཞེས་སེམས་ཉིད་ཀྱི་གནས་ལུགས་ཇི་བཞིན་པའི་སྟེང་དུ་མཉམ་པར་འཇོག་པར་བཤད་ཀྱིས། ཐ་མལ་གྱི་འཁྲུལ་རྟོག་རྒྱ་འབྱམས་ལ་མཉམ་བཞག་གི་མཐིལ་མི་མཛད་ཅིང་། ཐ་མལ་གྱི་ཤེས་པ་སྤུ་མ་ཉམས་གྲ་མ་བརྗེས་པ་ནི་རྫོགས་ཆེན་པས་ཀྱང་བཞེད། གང་ལྟར་རྣམ་རྟོག་ཆོས་སྐུ་གཅིག་མིན་ཡང་། ཐ་མལ་པའི་རྣམ་རྟོག་འཁྲུལ་འཛིན་རང་ག་མ་ནི་ཕྱག་རྒྱ་བས་ཀྱང་ཆོས་སྐུར་མི་འདོད། གནད་ཀྱིས་ཟིན་པའི་རྣམ་རྟོག་གི་


GTN002_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

འཆར་སྒོ་ནི་རྫོགས་ཆེན་པས་མི་འགོག་པས་དོན་ལ་གཅིག །སྣང་སེམས་སྐབས་ཀྱང་། དོན་དམ་པར་གཤིས་ངོར་བདེན་རྫུན་གྱི་མཐའ་ལས་འདས་པ་དང་། ཀུན་རྫོབ་རིག་རྩལ་ཙམ་དུ་ཅིར་ཡང་འཆར་ལ་ཅིའི་ངོ་བོར་ཡང་མ་གྲུབ་པ་སོགས་དང་། སྣང་བ་དགག་བསྒྲུབ་མི་དགོས་པ་སོགས་མཐུན། དྲན་པ་སྒོམ་ཡིན་མིན་གྱི་སྐབས་ཀྱང་གང་ཟག་ཐབས་རྨོངས་པ་འགའ་ཞིག་ཨ་འཐས་འཇུར་སྒྲིམ་བྱས་ཏེ་རང་སེམས་བཙོན་འཛིན་ལ་ཕྱག་ཆེན་གྱི་སྒོམ་ཡིན་པར་འདོད་མཁན་སྣང་བ་དེ་དག་ནི་གང་ཟག་གི་རང་སྐྱོན་དུ་ཟད་མོད། བཀའ་བརྒྱུད་པའི་སྐྱེས་མཆོག་ཚད་ལྡན་རྣམས་རང་གསལ་གྱི་དྲན་པ་ལ་སྒོམ་དུ་མཛད་པ་ནི་རྫོགས་ཆེན་གྱི་ཀ་དག་རང་རིག་དང་མིང་ཁྱད་ཞུགས་པ་ལས་དོན་མཚུངས། དྲན་པ་ལ་མཆོག་འཛིན་གྱི་བློ་ནི་ཕྱག་རྫོགས་གཉིས་ཀ་མི་བཞེད། རྫོགས་ཆེན་གྱི་ངོ་བོ་ཀ་དག །རང་བཞིིན་ལྷུན་གྲུབ། ཐུགས་རྗེ་ཀུན་ཁྱབ་སྟེ་ཡེ་ཤེས་གསུམ་ལྡན་ལ་ཕྱག་རྒྱ་བས་གཤིས་སྐྱེ་མེད། གདངས་འགག་མེད། རྩལ་ཅིར་འཆར་དུ་བརྗོད་པ་ཡིན་པས་མཚུངས་སོ། །སྤྱིར་ཕྱག་རྒྱ་བས་བརྟག་དུས་རྫོགས་ཆེན་གཤིས་ཐོག་ལ་ཤོར་བ་སྐད་ཀྱིས་གོལ་སའི་རྣམ་གྲངས་སུ་བྱེད་ཀྱང་། རྫོགས་ཆེན་པས་བརྟགས་ན་ཕྱག་ཆེན་སོགས་ཡིད་དཔྱོད་འཛིན་པའི་ལྟ་བར་གསུངས་པ་སོགས་ཕན་ཚུན་ལྡེམ་དགོངས་ཀྱི་གསུངས་ལ་བློ་ཆུང་དག་ཕྱོགས་འཛིན་གྱི་སྒྲ་ཇི་བཞིན་པར་མི་བཟུང་སྟེ། མདོར་ན། མཁས་གྲུབ་ཆེན་པོ་རྩེ་ལེ་སྣ་ཚོགས་རང་གྲོལ་གྱིས། ཕྱག་རྒྱ་ཆེན་པོའི་དོན་ཇི་


GTN002_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བར་རྟོགས་མཁན་དག་ནི་སེམས་ཉིད་བློ་བྲལ་རྗེན་པའི་རང་ཞལ་མཐོང་ཚེ་ཡིད་དཔྱོད་ལ་རག་མ་ལུས་པར་གསུངས་ཏེ་རྫོགས་ཆེན་པས་སེམས་དང་རིག་པར་བརྗོད་ཀྱང་ཕྱག་ཆེན་པས་སེམས་སེམས་ཉིད་གཉིས་ཕྱེ་བས་སོ། །ཡང་ཕྱག་ཆེན་པས་ཞི་གནས་འབའ་ཞིག་ལ་གཙོར་སྟོན་ཞེས་པ་དང་དགེ་སྦྱོར་སྤང་དོགས་པ་སོགས་མ་བརྟགས་པའི་གཏམ་སྟེ། ཐོག་མར་ཞི་གནས་ཀྱིས་སེམས་གནས་པ་བརྟན་དགོས་པར་ཕྱག་རྫོགས་གཉིས་ཀ་མཐུན། བརྟན་པ་ཐོབ་ནས་གྲོལ་བར་བྱེད་པའི་ལམ་དངོས་ལ་ལྷག་མཐོང་གཙོ་ཆེ་ཞིང་། ཞི་གནས་རྐྱང་པར་ཕྱག་ཆེན་པས་ཀྱང་མཆོག་ཏུ་མི་འཛིན་པར། རྒྱལ་བ་ལོ་རས་ཀྱིས། གསལ་ཆ་མེད་པའི་ཞི་གནས་ལྡིང་པོ། །བསྒོམ་ཡུན་རིང་ཡང་དོན་མི་རྟོགས་ཀྱིས། །ཞེས་སོ། །དེས་ན་ཞི་ལྷག་ཟུང་འབྲེལ་གྱི་ཉམས་ལེན་སྐྱོང་བར་ཕྱག་རྫོགས་མཐུན་ཏེ། ཞི་གནས་དང་ལྷག་མཐོང་ཟུང་དུ་འཇུག །སྒོམ་མེད་རྫོགས་ཆེན་ལྟ་བ་རྟོགས། །ཞེས་སོ། །ལུས་ངག་གི་དགེ་སྦྱོར་གསར་བུ་ལས་དང་པོ་པས་གཞག་དགོས་པར་ཕྱག་རྫོགས་གཉིས་ཀས་ཡིན། ཉམས་ལེན་ལ་གོམས་པ་བརྟན་ཅིང་གདེང་དུ་གྱུར་ན་དགེ་སྦྱོར་བྱེད་པ་མི་འགོག་ཀྱིས་རྫོགས་ཆེན་པ་ལས་དང་པོས་ཀྱང་དགེ་སྦྱོར་མི་འགོག་ན། འདས་རྗེས་ལས། གནས་བརྟན་གྲོལ་བའི་གདེང་ཐོབ་ནས། །ཕྱི་ནང་བྱ་བ་ཀུན་བཏང་ནས། །ཞེས་དང་། ཀློང་གསལ་ལས། མངོན་སུམ་གནད་དུ་དབབ་པའི་ཕྱིར། །ཕྱི་ནང་གསང་བའི་བྱ་བ་ནི། །ལུས་ངག་ཡིད་གསུམ་དགུ་ཕྲུག་བཏང་། །ཞེས་པའི་ལུང་དོན་ཡང་བསམ་དགོས་སོ། །


GTN002_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་འབྲས་བུ་ཕྱག་རྫོགས་རྡོ་རྗེ་འཆང་དང་ཀུན་ཏུ་བཟང་པོའི་གོ་འཕང་ཀྱི་ཁྱད་ཞུགས་པར་འདོད་པ་ཡང་། དེ་གཉིས་ཀ་ཆོས་སྐུའི་ཆོས་སྐུ་དང་ལོངས་སྐུར་དབྱེ་བ་ཙམ་ལས་སྤངས་རྟོགས་ཀྱི་ཡོན་ཏན་ཁྱད་ཞུགས་པར་མི་འདོད་ཕྱིར་མཐར་ཐུག་གི་གྲོལ་སའི་ཁྱད་མེད་ལ། སྒྱུ་ལུས་རྡུལ་ཕྲན་དེངས་པ་དང་། འཕོ་བ་ཆེན་པོའི་སྐུར་བཞེངས་པ་ནི་ཡོན་ཏན་གྱི་རྩལ་རྫོགས་པའི་རླབས་ཆེ་ཆུང་སྟེ། མདོ་ལམ་དུ་དགྲ་བཅོམ་རྒྱན་ཅན་རྒྱན་མེད་དགྲ་བཅོམ་ཡིན་པར་གཅིག་པ་བཞིན་ནོ། །གཞན་ཡང་ཕྱག་རྫོགས་རྒྱུའི་ཐིག་ལེ་དང་། འབྲས་བུའི་ཐིག་ལེར་ལམ་བྱེད་ཀྱིས་མི་མཚུངས་པ་དང་། ཐབས་བསྐྱེད་པ་དང་། ཤེས་རབ་རྫོགས་པས་དབྱེ་ཚུལ་མང་དུ་སྤྲོར་ཡོད་ཟེར་བ་རྣམས་ཚིག་ཙམ་མོ། །རང་ཡང་ཕྱག་ཆེན་ལ་སྦྱངས་འདྲིས་ཅི་ཡང་མེད་རུང་རྟོག་དཔྱོད་ཀྱིས་ཡིད་ངོར་ཤར་བ་རྣམས་སླར་དཔྱོད་པའི་རྟེན་དུ་བྲིས་པ་ལས་ཡིད་བརྟན་ཕེར་བ་མེད་པས་འདི་གཟིགས་པ་རྣམས་ཀྱིས་ཡིད་ཆེས་སུ་མི་བྱ་སྟེ། ཕྱག་རྫོགས་རྣམས་དབྱེ་རྩོམ་མཁན་དང་། རྩོམ་པར་བསྐུལ་པོ་རྣམས་མཁྱེན་རབ་རླབས་ཆེ་བས་འཁྲུལ་མི་སྲིད་དོ། །འོ་ན་འདིར་འགོག་པ་ཅི་ཞེ་ན། དབུ་མ་རྩ་ཤེར་ལས། གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བ་ཡིན། །ཞེས་པས་གནས་སྐབས་སུ་དཔྱད་པའི་གཏམ་གྱིས་འཕྲོས་པར་འགལ་བར་མི་སེམས་ཏེ། སྟོན་པས། སྲེག་བཅད་བརྡར་པའི་གསེར་བཞིན་དུ། །ལེགས་པར་བརྟགས་པ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་དང་། དོན་དང་ལྡན་ན་བསྟན་བཅོས་བྱིས་པ་ལས་ཀྱང་ལོངས། ཞེས་བཻ་རོ་ཙ་ནས་སོ། །

འདིར་སྨྲས་པ།


GTN002_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་སྨྲས་པ། སྤྲོས་པ་ཀུན་བྲལ་གཟོད་མའི་ཡེ་ཤེས་ཉིད། །བག་ཆགས་རྨོངས་པའི་རྒྱར་འཐུམས་སྦྱངས་པའི་ལམ། །བསམ་གྱིས་མི་ཁྱབ་འགྲོ་བློར་འཚམས་རྣམས་ཀྱིས། །བསྒྲུབས་འབྲས་བསླུ་མེད་སྐུ་དང་ཡེ་ཤེས་འགྲུབ། །གང་དག་རྒྱལ་བའི་ཕྲིན་ལས་ཡེ་ཤེས་ནི། །བསམ་མི་ཁྱབ་པར་རྟོགས་པའི་བློ་ཆེན་གྱིས། །དཔྱད་གསུམ་དག་པས་ཆོས་ཀུན་འགལ་མེད་མཁྱེན། །དེས་ནི་མཐའ་དག་ངེས་པའི་དོན་དུ་བསྒྲུབས། །དེ་ལྟར་མ་ཡིན་བློ་ཆུང་གང་ཟག་གིས། །མདོ་སྔགས་ཐེག་པའི་རྣམ་གྲངས་མཐའ་ཀླས་པ། །རྟོགས་འདོད་ནམ་མཁའི་མཐའ་འཇལ་ངལ་བར་ཟད། །དེས་ན་ཀུན་གྱི་དོན་གནད་འདུས་འདི་བསྔགས། །ཆོས་སྤྱིའི་ངེས་ཚིག་དབྱེ་དང་སྡེ་སྣོད་འབྱེད། །ཆོས་འཁོར་གྲངས་ངེས་རིམ་གསུམ་བཤད་པ་དང་། །རྒྱུ་འབྲས་ཐེག་ཁྱད་གྲུབ་མཐའ་བཞི་རུ་འབྱེད། །རྡོ་རྗེའི་ཐེག་བཤད་རྫོགས་ཆེན་གཙོ་བོར་བསྒྲུབ། །


GTN002_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་གནས་བདུན་རྫོགས་ཆེན་གཞི་ལམ་འབྲས། །མཐའ་དཔྱོད་ཕྱག་ཆེན་རྣམ་གཞག་ཕྱག་རྫོགས་ཁྱད། །འདི་རྣམས་རང་ལ་སྐྱེས་སྦྱངས་ཡོན་ཏན་ཆ། །ཕྲ་རུང་མཚུངས་མེད་བླ་མའི་དྲིན་ལས་རྙེད། །དུག་ཅན་བསམ་པས་བསླད་པའི་བསྟན་བཅོས་ལ། །རྣམ་མཁྱེན་འཐོབ་པའི་ཡོན་ཏན་ཉིན་མོའི་སྐར། །གཞན་ཕན་དང་ལེན་སེམས་བསྐྱེད་རྩིས་ཟིན་པའི། །བདུད་རྩིས་ལྕགས་ཁམས་གསེར་དུ་ཅིས་མི་འགྱུར། །དཔེ་མང་ཀློག་དང་ཡུན་རིང་ཐོས་བསམ་ལ། །འབད་པར་མི་ནུས་རང་འདྲར་འགྱུར་ཆེ་བས། །རྟོགས་དཀའི་གནས་རྣམས་རི་དྭགས་ལྟེ་བས་བཅུད། །བསོག་པའི་ངང་ཚུལ་ལ་བསྒྲུན་ཉིད་ཀྱིས་གྲུབ། །སྔོན་ཆད་མ་གྲགས་གསར་བྱུང་བསྟན་བཅོས་ནི། །བརྗོད་དོན་སྟོང་ཞིང་བསྟན་ལས་ཕྱི་རོལ་འགྱུར། །དེས་ན་འདི་ཉིད་ལྟ་རྣམས་སྔོན་གཞུང་དུ། །ཡོད་པ་ཡང་བསྐྱར་བལྟ་བདེར་བཀོད་དྲན་གནད། །དེང་དུས་འགའ་ཞིག་ཐོས་བསམ་ལས་ཕྱིར་ཕྱོགས། །འགའ་ཞིག་ཐོས་པས་དྲེགས་ཏེ་ངེས་པའི་དོན། །


GTN002_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་ལ་མཚར་དུ་མི་འཛིན་ག་གེ་མོར། །ཡོད་ཅེས་རང་རིག་གླེགས་བམ་གནས་མི་དྲན། །བདག་ནི་རིས་སུ་མ་ཆད་གསར་རྙིང་གི། །ཆོས་དང་དེ་འཛིན་བཅས་ལ་སྙིང་ནས་གུས། །ཚིག་དོན་ཕྲ་མོ་རེ་ཙམ་གོ་ན་ཡང་། །བསམ་མི་ཁྱབ་པའི་ངེས་ཤེས་ཁོ་ནས་སྤྲོ། །དེས་ན་འདིར་ཡང་སྐྱེ་དང་ཚེ་རབས་ཀུན། །རང་ཉིད་འདི་ལྟའི་ཆོས་ལ་མིག་རྣོ་བས། །མཁས་དང་གྲུབ་པའི་བདག་ཉིད་དུ་གྱུར་ཏེ། །མཆོག་གསང་བསྟན་ལ་བྱ་བ་བགྱི་ནུས་པའི། །བག་ཆགས་རྒྱུད་ལ་གོམས་སླད་ངལ་བས་བསྐྲུན། །ཨ་ཧོ། དལ་འབྱོར་ལུས་ཀྱི་ལྗོན་བཟང་ཐོབ་པ་འདིའི། །ལེགས་བྱས་དགེ་ཚོགས་མཐའ་དག་གཅིག་བསྡོམས་ཏེ། །ཡང་གསང་རྫོགས་པ་ཆེ་དང་གཞན་སྟོང་པའི། ། བསྟན་ལ་བྱ་བ་བགྱིས་པའི་ཆེད་དུ་བསྔོ། །དགེ་དེས་སྐྱེ་ཀུན་རང་གིས་རིགས་མཐོང་དང་། །ཐོས་པའི་ཕྱོགས་བཅས་འགྲོ་བ་མཐའ་དག་ཀུན། །


GTN002_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པའི་ལམ་མཆོག་འདི་ལ་ཡིད་རྟོན་པས། །རྒྱལ་བ་མཆོག་དང་ཕྲིན་ལས་མཉམ་གྱུར་ཅིག །སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་སོགས་ཀྱིས། །རང་ལ་བསྟོད་དམ་གཤེ་འམ་བཟང་ངན་གྱི། ། འབྲེལ་བ་ཐོབ་པ་ཀུན་ཀྱང་བྱང་གྲོལ་ལ། །མ་འཁོད་དེ་སྲིད་ཞི་བར་གཞོལ་མ་གྱུར། །མདོར་ན་མཉམ་མེད་བུ་རམ་ཤིང་པ་དེས། །ཐུགས་བསྐྱེད་དམ་བཅའི་སྨོན་ལམ་རྒྱ་མཚོའི་རྗེས། །བདག་ཅག་འཇུག་པར་སྲས་བཅས་རྒྱལ་རྣམས་ཀྱིས། །དཔང་དང་གྲོགས་སུ་གཟིགས་པས་ཡོལ་མི་མངའ། །ཐ་སྙད་རྟོག་གེས་མ་དཀྲུགས་ངེས་པའི་དོན། །བློས་བྱས་ཡིད་དཔྱོད་ལྟ་བས་བསྒྲུན་དུ་མེད། །ཚིག་དང་ཡི་གེས་མི་མཚོན་དོན་དམ་པའི། །བདེན་པ་མཆོག་དེ་མངོན་དུ་རྟོགས་གྱུར་ཅིག །དེ་ལྟར་མདོ་སྔགས་རྒྱུད་སྡེ་ཀུན་གྱི་དཀའ་གནད་རྣམས་སྔོན་བྱོན་མཁས་པ་རྣམས་ཀྱིས་མཛད་པ་ལས་ཁོལ་དུ་ཕྱུང་སྟེ་དཔེ་མང་ཀློག་པའི་ངལ་བ་སྤང་སླད་ཉེར་མཁོར་བྲིས་པ་སྦྲང་ཆུང་རྩི་བཅུད་ཅེས་པ་འདི་ནི་རང་གི་དྲན་གསོས་དང་བརྗེད་བྱང་ཚུལ་དང་གཞན་རེ་གཉིས་ལའང་ཕན་རེས་རང་ལོ་ཉེར་ལྔ་པ་སྐྱེས་


GTN002_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལྕགས་ལུག་ལོར་ཁྲུམས་སྟོད་ཟླ་བའི་ཡར་ཚེས་དང་པོ་ལ་རྡོ་རྗེ་ལྷུན་གྲུབ་རྩལ་ལམ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་དཔལ་བཟང་པོས་རང་གནས་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་དུ་གྲུབ་པར་སྦྱར་བས་དྲིན་ཆེན་བླ་མ་རྒྱལ་ཚབ་རིན་པོ་ཆེའི་ཐུགས་ཀྱི་དགོངས་བཞེད་མཐའ་དག་གེགས་མེད་ཉིད་དུ་འགྲུབ་པ་དང་། མཚུངས་མེད་རབ་འབྱམས་པའི་སྤྲུལ་པའི་ཟློས་གར་མྱུར་དུ་གསལ་བའི་སྐལ་བཟང་ལ་ལོངས་སུ་སྤྱོད་པར་གྱུར་ཅིག །ཚུལ་བཞིན་སྦྱངས་པས་ཟབ་མོའི་གནས་ཤེས་པར་དག་ལས། རང་མཐོང་མ་སྤངས་པའི་ཐོས་དྲེགས་ཅན་རྣམས་ལ་གསང་རྒྱ་ཟབ་རྒྱ་བྱས་ན་ལེགས་ཏེ། དེ་རྣམས་ལ་ཟབ་མོའི་ཆོས་ཀྱི་ངེས་ཤེས་སྐྱེ་བར་མི་འགྱུར་བས་སོ། །སརྦ་མངྒ་ལཾ།། །།