cover

བསམ་གཏན་ཡེ་ཤེས་གླིང་པའི་གཏེར་ཆོས་སྐོར།

གླེགས་བམ་དང་པོ། ཀ༽

བསམ་གཏན་ཡེ་ཤེས་གླིང་པའམ་ཧོར་བླ་གཞན་ཕན་བཟང་པོ། རས་པ་གསལ་སྟོང་། དྷེ་ཝ་བཛྲ། ནགས་རྟ་བླ་མ་མདོ་སྡེ་རྒྱ་མཚོ།

སྔ་འགྱུར་མདོ་ཁམས་གཡུ་ཁོག་དཔེ་ཚོགས།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

བསམ་གཏན་ཡེ་ཤེས་གླིང་པའི་གཏེར་ཆོས་ཡིད་བཞིན་གན་མཛོད་ཀྱི་དཀར་ཆག་ནོར་བུའི་ཕྲེང་བ།

སྤྲུལ་པའི་གཏེར་སྟོན་ཆེན་པོ་གང་གི་མཛད་རྣམ་རགས་བསྡུས་སུ་བཀོད་པ།

༄༅། དྷྱཱནཛྙཱནདྭཱིཔསྱནིདྷིདྷརྨཙིནྟཱཤེབདྷིགྷརཾསྱཐུབཉྫནརཏྣམཱལྱབིཧརཏིསྨ། །

༄༅། དྷྱཱནཛྙཱནདྭཱིཔསྱནིདྷིདྷརྨཙིནྟཱཤེབདྷིགྷརཾསྱཐུབཉྫནརཏྣམཱལྱབིཧརཏིསྨ། །

༄༅། དྷྱཱ ན ཛྙཱ ན དྭཱི པ སྱ ནི དྷི དྷ རྨ ཙི ནྟཱ ཤེ བ དྷི གྷ རཾ སྱ ཐུ བ ཉྫ ན ར ཏྣ མཱ ལྱ བི ཧ ར ཏི སྨ། །

༄༅། བསམ་གཏན་ཡེ་ཤེས་གླིང་པའི་གཏེར་ཆོས་ཡིད་བཞིན་གན་མཛོད་ཀྱི་དཀར་ཆག་ནོར་བུའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ།།

༄༅། འོད་མཚན་སྟོང་འབར་ཐུགས་ཀའི་དབང་མདོག་ཧྲཱིཿ སིནྡྷུའི་དྭངས་མཚོར་མཚན་དཔེའི་སྐུར་སྨིན་པ། །རྒྱལ་ཀུན་གསང་གསུམ་གཅིག་བསྡུས་འགྲོ་བའི་མགོན། །མཚོ་འཁྲུངས་པདྨ་ཀཱ་ར་སྤྱི་བོས་མཆོད། །གདོད་ནས་མ་སྐྱེས་སྟོང་ཆེན་ནམ་མཁའི་དབྱིངས། །བདེ་ཆེན་ཐིག་ལེར་འཁྱིལ་བའི་ཆོ་འཕྲུལ་ལས། །མི་མོའི་སྐུར་བཞེངས་སངས་རྒྱས་པདྨའི་ལྕམ། །མཚོ་རྒྱལ་ཌཱཀྐིའི་རྗེ་མོར་གུས་པས་འདུད། །རྒྱལ་དབང་པདྨས་རྗེས་བཟུང་གདམས་པ་ཐོབ། །ངེས་གསང་སྙིང་པོའི་དོན་གཟིགས་གྲུབ་པ་བརྙེས། །མཁའ་སྤྱོད་གནས་སུ་ཐོགས་མེད་བྱ་ལྟར་འཕུར། །ཨ་ཙར་ཡེ་ཤེས་དབྱངས་ལ་གཅིག་ཏུ་གུས། །མཚོ་རྒྱལ་སྟངས་དཔྱལ་ཟུང་དུ་འཇུག་པའི་གར། །ཉེ་བརྒྱུད་དག་སྣང་ཟུང་ལ་དབང་བའི་རྗེ། །མདོ་སྔགས་བསྟན་པ་ཟུང་འབྲེལ་སྤེལ་བའི་མགོན། །བསམ་གཏན་ཡེ་ཤེས་གླིང་པར་སྙིང་ནས་དད། །ངོ་བོ་ཀ་དག་འཕོ་མེད་ཆོས་ཀྱི་སྐུ། །རང་བཞིན་ལྷུན་གྲུབ་མཚན་དཔེ་ལོངས་སྤྱོད་རྫོགས། །ཐུགས་རྗེ་ཀུན་ཁྱབ་འགྲོ་འདུལ་སྤྲུལ་པའི་སྐུ། །དཔལ་ལྡན་བླ་མས་ཚེ་རབས་ཕྲེང་བར་སྐྱོངས། །ཟབ་དང་རྒྱ་ཆེའི་ཆོས་ཚུལ་རྒྱལ་བའི་བཀའི། །ཡང་བཅུད་གཅིག་དྲིལ་ཉེ་བརྒྱུད་གཏེར་གྱི་ཆོས། །ཛྙཱ་ན་དྭཱི་པའི་གསུང་གསང་རིན་ཆེན་མཛོད། །མི་ནུབ་དཀར་ཆག་ནོར་བུའི་ཕྲེང་བར་སྤེལ། །དེ་ལ་འདིར་དུས་གསུམ་གྱི་རྒྱལ་བ་ཀུན་གྱི་ཕྲིན་ལས་ཀྱི་རང་གཟུགས་ཐུགས་བསྐྱེད་དང་མཛད་པ་རྨད་དུ་བྱུང་བའི་བདག་ཉིད་རྒྱལ་དབང་ཨོ་རྒྱན་ཆེན་པོའི་བཀའ་དྲིན་དང་བདག་རྐྱེན་ལ་བརྟེན་ནས་སྙིགས་མའི་དུས་འདིར་བསྟན་དང་འགྲོ་བའི་དོན་དུ་བསམ་བཞིན་སྲིད་པ་བཟུང་བ། ཧོར་བླ་གཞན་ཕན་བཟང་པོའམ་སྤྲུལ་པའི་གཏེར་སྟོན་ཆེན་པོ་བསམ་གཏན་ཡེ་ཤེས་གླིང་པའི་དགོངས་གཏེར་དང་། ས་གཏེར། དག་སྣང་མ་གསུམ་ལས་བརྩམས་པའི་བཀའ་འབུམ་རིན་པོ་པར་དུ་བསྐྲུན་པའི་སྐབས་འདིར་དཔེ་རྒྱུན་མི་ཉམས་ཤིང་ཆོས་ཚན་འཚོལ་སླ་བ་སོགས་ཀྱི་ཆེད་དུ་དཀར་ཆག་བཞུགས་བྱང་འགོད་པ་ལ་བཞི། སྤྲུལ་པའི་གཏེར་སྟོན་ཆེན་པོ་གང་གི་མཛད་རྣམ་རགས་བསྡུས་སུ་བཀོད་པ། གཏེར་ཆོས་གླེགས་བམ་རྣམས་ཀྱི་བཞུགས་བྱང་དཀར་ཆག་དངོས་འགོད་པ། སྨིན་གྲོལ་མན་ངག་གི་བླ་མ་བརྒྱུད་པའི་རིམ་པ་བསྟན་པ། པར་དུ་བསྐྲུན་པའི་ཕན་ཡོན་བརྗོད་པས་མཇུག་བསྡུ་བའོ། །དང་པོ་ནི། རིག་འཛིན་གསང་སྔགས་གླིང་པའི་གཏེར་ལུང་ལས། དེ་ལ་སྐལ་ལྡན་གཉིས་པ་གཡུ་ཁྲོམ་ཡུལ༔ ལྕམ་སྤྲུལ་ཞེས་བྱ་ལྕགས་ཁམས་སྤྲེའུའི་ལོ༔ གཞན་ཕན་མིང་ཅན་རྫོགས་ཆེན་རྣལ་འབྱོར་པ༔ མ་ངེས་སྤྱོད་པས་འགྲོ་དོན་མཐའ་རུ་འཁྱོལ༔ ཞེས་དང་། ཨོ་རྒྱན་མཁའ་སྤྱོད་གླིང་པའི་གཏེར་ལུང་ལས། ཤར་ཕྱོགས་རྡོ་རྗེ་གཡུ་ཁྲོམ་འགྱིང་ཁུག་ཏུ༔ མཁས་མཆོག་ཡེ་ཤེས་དབྱངས་ཀྱི་ཟློས་གར་བ༔ ཐུབ་པའི་མིང་ཅན་རྩལ་ལྡན་ཁྱུང་གཤོག་ཅན༔ མགྲིན་པར་སྨེ་བ་ཐིག་ལེ་ཡུངས་འབྲུ་ཙམ༔ མ་བསླབ་ཆོས་ཀྱི་རང་རྩལ་རྡོལ་བ་འབྱུང་༔ ཞེས་དང་། པདྨ་དྲག་རྩལ་གླིང་པའི་གཏེར་ལུང་ལས། གཡུ་ཡི་ཕྱོགས་སུ་ཨ་ཙར་ས་ལེའི་འཕྲུལ༔ ཕན་པའི་མིང་ཅན་བརླ་གཡས་སྨེ་བས་བརྒྱན༔ ཞེས་དང་། ཆོས་གླིང་གི་ཕྱག་རྡོར་དྲེགས་པ་ཀུན་འདུལ་གྱི་མ་འོངས་ལུང་བསྟན་ལས། མཚོ་རྒྱལ་ཨ་ཙར་ཡེ་ཤེས་འཕྲུལ༔ གཡུ་ཡི་ཕྱོགས་སུ་སྐུ་བལྟམས་པ༔ ངེས་མེད་འགྲོ་བ་གཞན་ལ་ཕན༔ འབྲེལ་ཚད་དོན་ལྡན་འགྲོ་བ་འདུལ༔ ཞེས་དང་། རྡོ་རྗེ་བདེ་ཆེན་གླིང་པའི་གཏེར་ལུང་ལས། མདོ་ཁམས་ཤར་ཕྱོགས་ཨ་ཙར་ས་ལེའི་འཕྲུལ༔ བསམ་གཏན་མིང་ཅན་པདྨའི་བརྒྱུད་འཛིན་པ༔ ཞེས་སོགས་འཁྲུལ་མེད་རྡོ་རྗེའི་ལུང་བྱང་དུ་མ་ནས་ལུང་གིས་གསལ་བར་བསྔགས་པ་ལྟར། ཡབ་རྒུ་པེས་ཚེ་རིང་ནོར་བུ་དང་། ཡུམ་ཧོར་བཟའ་མདོ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་ལྕགས་སྤྲེལ་༼༡༨༦༠ ༡༩༠༣༽ཧོར་ཟླ་དང་པོའི་གནམ་སྟོང་ཉིན་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་རྒྱལ་རོང་དགེ་བཤེས་ཙ་རྒྱལ་པོའི་མངའ་ཁོངས། དེམ་པའི་རྒུ་པེས་ཞེས་པར་སྐུ་བལྟམས། དེ་ཡང་ཁྱིམ་དེར་དམ་པའི་སྐྱེས་བུ་སྐུ་མཆེད་གསུམ་འཁྲུངས་པ་ནི་རྗེ་འདི་དང་། རྒྱལ་རོང་བསྟན་འཛིན་གྲགས་པ། སྐུ་ཞོག་ཨ་བུ་ཚང་དང་གསུམ་ཡིན། རྗེ་འདི་ཉིད་སྐུ་ན་ཆུང་དུས་ཀྱི་ནུབ་གཅིག་རྨི་ལམ་དུ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་དར་ལྗང་གུའི་བསྲུང་མདུད་དང་། རྟེན་འདུས་རིལ་བུ་བདུན་གནང་བ་ཕྱི་ཉིན་སྔས་ཐོག་ཏུ་ཡོད་པ་དང་། དགུང་གྲངས་བཅུ་གསུམ་སྐབས་གནམ་མཚོ་སྤྲུལ་སྐུ་འགྱུར་མེད་བྱང་ཆུབ་རྡོ་རྗེས་སྤྲུལ་པའི་སྐུ་ཉིད་དུ་ལུང་བསྟན་ཅིང་། ཡི་གེ་འབྲི་ཀློག་སོགས་ཀྱི་སློབ་དཔོན་མཛད། དགུང་གྲངས་བཅུ་དགུའི་དུས་གཡུ་ཁོག་རྒྱ་སྤྲུལ་རིག་འཛིན་ལུང་རིག་གླིང་པས་ཆོས་ཀྱི་བདག་པོའི་མཚན་གསོལ་ཏེ་རྒྱལ་ཚབ་ཏུ་དབང་བསྐུར་བ་དང་། ཀྱཻ་ཧོ་སྐལ་ལྡན་ཆོས་ཀྱི་བདག་པོ་གསོན༔ ཁྱོད་སྔོན་ཚོགས་གཉིས་བསགས་འབྲས་དུས་སྨིན་པས༔ ཐུབ་དབང་སྟོན་པ་མྱ་ངན་འདའ་བཞེད་ཚེ༔ བཞུགས་པར་གསོལ་འདེབས་དགེ་བསྙེན་ཙུནྡའི་མཚན༔ དེ་འོག་པདྨ་རྒྱལ་པོའི་གཟུངས་མ་མཆོག༔ མཚོ་རྒྱལ་ཐུགས་ཟིན་ཨ་ཙར་དཔལ་དབྱངས་གྲགས༔ དེ་འོག་ལྷོ་བྲག་གཏམ་ཤུལ་ཞེས་བྱ་བར༔ མངའ་བདག་ཐུགས་སྲས་ནམ་མཁའ་དཔལ་དེ་ཡི༔ ཞབས་འབྲིང་སྔགས་ཀྱི་རྣལ་འབྱོར་བསྟན་འཛིན་མིང་༔ དེ་འཕྲོས་ལྷོ་ནུབ་ལ་ཡག་ཞེས་པའི་སར༔ ཆོས་དབང་དང་འབྲེལ་ན་རཱི་ཛྙཱ་ན་ཞེས༔ དེ་འོག་སྐྱེ་མང་བརྒྱུད་མཐར་འཇའ་ཚོན་པའི༔ ཞབས་ཏོག་ཕུལ་ཕྱིན་པདྨ་བསྟན་འཛིན་མཚན༔ དེ་འོག་སྤྲུལ་སྐུ་ངེས་དོན་བསྟན་འཛིན་པའི༔ དངོས་སློབ་གྲུབ་དབང་ལྕམ་བླ་དཀོན་མཆོག་ཞེས༔ དེ་ཡི་འོག་ཏུ་ལྕམ་བླ་ཀློང་ཡངས་པ༔ དོན་དུ་གྲུབ་དབང་དཀོན་མཆོག་ཆོ་འབྲང་གཅིག༔ ད་ལྟ་ཁོ་བོའི་མཚོ་རྒྱལ་གསང་མཛོད་ཀྱི༔ ཟབ་ཆོས་ལུང་ཟིན་དཔལ་ལམ་ཕན་པའི་མིང༔ ཞེས་སྐྱེ་ཕྲེང་སོགས་ལུང་བསྟན་སྣ་ཚོགས་གནང་། དེ་ནས་བཟུང་རྒྱ་སྤྲུལ་གཏེར་གསར་ཁོ་ན་ཉམས་སུ་བླངས་པས་དུད་སོལ་མས་ཞལ་གཟིགས་ཤིང་འབྱུང་འགྱུར་ལུང་བསྟན་པ་སོགས་བྱུང་། ཡོངས་འཛིན་དཀོན་མཆོག་ཚུལ་ཁྲིམས་ཀྱིས་སྒྲ་སྐྱོར་སྦྱང་བྱེད་དུ་བཅུག་སྐབས་ཉིན་རེར་སྒྲའི་སྐོར་ལྡེབ་བརྒྱད་རེ་མ་བསླབ་ཀྱང་ཐུགས་སུ་ཆུད་པ་བྱུང་། གཏེར་ཆེན་བདུད་འཇོམས་གླིང་པས་ཆོས་བདག་ཏུ་ལུང་བསྟན། འོད་གསལ་རྫོགས་ཆེན་གྱི་ལྟ་བ་ངོ་སྤྲད། ཟླ་བ་བརྒྱད་དུ་བསྒོམ་པས་ཉམས་གོང་འཕེལ་སླེབ་པར་གསུངས། གོང་གསལ་གཏེར་སྟོན་གླིང་པ་གཉིས་དང་། རྒྱལ་རོང་གཏེར་རྒོད་གསང་སྔགས་གླིང་པ་དང་། དབང་ཆེན་སྔགས་བདག་གླིང་པ། ཨ་སིག་གཏེར་སྟོན་པདྨ་དྲག་རྩལ་གླིང་པ། གྲྭ་མདའ་གཏེར་སྟོན་ཨོ་རྒྱན་མཁའ་སྤྱོད་གླིང་པ། རྒྱ་ལྷ་མོ་ཚེ་རིང་ངམ་རིག་འཛིན་ལྷུན་གྲུབ་གླིང་པ་བཅས་གཏེར་སྟོན་གླིང་པ་བདུན་གྱིས་ཆོས་བདག་ཏུ་མངའ་གསོལ། རིག་འཛིན་གསང་སྔགས་གླིང་པས་ཡེ་ཤེས་སྒྱུ་མའི་སྐུས་རྗེས་སུ་བཟུང་། དགུང་གྲངས་ཉེར་ལྔའི་དུས་ཏཱ་རེའི་ཞོལ་དུ་སྐུ་མཚམས་ལ་བཞུགས། དགུང་གྲངས་ཉེར་བདུན་བཞེས་སྐབས་ལི་རྩང་ཕྱོགས་ཀྱི་ཡུལ་ལྷ་འགས་མཚམས་ཞུ་དང་ཞབས་ཏོག་འབུལ་བའི་ཉམས་སྣང་ཤར་བ་ལྟར། དེ་ཕྱོགས་སུ་ཕེབས་ཏེ་གཙང་སྨད་སེང་གེ་དགོན་དུ་སྙིང་ཐིག་བསྟན་པའི་སྲོལ་བཏོད་པ་སོགས་མཛད། གཙང་རོང་གི་རྫ་རི་སྟག་བཀྲ་ལ་བྱོན་ནས་གྲྭ་མདའ་གཏེར་སྟོན་ཀརྨ་སོགས་ལ་རྒྱ་སྤྲུལ་ཕུར་བ་དང་། ནོར་རྒྱུན་མ་སོགས་གཏེར་གསར་འགའི་དབང་ལུང་བསྩལ། གཏེར་སྟོན་དེས་ཀྱང་ཁོང་གི་གཏེར་ཆོས་རྣམས་ཕུལ་ནས་ཆོས་བདག་ཏུ་མངའ་གསོལ། དགུང་གྲངས་ཉེར་བརྒྱད་དུས་གཡུ་མཁར་དགོན་དུ་རིག་བྱེད་མས་ཞལ་གཟིགས་ཏེ་ངའི་རྣ་ཆ་འདི་ཁྱོད་ལ་གཏད། གཡུའི་ཆོས་ཁྲི་ལ་མངའ་གསོལ་བ་ཡིན་གསུངས། ཕྱི་ཉིན་མཆོག་སྤྲུལ་པདྨའི་མཚན་ཅན་གྱིས་ཁོང་དབུས་ལ་བྱོན་རན་པས། དབྱར་གནས་མཁན་པོ་ཁྱེད་ཀྱིས་མཛད་དགོས་གསུངས། དེ་ལུགས་རྒྱ་སྤྲུལ་རིན་པོ་ཆེར་ཞུས་པས། རིག་བྱེད་མའི་དངོས་གྲུབ་རེད། མོས་པ་རྣམ་བཞིའི་གཅིག་རེད་དེ་ལྟར་མཛོད་གསུངས་ནས། མཁན་ཞྭ་སྡེ་སྣོད་གསུམ་པ་ཞིག་གནང་ནས་ཕྱག་གཉིས་མགོ་ལ་བཞག་ནས་བསམ་པ་མྱུར་འགྲུབ་མ་ཚར་གསུམ་གསུངས་པས་གཞུང་ལུགས་རབ་འབྱམས་ལ་ཆགས་ཐོགས་མེད་པའི་ཤེས་རབ་བརྙེས། དགུང་གྲངས་སོ་གཅིག་སྐབས་ལྷ་སྒང་ཕྱོགས་སུ་ཕེབས། ལྕམ་པ་མྱུ་གུ་དགོན་དུ་བསྟན་པའི་བདག་པོར་མངའ་གསོལ་ཞིང་ཀུན་གྱིས་བླ་མར་བཀུར། པདྨ་དྲག་རྩལ་གླིང་པའི་སྐུའི་ཞབས་བརྟེན་དུ་ཐང་རྒྱལ་གྱི་ཚེ་དབང་ཞིག་ཕུལ་བའི་བྱིན་འབེབས་དུས་གྲུབ་ཆེན་དངོས་བར་སྣང་འཇའ་གུར་དུ་བཞུགས་པ་དབང་ཞུ་བ་ཀུན་གྱིས་མཇལ། དགུང་གྲངས་སོ་གསུམ་བཞེས་སྐབས་གཡུའི་ཆོས་གྲྭ་རུ་རྒྱ་སྤྲུལ་གཏེར་ཆོས་ཀྱི་དབང་ལུང་གསུང་བའི་ནུབ་གཅིག་ཟངས་མདོག་དཔལ་གྱི་རི་བོ་རྟེན་བརྟེན་པ་དང་བཅས་པ་མཇལ་ཞིང་། དེར་རིག་འཛིན་ལུང་རིག་གླིང་པས་ཡེ་ཤེས་སྒྱུ་མའི་སྐུས་རྗེས་སུ་བཟུང་ཞིང་། ཁོང་གི་གཏེར་ཆོས་ཐམས་ཅད་སྒྲོམ་བུ་དང་ཤོག་སེར་གྱི་ཚུལ་དུ་གནང་ནས་གཏད་རྒྱ་མཛད། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་བྱིན་གྱིས་བརླབས། རིག་འཛིན་ལུང་རིག་གླིང་པས། རིགས་བདག་ཨོ་རྒྱན་ཆེན་པོ་ལགས། ངའི་ཕྲིན་ལས་ཀྱི་སྤྲུལ་པ་འདི་ལ་ཁྱེད་ཀྱིས་བསྩལ་བའི་མིང་ཞིག་ཞུ་བྱས་པས། བསམ་གཏན་ཡེ་ཤེས་གླིང་པ་ཞེས་མཚན་གསོལ། དེ་ནས་བཟུང་གཏེར་ཆོས་སྣ་ཚོགས་ཕབ་པའི་མགོ་བཙུགས། དགུང་གྲངས་སོ་བཞི་བཞེས་པ་ཆུ་སྦྲུལ་ལོར། ཏཱ་རེའི་གནས་སུ་ཚིག་བདུན་གསོལ་འདེབས་འབུམ་བསགས་པའི་ས་ཟླའི་ཡར་ཚེས་བཅུའི་ཉིན། རིག་འཛིན་ལུང་རིག་གླིང་པས་ཞལ་གཟིགས་ལུང་བསྟན་པ་ལྟར་ལྷ་དང་བླ་མ་ལ་གསོལ་བ་བཏབ་ནས་ཆུ་དབར་ཏཱ་རེའི་གནས་སྒོ་ཕྱེས། དགུང་གྲངས་སོ་དྲུག་པར་གནས་ལུང་དཔལ་གྱི་རི་བོ་ནས་ཕྱག་ན་རྡོ་རྗེས་ཞལ་གཟིགས་ཤིང་། ཕྱག་རྡོར་ཧཱུྃ་སྒྲུབ་ལུས་དཀྱིལ་གནང་། སྟོན་ཟླ་ར་བའི་ཚེས་བཅུའི་དུས་རྩང་གི་ཐང་འབེ་གནས་སུ་ཕེབས་པས། ཀླུ་སོག་མ་མེ་ལེན་དང་། རྡོ་རིང་དམར་པོའི་གྲི་བཙན་གཉིས་ཀྱིས་རང་གཟུགས་བསྟན་ནས་སྨན་སྒྲུབ་ཀྱི་ཆར་ཕབ། སྐུ་རྟེན་དང་། གཡུའི་མེ་ལོང་། ཤོག་དྲིལ་མཐིང་ག་ཞིག་བཅས་ཕུལ། སྨིན་དྲུག་ཟླ་བའི་ཚེས་ཉེར་ལྔ་ལ་ཏཱ་རེའི་གནས་ཀྱི་གུ་རུའི་བཞུགས་ཁྲིའི་དྲུང་ནས་དྲང་སྲོང་སྨུག་ནག་འོད་འཕྲོའི་སྒྲུབ་ཐབས་དང་། གཏེར་སྒྲོམ། དམ་རྫས་སོགས་ཁྲོམ་གཏེར་དུ་བཞེས་ནས་མདོ་མང་གཏེར་ཆེན་རྡོ་རྗེ་བདེ་ཆེན་གླིང་པ་དང་། སློབ་བུ་རིག་གྲོལ་སོགས་ལ་གཏད། དེ་ནས་དབྱར་མཇུག་གི་དུས་གཡུ་སྨད་ཀྱི་གཞི་བདག་སྐུ་བླ་ར་ཁང་སོགས་སྡེ་བརྒྱད་འགའ་གདན་འདྲེན་དུ་བྱུང་བ་ལྟར། རྒྱལ་རོང་འོ་བཟི་ཕྱོགས་སུ་ཕེབས་ནས་མི་དང་མི་མིན་དུ་མ་ཆོས་ཀྱི་གདམས་པས་འཕྲལ་ཕུག་གི་བདེ་བ་ལ་བཀོད། དགུང་གྲངས་སོ་བདུན་པར་གནས་ལུང་གཞི་བདག་གིས་ཞལ་གཟིགས་ནས་གནས་ལུང་གི་གནས་ཡིག་དང་ལུང་བསྟན་ཤོག་དྲིལ་གཏད། གར་མཁན་ཟླ་བའི་ནང་སྤྱན་རས་གཟིགས་དམར་པོས་ཞལ་གཟིགས། གཡུ་དགོན་དུ་ཟབ་ཆོས་དུ་མ་དང་། ཁྱད་པར་རིག་འཛིན་འཇའ་ཚོན་པའི་གཏེར་ཆོས་ཀྱི་དབང་ལུང་འབུལ་སྐབས་འཇའ་ཚོན་སྙིང་པོས་ཞལ་གཟིགས་པ་དང་། སྔོན་འཇའ་ཚོན་པའི་སློབ་བུ་པདྨ་བསྟན་འཛིན་ཡིན་དུས་ཀྱི་སྔོན་གནས་རྗེས་དྲན་དུ་མ་བྱུང་། དགུང་གྲངས་སོ་བརྒྱད་ཀྱི་དུས་བཞག་བྲ་ལྷ་རྩེས་རང་གཟུགས་བསྟན་ནས་ལུང་བསྟན་པ་ལྟར་མི་ཉག་ཕྱོགས་སུ་ཕེབས་ནས་ཡུལ་གྲུ་འགར་ཆོས་སྦྱིན་དང་། ལྷ་སྒང་གི་གནས་ཡིག་ཕབ། གྲུབ་ཆེན་དགོན་དུ་རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི་མ་ལས་དམ་ཆོས་བདེ་ཆེན་ལམ་མཆོག་གི་དབང་ལུང་གསན། དགུང་གྲངས་བཞི་བཅུ་པར་ཁྲོ་སྐྱབས་གཟིག་རི་དགོན་དང་། ཕུ་དུམ་དགོན། རྒྱལ་མོ་དམུ་རྡོ། རྡོ་ཁོག སྨུག་རོང་སོགས་སུ་ཕེབས་ནས་འདུས་པའི་སྡེ་ཆེན་པོར་དམ་ཆོས་བདེ་ཆེན་ལམ་མཆོག གཏེར་གསར་གྱི་དབང་ལུང་སོགས་གསུངས་ཏེ་གདུལ་བྱ་མང་པོ་སྨིན་གྲོལ་ལ་བཀོད། ཝ་ཀོ་སིདྡྷི་དགོན་དང་། རོང་མེས་འབྲུ་སྨིན་དགོན། ཆུ་དབར་ཏཱ་རེ་མདོ་སྔགས་བཤད་སྒྲུབ་གླིང་བཅས་རྟེན་བརྟེན་པར་བཅས་པ་གསར་བཞེངས་མཛད། ཕུ་དུམ་དགོན་སོགས་ཀྱི་བསྟན་པའི་བདག་པོར་གྱུར། རི་བྲོ་སྤོས་གྱི་གླང་པོའི་རི་ཁྲོད་གསར་དུ་བཏབ་ནས་དོན་གཉེར་ཅན་དུ་མར་གཏེར་གསར་ཡོངས་རྫོགས་ཀྱི་དབང་ལུང་གིས་མཚོན་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར། སྐབས་དེ་དག་ཏུ་གཞི་བདག་དུ་མས་བསུ་མ་བྱས་པ། སྒྲུབ་གནས་དུ་མར་སྒྲུབ་པ་ཉམས་བཞེས་མཛད་པ། ལྷ་དང་བླ་མའི་ཞལ་མཇལ་བ་དང་། གཏེར་སྣ་ཚོགས་བཞེས་པ། ལུང་བསྟན་སྣ་ཚོགས་བྱུང་བ། རྫུ་འཕྲུལ་ཡ་མ་ཟུང་བསྟན་པ་སོགས་ནི་བགྲང་གིས་མི་ལང་། སྔ་ཕྱིར་གདུང་སྲས་གསུམ་བྱོན་པ་ནི་སྲས་ཆེ་བ་གྲུབ་བརྙེས་དམ་པ་ཧོར་ཨོ་རྒྱན་དང་། འབྲིང་བ་འཁོར་གདོང་གཏེར་ཆེན་གྱི་ཡང་སྲིད་གཡུ་སྤྲུལ་སྐལ་ལྡན་གླིང་པ། ཆུང་བ་མཁར་བ་ཡེ་ཤེས་རྡོ་རྗེའི་ཡང་སྲིད་འཁོར་གདོང་པདྨ་བཛྲ་དང་གསུམ་ཡིན། དགུང་གྲངས་ཞེ་གཉིས་སྐབས་ཀ་ཀོང་དུ་ཕེབས་ནས་རྡོ་རྗེ་ཕུར་པའི་ཚོགས་འཁོར་བསྐོར་སྐབས། བཀའ་ཐང་དང་། ཟབ་གཏེར་གྱི་ཤོག་དྲིལ་བརྒྱད། ཡིད་བཞིན་ནོར་བུ་སྦྲུལ་གྱི་སྒོ་ང་ཙམ་དང་། སྒྲོམ་བུ་སྨུག་པོ། སྨན་སྒྲུབ་སོགས་ཁྲོམ་གཏེར་དུ་བཞེས། སྤ་གྱོའི་མཚོ་ནང་དུ་གུ་རུ་ཡབ་ཡུམ་གྱི་ཞབས་རྗེས་ཡོད་པ་ཀུན་ལ་མཇལ་ཁ་བསྟན། སོ་མང་དུ་གཡུ་ཁོག་རྒྱ་སྤྲུལ་པའི་ཡང་སྲིད་ལུང་རྟོགས་བསྟན་པའི་དབང་ཕྱུག་གམ་ཡོངས་གྲགས་ཝ་གོ་རྒྱ་སྤྲུལ་དུ་འབོད་པ་སྐུ་འཁྲུངས་བ་ཝ་གོ་དགོན་དུ་གདན་དྲངས། ངོས་འཛིན་ཁྲི་སྟོན་མཛད། དགུང་གྲངས་ཞེ་བཞི་བཞེས་སྐབས་སྐུ་བསྙུན་ཚུལ་བསྟན། དུད་སོལ་མའི་བརྡ་ལུང་ལྟར་སྒོ་ཆ་རི་ཁྲོད་ལ་ཕེབས་ཏེ་འཁོར་གདོང་བླ་མ་མགོན་དབང་དང་། གཡུ་སྲས་ནམ་མཁའ་དཔལ་ཆེན། སློབ་བུ་རིག་གྲོལ་སོགས་ལ་ལུགས་གཉིས་ཀྱི་བསླབ་བྱ་མང་དུ་གསུངས། སྨིན་དྲུག་ཟླ་བའི་ཚེས་བདུན་གྱི་དགུང་མོ་བླ་མ་མགོན་དབང་ལ་གསང་བའི་ཞལ་ཆེམས་བཞག་སྟེ་འཕོ་བ་གསུང་དུ་བཅུག ཚེས་བརྒྱད་ཀྱི་སྐྱ་རེངས་དང་པོ་ཤར་བ་ན་སྐུ་དྲང་སྲོང་ཙོག་པུའི་བཞུགས་སྟངས་བྱས་ཏེ་དགོངས་པ་དབྱིངས་སུ་བསྡུས། དེ་ཚེ་མཁའ་ལ་འཇའ་འོད་འཁྲིགས་ཤིང་། སྒྲ་ཆེན་པོ་འུར་བ་སོགས་རྒྱུད་ལས་གསུངས་པའི་རྟགས་རྣམས་བྱུང་བ་དང་། ཞག་གསུམ་སོང་སྐབས་གདུང་ཁྲུ་གང་ཙམ་མཁའ་ལ་འཕགས་ནས་གདུང་ཞབས་ཀྱི་འབོལ་སྟན་ལ་རེག་མེད་པ་སོགས་ངོ་མཚར་བའི་ལྟས་མང་དུ་བྱུང་། སྐུ་གདུང་ཞུགས་ལ་ཕུལ་ཚེ་དུད་པ་དཀར་པོ་དུང་དང་བུམ་པ་སོགས་ཀྱི་དབྱིབས་ལྟ་བུ་ཤར་ཕྱོགས་སུ་དལ་བར་འགྲོ་བ་དང་རྗེས་སུ་འབྲེལ་བར་མེ་ལྕེ་ཁ་ཏོག་ལྔ་ལྡན་འཇའ་ཚོན་ལྟ་བུ་དམ་དུམ་དུ་འཕྲོས་པ་དང་། དབྱིངས་ཀྱི་ཡུམ་ཆེན་ལྔ་མིའི་སྣང་ངོར་བྱ་རྒོད་ཐང་དཀར་ལྔའི་གཟུགས་སུ་བསྒྱུར་ནས་ལྡིང་སྐོར་བྱས་པ་སོགས་རྨད་དུ་བྱུང་བའི་རྟགས་མཚན་མང་དུ་བྱུང་། དེ་ནས་བུ་སློབ་རྣམས་ཀྱིས་དགོངས་རྫོགས་རྒྱ་ཆེན་བགྱིས་ཤིང་། ཞལ་ཆེམས་ལྟར་ཆུ་བོ་མྱོང་གྲོལ་དང་། ཀླུ་རྣམས་ལ་ཕན་གདག་པའི་ཕྱིར་སྐུ་གདུང་སཙྪ་རྣམས་ཤེལ་ཆུའི་ཀླུང་དུ་གཤེགས་གསོལ་བྱེད་པའི་ཚེ། ཆུ་བོའི་དབུས་སུ་འཇའ་གུར་གྱི་ཀློང་དུ་སཙྪ་རྣམས་མགོ་མཇུག་མ་ལོག་པར་ཀླུ་ཡུལ་དུ་གདན་དྲངས་པ་མི་ཀུན་གྱིས་མཐོང་བ་སོགས་ངོ་མཚར་བའི་རྟགས་མཚན་དུ་མ་ཀུན་གྱི་མཐོང་ཆོས་སུ་གྱུར་ཏོ། །ཁོང་གི་ཞལ་སློབ་ནི་གཡུ་ཁོག་བྱ་བྲལ་ཆོས་དབྱིངས་རང་གྲོལ། སྒོ་སྤེས་མཚོ་རྒྱལ། འཇིགས་མེད་ཚུལ་ཁྲིམས། ལུང་རྟོགས་བསྟན་འཛིན། མདོ་མང་གཏེར་ཆེན་གར་གྱི་དབང་ཕྱུག ཀློང་ཆེན་འོད་གསལ་རྡོ་རྗེ། དབོན་པོ་ཡེ་ཤེས་འོད་ཟེར། དབང་ཆེན་སྔགས་བདག་གླིང་པ། སྒོ་འཛི་བླ་མ་རིག་གྲོལ། གཡུ་ཁོག་རྒྱ་སྤྲུལ་གཉིས་པ་ལུང་རྟོགས་བསྟན་པའི་དབང་ཕྱུག ཕུ་དུམ་བླ་མ་དཀོན་མཆོག རས་པ་ཀླུ་སྐྱབས། གཡུ་དཔོན་ལྷ་སྲས་ནམ་མཁའ་དཔལ་ཆེན་སོགས་བྱོན། །གཏེར་ཆོས་ཀྱི་སྐོར་ལ་རྫོགས་ཆེན་མན་ངག་ཉི་མ་སྤྲིན་བྲལ། སྒྲུབ་ཐབས། ལུང་བསྟན། གནས་བསྟོད་སོགས་གཙོ་བོ་དགོངས་གཏེར་དང་། ས་གཏེར་གྱི་སྐོར་སོགས་གླེགས་བམ་དུ་མ་ཞིག་བཞུགས་པ་ལས། རས་པ་གསལ་སྟོབས་ཀྱི་གསན་ཡིག་ཏུ་འཁོད་པ་ལྟར་ན་དུས་འགྱུར་སྐབས་ཆོས་ཚན་སུམ་ཅུ་ལྷག་ཞིག་གཏོར་བརླག་ཐེབས་ནས་མི་མངོན་པའི་དབྱིངས་སུ་ཐིམ་སོང་འདུག དེང་སྐབས་མཇལ་དུ་ཡོད་པ་ནི་རྒྱལ་སྲིད་རིན་པོ་སྣ་བདུན་གྱི་གྲངས་ལྡན་གྱི་གླེགས་བམ་འདི་དག་གོ།།

གཏེར་ཆོས་གླེགས་བམ་རྣམས་ཀྱི་བཞུགས་བྱང་དཀར་ཆག་དངོས་འགོད་པ།

༈ གཉིས་པ་བཞུགས་བྱང་དཀར་ཆག་དངོས་ལ། གླེགས་བམ་དང་པོར། ཨོ་རྒྱན་ཆེན་པོའི་རྣམ་ཐར་བསྡུས་པ་ངོ་མཚར་སྤྲིན་གྱི་རོལ་མོ། གུ་རུའི་སྒྲུབ་ཐབས་བྱིན་རླབས་ཆར་འབེབས། བྱིན་འབེབས་ཀུན་བཟང་སྤྲིན་གྱི་རོལ་མོ་བྱིན་རླབས་བདུད་རྩིའི་ཟེགས་མ། བླ་སྒྲུབ་ཚོགས་མཆོད་སྤྲིན་རོལ། བླ་སྒྲུབ་རིན་ཆེན་གཏེར་མཛོད། རིག་འཛིན་བླ་མའི་བསྐང་བསྡུས་ཀུན་བཟང་སྤྲིན་ཕུང་། གུ་རུ་མཚན་བརྒྱད་ཀྱི་གསོལ་འདེབས་ཡེ་ཤེས་མངོན་གྱུར་ཚངས་པའི་གླུ་དབྱངས། ཨོ་རྒྱན་མཚན་བརྒྱད་སྒྲུབ་པ་པདྨ་འོད་ཀྱི་དྲྭ་བ། སྐྱབས་སེམས་མཎྜལ་ལྡེབ་ཤར། གུ་རུ་བདེ་བ་ཆེན་པོའི་རྒྱུན་ཁྱེར། བླ་སྒྲུབ་ཚོགས་མཆོད་བསོད་ནམས་རྒྱ་མཚོ། བླ་སྒྲུབ་ཚོགས་མཆོད་བསོད་ནམས་རྒྱ་མཚོ་རས་པ་གསལ་སྟོང་གིས་ཆོག་བསྒྲིགས་མཛད་པ། རྡོ་རྗེ་གླུའི་མཆོད་པ། བླ་སྒྲུབ་དབང་གི་མཚམས་སྦྱོར་བྱིན་རླབས་མྱུར་སྩོལ་དྷེ་ཝ་བཛྲ་གྱིས་བསྒྲིགས་པ། ཡང་དག་དོན་གྱི་དབང་མཆོག གུ་དྲག་གསོལ་འདེབས་རྒྱལ་གདོན་མཐར་བསྐྲད། རཀྴ་ཐོད་ཕྲེང་གསོལ་འདེབས། གསོལ་འདེབས་དུས་མིན་འཆི་བའི་འཇིགས་སྐྱོབ་བར་ཆད་རང་གྲོལ། འཇིགས་བརྒྱད་ཞི་བའི་གསོལ་འདེབས་ཀྱི་ཆ་ལག་འཇིགས་སྐྱོབ་གོ་ཆ་མི་ཤིགས་རྡོ་རྗེ། བཀའ་རྟགས་ཁྲོ་རྒྱལ་ཁྲོས་པའི་རྔམ་སྒྲ་ལོག་འདྲེན་ཀླད་འགེམ། སྐྱབས་སེམས་མཎྜལ་འབུལ་བ། པཎ་ཆེན་བཻ་རོ་ཙ་ནའི་བླ་སྒྲུབ་དངོས་གྲུབ་འདོད་པ་འཇོ་བའི་དགའ་སྟོན། བཻ་རོའི་བླ་སྒྲུབ་ཀྱི་ཚོགས། བཻ་རོའི་བླ་སྒྲུབ་ཀྱི་ལྷན་ཐབས། ཐང་རྒྱལ་ཚེ་སྒྲུབ་འཆི་མེད་རྡོ་རྗེའི་ཀ་བ། རྗེ་བཙུན་མི་ལའི་བླ་མའི་རྣལ་འབྱོར་དངོས་གྲུབ་འདོད་པ་འཇོ་བའི་གཏེར། རྗེ་བཙུན་བླ་མ་ཞབས་དཀར་བའི་བླ་སྒྲུབ་བྱིན་རླབས་བདུད་རྩིའི་བུམ་པ། སངས་རྒྱས་སྨན་བླའི་སྒྲུབ་ཐབས་ཀྱི་གསོལ་འདེབས་དྲང་སྲོང་བདེན་ཚིག སངས་རྒྱས་སྨན་བླའི་སྒྲུབ་ཐབས་ནད་གདོན་མཐར་བྱེད། སྨན་གྱི་ལྷ་མོའི་གཏོར་འབུལ་བསྡུས་པ་ནད་འཇོམས་བདུད་རྩིའི་ཁྲུས་བུམ། སྨན་བླའི་མཆོད་ཕྲེང་མཇུག་ཆོག སྨན་བླ་བདེ་གཤེགས་མཆེད་བརྒྱད་སྨོན་ལམ། གཏེར་གསར་སྨན་བླའི་དབང་གི་ལོ་རྒྱུས་སྐལ་ལྡན་ཡིད་ཀྱི་དགའ་སྟོན་ནགས་རྟ་མདོ་སྡེས་མཛད་པ། སངས་རྒྱས་སྨན་བླའི་རྗེས་གནང་གི་ཆོ་ག སྨན་གཟུངས་ལྡེབ་ཤར། མན་ངག་གནད་ཀྱི་ལས་ཚོགས་བཅས། ཁྱོན་ཆོས་ཚན་སུམ་ཅུ་སོ་ལྔ་བཞུགས།

༈ གླེགས་བམ་གཉིས་པ་ལ། རྒྱལ་བ་འོད་མཚན་སྟོང་འབར་གྱི་གསོལ་འདེབས་ཐུགས་རྗེའི་ལྕགས་ཀྱུ། རྒྱལ་བ་འོད་མཚན་སྟོང་འབར་གྱི་སྒྲུབ་ཐབས་བདེ་ཆེན་ལམ་བགྲོད། རྒྱལ་བ་འོད་མཚན་སྟོང་འབར་གྱི་སྒྲུབ་ཐབས་བདེ་ཆེན་རྒྱལ་པོ། འོད་དཔག་མེད་ཀྱི་གཟུངས་རིང་ལྡེབ་ཤར། རྣམ་རྒྱལ་བུམ་པ་དགོས་འདོད་ཀུན་འབྱུང་། བཀའ་ཡི་སྲུང་མ་ཞིང་སྐྱོང་གི་གསོལ་མཆོད་ལོག་འདྲེན་མཐར་བྱེད། རྒྱལ་བ་འོད་མཚན་སྟོང་འབར་གྱི་ཚོགས་ཀྱི་ལས་རིམ། རྒྱལ་བ་འོད་མཚན་སྟོང་འབར་གྱི་བསྐང་བ་ཀུན་བཟང་སྤྲིན་གྱི་རོལ་མོ། དབང་གི་མཚམས་སྦྱོར་རས་པ་གསལ་སྟོབས་ཀྱིས་མཛད་པ། སྐྱབས་སེམས་ཡན་ལག་བདུན་གྱི་ལྡེབ་ཤར། དབང་གི་ཆས་གཞུག རྒྱལ་བ་འོད་མཚན་སྟོང་འབར་གྱི་ལྷ་དབང་ཐོས་པ་རང་གྲོལ་སངས་རྒྱས་སྟོང་དབང་བསྡུས་པ་དང་བཅས་པ། མཐའ་བརྟེན་བསྡུས་པ། ཚེ་སྒྲུབ་བཛྲ་བདུན་ལྡན། ཚེ་འགུགས་འཆི་མེད་ཡེ་ཤེས། ཚེ་འགུགས་འཆི་མེད་ཡེ་ཤེས་རས་པ་གསལ་སྟོབས་ཀྱིས་རྒྱས་པར་བཀྲལ་བ། རྒྱལ་བ་འོད་མཚན་སྟོང་འབར་གྱི་ཆ་ལག་ཚེ་དབང་གི་མཚམས་སྦྱོར་དྭངས་མ་བཅུད་འདྲེན་དྷེ་ཝ་བཛྲ་གྱིས་བསྒྲིགས་པ། ཚེ་སྒྲུབ་བཛྲ་བདུན་ལྡན་གྱི་ཚེ་དབང་རྡོ་རྗེའི་རྫོང་མཁར། རྒྱལ་བ་འོད་མཚན་སྟོང་འབར་གྱི་ཁྲུས་ཆོག་རིན་ཆེན་ཀེ་ལ་ཤ་ཡི་བུམ་པ། འདོད་ཡོན་ལྡེབ་ཤར། མར་མེ་འབུལ་བའི་སྨོན་ལམ། འཕོ་བའི་མཚམས་སྦྱོར་ཨུཏྤལ་འདབ་རྒྱས། མ་བསྒོམ་འཕོ་བའི་གདམས་པ་སངས་རྒྱས་ལག་འཆང་། འཕོ་བ་ཡེ་ཤེས་སྒོ་འབྱེད་རིག་འཛིན་རྡོ་རྗེ་གྲོ་ལོད་ཀྱི་གཏེར་ཁ། བླ་མའི་ཐུགས་རྒྱུད་བསྐུལ་ཞིང་སྒོ་གསུམ་རྡོ་རྗེའི་གྲོང་དུ་འཕོ་བ། འབྲི་གུང་ཆོས་ཀྱི་གྲགས་པའི་འཕོ་བ་འཇའ་ཟུག་མ་འདོན་འགྲིགས། བླ་བརྒྱུད་གསོལ་འདེབས། རྡོ་རྗེ་སེམས་དཔའི་སྒོམ་བཟླས་སྒྲིབ་གཉིས་སྦུར་ལེན། བཤགས་པའི་རྒྱལ་པོ་སྦྱོང་བའི་ཐབས། འཇམ་དབྱངས་དཀར་པོའི་སྒྲུབ་ཐབས་མུན་སེལ་སུརྱ། འཇམ་དབྱངས་དམར་པོའི་སྒྲུབ་ཐབས་རྨོངས་པའི་མུན་སེལ། །སྐུ་གསུང་ཐུགས་བཟོ་སྤུས་ལེགས་པའི་གསོལ་འདེབས་ལེགས་པ་དོན་ལྡན། འཇམ་དཔལ་ནག་པོའི་སྒྲུབ་ཐབས་ཤེས་རབ་སྣ་ཚོགས། འཇམ་པའི་དབྱངས་ཀྱི་གསོལ་འདེབས་དྲི་མེད་བློ་གྲོས། འཇམ་དབྱངས་ཀྱི་བསྟོད་སྒྲུབ་ཤེས་རབ་སྒོ་འབྱེད་མུན་སེལ་ཉི་མ། འཇམ་དཔལ་ཚོགས་མཆོད་རྟེན་འབྱུང་བསླུ་མེད་ཤེས་རབ་རྣམ་གྲོལ། འཇམ་དབྱངས་གསོལ་འདེབས་ཚིགས་བཅད་གཅིག་པ། འཕགས་པའི་གསོལ་འདེབས་ཐུགས་རྗེ་རྒྱུད་བསྐུལ་བྱིན་རླབས་ཆར་རྒྱུན། འཕགས་པའི་སྒྲུབ་ཐབས་བསོད་ནམས་ཚོགས་ཆེན། འཕགས་པའི་གབ་ཐིག་དོན་ཞགས། བྱིན་འབེབས་ཀུན་བཟང་སྤྲིན་གྱི་རོལ་མོ་བྱིན་རླབས་བདུད་རྩིའི་ཟེགས་མ། ཐུགས་ཆེན་ཟླ་གཞོན་སྤྲིན་བྲལ་གྱི་བསྐང་བསྡུས་སྙིང་པོའི་བཅུད་དྲིལ། པདྨ་དབང་ཆེན་གྱི་གསོལ་འདེབས་མེ་ན་ཀའི་ཟུར་མིག་སྐྱེ་བོའི་ཡིད་དབང་འགུགས་མཛད། པདྨ་དབང་ཆེན་སྒྲུབ་པའི་མཚམས་ལྷ་བསྐྱེད་པ་སོགས་ཁ་སྐོང་ལྷན་ཐབས། པདྨ་དབང་ཆེན་སྒྲུབ་པའི་ལས་བྱང་བསྡུས་པ་བིནྡྷུ་ཀ་ཡི་ཞགས་པ། པདྨ་དབང་ཆེན་སྒྲུབ་པའི་རྗེས་ཀྱི་ལས་རིམ་ཁ་སྐོང་། པདྨ་དབང་ཆེན་སྒྲུབ་པའི་ལས་བྱང་བསྡུས་པ་བིནྡུ་ཀ་ཡི་ཞགས་པ་རས་པ་གསལ་སྟོང་གིས་ཁ་བསྐང་བ། ཕུར་བ་གསང་བ་སྤུ་གྲིའི་བརྒྱུད་འདེབས། ཕུར་པའི་གསོལ་འདེབས་བར་ཆད་དབྱིངས་གྲོལ། རྡོ་རྗེ་ཕུར་པའི་ཡང་བཅུད་དམ་སྲི་མཐར་བྱེད། རྡོ་རྗེ་ཕུར་པའི་ཚོགས་མཆོད་བསོད་ནམས་རྒྱ་མཚོའི་འཇུག་ངོགས། འགུགས་པ་དང་འགུགས་ཐུང་བཅས། ཁྱོན་ཆོས་ཚན་ལྔ་བཅུ་ང་གསུམ་བཞུགས།

༈ གླེགས་བམ་གསུམ་པ་ལ། སྒྲོལ་མའི་གསོལ་འདེབས་འཇིགས་བརྒྱད་གཡུལ་འཇོམས། སྒྲོལ་མའི་གསོལ་འདེབས་དུས་ངན་འཇིགས་སྐྱོབ་རྡོ་རྗེའི་གོ་ཆ། སྒྲོལ་མའི་སྐྱབས་ཡུལ་གསལ་གདབ། སྒྲོལ་མའི་གཏོར་འབུལ་དང་ཡན་ལག་བདུན་པ། རྗེ་བཙུན་སྒྲོལ་མའི་ལས་བྱང་བསྡུས་པ་ཡིད་བཞིན་དབང་སྔོན་རྒྱལ་པོ། དགོངས་གཏེར་སྒྲོལ་མའི་གབ་ཐིག་རྒྱུད་དང་ཞལ་ཤེས་ཀྱི་ཆོག་བསྒྲིགས་འདོན་བདེར་བཀོད་པ། རྗེ་བཙུན་ཏཱ་རེའི་ཚོགས་མཆོད་བསོད་ནམས་རྒྱ་མཚོའི་འཇུག་ངོགས། རྗེ་བཙུན་མའི་བསྐང་བ་མཁའ་དབྱིངས་སྤྲིན་གྱི་རོལ་མོ། རྗེ་བཙུན་སྒྲོལ་མའི་བཞེངས་བསྐུལ། མཚོ་རྒྱལ་གསོལ་འདེབས་བྱིན་རླབས་སྒོ་འབྱེད། མཁའ་འགྲོའི་གསོལ་འདེབས་དངོས་གྲུབ་ཆར་འབེབས། སྒྲོལ་མ་གཙུག་ཏོར་རྒྱལ་མོའི་ལས་བྱང་ཚེ་ཡི་བུམ་བཅུད། སྒྲོལ་མ་གཙུག་ཏོར་ལྷ་མོའི་ཚེ་འགུགས་གཡང་ཞགས་འཁྱིལ་བ། ཡང་གསང་རྡོ་རྗེའི་ཚིག་རྐང་འདི་ཕག་མོ་དམར་མོའི་སྒྲུབ་ཐབས་ཤིག་ཏུ་འདུག་པས་མཚན་བྱང་ནོར་མིན་དཔྱད། འོད་ཟེར་ཅན་མའི་སྒོམ་བཟླས། འོད་ཟེར་ཅན་མའི་མན་ངག རིག་བྱེད་ལྷ་མོའི་གསོལ་འདེབས་སྦུར་ལེན་སྙིང་པོ། ཀུ་རུ་ཀུལླེའི་སྒྲུབ་པ་འགྲོ་ཀུན་ཡིད་འགུགས་འཆིང་བྱེད་ཞགས་པ། ཀུ་རུ་ཀུལླེའི་སྒྲུབ་པའི་རྗེས་ཀྱི་ལས་རིམ། རིགས་ལྡན་ལྷ་མོ་མནྡ་ར་བ་སྒྲུབ་པའི་བསྡུས་དོན། སྒྲོལ་མ་འཇིགས་ཚོགས་རང་གྲོལ། སྒྲོལ་མ་འཇིགས་ཚོགས་རང་གྲོལ་གྱི་འགྲེལ་པ་འཇམ་དབྱངས་དགོངས་རྒྱན་དྷརྨ་ཀིརྟིས་མཛད་པ། སྒྲོལ་མ་འཇིགས་ཚོགས་རང་གྲོལ་གྱི་འགྲེལ་བའི་ས་བཅད་ཆ་མདའ་རབ་བློས་མཛད་པ། འགོང་བཀར་རྒབ་འདྲེ་མཐའ་བསྐྲད། ཨོ་རྒྱན་མཁའ་འགྲོའི་སྒྲུབ་ཐབས་འདོད་འབྱུང་གཏེར་བུམ། ཨོ་རྒྱན་མཁའ་འགྲོ་ནོར་ལྷའི་ཐུགས་སྒྲུབ་ཆ་ལག་གཏེར་བུམ་སྦ་ཐབས་བང་མཛོད་ལྡེའུ་མིག གཏེར་སྲུང་ནོར་བདག་ཡེ་ཤེས་གྲགས་ཀྱི་སྒྲུབ་པའི་སྙིང་པོ་སྦུར་ལེན། གནོད་སྦྱིན་ཛཾ་ནག་སྒྲུབ་ཐབས་རིན་ཆེན་ཡིད་བཞིན་བསམ་འཕེལ། གནོད་སྦྱིན་ཛཾ་ལྷའི་གསོལ་བསྡུས་རིན་ཆེན་དབང་སྔོན། བཟའ་བཏུང་མཆོད་པ་ཀུན་བཟང་མཆོད་སྤྲིན་ཚོགས་གཉིས་རྒྱ་མཚོ། ཕྱིར་བཟློག་ཡང་སྙིང་མན་ངག མི་ཕྱུགས་གང་ལ་ཡང་རིམས་ནད་དང་གཅན་གཟན་ལྷོག་པ་བསྲུང་བའི་སྔགས། ལྷོག་པ་སྲུང་བའི་མན་ངག སྡེ་བརྒྱད་སྤྱི་མདོས་ཁེང་ལོག་གི་བཅོས་ཐབས་དཀར་པོ་གཅིག་ཐུབ། མདོས་བསྐྱེད་དང་འགུགས་པ། ཤིང་རིས་འདོད་གསོལ། སྲིད་པའི་གོད་ཁའི་བཤོལ་མདོས་ནད་གདོན་མཐར་བྱེད། སྣང་སྲིད་ལྷ་འདྲེའི་གླུད་རྫོངས། དཔེའུ་རིས། བསིལ་གཏོར་གངྒཱའི་རྒྱུན་བཟང་ཕན་བདེའི་རྫིང་བུ། བཀའ་འདུས་ཆོས་ཀྱི་རྒྱ་མཚོ་དང་ཡང་གསང་ཌཱཀྐིའི་སྙིང་ཐིག་གི་ཐོབ་ཡིག་དྲན་པའི་ཡིད་གསོ་ཨུཏྤལ་མགུལ་རྒྱན་རས་པ་གསལ་སྟོབས་ཀྱིས་མཛད་པ། རྒྱ་སྤྲུལ་ཚེ་སྒྲུབ་འཆི་མེད་བདེ་སྟེར་གྱི་ལོ་རྒྱུས་སམ་ཆོས་བཤད་བསྡུས་པ། རྒྱ་སྤྲུལ་ཚེ་སྒྲུབ་འཆི་མེད་བདེ་སྟེར་གྱི་མཚམས་སྦྱོར་བུང་བའི་བཅུད་སྡུད། རྒྱ་སྤྲུལ་མཎྜལ་བཞི་བའི་ཆོ་ག་འཇིགས་པ་ཀུན་སྐྱོབ་ཀྱི་འདོན་འགྲིགས། རྒྱ་སྤྲུལ་རིག་བྱེད་མའི་སྨན་མཆོད་ལྡེབ་ཤར། རྒྱ་སྤྲུལ་འོད་ཟེར་ཅན་མའི་འགུག་པ་བཅས། ཁྱོན་ཆོས་ཚན་བཞི་བཅུ་ཞེ་དྲུག་བཞུགས།

༈ གླེགས་བམ་བཞི་པ་ལ། གཅོད་ཀྱི་ལས་ཚོགས་དམིགས་རིམ་སྐོར་གསུམ། ལུས་སྦྱིན་ཡེ་ཤེས་མངོན་གྱུར་པདྨ་དྲག་རྩལ་གླིང་པས་མཛད་པ། གཅོད་ཀྱི་མན་ངག་གཅིག་ཆོག་ཟབ་མོ། འགྱེད་བཞི། ཟབ་མོ་གཅོད་ཀྱི་གདམས་པ་གདན་ཐོག་གཅིག་ཏུ་ཉམས་སུ་ལེན་ཚུལ་ཤེར་ཕྱིན་དགོངས་པའི་ཆུན་འཕྱངས། རིགས་བཞིའི་འགྲེས་བྱང་བསྡུས་པ། གཉན་སའི་དམིགས་རིམ་མདོར་བསྡུས་གསལ་བའི་མེ་ལོང་བདུད་འཇོམས་གསུང་། ཕུང་པོའི་མཆོད་སྦྱིན་ཚོགས་གཉིས་བང་མཛོད། གསོལ་འདེབས་དད་པའི་འཇུག་ངོགས་རྟོག་ཚོགས་རང་གྲོལ། གཅོད་ཀྱི་གནད་དོན་བསྡུས་པ་ཕུང་པོ་ཟན་བསྒྱུར། དམར་འགྱེད་སོགས། ལུས་སྦྱིན་བསྡུས་པ། རྒྱུ་ལུས་མཆོད་སྦྱིན་ཚོགས་གཉིས་གཏེར་བུམ་རྒྱ་སྤྲུལ་གསུང་། གཏོར་ཟོར་རེག་པ་ཚར་གཅོད་སྤུ་གྲིའི་འཁོར་ལོ། མཁའ་འགྲོའི་བྲོ་བརྡུང་གདུག་པ་དམ་མནན། ཕུང་པོའི་མཆོད་སྦྱིན་ཚོགས་གཉིས་རྒྱ་མཚོ། གཡང་གཞི་བརྡབ་ཆོག་ནད་གདོན་མཐར་བྱེད། གཅོད་ཡུལ་མཁའ་འགྲོའི་ཞལ་ལུང་གི་གསོལ་འདེབས་བྱིན་རླབས་སྤྲིན་ཕུང་རྒྱ་སྤྲུལ་གསུང་། སྔོན་དུ་འགྲོ་བའི་ལས་རིམ་རས་པ་གསལ་སྟོབས་ཀྱིས་མཛད་པ། ཡན་ལག་བདུན་པ་དང་མཆོད་རྫས་བྱིན་རླབས་ལྡེབ་ཤར། མཁའ་འགྲོ་སྡེ་ལྔའི་ལས་བྱང་དངོས་གྲུབ་ཆར་འབེབས་རྒྱ་སྤྲུལ་གསུང་། ཚོགས་མཆོད་བསོད་ནམས་མྱུ་གུ་རྒྱ་སྤྲུལ་གསུང་། བྲོ་བརྡུང་ལྡེབ་ཤར། བསྐང་བ་ནོར་བུའི་ཕྲེང་མཛེས་རྒྱ་སྤྲུལ་གསུང་། གཅོད་ཀྱི་བརྒྱུད་རིམ་ཁ་སྐོང་བསྐང་བ་པདྨ་ཤེས་རབ་རྡོ་རྗེས་མཛད་པ། བཀའ་བསྲུང་གཟའ་བཙན་ཀླུའི་མཆོད་ཕྲིན་རབ་འབྱམས་རྒྱ་མཚོ། བཀའ་བསྲུང་དྲག་པོ་མཆེད་གསུམ་གྱི་གསོལ་བསྡུས་བསྟན་དགྲ་འཇོམས་བྱེད། གཅོད་ཀྱི་གཤེད་འདུལ་གདུག་པ་དམ་འདོགས་ཟ་འདྲེ་ཁ་ཕྲོལ་རས་པ་གསལ་སྟོབས་ཀྱིས་བྲིས་པ། འགུགས་པ་ཆེ་ཆུང་དང་འགུགས་སྔགས། མ་ཅིག་མཁའ་འགྲོའི་དམག་ཚོགས་དགྲ་ལ་རྦད་པ། འདུལ་རྒྱབ་བསྡུས་པ། མཁའ་འགྲོ་འབུམ་བསྐུལ་བསྡུས་པ། ཚེ་འདས་གཤེད་དང་བྲལ་ནས་རིགས་དྲུག་གི་སྡུག་བསྔལ་ལས་ཐར་ཏེ་བདེ་ཆེན་དུ་བགྲོད་པའི་ཆོ་ག་གནས་འདྲེན། འདོད་ཡོན་བསྔོ་བ་ཆགས་མེད་གར་གཅོད་ལས་བཏུས་པ། གཅོད་དབང་ཆུ་བོ་གཅིག་འདྲེས་ཀྱི་ལོ་རྒྱུས། གཅོད་དབང་ཆུ་བོ་གཅིག་འདྲེས། ཟབ་དོན་གཅོད་ཀྱི་གདམས་པའི་བྱིན་རླབས་དབང་གི་རིམ་པ་ལ་ཉེ་བར་མཁོ་བའི་མཚམས་སྦྱོར་ནགས་རྟ་མདོ་སྡེས་མཛད་པ། སྐྲ་ཆོག་བྱིན་རླབས་ཡེ་ཤེས་འཁོར་ལོ། དུང་གི་ཝ་མིག་བརྒྱན་པའི་ཐབས་བདེ་ཆེན་ཡེ་ཤེས། མེ་བསྐུལ་དམར་པོ་གློག་ཞགས། མེ་བསྐུལ། ཌཱཀྐིའི་མེ་མཆོད་ཆ་ལག་སྔོན་འགྲོའི་ཆོས་ཀྱི་ལས་རིམ་རས་པ་གསལ་སྟོབས་ཀྱིས་མཛད་པ། མཁའ་འགྲོ་དྲག་མོའི་སྦྱིན་སྲེག་གདུག་པ་དམ་འདོགས་ཡེ་ཤེས་མེ་ཡི་དྲྭ་བ། མཁའ་འགྲོ་སྡེ་ལྔ་ལ་འདོད་དོན་གསོལ་བ། གཅོད་ཀྱི་ལས་ཚོགས་བསྟབས་པ་ཆ་དྲུག་ཕྱིན་དྲུག་ལམ་བཟང་། བསྟབས་པ་ཆ་དྲུག་ཕུང་པོའི་མཆོད་སྦྱིན་ཀརྨའི་མིང་གིས་ཁྲིགས་སུ་བསྡེབ་པ། གཅོད་ཀྱི་ལས་ཚོགས་ཉེར་མཁོ་སྐོར་ཕྱོགས་གཅིག་ཏུ་བྲིས་པ། མཁའ་འགྲོའི་བྱ་འབོད་རིན་ཆེན་སྦུར་ལེན། ཆར་གཅོད་མེ་ཡི་གཡོ་འཁྲུགས་རྒྱ་མཚོའི་ཁ་གནོན། ཆར་པ་དྲག་པོར་འབེབས་ཐབས། མནན་གཏད་མི་འགྱུར་ཀ་བའི་ལག་ལེན་གསལ་བྱེད་ལྡེ་མིག་རས་པ་གསལ་སྟོབས་ཀྱིས་མཛད་པ། རིགས་ལྔའི་མཁའ་འགྲོ་རྣམས་ཀྱི་འགྲེས་བྱང་། འདོད་གསོལ། ཟབ་མོ་གཅོད་ཀྱི་ལས་མཐའ། ནད་པ་ལྕགས་ཁྲ། མནན་པ་མི་འགྱུར་ཀ་བ། དམ་སྲིའི་འགུགས་རྟགས་གསལ་བྱེད་དབལ་ཁྱུང་བོན་གཏེར་བསྟན་གཉིས་གསང་སྔགས་གླིང་པའི་གཏེར་བྱོན། རྐང་གླིང་གི་དོན་བཤད་འཇིགས་གླིང་གསུང་བཅས། ཁྱོན་ཆོས་ཚན་ལྔ་བཅུ་ང་དགུ་བཞུགས།

༈ གླེགས་བམ་ལྔ་པ་ལ། གསང་བདག་རྡོ་རྗེ་གཏུམ་པོའི་གསོལ་འདེབས་ཨོ་རྒྱན་ཉི་མས་མཛད་པ། གཏུམ་པོའི་ཐུགས་སྒྲུབ་སྙིང་པོའི་གསོལ་འདེབས་དངོས་གྲུབ་གཏེར་མཛོད། གཏུམ་པོའི་ཐུགས་སྒྲུབ་སྙིང་པོ་རྒྱ་སྤྲུལ་གཏེར་བྱོན། ཡེ་ཤེས་ཁྱུང་གི་གབ་ཐིག་རྒྱ་སྤྲུལ་གསུང་། ཁྱུང་གི་བཟླས་དམིགས། མཚམས་ལྷ་བསྐྱེད་ཆོག་སྲིད་གསུམ་ཟིལ་གནོན། བདེན་བརྗོད། མཚམས་ལྷ་བསྐྱེད་བསྡུས་པ། ཚོགས་མཆོད་ཡིད་བཞིན་ཆར་འབེབས་རྒྱ་སྤྲུལ་གསུང་། གསང་བདག་གཏུམ་པོའི་ཐུགས་སྒྲུབ་སྙིང་པོའི་བསྐང་བ་མགོ་སྤྲུལ་གྱིས་མཛད་པ། གསང་བདག་གོས་སྔོན་གསོལ་འདེབས་བྱིན་རླབས་གཏེར་བུམ། གསང་བདག་གོས་སྔོན་བདག་བསྐྱེད་དྲེགས་པའི་སྲོག་འཕྲོག་གདུག་པ་དམ་འདོགས་ཀྱི་གཏེར་གཞུང་། ཡང་གསང་བདག་གོས་སྔོན་བདག་བསྐྱེད་དྲེགས་པའི་སྲོག་འཕྲོག་གདུག་པ་དམ་འདོགས་དང་ཚོགས་མཆོད་བསོད་ནམས་དཔལ་སྟེར་རས་པ་གསལ་སྟོབས་ཀྱིས་ཁྲིགས་སུ་བསྡེབས་པ། ཕྲེང་བ་བྱིན་རླབས། སྒྲུབ་བསྙེན་ལས་སྦྱོར་རས་པ་གསལ་སྟོང་གིས་ཁ་བསྐང་བ། ཀླུ་རྒྱལ་དགའ་བོའི་སྒྲུབ་ཐབས་ཕན་བདེའི་མྱུ་གུ། ཀླུའི་མཆོད་ཕྲེང་། ཀླུ་སྨན་འབུལ་བ། བསྟོད་བསྡུས། ཀླུ་རྒྱལ་མཆོད་པའི་ཆ་ལག་ལས་ཚོགས་སྤྲིན་གྱི་རོལ་མོ། ཀླུ་ཡི་གཡང་འགུགས་གཡང་རྫས་གཏད་པ་དགོས་འདོད་མྱུར་སྩོལ། ཁྱབ་འཇུག་འོད་འཕྲོ་ཆེན་པོའི་བརྒྱུད་པའི་གསོལ་འདེབས་མུ་ཏིག་དོ་ཤལ། སྐྱབས་སེམས་མཆོད་རྫས་བྱིན་རླབས་མནྟྲའི་མིང་གིས་མཛད་པ། ཁྱབ་འཇུག་རཱ་ཧུ་ལའི་སྒྲུབ་ཐབས་གློག་ཞགས་དམར་པོ་བསྟན་དགྲ་སྒྲོལ་བའི་མཚོན་ཆ། ཕག་མོ་ཟབ་པའི་བཀའ་སྲུང་ཁྱབ་འཇུག་མཆོད་ཕྲེང་བསྡུས་པ་གློག་གི་ཕྲེང་བ་གསལ་བྱེད་དང་པོའི་མིང་གིས་སྦྱར་བ། རཱ་ཧུ་ལའི་འཁྲུགས་འགྲམ་བཤགས་པ་བདུད་རྩིའི་ཁྲུས་བུམ། རཱ་ཧུ་ལའི་མངའ་གསོལ་རྡོ་རྗེའི་ཕྲེང་བ། དྲང་སྲོང་དམ་བསྒྲགས་ཕྲིན་ལས་གསོལ་བ། དྲང་སྲོང་ལས་ལ་བསྐུལ་བ་ལོག་འདྲེན་སྒྲོལ་བའི་མཚོན་ཆ། དྲང་སྲོང་ཆེན་པོའི་སྒོ་ནས་དགྲ་ལ་ལྟས་ངན་གཏོང་ཐབས། གསེར་སྐྱེམས་བདུད་རྩིའི་ཟེགས་མ། གསེར་སྐྱེམས་དང་ཟོར་གྱི་འཆམ་ཡིག དྲང་སྲོང་ཆེན་པོའི་སྒྲོལ་ལས་གནམ་ལྕགས་སྒྱོགས་རྡོ། འགུགས་པ་ལྡེབ་ཤར། བྱུག་བདུག་བྲབ་གསུམ་ལྡེབ་ཤར། འབོད་རྦད་བསད་སྔགས་ལྡེབ་ཤར། དྲང་སྲོང་ཁྱབ་འཇུག་གི་བཟློག་པ་མི་མཐུན་གཡུལ་འཇོམས། ཟོར་བསྒྲུབ་ལྡེབ་ཤར། གཏོར་བཟློག་སྤྱི་ལ་མཁོ་བའི་སྒོ་དབྱེ་སོགས་གསལ་བར་བཀོད་པ་རྗེ་དབོན་པདྨ་ཀུན་གྲོལ་རྣམ་རྒྱལ་གྱིས་མཛད་པ། ནམ་མཁའ་མེད་པར་སོགས་ལྡེབ་ཤར། ལོ་ཟླ་མ། གསང་བདག་གོས་སྔོན་འཆང་གི་བཀའ་སྲུང་སྨུག་ནག་འོད་འཕྲོའི་བཞེངས་བསྐུལ་བརྒྱ་བྱིན་མཚོན་རྣོན། དགྲ་རྐུན་མགོ་འཁོར་གདམས་པ། དྲང་སྲོང་ཁྱབ་འཇུག་ཆེན་པོའི་བྱད་གཏད་འགྲོལ་བའི་མན་ངག་གནམ་ལྕགས་སྤུ་གྲིའི་འཁོར་ལོ། ཁྲམ་ཤིང་འབྲི་ཐབས། དྲེགས་པ་སྡེ་བརྒྱད་ཀྱི་ཁྲམ་ཕྱི་བཞར་བཀྲུ་བ། དྲེགས་པ་སུམ་ཅུ་བསྡུས་པ། དྲེགས་པ་སུམ་ཅུའི་ཁྲམ་ཤིང་། ཨ་རྒོང་ཞུ་ལན་སྣང་སྲིད་བརྡ་གླུ། ཕག་མོའི་ཟབ་ཁྲིད་ཀྱི་ཆ་ལག་འཆི་བསླུ་གཤིན་རྗེའི་དཔུང་འཇོམས། རྒྱལ་དབྱངས་དཔའ་བོའི་གད་རྒྱང་། གཟའ་ཀླུའི་དུག་སྦྱོང་རྨ་བྱ་ཆེན་མོའི་ཞལ་ལུང་བདུད་རྩིའི་བུམ་བཟང་། རྨ་བྱ་ཆེན་མོའི་སྒོ་ནས་གཟའ་ཀླུའི་དུག་དབྱུང་བདུད་རྩིའི་ཆུ་རྒྱུན། སེམས་དཔའ་ཡབ་ཡུམ་བརྒྱད་ཀྱི་སྔགས། རྨ་བྱ་ཆེན་མོའི་སྔགས། དྲང་སྲོང་ཆེན་པོའི་བཀའ་གཏད་ལོ་རྒྱུས། དྲང་སྲོང་བླ་རྡོ་འབྲི་ཐབས། དྲང་སྲོང་སྨུག་ནག་འོད་འཕྲོའི་བཀའ་གཏད་ཀྱི་མཚམས་སྦྱོར་དྲང་སྲོང་དགྱེས་པའི་མཆོད་སྤྲིན་དྷེ་ཝ་བཛྲ་བས་བསྒྲིགས་པ། དྲང་སྲོང་ཆེན་པོ་ཁྱབ་འཇུག་སྨུག་ནག་འོད་འཕྲོའི་བཀའ་གཏད་གཏོར་དབང་རབ་འབྱམས་ཕྲིན་ལས། འབོད་རྦད་བསད་སྔགས་ལྡེབ་ཤར། ལས་ཚོགས་སྤུ་གྲི་རབ་འབར། ཆར་འགོག་བསྐལ་མེའི་ཚ་དབལ། ངག་བཀྲོལ་གནམ་ལྕགས་སྤུ་གྲི་འཁོར་མ། གསང་བདག་གོས་སྔོན་ཧཱུྃ་སྒྲུབ་ཟབ་མོ། དྲང་སྲོང་ཆེན་པོའི་མེ་མཆོད་ཡེ་ཤེས་རབ་འབར་རྡོ་གྲུབ་གསུང་། གཏད་ཕྱུང་ངག་འདོན་ཟུར་བཀོལ། གསང་བདག་རྡོ་རྗེ་གཏུམ་པོ་དང་བཀའ་སྲུང་ཁྱབ་འཇུག་ཆེན་པོའི་སྒོ་ནས་བྱད་གཏད་བཀྲོལ་བའི་མན་ངག་གི་ལག་ལེན་ཟིན་བྲིས་མཐོང་བ་ཀུན་གསལ་ཆ་མདའ་རབ་བློས་མཛད་པ། དཔེའུ་རིས་བཅས། ཁྱོན་ཆོས་ཚན་བདུན་ཅུ་དོན་གཅིག་བཞུགས།

༈ གླེགས་བམ་དྲུག་པ་ལ། རྩ་གསུམ་སྲུང་མའི་གསོལ་བསྡུས། རྩ་གསུམ་ཆོས་སྐྱོང་རྣམས་ཀྱི་སྒྲུབ་ཐབས་དངོས་གྲུབ་འདོད་གཏེར། རྩ་གསུམ་སྲུང་མའི་ཕྲིན་བཅོལ་ཀློང་ཆེན་འོད་གསལ་རྡོ་རྗེས་མཛད་པ། ཕྲིན་བཅོལ་བསྡུས་པ། སྲུང་མ་སྤྱིའི་གསོལ་བསྡུས་ཀུན་འབྱུང་དབང་སྔོན་རྒྱལ་པོ། ཆོས་སྐྱོང་གཏོར་འབུལ་ལྡེབ་ཤར། བཀའ་ཡི་སྲུང་མ་ནག་པོ་ཆེའི་གསོལ་བསྡུས་དངོས་གྲུབ་འབྱུང་བའི་གཏེར། མ་མགོན་གསོལ་བསྡུས་སྙིང་པོའི་ཡང་བཅུད། རེ་མ་ཏིའི་སྲོག་འཁོར་འབྲི་ཐབས་བསྡུས་པ་སྙིང་གི་རཀྟ། དུད་སོལ་ལྷ་མོའི་གསོལ་བསྡུས་ཡིད་བཞིན་དབང་སྔོན་རྒྱལ་པོ། ཆེ་ཞེ་ཆེན་མོའི་གསོལ་མཆོད། ཚེ་རིང་མཆོད་ལྔའི་གསོལ་བསྡུས་བསམ་དོན་རེ་སྐོང་། རྡོ་རྗེ་གཡུ་སྒྲོན་མའི་མངའ་གསོལ་རྡོ་རྗེའི་ཕྲེང་བ། གཡུ་སྒྲོན་མའི་བསྟོད་པ་རྡོ་བླས་མཛད་པ། རྡོ་རྗེ་གཡུ་སྒྲོན་མའི་མཆོད་ཕྲེང་གར་དབང་ཆོས་སྐུས་མཛད་པ། སྣང་གསལ་པྲ་ཡི་ཆོ་ག་སྲིད་གསུམ་ལེགས་ཉེས་སྟོན་པའི་ཨ་དར་ཤ པྲ་འབེབས་ཁར་གསལ་བར་ཞུ་བ། སྣང་གསལ་པྲ་ཡི་ལས་སྦྱོར། སྣང་གསལ་པྲ་ཡི་ཆ་ལག་སྔོན་དུ་འགྲོའི་ཆོས་གསུམ་རས་པ་གསལ་སྟོབས་ཀྱི་མཛད་པ། བསྙེན་བསྒྲུབ་གྲངས་ཐེམས་ལས་སྦྱོར་འདོད་དོན་གསོལ་བ་རས་པ་གསལ་སྟོབས་ཀྱིས་མཛད་པ། མ་ཅིག་ཤ་ཟ་མཁའ་འགྲོ་མའི་གསོལ་མཆོད་ཕྲིན་ལས་ཀུན་འགྲུབ། སྒྲོལ་མའི་བཀའ་སྲུང་སྐྱེས་བུ་མི་ཐུང་ནོར་བདག་མགོ་ནག་གི་དགྲ་བླ་གསོལ་བསྡུས། གཟའི་གསོལ་བསྡུས། བཀའ་སྲུང་སྐྱེས་བུ་ཆེན་པོའི་གསང་སྒྲུབ་འགུགས་པའི་ལྕགས་ཀྱུ། དམ་ཅན་སྐྱེས་བུ་ཆེན་པོའི་གསོལ་མཆོད་ཡིད་བཞིན་དོན་གྲུབ། དམ་ཅན་ཨ་ཇོ་ཆེན་པོའི་བསྐུལ་བྱང་དུག་གི་མདེལ་ཐུང་། དམ་ཅན་སྔགས་འཁོར་སྣང་བ་དབང་སྡུད་སྐྱེ་འགྲོའི་ཡིད་འགུགས། ཕུར་སྲུང་མཆོད་པའི་ལས་རིམ་ཤིན་ཏུ་བསྡུས་པ་རྡོ་རྗེའི་ཐོག་དབལ། ཕུར་སྲུང་བཅུ་དྲུག་གི་བསྐུལ་བ། ལྷ་ཆེན་སྒྲུབ་པ་སྣང་སྲིད་ཡིད་འགུགས། གཏེར་སྲུང་ལྷ་བཙན་མཆོད་པའི་ལས་རིམ་བསྡུས་པ། ལྷ་བཙན་ཆེན་པོའི་བླ་རྡོ་སྲོག་འཁོར་ཟབ་མོ་འབྲི་ཐབས། ལྷ་བཙན་ཆེན་པོའི་བསྐུལ་བ་དམར་ནག་གློག་གི་ཞགས་པ་དགྲ་བོ་གསོད་པའི་གནམ་ལྕགས། ལྷ་གདོང་བཙན་རྒོད་ཀྱི་གཏོར་འབུལ། གནོད་སྦྱིན་ཙི་དྲའི་རྦད་བསྐུལ་དུག་མདའ་ལྟོང་དམར། འགོ་བའི་ལྷ་ལྔ་གསོལ་ཐབས་བྱིན་རླབས་ཡེ་ཤེས་ཆུ་རྒྱུན། དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པའི་གསོལ་བསྡུས་ཡིད་བཞིན་དབང་སྔོན། དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པའི་འཛབ་ལས་བཞི་ལྷུན་གྲུབ། གཉན་ཆེན་ཐང་ལྷའི་བསྐུལ་བྱང་སྲོག་གི་སྤུ་གྲི། གཉན་ཆེན་ཐང་ལྷའི་སྒོ་ནས་དགྲ་ལ་ཆོ་འཕྲུལ་སྟོན་པའི་མན་ངག་སྣང་སྲིད་མིག་འཕྲུལ། གཉན་ཆེན་ཐང་ལྷའི་སྲོག་དབང་གི་མཚམས་སྦྱོར་ལས་ཀུན་མྱུར་འགྲུབ་དྷེ་ཝ་བཛྲ་གྱིས་བསྒྲིགས་པ། གཉན་ཆེན་ཐང་ལྷའི་སྲོག་དབང་། གཉན་ཆེན་ཐང་ལྷའི་བསང་མཆོད་བདུད་རྩིའི་ཟེགས་མ། དྲང་སྲོང་ཁྱབ་འཇུག་བསང་མཆོད། ཡུལ་ལྷའི་དམ་བསྒྲགས་འབངས་མི་བཀའ་ཉན། ཡུལ་ལྷ་དགེ་བསྙེན་རྡོ་རྗེ་དྲག་པོ་རྩལ་གྱི་བསང་མཆོད་འཆི་མེད་བདུད་རྩིའི་ཟེགས་མ། ཏཱ་རེའི་ཡུལ་ལྷའི་མཆོད་ཕྲེང་ལྷ་ཡི་སྤྲིན་རོལ། ཡུལ་ལྷ་བསྟན་འཛིན་རི་རྒྱལ་ཟིལ་ཁྲོམ་འཕན་ཕྱུག་གི་བསང་མཆོད། ཏཱ་རེའི་ཡུལ་ལྷ་རི་རྒྱལ་འཕན་ཕྱུག་གི་གསོལ་མཆོད་བདུད་རྩིའི་ཟེགས་མ། ཡུལ་ལྷ་བྲག་དཀར་གྱི་བསང་མཆོད་འདོད་དོན་ལྷུན་གྲུབ། གཡུ་རོང་སྨད་ཀྱི་ཡུལ་ལྷའི་བསང་བསྡུས་ཀུན་བཟང་མཆོད་སྤྲིན་འདོད་དོན་བདེ་ལེགས། ནོར་བུ་ལྷ་རྩེའི་ཕྲིན་བཅོལ་དཔའ་བོའི་འགྱིང་གླུ། དབང་སྡུད་ལྷ་རྩེའི་བསང་མཆོད་ཉུང་བསྡུས་གློག་གི་ཞགས་པ། བཻ་ཡི་ཡུལ་ལྷ་བཀྲ་ཤིས་ལྷ་རྩེའི་བསང་མཆོད་འདོད་འབྱུང་དབང་སྔོན། ཡུལ་ལྷའི་རྒྱལ་པོ་ཆུ་ལུང་གླང་པོ་དམ་བརྟན་གྱི་བསང་མཆོད་འདོད་དོན་བསམ་གྲུབ། ཡུལ་སྐྱོང་ཤོག་ཤོག་ཟངས་ཁྲབ་དམར་པོའི་བསང་བསྡུས། སྒེག་གི་ཡིག་དྲུག་གནས་སྲུང་གཟའ་ཀླུའི་བསང་མཆོད་རྒྱས་བསྡུས་གཉིས། གཞི་བདག་བསང་བསྡུས་འདོད་དོན་ལྷུན་གྲུབ། ཡུལ་ལྷ་བ་སྦལ་ཁྱུང་གསུམ་གྱི་བསང་མཆོད་ལོ་ལེགས་འབྲུ་བཅུད་སྡུད་པའི་སྙིང་པོ། ཀར་སྟོད་མཚོ་བསང་དགོས་འདོད་ཆར་འབེབས། སྐུ་ལྷ་ཁྲབ་གྱོན་གསོལ་མཆོད་འདོད་དོན་ལྷུན་གྲུབ། ཡུལ་གྱི་ཟོ་དོར་གེ་སར་སྐྱེས་བུའི་སྐུ་ལྷ་ར་ཁང་ངམ་རྡོ་རྗེ་དབང་སྡུད་འབར་བའི་གསོལ་བསྡུས། གནས་སྲུང་སྐུ་ལྷ་ར་ཁང་གི་གསོལ་བསྡུས་བཞིན་མཛེས་རྒྱས་པའི་ལང་ཚོའི་འགྱུར་བག་དཔའ་མོའི་སྒེག་གླུ། ཤར་བཞག་བྲ་ལྷ་རྩེའི་བསང་མཆོད་འདོད་རྒུའི་དཔལ་སྟེར། ཤར་ཕྱོགས་བཞག་བྲ་ལྷ་རྩེའི་གསོལ་མཆོད་བསམ་དོན་རེ་སྐོང་བཀྲ་ཤིས་དགེ་ལེགས། ཡུལ་ལྷ་གཉན་པོ་བསེ་རྫིའི་བསང་མཆོད་བསྡུས་པ། རྩང་གི་ཡུལ་སྐྱོང་གཞི་བདག་ཏིང་རྒྱལ་མི་མགོན་དཀར་པོའི་བསང་མཆོད། ཡུལ་ལྷ་ཟོ་དོར་དབྲ་ཕོའི་བསང་ཡིག་བདེ་ལེགས་ཉི་འོད། ཡུལ་ལྷ་ཟོ་དོར་སྤྱི་རྗེའི་མངོན་རྟོགས། ཡུལ་ལྷ་ཆེན་པོ་བྲེང་ངེ་གཡག་ཕྱུག་གམ་གཡུང་དྲུང་ལྷ་རྩེའི་བསང་མཆོད་ཕན་བདེའི་གཏེར་འཆང་། རོང་མེས་ཕྱོགས་ཀྱི་སྐུ་ལྷ་ཡོ་ཎ་དཔའ་བོ་མེས་པོ་ཞལ་དཀར་རྩལ་གྱི་བསང་མཆོད་ལྷའི་དཔག་བསམ་སྙེ་མ། ངེས་ལེགས་ཆུ་མིག་ནཱ་གའི་བསང་མཆོད་དབང་སྔོན་རྒྱལ་པོ། ཤོག་བཞིའི་ཡུལ་གྱི་ཆུ་མིག་བྱང་ཆུབ་འོད་འཕྲོའི་བསང་ཡིག་ལྷ་མིའི་འཕྲིན་ཆ་གསལ་བའི་མགྲིན་གླུ། ཐུགས་ཆེན་གནས་བདག་ལི་ལི་བྲག་དཀར་གྱི་བསང་བརྔན་གཡར་དམ་བསྒྲགས་པ་རྡོ་རྗེའི་སྒྲ་དབྱངས། ཡུལ་ལྷ་བྲག་བཙན་རྡོ་རྗེ་དབང་དྲག་གི་བསང་མཆོད་ཉུང་བསྡུས། བསང་བསྡུས་ཡིད་བཞིན་སྤྲིན་ཕུང་ཧོར་བླས་ཁ་བསྐང་མཛད་པ། རི་ཁྲུས་འཁོན་སྦྱངས་དྭངས་ཤེལ། ལབ་རྩེའི་གོང་གཏད་ལག་ལེན་བཅས། ཁྱོན་ཆོས་ཚན་བདུན་ཅུ་དོན་དགུ་བཞུགས།

༈ གླེགས་བམ་བདུན་པ་ལ། རིག་འཛིན་གཞན་ཕན་བཟང་པོའི་གསང་བའི་རྣམ་ཐར་ཡེ་ཤེས་མཁའ་འགྲོའི་གསང་ཚིག་སྐལ་ལྡན་སློབ་མའི་རྒྱུད་གྲོལ། སྐྱེ་ཕྲེང་གསོལ་འདེབས་མུ་ཏིག་ཕྲེང་མཛེས། གསོལ་འདེབས་བྱིན་རླབས་བདུད་རྩིའི་སྤྲིན་ཕུང་། བླ་མའི་གསོལ་འདེབས་དད་པའི་འཇུག་ངོགས་ཨུ་པ་དེ་ཤ། གསོལ་འདེབས་དད་པའི་འཁྲི་ཤིང་། གསོལ་འདེབས་དད་པའི་འཁྲི་ཤིང་ཟླ་ཞུན་རབ་གསལ། གསོལ་འདེབས་བྱིན་རླབས་མེ་ལྕེ། མཁན་སློབ་ཆོས་གསུམ་དང་དབྱེར་མེད་པའི་བླ་མར་གསོལ་བ་འདེབས་པ་དད་པའི་འཇུག་ངོགས། གསོལ་འདེབས་དད་ལྡན་འཁྲི་ཤིང་བྱིན་རླབས་འགུགས་པའི་ལྕགས་ཀྱུ། གསོལ་འདེབས་བྱིན་རླབས་དྲི་བསུང་། གསོལ་འདེབས་བྱིན་རླབས་འོད་འབར། གསོལ་འདེབས་ཡང་དག་ལམ་སྟོན་དད་པའི་འཁྲི་ཤིང་། གསོལ་འདེབས་དྲང་སྲོང་བདེན་ཚིག་སྐལ་ལྡན་དགའ་སྟོན། གསོལ་འདེབས་བྱིན་རླབས་སྤྲིན་ཕུང་མ། གསོལ་འདེབས་དད་ལྡན་དངས་འདྲེན། གསོལ་འདེབས་དད་ཅན་དགའ་སྟོན། མོ་མ་རིག་བཟང་གི་ངོར་གསུངས་པའི་གསོལ་འདེབས། ཀར་སྟོར་མཐུ་ཆེན་ངོར་གསུངས་པའི་གསོལ་འདེབས། བུདྡྷ་ས་ག་རའི་ངོར་གསུངས་པའི་གསོལ་འདེབས། བུད་མེད་བསོད་ནམས་མིང་གི་ངོར་གསུངས་པའི་གསོལ་འདེབས། ཡང་གསོལ་འདེབས་གཅིག ཀར་སྟོད་ཡོངས་འཛིན་ལ་གསུངས་པའི་གང་དྲན་གསོལ་འདེབས། འཁོར་གདོང་མགོན་དབང་གིས་མཛད་པའི་ཧོར་བླའི་ཞབས་བརྟན་གསོལ་འདེབས། དྷརྨ་ཀིརྟིས་མཛད་པའི་ཧོར་བླའི་ཞབས་བརྟན་གསོལ་འདེབས། སྐྱེ་ཕྲེང་ཞལ་ཐང་འབྲི་ཐབས་དཔེ་ཐོ། ཆོས་བདག་ལུང་བསྟན་མུན་སེལ་འོད་སྟོང་འབར་བ། གཏེར་གྱི་ཁ་བྱང་གསལ་བའི་ལྡེ་མིག རིགས་དབོན་ལ་གདམས་པའི་ལུང་བྱང་། ཀུན་བཟང་གི་སྐྱེ་ཕྲེང་ལུང་བྱང་། བློ་གྲོས་ལ་གནང་བའི་ལུང་བྱང་། སློབ་བུ་ཞིག་ལ་གནང་བའི་ལུང་བྱང་། འོ་བཟི་པདྨ་བསྟན་འཛིན་ལ་གནང་བའི་ལུང་བྱང་། རིགས་ལྡན་བྱིས་པ་ལ་གནང་བའི་ལུང་བྱང་། སློབ་བུ་ཞིག་ལ་གདམས་པའི་ལུང་བྱང་། ཆོས་བདག་བློ་གྲོས་ཀྱི་སྐྱེ་ཕྲེང་བརྟགས་ལུང་། ཆོས་བདག་བློ་གྲོས་ཀྱི་ལུང་བྱང་། བློ་བཟང་ལ་གནང་བའི་ལུང་བྱང་། ནགས་འདབས་རས་པའི་སྐྱེ་ཕྲེང་ཀློང་ཆེན་འོད་གསལ་རྡོ་རྗེས་མཛད་པ། སྔོན་འགྲོ་བསྡུས་པ་ཐར་ལམ་སྣང་བྱེད། རྩ་བརྒྱུད་བླ་མ་ཐོ་བརྩེགས་ཀྱི་རྣམ་པར་གསལ་བ་མཐོང་བྱེད་ཉི་མ། བླ་མ་རྒྱང་འབོད་བྱིན་རླབས་བདུད་རྩིའི་ཟེགས་མ། རྫོགས་པ་ཆེན་པོ་འོད་གསལ་གསང་བའི་མན་ངག་ཉི་མ་སྤྲིན་བྲལ། རིག་པ་རྩལ་གྱི་དབང་མཆོག ཕྱག་རྫོགས་དབུ་གསུམ་གྱི་དོན་བསྡུས་ཟིན་ཐོ། དམ་པ་གསུམ་གྱི་ཟིན་བྲིས། ནམ་མཁའ་སུམ་སྤྲུགས་ཀྱི་གདམས་པ། དཔལ་དང་ཡོན་ཏན་གྱིས་མངོན་པར་མཐོ་བ་བཱ་ལྷ་སྒང་གི་གནས་ལ་བསྟོད་པ་དུང་དཀར་སྐྱེ་བ་ལྔ་པའི་རང་སྒྲ་དད་པའི་འཁྲི་ཤིང་འོད་ཀྱི་ཟླ་ཞུན། ལྷ་སྒང་གནས་འདུས་དང་བསྐོར་བའི་ཕན་ཡོན། སྦ་རོང་བྲག་དཀར་གནས་བསྟོད་ཐར་པའི་ལམ་སྟོན། སྦ་རོང་བྲག་དཀར་གནས་ཀྱི་གཉེར་གཏད། འབོ་གངས་དཀར་གནས་བསྟོད་རྡོ་རྗེ་གླུ་མའི་རྒྱུད་མང་། གནས་ལུང་དཔལ་གྱི་རི་བོའི་དཀར་ཆག་དབྱིངས་ཀྱི་ཌཱཀྐིའི་ཞལ་ལུང་འཁྲུལ་མེད། གནས་ལུང་གནས་ཀྱི་གསོལ་འདེབས། ཏཱ་རེའི་གནས་བསྟོད་སྐྱེ་ལྔའི་དུང་དཀར། ཏཱ་རེའི་གནས་ཡིག་བདེ་ཆེན་བགྲོད་པའི་ལམ་བཟང་མ་རིག་མུན་སེལ། ཏཱ་རེའི་གནས་ཡིག་གཟུ་བོའི་ལམ་སྟོན་རྣམ་གྲོལ་ལེགས་པའི་ཡོན་ཏན། ཏཱ་རེ་གཉེར་གཏད་བསྡུས་པ། གནས་ཕྲན་འགའ་ཡི་སྡོམ་ཚིག་རྒྱ་སྤྲུལ་གསུང་། ཏཱ་རེའི་གནས་བསྟོད་མཉྫུའི་མིང་གིས་མཛད་པ། ཏཱ་རེ་གཉེར་གཏད། སྤྲིངས་ཡིག་དྲང་སྲོང་དམོད་པའི་རྔམ་སྒྲ། སྒེག་གི་ཡིག་དྲུག་དོན་བསྟོད་སྡུག་བསྔལ་རང་གྲོལ། འཕགས་པའི་གནས་ཀྱི་གསོལ་འདེབས་ཚངས་པའི་མགྲིན་གླུ། རྩང་གི་ཐང་འབེའི་གནས་བསྟོད་ལྷའི་གནྜེ། གསང་སྔགས་གླིང་པའི་བསྔགས་བརྗོད་ཚིགས་བཅད་སུམ་ཅུའི་ཕྲེང་བ། དབྱི་དགོན་དབྱར་གནས་ཀྱི་ཚུལ་རྩོམ། བྱིན་རླབས་དད་རྟེན་དམ་རྫས་ཆོས་སྨན་གྱི་དཀར་ཆག གསལ་བྱེད་དབང་པོའི་སྒྲིབ་སེལ་ཡེ་ཤེས་ལྷ་ཡི་ཟླ་བ། རིག་གྲོལ་ལ་གདམས་པའི་ཀ་རྩོམ། པདྨ་ཚེ་དབང་ལ་ཕུལ་བའི་ཀ་རྩོམ། རྒྱལ་མཚན་རྩེ་མོ་བསྡུས་པ། གསང་སྔགས་སྤྱོད་པ་ལམ་སློང་། གསོལ་འདེབས་གཅིག་ཆོག་རྒྱལ་པོ་བྱིན་རླབས་མྱུར་འགུགས། ཡོངས་འཛིན་བླ་མ་དགེ་བའི་བཤེས་གཉེན་རྣམས་ལ་གསོལ་བ་འདེབས་པའི་ཚིག་བྱིན་རླབས་འགུགས་པའི་ལྕགས་ཀྱུ། ཆ་མདའ་རབ་བློའི་ཞབས་བརྟན་གསོལ་འདེབས་མི་ཤིགས་ཐིག་ལེ། མཚམས་ཐོ་འབྲི་ཚུལ། ཕྱོགས་བཅུའི་མུན་པ་སེལ་བྱེད། བར་ཆད་སེལ་བའི་གསོལ་འདེབས་སྨོན་ལམ། དཔལ་རི་པདྨ་འོད་དུ་གྲོལ་བའི་སྨོན་ལམ་འོད་གསལ་གསང་བའི་ཐོལ་གླུ། དྲང་སྲོང་བདེན་ཚིག་སྨོན་ལམ། བདག་སོ་སྐྱེས་བྱིས་པས་ཡིད་ལ་བསམ་པ་ཚིག་བཅད་དུ་བསྒྱུར་བ། བསྔོ་བ་མི་ཟད་ལམ་མཆོག བསྟན་པ་རྒྱས་བྱེད་ཀྱི་སྨོན་ལམ་བདེན་ཚིག་གྲུབ་པ་ཧོར་བླས་མཛད་པ་ལ་དྲ་ཡའི་མིང་གིས་ཁ་བསྐང་བ་བཅས། ཁྱོན་ཆོས་ཚན་བརྒྱད་ཅུ་གྱ་གསུམ་བཞུགས་སོ། །

སྨིན་གྲོལ་མན་ངག་གི་བླ་མ་བརྒྱུད་པའི་རིམ་པ་བསྟན་པ།

༈ གསུམ་པ་སྨིན་གྲོལ་མན་ངག་གི་བླ་མ་བརྒྱུད་པའི་རིམ་པ་ནི། གཏེར་སྟོན་ཆེན་པོ་ཉིད་ཀྱི་ཐུགས་སྲས་ཆོས་བདག་པདྨ་གསལ་སྟོང་ངམ་ཡོངས་གྲགས་རས་པ་གསལ་སྟོབས་སུ་འབོད་པས་མཛད་པའི་གསན་ཡིག་ཏུ་བླ་མ་བརྒྱུད་པའི་རིམ་པ་བཀོད་པ་ལྟར་ན། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། མཁར་ཆུ་དཔལ་གྱི་དབང་ཕྱུག །ལོ་ཙཱ་ཡེ་ཤེས་དབྱངས། རིག་འཛིན་ལུང་རིག་གླིང་པ། སྤྲུལ་པའི་སྐུ་ས་ར་ཧི་ཏ་ཞེས་ཡོངས་འཛིན་དམ་པ་གང་དེའི་ཐུགས་བསྐྱེད་སྐྱ་རེངས་ཀྱི་བདུད་རྩིའི་ཆབ་ཀྱིས་དབང་ལུང་བདག་ཅག་རྣམས་ལ་གནང་། ཞེས་གསུངས་པ་ལྟར་དང་། ཆོས་བདག་པདྨ་གསལ་སྟོང་གིས་རིགས་སྲས་གཡུ་རོང་བླ་མ་བཀྲ་ཤིས་བསྟན་འཛིན་ལ་གནང་། དེས་བསྟན་པ་ཡང་དར་གྱི་སྐབས་ཆུ་དབར་ཏཱ་རེའི་གནས་སུ་ཧོར་བླ་གཞན་ཕན་པའི་རྣམ་སྤྲུལ་སྟོབས་ལྡན་རྟ་ཁྱུང་རོལ་པའི་རྡོ་རྗེ་ལ་དབང་ལུང་ཡོངས་རྫོགས་བསྩལ། མཆོག་སྤྲུལ་རྟ་ཁྱུང་རིན་པོ་ཆེས་རིམ་པ་བཞིན་ཆུ་དབར་ཏཱ་རེའི་གནས་དང་། ཡ་ཆེན་ཨོ་རྒྱན་བསམ་གཏན་ཆོས་གླིང་། གཡུ་མཁར་ཐེག་ཆེན་ཆོས་འཁོར་གླིང་། གཡུ་རོང་བསྐོས་ལེགས་དགོན་ཚོགས་གཉིས་གོང་འཕེལ་གླིང་རྣམས་སུ་འདུས་པའི་སྡེ་དུ་མར་གཏེར་ཆོས་ཡོངས་རྫོགས་ཀྱི་དབང་ལུང་མན་ངག་ལན་གྲངས་བཞི་ལ་སྤེལ་བར་མཛད་དོ།།

པར་དུ་བསྐྲུན་པའི་ཕན་ཡོན་བརྗོད་པ།

༈ བཞི་པ་པར་དུ་བསྐྲུན་པའི་ཕན་ཡོན་བརྗོད་པས་མཇུག་བསྡུ་བ་ནི། རྒྱལ་དབང་མཁའ་ཁྱབ་རྡོ་རྗེས། སྙིགས་མའི་ཡང་མཐའ་འདིར་དམ་པའི་ཆོས་ཡོངས་སུ་འཛིན་པ་ནི་རྒྱལ་བ་དགྱེས་པའི་མཆོད་པ་མཆོག་དང་། འགྲོ་ཁམས་ཡོངས་ལ་སྨན་པའི་རྩ་བ་དེ་ལས་ཆེ་ཞིང་ཁྱད་པར་འཕགས་པ་གཞན་མ་དམིགས་ཤིང་། དེ་ཡང་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་ནི་འཆད་ཉན་སྒོམ་སྒྲུབ་ཀྱི་སྒོ་ནས་འཛིན་པ་ཡིན་མོད་ཀྱང་། འདིར་འདུས་བྱས་ཀྱི་དགེ་བའི་རྩ་བ་གསུང་རབ་རིན་པོ་ཆེ་གཅིག་ལས་དུ་མར་འཇོ་བའི་སྤར་དུ་བཞེངས་པ་འདི་ནི་དགོས་པ་མཆོག་དང་ལྡན་ཏེ། རང་རེ་རྣམས་ཀྱི་གཉེར་བྱའི་མཐར་ཐུག་ནི་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཡིན་ལ། དེ་ཉིད་སྒྲུབ་པའི་ཐབས་ནི་ལུང་དང་རྟོགས་པའི་རང་བཞིན་ཅན་གྱི་དམ་པའི་ཆོས་སྒྲུབ་པ་ཁོ་ན་ལ་རགས་ལས་ཤིང་། དེའང་ཡི་གེའི་ཕྱི་མོ་ཉིད་ལ་གནས་པ་དང་། གསུང་རབ་ལ་ཐོས་བསམ་བགྱི་བ་དང་། ཡི་གེར་འབྲི་བ། གླེགས་བམ་སྦྱིན་པ་སོགས་ཀྱང་དམ་པའི་ཆོས་ཡོངས་སུ་བཟུང་བར་འགྱུར་ཞིང་། གསུང་རྡོ་རྗེ་གཟུགས་བརྙན་དུ་འཕོས་པའི་ཡི་གེའི་འབྲུ་རེ་རེའང་བདེ་བར་གཤེགས་པའི་དཀྱིལ་འཁོར་གྱི་འཁོར་ལོ་ཇི་སྙེད་པ་རྣམས་ཡོངས་སུ་རྫོགས་པའི་བདག་ཉིད་ཅན་ཡིན་པས། དེ་ཉིད་བསྐྲུན་པ་ནི་གཟུགས་སྐུ་བཞེངས་པའི་མཆོག་ཏུ་འགྱུར་བ་དང་། གླེགས་བམ་ཡི་གེར་འབྲི་བ་ལས་ཀྱང་སྤར་དུ་བཞེངས་པ་ནི་སྒོ་དུ་མ་ནས་ཁྱད་དུ་འཕགས་པ་དངོས་སྟོབས་ཀྱི་རིག་པས་འགྲུབ་ལ། ཞེས་གསུངས་པ་ལྟར། རྒྱལ་དབང་ཨོ་རྒྱན་ཆེན་པོས་གསང་སྔགས་ཀྱི་རྒྱུད་སྡེ་རྣམས་ཀྱི་དགོངས་པའི་ཡང་ཞུན་བཅུད་དུ་དྲིལ་ནས་རྗེ་འབངས་སྙིང་གི་བུ་མཆོག་རྣམས་ལ་སྨོན་ལམ་གྱི་གཏད་རྒྱ་དང་བཅས་ཏེ་སྙིགས་མའི་རྒུད་པ་འཇོམས་པའི་ཕྱིར་གཏེར་དུ་སྦས་པའི་ཟབ་ཆོས་བླ་ན་མེད་པ་རྣམས་རྟེན་འབྲེལ་དུས་སུ་སྨིན་པའི་ཚེ་ངོ་མཚར་སྤྲུལ་པའི་གཏེར་སྟོན་རྣམས་ཀྱིས་གཏེར་ནས་སྤྱན་དྲངས་པའི་དུས་བབས་ཀྱི་ཟབ་ཆོས། རྒྱུད་ལུང་མན་ངག་གི་བཅུད་ཕུར། བསྐྱེད་རྫོགས་རྫོགས་ཆེན་གྱི་གནད་གསང་། ཡེ་ཤེས་མཁའ་འགྲོའི་སྙིང་ཁྲག་དྭངས་མ་འདི་དག་འཇིག་རྟེན་གྱི་ཁམས་སུ་དར་ཞིང་རྒྱས་ལ་ཡུན་དུ་གནས་པའི་སླད་དུ་འཐོར་བ་བསྡུས་ཤིང་གླེགས་བམ་དུ་བསྐྲུན་ནས་ཕྱོགས་སུ་སྤེལ་བའི་མཛད་པ་ནི་རྒྱལ་བ་དགྱེས་པའི་མཆོད་སྤྲིན། བསྟན་ལ་བྱ་བ་བྱས་ཤིང་བླ་མའི་སྲི་ཞུ་བསྒྲུབ་པ་བླ་ན་མེད་པ་ཡིན་ཏེ། དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བའི་མདོ་ལས། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་གང་ཆོས་ཀྱི་རྣམ་གྲངས་འདི་འཆང་བ་དང་། ཀློག་པ་དང་། གཞན་དག་ལའང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་དང་། གླེགས་བམ་དུ་བྱས་ཏེ་འཆང་བ་དེས་འདི་སྙམ་དུ། བདག་གིས་དེང་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་བོ་སྙམ་དུ་སེམས་བསྐྱེད་པར་བྱའོ་ཞེས་དང་། ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལས། རིན་ཆེན་སྣ་བདུན་ལ་སོགས་པས། །རྒྱལ་བ་ཀུན་གྱི་རང་བཞིན་ཅན། །མ་ལུས་བསྡུས་པའི་ངོ་བོ་ཉིད། །སྐུ་གསུང་ཐུགས་ཉིད་བྲིས་པ་ཡིན། །ཞེས་དང་། གུ་རུའི་ཞལ་གདམས་སྙིང་བྱང་ཡིད་བཞིན་ནོར་བུ་ལས། གླེགས་བམ་ཙམ་ཞིག་བཞུགས་པ་ཡི༔ ས་ཕྱོགས་དེ་དག་ཐམས་ཅད་ཀྱང༔ རྡོ་རྗེའི་འོག་མིན་ཉིད་དང་མཚུངས༔ སངས་རྒྱས་བྱང་ཆུབ་སེམས་དཔའ་དང༔ རིག་འཛིན་བརྒྱུད་པས་བྱིན་གྱིས་རློབས༔ དཔའ་བོ་དྷཱ་ཀི་སྤྲིན་བཞིན་འདུ༔ ཆོས་སྐྱོང་སྲུང་མས་བྲན་ལྟར་བྱེད༔ ཞེས་སོགས་མདོ་རྒྱུད་རྣམས་ནས་ཕན་ཡོན་རྒྱ་ཆེར་གསུངས་པ་ལྟར་འཆད་ཉན་སྒོམ་སྒྲུབ་ཀྱི་སྒོ་ནས་རྒྱལ་བའི་བསྟན་ལ་བྱ་བ་བྱེད་པ་ལྟ་ཅི། བཀའ་གཏེར་གསུང་རབ་རྣམས་ཀྱི་ཕྱི་མོ་དང་། དེ་ཉིད་གཅིག་ལས་དུ་མར་འཕྲུལ་བའི་གླེགས་བམ་རྣམས་གང་དང་གང་དུ་བཞུགས་པ་དེ་དང་དེར་མི་མཐུན་པའི་ཕྱོགས་ཀུན་ཞི་ཞིང་སྲིད་དང་ཞི་བའི་ལེགས་ཚོགས་ཐམས་ཅད་རང་བཞིན་འདུ་བར་འགྱུར་བར་གསུངས་པའི་ཕྱིར་ན་བསོད་ནམས་ཚད་མེད་པ་བསགས་པ་ཡིན་ནོ།། སླར་སྨྲས་པ། དེ་ལྟར་བསམ་གཏན་ཡེ་ཤེས་གླིང་པ་ཡི། །དགོངས་གཏེར་ས་གཏེར་དག་སྣང་གིས་མཚོན་པའི། །བཀའ་འབུམ་ཕྱོགས་བསྒྲིགས་མ་ཕྱི་གསར་བཞེངས་ནས། །གཅིག་ལས་དུ་མར་བསྐྲུན་འདི་ངོ་མཚར་རྨད། །འདིར་འབད་རྣམ་པར་དཀར་བའི་དགེ་བས་མཚོན། །དུས་གསུམ་བསགས་པའི་ལེགས་བྱས་དལ་འགྲོའི་རྒྱུན། །དམིགས་བྲལ་འཁོར་གསུམ་དག་པའི་རྒྱས་གདབ་ནས། །ཆོས་དབྱིངས་གདོད་མའི་རྒྱ་མཚོར་ཀུན་ནས་བསྡོམས། །ཟབ་ཆོས་འདི་ཉིད་དར་ཞིང་རྒྱས་པའི་མཐུས། །རྒྱལ་བསྟན་དར་རྒྱས་བསྟན་འཛིན་ཞབས་པད་བརྟན། །སྐྱེ་དགུ་བདེ་ཞིང་ནད་མུག་མཚོན་འཁྲུག་ཞི། །རྫོགས་ལྡན་གསར་བའི་དགའ་སྟོན་མངོན་གྱུར་ཅིག །བརྒྱུད་གསུམ་བླ་མའི་བྱིན་རླབས་སྤྲིན་ཕུང་འཁྲིགས། །ཡི་དམ་ཌཱཀྐིས་དངོས་གྲུབ་སྦྲང་ཆར་འབེབས། །ཆོས་སྐྱོང་སྲུང་མས་ཐོགས་མེད་ཕྲིན་ལས་བསྒྲུབ། །ཟབ་གཏེར་བསྟན་པ་དར་ཞིང་རྒྱས་གྱུར་ཅིག །ཞེས་དཀར་ཆག་ནོར་བུའི་ཕྲེང་བ་ཞེས་བྱ་བ་འདི་ནི་གཏེར་ཆོས་པར་སྐྲུན་གྱི་ཐུགས་སྟོབས་མངོན་པར་མཐོ་བའི་བླ་མ་བསྟན་པའི་ཉི་མས་དངོས་རྫས་ཀྱི་སྐྱེས་བཅས་ནན་ཏན་ཆེན་པོས་བསྐུལ་བ་ལྟར། གཡུ་ཁོག་ཡི་དམ་རྡོ་རྗེར་འབོད་པས་གཏེར་ཆོས་ཡོངས་རྫོགས་རྩིས་འཕྲུལ་དུ་ཕབ་བསྡུ་ཞུ་དག་བཅས་གཅིག་ལྕོགས་སུ་བགྱི་བའི་ཞོར་དུ་བྲིས་ནས་ལྕགས་བྱི་མགོ་ཟླ་བའི་ཡར་ཚེས་བདུན། དགུན་ཉི་ལྡོག་གི་དུས་ཆེན་ཉིན་མཇུག་གྲུབ་པར་བགྱིས་པ་ཤིན་ཏུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག ། དགེའོ།། དགེའོ༎ དགེའོ༎

ཨོ་རྒྱན་ཆེན་པོའི་རྣམ་ཐར་བསྡུས་པ་ངོ་མཚར་སྤྲིན་གྱི་རོལ་མོ།

བཀའ་འདུས་ཆོས་ཀྱི་རྒྱ་མཚོ་ལས། ཨོ་རྒྱན་ཆེན་པོའི་རྣམ་ཐར་བསྡུས་པ་ངོ་མཚར་སྤྲིན་གྱི་རོལ་མོ་ཞེས་བྱ་བ་བཞུགས་སོ།

ཨེ་མ་ཧོཿ ངོ་བོ་བློ་འདས་འོད་གསལ་ཆོས་སྐུའི་དབྱིངས། །རང་བཞིན་ལྷུན་གྲུབ་ལྔ་ལྡན་ལོངས་སྤྱོད་རྫོགས། །ཐུགས་རྗེ་གང་འདུལ་རྨད་བྱུང་སྤྲུལ་པའི་སྐུ། །རིག་འདུས་པད་འབྱུང་ཡབ་ཡུམ་སྐུ་ལ་འདུད། །དེ་ཡང་རྒྱལ་བ་གཉིས་པ་པད་འབྱུང་གི། མཛད་ཚུལ་རྣམ་གྲངས་ཅུང་ཞིག་བརྗོད་པ་ནི། །སྔོན་ཚེ་སྒྲོན་མའི་བསྐལ་པའི་སྐབས་ཤིག་ཏུ། །སངས་རྒྱས་ཀུན་གྱི་ཐུགས་རྗེའི་འོད་ཟེར་ལས། །སྤྲུལ་པའི་འགྲོ་མགོན་དཔལ་ལྡན་པདྨ་སྐྱེས། །གང་དེའི་ཡེ་ཤེས་གཟིགས་པ་རྣམ་པ་ལྔས། །ལྷོ་ནུབ་འོ་མའི་མཚོ་གླིང་འཇོག་པོ་ཡི། །ཁང་སྟེང་ནོར་བུ་འབར་བའི་ཏོག་རྩེ་མོར། །རང་བྱུང་པདྨའི་སྡོང་པོར་ལྷུམས་ཞུགས་མཛད། །མངལ་གྱི་དྲི་མས་མ་གོས་མཚན་དཔེའི་སྐུ། །རིག་པ་ཐོལ་སྐྱེས་ཚུལ་དུ་བལྟམས་པ་ཉིད། །ལས་ཅན་རྒྱལ་པོའི་བསོད་ནམས་མཐུ་ལས་ཐོབ། །རྒྱལ་སྲས་ཚུལ་བཟུང་གཞོན་ནུའི་རོལ་རྩེད་མཛད། །དེ་ནས་རྒྱལ་སྲིད་ཐབས་ཀྱིས་སྤངས་ནས་སུ། །རབ་ཏུ་བྱུང་ནས་དུར་ཁྲོད་བརྒྱད་དུ་གཤེགས། །དཀའ་བ་སྤྱད་མཛད་རིག་འཛིན་དགོངས་བཅུད་བླངས། །མདོ་རྒྱུད་ཐེག་པ་བསམ་འདས་སྐྱོང་ཚུལ་བསྟན། །ལྟ་ལོག་མུ་སྟེགས་བདུད་ཚོགས་ཐབས་ཀྱིས་བཏུལ། །མི་མཇེད་འཛམ་གླིང་རྡོ་རྗེ་གདན་དབུས་སུ། །སྨོན་ལམ་སྟོབས་ཀྱིས་མངོན་པར་བྱང་ཆུབ་མཛད། །གང་ལ་གང་འདུལ་ཆོས་འཁོར་དཔག་མེད་བསྐོར། །སངས་རྒྱས་བསྟན་པ་མི་ནུབ་གསལ་བར་མཛད། །བསྟན་པའི་རྒྱུན་སྤེལ་འགྲོ་དོན་མི་ཉམས་ཕྱིར། །ཟབ་མོ་དོན་གྱི་གཏེར་ཁ་མང་དུ་སྦས། །དེ་ནས་བོད་ཀྱི་འགྲོ་དོན་མཛད་ཚུལ་ནི། །འཇམ་དབྱངས་སྤྲུལ་པ་མངའ་བདག་ཁྲི་སྲོང་རྗེས། །ཞིང་འདིར་བསྟན་པ་སྤེལ་བའི་ཐུགས་འདུན་གྱིས། །གདན་འདྲེན་བཏང་བས་སྔོན་སྨོན་མཐུ་བཙན་པས། །རྒྱལ་པོའི་དབུ་ཡི་མཆོད་གནས་སྐལ་བར་ཐོབ། །རྒྱ་གར་བོད་ཡུལ་གཉིས་ཀྱི་ས་མཚམས་སུ། །བསྟན་མ་བཅུ་གཉིས་ལ་སོགས་དམ་ལ་བཏགས། །ཡ་མཚན་བསམ་མི་ཁྱབ་པའི་རྫུ་འཕྲུལ་གྱིས། །བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་གི། ས་འདུལ་མཛད་ཅིང་བོད་ཡུལ་འདིར་གནས་པའི། །ལྷ་སྲིན་སྡེ་བརྒྱད་དྲེགས་པ་ཅན་རྣམས་བཏུལ། །དེ་ཚེ་ལྷ་འདྲེ་མ་ལུས་དབང་བསྡུས་ནས། །མཐུན་རྐྱེན་གང་དགོངས་ཚེགས་མེད་འགྲུབ་པ་དང་། །མངའ་གསོལ་རབ་ཏུ་གནས་ཤིང་མཐར་ཕྱིན་ནས། །བཻ་རོའི་གཙོ་བྱས་བོད་ཕྲུག་མང་པོ་ལ། །ལོ་ཙཱ་བསླབས་ཏེ་འཕགས་ཡུལ་དབུས་སུ་བཏང་། །གསུང་རྟེན་དམ་ཆོས་མ་ལུས་བོད་དུ་བསྒྱུར། །ཟ་ཧོར་མཁན་པོ་བོ་དྷི་ས་ཏྭ་ཡིས། །བསྟན་པའི་གཞི་མ་འདུལ་བའི་སྲོལ་བཟུང་སྟེ། །སད་མི་མི་བདུན་ལ་སོགས་རབ་ཏུ་བྱུང་། །སོ་བྱང་གཉིས་ཀྱི་ཆོས་གསུང་མང་དུ་བཤད། །ཐམས་ཅད་མཁྱེན་པ་པདྨ་ཀཱ་ར་ཡིས། །སྔགས་ཀྱི་སྲོལ་བཟུང་བླ་མེད་ཆོས་འཁོར་བསྐོར། །ཞི་རྒྱས་དབང་དྲག་ཕྲིན་ལས་རྣམ་པ་བཞིས། །ལོག་པ་བདུད་ཀྱི་བསྟན་པ་བསྣུབ་པར་མཛད། །ཏ་ན་ག་ཎའི་དགོངས་སྤྱོད་རླབས་ཆེན་གྱིས། །སྐྱེ་བོ་མུ་སྟེགས་ཅན་རྣམས་ཚར་བཅད་ནས། །དམ་ཆོས་མི་ནུབ་བསྟན་པའི་ཆེ་བ་མཛད། །དུས་གསུམ་མཁྱེན་དང་བསྟན་པ་གསོ་བའི་ཕྱིར། །གཏེར་ཆེན་གཏེར་ཕྲན་བྱེ་བ་ས་ཡ་སྦས། །མཐའ་དམག་དམ་སྲི་འགོང་པོ་ཚར་གཅོད་ཕྱིར། །བསྲེགས་མནན་འཕངས་གསུམ་བསྟན་ཞབས་གཏེར་སྐྱོང་མཛད། །འགྲོ་དྲུག་གང་ལ་གང་འདུལ་དོན་མཛད་ཕྱིར། །སྤྲུལ་པའི་སྐུ་མཆོག་རིགས་ལྔ་དྲག་པོ་རྩལ། །མཚན་བརྒྱད་གུ་རུ་དྲུག་དང་དེ་ལས་ཀྱང་། །འཕྲུལ་མཚན་ཉི་ཤུ་པད་འབྱུང་བྱེ་བ་སོགས། །བསམ་ཡས་སྒྱུ་འཕྲུལ་དྲྭ་བའི་བདག་ཉིད་ལ། །ཕལ་པའི་བློ་ཡིས་བརྗོད་མཐར་ཐུག་མ་ཡིན། །གཞན་ཡང་གངས་རིའི་ལྗོངས་འདིར་ཁྱད་པར་དུ། །སྒྲུབ་པའི་གནས་ཆེན་རྣམས་ལ་ཡང་དབེན་མཛད། །མཚོ་དང་གངས་བྲག་མང་པོར་ཕྱག་ཞབས་ཀྱི། །རྗེས་སོགས་མངོན་གྱུར་དང་ནི་ལྐོག་གྱུར་དུ། །ངོ་མཚར་སྐུ་ཚབ་མང་བཞག་བྱིན་གྱིས་བརླབས། །བོད་ཀྱི་རྒྱལ་ཁབ་ཐམས་ཅད་བདེ་ལ་བཀོད། །རྗེ་ཡི་དགོངས་པ་ལྷག་མེད་འགྲུབ་པའི་ཚེ། །སྐུ་ཚེ་དཔག་མེད་རྟེན་འབྲེལ་ཡོད་མོད་ཀྱང་། །གཡོན་ཅན་འཕྲུལ་གྱིས་སྐུ་ཚེ་རྟེན་འབྲེལ་ནུབ། །དེ་ཚེ་ལྷ་སྲས་མུ་ཁྲི་བཙད་པོ་ཡིས། །རྒྱལ་སྲིད་བཟུང་ནས་ལོ་གྲངས་བཅུ་གསུམ་བར། །སློབ་དཔོན་ཆེན་པོ་དང་ནི་ལྷན་ཅིག་པར། །ཡབ་སྲས་བཞིན་དུ་དབང་ཆོས་མང་དུ་གསུངས། །མཐར་ནི་སྲིན་པོ་འདུལ་བའི་དགོངས་པ་ཡིས། །གཤེགས་པར་ཆས་དེ་གུང་ཐང་ལ་ཐོག་བར། །རྗེ་འབངས་སེར་སྐྱ་ཀུན་གྱིས་སྐྱེལ་ཐུང་བྱས། །ལྷ་སྲས་ཉིད་ནས་ཡིད་བཞིན་དབང་རྒྱལ་གཙོས། །ནོར་སྣ་ཁྱད་འཕགས་མང་པོ་ཕུལ་ནས་སུ། །གདུང་བས་སྨྲེ་སྔགས་ཞུ་བ་མང་བྱས་ཀྱང་། །བཤོལ་མ་ཐེབས་པར་ལྷ་སྲས་ཉིད་ལ་ཡང་། །ཐུགས་རྗེས་བརྩེ་བའི་རྣམ་འགྱུར་ངོམ་བཞིན་དུ། །ཞལ་ཆེམས་མང་བཞག་མ་འོངས་ལུང་ཡང་བསྟན། །དད་ལྡན་གང་ཟག་ཕོ་མོ་ཐམས་ཅད་ལ། །རེ་རེ་བཞིན་དུ་གདམས་པ་སྣ་རེ་གནང་། །དེ་མ་ཐག་ཏུ་ནམ་མཁའི་སྤྲིན་གསེབ་ནས། །ཅང་ཤེས་རྟ་སྔོན་རིན་ཆེན་རྒྱན་ལྡན་ཞིག ལྷ་དང་ལྷ་མོ་མང་པོས་ཁྲིད་བྱུང་བར། །བཅིབས་ནས་རྫུ་འཕྲུལ་འགྲོས་ཀྱིས་སྐད་ཅིག་གིས། །བདེན་བྲལ་ཕྱོགས་ཀྱི་མཁའ་ལ་གཤེགས་པར་གྱུར། །དེ་ནས་རི་བོ་གནམ་ལྕགས་འབར་བའི་རྩེར། །ཐོད་མཁར་འབར་བའི་ནང་ཤེད་སྲིན་རྒྱལ་གྱི། །རིག་པ་གནས་སྤར་དེ་ཡི་གསོབ་ཏུ་བཞུགས། །ཐབས་མཁས་མཛད་པས་འཁོར་རྣམས་ཆོས་ལ་བཀོད། །སྲིན་ཡུལ་རྣམ་དག་བདེ་ལྡན་ཞིང་དུ་བསྒྱུར། །མདོར་ན་རྒྱལ་བ་ཀུན་འདུས་པད་འབྱུང་ཉིད། །གདུལ་བྱའི་ཞིང་ཁམས་བྱེ་བ་དཔག་མེད་པར། །འདུལ་བྱེད་སྟོན་པ་དེ་དང་ཚུལ་མཐུན་པའི། །སྤྲུལ་བསྒྱུར་མཐའ་དག་རྩིས་སུ་མི་ལང་ཡང་། །རེ་ཞིག་མི་མཇེད་འཇིག་རྟེན་ཞིང་འདི་རུ། །མཛད་ཚུལ་རྣམ་གྲངས་བཅུ་གཉིས་མདོ་ཙམ་ཞིག། བསྡུས་པ་འདི་ཉིད་དུས་རྣམས་ཐམས་ཅད་དུ། །གང་གི་ལྷག་བསམ་དག་པས་བརྗོད་པ་དང་། །འབྲི་དང་ཀློག་དང་ཉན་དང་ཀུན་ཆུབ་བྱེད། །དེ་དག་ཚེ་ལུས་གཅིག་ལ་རྣམ་དག་ཞིང་། །བདེ་བ་ཅན་གྱི་གནས་སུ་ངེས་པར་འགྲོ། །འདི་ལྟར་མོས་ཤིང་གུས་པས་དུས་དྲུག་ཏུ། །ཁྱེད་ཀྱི་རྣམ་ཐར་ཡིད་ལ་དྲན་བཞིན་པས། །སྙན་འགྱུར་དབྱངས་ཀྱིས་རྩེ་གཅིག་གསོལ་འདེབས་ན། །ཉེ་བར་ཐུགས་རྗེས་དགོངས་ལ་བྱིན་གྱིས་རློབས། །ལམ་འདིར་བརྩོན་པའི་བསོད་ནམས་གང་ཐོབ་པ། །དེ་ཡིས་རང་གཞན་འགྲོ་དྲུག་སེམས་ཅན་རྣམས། །སྡུག་བསྔལ་འཁོར་བའི་མཚོ་ལས་རབ་བསྒྲལ་ནས། །པདྨ་རྒྱལ་པོའི་གོ་འཕང་ལ་གནས་ཤོག། ཅེས་པ་འདི་ཡང་གུ་རུ་པདྨའི་བཀའ་དྲིན་གྱིས་འཚོ་བ་རྨོངས་བརྟུལ་ཛྙཱ་ན་དྭཱི་པའི་མིང་པས་གུ་རུའི་རྣམ་ཐར་གསུམ་གྱི་ཕྱི་མོ་འདི་ཉིད་རང་བྱུང་པདྨ་རྒྱལ་པོའི་གསུང་རྡོ་རྗེ་མི་ཤིགས་པའི་སྒྲ་དབྱངས་འཆུགས་མེད་དུ་ཕབ་པ་ལ་ཡི་གེའི་འདུ་བྱེད་ཌཱཀྐི་མས་བགྱིས་པ་དགེ་ལེགས་འཕེལ། བཀྲ་ཤིས་དཔལ་འབར་འཛམ་གླིང་ཀུན་ཁྱབ་ཤོག །

གུ་རུའི་སྒྲུབ་ཐབས་བྱིན་རླབས་ཆར་འབེབས།

ཡང་གསང་མཁའ་འགྲོའི་ཐུགས་ཐིག་ལས༔ གུ་རུའི་སྒྲུབ་ཐབས་བྱིན་རླབས་ཆར་འབེབས་བི་ཛ་ཧ་རཾ༔

རྒྱལ་བ་ཀུན་གྱི་སྤྱི་གཟུགས་རྗེ༔ སྣང་སྲིད་ཟིལ་གནོན་སྐུ་ལ་འདུད༔ ད་ལྟ་མ་འོངས་དུས་སྙིགས་འདིར༔ ང་སྤྲུལ་སྐལ་ལྡན་སྐྱེས་བུ་རྣམས༔ འདི་ཕྱིའི་བར་ཆད་སེལ་བའི་ཕྱིར༔ པདྨ་ང་ལ་གསོལ་བ་ཐོབ༔ རང་གི་སྒྲུབ་པ་རང་གིས་མཛད༔ སྒྲུབ་ཐབས་བྱིན་རླབས་ཆར་འབེབས་འདི༔ དད་ལྡན་ཀུན་གྱིས་ཉམས་སུ་ལོངས༔ ས་མ་ཡཱ༔ དབེན་ཅིང་ཡིད་དགའི་གནས་མཆོག་ཏུ༔ སྒྲུབ་པའི་དཀྱིལ་འཁོར་བཀོད་ལེགས་དབུས༔ ལྷ་གྲངས་དང་མཉམ་འབྲུ་ཚོམ་བཀྲམ༔ རིན་ཆེན་སྣོད་མཆོག་ཡངས་པའི་ནང༔ གདན་ཟླུམ་སུམ་བརྩེགས་སྒྲུབ་པའི་གཏོར༔ ལྟོ་ལྡིར་རྩེ་རྒྱལ་ནོར་བུས་མཚན༔ པད་འདབ་རྡོར་ཕྱེད་ཉི་ཟླས་བརྗིད༔ པད་འབྱུང་སྐུ་གཟུགས་བྱིན་ལྡན་བཤམས༔ ཕྱི་ནང་མཆོད་རྫས་མཐའ་ནས་བསྐོར༔ ལྷོ་ནུབ་མཚམས་སུ་ཁ་བསྟན་ལ༔ སྒྲུབ་ཐབས་འདི་བཞིན་གནད་དུ་སྣུན༔ དང་པོ་སྐྱབས་སེམས་ཚོགས་བསགས་རིམ་པ་ནི༔ ཨཱཿ མ་བཅོས་རིག་སྟོང་སྤྲོས་བྲལ་ཡེ་ཤེས་ལྷ༔ སྣང་སྟོང་ཁྱབ་གདལ་ངང་ནས་སྐྱབས་སུ་མཆི༔ མ་རིག་གཉིས་འཛིན་འཁྲུལ་བའི་ལུས་ཅན་ཀུན༔ རང་གྲོལ་གཉུག་མའི་ངང་ནས་སེམས་མཆོག་བསྐྱེད༔ ཧཱུྃ༔ ཆོས་ཉིད་ཀློང་ལས་ཤར་བའི་རྩ་གསུམ་ལྷ༔ ཡེ་གྲོལ་གཤིས་ལུགས་མ་བཅོས་ངང་ཕྱག་འཚལ༔ ཡུལ་དྲུག་སྣང་བ་མཆོད་པའི་ཕྱག་རྒྱ་ཆེ༔ རང་རིག་ཆོས་སྐུ་མ་མཐོང་གཉིས་འཛིན་བཤགས༔ ཟག་མེད་ཏིང་འཛིན་དགེ་ལ་རྗེས་ཡི་རང༔ འཕོ་ཆེན་ཀློང་ནས་ཆོས་ཀྱི་འཁོར་ལོ་བསྐོར༔ དུས་གསུམ་རྒྱལ་ཀུན་མྱ་ངན་མི་འདའ་བཞུགས༔ རྣམ་དཀར་དགེ་ཚོགས་འཁོར་གསུམ་དག་པས་བསྔོ༔ གཉིས་པ་གཉིས་འཛིན་འཁྲུལ་རྟོག་སྦྱངས་ཤིང་གཉིས་མེད་ཀྱི་མཚམས་གཅོད་ནི༔ ཧཱུྃ་ཧྲཱིཿ མ་རིག་གཉིས་སྣང་འཁྲུལ་བའི་ལྷ་འདྲེ་རྣམས༔ གཟུང་འཛིན་རང་སར་གྲོལ་བའི་གཏོར་མ་བཞེས༔ སྐྱེ་འགགས་གནས་གསུམ་བྲལ་བའི་ཀློང་དུ་དེངས༔ ཡེ་ཤེས་རང་རྩལ་མེ་ཕུང་ཁྲོ་མཚོན་གྱིས༔ མཚན་མའི་ཡུལ་ཀུན་སྲུང་བའི་ཆས་ཀྱིས་གཏམས༔ ཨོཾ་བཛྲ་རཀྵ་རཀྵ་བྷྲཱུྃ་སྭཱ་ཧཱ༔ གསུམ་པ་བྱིན་འབེབས་ནི༔ རོལ་མོ་སྒྲོག་ཅིང་སྤོས་དུད་གཏོང༔ རྡོ་རྗེའི་གླུ་ཡིས་སྨྲེང་འདི་གྱེར༔ ཧཱུྃ་ཧྲཱིཿ བྱིན་ཆེན་ངོ་མཚར་མཆོག་གི་ཞིང་ཁམས་སུ༔ སྐུ་གསུམ་རང་རྩལ་ཆོས་དབྱིངས་ཕོ་བྲང་ནས༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་བཅས༔ བྱིན་ཆེན་བྱིན་ཕོབ་མཆོག་ཐུན་དངོས་གྲུབ་སྩོལ༔ གུ་རུ་དྷེ་ཝ་ཌཱཀྐི་དྷརྨཱ་པཱ་ལ་ཨ་ཝེ་ཤ་ཡ་ཕཻཾ་ཕཻཾ་ཛ་ཛ༔ ཞེས་དང༔ རྃ་ཡྃ་ཁྃ༔གིས་བསྲེགས་གཏོར་བཀྲུ༔ ཨོཾ་ཨཱཿཧཱུྃ༔གིས་མཆོད་རྫས་ཀུན་བཟང་རྣམ་རོལ་སྤེལ༔ བཞི་པ་དངོས་གཞི་ལ༔ ཨེ་མ་ཧོ༔ གནས་འདི་རྔ་ཡབ་ཟངས་མདོག་རི༔ ཡོན་ཏན་ཕུན་སུམ་ཚོགས་པའི་ཞིང༔ སྣ་ཚོགས་པདྨའི་གདན་སྟེང་དུ༔ རང་ཉིད་ཡེ་ཤེས་མཚོ་རྒྱལ་མ༔ དཀར་གསལ་ཞལ་གཅིག་ཕྱག་གཉིས་ཀྱིས༔ ཐུགས་ཀར་ཐལ་མོ་མཉམ་པར་སྦྱར༔ ཞབས་གཉིས་གདན་ལ་པུས་བཙུག་ཅིང༔ དད་གུས་མཆོད་ལྷའི་རྣམ་འགྱུར་ཅན༔ དགྱེས་ཤིང་བརྩེ་བས་བཞུགས་པར་བསམ༔ མདུན་གྱི་ནམ་མཁར་འོད་ལྔའི་ཀློང༔ སེང་ཁྲི་པདྨ་ཉི་ཟླའི་སྟེང༔ རྩ་བའི་བླ་མ་པདྨ་འབྱུང༔ དཀར་དམར་མདངས་ལྡན་ཁྲོ་འཛུམ་ཅན༔ ཕྱག་གཡས་རྡོ་རྗེ་རྩེ་ལྔ་བསྡིག༔ གཡོན་པས་བྷན་དྷ་ཚེ་བུམ་ནི༔ བཅུད་ལྡན་ལྟེ་བའི་ཐད་དུ་འཛིན༔ སྐུ་ལ་གསང་གོས་དཀར་པོ་དང༔ ཟ་བེར་མཐིང་ག་ཆོས་གོས་དམར༔ དབུ་ལ་འདབ་ལྡན་རིགས་ལྔ་ནི༔ ཉི་ཟླ་ནོར་བུ་རྒོད་སྒྲོ་མཛེས༔ ཞབས་གཉིས་རྒྱལ་པོ་རོལ་སྟབས་བཞུགས༔ ཕྱག་རྒྱས་འཁྱུད་ཚུལ་ཁ་ཊཱཾ་བཀལ༔ འཁོར་དུ་རིག་འཛིན་རྣམ་བརྒྱད་དང༔ སྒྲུབ་སྡེ་བརྒྱད་གྱི་ངོ་བོ་རུ༔ མ་ཧཱ་གུ་རུ་མཚན་མཆོག་བརྒྱད༔ རྗེ་འབངས་ཉི་ཤུ་རྩ་ལྔར་བཅས༔ རྒྱ་བོད་མཁས་གྲུབ་རྒྱ་མཚོས་བསྐོར༔ མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས༔ ལྷོ་སྤྲིན་དང་ནི་ཉི་རྡུལ་བཞིན༔ མ་ལུས་ལུས་པ་མེད་པར་གསལ༔ གནས་གསུམ་ཨོཾ་ཨཿཧཱུྃ་གསུམ་ལས༔ འོད་ཟེར་དབང་པོའི་གཞུ་ལྟར་འཕྲོས༔ རྔ་ཡབ་དཔལ་གྱི་རི་བོ་ནས༔ བླ་མ་རིག་འཛིན་ཐུགས་རྒྱུད་བསྐུལ༔ འཁོར་བཅས་དབྱིངས་ནས་སྤྱན་དྲངས་ཏེ༔ བྱིན་དབབ་དངོས་གྲུབ་སྩོལ་བར་དམིགས༔ ལུས་དང་ལོངས་སྤྱོད་བློ་སྙིང་བྲང༔ ལྟོས་པ་མེད་པར་ཁྱེད་ལ་འབུལ༔ འདི་ནས་བྱང་ཆུབ་མ་ཐོབ་བར༔ སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ཡང༔ རྗེ་བཙུན་ཨོ་རྒྱན་པད་འབྱུང་མཁྱེན༔ ཞེས་སོ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་སོགས། གཤེགས་སུ་གསོལ༔ གུ་རུ་པདྨ་སིདྡྷི་ཧཱུྃ༔ ཚིག་ཏུ་བརྗོད་ཅིང་དམིགས་པ་གསལ༔ བཟོད་མེད་གདུང་བ་དྲག་པོའི་ངང༔ ཁམས་གསུམ་འཁོར་བའི་རྒྱ་མཚོ་ལས༔ ངེས་པར་ཡིད་འབྱུང་སྐྱོ་ཤས་བསྐྱེད༔ དལ་འབྱོར་མི་ལུས་རྙེད་དཀའ་དང༔ གང་ཡང་མི་རྟག་འགྱུར་བར་བསྒོམ༔ ངན་སོང་འཁོར་བའི་སྡུག་བསྔལ་དང༔ རྒྱུ་འབྲས་བསླུ་བ་མེད་པ་ལ༔ ཡིད་ཆེས་ངེས་ཤེས་ཡང་ཡང་བསྐྱེད༔ དུས་གསུམ་སངས་རྒྱས་འདུས་པའི་དངོས༔ མ་ཧཱ་གུ་རུ་པད་འབྱུང་ལས༔ སྐྱབས་དང་རེ་ས་གཞན་མེད་པའི༔ མི་ཕྱེད་མཆི་མ་ཐོན་པ་ཡིས༔ ཁྱེ་འུས་མ་ལ་འབོད་པ་ལྟར༔ གདུང་ཤུགས་དྲག་པོས་གསོལ་བ་འདེབས༔ ཚིག་བདུན་བརྒྱ་སྟོང་ཁྲི་འབུམ་སོགས༔ དུས་དང་རྣམ་པ་ཀུན་ཏུ་བཟླ༔ སྐབས་སུ་སྙིང་པོ་སིདྡྷི་སྒྲོངས༔ གསོལ་འདེབས་གཅིག་ཆོག་ཚིག་བདུན་པ༔ འདི་ལས་ཟབ་པ་ཡོད་རེ་ཀན༔ ཆགས་མེད་ཐུགས་དམ་སུས་བྱས་ཀྱང༔ རིག་འཛིན་མཁའ་འགྲོས་བྱིན་གྱིས་རློབས༔ བརྡ་དང་གླུ་ཡི་སྣང་བ་འཆར༔ བྱིན་རླབས་ཡེ་ཤེས་སྤྲིན་ཕུང་འཁྲིགས༔ ལྷ་དང་སྲུང་མ་གྲིབ་བཞིན་འཁོར༔ ཐུན་མོང་ལས་བཞི་འདི་ཡིས་འགྲུབ༔ མཆོག་གི་ས་ལ་འདི་ཡིས་རེག༔ གནས་སྐབས་འགལ་རྐྱེན་མཐའ་དག་ཞི༔ ཕྱི་མ་ལྷོ་ནུབ་དཔལ་གྱི་རི༔ པད་འབྱུང་བདག་དང་འདུ་འབྲལ་མེད༔ ས་མ་ཡཱ༔ ཐུན་མཐར་མཆོད་པའི་ལས་རིམ་ནི༔ ཧཱུྃ་ཧྲཱིཿ དུས་གསུམ་རྒྱལ་བ་ཀུན་དངོས་པདྨ་འབྱུང༔ རྩ་གསུམ་རིག་འཛིན་དཔའ་བོ་མཁའ་འགྲོའི་ཚོགས༔ བདག་ཅག་མོས་གུས་ལྡན་པའི་བུ་ལ་དགོངས༔ དངོས་སུ་བཤམས་དང་ཡིད་ཀྱིས་སྤྲུལ་པ་ཡི༔ ཉེར་སྤྱོད་སྣ་བདུན་ཕྱི་ཡི་མཆོད་པ་འབུལ༔ འདོད་ཡོན་སྣ་ལྔ་ནང་གི་མཆོད་པ་འབུལ༔ བདག་ལུས་ཕུང་ཁམས་གསང་བའི་མཆོད་པ་འབུལ༔ བླ་མ་རྡོ་རྗེ་སློབ་དཔོན་ཐུགས་དམ་བསྐང༔ རིག་འཛིན་མཁའ་འགྲོ་རྒྱ་མཚོའི་ཐུགས་དམ་བསྐང༔ དམ་ཅན་ཆོས་སྐྱོང་སྲུང་མའི་ཐུགས་དམ་བསྐང༔ ཉམས་ཆག་ཉེས་ལྟུང་ཆོས་ཀྱི་དབྱིངས་སུ་བཤགས༔ ལྷ་ཚོགས་གསང་གསུམ་ཡོན་ཏན་དྲན་པས་བསྟོད༔ མཆོག་དང་ཐུན་མོང་དངོས་གྲུབ་དུས་འདིར་སྩོལ༔ དེ་ནས་དབང་བཞི་ལེན་པ་ནི༔ ཨོཾ་ཨཱཿཧཱུྃ་ཧྲཱིཿ གུ་རུའི་གནས་བཞི་ལས་འཕྲོས་འོད་ཀྱི་ཟེར༔ བདག་གི་སྤྱི་མགྲིན་སྙིང་ལྟེར་ཐིམ་པ་ཡིས༔ དབང་བཞི་ཐོབ་ཅིང་སྒྲིབ་པ་རྣམ་བཞི་སྦྱངས༔ ལམ་བཞི་བསྒོམ་དབང་སྐུ་བཞིའི་འབྲས་སྨིན་ཤོག༔ སྤྲོ་ན་སྐབས་འདིར་སྲུང་མ་གསོལ༔ བཤགས་པ་ཅི་རིགས་བྱ༔

བྱིན་འབེབས་ཀུན་བཟང་སྤྲིན་གྱི་རོལ་མོ་བྱིན་རླབས་བདུད་རྩིའི་ཟེགས་མ།

ཡང་གསང་མཁའ་འགྲོའི་ཐུགས་ཐིག་ལས༔ བྱིན་འབེབས་ཀུན་བཟང་སྤྲིན་གྱི་རོལ་མོ་བྱིན་རླབས་བདུད་རྩིའི་ཟེགས་མ་བཞུགས༔ ན་མོ་རཏྣ་གུ་རུ་དྷེ་ཝ་ཌཱཀྐི་ཡེ༔ འོག་མིན་བདེ་ཆེན་ཆོས་སྐུའི་ཕོ་བྲང་ནས༔ ཀུན་བཟང་ཆོས་སྐུའི་ལྷ་ཚོགས་འཁོར་བཅས་ཀྱིས༔ སྒྲུབ་གནས་ཡོ་བྱད་འདི་ལ་བྱིན་ཅིག་ཕོབ༔ རིག་འཛིན་རྣལ་འབྱོར་ཡོངས་ལ་དབང་བཞི་སྐུར༔ གུ་རུ་དྷེ་ཝ་ཌཱཀྐི་ནི་ཨ་ཝེ་ཤ་ཡ་ཕེཾ་ཕེཾ༔ ངེས་པ་ལྔ་ལྡན་ལོངས་སྐུའི་ཕོ་བྲང་ནས༔ ལོངས་སྐུ་སངས་རྒྱས་རིགས་ལྔ་འཁོར་བཅས་ཀྱིས༔ སྒྲུབ་གནས་ཡོ་བྱད་འདི་ལ་བྱིན་ཅིག་ཕོབ༔ རིག་འཛིན་རྣལ་འབྱོར་ཡོངས་ལ་དབང་བཞི་སྐུར༔ གུ་རུ་དྷེ་ཝ་ཌཱཀྐི་ནི་ཨ་ཝེ་ཤ་ཡ་ཕེཾ་ཕེཾ༔ འགགས་མེད་འགྲོ་འདུལ་སྤྲུལ་སྐུའི་ཕོ་བྲང་ནས༔ ཐུགས་རྗེས་འགྲོ་འདུལ་སྤྲུལ་སྐུའི་ལྷ་ཚོགས་ཀྱིས༔ སྒྲུབ་གནས་ཡོ་བྱད་འདི་ལ་བྱིན་ཅིག་ཕོབ༔ རིག་འཛིན་རྣལ་འབྱོར་ཡོངས་ལ་དབང་བཞི་སྐུར༔ གུ་རུ་དྷེ་ཝ་ཌཱཀྐི་ནི་ཨ་ཝེ་ཤ་ཡ་ཕེཾ་ཕེཾ༔ བདེ་ཆེན་པདྨོ་ཟངས་མདོག་དཔལ་རི་ནས༔ རིགས་བརྒྱའི་སྤྱི་མྱེས་རཀྴ་ཐོད་ཕྲེང་རྩལ༔ སྒྲུབ་གནས་ཡོ་བྱད་འདི་ལ་བྱིན་ཅིག་ཕོབ༔ རིག་འཛིན་རྣལ་འབྱོར་ཡོངས་ལ་དབང་བཞི་སྐུར༔ གུ་རུ་དྷེ་ཝ་ཌཱཀྐི་ནི་ཨ་ཝེ་ཤ་ཡ་ཕེཾ་ཕེཾ༔ སྒྲགས་མངའ་དྷུ་མ་ཐ་ལའི་གནས་མཆོག་ནས༔ ཌཱཀྐི་ཡེ་ཤེས་མཚོ་རྒྱལ་བྱིན་ཕོབ་ཅིག༔ སྒྲུབ་གནས་ཡོ་བྱད་འདི་ལ་བྱིན་ཅིག་ཕོབ༔ རིག་འཛིན་རྣལ་འབྱོར་ཡོངས་ལ་དབང་བཞི་སྐུར༔ གུ་རུ་དྷེ་ཝ་ཌཱཀྐི་ནི་ཨ་ཝེ་ཤ་ཡ་ཕེཾ་ཕེཾ༔ བསམ་ཡས་མི་འགྱུར་ལྷུན་གྲུབ་གནས་མཆོག་ནས༔ ཚངས་པའི་མེ་ཏོག་ལོ་པཎ་འཁོར་བཅས་ཀྱིས༔ སྒྲུབ་གནས་ཡོ་བྱད་འདི་ལ་བྱིན་ཅིག་ཕོབ༔ རིག་འཛིན་རྣལ་འབྱོར་ཡོངས་ལ་དབང་བཞི་སྐུར༔ གུ་རུ་དྷེ་ཝ་ཌཱཀྐི་ནི་ཨ་ཝེ་ཤ་ཡ་ཕེཾ་ཕེཾ༔ གར་བཞུགས་དག་པའི་འོག་མིན་གཞལ་ཡས་ནས༔ རྒྱ་བོད་རིག་འཛིན་མཁས་གྲུབ་རྒྱ་མཚོའི་ཚོགས༔ སྒྲུབ་གནས་ཡོ་བྱད་འདི་ལ་བྱིན་ཅིག་ཕོབ༔ རིག་འཛིན་རྣལ་འབྱོར་ཡོངས་ལ་དབང་བཞི་སྐུར༔ གུ་རུ་དྷེ་ཝ་ཌཱཀྐི་ནི་ཨ་ཝེ་ཤ་ཡ་ཕེཾ་ཕེཾ༔ སྤྱི་གཙུག་ནམ་མཁའ་ཡངས་པའི་ད་ལ་ནས༔ དྲིན་ཆེན་ཡོངས་འཛིན་དམ་པ་འཁོར་དང་བཅས༔ སྒྲུབ་གནས་ཡོ་བྱད་འདི་ལ་བྱིན་ཅིག་ཕོབ༔ རིག་འཛིན་རྣལ་འབྱོར་ཡོངས་ལ་དབང་བཞི་སྐུར༔ གུ་རུ་དྷེ་ཝ་ཌཱཀྐི་ནི་ཨ་ཝེ་ཤ་ཡ་ཕེཾ་ཕེཾ༔ ཕུང་ཁམས་གདན་གསུམ་ལྷ་ཡི་ཕོ་བྲང་ནས༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ཐམས་ཅད་ཀྱིས༔ སྒྲུབ་གནས་ཡོ་བྱད་འདི་ལ་བྱིན་ཅིག་ཕོབ༔ རིག་འཛིན་རྣལ་འབྱོར་ཡོངས་ལ་དབང་བཞི་སྐུར༔ གུ་རུ་དྷེ་ཝ་ཌཱཀྐི་ནི་ཨ་ཝེ་ཤ་ཡ་ཕེཾ་ཕེཾ༔ གནས་མཆོག་སོ་གཉིས་ཡུལ་གྲུ་ཉེར་བརྒྱད་ན༔ བཞུགས་པའི་དཔའ་བོ་མཁའ་འགྲོ་འཁོར་བཅས་ཀྱིས༔ སྒྲུབ་གནས་ཡོ་བྱད་འདི་ལ་བྱིན་ཅིག་ཕོབ༔ རིག་འཛིན་རྣལ་འབྱོར་ཡོངས་ལ་དབང་བཞི་སྐུར༔ གུ་རུ་དྷེ་ཝ་ཌཱཀྐི་ནི་ཨ་ཝེ་ཤ་ཡ་ཕེཾ་ཕེཾ༔ འོག་མིན་དག་པ་དབྱིངས་ཀྱི་མཁའ་ཀློང་ནས༔ རྩ་གསུམ་རབ་འབྱམས་རྒྱལ་བ་རྒྱ་མཚོའི་ལྷ༔ སྒྲུབ་གནས་ཡོ་བྱད་འདི་ལ་བྱིན་ཅིག་ཕོབ༔ རིག་འཛིན་རྣལ་འབྱོར་ཡོངས་ལ་དབང་བཞི་སྐུར༔ གུ་རུ་དྷེ་ཝ་ཌཱཀྐི་ནི་ཨ་ཝེ་ཤ་ཡ་ཕེཾ་ཕེཾ༔ བཀའ་དང་དམ་ཚིག་གཉན་པོའི་ཕོ་བྲང་ནས༔ མ་མགོན་བསྟན་སྲུང་སྡེ་བརྒྱད་གཙོ་དང་འཁོར༔ སྒྲུབ་གནས་ཡོ་བྱད་འདི་ལ་བྱིན་ཅིག་ཕོབ༔ རིག་འཛིན་རྣལ་འབྱོར་ཡོངས་ལ་དབང་བཞི་སྐུར༔ གུ་རུ་དྷེ་ཝ་ཌཱཀྐི་ནི་ཨ་ཝེ་ཤ་ཡ་ཕེཾ་ཕེཾ༔ ལུས་ལ་མི་འགྱུར་སྐུ་ཡི་བྱིན་ཆེན་ཕོབ༔ ངག་ལ་འགག་མེད་གསུང་གི་བྱིན་ཆེན་ཕོབ༔ སེམས་ལ་འཕོ་མེད་ཆོས་སྐུའི་བྱིན་ཆེན་ཕོབ༔ བདག་གནས་ཡོ་བྱད་ལྷ་ཡི་ཞིང་དུ་བསྒྱུར༔ ཨ་ལ་ལ་ཧོ༔ ཨ་ཝེ་ཤ་ཡ་ཕེཾ་ཕེཾ་ཛ་ཛ༔ བྱིན་འབེབས་སྤྲིན་གྱི་རོལ་མོ་འདིས༔ ཐ་མལ་སྣང་ཞེན་བསྒྱུར་ནུས་ཤིང༔ རྣམ་དག་ལྷ་ཡི་དལ་དུ་འགྲུབ༔ ཉམས་དང་རྟོགས་པ་འུར་ནུས་པ༔ བྱིན་འབེབས་བྱིན་རླབས་ཐུ་ལེ་བ༔ དབྱིངས་རིག་དགོངས་པའི་བརྡ་ལས་མངོན༔ ལོངས་སྤྱོད་ལྡན་པའི་ཆོས་སྐལ་ཡིན༔ ལོག་ལྟ་ཅན་ལ་རྒྱ༔ སྐལ་ལྡན་ཡོངས་ལ་གཏད་དོ་རྒྱ༔ གུ་ཧྱ༔ ཞེས་པ་འདི་ཡང་ཡེ་ཤེས་མཁའ་འགྲོའི་བརྡ་ལས་བྱུང་ཡང་ཅི་མི་སྙམ་པའི་ངང་དུ་བཞག་ཀྱང་མཐར་དུས་ལ་བབས་ཚེ་དད་ལྡན་རང་སློབ་དམ་པ་མཚོ་རྒྱལ་གྱིས་བསྐུལ་ངོར་རང་བྱུང་རིག་པའི་སྒྲོམ་ནས་བརྡ་ཐོགས་མེད་དུ་ཕབ་པ་ཡིན་པས་འགྲོ་ཀུན་རྒྱུད་ལ་སྐུ་གསུམ་གྱིས་བྱིན་འབེབས་པར་གྱུར་ཅིག སརྦ་མངྒ་ལམ།

བླ་སྒྲུབ་ཚོགས་མཆོད་སྤྲིན་རོལ།

ཡང་གསང་མཁའ་འགྲོའི་ཐུགས་ཐིག་ལས༔ བླ་སྒྲུབ་ཚོགས་མཆོད་སྤྲིན་རོལ་བཞུགས༔ ཕྱི་ནང་གསང་བའི་ལོངས་སྤྱོད་རྫས༔ མ་ཚང་མེད་པར་འདུ་བྱས་ལ༔ སྟོང་ཉིད་སྙིང་རྗེའི་རྩིས་ཟིན་པས༔ འདོན་སྒོམ་སྦྲགས་ཏེ་འདི་ལྟར་དམིགས༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཧྲཱིཿ འོག་མིན་སྐུ་གསུམ་ཞིང་ཁམས་དང་༔ ཁྱད་པར་རྔ་ཡབ་དཔལ་རི་ནས༔ གུ་རུ་ཚེ་མཐའ་ཡས་པ་ལ༔ རབ་འབྱམས་དཔའ་བོ་མཁའ་འགྲོ་དང༔ རྡོ་རྗེ་ཆོས་སྐྱོང་རྒྱ་མཚོས་བསྐོར༔ ཚོགས་ཀྱི་འདུ་བར་གཤེགས་སུ་གསོལ༔ ཡུལ་ཆེན་ཉི་ཤུ་རྩ་བཞི་དང༔ གནས་མཆོག་སུམ་ཅུ་རྩ་གཉིས་ན༔ བཞུགས་པའི་དཔའ་བོ་རྣལ་འབྱོར་མ༔ མཁའ་འགྲོ་དང་ནི་མཁའ་འགྲོ་མ༔ ཚོགས་ཀྱི་འདུ་བར་གཤེགས་སུ་གསོལ༔ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རློབས༔ ཕྱི་ནང་སྣོད་བཅུད་ཚོགས་ཀྱི་རྒྱན༔ ལོངས་སྤྱོད་ཆེན་པོར་བརླབས་ནས་ཀྱང༔ མཆོད་ཡུལ་མགྲོན་རྣམས་མཉེས་བྱེད་པའི༔ ག་ན་ཙཀྲར་བྱིན་གྱིས་རློབས༔ བཛྲ་ས་མ་ཡཱ་ཕེཾ་ཕེཾ༔ ཨོཾ་ཨཱཿཧཱུྃ༔ ཕྱི་སྣོད་འཇིག་རྟེན་ཚོགས་གཞོང་ཀ་པཱ་ལར༔ ནང་བཅུད་རང་བྱུང་ཚོགས་རྫས་བདུད་རྩིའི་མཚོ༔ འདོད་པའི་ཡོན་ཏན་རྣམ་པ་ཐམས་ཅད་པ༔ ནམ་མཁའ་མཛོད་ཀྱི་འཁོར་ལོར་འཆར་བ་འདིས༔ རྩ་བརྒྱུད་དྲིན་ཆེན་བླ་མ་པདྨ་འབྱུང༔ ཡི་དམ་ཞི་ཁྲོ་རབ་འབྱམས་ལྷ་ཚོགས་དང༔ གནས་གསུམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་བཅས༔ རྩ་གསུམ་སྲུང་མར་བཅས་ལ་ཚོགས་མཆོད་འབུལ༔ སྡོམ་གསུམ་ཉམས་ཆག་ཉེས་ལྟུང་དབྱིངས་སུ་བཤགས༔ གཟུང་འཛིན་དགྲ་བགེགས་ཆོས་ཀྱི་དབྱིངས་སུ་སྒྲོལ༔ འཁོར་གསུམ་ཡོངས་དག་ཆེན་པོར་རྒྱས་གདབ་བོ༔ ཨ་ལ་ལ་ཧོ་སིདྡྷི་མྨེ་པྲ་ཡཙྪནྟུ༔ ཐ་མ་ལྷག་མ་བསྔོ་བ་ནི༔ ཧྲཱིཿ འཆི་མེད་རིག་འཛིན་པདྨའི་དཀྱིལ་འཁོར་དུ༔ མཚོ་སྐྱེས་རྡོ་རྗེའི་བཀའ་ཉན་ཐ་ཚིག་བདག༔ མགོན་པོ་ཕོ་རྒྱུད་མོ་རྒྱུད་མ་ནིང་རྒྱུད༔ དྲེགས་ཆེན་སུམ་ཅུ་སྡེ་བརྒྱད་དཀར་ཕྱོགས་སྐྱོང༔ བསྟན་མ་བཅུ་གཉིས་དགེ་བསྙེན་གིང་ལང་ཀ༔ དབང་ཕྱུག་ཉེར་བརྒྱད་ལྷག་མའི་མགྲོན་གྱི་ཚོགས༔ བཀའ་དང་དམ་ལ་གནས་ཀུན་ཚོགས་ལྷག་བཞེས༔ བྱང་ཆུབ་སྒྲུབ་པའི་བར་ཆད་དབྱིངས་སུ་སོལ༔ མི་མཐུན་གནོད་པའི་བྱད་མ་རྦོད་གཏོང་ཟློག༔ ཞིང་བཅུ་ཚང་བའི་དམ་ཉམས་རྡུལ་དུ་རློགས༔ མཐུ་དང་རྩལ་གྱི་དངོས་གྲུབ་སྩལ་དུ་གསོལ༔ བཛྲ་སརྦ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཚོགས་ཀྱི་སྨོན་ལམ་བདེན་པའི་ཚིག༔ ཧོ༔ རྩ་གསུམ་རིག་འཛིན་དཀྱིལ་འཁོར་དུ༔ ཚོགས་ཀྱི་འཁོར་ལོ་བསྐོར་བ་ཡིས༔ འདིར་འདུས་མཆེད་དང་ལྕམ་དྲལ་ཀུན༔ ཚོམ་བུ་གཅིག་ཏུ་ལྷུན་གྲུབ་ཤོག༔ ཨེ་ཝཾ་པདྨ་ཛྙཱ་ན་མཎྜ་ལ་ཨེ་མ་ཧོ༔ ཆོས་ཀུན་མཉམ་ཉིད་ངང་མདངས་བསྐྱང༔ ཚོགས་གཉིས་ཡེ་ཤེས་སྐུ་གཉིས་འགྲུབ༔ བསོད་ནམས་རི་རྒྱལ་ལྷུན་པོ་ཡིན༔ འབྲས་བུ་རང་བྱུང་སངས་རྒྱས་སོ༔ བྱ་སླ་ཚེགས་ཆུང་དོན་ཆེ་བ༔ འདི་ལས་ཟབ་རྒྱས་ཁམས་གསུམ་ན༔ དཀོན་པའི་མཆོག་དང་ཟབ་པའི་བཅུད༔ ཨོ་རྒྱན་ཐུགས་ལ་བརྣག་པའི་ཆོས༔ མཚོ་རྒྱལ་སྟངས་དཔྱལ་ཟུང་ལ་གཏད༔ མ་འོངས་ཨ་ཙར་སྤྲུལ་པའི་བུ༔ བྱང་སེམས་གཞན་ལ་ཕན་དེར་སྤྲོད༔ མ་གཟའ་དམ་གསུམ་མེལ་ཚེ་མཛོད༔ དེ་ཕྱིར་བསླུ་མེད་མཁའ་འགྲོའི་བརྡ༔ ཆོས་བདག་དམ་པའི་དཔལ་དུ་སྦྱིན༔ སྐལ་མེད་ལོག་ལྟ་ཅན་ལ་གསང༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཆོས་བདག་སྐྱེས་ཐོབ་སྤྲུལ་སྐུ་དམ་པས་བསྐུལ་ངོར་ཟོག་པོ་ས་ར་ཧི་ཏས་སྤེལ་བ་ཡོངས་ལ་དགེ༔

བླ་སྒྲུབ་རིན་ཆེན་གཏེར་མཛོད།

དག་སྣང་ཟུར་འགེབ་མི་ཟད་རྒྱན་འཁོར་ལས༔ བླ་སྒྲུབ་རིན་ཆེན་གཏེར་མཛོད་བཞུགས༔ ཨོཾ་སྭ་སྟི༔ རྡོ་རྗེ་སློབ་དཔོན་སྐུ་ཉིད་ལ༔ བདེ་གཤེགས་རྒྱལ་བའི་སྐུ་ཉིད་རྫོགས༔ བླ་མ་སངས་རྒྱས་བླ་མ་ཆོས༔ དེ་བཞིན་བླ་མ་དགེ་འདུན་ཏེ༔ བླ་མ་དཔལ་ཆེན་ཧེ་རུ་ཀ༔ ཀུན་བྱེད་རྒྱལ་པོ་བླ་མ་ཡིན༔ རྗེ་རྩ་བའི་བླ་མར་གསོལ་བ་འདེབས༔ སྟོབས་ནུས་པས་བདག་རྒྱུད་བྱིན་གྱིས་རློབས༔ རྒྱུད་ལས། བསྙེན་སྒྲུབ་བྱེ་བ་ས་ཡ་ལས། །བླ་མའི་གསོལ་འདེབས་ལན་གཅིག་ཟབ། །ནུས་པ་འབུམ་ཕྲག་ཆར་མི་ཕོད། །ཅེས་བཤད་མ་ཐག་པ་ལྟར་རང་གི་རྩ་བའི་བླ་མ་དེ་ཉིད་སྐྱབས་གནས་ཀུན་འདུས་ཡིད་བཞིན་ནོར་བུ་ཡིན་ལ༔ དེ་ལྟའི་སྐུ་ཉིད་བསྒོམ་པས་རྩ་གསུམ་རྒྱལ་བ་རབ་འབྱམས་གྲུབ་པ་ཡིན་པས་འདི་སྐད་དོ༔ ན་མོ་གུ་རུ་ཝེ༔ བདག་སྤྱི་བོའི་མདུན་མཁར་སེང་གེའི་ཁྲི༔ གདན་པད་ཟླ་དར་གྱི་ལྷུབ་གདན་སྟེང༔ རབ་འབྱམས་ཀྱི་རྒྱལ་ཀུན་སྤྱི་གཟུགས་མཆོག༔ དོན་ངེས་པ་རྒྱལ་བ་རྡོ་རྗེ་འཆང༔ ཡོངས་འཛིན་གྱི་བླ་མ་གཞན་ལ་ཕན༔ ཚུལ་ཨོ་རྒྱན་གྱི་ཆ་ལུགས་རྣམ་འགྱུར་རྫོགས༔ སྐུ་དཀར་ལ་དམར་མདངས་འོད་དུ་འཚེར༔ སྤྱན་ཧུ་རེའི་ལྟ་སྟངས་མཁའ་ལ་གཟིགས༔ ཕྱག་ཆོས་འཆད་མཉམ་བཞག་ལྷུན་རེ་ཆགས༔ ཞབས་སྐྱིལ་ཀྲུང་དབུ་ལ་པད་ཞྭ་མཛེས༔ སྐུའི་ཟེར་མདངས་རྩལ་ལས་བགྲང་ཡས་ཀྱི༔ རྒྱ་བོད་ཀྱི་པཎ་གྲུབ་ཁྲོམ་ལྟར་འཚོགས༔ རྒྱུད་སྡེ་ཡི་དམ་པ་ཐེག་རིམ་དགུ༔ མ་སྲིང་གི་ཌཱཀྐི་བྱེ་བ་འབུམ༔ དམ་ཅན་གྱི་སྲུང་མ་སྤྲིན་ལྟར་འཐིབ༔ མཐོང་ཐོས་ཀུན་སྒྲོལ་བའི་མགོན་པོར་བཞུགས༔ ཧྲཱིཿ བདག་ལུས་ཞིང་གི་སོགས་བསྔོ༔ ཞེས་རྒྱུན་བཤགས་ཡན་ལག་བདུན་པ་འབུལ༔ གསོལ་འདེབས་ནི༔ ཨེ་མ་ཧོ༔ ཁམས་གསུམ་འགྲོ་བ་ཡི་མགོན་པོ༔ སྐུ་གསུམ་རྒྱལ་བ་ཡི་བདག་ཉིད༔ དུས་གསུམ་སངས་རྒྱས་ཀྱི་གདུང་འཚོབ༔ ང་ཡི་བླ་མ་དེ་མཁྱེན་ནོ༔ དབང་བཞིའི་ཡེ་ཤེས་ཉིད་སྩོལ་ལ༔ སྐུ་བཞིའི་འབྲས་བུ་དེ་སྨིན་མཛོད༔ ཆོས་སྐུ་གཞི་གནས་ཀྱི་རིག་པ༔ ད་ལྟ་རང་ཞལ་དུ་སྤྲོད་ཅིག༔ ཨོཾ་ཨཱཿམ་ཧཱ་གུ་རུ་དྷེ་ཝ་ཌཱཀྐི་ནི་སརྦ་སིདྡྷི་ཕ་ལ་ཧཱུྃ་ཧྲཱིཿ ཨོཾ་ཨཱཿམ་ཧཱ་གུ་རུ་ས་མ་དྷི་ཛྙཱ་ན་དྭཱི་པ་ཀཱ་ཡ་ཝཀྐ་ཙིཏྟ་སིདྡྷི་ཕ་ལ་ཧཱུྃ༔ ཨོཾ་གུ་རུ་ཛྙཱ་ན་དྭཱི་པ་སརྦ་སིདྡྷི་ཧཱུྃ༔ ཞེས་སོགས་གསོལ་བ་ཅི་ནུས་གདབ༔ མཐར་ནི་བླ་མའི་ལྷ་ཚོགས་ཀུན༔ འོད་ཞུ་རང་ཐིམ་དབྱེར་མེད་འདྲེས༔ ཐུགས་ཡིད་དབྱེར་མེད་ཨ་ལ་ལ༔ དགེ་འདིས་མཁའ་ཁྱབ་འགྲོ་ཀུན་སྒྲོལ༔ ཐར་ལམ་སྣང་བའི་ཤིས་པ་སྩོལ༔ ཅེས་པ་རང་བྱུང་ཀློང་ནས་མངོན༔ ཅི་མི་སྙམ་པར་གབ་སྦས་ཀྱང༔ མཐར་ནི་སློབ་བུ་ལས་སྐལ་ལྡན༔ གསལ་སྟོང་འདུ་འབྲལ་མེད་ལ་ནི༔ ཨ་འཐས་འཁྱོག་པོ་བླ་གཟུགས་འཆང༔ ས་ར་ཧི་ཏས་ཚོམ་མེད་སྨྲས༔ ཀུན་ཀྱང་རང་རིག་དོན་གྱི་ནི༔ བླ་མ་དེ་ཉིད་རྟོགས་པར་ཤོག༔ ཤུ་བྷཾ༔

རིག་འཛིན་བླ་མའི་བསྐང་བསྡུས་ཀུན་བཟང་སྤྲིན་ཕུང་།

རིག་འཛིན་བླ་མའི་བསྐང་བསྡུས་ཀུན་བཟང་སྤྲིན་ཕུང་བཞུགས༔ བསྐང་རྫས་རྣམས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་གྱིས་བརླབ་ལ་འདི་སྐད་དོ༔ ཨོཾ་ཨཱཿཧཱུྃ༔ མ་བཅོས་སྤྲོས་པ་བྲལ་བའི་ཕོ་བྲང་ནས༔ ཀུན་བཟང་རྡོར་འཆང་ལྷ་ཚོགས་ཐུགས་དམ་བསྐང༔ ཏིང་འཛིན་མཆོག་ཏུ་མི་འགྱུར་ཞིང་ཁམས་ནས༔ ལོངས་སྐུ་རྒྱལ་བ་རིགས་ལྔའི་ཐུགས་དམ་བསྐང༔ སྙན་བརྒྱུད་འདུ་འབྲལ་མེད་པའི་ལམ་མཆོག་ནས༔ བརྒྱུད་གསུམ་བླ་མ་སྤྲུལ་པའི་ཐུགས་དམ་བསྐང༔ མཁའ་སྤྱོད་ཟངས་མདོག་དཔལ་རིའི་གཞལ་ཡས་ནས༔ ཨོ་རྒྱན་ཐོད་ཕྲེང་རྩལ་གྱི་ཐུགས་དམ་བསྐང༔ མ་ཚོགས་ཌཱཀྐིའི་གར་གྱི་གནས་མཆོག་ནས༔ གུ་རུ་མཚན་བརྒྱད་སྒྲུབ་སྡེའི་ཐུགས་དམ་བསྐང༔ བསམ་ཡས་མི་འགྱུར་སྤྲུལ་པའི་གཙུག་ལག་ནས༔ རྗེ་འབངས་ཉི་ཤུ་རྩ་ལྔའི་ཐུགས་དམ་བསྐང༔ སྒྲགས་མདའ་དྷུ་མ་ཐ་ལའི་དབེན་གནས་ནས༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཐུགས་དམ་བསྐང༔ སྤྱི་གཙུག་བདེ་ཆེན་འཁོར་ལོའི་གདན་སྟེང་ནས༔ ཡོངས་འཛིན་བླ་མའི་ལྷ་ཚོགས་ཐུགས་དམ་བསྐང༔ མགྲིན་པ་ལོངས་སྤྱོད་འཁོར་ལོའི་རྩ་གནས་ནས༔ དག་པ་རིག་འཛིན་རྒྱ་མཚོའི་ཐུགས་དམ་བསྐང༔ སྙིང་ག་ཆོས་ཀྱི་འཁོར་ལོའི་འོད་ཀློང་དུ༔ ཞི་ཁྲོ་དམ་པ་རིགས་བརྒྱའི་ཐུགས་དམ་བསྐང་༔ ལྟེ་བ་སྤྲུལ་པའི་འཁོར་ལོའི་གཞལ་ཡས་ནས༔ གནས་གསུམ་མ་མོའི་མཁའ་འགྲོའི་ཐུགས་དམ་བསྐང་༔ གསང་གནས་བདེ་བ་ཆེན་པོའི་ཕོ་བྲང་ནས༔ རྡོ་རྗེ་ཕྲ་མེན་དྲུག་དང་ལེགས་ཉེས་ཀྱི༔ སྟངས་འཛིན་དམ་ཅན་སྲུང་མའི་ཐུགས་དམ་བསྐང༔ མདོར་ན་རང་བཞིན་འོག་མིན་མཁའ་སྤྱོད་ནས༔ རྩ་གསུམ་རབ་འབྱམས་རྒྱ་མཚོའི་ཐུགས་དམ་བསྐང༔ དེ་ལྟར་ཐུགས་དམ་མཉེས་པའི་དམ་རྫས་ནི༔ ཕྱི་མཆོད་ཉེར་སྤྱོད་རྣམ་ལྔས་ཐུགས་དམ་བསྐང༔ ནང་མཆོད་སྨན་གཏོར་རཀྟས་ཐུགས་དམ་བསྐང༔ གསང་མཆོད་སྦྱོར་སྒྲོལ་ལྟ་བས་ཐུགས་དམ་བསྐང༔ མཆོད་བྱ་མཆོད་བྱེད་འཁོར་གསུམ་དག་པ་ཡི༔ རྣམ་པར་རྟོག་གསུམ་བྲལ་བས་ཐུགས་དམ་བསྐང༔ རྟོག་སྒྲིབ་ཉམས་ཆག་ཐམས་ཅད་བཤགས་པར་བགྱི༔ སྡོམ་གསུམ་འགལ་ཉམས་འདས་རལ་ཅི་མཆིས་བཤགས༔ ཉམས་པ་སོར་ཆུད་ཚངས་པའི་དངོས་གྲུབ་སྩོལ༔ གཞན་ནས་བྱུང་བའི་བཤགས་ཚིག་དང༔ ཡི་གེ་བརྒྱ་པ་ཅི་ནུས་བཟླ༔ དེས་ནི་སོ་བྱང་སྔགས་གསུམ་གྱི༔ ཉམས་ཆག་ཉེས་ལྟུང་ཀུན་བྱང་ཞིང༔ བཀྲ་ཤིས་བདེ་ལེགས་ལྷུན་གྱིས་གྲུབ༔ བསོད་ནམས་ཚོགས་གཉིས་མྱུར་རྫོགས་ཤིང༔ འཕོས་ཚེ་མཁའ་སྤྱོད་བདེ་ཆེན་བགྲོད༔ པདྨའི་སྲས་ཀྱི་ཐུ་བོར་གྱུར༔ ལོག་སྲེད་ཅན་ལ་གུ་ཧྱ་རྒྱ༔ སྐལ་བ་ལྡན་ལ་གཏོད་ཅིག་བུ༔ ཡང་གསང་མཁའ་འགྲོའི་བརྡ་ལས་སྣང༔ འབྲེལ་ཚད་འགྲོ་ལ་ཕན་ཐོགས་ཤོག༔ དེ་ནས་བརྡ་དང་བརྡ་ཡི་སྒོས༔ ཚོགས་ཀྱི་དྲང་འདྲེན་འདི་ལྟར་བྱ༔ དགའ་སྟོན་རིག་མས་མགྲིན་གླུ་ཡིས༔ ཀྱཻ་ཀྱཻ་རྡོ་རྗེ་སློབ་དཔོན་དགོངས༔ སྤང་བླང་དགག་སྒྲུབ་བྲལ་བ་ཡིས༔ གསང་སྔགས་ཐབས་ཀྱི་རྫས་མཆོག་འདི༔ རྡོ་རྗེ་རྒྱལ་པོས་བཞེས་སུ་གསོལ༔ བླ་མས་རྩེ་གསུམ་ཕྱག་རྒྱ་ཡིས༔ ཧོ༔ རིན་ཐང་མེད་ལ་ལེགས་པར་འོང༔ གཙང་དང་དམེ་བའི་རྟོག་པ་བྲལ༔ ཐབས་མཆོག་ཤ་ཆང་སྔགས་ཀྱི་རྫས༔ ཨ་ལ་ལ་ཧོ་ས་མ་ཡཱ༔ དེ་ནས་མཆེད་ལྕམ་ཡོངས་ལ་ནི༔ བཟའ་བཏུང་ཚོགས་ཀྱི་འཁོར་ལོས་མཆོད༔ ལྷག་མ་ཕྱི་རུ་མགྲོན་ལ་བསྔོ༔ ས་མ་ཡཱ༔ ཞེས་འདི་རྟེན་འབྲེལ་བཟང་པོའི་དུས༔ ཆོས་ལ་དབང་བའི་ནིརྨ་ཀ༔ ཉིད་དང་ལུང་ཟིན་མཆེད་གྱུར་པའི༔ སློབ་བུ་དམ་པའི་བཞེད་སྐོང་དུ༔ རྣལ་འབྱོར་ས་ར་ཧི་ཏས་བྲིས༔ དུས་གསུམ་དགེ་བའི་ཤིས་པ་སྩོལ༔

གུ་རུ་མཚན་བརྒྱད་ཀྱི་གསོལ་འདེབས་ཡེ་ཤེས་མངོན་གྱུར་ཚངས་པའི་གླུ་དབྱངས།

གུ་རུ་མཚན་བརྒྱད་ཀྱི་གསོལ་འདེབས་ཡེ་ཤེས་མངོན་གྱུར་ཚངས་པའི་གླུ་དབྱངས་བཞུགས༔ ཨེ་མ་ཧོ༔ རིགས་ཀུན་ཁྱབ་བདག་ཀུན་བཟང་སྣང་མཐའ་ཡས༔ སྙིང་རྗེའི་རང་གཟུགས་འཕགས་མཆོག་པད་དཀར་འཛིན༔ རྒྱལ་བའི་ཕྲིན་ལས་མཚོ་སྐྱེས་རྡོ་རྗེ་ལ༔ གསོལ་བ་འདེབས་སོ་དོན་གཉིས་ལྷུན་གྲུབ་མཛོད༔ མཁར་ཆེན་མཚོ་རྒྱལ་དཔལ་གྱི་དབང་ཕྱུག་དང༔ ཨ་ཙར་ས་ལེ་རྒྱལ་བ་མཆོག་དབྱངས་སོགས༔ རྒྱ་བོད་མཁས་གྲུབ་རིག་འཛིན་ཇི་སྙེད་ལ༔ གསོལ་བ་འདེབས་སོ་དོན་གཉིས་ལྷུན་གྲུབ་མཛོད༔ རྒྱལ་བའི་གདུང་འཚོབ་རིག་འཛིན་ལུང་རིག་གླིང༔ ས་ལེའི་ཟློས་གར་བསམ་གཏན་གླིང་པ་རྒྱལ༔ གང་དེའི་ཆོས་བདག་སྐྱེས་བུ་དམ་པ་ལ༔ གསོལ་བ་འདེབས་སོ་དོན་གཉིས་ལྷུན་གྲུབ་མཛོད༔ དཀྱིལ་འཁོར་གཙོ་བོ་སྣང་སྲིད་ཟིལ་གྱིས་གནོན༔ པདྨ་འབྱུང་གནས་ཉི་མ་འོད་ཟེར་དང༔ པདྨ་རཱ་ཛ་སེང་གེ་སྒྲ་ཡིས་སྒྲོག༔ པདྨ་སཾ་བྷ་བློ་ལྡན་མཆོག་སྲེད་དང༔ ཤཱཀྱ་སེང་གེ་རྡོ་རྗེ་གྲོ་བོ་ལོད༔ གསོལ་བ་འདེབས་སོ་དོན་གཉིས་ལྷུན་གྲུབ་མཛོད༔ གཞན་ཡང་བརྒྱུད་གསུམ་བླ་མ་ཡི་དམ་དང༔ མཁའ་འགྲོ་ཆོས་སྐྱོང་དམ་ཅན་གཏེར་གྱི་བདག༔ དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་ཡངས་པ་ལ༔ གསོལ་བ་འདེབས་སོ་དོན་གཉིས་ལྷུན་གྲུབ་མཛོད༔ དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས༔ བདག་སོགས་འགྲོ་བ་མ་ལུས་ཐམས་ཅད་ཀྱིས༔ སྣང་བཞི་མཐར་ཕྱིན་རང་རིག་མངོན་གྱུར་ནས༔ རིགས་བདག་བླ་མའི་ཞལ་ཕྱག་མཇལ་བར་ཤོག༔ ཅེས་པའང་བདག་འདྲ་པདྨའི་མིང་གིས་བགྱིས་པའོ༔

ཨོ་རྒྱན་མཚན་བརྒྱད་སྒྲུབ་པ་པདྨ་འོད་ཀྱི་དྲྭ་བ།

ཡང་གསང་ཌཱཀྐིའི་ཐུགས་ཐིག་ལས༔ ཨོ་རྒྱན་བླ་མ་མཚན་བརྒྱད་སྒྲུབ་པ་པདྨ་འོད་ཀྱི་དྲྭ་བ་བཞུགས་སོ༔

ཨོ་རྒྱན་པདྨ་ཀཱ་ར་ཡི༔ བླ་སྒྲུབ་སྤྲོས་མེད་འདི་ན་སྤེལ༔ བཀའ་བསྒོ་མཚམས་གཅོད་བསྲུང་བའི་གུར༔ སྐྱབས་སེམས་ཡན་ལག་བདུན་པ་དང༔ བྱིན་འབེབས་མཆོད་བྱིན་དེ་རྣམས་བྱ༔ དཀར་དམར་གཏོར་མ་སྔགས་ཀྱིས་བརླབས༔ ལྟ་བའི་གདེངས་ཀྱིས་འདི་སྐད་དོ༔ ཧཱུྃ༔ གཉིས་འཛིན་དབང་གིས་མ་རིག་འཁྲུལ་བའི་འདྲེ༔ མཆོད་པའི་གྲལ་ལ་མི་དབང་ལན་ཆགས་བགེགས༔ གཏོར་མ་ལོངས་ལ་རྒྱ་མཚོའི་ཕ་མཐར་དེངས༔ གལ་ཏེ་མི་འགྲོ་གནོད་སེམས་འདིར་འདུག་ན༔ སྟོང་ཉིད་ངང་ལས་རང་ཤར་ཐུགས་རྗེའི་ལྷ༔ དབང་ཆེན་ཁྲོ་རྒྱལ་འབར་བའི་ཏིང་འཛིན་གྱིས༔ ལུས་སྲོག་རྡུལ་དུ་བརླག་པར་གདོན་མི་ཟ༔ ཧཱུྃ་བཞིའི་སྔགས་རོལ་གུ་གུལ་དུད༔ དམིགས་པ་ཡུངས་ཐུན་དང་བཅས་བསྐྲད༔ དེ་ནས་བསྲུང་བའི་མཚམས་གཅོད་ནི༔ ཧྲཱིཿ བདག་ཉིད་འགྱུར་མེད་ཡེ་ནས་རྡོ་རྗེའི་སྐུ༔ ཕྱི་ནང་སྣོད་བཅུད་གཞལ་ཡས་སྐྱེ་འགྲོའི་ལྷ༔ ཕྱོགས་དང་ཕྱོགས་མཚམས་འཇའ་འོད་མཚོན་ཆས་གཏམས༔ རྡོ་རྗེའི་ས་གཞི་ར་གུར་མེ་རིས་བསྐོར༔ ཨོཾ་བཛྲ་རཀྵ་ཛྭ་ལ་རཾ༔ སྐྱབས་འགྲོ་སེམས་བསྐྱེད་ནི༔ ཨོཾ་ཨཱཿཧཱུྃ༔ སྐྱབས་གནས་དམ་པ་རྣམས་ལ་སྐྱབས་སུ་མཆི༔ རྒྱུ་དྲུག་འཁོར་བར་འཁྱམས་པའི་ཕ་མ་ཀུན༔ བཟོད་མེད་གདུང་བས་སངས་རྒྱས་འཐོབ་བྱའི་ཕྱིར༔ ཀུན་ཀྱང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ཡན་ལག་བདུན་པ་ནིཿ ཨོཾ་ཨཱཿཧཱུྃ༔ ཆོས་རྣམས་ཐམས་ཅད་སྐུ་གསུམ་རང་བཞིན་ལ༔ གཉིས་མེད་ཀློང་ཡངས་ཆེན་པོར་ཕྱག་འཚལ་ལོ༔ མ་བཅོས་མཐའ་བྲལ་མཉམ་པ་ཉིད་ཀྱིས་མཆོད༔ རང་སེམས་སངས་རྒྱས་མ་རྟོགས་མཐོལ་ལོ་བཤགས༔ གནས་ལུགས་རང་རིག་ངང་དུ་ཡི་རང་ངོ༔ འཛིན་མེད་ཁྱབ་བརྡལ་རོལ་པའི་ཆོས་འཁོར་བསྐོར༔ འཁོར་འདས་དབྱེར་མེད་བཞུགས་པར་གསོལ་བ་འདེབས༔ ཆོས་དབྱིངས་ལྷུན་གྲུབ་ཆེན་པོར་བསྔོ་བར་བྱ༔ ཟུང་འཇུག་ཀུན་ཁྱབ་བདེ་ཆེན་མཆོག་ཐོབ་ཤོག༔ སྤྲོ་ན་བྱིན་འབེབས་འདི་རུ་བྱའོ༔ དེ་ནས་མཆོད་པ་བྱིན་རླབས་ནི༔ རཾ་ཡཾ་ཁཾ༔གིས་འབག་བཙོག་དྲི་མ་སྦྱངས༔ ཨོཾ་ཨཱཿཧཱུྃ་གིས་མཆོད་སྤྲིན་རྒྱ་མཚོར་སྤེལ༔ རང་གི་གནས་གསུམ་ཡིག་འབྲུ་གསུམ་གྱིས་མཚན༔ དེ་ལས་ཟེར་མ་ཕྱོགས་བཅུར་རབ་འཕྲོས་པས༔ མཆོད་རྫས་དངོས་འཛིན་རྣམ་རྟོག་བག་ཆགས་ཀུན༔ ཉེས་སྐྱོན་བསྲེག་གཏོར་སྦྱངས་བཀྲུས་བདུད་རྩིར་བསྒྱུར༔ སྨན་རཀ་གཏོར་མཆོད་འོད་ཕུང་ལྡེམས་སེ་ལྡེམ༔ བླ་མེད་མཆོད་པ་དཔག་ཡས་བསམ་མི་ཁྱབ༔ ཨོཾ་བྷྲཱུཾ་ཏྲཾ་ཧྲཱིཿཨཱ༔ དངོས་གཞི་ལྷ་བསྐྱེད་ནི༔ ཨཱ༔ ཆོས་རྣམས་རང་བཞིན་སྤྲོས་དང་བྲལ༔ མ་སྐྱེས་གདོད་ནས་རྣམ་པར་དག༔ རྟེན་འབྲེལ་སྙིང་པོའི་རང་རྩལ་ལས༔ རང་སེམས་ཧྲཱིཿཡིག་དམར་གསལ་མདངས༔ འོད་ཟེར་འཕྲོ་འདུས་ཡོངས་གྱུར་ལས༔ སྐད་ཅིག་དྲན་རྫོགས་པདྨ་འབྱུང་༔ སྣང་སྲིད་ཟིལ་གནོན་ཁྲོ་འཛུམ་ནི༔ སྤྱན་ཟུང་ཧུ་རེ་མཁའ་ལ་གཟིགས༔ ཕྱག་གཡས་རྡོ་རྗེ་བསྡིག་པའི་ཚུལ༔ གཡོན་པས་མཉམ་བཞག་ཀ་པཱ་ལ༔ དབུ་ལ་འདབ་ལྡན་རིགས་ལྔ་གསོལ༔ སྐུ་ལ་ཐེག་གསུམ་མཚོན་བྱེད་པའི༔ ཟ་བེར་ཆོས་གོས་གསང་གོས་མནབས༔ ཞབས་ལ་སག་ལྷྭམ་འཇའ་ལྡན་མཛེས༔ རྒྱལ་པོ་རོལ་པའི་སྟབས་སུ་འགྱིང༔ སེང་ཁྲི་པདྨ་ཉི་ཟླའི་སྟེང་༔ བརྗིད་ལྡན་ཁ་ཊཱཾ་མཆན་གཡོན་བརྟེན༔ འཇའ་འོད་འཁྲིགས་པའི་འོད་ཀློང་བཞུགས༔ དེ་ཡི་ཤར་ཕྱོགས་འཇའ་འོད་ཀློང༔ པདྨ་འབྱུང་གནས་ནམ་མཁའི་མདངས༔ ཕྱག་གཉིས་རྡོར་དྲིལ་བསྣོལ་བའི་སྟབས༔ ཞབས་གཉིས་སྐྱིལ་ཀྲུང་ལོངས་སྤྱོད་རྫོགས༔ ལྷོ་རུ་ཉི་མ་འོད་ཟེར་སེར༔ གསེར་མདངས་ཉི་ཟེར་ཞགས་པ་བསྣམས༔ རུས་རྒྱན་མེ་ལོང་སྒོམ་ཐག་མཛེས༔ ཞབས་གཉིས་བསྐྱང་བསྐུམ་གདན་ལ་རོལ༔ ནུབ་ཏུ་པདྨ་རྒྱལ་པོ་དམར༔ ཁྲོ་འཛུམ་ཆགས་པའི་ཉམས་བརྒྱ་འབར༔ ཕྱག་གཉིས་ཌཱ་རུ་མེ་ལོང་བསྣམས༔ པྲོག་ཞུ་དར་དམར་ན་བཟའ་མཛེས༔ པད་ཟླར་རྒྱལ་པོ་རོལ་སྟབས་བཞུགས༔ བྱང་དུ་སེང་གེ་སྒྲ་སྒྲོག་མཐིང༔ ཞལ་གདངས་མཆེ་གཙིགས་སྤྱན་གསུམ་བསྒྲད༔ ཕྱག་གཉིས་རྡོ་རྗེ་ཁྱུང་ཁྲ་འགྱེད༔ དགྲ་བགེགས་གདན་ལ་འདོར་སྟབས་འགྱིང༔ ཤར་ལྷོར་པདྨ་སཾ་བྷ་དཀར༔ ཞི་འཛུམ་མཁན་ཞུ་བླ་གོས་ཀླུབ༔ ཕྱག་གཉིས་པད་ཕོར་བདུད་རྩི་འཐོར༔ ཞབས་གཉིས་དཀྱིལ་ཀྲུང་པད་ཟླར་བཞུགས༔ ལྷོ་ནུབ་བློ་ལྡན་མཆོག་སྲེད་སེར༔ ཞལ་འཛུམ་ལ་ཐོད་རིན་ཆེན་རྒྱན༔ ཕྱག་གཉིས་ཌཱ་རུ་གླེགས་བམ་བསྣམས༔ ཞབས་གཉིས་འབོལ་སྟེང་བརྐྱང་བསྐུམ་བཞུགས༔ ནུབ་བྱང་ཤཱཀྱ་སེང་གེ་ནི༔ གསེར་མདངས་མཚན་དཔེའི་གཟི་འོད་འབར༔ ཕྱག་གཉིས་ས་གནོན་མཉམ་བཞག་སྟེང༔ ལྷུང་བཟེད་བསྣམས་ཤིང་དཀྱིལ་ཀྲུང་བཞུགས༔ བྱང་ཤར་རྡོ་རྗེ་གྲོ་བོ་ལོད༔ དམར་སྨུག་ཨམ་གཙིག་སྤྱན་གསུམ་འབར༔ ཁྲོ་བོ་འཆོལ་བའི་ཆ་ལུགས་མཛེས༔ རྡོ་རྗེ་གཡས་ལ་ལྕགས་ཕུར་གཡོན༔ ཞབས་གཉིས་སྟག་མོ་གྲུས་མའི་སྟེང༔ བརྐྱང་བསྐུམ་མེ་དཔུང་འབར་ཀློང་བཞུགས༔ སྟེང་ཕྱོགས་རྩ་བརྒྱུད་བླ་མ་དང༔ བར་དུ་ཡི་དམ་ལྷ་ཚོགས་བཞུགས༔ འོག་ཏུ་མཁའ་འགྲོ་ཆོས་སྐྱོང་དང༔ སྒོ་སྐྱོང་ཕྲ་མེན་སྤྲིན་ལྟར་འཐིབ༔ དབང་ལྷ་རིགས་ལྔས་དབང་བསྐུར་བས༔ སྒྲིབ་དག་ཆུ་ལྷག་ཡར་ལུད་པས༔ རིགས་བདག་སྣང་མཐས་དབུ་བརྒྱན་གྱུར༔ གནས་གསུམ་རྡོ་རྗེ་གསུམ་མཚན་ཡིག་འབྲུ་གསུམ༔ དེ་ལས་འོད་འཕྲོས་ལྷ་ཚོགས་སྤྱན་དྲངས་གྱུར༔ དེ་ནས་སྤྱན་འདྲེན་ནི༔ ཧྲཱིཿ སྔོན་གྱི་བསྐལ་པ་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ གུ་རུ་མཚན་བརྒྱད་ཅེས་སུ་གྲགས༔ འཁོར་དུ་དཔའ་བོ་མཁའ་འགྲོ་དང༔ ཆོས་སྐྱོང་དམ་ཅན་གཏེར་སྲུང་བསྐོར༔ ཁྱེད་རྣམས་རྗེས་སུ་བདག་བསྒྲུབ་ཀྱིས༔ བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་བཛྲ་གུ་རུ་བཱིདྱ་ཨཥྚ་ས་པཱ་རི་ཝ་ར་བཛྲ་ས་མ་ཡཱ་ཨ་བེ་ཤ་ཡ་ཕེཾ་ཕེཾ་ཛ་ཛ༔ བཞུགས་གསོལ་ནི༔ ཧཱུྃ༔ དབྱིངས་ལས་གཤེགས་བཞུད་མི་མངའ་ཡང༔ ཐུགས་རྗེ་རོལ་པའི་ལྷ་ཚོགས་རྣམས༔ དམ་ཚིག་གསང་བའི་དཀྱིལ་འཁོར་འདིར༔ གཉིས་སུ་མེད་པར་བརྟན་པར་བཞུགས༔ བཛྲ་ས་མ་ཡཱ་ཏིཥྛ་ལྷན༔ དེ་ནས་ཕྱག་འཚལ་བ་ནི༔ ན་མོ༔ སྐྱེ་འགགས་འགྱུར་མེད་ཕྲིན་ལས་རྫོགས༔ རང་བྱུང་ཐུགས་རྗེས་འགྲོ་རྣམས་སྒྲོལ༔ ཡིད་བཞིན་དངོས་གྲུབ་ཆར་འབེབས་པའི༔ རིག་འཛིན་ཚོགས་ལ་ཕྱག་འཚལ་ལོ༔ ན་མོ་ན་མ་ཡ་དྷི༔ མཆོད་ཚོགས་འབུལ་བ་ནི༔ ཧོ༔ ཕྱི་མཆོད་སྲིད་པའི་འདོད་ཡོན་ལྔ༔ ནང་མཆོད་སྦྱོར་སྒྲོལ་སྨན་རཀ་གཏོར༔ གསང་མཆོད་ཆོས་ཉིད་གཉུག་མའི་ངང༔ རིག་འཛིན་ལྷ་ཚོགས་མཉེས་གྱུར་ཅིག༔ མ་ཧཱ་སརྦ་པཱུ་ཛ་ཧོ༔ བསྟོད་པ་བྱ་བ་ནི༔ ཧཱུྃ༔ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ༔ པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ༔ སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད༔ བཀའ་བརྒྱུད་བླ་མ་རྣམས་ལ་ཕྱག་འཚལ་བསྟོད༔ ཡི་དམ་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བསྟོད༔ མ་རྒྱུད་མཁའ་འགྲོ་རྣམས་ལ་ཕྱག་འཚལ་བསྟོད༔ ཆོས་སྐྱོང་སྲུང་མ་རྣམས་ལ་ཕྱག་འཚལ་བསྟོད༔ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ འཛབ་བཟླས་བྱ་བ་ནི༔ རང་གི་ཐུགས་ཀར་ཉི་ཟླའི་གའུ་ཁ་སྦྱོར་གྱི་དབུས་སུ་ཡི་གེ་རང་མདོག་སྤུས་བྲིས་པའི་མཐའ་ལ་སྔགས་ཀྱི་ཕྲེང་བ་གཡས་བསྐོར་དུ་ཀྱི་ལི་ལི་འཁོར་བར་བསྒོམ་ལ༔ ཞེས་བཟླ་བར་བྱའོ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཅི་ནུས་བཟླས་པའི་མཐར་སྒྲུབ་པ་ནི༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡཱ་ཛ་སིདྡྷི་ཕ་ལ་ཧཱུྃ༔ ཧྲཱིཿམ་ཧཱ་རི་ནི་ས་ར་ཙ་ཧྲཱིཿཡ་སརྦ་ཀརྨ་ཧྲཱིང་ཧྲཱིང་ཛ་ཛཿསིདྡྷི་ཧཱུྃ༔ ཞེས་བསྙེན་སྒྲུབ་གནད་ལ་གྲུབ་ཚེ་ལས་སྦྱོར་བྱ་བ་ནི༔ རྩ་སྔགས་ཤམ་བུར༔ ཨོཾ་ཤནྟིཾ་པུཥྚིཾ་ཝ་ཤང་མཱ་ར་ཡ་ཕཊ༔ ཅེས་ལོང་སྐབས་དང་བསྟུན༔ བསྙེན་བསྟོད་བྱ་ཞིང་དངོས་གྲུབ་ལེན༔ སྐབས་འདིར་སྤྲོ་ན་སྲུང་མ་གསོལ༔ རྗེས་ལ་ཚོགས་མཆོད་རིམ་པ་ནི༔ གཙང་མའི་གཞི་ལ་ཤ་ཆང་ཟན༔ དཀར་མངར་ཟས་ཕུད་སྒོག་ཙོང་སོགས༔ གཙང་དམེ་མེད་པར་འདུ་བྱས་ལ༔ སྟོང་ཉིད་སྙིང་རྗེས་རྩིས་ཟིན་པས༔ འདོན་སྒོམ་སྦྲགས་ཏེ་འདི་ལྟར་གྱེར༔ སླར་ཡང་ལྷ་ཡི་ཐུགས་ཀ་ནས༔ རཾ་ཡཾ་ཁཾ་གིས་ཚོགས་རྫས་ཀྱི༔ མ་དག་དངོས་འཛིན་བསྲེག་གཏོར་བཀྲུས༔ ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བསྒྱུར༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ་དང༔ སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱི་ཋཱ༔ ཚོགས་རྫས་རིམ་པ་གསུམ་དུ་སྤྲོས༔ དེ་ནས་ཚོགས་ཞིང་སྤྱན་འདྲེན་ནི༔ ཧཱུྃ་ཧྲཱིཿ བྱིན་རླབས་གཏེར་མཛོད་རིག་འཛིན་རྒྱ་མཚོ་དང༔ དངོས་གྲུབ་འདོད་འབྱུང་ཡི་དམ་རྒྱུད་སྡེའི་ལྷ༔ བར་ཆད་ཀུན་སེལ་མཁའ་འགྲོ་ཆོས་སྐྱོང་དང༔ གནས་ཡུལ་ཞིང་སྐྱོང་དཀར་ཕྱོགས་སྐྱོང་རྣམས་སོགས༔ ལྷ་ཚོགས་སྤྲུལ་པ་ཡང་སྤྲུལ་མ་ལུས་པ༔ ཚོགས་ཀྱི་མཆོད་པ་བཞེས་ཕྱིར་གཤེགས་སུ་གསོལ༔ གུ་རུ་དྷེ་ཝཱ་ཌཱཀྐི་ནི་བཱིདྱ་དྷ་ར་རཱ་ཛ་བཛྲ་ས་མ་ཡཱ་ཛ་ཛ༔ དེ་ནས་ཚོགས་ཕུད་འབུལ་བ་ནི༔ ཨོཾ་ཨཱཿཧཱུྃ༔ ཡུལ་དྲུག་འདོད་ཡོན་ལྷ་མོར་སྤྲུལ༔ དཀྱིལ་འཁོར་ལྷ་ཚོགས་མཆོད་པར་བགྱི༔ ཟག་མེད་བདེ་བ་ཆེན་པོ་ཡིས༔ མཉེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ བཱིདྱ་དྷ་ར་མ་ཧཱ་གྷ་ན་ཙཀྲ་པཱུ་ཛ་ཧོ༔ བར་བཤགས་བྱ་བ་ནི༔ ཧོ༔ རིག་འཛིན་ལྷ་ཚོགས་བདག་ལ་དགོངས༔ ལས་ངན་བག་ཆགས་ཉོན་མོངས་མཐུས༔ སོ་བྱང་སྔགས་ཀྱི་སྡོམ་ལས་འགལ༔ ཚོགས་ཀྱི་མཆོད་པས་མཐོལ་ཞིང་བཤགས༔ ས་མ་ཡཱ་ཤུདྡྷེ་ཨ༔ ཡི་གེ་བརྒྱ་པས་ནོངས་པ་བཤགས༔ ཚོགས་ཀྱི་ཐ་མར་དགྲ་བགེགས་བཀུག༔ ཛཿ དགྲ་བགེགས་མཚན་མ་རྫས་འདིར་ཁུག༔ དབང་དྲག་ལས་ཀྱི་ཕུར་པས་བསྒྲལ༔ དུག་གསུམ་ཤ་ཁྲག་རུས་པའི་ཚོགས༔ དཀྱིལ་འཁོར་ལྷ་ཚོགས་ཞལ་ཏུ་བསྟབས༔ ཧ་ལ་པཉྩ་ཁཱ་ཧི་ཁཱ་ཧིཿ རྣལ་འབྱོར་མཆེད་ལྕམ་ཚོགས་ལ་རོལ༔ རྩེ་གསུམ་ཕྱག་རྒྱས༔ ཨ་ལ་ལ་ཧོ༔ ལྷག་མ་བསྡུས་ལ་ཁ་ཕྲུ་བཏབ༔ ཕཻཾ༔ རིག་འཛིན་དཀྱིལ་འཁོར་མུ་རན་སྐྱོང༔ ལྷག་ལ་དབང་བའི་ཚོགས་རྣམས་ཀྱིས༔ ཞལ་ཟས་ཚོགས་ཀྱི་ལྷག་མ་ལོངས༔ གང་བཅོལ་ལས་བཞིའི་སྡོང་གྲོགས་མཛོད༔ ཨུཙྪིཥྚ་བྷ་ལིང་ཏ་ཁཱ་ཧི༔ དེ་ནས་ཐུགས་དམ་དབྱིངས་ནས་བསྐུལ་བ་ནི༔ ཧཱུྃ་ཧྲཱིཿ བཞེངས་ཤིག་བཞེངས་ཤིག་མི་མངོན་དབྱིངས་ནས་བཞེངས༔ དཀོན་མཆོག་གསུམ་དང་རྗེ་བཙུན་ཐོད་ཕྲེང་རྩལ༔ རིག་འཛིན་བརྒྱད་དང་རྗེ་འབངས་ཉི་ཤུ་ལྔ༔ མཁའ་འགྲོ་ཆོས་སྐྱོང་དམ་ཅན་གཏེར་བདག་སོགས༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་དབྱིངས་ནས་བཞེངས༔ མི་མཐུན་གཡུལ་འཇོམས་མཐའ་དམག་བྱད་མ་བཟློག༔ ཐུགས་དམ་རྒྱུད་བསྐུལ་བསྟོད་དོ་ཕྲིན་ལས་མཛོད༔ དེ་ནས་ཆད་མདོ་བསྒྲགས་པ་ནི༔ ཧཱུྃ༔ སྔོན་ཚེ་བསྐལ་པ་བར་དང་ཐ་མའི་དུས༔ ཀུན་བཟང་རྡོར་འཆང་རྡོར་སེམས་དགའ་རབ་ཤྲཱི༔ པདྨ་འབྱུང་གནས་མཁར་ཆེན་མཚོ་རྒྱལ་གྱིས༔ རྒྱུད་གསུངས་རྒྱས་བཏབ་འཆད་སྤེལ་ལུང་བསྟན་ཚེ༔ བཀའ་དང་དམ་ལ་གནས་པའི་དྲེགས་ཚོགས་ཀྱིས༔ སོ་སོའི་གཟུགས་བསྟན་རང་རྟགས་སྙིང་པོ་ཕུལ༔ ཁས་བླངས་དམ་བཅས་མཛད་པ་དེ་བཞིན་དུ༔ གཡར་དམ་ཅན་རྣམས་ཐ་ཚིག་གཏོར་མ་ལོངས༔ བསྟན་ལ་འཁུ་བའི་སྲོག་གི་དབང་པོ་སྣུབས༔ བསྟན་དང་བསྟན་འཛིན་བསྟན་པའི་སྦྱིན་བདག་སྲུངས༔ དུས་སྙིགས་ལྔ་བདོ་སུམ་ཅུ་ཁ་རལ་དུས༔ ཆུ་ཕོ་རྟོགས་ལྡན་སྐྱེ་མཐའི་རིག་པ་འཛིན༔ གཏེར་སྟོན་བསམ་གཏན་ཡེ་ཤེས་གླིང་པ་རྩལ༔ དག་སྣང་ཟབ་མོའི་གཏེར་ཁ་རྡོལ་བའི་ཚེ༔ གཏེར་གནས་སྒྲུབ་གནས་དཀར་ཆག་བརྡ་རུ་མངོན༔ འགྲོ་རྣམས་ཐར་པའི་ལམ་ལ་བཀོད་པའི་ཚེ༔ དྲང་སྲོང་ཆེན་པོ་སྨུག་ནག་འོད་འཕྲོ་དང༔ མ་ཅིག་ལྷ་མོ་ཡུལ་སྐྱོང་གཞི་བདག་གིས༔ རང་གཟུགས་དངོས་བསྟན་གཏེར་སྟོན་ཆོས་བདག་དང༔ གཏེར་ཆོས་སྤེལ་བའི་སྐལ་ལྡན་སྐྱོང་ངོ་ཞེས༔ ཐ་ཚིག་མ་གཡེལ་བཀའ་ཡི་གཏོར་མ་ལོངས༔ བསྟན་པ་གཉན་ལ་སྡང་བའི་དགྲ་བགེགས་སྒྲོལ༔ ཁམས་གསུམ་སྲིད་པའི་ཕྱྭ་གཡང་བདེ་ལེགས་སྩོལ༔ ཕྱོགས་ལས་རྣམ་རྒྱལ་དཔལ་དང་དཔུང་གྲོགས་མཛོད༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡཱ་བྷ་ལིང་ཏ་ཁཱ་ཧི༔ དེ་ནས་བསྟན་མ་སྐྱོང་བ་ནི༔ ཧཱུྃ་ཧྲཱིཿ ཆེ་ཞེ་ཆེན་མོ་ལ་སོགས་སྨན་མོ་བཞི༔ གངས་དཀར་ཤ་མེད་ལ་སོགས་བདུད་མོ་བཞི༔ ཀོང་བཙུན་དེ་མོ་ལ་སོགས་གནོད་སྦྱིན་བཞི༔ བསྟན་མ་བཅུ་གཉིས་བཤལ་ཆུ་གཏོར་མ་བཞེས༔ མུ་སྟེགས་ལོག་རྟོག་ལྟ་བ་རྨིང་ནས་རློགས༔ བསྟན་དང་བསྟན་འཛིན་སྣོད་བཅུད་རྒུད་པ་སོལ༔ ནད་ཡམས་དམག་འཁྲུག་མུ་གེ་འགོང་པོ་ཐུལ༔ བདེ་སྐྱིད་འབྱོར་ལྡན་དཔལ་གྱིས་འཚོ་བར་མཛོད༔ རྣལ་འབྱོར་ཚེ་ཆོས་སྲིད་ཀྱི་བར་ཆད་ཟློག༔ སྣང་བཞི་མཐར་ཕྱིན་ས་ལམ་ཉམས་རྟོགས་སྤོར༔ ཚེ་འདིར་རང་བྱུང་ཡེ་ཤེས་མངོན་གྱུར་མཛོད༔ མ་མ་ལ་ལ་ལེ་ལེ་ཏ་ཏ་ཏཾ་ཏཾ་ཨེ་དཾ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ སླར་ཡང་བྲོ་བརྡུང་བྱ་བ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ གཏོར་གཞོང་སྐུ་གསུམ་རང་བཞིན་རི་རབ་འོག༔ དུག་གསུམ་རྟོག་ངན་དམ་སྲི་སྡེ་བཅས་མནན༔ ནམ་ཡང་ལྡང་མེད་སྟོང་ཉིད་བཅོ་བརྒྱད་ཀྱིས༔ མ་རིག་རྩད་ནས་གཅོད་པའི་བྲོ་བརྡུང་ངོ༔ སྟྭཾ་བྷ་ཡ་ནན༔ གཏོར་གཞོང་ཡར་བསྟན་སྨན་དང་འབྲུ་ཡིས་བཀང༔ མཆོད་བསྟོད་དངོས་གྲུབ་ལེན་པ་ནི༔ ཧཱུྃ་ཧྲཱིཿ སྐུ་གསུང་ཐུགས་ཡོན་ཕྲིན་ལས་བདག༔ རྩ་གསུམ་རིག་འཛིན་ལྷ་ཚོགས་ལ༔ ཕྱི་ནང་མཆོད་འབུལ་གུས་པས་བསྟོད༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་གུ་རུ་དྷེ་ཝཱ་ཌཱཀྐི་ནི་བཱིདྱ་ཨཥྚ་ཀཱ་ཡ་ཝཱཀྐ་ཙིཏྟ་གུ་ཎ་ཀརྨ་སིདྡྷི་ཕ་ལ་ཧཱུྃ༔ དེ་ནས་རྟེན་ཡོད་ན་རྟེན་བཞུགས་བྱ༔ མེད་ན་བསྡུ་རིམ་བྱ་བ་ནི༔ ཧཱུྃ༔ སྣང་བ་ལྷ་ཡི་ཆོ་འཕྲུལ་ཀུན༔ སྟོང་པ་སེམས་ཀྱི་དབྱིངས་སུ་བསྡུ༔ རང་བཞིན་མེད་ལ་བསལ་བཞག་དང༔ འགྲོ་འོང་གཉིས་མེད་ཀློང་དུ་ཨཱ༔ ཞེས་མཉམ་པར་བཞག་ཅིང་ཆད་མཐའ་བསལ་བ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་པས་ལྷར་ལྡང་བའོ༔ དགེ་ཚོགས་འགྲོ་ལ་བསྔོ་བ་ནི༔ ཧོ༔ བདག་གི་དུས་གསུམ་རྣམ་དཀར་དགེ༔ འགྲོ་ཀུན་སངས་རྒྱས་ཐོབ་ཕྱིར་བསྔོ༔ དེ་མཐུས་རིག་འཛིན་རྒྱ་མཚོའི་ཚོགས༔ ཚེ་འདིར་འགྲུབ་པའི་རྒྱུ་རུ་བསྔོ༔ དེ་ནས་ཤིས་པ་བརྗོད་པ་ནི༔ ཧཱུྃ༔ བྱིན་རླབས་འཇུག་པ་བླ་མའི་བཀྲ་ཤིས་ཤོག༔ དངོས་གྲུབ་སྩོལ་མཛད་ཡི་དམ་བཀྲ་ཤིས་ཤོག༔ བར་ཆད་སེལ་བ་མཁའ་འགྲོའི་བཀྲ་ཤིས་ཤོག༔ མཐུན་རྐྱེན་སྒྲུབ་པ་བསྲུང་མའི་བཀྲ་ཤིས་ཤོག༔ ཅེས་དང༔ ཡང་ཟབ་སྙིང་པོའི་མན་ངག་ཡིན༔ ས་མ་ཡཱ༔ ཞེས་པའང་བཙུན་པ་ཚེ་དབང་བསོད་ནམས་དང་༔ ཀར་སྟོད་བསོད་ནམས་མཐུ་སྟོབས་ཟུང་གིས་བསྐུལ་ངོར་དུས་བབས་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་བསམ་གཏན་ཡེ་ཤེས་གླིང་པས་རིག་རྩལ་དགོངས་པའི་ཀློང་ནས་ཆགས་ཐོགས་མེད་པར་ཡི་གེར་བཀོད་པ་འདི་ཉིད་ཞབས་པད་སྤྱི་བོར་འཁོད་པའི་འབངས་རིག་གསལ་བའི་མིང་གིས་ཆོག་བསྒྲིགས་འདོན་བདེར་བགྱིས་པས་ཆོས་འདིའི་བསྟན་པ་ཕྱོགས་དུས་གནས་སྐབས་ཐམས་ཅད་དར་ཞིང་འབྲེལ་ཐོགས་ཀྱི་སེམས་ཅན་ཀུན་ཏུ་བཟང་པོའི་ས་ལ་གཏན་སྲིད་ཟིན་པར་ཤོག༔ ཤུ་བྷཾ༔

སྐྱབས་སེམས་མཎྜལ་ལྡེབ་ཤར།

སྐྱབས་སེམས་མཎྜལ་འབུལ་བ༔ སྐྱབས་འགྲོ༔ བསླུ་མེད་མཆོག་གསུམ་ངོ་བོ་ཉིད༔ སྐྱབས་ཀུན་འདུས་ཞལ་བླ་མ་རྗེའི༔ རང་བཞིན་བཅོས་མེད་རིག་པ་ལ༔ རང་ངོ་ཤེས་པས་སྐྱབས་སུ་མཆི༔ སེམས་བསྐྱེད༔ ཡང་དག་གནས་ལུགས་མ་རྟོགས་པས༔ འཁོར་བར་འཕྱན་པའི་སེམས་ཅན་རྣམས༔ ཡེ་ཤེས་རྡོ་རྗེའི་རང་བཞིན་ལ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ མཎྜལ་ནི༔ སྐུ་གསུམ་ཡོངས་རྫོགས་བླ་མའི་ཚོགས༔ ཕྱི་ནང་གསང་གསུམ་དེ་བཞིན་ཉིད༔ བདག་ལུས་ལོངས་སྤྱོད་གཏན་དུ་འབུལ༔ བླ་མེད་མཆོག་གི་དངོས་གྲུབ་སྩོལ༔

གུ་རུ་བདེ་བ་ཆེན་པོའི་རྒྱུན་ཁྱེར།

ཡང་གསང་མཁའ་འགྲོའི་ཐུགས་ཐིག་ལས༔ གུ་རུ་བདེ་བ་ཆེན་པོའི་རྒྱུན་ཁྱེར་བཞུགས༔ གུ་རུ་རྗེ་ལ་ཕྱག་འཚལ་ལོ༔ བདེ་བ་ཆེན་པོའི་སྒྲུབ་ཐབས་སྟོན༔ ཡོ་བྱད་སྤྲོས་པ་དབེན་མོད་ཀྱང༔ དད་གསུམ་བརྟན་པོས་འདི་བཞིན་གྱེར༔ ཨེ་མ་ཧོ༔ རང་སྣང་སྤྲོས་བྲལ་ཡངས་པའི་ནམ་མཁའ་ལ༔ རྒྱ་ཆད་ཕྱོགས་ལྷུང་བྲལ་བའི་ཞིང་གི་དབུས༔ པད་སྡོང་སེང་ཁྲི་བརྩེགས་པའི་གདན་གྱི་སྟེང༔ རྩ་བའི་བླ་མ་གུ་རུ་བདེ་བ་ཆེ༔ སྐུ་མདོག་ནག་སྨུག་སྤྱན་གསུམ་ཧུ་རེ་གཟིགས༔ པད་ཞུ་པདྨ་བརྩེགས་པའི་ཉི་ཟླས་སྤྲས༔ རྒོད་སྒྲོ་རྨ་བྱ་རྡོ་རྗེ་ཕྱེད་པས་མཛེས༔ ཐེག་གསུམ་མཚོན་པའི་ན་བཟའ་སྐུ་ལ་མཛེས༔ རིན་ཆེན་རྒྱན་བརྒྱན་དར་གྱི་འཕྱང་འཕྲུལ་གཡོ༔ ཕྱག་གཡས་རྩེ་གསུམ་བརྡ་དོན་རྫོགས་པར་གསལ༔ ཕྱག་གཡོན་བྷནྡྷའི་ནང་དུ་ཟ་མ་ཏོག༔ ཞབས་གཉིས་སྐྱིལ་ཀྲུང་ཡེ་ཤེས་རབ་ཏུ་འབར༔ འཁོར་དུ་ཐུགས་ཟིན་རིག་མ་ལྔ་རུ་གསལ༔ བར་མཚམས་རྒྱ་བོད་པཎ་གྲུབ་ཁྲོམ་ཚོགས་བཞིན༔ མ་གཟའ་དམ་གསུམ་བཀའ་ཡི་འཁོར་ལོར་གསལ༔ སྟེང་དུ་རྫོགས་ཆེན་བླ་མ་ཐོ་བརྩེགས་གསལ༔ སྣང་སྟོང་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོར་རྫོགས༔ གསང་གསུམ་རྡོ་རྗེ་གསུམ་གྱི་ངོ་བོར་གསལ༔ འོད་འཕྲོས་འོག་མིན་དཔལ་གྱི་ཕོ་བྲང་ནས༔ བསྒོམ་འདྲའི་ཡེ་ཤེས་ལྷ་ཚོགས་སྤྱན་དྲངས་བསྟིམས༔ དམ་ཡེ་དབྱེར་མེད་ཆུ་ལ་ཆུ་བཞག་བཞིན༔ གཡོ་མེད་དགྱེས་པ་ཆེན་པོའི་རྟེན་ལ་བཞུགས༔ འཕྲུལ་དགའི་ལྷ་བཞིན་རང་ལས་རང་ཤར་བའི༔ སྒྱུ་འཕྲུལ་རིག་མས་གར་བསྒྱུར་འདུད་པར་བགྱིས༔ ཕྱི་ནང་གསང་བ་ཡང་གསང་དེ་ཁོ་ན༔ མཆོད་པའི་མཆོག་ཁྱོད་མཉེས་ནས་དངོས་གྲུབ་སྩོལ༔ གསང་གསུམ་ངོ་བོར་དག་པ་དྲན་པས་བསྟོད༔ རྒྱལ་ཀུན་ངོ་བོ་མཆོག་དེ་བསྟོད་པར་བགྱིས༔ བདེ་ནས་བདེ་བའི་རིག་མཆོག་ཕྱག་རྒྱ་ལྔ༔ དགའ་བཞིའི་ཡེ་ཤེས་མཆོག་སྟེ་བསྟོད་པར་བགྱི༔ བཀའ་ཡི་འབངས་གྱུར་ཡལ་གམ་འཁོར་ལོ་འཆང༔ བཀའ་སྲུང་དམ་ཚིག་མཆོག་འཛིན་བསྟོད་པར་བགྱི༔ བརྒྱུད་གསུམ་རྒྱུད་སྡེའི་བྱེད་པོ་བདེ་བ་ཆེ༔ ཆེ་བའི་ཆེ་མཆོག་གུ་རུ་མ་ཧཱ་བསྟོད༔ སྡོམ་གསུམ་ཉམས་ཆག་ཉེས་ལྟུང་ཅི་བསགས་པ༔ བཤག་བྱ་བཤགས་བྱེད་རིག་སྟོང་བྲལ་བའི་གཤིས༔ གསང་གསུམ་ངོ་བོ་དག་ཕྱིར་སྦྱང་བར་བྱ༔ རང་གི་ཐུགས་ནི་མཆོང་གུར་སྨུག༔ དེ་དབུས་ཨོ་རྒྱན་རྡོ་རྗེ་འཆང༔ ཐུགས་དབུས་མི་ཤིགས་གསེར་རྡོར་གྱི༔ འཆང་བཟུང་ནང་དུ་ཟླ་ཉིའི་སྟེང༔ ཧཱུྃ་སྨུག་མཐའ་ལ་སྔགས་ཕྲེང་འཁོར༔ ཡིག་འབྲུ་གཡས་ལ་འོད་ཟེར་གཡོན༔ འཕྲོ་འདུས་དོན་གཉིས་བྱས་པ་ལས༔ སྒྲ་ཟུར་མ་ཉམས་རྡོ་རྗེའི་སྒྲ༔ བརྒྱ་སྟོང་ཁྲི་འབུམ་ལ་སོགས་བཟླ༔ ཨོཾ་ཨཱཿཧཱུྃ༔ མ་ཧཱ་གུ་རུ་སུ་ཁ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ གྲངས་ཀྱི་བསྙེན་པ་འབྲུ་འབུམ་བཟླ༔ དུས་ཀྱི་བསྙེན་པ་ཟླ་བ་དྲུག༔ རྟགས་ཀྱི་བསྙེན་པ་མཚན་རྟགས་མངོན༔ ཚུལ་བཞིན་ཉམས་སུ་སུས་བླང་བ༔ གནས་སྐབས་བདེ་ཞིང་ཕྱི་མ་རུ༔ མཁའ་འགྲོའི་ཚོགས་ཀྱི་སྐལ་བ་ཐོབ༔ རིམ་བཞིན་རིག་འཛིན་གྲལ་ལ་སྙོགས༔ འགྲོ་དོན་ནམ་མཁའ་མཉམ་པར་འབྱུང༔ རྗེས་ལ་མཆོད་བསྟོད་དངོས་གྲུབ་ལེན༔ དགེ་བསྔོ་ཤིས་བརྗོད་སྤྱི་ལྟར་བྱ༔ ས་མ་ཡཱ༔ གུ་ཧྱ༔ བརྡ་ཐིམ༔ ཤུ་བྷཾ༔

བླ་སྒྲུབ་ཚོགས་མཆོད་བསོད་ནམས་རྒྱ་མཚོ།

དག་སྣང་མི་ཟད་རྒྱན་འཁོར་ལས༔ བླ་སྒྲུབ་ཚོགས་མཆོད་བསོད་ནམས་རྒྱ་མཚོ་བཞུགས༔ བླ་མ་རྡོ་རྗེ་འཆང་ལ་འདུད༔ བསོད་ནམས་ཡེ་ཤེས་ཚོགས་བསགས་ནི༔ རྫོགས་པའི་ཐབས་མཆོག་བླ་ན་མེད༔ ཕྱག་བྱར་འོས་པ་བླ་མ་ཡིན༔ ལོངས་སྤྱོད་ཅི་ཡོད་ཚོགས་སུ་བཤམས༔ ལྟོས་མེད་མཆོད་པའི་ཞིང་ལ་འབུལ༔ ཚེ་གང་དུས་བརྒྱའི་རྒྱགས་ཕྱེ་འོ༔ ས་མ་ཡཱ༔ ཨཱཿ མ་བཅོས་རིག་སྟོང་སྤྲོས་བྲལ་ཡེ་ཤེས་ལྷ༔ སྣང་སྟོང་ཁྱབ་བརྡལ་ངང་ནས་སྐྱབས་སུ་མཆི༔ མ་རིག་གཉིས་སྣང་འཁྲུལ་པའི་ལུས་ཅན་ཀུན༔ རང་གྲོལ་གཉུག་མའི་ངང་ནས་སེམས་མཆོག་བསྐྱེད༔ ཧཱུྃ༔ ཆོས་ཉིད་ཀློང་ལས་ཤར་བའི་རྩ་གསུམ་ལྷ༔ ཡེ་གྲོལ་གཤིས་ལུགས་མ་བཅོས་ངང་ཕྱག་འཚལ༔ ཡུལ་དྲུག་སྣང་བ་མཆོད་པའི་ཕྱག་རྒྱ་ཆེ༔ རང་རིག་ཆོས་སྐུ་མ་མཐོང་གཉིས་འཛིན་བཤགས༔ ཟག་མེད་ཏིང་འཛིན་དགེ་ལ་རྗེས་ཡི་རང༔ འཕོ་ཆེན་ཀློང་ནས་ཆོས་ཀྱི་འཁོར་ལོ་བསྐོར༔ དུས་གསུམ་རྒྱལ་ཀུན་མྱ་ངན་མི་འདའ་བཞུགས༔ རྣམ་དཀར་དགེ་ཚོགས་འཁོར་གསུམ་དག་པས་བསྔོ༔ ཧཱུྃ་ཧྲཱིཿ མ་རིག་གཉིས་སྣང་འཁྲུལ་པའི་ལྷ་འདྲེ་རྣམས༔ གཟུང་འཛིན་རང་སར་གྲོལ་བའི་གཏོར་མ་བཞེས༔ སྐྱེ་འགག་གནས་གསུམ་བྲལ་བའི་ཀློང་དུ་དེངས༔ བཀའ་ལས་འདས་ན་རྡོ་རྗེ་ཁྲོ་བོས་གཞོམ༔ ཧཱུྃ་ཧྲཱིཿ བདག་ཉིད་ལྷར་གསལ་ཐུགས་ལས་རཾ་ཡཾ་ཁཾ༔ འཕྲོས་པས་ཚོགས་ཀྱི་ཉེས་སྐྱོན་བསྲེག་གཏོར་བཀྲུས༔ ཨོཾ་ཨཱཿཧཱུྃ་གིས་སྦྱངས་སྤེལ་བདུད་རྩིར་བསྒྱུར༔ ལྷ་རྣམས་དགྱེས་པ་བསྐང་བའི་དཔྱིད་དུ་གྱུར༔ ཨོཾ་ཨཱཿཧཱུྃ་སརྦ་པཱུ་ཙ་མེ་གྷ་ཨ་ཧཱུྃ༔ ཧཱུྃ་ཧྲཱིཿ ཆོས་དབྱིངས་སྐྱེ་མེད་འོག་མིན་ཞིང་ཁམས་ནས༔ ཡེ་གཞི་དོན་གྱི་སངས་རྒྱས་བླ་ན་མེད༔ ལྷུན་གྲུབ་སྒྱུ་འཕྲུལ་རོལ་པའི་བླ་མ་རྗེ༔ མ་ལུས་འཁོར་བཅས་ཚོགས་ཀྱི་ཞིང་ལ་གཤེགས༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་ས་མ་ཡཱ་ཛ་ཛཿ ཏིཥྛ་ལྷན༔ ན་མོ་ན་མ་ཡ་ཏི༔ ཧཱུྃ་ཧྲཱིཿ སྣོད་བཅུད་བསྟན་གཡོ་ཡེ་ཤེས་མཆོད་པའི་ཚོགས༔ ཡེ་གྲོལ་གཤིས་ཀྱི་མཆོད་པ་ཨ་ལ་ལ༔ རིག་སྟོང་ཡེ་ཤེས་བླ་མ་རྗེ་ལ་འབུལ༔ ཉམས་ཆག་ཉེས་ལྟུང་བརྗོད་མེད་ཀློང་དུ་བཤགས༔ མ་རིག་གཟུང་འཛིན་རཱུ་ཏྲ་གཟུགས་ལ་ཕོབ༔ བདག་མེད་རང་བྱུང་རྡོ་རྗེའི་མཚོན་གྱིས་སྒྲོལ༔ འཁོར་འདས་གཉིས་འཛིན་བླང་དོར་དག་གྱུར་ཅིག༔ ཧཱུྃ་ཧྲཱིཿ ཆོས་དབྱིངས་ཀློང་ལས་རང་བྱུང་གྲུབ་པའི་སྐུ༔ སྲིད་དང་ཞི་ལ་མི་གནས་ཡེ་སངས་རྒྱས༔ མཚན་དཔེའི་ཡོན་ཏན་ཡོངས་རྫོགས་དགེ་བའི་བཤེས༔ བླ་མ་རྡོ་རྗེ་འཆང་ཆེན་ཐུགས་དམ་བསྐང༔ བསྐང་བ་མེད་ཀྱི་ཁམས་གསུམ་ཡོངས་དག་བསྐང༔ སྦྱོར་བ་མེད་ཀྱི་སྣང་སྟོང་ཟུང་དུ་འཇུག༔ སྒྲོལ་བ་མེད་ཀྱི་བདག་རྟོག་དབྱིངས་སུ་སྒྲོལ༔ འཁོར་གསུམ་ཡོངས་དག་རྣམ་དཀར་ཀློང་དུ་བསྐང༔ ཨ་ལ་ལ་ཧོ༔ མ་ཧཱ་སུ་ཁ་པཱུ་ཛ་ཁཱ་ཧི༔ ཚོགས་ལ་རོལ་ཞིང་དབང་བཞི་བླངས༔ ལྷག་མའི་མགྲོན་ལ་ལྷག་གཏོར་འབུལ༔ ཕེཾ་ཀྱིས་མགྲོན་བཀུག་བྱིན་གྱིས་བརླབས༔ ཧཱུྃ་ཧྲཱིཿ ལྷག་ལ་དབང་བའི་དབང་ཕྱུག་གིང་ལང་ག༔ དྲེགས་པ་ཁྱོ་ཤུག་ཕྲ་མེན་ལྷག་སྡུད་རྣམས༔ བཀའ་ཡི་ཕ་འབབ་ལྷག་གཏོར་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་དུས་འདིར་འགྲུབ་པར་མཛོད༔ ཧཱུྃ་ཧྲཱིཿ བཞེངས་ཤིག་བཞེངས་ཤིག་འོག་མིན་དབྱིངས་ནས་བཞེངས༔ བསྐུལ་ལོ་བསྐུལ་ལོ་འགྲོ་བའི་དོན་ལ་བསྐུལ༔ སྔོན་གྱི་ཐུགས་དམ་གཉན་པོ་མ་གཡེལ་བར༔ གནོད་བྱེད་ཕུང་སྲི་བདག་འཛིན་རུ་ཏྲ་ཀུན༔ བདག་མེད་གནས་ལུགས་ལྟ་བའི་ཀློང་དུ་སྒྲོལ༔ ས་དང་ལམ་གྱི་བར་ཆད་དབྱིངས་སུ་སོལ༔ ཉམས་རྟོགས་བསོད་ནམས་འཕེལ་བའི་ཕྲིན་ལས་མཛོད༔ ཧཱུྃ་ཧྲཱིཿ སྔོན་ཚེ་བར་དང་ཐ་མའི་བསྐལ་པ་ལ༔ ཀུན་བཟང་རྡོར་སེམས་འགྲོ་འདུལ་པདྨ་འབྱུང༔ བརྒྱུད་གསུམ་བླ་མས་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ དྲང་སྲོང་ཆེན་པོས་ཁས་བླངས་དམ་བཅས་བཞིན༔ མཆོད་གཏོར་འདི་བཞེས་ཕྲིན་ལས་སྒྲུབ་ཏུ་གསོལ༔ ཧཱུྃ་ཧྲཱིཿ སྔོན་ཚེ་སློབ་དཔོན་གུ་རུའི་སྤྱན་སྔ་རུ༔ འཛམ་གླིང་བོད་ཁམས་སྐྱོང་བར་ཞལ་བཞེས་པའི༔ བསྟན་མ་བཅུ་གཉིས་བྲན་གཡོག་འཁོར་དང་བཅས༔ འདིར་གཤེགས་བཀའ་ཡི་གཏོར་མའི་བཤལ་ཆུ་བཞེས༔ རྟེན་འབྲེལ་གཞི་ལ་དག་པའི་ཕྲིན་ལས་མཛོད༔ ཧཱུྃ་ཧྲཱིཿ སྣང་སྲིད་འོད་ཞུ་རང་ལ་ཐིམ༔ རང་ཡང་དམིགས་མེད་འཇའ་ལྟར་ཡལ༔ རང་བྱུང་དོན་གྱི་བླ་མ་རྗེ༔ རྡོ་རྗེ་འཆང་གི་རོལ་པར་སད༔ དགེ་བ་འདི་ཡིས་མྱུར་དུ་བདག༔ དཔལ་ལྡན་བླ་མ་འགྲུབ་གྱུར་ནས༔ འགྲོ་བ་གཅིག་ཀྱང་མ་ལུས་པ༔ དེ་ཡི་ས་ལ་འཁོད་པར་ཤོག༔ ཧཱུྃ༔ རིག་འཛིན་བརྒྱུད་པའི་བྱིན་རླབས་དང༔ དཀོན་མཆོག་གསུམ་གྱི་བདེན་པ་དང༔ གསང་སྔགས་ཟབ་མོའི་རྟེན་འབྲེལ་གྱིས༔ འཇིགས་བརྒྱད་ཞི་བའི་བཀྲ་ཤིས་ཤོག༔ ཚེ་བསོད་རྒྱས་པའི་བཀྲ་ཤིས་ཤོག༔ སྣང་བ་དབང་འདུས་བཀྲ་ཤིས་ཤོག༔ ལོག་འདྲེན་ཚར་གཅོད་བཀྲ་ཤིས་ཤོག༔ སྣང་ཞེན་ལྷ་སྐུའི་ཕྱག་རྒྱར་རྫོགས༔ སྒྲ་གྲགས་བདེ་ཆེན་སྔགས་སུ་དག༔ དྲན་རྟོག་འོད་གསལ་ཆོས་སྐུར་སྨིན༔ འཇའ་ལུས་ཟང་ཐལ་བཀྲ་ཤིས་ཤོག༔ ཨེ་མ་ཡང་ཟབ་སྒྲུབ་ཐབས་འདི༔ ཕྱི་སྣོད་འབྱུང་བའི་བཅུད་མིན་ཞིང༔ རང་བྱུང་རིག་པའི་ཀློང་ནས་བཏོན༔ དགོངས་གཏེར་མཁའ་འགྲོའི་བརྡ་ཚིག་ཡིན༔ ཕལ་པའི་བློ་ཡིས་དཔྱད་པར་དཀའ༔ བཀའ་ཡི་སྲུང་མས་བྱ་ར་གྱིས༔ སྐལ་མེད་རྣམས་ལ་གུ་ཧྱ་རྒྱ༔ ཞེས་པའི་བླ་སྒྲུབ་གང་ལ་ཡང་སྦྱར་དུ་རུང་བའི་ཚོགས་མཆོད་བསོད་ནམས་རྒྱ་མཚོ་འདི༔ སྔོན་སྦྱངས་ལས་ཀྱིས་འབྲེལ་འདྲིས་ཆེ་བའི་དགེ་སློང་དགེ་བའི་བཤེས་གཉེན་བདག་ཅག་རྣམས་ཀྱིས་སྐྱབས་སུ་བསྟེན་པའི་དམ་པ་རིན་པོ་ཆེ་འཇིགས་མེད་ཚུལ་ཁྲིམས་ཀྱི་བཀའ་གསུང་གསེར་གྱི་ཅོད་པན་མགོ་ལ་བསྩལ་བའི་བཀའ་མི་ལྡོག་ཙམ་དུ༔ དུས་བབས་ཀྱི་གཏེར་སྟོན་གཞན་ཕན་བཟང་པོས་སྤྲེའུ་ཟླ་བའི་ཚེས་བཅུའི་དུས་སུ༔ སྤོས་ཀྱི་གླང་པོའི་ལུང་པར་རྟེན་འབྲེལ་བཟང་པོའི་དུས་ཐུན་མཚམས་གཅིག་ལ་སྦྱར་བ་དགེ་ལེགས་འཕེལ༔

བླ་སྒྲུབ་ཚོགས་མཆོད་བསོད་ནམས་རྒྱ་མཚོ་རས་པ་གསལ་སྟོང་གིས་ཆོག་བསྒྲིགས་མཛད་པ།

དག་སྣང་མི་ཟད་རྒྱན་འཁོར་ལས༔ བླ་སྒྲུབ་ཚོགས་མཆོད་བསོད་ནམས་རྒྱ་མཚོ་བཞུགས༔

བླ་མ་རྡོ་རྗེ་འཆང་ལ་འདུད༔ བསོད་ནམས་ཡེ་ཤེས་ཚོགས་བསགས་ནི༔ རྫོགས་པའི་ཐབས་མཆོག་བླ་ན་མེད༔ ཕྱག་བྱར་འབོད་པ་བླ་མ་ཡིན༔ ལོངས་སྤྱོད་ཅི་ཡོད་ཚོགས་སུ་བཤམས༔ ལྟོས་མེད་མཆོད་པའི་ཞིང་ལ་འབུལ༔ ཚེ་གང་དུས་བརྒྱའི་རྒྱགས་ཕྱེ་འོ༔ ས་མ་ཡཱ༔ བདག་ཉིད་མཁའ་འགྲོའི་ཏིང་འཛིན་གྱིས༔ ཧཱུྃ་ཧྲཱིཿ བདག་ཉིད་ལྷར་གསལ་ཐུགས་ལས་རཾ་ཡཾ་ཁཾ༔ འཕྲོས་པས་ཚོགས་ཀྱི་ཉེས་སྐྱོན་བསྲེགས་གཏོར་བཀྲུས༔ ཨོཾ་ཨཱཿཧཱུྃ་གིས་སྦྱངས་སྤེལ་བདུད་རྩིར་བསྒྱུར༔ ལྷ་རྣམས་དགྱེས་པ་བསྐང་བའི་དཔྱིད་དུ་གྱུར༔ ཨོཾ་ཨཱཿཧཱུྃ་སརྦ་པཱུ་ཙ་མེ་གྷ་ཨཱ་ཧཱུྃ༔ ལན་གསུམ༔ སྤྱན་འདྲེན་ནི༔ ཧཱུྃ་ཧྲཱིཿ ཆོས་དབྱིངས་སྐྱེ་མེད་འོག་མིན་ཞིང་ཁམས་ནས༔ ཡེ་གཞི་དོན་གྱི་སངས་རྒྱས་བླ་ན་མེད༔ ལྷུན་གྲུབ་སྒྱུ་འཕྲུལ་རོལ་པའི་བླ་མ་རྗེ༔ མ་ལུས་འཁོར་བཅས་ཚོགས་ཀྱི་ཞིང་ལ་གཤེགས༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་ས་མ་ཡཱ་ཛཿཛཿ ཏིཥྛ་ལྷན༔ ན་མོ་ན་མ་ཡ་ཏི༔ དེ་ནས་མཆོད་བཤགས་བསྒྲལ་གསུམ་དུས་གཅིག་བྱ་བ་ནི༔ ཧཱུྃ་ཧྲཱིཿ སྣོད་བཅུད་བརྟན་གཡོ་ཡེ་ཤེས་མཆོད་པའི་ཚོགས༔ ཡེ་གྲོལ་གཤིས་ཀྱི་མཆོད་པ་ཨ་ལ་ལ༔ རིག་སྟོང་ཡེ་ཤེས་བླ་མ་རྗེ་ལ་འབུལ༔ ཉམས་ཆག་ཉེས་ལྟུང་བརྗོད་མེད་ཀློང་དུ་བཤགས༔ མ་རིག་གཟུང་འཛིན་རུ་ཏྲ་གཟུགས་ལ་ཕོབ༔ བདག་མེད་རང་བྱུང་རྡོ་རྗེའི་མཚོན་གྱིས་སྒྲོལ༔ འཁོར་འདས་གཉིས་འཛིན་བླང་དོར་དག་པར་གྱུར༔ སླར་ཡང་བསྐང་བ་ནི༔ ཧཱུྃ་ཧྲཱིཿ ཆོས་དབྱིངས་ཀློང་ལས་རང་བྱུང་གྲུབ་པའི་སྐུ༔ སྲིད་དང་ཞི་ལ་མི་གནས་ཡེ་སངས་རྒྱས༔ མཚན་དཔེའི་ཡོན་ཏན་ཡོངས་རྫོགས་དགེ་བའི་བཤེས༔ བླ་མ་རྡོ་རྗེ་འཆང་ཆེན་ཐུགས་དམ་བསྐང༔ བསྐང་བ་མེད་ཀྱི་ཁམས་གསུམ་ཡོང་དག་བསྐང༔ སྦྱོར་བ་མེད་ཀྱི་སྣང་སྟོང་ཟུང་དུ་འཇུག༔ སྒྲོལ་བ་མེད་ཀྱི་བདག་རྟོག་དབྱིངས་སུ་སྒྲོལ༔ འཁོར་གསུམ་ཡང་དག་རྣམ་དཀར་ཀློང་དུ་བསྐང༔ དྲང་བ་ནི༔ ཨ་ལ་ལ་ཧོ༔ མ་ཧཱ་སུ་ཁ་པུ་ཛ་ཁཱ་ཧིཿ ཚོགས་ལ་རོལ་ཞིང་དབང་བཞི་བླང༔ ལྷག་མའི་མགྲོན་ལ་ལྷག་གཏོར་འབུལ༔ ཕཻཾ་གྱིས་མགྲོན་བཀུག་བྱིན་གྱིས་བརླབས༔ ཧཱུྃ་ཧྲཱིཿ ལྷག་ལ་དབང་བའི་དབང་ཕྱུག་གིང་ལང་ཀ༔ དྲེགས་པ་ཁྱོ་ཤུག་ཕྲ་མེན་ལྷག་སྡུད་རྣམས༔ བཀའ་ཡི་ཕ་འབབ་ལྷག་གཏོར་འདི་བཞེས་ལ༔ བཅོལ་པའི་ཕྲིན་ལས་དུས་འདིར་འགྲུབ་པར་མཛོད༔ བཞེངས་བསྐུལ་ནི༔ ཧཱུྃ་ཧྲཱིཿ བཞེངས་ཤིག་བཞེངས་ཤིག་འོག་མིན་དབྱིངས་ནས་བཞེངས༔ བསྐུལ་ལོ་བསྐུལ་ལོ་འགྲོ་བའི་དོན་ལ་བསྐུལ༔ སྔོན་གྱི་ཐུགས་དམ་གཉན་པོ་མ་གཡེལ་བར༔ གནོད་བྱེད་ཕུང་སྲི་བདག་འཛིན་རུ་ཏྲ་ཀུན༔ བདག་མེད་གནས་ལུགས་ལྟ་བའི་ཀློང་དུ་སྒྲོལ༔ ས་དང་ལམ་གྱི་བར་ཆད་དབྱིངས་སུ་སོལ༔ ཉམས་རྟོགས་བསོད་ནམས་འཕེལ་བའི་ཕྲིན་ལས་མཛོད༔ ཆད་མདོ་ནི༔ ཧཱུྃ་ཧྲཱིཿ སྔོན་ཚེ་བར་དང་ཐ་མའི་བསྐལ་པ་ལ༔ ཀུན་བཟང་རྡོར་སེམས་འགྲོ་འདུལ་པདྨ་འབྱུང༔ བརྒྱུད་གསུམ་བླ་མའི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ དྲང་སྲོང་ཆེན་པོས་ཁས་བླང་དམ་བཅས་བཞིན༔ མཆོད་གཏོར་འདི་བཞེས་ཕྲིན་ལས་སྒྲུབ་ཏུ་གསོལ༔ བསྟན་མ་ནི༔ ཧཱུྃ་ཧྲཱིཿ སྔོན་ཚེ་སློབ་དཔོན་གུ་རུའི་སྤྱན་སྔ་རུ༔ འཛམ་གླིང་བོད་ཁམས་སྐྱོང་བར་ཞལ་བཞེས་པའི༔ བསྟན་མ་བཅུ་གཉིས་བྲན་གཡོག་འཁོར་དང་བཅས༔ འདིར་གཤེགས་བཀའ་ཡི་གཏོར་མའི་བཤལ་ཆུ་བཞེས༔ རྟེན་འབྲེལ་གཞི་ལ་དག་པའི་ཕྲིན་ལས་མཛོད༔ ཅེས་གཏོར་མ་གཙང་སར་གཤེགས༔ བྲོ་བརྡུང་གཞུང་ན་མི་གསལ་བས་སྤྲོ་ན་འགུགས་གཞུགས་བྱ་ཞིང་འདི་སྐད་དོ༔ ཧཱུྃ་བྷྱོ༔ སྐྱེ་མེད་དབྱིངས་ཀྱི་གཏོར་གཞོང་འོག༔ བདག་འཛིན་རུ་ཏྲའི་སྡེ་ཚོགས་བྲུབ༔ བདག་མེད་སྟོང་པའི་བྲོ་གར་ཁྲབ༔ འཁོར་གསུམ་ཡོངས་དག་རྒྱས་གདབ་བོ༔ སྟྭཾ་བྷ་ཡ་ནན༔ ཞེས་པས་གཏོར་གཞོང་ཡར་བསྟན་འབྲུ་ཡིས་བཀང༔ མཆོད་བསྟོད་བཟོད་གསོལ་དངོས་གྲུབ་ལེན༔ རྟེན་ཡོད་ན་བརྟན་བཞུགས་དང་མེད་ན་འདི་ལྟར་བྱ༔ ཧཱུྃ་ཧྲཱིཿ སྣང་སྲིད་འོད་ཞུ་རང་ལ་ཐིམ༔ རང་ཡང་དམིགས་མེད་འཇའ་ལྟར་ཡལ༔ རང་བྱུང་དོན་གྱི་བླ་མ་རྗེ༔ རྡོ་རྗེ་འཆང་གི་རོལ་པར་སད༔ དགེ་ཚོགས་གཞན་རྒྱུད་ལ་བསྔོ་བ་ནི༔ ཧཱུྃ་ཧོ༔ དགེ་ཚོགས་མ་ལུས་འགྲོ་བའི་རྒྱུད་ལ་བསྔོ༔ ཀུན་ཀྱང་གནས་སྐབས་མི་མཐུན་ཕྱོགས་ཞི་ནས༔ མཐར་ཐུག་རྔ་ཡབ་དཔལ་གྱི་ཕོ་བྲང་དེར༔ ས་མཆོག་ཆོས་ཀྱི་སྤྲིན་ལ་དབང་འབྱོར་ཤོག༔ ཤིས་པ་ནི༔ ཧཱུྃ་ཧྲཱིཿ རིག་འཛིན་བརྒྱུད་པའི་བྱིན་རླབས་དང༔ དཀོན་མཆོག་གསུམ་གྱི་བདེན་པ་དང༔ གསང་སྔགས་ཟབ་མོའི་རྟེན་འབྲེལ་གྱིས༔ འཇིགས་བརྒྱད་ཞི་བའི་བཀྲ་ཤིས་ཤོག༔ ཚེ་བསོད་རྒྱས་པའི་བཀྲ་ཤིས་ཤོག༔ སྣང་བ་དབང་འདུས་བཀྲ་ཤིས་ཤོག༔ ལོག་འདྲེན་ཚར་གཅོད་བཀྲ་ཤིས་ཤོག༔ སྣང་ཞེན་ལྷ་སྐུའི་ཕྱག་རྒྱར་རྫོགས༔ སྒྲ་གྲགས་བདེ་ཆེན་སྔགས་སུ་དག༔ དྲན་རྟོག་འོད་གསལ་ཆོས་སྐུར་སྨིན༔ འཇའ་ལུས་ཟང་ཐལ་བཀྲ་ཤིས་ཤོག༔ ས་མ་ཡཱ༔ འདི་ལྟར་བླ་སྒྲུབ་ཟབ་པའི་སྙིང༔ སྙིང་འདྲའི་རྗེས་འཇུག་རྣམས་ཀྱི་དོན༔ དོན་གཉིས་ལྷུན་གྱིས་གྲུབ་པའི་ཕྱིར༔ ཕྱི་རབས་སྐལ་ལྡན་དགོངས་ཀློང་རྡོལ༔ རྡོལ་བའི་སྤང་ལས་ཆུ་མིག་བཞིན༔ དགག་སྒྲུབ་བྲལ་བའི་གདམས་ཟབ་འདི༔ བཅུད་ལས་བཅུད་གྱུར་ཞུན་མར་འདྲ༔ སྤེལ་བར་ཕངས་པའི་ཆོས་ཡིན་ཀྱང༔ འགྲོ་དོན་དུས་བབས་ཆོས་བདག་དང༔ འཕྲད་ནས་བསྟན་པ་མཐའ་རྒྱས་ཤོག༔ བཀའ་ཡི་སྲུང་མས་བྱ་ར་མཛོད༔ དམ་མེད་ལག་ཏུ་མ་ཤོར་ཅིག༔ གུ་ཧྱ༔ རྒྱ་རྒྱ་རྒྱ༔ ཞེས་གུ་རུའི་བླ་སྒྲུབ་བྱིན་རླབས་ཆར་འབེབས་འདི་ཡང་ཆོས་དབང་སྐྱེས་ཐོབ་ཀྱི་གང་ཟག་ངེས་ལེགས་སྤྲུལ་སྐུ་དང་༔ སྔོན་སྦྱངས་ལས་ཀྱིས་འབྲེལ་འདྲིས་ཆེ་བའི་དགེ་སློང་དགེ་བའི་བཤེས་གཉེན་འཇིགས་མེད་ཚུལ་ཁྲིམས་ཟུང་གི་བཀས་བསྐུལ་བ་མི་ལྡོག་ཙམ་དུ་དུས་བབས་ཀྱི་གཏེར་སྟོན་གཞན་ཕན་བཟང་པོས་དེའི་ཉིན་གྱི་དུས་ཚིགས་གཉིས་ལ་ཐོལ་བྱུང་ཐོགས་མེད་དུ་བྲིས་པས༔ ཟབ་ཆོས་འདི་ཉིད་ཀྱི་ཞབས་པད་དུ་འཁོད་བའི་རས་མིང་ཐ་ཤལ་པདྨ་གསལ་སྟོང་བདག་གིས་སྐྱབས་རྗེ་རིན་པོ་ཆེའི་བཀས་གནང་བཞིན་བསྒྲིགས་ཆོག་འདོན་བདེར་བཀོད་པ་འདི་ནོར་འཁྲུལ་མཆིས་ན་བླ་མ་དང་སྲུང་མའི་ཚོགས་ལ་བཤགས༔ དགེ་བ་འདིས་ཡིད་ཅན་སྐྱེ་འགྲོ་ཀུན་རྔ་ཡབ་དཔལ་གྱི་རི་བོར་སྐྱེས་ནས་སྤྲུལ་པ་སྐུ་ཡིས་འགྲོ་དོན་བྱེད་པའི་རྒྱུར་གྱུར་ཅིག༔ ཤུ་བྷཾ༔

རྡོ་རྗེ་གླུའི་མཆོད་པ།

༄༅། རྡོ་རྗེ་གླུའི་མཆོད་པ༔ ཀྱེ༔ དཀྱིལ་འཁོར་གང་དུ་ཡང་ཧེ་རུ་ཀའི་ངོ་བོར་དབང་རྫོགས་ཤིང་མཐོང་ཐོས་དྲན་རེག་གི་འགྲོ་བ་སྨིན་གྲོལ་ཟབ་གསང་རྡོ་རྗེ་ཐེག་པའི་ལམ་ལ་དཀྲི་བར་བྱེད་པའི་རྡོ་རྗེ་རྒྱལ་པོ་རྒྱལ་ཐེབས་གཟུངས་མ་མཆེད་དང་ལྕམ་དྲལ་རྣམས་རྡོ་རྗེ་གླུའི་མཆོད་པ་འདི་ལ་གསན་ཅིང་ཐུགས་གཏད་པར་ཞུཿ ཨ་ཧོ༔ ཡེ་གཞི་བདེ་གཤེགས་སྙིང་པོ་རང་བྱུང་གི་ཡེ་ཤེས༔ འགགས་མེད་སྣ་ཚོགས་འཆར་བའི་ཕྲིན་ལས་ཀྱི་སྒྲུབ་སྡེ༔ བསྟན་འགྲོའི་དཔལ་མགོན་ཉིན་བྱེད་ཨོ་རྒྱན་གྱི་སངས་རྒྱས༔ ལུང་རིག་གླིང་པའི་ངོ་བོ་རྔ་ཡབ་ནས་འབྱོན་ཤོག༔ ང་ཅག་བྱ་རྩོལ་བྲལ་བའི་གཤིས་ལུགས་སུ་གནས་ཀྱང༔ གདན་གསུམ་ལྷ་ཡི་གྲོང་ཁྱེར་དཔའ་བོ་སྟེ་མཁའ་འགྲོ༔ བཟའ་བཅའ་བཏུང་བའི་ཚོགས་ཀྱི་སྟོན་མོ་དེ་བསྒྲིགས་ནས༔ རྩ་གསུམ་དཀྱིལ་འཁོར་རྒྱ་མཚོའི་ཞལ་སྤྲོ་ཞིག་མཛད་དོ༔ དེང་འདུས་མཆེད་དང་ལྕམ་དྲལ་མི་ཕྱེད་ཀྱི་བརྩེ་བས༔ རང་བྱུང་ལྷན་སྐྱེས་དགའ་མས་མཆོད་རྫས་རེ་ཐོགས་ནས༔ ཁྱབ་བདག་དྲིན་ཆེན་བླ་མ་སྟོན་འཁོར་ཚོགས་དྲངས་ནས༔ མཁའ་སྤྱོད་ཟངས་མདོག་དཔལ་རིར་ཟླ་གྲོགས་ཤིག་མཛད་དོ༔ ད་རེས་སྨོན་ལམ་བཟང་པོས་མཚམས་སྦྱོར་དེ་མཛད་ནས༔ མཐར་ཐུག་ཨོ་རྒྱན་བླ་མ་བདེ་ཆེན་གྱི་རྒྱལ་པོ༔ འགྲོ་མགོན་མཆོག་སྤྲུལ་ལུང་རིག་སྤྲུལ་སྐུ་དེ་བཞུགས་པའི༔ མདུན་དེར་ཚོམ་གཅིག་འདུས་པའི་རྟེན་འབྲེལ་དེ་ཞུ་ན༔ དཔལ་གྱི་རི་ལ་འཇའ་གུར་འཕན་གདུགས་ཀྱིས་བསྐོར་ནས༔ ཡོངས་འཛིན་བླ་མ་དགྱེས་པའི་བརྡ་གླུ་ཞིག་བཀྲོལ་ཡོང༔ འདིར་འདུས་མཆེད་ལྕམ་མི་འབྲལ་དམ་ལྡན་གྱི་ཚོམ་བུ༔ ཟག་མེད་ཐབས་ཤེས་རྫས་མཆོག་ཚོགས་འཁོར་ལ་རོལ་ཏེ༔ ནམ་ཞིག་གཞོན་ནུ་བུམ་པའི་ཕྱི་རྒྱ་དེ་རལ་ཚེ༔ འཕོ་ཆེན་འཇའ་སྐུར་འགྲུབ་པའི་དངོས་གྲུབ་ཅིག་ཞུའོ༔ ཨ་ལ་ལ༔ ཞེས་ཡར་ངོའི་ཚེས་བཅུ་ཨོ་རྒྱན་རིན་པོ་ཆེ་སྐུ་དངོས་སུ་བྱོན་པའི་དུས་སུ་ཡོངས་འཛིན་བླ་མ་མཆོག་གི་དངོས་སློབ། གསང་སྔགས་རྡོ་རྗེ་ཐེག་པའི་རྣལ་འབྱོར་དཔོན་བླ་བླ་མ་དོན་གྲུབ་ཀྱིས་བསྐུལ་ངོར་གཏེར་མིང་གཏེར་ལ་མོས་པའི་བླ་གཟུགས་ས་ར་ཧི་ཏས་རྟེན་འབྲེལ་སྒྱུ་འཕྲུལ་སྣང་བའི་དུས་སྟོན་དུ་ཕུལ་བ་དགེ་ལེགས་འཕེལ༔

བླ་སྒྲུབ་དབང་གི་མཚམས་སྦྱོར་བྱིན་རླབས་མྱུར་སྩོལ་དྷེ་ཝ་བཛྲ་གྱིས་བསྒྲིགས་པ།

༄༅། བླ་སྒྲུབ་དབང་གི་མཚམས་སྦྱོར་བྱིན་རླབས་མྱུར་སྩོལ་བཞུགས། ཧཱུྃ། བདེ་གཤེགས་རྒྱལ་བ་རྣམས་ཀྱི་སོགས། ལས་སྔགས་དང་ཡིག་བརྒྱ། དེ་ནས་བགེགས་གཏོར་བྱིན་རླབས་ནི། ལས་སྔགས་དང། རཾ་ཡཾ་ཁཾ། གསུམ། ཨོཾ་ཨཱཿཧཱུྃ། གསུམ། ཨོཾ་སྭ་བྷ་ཝ་སོགས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཨཱཿཧཱུྃ་གསུམ་འོད་དུ་ཞུ་བ་ལས་བྱུང་བའི་ལན་ཆགས་བགེགས་ཀྱི་གཏོར་མ་ཁ་ཏོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ། ཨོཾ་སརྦ་བིགྷྣཾ་ན་མཿསརྦ་སོགས་ལན་གསུམ་དང་། ཨོཾ་སུམ་བྷ་ནི་སོགས་ལན་གསུམ། ཧཱུྃ་ཧྲཱིཿ མ་རིག་གཉིས་སྣང་སོགས། ཀློང་དུ་དེངས༔ ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། གསང་སྔགས་དང་། རིག་སྔགས་དང་། གཟུངས་སྔགས་དང་། སྙིང་པོ་དང་། ཕྱག་རྒྱ་དང་། ཏིང་ངེ་འཛིན་རྣམས་ཀྱི་བཀའ་བདེན་པ་དང་། ཁྱད་པར་དུ་རིགས་འདུས་མ་ཧཱ་གུ་རུའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་དང་ནུས་པ་ལ་བརྟེན་ནས། དེང་འདིར་སྐལ་ལྡན་རིག་པ་འཛིན་པ་འདི་རྣམས་ལ་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་གྱི་འཇུག་སྒོ་དང་པོ་སྨིན་བྱེད་ཀྱི་དབང་བསྐུར་ཟབ་མོ་བགྱི་བ་ལ་བར་དུ་གཅོད་པའི་འབྱུང་པོ་གདོན་བགེགས་ཀྱི་རིགས་སུ་གྱུར་པ་ཐམས་ཅད་མཆོད་སྦྱིན་གྱི་གཏོར་མ་འདིས་ཚིམ་པར་གྱིས་ལ་སའི་ཕྱོགས་འདིར་མ་གནས་པར་དམིགས་པའི་ཡུལ་གཞན་དུ་དེངས་ཤིག གལ་ཏེ་མི་འགྲོ་ན་ཁྲོ་བོ་ཡེ་ཤེས་ཀྱི་རྡོ་རྗེའི་མེ་རབ་ཏུ་འབར་བ་འདིས་བགེགས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་བ་བརྒྱ། ལུས་དུམ་བུ་སྟོང་དུ་གཏུབ་པར་གདོན་མི་ཟའོ། །ཨོཾ་སུམ་བྷ་ནི་སོགས་དྲག་སྔགས་རོལ་མོ་དང་བཅས་པས་བགེགས་བསྐྲད། ཡེ་ཤེས་རང་རྩལ་མེ་དཔུང་སོགས། རཀྵ་བྷྲུཾ་སྭཱ་ཧཱ། ཞེས་བརྗོད་པས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེ་བསྲུང་བའི་གུར་ཁང་ཆེན་པོས་གཏམས་པས་གདོན་བགེགས་ལོག་འདྲེན་འབྱུང་པོ་གང་གིས་ཀྱང་གླགས་མི་རྙེད་པར་གྱུར། ལས་རྡོར་པས་ནས་བཀྲམ། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྣམ་མཁྱེན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་གསང་སྔགས་རྡོ་རྗེ་ཐེག་པའི་དབང་བསྐུར་ཟབ་མོ་གསན་ནས་ཚུལ་བཞིན་ཉམས་སུ་ལེན་པར་བྱའོ་སྙམ་པའི་བསམ་པ་བཟང་པོ་སྔོན་དུ་བཏང་ནས་ཆོས་ལ་འཇུག་པའི་ཀུན་སློང་དང་ཀུན་སྤྱོད་ཀྱི་རིམ་པ་རྣམས་ཚུལ་བཞིན་བགྱི་བའི་ངང་ནས་ལེགས་པར་གསན་འཚལ། གང་གསན་པར་བྱ་བའི་ཆོས་ལའང་རིང་རྒྱུད་བཀའ་མ། ཉེ་བརྒྱུད་གཏེར་མ། ཟབ་མོ་དག་སྣང་མ་སྟེ་གསུམ་དུ་ཡོད་པ་ལས་འདིར་ནི་ཟབ་མོ་དགོངས་པའི་གཏེར་རོ། དེ་ཡང་རྒྱལ་དབང་པདྨའི་ཐུགས་རྗེས་བསྐུལ་ཏེ་མཁའ་འགྲོའི་གཙོ་མོ་ཛྙཱ་ན་ས་ག་ར་དང་། ཨ་ཙར་ས་ལེ་འོད་སྟངས་དཔྱལ་གཅིག་ཏུ་བཟླུམ་པའི་ཟློས་གར་བསྟན་འགྲོའི་དཔལ་དུ་བྱོན་པ་སྟེ། ཇི་སྐད་དུ། མ་འོངས་སུམ་ཅུ་ཁ་རལ་དུས༔ མདོ་ཁམས་རྒྱལ་མོ་རོང་གི་ཕྱོགས༔ སྙིགས་དུས་སྐྱོབས་པའི་གང་ཟག་ནི༔ མཚོ་རྒྱལ་ཁྱོད་དང་ཨ་ཙར་ཟུང༔ གཅིག་ཏུ་བཟླུམ་པའི་སྤྲུལ་པའི་སྲས༔ བསམ་གཏན་ཡེ་ཤེས་གླིང་པ་ཞེས༔ གར་མཁན་མཁའ་ལྡིང་ལོ་པ་འབྱུང༔ འགྲོ་ཕན་དངོས་སམ་བརྒྱུད་ནས་སྟེར༔ ཞེས་སོགས་འཁྲུལ་མེད་རྡོ་རྗེའི་ལུང་བྱང་དུ་མ་ནས་གསལ་བར་བསྔགས་པའི་སྤྲུལ་པའི་གཏེར་སྟོན་ཆེན་པོ་བསམ་གཏན་ཡེ་ཤེས་གླིང་པའི་གཏེར་བྱོན་ཡང་གསང་མཁའ་འགྲོའི་ཐུགས་ཐིག་ལས་གུ་རུའི་སྒྲུབ་ཐབས་བྱིན་རླབས་ཆར་འབེབས་ཀྱི་ཡང་དག་དོན་གྱི་དབང་མཆོག་བསྐུར་བར་བྱེད་པ་ལ། བདག་གིས་བགྱི་འོས་རྣམས་བླ་མ་དམ་པའི་ཕྱག་ལེན་བཞིན་སྔོན་དུ་སོང་ཟིན་ནས། ད་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་དྲུང་དུ་མཎྚལ་འབུལ་བར་མཛོད། མཎྚལ་ཕུལ་མཐར། དེ་ལྟར་མཎྚལ་འབུལ་བའི་རིམ་པ་སོང་ནས་དབང་དངོས་གཞིའི་དོན་དུ་མོས་གུས་གདུང་ཤུགས་དྲག་པོས་ཐལ་མོ་སྦྱར་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧཱུྃ་ཧྲཱིཿ སངས་རྒྱས་ཀུན་གྱི་སོགས། སྨིན་གྲོལ་སྩོལ༔ དེ་ནས་མདུན་གྱི་ནམ་མཁར་བླ་མ་རྒྱལ་བ་སྲས་དང་བཅས་པ་མངོན་སུམ་བཞིན་བཞུགས་པའི་མོས་པ་རྩེ་གཅིག་པས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཆེན་པོར་སེམས་བསྐྱེད་པ་འདི་བཞིན་རྗེས་ཟློས་མཛོད། ཨཱཿ མ་བཅོས་རིག་སྟོང་སོགས། སེམས་མཆོག་བསྐྱེད། ལན་གསུམ། དེ་ནས་ཚོགས་བསགས་ཡན་ལག་བདུན་པ་འདི་ཡི་རྗེས་ཟློས་མཛོད། ཧཱུྃ༔ ཆོས་ཉིད་ཀློང་ནས་སོགས། འཁོར་གསུམ་དག་པས་བསྔོ༔ ལན་གསུམ། དེ་ནས་བྱིན་རླབས་ཐམས་ཅད་ཀྱི་གཞི་ཡེ་ཤེས་དབབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད་ཅིག ཨོཾ་མ་ཧཱ་ཤུ་ནྱ་ཏ་སོགས་ཀོ྅་ཧཾ། སྟོང་པའི་ངང་ལས་པདྨ་ཉི་ཟླ་བརྩེགས་པའི་སྟེང་དུ་ཁྱེད་རང་རྣམས་ཀྱི་རིག་པ་ཆུ་ལས་ཉ་ལྡང་བའི་ཚུལ་དུ་སྐད་ཅིག་གིས་རྩ་གསུམ་ཀུན་འདུས་པདྨ་ཐོད་ཕྲེང་རྩལ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ་མཚན་དང་དཔེ་བྱད་ཡོངས་སུ་རྫོགས་པ། ཞལ་གཅིག་ཞི་ཞིང་འཛུམ་པའི་ལང་ཚོའི་དཔལ་ཡོན་རྒྱས་པ། ཕྱག་གཉིས་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་བསྡིག་པའི་ཚུལ་དུ་འཛིན་པ། གཡོན་པས་མཉམ་བཞག་གི་སྟེང་དུ་ཀ་པཱ་ལ་དུམ་བུ་གཅིག་པ་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་བཀང་བ་བསྣམས་པ། ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས་སུ་བཞུགས་པ། དབུ་ལ་པད་ཞྭ་རྒོད་སྒྲོ་དང་དར་སྣས་སྤྲས་ཤིང་། སྐུ་ལ་གསང་གོས་དང་ཆོས་གོས་ཟ་བེར་གསོལ་བ་གཟི་བརྗིད་དང་ལྡན་པ། དེའི་ཕྱོགས་མཚམས་བརྒྱད་ཀྱི་འཇའ་འོད་གུར་ཁྱིམ་དུ་སྤྲུལ་པའི་གུ་རུ་བརྒྱད་དང་། འཕགས་ཡུལ་རིག་འཛིན་མཆོག་བརྒྱད། རྗེ་འབངས་ཉི་ཤུ་རྩ་ལྔ། རྒྱ་བོད་མཁས་གྲུབ་རྒྱ་མཚོ། མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པས་བསྐོར་བར་གསལ་བ་རྣམས་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱ༔ ཐུགས་ཀར་ཧཱུྃ། དེ་ལས་འོད་ཟེར་འཕྲོས་པས་ཟངས་མདོག་དཔལ་གྱི་རི་བོ་པདྨ་འོད་ཀྱི་གཞལ་ཡས་ནས་ཨོ་རྒྱན་གྱི་གུ་རུ་པདྨ་འབྱུང་གནས་ལ་འཁོར་རྒྱལ་བ་རབ་འབྱམས་ཀྱིས་བསྐོར་བ་ཏིལ་གྱི་གོང་བུ་ཁ་ཕྱེ་བ་ལྟར་དཔག་ཏུ་མེད་པ་སྤྱན་དྲངས་ནས་ཁྱེད་རང་རྣམས་ལྷར་གསལ་བ་ལ་སིབ་སིབ་ཐིམ་པའི་མོས་པ་རྩེ་གཅིག་ཏུ་གྱིས་ཤིག ཧཱུྃ་ཧྲཱིཿ བྱིན་ཆེན་ངོ་མཚར་སོགས། ཛ་ཛཿ རོལ་མོ་དབྱངས་དང་བཅས་པས་བྱིན་དབབ། དེ་ལྟར་བྱིན་ཕབ་པའི་ཡེ་ཤེས་པ་རྣམས་ཇི་སྲིད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བརྟན་པར་གྱུར་ཅིག ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། བརྟན་པར་བྱ། དེ་ནས་རྩ་གསུམ་ཀུན་འདུས་རིག་འཛིན་བླ་མའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་དབང་བསྐུར་བ་ནི། ཧྲཱིཿ སངས་རྒྱས་ཀུན་གྱི་སོགས། ཨ་ལ་ལ་ཧོ་མ་ཧཱ༔ དེ་ཡན་ཆད་ཀྱིས་གུ་རུའི་བླ་སྒྲུབ་ཀྱི་དབང་བསྐུར་གྲུབ་ནས། ད་ནི་དེའི་རྗེས་འབྲེལ་དུ་དབང་ཐམས་ཅད་ཀྱི་ནང་ནས་ཤིན་ཏུ་ཟབ་པའི་མཐར་ཐུག་པ། ཚིག་དབང་རིན་པོ་ཆེའམ་རིག་པ་རྩལ་གྱི་དབང་བསྐུར་བ་ནི། ཀུན་རྫོབ་རྫས་ཀྱི་དབང་ལ་མི་ལྟོས་པས་དོན་དམ་རིག་པ་རྡོ་རྗེའི་ཚིག་གིས་ངོ་སྤྲོད་པ་ཡིན་པས་དེ་ལྟ་བུའི་དབང་ཟབ་མོ་ཞུ་བའི་ཡོན་དུ་མཎྚལ་འབུལ་བར་མཛོད། མཎྚལ་ཕུལ། དེ་ནས་ཁྱེད་རང་རྣམས་ལུས་གནད་རྡོ་རྗེའི་ཆོས་བདུན་དང་ལྡན་པའི་སྒོ་ནས་སེམས་བཟོ་མེད་གང་ཤར་རང་གྲོལ་དུ་ལྷོད་ལ་ཞོག་ཅིག ཚིག་བདུན་གསོལ་འདེབས་ལན་གསུམ། དེ་ནས་ཌཱ་དྲིལ་དང་བཅས་པས། ན་མོ་བདེ་གཤེགས་སྙིང་པོས་འགྲོ་བ་སོགས། རྒྱལ་བ་འཁོར་བཅས་མ་ལུས་གཤེགས་སུ་གསོལ༔ ཨ་ལ་ལ་ཧོ༔ དེ་ནས་སློབ་དཔོན་གྱིས་ཕྱག་མཉམ་བཞག སྤྱན་གཉིས་སློབ་མའི་གདོང་ལ་གཏད་ནས། ཧྲཱིཿ ངོ་བོ་རིག་སྟོང་སོགས། ཕཊ༔ ཕཊ༔ ཕཊ༔ དེ་ནས་བཀའ་ལུང་རྫོགས་ཕྱིར་གཏེར་ཆོས་ཡོངས་རྫོགས་ཀྱི་གླེགས་བམ་སྤྱི་བོར་བཞག་ནས། ཧོཿ ཆོས་སྐུ་སྣང་བ་མཐའ་ཡས༔ ལོངས་སྐུ་ཕྱག་ན་པདྨོ་སོགས་ནས། དཔལ་ཀུན་ཏུ་བཟང་པོའི་གོ་འཕང་ལ་འགོད་པར་མཛད་དུ་གསོལ༔ ཞེས་ལན་གསུམ། དེ་ནས་མཐའ་རྟེན་སོགས་སྤྱི་ལྟར་རོ། ཞེས་བླ་སྒྲུབ་དབང་གི་མཚམས་སྦྱོར་འདི་ནི་མཆོག་སྤྲུལ་རྟ་ཁྱུང་རིན་པོ་ཆེས་བཀའ་ནན་གནང་བ་ལྡོག་ཏུ་མ་བཟོད་པར་དྷེ་ཝ་བཛྲ་དུ་འབོད་པས་ཆུ་སྦྲུལ་ཧོར་ཟླ་དང་པོའི་ཡར་ཚེས་དགུའི་དགུང་མོ་ཆུ་དབར་སྒྲོལ་མའི་གནས་མདུན་ནས་བསྒྲིགས་པ་དགེ་ལེགས་འཕེལ།

ཡང་དག་དོན་གྱི་དབང་མཆོག

སྐལ་ལྡན་སློབ་བུ་རྗེས་འཛིན་ཅིང༔ ཡང་དག་དོན་གྱི་དབང་མཆོག་ནི༔ རྗེ་བཙུན་བླ་མའི་སྐུ་ཡི་གཟུགས༔ ལེགས་བཀོད་མདུན་དུ་མཆོད་པས་བསྐོར༔ མཎྜལ་ཕུལ་ལ་གསོལ་གདབ་ནི༔ ཧཱུྃ་ཧྲཱིཿ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ རྗེ་བཙུན་འགྲོ་མགོན་བླ་མ་ཡི༔ གསང་བ་དོན་གྱི་དཀྱིལ་འཁོར་དུ༔ སྐུ་གསུང་ཐུགས་ཀྱི་སྨིན་གྲོལ་སྩོལ༔ ལན་གསུམ་གསོལ་བ་བཏབ་རྗེས་སུ༔ སྐྱབས་སེམས་ཚོགས་བསགས་ཡན་ལག་བདུན༔ སྔོན་སོང་སློབ་མ་ལྷར་གསལ་ཞིང༔ བྱིན་ཆེན་དབབ་ཅིང་བརྟན་པར་བྱ༔ དེ་ནས་སྐུ་གསུང་ཐུགས་དབང་ནི༔ ཧྲཱིཿ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ བླ་མའི་སྐུ་ཡི་དབང་ཐོབ་ཤོག༔ ཨོཾ་བཛྲ་མ་ཧཱ་གུ་རུ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཨཱཿ སངས་རྒྱས་ཀུན་གྱི་ཡེ་ཤེས་གསུང༔ བླ་མའི་གསུང་གི་དབང་ཐོབ་ཤོག༔ ཨོཾ་བཛྲ་མ་ཧཱ་གུ་རུ་ཝཀྐཱ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ སངས་རྒྱས་ཀུན་གྱི་ཡེ་ཤེས་ཐུགས༔ བླ་མའི་ཐུགས་ཀྱི་དབང་ཐོབ་ཤོག༔ ཨོཾ་བཛྲ་མ་ཧཱ་གུ་རུ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སྭ༔ ཡིད་ལ་གང་འདོད་བསམ་པ་དེ་བཞིན་འབྱུང༔ དཔལ་ལྡན་བླ་མའི་ཡོན་ཏན་དབང་ཐོབ་ཤོག༔ སྭཱ་བཛྲ་མ་ཧཱ་གུ་རུ་གུ་ཎ་ཨ་བྷི་ཥིཉྩ་སྭཱ༔ ཧཱ༔ ཅི་ལ་མ་རྨོངས་གང་འདུལ་ཐབས་ལ་མཁས༔ འགྲོ་འདུལ་ཕྲིན་ལས་རིག་འཛིན་དབང་ཐོབ་ཤོག༔ ཧཱ་བཛྲ་མ་ཧཱ་གུ་རུ་ཀརྨ་ཨ་བྷི་ཥིཉྩ་ཧཱ༔ ཧཱུྃ་ཧོ༔ ལྷ་ཀུན་ངོ་བོ་སྐྱེ་མེད་གདོད་ནས་དག༔ སྟོང་གསལ་ཟུང་འཇུག་དཔལ་ལྡན་བླ་མ་རྗེ༔ རྡོ་རྗེ་སློབ་མའི་རྒྱུད་ལ་དབང་བསྐུར་བས༔ ལྷན་སྐྱེས་ཡེ་ཤེས་བླ་མ་མངོན་གྱུར་ཤོག༔ བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཨ་བྷི་ཥིཉྩ་ཧོ༔ མཐར་ནི་སློབ་མ་དབྱེར་མེད་བསྟིམ༔ ཐུགས་ཡིད་དབྱེར་མེད་གཅིག་ཏུ་བསྲེ༔ རང་བྱུང་དགོངས་པའི་ངང་མདངས་བསྐྱངས༔ དོན་གྱི་ཡེ་ཤེས་མངོན་གྱུར་བསམ༔ ཨ་ལ་ལ་ཧོ་མ་ཧཱ༔ མཐའ་རྟེན་སྤྱི་དང་མཐུན་པར་བརྗོད༔ དུས་ཀུན་བླ་མ་སངས་རྒྱས་སུ༔ ཤེས་ནས་ཅི་མཛད་ཆོས་ལ་སྣང༔ སྐྱོན་དང་ལོག་ལྟ་མི་བྱ་ཞིང༔ རྡོ་རྗེ་འཆང་དུ་ཐག་ཆོད་མཛོད༔ དབང་བསྐུར་ཀུན་གྱི་སྙིང་པོ་མཆོག༔ བཅུད་ལས་བཅུད་ཀྱི་གདམས་པ་འདི༔ ཡེ་ཤེས་མཚོ་རྒྱལ་སྙིང་གི་ནོར༔ ཨ་ཙར་གསལ་སྣང་ཐུགས་ལ་གབ༔ གསང་བའི་ནང་ནས་ཆེས་གསང་བ༔ དུས་བབས་ལས་ཀྱི་འཕྲོ་སད་པའི༔ སྐལ་བ་ལྡན་པའི་བློ་ལ་འཆར༔ ཡང་ཟབ་དགོངས་པའི་རྒྱ་བཀྲོལ་ཏེ༔ ལས་འཕྲོ་ཅན་ལ་སྦྱིན་པར་བྱ༔ ས་མ་ཡཱ༔ ཞེས་རྗེ་བླ་མའི་དོན་གྱི་དབང་མཆོག་ཟབ་མོ་འདི་དགེ་བཤེས་ཨ་བྷ་ཡ་ཤི་ལའི་བཞེད་སྐོང་དུ་དུས་བབས་ཀྱི་གཏེར་སྟོན་ས་ར་ཧི་ཏས་སུག་བྲིས་བགྱིས་ཏེ་ཕུལ་བས་དམ་པ་དེ་ཉིད་ཀྱི་སྐུ་ཚེའི་བར་ཆད་ཞི་ཞིང་རང་རིག་བླ་མར་རྟོགས་པའི་རྒྱུར་གྱུར་ཅིག༔

གུ་དྲག་གསོལ་འདེབས་རྒྱལ་གདོན་མཐར་བསྐྲད།

གུ་དྲག་གསོལ་འདེབས་རྒྱལ་གདོན་མཐར་བསྐྲད་བཞུགས༔ ཨོཾ་སྭ་སྟི༔ ཕུན་ཚོགས་ལྔ་ལྡན་བདེ་ཆེན་ཕོ་བྲང་ནས༔ ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས༔ ཕུན་ཚོགས་གནས་མཆོག་རི་བོ་ཏ་ལ་ནས༔ ལོངས་སྐུ་ཕྱག་ན་པདྨོ་ལ་གསོལ་བ་འདེབས༔ ཕུན་སུམ་ཚོགས་པ་རྔ་ཡབ་ལང་ཀའི་གླིང༔ སྤྲུལ་སྐུ་ཐོད་ཕྲེང་རྩལ་ལ་གསོལ་བ་འདེབས༔ ཕུན་ཚོགས་བདེ་སྟོང་དགའ་བཞིའི་སྐྱེད་ཚལ་ནས༔ ཛྙཱ་ན་ས་ག་ར་ཛ་ལ་གསོལ་བ་འདེབས༔ བརྟུལ་ཞུགས་མཐར་ཕྱིན་གྲུབ་པའི་བསྟི་གནས་ནས༔ མཁར་ཆེན་དཔལ་གྱི་དབང་ཕྱུག་ལ་གསོལ་བ་འདེབས༔ འགྲོ་དོན་ཕྱོགས་མེད་དམ་པའི་ཚོགས་དབུས་ནས༔ གྲུབ་ཆེན་ལག་ན་རྡོ་རྗེ་ལ་གསོལ་བ་འདེབས༔ སྣང་སྲིད་དག་པ་རབ་འབྱམས་དཀྱིལ་འཁོར་ནས༔ འགྲོ་འདུལ་ལུང་རིག་གླིང་པ་ལ་གསོལ་བ་འདེབས༔ པདྨས་ལུང་ཟིན་ཆོས་ཀྱི་ཁང་བཟང་ནས༔ ཆོས་དབང་སྐྱེས་ཐོབ་རྣམས་ལ་གསོལ་བ་འདེབས༔ བདེ་ཆེན་དབང་དྲག་རོལ་བའི་གཞལ་ཡས་ནས༔ ཡི་དམ་གུ་རུ་དྲག་པོ་ལ་གསོལ་བ་འདེབས༔ བཀའ་དང་དམ་ཚིག་གཉན་པོའི་ཕོ་བྲང་ནས༔ མ་མགོན་སྲུང་མ་རྒྱ་མཚོ་ལ་གསོལ་བ་འདེབས༔ དེ་ལྟར་གསོལ་བ་བཏབ་པའི་མཐུ་ནུས་ཀྱིས༔ ཚེ་འདིར་བསམ་དོན་འགྲུབ་པར་བྱིན་གྱིས་རློབས༔ ནད་གདོན་སྨྱོ་འབོག་ཞི་བར་བྱིན་གྱིས་རློབས༔ ཚེ་བསོད་འབྱོར་དྲུག་རྒྱས་པར་བྱིན་གྱིས་རློབས༔ ལྷ་སྲིན་བྲན་དུ་ཁོལ་བར་བྱིན་གྱིས་རློབས༔ བདུད་སྡེའི་དཔུང་ཚོགས་འཇོམས་པར་བྱིན་གྱིས་རློབས༔ སྣང་བ་སེམས་སུ་ཆོད་པར་བྱིན་གྱིས་རློབས༔ རིག་སྟོང་རྗེན་པར་གྲོལ་བར་བྱིན་གྱིས་རློབས༔ སྣང་བཞི་མཐར་ཕྱིན་འཇའ་ལུས་འགྲུབ་པར་ཤོག༔ ཆོས་དབང་སྐྱེས་ཐོབ་སྤྲུལ་པའི་སྐུ་གཞན་ཕན་ཐུབ་བསྟན་ཉི་མ་དཔལ་བཟང་པོས་སློབ་བུ་དཀོན་མཆོག་འོད་ཟེར་ལ་སྨྲས་པ་དགེའོ། །

རཀྴ་ཐོད་ཕྲེང་གསོལ་འདེབས།

ཡང་གསང་མཁའ་འགྲོའི་ཐུགས་ཐིག་ལས༔ རཀྴ་ཐོད་ཕྲེང་གསོལ་འདེབས་འདིས༔ ལྷ་སྲིན་གདུག་པའི་ཀླད་པ་འགེམ༔ བར་ཆད་རྐྱེན་རྣམས་དབྱིངས་སུ་ཞི༔ བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་ཚུགས༔ དད་བརྩོན་ལྡན་པ་འདིར་འབད་ཀྱེ༔ ཨེ་མ་ཧོ༔ སྐུ་གསུམ་བདག་ཉིད་ཟངས་མདོག་དཔལ་གྱི་རིར༔ མཁའ་འགྲོའི་ཚོགས་དཔོན་སྐུ་གསུམ་པདྨ་འབྱུང༔ ཕོ་བྲང་རྩེ་མོ་ཆོས་སྐུའི་པད་འབྱུང་ལ༔ ཆོས་སྐུའི་རྩ་གསུམ་སྲུང་མ་རང་སྣང་འཁོར༔ དགོངས་བརྒྱུད་རིག་འཛིན་རྗེ་ལ་གསོལ་བ་འདེབས༔ འགལ་རྐྱེན་ཕྱི་ནང་གསང་བའི་བར་ཆད་སོལ༔ མཆོག་ཐུན་དངོས་གྲུབ་དུས་འདིར་སྩལ་དུ་གསོལ༔ ཤེས་རབ་མེ་འབར་འཆད་རྩོད་རྩོམ་ལ་མཁས༔ བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་འཛུགས་པར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ་ཕཊ༔ ཕོ་བྲང་བར་ཁང་ལོངས་སྐུའི་པདྨ་འབྱུང༔ ལོངས་སྐུའི་རྩ་གསུམ་སྲུང་མ་ཐུགས་རྗེའི་འཁོར༔ རིག་འཛིན་བརྡ་བརྒྱུད་བླ་མར་གསོལ་བ་འདེབས༔ འགལ་རྐྱེན་ཕྱི་ནང་གསང་བའི་བར་ཆད་སོལ༔ མཆོག་ཐུན་དངོས་གྲུབ་དུས་འདིར་སྩལ་དུ་གསོལ༔ ཤེས་རབ་མེ་འབར་འཆད་རྩོད་རྩོམ་ལ་མཁས༔ བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་འཛུགས་པར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ་ཕཊ༔ ཕོ་བྲང་འོག་ཁང་སྤྲུལ་སྐུའི་པདྨ་འབྱུང༔ སྤྲུལ་སྐུའི་རྩ་གསུམ་སྲུང་མ་གཞན་སྣང་འཁོར༔ རིག་འཛིན་སྙན་བརྒྱུད་བླ་མར་གསོལ་བ་འདེབས༔ འགལ་རྐྱེན་ཕྱི་ནང་གསང་བའི་བར་ཆད་སོལ༔ མཆོག་ཐུན་དངོས་གྲུབ་དུས་འདིར་སྩལ་དུ་གསོལ༔ ཤེས་རབ་མེ་འབར་འཆད་རྩོད་རྩོམ་ལ་མཁས༔ བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་འཛུགས་པར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ་ཕཊ༔ གང་འདུལ་གཟུགས་སྐུའི་རོལ་པར་བཀོད་པ་ཡིས༔ སེམས་ཅན་རྣམས་ཀྱི་ཁམས་དང་དབང་པོ་དང༔ རྗེས་སུ་མཐུན་པར་ཆོས་སྒོ་དྲང་ངེས་པ༔ སྟོན་མཛད་རིག་འཛིན་གུ་རུ་མཚན་མཆོག་བརྒྱད༔ འཁོར་དུ་མཁའ་འགྲོ་དཔའ་བོ་རྒྱ་མཚོས་བསྐོར༔ བཀའ་འཁོར་སྐྱོང་བའི་དྲེགས་པ་སྡེ་བརྒྱད་སོགས༔ རང་སྣང་རོལ་པའི་ལྷ་ཚོགས་ཐམས་ཅད་ལ༔ འགྲོ་རྣམས་བྱང་ཆུབ་བར་དུ་གསོལ་བ་འདེབས༔ འགལ་རྐྱེན་ཕྱི་ནང་གསང་བའི་བར་ཆད་སོལ༔ མཆོག་ཐུན་དངོས་གྲུབ་དུས་འདིར་སྩལ་དུ་གསོལ༔ ཤེས་རབ་མེ་འབར་འཆད་རྩོད་རྩོམ་ལ་མཁས༔ བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་འཛུགས་པར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ་ཕཊ༔ ཅེས་པའི་ཨོ་རྒྱན་ལྷ་ཚོགས་ལ༔ གསོལ་འདེབས་འགལ་རྐྱེན་རང་གྲོལ་འདི༔ ཉམས་སྣང་མཁའ་འགྲོའི་བརྡ་གླུ་ཡིན༔ རིག་པ་ཐོལ་སྐྱེས་སྦུབས་སུ་བྱུང༔ བློ་གཏད་ཁེལ་བས་གསོལ་བཏབ་ན༔ བར་ཆད་རྐྱེན་ལས་མི་གྲོལ་མེད༔ ལྷག་བསམ་དག་པས་བྲིས་པ་འདི༔ ཆོས་ལ་དབང་བས་སྙིང་ལ་ཆོངས༔ བཀའ་ཡི་སྲུང་མས་དབྱིངས་ནས་འཚོས༔ ལོག་རྟོག་ཅན་ལ་གུ་ཧྱ་རྒྱ༔ བརྡ་ཐིམ༔ ས་མ་ཡཱ༔ ལྷག་པའི་ལྷས་རྗེས་སུ་བཟུང་བའི་ཆོས་མེད་སྙོམ་ལས་མཁན་ས་ར་ཧི་ཏས་གང་ཤར་རི་མོའི་ལམ་དུ་བགྱི་བའི་ཞུ་བ་པོ་ཨ་ཁུ་ལུང་རྟོགས་གིས་སོ༔

གསོལ་འདེབས་དུས་མིན་འཆི་བའི་འཇིགས་སྐྱོབ་བར་ཆད་རང་གྲོལ།

ཡང་གསང་མཁའ་འགྲོའི་ཐུགས་ཐིག་ལས༔ གསོལ་འདེབས་དུས་མིན་འཆི་བའི་འཇིགས་སྐྱོབ་བར་ཆད་རང་གྲོལ་བཞུགས༔ ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ༔ དུས་མིན་འཆི་བའི་འཇིགས་པ་བརྒྱད༔ མི་མཐུན་བཟློག་པའི་གསོལ་འདེབས་ནི༔ ཁ་ཞེ་མེད་པར་ཕུར་ཚུགས་སུ༔ དད་གསུམ་བརྟན་པོས་འདི་སྐད་དོ༔ པད་འབྱུང་སྐུ་ལྔ་མཚན་བརྒྱད་དང༔ དགེ་སློང་མི་ལྔ་སད་མི་བདུན༔ འབངས་རིགས་ཉེར་ལྔ་རྒྱ་བོད་ཀྱི༔ ལོ་པཎ་གཏེར་ཆེན་བརྒྱ་རྩ་བརྒྱད༔ གཏེར་ཕྲན་བྱེ་བ་ས་ཡ་བཅས༔ ཆོས་བདག་རྩ་བརྒྱུད་བླ་མ་ལ༔ གསོལ་འདེབས་དུས་མིན་འཆི་བ་བརྒྱད༔ ནད་མུག་མཚོན་འཁྲུགས་འབྱུང་བཞིའི་དགྲ༔ འཇིགས་ཆེན་བརྒྱད་དང་བཅུ་དྲུག་ལས༔ སྐྱོབས་ཤིག་འདོད་དོན་ལྷུན་གྲུབ་མཛོད༔ མཆོག་གསུམ་རྩ་གསུམ་སྐུ་གསུམ་དང༔ ངོ་བོ་རང་བཞིན་ཐུགས་རྗེ་གསུམ༔ ལྟ་སྤྱོད་སྒོམ་དང་བདེ་གསལ་མི༔ རྟོག་པ་རང་སེམས་ཆོས་ཀྱི་དབྱིངས༔ སྒྱུ་འཕྲུལ་ཞི་ཁྲོ་བཀའ་བརྒྱད་ལྷ༔ རྒྱུད་སྡེ་བཞི་དྲུག་ཐེག་རིམ་དགུའི༔ ཡི་དམ་ལྷ་ཚོགས་ཐམས་ཅད་ལ༔ གསོལ་འདེབས་དུས་མིན་འཆི་བ་བརྒྱད༔ ནད་མུག་མཚོན་འཁྲུགས་འབྱུང་བཞིའི་དགྲ༔ འཇིགས་ཆེན་བརྒྱད་དང་བཅུ་དྲུག་ལས༔ སྐྱོབས་ཤིག་འདོད་དོན་ལྷུན་གྲུབ་མཛོད༔ དབྱིངས་ཀྱི་ཡུམ་ལྔ་ཕག་མོ་ལྷ་ལྔ་དང༔ ཡུམ་ཆེན་སྒྲོལ་མ་སེང་གདོང་ཌཱཀྐི་ལྔ༔ ཏཱ་རེ་ཉེར་གཅིག་ཤུགས་ཀྱི་མཁའ་འགྲོ་མ༔ གནས་དང་ཡུལ་གྱི་མ་མོ་མཁའ་འགྲོ་ལ༔ གསོལ་འདེབས་དུས་མིན་འཆི་བ་བརྒྱད༔ ནད་མུག་མཚོན་འཁྲུགས་འབྱུང་བཞིའི་དགྲ༔ འཇིགས་ཆེན་བརྒྱད་དང་བཅུ་དྲུག་ལས༔ སྐྱོབས་ཤིག་འདོད་དོན་ལྷུན་གྲུབ་མཛོད༔ ཕོ་རྒྱུད་མགོན་པོ་མོ་རྒྱུད་དཔལ་ལྷ་མོ༔ མ་གཟའ་རྡོར་ལེགས་སྲོག་སྒྲུབ་ཤན་པ་དམར༔ རཱ་ཛ་སྐུ་ལྔ་ཙི་དམར་ནོར་ལྷ་བརྒྱད༔ རྒྱལ་ཆེན་རིགས་བཞི་གཙང་རིས་མགོན་པོ་སོགས༔ མདོ་སྔགས་རྒྱུད་སྡེ་རྒྱ་མཚོའི་སྲུང་མ་ལ༔ གསོལ་འདེབས་དུས་མིན་འཆི་བ་བརྒྱད༔ ནད་མུག་མཚོན་འཁྲུགས་འབྱུང་བཞིའི་དགྲ༔ འཇིགས་ཆེན་བརྒྱད་དང་བཅུ་དྲུག་ལས༔ སྐྱོབས་ཤིག་འདོད་དོན་ལྷུན་གྲུབ་མཛོད༔ ཅེས་འདི་དབྱིངས་ཀྱི་ཌཱཀྐིའི་བརྡ༔ ཕལ་པའི་བློ་ཡི་སྤྱོད་ཡུལ་མིན༔ དབྱིངས་ཀྱི་སྒྲོམ་ནས་དབྱིངས་ཀྱི་ཆོས༔ བསླུ་མེད་རྡོ་རྗེའི་ལུང་གིས་བསྔགས༔ ས་མ་ཡཱ༔ སྦྱིན་བདག་དགེ་ལེགས་ཀྱིས་བསྐུལ་ངོར༔ ཆོས་གཟུགས་འཆང་བ་ཐུབ་པའི་བསྟན༔ མཚན་འཆང་ཧོར་གྱི་བན་དེས་བྲིས༔ དགེ་བས་འགྲོ་དོན་གནས་སྐབས་དང༔ མཐར་ཐུག་རྐྱེན་ལས་གྲོལ་བར་ཤོག༔ བཀྲ་ཤིས་ཤོག༔

འཇིགས་བརྒྱད་ཞི་བའི་གསོལ་འདེབས་ཀྱི་ཆ་ལག་འཇིགས་སྐྱོབ་གོ་ཆ་མི་ཤིགས་རྡོ་རྗེ།

ཡང་གསང་ཌཱཀྐིའི་ཐུགས་ཐིག་ལས༔ འཇིགས་བརྒྱད་ཞི་བའི་གསོལ་འདེབས་ཀྱི་ཆ་ལག་འཇིགས་སྐྱོབ་གོ་ཆ་མི་ཤིགས་རྡོ་རྗེ་ཞེས་བྱ་བ་བཞུགས༔

ཡང་གསང་ཌཱཀྐིའི་ཐུགས་ཐིག་ལས༔ རཀྴ་ཐོད་ཕྲེང་ལུས་དཀྱིལ་བསྟན༔ སྲིན་རྒྱལ་ཐོད་ཕྲེང་རྩལ་ལ་འདུད༔ སྙིགས་མའི་དུས་ཀྱི་འགྲོ་བ་ཀུན༔ ནད་གདོན་བགེགས་ཀྱིས་ཉེ་བར་འཚེ༔ མི་འདོད་འབྱུང་པོས་ཚ་རེག་གཏོང༔ དུག་ལྔའི་རང་གཟུགས་གདོན་གྱིས་བརླམས༔ ཆོས་བྱེད་དམ་སྲིས་འགྲུབ་མི་སྟེར༔ ཕྱུགས་ལ་འགོང་པོས་གོད་ཡམས་གཏོང༔ མི་རྣམས་སྙིང་ལ་རྒྱལ་འགོང་ཞུགས༔ ཤོག་སྐྱ་རླུང་གིས་བསྐྱོད་པ་ལྟར༔ སྡོད་པའི་གནས་སུ་བསྲན་མི་ཚུགས༔ རྒྱ་བོད་མི་རྣམས་ཆས་གོས་བསྒྱུར༔ ཕྱོགས་ཀུན་མི་སྙན་སྒྲ་ཡིས་གང༔ ནད་མུག་མཚོན་འཁྲུགས་འཇིགས་པ་འབྱུང༔ སྤྱོད་ངན་རང་གིས་བྱས་ནས་ཀྱང༔ དུས་ངན་གཞན་གྱི་ལས་ལ་བདའ༔ དེ་འདྲའི་དུས་སུ་སྐྱོབ་པའི་ལྷ༔ པད་འབྱུང་སྟངས་དཔྱལ་རིགས་གསུམ་མགོན༔ རྗེ་བཙུན་སྒྲོལ་མས་སྐྱོབ་པར་ངེས༔ ཁྱད་པར་སྡེ་བརྒྱད་ཁ་དར་བའི༔ གཉེན་པོ་རཀྴ་ཐོད་ཕྲེང་རྩལ༔ རྒྱལ་བ་ཡོངས་ཀྱིས་བསྔགས་འོས་པའི༔ ལུས་དཀྱིལ་དཔའ་བོ་གཅིག་སྒྲུབ་བསྟན༔ ས་མ་ཡཱ༔ དང་པོ་སྐྱབས་འགྲོ་སེམས་བསྐྱེད་དང༔ ཚོགས་བསགས་བདུན་པ་སྔོན་སོང་ནས༔ དངོས་གཞི་བསྐྱེད་པའི་ལས་རིམ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ སྐད་ཅིག་དྲན་རྫོགས་རང་སེམས་བཟོ་མེད་འདི༔ རྔ་ཡབ་རཀྴ་ཕོ་མོ་དམ་སྲིའི་སྟེང༔ རབ་འཇིགས་མེ་ཕྲེང་རྡོ་རྗེ་དྲག་པོ་རྩལ༔ སྐུ་མདོག་དམར་ནག་དབང་དྲག་འཛོམས་པའི་ཞལ༔ སྤྱན་གསུམ་དམར་ཟླུམ་ཁྲོ་འཁྲུགས་ཨམ་གཙིགས་བསྡམ༔ དབུ་སྐྲ་དམར་སེར་གྱེན་བརྫེས་ཐོད་སྐམ་བརྒྱན༔ ཁྲོ་བོའི་ཆས་རྫོགས་མགོ་ཕྲེང་རུས་རྒྱན་གསོལ༔ ཞབས་གཉིས་འདོར་སྟབས་དྲེགས་ཚོགས་ལས་ལ་འགྱེད༔ ཕྱག་གཡས་རྡོ་རྗེ་དབྱིངས་ནས་བགེགས་ལ་གཟིར༔ གཡོན་པས་སྡིགས་མཛུབ་ཕུར་འདྲིལ་མེ་སྟག་འཕྲོ༔ རྒྱལ་བསེན་འབྱུང་པོའི་ཀླད་པ་ཞོ་ལྟར་དཀྲུགས༔ ཞལ་ནས་ཧ་ཧ་ཧཱུྃ་ཕཊ་གད་རྒྱངས་སྒྲོག༔ མི་དང་མི་མིན་དྲེགས་ཚོགས་དབང་དུ་སྡུད༔ མདུན་དུ་དྲང་སྲོང་དུད་ཁ་འཇིགས་པའི་གཟུགས༔ གཡས་སུ་མ་ནིང་མ་ཧཱ་ཀཱ་ལ་ཆེ༔ རྒྱབ་ཏུ་སྲིད་གསུམ་བདག་མོ་ཨེ་ཀ་ཛ༔ གཡོན་དུ་དམ་ཅན་མགར་བ་འཇིགས་ཤིང་རྔམ༔ མཐའ་བསྐོར་ལྷ་སྲིན་དྲེགས་པའི་ཚོགས་ཀྱིས་བསྐོར༔ བར་དུ་ཡི་དམ་མཁའ་འགྲོ་སྤྲིན་ཕུང་འཁྲིགས༔ སྟེང་ན་བརྒྱུད་གསུམ་བླ་མ་སྐར་ལྟར་བཀྲ༔ ལྷ་ཚོགས་ཨ་འཐས་དངོས་གཟུགས་དང་བྲལ་བའི༔ གནས་གསུམ་འབྲུ་གསུམ་ཐུགས་སྲོག་ས་བོན་ལས༔ འོད་འཕྲོས་ལྷོ་ནུབ་རྔ་ཡབ་ལང་ཀའི་གླིང༔ རཀྴ་སྲིན་པོའི་ཡུལ་གླིང་ཆེན་པོ་དགུ༔ རབ་འཇིགས་རྡོ་རྗེ་དབྱིངས་ཀྱི་མཁའ་ཀློང་ནས༔ སྲིན་རྒྱལ་ཐོད་ཕྲེང་ལྕམ་དྲལ་སྡེ་དང་བཅས༔ མ་ཐོག་འདིར་གཤེགས་དམ་ཚིག་རྟེན་ལ་བཞུགས༔ གུས་པས་ཕྱག་འཚལ་མཆོད་ཚོགས་ཀུན་འབུལ་ཞིང༔ གསང་གསུམ་ཡོན་ཏན་རྗེས་སུ་དྲན་པས་བསྟོད༔ མི་དགེའི་ཉམས་ཆག་འགལ་འཁྲུལ་བཤགས་ཤིང་སྡོམ༔ ཡི་གེ་བརྒྱ་པ་ཉེར་གཅིག་བདུན་ལྔ་བརྗོད༔ རང་ཉིད་རྡོ་རྗེ་སྲིན་པོ་ཐོད་ཕྲེང་རྩལ་གྱི་ཐུགས་རིན་པོ་ཆེ་མཆོང་གི་གུར་ཕུབ་པ་འདྲ་བའི་དབུས་སུ་པད་ཟླ་ཉི་མའི་སྟེང་དུ་རང་སྲོག་ཧཱུྃ་དམར་ནག་མེ་རི་དང་བཅས་པའི་མཐར་དྲག་སྔགས་མེ་ཡི་སྤུ་གྲི་གཡས་དང་གཡོན་དུ་འཁོར་བས་མེ་དང་མཚོན་ཆ་ལ་སོགས་འཕྲོས་ཏེ་སེམས་ཅན་མ་རུངས་པ་བསྒྲལ་བའི་ཞིང་དུ་གྱུར་པ་ཐམས་ཅད་ཚར་བཅད༔ ངན་སོང་འཁོར་བའི་ལས་སྒྲིབ་སྦྱངས༔ འཕགས་པ་མཆོད༔ བྱིན་རླབས་དང་འོད་ཟེར་ཚུར་འདུས༔ ཕྱི་ནང་སྣོད་བཅུད་དག་པ་རབ་འབྱམས་དཀྱིལ་འཁོར་འཁོར་ལོའི་རང་བཞིན་དུ་སད་པར་བསམ་ལ༔ སྔགས་སྒྲ་འུ་རུ་རུ་བཟླས་པར་བསམ༔ ཨོཾ་ཨཱཿཧཱུྃ་རཀྴ་ཐོད་ཕྲེང་རྩལ་ཀྲོ་ཏ་ཕཊ་ཕཊ་སརྦ་དུཥྜན་ཧཱུྃ༔ གྲངས་ཀྱི་བསྙེན་པ་ཁྲི་དགུ་སྟོང༔ དུས་ཀྱི་བསྙེན་པ་སྐབས་དང་བསྟུན༔ མཚན་མའི་བསྙེན་པ་རྟགས་དང་སྦྱར༔ དྲག་སྔགས་མེ་དཔུང་རྣོ་སོ་གདགས༔ མ་ཡེངས་ལས་སྦྱོར་ཚོད་དང་བསྟུན༔ དེ་ནས་འཇིགས་སྐྱོབ་གསོལ་བ་འདེབས་པའི་ཚིག༔ རྡོ་རྗེའི་ང་རོ་ཅི་འགྲུབ་གདོན༔ བར་ཆད་རྐྱེན་རྣམས་དབྱིངས་སུ་སེལ༔ མི་འདོད་གཏོང་བའི་གདོན་བགེགས་གཞོམ༔ ཚེ་འཕེལ་ཕྱི་མར་མཁའ་སྤྱོད་བསྒྲོད༔ སྔོན་གྱི་ལས་ཀྱང་སྲབ་པར་ངེས༔ འཕྲལ་རྐྱེན་ཙམ་ལ་སྨོས་ཅི་དགོས༔ བྱིན་རླབས་བཀའ་དང་སྙན་བརྒྱུད་རྫོགས༔ ས་མ་ཡཱ༔ རཀྴ་སྲིན་རྒྱལ་ཐོད་ཕྲེང་གི༔ ལས་ཚོགས་དམིགས་པའི་ལྡེ་ཁ་ནི༔ རིན་ཆེན་བང་མཛོད་ཕྱེ་བ་འདྲ༔ ཁྲིགས་སུ་བཅད་པ་མེད་མོད་ཀྱང༔ མདོར་བསྡུས་རྣམ་གྲངས་བརྒྱད་ཡིན་ནོ༔ རྒྱལ་བསེན་ཡུལ་འདྲེས་འཚེ་བ་ན༔ མདུན་མཁར་མེ་འཁོར་པད་ཉིའི་སྟེང༔ ཕྱག་རྒྱའི་ངོ་བོ་སྟག་མོའི་སྟེང༔ རབ་འཇིགས་རྡོ་རྗེ་གྲོ་བོ་ལོད༔ དམར་སྨུག་སྤྱན་གསུམ་ཨམ་གཙིགས་བསྡམས༔ དམར་སེར་སྐྲ་ལ་ཐོད་སྐམ་བརྒྱན༔ གཡས་པས་གསེར་རྡོར་གཡོན་ལྕགས་ཕུར༔ བགེགས་ལ་བསྡིག་ཅིང་གཟིར་བའི་ཚུལ༔ མེ་དཔུང་ཁྲོ་ཆུང་ཐོག་སེར་འགྱེད༔ རྒྱལ་བསེན་དམ་སྲིའི་ཀླད་པ་འགེམས༔ ཁྲོ་བོ་འཆོལ་བའི་ཆས་དང་ལྡན༔ རང་བཞིན་དབྱིངས་ནས་ཡེ་ཤེས་པ༔ སྤྱན་དྲངས་དམ་ཚིག་པ་ལ་བསྟིམས༔ ཐུགས་ཀར་ཉི་དཀྱིལ་དབུས་སུ་ཧཱུྃ༔ དམར་ནག་མེ་ཕྲེང་ཧཱུྃ་གིས་བསྐོར༔ འོད་འཕྲོས་འཕགས་མཆོད་ལས་སྒྲིབ་སྦྱངས༔ དྲེགས་པ་ཚར་བཅད་དབང་དུ་བསྡུས༔ མ་ཡེངས་བྱམས་བརྩེ་གསལ་སྣང་ལྷའི༔ དག་པ་དྲན་པའི་ངང་ཉིད་ལས༔ སྣང་སྲིད་ཧཱུྃ་གི་འཕྲོ་འདུ་བསྒོམ༔ ཧཱུྃ་ཧཱུྃ་ཧཱུྃ༔ རིག་པ་བརྟུལ་ཞུགས་ངར་ལྡན་པས༔ ཧཱུྃ་གི་སྣང་གླུ་དར་དིར་ལེན༔ རེ་འགའ་དབྱིངས་རིག་བསྲེ་སྟེ་བཟླ༔ རེ་འགའ་ལྟ་བའི་གདངས་ཀྱིས་བཟླ༔ རེ་འགའ་འཕྲོ་འདུ་གཟིར་ཞིང་བཟླ༔ གདོན་ཚབ་ཆེ་ཆུང་འཚམས་པར་བཟླ༔ རྒྱུན་དུ་བྱང་ཆུབ་སེམས་ལྡན་གཅེས༔ དེ་ནས་གསོལ་འདེབས་བརྒྱ་འམ་སྟོང༔ ཅི་འགྲུབ་གདོན་ལ་ཐུགས་དམ་བསྐུལ༔ ནད་གདོན་རྐྱེན་ལས་གྲོལ་བར་ངེས༔ ཐེ་ཚོམ་མེད་ན་བྱིན་རླབས་མྱུར༔ གསང་སྔགས་ཟབ་པའི་ཁྱད་ཆོས་ཡིན༔ ལོག་སྲེད་ཅན་ལ་ཨ་ཐམ་རྒྱ༔ ས་མ་ཡཱ༔ ཨི་ཏན་ཏེ་རྒྱ༔ ན་ར་ཀན་རྒྱ༔ སོ་ཕག་ཤི་ན་རྒྱ༔ ཟབ་རྒྱ༔ གཏེར་རྒྱ༔ ནད་གདོན་བགེགས་ཀྱིས་ཉེན་པ་ན༔ མདུན་མཁར་ཨོ་རྒྱན་སྨན་གྱི་ལྷ༔ སྐུ་མདོག་སྔོན་པོ་བཻ་ཌཱུར་མདོག༔ ཕྱག་གཡས་རྣམ་རྒྱལ་གསེར་མདོག་ནི༔ ཐུགས་ཀར་སྡིགས་མཛུབ་ཚུལ་གྱིས་འཛིན༔ ཨ་རུ་རློན་པའི་ཆར་པ་འབེབས༔ ནད་ཀྱིས་ཉེན་ལ་ཐིམ་པར་གྱུར༔ ཕྱག་གཡོན་མཉམ་བཞག་ལྷུང་བཟེད་ནི༔ འཆི་མེད་སྨན་གྱིས་གང་བ་འཛིན༔ འགྲོ་ཀུན་འཆི་བའི་འཇིགས་པ་སྐྱོབ༔ ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང༔ པད་ཟླར་བཞུགས་ཤིང་མཚན་དཔེར་ལྡན༔ ན་བཟའ་ཆོས་གོས་གསུམ་གྱིས་ཀླུབ༔ ཐུགས་ཀར་ཟླ་དཀྱིལ་ཧཱུྃ་ཡིག་མཐིང་ཀའི་མཐར༔ གཟུངས་སྔགས་འཁོར་བའི་འོད་ཀྱིས་འཕགས་པ་མཆོད༔ སེམས་ཅན་ཀུན་སྨིན་སྣོད་བཅུད་འཕགས་པའི་ཞིང༔ འགྲོ་ཀུན་ནད་གདོན་རྐྱེན་ལས་གྲོལ་བར་གྱུར༔ ཏདྱ་ཐཱ༔ བཻ་ཥ་ཛྱཻ་བཻ་ཥ་ཛྱཻ་མ་ཧཱ་བཻ་ཥ་ཛྱཻ་གུ་རུ་བཻཌཱུ་པྲ་བྷ་ར་ཛ་ཡ་སྭཱཧཱ༔ རྩ་བའི་སྔགས་ནི་ཁྲི་ཕྲག་བཟླ༔ ནད་གདོན་རྐྱེན་ལས་མ་གྲོལ་ན༔ རྩ་གསུམ་ལྷ་ཡི་བྱིན་རླབས་ཞན༔ དེ་ཕྱིར་སྙིང་ལས་གཅེས་པར་ཟུངས༔ སྨན་ལྷའི་གཟུངས་བདུན་མཚན་བདུན་བརྗོད༔ དེ་ནས་འཇིགས་སྐྱོབ་གསོལ་འདེབས་དང༔ བསམ་ལྷུན་སྨན་བླའི་སྒོས་སྒྲུབ་བྱ༔ མི་ཕྱུགས་ནད་ལ་ཁྲུས་དང་ནི༔ སྔགས་ཆུ་བླུད་ཅིང་བསྲུང་བ་བྱ༔ ས་མ་ཡཱ༔ དམག་དང་འཁྲུགས་རྩོད་བཟློག་པ་ལ༔ མདུན་མཁར་མེ་རླུང་དུད་སྤྲིན་འཚུབས༔ ཐོག་སེར་སྐྱིན་འདིང་དྲག་པོའི་དབུས༔ ཨོ་རྒྱན་ལྷ་སྲིན་སྡེ་བརྒྱད་ནི༔ དབུ་དགུ་བྱ་རོག་མགོ་དང་བཅུ༔ ཕྱག་བཞིའི་དང་པོ་གཉིས་ཀྱིས་ནི༔ སྲིད་པ་ལྷ་ཡི་མདའ་གཞུ་བརྡུང༔ ཐ་གཉིས་རྒྱལ་མཚན་འཁོར་ལོ་འཛིན༔ སྦྲུལ་མཇུག་སྒྲ་བརྒྱའི་སྟེང་ན་འཁྱིལ༔ སྐུ་ལས་གཟའ་བརྒྱད་གདོང་མོ་དང༔ དྲེགས་པའི་ཚོགས་འཕྲོས་དམག་འཁྲུགས་བཟློག༔ བཟློག་བསད་ལས་ལ་ཁྲོ་འཁྲུགས་རྔམ༔ ཐུགས་ཀར་ཉི་དཀྱིལ་ཀྵཿཡིག་སྨུག༔ མཐའ་མར་གཡས་བསྐོར་སྔགས་ཀྱིས་བརྒྱན༔ ལྷ་སྲིན་སྡེ་བརྒྱད་ལས་ལ་མངགས༔ ཨོཾ་བཛྲ་རཀྴ་ཐོད་ཕྲེང་རྩལ་ཀྵ་རཀྴ་ར་ཧུ་ལ་ཨ་ཡ་མ་དུ་རུ་ཙ་ཤ་ན་ཧཱུྃ་ཕཊ༔ དགྲ་བགེགས་དམག་དཔུང་ཤིག་ཕྱེ་གཏོར་མཱ་ར་ཡ་ཕཊ་བྷྱོ་བཟློག་སོད༔ ཅེས་འདི་བརྒྱ་སྟོང་ཁྲི་སྐབས་བཟླ༔ ཐུན་མཚམས་འཇིགས་སྐྱོབ་གསོལ་འདེབས་དང༔ གཟའ་གསོལ་མཆོད་པ་ཅི་འགྲུབ་གདོན༔ དེས་ནི་མཐའ་དམག་འཁྲུགས་རྩོད་ཞི༔ ཉེར་འཚེ་གཞན་ལ་སྨོས་ཅི་དགོས༔ ས་མ་ཡཱ༔ གཟའ་ཀླུ་གཉན་གྱིས་འཚེ་བ་ནི༔ མདུན་མཁར་གསང་བའི་བདག་པོ་ལ༔ བྱ་ཁྱུང་རིགས་ལྔས་བསྐོར་བར་དམིགས༔ གསང་བདག་སྐུ་མདོག་སྔོ་མདངས་འཚེར༔ སྦྲུལ་རིགས་ལྔ་ཡིས་སྐུ་ལ་བརྒྱན༔ ས་བདག་གཉན་རིགས་བསྣོལ་སྟེང་འགྱིང༔ ཕྱག་གཡས་གསེར་རྡོར་མཁའ་ལ་ཕྱར༔ ས་བདག་བདུད་སྲིན་ཀླད་པ་འགེམས༔ ཕྱག་གཡོན་སྦྲུལ་ཞགས་ཁྱུགས་སེ་ཁྱུག༔ གཟའ་ཀླུ་དམ་འགོང་འཆིང་ཞིང་སྡོམ༔ ཞལ་གདངས་སྤྱན་བསྒྲད་མཆེ་བ་གཙིགས༔ དབུ་སྐྲ་དམར་སེར་སྦྲུལ་གྱིས་བཅིངས༔ ཁྲོ་ཆས་བཅུ་དྲུག་སྐུ་ལ་གསོལ༔ གནས་གསུམ་འབྲུ་གསུམ་ལས་འོད་འཕྲོས༔ ལྕང་ལོ་ཅན་ནས་གསང་བའི་བདག༔ བྱ་ཁྱུང་རིགས་ལྔ་དང་བཅས་པ༔ སྤྱན་དྲངས་དམ་ཚིག་པ་ལ་བསྟིམ༔ དམ་ཡེ་དབྱེར་མེད་བཞུགས་པར་གསོལ༔ ཛཿཧཱུྃ་བཾ་ཧོ་ཏིཥྛནྟུ༔ གསང་བདག་ཐུགས་མཆོག་རྡོ་རྗེ་སྔོ༔ དེ་དབུས་ཐུགས་སྲོག་ཧཱུྃ་གི་མཐར༔ ཨོཾ་བཛྲ་ཙནྜ་མ་ཧཱ་རོ་ཥ་ཎ་ཁྲོཾ་གྷ་རུ་ཊ་པཉྩ་ཛྙ་ན་སརྦ་སིདྡྷི་ཧཱུྃ་ཕཊ༔ སྔགས་ནི་གྲངས་དུས་རྟགས་དང་སྦྱར༔ ས་བདག་གཟའ་ཀླུ་གཉན་རིགས་ལ༔ འདི་ལས་ལྷག་པ་ཡོད་རེ་ཀན༔ གསང་སྟེ་ཉམས་སུ་ལེན་པ་གཅེས༔ དེ་རྗེས་འཇིགས་སྐྱོབ་གསོལ་འདེབས་དང༔ གོས་སྔོན་ཟུང་ལ་གྲངས་སུ་སྐྱོལ༔ སྔོན་ལས་མིན་པ་གང་ལ་ཡང༔ དྲན་ཆོག་ཐང་ཆོག་ཟབ་པའི་ཆོས༔ མཚོ་རྒྱལ་ཐུགས་ལ་བརྣག་པའི་ཆོས༔ ས་མ་ཡཱ༔ འཇིགས་པ་བརྒྱད་དང་བཅུ་དྲུག་ལས༔ སྐྱོབ་པའི་གསང་སྔགས་ཟབ་པའི་བཅུད༔ སྤྱི་ལ་ཕན་པའི་ཟབ་གནད་ནི༔ མདུན་མཁར་འཇའ་འོད་འཁྲིགས་པའི་ཀློང༔ པད་ཉི་ཟླ་བའི་གདན་ཀྱི་ཁར༔ སེང་ལྡིང་ནགས་ཀྱི་ཏཱ་རེ་ནི༔ སྐུ་མདོག་མར་གད་ལྗང་གུའི་མདོག༔ ཞལ་གཅིག་སྤྱན་དཀྱུས་འགྲོ་ལ་གཟིགས༔ ཕྱག་གཉིས་མཆོག་སྦྱིན་སྐྱབས་སྦྱིན་རྒྱས༔ ཨུཏྤལ་ཆོས་ཀྱི་འཁོར་ལོ་འཛིན༔ ཞབས་གཉིས་སེམས་མའི་སྐྱིལ་ཀྲུང་བཞུགས༔ གནས་གསུམ་འབྲུ་གསུམ་གསལ་བ་དང༔ ཐུགས་སྲོག་ཏཱཾ་ལས་འོད་ཟེར་འཕྲོས༔ པོ་ཊ་ལ་སོགས་དག་ཞིང་ནས༔ སྒྲོལ་མའི་ལྷ་ཚོགས་སྤྱན་དྲངས་གྱུར༔ དམ་ཚིག་ཡེ་ཤེས་དབྱེར་མེད་པར༔ ཛཿཧཱུྃ་བཾ་ཧོཿབཞུགས་པར་གྱུར༔ ཐུགས་ཀར་ཨུཏྤལ་ཟླ་སྟེང་ཏཱཾ༔ རང་མདོག་མཐའ་མར་སྔགས་ཀྱིས་བསྐོར༔ ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་སྭཱཧཱ༔ ཞེས་པ་ཁྲི་བརྒྱད་ལས་མི་དམའ༔ དེ་ནས་འཇིགས་པ་ཡོངས་སྐྱོབ་ཀྱི༔ གཟུངས་སྔགས་འདི་ལ་ནན་ཏན་མཛོད༔ ཨོཾ་ཨརྱ་ཏཱ་རེ་ཏུཏྟ་རེ་ཏུ་རེ་ད་ན་ཏྲ་ཡ་སྭཱཧཱ༔ ཅི་འགྲུབ་མཐར༔ བདག་སོགས་འགྲོ་བའི་འཇིགས་པ་བརྒྱད་དང་བཅུ་དྲུག་ལས་སྐྱོབ་པར་གྱུར་ཅིག༔ མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་བདག་ལ་སྩལ་དུ་གསོལ༔ ཞེས་དང་འཇིགས་བརྒྱད་ཞི་བའི་གསོལ་འདེབས་འདོན༔ དེ་ནས་སྒྲོལ་མའི་འདོད་གསོལ་སྦྱར༔ མི་འདོད་རྐྱེན་ལས་གྲོལ་བར་ངེས༔ བསླུ་བ་མེད་དོ་པདྨའི་བཀའ༔ ཕྱི་མར་གཡུ་ལོ་བཀོད་དུ་གྲོལ༔ ཏཱ་རེ་ལྷ་མོས་རྗེས་སུ་འཛིན༔ ས་མ་ཡཱ༔ འབྱུང་བ་བཞི་ཡིས་གཙེས་དོགས་ན༔ མདུན་མཁར་མེ་རླུང་འཇའ་སྤྲིན་འཁྲིགས༔ དེ་ཡི་དབུས་སུ་པད་ཟླའི་སྟེང༔ དམ་པ་སངས་རྒྱས་སྐུ་མདོག་སྨུག༔ རས་གོས་སྒོམ་ཐག་སྟག་ཤམ་གསོལ༔ རུས་པའི་རྒྱན་དང་ཐོར་ཅོག་མཛེས༔ བརྟུལ་ཞུགས་རྔམ་པའི་ལྟ་སྟངས་མཛད༔ ཕྱག་གཡས་སྐྱབས་སྦྱིན་བདག་ལ་བསྟན༔ འབྱུང་བའི་གཡོ་འཁྲུགས་བཟློག་པར་བསམ༔ དམ་ཚིག་ཡེ་ཤེས་གཉིས་སུ་མེད༔ གཉིས་མེད་དག་མཉམ་ཆེན་པོར་བསྒོམ༔ ཨ་ཨ་སོགས་དབྱངས་དང༔ ཀ་ཁ་སོགས་གསལ་བྱེད་རྣམས་ལོང་བའི་སྐབས་དང་དགོས་གལ་བསྟུན༔ རཾ་ཤནྟིཾ་ཀུ་རུ་ཡེ་སྭཱཧཱ༔ མེ་ཡི་འཇིགས་པ་ཞི་བར་འགྱུར༔ ཡཾ་ཤནྟིཾ་ཀུ་རུ་ཡེ་སྭཱཧཱ༔ དེས་ནི་རླུང་གི་འཇིགས་པ་ཞི༔ ཁཾ་ཤནྟིཾ་ཀུ་རུ་ཡེ་སྭཱཧཱ༔ དེས་ནི་ཆུ་ཡི་འཇིགས་པ་སེལ༔ ལཾ་ཤནྟིཾ་ཀུ་རུ་ཡེ་སྭཱཧཱ༔ དེས་ནི་ས་གཡོའི་འཇིགས་པ་སེལ༔ ཀུན་ལ་དབྱངས་གསལ་དང་སྦྲགས་ཏེ༔ བརྟུལ་ཞུགས་བྱམས་དང་སྙིང་རྗེ་བསྐྱེད༔ དེ་ནས་འཇིགས་བརྒྱད་སྐྱོབ་པའི་གསོལ་འདེབས་དང༔ རིག་སྔགས་རྣོན་པོས་རྣོ་སོ་གདགས༔ ས་མ་ཡཱ༔ མི་འདོད་གློ་གོར་ཧོན་གསུམ་དང༔ ཕྱུགས་ནད་ཡམས་རིགས་གང་ལ་ཡང༔ མདུན་མཁར་ཐུབ་དབང་སངས་རྒྱས་བསྒོམ༔ ལྷུང་བཟེད་བདུད་རྩི་སྨན་གྱིས་བཀང༔ མི་ཕྱུགས་ཡོངས་ལ་ཁྲུས་བྱས་པས༔ ནད་ཀྱིས་མི་ཚུགས་སྐྱོན་ལས་གྲོལ༔ ནད་དུག་སྨན་དུ་འགྱུར་བར་བསམ༔ མདུན་དུ་སྲིད་རྒྱལ་དུད་སོལ་མ༔ དཀར་གསལ་མཛེས་འཛུམ་པད་ཟླར་བཞེངས༔ དར་དང་རཏྣ་རྒྱན་ཆས་སྤུད༔ ཕྱག་གཡས་ནད་འཇོམས་སྨན་ལྗོན་ལས༔ ཨ་རུ་རྣམ་རྒྱལ་ཆར་བ་འབེབས༔ ཕྱག་གཡོན་བདུད་རྩིའི་ཐོད་པ་བསྣམས༔ ནད་ཀྱིས་གདུང་ལ་བླུད་པར་དམིགས༔ མི་ཕྱུགས་ནད་ཞི་བྱམས་སེམས་འབྱུང༔ མུ་ནེའི་གཤམ་དུ་དུད་སོལ་མའི་རྩ་སྔགས་གཤམ་འདོགས་རིགས་པས་འཕྲུལ༔ ཨོཾ་བཛྲ་མ་ཧཱ་ཀ་ལི་རེ་མ་ཏི་ས་མ་ཡཱ་ཙིཏྟ་ཧྲིང་ཛ་སིདྡྷི་ཧཱུྃ༔ སྨན་གྱི་གཟུངས་དང་མཚན་བརྗོད་དང༔ འཇིགས་སྐྱོབ་གསོལ་འདེབས་བསམ་ལྷུན་ནས༔ བྱུང་བའི་སྨན་བླའི་གསོལ་འདེབས་གདོན༔ སྔོན་ལས་མ་གཏོགས་གང་ལ་ཡང༔ ཕན་པར་ངེས་སོ་ས་མ་ཡཱ༔ དགྲ་དང་བགེགས་ཀྱིས་འཚེ་བ་དང༔ མཐོ་གནོན་བརྙས་བཅོས་བྱེད་པ་ན༔ རང་ཉིད་སྲིན་རྒྱལ་ཐོད་ཕྲེང་བསྒོམ༔ མདུན་དུ་རང་མོས་ཆོས་སྐྱོང་བསྒོམ༔ དམར་གྱི་གཏོར་མ་འབུལ་བྱས་ལ༔ འགུག་གཞུག་བྱ་བ་གནད་དུ་ཆེ༔ མཆན། སྲུང་མ་དེ་ཉིད་ལས་ལ་བསྐུལ༔ བདག་གི་ཐུགས་ལས་འོད་ཟེར་འཕྲོས༔ སྲུང་མའི་ཐུགས་ཀའི་ས་བོན་བསྲེགས༔ དེ་ཡིས་སྔོན་གྱི་དམ་ཚིག་དྲན༔ དེ་ནས་འབོད་རྦད་བསད་གསུམ་བཟླས༔ དགོས་པའི་དུས་སུ་འདི་ཉིད་སྒྲུབ༔ དམིགས་པའི་མདའ་ཡིས་འབེན་ལ་བསྣུན༔ དགྲ་བགེགས་གང་ལ་ཡང་རྟགས་མཚན་འབྱུང༔ དམིགས་པ་གཅིག་པུས་ཆོག་པ་འདི༔ དགོངས་ཀློང་ཟབ་མོའི་ཁྱད་ཆོས་ཡིན༔ ལག་ལེན་གུད་དུ་སྦས་ལ་ལྟོས༔ ས་མ་ཡཱ༔ རྗེས་ལ་མཆོད་བསྟོད་དངོས་གྲུབ་ལེན༔ ཡི་གེ་བརྒྱ་པས་ནོངས་པ་བཤགས༔ མི་དམིགས་སེམས་ཀྱི་གཤིས་ལ་ཀློད༔ ལྟར་སྣང་བསྲུང་བའི་གོ་ཆ་གྱོན༔ དགེ་ཚོགས་འཁོར་གསུམ་ཡོངས་བྲལ་བསྔོ༔ དེ་ནས་ཤིས་པས་མཐའ་བརྒྱན་ནི༔ ཨེ་མ་ཧོ༔ སྐུ་གསུམ་ཞིང་ནས་འགྲོ་བའི་དོན་ལ་དགོངས༔ སྐུ་གསུམ་བདག་ཉིད་རཀྴ་ཐོད་ཕྲེང་རྩལ༔ ཁམས་གསུམ་འགྲོ་བའི་སྐྱབས་མགོན་རིན་པོ་ཆེ༔ སྐྱབས་གསུམ་བཀའ་སྡོད་བདེན་པའི་བཀྲ་ཤིས་ཤོག༔ ཤིན་ཏུ་ཟབ་མྱུར་བྱིན་རླབས་ཆེ༔ ཡེ་ཤེས་ཌཱཀྐིའི་ཞལ་ལུང་བཞིན༔ ཕབ་པའི་ཟབ་ཆོས་བླ་ན་མེད༔ ཕལ་པའི་བློ་ཡི་སྤྱོད་ཡུལ་མིན༔ ལོག་སྲེད་ཅན་ལ་ཕག་ཏུ་སྦོས༔ དད་ལྡན་ཡོངས་ཀྱིས་སྲུངས་ཤིག་རྒྱ༔ བཀའ་ཡི་སྲུང་མ་དྲང་སྲོང་གིས༔ བཀའ་འདི་འཚོས་ལ་དོན་དང་སྤྲོད༔ ས་མ་ཡཱ༔ ཨི་ཏན་ཏེ་རྒྱ༔ ན་ར་ཀན་རྒྱ༔ སོ་ཕག་ཤི་ན་རྒྱ༔ དམ་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཞེས་པ་འདི་ཡང་སྙིང་ལ་བཀའ་རྒྱ་བྱས་ཀྱང་མཐར་ལས་དང་སྐལ་བ་ལྡན་པའི་བཙུན་པ་བསོད་ནམས་མཐུ་སྟོབས་ཀྱིས་ལྷ་རེག་དཀར་དམར་ཟུང་དང་བཀའ་དང་དམ་ཚིག་འགྱུར་བ་མེད་པའི་བརྡ་མཚོན་རྡོ་རྗེའི་སྐྱེས་བཅས་ནན་ཏན་ཆེན་པོས་བསྐུལ་ངོར་དྲིན་ཆེན་བླ་མ་དགྱེས་པའི་འབངས་དགེ་སྦྱོང་ཕན་མིང་ནས་རིག་པ་རང་བྱུང་དབྱིངས་ཀྱི་བརྡ་ལས་བཅུད་བསྡུས་ཏེ་ཞལ་བཤུས་པ་ཡོངས་ལ་དགེ་ཞིང༔ ཉེས་འགལ་མཆིས་ན་རྩ་གསུམ་སྲུང་མར་བཤགས༔ སརྦ་ཛ་ག་དམ༔

བཀའ་རྟགས་ཁྲོ་རྒྱལ་ཁྲོས་པའི་རྔམ་སྒྲ་ལོག་འདྲེན་ཀླད་འགེམ།

བཀའ་རྟགས་ཁྲོ་རྒྱལ་ཁྲོས་པའི་རྔམ་སྒྲ་ལོག་འདྲེན་ཀླད་འགེམ་རཀྴ་ཐོད་ཕྲེང་རྩལ་ལ་འདུད༔ ཡང་གསང་མཁའ་འགྲོའི་ཞལ་ལུང་བཞིན༔ ལོག་འདྲེན་ཀླད་འགེམ་བཀའ་རྟགས་ནི༔ སྨྱོ་འབོག་རྒྱལ་བསེན་མ་རུང་དང་༔ དྲེགས་བྱེད་གདོན་གྱིས་ཚ་རེག་གཏོང་༔ གཞན་གྱིས་རྦོད་གཏོང་མནན་གཏད་ལྡང་༔ ཆེ་སྲི་ཆུང་སྲི་དམ་སྲི་བསེན༔ ཐེའུ་རང་ལྷ་འདྲེའི་རྒྱུ་ལམ་ལ༔ འདི་ཉིད་ཞལ་ཐང་ཚུལ་བཞིན་འདྲི༔ རབ་གནས་ལྡན་པས་རབ་བསྒྲུབ་ན༔ མི་ཕྱུགས་ནད་ལས་གྲོལ་བ་དང༔ རྐྱེན་ངན་འཕྲལ་དུ་བཟློག་པའོ༔ ས་མ་ཡཱ༔ འབྲི་དཔེ་རིམ་པ་གསུམ་སྣང་ལས༔ ཐོག་མར་དབུས་སུ་རིག་འཛིན་ནི༔ ལུང་རིག་གླིང་པ་དྲག་པོའི་སྐུ༔ སྡེ་བརྒྱད་གཤེད་དུ་ཁྲོས་པ་ནི༔ སྨུག་ནག་ཞལ་གཅིག་ཕྱག་གཉིས་པ༔ ཞབས་གཉིས་ཕྱེད་སྐྱིལ་ཁྲིའུའི་ཁར༔ སྤྱན་ནི་སྡང་མིག་ཐད་ཀར་གཟིགས༔ ཕྱག་གཡས་རྡོ་རྗེ་རྩེ་དགུ་བསྡིག༔ གཡོན་པས་ལྕགས་ཕུར་བགེགས་ལ་གཟིར༔ པཎ་གྲུབ་ཆས་ཀྱིས་ཆེར་ཀླུབ་པ༔ ཁྲོ་བོ་འཆོལ་བའི་ཆས་སུ་གཞུགས༔ གཡས་ཕྱོགས་རྡོ་རྗེ་རྩེ་ལྔ་པའི༔ གནས་གསུམ་འབྲུ་གསུམ་འོག་ཏུ་ནི༔ བཛྲ་ས་མ་ཡཱ་ཕཊ་བྷྱོ༔ གཡོན་ཏུ་ཕུར་འབྲི་གནས་གསུམ་དུ༔ ཨོཾ་ཧཱུྃ་ཏྲཾ་ཧྲཱིཿཕཊ་ཛཿབཀོད༔ དེ་མཐར་དང་པོ་འདི་ཉིད་ནི༔ ལྷག་ཆད་མེད་པར་དག་པ་ནི༔ རྔ་ཡབ་རཀྴ་ཕོ་མོའི་དམ་སྲིའི་སྟེང༔ རབ་འཇིགས་བཟོད་དཀའ་རྡོ་རྗེ་སྲིན་པོའི་གཟུགས༔ ཤེས་རབ་མཐིང་འོད་རབ་འབར་གར་དགུའི་ཉམསཿ བདུད་འདུལ་པདྨ་ཐོད་ཕྲེང་ ཧེ་རུ་ཀའི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་བདེན་སྟོབས་ཀྱིས༔ བཀའ་རྟགས་ཕྱག་རྒྱ་བཞུགས་པའི་གནས་འདི་དང་༔ འཆང་བ་ཕོ་མོའི་ལུས་ངག་ཡིད་གསུམ་ལ༔ ལོག་པར་འདྲེན་པའི་གསར་བྱུང་གདུག་འདྲེ་དང༔ མཐའ་ཡས་འབྱུང་པོས་བར་ཆད་འཚེ་བ་བཟློག༔ སྟེང་འོག་གདོན་དང་སྙིང་རླུང་འགོས་ཡམས་སོགས༔ མ་རུང་འཚེ་བའི་ནད་ཀུན་དབྱིངས་སུ་སོལ༔ མེ་ཆུ་ས་གཡོས་གནམ་ལྕགས་འབེབས་པ་སོགས༔ སྲོག་ལ་གློ་བུར་རྒོལ་བའི་བར་ཆད་སོལ༔ གནོད་གདུག་ལྷ་འདྲེ་འབྱུང་པོའི་རྒྱུ་ལམ་ཆོད༔ ཨོཾ་ཨཱ༔ཧཱུྃ་ཨརྩིག་ནེརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ད་ན་པ་ཏི་བཛྲ་རཀྵ་རཀྵ་བྷྲུཾ༔ རབ་འབྱམས་རྒྱལ་ཀུན་གཅིག་བསྡུས་ལྷག་པའི་ལྷ༔ སྲིད་ཞིའི་ཁྱབ་བདག་ཆེ་མཆོག་ཧེ་རུ་ཀ༔ ཡ་མནྟ་ཀ་པདྨ་དབང་ཆེན་རྩལ༔ ཡང་དག་ཞི་ཁྲོ་བཛྲ་ཀཱི་ལ་ཡ༔ བླ་མེད་གསང་བ་སྟོབས་ལྡན་དྲེགས་པའི་གཙོ༔ སྒྲུབ་སྡེ་ཡོངས་རྫོགས་དཔལ་ཆེན་བཀའ་བརྒྱད་ལྷའི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་བདེན་སྟོབས་ཀྱིས༔ བཀའ་རྟགས་ཕྱག་རྒྱ་བཞུགས་པའི་གནས་འདི་དང་༔ འཆང་བ་ཕོ་མོའི་ལུས་ངག་ཡིད་གསུམ་ལ༔ ལོག་པར་འདྲེན་པའི་གསར་བྱུང་གདུག་འདྲེ་དང༔ མཐའ་ཡས་འབྱུང་པོས་བར་ཆད་འཚེ་བ་བཟློག༔ སྟེང་འོག་གདོན་དང་སྙིང་རླུང་འགོས་ཡམས་སོགས༔ མ་རུང་འཚེ་བའི་ནད་ཀུན་དབྱིངས་སུ་སོལ༔ མེ་ཆུ་ས་གཡོས་གནམ་ལྕགས་འབེབས་པ་སོགས༔ སྲོག་ལ་གློ་བུར་རྒོལ་བའི་བར་ཆད་སོལ༔ ཨོཾ་བཛྲ་སརྦ་དུཥྚཾ་དཱ་ན་པ་ཏི་བཛྲ་རཀྵ་རཀྵ་བྷྲུཾ༔ འཇིགས་པ་བརྒྱད་སྐྱོབས་འཕགས་མ་དཔའ་མོ་ཡུམ༔ རྡོ་རྗེ་རྣལ་འབྱོར་ཕག་གདོང་ཁྲོས་མ་ནག༔ སེང་ཧ་མུ་ཁ་གནས་གསུམ་ཌཱཀྐིའི་རྗེ༔ སྤྲུལ་དང་ཡང་སྤྲུལ་ཞིང་རྡུལ་གྲངས་སྙེད་ལྷའི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་བདེན་སྟོབས་ཀྱིས༔ བཀའ་རྟགས་ཕྱག་རྒྱ་བཞུགས་པའི་གནས་འདི་དང་༔ འཆང་བ་ཕོ་མོའི་ལུས་ངག་ཡིད་གསུམ་ལ༔ ལོག་པར་འདྲེན་པའི་གསར་བྱུང་གདུག་འདྲེ་དང༔ མཐའ་ཡས་འབྱུང་པོས་བར་ཆད་འཚེ་བ་བཟློག༔ སྟེང་འོག་གདོན་དང་སྙིང་རླུང་འགོས་ཡམས་སོགས༔ མ་རུང་འཚེ་བའི་ནད་ཀུན་དབྱིངས་སུ་སོལ༔ མེ་ཆུ་ས་གཡོས་གནམ་ལྕགས་འབེབས་པ་སོགས༔ སྲོག་ལ་གློ་བུར་རྒོལ་བའི་བར་ཆད་སོལ༔ གནོད་གདུག་ལྷ་འདྲེ་འབྱུང་པོའི་རྒྱུ་ལམ་ཆོད༔ བཾ་ཧ་རི་ནི་ས་ཏཱ་རེ་དཱ་ན་པ་ཏི་བཛྲ་རཀྵ་རཀྵ་བྷྲུཾ༔ དགྲ་བགེགས་ཆམ་འབེབ་ཕོ་རྒྱུད་དཔལ་མགོན་ཚོགས༔ མོ་རྒྱུད་རང་བྱུང་རྒྱལ་མོ་སྔགས་ཀྱི་བདག༔ སྡེ་བརྒྱད་སྤྱི་ཡི་དམག་དཔོན་རཱ་ཧུ་ལ༔ རྡོ་རྗེ་ལེགས་པ་ཆོས་རྒྱལ་བཙན་རྒོད་དང༔ སྨྱོ་འདྲེའི་གཤེད་གྱུར་རྡོ་རྗེ་འབར་བ་རྩལ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་བདེན་སྟོབས་ཀྱིས༔ བཀའ་རྟགས་ཕྱག་རྒྱ་བཞུགས་པའི་གནས་འདི་དང་༔ འཆང་བ་ཕོ་མོའི་ལུས་ངག་ཡིད་གསུམ་ལ༔ ལོག་པར་འདྲེན་པའི་གསར་བྱུང་གདུག་འདྲེ་དང༔ མཐའ་ཡས་འབྱུང་པོས་བར་ཆད་འཚེ་བ་བཟློག༔ སྟེང་འོག་གདོན་དང་སྙིང་རླུང་འགོས་ཡམས་སོགས༔ མ་རུང་འཚེ་བའི་ནད་ཀུན་དབྱིངས་སུ་སོལ༔ མེ་ཆུ་ས་གཡོས་གནམ་ལྕགས་འབེབས་པ་སོགས༔ སྲོག་ལ་གློ་བུར་རྒོལ་བའི་བར་ཆད་སོལ༔ གནོད་གདུག་ལྷ་འདྲེ་འབྱུང་པོའི་རྒྱུ་ལམ་ཆོད༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡཱ་ཧཱུྃ་ཕཊ༔ དཱ་ན་པ་ཏི་བཛྲ་རཀྵ་རཀྵ་བྷྲུཾ༔ ཨོཾ་བཛྲ་ཀྲོ་ཏ་ཡཀྴ་གྷྲྀ་ཝ་ར་ཛ་སྡེ་བརྒྱད་དམ་སྲི་འབྱུང་པོ་ཡུལ་འདྲེ་བསེན་མོ་བཀའ་ལ་མི་ཉན་དབང་དུ་མི་འདུ་མགོ་སྐོར་བྱེད་པའི་མགོ་ལ་ནན༔ སྙིང་ལ་ནན༔ ལུས་ལ་ནན༔ ངག་ལ་ནན༔ ཡིད་ལ་ནན༔ མཐུ་རྩལ་ནུས་པ་སརྦ་མཱ་ར་ཡ་ནན་ཛཿཛ༔ རྦད་རྦད༔ མ་ཧཱ་དུ་ན་བྷྱོ༔ ཁ་ལ་ཙ་མ་བྷྱོ༔ ར་ཙ་དུ་ལཾ་བྷྱོ༔ དམ་ལིང་ཁྲི་འཕོ་བྷྱོ༔ གནོད་བྱེད་འབྱུང་པོའི་རྒྱུ་ལམ་ཆོད༔ ཨུ་ཙ་ཏ་ཡ་ཕཊ༔ ས་མ་ཡཱ༔ བརྡ་ཐིམ༔ དེ་འོག་སྡིག་གཟུགས་ཕོ་མོ་ཡི༔ མགོ་སྤྲད་རྡོ་རྗེ་རྒྱ་གྲམ་གྱིས༔ མགོ་གཉིས་ནོན་པའི་ལྟོ་བའི་ནང༔ ཨོཾ་ཨཱ༔ཧཱུྃ་ནན་རྦད་བྷྱོ་འབྲི༔ མཐའ་ལ་མཚོན་ཆ་མེ་རླུང་དང༔ རྡོ་རྗེའི་ར་བས་གུར་དུ་བྱ༔ ས་མ་ཡཱ༔ དེ་འདྲའི་ལོག་འདྲེན་ཀླད་འགེམ་བཀའ་རྟགས་འདི༔ ཆོས་སྐུའི་སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརླབས༔ ལོངས་སྐུའི་སངས་རྒྱས་རྣམས་ཀྱིས་ཐུགས་དགོངས་བཞེད༔ ཇ གསང་སྔགས་གླིང་པའི་བཀའ་རྟགས་འདི་ཉིད་ཟུངས༔ འབྲེལ་བའི་སྔོན་ལས་མ་གཏོགས་འཕྲལ་རྐྱེན་བགེགས༔ གང་གིས་མི་ཚུགས་རྡོ་རྗེའི་ཆོས་དང་མཚུངས༔ སུ་ལ་མ་སྤེལ་སྤེལ་ཀྱང་རེ་འགའ་ཙམ༔ ནལ་མར་སྤེལ་ན་རང་གི་སྲོག་ལ་རྒོལ༔ སྐལ་ལྡན་སྐྱེས་བུ་གཉིས་ལ་གཏད་རྒྱས་ཐོབ༔ བཀའ་སྲུང་དབྱིངས་ཀྱི་མ་མོ་ཟུང་གིས་སྲུང༔ གུ་ཧྱ༔ ཅེས་པའང་ཏཱ་རེ་གནས་ཀྱི་བདག་པོ་ཁོ་བོ་ཕན་པས་བྲིས་པ་ཡོངས་ལ་དགེ་བར་གྱུར་ཅིག་གུ། །

སྐྱབས་སེམས་མཎྜལ་འབུལ་བ།

སྐྱབས་སེམས་མཎྜལ་འབུལ་བ་ནི༔ བསླུ་མེད་མཆོག་གསུམ་ངོ་བོ་ཉིད༔ སྐྱབས་ཀུན་འདུས་ཞལ་བླ་མ་རྗེའི༔ རང་བཞིན་བཅོས་མེད་རིག་པ་ལ༔ རང་ངོ་ཤེས་པས་སྐྱབས་སུ་མཆི༔ སེམས་བསྐྱེད༔ ཡང་དག་གནས་ལུགས་མ་རྟོགས་པས༔ འཁོར་བར་འཕྱན་པའི་སེམས་ཅན་རྣམས༔ ཡེ་ཤེས་རྡོ་རྗེའི་རང་བཞིན་ལ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ མཎྜལ་ནི༔ སྐུ་གསུམ་ཡོངས་རྫོགས་བླ་མའི་ཚོགས༔ ཕྱི་ནང་གསང་གསུམ་དེ་བཞིན་ཉིད༔ བདག་ལུས་ལོངས་སྤྱོད་གཏན་དུ་འབུལ༔ བླ་མེད་མཆོག་གི་དངོས་གྲུབ་སྩོལ༔

པཎ་ཆེན་བཻ་རོ་ཙ་ནའི་བླ་སྒྲུབ་དངོས་གྲུབ་འདོད་པ་འཇོ་བའི་དགའ་སྟོན།

ཡང་གསང་ཌཱཀྐིའི་ཐུགས་ཐིག་ལས༔ པཎ་ཆེན་བཻ་རོ་ཙ་ནའི་བླ་སྒྲུབ་དངོས་གྲུབ་འདོད་པ་འཇོ་བའི་དགའ་སྟོན་བི་ཛ་ཧ་རཾ༔

དཀྱིལ་འཁོར་བཀོད་ལེགས་རྒྱན་སྤྱི་ལྟར༔ སྐུ་གསུང་ཐུགས་ཀྱི་རྟེན་རྣམས་དང༔ བཻ་རོའི་སྐུ་གཟུགས་བྲིས་འབུར་གང༔ རབ་གནས་བྱིན་ལྡན་བཤམས་པའི་མདུན༔ ཉེར་སྤྱོད་མཆོད་པས་མཐའ་ནས་བསྐོར༔ རང་རྒྱུད་སྔོན་འགྲོས་ཡང་དག་བྱས༔ བདེ་བའི་སྟན་ལ་བག་ཕེབས་ཏེ༔ ཡིད་ཆེས་ཚིག་འདིས་དག་དྲན་རྫོགས༔ ཨེ་མ་ཧོ༔ རང་ཉིད་ཐ་མལ་སྤྱི་བོ་ཡི༔ མདུན་གྱི་ནམ་མཁར་འོད་ལྔའི་ཀློང༔ ཉི་ཟླ་དར་གྱི་ལྷུབ་གདན་སྟེང༔ གསུམ་ལྡན་རྩ་བའི་བླ་མ་ཉིད༔ པཎ་ཆེན་བཻ་རོ་ཙ་ན་ནི༔ སྐུ་མདོག་དཀར་སེར་ལང་ཚོས་མཛེས༔ སྡེ་སྣོད་གསུམ་ཞྭ་རབ་བྱུང་ཆས༔ ཆོས་གོས་རྣམ་གསུམ་ཟ་བེར་ཀླུབ༔ ཕྱག་གཉིས་ཆོས་འཆད་གླེགས་བམ་བསྣམས༔ སྤྱི་གཙུག་རིགས་བདག་འཇམ་པའི་དབྱངས༔ དམར་པོ་རལ་གྲི་པོ་ཏི་བསྣམས༔ ལོངས་སྐུའི་རྒྱན་རྫོགས་མཚན་དཔེ་ལྡན༔ བཻ་རོའི་ཐུགས་དབུས་པད་ཟླའི་སྟེང༔ ཡེ་ཤེས་སེམས་དཔའ་དབྱངས་ཅན་མ༔ སྔོན་མོ་རལ་པོད་ལོངས་སྐུའི་ཆས༔ བཞེངས་སྟབས་སྒེག་བཞད་ཅན་ཐུགས་དབུས༔ རལ་གྲི་ཧྲཱིཿམཚན་མེ་རི་འབར༔ རང་བྱུང་ཡེ་ཤེས་འོད་ལྔ་འཕྲོས༔ མཐའ་མར་རིག་སྔགས་ཕྲེང་བས་བསྐོར༔ འཕགས་མཆོད་སེམས་ཅན་ལས་སྒྲིབ་སྦྱངས༔ མཁས་རྣམས་ཤེས་བྱའི་དཔལ་ཡོན་བསྡུས༔ བློ་གྲོས་སྤོབས་པའི་སྣང་བ་རྒྱས༔ སྟེང་ཕྱོགས་རྩ་བརྒྱུད་བླ་མ་དང༔ བར་དུ་རྒྱུད་སྡེའི་ལྷ་ཚོགས་གསལ༔ འོག་ཏུ་མ་དང་མཁའ་འགྲོས་བསྐོར༔ འདབས་བསྐོར་ཆོས་སྐྱོང་ཁྲོམ་ཚོགས་བཞིན༔ གསལ་བའི་གནས་གསུམ་འབྲུ་གསུམ་གྱིས༔ གནས་གསུམ་བྱིན་རླབས་དབང་བསྐུར་རྫོགས༔ འཁོར་བཅས་སྤྱན་དྲངས་དབྱེར་མེད་བསྟིམ༔ རང་ལུས་རྡུལ་སྙེད་གུས་ཕྱག་འཚལ༔ ཀུན་བཟང་མཆོད་སྤྲིན་རྒྱ་མཚོས་མཆོད༔ སྒོ་གསུམ་མི་དགེ་ཉེས་སྒྲིབ་བཤགས༔ ཐེག་གསུམ་དགེ་ལ་རྗེས་ཡི་རང༔ འགྲོ་དོན་ཤེས་བྱའི་ཆོས་འཁོར་བསྐོར༔ བསྐལ་པ་རྒྱ་མཚོར་བཞུགས་གསོལ་འདེབས༔ དགེ་ཚོགས་འཁོར་གསུམ་དམིགས་མེད་བསྔོ༔ ཀྱཻ༔ རང་སྣང་དོན་གྱི་འོག་མིན་ནས༔ རྗེ་བཙུན་འཇམ་པའི་རྡོ་རྗེ་དང༔ པཎ་ཆེན་རྣམ་སྣང་ལོ་ཙཱ་བ༔ དབྱངས་ཅན་སྤྲུལ་པའི་ལྷ་མོ་བཅས༔ རྩ་གསུམ་སྲུང་མ་གཤེགས་སུ་གསོལ༔ བདག་ཅག་མོས་པའི་བུ་སློབ་ལ༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གཏི་མུག་མུན་པ་བསལ་བའི་ཕྱིར༔ ཤེས་རབ་སྣང་བས་དབུགས་དབྱུང་མཛོད༔ ལུས་ལ་སྐུ་ཡིས་བྱིན་གྱིས་རློབས༔ ངག་ལ་གསུང་གིས་བྱིན་གྱིས་རློབས༔ སེམས་ལ་ཐུགས་ཀྱིས་བྱིན་གྱིས་རློབས༔ མ་དག་བག་ཆགས་འདུ་ཕུང་ལྔ༔ ཡེ་ཤེས་ལྔ་ཡིས་བྱིན་གྱིས་རློབས༔ གནས་སྐབས་མཐར་ཐུག་མི་མཐུན་རྐྱེན༔ མཐའ་དག་ཞི་ཞིང་བཟློག་པར་མཛོད༔ ཚེ་བསོད་ལུང་རྟོགས་ཡོན་ཏན་ཀུན༔ ཡར་ངོའི་ཟླ་བཞིན་རྒྱས་པར་མཛོད༔ ཁམས་གསུམ་སྲིད་གསུམ་མོས་ཚོགས་ཀུན༔ སྣང་སྲིད་དབང་དུ་འདུ་བར་མཛོད༔ བྱད་ཕུར་རྦོད་གཏོང་གཏད་ཁྲམ་མཁན༔ རྡུལ་དུ་བརླག་པར་མཛད་དུ་གསོལ༔ འདི་ནས་བྱང་ཆུབ་མ་ཐོབ་བར༔ སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ཡང༔ གསུམ་ལྡན་བླ་མ་རིན་པོ་ཆེ༔ པཎ་ཆེན་བཻ་རོ་ཙ་ན་དང༔ མཁྱེན་རབ་སྟོང་གསལ་རྩ་གསུམ་མཁྱེན༔ མོས་གུས་སོགས༴ ཨོཾ་ཨཱཿམ་ཧཱ་གུ་རུ་བཻ་རོ་ཙ་ན་མཉྫུ་ཤྲཱི་པྲ་ཛྙཱ་དེ་ཝི་སརྦ་སིདྡྷི་ཕ་ལ་ཧཱུྃ༔ མོས་གུས་དད་པས་ཡང་ཡང་བསྙེན༔ གྲངས་བསྙེན་ཁྲི་ཕྲག་བདུན་ཡིན་ནོ༔ དུས་བསྙེན་ཟླ་བ་གསུམ་དུ་ཤེས༔ མཚན་མའི་བསྙེན་པ་རྟགས་དང་སྦྱར༔ ཨ་ཏི་བཀོད་པའི་རྒྱུད་ལས༔ གང་གིས་བསྐལ་པ་འབུམ་ཕྲག་ཏུ༔ ལྷ་སྐུ་འབུམ་ཕྲག་བསྒོམ་པ་ལས༔ དྲིན་དང་ལྡན་པའི་བླ་མ་ནི༔ སྐད་ཅིག་དྲན་པའི་བསོད་ནམས་ཆེ༔ འདིས་ནི་བྱིན་རླབས་མེ་དཔུང་འབར༔ དངོས་གྲུབ་ཆུ་བོའི་རྒྱུན་བཞིན་འབྱུང༔ ཚེ་འདིར་སྐུ་གསུམ་ལྷུན་གྱིས་འགྲུབ༔ འཕོས་ཚེ་མཁའ་སྤྱོད་བདེ་ཆེན་བསྒྲོད༔ རིག་འཛིན་དམ་པས་དབུགས་དབྱུང་ཞིང༔ ཤེས་བྱའི་ཆོས་དཔལ་ཡོན་ཏན་འབྱུང༔ ས་ཐོབ་སེམས་དཔའི་གྲལ་དུ་འཁོད༔ ཡོན་ཏན་བསམ་གྱིས་མི་ཁྱབ་འཐོབ༔ ས་མ་ཡཱ༔ རྗེས་ལ་དབང་བཞི་བླང་བ་ནི༔ མོས་གུས་ཐུགས་རྒྱུད་འདི་བཞིན་བསྡུས༔ ཀྱཻ་ཀྱཻ་བླ་མ་རིན་པོ་ཆེ༔ པཎ་ཆེན་རྣམ་སྣང་ལོ་ཙཱ་བ༔ མཁྱེན་རབ་དབང་ཕྱུག་འཇམ་པའི་དབྱངས༔ དབྱངས་ཅན་མཚོ་བྱུང་འཕགས་མ་སྒྲོལ༔ རྩ་གསུམ་རྒྱལ་བ་རབ་འབྱམས་ཚོགས༔ བདག་ལ་གསན་ཅིང་དགོངས་སུ་གསོལ༔ སྐྱབས་མགོན་རེ་ས་གཞན་ན་མེད༔ ཐུགས་རྗེས་ཟུངས་ཤིག་འགྲོ་བའི་མགོན༔ ཤེས་བྱའི་ཆོས་ལ་བློ་གྲོས་ཀྱི༔ པདྨའི་སྣང་བ་རབ་ཏུ་རྒྱས༔ བློ་ལྡོག་རྣམ་བཞི་རྒྱུད་ལ་འདྲོང་༔ མི་རྟག་ངེས་ཤེས་སྐྱེ་བར་ཤོག༔ འཇིགས་མེད་གདེངས་ཆེན་ཐོབ་པར་ཤོག༔ འཕོ་མེད་བཙན་ས་ཟིན་པར་ཤོག༔ ཕྱི་མར་ས་ཡི་དབང་ཕྱུག་ཐོབ༔ དོན་གཉིས་ལྷུན་གྱིས་འགྲུབ་པར་ཤོག༔ མཁྱེན་རབ་བླ་མ་བཻ་རོ་རྗེའི༔ སྤྱི་བོའི་ཨོཾ་ལས་འོད་དཀར་འཕྲོས༔ བདག་གི་དཔྲལ་བའི་དཀྱིལ་དུ་ཐིམ༔ བུམ་པའི་དབང་ཐོབ་ལུས་སྒྲིབ་དག༔ སྐུ་ཡི་རྡོ་རྗེ་བསྒོམ་པར་དབང༔ འབྲས་བུ་སྤྲུལ་སྐུའི་གོ་འཕང་ཐོབ༔ མཁྱེན་རབ་བླ་མ་བཻ་རོ་ཡི༔ མགྲིན་པའི་ཨཱཿལས་འོད་དམར་འཕྲོས༔ བདག་གི་མགྲིན་པའི་གནས་སུ་ཞུགས༔ གསང་བའི་དབང་ཐོབ་ངག་སྒྲིབ་དག༔ གསུང་གི་རྡོ་རྗེ་བསྒོམ་པར་དབང༔ འབྲས་བུ་ལོངས་སྐུའི་གོ་འཕང་ཐོབ༔ མཁྱེན་རབ་བླ་མ་བཻ་རོ་ཡི༔ ཐུགས་ཀའི་ཧཱུྃ་ལས་འོད་སྔོན་པོ༔ བདག་གི་སྙིང་གི་དཀྱིལ་དུ་བབ༔ ཤེས་རབ་དབང་ཐོབ་ཡིད་སྒྲིབ་དག༔ ཐུགས་མཆོག་རྡོ་རྗེ་བསྒོམ་པར་དབང༔ འབྲས་བུ་ཆོས་སྐུའི་གོ་འཕང་ཐོབ༔ མཁྱེན་རབ་བླ་མ་བཻ་རོ་ཡི༔ ལྟེ་བའི་དགའ་འཁྱིལ་ཧྲཱིཿལྗང་གི༔ འོད་ལྗང་བདག་གི་ལྟེ་བར་ཐིམ༔ ཚིག་གི་དབང་ཐོབ་ཀུན་གཞི་ཡི༔ སྒྲིབ་དག་རྡོ་རྗེའི་ཆོས་བདུན་ལྡན༔ ངོ་བོ་ཉིད་སྐུའི་གོ་འཕང་ཐོབ༔ བློ་འདས་ཆོས་སྐུའི་རང་ཞལ་བལྟ༔ དགེ་བ་འདི་ཡིས་མྱུར་དུ་བདག༔ ལོ་ཙཱ་རྣམ་སྣང་འགྲུབ་གྱུར་ནས༔ འགྲོ་བ་གཅིག་ཀྱང་མ་ལུས་པ༔ དེ་ཡི་ས་ལ་འགོད་པར་ཤོག༔ དེ་ནས་བཀྲ་ཤིས་ནི༔ ཨེ་མ་ཧོཿ ཤེས་བྱའི་མཁའ་ལ་མཁྱེན་རབ་ཉི་མ་ཤར༔ ཐུགས་རྗེའི་ཟེར་གྱིས་བློ་གྲོས་པད་ཚལ་རྒྱས༔ བསྟན་པའི་སྒྲོན་མེས་འགྲོ་ཁམས་མུན་པ་སེལ༔ པཎ་ཆེན་རྣམ་སྣང་འཁོར་བཅས་བཀྲ་ཤིས་ཤོག༔

བཻ་རོའི་བླ་སྒྲུབ་ཀྱི་ཚོགས།

རྗེས་ལ་ཚོགས་ཀྱི་ལོངས་སྤྱོད་ནི༔ བསོད་ནམས་ཡེ་ཤེས་རྒྱ་མཚོ་སྟེ༔ ཚོགས་གཉིས་ཟུང་འཇུག་སྐུ་གཉིས་ཀྱི༔ གོ་འཕང་ཐོབ་པའི་རྒྱུ་རུ་བསྔོ༔ བྱིན་གྱིས་བརླབས་ཤིང་འདི་སྐད་དོ༔ རཾ་ཡཾ་ཁཾཿ ཨོཾ་ཨཱཿཧཱུྃཿ ཚོགས་རྫས་ཡེ་ཤེས་བདུད་རྩིའི་རྒྱ་མཚོ་གཟུགས་སྒྲ་དྲི་རོ་རེག་བྱ་དྭངས་ཤིང་ཐོགས་པ་མེད་པ་ཟག་པ་མེད་པའི་འདོད་རྒུའི་དཔལ་ཡོན་དུ་གྱུར༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ༔ སྐུ་གསུམ་རྩ་གསུམ་ངོ་བོ་ཉིད༔ པཎ་ཆེན་རྣམ་སྣང་མཁྱེན་པའི་གཏེར༔ འཇམ་དཔལ་སྟངས་དཔྱལ་སྒྱུ་འཕྲུལ་ལྷ༔ ཚོགས་ཀྱི་འདུ་བར་གཤེགས་སུ་གསོལ༔ ཧཱུྃ༔ ཚོགས་རྗེ་ཚོགས་བདག་བཻ་རོ་རྗེ༔ ཚོགས་རྫས་ཡེ་ཤེས་རོལ་པའི་རྒྱན༔ སྤང་བླང་མེད་པའི་མཆོད་ཕུང་སྤྲིན༔ བླ་མ་སྐུ་གསུམ་ལྷ་ལ་འབུལ༔ སྐུ་ལྔ་མཚན་བརྒྱད་བཻ་རོ་རྗེ༔ རྗེ་འབངས་ལྷ་ཚོགས་ཚོགས་ཀྱིས་བརྔན༔ བསྐང་ངོ་གསོལ་ལོ་མཆོད་པ་འབུལ༔ རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི༔ ཐུགས་དམ་བསྐང་ལ་མཆོག་ཐུན་གྱི༔ དངོས་གྲུབ་དམ་པ་སྩལ་དུ་གསོལ༔ ལྷག་ལ་དབང་བའི་བཀའ་ཉན་ནི༔ ཕོ་རྒྱུད་མོ་རྒྱུད་མ་ནིང་རྒྱུད༔ མ་སྲིང་བསྟན་མ་གིང་ལང་ཀ༔ ལྷག་ལ་དབང་བའི་གཏོར་མ་ལོངས༔ ཆོས་དང་སྲིད་ལ་གནོད་པའི་དགྲ༔ བགེགས་དཔུང་ཐལ་བ་རྡུལ་བཞིན་རློགས༔ བཅོལ་བའི་ལས་ལ་མ་འདའ་ཞིག༔ ཨུ་ཙུཥྚ་བྷ་ཀྵ་བྷ་ཀྵ་ཀ་སྭཱ་ཧཱཿ རྗེས་ལ་ཚོགས་རྫས་དངོས་གྲུབ་རོལ༔ བརྡ་དང་བརྡ་ཡི་སྒོ་ནས་ལེན༔ རྗེས་ལ་སྨོན་ལམ་རྒྱ་ཡིས་ཐོབ༔ ཡང་ན་འདི་བཞིན་འདོན་པས་ཆོག༔ ཧོ༔ ཚོགས་མཆོད་ཡེ་ཤེས་རྒྱ་ཆེན་འདིས༔ བསོད་ནམས་ཚོགས་གཉིས་རབ་རྫོགས་ནས༔ སྐུ་གཉིས་ཟུང་འཇུག་ཐོབ་པར་ཤོག༔ འགྲོ་ཀུན་ཕྱམ་གཅིག་སངས་རྒྱས་གྱུར༔ ཨ་ལ་ལ་ཧོཿ བཛྲ་བཛྲ་བཛྲ༔ ས་མ་ཡཱ༔ ཞེས་འདི་རང་བྱུང་དགོངས་པའི་གཏེར༔ བྱིན་རླབས་དངོས་གྲུབ་ཆུ་རྒྱུན་འབེབས༔ དྲན་ཆོག་ཐང་ཆོག་ཟབ་མོ་འདི༔ རྩ་གསུམ་དགོངས་པའི་ཐུགས་ཀྱི་བཅུད༔ མ་རྒྱུད་མཁའ་འགྲོའི་སྙིང་གི་ཁྲག༔ གཅིག་ཆོག་རྒྱལ་པོ་ཨེ་མ་ཧོ༔ ཨོ་རྒྱན་པདྨའི་ཟབ་གསང་ཆོས༔ སྔོན་སྦྱངས་ལས་འཕྲོ་སད་པའི་བུ༔ སྐལ་ལྡན་སྐྱེས་བུ་གཞན་ལ་ཕན༔ གང་དེས་རྒྱལ་མོ་གཡུ་སྒྲ་ཡི༔ ཟློས་གར་སྤྲུལ་སྐུ་ཆོས་ཀྱི་བདག༔ འགྱུར་མེད་མཚན་འཆང་དེ་ལ་སྤྲོད༔ བསྟན་དང་འགྲོ་བའི་བདེ་སྐྱིད་འབྱུང༔ ཐེ་ཚོམ་མེད་ན་བྱིན་རླབས་མྱུར༔ ལོག་རྟོག་བདུད་དབང་མི་གཡེལ་བར༔ ཡང་ཟབ་འདི་ལ་ནན་ཏན་འབུངས༔ ས་མ་ཡཱ༔ སྐུ་རྒྱ༔ གསུང་རྒྱ༔ ཐུགས་རྒྱ༔ ཤུ་བྷཾ༔

བཻ་རོའི་བླ་སྒྲུབ་ཀྱི་ལྷན་ཐབས།

ན་མོ་གུ་རུ་བཻ་རོ་ཙ་ན་བཛྲ་དྷ་ར་ཡེ༔ གངས་ལྗོངས་མུན་པའི་གླིང་དུ་རྒྱལ་བའི་བསྟན༔ ཉིན་མོར་བྱེད་པ་དྲིན་ཆེན་ཆོས་ཀྱི་རྗེ༔ པཎ་ཆེན་རྣམ་སྣང་རྡོ་རྗེ་འཆང་ཆེན་ལ༔ གུས་པས་ཕྱག་འཚལ་བདག་རྒྱུད་བྱིན་གྱིས་རློབས༔ དེ་ཡི་བླ་སྒྲུབ་འདོན་འདོད་དག༔ དཀྱིལ་འཁོར་བཀོད་ལེགས་བག་ཕེབས་ཏེ༔ སྦྱོར་བ་དངོས་གཞི་རྗེས་དང་གསུམ༔ དང་པོ་སྦྱོར་བའི་ཆོ་ག་ནི༔ མདུན་མཁར་པད་ཟླའི་གདན་ཁ་རུ༔ མཆོག་གསུམ་རྩ་གསུམ་སྤྲིན་འཁྲིགས་དམིགས༔ དད་ཅིང་གུས་པས་ཚིག་འདི་བརྗོད༔ གསོལ་འདེབས་གང་མོས་བྱ༔ ཅེས་པས་གསོལ་འདེབས་བྱ་བ་དང༔ དེ་ནས་སྐྱབས་སུ་འགྲོ་བ་ནི༔ ཧོ་མཆོག་གསུམ་རྩ་གསུམ་རྒྱ་མཚོའི་ཚོགས༔ ཁྱད་པར་ཨོ་རྒྱན་པདྨ་དང༔ པཎ་ཆེན་རྣམ་སྣང་ཆེན་པོ་སོགས༔ མཆོད་འོས་རྣམས་ལ་སྐྱབས་སུ་མཆི༔ ལན་གསུམ་བརྗོད་ཅིང་སེམས་བསྐྱེད་ནི༔ ནམ་མཁར་མཉམ་པའི་འགྲོ་བ་རྣམས༔ མ་གྲོལ་དགྲོལ་དང་མ་བསྒྲལ་བསྒྲལ༔ དབུགས་དབྱུང་མྱ་ངན་འདས་ལ་འགོད༔ སྨོན་འཇུག་མཆོག་ཏུ་སེམས་བསྐྱེད་དོ༔ སེམས་བསྐྱེད་ཚད་མེད་རྣམ་བཞི་ནི༔ ཨེ་མ་ཧོཿ རྒྱལ་དབང་རྣམ་སྣང་འཁོར་བཅས་ལ༔ རང་ལུས་རྡུལ་སྙེད་སོགས་བསྔོ༔ རྗེས་སུ་མཎྜལ་གང་འོས་འབུལ༔ དེ་ཡིས་ཚོགས་གཉིས་རྫོགས་པར་འགྱུར༔ གཉིས་པ་དངོས་ལ་འཇུག་པ་ནི༔ ཧོ༔ སྔོན་ནས་བྱིན་གྱིས་བརླབས་པའི་ལྷ༔ འཇམ་མགོན་རྣམ་སྣང་ལོ་ཙཱ་ཡི༔ བསྒྲུབ་པའི་ད་ལ་ཆེན་པོ་རུ༔ སེམས་ཅན་དོན་ཀུན་བདག་གིས་ནི༔ རྟག་ཏུ་ཉམས་སུ་ལེན་པར་བྱ༔ དམ་བཅའ་བཟུང་ཞིང་དགའ་བ་བསྐྱེད༔ ཡིད་ཆེས་ཚིག་འདིས་དག་དྲན་བསླང༔ ཨེ་མ་ཧོ༔ རང་ཉིད་ཐ་མལ་སོགས་ནས། ཤེས་རབ་སྣང་བས་དབུགས་དབྱུང་མཛོད༔ འགྲོ་བའི་དོན་དུ་རྟག་པར་བཞུགས༔ གུས་པའི་ཡིད་ཀྱིས་ཕྱག་བགྱི་འོ༔ སྣང་བ་མཆོད་པའི་ཕྱག་རྒྱར་འབུལ༔ སྟོང་པ་ཆེན་པོས་བཞེས་སུ་གསོལ༔ རང་སྣང་གཉིས་མེད་ཚུལ་གྱིས་བསྟོད༔ ལུས་ལ་སྐུ་ཡི་སོགས། རྩ་གསུམ་མཁྱེན༔ མོས་གུས་ཁྱེད་རང་མཁྱེན་སྙམ་དུ༔ རང་གི་སྙིང་གར་འོད་འཕྲོས་པས༔ བླ་མའི་རྒྱུད་བསྐུལ་ཐུགས་ཀ་ནས༔ འོད་འཕྲོས་རང་ཐིམ་བྱིན་རླབས་ཞུགས༔ གསོལ་འདེབས་བསྙེན་པ་གྲངས་སུ་བསྐྱལ༔ གསོལ་འདེབས་ཞེས་དང་བསྙེན་པ་འདི་ཡིན་ནོ༔ སྔགས་བཟླ༔ མོས་གུས་སོགས་ནས་ཡིག་ཆུང་ལྟར༔ འགྲུབ་པར་ཤོག༔ གསུམ་པ་རྗེས་ཀྱི་བྱ་བ་ནི༔ དབང་བཞི་བླངས་ཤིང་བསྔོ་བ་དང༔ ཚོགས་དང་གསུམ་ལས་དང་པོ་ནི༔ མཁྱེན་རབ་བླ་མ་སོགས།

ཐང་རྒྱལ་ཚེ་སྒྲུབ་འཆི་མེད་རྡོ་རྗེའི་ཀ་བ།

ཡང་གསང་མཁའ་འགྲོའི་ཐུགས་ཐིག་ལས༔ ཐང་རྒྱལ་ཚེ་སྒྲུབ་འཆི་མེད་རྡོ་རྗེའི་ཀ་བ༔ རྟག་བརྟན་གྲུབ་པའི་དཔའ་བོ༔ མ་རུངས་དྲེགས་པའི་གཉེན་པོ་ཡོད༔ ན་མོ་གུ་རུ་དྷེ་ཝ་ཌཱཀྐི་ཤྲཱི་དྷརྨ་པ་ལ་ཡེ། དེ་ལ་འདིར་རྩ་བ་གསུམ་གྱི་ས་མ་དྷི་ལ་གནས་པའི་རྣལ་འབྱོར་པས་ཆོས་ཐམས་ཅད་སྣང་སྲིད་དག་པ་རབ་འབྱམས་ཀྱི་ངང་ནས་རང་ལུས་དག་པ་ལྷུན་གྲུབ་གཞལ་ཡས་ཁང་དུ་སྒྲུབ་པར་བྱེད་པ་འདི་ལ་ཐོག་མར་ལུས་གནད་བསྲངས་ལ་བར་རླུང་བུམ་ཅན་དང་སྦྲགས་ཏེ་སེམས་བསྐྱེད་ཀྱི་འཕེན་པ་དེས་བསྐྱེད་པའི་ལམ་ལ་བརྟེན་ནས་སྣོད་བཅུད་ལ་བྱིན་འབེབས་པ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ རྗེ་བཙུན་ཆེན་པོ་པདྨ་ཐོད་ཕྲེང་རྩལ༔ འགྲོ་བ་ཡོངས་ཀྱི་སྐྱབས་སོགས་གསུམ་བརྗོད༔ ལུས་བ་སྤུ་གཡོ༔ གདོང་མཆི་མ་འཁྲིགས་པའི་མོས་གུས་བསྐྱེད༔ དེ་ནས་རང་གཞུང་ལ་འཇུག་པའི་ཐོག་མར༔ སྐྱབས་སུ་འགྲོ་བ་ནི༔ ཧཱུྃ་ཧྲཱིཿ མཆོག་གསུམ་སྐུ་གསུམ་རྩ་བ་གསུམ༔ རྩ་རླུང་ཐིག་ལེ་རྡོ་རྗེའི་སྐུ༔ ངོ་བོ་རང་བཞིན་ཐུགས་རྗེའི་བདག༔ གྲུབ་པའི་དབང་པོར་སྐྱབས་སུ་མཆི༔ ལན་གསུམ༔ དེ་ནས་སེམས་བསྐྱེད་པ་ནི༔ ཧཱུྃ་ཧྲཱིཿ བདག་གཞན་འགྲོ་བ་ཀུན་དོན་དུ༔ ཚེ་ཡི་རིག་འཛིན་མཆོག་གྲུབ་ནས༔ ཇི་ལྟར་འཚམ་པའི་ཕྲིན་ལས་ཀྱིས༔ འགྲོ་བ་སྒྲོལ་བར་དམ་བཅའ་འོ༔ ལན་གསུམ༔ དེ་ནས་དངོས་གཞི་སྟོང་གསལ་ངང༔ ཨཱཿ བདག་ཉིད་ཐ་མལ་རང་སེམས་འདི༔ རྟོག་པས་མ་བསླད་སོ་མའི་ངང༔ སྐད་ཅིག་དྲན་རྫོགས་ཆེན་པོ་རུ༔ ཧྲཱིཿཡིག་དམར་པོའི་འོད་ཟེར་གྱིས༔ དོན་གཉིས་བྱས་ནས་ཚུར་འདུས་པ༔ ཡོངས་གྱུར་ཚེ་ཡི་རིག་པ་འཛིན༔ གྲུབ་ཆེན་ཐང་སྟོང་རྒྱལ་པོ་ནི༔ སྨུག་ནག་ཞི་ཁྲོ་སྒེག་པའི་ཉམས༔ ལྟ་བའི་གདེངས་ལྡན་རྣལ་འབྱོར་ཆས༔ སྨ་ར་སྨིན་མ་དུང་ལྟར་དཀར༔ ཞབས་གཉིས་བརྐྱང་བསྐུམ་སྒོམ་ཐག་མཛེས༔ རས་གཟན་རུས་རྒྱན་ཨཾ་ཀ་ར༔ ཁྲི་སྙན་པགས་པའི་གདན་ལ་རོལ༔ ཕྱག་གཉིས་ལྕགས་སྒྲོག་ཚེ་བུམ་བསྣམས༔ ལྕང་ལོའི་སྟེང་གི་ནམ་མཁའ་ལ༔ རིགས་བདག་བཅོམ་ལྡན་ཚེ་མཐའ་ཡས༔ དམར་པོ་མཉམ་བཞག་སྤྲུལ་སྐུའི་ཚུལ༔ སྣང་སྟོང་ཆུ་ཟླའི་རོལ་གར་བཞིན༔ ཕྱི་ནང་ཟང་ཐལ་ཐང་རྒྱལ་སྐུའི༔ དབུས་ན་དྭངས་མ་འོད་ལྔའི་ཀློང༔ དྷུ་ཏིའི་ཡས་མར་རྡོ་རྗེས་མཚན༔ གནས་ལྔའི་རྩ་འཁོར་རྣམས་སུ་ནི༔ ཚེ་ལྷ་རིགས་ལྔ་ཡབ་ཡུམ་དང༔ མགྱོགས་མ་ཚེ་ཡི་སྒོ་སྲུང་བཅས༔ མཚན་དཔེས་རབ་བརྒྱན་ལོངས་སྤྱོད་རྫོགས༔ ཏིལ་གྱི་གོང་བུ་བཞིན་གང་གསལ༔ གནས་གསུམ་འབྲུ་གསུམ་ལས་འཕྲོས་འོད༔ དམ་ཚིག་ཡེ་ཤེས་དབྱེར་མེད་གྱུར༔ རོ་གཅིག་སྟན་བཞུགས་གུས་ཕྱག་འཚལ༔ ཡུལ་དྲུག་རང་སར་དག་པས་མཆོད༔ གསང་གསུམ་ཡོན་ཏན་རྫོགས་ལ་བསྟོད༔ ཐུགས་དབུས་མི་ཤིགས་རྡོ་རྗེའི་དཀྱིལ༔ ཉི་སྟེང་ཧྲཱིཿཡིག་དམར་པོ་ལ༔ འོད་ཟེར་ཕྲེང་བ་འཁྲིགས་པ་ལས༔ ཧྲཱིཿཡིག་ཚྭ་ཚྭ་སྐར་ལྟར་འཁྲིགས༔ དེ་དག་གྲངས་སྙེད་རྟ་མགྲིན་སྐུ༔ གསལ་འཚེར་ཧཱུྃ་དང་ཕཊཿསྒྲ་སྒྲོག༔ མེ་དཔུང་འུར་འུར་ཆེམ་ཆེམ་འཕྲོས༔ ཚེ་བདུད་ལོག་འདྲེན་འབྱུང་པོའི་ཚོགས༔ བསྲེག་ཅིང་གཞོམ་གཞིག་བསྐྲད་པར་བསམ༔ ཚུར་འདུས་བ་སྤུའི་བུ་ག་རྣམས༔ གོ་མཚམས་མེད་པར་རབ་ཏུ་གཏམས༔ སྣང་སྲིད་གཞིར་བཞེངས་ཆེན་པོ་རུ༔ སྣང་སྟོང་ཟུང་འཇུག་ཡི་གེ་ཧྲཱིཿ མ་ཡེངས་དགོངས་པ་རྩལ་སྦྱོང་བཟླ༔ ཧྲཱིཿ ཉིན་མཚན་ཞག་ལ་ལྔ་ཁྲི་བཟླ༔ སྐྱེ་འཆི་མེད་པའི་རིག་པ་འཛིན༔ བགྲེས་རྒུད་མེད་པའི་ལང་ཚོ་བརྙེས༔ གཞོམ་གཞིག་བྲལ་བའི་ཚེ་ལ་དབང༔ ཐེ་ཚོམ་བདུད་ཀྱི་ཞགས་པ་ཆོད༔ མོས་གུས་ཡིད་ཆེས་གནད་དུ་སྨིན༔ དམ་མེད་ལོག་པའི་ཁར་མ་བཙུད༔ སྐལ་བ་ལྡན་ལ་གཏད་དོ་རྒྱ༔ སྣང་གྲགས་རིག་གསུམ་གདན་གསུམ་ལྷའི༔ སྐྱེ་འཆི་གཉིས་མེད་དེ་བཞིན་ཉིད༔ ཡེ་ཤེས་གྲུབ་པའི་སྐུ་གསུང་ཐུགས༔ རྡོ་རྗེ་གསུམ་ལྡན་ངང་ནས་བསྙེན༔ ཨོཾ་ཨཱཿམ་ཧཱ་གུ་རུ་བྷུ་མི་རཱ་ཛ་ཨ་ཡུར་ཛྙཱ་ན་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཁྱེར་སོ་གསུམ་ལྡན་ངང་ནས་སྔགས་ཀྱི་གྲངས༔ འབུམ་ཕྲག་གཅིག་གིས་ཚེ་ཡི་འགལ་རྐྱེན་སེལ༔ འབུམ་གཉིས་བཟླས་པས་སྐྱེ་འགྲོའི་སྲོག་ལ་དབང༔ འབུམ་ཕྲག་གསུམ་གྱིས་རྡོ་རྗེའི་རྫོངས་སུ་ཚུད༔ འཕོས་ཚེ་རིག་འཛིན་རྒྱལ་བའི་ས་ལ་སྙེག༔ ས་མ་ཡཱ༔ མཐར་ནི་དམིགས་མེད་ཆོས་སྐུའི་མཁའ་རུ་བཙུད༔ རང་བྱུང་ཡེ་རྫོགས་གྲུབ་དབང་ཨེ་མ་ཧོ༔ སླར་ཡང་སྣང་ཞེན་ལྷ་སྐུའི་ཕྱག་རྒྱར་བཞེང༔ གཞོམ་བྲལ་རྡོ་རྗེའི་གོ་ཆ་བླ་ན་མེད༔ དགེ་བའི་རྩ་བ་འཁོར་གསུམ་ཡང་དག་བསྔོ༔ གྲུབ་དབང་རྒྱལ་པོ་བྱང་ཆུབ་སྙིང་པོའི་བར༔ འབྲལ་མེད་དུས་གསུམ་འགྲོག་པའི་ཤིས་པ་སྩོལ༔ ཅེས་འདི་རང་བྱུང་དབྱིངས་ཀྱི་ཆོས༔ ཕལ་པའི་བློ་ཡི་སྤྱོད་ཡུལ་མིན༔ ཨོ་རྒྱན་ཆེན་པོའི་བྱིན་རླབས་ཆགས༔ མ་གཟའ་དམ་གསུམ་བཀའ་འདི་འཚོས༔ སྐལ་བ་ལྡན་ལ་གཏད་དོ་རྒྱ༔ ལོག་ལྟ་ཅན་ལ་གསང་ངོ་རྒྱ༔ མནྟྲ་གུ་ཧྱ༔ སློབ་བུ་པདྨའི་ལུང་གིས་བསྔགས་པའི་མཁས་བཙུན་བཟང་པོའི་དཔལ་གྱིས་མངོན་པར་མཐོ་བའི་དམ་པ་རིག་གྲོལ་གྱིས་བསྐུལ་བ་ལ་བརྟེན་ནས༔ གྲུབ་པའི་དབང་པོའི་རྣམ་འགྱུར་ཡང་ཡང་མཐོང་ཞིང་སྒྲུབ་ཐབས་ཡང་བྱིན་རླབས་ཀྱི་ཚན་ཁ་ཁྱད་དུ་འཕགས་པར་གོ་ནས་དུས་ཚེས་བཟང་པོ་ལ་སྤྲུལ་པའི་གཏེར་སྟོན་གཞན་ཕན་བཟང་པོས་རྟེན་འབྲེལ་གྱི་ཆོས་སུ་ཕུལ་བ་དགེ་ལེགས་འཕེལ༔

རྗེ་བཙུན་མི་ལའི་བླ་མའི་རྣལ་འབྱོར་དངོས་གྲུབ་འདོད་པ་འཇོ་བའི་གཏེར།

བཀའ་དྲིན་མཚུངས་མེད་བླ་མར་འདུད༔ རྗེ་བཙུན་བླ་མའི་རྣལ་འབྱོར་ནི༔ དངོས་གྲུབ་འདོད་པ་འཇོ་བའི་གཏེར༔ སྤྲོས་མེད་ཉམས་ལེན་འདི་ན་ངོམ༔ ས་མ་ཡཱ༔ ཨེ་མ་ཧོ༔ མཆོག་གསུམ་རྩ་གསུམ་ངོ་བོ་ཡོངས་བསྡོམས་པའི༔ རྗེ་བཙུན་བཞད་པ་རྡོ་རྗེར་སྐྱབས་སུ་མཆི༔ འགྲོ་ཀུན་རྣམ་མཁྱེན་སངས་རྒྱས་ལ་འགོད་ཕྱིར༔ རྗེ་བཙུན་བླ་མའི་གསང་གསུམ་བསྒྲུབ་པར་བགྱི༔ ཨཱཿ འཁོར་འདས་ཆོས་ཀུན་བློ་ལས་འདས༔ དེ་ཉིད་གདོད་མ་སེམས་ཀྱི་གཤིས༔ མ་རྟོགས་འགྲོ་ལ་སྙིང་རྗེའི་རྩལ༔ རང་ལུས་ཐ་མལ་སྤྱི་གཙུག་ཏུ༔ པདྨ་ཐབས་ཤེས་ཉི་ཟླའི་སྟེང༔ རང་རིག་དོན་གྱི་བླ་མ་རྗེ༔ རྗེ་བཙུན་ཧ་ས་བཛྲ་ནི༔ སྐུ་མདོག་སྨུག་པོ་ཞི་ཆགས་བཞད༔ དབུ་སྐྲ་ལྕང་ལོ་གནག་སྣུམ་བརྗིད༔ སྙན་རྒྱན་དུང་གི་ཝ་མིག་སྤྲས༔ ཕྱག་གཡས་འགྲམ་བཏེགས་ཉམས་མགུར་ལེན༔ གཡོན་པ་ངལ་གསོའི་ཕྱག་རྒྱ་མཛད༔ ཞབས་གཉིས་ཕྱེད་སྐྱིལ་སྒེག་ལ་དཔའ༔ ཨཾ་རག་སྔོན་པོ་དར་གཟན་དཀར༔ སྒོམ་ཐག་དབང་མདོག་འཁོར་གཅིག་དཀྲིས༔ མོས་པའི་བུ་ལ་དགོངས་པ་གཏད༔ དམ་ཚིག་ཡེ་ཤེས་གཉིས་སུ་མེད༔ སྙིང་ཁར་ཁུ་རྡུལ་དྭངས་མའི་སྟེང༔ མར་སྟོན་ཆོས་ཀྱི་བློ་གྲོས་ནི༔ རྒྱལ་ཀུན་འདུས་པའི་ངོ་བོར་བཞུགས༔ བརྩེ་ཆེན་འགྲོ་ལ་བྱིན་གྱིས་རློབས༔ སྤྱི་བོར་རིགས་བདག་རྡོ་རྗེ་སེམས༔ འཁོར་དུ་རྩ་གསུམ་སྲུང་མས་བསྐོར༔ ལྷ་ཚོགས་ཁྱེད་རྣམས་གསང་གསུམ་གྱི༔ དངོས་གྲུབ་མ་ལུས་བདག་ལ་སྩོལ༔ ཁྱེད་ལས་རེ་ས་གཞན་ན་མེད༔ འདི་ཕྱིའི་བདེ་ལེགས་དུས་འདིར་སྩོལ༔ ལྟ་སྒོམ་སྤྱོད་པ་མཐར་ཕྱིན་གྱི༔ ཉམས་མྱོང་བདག་རྒྱུད་སྨིན་གྲོལ་མཛོད༔ གཏད་པ་བཞི་ཡི་མལ་ས་ནས༔ རྩ་ཐིག་རླུང་གི་སྒྲིབ་པ་དག༔ ཚེ་འདིར་འཕོ་ཆེན་འགྲུབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་ཧ་ས་བཛྲ་ཀཱ་ཡ་ཝཀྐཱ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་འདི་བྱིན་རླབས་དྲི་བསུང་ཐུལ༔ ཕལ་པའི་བློ་ཡི་ཡུལ་ལས་འདས༔ ཚིག་ལ་མི་ལྟོས་དོན་གྱིས་འབྱེད༔ མཐོང་ཐོས་དྲན་པས་འགྲོ་ཕན་འགྱུར༔ དད་ལྡན་དཔལ་དབྱངས་ཀྱིས་བསྐུལ་ངོར༔ ཆོས་མེད་ས་ར་ཧི་ཏས་སྨྲས༔ དགེའོ༔

རྗེ་བཙུན་བླ་མ་ཞབས་དཀར་བའི་བླ་སྒྲུབ་བྱིན་རླབས་བདུད་རྩིའི་བུམ་པ།

རྗེ་བཙུན་བླ་མ་ཞབས་དཀར་བའི་བླ་སྒྲུབ་བྱིན་རླབས་བདུད་རྩིའི་བུམ་པ་བཞུགས༔ ཨེ་མ་ཧོ༔ སྐྱབས་གནས་ཀུན་འདུས་བླ་མ་ལ༔ སྐྱབས་སུ་མཆི་འོ་བྱིན་གྱིས་རློབས༔ འགྲོ་ཀུན་རང་རིག་བླ་མ་ཡི༔ གོ་འཕང་མཆོག་ལ་འགོད་པར་བྱ༔ མདུན་མཁར་བཀོད་ལེགས་སྤྲུལ་པའི་ཞིང༔ ངོ་མཚར་རྨད་བྱུང་གཞལ་མེད་ཁང༔ དེ་དབུས་པད་ཉི་ཟླ་བའི་སྟེང༔ གསུམ་ལྡན་བླ་མ་རིན་པོ་ཆེ༔ རྗེ་རྩ་བའི་བླ་མ་རྡོ་རྗེ་འཆང༔ དཔལ་ཞབས་དཀར་བླ་མ་མཚར་ལ་འཛུམ༔ དར་ཆས་གོས་གཟན་ཤམ་སྒོམ་ཐག་སྤྲས༔ དབུ་ལྕང་ལོའི་ཟུར་ཕུད་དར་གྱིས་མཛེས༔ ཞབས་དཀྱིལ་ཀྲུང་ཕྱག་གཉིས་ཆོས་འཆད་མཛད༔ གསུང་སྙན་པའི་ཚངས་དབྱངས་མགུར་མ་ལེན༔ ཐུགས་བརྩེ་ཆེན་ལྡན་པའི་བུ་ལ་གཏད༔ བདག་སྒོ་གསུམ་གུས་པས་ལྷ་ཕྱག་འཚལ༔ དཔེ་མེད་པའི་དངོས་ཡིད་མཆོད་ཚོགས་འབུལ༔ ཡེ་ཐོག་མེད་བསགས་པའི་སྡིག་ལྟུང་བཤགས༔ ཐེག་གསུམ་གྱི་ཆོས་ལ་རྗེས་ཡི་རངས༔ བཀའ་འགྲོ་བློའི་མུན་སེལ་ཆོས་འཁོར་བསྐུལ༔ མགོན་མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ དུས་གསུམ་གྱི་དགེ་ཚོགས་འགྲོ་ལ་བསྔོ༔ བདག་ཐུགས་ཡིད་གཅིག་འདྲེས་དངོས་གྲུབ་སྩོལ༔ ཨེ་མ་ཧོ༔ དང་པོ་བླ་མ་བསྟེན་ནས་གདམས་ངག་ཞུས༔ བར་དུ་རྒྱུ་འབྲས་འདོར་ལེན་དགེ་ལ་བརྩོན༔ ཐ་མ་འཁོར་ཚོགས་མ་ལུས་དོང་ནས་སྤྲུགས༔ ཞབས་དཀར་རྡོ་རྗེ་འཆང་ལ་གསོལ་བ་འདེབས༔ རང་ངམ་གཞན་ནས་གསུངས་པའི་གསོལ་འདེབས་ནི༔ བརྒྱ་སྟོང་སྐབས་དང་བསྟུན་ཏེ་བཟླ༔ རྗེས་སུ་དབང་ཡིད་ལེན་པ་ནི༔ ཨོཾ་ཨཱཿཧཱུྃ་ཧྲཱིཿ རྗེ་བླ་མའི་སྤྱི་མགྲིན་སྙིང་ལྟེ་ལྔར༔ འོད་དཀར་དམར་མཐིང་སེར་ལྗང་བའི་མདོག༔ དཔེ་མཁའ་ལ་འཇའ་ཚོན་བཀྲ་བ་བཞིན༔ བདག་སློབ་བུའི་གནས་ལྔར་ཐིམ་པ་ཡིས༔ སྒྲིབ་བཞི་དག་དབང་བཞི་བསྒོམ་པ་དང༔ ཚེ་ལ་དབང་རིག་འཛིན་རྣམ་བཞི་དང༔ སྐུ་བཞི་ཡི་གོ་འཕང་མངོན་དུ་གྱུར༔ མཐར་སྐྱབས་ཡུལ་བླ་མ་འོད་དུ་ཞུ༔ སེམས་སྟོང་ཉིད་དབྱིངས་ཐིམ་ཨ་ལ་ལ༔ མཐར་ནི་མི་དམིགས་གཤིས་ལ་ཀློད༔ ཐུགས་ཡིད་གཅིག་ཏུ་བསྲེ་བ་གནད༔ སླར་ཡང་ལྡང་བའི་དུས་སུ་ནི༔ དགེ་བསྔོ་ཤིས་བརྗོད་སྤྱི་ལྟར་བྱ༔ ཞེས་འདི་བསྟན་པའི་རྒྱན་གཅིག་པུ༔ སྒྲུབ་མཆོག་དགྱེས་པའི་ལང་ཚོ་ཡིས༔ ལེགས་མཛེས་དམ་པ་དེ་ཉིད་ཀྱི༔ བཀའ་གསུང་ལྡོག་ཏུ་མི་ནུས་ཕྱིར༔ སྤྲུལ་མིང་འཁྱམས་པོ་གཞན་ཕན་པས༔ དད་དང་གུས་པའི་སེམས་ཀྱིས་བྲིས༔ ཡོངས་ལ་ཕན་ཞིང་དམ་པ་དེའི༔ སྐུ་ཚེ་བརྟན་པའི་རྒྱུར་གྱུར་ཅིག༔ ཤུ་བྷཾ༔

སངས་རྒྱས་སྨན་བླའི་སྒྲུབ་ཐབས་ཀྱི་གསོལ་འདེབས་དྲང་སྲོང་བདེན་ཚིག

ཡང་གསང་མཁའ་འགྲོའི་ཐུགས་ཐིག་ཆ་ལག་ཏུ༔ གསོལ་འདེབས་དྲང་སྲོང་བདེན་ཚིག་བཞུགས༔ བདེ་གཤེགས་བརྒྱད་ལ་གུས་ཕྱག་འཚལ༔ འགྲོ་བའི་མུན་པ་སེལ་བའི་གཉེན༔ བདེ་གཤེགས་གསོལ་བ་འདེབས་པའི་ཚིག༔ དྲང་སྲོང་སྨོན་ལམ་ཞེས་བྱ་བ༔ དད་གུས་མོས་པས་འདི་ལྟར་ཐོབ༔ ཨོཾ་ན་མོ་བུདྡྷ་སཔྟ་ཨརྷ་ཏེ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ སྔོན་ཚེ་བཻཌཱུརྱ་སྣང་ཞིང་ཁམས་ནས༔ བདེ་གཤེགས་སྨན་པའི་རྒྱལ་པོ་ལ་གསོལ་བ་འདེབས༔ ཚེ་ཡི་བར་ཆད་འབྱུང་བའི་ནད་གདོན་བཟློག༔ བདེ་ཆེན་ས་ལ་དབུགས་དབྱུང་ལུང་བསྟན་ཤོག༔ སྔོན་ཚེ་ཐུགས་བསྐྱེད་སྨོན་ལམ་ཞལ་བཞེས་པའི༔ བཅོམ་ལྡན་བདེ་གཤེགས་བདུན་ལ་གསོལ་བ་འདེབས༔ ཚེ་ཡི་བར་ཆད་འབྱུང་བའི་ནད་གདོན་བཟློག༔ བདེ་ཆེན་ས་ལ་དབུགས་དབྱུང་ལུང་བསྟན་ཤོག༔ མཐའ་ཡས་འགྲོ་བའི་ཁམས་བཞིན་དོན་མཛད་པ༔ བྱང་ཆུབ་སེམས་དཔའ་བརྒྱད་ལ་གསོལ་བ་འདེབས༔ ཚེ་ཡི་བར་ཆད་འབྱུང་བའི་ནད་གདོན་བཟློག༔ བདེ་ཆེན་ས་ལ་དབུགས་དབྱུང་ལུང་བསྟན་ཤོག༔ བདེ་གཤེགས་སྤྱན་སྔར་ཐུགས་བསྐྱེད་ཞལ་བཞེས་མཛད༔ གནོད་སྦྱིན་བཀའ་འཁོར་རྣམས་ལ་གསོལ་བ་འདེབས༔ ཚེ་ཡི་བར་ཆད་འབྱུང་བའི་ནད་གདོན་བཟློག༔ བདེ་ཆེན་ས་ལ་དབུགས་དབྱུང་ལུང་བསྟན་ཤོག༔ བཀའ་ཡི་འབངས་གྱུར་ལེགས་ཉེས་སྟངས་འཛིན་ཅིང་༔ རྒྱལ་ཆེན་ཕྱོགས་སྐྱོང་སྨན་གྱི་ལྷ་མོ་བདུན༔ གསོལ་བ་འདེབས་སོ་འབྱུང་བཞིའི་ནད་གདོན་བཟློག༔ བདེ་ཆེན་ཞིང་ལ་དབུགས་དབྱུང་ལུང་བསྟན་ཤོག༔ མོས་པའི་བུ་ལ་དགོངས་ཤིང་བྱིན་གྱིས་རློབས༔ སྐྱབས་ཡུལ་རྣམས་ལས་འོད་ཟེར་ལྔ་ལྡན་འཕྲོས༔ བདག་སོགས་འགྲོ་ལ་ཕོག་ཅིང་སྒྲིབ་གཉིས་སྦྱངས༔ ཚོགས་ཆེན་གཉིས་རྫོགས་དོན་གཉིས་ལྷུན་གྱིས་གྲུབ༔ དམ་པ་སྐུ་གཉིས་མངོན་གྱུར་བྱང་ཆུབ་ཤོག༔ ཅེས་བརྗོད་ཡོན་ཏན་ཕུལ་བྱུང་ཆོས༔ འགྲོ་བའི་སྒྲིབ་སྦྱངས་བདེ་བ་ཐོབ༔ འཆི་ཚེ་བདེ་གཤེགས་བདུན་གྱིས་བསུ༔ ཕྱིར་མི་ལྡོག་པའི་ས་ལ་བགྲོད༔ སངས་རྒྱས་ཐོབ་པར་ཐེ་མི་ཚོམ༔ འདི་ཕྱིར་འཚེང་བའི་ཆོས་ཡིན་ཡང་༔ ཨོ་རྒྱན་བདག་གིས་འཁོར་ལ་གདམས༔ ཕ་ནོར་བུ་ལ་ཕོག་ལྟར་འོང་༔ སློབ་དཔོན་ལུང་གིས་བསྔགས་པའི་བུ༔ པདྨ་ཤ་ས་ན་དྷ་རས༔ བསྐུལ་ཕྱིར་དགོངས་པའི་ཀློང་ནས་བཏོན༔ དད་ཅན་ཆོས་ཀྱི་སྟོན་མོར་སྤྱོད༔ ཡོངས་ལ་སྨན་པའི་གཉེན་དུ་གྱུར༔ ས་མ་ཡཱ༔

སངས་རྒྱས་སྨན་བླའི་སྒྲུབ་ཐབས་ནད་གདོན་མཐར་བྱེད།

ཡང་གསང་མཁའ་འགྲོའི་ཐུགས་ཐིག་ཆ་ལག་ཏུ༔ སངས་རྒྱས་སྨན་བླའི་སྒྲུབ་ཐབས་ནད་གདོན་མཐར་བྱེད་བཞུགས༔

སངས་རྒྱས་ཀུན་གྱི་བདག་ཉིད་མཆོག༔ ནད་གདོན་སྡུག་བསྔལ་མཐར་བྱེད་ཅིང་༔ འགྲོ་དྲུག་གནས་ནས་འདྲེན་མཛད་པ༔ བདེ་གཤེགས་བརྒྱད་ལ་གུས་ཕྱག་འཚལ༔ དེ་ལ་འདི་ལྟར་སྨན་རྒྱལ་གྱི༔ སྒྲུབ་པ་སྦྱོར་དངོས་རྗེས་དང་གསུམ༔ སྦྱོར་བ་ཡོ་བྱད་ཀྱི་རིམ་པ༔ དཀྱིལ་འཁོར་སྤྱི་མཐུན་ཡང་ན་འབྲུའི༔ ཚོམ་བུ་ལྷ་གྲངས་དང་བསྟུན་ནས༔ གཏོར་མ་དཀར་ཟླུམ་གཙོ་འཁོར་བརྒྱད༔ མཆོད་པ་ཉེར་ལྔས་མཐའ་ནས་བསྐོར༔ རྣལ་འབྱོར་བདེ་བའི་སྟན་ལ་འདུག༔ མདུན་མཁར་མཆོག་གསུམ་སྨན་གྱི་ལྷ༔ དྲང་སྲོང་བདེན་ཚིག་གྲུབ་ཀུན་དམིགས༔ ན་མོ༔ བདག་སོགས་འགྲོ་ཀུན་བྱང་ཆུབ་བར༔ བླ་མ་མཆོག་གསུམ་རྩ་བ་གསུམ༔ སྨན་རྒྱལ་མཆེད་བརྒྱད་ལྷ་ཚོགས་ལ༔ སྐྱབས་སུ་མཆི་འོ་ཐུགས་རྗེས་ཟུང༔ ཧོ༔ བདག་དང་མཁའ་མཉམ་ཡིད་ཅན་འགྲོ༔ རྣམ་མཁྱེན་སངས་རྒྱས་ལ་འགོད་ཕྱིར༔ སྨན་གྱི་བླ་མ་བསྒྲུབ་ནས་ནི༔ ཡང་དག་དོན་ལ་སྦྱོར་བར་བྱ༔ ཨེ་མ་ཧོ༔ ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དགོངས༔ མདུན་མཁར་པད་ཟླའི་གདན་ལ་བཞུགས༔ སྒོ་གསུམ་གུས་པས་ཕྱག་མཆོད་འབུལ༔ སྒོ་གསུམ་སྡིག་བཤགས་དགེ་རྗེས་རངས༔ རྟག་པར་བཞུགས་གསོལ་ཆོས་འཁོར་བསྐུལ༔ དགེ་རྩ་བྱང་ཆུབ་ཆེན་པོར་བསྔོ༔ ཡང་དག་བདེ་ཆེན་དོན་རྟོགས་ཤོག༔ དེ་ཡིས་སྦྱོར་བའི་ཆོས་རྣམས་རྫོགས༔ དངོས་གཞི་དྲན་རྫོགས་བསྒོམ་པ་ནི༔ ཨཱ༔ ཆོས་རྣམས་རང་བཞིན་སྤྲོས་དང་བྲལ༔ མ་རྟོགས་འགྲོ་ལ་སྙིང་རྗེའི་གདངས༔ རྩལ་ལས་རང་སེམས་ཧཱུྃ་སྔོན་པོ༔ འོད་འཕྲོས་དོན་གཉིས་བྱས་པ་ལས༔ ཡོངས་གྱུར་བུདྡྷ་བཻ་ཥ་ཛྱེ༔ སྐུ་མདོག་བཻཌཱུརྱ་ཡི་འོད༔ ཞལ་གཅིག་ཕྱག་གཉིས་ཞབས་སྐྱིལ་ཀྲུང༔ ཆོས་གོས་རྣམ་གསུམ་སྐུ་ལ་གསོལ༔ ཕྱག་གཡས་མཆོག་སྦྱིན་རྣམ་རྒྱལ་མཛེས༔ ཕྱག་གཡོན་མཉམ་བཞག་ལྷུང་བཟེད་བསྣམས༔ ཕྱི་རོལ་པད་ཟླའི་གདན་གྱི་སྟེང༔ མཚན་ལེགས་ཤཱཀ་ཐུབ་བདེ་གཤེགས་བདུན༔ ཚངས་པར་སྤྱོད་པའི་ཆ་ལུགས་ཅན༔ མཚན་དཔེའི་གཟི་བྱིན་རབ་འབར་བའི༔ འཁོར་དུ་ལྷ་དང་དྲང་སྲོང་ཀུན༔ མ་འདྲེས་མཁའ་ལ་འཇའ་ཚོན་བཞིན༔ གསལ་བའི་གནས་གསུམ་འབྲུ་གསུམ་ལས༔ འོད་འཕྲོས་ཤར་ཕྱོགས་མངོན་དགའི་ཞིང༔ སྐུ་གསུམ་དག་པའི་ཞིང་ཁམས་ནས༔ བདེ་གཤེགས་སྨན་རྒྱལ་སྲས་དང་བཅས༔ སྤྱན་དྲངས་དམ་ཚིག་པ་ལ་བསྟིམས༔ ཧཱུྃ༔ སྔོན་ཚེ་བསྐལ་པའི་དང་པོ་ལ༔ ཐུགས་བསྐྱེད་སྨོན་ལམ་མཛད་པ་བཞིན༔ བདག་སོགས་ནད་གདོན་བསལ་བ་དང༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གུ་རུ་བཻ་ཥ་ཛྱེ་བཛྲ་ས་མ་ཡཱ་ཛཿཛ༔ ཧོ༔ སྣང་སྲིད་དག་མཉམ་དཀྱིལ་འཁོར་དུ༔ སྨན་རྒྱལ་འཁོར་དང་བཅས་པ་རྣམས༔ མི་གཡོ་བརྟན་པར་བཞུགས་ནས་ཀྱང༔ ནད་གདོན་མ་ལུས་དག་མཛད་གསོལ༔ ཏིཥྛ་ལྷན༔ ཧོ༔ རང་ཉིད་ལྷ་ལ་ལྷ་ཉིད་རང༔ ཡེ་ནས་འདུ་བྲལ་རིག་པའི་གཤིས༔ ཆུ་ཟླའི་གར་བསྒྱུར་རང་ཤར་ལྷ༔ འཕྲུལ་དགའི་ཚུལ་གྱིས་འདུད་པར་བྱ༔ ཨ་ཏི་པུ་ཧོ༔ པྲ་ཏིཙྪ་ཧོ༔ ཧོ༔ དངོས་སུ་འབྱོར་དང་ཡིད་ཀྱིས་ལེགས་སྤྲུལ་པའི༔ ཉེར་སྤྱོད་ལྔ་དང་སྨན་གཏོར་རཀྟ་དང༔ ཏན་གན་སྦྱོར་སྒྲོལ་ཀུན་བཟང་མཆོད་པའི་སྤྲིན༔ ཡེ་ནས་དག་མཉམ་ཆེན་པོའི་ཀློང་དུ་བཞེས༔ སརྦ་པཱུ་ཙ་ས་མ་ཡཱ་ཨཱཿཧཱུྃ༔ ཧཱུྃ༔ སྐུ་མདོག་བཻ་ཌཱུརྱ་ཡི་རི་བོ་འདྲ༔ ཞལ་གཅིག་ཕྱག་གཉིས་མཆོག་སྦྱིན་མཉམ་བཞག་ཅན༔ ཞབས་གཉིས་སྐྱིལ་ཀྲུང་པད་ཟླའི་གདན་ལ་བཞུགས༔ བཅོམ་ལྡན་སྨན་གྱི་ལྷ་ལ་ཕྱག་འཚལ་བསྟོད༔ བདེ་གཤེགས་བདུན་དང་སེམས་དཔའ་མཆོག་ཟུང་དང༔ ཉེ་སྲས་བརྒྱད་དང་ཉན་ཐོས་ཕྱོགས་སྐྱོང་བཅུ༔ ཚངས་དབང་རྒྱལ་ཆེན་བཞི་དང་དཀར་ཕྱོགས་སྐྱོང༔ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ རང་ཉིད་སྨན་གྱི་བླ་མ་ཡི༔ ཐུགས་ཀར་པདྨ་ཟླ་བའི་གདན༔ ཧཱུྃ་ཡིག་རང་མདོག་འོད་འབར་བའི༔ མཐའ་སྐོར་གཟུངས་སྔགས་གཡས་བསྐོར་བའི༔ འོད་ཀྱིས་འཕགས་མཆོད་བྱིན་རླབས་བསྡུས༔ འགྲོ་བའི་སྒྲིབ་སྦྱངས་བདེ་ལ་བཀོད༔ སྡེ་བརྒྱད་དྲེགས་ཚོགས་ཚར་བཅད་ནས༔ བྲན་བཀོལ་ཅི་བསྒོས་ལས་བསྒྲུབ་གྱུར༔ ཅེས་བསམ་གཟུངས་སྔགས་རྣམ་གྲངས་གསུམ༔ དང་པོ་གཟུངས་ཐུང་ཅི་འགྲུབ་བཟླ༔ དེ་ནས་གྷུ་མེ་བདུན་ཕྲག་བདུན༔ སིདྡྷི་བདུན་ཕྲག་བཟླས་པའི་མཐར༔ བདེ་གཤེགས་བདུན་གྱི་མཚན་བརྗོད་ནི༔ བདུན་བདུན་བཞི་བཅུ་ཞེ་དགུ་བསགས༔ དེ་ནས་སྟོན་པའི་མཚན་བརྗོད་བདུན༔ བརྗོད་མཐར་འདོད་གསོལ་འདི་བཞིན་གདབ༔ ཀྱཻ་ཧོ་བཅོམ་ལྡན་བདེ་གཤེགས་བདུན༔ སྔོན་གྱི་ཐུགས་བསྐྱེད་ཞལ་བཞེས་བཞིན༔ བདག་སོགས་འགྲོ་ལ་བྱིན་གྱིས་རློབས༔ མི་འདོད་རྐྱེན་དང་བར་ཆད་བཟློག༔ ཚེ་བསོད་ལོངས་སྤྱོད་འབར་དུ་གསོལ༔ ནད་རིགས་མི་འདོད་ཡོད་དོ་ཅོག༔ མཐའ་དག་ཞི་བར་མཛད་དུ་གསོལ༔ མཐར་ཐུག་བདག་དང་བདག་སོགས་ལ༔ འབྲེལ་ཐོགས་རྣམ་མཁྱེན་སངས་རྒྱས་ཀྱི༔ གོ་འཕང་ས་ལ་དབུགས་དབྱུང་ཤོག༔ དེ་མཐར་མཆོད་བསྟོད་དངོས་གྲུབ་ལེན༔ ནོངས་བཤགས་བསྔོ་སྨོན་བསྡུ་རིམ་དང་༔ ཤིས་པ་བརྗོད་པས་མཐའ་བརྒྱན་བྱ༔ ས་མ་ཡཱ༔ བརྡ་ཐིམ༔ མནྜ་གུ་ཧྱ༔ སྐུ་གསུང་ཐུགས་ཀྱི་རྒྱ་ཡོད་དོ༔ དེ་ལྟར་སྨན་བླའི་སྒྲུབ་ཐབས་འདི༔ ལས་སྐལ་ལྡན་པའི་གང་ཟག་གིས༔ བསྐུལ་ངོར་དབྱིངས་ཀྱི་བརྡ་ལས་བྱུང་༔ འགྲོ་དོན་བསྟན་པ་མཐའ་རྒྱས་ཤོག༔ བཀའ་སྲུང་སྨན་གྱི་ལྷ་མོ་ཡིས༔ དམ་མེད་ལག་ཏུ་ཤོར་ཏ་རེ༔ སྐལ་ལྡན་ཡོངས་ལ་གཏད་དོ་རྒྱ༔ མངྒ་ལཾ༔

སྨན་གྱི་ལྷ་མོའི་གཏོར་འབུལ་བསྡུས་པ་ནད་འཇོམས་བདུད་རྩིའི་ཁྲུས་བུམ།

ཡང་གསང་མཁའ་འགྲོའི་ཐུགས་ཐིག་ལས༔ ན་གྱི་ལྷ་མོའི་གཏོར་འབུལ་བསྡུས་པ་ནད་འཇོམས་བདུད་རྩིའི་ཁྲུས་བུམ་ སྨན་གྱི་ལྷ་ལ་གུས་པས་འདུད༔ སྨན་གྱི་ལྷ་མོའི་མཆོད་ཐབས་ནི༔ ཡིད་དང་མཐུན་པའི་གནས་ཁང་དུ༔ དཀར་གསུམ་ཕྱེ་ལ་དཀར་ཟླུམ་གཟུགས༔ མཐའ་མར་གཏོར་ཀྱུ་དཀར་མངར་རྫས༔ བསྐོར་ལ་རྣམ་ལྔས་ལེགས་པར་བརྒྱན༔ རྣལ་འབྱོར་སྨན་བླའི་ཏིང་འཛིན་གྱིས༔ སྨན་གྱི་ལྷ་མོ་སྤྱན་དྲངས་ཏེ༔ མདུན་མཁར་དགྱེས་བཞིན་བཞུགས་པར་གྱུར༔ ཧཱུྃ་ཧྲཱིཿ མ་བཅོས་སྤྲོས་བྲལ་ཀློང་ཡངས་ནས༔ སྨན་གྱི་ལྷ་མོ་གཤེགས་སུ་གསོལ༔ སྐྱེད་ཚལ་པད་ཟླའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་བའི་མཆོད་ཚོགས་འབུལ༔ གསང་གསུམ་ཡོན་ཏན་བསྟོད་པར་བགྱི༔ སྨན་གྱི་ལྷ་མོ་གདུང་སེལ་མ༔ སྤྲུལ་བསྒྱུར་མ་ངེས་དུ་མ་སྟོན༔ ཁྱད་པར་ཞི་བའི་ལྷ་མོ་ནི༔ མདོག་དཀར་དུང་གི་རང་བཞིན་ལ༔ མཚན་དཔེའི་གཟི་འོད་ཏ་ལ་ལ༔ ཞལ་གཅིག་སྤྱན་གཉིས་འཛུམ་མདངས་ལྡན༔ ཕྱག་གཉིས་སྒྲ་སྙན་གླིང་བུ་འབུད༔ ཞབས་གཉིས་པད་ཟླར་བཞེངས་སྟབས་བཞུགས༔ སྙན་ཆ་གདུ་བུ་སི་ལི་ལི༔ དར་དཔྱངས་ཅོད་པཎ་པུ་རུ་རུ༔ མ་ངེས་ཆོ་འཕྲུལ་མཛད་ལ་བསྟོད༔ ཁྱད་པར་ཁྱོད་ལ་ཕྲིན་ལས་བཅོལ་བ་ནི༔ འདུ་ཁམས་དཀྲུག་པའི་ནད་ཀྱིས་འཚེ་སྲིད་ན༔ ཐུགས་བརྩེའི་སྨན་ཆེན་བདུད་རྩིས་གསོ་བར་མཛོད༔ བཞི་བརྒྱ་རྩ་བཞིའི་ནད་ཀྱི་གཡུལ་ངོ་ལས༔ རྣམ་པར་རྒྱལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ མི་འདོད་གདོན་རིགས་སྟོང་ཕྲག་བརྒྱད་ཅུ་ལས༔ ཡོངས་སུ་ཐར་བའི་སྡོང་གྲོགས་མཛད་དུ་གསོལ༔ ཕྲིན་ལས་རྣམ་བཞིའི་ལས་བཅོལ་གང་ཡིན་པ༔ གེགས་མེད་ཡིད་བཞིན་དཔལ་ལ་འགྲན་པར་མཛོད༔ དེ་ལྟར་སྨན་གྱི་ལྷ་མོའི་མཆོད་ཐབས་ནི༔ ཉམས་སུ་ལེན་པའི་གང་ཟག་དམ་པ་རྣམས༔ མི་འདོད་རྐྱེན་གྲོལ་མཐུན་པའི་དོན་ཀུན་འགྲུབ༔ དམ་མེད་ལོག་ལྟ་ཅན་ལ་གསང་ངོ་རྒྱ༔ དད་ཅན་སྐྱེས་བུ་ཡོངས་ཀྱི་དཔལ་དུ་ཤོག༔ མནྟྲ་གུ་ཧྱ་ས་མ་ཡཱ༔ བསམ་གཏན་ཡེ་ཤེས་གླིང་པས་རིག་པ་མཉམ་བཞག་གི་སྒྲོམ་ནས་བཏོན་པ་མངྒ་ལཾ༔ 

སྨན་བླའི་མཆོད་ཕྲེང་མཇུག་ཆོགསྨན་བླའི་མཆོད་ཕྲེང་མཇུག་ཆོག་བཞུགས༔ མཆོད་བསྟོད་ནོངས་བཤགས་དངོས་གྲུབ་བསྐུལ༔ དང་པོ་མཆོད་པའི་རིམ་པ་ནི༔ ཧཱུྃ༔ དངོས་སུ་འབྱོར་དང་ཡིད་སྤྲུལ་ཕྱི་ནང་གི༔ གཙང་ཞིང་གཙང་མར་སྦྱར་བའི་མཆོད་ཚོགས་ནི༔ སྨན་གཏོར་རཀྟ་རྫས་རྟགས་བཅུ་དྲུག་དང་༔ བདག་ཏུ་བཟུང་དང་མ་བཟུང་ཇི་སྙེད་ཀྱི༔ གླིང་བཞི་རི་རབ་ཉི་ཟླ་བྱེ་བ་བརྒྱ༔ ལྷ་ཀླུ་མི་ཡི་ལོངས་སྤྱོད་དཔལ་འབྱོར་ཚོགས༔ བློ་ཡིས་བླངས་ཏེ་བཅོམ་ལྡན་སྨན་གྱི་བླ༔ སྲས་བཅས་ཕྱོགས་བཅུའི་རྒྱལ་བ་རྒྱ་མཚོ་ལ༔ དངས་བའི་སེམས་ཀྱིས་འབུལ་ལོ་བཞེས་སུ་གསོལ༔ བདག་སོགས་འགྲོ་ལ་དབུགས་དབྱུང་བྱིན་གྱིས་རློབས༔ རྐྱེན་ངན་ནད་གདོན་ཞི་ཞིང་ཚེ་བསོད་རྒྱས༔ སྣང་བ་དབང་བསྡུས་བདུད་དཔུང་ཐུགས་རྗེས་གཞོམ༔ བདག་དང་འགྲོ་ཀུན་དགེ་རྩ་འདིའི་མཐུ་ལ༔ བརྟེན་ནས་སངས་རྒྱས་གོ་འཕང་མྱུར་ཐོབ་ཤོག༔ གཉིས་པ་བསྟོད་པའི་ལས་རིམ་ནི༔ བདུད་བཞིའི་དཔུང་བཅོམ་ཉོན་མོངས་ཉེས་ཕུང་སེལ༔ ཟབ་ཞི་སྤྲོས་བྲལ་རྣམ་མཁྱེན་བདུད་རྩི་བརྙེས༔ ལྷ་ཡི་ལྷ་མཆོག་རྒྱལ་བ་བདེ་གཤེགས་བརྒྱད༔ ཉན་རང་སྲས་བཅས་ཚོགས་ལ་གུས་པས་བསྟོད༔ གསུམ་པ་ཉམས་ཆག་བཤགས་པ་ནི༔ ཧོ༔ བཅོམ་ལྡན་བདེ་གཤེགས་ལྷ་ཚོགས་དགོངས་སུ་གསོལ༔ བདག་གིས་མི་ཤེས་མ་གུས་བག་མེད་པས༔ མདོ་དང་གཞུང་ལས་གསུངས་པའི་མཆོད་རྫས་དང༔ ཏིང་འཛིན་གཡེལ་ཞིང་ནུས་མཐུ་མ་མཆིས་པ༔ ཁྱེད་ཀྱི་ཐུགས་དང་འགལ་གྱུར་བཤགས་ཤིང་བསྡོམས༔ དག་ཚང་མཆོག་གི་དངོས་གྲུབ་དུས་འདིར་སྩོལ༔ ཡི་གེ་བརྒྱ་པ་ཅི་ནུས་དང༔ གཟུངས་སྔགས་སོགས་འདོན་ཉེས་སྒྲིབ་བཤགས༔ བཞི་པ་དངོས་གྲུབ་བསྐུལ་བ་ནི༔ ཨེ་མ་ཧོ༔ དགོངས་ཤིག་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དང༔ བདེ་གཤེགས་སྨན་གྱི་བླ་མའི་ལྷ་ཚོགས་དགོངས༔ རྣལ་འབྱོར་བདག་གི་བསྙེན་སྒྲུབ་ལས་སྦྱོར་མཐུས༔ ད་ནི་དངོས་གྲུབ་སྩོལ་བའི་དུས་ལ་བབས༔ ནམ་ལངས་ལྷ་ཡི་ཉི་ཤར་སྤྲིན་རྡོལ་དུས༔ དངོས་གྲུབ་སྙིང་གི་དཀྱིལ་དུ་འབྲུ་གསུམ་གྱི༔ རྣམ་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ རྩ་སྔགས་ཤམ་དུ་སྐུ་གསུང་ཐུགས༔ སྔགས་ཀྱི་མཇུག་ཏུ་སིདྡྷི་དང༔ ཨོཾ་ཨཱཿཧཱུྃ་དང་ཧྲཱིཿམང་བསྙེན༔ བརྒྱ་རྩ་བརྒྱད་ཀྱིས་དངོས་གྲུབ་ཐོབ༔ ཤིས་བརྗོད་བསྡུ་རིམ་སྨོན་ལམ་ནི༔ ཨེ་མ་ཧོ༔ སྐུ་ཡི་རང་བཞིན་མཚན་དཔེ་ཆོས་ཀྱི་སྐུ༔ གསུང་གི་བདག་ཉིད་ཚངས་དབྱངས་དྲུག་ཅུའི་གསུང༔ ཐུགས་ནི་རང་གསལ་རྣམ་མཁྱེན་རྒྱལ་བའི་ཐུགས༔ སྨན་གྱི་བླ་མའི་གསང་གསུམ་ཤིས་པ་སྩོལ༔ བདུད་བཞིའི་དཔུང་བཅོམ་ཉོན་མོངས་གཡུལ་ལས་རྒྱལ༔ ཟབ་ཞི་སྤྲོས་བྲལ་རྣམ་མཁྱེན་བདུད་རྩི་བརྙེས༔ ལྷ་ཡི་ལྷ་མཆོག་རྒྱལ་བ་བདེ་གཤེགས་བརྒྱད༔ རྒྱལ་བ་སྲས་དང་བཅས་པའི་བཀྲ་ཤིས་ཤོག༔ སྣང་བའི་ལྷ་སྐུ་སྟོང་པའི་དབྱིངས་སུ་བསྡུ༔ རྗེས་ཐོབ་ལྷ་སྐུ་གསལ་བའི་ཆ་བྱད་རྫོགས༔ གནས་གསུམ་ཡི་གེས་མཚན་པའི་འཁོར་ལོས་སྲུང༔ མེ་དཔུང་ཀློང་ནས་རཀྵ་ཛྭ་ལ་རཾ༔ ཧོ༔ རྒྱལ་བ་སྲས་བཅས་མཆོད་པའི་དགེ་རྩ་དང༔ བྱས་དང་བྱེད་འགྱུར་བསོད་ནམས་དམ་པའི་མཐུས༔ སངས་རྒྱས་བསྟན་དར་སྦྱིན་བདག་བར་ཆད་ཞི༔ འགྲོ་ཀུན་རྣམ་མཁྱེན་ས་ལ་རེག་པར་ཤོག༔ ས་མ་ཡཱ༔ དབྱིངས་ཀྱི་བརྡ་ལས་སྣང་བའི་ཆོས༔ ཕལ་པའི་བློ་ཡི་ཡུལ་ལས་འདས༔ ལོག་སྲེད་ཅན་ལ་ཕག་ཏུ་སྦས༔ ལས་སྐལ་ལྡན་ལ་གཏད་དོ་རྒྱ༔ སྨན་གྱི་ལྷ་མོས་གཏེར་འདི་འཚོས༔ འབྲེལ་ཚད་དོན་ལྡན་མཁའ་འགྲོའི་བརྡ༔ དི་པ་དེ་ཝ་སོགས་ལ་སྤྲོད༔ ཡིད་ཆེས་རྟགས་མཚན་འབྱུང་བར་ངེས༔ སྐུ་གསུང་ཐུགས་ཀྱི་རྒྱ་ཡོད་དོ༔ ཞེས་པ་འདི་འདྲ་ཞིག་དགོས་ཞེས་སྒྲུབ་བརྩོན་སྐྱེས་ཐོབ་ཀྱི་བློ་དང་ལྡན་པ་ཀརྨ་ལྷ་འཕན་གྱིས་བསྐུལ་ངོར་སློབ་བུ་མོས་གུས་ཅན་རྣམས་ལ་ཕན་ཕྱིར་ཧོར་གཞན་ཕན་བཟང་པོ་ཞེས་བྱ་བས་བྲིས་པ་དུས་གསུམ་དུ་དགེ་བར་གྱུར་ཅིག༔ མངྒ་ལཾ༔

སྨན་བླ་བདེ་གཤེགས་མཆེད་བརྒྱད་སྨོན་ལམ།

ཡང་གསང་མཁའ་འགྲོའི་ཐུགས་ཐིག་ལས༔ སྨན་བླ་བདེ་གཤེགས་མཆེད་བརྒྱད་སྨོན་ལམ་བཞུགས༔

མཚན་དང་གཟུངས་བདུན་བརྗོད་མཐར་ཚིག་འདི་ཡིས༔ སྔོན་གྱི་དམ་བཅའ་ཐུགས་དམ་བསྐུལ་ཕྱིར་གདོན༔ ཨེ་མ་ཧོ༔ སྔོན་ཚེ་བཅོམ་ལྡན་སྨན་པའི་རྒྱལ་པོ་ཡིས༔ ཐུགས་བསྐྱེད་སྨོན་ལམ་ཡིད་ལ་དྲན་བཞིན་དུ༔ མཚན་དང་གཟུངས་བདུན་བཟླས་པའི་བསོད་ནམས་མཐུས༔ ཡིད་ལ་དྲན་པའི་ལོངས་སྤྱོད་བདེ་འབྱོར་ལྡན༔ ཐེག་ཆེན་ལ་སྦྱོར་ཚུལ་ཁྲིམས་རྣམ་དག་འགྱུར༔ ལོག་པའི་ལས་བཟློག་ངན་སོང་གཡང་ས་གཅོད༔ དབང་པོ་ཚང་ཞིང་ནད་དང་སྡུག་བསྔལ་བྲལ༔ ལྟ་བ་རྣམ་དག་རྒྱལ་པོའི་ཆད་སྐྱོན་མེད༔ བཀྲེས་སྐོམ་ཅན་སེལ་བཟའ་བཏུང་འཐོབ་པ་སོགས༔ སྨོན་ལམ་ཆེན་པོའི་ཐུགས་བསྐྱེད་བྱིན་རླབས་མཐུས༔ བདག་སོགས་འགྲོ་ཀུན་ཚེ་འདིའི་རྐྱེན་ངན་སོལ༔ དག་པའི་ཞིང་ལ་ཐུགས་རྗེའི་སྟོབས་ཀྱིས་དྲོངས༔ སྐབས་དང་པོའོ༔ ཨེ་མ་ཧོ༔ སྔོན་ཚེ་བཅོམ་ལྡན་མཚན་ལེགས་རྒྱལ་པོ་ཡིས༔ ཐུགས་བསྐྱེད་སྨོན་ལམ་ཡིད་ལ་དྲན་བཞིན་དུ༔ མཚན་དང་གཟུངས་བདུན་བཟླས་པའི་བསོད་ནམས་མཐུས༔ ནད་གདོན་ཞི་ཞིང་དབང་པོའི་སྐྱོན་མི་འབྱུང༔ མཚམས་མེད་ལ་སོགས་ལས་ཀྱི་སྒྲིབ་པ་དག༔ བཀྲེས་ཕོངས་དཔལ་འབྱོར་རྒྱས་ཤིང་བརྡུང་བསད་མེད༔ འཐབ་རྩོད་ལ་སོགས་འཇིགས་པ་བརྒྱད་ལས་ཐར༔ སྨོན་ལམ་ཆེན་པོའི་ཐུགས་བསྐྱེད་བྱིན་རླབས་མཐུས༔ བདག་སོགས་འགྲོ་ཀུན་ཚེ་འདིའི་རྐྱེན་ངན་སོལ༔ དག་པའི་ཞིང་ལ་ཐུགས་རྗེའི་སྟོབས་ཀྱིས་དྲོངས༔ སྐབས་གཉིས་པའོ༔ ཨེ་མ་ཧོ༔ སྔོན་ཚེ་བཅོམ་ལྡན་སྒྲ་དབྱངས་རྒྱལ་པོ་ཡིས༔ ཐུགས་བསྐྱེད་སྨོན་ལམ་ཡིད་ལ་དྲན་བཞིན་དུ༔ མཚན་དང་གཟུངས་བདུན་བཟླས་པའི་བསོད་ནམས་མཐུས༔ ཚོང་དང་ཞིང་ལས་སྒྲིབ་དག་དཔལ་འབྱོར་རྒྱས༔ སྐྱེ་གནས་ངན་དང་བུད་མེད་སྐྱེ་སྒོ་ཁེགས༔ དུས་མིན་འཆི་དང་སྡུག་བསྔལ་མུན་གདོན་སྐྱོབ༔ ལོག་པའི་ལས་སྤྱོད་ལས་ལྡོག་ཆོས་ལ་སྤྱོད༔ ཉན་རང་ལམ་ནས་ཐེག་ཆེན་ས་ལ་སྦྱོར༔ དུས་མཐའི་མེ་འཇིགས་ལས་སྐྱོབ་དག་ཞིང་བསྒྲོད༔ སྨོན་ལམ་ཆེན་པོའི་ཐུགས་བསྐྱེད་བྱིན་རླབས་མཐུས༔ བདག་སོགས་འགྲོ་ཀུན་ཚེ་འདིའི་རྐྱེན་ངན་སོལ༔ དག་པའི་ཞིང་ལ་ཐུགས་རྗེའི་སྟོབས་ཀྱིས་དྲོངས༔ སྐབས་གསུམ་པའོ༔ ཨེ་མ་ཧོ༔ སྔོན་ཚེ་བཅོམ་ལྡན་གསེར་བཟང་རྒྱལ་པོ་ཡིས༔ ཐུགས་བསྐྱེད་སྨོན་ལམ་ཡིད་ལ་དྲན་བཞིན་དུ༔ མཚན་དང་གཟུངས་བདུན་བཟླས་པའི་བསོད་ནམས་མཐུས༔ ཚེ་ཡི་རྐྱེན་སེལ་རྐུ་འཕྲོག་བཀྲེས་སྐོམ་མེད༔ འཐབ་འཛིང་ལས་གྲོལ་འཇིགས་པ་མཐའ་དག་ཞི༔ ཚུལ་ཁྲིམས་འཆལ་བའི་སྐྱོན་ཁེགས་ཁྲིམས་ལྡན་འགྱུར༔ སྨོན་ལམ་ཆེན་པོའི་ཐུགས་བསྐྱེད་བྱིན་རླབས་མཐུས༔ བདག་སོགས་འགྲོ་ཀུན་ཚེ་འདིའི་རྐྱེན་ངན་སོལ༔ དག་པའི་ཞིང་ལ་ཐུགས་རྗེའི་སྟོབས་ཀྱིས་དྲོངས༔ སྐབས་བཞི་པའོ༔ ཨེ་མ་ཧོ༔ སྔོན་ཚེ་མྱ་ངན་མེད་མཆོག་རྒྱལ་པོ་ཡིས༔ ཐུགས་བསྐྱེད་སྨོན་ལམ་ཡིད་ལ་དྲན་བཞིན་དུ༔ མཚན་དང་གཟུངས་བདུན་བཟླས་པའི་བསོད་ནམས་མཐུས༔ མྱ་ངན་དང་ནི་སྡུག་བསྔལ་ཀུན་ལས་ཐར༔ དམྱལ་བ་ཚ་གྲང་སྡུག་བསྔལ་འཇིགས་ལས་སྐྱོབ༔ བཀྲེས་ཕོངས་ལས་ཐར་འདོད་དོན་ཕུན་ཚོགས་འཐོབ༔ གནོད་སྦྱིན་ཤ་ཟ་འབྱུང་པོའི་གནོད་པ་ཞི༔ སྨོན་ལམ་ཆེན་པོའི་ཐུགས་བསྐྱེད་བྱིན་རླབས་མཐུས༔ བདག་སོགས་འགྲོ་ཀུན་ཚེ་འདིའི་རྐྱེན་ངན་སོལ༔ དག་པའི་ཞིང་ལ་ཐུགས་རྗེའི་སྟོབས་ཀྱིས་དྲོངས༔ སྐབས་ལྔ་པའོ༔ ཨེ་མ་ཧོ༔ སྔོན་ཚེ་བཅོམ་ལྡན་ཆོས་བསྒྲགས་རྒྱ་མཚོ་ཡིས༔ ཐུགས་བསྐྱེད་སྨོན་ལམ་ཡིད་ལ་དྲན་བཞིན་དུ༔ མཚན་དང་གཟུངས་བདུན་བཟླས་པའི་བསོད་ནམས་མཐུས༔ ལོག་པར་ལྟ་བའི་ལམ་ལྡོག་ཐར་ལམ་རྙེད༔ མཐའ་འཁོབ་སྐྱེས་པའི་ལམ་སྟོར་ལམ་སྣ་ཟིན༔ བཀྲེས་སྐོམ་གྱིས་མནར་སྡིག་ལ་སྤྱོད་པ་རྣམས༔ དཔལ་འབྱོར་དང་ལྡན་སྡིག་པའི་བསམ་པ་ལྡོག༔ འཐབ་རྩོད་གསོད་གཅོད་འཇིགས་པ་ཀུན་ལས་སྐྱོབ༔ སྨོན་ལམ་ཆེན་པོའི་ཐུགས་བསྐྱེད་བྱིན་རླབས་མཐུས༔ བདག་སོགས་འགྲོ་ཀུན་ཚེ་འདིའི་རྐྱེན་ངན་སོལ༔ དག་པའི་ཞིང་ལ་ཐུགས་རྗེའི་སྟོབས་ཀྱིས་དྲོངས༔ སྐབས་དྲུག་པའོ༔ ཨེ་མ་ཧོ༔ སྔོན་ཚེ་ཆོས་བློ་མངོན་མཁྱེན་རྒྱལ་པོ་ཡིས༔ ཐུགས་བསྐྱེད་སྨོན་ལམ་ཡིད་ལ་དྲན་བཞིན་དུ༔ མཚན་དང་གཟུངས་བདུན་བཟླས་པའི་བསོད་ནམས་མཐུས༔ ཁེ་ཚོང་ཞིང་ལས་འཐབ་རྩོད་སྡིག་པ་དང༔ སྡུག་བསྔལ་ཀུན་སེལ་དམྱལ་བའི་སྐྱེ་སྒོ་ཆོད༔ སྲོག་ལ་བར་གཅོད་རྐྱེན་ངན་མཐའ་དག་སེལ༔ ངན་སོང་སྒོ་ཁེགས་མཐོ་རིས་བྱང་ཆུབ་བརྙེས༔ སྨོན་ལམ་ཆེན་པོའི་ཐུགས་བསྐྱེད་བྱིན་རླབས་མཐུས༔ བདག་སོགས་འགྲོ་ཀུན་ཚེ་འདིའི་རྐྱེན་ངན་སོལ༔ དག་པའི་ཞིང་ལ་ཐུགས་རྗེའི་སྟོབས་ཀྱིས་དྲོངས༔ སྐབས་བདུན་པའོ༔ ཨེ་མ་ཧོ༔ སྔོན་ཚེ་བཅོམ་ལྡན་ཐུབ་དབང་རྒྱལ་པོ་ཡིས༔ ཐུགས་བསྐྱེད་སྨོན་ལམ་ཡིད་ལ་དྲན་བཞིན་དུ༔ མཚན་དང་གཟུངས་བདུན་བཟླས་པའི་བསོད་ནམས་མཐུས༔ བདག་ལ་སོགས་པའི་སེམས་ཅན་ཐམས་ཅད་ཀྱི༔ ལས་ངན་རྒྱུ་ལས་བྱུང་བའི་ནད་གདོན་སྒྲིབ༔ སྡུག་བསྔལ་ཐམས་ཅད་བྱང་ཆུབ་བར་དུ་ཞི༔ ཚེ་དང་དཔལ་འབྱོར་དགེ་ཚོགས་གོང་འཕེལ་འགྱུར༔ སྨོན་ལམ་ཆེན་པོའི་ཐུགས་བསྐྱེད་བྱིན་རླབས་མཐུས༔ བདག་སོགས་འགྲོ་ཀུན་ཚེ་འདིའི་རྐྱེན་ངན་སོལ༔ དག་པའི་ཞིང་ལ་ཐུགས་རྗེའི་སྟོབས་ཀྱིས་དྲོངས༔ སྐབས་བརྒྱད་པའོ༔ དེ་ནས་དེ་འཁོར་བྱང་ཆུབ་སེམས༔ རྡོ་རྗེ་འཛིན་ལ་སོགས་པ་ཀུན༔ མཚན་བརྗོད་གཟུངས་སོགས་གཞན་དང་བསྟུན༔ ཡང་ན་འདི་བཞིན་བཟླས་པས་ཆོག༔ ན་མོ་རྡོ་རྗེ་འཛིན་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ལ་ཕྱག་འཚལ་ལོ༔ མཆོད་དོ་སྐྱབས་སུ་མཆིའོ༔ ཏདྱ་ཐཱ༔ ཨོཾ་བཛྲེ་བཛྲེ༔ མ་ཧཱ་བཛྲེ༔ བཛྲ་པ་ཤ་དྷ་ར་ཎི༔ ས་མ་ས་མ་ས་མནྟ༔ ཨ་པྲ་ཏི་ཧ་ཏ་བཛྲེ༔ ཤ་མ་ཤ་མ་པྲ་ཤ་མནྟུ༔ སརྦ་བྱ་ཏ་ཡ་ཀུ་རུ་ཀུ་རུ་སརྦ་ཀརྨ་ནི༔ ས་མ་ཡཱ་མ་ནུ་སྨ་ར་བྷ་ག་ཝན༔ བཛྲ་པ་ཎི་སརྦ་ཨ་ཤ་མེ་པ་རི་པཱུ་ར་ཡེ་སྭཱ་ཧཱ༔ ཨེ་མ་ཧོ༔ སྔོན་ཚེ་བདེ་གཤེགས་བཀའ་འཁོར་སེམས་དཔའ་ཡིས༔ ཐུགས་བསྐྱེད་སྨོན་ལམ་ཡིད་ལ་དྲན་བཞིན་དུ༔ མཚན་དང་གཟུངས་བདུན་བཟླས་པའི་བསོད་ནམས་མཐུས༔ བདག་སོགས་མར་གྱུར་གནས་སྐབས་མཐར་ཐུག་ཏུ༔ འཁོར་བའི་སྡུག་བསྔལ་ལས་ཐར་ཞི་བདེ་འཐོབ༔ ནད་གདོན་ཆག་ཆེན་རྐྱེན་ངན་གྲོགས་སུ་འཆར༔ དོ་གལ་ཆེན་པོས་མི་སྐྱོ་དགེ་ཆོས་སྡུད༔ བདེ་བའི་འབྱུང་གནས་བྱང་ཆུབ་བར་དུ་འཐོབ༔ སྨོན་ལམ་ཆེན་པོའི་ཐུགས་བསྐྱེད་བྱིན་རླབས་མཐུས༔ བདག་སོགས་འགྲོ་ཀུན་ཚེ་འདིའི་རྐྱེན་ངན་སོལ༔ དག་པའི་ཞིང་ལ་ཐུགས་རྗེའི་སྟོབས་ཀྱིས་དྲོངས༔ ས་མ་ཡཱ༔ དེ་ལྟར་བདེ་གཤེགས་འཁོར་བཅས་སྨོན་ལམ་འདིས༔ ཨོ་རྒྱན་ཐུགས་ལ་བརྣག་པའི་ཆོས༔ མཁར་ཆེན་བཟའ་མོ་ས་ག་ར༔ རྗེ་འབངས་གྲོགས་གསུམ་ཁྱོད་ལ་གདམས༔ རང་ཉམས་ལོངས་ལ་དགོངས་ཀློང་སྦོས༔ མ་འོངས་གྲོགས་ཀྱི་ཕྲིན་ལས་ཀྱི༔ ཆ་ཤས་སྤྲུལ་པ་ཨ་ཙ་ར༔ ས་ལེའི་ཐུགས་སྤྲུལ་ས་ར་ཧི༔ བྱང་སེམས་རྣལ་འབྱོར་སྦས་པའི་ཚུལ༔ སུམ་ཅུ་ཁ་རལ་དུས་སུ་འབྱུང༔ དུས་རྟགས་ས་གཡོ་རྒྱ་མཚོ་འཁྲུགས༔ མཚོ་རྒྱལ་སྤྲུལ་པའི་གཏེར་སྟོན་བདུན༔ རྒྱལ་མོ་རོང་ལ་ཉི་བཞིན་མངོན༔ དེ་དུས་འགྲོ་ཕན་སེམས་དཔའ་ཡི༔ དགོངས་ཀློང་བརྡ་འགྲོལ་སྨོན་ལམ་ཐོབ༔ པདྨ་ང་ཡི་བྱིན་གྱིས་བརླབས༔ འདི་འཕྲད་འཚེངས་བའི་ཆོས་ཡིན་ཡང༔ སྐལ་མེད་བྱིས་པས་དེ་མི་གོ༔ སྐལ་ལྡན་ཡོངས་ལ་གཏད་དོ་རྒྱ༔ སྐལ་མེད་རྣམས་ལ་གསང་ངོ་རྒྱ༔ གུ་ཧྱ༔ ཞེས་པའང་རིང་མོ་ནས་ཉམས་ལ་ཤར་ཡང་དགོས་པ་ཆུང་བསམས་ཏེ་མ་ཕབ་ཀྱང༔ མཐར་གཡང་དཀར་ལོའི་ཆོ་འཕྲུལ་ཟླ་བའི་དུས་གཉན་ལ་དོན་གྱི་མཚན་འཆང་བཙུན་པ་བཟང་པོའི་ཡོན་ཏན་གྱི་མངའ་བདག་གང་དེས་རབ་ཏུ་བསྐུལ་ངོ་མི་ལྡོག་ཙམ་དུ་ཡེ་ཤེས་མཁའ་འགྲོའི་ཞལ་ལུང་བཞིན་ས་ར་ཧི་ཏས་བྲིས་པ་ཡོངས་ལ་དགེ་བར་གྱུར་ཅིག༔ ཤུ་བྷཾ༔

གཏེར་གསར་སྨན་བླའི་དབང་གི་ལོ་རྒྱུས་སྐལ་ལྡན་ཡིད་ཀྱི་དགའ་སྟོན་ནགས་རྟ་མདོ་སྡེས་མཛད་པ།

༄༅། གཏེར་གསར་སྨན་བླའི་དབང་གི་ལོ་རྒྱུས་སྐལ་ལྡན་ཡིད་ཀྱི་དགའ་སྟོན་ཞེས་བྱ་བ་བཞུགས་སོ།། འོ། འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཚེ་འདི་ཉིད་ལ་འཐོབ་པར་བྱ། དེའི་ཆེད་དུ་སྨིན་བྱེད་ཀྱི་དབང་བསྐུར་ཟབ་མོ་ཞུ་བར་བགྱིའོ་སྙམ་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། ཆོས་ཉན་པའི་དུས་ཀྱི་ཀུན་སྤྱོད་སྤང་བླང་གི་རིམ་པ་རྣམས་མདོ་རྒྱུད་རྣམས་ནས་ཇི་ལྟར་གསུངས་པ་བཞིན་བླང་དོར་མ་འཛོལ་བར་བྱས་ནས་ལུས་ངག་ཡིད་གསུམ་དད་གུས་བག་ཡོད་དང་ལྡན་པའི་ངང་ནས་ལེགས་པར་གསན་འཚལ། གང་གསན་པར་བྱ་བའི་ཆོས་ཀྱི་རིམ་པ་བརྗོད་པ་ལའང་། ཐོག་མར་གདམས་ངག་ལ་ཡིད་ཆེས་ཀྱི་ངེས་པ་བསྐྱེད་ཅིང་ཐེ་ཚོམ་གྱི་དྲི་མ་སེལ་བའི་ཕྱིར་ལོ་རྒྱུས་ཅུང་ཟད་བརྗོད་པར་བྱ་དགོས་ཏེ། སློབ་དཔོན་ཆེན་པོས། དང་པོའི་ལས་ཅན་རྗེས་བཟུང་ཕྱིར། །གདམས་ངག་ཟབ་མོའི་བྱུང་ཁུངས་དང་། །ལོ་རྒྱུས་སྤྲོ་དགའི་ཚིག་བརྗོད་ནས། །སློབ་མའི་ཡིད་རབ་དད་པར་བྱ། །ཞེས་གསུངས་པས། དེ་ལའང་རྒྱལ་བ་ཐབས་ལ་མཁས་ཤིང་ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན་དེས་གདུལ་བྱ་སེམས་ཅན་རྣམས་ཀྱི་ཁམས་དང་དབང་པོ་བསམ་པའི་ཁྱད་པར་དང་རྗེས་སུ་མཐུན་པའི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་པའི་ཚུལ་ནི། ཀུན་བྱེད་ལས། འདོད་ཆགས་འདུལ་བའི་གཉེན་པོར་གསུངས་པ་ནི། །འདུལ་བའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཞེ་སྡང་འདུལ་བའི་གཉེན་པོར་གསུངས་པ་ནི། །མདོ་སྡེའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །གཏི་མུག་འདུལ་བའི་གཉེན་པོར་གསུངས་པ་ནི། །མངོན་པའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །དུག་གསུམ་ཆ་མཉམ་འདུལ་བའི་གཉེན་པོ་རུ། །སྡེ་སྣོད་བཞི་པ་ཉི་ཁྲི་ཆིག་སྟོང་གསུངས། །ཞེས་གསུངས་པས་དེ་དག་ཐམས་ཅད་ཀྱང་ལེགས་པར་བསྡུ་ན་རྒྱུ་འབྲས་ཀྱི་ཐེག་པ་གཉིས་སུ་འདུ་ལ། དེ་ཡང་རྒྱུའི་ཐེག་པ་ལས་ཁྱད་པར་དུ་མའི་སྒོ་ནས་འཕགས་པ་གསང་སྔགས་འབྲས་བུའི་ཐེག་པ་ཡིན། དེ་ལ་ཡང་རིང་བརྒྱུད་བཀའ་མ་དང་། ཉེ་བརྒྱུད་གཏེར་མ། ཟབ་མོ་དག་སྣང་མ་སྟེ་གསུམ་དུ་བཞུགས་པ་ལས། སྤྱིར་མདོ་རྒྱུད་ཀྱི་གཞུང་རྣམས་ནས་གསུངས་པའི་སྨན་བླ་བདེ་བར་གཤེགས་པ་བདུན་གྱི་མཆོད་ཆོག་གི་སྐོར་བཀའ་ཐ་མའི་སྡེ་སྣོད་དང་རྗེས་སུ་མཐུན་པ་ལྟར་མཁན་པོ་བྷོ་དྷི་ས་ཏྭས་མཛད་པའི་མདོ་ལུགས་དངོས་བསྟན་དང་། གསང་སྔགས་ཕྱི་པ་རྣལ་འབྱོར་ཡོ་གའི་རྒྱུད་སྡེ་དང་རྗེས་སུ་མཐུན་པ་འཇམ་དཔལ་དང་ཕྱག་རྡོར་ལས་བརྒྱུད་པ་བྱ་སྤྱོད་ཐུན་མོང་གི་བཀའ་གཏེར་སོ་སོའི་ལུགས་དང་། རྒྱ་བོད་ཀྱི་གྲུབ་བརྙེས་རིག་འཛིན་དུ་མའི་ཐུགས་དག་པ་ཡེ་ཤེས་ཆོས་སྐུའི་རང་རྩལ་ལས་ཤར་བའི་དག་སྣང་མ་སོགས་སྨན་བླ་སྤྱི་དང་། བྱེ་བྲག་ཆོས་བཀའ་འདི་ཉིད་ཀྱི་ལོ་རྒྱུས་ནི། ཨོ་རྒྱན་ཆེན་པོས་བསམ་ཡས་སྒྲ་བསྒྱུར་གླིང་དུ་སྒྲུབ་ཐབས་རྒྱ་མཚོ་བསྒྱུར་བའི་དུས་སུ་མཁན་པོ་བྷོ་དྷི་ས་ཏྭ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། ཨ་ཙར་ཡེ་ཤེས་དབྱངས་སོགས་སྐལ་བ་ལྡན་པའི་གང་ཟག་རྣམས་ཀྱིས་སློབ་དཔོན་ཆེན་པོ་ལ། ད་རེས་ཆོས་ཀྱི་དགའ་སྟོན་དུ་སངས་རྒྱས་ཀྱི་བཀའ་དང་བླ་མའི་ལུང་གི་ཚད་མ་དང་མཐུན་པའི་བདེ་བར་གཤེགས་པའི་མདོ་ཆོག་སྔགས་བླ་མེད་ཀྱི་ཕྱོགས་མཐུན་གྱི་སྒྲུབ་ཐབས་ཤིག་གསུང་དུ་གསོལ། ཞེས་རིན་པོ་ཆེའི་མཎྜལ་ཕུལ་ནས་ཞུས་པས༔ དུས་གསུམ་མཁྱེན་པ་པདྨ་ཡིས༔ སྐལ་ལྡན་གསུམ་ལ་འདི་སྐད་གསུངས༔ ཀྱཻ་ཧོ་བསྟན་པའི་ས་འཛིན་བསྟན༔ འདུལ་བའི་མངའ་བདག་བྱང་ཆུབ་སེམས༔ བོད་ཡུལ་གཏེར་གྱི་མངའ་བདག་རྗེ༔ བདེ་སྟེར་ཌཱཀྐི་མཚོ་རྒྱལ་མ༔ རྒྱ་བོད་ཆོས་ཀྱི་ཚོང་དུས་འགྲིམ༔ མཚོ་རྒྱལ་ཐབས་མཆོག་ཨ་ཙར་དབྱངས༔ ད་ལྟ་མཁན་སློབ་ཆོས་གསུམ་འཛོམས༔ བསམ་ཡས་མི་འགྱུར་གཙུག་ལག་གྲུབ༔ རྒྱ་བོད་མཁས་གྲུབ་སྐར་ལྟར་འཁྲིགས༔ དམ་ཆོས་བསྟན་པ་འོད་སྟོང་གཟིས༔ འཆད་རྩོད་རྩོམ་པའི་དབྱར་རྔ་ལྡིར༔ དེ་འདྲའི་དུས་བཟང་ཕུན་སུམ་ཚོགས༔ མ་འོངས་སུམ་ཅུ་ཁ་རལ་དུས༔ མདོ་ཁམས་རྒྱལ་མོ་རོང་གི་ཕྱོགས༔ སྙིགས་དུས་སྐྱོབ་པའི་གང་ཟག་ནི༔ མཚོ་རྒྱལ་ཁྱོད་དང་ཨ་ཙར་ཟུང༔ གཅིག་ཏུ་བཟླུམ་པའི་སྤྲུལ་པའི་སྲས༔ བསམ་གཏན་ཡེ་ཤེས་གླིང་པ་ཞེས༔ གར་མཁན་མཁའ་ལྡིང་ལོ་པ་འབྱུང༔ འགྲོ་ཕན་དངོས་སམ་བརྒྱུད་ནས་སྟེར༔ དེ་ལ་ཟབ་གཏེར་སྒོ་ལྔ་དང༔ དག་སྣང་ཆོས་ཚན་རྟེན་འབྲེལ་བཞིན༔ འགྲིགས་ན་ཁྲིགས་སུ་བཅད་པ་མེད༔ ཆོས་འདིར་དབང་བའི་གང་ཟག་ཀྱང༔ རྩ་བ་བཅུ་དང་པད་སྡོང་དགུ༔ ཡན་ལག་བརྒྱད་དང་ལུང་ཟིན་རྣམས༔ ཤ་ཏཾ་ཙམ་ཞིག་འབྱུང་ཡང་སྲིད༔ ཅེས་གསུངས་མཚོ་རྒྱལ་སྟངས་དཔྱལ་གྱིས༔ ཡང་ཞུས་མ་འོངས་སྐྱོབ་པའི་ཆོས༔ ཟབ་པའི་ནང་ནས་ཡང་ཟབ་མཆོག༔ གདམས་པའི་དང་པོ་གང་ཡིན་ཞུས༔ དུས་གསུམ་མཁྱེན་པའི་ཞལ་ན་རེ༔ གནས་སྐབས་མཐར་ཐུག་གང་དུ་འང༔ བདེ་བའི་འབྱུང་གནས་བདེ་གཤེགས་བདུན༔ ད་ལྟ་མཁན་ཆེན་ཐུགས་དམ་ལྷ༔ པདྨ་ང་ཡི་ཡང་བཅུད་ཆོས༔ མཚོ་རྒྱལ་སྟངས་དཔྱལ་ལྷག་པའི་ལྷ༔ སངས་རྒྱས་སྨན་བླའི་སྒྲུབ་ཐབས་འདི༔ ད་ལྟ་སྤེལ་ཀྱང་ཚོང་ཟོང་ཙམ༔ སུ་ལ་མ་འཆོར་སྙིང་ལ་སྦོས༔ མ་འོངས་སྤྲུལ་པའི་སྲས་ལ་སྤྲོད༔ རིམ་བཞིན་ཆོས་ལ་དབང་བས་སྤེལ༔ འགྲོ་ལ་སྨན་པའི་སྨོན་ལམ་ཐོབ༔ ཅེས་གསུངས་པ་ལྟར། གྲུབ་པའི་རིག་འཛིན་ཨ་ཙར་ཡེ་ཤེས་དབྱངས་ཀྱི་སྐྱེ་མཐའ་སྤྲུལ་པའི་གཏེར་སྟོན་ཆེན་པོ་བསམ་གཏན་ཡེ་ཤེས་གླིང་པ་ཞེས་བྱ་བ་དེ་ཉིད་ཀྱི་ཐུགས་ཟབ་གསལ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཆེན་པོའི་རོལ་རྩལ་དག་པའི་སྣང་བ་རབ་འབྱམས་སུ་ཤར་བའི་ཟབ་ཆོས་འཛད་མེད་རིན་ཆེན་གཏེར་གྱི་སྒོ་འཕར་རྣམ་པར་དབྱེ་བའི་ཆོས་སྡེ་ལས་བྱུང་བ་ཡིན་ལ། སྤྲུལ་པའི་གཏེར་སྟོན་ཆེན་པོ་འདི་ནི་ཨོ་རྒྱན་ལུང་རིག་གླིང་པའི་གཏེར་ལུང་ལས། ཁྱད་པར་ད་ལྟའི་ཨ་ཙར་ཤྲཱི་བྷ་དྲ༔ ཉེར་གཅིག་སྐྱེ་བའི་ཐ་མ་མདོ་སྨད་དུ༔ ཕ་མ་མི་རབས་ཆོ་རིགས་བཙུན་པའི་བུ༔ མཁའ་ལྡིང་གར་མཁན་རྩུབ་དྲག་ལོ་ཡི་མཇུག༔ ཡར་ཚེས་དགེ་བར་མཁའ་སྤྲིན་འཇའ་དཀྱུས་ལྟས༔ ལེགས་པའི་རྟགས་བཟང་ཆོས་ཀྱི་སྣང་བར་བཅས༔ སྲིད་པའི་མྱུ་གུ་དགེ་བའི་བག་ཆགས་སད༔ དེ་ཚེ་པདྨ་ང་དང་མཚོ་རྒྱལ་ཡུམ༔ དངོས་ཉམས་རྨི་ལམ་དག་ཏུ་ངེས་པར་མཇལ༔ ཞེས་དང་། རིག་འཛིན་གསང་སྔགས་གླིང་པའི་གཏེར་ལུང་ལས༔ དེ་ལ་སྐལ་ལྡན་གཉིས་པ་དབྱི་ཁྲོམ་ཡུལ༔ ལྕམ་སྤྲུལ་ཞེས་བྱ་ལྕགས་ཁམས་སྤྲེ་འུའི་ལོ༔ གཞན་ཕན་མིང་ཅན་རྫོགས་ཆེན་རྣལ་འབྱོར་པ༔ མ་ངེས་སྤྱོད་པས་འགྲོ་དོན་མཐའ་རུ་འཁྱོལ༔ ཞེས་དང་། རིག་འཛིན་བདུད་འཇོམས་རྡོ་རྗེ་གྲོ་ལོད་ཀྱི་ཧཱུྃ་ཆེན་ཞལ་ལུང་ལས༔ བཀའ་བབ་བྷ་དྲའི་མིང་མཐའ་ཅན༔ དཔལ་དབྱངས་སྤྲུལ་པ་སྙིང་བརྩེའི་བདག༔ བར་ཆད་སད་ཀྱིས་མ་ཁྱེར་ན༔ འོད་གསལ་ཟབ་མོའི་གསང་ལམ་ལ༔ བརྟེན་ནས་འཇའ་ལུས་འཕོ་ཆེན་འགྲུབ༔ ཅེས་དང་། ཨོ་རྒྱན་མཁའ་སྤྱོད་གླིང་པའི་གཏེར་ལུང་ལས། ཤར་ཕྱོགས་རྡོ་རྗེ་དབྱི་ཁྲོམ་འགྱིང་ཁུགས་སུ༔ མཁས་མཆོག་ཡེ་ཤེས་དབྱངས་ཀྱི་ཟློས་གར་བ༔ ཐུབ་པའི་མིང་ཅན་རྩལ་ལྡན་ཁྱུང་གཤོག་ཅན༔ མགྲིན་པར་སྨེ་བ་ཐིག་ལེ་ཡུངས་འབྲུ་ཙམ༔ མ་བསླབ་ཆོས་ཀྱི་རང་རྩལ་རྡོལ་བ་འབྱུང༔ དེ་ལ་འཇམ་པའི་དབྱངས་ཀྱི་སྒྲུབ་ཐབས་སྤྲོད༔ ཅེས་དང་། པདྨ་དྲག་རྩལ་གླིང་པའི་གཏེར་ལུང་ལས༔ དབྱི་ཡི་ཕྱོགས་སུ་ཨ་ཙར་ས་ལེའི་འཕྲུལ༔ ཕན་པའི་མིང་ཅན་བརླ་གཡས་སྨེ་བས་བརྒྱན༔ ཞེས་སོགས་གཏེར་ཁ་གོང་འོག་སོ་སོ་ནས་ལུང་གིས་ཟིན་ཅིང་། རིག་འཛིན་དམ་པ་དུ་མའི་བཀའ་གསུང་རྡོ་རྗེའི་ཚིག་གིས་ཡང་ཡང་བསྔགས་པའི་རྩོད་བྲལ་དུས་བབས་ཀྱི་གཏེར་སྟོན་ཆེན་པོ་དེ་ཉིད་ཏཱ་རེའི་གནས་ཀྱི་མདུན་ཞོལ་དུ་རྩ་ཐིག་རླུང་དང་། ཉམས་ལེན་འོད་གསལ་ལ་སྦྱངས་པའི་དབྱར་རྔའི་ལོའི་སྟོན་ཅང་ཤེས་ཟླ་བའི་ཚེས་བཅུའི་ཐོ་རངས་ཁར་གཟིམ་མལ་འོད་གསལ་གྱི་གཟིགས་ངོར་ཉམས་སྣང་ངོ་མཚར་བ་དུ་མའི་རྟེན་འབྲེལ་གྱི་བཀོད་པ་ཅིར་ཡང་ཤར་བའི་སྐབས་ཤིག་སྤྲུལ་པའི་སྐུ་རིག་འཛིན་ལུང་རིག་གླིང་པས་སླར་ཡང་ཡེ་ཤེས་སྒྱུ་མའི་སྐུ་ཡིས་རྗེས་སུ་བཟུང་ནས། ང་ཡི་ཟབ་ཆོས་དཔེ་ཐོག་ཕབ་མ་ཕབ་ཐམས་ཅད་ཁྱོད་ལ་བཀའ་གཏད་ཅིག་བྱ་གསུངས་ནས་པོ་ཏི་གསུམ་ཙམ་དང་འཕྲུལ་ཡིག་མང་པོ་མགོ་ལ་བཞག་ནས་སྨོན་ལམ་གཏད་རྒྱ་མཛད། བདག་གིས་གདུང་ཤུགས་དྲག་པོས་མཆི་མ་འཁྲུག་བཞིན་གསོལ་བ་བཏབ་པས། ང་རང་ཁྱོད་ཀྱི་རིག་པའི་རྩལ་ལས་ལོགས་སུ་གཤེགས་པ་མིན་གསུངས་བྱུང་བ་སྙམ་དུ་བླ་མ་ཕྱི་ན་མི་བཞུགས་རང་སེམས་དབྱེར་མེད་སྣང་སྲིད་བླ་མའི་རོལ་པར་ཤེས་པའི་གདེངས་ཐོབ། དག་པའི་སྣང་བ་རབ་འབྱམས་སུ་ཤར། ཟབ་མོའི་གཏེར་ཁ་མང་པོ་གནང་། ཏཱ་རེ་མི་འགྱུར་དགའ་བའི་ཚལ་གྱི་གནས་ལ་དཀར་ཆག་གནང་། ལྷ་ཁྲིད་མཛད། བྲག་དམར་རྒོད་པོ་རྫོང་གི་གནས་སུ་ཟབ་མོའི་དག་སྣང་འགའི་ལུང་བསྟན་བྱིན་རླབས་དང་། དུས་བབས་ཀྱི་ཌཱཀྐིའི་ལུང་བྱང་དང་། སྐལ་ལྡན་གྱི་སློབ་མ་འགས་རྟེན་འབྲེལ་གྱི་མཚམས་སྦྱོར་བཟང་པོ་ལ་བརྟེན་ནས་རིམ་པར་སྤེལ་བའི་ཟབ་ཆོས་ཁྱད་འཕགས་བདེ་གཤེགས་སྨན་བླའི་བྱིན་རླབས་དབང་གི་རྗེས་གནང་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་མཛོད། ཅེས་མཎྜལ་ཕུལ། དེ་ལྟར་མཎྜལ་ཕུལ་བ་སོང་ནས་སླར་ཡང་དངོས་གཞིའི་དབང་དོན་དུ་མོས་གུས་གདུང་ཤུགས་དྲག་པོས་ཐལ་མོ་སྦྱར་བ་དང་བཅས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཀྱེ་ཧོ་བླ་མ་སོགས། དེ་ནས་མདུན་གྱི་ནམ་མཁར་བླ་མ་རྒྱལ་བ་སྲས་དང་བཅས་པ་མངོན་སུམ་བཞིན་བཞུགས་པའི་མོས་འདུན་རྩེ་གཅིག་པས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ། ཚོགས་བསགས་སྒྲིབ་སྦྱངས་ཀྱི་རིམ་པ་ཡན་ལག་བདུན་པ་རྣམས་ཚིག་གི་རྗེས་སུ་དོན་དྲན་པའི་ངང་ནས་འདི་བཞིན་རྗེས་ཟློས་མཛོད། ཅེས་སྐྱབས་སེམས་ཡན་ལག་བདུན་པ་རྣམས་གཞུང་བཞིན་བྱ། དེ་ནས་དབང་སྲོག་དམ་ཚིག་གིས་འཛིན་དགོས་པས། དེའི་སླད་དུ་དམ་ཚིག་གི་རྡོ་རྗེའི་ཆུ་འདི་བཏུང་བ་ཙམ་གྱིས་ཁྱོད་ཀྱི་སྙིང་ལ་གནས་པར་འགྱུར་བས། དམ་ཚིག་ཚུལ་བཞིན་དུ་བསྲུང་ན་མཆོག་ཐུན་མོང་གི་དངོས་གྲུབ་འགྲུབ་ཅིང་། གལ་ཏེ་དམ་ཚིག་ཉམས་ན་མནར་མེད་པའི་གནས་སུ་བརླགས་པར་འགྱུར་བས་དེ་ལྟ་བུའི་ཁེ་ཉེན་ལ་བསམས་ནས་རྡོ་རྗེ་སློབ་དཔོན་གྱིས་ཇི་ལྟར་བསྒོ་བ་བཞིན་དུ་དམ་ཚིག་བསྲུང་བར་བྱ་དགོས་པ་ཡིན་ནོ། སྐལ་ལྡན་རིགས་སོགས། བྱིན་དབབ་བྱ། དེ་ནས་ནམ་མཁར་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་རྣམས་ལ་མོས་གུས་གདུང་ཤུགས་མཆི་མ་འཁྲུགས་པ་ལྟ་བུའི་ངང་ནས་ཕྱག་འཚལ་བ་དང་བཅས་ཏེ་མཚན་རེ་རེ་བཞིན་ལན་བདུན་རེ་བརྗོད་མཐར། དེ་ལྟར་འདུ་ཤེས་དང་མོས་པ་གཏད་པས་བདེ་བར་གཤེགས་པ་བརྒྱད་འཁོར་དང་བཅས་པ་འོད་ཕུང་དུ་གྱུར་ནས་ཁྱེད་རང་རྣམས་ལ་ཐིམ་པས་སྒོ་གསུམ་གྱི་སྒྲིབ་པ་དག་ནས་དབང་གི་སྣོད་དང་ལྡན་པར་གྱུར་པར་སྒོམས་ཤིག དེ་ནས་སྐུའི་རྗེས་གནང་བུམ་དབང་ཞུ་བའི་དོན་དུ་འདི་བཞིན་སྨྲོས་ཤིག ན་མོ་རྡོ་རྗེ་སོགས། དེ་ནས་བུམ་པ་འདི་ཉིད་ཕྱི་རིན་པོ་ཆེ་བུམ་པའི་དབྱིབས་ལ་ནང་ལྟ་ན་སྡུག་པའི་ཕོ་བྲང་དུ་གྱུར་པའི་དབུས་སུ་བཅོམ་ལྡན་སྨན་བླ་བདེ་བར་གཤེགས་པ་མཆེད་བརྒྱད་ཀྱི་ལྷ་ཚོགས་བཞུགས་པའི་སྐུ་ལས་ཟག་མེད་བདུད་རྩིའི་རྒྱུན་བབས་པས་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་དབང་བསྐུར་བས་བུམ་པ་ལྷ་ཡི་དབང་ཐོབ་བྱུང་སྙམ་པའི་མོས་པ་མཛོད། ཧཱུྃ་ཇི་ལྟར་སོགས། དེ་ལྟར་བུམ་པའི་དབང་བསྐུར་བས་ལུས་ཀྱི་སྒྲིབ་པ་དག་ཅིང་ལུས་ལྷ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུའི་གོ་འཕང་ཐོབ་པའི་སྐལ་བ་དང་ལྡན་པར་གྱུར་པར་སྒོམས་ཤིག གཉིས་པ་གསུང་གི་རྗེས་གནང་སྔགས་ཀྱི་དབང་ཞུ་བའི་དོན་དུ་འདི་བཞིན་སྨྲོས་ཤིག ན་མོ་རྡོ་རྗེ་སོགས། དེ་ནས་སློབ་དཔོན་བདེ་བར་གཤེགས་པ་བརྒྱད་དུ་གསལ་བའི་ཐུགས་ཀ་ནས་སྔགས་ཕྲེང་འོད་ཟེར་སྐུའི་མདོག་མཚུངས་ཀྱི་རྟ་ལ་ཞོན་ཁྱོད་རང་རྣམས་ཀྱི་མགྲིན་པར་ཞུགས་པས་བདེ་བར་གཤེགས་པ་བརྒྱད་ཀྱི་གསུང་གི་བྱིན་རླབས་ཐོབ་པར་བསྒོམ་ལ་སྔགས་འདིའི་རྗེས་ཟློས་མཛོད། སྔགས་རིང་ཐུང་ལན་བདུན་བདུན་བརྗོད། སླར་ཡང་ལྷའི་མདོག་མཚུངས་ཀྱི་སོགས། དེ་ལྟར་གསུང་གི་དབང་བསྐུར་བས་ངག་གི་སྒྲིབ་པ་དག ངག་སྔགས་བཟླ་བ་ལ་དབང་། འབྲས་བུ་ལོངས་སྤྱོད་རྫོགས་སྐུའི་གོ་འཕང་ཐོབ་པའི་སྐལ་བ་ལྡན་པར་གྱུར་པར་སྒོམས་ཤིག གསུམ་པ་ཐུགས་ཀྱི་རྗེས་གནང་ཕྱག་མཚན་ཚོམ་བུའི་དབང་ཞུ་བའི་དོན་དུ་འདི་བཞིན་སྨྲོས་ཤིག ན་མོ་རྡོ་རྗེ་སོགས། དེ་ནས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཁྱེད་རང་རྣམས་ལ་ཕོག་པས་སེམས་དུས་གསུམ་གྱི་རྣམ་རྟོག་འགྱུ་འཕྲོ་ཐམས་ཅད་སྐྱེ་འགག་གནས་གསུམ་དང་བྲལ་བ་བརྗོད་མེད་དེ་བཞིན་ཉིད་ཀྱི་ངང་ལ་མཉམ་པར་ཞོག་ཅིག བླ་མས། ཧཱུྃ་ཧཱུྃ་ཧཱུྃ། ཞེས་བརྗོད། སླར་ཡང་སློབ་དཔོན་གྱི་ཐུགས་ཀ་ནས་ཧཱུྃ་ཡིག་འོད་ཟེར་ལྷའི་མདོག་མཚུངས་འཕྲོས་པ་ཚོམ་བུ་ལ་ཐིམ་པས་ཕྱག་མཚན་ཐུགས་ཀྱི་ངོ་བོ་ཚོམ་བུའི་དབང་བསྐུར་བས་དེ་བཞིན་གཤེགས་པའི་ཐུགས་གསང་བ་བསམ་གྱིས་མི་ཁྱབ་པའི་དབང་ཐོབ་པའི་མོས་པ་མཛོད། ཧཱུྃ༔ བཅོམ་ལྡན་སོགས། དེ་ལྟར་ཐུགས་ཀྱི་དབང་བསྐུར་བས་སེམས་ཀྱི་སྒྲིབ་པ་དག སེམས་སྤྲོས་བྲལ་སྟོང་ཉིད་བསྒོམ་པ་ལ་དབང། འབྲས་བུ་ཆོས་སྐུའི་གོ་འཕང་ཐོབ་པའི་སྐལ་བ་དང་ལྡན་པར་གྱུར་པར་སྒོམས་ཤིག དེ་ནས་དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་དང་བཅས་པ་སོ་སོའི་སྐུ་ལས་སྐུ་གཉིས་པ་དག་རིམ་པར་འཕྲོས་པས་ཁྱེད་རང་རྣམས་ལ་ཐིམ་པས་ལྷ་དེ་དག་གི་བྱིན་རླབས་ཅིག་ཆར་ཉིད་ལ་ཐོབ་པའི་མོས་པ་མཛོད། ཧཱུྃ༔ མཚན་ལེགས་སོགས། དེ་ལྟར་བདེ་བར་གཤེགས་པ་བརྒྱད་ཀྱི་དབང་བསྐུར་བས་སོ་སོའི་ཐུགས་བསྐྱེད་སྨོན་ལམ་དང་བཅས་པ་ལ་དབང་ཞིང་རྫོགས་སྨིན་སྦྱངས་གསུམ་མཐར་ཕྱིན་པའི་སྐལ་བ་དང་ལྡན་པར་འགྱུར་རོ། །སྔོན་ཚེ་སོགས། དེ་ལྟར་སེམས་དཔའ་ཆེན་པོ་བཅུ་དྲུག་གི་དབང་བསྐུར་བས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་རྒྱུད་ལ་སྐྱེས་ནས་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེས་འགྲོ་བའི་དོན་བསྒྲུབ་པ་ལ་མཐུ་ཐོགས་པ་མེད་པའི་སྐལ་བ་དང་ལྡན་པར་འགྱུར་རོ། །སྔོན་ཚེ་བཀའ་སོགས། དེ་ལྟར་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཅུ་གཉིས་ཀྱི་དབང་བསྐུར་བས་བསྟན་འགྲོའི་འགལ་རྐྱེན་བསལ་ཞིང་མཐུན་རྐྱེན་བསྒྲུབ་པ་ལ་འགོ་ཞིང་སྡོང་གྲོགས་དམ་པ་མཛད་ནས་ཕྲིན་ལས་གང་བརྩམ་ཐམས་ཅད་མྱུར་དུ་འགྲུབ་པའི་སྐལ་བ་དང་ལྡན་པར་འགྱུར་རོ། །ཟབ་དང་རྒྱ་ཆེ་སོགས། དེ་ལྟར་རྒྱལ་པོ་ཆེན་པོ་སྡེ་བཞིའི་དབང་བསྐུར་བས་ལས་བཞི་སོགས་རབ་འབྱམས་ཕྲིན་ལས་ཀྱི་འཇུག་པ་མཐའ་ཡས་པས་བསྟན་འགྲོའི་དོན་རླབས་པོ་ཆེ་བསྒྲུབ་ཅིང་རྒྱལ་བའི་ཕྲིན་ལས་ལ་དབང་འབྱོར་བའི་སྐལ་བ་དང་ལྡན་པར་འགྱུར་རོ། །དེ་ནས་མཐའ་རྟེན་གཏོར་མའི་དབང་བསྐུར་བ་ནི། གཏོར་མ་འདི་དེ་བཞིན་གཤེགས་པ་བརྒྱད་ལ་འཁོར་བྱང་སེམས་དགྲ་བཅོམ་ཐམས་ཅད་ཀྱིས་བསྐོར་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན་ནས་དབང་བསྐུར་བས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་སྐད་ཅིག་འདི་ཉིད་ལ་ཐོབ་པའི་མོས་པ་མཛོད། །སྤྲོ་ན་བརྒྱུད་པའི་མཚན་དོན་སྦྱར། བསྡུ་ན་གཟུངས་རིང་སྔགས་ཤམ་དུ། བྷ་ལིང་ཏ་ཏིཥྠ་ཀཱ་ཡ་ཝཀྐ་ཙིཏྟ་ཨ་བྷི་ཥིཉྩ་ཧོ༔ དེ་ལྟར་སྨན་བླ་བདེ་བར་གཤེགས་པ་བརྒྱད་ཀྱི་རྗེས་གནང་ལེགས་པར་ཐོབ་པས་དེའི་དམ་ཚིག་ཏུ་ཉིན་མཚན་དུས་དྲུག་ཏུ་བདེ་གཤེགས་བརྒྱད་ཀྱི་མཚན་ལན་བདུན་བདུན་བརྗོད། ཚེས་བརྒྱད་རྣམས་སུ་མཆོད་ཆོག་མི་བཅགས་པ་དང་། རྟག་ཏུ་བྱང་ཆུབ་སེམས་གཉིས་བསྒོམ་པ་སོགས་བསྲུང་སྡོམ་གྱི་རིམ་པ་རྣམས་ཚུལ་བཞིན་དུ་བགྱི་སྙམ་པར་མཛོད་ལ་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར༴སོགས། དེ་ལྟར་དབང་བསྐུར་ཟབ་མོ་ཐོབ་པའི་སྐུ་དྲིན་གཏང་རག་ཏུ་མཎྜལ་ཕུལ་མཛོད། ས་གཞི་སྤོས་སོགས། སླར་ཡང་ལུས་ལོངས་སྤྱོད་དགེ་ཚོགས་རྒྱ་མཚོ་དང་བཅས་པ་འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་ཀྱི་འབྱོར་བ་ཆེན་པོ་ལྟར་སྤྲུལ་ནས་རྡོ་རྗེ་སློབ་དཔོན་ལ་དབང་གི་དྲིན་ལན་དུ་འབུལ་ན་ཆ་ཤས་ནས་ལོངས་སྤྱད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནས༴སོགས། དེ་ལྟར་ཐོབ་པའི་དགེ་བ་སེམས་ཅན་གྱི་དོན་དུ་བསྔོ་བར་མཛོད། བསོད་ནམས་འདི་སོགས། ཤིས་བརྗོད་རྣམས་སྤྱི་ལྟར་བྱའོ། །དེ་ལྟར་རིག་འཛིན་མཆོག་སྤྲུལ་གཞན་ཕན་བཟང་པོའི་དགོངས་གཏེར་གྱི་ཆོས་སྡེ་ལས་བྱུང་བ་སྨན་བླའི་དབང་གི་མཚམས་སྦྱོར་འདི་གང་གི་ཟབ་གཏེར་ཆོས་ཀྱི་བདག་པོར་མངའ་གསོལ་བའི་སྒྲུབ་བརྩོན་དམ་པ་ལུང་རྟོགས་བསྟན་འཛིན་གྱི་དགོངས་བཞེད་ལྟར་བཙུན་པ་སྡེ་སྣོད་མིང་པས་བྲིས་པ་དགེ་ལེགས་སུ་གྱུར་ཅིག།

སངས་རྒྱས་སྨན་བླའི་རྗེས་གནང་གི་ཆོ་ག

བཅོམ་ལྡན་འདས་བདེ་བར་གཤེགས་པ་བརྒྱད་ལ་ཕྱག་འཚལ་ལོ༔ བདག་འདྲ་མཁར་ཆེན་མཚོ་རྒྱལ་དང༔ ཨ་ཙར་ལ་སོགས་རྗེ་འབངས་འགས༔ ཨོ་རྒྱན་དུས་གསུམ་སངས་རྒྱས་ལ༔ སྒོ་གསུམ་གུས་པས་ཕྱག་སྐོར་བྱས༔ རིན་པོ་ཆེ་ཡི་མཎྜལ་ཕུལ༔ གདུང་བའི་ཤུགས་ཀྱིས་སྙན་གསན་དབབ༔ ཨོ་རྒྱན་འགྲོ་མགོན་རིན་པོ་ཆེ༔ བདག་སོགས་མར་གྱུར་འགྲོ་དོན་དུ༔ བཅོམ་ལྡན་སྨན་གྱི་བླ་མ་ཡི༔ བྱིན་རླབས་རྗེས་གནང་རིམ་པ་སྩོལ༔ ཨོ་རྒྱན་བླ་མས་བཀའ་སྩལ་པ༔ སྐལ་ལྡན་རྗེ་འབངས་ཚུལ་བཞིན་ཉོན༔ འཕགས་པ་དེ་བཞིན་གཤེགས་པ་ཡི༔ སྨོན་ལམ་དབང་གི་རིམ་པ་ནི༔ གནས་ཁང་བཀོད་ལེགས་འཕན་གདུགས་མཛེས༔ དྲི་བཟང་བ་ལྔའི་ཆག་ཆག་གདབ༔ སྟེགས་བུ་གནས་ཁྱོན་མཛེས་པའི་ཁར༔ རས་བྲིས་ཚོན་འབྲུ་ལྷ་གྲངས་མཛེས༔ དབུས་སུ་བུམ་པ་དྲི་ལྔ་སྨན་ལྡན་ཆུས༔ སུམ་ཆ་དགང་བའི་ཁ་རྒྱན་མགུལ༔ ཆིང་ནི་ལྷ་ཡི་ཁ་དོག་གདགས༔ དེ་མདུན་འབྲས་བཤོས་གཙོ་འཁོར་བརྒྱད༔ གཡས་གཡོན་སེམས་དཔའ་གཉིས་དང་བཅས༔ སྐྱུ་གུ་གནོད་སྦྱིན་བཅུ་གཉིས་གྲངས༔ ལྷ་ཙཀ་འཛུགས་ཤིང་མཐའ་མ་རུ༔ ཉེར་སྤྱོད་མཆོད་པས་མཐའ་ནས་བསྐོར༔ སྐུ་གསུང་ཐུགས་ཀྱི་དབང་རྫས་དང༔ མཐའ་རྟེན་རྫས་རྟགས་ཕྱག་ལེན་བཞིན༔ འཛོལ་མེད་ཇི་ལྟ་བ་བཞིན་ནོ༔ དེ་ནས་སློབ་མ་མདུན་དུ་འཁོད༔ རྣམ་འཇོམས་གཟུངས་ཆུས་དག་པར་བཀྲུས༔ སྤྱི་དང་བྱེ་བྲག་ལོ་རྒྱུས་བརྗོད༔ མཎྜལ་འབུལ་ཞིང་གསོལ་བ་གདབ༔ ཀྱཻ་ཧོ་བླ་མ་བདེ་བར་གཤེགས༔ བདུད་བཞིའི་དཔུང་བཅོམ་རྡོ་རྗེའི་སྐུ༔ ཁྱེད་མཐུས་བདག་ཅག་འཇིགས་པ་ལས༔ སྐྱོབ་ཅིང་ཐར་པའི་ཞིང་ལ་སྦྱོར༔ ཡང་དག་དབང་གིས་རྒྱུད་སྨིན་མཛོད༔ སྐུ་གསུང་ཐུགས་དབང་གནང་བར་ཞུ༔ ལན་གསུམ་དེ་ནས་སློབ་དཔོན་གྱིས༔ ཀྱཻ་ཧོ་གསོན་ཅིག་སྐལ་ལྡན་བུ༔ སྡུག་བསྔལ་འཁོར་བའི་གྲོང་ཁྱེར་ལས༔ ཐར་འདོད་ངེས་འབྱུང་སེམས་ཡོད་ན༔ བཅོམ་ལྡན་སྨན་བླའི་གསང་གསུམ་དབང༔ ཁྱོད་རྣམས་ལ་ནི་བསྐུར་བར་བྱ༔ བདེ་གཤེགས་དབང་འདི་ཁྱོད་ཀྱིས་ལོངས༔ ཞེས་བརྗོད་དེ་ནས་སྐྱབས་སེམས་དང༔ ཡན་ལག་བདུན་པ་སྤྱི་ལྟར་བྱ༔ དེ་ནས་དེ་ཡི་རྗེས་འབྲེལ་དུ༔ དམ་ཆུ་སྦྱིན་ལ་དམ་ཚིག་བསྒྲགས༔ སྐལ་ལྡན་རིགས་མཆོག་ཁྱེད་རྣམས་ཀྱིས༔ དམ་ཚིག་རྡོ་རྗེའི་ཆུ་འདི་འཐུང༔ ང་ནི་ཁྱོད་ཀྱི་བླ་མ་ཡིན༔ རྡོ་རྗེ་སློབ་དཔོན་མིག་ལྟར་འཚོས༔ སྒོ་གསུམ་ལྷ་ཡི་རྣམ་རོལ་དུ༔ ནམ་ཡང་མ་འདའ་ས་མ་ཡཱ༔ དེ་ནས་ཁྱེད་རང་རྣམས་འདུག་པའི་གནས་ཁང་འདི་ཡང་ཐ་མལ་གྱི་གནས་འདི་ལྟ་བུ་མ་ཡིན་པར༔ རིན་ཆེན་སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག་པའི་ཕོ་བྲང་དུ་གྱུར་པའི་དབུས་སུ༔ ཁྱོད་རང་རྣམས་སོ་སྐྱེས་རང་རྒྱུད་འདི་ལྟར་མ་ཡིན་པར་རིག་འཛིན་དྲང་སྲོང་ལྷ་ཡིད་ལས་སྐྱེས་སུ་གསལ་བཏབ་པའི་མདུན་གྱི་ནམ་མཁར་པད་ཟླ་མི་འཇིགས་སེང་ཁྲིའི་སྟེང་དུ༔ དབུས་སུ་བུདྡྷ་བཻ་ཥ་ཛྱེ་སྐུ་མདོག་མཐིང་ཀ་ས་གནོན་མཉམ་བཞག་ཨ་རུ་རྣམ་པར་རྒྱལ་བ་དང་ལྷུང་བཟེད་སྨན་གྱིས་བཀང་བ༔ ཆོས་གོས་རྣམ་གསུམ་གསོལ་ཞིང་རྡོ་རྗེའི་སྐྱིལ་མོ་ཀྲུང་དང་མཚན་དཔེའི་ཡོན་ཏན་རྫོགས་པ༔ དེའི་མདུན་དུ་རིམ་བཞིན་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོ་དང༔ མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་དང༔ གསེར་བཟང་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པ་དང༔ མྱ་ངན་མེད་མཆོག་དཔལ་དང་༔ ཆོས་བསྒྲགས་རྒྱ་མཚོའི་དབྱངས་དང༔ ཆོས་རྒྱ་མཚོ་མཆོག་གི་བློ་གྲོས་མངོན་མཁྱེན་དང༔ སྟོན་པ་ཤཱཀྱ་ཐུབ་པ་དང༔ སྨན་གྱི་བླ་བཻཌཱུརྱའི་འོད་ཀྱི་ལྷ་དང༔ དྲང་སྲོང་གནོད་སྦྱིན་གྱི་སྡེ་དཔོན་བཅུ་གཉིས་དང༔ རྒྱལ་པོ་ཆེན་པོ་སྡེ་བཞི་ལ་སོགས་ཁྲོམ་ཚོགས་ལྟར་དམིགས་ལ༔ བདག་སོགས་འགྲོ་བའི་ནད་གདོན་སྡུག་བསྔལ་བསལ་ཞིང་རྒྱུད་བྱིན་གྱིས་བརླབས་པར་མོས་ཤིག༔ དེ་ནས་སྤྱན་འདྲེན་སྤོས་རོལ་དབྱངས་དང་བཅས༔ གདུང་ཤུགས་དྲག་པོས་སྤྱན་འདྲེན་གསོལ་བ་འདེབས༔ ན་མོ༔ བདེ་གཤེགས་སྙིང་པོས་འགྲོ་བ་ཡོངས་ལ་ཁྱབ༔ སེམས་ནི་རྒྱ་ཆེན་མཆོག་ཏུ་རབ་བསྐྱེད་དེ༔ འགྲོ་བ་འདི་དག་མ་ལུས་སངས་རྒྱས་རྒྱུ༔ འདི་ན་སྣོད་མིན་སེམས་ཅན་གཅིག་ཀྱང་མེད༔ བཞེངས་ཤིག་བཞེངས་ཤིག་སྟོབས་བཅུ་མངའ་བའི་ལྷ༔ དུས་ལས་མི་འདའ་ཐུགས་རྗེའི་དབང་གིས་ནི༔ སེམས་ཅན་དོན་ལ་དགོངས་པའི་དཀོན་མཆོག་གསུམ༔ བདེ་གཤེགས་བདུན་དང་ཐུབ་དབང་བཅོམ་ལྡན་འདས༔ ལྷ་མི་སྨན་གྱི་རིག་འཛིན་དྲང་སྲོང་སོགས༔ ཡིད་ཀྱིས་སྤྲུལ་ཞིང་བཤམས་པའི་གནས་འདི་རུ༔ རྒྱལ་བ་སྲས་བཅས་མ་ལུས་གཤེགས་སུ་གསོལ༔ བདག་ཅག་སྐལ་ལྡན་བུ་ཡི་སྒོ་གསུམ་ལ༔ སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ༔ སིདྡྷི་དང་གྷུ་མེ་དང་བྷཻ་ཥ་ཛྱེའི་སྔགས་ཤམ་ལ༔ ཨ་ཝེ་ཤ་ཡ་ཕཻཾ༔ ཨ་ཨ་བཛྲ་ཏིཥྛ་བརྗོད༔ དེ་ནས་ཚོགས་ཞིང་སྤྱན་སྔ་རུ༔ སྒོ་གསུམ་གུས་དང་ཕྱག་འཚལ་དང༔ གསོལ་འདེབས་ལྷ་གྲངས་བདེ་གཤེགས་བརྒྱད༔ རིམ་བཞིན་མཚན་བརྗོད་བདུན་ནམ་གསུམ༔ བརྗོད་ལ་རང་ཐིམ་བྱིན་བརླབས་དམིགས༔ སྐུ་ཡི་རྗེས་གནང་ཞུ་ཕྱིར་གསོལ་བ་འདི་བཞིན་ཐོབ༔ ན་མོ༔ རྡོ་རྗེ་འཆང་དབང་སྨན་རྒྱལ་དང༔ དབྱེར་མེད་བླ་མ་སྤྲུལ་པའི་སྐུའི༔ ཀཱ་ཡའི་རྗེས་གནང་སྨིན་གྲོལ་སྩོལ༔ བྱིན་རླབས་ཡེ་ཤེས་དབང་བསྐུར་ཞུ༔ དེ་ནས་སློབ་དཔོན་གྱིས་རྣམ་རྒྱལ་བུམ་པའི་ཆུས་དབང་བསྐུར་ལ༔ ཧཱུྃ༔ ཇི་ལྟར་བལྟམས་པ་ཙམ་གྱིས་ནི༔ ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར༔ ལྷ་ཡི་ཆུ་ནི་དག་པ་ཡིས༔ དེ་བཞིན་བདག་གིས་དབང་བསྐུར་རོ༔ ཨོཾ་བུདྡྷ་བཻ་ཥ་ཛྱེ་ཨཥྚ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཤིས་བརྗོད་མེ་ཏོག་འཐོར༔ གང་གི་སྐུ་ནི་ཨིནྜ་ནི་ལའི་མདོག༔ མཚན་དཔེ་ཉི་མའི་འོད་སྟོང་འབར་བའི་མཁའ༔ ཀུན་ལ་ཞི་བདེའི་གོ་སྐབས་འབྱེད་པའི་དབྱངས༔ བཅོམ་ལྡན་སྨན་བླའི་སྐུ་ཡི་བཀྲ་ཤིས་ཤོག༔ གསུང་གི་དབང་བསྐུར་ཞུ་བའི་སླད་དུ་འདི་བཞིན་སྨྲོས་ཤིག༔ ན་མོ༔ རྡོ་རྗེ་འཆང་དབང་སྨན་རྒྱལ་དང༔ དབྱེར་མེད་བླ་མ་ལོངས་སྤྱོད་རྫོགས༔ ཝཀྐའི་རྗེས་གནང་སྨིན་གྲོལ་སྩོལ༔ བྱིན་རླབས་ཡེ་ཤེས་དབང་བསྐུར་ཞུ༔ དེ་ནས་སྔགས་བྱང་དང་བགྲང་ཕྲེང་ཐོགས་ལ༔ ཧཱུྃ༔ བཅོམ་ལྡན་བདེ་གཤེགས་མཆེད་བརྒྱད་ཀྱི༔ གསུང་གི་བྱིན་རླབས་ཡོན་ཏན་དབང༔ སྔགས་ཀྱི་འབྲས་བུ་བཅུད་དང་ལྡན༔ གྲགས་སྟོང་གསུང་གི་དབང་ཐོབ་ཤོག༔ རྩ་སྔགས་ཤམ་དུ་ཝཀྐ་དང༔ གཟུངས་སྔགས་རིང་ཐུང་བདུན་བདུན་གྱི༔ རྗེས་ཟློས་བྱེད་བཅུག་གཟུངས་ཡིག་དང༔ སྔགས་ཀྱི་ཕྲེང་བ་འདྲེན་དུ་བཅུག༔ སླར་ཡང་ལྷའི་མདོག་མཚུངས་ཀྱི་ཕྲེང་བ་སློབ་དཔོན་ལ་ཕུལ་ཞིང་སྔགས་ཀྱི་དངོས་གྲུབ་ཞུ་བ་ནི༔ དེ་ནས་བཅོམ་ལྡན་བདེ་གཤེགས་བརྒྱད༔ སློབ་མ་འདི་ལ་ལེགས་བསྩལ་ནས༔ འདི་ཉིད་རྗེས་སུ་འཛིན་པའི་ཕྱིར༔ སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ༔ དབྱངས་གསལ་རྟེན་འབྲེལ་སྙིང་པོ་བཟླ༔ བཀྲ་ཤིས་བརྗོད་ཅིང་མེ་ཏོག་འཐོར༔ གང་གི་གསུང་ནི་དྲི་ཟའི་རྒྱུད་སྟོང་ལྟར༔ ཚངས་པའི་དབྱངས་ཀྱིས་སྣ་ཚོགས་གདུལ་བྱའི་ཡིད༔ ཀུན་ཏུ་ཚིམ་བྱེད་གསུང་རབ་རྒྱ་མཚོའི་གཏེར༔ བཅོམ་ལྡན་སྨན་བླའི་གསུང་གི་བཀྲ་ཤིས་ཤོག༔ ཐུགས་ཀྱི་དབང་ཞུ་བའི་དོན་དུ་འདི་བཞིན་སྨྲོས་ཤིག༔ ན་མོ༔ རྡོ་རྗེ་འཆང་དབང་སྨན་རྒྱལ་དང༔ དབྱེར་མེད་བླ་མ་ཆོས་ཀྱི་སྐུ༔ ཙིཏྟའི་རྗེས་གནང་སྨིན་གྲོལ་སྩོལ༔ བྱིན་རླབས་ཡེ་ཤེས་དབང་བསྐུར་ཞུ༔ ཞེས་གསོལ་བ་བཏབ་པས་སློབ་དཔོན་གྱི་ཐུགས་ཕྱག་མཚན་ཨ་རུ་བརྒྱད་ཀྱི་དབང་བསྐུར་ལ༔ ཧཱུྃ༔ བཅོམ་ལྡན་བདེ་གཤེགས་སྨན་ལྷ་གཙོ་འཁོར་གྱི༔ ཡང་དག་ཐུགས་ཀྱི་ངོ་བོ་ཕྱག་མཚན་དབང༔ ཨ་རུ་རྣམ་བརྒྱད་བདེ་གཤེགས་བརྒྱད་ཀྱི་ཐུགས༔ ཚོམ་བུའི་རྣམ་པ་འོད་མདངས་གཟི་བརྗིད་འབར༔ སྐལ་ལྡན་སློབ་བུ་ཁྱོད་ལ་དབང་བསྐུར་རོ༔ སྨན་ལྷ་མཆེད་བརྒྱད་ཐུགས་ཀྱི་དབང་ཐོབ་ཤོག༔ ན་མཿསརྦ་ཏ་ཐཱ་ག་ཏཱ་ཨརྷ་ཏེ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ བཀྲ་ཤིས་བརྗོད་ཅིང་མེ་ཏོག་འཐོར༔ གང་གི་ཐུགས་ནི་ཡེ་ཤེས་རྒྱ་མཚོའི་ངང༔ དམིགས་མེད་ཐུགས་རྗེའི་རྦ་རླབས་ཆེར་གཡོས་ཤིང༔ སྨོན་ལམ་རྒྱ་མཚོའི་མཛད་པ་ལྷུན་གྲུབ་པའི༔ བཅོམ་ལྡན་སྨན་བླའི་ཐུགས་ཀྱི་བཀྲ་ཤིས་ཤོག༔ དེས་ནི་སྐུ་གསུང་ཐུགས་དབང་རྫོགས༔ ས་མ་ཡཱ༔ དེ་ནས་ལྷ་དབང་བསྡུས་པ་ནི༔ བདེ་བར་གཤེགས་པ་བརྒྱད་ཀྱི་སྐུ་ཐོགས་ལ༔ ཧཱུྃ༔ མཚན་ལེགས་རིན་ཆེན་གསེར་བཟང་མྱ་ངན་མེད༔ ཆོས་བསྒྲགས་རྒྱ་མཚོ་ཆོས་བློ་ཤཱཀྱ་ཐུབ༔ རྒྱ་ཆེན་སྨོན་ལམ་ཡོངས་སུ་རྫོགས་པ་ཡི༔ བདེ་བར་གཤེགས་པ་བརྒྱད་ཀྱི་དབང་བསྐུར་རོ༔ མི་མཐུན་རྐྱེན་སོལ་མཐུན་པའི་དངོས་གྲུབ་སྩོལ༔ མངོན་དགའི་ཞིང་དུ་དབུགས་དབྱུང་ལུང་བསྟན་ཅིང༔ བདེ་གཤེགས་བརྒྱད་ཀྱི་གདུལ་ཞིང་དག་པར་ཤོག༔ བྷཻ་ཥ་ཛྱཻ་དང་མུ་ནེའི་ཤམ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྷ་ཏེ་ཨཥྚ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་སེམས་དཔའ་བཅུ་དྲུག་གི་སྐུ་ཐོགས་ལ༔ སྔོན་ཚེ་དམ་བཅའི་བྱ་དཀའི་སྤྱོད་པ་ཡིས༔ འགྲོ་བའི་ཁམས་དང་དབང་པོའི་རྗེས་མཐུན་པར༔ གང་ལ་གང་འདུལ་འགྲོ་ལ་མི་འཇིགས་སྦྱིན༔ སེམས་དཔའ་བཅུ་དྲུག་དབང་འདི་ཁྱོད་ཀྱིས་ལོངས༔ བསྟན་འགྲོའི་དོན་ཀུན་འགྲུབ་པའི་དབང་ཐོབ་ཤོག༔ མ་ཧཱ་བྷོ་དྷི་ས་ཏྭ་ཨ་བྷི་ཥིཉྩ་ཧཱུྃ་སིདྡྷི་ཕ་ལ་ཧོ༔ གནོད་སྦྱིན་སྡེ་དཔོན་བཅུ་གཉིས་ཀྱི་སྐུ་ཐོགས་ལ༔ སྔོན་ཚེ་བཀའ་འཁོར་བསྟན་པ་སྐྱོང་བའི་ལྷ༔ གནོད་སྦྱིན་བཅུ་གཉིས་བདུན་འབུམ་ཉི་ཁྲི་བཅས༔ སངས་རྒྱས་བསྟན་པ་སྲུང་བའི་དབང་བསྐུར་བས༔ མདོ་ནས་གསུངས་པའི་ཕན་ཡོན་ཅི་མཆིས་པ༔ བྱང་ཆུབ་བར་དུ་ཐོབ་པར་མཛད་དུ་གསོལ༔ ཨོཾ་སརྦ་ཀུ་བཻ་ར་ཨ་བྷི་ཥིཉྩ་སིདྡྷི་ཕ་ལ་ཧཱུྃ༔ དེ་ནས་རྒྱལ་ཆེན་བཞིའི་སྐུ་ཐོགས་ལ༔ ཟབ་དང་རྒྱ་ཆེ་གཟིགས་པ་པོ༔ ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ༔ སྤྱན་མི་བཟང་དང་རྣམ་ཐོས་སྲས༔ རྒྱལ་ཆེན་བཞི་ཡི་དབང་བསྐུར་རོ༔ ལས་བཞི་ལྷུན་གྱིས་གྲུབ་པ་དང༔ དཀར་ཕྱོགས་ལྷ་ཡིས་སྐྱོབ་པར་ཤོག༔ ཨོཾ་ཙ་དུར་མ་ཧཱ་ར་ཛ་ཨ་བྷི་ཥིཉྩ་སིདྡྷི་ཕ་ལ་ཧོ༔ དེ་ནས་མཐའ་རྟེན་གཏོར་མ་ནི༔ སྤྲོ་ན་བརྒྱུད་པའི་མཚན་དོན་སྦྱར༔ བསྡུ་ན་གཟུངས་རིང་སྔགས་ཤམ་དུ༔ བྷ་ལིང་ཏ་ཏིཥྛ་ཀ་ཡ་ཝཀྐ་ཙིཏྟ་ཨ་ཥིཉྩ་ཧོ༔ དེ་ནས་སྣ་བདུན་རྫས་རྟགས་དབང༔ གཞན་ནས་བྱུང་བ་སྤྱི་ལྟར་བྱ༔ དགེ་བསྔོ་ཤིས་བརྗོད་མཐའ་ལ་བརྒྱན༔ བདེ་གཤེགས་དབང་གི་རིམ་པ་འོ༔ རྗེས་ལ་དམ་ཚིག་རིམ་པ་ནི༔ རྗེས་གནང་ཐོབ་ནས་དུས་དྲུག་དུ༔ སྨན་བླའི་གསོལ་འདེབས་བདུན་བདུན་བརྗོད༔ ཚེས་བརྒྱད་མཆོད་ཆོག་མི་བཅགས་ཤིང༔ འགྲོ་ལ་ཕན་པའི་སྨན་གཅིག་པུ༔ བྱང་ཆུབ་སེམས་གཉིས་འབད་དེ་བསྒོམ༔ ས་མ་ཡཱ༔ དབང་འདི་ལན་གཅིག་ཐོབ་པས་ཀྱང༔ གནས་སྐབས་བར་ཆད་རྐྱེན་ལས་གྲོལ༔ འཕོས་ཚེ་བཻ་ཌཱུར་ཞིང་ཁམས་བསྒྲོད༔ དེ་ནས་ཞིང་འབྱུང་གདུལ་བྱ་སྨིན༔ ཕན་པའི་ཡོན་ཏན་བསམ་ལས་འདས༔ ཨོ་རྒྱན་དགོངས་བཅུད་ཡང་སྙིང་ཆོས༔ མཚོ་རྒྱལ་ཨ་ཙར་ཡོངས་ལ་གདམས༔ འདི་ཕྱིའི་དཔལ་དང་དགེ་ལེགས་འབྱུང༔ ཐེ་ཚོམ་མེད་ན་བྱིན་རླབས་མྱུར༔ ལོག་རྟོག་ཅན་ལ་ཕག་ཏུ་སྦས༔ སྐལ་ལྡན་ཡོངས་ལ་སྟོན་པར་འོས༔ ཉམས་སུ་བླངས་ན་རྟགས་མཚན་འབྱུང༔ རྣོ་ནུས་ཐོན་པ་གཏེར་གྱི་ཁྱད༔ བཀའ་སྲུང་སྨན་གྱི་ལྷ་མོས་འཚོས༔ ཉམས་པ་ཅན་གྱི་སྲོག་ལ་རྒོལ༔ སྐལ་ལྡན་དམ་པ་སྲུངས་ཤིང་སྐྱོབས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཞེས་པའང་རིང་མོ་ནས་སེམས་ལ་ཤར་ཡང་སྦས་པའི་ཚུལ་གྱིས་ཅི་མི་སྙམ་པར་བཞག་པ༔ ཕྱིས་ལས་ལྡན་ལུང་ཟིན་དམ་པ་ལུང་རྟོགས་བསྟན་འཛིན༔ པདྨ་བསྟན་འཛིན༔ ཀརྨ་ཡེ་ཤེས་སོགས་ཀྱིས་བསྐུལ་བ་ལ་བརྟེན་ནས་ཨོ་རྒྱན་རྡོ་རྗེ་འཆང་གི་རྒྱལ་ཚབ་འཁྲུལ་བ་མེད་པར་དབུགས་དབྱུང་ལུང་བསྟན་ཐོབ་པའི་གཏེར་སྟོན་བསམ་གཏན་ཡེ་ཤེས་གླིང་པར་འབོད་པས་རིག་པ་མཉམ་བཞག་གི་སྒྲོམ་ནས་བཏོན་ཏེ་མགྱོགས་པར་བྲིས་པའི་དགེ་བས་ཁམས་གསུམ་སྐྱེ་དགུའི་སྡུག་བསྔལ་མཐའ་དག་ཞི་ཞིང་བཻ་ཌཱུརྱར་སྣང་བའི་ཞིང་དུ་མེ་ཏོག་པདྨའི་སྙིང་པོ་སེང་གེའི་ཁྲི་ལ་བརྫུས་ཏེ་སྐྱེ་བར་ཤོག་ཅིག༔ དགེའོ༔

སྨན་གཟུངས་ལྡེབ་ཤར།

༄༅། ཏདྱ་ཐཱ༔ སིདྡྷི་སིདྡྷི༔ སུ་སིདྡྷི༔ མོ་ཙ་ནི༔ མོ་ཀྵ་ནི༔ མུཀྟེ༔ བི་མུཀྟེ༔ ཨ་མ་ལེ༔ བི་མ་ལེ༔ མཾ་ག་ལྱེ༔ ཧི་ར་ཎྱ་གརྦྷེ༔ རཏྣ་གརྦྷེ༔ སརྦ་ཨརྠ་སཱ་དྷ་ནི༔ པ་ར་མརྠ་སཱ་དྷ་ནི༔ མ་ན་སེ༔ མ་ཧཱ་མ་ན་སེ༔ ཨཏྦྷུ་ཏེ༔ ཨ་ཏྱད་བྷུ་ཏེ༔ བྷཱི་ཏ་བྷ་ཡེ༔ སུ་ཝརྞེ༔ པྲ་ཧྨ་གྷོ་ཥེ༔ པྲ་ཧྨ་དྷྱུ་ཥི་ཏེ༔ སརྦ་ཨརྠེ་ཥུ༔ ཨ་པ་ར་ཛི་ཏེ༔ སརྦ་ཏྲ་ཨ་པྲ་ཏི་ཧ་ཏེ༔ ཙ་ཏུཿཤཥྛི་བྷུདྡྷ་ཀོ་ཊི་བྷ་ཥི་ཏེ༔ ན་མཿསརྦ་ཏ་ཐཱ་ག་ཏཱ་ནཱཾ་སྭཱ་ཧཱ༔ ༧ ཏདྱ་ཐཱ༔ གྷུ་མེ་གྷུ་མེ༔ ཨི་མི་ནི་མི་ཧི༔ མ་ཏི་མ་ཏི༔ སཔྟ་ཏ་ཐཱ་ག་ཏ་ས་མཱ་དྷྱ་དྷིཥྛཱི་ཏེ༔ ཨ་ཏི་མ་ཏེ༔ པཱ་ལེ་པཱ་པཾ་ཤྭ་དྷ་ནི༔ སརྦ་པཱ་པཾ་ནཱ་ཤ་ཡ༔ མ་མ་བུདྡྷེ་བུདྡྷོཏྟ་མེ༔ ཨུ་མེ་ཀུ་མེ༔ བུདྡྷ་ཀྵེ་ཏྲ་པ་རི་ཤྭ་དྷ་ནི༔ དྷ་མེ་ནི་དྷ་མེ༔ མེ་རུ་མེ་རུ༔ མ་རུ་ཤི་ཁ་རེ༔ སརྦ་ཨ་ཀཱ་ལ་མྲི་ཏྱུ་ནི་པཱ་ར་ཎི༔ བུདྡྷེ་སུ་བུདྡྷེ༔ བུདྡྷ་ཨ་དྷཱིཥྛཱི་ཏེ་ན་རཀྵནྟུ་མེ༔ སརྦ་དེ་བཱ༔ ས་མེ་ཨ་ས་མེ་ས་མ་ནོ་ཧ་རནྟུ་མེ༔ སརྦ་བུདྡྷ་བོ་དྷི་སཱ་ཏྭ༔ ཤ་མེ་ཤ་མེ༔ པྲ་ཤ་མནྟུ་མེ་སརྦ་ཨི་ཏྱུ་པ་ཏྲ་བཱ་བྱཱ་དྷ་ཡ༔ པཱུ་ར་ཎི་པཱུ་རི་ཎི༔ པཱུ་ར་ཡ་མེ༔ སརྦ་ཨཱ་ཤཱ་ཡ་བཻ་ཌཱུརྱ་པྲ་ཏི་བྷཱ་སེ་སརྦ་པཱ་པཾ་ཀྵ་ཡཾ་ཀ་རི་སྭཧཱ༔

མན་ངག་གནད་ཀྱི་ལས་ཚོགས།

ཡང་གསང་མཁའ་འགྲོའི་ཐུགས་ཐིག་ལས༔ མན་ངག་གནད་ཀྱི་ལས་ཚོགས་སྟོན༔ རྫས་སྔགས་སྨན་དང་ཆུ་བརྟག་སོགས༔ མཁོ་བའི་ཡོ་བྱད་རྣམ་པ་བཞི༔ འགྲོ་ལ་ཕན་ཕྱིར་འདིར་བཀོད་ཀྱཻ༔ ས་མ་ཡཱ༔ རིགས་གསུམ་མགོན་དང་སྨན་གྱི་བླ༔ ཨོ་རྒྱན་པདྨ་མཚོ་རྒྱལ་དང༔ དབྱེར་མེད་ལུང་རིག་གླིང་པ་མཁྱེན༔ ཀྱཻ་ཀྱཻ་དེང་སང་ལྔ་བདོ་སྙིགས་མའི་དུས༔ ཆོས་བྱེད་སྒྲུབ་ཚུགས་ཟིན་པ་དཀོན༔ མཁས་མཆོག་རྣམས་ནི་བདུད་ཀྱིས་བསླུ༔ གྲུབ་ཐོབ་འདྲ་མོའི་སྤྱོད་པ་ཅན༔ གཏེར་རྫུན་ཕལ་གྱིས་ལོག་ལམ་སྟོན༔ ཁྲིམས་ལྡན་འགའ་ཡིས་ཚུལ་འཆོས་བྱེད༔ མི་སྐྱ་ཕོ་མོས་ཆོས་བྱེད་སློབ༔ ཅིག་ཤོས་དུ་མ་ཡི་མུག་མང༔ དེ་ནང་བྱང་སེམས་འགའ་ཡི་སྤྲུལ༔ སྦས་པའི་ཚུལ་ཅན་འགྲོ་ལ་ཕན༔ དུས་ཡམས་བཅོས་པའི་སྤྱོད་པ་སྐྱོང༔ ལོག་པའི་སྐྱེ་འགྲོས་ཁས་ལེན་ཉུང༔ གཏེར་རིགས་མི་འདྲ་མང་མོད་ཀྱང༔ སྙིང་རྗེ་ཅན་གྱི་ཉམས་ཆོས་ནི༔ ནམ་ལངས་རྗེས་སུ་ཉི་མ་བཞིན༔ བཟང་ངན་ཡོན་ཏན་རྗེས་ནས་མངོན༔ ལོག་ལམ་སྟོན་པའི་བརླང་སྤྱོད་མཁན༔ རི་མཐོའི་དགོང་ཁའི་ཉི་ཟེར་བཞིན༔ ལས་ཀྱི་བྱེད་པ་རྗེས་ཤེས་ཡོང༔ དེ་བཞིན་བདག་གི་ཟབ་ཆོས་མཁའ་འགྲོའི་བརྡ༔ ཨོ་རྒྱན་སྟངས་དཔྱལ་ཐུགས་ལ་བརྣག་པའི་གཏེར༔ ཆུ་ཕོ་རྟོགས་ལྡན་སྐྱེ་མཐའ་ཕན་པའི་མིང༔ པདྨའི་བསྟན་པས་འགྲོ་བ་ཕལ་ཆེར་འདུལ༔ བསམ་གཏན་ཡེ་ཤེས་གླིང་ཞེས་སྦས་པའི་གཏེར༔ ཡང་བཅུད་སྙིང་གི་གདམས་པ་འདི་ན་སྤེལ༔ ས་མ་ཡཱ༔ དང་པོ་རྫས་ཀྱི་མན་ངག་ནི༔ འབྲས་བུ་གསུམ་ནི་ཞིབ་ཏུ་བརྡུང༔ སེལ་མེད་དམ་རྫས་ཆོས་སྨན་དང༔ སྐྱེས་ཆེན་གདུང་རུས་ཚོན་རྩི་ཡིས༔ རིལ་བུ་སྲན་ཆུང་ཙམ་རེ་འམ༔ ཡང་ན་སྐར་ཆུས་སྦགས་པ་ལ༔ ཤ་ཆང་སྒོག་ཙོང་ཐ་མ་ཁ༔ སྤངས་ཤིང་ཡན་ལག་བརྒྱད་སྡོམ་བླངས༔ ཐོ་རངས་རྣམ་འཇོམས་གཟུངས་ཉེར་གཅིག༔ རྣོ་སོ་གདགས་ལ་སྔགས་འདི་བཟླ༔ ཨོཾ་ཨཱཿཧཱུྃཿཕཊ་སྟོང་རྩ་དང༔ ཊ་ཕ་ས་ཧ་ཧྲི་ཨོཾ་ནི༔ ཁྲི་ཕྲག་བཟླས་རྗེས་ཡང་སྔགས་བཟླ༔ རྡོ་རྗེའི་གོ་ཁྲབ་བཟླས་ཆོག་འདོན༔ དེས་ནི་ནད་རིགས་བཞི་བརྒྱ་དང༔ རྩ་བཞི་ལ་སོགས་རྨ་བརྒྱད་སོགས༔ སྨན་པས་བཅོས་མི་ཐུབ་པའི་རིགས༔ འདི་ཡིས་འཇོམས་པར་ཐེ་ཚོམ་མེད༔ ཕན་ཡོན་བརྗོད་པ་བསམ་མི་ཁྱབ༔ གཅིག་ཆོག་རྒྱལ་པོ་ཨེ་མ་ཧོ༔ དཀྱིལ་འཁོར་མི་དགོས་དྲན་ཆོག་དང༔ འདུན་པས་ཚོམ་མེད་ཐང་ཆོག་ཡིན༔ བཛྲ་ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་སྔགས་འབྲུའི་མན་ངག་ནི༔ ཤོག་བུ་དྲི་བྲལ་དུག་མེད་ལ༔ རིན་ཆེན་སྣ་ལྔ་མཚལ་རྒྱ་སྣག༔ དྲི་བཟང་ཆུ་ཡིས་འདི་བྲིས་ལ༔ ནང་གི་ནད་ལ་ཁོག་ཏུ་མིད༔ ཕྱི་ཡི་ནད་ལ་གདགས་པས་ཆོག༔ ནད་བརྒྱ་སྔགས་གཅིག་ཟབ་པའི་ཆོས༔ ལྷ་བསྒོམ་དམིགས་པའི་འཕྲོ་འདུ་མེད༔ འདི་ལས་ཟབ་པའི་མན་ངག་ཆོས༔ མདོ་རྒྱུད་དུ་མའི་བཅུད་དུ་དྲིལ༔ མཁའ་འགྲོའི་ཐུགས་ལ་བརྣགས་པའི་གནད༔ ཕན་པའི་ཡོན་ཏན་བརྗོད་མི་ལང༔ འགྲོ་ལ་སྨན་པའི་སྔགས་གཅིག་ཆོག༔ ས་སྟེང་དཀོན་པ་ཨེ་མ་ཧོ༔ སེམས་བསྐྱེད་ལྡན་པས་གནད་ལ་སྦྱོར༔ བཛྲ་ས་མ་ཡཱ༔ གསུམ་པ་སྨན་གྱི་མན་ངག་ནི༔ སངས་རྒྱས་སྨན་བླའི་ཐུགས་བསྐྱེད་ལས༔ བྱུང་བའི་སྨན་མདོ་བརྒྱ་ཕྲག་གི༔ གནད་དོན་མན་ངག་རྩེ་མོ་འདི༔ ཨོ་རྒྱན་སྨན་གྱི་བླ་མ་ཡིས༔ མ་འོངས་དུས་ཀྱི་ཐ་མ་ལ༔ ལྔ་བདོའི་རྩུབ་འགྱུར་བསྐལ་བའི་ཞབས༔ ནད་རིགས་མི་གཅིག་ངོས་མི་ཟིན༔ དེ་ཚེ་གཅིག་ཆོག་གདམས་པ་འདིའི༔ ཡོན་ཏན་བསམ་ལས་འདས་པ་འབྱུང༔ དེ་ཕྱིར་ལག་ལེན་འདི་ལ་བརྩོན༔ རྒྱ་གར་ཡུལ་གྱི་བྷཻ་ཥ་ཛྱཻ༔ དང༔ སྐྱེ་འགྲོ་ལས་བྱུང་བྷཻ་ཥ་ཛྱཻ༔ སྦྱར་བ་དང༔ མི་མཐུན་གསོད་པའི་བྷཻ་ཥ་ཛྱཻ༔ཞིབ་ཏུ་བཏག༔ དགེ་སློང་ཚངས་སྤྱོད་ཁྲིམས་ལྡན་དང༔ བྱིས་པ་རིགས་བཟང་དྲི་ཆུ་ནི༔ བར་མ་ཐོ་རངས་དུས་ཀྱི་ཚེ༔ དུང་ཕོར་སྣོད་དུ་ལེགས་པར་བསྐྱིལ༔ སྨན་ལྷའི་མདོ་འདོན་སྔགས་ཀྱིས་བསྒྲུབ༔ རིལ་བུ་རྒྱ་སྲན་རྡོག་པོ་ཙམ༔ ཞག་བདུན་བསྒྲུབ་ལ་ནད་གདོན་གྱིས༔ ནོན་པའི་ལྟོ་ལ་ཞལ་ཤེས་བཞིན༔ བཏང་ན་སྔོན་ལས་མ་གཏོགས་པའི༔ འཕྲལ་རྐྱེན་མི་གྲོལ་གང་ཡང་མེད༔ ཨོ་རྒྱན་སྨན་བླའི་ཐུགས་བཅུད་ཆོས༔ ལས་འཕྲོ་ལྡན་པའི་བློ་ལ་ཤར༔ ཕན་པའི་ཡོན་ཏན་བརྗོད་ན་ནི༔ འཛད་མེད་སྨན་བླའི་ལྗགས་ཀྱང་རྡུགས༔ སེམས་བསྐྱེད་ལྡན་པའི་ཆོས་བདག་གིས༔ ཐེ་ཚོམ་མེད་པར་ཉམས་སུ་ལོངས༔ འགྲོ་ལ་ཕན་པ་རྒྱ་ཆེན་འགྱུར༔ གཅིག་ཆོག་ར་ཛ་ཨེ་མ་ཧོ༔ འདི་ལས་ལྷག་པ་བྱ་སླ་དང༔ ཚེགས་ཆུང་དོན་ཆེ་ས་སྟེང་དཀོན༔ བཛྲ་ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བཞི་པ་ཆུ་བརྟགས་ནད་ཁམས་དཔྱད༔ བརྟགས་བྱ་ཐོ་རངས་ལངས་པའི་ཚེ༔ དུང་ཕོར་རམ་ནི་དཀར་ཡོལ་ནང༔ དྲི་ཆུ་བར་མ་ལེགས་པར་བསྐྱིལ༔ དཔྱོད་ལྡན་དམ་པས་རབ་ཏུ་དཀྲུག༔ ཆུ་མདོག་དཀར་ཞིང་ལྦུ་བ་འབུར༔ རླུང་ཤེད་ཆེ་བའི་ནད་ཀྱི་ཁམས༔ ཆུ་མདོག་སེར་ན་མཁྲིས་པ་རྒྱས༔ ཆུ་མདོག་དམར་ན་ཁྲག་མཁྲིས་ལྡང༔ ཆུ་མདོག་སྔོ་ན་གྲང་ཞད་ཆེ༔ དྭངས་སྙིགས་འབྱེད་དང་རུལ་བ་ན༔ ཚེ་བླ་ཉམས་ཤིང་དུས་བྱའི་རྟགས༔ ཚད་པས་ཁྲག་མདོག་དུད་ཁ་འབྱུང༔ ལྕེ་ལ་རེག་ན་སྐྱུར་བ་འབྱུང༔ ལྦུ་བ་ཙིག་ཙིག་མང་བ་དང༔ ཙག་ཙག་མང་ན་གདོན་གྱི་ངོ༔ རིམ་གྲོ་ཆེན་པོས་བསླུ་བར་ངེས༔ ལྦུ་བ་ཉུང་ཞིང་ཕྱོད་ཕྱོད་ཀྱིས༔ ནད་མེད་གདོན་གྱིས་བཏང་བའོ༔ ས་མ་ཡཱ༔