cover

བསམ་གཏན་ཡེ་ཤེས་གླིང་པའི་གཏེར་ཆོས་སྐོར།

གླེགས་བམ་གཉིས་པ། ཁ༽

བསམ་གཏན་ཡེ་ཤེས་གླིང་པའམ་ཧོར་བླ་གཞན་ཕན་བཟང་པོ། རས་པ་གསལ་སྟོབས། དྷེ་ཝ་བཛྲ།

སྔ་འགྱུར་མདོ་ཁམས་གཡུ་ཁོག་དཔེ་ཚོགས།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

རྒྱལ་བ་འོད་མཚན་སྟོང་འབར་གྱི་གསོལ་འདེབས་ཐུགས་རྗེའི་ལྕགས་ཀྱུ།

རྒྱལ་བ་འོད་མཚན་སྟོང་འབར་གྱི་གསོལ་འདེབས་ཐུགས་རྗེའི་ལྕགས་ཀྱུ་བཞུགས༔ ཨོཾ་སྭ་སྟི༔ དམིགས་མེད་ཆོས་སྐུའི་མགོན་པོ་འོད་དཔག་མེད༔ ངེས་པ་ལྔ་ལྡན་ལོངས་སྐུ་སྤྱན་རས་གཟིགས༔ ཐུགས་རྗེ་འགགས་མེད་རང་བྱུང་པདྨ་སྐྱེས༔ གསོལ་བ་འདེབས་སོ་བདེ་ལྡན་ཞིང་ལ་སྦྱོར༔ མཁའ་སྤྱོད་གཙོ་མོ་ཛྙཱ་ན་ས་ག་ར༔ ཕུར་བའི་གྲུབ་བརྙེས་ཨ་ཙར་ཡེ་ཤེས་དབྱངས༔ རྒྱལ་བའི་གདུང་འཚོབ་འགྲོ་འདུལ་ལུང་རིག་གླིང༔ གསོལ་བ་འདེབས་སོ་བདེ་ལྡན་ཞིང་ལ་སྦྱོར༔ གང་དེས་རྗེས་བརྩེ་ཆོས་བདག་གཞན་ལ་ཕན༔ ལུང་ཟིན་རྩ་བརྒྱུད་དཔལ་ལྡན་བླ་མ་དང༔ རྩ་གསུམ་སྲུང་མ་རྒྱལ་བ་སྲས་བཅས་ལ༔ གསོལ་བ་འདེབས་སོ་བདེ་ལྡན་ཞིང་ལ་སྦྱོར༔ དེ་ལྟར་རྩེ་གཅིག་གསོལ་བ་བཏབ་པའི་འབྲས༔ དབང་བཞིས་རྒྱུད་སྨིན་དོན་གཉིས་ལྷུན་གྱིས་གྲུབ༔ ཚེ་འདིར་བདེ་ལྡན་ལོངས་སྐུའི་དཔལ་ཐོབ་ནས༔ འོད་མཚན་སྟོང་འབར་རྒྱལ་དང་གཉིས་མེད་ཤོག༔ ཅེས་དགེ་བའི་བཤེས་གཉེན་དམ་པ་བླ་མ་བློ་གྲོས་དང༔ དབོན་བསྟན་འཕེལ༔ རང་སློབ་པདྨ་བསྟན་འཛིན་གསུམ་གྱིས་མཎྜལ་གྱི་རྫས་དང༔ གཡུ་བྱང༔ རྨ་བྱའི་སྒྲོ༔ ལྷ་རེག་དང་བཅས་བསྐུལ་བ་ལ་བརྟེན་ནས་སྤྲུལ་མིང་པས་བྲིས་པ་དགེ་འོ༔

རྒྱལ་བ་འོད་མཚན་སྟོང་འབར་གྱི་སྒྲུབ་ཐབས་བདེ་ཆེན་ལམ་བགྲོད།

ཡང་གསང་ཌཱཀྐིའི་ཐུགས་ཐིག་ལས༔ རྒྱལ་བ་འོད་མཚན་སྟོང་འབར་གྱི་སྒྲུབ་ཐབས་བདེ་ཆེན་ལམ་བགྲོད་བི་ཛ་ཧ་རཾ༔

ན་མོ་ཨ་མི་ཏ་བྷ་ཝ༔ རྒྱལ་བ་བསྐལ་བཟང་སྟོང་རྩ་ཡི༔ རིགས་བདག་པདྨའི་རིགས་མཆོག་གིས༔ མངའ་གསོལ་མཚན་གྱིས་འགྲོ་སྒྲོལ་བ༔ འོད་དཔག་མེད་མགོན་ཕྱག་གི་གནས༔ ས་མ་ཡཱ༔ དེ་ལ་བརྩོན་པའི་གང་ཟག་གིས༔ སྒྲུབ་གནས་ཡིད་འོང་སྐྱེད་མོས་ཚལ༔ སྒྲུབ་རྟེན་ཡོ་བྱད་གྱ་ནོམ་བཤམས༔ ཆོ་ག་གཞན་གྱི་འགྲོས་སུ་བཀོད༔ རང་ཉིད་བདེ་བའི་སྟན་ལ་འདུག༔ དང་པོ་སྦྱོར་བའི་ཆོས་དགུ་ནི༔ བཀའ་བསྒོ་མཚམས་གཅོད་སྐྱབས་སེམས་བདུན༔ སྡོམ་གཟུང་བྱིན་འབེབས་མཆོད་བྱིན་རླབས༔ དམ་བཤགས་དང་པོ་གཞི་བགེགས་ལ༔ དཀར་དམར་གཏོར་མ་སྔགས་ཀྱིས་བརླབས༔ ལྟ་བའི་གདེངས་ཀྱིས་འདི་སྐད་དོ༔ ཧཱུྃ་ཧྲཱིཿ གཉིས་འཛིན་དབང་གིས་མ་རིག་འཁྲུལ་བའི་འདྲེ༔ མཆོད་པའི་གྲལ་ལ་མི་དབང་ལན་ཆགས་བགེགས༔ གཏོར་མ་ལོངས་སྤྱོད་རྒྱ་མཚོའི་ཕ་མཐར་དེངས༔ གལ་ཏེ་མི་འགྲོ་གནོད་སེམས་འདིར་འདུག་ན༔ སྟོང་ཉིད་ངང་ལས་རང་ཤར་ཐུགས་རྗེའི་ལྷ༔ དབང་ཆེན་ཁྲོ་རྒྱལ་འབར་བའི་ཏིང་འཛིན་གྱིས༔ ལུས་སྲོག་རྡུལ་དུ་བརླག་པར་གདོན་མི་ཟ༔ ཧཱུྃ་བཞིའི་སྔགས་རོལ་གུ་གུལ་དུད༔ དམིགས་པས་ཡུངས་ཐུན་དང་བཅས་བསྐྲད༔ དེ་ནས་སྲུང་བའི་མཚམས་གཅོད་ནི༔ ཧཱུྃ་ཧྲཱིཿ ཕྱི་མཚམས་མི་ཤིགས་རྡོ་རྗེའི་གུར་ཁང་ལ༔ ནང་དབྱིངས་སྟོང་པའི་བསྲུང་བྱ་སྲུང་བྱེད་བྲལ༔ ཀུན་རྫོབ་སྣང་བ་ཁྲོ་མཚོན་མེ་རིས་གཏམས༔ ལོག་འདྲེན་འབྱུང་པོས་ནམ་ཡང་གླགས་མི་རྙེད༔ བཛྲ་རཀྵ་རཀྵ་བྷྲཱུྃ༔ ཐོག་མར་སྐྱབས་ཡུལ་ལྷ་ཚོགས་རྣམས༔ མདུན་གྱི་ནམ་མཁར་སྤྱན་དྲངས་ལ༔ ཧཱུྃ་ཧྲཱིཿ མཆོག་གསུམ་ཀུན་འདུས་རྒྱལ་བ་འོད་དཔག་མེད༔ སྨོན་ལམ་མངའ་བདག་ལྷ་མཆོག་འཁོར་བཅས་ལ༔ བདག་གཞན་འགྲོ་ཀུན་བྱང་ཆུབ་མ་ཐོབ་པར༔ སྒོ་གསུམ་གུས་པས་རྩེ་གཅིག་སྐྱབས་སུ་མཆི༔ དེ་ནས་དམིགས་ཡུལ་འགྲོ་བ་ཀུན༔ འཁོར་མཚོ་ལས་སྒྲོལ་རྫོགས་བྱང་ལ༔ འགོད་ཕྱིར་སྨོན་འཇུག་སེམས་བསྐྱེད་ངང༔ ཧཱུྃ་ཧྲཱིཿ ཕ་མ་འགྲོ་དྲུག་སེམས་ཅན་མ་ལུས་པ༔ རྣམ་མཁྱེན་རྒྱལ་བའི་གོ་འཕང་ལ་འགོད་ཕྱིར༔ ཚད་མེད་བཞི་བསྒོམ་འོད་མཚན་སྟོང་འབར་སྒྲུབ༔ ཡང་དག་མཐའ་བྲལ་དོན་དམ་སེམས་བསྐྱེད་དོ༔ ཚོགས་ཞིང་སྤྱན་སྔར་ཡན་ལག་བདུན༔ ཚོགས་བསགས་རྣམས་ཀྱང་འདིར་འདུས་ཕྱིར༔ དུག་ལྔ་འདོར་ལེན་ཐེ་ཚོམ་རྣམས༔ སྦྱོང་བའི་ཐབས་མཆོག་འདོན་སྒོམ་སྦྲགས༔ ཧཱུྃ་ཧྲཱིཿ རྒྱལ་བ་ཀུན་དངོས་འོད་མཚན་སྟོང་འབར་ལ༔ སྒོ་གསུམ་གུས་པས་ཡན་ལག་ལྔ་ཕྱག་འཚལ༔ དངོས་འབྱོར་ཡིད་སྤྲུལ་མཆོད་སྤྲིན་རྒྱ་མཚོ་འབུལ༔ བསླབ་གསུམ་དམ་ལས་འགལ་བའི་ཉེས་ཚོགས་བཤགས༔ རྒྱལ་བའི་གསང་གསུམ་དགེ་ལ་རྗེས་ཡི་རང༔ རྟག་ཏུ་ཐེག་ཆེན་ཆོས་འཁོར་བསྐོར་བར་བསྐུལ༔ སེམས་ཅན་དོན་ཕྱིར་བསྐལ་བརྒྱར་རྟག་བཞུགས་གསོལ༔ དགེ་ཚོགས་འགྲོ་ཀུན་སངས་རྒྱས་ཐོབ་ཕྱིར་བསྔོ༔ དམ་ཚིག་གནས་ཀུན་ཡང་ཡང་བཟུང༔ ཧཱུྃ་ཧྲཱིཿ འགྲོ་ལ་གནོད་སྤང་སོ་ཐར་སྡོམ་པ་དང༔ གཞན་ཕན་མཆོག་ཏུ་བརྩོན་པའི་བྱང་ཆུབ་སེམས༔ སྣང་སྲིད་དག་མཉམ་གསང་སྔགས་དམ་ཚིག་སྡོམ༔ མ་ལུས་བདག་ཉིད་ཡང་དག་བཟུང་བར་བགྱི༔ བཛྲ་ས་མ་ཡཱ་ཨ༔ བྱིན་ཆེན་བདག་གནས་ཡོ་བྱད་ལ༔ དབབ་ཕྱིར་སྤོས་རོལ་དབྱངས་དང་བཅས༔ ཧཱུྃ་ཧྲཱིཿ ནུབ་ཕྱོགས་བདེ་ཆེན་པདྨ་བཀོད་ཞིང་ནས༔ ཆོས་སྐུ་སྣང་བ་མཐའ་ཡས་བྱིན་ཕོབ་ཅིག༔ ཤར་ཕྱོགས་པོ་ཊ་ལ་ཡི་རྩེ་མོ་ནས༔ ལོངས་སྐུ་སྤྱན་རས་གཟིགས་དབང་བྱིན་ཕོབ་ཅིག༔ ལྷོ་ནུབ་པདྨ་འོད་ཀྱི་ཕོ་བྲང་ནས༔ སྤྲུལ་སྐུ་མཚོ་སྐྱེས་རྡོ་རྗེས་བྱིན་ཕོབ་ཅིག༔ ལྷུན་གྲུབ་བདེ་བ་ཆེན་པོའི་གཞལ་ཡས་ནས༔ མངའ་བདག་ཆོས་རྒྱལ་ཡབ་སྲས་བྱིན་ཕོབ་ཅིག༔ ལྷན་སྐྱེས་གཉུག་མ་དགའ་བཞིའི་ཁང་བཟང་ནས༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་བྱིན་ཕོབ་ཅིག༔ རྒྱ་བོད་ཚོང་འདུས་ཆོས་ལ་འགྲིམ་པའི་གནས༔ ཨ་ཙར་ཡེ་ཤེས་དབྱངས་ཀྱིས་བྱིན་ཕོབ་ཅིག༔ སྣང་སྲིད་དག་པ་འབྱམས་སུ་ཀླས་པའི་གནས༔ འགྲོ་འདུལ་ལུང་རིག་གླིང་པས་བྱིན་ཕོབ་ཅིག༔ སྟོང་གསུམ་མི་མཇེད་སྤྲུལ་པའི་གནས་མཆོག་ནས༔ བསམ་གཏན་ཡེ་ཤེས་གླིང་པས་བྱིན་ཕོབ་ཅིག༔ བརྒྱུད་པ་ཁྲིམས་ལྡན་ཆུ་བོ་རྙོག་མེད་གནས༔ ཆོས་བདག་རིག་པ་འཛིན་པས་བྱིན་ཕོབ་ཅིག༔ བཀའ་དང་དམ་ཚིག་གཉན་པོའི་ཕོ་བྲང་ནས༔ བཀའ་སྲུང་ཞིང་སྐྱོང་ཡབ་ཡུམ་བྱིན་ཕོབ་ཅིག༔ སྒྲུབ་གནས་ཡོ་བྱད་རྣམས་ལ་བྱིན་གྱིས་རློབས༔ རིག་འཛིན་རྣལ་འབྱོར་ཡོངས་ལ་དབང་བཞི་བསྐུར༔ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿ ཛྙཱ་ན་བཛྲ་ཨ་བེ་ཤ་ཡ་ཕེཾ་ཕེཾ༔ ཞེས་བརྗོད་མཆོད་པའི་འབགས་བཙོག་རྣམས༔ རཾ་ཡཾ་ཁཾ་གིས་བསྲེགས་གཏོར་བཀྲུས༔ ཨོཾ་ཨཱཿཧཱུྃ་གིས་སྦྱངས་སྤེལ་བསྒྱུར༔ ཧཱུྃ་ཧྲཱིཿ རང་བྱུང་དབྱིངས་ནས་འབྲུ་གསུམ་སྤྲོ་བསྡུ་ཡིས༔ ཕྱི་ནང་གསང་མཆོད་ཟག་མེད་བདུད་རྩིར་བསྒྱུར༔ དངོས་འཛིན་ཡོངས་གྲོལ་རྒྱལ་བའི་ཡེ་ཤེས་ཀྱི༔ རྩལ་སྣང་བདེ་བ་ཆེན་པོའི་རྫས་སུ་གྱུར༔ མ་ཧཱ་སརྦ་པུ་ཙ་ཧོ༔ དམ་ལས་འགལ་བའི་ཉེས་ཚོགས་རྣམས༔ དངོས་གྲུབ་སྒྲུབ་ལ་འདི་བཞིན་བཤགས༔ ཧཱུྃ་ཧྲཱིཿ བླ་མ་མཁན་སློབ་སངས་རྒྱས་བྱང་ཆུབ་སེམས༔ སྐྱབས་ཀུན་སྤྱན་སྔར་ཁས་བླང་དམ་ཚིག་སྡོམ༔ བག་མེད་ཉོན་མོངས་དབང་གིས་ཉེས་པ་ཀུན༔ མི་འཆབ་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས༔ དག་ཚངས་མཆོག་གི་དངོས་གྲུབ་དུས་འདིར་སྩོལ༔ ཡི་གེ་བརྒྱ་པ་བདུན་ནམ་ཉེར་གཅིག་བཟླ༔ དབང་པོ་རབ་འབྲིང་ཐ་མའི་ཚུལ་བཞིན་བཤགས༔ དེ་ནས་དངོས་གཞི་ལྷ་བསྐྱེད་རིམ་པ་ནི༔ ཨཱ༔ སྐད་ཅིག་དྲན་རྫོགས་རང་རིག་གཤིས༔ ཞེས་སོགས།

རྒྱལ་བ་འོད་མཚན་སྟོང་འབར་གྱི་སྒྲུབ་ཐབས་བདེ་ཆེན་རྒྱལ་པོ།

ཡང་གསང་ཌཱཀྐིའི་ཐུགས་ཐིག་ལས༔ རྒྱལ་བ་འོད་མཚན་སྟོང་འབར་གྱི་སྒྲུབ་ཐབས་བདེ་ཆེན་རྒྱལ་མོ་བཞུགས༔

རྒྱལ་བ་བསྐལ་བཟང་སྟོང་རྩ་ཡི༔ རིགས་བདག་པདྨའི་རིགས་མཆོག་གིས༔ མངའ་གསོལ་མཚན་གྱིས་འགྲོ་སྒྲོལ་བ༔ འོད་དཔག་མེད་མགོན་ཕྱག་གི་གནས༔ ས་མ་ཡཱ༔ དེ་ལ་སྦྱོར་དངོས་རྗེས་དང་གསུམ༔ དང་པོ་སྦྱོར་བའི་ཆོས་ལ་ནི༔ གནས་ཁང་གཙང་སར་དབེན་པའི་རི༔ གྲུབ་ཐོབ་ཞབས་ཀྱིས་བཅགས་པའི་སར༔ མཆོད་པའི་དངོས་པོ་གྱ་ནོམ་བཤམས༔ རང་ཉིད་བདེ་བའི་སྟན་ལ་འདུག༔ མི་རྟག་ངེས་འབྱུང་སྐྱོ་ཤས་བསྐྱེད༔ བྱང་ཆུབ་སེམས་ལ་ཐུན་གཅིག་སྒོམ༔ དེ་ནས་དངོས་གཞི་ལྷ་བསྐྱེད་ནི༔ སྐྱབས་སེམས་ཇོ་བོའི་བཞེད་པ་བཞིན༔ ཡན་ལག་བདུན་པ་མདོ་ལྟར་བརྗོད༔ ཨཱ༔ སྐད་ཅིག་དྲན་རྫོགས་རང་རིག་གཤིས༔ རྒྱལ་བ་འོད་མཚན་སྟོང་འབར་བ༔ ཞལ་གཅིག་ཕྱག་གཉིས་ཞི་འཛུམ་བཞད༔ ཕྱག་གཉིས་མཉམ་བཞག་ལྷུང་བཟེད་འཛིན༔ ཞབས་ཟུང་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ ཚངས་པར་སྤྱོད་པའི་ཆ་ལུགས་མཛེས༔ མཚན་བཟང་དཔེ་བྱད་ལང་ཚོའི་དཔལ༔ ཡོན་ཏན་ཆ་གང་ཟླ་བ་རྒྱས༔ ཉེ་སྲས་སེམས་དཔའི་འཁོར་གྱིས་བསྐོར༔ གནས་གསུམ་ཡི་གེ་འབྲུ་གསུམ་ལས༔ འོད་ཟེར་དཀར་དམར་མཐིང་འཕྲོས་པས༔ བདེ་ལྡན་ཞིང་ནས་འོད་དཔག་མེད༔ སྤྱན་དྲངས་བསྐྱེད་པའི་སྐུ་ལ་བསྟིམ༔ བཛྲ་ས་མ་ཡཱ་ཛ༔ ཛ་ཧཱུྃ་བཾ་ཧོ༔ ཧཱུྃ་ཧྲཱིཿ རང་སྣང་དོན་གྱི་འོག་མིན་ཞིང༔ རྨ་བྱའི་ཁྲི་གདན་པད་ཟླ་ལ༔ གཡོ་མེད་བརྟན་པར་བཞུགས་གསོལ་ཞུ༔ པདྨ་ཀ་མ་ལ་ཡེ་སྟྭཾ༔ ཧཱུྃ་ཧོ༔ རང་བྱུང་རང་ཤར་དཀྱིལ་འཁོར་ལྷ༔ སྒོ་གསུམ་ལྟ་བ་མཇལ་བའི་ཕྱིར༔ གཉིས་མེད་ཡིད་ཀྱིས་ཕྱག་བགྱི་འོ༔ ཨ་ཏི་པུ་ཧོ༔ པྲ་ཏི་ཛ་ཧོ༔ ཧཱུྃ་ཧྲཱིཿ ཀུན་བཟང་རྣམ་རོལ་མཆོད་པའི་སྤྲིན༔ རྣམ་ལྔ་ཡུལ་སྣང་དག་པའི་རྫས༔ སྣང་བ་རྒྱན་ཤར་རྒྱལ་སྲིད་བདུན༔ རིག་སྟོང་རྗེན་པའི་འདོད་ཡོན་དྲུག༔ ཕུན་ཚོགས་སྣང་བའི་མཆོད་རྫས་འབུལ༔ སྲིད་པའི་འཆིང་བ་ཡོངས་གྲོལ་ནས༔ བདག་མེད་གནས་ལུགས་མངོན་གྱུར་མཛོད༔ ཨོཾ་ཨ་མི་ཏོད་བྷ་ཝ་ས་པཱ་རི་ཝ་ར་ཨརྒྷཾ་སོགས་ནས་ཤཔྟ་རུ་པ་སྤར་ཤེ་པྲ་ཏི་ཙ་པུ་ཛ་ཧོ༔ ཧཱུྃ་ཧྲཱིཿ མཚན་དཔེའི་རང་བཞིན་འོད་སྟོང་འབར༔ དྲན་སྟོང་ཚངས་དབྱངས་འབྲུག་སྒྲ་ལྡིར༔ ཀུན་མཁྱེན་ཐུགས་དབྱིངས་ས་ལེར་མངོན༔ གསང་གསུམ་ཡོན་ཏན་རྫོགས་ལ་བསྟོད༔ བྱང་ཆུབ་སེམས་དཔའ་སྲས་དང་བཅས༔ སྐྱེས་འཕགས་ཉན་རང་རྡུལ་སྙེད་འཁོར༔ དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་ལ༔ བདག་འཛིན་བྲལ་བའི་ངང་ནས་བསྟོད༔ ཐོག་མ་མེད་ནས་བདག་རྟོག་དང༔ གཟུང་འཛིན་འཆིང་བའི་ཁྲི་མུན་བདག༔ ཡོངས་གྲོལ་ཡོངས་སུ་དག་མཉམ་ཀློང༔ བཤག་བྱ་བཤགས་བྱེད་བྲལ་བར་བཤགས༔ ཨོཾ་བཛྲ་ས་མ་ཡཱ་ཤུདྡྷེ་ཨཱ༔ དེ་ནས་བསྙེན་པའི་ལས་རིམ་ནི༔ བདག་ཉིད་ཐུགས་སྲོག་ཧྲཱིཿདམར་པོ༔ དེ་མཐར་རང་སྔགས་གཡས་སུ་འཁོར༔ འོད་འཕྲོས་འཕགས་མཆོད་འགྲོ་སྒྲིབ་སྦྱངས༔ མི་མིན་ནག་ཕྱོགས་དབང་དུ་བསྡུས༔ དཀར་ཕྱོགས་ལྷ་ཀླུ་ལས་ལ་བཀོལ༔ སྣང་གྲགས་རིག་པ་ཆོས་ཀྱི་དབྱིངས༔ བདེ་ཆེན་རྡོ་རྗེའི་འཛབ་འདི་བཟླ༔ ཨོཾ་ཨཱཿཧཱུྃ༔ ཅི་མང་བཟླས་རྗེས་བསྙེན་སྒྲུབ་སྔགས༔ ཨོཾ་ཨཱ་མི་དྷེ་ཝ་ཧྲཱིཿ རང་ཉིད་སྣང་མཐའི་ཐུགས་སྲོག་ཧྲཱིཿ དེ་མཐར་གཟུངས་སྔགས་ཕྲེང་བས་བསྐོར༔ སྦྲུལ་གྱི་འཁྱིལ་བ་ལྟ་བུར་དམིགས༔ རྔ་སྒྲའི་མདོ་ལྟར་གཟུངས་རིང་འདོན༔ གཟུངས་ནི་འབུམ་ཕྲག་གྲངས་འཁྱོལ་ན༔ ལུས་ངག་ཡིད་གསུམ་སྒྲིབ་པ་སྦྱངས༔ སོ་བྱང་སྔགས་ཀྱི་ཁྲིམས་འགལ་བཤགས༔ ཕྱི་མར་བདེ་ཆེན་ཞིང་ཁམས་བསྒྲོད༔ ཕན་པའི་ཡོན་ཏན་བརྗོད་མི་ལང༔ མཆོག་ཐུན་དངོས་གྲུབ་སྒྲུབ་པའི་མཆོག༔ ས་མ་ཡཱ༔

འོད་དཔག་མེད་ཀྱི་གཟུངས་རིང་ལྡེབ་ཤར།

༄༅། ན་མོ་རཏྣ་ཏྲ་ཡ་ཡཱ༔ ན་མོ་བྷ་ག་ཝ་ཏེ་ཨ་མི་ཏཱ་བྷ་ཡ༔ ཏ་ཐཱ་ག་ཏ་ཡ༔ ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ༔ ཏདྱ་ཐཱ༔ ཨོཾ་ཨ་མི་ཏེ་ཨ་མི་ཏོད་བྷ་ཝེ༔ ཨ་མི་ཏ་སཾ་བྷ་བེ༔ ཨ་མི་ཏ་བི་ཀྲཱནྟ་ཀ་རེ༔ ཨ་མི་ཏ་ག་མི་ནི་ག་ག་ན་ཀཱིརྟི་ཀ་རེ་སརྦ་ཀླེ་ཤ་ཀྵ་ཡཾ་ཀ་རི་སྭཱ་ཧཱ༔ ཨོཾ་ཨ་མི་དྷེ་ཝ་ཧྲཱིཿ ཡིག་བརྒྱ། ཀཾ་ཀ་ནི། ངན་སོང་སྦྱོང་བའི་གཟུངས་དང་སྨན་གཟུངས་ཆེ་ཆུང་ཁྲུས་སྔགས་སོགས་འདོན།

རྣམ་རྒྱལ་བུམ་པ་དགོས་འདོད་ཀུན་འབྱུང་།

ཡང་གསང་མཁའ་འགྲོའི་ཐུགས་ཐིག་ཆ་ལག་ཏུ༔ རྣམ་རྒྱལ་བུམ་པ་དགོས་འདོད་ཀུན་འབྱུང་བཞུགས༔

རིགས་ཀུན་ཨ་མི་ཏ་བྷ་ལ༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ མཚན་ཉིད་ལྡན་པའི་བུམ་པ་ལ༔ བུམ་གོས་ཁ་རྒྱན་ལྗོན་ཤིང་དང༔ རྨ་བྱའི་མདོངས་བཀྲ་གཟུངས་རྡོ་རྗེ༔ ཉེར་ལྔ་བུམ་རྫས་ཡོངས་ཀྱིས་བཀང༔ གཞུང་བསྲང་བསྙེན་བསྟོད་གྲུབ་པའི་རྗེས༔ རྣལ་འབྱོར་ལྟ་གདེངས་འདི་བཞིན་གྱེར༔ ཨཱ༔ ཆོས་ཀུན་མི་དམིགས་སྟོང་པའི་ངང༔ བྷྲུཾ་ཡིག་ཡོངས་གྱུར་རྣམ་རྒྱལ་གྱི༔ བུམ་པ་མཚན་ཉིད་ཡོངས་རྫོགས་ནང༔ བཾ་ལས་ཆུ་དཀྱིལ་དྲི་བསུང་དབུས༔ པཾ་ལས་པདྨའི་ལོ་འདབ་རྒྱས༔ ཐབས་ཤེས་སུརྱ་ཙནྟྲའི་ཁར༔ རྒྱུ་ཡི་ཡི་གེ་ཧྲཱིཿདམར་ལས༔ འོད་ཟེར་འཕྲོ་འདུས་དོན་གཉིས་བྱས༔ ཚུར་འདུས་རིགས་ཀུན་སྤྱི་མྱེས་ལྷ༔ རྒྱལ་བ་འོད་མཚན་སྟོང་འབར་བ༔ ཞལ་གཅིག་ཕྱག་གཉིས་བྱུར་དམར་མདངས༔ ཆོས་གོས་རྣམ་གསུམ་རྡོར་སྐྱིལ་ཀྲུང༔ ཕྱག་གཉིས་མཉམ་བཞག་ལྷུང་བཟེད་འཛིན༔ ཚངས་པར་སྤྱོད་པའི་ཆས་ཀྱིས་སྤྲས༔ གཡས་སུ་འཇིག་རྟེན་དབང་ཕྱུག་དཀར༔ ཞལ་གཅིག་ཕྱག་བཞི་ལོངས་སྤྱོད་རྫོགས༔ གཡོན་དུ་མཐུ་ཆེན་མངའ་བདག་སྔོ༔ ཞལ་གཅིག་ཕྱག་གཉིས་སྤྲུལ་སྐུའི་ཆས༔ གཙོ་འཁོར་གསུམ་གྱི་གནས་གསུམ་ལས༔ འོད་འཕྲོས་འོག་མིན་བདེ་ལྡན་ཞིང༔ ལྷ་ཚོགས་བཞུགས་པའི་རྒྱལ་དང་སྲས༔ བླ་མ་ཡི་དམ་མཁའ་འགྲོ་དང༔ ཆོས་སྲུང་དམ་ཅན་སྤྲུལ་འཁོར་བཅས༔ ཁ་བ་བུ་ཡུག་འཚུབ་པ་བཞིན༔ བསྐྱེད་པའི་ལྷ་ལ་སིབ་སིབ་ཐིམ༔ དམ་ཚིག་དབྱེར་མེད་གུས་ཕྱག་འཚལ༔ ཕྱི་ནང་མཆོད་འབུལ་གསང་གསུམ་བསྟོད༔ ལྷ་རྣམས་དགྱེས་པའི་རང་སྒྲ་ལས༔ འགྲོ་དྲུག་སྒྲིབ་སྦྱོང་གཟུངས་འདི་ཤར༔ ཨོཾ་ཨ་མི་དྷེ་ཝ་ཧྲཱིཿ ཞེས་བརྒྱ་རྩ་བཟླས་ཤིང་གཟུངས་རིང་སྐབས་དང་བསྟུན༔ ཡེ་ཤེས་ལྷ་ཚོགས་སོགས་ཀྱིས་འཛབ་བསྟོད༔ རྗེས་ཀྱི་ལས་བུམ་ནི༔ ལས་བུམ་ནང་དུ་པད་ཟླའི་སྟེང༔ རིགས་མཆོག་ཁྱབ་བདག་རྡོ་རྗེ་སེམས༔ ཞལ་གཅིག་ཕྱག་གཉིས་རྡོར་དྲིལ་འཛིན༔ དཀར་གསལ་ལོངས་སྤྱོད་རྫོགས་སྐུའི་ཆས༔ ཞབས་གཉིས་ཕྱེད་པའི་སྐྱིལ་ཀྲུང་བཞུགས༔ སྐུ་ལས་ཟག་མེད་བདུད་རྩིའི་རྒྱུན༔ བབས་པས་བུམ་པ་ལྟེམ་གྱིས་གང༔ སྡིག་སྒྲིབ་བཀྲུ་བའི་ནུས་ལྡན་གྱུར༔ ཅེས་ཡི་གེ་བརྒྱ་པ་དང་ཁྲུས་སྔགས་ཀྱིས་ཁ་སྐོང་བྱ༔ མཐར་བུམ་པ་ཟུང་འབྲེལ་ཀྱི་མཆོད་སྟོད་སྤྱི་ལྟར་བྱ༔ ཞེས་དུང་ཆོས་ཀྱི་ཆུ་མཆོད་ཡོན་དུ་ཕུལ་བས་ལྷ་རྣམས་འོད་དུ་ཞུ་ནས་བདེ་སྟོང་ཆེན་པོའི་ངོ་བོ་བུམ་ཆུ་དང་དབྱེར་མེད་པའི་མོས་པ་མཛོད༔ དེ་ནས་བདག་དབང་ནི༔ རྒྱུད་ལས། ཨོཾ་བཛྲ་ས་མ་ཡཱ་ཨོཾ། ཨཱ༔བཛྲ་ས་མ་ཡཱ་ཨཱ༔ ཧཱུྃ་བཛྲ་ས་མ་ཡཱ་ཧཱུྃ། སྭཱ་བཛྲ་ས་མ་ཡཱ་སྭཱ། ཧཱ་བཛྲ་ས་མ་ཡཱ་ཧཱ། ཨོཾ། ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བས། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག ཨོཾ་བཛྲ་ས་མ་ཡཱ་ཧཱུྃ། ཨོཾ་བཛྲ་ས་མ་ཡཱ་སྟྭཾ། ཨོཾ་བཛྲ་ས་མ་ཡཱ་ཧོ། ཨོཾ། རྡོ་རྗེ་ཡེ་ཤེས་ཐོབ་བྱའི་ཕྱིར། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྙིང་པོའི་དཀྱིལ་འཁོར་ཆེན་པོ་འདིར། །བདག་གི་སློབ་མ་འཇུག་པར་འཚལ། །ཞེས་རྣམ་བུམ་གནས་གསུམ་དུ་གཏུག་ཅིང་བུམ་ཆུ་བཏུང་ནས་དབང་བཞི་ཐོབ་པའི་མོས་འདུན་བྱ་ཞིང་བདག་དམ་ཚིག་རྡོ་རྗེར་སྣང་ངོ་། །ཞེས་ཡབ་རྗེ་རིན་པོ་ཆེའི་གཏེར་གྱི་མ་ཚང་ཁ་བསྐང་ཕྱིར་སློབ་འབངས་ཐ་ཤལ་རས་མིང་འདུ་ཤེས་གསུམ་པས་སོ། །

བཀའ་ཡི་སྲུང་མ་ཞིང་སྐྱོང་གི་གསོལ་མཆོད་ལོག་འདྲེན་མཐར་བྱེད།

ཡང་གསང་ཌཱཀྐིའི་ཐུགས་ཐིག་ལས༔ བཀའ་ཡི་སྲུང་མ་ཞིང་སྐྱོང་གི་གསོལ་མཆོད་ལོག་འདྲེན་མཐར་བྱེད་བཞུགས༔

སངས་རྒྱས་དམར་པོ་ལ་ཕྱག་འཚལ་ལོ༔ བཀའ་ཡི་སྲུང་མ་ཞིང་སྐྱོང་གི༔ སྒྲུབ་པ་གསོལ་མཆོད་བྱེད་འདོད་ན༔ ཡར་མར་དུས་ཚེས་བཟང་པོ་ལ༔ སྨན་གཏོར་རཀྟ་སྐྱེམས་ཕུད་བཤམས༔ རྣལ་འབྱོར་ལྷ་ཡི་ཏིང་འཛིན་གྱིས༔ དགོངས་པ་མི་འགྱུར་གཟེར་གྱིས་གདབ༔ ཞིང་སྐྱོང་འཁོར་བཅས་མགྲོན་དུ་འབོད༔ ཀྱཻ་ཀྱཻ༔ ཡེ་གཞི་འཁོར་འདས་དབྱེར་མེད་ཀྱང༔ རླུང་རིག་གཡོ་བའི་རང་རྩལ་ལས༔ ཕན་གནོད་བདེ་སྡུག་སྣང་བ་འགྱེད༔ ལྷུན་གྲུབ་རང་རྩལ་ཕན་བྱེད་ཀྱི༔ ལྷ་ནི་འོད་དཔག་མེད་མགོན་གྱི༔ སྒྱུ་འཕྲུལ་ཞིང་སྐྱོང་སེང་གེའི་གདོང༔ དམར་ནག་རབ་རྔམ་རྟ་མཆོག་ནི༔ བྲ་ནག་རླུང་གི་ཤུགས་ཅན་ཞོན༔ རྫུ་འཕྲུལ་སྟོང་གསུམ་ཡུད་ཀྱིས་བསྐོར༔ ལས་ལ་ཆས་ཚེ་སྲོག་བདུད་ནག༔ མི་སྲུན་སེང་གེའི་རལ་པ་ཅན༔ ཕྱག་གཡས་དྲི་ཤུལ་རྩེ་གསུམ་བསྣམས༔ གཡོན་པས་ཐོད་ཁྲག་ཞལ་དུ་རྔུབ༔ དར་ནག་བེར་ཆེན་སྐུ་ལ་གསོལ༔ གཡོན་ཕྱོགས་སི་ན་ར་མ་ནི༔ སྔོ་ནག་སྤྱན་བསྒྲད་མཆེ་བ་གཙིག༔ དར་ནག་གོ་ཟུ་ཨཾ་རག་ཅན༔ གཡས་གཡོན་གྲི་ཁུག་ཐོད་ཁྲག་བསྣམས༔ ཞབས་གཉིས་གར་སྟབས་རླུང་ནག་ཞོན༔ མདུན་དུ་ལས་མཁན་ཕོ་མོ་རྒྱུ༔ སྤྱི་གཙུག་རྐང་པས་གཏོར་མ་ནི༔ ཉམས་པ་ཅན་ལ་འཕེན་པ་འོ༔ འཁོར་དུ་དྲེགས་པ་སྡེ་བརྒྱད་དང༔ ལས་བྱེད་ཤན་པ་འབུམ་གྱིས་བསྐོར༔ རང་རང་ཐུགས་ཀའི་ས་བོན་དང༔ བདག་མདུན་ཐུགས་ཀའི་འོད་ཟེར་གྱིས༔ ཞིང་སྐྱོང་འཁོར་བཅས་ས་མ་ཛ༔ ཞེས་སྤྱན་འདྲེན༔ སྤོས་དཀར་དྲི་ཞིམ་སྤོས་དུད་གཏོང༔ དད་དམ་གདུང་དབྱངས་རོལ་མོས་འབོད༔ ཀྱཻ༔ དད་པ་དང་ནི་དམ་ཚིག་གིས༔ ཚུར་གཤེགས་ཚུར་བྱོན་ཞིང་སྐྱོང་དང༔ སེང་གདོང་ཡབ་ཡུམ་འཁོར་དང་བཅས༔ བཀོད་ལེགས་བཤམས་པའི་གནས་འདི་རུ༔ ཇི་སྲིད་མཆོད་པ་བདག་བགྱིད་ན༔ དེ་སྲིད་ཞིང་སྐྱོང་བཞུགས་སོ་འཚལ༔ པདྨ་ཀ་མ་ལ་ཡེ་སྟྭཾ༔ ཧཱུྃ་ཧོ༔ ཞིང་སྐྱོང་སེང་གདོང་ཡབ་ཡུམ་དང༔ སྤྲུལ་པ་འཁོར་དང་བཅས་པ་ལ༔ ཕྱི་ནང་གསང་གསུམ་མཆོད་པ་དང༔ བསྐང་རྫས་སྒྲུབ་རྫས་བརྟེན་པའི་རྫས༔ རང་མཐུན་མཆོད་པ་དངོས་འབྱོར་དང༔ ཡིད་སྤྲུལ་ཀུན་བཟང་རྣམ་པར་འཕྲུལ༔ ཞིང་སྐྱོང་འཁོར་བཅས་ཐུགས་དམ་བསྐང༔ གསོལ་ལོ་མཆོད་དོ་མངའ་གསོལ་ལོ༔ ལོག་འདྲེན་བསྟན་དགྲ་གཞོམ་པ་དང༔ གནས་སྐབས་མཐར་ཐུག་ཐར་ལམ་ལ༔ འགོད་པའི་ཕྲིན་ལས་མྱུར་དུ་སྒྲུབས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྟོད༔ ཀྱེ་ཀྱེ༔ ཛཿ དམ་ཚིག་ཅན་གྱི་ལྷ་ཆེན་པོ༔ མ་གཡེལ་མ་གཡེལ་དམ་ལ་འདུས༔ རྦད་དོ་ཉམས་པ་ཆམ་ལ་ཕོབ༔ སངས་རྒྱས་བསྟན་པ་བཤིགས་པ་དང༔ དཀོན་མཆོག་དབུ་འཕང་སྨད་པའི་དགྲ༔ དགེ་འདུན་སྡེ་ལ་འཁུ་བའི་བདུད༔ ནག་ཕྱོགས་མི་དང་མི་མ་ཡིན༔ རིང་བར་ཁུག་ལ་མྱུར་དུ་སྒྲོལ༔ ལོ་དང་ཟླ་བར་མ་འགྱང་ལ༔ བསད་རྟགས་དོན་སྙིང་ད་ལྟ་ལོངས༔ སྒྲུབ་པའི་ལས་འབྲས་མཆིས་པར་མཛོད༔ སྒྲུབ་ལ་རྟགས་མེད་ལུས་ལ་ལྷ་མེད་ན༔ སྔོན་ཚེ་རིག་འཛིན་བརྒྱུད་པའི་དམ་ལས་འགལ༔ ད་ལྟ་རྣལ་འབྱོར་བདག་གི་བཀའ་ཡང་བཅག༔ དམ་བཞིན་དགོངས་ལ་དམ་ཚིག་གཉན་པོ་སྲུངས༔ ང་ཡི་ཡིད་ལ་དམིགས་པའི་བསྟན་དགྲ་འདི༔ སྟོང་གསུམ་གང་དུ་སོང་ཡང་མ་ཤོར་བར༔ ཕོ་རྒྱུད་གྲིས་སོད་མོ་རྒྱུད་མངལ་ནས་སྐོམས༔ མཐའ་རྩ་སྐྱེ་རྒྱུད་ཁ་ཕུང་རྗེས་མེད་མཛོད༔ མ་འདའ་བཛྲ་ཕྲིན་ལས་མྱུར་འགྲུབ་མཛོད༔ ཨོཾ་ཀྵེ་ཏྲ་པ་ལ་སེང་ཧ་མུ་ཁ་སི་ན་ར་མ་གནོད་བྱེད་དགྲ་བགེགས་ཀྱི་ཤ་ཁྲག་རུས་གསུམ་ལ་རྦད་རྦད་ཁཱ་ཧི༔ ཞེས་པའི་འོད་མཚན་སྟོང་འབར་བའི༔ སྒྲུབ་ཐབས་གནད་ལ་དབབ་པའི་ཚེ༔ ཞིང་སྐྱོང་མཆོད་ཐབས་མ་བརྩམ་ན༔ འཁུ་ཞིང་ལྡོག་པའི་ཉེན་ཡོད་ཕྱིར༔ དུས་ལ་བབས་ཚེ་དགོངས་པའི་ཀློང༔ རིག་རྩལ་བརྡ་ལས་བབས་པའི་གཏེར༔ ལས་ཅན་ཆོས་ལ་དབང་བས་བསྐུལ༔ མ་དང་མཁའ་འགྲོས་གནང་བ་སྩོལ༔ རྣལ་འབྱོར་ས་ར་ཧི་ཏ་ཡིས༔ མི་ཟད་གཏེར་ཀྱི་ཆ་ལག་ཏུ༔ འཕགས་མཆོག་ཐུགས་རྗེའི་གནས་མདུན་དུ༔ དགོང་མོའི་ཐུན་སྐབས་གཅིག་ལ་བྲིས༔ ཡང་ཟབ་གནད་ཀྱི་མན་ངག་གོ༔ དམ་ལྡན་ལས་གཞན་སུ་ལ་ཡང༔ གུ་ཧྱ་བརྡ་ཐིམ་རྒྱ༔

རྒྱལ་བ་འོད་མཚན་སྟོང་འབར་གྱི་ཚོགས་ཀྱི་ལས་རིམ།

དེ་ནས་ཚོགས་བསགས་ལས་རིམ་ནི༔ རིན་ཆེན་སྣོད་མཆོག་ཡངས་པའི་ནང༔ རང་བྱུང་ཚོགས་ཀྱི་ཡོ་བྱད་བསགས༔ རཾ་ཡཾ་ཁཾ་གིས་བསྲེགས་སྦྱངས་བཀྲུས༔ ཨོཾ་ཨཱཿཧཱུྃ་གིས་མཁོ་དགུར་སྤེལ༔ སྤེལ་སྦྱངས་བསྒྱུར་བས་བདུད་རྩིར་གྱུར༔ ཨོཾ་ཨཱཿཧཱུྃ༔ཧ་ཧོ་ཧྲཱིཿ སརྦ་པུ་ཛ་ས་མ་ཡཱ་ཧོ༔ ཧྲཱིཿ རང་བཞིན་བདེ་ལྡན་ཞིང་ཁམས་ནས༔ སྐུ་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས༔ འོད་མཚན་སྟོང་འབར་གཙོ་དང་འཁོར༔ ཚོགས་ཀྱི་མགྲོན་དུ་གཤེགས་སུ་གསོལ༔ བཛྲ་ས་མ་ཡཱ་ཛ་ཛ༔ ཏིཥྛན་ཏུ་ན་མ་ཡཱ་ཏི༔ ཧཱུྃ་ཧོ༔ ཚོགས་མཆོད་འོད་ཕུང་འཁྲིགས་པ་འདི༔ རྒྱལ་བ་འོད་མཚན་སྟོང་འབར་དང༔ བྱང་སེམས་རྒྱལ་སྲས་ཚོགས་ལ་འབུལ༔ དུག་ལྔ་རང་གྲོལ་ཚོགས་མཆོད་འབུལ༔ དུག་གསུམ་རྣམ་དག་ཚོགས་མཆོད་འབུལ༔ གཉིས་རྟོག་བདག་མེད་ཚོགས་མཆོད་འབུལ༔ རང་བཞིན་ཁ་ན་མ་ཐོ་དང༔ བཅས་པའི་ཁྲིམས་དང་འགལ་བ་བཤགས༔ མ་རིག་གཟུང་འཛིན་རུ་ཏྲ་ཀུན༔ ཤེས་རབ་མཚོན་གྱིས་རྨང་མེད་རློགས༔ ཨོཾ་སརྦ་པུ་ཙ་ག་ན་ཙཀྲ་མེ་གྷ་ཨཱ་ཧཱུྃ༔ དེ་ནས་ཚོགས་རྫས་འབུལ་ལེན་བྱ༔ ཚོགས་ཀྱི་མཆོད་པ་རྒྱན་དུ་རོལ༔ ཨ་ལ་ལ་ཧོ༔ དག་པ་དྲན་པའི་ངང་ནས་རོལ༔ རྗེས་སུ་ལྷག་མ་བསྔོ་བ་ནི༔ ཁ་ཕྲུ་གདབ་ཅིང་ཕེཾ་གྱིས་བཀུགས༔ ཧཱུྃ་ཧྲཱིཿ ལྷག་ལ་དབང་བའི་ཕྲ་མེན་དྲུག༔ གིང་ཆེན་སྡེ་བཞི་ཞིང་སྐྱོང་བའི༔ བཀའ་ཉན་ལས་བྱེད་འཁོར་དང་བཅས༔ འདོད་ཡོན་ཚོགས་ཀྱི་ལྷག་མ་འབུལ༔ བསྟན་དགྲ་དམ་ཉམས་རྡུལ་དུ་རློགས༔ རྟགས་མཚན་བཟང་པོའི་དངོས་གྲུབ་སྩོལ༔ ཨུ་ཙུ་ཊ་བྷ་ལིང་ཏ་ཁཱ་ཧི༔ ཡ་ཧི་གཙྪ༔ དེ་ནས་ཐ་ཚིག་བསྐུལ་བ་ནི༔ ཧཱུྃ་ཛ༔ བཞེངས་ཤིག་བཞེངས་ཤིག་དབྱིངས་ནས་བཞེངས༔ ཆོས་སྐུ་འོད་མཚན་སྟོང་འབར་བ༔ སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས༔ སྔོན་གྱི་ཐུགས་བསྐྱེད་རྗེས་དགོངས་ལ༔ ངན་འགྲོའི་སེམས་ཅན་བསྒྲལ་བ་དང༔ སྨོན་ལམ་ལས་འབྲེལ་མཐུན་པའི་ཕྱིར༔ ཐུགས་དམ་དབྱིངས་ནས་བསྐུལ་འཚལ་ལོ༔ ངན་སོང་འཁོར་མཚོ་དོང་ནས་སྤྲུགས༔ བདག་འཛིན་རུ་ཏྲ་འཇོམས་པར་མཛོད༔ ཆད་མདོ་དང་ནི་བསྟན་མ་སྐྱོང༔ ཧཱུྃ་ཧྲཱིཿ སྔོན་ཚེ་བར་དང་ཐ་མའི་དུས༔ གྲོལ་འཁྲུལ་བདེ་སྡུག་འཛིན་པའི་འགྲོ༔ རང་སར་གྲོལ་བའི་ཆད་དོན་བཞིན༔ དྲེགས་པ་སྡེ་བརྒྱད་གཏོར་མ་ལོངས༔ འཁྲུལ་བ་གཞི་ལ་དག་པར་མཛོད༔ བོད་ཁམས་སྐྱོང་བའི་བསྟན་མ་དང༔ གཡའ་མ་སྐྱོང་མའི་ཚོགས་རྣམས་ཀྱིས༔ བཤལ་ཆུའི་གཏོར་མ་འདི་ལོངས་ལ༔ ཅི་བསམ་ཆོས་ལ་བསྒྱུར་བར་མཛོད༔ ཨཿཡཿམཿདུཿརུཿཙཿཤཿནཿམ་མ་སྲིང་འགྲོ་བྷ་ལིང་ཏ་ཁཱ་ཧི༔ དེ་ནས་རྟ་བྲོ་འཁྲབ་པ་ནི༔ ཧཱུྃ་ཧྲཱིཿ མ་རིག་གཉིས་སྣང་ལྷ་འདྲེ་ལ༔ བདག་མེད་རང་གྲོལ་བྲོ་རྒྱས་གདབ༔ ངན་འགྲོའི་སེམས་ཅན་འདྲེན་པའི་དཔལ༔ ཐུགས་བསྐྱེད་ཞལ་བཞེས་བྲོ་རྒྱས་གདབ༔ དུག་གསུམ་ཕུང་པོའི་ང་བདག་ལ༔ བྱང་ཆུབ་སེམས་གཉིས་བྲོ་རྒྱས་གདབ༔ འགྲོ་དྲུག་ཡུལ་སྣང་འཛིན་པ་ལ༔ འཁོར་གསུམ་ཡང་དག་བྲོ་རྒྱས་གདབ༔ ཨོཾ་ཨཱཿཧཱུྃ་སྟྭཾ་བྷ་ཡ་ནན༔ གཏོར་གཞོང་ཡར་བསྟན་སྨན་འབྲུས་བཀང༔ རྗེས་སུ་མཆོད་བསྟོད་དབང་ཡིད་ལེན༔ ལྷར་སྣང་མི་དམིགས་གཤིས་ལ་བསྡུ༔ ཧཱུྃ་ཧྲཱིཿ རང་བྱུང་རང་ཤར་ལྷ་རུ་ཤར༔ དགེ་འདི་མཁའ་ཁྱབ་འགྲོ་བ་ཀུན༔ བདེ་ཆེན་ཞིང་ཁམས་བགྲོད་ཕྱིར་བསྔོ༔ རྣམ་མཁྱེན་བདུད་རྩི་བརྙེས་པར་མཛོད༔ དེ་ནས་བཀྲ་ཤིས་བརྗོད་པ་ནི༔ ཧཱུྃ་ཧྲཱིཿ བསྐལ་བཟང་སངས་རྒྱས་སྟོང་གི་རིགས་ཀྱི་བདག༔ སྨོན་ལམ་སྟོབས་ཀྱིས་འགྲོ་ཀུན་བདེ་ལ་འདྲེན༔ གང་འདུལ་མཛད་པ་རྨད་བྱུང་པདྨའི་རིགས༔ རྒྱལ་བ་འོད་མཚན་སྟོང་འབར་བཀྲ་ཤིས་ཤོག༔ ས་མ་ཡཱ༔ ཡང་ཟབ་སྙིང་པོའི་ཟབ་པའི་གཏེར༔ མཚོ་རྒྱལ་སྟངས་དཔྱལ་ཐུགས་ཀྱི་བཅུད༔ ཡང་སྤྲུལ་རྒྱལ་བའི་རྒྱལ་ཚབ་རྗེས༔ ཨ་ཙར་ས་ལེ་ལ་གདམས་པའི༔ ཕ་ཡི་སྙིང་ནོར་བུ་ལ་ཕོག༔ མི་བརྗེད་གཟུངས་ཀྱིས་བཅིངས་པ་ཡིས༔ དུས་ལ་བབས་ཚེ་ལས་ལྡན་གྱི༔ སློབ་བུ་དག་ལ་བཀའ་རྒྱ་བཀྲོལ༔ ཡིད་ཆེས་དང་དུ་ལོངས་དང་གསལ༔ བསླུ་བར་མི་འགྱུར་སྙིང་ལ་ཟུངས༔ དམ་མེད་ལག་ཏུ་མ་ཤོར་ཅིག༔ དམ་ཚིག་ཅན་ལ་བསྟན་པར་གྱིས༔ བཀའ་ཡི་སྲུང་མ་དྲང་སྲོང་དང༔ ཞིང་སྐྱོང་ཡབ་ཡུམ་ཐུབ་པར་མཛོད༔ བདག་དང་ཆོས་ལ་དབང་བ་སྲུང༔ ས་མ་ཡཱ༔ གུ་ཧྱ༔ རྒྱ་རྒྱ་རྒྱ༔ ཞེས་པའི་ཞིང་སྒྲུབ་གདམས་པའི་བཅུད་མཆོག་འདི་ཉིད༔ རིག་དབོན་སྨིན་གྲོལ་བླ་མ་བསྟན་འཕེལ་དང༔ སྔོན་གྱི་ལས་འབྲེལ་བཟང་པོས་མཚམས་སྦྱར་བའི་དགེ་བཤེས་སྒྲུབ་བརྩོན་བློ་གྲོས་དམ་པ་དང་༔ ཝ་གོ་པདྨ་བསྟན་འཛིན་གསུམ་གྱི་བཞེད་སྐོང་དུ་སྤྲུལ་མིང་པ་ས་ར་ཧི་ཏས་བྲིས་པ་ཡོངས་ལ་དགེ་བར་གྱུར་ཅིག་གུ༔

རྒྱལ་བ་འོད་མཚན་སྟོང་འབར་གྱི་བསྐང་བ་ཀུན་བཟང་སྤྲིན་གྱི་རོལ་མོ།

རྒྱལ་བ་འོད་མཚན་སྟོང་འབར་གྱི་བསྐང་བ་ཀུན་བཟང་སྤྲིན་གྱི་རོལ་མོ་བཞུགས༔ འོད་མཚན་སྟོང་འབར་ལ་བཏུད་ནས༔ བསྐང་བ་ཀུན་བཟང་སྤྲིན་རོལ་འབྲི༔ ས་མ་ཡཱ༔ བསྐང་རྫས་ཐམས་ཅད་ཚོགས་པར་བསགས༔ རོལ་མོ་འཁྲོལ་ཞིང་ནམ་མཁའ་མཛོད༔ སྔགས་རྒྱས་བྱིན་རླབས་སྦྱངས་སྤེལ་བསྒྱུར༔ ཨོཾ་ཨཱཿཧཱུྃ༔ མ་བཅོས་སྤྲོས་བྲལ་གནས་ལུགས་མངོན་གྱུར་པའི༔ རྒྱལ་བ་དགོངས་པ་བརྒྱུད་པའི་ཐུགས་དམ་བསྐང༔ ཏིང་འཛིན་མཆོག་བརྙེས་བརྡ་ཡི་བརྒྱུད་པ་འཛིན༔ རིག་འཛིན་བརྡ་བརྒྱུད་བླ་མའི་ཐུགས་དམ་བསྐང༔ ལྟ་བསྒོམ་སྤྱོད་པ་མཆོག་ལ་མངའ་བརྙེས་པའི༔ སྐྱེས་མཆོག་བླ་མ་རྣམས་ཀྱི་ཐུགས་དམ་བསྐང༔ སྨོན་ལམ་མཐར་ཕྱིན་མཆོག་ལ་མངའ་བརྙེས་པ༔ རྒྱལ་བ་འོད་མཚན་སྟོང་འབར་ཐུགས་དམ་བསྐང༔ རྒྱུ་འབྲས་བསླུ་མེད་འཁོར་བར་སྐྱོ་བ་སྐྱེས༔ ཉན་ཐོས་རང་རྒྱལ་རྣམས་ཀྱི་ཐུགས་དམ་བསྐང༔ བཀའ་དྲིན་མཉམ་མེད་ཐུགས་རྗེས་མངའ་དབང་བསྒྱུར༔ དྲིན་ཆེན་རྩ་བརྒྱུད་བླ་མའི་ཐུགས་དམ་བསྐང༔ དངོས་གྲུབ་འདོད་སྟེར་ཞི་དང་ཁྲོས་པའི་གར༔ ཡི་དམ་ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང༔ ཕྱི་ནང་གསང་བའི་བར་ཆད་དབྱིངས་སུ་སྒྲོལ༔ མ་ཚོགས་མཁའ་འགྲོ་ཤུགས་འགྲོའི་ཐུགས་དམ་བསྐང༔ ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་མཛད༔ བཀའ་གཏེར་དམ་ཅན་སྲུང་མའི་ཐུགས་དམ་བསྐང༔ བསྐང་བ་མེད་ཀྱི་སྐྱེ་མེད་ངང་དུ་བསྐང༔ སྦྱོར་བ་མེད་དེ་སྣང་སྟོང་དབྱིངས་སུ་སྦྱོར༔ སྒྲོལ་བ་མེད་ཀྱི་སྐྱེ་མེད་བདག་རྟོག་སྒྲོལ༔ བསྐང་བྱ་སྐོང་བྱེད་འཁོར་གསུམ་ཡོངས་སུ་དག༔ བདག་རྟོག་ཉམས་ཆག་དག་མཉམ་ཆེན་པོར་བཤགས༔ རང་ཤར་རང་གྲོལ་ཕྱག་རྒྱ་ཆེན་པོའི་ངང༔ ཐོབ་ཤོར་གཉིས་མེད་རྫོགས་ཆེན་ཀློང་དུ་གྲོལ༔ ཨ་ལ་ལ་ཧོ་ས་མ་ཡཱ་ཤུདྡྷེ་ཨཱ༔ ཡིག་བརྒྱ་ལ་སོགས་བཤགས་ཚིག་བརྗོད༔ དགེ་རྩ་ཀུན་བཟང་མཆོད་སྤྲིན་འབུལ༔ མར་གྱུར་ཡོངས་ལ་སྨན་པར་དམིགས༔ ཉམས་ཆག་བཤགས་ཤིང་མཆོག་ཐུན་ཐོབ༔ འདི་ཕྱིར་བདེ་བའི་དཔལ་ཡོན་འབྱུང༔ ས་མ་ཡཱ༔ ཞེས་པ་འདི་ཡང་ལས་ལྡན་གྱི་སློབ་བུ་རྣམ་གསུམ་གྱིས་དད་གསུམ་བརྟན་པོས་བསྐུལ་ངོར༔ ཆོས་མེད་སྙོམ་ལས་པ་ས་ར་ཧི་ཏས་རང་བྱུང་དབྱིངས་ཀྱི་སྒྲོམ་ནས་བཏོན་ཏེ་སྤེལ་བ་ཡོངས་ལ་སྨན་པའི་རྒྱུར་གྱུར་ཅིག༔ མངྒ་ལམ༔

དབང་གི་མཚམས་སྦྱོར་རས་པ་གསལ་སྟོབས་ཀྱིས་མཛད་པ།

༄༅། འོད་མཚན་སྟོང་འབར་རྒྱལ་བ་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །སྐུ་གསུང་ཐུགས་དབང་ཟབ་མོ་ཡི། །མཚམས་སྦྱོར་གྲོང་ཚིག་གསལ་བར་འགོད།། འོ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྒྱལ་བ་འོད་མཚན་སྟོང་འབར་འཆི་མེད་རྔ་སྒྲའི་རྒྱལ་པོའི་གོ་འཕང་ཚེ་འདི་ཉིད་ལ་མངོན་དུ་བྱའོ་སྙམ་པའི་སེམས་བསྐྱེད་ཀྱི་དམ་བཅའ་བརྟན་པོའི་ངང་ནས་མ་ཡེངས་པར་གསན་འཚལ། དེ་ལ་འདིར་ཆོས་ཉན་པའི་དུས་སུ་སྣོད་ཀྱི་སྐྱོན་གསུམ་དང་། དྲི་མ་དྲུག མི་འཛིན་པ་ལྔ་དང་བཅས་པ་སྤང་བྱར་ངེས་པར་བྱས་ནས། སླར་ཡང་འདུ་ཤེས་བཞི་བརྟེན། ཕ་རོལ་དུ་ཕྱིན་པ་དྲུག་དང་ལྡན་པའི་སྒོ་ནས་ཚུལ་བཞིན་དུ་ཉན་དགོས་པའི་རྒྱུ་མཚན་ནི། སྐྱེས་རབས་ལས། རབ་ཏུ་དམའ་བའི་སྟན་ལ་འདུག། དུལ་བའི་དཔལ་ནི་རབ་ཏུ་བསྐྱེད། །དགའ་དང་ལྡན་པའི་མིག་གིས་བལྟ། །ཚིག་གི་བདུད་རྩི་འཐུང་བ་བཞིན། །རབ་ཏུ་བསྒྲིམས་ཏེ་ཆོས་ཉོན་ཅིག། ཅེས་གསུངས་པ་ལྟར་ཡིན་ལ། དེ་ཡང་རྒྱལ་བ་ཐབས་ལ་མཁས་ཤིང་ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན་དེས་གདུལ་བྱ་སེམས་ཅན་རྣམས་ཀྱི་ཁམས་དང་དབང་པོ་བསམ་པའི་ཁྱད་པར་དང་རྗེས་སུ་མཐུན་པའི་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཡང་ཚུར་བསྡུས་ན་རྒྱུ་འབྲས་ཀྱི་ཐེག་པ་གཉིས་སུ་འདུ་ལ། དེ་ལ་ཡང་ཞལ་ནས་གསུངས་པའི་བཀའ་མ། རྗེས་སུ་གནང་བའི་གཏེར་མ། བྱིན་གྱིས་བརླབས་པའི་དག་སྣང་མ་སྟེ་སྲོལ་ཀ་གསུམ་ལས། ད་ལམ་འདིར་ནི་ཟབ་མོ་དག་སྣང་མའི་ཕྱོགས་སུ་གཏོགས་པ་རྒྱལ་བ་འོད་མཚན་སྟོང་འབར་འཆི་མེད་མགོན་པོའི་སྒྲུབ་ཐབས་འདི་ཉིད་ཀྱི་ལོ་རྒྱུས་མདོར་བསྡུས་ཙམ་བརྗོད་ན། སྔོན་སངས་རྒྱས་འཇིག་རྟེན་དབང་ཕྱུག་རྒྱལ་པོ་འཇིག་རྟེན་དུ་བྱོན་པའི་དུས་སུ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས་སངས་རྒྱས་ཀྱི་ཞིང་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་གཅིག་གི་ཡོན་ཏན་གྱི་བཀོད་པ་ཐམས་ཅད་གཅིག་ཏུ་བཟླུམས་པའི་ཞིང་ཁམས་གཞན་ལས་ཀྱང་ཁྱད་དུ་འཕགས་པའི་ཞིང་ཁམས་དེ་ཉིད་ལ་སྡུག་བསྔལ་གྱི་སྒྲ་མིང་ཙམ་ཡང་མི་གྲགས་པར་བདེ་བ་ཅན་ཞེས་བདེ་སྐྱིད་ཚད་མེད་པའི་ཞིང་ཁམས་ཉིད་བདག་གིས་འཛིན་ནུས་ཤིང་འོད་མཚན་སྟོང་འབར་ཡིད་ལ་བྱས་ནས་ལན་གཅིག་ཙམ་དུ་གསོལ་བ་རྩེ་གཅིག་ཏུ་བཏབ་ནའང་། བྱང་ཆུབ་ཀྱི་ལམ་ལས་ཕྱིར་མི་ལྡོག་ཅིང་སེམས་ཅན་གང་ཞིག་བདེ་བ་ཅན་གྱི་ཞིང་ཁམས་ཡིད་ལ་གསལ་ཞིང་འོད་དཔག་མེད་ཀྱི་མཚན་ཡིད་ལ་བསྒོམས་ཏེ་ནུབ་ཕྱོགས་སུ་ཐལ་མོ་སྦྱར་ཏེ་ཕྱག་འཚལ་ཞིང་དེར་བསྒྲོད་ནུས་པའི་སྨོན་ལམ་བཏབ་ན་སྐྱེ་ངེས་པ་ཅན་ཡིན་པས། རྒྱལ་བའི་སྨོན་ལམ་ཟབ་མོ་བསླུ་བ་མེད་པ་དེ་བཞིན་ལས་བཟང་ངན་དང་གང་ཟག་ཕོ་མོ་མེད་པར་སུས་སྨོན་ལམ་བཏབ་ན་བདེ་བ་ཅན་དེར་སྐྱེ་ནུས་པའི་ཐུགས་བསྐྱེད་སྨོན་ལམ་དུས་ལས་ཡོལ་བ་མེད་པའི་བདག་ཉིད་སངས་རྒྱས་འོད་དཔག་མེད་པའི་སྒྲུབ་ཐབས་འོད་མཚན་སྟོང་འབར་གྱི་རྗེས་གནང་འདི་ཉིད། མཁའ་འགྲོ་མཚོ་རྒྱལ་དང་ཨ་ཙར་ས་ལེ་འོད་སྟངས་དཔྱལ་གྱི་སྤྲུལ་པ་གཅིག་ཏུ་བཟླུམས་པ་དུས་མཐའི་གཏེར་སྟོན་བསམ་གཏན་ཡེ་ཤེས་གླིང་པ་ཞེས་བྱ་བ་སྔོན་སྦྱངས་ལས་འཕྲོ་བཟང་པོའི་བག་ཆགས་དུས་སུ་སད་ཅིང་། རང་གཞན་གྱི་གཏེར་ལུང་དུ་མ་ནས་བསྔགས་ཤིང་ཆེ་བའི་ཡོན་ཏན་བརྗོད་པའི་ཚུལ་འགའ་ཙམ་སྨོས་ན། དག་སྣང་མཚོ་རྒྱལ་དགོངས་པའི་གསང་མཛོད་ཀྱི་ཆོས་བདག་ལུང་བསྟན་ནོར་བུའི་བང་མཛོད་ལས། ཨོ་རྒྱན་ཆེན་པོས། ད་ལྟའི་ཨ་ཙར་ཤྲི་བྷ་ཏྲ༔ ཉེར་གཅིག་སྐྱེ་བའི་ཐ་མ་མདོ་སྨད་དུ༔ ཕ་མ་མི་རབས་ཆོ་རིགས་བཙུན་པའི་བུ༔ མཁའ་ལྡིང་གར་མཁན་རྩུབ་དྲག་ལོ་ཡི་མཇུག༔ ཡར་ཚེས་དགེ་བར་མཁའ་སྤྲིན་འཇའ་དཀྱུས་ལྟས༔ སྐྱེ་བའི་མྱུ་གུ་དགེ་བའི་བག་ཆགས་སད༔ ལྔ་གསུམ་རྫོགས་འཕྲལ་སྔོན་སྨོན་མཚོ་རྒྱལ་གྱིས༔ བག་ཆགས་བཟང་པོའི་གཏེར་གྱི་བརྡ་ཚིག་འགྲོལ༔ དེ་དུས་ཨོ་རྒྱན་བདག་དང་མཚོ་རྒྱལ་ཡུམ༔ དངོས་ཉམས་རྨི་ལམ་དག་ཏུ་ངེས་པར་མཇལ༔ ཞེས་སོགས་ཡིད་ཆེས་པའི་རྡོ་རྗེའི་ལུང་གིས་དཔང་པོར་བྱས་པ་བཞིན་རྩོད་པའི་དུས་ཀྱི་གཏེར་སྟོན་བསྟན་འཛིན་གྱི་སྐྱེས་བུ་ཆེན་པོ་དེ་ཉིད་ཀྱི་དགོངས་གཏེར་ཡང་གསང་མཁའ་འགྲོའི་ཐུགས་ཐིག་གི་ཆ་ལག རྒྱལ་བ་འོད་མཚན་སྟོང་འབར་གྱི་བྱིན་རླབས་རྗེས་གནང་གི་རིམ་པ་རྣམས་ཚུལ་བཞིན་གནང་བ་ལ་སློབ་དཔོན་གྱིས་བགྱི་བར་འོས་པའི་རིམ་པ་རྣམས་ལེགས་པར་གྲུབ་ཟིན། ད་སློབ་མ་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་མཎྜལ་ཞིག་འབུལ་བར་མཛོད། ས་གཞི་སྤོས་ཆུས་སོགས། དེ་ལྟར་མཎྜལ་ཕུལ་བའི་རིམ་པ་སོང་ནས། སླར་ཡང་སྐྱབས་སུ་འགྲོ་བ་ནི། ཆོས་ཐམས་ཅད་ཀྱི་སྒོ་དབྱེ་ཞིང་ལམ་གྱི་རྨང་རྡོ་ལྟ་བུ་ནི་ནང་པ་སངས་རྒྱས་པའི་ཁྱད་ཆོས་ཏེ། སྐྱབས་འགྲོ་བདུན་ཅུ་པ་ལས། སྡོམ་པ་ཀུན་ལ་ཡོད་མོད་ཀྱང་། །སྐྱབས་སུ་མ་སོང་བ་ལ་མེད། །ཅེས་གསུངས་པ་ལྟར་དང་། སྐྱབས་འགྲོའི་སྒོ་དབྱེ་བ་ནི་དད་པ་ཁོ་ན་ཡིན་པས་དེ་ཡང་ཡིད་ཆེས་ཤིང་ཕྱིར་མི་ལྡོག་པའི་དད་པ་ཞིག་རང་རྒྱུད་ལ་སྐྱེ་ནུས་པ་ནི་གལ་ཆེ་སྟེ། ཨོ་རྒྱན་ཆེན་པོས། དད་པ་ཅན་གྱི་གང་ཟག་ཕོ་མོ་ལ༔ པད་འབྱུང་གང་དུའང་མ་བཞུད་སྒོ་ཉལ་ཡོད༔ ང་ཡི་ཚེ་ལ་འདས་གྲོང་ཡོད་མ་ཡིན༔ དད་ལྡན་མི་རེའི་མདུན་ན་པད་འབྱུང་རེ༔ ཞེས་གསུངས་པ་ལྟར་བླ་མ་དང་རྒྱལ་བ་འོད་མཚན་སྟོང་འབར་གཉིས་སུ་མེད་པ་ལ་ཡིད་ཁྱེད་ཤེས་ཀྱི་དད་པ་བརྟན་པོས་སྐྱིད་སྡུག་ལེགས་ཉེས་ཅི་མཛད་ཁྱེད་མཁྱེན་སྙམ་པའི་མོས་གུས་གདུང་ཤུགས་དྲག་པོའི་སྒོ་ནས་སྐྱབས་སུ་འགྲོ་བ་འདིའི་རྗེས་ཟློས་མཛོད། ཧཱུྃ་ཧྲཱིཿ མཆོག་གསུམ་ཀུན་འདུས་སོགས། སྐྱབས་སུ་མཆི། ལན་གསུམ་བྱ། ཞེས་སྐྱབས་སུ་འགྲོ་བ་སྔོན་དུ་གྲུབ་ཟིན་ནས། སླར་ཡང་སེམས་བསྐྱེད་དགོས་པ་ནི། སློབ་དཔོན་ཨིནྟྲ་བྷུ་ཏིས། ཕ་དང་མ་རུ་མ་གྱུར་པའི། །སེམས་ཅན་གང་ཡང་ཡོད་མ་ཡིན། །ཞེས་གསུངས་པ་ལྟར་ཡིན་པས་འདིར་འགྲོ་བ་རང་རང་གི་ལས་སྣང་གིས་སྲིད་པ་རིགས་དྲུག་པོ་འདི་ན་མ་རྒན་སེམས་ཅན་རྣམས་ལ་ལ་ནི་སྡུག་བསྔལ་གྱི་རྒྱུ་ལ་སྤྱོད། ལ་ལ་ནི་སྡུག་བསྔལ་གྱི་འབྲས་བུ་ལ་སྤྱོད་ནས་ཡོད་པའི་ངན་འགྲོའི་སེམས་ཅན་དེ་དག་ཐམས་ཅད་སྡུག་བསྔལ་རྒྱུ་འབྲས་གཉིས་དང་བྲལ་ནས་རང་གནས་ཡེ་ཤེས་ཆེན་པོའི་ས་ལ་བདག་གིས་འགོད་དོ་སྙམ་པའི་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། ཧཱུྃ་ཧྲཱིཿ ཕ་མ་འགྲོ་དྲུག་སོགས་ལན་གསུམ། དེ་ནས་སེམས་བསྐྱེད་པའི་རིམ་པ་རྣམས་གྲུབ་ནས་ཚོགས་བསགས་ཡན་ལག་བདུན་པ་འདིའི་རྗེས་ཟློས་མཛོད། ཧཱུྃ་ཧྲཱིཿ རྒྱལ་བ་ཀུན་སོགས་བསྔོ། སླར་ཡང་ཚོགས་བསགས་ཀྱི་རིམ་པ་སོང་ནས། ད་ནི་སོ་བྱང་སྔགས་གསུམ་གྱི་སྡོམ་པ་རྣམས་ཚུལ་བཞིན་དུ་ཇི་སྲིད་བྱང་ཆུབ་སྙིང་པོའི་བར་དུ་བསྲུང་སྙམ་པའི་སྒོ་ནས་འདིའི་རྗེས་ཟློས་མཛོད། ཧཱུྃ་ཧྲཱིཿ འགྲོ་ལ་གནོད་སྤང་སོ་ཐར་སྡོམ་པ་དང༔ གཞན་ཕན་མཆོག་ཏུ་བརྩོན་པའི་བྱང་ཆུབ་སེམས༔ སྣང་སྲིད་དག་མཉམ་གསང་སྔགས་དམ་ཚིག་སྡོམ༔ མ་ལུས་བདག་ཉིད་ཡང་དག་བཟུང་བར་བགྱི༔ བཛྲ་ས་མ་ཡཱ་ཨཱ༔ བཛྲ་ས་མ་ཡཱ་ན་ར་ཀན༔ ཞེས་པས་དམ་ཆུ་བླུད། དེ་ཡན་ཆད་ཀྱིས་སྔོན་དུ་འགྲོ་བའི་ཆོས་རྣམས་སོང་ནས་ད་ཁྱེད་རང་རྣམས་ཀྱིས་དངོས་གཞིའི་དབང་ཞུ་བ་ལ་ལུས་རྣམ་སྣང་ཆོས་བདུན་དང་། ངག་རླུང་ཁ་སྦྱོར་དང་། ཡིད་གཞན་དུ་མ་གཡེང་བར་དམིགས་པ་འདི་བཞིན་དུ་གྱིས་ཤིག ཨོཾ་མ་ཧཱ་ཤུ་ནྱ་སོགས། ཞེས་བརྗོད་པས་ཁྱེད་རང་རྣམས་ཀྱི་སྣང་ཞེན་གྱི་དངོས་པོར་རྟོག་པ་ཐམས་ཅད་མི་དམིགས་པ་སྟོང་པའི་ངང་ལས་རང་རིག་འདུས་མ་བྱས་པའི་རང་རྩལ་གྱི་གཞལ་ཡས་ཁང་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་དང་མཉམ་པའི་དབུས་སུ་ཆུ་སྐྱེས་དང་། ཟླ་བའི་དལ་གྱི་སྟེང་དུ་ཁྱེད་རང་རྣམས་ཀྱི་རིག་པ་སེམས་ཉིད་ཀྱི་ངོ་བོ་ཧྲཱིཿཡིག་དམར་གསལ་ཞིག་ཏུ་སྐྱེད་ཅིག དེ་ཉིད་སྐད་ཅིག་གིས་གནས་འགྱུར་བ་ལས་རྒྱལ་ཀུན་འདུས་པའི་རིགས་མཆོག་ཨ་མི་ཏ་བྷ་ཝ་དམར་གསལ་བྱུ་རུའི་ལྷུན་པོ་ལ་ཉི་མ་ཤར་བ་ལྟར་ཞལ་གཅིག་ཞི་འཛུམ། ཕྱག་གཉིས་མཉམ་གཞག་གི་སྟེང་ན་ལྷུང་བཟེད་བདུད་རྩིའི་གང་བ་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་ཤིང་ཚངས་སྤྱོད་ཀྱི་ཆ་ལུགས་མཛེས་པ། མཚན་དང་དཔེ་བྱད་ཀྱིས་སྤྲས་པ། སྐུ་བལྟ་བས་ཆོག་མི་ཤེས་པ། འོད་དང་འོད་ཟེར་མུ་མཐའ་མེད་པའི་ཞིང་ཁམས་ཁྱབ་པ་གཅིག་ཏུ་གསལ་བའི་ཐུགས་ཀར་མི་ཤིགས་པའི་ངོ་བོ་ཧྲཱིཿཡིག་གི་དབུས་སུ་ཨཱཿཤད་སྤུས་བྲིས་པ་མར་མེ་ལྟ་བུར་གསལ་བ་ལ་ཏིང་འཛིན་རྩེ་གཅིག་གི་དམིགས་པ་སྲང་ལ་གཞུར་ནས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་རྒྱལ་བ་འོད་མཚན་སྟོང་འབར་གྱི་སྐུ་ཡིག་ཕྱག་མཚན་གྱི་རྣམ་པར་ཆར་སྤྲིན་གཏིབས་པ་བཞིན་བྱོན་ནས་སློབ་མ་ཁྱེད་རང་རྣམས་ལྷར་གསལ་བ་དེ་ལ་སིབ་སིབ་ཐིམ་པར་སྒོམས་ཤིག ཧཱུྃ་ཧྲཱིཿ ནུབ་ཕྱོགས་བདེ་ཆེན་པདྨ་སོགས་རྩ་སྔགས་མཐར། བཛྲ་ཨ་བེ་ཤ་ཡ་ཕཻཾ་ཕཻཾ་ཛ་ཛ༔ དེ་ལྟར་བྱིན་དབབ་པའི་ཡེ་ཤེས་པ་དེ་ཉིད་ཇི་སྲིད་བྱང་ཆུབ་བར་དུ་བརྟན་པར་བཞུགས་སུ་གསོལ། ཞེས་དང་། ཏིཥྛ་བཛྲ༔ བརྗོད། དེ་ནས་བུམ་དབང་ཆེན་མོ་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་མཛོད། ས་གཞི་སྤོས་ཆུས་སོགས། འོ་སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ་བུམ་པའི་དབང་བསྐུར་བ་ཡིན་པས་རྫའམ་ཤིང་གི་རང་བཞིན་དུ་མ་བསྒོམ་པར་ཕྱི་རྟེན་བུམ་པའི་དབྱིབས་ལ་གཞལ་ཡས་ཁང་གི་མཚན་ཉིད་རྫོགས་པ། ནང་བརྟེན་པའི་ལྷ་རྒྱལ་བ་འོད་མཚན་སྟོང་འབར་གྱི་ལྷ་ཚོགས་ཐམས་ཅད་ཀྱིས་གཟུངས་སྔགས་ཀྱི་སྒྲ་དི་རི་རི་འདོན་ཞིང་རིག་འཛིན་མཁའ་འགྲོའི་ཚོགས་ཀྱིས་ཤིས་པ་བརྗོད་ཅིང་དབང་ཡུལ་གྱི་སེམས་དཔའ་སེམས་མ་རྣམས་ཀྱིས་བར་ཆད་བསལ་ཞིང་བཀྲ་ཤིས་གླུ་ལེན་གྱི་ཚུལ་དུ་བྱོན་ནས་ཁྱེད་རང་རྣམས་ལ་དབང་བསྐུར་བ་ཙམ་གྱིས་བུམ་པ་ལྷ་ཡི་དབང་ཐོབ་བྱུང་སྙམ་པའི་མོས་པ་མཛོད། ཧཱུྃ་ཧྲཱིཿ རིན་ཆེན་བུམ་པ་སོགས་རྩ་སྔགས། ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུཾ༔ དེ་ལྟར་སྐུ་བུམ་པའི་དབང་བསྐུར་བས་ལུས་ཀྱི་སྒྲིབ་པ་དག སྐུ་དབང་ལུས་ལ་ཐོབ། སྤྲུལ་སྐུའི་གོ་འཕང་ཐོབ་པའི་སྐལ་བ་རྒྱུད་ལ་བྱས། མཐར་རྒྱལ་བ་འོད་མཚན་སྟོང་འབར་གྱི་སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོ་ལ་དབང་འབྱོར་བའི་མོས་པ་མཛོད། ཨཱཿ འགགས་མེད་སོགས་རྩ་སྔགས། ཝཀྐཱ་ཨ་བྷི་ཥིཉྩ་ཨཱ༔ དེ་ནས་གསུང་བདུད་རྩི་ཐོགས་ལ། ཧཱུྃ་ཧྲཱིཿ སྐྱེ་མེད་དབྱིངས་ཀྱི་ཀ་པཱ་ལར༔ འཆི་མེད་བདུད་རྩི་ར་ས་ཡན༔ སྐལ་ལྡན་ཁྱོད་ཀྱི་ངག་ཏུ་བླུད༔ ཚེ་སྲོག་ཆུ་རྒྱུན་རིང་བར་ཤོག༔ དེ་ལྟར་གསུང་བྷ་གའི་དབང་བསྐུར་བས་ངག་གི་སྒྲིབ་པ་དག གསུང་དབང་ངག་ལ་ཞུགས། ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པའི་སྐལ་བ་རྒྱུད་ལ་བྱས། མཐར་རྒྱལ་བ་དེ་ཉིད་ཀྱི་གསུང་མི་ཟད་རྒྱན་གྱི་འཁོར་ལོ་ལ་དབང་འབྱོར་བའི་མོས་པ་མཛོད། ཧཱུྃ་ཧཱུྃ༔ ངོ་བོ་ཀ་དག་སོགས། ཨོཾ་བཛྲ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་ཐུགས་མན་ཤེལ་གྱི་དབང་བསྐུར་བས་ཡིད་ཀྱི་སྒྲིབ་པ་དག ཆོས་དབང་སེམས་ལ་ཐོབ། ཆོས་སྐུའི་གོ་འཕང་ཐོབ་པའི་སྐལ་བ་ཅན་དུ་བྱས། མཐར་ཐུག་རྒྱལ་བ་འོད་མཚན་སྟོང་འབར་འཆི་མེད་རྔ་སྒྲའི་རྒྱལ་པོའི་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ལ་དབང་འབྱོར་བའི་ཕྲིན་ལས་ཀྱི་དབུགས་དབྱུང་སྟེ་སེམས་ཅན་གྱི་དོན་ཐོགས་པ་མེད་པར་གྱིས་ཤིག དེས་སྐུ་གསུང་ཐུགས་དབང་རྫོགས། སྐབས་འདིར་སྤྲོ་ན་ལྷ་དབང་བསྐུར་ནས་རྒྱས་པར་བྱ། སླར་ཡང་མཐའ་རྟེན་རྣམས་རིམ་བཞིན་བསྐུར། བཀའ་གཏད་སོགས་སྤྱི་འགྲོས་ལགས། དེ་ལྟར་རྒྱལ་བ་འོད་མཚན་སྟོང་འབར་འཆི་མེད་རྔ་སྒྲའི་རྒྱལ་པོའི་དཀྱིལ་འཁོར་དུ་དབང་ལེགས་པར་ཐོབ་པས་སྤྱི་དང་བྱེ་བྲག་གི་དམ་ཚིག་བསྲུང་སྡོམ་རྣམས་ཚུལ་བཞིན་དུ་བགྱིའོ་སྙམ་པའི་ངང་ནས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས། དེ་ལྟར་རྒྱལ་བ་འོད་མཚན་སྟོང་འབར་གྱི་དབང་ལེགས་པར་ཐོབ་པའི་བཀའ་དྲིན་གཏང་རག་གི་ཡོན་དུ་མོས་ཏེ་མཎྜལ་འབུལ། ས་གཞི་སྤོས་ཆུས་སོགས། སླར་ཡང་ལུས་ལོངས་སྤྱོད་དགེ་ཚོགས་རྒྱ་མཚོ་དང་བཅས་པ་འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་ཀྱི་འབྱོར་པ་ལྟར་སྤྲུལ་ནས་འབུལ་བས་ཆ་ཤས་ནས་ལོངས་སྤྱད་དུ་གསོལ་སྙམ་པའི་ངང་ནས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམས་ཏེ་སོགས། དེ་ལྟ་བུས་མཚོན་ཟག་བཅས་དང་ཟག་མེད་བསགས་པའི་དགེ་ཚོགས་འདི་དག་སེམས་ཅན་ཡོངས་ལ་བསྔོ་བའི་ཐུགས་འདུན་ཞུའོ། །བསོད་ནམས་འདི་ཡིས་ཐམས་ཅད་སོགས། གྲོལ་བར་ཤོག། ཅེས་དང་། རྒྱལ་བ་འོད་མཚན་སྟོང་འབར་གྱི། །སྐུ་གསུང་ཐུགས་དབང་ཟབ་མོ་ཡི། །མཚམས་སྦྱོར་གྲོང་ཚིག་མདོར་བསྡུས་འདི། །དམ་པ་གང་གིས་བཀའ་གནང་བཞིན། ། སློབ་འབངས་ཐ་ཤལ་རས་པའི་ཆས། །འཆོལ་སྤྱོད་པདྨ་གསལ་སྟོང་མིང་། །འཆད་རྩོམ་དག་ནི་མོ་གཤམ་བུ། །འདྲ་བ་གང་གིས་ལྷག་བསམ་གྱིས། །བྲིས་པས་ཉེས་འགལ་མཆིས་ན་ཡང་། །རྩ་གསུམ་བསྲུང་མའི་སྤྱན་སྔར་བཤགས། །དགེ་བ་མཆིས་ན་མ་གྱུར་རྣམས། །ཀུན་བཟང་རྒྱལ་སྲིད་ཟིན་པར་སྨོན། །ཆོས་འདིའི་བསྟན་པ་དར་རྒྱས་ཤོག །ཤུ་བྷཾ༎

སྐྱབས་སེམས་ཡན་ལག་བདུན་གྱི་ལྡེབ་ཤར།

༄༅། ཧཱུྃ་ཧྲཱིཿ མཆོག་གསུམ་ཀུན་འདུས་རྒྱལ་བ་འོད་དཔག་མེད༔ སྨོན་ལམ་མངའ་བདག་ལྷ་མཆོག་འཁོར་བཅས་ལ༔ བདག་གཞན་འགྲོ་ཀུན་བྱང་ཆུབ་མ་ཐོབ་བར༔ སྒོ་གསུམ་གུས་པས་རྩེ་གཅིག་སྐྱབས་སུ་མཆི༔ ཧཱུྃ་ཧྲཱིཿ ཕ་མ་འགྲོ་དྲུག་སེམས་ཅན་མ་ལུས་པ༔ རྣམ་མཁྱེན་རྒྱལ་བའི་གོ་འཕང་ལ་འགོད་ཕྱིར༔ ཚད་མེད་བཞི་བསྒོམ་འོད་མཚན་སྟོང་འབར་སྒྲུབ༔ ཡང་དག་མཐའ་བྲལ་དོན་དམ་སེམས་བསྐྱེད་དོ༔ ཧཱུྃ་ཧྲཱིཿ རྒྱལ་བ་ཀུན་དངོས་འོད་མཚན་སྟོང་འབར་ལ༔ སྒོ་གསུམ་གུས་པས་ཡན་ལག་ལྔ་ཕྱག་འཚལ༔ དངོས་འབྱོར་ཡིད་སྤྲུལ་མཆོད་སྤྲིན་རྒྱ་མཚོ་འབུལ༔ བསླབ་གསུམ་དམ་ལས་འགལ་བའི་ཉེས་ཚོགས་བཤགས༔ རྒྱལ་བའི་གསང་གསུམ་དགེ་ལ་རྗེས་ཡི་རང༔ རྟག་ཏུ་ཐེག་ཆེན་ཆོས་འཁོར་བསྐོར་བར་བསྐུལ༔ སེམས་ཅན་དོན་ཕྱིར་བསྐལ་བརྒྱར་བརྟན་བཞུགས་གསོལ༔ དགེ་ཚོགས་འགྲོ་ཀུན་སངས་རྒྱས་ཐོབ་ཕྱིར་བསྔོ༔

དབང་གི་ཆས་གཞུག

ཟུར་ཡིག་མི་ཟད་རྒྱན་འཁོར་ལས༔ ཆས་གཞུག་ཟུར་དུ་གབ་ཚུལ་བྲིས༔ དྲིས་ལན་བསྲུང་སྡོམ་གྲུབ་པའི་རྗེས༔ དེ་ལ་འདིར་ལས་རིམ་ལྔ་བསྟན་པའོ༔ དང་པོ་མིག་དར་བཀབ་པ་ནི༔ ཧོ་རིགས་ཀྱི་བུ་ཁྱོད་གྱིས་སྔོན་མ་རིག་གཉིས་འཛིན་གྱི་དབང་གིས་མིག་ལིང་ཐོག་གིས་བསྒྲིབས་པ་ལྟ་བུའི་ཚུལ་དུ་ཡི་དམ་ཀྱི་དཀྱིལ་འཁོར་འདི་ཉིད་མ་མཇལ་བའམ༔ མཇལ་ཀྱང་བསྐྱར་ནས་ད་ནི་འཇུག་པའི་བརྡར་གདོང་གཡོག་དམར་པོ་རེ་བཅིངས་པའི་མོས་པ་མཛོད༔ ཨོཾ་ཙཀྵུ་བྷནྡྷ་ཝ་ར་མ་ཎ་ཡེ་སྭཱ་ཧཱ༔ རས་དར་དམར་པོས་གདོང་བཅིང༔ གཉིས་པ་མེ་ཏོག་གཏད་པ་ནི༔ དེ་ནས་སྐལ་ལྡན་རིགས་ཀྱི་བུ་ཉིད་ཀྱིས་ཡི་དམ་ལྷག་པའི་ལྷའི་དཀྱིལ་འཁོར་ལྷ་དང་བཅས་པ་མཇལ་བའི་ཚེ་ཕྱག་སྟོང་པར་མཇལ་དུ་མི་རུང་བས་ཕྱག་རྟེན་གྱི་ཆེད་དུ་མེ་ཏོག་གི་ཆུན་པོ་ཁ་དོག་ལྔ་ལྡན་རེ་བཟུང་ནས་ལྷ་དེ་མཇལ་བའི་མོས་པ་མཛོད༔ ཨ་ཁཾ་བྷི་ར་ཧོ༔ མེ་ཏོག་གཏད༔ གསུམ་པ་ཡེ་ཤེས་དབབ་པའི་ཆེད་དུ་སློབ་མ་བསང་སྦྱང་བ་ནི༔ མཚམས་སྦྱོར་ལྟར་ཤེས་པར་བྱའོ༔ དམ་ཡེ་དབྱེར་མེད་བརྟན་ཕྱིར་ཏིཥྛ་ལྷན༔ ཞེས་དང༔ དེ་ནས་མེ་ཏོག་དོར་བ་ནི༔ ཧོ༔ སྐལ་ལྡན་རིག་པའི་མེ་ཏོག་འདི༔ ཡི་དམ་ལྷག་པའི་ལྷ་ལ་འབུལ༔ སྔོན་ནས་ལས་འབྲེལ་གང་ཡོད་པའི༔ དཀྱིལ་འཁོར་ལྷ་ལ་འབབ་པར་ཤོག༔ ཨོཾ་བཛྲ་པུཥྤེ་པྲ་ཏིཥྩ་པཱུ་ཛ་ཨ་ཧོ༔ མེ་ཏོག་དཀྱིལ་འཁོར་ལྷ་ལ་དོར༔ དེ་ཡང་མེ་ཏོག་དབུས་སུ་བབས་ན་གདོད་ནས་རང་གྲོལ༔ ཤར་དུ་བབས་ན་རྡོ་རྗེ་རིགས་མཆོག༔ ལྷོ་རུ་བབས་ན་རིན་ཆེན་རྒྱལ་པོ༔ ནུབ་ཏུ་བབས་ན་པདྨ་བདེ་ཆེན༔ བྱང་དུ་བབས་ན་ཚོགས་དྲུག་རང་གྲོལ༔ མཚམས་བཞིར་རྡོ་རྗེ་འདུས་རྩལ༔ མོ་ལའང་བདེ་ཆེན་དབང་མོ་སོགས་མིང་བཏགས་པ་ཡིན་པས་མ་བརྗེད་པར་ཡིད་ལ་ཟུངས་ཤིག་དགོས་པ་ཆེན་པོ་དང་ལྡན་པར་འགྱུར་རོ༔ དེ་ནས་རྡོ་རྗེ་སློབ་དཔོན་གྱིས་ཐུགས་རྗེའི་གསེར་ཐུར་ཐོགས་ལ༔ ཧོ༔ ང་ནི་མིག་མཁན་རྒྱལ་པོ་ཡིན༔ ཁྱོད་ཀྱི་མ་རིག་ལིང་ཐོག་མིག༔ ཐུགས་རྗེའི་གསེར་ཐུར་འདི་ཡིས་བསལ༔ ཡེ་ཤེས་སྤྱན་ཐོབ་རང་རིག་ལྷ་ཞལ་མཇལ༔ ཨོཾ་ཛྙཱ་ན་ཙཀྵུ་པྲ་ཝེ་ཤ་ཡ་ཕཊ༔ དེ་ནས་བཞི་པ་ལྷ་ངོ་བསྟན་པ་ནི༔ ཧཱུྃ་ཧོ༔ འདིར་ཚོགས་སྐལ་ལྡན་རིགས་ཀྱི་བུ༔ འདི་ལྟར་སྣང་ལ་རང་བཞིན་མ་གྲུབ་པའི༔ ཁ་དོག་གང་མཐོང་རིག་རྩལ་རོལ་པའི་མདངས༔ དཀྱིལ་འཁོར་ལྷ་དང་རང་རིག་བྱང་ཆུབ་སེམས༔ དབྱེར་མེད་ལ་བཟླ་ཆེན་པོའི་ཀློང་ཡངས་སུ༔ བྱར་མེད་བློ་འདས་ངང་དུ་མཇལ་བར་མཛོད༔ ཨཱ་ཨཱ༔ གནས་ལུགས་ངང་དུ་མཉམ་པར་བཞག་གོ༔ དེ་ནས་ཐོག་མར་ཐུན་མོང་རིག་པའི་དབང༔ གཉིས་པ་སྐུ་གསུང་ཐུགས་ཀྱི་དབང༔ གསུམ་པ་ལྷ་དབང་བསྐུར་བ་རྣམས་རིམ་བཞིན་བསྐུར་བར་བྱའོ༔ དང་པོ་ནི༔ ཧཱུྃ་ཧྲཱིཿ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ཆུ་དང་དབུ་རྒྱན་རྡོར་དྲིལ་མིང༔ དབང་མཆོག་ལྔ་པོ་ལེགས་བསྐུར་བས༔ དུག་ལྔ་ཕུང་ལྔ་གཏན་ནས་དག༔ ཡེ་ཤེས་ལྔ་དང་སྐུ་ལྔ་ལྷུན་གྱིས་གྲུབ༔ ཞིང་ཁམས་ལྔ་ལ་དབང་བསྒྱུར་གཞན་དོན་བྱ༔ ཞེས་ཙཀ་ལི་རང་སྔགས་ཀྱིས་གཏད༔ ཧཱུྃ་བཛྲ་ཨ་དར་ཤ་ཛྙཱ་ན་ཨ་བྷི་ཥིཉྩ་མཾ༔ སྭ་རཏྣ་ས་མནྟ་ཛྙཱ་ན་རཏྣ་ཨ་བྷི་ཥིཉྩ་མཾ༔ ཨཾ་པདྨ་པྲ་ཛྙཱ་ཨ་བྷི་ཥིཉྩ་མཾ༔ ཧཱ་རི་ཤ་ཨ་ནུ་ཏེ་ཛྙཱ་ན་པ་ཏེ་བཛྲ་ཀརྨ་ཨ་བྷི་ཥིཉྩ་མཾ༔ ཨོཾ་ཏྲེ་ཙཀྲ་མ་ཏི་ཨ་མི་ཛྙཱ་ན་བཛྲ་ཨ་བྷི་ཥིཉྩ་མཾ༔ ཞེས་པས་སོ་སོར་བསྐུར་རོ༔ འོ་དེ་ལྟར་ཐུན་མོང་རིག་པའི་དབང་ལྔ་བསྐུར་བས༔ དུག་ལྔ་དང་ཕུང་པོ་ལྔ་གཏན་ནས་དག་ཅིང༔ ཡེ་ཤེས་ལྔ་དང་སྐུ་ལྔ་ལྷུན་གྱིས་གྲུབ་ཅིང་ཞིང་ཁམས་ལྔ་ལ་དབང་བསྒྱུར་ནས༔ སེམས་ཅན་གྱི་དོན་ཐོགས་པ་མེད་པར་བྱེད་ནུས་པའི་དབང་ཐོབ་པར་གྱུར་ཅིག༔ གཉིས་པ་སྐུ་གསུང་ཐུགས་དབང་གཞུང་ལས་བསྐུར་བར་བྱའོ༔ གསུམ་པ་ལྷ་དབང་ནི་ཐོས་པ་རང་གྲོལ་ལས་བསྐུར་བར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཞེས་པའང་ཆོས་ཀྱི་བདག་པོས་ཁ་སྐོང་ཕྱིར་དུ་བྲིས་པའོ༔

རྒྱལ་བ་འོད་མཚན་སྟོང་འབར་གྱི་ལྷ་དབང་ཐོས་པ་རང་གྲོལ་སངས་རྒྱས་སྟོང་དབང་བསྡུས་པ་དང་བཅས་པ།

ཟབ་ཆོས་ཡང་ཟབ་ཌཱཀྐིའི་གབ་ཐིག་ལས༔ རྒྱལ་བ་འོད་མཚན་སྟོང་འབར་གྱི༔ ལྷ་དབང་ཐོས་པ་རང་གྲོལ་བཞུགས༔ གུ་རུ་ཨ་མི་ཏ་བྷ་རྒྱལ༔ སྐལ་བཟང་སངས་རྒྱས་སྟོང་གི་རིགས་ཀྱི་བདག༔ ཁྱབ་བདག་རྒྱལ་བ་འོད་མཚན་སྟོང་འབར་བ༔ སྨོན་ལམ་སྟོབས་ཀྱིས་འགྲོ་བའི་སྐྱབས་གནས་མཆོག༔ མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སེལ༔ རྒྱལ་བ་གང་གི་སྐུ་གསུང་ཐུགས་ཡོན་ཕྲིན༔ སྒོ་གསུམ་གུས་པས་ཕྱག་འཚལ་སྙིང་ནས་སྐྱབས༔ ལྷ་དབང་ཐོས་པ་རང་གྲོལ་འདི་ན་སྤེལ༔ ས་མ་ཡཱ༔ དེ་ལ་སྟ་གོན་ཆས་གཞུག་རིམ་པ་ནི༔ དཀྱིལ་འཁོར་མཚན་ཉིད་གཞན་བྱུང་ལྟར་དུ་བྱ༔ བཀོད་ལེགས་འབྲུ་ཡི་ཚོམ་བུའི་དཀྱིལ་འཁོར་བཀྲམ༔ སྒྲུབ་པའི་གཏོར་མ་རིན་ཆེན་འབར་བ་ལྟར༔ བཅའ་ཞིང་ཉེར་སྤྱོད་མཆོད་པ་རྣམ་ལྔས་བསྐོར༔ དབུས་སུ་བུམ་པ་ཤར་དུ་གཏོར་མ་དང༔ ལྷོ་རུ་སྐུ་ཙཀ་ནུབ་ཏུ་སྔགས་ཕྲེང་དང་༔ བྱང་དུ་མན་ཤེལ་མཐའ་རྟེན་ཙ་ཀ་ལི༔ དབང་རྫས་ཡོ་བྱད་བསགས་ཤིང་རང་གདན་རོལ༔ སྔོན་འགྲོ་དངོས་གཞི་གཞུང་བཞིན་བསྐྱང་པ་ལ༔ གནས་འདྲེན་སྐུ་གསུང་ཐུགས་དབང་རྫོགས་འཕྲལ་དུ༔ དཀྱིལ་འཁོར་ལྷ་དང་རྡོ་རྗེ་སློབ་དཔོན་ལ༔ མཎྚལ་ཕུལ་ཞིང་གསོལ་བ་འདི་ལྟར་གྱེར༔ ཀྱེ་ཀྱེ༔ རིགས་ཀུན་ཁྱབ་བདག་རྡོ་རྗེ་འཛིན༔ རྒྱལ་བ་འོད་མཚན་སྟོང་འབར་གྱི༔ ལྷ་དབང་ཐོས་པ་རང་གྲོལ་དབང་༔ དུས་འདིར་བདག་ལ་གནང་བར་ཞུ༔ ལན་གསུམ༔ དེ་ནས་སློབ་དཔོན་གྱིས་ལན་བྱིན་པ་ནི༔ ཨ་ཧོ༔ སྐལ་ལྡན་རིག་པ་འཛིན་པའི་བུ༔ སྔོན་བསགས་ལས་འཕྲོ་ལྡན་པ་ཡི༔ དཀྱིལ་འཁོར་ལྷ་དང་སློབ་དཔོན་གྱི༔ དབང་རྣམས་ཡོངས་སུ་བསྐུར་བར་བྱ༔ དེ་ནས་རྡོ་རྗེ་སློབ་དཔོན་གྱིས་གདན་གསུམ་ཚང་བའི་དཀྱིལ་འཁོར་ལྷ་དང་བཅས་པའི་དབང་བསྐུར་བའི་དགོངས་པ་གཏད་ཅིང་༔ རིག་པའི་ལྷ་མོ་རྣམས་ཀྱིས་དབང་བསྐུར༔ དབང་ཡུལ་གྱི་སེམས་དཔའ་སེམས་མ་རྣམས་ཀྱིས་བཀྲ་ཤིས་བརྗོད་ཅིང་༔ ལས་དབང་གི་ཁྲོ་བོ་ཁྲོ་མོ་རྣམས་ཀྱིས་བགེགས་བསྐྲད་ཅིང་རྔམ་སྟབས་ཧཱུྃ་སྒྲ་དང་བཅས་པས་དབང་བསྐུར་བར་མོས་ཤིག དེ་ནས་རྒྱལ་བ་འོད་མཚན་སྟོང་འབར་གྱི་སྐུ་ཙཀ་ཐོག་ལ༔ ཧོ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ རྒྱལ་བ་འོད་མཚན་སྟོང་འབར་གྱི༔ མཚན་ཙམ་ཐོས་གྲོལ་དབང་བསྐུར་བས༔ ཀུན་གཞིའི་རྟོག་པ་རང་གྲོལ་ནས༔ ཆོས་སྐུ་རབ་འབྱམས་དབང་ཐོབ་ཤོག༔ ཨོཾ་ཨ་མི་དྷེ་ཝ་ཧྲཱིཿ དྷརྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ འོ་སྐལ་ལྡན་རིགས་ཀྱི་བུ་རྣམས་ལ་རྒྱལ་བ་འོད་མཚན་སྟོང་འབར་གྱི་དབང་བསྐུར་བ་ཙམ་གྱིས་ཀུན་གཞིའི་ཉོན་མོངས་པའི་རྟོག་པ་མ་སྤངས་རང་སར་གྲོལ་བའོ༔ ལྷ་དེ་ཉིད་གཞན་ཞིག་ཡིན་མ་སེམས་པར་རང་རིག་ངོ་བོ་ཡེ་ནས་གྲུབ་པ་མེད་པ་སྤྲོས་པའི་མཐའ་བརྒྱད་དང་བྲལ་བའི་སྟོང་གསལ་ས་ལེ་ཧྲིག་གེ་བ་འདི་ཀ་ཡིན་ནོ་ངོ་ཤེས་པར་གྱིས་ཤིག༔ དེ་ནས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་སྐུ་ཐོགས་ལ༔ ཧོ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ལོངས་སྤྱོད་རྫོགས་སྐུ་སྤྱན་རས་གཟིགས༔ བྱམས་དང་སྙིང་རྗེའི་དབང་བསྐུར་བས༔ ལྷན་སྐྱེས་རྟོག་པ་རང་གྲོལ་ནས༔ ལོངས་སྐུ་རབ་འབྱམས་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ སཾ་བྷོ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ འོ་སྐལ་ལྡན་རིགས་ཀྱི་བུ་རྣམས་ལ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གི་དབང་བསྐུར་བ་ཙམ་གྱིས་ཉོན་མོངས་ལྷན་སྐྱེས་ཀྱི་རྟོག་པ་མ་སྤངས་རང་སར་གྲོལ་བའོ༔ བྱང་ཆུབ་སེམས་དཔའ་དེ་ཉིད་གཞན་ཞིག་ཡིན་མ་སེམས་པར་རང་གི་ཤེས་རིག་གི་རྩལ་སྣང་ལ་གཟུགས་བརྙན་སྣ་ཚོགས་སུ་འཆར་མཁན་གྱི་ཤེས་པ་དེ་ཀ་ཡིན་ནོ་ངོ་ཤེས་པར་གྱིས་ཤིག༔ དེ་ནས་བྱང་སེམས་ལག་ན་རྡོ་རྗེའི་སྐུ་ཐོགས་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ རྒྱལ་བའི་སྤྲུལ་བསྒྱུར་མཐུ་ཆེན་ཐོབ༔ ཕྱག་ན་རྡོ་རྗེའི་དབང་བསྐུར་བས༔ ཀུན་བརྟགས་རྟོག་པ་རང་གྲོལ་ནས༔ སྤྲུལ་སྐུ་རབ་འབྱམས་དབང་ཐོབ་ཤོག༔ ཨོཾ་བཛྲ་པཱ་ཎི་ཧཱུྃ༔ ནིརྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ འོ་སྐལ་ལྡན་རིགས་ཀྱི་བུ་རྣམས་ལ་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེའི་དབང་བསྐུར་བ་ཙམ་གྱིས་ཉོན་མོངས་ཀུན་བརྟགས་ཀྱི་རྟོག་པ་མ་སྤངས་རང་སར་གྲོལ་བའོ༔ ༈ སངས་རྒྱས་སྟོང་དབང་བསྡུས་པ་ནི༔ དང་པོ་འདི་བཞིན་རྗེས་ཟློས་བྱ༔ ཧཱུྃ༔ བྱམས་མགོན་འཕགས་པ་སྤྱན་རས་གཟིགས༔ གང་ལ་གང་འདུལ་དེར་སྟོན་པའི༔ བདེ་གཤེགས་བསྐལ་བཟང་སངས་རྒྱས་ཀྱི༔ བྱིན་རླབས་དབང་གིས་སྨིན་གྲོལ་སྩོལ༔ དེ་ནས་སངས་རྒྱས་སྐུ་ཐོགས་ལ༔ མཐུན་པའི་དགེ་ཚོགས་སྨོན་ལམ་རྨད་བྱུང་ཞིང༔ སྤྱད་པ་སྤྱོད་ཚེ་ནམ་ཡང་མཆེད་གྱུར་པ༔ བསྐལ་བཟང་གཅིག་ལ་མཛད་པ་མཐར་ཕྱིན་པ༔ རྫོགས་པའི་སངས་རྒྱས་སྟོང་གི་དབང་བསྐུར་རོ༔ ཨོཾ་ཨཱཿཧཱུྃ༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བསྐལ་བ་བཟང་པོའི་སངས་རྒྱས་སྟོང་རྩ་གཉིས་ཀྱིས་དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་ནས་བཟུང༔ བསོད་ནམས་དང་ཡེ་ཤེས་ལས་གྲུབ་པའི་ཐུགས་རྗེ་དང་བྱིན་རླབས་ཐམས་ཅད་དེང་དུས་རྡོ་རྗེའི་སློབ་མ་འདི་རྣམས་ལ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ༔ ཀཱ་ཡ་ཝཀྐཱ་ཙིཏྟ་གུརྞ་ཀརྨ་སརྦ་སིདྡྷི་ཕ་ལ་ཧོ༔ དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེའི་སྐུ་ཐོགས་ལ༔ ཧཱུྃ༔ འཇིག་རྟེན་རྣམ་པར་བརྒྱན་ནས་རྫུས་ཏེ་འཁྲུངས༔ བསྐལ་བཟང་སངས་རྒྱས་སྟོང་གི་ཕྲིན་ལས་པ༔ ཆོས་ཀྱི་བར་ཆད་བཟློག་པའི་མཐུ་རྩལ་ཅན༔ སྐུ་མདོག་སྔོན་པོ་བྱང་ཆུབ་སེམས་དཔའི་ཚུལ༔ བར་ཆད་བགེགས་རྣམས་འདུལ་ཕྱིར་རྡོ་རྗེ་བསྣམས༔ བྱང་ཆུབ་སེམས་དཔའ་ཆོས་ཀྱི་སེམས་དཔའ་ཡི༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བོ་དྷི་ས་ཏྭ་དྷརྨ་སནྟི་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་བྱང་ཆུབ་སེམས་དཔའ་ཚངས་པའི་སྐུ་ཐོགས་ལ༔ ཧཱུྃ༔ གཟི་བརྗིད་རྣམ་པར་བརྒྱན་ནས་རྫུས་ཏེ་འཁྲུངས༔ དུས་གསུམ་སངས་རྒྱས་སྟོང་གི་ཕྲིན་ལས་པ༔ ཆོས་འཁོར་བསྐོར་བར་བསྐུལ་བའི་བྱང་ཆུབ་སེམས༔ སྐུ་མདོག་དཀར་པོ་འཁོར་ལོས་སྒྱུར་བའི་རྒྱལ༔ གསེར་གྱི་འཁོར་ལོ་རྩིབས་སྟོང་ཕྱག་ན་བསྣམས༔ བྱང་ཆུབ་སེམས་དཔའ་ཆོས་ཀྱི་བློ་གྲོས་ཀྱི༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བོ་དྷི་ས་ཏྭ་དྷརྨ་མ་ཏི་ཨ་བྷི་ཥིཉྩ་ཧཱུྃ༔ སྐུ་དེ་ཉིད་གཞན་ཞིག་ཡིན་མ་སེམས་པར་རང་རྩལ་ཀྱི་སྣང་བ་ལ་གཟུགས་བརྙན་སྣ་ཚོགས་སུ་འཆར་བ་ལ་མིང་གཞིར་སོ་སོར་བཏགས་མཁན་གྱི་ཤེས་པ་དེ་ཀ་ཡིན་ནོ་ངོ་ཤེས་པར་གྱིས་ཤིག་གུ༔ དེ་ནས་བྱང་ཆུབ་སེམས་དཔའ་མཆེད་བརྒྱད་ཀྱི་སྐུ་ཐོགས་ལ༔ ཧོ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ རྒྱལ་བའི་ཕྲིན་ལས་དབང་ཕྱུག་ཆེ༔ བྱང་སེམས་བརྒྱད་ཀྱི་དབང་བསྐུར་བས༔ ཚོགས་བརྒྱད་རྟོག་པ་རང་གྲོལ་ནས༔ བྱང་སེམས་རབ་འབྱམས་དབང་ཐོབ་ཤོག༔ ཨོཾ་བྷོ་དྷི་ས་ཏྭ་ཨཥྚ་ཨ་བྷི་ཥིཉྩ་ཧཱུྃ༔ འོ་སྐལ་ལྡན་རིགས་ཀྱི་བུ་རྣམས་ལ་བྱང་ཆུབ་སེམས་དཔའ་བརྒྱད་ཀྱི་དབང་བསྐུར་བ་ཙམ་གྱིས་ཉོན་མོངས་པའི་རྣམ་པར་ཤེས་པ་ཚོགས་བརྒྱད་ཀྱི་རྟོག་པ་མ་སྤངས་རང་སར་གྲོལ་བའོ༔ དེ་ལྟར་སྐུ་དེ་རྣམས་གཞན་ཞིག་དུ་མ་སྣང་བར་རང་གི་རྣམ་པར་ཤེས་པ་ཚོགས་བརྒྱད་ཀྱི་སྣང་ཡུལ་རང་སར་འགག་མེད་ཀྱི་ཚོར་མཁན་གྱི་ཤེས་པ་དེ་རྣམས་ཡིན་པ་ངོ་ཤེས་པ་དང་གྲོལ་བ་དུས་མཉམ་དུ་འོང་ངོ༔ སླར་ཡང་གཏོར་དབང་བྱ་བ་ནི༔ འོ་སྐལ་ལྡན་རིགས་ཀྱི་བུ་ཁྱོད་དད་པ་དམ་ཚིག་དང་ལྡན་པའི་སྒོ་ནས་གསན་འཚལ༔ རྒྱལ་བ་འོད་མཚན་སྟོང་འབར་གཙོ་འཁོར་གྱི་བསྒྲུབ་པའི་གཏོར་མ་འདི་ཡི་དབང་བསྐུར་བའི་ཚེ༔ སྟེང་གི་ཆ་ན་བརྒྱུད་པ་དགུ་ལྡན་གྱི་བླ་མ་རྣམས་ཀྱིས་དབང་བསྐུར་བའི་ལས་བྱས་ཙམ་གྱིས་བྱིན་རླབས་ཀྱི་ཆར་རྒྱུན་འབེབས་པ༔ བར་གྱི་ཆ་ན་ཡི་དམ་ཐེག་པ་རིམ་དགུ་དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཀྱིས་དབང་བསྐུར་བ་ཙམ་གྱིས་དངོས་གྲུབ་ཀྱི་སྦྲང་ཆར་གཏིབ་པ༔ འོག་གི་ཆ་ན་མ་སྲིང་མཁའ་འགྲོ་རྒྱ་མཚོས་དབང་བསྐུར་ཞིང་བརྡ་དང་གླུ་ཡི་ཉམས་སྣང་བསྒྱུར་ཅིང་མཆོག་གི་དངོས་གྲུབ་བསྩལ་བ༔ འདབས་འཁོར་གྱི་ཆ་ན་རྒྱལ་བའི་ཕྲིན་ལས་མངའ་བདག་བཀའ་གཏེར་དམ་ཅན་སྲུང་མ་ལྕམ་དྲལ་རྒྱ་མཚོས་བགེགས་བསྐྲད་ཅིང་ཐུན་མོང་གི་དངོས་གྲུབ་སྩོལ་བ་དང་ཕྱི་ནང་གསང་བའི་བར་ཆད་བསལ་ཅིང་ས་དང་ལམ་གྱི་ཡོན་ཏན་རྣམས་གོང་འཕེལ་དུ་བྱེད་པ་ཡིན་པས་མོས་འདུན་དྲག་པོ་མཛོད་ཅིག༔ ཨོཾ་ཨཱཿཧཱུྃ༔ སྐྱེ་མེད་དབྱིངས་ཀྱི་གཏོར་སྣོད་དུ༔ འགག་མེད་སྣང་བའི་གཏོར་ཆེན་བཤམས༔ རོལ་རྩལ་སྣ་ཚོགས་རྒྱན་གྱིས་སྤྲས༔ རྩ་བ་གསུམ་གྱི་ལྷ་ཚོགས་བཞུགས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ དཀྱིལ་འཁོར་ལྷ་ཚོགས་དབང་རྣམས་རྫོགས༔ བར་དོ་དྲུག་པོ་རང་གྲོལ་ནས༔ སྐུ་དྲུག་ཡེ་ཤེས་མངོན་གྱུར་ནས༔ འོད་ཟེར་ཆེན་པོའི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་ཏྲཾ་ཧྲཱིཿཨཱཿགུ་རུ་དྷེ་ཝ་ཌཱཀྐི་ནི་བུདྡྷ་བྷོ་དྷི་ས་ཏྭ་ཤྲི་དྷརྨ་པཱ་ལ་ཨེ་དཾ་བྷ་ལིང་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་གཏོར་མ་དེ་ཉིད་སློབ་བུའི་མགོ་ཐོག་ཏུ་བཞག་ཅིང་སྨོན་ལམ་དང་བཀའ་གཏད་བྱ་བ་ནི༔ ཨོཾ་ཨཱཿཧཱུྃ༔ ཆོས་སྐུ་རྒྱལ་བ་འོད་མཚན་སྟོང་འབར༔ ལོངས་སྐུ་ཕྱག་ན་པདྨོ༔ སྤྲུལ་སྐུ་ལག་ན་རྡོ་རྗེ༔ ཡང་སྤྲུལ་དགའ་རབ་རྡོ་རྗེ༔ སློབ་དཔོན་འཇམ་དཔལ་བཤེས་གཉེན༔ རིག་འཛིན་ཤྲཱི་སིངྷ༔ པཎ་ཆེན་ཡེ་ཤེས་མདོ་སྡེ༔ རྒྱལ་སྲས་པདྨ་འབྱུང་གནས༔ མཁར་ཆེན་ཛྙཱ་ན་ས་ག་ར༔ ལོ་ཆེན་དཔལ་གྱི་དབང་ཕྱུག༔ མཁས་གྲུབ་ཨ་ཙར་དབྱངས་ཉིད༔ གྲུབ་ཆེན་རྒྱལ་བ་མཆོག་དབྱངས༔ རིག་འཛིན་རྗེ་འབངས་ཉེར་ལྔ༔ ཡང་སྤྲུལ་གཏེར་སྟོན་བརྒྱ་རྩ༔ གྲུབ་དབང་བྱང་ཆུབ་རྡོ་རྗེ༔ འགྲོ་འདུལ་ལུང་རྟོགས་མཚན་ཅན༔ ཡོངས་འཛིན་བསམ་གཏན་གླིང་པ༔ བརྒྱུད་འཛིན་ཆོས་ཀྱི་བདག་པོ་ལ་སོགས་པའི་རྒྱལ་བ་དགོངས་པའི་བརྒྱུད་པ༔ རིག་འཛིན་བརྡའི་བརྒྱུད་པ༔ གང་ཟག་སྙན་ཁུང་གི་བརྒྱུད་པའི་རྒྱ་བོད་རིག་འཛིན་གྲུབ་ཐོབ་རྒྱ་མཚོའི་ཚོགས་དང་བཅས་པའི་བླ་མ་རྣམས་དང༔ ཐེག་པ་རིམ་པ་དགུ་ཡིས་བསྡུས་པའི་དཀྱིལ་འཁོར་ལྷ་ཚོགས༔ གནས་གསུམ་གྱི་མ་སྲིང་མཁའ་འགྲོ་རྒྱ་མཚོ༔ ཞིང་སྐྱོང་སེང་གདོང་ཡབ་ཡུམ་ལ་སོགས་བཀའ་གཏེར་སྲུང་མ་དམ་ཅན་ལྕམ་དྲལ་རྒྱ་མཚོ་རྣམས་ཀྱི་སྐུ་དབང་སྤྱི་བོ་ནས་ཐོབ་པར་གྱུར་ཅིག༔ གསུང་དབང་མགྲིན་པ་ནས་ཐོབ་པར་གྱུར་ཅིག༔ ཐུགས་དབང་སྙིང་ཀ་ནས་ཐོབ་པར་གྱུར་ཅིག༔ ཡོན་ཏན་གྱི་དབང་ལྟེ་བ་ནས་ཐོབ་པར་གྱུར་ཅིག༔ ཕྲིན་ལས་ཀྱི་དབང་གསང་གནས་སུ་ཐོབ་པར་གྱུར་ཅིག༔ དབང་དེ་རྣམས་ཐོབ་པ་ཙམ་གྱིས་ཉོན་མོངས་པ་ཤེས་བྱའི་སྒྲིབ་པ་ཙམ་ཡང་མ་ལུས་པ་བྱང་ཞིང་དག་ནས་མཐར་ཐུག་རྒྱལ་བ་འོད་མཚན་སྟོང་འབར་གཙོ་དང་འཁོར་དུ་བཅས་པའི་གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོ་ལ་དབང་འབྱོར་ནས་སྤྲུལ་པ་སྐུ་ཡིས་སེམས་ཅན་གྱི་དོན་ཐོགས་པ་མེད་པ་འབད་མེད་ལྷུན་གྲུབ་ཏུ་འབྱུང་བར་གྱུར་ཅིག༔ ཅེས་པའི་བཀའ་གཏད་ཅིང་མཐའ་བརྟེན་སོགས་ཤེས་པར་བྱའོ༔ དེ་ལྟར་འོད་མཚན་སྟོང་འབར་གྱི༔ ལྷ་དབང་ཐོས་པ་རང་གྲོལ་འདི༔ སྐྱེ་འགྲོ་མཆོག་དམན་སུས་ཐོབ་ཀྱང༔ ཕྱིར་མི་ལྡོག་པའི་ས་ལ་རེག༔ བསླུ་མེད་རྡོ་རྗེའི་ཐ་ཚིག་ཡིན༔ པདྨ་བདག་གི་ཟབ་ཆོས་མཆོག༔ མཁའ་འགྲོ་སྟངས་དཔྱལ་ཟུང་ལ་གཏད༔ མི་ཤིགས་སྒྲོམ་ལ་གཏེར་དུ་སྦས༔ མི་བརྗེད་གཟུངས་ཀྱིས་རྒྱས་ཐོབ་ལ༔ མ་འོངས་སུམ་ཅུའི་མར་གཤམ་དུ༔ ས་ལེའི་ཐུགས་སྤྲུལ་བྷ་ཏྲའི་མཚན༔ དེ་དུས་ཆོས་དབང་རྒྱལ་མཆོག་འཕྲུལ༔ འཆོལ་སྤྱོད་བཞད་པའི་མིང་ཅན་གྱི༔ ཏཱ་རེ་གནས་ཀྱི་ཡང་བདག་འབྱུང༔ དེ་དུས་ཟབ་ཆོས་དགོངས་ཀློང་རྡོལ༔ ཆོས་ཀྱི་བདག་པོས་འགྲོ་ལ་སྤེལ༔ གང་འབྲེལ་སེམས་ཅན་ཐར་ལམ་བཀོད༔ བཀའ་སྲུང་ཞིང་སྐྱོང་ཡབ་ཡུམ་གྱིས༔ བཀའ་རྐུན་ལོག་པའི་སྲོག་སྙིང་རོལ༔ ཟབ་ཆོས་བསྟན་པ་ཕྱོགས་བཅུར་སྤེལ༔ བསྟན་འཛིན་སྐྱེས་བུ་བུ་བཞིན་སྐྱོངས༔ སྦྱིན་པའི་བདག་པོའི་སྲིད་ནོར་འཚོས༔ མི་ཤིགས་རིམ་པ་ལྔ་ཡི་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ བརྡ་ཐིམ༔ ཞེས་པའི་འོད་མཚན་སྟོང་འབར་གྱི༔ ལྷ་དབང་ཐོས་པ་རང་གྲོལ་འདི༔ ཡབ་རྗེ་བསམ་བསྟན་གླིང་པ་ཡི༔ ཟབ་ཆོས་མ་ཚང་ཁ་སྐོང་དུ༔ ཁོ་བོ་པད་མ་གསལ་སྟོང་གིས༔ བཀའ་གནང་བཞིན་དུ་ཡིག་རིས་བཀོད༔ ཉེས་འགལ་མཆིས་ན་རང་གིས་ལྷ་ལ་བཤགས༔ དགེ་འབྲས་ཡོད་ན་ཡིད་ཅན་སྐྱེ་འགྲོ་རྣམས༔ བདེ་ཆེན་པདྨོ་དག་པའི་ཞིང་ཁམས་སུ༔ ཕྱིར་མི་ལྡོག་པའི་ས་མཆོག་ཐོབ་པར་བསྔོ༔ གནས་ཀྱི་མཆོག་གྱུར་ཏཱ་རེ་དགའ་ཚལ་དུ༔ གནམ་ལོ་དབྱར་རྔ་ལྡིར་བའི་ཆོ་འཕྲུལ་ཀྱི༔ ཟླ་བ་ཡར་གྱི་ངོ་ཡི་ཚེས་བརྒྱད་ཉིན༔ དག་སྣང་བན་བུན་ཙམ་དུ་བྲིས་པ་དགེ༔ ཤུ་བྷཾ༔

མཐའ་བརྟེན་བསྡུས་པ།

༄༅། བཀྲ་ཤིས་སྣ་བདུན་གྱི་དབང་བསྐུར་བ་ནི༔ ཧཱུྃ༔ རྒྱལ་སྲིད་རིན་ཆེན་སྣ་བདུན་པོ༔ སྐལ་ལྡན་ཁྱོད་ལ་བྱིན་པ་ཡིས༔ འཁོར་ལོས་བསྒྱུར་བའི་རྒྱལ་པོ་དང༔ མཚུངས་པའི་བསོད་ནམས་ཐོབ་པར་ཤོག༔ ཨོཾ་སཔྟ་མ་ཧཱ་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ གདུགས་དང་གསེར་ཉ་བུམ་པ་བཟང༔ པདྨ་དུང་དཀར་དཔལ་བེའུ༔ རྒྱལ་མཚན་འཁོར་ལོ་འདི་སྦྱིན་པས༔ དུས་རྣམས་རྟག་ཏུ་ཤིས་པར་ཤོག༔ ཨོཾ་ཨཥྚ་མང་ག་ལཾ་ཨ་བྷི་ཥིཉྩ་ཧཱུྃ༔ རྫས་བསྡུས་ནི༔ ཧཱུྃ༔ སྔོན་དུས་ཤཱཀྱ་ཐུབ་པ་ཡིས༔ བྱིན་གྱིས་བརླབས་པའི་རྫས་བརྒྱད་འདི༔ སྐལ་ལྡན་ཁྱོད་ལ་བྱིན་པ་ཡིས༔ བཀྲ་ཤིས་ཕུན་སུམ་ཚོགས་པར་ཤོག༔ ཨོཾ་སརྦ་མངྒ་ལཾ་སྭ་སྟི་ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ དབང་གི་རྗེས་སུ་བཀྲ་ཤིས་ཅི་རིགས་དང༔ དེ་ལྟར་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ་དབང་ལེགས་པར་ཐོབ་ནས་སྤྱི་དང་བྱེ་བྲག་གི་དམ་ཚིག་རྣམས་སྲུང་སྡོམ་ཚུལ་བཞིན་བགྱི་སྙམ་པས་འདིའི་རྗེས་ཟློས་མཛོད༔ གཙོ་བོས་ཇི་ལྟར་སོགས། དེ་ལྟར་དབང་བསྐུར་ཟབ་མོ་ཐོབ་པའི་གཏང་རག་གི་ཡོན་དུ་མཎྜལ་ཕུལ། ས་གཞི་སྤོས་ཆུས་སོགས། སླར་ཡང་ལུས་ལོངས་སྤྱོད་དགེ་རྩ་དང་བཅས་པ་འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་ཀྱི་འབྱོར་པ་ཆེན་པོ་ལྟར་སྤྲུལ་ནས་འབུལ་བས༔ ཆ་ཤས་ནས་ལོངས་སྤྱད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་མཛོད༔ དེང་ནས་བརྩམས་ཏེ་བདག་བྲན་དུ༔ ཁྱོད་ལ་བདག་ནི་འབུལ་ལགས་ན༔ ཁྱོད་ཀྱིས་སློབ་མར་བཟུང་བ་དང༔ ཆ་ཤས་ཀྱིས་ཀྱང་སྤྱད་དུ་གསོལ༔ དེ་ལྟ་བུའི་དགེ་བ་སེམས་ཅན་གྱི་དོན་དུ་བསྔོ་བའི་འདུན་པ་ཞུ༔ བསོད་ནམས་འདི་ཡིས་ཐམས་ཅད་སོགས། ཤོག༔

ཚེ་སྒྲུབ་བཛྲ་བདུན་ལྡན།

ཡང་གསང་ཌཱཀྐིའི་ཐུགས་ཐིག་ལས༔ འོད་མཚན་སྟོང་འབར་ཆ་ལག་ཏུ༔ ཚེ་སྒྲུབ་བཛྲ་བདུན་ལྡན་འབྲི༔ ཐུགས་དམ་ལྷ་ལ་ཕྱག་འཚལ་ལོ༔ ཡིད་འོང་དབེན་ཞིང་ཉམས་དགའི་སར༔ དཀྱིལ་འཁོར་རྒྱན་བཀོད་སྤྱི་མཐུན་ལ༔ ཚེ་གཏོར་གཡང་ཞག་འཁྱིལ་བ་བཅའ༔ ཚེ་རིལ་གཡས་ལ་ཚེ་ཆང་གཡོན༔ ཚེ་མདའ་རྒྱབ་ལ་ཚེ་བུམ་མདུན༔ ཚེ་ཡི་གཏོར་མ་དབུས་སུ་བཀོད༔ རྣལ་འབྱོར་བདེ་བའི་སྟན་ལ་འདུག༔ བཅོམ་ལྡན་ཚེ་ཡི་ལྷ་ཚོགས་བསྒྲུབ༔ སྔོན་འགྲོའི་ལས་ཆོས་བདུན་ལྡན་ནི༔ སྤྱི་འགྲོས་རིམ་པ་གནད་ལྡན་བྱ༔ ས་མ་ཡཱ༔ དངོས་གཞི་ལྷ་བསྐྱེད་རིམ་པ་ནི༔ ཨཱཿ ཆོས་རྣམས་ཆོས་ཉིད་སྤྲོས་དང་བྲལ༔ སྨྲ་བསམ་བརྗོད་བྲལ་རང་གདངས་རྩལ༔ ཀུན་སྣང་སྙིང་རྗེའི་བརྟུལ་ཞུགས་ཀྱིས༔ ཧྲཱིཿཡིག་རྒྱུ་ཡི་ས་བོན་སྤྲོས༔ འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱས༔ ཡོངས་གྱུར་འཕགས་མཆོག་འགྲོ་བའི་མགོན༔ ཚེ་དཔག་མེད་མགོན་དམར་གསལ་འཛུམ༔ ཕྱག་གཉིས་མཉམ་བཞག་ཚེ་བུམ་བསྣམས༔ ལོངས་སྤྱོད་རྫོགས་སྐུ་སྣང་མཐའ་ཡས༔ རིགས་བདག་ཆོས་སྐུ་ཚེ་དཔག་མེད༔ སྤྲུལ་སྐུ་ཆགས་བྲལ་ཚེ་བུམ་བསྣམས༔ ཕྱོགས་བཞིར་སྒོ་སྐྱོང་མགྱོགས་མ་བཞི༔ སྟེང་འོག་བར་མཚམས་ཐམས་ཅད་དུ༔ རྩ་གསུམ་དམ་ཅན་དྲང་སྲོང་དང༔ ཚེ་ཡི་རིག་འཛིན་མ་ལུས་པ༔ སྤྲིན་ཕུང་གཏིབ་བཞིན་གསལ་བར་གྱུར༔ ཀུན་གྱི་གནས་གསུམ་འབྲུ་གསུམ་དང༔ ཐུགས་སྲོག་ལས་འཕྲོས་འོད་ཟེར་གྱིས༔ བདེ་ཆེན་པདྨོ་བཀོད་ཞིང་ནས༔ ཚེ་དཔག་མེད་མགོན་ལྷ་ཚོགས་རྣམས༔ སྤྱན་དྲངས་དམ་ཚིག་པ་ལ་བསྟིམས༔ བཛྲ་ས་མ་ཡཱ་ཛཿཛ༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡཱ་ཏིཥྛ་ལྷན༔ ན་མ་ཡ་ཏི༔ ཧཱུྃ་ཧོ༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་གཟུགས་སྒྲ་དྲི་རོ་རེག༔ ཚེ་དཔག་མེད་མགོན་ལྷ་ལ་འབུལ༔ ཚོགས་གཉིས་ཡོངས་སུ་རྫོགས་པར་ཤོག༔ ཨརྒྷཾ་ནས་ཤཔྟ་རུ་པ་ཤཔྟ་གྷནྡྷེ་ར་ས་སྤར་ཤེ་ཀ་མ་གུ་ཎ་པུ་ཛི་ཏེ་ཨ་ཧཱུྃ༔ ཧཱུྃ་ཧོ༔ དབུ་རྐྱང་རོ་གསུམ་དྭངས་བཅུད་སྨན་གཏོར་རཀ༔ རང་བྱུང་རང་ཤར་ཚེ་ཡི་ལྷ་ལ་འབུལ༔ རྩ་ཐིག་རླུང་གསུམ་གནས་དག་སྐུ་གསུམ་གྱི༔ གོ་འཕང་མངོན་གྱུར་འཆི་མེད་མཆོག་གྲུབ་ཤོག༔ ཨོཾ་མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བྷ་ལིང་ཏ་ཁཱ་ཧི༔ ཧཱུྃ་ཧོ༔ ངོ་བོ་ཡེ་དག་ཆོས་སྐུའི་རང་རྩལ་ལས༔ ཡེ་སྦྱོར་ཡེ་སྒྲོལ་འཁོར་གསུམ་ཡོངས་སུ་དག༔ འཁོར་འདས་དག་མཉམ་བདེ་ཆེན་ཨ་ལ་ལ༔ མཆོད་བྱ་མཆོད་བྱེད་བྲལ་བའི་མཆོད་པ་འབུལ༔ ཨོཾ་མ་ཧཱ་སུ་ཁ་དྷརྨ་དྷ་ཏུ་པུ་ཙ་ཨ་ཧཱུྃ༔ དེ་ནས་གསང་གསུམ་ཡོན་ཏན་དྲན་པས་བསྟོད༔ ཨེ་མ་ཧོ༔ ཨོཾ༔ ལྷ་ཚོགས་སྐུ་ཡི་རང་བཞིན་ཚེ་དཔག་མེད༔ ཨཱ༔ ལྷ་ཚོགས་གསུང་གི་རང་སྒྲ་འཆི་མེད་གཟུངས༔ ཧཱུྃ༔ ལྷ་ཚོགས་ཐུགས་ཀྱི་རང་བཞིན་རྟག་བརྟན་གནས༔ ཧོ༔ ཡོན་ཏན་ཕྲིན་ལས་སྒྱུ་འཕྲུལ་བཅས་ལ་བསྟོད༔ ཨོཾ་ཨཱཿཧཱུྃ་གུ་རུ་ཨ་ཡུ་སིདྡྷི་ཧཱུྃ༔ ཨ་མ་ར་ཎ་ཛི་བནྟི་ཡེ་སྭཱ་ཧཱ༔ ཐུགས་དབུས་དྭངས་ཤེལ་བུམ་པའི་དབུས༔ རིན་ཆེན་ཟུར་བརྒྱད་ཟླ་ཉིའི་སྦུབས༔ སྲོག་གི་སྙིང་པོ་ཧྲཱིཿཡིག་དམར༔ རིང་ཆ་ཚེག་དྲག་བཅས་པའི་མཐར༔ སྔགས་ཀྱི་ཕྲེང་བས་གཡས་སུ་བསྐོར༔ ཕྱི་སྣོད་འབྱུང་བའི་དྭངས་བཅུད་དང༔ ནང་བཅུད་སྐྱེ་འགྲོའི་ཚེ་བསོད་དཔལ༔ ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དང༔ ལྷ་དང་དྲང་སྲོང་མཁྱེན་བརྩེ་ནུས༔ འོད་ལྔའི་རྣམ་པར་ཚུར་བསྡུས་ནས༔ སྦུབས་ཆུའི་དྲང་བཞིན་སྤྱི་བོ་དང༔ ཐུགས་སྲོག་ཉིད་ལ་སིབ་སིབ་ཐིམ༔ བགྲེས་རྒུད་མེད་པའི་ལང་ཚོ་དང༔ སྐྱེ་འགགས་གཉིས་མེད་ཚེ་དབང་ཐོབ༔ མི་འགྱུར་མི་ཤིགས་དངོས་གྲུབ་ཐོབ༔ ཚེ་བསྙེན་དུས་གྲངས་རྟགས་ཐོན་གནད༔ གཞན་ཡང་ཚེ་མདོ་ཚེ་གཟུངས་དང༔ འཆི་མེད་རྔ་སྒྲའི་གཟུངས་གཞན་བསྟུན༔ ལོང་བའི་སྐབས་དང་དགོས་གལ་བསྟུན༔ འཆི་མེད་རིག་འཛིན་ཨ་ལ་ལ༔ ཐུན་སྐབས་ཚེ་བསྐུལ་གྲངས་སུ་སྐྱོལ༔ བསྡུ་རིམ་ཤིས་བརྗོད་བསྔོ་སྨོན་སོགས༔ འོད་མཚན་སྟོང་འབར་དག་དང་བསྟུན༔ རང་བྱུང་དབྱིངས་ཀྱི་བརྡ་ཆོས་འདི༔ སྐལ་ལྡན་སྐྱེས་བུའི་བློ་ལ་ཆོངས༔ སྔོན་གྱི་སྨོན་ལམ་གཏད་རྒྱ་བཀྲོལ༔ ཨོ་རྒྱན་ཆེན་པོའི་རྡོ་རྗེའི་ཚིག༔ འགྲོ་ལ་དཀོན་པའི་མནོག་ཆོས་ཡིན༔ སྐལ་ལྡན་སྐྱེས་བུས་བསྐུལ་བ་ལས༔ གཏེར་བདག་སྲུང་མས་གནང་བ་སྩོལ༔ ཡོངས་ལ་ཕན་པའི་རྟེན་འབྲེལ་ཡོད༔ མནྚ་གུ་ཧྱ༔ བརྡ་ཐིམ༔ དམ་ལྡན་ལ་གཏད་རྒྱ༔ དམ་མེད་ལ་གསང་རྒྱ༔ དམ་ཅན་ལ་བཅོལ་རྒྱ༔ ཨོ་རྒྱན་གྱི་བཀའ་རྒྱ༔ སྨོན་ལམ་གྱི་མཐུའི་རྒྱ༔ འགྲོ་ལ་སྨན་རྒྱ༔ འབྱུང་བའི་ཀློང་རྒྱ༔ རང་བྱུང་དབྱིངས་ཀྱི་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཆོས་ལ་དབང་བའི་སྐྱེས་བུ་སྒྲུབ་བརྩོན་བློ་གྲོས་དང༔ ཆོས་འདིར་མོས་ཤིང་དབང་བའི་སློབ་བུ་འགས་བསྐུལ་ངོར་ཆོས་མེད་དྲེད་པོ་ས་ར་ཧི་ཏས་སྲོད་ཐུན་གཅིག་ལ་ལག་པ་རླུང་གི་རྟ་ལ་བསྐྱོན་ནས་བྲིས་པ་དགེ་ལེགས་འཕེལ༔ སརྦ་མངྒ་ལཾ༔ བྷ་ཝན་ཏུ༔

ཚེ་འགུགས་འཆི་མེད་ཡེ་ཤེས།

ཡང་གསང་ཌཱཀྐིའི་ཐུགས་ཐིག་ལས༔ ཚེ་འགུགས་འཆི་མེད་ཡེ་ཤེས་སྟོན༔ འོད་མཚན་སྟོང་འབར་ལ་ཕྱག་འཚལ༔ ཚེ་ཡི་སྒྲུབ་པ་ཟབ་མོ་ཡི༔ ལས་མཐའི་ཚེ་འགུག་འདིར་འབད་ཀྱི༔ བྱིན་རླབས་ཡེ་ཤེས་འབྱུང་བར་འགྱུར༔ ངག་འདོན་འདི་ལ་ཐུན་དུ་ཆོད༔ བུམ་ཅན་རླུང་དང་ཧྲཱིཿབཟླས་སྟོང༔ ཐུན་མཐར་དར་ལྔའི་མདའ་གཡབ་དེ༔ ཧྲཱིཿ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ རྩ་གསུམ་མཆོག་གསུམ་རབ་འབྱམས་ལྷ༔ ཚེ་འཛིན་མགྱོགས་མ་རིགས་ལྔའི་ཚོགས༔ ཚེ་ལྷ་རིག་འཛིན་དྲང་སྲོང་རྣམས༔ ཐུགས་དམ་བསྐུལ་ལོ་དེང་འདིར་དགོངས༔ ཉོན་ལྔའི་སྟོབས་ཀྱིས་ཚེ་ཉམས་ན༔ འབྱུང་ལྔའི་ཁམས་ནས་ཚེ་བཅུད་ཁུག༔ ཤ་ཁྲག་སྲོག་དབུགས་བླ་ཉམས་གསོས༔ ཡུམ་ལྔའི་ཀློང་དུ་རྒྱས་ཐོབ་ལ༔ སྐུ་ལྔའི་ཀློང་དུ་ཚེ་སྦེད་དོ༔ སྒོ་གསུམ་འཆི་མེད་རྡོ་རྗེ་རུ༔ བྱིན་གྱིས་རློབས་ལ་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ བཛྲ་ཨ་ཡུརྫྙཱ་ན་སིདྡྷི་ཚེ་བྷྲུཾ༔ ཧྲིང་ཧྲིང་ཛ་ཛཿཔུཥྚིཾ་ཀུ་རུ་ཨོཾ༔ ས་མ་ཡཱ༔ དེ་ནས་རྒྱས་འདེབས་མཆོད་བསྟོད་དང༔ དངོས་གྲུབ་ལེན་སོགས་སྤྱི་ལྟར་བྱ༔ ཞེས་རྒྱལ་བ་འོད་སྣང་མཐའ་ཡས་ཀྱི༔ ཚེ་འགུག་འཆི་མེད་ཡེ་ཤེས་ཞེས༔ རིགས་ཀྱི་བུ་མཆོག་མཁས་གྲུབ་ཀྱི༔ གདུལ་བྱའི་སྙིང་ལ་སིམ་པའི་འབྲས༔ རང་བྱུང་དགོངས་པའི་ཀློང་ལས་བསྐྲུན༔ ཚེ་དང་དཔལ་འབྱོར་མངའ་ཐང་དང༔ ཕྲིན་ལས་སྲིད་མཐར་ཁྱབ་པར་ཤོག༔ རྣལ་འབྱོར་ས་ར་ཧི་ཏས་སྤེལ༔ དུས་གསུམ་དགེ་བའི་ཤིས་པ་སྩོལ༔ ཤུ་བྷཾ༔

ཚེ་འགུགས་འཆི་མེད་ཡེ་ཤེས་རས་པ་གསལ་སྟོབས་ཀྱིས་རྒྱས་པར་བཀྲལ་བ།

ཟུར་གསལ་ཡེ་ཤེས་དྲྭ་བ་ལས༔ རྒྱལ་བ་འོད་མཚན་སྟོང་འབར་བའི༔ ཆ་ལག་ཚེ་འགུགས་འཆི་མེད་ཡེ་ཤེས་བཞུགས༔ འཆི་མེད་རིག་འཛིན་ལྷ་ལ་འདུད༔ བསྙེན་བསྒྲུབ་ལས་སྦྱོར་གཞུང་བཞིན་བསྐྱང༔ གནད་བསྣུན་ཚེ་འགུག་བཅོམ་ལྡན་འདས༔ གྲངས་འཁྱོལ་ཚེ་དབང་རྫོགས་འཕྲལ་དུ༔ གོང་གི་ཚེ་འགུག་དང་འབྲེལ་འདི་བཞིན་བརྗོད༔ བདག་མདུན་བུམ་པ་ཚེ་རྫས་ལས༔ འོད་ཟེར་སྣ་ལྔ་ཕྱོགས་བཅུར་འཕྲོས་པས་འཁོར་འདས་ལམ་གསུམ་གྱི་ཚེ་དཔལ་ལོངས་སྤྱོད༔ མངའ་ཐང་སྟོབས་འབྱོར་སྙན་པ་དང་གྲགས་པ་ཐམས་ཅད་འོད་ཟེར་གྱི་སྣ་ལ་སྦུར་མ་རླུང་གིས་དེད་པ་བཞིན་ཨཱ་ནྲི་ཧཱུྃ་གི་རྣམ་པར་བསྡུས་ནས་བདག་དང་བསྲུང་བྱའི་ལུས་ངག་ཡིད་གསུམ་ལ་བསྟིམས་པས་འཆི་མེད་མགོན་པོའི་གསང་གསུམ་མངོན་དུ་གྱུར་པར་བསམ་ལ༔ ཨེ་མ་ཧོ༔ ངོ་མཚར་རྨད་བྱུང་བདེ་ཆེན་དག་པའི་ཞིང༔ ཕོ་བྲང་མཚན་ཉིད་ཡོངས་རྫོགས་དབུས་ཕྱོགས་སུ༔ རྨ་བྱའི་ཁྲི་གདན་པད་ཉི་ཟླ་གདན་དུ༔ རྒྱལ་ཀུན་གསུང་གི་ངོ་བོ་ཚེ་མཐའ་ཡས༔ དམར་གསལ་ཞལ་གཅིག་ཕྱག་གཉིས་ལོངས་སྤྱོད་རྫོགས༔ ཕྱག་ན་ཚེ་བུམ་མདའ་དར་ཕྱོགས་བཅུར་གཡབ༔ ཞལ་ནས་ཚེ་ཡི་གཟུངས་སྔགས་དབྱངས་ལྡན་གསུང༔ འཆི་མེད་ཚེ་ཡི་ཕྱྭ་གཡང་གནས་འདིར་ཁུག༔ བདག་ཅག་ལུས་ངག་ཡིད་གསུམ་བྱིན་རློབས་ལ༔ འཆི་མེད་རིག་འཛིན་འགྲུབ་པར་མཛད་དུ་གསོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་ཨ་ཡུ་སིདྡྷི་ཧཱུྃ༔ ཨ་མ་ར་ཎི་ཛི་བནྟི་ཡེ་སྭཱ་ཧཱ༔ ཧཱུྃ་ཧཱུྃ༔ གནོད་སྦྱིན་ཞི་བ་ཤར་སྒོའི་གཞལ་ཡས་ན༔ ཞི་བའི་ལས་མཛད་དཀར་མོ་མགྱོགས་མ་འབུམ༔ ཕྱག་ན་ཚེ་ཡི་བུམ་པ་ལྕགས་ཀྱུ་ཕྱར༔ རྣམ་ཤེས་ཁམས་ནས་ཡར་བའི་བླ་དང་ཚེ༔ ཤར་ཕྱོགས་དྲི་ཟ་རྒྱལ་ཆེན་ལག་ནས་ཁུག༔ ཚེ་ཡི་བཅུད་བསྡུས་འབྱུང་བ་གསོས་སུ་སྩོལ༔ འཆི་མེད་རིག་འཛིན་འགྲུབ་པར་མཛད་དུ་གསོལ༔ རྩ་སྔགས་བརྗོད༔ ཧཱུྃ་ཏྲཾ༔ ཚེ་བསོད་རྒྱས་པ་ལྷོ་སྒོའི་གཞལ་ཡས་ན༔ རྒྱས་པའི་ལས་མཛད་སེར་མོ་མགྱོགས་མ་འབུམ༔ ཕྱག་ན་ཚེ་ཡི་བུམ་པ་ཞགས་པ་འཛིན༔ ཤ་ཡི་ཁམས་ནས་ཡར་བའི་བླ་དང་ཚེ༔ ལྷོ་ཕྱོགས་གཤིན་རྗེ་དམ་འགོང་ལག་ནས་ཁུག༔ ཚེ་ཡི་བཅུད་བསྡུས་འབྱུང་བ་གསོས་སུ་སྩོལ༔ འཆི་མེད་རིག་འཛིན་འགྲུབ་པར་མཛད་དུ་གསོལ༔ རྩ་སྔགས༔ ཧཱུྃ་ཧྲཱིཿ ཁམས་གསུམ་དབང་སྡུད་ནུབ་སྒོའི་གཞལ་ཡས་ན༔ དབང་གི་ལས་མཛད་དམར་མོ་མགྱོགས་མ་འབུམ༔ ཕྱག་ན་ཚེ་ཡི་བུམ་པ་ལྕགས་སྒྲོག་བསྣམས༔ ཁྲག་གི་ཁམས་ནས་ཡར་བའི་བླ་དང་ཚེ༔ ནུབ་ཕྱོགས་ཀླུ་དབང་ས་བདག་ལག་ནས་ཁུག༔ ཚེ་ཡི་བཅུད་བསྡུས་འབྱུང་བ་གསོས་སུ་སྩོལ༔ འཆི་མེད་རིག་འཛིན་འགྲུབ་པར་མཛད་དུ་གསོལ༔ རྩ་སྔགས༔ ཧཱུྃ་ཨཱ༔ དགྲ་བགེགས་གཞོམ་པ་བྱང་སྒོའི་གཞལ་ཡས་ན༔ དྲག་པོའི་ལས་མཛད་ལྗང་མོ་མགྱོགས་མ་འབུམ༔ ཕྱག་ན་ཚེ་ཡི་བུམ་པ་དྲིལ་བུ་འཛིན༔ དབུགས་ཀྱི་ཁམས་ནས་ཡར་བའི་བླ་དང་ཚེ༔ བྱང་ཕྱོགས་གནོད་སྦྱིན་གྲུལ་བུམ་ལག་ནས་ཁུག༔ ཚེ་ཡི་བཅུད་བསྡུས་འབྱུང་བ་གསོས་སུ་སྩོལ༔ འཆི་མེད་རིག་འཛིན་འགྲུབ་པར་མཛད་དུ་གསོལ༔ རྩ་སྔགས༔ ཧཱུྃ་ཧྲཱིཿ ཕོ་བྲང་ཆེན་པོའི་སྟེང་གི་བར་ཁྱམས་སུ༔ དུས་གསུམ་བཞུགས་པའི་རྒྱལ་བ་སྲས་དང་བཅས༔ བླ་མ་ཡི་དམ་མཁའ་འགྲོ་བཀའ་གཏེར་སྲུང༔ ཚེ་ལ་དབང་བའི་ལྷ་ཚོགས་སྤྲིན་ལྟར་གཏིབས༔ ཕྱག་ན་ཚེ་བུམ་མདའ་དར་ཕྱོགས་བཅུར་གཡབ༔ འབྱུང་ལྔའི་ཁམས་ནས་ཡར་བའི་བླ་དང་ཚེ༔ ལྷ་སྲིན་སྡེ་བརྒྱད་བན་བོན་སྔགས་པས་བྲུབ༔ ཚེ་སྲོག་ཆད་པ་མཐུད་ལ་ཡར་བ་ཁུག༔ གས་པ་སྦྱོར་ལ་ཉམས་པ་ཐམས་ཅད་གསོས༔ སྐལ་ལྡན་སྒྲུབ་པ་པོ་ཡི་བླ་དང་ཚེ༔ ཡུམ་ལྔའི་ཀློང་དུ་བསྐྱེད་བསྟིམས་རྒྱས་གདབ་ལ༔ སྐུ་ལྔ་ཡེ་ཤེས་ལྔ་ལ་སྐྱེ་འཆི་མེད༔ མི་ཆོད་མི་ཤིགས་རེ་དོགས་དབྱིངས་སུ་བྲལ༔ ཀ་དག་སྤྲོས་བྲལ་གཤིས་སུ་ཚེ་སྦ་འོ༔ ཨོཾ་ཧཱུྃ་ཏྲཾ་ཧྲཱིཿཨཱཿཨ་ཡུར་ཛྙཱ་ན་ཚེ་བྷྲུཾ་དྷརྨ་དྷ་ཏུ་རཀྵ་བྷྲུཾ༔ ཞེས་དེ་ལྟར་གྲངས་འཁྱོལ་གནད་བསྟུན་ན༔ ཚེ་ཟད་ཡིན་ཡང་ལོ་བདུན་བསྲིང༔ ཡེ་ཤེས་ཌཱཀྐིའི་ཐ་ཚིག་ཡོད༔ བསླུ་བྲིད་མེད་དོ་ས་མ་ཡཱ༔ དེ་ནས་རྒྱས་གདབ་བྱ་བ་ནི༔ མདའ་དར་དང་རྡོ་རྗེ་རྒྱ་གྲམ་དུ་བསྣོལ་ལ་འདི་སྐད་དོ༔ ཧཱུྃ༔ ཀ་དག་འགྱུར་མེད་གཞོན་ནུ་བུམ་སྐུའི་རྒྱ༔ འགག་མེད་ལྷུན་གྲུབ་ཚངས་དབྱངས་ནཱ་དའི་རྒྱ༔ འཁྲུལ་བ་མེད་པ་སྐྱེ་མེད་དབྱིངས་ཀྱི་རྒྱ༔ སྐུ་གསུམ་རྒྱལ་བའི་ཀློང་དུ་ཚེ་སྦ་འོ༔ བཛྲ་དྷརྨ་དྷ་ཏུ་རཀྵ་རཀྵ་ཀུ་རུ་བྷྲུཾ༔ དེ་ལྟར་ཚེ་སྦས་རྒྱས་གདབ་ན༔ གནོད་བྱེད་ཀྱིས་ནི་སྨོས་ཅི་དགོས༔ དུས་གསུམ་རྒྱལ་བས་ཀྱང་མི་གཟིགས༔ སྐྱེ་འཆི་བྲལ་བ་ཨ་ལ་ལ༔ ཚེ་འགུག་འཆི་མེད་ཡེ་ཤེས་འདི༔ རྩོལ་མེད་དབྱིངས་ཀྱི་བརྡ་ལས་སྣང༔ ཟབ་ཆོས་མ་ཚང་ཁ་སྐོང་ཕྱིར༔ ཆོས་དབང་ཐ་ཤལ་རས་མིང་པས༔ ཏཱ་རེ་མཆོག་གྱུར་དགའ་ཚལ་དུ༔ ཐུན་མཚམས་གཅིག་གི་དབེན་སྐབས་ལ༔ ལག་པ་རླུང་གི་རྟ་ལ་བསྐྱོན་ནས་བྲིས༔ འགྲོ་ཀུན་འཆི་མེད་མགོན་པོ་ཡི༔ གསང་བ་གསུམ་དང་དབྱེར་མེད་ཤོག༔ ཤུ་བྷཾ༔

རྒྱལ་བ་འོད་མཚན་སྟོང་འབར་གྱི་ཆ་ལག་ཚེ་དབང་གི་མཚམས་སྦྱོར་དྭངས་མ་བཅུད་འདྲེན་དྷེ་ཝ་བཛྲ་གྱིས་བསྒྲིགས་པ།

༄༅། རྒྱལ་བ་འོད་མཚན་སྟོང་འབར་གྱི་ཆ་ལག་ཚེ་དབང་གི་མཚམས་སྦྱོར་དྭངས་མ་བཅུད་འདྲེན་ཞེས་བྱ་བ་བཞུགས། ཁྲུས་དང་བགེགས་བསྐྲད་བསྲུང་འཁོར་བསྒོམ། དེ་ནས་མེ་ཏོག་བཀྱེ་ནས། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྣམ་མཁྱེན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཆི་མེད་མགོན་པོ་ཚེ་དཔག་ཏུ་མེད་པའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་འཆི་མེད་ཚེ་ཡི་དབང་བསྐུར་ཟབ་མོ་ཞུ་བར་བགྱིའོ་སྙམ་པའི་ཐུགས་བསྐྱེད་པ་དང་བཅས་པའི་སྒོ་ནས་ལེགས་པར་གསན་པར་ཞུ། གང་གསན་པར་བྱ་བ་ནི། དེ་ཡང་རང་ཅག་རྣམས་ཀྱིས་སངས་རྒྱས་ཀྱི་གོ་འཕང་སྒྲུབ་པར་བྱེད་པའི་ལུས་རྟེན་ཁྱད་པར་ཅན་ཐོབ་ཀྱང་ཡུན་དུ་མི་གནས་པར་གློ་བུར་དུ་འཆི་བའི་རྐྱེན་མང་པོ་དང་ལྡན་པ་ཡིན་ཏེ། སློབ་དཔོན་ཀླུ་སྒྲུབ་ཀྱིས། འཆི་བའི་རྐྱེན་ནི་མང་བ་སྟེ། །གསོན་པའི་རྐྱེན་ནི་ཉུང་ཟད་ཅིག །ཅེས་གསུངས་པ་ལྟར་ཚེ་དང་ལས་དང་བསོད་ནམས་ཟད་པ་སྟེ། སོ་སོར་རྐྱང་ཟད་དང་། གཉིས་གཉིས་མཉམ་དུ་ཟད་པ་སོགས་འཆི་རྐྱེན་གྲངས་མང་བས། ཚེ་ཟད་པ་ལ་ཚེ་སྒྲུབ་ཀྱི་ཆོ་ག་དང་། ལས་ཟད་པ་ལ་སྲོག་བླུ་ཉེའུ་འདོན་པ་སོགས་དང་། བསོད་ནམས་ཟད་པ་ལ་མཆོད་སྦྱིན་སྤེལ་བ་ལ་སོགས་པས་གསོ་བར་བཤད་པ་ལས། འདིར་ཚེ་སྒྲུབ་ཀྱི་ཆོ་ག་བགྱི་བ་ལ་ཡང་། ཚེ་ཉམས་པའི་རྐྱེན། ཉམས་པའི་རྟགས། གསོ་བྱེད་སློབ་དཔོན། ཇི་ལྟར་གསོ་བའི་ཐབས་ཀྱི་ཆོ་ག་དང་རྣམ་པ་བཞི་ལས། དང་པོ་ཉམས་པའི་རྐྱེན་ནི། བདུད་རྩི་འཁྱིལ་བ་འཆི་མེད་ཚེའི་རྒྱུད་ལས། ཞེ་སྡང་དྲག་པོས་རྦོད་གཏོང་ཚར་བཅད་དང་། །སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་པ་དང་། །གནས་ངན་དག་ཏུ་གནས་ཕབ་འདི་དག་ནི། །ཚེ་ཉམས་དབུགས་དངངས་བགེགས་ཀྱི་དབང་དུ་འགྱུར། །ཞེས་དང་། ཉམས་པའི་རྟགས་ནི། འཁོར་ལ་ཁྲོ་ཞིང་སྡུག་སྐད་འབྱིན་པ་དང་། །བཞིན་འགྱུར་སྤྱོད་ལམ་རྣམས་ནི་འཆོལ་བ་དང་། །ཁ་ཟས་རྣམས་ཀྱང་ཡིད་གར་མི་འོང་བ། །འདི་དག་རྣམས་ནི་ཉམས་པའི་རྟགས་ཡིན་ནོ། །ཞེས་དང་། དེ་གསོ་བར་བྱེད་པའི་སློབ་དཔོན་གྱི་མཚན་ཉིད་ནི། རྒྱུད་ལས། ཏིང་འཛིན་ཕྲ་མོ་ལས་སུ་རུང་བ་དང་། །རྒྱུད་ཀྱི་དོན་ལ་མཁས་ཤིང་དབང་ཐོབ་པ། །མཐུ་བྱིན་ཆེ་ཞིང་དམ་ཅན་ཉེ་བ་གསུམ། །འདི་གསུམ་གང་གིས་བཀུག་ཀྱང་ཁུག་པར་འགྱུར། །ཞེས་དང་། བཞི་པ་ཇི་ལྟར་གསོ་བའི་ཐབས་ཀྱི་ཆོ་ག་ལ། གསང་ཆེན་རྡོ་རྗེ་ཐེག་པའི་ཆོས་ཐམས་ཅད་བཀའ་གཏེར་དག་སྣང་གི་སྲོལ་ཀ་གསུམ་དུ་མཆིས་པ་ལས། འདིར་ནི་ཟབ་མོ་དགོངས་པའི་གཏེར་གྱི་ཆོས་སྡེར་གཏོགས་ཤིང་། ཆོས་འདིའི་སྲོལ་འབྱེད་ཀྱི་གང་ཟག་ནི། ཨོ་རྒྱན་མཁའ་སྤྱོད་གླིང་པའི་གཏེར་ལུང་ལས། ཤར་ཕྱོགས་རྡོ་རྗེ་གཡུ་ཁྲོམ་འགྱིང་ཁུགས་སུ༔ མཁས་མཆོག་ཡེ་ཤེས་དབྱངས་ཀྱི་ཟློས་གར་མཆོག༔ ཐུབ་པའི་མིང་ཅན་རྩལ་ལྡན་ཁྱུང་གཤོག་ཅན༔ མགྲིན་པར་སྨེ་བ་ཐིག་ལེ་ཡུངས་འབྲུ་ཙམ༔ མ་བསླབ་ཆོས་ཀྱི་རང་རྩལ་རྡོལ་བ་འབྱུང༔ ཞེས་དང་། ཡང་གསང་ཌཱཀྐིའི་སྙིང་ཐིག་གི་ཐེམ་བྱང་ལས། བསམ་གཏན་ཡེ་ཤེས་གླིང་པ་ཞེས༔ མུ་རྡོའི་གནས་ནས་ཟབ་གཏེར་འདོན༔ འབྲེལ་ཚད་འགྲོ་ལ་ཕན་པ་འབྱུང༔ ཞེས་སོགས་འཁྲུལ་མེད་རྡོ་རྗེའི་ལུང་བྱང་དུ་མ་ནས་གསལ་བར་བསྔགས་པའི་སྤྲུལ་པའི་གཏེར་སྟོན་ཆེན་པོ་ཐུབ་བསྟན་གཞན་ཕན་བཟང་པོའམ་བསམ་གཏན་ཡེ་ཤེས་གླིང་པ་གང་ཉིད་ཀྱིས་རང་བྱུང་རིག་པའི་སྒྲོམ་ནས་དག་པར་ཕབ་པའི་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལས་བྱུང་བའི་ཚེ་སྒྲུབ་རྡོ་རྗེ་བདུན་ལྡན་གྱི་ཚེ་དབང་རྡོ་རྗེའི་རྫོང་མཁར་འདི་ཉིད་བསྐུར་བར་བྱ་བ་ལ། སློབ་དཔོན་གྱི་བྱ་བ་དབང་སྒྲུབ་ཚོགས་སྐོང་དང་འབྲེལ་བ། བདག་ཉིད་དཀྱིལ་འཁོར་དུ་ཞུགས་པ་དང་བཅས་སྔོན་དུ་གྲུབ་ནས། ད་ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་དྲུང་དུ་འཆི་མེད་ཚེ་ཡི་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཕུལ་བར་མཛོད། མཎྚལ་ཕུལ། དེ་ལྟར་མཎྜལ་ཕུལ་ནས་སློབ་དཔོན་ཉིད་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་ཚེ་དཔག་མེད་དངོས་སུ་གསལ་བ་ལ་དབང་དོན་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཀྱཻ་ཀྱཻ་རིགས་ཀུན་སོགས་ནས། ལན་སྦྱིན་པ་དང་དམ་ཚིག་བསྒྲགས་མཐར། དེ་ནས་ཁྱེད་རང་རྣམས་ཀྱིས་དམ་ཚིག་རྣམས་བསྲུང་བར་ཁས་ལེན་པ་འདི་ཡི་རྗེས་ཟློས་མཛོད། ཀྱེ་ཧོ་བཀའ་དྲིན་ཅན་སོགས་ནས། དབང་རྣམས་གནང་བར་བྱ༔ དེ་ནས་མདུན་གྱི་ནམ་མཁར་སྐྱབས་ཡུལ་གྱི་ལྷ་ཚོགས་ཐམས་ཅད་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར་རྒྱུད་དག་པར་བྱ་བའི་ཕྱིར་སྐྱབས་སེམས་ཡན་ལག་བདུན་པ་འདི་ཡི་རྗེས་ཟློས་གྱིས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ སོགས། ཆེན་པོར་བསྔོ༔ དེ་ཡན་ཆད་ཀྱིས་སྔོན་དུ་འགྲོ་བའི་ཆོས་རྣམས་སོང་ནས་ད་ཁྱེད་རང་རྣམས་ཀྱིས་དངོས་གཞིའི་དབང་ཞུ་བ་ལ་ལུས་རྣམ་སྣང་ཆོས་བདུན་དང་། ངག་རླུང་ཁ་སྦྱོར་དང་། ཡིད་གཞན་དུ་མ་གཡེང་བར་དམིགས་པ་འདི་བཞིན་དུ་གྱིས་ཤིག ལས་སྔགས་དང་། ཨོཾ་མ་ཧཱ་ཤུ་ནྱ་སོགས། ཞེས་བརྗོད་པས་ཁྱེད་རང་རྣམས་ཀྱི་སྣང་ཞེན་གྱི་དངོས་པོར་རྟོག་པ་ཐམས་ཅད་མི་དམིགས་པ་སྟོང་པའི་ངང་ལས་རང་རིག་འདུས་མ་བྱས་པའི་རང་རྩལ་གྱི་གཞལ་ཡས་ཁང་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་ཆུ་སྐྱེས་དང་། ཟླ་བའི་དལ་གྱི་སྟེང་དུ་ཁྱེད་རང་རྣམས་ཀྱི་རིག་པ་སེམས་ཉིད་ཀྱི་ངོ་བོ་ཧྲཱིཿཡིག་དམར་གསལ་ཞིག་ཏུ་སྐྱེད་ཅིག དེ་ཉིད་སྐད་ཅིག་གིས་གནས་འགྱུར་བ་ལས་བཅོམ་ལྡན་འདས་འཆི་མེད་མགོན་པོ་ཚེ་དཔག་ཏུ་མེད་པ་སྐུ་མདོག་དམར་གསལ་བྱུ་རུའི་ལྷུན་པོ་ལ་ཉི་མ་ཤར་བ་ལྟར་ཞལ་གཅིག་ཞི་འཛུམ་ལོངས་སྤྱོད་རྫོགས་སྐུའི་ཆ་བྱད་ཅན། ཕྱག་གཉིས་མཉམ་བཞག་གི་སྟེང་ན་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིའི་གང་བའི་བུམ་པ་འཛིན་པ་ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་ཤིང་མཚན་དང་དཔེ་བྱད་ཀྱིས་སྤྲས་པ། སྐུ་བལྟ་བས་ཆོག་མི་ཤེས་པ། འོད་དང་འོད་ཟེར་མུ་མཐའ་མེད་པའི་ཞིང་ཁམས་ཁྱབ་པ་གཅིག་ཏུ་གསལ་བའི་ཐུགས་ཀར་མི་ཤིགས་པའི་ངོ་བོ་ཧྲཱིཿཡིག་གི་དབུས་སུ་ཨཱཿཤད་སྤུས་བྲིས་པ་མར་མེ་ལྟ་བུར་གསལ་བ་ལ་ཏིང་འཛིན་རྩེ་གཅིག་གི་དམིགས་པ་སྲང་ལ་གཞུར་ནས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་རྒྱལ་བ་འོད་མཚན་སྟོང་འབར་ཚེ་དཔག་ཏུ་མེད་པའི་སྐུ་ཡིག་ཕྱག་མཚན་གྱི་རྣམ་པར་ཆར་སྤྲིན་གཏིབས་པ་བཞིན་བྱོན་ནས་ཁྱེད་རང་རྣམས་ལྷར་གསལ་བ་དེ་ལ་སིབ་སིབ་ཐིམ་པར་སྒོམས་ཤིག ཨོཾ་ཨཱཿཧཱུྃ་གུ་རུ་ཨ་ཡུ་སིདྡྷི་ཧཱུྃ༔ ཨ་མ་ར་ཎ་ཛི་བནྟི་ཡེ་སྭཱ་ཧཱ༔ བཛྲ་ཨ་བེ་ཤ་ཡ་ཕཻཾ་ཕཻཾ་ཛ་ཛ༔ དེ་ལྟར་བྱིན་དབབ་པའི་ཡེ་ཤེས་པ་དེ་ཉིད་ཇི་སྲིད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བརྟན་པར་བཞུགས་སུ་གསོལ། ཞེས་དང་། ཏིཥྛ་བཛྲ༔ བརྗོད། དེ་ནས་ཚེ་འགུགས་ནི། བདག་མདུན་བུམ་པ་ཚེ་རྫས་སོགས། རཀྵ་རཀྵ་བྷྲུཾ༔ ཚེ་གཟུངས་བརྗོད། ཚེ་དབང་དུ་གྱུར་ཅིག་སོགས། དེ་ནས་ནམ་མཁའ་གང་བའི་ལྷ་ཚོགས་རྣམས་ཀྱིས་འཆི་མེད་བདུད་རྩིས་གང་བའི་བུམ་པའི་དབང་བསྐུར་བའི་ཚེ། འཆི་མེད་ཚེ་ཡི་དྭངས་བཅུད་ཐམས་ཅད་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། རྒུད་པ་མེད་པའི་ལང་ཚོ། འགྱུར་བ་མེད་པའི་ཚེ། འཆི་བ་མེད་པའི་སྲོག མི་ཤིགས་རྡོ་རྗེ་ཚེ་ཡི་དབང་ཐོབ་པའི་མོས་པ་མཛོད། ཧཱུྃ་ཧྲཱིཿ དགོས་འདོད་ཀུན་འབྱུང་སོགས། འོ་ཁྱོད་རང་རྣམས་ལ་འཆི་མེད་བདུད་རྩིའི་བུམ་པའི་དབང་བསྐུར་བས་འབྱུང་བ་ལྔས་བསྡུས་པའི་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་བཅུད་ཤོར་བ་ཐམས་ཅད་བསྡུས་ཤིང་བསྟིམ་ནས་འཆི་མེད་རིག་འཛིན་འགྲུབ་པའི་དབང་དམ་པ་ཐོབ་པར་གྱུར་ཅིག དེ་ནས་ཁྱོད་རང་རྣམས་ཀྱི་ལག་གཡོན་པར་ཤེས་རབ་ཀྱི་རྫས་བདུད་རྫིའི་བཏུང་བ་བྱིན་པས་སྟོང་པ་ཉིད་མི་ཤིགས་པ་རྡོ་རྗེའི་ཚེ་ཡི་དབང་ཐོབ་པའི་མོས་པ་མཛོད་ཅིག ཧཱུྃ་ཧྲཱིཿ སྐྱེ་མེད་དབྱིངས་ཀྱི་སོགས། འོ་ཁྱོད་རང་རྣམས་ལ་ཚེ་ཆང་བདུད་རྩིའི་དབང་བསྐུར་བས་ཚེ་ཆུ་བོའི་རྒྱུན་བཞིན་བརྟན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག དེ་ནས་ཁྱོད་རང་རྣམས་ཀྱི་ལག་གཡས་སུ་ཐབས་ཀྱི་རྫས་ཚེ་ཡི་རིལ་བུ་བྱིན་པས་ཐབས་བདེ་བ་ཆེན་པོ་མཆོག་ཏུ་མི་འགྱུར་བ་རྡོ་རྗེ་ཚེ་ཡི་དབང་ཐོབ་པའི་མོས་པ་མཛོད། ཧཱུྃ་ཧྲཱིཿ རྒྱལ་བའི་སྐུ་གསུང་ཐུགས་སོགས། འོ་ཁྱོད་རང་རྣམས་ལ་འཆི་མེད་བཅུད་དྲིལ་ཚེ་ཡི་རིལ་བུའི་དབང་བསྐུར་བས་སྐྱེ་འཆི་མེད་པ་ཚེ་ཡི་རིག་འཛིན་བརྙེས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག གཏོར་མ་འདི་ཉིད་ཕྱི་ལྟར་ན་སྣོད་བཅུད་རྣམ་པར་དག་པ་མཚོན་པའི་དཔལ་གཏོར་རྒྱན་དང་ལྡན་པ་ལ། ནང་ལྟར་རིན་པོ་ཆེའི་གཞལ་མེད་ཁང་ཆེན་པོ་འོད་ཟེར་སྣ་ལྔ་འཁྲིགས་པའི་དབུས་སུ་རྒྱལ་བ་འོད་མཚན་སྟོང་འབར་ཚེ་དཔག་ཏུ་མེད་པའི་ལྷ་ཚོགས་རྣམས་བཞུགས་པའི་སྟེང་གི་ཆ་ལ་བརྒྱུད་ལྡན་བླ་མ། བར་གྱི་ཆ་ལ་ཡི་དམ་ལྷ་ཚོགས། འོག་གི་ཆ་ལ་མ་ཚོགས་མཁའ་འགྲོ། དམ་ཅན་བསྲུང་མ་དང་བཅས་པ་ཏིལ་གྱི་གོང་བུ་ཁ་ཕྱེ་བ་བཞིན་གསལ་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན་ནས་དབང་བསྐུར་བས། སྒོ་གསུམ་གྱི་ལས་ཉོན་བག་ཆགས་ཐམས་ཅད་བྱང་ཞིང་དག ལྷ་ཚོགས་ཐམས་ཅད་ཀྱང་འོད་དང་འོད་ཟེར་གྱི་རྣམ་པས་སྤྱི་བོ་ནས་ཞུགས་ཤིང་ཐིམ་པས་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་བྱུང་སྙམ་པའི་མོས་པ་མཛོད་ཅིག ཧཱུྃ་ཧྲཱིཿ ཡེ་ཤེས་ལྷ་ཚོགས་སོགས། དེས་རྒྱལ་བ་འོད་མཚན་སྟོང་འབར་ཚེ་དཔག་ཏུ་མེད་པའི་དཀྱིལ་འཁོར་དུ་འཆི་མེད་ཚེ་ཡི་དབང་བསྐུར་ཟབ་མོ་ཐོབ། གནས་སྐབས་སུ་སྒོ་གསུམ་ལས་ཉོན་སྡིག་སྒྲིབ་ཐམས་ཅད་སྦྱངས་ཤིང་ལྷ་སྔགས་ཏིང་འཛིན་བསྒོམ་པ་ལ་དབང་། མཐར་ཐུག་བཅོམ་ལྡན་འདས་རྒྱལ་བ་འོད་མཚན་སྟོང་འབར་ཚེ་དཔག་ཏུ་མེད་པའི་གསང་བ་གསུམ་དང་དབྱེར་མེད་དུ་འགྲུབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །དེ་ནས་རྒྱས་གདབ་ནི། སླར་ཡང་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་སྣ་ལྔ་ཕྱོགས་བཅུར་འཕྲོས་པས་རྒྱལ་བ་སྲས་དང་བཅས་པའི་ཐུགས་རྗེ་བྱིན་རླབས་ནུས་མཐུ། ཚེ་བཅུད་དངོས་གྲུབ་དང་། བརྟན་གཡོ་སྣོད་བཅུད་ཀྱི་ཚེ་དཔལ་དྭངས་བཅུད་ཐམས་ཅད་འོད་ལྔའི་རྣམ་པར་བསྡུས་ནས་ཁྱེད་རང་རྣམས་ལ་བསྟིམ་པས་སྐྱེ་འཆི་བགྲེས་རྒུད་མེད་པའི་སྲོག་ལ་དབང་ཐོབ་པའི་མོས་པ་མཛོད་ཅིག ཧྲཱིཿ བཅོམ་ལྡན་མགོན་པོ་སོགས། ཀུ་རུ་ཨོཾ༔ ཧཱུྃ་ཧྲཱིཿ སྐུ་གསུམ་དོན་མཚོན་སོགས། ཀརྨ་ཨ་བྷི་ཥིཉྩ་ཧྲཱིཿ ཚེ་གཟུངས། ཚེ་དབང་དུ་གྱུར་ཅིག་སོགས། དེ་ནས་མཐའ་རྟེན་རྣམས་གཏད་ཅིང་རྗེས་ཆོག་སྤྱི་ལྟར་རོ། །ཅེས་པའང་མཆོག་སྤྲུལ་རྟ་ཁྱུང་རོལ་པའི་རྡོ་རྗེས་བཀའ་གསུང་གིས་ནན་བསྐུལ་མཛད་རྐྱེན་ཆུ་དབར་ཏཱ་རེའི་གནས་མདུན་ནས་དྷེ་ཝ་བཛྲ་དུ་འབོད་པས་རབ་བྱུང་བཅུ་བདུན་པའི་ཆུ་སྦྲུལ་ཧོར་ཟླ་དང་པོའི་ཡར་ཚེས་བཅུ་གཅིག་གི་དགུང་མོ་དབང་གི་དུས་སུ་བལྟ་བདེར་སྦྱར་བ་འགྲོ་ཀུན་འཆི་མེད་མགོན་པོའི་གོ་འཕང་ལ་འགོད་པའི་རྒྱུར་གྱུར་ཅིག་གུ།

ཚེ་སྒྲུབ་བཛྲ་བདུན་ལྡན་གྱི་ཚེ་དབང་རྡོ་རྗེའི་རྫོང་མཁར།

ཡང་ཟབ་མཁའ་འགྲོའི་གབ་ཐིག་ལས༔ རྒྱལ་བ་འོད་མཚན་སྟོང་འབར་གྱི༔ ཚེ་སྒྲུབ་བཛྲ་བདུན་ལྡན་ལས༔ ཚེ་དབང་རྡོ་རྗེའི་རྫོང་མཁར་བཞུགས༔

རྒྱལ་ཀུན་སྤྱི་མྱེས་རིགས་ཀྱི་མཆོག༔ འོད་མཚན་སྟོང་འབར་ཚེ་ཡི་བདག༔ ལོངས་སྐུའི་མཚན་རྫོགས་ཚེ་དཔག་མེད༔ གང་གི་ཚེ་སྒྲུབ་བཛྲ་བདུན༔ ལྡན་པའི་ཚེ་དབང་རྡོ་རྗེ་ཡི༔ རྫོང་མཁར་ཟབ་ཆོས་འདི་ན་སྤེལ༔ ས་མ་ཡཱ༔ ཨེ་མ་འཆི་མེད་པད་འབྱུང་དང༔ གསང་ཡུམ་མནྡ་ར་བ་ཟུང༔ བྲག་ཕུག་མ་ར་ཏི་ཀ་རུ༔ འཆི་མེད་ཚེ་སྒྲུབ་མཛད་པའི་ཚེ༔ ཚེ་དཔག་མེད་པ་དངོས་སུ་གྲུབ༔ ཡི་དམ་ལྷ་དང་དགོངས་པ་མཉམ༔ འཆི་མེད་རྡོ་རྗེའི་དངོས་གྲུབ་ཐོབ༔ ཚེ་ཡི་སྒྲུབ་པ་དཔག་མེད་གནང༔ ཟབ་པའི་ཡང་ཟབ་མཐར་ཐུག་ཆོས༔ ཚེ་དབང་རྡོ་རྗེའི་རྫོང་མཁར་འདི༔ མཁར་ཆེན་ལྕམ་སྲིང་དཔལ་དབྱངས་ལ༔ པདྨ་ང་ཡི་གཅེས་ནོར་སྦྱིན༔ རང་ཉམས་ལོངས་དང་སྒྲོམ་དུ་སྦས༔ མ་འོངས་སུམ་ཅུ་ཁ་རལ་དུས༔ ཁྱེད་རྣམས་རྗེས་བཟུང་གཅིག་གིས་ནི༔ དགོངས་པ་ཀློང་རྡོལ་རྩལ་ལས་འདོན༔ ཟབ་ཆོས་མ་ཚང་ཁ་སྐོང་སྤེལ༔ འདི་འཕྲད་སྐྱེ་འགྲོའི་ཚེ་བསོད་གསོ༔ ཚེ་ཟད་ཡིན་ཡང་ལོ་བདུན་བསྲིང༔ བསླུ་མེད་རྡོ་རྗེའི་ཐ་ཚིག་ཡིན༔ བདེན་རྫུན་ལག་ཏུ་ལོངས་དང་གསལ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ལ་སྦྱོར་དངོས་རྗེས་ཀྱི་རིམ་པ་ནི༔ སྦྱོར་བ་བདག་མདུན་བུམ་གསུམ་བསྒྲུབ༔ དངོས་གཞི་བདག་འཇུག་དབང་ལྡན་དང༔ སློབ་མ་ཁྲུས་བྱ་བགེགས་བསྐྲད་དང༔ བསྲུང་འཁོར་བསྒོམ་ཞིང་ལོ་རྒྱུས་ནི༔ མདོ་ཙམ་བརྗོད་པས་སྤྲོ་བ་བསྐྱེད༔ སླར་ཡང་སློབ་མས་ཕྱག་སྙིམ་པ༔ མེ་ཏོག་དང་བཅས་འདི་བཞིན་གྱེར༔ ཀྱཻ་ཀྱཻ༔ རིགས་ཀུན་ཁྱབ་བདག་དཀྱིལ་འཁོར་གཙོ༔ བླ་མ་རྡོ་རྗེ་སློབ་དཔོན་དགོངས༔ འཆི་མེད་ཚེ་ཡི་དབང་རྣམས་ནི༔ དུས་འདིར་བདག་ལ་གནང་བར་ཞུ༔ དེ་ནས་སློབ་དཔོན་གྱིས་ལན་སྦྱིན་པ་ནི༔ ཀྱཻ་ཧོ་མོས་ལྡན་རིགས་ཀྱི་བུ༔ ཚོགས་བསགས་ལས་འཕྲོ་ངེས་ལྡན་པའི༔ གསང་སྔགས་དཀྱིལ་འཁོར་འདིར་ཞུགས་ལ༔ ཚེ་དབང་ཟབ་མོ་བསྐུར་བར་བྱ༔ དེ་ནས་དམ་ཚིག་སྨྲས་པ་ནི༔ ཨ་ཧོ་སྐལ་ལྡན་རིགས་ཀྱི་བུ༔ རྩ་གསུམ་དམ་ཚིག་ཚུལ་བཞིན་དུ༔ སྲོག་གཅོད་གཞན་གནོད་སྤོང་པ་དང༔ མི་དགེ་བཅུ་སྤོང་དགེ་བཅུ་སྤྱད༔ སྲོག་བསླུ་ཉེའུ་འདོན་དམ་ཚིག་གོ༔ སླར་ཡང་སློབ་མས་ཁས་བླངས་ནི༔ ཀྱཻ་ཧོ༔ བཀའ་དྲིན་ཅན་གྱི་བླ་མ་དགོངས༔ ངས་ཀྱང་དབང་རྣམས་ཐོབ་གྱུར་ན༔ དམ་ཚིག་གང་གསུང་ཚུལ་བཞིན་བསྲུང༔ ཐུགས་གཏད་དབང་རྣམས་གནང་བར་བྱ༔ དེ་ནས་སློབ་དཔོན་གྱིས་ཐུགས་བརྩེ་བ་ཆེན་པོས་རྗེས་སུ་བཟུང་ནས་སློབ་མའི་མ་དག་པའི་ཆོས་རྣམས་སྦྱངས་བ་ནི༔ དབང་གཞུང་ལ་འཇུག་པར་བྱའོ༔ སླར་ཡང་དབང་ལྔའི་ཐོག་མ་ལ༔ བུམ་པ་སྐུ་ཡི་དབང་བསྐུར་བར་བྱ༔ ཧཱུྃ་ཧྲཱིཿ དགོས་འདོད་ཀུན་འབྱུང་རིན་ཆེན་བུམ༔ ཚེ་ལྷ་འོད་མཚན་སྟོང་འབར་བཞུགས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ཚེ་སྲོག་རྡོ་རྗེ་བདུན་ལྡན་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་གསུང་བདུད་རྩི་ཐོགས་ལ༔ ཧཱུྃ་ཧྲཱིཿ སྐྱེ་མེད་དབྱིངས་ཀྱི་ཀ་པཱ་ལར༔ འཆི་མེད་བདུད་རྩི་ར་ས་ཡཱན༔ སྐལ་ལྡན་ཁྱོད་ཀྱི་ངག་ཏུ་བླུད༔ ཚེ་སྲོག་ཆུ་རྒྱུན་རིང་བར་ཤོག༔ རྩ་སྔགས་མཐར༔ ཝཀྐཱ་ཨ་བྷི་ཥིཉྩ་ཨཱ༔ དེ་ནས་ཐུགས་རྟེན་དྲིལ་བུ་ཐོགས་ལ༔ ཧཱུྃ་ཧྲཱིཿ རྒྱལ་བའི་སྐུ་གསུང་ཐུགས་ཡོན་ཕྲིན༔ བྱིན་རླབས་དམ་རྫས་མྱོང་གྲོལ་འདི༔ སྐལ་ལྡན་ཁྱོད་ལ་བྱིན་པ་ཡིས༔ ཚེ་བསོད་དབང་ཐང་རྒྱས་པར་ཤོག༔ རྩ་སྔགས་མཐར༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཡོན་ཏན་གཏོར་དབང་ནི༔ ཧཱུྃ་ཧྲཱིཿ ཡེ་ཤེས་ལྷ་ཚོགས་སྒྲུབ་པའི་རྟེན༔ དགོས་འདོད་ཀུན་འབྱུང་གཏོར་མའི་དབང༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ འཆི་མེད་རྡོ་རྗེའི་སྲོག་འགྲུབ་ཤོག༔ རྩ་སྔགས༔ གུ་ཎ་བྷ་ལིང་ཏ་ཨ་བྷི་ཥིཉྩ་ཏྲཾ༔ སླར་ཡང་ཕྲིན་ལས་ཚེ་མདའི་དབང་བསྐུར་བྱ༔ ཧཱུྃ་ཧྲཱིཿ སྐུ་གསུམ་དོན་མཚོན་ཚེ་ཡི་མདའ༔ སྐུ་ལྔ་ཡོངས་རྫོགས་དར་གྱིས་སྤུད༔ སྐལ་ལྡན་ཁྱེད་ལ་དབང་བསྐུར་བས༔ ཚེ་གཡང་མངའ་ཐང་འཕེལ་བར་ཤོག༔ རྩ་སྔགས་མཐར༔ ཀརྨ་ཨ་བྷི་ཥིཉྩ་ཧྲཱིཿ ཞེས་པའང་ཚེ་འགུག་རྒྱས་གདབ་མཐའ་རྟེན་སོགས༔ མཇུག་སྐྱོང་གཞན་འགྲོས་ལྟར་དུ་ལེགས༔ ཉེ་འུ་འདོན་དང་སྲོག་བསླུ་དང༔ ཉ་གྲོག་གསོ་དང་སཙྪ་གདབ༔ བྱ་དང་སློང་མོ་མཁན་ལ་ནི༔ རེ་འབྲས་བསྐང་བའི་སྦྱིན་པ་གཏོང༔ དེ་རྣམས་རྒྱབ་ཆོས་ཡིན་པས་གལ༔ དེ་བཞིན་གནད་དང་ལྡན་གྱུར་ན༔ ཕན་པའི་ཡོན་ཏན་བརྗོད་མི་ལང༔ ས་མ་ཡཱ༔ ཇོ་མོ་ཡེ་ཤེས་མཚོ་རྒྱལ་གྱིས༔ དུས་གསུམ་ཀུན་མཁྱེན་གུ་རུ་རྗེ༔ ཟབ་ཆོས་སྤེལ་བའི་དུས་མཚམས་དང༔ སྐལ་ལྡན་སྐྱེས་བུ་སུ་ཡིས་འདོན༔ ལས་ལྡན་བུ་མོ་མཚོ་རྒྱལ་གསོན༔ མ་འོངས་སུམ་ཅུའི་མར་གཤམ་དུས༔ རྒྱལ་མོ་རོང་གི་ཤར་གྱི་ཕྱོགས༔ དགེ་བསྙེན་དབྱི་ཁྲོམ་བརྟེན་པའི་ལྗོངས༔ ཁྱོད་ཉིད་སྤྲུལ་པ་སཔྟ་འབྱུང༔ འགའ་ཞིག་འགྲོ་དོན་རྫོགས་འཕྲལ་དུ༔ དུས་རྣམས་མི་འགྱུར་མི་རྣམས་འགྱུར་བ་ནི༔ དགེ་བཤེས་རྣམས་ཀྱིས་ཚུལ་ཁྲིམས་ཡལ་བར་དོར༔ སྔགས་པ་དམ་མེད་གསང་རྒྱ་ལྷང་ལྷང་སྒྲོགས༔ བུད་མེད་སྤོབས་ཆེན་དགེ་འདུན་ཚོགས་གྲལ་ཉུལ༔ སྟག་ཤར་རྣམས་ཀྱིས་ལས་ཀ་སྡིག་ལ་སྤྱོད༔ དཀར་ཕྱོགས་སྐྱབས་ཞན་ནག་ཕྱོགས་དབལ་རེ་གྲང༔ ནད་རིགས་ངེས་མེད་གློ་བུར་འཚུབ་ལྷོང་གཡོ༔ སྡེ་བརྒྱད་འབྱུང་པོས་ཚ་རེག་ཧུར་ཐུམ་གཏོང༔ སྤོས་ཀྱི་དུས་སུ་དབང་ཕྱུག་གོས་དམར་གྱོན༔ ལྟོ་ཧོར་ཙི་ནས་འཚེ་བ་ཡང་ཡང་ངོམ༔ རིག་འཛིན་དམ་པ་རྣམས་ནི་ཞིང་ལ་གཤེགས༔ སྐྱེ་འགྲོའི་ཚེ་ལ་ངེས་མེད་སྣོད་བཅུད་གྱི༔ བཅུད་ཉམས་འགོང་པོས་ཟ་ངུར་སྲིད་ལ་འཚེ༔ དེ་དང་དེ་སོགས་དུས་རྟགས་མང་དུ་ཡོད༔ དེ་དུས་ཁྱོད་དང་ཨ་ཙར་དཔལ་དབྱངས་ཀྱི༔ སྤྲུལ་བའི་གཏེར་ཆེན་བསམ་གཏན་གླིང་པ་འབྱུང༔ འབྲེལ་ཚད་དོན་ལྡན་དཔལ་རིའི་ཞིང་ལ་འདྲེན༔ རིག་འཛིན་དེ་ཡི་འགྲོ་དོན་རྫོགས་འཕྲལ་དུ༔ ཉིད་ཀྱི་ཕྲིན་ལས་རྗེས་བཟུང་སྔགས་པའི་ཆས༔ ཏཱ་རེ་མི་འགྱུར་གནས་ཀྱི་ཡང་བདག་འབྱུང༔ ད་ལྟར་སྨོན་ལམ་དག་པའི་འབངས་རིགས་ནི༔ རྒྱལ་མཆོག་རྣམ་འཕྲུལ་པདྨའི་མཚན་ཅན་གྱིས༔ དགོངས་པ་ཀློང་རྡོལ་རྩལ་ལས་ཐོགས་མེད་སྤེལ༔ ཆོས་འདིར་འབྲེལ་ཚད་དཔལ་རིའི་ཞིང་ལ་འགོད༔ ཆོས་ཀྱི་བདག་པོ་ལྔ་གསུམ་དག་ལ་སྤྲོད༔ རང་གཞན་འགྲོ་ལ་ཕན་པའི་རྟེན་འབྲེལ་ཡོད༔ བཀའ་ཡི་སྲུང་མ་ཞིང་སྐྱོང་ཡབ་ཡུམ་གྱིས༔ དམ་མེད་ལག་ཏུ་མ་ཤོར་ཤོར་ཏ་རེ༔ ཟབ་ཆོས་གནས་པའི་ཡུལ་ཁམས་བུ་བཞིན་སྐྱོང༔ ཟབ་ཆོས་འདི་ཉིད་སྤྱན་མའི་མཁའ་ཀློང་དུ༔ དབང་ཕྱུག་མ་ཡི་འོད་སྣང་ཁྱབ་གྱུར་ཅིག༔ འདི་དང་འཕྲད་པའི་ཡིད་ཅན་སྐྱེ་འགྲོ་ཡི༔ ཚེ་བསོད་དཔལ་འབྱོར་བསྐལ་པ་རྫོགས་ལྡན་བཞིན༔ བདེ་དགའི་དཔལ་ལ་རོལ་བའི་ཤིས་པ་སྩོལ༔ ཤུ་བྷཾ༔

རྒྱལ་བ་འོད་མཚན་སྟོང་འབར་གྱི་ཁྲུས་ཆོག་རིན་ཆེན་ཀེ་ལ་ཤ་ཡི་བུམ་པ།

ཡང་གསང་ཌཱཀྐིའི་ཐུགས་ཐིག་ལས༔ རྒྱལ་བ་འོད་མཚན་སྟོང་འབར་གྱི་ཁྲུས་ཆོག་རིན་ཆེན་ཀེ་ལ་ཤ་ཡི་བུམ་པ་བཞུགས༔

རྒྱལ་བའི་རིགས་བདག་འོད་དཔག་མེད༔ ཨ་མི་ཏ་བྷར་ཕྱག་འཚལ་ལོ༔ མ་རིག་འཐིབ་པོ་བསལ་བའི་ཕྱིར༔ ཁྲུས་ཆོག་རིན་ཆེན་ཤེལ་བུམ་འབྲི༔ ལས་གཞུང་སྔོན་བསྒྲུབ་དབང་ཡིད་བླང༔ ཚེ་འདས་བླ་རྟེན་དྲི་གོས་དང༔ ཕུང་པོ་འམ་ནི་མཚན་བྱང་ལ༔ ཚེ་འདས་ཤེས་པ་བཞི་པོ་ནི༔ རིམ་བཞིན་གསལ་བཏབ་འདི་ལྟར་གྱེར༔ ཨེ་མ་ཧོ༔ བདག་ཉིད་འོད་དཔག་མེད་ཀྱི་ཐུགས་སྲོག་ལས༔ འོད་ཟེར་འཕྲོས་པས་ཚེ་འདས་རྣམ་ཤེས་ཏེ༔ རིགས་དྲུག་བདུན་པོའི་མཆོག་དམན་གར་གནས་ཀྱང༔ མདུན་དུ་བཀུག་ནས་མཚན་བྱང་རྟེན་ལ་ཐིམ༔ ན་མོ༔ ཕྱོགས་བཅུའི་སངས་རྒྱས་སྲས་བཅས་ཆོས་ཉིད་དེ་བཞིན་ཉིད་དང་༔ ཆོས་ཅན་རྒྱུ་འབྲས་བསླུ་མེད་དང་༔ རྒྱལ་བ་འོད་མཚན་སྟོང་འབར་གྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས༔ རྒྱལ་བ་གང་གི་ཐུགས་བསྐྱེད་སྨོན་ལམ་གྱི་བདེན་པའི་མཐུ་དང་སྟོབས་ཀྱིས༔ འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་སོང་བའི་ཚེ་ལས་འདས་པའི་རྣམ་པར་ཤེས་པ་སྡུག་བསྔལ་གྱི་གནས་ཡུལ་གང་ན་ཡོད་ཀྱང་སྐད་ཅིག་ཡུད་ཙམ་གྱིས་རྟེན་ཕུང་པོ་འདི་ལ་ཁུག་ཅིག་ཛ་ཛ༔ ནྲྀ་ཡཾ་ཛ༔ བཛྲ་ཨཾ་ཀུ་ཤ་ཡ་ཛ༔ ཨ་ནྲྀ་སུ་ཏྲི་པྲེ་དུ་ཛ༔ ཛ་ཧཱུྃ་བཾ་ཧོ༔ རྟེན་མཚན་བྱང་ངམ་ཕུང་པོ་དང་དབྱེར་མེད་པར་བསམ༔ དེ་ནས་སྦྱང་བ་ནི༔ ཏིང་ལོ་གསུམ་དང་མཐེབ་ཀྱུ་གཡས་སྐོར་དང༔ གཡོན་སྐོར་གསུམ་གསུམ་བསྐོར་བ་ནི༔ ནམ་མཁའ་མཛོད་སྔགས་གནོད་མཛེས་སྔགས་ཀྱིས་ཚིམ་པར་བསྔོ༔ ཧཱུྃ་ཧྲཱིཿ ང་ནི་རྒྱལ་བ་འོད་མཚན་སྟོང་འབར་བ༔ སྨོན་ལམ་ཟབ་མོའི་ཐུགས་བསྐྱེད་འགྲོ་བ་འདྲེན༔ ཐར་པའི་ལམ་ལ་གེགས་བྱེད་གཤིན་བདུད་རྣམས༔ ལན་ཆགས་གླུད་ཀྱི་གཏོར་མས་ཚིམ་གྱིས་ལ༔ གནོད་སེམས་གདུག་པ་ཁྲོལ་ལ་གཞན་དུ་དེངས༔ བཀའ་ལས་འདའ་ན་གཞོམ་པར་གདོན་མི་ཟ༔ ཧཱུྃ་བཞིའི་སྔགས་དང་ཐུན་གྱིས་བྲབ་ཅིང་བསྲུང་བ་ནི༔ ཨོཾ་པདྨ་ཙཀྲ་ཏིཀྞ་ཛྭ་ལ་རཾ་ཧཱུྃ་ཕཊ༔ ཀྱཻ་ཧོ༔ མ་ཡེངས་མ་འཁྲུལ་ཆེ་གེ་མོ༔ རང་བྱུང་གདོད་མའི་སེམས་ཉིད་འདི༔ བུདྡྷ་ཡིན་ཏེ་ངོས་མ་ཟིན༔ རིགས་དྲུག་འཁོར་བ་འདིར་འཁྱམས་ཏེ༔ ལས་སྣང་དྲུག་པོའི་དུཿཁ་བརྒྱུད༔ དལ་འབྱོར་སྙིང་པོ་ཆུ་ཤིང་བཞིན༔ མི་ཚེ་སྟོང་ཟད་དགེ་བ་དབེན༔ འཆི་བ་འོང་སྙམ་མེད་ན་འང༔ གཤིན་རྗེའི་ཕོ་ཉས་ད་རེས་ཟིན༔ བསགས་པ་ཐམས་ཅད་ཤུལ་དུ་ལུས༔ རྣམ་སྨིན་སྡུག་བསྔལ་རང་དང་འགྲོགས༔ གཉེན་དང་ནོར་རྫས་གཅེས་དགུར་བྲལ༔ གཅིག་པུར་དངངས་སྐྲག་བར་དོར་འཁྱམས༔ རྒྱུ་དྲུག་འཁྲུལ་སྣང་རླུང་གིས་དེད༔ ཀྱཻ་མ་འདུས་བྱས་མི་རྟག་ཆོས༔ འཁོར་བ་མཐོ་དམན་གང་དུ་འང༔ བདེ་བ་ཁབ་ཀྱི་རྩེ་ཙམ་མེད༔ མ་ཡེངས་འོད་དཔག་མེད་ལ་སྐྱབས༔ མ་ཆགས་ཐུགས་རྗེ་ཆེན་པོ་བསྒོམ༔ མ་འཁྲུལ་བླ་མའི་གདམས་ངག་ཉོན༔ རྩེ་གཅིག་རིག་པ་རྣལ་དུ་ཕོབ༔ ཆོས་བཤད་རིམ་པ་སྔོན་དུ་སོང་ནས༔ ལྷ་ལ་ཁྲུས་གསོལ་བའི་ཆུས་ཚེ་འདས་ཀྱི་ལས་སྒྲིབ་བཀྲུ་བ་ནི༔ ཧོ༔ འདི་ནི་ཕ་རོལ་ཕྱིན་དྲུག་ཆུས༔ དྲི་མ་རྣམ་དྲུག་སྦྱང་ནས་ནི༔ སྐུ་དྲུག་ཡེ་ཤེས་དྲུག་ལྡན་མཛོད༔ ཁྲུས་ལེགས་མཛད་ལ་ཕྱག་འཚལ་བསྟོད༔ ཨ་མི་ཏ་བྷའི་གཟུངས་དང་ཉེ་བསྙེན་ཡིག་དྲུག་ཡིག་བརྒྱ་ཀཾ་ཀ་ནི༔ ངན་སོང་སྦྱོང་གཟུངས་དང༔ སྨན་གཟུངས་ཆེ་ཆུང་ཁྲུས་སྔགས་སོགས་ཀྱིས་དག་པར་སྦྱང༔ དེ་ནས་ནུས་ལྡན་བྱེ་མས་བྲབ༔ ཧཱུྃ་ཧོ༔ རིགས་སྔགས་ནུས་པའི་དཔུང་བསྐྱེད་བྱེ་མ་འདི༔ དམིགས་ཡུལ་ཕུང་པོ་ལ་བྲབ་སྒོ་གསུམ་གྱི༔ བཅས་དང་རང་བཞིན་འགལ་བའི་སྡིག་ལྟུང་སྒྲིབ༔ མ་ལུས་བྱང་ཞིང་དག་པས་སོར་ཆུད་གྱུར༔ ཨོཾ་སརྦ་བྷིད་ཌ་ཐ༔ བཛྲ་བྷནྡྷ་ཏྲད༔ ཨ་བྷེ་རྒྱ་ཏཾ་ཀཾ༔ མ་མ་ཀོ་ལིཾ་ས་མནྟ༔ བཛྲ་ཕཊ༔ ཧཱུྃ་ཧྲཱིཿ གསོན་ཅིག་དགོངས་ཤིག་ཚེ་འདས་རིགས་ཀྱི་བུ༔ ཐར་པ་བསྒྲུབ་པ་རང་ལ་རག་ལས་ཀྱང༔ འཇིག་རྟེན་ཚེ་འདིའི་བྱ་བས་མགོ་འཁོར་ནས༔ གཙང་བདེ་རྟག་བདག་བཞི་ཡིས་སྣང་བ་བསླུས༔ ངན་སོང་གཏིང་རྡོ་སྡིག་པའི་གྲོགས་དང་འགྲོགས༔ རང་གིས་རང་ཕུང་བསམ་བརླག་སྙིང་རེ་རྗེ༔ གློ་བུར་འཆི་བས་བཅོམ་པ་ཡ་རེ་ང༔ ལས་ངན་བར་དོའི་སྣང་ཚུལ་ཞེ་རེ་གནག༔ ཆ་མེད་གཤིན་རྗེའི་ཕོ་ཉ་ཞེ་རེ་གཏུམ༔ ངན་སོང་གསུམ་གྱི་སྡུག་བསྔལ་དོས་དྲག་ཀྱང༔ མཐའ་མེད་འཁོར་བའི་རྒྱ་མཚོ་གཏིང་རེ་ཟབ༔ འདི་ལས་ཐར་ཐབས་དམ་པའི་ཆོས་མ་གཏོགས༔ འཇིག་རྟེན་ཁེ་གྲགས་རྒྱལ་བློན་སུས་མི་ཕན༔ བར་དོའི་འཁྲུལ་སྣང་འཇིགས་སྐྲག་ཅི་ཤར་ཡང༔ ཐམས་ཅད་སྒྱུ་མའི་དཔེ་བརྒྱད་ཤེས་པར་གྱིས༔ མི་ཡུལ་དབང་ཆོས་འབྲེལ་བའི་བླ་མ་དང༔ ད་ལྟ་འདྲེན་པ་སངས་རྒྱས་དངོས་སུ་བསྒོམ༔ སྐྱོན་མཐོང་ལོག་ལྟ་མེད་པར་དག་སྣང་སྦྱོངས༔ གཏན་གྱི་སྐྱབས་མགོན་དཀོན་མཆོག་རྣམ་གསུམ་དང༔ སྨོན་ལམ་རྒྱ་མཚོའི་མངའ་བདག་འོད་དཔག་མེད༔ སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ་པ་བསྙེན༔ དག་པའི་ཞིང་ཁམས་ཡིད་ཀྱི་འདུན་པས་ཟུངས༔ སྐུ་གསུང་ཐུགས་ཀྱི་སྨིན་གྲོལ་ཡེ་ཤེས་དབང༔ ད་ལྟ་ཉིད་དུ་ཁྱོད་ལ་བསྩལ་བར་བྱ༔ ཞེས་དེ་ཡན་ཆད་ནི་མ་དག་སྣང་བ་སྦྱང་ཞིང༔ བྱབ་བྲབ་སྡིག་སྦྱང་གི་རིམ་པ་སོང་ནས༔ རིག་འཛིན་རྒྱལ་བའི་གོ་སར་དབུགས་དབྱུང་ཞིང་སྨིན་པར་བྱ་བའི་ཐོག་མར་མཎྜལ་འབུལ་ཞིང་ལོ་རྒྱུས་ཆོས་བཤད་ཀྱིས་སྤྲོ་བ་བསྐྱེད་ནས༔ ཤུ་ནྱ་ཏས་དམིགས་རྟེན་སྦྱངས་ལ་སློབ་མའི་ཆ་འཛིན་འོད་མཚན་སྟོང་འབར་བསྐྱེད༔ ཐུགས་ཀའི་ཧྲཱིཿཡིག་དབུས་སུ་ཨཱ་ཤད་ནི༔ སྤུས་བྲིས་མར་མེ་ལྟ་བུ་གསལ་བ་ལ༔ ཏིང་འཛིན་རྩེ་གཅིག་དམིགས་པའི་སྲང་ལ་གཞུར༔ ཕྱོགས་བཅུའི་རྒྱལ་དང་སྲས་བཅས་མ་ལུས་ཀུན༔ འོད་མཚན་སྟོང་འབར་སྐུ་ཡིག་ཕྱག་མཚན་གྱི༔ རྣམ་པར་ཁ་ཆར་བུ་ཡུག་འཚུབ་བཞིན་བྱོན༔ ཁྱོད་རང་ལྷར་གསལ་དེ་ལ་སིབ་སིབ་ཐིམ༔ དེ་ནས་གཟུངས་སྔགས་ཚར་གསུམ་དང༔ ཨ་མི་དྷེ་ཝ་ཚར་གསུམ་དབྱངས་དང་བཅས་ཏེ་རོལ་མོས་བྱིན་དབབ་པར་བྱ༔ དེ་ནས་ཏིཥྛ་བཛྲ་བརྗོད༔ སླར་ཡང་བུམ་པ་སྤྱི་བོར་བཞག༔ ཧཱུྃ་ཧྲཱིཿ རིན་ཆེན་བུམ་པ་གཞལ་ཡས་ཁང༔ ནང་ན་འོད་མཚན་སྟོང་འབར་བཞུགས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ འགྱུར་མེད་སྐུ་ཡི་དབང་ཐོབ་ཤོག༔ ཨོཾ་ཨ་མི་དྷེ་ཝ་ཨ་ཡུ་སིདྡྷི་ཧཱུྃ་ཧྲཱིཿ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ངག་ལ་གསུང་དབང་བསྐུར་བ་ནི༔ ཨཱ༔ འགགས་མེད་ན་དཱ་དབྱིངས་ཀྱི་ཀློང༔ འགྲོ་དྲུག་རང་གྲོལ་ཡི་གེ་དྲུག༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ངག་ལ་ནུས་པའི་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཝཀྐཱ་ཨ་བྷི་ཥིཉྩ་ཧཱུཾྃ༔ སེམས་ལ་ཐུགས་ཀྱི་བརྡ་མཚོན་མན་ཤེལ་སྙིང་གར་གཏུགས༔ ཧཱུྃ་ཧཱུྃ༔ ངོ་བོ་ཀ་དག་མེ་ལོང་ངོས༔ ལྷུན་གྲུབ་དྭངས་ཤེལ་འཇའ་ཚོན་འཁྱུག༔ སྐལ་ལྡན་སེམས་ལ་དབང་བསྐུར་བས༔ འཁྲུལ་མེད་ཐུགས་ཀྱི་དབང་ཐོབ་ཤོག༔ ཨོཾ་བཛྲ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སྐུ་གསུང་ཐུགས་ཀྱི་དབང་གསུམ་རྫོགས༔ ས་མ་ཡཱ༔ སྤྲོས་པ་བསྐྱེད་ན་ལྷ་དབང་ནི༔ བར་འདིར་བཙུད་ཀྱང་ལེགས་པར་འགྱུར༔ དེ་ནས་ཟས་སྐོམ་འབྱོར་དགུ་བཤམས༔ རང་ངམ་གཞན་ནས་བྱུང་བཞིན་བསྔོ༔ སྙིང་རྗེའི་སེམས་ལ་ཕན་སེམས་བསྐྱེད༔ དེ་ནས་ལྷ་ལ་ཡོན་དུ་འབུལ༔ ཧཱུྃ་ཧྲཱིཿ ཚེ་ལས་འདས་པའི་མ་དག་ཕུང་པོ་ལྔ༔ རྒྱལ་བ་འོད་དཔག་མེད་ལ་ཡོན་དུ་འབུལ༔ ཡོན་འདི་བཞེས་ལ་སྐུ་ལྔ་ཡེ་ཤེས་ལྔ༔ མངོན་གྱུར་བདེ་ཆེན་པདྨ་འོད་དུ་དྲོངས༔ ཚེ་ལས་འདས་པའི་ལུས་ངག་ཡིད་གསུམ་པོ༔ རྒྱལ་བ་འོད་དཔག་མེད་ལ་ཡོན་དུ་འབུལ༔ རྒྱལ་བའི་གསང་གསུམ་བདེན་པ་མངོན་གྱུར་ནས༔ སྐུ་གསུམ་ཞིང་ཁམས་པདྨ་འོད་དུ་དྲོངས༔ ཚེ་ལས་འདས་པའི་རྣམ་ཤེས་ཚོགས་པ་བརྒྱད༔ རྒྱལ་བ་འོད་དཔག་མེད་ལ་ཡོན་དུ་འབུལ༔ བྱང་ཆུབ་སེམས་དཔའ་བརྒྱད་དུ་གནས་གྱུར་ཏེ༔ རྣམ་ཐར་བརྒྱད་ལྡན་བདེ་ཆེན་ཞིང་དུ་དྲོངས༔ ཚེ་ལས་འདས་པའི་ལུས་དང་ལོངས་སྤྱོད་ཀུན༔ རྒྱལ་བ་འོད་དཔག་མེད་ལ་ཡོན་དུ་འབུལ༔ ཡོན་དུ་བཞེས་ལ་པདྨོ་བཀོད་ཞིང་དུ༔ གདམས་ངག་ཆོས་བསྟན་ས་བཅུ་མཐར་ཕྱིན་ཏེ༔ འོད་ཟེར་ཆེན་པོའི་དབང་སྐུར་རབ་ཐོབ་ནས༔ སྨོན་ལམ་ཡོངས་གྲུབ་སངས་རྒྱས་ཐོབ་པར་མཛོད༔ དེ་ནས་ལམ་སྟོན་གནས་སྤར་ནི༔ ཨེ་མ་ཧོ༔ ཞིང་ཁམས་འདི་ནས་ནུབ་ཀྱི་ཕྱོགས་རོལ་ན༔ འཆི་མེད་རྔ་སྒྲའི་ཞིང་ཁམས་ཞེས་བྱ་བ༔ བདེ་སྐྱིད་ཡོན་ཏན་བསམ་གྱིས་མི་ཁྱབ་པ༔ སྡུག་བསྔལ་མིང་མེད་བདེ་བ་ཆེན་པོའི་ཞིང༔ དེ་ན་སངས་རྒྱས་འོད་མཚན་སྟོང་འབར་བ༔ མཚན་གྱིས་ངན་སོང་བགྲོད་པའི་སངས་རྒྱས་བཞུགས༔ སུ་ཞིག་དེ་ཡི་མཚན་འཛིན་པ༔ ཞིང་མཆོག་དེ་རུ་སྐྱེ་བར་འགྱུར༔ ཞིང་མཆོག་དེ་རུ་སྐྱེ་བར་ཤོག༔ ཚེ་ལས་འདས་པའི་རྣམ་ཤེས་ནི༔ འོད་ལྗང་ཧྲཱིཿཡིག་རྣམ་པ་ཅན༔ མཚན་བྱང་རྟེན་ལས་མདའ་འཕང་བཞིན༔ ཤར་གྱིས་ཐོན་དེ་རྒྱང་གྱིས་འཕང༔ འོད་དཔག་མེད་པའི་སྦྱོར་མཚམས་སུ༔ ཐིམ་ནས་རྒྱལ་བའི་སྲས་སུ་གྱུར༔ ཕཊ༔ ཕཊ༔ ཕཊ༔ སླར་ཡང་ནམ་མཁའ་དང་མཉམ་པའི༔ སེམས་ཅན་ཀུན་དོན་བྱེད་པར་ཤོག༔ གཟུགས་སྟོང་པའོ༔ སྟོང་པ་ཉིད་ཀྱང་གཟུགས་སོ༔ སྟོང་པ་ལས་བྱུང་རྟེན་འབྲེལ་ལོ༔ རྟེན་འབྲེལ་ལས་བྱུང་སྟོང་པ་ཉིད༔ བྱང་བུ་མེ་ལ་སྦྱང་བ་ནི༔ ཨེ་མ་ཧོ༔ ཀུན་བཏགས་སྣང་བའི་ཐབ་ཁུང་དུ༔ གཞན་དབང་ཕུང་ཁམས་བག་ཆགས་བསྲེག་རྫས་འབུལ༔ ཡོངས་གྲུབ་དེ་བཞིན་ཉིད་ཀྱི་མེ་སྦར་རོ༔ རང་བྱུང་ཡེ་ཤེས་ཆོས་སྐུ་མངོན་གྱུར་ཤོག༔ ཅེས་གཟུངས་སྔགས་ཕན་ཡོན་གང་ཆེ་བརྗོད༔ བསྲེག་ཐལ་ཆུ་བོའི་ཀློང་དུ་འམ༔ ཡང་ན་མཆོག་བརྒྱད་སཙྪ་གདབ༔ ཕུང་པོ་གསུམ་པའི་མདོ་དང་ནི༔ བཟང་སྤྱོད་བདེ་སྨོན་ལ་སོགས་འདོན༔ འདི་དང་འབྲེལ་བའི་འགྲོ་བ་རྣམས༔ བདེ་ཆེན་ས་ལ་རྒྱལ་སྲིད་ཐོབ༔ ཕན་པའི་ཡོན་ཏན་མངོན་གྱུར་ཅིང༔ ཕྱིར་མི་ལྡོག་པའི་ས་ཐོབ་འགྱུར༔ ས་མ་ཡཱ༔ ཞེས་དུས་བབས་ཀྱི་གཏེར་ཆོས་ཡེ་ཤེས་ཀློང་གི་མཛོད་ལས་བྱུང་བའི་འོད་མཚན་སྟོང་འབར་གྱི་ཁྲུས་ཆོག་དང་འབྲེལ་བའི་རྗེས་གནང་འདི་སྔོན་བསགས་ལས་འཕྲོ་བཟང་པོའི་དཔལ་གྱིས་མངོན་པར་མཐོ་བའི་བློ་གྲོས། པདྨ་བསྟན་འཛིན། གསལ་སྟོང་གསུམ་གྱིས་བསྐུལ་ངོར་ཆོས་མེད་ཆོས་པའི་གཟུགས་སྟོན་གཏེར་མིང་པ་ས་ར་ཧི་ཏས་ལེགས་པར་བྲིས་པ་ཁམས་གསུམ་གྱི་སེམས་ཅན་བདེ་ཆེན་པདྨ་འོད་དུ་གྲོལ་བར་གྱུར་ཅིག ཤུ་བྷཾ།

འདོད་ཡོན་ལྡེབ་ཤར།

རཾ་ཡཾ་ཁཾ༔ འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའ་གང་བར་བསམ་ལ༔ ནམ་མཁའ་མཛོད་ཀྱི་སྔགས་རྒྱས་ལན་གསུམ་བྱིན་གྱིས་བརླབ་ལ༔ ཕྱོགས་དུས་ཀུན་ན་གཟུགས་སྒྲ་དྲི་དང་རོ༔ རེག་བྱའི་ཁྱད་པར་དབང་པོ་ཚིམ་བྱེད་རྣམས༔ འོད་དཔག་མེད་པའི་གནས་ཐོབ་ཁྱོད་ལ་འབུལ༔ ཟག་མེད་དགའ་བདེས་རྟག་ཏུ་ཚིམ་པར་ཤོག༔ ཨོཾ་བཛྲ་ས་ཏྭ་པཉྩ་ཀ་མ་གུ་ཎ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ༔

མར་མེ་འབུལ་བའི་སྨོན་ལམ།

ན་མོ་བུདྡྷ་དི་པཾ་ཀ་ར་ཡེ༔ མར་མེ་འབུལ་བའི་སྨོན་ལམ༔ དང་པོ་མཆོད་རྫས་བྱིན་གྱིས་བརླབས༔ ཚོགས་ཞིང་གསལ་བཏབ་ཡན་ལག་བདུན༔ ཕལ་བོ་ཆེ་ལས་བྱུང་བཞིན་གདོན༔ དེ་ནས་དངོས་གཞི་སྨོན་ལམ་ནི༔ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དང༔ སྟོན་པ་མར་མེ་མཛད་འཁོར་བཅས༔ རྩ་གསུམ་ཆོས་སྐྱོང་སྲུང་མ་དགོངས༔ འགྱོད་པ་མེད་པའི་སེམས་ཀྱིས་ནི༔ གཏན་པ་མེད་པའི་མཆོད་པ་འབུལ༔ མར་མེའི་སྣོད་ནི་སྟོང་གསུམ་ཁྱོན༔ སྙིང་པོ་སྡོང་བུ་རི་རྒྱལ་བཞིན༔ འོད་ནི་ཉིན་བྱེད་འབུམ་ལས་ལྷག༔ སྟོང་གསུམ་མུན་ནག་འཁྱམས་པ་ལ༔ རང་བྱུང་འོད་གསལ་སྣང་བར་ཤོག༔ དམྱལ་བའི་གནས་སུ་རབ་སྣང་བས༔ ཞེ་སྡང་སྒྲིབ་པའི་བག་ཆགས་དག༔ མེ་ལོང་ཡེ་ཤེས་མངོན་གྱུར་ཤོག༔ ཡི་དྭགས་གནས་སུ་རབ་སྣང་བས༔ སེར་སྣའི་སྡིག་སྒྲིབ་བག་ཆགས་དག༔ ནམ་མཁའ་མཛོད་མངའི་སྐུ་ཐོབ་ཤོག༔ བྱོལ་སོང་གནས་སུ་རབ་སྣང་བས༔ བླུན་རྨོངས་བཀོལ་སྤྱོད་སྒྲིབ་དག་ནས༔ ཆོས་དབྱིངས་ཡེ་ཤེས་སྐུ་ཐོབ་ཤོག༔ མི་ཡི་གནས་སུ་རབ་སྣང་བས༔ སྡུག་བསྔལ་གསུམ་དང་སྲེད་ལེན་གྱི༔ སྐྱེ་འཆིའི་སྡིག་སྒྲིབ་བག་ཆགས་དག༔ སོར་རྟོག་ཡེ་ཤེས་མངོན་གྱུར་ཤོག༔ ལྷ་མིན་གནས་སུ་རབ་སྣང་བས༔ གསོད་གཅོད་ཕ་རོལ་ཁྱད་གསོད་པའི༔ ཕྲག་དོག་མི་དགེའི་སྒྲིབ་དག་ནས༔ བྱ་གྲུབ་ཡེ་ཤེས་སྐུ་ཐོབ་ཤོག༔ ལྷ་ཡི་གནས་སུ་རབ་སྣང་བས༔ ང་རྒྱལ་བག་མེད་ལེ་ལོ་དང༔ འཕོ་ལྟུང་སྡུག་བསྔལ་སྒྲིབ་དག་ནས༔ མཉམ་ཉིད་ཡེ་ཤེས་མངོན་གྱུར་ཤོག༔ བར་དོའི་གནས་སུ་རབ་སྣང་བས༔ འཁྲུལ་སྣང་དངངས་སྐྲག་སྡུག་བསྔལ་གྱི༔ ལམ་ལོག་རྣམ་སྨིན་སྒྲིབ་དག་ནས༔ འཇིགས་མེད་ཡེ་ཤེས་སྐུ་ཐོབ་ཤོག༔ སྣང་གསལ་འོད་ཀྱི་ཞུན་མར་འདིས༔ ངན་སོང་འགྲོ་བའི་ལས་སྒྲིབ་དག༔ སྒྲིབ་བྲལ་ཡེ་ཤེས་མངོན་གྱུར་ཤོག༔ སྣང་གསལ་འོད་ཀྱི་ཞུན་མར་འདིས༔ མཆོད་སྦྱིན་བསམ་པ་དག་པའི་མཐུས༔ སངས་རྒྱས་བསྟན་པ་དར་གྱུར་ཅིག༔ བླ་མའི་ཞབས་པད་བརྟན་གྱུར་ཅིག༔ སློབ་ཚོགས་སྐར་ལྟར་རྒྱས་གྱུར་ཅིག༔ རྒྱལ་པོ་ཆོས་བཞིན་སྤྱོད་གྱུར་ཅིག༔ ཆབ་སྲིད་དབུ་རྨོག་བཙན་པར་ཤོག༔ སེམས་ཅན་བདེ་སྐྱིད་ལྡན་གྱུར་ཅིག༔ སྐྱེ་འཆིའི་འཁོར་མཛོད་སྐེམ་གྱུར་ཅིག༔ འབྲས་བུ་སྐུ་གསུམ་ཐོབ་གྱུར་ཅིག༔ རྩ་གསུམ་སྲུང་མ་བསྐང་གྱུར་ཅིག༔ བདེ་ནས་བདེ་བའི་དཔལ་ཐོབ་ཤོག༔ བདག་དང་འབྲེལ་ཐོགས་ཚེ་འདས་རྣམས༔ ཚོམ་གཅིག་སངས་རྒྱས་ཐོབ་གྱུར་ཅིག༔ ནམ་མཁའི་མཐར་ཐུག་མཐའ་ཡས་སེམས་ཅན་རྣམས༔ སོགས་ཤོ་ལོ་ཀས་མཐའ་བརྒྱན་པར་བྱའོ༔ རང་བྱུང་ཡེ་ཤེས་ཀློང་གི་ཆོས༔ རིག་རྩལ་བརྡ་ལས་ལེགས་ཕབ་པའི༔ མར་མེའི་བསྔོ་བྱང་བསྐུལ་ཚིག་འདི༔ སྔོན་སྦྱངས་ལས་འབྲེལ་མཐུན་པའི་གྲོགས༔ སློབ་བུ་ཀུན་བཟང་གིས་བསྐུལ་ངོར༔ གཏེར་མིང་འཛིན་པ་ཕན་པས་བྲིས༔ རང་བྱུང་འོད་སྐུར་གྲོལ་བར་ཤོག༔

འཕོ་བའི་མཚམས་སྦྱོར་ཨུཏྤལ་འདབ་རྒྱས།

༄༅། འཕོ་བའི་མཚམས་སྦྱོར་ཨུཏྤལ་འདབ་རྒྱས་བཞུགས་སོ། །

༄༅། སྭ་སྟི༔ སྐུ་གསུམ་རྒྱལ་བའི་སྤྱི་གཟུགས་འགྲོ་བའི་མགོན༔ སྐལ་བཟང་སངས་རྒྱས་སྟོང་གི་རིགས་ཀྱི་བདག༔ སྔོན་གྱི་དམ་བཅའི་སྨོན་ལམ་རླབས་པོ་ཆེ༔ འཁོར་མཚོ་དོང་སྤྲུགས་ཨ་མི་ཏ་བྷ་རྒྱལ༔ དེ་ལ་འདིར་གསང་སྔགས་ཟབ་མོའི་ཐུན་མོང་མ་ཡིན་པའི་ལམ་མ་བསྒོམ་སངས་རྒྱས་འཕོ་བའི་ཆོ་ག་ལ་འཇུག་པར་འདོད་ཚེ༔ སྐྱབས་སེམས་འགུག་གཞུག་ངོ་སྤྲོད་ཀྱི་རིམ་པ་རྣམས་སོ༔ དང་པོ་སྐྱབས་སེམས་ནི༔ གནས་ཆེན་རི་བོ་ཏ་ལའི༴སོགས། ན་མོ་སྐྱབས་གནས་མཆོག་གྱུར་རྣམས་ལ་སྐྱབས་སུ་མཆི༔ འགྲོ་རྣམས་སངས་རྒྱས་ཐོབ་པར་སེམས་བསྐྱེད་དོ༔ སྐད་ཅིག་དྲན་རྫོགས་འཕགས་པ་སྤྱན་རས་གཟིགས༔ ལོངས་སྐུའི་རྒྱན་རྫོགས་ཞི་འཛུམ་ཞབས་ཕྱེད་སྐྱིལ༔ ཕྱག་གཡས་མཆོག་སྦྱིན་གཡོན་པས་པདྨ་དཀར༔ རི་དྭགས་པགས་པས་སྟོད་གཡོག་བྱམས་བརྩེར་ལྡན༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཅི་མང་བཟླ༔ ཨོཾ་མ་ཧཱ་ཤུ་ནྱ༴སོགས། མདུན་གྱི་རྟེན་སྣང་རང་བཞིན་སྟོང་པའི་ངང༔ ནྲྀ་ལས་ཚེ་འདས་གཟུགས་ཕུང་སྐྱེ་མཆེད་གསལ༔ གཞོན་ཚུལ་པུས་བཙུགས་ཐལ་སྦྱར་མེ་ཏོག་འཛིན༔ ཞི་ཚུལ་རས་དཀར་གོས་གྱོན་བླ་མ་ལྷར༔ དད་ཅིང་གུས་པའི་ཚུལ་གྱིས་གནས་པར་གྱུར༔ བདག་ཉིད་ཐུགས་རྗེ་ཆེན་པོར་གསལ་བའི་ཐུགས་ཀ་ནས་བྱམས་བརྩེའི་འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་མར་རིགས་དྲུག་གི་གནས་སུ་འཕྲོས་པས་ཚེ་འདས་ཀྱི་རྣམ་ཤེས་འཇིག་རྟེན་བདུན་པོ་གར་གནས་ཀྱང་འོད་ཟེར་གྱིས་རེག་མ་ཐག་ཏུ་བཀུགས་ནས་རྟེན་ཕུང་པོ་འདི་དང་གཉིས་སུ་མེད་པར་བསམ༔ ན་མོ་དཀོན་མཆོག་གསུམ་དང་རྩ་གསུམ་ཞི་ཁྲོ་ཡི༔ བྱིན་རླབས་ཐུགས་རྗེ་ནུས་པའི་བདེན་སྟོབས་ཀྱིས༔ ཚེ་ལས་འདས་པ་རིགས་དྲུག་གར་གནས་ཀྱང་༔ དམིགས་རྟེན་ཕུང་པོ་འདི་དང་གཉིས་མེད་ཁུག༔ ནྲྀ་ཨ་ཀརྴ་ཡ་ཛཿཛ༔ ལན་ཅི་མང་མཐར། ཛཿཧཱུྃ་བཾ་ཧོ༔ རྟེན་ཕུང་པོ་དང་དབྱེར་མེད་དུ་གནས་པར་བསམ༔ དེ་ནས་ཚེ་འདས་སྲོག་གཅོད་དབུགས་ལེན་གཤེད་མའི་རིགས་ལ་གཏོར་མ་བསྔོ་བ་ནི༔ རཾ་ཡཾ་ཁཾ༔ ཨོཾ་སྭ་བྷ་ཝས་སྦྱངས༔ སྟོང་པའི་ངང་ལས་ཏྲཾ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་ལན་ཆགས་གཤིན་བདུད་ཀྱི་གཏོར་མ་ཁ་ཏོག་དྲི་རོ་ནུས་ལྡན་ཕུན་སུམ་ཚོགས་པར་གྱུར༔ ཨོཾ་ཨཱ༔ཧཱུྃ༔ ཨོཾ་སརྦ་བྷུ་ཏ་ཨ་ཀརྴ་ཡ་ཛ་ཛ༔ ཨོཾ་སརྦ་བིགྷྣཾ་ན་མཿསོགས། དེ་མཐར་སྤྲོ་ན་ཐུགས་རྗེ་ཆེན་པོའི་དབང་གི་བདེན་བརྗོད་འདོན། ཧྲཱིཿ ང་ནི་ཁྲོ་བོ་རྟ་མགྲིན་རྒྱལ༔ ང་ལ་ལྟོས་པའི་ཚེ་འདས་ལ༔ གསོན་བདུད་གཤིན་ལྕགས་སུ་ཡིས་བྱས༔ སྲོག་གཅོད་བླ་ཁྱེར་གཤེད་མ་ཁྱོད༔ གཤིན་ལ་མ་ཆགས་ཕྱིར་དེངས་ཤིག༔ མི་འགྲོ་འདུག་ན་རྡུལ་དུ་རློགས༔ ཡང་ན་ཧཱུྃ་བཞིའི་སྔགས་ཀྱིས་བསྐྲད༔ བཛྲ་རཀྵ་རཀྵ་ཧཱུྃ༔ ཞེས་བསྲུང་འཁོར་བསྒོམ་ཞིང་ངོ་སྤྲོད་བྱ། དམིགས་ཡུལ་ཆེ་གེ་མོ་ཁྱོད་རང་ལ་འཆི་བ་ཞེས་པ་དེ་སླེབས་ནས་ད་ལྟ་དབུགས་དང་བྲལ་མ་ཐག་ཡིན་ནོ༔ ཞེས་ལན་གསུམ་བོས་ཏེ༔ འོ་འཇིག་རྟེན་འདི་ནས་ཕ་རོལ་དུ་ཚེ་དུས་ལས་འདས་པ་མ་གཡེང་བར་ཉོན་ཅིག༔ ཁྱོད་རང་ཤི་བ་ཡིན་ཀྱང་ཁྱོད་གཅིག་པུ་མ་ཡིན་ཏེ༔ ཀུན་ལ་འབྱུང་བས་ཚེ་འདི་ལ་ཆགས་པ་དང་ཞེན་པ་མ་བྱེད་ཅིག༔ ཆགས་པ་དང་ཞེན་པ་བྱས་ཀྱང་བསྡད་ནི་མེད༔ ཁྱོད་རང་འཁོར་བར་འཁྱམ་པ་ལས་མི་འོང་༔ མ་ཆགས་ཤིག་མ་ཞེན་ཅིག༔ རང་གི་བླ་མ་དང་སྟོན་པ་བདེ་བར་གཤེགས་པ་ལ་དད་པ་བླ་ལྷག་ཏུ་བསྐྱེད་ཅིག༔ བསྟན་པ་དམ་པའི་ཆོས་ལ་སྐྱབས་སུ་སོང་ཞིག༔ བྱང་ཆུབ་སེམས་དཔའི་དགེ་འདུན་རྣམས་ལ་རམ་ཟླར་སྦྲོན་ཅིག༔ ཁྱད་པར་དུའང་གང་གི་མཚན་དང་སྒྲ་དང་ལྟ་བ་ལ་ཞུགས་པས་ཀྱང༔ བར་དོའི་འཇིགས་པ་དང༔ ངན་སོང་གི་རྒྱུན་ཡོངས་སུ་གཅོད་པར་ཞལ་གྱིས་བཞེས་པ་མགོན་པོ་འོད་དཔག་མེད་དང་། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དང་༔ མཐུ་ཆེན་ཐོབ་ཀྱིས་ཡོངས་སུ་བསྟེན་པ་དང་༔ དེའི་ཞིང་ཁམས་བདེ་བ་ཅན་ཞེས་བྱ་བ་དེ་ཡིད་ལ་མ་བརྗེད་པར་ཟུངས་ལ༔ གདོས་བཅས་ཤ་ཁྲག་གི་ལུས་ལས་འདས་པའི་ཕྱིར་ཞིང་མཆོག་དེ་རུ་འདུན་པ་གཏོད་ལ་སོང་ཤིག༔ ཁྱོད་ཀྱིས་དད་པ་ཐོབ་པའི་བླ་མ་ཡིད་ལ་སྒོམས་ཤིག༔ ཡི་དམ་དང་ལྟ་བ་བྱང་ཆུབ་ཀྱི་སེམས་རྣམས་སྒོམས་ཤིག༔ དེ་དག་གནད་དུ་འགྲོ་བའི་རྟེན་འབྲེལ་དུ༔ མ་བསྒོམ་པར་འཚང་རྒྱ་བ་འཕོ་བའི་གདམས་པ་འདེབས་པའི་སྐབས་སུ་བབས་པ་ཡིན་ནོ༔ དེ་ནས་གསང་སྔགས་ཟབ་མོའི་ཉེ་ལམ་འཕོ་བར་བྱེད་པའི་ཐབས་ནི༔ ཕྱི་འདུས་བྱས་རྫས་ཀྱི་འཕོ་བ༔ ནང་བསྐྱེད་རིམ་གསལ་འདེབས་ཀྱི་འཕོ་བ༔ གསང་བ་རྣམ་ཤེས་རླུང་ཁ་སྦྱོར་གྱི་འཕོ་བ༔ དེ་ཁོ་ན་ཉིད་ཆོས་ཉིད་དོན་གྱི་འཕོ་བའོ༔ ལར་འཕོ་བ་དངོས་ཀྱི་ཁྱད་པར་ནི༔ ཀྱེ་རྡོར་རྩ་རྒྱུད་ལས༔ བདེ་བ་གང་ཡིན་འཆི་བ་སྟེ༔ དེ་ཡི་བདེ་བ་བསམ་གཏན་བརྗོད༔ ཞེས་འཕོ་བའི་སྟོབས་ཀྱིས་བདེ་བ་ཐོབ་པར་གསུངས་པ་དང༔ རྡོ་རྗེ་གདན་བཞིའི་རྒྱུད་ལས་ཀྱང་༔ ཉེས་པ་ཀུན་གྱིས་གོས་པ་ཡང་༔ འཕོ་བའི་སྦྱོར་བ་སྦྱར་བས་གྲོལ༔ སྡིག་གིས་ཀུན་ནས་མ་གོས་ཏེ༔ འཁོར་བའི་ཕ་རོལ་མཆོག་ཏུ་འགྲོ༔ ཞེས་སོགས་གསང་སྔགས་གསར་རྙིང་གཉིས་ཀར་འཕོ་བའི་འཕགས་ཆོས་དང་ཕན་ཡོན་མང་དུ་གསུངས་པས་མོས་གུས་བསྐྱེད་ཅིག༔ དེ་ནས་འཕོ་བའི་འདུ་ཤེས་བརྒྱད་ནི༔ རང་ལུས་གནས་ཁང་ལྟ་བུའི་འདུ་ཤེས༔ རྣམ་ཤེས་མགྲོན་པོ་ལྟ་བུའི་འདུ་ཤེས༔ ཧིཀ་ནི་སྐྱེལ་མའི་འདུ་ཤེས༔ རླུང་ནི་བཞོན་པའི་འདུ་ཤེས༔ ཨ་ཝ་དྷུ་ཏི་ལམ་གྱི་འདུ་ཤེས༔ ཚངས་བུག་སྒོའི་འདུ་ཤེས༔ དཔའ་བོ་དཔའ་མོ་རྣམས་ནི་བསུ་མའི་འདུ་ཤེས༔ སྤྱི་བོར་བླ་མ་བསྒོམ་པ་ཡུལ་གྱི་འདུ་ཤེས་ཞེས་དེ་ལ་རང་སྟོབས་ཀྱིས་གྲོལ་ན་ལོངས་སྤྱོད་རྫོགས་པའི་སྐུར་འཚང་རྒྱ་བ་ཡིན༔ དེ་ལྟར་མ་ནུས་ན༔ བླ་མ་དགེ་བའི་བཤེས་གཉེན་ཁྱད་པར་ཅན་གྱི་འཕོ་བས་མཚམས་སྦྱོར་དགོས་པ་ཡིན་ཏེ༔ དེ་ལ་འཕོ་བར་བྱ་བ་དང༔ འཕོ་བར་བྱེད་པ་དང་༔ འཕོ་བའི་ལམ་རྣམ་པ་གསུམ་ཡོད་པ་ལས༔ དེ་ལ་འཕོ་བར་བྱ་བ་ནི༔ ཁྱེད་རང་གི་རྣམ་པར་ཤེས་པ་ཡིན༔ འཕོ་བར་བྱེད་པ་ནི༔ སྡིག་པོ་ཆེ་བཙན་ཐབས་ཀྱིས་འཕོ་བའི་མན་ངག་ཡིན༔ འཕོ་བའི་ལམ་ནི་འོག་མིན་དག་པའི་ཞིང་ཁམས་བདེ་བ་ཅན་གྱི་གཙོ་བོ་སངས་རྒྱས་འོད་དཔག་མེད་ཀྱི་ཐུགས་ཀར་འཕོ་བ་ཡིན་ལ༔ ཇི་ལྟར་འཕོ་བའི་ཚུལ་ཡང་༔ ནང་བསྐྱེད་རིམ་གསལ་འདེབས་ཀྱི་འཕོ་བ་ནི༔ ཞིང་ཁམས་འདི་ཡང་ཐ་མལ་གྱི་གནས་འདི་ལྟ་བུ་མ་ཡིན་པར་ནུབ་ཕྱོགས་བདེ་ཆེན་དག་པའི་ཞིང་ཁམས༔ རང་ལུས་ཡང་རྡོས་བཅས་ཤ་ཁྲག་གི་ཕུང་པོ་འདི་ལྟ་བུ་མ་ཡིན་པར་དུས་གསུམ་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ་མ་ཅིག་ཡེ་ཤེས་མཚོ་རྒྱལ་སྐུ་མཚན་དང་དཔེ་བྱད་རྫོགས་པའི་ཁོང་པའི་རྩ་ཨ་ཝ་དྷུ་ཏི་མཚན་ཉིད་བཞི་དང་ལྡན་པ། རྒྱ་སྐྱེགས་ཀྱིས་བཙོས་པ་ལྟར་དམར་བ༔ པདྨའི་འདབ་མ་ལྟར་སྲབ་པ༔ ཏིལ་གྱི་མར་མེ་ལྟར་གསལ་བ༔ ཆུ་ཤིང་གི་སྡོང་པོ་ལྟར་དྲང་བ༔ སྦོམ་ཕྲ་མདའ་སྨྱུག་འབྲིང་པོའི་ཚད་ཙམ་པ༔ ཡར་སྣ་ཚངས་པའི་བུ་གར་ཧ་རེ་ཕྱེས་པ༔ མར་སྣ་ལྟེ་འོག་སོར་བཞིའི་ཐད་དུ་ཕུག་རྡུགས་སུ་ཡོད་པ༔ སྙིང་གར་ཚིགས་ཀྱིས་བཅད་པའི་སྟེང་དུ་རླུང་སེམས་འདུས་པའི་ངོ་བོ་ཐིག་ལེ་ལྗང་གུ་བྱ་མ་སར་གྱི་སྒོ་ང་ཙམ་འཕར་འདར་ལིང་ངེ་བ་གཅིག་ཏུ་གསལ༔ ཇི་སྐད་དུ༔ སྒོ་བརྒྱད་བཀག་ནས་སྒོ་གཅིག་ཕྱེ༔ ཞེས་མ་དག་འཁོར་བའི་སྒོ་རྣམས་ཏཾ་ཡིག་དམར་སེར་རེ་རེས་བཀག་པར་བསམ༔ དེ་ལྟ་བུར་གསལ་བའི་སྤྱི་བོར་པདྨ་དང་ཟླ་བའི་གདན་ལ་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་རྩ་བའི་བླ་མ་དེ་ཉིད་སངས་རྒྱས་འོད་དཔག་མེད་ཀྱི་མཚན་དང་དཔེ་བྱད་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པ༔ དེའི་འཁོར་དུ་སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ་དག་སངས་རྒྱས་བྱང་སེམས་རྩ་བརྒྱུད་བླ་མས་བསྐོར་ཞིང་མཐོང་ཐོས་དྲན་རེག་གི་འགྲོ་བ་མ་ལུས་པ་བདེ་ཆེན་དག་པའི་ཞིང་དུ་འཁྲིད་ཅིང་ཁྱད་པར་དམིགས་ཡུལ་རེ་ཞིང་ཆགས་པ་ལ་ཞལ་གྱིས་ཕྱོགས༔ སྤྱན་གྱིས་གཟིགས༔ ཐུགས་བརྩེ་བས་དགོངས་ཏེ་བཞུགས་པར་མོས་ཤིག༔ ཨེ་མ་ཧོ༔ རང་ཉིད་གནས་པའི་འཇིག་རྟེན༴སོགས། འཕོ་བར་ཤོག༔ ཞེས་དང་། ཁྱེད་རང་གི་རིག་པ་སེམས་ཀྱི་ངོ་བོ་ཐིག་ལེ་ལྗང་གུ་དེ་ཉིད་འོག་རླུང་གིས་བཏེགས༔ བར་རླུང་བུམ་པ་ཅན་གྱིས་བསྡམ༔ སྟེང་རླུང་ཚངས་པའི་བུ་གར་དྲངས་ཏེ་སྐར་མདའ་ཆད་པ་བཞིན་ཧིཀ་གི་སྒྲ་དང་མཉམ་དུ་འོད་དཔག་མེད་ཀྱི་ཐུགས་ཀར་འཕོས་ཤིག༔ ཧིཀ་སྒྲ་བདུན་ནམ་ལྔ་ལ་སོགས༔ གང་འཚམས་འཕོས་བསམ་གསལ་བར་བརྗོད༔ འཕོ་བ་གཞན་ཡང་སྤྲོ་ན་འདིར་འདོན༔ མཐར་ནི་བསྐྱེད་རིམ་ལྷར་བསྡུ་ནི༔ སླར་ཡང་རྟེན་མཚོ་རྒྱལ་དུ་གསལ་བ་དེ་ཉིད་འོད་ཕུང་དུ་གྱུར་ནས་བླ་མའི་གསང་གསུམ་དང་དབྱེར་མེད་དུ་འདྲེས་པར་བསམ༔ ༧ གཏེར་སྟོན་ཞལ་རྒྱུན་བཞིན། ཨེ་མ་ཧོ༔ མཚོ་རྒྱལ་འོད་ཞུ་སྤྱི་བོའི༴སོགས། དཔལ་དུ་ཤོག༔ ཞེས་ཕཊཿལྔའམ་གསུམ་བརྗོད་དེ་སྐུ་ལྔ་སྐུ་གསུམ་མངོན་དུ་གྱུར་ནས་ཕྱིར་མི་ལྡོག་པར་བསམ་ལ༔ སྐྱེ་མེད་དགོངས་པའི་རྩལ་ལ་སྦྱངས༔ རྗེས་བསྔོ་སྨོན་གྱིས་མཐའ་བརྒྱན་པར་བྱའོ༔ ཨེ་མ༔ མ་བསྒོམ་འཕོ་བའི་ཁྱད་ཆོས་དཔག་བསམ་ཤིང་༔ མཚམས་སྦྱོར་འདོད་ལྔའི་འབྲས་བཟང་ཆེར་རྒྱས་པ༔ གང་ཟག་ལས་སྐལ་ལྡན་པས་ལོངས་སུ་སྤྱོད༔ ཚེ་གཅིག་འཇའ་ལུས་འགྲུབ་པའི་རྒྱགས་ཕྱེའོ༔ ཅེས་དུས་བབས་གཏེར་སྟོན་མཆོག་གྱུར་ལུང་རིག་གླིང་པའི་དག་སྣང་གི་ཆོས་སྡེ་ལས་བྱུང་བའི་འཕོ་བའི་མཚམས་སྦྱོར་གཤིན་པོར་འདོན་བདེར་བཀོད་པ་འདི་རང་རིག་དོན་གྱི་རྣལ་འབྱོར་གཉན་ས་རི་ཁྲོད་འགྲིམ་པའི་བྱ་བཏང་འཇམ་དབྱངས་མཚན་ཅན་གྱིས་བསྐུལ་ངོ་མི་ལྡོག་པའི་ཆེད་དུ་གཏེར་སྟོན་ཉིད་ཀྱི་ཆོས་ལ་དབང་བར་ཁེ་འཆེ་བའི་དུག་ལྔའི་རྣལ་འབྱོར་གཞན་ཕན་མིང་གིས་བྲིས་པ་འབྲེལ་ཐོག་གི་སེམས་ཅན་ཐམས་ཅད་བདེ་ཆེན་ས་ལ་འགོད་པའི་རྒྱུར་གྱུར་ཅིག །

མ་བསྒོམ་འཕོ་བའི་གདམས་པ་སངས་རྒྱས་ལག་འཆང་།

༄༅། ཡང་གསང་མཁའ་འགྲོའི་ཐུགས་ཐིག་ལས༔ མ་བསྒོམ་འཕོ་བའི་གདམས་པ་སངས་རྒྱས་ལག་འཆང་བཞུགས་སོ༔

༄༅། ཡང་གསང་མཁའ་འགྲོའི་ཐུགས་ཐིག་ལས༔ འོད་མཚན་སྟོང་འབར་ཆ་ལག་ཏུ༔ མ་བསྒོམ་འཕོ་བའི་གདམས་པ༔ སངས་རྒྱས་ལག་འཆང་སྟོན༔ ས་མ་ཡཱ༔ ཚེ་མཐའ་ཡས་ལ་ཕྱག་འཚལ་ལོ༔ འཕོ་བ་སངས་རྒྱས་ལག་འཆང་འབྲི༔ གང་ཟག་རབ་འབྲིང་ཐ་མའི་ཁམས༔ རབ་ཀྱིས་ལྟ་བ་རྒྱས་འདེབས་འཕོ༔ འབྲིང་གིས་བསྐྱེད་རྫོགས་ཟུང་འཇུག་འཕོ༔ ཐ་མས་སྟོང་ཉིད་སྙིང་རྗེས་འཕོ༔ འོད་ཀྱི་གོང་བུ་ཧིཀ་གིས་འཕོ༔ རྟེན་ཡོད་རྟེན་མེད་ལ་སོགས་པ༔ འཕོ་བའི་རིམ་པ་དུ་མ་ལས༔ འདིར་ནི་ཨོ་རྒྱན་སངས་རྒྱས་ཀྱིས༔ འོད་དཔག་མེད་ལ་གདམས་ངག་ཞུས༔ བསྐྱེད་རྫོགས་སྟོང་ཉིད་སྙིང་རྗེ་དང༔ རྗེས་དྲན་ཟབ་མོ་འཕོ་ཚུལ་བསྟན༔ སྦྱོར་བ་སྔོན་འགྲོས་རྒྱུད་སྦྱངས་ནས༔ དངོས་གཞི་ལུས་ཀྱི་སྟོང་ར་དང༔ དག་པ་རྩ་ཡི་སྟོང་ར་དང༔ མི་ཤིགས་ཐིག་ལེའི་སྟོང་ར་བསྒོམས༔ དེ་གསུམ་གནད་ལ་བསྣུན་པའི་ཐབས༔ སྟོང་ཉིད་སྙིང་རྗེའི་གདེངས་ལྡན་པས༔ ཨེ་མ་ཧོ༔ རང་ཉིད་གནས་པའི་འཇིག་རྟེན་ཁམས་འདི་དག༔ སྡུག་བསྔལ་དང་བྲལ་བདེ་ལྡན་སྤྲུལ་པའི་གནས༔ པདྨ་འོད་ཀྱི་མཚན་ཉིད་བཀོད་པ་རྫོགས༔ དེ་དབུས་ཆུ་སྐྱེས་གེ་སར་བཞད་པའི་སྟེང༔ ཁུ་རྡུལ་རྣམ་པར་དག་པ་ཉི་ཟླའི་ཁར༔ རང་ལུས་གནས་གྱུར་རྒྱལ་བའི་ཡུམ་ཆེན་མོ༔ ཡེ་ཤེས་མཚོ་རྒྱལ་དམར་གསལ་ལོངས་སྤྱོད་རྫོགས༔ ཕྱག་གཡས་གྲི་ཁུག་སྐྱེ་ཤིའི་རྩ་བ་གཅོད༔ གཡོན་པ་ཐོད་ཁྲག་འཁོར་བ་དབྱིངས་སུ་རོལ༔ སྤྱན་གསུམ་དམར་ཟླུམ་སྐུ་གསུམ་ཡེ་ཤེས་སྟོན༔ ཞབས་གཉིས་བཞེངས་སྟབས་འགྲོ་དོན་སྐྱོ་དུབ་བྲལ༔ འཁོར་བའི་སྒོ་བརྒྱད་བཾ་ཡིག་བརྒྱད་ཀྱིས་བཀག༔ དེ་དབུས་སྙིང་པོས་སྲོག་ཤིང་དབུ་མའི་རྩ༔ མཚན་ཉིད་བཞི་ལྡན་ཆོས་སྐུ་ཡེ་ཤེས་མཚོན༔ རོ་རྐྱང་ལོངས་སྤྲུལ་རེ་རེ་མཚན་ཉིད་བཞི༔ ཡེ་ལྡན་འཁོར་ལོ་བཞི་ཡི་ཕོ་བྲང་གནས༔ སྙིང་གར་ཆོས་འཁོར་སྙིང་དབུས་གེ་སར་སྟེང༔ རླུང་སེམས་དྭངས་མ་ལྔ་ལྡན་ཐིག་ལེ་ནི༔ མ་སར་བྱ་ཡི་སྒོ་ང་གསལ་འཚེར་སྣུམ༔ འཕར་འདར་ལིང་ངེ་གནས་པ་ཧིཀ་གིས་བསྐུལ༔ དབུ་མའི་ཡར་སྣེ་སྤྱི་བོར་ཟང་ཐལ་ལེ༔ གཙུག་སྟེང་པདྨ་སྟོང་ལྡན་ཟེའུ་འབྲུའི་ཁར༔ ཐབས་ཤེས་ཉི་ཟླ་རྨ་བྱའི་ཁྲི་འུའི་སྟེང༔ རྒྱལ་ཀུན་གསུང་གི་དབང་ཕྱུག་ཚེ་མཐའ་ཡས༔ རྒྱལ་བ་འོད་མཚན་སྟོང་འབར་བཅུ་ཕྲག་དང༔ བཅུ་གཉིས་རྒྱན་སྤྲས་མཚན་དཔེའི་ཡོན་ཏན་རྫོགས༔ ཕྱག་གཉིས་མཉམ་བཞག་སྟེང་ན་ལྷུང་བཟེད་འཛིན༔ ཆོས་གོས་རྣམ་གསུམ་གསོལ་ཞིང་ལོངས་སྤྲུལ་སྐུའི༔ བདག་ཉིད་སངས་རྒྱས་ཀུན་འདུས་ངོ་བོར་གསལ༔ བྱམས་བརྩེའི་ཐུགས་ཀྱིས་བདག་ལ་དགོངས་བཞིན་བཞུགས༔ གཡས་གཡོན་སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ༔ ལོངས་སྐུའི་རྒྱན་རྫོགས་ཕྱག་གཡས་སྐྱབས་སྦྱིན་མཛད༔ གཡོན་གཉིས་དཀོན་མཆོག་གསུམ་མཚོན་ཕྱག་རྒྱ་ཡིས༔ ཨུཏྤལ་ལ་གནས་ཕྲེང་བ་རྡོ་རྗེས་མཚན༔ ཞབས་གཉིས་མཉམ་བཞག་པད་ཟླའི་གདན་ལ་བཞུགས༔ བདག་སོགས་འགྲོ་ལ་ཞལ་ཕྱོགས་སྤྱན་གྱིས་གཟིགས༔ ཐུགས་ཀྱིས་དགོངས་ཤིང་དེད་དཔོན་ཆེན་པོར་བཞུགས༔ གཙོ་བོ་གསུམ་གྱི་སྤྱི་བོར་པད་ཟླའི་སྟེང༔ རྫོགས་ཆེན་རྩ་བ་བརྒྱུད་པའི་བླ་མ་བཞུགས༔ བར་དུ་ཡི་དམ་ཐེག་པ་རིམ་དགུ་ཡི༔ ལྷ་ཚོགས་འཁོར་ལོའི་རྣམ་པར་ཁྲོམ་ལྟར་བཞུགས༔ འོག་ཏུ་ཕྲིན་ལས་མ་རྒྱུད་མཁའ་འགྲོ་དང༔ ཤུགས་འགྲོ་གནས་གསུམ་ཌཱཀྐི་འཛུམ་བཅས་བཞུགས༔ མཐའ་སྐོར་མ་མགོན་གཟའ་བཙན་དམ་ཅན་སྡེ༔ སྲུང་མ་ལྕམ་དྲལ་རྒྱ་མཚོ་འཁོར་བཅས་བཞུགས༔ ཀུན་ཀྱང་ངན་སོང་འགྲོ་བའི་སྡུག་བསྔལ་དང༔ དམིགས་ཡུལ་ཚེ་འདས་འདྲེན་པའི་དགོངས་གནད་ཅན༔ བདག་གཞན་རེ་ས་ཁྱེད་ལས་གཞན་ན་མེད༔ གསོལ་བ་མོས་གུས་སྙིང་གི་དཀྱིལ་ནས་འདེབས༔ འཕོ་ཆེན་གཞོན་ནུ་བུམ་སྐུ་འགྲུབ་པར་གྱུར༔ ཞེས་པའི་གསོལ་བ་འདེབས་པའི་ཚིག༔ ཨེ་མ་ཧོ༔ ཤིན་ཏུ་ངོ་མཚར་འོད་དཔག་མེད་མགོན་དང༔ ཐུགས་རྗེ་ཆེན་པོ་ཕྱག་རྡོར་མཐུ་ཆེན་ཐོབ༔ བདག་སོགས་རྩེ་གཅིག་ཡིད་ཀྱིས་གསོལ་བ་འདེབས༔ ཟབ་ལམ་འཕོ་བ་འབྱུང་བར་བྱིན་གྱིས་རློབས༔ བདག་སོགས་ནམ་ཞིག་ཚེ་ཡི་དུས་བྱས་ཚེ༔ ཚེ་འདས་ལ༔ འཇིག་རྟེན་ཕྱི་མར་སོང་བའི་ཚེ་འདས་ཀྱི༔ རྣམ་ཤེས་བདེ་ཆེན་འཕོ་བར་བྱིན་གྱིས་རློབས༔ ཞེས་པའི་གསོལ་འདེབས་བརྒྱ་སྟོང་ཁྲི༔ ལོང་བའི་སྐབས་དང་འཕོ་ཚད་བཞིན༔ བཟླ་བ་དགོངས་པའི་ཚད་དང་བསྟུན༔ འདི་ཡི་ལམ་གྱིས་འཕོ་བ་ནི༔ ཐ་སྙད་དགེ་སྡིག་ལ་མི་ལྟོས༔ ཉིན་བཞིན་བྲམ་ཟེ་གསོད་པ་དང༔ མཚམས་མེད་ལྔ་ལ་སྤྱོད་པ་ཡང༔ འདི་ཡིས་གྲོལ་བ་གདོན་མི་ཟ༔ རབ་ཀྱིས་དག་པའི་ཞིང་ལ་སྦྱོར༔ འབྲིང་གིས་ལྷ་གནས་གཙང་མར་བགྲོད༔ ཐ་མས་མི་ལུས་ཆོས་ལྡན་ཐོབ༔ ཐེ་ཚོམ་མ་བྱེད་རིགས་ཀྱི་བུ༔ རྡོ་རྗེ་འཆང་གི་གསང་བའི་ཚིག༔ ཡེ་ཤེས་མཁའ་འགྲོའི་ཞལ་ལུང་ཡིན༔ ས་མ་ཡཱ༔ དེ་ནས་བརྒྱུད་པའི་གསོལ་འདེབས་ཀྱིས༔ སྙན་གསན་དབབ་ཅིང་རྒྱུད་སྐུལ་ཚིག༔ ཨེ་མ་ཧོ༔ གནས་འོག་མིན་དབྱིངས་ཡུམ་བཙུན་མོའི་མཁའ༔ དོན་ཡེ་ཤེས་ཆོས་སྐུ་རྡོ་རྗེ་འཆང༔ བདག་གསོལ་བ་འདེབས་སོ་ཐུགས་རྒྱུད་བསྐུལ༔ ལམ་ཟབ་མོ་འཕོ་བའི་ཆོས་སྒོ་ཕྱེ༔ གནས་བདེ་ཆེན་བགྲོད་པར་བྱིན་གྱིས་རློབས༔ དོན་ངེས་པ་ལྔ་ལྡན་ཞིང་ཁམས་ནས༔ ལྷ་རྒྱལ་བ་རིགས་ལྔའི་སངས་རྒྱས་ལ༔ བདག་གསོལ་བ་འདེབས་སོ་ཐུགས་རྒྱུད་བསྐུལ༔ ལམ་ཟབ་མོ་འཕོ་བའི་ཆོས་སྒོ་ཕྱེ༔ གནས་བདེ་ཆེན་བགྲོད་པར་བྱིན་གྱིས་རློབས༔ ནུབ་བདེ་ཆེན་རྣམ་པར་དག་ཞིང་ནས༔ མགོན་རྒྱལ་བ་འོད་མཚན་སྟོང་འབར་ལ༔ བདག་གསོལ་བ་འདེབས་སོ་ཐུགས་རྒྱུད་བསྐུལ༔ ལམ་ཟབ་མོ་འཕོ་བའི་ཆོས་སྒོ་ཕྱེ༔ གནས་བདེ་ཆེན་བགྲོད་པར་བྱིན་གྱིས་རློབ༔ ས་བཅུ་པའི་དཔལ་ཡོན་རབ་རྫོགས་སྐུ༔ སྲས་ཐུ་བོ་སྤྱན་གཟིགས་མཐུ་ཆེན་ཐོབ༔ བདག་གསོལ་བ་འདེབས་སོ་ཐུགས་རྒྱུད་བསྐུལ༔ ལམ་ཟབ་མོ་འཕོ་བའི་ཆོས་སྒོ་ཕྱེ༔ གནས་བདེ་ཆེན་བགྲོད་པར་བྱིན་གྱིས་རློབས༔ ཞིང་ཕྱོགས་བཅུའི་རབ་འབྱམས་མུ་མེད་ན༔ སྐུ་འཚོ་ཞིང་གཞེས་པའི་རྒྱལ་དང་སྲས༔ བདག་གསོལ་བ་འདེབས་སོ་ཐུགས་རྒྱུད་བསྐུལ༔ ལམ་ཟབ་མོ་འཕོ་བའི་ཆོས་སྒོ་ཕྱེ༔ གནས་བདེ་ཆེན་བགྲོད་པར་བྱིན་གྱིས་རློབས༔ ལས་དྲུག་གིས་སྡུག་བསྔལ་བརྒྱུད་མར་མནར༔ མཚན་ཐོས་པས་འགྲོ་སྒྲོལ་བདེ་གཤེགས་བརྒྱད༔ བདག་གསོལ་བ་འདེབས་སོ་ཐུགས་རྒྱུད་བསྐུལ༔ ལམ་ཟབ་མོ་འཕོ་བའི་ཆོས་སྒོ་ཕྱེ༔ གནས་བདེ་ཆེན་བགྲོད་པར་བྱིན་གྱིས་རློབས༔ དཔལ་པདྨ་འོད་ཀྱི་ཕོ་བྲང་ནས༔ རིག་འཛིན་ཀྱི་གྲུབ་བརྙེས་ཐོད་ཕྲེང་རྩལ༔ བདག་གསོལ་བ་འདེབས་སོ་ཐུགས་རྒྱུད་བསྐུལ༔ ལམ་ཟབ་མོ་འཕོ་བའི་ཆོས་སྒོ་ཕྱེ༔ གནས་བདེ་ཆེན་བགྲོད་པར་བྱིན་གྱིས་རློབས༔ གནས་གཡུ་ལོ་བཀོད་པའི་ཞིང་ཁམས་ནས༔ རྗེ་འཕགས་མ་ཨཱརྱ་ཏཱ་རེ་མ༔ བདག་གསོལ་བ་འདེབས་སོ་ཐུགས་རྒྱུད་བསྐུལ༔ ལམ་ཟབ་མོ་འཕོ་བའི་ཆོས་སྒོ་ཕྱེ༔ གནས་བདེ་ཆེན་བགྲོད་པར་བྱིན་གྱིས་རློབས༔ སྒྲགས་མདའ་ཡི་དྷུ་མ་ཐ་ལ་ནས༔ མཁའ་སྤྱོད་ཀྱི་མཁའ་འགྲོ་མཚོ་རྒྱལ་ལ༔ བདག་གསོལ་བ་འདེབས་སོ་ཐུགས་རྒྱུད་བསྐུལ༔ ལམ་ཟབ་མོ་འཕོ་བའི་ཆོས་སྒོ་ཕྱེ༔ གནས་བདེ་ཆེན་བགྲོད་པར་བྱིན་གྱིས་རློབས༔ གནས་ཟངས་རི་མཁར་དམར་གྱི་གནས་མཆོག་ན༔ རྗེ་མ་ཅིག་ལབ་ཀྱི་སྒྲོན་མ་ལ༔ བདག་གསོལ་བ་འདེབས་སོ་ཐུགས་རྒྱུད་བསྐུལ༔ ལམ་ཟབ་མོ་འཕོ་བའི་ཆོས་སྒོ་ཕྱེ༔ གནས་བདེ་ཆེན་བགྲོད་པར་བྱིན་གྱིས་རློབས༔ ཕུར་བ་ཡི་གྲུབ་ཐོབ་མཁར་ཆེན་གྱི༔ དབང་ཕྱུག་གི་མངའ་བདག་བརྟུལ་ཞུགས་ཅན༔ བདག་གསོལ་བ་འདེབས་སོ་ཐུགས་རྒྱུད་བསྐུལ༔ ལམ་ཟབ་མོ་འཕོ་བའི་ཆོས་སྒོ་ཕྱེ༔ གནས་བདེ་ཆེན་བགྲོད་པར་བྱིན་གྱིས་རློབས༔ རྒྱ་བོད་ཀྱི་ཚོང་འདུས་ཆོས་ལ་འགྲིམས༔ ཨ་ཙ་ར་ཡེ་ཤེས་དབྱངས་ཉིད་ལ༔ བདག་གསོལ་བ་འདེབས་སོ་ཐུགས་རྒྱུད་བསྐུལ༔ ལམ་ཟབ་མོ་འཕོ་བའི་ཆོས་སྒོ་ཕྱེ༔ གནས་བདེ་ཆེན་བགྲོད་པར་བྱིན་གྱིས་རློབས༔ སྣང་སྲིད་དུ་དག་པ་འབྱམས་སུ་ཀླས༔ གཏེར་ཆེན་གྱི་བླ་མ་ལུང་རིག་གླིང༔ བདག་གསོལ་བ་འདེབས་སོ་ཐུགས་རྒྱུད་བསྐུལ༔ ལམ་ཟབ་མོ་འཕོ་བའི་ཆོས་སྒོ་ཕྱེ༔ གནས་བདེ་ཆེན་བགྲོད་པར་བྱིན་གྱིས་རློབས༔ གསང་ཆེན་གྱི་ལྟ་བ་ཟོལ་ཟོག་བྲལ༔ དག་སྣང་གི་མཛོད་འཛིན་ཡེ་ཤེས་གླིང༔ བདག་གསོལ་བ་འདེབས་སོ་ཐུགས་རྒྱུད་བསྐུལ༔ ལམ་ཟབ་མོ་འཕོ་བའི་ཆོས་སྒོ་ཕྱེ༔ གནས་བདེ་ཆེན་བགྲོད་པར་བྱིན་གྱིས་རློབས༔ བརྒྱུད་ལྡན་གྱི་ཆུ་བོ་རྙོག་མེད་ལ༔ རྩ་བརྒྱུད་ཀྱི་བླ་མ་ཆོས་ལ་དབང༔ བདག་གསོལ་བ་འདེབས་སོ་ཐུགས་རྒྱུད་བསྐུལ༔ ལམ་ཟབ་མོ་འཕོ་བའི་ཆོས་སྒོ་ཕྱེ༔ གནས་བདེ་ཆེན་བགྲོད་པར་བྱིན་གྱིས་རློབས༔ སྙིང་རྗེ་ཡི་མཆོག་གྱུར་ཡི་དམ་ལྷ༔ འཕགས་པ་ནི་རྒྱལ་བ་རྒྱ་མཚོ་ལ༔ བདག་གསོལ་བ་འདེབས་སོ་ཐུགས་རྒྱུད་བསྐུལ༔ ལམ་ཟབ་མོ་འཕོ་བའི་ཆོས་སྒོ་ཕྱེ༔ གནས་བདེ་ཆེན་བགྲོད་པར་བྱིན་གྱིས་རློབས༔ མཁའ་ལ་ནི་ཐུགས་རྗེའི་ཤུགས་ཀྱིས་འགྲོ༔ གནས་གསུམ་གྱི་མ་མོ་མཁའ་འགྲོ་ལ༔ བདག་གསོལ་བ་འདེབས་སོ་ཐུགས་རྒྱུད་བསྐུལ༔ ལམ་ཟབ་མོ་འཕོ་བའི་ཆོས་སྒོ་ཕྱེ༔ གནས་བདེ་ཆེན་བགྲོད་པར་བྱིན་གྱིས་རློབས༔ ལེགས་ཉེས་ཀྱི་སྟངས་འཛིན་དམ་རྗེས་གཅོད༔ མ་མགོན་གྱི་ཆོས་སྐྱོང་ལྕམ་དྲལ་ལ༔ བདག་གསོལ་བ་འདེབས་སོ་ཐུགས་རྒྱུད་བསྐུལ༔ ལམ་ཟབ་མོ་འཕོ་བའི་ཆོས་སྒོ་ཕྱེ༔ གནས་བདེ་ཆེན་བགྲོད་པར་བྱིན་གྱིས་རློབས༔ འཕོ་བྱ་དང་འཕོ་བྱེད་བྲལ་བའི་བྱ་བཏང་གིས༔ ལུས་གནས་ཀྱི་ཡེ་ཤེས་བརྗོད་མེད་ཕྱག་རྒྱ་ཆེ༔ དེ་ཉིད་ལས་གཞན་ན་སངས་རྒྱས་ནི་རིས་མེད་ཀྱི༔ རང་གྲོལ་གྱི་བདེ་གཤེགས་སྙིང་པོ་དེ་འགྲུབ་གྱུར་ཅིག༔ དེ་ནས་ཧིཀ་དང་ཕཊ་ཀྱི་སྒྲ་དྲག་པོ་བརྗོད་པའི་ཚེ་སྙིང་གའི་རྣམ་པར་ཤེས་པའི་ངོ་བོ་ཐིག་ལེ་དེ་ཉིད་ནམ་མཁའི་སྐར་མདའ་ཡར་བ་ལྟར་རྩ་དབུ་མའི་ལམ་བརྒྱུད་དེ་སོང་བ་སྤྱི་གཙུག་ནས་ཐོན༔ སངས་རྒྱས་འོད་དཔག་མེད་པའི་ཐུགས་ཀར་ཐིམ་ནས་ཐུགས་ཡིད་དབྱེར་མེད་དུ་འདྲེས་ནས་འོག་མིན་མཁའ་སྤྱོད་དུ་གཤེགས་པར་བསམ༔ འཕོ་བྱ་འཕོ་བྱེད་བྲལ་བ་དེ༔ ཆོས་སྐུ་ལྟ་བ་རྒྱས་འདེབས་ཡིན༔ ཕྱི་ནང་རྩ་ཡི་སྟོང་ར་བསྐྱེད༔ ལོངས་སྐུ་བསྐྱེད་རྫོགས་ཟུང་འཇུག་འཕོ༔ སྙིང་རྗེ་ཚད་མེད་གདུང་ཤུགས་བསྐྱེད༔ སྤྲུལ་སྐུ་ཚད་མེད་སྙིང་རྗེ་ཡི༔ འཕོ་ཚུལ་དེ་སོགས་ཤེས་པར་བྱ༔ རྩ་ཐིག་རླུང་གསུམ་རྣམ་དག་པའི༔ བདེ་སྟོང་རླུང་གི་རྫོགས་རིམ་ལས༔ གང་ཟག་རླུང་གི་རྣལ་འབྱོར་བས༔ དང་པོ་རླུང་གི་རོ་དགུ་སྤྲུགས༔ དེ་ནས་བུམ་ཅན་གནད་ལ་བསྣུན༔ འོག་རླུང་གྱེན་ལ་འདྲེན་བྱ་ཞིང༔ བར་རླུང་ཐད་སོར་བརྒྱང་བྱས་ཏེ༔ སྟེང་རླུང་སྤྱི་གཙུག་མཁའ་ལ་འཕངས༔ གཙུག་ཏོར་ནམ་མཁའི་འཁོར་ལོར་འཕོ༔ བདེ་གཤེགས་རྒྱལ་བའི་སྲས་སུ་འགྱུར༔ ས་མ་ཡཱ༔ མཐར་ནི་མི་དམིགས་གཤིས་ལ་ཀློད༔ ཡང་ན་རྫོགས་པའི་རིམ་པ་ནི༔ འོད་དཔག་མེད་ཀྱི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས༔ བདག་ལུས་མཚོ་རྒྱལ་དུ་གསལ་བའི་སྙིང་གར་རེག་པ་ཙམ་གྱིས་འོད་དམར་གྱི་གོང་བུ་ཞིག་ཏུ་གྱུར་ནས་འོད་མཚན་སྟོང་འབར་གྱི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་འདྲེས༔ སླར་ཡང་འདོད་ཡོན་མཆོད་པའི་ལོངས་སྤྱོད་དུ་དམིགས་ལ་ཚེ་འདས་ཀྱི་རྟོག་ཚོགས་དྲུག་གི་ཞེན་སྣང་དབྱིངས་སུ་དག་པར་བསམ༔ མཐར་ནི་བདེ་ཆེན་ཞིང་བཀོད་ཀྱི༔ མདོ་དང་སྨོན་ལམ་རྣམ་བཞི་ཡིས༔ བདེ་གཤེགས་ཞིང་བགྲོད་རྒྱུ་བཞི་བསྒྲུབ༔ རང་བཞིན་ཡོངས་ལ་ཕན་པའི་མཆོག༔ མ་བསྒོམས་ཆོས་ལྔའི་ནང་ནས་ཀྱང༔ ཟབ་པའི་མཐར་ཐུག་རྒྱ༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དང༔ ཨ་ཙར་ཡེ་ཤེས་དབྱངས་ཉིད་ཀྱི༔ ཐུགས་བཅུད་སངས་རྒྱས་ལག་བཅང་ཞེས༔ དུས་སྙིགས་སུམ་ཅུའི་ལྔ་བདོའི་དུས༔ རྒྱ་བོད་ཧོར་སོག་ཆ་ལུགས་འདྲེས༔ རྗེ་འཕྲུལ་ལྕགས་ཀྱི་རཱ་ཛ་ཡི༔ མངའ་ཐང་ཅུང་ཟད་འཆོལ་བའི་དུས༔ ལོ་ཙཱའི་སྤྲུལ་པ་གཞན་ལ་ཕན༔ ཟབ་གསང་གཏེར་ལ་སྤྱོད་པའི་ཚེ༔ རང་གཞན་ཆོས་ཀྱིས་འཚང་བ་འབྱུང༔ བྱ་ཐུལ་དམ་སྲིས་མ་འཚེ་ཞིང༔ རྡོ་རྗེ་གཞོན་ནུས་བསྲུང་བ་དང༔ དྲང་སྲོང་ཆེན་པོས་འཚོས་པ་ན༔ བསྟན་འཛིན་ཆོས་ཀྱི་བདག་པོ་དང༔ འཕྲད་ནས་འགྲོ་ལ་སྤེལ་ཐུབ་ཚེ༔ འབུམ་ལྔའི་སེམས་ཅན་བདེ་ལ་འགོད༔ ཆོས་འདིར་དབང་བ་བཅུ་ཕྲག་འབྱུང༔ གསུམ་གྱི་ལག་གཡོན་སྨེ་བས་བརྒྱན༔ གསུམ་གྱི་གནས་གསུམ་སྨེ་ཐིག་བཀྲ༔ བཞི་ཡི་ཞབས་ཀྱི་མཐིལ་དང་ནི༔ འགྲམ་གཡོན་སྨེ་བའི་ཐིག་ལེ་ཤར༔ དེ་སོགས་རང་རང་སྐྱེས་བུ་ནི༔ འབངས་རིགས་གྲུབ་པའི་དཔའ་བོ་དང༔ པདྨའི་ཞལ་མཇལ་དབང་གིས་སྨིན༔ རིག་པ་འཛིན་པ་ཤ་སྟག་ཡིན༔ དེ་རྣམས་ཀྱིས་ནི་རིམ་བཞིན་སྤེལ༔ འགྲོ་དོན་མཐའ་ནས་མཐའ་རུ་འཁྱོལ༔ ས་མ་ཡཱ༔ ཞེས་པའི་འཕོ་བའི་ཟབ་ཆོས་འདི་ནི༔ རང་བྱུང་ཀློང་གི་མཛོད་ལས་ཤར་ཡང་ལེ་ལོ་ཕྱི་བཤོལ་གྱི་དབང་དུ་ལུས་སོང་བའི་མཐར་དུས་ལ་བབ་ཚེ་ལས་ལྡན་སྤྲུལ་པའི་གང་ཟག་པདྨའི་ལུང་གིས་བསྔགས་པའི་བུ་དབྱི་ཁོག་པ་བློ་གྲོས་རབ་གསལ་དང༔ འཁོར་སར་བ་བློ་གྲོས་རྒྱ་མཚོ་དང༔ འོ་བཟིའི་དགེ་སྦྱོང་པདྨ་བསྟན་འཛིན་སོགས་ཆོས་བདག་དུ་མས་བསྐུལ་ངོར༔ དགེ་སློང་དགེ་བའི་བཤེས་གཉེན་བདག་ཉིད་སྤྲུལ་སྐུ་གཞན་ཕན་ཐུབ་བསྟན་ཉི་མ་དཔལ་བཟང་པོར་འབོད་པས་སྤེལ་བ་ཡོངས་ལ་དགེ་ཞིང་འགྲོ་ཀུན་ནུབ་ཕྱོགས་བདེ་ཆེན་གླིང་དུ་ཕྱིན་པར་གྱུར་ཅིག༔

འཕོ་བ་ཡེ་ཤེས་སྒོ་འབྱེད་རིག་འཛིན་རྡོ་རྗེ་གྲོ་ལོད་ཀྱི་གཏེར་ཁ།

ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ འཕོ་བ་ཡེ་ཤེས་སྒོ་འབྱེད་བཞུགས༔ ན་མོ་གུ་རུ་ས་ར་ཧ་པ་ཡེ༔ མ་འོངས་རྒྱུད་འཛིན་རྣམས་ཀྱི་ལམ༔ འཕོ་བ་ཡེ་ཤེས་སྒོ་འབྱེད་སྟོན༔ ཉམས་ལེན་ཚགས་སུ་ཚུད་མཛོད་ཅིག༔ ལས་ཅན་ཐར་ལམ་བགྲོད་འདོད་རྣམས༔ སྦྱངས་པ་སྔོན་དུ་མ་སོང་ན༔ དུས་ལ་བབ་ཚེ་གྲོལ་མི་འགྱུར༔ དུས་དང་རྣམ་པ་ཐམས་ཅད་དུ༔ ཉམས་ལེན་གནད་དང་མི་འབྲལ་གཅེས༔ ས་མ་ཡཱ༔ སྐྱབས་འགྲོ་སེམས་བསྐྱེད་སྔོན་སོང་ནས༔ ཟབ་ལམ་ཉམས་སུ་ལེན་པ་ལ༔ ཕཊ༔ སྣང་སྲིད་དག་པ་མཁའ་སྤྱོད་ཞིང༔ བདེ་ཆེན་འགྱུར་མེད་བཀོད་པ་རྫོགས༔ ཆུ་སྐྱེས་གེ་སར་བཞད་པའི་ཁར༔ ཉི་མའི་གདན་སྟེང་འོད་ཐིག་ཀློང༔ རང་ལུས་རྡོ་རྗེ་རྣལ་འབྱོར་མ༔ ལྗང་གསལ་གྲི་ཐོད་ཁ་ཊཱཾ་ཀ༔ ཞི་འཛུམ་འདོར་སྟབས་རུས་རྒྱན་གསོལ༔ སྐུ་དབུས་ཡར་གྱི་ཟང་ཐལ་ལམ༔ སྒོ་ཡི་དྭངས་མ་ཡེ་ཤེས་རྩ༔ དྲང་གསལ་སྣུམ་གསལ་མཚན་ཉིད་རྫོགས༔ དཀར་དམར་མཐིང་གའི་ཁ་དོག་འཆར༔ མར་སྣ་རྐང་མཐིལ་གཉིས་སུ་འགགས༔ ཡར་སྣ་སྤྱི་བོར་ཐ་ལེར་ཟུག༔ བདེ་སྐྱོང་འཁོར་ལོར་སྒྲོལ་མ་ལྗང༔ སྤྲུལ་པའི་འཁོར་ལོར་སྤྱན་མ་སེར༔ ཆོས་ཀྱི་འཁོར་ལོར་མ་ཀི་དཀར༔ ལོངས་སྤྱོད་འཁོར་ལོར་གོས་དཀར་དམར༔ བདེ་ཆེན་འཁོར་ལོར་དབྱིངས་ཕྱུག་མཐིང༔ ཡེ་ཤེས་འཁོར་ལོ་འོག་མིན་ཞིང༔ མ་བཙལ་རྫོགས་ལྡན་རང་བྱུང་བསྒོམ༔ རྐང་མཐིལ་ཐབས་ཤེས་ཐིག་ལེ་ནི༔ དཀར་དམར་གསལ་འཚེར་སྣུམ་འདྲིལ་འཕར༔ མ་སར་བྱ་ཡི་སྒོ་ང་ཙམ༔ ཡར་འཕར་གསང་བར་ཁ་སྦྱོར་ནས༔ དབྱིངས་ཀྱི་ཡུམ་ལྔའི་ཐུགས་བརྒྱུད་དེ༔ གཙུག་ཏོར་འཁོར་ལོར་ཞིང་བཀོད་རྒྱལ༔ ཕཊ༔ ཕཊ༔ ཕཊ༔ རྐང་མཐིལ་ཐབས་ཤེས་ཀྱི་ཐིག་ལེ་དེ་གཉིས་ཡར་སྤར་ནས་གསང་གནས་སུ་ཁ་སྦྱོར་ནས་གསང་གནས་བདེ་སྐྱོང་འཁོར་ལོའི་དམ་ཚིག་སྒྲོལ་མའི་ཐུགས་ཀར་འཕོ༔ དེ་ནས་ལྟེ་བ་སྤྲུལ་པའི༔ སྙིང་ཁ་ཆོས་ཀྱི༔ མགྲིན་པ་ལོངས་སྤྱོད༔ སྤྱི་བོ་སོགས་འཁོར་ལོ་ལྔའི་གནས་སུ་སྤྱན་མ་མ་ཀི་གོས་དཀར་དང་དབྱིངས་ཕྱུག་ཡུམ་ལྔའི་ཐུགས་ཀར་འཕོ༔ སྤྱི་གཙུག་ཏུ་རྒྱང་གིས་ཕྱིན་ནས་ཡེ་ཤེས་ཀྱི་འཁོར་ལོ་དང་བསྲེས་ཏེ༔ རྟོག་མེད་ཀྱི་ངང་དུ་མཉམ་པར་བཞག་གོ༔ དེ་ནས་གསོལ་བ་འདེབས་པ་ནི༔ ཀྱེ༔ ཀུན་བཟང་རྡོར་སེམས་རྡོ་རྗེ་འཆང༔ དགའ་རབ་ཤྲཱི་སེང་པདྨ་འབྱུང༔ ས་ར་ཧ་དང་གྲུབ་བརྙེས་འབུམ༔ བླ་མ་རྣམས་ལ་གསོལ་བ་འདེབས༔ འཕོ་ཆེན་བུམ་སྐུར་བྱིན་གྱིས་རློབས༔ ཆོས་སྐུ་ཡུམ་ཆེན་རྣལ་འབྱོར་མ༔ ཁྲོས་མའི་སྒྱུ་འཕྲུལ་མཁའ་འགྲོ་འབུམ༔ ཨ་མ་ཡེ་ཤེས་མཚོ་རྒྱལ་ལ༔ གསོལ་བ་འདེབས་སོ་ཐུགས་རྒྱུད་བསྐུལ༔ འཇའ་ལུས་ཆེན་པོར་བྱིན་གྱིས་རློབས༔ ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེས༔ དབྱིངས་དང་ཡེ་ཤེས་གཉིས་མེད་ཀློང༔ འགྱུར་མེད་བཙན་ས་ཟིན་པར་ཤོག༔ ཕཊ༔སྒྲ་བདུན་གྱིས་ཐ་མ་ལ་གཙུག་ཏོར་ཡེ་ཤེས་ཀྱི་འཁོར་ལོར་བསྲེས་ཏེ་རྟོག་མེད་ཀྱི་ངང་དུ་མཉམ་པར་བཞག༔ ཡང་ཡང་སྦྱང་བའི་རྗེས་སུ་ནམ་མཁའི་ཀློང་ནས་རང་ཉིད་ཡེ་ཤེས་ཀྱི་མཁའ་འགྲོར་བབ༔ དེ་ནས་ལུས་ཀྱི་མཆོད་སྦྱིན་འདི་ལྟར་བྱའོ༔ ཕཊ༔ རང་ཉིད་ཡེ་ཤེས་ཁྲོས་མར་ལྡང༔ ཕྱག་གཡས་གྲི་ཁུག་ཚད་ཙམ་གྱིས༔ སྣང་སྲིད་ཁེབ་པའི་ཞིང་ལྤགས་གཞིར༔ ཤ་རི་ཁྲག་མཚོ་རུས་གྲམ་ཁྲོད༔ ཚིལ་ཞུན་མར་ཁུའི་རྒྱ་མཚོ་འཁྱིལ༔ ལྦུ་བ་ངད་རླངས་འདོད་དགུ་འཆར༔ ཆོས་དབྱིངས་དང་མཉམ་བྷན་སྣོད་དུ༔ ཀོ་རོ་ཙ་ན་བྱང་སེམས་བསྐྱིལ༔ འབྲུ་གསུམ་ནུས་པས་བྱིན་རླབས་ཏེ༔ སྐུ་གསུང་ཐུགས་ཀྱི་བདུད་རྩི་ལས༔ མཆོད་སྤྲིན་ནམ་མཁའ་མཉམ་པར་སྤེལ༔ ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་རླབས༔ ཕཊ༔ ཕཊ༔ ཕཊ༔ ཀུན་བཟང་རྡོར་སེམས་རྡོ་རྗེ་འཆང༔ དགའ་རབ་ཤྲཱི་སེང་པདྨ་འབྱུང༔ ས་ར་ཧ་དང་གྲུབ་བརྙེས་འབུམ༔ སྐུ་གསུམ་རྒྱུད་པའི་བླ་མ་མཆོད༔ ཕཊ༔ ཕཊ༔ ཕཊ༔ གསང་འདུས་མ་ཧཱ་མ་ཡ་དང༔ དུས་འཁོར་སྒྱུ་འཕྲུལ་ཀྱེ་རྡོ་རྗེ༔ ཟླ་གསང་དམ་ཚིག་བཀོད་དང་གདན༔ བདེ་མཆོག་བཀའ་བརྒྱད་ལ་སོགས་པའི༔ ཡི་དམ་དཀྱིལ་འཁོར་ལྷ་ཚོགས་མཆོད༔ འཁོར་བ་དོང་སྤྲུགས་ནུས་པར་ཤོག༔ ཕཊ༔ ཕཊ༔ ཕཊ༔ སངས་རྒྱས་ཆོས་དང་དགེ་འདུན་སོགས༔ དཀོན་མཆོག་སྲིད་ཞིའི་མགྲོན་རྣམས་མཆོད༔ ཡེ་ཤེས་མགོན་པོ་དཔལ་མགོན་སོགས༔ མགོན་པོ་ཡོན་ཏན་མགྲོན་རྣམས་མཆོད༔ ཕཊ༔ ཕཊ༔ ཕཊ༔ ལྷ་གཤིན་མ་བདུད་སྲིན་པོ་བཙན༔ གནོད་སྦྱིན་ཀླུ་བདུད་གཟའ་རྡོར་རྒྱལ༔ ཕྱོགས་སྐྱོང་དྲེགས་དཔོན་བསྟན་མ་སྐྱོང༔ བཀའ་ཡི་ལྷ་སྲིན་སྡེ་བརྒྱད་མཆོད༔ ཕཊ༔ ཕཊ༔ ཕཊ༔ རྒྱལ་པོ་བེ་ཧར་བེར་ནག་དང༔ ཙི་དམར་འགོང་པོ་ཕོ་གདོན་སྡེ༔ འཕྲོག་མ་མ་བུ་ལྔ་བརྒྱ་དང༔ བྱིས་པའི་གདོན་ཆེན་བཅོ་ལྔ་མཆོད༔ ཕཊ༔ ཕཊ༔ ཕཊ༔ འགབ་འདྲེ་དམ་སྲི་ཡུལ་འདྲེ་དང༔ ཟོ་དོར་གཉན་དང་གྲོང་འདྲེ་དང༔ དྲི་ཟ་གནས་གདོན་ཡུལ་གདོན་བཅས༔ སྣང་ཞིང་སྲིད་པའི་ལྷ་འདྲེ་ལ༔ གང་ལ་གང་མཁོའི་འདོད་ཡོན་སྦྱིན༔ ལྷག་མ་མེད་པར་ཧབ་ཐོབ་རོལ༔ ཕཊ༔ ཕཊ༔ ཕཊ༔ དམྱལ་བ་ཡི་དྭགས་དུད་འགྲོ་མི༔ ལྷ་དང་ལྷ་མིན་བར་དོ་བ༔ ཁམས་གསུམ་སེམས་ཅན་ཐམས་ཅད་མཆོད༔ ཐམས་ཅད་ངོམ་ཞིང་དགའ་མགུར་ཚིམ༔ སྦྱིན་པའི་ཕ་རོལ་ཕྱིན་གྱུར་ནས༔ ཚོགས་གཉིས་ཡོངས་སུ་རྫོགས་པར་ཤོག༔ ཕཊ༔ ཕཊ༔ ཕཊ༔ ལྷག་མ་མྱོང་གྲོལ་བདུད་རྩི་ཡིས༔ འོན་ལོང་ལྐུགས་པ་ཞ་བོ་དང༔ ཁས་ཞན་དབང་ཆུང་ཐམས་ཅད་མཆོད༔ སྡུག་བསྔལ་རྒྱུ་འབྲས་དང་བྲལ་ནས༔ བདེ་ཆེན་དག་པའི་ཀློང་དུ་འཕོས༔ སྐད་ཅིག་རྫོགས་སངས་རྒྱས་གྱུར་ཅིག༔ ཕཊ༔ ཕཊ༔ ཕཊ༔ མཆོད་བྱ་མཆོད་བྱེད་མཆོད་ཡུལ་བཅས༔ རྨི་ལམ་སད་བཞིན་རང་ངོར་སངས༔ ཆོས་ཉིད་སྐྱེ་འགགས་འགྱུར་མེད་ངང༔ འཁོར་གསུམ་དམིགས་མེད་དབྱིངས་སུ་ཨཱ༔ ཕཊ༔ ཕཊ༔ ཕཊ༔ འདི་ནི་གསང་ལམ་འཕོ་བའི་ལུགས༔ ཉམས་སུ་ལེན་པའི་གང་ཟག་རྣམས༔ རྒྱུན་དུ་ཉམས་ལེན་བྱེད་པའི་བུ༔ ཚེ་འདིར་གྲོལ་བ་མ་ཐོབ་ན༔ ཕ་ཡིས་བསླུས་སོ་སྐལ་ལྡན་རྣམས༔ ས་མ་ཡཱ༔ གཟའ་བདུད་དུག་གི་སྤུ་གྲིས་སྲུངས༔ བཀའ་དང་ཐ་ཚིག་གཉན་པོའི་རྒྱ༔ ཞེས་པ་འདི་ཡང་འོད་གསལ་རྫོགས་པ་ཆེན་པོའི་ཀློང་ཡངས་ནམ་མཁའི་རྣལ་འབྱོར་པ་རིག་འཛིན་རྡོ་རྗེ་གྲོ་ལོད་ཀྱིས་ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས་ཞལ་བཤུས་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་སྒ་ཡི་བན་དྷེ་པདྨས་བྲིས་སོ༔

བླ་མའི་ཐུགས་རྒྱུད་བསྐུལ་ཞིང་སྒོ་གསུམ་རྡོ་རྗེའི་གྲོང་དུ་འཕོ་བ།

དག་སྣང་ཡེ་ཤེས་དྲ་བ་ལས༔ བླ་མའི་ཐུགས་རྒྱུད་བསྐུལ་ཞིང་སྒོ་གསུམ་རྡོ་རྗེའི་ཕོ་བྲང་དུ་འཕོ་བ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ཟོལ་མེད་དོན་གྱི་རྣལ་འབྱོར་ཆེན་པོ་ཡི༔ སྨིན་གྲོལ་དབང་གི་ཀློང་མཛོད་བླ་མ་དེ༔ རང་གི་རིག་པའི་ངོ་བོར་ཤེས་པའི་ངང༔ བླ་མའི་ཐུགས་དང་དབྱེར་མེད་རོ་གཅིག་བསྲེ༔ དེས་ནི་བླ་མའི་དགོངས་རྒྱུད་སློབ་མར་འཕོས༔ ཡང་དག་ལམ་ལས་ཕྱིར་མི་ལྡོག་པར་འགྱུར༔ དེ་ཕྱིར་འདི་ལ་བརྩོན་པ་གནད་དུ་ཟུངས༔ འཁྲུལ་འཁོར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན༔ སྒྱུ་མའི་འཁྲུལ་འཁོར་དབྱིངས་སུ་ཞིག་པ་བཞིན༔ ཡེ་གཞི་གདོད་མའི་མཁའ་རུ་ཕཊ་ཀྱིས་སྤེལ༔ ཕཊ༔ ཕཊ༔ ཕཊ༔ རང་སྣང་དོན་གྱི་འོག་མིན་ཆེན་པོའི་དབྱིངས༔ ཡེ་གཞི་དོན་གྱི་བླ་མ་སངས་རྒྱས་ཤར༔ ཧེ་རུ་ཀ་པ་རྡོ་རྗེ་ལྕགས་ཕུར་གདེངས༔ རཱ་གའི་མདངས་ལྡན་འདོར་སྟབས་སྟག་ཤམ་གསོལ༔ གཉིས་སྣང་རུ་ཊ་ཕོ་མོ་གདན་དུ་བཏིང༔ སྣ་ཚོགས་རཏྣ་རུས་པའི་རྒྱན་གྱིས་སྤྲས༔ ཡེ་ཤེས་འཇའ་འོད་ཐིག་ལེ་འཁྲིགས་པའི་ཀློང༔ འཁོར་འདས་ཡོངས་ཀྱི་སྤྱི་དཔལ་ཆེན་པོར་བསྐྱེད༔ ཕཊ༔ ཕཊ༔ ཕཊ༔ ཡེ་གཞི་གདོད་མའི་ངང་ལས་མ་གཡོས་ཀྱང༔ ཉིད་ལས་མི་གཞན་རང་སྣང་སྟོན་འཁོར་ཤར༔ སྐུ་དང་ཡེ་ཤེས་ཡོན་ཏན་རྫོགས་པའི་དཔལ༔ དཔལ་ལྡན་བླ་མའི་སྐུ་ལ་གསོལ་བ་འདེབས༔ རང་བྱུང་ཡེ་ཤེས་རོལ་པའི་རང་རྩལ་ལས༔ སྨིན་གྲོལ་གདམས་པའི་དགའ་སྟོན་འགྱེད་པའི་སྒོ༔ ཕྱོགས་དང་རིས་མེད་གདུལ་བྱའི་དཔལ་དུ་ཕྱེས༔ དྲིན་ཆེན་བླ་མའི་གསུང་ལ་གསོལ་བ་འདེབས༔ ཐུགས་གསང་ཉག་ཅིག་བདེ་བ་ཆེན་པོའི་ཀློང་༔ འཁོར་འདས་ཐམས་ཅད་མཉམ་པ་ཉིད་དུ་ཆུབ༔ ཆོས་རྣམས་མ་ལུས་ཆོས་ཉིད་ཆེན་པོར་རོལ༔ དྲིན་ཆེན་བླ་མའི་ཐུགས་ལ་གསོལ་བ་འདེབས༔ བདག་འཛིན་བག་ཆགས་འཐས་པའི་སྒྱུ་ལུས་འདི༔ བདག་མེད་མཉམ་ཉིད་དགོངས་པས་བྱིན་གྱིས་རློབས༔ ཡུལ་འཛིན་བག་ཆགས་འཐས་པར་སྣང་བའི་ཡུལ༔ ཡུལ་མེད་ཟང་ཐལ་དགོངས་པས་བྱིན་གྱིས་རློབས༔ སེམས་དང་སེམས་བྱུང་འཁྲུལ་བའི་འཁོར་ལོ་འདིར༔ ཀ་དག་ཆོས་སྐུའི་དགོངས་པས་བྱིན་གྱིས་རློབས༔ རེ་དོགས་བདེ་སྡུག་ཉེ་བར་ལེན་པའི་སེམས༔ ཆོས་དབྱིངས་སྤྲོས་བྲལ་དགོངས་པས་བྱིན་གྱིས་རློབས༔ མ་དག་འཁོར་བར་འཕྱན་པའི་སྒོ་གསུམ་འདི༔ རྡོ་རྗེ་གསུམ་གྱི་རོལ་བར་བྱིན་གྱིས་རློབས༔ འདི་ལྟར་འཁྲུལ་པའི་སྣང་བ་སྣང་ཆར་བཅས༔ སྒྱུ་མའི་འཁྲུལ་འཁོར་དབྱིངས་སུ་ཞིག་པ་བཞིན༔ ཀ་དག་གཞོན་ནུ་བུམ་སྐུར་སངས་རྒྱས་ཤོག༔ བླ་མའི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་གཉིས་སུ་མེད་པར་བསྲེས་ཏེ༔ ཕཊཿཀྱི་སྒྲ་དང་བཅས་ཏེ་མཉམ་པར་ཡང་ཡང་བཞག༔ མ་འོངས་པདྨ་འབྱུང་གནས་བརྒྱུད་འཛིན་རྣམས༔ བསྙེན་སྒྲུབ་སྒོམ་བཟླས་ཀུན་གྱི་ཐོག་མ་རུ༔ བླ་མ་སྒོམས་དང་གསོལ་འདེབས་འདི་ལས་མེད༔ བསམ་པའི་དོན་ཀུན་ཡིད་བཞིན་འགྲུབ་འགྱུར་རོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཞེས་པ་འདི་རང་སློབ་དམ་པ་ཨོ་རྒྱན་རྡོ་རྗེས་བསྐུལ་ངོར༔ མ་ནུས་སྤྲང་པོ་ཧར་སང་ཡན་པས་བྲིས༔ དགེའོ༔ དགེའོ༔ དགེའོ༔ དགེའོ༔ སརྦ་མངྒ་ལམ༔

འབྲི་གུང་ཆོས་ཀྱི་གྲགས་པའི་འཕོ་བ་འཇའ་ཟུག་མ་འདོན་འགྲིགས།

༄༅། འབྲི་གུང་ཆོས་ཀྱི་གྲགས་པའི་འཕོ་བ་འཇའ་ཟུག་མ་འདོན་འགྲིགས་སུ་བཀོད་པ། འདི་འབྲི་གུང་ཆོས་ཀྱི་གྲགས་པའི་འཕོ་བ་འཇའ་ཟུག་མ་འདོན་འགྲིགས་སུ་བཀོད་པ་སེམས་ཅན་འཆི་ཁ་མའི་རྣ་ལམ་དུ་སངས་རྒྱས་སྨན་བླའི་མཚན་བརྗོད་ན་བདེ་བར་གཤེགས་པ་བརྒྱད་ཀྱིས་ནུབ་ཕྱོགས་བདེ་ཅན་དུ་སྐྱེ་བར་གསུངས་པ་བཞིན་གལ་ཤིན་ཏུ་ཆེ་སྟེ་མཚན་བརྗོད་འདི་ལྟར་རོ༎ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་བཟང་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མྱ་ངན་མེད་མཆོག་དཔལ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་བསྒྲགས་རྒྱ་མཚོའི་དབྱངས་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་རྒྱ་མཚོ་མཆོག་གི་བློས་རྣམ་པར་རོལ་པས་མངོན་པར་མཁྱེན་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻ་ཌཱུརྱའི་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་པའི་དབྱངས་དང་སྐྱབས་གྲོལ་དང་། རྡོ་རྗེ་འཛིན་པ་ཉི་མ་ལྟར་སྣང་བྱེད་ཟླ་བ་ལྟར་གསལ་བྱེད་ལ་སོགས་པའི་སེམས་དཔའ་ཆེན་པོ་བཅུ་དྲུག་གཙོ་བོར་བཞུགས་པའི་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །གསོལ་འདེབས་ནི། ཨོཾ་སྭ་སྟི། གསེར་གྱི་མདོག་ཅན་སྐྱབས་སྦྱིན་ཕྱག་རྒྱ་ཅན། །སྨོན་ལམ་བརྒྱད་གྲུབ་ཚོགས་གཉིས་དཔལ་གྱིས་བརྗིད། །གཞན་གྱིས་མི་ཐུབ་ཞིང་གི་དཔལ་གྱུར་པ། །མཚན་ལེགས་ཡོངས་བསྒྲགས་དཔལ་ལ་ཕྱག་འཚལ་ལོ། །མགོན་པོ་ཁྱེད་ལ་ཕྱག་འཚལ་གསོལ་བཏབ་མཐུས། །ཚེ་འདས་བདེ་ཆེན་ཞིང་དུ་འདྲེན་པར་མཛོད། །སྐུ་མདོག་སེར་པོ་མཆོག་སྦྱིན་ཕྱག་རྒྱ་ཅན། །སྨོན་ལམ་བརྒྱད་གྲུབ་ཚོགས་གཉིས་དཔལ་གྱིས་བརྗིད། །རིན་ཆེན་ལྡན་པའི་ཞིང་གི་དཔལ་གྱུར་པ། །རིན་ཆེན་ཟླ་བའི་ཞབས་ལ་ཕྱག་འཚལ་ལོ། །མགོན་པོ་ཁྱེད་ལ་ཕྱག་འཚལ་གསོལ་བཏབ་མཐུས། །ཚེ་འདས་བདེ་ཆེན་ཞིང་དུ་འདྲེན་པར་མཛོད། །འཛམ་བུའི་གསེར་འདྲ་ཆོས་སྟོན་ཕྱག་རྒྱ་ཅན། །སྨོན་ལམ་བཞི་གྲུབ་ཚོགས་གཉིས་དཔལ་གྱིས་བརྗིད། །སྤོས་ཀྱིས་ཡོངས་གང་ཞིང་གི་དཔལ་གྱུར་པ། །གསེར་བཟང་དྲི་མེད་སྣང་ལ་ཕྱག་འཚལ་ལོ། །མགོན་པོ་ཁྱེད་ལ་ཕྱག་འཚལ་གསོལ་བཏབ་མཐུས། །ཚེ་འདས་བདེ་ཆེན་ཞིང་དུ་འདྲེན་པར་མཛོད། །སྐུ་མདོག་དམར་སྐྱ་མཉམ་བཞག་ཕྱག་རྒྱ་ཅན། །སྨོན་ལམ་བཞི་གྲུབ་ཚོགས་གཉིས་དཔལ་གྱིས་བརྗིད། །མྱ་ངན་མེད་པའི་ཞིང་གི་དཔལ་གྱུར་པའི། །མྱ་ངན་མེད་མཆོག་དཔལ་ལ་ཕྱག་འཚལ་ལོ། །མགོན་པོ་ཁྱེད་ལ་ཕྱག་འཚལ་གསོལ་བཏབ་མཐུས། །ཚེ་འདས་བདེ་ཆེན་ཞིང་དུ་འདྲེན་པར་མཛོད། །སྐུ་མདོག་དཀར་དམར་ཆོས་སྟོན་ཕྱག་རྒྱ་ཅན། །སྨོན་ལམ་བཞི་གྲུབ་ཚོགས་གཉིས་དཔལ་གྱིས་བརྗིད། །ཆོས་ཀྱི་རྒྱལ་མཚན་ཞིང་གི་དཔལ་གྱུར་པའི། །ཆོས་བསྒྲགས་རྒྱ་མཚོའི་དབྱངས་ལ་ཕྱག་འཚལ་ལོ། །མགོན་པོ་ཁྱེད་ལ་ཕྱག་འཚལ་གསོལ་བཏབ་མཐུས། །ཚེ་འདས་བདེ་ཆེན་ཞིང་དུ་འདྲེན་པར་མཛོད། །བྱི་རུའི་མདོག་ཅན་མཆོག་སྦྱིན་ཕྱག་རྒྱ་ཅན། །སྨོན་ལམ་བཞི་གྲུབ་ཚོགས་གཉིས་དཔལ་གྱིས་བརྗིད། །རིན་ཆེན་རྒྱ་མཚོའི་ཞིང་གི་དཔལ་གྱུར་པའི། །མངོན་མཁྱེན་རྒྱལ་པོ་དེ་ལ་ཕྱག་འཚལ་ལོ། །མགོན་པོ་ཁྱེད་ལ་ཕྱག་འཚལ་གསོལ་བཏབ་མཐུས། །ཚེ་འདས་བདེ་ཆེན་ཞིང་དུ་འདྲེན་པར་མཛོད། །སྐུ་མདོག་སྔོན་པོ་མཆོག་སྦྱིན་ཕྱག་རྒྱ་ཅན། །བཅུ་གཉིས་སྨོན་གྲུབ་ཚོགས་གཉིས་དཔལ་གྱིས་བརྗིད། །བཻ་ཌཱུརྱ་སྣང་ཞིང་གི་དཔལ་གྱུར་པའི། །སྨན་པའི་རྒྱལ་པོ་དེ་ལ་ཕྱག་འཚལ་ལོ། །མགོན་པོ་ཁྱེད་ལ་ཕྱག་འཚལ་གསོལ་བཏབ་མཐུས། །ཚེ་འདས་བདེ་ཆེན་ཞིང་དུ་འདྲེན་པར་མཛོད། །གསེར་གྱི་མདོག་ཅན་ས་གནོན་ཕྱག་རྒྱ་ཅན། །རྨད་བྱུང་ཐུགས་རྗེ་བརྩོན་འགྲུས་ཆེན་པོའི་མཐུས། །མི་མཇེད་འཇིག་རྟེན་ཁམས་ཀྱི་དཔལ་གྱུར་པའི། །འདྲེན་མཆོག་ཤཱཀྱའི་ཏོག་ལ་ཕྱག་འཚལ་ལོ། །མགོན་པོ་ཁྱེད་ལ་ཕྱག་འཚལ་གསོལ་བཏབ་མཐུས། །ཚེ་འདས་བདེ་ཆེན་ཞིང་དུ་འདྲེན་པར་མཛོད། །དམར་སེར་ཕྱག་གཡས་ཆོས་འཆད་རྡོ་རྗེ་འཛིན། །གཡོན་པ་མཉམ་བཞག་པོ་ཏི་ལེགས་པར་བསྣམས། །དུས་གསུམ་རྒྱལ་བ་ཐམས་ཅད་སྐྱེད་པའི་ཡུམ། །ཤེས་རབ་ཕ་རོལ་ཕྱིན་ལ་ཕྱག་འཚལ་ལོ། །ཡུམ་ཆེན་ཁྱེད་ལ་ཕྱག་འཚལ་གསོལ་བཏབ་མཐུས། །ཚེ་འདས་བདེ་ཆེན་ཞིང་དུ་འདྲེན་པར་མཛོད། །རབ་མཛེས་ཡིད་འོང་རིན་ཆེན་རྒྱན་གྱིས་སྤྲས། །ཟླ་བའི་གདན་ལ་སྐྱིལ་ཀྲུང་ཚུལ་གྱིས་བཞུགས། །མཁྱེན་དང་བརྩེ་དང་ནུས་པ་ཕུན་སུམ་ཚོགས། །སེམས་དཔའ་ཆེན་པོ་རྣམས་ལ་ཕྱག་འཚལ་ལོ། ། འཕགས་པའི་ཚོགས་ལ་ཕྱག་འཚལ་གསོལ་བཏབ་མཐུས། ། ཚེ་འདས་བདེ་ཆེན་ཞིང་དུ་འདྲེན་པར་མཛོད། །ཅེས་གསོལ་བ་བཏབ་པའི་མཐར། ཚེ་འདས་ཀྱི་རྣམ་ཤེས་ཀྱི་ངོ་བོ་སྙིང་གའི་ཐིག་ལེ་དེ་མེ་སྟག་ཡར་བ་བཞིན་འོད་དཔག་མེད་ཀྱི་ཐུགས་ཀར་ཐིམ་པར་བསམ་བཞིན། ཧིཀ་ཉེར་གཅིག་གམ་བདུན་བརྗོད་དོ། ། ༈ སྙིང་ཐིག་ལས། ཨེ་མ་ཧོ༔ གནས་རང་སྣང་དོན་གྱི་འོག་མིན་ན༔ ཡིད་དད་བརྒྱའི་འཇའ་གུར་འཁྲིགས་པའི་ཀློང༔ སྐྱབས་ཀུན་འདུས་རྩ་བའི་བླ་མ་ནི༔ སྐུ་ཐ་མལ་མ་ཡིན་དྭངས་མའི་ལུས༔ དཔལ་སངས་རྒྱས་སྣང་མཐའི་ངོ་བོར་བཞུགས༔ ཡིད་མོས་གུས་གདུང་བས་གསོལ་བ་འདེབས༔ ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས༔ གནས་འོག་མིན་བགྲོད་པར་བྱིན་གྱིས་རློབས༔ དབྱིངས་ཆོས་སྐུའི་རྒྱལ་ས་ཟིན་པར་ཤོག༔ ཅེས་བརྗོད་སྤར་ཆོག་དམིགས་པ་གོང་བཞིན་བསྐྱར༔

བླ་བརྒྱུད་གསོལ་འདེབས།

༄༅། བླ་བརྒྱུད་གསོལ་འདེབས། སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །གཏེར་སྟོན་ཉི་ཟླ་སངས་རྒྱས་ལ་གསོལ་བ་འདེབས། །མཚུངས་མེད་ནམ་མཁའ་རྒྱལ་མཚན་ལ་གསོལ་བ་འདེབས། །རྟོགས་ལྡན་སཾ་གྷ་བྷ་ཏྲ་ལ་གསོལ་བ་འདེབས། །ཕ་རྒོད་དྲི་མེད་བློ་གྲོས་ལ་གསོལ་བ་འདེབས། །ཆོས་རྗེ་སངས་རྒྱས་རྒྱལ་མཚན་ལ་གསོལ་བ་འདེབས། །མཚུངས་མེད་མ་ཏིའི་མཚན་ཅན་ལ་གསོལ་བ་འདེབས། །ཡོངས་འཛིན་ཕུན་ཚོགས་རྣམ་རྒྱལ་ལ་གསོལ་བ་འདེབས། །འདྲེན་མཆོག་ཀརྨ་ཆོས་རྒྱལ་ལ་གསོལ་བ་འདེབས། །སྔགས་འཆང་པདྨ་དབང་གྲགས་ལ་གསོལ་བ་འདེབས། །ཐུགས་ཆེན་ཀརྨ་ཆགས་མེད་ལ་གསོལ་བ་འདེབས། །གྲུབ་ཐོབ་པདྨ་རིག་འཛིན་ལ་གསོལ་བ་འདེབས། །འདྲེན་མཆོག་ནམ་མཁའ་འོད་གསལ་ལ་གསོལ་བ་འདེབས། །འགྱུར་མེད་ཐེག་མཆོག་བསྟན་འཛིན་ལ་གསོལ་བ་འདེབས། །པདྨ་ཀུན་གྲོལ་རྣམ་རྒྱལ་ལ་གསོལ་བ་འདེབས། །ངེས་དོན་བསྟན་འཛིན་བཟང་པོ་ལ་གསོལ་བ་འདེབས། །ནམ་མཁའ་ཚེ་དབང་མཆོག་གྲུབ་ལ་གསོལ་བ་འདེབས། །མི་འགྱུར་ནམ་མཁའི་རྡོ་རྗེ་ལ་གསོལ་བ་འདེབས། །རྒྱལ་སྲས་གཞན་ཕན་མཐའ་ཡས་ལ་གསོལ་བ་འདེབས། །འཇིགས་མེད་ཡེ་ཤེས་རྡོ་རྗེ་ལ་གསོལ་བ་འདེབས། །ཡོངས་འཛིན་སངས་རྒྱས་བཟང་པོ་ལ་གསོལ་བ་འདེབས། །སྐལ་ལྡན་ལུང་རིག་གླིང་པ་ལ་གསོལ་བ་འདེབས། །མཚུངས་མེད་གཞན་ཕན་བཟང་པོ་ལ་གསོལ་བ་འདེབས། །འགྱུར་མེད་བློ་གྲོས་མཐའ་ཡས་ལ་གསོལ་བ་འདེབས། །ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་ལ་གསོལ་བ་འདེབས། །ཐུབ་བསྟན་ཕྲིན་ལས་རྡོ་རྗེ་ལ་གསོལ་བ་འདེབས། །ཐུབ་བསྟན་ཡེ་ཤེས་དགེ་ལེགས་ལ་གསོལ་བ་འདེབས། །དྲིན་ཆེན་རྩ་བའི་བླ་མ་ལ་གསོལ་བ་འདེབས། །ཡི་དམ་ཞི་ཁྲོ་རབ་འབྱམས་ལ་གསོལ་བ་འདེབས། །གནས་གསུམ་མ་མོ་མཁའ་འགྲོ་ལ་གསོལ་བ་འདེབས། །ཆོས་སྐྱོང་དམ་ཅན་རྒྱ་མཚོ་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག། བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །

རྡོ་རྗེ་སེམས་དཔའི་སྒོམ་བཟླས་སྒྲིབ་གཉིས་སྦུར་ལེན།

ཡང་གསང་ཌཱཀྐིའི་ཐུགས་ཐིག་ལས༔ རྡོ་རྗེ་སེམས་དཔའི་སྒོམ་བཟླས་སྒྲིབ་གཉིས་སྦུར་ལེན་བི་ཛ་རསྨི༔ རིགས་ཀུན་ཁྱབ་བདག་རྡོ་རྗེ་སེམས༔ སྒོ་གསུམ་གུས་པས་རབ་བཏུད་དེ༔ རིགས་གཅིག་རྡོ་རྗེ་སེམས་དཔའ་ཡི༔ དཔའ་བོ་ཕྱག་རྒྱ་གཅིག་པུའི་ལྷ༔ སྒྲིབ་གཉིས་སྦུར་ལེན་འདི་ན་ངོམ༔ ལས་སྐལ་ལྡན་པས་དང་དུ་ལོངས༔ ས་མ་ཡཱ༔ ཨེ་མ་ཧོ༔ མཆོག་གསུམ་ངོ་བོ་བླ་མ་རྡོ་རྗེ་སེམས༔ ཁྱོད་ལ་བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ བདག་གཞན་མཁའ་ཁྱབ་འགྲོ་བ་མ་ལུས་པ༔ བླ་མ་རྡོར་སེམས་གོ་འཕང་མཆོག་ཐོབ་བྱ༔ དམིགས་མེད་ཁྱབ་བརྡལ་དྲན་པའི་ཏིང་འཛིན་ངང༔ མ་རྟོགས་འགྲོ་ལ་བརྩེ་བའི་སྙིང་རྗེའི་གདངས༔ ཟུང་འཇུག་རྩལ་ལས་རང་གི་སྤྱི་གཙུག་ཏུ༔ པད་དཀར་ཟླ་སྟེང་ཧཱུྃ་མཚན་ཡོངས་གྱུར་ལས༔ དཔལ་ལྡན་བླ་མ་བཛྲ་ས་ཏྭའི་སྐུ༔ གངས་རིའི་ཕུང་པོར་ཉིན་བྱེད་འབུམ་འཁྱུད་བཞིན༔ ཞལ་གཅིག་འཛུམ་མདངས་བརྩེ་བའི་སྤྱན་གྱིས་གཟིགས༔ ཕྱག་གཡས་རིག་སྟོང་རྡོ་རྗེ་ཐུགས་ཀར་གཏོད༔ གཡོན་པས་སྣང་སྟོང་དྲིལ་བུ་དཀུ་ལ་བརྟེན༔ ཞབས་གཉིས་ཕྱེད་པའི་སྐྱིལ་མོ་ཀྲུང་གིས་བཞུགས༔ དེ་ཡི་པང་ཡུམ་རྡོ་རྗེ་སྙེམ་མ་དཀར༔ དར་དཔྱང་རུས་རྒྱན་དགའ་བ་བརྒྱད་ལྡན་གྱི༔ པདྨའི་སྐྱིལ་ཀྲུང་གིས་འཁྱུད་འཁྲིལ་ཞིང་སྦྱོར༔ ཞལ་འཛུམ་བརྩེ་ལྡན་གྲི་ཁུག་ཐོད་ཁྲག་བསྣམས༔ ཡབ་ཡུམ་སྣང་སྟོང་གནས་གསུམ་འབྲུ་གསུམ་གསལ༔ དབུ་རྒྱན་སྙན་ཆ་དོ་ཤལ་སེ་མོ་དོ༔ ཕྱག་ཞབས་དཔུང་གདུབ་ཕྲེང་བ་རིན་པོ་ཆེའི༔ རྒྱན་ཆ་བརྒྱད་དང་དར་ལྗང་སྟོད་གཡོག་ཀླུབས༔ སྨད་དཀྲིས་ཁྲ་བོ་ཟི་ལྡིར་ཅོད་པན་དཔྱང༔ སྐ་རགས་གསེར་མདོག་དར་གོས་ན་བཟའ་ལྔ༔ ལོངས་སྐུའི་བདག་ཉིད་ཞི་བའི་ཚུལ་དགུས་སྤྲས༔ མཚན་བཟང་དཔེ་བྱད་ཡོངས་རྫོགས་མཛེས་སྡུག་སྐུ༔ ཡན་ལག་དྲུག་ཅུའི་ཐོས་ལྡན་རྣམ་གྲོལ་གསུང༔ མཁྱེན་གཉིས་མངོན་གྱུར་ཡེ་ཤེས་རྒྱ་མཚོའི་ཐུགས༔ རིགས་བརྒྱ་འདུས་པའི་སྤྱི་དཔལ་ཆེན་པོར་གསལ༔ ཀྱཻ༔ བཅོམ་ལྡན་རིགས་ཀུན་ཁྱབ་བདག་རྡོ་རྗེ་སེམས༔ དམིགས་མེད་མཁྱེན་དང་བརྩེ་བའི་བདག་ཉིད་ཅན༔ མཐུ་ནུས་སྟོབས་ཀྱིས་སྲིད་མཚོར་འགྲོ་སྒྲོལ་མགོན༔ བདག་འདྲ་ལས་ཉོན་ཞགས་པས་དམ་འཆིང་ནས༔ མ་རིག་རྒྱུ་ལས་རྐྱེན་སྣང་གློ་བུར་གྱི༔ མི་དགེ་བཅུ་དང་མཚམས་མེད་དེ་དང་ཉེ༔ ཆང་འཐུང་ལ་སོགས་ཁ་ན་མ་ཐོའི་སྡིག༔ སོ་ཐར་བྱང་སེམས་རིག་འཛིན་སྔགས་ཀྱི་སྡོམ༔ བླ་མའི་སྐུ་གསུང་ཐུགས་གསང་ས་མ་ཡཱ༔ འགལ་ཉམས་འདས་རལ་བཅས་པའི་ལྟུང་བ་རྣམས༔ ཐམས་ཅད་མགོན་ཁྱོད་སྤྱན་སྔར་སྙིང་ནས་བཤགས༔ ཁྱོད་ཐུགས་ཟླ་བ་ཆ་གང་ལེབ་ཆགས་སྟེང༔ ཧཱུྃ་དཀར་མཐའ་དམར་ཨོཾ་ཡིག་ནས་བཟུང་སྟེ༔ སྔགས་ཕྲེང་གཡས་སུ་འཁོར་བས་བདུད་རྩིའི་རྒྱུན༔ འོ་མ་ལྟ་བུ་དཀར་ལ་དྭངས་པ་ནི༔ ཚངས་བུག་ནས་ཁྱབ་ནད་རྣམས་དུད་སོལ་ཁུ༔ གདོན་བགེགས་སྦལ་སྦྲུལ་ཉ་ལྕོང་གྲོག་སྦུར་གཟུགས༔ སྡིག་སྒྲིབ་རྣག་ཁྲག་རྣམ་པར་ནུ་རུ་རུ༔ འོག་སྒོ་གཉིས་དང་རྐང་མཐིལ་ནས་ཐོན་ཏེ༔ དབང་ཆེན་སར་ཐིམ་འཆི་བདག་གཤིན་རྗེ་ནི༔ གླང་དམར་རྣམ་པར་གན་རྐྱལ་གནས་པའི་ཁར༔ སོང་བས་དུས་མིན་འཆི་རྐྱེན་བཟློག་པ་དང༔ བུ་ལོན་ལན་ཆགས་ཤ་འཁོན་སྦྱང་བར་བསམ༔ རང་ལུས་ཤེལ་བུམ་ཞོ་ཡིས་གང་བ་ལྟར༔ གསལ་སྟོང་ཡེངས་མེད་གཟུངས་སྔགས་བརྒྱ་པ་བཟླ༔ ཨོཾ་བཛྲ་ས་ཏྭ་སོགས༔ གཟུངས་འདི་ལན་གཅིག་བཟླས་པའི་ཕན་ཡོན་ནི༔ སྐྱེ་བ་གཅིག་གི་ལས་སྒྲིབ་སྲབ་པར་ངེས༔ མ་ཡེངས་གཟུངས་འདི་བརྒྱ་ཕྲག་གཅིག་བཟླས་ན༔ མི་དགེ་བཅུ་སོགས་ལས་སྒྲིབ་འདག་པར་འགྱུར༔ སྟོང་བཟླས་སོ་ཐར་ལ་སོགས་ཐབས་བརྒྱད་ཀྱིས༔ ཁས་བླངས་འགལ་བ་ཉམས་པ་སོར་དུ་ཆུད༔ ཁྲི་ཡིས་མཚམས་མེད་ལྔ་ཡི་ལས་ཀྱང་བྱང༔ འབུམ་གྱིས་རྩ་བའི་སྔགས་སྡོམ་ཉམས་པ་འདག༔ འབུམ་ཕྲག་བདུན་བཟླས་ཚེ་འདིར་སངས་རྒྱས་འགྲུབ༔ ས་མ་ཡཱ༔ དེ་ལྟར་བཤགས་པས་སྦྱངས་ཤིང་དེང་ཕྱིན་ཆད༔ རང་གི་སྲོག་ལ་བབ་ཀྱང་མི་དགེའི་ལས༔ སྤྱིར་ནི་ལས་འབྲས་བསླུ་བ་མེད་པ་དང༔ ཁྱད་པར་བླ་མའི་བཀའ་འགལ་དམ་ལོག་པའི༔ རྒྱུར་གྱུར་གསང་ཆེན་འཆོལ་སྤྱོད་མནར་མེད་རྒྱུ༔ སྙིང་ནས་མི་བགྱིད་དམ་བཅའ་ཁུར་དུ་ལེན༔ སྤྱི་བོར་རྡོར་སེམས་དགྱེས་འཛུམ་བཞད་པའི་སྒྲས༔ བུ་ཁྱོད་སྡིག་སྒྲིབ་ཐམས་ཅད་དག་གོ་ཞེས༔ གནང་བ་བྱིན་ནས་འོད་ཞུ་རང་ལ་ཐིམ༔ རང་ཡང་སྣང་སྟོང་ཟུང་འཇུག་རྡོར་སེམས་གསལ༔ ཕྱི་སྣོད་མངོན་པར་དགའ་བའི་ཞིང་དུ་གྱུར༔ ནང་བཅུད་སེམས་ཅན་རྡོར་སེམས་རིགས་ལྔ་ཡི༔ ཞལ་ནས་འབྲུ་དྲུག་འཁོར་འདས་ལྡིར་བ་བཞིན༔ འབྱུང་བཞིའི་རང་སྒྲ་སྔགས་ཀྱི་སྒྲ་གདངས་བསམ༔ སྣང་སྟོང་གྲགས་སྟོང་གསལ་སྟོང་ངང་ཉིད་ལས༔ ཨོཾ་བཛྲ་ས་ཏྭ་ཧཱུྃ༔ འབྲུ་འབུམ་ལ་སོགས་ཅི་འགྲུབ་འདོན༔ མཐར་ནི་བཤག་བྱ་བཤགས་བྱེད་དང༔ བཤགས་ཡུལ་སྐྱེ་འགགས་གནས་གསུམ་བྲལ༔ མི་དམིགས་གཤིས་ལ་ཀློད་གྱུར་ན༔ ཡང་དག་དོན་གྱི་བཤགས་པ་མཆོག༔ བཤགས་སྦྱང་མཐར་ཕྱིན་ཨ་ལ་ལ༔ དགེ་བསྔོ་ཤིས་བརྗོད་སྤྱི་ལྟར་ལ༔ ཐུན་མཚམས་རྣམས་སུ་བཤགས་རྒྱུད་ཐོན༔ ཕན་ཡོན་རྒྱུད་ནས་གསུངས་བཞིན་འཐོབ༔ དུས་གསུམ་རྒྱལ་བའི་སྲས་སུ་དགོངས༔ དད་མེད་ལོག་ལྟ་ཅན་ལ་གསང༔ སྐལ་ལྡན་རིག་པ་འཛིན་པའི་བུ༔ དེ་ལ་ལས་ཚོགས་དང་བཅས་སྤྲོད༔ བཀའ་སྲུང་ཁྱབ་འཇུག་ཆེན་པོས་འཚོས༔ བཀའ་རྐུན་ཉམས་པའི་དབང་པོ་སྣུབས༔ འཛིན་སྐྱོང་སྤེལ་རྣམས་སྲུངས་ཤིག་རྒྱ༔ སྐུ་གསུང་ཐུགས་ཀྱི་རྒྱ་ཡོད་དོ༔ ཨི་ཏན་ཏེ་ནི་ན་ར་ཀན༔ ཞེས་རྡོ་རྗེ་སེམས་དཔའི་སྒོམ་བཟླས་སྒྲིབ་གཉིས་སྦུར་ལེན་ཞེས་བྱ་བ་འདི་ནི༔ དམ་ཚིག་ཉམས་པའི་ཆད་པ་མི་བཟོད་པར་མྱོང་དགོས་པའི་ཚུལ་ཤེས་ཤིང་དཔྱོད་ལྡན་གྱི་གང་ཟག་གསང་སྔགས་ཐབས་ཀྱི་ལམ་མཆོག་ནོད་པའི་སློབ་བུ་ཆོས་དཔལ་དང༔ ཆུང་ནས་རང་དང་འབྲེལ་འདྲིས་ཆེ་བའི་རྡོ་རྗེའི་མཆེད་པོ་བསླབ་གསུམ་ནོར་བུའི་མཛོད་འཆང་ཤཱཀྱའི་དགེ་སྦྱོང་ས་མནྟ་བྷ་ཏྲ་ཟུང་གིས་བཀའ་ཕེབ་པ་བཞིན༔ ཟབ་གསང་མཁའ་འགྲོའི་བརྡ་ཤོག་ལ་དབང་བའི་སྤྲུལ་བའི་སྐུ་གཞན་ཕན་ཐུབ་བསྟན་ཉི་མས་རང་བྱུང་དབྱིངས་ཀྱི་སྒྲོམ་ནས་བཏོན་ཏེ་སྤེལ་བ་ཡོངས་ལ་དགེ་བར་གྱུར་ཅིག༔ ཤུ་བྷཾ༔ སརྦ་ཛ་ག་ཏཾ༔

བཤགས་པའི་རྒྱལ་པོ་སྦྱོང་བའི་ཐབས།

ཡང་གསང་ཌཱཀྐིའི་ཐུགས་ཐིག་ལས༔ བཤགས་པའི་རྒྱལ་པོ་སྦྱོང་བའི་ཐབས༔ ཁ་ན་མ་ཐོ་བཅས་པའི་ཉེས་སྐྱོན་སོགས༔ རང་གནོང་འགྱོད་པའི་སེམས་ཀྱིས་འདི་ལྟར་བཤགས༔ ཨེ་མ་ཧོ༔ ཐམས་ཅད་མཁྱེན་པའི་སྟོན་པ་ཤཱཀྱ་སེང་གེ་ལ་ཕྱག་འཚལ་ལོ༔ འདུལ་བ་ལུང་སྡེ་སྣོད་ལས་བཅས་པའི་ཉེས་ལྟུང་ཐམས་ཅད་བཤགས་པར་བགྱིའོ༔ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཆོག་ཆེན་བརྒྱ་དང་སུམ་ཁྲི་དྲུག་སྟོང་ལ་ཕྱག་འཚལ་ལོ༔ བྱང་ཆུབ་སེམས་དཔའི་སྡེ་སྣོད་གསུམ་ལས་གསུངས་པའི་ལྟུང་བ་ལྔ་ལྔ་བརྒྱད༔ དཀར་ནག་ཆོས་བརྒྱད་ལྟུང་བའི་རབ་དབྱེ་གང་དང་གང་ལ་འགལ་བའི་ཉེས་པ་ཐམས་ཅད་བཤགས་པར་བགྱིའོ༔ དཔལ་ཀུན་ཏུ་བཟང་པོ་དང་སངས་རྒྱས་གསང་བ་མཐུ་ཆེན་ཐོབ་ལ་སོགས་གསང་སྔགས་རིགས་སྔགས་གཟུངས་སྔགས་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ༔ གསང་སྔགས་སྡོམ་འབྱུང་ལས་གསུངས་པའི་ཕྱི་ནང་གི་དམ་ཚིག་རྩ་ལྟུང་དང་སྦོམ་པོ་ཕྲ་བའི་ས་མ་ཡཱ་འབུམ་སྡེ་ལས་ཉམས་པར་གྱུར་པ་ཐམས་ཅད་བཤགས་པར་བགྱིའོ༔ སངས་རྒྱས་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ༔ གཏི་མུག་ལས་གྱུར་པའི་བཅས་པ་དང་ཁ་ན་མ་ཐོ་བའི་འགལ་ཉམས་འདས་རལ་ཐམས་ཅད་བཤགས་པར་བགྱིའོ༔ དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ༔ ཞེ་སྡང་ལས་གྱུར་པའི་བཅས་པ་དང་ཁ་ན་མ་ཐོ་བའི་འགལ་ཉམས་འདས་རལ་ཐམས་ཅད་བཤགས་པར་བགྱིའོ༔ ལོངས་སྤྱོད་རྫོགས་པའི་སྐུ་རིན་ཆེན་འབྱུང་ལྡན་ལ་ཕྱག་འཚལ་ལོ༔ ང་རྒྱལ་ལས་གྱུར་པའི་བཅས་པ་དང་ཁ་ན་མ་ཐོ་བའི་འགལ་ཉམས་འདས་རལ་ཐམས་ཅད་བཤགས་པར་བགྱིའོ༔ པདྨའི་རིགས་མཆོག་སྣང་བ་མཐའ་ཡས་ལ་ཕྱག་འཚལ་ལོ༔ འདོད་ཆགས་ལས་གྱུར་པའི་བཅས་པ་དང་ཁ་ན་མ་ཐོ་བའི་འགལ་ཉམས་འདས་རལ་ཐམས་ཅད་བཤགས་པར་བགྱིའོ༔ ལས་ཀྱི་དཔའ་བོ་དོན་ཡོད་གྲུབ་པའི་ལྷ་ལ་ཕྱག་འཚལ་ལོ༔ ཕྲག་དོག་ལས་གྱུར་པའི་བཅས་པ་དང་ཁ་ན་མ་ཐོ་བའི་འགལ་ཉམས་འདས་རལ་ཐམས་ཅད་བཤགས་པར་བགྱིའོ༔ རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་རྣམས་ལ་ཕྱག་འཚལ་ལོ༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་ཆགས་ཉེས་ལྟུང་ཐམས་ཅད་བཤགས་པར་བགྱིའོ༔ ཡི་དམ་བྱ་སྤྱོད་རྣལ་འབྱོར་བླ་མེད་རྒྱུད་སྡེ་བཞིའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ༔ དབང་བཞིའི་ཆུ་བོ་དང་ཡན་ལག་གི་དམ་ཚིག་མནོས་པ་ཚུལ་བཞིན་དུ་མ་གྱུར་པ་ཐུགས་དང་འགལ་བ་ཐམས་ཅད་བཤགས་པར་བགྱིའོ༔ མ་མོ་མཁའ་འགྲོ་ཤུགས་འགྲོ་གནས་གསུམ་གྱི་ཌཱཀྐི་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་ལོ༔ བཀའ་དང་དམ་ཚིག་ཉམས་ཤིང་ཆགས་པའི་བཀའི་ཆད་པ་མི་བཟོད་པ་གང་བསགས་པ་ཐམས་ཅད་བཤགས་པར་བགྱིའོ༔ ཆོས་ཀྱི་བསྲུང་མ་མ་མགོན་ལྕམ་དྲལ་ལེགས་ཉེས་ཀྱི་སྤྱན་མངའ་བ་རྣམས་ལ་ཕྱག་འཚལ་ལོ༔ ཉ་སྟོང་དུས་དྲུག་མཆོད་ཚོགས་གཏོར་མ་ལོ་ཟླ་ལས་འདས་པ་དང་། དུས་མིན་དུས་སུ་བསྐུལ་བ་དང༔ སྒྲུབ་པའི་དམ་ཚིག་ཚུལ་བཞིན་མ་གྱུར་པ་བསྲུང་མའི་ཐུགས་དང་འགལ་བ་ཐམས་ཅད་མཐོལ་ལོ་བཤགས་སོ༔ བྱང་ཞིང་དག་པར་གྱུར་ཅིག༔ རང་རིག་དེ་བཞིན་ཉིད་ཀྱི་ལྷ་ཆེ་བའི་མཆོག༔ བཤགས་དང་བཤགས་པར་བྱ་བའི་ཡུལ་ལས་འདས་པ་ལ་ཕྱག་འཚལ་ལོ༔ བསྲུང་སྒྲུབ་རྟོགས་པར་བྱ་བའི་ཡུལ་ལས་འདས་ཤིང་གཟུང་འཛིན་མཚན་མའི་སྣང་བར་གྱུར་པའི་ཉེས་ལྟུང་བག་ཆགས་བཤགས་པར་བགྱིའོ༔ ཨོཾ་ས་མ་ཡཱ༔ ཨཱཿས་མ་ཡཱ༔ ཧཱུྃ་ས་མ་ཡཱ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ འ་ཨ་ཧ་ཤ་ས་མ༔ ཨ་བྷྱ་རྒྱ་ཏཾ་ཀེཾ༔ མ་མ་ཀོ་ལིང་ས་མནྟ༔ ཨོཾ་བཛྲ་ས་ཏྭ་ས་མ་ཡཱ༔ སོགས་ཡིག་བརྒྱ་ཅི་ནུས། རྒྱུད་ནས་གསུངས་པའི་གཟུངས་སྔགས་ཁྱད་པར་ཅན་ཡང་བཟླ་བ་མན་ངག་གོ༔ ས་མ་ཡཱ༔ ཅེས་བཤགས་པའི་རྒྱལ་པོ་སྦྱོང་བའི་ཐབས་ཆེན་པོ་འདི་བླ་མ་གཞན་ཕན་པས་རང་བྱུང་རིག་པའི་སྒྲོམ་ནས་བཏོན་ཏེ་དད་པའི་མཆོག་གྱུར་སློབ་བུ་ཆོས་འཛིན་ལ་སྤེལ་བ་དགེ་ལེགས་འཕེལ༔

འཇམ་དབྱངས་དཀར་པོའི་སྒྲུབ་ཐབས་མུན་སེལ་སུརྱ།

ཡང་གསང་མཁའ་འགྲོའི་ཐུགས་ཐིག་ལས༔ འཇམ་དབྱངས་དཀར་པོའི་སྒྲུབ་ཐབས་མུན་སེལ་སུརྱ་བི་ཛ་ཧ་རཾ༔ ན་མོ་ཀཱ་ཡ་མཉྫུ་ཤྲི་ཡེ༔ རྒྱལ་བའི་བསྟན་པ་འཛིན་པའི་གཞི༔ ལུང་དང་རྟོགས་པའི་ཆོས་ཡིན་པས༔ དེ་ཡི་རྩ་བ་ཤེས་རབ་སྟེ༔ ཡེ་ཤེས་སེམས་དཔའ་འཇམ་དཔལ་དབྱངས༔ དེ་ཉིད་སྒྲུབ་པའི་སྙིང་པོ་ནི༔ བཅུད་ལས་བཅུད་དུ་བསྡུས་ནས་བསྟན༔ སྐལ་བ་ཅན་གྱི་སྤྱོད་ཡུལ་ཤོག༔ ས་མ་ཡཱ༔ འདི་ལ་སྦྱོར་བ་དང་ནི་དངོས༔ རྗེས་དང་གསུམ་ལས་དང་པོ་ནི༔ སྔོན་འགྲོ་སྐྱབས་སེམས་རིམ་པ་ནི༔ ན་མོ༔ བསླུ་མེད་སྐྱབས་མཆོག་རིན་ཆེན་རྣམ་གསུམ་དང༔ མཁྱེན་རབ་འཇམ་པའི་རྡོ་རྗེར་གུས་སྐྱབས་མཆི༔ མ་རིག་འཐིབ་པོས་བསྒྲིབས་པའི་མཁའ་ཁྱབ་འགྲོ༔ རིག་པའི་ཡེ་ཤེས་རྟོགས་ཕྱིར་སེམས་བསྐྱེད་དོ༔ ལན་གསུམ་བསྐྱར་ཞིང་གཉིས་པ་དངོས་གཞི་ནི༔ ཨཱ༔ དེ་བཞིན་ཉིད་དབྱིངས་ཆོས་སྐུ་འགྱུར་བ་མེད༔ གདོད་ནས་ཀ་དག་བསམ་བརྗོད་བློ་ལས་འདས༔ དེ་དོན་མ་རྟོགས་འཁྲུལ་བའི་སེམས་ཅན་ལ༔ ཀུན་རྫོབ་ཕྱོགས་རིས་བྲལ་བའི་སྙིང་རྗེ་བརྡལ༔ བྷྲཱུྃ་ཡིག་ལས་བསྐྱེད་རཏྣའི་ཁང་བཟང་དབུས༔ སྣ་ཚོགས་པདྨ་ཐབས་ཤེས་ཉི་ཟླའི་སྟེང༔ རང་རིག་རྒྱུ་ཡི་ས་བོན་དྷི་ཡིག་དཀར༔ ཡོངས་གྱུར་མཁྱེན་པའི་དབང་ཕྱུག་འཇམ་པའི་དབྱངས༔ ཞལ་གཅིག་ཕྱག་གཉིས་རིན་ཆེན་དུང་གི་མདོག༔ དབུ་སྐྲ་ཟུར་ཕུད་ལྔ་ལྡན་རཏྣས་སྤྲས༔ རབ་ཏུ་ཞི་ཞིང་འཛུམ་པའི་མདངས་མཛེས་ལྡན༔ ཕྱག་གཡས་ཤེས་རབ་མེ་འབར་རལ་གྲི་ཕྱར༔ གཡོན་པས་ཐུགས་ཀར་ཨུཏྤལ་དམར་པོ་བསྣམ༔ ལོ་འདབ་སྙན་གྱི་ཐད་ཀར་རྒྱས་པའི་སྟེང༔ ཀུན་རྫོབ་དོན་དམ་བདེན་པའི་གླེགས་བམ་བཞུགས༔ ཞབས་གཉིས་སེམས་དཔའི་སྐྱིལ་མོ་ཀྲུང་གིས་འགྱིང༔ དར་དམར་སྟོད་གཡོག་སྔོ་ལྗང་ཤམ་ཐབས་ཀླུབས༔ རིན་ཆེན་རྒྱན་སྤྲས་མཚན་དང་དཔེ་འོད་འབར༔ སྲས་བཅས་རྒྱལ་བའི་སྐུ་ཡི་ངོ་བོར་བཞུགས༔ གནས་གསུམ་འབྲུ་གསུམ་ཐུགས་ཀའི་དྷཱི་ཡིག་ལས༔ འོད་ཟེར་དཀར་དམར་མཐིང་གསུམ་ཕྱོགས་བཅུར་སྤྲོས༔ བདེ་ཆེན་ཞིང་དང་རྔ་ཡབ་དཔལ་གྱི་རི༔ རི་བོ་དེ་ཤན་ལ་སོགས་གར་བཞུགས་ནས༔ ཡེ་ཤེས་སྤྱན་དྲངས་དམ་ཚིག་ལྷར་ཐིམ་གྱུར༔ དམ་ཡེ་གཉིས་མེད་བརྟན་པར་བཞུགས་སུ་གསོལ༔ འོད་གསལ་ལྟ་བ་མཇལ་བའི་ཕྱག་བགྱི་འོ༔ དངོས་འབྱོར་ཡིད་སྤྲུལ་ཀུན་བཟང་མཆོད་ཚོགས་འབུལ༔ རྒྱལ་ཀུན་གསང་གསུམ་ཡོན་ཏན་རྫོགས་ལ་བསྟོད༔ ཐོག་མེད་ནས་བསགས་མི་དགེའི་ལས་ཀུན་བཤགས༔ ཐུགས་ཀར་པདྨ་འདབ་བཅུའི་ལྟེ་བ་ལ༔ ཉི་མའི་དཀྱིལ་འཁོར་འོད་བཀྲག་རབ་འབར་དབུས༔ དྷཱི་ཡིག་དཀར་པོ་དབང་གཞུའི་གུར་ཁྱིམ་ཅན༔ ཕྱི་རོལ་པད་འདབ་འབྲུ་བཅུ་གཡས་སུ་འཁོར༔ འོད་ཟེར་ཡར་འཕྲོས་རྒྱལ་ཀུན་མཆོད་པས་མཉེས༔ མཁྱེན་བརྩེའི་ནུས་པ་ཚུར་འདུས་རང་ལ་ཐིམ༔ མར་འཕྲོས་འགྲོ་དྲུག་སྒྲིབ་གཉིས་བག་ཆགས་སྦྱངས༔ ཀུན་ཀྱང་འཇམ་དཔལ་སྐུར་གྱུར་སྔགས་སྒྲ་འུར༔ ཀ་དག་མ་བཅོས་གཉུག་མ་ཅོག་བཞག་ངང༔ ཨོཾ་ཝཀྐཱི་ཤྭ་རི་མཱུྃ༔ ཨ་ར་པ་ཙ་ན་དྷི༔ གདན་གསུམ་ཚང་བའི་ངང་ནས་ཅི་འགྲུབ་བཟླ། བསྒྲུབ་ཐག་ཉེ་ཞིང་བཀའ་བཙན་བྱིན་རླབས་མྱུར༔ ས་མ་ཡཱ༔ ཐུན་མཚམས་གསོལ་བ་འདེབས་པའི་ཚིག་བརྒྱ་སྟོང་ལ་སོགས་ཅི་འགྲུབ་འདོན༔ ཨེ་མ་ཧོ༔ མཁྱེན་རབ་ཁྱེད་ཀྱི་བརྩེ་བའི་འོད་ཟེར་ཀྱིས༔ བདག་བློ་ཉོན་མོངས་གཏི་མུག་རབ་བསལ་ནས༔ གནས་སོགས་བཅུ་ཕྲག་སྒོ་འཕར་རབ་ཕྱེས་ནས༔ བཀའ་དང་བསྟན་བཅོས་གཞུང་ལུགས་རྟོགས་པ་ཡི༔ ཤེས་རབ་མགྲིན་པའི་རྩ་མདུད་གྲོལ་བ་དང༔ བློ་གྲོས་ཤེས་བྱའི་སྤོབས་པ་བསྩལ་དུ་གསོལ༔ ཨོཾ་ཝཀྐཱི་ཤྭ་རི་མཱུྃ༔ ཨ་ར་པ་ཙ་ན་དྷི༔ ཞེས་བརྗོད༔ མཆོད་ཅིང་བསྟོད་པར་བྱ༔ ཨོཾ་ཨཱརྱ་མཉྫུ་ཤྲི་ཨརྒྷཾ་སོགས་ནས་ཤཔྟ་པྲ་ཏིཙྪ་ཡེ་སྭཱཧཱ༔ གཞོན་ནུའི་སྐུ་ལུས་འཆང་བ་པོ༔ ཡེ་ཤེས་སྒྲོན་མེས་རབ་ཏུ་བརྒྱན༔ འཇིག་རྟེན་གསུམ་གྱི་མུན་སེལ་བ༔ འཇམ་པའི་དབྱངས་ལ་ཕྱག་འཚལ་བསྟོད༔ ཤོ་ལོ་ཀ་བརྗོད༔ ཤིས་པས་མཐའ་བརྒྱན་བྱ་བ་ནི༔ ཨཱ༔ སྐྱེ་མེད་དབྱིངས་ལས་ཤར་བའི་བསྐྱེད་རིམ་ལྷ༔ སྐད་ཅིག་འོད་ཞུ་ཐུགས་ཀའི་སྔགས་ལ་ཐིམ༔ དེ་ཡང་སྐྱེ་འགག་གནས་གསུམ་བྲལ་བའི་ངང༔ སླར་ཡང་སྣང་སྟོང་ལྷ་སྐུར་ལམ་གྱིས་གསལ༔ འདིས་མཚོན་དུས་གསུམ་བསགས་པའི་རྣམ་དཀར་དགེ༔ འཁོར་གསུམ་དམིགས་མེད་ཆོས་སྐུའི་ཀློང་དུ་བསྔོ༔ བདག་སོགས་འགྲོ་བ་ཕ་མཐའ་ཡས་པའི་ཁམས༔ ཀུན་ཀྱང་མ་རིག་འཐིབ་པོའི་སྨག་ལས་ཐར༔ བཤད་སྒྲུབ་ལུང་རྟོགས་ཆོས་ཀྱི་རྒྱལ་མཚན་འཛིན༔ མཐར་ཐུག་དོན་གཉིས་འགྲུབ་པའི་བཀྲ་ཤིས་ཤོག༔ ཨེ་མ་འཇམ་དཔལ་དབྱངས་ཀྱི་སྒྲུབ་ཐབས་འདི༔ བཅུད་ཀྱི་ཡང་བཅུད་མན་ངག་གནད༔ པདྨའི་ཐུགས་ཀྱི་ཏི་ཀ་སྟེ༔ དབྱངས་ཅན་སྤྲུལ་པ་ས་ག་རས༔ ཁྱོད་ལ་གཏད་དོ་སྙིང་ལ་ཆོངས༔ མ་འོངས་སུམ་ཅུ་ཁ་རལ་དུས༔ ང་སྤྲུལ་བདུན་གྱིས་བསྔགས་པའི་བུ༔ ཕན་པའི་མིང་འཛིན་བྱང་སེམས་ལྡན༔ གར་མཁན་ལོ་པ་ཆོས་ལ་དཀར༔ དེ་ལ་དགོངས་པའི་གཏེར་དུ་སྟོན༔ དེ་ནས་ཆོས་གྱི་བདག་པོ་བཅུའི༔ ཉམས་རྟོགས་སྤེལ་བའི་དབང་ལུང་སྦྱིན༔ འབྲེལ་ཚད་དོན་ལྡན་ཡིན་ནོ་སྐད༔ རྟོག་གེ་ལོག་སྲེད་ཅན་ལ་གསང༔ བཀའ་ཡི་སྲུང་མ་དམ་ཚིག་ཅན༔ འཛམ་གླིང་རྡོ་རྗེ་ལེགས་པས་སྲུངས༔ ས་མ་ཡཱ་གུ་ཧྱ། བརྡ་ཐིམ༔ ཞེས་པ་འདི་ཡང་སྔོན་སྦྱངས་ལས་འཕྲོའི་མྱུ་གུ་གསར་དུ་འཁྲུངས་བའི་བཙུན་པ་རིག་གྲོལ་ཞེས་རྫོགས་སྤྲུལ་གསུམ་པའི་དངོས་སློབ་མགོན་བླ་བསོད་ནམས་ཀྱི་སྐྱེ་སྲིད་ཐོབ་པའི་སློབ་བུ་དང་། བདག་གི་ཆོས་བརྒྱུད་འཛིན་པའི་གང་ཟག་རྣམས་ལ་སྤེལ་བས་ཤེས་བྱའི་ཆོས་ལ་བློ་གྲོས་ཀྱི་པད་མོ་རབ་ཏུ་རྒྱས་པའི་རྒྱུར་གྱུར་ཅིག༔ སརྦ་མངྒ་ལཾ༔

འཇམ་དབྱངས་དམར་པོའི་སྒྲུབ་ཐབས་རྨོངས་པའི་མུན་སེལ།

ཡང་གསང་མཁའ་འགྲོའི་ཐུགས་ཐིག་ལས༔ འཇམ་དབྱངས་དམར་པོའི་སྒྲུབ་ཐབས་རྨོངས་པའི་མུན་སེལ་བཞུགས༔ ཨོཾ་སྭ་སྟི༔ དཀོན་མཆོག་ཀུན་འདུས་ངོ་བོ་བླ་མ་དང༔ དབྱེར་མེད་འཇམ་དཔལ་ཡབ་ཡུམ་སྐྱབས་སུ་མཆི༔ འགྲོ་བའི་མ་རིག་མུན་པ་སེལ་དོན་དུ༔ འཇམ་དཔལ་སྟངས་དཔྱལ་སྒྲུབ་པར་དམ་བཅའ་འོ༔ ཨཱ༔ རིག་སྟོང་སྤྲོས་བྲལ་འོད་གསལ་འདུས་མ་བྱས༔ མ་རྟོགས་འགྲོ་ལ་སྙིང་རྗེའི་རང་རྩལ་ལས༔ བདག་ཡིད་འཇམ་དབྱངས་བིནྡྷུ་ཀ་ཡི་མདོག༔ ཞལ་གཅིག་ཕྱག་གཉིས་རལ་གྲི་པུསྟི་ཀ༔ རྡོ་རྗེའི་སྐྱིལ་ཀྲུང་ལོངས་སྤྱོད་རྫོགས་སྐུའི་ཆས༔ མི་འཇིགས་སེང་ཁྲི་པད་ཉི་ཟླ་བའི་སྟེང༔ སྣང་སྟོང་སྒྱུ་མ་ཆུ་ཟླ་ལྟ་བུར་གསལ༔ གནས་གསུམ་འབྲུ་གསུམ་ལས་འཕྲོས་འོད་ཟེར་གྱིས༔ ཡེ་ཤེས་སྤྱན་དྲངས་བསྐྱེད་པའི་སྐུ་ལ་ཐིམ༔ ཐུགས་ཀར་པདྨ་དམར་པོའི་ཟེའུ་འབྲུའི་དབུས༔ ཟླ་སྟེང་དྷི་ཧྲིཾ་མཐའ་ལ་གཡས་བསྐོར་དུ༔ སྔགས་ཀྱི་ཕྲེང་བ་ཉེར་གཅིག་འཁོར་བ་ཡིས༔ སངས་རྒྱས་བྱང་སེམས་པཎྜི་ཏ་རྣམས་ཀྱི༔ མཁྱེན་བརྩེ་ནུས་པའི་ཤེས་རབ་ཐམས་ཅད་དང༔ ཉན་རང་སོ་སྐྱེས་ཤེས་རབ་ཐོས་བསམ་སྒོམ༔ འོད་དམར་ལ་སོགས་འབྲུ་གསུམ་རྣམ་པར་བསྡུས༔ སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་པོ་དང༔ འབྱུང་ལྔའི་དྭངས་མ་སེམས་ཅན་ཚེ་བསོད་དཔལ༔ བདག་གི་སྐུ་དང་སྔགས་འཁོར་དག་ལ་ཐིམ༔ ཤེས་བྱའི་ཆོས་ཀྱི་སྤོབས་པ་ཐོབ་པར་བསམ༔ ཨོཾ་ཧྲཱིཿདྷཱི་མ་མེ་དྷཱི་པཾ་མཉྫུ་ཤྲཱི་མུཾ་ཧྲཱི་པྲཛྙཱ་ཝརྡྷ་ནི་ཧྲཱིཿདྷཱི་སྭཱ་ཧཱ༔ སྔགས་ཀྱི་རྒྱལ་པོ་ཉི་ཤུ་གཅིག༔ བརྒྱ་སྟོང་ཁྲི་འབུམ་ས་ཡ་སོགས༔ བཏོན་པའི་ཕན་ཡོན་འདི་བཞིན་ནོ༔ མི་བརྗེད་གཟུངས་དང་སྒྲ་སྐད་ཀུན༔ ཤེས་ཤིང་མ་བསླབ་རིག་གནས་སོགས༔ མཁྱེན་གཉིས་མངོན་གྱུར་སྤོབས་པ་ཐོབ༔ རང་བྱུང་ཤེས་རབ་ཕ་རོལ་ཕྱིན༔ མི་མཐུན་བར་ཆད་རྐྱེན་ལས་གྲོལ༔ ཕྱི་མར་འཇམ་པའི་རྡོ་རྗེ་ཡིས༔ རྗེས་སུ་འཛིན་ཅིང་དངོས་གྲུབ་ཐོབ༔ གང་གི་བློ་གྲོས་གསུམ་གྱིས་བསྟོད༔ རྗེས་སུ་བསྡུ་ཞིང་དམིགས་མེད་བཞག༔ དགེ་བསྔོ་ཤིས་པས་ཐ་མར་བརྒྱན༔ ས་མ་ཡཱ༔ ཞེས་པ་འདི་ཡང་རིགས་བཟང་སྐྱེ་བ་ཐོབ་པའི་བཙུན་ཆུང་ཀུན་མཁྱེན་དང༔ དད་གསུམ་བརྟན་པའི་ལང་ཚོའི་དཔལ་ཡོན་ངོམ་པའི་གང་ཟག་ཚེ་དབང་ནོར་བུས་བསྐུལ་ངོར་ཞལ་མ་བཅག་ཙམ་དུ་སྤྲུལ་མིང་གཞན་ལ་ཕན་དེས་སྤེལ་བའི་དགེ་བས་འགྲོ་བ་ཀུན་ཤེས་བྱའི་ཆོས་ལ་བློ་གྲོས་ཀྱི་པདྨོ་རབ་ཏུ་རྒྱས་པར་གྱུར་ཅིག་གུ༔

སྐུ་གསུང་ཐུགས་བཟོ་སྤུས་ལེགས་པའི་གསོལ་འདེབས་ལེགས་པ་དོན་ལྡན།

འཇམ་པའི་དབྱངས་ཀྱི་ལས་ཚོགས་ཀྱི༔ སྐུ་གསུང་ཐུགས་བཟོ་སྤུས་ལེགས་པའི༔ གསོལ་འདེབས་ལེགས་པ་དོན་ལྡན་སྟོན༔ ཀྱེ་ཀྱེ་མདུན་མཁར་པད་ཟླ་དང༔ གདོང་ལྔའི་དབང་པོ་ཉལ་སྟབས་སྟེང༔ རྗེ་བཙུན་འཇམ་དབྱངས་དམར་པོ་ཉིད༔ གཞོན་ཚུལ་དམར་སེར་ལང་ཚོ་སྒེག༔ ཕྱག་གཉིས་ཆོས་འཆད་རལ་པོད་ནི༔ སྙན་ཐད་ཨུཏྤལ་འདབ་སྟེང་བསྣམས༔ སྐྱིལ་ཀྲུང་དར་དཔྱངས་ལོངས་སྤྱོད་རྫོགས༔ མདུན་གཡོན་དབྱངས་ཅན་ལྷ་མོ་སྔོ༔ ཕྱག་གཉིས་པད་སྟེང་རལ་པོད་འཛིན༔ སྒེག་བཞད་བཞེངས་སྟབས་པཉྩའི་གོས༔ སྨད་དཀྲིས་རཏྣའི་པྲོག་ཞུ་དང༔ སྙན་རྒྱན་ནོར་བུའི་དོ་ཤལ་མཛེས༔ ཡབ་ཡུམ་བཞད་མདངས་མུ་ལེར་རྔམ༔ རྗེས་ཆགས་སྙིང་རྗེའི་སྤྲོ་བསྡུ་ཡིས༔ སྒྲུབ་པོའི་མ་རིག་འཐིབ་པོ་བསལ༔ ཤེས་རབ་ཉམས་བརྒྱ་འབར་བར་བསམ༔ རང་རིག་ཟ་འོག་འབོལ་གདན་སྟེང༔ པཎ་ཆེན་ལོ་ཙཱ་ཐོན་མི་ནི༔ སམ་བྷོ་ཊ་ཞེས་སྐྱིལ་ཀྲུང་བཞུགས༔ སྐུ་ལ་ཆོས་གོས་རྣམ་གསུམ་ཀླུབ༔ དབུ་སྟེང་མཁན་ཞུ་བསྙལ་ཏེ་བཞག༔ ཕྱག་གཉིས་ཆོས་འཆད་མཉམ་བཞག་གིས༔ སྨྱུ་གུ་དང་ནི་སྣག་ཕོན་བསྣམས༔ ལེབ་ཤོག་དྲི་མེད་ངོས་ཡངས་པར༔ དབྱངས་གསལ་ངེས་དོན་མི་འཛོལ་བའི༔ ཇི་བཞིན་འབྲི་བའི་སྟངས་སྟབས་ཀྱི༔ ལྷག་ལྷའི་ཐུགས་རྒྱུད་བསྐུལ་བའི་ཚིག༔ གསོལ་བ་འདེབས་པ་འདི་ལ་བརྩོན༔ ཨོཾ་སྭ་སྟི༔ མཁྱེན་བརྩེའི་གཏེར་མཛོད་འཕགས་པ་མཉྫུ་ཤྲཱི༔ ངག་གི་འདོད་འཇོ་ཚངས་སྲས་དབྱངས་ཅན་མ༔ ཕྱི་ནང་རྗེས་འཛིན་ལྷ་ཆེན་དབང་ཕྱུག་ཆེ༔ གསོལ་བ་འདེབས་སོ་ཡིག་འབྲུའི་བཞིན་ལེགས་ཤིང༔ རྩོལ་བ་དོན་ལྡན་ཐོན་མི་སམ་བྷོ་ཊ༔ ཇི་བཞིན་གནད་དོན་མྱུར་དུ་རྟོགས་གྱུར་ཅིག༔ ཨོཾ་ཨ་ར་པ་ཙ་ན་དྷཱི༔ དེ་ལྟར་རྩེ་གཅིག་གསོལ་བཏབ་བསྙེན་པའི་འབྲས༔ བསྐལ་མང་སྦྱོང་དཀའི་སྡིག་སྒྲིབ་ཉེས་ལྟུང་རྣམས༔ བ་མོར་ཉི་ཟེར་ཕོག་པ་ཇི་བཞིན་དུ༔ སྐད་ཅིག་ཉིད་ལ་བྱང་ཞིང་དག་གྱུར་ཅིག༔ མཆོག་དང་མྱུར་དང་བརྟན་པའི་ཤེས་རབ་དང༔ འཛིན་དང་གོ་ཡུལ་སྤོབས་པ་རྨད་བྱུང་གཏེར༔ ཇི་ལྟ་ཇི་སྙེད་ཤེས་བྱའི་གནས་རྣམས་ལ༔ ཐོགས་མེད་མཁྱེན་པའི་རྣམ་དཔྱོད་མཆོག་གྲུབ་ཤོག༔ སྒྲ་ཚད་བཟོ་དང་གསོ་བ་ནང་རིག་པ༔ སྐར་རྩིས་སྙན་ངག་མངོན་བརྗོད་སྡེབ་སྦྱོར་དང༔ ཟློས་གར་ལ་སོགས་བཅུ་ཕྲག་རིག་པའི་གནས༔ འཁྲུལ་མེད་ཁོང་དུ་ཆུད་པར་བྱིན་གྱིས་རློབས༔ འཆད་རྩོད་རྩོམ་དང་ཐོས་བསམ་བསྒོམ་པའི་ལས༔ ཉིན་མཚན་གཡེལ་བ་མེད་པར་རབ་བརྩོན་ཞིང༔ མ་རྟོག་ལོག་རྟོག་མེད་པར་རྣམ་དག་གིས༔ རྒྱལ་བའི་བསྟན་པ་གསལ་བར་བྱེད་ནུས་ཤོག༔ མདོར་ན་གནས་སྐབས་མཐར་ཐུག་ཐམས་ཅད་ལ༔ འཇམ་མགོན་ཡབ་ཡུམ་ཁྱེད་ཀྱིས་རྗེས་འཛིན་ཅིང༔ བདག་གཞན་དོན་འགྲུབ་ཤེས་རབ་མཐར་ཕྱིན་ཤོག༔ ཅེས་འདི་ཆོས་ལ་དབང་བ་འགས༔ བསྐུལ་ངོར་ས་ར་ཧི་ཏ་ཡིས༔ ཚོགས་དྲུག་ཡུལ་སྣང་དག་ཕྱིར་བྲིས༔ ཡོངས་ལ་སྨན་པའི་རྒྱུར་གྱུར་ཅིག༔

འཇམ་དཔལ་ནག་པོའི་སྒྲུབ་ཐབས་ཤེས་རབ་སྣ་ཚོགས།

ཡང་གསང་ཌཱཀྐིའི་ཐུགས་ཐིག་ལས༔ འཇམ་དཔལ་ནག་པོའི་སྒྲུབ་ཐབས་ཤེས་རབ་སྣ་ཚོགས་བཞུགས༔ ན་མོ་མཉྫུ་ཤྲཱི་ཡེ༔ རྒྱལ་ཀུན་གསུང་གི་དབང་ཕྱུག་གི༔ སྒྲུབ་ཐབས་ནག་པོའི་ལས་ཚོགས་སྟོན༔ དཀྱིལ་འཁོར་མེད་ཅིང་གཏོར་མ་མེད༔ བསྐྱེད་རྫོགས་ཟབ་མོས་འདོན་སྒོམ་སྦྲགས༔ སྐྱབས་སེམས་ཚོགས་བསགས་སྔོན་སོང་ནས༔ དངོས་གཞིའི་རིམ་པ་འདི་ལྟར་གྱེར༔ ཨ༔ རང་ཉིད་སྐད་ཅིག་དྲན་པའི་ཏིང་འཛིན་ཕྲ་མོ་ལས༔ སྟོང་ཉིད་སྙིང་རྗེའི་རྩལ་ལས་པད་ཟླར་དྷི་ཡིག་ནག༔ འཕྲོ་འདུས་དོན་གཉིས་བྱས་ནས་ཡོངས་གྱུར་འཇམ་པའི་དབྱངས༔ བཻཌཱུར་མདངས་ལྡན་ཞལ་གཅིག་འཛུམ་ལྡན་ཕྱག་གཉིས་པ༔ གཡས་པས་ཡེ་ཤེས་རལ་གྲི་མེ་འབར་ནམ་མཁའི་དབྱིངས་ལ་ཕྱར་ཐབས་བསྣམས༔ གཡོན་པས་ཤེར་ཕྱིན་གླེགས་བམ་སྙན་གྱི་དབང་པོའི་ཐད་ཀར་པད་སྟེང་བཀན༔ ལོངས་སྐུའི་རྒྱན་རྫོགས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས༔ ཐུགས་དབུས་ཟླ་སྟེང་དྷཱི་ཡིག་བཻཌཱུར་འོད་ལྟར་འཚེར༔ གཡས་སྐོར་གཟུངས་ཀྱི་འཕྲེང་བ་འོད་ལྔ་ཀྱི་ལི་ལི༔ འཕྲོས་པས་གང་དམིགས་ནད་གདོན་བར་ཆད་ཞི་བར་བསམ༔ ཨོཾ་པྲ་སོད༔ ཆུ་སོད༔ ཏུར་ཏ་སོད༔ ཏུར་མི་སོད༔ སྙིང་མགོ་ལ་ཆོད༔ ཁ་ལ་ཛ༔ ཀཾ་ཤཾ་ཏྲིང་རྦད་ཕཊ་སྭཱ་ཧཱ༔ སྔགས་ཀྱི་ཟབ་པའི་མཐར་ཐུག་འདི༔ གྲངས་དུས་བསྙེན་པའི་རྟགས་དང་སྦྱར༔ ནད་རིགས་བཞི་བརྒྱ་རྩ་བཞི་དང༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཐུབ༔ གཉན་ལྷོག་སྨྱོ་སོགས་འགོས་ཡམས་དང༔ མཛེ་རིགས་བཅོ་བརྒྱད་འདི་ཡིས་ཐུབ༔ བསྙེན་གྲངས་ཐེམས་པའི་གང་ཟག་དེའི༔ བློ་གྲོས་འཇམ་པའི་དབྱངས་ལ་འགྲན༔ འཕོས་ཚེ་མཁྱེན་པའི་ས་མཆོག་ཐོབ༔ སྐྱེ་ཞིང་སྐྱེ་བར་ཐོས་བསམ་འཛིན༔ སྒོམ་པའི་ཤེས་རབ་གནད་དུ་འབེབས༔ འདི་ལྡན་འཇིགས་མེད་རྡོ་རྗེ་འཛིན༔ ལས་ལྡན་སློབ་བུའི་ཆོས་སྐལ་ཡིན༔ ཨ་ཇོ་ཆེན་པོས་གཏེར་འདི་འཚོས༔ ཡེ་ཤེས་མཁའ་འགྲོས་བཀའ་འདི་སྲུངས༔ དམ་མེད་ལོག་རྟོག་ཅན་ལ་གསང༔ དད་ལྡན་བུ་ཡི་དཔལ་དུ་སྦྱིན༔ འཆལ་ན་རང་གི་སྲོག་ལ་རྒོལ༔ བཀའ་རྒྱ་གསང་ཐུབ་ཨེ་མ་ཧོ༔ པདྨ་དོན་གསལ་བཞེད་སྐོང་དུ༔ ས་ར་ཧི་ཏས་བྲིས་པ་དགེ༔ མངྒ་ལམ༔

འཇམ་པའི་དབྱངས་ཀྱི་གསོལ་འདེབས་དྲི་མེད་བློ་གྲོས།

ཡང་གསང་མཁའ་འགྲོའི་ཐུགས་ཐིག་གི་ཆ་ལག་ཏུ༔ འཇམ་པའི་དབྱངས་ཀྱི་གསོལ་འདེབས་དྲི་མེད་བློ་གྲོས་བི་ཛ་ཧ་རམ༔ ཨེ་མ་ཧོ༔ རྒྱལ་ཀུན་སྤྱི་ཡི་རིགས་བདག་སྣང་མཐའ་ཡས༔ རྒྱལ་ཀུན་སྙིང་རྗེའི་རང་གཟུགས་སྤྱན་རས་གཟིགས༔ རྒྱལ་ཀུན་ཕྲིན་ལས་མཚོ་སྐྱེས་སམ་བྷ་ཝ༔ རྒྱལ་ཀུན་མཁྱེན་པའི་ཡེ་ཤེས་འཇམ་པའི་དབྱངས༔ གསོལ་བ་འདེབས་སོ་གཏི་མུག་རྨོངས་པ་སོལ༔ མཁྱེན་གཉིས་མངོན་གྱུར་ཤེས་རབ་རྩ་ཁ་འབྱེད༔ བཅུ་ཕྲག་གནས་ལ་མི་འཇིགས་སྤོབས་པ་ཐོབ༔ བློ་གྲོས་རབ་རྒྱས་འགྲོ་ལ་སྨན་པར་ཤོག༔ འཇིགས་བརྒྱད་གཡུལ་འཇོམས་ཨཱརྱ་ཏཱ་རེ་མ༔ ངག་གི་དབང་ཕྱུག་ལྷ་མོ་སྒྲ་ལྡན་མ༔ བཅུ་དྲུག་དགའ་བའི་ལང་ཚོ་མཚོ་རྒྱལ་མ༔ ཟབ་དོན་ཤེར་ཕྱིན་མ་ཅིག་ལབ་སྒྲོན་མ༔ གསོལ་བ་འདེབས་སོ་གཏི་མུག་རྨོངས་པ་སོལ༔ མཁྱེན་གཉིས་མངོན་གྱུར་ཤེས་རབ་རྩ་ཁ་འབྱེད༔ བཅུ་ཕྲག་གནས་ལ་མི་འཇིགས་སྤོབས་པ་ཐོབ༔ བློ་གྲོས་རབ་རྒྱས་འགྲོ་ལ་སྨན་པར་ཤོག༔ དྲི་མེད་འོད་ཟེར་འཇིགས་མེད་གླིང་པ་དང༔ ལྷ་སྲས་ཟློས་གར་བྱང་ཆུབ་གླིང་པ་དང༔ དཔལ་གྱི་དབང་ཕྱུག་ཟློས་གར་ལུང་རིག་གླིང༔ ཨ་ཙརྱ་སྤྲུལ་བསམ་གཏན་ཡེ་ཤེས་གླིང༔ གསོལ་བ་འདེབས་སོ་གཏི་མུག་རྨོངས་པ་སོལ༔ མཁྱེན་གཉིས་མངོན་གྱུར་ཤེས་རབ་རྩ་ཁ་འབྱེད༔ བཅུ་ཕྲག་གནས་ལ་མི་འཇིགས་སྤོབས་པ་ཐོབ༔ བློ་གྲོས་རབ་རྒྱས་འགྲོ་ལ་སྨན་པར་ཤོག༔ དྲིན་ཆེན་རྩ་རྒྱུད་བླ་མ་དམ་པ་དང༔ ཞི་དང་ཁྲོ་བོ་ཡི་དམ་རྒྱུད་སྡེའི་ལྷ༔ གནས་དང་ཡུལ་གྱི་མ་རྒྱུད་མཁའ་འགྲོའི་ཚོགས༔ ལེགས་ཉེས་སྟངས་འཛིན་དམ་ཅན་རྒྱུད་གཏེར་སྲུང༔ གསོལ་བ་འདེབས་སོ་གཏི་མུག་རྨོངས་པ་སོལ༔ མཁྱེན་གཉིས་མངོན་འགྱུར་ཤེས་རབ་རྩ་ཁ་འབྱེད༔ བཅུ་ཕྲག་གནས་ལ་མི་འཇིགས་སྤོབས་པ་ཐོབ༔ བློ་གྲོས་རབ་རྒྱས་འགྲོ་ལ་སྨན་པར་ཤོག༔ དེ་ལྟར་གསོལ་བཏབ་འཇམ་པའི་དབྱངས་ཉིད་དང༔ མཚོ་བྱུང་ལྷ་མོ་དྲང་སྲོང་ཕུར་བུའི་ལྷ༔ སྟོང་གསུམ་ཕྱོགས་བཅུའི་མཁས་པ་པཎྜི་ཏ༔ སྒྲ་ཚད་བསྟན་བཅོས་འབྱུང་བའི་ཉི་ཟླ་སོགས༔ ཀུན་གྱི་མཁྱེན་གཉིས་ཡེ་ཤེས་ཡོན་ཏན་དང༔ སྟོབས་རྩལ་ནུས་པ་བདག་ལ་ལྡན་པར་ཤོག༔ བདག་ཀྱང་དེང་ནས་བྱང་ཆུབ་སྙིང་པོའི་བར༔ རྗེ་བཙུན་འཇམ་དབྱངས་དཔའ་བོས་རྗེས་འཛིན་ཤོག༔ ཅེས་པའི་འཇམ་དབྱངས་གསོལ་འདེབས་འདི༔ སློབ་བུ་ལས་ལྡན་རིག་གྲོལ་དང༔ སྔོན་སྦྱངས་ལས་ཀྱིས་འབྲེལ་བའི་དད་དམ་བསོད་མཆོག་ཟུང་གིས་བསྐུལ་ངོར་སྤྲུལ་མིང་ཧོར་གྱི་བན་དྷེ་གཞན་ཕན་བཟང་པོས་བྲིས་པ་ཀུན་མཁྱེན་ཡེ་ཤེས་མངོན་དུ་རྟོགས་པར་གྱུར་ཅིག༔ སརྦ་མངྒ་ལམ༔

འཇམ་དབྱངས་ཀྱི་བསྟོད་སྒྲུབ་ཤེས་རབ་སྒོ་འབྱེད་མུན་སེལ་ཉི་མ།

ཡང་གསང་མཁའ་འགྲོའི་བརྡ་རིས་ལས༔ འཇམ་དབྱངས་ཀྱི་བསྟོད་སྒྲུབ་ཤེས་རབ་སྒོ་འབྱེད་མུན་སེལ་ཉི་མ་བི་ཛ་ཧ་རམ༔ ཨཱཿ རང་རིག་དེ་བཞིན་ཉིད་ཀྱི་ངང༔ མ་རྟོགས་འགྲོ་ལ་སྙིང་རྗེའི་གདངས༔ དཔལ་ལྡན་བློ་གྲོས་དྷཱིཿལས་བྱུང༔ གཞོན་ནུའི་ཚུལ་འཆང་མཛེས་པའི་སྐུ༔ ཆུ་སྐྱེས་གེ་སར་བཞད་པའི་དབུས༔ ཟླ་གདན་དཀྱིལ་ཀྲུང་འགྱིང་བག་ཅན༔ གུར་གུམ་མདོག་ཅན་ཟུར་ཕུད་ལྔ༔ སྙན་གོང་ཨུཏྤལ་ཆུན་པོས་མཛེས༔ སྣ་ཚོགས་རིན་ཆེན་གྱིས་སྤྲས་ཤིང༔ ལྷ་ཡི་ན་བཟས་སྟོད་སྨད་གཡོག༔ ཕྱག་གཡས་མཁའ་ལྟར་རབ་སྔོ་བའི༔ ཤེས་རབ་རལ་གྲི་དབྱིངས་ལ་འཕྱར༔ མུན་པ་འཐིབས་པོ་དྲལ་བ་དང༔ བདུད་བཅོམ་དོན་ཐུགས་ཆུབ་པར་མཛད༔ གཡོན་གྱི་ཨུཏྤལ་འདབ་བརྒྱ་བ༔ མགུལ་བའི་ངོས་སུ་རབ་རྒྱས་པའི༔ གེ་སར་དྲི་མ་མེད་པའི་སྟེང༔ སྟོང་ཕྲག་བརྒྱ་བའི་གླེགས་བམ་བསྣམས༔ དབུ་གཙུག་མི་བསྐྱོད་སྐྱོབས་པའི་མཚན༔ རྡོ་རྗེ་རྣོན་པོ་ཡི་གེ་དྲུག༔ བཞད་པའི་གད་རྒྱངས་རབ་སྒྲོག་པ༔ བདག་ལ་རྗེས་སུ་ཆགས་པར་མཛོད༔ ཁྱོད་སྐུ་བདག་ལུས་སྙིང་གིས་བརྟེན༔ མི་ཤེས་ཆགས་སྡང་རྨོངས་པ་སེལ༔ ངན་སེམས་ཐ་ཆད་མི་དགེས་བསླད༔ མགོན་པོ་ཁྱོད་ཀྱིས་བཟོད་པར་མཛོད༔ རྒྱལ་སྲས་ཐུ་བོའི་རྣམ་ཐར་ཟབ༔ རྒྱ་ཆེ་བ་དག་བདག་ལ་སྩོལ༔ འཇམ་མགོན་ཉིད་ལས་ལྷ་གཞན་ལ༔ རེ་ལྟོས་མི་འཆའ་བདག་སོགས་ལ༔ ཐོས་བསམ་སྒོམ་དང་འཆད་རྩོད་རྩོམ༔ བཅུ་ཕྲག་རིག་པའི་སྒོ་འཕར་ཕྱེ༔ ད་དུང་ཇི་སྲིད་བྱང་ཆུབ་བར༔ འབྱུང་ལྔ་དབྱིངས་སུ་མ་ནུབ་བར༔ སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ཡང༔ འཇམ་མགོན་སྨྲ་བའི་དབང་པོ་མཁྱེན༔ ཨོཾ་ཝ་ཀྱེ་དཾ་ན་མ༔ པྲ་ཛྙཱ་སརྦ་སིདྡྷི་ཧྲཱིཿ གང་ཚེ་བལྟ་བར་འདོད་པ་དང༔ ཅུང་ཟད་འདྲི་བར་འདོད་ན་ཡང༔ བླ་མ་ཨརྱ་མཉྫུ་ཤྲཱི༔ གེགས་མེད་མཐོང་བར་བྱིན་གྱིས་རློབས༔ ཞེས་འདི་དབྱིངས་རིག་མཁའ་འགྲོའི་བརྡ༔ ཕལ་བའི་བློ་ཡི་སྤྱོད་ཡུལ་མིན༔ ཉམས་སུ་སྐལ་ལྡན་སུས་བླངས་པ༔ འདི་ཕྱིའི་རྐྱེན་སེལ་ཟབ་རྒྱའི་ཆོས༔ རིག་རྩལ་ཀློང་ནས་རྡོལ་བར་ངེས༔ དུས་ལ་བབས་ཚེ་འཇམ་མགོན་གྱིས༔ རྗེས་སུ་འཛིན་པར་གདོན་མི་ཟ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ བརྡ་ཐིམ༔ ཞེས་པ་འདི་ཟླ་བ་ཡར་ཚེས་ཉ་ལ་རིག་པའི་རྩལ་ལས་སྣང་བ་བཙུན་པ་ཨ་ཀྵ་རས་བསྐུལ་བ་ལ་བརྟེན་ནས་ལེགས་པར་ཕབ་པ་པྲཛྙཱ་སིདྡྷི་ཕ་ལ་ཧོ༔

འཇམ་དཔལ་ཚོགས་མཆོད་རྟེན་འབྱུང་བསླུ་མེད་ཤེས་རབ་རྣམ་གྲོལ།

ཡང་གསང་མཁའ་འགྲོའི་ཐུགས་ཐིག་ལས༔ འཇམ་དཔལ་ཚོགས་མཆོད་རྟེན་འབྱུང་བསླུ་མེད་ཤེས་རབ་རྣམ་གྲོལ་བཞུགས༔ ན་མོ་མཉྫུ་གྷོ་ཥ་ཡེ༔ རྣལ་འབྱོར་ཉམས་ཆག་སྐོང་བ་དང༔ ཚོགས་གཉིས་ཡོངས་སུ་རྫོགས་པའི་ཕྱིར༔ འཇམ་པའི་རྡོ་རྗེའི་ཆོ་ག་ལ༔ བརྟེན་ནས་ཚོགས་བསགས་འདིར་བརྩོན་བྱ༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ༔ བཟའ་བཅའ་བཏུང་བ་ཚོགས་ཀྱི་རྫས༔ སྣང་སྲིད་ཐམས་ཅད་དོག་པོར་བྱེད༔ འདོད་དགུའི་དཔལ་ཡོན་ཅིག་ཆར་དུ༔ མི་ཟད་རྒྱན་གྱི་འཁོར་ལོར་སྤེལ༔ ངོ་བོ་སྐྱེ་མེད་སྟོང་པའི་དབྱིངས༔ ལྷུན་གྲུབ་རང་གདངས་བདེ་བ་ཆེ༔ ཐུགས་རྗེའི་སྒྱུ་འཕྲུལ་འཇམ་པའི་དབྱངས༔ སྲིད་པ་མཁྱེན་རབ་ལྷ་ཡི་དལ༔ མ་ལུས་ལུས་པ་མེད་པ་རུ༔ ཚོགས་ཀྱི་འདུ་བར་གཤེགས་སུ་གསོལ༔ དབྱིངས་ལ་གཤེགས་བཞུད་མེད་མོད་ཀྱང༔ འཁོར་བ་དབྱིངས་སུ་བཤིག་པའི་ཕྱིར༔ གང་འདུལ་སྣ་ཚོགས་ཐབས་མཁས་ཀྱིས༔ གདུལ་བྱ་རྗེས་སུ་གཟུང་དུ་གསོལ༔ མཉྫུ་ཤྲཱི་ས་པཱ་རི་ཝ་ར་ཕེཾ་ཕེཾ་བཛྲ་ས་མ་ཡཱ༔ དེ་ནས་ཐུགས་དམ་བསྐང་བ་ནི༔ སྔགས་དྲུག་ཕྱག་རྒྱས་བྱིན་གྱིས་བརླབ༔ ཨོཾ་ཨཱཿཧཱུྃ༔ཧོ༔ སྣང་བ་སྣོད་ཀྱི་གཞོང་པ་རུ༔ སྲིད་པའི་དཔལ་ཡོན་ཚོགས་སུ་བཤམས༔ བརྡལ་ཁྱབ་ལྤགས་པའི་གཞོང་པ་རུ༔ ཕུང་ཁམས་སྐྱེ་མཆེད་ཚོགས་སུ་བཤམས༔ ཀུན་གཞི་ཡངས་པའི་སྣོད་མཆོག་ཏུ༔ སེམས་དང་སེམས་བྱུང་ཚོགས་སུ་བཤམས༔ དམིགས་མེད་མཐའ་བྲལ་གཞོང་པ་རུ༔ རང་བྱུང་རང་ཤར་ཚོགས་སུ་བཤམས༔ སྐུ་གསུམ་འཇམ་པའི་རྡོ་རྗེ་ཡི༔ མཁྱེན་རབ་ལྷ་ཚོགས་ཐུགས་དམ་བསྐང༔ དམ་སྡོམ་འགལ་ཉམས་འདས་རལ་བཤགས༔ གདོད་མའི་དབྱིངས་སུ་དག་མཉམ་རོལ༔ ཁྱབ་བྱེད་ཀུན་གཟིགས་མངོན་གྱུར་མཛོད༔ དེ་ནས་ཚོགས་རྫས་རིམ་པ་གསུམ༔ སྤྲོས་ཏེ་ལྷ་ལ་འདི་བཞིན་བསྟབ༔ ཧོ༔ ཕྱི་ནང་གསང་བའི་ཚོགས་མཆོད་འདི༔ མཁྱེན་བརྩེའི་འཇམ་མགོན་ལྷ་ལ་འབུལ༔ ཐུགས་དང་འགལ་གྱུར་གཏི་མུག་བཤགས༔ གཟུང་འཛིན་བདག་རྟོག་དབྱིངས་སུ་སྒྲོལ༔ དུག་གསུམ་རྒྱུད་འཁྲུལ་ཁམས་གསུམ་འགྲོ༔ མཁྱེན་གཉིས་མངོན་གྱུར་དངོས་གྲུབ་སྩོལ༔ ཚོགས་རྫས་བརྡ་དང་བརྡ་ཡིས་ལེན༔ མ་ཧཱ་སུ་ཁ་པཱུ་ཛ་ཧོ༔ ཨ་ལ་ལ་ཧོ༔ དེ་ནས་ལྷག་མའི་མགྲོན་རྣམས་ལ༔ ཞལ་ཆབ་བྲན་ལ་ཚོགས་ལྷག་བསྔོ༔ ཨོཾ་ཨཱཿཧཱུྃ༔ ཕེཾ་ཕེཾ་ཧཱུྃ་ཧོ༔ དངོས་འབྱོར་ཡིད་སྤྲུལ་ཚོགས་ཀྱི་རྫས༔ ལྷག་གཏོར་འདོད་དགུའི་མི་ཟད་གཏེར༔ ལྷག་སྐྱོང་ཕྲ་མེན་ཚོགས་ལ་འབུལ༔ ཕྲིན་ལས་རབ་འབྱམས་ཡོངས་གྲུབ་མཛོད༔ ཨུ་ཙུཥྚ་བྷ་ལིང་ཏ་ཁཱ་ཧི༔ ཐུགས་དམ་དབྱིངས་སུ་བསྐུལ་བ་ལ༔ ལྟ་བའི་གདེངས་ཀྱིས་གཟིར་བར་བྱ༔ ཧཱུྃ་བྷྱོ་ཛ༔ སྤྲོས་བྲལ་བདེ་ཆེན་མཁའ་དབྱིངས་སུ༔ རང་བྱུང་མཁྱེན་རབ་འཇམ་པའི་དབྱངས༔ སྒྱུ་འཕྲུལ་རྡོ་རྗེའི་ལྷ་ཚོགས་བསྐུལ༔ བདག་རྟོག་ཤེས་རབ་ཀློང་དུ་སྒྲོལ༔ དེ་ནས་ཐ་ཚིག་བསྒྲགས་པ་ནི༔ ཧཱུྃ་ཧོ༔ གཟུང་འཛིན་འཁྲུལ་བའི་རྒྱུས་བསྐྱེད་པའི༔ སྒོ་ཡུལ་རྟོག་ཚོགས་དང་འབྲེལ་བའི༔ བཀའ་ཉན་དྲེགས་པའི་སྡེ་ཚོགས་རྣམས༔ རིག་འཛིན་ཡབ་སྲས་བཀའ་བསྒོས་དང༔ ཐ་ཚིག་གཉན་ལས་མ་འདའ་བར༔ མཆོད་གཏོར་བཞེས་ལ་ཕྲིན་ལས་མཛོད༔ བསྟན་མའི་གཏོར་མར་བཤལ་ཆུས་བྲན༔ ཧཱུྃ་ཧོ༔ དུས་སྦྱོར་རྟེན་འབྲེལ་གནས་དག་པའི༔ མ་མོ་བསྟན་མ་བཅུ་གཉིས་རྣམས༔ ཨོ་རྒྱན་བླ་མའི་གཡར་དམ་ཅན༔ བཤལ་ཆུའི་གཏོར་མ་འདི་ལོངས་ལ༔ རྟག་ཆད་ལྟ་བ་དབུ་མར་བཟློག༔ དོན་དམ་བདེན་པ་མངོན་གྱུར་མཛོད༔ མ་མ་ཧྲིཾ་ཧྲིཾ་བྷ་ལིཾ་ཏ་ཁཱ་ཧི༔ ལྟ་བའི་བྲོ་བརྡུང་དམ་སྲི་གནོན༔ ཧཱུྃ་ཧོ་བྷྱོ་རྦད༔ བདག་རྟོག་མ་ཏྲཾ་རུ་ཏྲའི་སྡེ༔ བདག་མེད་ཤེས་རབ་མཁའ་རུ་བྲུབ༔ ཞེན་མེད་ལམ་གྱི་བྲོ་གར་འཁྲབ༔ ཁྱབ་བརྡལ་ཆོས་སྐུའི་ཀློང་རྒྱས་གདབ༔ དམ་སྲི་སྟྭམ་བྷ་ཡ་ནན༔ རྗེས་ལ་མཆོད་བསྟོད་ནོངས་པ་བཤགས༔ དངོས་གྲུབ་དབང་ཡིད་ལེན་ཆོག་བྱ༔ དུས་ཀུན་ཤེས་རབ་སྣང་བ་སྦྱང༔ རྣལ་འབྱོར་ལམ་གྱི་ཚོགས་རྫོགས་ཕྱིར༔ འདི་ལ་རྟག་ཏུ་བརྩོན་གལ་ཆེ༔ ཟབ་མོ་གནད་ཀྱི་ཁྱད་ཆོས་ཡིན༔ མཁྱེན་གཉིས་མངོན་དུ་འགྱུར་བ་དང༔ སྒྲིབ་གཉིས་དྲི་མ་འཁྲུད་པར་ངེས༔ འབྲེལ་ཚད་རྣམ་པར་གྲོལ་བའི་ཆོས༔ ཉམས་སུ་ལེན་ཀུན་འཚེང་བར་འགྱུར༔ བཀའ་ཡི་སྲུང་མ་དམ་ཅན་གྱིས༔ ཐུབ་པར་སྲུངས་ཤིག་ས་མ་ཡཱ༔ དམ་མེད་ཉམས་པའི་དབང་པོ་སྣུབས༔ སྐལ་ལྡན་ཆོས་ལ་དབང་བ་སྲུངས༔ གུ་ཧྱ་བརྡ་ཐིམ༔ ཞེས་འཇམ་དབྱངས་དཀར་པོའི་ལས་ཚོགས་བསོད་ནམས་ཚོགས་གཉིས་ཟབ་མོ་འདི་སྔོན་ནས་བྱུང་ཡང་ཡི་གེས་འཇིགས་པ་དང་དགོས་མེད་ལེ་ལོའི་དབང་དུ་བཞག་ཀྱང༔ ཕྱིས་ཆོས་བློན་སྐ་བ་དཔལ་བརྩེགས་ཀྱི་ཟློས་གར་ཆོས་དབང་སྐྱེ་བ་ཐོབ་པའི་གང་ཟག་བྱ་བཏང་རི་ཁྲོད་འགྲིམ་པའི་རྫོགས་ཆེན་གྱི་རྣལ་འབྱོར་པ་མཁྱེན་རབ་ཡེ་ཤེས་རྒྱ་མཚོའི་བདག་ཉིད་གང་གི་བཀའ་གསུང་གསེར་གྱི་ཅོད་པཎ་སྤྱི་བོར་བསྩལ་བའི་ངོར་མི་ལྡོག་ཙམ་དུ་དམ་པ་དེ་ཉིད་ཀྱི་ཞབས་རྡུལ་སྤྱི་བོར་ལེན་པའི་འབངས་གཏེར་མིང་གཞན་ཕན་ཐུབ་བསྟན་ཉི་མ་དཔལ་བཟང་པོས་རང་བྱུང་དབྱིངས་ཀྱི་སྒྲོམ་ནས་བཏོན་ཏེ་བརྡ་ཐོགས་མེད་དུ་བྲིས་པའི་ཡི་གེ་པ་ནི་སློབ་བུ་ལུང་རྟོགས་བསྟན་འཛིན་གྱིས་བགྱིས་པ་དུས་གསུམ་དུ་དགེ་བར་གྱུར་ཅིག༔

འཇམ་དབྱངས་གསོལ་འདེབས་ཚིགས་བཅད་གཅིག་པ།

༄༅། ཤེས་བྱའི་མཁའ་ལ་མཁྱེན་རབ་ཉི་ཟླ་ཤར༔ ཐུགས་རྗེས་བརྩེ་བས་གདུལ་བྱའི་བློ་མུན་སེལ༔ རྗེ་བཙུན་འཇམ་པའི་དབྱངས་ལ་གསོལ་བ་འདེབས༔ མཁྱེན་རབ་སྣང་བ་རྒྱས་པར་མཛད་དུ་གསོལ༔ ཨོཾ་ཨཱ་ར་པཱ་ཙ་ན་དྷཱི༔

འཕགས་པའི་གསོལ་འདེབས་ཐུགས་རྗེ་རྒྱུད་བསྐུལ་བྱིན་རླབས་ཆར་རྒྱུན།

འཕགས་པའི་གསོལ་འདེབས་ཐུགས་རྗེ་རྒྱུད་བསྐུལ་བྱིན་རླབས་ཆར་རྒྱུན་བཞུགས་སོ༔ ཨེ་མ་ཧོ༔ ཁྱབ་བདག་སྟོན་མཆོག་འོད་སྣང་ཚེ་མཐའ་ཡས༔ གྲུ་འཛིན་མངའ་བདག་ལོངས་སྐུ་ཐུགས་རྗེའི་དཔལ༔ གངས་ཅན་གསལ་མཛད་ཐུགས་སྤྲུལ་པདྨ་འབྱུང༔ གསོལ་འདེབས་བྱང་སེམས་འབྱོང་བར་བྱིན་གྱིས་རློབས༔ ཚངས་པའི་མེ་ཏོག་མཚོ་རྒྱལ་མཁར་དབང་ཕྱུག༔ བྱང་ཆུབ་རྡོ་རྗེ་ལུང་རིག་དཱི་པ་དང༔ ཆོས་བདག་རྩ་རྒྱུད་བླ་མའི་ཚོགས་རྣམས་ལ༔ གསོལ་འདེབས་བྱང་སེམས་འབྱོང་བར་བྱིན་གྱིས་རློབས༔ དཀྱིལ་འཁོར་བྱེད་པོ་འཕགས་མཆོག་མིག་མི་འཛུམ༔ ཐུབ་དྲུག་སྒོ་སྲུང་བསྐལ་བཟང་འདྲེན་པ་སྟོང༔ བཀའ་གཏེར་སྲུང་མ་རང་སྣང་རིག་པའི་ལྷར༔ གསོལ་འདེབས་བྱང་སེམས་འབྱོང་བར་བྱིན་གྱིས་རློབས༔ དེ་ལྟར་གསོལ་བཏབ་མ་དག་སྒོ་གསུམ་པོ༔ དག་པ་སྐུ་གསུང་ཐུགས་སུ་བྱིན་བརླབ་ནས༔ སྣང་གྲགས་རིག་པ་ལྷ་སྔགས་ཆོས་སྐུར་གྲོལ༔ རབ་འབྱམས་རྒྱལ་བའི་བྱེད་པོ་མཆོག་འགྲུབ་ཤོག༔ ཅེས་པ་འདིའང་ལུང་རྟོགས་བསྟན་འཛིན་གྱི་བཞེད་སྐོང་དུ་ས་ར་ཧི་ཏས་སྨྲས་པ་དགེ༔

འཕགས་པའི་སྒྲུབ་ཐབས་བསོད་ནམས་ཚོགས་ཆེན།

བཀའ་འདུས་ཆོས་ཀྱི་རྒྱ་མཚོ་ལས༔ འཕགས་པའི་སྒྲུབ་ཐབས་བསོད་ནམས་ཚོགས་ཆེན་བཞུགས༔

རང་བྱུང་ཡེ་ཤེས་སྙིང་རྗེའི་གཏེར༔ འཕགས་མཆོག་ཕྱག་ན་པདྨོར་འདུད༔ དེ་ཉིད་སྒྲུབ་པའི་ཐབས་ཟབ་མོ༔ བསོད་ནམས་ཚོགས་ཆེན་རྒྱས་པའི་སྐུ༔ ཚོགས་གཉིས་ཟུང་འཇུག་འདི་ན་སྤེལ༔ དྲང་སྲོང་ཆེན་པོས་བྱ་ར་མཛོད༔ ས་མ་ཡཱ༔ ཨཱཿ རང་བྱུང་ལྷུན་གྲུབ་གཞལ་ཡས་ཁང༔ མཚན་ཉིད་ཡོངས་རྫོགས་དཀྱིལ་འཁོར་དབུས༔ ཆུ་སྐྱེས་གེ་སར་བཞད་པའི་སྟེང༔ ཁུ་རྡུལ་དག་པ་ཉི་ཟླའི་ཁར༔ ཧྲཱིཿལས་འཕགས་པ་སྤྱན་རས་གཟིགས༔ ཞལ་གཅིག་ཕྱག་བཞི་ལོངས་སྤྱོད་རྫོགས༔ འཁོར་ལོས་བསྒྱུར་བའི་ཆས་ཀྱིས་ཀླུབས༔ སྐུ་མདོག་གསེར་སྦྱང་བཙོ་མ་ལ༔ ཉིན་བྱེད་འབུམ་གྱིས་འཁྱུད་ལྟར་འཚེར༔ དང་པོའི་ཕྱག་གཉིས་ཐལ་མོ་སྦྱར༔ འདོད་འབྱུང་བསམ་འཕེལ་ནོར་བུ་དང༔ གཡས་འོག་རིན་ཆེན་གཏེར་བུམ་བསྣམས༔ གཡོན་འོག་ནོར་སྐྱུག་ནེའུ་ལེ་བཙིར༔ ཞབས་གཉིས་བརྐྱང་བསྐུམ་གནོད་སྦྱིན་མནན༔ སྐུ་ལས་རིན་ཆེན་ཆར་ལྟར་འབབས༔ བསྟན་དང་འགྲོ་བའི་དབུལ་བ་བསལ༔ མདུན་དུ་ཞི་རྒྱས་དབང་དྲག་གི༔ བདག་ཉིད་སོག་པོ་ནོར་གྱི་ལྷ༔ རིན་ཆེན་མང་སྤྲུལ་ཁྲོ་འཛུམ་བརྗིད༔ ཕྱག་གཡས་པཉྩ་པུ་ར་དང༔ གནམ་ལྕགས་མདུང་དར་དཀར་པོས་སྤུད༔ གཡོན་པས་ནོར་སྐྱུག་ནེ་འུ་ལེ༔ སྤྲུལ་པའི་རྒྱ་སྟག་དམར་པོ་ཁྲིད༔ ཞབས་གཉིས་འདོར་སྟབས་དམ་སྲི་མནན༔ སྟག་གི་སྡེར་བཞིས་འགོང་པོ་འཆིང༔ འཁོར་དུ་རྩ་གསུམ་ནོར་གྱི་ལྷ༔ ནམ་མཁའི་སྤྲིན་ལྟར་ཐིབས་སེ་བཞུགས༔ ལྷ་ཚོགས་དེ་དག་ཐམས་ཅད་ཀྱང༔ ཨ་འཐས་དངོས་གཟུགས་མ་ཡིན་པར༔ ཆུ་ཟླ་འཇའ་ཚོན་ལྟ་བུ་བཞིན༔ མ་ཡེང་ཡིད་ཡུལ་གསལ་བར་བསྒོམ༔ གནས་གསུམ་ཡི་གེའི་འཕྲོ་འདུ་ལས༔ བྱང་ཕྱོགས་གནོད་སྦྱིན་རྫོངས་ཀྱི་ཞིང༔ པོ་ཊ་ལ་ནས་སྤྱན་དྲངས་ཏེ༔ དམ་ཚིག་ཡེ་ཤེས་དབྱེར་མེད་གྱུར༔ ཛཿཧཱུྃ་བཾ་ཧོཿ ས་མ་ཡཱ་ཏིཥྛ་ལྷནཿ ན་མོ་པུ་རུ་ཤ་ཡ་ཧོཿ ནཱ་མ་ཡ་ཏིཿ ཧཱུྃ་ཧྲཱིཿ ཚོགས་དྲུག་ཡུལ་དྲུག་བདེ་སྟོང་མཉམ་པར་སྦྱོར༔ རང་གསལ་འགག་མེད་མཆོད་པའི་ཕྱག་རྒྱ་ཆེ༔ འཕགས་མཆོག་ཐུགས་རྗེ་ནོར་ལྷ་རྒྱ་མཚོར་འབུལ༔ བཞེས་ནས་བདག་སོགས་བསྟན་འགྲོའི་དབུལ་བ་སོལ༔ དགོས་འདོད་རེ་སྐོང་ཡིད་བཞིན་འཇོ་བར་མཛོད༔ ཨོཾ་ཨརྱ་ལོ་ཀི་ཤྭ་ར་མ་ཧཱ་ཀ་རུ་ཎི་ཀ་ཡཀྵ་ས་པཱ་རི་ཝ་ར་བཛྲ་ས་མ་ཡཱ་ཨརྒྷཾ་པ་དྱཾ་སོགས། ཤཔྟ་པཱུ་ཛ་ཨཱཿཧཱུྃ༔ ཧྲཱིཿ ཐུགས་རྗེ་ཆེན་པོས་འགྲོ་བ་ཡོངས་ལ་གཟིགས༔ བྱམས་དང་སྙིང་རྗེས་ནོར་ལྷ་རྒྱ་མཚོར་སྤྲུལ༔ བསྟན་འགྲོའི་དབུལ་སེལ་ཕུན་ཚོགས་ཕན་བདེའི་དཔལ༔ འཕགས་མཆོག་འཇིག་རྟེན་དབང་ཕྱུག་རྒྱལ་པོར་བསྟོད༔ སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་རྗེས་དགོངས་ལ༔ བདེ་གཤེགས་རིན་ཆེན་མིང་དང་གསེར་ཐུབ་ཀྱི༔ སྤྲུལ་པ་གནོད་སྦྱིན་སོག་པོའི་ཆས་སུ་སྤྲུལ༔ ཡིད་བཞིན་གཏེར་འཆང་སོག་པོའི་རྒྱལ་དེར་བསྟོད༔ གཞན་ཡང་ལྷ་དང་དྲང་སྲོང་ནོར་གྱི་ལྷ༔ ཚངས་དབང་རྒྱལ་ཆེན་ཕྱོགས་ཀྱི་དཀར་སྐྱོང་ཚོགས༔ ཀླུ་ཆེན་བརྒྱད་དང་ལྷ་མོ་ས་ཡི་བདག༔ རྒྱས་མཛད་འཕགས་པ་གཙོ་འཁོར་ཡོངས་རྫོགས་བསྟོད༔ བདག་ཉིད་འཕགས་པའི་ཐུགས་ཀར་རིན་ཆེན་ཟུར་བརྒྱད་པའི་སྟེང་དུ་ཡི་གེ་ཧྲཱིཿགསེར་གྱི་མདོག་ཅན་ཉི་མའི་སྙིང་པོ་ལྟར་འཚེར་བའི་མཐར་ཡིག་དྲུག་གཡས་སུ་འཁོར་བས་འོད་ཟེར་གསེར་གྱི་ལྕུག་མ་ལྟར་ཕྱོགས་བཅུར་འཕྲོས་རྒྱལ་བ་རྣམས་ལ་མཉེས་མཆོད་ཕུལ༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་འབྲུ་གསུམ་གྱི་རྣམ་པར་བདག་ལ་འདུས༔ འོད་ཟེར་མར་འཕྲོས་རིགས་དྲུག་གི་སྡུག་བསྔལ་སྦྱང༔ ཀུན་ཀྱང་འཕགས་མཆོག་ནོར་ལྷ་རྒྱ་མཚོའི་གོ་འཕང་ལ་བཀོད༔ ཚེ་བསོད་མངའ་ཐང་ཐམས་ཅད་འོད་ཀྱི་ཚུལ་དུ་བདག་དང་སྦྱིན་བདག་ལ་འདུས༔ འོད་ཟེར་ཕར་འཕྲོས་བྱང་ཕྱོགས་ལྕང་ལོ་ཅན་ནས་གནོད་སྦྱིན་ནོར་ལྷ་རྒྱ་མཚོའི་ཐུགས་རྒྱུད་བསྐུལ༔ གཉེན་ལ་ནོར་གྱི་ཉམས་གསོ་སྤྲད་པ་ལྟར༔ བདག་གནས་ཡོ་བྱད་ཐམས་ཅད་ལ་རིན་པོ་ཆེ་གོས་ཕྲུག་ཐེར་རས་ཇ་དར་ནོར་དབྱིག་སོགས་ཅི་འདོད་ཀྱི་ལོངས་སྤྱོད་ཐམས་ཅད་སྦུར་མ་རླུང་གིས་དེད་པ་བཞིན་དུ་བསྡུས་ནས་མེར་མེར་ཕྱུར་ཕྱུར་གང་བར་བསམ་ལ་དམིགས་པའི་འཕྲོ་འདུ་དང་བཅས་གཅིག་ཆོག་རྒྱལ་པོ་འདི་ལ་བརྩོན་པར་བྱའོ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཅི་ནུས་རྟགས་འབྱུང་བཟླ༔ སླར་ནོར་སྒྲུབ་སྔགས་ཤམ་ནི༔ སྔགས་མཐར། ཧྲཱིཿམ་ཧཱ་ཡཀྴ་རཱ་ཛ་རྒྱལ་བློན་བཙུན་མོ་དམངས་ཕལ་པའི་ནོར་ཕྱུགས་ཀ་ཆ་ཐམས་ཅད་བསྡུས་བསྡུས་ཁུག་ཁུག་སྐྱོལ་སྐྱོལ་མ་མ་བ་སུ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱཿ བསྡུ་ན༔ ཧྲཱིཿམ་ཧཱ་པུཎྱཻ་ད་ན་སརྦ་པུཥྚིཾ་ཀུ་རུ་ཡེ་སྭཱཧཱ༔ ས་མ་ཡཱ༔ གུ་ཧྱ༔ ཞེས་འདི་རང་བྱུང་དབྱིངས་ཀྱི་ཆོས༔ ལས་འཕྲོ་སྨོན་ལམ་དག་པས་ཕབ༔ སྐལ་ལྡན་ཆོས་ལ་དབང་དེར་གཏད༔ བཀའ་སྲུང་ཁྱབ་འཇུག་འོད་འཕྲོ་དང༔ ནོར་སྦྱིན་རྒྱལ་པོས་སྲུངས་ཤིག་རྒྱ༔ འདི་ཉིད་ཉམས་སུ་སུས་བླང་བའི༔ ཚེ་བསོད་ཡོན་ཏན་ཡར་ངོ་བཞིན༔ བདེ་ལེགས་སྣང་བས་ཡོངས་གང་ཤོག༔ བརྡ་ཐིམ༔ ཞེས་འཕགས་པ་འཇིག་རྟེན་དབང་ཕྱུག་ནོར་ལྷ་རྒྱ་མཚོའི་བདག་ཉིད་གང་གི་སྒྲུབ་ཐབས་རྒྱས་པའི་ལྷ་འདིའི་ཟབ་དོན་སྔར་ནས་དགོངས་པའི་རྩལ་དུ་བབས་ཀྱང་དགོས་མེད་དུ་བཞག་པ༔ ཕྱིས་དུས་ལ་བབ་པའི་ཚེ་རྟེན་འབྲེལ་བཟང་པོས་མཚམས་སྦྱར་ནས་མི་ཉག་བསྟན་པའི་སྦྱིན་བདག་རིགས་རུས་ལོངས་སྤྱོད་ཀྱིས་རྒྱགས་པ་ཁྲོ་བོ་ཚང་གི་གཡང་སྒྲུབ་སྐབས་དབུ་བཙུགས་ནས༔ རང་བྱུང་དགོངས་པའི་མཛོད་ལས་མཁའ་འགྲོའི་བརྡ་ཐོགས་མེད་དུ་བྲིས་པ་ཀར་སྟོད་ནས་སྦྱིན་བདག་བསོད་ནམས་མཐུ་སྟོབས་ཀྱི་འདུན་སར་རྡོ་རྗེ་སློབ་མའི་ཡོན་ཏན་གྱིས་མངོན་པར་མཐོ་བའི་རྡོ་རྗེ་ཡོན་ཏན་དང་༔ ཀར་སྟོད་མཁས་གྲུབ་གཉིས་ཀྱི་ཆོས་སྐལ་དུ་སྐར་མ་རྒྱལ་ལ་ཕུལ་བ་པོ་ནི་སྤྲུལ་སྐུ་གཞན་ཕན་བཟང་པོས་སོ༔ ཤུ་བྷཾ༔ མངྒ་ལཾ༔

འཕགས་པའི་གབ་ཐིག་དོན་ཞགས།

བཀའ་འདུས་ཆོས་ཀྱི་རྒྱ་མཚོ་ལས༔ འཕགས་པའི་གབ་ཐིག་དོན་ཞགས་བཞུགས༔

འཕགས་པའི་གབ་ཐིག་དོན་ཞགས་འབྲི༔ ལོ་ཀི་ཤྭ་རི་ལ་བཏུད་དེ༔ དབང་སྡུད་ལས་ཚོགས་བཞི་བསྟན་ནོ༔ ས་མ་ཡཱ༔ སེམས་བསྐྱེད་ལྡན་པའི་རྣལ་འབྱོར་པས༔ བྱམས་པ་ཆེན་པོའི་རང་རྩལ་ལས༔ དང་པོ་ཕོ་རྒྱུད་དབང་སྡུད་ནི༔ རང་ཉིད་འཕགས་པའི་ཐུགས་སྲོག་ལས༔ འོད་ཟེར་དམར་པོ་ལྕུག་མ་ཡི༔ རྩེ་མོར་ཨུ་མ་དེ་ཝི་འཕྲོས༔ གང་དམིགས་རྒྱལ་བློན་དམངས་ཕལ་བའི༔ སྤྱི་བོའི་གཙུག་ཏུ་རྡུལ་དམར་འཕོས༔ སྙིང་གི་དཀྱིལ་དུ་སིམ་པ་དང༔ བྷ་གའི་སྦུབ་ནས་འོད་དམར་པོ༔ ཁྱབ་བྱེད་འཁོར་ལོའི་རྩ་ལ་ཞུགས༔ ཕྱག་གཡས་ལྕགས་ཀྱུས་སྙིང་ནས་དྲངས༔ ཕྱག་གཡོན་ཞགས་པས་གང་དམིགས་འཆིང༔ ཆགས་པའི་སྟོབས་ཀྱིས་དབང་དུ་བསྡུས༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ར་ཛ་མ་ཏི་པུ་རུ་ཥ་ན་ར་སརྦ་པ་ཤཾ་ཀུ་རུ་ཛཿཛཿཁུག་ཁུག་དུང་དུང་སློང་སློང་སིདྡྷི་ཧཱུྃ༔ གཉིས་པ་མོ་རྒྱུད་དབང་སྡུད་ནི༔ རང་ཉིད་འཕགས་པའི་ཐུགས་སྲོག་ལས༔ འོད་དམར་རྩེ་ལ་ལྷ་ཆེན་པོ༔ ར་གའི་མདོག་ཅན་ལིངྒ་བསྒྲེང༔ མོ་རྒྱུད་བཙུན་མོ་ན་གཞོན་དང༔ རབ་མཛེས་མཛངས་མའི་ཚོགས་ཀུན་གྱི༔ པདྨའི་སྦུབས་སུ་ཤཱུ་ཀྲ་འཐོར༔ འོད་དམར་བདེ་སྐྱོང་རྩ་འཁོར་དཀྲུགས༔ མྱོས་པའི་སྟོབས་ཀྱིས་དབང་དུ་བསྡུས༔ རང་སྔགས་མཐའ་ལ༔ ས་ཏྲི་ན་རི་ཀུ་མ་ར་སརྦ་པ་ཤཾ་ཀུ་རུ་ཛཿཛཿཁུག་ཁུག་དུང་དུང་སློང་སློང་ནིག་ནལ་ནིག་ནལ་སེམས་རྩ་མྱོས་མྱོས་སྙིང་རྩ་སྒུལ་སྒུལ་སིདྡྷི་ཕ་ལ་ཧཱུྃ༔ གསུམ་པ་དགེ་འདུན་དབང་སྡུད་ནི༔ རང་ཉིད་འཕགས་པའི་ཐུགས་སྲོག་ལས༔ འོད་དམར་འཕྲོས་པའི་དབུས་ཉིད་དུ༔ འཇམ་དབྱངས་དམར་པོ་ཆོས་འཆད་ཅན༔ ཞལ་ནས་ཆོས་སྒྲ་ལྷང་ལྷང་སྒྲོག༔ ཐུགས་ལས་འོད་དམར་རལ་གྲི་དང༔ པུསྟི་བསྣམས་པས་སྙིང་ལ་བརྡེག༔ མོས་པའི་སྟོབས་ཀྱིས་མཁན་སློབ་དང༔ དགེ་འདུན་སྡེ་ཚོགས་དབང་དུ་བསྡུས༔ རང་སྔགས་གཤམ་དུ༔ གུ་རུ་སངྒ་མེ་བྷ་ཝ་ཏི་སརྦ་པ་ཤཾ་ཀུ་རུ་ཛཿཛཿཁུག་ཁུག་དུང་དུང་སློང་སློང་པྲཛྙཱ་ཧྲིཾ་ཧྲིཾ་སིདྡྷི་ཕ་ལ་ཧཱུྃ༔ བཞི་པ་ནོར་རྫས་དབང་སྡུད་ནི༔ རང་ཉིད་འཕགས་པའི་ཐུགས་སྲོག་ལས༔ འོད་དམར་རྩེ་མོ་ལྕགས་ཀྱུ་ཡིས༔ གང་དམིགས་ནོར་རྫས་འབྲུ་སྣ་དང༔ དར་གོས་རིན་ཆེན་རྐང་འགྲོས་ཚོགས༔ སྦུར་མ་རླུང་གིས་དེད་པ་བཞིན༔ འོད་དམར་ཞགས་པས་རང་མདུན་བཀུགས༔ ཁམས་གསུམ་དཀོར་ནོར་དབང་སྡུད་བསམ༔ གནས་ཁང་ཡུལ་ཁམས་བང་མཛོད་སོགས༔ མེར་མེར་ཕྱུར་ཕྱུར་གང་བར་བསམ༔ རང་སྔགས་གཤམ་དུ༔ བ་སུ་རཏྣ་ཝེ་ཏྲ་ན་ན་ཁ་དྷེ་སརྦ་པ་ཤཾ་ཀུ་རུ་སྭཱ་ཧཱ༔ ཡུལ་ཁམས་མངའ་ཐང་ལོངས་སྤྱོད་དཔལ་འབྱོར་དང་བཅས་པ་ཛཿཛཿཁུག་ཁུག་དུང་དུང་སློང་སློང་སིདྡྷི་ཕ་ལ་ཧཱུྃ༔ ས་མ་ཡཱ༔ གུ་ཧྱ༔ དྷ་ཐིམ༔ དེ་ལས་འཕྲོས་པའི་ལས་ཕྲན་ཚོགས༔ བསམ་མི་ཁྱབ་པ་རུ་ཡོད་ཀྱང༔ དགོས་ཆེད་ཆེ་ཕྱིར་གསུམ་ཙམ་སྟོན༔ རང་ཉིད་ཕྱག་སྟོང་སྤྱན་སྟོང་བསྒོམ༔ སྐུ་ལས་འོད་ཟེར་དཀར་པོ་འཕྲོས༔ བཞེངས་སྟབས་ཕྱག་གཉིས་ཐལ་མོ་བསྐྱང༔ དེ་ནས་སྙིང་གའི་ཐད་དུ་ནི༔ ཐལ་མོ་རྒྱབ་སྤྲོད་སྤྱན་སྟོང་བསྣོལ༔ ཨོཾ་པདྨེ་ཚིནྡ་མ་ཎི་ཛྭ་ལ་ནི་ཧཱུྃ་ཧྲཱིཿ འོད་ཟེར་རླུང་དམར་འཚུབ་མ་ཡིས༔ དགྲ་གདོན་བར་ཆད་བཟློག་པར་བསམ༔ རང་ཉིད་འགྲོ་བའི་ཡུལ་ཕྱོགས་དང༔ གཞན་སྲུང་ཕྱོགས་དེར་ཁ་སྟོན་ལ༔ སྔགས་བཟླས་ཐལ་བསྣོལ་སྐུ་བསྒོམ་པས༔ དགྲ་གདོན་བར་ཆད་ཀྱིས་མི་བརྫི༔ ལམ་གྱི་བར་ཆད་སྲུང་བ་ལ༔ འདི་ལས་ལྷག་པ་འཛམ་གླིང་དཀོན༔ འཕར་སྤྱང་ཇག་རྐུན་སོགས་ལ་འང༔ དྲན་ཆོག་ཐང་ཆོག་ཟབ་མོ་ཡིན༔ འདི་ལྡན་ལམ་དགྲས་འཇིགས་མི་དགོས༔ ས་མ་ཡཱ༔

བྱིན་འབེབས་ཀུན་བཟང་སྤྲིན་གྱི་རོལ་མོ་བྱིན་རླབས་བདུད་རྩིའི་ཟེགས་མ།

ཡང་གསང་མཁའ་འགྲོའི་ཐུགས་ཐིག་ལས༔ བྱིན་འབེབས་ཀུན་བཟང་སྤྲིན་གྱི་རོལ་མོ་བྱིན་རླབས་བདུད་རྩིའི་ཟེགས་མ་བཞུགས༔ ན་མོ་རཏྣ་གུ་རུ་དྷེ་ཝ་ཌཱཀྐི་ཡེ༔ འོག་མིན་བདེ་ཆེན་ཆོས་སྐུའི་ཕོ་བྲང་ནས༔ ཀུན་བཟང་ཆོས་སྐུའི་ལྷ་ཚོགས་འཁོར་བཅས་ཀྱིས༔ སྒྲུབ་གནས་ཡོ་བྱད་འདི་ལ་བྱིན་ཅིག་ཕོབ༔ རིག་འཛིན་རྣལ་འབྱོར་ཡོངས་ལ་དབང་བཞི་སྐུར༔ གུ་རུ་དྷེ་ཝ་ཌཱཀྐི་ནི་ཨ་ཝེ་ཤ་ཡ་ཕེཾ་ཕེཾ༔ ངེས་པ་ལྔ་ལྡན་ལོངས་སྐུའི་ཕོ་བྲང་ནས༔ ལོངས་སྐུ་སངས་རྒྱས་རིགས་ལྔ་འཁོར་བཅས་ཀྱིས༔ སྒྲུབ་གནས་ཡོ་བྱད་འདི་ལ་བྱིན་ཅིག་ཕོབ༔ རིག་འཛིན་རྣལ་འབྱོར་ཡོངས་ལ་དབང་བཞི་སྐུར༔ གུ་རུ་དྷེ་ཝ་ཌཱཀྐི་ནི་ཨ་ཝེ་ཤ་ཡ་ཕེཾ་ཕེཾ༔ འགགས་མེད་འགྲོ་འདུལ་སྤྲུལ་སྐུའི་ཕོ་བྲང་ནས༔ ཐུགས་རྗེས་འགྲོ་འདུལ་སྤྲུལ་སྐུའི་ལྷ་ཚོགས་ཀྱིས༔ སྒྲུབ་གནས་ཡོ་བྱད་འདི་ལ་བྱིན་ཅིག་ཕོབ༔ རིག་འཛིན་རྣལ་འབྱོར་ཡོངས་ལ་དབང་བཞི་སྐུར༔ གུ་རུ་དྷེ་ཝ་ཌཱཀྐི་ནི་ཨ་ཝེ་ཤ་ཡ་ཕེཾ་ཕེཾ༔ བདེ་ཆེན་པདྨོ་ཟངས་མདོག་དཔལ་རི་ནས༔ རིགས་བརྒྱའི་སྤྱི་མྱེས་རཀྴ་ཐོད་ཕྲེང་རྩལ༔ སྒྲུབ་གནས་ཡོ་བྱད་འདི་ལ་བྱིན་ཅིག་ཕོབ༔ རིག་འཛིན་རྣལ་འབྱོར་ཡོངས་ལ་དབང་བཞི་སྐུར༔ གུ་རུ་དྷེ་ཝ་ཌཱཀྐི་ནི་ཨ་ཝེ་ཤ་ཡ་ཕེཾ་ཕེཾ༔ སྒྲགས་མདའ་དྷུ་མ་ཐ་ལའི་གནས་མཆོག་ནས༔ ཌཱཀྐི་ཡེ་ཤེས་མཚོ་རྒྱལ་བྱིན་ཕོབ་ཅིག༔ སྒྲུབ་གནས་ཡོ་བྱད་འདི་ལ་བྱིན་ཅིག་ཕོབ༔ རིག་འཛིན་རྣལ་འབྱོར་ཡོངས་ལ་དབང་བཞི་སྐུར༔ གུ་རུ་དྷེ་ཝ་ཌཱཀྐི་ནི་ཨ་ཝེ་ཤ་ཡ་ཕེཾ་ཕེཾ༔ བསམ་ཡས་མི་འགྱུར་ལྷུན་གྲུབ་གནས་མཆོག་ནས༔ ཚངས་པའི་མེ་ཏོག་ལོ་པཎ་འཁོར་བཅས་ཀྱིས༔ སྒྲུབ་གནས་ཡོ་བྱད་འདི་ལ་བྱིན་ཅིག་ཕོབ༔ རིག་འཛིན་རྣལ་འབྱོར་ཡོངས་ལ་དབང་བཞི་སྐུར༔ གུ་རུ་དྷེ་ཝ་ཌཱཀྐི་ནི་ཨ་ཝེ་ཤ་ཡ་ཕེཾ་ཕེཾ༔ གར་བཞུགས་དག་པ་འོག་མིན་གཞལ་ཡས་ནས༔ རྒྱ་བོད་རིག་འཛིན་མཁས་གྲུབ་རྒྱ་མཚོའི་ཚོགས༔ སྒྲུབ་གནས་ཡོ་བྱད་འདི་ལ་བྱིན་ཅིག་ཕོབ༔ རིག་འཛིན་རྣལ་འབྱོར་ཡོངས་ལ་དབང་བཞི་སྐུར༔ གུ་རུ་དྷེ་ཝ་ཌཱཀྐི་ནི་ཨ་ཝེ་ཤ་ཡ་ཕེཾ་ཕེཾ༔ སྤྱི་གཙུག་ནམ་མཁའ་ཡངས་པའི་ད་ལ་ནས༔ དྲིན་ཆེན་ཡོངས་འཛིན་དམ་པ་འཁོར་དང་བཅས༔ སྒྲུབ་གནས་ཡོ་བྱད་འདི་ལ་བྱིན་ཅིག་ཕོབ༔ རིག་འཛིན་རྣལ་འབྱོར་ཡོངས་ལ་དབང་བཞི་སྐུར༔ གུ་རུ་དྷེ་ཝ་ཌཱཀྐི་ནི་ཨ་ཝེ་ཤ་ཡ་ཕེཾ་ཕེཾ༔ ཕུང་ཁམས་གདན་གསུམ་ལྷ་ཡི་ཕོ་བྲང་ནས༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ཐམས་ཅད་ཀྱིས༔ སྒྲུབ་གནས་ཡོ་བྱད་འདི་ལ་བྱིན་ཅིག་ཕོབ༔ རིག་འཛིན་རྣལ་འབྱོར་ཡོངས་ལ་དབང་བཞི་སྐུར༔ གུ་རུ་དྷེ་ཝ་ཌཱཀྐི་ནི་ཨ་ཝེ་ཤ་ཡ་ཕེཾ་ཕེཾ༔ གནས་མཆོག་སོ་གཉིས་ཡུལ་གྲུ་ཉེར་བརྒྱད་ནས༔ བཞུགས་པའི་དཔའ་བོ་མཁའ་འགྲོ་འཁོར་བཅས་ཀྱིས༔ སྒྲུབ་གནས་ཡོ་བྱད་འདི་ལ་བྱིན་ཅིག་ཕོབ༔ རིག་འཛིན་རྣལ་འབྱོར་ཡོངས་ལ་དབང་བཞི་སྐུར༔ གུ་རུ་དྷེ་ཝ་ཌཱཀྐི་ནི་ཨ་ཝེ་ཤ་ཡ་ཕེཾ་ཕེཾ༔ འོག་མིན་དག་པ་དབྱིངས་ཀྱི་མཁའ་ཀློང་ནས༔ རྩ་གསུམ་རབ་འབྱམས་རྒྱལ་བ་རྒྱ་མཚོའི་ལྷ༔ སྒྲུབ་གནས་ཡོ་བྱད་འདི་ལ་བྱིན་ཅིག་ཕོབ༔ རིག་འཛིན་རྣལ་འབྱོར་ཡོངས་ལ་དབང་བཞི་སྐུར༔ གུ་རུ་དྷེ་ཝ་ཌཱཀྐི་ནི་ཨ་ཝེ་ཤ་ཡ་ཕེཾ་ཕེཾ༔ བཀའ་དང་དམ་ཚིག་གཉན་པོའི་ཕོ་བྲང་ནས༔ མ་མགོན་བསྟན་སྲུང་སྡེ་བརྒྱད་གཙོ་དང་འཁོར༔ སྒྲུབ་གནས་ཡོ་བྱད་འདི་ལ་བྱིན་ཅིག་ཕོབ༔ རིག་འཛིན་རྣལ་འབྱོར་ཡོངས་ལ་དབང་བཞི་སྐུར༔ གུ་རུ་དྷེ་ཝ་ཌཱཀྐི་ནི་ཨ་ཝེ་ཤ་ཡ་ཕེཾ་ཕེཾ༔ ལུས་ལ་མི་འགྱུར་སྐུ་ཡི་བྱིན་ཆེན་ཕོབ༔ ངག་ལ་འགག་མེད་གསུང་གི་བྱིན་ཆེན་ཕོབ༔ སེམས་ལ་འཕོ་མེད་ཆོས་སྐུའི་བྱིན་ཆེན་ཕོབ༔ བདག་གནས་ཡོ་བྱད་ལྷ་ཡི་ཞིང་དུ་བསྒྱུར༔ ཨ་ལ་ལ་ཧོ༔ ཨ་ཝེ་ཤ་ཡ་ཕེཾ་ཕེཾ་ཛ་ཛ༔ བྱིན་འབེབས་སྤྲིན་གྱི་རོལ་མོ་འདིས༔ ཐ་མལ་སྣང་ཞེན་བསྒྱུར་ནུས་ཤིང༔ རྣམ་དག་ལྷ་ཡི་དལ་དུ་འགྲུབ༔ ཉམས་དང་རྟོགས་པ་འུར་ནུས་པ༔ བྱིན་འབེབས་བྱིན་རླབས་ཐུ་ལེ་བ༔ དབྱིངས་རིག་དགོངས་པའི་བརྡ་ལས་མངོན༔ ལོངས་སྤྱོད་ལྡན་པའི་ཆོས་སྐལ་ཡིན༔ ལོག་ལྟ་ཅན་ལ་རྒྱ༔ སྐལ་ལྡན་ཡོངས་ལ་གཏད་དོ་རྒྱ༔ གུ་ཧྱ༔ ཞེས་པ་འདི་ཡང་ཡེ་ཤེས་མཁའ་འགྲོའི་བརྡ་ལས་བྱུང་ཡང་ཅི་མི་སྙམ་པའི་ངང་དུ་བཞག་ཀྱང་མཐར་དུས་ལ་བབས་ཚེ་དད་ལྡན་རང་སློབ་དམ་པ་མཚོ་རྒྱལ་གྱིས་བསྐུལ་ངོར་རང་བྱུང་རིག་པའི་སྒྲོམ་ནས་བརྡ་ཐོགས་མེད་དུ་ཕབ་པ་ཡིན་པས་འགྲོ་ཀུན་རྒྱུད་ལ་སྐུ་གསུམ་གྱིས་བྱིན་འབེབས་པར་གྱུར་ཅིག༔ སརྦ་མངྒ་ལམ༔

ཐུགས་ཆེན་ཟླ་གཞོན་སྤྲིན་བྲལ་གྱི་བསྐང་བསྡུས་སྙིང་པོའི་བཅུད་དྲིལ།

ཐུགས་ཆེན་ཟླ་གཞོན་སྤྲིན་བྲལ་གྱི་བསྐང་བསྡུས་སྙིང་པོའི་བཅུད་དྲིལ་ཏིཥྛནྟུ༔ ཧྲཱིཿ སྤྲོས་བྲལ་ལྷུན་གྲུབ་གང་འདུལ་སྤྲུལ་ཞིང་ནས༔ དགོངས་བརྡ་སྙན་བརྒྱུད་བླ་མ་འཁོར་དང་བཅས༔ རིགས་ལྔའི་ཞིང་ཁམས་རི་བོ་ཏ་ལ་ནས༔ རིགས་ལྔའི་སངས་རྒྱས་འཕགས་མཆོག་སྤྱན་རས་གཟིགས༔ ཐུགས་སྤྲུལ་པད་འབྱུང་ཐུབ་དྲུག་ཧྱ་གྷྲྀ༔ ལྷ་མོ་རིགས་བཞི་སློབ་དཔོན་རྣམ་བཞི་སོགས༔ འགྲོ་བའི་ཁམས་དང་དབང་པོའི་རྗེས་མཐུན་པའི༔ སངས་རྒྱས་བྱང་སེམས་རྩ་གསུམ་ཆོས་སྲུང་ཚོགས༔ ཐུགས་དམ་གཉན་པོ་བསྐང་བའི་གནས་འདིར་གཤེགས༔ བཀོད་ལེགས་གདན་བཞུགས་གུས་པས་ཕྱག་འཚལ་བསྟོད༔ ཧཱུྃ་ཧྲཱིཿ གཞན་ཡང་ཐུགས་དམ་བསྐང་བའི་དམ་རྫས་ནི༔ རྩ་བརྒྱད་ཡན་ལག་སྟོང་སྦྱར་བདུད་རྩི་སྨན༔ ལྷན་སྐྱེས་སྦྱར་བྱུང་རྩི་བཅུད་རཀྟ་དམར༔ རྒྱུ་རྐྱེན་ཕུན་ཚོགས་རོ་ལྡན་ལྷ་ཡི་བཤོས༔ ཉོན་མོངས་གདུང་སེལ་བདེ་དབྱིངས་ཕྱག་རྒྱ་གར༔ གཉིས་རྟོག་མཉམ་པར་སྒྲོལ་བའི་དམ་རྫས་དང་༔ བསོད་ནམས་དཔལ་གྱིས་མངོན་མཐོ་རྒྱལ་སྲིད་བདུན༔ རྒྱལ་བའི་སྐུ་ལས་མངོན་བྱུང་བཀྲ་ཤིས་རྫས༔ གདུལ་བྱའི་དཔལ་ལས་ལེགས་འཁྲུངས་མཆོད་པའི་རྫས༔ སྲིད་དང་ཞི་བའི་ཡོ་བྱད་མ་ཚང་མེད༔ ཏིང་འཛིན་སྔགས་རྒྱས་སྤེལ་ཞིང་ལྷ་རྣམས་ཀྱི༔ དབང་པོ་དྲུག་ལ་བདེ་བའི་དཔལ་སྟེར་བའི༔ ངོ་མཚར་ཀུན་བཟང་མཆོད་པའི་སྤྲིན་ཕུང་འདིས༔ དངོས་བརྒྱུད་རིག་འཛིན་སློབ་དཔོན་ཐུགས་དམ་བསྐང་༔ དངོས་གྲུབ་ཆར་འབེབས་ཡི་དམ་ལྷག་པའི་ལྷ༔ འཕགས་མཆོག་སྤྱན་རས་གཟིགས་དབང་གཙོ་དང་འཁོར༔ སྤྲུལ་པ་ཡང་སྤྲུལ་བཅས་པའི་ཐུགས་དམ་བསྐང་༔ ཆོས་སྲུང་དམ་ཅན་རྒྱ་མཚོ་མ་ལུས་པ༔ རྣལ་འབྱོར་སྡོང་གྲོགས་ཟབ་གཏེར་གཉེར་ཁ་འཛིན༔ དུད་སོལ་ལྷ་མོ་དཔལ་མགོན་ཕྱག་དྲུག་པ༔ སྤྱི་དང་བྱེ་བྲག་སྲུང་མའི་ཐུགས་དམ་བསྐང་༔ ཧཱུྃ་ཧྲཱིཿ དགོངས་ཤིག་ཐུགས་རྗེའི་བདག་ཉིད་སྤྱན་རས་གཟིགས༔ བདག་ནི་ཚེ་རབས་འཁོར་བ་ཐོག་མེད་ནས༔ རིག་པའི་གནས་ལུགས་ཇི་བཞིན་མ་རྟོགས་པས༔ དུག་ལྔའི་དབང་གྱུར་མི་དགེའི་ལས་བཅུ་དང་༔ མཚམས་མེད་ལྔ་དང་ཉེ་ལྔ་ལྕི་བ་བཞི༔ ལོག་བརྒྱད་ཉམས་ཆག་ཉེས་ལྟུང་ཅི་བསགས་ཀུན༔ ད་ནི་གནོང་ཞིང་འགྱོད་པས་མཐོལ་ལོ་བཤགས༔ ཕྱིན་ཆད་མི་བགྱིད་སྙིང་ནས་དམ་བཅའ་འོ༔ ཕྱི་མ་ངན་སོང་ལོག་པར་མི་ལྟུང་བའི༔ ཚངས་པ་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ ཡི་གེ་བརྒྱ་པས་ནོངས་པ་བཤགས༔ དེས་ནི་ཉེས་ལྟུང་བག་ཆགས་རྣམས༔ དབྱིངས་སུ་གྲོལ་ནས་དགེ་ལེགས་ཀྱི༔ ཡོན་ཏན་ཡར་ངོའི་ཟླ་བཞིན་འཕེལ༔ ཅེས་པའང་རིག་འཛིན་ཆེན་པོའི་སྐྱབས་འོག་ཏུ་མཆི་བའི་འབངས་ས་ར་ཧི་ཏས་གཞུང་བསྐང་གི་དགོངས་པ་ཕྱོགས་གཅིག་ཏུ་དྲིལ་ཏེ་རང་ལ་ཉེར་མཁོའི་ཕྱིར་ཉུང་ངུར་བགྱིས་པ་དུས་གསུམ་དུ་དགེ་བར་གྱུར་ཅིག༔

དབང་ཆེན་གྱི་གསོལ་འདེབས་མེ་ན་ཀའི་ཟུར་མིག་སྐྱེ་བོའི་ཡིད་དབང་འགུགས་མཛད།

པདྨ་དབང་ཆེན་གྱི་གསོལ་འདེབས་མེ་ན་ཀའི་ཟུར་མིག་སྐྱེ་བོའི་ཡིད་དབང་འགུགས་མཛད་བི་ཛ་ཧ་རཾ༔ ཨེ་མ་ཧོ༔ ཆོས་སྐུ་རྡོར་འཆང་ལོངས་སྐུ་རྡོ་རྗེ་སེམས༔ སྤྲུལ་སྐུ་དགའ་རབ་བཱི་མ་རིག་འཛིན་སྡེ༔ གསོལ་བ་འདེབས་སོ་དྲེགས་པའི་བླ་ཡིད་སེམས༔ དབང་སྡུད་བྲན་དུ་ཁོལ་བར་བྱིན་གྱིས་རློབས༔ ན་གརྫུ་ན་ཨོ་རྒྱན་མཚོ་སྐྱེས་རྗེ༔ མ་ཅིག་མཁའ་འགྲོ་ཨ་ཙར་ཡེ་ཤེས་དབྱངས༔ གསོལ་བ་འདེབས་སོ་སྣང་སེམས་འཁྲུལ་བའི་འགྲོ༔ བདེན་མེད་དབང་དུ་འདུ་བར་བྱིན་གྱིས་རློབས༔ ལུང་རིག་གླིང་པ་ཆོས་བདག་ཐུབ་བསྟན་མཚན༔ བརྒྱུད་འཛིན་སྐལ་ལྡན་ལུང་ཟིན་དམ་པ་ལ༔ གསོལ་བ་འདེབས་སོ་ཐབས་ཤེས་རྟེན་འབྲེལ་འགྲིག༔ ཐེག་ཆེན་གནམ་འཕང་གཅོད་པར་བྱིན་གྱིས་རློབས༔ པདྨ་དབང་ཆེན་ཡབ་ཡུམ་གཙོ་དང་འཁོར༔ ཁྱབ་འཇུག་འོད་འཕྲོ་ལྷ་བཙན་ཡིད་བཞིན་ནོར༔ གསོལ་བ་འདེབས་སོ་སྣང་ཞིང་སྲིད་པའི་ཆོས༔ ཐོགས་མེད་དབང་དུ་འདུ་བར་བྱིན་གྱིས་རློབས༔ རྒྱལ་བ་རབ་འབྱམས་ཞི་དང་ཁྲོ་བོའི་སྡེ༔ དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་ཐམས་ཅད་ལ༔ གསོལ་བ་འདེབས་སོ་དག་པ་དབྱིངས་ཀྱི་ཀློང་༔ ཡེ་གཞི་གཞོན་ནུ་བུམ་སྐུར་གྲོལ་བར་ཤོག༔ ཅེས་པའི་རྟ་མགྲིན་བརྒྱུད་འདེབས་འདི༔ བཙུན་པ་ཨ་དོན་སྐྱེ་བ་མེད༔ རིག་དང་གྲོལ་བའི་དམ་པ་དེའི༔ ཐུགས་བཞེད་སྐོང་ཕྱིར་བྷུ་སུ་ཀུ༔ གཞན་ལ་ཕན་དེས་སྨྲས་པ་དགེ༔

པདྨ་དབང་ཆེན་སྒྲུབ་པའི་མཚམས་ལྷ་བསྐྱེད་པ་སོགས་ཁ་སྐོང་ལྷན་ཐབས།

ཧེ་རུ་ཀ་དཔལ་རཀྴ་ཐོད་ཕྲེང་རྩལ༔ སྒོ་གསུམ་གུས་པས་འདུད་དོ་ཤིས་པ་སྩོལ༔ ལས་བྱང་གཞུང་གི་ཁ་སྐོང་སྦྱོར་བའི་ཆོས༔ སྐྱབས་སེམས་ཡན་ལག་བདུན་ནི་རྒྱུད་གཞུང་བཞིན༔ རྡོ་རྗེ་སློབ་དཔོན་སོགས་ཀྱི་ཚོགས་བསགས་རིམ༔ ལན་གསུམ་འདོན་རྗེས་ཚོགས་ཞིང་རང་ལ་བསྡུ༔ བདུད་རྩི་འཁྱིལ་བས་བསང་ཆུ་ནུས་ལྡན་བསྒྲུབ༔ དེ་ནས་མཚམས་ལྷ་བསྐྱེད་པ་འདི་བཞིན་སྒོམ༔ ཨོཾ་མ་ཧཱ་ཤུ་ནྱ་ཏ་སོགས། རང་ཉིད་སྐད་ཅིག་གིས་དབང་ཆེན་རྟ་མགྲིན་སྐུ་མདོག་དམར་ནག་ཞལ་གཅིག་སྤྱན་གསུམ་མཆེ་བ་བཞི་གངས་ལྟར་གཙིགས་ཤིང་། ལྗགས་གློག་ལྟར་འཁྱུག་པ། སྤྱི་གཙུག་ན་རྟ་མགོ་ལྗང་ཞུར་རྟ་སྐད་དྲག་པོ་མི་མངོན་ནམ་མཁའི་དབྱིངས་སུ་ལྷང་ལྷང་འཚེར་བས་ཁམས་གསུམ་དབང་དུ་སྡུད་ཅིང་། སྲིད་གསུམ་ལས་ལ་ཁོལ་བ། དམ་མེད་བདུད་རིགས་འབྱུང་པོའི་ཀླད་པ་འགེམ་པར་མཛད་པ། གཡས་པས་ལྕགས་ཀྱུ་ཕྱར་སྟབས་སུ་བསྣམས་ཤིང་། གཡོན་དབང་རྒྱས་ཞགས་པ་གློག་གི་བང་ཅན་བསྣམས་པ། གཟའ་ཀླུ་རྒྱལ་བསེན་འབྱུང་པོ་བསྣོལ་བའི་སྟེང་དུ་ཞབས་གཉིས་འདོར་སྟབས་སུ་བགྲད་པ། ཁྲོ་བོའི་ཆས་ཐམས་ཅད་ཀྱིས་ཡོངས་སུ་བརྒྱན་ཅིང་། རང་སྣང་གི་ཡུམ་དང་བཅས་པའི་སྐུར་གྱུར། ཨོཾ་བཛྲ་ཀྲོ་ཏ་ཧྱཱ་གྷྲྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ དེ་ནས་བགེགས་ལ་བཀའ་བསྒོ་ནི། ཧཱུྃ་ཧཱུྃ་ཧཱུྃ༔ ང་ནི་རང་བྱུང་རིག་པ་དོན་གྱི་ལྷ༔ ཁྲོ་མཆོག་དབང་ཆེན་ཧྱ་གྷྲྀ་ཝ་ཆེ༔ དམ་མེད་བདུད་རིགས་གཉིས་སྣང་འཁྲུལ་བའི་འདྲེ༔ གནས་འདིར་མ་འདུག་སྤྲོས་བྲལ་དབྱིངས་སུ་དེངས༔ ཧཱུྃ་བཞིའི་སྔགས་དང་ཡུངས་ཐུན་ཕཊ་སྒྲས་བསྐྲད༔ བསྲུང་བའི་གོ་ཆ་འཇིགས་མེད་རྡོ་རྗེས་གཏམས༔ ཧྲཱིཿ བདག་ཉིད་འགྱུར་མེད་ཡེ་གདངས་ཆོས་སྐུའི་མཁའ༔ གློ་བུར་འཁྲུལ་བའི་བསྲུང་བྱ་བསྲུང་བྱེད་བྲལ༔ ཡེ་ཤེས་རང་རྩལ་མེ་དཔུང་ཁྲོ་མཚོན་གྱིས༔ མཚན་མའི་ཡུལ་ཀུན་བསྲུང་བའི་ཆས་ཀྱིས་གཏམས༔ ཨོཾ་བཛྲ་ཏིཀྵ་ཎ་ཛྭ་ལ་རཾ་རཾ་རཀྵ་ཀུ་རུ་བྷྲུཾ་སྭཱ་ཧཱ༔ དེ་ནས་བྱིན་འབེབས་བྱིན་རླབས་བྱ༔ ཧཱུྃ་ཧྲཱིཿ ཨ་ལ་ལ་ཧོ༔ བྷ་ག་ཝན་ས་མ་ཡཱ་སྟྭཾ༔ ས་མ་ཡཱ་ཧོ༔  ཧཱུྃ་ཧྲཱིཿ བྱིན་ཆེན་ངོ་མཚར་མཆོག་གི་ཞིང་ཁམས་སུ༔ སྐུ་གསུམ་རང་རྩལ་ཆོས་དབྱིངས་ཕོ་བྲང་ནས༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་བཅས༔ བྱིན་ཆེན་བྱིན་ཕོབ་མཆོག་ཐུན་དངོས་གྲུབ་སྩོལ༔ གུ་རུ་དྷེ་ཝ་ཌཱཀྐི་ནི་དྷརྨ་པཱ་ལ་ཨ་བཻ་ཤ་ཡ་ཕཻཾ་ཕཻཾ་ཛ་ཛ༔ ཨོཾ་བཛྲ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ རིན་ཆེན་བྷན་དྷ་ཡངས་པའི་སྣོད་མཆོག་དེར༔ གཏོར་མ་ཤ་ལྔ་ཡེ་ཤེས་བདུད་རྩི་ལྔ༔ གཏར་དང་གཞུར་བའི་རཀྟ་སོ་ལྔའི་རྫས༔ རྣམ་ལྔའི་མཆོད་པ་ཕྱི་ནང་གསང་བའི་མཆོད༔ མ་ཚང་མེད་པ་རྩ་གསུམ་རྒྱལ་བ་ཡི༔ ཐུགས་དམ་བསྐང་བའི་རྫས་སུ་བྱིན་རླབ་པོ༔ ཨོཾ་སརྦ་པུ་ཛ་མེ་གྷ་ཨཱ་ཧཱུྃ་ཧྲཱིཿཋ༔ དེ་ནས་ལྷ་ཡི་རྣལ་འབྱོར་ལས་བྱང་ལྟར༔ བསྙེན་བསྒྲུབ་ལས་སྦྱོར་གཞུང་བཞིན་གནད་བསྣུན་ནི༔

པདྨ་དབང་ཆེན་སྒྲུབ་པའི་ལས་བྱང་བསྡུས་པ་བིནྡྷུ་ཀ་ཡི་ཞགས་པ།

བཀའ་འདུས་ཆོས་ཀྱི་རྒྱ་མཚོ་ལས༔ པདྨ་དབང་ཆེན་སྒྲུབ་པའི་ལས་བྱང་བིན་དྷུ་ཀའི་ཞགས་པ་བཞུགས་སོ༔   ཨཱཿ སྣང་གྲགས་ཆོས་ཀུན་མི་དམིགས་སྟོང་པའི་ངང་༔ ལྷུན་གྲུབ་རང་མདངས་བསྲུང་བའི་ཙཀྲར་གྱུར༔ ཕྱི་སྣོད་དུར་ཁྲོད་མེ་རི་འབར་ཀློང་གྱུར༔ ནང་ནི་གནམ་ལྕགས་ངར་མའི་ཕོ་བྲང་གི༔ དཀྱིལ་ཡངས་ཟླ་གམ་སྒོ་གཅིག་རབ་འབར་དབུས༔ པད་ཉི་དབང་ཕྱུག་སྒྲ་གཅན་བསྣོལ་བའི་སྟེང་༔ རང་སེམས་ཧྲཱིཿཡིག་དམར་པོའི་འཕྲོ་འདུ་ལས༔ འཕགས་མཆོད་བྱིན་བསྡུས་སེམས་ཅན་བདེ་ལ་བཀོད༔ བཀའ་འགལ་དམ་ལོག་མི་མིན་ནག་ཕྱོགས་སྡེ༔ ཚར་བཅད་དབང་བསྡུས་འོད་ཟེར་ཚུར་འདུས་པས༔ ཧྲཱིཿདམར་ཡོངས་གྱུར་རྟ་མགྲིན་དབང་གི་ལྷ༔ པདྨ་ར་གའི་མདོག་ཅན་ཁྲོ་འཛུམ་བཞད༔ ཁྲོ་ཆས་ཡོངས་རྫོགས་ཕྱག་གཡས་པདྨ་ཡིས༔ རྣམ་པར་མཛེས་པའི་ལྕགས་ཀྱུ་ཕྱར་ཐབས་འཛིན༔ གཡོན་པས་པདྨའི་ཞགས་པ་དབང་རྒྱས་བསྣམས༔ ཞབས་གཉིས་འགྱིང་སྟབས་ཤེས་རབ་གོས་དཀར་མོ༔ རྡོ་རྗེ་ཕག་གདོང་དམར་མོ་པད་ཕྲེང་དང་༔ ཐོད་ཁྲག་འཛིན་པ་ཡབ་འཁྱུད་ཆགས་བཞད་སྒེག༔ དབང་ཆེན་སྤྱི་གཙུག་རྟ་དབུ་ལྗང་ཞུར་རྔམས༔ ལྷང་ལྷང་ལན་གསུམ་འཚེར་བས་ཁམས་གསུམ་གྱི༔ མི་དང་མི་མིན་དྲེགས་པ་དབང་དུ་བསྡུས༔ རྩ་གསུམ་ཀུན་འདུས་བདག་ཉིད་ཆེན་པོར་གསལ༔ རིག་རྩལ་རོལ་བའི་ཀློང་ནས་གཤེགས་སུ་གསོལ༔ གཉིས་མེད་འདུ་འབྲལ་སྤང་ཕྱིར་བརྟན་བཞུགས་གསོལ༔ འཕྲུལ་དགའི་ཚུལ་གྱིས་ལྟ་བ་མཇལ་ཕྱག་འཚལ༔ ཕྱི་ནང་སྣོད་བཅུད་གཟུང་འཛིན་བྲལ་བས་མཆོད༔ ཆགས་ཞེན་མཉམ་བརྡལ་དགྱེས་པ་ཆེན་པོས་བཞེས༔ གསང་གསུམ་ཡོན་ཏན་རྫོགས་ལ་གུས་པས་བསྟོད༔ ཐུགས་དབུས་པད་རཀ་རྡོ་རྗེ་སྦུབས་སྟོང་དབུས༔ ཧྲཱིཿདམར་མཐའ་ལ་རང་སྔགས་གཡོན་དུ་འཁོར༔ འོད་དམར་ཟེར་ཕྲེང་དྲེགས་ཚོགས་བྲན་དུ་བཀོལ༔ མཐོང་ཐོས་དྲན་རེག་རྣམ་མཁྱེན་སར་བཀོད་ནས༔ རྒྱལ་ཀུན་ཕྲིན་ལས་སྒྲུབ་པའི་བྱེད་པོར་དམིགས༔ ལྷ་སྔགས་ཡེ་ཤེས་རོལ་བ་འབྱམས་ཀླས་ངང༔ ཨོཾ་མ་ཧཱ་ཀྲོ་ཏ་པདྨ་ཧེ་རུ་ཀ་ཧྱ་གྷྲྀ་ཝ་པདྨ་ཌཱཀྐི་ནི་ཧཱུྃ་ཧྲཱིཿ དེ་ནས་ལས་སྦྱོར་རྩ་སྔགས་ཤམ༔ ཛ་ཛ་ཛུ་ཛུ་ཕོ་རྒྱུད་མོ་རྒྱུད་ཡུལ་ཁམས་མངའ་ཐང་ལོངས་སྤྱོད་སྟོབས་འབྱོར་སྙན་པ་དང་གྲགས་པ་ཐམས་ཅད་འོད་དམར་པོའི་རྣམ་པར་བདག་གི་དབང་དུ་བསྡུས་ཤིག་སིདྡྷི་ཕ་ལ་ཧཱུྃ་ཛ་ཛ༔ སརྦ་པ་ཤཾ་ཀུ་རུ་ཧོ༔ ཡེང་མེད་ངང་ནས་ཅི་འགྲུབ་བསྙེན༔ དམིགས་པའི་མདའ་དང་དམིགས་བྱའི་འབེན༔ ཟུང་དུ་འཇུག་པས་གནད་བསྣུན་ན༔ གང་ལ་དམིགས་པ་དབང་དུ་འགྱུར༔ འདི་ནི་ཟབ་པའི་མཐར་ཐུག་གོ༔ གང་ཟག་དབང་པོའི་རིམ་པ་བཞིན༔ སྒྲུབ་པའི་རྣོ་ནུས་རང་ལ་རག༔ གཅིག་ཆོག་རྒྱལ་པོ་རྒྱ༔ ས་མ་ཡཱ༔  བཅོམ་ལྡན་དབང་གི་ལྷ་ལ་འདུད༔ དབང་ཆེན་སྒྲུབ་པའི་ཟབ་ཏིག་འདི༔ རྒྱ་གར་མཁས་པ་པད་འབྱུང་གིས༔ ཀླུ་སྒྲུབ་སྙིང་པོར་ཞུས་པ་ལས༔ རྟེན་འབྲེལ་སྒྲུབ་ཐབས་རྒྱ་མཚོ་ཡི༔ བཅུད་དྲིལ་གདམས་པ་འདི་ཉིད་བསྩལ༔ ཨོ་རྒྱན་པདྨས་སྒྲུབ་པ་མཛད༔ རྟ་མཆོག་དབང་གི་རྒྱལ་པོ་དང༔ དབྱེར་མེད་གསུང་གི་དབང་ཕྱུག་གྱུར༔ ཡེ་ཤེས་མཚོ་རྒྱལ་སྟངས་དཔྱལ་གྱིས༔ ཞུས་ཤིང་གནང་བར་ཁས་བླངས་ནས༔ བསམ་ཡས་གཡའ་མ་ལུང་གི་ཞོལ༔ པདྨ་དབང་ཆེན་དཀྱིལ་འཁོར་གྱི༔ ཞལ་ཕྱེས་སྐལ་ལྡན་སྨིན་པར་བྱས༔ རང་རང་བསྒྲུབ་པའི་རྟགས་མཚན་བྱུང༔ དེ་ནས་པདྨས་བཀའ་བྱུང་བ༔ ད་ནི་དངོས་གྲུབ་སྐལ་བ་བརྙེས༔ ད་ལྟ་སྤེལ་ཀྱང་ཚོང་ཟོང་ཙམ༔ མ་འོངས་འགྲོ་བ་སྐྱོབ་པའི་ཆོས༔ ཏཱ་རེའི་གནས་ལ་གཏེར་དུ་སྦོས༔ འདི་ནས་སྐྱེ་བ་ཉེར་ལྔའི་མཚམས༔ ཨ་ཙར་ས་ལེའི་ཐུགས་ཀྱི་སྤྲུལ༔ མཚོ་རྒྱལ་ཕྲིན་ལས་ཆ་ཤས་སྤྲུལ༔ ཟུང་གི་ཐུགས་རྗེ་གཅིག་བསྡུས་པའི༔ རང་གཟུགས་ཐུབ་པའི་མཚན་འཆང་བ༔ ངེས་མེད་འགྲོ་ལ་ཕན་པ་འབྱུང༔ མཚོ་རྒྱལ་ཁྱེད་ཀྱིས་རྗེས་སུ་འཛིན༔ ལྷ་སྲས་སྤྲུལ་པས་དངོས་གྲུབ་ཕོག༔ དེ་འདྲའི་གཏེར་སྟོན་སྐྱེས་བུ་ལ༔ འབྲེལ་ཐོགས་ཕོ་མོ་སུམ་འབུམ་དང༔ ཆོས་ཀྱི་བདག་པོ་ལྔ་བདུན་འབྱུང༔ དེ་སྐད་གསུངས་ནས་ལེགས་སོ་ཞུས༔ མཚོ་རྒྱལ་ཨ་ཙར་ཟུང་གཅིག་གིས༔ ཆོས་ནོར་རྫས་གཏེར་ཅི་འདྲ་དབང༔ འགྲོ་དོན་བསྟན་པ་གང་དུ་འབྱུང༔ ལེགས་སམ་སྨོད་པ་ཅི་ལྟ་བུ༔ ཆོས་ཀྱི་བདག་པོ་ཅི་དང་ཅི༔ དུས་གསུམ་མཁྱེན་པས་གསུང་དུ་གསོལ༔ ཞེས་ཞུས་གུ་རུའི་ཞལ་ནས་ནི༔ རྟེན་འབྲེལ་རབ་དང་འབྲིང་ཐ་གསུམ༔ རབ་ཀྱིས་ཆོས་གཏེར་པོ་ཏི་བདུན༔ དགོངས་པའི་གཏེར་དུ་སྟོན་པར་འགྱུར༔ ས་གཏེར་ཆོས་ལ་ཅི་འདོད་འབྱུང༔ ནོར་སོགས་རྫས་གཏེར་བཅུ་ཙམ་དབང༔ འགྲོ་དོན་མཐའ་ནས་མཐའ་རུ་རྒྱས༔ འབྲིང་གིས་ཆོས་ནི་དགོངས་ཀློང་འབྱུང༔ གཏེར་ཆོས་ཟུང་འབྲེལ་སྒྲུབ་ཐབས་བརྒྱ༔ འབྱུང་ཞིང་ཧ་ཅང་ཁྱབ་མིན་ཡང༔ སྨན་ལྷའི་ཐུགས་སྒྲུབ་སྔོན་བྱུང་ན༔ སྨན་པའི་བུ་བཞིན་ཀུན་ལ་ཕན༔ རྫས་གཏེར་འགའ་ལ་དབང་ཡང་སྲིད༔ རྟེན་འབྲེལ་འགའ་ཞིག་མ་འཕྱུགས་ན༔ གཏེར་གནས་གསུམ་དང་གནས་སྒོ་གཅིག༔ འབྱེད་པ་བླ་མས་གནང་བ་ཡོད༔ ཐ་མས་དག་སྣང་བན་མ་བུན༔ འབྱུང་ཡང་ཕན་པའི་ཡོན་ཏན་ནི༔ མཐོངས་ཀྱི་ཉི་ཟེར་ཙམ་འབྱུང་སྲིད༔ རང་གི་སྒྲིབ་དག་ཕྱི་མར་ནི༔ སྐྱེ་བའི་དབང་པོ་དོན་དང་ལྡན༔ དེ་འདྲ་འབྱུང་ཞིང་བསྟན་པ་ནི༔ ཤར་གྱི་ཕྱོགས་སུ་འགྲོ་དོན་འཕེལ༔ ལྷོ་ཡི་ཕྱོགས་ནས་མི་དབང་དགུགས༔ ནུབ་ཀྱི་ཕྱོགས་སུ་དབང་མོ་འབྱུང༔ བྱང་གི་ཕྱོགས་སུ་མི་ཁ་ལྡང༔ རྡོ་རྗེ་གཞོན་ནུ་སྙིང་ལྟར་བསྟེན༔ ཞེས་གསུངས་གཟུངས་མས་ལེགས་སོ་ཞུས༔ ཨ་ཙར་སྤྲུལ་པས་མ་འོངས་དུས༔ ང་ཡི་སྐྱེ་སྲིད་ཟབ་གཏེར་བདག༔ དེ་ལ་སྒྲུབ་ཐབས་ཟབ་པའི་གནད༔ དབང་ཆེན་འདོན་པའི་དུས་རྟགས་དང༔ ཆོས་ལ་དབང་བ་གང་སུ་དག༔ པདྨ་རྒྱལ་པོས་གསུང་དུ་གསོལ༔ ཞེས་ཞུས་གུ་རུས་བཀའ་བསྩལ་པ༔ ཀྱཻ་ཧོ་སྐལ་ལྡན་རིགས་ཀྱི་བུ༔ དུས་ནི་རྒྱ་འདྲེ་འགོང་པོ་དང༔ མི་མིན་ལྷ་འདྲེས་ཚ་རེག་གཏོང༔ མི་རྣམས་རྒྱ་བོད་ཆས་གོས་བསྒྱུར༔ ཟས་ལ་བཅུད་མེད་ལྟོག་འགོང་ཞུགས༔ སྡོམ་ཁྲིམས་ཉམས་པས་འགྲུབ་རྟགས་དཀོན༔ སེར་སྣས་བསགས་པ་དོན་མེད་འགྱུར༔ ནད་མུག་མཚོན་གྱི་བསྐལ་པ་དར༔ ཐ་མ་ཁྲིམས་ཆེན་རམ་གྱིས་གནོན༔ དགུན་གྱི་ཀློང་ལ་དབྱར་རྔ་ལྡིར༔ དེ་འདྲའི་དུས་སུ་ཟབ་ཆོས་སྤེལ༔ ཁྱད་པར་དབང་ཆེན་ཧྱ་གྷྲྀ༔ ཆོས་ལ་དབང་བ་བདུན་ནམ་ལྔ༔ གླང་སྦྲུལ་ཕག་བྱི་རྟ་ཡི་ལོ༔ མཁའ་ལྡིང་གར་མཁན་ལོ་བ་འབྱུང༔ རིམ་བཞིན་མཁའ་འགྲོའི་ནང་བློན་ལྔ༔ མཆོག་དབྱངས་སྤྲུལ་པ་སོགས་ལ་སྤེལ༔ དེ་ནས་འགྲོ་ལ་ཕན་པ་འབྱང༔ པདྨའི་ཟབ་ཆོས་མཁའ་འགྲོའི་བརྡ༔ ཕལ་བའི་བློ་ཡི་སྤྱོད་ཡུལ་མིན༔ ལོག་སྲེད་ཅན་ལ་རྒྱུན་དུ་སྦོས༔ དད་ལྡན་ལས་སྐལ་ལྡན་ལ་གཏོད༔ སྲུང་མ་དབང་ཕྱུག་ཆེན་པོས་འཚོས༔ ས་མ་ཡཱ༔ འདི་ནི་སྤྲོས་མེད་རྒྱུན་ཁྱེར་དུ༔ ཡར་མར་དུས་ཚོད་བཟང་པོ་ལ༔ མགོ་བརྩམ་དགོང་མོ་དབང་གི་དུས༔ ཐེ་ཚོམ་མེད་པའི་རྣལ་འབྱོར་གྱིས༔ ཉམས་སུ་བླངས་ན་མྱུར་དུ་འགྲུབ༔ རྒྱ་གར་མཁས་པའི་ཐུགས་བཅུད་མཆོག༔ འདི་ཕྱིའི་དོན་ཀུན་འགྲུབ་པར་འགྱུར༔    མཐར་ནི་མཆོད་བསྟོད་དངོས་གྲུབ་ལེན། །མི་དམིགས་སྟོང་པའི་གཤིས་ལ་ཀློད། །དགེ་རྩ་འགྲོ་ལ་དམིགས་མེད་ཐོངས། །དེ་ནས་ཤིས་པ་བརྗོད་པ་ནི། ཧཱུྃ་ཧྲཱིཿ རྒྱལ་ཀུན་སོར་རྟོག་ཡེ་ཤེས་ཀྱི༔ གསུང་གི་རོལ་གར་འོད་དཔག་མེད༔ དྲག་པོའི་སྐུར་བཞེངས་གདུལ་དཀའ་འདུལ༔ དབང་ཆེན་རྒྱལ་པོའི་བཀྲ་ཤིས་ཤོག༔ ས་མ་ཡཱ༔  དེ་རྗེས་མདུན་མཁར་གཏོར་མའི་མགྲོན་རྣམས་ལ༔ གཏོར་མ་དཔལ་གྱི་བཱ་ལིང་སྨན་རཀ་དང་༔ གསེར་སྐྱེམས་གཡུ་སྐྱེམས་འདོད་རྫས་ཇི་ལྟ་བར༔ བཤམས་ལ་དམ་སྲི་འབྱུང་པོ་འགུག་གཞུགས་བསྟིམས༔ རང་ཉིད་ཧྱཱ་གྷྲྀ་ཝའི་ང་རྒྱལ་ངང་༔ མདུན་དུ་ཨེ་ལས་ལྕགས་ཁང་གྲུ་གསུམ་སྣོད༔ གནོད་བྱེད་དགྲ་འདྲེ་མངོན་སུམ་ལྟ་བུར་གསལ༔ བདག་ལས་སྤྲུལ་པའི་ཕྱག་རྒྱའི་ལྷ་མོ་བཞིས༔ རྒབ་འདྲེ་དམ་སྲི་བྱད་མ་དབང་མེད་བཀུགས༔ གཏོར་མའི་རྫས་དང་དབྱེར་མེད་གཅིག་ཏུ་གྱུར༔ དེ་ནས་འགུག་གཞུག་བྱ་བ་འདི་སྐད་དོ༔ ན་མོ་མཆོག་གསུམ་རྩ་གསུམ་ལྷ་ཚོགས་དང༔ ཁྱད་པར་པདྨ་དབང་ཆེན་བདེན་པའི་སྟོབས༔ གནོད་བྱེད་རྒབ་འདྲེ་དམ་སྲི་བྱད་མ་དགྲ༔ དམིགས་པའི་རྟེན་དང་དབྱེར་མེད་ཁུག་ཅིག་ཛཿ ལན་གསུམ། ཨོཾ་གུ་རུ་དྷེ་ཝ་ཌཱཀྐི་ནི་ཤྲི་དྷརྨ་པཱ་ལ་དགྲ་འདྲེ་སརྦ་རྒབ་འདྲེ་འབྱུང་པོ་ཁུག་ཅིག༔ བསྟིམ་ཅིག༔ ཛཿཧཱུྃ་བཾ་ཧོ༔ མཆོད་རྫས་བྱིན་རླབས་འདོད་དགུའི་གཏེར་དུ་དམིགས༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿསྭཱ་ཧཱ༔ ཧོ༔ རང་རང་ཡིད་མཐུན་སྣོད་དུ་བྷ་ལིང་ཏ༔ སྨན་རཀ་སྐྱེམས་ཕུད་འདོད་དགུའི་དཔལ་གྱིས་འབྱོར༔ ཀུན་བཟང་རྣམ་འཕྲུལ་མཁའ་དབྱིངས་ཡོང་བཀང་རྫས༔ དབང་ཆེན་འཁོར་བཅས་དགྱེས་སྐོང་དམ་པར་གྱུར༔ ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས༔ དེ་ནས་གཏོར་མགྲོན་སྤྱན་འདྲེན་ནི༔ ཧཱུྃ་ཧྲཱིཿ རང་ཉིད་ལྷ་ཡི་ཐུགས་ཀའི་འོད་ཟེར་གྱིས༔ འོག་མིན་བདེ་ཆེན་མཁའ་སྤྱོད་བདེ་ལྡན་ཞིང་༔ དུར་ཁྲོད་གསང་ཆེན་རོལ་བ་ལ་སོགས་ནས༔ དབང་ཆེན་རྟ་མཆོག་རོལ་པའི་ལྷ་ཚོགས་ལ༔ དྲེགས་པ་ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས༔ གཏོར་མའི་མགྲོན་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཉི་ཟླ་པདྨ་བམ་ཆེན་གདན་ལ་བཞུགས༔ རང་ལས་འཕྲུལ་བའི་ལྷ་མོས་འཕྲུལ་ཕྱག་འཚལ༔ དངོས་སུ་འབྱོར་བ་ཕྱི་མཆོད་རྣམ་ལྔ་དང་༔ ནང་མཆོད་སྨན་གཏོར་རཀྟ་དམ་ཚིག་རྫས༔ གསང་བ་སྦྱོར་སྒྲོལ་བློ་འདས་རིག་པའི་གཤིས༔ མ་ཚང་མེད་པ་དངོས་ཡིད་ལས་བྱུང་བའི༔ མི་ཟད་ནམ་མཁའ་མཛོད་ཀྱི་གཏེར་ཆེན་པོས༔ ཐུགས་དམ་གཉན་པོ་བསྐང་ལ་དངོས་གྲུབ་སྩོལ༔ མི་འདོད་རྐྱེན་ངན་བར་ཆད་དབྱིངས་སུ་སོལ༔ གནོད་བྱེད་དགྲ་གདོན་དམ་སྲི་རྡུལ་དུ་རློགས༔ བྱད་མ་རྦོད་གཏོང་རང་གཤེད་རང་ལ་ཕོབས༔ བསྟན་པ་འཇིགས་པའི་དགྲ་བོའི་དབང་པོ་སྣུབས༔ ཉམས་པ་བདུན་དང་ལྡན་པའི་སྐྱེ་རྒྱུད་ཆོད༔ ཞིང་བཅུ་ཚང་བའི་དམ་ཉམས་ཁ་ཕུང་རྫོགས༔ གནོད་བྱེད་མ་ལུས་ཕུང་གསུམ་གཡབ་ཀྱིས་ཐོབ༔ མ་གཡེལ་མ་འདའ་བཅོལ་པའི་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ་ཛཿ བཅོམ་ལྡན་པདྨ་དབང་ཆེན་འཁོར་བཅས་ཀྱིས༔ རྣལ་འབྱོར་བདག་ཅག་འཁོར་དང་སྦྱིན་བདག་གིས༔ ཁྱེད་གསོལ་ཁྱེད་མཆོད་མཐུ་དཔུང་མ་གཡེལ་ཅིག༔ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ཞི་བའི་ཕྲིན་ལས་འོད་སྟོང་འབར་བའི་གཟིས༔ འཇིགས་བརྒྱད་མུན་ཁམས་འཇོམས་པའི་ཕྲིན་ལས་མཛོད༔ རྒྱས་པའི་ཕྲིན་ལས་དཔག་བསམ་ལྗོན་པའི་ཚལ༔ འབྱོར་དྲུག་འབྲས་བུ་གཡུར་དུ་ཟ་བར་མཛོད༔ དབང་གི་ཕྲིན་ལས་འགུགས་པའི་མཆིལ་པ་ཡིས༔ མོས་ཚོགས་རྣམ་བཞིའི་སྣང་བ་རིང་དུ་ཁུག༔ དྲག་པོའི་ཕྲིན་ལས་གནམ་ལྕགས་ཐོག་མདའ་ཡིས༔ དམིགས་པའི་བསྟན་དགྲ་མ་ལུས་རྨིང་ནས་རློགས༔ བཅོམ་ལྡན་པདྨ་དབང་ཆེན་འཁོར་བཅས་ཀྱིས༔ སྤྱི་ཆགས་སྒོས་ཆགས་ཐན་ལྟས་ཆོ་འཕྲུལ་བཟློག༔ དགེ་འདུན་སྡེ་འཁྲུགས་རྡོ་རྗེའི་ནང་དམེ་བཟློག༔ རྗེ་དཔོན་ནང་འཐབ་གྲི་ཁ་སྨེ་ངོ་བཟློག༔ མདོ་སྔགས་ཆོས་ལ་ཕྱོགས་རིས་ཕྲག་ཏོག་བཟློག༔ བན་བོན་ཁ་མི་འཆམ་པའི་བྱད་ཁ་བཟློག༔ ཆོས་ལ་བར་ཆད་དམ་སྲིའི་འཚེ་བ་བཟློག༔ ཚེ་ལ་བར་ཆད་གཤིས་ངན་འགུམ་པ་བཟློག༔ སྲིད་ལ་དར་གུད་འགོང་པོའི་སྡང་མིག་བཟློག༔ བསོད་ནམས་ཟད་བྱེད་ངན་པའི་རྟོག་པ་བཟློག༔ ཁ་རྗེ་ཉམས་པའི་མ་རབས་སྤྱོད་ངན་བཟློག༔ བཀྲེས་ཤིང་སྐོམ་པའི་སེར་སྣའི་འཆིང་སྒྲོག་བཟློག༔ ཕྱུགས་ལ་གནོད་པའི་གློ་གོར་ཧོན་སོགས་བཟློག༔ ཞིང་ལ་འཚེ་བའི་བཙའ་སད་སེར་གསུམ་བཟློག༔ ཡུལ་ཁམས་ཕུང་བའི་ནད་མུག་མཚོན་གསུམ་བཟློག༔ མདོར་ན་མི་མཐུན་དུས་ཀྱི་རྒུད་པའི་ཚོགས༔ མ་ལུས་ཞི་ཞིང་བཟློག་པའི་དུས་ལ་བབས༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཞེས་འདི་དག་སྣང་རྒྱན་འཁོར་ལས༔ ཧྱ་གྷྲྀ་ཝའི་ཁ་བསྐང་འདི༔ རང་བྱུང་ཆོས་སྐུ་རིག་པའི་གཤིས༔ སྣང་བྱེད་གཟིགས་པའི་ཌཱཀྐི་མས༔ སྲེད་ལེན་མེད་པའི་བརྡ་རིས་སྤྲད༔ འཕོ་འགྱུར་མེད་པའི་ཡི་གེར་བཀོད༔ དུས་ལ་བབས་ཚེ་ལས་འབྲེལ་དང་༔ མཐུན་པའི་ལུང་ཟིན་བིདྱ་ཡི༔ བཀའ་ཡིས་བསྐུལ་བ་ལ་བརྟེན་ནས༔ བསམ་གཏན་ཛྙཱ་ན་དྭཱི་པ་ཡིས༔ ཐུན་མཚམས་ཤིག་ལ་སྤེལ་བ་དགེ༔

པདྨ་དབང་ཆེན་སྒྲུབ་པའི་རྗེས་ཀྱི་ལས་རིམ་ཁ་སྐོང་།

ཟུར་འགེབས་མི་ཟད་རྒྱན་འཁོར་ལས༔ རྗེས་ཀྱི་རིམ་པ་འདི་བཞིན་ནོ༔ ཧཱུྃ་ཧྲཱིཿ པདྨ་དབང་ཆེན་ལྷ་ཚོགས་འཁོར་བཅས་ལ༔ མེ་ཏོག་བདུག་སྤོས་མར་མེ་དྲི་ཞལ་ཟས༔ སྒྲ་སྙན་རོལ་མོའི་བྱེ་བྲག་བསྟོད་པའི་དབྱངས༔ རང་བྱུང་རང་ཤར་དབང་ཆེན་ལྷ་ལ་འབུལ༔ ཨོཾ་ཧྱ་གྷྲྀ་ཝ་པདྨ་ཧེ་རུ་ཀ་ས་པཱ་རི་ཝ་ར་པུཥྤེ་སོགས་ནས། ཤཔྟ་མ་ཧཱ་པཉྩ་རཀྟ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧཱུྃ་ཧྲཱིཿ གར་གྱི་དབང་ཕྱུག་པདྨ་ཧེ་རུ་ཀ༔ སོ་སོར་རྟོག་པའི་ཡེ་ཤེས་སྐུར་སྣང་བ༔    སྙིང་རྗེ་ཆེན་པོས་གདུལ་དཀའ་འདུལ་བ་པོ༔ པདྨ་དབང་ཆེན་ལྷ་ལ་ཕྱག་འཚལ་བསྟོད༔ ཧཱུྃ་ཧྲཱིཿ མཚན་དཔེ་འགྱུར་མེད་སྐུ་ཡི་དཀྱིལ་འཁོར་ནས༔ འཕོ་འགྱུར་མེད་པ་ཚེ་ཡི་དངོས་གྲུབ་སྩོལ༔ འགགས་མེད་ཚངས་དབྱངས་གསུང་གི་དཀྱིལ་འཁོར་ནས༔ མི་ཤིགས་ན་དཱ་དབྱངས་ཀྱི་དངོས་གྲུབ་སྩོལ༔ སྐྱེ་མེད་རང་བྱུང་ཐུགས་ཀྱི་དཀྱིལ་འཁོར་ནས༔ འཕོ་མེད་བརྗོད་བྲལ་དགོངས་པའི་དངོས་གྲུབ་སྩོལ༔ སྣ་ཚོགས་འགྲོ་འདུལ་ཡོན་ཏན་ཕྲིན་ལས་ཀྱིས༔ དབང་བཅུའི་དཔལ་ལ་འགོད་པའི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཀྲོ་ཏ་ཧྱ་གྷྲི་ཝ་ཀཱ་ཡ་ཝཀྐ་ཙིཏྟ་གུ་ཎ་ཀརྨ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཧཱུྃ་ཧྲཱིཿ པདྨ་དབང་ཆེན་དཀྱིལ་འཁོར་ལྷ་ཚོགས་རྣམས༔ ཆོ་ག་ལྷག་ཆད་འགལ་འཁྲུལ་བསྐྱེད་རྫོགས་ཕྲི༔ མི་ཤེས་མ་གུས་རྩ་བ་ཡན་ལག་གི༔ དམ་ཚིག་ཆགས་ཉམ་འདས་རལ་ཅི་མཆིས་པ༔ མི་འཆབ་བཤགས་སོ་ཚངས་པའི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་ས་ཏྭ་ས་མ་ཡཱ་སོགས། ཡི་གེ་བརྒྱ་པ་དབྱངས་གསལ་བྱེད༔ གཟུངས་སྔགས་ཟབ་མོས་ཉམས་པ་གསོ༔ ལྷ་ཚོགས་སྐུ་གསུང་ཐུགས་རྟེན་ལ༔ བསྟིམ་མམ་ཡང་ན་བཛྲ་མཱུ༔ ཧཱུྃ་ཧྲཱིཿ དགེ་འདིའི་མཐུ་ཡིས་མི་མཐུན་རྒུད་པ་སེལ༔ སྡེ་བརྒྱད་དབང་འདུས་ལོག་འདྲེན་གཡུལ་ལས་རྒྱལ༔ འགྲོ་ཀུན་ཕྱམ་གཅིག་གདོད་མའི་ས་ལ་གྲོལ༔ མངོན་རྫོགས་ཧེ་རུ་ཀ་དཔལ་མངོན་གྱུར་ཤོག༔ ཧཱུྃ་ཧྲཱིཿ ཆོས་སྐུ་དེ་བཞིན་ཉིད་དབྱིངས་སྤྲོས་དང་བྲལ༔ ལོངས་སྐུ་ངེས་པ་ལྔ་ལྡན་རྡོ་རྗེ་སེམས༔ སྤྲུལ་སྐུ་ཐུགས་རྗེའི་དཔལ་འབར་ཐོད་ཕྲེང་ལྔ༔ སྐུ་གསུམ་པདྨ་དབང་ཆེན་བཀྲ་ཤིས་ཤོག༔ ས་མ་ཡཱ༔ ཅེས་པ་རྟ་མཆོག་རྒྱལ་པོ་ཡི༔ ལྷན་ཐབས་མི་ཟད་རྒྱན་འཁོར་གྱི༔ ཁ་བསྐང་མཛེས་མའི་ལུས་རྒྱན་འདི༔ མེད་མི་རུང་བའི་ཆ་ལག་ཏེ༔ ལས་འཕྲོའི་སྟོབས་ཀྱིས་དགོངས་ཀློང་ནས༔ དག་པར་ཕབ་པས་ཆོས་ཀྱི་བདག༔ རིགས་ཀྱི་མྱུ་གུའི་དོན་ཀུན་འགྲུབ༔ བསྟན་དང་འགྲོ་ལ་ཕན་པར་ཤོག༔

པདྨ་དབང་ཆེན་སྒྲུབ་པའི་ལས་བྱང་བསྡུས་པ་བིནྡུ་ཀ་ཡི་ཞགས་པ་རས་པ་གསལ་སྟོང་གིས་ཁ་བསྐང་བ།

བཀའ་འདུས་ཆོས་ཀྱི་རྒྱ་མཚོ་ལས༔ པདྨ་དབང་ཆེན་སྒྲུབ་པའི་ལས་བྱང་བསྡུས་པ་བིནྡུ་ཀ་ཡི་ཞགས་པ་བཞུགས༔ བཅོམ་ལྡན་དབང་གི་ལྷ་ལ་འདུད༔ ཧྱ་གྷྲྀ་ཝ་རྒྱལ་ཀུན་གསུང༔ འཁོར་འདས་དབང་བསྒྱུར་ཧེ་རུ་ཀ༔ བླ་མ་ཡི་དམ་དབྱེར་མེད་པའི༔ དབང་ཆེན་སྒྲུབ་པའི་ཟབ་ཏིག་བསྟན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྤྲོས་མེད་སྒྲུབ་པ་རྒྱུན་ཁྱེར་ལ༔ སྦྱོར་བ་སྐྱབས་སེམས་ཡན་ལག་བདུན༔ ན་མོ༔ བླ་མ་བདེ་གཤེགས་ཡོངས་རྫོགས་དཔལ༔ རྟ་མཆོག་རྒྱལ་པོ་ཐུགས་རྗེའི་གཏེར༔ བདག་གཞན་བྱང་ཆུབ་མ་ཐོབ་པར༔ སྒོ་གསུམ་གུས་པས་སྐྱབས་སུ་མཆི༔ མཁའ་ཁྱབ་འགྲོ་དྲུག་འཁོར་བ་ལས༔ རབ་བསྒྲལ་བྱང་ཆུབ་མཆོག་ཐོབ་ཕྱིར༔ ལྷག་པའི་ལྷ་མཆོག་དབང་ཆེན་རྒྱལ༔ རྩེ་གཅིག་སྒྲུབ་པར་དམ་བཅའ་འོ༔ རྩ་གསུམ་ཡོངས་རྫོགས་དབང་ཆེན་ལྷར༔ ཐ་མི་དད་པའི་ལྟ་བས་འདུད༔ ཚོགས་དྲུག་འདོད་ཡོན་རྒྱན་དུ་རོལ༔ གཉིས་འཛིན་རྟོག་པས་བསླུས་པ་བཤགས༔ རང་བབས་དགེ་ལ་རྗེས་ཡི་རང༔ ཟག་མེད་རྒྱུན་དུ་ཆོས་འཁོར་བསྐོར༔ འགྲོ་དོན་རྟག་པར་བཞུགས་གསོལ་འདེབས༔ དགེ་ཚོགས་དམིགས་མེད་ཆོས་དབྱིངས་བསྔོ༔ དངོས་གཞི་དྲན་རྫོགས་ས་མ་དྷི༔ ཨཱ༔ སྣང་གྲགས་ཆོས་ཀུན་སོགས་གཏེར་གཞུང་ལྟར༔ རྒྱ༔ རྗེས་ལ་མཆོད་བསྟོད་རྩ་སྔགས་སོགས༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཀྱིས༔ བདག་རྒྱུད་སྨིན་ཅིང་གྲོལ་བར་འགྱུར༔ ཀཱ་ཡ་ཝཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཧཱུྃ༔གིས་བསྡུ་ཞིང་ཕཊ་ཀྱིས་ལྡང༔ དགེ་ཚོགས་འགྲོ་ལ་དམིགས་མེད་ཐོངས༔ དེ་ནས་ཤིས་བརྗོད་རིམ་པ་ནི༔ ཧཱུྃ་ཧྲཱིཿ རྒྱལ་ཀུན་སོར་རྟོག་ཡེ་ཤེས་ཀྱི༔ གསུང་གི་རོལ་གར་འོད་དཔག་མེད༔ དྲག་པོའི་སྐུར་བཞེངས་གདུལ་དཀའ་འདུལ༔ དབང་ཆེན་རྒྱལ་པོའི་བཀྲ་ཤིས་ཤོག༔ ས་མ་ཡཱ༔ རྨད་བྱུང་ཟབ་གསང་ཆོས་ལ་དབང་བསྒྱུར་བའི༔ རྩོད་བྲལ་གཏེར་སྟོན་ཛྙཱ་ན་དྭཱི་པ་ཡི༔ དབང་ཆེན་སྒྲུབ་པའི་ཟབ་ཏིག་ཀེ་ལ་ཤ༔ མཆོག་སྤྲུལ་ལུང་རིག་གླིང་པའི་ཟབ་ཆོས་ཀྱིས༔ ཁ་བསྐང་འོད་སྟོང་གཟི་འོད་རབ་འབར་བ༔ དམ་པ་གང་གི་བཀའ་འབངས་ལ་གཏོགས་པས༔ བགྱིས་པའི་དགེ་བས་རིས་མེད་བདག་གཞན་འགྲོ༔ ཧེ་རུ་ཀ་དཔལ་གོ་འཕང་མཆོག་བརྙེས་ཤོག༔

ཕུར་བ་གསང་བ་སྤུ་གྲིའི་བརྒྱུད་འདེབས།

ཕུར་བ་གསང་བ་སྤུ་གྲིའི་བརྒྱུད་འདེབས་བཞུགས༔ ཨོཾ་ཨཱཿཧཱུྃ༔ ཆོས་སྐུ་ཀུན་བཟང་ལོངས་སྐུ་རྡོ་རྗེ་སེམས༔ སྤྲུལ་སྐུ་དགའ་རབ་ཤྲི་སེང་པདྨ་འབྱུང༔ མཁའ་འགྲོ་མཚོ་རྒྱལ་དཔལ་གྱི་དབང་ཕྱུག་ཞབས༔ གསོལ་བ་འདེབས་སོ་གསང་གསུམ་བར་ཆད་སོལ༔ ཟབ་གཏེར་ཆོས་རྗེ་འགྲོ་འདུལ་གསང་སྔགས་གླིང་༔ ཟབ་རྒྱས་འགྲོ་ལ་ཆོས་སྟོན་ལུང་རིག་མཚན༔ ཟབ་དོན་མངོན་གཟིགས་རྩ་རྒྱུད་བླ་མའི་ཚོགས༔ གསོལ་བ་འདེབས་སོ་གསང་གསུམ་བར་ཆད་སོལ༔ ཡི་དམ་དཔལ་ཆེན་གཞོན་ནུ་སྲས་འཁོར་ཡུམ༔ ཁྲོ་བཅུ་ཁྲ་ཕྱག་ཟ་གསོད་ཕུར་སྲུང་སྡེ༔ བཅུ་གཉིས་བསེ་ལྕགས་དུང་གི་སྐྱེས་བུ་བཞི༔ དཀར་མོ་ཉི་ཟླ་གསང་བ་སྤུ་གྲི་ཡི༔ དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་ཐམས་ཅད་ལ༔ གསོལ་བ་འདེབས་སོ་གསང་གསུམ་བར་ཆད་སོལ༔ དབང་བཞིས་རྒྱུད་སྨིན་སྐུ་བཞིའི་འབྲས་ཐོབ་ཅིང་༔ རང་རིག་དཔལ་ཆེན་གོ་འཕང་མངོན་གྱུར་ཤོག༔  ཅེས་པའང་དབོན་ཛྙཱ་ན་རསྨི་དང་། དད་ལྡན་ལུང་རྟོགས་གཉིས་ཀྱི་ཞལ་འདོན་རྒྱུན་ཁྱེར་གྱི་ཕྱིར་དུ་ཟོག་པོ་ཕན་མིང་ནས་ཤར་མར་སྤེལ་བ་ཡོངས་ལ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །

ཕུར་པའི་གསོལ་འདེབས་བར་ཆད་དབྱིངས་གྲོལ།

ཕུར་པའི་གསོལ་འདེབས་བར་ཆད་དབྱིངས་གྲོལ་བཞུགས༔ ཨེ་མ་ཧོ༔ ཆོས་སྐུ་ཀུན་བཟང་ལོངས་སྐུ་རྡོ་རྗེ་འཆང༔ སྤྲུལ་སྐུ་དགའ་རབ་རིག་འཛིན་རྡོ་རྗེ་ཆོས༔ པད་འབྱུང་མཚོ་རྒྱལ་དཔལ་གྱི་དབང་ཕྱུག་ཞབས༔ ཨ་ཙར་ས་ལེ་སོག་པོ་དཔལ་ཡེ་བ༔ ལུང་རིག་གླིང་པ་ཆོས་བདག་གཞན་ཕན་སོགས༔ རྩ་རྒྱུད་བླ་མའི་དཀྱིལ་འཁོར་ལྷ་ཚོགས་ལ༔ གསོལ་བ་འདེབས་སོ་ཕྱི་ནང་གསང་གསུམ་གྱི༔ བར་ཆད་དབྱིངས་གྲོལ་དམ་སྲི་མཐར་བྱེད་ཤོག༔ རིགས་བདག་དོན་གྲུབ་ཡེ་ཤེས་བྱ་ཁྱུང་རྒྱལ༔ རྡོ་རྗེ་གཞོན་ནུ་འཁོར་ལོ་རྒྱས་འདེབས་མ༔ ཁྲོ་བཅུ་ཁྲ་ཕྱག་ཟ་གསོད་ཕུར་སྲུང་དང༔ དབང་ཕྱུག་ཉེར་བརྒྱད་སྒོ་སྲུང་དམ་ཅན་སོགས༔ གསོལ་བ་འདེབས་སོ་ཕྱི་ནང་བར་ཆད་སོལ༔ བར་ཆད་དབྱིངས་གྲོལ་དམ་སྲི་མཐར་བྱེད་ཤོག༔ ཅེས་ཕུར་པའི་གསོལ་འདེབས་བསྡུས་པ་འདི་རྡོ་རྗེ་ཡོན་ཏན་གྱི་བཞེད་སྐོང་དུ་གཞན་ཕན་བཟང་པོས་བྲིས་པ་དགེ༔

རྡོ་རྗེ་ཕུར་པའི་ཡང་བཅུད་དམ་སྲི་མཐར་བྱེད།

བཀའ་འདུས་ཆོས་ཀྱི་རྒྱ་མཚོ་ལས༔ རྡོ་རྗེ་ཕུར་པའི་ཡང་བཅུད་དམ་སྲི་མཐར་བྱེད་བཞུགས༔

རྡོ་རྗེ་ཕུར་པའི་ལྷ་ལ་འདུད༔ མ་འོངས་རྩུབ་འགྱུར་ལྔ་བདོའི་དུས༔ ཆོས་བྱེད་བར་ཆད་དམ་སྲིས་འཚེ༔ དེ་བཟློག་ཕུར་བའི་སྒྲུབ་ཐབས་སྟོན༔ སྤྲོས་མེད་རྒྱུན་གྱི་རྣལ་འབྱོར་པས༔ ཚོགས་ཞིང་གསལ་འདེབས་སྐྱབས་སེམས་དང༔ ཡན་ལག་བདུན་པ་སྔོན་སོང་ནས༔ རྒྱུན་གྱི་ཕྲིན་ལས་འདི་ལ་འཇུག༔ ས་མ་ཡཱ༔ ཨཱ༔ ཐམས་ཅད་འོད་གསལ་སྤྲོས་བྲལ་དབྱིངས༔ ཀུན་སྣང་སྙིང་རྗེའི་རོལ་རྩལ་ལས༔ རྒྱུ་ཡི་རིག་པ་ཧཱུྃ་མཐིང་ག༔ མཁའ་ལ་འཇའ་ཚོན་ཇི་བཞིན་ཤར༔ དེ་ལས་འོད་འཕྲོས་འཕགས་པ་མཆོད༔ སེམས་ཅན་དོན་བྱས་ལོག་འདྲེན་བསྒྲལ༔ ཚུར་འདུས་ཡོངས་སུ་གྱུར་པ་ལས༔ རང་ཉིད་དཔལ་ཆེན་ཕུར་བའི་སྐུ༔ མཐིང་ནག་ཞལ་གསུམ་གཡས་དཀར་བཞད༔ གཡོན་དམར་གཤེ་ཞིང་དབུས་མཐིང་ནག༔ སྤྱན་དགུའི་སྡང་མིག་བགེགས་ལ་གཟིགས༔ དབུ་སྐྲ་སྦྲུལ་ཆིངས་རྡོ་རྗེའི་ཏོག༔ རྫི་སྨིན་སྨ་ར་མེ་འོད་འཕྲོ༔ ཕྱག་དྲུག་གཡས་གཉིས་རྡོ་རྗེ་དང༔ དགྲ་སྟྭ་གཡོན་གཉིས་མེ་རྩེ་གསུམ༔ འཛིན་ཅིང་ཐ་གཉིས་ལྕགས་ཕུར་བསྒྲིལ༔ དུར་ཁྲོད་ཆས་བརྒྱད་དཔལ་ཆས་རྫོགས༔ ཞལ་གདངས་མཆེ་གཙིགས་སྔགས་སྒྲ་སྒྲོག༔ སྐུ་སྨད་གནམ་ལྕགས་དབལ་ཟུར་གསུམ༔ རྣོ་ངར་དམ་སྲི་ཕོ་མོ་ཡི༔ སྙིང་ལ་གཟིར་ཞིང་ཚེ་བསོད་འདྲེན༔ ཆུ་སྲིན་ཁ་ནས་ཐོག་སེར་འཕྲོ༔ འབྲུག་སྟོང་སྒྲ་ལྡིར་གློག་འོད་འགྱེད༔ གནས་བཅུར་རང་བྱུང་ཁྲོ་རྒྱལ་བཅུ༔ ཁྲ་ཕྱག་ཟ་གསོད་ཕུར་སྲུང་གཏམས༔ ཁྲོ་རྒྱལ་ཕྲིན་ལས་གཅིག་བསྡུས་དཔལ༔ ལྷག་ལྷ་བཛྲ་ཀུ་མ་ར༔ ཡེ་ནས་རང་གནས་རིག་པའི་གཤིས༔ བསྐྱེད་བསྟིམ་རྒྱས་གདབ་མི་འཚལ་ཡང༔ དྲན་པ་ཙམ་གྱིས་རྫོགས་པར་འགྱུར༔ འདུ་འབྲལ་མེད་པར་བཞུགས་ཕྱག་འཚལ༔ བདེ་སྟོང་ཡེ་ཤེས་ཆེན་པོས་མཆོད༔ ཁྱབ་གདལ་མ་བཅོས་ངང་ནས་བསྟོད༔ ཨོཾ་འགྱུར་བ་མེད་པ་རྡོ་རྗེའི་སྐུ༔ ཨཱཿའགག་པ་མེད་པ་རྡོ་རྗེའི་གསུང༔ ཧཱུྃ་འཁྲུལ་བ་མེད་པ་རྡོ་རྗེའི་ཐུགས༔ ཧྲཱིཿཡོན་ཏན་ཕྲིན་ལས་རྨད་བྱུང་གཏེར༔ གསང་བ་གསུམ་གྱི་དངོས་གྲུབ་སྩོལ༔ ཐུགས་མཆོག་དཔལ་གྱི་བེ་འུའི་ཀློང༔ རྡོ་རྗེ་སྔོན་པོ་ནས་ཙམ་གྱི༔ ལྟེ་བར་ཧཱུྃ་མཐིང་སྔགས་ཀྱིས་བསྐོར༔ འོད་འཕྲོས་རྒྱལ་མཆོད་བྱིན་ནུས་བཀུགས༔ འགྲོ་བའི་སྒྲིབ་སྦྱངས་མཐུ་དཔལ་བསྡུས༔ འོད་ཟེར་མེ་སྟག་ཚྭ་ཚྭ་འཕྲོས༔ སྡེ་བརྒྱད་ལོག་འདྲེན་དམ་སྲི་བཏུལ༔ གཉིས་སྣང་དགྲ་བགེགས་ཚར་བཅད་ནས༔ ཆོས་དབྱིངས་བརྡལ་ཁྱབ་ཆེན་པོའི་ངང༔ ཧཱུྃ༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་གཏུམ་ཆེན་མི་བཟད་པ༔ སྐུ་ཡི་དབྱིག་ཏུ་བདག་བསྐྱེད་ཅིག༔ སྲོག་གི་གོ་རུ་ཤར་བ་དང༔ སྙིང་གི་དཀྱིལ་དུ་བསྒོམ་པར་བྱ༔ མ་ཡེངས་མི་བསྒོམ་ལྷུག་པའི་གཤིས༔ རང་བབས་ཆེན་པོས་རྡོ་རྗེའི་སྔགས༔ རྡོར་བཟླས་འགོགས་བཟླས་དབྱངས་ཀྱིས་བཟླ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་སརྦ་བྷིག་ནན་བཾ་ཧཱུྃ་ཕཊཿཛ་ཧཱུྃ་ཨཱཿ བསྙེན་སྔགས་ཡིག་འབྲུ་བཅུ་བདུན་པ༔ གྲངས་སུ་བསགས་ན་མན་ངག་ཡིན༔ ཐུན་མཐར་སྟོང་ཚིག་གིས་བསྟོད་ཅིང༔ ཧཱུྃ་གིས་འོད་གསལ་དབྱིངས་སུ་བསྡུ༔ ཕཊ་ཀྱིས་ལྷར་ལྡང་དགེ་བ་བསྔོ༔ ཤིས་པ་བརྗོད་པས་མཐའ་ལ་བརྒྱན༔ འདི་ནི་སྤྲོས་མེད་རྒྱུན་ཁྱེར་ཏེ༔ ཕུར་སྒྲུབ་ཡང་བཅུད་སྙིང་གི་ཁྲག༔ རང་བྱུང་སྤྲུལ་སྐུ་པདྨ་ངས༔ བདེ་སྟེར་ཌཱཀྐི་ཁྱེད་ལ་གདམས༔ ད་ལྟ་མ་སྤེལ་མ་འོངས་དུས༔ བསྟན་དང་འགྲོ་བའི་དོན་ཆེད་དུ༔ ཏཱ་རེ་མི་འགྱུར་དགའ་ཚལ་གྱི༔ བྲག་དམར་མདའ་སྒྲོའི་དབྱིབས་རྫོངས་སུ༔ རྒྱས་ཐོབ་མ་འོངས་ཌཱཀྐི་མ༔ ཁྱེད་དང་ཨ་ཙར་གསལ་སྣང་གི༔ སྤྲུལ་མིང་སྲས་དང་འཕྲད་པར་གྱིས༔ འདི་ཉིད་ཉམས་སུ་སུས་བསྟར་བ༔ བར་ཆད་བདུད་དབང་མི་འགྱུར་བའི༔ པདྨ་འབྱུང་གནས་ཐ་ཚིག་ཡོད༔ ཤིན་ཏུ་གསང་ལ་རང་ཉམས་ལོངས༔ བསླུ་བར་མི་འགྱུར་ས་མ་ཡཱ༔ ཕུན་སུམ་ཚོགས་པ་ལྔ་ཡི་རྒྱ༔ ཞེས་པ་འདི་ཡང་སྔོན་སྦྱངས་བག་ཆགས་བཟང་པོས་མཚམས་སྦྱར་བའི་དགེ་སློང་དགེ་བའི་བཤེས་གཉེན་ནག་ཕྲན་བླ་མ་མཉྫུ་ཤྲཱིའི་ཡང་སྲིད་ཡིན་ནོ་སྙམ་པའི་ཆོས་དབང་སྐྱེས་ཐོབ་ཀྱི་བློ་ལྡན་ཚ་ཉག་པ་མཁྱེན་རབ་འོད་ཟེར་གྱིས་བསྐུལ་ངོར་ལས་འཕྲོ་སད་པའི་གཏེར་སྟོན་བསམ་གཏན་ཡེ་ཤེས་གླིང་པས་མེ་བྱ་མཁའ་ལྡིང་རྒྱལ་པོས་གཤོག་རྩལ་བརྐྱངས་པའི་ལོའི་ཟླ་བ་གཉིས་པའི་ཚེས་བཅུར་དབེན་རི་བཀྲ་ཤིས་ལྷ་རྩེའི་ཞོལ་དུ་ཤོག་སེར་ལས་ཞལ་བཤུས་པ་ཐོག་མཐའ་བར་དུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག༔

རྡོ་རྗེ་ཕུར་པའི་ཚོགས་མཆོད་བསོད་ནམས་རྒྱ་མཚོའི་འཇུག་ངོགས།

ཡང་གསང་མཁའ་འགྲོའི་ཐུགས་ཐིག་ལས༔ རྡོ་རྗེ་ཕུར་པའི་ཚོགས་མཆོད་བསོད་ནམས་རྒྱ་མཚོའི་འཇུག་ངོགས་བཞུགས༔ དཔལ་ཆེན་ཧེ་རུ་ཀ་ལ་འདུད༔ མ་འོངས་སྐྱེ་འགྲོའི་ཚོགས་རྫོགས་ཕྱིར༔ བསོད་ནམས་རྒྱ་མཚོའི་འཇུག་ངོགས་སྟོན༔ པ་ལ་ཤ་དང་ནི་མ་ད་ན་ཆང་༔ གཙོ་བོར་བྱེད་ལ་ལོངས་སྤྱོད་བསགས༔ ཡར་མར་དུས་ཚེས་བཟང་པོར་རྩོམ༔ རྡོ་རྗེ་ཕུར་བའི་རྣལ་འབྱོར་བས༔ དང་པོ་བྱིན་རླབས་རིམ་པ་ནི༔ ལས་སྔགས་བརྗོད་པས་བར་ཆད་བསལ༔ ཚོགས་རྫས་བསང་སྦྱངས་འདི་ལྟར་རོ༔ རཾ་ཡཾ་ཁཾ༔ ལན་གསུམ༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ༔ རང་ཉིད་ལྷར་གསལ་ཐུགས་ཀ་ནས༔ རཾ་ལས་མེ་འབར་དངོས་འཛིན་བསྲེགས༔ ཡཾ་ལས་རླུང་བྱུང་བགས་ཆགས་གཏོར༔ ཁཾ་ལས་ཆུ་བྱུང་གཉིས་འཛིན་བཀྲུས༔ ཨོཾ་གྱིས་མི་གཙང་དྲི་མ་སྦྱང༔ ཨཱཿཡིས་ཟག་མེད་བདུད་རྩིར་སྤེལ༔ ཧཱུྃ་གིས་འདོད་ཡོན་ཚོགས་སུ་བསྒྱུར༔ རྒྱ་ཆེ་གཏིང་ཟབ་བཀོད་མཛེས་ལེགས༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ༔ ཧཱུྃ་བླ་མ་ཡི་དམ་མཁའ་འགྲོ་དང༔ ཆོས་སྐྱོང་དམ་ཅན་གཏེར་བདག་རྣམས༔ རྡོ་རྗེ་ཕུར་པའི་ལྷ་ཚོགས་གཤེགས༔ ཚོགས་མཆོད་བདུད་རྩིའི་སྤྲིན་ཕུང་བཞེས༔ བདག་ལ་ཚེ་དབང་ལོངས་སྤྱོད་སྩོལ༔ གྷ་ན་ཙཀྲ་པཱུ་ཛ་ཧོ༔ བར་དུ་བཤགས་པ་ཚིག་འདི་བརྗོད༔ ཧོ༔ རྡོ་རྗེ་གཞོན་ནུའི་ལྷ་ཚོགས་བདག་ལ་དགོངས༔ ཚེ་རབས་ཐོག་མེད་དུས་ནས་ད་བར་དུ༔ སོར་བྱང་སྔགས་སྡོམ་ཉམས་འགལ་འདས་རལ་སོགས༔ མི་འཆབ་ཚོགས་ཀྱི་མཆོད་པས་བཤགས་ཤིང་སྦྱང༔ ཚངས་པ་མཆོག་གི་དངོས་གྲུབ་དུས་འདིར་སྩོལ༔ ཨོཾ་ས་མ་ཡཱ༔ ཨཱ་ས་མ་ཡཱ༔ ཧཱུྃ་ས་མ་ཡཱ༔ ཧེ་རུ་ཀ་ས་ཏྭ་ས་མ་ཡཱ་སོགས་ཡི་གེ་བརྒྱ་པས་ཉམས་ཆག་བཤག༔ དགྲ་བགེགས་ཚོགས་རྫས་ཐ་མར་བཀུག༔ བྲུབ་ཁུང་བསྐྱེད་ཅིང་འགུག་གཞུག་བྱ༔ ཧཱུྃ་བྷྱོ༔ ཆོས་ཀྱི་དབྱིངས་ནས་རང་བྱུང་གྲུབ་པའི་ལྷ༔ ཕུར་པ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ མི་སྲུན་དམ་སྲི་འདུལ་བའི་སྟོབས་པོ་ཆེ༔ རྡོ་རྗེ་གཞོན་ནུ་དྲག་ཤུལ་སྟོབས་དང་ལྡན༔ གནོད་བྱེད་བྱད་མ་འགུགས་བསྒྲལ་སྤར་བར་བྱ༔ ཕྱག་གཡས་གནམ་ལྕགས་རྡོ་རྗེས་བྱད་མ་གཞོམ༔ ཕྱག་གཡོན་ལྕགས་ཕུར་བྱད་མའི་ཚེ་བསོད་འདྲེན༔ རྣམ་ཤེས་ཨ་ཡིག་ཀུན་བཟང་སྲས་སུ་བསྐྲུན༔ ཚེ་བསོད་ཎི་ཡིག་བདག་གི་སྙིང་གར་འདུས༔ ཤ་ཁྲག་ཕུང་ཁམས་ཕུར་སྲུང་ཚོགས་ཀྱིས་རོལ༔ ལས་བཞི་ལྷུན་གྱིས་གྲུབ་པའི་ཕྲིན་ལས་མཛོད༔ གནོད་བྱེད་བྱད་མའི་ཤ་ཁྲག་རུས་པ་རྩ་གསུམ་སྲུང་མའི་ཞལ་ཏུ་བསྟབ་པོ་བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི༔ ཧཱུྃ་ཧོ༔ དགེ་བ་འདི་ཡིས་མ་རིག་འཁྲུལ་བའི་འདྲེ༔ རང་བྱུང་ཡེ་ཤེས་སྙིང་པོའི་དོན་རྟོགས་ནས༔ འཁོར་གསུམ་ཡོངས་དག་ཆེན་པོར་རྒྱས་བཏབ་ཏེ༔ ཀུན་བཟང་དགོངས་ཀློང་ཕྱམ་གཅིག་གྲོལ་བར་སྨོན༔ དེ་ནས་དཔལ་གྱི་ལྷག་མ་རྣལ་འབྱོར་པའི་ཕུད༔ བཀའ་ཡི་ཕ་འབབ་བཅས་ཏེ༔ ཞལ་ཆབ་བྲན་ལ་བྱིན་གྱིས་བརླབས༔ ཕེཾ་གྱིས་མགྲོན་བཀུག༔ ཚིག་འདིས་ལེགས་པར་བསྔོ༔ ཧཱུྃ་ཧོ༔ རྡོ་རྗེ་ཕུར་པའི་བཀའ་འཁོར་སྐྱོང་བའི་ཚོགས༔ དཀར་མོ་ཟླ་འདབས་སེར་མོ་ཉི་མའི་འདབས༔ དམར་མོ་མེ་འདབས་ལྗང་མོ་རླུང་གི་འདབས༔ དབང་ཕྱུག་ཉེར་བརྒྱད་རྡོ་རྗེ་ཕྲ་མེན་དྲུག༔ ཕུར་བའི་སྲུང་མ་ཕྱོགས་སྐྱོང་འཕྲོག་མ་དང༔ དཀར་ཕྱོགས་གཞི་བདག་ལྷག་གཏོར་དབང་བའི་སྡེ༔ ལྷག་མའི་གཏོར་མ་བཤལ་ཆུ་དང་བཅས་བཞེས༔ རྣལ་འབྱོར་དགྲ་སྒྲོལ་བསྟན་པའི་བྱ་ར་མཛོད༔ བྱད་མ་རྦོད་གཏོང་རང་གཤེད་རང་ལ་ཕོབ༔ ནད་ཡམས་དམག་འཁྲུགས་སྲིད་ཞིའི་རྒུད་པ་སོལ༔ ཕན་དང་བདེ་བས་འཚོ་བའི་སྡོང་གྲོགས་མཛོད༔ སརྦ་ཨུ་ཙུ་ཊ་བྷ་ལིང་ཏ་ཁ་ཧཱི༔ ལྷག་མ་ཕྱི་རོལ་གཙང་སར་གཤེགས༔ རྗེས་ལ་སྨོན་ལམ་ཤིས་པ་བརྗོད༔ ཐ་ཚིག་གཏོར་བསྔོ་བསྟན་མ་སྐྱོང༔ བྲོ་རྒྱས་གདབ་སོགས་སྤྱི་བྱེ་བྲག༔ གང་ལྟར་བྱས་ཀྱང་འགལ་བ་མེད༔ ཕན་པའི་ཡོན་ཏན་བརྗོད་མི་ལངས༔ ཚོགས་གཉིས་ཡེ་ཤེས་རྒྱ་ཆེན་འགྲུབ༔ གནས་སྐབས་མཐར་ཐུག་ཀུན་ལ་བདེ༔ བདེ་ནས་བདེ་བའི་ས་ལ་གཤེགས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རང་བྱུང་སྙིང་གི་སྒྲོམ་ནས་བཏོན༔ སློབ་བུ་རིག་འཛིན་རྡོ་རྗེ་དང༔ དད་དང་ལྡན་པའི་ཆོས་སྐལ་ཡིན༔ རྣལ་འབྱོར་ས་ར་ཧི་ཏས་སྤེལ༔

འགུགས་པ་དང་འགུགས་ཐུང་།

༄༅། འགུགས་པ་དང་འགུགས་ཐུང༔ ན་མོ༔ རིག་འཛིན་རྩ་རྒྱུད་དཔལ་ལྡན་བླ་མ་དང༔ མཆོག་གསུམ་རྩ་གསུམ་སྐུ་གསུམ་གསང་སྔགས་དང༔ རིག་སྔགས་གཟུངས་སྔགས་སྙིང་པོ་ཕྱག་རྒྱ་དང༔ ཏིང་ངེ་འཛིན་དང་ཆོས་ཉིད་ཆོས་ཅན་ནི༔ རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང༔ ཁྱད་པར་བཅོམ་ལྡན་རྡོ་རྗེ་གཞོན་ནུ་ཡི༔ དཀྱིལ་འཁོར་ལྷ་ཚོགས་རྣམས་དང་བཀའ་སྡོད་ནི༔ ཆོས་སྐྱོང་དམ་ཅན་རྒྱ་མཚོའི་བདེན་པའི་མཐུས༔ བསྟན་དང་འགྲོ་བའི་སྤྱི་དགྲ་ཁྱད་པར་དུ༔ རིག་པ་འཛིན་པ་བདག་ཅག་ཡན་ཆད་ལ༔ སྔ་དགྲ་ལག་བསྡར་ཕྱི་དགྲ་ཡིད་ལ་སེམས༔ ད་དགྲ་ཐད་དུ་འཛུགས་པའི་གཟུགས་ཅན་དགྲ༔ དམ་སྲི་རྒྱལ་འགོང་ཆེ་སྲི་ཆུང་སྲི་དང༔ དམེ་སྲི་ཕུང་སྲི་གོད་སྲི་ལ་སོགས་པ༔ གཟུགས་མེད་གནོད་བྱེད་བགེགས་ཀྱི་ཚོགས་དང་བཅས༔ སྲིད་པ་གསུམ་གྱི་ཁོངས་རྣམས་གར་གནས་ཤིང༔ གར་བྲོས་ཀྱང་ནི་སྐད་ཅིག་ཡུད་ཙམ་ལ༔ དམིགས་རྟེན་ལིངྒ་འདི་ལ་མྱུར་དུ་ཁུག༔ རྩ་སྔགས་གཤམ་དུ༔ དགྲ་བགེགས་གནོད་བྱེད་ཛ་ཧཱུྃ་བཾ་ཧོ༔ འགུགས་ཐུང་ནི༔ ན་མོ་དཀོན་མཆོག་གསུམ་གྱི་བདེན་པ་དང༔ རྩ་བ་གསུམ་གྱི་བྱིན་རླབས་དང་༔ མཁའ་འགྲོ་ཆོས་སྐྱོང་ནུས་མཐུ་ཡིས༔ གནོད་བྱེད་ཆེ་གེ་མོ་ཐམས་ཅད་ཀུན༔ ལིང་ག་འདི་ལ་མྱུར་དུ་ཁུག༔ ལན་མང་དུ་བརྗོད༔ སྲི་མནན་ལས་སོ༔