cover

བསམ་གཏན་ཡེ་ཤེས་གླིང་པའི་གཏེར་ཆོས་སྐོར།

གླེགས་བམ་གསུམ་པ། ག༽

བསམ་གཏན་ཡེ་ཤེས་གླིང་པའམ་ཧོར་བླ་གཞན་ཕན་བཟང་པོ། དྷརྨ་ཀིརྟི། ཆ་མདའ་རབ་བློ། རས་པ་གསལ་སྟོབས།

སྔ་འགྱུར་མདོ་ཁམས་གཡུ་ཁོག་དཔེ་ཚོགས།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

སྒྲོལ་མའི་གསོལ་འདེབས་འཇིགས་བརྒྱད་གཡུལ་འཇོམས།

༄༅། སྒྲོལ་མའི་གསོལ་འདེབས་འཇིགས་བརྒྱད་གཡུལ་འཇོམས་བི་ཧ་ར་ཏིསྨ༔ ཨོཾ་བདེ་ལེགས་སུ་གྱུར་ཅིག༔ རྒྱལ་ཀུན་སྤྱི་གཟུགས་ཕྲིན་ལས་དོན་ཡོད་གྲུབ༔ རྒྱ་བོད་མཁས་གྲུབ་གཙུག་རྒྱན་མཚོ་སྐྱེས་རྗེ༔ བོད་ཡུལ་གཏེར་གྱི་གཉེར་འཛིན་མཚོ་རྒྱལ་མ༔ གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་རློབས༔ འཁོར་ལོ་རྒྱས་འདེབས་བཀའ་བབས་ཨ་ཙར་དབྱངས༔ བརྒྱུད་པ་ཀུན་འདུས་འགྲོ་འདུལ་ལུང་རིག་གླིང༔ ཆོས་དབང་སྐྱེས་ཐོབ་གཞན་ཕན་དཔལ་བཟང་པོར༔ གསོལ་བ་འདེབས་སོ་དོན་གཉིས་ལྷུན་གྲུབ་སྩོལ༔ དཀྱིལ་འཁོར་གཙོ་མོ་ཨཱརྱ་ཏཱ་རེ་མ༔ སྐུ་ཡི་སྐྱོན་སྤངས་མཚན་དཔེའི་ཡོན་ཏན་རྫོགས༔ གསུང་གི་སྐྱོན་སྤངས་ཀ་ལ་པིང་ཀའིི་སྒྲ༔ ཐུགས་ཀྱི་སྐྱོན་སྤངས་རྣམ་མཁྱེན་ཡེ་ཤེས་བརྙེས༔ བཀྲ་ཤིས་དཔལ་འབར་འཁོར་ལོ་རྒྱས་འདེབས་ཡུམ༔ ཏཱ་རེའི་གསང་གསུམ་ཡོན་ཏན་གསོལ་བ་འདེབས༔ ཉོན་མོངས་སྐྱོན་བྲལ་སྡུག་བསྔལ་སྒྲོག་ལས་གྲོལ༔ ཤེས་བྱའི་སྐྱོན་ཟད་མི་རྟོག་རང་ངོ་འཕྲོད༔ གཟུང་འཛིན་འཇིགས་ཚོགས་གཡུལ་ངོ་དབྱིངས་སུ་དག༔ བྱར་མེད་བློ་འདས་རང་གཞིའི་ཞལ་མཐོང་ཤོག༔ ཅེས་པའི་སྒྲོལ་མའི་གསོལ་འདེབས་འདི༔ སྔོན་སྦྱངས་ལས་ཀྱི་རྟེན་འབྲེལ་མཐུས༔ བདག་དང་འབྲེལ་བའི་སློབ་བུ་ལ༔ མིག་སྨན་མཁྱེན་ལོ་ཞེས་བྱ་བར༔ རྣལ་འབྱོར་ས་ར་ཧི་ཏས་བྲིས༔ དུས་གསུམ་དགེ་བའི་ཤིས་པ་སྩོལ༔

སྒྲོལ་མའི་གསོལ་འདེབས་དུས་ངན་འཇིགས་སྐྱོབ་རྡོ་རྗེའི་གོ་ཆ།

ཡང་གསང་མཁའ་འགྲོའི་ཐུགས་ཐིག་ལས༔ སྒྲོལ་མའི་གསོལ་འདེབས་དུས་ངན་འཇིགས་སྐྱོབ་རྡོ་རྗེའི་གོ་ཆ་བཞུགས༔ ཡང་གསང་ཌཱཀྐི་མ་ལ་འདུད༔ དུས་སྙིགས་འགྲོ་བའི་གདུང་སེལ་ཕྱིར༔ རྡོ་རྗེའི་གོ་ཆ་འདིར་བཀོད་ཀྱེ༔ མོས་གུས་ཡིད་ཆེས་མདུན་མཁའ་རུ༔ འཕགས་མ་འཁོར་བཅས་བཞུགས་པར་མོས༔ ཐེ་ཆོམ་མེད་པར་ཁྱེད་ཤེས་ཀྱིས༔ གསོལ་འདེབས་འདི་ལ་བརྩོན་གལ་ཆེ༔ དེས་ནི་སྔོན་ལས་མ་གཏོགས་པར༔ འཕྲལ་རྐྱེན་ཆེ་ཕྲ་གང་ཡིན་ཡང༔ དྲན་པ་ཙམ་གྱིས་སེལ་བར་ངེས༔ དེ་ཕྱིར་སྙིང་ལས་གཅེས་པར་བརྩོན༔ ཨེ་མ་ཧོ༔ སྔོན་ཚེ་བདེ་གཤེགས་རྔ་སྒྲའི་བསྟན་པ་ལ༔ རྒྱལ་པོའི་སྲས་མོ་ཛྙཱ་ན་ཙན་ཏྲར་གྱུར༔ དེ་ཚེ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས༔ ཉེས་བརྒྱས་གཟིར་བའི་འགྲོ་བ་ཉམ་ཐག་རྣམས༔ ལྔ་བདོའི་དུས་སུ་བདག་གིས་མ་བསྒྲལ་བར༔ ཡང་དག་བྱང་ཆུབ་ས་ལ་མི་འགོད་ཅེས༔ དེ་སོགས་སྔོན་གྱི་དམ་བཅའ་ཉེར་དགོངས་ལ༔ བདག་སོགས་རྣམས་ཀྱི་མི་འདོད་ཉེར་འཚེའི་རིགས༔ ནད་ཡམས་དུས་འཁྲུགས་སད་སེར་བཙའ་ཐན་དང༔ མི་ཕྱུགས་གློ་བུར་དུས་མིན་འཆི་བ་རྣམས༔ རྗེ་བཙུན་འཕགས་མའི་ཐུགས་བསྐྱེད་ཞལ་བཞེས་དང༔ བདག་གི་དད་པས་ཁྱེད་ཤེས་གསོལ་བཏབ་མཐུས༔ མི་མཐུན་བར་ཆད་རྐྱེན་ངན་བཟློག་ཏུ་གསོལ༔ བདག་སོགས་ཚེ་ཆོས་སྲིད་ནོར་ལོངས་སྤྱོད་རྫས༔ གང་ཡང་མ་ཚང་མེད་པ་ཐམས་ཅད་ཀུན༔ རྗེ་བཙུན་འཕགས་མའི་ཐུགས་བསྐྱེད་ཞལ་བཞེས་དང༔ བདག་གི་དད་པས་ཁྱེད་ཤེས་གསོལ་བཏབ་མཐུས༔ རབ་ཏུ་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ༔ བླ་མ་མཁན་སློབ་དགེ་འདུན་མི་དབང་འབངས༔ སྣང་སྲིད་འདོད་པའི་ཡོན་ཏན་གང་དམིགས་ཀུན༔ རྗེ་བཙུན་འཕགས་མའི་ཐུགས་བསྐྱེད་ཞལ་བཞེས་དང༔ བདག་གི་དད་པས་ཁྱེད་ཤེས་གསོལ་བཏབ་མཐུས༔ ཐོགས་མེད་དབང་དུ་སྡུད་པར་མཛད་དུ་གསོལ༔ གཟུགས་ཅན་མི་དང་གཟུགས་མེད་བགེགས༔ ལོག་པར་འདྲེན་པའི་རིགས་མཐའ་དག༔ རྗེ་བཙུན་འཕགས་མའི་ཐུགས་བསྐྱེད་དང༔ བདག་གི་དད་པས་གསོལ་བཏབ་མཐུས༔ རྡུལ་དུ་བརླག་པར་མཛད་དུ་གསོལ༔ ཕྱི་མ་མཁའ་སྤྱོད་གཡུ་ལོ་བཀོད༔ རྗེ་བཙུན་སྒྲོལ་མའི་ཞབས་དྲུང་དེར༔ པདྨའི་སྦུབས་སུ་སྐྱེ་བར་ཤོག༔ མཚན་དཔེ་ལྡན་པའི་ལུས་ཐོབ་ནས༔ མངོན་ཤེས་ལྔ་དང་རྗེས་དྲན་དྲུག༔ སྤྱན་ལྔ་ལ་སོགས་འབྱུང་བར་ཤོག༔ མཐའ་ཡས་འགྲོ་བའི་ཁམས་བཞིན་དུ༔ འདྲེན་པའི་དེད་དཔོན་དམ་པར་གྱུར༔ ཅེས་འདི་དབྱིངས་ཀྱི་ཌཱཀྐིའི་བརྡ༔ ཕལ་པའི་བློ་ཡིས་གཞལ་བར་དཀའ༔ ཉམས་སུ་བླངས་ན་རྟགས་མཚན་འབྱུང༔ སྐལ་བ་ལྡན་ལ་གཏད་དོ་རྒྱ༔ སྐལ་མེད་རྣམས་ལ་གསང་ངོ་རྒྱ༔ བཀའ་ཡི་སྲུང་མས་བྱ་ར་མཛོད༔ དུས་ལ་བབས་ཚེ་ལག་ཏུ་སྤྲོད༔ ས་མ་ཡཱ༔ ཞེས་པའང་བཙུན་པ་ལུང་རྟོགས་ཀྱི་བཞེད་སྐོང་དུ་ས་ར་ཧི་ཏས་སོ༔ སརྦ་མངྒ་ལམ༔

སྒྲོལ་མའི་སྐྱབས་ཡུལ་གསལ་གདབ།

མདུན་མཁར་པད་ཟླར་རྗེ་བཙུན་མ༔ སེང་ལྡིང་ནགས་ཀྱི་སྒྲོལ་མ་ལ༔ ཏཱ་རེ་ཉེར་གཅིག་གིས་བསྐོར་བའི༔ ཀུན་གྱི་ཕྱག་གཡས་སྐྱབས་སྦྱིན་མཛད༔ འོག་ཏུ་བདག་དང་བསྲུང་བྱ་ཚུད༔ འཇིགས་པ་བརྒྱད་དང་བཅུ་དྲུག་ལས༔ སྐྱོབ་ཅིང་འདོད་དོན་འགྲུབ་པར་དམིགས༔ དེ་ནས་ཕྱག་འཚལ་རྒྱས་བསྡུས་གང༔ སྐབས་བསྟུན་བདུན་ནམ་གསུམ་གཉིས་བརྗོད༔ མི་མཐུན་གཡུལ་ལས་རྒྱལ་བར་ངེས༔ ཡེ་ཤེས་ཌཱཀྐིའི་ཞལ་ལུང་བཞིན༔ ཟོག་པོ་ས་ར་ཧི་ཏ་ཡིས༔ སློབ་བུ་ལུང་གི་མིང་ལ་སྤེལ༔ འགྲོ་དོན་བསྟན་པ་དར་རྒྱས་ཤོག༔ མངྒ་ལམ༔

སྒྲོལ་མའི་གཏོར་འབུལ་དང་ཡན་ལག་བདུན་པ།

བླ་མ་མཆོག་གསུམ་ཡི་དམ་ལྷ༔ མཁའ་འགྲོ་ཆོས་སྐྱོང་དམ་ཅན་བཅས༔ དཀར་ཕྱོགས་སྐྱོང་བའི་མཐུ་ཆེན་དང༔ སྲིད་གསུམ་འབྱུང་པོའི་ཚོགས་རྣམས་ཀྱིས༔ མཆོད་སྦྱིན་གཏོར་མ་འདི་བཞེས་སོགས༔ ༈ ཡན་ལག་བདུན་པ་འདི་བཞིན་བརྗོད༔ ཨེ་མ་ཧོ༔ སྐྱབས་ཡུལ་ཚོགས་ཞིང་ལྷ་ཚོགས་སྤྱན་འདྲེན་གཤེགས༔ ཉི་ཟླ་པདྨའི་གདན་ལ་བཞུགས་སུ་གསོལ༔ སྒོ་གསུམ་གུས་པས་ཕྱག་འཚལ་མཆོད་པ་འབུལ༔ མི་དགེ་སྡིག་བཤགས་དགེ་ལ་རྗེས་ཡི་རང༔ མྱ་ངན་མི་འདའ་ཆོས་འཁོར་བསྐོར་བར་བསྐུལ༔ དུས་གསུམ་དགེ་བ་བླ་མེད་བྱང་ཆུབ་བསྔོ༔ ཞེས་སྙོམ་ལས་མཁན་པོ་ས་ར་ཧི་ཏས་སྨྲས་པ་དགེ་ལེགས་འཕེལ༔

རྗེ་བཙུན་སྒྲོལ་མའི་ལས་བྱང་བསྡུས་པ་ཡིད་བཞིན་དབང་སྔོན་རྒྱལ་པོ།

ཡང་གསང་ཌཱཀྐིའི་ཐུགས་ཐིག་ལས༔ རྗེ་བཙུན་སྒྲོལ་མའི་ལས་བྱང་བསྡུས་པ་ཡིད་བཞིན་དབང་སྔོན་རྒྱལ་པོ་བཞུགས་སོ༔

ན་མོ་ཨརྱ་ཏཱ་རེ་མ༔ རང་བྱུང་ཡེ་ཤེས་སྙིང་པོ་ལ༔ རང་བབ་ལྟ་བ་མཇལ་ཕྱག་འཚལ༔ ཨོ་རྒྱན་མཚོ་སྐྱེས་རྡོ་རྗེ་ཡིས༔ དགོངས་པ་སྐལ་ལྡན་བུ་ལ་གཏད༔ རིག་རྩལ་ཀློང་ནས་མཁའ་འགྲོའི་བརྡ༔ རྒྱུད་དང་སྒྲུབ་ཐབས་བསམ་མི་ཁྱབ༔ འགྲོ་བའི་ཁམས་བཞིན་ཐེག་གསུམ་སྟོན༔ ཁྲིགས་སུ་བཅད་པ་མེད་པའི་གཏེར༔ ཡེ་ཤེས་མཚོ་རྒྱལ་གསང་ཡེ་མའི༔ ཐུགས་བཅུད་ཏཱ་རེའི་སྒྲུབ་ཐབས་འབྲི༔ དཀྱིལ་འཁོར་ཡོ་བྱད་སྤྲོས་པ་བསྐྱུང་༔ རང་བཞིན་གཞི་རྫོགས་ཨ་ལ་ལ༔ ལྟ་བ་ཡོངས་སུ་དག་པའི་ངང་༔ ཨཱ༔ རིག་སྟོང་ཀ་དག་རྗེ་བཙུན་མར༔ སྤང་བླང་བྲལ་བས་སྐྱབས་སུ་མཆི༔ ཁམས་གསུམ་སེམས་ཅན་དབྱིངས་སྒྲོལ་ཕྱིར༔ རང་བཞིན་མཉམ་པར་སེམས་བསྐྱེད་དོ༔ ཡན་ལག་བདུན་པ་གཞན་དུ་ཤེས༔ ཧཱུྃ་ཏྲཱྃ༔ ང་ནི་ཡེ་ནས་རྡོ་རྗེ་འཛིན༔ མ་རྟོགས་གཉིས་འཛིན་མཁའ་ལ་དེངས༔ བསྲུང་བྱ་སྲུང་བྱེད་བྲལ་བའི་གཤིས༔ ཁྱབ་བདལ་ཐིག་ལེའི་སྦུབས་སུ་རྒྱ༔ རང་བཞིན་སྐུ་གསུམ་ཞིང་ཁམས་ནས༔ རྩ་གསུམ་སྲུང་མས་བྱིན་ཆེན་ཕོབ༔ སྣོད་བཅུད་དངོས་ཞེན་འཁྲུལ་བའི་སྐྱོན༔ འབྲུ་གསུམ་ཡི་གེས་སྦྱང་སྤེལ་བསྒྱུར༔ ཨོཾ་ཨཱ༔ཧཱུྃ་སརྦ་པཱུ་ཛ་མེ་གྷ་ཨཱཿཧཱུྃ༔ དེ་ཡིས་སྔོན་འགྲོའི་ལས་རིམ་རྫོགས༔ དངོས་གཞི་ལྷ་ཡི་བསྐྱེད་རིམ་ནི༔ ཨཱ༔ འཁོར་འདས་མི་དམིགས་སྟོང་པའི་ངང་༔ མ་རྟོགས་འགྲོ་ལ་རྗེས་ཆགས་སེམས༔ རྩལ་ལས་ཏཱཾ་ཡིག་ལྗང་འོད་འབར༔ དེ་ལས་འོད་ཟེར་རྣམ་ལྔ་འཕྲོས༔ འཕགས་མཆོད་འགྲོ་བའི་ལས་སྒྲིབ་སྦྱངས༔ ཚུར་འདུས་འོད་ཞུ་རྗེ་བཙུན་མ༔ མརྒད་མདངས་འཛིན་ལྷ་ཡི་གོས༔ ཞལ་གཅིག་འཛུམ་མདངས་སྤྱན་དཀྱུས་རིང་༔ ཕྱག་གཉིས་གཡས་པས་མཆོག་སྦྱིན་རྒྱ༔ པུས་སྟེང་ཨུཏྤལ་ཡུ་བ་འཛིན༔ ཕྱག་གཡོན་དཀོན་མཆོག་གསུམ་མཚོན་པའི༔ ཕྱག་རྒྱས་ཨུཏྤལ་ཐུགས་ཀར་ནི༔ འཁོར་ལོས་མཚན་པའི་སྡོང་བུ་བསྣམས༔ ཞབས་གཉིས་པདྨ་ཟླ་བའི་སྟེང༔ སེམས་མའི་སྐྱིལ་ཀྲུང་པཉྩའི་གོས༔ ལེགས་སྤྲས་སྐུ་སྟོད་དར་དཔྱང་ཀླུབ༔ རིན་ཆེན་པྲོག་ཞུ་དབང་སྔོན་རྔམ༔ གནས་གསུམ་འབྲུ་གསུམ་གསལ་བ་ལས༔ འོད་འཕྲོས་དབང་ལྷ་སྤྱན་དྲངས་ཏེ༔ དབང་བསྐུར་སྒྲིབ་དག་སྐུ་གང་བས༔ ཆུ་ལྷག་གྱེན་ལུད་རིགས་ཀྱི་བདག༔ དོན་ཡོད་གྲུབ་པས་དབུ་བརྒྱན་ཅིང༔ དབྱིངས་ནས་རང་བྱུང་འཕགས་མའི་ལྷ༔ སྤྱན་དྲངས་དམ་ཡེ་དབྱེར་མེད་གྱུར༔ རིན་ཆེན་མཛེས་པའི་གཞལ་མེད་ཁང༔ པད་ཟླ་བཻཌཱུར་ཁྲི་ལ་བཞུགས༔ འཕྲུལ་དགའི་ལྷ་ཡིས་གུས་ཕྱག་འཚལ༔ ཕྱི་མཆོད་མེ་ཏོག་བདུག་སྤོས་དང༔ མར་མེ་དྲི་ཆབ་རོ་བརྒྱའི་ཟས༔ ནང་མཆོད་དབང་པོའི་མེ་ཏོག་དང༔ ཡུལ་ལྔ་རྣམ་པར་དག་པའི་རྫས༔ གསང་མཆོད་སྦྱོར་སྒྲོལ་སྟོང་པའི་གཤིས༔ འཁོར་གསུམ་ཡོངས་གྲོལ་མཆོད་པ་བཞེས༔ བདག་གཞན་ཞེན་པ་ཡོངས་སུ་གྲོལ༔ ཚོགས་དྲུག་རང་གྲོལ་དངོས་གྲུབ་སྩོལ༔ སརྦ་མ་ཧཱ་པཱུ་ཛ་ཁ་ཧཱི༔ ཨེ་མ་ཧོ༔ བསྐལ་པ་བཟང་པོའི་སངས་རྒྱས་བསྔགས་པར་འོས༔ མཆོད་བསྟོད་བསྟེན་ཅིང་བསྙེན་པའི་ཕྲིན་ལས་ལྷ༔ འཇིགས་པ་མཐའ་དག་མཚན་ཙམ་དྲན་པས་སྐྱོབ༔ རྒྱལ་ཡུམ་ཏཱ་རེ་ལྷ་མོར་གུས་པས་འདུད༔ མཚན་དཔེའི་ལང་ཚོ་སུས་ཀྱང་འགྲན་ཟླ་བྲལ༔ བསྙེན་ཅིང་སྒྲུབ་པས་མཆོག་ཐུན་དངོས་གྲུབ་སྩོལ༔ གསོལ་བ་འདེབས་ཚེ་འཁོར་བའི་གཡུལ་ངོ་འཇོམས༔ འཇིགས་བརྒྱད་དཔུང་འཇོམས་མྱུར་མ་དཔའ་མོར་བསྟོད༔ གང་སྐུ་ཨིནྡྲ་ནཱི་ལའི་རྡུལ་བྲལ་ངོས༔ གང་གསུང་དྲི་ཟའི་རྒྱུད་མང་ཚངས་པའི་དབྱངས༔ གང་ཐུགས་ཡེ་ཤེས་རྒྱ་མཚོའི་བདག་ཉིད་རྗེ༔ རྗེ་བཙུན་འཕགས་མའི་གསང་གསུམ་བསྟོད་པར་བགྱི༔ ཀྱཻ་ཧོ་དགོངས་ཤིག་སྐྱབས་གནས་དཀོན་མཆོག་གསུམ༔ རྩ་གསུམ་སྲུང་མ་རང་སྣང་རིག་པའི་ལྷ༔ རྒྱལ་ཡུམ་སྒྲོལ་མ་གནས་མཆོག་གང་ན་བཞུགས༔ བདག་གིས་གདུང་ཤུགས་དྲག་པོས་གསོལ་འདེབས་ཚེ༔ འཕོ་མེད་ཐུགས་རྗེས་བདག་ལ་ཉེ་བར་དགོངས༔ སྐྱབས་མགོན་རེ་ལྟོས་གཞན་ལ་མི་འཆའ་བར༔ འདི་ཕྱིའི་བདེ་སྡུག་འཕགས་མ་ཁྱེད་རང་མཁྱེན༔ གསོལ་བ་སྙིང་ནས་འདེབས་སོ་རྗེ་བཙུན་མ༔ བྱིན་རླབས་ཐུགས་ཀྱིས་ཕོབ་ཅིག་ཏཱ་རེ་མ༔ ལྷ་མོ་ཁྱེད་ཀྱི་གསང་གསུམ་ཡོན་ཏན་དང༔ རྣལ་འབྱོར་བདག་གི་སྒོ་གསུམ་མཉམ་པར་ཤོག༔ འཕགས་མ་ཁྱེད་ཀྱི་ཐུགས་བསྐྱེད་སྨོན་ལམ་ནི༔ མ་ལུས་འགྲོ་བའི་ཁམས་ལ་བདག་གིས་སྦྱིན༔ མངོན་མཐོ་ངེས་ལེགས་ཐར་ལམ་མཆོག་བགྲོད་ཤོག༔ དེ་རྗེས་འཛབ་ཁང་བདག་མདུན་ཕྱེ༔ ཕཊ་ཛཿབདག་ལས་ལྷ་མོ་ནི༔ མར་མེ་གཅིག་ལས་གཉིས་ཆད་བཞིན༔ མདུན་དུ་ལོགས་སུ་ཕྱེ་བར་བསམ༔ འོད་དང་འོད་ཟེར་སྦྲེལ་ཏེ་འབར༔ བདག་མདུན་ཐུགས་ནི་པད་ལྗང་དབུས༔ རིག་པ་ཏཱཾ་ཡིག་བཻཌཱུར་མདངས༔ མཐའ་མར་རང་སྔགས་གཡོན་དུ་འཁོར༔ སྔགས་ཕྲེང་ལུ་གུ་རྒྱུད་དུ་བྱུང༔ བདག་གི་ཤངས་བུག་གཡས་ནས་བྱུང༔ འཕགས་མའི་ཤངས་བུག་གཡོན་དུ་ཞུགས༔ སྐུ་ཡི་དབྱིབས་བརྒྱུད་ལྟེ་བར་ཐོན༔ བདག་གི་སྙིང་དབུས་ཐིམ་པར་བསྒོམ༔ རྒྱལ་བ་རབ་འབྱམས་གསང་གསུམ་གྱི༔ བྱིན་རླབས་འབྲུ་གསུམ་རྣམ་པར་བསྡུས༔ མཆོག་ཐུན་དངོས་གྲུབ་ཐོབ་པར་དམིགས༔ ཨོཾ་ཨརྱ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་དཱ་ན་ཏྲ་ཡ་སྭཱཧཱ༔ སླར་ཡང་ཐུགས་ཀའི་སྔགས་ཕྲེང་ལས༔ འོད་འཕྲོས་མདུན་བསྐྱེད་ཐུགས་རྒྱུད་བསྐུལ༔ དེ་ལས་བསྲུང་བྱའི་གྲངས་མཉམ་པའི༔ སྒྲོལ་མ་དཀར་སེར་དམར་ལྗང་འཕྲོས༔ ཕྱག་གཡས་སྐྱབས་སྦྱིན་མཛད་པའི་འོག༔ རང་དང་བསྲུང་བྱ་ཐམས་ཅད་ཚུད༔ འཇིགས་པ་མཐའ་དག་སྐྱོབ་པར་བསམ༔ རྩ་སྔགས་ཤམ་དུ་རང་བསྲུང་སྔགས༔ བཏགས་པ་ཚད་དུ་ལོང་བར་བཟླ༔ སླར་ཡང་འོད་ཟེར་ཕྱོགས་བཅུར་འཕྲོས༔ ཕྱི་སྣོད་འཇིག་རྟེན་གཡུ་ལོ་བཀོད༔ ནང་བཅུད་སྒྲོལ་མ་རིགས་ལྔར་གྱུར༔ ལྷ་སྔགས་ཡེ་ཤེས་རོལ་པར་བསམ༔ རྩ་སྔགས་ཤམ་དུ་འདོད་གསོལ་ནི༔ པཎ་ཆེན་ཞལ་གསུང་ཇི་བཞིན་འདོན༔ བསྲུང་དམིགས་གུད་དུ་སྦས་པ་ནི༔ བསྲུང་བ་རྡོ་རྗེའི་གུར་ཁང་སྟོན༔ རང་ཉིད་རྗེ་བཙུན་འཕགས་མ་སྒྲོལ་མ་ནི༔ སྐུ་མདོག་མར་གད་རི་རྒྱལ་ལྷུན་པོ་བཞིན༔ ཐུགས་དབུས་གསེར་གྱི་མཆོད་རྟེན་འོད་དམར་ནང༔ བུམ་པའི་དབུས་སུ་ཐུགས་སྲོག་ཏཱཾ་ཡིག་ལྗང༔ ཏཱཾ་གྱི་ཐིག་ལེའི་དཀྱིལ་དུ་སློབ་དཔོན་གསལ༔ ཏཱཾ་གྱི་དཀྱིལ་དུ་རང་དང་བསྲུང་བྱ་ཚུད༔ གཡས་སུ་ཕོ་དང་གཡོན་དུ་མོ་རིགས་དང༔ འ་ཁོག་ནོར་རྫས་བ་སྤུའི་རྣམ་པར་གསལ༔ ཕྱི་རོལ་གནམ་ལྕགས་ཕ་ལམ་རྡོ་རྗེའི་གུར༔ རིམ་བདུན་མི་ཤིགས་བསྲུང་བའི་གུར་དུ་དམིགས༔ ཨོཾ་ཨཱརྱ་ཏཱ་རེ་ཏུཏྟ་རེ་ཏུ་རེ་དཱ་ན་ཏྲ་ཡ་སྭཱ་ཧཱ། སུརྱ་ཙནྡྲ་བཛྲ་རཀྵ་རཀྵ་ཧཾ༔ མ་མ་ཀཱ་ཡ་ཝཀྐ་ཙིཏྟ་རཀྵ་ཀུ་རུ་བྷྲུཾ་སྭཱ་ཧཱ༔ སྔགས་རིང་དེ་ལ་ཁྲིའམ་སྟོང༔ བཟླས་པས་རྡོ་རྗེའི་རྫོངས་སུ་ཚུད༔ འཇིགས་མེད་རྡོ་རྗེའི་གུར་དུ་འགྱུར༔ འདོད་ལྷའི་གླགས་ལྟས་ཚུགས་མི་འགྱུར༔ ཕལ་པའི་གདོན་ལ་སྨོས་ཅི་དགོས༔ འབྲིང་པོའི་གཟུངས་སྔགས་བཟླ་འདོད་ན༔ ཨོཾ་ཏཱ་རེ་ཏཱཾ་སྭཱ་ཧཱ༔ མ་མ་བ་སུ་རཏྣ་ཀཱ་ཡ་ཝཀྐ་ཙིཏྟ་བཛྲ་རཀྵ་ཀུ་རུ་བྷྲུཾ༔ ཤིན་ཏུ་བསྡུས་པའི་སྲུང་སྔགས་ནི༔ ཨོཾ་ཏཱ་རེ་ཏཱཾ་ཆེ་གེ་སྲུངས་ཤིག་སྭཱ་ཧཱ༔ སྐབས་དང་བསྟུན་ཏེ་ཅི་འགྲུབ་བཟླ༔ རྗེས་སུ་ཕྱག་འཚལ་ཉེར་གཅིག་ནི༔ གཉིས་གསུམ་བདུན་སོགས་འདོན་པར་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཞེས་པའི་སྒྲོལ་མའི་ཆོ་ག་འདི་སྔ་མོ་ནས་དག་སྣང་དུ་བབ་པ་ཡོད་ཀྱང༔ ཅི་མི་སྙམ་པའི་ངང་དུ་བཞག་པ་མཐར་བཙུན་པ་ཀུན་བཟང་ནས་བསྐུལ་བ་གཞི་བྱས་ལྷ་གྲོགས་སྙིང་གི་དྭངས་མ་ཀུན་དགའ་བརྩོན་འགྲུས་ནས་བསྐུལ་ངོར༔ དག་སྣང་གི་ཆོས་སྡེ་ལས་བྱུང་བ་བཞིན་ས་ར་ཧི་ཏས་སྨྲས་པ་དགེ་ལེགས་འཕེལ༔

དགོངས་གཏེར་སྒྲོལ་མའི་གབ་ཐིག་རྒྱུད་དང་ཞལ་ཤེས་ཀྱི་ཆོག་བསྒྲིགས་འདོན་བདེར་བཀོད་པ།

དགོངས་གཏེར་སྒྲོལ་མའི་མ་ཚང་ཁ་སྐོང༔ གབ་ཐིག་རྒྱུད་དང་ཞལ་ཤེས་ཀྱི་ཆོག་བསྒྲིགས་འདོན་བདེར་བཀོད་པ༔ རིགས་བཞིའི་སྒྲོལ་མའི་བསྙེན་པའི་རྗེས༔ སྒྲོལ་མ་གཞན་རྣམས་སོ་སོ་ཡི༔ ཐུགས་ཀར་ཏཾཿཡིག་རང་མདོག་ལ༔ བཟླ་བྱའི་སྔགས་ཀྱིས་བསྐོར་བ་རྣམས༔ མུ་ཏིག་ཕྲེང་ལྟར་མཛེས་པ་ལ༔ འོད་ལྔའི་ཟེར་ཐག་གཡས་སུ་འཁོར༔ འཇིགས་ཚོགས་མ་ལུས་ཚར་བཅད་ནས༔ འགྲོ་བའི་སྒྲིབ་སྦྱངས་བདེ་ལ་བཀོད༔ ཀུན་ཀྱང་ལྷ་སྔགས་ཆོས་ཉིད་ངང་༔ ཡེངས་མེད་སྒོམ་མེད་ལྷུག་པའི་གཤིས༔ རང་བབ་ཆེན་པོར་སྔགས་རྣམས་བགྲང༔ ལྷ་ནི་ཉེ་བར་བསྙེན་པའི་ཕྱིར༔ ལས་སྦྱོར་སྔགས་ཀྱི་རིམ་པ་ཡང་༔ བྱང་ཆུབ་སེམས་དང་མི་འབྲལ་བའི༔ མྱུར་མ་དཔའ་མོའི་གཟུངས་སྔགས་ཀྱིས༔ ཞེ་སྡང་མེ་ཡི་འཇིགས་པ་སྐྱོབ༔ རྩ་སྔགས་ཤམ་བུར་འདི་ཉིད་གདགས༔ བྷོ་དྷི་ཙིཏྟ་སརྦ་སིདྡྷི་སྭཱ་ཧཱ༔ བསོད་ནམས་དཔལ་སྟེར་གཟུངས་སྔགས་ཀྱིས༔ བསོད་ནམས་མངའ་ཐང་སྐྱེད་པར་བྱེད༔ རྩ་སྔགས་ཤམ་བུར་འདི་ཉིད་གདགས༔ པུཎྱཻ་ཤྲི་དཱ་ན་སྭཱ་ཧཱ༔ འཇིག་རྟེན་གསུམ་རྒྱལ་གཟུངས་སྔགས་ཀྱིས༔ མི་བསྲུན་ཤ་ཟའི་འཇིགས་ལས་སྐྱོབ༔ རྩ་སྔགས་ཤམ༔ ལོ་ཀ་བི་ཛ་ཡ་སྭཱ་ཧཱ༔ གཞན་ལས་རྣམ་རྒྱལ་གཟུངས་སྔགས་ཀྱིས༔ ཕྲག་དོག་སྦྲུལ་གྱི་འཇིགས་ལས་སྐྱོབ༔ རྩ་སྔགས་ཤམ༔ ས་ར་ཛ་ཡ་སྭཱ་ཧཱ༔ རྡོ་རྗེ་སྡེར་མོའི་གཟུངས་སྔགས་ཀྱིས༔ དགྲ་དཔུང་གཞོམ་དང་མི་འཇིགས་སྦྱིན༔ རྩ་སྔགས་ཤམ༔ བཛྲ་རུ་དྷི་ར་པྲ་མརྟ་ན་སྭཱ་ཧཱ༔ གཞན་མི་རྒྱལ་མཛད་གཟུངས་སྔགས་ཀྱིས༔ ལོག་རྟོག་ཞལ་ལྕེའི་འཇིགས་པ་སྐྱོབས༔ རྩ་སྔགས་ཤམ༔ ཨ་ཛ་ས་ར་སྭཱ་ཧཱ༔ འཇིགས་བྱེད་ཆེན་མོའི་གཟུངས་སྔགས་ཀྱིས༔ མཐུན་འཇུག་ཕྲ་མའི་ཟུག་རྔུ་འབྱིན༔ རྩ་སྔགས་ཤམ༔ མ་ཧཱ་བྷ་ཡ་སྭཱ་ཧཱ༔ རྒྱལ་མཚན་དཔུང་རྒྱན་གཟུངས་སྔགས་ཀྱིས༔ བདུད་དང་དགྲ་སྡེའི་གཡུལ་ངོ་འཇོམས༔ རྩ་སྔགས་ཤམ༔ དྷྭ་ཛ་ཨ་གྲ་གེ་རེ་སྭཱ་ཧཱ༔ བཀྲ་ཤིས་དོན་བྱེད་གཟུངས་སྔགས་ཀྱིས༔ ཟས་ནོར་དབུལ་བའི་འཇིགས་ལས་སྐྱོབ༔ རྩ་སྔགས་ཤམ་བུར༔ མངྒ་ལཾ་ཤྲི་པུ་ཏྲ་སྭཱ་ཧཱ༔ རྨ་བྱ་ཆེན་མོའི་གཟུངས་སྔགས་ཀྱིས༔ ཀླུ་ཡི་ནད་སེལ་དུག་རིགས་འཇོམས༔ རྩ་སྔགས་ཤམ༔ མ་ཧཱ་མ་ཡུ་རི་སྭཱ་ཧཱ༔ གཙུག་ཏོར་རྒྱལ་མོའི་གཟུངས་སྔགས་ཀྱིས༔ རྒྱལ་པོའི་ཆད་སྐྱོབ་བྱད་ཕུར་འཇོམས༔ རྩ་སྔགས་ཤམ༔ ཨུཥྞི་ཥ་སི་ཏ་ཏ་པ་ཏྲེ་སྭཱ་ཧཱ༔ སོ་སོར་འབྲང་མའི་གཟུངས་སྔགས་ཀྱིས༔ སྡང་དགྲ་སྤ་བཀོང་གཉེན་དང་ཕྲལ༔ རྩ་སྔགས་ཤམ༔ མ་ཎི་བཛྲ་སརྦ་སིདྡྷི་སྭཱ་ཧཱ༔ རབ་ཏུ་ཞི་བའི་གཟུངས་སྔགས་ཀྱིས༔ དོན་ཉམས་སྡིག་པའི་འཇིགས་ལས་སྐྱོབ༔ རྩ་སྔགས་ཤམ༔ པ་པཾ་ཤནྟིཾ་སྭཱ་ཧཱ༔ སྟོང་ཆེན་རབ་འཇོམས་གཟུངས་སྔགས་ཀྱིས༔ སྔགས་འགྲུབ་གནམ་ལྕགས་འཇིགས་ལས་སྐྱོབས༔ རྩ་སྔགས་ཤམ༔ མ་ཧཱ་པྲ་བྷ་ཡ་སྭཱ་ཧཱ༔ བསིལ་བའི་ཚལ་ཆེན་གཟུངས་སྔགས་ཀྱིས༔ གཅན་གཟན་གདུག་པའི་འཇིགས་ལས་སྐྱོབས༔ རྩ་སྔགས་ཤམ༔ ཀྲོ་ཏ་ཕཊ་ཕཊཿསྭཱ་ཧཱ༔ གསང་སྔགས་རྗེས་འཛིན་གཟུངས་སྔགས་ཀྱིས༔ ཚེ་སྲོག་ཆད་ཉམས་གསོ་བར་བྱེད༔ རྩ་སྔགས་ཤམ༔ མནྟྲ་གུ་ཧྱ་ཨ་ནུ་སྭཱ་ཧཱ༔ ལས་བཞི་འགྲུབ་ཅིང་བདུད་བཞི་སྐྲོད༔ སྒོ་སྐྱོང་ལྷ་མོ་བཞི་ཡི་ནི༔ རྩ་སྔགས་ཤམ༔ ཤནྟིཾ་པུཥྚཾ་ཝ་ཤཾ་མཱ་ར་ཡ་ཕཊཿསྭཱ་ཧཱ༔ དགོངས་གཏེར་སྒྲོལ་མའི་མ་ཚང་ཁ་སྐོང་འདི༔ གབ་ཐིག་རྒྱུད་དང་ཞལ་གསུང་དགོངས་པ་རྣམས༔ ཆོག་འགྲིགས་འདོན་བདེར་བཀོད་པ་ཆོས་པའི་གཟུགས༔ ཕན་མིང་ར་བཤའ་རྔ་བརྡུང་དེས་བྲིས་དགེ༔

རྗེ་བཙུན་ཏཱ་རེའི་ཚོགས་མཆོད་བསོད་ནམས་རྒྱ་མཚོའི་འཇུག་ངོགས།

ཡང་གསང་ཌཱཀྐིའི་ཐུགས་ཐིག་ལས༔ རྗེ་བཙུན་ཏཱ་རེའི་ཚོགས་མཆོད་བསོད་ནམས་རྒྱ་མཚོའི་འཇུག་ངོགས་བི་ཛ་ཧ་རཾ༔ ཏཱ་རེ་ལྷ་མོར་ཕྱག་འཚལ་ལོ༔ བསོད་ནམས་རྒྱ་མཚོའི་འཇུག་ངོགས་སྟོན༔ ཕྱི་ནང་གསང་བའི་ཚོགས་རྫས་བསགས༔ བཟའ་བཅའ་བཏུང་བའི་རིམ་པ་རྣམས༔ བྱིན་གྱིས་བརླབ་པ་འདི་སྐད་བརྗོད༔ ཨོཾ་ཨཱཿཧཱུྃ་ཧྲཱི་སྭཱ་ཧཱ༔ སརྦ་དྲ་ཕྱམ་ཤྭ་དྷ་ན་ཡེ་སྭཱ་ཧཱ༔ བདག་ཉིད་འཕགས་མའི་ལྷ་ཚོགས་ཀྱི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས༔ སྲིད་གསུམ་ལྷ་མིའི་བདུད་རྩི་འཇིག་རྟེན་གྱི་འབྱུང་ལྔ་རྩི་ཤིང་ནགས་ཚལ་སོགས་ཀྱི་སྨན་དང་ཟས་སྐོམ་གྱི་བཅུད་ཐམས་ཅད་བསྡུས་ནས་ཚོགས་རྫས་ལ་ཐིམ་པར་གྱུར༔ ཨོཾ་བཛྲ་ཨ་ར་ལི་ཧོ༔ ཛཿཧཱུྃ་བཾ་ཧོ༔ རྩ་གསུམ་དཔའ་བོ་དཔའ་མོ་དང༔ ཆོས་སྐྱོང་ནོར་ལྷ་གཏེར་བདག་སོགས༔ ཁྱད་པར་ཨཱཏྱ་ཏཱ་རེ་མ༔ གཙོ་འཁོར་ཉི་ཟེར་རྡུལ་འཁྲིགས་ལྟར༔ མ་ལུས་མདུན་གྱི་མཁའ་ལ་སྤྱོན༔ སྒེག་མོ་བཞི་དང་རྣམ་ལྔའི་སྔགས༔ བརྗོད་ཅིང་ཕྱག་རྒྱ་དང་བཅས་མཆོད༔ དེ་ནས་རྩ་སྔགས་ཤམ་བུ་རུ༔ ཨེ་དམ་བྷ་ལིང་ཏཱ་ཁཱ་ཧི༔ ག་ན་ཙཀྲ་ཁཱ་ཧི༔ མ་ཧཱ་པཉྩ་རཀྟ་པཱུ་ཛ་ཁ་རཾ་ཁཱ་ཧི༔ བཀའ་འཁོར་ཁས་ཉན་དབང་ཆུང་ལྷག་མའི་མགྲོན༔ མ་ལུས་ཟས་སྐོམ་བདུད་རྩིའི་དཔལ་ཐོབ་ཤོག༔ ཁ་འབར་མ་ཡི་སྔགས་ཀྱི་གཤམ༔ ཨུ་ཙུཥྚ་བྷ་ཀྵ་བྷ་ཀྵ་བྷ་སྭཱ་ཧཱ༔ དེ་ནས་ཚོགས་ཀྱི་དངོས་གྲུབ་ལེན༔ ཨ་ཧོ༔ རྗེ་བཙུན་འཕགས་མའི་ལྷ་ཚོགས་འཁོར་དང་བཅས༔ འགྲོ་བ་འདུལ་ཕྱིར་ཐུགས་རྗེའི་སྐུ་བསྐྱོད་ལ༔ རིག་སྔགས་མཆོག་གྲུབ་རྟགས་ཀྱི་ནུས་པ་དང༔ མཆོག་ཐུན་ལས་བཞི་འགྲུབ་པའི་དངོས་གྲུབ་ཞུ༔ ཨོཾ་ཏཱ་རེ་ཏཱཾ་སྭཱ་ཧཱ༔ ཀཱ་ཡ་ཝཀྐ་ཙིཏྟ་སིདྡྷི་ཕ་ལ་ཧཱུྃ༔ སྐུ་གསུང་ཐུགས་སྐྱེ་འགག་གནས་གསུམ་དང་བྲལ་བའི་ཆོས་ཉིད་རང་གསལ་གྱི་དངོས་གྲུབ་ཐོབ་པར་སྒོམས་ཤིག༔ རྗེས་སུ་སྨོན་ལམ་ནི༔ ཨེ་མ་ཧོ༔ རྗེ་བཙུན་འཕགས་མ་མཁྱེན་བརྩེ་ནུས་པའི་བདག༔ དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས༔ ལམ་ལྔ་ས་བཅུའི་དཔལ་ཡོན་མངོན་གྱུར་ནས༔ ཕ་རོལ་ཕྱིན་བཅུའི་ཡོན་ཏན་རབ་སྦྱངས་ནས༔ འགྲོ་བ་གང་ལ་གང་འདུལ་སྐུར་སྤྲུལ་པ༔ བདག་སོགས་མར་གྱུར་མཁའ་མཉམ་ཡིད་ཅན་འགྲོ༔ ཚོགས་བསགས་རྣམ་དཀར་ལས་འབྲས་འདིའི་མཐུ་ལ༔ བརྟེན་ནས་གཡུ་ལོ་བཀོད་དུ་གྲོལ་བར་ཤོག༔ བཀྲ་ཤིས་ནི༔ དུས་གསུམ་སངས་རྒྱས་ཀུན་གྱི་ཕྲིན་ལས་ལྷ༔ འགྲོ་དྲུག་སེམས་ཅན་ཐུགས་རྗེས་རབ་དགོངས་མཛད༔ འཇིགས་བརྒྱད་འཁོར་བའི་སྡུག་བསྔལ་མཐའ་དག་ལས༔ སྐྱོབ་མཛད་སྒྲོལ་མ་དཔའ་མོའི་བཀྲ་ཤིས་ཤོག༔ ས་མ་ཡཱ༔ ཚོགས་མཆོད་རྒྱ་མཚོའི་འཇུག་ངོགས་འདི༔ བསོད་ནམས་ཡོན་ཏན་བསམ་མི་ཁྱབ༔ ཡེ་ཤེས་ཡོན་ཏན་མངོན་དུ་གྱུར༔ སྐྱེ་སྲིད་སྐུ་བཞིའི་རྒྱལ་སྲིད་དབང༔ འགྲོ་དོན་བསྟན་པ་མཐའ་རྒྱས་ཤོག༔ ཅེས་པའི་ཚོགས་མཆོད་འདིའང་བཙུན་པ་ཀུན་བཟང་དང་ཀུན་དགའ་བརྩོན་འགྲུས་སོགས༔ རང་སློབ་འགའ་ཡིས་བསྐུལ་ངོར་སྤྲུལ་མིང་ས་ར་ཧི་ཏས་དག་སྣང་གི་ཆོས་སྡེ་ལས་དག་པར་ཕབ་པའོ༔

རྗེ་བཙུན་མའི་བསྐང་བ་མཁའ་དབྱིངས་སྤྲིན་གྱི་རོལ་མོ།

རྗེ་བཙུན་མའི་བསྐང་བ་མཁའ་དབྱིངས་སྤྲིན་གྱི་རོལ་མོ་བཞུགས༔ བསྐང་རྫས་རྣམས་ཀུན་ཏུ་བཟང་པོའི་རྣམ་པར་འཕྲུལ་བཞིན་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས་ལ༔ ཨོཾ་ཨཱཿཧཱུྃ༔ རྒྱལ་ཀུན་ངོ་བོ་ཀུན་བཟང་རྡོ་རྗེ་འཆང༔ དགའ་རབ་ཤྲཱི་སེང་པད་འབྱུང་བཱི་མ་ལ༔ བརྒྱུད་གསུམ་བླ་མ་ལུང་རིག་གཏེར་མཛོད་སོགས༔ ཡོངས་འཛིན་དྲིན་ཐོབ་དམ་པའི་ཐུགས་དམ་བསྐང༔ ཞི་བ་བཞི་བཅུ་འབར་བ་ཁྲག་འཐུང་དང༔ དག་པ་རིག་འཛིན་ཡི་དམ་རྒྱུད་སྡེ་དྲུག༔ ཞི་ཁྲོ་བཀའ་བརྒྱད་མ་ཡ་དུས་འཁོར་སོགས༔ ཡི་དམ་རྒྱུད་སྡེ་སྒྲུབ་སྡེའི་ཐུགས་དམ་བསྐང༔ རྗེ་བཙུན་སྒྲོལ་མ་དབྱངས་ཅན་འོད་ཟེར་ཅན༔ རིག་བྱེད་ལྷ་མོ་ནོར་གྱི་རྒྱུན་མ་སོགས༔ ཏཱ་རེ་ཉེར་གཅིག་བཀའ་གཏེར་སྲུང་མའི་ཚོགས༔ རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་ཐུགས་དམ་བསྐང༔ གཞན་ཡང་ཐུགས་དམ་བསྐང་བའི་དམ་རྫས་ནི༔ ཕྱི་ནང་གསང་བ་ཡང་གསང་མཆོད་པ་འབུལ༔ ལྟ་སྒོམ་སྤྱོད་གསུམ་ཇི་བཞིན་རྟོགས་པས་མཆོད༔ སྐུ་གསུམ་འདུ་འབྲལ་བྲལ་བའི་རིག་པས་བསྐང༔ མཆོད་བྱ་མཆོད་བྱེད་སྤང་བླངས་བྲལ་བས་བསྐང༔ རྩ་གསུམ་སྲུང་མའི་གསང་གསུམ་དམ་འགལ་ལས༔ བཤག་བྱ་བཤགས་བྱེད་བྲལ་བའི་རིག་སྟོང་ཀློང༔ གཉིས་མེད་མཉམ་པ་ཆེན་པོའི་དབྱིངས་སུ་བཤགས༔ ཨ་ལ་ལ་ཧོ༔ ཡི་གེ་བརྒྱ་པ་བཟླས་ཤིང་མི་དམིགས་གཤིས་ལ་ཀློད༔ ས་མ་ཡཱ༔ བསྐང་བ་འདི་དད་དང་དམ་ཚིག་ལྡན་པའི་བཙུན་པ་ཀུན་བཟང་ནས་བསྐུལ་ངོར༔ དག་སྣང་ལས་ས་ར་ཧི་ཏས་སྤེལ་པ་དགེའོ༔

རྗེ་བཙུན་སྒྲོལ་མའི་བཞེངས་བསྐུལ།

རྗེ་བཙུན་སྒྲོལ་མའི་བཞེངས་བསྐུལ་ནི༔ ཧཱུྃ་ཧྲཱིཿ བཞེངས་ཤིག་བཞེངས་ཤིག་དབྱིངས་ནས་བཞེངས༔ དཀོན་མཆོག་གསུམ་དང་རྗེ་བཙུན་ཏཱ་རེ་མ༔ མི་མཐུན་གཡུལ་འཇོམས་འཇིགས་བརྒྱད་བྱད་མ་བཟློག༔ ཐུགས་དམ་རྒྱུད་བསྐུལ་བསྟོད་དོ་ཕྲིན་ལས་མཛོད༔ དེ་ནས་ཆད་མདོ་བསྒྲགས་པ་ནི༔ ཧཱུྃ་ཧྲཱིཿ སྔོན་ཚེ་འདུས་དུས་བསྐལ་པའི་ཐོག་མ་ལ༔ རང་བྱུང་ཡེ་ཤེས་ཀུན་བཟང་སྟོན་པ་ཡིས༔ རང་རིག་རང་རྩལ་འཁོར་ལ་ཆོས་བསྟན་ཚེ༔ རྣམ་རྟོག་རང་སར་གྲོལ་བའི་དྲེགས་ཚོགས་ལ༔ རྣམ་དག་བདུད་རྩིའི་གཏོར་མ་བསྔོས་ནས་ཀྱང༔ འཁྲུལ་བ་གཞི་ལ་དག་པའི་ཆད་དོན་བཞིན༔ རང་ཤེས་རང་སར་གྲོལ་བའི་ཕྲིན་ལས་མཛོད༔ དེ་འོག་བར་གྱི་བསྐལ་པ་ཕྱི་མ་ལ༔ བདེ་གཤེགས་རྔ་སྒྲའི་རྒྱལ་པོའི་སྲས་མོ་ནི༔ ཐུགས་བསྐྱེད་རྨད་བྱུང་ཡེ་ཤེས་ཟླ་བ་ཡིས༔ ཐུགས་བསྐྱེད་མཛད་ཚེ་ལྷ་ཀླུ་ཕྱོགས་སྐྱོང་དང༔ དཀར་ཕྱོགས་སྐྱོང་བའི་རྒྱལ་ཆེན་ལ་སོགས་ལ༔ ཕུད་སྐྱེམས་གསེར་སྐྱེམས་གཏོར་མས་རབ་བརྔན་ཏེ༔ བར་ཆད་རྐྱེན་སེལ་བསོད་ནམས་སྤེལ་བ་དང༔ འཕགས་མའི་མཚན་འཛིན་བསྲུང་ཞིང་སྐྱོང་བར་ཆད༔ ད་ལྟ་རྣལ་འབྱོར་བཀའ་ཡི་གཏོར་མ་ལོངས༔ མི་མཐུན་རྐྱེན་སོལ་མཐུན་པའི་ལོངས་སྤྱོད་སྤེལ༔ དེ་འོག་ཚེ་ལོ་བརྒྱ་པ་དོན་ཀུན་གྱི༔ གྲུབ་པ་ཤཱཀྱའི་རྒྱལ་པོའི་བསྟན་པ་ལ༔ སྒྲོལ་མ་མངོན་བྱུང་ལ་སོགས་རྒྱུད་སྒྲུབ་ཐབས༔ བྱང་སེམས་ཉན་ཐོས་རང་རྒྱལ་འཁོར་ཚོགས་ལ༔ འཛིན་སྤེལ་སྐྱོང་བའི་དུས་ལ་བབས་པའི་ཚེ༔ ཚངས་དབང་ལ་སོགས་དྲེགས་པ་ཆེ་དགུ་ཡིས༔ སྲོག་སྙིང་ཕུལ་ཞིང་བསྟན་པའི་གཉེར་ཁ་བླངས༔ རང་རང་ཡིད་མཐུན་མཆོད་པ་འདི་བཞིན་བཞེས༔ ཐ་ཚིག་གཉན་གྱི་གཏོར་མ་འདི་ལོངས་ལ༔ བསྟན་པའི་ཀ་དར་མཛད་པའི་ཕྲིན་ལས་མཛོད༔ ཐ་མ་བོད་ཡུལ་བསྟན་གཉིས་ཟུང་འཇུག་ལ༔ མཁན་སློབ་ཆོས་རྒྱལ་འཛོམས་པའི་ཆོས་འཁོར་དུས༔ སྒྲོལ་མ་ཉེར་གཅིག་བཀའ་ཉན་སྒོམ་སྒྲུབ་དུས༔ འཇིག་རྟེན་དྲེགས་པ་མ་གཟའ་དམ་གསུམ་དང་༔ མགུར་ལྷ་དགེ་བསྙེན་ལྷ་མོ་བསྟན་མ་དང་༔ ཀླུ་རྒྱལ་དགའ་བོ་འཇོག་པོ་དུང་སྐྱོང་སོགས༔ དཀར་ཕྱོགས་སྐྱོང་བའི་དྲེགས་པ་ཅན་རྣམས་ཀྱིས༔ སོ་སོས་གཟུགས་བསྟན་རང་རྟགས་སྙིང་པོ་ཕུལ༔ ཁས་བླངས་དམ་བཅའ་མཛད་པ་དེ་བཞིན་དུ༔ གཡར་དམ་ཅན་རྣམས་ཐ་ཚིག་གཏོར་མ་ལོངས༔ བསྟན་ལ་འཁུ་བའི་སྲོག་གི་དབང་པོ་སྣུབས༔ བསྟན་དང་བསྟན་འཛིན་བསྟན་པའི་སྦྱིན་བདག་སྲུངས༔ དུས་སྙིགས་ལྔ་བདོ་སུམ་ཅུ་ཁ་རལ་དུས༔ ཆུ་ཕོ་རྟོགས་ལྡན་སྐྱེ་མཐའི་རིག་པ་འཛིན༔ གཏེར་སྟོན་བསམ་གཏན་ཡེ་ཤེས་གླིང་པ་རྩལ༔ དག་སྣང་ཟབ་མོའི་གཏེར་ཁ་རྡོལ་བའི་ཚེ༔ གཏེར་གནས་སྒྲུབ་གནས་དཀར་ཆག་བརྡ་རུ་མངོན༔ འགྲོ་རྣམས་ཐར་པའི་ལམ་ལ་བཀོད་པའི་ཚེ༔ དྲང་སྲོང་ཆེན་པོ་སྨུག་ནག་འོད་འཕྲོ་དང༔ མ་ཅིག་ལྷ་མོ་ཡུལ་སྐྱོང་གཞི་བདག་གིས༔ རང་གཟུགས་དངོས་བསྟན་གཏེར་སྟོན་ཆོས་བདག་དང་༔ གཏེར་ཆོས་སྤེལ་བའི་སྐལ་ལྡན་སྐྱོང་ངོ་ཞེས༔ ཐ་ཚིག་མ་གཡེལ་བཀའ་ཡི་གཏོར་མ་ལོངས༔ བསྟན་པ་གཉན་ལ་སྡང་བའི་དགྲ་བགེགས་སྒྲོལ༔ ཁམས་གསུམ་སྲིད་གསུམ་ཕྱྭ་གཡང་བདེ་ལེགས་སྩོལ༔ ཕྱོགས་ལས་རྣམ་རྒྱལ་དཔལ་དང་དཔུང་གྲོགས་མཛོད༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡཱ་བྷ་ལིང་ཏ་ཁཱ་ཧི༔ དེ་ནས་བསྟན་མ་སྐྱོང་བ་ནི༔ ཧཱུྃ་ཧྲཱིཿ ཆེ་ཞེ་ཆེན་མོ་ལ་སོགས་སྨན་མོ་བཞི༔ གངས་དཀར་ཤ་མེད་ལ་སོགས་བདུད་མོ་བཞི༔ ཀོང་བཙུན་དེ་མོ་ལ་སོགས་གནོད་སྦྱིན་བཞི༔ བསྟན་མ་བཅུ་གཉིས་བཤལ་ཆུ་གཏོར་མ་བཞེས༔ མུ་སྟེགས་ལོག་རྟོག་ལྟ་བ་རྨང་ནས་རློགས༔ བསྟན་དང་བསྟན་འཛིན་སྣོད་བཅུད་རྒུད་པ་སོལ༔ ནད་ཡམས་དམག་འཁྲུག་མུ་གེ་འགོང་པོ་ཐུལ༔ བདེ་སྐྱིད་འབྱོར་ལྡན་དཔལ་གྱིས་འབྱོར་བར་མཛོད༔ རྣལ་འབྱོར་ཚེ་ཆོས་སྲིད་ཀྱི་བར་ཆད་བཟློག༔ སྣང་བཞི་མཐར་ཕྱིན་ས་ལམ་ཉམས་རྟོགས་སྤོར༔ ཚེ་འདིར་རང་བྱུང་ཡེ་ཤེས་མངོན་གྱུར་མཛོད༔ མ་མ་ལ་ལ་ལེ་ལེ་ཏ་ཏ་ཏཾ་ཏཾ་ཨེ་དཾ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ས་མ་ཡཱ༔ རང་བྱུང་དགོངས་ཀློང་ཡངས་པ་ནས༔ རྩལ་སྣང་ཡི་གེའི་བརྡ་རུ་མངོན༔ ཏཱ་རེ་ལྷ་མོའི་ཆོ་ག་ཡི༔ མ་ཚང་ཁ་སྐོང་ཚུལ་དུ་སྤེལ༔ སློབ་བུ་བདེ་དཔལ་ཞེས་བྱ་ལ༔ གཅེས་ནོར་པདྨའི་དངོས་གྲུབ་སྦྱིན༔ དངོས་གྲུབ་ཆེན་པོ་བགོ་སྐལ་ཡིན༔ ཤིན་ཏུ་གཅེས་པ་མིག་ལྟར་སྲུངས༔ ཉམས་པ་ལོག་རྟོག་ཅན་ལ་གསང༔ སྐལ་བ་ལྡན་པའི་སྤྱོད་ཡུལ་ཡིན༔ བཀའ་ཡི་སྲུང་མས་འཚོས་ཤིག་རྒྱ༔

མཚོ་རྒྱལ་གསོལ་འདེབས་བྱིན་རླབས་སྒོ་འབྱེད།

ཡང་གསང་མཁའ་འགྲོའི་ཐུགས་ཐིག་ལས༔ མཚོ་རྒྱལ་གསོལ་འདེབས་བྱིན་རླབས་སྒོ་འབྱེད་བཞུགས༔ ཨེ་མ་ཧོ༔ ཆོས་སྐུ་ཀུན་ཏུ་བཟང་མོ་དང༔ ལོངས་སྐུ་རྗེ་བཙུན་སྒྲོལ་མཛད་ཡུམ༔ སྤྲུལ་སྐུ་ཡེ་ཤེས་མཚོ་རྒྱལ་མ༔ རྣམ་གསུམ་དབྱེར་མེད་གཅིག་པ་རུ༔ ངེས་ཤེས་གཏིང་ནས་རྙེད་ལགས་ནས༔ ཐ་དད་མེད་པར་གསོལ་བ་འདེབས༔ འགལ་རྐྱེན་ཕྱི་ནང་བར་ཆད་བཟློག༔ མཐུན་རྐྱེན་ཚེ་བསོད་ལེགས་ཚོགས་སྤེལ༔ མོས་པ་རྣམ་བཞིས་འགྲོ་དབང་ཁུག༔ དགྲ་གདོན་ཐན་ལྟས་བརླག་པར་མཛོད༔ ཨོཾ་ཨཱཿཧཱུྃ་ཛྙཱ་ན་ཌཱཀྐི་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་པའི་མཚོ་རྒྱལ་གསོལ་འདེབས་འདིས༔ མཆོག་ཐུན་དངོས་གྲུབ་ཐོབ་པ་དང༔ བར་ཆད་ཚེ་འཕྲང་གེགས་ལས་སྒྲོལ༔ འཕོས་ཚེ་མཁའ་སྤྱོད་ས་ལ་རེག༔ པདྨས་དབུགས་དབྱུང་དབང་བསྐུར་འགྱུར༔ ས་མ་ཡཱ༔ ཞེས་པ་འདི་ཡང་ལས་ལྡན་གྲོགས་པོས་བསྐུལ་ངོར༔ བྷུ་སུ་ཀུ་པ་ཕན་མིང་ནས་བྲིས་པ་དགེའོ༔

མཁའ་འགྲོའི་གསོལ་འདེབས་དངོས་གྲུབ་ཆར་འབེབས།

མཁའ་འགྲོའི་གསོལ་འདེབས་དངོས་གྲུབ་ཆར་འབེབས་བི་ཛ་ཧ་རཾ། ཨོཾ་ཨཱ༔ཧཱུྃ། ཀུན་ཏུ་བཟང་མོ་བཛྲ་ཝ་ར་ཧི། །རྗེ་བཙུན་སྒྲོལ་མ་ཛྙཱ་ན་ས་ག་ར། །རིགས་བཞིའི་ལྷ་མོ་སྒོ་སྐྱོང་ལྷ་མོ་བཞི། །གསོལ་བ་འདེབས་སོ་སྣང་བཞི་མཐར་ཕྱིན་ཤོག །པདྨ་འབྱུང་གནས་ཁྲི་སྲོང་དཔལ་དབང་ཕྱུག །ལང་གྲོ་ལོ་ཙཱ་བཀའ་བབས་བུ་ཆེན་དགུ། །བྱང་ཆུབ་རྡོ་རྗེ་ལུང་རིག་འགྲོ་འདུལ་རྩལ། །གསོལ་བ་འདེབས་སོ་སྣང་བཞི་མཐར་ཕྱིན་ཤོག །ཟབ་གཏེར་མངའ་བདག་བརྒྱུད་འཛིན་སྐལ་ལྡན་དང་། །ཟབ་གཏེར་གཉེར་འཛིན་རལ་གཅིག་དུད་སོལ་མ། །དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་ཐམས་ཅད་ལ། །གསོལ་བ་འདེབས་སོ་སྣང་བཞི་མཐར་ཕྱིན་ཤོག །དེ་ལྟར་རྩེ་གཅིག་གསོལ་བཏབ་ལྷ་ཚོགས་ཀྱི། །གནས་བཞི་ལས་འཕྲོས་འོད་ཀྱིས་སྒྲིབ་བཞི་དག །སྣང་བཞི་མཐར་ཕྱིན་སྐུ་བཞི་མངོན་དུ་གྱུར། །རྒྱལ་ཀུན་ཡུམ་ཆེན་གོ་འཕང་མྱུར་ཐོབ་ཤོག །གུ་རུ་ཧ་རི་ནི་ས་སིདྡྷི་ཧཱུྃ། ཅེས་པ་འདི་ཡང་ས་ར་ཧི་ཏས་རང་ལ་ཉེ་བར་མཁོ་བའི་ཆེད་དུ་གང་དྲན་འཕྲལ་དུ་བྲིས་པའི་སྨྱུག་འཛིན་མཁན་པོ་ལུང་རྟོགས་ཀྱིས་བགྱིས་པ་དགེའོ།།

སྒྲོལ་མ་གཙུག་ཏོར་རྒྱལ་མོའི་ལས་བྱང་ཚེ་ཡི་བུམ་བཅུད།

ཡང་གསང་ཌཱཀྐིའི་ཐུགས་ཐིག་ལས༔ སྒྲོལ་མ་གཙུག་ཏོར་རྒྱལ་མོ་ཡི༔ ལས་བྱང་ཚེ་ཡི་བུམ་བཅུད་བསྟན༔ རྒྱལ་ཡུམ་འཕགས་མ་ལ་བཏུད་དེ༔ ཚེ་ཡི་སྒྲུབ་པ་རྒྱུན་ཁྱེར་གྱི༔ རྣལ་འབྱོར་བླ་ཚེའི་ལྗོན་པ་གསོ༔ ལག་ལེན་གནད་ཀྱི་ལྡེའུ་མིག་ནི༔ དཀྱིལ་འཁོར་མདའ་གང་འབྲུ་ཚོམ་དགོད༔ ཚེ་བུམ་དབུས་ལ་ཚེ་གཏོར་མདུན༔ ཚེ་རིལ་གཡས་ལ་ཚེ་ཆང་གཡོན༔ ཚེ་མདའ་རྒྱབ་ལ་ཉེར་སྤྱོད་ཀྱིས༔ མཐའ་ནས་ལེགས་བསྐོར་བཅའ་གཤོམ་ཚད༔ རྣལ་འབྱོར་རླུང་སེམས་ལས་རུང་བས༔ འཇམ་རླུང་བཟུང་ཞིང་སྨོན་འཇུག་གི༔ སེམས་བསྐྱེད་བདེ་བའི་སྟན་ལ་འཁོད༔ དང་པོ་སྐྱབས་འགྲོ་སེམས་བསྐྱེད་དང༔ ཡན་ལག་བདུན་པ་སྤྱི་ལྟར་བྱ༔ དེ་ནས་བཀའ་བསྒོ་མཚམས་གཅོད་དང༔ བསྲུང་འཁོར་མཆོད་རྫས་བྱིན་རླབས་དང༔ བྱིན་འབེབས་ལ་སོགས་རིག་པས་འཕྲུལ༔ དེ་ཡིས་སྔོན་འགྲོ་ཆོས་རྣམས་རྫོགས༔ གཉིས་པ་དངོས་གཞི་ལྷ་བསྐྱེད་ནི༔ ཨོཾ་མ་ཧཱ་ཤཱུ་ནྱ་ཏ་སོགས། ཧཾ༔ དང་པོ་དེ་བཞིན་སྤྲོས་བྲལ་ངང༔ མ་རྟོགས་འགྲོ་ལ་སྙིང་རྗེའི་རྩལ༔ ཟུང་འཇུག་རྒྱུ་ཡི་ཡི་གེ་ཏཱཾ༔ གསལ་འཚེར་འོད་ལྔའི་རང་མདངས་འབར༔ སྤྲོ་བསྡུ་དོན་གཉིས་བྱས་པ་ལས༔ ཡོངས་གྱུར་པད་ཉི་ཟླ་བའི་སྟེང༔ སྒྲོལ་མ་གཙུག་ཏོར་རྒྱལ་མོ་ནི༔ དཀར་གསལ་བཞད་མདངས་མུ་ལེར་གསལ༔ ཞབས་གཉིས་རྟ་བབ་སྐྱིལ་མོ་ཀྲུང༔ ཕྱག་གཡས་མཆོག་སྦྱིན་མདའ་དར་བསྣམས༔ ཕྱག་གཡོན་དཀོན་མཆོག་གསུམ་མཚོན་རྒྱས༔ ཨུཏྤལ་ལ་གནས་ཚེ་བུམ་འཛིན༔ དར་གྱི་སྟོད་གཡོག་སྨད་ཤམ་དཀྲིས༔ དར་དཔྱངས་ཅོད་པཎ་རཏྣས་སྤུད༔ རིགས་བདག་བཅོམ་ལྡན་ཚེ་དཔག་མེད༔ ཚེ་ལྷ་རྒྱལ་བ་རབ་འབྱམས་ཀྱིས༔ ཆར་སྤྲིན་གཏིབ་བཞིན་བསྐོར་བར་དམིགས༔ གནས་གསུམ་འབྲུ་གསུམ་ཐུགས་སྲོག་ལས༔ འོད་འཕྲོས་བདེ་ལྡན་རྔ་ཡབ་གླིང༔ གཡུ་ལོ་བཀོད་པའི་ཞིང་ཁམས་ནས༔ ཚེ་འཛིན་ཏཱ་རེའི་ལྷ་ཚོགས་རྣམས༔ སྤྱན་དྲངས་བསྐྱེད་པའི་སྐུ་ལ་བསྟིམ༔ ཨརྱ་ཏཱ་རེ་བཛྲ་ས་མ་ཡཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཏིཥྛ་ལྷན༔ ན་མ་ཡ་ཏི༔ ཤ་མ་ཤ་ན་ས་པཱ་རི་ཝ་ར་ཨརྒྷཾ་སོགས་པྲ་ཏིཥྩ་ཨ་ཧཱུྃ༔ མ་ཧཱ་པཉྩ་རཀྟ་བྷ་ལིང་ཏ་ཁཱ་ཧི༔ ཕྱག་འཚལ་དེ་བཞིན་གཤེགས་པའི་གཙུག་ཏོར་སོགས། ཤོ་ལོ་ཀ་བརྗོད་མཐར་འཛབ་ནི༔ བདག་མདུན་བུམ་པའི་ལྷ་ཚོགས་ཀྱི༔ ཐུགས་ཀར་པད་ཟླ་ཉི་མའི་སྟེང༔ ཚེ་ཡི་སྙིང་པོ་ཧྲཱིཿཏཱཾ་དམར༔ དེ་ལས་འོད་འཕྲོས་ཕྱོགས་བཅུའི་ཞིང༔ རྒྱལ་བ་རབ་འབྱམས་ཐུགས་རྒྱུད་བསྐུལ༔ ཚེ་བཅུད་འབྲུ་གསུམ་རྣམ་པར་བསྡུས༔ ཕྱི་སྣོད་འབྱུང་ལྔའི་དྭངས་མ་དང༔ ནང་བཅུད་སྐྱེ་འགྲོའི་ཚེ་བསོད་དཔལ༔ ཨ་ནྲྀ་ཧཱུྃ་གསུམ་རྣམ་པར་བསྡུས༔ བདག་མདུན་བུམ་པའི་ལྷ་ལ་བསྟིམ༔ འཆི་མེད་རྡོ་རྗེའི་སྲོག་འགྲུབ་བསམ༔ ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་ཨ་ཡུརྡ་ཏེ་བྷྲཱུྃ་སྭཱ་ཧཱ༔ མཐར་ནི་ཚེ་ཡི་གཟུངས་སྔགས་འདོན༔ ཡིད་ཆེས་ངེས་ཤེས་འདྲོང་བ་དང༔ བསྙེན་པ་ཚད་དུ་ལོང་བ་ན༔ དུས་མིན་འཆི་བ་བརྒྱད་མི་འབྱུང༔ ཕྱི་མར་བདེ་ཆེན་རྔ་སྒྲའི་ཞིང༔ འོད་དཔག་མེད་མགོན་མཐོང་བར་འགྱུར༔ ས་མ་ཡཱ༔ གསུམ་པ་ཚོགས་བསགས་བསྡུ་རིམ་དང༔ བསྔོ་སྨོན་ཤིས་བརྗོད་རིམ་པ་རྣམས༔ ལུང་རིག་གླིང་པའི་ཚོགས་སྤྱི་འགྲོས༔ དེ་བཞིན་བརྗོད་པ་ཨེ་མ་ཧོ༔

སྒྲོལ་མ་གཙུག་ཏོར་ལྷ་མོའི་ཚེ་འགུགས་གཡང་ཞགས་འཁྱིལ་བ།

ཡང་གསང་ཌཱཀྐིའི་ཐུགས་ཐིག་ལས༔ སྒྲོལ་མ་གཙུག་ཏོར་ལྷ་མོའི་ཚེ་འགུགས་གཡང་ཞགས་འཁྱིལ་བ་བཞུགས༔ ཏཱ་རེ་མ་ལ་ཕྱག་འཚལ་ལོ༔ ཚེ་ཡི་དངོས་གྲུབ་ཞུ་འདོད་པས༔ སྣ་ལྔའི་མདའ་དར་ཕྱོགས་བཅུར་གཡབ༔ དད་བརྩོན་ལྡན་པས་འདི་བཞིན་བརྗོད༔ ཨེ་མ་ཧོ༔ དུས་གསུམ་རྒྱལ་བ་ཀུན་གྱི་ཡུམ་གྱུར་མཆོག༔ སྒྲོལ་མ་དཔའ་མོ་དུང་ལྟར་དཀར་བའི་མདངས༔ འགྲོ་རྣམས་འཁོར་བའི་མཚོ་ལས་རབ་སྒྲོལ་མ༔ ཚེ་དཔག་མེད་པའི་ངོ་བོར་རྟག་བཞུགས་མཛད༔ བདག་གཞན་ལུས་ངག་ཡིད་གསུམ་བྱིན་རློབས་ལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ༔ ཨོཾ་ཏཱཾཿ དབུས་ཕྱོགས་མི་འགྱུར་གཡུ་ལོ་བཀོད་པའི་ཞིང༔ རྗེ་བཙུན་བཅོམ་ལྡན་འདས་མ་ཚེ་ཡི་བདག༔ རྣམ་ཤེས་ཁམས་ནས་ཡར་བའི་བླ་དང་ཚེ༔ སྟེང་ཕྱོགས་ཚངས་པ་གཟའ་སྐར་ལག་ནས་ཁུག༔ ཚེ་ཡི་བཅུད་བསྡུས་འབྱུང་བའི་གསོས་སུ་སྩོལ༔ འཆི་མེད་རིག་འཛིན་འགྲུབ་པར་མཛད་དུ་གསོལ༔ ཨོཾ་ཨཱརྱ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་ཨ་ཡུར་དྷ་ཏེ་བྷྲཱུྃ་སྭཱ་ཧཱཿ ཧཱུྃ་ཏཱཾཿ ཤར་ཕྱོགས་དཀར་མོ་ཤེལ་གྱི་ཁང་བཟང་ནས༔ རྡོ་རྗེ་བཅོམ་ལྡན་འདས་མ་ཚེ་ཡི་བདག༔ ཤ་ཡི་ཁམས་ནས་ཡར་བའི་བླ་དང་ཚེ༔ ཤར་ཕྱོགས་དྲི་ཟ་རྒྱལ་བསེན་ལག་ནས་ཁུག༔ ཚེ་ཡི་བཅུད་བསྡུས་འབྱུང་བའི་གསོས་སུ་སྩོལ༔ འཆི་མེད་རིག་འཛིན་འགྲུབ་པར་མཛད་དུ་གསོལ༔ ཨོཾ་ཨཱརྱ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་ཨ་ཡུར་དྷ་ཏེ་བྷྲཱུྃ་སྭཱ་ཧཱ༔ ཏྲཾ་ཏཱཾ༔ ལྷོ་ཕྱོགས་བཻཌཱུརྱ་ཡི་རི་བོ་ནས༔ རིན་ཆེན་བཅོམ་ལྡན་འདས་མ་ཚེ་ཡི་བདག༔ ཁྲག་གི་ཁམས་ནས་ཡར་བའི་བླ་དང་ཚེ༔ ལྷོ་ཕྱོགས་གཤིན་རྗེ་དམ་འགོང་ལག་ནས་ཁུག༔ ཚེ་ཡི་བཅུད་བསྡུས་འབྱུང་བའི་གསོས་སུ་སྩོལ༔ འཆི་མེད་རིག་འཛིན་འགྲུབ་པར་མཛད་དུ་གསོལ༔ ཨོཾ་ཨཱརྱ་ཏཱ་རེ་ཏུཏྟཱ་རེ་མ་མ་ཨ་ཡུར་དྷ་ཏེ་བྷྲཱུྃ་སྭཱ་ཧཱ༔ ཧྲཱིཿཏཱཾཿ ནུབ་ཕྱོགས་བསེ་ཡི་ཕོ་བྲང་གཞལ་ཡས་ནས༔ པདྨ་བཅོམ་ལྡན་འདས་མ་ཚེ་ཡི་བདག༔ དྲོད་ཀྱི་ཁམས་ནས་ཡར་བའི་བླ་དང་ཚེ༔ ནུབ་ཕྱོགས་ཀླུ་དབང་ས་བདག་ལག་ནས་ཁུག༔ ཚེ་ཡི་བཅུད་བསྡུས་འབྱུང་བའི་གསོས་སུ་སྩོལ༔ འཆི་མེད་རིག་འཛིན་འགྲུབ་པར་མཛད་དུ་གསོལ༔ ཨོཾ་ཨཱརྱ་ཏཱ་རེ་ཏུཏྟཱ་ཏེ་ཏུ་རེ་མ་མ་ཨ་ཡུར་དྷ་ཏེ་བྷྲཱུྃ་སྭཱ་ཧཱ༔ ཨཱཿཏཱཾ༔ བྱང་ཕྱོགས་ཨིནྡྲ་ནི་ལའི་བསྟི་སྟེང་ནས༔ ལས་རབ་བཅོམ་ལྡན་འདས་མ་ཚེ་ཡི་བདག༔ དབུགས་ཀྱི་ཁམས་ནས་ཉམས་པའི་བླ་དང་ཚེ༔ བྱང་ཕྱོགས་གནོད་སྦྱིན་གྲུལ་བུམ་ལག་ནས་ཁུག༔ ཚེ་ཡི་བཅུད་བསྡུས་འབྱུང་བའི་གསོས་སུ་སྩོལ༔ འཆི་མེད་རིག་འཛིན་འགྲུབ་པར་མཛད་དུ་གསོལ༔ ཨོཾ་ཨཱརྱ་ཏཱ་རེ་ཏུཏྟཱ་རེ་མ་མ་ཨ་ཡུར་དྷ་ཏེ་བྷྲཱུྃ་སྭཱ་ཧཱ༔ ཧོ༔ འབྱུང་ལྔའི་དབྱིངས་སུ་འཁྱམས་པའི་བླ་དང་ཚེ༔ ཡུམ་ལྔའི་ཀློང་དུ་བསྐྱེད་བསྟིམ་རྒྱས་བཏབ་པས༔ སྐུ་ལྔ་ཡེ་ཤེས་ལྔ་ལ་སྐྱེ་འཆི་མེད༔ རིགས་ལྔ་རྒྱལ་བའི་ཀློང་དུ་ཚེ་སྦ་འོ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ་དྷརྨཱ་དྷརྟུ་བཛྲ་རཀྵ་རཀྵ་ཀུ་རུ་བྷྲཱུཾ༔ ཚེ་འགུགས་གཡང་ཞགས་འཁྱིལ་བ་འདི༔ རྒྱ་གར་མཁས་པ་པད་འབྱུང་གིས༔ སྙིགས་མའི་སེམས་ཅན་ཉམ་ཐག་པར༔ ཚེ་ལ་གནོད་པའི་འཕྲལ་རྐྱེན་མང༔ དེ་བཟློག་ཕྱིར་དུ་འདི་བཀོད་དགེ༔ ཐེ་ཚོམ་མེད་པའི་གང་ཟག་གིས༔ བརྒྱ་སྟོང་གྲངས་སུ་འཁྱོལ་བ་དང༔ ཚེ་མདོ་རྒྱབ་ཆོས་ཚུལ་དུ་གདགས༔ ཚེ་ཟད་པ་ཡང་ལོ་གསུམ་བཤོལ༔ ས་མ་ཡཱ༔ ཞེས་པའང་ཆོས་ལ་དབང་བའི་སློབ་བུ་འགའ་དང་ཀར་སྟོད་སློབ་བུ་དད་དང་བརྩོན་འགྲུས་ལྡན་པ་པུཎྱེས་བསྐུལ་ངོར་གཏེར་གྱི་མིང་འཛིན་ལུང་རིག་བླ་མ་དགྱེས་པའི་འབངས་ཧོར་བན་གཞན་ཕན་བཟང་པོས་གང་ཤར་རི་མོའི་ལམ་དུ་བགྱིས་པ་དགེ་ལེགས་འཕེལ༔

ཡང་གསང་རྡོ་རྗེའི་ཚིག་རྐང་།

ཡང་གསང་རྡོ་རྗེའི་ཚིག་རྐང་བི་ཛ་ཧ་རཾ་ཏིཥྨ༔ འདི་ཕག་མོ་དམར་མོའི་སྒྲུབ་ཐབས་ཤིག་ཏུ་འདུག་པས་མཚན་བྱང་ནོར་མིན་དཔྱད།

རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ༔ རང་བྱུང་རང་ཤར་དཀྱིལ་འཁོར་ལྷ༔ གཅིག་དང་དུ་མ་རིག་པའི་གཤིས༔ ཡེ་དག་མཉམ་པའི་དཀྱིལ་འཁོར་ནི༔ ལུས་ཀྱི་གདན་གསུམ་དག་པ་འོ༔ སྤྲོས་མེད་རྒྱུན་གྱི་ནར་མར་ཆོག༔ བཀོད་ཅིང་བསྟར་བ་མེད་མོད་ཀྱང༔ སྟོང་ཉིད་སྙིང་རྗེའི་གདེངས་ཀྱིས་བསྐྱེད༔ ཨཱཿ རྣམ་ཐར་གསུམ་ལྡན་སྟོང་པའི་ངང༔ ཀུན་སྣང་སྙིང་རྗེའི་རང་རྩལ་རྒྱུ༔ བྃ་ཡིག་འོད་ལྔའི་ཐིག་ལེ་ཡིས༔ མཚན་པ་ཡོངས་གྱུར་སྐད་ཅིག་གིས༔ རྡོ་རྗེ་ཕག་མོ་སྐུ་མདོག་དམར༔ ཞལ་གཅིག་ཁྲོ་འཛུམ་ཉམས་བརྒྱ་འབར༔ ཕྱག་གཡས་རྡོ་རྗེའི་གྲི་གུག་ཕྱར༔ གཡོན་པས་ཐོད་ཁྲག་ཐུགས་ཀར་བསྣམས༔ སྐུ་སྟོད་མི་ལྤགས་ཁྲག་འཛག་དང༔ དར་དཔྱངས་རུས་རྒྱན་ཁྲོ་མོའི་ཆས༔ སྐུ་སྨད་གཟིག་ཤམ་འཇའ་རིས་རྔམ༔ ཞབས་གཉིས་གར་སྟབས་ཞིང་ཆེན་བརྫིས༔ སྤྱི་གཙུག་ཕག་ཞལ་མཁའ་ལ་ངུར༔ ལུས་ལ་གནས་གསུམ་མཁའ་འགྲོ་དང༔ གནས་ཡུལ་ཉེར་བཞི་ཡུལ་ཆེན་གྱི༔ དཔའ་མོ་མཁའ་འགྲོ་ལས་ཀྱི་གྲོང༔ རྡོ་རྗེའི་བྲོ་ར་ཤིགས་སེ་ཤིག༔ གནས་གསུམ་འབྲུ་གསུམ་རང་རང་གི༔ མིང་ཡིག་ཐིག་ལེའི་འོད་ཟེར་གྱིས༔ ས་སྤྱོད་མཁའ་སྤྱོད་ཨོ་རྒྱན་ཡུལ༔ མཁའ་འགྲོ་དཔའ་མོ་གིང་ལང་ཀ༔ སྤྱན་འདྲེན་དམ་ཚིག་པ་ལ་བསྟིམས༔ སྤྱན་འདྲེན་སྤོས་རོལ་དབྱངས་དང་བཅས༔ ཐོད་རྔ་འཁྲོལ་བཞིན་ཚིག་འདིས་འབོད༔ ཀྱཻ༔ གླིང་གི་གླིང་མཆོག་རྔ་ཡབ་གླིང༔ ཨོ་རྒྱན་མཁའ་སྤྱོད་སྤྲུལ་པའི་གནས༔ རྡོ་རྗེ་སྲིན་པོའི་གྲོང་ཁྱེར་ནས༔ སྐུ་གསུམ་མཁའ་འགྲོའི་གཙོ་མོ་མཆོག༔ རྡོ་རྗེ་ཕག་མོ་གཤེགས་སུ་གསོལ༔ རང་བཞིན་འོག་མིན་གནས་མཆོག་ནས༔ གནས་གསུམ་མཁའ་འགྲོ་གཤེགས་སུ་གསོལ༔ གནས་དང་ཡུལ་གྱི་བཞུགས་གནས་ནས༔ མཁའ་འགྲོ་དང་ནི་མཁའ་འགྲོ་མ༔ གནས་མཆོག་འདི་རུ་བྱིན་ཅིག་ཕོབ༔ སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ བཾ་ཧ་རི་ནི་ས་བཛྲ་ཝ་ར་ཧི་ས་མ་ཡཱ་ཛ་ཛཿཕཻཾ་ཕཻཾ༔ ཛཿཧཱུྃ་བཾ་ཧོ༔ གདན་གསུམ་ལྷ་ཡི་དཀྱིལ་འཁོར་དུ༔ འདུ་འབྲལ་མེད་པར་བཞུགས་གསོལ་འདེབས༔ རང་ཞལ་ལྟ་བའི་ཕྱག་བགྱི་འོ༔ འཁོར་གསུམ་རྣམ་པར་དག་པ་ཡིས༔ མཆོད་བྱ་མཆོད་བྱེད་བྲལ་བས་མཆོད༔ གསང་གསུམ་ངོ་བོ་དག་ཕྱིར་བསྟོད༔ མ་རིག་གསུམ་གྱི་རྟོག་སྒྲིབ་བཤགས༔ དོན་དམ་རང་རིག་ངོ་བོར་སྨིན༔ གདན་གསུམ་ཡེ་གྲུབ་ལྷ་རུ་གསལ༔ ཨོཾ་ཨཱཿཧཱུྃ༔ ཅི་འགྲུབ་བཟླ༔ རྡོར་བཟླས་འགོག་བཟླས་དབྱངས་ཀྱི་བཟླས༔ བྱེ་བ་གཅིག་གིས་འགྲུབ་རྟགས་འབྱུང༔ སླར་ཡང་རང་ཉིད་རྡོ་རྗེ་ཕག་མོར་གསལ་བ་ཡི༔ ཐུགས་ཀར་ཡེ་ཤེས་སེམས་དཔའ་ལབ་སྒྲོན་མ༔ ཞལ་གཅིག་ཞི་འཛུམ་དཀར་གསལ་ལང་ཚོ་ངོམ༔ ཕྱག་གཡས་ཌཱ་རུ་གཡོན་པས་དྲིལ་བུ་འཁྲོལ༔ ཞབས་གཉིས་བརྐྱང་བསྐུམ་པད་ཟླའི་གདན་ལ་རོལ༔ ཐུགས་ཀར་དགའ་འཁྱིལ་ཐུགས་དཀྱིལ་བྃ་གྱིས་མཚན༔ མཐའ་བསྐོར་སྔགས་ཕྲེང་འོད་ལྔའི་ཁ་དོག་ཅན༔ གཡོན་དུ་འཁོར་བའི་འོད་ཀྱིས་རྒྱལ་བ་མཆོད༔ འགྲོ་དྲུག་སྒྲིབ་སྦྱངས་དྲེགས་ཚོགས་བྲན་དུ་བཀོལ༔ ལྷ་སྔགས་ཏིང་འཛིན་ཡེ་གྲུབ་དབྱངས་ཀྱིས་བཟླ༔ བྃ་ཧ་རི་ནི་ས་ཛྙཱ་ན་ཌཱཀྐི་ནི་སརྦ་སིདྡྷི་ཕ་ལ་ཧཱུྃ༔ གྲངས་ཀྱི་བསྙེན་པ་བྱེ་བ་གཅིག༔ དུས་ཀྱི་བསྙེན་པ་ཟླ་བ་དྲུག༔ མཚན་མའི་བསྙེན་པ་རྟགས་དང་སྦྱར༔ གཡེལ་དང་མ་ཞུད་གནད་ལ་སྦྱོར༔ མཆོག་ཐུན་དངོས་གྲུབ་ཚེ་འདིར་ཐོབ༔ མཁའ་སྤྱོད་འཇའ་ལུས་འགྲུབ་པར་འགྱུར༔ ས་མ་ཡཱ༔ དེ་ནས་བསྒྲུབ་པའི་དམིགས་པ་ནི༔ ཐུགས་ཀའི་ཡེ་ཤེས་སེམས་དཔའ་གནས་གྱུར་ཏེ༔ ཡུམ་ཆེན་གསེར་མདོག་ལོངས་སྐུའི་ཆ་ལུགས་རྫོགས༔ ཕྱག་བཞིའི་ཕྱག་མཚན་ཞབས་གཉིས་དཀྱིལ་ཀྲུང་བཞུགས༔ ཐུགས་དབུས་ཟླ་སྟེང་ཧཱུྃ་མཐར་ག་ཏེས་བསྐོར༔ སྤྲོ་བསྡུས་དོན་གཉིས་བྱས་ནས་ཚུར་འདུས་པས༔ སྒྲིབ་གཉིས་བག་ཆགས་ཡོངས་དག་བདག་རྟོག་བྲལ༔ རང་རིག་བདེ་སྟོང་ཡེ་ཤེས་མངོན་གྱུར་བསམ༔ ག་ཏེ་བརྒྱ་སྟོང་ཁྲི་སོགས་གདོན་པར་བྱའོ༔ དེས་ནི་ཉམས་ཆག་རྟོག་སྒྲིབ་སྦྱང༔ ཕྱི་མར་མཁའ་སྤྱོད་ས་ལ་རེག༔ རང་རིག་ཡུམ་དོན་ཆོས་སྐུར་གྲོལ༔ ས་མ་ཡཱ༔ ལས་སྦྱོར་དམིགས་པ་འདི་བཞིན་སྒོམས་ཤིག༔ ཐུགས་ཀའི་ཡུམ་ཆེན་གནས་གྱུར་རྗེ་བཙུན་མ༔ སེང་ལྡིང་ནགས་ཀྱི་སྒྲོལ་མ་མར་གད་མདོག༔ ཞལ་གཅིག་ཕྱག་གཉིས་ཞི་འཛུམ་བཞད་མདངས་ལྡན༔ ཕྱག་གཉིས་མཆོག་སྦྱིན་དཀོན་མཆོག་གསུམ་མཚོན་རྒྱ༔ ཨུཏྤལ་འཁོར་ལོས་མཚན་པ་སྙན་ཐད་གྱེས༔ ཞབས་གཉིས་རྟ་བབས་སྐྱིལ་ཀྲུང་པད་ཟླར་བཞུགས༔ ཐུགས་དབུས་ཨུཏྤལ་ཟླ་སྟེང་ཏཱཾ་ཀྱི་མཐར༔ གསང་སྔགས་ཡི་གེ་བཅུ་དྲུག་བཀླགས་ཕྱོགས་འཁོར༔ འོད་ཟེར་སྤྲོ་བསྡུས་འཇིགས་བརྒྱད་བཅུ་དྲུག་གི༔ གདོན་དང་བར་ཆད་གཡུལ་ངོ་དབྱིངས་སུ་བཟློག༔ གསང་སྔགས་མཐར་ཕྱིན་འཇའ་ལུས་འོད་སྐུར་གྲོལ༔ བཟླས་པ་བྱེ་ཆེན་གནད་དུ་བསྣུན༔ སྤྲོ་ན་ལས་སྦྱོར་ཤམ་འདོག་ནི༔ གཞུང་གཞན་དག་ལས་ཤེས་པར་གྱིས༔ ས་མ་ཡཱ༔ དེ་ནས་དེ་ཡི་རྗེས་འབྲེལ་དུ༔ ཚོགས་བསགས་རིམ་པ་འདི་ན་སྤེལ༔ རང་གི་ལོངས་སྤྱོད་དངོས་རྫས་རྣམས༔ གྱ་ནོམ་བཤམས་སམ་ཡུལ་ཕྱོགས་ཀྱི༔ འདོད་དགུ་བློ་ཡིས་རབ་བླངས་ནས༔ རྩ་གསུམ་སྲུང་མའི་ཚོགས་ལ་འབུལ༔ དང་པོ་བྱིན་རླབས་འདི་བཞིན་བརྗོད༔ རཾ་ཡཾ་ཁཾ༔གིས་ཚོགས་རྫས་དངོས་འཛིན་བསྲེགས་གཏོར་བཀྲུས༔ ཨོཾ་ཨཱཿཧཱུྃ་གིས་སྦྱང་སྤེལ་བསྒྱུར༔ ཕུན་ཚོགས་ལོངས་སྤྱོད་ཚོགས་ཀྱི་ཞིང་མཆོག་ཏུ༔ རྩ་གསུམ་ཆོས་སྐྱོང་དཀར་ཕྱོགས་གཞི་བདག་དང༔ ཁྱད་པར་རྡོ་རྗེ་ཕག་མོ་མ་ཅིག་མ༔ ཡུམ་ཆེན་ཤེར་ཕྱིན་རྗེ་བཙུན་ཏཱ་རེ་མ༔ གནས་གསུམ་མཁའ་འགྲོ་ཀླུ་རྒྱལ་ཟླ་སྐྱོང་དང༔ ཤམ་པོ་གཟའ་བདུད་ཟངས་རི་འབར་བ་བདུན༔ ཚོགས་ཀྱི་མགྲོན་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ གུ་རུ་དྷེ་ཝ་ཌཱཀྐི་ནི་ཤྲཱི་དྷརྨ་པ་ལ་བྷུ་མི་པ་ཏི་བཛྲ་ས་མཱ་ཡ་ཛ་ཛ༔ ས་མ་ཡཱ་ཏིཥྛ་ལྷན༔ ཨ་ཏི་པཱུ་ཧོ༔ པྲ་ཏིཥྩ་ཧོ༔ ཧཱུྃ་ཧྲཱིཿ འདོད་ཡོན་ལོངས་སྤྱོད་ཚོགས་ཀྱི་བྱེ་བྲག་འདི༔ དངོས་འབྱོར་ཡིད་སྤྲུལ་ཀུན་བཟང་སྤྲིན་གྱིས་རོལ༔ མ་ཚང་མེད་པ་རྩ་གསུམ་མ་ཅིག་མ༔ ལབ་སྒྲོན་འཁོར་བཅས་མཆོད་དོ་དགྱེས་པར་རོལ༔ མ་ཧཱ་ག་ན་ཙཀྲ་ཁཱ་ཧི༔ ཧཱུྃ་ཧོ༔ སྔོན་ཚེ་དུས་ནས་ཐ་མ་ཡན་ཆད་དུ༔ མི་དགེ་འགལ་འཁྲུལ་ཉམས་ཆག་འགལ་ཉམས་འདས༔ རལ་བའི་བཀའ་ཆད་མི་བཟོད་དམྱལ་བའི་རྒྱུ༔ སྙིང་ནས་མི་འཆབ་ཚོགས་ཀྱི་མཆོད་པས་བཤགས༔ བཛྲ་ས་མ་ཡཱ་ཤུདྡྷེ་ཨ༔ ཡི་གེ་བརྒྱ་པས་དག་པར་སྦྱངས༔ ཚོགས་བསྒྲལ་དམིགས་བྱ་འགུག་གཞུག་དང༔ རང་ཉིད་ཁྲོས་མའི་གསལ་བརྟན་གྱིས༔ བྷྱོ་ཛཿཕཊ༔ བདག་ཉིད་ཁྲོས་མའི་གསལ་བརྟན་ཏིང་འཛིན་གྱིས༔ དམིགས་བྱ་འགུགས་ཤིང་ཞིང་བཅུ་དངོས་སུ་གསལ༔ ཚེ་བསོད་རང་བསྟིམ་རྣམ་ཤེས་ཕཊཿཀྱིས་བསྐུལ༔ སྐྱེ་མེད་ཡུམ་གྱི་མཁར་བསྐྲུན་རྒྱལ་སྲས་གྱུར༔ རང་བྱུང་རིག་པའི་བརྟུལ་ཞུགས་མཚོན་ཆེན་གྱིས༔ དགྲ་བགེགས་གཟུགས་ཕུང་རྡུལ་ཕྲན་བཞིན་དུ་བརླག༔ ཤ་ཁྲག་དྭངས་མ་བདུད་རྩིའི་བཅུད་ཆེན་པོ༔ རྩ་གསུམ་སྲུང་མའི་ཞལ་དུ་བསྟབ་བོ་བཞེས༔ དུག་ལྔ་ཡེ་ཤེས་ལྔ་རུ་གྲོལ་བར་མཛོད༔ ཧ་ལ་པཉྩ་པཱུ་ཛ་ཧོ༔ བསྐང་བ་རང་གཞུང་གདོན་པས་འཐུས༔ ས་མ་ཡཱ༔ ལྷག་མ་ཡེ་ཤེས་བདུད་རྩིས་བྲན༔ ཕཻམ་གྱིས་མགྲོན་འགུགས་ཚིག་འདིས་བསྔོ༔ ཧཱུྃ་ཧོ༔ ཚོགས་ཀྱི་ལྷག་མ་སྡུད་པའི་ཕྲ་མེན་མ༔ དབང་ཕྱུག་བསྟན་མ་རྡོ་རྗེ་གིང་ལང་ཀ༔ འབར་མ་བདུན་དང་གཉན་སའི་ལྷ་འདྲེ་རྣམས༔ འདོད་ཡོན་ཡེ་ཤེས་ཚོགས་ཀྱི་ལྷག་མ་ལོངས༔ ས་ལམ་ཉམས་རྟོགས་འཕེལ་བའི་གྲོགས་དན་མཛོད༔ རྡོ་རྗེའི་གཡར་དམ་མ་འཆོལ་ས་མ་ཡཱ༔ ཡ་ཧི་གཙྪ༔ དེ་རྗེས་ཆད་མདོ་བསྟན་མ་སྐྱོང༔ སྔར་གྱི་སྒྲོལ་མའི་ཆ་ལག་བཞིན༔ ས་མ་ཡཱ༔ རྗེས་ལ་བསྡུ་རིམ་ལྷ་ལྡང་བྱ༔ དགེ་བསྔོ་ཤིས་པས་མཐའ་བརྒྱན་ནོ༔ ས་མ་ཡཱ༔ རྡོ་རྗེ་ཕག་མོའི་སྒྲུབ་ཐབས་འདི༔ རིག་འཛིན་ལུང་གི་མཚན་ཅན་དང༔ འཇམ་དབྱངས་ཉི་མའི་བཞེད་སྐོང་དུ༔ ཟོག་པོ་ས་ར་ཧི་ཏས་བྲིས༔ ཟབ་མོ་གཅོད་ཀྱི་བསྟན་པ་དར༔ སྐྱེ་དགུའི་གཉེན་དུ་འགྱུར་བར་ཤོག༔ བཱི་ཛ་ཧ་རཾ༔

འོད་ཟེར་ཅན་མའི་སྒོམ་བཟླས།

འོད་ཟེར་ཅན་མའི་སྒོམ་བཟླས་བཞུགས༔ དག་སྣང་ལས༔ ཨ༔ སྐད་ཅིག་སྟོང་གསལ་ངང་ཉིད་ལས༔ རང་ཉིད་འཕགས་མ་མདུན་གྱི་ནམ་མཁར་མཱ་རི་ཙྱཻ༔ ཞལ་གཅིག་གསེར་མདོག་ཁྲོ་འཛུམ་འབར༔ སྤྱན་ཟུང་ཉི་ཟླའི་འོད་མདངས་ཀྱིས༔ དགྲ་གདོན་ཅེ་རེ་ལོང་བར་བྱེད༔ ཕྱག་གཉིས་ཁབ་དང་སྐུད་པ་ཡིས༔ དགྲ་གདོན་ཁ་མིག་བཙེམས་པར་བྱེད༔ ཞབས་གཉིས་གར་སྟབས་བདུད་དགྲ་འདུལ༔ ཁྲོ་ཆས་རུས་རྒྱན་དར་དཔྱངས་དང༔ རིན་པོ་ཆེ་ཡི་པྲོག་ཞུ་ངོམ༔ ཕྱི་རོལ་ཕག་རྒོད་སུམ་རིམ་བསྐོར༔ ཉི་ཟླའི་ག་འུ་རིམ་དགུའི་ནང༔ བདག་དང་བསྲུང་བྱ་ཚུད་པར་དམིགས༔ གནོད་བྱེད་བསྐྲད་རྨོངས་དབྱེ་བསད་པའི༔ ཏིང་ངེ་འཛིན་ལ་དཔའ་མོའི་གདེངས༔ གང་དང་ལྡན་པས་འཛབ་འདི་བཟླ༔ ཨོཾ་མཱ་རི་ཙྱཻ་སྭཱ་ཧཱ༔ གནོད་བྱེད་དགྲ་ཇག་ཆོམ་རྐུན་བསམ་ངན་སྦྱོར་རྩུབ་ངན་པའི་ཡུལ་འདྲེ་འབྱུང་པོ་གཅན་གཟན་ལ་སོགས་པའི་ཙཀྵུ་མུ་ཁཾ་བྷནྡྷ་བྷནྡྷ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ གནོད་བྱེད་སརྦ་དུཀྵཾ་མཱ་ར་ཡ་ཧཱུྃ་ཕཊ༔ ཅི་འགྲུབ་བཏོན་རྗེས་མཁྱེན་བརྩེའི་ལྷའི༔ འོད་ཟེར་ཅན་གྱི་བཟློག་གྲངས་བགྲང༔ གསར་རྙིང་གདམས་པའི་འོད་ཟེར་ཅན༔ བཅུད་ལས་བཅུད་ཕྱུང་ཉམས་ལ་བསྟར༔ འགྲོ་ལ་ཕན་ཕྱིར་འདི་རུ་སྤེལ༔ རྗེས་ལ་དགེ་བསྔོ་ཤིས་པ་བརྗོད༔ དམིགས་མེད་དངོས་པོའི་གཤིས་ལ་ཀློད༔ དགོངས་ཀློང་ཡངས་པའི་གསང་མཛོད་ནས༔ རྣལ་འབྱོར་དག་པའི་བརྡ་རིས་བཀྲོལ༔ སྐལ་བ་ལྡན་ལ་གཏད་རྒྱ་ཐོབ༔ ལོག་སྲེད་སྒྲོ་སྐུར་མཁན་ལ་སྦོས༔ བསྟན་དང་འགྲོ་ལ་སྨན་པར་ཤོག༔ མངྒ་ལམ༔ ཤུ་བྷཾ༔ རང་སློབ་སྐལ་བ་ལྡན་པའི་བུ༔ གསལ་སྟོང་འདུ་འབྲལ་མེད་པ་ལ༔ ཟོག་པོ་ས་ར་ཧི་ཏས་སྤེལ༔ དུས་གསུམ་དགྲ་གདོན་ཕམ་པར་ཤོག༔

འོད་ཟེར་ཅན་མའི་མན་ངག

ཡང་གསང་མཁའ་འགྲོའི་ཐུགས་ཐིག་ལས༔ འོད་ཟེར་ཅན་མའི་མན་ངག་ནི༔ རང་ཉིད་སྐད་ཅིག་དྲན་རྫོགས་སུ༔ རྒྱལ་ཡུམ་ཁྲོ་མོ་འོད་ཟེར་ཅན༔ འཇིགས་བྱེད་དུས་དགྲའི་སྦྱོར་ཡུམ་ནི༔ སེར་ནག་རབ་གཏུམ་རྔམ་པའི་སྐུ༔ པད་ཟླ་ཉི་སྟེང་བཾ་གྱི་ཁར༔ ཞབས་གཉིས་འགྱིང་སྟབས་ཁྲོ་མོའི་ཆས༔ ཕྱག་གཉིས་ཉི་ཟླ་ཆ་ལང་རྡེབ༔ བསྟན་ལ་འཁུ་དང་འགྲོ་ལ་འཚེ༔ མི་མིན་ལོག་སྦྱོར་གྲོས་ངན་ཤོམ༔ དགྲ་རྐུན་ཇག་པའི་ཀླད་ཡུ་འཁོར༔ ཁ་རྗེ་བསོད་ནམས་བླ་ཚེ་སྲོག༔ སྒོ་ང་བྲག་ལ་བཅར་བ་བཞིན༔ ཐལ་མོ་བརྡབ་པས་བསད་ཅིང་རྨུགས༔ རང་ཉིད་ཐུགས་སྲོག་མཱུཾ་ཡིག་ལས༔ མུན་པ་ནག་པོའི་འཚུབ་མ་གཡོས༔ དགྲ་གདོན་བྱད་མ་འཐུམ་ཞིང་བརྒྱལ༔ དྲན་པའི་སྣང་བ་རྡོལ་བར་བསམ༔ རྩ་སྔགས་ཤམ་དུ་འདི་བཏགས་བསྙེན༔ མ་རཱི་ཙྱཻ་ཡ་མནྟ་ཀ་སུརྱ་ཙནྡྲ་རཀྵ་རཀྵ་ཧཾ༔ མ་མ་དཱ་ན་པ་ཏི་ཙཀྲ་རཀྵ་སྲུངས་ཤིག༔ དགྲ་སྡེའི་ཙཀྵུ་མུ་ཁཾ་བྷནྡྷ་བྷནྡྷ་རྨུག་རྨུག་ཕཊ་ཕཊཿཨུ་ཙ་ཏ་གརྫ་གརྫ་ཐུམ་ཐུམ་ཧཱུྃ་ཕཊ༔ ཅེས་པ་འདི་ནི་ཟབ་པའི་ཡང་ཞུན་འདྲ༔ ཡིད་ཆེས་ནུས་པ་རྙེད་པའི་བུས༔ དམིགས་འདོན་ཡ་མ་བྲལ་བ་ན༔ ས་བདག་རྒྱལ་པོ་དགྲར་ལངས་ཀྱང༔ འདི་ལྡན་རྨུག་ཅིང་རིང་བར་འགྱུར༔ འདི་ལྡན་རྡོ་རྗེའི་རྫོང་དང་འདྲ༔ ས་མ་ཡཱ༔ དགྲ་རྐུན་ཇག་ཆོམ་བསྲུང་བ་ལ༔ དར་ནི་དཀར་སེར་དམར་དང་ལྗང་༔ ལོགས་ལ༔ ཨོཾ་བཛྲ་མ་རཱི་ཙྱཻ་མཱུཾ་སྭཱ་ཧཱ༔ བ་ད་ལི་བ་ད་ལི་གནོད་བྱེད་དགྲ་རྐུན་ཇག་གསུམ་གྱི་ཙཀྵུ་མུ་ཁཾ་བནྡྷ་བནྡྷ་མཱ་ར་ཡ་ཕཊ༔ ཨུ་ཙ་ཏ་ཡ་ད་ཧ་ད་ཧ་ཕཊ་ཕཊ༔ ཨོཾ་རཏྣ་མ་རཱི་ཙྱཻ་སོགས༔ གོང་བཞིན་པདྨ་ཀརྨ་དང༔ བུདྡྷ་མ་རཱི་རང་མདོག་གི༔ དར་ལ་འདྲི་ཞིང་ཕྱོགས་མདོག་བརྒྱན༔ རྡོ་རྗེ་འཁོར་ལོ་པདྨ་དང༔ རྒྱ་གྲམ་ནོར་བུ་དག་གི་ཤིང༔ ཡུ་བ་ཅན་ལ་གདེངས་ཤིང་འཕྱར༔ མདུན་མཁར་འཕགས་མ་འཁོར་བཅས་བསྒོམ༔ ཕྱག་གཉིས་ཉི་ཟླའི་གའུའི་ནང་༔ རང་དང་བསྲུང་བྱ་ཚུད་པར་བསམ༔ བལྟར་མེད་གཞུར་མེད་བཅིང་དུ་མེད༔ ཕྱི་རོལ་ལྷ་མོས་ཕག་རྒོད་ཞོན༔ གྲངས་མེད་ར་བས་བསྐོར་བར་དམིགས༔ ཀུན་གྱི་ཞལ་ནས་བ་ད་ལི༔ ཙཀྵུ་མུ་ཁཾ་ཧཱུྃ་ཕཊ་བརྗོད༔ ཕྱག་གཉིས་ཁབ་དང་སྐུད་པ་ཡིས༔ གནོད་བྱེད་ཁ་མིག་བཙེམ་པར་བསམ༔ ལྷ་མོ་ཡིད་ལ་བསྒོམ་བྱས་ནས༔ ཕྱག་དང་བཅས་ཏེ་འོད་ཟེར་ཅན༔ བདག་ཅག་དགྲ་རྐུན་འཇིགས་ལས་བསྲུང་༔ སྒྲ་དང་བཅས་ཏེ་ལན་བདུན་བརྗོད༔ དེ་ནས་གསང་སྔགས་གླིང་པ་ཡི༔ ཇག་སྲུང་ཟབ་མོས་རྣོ་སོ་གདགས༔ དེས་ནི་སྔོན་ལས་མ་གཏོགས་པ༔ འཕྲལ་རྐྱེན་བཟློག་པར་ཐེ་མི་ཚོམ༔ ས་མ་ཡཱ༔ ལམ་འཕྲང་དགྲ་རྐུན་བཟློག་པའི་ཐབས༔ རང་ཉིད་འགྲོ་བའི་དུས་ཀྱི་ཚེ༔ གནས་ཁང་སྒོ་ནས་གོམ་བདུན་མཐར༔ རྡོ་བ་འཇམ་ངོས་དགྲ་ནྲྀ་བྲིས༔ ཕྱོགས་མཚམས་ཛ་ཁྲམ་བྷྱོ་ཡིས་གཏམས༔ ཡུལ་ལྷ་དྲེགས་པ་སྐྱེམས་ཀྱིས་བརྔན༔ རང་ཉིད་ཁྲོ་མོ་མ་རི་ཙྱཻའི༔ སྙེམས་པས་ལམ་དགྲ་བགེགས་ཀྱི་ཚོགས༔ ནྲི་ཏྲིའི་རྣམ་པར་སྦུར་མ་ནི༔ རླུང་གིས་དེད་པ་ཇི་བཞིན་དུ༔ འགུགས་པ་དང་བཅས་རྫས་ལ་བསྟིམ༔ དེ་ནས་འགུགས་སྔགས་སྤྱི་མཐུན་དང་༔ གནད་ཡིག་ཟབ་མོ་འདི་ཡང་བཟླ༔ ཨོཾ་ཨཱརྱ་མ་རི་ཙྱཻ་ཡ་མནྟ་ཀ་གནོད་བྱེད་དགྲ་རྐུན་ཇག་པའི་བླ་ཤ་རེ་མ་ཏི་འགྲིམ་འགྲིམ་ཤ་མ་རུ་ཏི་ཁུག་ཁུག་ལིང་མྱོགས་ལིང་ཤག་ཛཿཐུམ་མཱ་ར་ཡ་རྦད་རྦད་ནན་ཁུག་ཛ༔ ཨཾ་ཀུ་ཤ་ཡ་ཛཿཛ༔ ཅེས་པ་བརྒྱ་སྟོང་སྐབས་དང་བསྟུན༔ དེ་ནས་དོང་བྲུས་འོག་ཏུ་མནན༔ རང་ཉིད་དཔའ་མོའི་ཞབས་གཡོན་འོག༔ ལྕགས་ཁང་མེ་འབར་སྒོ་མེད་ནང༔ གདུག་ཅན་དམ་ཉམས་ཚུད་པར་བསམ༔ དམིགས་པ་ཟབ་མོ་ཡང་ཡང་གསལ༔ དེ་ནས་ཡེ་དྷར་མཇུག་ནས་འདོན༔ རབ་ཏུ་གནས་ཤིང་རྒྱས་གདབ་བྱ༔ མ་ཧཱ་བ་ལའི་བྲོ་མནན་བརྡུང༔ དེས་ནི་ལམ་དགྲའི་འཇིགས་མི་འབྱུང༔ དགྲ་ཇག་ལོག་པའི་ལམ་དུ་འགྲོ༔ དམིགས་པའི་དགྲ་ལ་འདི་སྒྲུབ་ན༔ དེ་ནས་དུས་ཀུན་རྨུགས་ཤིང་འཐུམ༔ ཇག་རྐུན་འགོ་བའི་ལྷ་ཡང་དོར༔ ཡོངས་ལ་ཕན་པའི་གདམས་པ་འདི༔ ཨོ་རྒྱན་ཐུགས་ལ་བརྣགས་པའི་ཆོས༔ དམ་པ་མ་ཅིག་སྙན་ནས་བརྒྱུད༔ བདག་གི་དགོངས་པའི་ཀློང་ནས་རྡོལ༔ གུ་ཧྱ༔ བརྡ་ཐིམ༔ ལོག་པའི་ལམ་ལ་གསང་བར་བྱོས༔ རྣམ་དཀར་ལས་འཕྲོ་ཅན་ལ་གཏོད༔ ཟབ་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ གཏེར་རྒྱ༔ ས་མ་ཡཱ༔ འོད་ཟེར་ཅན་མའི་ཆ་ལག་ཏུ་ཕབ་པ་འདི་ཡང༔ བཙུན་པ་མཁས་དབང་ཀརྨ་ཛྙཱ་ནས་བསྐུལ་ངོར༔ ཏཱ་རེ་གནས་ཀྱི་བདག་པོ་སྤྲང་མ་ནུས་ཧད་པོ་ཕན་པའི་མིང་གིས་ཐོལ་བྱུང་ཐོགས་མེད་ཧོར་ཟླ་དགུ་པའི་ཚེས་༡༠ལ་སུག་བྲིས་བགྱིས་པ་དགེའོ༔ དགེའོ༔ དགེའོ༔

རིག་བྱེད་ལྷ་མོའི་གསོལ་འདེབས་སྦུར་ལེན་སྙིང་པོ།

དག་སྣང་ལས༔ རིག་བྱེད་ལྷ་མོའི་གསོལ་འདེབས་སྦུར་ལེན་སྙིང་པོ་བི་ཛ་ཧ་རཾ༔ ཨེ་མ་ཧོ༔ རྒྱལ་ཀུན་སྤྱི་གཟུགས་སྟོན་པ་ཚེ་མཐའ་ཡས༔ འཕགས་མཆོག་སྙིང་རྗེའི་མངའ་བདག་སྤྱན་རས་གཟིགས༔ རིག་སྔགས་མཐུ་གྲུབ་པདྨ་ཐོད་ཕྲེང་རྩལ༔ གསོལ་བ་འདེབས་སོ་བདག་གིས་གདུལ་བྱའི་ཁམས༔ དབང་དུ་བསྡུས་ཤིང་གནོན་པར་བྱིན་གྱིས་རློབས༔ འཛམ་གླིང་མཛེས་རྒྱན་ནཱ་གཱརྫུ་ན་དང༔ དབྱངས་ཅན་རྣམ་རོལ་ཛྙཱ་ན་ས་ག་ར༔ པདྨའི་ཐུགས་ཟིན་ཨ་ཙར་ཤྲཱི་བྷ་ཏྲ༔ གསོལ་བ་འདེབས་སོ་ཚོགས་དྲུག་སྣང་བའི་ཡུལ༔ བདེན་མེད་འུབས་སུ་ཆུབ་པར་བྱིན་གྱིས་རློབས༔ ཟབ་གཏེར་ཆོས་ཀྱི་བཅུད་མྱང་གཞན་ལ་ཕན༔ ཟབ་དོན་ལོངས་སྤྱོད་བརྒྱུད་འཛིན་ཆོས་ཀྱི་བདག༔ ཟབ་རྒྱས་འགྲོ་ལ་ཆོས་ཆར་འབེབས་པའི་མགོན༔ གསོལ་བ་འདེབས་སོ་སྐྱེ་རྒུའི་དཔལ་ཡོན་རྣམས༔ འབད་མེད་ལག་རྩེར་སྩོལ་བར་བྱིན་གྱིས་རློབས༔ སོར་རྟོག་ཡེ་ཤེས་རང་གདངས་རིག་བྱེད་མ༔ སྣང་སྲིད་ཐབས་ཀྱིས་ཟིལ་གནོན་ཧྱ་གྷྲི༔ བཀའ་སྡོད་ལྷ་ཆེན་ཡབ་ཡུམ་ཕྲིན་ལས་བཞིར༔ གསོལ་བ་འདེབས་སོ་རྗེ་འབངས་མཛའ་ན་མོ༔ མོས་བཞི་དབང་དུ་འདུ་བར་བྱིན་གྱིས་རློབས༔ དེ་ལྟར་གསོལ་བཏབ་ནུས་པས་ཕུང་པོའི་ཁམས༔ སྣང་སྟོང་ལྷ་སྐུ་ལས་རླུང་སྔགས་སུ་དག༔ ཀུན་རྟོག་ཆོས་སྐུར་སྨིན་ཅིང་གྲོལ་ནས་ཀྱང༔ སྐུ་བཞིའི་རྒྱལ་ཐབས་ཚེ་འདིར་མངོན་གྱུར་ཤོག༔ ཅེས་པ་འདིའང་ཨོ་རྒྱན་པདྨའི་ལུང་གིས་བསྔགས་པའི་མཁས་མཆོག་བློ་གྲོས་ལྡན་པ་ཀརྨ་ཆོས་སྐྱོང་གི་ཞལ་འདོན་མཛད་པའི་ཆ་རྐྱེན་དུ༔ དད་གསུམ་ལྡན་པའི་སློབ་དཔོན་ལུང་རྟོགས་བསྟན་འཛིན་གྱིས་བསྐུལ་ངོར༔ ཆོས་མེད་ཆོས་པའི་གཟུགས་སྟོན་གཞན་ཕན་བཟང་པོས་འཁྲུལ་མེད་སྤྲུལ་པའི་སྐུའི་གསུང་ཆོས་བཀླག་ལུང་སྐབས་གང་དྲན་ཐོགས་མེད་དུ་བྲིས་པའི་སྨྱུག་འཛིན་མཁན་པོ་དགེ་བཤེས་ལྷ་འཕན་གྱིས་བགྱིས་པ་དགེ་ལེགས་འཕེལ༔

ཀུ་རུ་ཀུལླེའི་སྒྲུབ་པ་འགྲོ་ཀུན་ཡིད་འགུགས་འཆིང་བྱེད་ཞགས་པ།

ཡང་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཀུ་རུ་ཀུལླེའི་སྒྲུབ་པ་འགྲོ་ཀུན་ཡིད་འགུགས་འཆིང་བྱེད་ཞགས་པ་ཞེས་བྱ་བ༔

འཕགས་མ་ཀུ་རུ་ཀུལླེ་ཡི༔ སྒྲུབ་ཐབས་འགྲོ་བའི་ཡིད་འགུགས་འདི༔ སྤྲོས་མེད་གང་ཟག་ཉམས་ལེན་ཡིན༔ དཀྱིལ་འཁོར་མེད་ཅིང་སྒྲུབ་རྫས་མེད༔ ལུས་དཀྱིལ་ཁོ་ནས་ཆོག་པ་སྟེ༔ གསང་བ་སྔགས་ཀྱི་ཁྱད་ཆོས་ཡིན༔ བྱིན་རླབས་གཞན་ལས་འགྲན་བྲལ་བ༔ གསང་ཞིང་ཉམས་སུ་སུས་བླང་ཡང༔ འདོད་པའི་བསམ་པ་ཡིད་བཞིན་སྐོང་༔ ཐེ་ཚོམ་མེད་ན་ལྷག་པར་ནི༔ བསམ་དོན་འགྲུབ་པ་པདྨའི་བཀའ༔ དེ་བཞིན་སྔོན་འགྲོས་རྒྱུད་སྦྱངས་ནས༔ ཚིག་དོན་དྲན་བཞིན་འདི་ལྟར་ཟློས༔ ན་མོ༔ བདག་དང་མཁའ་མཉམ་སེམས་ཅན་ཀུན༔ བྱང་ཆུབ་སྙིང་པོའི་བར་དག་ཏུ༔ རྩ་གསུམ་བདག་ཉིད་རིག་བྱེད་མར༔ སྐྱབས་སུ་མཆི་འོ་ཐུགས་རྗེས་ཟུངས༔ འཁོར་བར་འཁྱམས་པའི་མ་རྒན་འགྲོ༔ ཡང་དག་སྙིང་པོའི་ལམ་མཆོག་ལ༔ འགོད་ཕྱིར་བྱང་ཆུབ་སེམས་བསྐྱེད་ནས༔ འགྲོ་བ་སྒྲོལ་བར་དམ་བཅའ་འོ༔ ཧོ༔ དཀོན་མཆོག་གསུམ་དངོས་རིག་བྱེད་ལྷ༔ རང་བཞིན་ཀློང་ནས་སྤྱན་འདྲེན་གཤེགས༔ མདུན་མཁར་པད་ཟླའི་ཁྲི་ལ་བཞུགས༔ ཕྱག་འཚལ་མཆོད་འབུལ་སྡིག་པ་བཤགས༔ ཆོས་བསྐུལ་ཡི་རང་བཞུགས་གསོལ་འདེབས༔ དགེ་ཚོགས་མཁའ་ཁྱབ་ཡོངས་ལ་བསྔོ༔ ཕྱམ་གཅིག་སངས་རྒྱས་མྱུར་ཐོབ་ཤོག༔ དེ་ནས་དངོས་གཞིའི་རིམ་པ་ནི༔ ཨཱ༔ སྐད་ཅིག་སྟོང་གསལ་གཞལ་ཡས་ཁང༔ པདྨ་རཱ་གའི་ཕོ་བྲང་ནི༔ ཟླ་གམ་སྒོ་གཅིག་དལ་གྱི་དབུས༔ ཆུ་སྐྱེས་དམར་པོ་འདབ་སྟོང་སྟེང༔ ཟླ་ཉི་དབང་ཕྱུག་ཁྱོ་ཤུག་དང༔ སྒྲ་གཅན་བསྣོལ་སྟེང་ཐ་མལ་གྱི༔ རིག་པ་ཧྲཱིཿཡིག་བྱི་རུའི་མདོག༔ འོད་འཕྲོས་དོན་བྱས་ཚུར་འདུས་ལས༔ ཀུ་རུ་ཀུལླེ་སྐུ་མདོག་དམར༔ ཞལ་གཅིག་ཕྱག་བཞི་ཞབས་གཉིས་བསྒྲད༔ སྤྱན་གསུམ་ཞི་འཛུམ་ཆགས་པའི་ཚུལ༔ བཞད་མདངས་མཆེ་བའི་མྱུ་གུ་གཙིགས༔ འཇིག་རྟེན་སྐྱེས་སོ་ཅོག་རྣམས་ཀུན༔ ཆགས་པའི་སྟོབས་ཀྱིས་བདག་དབང་འགུགས༔ དཀའ་ཐུབ་གདུང་བ་བཟློག་པར་བྱེད༔ ཕྱག་བཞིའི་དང་པོ་ཐབས་ཤེས་ཀྱི༔ མདའ་གཞུ་ཆེ་བཙན་སྙིང་ལ་གཟིར༔ འོག་གཉིས་ལྕགས་ཀྱུ་ཞགས་པ་ཡིས༔ འཇིག་རྟེན་ཟས་ནོར་ལོངས་སྤྱོད་ཀུན༔ ལྕགས་ཀྱུས་འགུགས་ཤིང་ཞགས་པས་འཆིང༔ གནས་ཁང་ལ་དྲངས་ལྟེམ་གྱིས་གང༔ ནོར་བུའི་པྲོག་ཞུ་ཅོད་པཎ་འཕུར༔ རུས་པའི་རྒྱན་དྲུག་སྐུ་ལ་གསོལ༔ དར་ལྗང་སྟོད་གཡོགས་དམར་པོ་བཀླུབས༔ སྟག་ལྤགས་ཤམ་ཐབས་ཞི་དང་ཁྲོའི༔ ཆས་ལྡན་གཡས་གཡོན་བཀའ་སྡོད་ནི༔ དབང་ཕྱུག་ཡབ་ཡུམ་ཕྱོགས་བཞི་རུ༔ གླིང་བཞིའི་ཕྱྭ་འགུགས་ཕྲ་མེན་བཞི༔ ཀུན་ཀྱང་ལྕགས་ཀྱུ་ཞགས་པ་འཛིན༔ ཆགས་པའི་ལང་ཚོ་བདེ་ཉམས་རྒྱས༔ དེ་འཁོར་རྩ་གསུམ་སྲུང་མར་བཅས༔ དབང་གི་ལྷ་ཡི་རྣམ་པར་བཞུགས༔ དེ་དག་གནས་གསུམ་འབྲུ་གསུམ་ལས༔ འོད་འཕྲོས་བདེ་ཆེན་པདྨོ་བཀོད༔ རང་བཞིན་སྤྲུལ་པའི་ཞིང་ཁམས་ནས༔ དབང་གི་ལྷ་ཚོགས་སྤྱན་འདྲེན་གཤེགས༔ རང་མཐུན་དྲེགས་པའི་གདན་ལ་བཞུགས༔ ལུས་ངག་ཡིད་ཀྱིས་གུས་ཕྱག་འཚལ༔ ཕྱི་ནང་གསང་གསུམ་མཆོད་ཚོགས་འབུལ༔ དབང་གི་ཕྲིན་ལས་འགྲུབ་མཛད་གསོལ༔ ཧྲཱིཿ སོར་རྟོག་ཡེ་ཤེས་རང་རྩལ་ལས༔ གཟུགས་ཀྱི་སྐུར་སྟོན་དབང་གི་ལྷ༔ རིག་བྱེད་སྤྲུལ་དང་ཡང་སྤྲུལ་བཅས༔ ལྷ་ཚོགས་གསང་གསུམ་ཡོན་ཏན་ལ༔ རྗེས་སུ་དྲན་པས་བསྟོད་པར་བགྱི༔ དབང་གི་ལྷ་མོའི་ཐུགས་ཀ་རུ༔ པད་སྟེང་ཧྲཱིཿདམར་སྔགས་ཕྲེང་ནི༔ བཀླག་ཕྱོགས་འཁོར་ལས་འོད་དམར་འཕྲོས༔ རྒྱལ་མཆོད་འགྲོ་བའི་ལས་ཉོན་སྦྱངས༔ ལྷ་སྲིན་དྲེགས་པ་ཆེ་རྒུ་དང༔ སྐྱེ་འགྲོ་རྗེ་འབངས་དབང་བསྡུས་ནས༔ མོས་ཚོགས་རྣམ་བཞི་འགྲུབ་པར་བསམ༔ མ་ཡེངས་སྒྲ་དག་སྔགས་འདི་བཟླ༔ ཨོཾ་ཀུ་རུ་ཀུལླེ་ཧྲཱིཿ ཅི་ནུས་བསྙེན་མཐར་གཤམ་འདོགས་ནི༔ ཨ་ཏྲི་ནྲི་ཛ༔ ལོ་ཀ་སརྦ་ཕོ་རྒྱུད་མོ་རྒྱུད་ཡུལ་ཁམས་མངའ་ཐང་ལོངས་སྤྱོད་དང་བཅས་པ་པ་ཤཾ་ཀུ་རུ་ཡེ་ཛ་ཛ༔ ཁུག་ཁུག་དུང་དུང་སྭཱ་ཧཱ༔ ཨོཾ་མ་ཧཱ་དྷེ་ཝ་ཛ་ཨུ་མ་དྷེ་ཝི་ཧྲིང་ཧ་རི་ནི་ས་སརྦ་ལོ་ཀ་པཱ་ཤཾ་ཀུ་རུ་ཛ་ཛ༔ ཁུག་ཁུག་དུང་དུང་སྭཱ་ཧཱ༔ དེས་ནི་གང་དམིགས་དབང་དུ་འདུས༔ ཡིད་ཆེས་ཐེ་ཚོམ་མེད་པ་ན༔ གྲངས་མ་འཁྱོལ་ཀྱང་རྟགས་མཐོང་ངེས༔ ས་མ་ཡཱ༔ རྗེས་སུ་བསྡུ་རིམ་ལྷར་ལྡང་དང༔ དགེ་བསྔོ་ཤིས་བརྗོད་སྤྱི་ལྟར་བྱ༔ ཨེ་མ་མཁའ་འགྲོའི་སྒྲུབ་ཐབས་ནི༔ ཟབ་པའི་ནང་ནས་ཆེས་ཟབ་པ༔ ཡང་གསང་མཁའ་འགྲོའི་སྙིང་ཁྲག་ཡིན༔ སུ་ལ་མ་སྤེལ་རང་ཉམས་ལོངས༔ གལ་ཏེ་སྤེལ་ཀྱང་རེས་འགའ་ཙམ༔ མང་དུ་སྤེལ་ན་ནུས་པ་ཞན༔ བཀའ་ཡི་སྲུང་མས་བྱ་ར་གྱིས༔ སྐལ་ལྡན་བུ་ལ་གཏད་དོ་རྒྱ༔ སྐལ་མེད་ཡོངས་ལ་གསང་ངོ་རྒྱ༔ གུ་ཧྱ༔ དྷ་ཐིམ༔ ཞེས་པ་འདི་ཡང་རིག་འཛིན་གསང་སྔགས་གླིང་པ་སོགས་ཀྱིས་ལུང་གིས་བསྔགས་པའི་དམ་པ་ཨ་གཾ་བིདྱའི་བཞེད་སྐོང་དུ་བསམ་གཏན་ཡེ་ཤེས་གླིང་པས་རིག་པ་མཉམ་བཞག་གི་སྒྲོམ་ནས་བཏོན་པ་མངྒ་ལམ༔

ཀུ་རུ་ཀུལླེའི་སྒྲུབ་པའི་རྗེས་ཀྱི་ལས་རིམ།

༄༅། ཐུན་མཐར་རྗེས་ཀྱི་ལས་རིམ་ནི༔ གཏང་རག་གསོལ་ཞིང་དངོས་གྲུབ་བླངས༔ བསྔོ་སྨོན་མཐའ་སྡུད་ཤིས་པ་བརྗོད༔ ཁྲིགས་རིམ་ལྔ་རུ་བསྟན་པའོ༔ ཧོ༔ རིག་བྱེད་དབང་གི་ལྷ་མོ་ལ༔ ཕྱི་ནང་གསང་བ་ཡང་གསང་རྫས༔ དངོས་འབྱོར་ཡིད་སྤྲུལ་མཆོད་པ་འབུལ༔ ལྷ་ཚོགས་འཁོར་བཅས་མཉེས་གྱུར་ཅིག༔ སརྦ་པཱུ་ཙ་པྲ་ཏིཙྪ་ཧོ༔ རང་བྱུང་མངོན་གྱུར་རིག་པའི་ལྷ༔ བཅོམ་ལྡན་རིག་བྱེད་ལྷ་མོ་ཡི༔ ལྷ་ཚོགས་འཁོར་དང་བཅས་རྣམས་ལ༔ འཁྲུལ་གྲོལ་གཉིས་མེད་ཀློང་ནས་བསྟོད༔ རྗེས་ལ་འདོད་དོན་གསོལ་བའི་ཕྲིན་ལས་ནི༔ ཧོ༔ བཅོམ་ལྡན་འདས་མ་རིག་བྱེད་དབང་གི་ལྷ༔ བསྙེན་སྒྲུབ་ལས་སྦྱོར་ནུས་པའི་སྟོབས་བསྐྱེད་མཐུས༔ བླ་མ་མཁན་སློབ་དགེ་འདུན་བཞི་ཡི་སྡེ༔ རྒྱལ་པོ་བློན་པོ་བཙུན་མོ་མཛའ་ན་མོ༔ ཕོ་རྒྱུད་མོ་རྒྱུད་ཟས་ནོར་ཚེ་ཆོས་སྲིད༔ གང་དམིགས་ཡིད་འོང་དབང་མེད་མཐུ་ཡིས་ཁུག༔ དཀོན་མཆོག་ཞབས་ཏོག་དགེ་འདུན་མཉེས་པའི་ཆས༔ ངན་སློང་དབུལ་པོའི་རེ་བ་སྐོང་བའི་ཕྱིར༔ སྲིད་གསུམ་སྐྱེ་འགྲོ་ཀ་ཆ་དཀོར་ནོར་ཀུན༔ པདྨའི་ལྕགས་ཀྱུས་ཟུངས་ལ་ཞགས་པས་ཆིངས༔ བདག་དང་བསྲུང་བྱར་གྱུར་པ་གང་སུ་དག༔ གནས་སྐབས་རྐྱེན་སོལ་མཐར་ཐུག་བདེ་ལ་སྦྱོར༔ རིག་པའི་ལྷ་དང་སྐལ་བ་མཉམ་པར་ཤོག༔ འདི་ཁོལ་བྱུང་དུ་འདུག་པ་རང་བློས་བར་དུ་བཙུད་པའོ༔ ཨོཾ་ཨཱཿཧཱུྃ༔ འགྱུར་བ་མི་མངའ་ཆོས་ཀྱི་སྐུ༔ འགགས་མེད་གསུང་དང་འཁྲུལ་བྲལ་ཐུགས༔ ཡོན་ཏན་ཕྲིན་ལས་རྨད་བྱུང་གཏེར༔ གསང་བ་གསུམ་གྱི་དངོས་གྲུབ་སྩོལ༔ ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་སིིདྡྷི་ཕ་ལ་ཧྲཱིཿ ཧོ༔ དུས་གསུམ་ཚོགས་གཉིས་བསགས་འབྲས་གང༔ རྣམ་མཁྱེན་གདོད་མའི་རྒྱུ་རུ་བསྔོ༔ མཁའ་མཉམ་ཡིད་ཅན་འགྲོ་བ་ཀུན༔ དབང་ལྷ་དང་མཉམ་མཐུ་ཐོབ་ཤོག༔ ཨཱཿ སྤྲོས་བྲལ་ཡེ་ཤེས་རང་མདངས་ལྷ༔ རིག་སྟོང་མཉམ་ཉིད་དབྱིངས་སུ་བསྡུ༔ སླར་ཡང་སྒྱུ་མའི་རོལ་རྩལ་ལས༔ སྣང་གྲགས་ལྷ་སྔགས་ཆོས་སྐུར་ཤར༔ ཧྲཱིཿཛྙཱ་ན་ཙིཏྟ་བཛྲ་ཧཱུྃ༔ ཨེ་མ་ཧོ༔ རིག་བྱེད་ལྷ་མོའི་སྐུ་ལ་བགྲེས་རྒུད་མེད༔ སོར་རྟོག་ཡེ་ཤེས་གསུང་ལ་འགག་པ་མེད༔ གོས་དཀར་ལྷ་མོའི་ཐུགས་ལ་གསལ་འགྲིབ་བྲལ༔ རྟག་པའི་རྡོ་རྗེ་གསུམ་གྱི་བཀྲ་ཤིས་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཅེས་པ་འདི་ཡང་བདག་དང་སྔོན་ནས་འབྲེལ་བའི་དགེ་སྦྱོང་ཡེ་ཤེས་མཁའ་འགྲོའི་ལུང་གིས་བསྔགས་པའི་ཀརྨ་དྷརྨ་པཱ་ལས་བསྐུལ་ངོར་བླ་མའི་བྱིན་རླབས་སྙིང་ལ་སིམ་པའི་བཙུན་གཟུགས་ས་ར་ཧི་ཏས་རང་བྱུང་དགོངས་པའི་ཀློང་ནས་སྤེལ་བ་ཛ་ཡནྟུ༔

#div1 རིགས་ལྡན་ལྷ་མོ་མནྡ་ར་བ་སྒྲུབ་པའི་བསྡུས་དོན།

རིགས་ལྡན་ལྷ་མོ་མནྡ་ར་བ་སྒྲུབ་པའི་བསྡུས་དོན༔ པདྨ་ཀཱ་ར་ལ་བཏུད་དེ༔ རིགས་ལྡན་ལྷ་མོ་མནྡ་ར༔ དེ་ཉིད་སྒྲུབ་པའི་བསྡུས་དོན་ནི༔ དཀྱིལ་འཁོར་མེད་ཅིང་གཏོར་མ་མེད༔ སྐད་ཅིག་དྲན་པའི་ཏིང་འཛིན་གྱིས༔ སྟོང་པའི་ངང་ལས་པད་ཟླའི་སྟེང་༔ རང་སེམས་བཅོས་མེད་རིག་པ་འདི༔ མནྡ་ར་བ་སྐུ་མདོག་དཀར༔ དམར་ལ་མདངས་ཆགས་ཞི་འཛུམ་བཞད༔ རུས་རྒྱན་དར་དཔྱངས་མུ་མེན་གྱི༔ གཙུག་ཏོར་མཆོད་ལྷའི་རྣམ་འགྱུར་ངོམ༔ ཞབས་གཉིས་གར་སྟབས་ཤིགས་སེ་ཤིག༔ ཕྱག་གཡས་གྲི་གུག་ནམ་མཁར་ཕྱར༔ གཡོན་པས་ཐོད་བུམ་ལྟེ་བར་བསྣམས༔ སྤྱི་སྟེང་ཟླ་དཀྱིལ་དབུས་སུ་ཧཾ༔ གསང་སྦུབས་པདྨའི་དཀྱིལ་དུ་ནི༔ ཉི་གདན་སྟེང་དུ་གཏུམ་མོའི་ཨ༔ ཟངས་ཀྱི་མོ་ཁབ་ལྟ་བུར་བསྒོམ༔ རྩ་ཡི་གཙོ་བོ་གསུམ་པོ་ལ༔ འཁོར་ལོ་ལྔ་ཡི་དཀྱིལ་འཁོར་གསལ༔ རོ་རྐྱང་གཉིས་ནས་རླུང་བརྔུབ་པས༔ དབུ་མའི་མར་སྣེ་གསང་བའི་སྦུབས༔ གཏུམ་མོའི་ཨ་ལ་ཕོག་པ་ཡིས༔ བྱིན་རླབས་མེ་འོད་ལྷབ་ཀྱིས་འབར༔ མཚན་ཉིད་བཞི་ལྡན་མེ་ལྕེ་ཡིས༔ ཧཾ་ཡིག་རེག་པ་འཕྲོད་པའི་ཚེ༔ འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱས༔ ཚུར་འདུས་ཧཾ་ཡིག་བདུད་རྩིར་ཞུ༔ དཀར་སེར་དམར་ལྗང་མཐིང་ཀར་གྱུར༔ སྤྱི་བོ་བདེ་ཆེན་འཁོར་ལོ་རུ༔ སངས་རྒྱས་རྣམ་སྣང་རྒྱལ་པོ་དང༔ ཡི་དམ་སྒྲུབ་སྡེ་བརྒྱད་ལ་ནི༔ རྩ་གསུམ་སྲུང་མས་ཁྲོམ་ལྟར་བསྐོར༔ ཁྱད་པར་རང་གིས་སྒྲུབ་པའི་ལྷ༔ རྩ་གསུམ་སྲུང་མ་ཆེད་དུ་བསྒོམ༔ ཟག་མེད་བྱང་སེམས་བདུད་རྩི་དང༔ རང་གི་བཟའ་བཏུང་ལས་བཞི་ཡི༔ རྫས་དང་ཁ་དོག་དེ་ལྟར་བསྒོམ༔ སོ་སོའི་མཆོད་པའི་ལྷ་མོར་དམིགས༔ ཁ་ནི་ཞི་རྒྱས་དབང་དྲག་གི༔ ཐབ་ཏུ་འདུ་ཤེས་སྲེག་བླུགས་འབུལ༔ གཏུམ་མོའི་མེ་ལྕེས་བཞུས་ནས་ནི༔ ལྷ་ཚོགས་ལྗགས་ནི་འཁོར་ལོ་དང༔ རྡོ་རྗེ་ནོར་བུ་པདྨ་གྲི༔ འོད་ཀྱི་སྦུ་གུའི་ནང་དུ་དྲངས༔ ཐུགས་རྒྱུད་མཉེས་ཤིང་ཚིམ་པ་དང་༔ བདག་ལ་ལས་བཞིའི་དངོས་གྲུབ་གང༔ དེ་དང་དེ་བཞིན་འགྲུབ་པར་དམིགས༔ དམིགས་པའི་ལྡེ་ཁ་གཞན་ལྟར་བསྒྱུར༔ དེ་ནི་སྤྱི་ལྟར་བྱེ་བྲག་ཏུ༔ ཐོ་རངས་ཞི་བའི་དུས་བབས་ཚེ༔ སྙིང་ཀ་ཆོས་ཀྱི་འཁོར་ལོའི་དབུས༔ བཅོམ་ལྡན་རྡོ་རྗེ་སེམས་དཔའ་ལ༔ ཞི་བ་བཞི་བཅུ་སྤྱི་བྱེ་བྲག༔ ལྷ་ཚོགས་རྣམས་ལ་ཧཾ་བདུད་རྩི༔ དཀར་པོའི་རྒྱུན་བབས་བཟའ་བཏུང་གི༔ བསྲེག་རྫས་ཞི་བའི་རྫས་སུ་འབུལ༔ རྡོར་སེམས་ལ་སོགས་ལྷ་ཚོགས་ཀྱི༔ ལྗགས་ནི་རྡོ་རྗེའི་སྦུ་གུ་ཅན༔ དེ་ཡིས་བདུད་རྩི་དཀར་ལྟེམ་གྱིས༔ གསོལ་བས་མཉེས་ཚིམ་སྐུ་ལས་ནི༔ འོད་ཟེར་དཀར་པོ་བདག་གཞན་ལ༔ ཕོག་པས་སྒྲིབ་གཉིས་བག་ཆགས་དང༔ ནད་གདོན་སྡིག་སྒྲིབ་དག་པར་དམིགས༔ ས་མ་ཡཱ༔ དེས་ནི་ཞི་བའི་ལས་ཀུན་འགྲུབ༔ ཉི་ཕྱེད་རྒྱས་པའི་དུས་བབས་ཚེ༔ ལྟེ་བ་སྤྲུལ་པའི་འཁོར་ལོའི་དབུས༔ བཅོམ་ལྡན་རིན་ཆེན་འབྱུང་གནས་ལ༔ རྒྱས་པའི་ལྷ་ནི་སྤྱི་བྱེ་བྲག༔ རྣམས་ལ་ཧཾ་གི་བདུད་རྩི་ནི༔ སེར་པོའི་རྒྱུན་བབས་བཟའ་བཏུང་གི༔ བསྲེག་རྫས་རྒྱས་པའི་རྫས་སུ་འབུལ༔ རིན་འབྱུང་ནོར་ལྷ་ལ་སོགས་པའི༔ ལྗགས་ནི་ནོར་བུའི་སྦུ་གུ་ཅན༔ བདུད་རྩི་སེར་གསལ་གསོལ་བས་མཉེས༔ སྐུ་ལས་འོད་ཟེར་སེར་པོ་འཕྲོས༔ ཁམས་གསུམ་སྐྱེ་དགུའི་ཕྱྭ་གཡང་འགུགས༔ ཚེ་བསོད་འབྱོར་དྲུག་རྒྱས་པར་དམིགས༔ ས་མ་ཡཱ༔ དེས་ནི་རྒྱས་པའི་ལས་ཀུན་འགྲུབ༔ དགོང་མོ་དབང་གི་དུས་ཚོད་ལ༔ མགྲིན་པ་ལོངས་སྤྱོད་རྩ་འཁོར་དུ༔ བཅོམ་ལྡན་སྣང་བ་མཐའ་ཡས་ལ༔ གོས་དཀར་མོ་སོགས་དབང་ལྷ་སྤྱི༔ བྱེ་བྲག་རྣམས་ལ་ཧཾ་བདུད་རྩི༔ དམར་པོའི་རྒྱུན་བབ་བཟའ་བཏུང་གི༔ བསྲེག་རྫས་དབང་གི་རྫས་སུ་འབུལ༔ སྣང་མཐའ་རིག་བྱེད་ལྷ་ཆེན་སོགས༔ ལྗགས་ནི་པདྨའི་ཕྱག་མཚན་གྱི༔ སྦུ་གུ་འོད་དམར་རྣམ་པས་གསོལ༔ ལྷ་ཚོགས་སྐུ་ལ་འོད་དམར་པོ༔ ལྕགས་ཀྱུ་ཞགས་པའི་རྣམ་པར་འཕྲོས༔ ཆེ་བཙན་དྲེགས་པ་མི་ལྷ་འདྲེ༔ ཕོ་མོ་ཡུལ་ཁམས་དཀོར་ནོར་རྫས༔ ཁབ་ལེན་རྡོ་ཡིས་ལྕགས་བཞིན་བསྡུས༔ གང་དམིགས་སྣང་བ་དབང་དུ་འགྱུར༔ ས་མ་ཡཱ༔ དེས་ནི་དབང་གི་ལས་ཚོགས་འགྲུབ༔ མུན་རུབ་སྲོད་འཁོར་གདོང་ནག་དུས༔ གསང་གནས་བདེ་སྐྱོང་འཁོར་ལོའི་གཤིས༔ བཅོམ་ལྡན་དོན་ཡོད་གྲུབ་པ་ལ༔ ཕྲིན་ལས་ཕུར་པ་མ་མགོན་གཟའ༔ དྲག་པོའི་དཔུང་ཚོགས་རྔམ་པ་ཡིས༔ ཞལ་གདངས་མཆེ་གཙིགས་གད་རྒྱངས་སྒྲོག༔ བརྟུལ་ཞུགས་ཅན་རྣམས་ལྗགས་མཚོན་ཆའི༔ སྦུ་གུ་ཅན་གྱིས་བཟའ་བཏུང་ཚོགས༔ གང་དམིགས་དགྲ་བོའི་ཕུང་ཁམས་དང༔ ཧཾ་གི་བདུད་རྩི་མཐིང་ག་ལྗང་༔ རྣམ་པས་དགྲ་གདོན་ཚེ་བསོད་རྔུབ༔ ཞལ་གྱི་ཧོམ་དུ་བསྟིམ་པ་ཡིས༔ རྣམ་ཤེས་སྐྱེ་མེད་དབྱིངས་སུ་སྤར༔ ས་མ་ཡཱ༔ དེས་ནི་དྲག་པོའི་ལས་ཚོགས་འགྲུབ༔ རྡོ་རྗེ་མཁའ་འགྲོའི་ལུས་དཀྱིལ་འདི༔ ཟབ་པའི་ནང་ནས་ཡང་ཟབ་ཡིན༔ བཅུད་ལས་བཅུད་དུ་བསྡུས་ཏེ་བསྟན༔ མཚོ་རྒྱལ་ཨ་ཙར་ཟུང་གི་འཕྲུལ༔ འགྲོ་ཕན་སེམས་དཔའ་དེ་ལ་ནི༔ མི་སྣང་དགོངས་པའི་རྒྱས་བཏབ་པ༔ དུས་བབ་ལས་འཕྲོ་སད་པའི་ཚེ༔ ཐོགས་པ་མེད་པར་སྤེལ་བ་འདི༔ དད་ལྡན་སྐྱེས་བུ་ཟུང་ལ་སྤྲོད༔ ཚོགས་བསགས་འབྲས་བུ་དུས་འདིར་སྨིན༔ ཕུན་སུམ་ཚོགས་པ་ལྔ་ཡི་རྒྱ༔

སྒྲོལ་མ་འཇིགས་ཚོགས་རང་གྲོལ།

སྒྲོལ་མ་འཇིགས་ཚོགས་རང་གྲོལ་བཞུགས༔ ཨཱཿ སྒྱུ་ལུས་དག་པ་རབ་འབྱམས་ཀློངཿ སྙིང་དབུས་གཡུ་ལོ་བཀོད་པ་ན༔ རིག་པ་སྐུ་གསུམ་རྗེ་བཙུན་མ༔ རྟོག་ཚོགས་ཏཱ་རེ་ཉི་ཤུ་གཅིག༔ འདུ་འབྲལ་མེད་པར་གསོལ་བ་འདེབས༔ གཟུང་འཛིན་ལས་བྱུང་འཇིགས་པ་བརྒྱད༔ སྐྱོབས་ཤིག་འདོད་དོན་ལྷུན་གྲུབ་ནས༔ ཚོགས་ཆེན་ས་ལ་ལྷུན་རྫོགས་ཤོག༔ བསམ་གཏན་ཡེ་ཤེས་གླིང་པས་སོ༔

སྒྲོལ་མ་འཇིགས་ཚོགས་རང་གྲོལ་གྱི་འགྲེལ་པ་འཇམ་དབྱངས་དགོངས་རྒྱན་དྷརྨ་ཀིརྟིས་མཛད་པ།

༄༅། སྒྲོལ་མ་འཇིགས་ཚོགས་རང་གྲོལ་གྱི་འགྲེལ་བ་འཇམ་དབྱངས་དགོངས་རྒྱན་བཞུགས། ན་མོ་ཨཱརྱ་ཏཱ་རེ་ཡེ། བཅོམ་ལྡན་འཕགས་མ་སྒྲོལ་མ་དང་། །ཞི་བ་ཆགས་བྲལ་དམ་པའི་ཆོས། །ཚོགས་ཀྱི་མཆོག་གྱུར་དགེ་འདུན་ལ། །ཕྱག་འཚལ་སྙིང་ནས་སྐྱབས་སུ་མཆི། །སེམས་ཅན་ལ་དམིགས་བྱམས་སེམས་དང་། །སྙིང་རྗེ་ཆེ་དང་མི་འབྲལ་ཕྱིར། །སྒྲོལ་མ་འཇིགས་ཚོགས་རང་གྲོལ་འདི། །སྐྱེས་མཆོག་རྣམས་ལ་བསྙད་པར་བྱ༔ དེ་ལ་འདིར་ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཉིད་སྐྱེ་འགགས་དང་བྲལ་བ་ངོ་བོ་ཡེ་ནས་དག་པ་ནམ་མཁའ་ལྟ་བུ་རུ་རྐྱེན་གྱིས་མ་བསྐྱེད་པའི་འདུས་མ་བྱས་པ་དེ་ལ་སྟོན་པ་བདེ་བར་གཤེགས་པའི་གསུང་གི་གསང་བ་ཟབ་མོ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་བསྟན་པའི་མདོ་སོགས་ལས་ཁམས་བདེ་བར་གཤེགས་པའི་སྙིང་པོ་ཞེས་རྒྱ་ཆེར་བཤད་པ་དེ་ཉིད་གསང་སྔགས་ཐུན་མོང་མ་ཡིན་པའི་རྒྱུད་སྡེ་རྣམས་སུ་གདོད་མའི་ཡེ་གཞིའམ་གཞི་གནས་རང་བྱུང་གི་རིག་པ་ཞེས་བཤད་དེ་དེའི་མཚན་ཉིད་ཀྱང་། ངོ་བོ་ཡེ་ནས་དག་ཅིང་དྲི་མ་གློ་བུར་བ་གཤིས་ལ་མ་ཞུགས་པས་དྭངས་པ། སྟོང་པ་ཕྱང་ཆད་ལྟ་བུ་མ་ཡིན་པས་རང་བཞིན་གྱིས་འོད་གསལ་བ། ཡོད་མེད་ལ་སོགས་པའི་ཕྱོགས་སུ་མ་ལྷུང་ཞིང་སྤྲོས་པ་ཐམས་ཅད་དང་བྲལ་བས་མི་འཁྲུགས་པ། རྒྱུ་རྐྱེན་གྱིས་མ་བཅོས་པར་བསྟན་ཏེ། ཏིང་འཛིན་རྒྱལ་པོའི་མདོ་ལས། དག་པ་དྭངས་བ་འོད་གསལ་བ། །མི་འཁྲུགས་འདུས་མ་བྱས་པ་ཉིད། །བདེ་བར་གཤེགས་པའི་སྙིང་པོ་སྟེ། །ཡེ་ནས་གནས་པའི་ཆོས་ཉིད་དོ། །ཞེས་དང་། དེ་ཉིད་འཁོར་ལོ་བར་མའི་མདོ་རྣམས་སུ་རྣམ་ཐར་སྒོ་གསུམ་གྱི་རང་བཞིན་དུ་བསྟན་ཏེ། ཚངས་པ་ཁྱད་པར་སེམས་གྱིས་ཞུས་པའི་མདོ་ལས། ཆོས་ཐམས་ཅད་ནི་སྟོང་པ་ཉིད་ཀྱི་རང་བཞིན་ཅན་ཏེ་དམིགས་པ་དང་བྲལ་བའོ། །ཆོས་ཐམས་ཅད་ནི་མཚན་མ་མེད་པའི་རང་བཞིན་ཅན་ཏེ་རྟོག་པ་དང་རྣམ་པར་རྟོག་པ་དང་བྲལ་བའོ། །ཆོས་ཐམས་ཅད་ནི་སྨོན་པ་མེད་པའི་རང་བཞིན་ཅན་ཏེ་བླང་བ་མེད་པ་དང་དོར་བ་མེད་པའི་རང་བཞིན་ཏེ་དེ་ནི་རང་བཞིན་གྱིས་འོད་གསལ་བའོ། །ཞེས་སོགས་དང་། གྲུབ་མཐའ་རིན་པོ་ཆེའི་མཛོད་ལས། གདོད་མའི་གཞི་རང་བྱུང་གི་ཡེ་ཤེས་རྒྱ་ཆད་ཕྱོགས་ལྷུང་མེད་པ་དེ་ཉིད་ངོ་བོ་སྟོང་པ་ནམ་མཁའ་ལྟ་བུ། རང་བཞིན་གསལ་བ་ཉི་ཟླ་ལྟ་བུ། ཐུགས་རྗེ་ཁྱབ་པ་འོད་ཟེར་ལྟ་བུ། དེ་གསུམ་ངོ་བོ་དབྱེར་མེད་པ་སྐུ་གསུམ་ཡེ་ཤེས་ཀྱི་རང་བཞིན་དུ་ཡེ་ནས་རྟག་པར་འཕོ་བ་དང་འགྱུར་བ་མེད་པའི་དབྱིངས་སུ་གནས་ཏེ་ཞེས་སོགས་ནས། འཁོར་འདས་གང་ཡང་མ་ཡིན་ལ། གོ་འབྱེད་པའི་ཆ་ནས་དབྱིངས་རང་བཞིན་རྣམ་དག་ཆེན་པོ་ཞེས་བཏགས་པའོ། །ཞེས་གསུངས་པ་ལྟར་ཡེ་གཞི་རིག་སྟོང་མཐའ་བྲལ་དེ་ཉིད་སྟོན་པར་བཞེད་ནས། ཐོག་མར་ཨཱ༵ཿཞེས་པས་ངེས་པའི་དོན་གཙོ་བོར་སྟོན་པ་སྐྱེ་བ་མེད་པའི་ཚིག་གིས་མཚོན་པ་སྟེ། དེ་ཡང་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལས། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། །ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཚིག་ཏུ་བརྫོད་པ་སྤངས་པ་སྟེ། །ཞེས་གསུངས་པ་ལྟར་དང་། དེ་ལྟར་ངོ་བོའི་ཆ་ནས་སྣང་སྟོང་གི་ཕྱོགས་གང་དུའང་ལྷུང་བ་མེད་པའི་སྟོང་ཉིད་མཐའ་གྲོལ་གྱི་ཡེ་ཤེས་ཆེན་པོ་དུས་གསུམ་འཕོ་འགྱུར་མེད་པ་དེའི་ངང་ལས་སྣང་སྲིད་གཞིར་བཞེངས་ཀྱི་རྒྱལ་བའི་དཀྱིལ་འཁོར་དུ་ཡེ་ནས་རྫོགས་པ། དཔལ་ཆེན་ཞལ་ལུང་ལས། ལྷ་ཉིད་བྱང་ཆུབ་སེམས་དངོས་ལ། །སེམས་ཉིད་སངས་རྒྱས་ཤེས་པ་ཡིས། །བསྐྱེད་དུ་མེད་དོ་ཡེ་ནས་ཡིན། །ངེས་མེད་ཅིར་ཡང་འཆར་བ་ལ། །མ་བཀག་མ་བསྒྲུབ་རང་བཞིན་གསལ། །བསམ་བརྗོད་བྲལ་བའི་རང་མདངས་ལ། །མཚན་དཔེའི་ཕྱག་རྒྱ་ཅིར་ཡང་སྣང་། །སྣང་ཙམ་ཉིད་ནས་མ་གྲུབ་སྟོང་། ཞེས་དང་། རྒྱུད་ལས་ཀྱང་། རྡོ་རྗེ་ཕུང་པོའི་ཡན་ལག་ནི། །རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །སྐྱེ་མཆེད་ཁམས་རྣམས་མང་པོ་ཀུན། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཉིད། །ས་ཆུ་སྤྱན་དང་མ་མ་ཀཱི། །མེ་རླུང་གོས་དཀར་སྒྲོལ་མ་སྟེ། །ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། །སྲིད་གསུམ་ཡེ་ནས་སངས་རྒྱས་ཤིང་། །ཐམས་ཅད་མ་ལུས་ཆོས་སོ་ཅོག །སངས་རྒྱས་ཉིད་ལས་གཞན་མ་ཡིན། །སངས་རྒྱས་ཉིད་ལས་གཞན་པའི་ཆོས། །སངས་རྒྱས་ཉིད་ཀྱིས་མ་བརྙེས་སོ། །ཞེས་པ་ལྟར་མ་དག་འཁྲུལ་བའི་སྣང་ངོར་འབྱུང་བཞི་འདུས་པའི་སྒྱུ༵་ལུ༵ས་གྱི་ཕུང་པོ་འདི་ཉིད་སྡུག་བསྔལ་བདེན་པས་བསྡུས་པར་སྣང་ཡང་། དག་མཉམ་གཞིའི་གནས་ལུགས་ཀྱི་ཀློང་ན་ཡེ་ནས་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་མ་བསྐྱེད་ཡེ་རྫོགས་སུ་ལྷའི་ཕྱག་རྒྱར་སྣང་སྲིད་ད༵ག་པ༵་ར༵བ་འབྱ༵མས་སུ་ལྷུན་གྱིས་གྲུབ་པའི་ཀློ༵ང་ཆེན་པོ། སྙིང་ཁའི་པདྨོའི་དབུ༵ས་གཡུ༵་ལོ༵་བཀོ༵ད་པ༵འམ་ལས་རབ་རྫོགས་པའི་ཞིང་ནི། ཕྱི་ལྟར་ན་བསྐལ་བ་བཟང་པོའི་སངས་རྒྱས་སྟོང་འཛམ་བུའི་གླིང་གི་ཡུལ་དབུས་སུ་མ་གཱ་དྷའམ་རྡོ་རྗེའི་གདན་དུ་མངོན་པར་འཚང་རྒྱ་བ་ལྟར། ནང་ལྟར་ན་རྡོ་རྗེའི་ལུས་ཀྱི་གནས་ལུགས་ཀྱི་མན་ངག་ལ་བསྟེན་ནས་མངོན་པར་འཚང་རྒྱ་བའི་གནས་སྙིང་ཁ་ཆོས་ཀྱི་འཁོར་ལོ་རྡོ་རྗེ་གདན་ཆེན་པོ་ཡིན་པར་བཤད་དེ། བཤད་རྒྱུད་རྡོ་རྗེའི་ཕྲེང་བ་ལས། སྙིང་ཁའི་པདྨོའི་སྦུབས་མཁའ་ལ། །ཡེ་ཤེས་རྡོ་རྗེ་རྟག་ཏུ་བཞུགས། །གཙོ་བོ་ཆེན་པོ་མི་བསྐྱོད་པའི། །འཇིག་རྟེན་ཁམས་ནི་དེ་ཉིད་དོ། །ཞེས་པའི་རང་སྣང་དོན་གྱི་འོག་མིན་དུ་སངས་རྒྱས་པ་ན༵། ཆོས་དབྱིངས་དྲི་མེད་ཀྱི་རི༵ག་པ༵་སྐུ༵་གསུ༵མ་རང་ཆས་ཀྱི་རྗེ༵་བཙུ༵ན་འཕགས་མ༵་སྒྲོལ་མར་སྣང་བ་ཡང་། ཐུགས་ཐིག་ལས། གཞི་གནས་རིག་པ་ངོ་བོ་རང་བཞིན་དང་། །ཐུགས་རྗེ་གསུམ་སྟེ་རྒྱལ་བའི་སྙིང་པོ་ལ། །སྐུ་གསུམ་རང་ཆས་བཞུགས་པར་བཤད་པ་ཡིན། །ཞེས་དང་། ཉོན་མོངས་པའི་རྟོ༵ག་ཚོ༵གས་ཐམས་ཅད་ཀྱང་། གཞི་རྒྱུད་ལས། རང་བཞིན་ཤེས་པས་མི་སྤང་སྟེ། །རང་རིག་ཡེ་ཤེས་ཉིད་ཡིན་ནོ། །ཞེས་པ་ལྟར། མ་སྤངས་ཡེ་གྲོལ་ཏཱ༵་རེ༵་སྟེ་སྒྲོལ་མ་ཉི༵་ཤུ༵་རྩ་གཅི༵ག་གི་རང་བཞིན་ཡེ་ནས་ཡིན་པ་ལ་ཡིན་པར་ཤེས་པའི་ངང་ནས་ཚིག་གིས་གསལ་འདེབས་པ་དང་། སྤྲོས་པའི་བློས་བཅོས་པ་སོགས་ལ་མི་ལྟོས་པར་གདོད་ནས་རང་བྱུང་འདུ༵་འབྲ༵ལ་མེ༵ད་པ༵ར་བསྐྱེད་རྫོགས་དབྱེར་མེད་པ་ལྷ་སྔགས་ལྷུན་གྲུབ་ཆེན་པོའི་རང་བཞིན་དུ་གསོ༵ལ་བ༵་འདེ༵བས་ཞེས་དང་། སེམས་ཅན་རྣམས་ཀྱིས་གཟུ༵ང་བའི་ཡུལ་ལ་འཛི༵ན་པའི་སེམས་ཆགས་པ་ལ༵ས་བྱུ༵ང་བའི་རྨི་ལམ་བཞིན་དུ་རིགས་དྲུག་བརྒྱུད་མར་འཁོར་བ་རྣམས་ལ་ནད་དང་མུ་གེ། མེ་དང་ཆུ་བོ། དམག་དང་མཚོན་ཆ། རྒྱལ་པོའི་ཆད་པ་དང་། དུས་མིན་དུ་འཆི་བ་སྟེ། གནས་སྐབས་སུ་འཇི༵གས་པ༵་བརྒྱ༵ད་དང་མཐར་ཐུག་སྒྲིབ་གཉིས་བག་ཆགས་དང་བཅས་པའི་འཇིགས་པ་མཐའ་དག་ལས་སྐྱོ༵བས་ཤི༵ག བྱར་མེད་བརྗོད་བྲལ་སྲིད་ཞི་མཉམ་ཉིད་དུ་རྟོགས་པའི་འདོ༵ད་དོ༵ན་ལྷུ༵ན་གྱིས་གྲུ༵བ་ན༵ས། ཚོ༵གས་ཆེ༵ན་ཡེ་རྫོགས་ཆོས་ཟད་བློ་འདས་ཀྱི་ས༵་ལ༵་ཕྱིན་ཏེ། ལྷུ༵ན་རྫོ༵གས་ཀུན་ཏུ་བཟང་པོའི་གོ་འཕང་མཆོག་བརྙེས་ནས་མཁའ་དང་མཉམ་པའི་ཡེ་ཤེས་ཀྱི་སྐུས་ཕྱོགས་དུས་ཀྱི་མུ་མཐའ་ཇི་སྲིད་དུ་འགྲོ་བ་ཀུན་གྱི་ཕན་བདེའི་དོན་ཀུན་འཇོ་བའི་ཡིད་བཞིན་ནོར་བུ་ལྟ་བུའི་འབྲས་བུའི་མཐར་ཐུག་འབད་མེད་དུ་འགྲུབ་པར་ཤོ༵ག་ཅིག ཅེས་པའོ། །སླར་སྨྲས་པ། །ཕྱི་ཡི་སྒྲོལ་མ་ཉེར་གཅིག་ཚར་དུ་དངར། །ནང་གི་སྒྲོལ་མ་མཆོག་གསུམ་དངོས་སུ་གྲུབ། །གསང་བའི་སྒྲོལ་མ་རང་རིག་རྗེ་བཙུན་མར། །སྙིང་ནས་འདུད་དོ་བདག་སོགས་མཁའ་མཉམ་འགྲོ། །གནས་སྐབས་འགལ་རྐྱེན་འཇིགས་བརྒྱད་གཡུལ་ལས་རྒྱལ། །བཀྲ་ཤིས་དཔལ་འབར་བདེ་འགྲོའི་རྟེན་བཟང་རྙེད། །མཐར་ཐུག་སྒྲིབ་གཉིས་དྲི་མ་ཀུན་བྱང་ནས། །བླ་མེད་བྱང་ཆེན་མྱུར་དུ་ཐོབ་པར་ཤོག། ཅེས་སྒྲོལ་མ་འཇིགས་ཚོགས་རང་གྲོལ་གྱི་འགྲེལ་བ་འཇམ་དབྱངས་དགོངས་རྒྱན་ཞེས་བྱ་བ་འདི་ཡང་ལུགས་ཟུང་གི་བྱ་བས་རྟག་ཏུ་བཏང་ཡང་ཆོས་བརྒྱད་ཀྱི་འཇའ་རིས་ལ་ཡང་ཡང་ཞེན་པའི་ཆོས་མེད་སྤྲང་སྨྱོན་དྷརྨ་ཀིརྟིས་སྒྲུབ་སྡེ་འོད་གསལ་གླིང་དུ་སྦྱར་བ་ཐོག་མཐའ་བར་གསུམ་དུ་དགེ་བའི་རྒྱུར་གྱུར་ཅིག སརྦ་མངྒ་ལཾ།

སྒྲོལ་མ་འཇིགས་ཚོགས་རང་གྲོལ་གྱི་འགྲེལ་བའི་ས་བཅད་ཆ་མདའ་རབ་བློས་མཛད་པ།

༄༅། དེ་ལ་འདིར་སྒྲོལ་མ་འཇིགས་ཚོགས་རང་གྲོལ་འདི་ཉིད་འཆད་པ་ལ་གསུམ། སྔོན་འགྲོ་དངོས་གཞི་རྗེས་དང་གསུམ་ལས། དང་པོ་ལ་མཆོད་པར་བརྗོད་པ་དང་བརྩམ་པར་དམ་བཅའ་བའོ།། དང་པོ་ལ་སྤྱི་དང་བྱེ་བྲག་གཉིས་ལས། བྱེ་བྲག་ཏུ་སྒྲོལ་མ་ལ་ཕྱག་འཚལ་བ། སྤྱིར་མཆོག་གསུམ་ལ་ཕྱག་འཚལ་བའོ།། དང་པོ་ནི། ན་མོ་ཨཱརྱ་སོགས། གཉིས་པ་ནི། བཅོམ་ལྡན་འཕགས་མ་སོགས། གཉིས་པ་བརྩམ་པར་དམ་བཅའ་བ་ནི། སེམས་ཅན་ལ་དམིགས་སོགས། གཉིས་པ་བཤད་པ་དངོས་ལའང་གཉིས། མདོར་བསྟན་པ་དང་རྒྱས་པར་བཤད་པའོ།། དང་པོ་ལ་སྒྲ་དེ་འཁོར་འདས་ཐམས་ཅད་སྐྱེ་བ་མེད་པ་ཡི་གེ་ལ་ཡི་གེའི་རང་བཞིན་དུ་བསྟན་པ་ནི། དེ་ལ་འདིར་ཆོས་ཐམས་ཅད་ཀྱི་སོགས། གཉིས་པ་རྒྱས་པར་བཤད་པ་ལའང་བདུན། མ་དག་སྒྱུ་ལུས་ལྷ་སྐུར་སྦྱང་བ། སྣང་བ་ཁམས་སུ་དག་པ། རིག་པ་སྐུ་གསུམ་རྗེ་བཙུན་མར་བསྟན་པ། བཟང་ངན་གྱི་རྟོག་ཚོགས་སྒྲོལ་མ་ཉེར་གཅིག་ཏུ་བསྟན་པ། འབྲལ་མེད་དུ་གསོལ་བ་འདེབས་པ། གསོལ་འདེབས་ཀྱི་ཕན་ཡོན་བསྟན་པ། འབྲས་བུ་ལྷུན་གྲུབ་ཆེན་པོར་བསྟན་པ་དང་བདུན་ནོ།། དང་པོ་ནི། དེ་ལྟར་ངོ་བོའི་ཆ་ནས་སོགས། གཉིས་པ་ནི། སྙིང་ཁའི་པདྨོའི་དབུས་སོགས། གསུམ་པ་ནི། ཆོས་དབྱིངས་དྲི་མེད་ཀྱི་རིག་པ་སོགས། བཞི་པ་ནི། ཉོན་མོངས་པའི་རྟོག་ཚོགས་ཐམས་ཅད་སོགས། ལྔ་པ་ནི། སྤྲོས་པའི་བློས་བཅོས་པ་སོགས་ལ་སོགས། དྲུག་པ་ནི། སེམས་ཅན་རྣམས་ཀྱིས་གཟུང་བའི་སོགས། བདུན་པ་ནི། ཚོགས་ཆེན་ཡེ་རྫོགས་སོགས། གསུམ་པ་རྗེས་མཇུག་བསྡུ་བ་ནི། སླར་སྨྲས་པ། །ཕྱི་ཡི་སྒྲོལ་མ་ཉེར་གཅིག་སོགས། ཞེས་པའི་ས་བཅད་འདི་ཆོས་དབང་སྔགས་ནག་བློ་རབ་པས་སོ།།

འགོང་བཀར་རྒབ་འདྲེ་མཐའ་བསྐྲད།

ཡང་ཟབ་སྒྲུབ་པའི་ཆ་ལག་ཏུ༔ འགོང་བཀར་རྒབ་འདྲེ་མཐར་བསྐྲད་བཞུགས༔ བཛྲ་པ་ཎི་ལ་ཕྱག་འཚལ་ལོ༔ ནོར་ལྷ་སྒྲུབ་པའི་སྔོན་རོལ་དུ༔ འགོང་པོ་བཀར་ཐབས་འདི་གལ་ཆེ༔ དཔེར་ན་རྒྱལ་པོ་མཛོད་ཕྱེ་ཡང༔ འདོད་སྲེད་ཅན་གྱི་རྐུན་ཤོམ་ལྟར༔ ནོར་ལྷ་བསྒྲུབ་པའི་གཡང་ནོར་ཡང༔ མེད་སྲི་འགོང་པོས་བླ་ལ་རློམ༔ དེ་ཕྱིར་དེ་དག་བཀར་བའི་ཐབས༔ སྡེར་ཆགས་སྣོད་དུ་འགོང་པོའི་གཟུགས༔ བསེ་རག་རྒྱལ་པོ་གཞོན་ནུ་འབར༔ ཞྭ་ལ་འཕྲུ་བཙུག་གཡུ་རྣ་རྒྱན༔ ལག་གཉིས་བཟེད་ཅིང་གད་མོ་དགོད༔ བང་རྩལ་ཅན་གྱི་རི་བོང་ཞོན༔ འཁོར་དུ་འགོང་པོ་སྤུན་དགུས་བསྐོར༔ ཡས་བདུན་ཆག་དགུ་དྲུག་བཅུ་བཅའ༔ རྣལ་འབྱོར་ལྷ་ཡི་ང་རྒྱལ་གྱིས༔ འགུག་གཞུག་ལན་གསུམ་སྔགས་ཀྱིས་བརླབས༔ དེ་ནས་གཞུང་གི་སྨྲེང་འདི་གྱེར༔ ཀྱཻ་འགོང་པོ་བཀར་བ་གར་སྲིད་ན༔ ཕ་ནི་གནམ་འགོང་ཆེན་པོ་དང༔ མ་ནི་ས་འགོང་ནག་མོ་གཉིས༔ དེ་གཉིས་ཡིད་ཀྱིས་བསྡེབས་པ་ལས༔ འགོང་པོ་དེ་ནི་སྤུན་དགུ་བྱུང༔ མི་ལ་འགོང་པོ་ཕྱུགས་ལ་འགོང་པོ་དང༔ ཞིང་ལ་འགོང་པོ་ནོར་ལ་འགོང་པོ་དང༔ ལྟས་ངན་འགོང་པོ་སྤུན་དགུ་དང༔ འགོང་འདྲེ་བསེ་རག་སྤུན་དགུ་རྣམས༔ ཁྱེད་ལ་མཐུན་པའི་རྫོངས་འདེབས་སོ༔ གོ་གསུམ་ཐལ་འཇིམ་མགོ་དགུ་དང༔ ར་དང་རི་བོང་སྲེག་པ་དང༔ ལྕམ་ཤ་མང་པོ་རམ་པ་དང༔ མདའ་ཆག་ཕོར་ཆག་སྡེར་ཆག་སོགས༔ ཆག་དགུ་དྲུག་བཅུ་ཁྱོད་ལ་བྱིན༔ ཕྱུགས་ཀྱི་གོད་རོ་ཞིང་གི་ལུད༔ སྐྱ་བཤལ་ཞོ་ལད་ཆང་གི་སྐྱུར༔ འགོང་ཡས་སྣ་ཚོགས་ཁྱོད་ལ་བསྔོ༔ བུ་ལོན་ལན་ཆགས་བྱང་གྱུར་ཅིག༔ ཕྱུགས་ལ་མ་རྐུ་གཡང་ལ་མ་འཇབ་ཅིག༔ ནོར་ལྷ་སྒྲུབ་པའི་ཕྱོགས་འདིར་མ་འཁོར་སོང༔ ཤར་ཕྱོགས་ལུས་འཕགས་གླིང་ཞེས་བྱ་བར་དེངས༔ བཀར་རོ་འགོང་པོ་སྤུན་དགུ་བཀར༔ ཕུད་དོ་འགོང་པོ་སྤུན་དགུ་ཕུད༔ མནན་ནོ་འགོང་པོ་སྤུན་དགུ་མནན༔ བསྐྲད་དོ་འགོང་འདྲེ་བསེ་རག་བསྐྲད༔ སོང་ཞིག་འགོང་པོ་སྤུན་དགུ་སོང༔ རང་རང་སོ་སོའི་གནས་སུ་སོང༔ གལ་ཏེ་མི་འགྲོ་འདུག་གྱུར་ན༔ གསང་བདག་ཕྱག་ན་རྡོ་རྗེ་དང༔ དབང་ཆེན་ཁྲོ་རྒྱལ་རྟ་མགྲིན་དང༔ རིག་འཛིན་རོལ་བ་ཐོད་ཕྲེང་རྩལ༔ འཇིགས་བྱེད་བྱ་ཁྱུང་ཁྲོས་ནས་ནི༔ མགོ་བོ་ཚལ་པ་བརྒྱ་རུ་བཀས༔ ལུས་ནི་དུམ་བུ་སྟོང་དུ་ཕྱེ༔ སེམས་ནི་ངན་སོང་གནས་སུ་འཚོད༔ དེ་བས་མ་སྡོད་གཞན་དུ་དེངས༔ མི་ནོར་ཕྱུགས་ཀྱི་འགོང་པོ་བཟློག༔ མ་རིག་ལྟ་བའི་མིག་འགོང་བཟློག༔ ཁ་ཡིས་བཤད་པའི་ཁ་འགོང་བཟློག༔ ལག་པས་བརྙབ་པའི་ལག་འགོང་ཟློག༔ སེམས་ཀྱིས་བསམ་པའི་འགོང་འདྲེ་བཟློག༔ མཐོན་པོས་བསྐྱབ་པའི་འགོང་འདྲེ་བཟློག༔ བར་བས་མཛའ་བའི་འགོང་འདྲེ་བཟློག༔ འོག་མས་བཀུར་བའི་འགོང་འདྲེ་བཟློག༔ ཚེ་ཆོས་སྲིད་ཀྱི་འགོང་པོ་བཟློག༔ མི་ཁ་བྲ་མཆུ་ཐམས་ཅད་བཟློག༔ བྱད་ཟོར་རྦོད་གཏོང་ཐན་ལྟས་བསྒྱུར༔ མཱ་ར་ཡ་བྷྱོ་བཟློག་སོད༔ ཅེས་བརྗོད་བདེན་པའི་སྟོབས་བདར་བཅས༔ གྲོང་སྡེ་ཟད་པའི་མཐའ་ལ་བསྐྱལ་ལོ༔ དེས་ནི་མི་མཐུན་འགོང་པོ་བཟློག༔ ཕྱྭ་གཡང་བདེ་ལེགས་བཀྲ་ཤིས་འབྱུང༔ རྩ་གསུམ་ནོར་ལྷའི་བྱིན་འོད་ཆགས༔ ས་མ་ཡཱ༔ རང་བྱུང་དགོངས་པའི་བརྡ་ཆོས་འདི༔ མ་འོངས་འགྲོ་བའི་དོན་ཆེད་དུ༔ པདྨ་ཐོད་ཕྲེང་རྩལ་གྱིས་གདམས༔ ནོར་ལྷ་བསྒྲུབ་པའི་ཆ་ལག་མཆོག༔ འདི་མེད་དཔའ་བོ་མཚོན་ཤོར་འདྲ༔ རྒྱས་པ་དབང་ཆོག་སྣ་སེལ་དུ༔ མེད་དུ་མི་རུང་ཁྱད་ཆོས་མཆོག༔ བསླུ་མེད་རྡོ་རྗེའི་བརྡ་ཚིག་ཡིན༔ ལོག་ལྟ་ཅན་ལ་གསང་ངོ་རྒྱ༔ སྐལ་ལྡན་བུ་ལ་གཏད་དོ་རྒྱ༔ ཞེས་པ་འདི་ཡང་མཁའ་འགྲོ་ནོར་ལྷའི་ཆ་ལག་ཏུ༔ སློབ་བུ་ཀི་གཤེས་གང་གི་བཞེད་སྐོང་དུ༔ རྣལ་འབྱོར་འཆོལ་སྤྱོད་ས་ར་ཧི་ཏས་བྲིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག༔

ཨོ་རྒྱན་མཁའ་འགྲོའི་སྒྲུབ་ཐབས་འདོད་འབྱུང་གཏེར་བུམ།

ཡང་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཨོ་རྒྱན་མཁའ་འགྲོའི་སྒྲུབ་ཐབས་འདོད་འབྱུང་གཏེར་བུམ་བཞུགས༔

ཨོ་རྒྱན་ནོར་གྱི་ལྷ་ལ་འདུད༔ མ་འོངས་སྙིགས་མའི་འགྲོ་བ་རྣམས༔ དབུལ་ཞིང་ཉམ་ཐག་སྡུག་བསྔལ་གྱིས༔ བཀྲེས་སྐོམ་འཇིགས་པ་ལས་སྒྲོལ་ཕྱིར༔ ཨོ་རྒྱན་པདྨ་ཀ་ར་ཡིས༔ མི་འགྱུར་བསམ་ཡས་བར་ཁང་དུ༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དང༔ ཨ་ཙར་ཡེ་ཤེས་དབྱངས་ཉིད་ཀྱིས༔ རང་གཞན་ཡོངས་ལ་ཕན་པའི་ཕྱིར༔ བསོད་ནམས་མངའ་ཐང་རྒྱས་པ་དང༔ བསྟན་པའི་ཞབས་ཏོག་ཆ་རྐྱེན་དུ༔ ཨོ་རྒྱན་འཁོར་ལོས་བསྒྱུར་རྒྱལ་ལ༔ ཡང་ཡང་ཞུས་ཤིང་མཎྜལ་ཕུལ༔ དུས་གསུམ་མཁྱེན་པའི་ཞལ་ནས་ཀྱང༔ མ་འོངས་བསྟན་དང་འགྲོ་བའི་བཤེས༔ མཐུན་རྐྱེན་ལོངས་སྤྱོད་སྤེལ་བའི་ཐབས༔ མཁའ་འགྲོའི་ནོར་ལྷ་བསྒྲུབ་པའི་ཚུལ༔ དཀྱིལ་འཁོར་མདའ་གང་བཀོད་ལེགས་སྟེང༔ དབུས་སུ་ཨོ་རྒྱན་ནོར་ལྷ་རྣམ་སྲས་སྐུ༔ གཡས་སུ་ཛམ་ལྷའི་གཏོར་མ་གཏེར་བུམ་དབྱིབས༔ ལྟོ་བར་ནོར་བུས་མཚན་པ་བཀོད༔ གཡོན་དུ་མཁའ་འགྲོ་ནོར་གྱི་རྒྱུན་མ་ནི༔ བཤོས་བུ་འབྲས་ཀྱི་སྙེ་མའི་དབྱིབས༔ རྣམ་སྲས་མདུན་དུ་ནོར་ལྷ་བརྒྱད༔ ཀླུ་བརྒྱད་བཤོས་བུ་འདོད་རྫས་དང༔ རིན་པོ་ཆེ་ཡི་རིགས་དུ་མ༔ འཇིག་རྟེན་བདེ་ལེགས་དངོས་རྫས་སོགས༔ འཚོགས་ཚད་བསགས་ལ་མཆོད་རྫས་བཀྲམ༔ སྐུ་གསུང་ཐུགས་རྟེན་མཐའ་བསྐོར་མཆོད་པས་བརྒྱན༔ ཕྱོགས་སྐྱོང་ཡུལ་ལྷ་གཏོར་མས་བརྔན༔ མི་མིན་ནག་ཕྱོགས་ཐུན་གྱིས་བསྐྲད༔ བསྲུང་བའི་འཁོར་ལོས་ཕྱོགས་ཀུན་གཏམས༔ མཆོད་རྫས་བྱིན་རླབས་བྱིན་འབེབས་བྱ༔ ས་མ་ཡཱ༔ དེ་ནས་དངོས་གཞིའི་དམིགས་རིམ་ནི༔ སྟོང་པའི་སྔགས་ཀྱིས་དག་མཉམ་སྦྱང༔ ཨོཾ་ཨཱཿཧཱུྃ༔ རང་ཉིད་འཕགས་མཆོག་ཕྱག་ན་པདྨོར་གསལ་བའི་མདུན་དུ་གཞི་མ་དཀར་པོའི་སྟེང་དུ་དབུས་སུ་ཨོ་རྒྱན་མཁའ་འགྲོ་ནོར་ལྷ་སྐུ་མདོག་གསེར་བཙོ་མ་ལྟར་འཚེར་བ། ཕྱག་གཡས་བསྟན་པའི་སྲོག་ཤིང་ཟ་འོག་མེན་ཏྲི་དམར་པོའི་རྒྱལ་མཚན་ཡིད་བཞིན་རིན་པོ་ཆེའི་ཏོག་གིས་སྤྲས་པ༔ ཕྱག་གཡོན་སྲེ་མོང་གི་རྐྱལ་པ་ནོར་གྱིས་བཀང་བ་ལྟེ་བའི་འོག་ཏུ་རིན་པོ་ཆེ་ཁྲ་ཉི་ལི་ལི་སྐྱུག་པ་བཙིར་ནས་བསྡམ་པ༔ དབུ་ལ་རིན་པོ་ཆེའི་པྲོག་ཞུ་ངོམ་པ༔ སྐུ་ལ་ཟ་འོག་གི་བེར་ཆེན་དགུ་བརྩེགས་གསོལ་བ༔ རྐེད་ལ་ཆུ་སྲིན་གྱི་སློག་པ་དཀྲིས་པ༔ ཞབས་ལ་སག་ལྷྭམ་འཇའ་ལྡན་མནབས་ཤིང་རྒྱལ་པོ་རོལ་པའི་སྟབས་ཀྱིས་སེང་ལྕམ་དཀར་མོའི་ཁྲི་ལ་བཞུགས་པའོ༔ གཡས་སུ་གཏེར་བདག་ཛམ་ལྷ་ནག་པོ་གཡས་ཐོད་ཁྲག་གཡོན་གཏེར་གྱི་ནེའུ་ལེ་བསྣམས་པ༔ སྐུ་ལ་ཟ་འོག་དར་གོས་རིན་པོ་ཆེས་བརྒྱན་པ་དབུ་ལ་གསེར་གྱི་པྲོག་ཞུ༔ མཐོན་མཐིང་རལ་པས་སྐུ་རྒྱབ་ཁེབ་པ༔ ཞབས་གཉིས་པད་ཟླ་ལ་འགྱིང་སྟབས་སུ་བཞུགས་པའོ༔ གཡོན་དུ་ལྷ་མོ་ནོར་གྱི་རྒྱུན་མ་གསེར་མདོག་འཛུམ་མཛེས་སྒེག་ཅིང་བཞད་པ༔ ཕྱག་གཡས་འབྲས་ཀྱི་སྙེ་མ་རིན་པོ་ཆེའི་ཆར་འབེབས་པ་བསྣམས་ཤིང༔ ཕྱག་གཡོན་རིན་པོ་ཆེའི་བུམ་པ་འདོད་དགུའི་ཕུང་པོས་གང་བ་འཛིན་པ༔ སྐུ་ལ་དར་དཔྱངས་ནོར་བུའི་རྒྱན་ཆ་འཇའ་རིས་ཤམ་ཐབས་ཅན༔ དབུ་ལ་རིན་པོ་ཆེའི་གཙུག་རྒྱན༔ ཞབས་གཉིས་པད་ཉི་ཟླ་བའི་སྟེང་ན་བཞེངས་པའི་སྟབས་ཀྱིས་བཞུགས་པའོ༔ དེའི་མཐའ་བསྐོར་དུ་ནོར་ལྷ་རྟ་བདག་མཆེད་བརྒྱད༔ ཀླུ་ཆེན་སྡེ་བརྒྱད༔ ལྷ་ཀླུ་མི་མ་ཡིན་པའི་ནོར་ལྷ་ཕྱོགས་སྐྱོང་མགོན་པོ་རྣམས་ཀྱིས་བསྐོར་བར་གསལ༔ ལྷ་ཚོགས་དེ་དག་ཐམས་ཅད་ཀྱི་དཔྲལ་བར་སྐུ་རྡོ་རྗེ་རྣམ་སྣང་དཀར་པོ༔ མགྲིན་པར་གསུང་རྡོ་རྗེ་སྣང་མཐའ་དམར་པོ༔ ཐུགས་ཀར་ཐུགས་རྡོ་རྗེ་མི་བསྐྱོད་པ་མཐིང་ཀ༔ སྐུ་གསུང་ཐུགས་རྡོ་རྗེ་གསུམ་ལྡན་གྱི་སྤྱི་བོ་མགྲིན་པ་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་འོག་མིན་བདེ་ཆེན་ངེས་པ་ལྔ་ལྡན༔ ལྷོ་ཕྱོགས་རྫོགས་ལྡན་རིན་པོ་ཆེའི་གཞལ་ཡས་ཁང་གནས་མཆོག་ལྕང་ལོ་ཅན་རི་རབ་ཆེན་པོའི་ཟོམ་ནས་གནོད་སྦྱིན་ནོར་ལྷའི་རྒྱལ་པོ་སྐུ་འཁོར་དང་བཅས་པ་སྐད་ཅིག་གིས་རང་མདུན་དུ་ལྷགས་ནས་དཀྱིལ་འཁོར་དང་དབྱེར་མེད་དུ་བཞུགས་པར་བསམ༔ དེ་ནས་སྤོས་རོལ་དབྱངས་དང་བཅས་ཏེ་འབོད༔ ཧཱུྃ་ཧོ༔ འོག་མིན་ཆོས་དབྱིངས་ཕོ་བྲང་ནས༔ ཆོས་སྐུ་རྡོར་འཆང་གཤེགས་སུ་གསོལ༔ ངེས་པ་ལྔ་ལྡན་ཕོ་བྲང་ནས༔ རིགས་ལྔའི་སངས་རྒྱས་གཤེགས་སུ་གསོལ༔ པདྨ་འོད་ཀྱི་ཕོ་བྲང་ནས༔ ཨོ་རྒྱན་པདྨ་འབྱུང་གནས་ལ༔ འཁོར་དུ་ནོར་ལྷ་རྒྱ་མཚོས་བསྐོར༔ རྒྱ་བོད་རྗེ་འབངས་གཏེར་སྟོན་ཚོགས༔ མ་ལུས་ཚོགས་རྣམས་སྤྱན་འདྲེན་གཤེགས༔ སྟོང་གསུམ་མི་མཇེད་བྱེ་བ་ཕྲག་བརྒྱ་ན༔ བསྐལ་བཟང་སངས་རྒྱས་སྟོང་རྩ་གཉིས༔ ཨོ་རྒྱན་པད་འབྱུང་བྱེ་ཕྲག་བརྒྱ༔ གནོད་སྦྱིན་ནོར་ལྷ་རྒྱ་མཚོའི་སྡེ༔ བསྟན་འགྲོའི་དབུལ་སེལ་གཏེར་གྱི་བདག༔ དེ་རིང་གནས་འདིར་སྤྱན་འདྲེན་གཤེགས༔ བྱང་ཕྱོགས་ལྕང་ལོ་ཅན་གྱི་གནས༔ རི་རབ་ལྷུན་པོའི་བྱང་ངོས་ནས༔ རྒྱལ་ཆེན་ནོར་མང་རྣམ་ཐོས་སྲས༔ འཕགས་མ་སྦས་མའི་ལྷ་མོ་བརྒྱད༔ གནོད་སྦྱིན་རྟ་བདག་མཆེད་ལྕམ་དང་༔ ལྷ་ཀླུ་སྡེ་བརྒྱད་ནོར་ལྷའི་ཚོགས༔ དེ་རིང་གནས་འདིར་སྤྱན་འདྲེན་གཤེགས༔ སྒྲུབ་པའི་རྟེན་རྫས་འདི་ལ་བཞུགས༔ བདག་གནས་ཡོ་བྱད་རྟེན་རྫས་ལ༔ སྐུ་ཡི་བྱིན་ཕོབ་གཟི་བྱིན་ལམས་སེ་ལམ༔ གསུང་གི་བྱིན་ཕོབ་ནུས་མཐུ་ཐིབས་སེ་ཐིབ༔ ཐུགས་ཀྱི་བྱིན་ཕོབ་ཉམས་རྟོགས་ཤིགས་སེ་ཤིག༔ ཡོན་ཏན་བྱིན་ཕོབ་སྦྲང་ཆར་སི་ལི་ལི༔ ཕྲིན་ལས་བྱིན་ཕོབ་འགྲོ་འདུལ་ཡ་ལ་ལ༔ ནོར་ལྷ་རྒྱ་མཚོས་སྦྱིན་གཏོང་གྱི་ལི་ལི༔ བསེ་རག་འགོང་པོ་མཐར་བསྐྲད་བསྒྲེངས་སེ་སྒྲེང༔ སྣ་ཚོགས་དགོས་འདོད་རིན་ཆེན་ཁྲ་ལ་ལ༔ ལྷ་མོ་བརྒྱད་ཀྱིས་གླུ་ལེན་ཀྱུ་རུ་རུ༔ རྟ་བདག་བརྒྱད་ཀྱི་དངོས་གྲུབ་ཕྱུ་རུ་རུ༔ འཛད་མེད་གཡང་གི་རྒྱ་མཚོ་མེ་རེ་རེ༔ དགའ་འཁྱིལ་གཡང་ཞགས་འཁྱིལ་བ་སྒ་ར་ར༔ ཕྱི་ནང་བྱིན་འཐིབ་འོད་འབར་ཆི་ལི་ལི༔ རྩ་གསུམ་ནོར་ལྷ་བཞུགས་པའི་རྟེན་རྫས་བཀྲམ༔ ཁ་རྗེ་བསོད་ནམས་འཕེལ་བའི་གཡང་རྟེན་འཛུག༔ མི་མཐུན་བར་ཆད་བཟློག་ལ་ཐབས་ཀྱིས་ཐུལ༔ མཐུན་རྐྱེན་ཆོས་མཐུན་ལེགས་ཚོགས་ནོར་ལྷ་བརྟེན༔ ཚེ་དཔལ་ཆོས་ནོར་སྤེལ་བའི་གྲོགས་དན་མཛོད༔ བདག་གིས་གདུང་ཤིང་མོས་པའི་གནས་འདིར་བྱོན༔ འབོད་ལ་མི་གསན་བསྒྲུབ་ལ་མི་དགོངས་ཤིང༔ ཉམ་ཐག་སེམས་ཅན་རྗེས་སུ་མི་འཛིན་ན༔ ཁྱེད་ཀྱི་ཐུགས་བསྐྱེད་ཉམས་པར་མི་འགྱུར་རམ༔ ལས་ལ་གླ་མེད་སྒྲུབ་ལ་རྟགས་མེད་ན༔ རྒྱུ་འབྲས་འདོར་ལེན་རྒྱལ་བཀའ་རྫུན་དུ་ཟད༔ ནོར་ལྷ་བྱང་སེམས་སར་གནས་ལོག་རྟོག་གོལ༔ དེ་ཕྱིར་དམ་བཅའ་བསླུ་བ་མེད་པ་ལྟར༔ མི་ཕྱུགས་གཡང་སྤེལ་ཕྱི་ནང་སྟོབས་བསྐྱེད་འཚལ༔ ཨོ་རྒྱན་མཁའ་འགྲོ་ནོར་ལྷས་ཐུགས་རྗེས་ཟུངས༔ བདག་ལ་རེ་ལྟོས་ཁྱེད་ལས་གཞན་མེད་ཕྱིར༔ འདི་ཕྱིའི་དོན་འགྲུབ་ཕྱྭ་གཡང་བདེ་ལེགས་སྩོལ༔ ༧ འབྱུང་བ་དགྲར་ལངས་ས་བཅུད་ཉམས་པའི་ཚེ༔ སེམས་ཅན་མུ་གེའི་ནད་ཀྱིས་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་མཁའ་འགྲོ་ནོར་ལྷའི་ཚོགས་དང་བཅས༔ དབུལ་ཕོངས་བཀྲེས་སྐོམ་སེལ་བར་ཐེ་ཚོམ་མེད༔ ཨོ་རྒྱན་ནོར་ལྷ་རྒྱ་མཚོར་གསོལ་བ་འདེབས༔ བསམ་དོན་ཡིད་བཞིན་འཇོ་བར་བྱིན་གྱིས་རློབས༔ བརྒྱ་སྟོང་ཁྲི་འབུམ་ལོངས་སྐབས་བསྟུན༔ ཅི་འདོད་ལོངས་སྤྱོད་འབད་མེད་འབྱུང༔ ཁྱད་པར་བསྟན་འགྲོའི་དབུལ་བ་སེལ༔ ཨོ་རྒྱན་མཁའ་འགྲོའི་ཐ་ཚིག་ཡོད༔ ས་མ་ཡཱ༔ སླར་ཡང་དམིགས་པའི་འཕྲོ་འདུ་ནི༔ བདག་བསྐྱེད་འཕགས་པའི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་སྤྲིན་གྱི་ལྕུག་མ་ལྟར་འཕྲོས༔ མཐུ་ཆེན་ནོར་ལྷ་རྒྱ་མཚོའི་ཐུགས་རྒྱུད་བསྐུལ་ཏེ་དེ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་གསེར་གྱི་མཆིལ་པ་ཕྱོགས་མཚམས་ཀུན་ཏུ་འཕྲོས་པས་ལྷ་ཀླུ་མི་དང་མི་མིན་སྡེ་བརྒྱད་ཀྱི་ནོར་ཀུན་བཀུག་ནས་དཔེར་ན་གཉེན་ལ་ནོར་གྱིས་ཉམས་གསོ་སྤྲད་པ་ལྟར༔ ཕྱོགས་ཕྱོགས་ནས་རིན་པོ་ཆེ་སྣ་བདུན་བཀྲ་ཤིས་རྟགས་བརྒྱད་རྫས་བརྒྱད༔ ནོར་གྱི་དངོས་གྲུབ་རིན་པོ་ཆེ་སྣ་ཚོགས་ཀྱི་ཆར་བབས༔ སྙན་དང་གྲགས་པ་ཐམས་ཅད་འུབ་ཀྱིས་ཚུར་འདུས༔ ས་འོག་ས་སྟེང་བར་སྣང་ཀུན་ཀྱང་རིན་པོ་ཆེ་སྣ་ཚོགས་ཀྱི་གཏེར་ཁྲ་ཆེམ་ཆེམ་བྱུང་བས་བདག་རྣལ་འབྱོར་སྒྲུབ་པ་པོའི་གནས་ཁང་བང་མཛོད་ར་བ་ཕྱུགས་ལྷས་ཐམས་ཅད་མེར་མེར་ལྟེམ་ལྟེམ་ཁྲིག་ཁྲིག་གང་བར་བསམ་ལ༔ དངོས་གྲུབ་བསྐུལ་བའི་སྔགས་སམ་གཞན་ནས་བྱུང་བཞིན་བཟླའོ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་པུརྞྱ་པུཥྚཾ་ཀུ་རུ་སིིདྡྷི་ཧཱུྃ༔ ཞེས་ཁྲི་ཕྲག་བཅུ་གཉིས་བཟླས་པས་དྲི་བསུང་འཐུལ་ཞིང་སྒྲུབ་རྫས་ལ་འོད་འཁྱུག་ཅིང་རྨི་ལམ་དུ་རྟགས་མཚན་འབྱུང་བར་འགྱུར་རོ༔ ས་མ་ཡཱ༔ དེ་ནས་ཛམ་བྷ་ལ་ལ་དམིགས་ནས༔ ཨོཾ་བཻ་ཤྲ་མ་ཎ་རཏྣ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཨོཾ་ཛམ་བྷ་ལ་ཛ་ལེན་དྲ་ཡེ་སཱཧཱ༔ ཨོཾ་བྷ་སུ་དྷ་རི་ནི་སྭཱ་ཧཱ༔ ཁྱད་པར་རྟ་བདག་མཆེད་བརྒྱད་དང༔ བཀའ་ཉན་ཀླུ་བརྒྱད་བསྙེན་པ་ཡང༔ གཞན་གྱི་གཞུང་བཞིན་གནད་ལ་བསྟུན༔ ཡང་ཟབ་གཅིག་དྲིལ་གཞི་སྙིང་ནི༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་ཌཀྐི་ནི་བཱཻ་ཤྲ་མ་ཎ་ཛཾ་བྷ་ལ་བ་སུ་དྷ་རི་ནི་ཨཥྚ་ག་ན་པ་ཏི་བ་སུ་ན་ན་ཁ་དྷེ་ཝསྟྲ་རཏྣ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ གཞི་སྙིང་འདི་ལ་ཐུན་དུ་བཅད༔ ཁྲི་ལྔ་བཅས་པས་རྟགས་འབྱུང་འགྱུར༔ སྐྱེ་བ་བདུན་ལ་ལོངས་སྤྱོད་འབྱུང༔ ཕྱི་མར་དཔལ་ལྡན་ཞིང་ཁམས་བསྒྲོད༔ དེ་དང་རྗེས་འབྲེལ་གཡང་འགུགས་བྱ༔ མཐར་ནི་ཤིས་བརྗོད་སྤྱི་དང་མཐུན༔ ཁྱད་དུ་འཕགས་པའི་ནོར་སྒྲུབ་འདི༔ ཨོ་རྒྱན་མཁའ་འགྲོ་ནོར་ལྷ་ཡི༔ ཞལ་ལུང་རི་མོའི་ལམ་དུ་བསྒྱུར༔ གཏེར་སྲུང་ཡེ་ཤེས་གྲགས་ཀྱིས་འཚོས༔ ཉམས་པ་ཅན་གྱི་དབང་པོ་སྣུབས༔ ལས་སྐལ་ལྡན་པའི་བྱ་ར་མཛོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཞེས་པའང་ཛྙཱ་ན་དྭཱི་པའི་ཐུགས་གཏེར་རོ༔

ཨོ་རྒྱན་མཁའ་འགྲོ་ནོར་ལྷའི་ཐུགས་སྒྲུབ་ཆ་ལག་གཏེར་བུམ་སྦ་ཐབས་བང་མཛོད་ལྡེའུ་མིག

ཨོ་རྒྱན་མཁའ་འགྲོ་ནོར་ལྷའི་ཐུགས་སྒྲུབ་ཆ་ལག་གཏེར་བུམ་སྦ་ཐབས་བང་མཛོད་ལྡེའུ་མིག་བི་ཛ་ཧ་རཾ༔ དགོས་ཆས་ཡོངས་རྫོགས་སྟ་གོན་བྱ༔ སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བས༔ མཆོད་རྫས་སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་བརླབ་ལ་འདི་སྐད་དོ༔ ཧཱུྃ་ཧོ༔ སྟོང་ཉིད་སྙིང་རྗེའི་རང་རྩལ་ལས༔ ཡི་གེ་ཀྵི་ཧིའི་འཕྲོ་འདུ་ལས༔ འོད་ཞུ་རང་ཉིད་ས་སྙིང་དཀར༔ བྱང་སེམས་ལོངས་སྐུའི་ཆ་ལུགས་རྫོགས༔ གཡས་གཡོན་མྱུ་གུ་དྲིལ་བུ་འཛིན༔ ཞབས་གཉིས་སེམས་དཔའི་དཀྱིལ་ཀྲུང་བཞུགས༔ མདུན་དུ་ས་ཡི་ལྷ་མོ་ལ༔ ས་བདག་ལྷ་ཀླུའི་ཚོགས་ཀྱིས་བསྐོར༔ གནས་གསུམ་འབྲུ་གསུམ་ཐུགས་ཀ་ཡི༔ ས་བོན་འོད་ཀྱིས་སྤྱན་དྲངས་གྱུར༔ པྲི་ཐི་དེ་ཝཱི་བྷུ་མི་པ་ཏི་ས་པཱ་རི་ཝ་ར་བཛྲ་ས་མ་ཡཱ་ཛ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཏིཥྛ་ལྷན༔ རྣམ་ལྔའི་མཆོད་པ་དང་སྡེ་བརྒྱད་གསེར་སྐྱེམས་འདོན༔ དེ་ནས་འཇོར་གྱིས་ས་བརྐོས་འདི་སྐད་དོ༔ ཧཱུྃྃ་ཧོ༔ བཅོམ་ལྡན་བདེ་གཤེགས་སངས་རྒྱས་དུས༔ དགའ་རབ་དབང་ཕྱུག་བཏུལ་བའི་ཚེ༔ རྒྱལ་བའི་བསོད་ནམས་དཔང་མཛད་ནས༔ བདུད་དགྲའི་གཡུལ་ངོ་ཕམ་བྱས་པའི༔ སངས་རྒྱས་བཀའ་ཉན་ལྷ་མོ་བསྟན༔ ས་བདག་དབང་ཆེན་འཁོར་གྱིས་བསྐོར༔ འདོད་རྒུའི་གཏེར་གྱི་བུམ་པ་འདི༔ རིན་ཆེན་ས་ཡི་སྙིང་པོ་བྱ༔ ཀོ་ལོང་རུ་ང་མ་མཛད་པར༔ བསྟན་དང་འགྲོ་བའི་དབུལ་བ་སེལ༔ སྦྱིན་བདག་གཏེར་དང་འཕྲད་པར་མཛོད༔ གཏེར་བུམ་གཏེར་རྫས་འདི་བཞེས་ལ༔ སྐྱེ་བ་འདི་ནས་ཚེ་རབས་སུ༔ བཙན་ཕྱུག་འཕན་དར་འཛོམས་པ་དང༔ མཁོ་རྒུའི་དཔལ་འབྱོར་དངོས་གྲུབ་ཞུ༔ ཞེས་བུམ་པ་ལེགས་པར་སྦས༔ བཀྲ་ཤིས་སྨོན་ལམ་གཞན་ནས་བྱུང་ལྟར་ཁ་བསྐང་བར་བྱའོ༔ ས་མ་ཡཱ༔ ད་ནི་རྒྱས་འདེབས་ནི༔ ཨོཾ་ཨཱཿཧཱུྃ་ཧྲཱིཿ འོག་མིན་སྤྲོས་བྲལ་དབྱིངས་ཀྱི་ཕོ་བྲང་ནས༔ ཁྱད་ཆོས་དྲུག་གིས་མངོན་པར་སངས་རྒྱས་པའི༔ ཐོག་མའི་སངས་རྒྱས་འོད་མི་འགྱུར་བ་ཡིས༔ འཕོ་མེད་ཆོས་སྐུའི་མཁའ་རུ་གཏེར་འདི་སྦ༔ ཀ་དག་གཞི་གྲོལ་ཆེན་པོའི་དངོས་གྲུབ་སྩོལ༔ ངེས་པ་ལྔ་ལྡན་ལོངས་སྐུའི་ཕོ་བྲང་ནས༔ ཚོམ་བུ་ཚོགས་སྒྲུབ་ལོངས་སྤྱོད་རྫོགས་པའི་དཔལ༔ བཅོམ་ལྡན་མི་བསྐྱོད་རིགས་ལྔ་སྟངས་དཔྱལ་གྱིས༔ བདེ་སྟོང་དབྱིངས་ཡེའི་མཁའ་རུ་གཏེར་འདི་སྦ༔ སྣང་སྟོང་ལྷུན་གྲུབ་གཏེར་དབང་དངོས་གྲུབ་སྩོལ༔ མ་ངེས་སྤྲུལ་པའི་ཞིང་ཁམས་རབ་འབྱམས་ནས༔ འགྲོ་འདུལ་རིག་འཛིན་པད་འབྱུང་གཏེར་སྟོན་ཚོགས༔ བརྒྱུད་པ་དགུ་ལྡན་རྩ་བརྒྱུད་བླ་མ་ཡིས༔ དཔལ་ལྡན་ས་སྤྱོད་གནས་སུ་གཏེར་འདི་སྦ༔ ཕུན་ཚོགས་དཔལ་གྱིས་འབྱོར་བའི་དངོས་གྲུབ་སྩོལ༔ གླིང་གི་གླིང་མཆོག་ལྷོ་རྒྱལ་འཛམ་བུ་གླིང༔ ལས་བཞི་ལྷུན་གྱིས་གྲུབ་པའི་ཐ་གྲུ་འདིར༔ སྔོན་སྨོན་ལས་འབྲེལ་འཛོམས་པའི་ཡོན་མཆོད་ཀྱིས༔ གསུམ་ལྡན་རིང་བསྲེལ་རིན་ཆེན་གཏེར་བུམ་སྦ༔ མཆོག་ཐུན་ཕྱྭ་གཡང་གཏེར་གྱི་དངོས་གྲུབ་སྩོལ༔

གཏེར་སྲུང་ནོར་བདག་ཡེ་ཤེས་གྲགས་ཀྱི་སྒྲུབ་པའི་སྙིང་པོ་སྦུར་ལེན།

མཁའ་འགྲོ་ནོར་ལྷའི་ཆ་ལག་ཏུ༔ གཏེར་སྲུང་ནོར་བདག་ཡེ་ཤེས་གྲགས༔ སྒྲུབ་པའི་སྙིང་པོ་སྦུར་ལེན་བི་ཧ་ར་ཏིསྨ༔ མཁའ་འགྲོ་ནོར་ལྷའི་ཆ་ལག་ཏུ༔ གཏེར་སྲུང་ནོར་བདག་ཡེ་ཤེས་གྲགས༔ བསྒྲུབ་པའི་སྙིང་པོ་སྦུར་ལེན་སྟོན༔ ཨོ་རྒྱན་ནོར་ལྷ་རྒྱ་མཚོར་འདུད༔ ས་མ་ཡཱ༔ དང་པོ་དབེན་ཅིང་ཉམས་དགའི་ཆར༔ རྩི་ཤིང་མེ་ཏོག་བཀྲ་བའི་དབུས༔ གངས་རི་རོལ་མཚོ་རྫ་སྤང་ལྷུན༔ བརྗིད་ཅིང་ཆགས་པའི་གནས་མཆོག་དེར༔ བསྟན་འགྲོའི་དབུལ་བ་སེལ་བའི་ཕྱིར༔ གཏེར་སྲུང་མཆོད་སྒྲུབ་གནད་དུ་ཟུངས༔ མར་དཀར་སྦྲང་རྩི་སྦག་པའི་ཕྱེས༔ གཏོར་མ་ལྟོ་ལྡིར་གཏེར་བུམ་དབྱིབས༔ མཐའ་ལ་པད་སྤུང་རྩེ་མོ་རུ༔ ཉི་ཟླ་མེ་ཞགས་རླུང་རི་དང༔ ཕུན་ཚོགས་ནོར་བུའི་ཕྲ་ཚོམ་བཀོད༔ མཐེབ་རིལ་སུམ་རིམ་མཐའ་ལ་བསྐོར༔ རྣམ་ལྔའི་མཆོད་པས་ལེགས་པར་བརྒྱན༔ རྣལ་འབྱོར་བདེ་བའི་སྟན་ལ་འགོད༔ བྱིན་རླབས་བྱིན་ཆེན་དབབ་ནས་ནི༔ གཞུང་གི་ཆོ་ག་འདི་ལ་འཇུག༔ ཀྱེ༔ ཕྱོགས་ཕྱོགས་དེ་ནི་ཉི་མ་བྱང་གི་ཕྱོགས༔ ལྕང་ལོ་ཅན་གྱི་གནོད་སྦྱིན་ལྗོངས་ཀྱི་ཞིང༔ ཕུན་ཚོགས་རིན་ཆེན་བཀྲ་བའི་གཞལ་ཡས་ཁང༔ གནོད་སྦྱིན་དབང་པོ་གཞན་གྱིས་མི་ཐུབ་པའི༔ མཁའ་འགྲོ་ནོར་ལྷའི་བྲན་ཁོལ་གཏེར་གྱི་བདག༔ དགེ་བསྙེན་ཆེན་པོ་ནོར་བདག་ཡེ་ཤེས་གྲགས༔ ཞལ་གཅིག་ཕྱག་གཉིས་གསེར་སྦྱངས་བཙོ་མའི་མདོག༔ ཕྱག་གཡས་རིན་ཆེན་རྒྱལ་མཚན་མཁའ་ལ་བསྒྲེང༔ ཕྱག་གཡོན་དཀར་མོ་རྒྱང་གྲགས་འུ་རུ་རུ༔ སྐུ་ལ་ཟ་འོག་བེར་ཆེན་ལྷབ་མ་ལྷུབ༔ དབུ་ལ་རིན་ཆེན་པྲོག་ཞུ་ཟེངས་སེ་ཟེང༔ སྙན་ཆ་ནོར་བུའི་ཝ་མིག་ཁྲོ་ལོ་ལོ༔ ཞབས་གཉིས་ཕྱེད་སྐྱིལ་གདོང་ལྔའི་ཁྲི་ལ་བཞུགས༔ སྤྱན་གསུམ་སྡང་མིག་འགོང་འདྲེའི་ཡུལ་ལ་གཟིགས༔ འཁོར་དུ་ནོར་ལྷ་ཐེ་བྲང་སྟོང་སྡེ་དང༔ མངོན་ཤེས་གསལ་བའི་མི་མིན་དྲེགས་པས་བསྐོར༔ བདག་མདུན་ཐུགས་ཀའི་ས་བོན་ལས་འཕྲོས་པས༔ རང་བཞིན་གར་བཞུགས་གནས་ནས་གཏེར་སྲུང་ཆེ༔ ཡེ་ཤེས་གྲགས་ཚོགས་སྤྱན་འདྲེན་གཤེགས་སུ་གསོལ༔ ཨོཾ་ཛྙཱ་ན་ཀིརྟི་བཛྲ་ས་མ་ཡཱ་ཛ་ཛཿ ཛཿཧཱུྃ་བཾ་ཧོ༔ སྒྲུབ་རྫས་རྟེན་དང་གཉིས་མེད་ཏིཥྛ་ལྷན༔ མཆོག་ཐུན་ལས་བཞིའི་མངའ་བདག་དེ་ལ་འདུད༔ ཧཱུྃ་ཧོ༔ དགེ་བསྙེན་ཆེན་པོ་ནོར་བདག་ཡེ་ཤེས་གྲགས༔ འཇིག་རྟེན་ནོར་ལྷ་ཐེ་བྲང་སྟོང་སྡེའི་འཁོར༔ བརྔན་སྦྱིན་རྒྱན་གྱི་གཏོར་མ་སྨན་རཀ་དང༔ ཇ་ཆང་གསེར་གཡུའི་སྐྱེམས་ཀྱི་ཕུད་རྒོད་བྲན༔ འབྲུ་སྨན་དཀོར་ནོར་སྤྱན་གཟིགས་མཆོད་པ་འབུལ༔ སྒྲུབ་པའི་གཞལ་ཡས་ཁང་འདིར་བཞུགས་སུ་གསོལ༔ བཞུགས་ནས་མཐུ་ནུས་ཟད་མེད་གཏེར་དབང་སྩོལ༔ སྣང་མཐའ་སྤྱན་གཟིགས་པདྨ་ཐོད་ཕྲེང་རྩལ༔ རིག་འཛིན་ཡབ་སྲས་བརྒྱུད་པའི་བཀའ་དམ་བཞིན༔ མི་ཕྱུགས་ཟས་སྤེལ་ར་ལུག་གཡང་ཁུག་ལ༔ ཆེ་བཙན་གྲགས་པ་རྒྱལ་བློན་བཙུན་མོ་དང༔ འགྲོ་བ་ཕོ་མོའི་སྣང་སེམས་རབ་བསྒུལ་ནས༔ ཚེ་ཆོས་སྲིད་ནོར་རྒྱས་པའི་ཕྲིན་ལས་མཛོད༔ ཅེས་པའི་གཏེར་སྲུང་ཆེན་པོ་འདི༔ ལེགས་པར་སྒྲུབ་པའི་གང་ཟག་ལ༔ ལོངས་སྤྱོད་དབྱར་གྱི་ཆར་རྒྱུན་བཞིན༔ ཕུན་ཚོགས་འབྱུང་བར་མ་གྱུར་ན༔ ལྷ་དང་སྲུང་མའི་མཐུ་རྩལ་ཞན༔ རབ་ཏུ་གཅེས་པའི་སེམས་ཀྱིས་སྒྲུབས༔ སྤང་བླང་བྱས་ན་དངོས་གྲུབ་ཡལ༔ སྲུང་མ་རང་གི་གཤེད་དུ་འབབ༔ དེ་ཕྱིར་རབ་ཏུ་འཚོ་ཤེས་གྱིས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ མནྟྲ་གུ་ཧྱ༔ གཏེར་ལ་དབང་བའི་རིག་འཛིན་གཞན་ཕན་བཟང་པོ་ལ༔ ཆོས་ཀྱི་བདག་པོར་བསྔགས་པའི་སློབ་བུ་དགེ་བཤེས་སྔ་བཟོད་དཀོན་མཆོག་གང་གིས་དབྱུག་ཐོས་རྔ་ལ་བསྣུན་ལྟར་ཡང་ཡང་བསྐུལ་ངོར༔ འགྲོ་དོན་དུས་ལ་བབས་ཚེ་ནགས་རི་སྤོས་ཀྱི་གླང་པོའི་རྫོངས་ནས་ཡར་ངོའི་ཆོ་འཕྲུལ་ཟླ་བར་ལེགས་བྲིས་དགེ་བས་བསྟན་འགྲོའི་དབུལ་སེལ་བདེ་གཤེགས་རིན་ཆེན་མིང་གི་རྒྱལ་སྲིད་ལ་དབང་འབྱོར་བར་ཤོག་ཅིག་གུ༔

གནོད་སྦྱིན་ཛཾ་ནག་སྒྲུབ་ཐབས་རིན་ཆེན་ཡིད་བཞིན་བསམ་འཕེལ།

ཡང་གསང་མཁའ་འགྲོའི་ཐུགས་ཐིག་ལས༔ གནོད་སྦྱིན་ཛཾ་ནག་སྒྲུབ་ཐབས་རིན་ཆེན་ཡིད་བཞིན་བསམ་འཕེལ་ཞེས་བྱ་བ་བཞུགས་སོ༔

བདེ་གཤེགས་རིན་ཆེན་མིང་ལ་འདུད༔ གནོད་སྦྱིན་བསྒྲུབ་པའི་མན་ངག་ནི༔ རིན་ཆེན་གཏེར་གྱི་བང་མཛོད་སྟོན༔ དམ་ཚིག་ལྡན་པས་དང་དུ་ལོངས༔ ས་མ་ཡཱ༔ ལག་ལེན་གནད་ཀྱི་སྦྱོར་བ་ནི༔ དབེན་ཞིང་ཉམས་དགའི་ས་ཕྱོགས་སུ༔ རྩི་ཤིང་ནགས་ཚལ་སྤུངས་པའི་རི༔ ལྷོ་ཆུ་རྒྱུན་ལྡན་འབབ་པའི་གམ༔ བསྟན་འགྲོའི་དབུལ་སེལ་རིན་ཆེན་མིང༔ གང་གི་སྒྱུ་འཕྲུལ་ཛཾ་ནག་པོའི༔ སྒྲུབ་པ་ཉམས་ལེན་མཆོད་སྦྱིན་བྱེད༔ རྣམ་མཁྱེན་སངས་རྒྱས་རྒྱུ་རུ་བསམ༔ དཀྱིལ་འཁོར་དབུས་སུ་ཛཾ་གཏོར་ནི༔ རིན་ཆེན་གསེར་སྣོད་སུམ་རིམ་སྟེང༔ རྒྱས་པའི་བྷ་ལིང་བརྗིད་ལྡན་སེར༔ ཉི་ཟླ་ནོར་བུའི་ཕྲ་ཚོམ་སྤྲས༔ མཐའ་ལ་སྐྱུ་གུ་ཟས་སྣ་བསགས༔ རིན་ཆེན་དར་ཟབ་འབྲུ་སྣ་དང༔ ཕོ་མོ་སྔགས་བཙུན་རྒྱལ་བློན་ཆས༔ ལོངས་སྤྱོད་དཀོར་གྱིས་རབ་རྔམ་བརྒྱན༔ གསང་བའི་བདག་པོའི་ཏིང་འཛིན་གྱིས༔ དམིགས་པ་ཡེང་མེད་གནད་ལྡན་པས༔ ཨེ་མ༔ མདུན་གྱི་དཀྱིལ་འཁོར་དབུས་ཀྱི་གཞལ་ཡས་སུ༔ པད་ཉི་གནོད་སྦྱིན་བསྣོལ་བའི་གདན་སྟེང་དུ༔ ཛཾ་ཡིག་བཻ་ཌཱུར་མདོག་ཅན་འོད་འབར་ལས༔ འོད་འཕྲོས་འཕགས་མཆོད་འགྲོ་བའི་དབུལ་བ་བསལ༔ ཚུར་འདུས་ཡོངས་གྱུར་ནོར་བདག་ཛཾ་བྷ་ལ༔ མཐིང་ཀ་ཞལ་གསུམ་ཕྱག་དྲུག་ཞབས་བཞིར་ལྡན༔ ཁྲོ་འཛུམ་ཆགས་པའི་ཉམས་དང་ལྡན་པའི་སྐུ༔ ཀླུ་རིགས་ལྔ་དང་རིན་ཆེན་རྒྱན་གྱིས་སྤྲས༔ གཡས་པའི་ཕྱག་གཉིས་རིན་ཆེན་ལྕགས་ཀྱུ་འཛིན༔ གཡོན་གཉིས་ནོར་བུའི་ཐོད་པ་ཞགས་པ་འཛིན༔ མཐའ་གཉིས་ནོར་སྐྱུག་ནེའུ་ལེ་རེ་རེ་བཙིར༔ སྐུ་ལ་རིན་ཆེན་སྣ་ཚོགས་ཆར་ལྟར་འབབ༔ གཟི་བརྗིད་རབ་རྒྱས་འོད་ཟེར་ཕུང་པོ་འབར༔ གནས་གསུམ་འབྲུ་གསུམ་མཚན་པའི་འོད་ཟེར་གྱིས༔ ཡེ་ཤེས་སྤྱན་དྲངས་དམ་ཚིག་པ་ལ་བསྟིམས༔ བཛྲ་ས་མ་ཡཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཏིཥྛ་ལྷན༔ ནཱ་མ་ཡ་ཏི༔ ཧཱུྃ༔ གནོད་སྦྱིན་ཛཾ་ལྷ་ནག་པོ་འཁོར་བཅས་ལ༔ མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་བཤོས༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས༔ འབུལ་ལོ་དགྱེས་བཞེས་ལོངས་སྤྱོད་མངའ་ཐང་སྩོལ༔ སརྦ་པཱུ་ཛ་མེ་གྷ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལྷ་ཡི་བདུད་རྩི་ཞལ་ཟས་རོ་བརྒྱའི་དཔྱིད༔ ཡན་ལག་བརྒྱད་ལྡན་འཆི་མེད་བདུད་རྩིའི་སྐྱེམས༔ རྩ་གསུམ་ནོར་ལྷ་འཁོར་དང་བཅས་ལ་འབུལ༔ དགྱེས་པར་བཞེས་ལ་འདོད་པའི་དངོས་གྲུབ་སྩོལ༔ བདེ་དགའ་རྒྱ་མཚོས་ཁྱོད་ཉིད་འཚོ་གྱུར་ཅིག༔ ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་དྷ་ན་མེ་དྷི་ཧྲཱིཿསྭཱ་ཧཱ༔ ཨོཾ་ཨིནྟྲ་ནི་མུ་ཁཾ་བྷྲ་མ་རི་སྭཱ་ཧཱ༔ ཨོཾ་ཛཾ་ལུཾ་སྭཱ་ཧཱ༔ རེ་རེ་ལ་ཡང་བརྒྱ་སྟོང་རེ༔ བཟླ་བ་གནད་ལྡན་རྟགས་ལྡན་སྦྱོར༔ དངོས་གྲུབ་འཛད་མེད་གཏེར་འབྱུང་འགྱུར༔ རྟགས་ནི་རབ་འབྲིང་ཐ་གསུམ་ལས༔ རབ་ནི་ཛཾ་ལྷའི་ཞལ་དངོས་མཐོང༔ འབྲིང་ནི་སྒྲུབ་གཏོར་འོད་འབར་དང༔ ཟན་བཤོས་དག་ལ་སྙེ་མ་འཁྲུངས༔ བྱི་བས་འབྲུ་དང་རྫས་སོགས་སྤུངས༔ ཐ་མ་རྨི་ལམ་སྣང་བའི་ངོར༔ ཆེ་བཙན་འདུ་དང་དབུགས་དབྱུང་ཐོབ༔ རྒྱལ་སྲིད་ཁྲི་ལ་འདུག་པ་དང༔ སྙེ་མ་བསིལ་དང་འབྲུ་བདག་བྱེད༔ བུ་མོ་ནང་གཞུག་རྒྱན་མཛེས་པས༔ གྲོགས་བྱེད་ཆང་དང་འོ་ཞོ་སྟེར༔ རིན་ཆེན་གཏེར་ལ་དབང་བྱེད་རྨིས༔ ནོར་ལྷ་འགྲུབ་ལ་ཉེ་བའི་རྟགས༔ དེ་ཚེ་ཕྱྭ་གཡང་འགུགས་པ་དང༔ དངོས་གྲུབ་བསྐུལ་ཚིག་གལ་དང་བསྟུན༔ ས་མ་ཡཱ༔ ཨེ་མ་ཧོ༔ ལྷ་མིའི་སྟོན་པ་མཉམ་མེད་བུ་རམ་ཤིང༔ དུས་གསུམ་རྒྱལ་བ་སྲས་དང་སློབ་མར་བཅས༔ བདེན་གཉིས་ཟུང་འཇུག་བསྟན་པ་དམ་པའི་ཆོས༔ མདོ་སྔགས་ངེས་དོན་སྟོན་པའི་དཔེ་པོད་སོགས༔ ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའི་སྡེ༔ རབ་འབྲིང་ཐ་གསུམ་དབང་པོའི་དགེ་འདུན་དང༔ རྩ་གསུམ་ནོར་ལྷ་རྒྱ་མཚོའི་བདེན་པའི་སྟོབས༔ དཀོན་མཆོག་རིན་ཆེན་ཕྱྭ་གཡང་བདེ་ལེགས་སྩོལ༔ ཡི་དམ་རྒྱུད་སྡེ་བཞི་དྲུག་དངོས་གྲུབ་བདག༔ གནས་གསུམ་མཁའ་འགྲོས་ཕྱྭ་གཡང་བདེ་ལེགས་སྩོལ༔ མ་མགོན་ཆོས་སྐྱོང་ཕྱྭ་གཡང་བདེ་ལེགས་སྩོལ༔ ལྷ་དང་དྲང་སྲོང་ཕྱྭ་གཡང་བདེ་ལེགས་སྩོལ༔ རྒྱལ་ཆེན་སྡེ་བཞིས་ཕྱྭ་གཡང་བདེ་ལེགས་སྩོལ༔ དཀར་ཕྱོགས་ལྷ་ཀླུས་ཕྱྭ་གཡང་བདེ་ལེགས་སྩོལ༔ སྐུ་གསུམ་ཞིང་གི་ཕྱྭ་གཡང་བདེ་ལེགས་སྩོལ༔ ཁམས་གསུམ་སྲིད་གསུམ་ཕྱྭ་གཡང་བདེ་ལེགས་སྩོལ༔ ཚེ་དཔག་མེད་མགོན་ཚེ་ཡི་ཕྱྭ་གཡང་སྩོལ༔ བསྐལ་བཟང་སངས་རྒྱས་སྨོན་ལམ་ཕྱྭ་གཡང་ཁུག༔ བདེན་སྟོབས་མངའ་བ་རྣམས་ཀྱིས་ཕྱྭ་གཡང་ཁུག༔ གཡང་རི་རྒྱལ་བཞིན་དུ་བརྟན་གྱུར་ཅིག༔ གཡང་རྒྱ་མཚོ་བཞིན་དུ་འཁྱིལ་བར་ཤོག༔ གཡང་རྩི་ཤིང་བཞིན་དུ་རྒྱས་གྱུར་ཅིག༔ གཡང་འབྲུ་དྲུག་བཞིན་དུ་འཕེལ་གྱུར་ཅིག༔ གཡང་ལྷོ་སྤྲིན་བཞིན་དུ་འཐིབ་གྱུར་ཅིག༔ གཡང་ཉི་ཟླ་བཞིན་ཏུ་གསལ་གྱུར་ཅིག༔ གཡང་སྐར་ཚོགས་བཞིན་དུ་བཀྲ་གྱུར་ཅིག༔ མི་འུ་རིན་ཆེན་གཡང་གི་རྟེན༔ བཟའ་བཏུང་མང་པོ་གཡང་གི་རྟེན༔ ཕུན་ཚོགས་རིན་ཆེན་གཡང་གི་རྟེན༔ ལྷ་རྫས་ཡོ་བྱད་གཡང་གི་རྟེན༔ སྦྲ་ཁང་ར་བ་གཡང་གི་རྟེན༔ གཡང་རྣམས་གཅིག་ཀྱང་མ་ལུས་པ༔ གནས་འདིར་བརྟན་པར་མཛད་ནས་ཀྱང༔ འདོད་དགུའི་བསམ་པ་ཡིད་བཞིན་འགྲུབ༔ ཆོས་དང་མཐུན་པའི་དཔལ་སྩོལ་ཅིག༔ སྭ་སྟི་ཏིཥྛ་བཛྲ་ཕྱྭ་གཡང་བདེ་ལེགས་ཐམས་ཅད་བརྟན་གྱུར་ཅིག་སྭཱ་ཧཱ༔ ཞེས་གཡང་རྫས་མདའ་དར་སོགས་ལ་བརྟན་བཞུགས་མཛད་ནས་ལོངས་སྤྱོད་བདོག་དགུ་ཛཾ་བྷ་ལའི་བླ་རྡོར་འབུལ་ཞིང༔ དེ་ནས་བསྟོད་པ་ནི༔ ཧཱུྃ་ཧྲཱིཿ བདེ་གཤེགས་ཀུན་གྱི་གསུང་ལས་རབ་བསྐྲུན་ཅིང༔ ཐུགས་རྗེས་ཆགས་པའི་འོད་ཟེར་སྤྲོ་བསྡུ་འགྱེད༔ རྒྱས་པའི་ཕྲིན་ལས་རྫོགས་མཛད་ཛཾ་བྷ་ལ༔ ཕུན་ཚོགས་ཡིད་བཞིན་གཏེར་བདག་དེ་ལ་འདུད༔ ན་མོ༔ འཕགས་པ་ཛཾ་བྷ་ལ་ནག་པོ་འཁོར་དང་བཅས་པ་རྣམས་ཀྱིས་བདག་ཅག་འཁོར་དང་བཅས་པ་རྣམས་ལ་མི་ཟད་ལོངས་སྤྱོད་མཁོ་རྒུའི་གཏེར་དུ་སྩལ་བར་མཛད་དུ་གསོལ༔ སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་དབུལ་བའི་སྡུག་བསྔལ་བསལ་དུ་གསོལ༔ མཆོད་སྦྱིན་བཅད་པའི་རྣམ་པར་སྨིན་པས་བརྐམ་ཆགས་ཡི་དྭགས་ཀྱི་རྒྱུ་ཞི་བར་གྱུར་ཅིག༔ ཕུན་ཚོགས་ལོངས་སྤྱོད་ཀྱི་གཏེར་ལ་མངའ་དབང་བསྒྱུར་ནས་བདེ་གཤེགས་རིན་ཆེན་མིང་གི་རྒྱལ་སྲིད་ལ་ལོངས་སྤྱོད་པའི་སྐལ་བ་དང་ལྡན་པར་གྱུར་ཅིག་སྭཱ་ཧཱ༔ ཞེས་པའི་ཡིད་བཞིན་གཏེར་གྱི་མཛོད༔ ཛཾ་ལྷ་ནག་པོའི་སྒྲུབ་ཐབས་འདི༔ དུས་ཀྱི་གཏེར་ལ་མངའ་དབང་བསྒྱུར༔ རྣལ་འབྱོར་ཡེ་ཤེས་ཌཱཀྐིའི་གྲོགས༔ ཨ་ཙར་སྤྲུལ་པའི་དགོངས་ཀློང་ནས༔ ཚོམ་མེད་རི་མོ་ལམ་དུ་དྲངས༔ སྐལ་བ་ལྡན་པའི་ཆོས་ཀྱི་བདག༔ ངེས་ལེགས་སྤྲུལ་པའི་སྐུ་ལ་གདམས༔ ཉིད་ཀྱི་བཞུགས་གནས་གཙུག་ལག་ཏུ༔ ཙི་མ་ར་ཡི་མདུན་དྲུང་དེར༔ ཉམས་སྣང་བཟང་པོའི་བརྡ་སྣང་བས༔ ཡར་ཚེས་དུས་བཟང་ལེགས་པར་བྲིས༔ དགེ་དེས་བསྟན་འགྲོའི་དབུལ་བ་སེལ༔ བསྟན་འཛིན་ཚེ་བསོད་འབྱོར་དྲུག་རྒྱས༔ ཉམས་མེད་བདེ་ལེགས་འབྱུང་གྱུར་ཅིག༔ མངྒ་ལམ༔

གནོད་སྦྱིན་ཛཾ་ལྷའི་གསོལ་བསྡུས་རིན་ཆེན་དབང་སྔོན།

གནོད་སྦྱིན་ཛཾ་ལྷའི་གསོལ་བསྡུས་རིན་ཆེན་དབང་སྔོན་བི་ཛ་ཧ་རཾ༔ ཀ་དག་རིག་སྟོང་སྤྲོས་བྲལ་མཁའ་དབྱིངས་སུ༔ ཁ་དོག་ལྷུན་གྲུབ་བསྟན་སྲུང་ནོར་གྱི་ལྷ༔ ག་དར་དྲི་མེད་ཕྱྭ་འགུགས་ཛཾ་ལྷ་བརྒྱད༔ ང་ཡིས་འབོད་དོ་དམ་ཚིག་དབང་གིས་བྱོན༔ ཅ་རེ་སྤྱན་གྱིས་གདུལ་བྱའི་ཡུལ་ལ་གཟིགས༔ ཆ་ལུགས་རང་མཐུན་པད་ཉི་ཅང་ཤེས་ཁྲིར༔ ཇ་ཧོང་ངུར་སྨྲིག་འཆང་བའི་དགེ་འདུན་སྡེ༔ ཉ་རྒྱས་ཟླ་བཞིན་དབུ་འཕང་བསྟོད་ལ་བཞུགས༔ ཏ་ཐ་ག་ཏཱའི་བསྟན་སྲུང་ཛཾ་བྷ་ལ༔ ཐ་དད་མ་ཡིན་རང་བྱུང་རིག་པའི་འཕྲུལ༔ ད་ལྟ་བདག་གི་ལོངས་སྤྱོད་སྤེལ་བའི་གཉེན༔ ནཱ་དའི་དབྱིངས་ཀྱིས་བསྔགས་འོས་གུས་ཕྱག་འཚལ༔ པ་ཏྲ་རིན་ཆེན་འཕན་གདུགས་རྫས་རྟགས་བརྒྱད༔ ཕ་རོལ་ཡིད་འཕྲོག་འདོད་འབྱུང་གཏེར་གྱི་བུམ༔ བ་བཞིན་ནོར་རྫས་སྲིད་འདིར་ཚོགས་ཚད་ཀུན༔ མ་ཚང་མེད་པ་ཀུན་ཀྱང་མཆོད་སྤྲིན་འབུལ༔ ཙ་རི་ཏྲ་སོགས་གནས་སྲུང་གཏེར་གྱི་བདག༔ ཚ་ཟེར་དྲག་པོས་དཔུང་ཚོགས་གཞོམ་ལ་དཔའ༔ ཛ་ཡ་སྲས་བཅས་བཀའ་བསྒོས་དམ་བཞག་བཞིན༔ ཝ་འདྲའི་ལོག་རྟོག་ཉམས་པའི་སྲོག་གི་གཤེད༔ ཞྭ་གོས་ལོངས་སྤྱོད་ཡིད་ལ་མཐུན་པའི་རྫས༔ ཟ་ཐང་འཁོར་ལོས་བསྒྱུར་ལ་འགྲན་བྱེད་ལྟར༔ འ་འུར་མ་ཡིན་སྒོ་གསུམ་གཅིག་དྲིལ་གྱིས༔ ཡ་མཚན་མཆོད་པ་རྒྱ་མཚོས་ཐུགས་དམ་བསྐང༔ ར་ག་དབང་གི་ལྷ་མཆོག་ཛཾ་བྷ་ལ༔ ལ་ལུང་སྐྱེ་འགྲོའི་ཀ་ཆ་དཀོར་ནོར་རྫས༔ ཤ་ཆང་སྨན་གཏོར་རཀྟ་ཏ་ན་གན༔ ས་ལམ་དྲོད་རྟགས་ལྟ་སྒོམ་སྤྱོད་འབྲས་བསྐང༔ ཧ་ལ་དུག་ལྔ་རང་གྲོལ་སྔགས་ལམ་གྱི༔ ཨ་ཏིའི་རྣལ་འབྱོར་རིག་འཛིན་སྒྲུབ་པ་པོས༔ ས་བརྒྱད་ངལ་གསོས་དགོས་འདོད་མཆོད་སྦྱིན་མཁན༔ ཛཾ་ལྷ་འཁོར་བཅས་བསྟོད་དོ་གསོལ་བ་ནི༔ བདག་གི་རླུང་སེམས་སྣང་བ་དབང་འདུས་ནས༔ ཚེ་གཅིག་སངས་རྒྱས་ཐོབ་པར་མཛད་དུ་གསོལ༔ འཁོར་འདས་ལམ་གསུམ་ཚེ་བཅུད་དབང་འདུས་ནས༔ འཆི་མེད་དངོས་གྲུབ་ཐོབ་པར་མཛད་དུ་གསོལ༔ མཁས་གྲུབ་བཤེས་གཉེན་ཐམས་ཅད་དབང་འདུས་ནས༔ ཐུབ་བསྟན་དར་ཞིང་རྒྱས་པར་མཛད་དུ་གསོལ༔ སྣོད་ལྡན་དམ་གཙང་ཐམས་ཅད་དབང་འདུས་ནས༔ སྒྲུབ་པའི་སྡེ་ཆེན་ཚུགས་པར་མཛད་དུ་གསོལ༔ རིགས་བཟང་བློ་གསལ་ཐམས་ཅད་དབང་འདུས་ནས༔ བཤད་སྒྲུབ་བསྟན་པ་དར་བར་མཛད་དུ་གསོལ༔ ཚུལ་ཁྲིམས་ལྡན་པ་ཐམས་ཅད་དབང་འདུས་ནས༔ དགེ་འདུན་སྡེ་ཆེན་ཚུག་པར་མཛད་དུ་གསོལ༔ རྒྱལ་པོ་རྒྱལ་ཕྲན་ཐམས་ཅད་དབང་བསྡུས་ནས༔ ཡུལ་ཁམས་ཆོས་ལ་བསྒྱུར་བར་མཛད་དུ་གསོལ༔ འབྱོར་ལྡན་སྦྱིན་བདག་ཐམས་ཅད་དབང་འདུས་ནས༔ དགེ་འདུན་བཀུར་སྟི་འཕེལ་བར་མཛད་དུ་གསོལ༔ ལྷ་ཀླུ་གཞི་བདག་ཐམས་ཅད་དབང་འདུས་ནས༔ བཀྲ་ཤིས་བདེ་ལེགས་འཕེལ་བར་མཛད་དུ་གསོལ༔ སྐྱེ་འགྲོ་ཕོ་མོ་ཐམས་ཅད་དབང་འདུས་ནས༔ ལུས་སེམས་དགེ་ལ་སྦྱོར་བར་མཛད་དུ་གསོལ༔ བདུད་རིགས་ལོག་ལྟ་ཅན་ཀུན་དབང་འདུས་ནས༔ བསྟན་ལ་བར་ཆད་མེད་པར་མཛད་དུ་གསོལ༔ ལྷ་འདྲེ་མི་གསུམ་ཐམས་ཅད་དབང་འདུས་ནས༔ བཤད་སྒྲུབ་རྒྱལ་བསྟན་རྒྱས་པར་མཛད་དུ་གསོལ༔ རིན་ཆེན་འབྲུ་ནོར་ཐམས་ཅད་དབང་འདུས་ནས༔ ལོངས་སྤྱོད་ཟད་པ་མེད་པར་མཛད་དུ་གསོལ༔ མདོར་ན་སྲིད་ཞིའི་དཔལ་འབྱོར་ཡོན་ཏན་ཀུན༔ ཅི་ལྟར་འདོད་པའི་གནས་ཀུན་དབང་འདུས་ནས༔ ལེགས་ཚོགས་འཕེལ་རྒྱས་ནུབ་མེད་ཕྲིན་ལས་མཛོད༔ སྡུས་སྡུས་སརྦ་པ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ འཕེལ་འཕེལ་སརྦ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ལས་རྣམས་འགྲུབ་ཅིང་ཕྱྭ་གཡང་བཀྲ་ཤིས་བདེ་ལེགས་ཐམས་ཅད་ནམ་ཡང་ནུབ་མེད་དུ་བརྟན་པར་གྱུར་ཅིག༔ སརྦ་མངྒ་ལཾ༔ སྭ་སྟི་ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ ཞེས་པ་འདི་རིག་འཛིན་གསང་སྔགས་གླིང་པའི་གཏེར་བྱོན་ཛཾ་ནག་ལ་བསྐང་བའམ་གསོལ་བསྡུས་ཤིག་རྩོམ་དགོས་ཞེས༔ གཏེར་སྟོན་ཉིད་ཀྱིས་དབུགས་དབྱུང་བའི་ལྷ་གྲོགས་ལུང་རྟོགས་བསྟན་འཛིན་གྱིས་བསྐུལ་ངོར༔ བདག་ལ་དེ་འདྲ་རྩོམ་པའི་རེ་བ་མ་མཆིས་ཀྱང༔ ཞལ་གསུང་མི་ལྡོག་ཙམ་དུ་ཀ་ཡི་ཕྲེང་བའི་མཇུག་ཏུ་ཆགས་མེད་རིན་པོ་ཆེའི་གསུང་བྱིན་རླབས་ཅན་གྱིས་བརྒྱན་ཏེ་ཕུལ་བས༔ འགྲོ་བ་ཡོངས་ཀྱི་བཀྲེས་སྐོམ་དབུལ་བའི་སྡུག་བསྔལ་ཞི་ཞིང་བདེ་གཤེགས་རཏྣ་སཾ་བྷ་ཝའི་རྒྱལ་སྲིད་ལ་དབང་འབྱོར་བར་ཤོག་ཅིག་གུ༔

བཟའ་བཏུང་མཆོད་པ་ཀུན་བཟང་མཆོད་སྤྲིན་ཚོགས་གཉིས་རྒྱ་མཚོ།

དག་སྣང་ལས༔ བཟའ་བཏུང་མཆོད་པ་ཀུན་བཟང་མཆོད་སྤྲིན་ཚོགས་གཉིས་རྒྱ་མཚོ་བི་ཛ་ཧ་རཾ༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ བརྒྱུད་གསུམ་ཁྱབ་བདག་བླ་མ་ལུང་རིག་གླིང༔ ཡི་དམ་རྒྱུད་སྡེའི་བྱེད་པོ་ཀཱི་ལ་ཡ༔ མ་རྒྱུད་མཁའ་འགྲོའི་སྤྲུལ་གཞི་འཕགས་མ་སྒྲོལ༔ རྒྱུད་སྡེ་རྒྱ་མཚོའི་སྲུང་མ་མ་མགོན་གཟའ༔ རྩ་གསུམ་སྲུང་མ་རྒྱལ་བ་རྒྱ་མཚོ་ལ༔ ཟག་མེད་དྭངས་མའི་བདུད་རྩིའི་རོལ་མཚོ་སྤེལ༔ དགའ་བཞིའི་ཡེ་ཤེས་རོལ་བ་ཆེན་པོས་མཆོད༔ མཆོག་ཐུན་དངོས་གྲུབ་སྐུ་བཞིའི་འབྲས་སྨིན་སྩོལ༔ ཅེས་འདི་སློབ་བུ་གསལ་སྟོང་གིས༔ བསྐུལ་ངོར་བླ་མིང་ཕན་པ་ཡིས༔ དགོང་མོ་དབང་གི་དུས་ཚོད་ལ༔ རང་བྱུང་རྩལ་ལས་ལེགས་ཕབ་དགེ༔

ཕྱིར་བཟློག་ཡང་སྙིང་མན་ངག

༄༅། ཉམས་སུ་བླང་བྱའི་རིམ་པ་ཕྱིར་བཟློག་ཡང་སྙིང་མན་ངག་འདི་ རང་ཉིད་དབང་ཕྱུག་ཁྲོ་བོ་ནི༔ སྐུ་མདོག་དམར་པོ་མེའི་རང་བཞིན༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་བསྒྲད༔ མཆེ་བ་བཞི་གཙིགས་གད་རྒྱངས་སྒྲོག༔ ཕྱག་གཉིས་མཚོན་ཆ་སྣ་ཚོགས་འཛིན༔ གསེར་དང་གནམ་ལྕགས་ལས་གྲུབ་པའི༔ འཁོར་ལོ་རྩིབས་བརྒྱད་དབུས་སུ་ནི༔ འཇིགས་སུ་རུང་བ་གཅིག་ཏུ་བསྐྱེད༔ བྱད་མ་དགྲ་བགེགས་བཅད་གཏུབ་བསམ༔ སྔགས་བཟླས་པའི་དུས་སུ་བྱད་མ་ཁོ་རང་གིས་ཚུར་རྦད་པའི་ལྷ་འདྲེ་ཐམས་ཅད་ཕར་ལོག་ནས་བྱད་མ་ཁོ་རང་གི་རང་གཤེད་རང་ལ་ལྡོག་པར་བསམ༔ ཨོཾ་ཏྲི་ལིང་ཤ་རོ་ལིང་ཤག་ཐུན་ཏྲི་ཐུན་སྤུ་ཏྲིག་ཏྲི་ཐུན་ཛ༔ སྤུ་ཏྲིག་ཏྲི་ཐུན་ཛ༔ ཀྵ་ཀྵ༔ ནྲི་ཏྲི་ཛ༔ ནྲི་ཏྲི་ཛ༔ ནྲི་ཏྲི་དུ་ནྲི་ཏྲི་དུ༔ ནག་པོ་ཙི་ཏྲ་དུ་རུ་དུ་རུ་མ་ཐི་གནོད་བྱེད་བྱད་མའི་སྲོག་ལ་རྦད་རྦད༔ ཁྲག་ལ་རྔུབ་རྔུབ༔ རུས་པ་ལ་ཆོམ་ཆོམ༔ ཤ་རུས་ཁྲག་རྩ་ལ་མཱ་ར་ཡ་གཏུབ་གཏུབ་གནུར་གནུར་ཧུར་ཧུར༔ སྙིང་རྩ་ལ་རྦད་རྦད༔ སོད་སོད༔ ནན་ནན༔ བྱད་མ་དམ་ཉམས་ཙི་ཏྲ་ཙི་ཏྲ་སྲོག་ལ་རྦད་རྦད༔ སོད་སོད་བྷྱོ་བྷྱོ༔ བཟློག་བཟློག༔ ནུ་རུ་ཡ་ནུ་རུ་ཡ༔ ཧཱུྃ་ཧཱུྃ་ཕཊ་ཕཊཿསྭཱ་ཧཱ༔ བྱད་མ་ཉམས་པའི་ཤ་ལ་རྦད་རྦད༔ ཁྲག་ལ་རྦད་རྦད༔ རུས་པ་ལ་རྦད་རྦད༔ སྙིང་དབུགས་བླ་ཚེ་སྲོག་གསུམ་ལ་རྦད་རྦད༔ རྣམ་པར་ཤེས་པ་མཱ་ར་ཡ་རྦད་སོད་ནན༔ བྱད་མ་གནོད་བྱེད་ཀྱིས་རང་གཤེད་རང་ལ་ཕོབ༔ རང་སྲོག་རང་གིས་ཆོད༔ རང་ཤ་རང་གིས་ཟོ༔ རང་ཕུང་རང་བརླག་ཏུ་ཆུག་ཅིག༔ བྱད་མ་ཁོ་རང་གི་ལྷ་སྲུང་ཁོ་རང་གི་གཤེད་དུ་ཕོབ་ཅིག༔ མཱ་ར་ཡ༔ ཨུ་ཙ་ཏ་ཡ་ཕཊ༔ ཧཱུྃ༔ རང་སྣང་འཁྲུལ་པའི་བྱད་མ་རྣམས༔ མི་དམིགས་ཟབ་པའི་གཤིས་སུ་ཐིམ༔ དྲན་རྫོགས་རང་བྱུང་སངས་རྒྱས་ནས༔ ཡེ་གྲོལ་སྙིང་པོ་ཨ་ལ་ལ༔ འདི་ལས་ཟབ་པའི་ཕྱིར་བཟློག་ནི༔ དཀོན་པའི་མཆོག་གྱུར་ཕྱི་ནང་གི༔ བསྟན་བཅོས་ཀུན་ལས་ལྷག་པ་མེད༔ དེ་ཕྱིར་སྙིང་ལ་གསང་རྒྱ་གྱིས༔ མང་དུ་སྤེལ་ན་ས་སྟེང་གི༔ སྔགས་པ་ཀུན་གྱི་ནུས་མཐུ་འཇོམས༔ དེ་ཕྱིར་གཅིག་བརྒྱུད་མ་གཏོགས་པའི༔ ཡོངས་ལ་བསྒྲགས་ན་ཉེས་པ་ཆེ༔ རང་བསྲུང་རྡོ་རྗེའི་གོ་ཆ་ཡིན༔ ས་མ་ཡཱ༔ ཟབ་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ གཏེར་རྒྱ༔ གུ་ཧྱ༔

མི་ཕྱུགས་གང་ལ་ཡང་རིམས་ནད་དང་གཅན་གཟན་ལྷོག་པ་བསྲུང་བའི་སྔགས།

མི་ཕྱུགས་གང་ལ་ཡང་རིམས་ནད་དང་གཅན་གཟན་ལྷོག་པ་བསྲུང་བའི་སྔགས༔ དཀོན་མཆོག་རིན་ཆེན་གསུམ་ལ་ཕྱག་འཚལ་ལོ༔ ན་མོ་རཏྣ་ཏྲ་ཡ་ཡ༔ ཨོཾ་ཛ་ཛ་རེ་པརྣ་ཤ་ཝ་རི་སྭཱ་ཧཱ༔ ན་མཿསེངྷ་བྱ་གྷ་རཀྵ་ཏ་རཀྵུ་ཁ་ཐིན་རཱ་མེ་ཁ་མེ་ཁ༔ ཙན་ཏི་ཏི་པ་ཏ་ཡེ༔ རོ་ག་ནི་དྲཱི་པ་ས་ཏ་ཡེ་སྭཱ་ཧཱ༔ ཞེས་འདི་རོལ་མོའི་རིགས་གང་ལ་བརྒྱ་སྟོང་བསྔགས་ཤིང་རང་ཉིད་དུད་སོལ་ལྷ་མོའི་ང་རྒྱལ་གྱིས་བསྲུང་བྱའི་སྒྲ་འཛིན་གྱི་སྒོར་རོལ་མོ་བསྒྲགས་ན་ནད་རིམས་ཕྱོགས་དེར་ཁོག༔ གཅན་གཟན་སོགས་ཀྱང་སྲུང་བར་འགྱུར༔ ཞིང་ལ་སྲོག་ཆགས་འཚེ་བའང་སྲུང་བར་འགྱུར༔ བསམ་གཏན་ཡེ་ཤེས་གླིང་པས་སྨྲས་པའོ༔

ལྷོག་པ་སྲུང་བའི་མན་ངག

ལྷོག་པ་སྲུང་བའི་མན་ངག་ནི༔ སྐྱེར་བའི་ཕུར་བུ་སོར་བརྒྱད་པ༔ ཡེ་ཤེས་ཁྱུང་དུ་བྱིན་གྱིས་བརླབས༔ ཕུར་བུའི་མགུལ་དུ་སྔགས་འདི་དྲིལ༔ ཐྦཏཏྱཐཱཨཱལམཏལཧོལཧབདགགཛརནདྷརཛམིཨྐཧཧནཏོཧིགནཔཙཏུཀཐཱམུནིཨརྱསྭཱཧཱ༔ གནག་ཕྱུགས་གང་ལ་ཁ་བསྒྱུར་ཏེ་ཆེ་གེ་མོ་ལ་ལྷོག་པའི་གནོད་པ་དང་གདུག་པས་མི་ཚུགས་པར་སྲུངས་ཤིག་སྐྱོབས་ཤིག༔ འདི་ནི་ཟབ་པའི་མཐར་ཐུག་ཡིན༔ ཀུན་ལ་མ་སྤེལ་སྲོག་ལ་འོང༔ ཕྱུགས་ལྷས་གཅིག་ཏུ་གྲགས་ཅན་གྱི༔ སེམས་ཅན་གཅིག་ལ་བཏགས་གྱུར་ན༔ དེ་ཀུན་ལྷོག་པའི་སྐྱོན་སེལ་འོང༔ ནུས་ལྡན་སྔགས་པས་ཁྱུང་ནག་དང༔ ཕྱག་རྡོར་རྣམ་འཇོམས་རིགས་སྔགས་ཀྱིས༔ བསྔགས་ཤིང་རབ་ཏུ་གནས་པར་བྱའོ༔ ས་མ་ཡཱ༔ ཞེས་པ་འདི་མི་ཕྱུགས་ནད་རིམས་དོན་ཆེད་དུ༔ པདྨའི་ལུང་གིས་བསྔགས་པ་ལུང་རྟོགས་གྱི༔ བཞེད་སྐོང་མ་ལྡོག་ཙམ་དུ་ཛྙཱ་དཱི་པས༔ འཕྲལ་བྱུང་སྨྲས་པ་ཡོངས་ལ་དགེ་གྱུར་ཅིག༔

སྡེ་བརྒྱད་སྤྱི་མདོས་ཁེང་ལོག་གི་བཅོས་ཐབས་དཀར་པོ་གཅིག་ཐུབ།

ཡང་གསང་ཌཱཀྐི་ཐུགས་ཐིག་ལས༔ སྡེ་བརྒྱད་སྤྱི་མདོས་ཁེང་ལོག་གི་བཅོས་ཐབས་དཀར་པོ་གཅིག་ཐུབ་སྟོན༔

གུ་རུ་སྣང་སྲིད་ཟིལ་གནོན་ལ༔ གུས་པས་འདུད་དོ་ཤིས་པ་སྩོལ༔ སྡེ་བརྒྱད་བཤོས་བུ་རང་གཞུང་བཞིན༔ ཕྱོགས་བཞི་མཚམས་བརྒྱད་དག་ལ་དགོད༔ དབུས་སུ་བླ་གཏོར་རྒྱན་ལྡན་ལ༔ ཙིཏྟ་ཐུགས་ཀྱིས་ནམ་མཁས་བརྒྱན༔ རི་རབ་བང་རིམ་བཞི་ལ་བསྐོར༔ མཐའ་བསྐོར་འདབ་ཆགས་རི་གཡུང་དྭགས༔ མདའ་འཕང་ནམ་རྒྱང་ཤིང་རིས་བཙུགས༔ ས་མ་ཡཱ༔ དང་པོ་སྐྱབས་འགྲོ་སེམས་བསྐྱེད་དང༔ ཚོགས་བསགས་བདུན་པ་སྔོན་སོང་ནས༔ དངོས་གཞི་བདག་བསྐྱེད་ལས་རིམ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ སྐད་ཅིག་དྲན་རྫོགས་རང་སེམས་བཟོ་མེད་འདི༔ རྔ་ཡབ་རཀྴ་ཕོ་མོ་དམ་སྲིའི་སྟེང༔ རབ་འཇིགས་མེ་ཕྲེང་རྡོ་རྗེ་དྲག་པོ་རྩལ༔ སྐུ་མདོག་དམར་ནག་དབང་དྲག་འཛོམས་པའི་ཞལ༔ སྤྱན་གསུམ་དམར་ཟླུམ་ཁྲོ་འཁྲུག་ཨམ་གཙིགས་བསྡམ༔ དབུ་སྐྲ་དམར་སེར་གྱེན་བརྫེས་ཐོད་སྐམ་བརྒྱན༔ ཁྲོ་བོའི་ཆས་རྫོགས་མགོ་ཕྲེང་རུས་རྒྱན་གསོལ༔ ཞབས་གཉིས་འདོར་སྟབས་དྲེགས་ཚོགས་ལས་ལ་འགྱེད༔ ཕྱག་གཡས་རྡོ་རྗེ་དབྱིངས་ནས་བགེགས་ལ་གཟིར༔ གཡོན་པས་སྡིག་མཛུབ་ཕུར་འདྲིལ་མེ་སྟག་འཕྲོ༔ རྒྱལ་བསེན་འབྱུང་པོའི་ཀླད་པ་ཞོ་ལྟར་དཀྲུགས༔ ཞལ་ནས་ཧ་ཧ་ཧཱུྃ་ཕཊ་གད་རྒྱངས་སྒྲོག༔ མི་དང་མི་མིན་དྲེགས་ཚོགས་དབང་དུ་བསྡུད༔ མདུན་དུ་དྲང་སྲོང་དུད་ཁ་འཇིགས་པའི་གཟུགས༔ གཡས་སུ་མ་ནིང་མ་ཧཱ་ཀ་ལ་ཆེ༔ རྒྱབ་ཏུ་སྲིད་གསུམ་བདག་མོ་ཨེ་ཀ་ཛ༔ གཡོན་དུ་དམ་ཅན་མགར་བ་འཇིགས་ཤིང་རྔམ༔ མཐའ་བསྐོར་ལྷ་སྲིན་དྲེགས་པའི་ཚོགས་ཀྱིས་བསྐོར༔ བར་དུ་ཡི་དམ་ཞི་ཁྲོ་སྤྲིན་ཕུང་འཁྲིགས༔ སྟེང་ན་བརྒྱུད་གསུམ་བླ་མ་སྐར་ལྟར་བཀྲ༔ ལྷ་ཚོགས་ཨ་འཐས་དངོས་གཟུགས་དང་བྲལ་བའི༔ གནས་གསུམ་འབྲུ་གསུམ་ཐུགས་སྲོག་ས་བོན་ལས༔ འོད་འཕྲོས་ལྷོ་ནུབ་རྔ་ཡབ་ལང་ཀའི་གླིང༔ རཀྴ་སྲིན་པོའི་ཡུལ་གླིང་ཆེན་པོ་དགུ༔ རབ་འཇིགས་རྡོ་རྗེ་དབྱིངས་ཀྱི་མཁའ་ཀློང་ནས༔ སྲིན་རྒྱལ་ཐོད་ཕྲེང་ལྕམ་དྲལ་སྡེ་དང་བཅས༔ མ་ཐོགས་འདིར་གཤེགས་དམ་ཚིག་རྟེན་ལ་བཞུགས༔ གུས་པས་ཕྱག་འཚལ་མཆོད་ཚོགས་ཀུན་འབུལ་ཞིང༔ གསང་གསུམ་ཡོན་ཏན་རྗེས་སུ་དྲན་པས་བསྟོད༔ མི་དགེའི་ཉམས་ཆགས་འགལ་འཁྲུལ་བཤགས་པ་སྡོམ༔ ཡི་གེ་བརྒྱ་བའི་མཐར་ནི༔ རང་ཉིད་རྡོ་རྗེ་སྲིན་པོ་ཐོད་ཕྲེང་རྩལ་གྱི་ཐུགས་རིན་པོ་ཆེ་མཆོང་གི་གུར་ཕུབ་པ་འདྲ་བའི་དབུས་སུ་པད་ཟླ་ཉི་མའི་སྟེང་དུ་རང་སྲོག་ཧཱུྃ༔དམར་ནག་མེ་རི་དང་བཅས་པའི་མཐར་དྲག་སྔགས་མེ་ཡི་སྤུ་གྲི་གཡས་དང་གཡོན་དུ་འཁོར་བས་མེ་དང་མཚོན་ཆ་ལ་སོགས་པ་འཕྲོས་ཏེ་སེམས་ཅན་མ་རུངས་པ་བསྒྲལ་བའི་ཞིང་དུ་གྱུར་པ་ཐམས་ཅད་ཚར་བཅད༔ ངན་སོང་འཁོར་བའི་ལས་སྒྲིབ་སྦྱངས༔ འཕགས་པ་མཆོད༔ བྱིན་རླབས་དང་འོད་ཟེར་ཚུར་འདུས༔ ཕྱི་ནང་སྣོད་བཅུད་དག་པ་རབ་འབྱམས་དཀྱིལ་འཁོར་འཁོར་ལོའི་རང་བཞིན་དུ་སད་པར་བསམ་ལ༔ སྔགས་སྒྲ་འུ་རུ་རུ་བཟླས་པར་བསམ༔ ཨོཾ་ཨཱཿཧཱུྃ་རཀྵ་ཐོད་ཕྲེང་རྩལ་ཀྲོ་ཏ་ཕཊ་ཕཊ་སརྦ་དུཥྜན་ཧཱུྃ༔ བརྒྱ་རྩ་བརྒྱད་དམ་ཅི་ནུས་མཐར༔ རྗེས་ལ་མཆོད་བསྟོད་དངོས་གྲུབ་ལེན༔ མི་དམིགས་སེམས་ཀྱི་གཤིས་ལ་ཀློད༔ མདོས་རྫས་བྱིན་རླབས་སྤྱི་འགྲོས་དང༔ ཡང་ན༔ ཨོཾ་སྭ་བྷ་ཝས་སྦྱངས༔ མདོས་དང་མཆོད་རྫས་རྣམས་མ་དག་པའི་དངོས་འཛིན་གྱི་དྲི་མ་རྣམས་སྦྱང༔ སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་དུ་མདོས་ཀྱི་བཤོས་བུ་འདི་རྣམས་རི་རྒྱལ་ལྷུན་པོ་ལྟར་དཔང་མཐོ་ཞིང་རོ་བརྒྱ་ནུས་པ་སྟོང་དང་ལྡན་པ་ཕྱག་མཚན་ལ་སོགས་མཐུན་པའི་དམ་རྫས་ནམ་རྒྱང་ལ་སོགས་དཀོར་ཆ་སྣ་ཚོགས༔ དར་ཟབ་འབྲུ་སྣ་ལ་སོགས་ཡོ་བྱད་སྣ་ཚོགས་འདོད་པའི་ཡོན་ཏན་ལྔའི་ལོངས་སྤྱོད་ས་དང་བར་སྣང་ནམ་མཁའི་ཁྱོན་ཐམས་ཅད་ཡོངས་སུ་གང་བ་སྤྲིན་ལྟར་འཁྲིགས་ཤིང་ཆར་ལྟར་འབེབས་པ་ཟག་མེད་ཀྱི་བདེ་བ་ཁྱད་པར་ཅན་བསྐྱེད་པར་གྱུར༔ སྔགས་དང་ཕྱག་རྒྱ་དྲུག་གིས་སྤེལ༔ གཞན་ཡང་བསམ་སྤྱོད་སྔོན་བཏང་ནས༔ རྣམ་འབྱོར་ལྷ་ཡི་ང་རྒྱལ་གྱིས༔ སྟོང་པའི་ངང་ལས་རང་གི་མདུན་དུ་ཨེ་ཡཾ་བཾ་ལཾ་སུཾ་རྣམས་ལས་འོད་ཟེར་འཕྲོ་འདུས་འབྱུང་བ་རིམ་བརྩེགས་ཀྱི་སྟེང་དུ་དབུས་སུ་ཀྵཿལས་གཟའི་རྒྱལ་པོ་ཁྱབ་འཇུག་ཆེན་པོ་སྨུག་ནག་འོད་འཕྲོ༔ ཤར་དུ་ཏྲི་ལས་ཐེའུ་རང་གི་རྒྱལ་པོ༔ ཤར་ལྷོར་ཨཱཿལས་ལྷའི་རྒྱལ་པོ༔ ལྷོ་རུ་ཡཿལས་གཤིན་རྗེའི་རྒྱལ་པོ༔ ལྷོ་ནུབ་མ་ལས་མ་མོའི་རྒྱལ་པོ༔ ནུབ་ཏུ་དུཿལས་བདུད་ཀྱི་རྒྱལ་པོ༔ ནུབ་བྱང་དུ་རུཿལས་བཙན་གྱི་རྒྱལ་པོ༔ བྱང་དུ་ཙཿལས་རཱ་ཛའི་རྒྱལ་པོ༔ བྱང་ཤར་དུ་ཤཿལས་གནོད་སྦྱིན་གྱི་རྒྱལ་པོ༔ འོག་ཏུ་ནཿལས་ཀླུའི་རྒྱལ་པོ༔ དེ་རྣམས་རང་རང་གི་རིགས་མཐུན་འཁོར་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བར་གྱུར༔ རང་ཉིད་ལྷར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རབ་འཇིགས་རྩུབ་འགྱུར་ཚལ་དང་དུར་ཁྲོད་ཆེན་པོ་བརྒྱད་སོགས་རང་བཞིན་གྱི་གནས་ནས་འདིར་བསྐྱེད་པ་དང་འདྲ་བ་སྤྱན་དྲངས༔ བདེན་པའི་ཚིག་གིས་སྤྱན་འདྲེན་ནི༔ ཧཱུྃ༔ རང་བཞིན་སྐུ་གསུམ་རྒྱལ་བའི་ཕོ་བྲང་ནས༔ སྐྱབས་གནས་དཀོན་མཆོག་གསུམ་དང་རྩ་བ་གསུམ༔ ཆོས་སྐྱོང་ནོར་ལྷ་རྒྱ་མཚོ་སྤྱན་འདྲེན་ནོ༔ རང་མདུན་གདན་བཞུགས་མདོས་ཀྱི་མཆོད་པ་བཞེས༔ སྣང་བ་ཀུན་བརྟག་སྣོད་ཀྱི་ཞིང་ཁམས་ནས༔ ལྷ་ཀླུ་ལྷ་མ་ཡིན་དང་དྲི་ཟའི་རྗེ༔ བརྒྱ་བྱིན་ཐག་བཟང་ཀླུ་དབང་དགའ་བོ་འཇོག༔ ལྗོན་པ་རྟ་མགོ་ཟུར་ཕུད་ལྔ་ལྡན་སོགས༔ མདོས་ལ་སྤྱན་འདྲེན་རང་མཐུན་གདན་ལ་བཞུགས༔ འདོད་ཡོན་ཕུན་ཚོགས་མདོས་ཀྱི་མཆོད་པ་བཞེས༔ འཇིགས་རུང་རྩུབ་འགྱུར་མ་ངེས་གནས་མཆོག་ནས༔ རྒྱལ་བཙན་བདུད་དང་རྡོར་ལེགས་ཐེའུ་རང་སྡེ༔ ཡུལ་ལྷ་ཕྱྭ་སང་དཀར་མོ་ཉི་ཟླ་དང༔ ནང་གི་སྡེ་བརྒྱད་སྤྱན་འདྲེན་གདན་ལ་བཞུགས༔ སྣང་བ་རྒྱན་དུ་བཀོད་པའི་མདོས་འདི་བཞེས༔ མ་ངེས་ཁྱབ་པ་ཀུན་རྒྱུའི་གནས་མཆོག་ནས༔ མ་བྱིན་བདུད་བཙན་ཐོད་པའི་ཕྲེང་བ་ཅན༔ ཨ་ཕྱི་སྲོག་ལེན་རེ་ལྡེ་འགོང་གནོད་སྦྱིན༔ སྲོག་བདག་དུང་གི་ཐོར་ཅོག་སྡེ་བརྒྱད་པོ༔ བཀྲམ་པའི་རྒྱན་གྱི་མདོས་ལ་སྤྱན་འདྲེན་ནོ༔ རང་མདུན་དབང་པོའི་དགྱེས་རྒུ་བཞེས་སུ་གསོལ༔ ལེགས་ཉེས་སྟངས་འཛིན་དམ་ཚིག་ཕོ་བྲང་ནས༔ དྲང་སྲོང་ཁྱབ་འཇུག་སྡེ་བརྒྱད་གདོང་མོ་བཞི༔ ཁྲམ་ཤིང་ཁ་འཐོར་རྒྱུ་སྐར་ཉི་ཤུ་བརྒྱད༔ མ་མཆོག་ལྕེ་སྤྱང་ཀླུ་རྒྱལ་དུང་སྐྱོང་བ༔ གྲི་བཙན་འཐིབ་པོ་མགོན་མཆོག་ལྟེ་དཀར་སོགས༔ རང་མཐུན་བྱིན་རླབས་མདོས་ལ་སྤྱན་འདྲེན་ནོ༔ ཀུན་ཀྱང་སྤྲིན་གྱི་རོལ་མོའི་མདོས་འདི་བཞེས༔ ནམ་མཁའ་མཐའ་བྲལ་དབྱིངས་ཀྱི་ད་ལ་ནས༔ སྒྲ་གཅན་རྒྱལ་པོ་ཡན་ལག་ལྔ་ལྡན་དང༔ སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་སྡེ་ཚན་ཀུན༔ སྤྲུལ་པའི་དྲེགས་པ་མདོས་ལ་སྤྱན་འདྲེན་ནོ༔ བྱས་ཤིང་བསགས་པའི་མདོས་རྫས་དཀོར་འདི་བཞེས༔ སྟོང་གསུམ་འཇིག་རྟེན་སྲིད་པའི་ཁྱོན་ཡངས་པར༔ གནས་པའི་ཆེ་དགུ་མགུར་ལྷ་བཅུ་གསུམ་དང༔ ཡུམ་ཆེན་ཉེར་བཞི་ལྷ་མོ་བསྟན་མ་དང༔ ས་བདག་རྒྱལ་བློན་བཅུ་བདུན་མཁའ་ལ་རྒྱུ༔ མི་མིན་སྣང་སྲིད་སྡེ་བརྒྱད་ཡུལ་ལྷ་དང༔ དཀར་ཕྱོགས་སྐྱོང་ཞིང་གནས་བདག་གཞི་བདག་ཚོགས༔ དེ་རིང་བཤམས་པའི་མདོས་ལ་སྤྱན་འདྲེན་ནོ༔ བདག་ཅག་འདོད་དོན་འགྲུབ་ཕྱིར་མདོས་འདི་བཞེས༔ མ་གཡེལ་མ་འདའ་བསྒོ་བའི་ཐ་ཚིག་གསོན༔ དེ་ནས་རང་གཞུང་སྡེ་མཆོད་ལ༔ སོ་སོའི་བཤམས་བཅས་འདི་བཞིན་ནོ༔ ཧཱུྃཿ སྐུ་གསུམ་རྒྱུད་གསུམ་བླ་མ་དང༔ ཡི་དམ་ཞི་ཁྲོའི་ལྷ་ཚོགས་དང༔ སྐྱབས་གནས་དཀོན་མཆོག་གསུམ་པོ་དང༔ མཁའ་འགྲོ་ནོར་ལྷ་ཆོས་སྐྱོང་སོགས༔ མཆོད་ཡུལ་གོང་མ་ཐམས་ཅད་ལ༔ མཆོད་པ་དམ་པ་འདི་འབུལ་ལོ༔ གསེར་སྐྱེམས་ཕུད་དང་བཤོས་བུས་བརྔན༔ སྡེ་བརྒྱད་ཁེང་ལོག་གནོད་པ་དགྲ་ལ་བཟློག༔ མི་མཐུན་རྐྱེན་སོལ་མཐུན་པའི་བསམ་པ་སྒྲུབ༔ ལྷ་ཡི་དབང་པོ་བརྒྱ་བྱིན་དང༔ ཀླུ་ཡི་དབང་པོ་དགའ་བོ་དང༔ ལྷ་མིན་དབང་པོ་ཐག་བཟང་དང༔ མིའམ་ཅི་ལྗོན་རྟ་མགོ་དང༔ གནོད་སྦྱིན་གང་བ་བཟང་པོ་དང༔ མཁའ་ལྡིང་གསེར་མིག་འཁྱིལ་བ་དང༔ ཆོས་སྐྱོང་མ་ཧཱ་ཀ་ལ་དང༔ དྲི་ཟ་ཟུར་ཕུད་ལྔ་པ་སོགས༔ ཕྱི་ཡི་སྡེ་བརྒྱད་འཁོར་བཅས་ལ༔ མཆོད་པ་དམ་པ་འདི་འབུལ་ལོ༔ གསེར་སྐྱེམས་ཕུད་དང་བཤོས་བུས་བརྔན༔ ལྷ་ཡི་ཁེང་ལོག་གནོད་པ་དགྲ་ལ་བཟློག༔ མི་མཐུན་རྐྱེན་སོལ་མཐུན་པའི་བསམ་པ་སྒྲུབ༔ ཡབ་གཅིག་བདུད་རྗེ་ནག་པོ་དང༔ བཙན་རྒྱལ་ཡམ་ཤུད་དམར་པོ་དང༔ ཡུལ་ལྷ་ཕྱ་སང་ཀླུ་སྲིན་དང༔ སྲོག་བདག་རྒྱལ་པོ་སྙིང་འབྱིན་དང༔ ཆོས་སྐྱོང་གནོད་སྦྱིན་དམར་པོ་དང༔ ལྷ་མོ་འཇིགས་པའི་གློག་འབྱིན་དང༔ དགེ་བསྙེན་རྡོ་རྗེ་ལེགས་པ་དང༔ དཀར་མོ་ཉི་ཟླའི་ཐོད་ཕྲེང་སོགས༔ ནང་གི་སྡེ་བརྒྱད་འཁོར་བཅས་ལ༔ མཆོད་པ་དམ་པ་འདི་འབུལ་བས༔ གསེར་སྐྱེམས་ཕུད་དང་བཤོས་བུས་བརྔན༔ གཤིན་རྗེའི་ཁེང་ལོག་གནོད་པ་དགྲ་ལ་བཟློག༔ མི་མཐུན་རྐྱེན་སོལ་མཐུན་པའི་བསམ་པ་སྒྲུབ༔ བདུད་ཕོ་ཁ་ཐུན་རཀྴ་དང༔ གཤིན་རྗེ་གཤེད་པོ་དམར་པོ་དང༔ ཀླུ་བདུད་ན་ག་རཱ་ཛ་དང༔ གནོད་སྦྱིན་བཤན་པ་གྲི་ཐོགས་དང༔ མ་མོ་སྲིད་པའི་ཁྲམ་འདེབས་དང༔ བཙན་པོ་ཡམ་ཤུད་སྲོག་ལེན་དང༔ བདུད་པོ་རེ་ཏི་མགོ་ཉག་དང༔ སྲོག་བདག་དུང་གི་ཐོར་ཚུགས་སོགས༔ གསང་བའི་སྡེ་བརྒྱད་འཁོར་བཅས་ལ༔ མཆོད་པ་དམ་པ་འདི་འབུལ་ལོ༔ གསེར་སྐྱེམས་ཕུད་དང་བཤོས་བུས་བརྔན༔ བདུད་ཀྱི་ཁེང་ལོག་གནོད་པ་དགྲ་ལ་བསྒྱུར༔ མི་མཐུན་རྐྱེན་སོལ་མཐུན་པའི་བསམ་པ་བསྒྲུབ༔ གཟའ་མཆོག་རྒྱལ་པོ་རཱ་ཧུ་ལ༔ སྐར་མཆོག་ཁྲམ་ཤིང་ཁ་འཐོར་དང༔ བདུད་མཆོག་མ་ནུ་རཀྴ་དང༔ བཙན་མཆོག་གྲི་བཙན་འཐུམ་པོ་དང༔ མ་མཆོག་ལྕེ་སྤྱང་མདུང་འཛིན་དང༔ ཀླུ་མཆོག་ཀླུ་རྒྱལ་དུང་སྐྱོང་དང༔ མགོན་མཆོག་ནག་པོ་ལྟེ་དཀར་དང༔ རྒྱལ་མཆོག་ལི་བྱིན་ཧ་ར་སོགས༔ མཆོག་གི་སྡེ་བརྒྱད་འཁོར་བཅས་ལ༔ མཆོད་པ་དམ་པ་འདི་འབུལ་ལོ༔ གསེར་སྐྱེམས་ཕུད་དང་བཤོས་བུས་བརྔན༔ གཟའ་ཡི་ཁེང་ལོག་གནོད་པ་དགྲ་ལ་ཟློག༔ མི་མཐུན་རྐྱེན་སོལ་མཐུན་པའི་བསམ་པ་བསྒྲུབ༔ དཔུང་གཡས་དགྲ་ལྷར་སྤྲུལ་པ་དང༔ དཔུང་གཡོན་མ་མོར་སྤྲུལ་པ་དང༔ མཆུ་སོ་བདུད་དུ་སྤྲུལ་པ་དང༔ མགོ་བོ་སྲིན་པོར་སྤྲུལ་པ་དང༔ མཇུག་མ་དམུ་རུ་སྤྲུལ་པ་དང༔ ལག་གཡས་གཤིན་རྗེར་སྤྲུལ་པ་དང༔ ལག་གཡོན་ཀླུ་བཙན་སྤྲུལ་པ་དང༔ མིག་དང་སྙིང་དང་མཆེ་བ་གསུམ༔ གཟའ་བདུད་ཉིད་དུ་སྤྲུལ་པ་སོགས༔ སྤྲུལ་པའི་སྡེ་བརྒྱད་འཁོར་བཅས་ལ༔ མཆོད་པ་དམ་པ་འདི་འབུལ་བས༔ གསེར་སྐྱེམས་ཕུད་དང་བཤོས་བུས་བརྔན༔ བདུད་ཀྱི་ཁེང་ལོག་གནོད་པ་དགྲ་ལ་བཟློག༔ མི་མཐུན་རྐྱེན་སོལ་མཐུན་པའི་བསམ་པ་སྒྲུབ༔ ས་བདག་ཧལ་ཁྱི་ནག་པོ་དང༔ ཀླུ་བདུད་སྒོ་ར་ནག་པོ་དང༔ ས་ཡི་ལྷ་མོ་བརྟན་མ་དང༔ ཕྱོགས་སྐྱོང་རྒྱལ་ཆེན་སྡེ་བཞི་དང༔ དཔལ་མགོན་བདུན་ཅུ་རྩ་ལྔ་དང༔ ཡུལ་འདིའི་གཞི་བདག་ཐམས་ཅད་དང༔ ཕོ་ལྷ་དགྲ་ལྷ་སྲོག་ལྷ་དང༔ མོ་ལྷ་མོ་སྨན་ལ་སོགས་པའི༔ སྣང་སྲིད་སྡེ་བརྒྱད་འཁོར་བཅས་ལ༔ མཆོད་པ་དམ་པ་འདི་བཞེས་ལ༔ གསེར་སྐྱེམས་ཕུད་དང་བཤོས་བུས་བརྔན༔ ཀླུ་ཡི་ཁེང་ལོག་གནོན་པ་དགྲ་ལ་བསྒྱུར༔ མི་མཐུན་རྐྱེན་སོལ་མཐུན་པའི་བསམ་པ་སྒྲུབ༔ དེ་ནས་རྗེས་ལ་གཤེགས་གསོལ་ནི༔ ཀྱཻ༔ དཀོན་མཆོག་སྲིད་ཞི་མགྲོན་གྱི་ལྷ་ཚོགས་རྣམས༔ རང་བཞིན་རིག་པའི་རྩལ་སྣང་དབྱིངས་སུ་གཤེགས༔ རྒྱལ་པོའི་སྡེ་ཚོགས་སྣང་བའི་མཐའ་ལ་དེངས༔ གཤིན་རྗེའི་སྡེ་ཚོགས་མཉམ་པའི་ཀློང་དུ་དེངས༔ མ་མོའི་སྡེ་ཚོགས་སྟོང་པའི་དབྱིངས་སུ་དེངས༔ བདུད་ཀྱི་སྡེ་ཚོགས་བདག་མེད་ཀློང་དུ་དེངས༔ བཙན་གྱི་སྡེ་ཚོགས་སོར་རྟོག་བདེན་མེད་ཀློང༔ ཀླུ་ཡི་སྡེ་ཚོགས་ཆོས་དབྱིངས་ཀློང་དུ་དེངས༔ གཟའ་ཡི་སྡེ་ཚོགས་དབྱིངས་ཀྱི་མཐའ་རུ་དེངས༔ ཐེའུ་བྲང་སྡེ་ཚོགས་ཡུལ་མེད་ཀློང་དུ་དེངས༔ ལྷ་ཡི་སྡེ་ཚོགས་མུ་བཞིའི་ཀློང་དུ་དེངས༔ ལྷ་སྲིན་སྡེ་བརྒྱད་རང་རང་ཡུལ་དུ་གཤེགས༔ མཆོད་པས་ཚིམས་ཤིང་བདག་ཅག་འཁོར་བཅས་ལ༔ བསམ་པ་འགྲུབ་ཅིང་ནད་གདོན་རྐྱེན་གྲོལ་མཛོད༔ དགེ་འདིས་མཁའ་མཉམ་འགྲོ་བ་མ་ལུས་པ༔ ཚོགས་བརྒྱད་རང་ངོ་རང་གདངས་མངོན་དུ་གྱུར༔ ཡུལ་ཁམས་བདེ་ཞིང་ནད་མཚོན་མུ་གེ་ཞི༔ དགེ་ལེགས་དཔལ་གྱིས་ས་གསུམ་ཡོངས་གང་ཤོག༔ ས་མ་ཡཱ༔ ལྷར་སྣང་བསྲུང་བའི་གོ་ཆ་གྱོན༔ དགེ་ཚོགས་འཁོར་གསུམ་ཡོངས་བྲལ་བསྔོ༔ དེ་ནས་ཤིས་པས་མཐའ་བརྒྱན་ནི༔ ཨེ་མ་ཧོ༔ སྐུ་གསུམ་ཞིང་ནས་འགྲོ་བའི་དོན་ལ་དགོངས༔ སྐུ་གསུམ་བདག་ཉིད་རཀྴ་ཐོད་ཕྲེང་རྩལ༔ ཁམས་གསུམ་འགྲོ་བའི་སྐྱབས་མགོན་རིན་པོ་ཆེ༔ སྐྱབས་གསུམ་བཀའ་སྡོད་བདེན་པའི་བཀྲ་ཤིས་ཤོག༔ ཤིན་ཏུ་ཟབ་མྱུར་བྱིན་རླབས་ཆེ༔ ཡེ་ཤེས་ཌཱཀྐིའི་ཞལ་ལུང་བཞིན༔ ཕབ་པའི་ཟབ་དོན་བླ་ན་མེད༔ ཕལ་བའི་བློ་ཡི་སྤྱོད་ཡུལ་མིན༔ ལོག་སྲེད་ཅན་ལ་ཕག་ཏུ་སྦས༔ དད་ལྡན་ཡོངས་ལ་སྲུངས་ཤིག་རྒྱ༔ བཀའ་ཡི་སྲུང་མ་དྲང་སྲོང་གིས༔ བཀའ་འདི་འཚོས་ལ་དོན་དང་སྤྲོད༔ ས་མ་ཡཱ༔ གུ་ཧྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་སྦྱིན་བདག་རྩ་ར་རྡོ་རྗེ་ཞེས་བྱའི་རིམ་གྲོར་དགོས་པ་བྱུང་སྐབས་སློབ་བུ་རྡོ་རྗེ་ཡོན་ཏན་གྱིས་བསྐུལ་ངོར༔ ཆོས་མེད་སྙོམ་ལས་མཁན་པོ་སྤྲུལ་མིང་པ་ས་ར་ཧི་ཏས་རང་བྱུང་དབྱིངས་ཀྱི་སྒྲོམ་ནས་བཏོན་ཏེ་བརྡ་ཐོགས་མེད་དུ་བསྒྱུར་བ་ལ་རེ་ཡག་གཉིས་འགྲོགས་ཀྱི་རཀྴ་ཐོད་ཕྲེང་རྩལ་བདག་བསྐྱེད་དང་བྱིན་རླབས་མདོ་ཙམ་བརྩམས་ནས་བསྒྲིགས་པ་བསྟན་དང་འགྲོ་ལ་ཕན་པའི་རྒྱུར་གྱུར་ཅིག༔ མངྒ་ལམ༔ དགེའོ༔ ཤུ་བྷཾ༔

མདོས་བསྐྱེད་དང་འགུགས་པ།

དེ་ལ་ཐོག་མར་ཡས་རྣམས་སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་རླབས་ལ༔ དངོས་གཞི་མདོས་ལ༔ རཾ་ཡཾ་ཁཾ་གིས་བསངས༔ སཱ་བྷ་ཝས་སྦྱངས༔ སྟོང་པའི་ངང་ལས་རང་ཉིད་ལྷར་གསལ་བའི་མདུན་དུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་རི་རབ་བང་རིམ་བཞི་དང་ལྡན་པའི་དབུས་སུ་རྒྱན་དང་བཀོད་པ་ཕུན་སུམ་ཚོགས་པའི་ཁང་བཟང་རྒྱ་ཁྱོན་ཚད་ལས་འདས་པའི་ནང་དུ་ཡི་གེ་ཏྲི་ནག་པོ་དགུ་བསམ༔ དེ་ལས་འོད་ཟེར་འཕྲོས༔ འདྲེ་གདོན་དལ་ཡམས་ནད་བདག་རྒྱལ་བསེན་དམ་སྲི་རྣམས་ལ་ཕོག༔ ཚུར་འདུས་ཡོངས་སུ་གྱུར་པ་ལས་དབུས་སུ་དམ་སྲི་གོད་འདྲེ་ནག་མོ་དོམ་གྱི་མགོ་ཅན༔ ལུས་ལ་མུན་པའི་གོས་དང་མགོ་ལ་ཞྭ་ནག་གྱོན་པའི་རྩེ་ལ་དར་འཕྲུས་བརྒྱན་པ༔ རླུང་གི་གཤོག་པ་ཅན༔ ལག་གཡས་གསོད་པའི་སྤུ་གྲི་ནམ་མཁར་གདངས་ཤིང་གཡོན་པའི་ཞགས་པ་ནག་པོས་སྐྱེ་འགྲོའི་བླ་ཚེ་སྡུད་པ༔ ཁ་ན་ཁྲག་གི་དུག་ཆར་གཏོང་བ༔ མི་སྡུག་པའི་རྣམ་འཕྲུལ་བསམ་གྱིས་མི་ཁྱབ་པས་བརྒྱན་པར་བསམ༔ དེའི་ཤར་དུ་གནོད་སྦྱིན་མི་ནག་ཕག་གི་མགོ་ཅན༔ དར་དཀར་གྱི་ལའུ་གྱོན་པ་མགོ་ལ་ཞྭ་ནག་གྱོན་པའི་རྩེ་ལ་དར་འཕྲུ་ངོམ་པ༔ ལག་གཉིས་གསོད་པའི་མདུང་ཐུང་འཕེན་པ༔ ལྷོ་རུ་དམ་སྲི་མི་ནག་པུ་ཤུད་མགོ་ཅན་དར་སེར་གྱི་རལ་ཀ་ཅན་བྱ་ནག་གི་ཕོད་འཕྲུས་མཛེས་པ་ལག་གཉིས་ཞགས་པ་ནག་པོས་དམིགས་བྱ་སྡོམ་པ༔ ནུབ་ཏུ་གོད་འདྲེ་ནག་པོ་ཤ་བའི་མགོ་ཅན་མིའི་ལུས་ལ་ཤ་ལྤགས་དམར་པོའི་གཡང་གཞི་ལྡིང་སྟབས་སུ་གྱོན་པ༔ ལག་གཉིས་གསོད་པའི་གྲི་དང་རྔ་ཡབ་འཛིན་པ༔ བྱང་དུ་བུད་མེད་ནག་མོ་བྱ་ཡི་མཆུ་སྒྲོ་ཅན༔ ལུས་གཅེར་བུ་འཚུབ་མ་ནག་པོའི་རྟ་ལ་ཞོན་པ༔ ལག་གཉིས་ཤ་ཟུང་འཕེན་སྡུད་བྱེད་པ༔ ཤར་ལྷོར་གླུད་བདག་སྲེ་མོང་གི་མགོ་ཅན་ནག་མོ་བུད་མེད་ཀྱི་ལུས་ལ་སྲེ་མོང་གི་གཡང་གཞི་གྱོན་པ༔ ལག་པ་གཉིས་ཀས་སྲེ་མོང་སྣ་ཚོགས་ཕོ་ཉར་འགྱེད་པ༔ ལྷོ་ནུབ་ཏུ་གྲོང་འདྲེ་བྱ་རོག་གི་མགོ་ཅན་ལུས་ལ་བྱ་ཐུལ་གྱོན་པ༔ ལག་གཉིས་ཞགས་ཟོར་བསྣོལ་མར་འཛིན་པ༔ ནུབ་བྱང་དུ་དབུལ་འདྲེ་ནག་པོ་ཀང་ཀའི་མགོ་ཅན་ཀང་ཀའི་མཆུ་སྡེར་ཅན་གཡང་གཞི་དམར་པོ་སྐེད་ལ་དཀྲིས་ཤིང༔ ལག་གཉིས་བསླུ་བའི་གཡབ་མོ་འདེབས་པ༔ བྱང་ཤར་དུ་ཐན་འགྱེད་འགོང་པོ་ནག་པོ་མགོ་བོ་དགུ་པ༔ ཁ་དགུར་ཡམས་ཁྲག་གི་ཆར་པ་འབེབས་པ༔ ལག་གཉིས་མཚོན་ཆ་སྣ་ཚོགས་འཛིན་པ༔ དེ་དག་གི་འཁོར་དུ་དལ་ཡམས་ནད་བདག༔ རྒྱ་འདྲེ་འགོང་པོ༔ རྒྱལ་བསེན་དམ་སྲི༔ ཟ་འདྲེ་ཤི་གཤེད༔ མི་ནད་ཕྱུགས་ནད་སྣ་ཚོགས་གཏོང་བའི་འདྲེ་གདོན་དམ་སྲིའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ་དེ་དག་ཐམས་ཅད་རང་ལ་གུས་ཤིང་འདུད་པའི་སྒོ་ནས་བཀའ་ཉན་གསུང་སྡོད་ཀྱི་ཚུལ་དུ་འཁོད་པར་བསམ༔ དེ་ནས་རང་ཉིད་ཡི་དམ་གྱི་ཐུགས་ཀ་ནས་ཕོ་ཉ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་ཐོགས་པ་དཔག་དུ་མེད་པ་ཕྱོགས་བཅུར་འཕྲོས་ནས་གནོད་བྱེད་དལ་ཡམས་ནད་བདག་རྒྱ་འདྲེ་འགོང་པོ་རྒྱལ་བསེན་དམ་སྲི་ཕོ་མོའི་ཚོགས་ཐམས་ཅད་སྐད་ཅིག་གིས་རང་དབང་མེད་པར་བཀུག་ནས་རང་རང་གི་གཟུགས་དང་དབྱེར་མེད་དུ་གྱུར༔ འགུག་གཞུག་ནི༔ ཛཿ ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༔ སངས་རྒྱས་ཀྱི་བཀའ་བདེན་པ་དང༔ ཆོས་ཀྱི་བཀའ་བདེན་པ་དང༔ དགེ་འདུན་གྱི་བཀའ་བདེན་པ་དང༔ གསང་སྔགས་དང༔ རིགས་སྔགས་དང༔ གཟུངས་སྔགས་དང༔ སྙིང་པོ་དང༔ ཕྱག་རྒྱ་དང༔ ཏིང་ངེ་འཛིན་རྣམས་ཀྱི་བདེན་པ་དང༔ ཆོས་ཉིད་རང་བཞིན་གྱིས་རྣམ་པར་དག་པ་དང༔ ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བཀའ་ཡི་བདེན་པ་དང༔ གནས་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས༔ ཆོས་སྐུ་ཀུན་ཏུ་བཟང་པོ༔ ལོངས་སྐུ་རྒྱལ་བ་རིགས་ལྔ༔ དྲུག་པ་རྡོ་རྗེ་འཆང་ཆེན༔ སྟོན་པ་རྡོ་རྗེ་སེམས་དཔའ༔ གུ་རུ་དགའ་རབ་རྡོ་རྗེ༔ སློབ་དཔོན་འཇམ་དཔལ་བཤེས་གཉེན༔ མཁས་པ་ཤྲཱི་སེང་ཧ༔ གུ་རུ་ཛྙཱ་ན་སཱུ་ཏྲ༔ ཨོ་རྒྱན་པདྨ་འབྱུང་གནས༔ པཎ་ཆེན་བི་མ་མི་ཏྲ༔ རིག་འཛིན་རྗེ་འབངས་ཉེར་ལྔ༔ འགྲོ་འདུལ་གཏེར་སྟོན་རྒྱ་མཚོ༔ ཆོས་བདག་རྩ་བརྒྱུད་ཀྱི་བླ་མ་ལ་སོགས་པའི་རྒྱལ་བ་དགོངས་པའི་བརྒྱུད་པ༔ རིག་འཛིན་བརྡ་ཡི་བརྒྱུད་པ༔ གང་ཟག་སྙན་ཁུང་དུ་བརྒྱུད་པའི་བླ་མ་རྒྱ་བོད་རིག་འཛིན་གྲུབ་ཐོབ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང༔ ཞི་བ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་བཞི་བཅུ་རྩ་གཉིས༔ ཁྲག་འཐུང་རོལ་པའི་དུར་ཁྲོད་ཆེན་པོ་ནས་འབར་བ་ཁྲག་འཐུང་གི་ལྷ་ཚོགས་ལྔ་བཅུ་རྩ་བརྒྱད༔ བདེ་གཤེགས་འདུས་པའི་དཀྱིལ་འཁོར་ཆེན་པོ་ནས་སྒྲུབ་ཆེན་བཀའ་བརྒྱད་ཀྱི་ལྷ་ཚོགས་བདུན་བརྒྱ་ཉེར་ལྔ་ལ་སོགས་པའི་ཡི་དམ་རྒྱུད་སྡེ་བཞི་དང༔ ཐེག་པ་རིམ་པ་དགུས་བསྡུས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བདེན་པ་དང༔ མཁའ་སྤྱོད་གནས་ཡུལ་གྱི་དུར་ཁྲོད་ཆེན་པོ་ནས་རིགས་ལྔའི་མཁའ་འགྲོ་ཤུགས་འགྲོ༔ མ་སྲིང་ཌཱཀྐི་རྒྱ་མཚོ་བྱེ་བ་འབུམ་འབུམ་གྱི་ལྷ་ཚོགས་སྤྲུལ་བ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བཀའ་ཡི་བདེན་པ་དང༔ བཀའ་དང་དམ་ཚིག་གཉན་པོའི་ཕོ་བྲང་ནས༔ མགོན་པོ་ཕོ་རྒྱུད་ལྷ་མོ་མོ་རྒྱུད་སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས༔ འཁོར་ཡེ་ཤེས་དང་ལས་ལ་གྲུབ་པའི་དྲེགས་པ་ཕོ་རྒྱུད་མོ་རྒྱུད་རྫུ་འཕྲུལ་མྱུར་མགྱོགས་ཀྱི་མཐུ་དང་རྩལ་མངའ་བ་རྣམས་ཀྱི་བཀའ་ཡི་བདེན་པ་དང༔ ལེགས་ཉེས་སྟངས་འཛིན་གཉན་པོའི་ཕོ་བྲང་ནས་སྔགས་བདག་དྲེགས་ཆེན་བཅོ་བརྒྱད༔ དྲེགས་པའི་སྡེ་དཔོན་སུམ་ཅུ༔ དཔལ་མགོན་བདུན་ཅུ་རྩ་ལྔ༔ བཀའ་ཡི་ལྷ་སྲིན་སྡེ་བརྒྱད༔ བོད་ཀྱི་མགུར་ལྷ་བཅུ་གསུམ༔ མ་ཡམས་བསྟན་མ་བཅུ་གཉིས༔ དགེ་བསྙེན་ཉི་ཤུ་རྩ་གཅིག༔ ཡུལ་རི་འདིའི་གཞི་བདག༔ དབེན་རི་འདིའི་བསྲུང་མ་དང་བཅས་པ་རྣམས་ཀྱི་བཀའ་ཡི་བདེན་པ་དང༔ བདེན་པ་ཆེན་པོ་དེ་དག་གི་མཐུ་དང་ནུས་པས་བྱིན་གྱིས་བརླབས་པ་ལ་བརྟེན་ནས་དེང་འདིར་རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་མི་ནོར་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་འབྱུང་པོ་གདོན་བགེགས་ཀྱི་རིགས་སུ་གྱུར་པ་མི་མིན་མི་རུ་བརྫུ་བ༔ ལྷ་མིན་ལྷ་རུ་བརྫུ་བ༔ ཁྱིམ་གྱི་མིའི་ཚེ་བསོད་དབང་ཐང་ལ་བར་དུ་གཅོད་ཅིང༔ སྒོ་ཡི་ནོར་ཕྱུགས་ལ་གོད་ཡམས་ནད་རིམས་ཆོ་འཕྲུལ་གཏོང་བའི་རྒྱ་འདྲེ་འགོང་པོ༔ རྒྱལ་བསེན་དམ་སྲི༔ ཤི་འདྲེ་གསོན་འདྲེ༔ གནའ་འདྲེ་རྙིང་པ༔ ད་འདྲེ་གསར་པ༔ ཡུལ་འདྲེ་འཁྱམས་པོ༔ ཕོ་སྲི་མོ་སྲི༔ ཆེ་སྲི་ཆུང་སྲི༔ གོད་འདྲེ་གོད་སྲི༔ རྒབ་འདྲེ་བསེ་རག་ལ་སོགས་མི་འདོད་པ་སྣ་ཚོགས་འབེབས་ཤིང་འདོད་པ་ལ་བར་དུ་གཅོད་པར་བྱེད་པའི་གདོན་བགེགས་འབྱུང་པོ་རྒྱབ་རྟེན་སྡོང་ཟླ་སྣ་འདྲེན་དང་བཅས་པ་ཐམས་ཅད་སྲིད་གསུམ་འཇིག་རྟེན་གར་གནས་གར་བྲོས་ཀྱང་སྐད་ཅིག་རང་དབང་མེད་པར་རང་གཟུགས་མདོས་ཡས་འདི་ལ་མཆིས་པར་མཛོད་ཅིག༔ ཡི་དམ་གྱི་རྩ་སྔགས་བཅས༔ ཏྲི་ཡཾ་ཛཿ ཏྲི་བཛྲ་ཨངྐུ་ཤ་ཡ་ཛཿ ཛ་ཧཱུྃ་བཾ་ཧོ༔ ཞེས་ལན་གསུམ་མམ་བདུན་ནམ་དགུའམ་རང་རྟགས་མ་བྱུང་གི་བར་དུ་བསྐྱར་ལ༔ མགྲོན་རྣམས་ཞི་ཞིང་བྱམས་པའི་སེམས་ཀྱིས་འདུས་ཏེ་གནས་པར་མོས་ལ་དམིགས་འདོན་ཡ་མ་བྲལ་བར་རང་གཞུང་གི་ཕྲིན་ལས་ལ་འཇུག་པར་བྱའོ༔ མཇུག་ཏུ༔ བདག་གི་བདེན་པའི་ཚིག་ལ་མི་ཉན་རྣམས༔ རྩ་གསུམ་རྒྱལ་ཀུན་འདུས་ཞལ་ཐོད་ཕྲེང་རྩལ༔ རབ་ཁྲོས་རྔམ་པའི་ཁྲོ་མཚོན་དྲག་སྔགས་དང༔ མེ་དཔུང་གནམ་ལྕགས་ཐོག་སེར་དྲག་པོ་ཡིས༔ ལོག་པར་འདྲེན་པའི་བགེགས་རིགས་འབྱུང་པོའི་ཚོགས༔ ཁྱེད་རྣམས་རྡུལ་ཕྲན་བཞིན་དུ་བརླག་འགྱུར་བས༔ དེ་ཕྱིར་བྱམས་པའི་སེམས་དང་ལྡན་བྱོས་ལ༔ རང་རང་གནས་སུ་བདེ་བར་ཕྱིར་དེངས་ཤིག༔

ཤིང་རིས་འདོད་གསོལ།

ཤིང་རིས་འདོད་གསོལ་ནི༔ ནད་བདག་འགོང་པོ་སྤུན་དགུ་དང༔ སྣང་སྲིད་ལྷ་སྲིན་སྡེ་བརྒྱད་སོགས༔ སྲིད་འདིར་འཚོགས་པའི་མི་མིན་ལ༔ ནད་ཡམས་གོད་ཡམས་བཟློག་པའི་ཆེད༔ རང་མཐུན་ཡིད་འོང་ཤིང་རིས་འདིས༔ མི་མཐུན་འཕྲལ་ཕུགས་རྐྱེན་ངན་བཟློག༔ ཕོ་བདུད་དལ་ཁ་གཡས་སུ་བསྒྱུར༔ མོ་བདུད་དལ་ཁ་གཡོན་དུ་བསྒྱུར༔ སྤྱི་བདུད་དལ་ཁ་མཁའ་ལ་བསྒྱུར༔ བཟློག་བསྒྱུར་ཕྲིན་ལས་གྲུབ་པར་མཛོད༔ ཧོ༔ ནད་བདག་འགོང་པོ་སྤུན་དགུ་སོགས་སྣང་ཞིང་སྲིད་པའི་ལྷ་འདྲེ་རྣམས་ལ་རང་མཐུན་འདོད་རྫས་ཀྱི་ཤིང་རིས་སྣ་ཚོགས་འབུལ་ལོ༔ ནད་རིམས་གོད་ཡམས་སོགས་འགལ་རྐྱེན་མི་མཐུན་པའི་ཕྱོགས་ཐམས་ཅད་སྒྱུར་ཅིག༔

སྲིད་པའི་གོད་ཁའི་བཤོལ་མདོས་ནད་གདོན་མཐར་བྱེད།

ཡང་གསང་མཁའ་འགྲོའི་སྙིང་མཛོད་ལས༔ སྲིད་པའི་གོད་ཁའི་བཤོལ་མདོས་ནད་གདོན་མཐར་བྱེད་མཚོ་སྐྱེས་རྡོ་རྗེ་ལ་ན་མོ༔ དེ་ལ་འདིར་ནི་སྲིད་པ་ཡི༔ གོད་ཁའི་བཤོལ་མདོས་ཟབ་མོ་བསྟན༔ ནད་གདོན་མཐར་བྱེད་སྙིང་གི་ཁྲག༔ པད་འབྱུང་སྟངས་དཔྱལ་ཐུགས་ཐིག་གོ༔ སྔོན་གྱི་སྨོན་ལམ་བདེན་སྟོབས་ཀྱིས༔ སྐལ་ལྡན་བྱང་སེམས་ཕྱོགས་མེད་ཀྱི༔ གང་ཟག་དམ་པའི་བློ་ལ་ཤར༔ འགྲོ་དོན་འབྱུང་བར་བརྡ་ལས་མངོན༔ གཏེར་ཆོས་མ་བུ་ཟུང་འབྲེལ་ནས༔ ཐེ་ཚོམ་མེད་པར་ཉམས་བླངས་ན༔ གང་ལ་དམིགས་པ་དོན་ལྡན་འགྱུར༔ ས་མ་ཡཱ༔ ད་དུས་སྙིགས་མ་ལྔ་བདོའི་དུས༔ མི་རྣམས་ལོག་ལྟས་རང་རྒྱུད་བསླད༔ རྒྱ་བོད་ཆས་བསྒྱུར་ཡ་མ་ཟུང༔ རྒྱ་འདྲེ་འགོང་པོས་ཡུལ་ཁམས་གང༔ མི་ཕྱུགས་ནད་རིམས་རླུང་ལྟར་འཕྱོ༔ དམ་ཆོས་སྤྱོད་པ་ཉིན་སྐར་ཙམ༔ ལོག་འཚོ་སྤྱོད་མི་མཚན་སྐར་བཞིན༔ ཆོས་མིན་ཆོས་ལྟར་བཅོས་པ་འབྱུང༔ ས་སོགས་འབྱུང་བས་ལྟས་ངན་གཏོང༔ དེ་འདྲའི་དུས་ངན་བྱུང་བ་ན༔ སྤྱོད་ངན་རང་གིས་བྱས་ནས་ནི༔ རྐྱེན་ངན་གཞན་གྱི་ལས་ལ་བདའ༔ མ་རྟོག་འཁྲུལ་བའི་རྒྱུ་འབྲས་ལ༔ འགོང་པོ་དམ་སྲིས་མི་འདོད་གཏོང༔ གནོད་སྦྱིན་སྤུན་དགུས་གློ་གོར་ཧོན༔ མི་ཕྱུགས་ཡམས་ཀྱིས་གཞི་བཟུང་ནས༔ རྒྱལ་ཁམས་ཕུང་ལ་ཉེ་བའི་དུས༔ གནོད་སྤུན་དགུ་ཡི་མདོས་བཤམས་ཏེ༔ བསྐྱེད་རིམ་ལྡན་པའི་རྣལ་འབྱོར་གྱིས༔ བཀར་ན་རྐྱེན་སེལ་བདེ་དགེའི་ཐབས༔ ལེགས་པ་སྤེལ་བ་ཨ་ལ་ལ༔ དངོས་གཞི་ལག་ལེན་རིམ་པ་ནི༔ དང་པོ་སྨོན་འཇུག་སེམས་བསྐྱེད་ནས༔ ཚད་མེད་བཞི་ལ་བློ་སྦྱངས་ཏེ༔ རྩ་གསུམ་དཀྱིལ་འཁོར་བསྒོམ་བཟླས་འཇུག༔ ཚོགས་དང་གཏོར་མས་ལྷ་ཚོགས་བརྔན༔ ཁྱད་པར་དུད་སོལ་ལྷ་མོ་ཡི༔ མཆོད་ཕྲེང་ལས་བྱང་རང་གཞུང་བཞིན༔ རིམས་ནད་གཅོད་པའི་ཕྲིན་ལས་བཅོལ༔ རྗེས་ནས་མདོས་ལ་འཇུག་པའི་ཚུལ༔ ཕྱོགས་སྐྱོང་སྡེ་བརྒྱད་གཏོར་མ་གསོལ༔ འོག་ཏུ་མདོས་གཞི་གཞན་མཐུན་ནང༔ རི་རབ་བང་རིམ་བཞིའི་དབྱིབས་བྱས༔ དེ་དབུས་དམ་སྲི་དོམ་མགོ་ཅན༔ མི་ནག་རོ་གོས་མིག་སྨན་གྱོན༔ མགོ་ལ་ཞྭ་ནག་འཕྲུ་ཡིས་བརྒྱན༔ ལག་གཡས་སྤུ་གྲི་དམར་པོ་ཕྱར༔ གཡོན་པས་ཞགས་སྡུད་ཁ་ནང་ནས༔ ཁྲག་གི་ཁ་ཕྲུ་འདེབས་ཅན་བཀོད༔ ཙིཏྟ་ཐུགས་ཀྱི་ནམ་མཁས་སྤྲས༔ ཤར་དུ་མི་ནག་ཕག་མགོ་ཅན༔ ལའུ་དཀར་གྱོན་འཕྲུ་དར་ངོམ༔ ལག་གཉིས་གསོད་པའི་མདུང་ཐུང་འཕེན༔ ལྷོ་རུ་མི་ནག་པུ་ཤུད་མགོ༔ དར་སེར་རལ་ཀ་འཕྲུ་ཡིས་མཛེས༔ ལག་གཉིས་ཞགས་པ་ནག་པོ་བསྒྲིལ༔ མི་ནག་ཤ་བའི་མགོ་ཅན་ནུབ༔ ཤ་ལྤགས་ཁྲག་འཛག་གོས་སུ་གྱོན༔ ལག་གཉིས་གྲི་དང་རྔ་ཡབ་ཐོགས༔ བུད་མེད་བྱ་མཆུ་ནག་མོ་བྱང༔ གཅེར་བུ་ཤ་ཟུང་འཕེན་སྡུད་དང༔ འཚུབ་མ་ནག་པོའི་རྟ་རུ་ཞོན༔ ཤར་ལྷོ་བུད་མེད་སྲེ་མོང་མགོ༔ ཁྲོ་གཏུམ་སྲེ་མོང་གཡང་གཞི་གྱོན༔ ལག་གཉིས་སྲེ་མོང་ཕོ་ཉར་འགྱེད༔ ལྷོ་ནུབ་མི་ནག་བྱ་རོག་མགོ༔ བྱ་རོག་ཐུལ་བ་བྱ་འཕྲུ་ཅན༔ ལག་གཉིས་ཞགས་ཟོར་ཕྱག་རྒྱ་བསྣམས༔ ནུབ་བྱང་ཀང་ཀའི་མགོ་མདོག་དམར༔ ལག་གཉིས་བསླུ་བའི་གཡབ་མོ་འདེབས༔ ཁྲག་གི་གོ་གྱོན་འགོང་པོ་འགྱེད༔ བྱང་ཤར་ཐན་འགྱེད་མགོ་བོ་དགུ༔ ཁ་དགུར་ཁྲག་གི་ཆར་བ་འབེབས༔ ལག་གཉིས་མཚོན་ཆ་སྣ་ཚོགས་བསྣམས༔ དེ་རྣམས་ནམ་མཁའ་རྣམ་དགུ་དང༔ གཏོར་བཤོས་རྣམ་ལྔ་འབྲང་རྒྱས་ཐུགས༔ ཤ་ཁྲག་ནད་པའི་ཟག་རྫས་བསགས༔ རེ་རེ་བཞིན་དུ་དགུ་རེ་བཅའ༔ བང་རིམ་གཉིས་པར་འདབ་ཆགས་ཚོགས༔ གསུམ་པར་སྲོག་ཆགས་རི་གཡུང་དྭགས༔ འོག་མར་མདའ་འཕང་རལ་གྲི་དང༔ ནམ་རྒྱང་ཤིང་རིས་ཕོ་མོའི་གདོང༔ མདོས་རྫས་འབྲུ་སྣ་འབྱོར་ཚད་བསགས༔ རྣལ་འབྱོར་ལྷ་ཡི་ཏིང་འཛིན་གྱིས༔ སྔགས་དྲུག་ཕྱག་རྒྱས་འདོད་རྫས་བརླབས༔ འགོང་པོ་སྤུན་དགུ་རྒྱ་འདྲེ་བགེགས༔ འགུགས་གཞུག་མཚན་རྟགས་ཐོན་པར་བྱ༔ དེ་ནས་བཀའ་བསྒོའི་བདེན་པའི་ཚིག༔ གཞུང་འདི་གསུམ་མམ་དགུ་སོགས་འདོན༔ ལམ་བསྟན་མགོ་རུ་ལྷ་འདྲེ་ཡི༔ རྫོངས་མདོས་བརྒྱ་ཡིས་གླུད་བསྔོ་བྱ༔ ཧཱུྃ་ཧྲཱིཿ ང་ནི་པདྨ་ཧེ་རུ་ཀའི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྔའི༔ སྤྲུལ་པ་རིགས་གསུམ་མགོན་པོ་དང༔ ཧྱ་གྷྲྀ་ཝ་ཀཱི་ལ་ཡ༔ མཁའ་ལྡིང་རྡོ་རྗེ་ག་རུ་ཊ༔ རྩ་གསུམ་སྲུང་མ་དཀར་ཕྱོགས་ཀྱི༔ བསྟན་སྐྱོང་བདེན་པའི་མཐུ་བྱིན་གྱིས༔ གནོད་པར་ཤོམ་པའི་རྒྱ་འདྲེ་དང༔ འགོང་པོའི་རིགས་གྱུར་དབང་དུ་བསྡུས༔ བཀའ་ལས་འདའ་བའི་སྙིང་རྩ་ལ༔ ལྕགས་སྡིག་མགོ་དགུས་རྔམ་པར་ཟོ༔ གོད་འདྲེ་གོད་སྲི་དམ་ལ་འདུས༔ ཕཊཿ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས༔ ཐམས་ཅད་ཐམས་ཅད་འགུགས་པར་བྱེད༔ འབྱུང་པོ་མི་དང་མི་མ་ཡིན༔ གཟུགས་དང་རུ་པ་འདི་ལ་མཆིས་པར་མཛོད༔ ཧཱུྃ༔ སྐུ་གསུམ་བརྒྱུད་གསུམ་བླ་མ་དང༔ ཡི་དམ་ཞི་ཁྲོ་བཀའ་བརྒྱད་དང༔ ཏཱ་རེ་ཉེར་གཅིག་གནས་གསུམ་གྱི༔ མ་སྲིང་ཌཱཀྐི་སྲུང་མར་བཅས༔ ནོར་ལྷ་རྒྱ་མཚོའི་ལྷ་ཚོགས་རྣམས༔ འདོད་ཡོན་མཆོད་པ་འདི་བཞེས་ཤིག༔ བདག་དང་རྒྱུ་སྦྱོར་ཡོན་བདག་ལ༔ གནོད་པའི་གོད་ཡམས་བཟློག་པ་དང༔ བསམ་དོན་ཡིད་བཞིན་འགྲུབ་པ་དང༔ བསོད་ནམས་ནོར་གྱི་དངོས་གྲུབ་སྩོལ༔ གཟུ་དཔང་གཉན་པོ་མཛད་དུ་གསོལ༔ ཀྱཻ༔ གནམ་ས་སྲིད་པའི་དང་པོ་དེ་ཉིད་ལ༔ གནོད་སྦྱིན་རྒྱལ་པོ་དུར་ཕག་མགོ་བོ་ཅན༔ སྨོན་ལམ་ལོག་པའི་དམ་སྲི་ལྟེ་སྨེ་ནག༔ མི་མིན་ཡིད་གཟུགས་འཚོགས་པའི་རྒྱུ་མཐུན་ལས༔ འགྲོ་ཁམས་ཕུང་བའི་དམ་སྲི་རྒྱ་འདྲེ་དགུ༔ དུག་སྒོང་ནག་པོའི་ནང་དུ་བལྟམས་པ་ལས༔ མིང་གཟུགས་རྣམ་འགྱུར་མགོ་ཅན་སྤུན་དགུ་སྲིད༔ མི་ཕྱུགས་སྡུག་ལ་སྦྱོར་བའི་ཡམས་ཀྱི་བདག༔ དམ་སྲིའི་སྡེ་ཚོགས་མ་ལུས་འདིར་གཤེགས་ལ༔ དེ་རིང་བཤམས་པའི་མདོས་གཞིའི་གདན་ལ་བཞུགས༔ རྣལ་འབྱོར་བདག་གི་བཀའ་དང་དམ་འདི་མནོས༔ མ་ནོར་མ་འཁྲུལ་བཞེས་པ་ཆུད་མ་གསོན༔ བགེགས་ཀྱི་གཙོ་རྒྱལ་མི་ནག་དོམ་གྱི་གདོང༔ མུན་པའི་གོས་གྱོན་རླུང་གཤོག་ལྡེམ་འཕྲུ་ཅན༔ ལག་གཡས་གསོད་པའི་སྤུ་གྲི་ནམ་མཁར་གདེངས༔ གཡོན་པས་ཞགས་སྡུད་ཁ་ནས་ཁྲག་ཆར་གཏོང༔ གློ་གོར་ཧོན་སོགས་གོད་ཡམས་བདག་པོ་སྟེ༔ ཁྱོད་ལ་མཐུན་པའི་འདོད་རྫས་འབུལ་བ་ནི༔ བྱ་ནག་ར་ནག་ཤ་ཁྲག་དམར་གཏོར་དང༔ ནམ་མཁའ་སྣ་ལྔ་དར་རས་ཉི་ཟླས་སྤྲས༔ གྲི་དང་མདའ་མདུང་འཕང་དང་ཤིང་རིས་སོགས༔ ཕོ་མོའི་གདོང་དང་གནག་ཕྱུགས་ཀ་ཆ་དཀོར༔ ཁྱེད་ཀྱིས་བཞེས་པའི་ཡས་སུ་འདི་འབུལ་ལོ༔ བདག་དང་ཡོན་བདག་ནོར་ལ་མ་གནོད་ཅིག༔ གོད་ཁ་གོད་སྲིའི་ཆོ་འཕྲུལ་བསྒྱུར་དུ་གསོལ༔ མདོས་བདག་ཆེན་པོས་མདོས་འདི་བཞེས༔ ཡས་བདག་རྣམས་ཀྱིས་ཡས་ལོངས་ཤིག༔ གླུད་ཀྱི་བདག་པོས་གླུད་འདི་ཁྱེར༔ ཕྱིན་ཆད་ཡུལ་འདིར་མ་གནོད་ཅིག༔ ས་ཕྱོགས་འདི་ལ་མི་འཁོར་མཛོད༔ བཞུད་དོ་གཤེགས་སོ་ཤ་ར་ར༔ བདག་ཉིད་ཆེན་པོའི་བཀའ་མ་གཅོག༔ ས་མ་ཡཱ་ཧཱུྃ་ཕཊ་བྷྱོ་བཟློག༔ ཧཱུྃ༔ ང་ནི་ཁྲག་འཐུང་པདྨ་ཧེ་རུ་ཀ༔ སྣང་ཞིང་སྲིད་པའི་ལྷ་འདྲེ་སྙན་ཚུར་གསོན༔ ཡང་ཅིག་གླུད་གྱི་བདག་པོ་ཆེན་པོ་ནི༔ གནོད་སྦྱིན་མི་ནག་ཕག་གི་མགོ་བོ་ཅན༔ ལའུ་དཀར་པོའི་གོས་དང་དར་འཕྲུ་ངོམ༔ ལག་གཉིས་གསོད་པའི་མདུང་ཐུང་འགེང་ཞིང་འཕེན༔ མི་ཕྱུགས་སྨྱོ་དང་ཀླད་འཁོར་བདག་པོ་སྟེ༔ ཤིིག་རྣུས་བེའུ་རྡང་མཐའ་ནས་སྟོང་པར་བྱེད༔ ཁྱོད་ལ་མཐུན་པའི་འདོད་རྫས་འབུལ་བ་ནི༔ བྱ་ནག་ར་ནག་ཤ་ཁྲག་དམར་གཏོར་དང༔ ནམ་མཁའ་སྣ་ལྔ་དར་རས་ཉི་ཟླས་སྤྲས༔ གྲི་དང་མདའ་མདུང་འཕང་དང་ཤིང་རིས་སོགས༔ ཕོ་མོའི་གདོང་དང་གནག་ཕྱུགས་ཀ་ཆ་དཀོར༔ ཁྱེད་ཀྱིས་བཞེས་པའི་ཡས་སུ་འདི་འབུལ་ལོ༔ བདག་དང་ཡོན་བདག་ནོར་ལ་མ་གནོད་ཅིག༔ གོད་ཁ་གོད་སྲིའི་ཆོ་འཕྲུལ་བསྒྱུར་དུ་གསོལ༔ མདོས་བདག་ཆེན་པོས་མདོས་འདི་བཞེས༔ ཡས་བདག་རྣམས་ཀྱིས་ཡས་ལོངས་ཤིག༔ གླུད་ཀྱི་བདག་པོས་གླུད་འདི་ཁྱེར༔ ཕྱིན་ཆད་ཡུལ་འདིར་མ་གནོད་ཅིག༔ ས་ཕྱོགས་འདི་ལ་མི་འཁོར་མཛོད༔ བཞུད་དོ་གཤེགས་སོ་ཤ་ར་ར༔ བདག་ཉིད་ཆེན་པོའི་བཀའ་མ་གཅོག༔ ས་མ་ཡཱ་ཧཱུྃ་ཕཊ་བྷྱོ་བཟློག༔ ཧཱུྃཿ ང་ནི་ཁྲག་འཐུང་པདྨ་ཧེ་རུ་ཀ༔ སྣང་ཞིང་སྲིད་པའི་ལྷ་འདྲེ་སྙན་ཚུར་གསོན༔ ཡང་ཅིག་གླུད་ཀྱི་བདག་པོ་ཆེན་པོ་ནི༔ དམ་སྲི་མི་ནག་འུག་པའི་སྡང་མིག་ཅན༔ དར་སེར་རལ་ཀ་བྱ་ནག་ཕོད་ཀྱང་བཙུགས༔ ལག་གཉིས་ཞགས་པས་དམིགས་བྱ་སྡོམ་ཤིང་འཆིང༔ གོད་སྲི་དམ་འགོང་རྒྱལ་པོའི་མིང་ཞེས་བྱ༔ ལུག་ནད་གཏལ་འབྲུམ་གཅན་སྤྱང་སྣ་འདྲེན་བདག༔ ཁྱོད་ལ་མཐུན་པའི་འདོད་རྫས་འབུལ་བ་ནི༔ བྱ་ནག་ར་ནག་ཤ་ཁྲག་དམར་གཏོར་དང༔ ནམ་མཁའ་སྣ་ལྔ་དར་རས་ཉི་ཟླས་སྤྲས༔ གྲི་དང་མདའ་མདུང་འཕང་དང་ཤིང་རིས་སོགས༔ ཕོ་མོའི་གདོང་དང་གནག་ཕྱུགས་ཀ་ཆ་དཀོར༔ ཁྱེད་ཀྱིས་བཞེས་པའི་ཡས་སུ་འདི་འབུལ་ལོ༔ བདག་དང་ཡོན་བདག་ནོར་ལ་མ་གནོད་ཅིག༔ གོད་ཁ་གོད་སྲིའི་ཆོ་འཕྲུལ་བསྒྱུར་དུ་གསོལ༔ མདོས་བདག་ཆེན་པོས་མདོས་འདི་བཞེས༔ ཡས་བདག་རྣམས་ཀྱིས་ཡས་ལོངས་ཤིག༔ གླུད་ཀྱི་བདག་པོས་གླུད་འདི་ཁྱེར༔ ཕྱིན་ཆད་ཡུལ་འདིར་མ་གནོད་ཅིག༔ ས་ཕྱོགས་འདི་ལ་མི་འཁོར་མཛོད༔ བཞུད་དོ་གཤེགས་སོ་ཤ་ར་ར༔ བདག་ཉིད་ཆེན་པོའི་བཀའ་མ་གཅོག༔ ས་མ་ཡཱ་ཧཱུྃ་ཕཊ་བྷྱོ་བཟློག༔ ཧཱུྃ་ང་ནི་ཁྲག་འཐུང་པདྨ་ཧེ་རུ་ཀ༔ སྣང་ཞིང་སྲིད་པའི་ལྷ་འདྲེ་སྙན་ཚུར་གསོན༔ ཡང་ཅིག་གླུད་ཀྱི་བདག་པོ་ཆེན་པོ་ནི༔ གོད་འདྲེ་མི་ནག་ཤ་བའི་མགོ་བརྙན་ཅན༔ ཤ་ལྤགས་དམར་པོའི་གཡང་གཞི་ལྡིང་སྟབས་གྱོན༔ ལག་གཉིས་གསོད་པའི་གྲི་དང་རྔ་ཡབ་འཛིན༔ གོད་སྲི་རལ་ཅན་བྱ་བ་ལ་སོགས་པའི༔ འཁོར་དུ་གོད་སྲི་གོད་འདྲེ་བྱེ་བས་བསྐོར༔ ལ་ལས་གློ་གོར་ཧོན་གྱིས་དམར་ཡམས་གཏོང༔ ལ་ལས་མགོ་འཁོར་གཞུང་སྨྱོན་ཁ་ཚ་སོགས༔ མི་འདོད་སྣ་ཚོགས་གོད་ཡམས་གཏོང་བའི་འདྲེ༔ ཁྱོད་ལ་མཐུན་པའི་འདོད་རྫས་འབུལ་བ་ནི༔ བྱ་ནག་ར་ནག་ཤ་ཁྲག་དམར་གཏོར་དང༔ ནམ་མཁའ་སྣ་ལྔ་དར་རས་ཉི་ཟླས་སྤྲས༔ གྲི་དང་མདའ་མདུང་འཕང་དང་ཤིང་རིས་སོགས༔ ཕོ་མོའི་གདོང་དང་གནག་ཕྱུགས་ཀ་ཆ་དཀོར༔ ཁྱོད་ཀྱིས་བཞེས་པའི་ཡས་སུ་འདི་འབུལ་ལོ༔ བདག་དང་ཡོན་བདག་ནོར་ལ་མ་གནོད་ཅིག༔ གོད་ཁ་གོད་སྲིའི་ཆོ་འཕྲུལ་བསྒྱུར་དུ་གསོལ༔ མདོས་བདག་ཆེན་པོས་མདོས་འདི་བཞེས༔ ཡས་བདག་རྣམས་ཀྱིས་ཡས་ལོངས་ཤིག༔ གླུད་ཀྱི་བདག་པོས་གླུད་འདི་ཁྱེར༔ ཕྱིན་ཆད་ཡུལ་འདིར་མ་གནོད་ཅིག༔ ས་ཕྱོགས་འདི་ལ་མི་འཁོར་མཛོད༔ བཞུད་དོ་གཤེགས་སོ་ཤ་ར་ར༔ བདག་ཉིད་ཆེན་པོའི་བཀའ་མ་གཅོག༔ ས་མ་ཡཱ་ཧཱུྃ་ཕཊ་བྷྱོ་བཟློག༔ ཧཱུྃ༔ ང་ནི་ཁྲག་འཐུང་པདྨ་ཧེ་རུ་ཀ༔ སྣང་ཞིང་སྲིད་པའི་ལྷ་འདྲེ་སྙན་ཚུར་གསོན༔ ཡང་གཅིག་གླུད་ཀྱི་བདག་པོ་ཆེན་པོ་ནི༔ བུད་མེད་ལུས་ལ་བྱ་ཡི་མཆུ་སྒྲོ་ཅན༔ བགེགས་ཀྱི་སྣ་འདྲེན་འཚུབ་མ་ནག་པོ་ཞོན༔ གཅེར་བུ་ནག་མོ་ལག་གཉིས་ཤ་ཟུང་ཐོག༔ གང་དང་འཕྲད་པ་ཧུར་ཐུམ་ལྐུགས་ཧྲིལ་གཏོང༔ སྟོང་གསུམ་ཐག་ཏུ་བྲན་ཅིང་གསོད་ལ་དགྱེས༔ གློ་གོར་ཕྱུགས་ཡམས་གཏོང་བའི་ནད་བདག་མོ༔ ཁྱོད་ལ་མཐུན་པའི་འདོད་རྫས་འབུལ་བ་ནི༔ བྱ་ནག་ར་ནག་ཤ་ཁྲག་དམར་གཏོར་དང༔ ནམ་མཁའ་སྣ་ལྔ་དར་རས་ཉི་ཟླས་སྤྲས༔ གྲི་དང་མདའ་མདུང་འཕང་དང་ཤིང་རིས་སོགས༔ ཕོ་མོའི་གདོང་དང་གནག་ཕྱུགས་ཀ་ཆ་དཀོར༔ ཁྱེད་ཀྱིས་བཞེས་པའི་ཡས་སུ་འདི་འབུལ་ལོ༔ བདག་དང་ཡོན་བདག་ནོར་ལ་མ་གནོད་ཅིག༔ གོད་ཁ་གོད་སྲིའི་ཆོ་འཕྲུལ་བསྒྱུར་དུ་གསོལ༔ མདོས་བདག་ཆེན་པོས་མདོས་འདི་བཞེས༔ ཡས་བདག་རྣམས་ཀྱིས་ཡས་ལོངས་ཤིག༔ གླུད་ཀྱི་བདག་པོས་གླུད་འདི་ཁྱེར༔ ཕྱིན་ཆད་ཡུལ་འདིར་མ་གནོད་ཅིག༔ ས་ཕྱོགས་འདི་ལ་མི་འཁོར་མཛོད༔ བཞུད་དོ་གཤེགས་སོ་ཤ་ར་ར༔ བདག་ཉིད་ཆེན་པོའི་བཀའ་མ་གཅོག༔ ས་མ་ཡཱ་ཧཱུྃ་ཕཊ་བྷྱོ་བཟློག༔ ཧཱུྃ༔ ང་ནི་ཁྲག་འཐུང་པདྨ་ཧེ་རུ་ཀ༔ སྣང་ཞིང་སྲིད་པའི་ལྷ་འདྲེ་སྙན་ཚུར་གསོན༔ ཡང་ཅིག་གླུད་ཀྱི་བདག་པོ་ཆེན་པོ་ནི༔ བུད་མེད་ལུས་ལ་སྲེ་མོང་མགོ་བོ་ཅན༔ ཁྲོ་གཏུམ་མི་བཟད་སྲེ་མོང་གཡང་གཞི་གྱོན༔ ལག་གཉིས་སྟངས་འཛིན་སྲེ་མོང་ཆོ་འཕྲུལ་འགྱེད༔ སྲེ་མོང་དམར་ལྕམ་དུ་མ་ལས་ལ་འགྱེད༔ རྟ་ལུག་གནག་ཕྱུགས་རྐང་ཕྲན་སྲིད་ལ་རྐུ༔ བསོད་ནམས་གཡང་ལ་འཇབ་པའི་ཆུང་སྲི་མོ༔ ཁྱོད་ལ་མཐུན་པའི་འདོད་རྫས་འབུལ་བ་ནི༔ བྱ་ནག་ར་ནག་ཤ་ཁྲག་དམར་གཏོར་དང༔ ནམ་མཁའ་སྣ་ལྔ་དར་རས་ཉི་ཟླས་སྤྲས༔ གྲི་དང་མདའ་མདུང་འཕང་དང་ཤིང་རིས་སོགས༔ ཕོ་མོའི་གདོང་དང་གནག་ཕྱུགས་ཀ་ཆ་དཀོར༔ ཁྱེད་ཀྱིས་བཞེས་པའི་ཡས་སུ་འདི་འབུལ་ལོ༔ བདག་དང་ཡོན་བདག་ནོར་ལ་མ་གནོད་ཅིག༔ གོད་ཁ་གོད་སྲིའི་ཆོ་འཕྲུལ་བསྒྱུར་དུ་གསོལ༔ མདོས་བདག་ཆེན་པོས་མདོས་འདི་བཞེས༔ ཡས་བདག་རྣམས་ཀྱིས་ཡས་ལོངས་ཤིག༔ གླུད་ཀྱི་བདག་པོས་གླུད་འདི་ཁྱེར༔ ཕྱིན་ཆད་ཡུལ་འདིར་མ་གནོད་ཅིག༔ ས་ཕྱོགས་འདི་ལ་མི་འཁོར་མཛོད༔ བཞུད་དོ་གཤེགས་སོ་ཤ་ར་ར༔ བདག་ཉིད་ཆེན་པོའི་བཀའ་མ་གཅོག༔ ས་མ་ཡཱ་ཧཱུྃ་ཕཊ་བྷྱོ་བཟློག༔ ཧཱུྃ༔ ང་ནི་ཁྲག་འཐུང་པདྨ་ཧེ་རུ་ཀ༔ སྣང་ཞིང་སྲིད་པའི་ལྷ་འདྲེ་སྙན་ཚུར་གསོན༔ ཡང་གཅིག་གླུད་ཀྱི་བདག་པོ་ཆེན་པོ་ནི༔ གྲོང་འདྲེ་བྱ་རོག་མགོ་ཅན་བྱ་ཐུལ་གྱོན༔ ལག་གཉིས་ཞགས་ཟོར་བསྣོལ་འཛིན་འཕྲུ་ཡིས་བརྒྱན༔ གོད་བྱ་མཆུ་དམར་མང་པོ་ཕོ་ཉར་འགྱེད༔ ཞིམ་མངར་ཟས་ཀྱི་བཅུད་ལ་རྐུ༔ ཟ་ཁར་འགོང་པོའི་སྣ་ཡང་འདྲེན༔ འོ་ལྷད་ཆང་ཡང་སྐྱུར་བར་བྱེད༔ སྐྱེ་འགྲོའི་བཀྲག་མདངས་ལོངས་སྤྱོད་འཕྲོག༔ འགོང་པོ་ཐན་བདག་བྱ་མཆུ་ཅན༔ ཁྱོད་ལ་མཐུན་པའི་འདོད་རྫས་འབུལ་བ་ནི༔ བྱ་ནག་ར་ནག་ཤ་ཁྲག་དམར་གཏོར་དང༔ ནམ་མཁའ་སྣ་ལྔ་དར་རས་ཉི་ཟླས་སྤྲས༔ གྲི་དང་མདའ་མདུང་འཕང་དང་ཤིང་རིས་སོགས༔ ཕོ་མོའི་གདོང་དང་གནག་ཕྱུགས་ཀ་ཆ་དཀོར༔ ཁྱེད་ཀྱིས་བཞེས་པའི་ཡས་སུ་འདི་འབུལ་ལོ༔ བདག་དང་ཡོན་བདག་ནོར་ལ་མ་གནོད་ཅིག༔ གོད་ཁ་གོད་སྲིའི་ཆོ་འཕྲུལ་བསྒྱུར་དུ་གསོལ༔ མདོས་བདག་ཆེན་པོས་མདོས་འདི་བཞེས༔ ཡས་བདག་རྣམས་ཀྱིས་ཡས་ལོངས་ཤིག༔ གླུད་ཀྱི་བདག་པོས་གླུད་འདི་ཁྱེར༔ ཕྱིན་ཆད་ཡུལ་འདིར་མ་གནོད་ཅིག༔ ས་ཕྱོགས་འདི་ལ་མི་འཁོར་མཛོད༔ བཞུད་དོ་གཤེགས་སོ་ཤ་ར་ར༔ བདག་ཉིད་ཆེན་པོའི་བཀའ་མ་གཅོག༔ ས་མ་ཡཱ་ཧཱུྃ་ཕཊ་བྷྱོ་བཟློག༔ ཧཱུྃ༔ ང་ནི་ཁྲག་འཐུང་པདྨ་ཧེ་རུ་ཀ༔ སྣང་ཞིང་སྲིད་པའི་ལྷ་འདྲེ་སྙན་ཚུར་གསོན༔ ཡང་ཅིག་གླུད་ཀྱི་བདག་པོ་ཆེན་པོ་ནི༔ མི་ནག་ལུས་ལ་ཀང་ཀའི་མཆུ་སྡེར་ཅན༔ ཁྲག་མདོག་གཡང་གཞི་དམར་པོ་སྐེད་ལ་དཀྲིས༔ ལག་གཉིས་བསླུ་བའི་གཡབ་མོ་ས་ལ་འདེབས༔ ཕྱུགས་པོ་དབུལ་བོར་འགྲོ་བའི་དབུལ་འདྲེ་མོ༔ དབུལ་འདྲེ་ངོ་དམར་བྱ་བ་ཆོ་མ་དགུ༔ རྒྱལ་ཁམས་སྡུག་ལ་སྦྱོར་བའི་ཕོ་ཉར་འགྱེད༔ རྒྱགས་པོའི་འབྲུ་ནོར་བང་བ་སྐམ་བྱེད་མ༔ ཁྱོད་ལ་མཐུན་པའི་འདོད་རྫས་འབུལ་བ་ནི༔ བྱ་ནག་ར་ནག་ཤ་ཁྲག་དམར་གཏོར་དང༔ ནམ་མཁའ་སྣ་ལྔ་དར་རས་ཉི་ཟླས་སྤྲས༔ གྲི་དང་མདའ་མདུང་འཕང་དང་ཤིང་རིས་སོགས༔ ཕོ་མོའི་གདོང་དང་གནག་ཕྱུགས་ཀ་ཆ་དཀོར༔ ཁྱེད་ཀྱིས་བཞེས་པའི་ཡས་སུ་འདི་འབུལ་ལོ༔ བདག་དང་ཡོན་བདག་ནོར་ལ་མ་གནོད་ཅིག༔ གོད་ཁ་གོད་སྲིའི་ཆོ་འཕྲུལ་བསྒྱུར་དུ་གསོལ༔ མདོས་བདག་ཆེན་པོས་མདོས་འདི་བཞེས༔ ཡས་བདག་རྣམས་ཀྱིས་ཡས་ལོངས་ཤིག༔ གླུད་ཀྱི་བདག་པོས་གླུད་འདི་ཁྱེར༔ ཕྱིན་ཆད་ཡུལ་འདིར་མ་གནོད་ཅིག༔ ས་ཕྱོགས་འདི་ལ་མི་འཁོར་མཛོད༔ བཞུད་དོ་གཤེགས་སོ་ཤ་ར་ར༔ བདག་ཉིད་ཆེན་པོའི་བཀའ་མ་གཅོག༔ ས་མ་ཡཱ་ཧཱུྃ་ཕཊ་བྷྱོ་བཟློག༔ ཧཱུྃ༔ ང་ནི་ཁྲག་འཐུང་པདྨ་ཧེ་རུ་ཀ༔ སྣང་ཞིང་སྲིད་པའི་ལྷ་འདྲེ་སྙན་ཚུར་གསོན༔ ཡང་གཅིག་གླུད་ཀྱི་བདག་པོ་ཆེན་པོ་ནི༔ ཐན་ལྟས་ཐན་བདག་ཐན་འགྱེད་མགོ་བོ་དགུ༔ ཁ་དགུར་ཡམས་ཀྱི་ཁྲག་ཆར་ཤ་ར་ར༔ སུ་དང་འཕྲད་པའི་མི་ཕྱུགས་ནད་ཀྱིས་འགུམ༔ ལག་གཉིས་མཚོན་ཆ་སྣ་ཚོགས་མཁའ་ལ་གདེངས༔ དལ་ཡམས་དུས་འཁྲུགས་བྲ་མཆུ་ཐན་གྱི་བདག༔ ཁྱོད་ལ་མཐུན་པའི་འདོད་རྫས་འབུལ་བ་ནི༔ བྱ་ནག་ར་ནག་ཤ་ཁྲག་དམར་གཏོར་དང༔ ནམ་མཁའ་སྣ་ལྔ་དར་རས་ཉི་ཟླས་སྤྲས༔ གྲི་དང་མདའ་མདུང་འཕང་དང་ཤིང་རིས་སོགས༔ ཕོ་མོའི་གདོང་དང་གནག་ཕྱུགས་ཀ་ཆ་དཀོར༔ ཁྱེད་ཀྱིས་བཞེས་པའི་ཡས་སུ་འདི་འབུལ་ལོ༔ བདག་དང་ཡོན་བདག་ནོར་ལ་མ་གནོད་ཅིག༔ གོད་ཁ་གོད་སྲིའི་ཆོ་འཕྲུལ་བསྒྱུར་དུ་གསོལ༔ མདོས་བདག་ཆེན་པོས་མདོས་འདི་བཞེས༔ ཡས་བདག་རྣམས་ཀྱིས་ཡས་ལོངས་ཤིག༔ གླུད་ཀྱི་བདག་པོས་གླུད་འདི་ཁྱེར༔ ཕྱིན་ཆད་ཡུལ་འདིར་མ་གནོད་ཅིག༔ ས་ཕྱོགས་འདི་ལ་མི་འཁོར་མཛོད༔ བཞུད་དོ་གཤེགས་སོ་ཤ་ར་ར༔ བདག་ཉིད་ཆེན་པོའི་བཀའ་མ་གཅོག༔ ས་མ་ཡཱ་ཧཱུྃ་ཕཊ་བྷྱོ་བཟློག༔ འདིར་གླུད་བསྔོ་བརྒྱ་སྟོང་ལ་སོགས་སྐབས་དང་བསྟུན༔ དེ་ནས་བདེན་པའི་ཆོས་བཤད་གསེར་སྐྱེམས་འཐོར༔ འདྲེ་ལྔ་བདུད་གཅོད་ཕྱོགས་སུ་མདོས་ཞལ་བསྒྱུར༔ དཀོན་མཆོག་བདེན་པའི་བཀའ་ཡིས་ཕྱི་མཐར་སྤྲད༔ ཧཱུྃ་བྷྱོ་ཛ༔ དཀོན་མཆོག་གསུམ་གྱི་བཀའ་ཡི་བདེན་པ་དང༔ ཡི་དམ་རྒྱལ་བ་ཞི་ཁྲོའི་བྱིན་རླབས་མཐུས༔ མ་སྲིང་མཁའ་འགྲོ་ཆོས་སྐྱོང་རྟེན་འབྲེལ་ཟབ༔ རྣལ་འབྱོར་ལྷ་སྔགས་ཏིང་འཛིན་བདེན་སྟོབས་ཀྱིས༔ བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོ་སོགས༔ མི་ཕྱུགས་ཡོངས་ཀྱི་ན་ཚའི་སྣ་སྒྱུར་ཅིག༔ དབུལ་འདྲེ་དམ་སྲི་སྤུན་དགུའི་མཚམས་ཆོད་ཅིག༔ གོད་ཁ་གོད་འདྲེའི་སྣ་འདྲེན་རྡུལ་དུ་རློགས༔ གནོད་བྱེད་ཐན་ཡམས་བདག་པོ་གནས་སུ་བཀར༔ མ་འཁོར་མ་གནས་རང་རང་གནས་སུ་དེངས༔ རྐང་བཞི་དུད་འགྲོའི་གོད་ཡམས་ད་བཟློག་ཅིག༔ ནད་པའི་ནད་ཀྱི་མདངས་ཕྱུང་ཚེར་མ་དྲོངས༔ གླུད་ཀྱི་ལམ་བསྟན་དམ་ཉམས་དགྲ་ལ་བསྟན༔ བསྟན་བཤིག་དགྲ་ལ་མི་འདོད་ཐན་ཆར་ཕོབ༔ རྣལ་འབྱོར་བདག་གི་བཀའ་ལས་མ་འདའ་བཞུད༔ ནད་བདག་གྲིབ་བདག་གླུད་དང་ཐན་ལྟས་བདག༔ གཤེགས་སོ་བཞུད་དོ་མ་འཁོར་ཤ་ར་ར༔ དཀོན་མཆོག་བཀའ་ལ་མ་ལྡོག་ས་མ་ཡཱ༔ ཨུ་ཙ་ཏ་ཡ་བིགྷྣན་གཙྪ་གཙྪ་མུ༔ ཞེས་འདི་མི་ཕྱུགས་གང་ལ་ཡང༔ དྲན་ཆོག་ཐང་ཆོག་ཟབ་མོའི་ཆོས༔ སྔོན་སྨོན་སད་པའི་བློ་ལ་ཤར༔ འབྲེལ་ཚད་དོན་ལྡན་ཡིན་ནོ་སྐད༔ ལྷ་དང་བླ་མའི་ལུང་ལས་མངོན༔ ལོག་སྲེད་ཅན་ལ་པད་འབྱུང་ཡང༔ ལོག་ལམ་མཁན་པོར་སྣང་ན་ཡང༔ འདི་འདྲས་དོན་འབྱུང་ནུས་མ་ཡིན༔ དད་ཅན་བསླུས་ན་དམ་པ་ཞན༔ ལག་ཏུ་བླངས་བས་ཡིད་ཆེས་འགྱུར༔ བརྡ་ཐིམ༔ ས་མ་ཡཱ༔ ཞེས་པ་འདི་ཡང་དབྱིངས་ཀྱི་ཌཱཀྐིའི་བརྡ་ལས་མངོན་བཞིན་ཁོ་བོས་ཀྱང་འགྲོ་ལ་ཕན་པ་ཅུང་ཟད་འབྱུང་བ་ཡིན་ནམ་སྙམ་སྟེ་ས་ར་ཧི་ཏས་ལེགས་པར་ཕབ་པ་ལུང་རྟོགས་སོགས་དད་ལྡན་འགའ་ལ་སྤེལ་བ་ཕྱོགས་དུས་གནས་སྐབས་ཐམས་ཅད་ཀྱི་མི་མཐུན་ནད་གདོན་བར་ཆད་ཞི་བའི་གསོས་སུ་གྱུར་ཅིག༔ ཤུ་བྷཾ༔

སྣང་སྲིད་ལྷ་འདྲེའི་གླུད་རྫོངས།

སྣང་སྲིད་ལྷ་འདྲེའི་གླུད་རྫོངས༔ སྨྲེང་ནི༔ ཀྱཻ༔ སྔོན་ཚེ་བསྐལ་བའི་དང་པོ་ལ༔ ལྷ་ཡི་དབང་པོ་བརྒྱ་བྱིན་ཉིད༔ བདུད་བཞིའི་དགྲ་ཡིས་ཟིན་པ་ལ༔ སྟོན་པ་ཤཱཀྱ་ཐུབ་པ་ཡིས༔ རང་གཟུགས་གླུད་གཏོར་བསྔོས་ནས་ཀྱང༔ བརྒྱ་བྱིན་གདོན་ལས་ཐར་བར་བྱས༔ སྲིད་པ་དེ་ལ་དཔེ་བླངས་ནས༔ དེ་རིང་བདག་དང་ཡོན་བདག་གིས༔ རང་གི་གཟུགས་ལས་ཆེར་ལྷག་པའི༔ འདོད་ཡོན་ལྔ་ལྡན་གླུད་གཏོར་འདི༔ ལུས་ངག་ཡིད་གསུམ་ཚབ་ཏུ་སྦྱིན༔ སྣང་སྲིད་ལྷ་འདྲེས་བཞེས་སུ་གསོལ༔ ཀྱཻ༔ འབྱུང་བ་བཞི་ལ་བརྟེན་བྱས་པའི༔ གཟུགས་ཅན་མི་ཡི་རིགས་གྱུར་ཀུན༔ སྐྱེ་ནས་འཆི་བའི་རང་བཞིན་ཏེ༔ གླུད་བཟང་འདི་ལ་སྐྱེ་འཆི་མེད༔ ཕ་ནི་གནམ་གྱི་སྨན་ཆར་དང༔ མ་ནི་ས་གཞིའི་འབྲུ་དྲུག་སྟེ༔ བུ་ནི་གླུད་བཟང་ལྷུན་གྱིས་གྲུབ༔ རྒྱུ་ལ་མ་བརྟེན་ཡིད་ཀྱི་ལུས༔ རྣལ་འབྱོར་ཏིང་འཛིན་ཆོ་འཕྲུལ་ལས༔ ཤ་ནི་དམར་པོ་བསེ་ལས་གྲུབ༔ རུས་ནི་དཀར་པོ་དུང་ལས་གྲུབ༔ ཁྲག་ནི་རང་བྱུང་མཚལ་ལས་གྲུབ༔ འགྲོ་མཁས་སྟོང་གསུམ་ཡུད་ཀྱིས་འཁོར༔ སྨྲ་མཁས་གཤིན་རྗེར་ཤགས་ཡུས་འདེབས༔ བརྩེ་མཁས་སྟོང་གསུམ་སྒྱུ་མར་བསྒྱུར༔ མི་བརྒྱ་ལས་ལྷག་གླུད་བཟང་གཅིག༔ བདག་གི་སྔགས་དང་ཕྱག་རྒྱ་ཡིས༔ བྱིན་གྱིས་བརླབས་ཤིང་དམིགས་པས་སྤྲུལ༔ སྣང་སྲིད་ལྷ་འདྲེ་ཀུན་ལ་སྦྱིན༔ བསྔོས་པ་བཞིན་དུ་ཐོབ་ནས་ཀྱང༔ སྔོན་བསད་སྲོག་གི་ལན་ཆགས་འཇལ༔ བརྡུང་བརྡུང་ན་ཚའི་ཤ་འཁོན་འཇལ༔ ཕྲོག་ཕྲོག་ནོར་རྫས་ལོངས་སྤྱོད་འཇལ༔ ཟོས་ཟོས་དཀོར་གྱི་བག་ཆགས་འཇལ༔ ཤ་འཁོན་བུ་ལོན་བྱང་གྱུར་ཅིག༔ བདག་དང་ཡོན་བདག་འཁོར་བཅས་ལ༔ སྡེ་བརྒྱད་ཟ་ཁ་སྟོན་པ་དང༔ ལྷ་འདྲེའི་གཡུལ་འཁྲུག་བྱུང་བ་འམ༔ གཤིན་རྗེའི་བསུན་མ་འབྱུང་བའི་ཚེ༔ འདིར་འཚོགས་ལྷ་འདྲེ་ཁྱོད་རྣམས་ཀྱིས༔ བཞེས་པ་མ་ནོར་ཤོལ་ཐོབ་ཅིག༔ བདག་ཅག་དཔོན་སློབ་འཁོར་བཅས་ཀྱིས༔ འབུལ་ཞིང་སྦྱིན་པ་མི་ནོར་གྱིས༔ དགྲ་འདྲེ་གང་དང་འཕྲད་པའི་ཚེ༔ ངེད་ཀྱི་སྔོན་གྱི་ལན་ཆགས་ཀུན༔ འདིར་ཚོགས་ལྷ་འདྲེ་ཁྱེད་རྣམས་ལ༔ བཤགས་ཤིང་བསྔོས་པ་ཚར་ཟིན་ཞེས༔ ཀུན་ལ་མི་གསང་བསྒྲགས་པ་ཡིན༔ དེ་ཕྱིར་ནམ་ཡང་མ་ནོར་བར༔ བདག་ཅག་རྣམས་ལ་གནོད་མ་བྱེད༔ བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ༔ བསྡམ་པ་ཀློད་ལ་མནན་པ་ཁྱོགས༔ གལ་ཏེ་དམ་ལས་འདས་པ་ན༔ ཡི་དམ་ལྷ་ཚོགས་ཐུགས་ཁྲོས་ནས༔ ཁྲོ་མཚོན་མེ་དཔུང་དམར་ནག་གིས༔ བསད་ཅིང་གཞོམ་པར་ཐེ་ཚོམ་མེད༔ དེ་ཕྱིར་དམ་ལ་མ་འདའ་བར༔ མི་བས་གླུད་བཟང་འདི་བཞེས་ལ༔ བདག་ཅག་འཁོར་དང་བཅས་པ་ལ༔ ཆགས་ཆེ་ཉམས་ང་ཐམས་ཅད་ཟློག༔ ཐན་ལྟས་ཆོ་འཕྲུལ་ཐམས་ཅད་བསྒྱུར༔ བྱད་ཕུར་རྦོད་གཏོང་རྡུལ་དུ་རློགས༔ གླུད་ཀྱི་ལམ་བསྟན་དགྲ་ལ་བསྟན༔ གཤེགས་སོ་བཞུད་དོ་ཤ་ར་ར༔ སྣང་སྲིད་ལྷ་འདྲེའི་དམག་དང་བཅས༔ གནོད་པར་བྱེད་པའི་ཡུལ་དུ་སོང༔ དགྲ་ཁམས་གཏན་ནས་སྟོངས་པར་མཛོད༔ ཅེས་ལོ་བདུད་སྟེང་དུ་ཁྱེར༔ མཚམས་བཅད་བསྲུང་འཁོར་བསྒོམ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཞེས་དབུས་རི་ལྕགས་པོ་རི་ནས་རིག་འཛིན་གསང་སྔགས་གླིང་པས་གདན་དྲངས་པའོ༔

དཔེའུ་རིས།

འདིར་དཔེའུ་རིས་ལྡེབ་ཤར་ཡོད།

བསིལ་གཏོར་གངྒཱའི་རྒྱུན་བཟང་ཕན་བདེའི་རྫིང་བུ།

ཡང་གསང་མཁའ་འགྲོའི་ཐུགས་ཐིག་ལས༔ བསིལ་གཏོར་གངྒཱའི་རྒྱུན་བཟང་ཕན་བདེའི་རྫིང་བུ་བི་ཛ་ཧ་རམ༔ ཁ་སར་པ་ཎི་ལ་བཏུད་དེ༔ བསིལ་གཏོར་གངྒའི་རྒྱུན་བཟང་འབྲི༔ རིན་ཆེན་སྣོད་མཆོག་ཡངས་པའི་ནང༔ དྭངས་བསིལ་ཡིད་འོང་གངྒའི་རྒྱུན༔ དྲི་བཟང་འོ་ཆབ་ཀྱིས་སྦགས་པའི༔ ཆུ་དང་རིལ་བུ་སྟ་གོན་བྱ༔ སྐྱབས་འགྲོ་སེམས་སྐྱེད་ཡན་ལག་བདུན༔ སྔོན་དུ་བཏང་ནས་དངོས་གཞི་ནི༔ སྭ་བྷ་ཝ་ཡི་སྔགས་ཀྱིས་སྦྱངས༔ སྟོང་པའི་ངང་ལས་སྐད་ཅིག་དྲན་རྫོགས་སུ༔ པད་དཀར་ཧྲཱིཿམཚན་ཡོངས་སུ་གྱུར་པ་ལས༔ རང་ཉིད་འཕགས་མཆོག་ཐུགས་ཆེན་སྤྱན་རས་གཟིགས༔ ཁ་སར་པ་ཎི་ཞལ་གཅིག་ཕྱག་གཉིས་པ༔ བཞེངས་སྟབས་དར་དང་རིན་ཆེན་དུ་མས་བརྒྱན༔ རི་དྭགས་པགས་པས་སྟོད་གཡོག་བྱམས་སེམས་ལྡན༔ ཕྱག་གཡས་མཆོད་སྦྱིན་གཡོན་པས་པད་དཀར་བསྣམས༔ ཐུགས་ཀར་ཟླ་སྟེང་ཧྲཱིཿལ་ཡིག་དྲུག་བསྐོར༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ བརྒྱ་རྩ་བཟླས་རྗེས་སྭ་བྷ་ཝ་ཡིས་སྦྱངས༔ སྟོང་པའི་ངང་ལས་ཕྱི་སྣོད་རྣམ་པར་དག༔ བྷྲཱུྃ་ལས་རིན་ཆེན་ལས་གྲུབ་སྣོད་ཡངས་ནང༔ ཨོཾ་ལས་གཏོར་མ་ཁ་དོག་དྲི་རོ་དང༔ རེག་བྱ་ནུས་པའི་ཕུན་སུམ་ཚོགས་པར་གྱུར༔ ཨོཾ་ཨཱཿཧཱུྃ་གིས་སྦྱངས་སྤེལ་བདུད་རྩིར་གྱུར༔ རང་ཉིད་འཕགས་པའི་ཐུགས་ལས་འོད་ཟེར་འཕྲོས༔ མཆོག་གསུམ་རྩ་བ་གསུམ་དང་སྲུང་མའི་ཚོགས༔ རིགས་དྲུག་ལན་ཆགས་མགྲོན་བཅས་ས་མ་ཛ༔ རང་མཐུན་ཡིད་འོང་གདན་ལ་ལེགས་པར་བཞུགས༔ མེ་ཏོག་བདུག་སྤོས་མར་མེ་དྲི་ཞལ་ཟས༔ སྒྲ་སྙན་ཡིད་འོང་མཆོད་པས་དགྱེས་པར་གྱིས༔ སྒོ་གསུམ་རབ་གུས་དངས་བས་བསྟོད་ཕྱག་འཚལ༔ ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་སོགས། སམ་བྷ་ར་ཧཱུྃ༔ བརྒྱ་དང་ཁྲི་འབུམ་ཅི་ནུས་སྦྱོངས༔ ཨོཾ་ཛྭ་ལ་མི་ཏཾ་པྲེ་ཏ་བྷྱ་སྭཱཧཱ༔ ཆོས་རྣམས་ཐམས་ཅད་སོགས། སྡིག་པ་ཅི་ཡང་སོགས། ཕན་པའི་ཡོན་ཏན་བརྗོད་མི་ལང༔ མཆོག་ཐུན་དངོས་གྲུབ་ཐོབ་པར་འགྱུར༔ འདོད་འབྱུང་ཡིད་བཞིན་གཏེར་དང་མཚུངས༔ ས་མ་ཡཱ༔ ཁམས་གསུམ་དག་པའི་ཞིང༔ སྲིད་གསུམ་ཐུགས་རྗེའི་མགྲོན༔ མ་ལུས་ཁྱབ་པའི་མཐུས༔ ཆུ་སྦྱིན་མི་ཟད་པའི་གཏེར་ལ་ལོངས་སྤྱོད་པར་གྱུར་ཅིག༔ རང་ཉིད་ཐུགས་རྗེ་ཆེན་པོའི་ཕྱག་གཡས་མཆོག་སྦྱིན་གྱི་རྩེ་ལས་བདུད་རྩིའི་རྒྱུན་བབས་པས་ཡི་དྭགས་རྣམས་ཚིམ་པར་བསམ༔ མ་ཎི་ཀཾ་ཀ་ནི་སོགས་བརྗོད༔ བར་དོའི་འགྲོ་བ་རྣམས་གཙང་ཞིང་བསིལ་བའི་སྐོམ་གྱིས་ཚིམས་ཏེ་བླ་ན་མེད་པ་བདེ་བའི་མཆོག་ལ་རེག་པར་གྱུར་ཅིག༔ གཏོར་མགྲོན་གཤེགས་ཤིང་བསྔོ་སྨོན་དང༔ ཤིས་པ་བརྗོད་པས་མཐའ་ལ་བརྒྱན༔ སློབ་བུ་བདེ་བའི་རྡོ་རྗེས་བསྐུལ༔ གཏེར་སྟོན་བསམ་གཏན་ཡེ་ཤེས་གླིང༔ ཟོག་པོ་འཆོལ་སྤྱོད་མཁན་དེས་བྲིས༔ ཕུན་ཚོགས་འབྱུང་བའི་རྒྱུར་གྱུར་ཅིག༔ མངྒ་ལམ༔

བཀའ་འདུས་ཆོས་ཀྱི་རྒྱ་མཚོ་དང་ཡང་གསང་ཌཱཀྐིའི་སྙིང་ཐིག་གི་ཐོབ་ཡིག་དྲན་པའི་ཡིད་གསོ་ཨུཏྤལ་མགུལ་རྒྱན་རས་པ་གསལ་སྟོབས་ཀྱིས་མཛད་པ།

༄༅། བཀའ་འདུས་ཆོས་ཀྱི་རྒྱ་མཚོ་དང་ཡང་གསང་ཌཱཀྐིའི་སྙིང་ཐིག་གི་ཐོབ་ཡིག་དྲན་པའི་ཡིད་གསོ་ཨུཏྤལ་མགུལ་རྒྱན་ཞེས་བྱ་བ་བཞུགས་སོ། །

༄༅། ཨོཾ་སྭ་སྟི། གདོད་ནས་སྤྲོས་བྲལ་ཆོས་དབྱིངས་སྟོང་པའི་མཁའ། །རྒྱལ་ཀུན་ཕྲིན་ལས་གཅིག་བསྡུས་སྤྲུལ་པའི་གར། །རྨད་བྱུང་ཐུགས་བརྩེའི་གཞན་ཕན་འོད་དཀར་གྱིས། །བསྟན་འགྲོའི་ཀུན་དཱའི་དགའ་ཚལ་རྒྱས་མཛད་གུས། །གང་དེའི་དགོངས་གཏེར་མན་ངག་ཟབ་ཆོས་ཀྱི། །དབང་ཁྲིད་ལུང་དང་བརྒྱུད་པའི་ཕྲེང་བ་ཡི། །ངོ་མཚར་དགའ་སྟོན་བདུད་རྩི་མངར་མོའི་བཅུད། །སྐལ་བཟང་སློབ་རྒྱུད་བུང་བའི་ཚོགས་རྣམས་ལ། །མན་ངག་འཇིངས་ཟབ་གསར་པ་རང་སྐལ་དུ། །བྱིན་པའི་བརྗེད་བྱང་ཨུཏྤལ་མགུལ་རྒྱན་འབྲི། །དེ་ལ་རྒྱལ་བ་ཀུན་གྱི་ཕྲིན་ལས་གཅིག་ཏུ་བསྡུས་པ་རྒྱལ་དབང་པདྨ་ཀཱ་རས་རྗེས་སུ་བཟུང་ཞིང་རྒྱལ་ཚབ་ཏུ་མངའ་གསོལ་བའི་མཚོ་སྐྱེས་དགོངས་པའི་མན་ངག་ཟབ་པའི་ཆོས་མཐའ་དག་པ་དང་། ཁྱད་པར་དུ་ཨ་ཏི་རྫོགས་པ་ཆེན་པོའི་མན་ངག་ལ་དབང་འབྱོར་བའི་སྤྲུལ་པའི་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་བསམ་གཏན་ཡེ་ཤེས་གླིང་པའམ་ཐུབ་བསྟན་གཞན་ཕན་ཉི་མ་དཔལ་བཟང་པོར་འབོད་པའི་ཟབ་གཏེར་བཀའ་འདུས་ཆོས་ཀྱི་རྒྱ་མཚོ་ཡང་གསང་ཌཱཀྐིའི་སྙིང་ཐིག་གི་དབང་ལུང་རྗེ་བླ་མའི་ཟབ་གཏེར་བདག་པོ་ཉིད་ཀྱི་མདུན་དུ་ཐོབ་ཚུལ་ནི། ཐོག་མར་སྨིན་བྱེད་ཀྱི་དབང་དང་། གྲོལ་བྱེད་ཀྱི་ཁྲིད། རྒྱབ་རྟེན་གྱི་ལུང་ངོ་།། དེ་རྣམས་བརྒྱུད་པའི་རིམ་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། མཁར་ཆུ་དཔལ་གྱི་དབང་ཕྱུག །ལོ་ཙཱ་ཡེ་ཤེས་དབྱངས། རིག་འཛིན་ལུང་རིག་གླིང་པ། སྤྲུལ་པའི་སྐུ་ས་ར་ཧི་ཏ་ཞེས་ཡོངས་འཛིན་དམ་པ་གང་དེའི་ཐུགས་བསྐྱེད་སྐྱ་རེངས་ཀྱི་བདུད་རྩིའི་ཆབ་ཀྱིས་དབང་ལུང་བདག་ཅག་རྣམས་ལ་གནང་བའི་ཐོག་མར། དང་པོ་སྨིན་བྱེད་དབང་གི་རིམ་པ་ལ། ཟབ་མོའི་གཅོད་དབང་ཆུ་བོ་གཅིག་འདྲེས། དམིགས་པ་སྐོར་གསུམ། གདན་ཐོག་གཅིག་མ་ཤེར་ཕྱིན་དགོངས་པའི་ཆུན་འཕྱང་། གནད་དོན་བསྡུས་པ་ཕུང་པོ་གཟན་བསྐྱུར། དཀར་དམར་ནག་དང་ཁྲ་འགྱེད་བཞི། ཚོགས་གཉིས་བང་མཛོད། ཚོགས་གཉིས་རྒྱ་མཚོ། རབ་རྫོགས་བྱང་ཆེན། ཚོགས་གཉིས་གཏེར་བུམ། གསོལ་འདེབས་བྱིན་རླབས་སྤྲིན་ཕུང་། ཡང་གསང་དངོས་གྲུབ་ཆར་འབེབས་ཚོགས་བསྐང་། གཟའ་བཙན་ཀླུའི་མཆོད་ཕྲིན་རབ་འབྱམས་རྒྱ་མཚོ། གཤེད་འདུལ་གདུག་པ་དམ་འདོགས། གནས་འདྲེན། འདོད་ཡོན་འཕོ་བ། བསྟབས་པ་ཆ་དྲུག་གཉིས། མནན་པ་མི་འགྱུར་ཀ་བ། ནད་པ་ལྕགས་ཁྲ། ལས་མཐའ་དུར་གཅོད། བྱ་འབོད། ཆར་འབེབས། གཡང་གཞི་བརྡབ་ཆོག གཏད་དཀྲུགས་ལ། གཟའི་སྲོག་གཏད། གསང་བདག་གོས་སྔོན་གསོལ་འདེབས་བྱིན་རླབས་གཏེར་བུམ། གོས་སྔོན་ཧཱུྃ་སྒྲུབ། བདག་བསྐྱེད་དྲེགས་པའི་སྲོག་འཕྲོག སྒྲུབ་ཐབས་གློག་ཞགས་དམར་པོ་ཆ་ཚང་། འཁྲུགས་བསྐང་། བསད་སྔགས་ཤིན་ཏུ་བསྡུས་པ། སྒྲོལ་ལས་གནམ་ལྕགས་སྒྱོགས་རྡོ། བྱད་གཏད་འགྲོལ་བའི་མན་ངག བྱད་གྲོལ་སྤུ་གྲི་འཁོར་མ། རྒྱལ་དབྱངས་དཔའ་བོའི་གད་རྒྱངས། འཆི་བསླུ་གཤིན་རྗེའི་དཔུང་འཇོམས། ཀླུ་མཆོད་ཕན་བདེའི་མྱུ་གུ། ཁྲམ་ཕྱི་བདར། ཨ་གྷོང་ཞུ་ལན། བཟློག་པ་མི་མཐུན་གཡུལ་འཇོམས། བླ་རྡོ། རྫོགས་པ་ཆེན་པོ་ཉི་མ་སྤྲིན་བྲལ། ཚོགས་གླུ། རྟ་མགྲིན་གསོལ་བསྡུས་ཀུན་འབྱུང་དབང་སྔོན། གསོལ་བསྡུས་དངོས་གྲུབ་འདོད་སྟེར། མགོན་པོའི་གསོལ་བསྡུས། མ་མགོན་གསོལ་བསྡུས། ཚེ་རིང་མའི་གསོལ་བསྡུས། སྨན་གྱི་ལྷ་མོའི་གཏོར་འབུལ། ཕུར་སྲུང་བསྡུས་པ་རྡོ་རྗེའི་ཐོག་དབལ། དམ་ཅན་གསོལ་བསྡུས། དམ་ཅན་གསང་སྒྲུབ་འགུགས་པའི་ལྕགས་ཀྱུ། ལྷ་ཆེན་སྣང་སྲིད་ཡིད་འགུགས། དྲག་པོ་མཆེད་གསུམ་གསོལ་བསྡུས། གཏེར་སྲུང་ལྷ་བཙན་མཆོད་པའི་ལས་རིམ། ཤ་ཟ་མཁའ་འགྲོའི་གསོལ་མཆོད་ཕྲིན་ལས་ཀུན་འགྲུབ། རྩ་གསུམ་སྲུང་མའི་གསོལ་བསྡུས། ཛམ་ནག་སྒྲུབ་ཐབས། འཛམ་གླིང་སྐྱེས་བུའི་མཆོད་སྒྲུབ། དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པའི་གསོལ་བསྡུས་ཡིད་བཞིན་དབང་སྔོན། ཟ་ངུ་། རྡོ་རྗེ་དྲག་རྩལ་བསང་མཆོད། ཡུལ་ལྷའི་མཆོད་ཕྲེང་ལྷ་ཡི་སྤྲིན་རོལ། རི་རྒྱལ་ཟིལ་ཁྲོམ་འཕན་ཕྱུག་བསང་། འོད་མཚན་སྟོང་འབར་གསོལ་འདེབས་ཐུགས་རྗེའི་ལྕགས་ཀྱུ། སྒྲུབ་ཐབས་བདེ་ཆེན་རྒྱལ་པོ། ཞིང་སྐྱོང། གནས་འདྲེན། སངས་རྒྱས་སྟོང་དབང་། འདོད་ཡོན། ཚེ་འགུགས་འཆི་མེད་ཡེ་ཤེས། འཕགས་མཆོག་ནང་སྒྲུབ་དབང་གི་ཞགས་པ། འཕགས་པའི་གབ་ཐིག་དོན་ཞགས། ལས་ཕྲན་ཚེགས། སྔོན་འགྲོ་བླ་མའི་རྣལ་འབྱོར། མ་བསྒོམ་འཕོ་བའི་གདམས་པ། སྨན་བླའི་གསོལ་འདེབས་དྲང་སྲོང་བདེན་ཚིག གསོལ་འདེབས་ནད་འཇོམས་བདུད་རྩིའི་བུམ་པ། སྨན་བླའི་སྒྲུབ་ཐབས་ནད་གདོན་མཐར་བྱེད། བདེ་གཤེགས་མཆེད་བརྒྱད་སྨོན་ལམ། རྗེས་འཇུག་དབང་། གནས་ལུང་གསོལ་འདེབས། ཕྲེང་བ་བྱིན་རླབས། མན་དྷ་ར་བ་སྒྲུབ་པའི་དོན་བསྡུས། རཀྴ་ཐོད་ཕྲེང་གསོལ་འདེབས་ལྷ་སྲིན་གདུག་པའི་ཀླད་འགེམས། གཏེར་གྱི་ཁ་བྱང་གསལ་བའི་ལྡེ་མིག ཕྱོགས་བཅུའི་མུན་སེལ། འཕགས་པའི་གནས་ཀྱི་གསོལ་འདེབས་ཚངས་པའི་མགྲིན་གླུ། འཇམ་པའི་དབྱངས་ཀྱི་ལས་ཚོགས་སྐུ་གསུང་ཐུགས་བཟོ་སྤུས་ལེགས། སྐྲ་ཆོག་བྱིན་རླབས་ཡེ་ཤེས་འཁོར་ལོ། གསོལ་འདེབས་དུས་མིན་འཆི་བའི་འཇིགས་སྐྱོབ་བར་ཆད་རང་གྲོལ། ཏཱ་རེའི་གནས་བསྟོད་མདོ་མང་པས་གསུངས་པ། སྒྲོལ་མ་འཇིགས་ཚོགས་རང་གྲོལ། འཇམ་དབྱངས་དཀར་པོའི་སྒྲུབ་ཐབས་མུན་སེལ། འཇམ་དཔལ་གསོལ་འདེབས་དྲི་མེད་བློ་གྲོས། འཇམ་དཔལ་ཚོགས་མཆོད་རྟེན་འབྱུང་བསླུ་མེད། གུ་རུའི་སྒྲུབ་ཐབས་བྱིན་རླབས་ཆར་འབེབས། རིག་འཛིན་བླ་མའི་བསྐང་བསྡུས་ཀུན་བཟང་སྤྲིན་ཕུང་། བླ་སྒྲུབ་སྙིང་གི་དྭངས་མ། བླ་སྒྲུབ་ཚོགས་མཆོད་སྤྲིན་རོལ། སྲིད་པའི་གོད་ཁའི་བཤོལ་མདོས་ནད་གདོན་མཐར་བྱེད། བྱིན་རླབས་སྔགས་དྲུག་ཕྱག་དྲུག གླུད་རྫོངས། མན་ངག་གནད་ཀྱི་ལས་ཚོགས་རྫས་སྔགས་སྨན་དང་ཆུ་བརྟག ཕྱག་རྫོགས་དབུ་གསུམ་དོན། མི་ཕྱུགས་ལ་རིམས་ནད་གཅན་གཟན་ལྷོག་པ་བསྲུང་བའི་སྔགས། དྲང་སྲོང་བདེན་ཚིག་སྨོན་ལམ། ཕུར་པའི་གསོལ་འདེབས་བར་ཆད་དབྱིངས་གྲོལ། ཕུར་པའི་ཡང་བཅུད་དམ་སྲི་མཐར་བྱེད། གསོལ་འདེབས་དད་པའི་འཇུག་ངོགས། ཕུར་པའི་ཚོགས་མཆོད་བསོད་ནམས་རྒྱ་མཚོ། ཐེམ་བྱང་ཁ་བྱང་ཡང་བྱང་གནད་བྱང་མ་འོངས་ལུང་བསྟན། གུ་རུ་བདེ་བ་ཆེན་པོའི་རྒྱུན་ཁྱེར། དཔལ་རི་པདྨ་འོད་དུ་གྲོལ་བའི་སྨོན་ལམ་འོད་གསལ་གསང་བའི་ཐོལ་གླུ། བླ་སྒྲུབ་ཚོགས་མཆོད་བསོད་ནམས་རྒྱ་མཚོ། ཞབས་བརྟན་དད་ཅན་དགའ་སྟོན། ཡང་དག་དོན་གྱི་དབང་མཆོག རྡོར་སེམས་སྒོམ་བཟླས་སྒྲིབ་གཉིས་སྦུར་ལེན། འོད་ཟེར་ཅན་མའི་མན་ངག མ་རུ་ཙྱཻའི་སྒྲུབ་ཐབས། རིག་བྱེད་ལྷ་མོའི་གསོལ་འདེབས་སྦུར་ལེན་སྙིང་པོ། ཀུ་རུ་ཀུལླེའི་སྒྲུབ་པ་འགྲོ་ཀུན་ཡིད་འགུགས་འཆིང་བྱེད་ཞགས་པ། རྗེས་ཀྱི་ལས་རིམ། ཁྲུས་ཀྱི་ཆོ་ག་ཕན་བདེའི་གྲུ་རྫིང་། གསང་བའི་རྣམ་ཐར། དབྱངས་ཅན་གསོལ་འདེབས་བློ་གྲོས་ཉིན་བྱེད། སྒྲུབ་ཐབས་ཤེས་རབ་སྒྲོན་མ། འཇིགས་བརྒྱད་ཞི་བའི་གསོལ་འདེབས་ཆ་ལག་འཇིགས་སྐྱོབ་གོ་ཆ་མི་ཤིགས་རྡོ་རྗེ། འཇམ་དཔལ་ནག་པོའི་སྒྲུབ་ཐབས་ཤེས་རབ་སྣ་ཚོགས། འཕགས་པའི་སྒྲུབ་ཐབས་བསོད་ནམས་ཚོགས་ཆེན། བཤགས་པའི་རྒྱལ་པོ་སྦྱོང་བའི་ཐབས། ༈ བདག་སོ་སྐྱེས་བྱིས་པས་ཡིད་ལ་བསམ་པ་བསྔོ་བ་མི་ཟད་ལམ་མཆོག་རྒྱ་མཚོའི་དབྱིངས་ཟབ། མར་མེ་འབུལ་བའི་སྨོན་ལམ། བསིལ་གཏོར་གང་གའི་རྒྱུན་བསང་། ཨོ་རྒྱན་མཁའ་འགྲོའི་སྒྲུབ་ཐབས་འདོད་འབྱུང་གཏེར་བུམ། འཇིགས་བརྒྱད་ཞི་བའི་གསོལ་འདེབས་ཀྱི་ཆ་ལག་འཇིགས་སྐྱོབ་གོ་ཆ། ཨོ་རྒྱན་མཁའ་འགྲོའི་གཏེར་བུམ་སྦ་ཐབས་བང་མཛོད་ལྡེ་མིག འགོང་བཀར། སྒྲོལ་མའི་གསོལ་འདེབས་འཇིགས་བརྒྱད་གཡུལ་འཇོམས། ལས་བྱང་བསྡུས་པ་ཡིད་བཞིན་དབང་སྔོན་རྒྱལ་པོ། གཙུག་ཏོར་ལྷ་མོའི་ཚེ་འགུགས་གཡང་ཞགས། ཏཱ་རེའི་ཚོགས་མཆོད་བསོད་ནམས་རྒྱ་མཚོའི་འཇུག་ངོགས། བསྐང་བ་མཁའ་དབྱིངས་སྤྲིན་གྱི་རོལ་མོ། ལས་བྱང་ཚེ་ཡི་བུམ་བཅུད། བཞེངས་བསྐུལ། གཟའ་ཀླུའི་དུག་སྦྱོང་རྨ་བྱ་ཆེན་མོ། གཟའ་ཀླུའི་དུག་སྦྱོང་བདུད་རྩིའི་ཆུ་རྒྱུན། ༈ ཟུར་འགེབས་ལས་བླ་སྒྲུབ་རིན་ཆེན་གཏེར་མཛོད། བླ་སྒྲུབ་སྙིང་གི་དྭངས་མ་བྱིན་རླབས་འགུགས་པའི་ལྕགས་ཀྱུ། ཚོགས་མཆོད་སྤྲིན་རོལ། སྤྲིང་ཡིག་དྲང་སྲོང་དམོད་པའི་རྔམ་སྒྲ། བཀའ་རྟགས་རང་བྱུང་རིག་པ། བླ་སྒྲུབ་རིན་ཆེན་གཏེར་མཛོད། ཡང་དག་དོན་གྱི་དབང་མཆོག བཀའ་རྟགས་ཁྲོ་རྒྱལ་ཁྲོས་པའི་རྔམ་སྒྲ། སྒྲོལ་མའི་ཐུགས་བསྐྱེད་བཀོད་པ་ཡིད་ཆེས་བྱིན་རླབས་ཀུན་འབྱུང་སྤྲིན་གྱི་རོལ་མོ། རེ་མ་ཏི་ཡི་སྲོག་འཁོར་བསྡུས་པ་སྙིང་གི་རཀྟ། གཏེར་ལུང་སྐྱེ་ཕྲེང་སྣ་ཚོགས། མཁའ་འགྲོ་དྲག་མོའི་སྦྱིན་སྲེག་གདུག་པ་དམ་འདོགས། དམག་ཚོགས་དགྲ་ལ་རྦད་པ། མཁའ་འགྲོ་འབུམ་བསྐུལ། སྒྲོལ་མའི་གསོལ་འདེབས་སྙན་བརྒྱུད་ཟབ་མོ། སྣང་གསལ་པྲ་ཡི་ཆོ་ག གཏེར་སྲུང་ནོར་བདག་ཡེ་ཤེས་གྲགས། ལྷ་བཙན་བསྐུལ་བ་དམར་ནག་གློག་ཞགས། ལྷ་བཙན་བླ་རྡོ། ཙིའུ་དམར་རྦད་བསྐུལ། ཕུར་སྲུང་བསྐུལ་བ། དུད་སོལ་ལྷ་མོའི་གསོལ་བསྡུས་ཡིད་བཞིན་དབང་སྔོན། ཛཾ་ལྷའི་གསོལ་བསྡུས་རིན་ཆེན་དབང་སྔོན། དབྱི་ཁྲོམ་གསོལ་མཆོད། དམ་ཅན་བླ་རྡོ། ཐུགས་ཆེན་བཀའ་སྲུང་དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པའི་ཛཔ྄། གབ་བྱང་སྲོག་གི་སྤུ་གྲི། བསྐུལ་བྱང་སྲོག་གི་སྤུ་གྲི། ཐང་ལྷའི་སྒོ་ནས་དགྲ་ལ་ལྟས་ངན་ཆོ་འཕྲུལ་སྟོན་པ། ཐང་ལྷའི་སྲོག་དབང་། ལབ་ཚེ་གོང་གཏད། གཡུ་སྒྲོན་མའི་མངའ་གསོལ། དུད་སོལ་མའི་བསང་མཆོད། ཁྱབ་འཇུག་བསང་མཆོད། ཡུལ་ལྷའི་བསང་མཆོད་ལྷ་ཡི་སྤྲིན་རོལ། ཐང་ལྷའི་བསང་མཆོད་བདུད་རྩིའི་ཟེགས་མ། བཞག་བྲའི་བསང་མཆོད་འདོད་རྒུའི་དཔལ་སྟེར། དབང་སྡུད་ལྷ་རྩེའི་བསང་མཆོད། ཡུལ་ལྷའི་བསང་མཆོད་འདོད་དོན་ལྷུན་གྲུབ། གཡུང་དྲུང་ལྷ་རྩེའི་བསང་མཆོད་ཕན་བདེའི་གཏེར་འཆང་། གཟའ་ཀླུའི་བསང་མཆོད། དབྱི་ཁྲོམ་བསང་ཡིག ཏིང་རྒྱལ་མི་མགོན་དཀར་པོ་ལ་བསང་བྱ་བ། སྐུ་ལྷ་ར་ཁང་གི་གསོལ་བསྡུས། སྐུ་ལྷ་ཁྲབ་གྱོན་གསོལ་མཆོད། ཤ་འུའི་ཡུལ་ལྷ་སེང་གེ་གནམ་རྫོང་གི་བསང་མཆོད། ནོར་བུ་ལྷ་རྩེའི་ཕྲིན་བཅོལ་དཔའ་བོའི་འགྱིང་གླུ། བྲག་དཀར་རྡོ་རྗེ་དབྱི་ཁྲོམ་གཉན་པོའི་བསང་། བཀྲ་ཤིས་ལྷ་རྩེའི་བསང་མཆོད། ནཱ་གའི་བསང་མཆོད་དབང་སྔོན་རྒྱལ་པོ་ཀ་རྩོམ། གནས་ལུང་དཀར་ཆག ཀུན་བཟང་མཆོད་སྤྲིན་ཚོགས་གཉིས་རྒྱ་མཚོ། ཟོ་དོར་དཔའ་བོ་ཞལ་དཀར་བསང་མཆོད། ལྷ་སྒང་གནས་ཡིག ལུང་བསྟན་སྐོར། སྒྲོལ་མའི་གསོལ་འདེབས་དུས་མིན་འཆི་བཟློག གནས་ལུང་དཀར་ཆག་དབྱིངས་ཀྱི་ཌཱཀྐིའི་ཞལ་ལུང་། ཡིག་དྲུག་དོན་བསྟོད་སྡུག་བསྔལ་རང་གྲོལ། བར་ཆད་ལམ་སེལ་བསྡུས་པ། ལྷ་སྒང་གི་གནས་བསྟོད་དད་པའི་འཁྲི་ཤིང་། གནས་ཡིག་གཟུ་བོའི་ལམ་སྟོན་རྣམ་གྲོལ་ལེགས་པའི་ཡོན་ཏན། གནས་བསྟོད་སྐྱེ་ལྔའི་དུང་དཀར། སྤྲིང་ཡིག་དྲང་སྲོང་དམོད་པའི་རྔམ་སྒྲ། ཆར་འགོང་བསྐལ་མེའི་ཚ་དབལ། དམ་པ་གསུམ་སོགས། རྡོ་རྗེ་ཕག་མོའི་ལས་བྱང་བསྡུས་པ། ཨོ་རྒྱན་ཆེན་པོའི་རྣམ་ཐར་བསྡུས་པ་ངོ་མཚར་སྤྲིན་གྱི་རོལ་མོ། ༈ སྐུ་གསུམ་རིག་འཛིན་འཆི་མེད་ཚེ་མཐའ་ཡས། །དེ་ཉིད་ཐུགས་རྗེའི་འཇུག་པ་དབྱེར་མེད་ཀྱང་། །གསང་གསུམ་བདག་ཉིད་རྡོ་རྗེ་འཛིན་པའི་དཔལ། །གཏེར་ཆེན་ལུང་རིག་གླིང་པ་སྤྱི་བོས་མཆོད། །རྒྱལ་བའི་གདུང་འཚོབ་རྒྱལ་བསྟན་རྩ་ལག་རྗེ། །རྒྱལ་བའི་དགོངས་པ་མདོ་སྔགས་ཆོས་ཚུལ་འཛིན། །རྒྱལ་བ་དགྱེས་པའི་ལུགས་མངའ་བས༵མ་གཏ༵ན་གྱི། །དེ་ཉིད་ཡེ༵་ཤེ༵ས་གཟིགས་པའི་ཐར་གླི༵ང་དུ། །སེམས་ཅན་འདྲེན་སྟོན་མཛད་དེ་ཕྱག་གི་གནས། །ཟབ་མོའི་གཏེར་རིགས་བཅོ་བརྒྱད་ཡང་ཞུན་ནི། །འོ་མར་མར་གྱི་ཉིང་ཁུ་ཇི་བཞིན་པར། །དགོངས་གཏེར་གཏེར་བཅུད་འདུས་པ་མཁའ་འགྲོ་ཡི། །ཟབ་གསང་སྙིང་པོའི་ཏི་ཀའི་བཀའ་ལུང་དང་། །སྲ་མཁྲེག་བྲག་གི་སྙིང་པོའི་ཆོས་གཏེར་ནི། །བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་བཀླགས་ལུང་རྣམས། །ལེགས་པར་ཐོབ་པའི་གསན་ཚན་བརྒྱུད་པའི་དོད། །མུ་ཏིག་བསྟར་ལ་བརྒྱུས་བཞིན་འདི་ན་ངོམ། །ཆོས་སྐུ་སྣང་བ་མཐའ་ཡས། །ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། མཁར་ཆེན་དཔལ་གྱི་དབང་ཕྱུག ཨ་ཙར་ཡེ་ཤེས་དབྱངས། གཏེར་ཆེན་ལུང་རིག་གླིང་པ། སྤྲུལ་སྐུ་གཞན་ཕན་བཟང་པོ། དེས་བདག་ལ་གནང་བའོ། །དེ་ལ་ཐོག་མར་སྨིན་བྱེད་དབང་གི་རིམ་པ་ནི། ཡང་གསང་མཁའ་འགྲོའི་ཐུགས་ཐིག་ལས། སྨན་བླའི་སྒྲུབ་ཐབས་ནད་གདོན་མཐར་བྱེད་ཀྱི་རྗེས་གནང་། དྲང་སྲོང་ཆེན་པོ་སྨུག་ནག་འོད་འཕྲོའི་བཀའ་གཏད་གཏོར་དབང་། རས་མིང་པས་སོ།

རྒྱ་སྤྲུལ་ཚེ་སྒྲུབ་འཆི་མེད་བདེ་སྟེར་གྱི་ལོ་རྒྱུས་སམ་ཆོས་བཤད་བསྡུས་པ།

༄༅། ཚེ་སྒྲུབ་འཆི་མེད་བདེ་སྟེར་གྱི་ལོ་རྒྱུས་སམ་ཆོས་བཤད་བསྡུས་པ་བཞུགས། འོ་མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྣམ་མཁྱེན་བླ་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཟུང་འཇུག་སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་ཁྱབ་བདག་མི་སློབ་པའི་ཟུང་འཇུག་འཕགས་མཆོག་ཚེ་ལྷ་ཡབ་ཡུམ་དེ་ཉིད་ཀྱི་གོ་འཕང་ཚེ་འདི་ཉིད་ལ་མངོན་དུ་བྱའོ་སྙམ་པའི་བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། ཆོས་ཉན་པའི་ཀུན་སློང་དང་ཀུན་སྤྱོད་རྣམས་ཀྱང་རྡོ་རྗེ་ཐེག་པའི་གཞུང་ལུགས་རིན་པོ་ཆེ་རྣམས་ལས་ཇི་སྐད་གསུངས་པ་བཞིན་དུ་སྤང་བླང་མ་ནོར་པའི་ཚུལ་གྱིས་གསལ་བཏབ་ཏེ་ཉན་པར་མཛོད། དེ་ལ་སྤྱིར་མཐོ་རིས་ཀྱི་རྟེན་བཟང་ཐོབ་ནས་དེའི་ཡོན་ཏན་གྱི་ཁྱད་པར་བདུན་ལས་གཙོ་བོར་གྱུར་པ་ཚེ་རིང་བ་ཁོ་ན་ཡིན་ཀྱང་། ཁྱད་པར་མི་ལུས་ཆོས་ལྡན་གྱི་ཚེ་རིང་དུ་གནས་པ་ནི་འཕྲལ་ཡུན་བདེ་ལེགས་ཐམས་ཅད་ཀྱི་རྩ་བར་གྱུར་པས་འཇིག་རྟེན་གྱི་ཁམས་འདིར་དོན་དུ་གཉེར་བྱའི་མཆོག་ཡིན་ཅིང་། སྙིགས་མའི་དུས་འདིར་རྒྱུ་ལས་ངན་ལ་སྤྱོད་པའི་དབང་གིས་ཚེ་ཐུང་ཞིང་དུས་མ་ཡིན་པར་འཆི་བའི་བར་ཆད་མང་བས་ཚེ་སྲོག་རིང་པོར་མི་འཚོ་ཞིང་ཚེ་ལ་གནོད་པའི་གློ་བུར་གྱི་ཉེར་འཚེ་མང་སྟེ། སྡུད་པ་ལས། རིན་ཆེན་ཆོས་ཀྱང་དཀོན་ལ་རྟག་ཏུ་འཚེ་བ་མང་། །ཞེས་དང་། དགོས་སུ་ཆོས་སྒྲུབ་པ་ལ་བར་ཆད་དང་དུས་མ་ཡིན་པར་འཆི་རྐྱེན་མང་བ་ཡིན་ཏེ། སློབ་དཔོན་ཀླུ་སྒྲུབ་ཀྱིས། འཆི་བའི་རྐྱེན་ནི་མང་བ་སྟེ། །གསོན་པོའི་རྐྱེན་ནི་ཉུང་ཟད་ཅིག །ཅེས་གསུངས་པས། དུས་མིན་པར་འཆི་བའི་རྐྱེན་མཐའ་དག་ཞི་བ་དང་། ཚེ་འཕེལ་བའི་ཐབས་ཐུན་མོང་དང་ཐུན་མོང་མ་ཡིན་པ་མཐའ་ཡས་པ་ཞིག་མཆིས་པ་ལས། མཆོག་གམ་ཕུལ་དུ་གྱུར་པ་ནི་རྡོ་རྗེ་ཐེག་པའི་སྨིན་གྲོལ་བསྐྱེད་རྫོགས་ལ་བརྟེན་པ་རྣམས་ཡིན། ཇི་སྐད་དུ། ཚེ་རིང་འདོད་ན་བླ་མ་ལོངས་སྐུ་སྒྲུབ། །ཅེས་ཆེད་དུ་གདམས་པ་ལྟར་སངས་རྒྱས་ཐམས་ཅད་ཀྱི་སྙིང་རྗེའི་རང་གཟུགས་ལོངས་སྐུ་ཐུགས་རྗེ་ཆེན་པོ་ཚེ་ལྷ་ཡབ་ཡུམ་གྱི་ཚུལ་དུ་སྣང་བའི་འཁོར་དུ་བཅོམ་ལྡན་རྒྱལ་བ་རིགས་ལྔ་རྩ་གསུམ་རྒྱལ་བ་རབ་འབྱམས་ཐམས་ཅད་ཚེ་ཡི་ལྷ་ཚོགས་ཀྱི་རྣམ་པར་བཞེངས་ནས། སྒྲུབ་བྱའི་བླ་སྲོག་རྣམ་ཤེས་འབྱུང་ལྔའི་དབྱིངས་སུ་འཁྱམས་པ་ཡུམ་ལྔའི་ཀློང་དུ་བསྟིམ་ནས་ཡེ་ཤེས་ལྔས་རྒྱས་གདབ་པར་མཛད་པའི་ཚེ་ཡི་སྒྲུབ་པ་ཟབ་ཅིང་བྱིན་རླབས་ཀྱི་སྒོ་ཁྱད་པར་ཅན་དང་ལྡན་པ་འདི་ཉིད་བསྒྲུབ་པའི་བཀའ་སྲོལ་ནི། དུས་གསུམ་རྒྱལ་བའི་སྤྱི་གཟུགས་ཨོ་རྒྱན་གྱི་མཁན་པོ་པདྨ་ཀ་རས་ལས་ཅན་གྱི་རྗེ་འབངས་རྣམས་དང་། མ་འོངས་སྙིགས་མའི་འགྲོ་བ་རྣམས་ལ་ཐུགས་བརྩེ་བར་དགོངས་ཏེ། བླ་མ་ལོངས་སྐུའི་ཚེ་ཆོག་ཟབ་ལམ་གྱི་གདམས་པ་བྱིན་ཅན་འདི་ཐུགས་ཀྱི་གཟུངས་མ་འཕུར་འགྲོའི་གཙོ་མོ་མཁར་ཆེན་མཚོ་རྒྱལ་ལ་མི་བརྗེད་པའི་རྒྱས་བཏབ་ཏེ་མཆོང་མཛོད་སྨུག་པོའི་སྒྲོམ་དུ་སྦ་བར་མཛད་པ་འབྱུང་འགྱུར་གྱི་ཆ་ལུང་བསྟན་པ་ནི༔ རང་གཞུང་ལས། ཨེ་མ་ཡང་ཟབ་འཕགས་པའི་ཆ་ལག་ཏུ༔ ཚེ་སྒྲུབ་རྡོ་རྗེ་སྙིང་པོ་འདི༔ ད་ལྟར་པདྨ་བདག་ཉིད་ཀྱིས༔ མངའ་བདག་ཆོས་ཀྱི་རྒྱལ་པོ་དང༔ འབངས་རིགས་སྐལ་ལྡན་ཉི་ཤུ་གཅིག༔ མཚོ་རྒྱལ་སྐུ་ཚེ་མཐར་ཕྱིན་ཕྱིར༔ མོས་གུས་བསྐུལ་མ་བྱུང་བར་བརྟེན༔ སྨིན་གྲོལ་གཏད་རྒྱ་སྨོན་ལམ་བྱས༔ མ་འོངས་ཨོ་རྒྱན་བདག་ཉིད་དང༔ མཚོ་རྒྱལ་ཀླུ་ཡི་དབང་པོ་ཡི༔ བྱིན་རླབས་སྙིང་ལ་ཞུགས་པའི་བུ༔ ལས་སྐལ་ལྡན་པའི་གང་ཟག་དེར༔ དག་སྣང་གཏེར་ཁ་རྡོལ་བའི་ཚེ༔ རིག་འཛིན་མཁའ་འགྲོའི་བརྡས་བསྐུལ་བཞིན༔ སྐལ་ལྡན་ཆོས་ཀྱི་བདག་པོ་ལ༔ འཕྱུག་མེད་རྟེན་འབྲེལ་ལེགས་འགྲིག་ན༔ གེགས་ཞི་འགྲོ་དོན་མཐར་ཕྱིན་འགྱུར༔ ཞེས་གསུངས་པ་དང་། གཏེར་འདོན་པ་པོ་ཡང་དག་སྣང་གི་ཆོས་སྡེ་ལ་ཡིད་ཆེས་པའི་རྡོ་རྗེའི་ལུང་གིས་དཔང་པོར་བསྔགས་ཚུལ་ནི། འཕགས་པའི་སྒྲུབ་ཐབས་ཟླ་གཞོན་སྤྲིན་བྲལ་ལས། ལང་གྲོ་དཀོན་མཆོག་འབྱུང་གནས་དང་༔ བདག་ཉིད་མཚོ་རྒྱལ་ཕྲིན་ལས་སྤྲུལ༔ གཅིག་བསྡུས་འགྲོ་ཕན་སེམས་དཔའི་རིགས༔ དཔལ་གྱི་མིང་ཅན་རྣལ་འབྱོར་དེར༔ དག་སྣང་ཆོས་ཀྱི་གཏེར་ཁ་རྡོལ༔ ཅེས་དང་། ཟབ་ཆོས་པདྨ་དྲག་ཁྲོས་ཀྱི་སྐལ་ལྡན་ལུང་བྱང་ལས། རྡོ་རྗེ་མཁའ་འགྲོས་བྱིན་གྱིས་བརླབས་པའི་བུ༔ བྱ་འམ་ཁྱི་ཡི་ལོ་པ་གསང་སྨེ་ཅན༔ རྒྱལ་གྱི་མིང་ཅན་མདོ་ཁམས་སྨད་ནས་འབྱུང་༔ ཞེས་དང་། ཨོ་རྒྱན་གཏེར་བདག་གླིང་པའི་ཟབ་ལམ་བདེ་གཤེགས་འདུས་པའི་ལུང་བསྟན་དུས་གསུམ་གསལ་བྱེད་ལས། མཚོ་རྒྱལ་སྤྲུལ་པ་རྒྱལ་གྱི་མིང་འཛིན་པ༔ གཡུ་རོང་ཕྱོགས་སུ་ངེས་འབྱུང་ལྡན་པ་འབྱུང༔ ཅེས་དང་། གྲུབ་དབང་རྫོགས་ཆེན་བཞི་པའི་ལུང་བསྟན་ལས། འཁོན་ཆེན་ཀླུ་ཡི་དབང་པོ་ཉི་མ་གྲགས༔ སྤྲུལ་པའི་ཆ་ཤས་ལུས་སྨིན་ཚུལ་ཁྲིམས་བསྲུང༔ སེམས་སྨིན་རིག་པའི་ཡེ་ཤེས་སྒྲོན་མེ་སྦར༔ མ་རིག་མུན་པའི་སྨག་རུམ་བསལ་བར་བྱས༔ བྱི་བའི་ཚངས་ཁང་ཀུ་ཤ་སྔོ་ལྗང་སྟེང༔ ཆུ་ཤེལ་ནོར་བུ་དེ་ལ་མཇལ་བས་ལྟོས༔ དགེ་ལེགས་འདོད་འཇོ་ཙན་ཏན་ལྗོན་པའི་ཁྲོད༔ དྲི་བསུང་མེ་ཏོག་དམར་ལ་བུང་བ་འདུ༔ ཞེས་དང་། དམ་ཆོས་བདེ་ཆེན་ལམ་མཆོག་གི་སྐལ་ལྡན་ལུང་བསྟན་ལས། ང་ཡི་ཆོས་ལ་དབང་བ་ནི༔ སྐལ་ལྡན་སྐྱེས་བུ་མཐའ་མིའི་རིགས༔ བརྒྱུད་འཛིན་དམ་པ་སྨད་ནས་འབྱུང་༔ སྙིང་ཐིག་སྲུང་མས་སྡོང་གྲོགས་བྱེད༔ ཅེས་དང་། རིག་འཛིན་གསང་སྔགས་གླིང་པའི་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ཡེ་ཤེས་སྙིང་པོའི་ལུང་བྱང་ལས། མདོ་ཁམས་སྨད་ནས་ཀླུ་དབང་གི༔ སྐྱེ་མཐའ་མ་ཧཱ་ཙི་ནའི་རིགས༔ ཤེས་རབ་ཆེ་ཞིང་བྱང་སེམས་ལྡན༔ ལས་ཀྱི་རིགས་རྟགས་འཆང་བ་འབྱུང་༔ ཞེས་རང་གཞན་གྱི་གཏེར་ལུང་དུ་མ་ནས་གསལ་བའི་དུས་བབས་ཀྱི་གཏེར་སྟོན་མཆོག་གྱུར་ལུང་རིག་གླིང་པ་རྩལ་གྱི་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལས་བྱུང་བའི་ཚེ་སྒྲུབ་འཆི་མེད་བདེ་སྟེར་ཞེས་བྱིན་རླབས་ཀྱི་དྲོད་མ་ཡལ། དངོས་གྲུབ་ཀྱི་ཆར་རྒྱུན་མ་ཉམས། བརྒྱུད་པ་ལ་སེལ་མ་ཞུགས་པའི་གདམས་པ་ཟབ་མོ་འདིའི་སྒོ་ནས་དབང་བསྐུར་བ་ལ་སློབ་དཔོན་གྱི་བྱ་བ་བླ་མ་དམ་པ་རྣམས་ཀྱི་ཕྱག་བཞེས་ལས་ཇི་ལྟར་བྱུང་བ་བཞིན་སྔོན་དུ་གྲུབ་ཟིན། ད་སློབ་མ་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་བ་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མེད་པའི་དྲུང་དུ་སྨིན་བྱེད་ཚེ་དབང་ཟབ་མོ་ཞུ་བའི་ཡོན་དུ་མཎྚལ་འབུལ་བར་མཛོད། ༧ དེ་ལྟར་མཎྚལ་ཕུལ༴སོགས། ཅེས་ཚེ་སྒྲུབ་འཆི་མེད་བདེ་སྟེར་གྱི་ལོ་རྒྱུས་སམ་ཆོས་བཤད་བསྡུས་པ་བདག་འདྲའི་ཐོས་དམན་རྣམས་ཀྱི་བློ་རྟེན་འབོལ་རྩོམ་འདི་རིག་འཛིན་ལུང་རིག་གླིང་པ་དང་། ཨོ་རྒྱན་ཆེན་པོ་དབྱེར་མེད་ཀྱིས་རྗེས་སུ་བསྐྱངས་པའི་ཧོར་བན་གཞན་ཕན་བཟང་པོ་ཞེས་ལུགས་གཉིས་བྱ་བས་དབེན་པའི་དཱ་རུ་ཏྲ་དེས་སྨྲས་པ་དུས་གསུམ་དུ་དགེའོ༎

རྒྱ་སྤྲུལ་ཚེ་སྒྲུབ་འཆི་མེད་བདེ་སྟེར་གྱི་མཚམས་སྦྱོར་བུང་བའི་བཅུད་སྡུད།

༄༅། ཚེ་སྒྲུབ་འཆི་མེད་བདེ་སྟེར་གྱི་མཚམས་སྦྱོར་བུང་བའི་བཅུད་སྡུད་ཞེས་བྱ་བ་བཞུགས། ཇི་ལྟར་བལྟམས་པ་ཙམ་སོགས། ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས། ཤྲཱི་ཡེ་སྭཱ་ཧཱ༔ ཞེས་ཡིག་བརྒྱ་བརྗོད། དེ་ནས་ལས་བུམ་གྱི་ཆུས་བགེགས་གཏོར་སྦྱང་བ་ནི། རཾ་ཡཾ་ཁཾ་དང་སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ཏྲཾ་ལས་རིན་པོ་ཆེའི་སྣོད་དུ་འབྲུ་གསུམ་ཞུ་བ་ལས་བྱུང་བའི་གདོན་བགེགས་འབྱུང་པོའི་ཤེས་རྒྱུད་ཚིམ་པར་ནུས་པའི་གཏོར་མ་ཁ་ཏོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱ༔ཧཱུྃ། ལན་གསུམ་གྱིས་བྱིན་གྱིས་བརླབས། ཨོཾ་སརྦ་བྷུ་ཏ་ཨ་ཀརྴ་ཡ་ཛས་མགྲོན་བཀུག ཨོཾ་སརྦ་བིགྷྣན་སོགས་ཀྱིས་སློབ་བུའི་མགོར་བསྐོར་ཞིང་ལན་གསུམ་གྱིས་ཚིམ་པར་བསྔོས་ལ། ཧྲཱིཿ ཐུགས་རྗེ་ཆེན་པོ་དབང་གི༴སོགས། ན་མོ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་གདོད་ནས་སྟོང་ཞིང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་དུ་འཕགས་པ་ཐུགས་རྗེ་ཆེན་པོ་ཚེ་དཔག་ཏུ་མེད་པ་དང་། བཅོམ་ལྡན་འདས་ཚེ་ལྷ་རྒྱལ་བ་རིགས་ལྔའི་དཀྱིལ་འཁོར་གྱི་ལྷ་ཚོགས་སྤྲུལ་པ་ཡང་སྤྲུལ་བཀའ་སྡོད་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་དེང་འདིར་རྡོ་རྗེ་སློབ་མ་འདི་རྣམས་ལ་ཚེ་ཡི་དབང་བསྐུར་ཟབ་མོ་སྒྲུབ་པ་ལ་བར་དུ་གཅོད་པར་བྱེད་པའི་གདོན་བགེགས་འབྱུང་པོའི་ཚོགས་ལ་གཏོར་མ་བྱིན་པ་འདིས་ཚིམ་པར་གྱིས་ལ་དཔག་ཚད་དང་རྒྱང་གྲགས་སུ་མ་གནས་པར་གཞན་དུ་དེངས་ཤིག གལ་ཏེ་མི་འགྲོ་ན་ཁྲོ་བོ་ཡེ་ཤེས་ཀྱི་ཁྲོ་ཆུང་དང་མེ་དཔུང་རབ་ཏུ་འཕྲོས་པས་བགེགས་ཁྱེད་རང་རྣམས་རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར་ཏ་རེ། ཧཱུྃ་བཞིའི་སྔགས་དང་དྲག་སྔགས་རོལ་མོ་གུལ་ཡུངས་དང་བཅས་བགེགས་བསྐྲད། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ། འདིར་ལོ་རྒྱུས་བརྗོད་མཎྚལ་ཕུལ། དེ་ལྟར་མཎྚལ་ཕུལ་བའི་རིམ་པ་སོང་ནས་ཚེ་ཡི་དབང་བསྐུར་ཟབ་མོ་ཞུ་བའི་ཆེད་དུ་མི་ཕྱེད་གདུང་ཤུགས་དྲག་པོས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཀྱཻ་འཆི་མེད་མགོན་པོ༴སོགས། དེ་ནས་བླ་མས། ཀྱཻ་ཧོ། ལེགས་པར༴སོགས། འཛིན་པར་བྱ། སྐྱབས་འགྲོའི་དམིགས་པ་ནི། དེ་ནས་རྒྱུད་དག་པར་བྱ་བའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ཁྱེད་རང་གི་མདུན་གྱི་ནམ་མཁར་པད་ཉི་ཟླ་བའི་སྟེང་དུ་བླ་མ་དང་གཉིས་སུ་མེད་པ་འཕགས་མཆོག་ཕྱག་ན་པདྨ་ཚེ་དཔག་ཏུ་མེད་པ་ལ་ཚེ་ལྷ་རྒྱལ་བ་རིགས་ལྔ་དང་རྩ་གསུམ་དྲང་སྲོང་རིག་འཛིན་ཚེ་དང་སྲོག་ལ་དབང་བ་རྣམས་མངོན་སུམ་དུ་གསལ་བའི་སྤྱན་སྔར་རང་གཞན་སེམས་ཅན་ཐམས་ཅད་འཁོར་བ་དང་ངན་སོང་གི་དུཿཁ་དང་། དུས་མིན་འཆི་བའི་འཇིགས་པ་ལས་སྐྱོབས་པའི་སླད་དུ་ཅི་མཛད་ཁྱེད་ཤེས་བློ་གཏད་ལིང་སྐྱུར་གྱིས་སྐྱབས་སུ་འགྲོ་བ་འདིའི་རྗེས་ཟློས་མཛོད། ན་མོ་བདག་སོགས་འགྲོ་ཀུན་བྱང་ཆུབ་པར༔ མཆོག་གསུམ་འཆི་མེད་ཚེ་ཡི་ལྷར༔ འཆི་བདག་བདུད་ལས་སྐྱོབས་པའི་ཕྱིར༔ སྒོ་གསུམ་དད་པས་སྐྱབས་སུ་མཆི༔ ལན་གསུམ། དེ་ནས་ཐེག་ཆེན་རྩ་བ་གཞན་ཕན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི། མཁའ་མཉམ་ཡིད་ཅན་གྱི་འགྲོ་བ་འཁོར་བ་དང་ངན་སོང་གི་གནས་ནས་བསྒྲལ་ཏེ་རྣམ་གྲོལ་མཐར་ཐུག་གི་བདེ་བ་ལ་འགོད་པའི་ཆེད་དུ་བླ་ན་མེད་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བྱའོ་སྙམ་པའི་ངང་ནས་འདིའི་རྗེས་ཟློས་མཛོད༔ ཧོ༔ མཐའ་མེད་འཁོར་བའི་རྒྱ་མཚོ་ཆེ༔ སྐྱེ་འཆིའི་རྦ་ཀློང་བཟོད་དཀའ་ལས༔ བདག་གཞན་རྣམ་མཁྱེན་མཆོག་ཐོབ་ཕྱིར༔ སྨོན་འཇུག་བྱང་ཆུབ་སེམས་བསྐྱེད་དོ༔ ལན་གསུམ། སླར་ཡང་ཚེ་གསོ་བ་དང་བསོད་ནམས་བསྐྱེད་པའི་ཐབས་མཆོག་བླ་ན་མེད་པའི་ཚོགས་བསགས་ཡན་ལག་བདུན་པ་འདིའི་རྗེས་ཟློས་མཛོད། ཨེ་མ་ཧོ༔ སྐྱབས་ཡུལ་བླ་མ་མཆོག་གསུམ་ལྷར༔ རྡུལ་སྙེད་ལུས་སྤྲུལ་ཕྱག་འཚལ་ཞིང༔ སྣང་སྲིད་མཆོད་པའི་ཕྱག་རྒྱར་འབུལ༔ ཉེས་བྱས་མ་ལུས་བཤགས་ཤིང་ལྡོག༔ བསོད་ནམས་ཀུན་ལ་རྗེས་ཡི་རང༔ འཆི་མེད་གཉུག་མའི་ཆོས་འཁོར་བསྐུལ༔ རྒྱལ་ཀུན་སྲིད་མཐར་བཞུགས་པར་གསོལ༔ དགེ་འདིས་རྣམ་མཁྱེན་མཆོག་འགྲུབ་ཤོག༔ ལན་གསུམ། དེ་ཡན་གྱིས་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་ཚོགས་བསགས་པའི་རིམ་པ་སྔོན་དུ་གྲུབ་ནས་བྱིན་རླབས་ཐམས་ཅད་ཀྱི་གཞི་ཡེ་ཤེས་དབབ་པའི་དོན་དུ་དམིགས་པ་འདི་བཞིན་དུ་མཛོད་ཅིག སློབ་དཔོན་ཐུགས་རྗེའི་མངའ་བདག་ཚེ་དཔག་ཏུ་མེད་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་རྣམས་ཀྱི་གདོས་བཅས་ཤ་ཁྲག་གིས་མཚོན་པའི་མ་དག་པའི་སྣང་བ་ཐམས་ཅད་མི་དམིགས་པ་སྟོང་པར་སྒོམས་ཤིག ཨོཾ་སྭ་བྷ་ཝ༴སོགས། ཆོས་ཀུན་མི་དམིགས་སྟོང༴སོགས། རང་གཞུང་བྱིན་འབེབ་འདོན་རྗེས། དེ་ནས་བྱིན་དབབ་པའི་ཡེ་ཤེས་པ་རྣམས་བྱང་ཆུབ་སྙིང་པོའི་བར་ཁྱེད་རང་རྣམས་ལ་བརྟན་པར་གྱུར་པའི་མོས་པ་མཛོད། ཏིཥྛ་བཛྲ་སྭཱཧཱ༔ དེ་ནས་ཚེ་འགུགས་ཤིང་དབང་བསྐུར་བའི་སླད་དུ་ཁྱེད་རྣམས་ཇོ་བོ་ཐུགས་རྗེ་ཆེན་པོ་ཚེ་ལྷ་ཡབ་ཡུམ་གྱི་རྣམ་པར་གསལ་བའི་གནས་ལྔའི་ཡིག་འབྲུ་ལྔ་ལས་འོད་ཟེར་བ་ཐག་གཟེངས་བ་ལྟར་ཕྱོགས་བཅུར་འཕྲོས་པས་རྒྱལ་བ་རིག་འཛིན་དྲང་སྲོང་ཐམས་ཅད་ཀྱི་ཚེ་བཅུད་བཀྲག་དང་གཟི་མདངས་ཕྱི་སྣོད་འབྱུང་ལྔའི་དངས་མ། ནང་བཅུད་སྐྱེ་འགྲོའི་ཚེ་དཔལ་ནུས་སྟོབས། གསང་བཅུད་ཐམས་ཅད་འོད་ཟེར་དཀར་ལ་འཚེར་བ་སྣུམ་ལ་འདྲིལ་བའི་རྣམ་པར་བསྡུས་ཏེ་ལུས་ངག་ཡིད་གསུམ་ལ་ཐིམ་པས་འཆི་མེད་ཚེའི་དཔལ་ལ་ལོངས་སྤྱོད་པའི་སྐལ་བ་དང་ལྡན་པར་གྱུར། མདའ་དར་གཡབ་ཅིང་ཚེ་འགུགས་པ་ནི། ཧྲཱིཿ རང་སྣང༴སོགས། གཞུང་བཞིན་ཚེ་འགུགས་བྱའོ། །དེ་ནས་ཁྱེད་རང་གི་མདུན་གྱི་ནམ་མཁར་བཅོམ་ལྡན་ཚེ་ཡི་ལྷ་ཚོགས་རྣམས་ཀྱིས་ཕྱག་ན་འཆི་མེད་བདུད་རྩིས་བཀང་བའི་བུམ་པ་བསྣམས་ནས་བདུད་རྩིའི་རྒྱུན་བབ་པས་ལུས་ལ་རེག་པ་ཙམ་གྱིས་བགྲེས་རྒུད་མེད་པའི་ལང་ཚོ། གཞོམ་གཞིག་བྲལ་བའི་ཚེ། འཆི་མེད་བརྙེས་པའི་སྲོག མི་འགྱུར་རྡོ་རྗེའི་ཚེ་ལ་དབང་འབྱོར། བཅོམ་ལྡན་ཚེ་ལྷ་རིགས་ལྔའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་དབང་དང་བྱིན་རླབས་ཅིག་ཆར་དུ་ཐོབ་པའི་མོས་པ་མཛོད། ཧཱུྃ་ཧྲཱིཿ བུམ་པའི་ངོ་བོ༴སོགས། སླར་ཡང་བུམ་པ་སྤྱི་བོར་བཞག་པས་ལུས་ཀྱི་ལས་དང་རྩ་ཡི་སྒྲིབ་པ་དག བུམ་པའི་དབང་ཐོབ། རྣམ་སྨིན་རིག་འཛིན་གྱི་ས་བོན་རྒྱུད་ལ་བཞག འཕགས་མཆོག་ཚེ་ལྷ་རིགས་ལྔའི་སྐུ་དང་དབྱེར་མེད་དུ་གྱུར་པའི་མོས་པ་མཛོད། ཨོཾ་འཕགས་མཆོག༴སོགས། བུམ་པ་མགྲིན་པར་བཞག་པས་ངག་གི་ལས་དང་རླུང་གི་སྒྲིབ་པ་དག གསུང་རྡོ་རྗེའི་དབང་ཐོབ། ཚེ་ལ་དབང་བའི་རིག་འཛིན་གྱི་ས་བོན་རྒྱུད་ལ་བཞག འཕགས་མཆོག་ཚེ་ལྷ་རིགས་ལྔའི་གསུང་དང་དབྱེར་མེད་དུ་གྱུར་པའི་མོས་པ་མཛོད། ཨཱ༔ འཕགས་མཆོག༴སོགས། བུམ་པ་སྙིང་ཀར་གཏུག་པས་ཡིད་ཀྱི་ལས་དང་ཐིག་ལེའི་སྒྲིབ་པ་དག ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཕྱག་རྒྱ་རིག་འཛིན་གྱི་ས་བོན་རྒྱུད་ལ་བཞག འཕགས་མཆོག་ཚེ་ལྷ་རིགས་ལྔའི་ཐུགས་དང་དབྱེར་མེད་དུ་གྱུར་པའི་མོས་པ་མཛོད། ཧཱུྃ༔ འཕགས་མཆོག༴སོགས། བུམ་པ་ལྟེ་བར་བཞག་པས་ཀུན་གཞིའི་ལས་དང་ཤེས་བྱའི་སྒྲིབ་པ་དག ཚིག་གི་དབང་ཐོབ། ལྷུན་གྱིས་གྲུབ་པའི་རིག་འཛིན་གྱི་ས་བོན་རྒྱུད་ལ་བཞག འཕགས་མཆོག་ཚེ་ལྷ་རིགས་ལྔའི་ཡོན་ཏན་དང་ཕྲིན་ལས་མངོན་དུ་བྱེད་པའི་མོས་པ་མཛོད། ཧྲཱིཿ འཕགས་མཆོག༴སོགས། འོ་བུམ་པ་གནས་ལྔར་གཏུག་པའི་མོད་ལ་ཐུགས་རྗེ་ཆེན་པོ་ཚེ་དཔག་ཏུ་མེད་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་རྣམས་ཐོབ་ནས་ཚེ་ལྷ་རིགས་ལྔའི་གསང་བ་གསུམ་དང་དབྱེར་མེད་དུ་གྱུར་པའི་མོས་པ་བརྟན་པོ་གྱིས་ཤིག ༈ དེ་ནས་ལག་གཡས་སུ་ཐབས་བདེ་བ་ཆེན་པོའི་ངོ་བོ་ཚེའི་རིལ་བུ་འདི་གཏད་པས་དམ་རྫས་བཅུད་ལེན་གྱི་སྙིང་པོར་ལོངས་སྤྱོད་ཅིང་ཚེའི་དཔལ་ལ་དབང་འབྱོར་བའི་མོས་པ་མཛོད། ཧྲཱིཿ འགྱུར་མེད་ཚེ༴སོགས། ལག་གཡོན་དུ་ཤེས་རབ་སྟོང་པ་ཉིད་ཀྱི་ངོ་བོ་ཚེ་རྫས་བདུད་རྩི་འདི་གཏད་པས་ཕྱི་ནང་བྱང་སེམས་ཀྱི་ཁམས་འཕེལ་ཞིང་རྒྱས་ཏེ་བདེ་དྲོད་རང་འབར་ཚེ་ཡི་དཔལ་ལ་ལོངས་སྤྱོད་པའི་མོས་པ་མཛོད། ཧྲཱིཿ ཚེ་བདག་ཡབ་ཡུམ༴སོགས། གཏོར་དབང་ནི། གཏོར་མ་འདི་ཉིད་འཕགས་མཆོག་ཐུགས་རྗེའི་མངའ་བདག་ཚེ་དཔག་ཏུ་མེད་པའི་འཁོར་དུ་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་བྱོན་པའི་སྐུ་ལས་བདུད་རྩིའི་རྒྱུན་ཐོ་རོ་རོ་བྱུང་བས་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ལུས་ཀྱི་ནང་ཐམས་ཅད་མེར་མེར་ཁྲིག་ཁྲིག་གང་བས་འཆི་མེད་རྡོ་རྗེའི་སྲོག་ལ་དབང་ཐོབ་པའི་མོས་པ་མཛོད། ཨོཾ་ཨཱ༔ཧཱུྃ༔༴སོགས་བརྗོད། དེ་ནས་བརྟེན་པར་བྱ་བའི་ཕྱིར་རྒྱས་གདབ་པ་ནི། དེ་ནས་ལྷ་ཚོགས་རྣམས་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པས་ལུས་ཀྱི་ཆ་ཐམས་ཅད་རྡོ་རྗེའི་གོ་ཁྲབ་ཀྱིས་ཞུ་ལུགས་སུ་གཡོག་ཏེ་ཅིས་ཀྱང་མི་ཤིགས་པར་གྱུར་པའི་མོས་པ་མཛོད། ཧྲཱིཿ དང་པོ་ཆོས་ཀྱི༴སོགས། རྒྱས་གདབ་བོ༔ ཨོཾ་བུདྡྷ་རཀྵ༔ བཛྲ་རཀྵ༔ རཏྣ་རཀྵ༔ པདྨ་རཀྵ༔ ཀརྨ་རཀྵ༔ ཚེ་མི་ཤིགས་པ་རྡོ་རྗེ་ལྟ་བུར་གྱུར་ཅིག མི་འགྱུར་བ་གཡུང་དྲུང་ལྟ་བུར་གྱུར་ཅིག མི་ནུབ་པ་རྒྱལ་མཚན་ལྟ་བུར་གྱུར་ཅིག ཚེ་སྲོག་རྡོ་རྗེ་བྲག་རི་ལྟར་བརྟན་པར་གྱུར་ཅིག མཐའ་རྟེན་གཞན་ལྟར་བྱ། སྟོང་པ་རང་བཞིན་ཡུམ་གྱི་བྷ་གའི་ཀློང་། །གསལ་སྣང་དྲི་བྲལ་བདེ་བའི་ཤོག་གུ་ལ། །འགགས་མེད་རང་བྱུང་ཐུགས་རྗེའི་དཔེ་འུ་རིས། །སྐུ་གསུམ་ལྷུན་གྲུབ་མི་འགྱུར་མིག་སྨན་མས། །སོར་རྩེར་གར་མཁན་གཡོ་བའི་རྒྱུ་རྩལ་ངོམ། །བདག་འདྲའི་དབང་རྟུལ་འགའ་ཡི་བློ་བསྒྱུར་ཙམ། །འདིར་བརྩོན་རྣམ་དཀར་དགེ་བས་ཡིད་ཅན་འགྲོ། །འཆི་མེད་རིག་འཛིན་རྒྱལ་སྲིད་འབྱོར་བར་ཤོག །ཅེས་ཨོ་རྒྱན་རྡོ་རྗེ་འཆང་གི་རྒྱལ་ཚབ་འགྲོ་མགོན་ལུང་རིག་གླིང་པའི་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལས་བྱུང་བའི་ཚེ་སྒྲུབ་འཆི་མེད་དཔལ་སྟེར་གྱི་མཚམས་སྦྱོར་ཁ་སྐོང་འདི་ཆོས་བདག་མིང་ཐོབ་ཧོར་བན་འདུ་ཤེས་གསུམ་པ་ཕན་པའི་མིང་གིས་བྲིས་པ་དགེའོ། །

རྒྱ་སྤྲུལ་མཎྜལ་བཞི་བའི་ཆོ་ག་འཇིགས་པ་ཀུན་སྐྱོབ་ཀྱི་འདོན་འགྲིགས།

༄༅།། རྒྱ་སྤྲུལ་མཎྜལ་བཞི་བའི་ཆོ་ག་འཇིགས་པ་ཀུན་སྐྱོབ་ཀྱི་འདོན་འགྲིགས། ན་མོ་ཨཱརྱ་ཏཱ་རེ་ཡེ༔ འདིར་སྒྲོལ་མའི་མཎྜལ་བཞི་པའི་ཆོ་གའི་ལག་ལེན་བློ་གསོས་འཁྱེར་བདེ་བཀོད་པ་ནི། དང་པོ་དཀོན་མཆོག་རྟེན་དང་རྗེ་བཙུན་མའི་སྣང་བརྙན་བྱིན་ཅན་བཀྲམ་ལ་མཆོད་པས་ལེགས་པར་བསྐོར། རྣལ་འབྱོར་པ་རང་རང་གིས་རྣམ་འཇོམས་དང་ཡིག་བརྒྱ་གསུངས་བཞིན་ཡན་ལག་ལྔ་ཁྲུས་དང་བཅས་དེའི་ཉིན་གཙང་སྦྲ་ལ་གནས། དེ་ནས་རྟེན་གྱི་དྲུང་དུ་ཕྱག་གསུམ་འཚལ་ནས་གདན་ལ་བཞུགས་ཏེ། དྲིལ་བསིལ་བཅས་སྔོན་གྱི་བསྐལ་པ། བསམ་ལྷུན་རྒྱས་བསྡུས་ཅི་ལྕོགས་དང་། རང་ཉིད་ལྷར་གསལ་ནས་སྡེ་མཆོད་དང་བགེགས་ལ་བཀའ་བསྒོ་མཚམས་གཅོད་སྲུང་བའི་འཁོར་ལོ་བསྒོམ། དེ་ནས་རང་གཞུང་གི་སྐྱབས་འགྲོ་ནི། ན་མོ་བསླུ་མེད་སོགས་གསུམ། སེམས་བསྐྱེད་འགྲོ་དོན་སྲིད་སོགས་གསུམ། ཡན་ལག་བདུན་པ་ཇི་སྙེད་སུ་དག་ནས་བདག་གིས་བསྟོད། ཅེས་པའི་བར་དེ་ནས་དཀོན་མཆོག་གསུམ་རྗེས་སུ་དྲན་པའི་མདོ་འདོན། རྗེས་སུ་མཎྜལ་རྒྱས་པ་བཞི་བཀོད་ནས་སྟེགས་ལ་བཞག མཆོད་པའི་སྤྲིན་གཟུངས་སྔགས་དང་། དཀོན་མཆོག་གསུམ་གྱི་སོགས་འདོན། མེ་ཏོག་དམ་པ་སོགས་ཤོ་ལོ་ཀ་གསུམ་གྱི་མཐར། རོལ་མོ་ཅི་ཡོད་བསྒྲགས་ནས། འདོད་ཆགས་ཞེ་སྡང་སོགས་ནས་ཆེན་པོ་བསྔོ་བར་རོ། དེ་ནས་མདུན་རྟེན་བསྐྱེད་པ་ནི། ཨོཾ་མ་ཧཱ་ཤཱུ་ནྱ་ཏ་སོགས་ནས་ཕྱི་སྣོད་ཕོ་བྲང་སོགས་ནས་ཏིཥྛ་ལྷན་བར་གཞུང་བཞིན་རྗེས་བཟང་སྤྱོད་ནས་བྱུང་ཡན་ལག་བདུན་པ་དང་༔མཆོད་པའི་མཎྜལ་རྒྱས་པ་བཀོད་ནས། སྟོན་པ་བླ་མེད་སངས་རྒྱས་སོགས་ནས་གསུམ་ལ་མཆོད་པ་འབུལ༔ གཞུང་གི་ཚོགས་བསགས་མཎྜལ་སོགས་ནས་གོང་འཕེལ་ཤོག༔ དེ་ནས་སྒྲོལ་མ་དངོས་ཀྱི་མཆོད་པ་ནི། པོ་ཊ་ལ་ཡི་སོགས། ལྷ་དང་ལྷ་མིན་སོགས། ཡུམ་ལ་ཕྱག་འཚལ་བསྟོད༔ བྱས་ནས་ཕྱག་དང་བཅས་ཏེ་ཕྱག་འཚལ་ཉེར་གཅིག་ལན་གཉིས། དེ་ནས་སྟན་བདེ་བ་ལ་བཞུགས་ནས་མཎྜལ་ཕྱི་དོར་ནས། རྗེ་བཙུན་འཕགས་མ་སྒྲོལ་མ་དང་ཞེས་དཔལ་མོས་གསུངས་པའི་ཡན་ལག་བདུན་པའི་རྗེས་མཎྜལ་སོ་བདུན་འབུལ་བ་དང་། འདོད་པའི་དོན་ལ་གསོལ་བ་འདེབས་པ་ནི། ཨེ་མ་ཧོ༔ ཐུགས་བསྐྱེད་སོགས་ཤྭ་ལོ་ཀ་དང་། རྗེ་བཙུན་བཅོམ་ལྡན་འདས་མ་སོགས་ནས། བཀྲ་ཤིས་ཤོག་ནས་གཅིག མཎྜལ་བཞི་བའི་ཆོ་ག་གྲངས་བསོགས་པའི་སྐབས་དང་། གཉིས་གསུམ་བདུན་འདོན་ལུགས། པོ་ཊ་ལ་ཡི་མན་དང་། ཨུཏྤལ་བསྣམས་པའི་བཀྲ་ཤིས་ཤོག་ཡན་གྱི་བར་དཀྱུས་བཞིན་ནོ། དེ་ནས་རྗེས་ཀྱི་བྱ་བ་ལ། གཏོར་མ་ཆ་བཞི་མགྲོན་སོ་སོ་ལ་འབུལ་བ་ནི། དང་པོ་དཀོན་མཆོག་གསུམ་དང་རྗེ་བཙུན་མ་ལ་གཏོར་མ་འབུལ་བ་ནི། དཀར་ཟླུམ་རིལ་བུ་ཅན་རྒྱན་ལྡན་དཀར་གསུམ་མངར་གསུམ་དང་བཅས་བཤམས་ལ། སྒྲོལ་མའི་གཟུངས་རིང་ལན་གསུམ་གྱི་མཐར་རང་གཞུང་གི། རྗེ་བཙུན་འཕགས་མ་ཐུགས་རྗེའི་སོགས་ནས་ཐོབ་པར་མཛད་དུ་གསོལ༔ མགོན་པོ་ཡོན་ཏན་གྱི་མགྲོན་ལ་གཏོར་མ་དཀར་དམར་ཆབ་ཀྱིས་བྲན་ལ། གསོལ་བསྡུས་དང་སྡེ་མཆོད་རང་མོས་དང་། རང་གཞུང་འདོད་གསོལ་སྐབས། ཡེ་ཤེས་འཇིག་རྟེན་ལས་གྲུབ་སོགས་ཤོ་ལོ་ཀ་འདོན་པ་ནི། ཕྲིན་ལས་མཛོད༔ དེ་ནས་བགེགས་རིགས་ལན་ཆགས་ཀྱི་མགྲོན་དང་རིགས་དྲུག་སྙིང་རྗེའི་མགྲོན་ལ་གླུད་དང་ལན་ཆགས་ཁ་འབར་མའི་སྔགས་ཀྱིས་བསྔོས་ལ་བདེན་པའི་ཆོས་བཤད་ནས། བགེགས་རིགས་མགྲོན་ལ་སོགས་ནས་མྱུར་དུ་འཐོབ་པར་ཤོག༔ བསྔོ་བ་སྨོན་ལམ་ཤིས་བརྗོད་རང་གཞུང་དང་གཞན་ནས་བྱུང་བ་བཞིན་མཐའ་ལེགས་པར་བརྒྱན་པར་བྱའོ། །ཞེས་རིག་འཛིན་ལུང་རིག་གླིང་པའི་དགོངས་གཏེར་དག་སྣང་གི་ཆོས་སྡེའི་སྒྲོལ་མ་མཎྜལ་བཞི་བའི་ཟིན་བྲིས་འདི་ཡང་ཤེས་རབ་ཀྱི་བློ་རྩལ་སྒེག་པ་ཀུན་དང་སྒྲུབ་བརྩོན་དམ་པ་མདོ་སྔགས་གཉིས་ཀྱི་དགྱེས་སྐོང་དུ་ཆོས་མེད་ཟོག་པོ་ས་ར་ཧི་ཏས་ལྷག་བསམ་དག་པས་བྲིས་པ་དགེ་ལེགས་འཕེལ༔

རྒྱ་སྤྲུལ་རིག་བྱེད་མའི་སྨན་མཆོད་ལྡེབ་ཤར།

༄༅། སྨན་གྱི་མཆོད་པ་ནི༔ ཨོཾ་ཨཱཿཧཱུྃ༔ རྒྱལ་ཀུན་སྤྱི་གཟུགས་འཆི་མེད་སྣང་མཐའ་ཡས༔ སྣང་སྲིད་དབང་སྡུད་བཅོམ་ལྡན་རྟ་གདོང་འབར༔ སྟོབས་བཅུའི་དབང་ཕྱུག་རྗེ་བཙུན་རིག་བྱེད་མ༔ སྨན་མཆོད་འབུལ་ལོ་དབང་གི་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ འཛམ་གླིང་མཛེས་རྒྱན་ནཱ་གརྫུ་ན་དང་༔ རྒྱལ་དང་རྒྱལ་བའི་བྱེད་པོ་མཚོ་སྐྱེས་རྗེ༔ གངས་ཅན་ཕན་བདེའི་གཞིར་གྱུར་ལྷའི་མེ་ཏོག༔ སྨན་མཆོད་འབུལ་ལོ་དབང་གི་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ སྐད་གཉིས་སྨྲ་བ་ལོ་ཆེན་ཀླུ་ཡི་དབང་༔ ཕྲིན་ལས་འགྲོ་འདུལ་དཔལ་གྱི་ཨི་ཤྭ་ར༔ འཕུར་འགྲོའི་ཚོགས་རྗེ་ཛྙཱ་ན་ས་ག་ར༔ སྨན་མཆོད་འབུལ་ལོ་དབང་གི་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ ཟབ་གཏེར་ལུང་སྟོན་ལག་ན་རྡོ་རྗེ་དང་༔ ཟབ་མོའི་གཏེར་འབྱིན་ལུང་རིག་འགྲོ་འདུལ་རྩལ༔ ཟབ་གཏེར་བསྟན་པ་མཐར་ཕྱིན་ཆོས་ཀྱི་བདག༔ སྨན་མཆོད་འབུལ་ལོ་དབང་གི་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ དབང་གི་བཀའ་སྡོད་ལྷ་ཆེན་ཡབ་དང་ཡུམ༔ གླིང་བཞིའི་ཕྱྭ་འགུགས་ཕྲ་མེན་རིགས་བཞི་སོགས༔ དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་ཐམས་ཅད་ལ༔ སྨན་མཆོད་འབུལ་ལོ་དབང་གི་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ རང་བྱུང་བྷནྡྷའི་སྣོད་མཆོག་ཨ་མྲྀ་ཏ༔ ཟག་མེད་བདུད་རྩིའི་བཅུད་ལ་ལོངས་སྤྱད་ནས༔ མཆོག་ཐུན་དངོས་གྲུབ་ཚེ་འདིར་ཐོབ་པ་དང་༔ དབང་གི་སྒྲུབ་འབྲས་དུས་འདིར་བསྩལ་དུ་གསོལ༔ ཀཱ་ཡ་ཝཀྐཱ་ཙིཏྟ་སརྦ་སིདྡྷི་ཧྲཱིཿ ཆོས་རྗེ་སྤྲུལ་པའི་སྐུ་རིན་པོ་ཆེ་ལུང་རིག་གླིང་པས་རྗེས་སུ་བཟུང་ཞིང་རྟེན་འབྲེལ་ཟབ་མོའི་འཕྲོ་ལེགས་པར་མཐུད་པའི་སྐལ་ལྡན་ཧོར་གྱི་བན་དྷེས་རང་གཞན་ལ་ཕན་ཕྱིར་བྲིས་པ་ཛ་ཡནྟུ༔

རྒྱ་སྤྲུལ་འོད་ཟེར་ཅན་མའི་འགུག་པ།

༄༅།། ཛ༔ ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རིག་འཛིན་གྲུབ་ཐོབ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། ཡི་དམ་རྒྱུད་སྡེ་བཞི་དང་ཐེག་པ་རིམ་པ་དགུའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་ཤུགས་འགྲོ་ལ་སོགས་མ་སྲིང་མཁའ་འགྲོ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། ཁྱད་པར་དུ་འཇིགས་བྱེད་དུས་དགྲའི་སྒྲོལ་ཡུམ་ཁྲོ་མོ་མ་རི་ཙྱཻ༔དགྲ་བགེགས་འབྱུང་པོ་གནོན་མཛད་རིགས་བཞིའི་འོད་ཟེར་ཅན་མ། ཚོགས་བརྒྱད་ཡུལ་སྣང་འཇོམས་མཛད་རྒྱལ་ཡུམ་ཁྲོ་མོ་རྣམ་བརྒྱད་འགུགས་འཆིང་སྡོམ་མྱོས་བྱེད་པའི་སྒོ་སྲུང་ལས་བཞིའི་ཏ་ཀྲིཏ།སྤྱན་གཅིག་ཁྲག་མཚོ་ཁོལ་བའི་སྔགས་སྲུང་ཁྲོས་མ་རག་གདོང་། བསྟན་དགྲའི་སྲོག་གི་གཤེད་མ་མ་མོ་དུད་པའི་སོལ་བ་ཅན་ལ་སོགས་པའི་བཀའ་སྲུང་གཏེར་བདག་དམ་ཅན་རྒྱ་མཚོའི་ལྷ་ཚོགས་འཁོར་དང་བཅས་པའི་བཀའ་བདེན་པ་དང་། མགོན་པོ་ཕོ་རྒྱུད་ལྷ་མོ་མོ་རྒྱུད་ལ་སོགས་ཡེ་ཤེས་དང་འཇིག་རྟེན་ལས་གྲུབ་པའི་བཀའ་གཏེར་གྱི་སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། ཕོ་ལྷ་དགྲ་ལྷ་ཡུལ་ལྷ་ཟོ་དོར་རྣམས་ཀྱི་བདེན་པ་དང་། གསང་སྔགས་རྣལ་འབྱོར་པ་བདག་གི་སྔགས་དང་ཕྱག་རྒྱ་ཏིང་འཛིན་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་དང་ནུས་པ་ལ་བརྟེན་ནས་སྤྱིར་སངས་རྒྱས་བསྟན་པའི་བསྟན་དགྲ། སེམས་ཅན་ཡོངས་ཀྱི་སྤྱི་དགྲ། དཔལ་ལྡན་བླ་མའི་སྐུ་དགྲ། ཁྱད་པར་དུ་རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་མི་ནོར་འཁོར་དང་བཅས་པ་རྣམས་ལ་ཉི་མ་ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་གཉིས་དང་བཅས་པ་ན་སྡང་བར་བྱེད་པའི་དགྲ། གནོད་པར་བྱེད་པའི་བགེགས། བར་དུ་གཅོད་པའི་རྐྱེན། ལན་པ་མེད་པའི་སྲོག་ལ་རྒོལ་བ། བསྡོས་པ་མེད་པའི་ཟས་ནོར་འཕྲོག་པ། ཟོས་པ་མེད་པའི་བུ་ལོན་རྙོག་པ། དོ་སྡོ་ཞིང་ཕོད་བཙུགས་པའི་དགྲ་ཡ། གྱོད་ཡ། འཁོན་ཡ། འཛིང་ཡ་བྱེད་པའི་དགྲ་བོ་མཐོ་ལ་ཁ་ན་ཇག་པ་རྟ་སྒ་སྟོད་མི། དམའ་ལུང་ ཁུང་ན་རྐུན་མ་ཐག་འབྲེང་ཐོགས་མི། རྐུན་ཁ་ཤོམ་བྱེད་མི་འཇབ་ལག་ཤོམ་བྱེད་མི། ཁ་མཆུ་དང་རྩོད་ཡ་བྱེད་མི། མཐུ་མེད་ལྷ་མེད་ཟེར་མི་ལ་སོགས་པ་མདོར་ན་བསམ་པ་ངན་པ་ཡིད་ལ་འཆང་ཞིང་སྦྱོར་བ་རྩུབ་མོ་ལག་ཏུ་ལེན་པའི་དགྲ་བོ་ཐམས་ཅད་ཀྱི་བླ་སྲོག་རྣམ་པར་ཤེས་པ་མཐོ་རི་བོའི་རྩེ། དམའ་རྒྱ་མཚོའི་གཏིང་བར་ཉི་ཟླའི་སྐྱབས་ཞབས། སྔགས་པ་ནུས་པ་ཅན་གྱིས་གུར་ཁང་། སྲིད་པ་གསུམ་གང་ན་གནས་ཀྱང་སྐད་ཅིག་རང་དབང་མེད་པར་གཟུགས་ལིངྒ་མིང་བྱང་བུ་བཀོད་པ་འདི་ལ་ཁུག་ཅིག། རྣྀ་ཏྲི་ཧུར་ཐུམ་ཛཿ ཛཿཧཱུྃ་བཾ་ཧོ༔ ཨ་བེ་ཤ་ཡ་ཨ་ཨ༔ ཞེས་རོལ་མོ་དང་བཅས་པའི་འགུག་གཞུག་ལན་གསུམ་བྱས་ལ། ན་མོ་རྩ་བརྒྱུད་སོགས་འདོན་ཅེས་པ་འདི་ཡང་ས་ར་ཧི་ཏས་