cover

བསམ་གཏན་ཡེ་ཤེས་གླིང་པའི་གཏེར་ཆོས་སྐོར།

གླེགས་བམ་བཞི་པ། ང༽

བསམ་གཏན་ཡེ་ཤེས་གླིང་པའམ་ཧོར་བླ་གཞན་ཕན་བཟང་པོ། པདྨ་དྲག་རྩལ་གླིང་པ། བདུད་འཇོམས་རྡོ་རྗེ། རྒྱ་སྤྲུལ་ལུང་རིག་གླིང་པ། རས་པ་གསལ་སྟོབས། པདྨ་ཤེས་རབ་རྡོ་རྗེ། ནགས་རྟ་བླ་མ་མདོ་སྡེ་རྒྱ་མཚོ། ཀརྨའི་མིང་་ཅན། རིག་འཛིན་གསང་སྔགས་གླིང་པ། ཀློང་ཆེན་ནམ་མཁའི་རྣལ་འབྱོར་རམ་རིག་འཛིན་འཇིགས་མེད་གླིང་པ།

སྔ་འགྱུར་མདོ་ཁམས་གཡུ་ཁོག་དཔེ་ཚོགས།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

གཅོད་ཀྱི་ལས་ཚོགས་དམིགས་རིམ་སྐོར་གསུམ།

ཡང་གསང་ཌཱཀྐིའི་ཐུགས་ཐིག་གི་ཆ་ལག་ཟུར་འགེབ་མི་ཟད་རྒྱན་འཁོར་ལས༔ གཅོད་ཀྱི་ལས་ཚོགས་དམིགས་རིམ་ལས༔ དང་པོ་སྔ་ནོན་དམིགས་པ་ནི༔ སྔ་ནོན་སྔ་རུ་མ་ནོན་ན༔ དགྲ་ངན་དག་ལ་བྱ་ཤོར་མཚུངས༔ ཕཊ༔ རང་ཉིད་སྐད་ཅིག་གིས་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཁྲོས་མ་ནག་མོའི་ཐུགས་ཀ་ནས་འོད་ཟེར་རབ་ཏུ་འཕྲོས་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་འོད་ཀྱིས་ཁྱབ་པར་བསམ༔ ཐམས་ཅད་འོད་ཀྱི་ངང་དུ་ཞུ་ནས་སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་མ་ལུས་ལུས་པ་མེད་པ་ཐར་ས་དང་འཆོར་ས་མེད་པར་མཐའ་ནས་བསྡུས་ཏེ་གཉན་ཁྲོད་དེ་རུ་བསྡུས་ནས་གནམ་ལྕགས་རྡོ་རྗེ་ལས་གྲུབ་པའི་གུར་ཁང་ནག་པོ་མེ་འབར་བའི་ནང་དུ་ཚུད་དེ་ཀུན་གྱི་མཐུ་སྟོབས་ནུས་པའི་དཔའ་ཟིལ་ཆགས་ཏེ་འདར་ཕྲི་ལི་ལི་གནས་པར་བསམ༔ སྔ་ནོན་དམིགས་པ་མང་ཡང་དེ་ཙམ་གྱིས་ཆོག་པ་ཁྱད་ཆོས་ཡིན༔ དེ་ནས་བར་གནོན་དམིགས་པ་ནི༔ བར་ནོན་བར་དུ་མ་ནོན་ན༔ དཔའ་བོའི་ལག་གི་མཚོན་ཤོར་འདྲ༔ རང་ལུས་ཆེ་བ་སྲ་བ་ཡུལ་ལྗོངས་ཙམ་དུ་བསྐྱེད་པའི་འོག་ཏུ་ལྷ་འདྲེ་ཐམས་ཅད་མནན་ནས་སྐད་ངན་ཙིར་ཙིར་བྱེད་པར་བསམ༔ སླར་ཡང་བཀའ་སྣང་ཞིང་སྲིད་པའི་ལྷ་འདྲེ་ཐམས་ཅད་ཤོག་སྐྱ་རླུང་གིས་བསྐྱོད་པ་ལྟར་བཀུག་ནས་མལ་འོག་ཏུ་མནན་པར་བསམ་ཞིང་ལྷ་འདྲེ་དེ་དག་ལ་ཐིམས་པར་བསམ༔ དམིགས་པ་བསམ་ཞིང་ངག་ཏུ་ནི༔ འོ་ད་ནི་བསྐལ་པ་མ་ཞིག་འབྱུང་བ་མ་རྡིབ་ཀྱི་བར་དུ་བདག་འདི་ནས་མི་འགུལ༔ འདི་ལས་མི་འཕོ༔ གནས་འདི་ལས་མི་གཡོའོ༔ འདི་རུ་འདུག་གོ༔ ཉལ་ལོ༔ ཕཊ༔ ཕཊ༔ ཕཊ༔ ལན་གསུམ་བརྗོད༔ སྟེང་གི་ནམ་མཁར་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་བཀྲ་དཔུང་ངེ་འོད་ཐིབས་སེ་བཞུགས་པར་བསམ་ལ༔ ཡེང་མེད་རོ་སྙོམ་གྱི་ངང་དུ་མཉམ་པར་བརྡལ༔ རབ་དངོས་ཐ་མ་རྨི་ལམ་འབྲིང་ཉམས་ལ་སློང་ཚད་ངེས་པར་འོང་བ་ཡིན༔ ས་མ་ཡཱ༔ ཕྱི་ནོན་དམིགས་པ་ནི༔ ཕྱི་ནོན་ཕྱི་རུ་མ་ནོན་ན༔ ནོར་ངན་དག་གི་རྗེས་སྙོགས་འདྲ༔ གདན་ཚབས་སུ་སྐུ་གསུང་ཐུགས་རྟེན་རབ་གནས་བྱས་ལ་བཞག༔ ཕུང་པོའི་མཆོད་སྦྱིན་དང་ཆོས་སྦྱིན་བྱ༔ བདེ་སྡུག་གཏོང་ལེན་དམིགས་པ་གནད་སྨིན་བྱས་ལ༔ ཧ་ཧ༔ ཧི་ཧི༔ ཧེ་ཧེ༔ ཧོ་ཧོ༔ ཧཱུྃ་ཧཱུྃ༔ ཕཊ༔ ཕཊ༔ ཕཊ༔ གོམ་པ་བདུན་བོར་ནས༔ རྐང་དུང་ལན་གསུམ་འབུད༔ ཕཊ༔ ཀྭཻའི་ཀྭཻའི་ཡུལ་འདིའི་ལྷ་མཐུ་བོ་ཆེ༔ ཀླུ་མཐུ་བོ་ཆེ༔ གཞི་བདག་མཐུ་བོ་ཆེ༔ ཁྱེད་རྣམས་ཉོན་ཅིག༔ ངའི་གནས་འདི་ན་སྔར་མེད་ལྷ་འདྲེ་སླར་མ་བཙུད༔ འདིར་གནས་ཀྱི་ལྷ་འདྲེ་ཕྱི་རུ་མ་གཏོང་ཞིག༔ གཏད་དོ༔ གཉེར་རོ༔ བཅོལ་ལོ༔ མཐུ་དང་ནུས་པ་ཅི་འདུག་ཁྱོད་ལ་བལྟའོ༔ རེམ་རེམ༔ ཕཊ༔ རང་གི་རིག་པ་ཡེ་ཤེས་ཀྱི་མཁའ་འགྲོ་མ་སྡེ་ལྔར་གྱུར་ཏེ་ཕྱོགས་བཞིར་གཤེགས་པར་བསམ་ལ་མིག་མཐོ་གང་ཙམ་དུ་ཕྱིན་ཏེ་སླེབས་ནས་ཐོའམ་ཚེར་ལྕགས་གཅིག་བཙུག་ལ༔ ཡེ་ཤེས་ཀྱི་བྱ་ཁྱུང་ནག་པོ་འཇིགས་སུ་རུང་བ་གཅིག་གིས་ཕྱིར་གཟིགས་ཏེ་མཚམས་བཅད་པར་བསམ༔ ཨོཾ་བཛྲ་ཁྲོཾ་ག་རུ་ཊ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ བདག་ཅག་འཁོར་བཅས་སྲུངས་ཤིག་རཀྴ་ཀུ་རུ་བྷྲུཾ༔ ས་མ་ཡཱ༔ ཡང་གསང་ཌཱཀྐིའི་ཐུགས་ཐིག་ཆ་ལག་ཏུ༔ གཅོད་ཀྱི་ལས་ཚོགས་དམིགས་རིམ་སྐོར་གསུམ་མདོར་བསྡུས་འདི༔ རྨད་བྱུང་ཟབ་གསང་གཏེར་ལ་དབང་བསྒྱུར་བའི༔ རྩོད་བྲལ་གཏེར་ཆེན་ཛྙཱ་ན་དྭཱི་པ་ཡིས༔ མཁའ་འགྲོའི་བཀའ་བཞིན་ལེགས་པར་སྤེལ་བ་ལ༔ འགྲོ་ཀུན་ཡུམ་ཆེན་རྒྱལ་ས་ཟིན་པར་སྨོན༔ གཅོད་ཡུལ་བསྟན་པ་རྒྱས་པའི་ཤིས་པ་སྩོལ༔ ཤུ་བྷཾ༔

ལུས་སྦྱིན་ཡེ་ཤེས་མངོན་གྱུར་པདྨ་དྲག་རྩལ་གླིང་པས་མཛད་པ།

ཟབ་ཆོས་ལས༔ ལུས་སྦྱིན་ཡེ་ཤེས་མངོན་གྱུར་བཞུགས་སོ༔ ཕཊ༔ རང་སྣང་བདག་མེད་ཀློང་དུ་བསྡུས༔ རང་རིག་ཀ་དག་རྣལ་འབྱོར་མ༔ སྟོང་གསུམ་མཉམ་པའི་ཀ་པ་ལ༔ བམ་ཆེན་བདུད་རྩིའི་མཆོད་པ་བཤམས༔ ཨོཾ་ཨཿཧཱུྃ༔ ཕཊ༔ ཕཊ༔ ཕཊ༔ བླ་མ་ཡི་དམ་མཁའ་འགྲོ་དང༔ ཆོས་སྐྱོང་ནོར་ལྷ་སྡེ་བརྒྱད་ཚོགས༔ འགྲོ་བ་རིགས་དྲུག་སེམས་ཅན་དང༔ ཁས་ཞན་ཉམས་ཆུང་མ་ལུས་པ༔ སྟོན་ཆེན་མགྲོན་ལ་གཤེགས་སུ་གསོལ༔ ཕཊ༔ ཕཊ༔ ཕཊ༔ ཡར་མཆོད་དཀོན་མཆོག་མགྲོན་ལ་མཆོད༔ མར་མཆོད་རིགས་དྲུག་ལན་ཆགས་བྱང༔ གནོད་བྱ་དང་གནོད་བྱེད་ལྷ་འདྲེ་ལ༔ མི་ཟད་ཀྱི་འདོད་ཡོན་སྤྲུལ་ཏེ་འབུལ༔ ཕཊ༔ ཕཊ༔ ཕཊ༔ རང་སེམས་ཀྱི་འཁོན་ནས་ལྷ་འདྲེ་ཀུན༔ བདག་མེད་ཀྱི་ཀློང་དུ་འུབ་ཆུབ་རོལ༔ རང་རིག་གི་ངོ་བོ་རྗེན་པར་བུད༔ ཀ་དག་གི་རིག་པའི་གཤིས་སུ་ཨཱ༔ ཕཊ༔ ཕཊ༔ ཕཊ༔ ཅེས་བརྗོད་ས་ལམ་བར་ཆད་སེལ༔ ཚོགས་རྫོགས་སྒྲིབ་སྦྱོང་བདུད་བཞི་འཇོམས༔ ཟབ་པའི་མཐར་ཐུག་ཨེ་མ་ཧོ༔ གང་ནས་བརྗོད་ཀྱང་འགྲན་ཟླ་བྲལ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཞེས་པའང་གཅོད་ཀྱི་ཆོས་སྐོར་ལ་དབང་བའི་བླ་མ་དམ་པ་ཆོས་གྲགས་ཀྱི་དུས་རིང་པོ་ནས་བསྐུལ་ངོར༔ བདག་པདྨ་དྲག་རྩལ་གླིང་པས་བྲིས་པས་ཕྱོགས་ཀུན་ཏུ་དར་ཞིང་རྒྱས་པར་གྱུར་ཅིག༔

གཅོད་ཀྱི་མན་ངག་གཅིག་ཆོག་ཟབ་མོ།

ཕཊཿ རང་སྣང་རྣམ་དག་དོན་གྱི་འོག་མིན་ན༔ སྐུ་དང་ཡེ་ཤེས་རབ་རྫོགས་བླ་མ་རྗེ༔ དོན་དམ་མི་ཤིགས་ངོ་བོ་ཐིག་ལེའི་སྐུ༔ སྨིན་གྲོལ་དབང་དང་གདམས་པའི་མཛོད་དུ་ཤར༔ ཕཊཿ གསོལ་བ་འདེབས་སོ་སྐུ་བཞིའི་བདག་ཉིད་དཔལ༔ དད་མོས་གདུང་ཤུགས་དྲག་པོས་ཐུགས་རྒྱུད་བསྐུལ༔ མ་རིག་སྒོང་རྒྱར་དུབ་པའི་སེམས་སེམས་བྱུང༔ ཡེ་གཞི་ཀ་དག་ཀློང་ཆེན་དགོངས་པར་རོལ༔ ཞེས་བརྗོད་ཅིང་རང་གཞན་གྱི་རིག་པ་བླ་མའི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་རོ་གཅིག་ཏུ་འདྲེས་ནས་སྐུ་གསུམ་གྱི་དགོངས་ཀློང་ཡངས་པོར་སད་ནས་བདེ་ཆེན་འཕོ་འགྱུར་མེད་པའི་གདེང་ཆེན་ཐོབ་པར་བསམ་ལ་ཕཊཿདང་པོས་བསྲེ༔ ཕཊཿགཉིས་པས་སྒྲིབ་པ་དག༔ ཕཊཿགསུམ་པས་དབང་བཞི་ཡོངས་སུ་རྫོགས་ཏེ་སྐུ་གསུམ་གྱི་གདེང་ཆེན་ཐོབ་པར་བསམ༔ ཐུགས་ཡིད་བསྲེ་བ་འདི་ནད་དང་གནོད་པ་རྐྱེན་དང་བར་ཆད་སེལ་བའི་མཆོག་ཡིན༔ མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་འབྱུང་བའི་གནད་འདི་ཁོ་ནའོ༔ དེ་ནས་རིག་པ་དབྱིངས་སུ་སྤར་བ་ནམ་མཁའ་གོ་འབྱེད་ནི༔ རང་ལུས་ཆེ་ཚོ་རབ་བརྗིད་དབུས་རྩའི་སྦུབས༔ བླ་ཚེ་བསོད་ནམས་རིག་པ་གཅིག་དྲིལ་བའི༔ དྭངས་མའི་ཐིག་ལེ་དཔག་ཆེན་མདའ་ལྟར་འཕང༔ ཤེས་རབ་དབྱིངས་སུ་ཐབས་ཀྱི་ཕྱག་རྒྱར་བཞེངས༔ ཞེས་བརྗོད་པའི་དུས་སུ་རང་གི་ལུས་ཆེ་བ་ཚོ་བ་སྣུམ་པ་ཤིན་ཏུ་བརྗིད་པའི་དབུས་སུ་རྩ་དབུ་མ་སྟོང་གསལ་མདའ་སྨྱུག་འབྲིང་པོ་ཙམ་པ་ཡར་སྣེ་ཚངས་པའི་བུ་གར་ཟུག་པ༔ མར་སྣེ་ལྟེ་བའི་འོག་ཏུ་འགགས་པའི་ནང་སྙིང་གི་ཐད་དུ་བླ་ཚེ་བསོད་ནམས་ཐམས་ཅད་འདུས་པའི་ངོ་བོ་ཐིག་ལེ་ཁ་དོག་ལྔ་དང་ལྡན་པ་བྱ་མ་སར་གྱི་སྒོ་ང་ཙམ་པ༔ གསལ་ལ་འཚེར་བ་སྣུམ་ལ་འདྲིལ་བར་གསལ་བ་དེ་དཔག་ཆེན་གྱིས་མདའ་འཕང་བ་ལྟར་སྟེང་གི་ནམ་མཁར་ཐོགས་པ་མེད་པར་བསམ༔ ཕཊཿདང་པོས་སྤར༔ གཉིས་པས་དབྱིངས་ལས་བཞེངས༔ གསུམ་པས་མ་ཅིག་ཁྲོས་མ་ནག་མོའི་སྐུར་བཞེངས་པར་བསམ་ལ༔ ཕཊཿ ཕཊཿ ཕཊཿ སྐུ་གསུམ་ལྷུན་གྲུབ་ཁྲོས་མ་ནག་མོའི་སྐུ༔ ཕྱག་གཉིས་གྲི་ཐོད་སྤྱན་གསུམ་ནམ་མཁར་གཟིགས༔ ཞབས་གཉིས་འདོར་སྟབས་རུས་རྒྱན་མེ་དཔུང་འབར༔ ཁ་ཊཱྃ་ཀ་བཀལ་སྤྱི་བོར་ཕག་ཞལ་ངུར༔ ཕཊཿབརྗོད་པས་སྐུ་གསུམ་ལྷུན་གྲུབ་ཀྱི་རང་ངོ་རིག་སྟེ༔ ཕྱག་གཡས་གྲི་ཁུག་བམ་གྱི་ཐོད་པ་བྲེག༔ རང་བྱུང་ལྷུན་གྲུབ་ཐོད་སྒྱེད་སྟེང་དུ་བབས༔ དེ་ནང་གཟུགས་ཕུང་བདུད་རྩིའི་རྒྱ་མཚོར་ཞུ༔ ལྦུ་བ་ཕྱིར་ལུད་ཞིང་ཆེན་ས་གཞིའི་སྟེང༔ ཤ་རི་ཁྲག་མཚོ་རུས་གྲམ་ཞག་གི་བཀྲག༔ འདོད་ཡོན་མི་ཟད་ནམ་མཁའི་མཛོད་དུ་སྤེལ༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲི༔ ལན་གསུམ་བརྗོད༔ དམིགས་པ་ནི༔ རང་ཉིད་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཁྲོས་མ་ནག་མོའི་སྐུར་གསལ་བའི་ཕྱག་གཡས་གྲི་ཁུག་ཚད་པ་ཙམ་གྱིས་ཐོད་པ་རྒར་གྱིས་འཕར་བ་ཐོད་པ་ར་རི་གསུམ་གྱི་སྒྱེད་པུར་བབ་པས་བྷན་དྷ་ལྕང་ལོ་ཅན་ཡངས་ཤིང་རྒྱ་ཆེ་བ་རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པ་ཞིག་ཏུ་གྱུར་བར་བསམ༔ སླར་ཡང་གྲི་ཁུག་ཚད་པ་ཙམ་གྱིས་ལུས་ཀྱི་པགས་པ་དབང་ཆེན་གསེར་གྱི་ས་གཞི་ཁེབ་པར་ཁྱབ་པར་གྱུར༔ གཟུགས་ཕུང་མགོ་མེད་པ་དེ་བྷནྡྷའི་ནང་དུ་འཕང་བའི་འོག་ནས་མེ་རླུང་འཐབ་པས་ཐོད་པ་དྲོས༔ གཟུགས་ཀྱི་ཕུང་པོ་ལྟེམ་གྱིས་ཞུ་ནས་རབ་ཏུ་ཁོལ་ཞིང༔ ལུད་པའི་ལྦུ་བ་ཞིང་ལྤགས་ཀྱི་གཞི་ལ་བབ་པས་བཟའ་བ་ཤ་ཡི་རི་བོ༔ བཏུང་བ་ཁྲག་གི་རྒྱ་མཚོ༔ བཅའ་བ་རུས་པའི་གྲམ་ཁྲོད༔ ལྡག་པ་ཚིལ་ཞུན་གྱི་རྒྱ་མཚོ༔ གཞིབ་པ་རྐང་དང་ལྷ་བ༔ གཞན་ཡང་འཁོར་འདས་གཉིས་ཀྱི་མགྲོན་རིགས་ཐམས་ཅད་ལ་རང་རང་གི་སྤྱོད་ཡུལ་དང༔ མཐུན་པའི་འདོད་ཡོན་མི་ཟད་ལོངས་སྤྱོད་རྒྱན་གྱི་འཁོར་ལོ་ནམ་མཁའ་མཐའ་དང་མཉམ་པར་བསམ༔ ཕཊཿདང་པོས་སངས་རྒྱས་ཆོས་དང་དགེ་འདུན༔ བླ་མ་ཡི་དམ་མཁའ་འགྲོ༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་སོགས་དཀོན་མཆོག་སྲིད་ཞུའི་མགྲོན་དང༔ ལྷ་བརྒྱད་ཀླུ་བརྒྱད་གཟའ་བརྒྱད་ཕྱོགས་སྐྱོང་བཅུ༔ འཇིགས་བྱེད་དགུ༔ རྒྱལ་ཆེན་བཞི༔ རྒྱུ་སྐར་ཉེར་བརྒྱད་སོགས་མགོན་པོ་ཡོན་ཏན་གྱི་མགྲོན་དང༔ དམྱལ་བ་ཡི་དྭགས་དུད་འགྲོ་ལྷ་དང་ལྷ་མིན་མི་སོགས་རིགས་དྲུག་སྙིང་རྗེའི་མགྲོན་རྣམས་ཐམས་ཅད་ཀྱིས་ཐོས༔ ཕཊཿགཉིས་པས་གནས་ནས་ཆས༔ ཕཊཿགསུམ་པས་ནམ་མཁའ་བར་སྣང་ས་གཞིའི་ཁམས་ཐམས་ཅད་གང་ནས་ཐིབ་ཀྱིས་འདུས་ཤིང་འཁོད་པར་བསམ༔ སླར་ཡང་ཕཊཿཀྱིས་ལས་བྱེད་སྤྲུལ་པའི་མཁའ་འགྲོ་མ་དཔག་ཏུ་མེད་པ་འཕྲོས་ནས་འགྱེད་ལས་བྱེད་པར་བསམ་ལ༔ ཕཊཿ སངས་རྒྱས་ཆོས་དང་དགེ་འདུན་དང༔ བླ་མ་ཡི་དམ་མཁའ་འགྲོ་དང༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་སོགས༔ དཀོན་མཆོག་སྲིད་ཞུའི་མགྲོན་རྣམས་ལ༔ མཆོད་སྤྲིན་མི་ཟད་རྒྱན་འཁོར་འབུལ༔ ཚོགས་རྫོགས་དོན་གཉིས་ལྷུན་གྲུབ་ཤོག༔ ཕཊཿདང་པོས་ཐོབ༔ ཕཊཿགཉིས་པས་བདེ་སྟོང་གི་རོས་ཚིམ༔ ཕཊཿགསུམ་པས་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་བདག་ལ་འཕོ་བར་བསམ༔ གནས་མཆོག་ཉེར་བཞི་ཡུལ་སོ་གཉིས༔ ཧེ་རུའི་གནས་བཅུ་དུར་ཁྲོད་བརྒྱད༔ རྡོ་རྗེ་ཕུང་པོའི་གྲོང་ཁྱེར་དང༔ འབྲེལ་བའི་དཔའ་བོ་མཁའ་འགྲོ་མཆོད༔ བརྟུལ་ཞུགས་སྤྱོད་པ་མཐར་ཕྱིན་ནས༔ ལྷ་འདྲེའི་འགྲོ་དོན་ནུས་པར་ཤོག༔ ཕཊཿ ཕཊཿ ཕཊཿ དང་པོས་མཆོད༔ གཉིས་པས་ཐོབ༔ གསུམ་པས་ཐུགས་བདེ་སྟོང་གི་རོས་ཚིམས་པར་བསམ༔ ཕཊཿ ལྷ་བརྒྱད་ཀླུ་བརྒྱད་གཟའ་ཆེན་བརྒྱད༔ ཕྱོགས་སྐྱོང་བཅུ་དང་རྒྱལ་ཆེན་བཞི༔ རྒྱུ་སྐར་ཉེར་བརྒྱད་འཇིགས་བྱེད་དགུ༔ མགོན་པོ་ཡོན་ཏན་མགྲོན་རྣམས་ལ༔ གཙང་མ་འདོད་ཡོན་ཚོགས་ཀྱིས་མཆོད༔ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ ཕཊཿ ཕཊཿ ཕཊཿ དང་པོས་མཆོད༔ གཉིས་པས་ཐོབ༔ གསུམ་པས་ཐུགས་ཟག་མེད་ཀྱི་བདེ་བས་ཚིམས་པར་བསམ༔ དམྱལ་བ་ཡི་དྭགས་དུད་འགྲོ་དང༔ མི་དང་ལྷ་དང་ལྷ་མིན་སོགས༔ ཁམས་གསུམ་སེམས་ཅན་ཐམས་ཅད་ལ༔ གང་ལ་གང་མཁོའི་འདོད་ཡོན་བསྔོ༔ ཐམས་ཅད་ངོམ་ཞིང་ཚིམ་གྱུར་ནས༔ འབྲེལ་བ་ཐོབ་ཚད་སངས་རྒྱས་ཤོག༔ ཕཊཿ ཕཊཿ ཕཊཿ དང་པོས་མཆོད༔ གཉིས་པས་ཐོབ༔ གསུམ་པས་གྲོལ་བར་བསམ༔ ཕཊཿ སྟོང་གསུམ་བརྡལ་ཁྱབ་ཞིང་ལྤགས་གཞིར༔ ཤ་རི་ཁྲག་མཚོ་རུས་གྲམ་ཁྲོད༔ རྐང་ཚིལ་ལྷ་བ་མར་ཁུར་འཁྱིལ༔ འདོད་ཡོན་ནམ་མཁའ་མཉམ་པར་བརྡལ༔ འབྲུ་གསུམ་ནུས་པས་བདུད་རྩིར་བསྒྱུར༔ མགྲོན་རྣམས་སྐད་ཅིག་སྤྱན་དྲངས་གྱུར༔ ཨོཾ་ཨཱཿཧཱུྃ༔ཧ་ཧོ་ཧྲཱིཿ ལན་གསུམ༔ ཕཊཿ ཕཊཿ ཕཊཿ དང་པོས་སྡེ་བརྒྱད་ལྷ་རྣམས་ཀྱིས་ཐོབ༔ གཉིས་པས་གནས་ནས་ཆས༔ གསུམ་པས་ཐིབས་ཀྱིས་འདུས་པར་བསམ༔ ཡ་ཀི་སྲིད་རྩེ་མན་ཆད་ནས༔ མ་ཀི་དམྱལ་ཁམས་ཡན་ཆད་ཀྱི༔ བཀའ་ཡི་ལྷ་སྲིན་སྡེ་བརྒྱད་དང༔ སྣང་ཞིང་སྲིད་པའི་ལྷ་འདྲེ་རྣམས༔ ཤ་ཁྲག་སྟོན་འགྱེད་མགྲོན་ལ་ཤོག༔ ནམ་མཁའི་སྐར་ལྟར་འཁྲིགས་ལ་ཤོག༔ བར་སྣང་སྤྲིན་ལྟར་གཏིབ་ལ་ཤོག༔ ས་གཞིར་རླུང་ལྟར་འཚུབས་ལ་ཤོག༔ མ་འགྱང་མ་ཕྱི་མྱུར་དུ་གཤེགས༔ གཏན་གྱི་ལོངས་སྤྱོད་འདི་ལ་འདུས༔ ཕཊཿ ཕཊཿ ཕཊཿ དེ་རིང་དོན་གྱི་དཔའ་བོ་ངས༔ འཁོར་འདས་རོ་སྙོམ་བརྟུལ་ཞུགས་ཀྱིས༔ གཅེས་འཛིན་ཕུང་པོ་ཚོགས་སུ་བཤམས༔ ཕ་མ་ལྷ་འདྲེ་མགྲོན་དུ་དྲངས༔ ཕཊཿ ལྷ་དང་གཤིན་རྗེ་མ་མོ་བདུད༔ སྲིན་པོ་བཙན་དང་གནོད་སྦྱིན་དང༔ ཀླུ་དང་ཐེའུ་རང་རྒྱལ་པོ་གཟའ༔ བཀའ་ཡི་ལྷ་སྲིན་སྡེ་བརྒྱད་ལ༔ གང་ལ་གང་མཁོའི་འདོད་ཡོན་སྦྱིན༔ ལྷག་མ་མེད་པར་ཧབ་ཐོབ་རོལ༔ ཕཊཿ ཕཊཿ ཕཊཿ དང་པོས་ཆེ་དགུ་མཆོད༔ གཉིས་པས་འབྲིང་དགུ༔ གསུམ་པས་ཆུང་དགུ་ཐམས་ཅད་ལ་ཐོབ་པར་བསམ༔ ཕཊཿཀྱིས་ངོམ་ཤིང་ཚིམ་པར་བསམ༔ རྒྱལ་པོ་བེ་དཀར་བེར་ནག་དང༔ ཙི་དམར་འགོང་པོ་སྤུན་དགུ་སོགས༔ ཞེ་སྡང་ཕོ་གདོན་ཐམས་ཅད་ལ༔ འདོད་ཡོན་ནམ་མཁའ་མཛོད་དུ་འབུལ༔ ཐམས་ཅད་ངོམས་ཤིང་ཚིམ་གྱུར་ནས༔ འཁྲུལ་མེད་རང་ངོ་མཐོང་བར་ཤོག༔ ཕཊཿ ཕཊཿ ཕཊཿ བསེན་མོ་མི་ཟན་ཁྲག་རལ་མ༔ འཕྲོག་མ་ཆེན་མོ་ཁ་འབར་མ༔ མ་བདུད་རྒྱལ་མོ་སྤུན་དགུ་སོགས༔ འདོད་ཆགས་མོ་གདོན་འདྲེ་མོ་ལ༔ འདོད་ཡོན་མི་ཟད་གཏེར་དུ་བསྔོ༔ དགའ་མགུ་ཡི་རང་ཚིམ་གྱུར་ཅིག༔ ཕཊཿ ཕཊཿ ཕཊཿ ཀླུ་བདུད་ནཱ་ག་ར་ཛ་དང༔ རྒྱལ་རིགས་རྗེ་རིགས་བྲམ་ཟེ་དང༔ གདོལ་བ་ནག་པོ་ལ་སོགས་པའི༔ གཏི་མུག་ཀླུ་གདོན་ས་བདག་ལ༔ འདོད་ཡོན་མི་ཟད་གཏེར་དུ་བསྔོ༔ ཐམས་ཅད་ཕྱམ་གཅིག་སངས་རྒྱས་ཤོག༔ ཕཊཿ ཕཊཿ ཕཊཿ ཉོན་མོངས་དུག་ལྔ་དུག་གསུམ་དང༔ རྟེན་དང་བརྟེན་པའི་ལྷ་འདྲེ་ནི༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང༔ བྱིས་པའི་གདོན་ཆེན་བཅོ་ལྔ་དང༔ འཕྲོག་མ་མ་བུ་ལྔ་བརྒྱ་སོགས༔ གཉུག་མར་གནས་པའི་ལྷ་འདྲེ་ལ༔ གང་ལ་གང་མཁོའི་འདོད་ཡོན་བསྔོ༔ དགའ་མགུ་ཡི་རང་ཚིམ་གྱུར་ནས༔ ཕྱམ་གཅིག་རྫོགས་སངས་རྒྱས་གྱུར་ཅིག༔ ཤ་འཁོན་ལན་ཆགས་བྱང་གྱུར་ཅིག༔ ཕཊཿ ཕཊཿ ཕཊཿ གྲི་བཙན་གྲོང་རྒྱུག་མོ་འདྲེ་དང༔ དམ་སྲི་འགབ་འདྲེ་ཆུང་སྲི་དང༔ ཟ་འདྲེ་ཤི་གཤེད་ཕོ་མོ་སོགས༔ ཤ་འཁོན་བུ་ལོན་ལན་ཆགས་བདག༔ གློ་བུར་ལྷག་པའི་ལྷ་འདྲེ་ཡན༔ གནོད་བྱེད་མ་ལུས་འཁོར་བཅས་ལ༔ འདོད་ཡོན་ནམ་མཁའ་མཛོད་དུ་བསྔོ༔ རྗེས་ཤུལ་ཙམ་ཡང་མ་བཞག་པར༔ བཞེས་ཤིག་རོལ་ཅིག་གང་དགར་སྤྱོད༔ སྟེར་མི་ནུས་ན་ང་ཞན་ཏེ༔ སྤྱོད་མི་ནུས་པར་ཁྱོད་རེ་ངན༔ ང་ཡི་ལུས་ཀྱི་ཐ་མ་ཡིན༔ སྦྱིན་པའི་ཕ་རོལ་ཕྱིན་པར་བྱེད༔ ལན་ཆགས་བུ་ལོན་ད་སོད་ཟིན༔ བདེ་ཆེན་དག་པའི་ས་རུ་ཕྱིན༔ འཁོར་བར་མི་ལྡོག་གདེང་ཐོབ་པོ༔ ཕཊཿ ཕཊཿ ཕཊཿ དེ་ལྟར་ལུས་ཀྱི་སྟོན་འགྱེད་བྱེད་པའི་དུས་སུ༔ ཕཊཿདང་པོས་ཐོབ༔ གཉིས་པས་ཚིམ༔ གསུམ་པས་གྲོལ་བ་ཐོབ་པར་བསམ༔ སྣང་སྲིད་དང་མཉམ་བྷན་སྣོད་དུ༔ ལྷག་མ་མྱོང་གྲོལ་འདོད་ཡོན་གཏེར༔ མི་ཟད་རྒྱན་གྱི་འཁོར་ལོའི་སྤྲིན༔ ལྷག་མགྲོན་ཉམ་ཐག་སྤྱན་དྲངས་གྱུར༔ ཕཊཿ ཕཊཿ ཕཊཿ རང་བྱས་ལས་ཀྱིས་མནར་བ་ཡི༔ ཁས་ཞན་དབང་ཆུང་ཉམ་ཐག་པའི༔ ཞ་ལོང་འོན་ལྐུགས་ཟུག་རྔུ་ཅན༔ མ་ལུས་ལུས་པ་མེད་པ་ལ༔ སྡུག་བསྔལ་ཀུན་སེལ་ཟས་སྨན་རྩི༔ འདོད་ཡོན་ལོངས་སྤྱོད་ཕུན་ཚོགས་བསྔོ༔ དགའ་མགུ་ཡི་རང་བདེ་ཆེན་ཐོབ༔ ཡེ་ཤེས་ཆེན་པོར་དབང་ཐོབ་ཤོག༔ ཕཊཿ ཕཊཿ ཕཊཿ དང་པོས་ཐོབ༔ གཉིས་པས་ཚིམ༔ གསུམ་པས་ཟག་མེད་བདེ་བ་ཆེན་པོའི་ངང་དུ་སད་པར་བསམ༔ སླར་ཡང་འཁོར་གསུམ་ཡོངས་དག་ཆེན་པོར་རྒྱས་འདེབས་ནི༔ ཕཊཿ ཆོས་ཉིད་སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས༔ ཐོག་མེད་སྦྱིན་སོགས་དུས་གསུམ་བསོད་ནམས་རྒྱུ༔ ཟག་མེད་སྤྲོས་མཐའ་བྲལ་བའི་ངང་དུ་བསྔོ༔ སྐུ་དང་ཡེ་ཤེས་ཆེན་པོས་སྨིན་གྲོལ་ཤོག༔ ཕཊཿ ང་མེད་ངར་འཛིན་བཏང་བའི་བརྟུལ་ཞུགས་གིས༔ རྒྱུ་དྲུག་འཁོར་བར་འཕྱན་པའི་སྐྱེ་འགྲོ་ཀུན༔ མ་འབད་ཡེ་གཞིའི་ཀློང་དུ་གདེང་རྙེད་ནས༔ འཇིགས་མེད་རྡོ་རྗེ་འཛིན་པའི་ས་ཐོབ་ཤོག༔ ཕཊཿ སེམས་དང་སེམས་བྱུང་སྣང་བ་སྣང་ཆར་བཅས༔ ཀུན་ཁྱབ་ཡེ་ཤེས་ཆེན་པོའི་ངང་དུ་བཞག༔ གསལ་བ་འགགས་མེད་ཡེ་ཤེས་ལྷུམས་སུ་ཞུགས༔ ཡེ་གཞི་ཀ་དག་ཆོས་དབྱིངས་ཆེན་པོར་སངས༔ འཁོར་འདས་མེད་ཅིང་རྒྱུ་དང་འབྲས་བུ་མེད༔ བདེ་སྡུག་རེ་དོགས་རོ་སྙོམ་ངང་དུ་དག༔ དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པར་ཨཱ༔ ཕཊཿ ཕཊཿ ཕཊཿ ཅེས་བདག་དང་ཡུལ་སྣང་ཐམས་ཅད་གཉིས་སུ་མེད་པར་ངོ་བོ་སྟོང་པ་ཉིད་ཀྱི་ངང་དུ་ཞིག༔ ཡེ་གཞི་གདོད་མའི་མགོན་པོའི་ལྷུམས་སུ་གཞིག་པར་བཞག༔ དེ་ནི་དུས་དང་རྣམ་པ་ཐམས་ཅད་དུ་ཉམས་སུ་ལེན་པའི་མན་ངག་གཅིག་ཆོག་ཟབ་མོ་ཡིན༔

འགྱེད་བཞི།

གཅོད་ཀྱི་གདམས་ངག་རྒྱུན་དུ་ཉམས་ལེན་བྱེད་པའི་རྣལ་འབྱོར་པ་རྣམས་ཀྱིས་སྡིག་སྒྲིབ་སྦྱང་ཕྱིར་ཐོ་རངས་ནག་འགྱེད་བྱེད་པའི་ཐབས་ནི༔ ཕཊཿ རང་ལུས་ཚོ་སྣུམ་ཆེ་བརྗིད་དབུས་རྩ་ནས༔ རིག་པ་དྭངས་མའི་ཐིག་ལེ་ནམ་མཁར་སྤར༔ དབྱིངས་དང་ཡེ་ཤེས་གཉིས་མེད་ཁྲོས་མར་བཞེངས༔ མཐིང་ནག་གྲི་ཐོད་གར་སྟབས་རུས་རྒྱན་གསོལ༔ ཕཊཿ ཁམས་གསུམ་འཁོར་བའི་བག་ཆགས་སྡུག་བསྔལ་ཀུན༔ འོད་ནག་རྣམ་པར་བསྡུས་ཏེ་བེམ་པོར་ཐིམ༔ སྟོང་གསུམ་ཀུན་ཏུ་འགེང་བའི་མི་རོ་ནི༔ སོལ་ཕུང་ལྟ་བུར་ལྷ་འདྲེའི་ཡིད་འཕྲོག་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ་བརྗོད༔ ཕཊཿ ཕཊཿ ཕཊཿ ཀླུ་གདོན་རྒྱལ་པོ་ཕག་གི་མགོ་ཅན་ལ༔ གཏི་མུག་ལས་བྱུང་ལྷ་འདྲེའི་འཁོར་གྱིས་བསྐོར༔ ཞེ་སྡང་རྒྱལ་པོ་སྦྲུལ་གྱི་མགོ་ཅན་ལ༔ ཞེ་སྡང་ལས་བྱུང་གདོན་བགེགས་འབྱུང་པོས་བསྐོར༔ འདོད་ཆགས་མོ་གདོན་བྱ་ཡི་གདོང་ཅན་ལ༔ འདོད་ཆགས་ལས་བྱུང་གདོན་བགེགས་ལྷ་འདྲེས་བསྐོར༔ འཁོར་འདས་དབང་མོ་རེ་ཏི་ནག་མོ་ཆེ༔ བུད་མེད་ནག་མོ་རལ་བསིགས་བྱེ་བས་བསྐོར༔ དུར་ཁྲོད་མི་རོ་བམ་གྱི་ཚོགས་ལ་འདུས༔ མ་ཐོགས་མ་འགྱངས་མགྲོན་དུ་གཤེགས་སུ་གསོལ༔ ཕཊཿ ཕཊཿ ཕཊཿ ཐོག་མེད་དུས་ནས་གཅེས་པར་བསྐྱངས་བ་ཡི༔ ང་མེད་ངར་འཛིན་འཁྲུལ་པའི་ཕུང་པོ་འདི༔ དེ་རིང་སྦྱིན་པ་ཆེན་པོའི་ཐབས་སུ་གཏོང༔ ཕཊཿ སྦྱིན་ཡུལ་མ་རིག་འཁྲུལ་པའི་ལྷ་འདྲེ་ནི༔ གཏི་མུག་ཀླུ་གདོན་ས་བདག་སྡེ་ཚོགས་དང༔ ཞེ་སྡང་རྒྱལ་པོ་ཕོ་གདོན་ཐམས་ཅད་དང༔ འདོད་ཆགས་མོ་གདོན་བསེན་མོའི་སྡེ་ཚོགས་བཅས༔ དེ་དང་དེར་བྱུང་ལྷ་འདྲེ་ཆེ་འབྲིང་ཆུང༔ མ་ལུས་ལུས་པ་མེད་པ་ཐམས་ཅད་ལ༔ དུར་ཁྲོད་མི་རོ་བམ་གྱི་ཚོགས་མཆོད་འབུལ༔ རྗེས་ཤུལ་ལྷག་མ་མེད་པར་ཧབ་ཐོབ་རོལ༔ ཕཊཿ ཕཊཿ ཕཊཿ དེ་ལྟར་སྦྱིན་ཡུལ་ལྷ་འདྲེ་ཐམས་ཅད་ཀྱིས༔ ཧབ་ཐོབ་རོལ་པས་སོལ་ཕུང་བཞིན་དུ་སོང༔ ཆེ་བས་ཆུང་ཟོས་གཙོ་བོ་གསུམ་གྱིས་ཟོས༔ རྒྱལ་པོས་མོ་ཟོས་ས་བདག་ཆེན་པོས་ཟོས༔ དེ་ཡང་ནག་པོ་ཆེན་པོས་ཁྱུར་མིད་ཟོས༔ འཁོར་དང་དཔུང་ཟོས་ཆོས་སྐུའི་ཀློང་དུ་ཡལ༔ ཕཊཿ ཕཊཿ ཕཊཿ བདག་དང་ཡུལ་སྣང་རྨི་ལམ་སད་པ་ལྟར༔ ཡེ་རིག་དོན་གྱི་ཧེ་རུའི་ངང་དུ་འདུས༔ ལྷ་མེད་འདྲེ་མེད་སངས་རྒྱས་སེམས་ཅན་མེད༔ བདག་མེད་ཡུལ་མེད་གནོད་བྱ་གནོད་བྱེད་མེད༔ ཕྱོགས་མེད་ཀ་དག་ལྷུན་འབྱམས་ཆེན་པོའི་ངང༔ མ་བཅོས་དེ་བཞིན་ཉིད་དུ་སྙོམ་པར་བརྡལ༔ ཕཊཿ ཕཊཿ ཕཊཿ ༈ ནང་པར་དཀར་འགྱེད་བྱ་བ་ནི༔ ཕཊ༔ ངར་འཛིན་བག་ཆགས་སྒྱུ་ལུས་ཕུང་པོ་ནས༔ དྭངས་མའི་ཤེས་རིག་གདོད་མའི་གཞི་རུ་འཕོས༔ ཆོས་ཉིད་དབྱིངས་ལས་ཡེ་ཤེས་སྒྱུ་འཕྲུལ་ལངས༔ རང་ཉིད་རྡོ་རྗེ་རྣལ་འབྱོར་དཀར་མོ་ཡིས༔ ཕྱག་གཡས་རལ་གྲིས་གཟུགས་ཀྱི་ཕུང་པོ་གཏུབ༔ རྡུལ་ཕབ་གཡོན་པས་རླུང་གི་བ་དན་གཡབ༔ ཤ་ཁྲག་རུས་པ་ཕྱོགས་མཚམས་ཀུན་ཏུ་གཏོར༔ ཕྱི་འབྱུང་སྣང་བའི་ཡུལ་དང་མཉམ་པར་བརྡལ༔ འོད་ཟེར་དཀར་དམར་མཐིང་གསུམ་གྱིས་སྦག་པས༔ གཞན་འཕྲུལ་ལྷ་ཡི་བཀོད་པ་འཕྲུལ་བཞིན་དུ༔ སྣང་སྲིད་འདོད་ཡོན་དཀར་མཆོད་སྤྲིན་དུ་བསྒྱུར༔ ངོ་བོ་བདེ་སྟོང་མྱོང་གྲོལ་བདུད་རྩི་ལ༔ རྣམ་པ་དཀར་གསུམ་མཚོ་དང་རི་བོ་ཐང༔ མངར་གསུམ་བྲག་རི་འདོད་དགུའི་སྤྲིན་ཕུང་གཡོ༔ ནམ་མཁའ་མཛོད་ཀྱི་དཔལ་ཡོན་བླ་ན་མེད༔ སྣོད་བཅུད་འདོད་ཡོན་མཆོད་པའི་རྒྱན་དུ་སྤེལ༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ༔ ཕཊ༔ ཕཊ༔ ཕཊ༔ ཌཱ་དྲིལ་འུར་ཆེམ་མཐར༔ ཨེ་མ༔ སངས་རྒྱས་ང་ལ་སེམས་ཅན་ང༔ སྣོད་བཅུད་འདོད་ཡོན་སྣང་བ་ང༔ ཐམས་ཅད་ང་ཡི་ཆོ་འཕྲུལ་ཡིན༔ ཐམས་ཅད་ང་ཡི་རྟེན་འབྲེལ་ཆོས༔ ཐམས་ཅད་སྒྱུ་འཕྲུལ་ང་ལས་འཕྲུལ༔ ཐམས་ཅད་བསྡུ་ཡང་ང་ལ་འདུ༔ ཕཊ༔ ང་དབུ་མ་ཆེན་པོའི་རྣལ་འབྱོར་པས༔ ཆོས་ཐམས་ཅད་སྟོང་ཉིད་ཆེན་པོར་རྟོགས༔ ཡུལ་བཟང་ངན་མེད་པའི་དགའ་སྟོན་འགྱེད༔ ད་བདག་འཛིན་གཅོད་པའི་བརྟུལ་ཞུགས་སྤྱོད༔ ང་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་པས༔ ཆོས་སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས༔ དེང་མཆོད་སྦྱིན་དངོས་ཡུལ་རོལ་གར་བསྒྱུར༔ ཡུལ་དངོས་ཞེན་གཅོད་པའི་བརྟུལ་ཞུགས་སྤྱོད༔ ང་རྫོགས་པ་ཆེན་པོའི་རྣལ་འབྱོར་གྱིས༔ ཆོས་ཐམས་ཅད་རིག་པ་རྗེན་པར་རྟོགས༔ ད་འཁོར་གསུམ་རྣམ་དག་བརྟུལ་ཞུགས་ཀྱིས༔ དབྱིངས་དག་མཉམ་ཆེན་པོ་མངོན་དུ་བྱ༔ ཕཊ༔ ཕཊ༔ ཕཊ༔ གཞི་བདེ་གཤེགས་སྙིང་པོ་མཆོག་གསུམ་ལྷ༔ ལམ་རིག་རྩལ་རོལ་པ་ཡོན་ཏན་མགྲོན༔ དོན་ཟག་མེད་བདེ་བ་ཆེན་པོས་མཆོད༔ གདེང་ཀ་དག་དབྱིངས་སུ་བྱང་ཆུབ་བོ༔ ཕཊ༔ ཕཊ༔ ཕཊ༔ སེམས་དུག་གསུམ་ཁམས་གསུམ་འཁོར་བའི་ཡུལ༔ རྩལ་རྣམ་པར་རྟོག་པའི་ལྷ་འདྲེ་བགེགས༔ དོན་གཉིས་མེད་རོལ་པའི་ཆོས་ཀྱིས་བཅོས༔ དབྱིངས་ནམ་མཁའ་མཛོད་ཀྱི་ལོངས་སྤྱོད་སྟེར༔ ཕཊ༔ ཕཊ༔ ཕཊ༔ ཕྱི་གཟུང་བ་ཡུལ་གྱི་ལྷ་འདྲེ་ལ༔ འཕྲུལ་སྣ་ཚོགས་སྣང་བའི་འདོད་ཡོན་འབུལ༔ ཡུལ་དངོས་ཞེན་བག་ཆགས་རྣམ་དག་ནས༔ དོན་ཡུལ་མེད་ཟང་ཐལ་མཆོད་པ་བཞེས༔ ཕཊ༔ ཕཊ༔ ཕཊ༔ ནང་འཛིན་པ་སེམས་ཀྱི་ལྷ་འདྲེ་ལ༔ འཕྲུལ་མེད་བཞིན་སྣང་བའི་འདོད་ཡོན་སྟེར༔ ཡུལ་མངོན་ཞེན་ཨ་འཐས་འཕྱང་གྲོལ་ནས༔ དོན་གཞི་མེད་རྩ་བྲལ་མཆོད་པ་བཞེས༔ ཕཊ༔ ཕཊ༔ ཕཊ༔ བར་གཟུང་འཛིན་འབྲེལ་བའི་ལྷ་འདྲེ་ལ༔ འཕྲུལ་འཁོར་བ་ལུགས་འབྱུང་ཆོས་རྣམས་སྟེར༔ ཡུལ་སྤང་ལེན་མེད་པར་རང་ཞིག་ནས༔ གཞི་ཀ་དག་བརྡལ་ཁྱབ་མཆོད་པ་འབུལ༔ ཕཊ༔ ཕཊ༔ ཕཊ༔ ཡུལ་ཁམས་གསུམ་འཁོར་བའི་སེམས་སྣང་ཆོས༔ དཔེ་སྒྱུ་མའི་འཁྲུལ་འཁོར་ཞིག་པ་བཞིན༔ དབྱིངས་རྣམ་ཐར་གསུམ་ལྡན་བཙུན་མོའི་མཁར༔ ད་འཁོར་འདས་དག་མཉམ་ཨ་ལ་ལ༔ ཕཊ༔ ཕཊ༔ ཕཊ༔ ༈ ཉིན་གུང་ཁྲ་བོར་འགྱེད་པ་ལ༔ ཕཊཿ རང་ལུས་ལང་ཚོ་དཔལ་ཡོན་ཕུན་ཚོགས་དབུས༔ ཨ་ཝ་དྷུ་ཏི་ཤེལ་གྱི་སྦུ་གུ་ནས༔ རྣམ་པར་ཤེས་པ་ནམ་མཁར་མདའ་ལྟར་འཕང༔ དབྱིངས་ལས་ཁྲོས་མ་མཐིང་ནག་གྲི་ཐོད་ཅན༔ ཕྱག་གཡས་གྲི་ཁུག་བེམ་པོར་ཚད་ཙམ་གྱིས༔ ཚེ་རབས་ལུས་དང་ལོངས་སྤྱོད་བསྡུས་ཏེ་བསྟིམ༔ ཞིང་ལྤགས་གཞི་ལ་ཤ་རི་ཁྲག་མཚོ་བསྐྱིལ༔ བྷན་དྷར་ཟག་མེད་ཡེ་ཤེས་བདུད་རྩིར་འཁྱིལ༔ སྟོང་གསུམ་ས་གཞི་ཁོད་སྙོམ་ཡངས་པ་རུ༔ དཀར་མངར་སྐྱུར་དང་དྲི་སྨན་འབྲུ་ཟས་རིགས༔ གསེར་དངུལ་ཟངས་ལྕགས་ནོར་བུ་རིན་ཆེན་དཀོར༔ གོས་དར་རས་འཇམ་མཛེས་ལྡན་རེག་བྱའི་རིགས༔ སྦྲ་ཁང་གནས་མལ་ལ་སོགས་རྟེན་རྣམས་དང༔ རི་དྭགས་གཡུང་དྭགས་ཆུ་གནས་བྱ་རིགས་སོགས༔ འདོད་ཡོན་མི་ཟད་རྒྱན་གྱི་འཁོར་ལོར་ཤར༔ འབྲུ་གསུམ་ནུས་པས་མྱོང་གྲོལ་བཅུད་ལྡན་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ༔ ཕཊཿ ཕཊཿ ཕཊཿ གཏན་གྱི་མགོན་པོ་དཀོན་མཆོག་རིན་པོ་ཆེ༔ དཀར་ཕྱོགས་སྐྱོང་མཛད་མགོན་པོ་ཡོན་ཏན་མགྲོན༔ མ་ཐོགས་མཆོད་ཡུལ་མགྲོན་དུ་གཤེགས་སུ་གསོལ༔ འགྲོ་བ་རིགས་དྲུག་བར་དོའི་སེམས་ཅན་སྤྱི༔ བགེགས་རིགས་ལན་ཆགས་སྦྱིན་ཡུལ་འདྲེ་གདོན་ཡན༔ མ་ལུས་བྱ་རྒོད་ཤ་ལ་འཐིབས་པ་བཞིན༔ སྐད་ཅིག་ཉིད་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཕཊཿ ཕཊཿ ཕཊཿ སྐྱབས་གནས་དཀོན་མཆོག་རྩ་གསུམ་སྐུ་གསུམ་མཆོད༔ མགོན་པོ་ཡོན་ཏན་མགྲོན་གྱུར་ཀུན་ལ་མཆོད༔ རིགས་དྲུག་བར་དོའི་སེམས་ཅན་ཡོངས་ལ་བསྔོ༔ སྣང་སྲིད་ལྷ་འདྲེ་ལན་ཆགས་མགྲོན་ལ་བསྔོ༔ ཁས་ཞན་དབང་ཆུང་ཉམ་ཐག་ཀུན་ལ་བསྔོ༔ གང་ལ་གང་མཁོའི་འདོད་ཡོན་ཕུན་ཚོགས་གཏེར༔ མི་ཟད་ནམ་མཁའ་མཛོད་དུ་སྤྲུལ་ཏེ་འབུལ༔ ཡས་མགྲོན་ཐམས་ཅད་བདེ་སྟོང་རོས་ཚིམས་ནས༔ བདག་སོགས་འགྲོ་བའི་ཚོགས་གཉིས་རྫོགས་གྱུར་ཅིག༔ ཕཊཿ ཕཊཿ ཕཊཿ མས་མགྲོན་ཐམས་ཅད་དགའ་མགུ་བདེ་ལྡན་ཅིང༔ སྡིག་སྒྲིབ་བག་ཆགས་རྒྱུ་འབྲས་དང་བྲལ་ནས༔ གཏན་བདེ་ཕུན་ཚོགས་དཔལ་དང་རྟག་ལྡན་ཏེ༔ མི་འགྱུར་རྡོ་རྗེའི་གཏན་སྲིད་ཐོབ་གྱུར་ཅིག༔ ཕཊཿ ཕཊཿ ཕཊཿ དགེ་འདིས་འགྲོ་ཀུན་ངོ་བོ་ཉིད་དུ་སད༔ ཕྱམ་གཅིག་གདོད་མའི་གཞི་ལ་སངས་རྒྱས་ཤོག༔ མཆོད་སྦྱིན་གནས་ཡུལ་གཉིས་མེད་རོལ་པའི་ངང༔ སྐུ་གསུམ་ལྷུན་གྲུབ་ཆེན་པོར་ལྷུན་ཞུགས་ནས༔ དང་པོའི་སངས་རྒྱས་དགོངས་པ་མཉམ་བརྡལ་ཀླས༔ ཕཊཿ ཕཊཿ ཕཊཿ ༈ དགོང་མོར་དམར་འགྱེད་བྱ་བ་ལ༔ འབྱུང་བ་སྙིགས་མར་ལས་ཀྱིས་འཐས་པ་ཡི༔ མི་གཙང་བག་ཆགས་སྒྱུ་མའི་གནས་ཁང་ནས༔ དྭངས་མའི་ཤེས་རིག་གདོད་མའི་གཞི་རུ་བསྡུ༔ སླར་ཡང་ཡེ་ཤེས་མཁའ་འགྲོའི་རྣམ་པར་བཞེངས༔ ཕཊཿ ཕཊཿ ཕཊཿ སྙིགས་མའི་ལུས་ཀྱི་ལྤགས་པ་གཞི་ཡངས་བརྡལ༔ ཤ་ཁྲག་རུས་པ་ཐར་གྱིས་ཞིག་པ་ཡིས༔ ཤ་རི་ཁྲག་མཚོ་རུས་པའི་གྲམ་ཁྲོད་བརྡལ༔ རྐང་ཚིལ་ལྷ་བ་མར་ཁུའི་རྒྱ་མཚོ་འཁྱིལ༔ ལྦུ་བ་ངད་རླངས་འདོད་ཡོན་སྤྲིན་ཕུང་འཁྲིགས༔ འབྲུ་གསུམ་ནུས་པས་མྱོང་གྲོལ་བཅུད་ལྡན་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ་མཐར༔ རང་ཉིད་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཁྲོས་མ་ནག་མོའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་མཚམས་སྟེང་འོག་ཐམས་ཅད་ནས་ཆོས་ཉིད་མི་འགྱུར་བའི་ངོ་བོ་ལས་ཡེ་ཤེས་མཁའ་འགྲོ་བཅུ་གཅིག་ལ་སྒྱུ་འཕྲུལ་རོལ་པ་རྩལ་རྫོགས་ཀྱི་ཚུལ་དུ་མཁའ་འགྲོ་མ་བྱེ་བ་འབུམ་སྡེ་སྣང་སྲིད་ལྷ་འདྲེས་བསྐོར་བ་དང་བཅས་སྤྱན་དྲངས༔ ཕཊཿ ཕཊཿ ཕཊཿ མ་ཡེ་ཤེས་དབྱིངས་ལས་གར་བསྒྱུར་མ༔ དབུས་སངས་རྒྱས་རིགས་ཀྱི་མཁའ་འགྲོ་མ༔ ཁྱོད་སྤྲུལ་པ་བྱེ་བ་འབུམ་དང་བཅས༔ འཁོར་སྣང་སྲིད་ལྷ་འདྲེའི་ཚོགས་དང་བཅས༔ ད་འདིར་གཤེགས་ཤ་ཁྲག་རུས་རྐང་རོལ༔ རྐྱེན་བར་ཆད་གཡུལ་ངོ་དབྱིངས་སུ་སོལ༔ ཕཊཿ ཕཊཿ ཕཊཿ མ་ཡེ་ཤེས་དབྱིངས་ལས་གར་བསྒྱུར་མ༔ ཤར་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ༔ ཁྱོད་སྤྲུལ་པ་བྱེ་བ་འབུམ་དང་བཅས༔ འཁོར་སྣང་སྲིད་ལྷ་འདྲེའི་ཚོགས་དང་བཅས༔ ད་འདིར་གཤེགས་ཤ་ཁྲག་རུས་རྐང་རོལ༔ རྐྱེན་བར་ཆད་གཡུལ་ངོ་དབྱིངས་སུ་སོལ༔ ཕཊཿ ཕཊཿ ཕཊཿ མ་ཡེ་ཤེས་དབྱིངས་ལས་གར་བསྒྱུར་མ༔ ལྷོ་རིན་ཆེན་རིགས་ཀྱི་མཁའ་འགྲོ་མ༔ ཁྱོད་སྤྲུལ་པ་བྱེ་བ་འབུམ་དང་བཅས༔ འཁོར་སྣང་སྲིད་ལྷ་འདྲེའི་ཚོགས་དང་བཅས༔ ད་འདིར་གཤེགས་ཤ་ཁྲག་རུས་རྐང་རོལ༔ རྐྱེན་བར་ཆད་གཡུལ་ངོ་དབྱིངས་སུ་སོལ༔ ཕཊཿ ཕཊཿ ཕཊཿ མ་ཡེ་ཤེས་དབྱིངས་ལས་གར་བསྒྱུར་མ༔ ནུབ་པདྨ་རིགས་ཀྱི་མཁའ་འགྲོ་མ༔ ཁྱོད་སྤྲུལ་པ་བྱེ་བ་འབུམ་དང་བཅས༔ འཁོར་སྣང་སྲིད་ལྷ་འདྲེའི་ཚོགས་དང་བཅས༔ ད་འདིར་གཤེགས་ཤ་ཁྲག་རུས་རྐང་རོལ༔ རྐྱེན་བར་ཆད་གཡུལ་ངོ་དབྱིངས་སུ་སོལ༔ ཕཊཿ ཕཊཿ ཕཊཿ མ་ཡེ་ཤེས་དབྱིངས་ལས་གར་བསྒྱུར་མ༔ བྱང་ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ༔ ཁྱོད་སྤྲུལ་པ་བྱེ་བ་འབུམ་དང་བཅས༔ འཁོར་སྣང་སྲིད་ལྷ་འདྲེའི་ཚོགས་དང་བཅས༔ ད་འདིར་གཤེགས་ཤ་ཁྲག་རུས་རྐང་རོལ༔ རྐྱེན་བར་ཆད་གཡུལ་ངོ་དབྱིངས་སུ་སོལ༔ ཕཊཿ ཕཊཿ ཕཊཿ མ་ཡེ་ཤེས་དབྱིངས་ལས་གར་བསྒྱུར་མ༔ སྟེང་མཁའ་སྤྱོད་རིགས་ཀྱི་མཁའ་འགྲོ་མ༔ ཁྱོད་སྤྲུལ་པ་བྱེ་བ་འབུམ་དང་བཅས༔ འཁོར་སྣང་སྲིད་ལྷ་འདྲེའི་ཚོགས་དང་བཅས༔ ད་འདིར་གཤེགས་ཤ་ཁྲག་རུས་རྐང་རོལ༔ རྐྱེན་བར་ཆད་གཡུལ་ངོ་དབྱིངས་སུ་སོལ༔ ཕཊཿ ཕཊཿ ཕཊཿ མ་ཡེ་ཤེས་དབྱིངས་ལས་གར་བསྒྱུར་མ༔ མཚམས་ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ༔ ཁྱོད་སྤྲུལ་པ་བྱེ་བ་འབུམ་དང་བཅས༔ འཁོར་སྣང་སྲིད་ལྷ་འདྲེའི་ཚོགས་དང་བཅས༔ ད་འདིར་གཤེགས་ཤ་ཁྲག་རུས་རྐང་རོལ༔ རྐྱེན་བར་ཆད་གཡུལ་ངོ་དབྱིངས་སུ་སོལ༔ ཕཊཿ ཕཊཿ ཕཊཿ མ་ཡེ་ཤེས་དབྱིངས་ལས་གར་བསྒྱུར་མ༔ འོག་ས་སྤྱོད་རིགས་ཀྱི་མཁའ་འགྲོ་མ༔ ཁྱོད་སྤྲུལ་པ་བྱེ་བ་འབུམ་དང་བཅས༔ འཁོར་སྣང་སྲིད་ལྷ་འདྲེའི་ཚོགས་དང་བཅས༔ ད་འདིར་གཤེགས་ཤ་ཁྲག་རུས་རྐང་རོལ༔ རྐྱེན་བར་ཆད་གཡུལ་ངོ་དབྱིངས་སུ་སོལ༔ ཕཊཿཕཊཿཕཊཿམ་ཡེ་ཤེས་དབྱིངས་ལས་གར་སྒྱུར་མ༔ བར་དམ་ཚིག་ཤ་ཟ་མཁའ་འགྲོ་མ༔ ཁྱོད་སྤྲུལ་པ་བྱེ་བ་འབུམ་དང་བཅས༔ འཁོར་སྣང་སྲིད་ལྷ་འདྲེའི་ཚོགས་དང་བཅས༔ ད་འདིར་གཤེགས་ཤ་ཁྲག་རུས་རྐང་རོལ༔ རྐྱེན་བར་ཆད་གཡུལ་ངོ་དབྱིངས་སུ་སོལ༔ ཕཊཿ ཕཊཿ ཕཊཿ མ་ཡེ་ཤེས་དབྱིངས་ལས་མཁའ་འགྲོ་མ༔ ཁྱོད་རྣམ་འཕྲུལ་མ་ངེས་ཅིར་ཡང་བསྒྱུར༔ མ་ཁྱེད་ལ་འགྲོ་བའི་དོན་ལས་མེད༔ ངས་ཤ་ཁྲག་རུས་རྐང་མགྲོན་དུ་འགྱེད༔ རྐྱེན་ནད་གདོན་སྡུག་བསྔལ་རྒྱུ་འབྲས་བཅས༔ དབྱིངས་ཡུལ་མེད་ཟང་ཐལ་ངང་དུ་རོལ༔ སེམས་འཁྲུལ་བ་གཟུང་དང་འཛིན་པས་འཕྱང༔ དབྱིངས་སྤྲོས་བྲལ་ངང་དུ་བཤིག་ཏུ་གསོལ༔ རྒྱུ་བག་ཆགས་ཡུལ་དང་ཡུལ་བྱེད་བདག༔ གཞི་ཀ་དག་སྐྱེ་མེད་ངང་དུ་རོལ༔ ཕྱོགས་མཐའ་འཛིན་པའི་གཉིས་འཛིན་སེམས༔ དབྱིངས་ཡུམ་ཆེན་དགོངས་པས་གཅད་དུ་གསོལ༔ ཕཊཿ ཕཊཿ ཕཊཿ ཡུལ་བཟང་ངན་མེད་པར་རང་གི་གཤིས༔ རྒྱུ་དགེ་སྡིག་མེད་པ་དང་པོའི་གཞི༔ རྐྱེན་ཕན་གནོད་མེད་པ་ཟང་མ་ཐལ༔ རྒྱུད་འཁོར་འདས་མེད་པ་འུབ་ཆུབ་ཀློང༔ ལམ་སྦྱང་བསྒྲོད་མེད་པའི་རྫོགས་པ་ཆེ༔ ཚེ་འདི་ཕྱི་མེད་པ་ཀ་དག་དུས༔ ད་ཐོག་མའི་སངས་རྒྱས་རང་ལ་སད༔ དོན་བསྒོམ་བཞག་བློ་བྲལ་ཆེན་པོ་ནི༔ ཡེ་རྣམ་ཐར་གསུམ་ལྡན་བཙུན་མོའི་མཁའ༔ ངང་མི་ཤིགས་ངོ་བོར་བྱང་ཆུབ་བོ༔ ཕཊཿ ཕཊཿ ཕཊཿ དེ་ལྟར་དུས་བཞིར་སྦྱར་ནས་རྟག་ཏུ་བརྩོན་པར་བྱའོ༔ ལར་གཉན་སར་མཚན་མོ་མི་འབུད༔ མར་མེ་དང་གསལ་སྒྲོན་མི་སྦར༔ རྐང་རྗེན་དུ་མི་འགྲོ༔ དྲག་སྔགས་མི་བཟླ༔ རྟོག་པའི་བསྐྱེད་བསྒོམ་མི་བྱ༔ གཤང་གཅི་དང་དྲི་ཆུ་ཕྱོགས་གཅིག་ལས་མི་འདོར༔ ཀྭིའི་མི་བཏབ༔ ལྷྭམ་སྔས་སུ་བཅུག༔ ཞྭ་རྟེན་མར་བཞག༔ གཞོག་གཡས་སར་གཏད༔ བརླ་དང་དཔུང་པ་སྟན་དུ་བཏིང༔ ལག་གཡས་མཐིལ་གྱིས་མགོ་གདན་བྱ༔ ལྟད་མོ་དང་འདུ་འཛི་སྤང་པ་རྣམས་ལག་ལེན་ནོ༔ འཇིགས་སྐྲག་ཇི་ལྟར་བྱུང་ཡང་བྲོས་པ་དང་གསོལ་འདེབས་སྐྱབས་འཚོལ་གང་ཡང་མི་བྱ་བ་གནད་ཡིན་ཏེ༔ གལ་ཏེ་བྲོས་ན་ཡང་སླར་ཡང་གནས་དེ་ནས་མ་ཆོད་ཀྱི་བར་དུ་དེ་ཉིད་དུ་འདུག་གོ༔ ལན་དགུར་བྲོས་ཕན་ཆོད་གཉན་ལོག་ཡིན་པས་གཞན་དུ་ཡང་འགྲོ་མི་རུང༔ དེ་རུ་ཡང་འོང་བར་མི་བྱ༔ གནས་གཅིག་པུ་དེ་ཉིད་ལ་ལན་དགུར་འཁོར་བའི་རྗེས་ཆོད་ཀྱང་ཆོག་པ་ཡིན༔ ལྷོང་ཚད་ཀྱི་རྗེས་སུ་ཚར་ཚད་ཡོད་པས་དེ་བྱུང་ཕན་ཆད་གནས་འཕོ་བ་ལས་སྡོད་མི་རུང༔ ཚར་ཚད་ནི་དངོས་ཉམས་རྨི་ལམ་གང་རུང་ལ་མི་མང་པོས་ཕྱག་འཚལ་བ༔ མཆོད་པ་འབུལ་བ༔ ནོར་ཟས་ཕུལ་བ༔ སྐྱབས་འཚོལ་བ༔ བཀའ་ཉན་པ༔ ཁས་ལེན་པ༔ བསྟོད་ཅིང་བསྔགས་པ་བརྗོད་པ༔ རོལ་མོ་སྒྲོག་པ༔ ཉི་ཟླ་ཤར་བ༔ མེ་ཏོག་སྣ་ཚོགས་སྐྱེས་པ༔ སྟོན་མོ་བྱེད་པ་སོགས་མདོར་ན་ཅི་བྱུང་ཅི་ཤར་ཅི་སྣང་ཡང་སེམས་བདེ་བ༔ ཉམས་རྟོགས་སྐྱེ་བ་ལུས་ངག་ཐམས་ཅད་བདེ་ལྷང་ངེ་ཡོད་པ་ན་བཟང་ངན་ཅི་བྱུང་ཡང་ཚར་ཚད་ཡིན་པས་གནས་འཕོ་བའི་རྟགས་ཚད་ཡིན༔ བཟང་པོའི་ལྟས་ཤར་ཡང་སེམས་ལ་རེ་དོགས་འཁུ་འཕྲིག་དགའ་སྡུག་འཇིགས་སྐྲག་ལ་སོགས་ལུས་ངག་ཡིད་གསུམ་མི་བདེ་དུང་ངེ་ཡོད་ན་ནི་ཚར་ཚད་འདྲ་ཡང་ལྷོང་ཚད་དུ་ངེས་སོ༔ བཟང་ངན་ཅི་བྱུང་ཡང་བཟང་ངན་མེད་པར་རོ་སྙོམ་པ་ནི་གནད་ཀྱི་ཡང་གཅེས་དམ་པ་ཡིན༔ དང་པོས་འཕོ་ཚད་ནི་སྐྱེ་བོའི་མགོ་དང་ཡན་ལག༔ དོན་སྙིང་བཅད་ནས་རང་ལ་སྟེར་བ༔ རྒྱན་དང་ལོངས་སྤྱོད༔ དཀོར་གནས་འབུལ་བ༔ ཤིང་རྩ་དང༔ བྲག་གདུག་པ་ཅན་རྣམས་བཅོམ་པ༔ མཚོ་སྐེམ་པ༔ ཉམ་ཐག་པའི་སེམས་ཅན་མང་པོ་ལ་སྟོབས་དང༔ བདེ་བ་སྟེར་བ་རྣམས་འབྱུང་བ་ནི་དང་པོ་ཆོད་པའི་ཚད་ཡིན་པས༔ འུར་རྡོའི་གང་ཚུན་ཆད་ལ་མི་གནས་པར་སྤོ༔ ཐ་མའི་ཆོད་ཚད་ནི་སྡེ་བརྒྱད་ལྷ་འདྲེ་རྣམས་ཀྱིས་བྲན་ཁས་ལེན་ནས་མནའ་ཐོ་བྱ་བ༔ སྲོག་སྙིང་ཕུལ་བ༔ སྐྱེ་འགྲོ་མང་པོའི་གཙུག་རྒྱན་དུ་བསྔགས་པ༔ ཁྲི་རུ་མངའ་གསོལ་ནས་མི་དཔོན་བླ་ཆེན་རྣམས་ཀྱིས་དབང་ཞུས་ཏེ་འཁོར་འབངས་སུ་ཁས་ལེན་པ༔ གོས་དང༔ གོ་ཁྲབ་གྱོན་ནས༔ ཁྲི་ཆེན་དུ་འཁོད་དེ༔ སྡེ་ཆེན་གྱི་སྡེ་དཔོན་དུ་འགྱུར་བ༔ དམག་དཔུང་དང་འགྲོགས་ནས་ཡུལ་མང་པོ་ཁ་ལོ་བསྒྱུར་བ༔ འབྲུག་སེང༔ སྟག་གཟིག༔ འབྲོང་གཡག༔ བྱ་རིགས་ལ་སོགས་སྐྱེ་འགྲོ་ཞོན་པ་འདུལ་བར་བཀོལ་བ༔ ཉི་ཟླ་གདན་དུ་བཏིང་བ༔ རི་རྒྱལ་ཀུན་ལས་མཐོ་བའི་རི་ཆེན་གྱི་རྩེ་རུ་འདུག་པ༔ ས་དང་ཡུལ་མང་པོ་དབང་དུ་བསྒྱུར་བ་རྣམས་ཞི་མཐའ་མ་ཆོད་པའི་ཚད་དུ་ངེས་པས་ལུང་པ་དེ་རུ་སླན་ཆད་གཉན་ས་མི་གཅོད་པ་ལག་ལེན་ནོ༔ དཔེར་ན་འབངས་སུ་གྱུར་ཕྱིན་ཆད་ཡང་ཡང་བཅོམ་དྲག་ན་མཐར་རྗེའི་སྲོག་འབངས་ཀྱིས་བསྡོ་བ་ལས་འོས་མེད་པ་ལྟ་བུ་ཡིན་པས་ཤེས་པར་བྱའོ༔

ཟབ་མོ་གཅོད་ཀྱི་གདམས་པ་གདན་ཐོག་གཅིག་ཏུ་ཉམས་སུ་ལེན་ཚུལ་ཤེར་ཕྱིན་དགོངས་པའི་ཆུན་འཕྱངས།

ཡང་གསང་ཌཱཀྐིའི་ཐུགས་ཐིག་ལས༔ ཟབ་མོ་གཅོད་ཀྱི་གདམས་པ་གདན་ཐོག་གཅིག་ཏུ་ཉམས་སུ་ལེན་ཚུལ་ཤེར་ཕྱིན་དགོངས་པའི་ཆུན་འཕྱངས་བཞུགས༔

བླ་མ་མ་ཅིག་མཁའ་འགྲོ་ལ༔ གུས་པས་འདུད་དོ་ཤིས་པ་སྩོལ༔ ས་མ་ཡཱ༔ དང་པོ་ཟིལ་གནོན་སྐོར་གསུམ་དང༔ དབང་སྡུད་མཁའ་འགྲོའི་བྲོ་ར་སོགས༔ རང་གཞུང་བཞིན་དུ་ལེགས་པར་གྲུབ༔ དེ་ནས་དངོས་གཞིའི་རིམ་པ་ནི༔ ཚོགས་ཞིང་གསལ་འདེབས་འདི་བཞིན་གྱེར༔ ཕཊ༔ བདག་ཉིད་ཐ་མལ་སྤྱི་བོ་ཡི༔ ཐད་ཀྱི་ནམ་མཁར་འོག་མིན་ཞིང༔ ཕོ་བྲང་རྒྱན་བཀོད་ཕུན་ཚོགས་དབུས༔ པད་སྡོང་ཡལ་ག་ལྔ་ལྡན་དབུས༔ སེང་ཁྲི་པདྨ་ཉི་ཟླའི་སྟེང༔ ཏི་ར་བམ་སྟེང་བཾ་ཡིག་གསལ༔ སྐད་ཅིག་སྟོང་གསལ་བམ་ཡིག་ནི༔ མ་ཅིག་ལབ་སྒྲོན་ཁྲོས་མའི་སྐུ༔ མཐིང་ནག་དར་དང་རུས་རྒྱན་ཅན༔ མགོ་ཕྲེང་ཁྲོ་མོའི་ཆས་ཀྱིས་སྤུད༔ ཞལ་བསྒྲད་མཆེ་གཙིགས་སྤྱན་གསུམ་ཟླུམ༔ ཕག་ཞལ་རྣ་ལྟག་གཡས་སུ་ངུར༔ ཕྱག་གཡས་གྲི་གུག་ནམ་མཁར་ཕྱར༔ ཕྱག་གཡོན་ཐོད་ཁྲག་ཐུགས་ཀར་བསྐྱིལ༔ ཁ་ཊཱཾ་མཆན་བརྟེན་རུས་རྒྱན་གསོལ༔ ཞབས་གཉིས་བརྐྱང་བསྐུམ་སྒེག་ཅིང་དཔའ༔ ཤར་དུ་བདེ་ཆེན་ཞི་བའི་ཉམས༔ ལྷོ་རུ་དོན་གྲུབ་རྒྱས་པའི་མདངས༔ ནུབ་ཏུ་སྒྲ་སྒྲོག་ཆགས་ཤིང་བཞད༔ བྱང་དུ་བི་ཤྭ་མཐར་ཕྱིན་ཁྲོས༔ མཁའ་འགྲོ་སྡེ་བཞི་ལས་བཞིའི་མདོག༔ ཕྱག་མཚན་ཆ་ལུགས་གཙོ་མོར་མཐུན༔ རང་འཁོར་འབུམ་ཕྲག་ཡངས་པ་ཡི༔ མཁའ་འགྲོ་རྒྱ་མཚོའི་དབུས་ན་བཞུགས༔ དབུ་ཐོག་ཉི་ཟླ་པདྨའི་སྟེང༔ ཡུམ་ཆེན་ཆོས་སྐུ་གསེར་མདོག་འཛུམ༔ ཕྱག་བཞི་དང་པོ་མཉམ་བཞག་དང༔ འོག་གཉིས་གསེར་རྡོར་གླེགས་བམ་བསྣམས༔ སངས་རྒྱས་བྱང་སེམས་དཔག་མེད་བསྐོར༔ པད་སྡོང་མདུན་སྟེང་ལྷག་པའི་ལྷ༔ ཡི་དམ་རྒྱུད་སྡེ་དྲུག་གི་ལྷ༔ པད་སྡོང་གཡས་སྟེང་འཇའ་འོད་ཀློང༔ དམ་པ་སངས་རྒྱས་ནག་སྣུམ་སྨུག༔ ཕྱག་གཉིས་ཌཱ་རུ་མི་རྐང་འབུད༔ ཞབས་གཉིས་བརྐྱང་བསྐུམ་སྒོམ་ཐག་མཛེས༔ གྲུབ་ཐོབ་རྒྱ་མཚོའི་དབུས་ཉིད་དུ༔ རྡོ་རྗེའི་བརྡ་ཚིག་ཕཊཿསྒྲ་སྒྲོག༔ པད་སྡོང་རྒྱབ་སྟེང་རྒྱལ་བ་ནི༔ བཅོམ་ལྡན་ཤཱཀྱའི་དབང་པོ་བཞུགས༔ བསྐལ་བཟང་སངས་རྒྱས་སྟོང་རྩ་དང༔ བྱང་སེམས་ཉན་རང་ཚོགས་ཀྱིས་བསྐོར༔ པད་སྡོང་གཡོན་སྟེང་ཟེའུ་འབྲུའི་དབུས༔ རྒྱལ་བ་ཀུན་གྱི་ཕྲིན་ལས་མ༔ སེང་ལྡིང་ནགས་ཀྱི་སྒྲོལ་མ་ལ༔ ཏཱ་རེ་ཉེར་གཅིག་མཁའ་འགྲོས་བསྐོར༔ བར་མཚམས་དཔའ་བོ་རྣལ་འབྱོར་མ༔ ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་དང༔ དཀར་ཕྱོགས་སྐྱོང་བའི་སྡེ་བརྒྱད་གསལ༔ གདན་མཐར་བགེགས་རིགས་ལན་ཆགས་དང༔ རིགས་དྲུག་སྙིང་རྗེའི་མགྲོན་གྱི་ཚོགས༔ མཁའ་དབྱིངས་ཆུ་འཛིན་འཁྲིགས་བཞིན་གསལ༔ ཚོགས་ཞིང་གསལ་འདེབས་སྐྱབས་འགྲོ་བྱ༔ ཕཊཿ ན་མོ་གཉན་སའི་ལྷ་འདྲེ་དང༔ མཁའ་མཉམ་འགྲོ་བ་མ་ལུས་ཀུན༔ རང་གྲོལ་ཡེ་ཤེས་རྟོགས་བྱའི་ཕྱིར༔ མཆོག་གསུམ་རྩ་གསུམ་མ་ཅིག་མ༔ ཆོས་སྐྱོང་དམ་ཅན་སྲུང་མ་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ལན་གསུམ༔ ཕཊཿ སྨོན་འཇུག་བྱང་ཆུབ་སེམས་བསྐྱེད་ནི༔ གཟུང་འཛིན་ཨ་འཐས་འཁྲུལ་བའི་འགྲོ༔ སྡུག་བསྔལ་རྒྱ་མཚོར་བྱིང་བ་ཡི༔ ཡུམ་ཆེན་གོ་འཕང་ལ་འགོད་ཕྱིར༔ ཕར་ཕྱིན་དྲུག་གི་གཞུང་ལམ་ལ༔ བརྟེན་ནས་བྱང་ཆུབ་སེམས་བསྐྱེད་འཚལ༔ ལན་གསུམ༔ ཕཊཿ ཚོགས་བསགས་ཡན་ལག་བདུན་འབུལ་ནི༔ ན་མོ༔ གཉན་ས་འདིར་གནས་ཀྱི་ལྷ་འདྲེ་དང༔ གནས་གདོན་ལུས་གདོན་གྱིས་གཙོར་བྱས་པའི༔ མཁའ་མཉམ་འགྲོ་བ་སེམས་ཅན་ཀུན༔ རང་རིག་ཡེ་ཤེས་སྟོན་མཛད་པའི༔ རྩ་བའི་བླ་མར་ཕྱག་འཚལ་ལོ༔ སྤངས་རྟོགས་ཕུན་སུམ་ཚོགས་པ་ཡི༔ སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ༔ ཞི་གྱུར་འདོད་ཆགས་བྲལ་བ་ཡི༔ དམ་པའི་ཆོས་ལ་ཕྱག་འཚལ་ལོ༔ གང་ལ་ཕུལ་ན་དོན་ཆེ་བ༔ དགེ་འདུན་རྣམས་ལ་ཕྱག་འཚལ་ལོ༔ སྣང་སྲིད་ཟིལ་གནོན་ཐུགས་རྗེ་ཅན༔ ཕ་དམ་པ་ནག་པོར་ཕྱག་འཚལ་ལོ༔ མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔ ལབ་སྒྲོན་ཁྱོད་ལ་ཕྱག་འཚལ་ལོ༔ ལྟ་སྒོམ་ཐུགས་སུ་ཆུད་པ་ཡི༔ རྩ་བརྒྱུད་བླ་མར་ཕྱག་འཚལ་ལོ༔ དངོས་གྲུབ་ངེས་པར་སྟེར་མཛད་པའི༔ ཡི་དམ་ལྷ་ལ་ཕྱག་འཚལ་ལོ༔ བརྩེ་གདུང་དམ་ཚིག་ལྡན་པ་ཡི༔ མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ༔ བཀའ་དང་དམ་ཚིག་ལ་གནས་པའི༔ ཆོས་སྐྱོང་རྣམ་ལ་ཕྱག་འཚལ་ལོ༔ ཇི་སྲིད་སྙིང་པོའི་བྱང་ཆུབ་བར༔ ཁྱེད་རྣམས་ལ་ནི་གསོལ་བ་འདེབས༔ ཁྱེད་རྣམས་ལ་ནི་རྟེན་བཅའ་འོ༔ སྟོང་གསུམ་རབ་འབྱམས་འཇིག་རྟེན་གྱི༔ གཟུགས་སྒྲ་དྲི་རོ་རེག་བྱའི་ཚོགས༔ ཡིད་ཀྱི་དྲན་བསམ་བདེ་སྡུག་ཀུན༔ སྐུ་གསུང་ཐུགས་ལ་མཆོད་པ་འབུལ༔ ཕན་བདེས་ནམ་མཁའ་གང་བར་ཤོག༔ ཐོག་མེད་ནས་བཟུང་ད་ལྟའི་བར༔ མ་རིག་དབང་གིས་བསགས་པ་ཡིས༔ སྐུ་གསུང་ཐུགས་དང་འགལ་བ་ཡི༔ ཁ་ན་མ་ཐོ་བཅས་པའི་ལས༔ སྡིག་པ་མི་དགེ་སོ་སོར་བཤགས༔ འགྲོ་ཀུན་དགེ་རྩ་རྗེས་ཡི་རང༔ ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ དགེ་རྣམས་སེམས་ཅན་དོན་དུ་བསྔོ༔ སྡུག་བསྔལ་རྒྱ་མཚོ་བསྐམས་ནས་ཀྱང༔ སེམས་ཅན་སངས་རྒྱས་ཐོབ་པར་ཤོག༔ ཅེས་བརྗོད་མི་དམིགས་ངང་ལ་བཞག༔ འཕོ་བ་ནམ་མཁའ་སྒོ་འབྱེད་ལ༔ རྣམ་སྣང་ཆོས་བདུན་དང་བཅས་ངང༔ ཕཊཿ རང་ཉིད་ཐ་མལ་དུ་གནས་པའི་ལུས་སྟོང་གསལ་ཕྲུ་མ་ཕུས་བཏབ་པ་ལྟ་བུའི་དབུས་སུ་རྩ་དབུ་མ་ཕྱི་དཀར་ལ་ནང་དམར་བ༔ ངོ་བོ་སྟོང་ལ་རང་བཞིན་གསལ་བ་སྦ་ལྕག་འབྲིང་པོ་ཙམ་ཡར་སྣེ་ཚངས་བུག་ཏུ་ཟུག་པ་རྒྱ་སྐར་ཁ་ཕྱེ་བ་ལྟ་བུ༔ མར་སྣེ་ལྟེ་འོག་ཏུ་ཟུག་པ་གསལ་བར་གྱུར༔ ཕཊཿ རྐང་མཐིལ་གཡས་གཡོན་ཐབས་ཤེས་ཀྱི་ཐིག་ལེ་དཀར་དམར་སྲན་མའི་རྡོག་པོ་ཙམ་རེ་གསལ་བར་བསམ༔ ཕཊཿ དེ་གཉིས་ཡར་འཕར་གསང་གནས་སུ་གཅིག་ཏུ་འདྲེས་པའི་ཐིག་ལེ་དཀར་ལ་དམར་བའི་མདངས་ཆགས་པ་བྱ་མ་སར་གྱི་སྒོ་ང་ཙམ་ཉི་མའི་སྙིང་པོ་དང་མཚུངས་པ་འཕར་འདར་ལིང་ངེ་བ་གཅིག་ཏུ་གྱུར༔ ཕཊཿ དེ་ཉིད་ཡར་འཕར་ལྟེ་བར་སླེབས༔ ཕཊཿ ཡར་འཕར་སྙིང་ཀར་སླེབས་པས་ཚེ་བསོད་ནམས་བཀྲག་མདངས་ཐམས་ཅད་འདུས་པའི་ངོ་བོ་རླུང་སེམས་དབྱེར་མེད་འོད་ཀྱི་ཐིག་ལེ་ཁ་དོག་ལྔ་ལྡན་དུ་གྱུར༔ ཕཊཿ ཡར་འཕར་མགྲིན་པར་སླེབས༔ ཕཊཿ ཡར་འཕར་སྤྱི་བོར་སླེབས༔ ཕཊཿ ཚངས་བུག་ནས་ཐོན་ནམ་མཁར་སླེབས་ནམ་མཁའ་དང་རིག་པ་དབྱེར་མེད་དུ་གྱུར༔ ཕཊཿ ནམ་མཁས་གར་ཁྱབ་ཐིག་ལེས་ཁྱབ༔ ཐིག་ལེས་གར་ཁྱབ་ཆོས་སྐུས་ཁྱབ༔ ནམ་མཁའ་དང་སེམས་ཉིད་ཆོས་སྐུ་ཁྱབ་བརྡལ་ཆེན་པོར་རོ་གཅིག་ཏུ་གྱུར༔ ཕཊཿ ཁྲོས་མའི་ཐུགས་ལས་རང་རིག་པ༔ ཧྲཱིཿཡིག་རྣམ་པར་ཕྱིར་འཕྲོས་པས༔ རྣལ་འབྱོར་དམར་མོ་གྲི་ཐོད་ཅན༔ དེ་ཡིས་ལྤགས་པ་བཤས་གྱུར་པས༔ ལྤགས་པ་དབང་ཆེན་ས་གཞི་ལ༔ ཟོ་ཁོག་རི་རྒྱལ་མཆོག་རབ་ཉིད༔ མགོ་བོ་རྣམ་རྒྱལ་ཁང་བཟང་མཆོག༔ མིག་གཉིས་ཉི་ཟླ་སོ་རྒྱུ་སྐར༔ སྙིང་ནི་ཡིད་བཞིན་རིན་པོ་ཆེ༔ ཁྲག་ནི་སྤོས་ཆུ་རྩ་རྒྱུས་དང༔ ལྕགས་རི་ཡན་ལག་གླིང་ཆེན་བཞི༔ ཉིང་ལག་གླིང་ཕྲན་བརྒྱད་དང་ནི༔ རྒྱུ་མ་རི་བདུན་དོན་སྣོད་ལྔ༔ ལྷ་མིའི་ལོངས་སྤྱོད་དཔག་ཏུ་མེད༔ ཚོགས་བརྒྱད་འདོད་ཡོན་ལྷ་མོར་སྤྲུལ༔ རང་ལུས་མཎྜལ་ཡོངས་སུ་རྫོགས༔ ཡུམ་ཆེན་ཆོས་ཀྱི་སྐུ་ལ་འབུལ༔ མ་ཅིག་ཁྲོས་མ་ལྔ་ལ་འབུལ༔ སྐྱབས་གནས་དཀོན་མཆོག་གསུམ་ལ་འབུལ༔ གཅོད་བརྒྱུད་བླ་མ་རྣམས་ལ་འབུལ༔ ཡི་དམ་རྒྱུད་སྡེའི་ཚོགས་ལ་འབུལ༔ མཁའ་འགྲོ་ཏཱ་རེ་མ་ལ་འབུལ༔ སངས་རྒྱས་བྱང་སེམས་ལྷ་ལ་འབུལ༔ བཀའ་སྲུང་གཏེར་བདག་རྒྱ་མཚོར་འབུལ༔ ཐུགས་རྗེས་འགྲོ་བའི་དོན་དུ་བཞེས༔ བདག་ཅག་ཚོགས་གཉིས་རབ་རྫོགས་ནས༔ སྒྲིབ་གཉིས་དྲི་མ་དག་གྱུར་ཅིག༔ ཡུམ་ཆེན་གོ་འཕང་མྱུར་ཐོབ་ཤོག༔ ཕཊཿ ཕཊཿ ཕཊཿ ཅེས་འཁོར་གསུམ་དག་པས་རྒྱས་གདབ་བྱ༔ ཕཊཿ མདུན་མཁར་ཡུམ་ཆེན་ཕ་རོལ་ཕྱིན༔ ཐུགས་ཀར་པད་ཟླའི་སྟེང་དུ་ཨཱ༔ མཐའ་མར་ག་ཏེའི་ཕྲེང་བས་བསྐོར༔ འོད་འཕྲོས་འཕགས་མཆོད་བྱིན་ནུས་བཀུག༔ འབྲུ་གསུམ་རྣམ་པས་ཐུགས་ཀར་བསྟིམ༔ སྐུ་ལས་བདུད་རྩིའི་རྒྱུན་བབས་པས༔ རང་དང་ལྷ་འདྲེའི་སྤྱི་བོར་ཞུགས༔ སྒོ་གསུམ་ཆག་ཉམས་སྡིག་སྒྲིབ་ཀུན༔ འོག་སྒོ་རྐང་མཐིལ་བུ་ག་ནས༔ ཕྱིར་ཐོན་འཆི་བདག་གཤིན་རྗེ་དང༔ ལན་ཆགས་གྲིབ་བདག་ཕོ་མོ་ཡི༔ ཁར་སོང་དུས་མིན་འཆི་བ་བསླུ༔ བུ་ལོན་ཤ་འཁོན་དག་པར་བསམ༔ ཏདྱ་ཐཱ༔ ག་ཏེ་ག་ཏེ་པ་ར་ག་ཏེ་པ་ར་སཾ་ག་ཏེ་བྷོ་དྷི་སྭཱ་ཧཱ༔ ཅི་ནུས་བཟླས༔ མཐར་ལུས་ཀྱི་སྒྲིབ་པ་དག་པས་ཤེལ་གོང་ལྟར་གྱུར་ཅིང་སྣང་བ་ཡུམ་གྱི་སྐུར་དག་ཅིང༔ མི་དམིགས་དོན་གྱི་གཤིས་སུ་ཀློད་པར་བྱ༔ ཕཊཿ དེ་ནས་མ་ཅིག་རྒྱུད་བསྐུལ་གྱི་བཟླས་པ་ནི༔ ཕཊཿ ཕག་ཁྲོས་ལྷ་ལྔའི་ཐུགས་ཀར་པད་ཉིའི་སྟེང༔ བཾ་དང་ཧ་རི་ནི་ས་ཡིག་འབྲུ་ལྔ༔ དེ་ལས་འོད་འཕྲོས་རྒྱལ་བ་སྲས་བཅས་དང༔ རྩ་གསུམ་དམ་ཅན་རྒྱ་མཚོའི་ཐུགས་རྒྱུད་བསྐུལ༔ བྱིན་རླབས་ཡིག་འབྲུ་རིགས་ལྔའི་ཐུགས་ཀར་བསྟིམ༔ འོད་ཟེར་ཁ་དོག་ལྔ་ལྡན་རང་ཉིད་ཀྱི༔ གནས་ལྔར་ཐིམ་པས་སྒྲིབ་བཞི་དག་ནས་ཀྱང༔ དབང་བཞི་མཆོག་ཐུན་དངོས་གྲུབ་ཀུན་ཐོབ་གྱུར༔ བཾ་ཧ་རི་ནི་ས་ཛྙཱ་ན་ཌཱཀྐི་ནི་སིདྡྷི་ཕ་ལ་ཧཱུྃ༔ ཞེས་བཟླས་མཐར༔ གསོལ་འདེབས་མོས་གུས་དྲག་པོས་ཌཱ་དྲིལ་རྐང་དུང་རོལ་མོས་སྣ་དྲངས་ཏེ་གདུང་ཤུགས་མོས་པ་བརྟན་པོས་འདི་སྐད་དོ༔ ཕཊཿ ན་མོ་གུ་རུ་ཝེ༔ གནས་འོག་མིན་ཆོས་དབྱིངས་ཞིང་ཁམས་ནས༔ ཡུམ་ཆེན་ཤེར་ཕྱིན་བྱིན་རླབས་ཅན༔ བྱིན་རླབས་ཅན་ལ་གསོལ་བ་འདེབས༔ བླ་མ་ལ་གསོལ་བ་འདེབས༔ མ་ཅིག་ལ་གསོལ་བ་འདེབས༔ ཡུམ་ཆེན་མོས་བྱིན་གྱིས་རློབས༔ གནས་བྱ་རྒོད་ཕུང་པོའི་རི་བོ་ནས༔ ཡང་དག་རྫོགས་པའི་སངས་རྒྱས་བྱིན་རླབས་ཅན༔ བྱིན་རླབས་ཅན་ལ་གསོལ་བ་འདེབས༔ བླ་མ་ལ་གསོལ་བ་འདེབས༔ མ་ཅིག་ལ་གསོལ་བ་འདེབས༔ ཡུམ་ཆེན་མོས་བྱིན་གྱིས་རློབས༔ གནས་སེང་ཆེན་བསྣོལ་བའི་ཁྲི་སྟེང་ནས༔ འཇམ་དཔལ་སྨྲ་སེང་བྱིན་རླབས་ཅན༔ བྱིན་རླབས་ཅན་ལ་གསོལ་བ་འདེབས༔ བླ་མ་ལ་གསོལ་བ་འདེབས༔ མ་ཅིག་ལ་གསོལ་བ་འདེབས༔ ཡུམ་ཆེན་མོས་བྱིན་གྱིས་རློབས༔ དཔལ་གཡུ་ལོ་བཀོད་པའི་ཞིང་ཁམས་ནས༔ རྗེ་བཙུན་སྒྲོལ་མ་བྱིན་རླབས་ཅན༔ བྱིན་རླབས་ཅན་ལ་གསོལ་བ་འདེབས༔ བླ་མ་ལ་གསོལ་བ་འདེབས༔ མ་ཅིག་ལ་གསོལ་བ་འདེབས༔ ཡུམ་ཆེན་མོས་བྱིན་གྱིས་རློབས༔ མཁའ་སྤྱོད་མཁའ་འགྲོའི་ཞིང་ཁམས་ནས༔ སུ་ཁ་སིདྡྷི་བྱིན་རླབས་ཅན༔ བྱིན་རླབས་ཅན་ལ་གསོལ་བ་འདེབས༔ བླ་མ་ལ་གསོལ་བ་འདེབས༔ མ་ཅིག་ལ་གསོལ་བ་འདེབས༔ ཡུམ་ཆེན་མོས་བྱིན་གྱིས་རློབས༔ གནས་རྒྱ་གར་འཇག་མའི་སྤྱིལ་བུ་ནས༔ ཨཱརྱ་དྷེ་ཝ་བྱིན་རླབས་ཅན༔ བྱིན་རླབས་ཅན་ལ་གསོལ་འདེབས༔ བླ་མ་ལ་གསོལ་འདེབས༔ མ་ཅིག་ལ་གསོལ་བ་འདེབས༔ ཡུམ་ཆེན་མོས་བྱིན་གྱི་རློབས༔ གནས་ལ་སྟོད་དིང་རིའི་དགོན་པ་ནས༔ དམ་པ་རྒྱ་གར་བྱིན་རླབས་ཅན༔ བྱིན་རླབས་ཅན་ལ་གསོལ་བ་འདེབས༔ བླ་མ་ལ་གསོལ་བ་འདེབས༔ མ་ཅིག་ལ་གསོལ་བ་འདེབས༔ ཡུམ་ཆེན་མོས་བྱིན་གྱིས་རློབས༔ གནས་ར་ས་སྤ་ལུང་དགོན་པ་ནས༔ སྐྱོ་སྟོན་ཁུ་དབོན་བྱིན་རླབས་ཅན༔ བྱིན་རླབས་ཅན་ལ་གསོལ་བ་འདེབས༔ བླ་མ་ལ་གསོལ་བ་འདེབས༔ མ་ཅིག་ལ་གསོལ་བ་འདེབས༔ ཡུམ་ཆེན་མོས་བྱིན་གྱིས་རློབས༔ གནས་ཟངས་རི་མཁར་དམར་ཀྱི་དགོན་པ་ནས༔ མ་ཅིག་ལབ་སྒྲོན་བྱིན་རླབས་ཅན༔ བྱིན་རླབས་ཅན་ལ་གསོལ་བ་འདེབས༔ བླ་མ་ལ་གསོལ་བ་འདེབས༔ མ་ཅིག་ལ་གསོལ་བ་འདེབས༔ ཡུམ་ཆེན་མོས་བྱིན་གྱིས་རློབས༔ གནས་གཡེར་ཆུང་གླིང་ལུང་དགོན་པ་ནས༔ རྒྱལ་བ་དོན་གྲུབ་བྱིན་རླབས་ཅན༔ བྱིན་རླབས་ཅན་ལ་གསོལ་བ་འདེབས༔ བླ་མ་ལ་གསོལ་བ་འདེབས༔ མ་ཅིག་ལ་གསོལ་བ་འདེབས༔ ཡུམ་ཆེན་མོས་བྱིན་གྱིས་རློབས༔ གནས་ཤམ་པོ་གངས་ཀྱི་དབེན་གནས་ནས༔ ཐོད་སྨྱོན་བསམ་གྲུབ་བྱིན་རླབས་ཅན༔ བྱིན་རླབས་ཅན་ལ་གསོལ་བ་འདེབས༔ བླ་མ་ལ་གསོལ་བ་འདེབས༔ མ་ཅིག་ལ་གསོལ་བ་འདེབས༔ ཡུམ་ཆེན་མོས་བྱིན་གྱིས་རློབས༔ གནས་འཇའ་འོད་འཁྱིལ་བའི་གཞལ་ཡས་ནས༔ ལ་འདུལ་སྒྲོན་མ་བྱིན་རླབས་ཅན༔ བྱིན་རླབས་ཅན་ལ་གསོལ་བ་འདེབས༔ བླ་མ་ལ་གསོལ་བ་འདེབས༔ མ་ཅིག་ལ་གསོལ་བ་འདེབས༔ ཡུམ་ཆེན་མོས་བྱིན་གྱིས་རློབས༔ གནས་གཉན་ས་རི་ཁྲོད་དགོན་པ་ནས༔ བརྒྱུད་གསུམ་བླ་མ་བྱིན་རླབས་ཅན༔ བྱིན་རླབས་ཅན་ལ་གསོལ་བ་འདེབས༔ བླ་མ་ལ་གསོལ་བ་འདེབས༔ མ་ཅིག་ལ་གསོལ་བ་འདེབས༔ ཡུམ་ཆེན་མོས་བྱིན་གྱིས་རློབས༔ གནས་ཕྱོགས་མེད་གདུལ་བྱའི་མགོན་གཅིག་པུ༔ བྱང་ཆུབ་གླིང་པ་བྱིན་རླབས་ཅན༔ བྱིན་རླབས་ཅན་ལ་གསོལ་བ་འདེབས༔ བླ་མ་ལ་གསོལ་བ་འདེབས༔ མ་ཅིག་ལ་གསོལ་བ་འདེབས༔ ཡུམ་ཆེན་མོས་བྱིན་གྱིས་རློབས༔ གནས་སྣང་སྲིད་དག་པ་རབ་འབྱམས་ནས༔ ལུང་རིག་གླིང་པ་བྱིན་རླབས་ཅན༔ བྱིན་རླབས་ཅན་ལ་གསོལ་བ་འདེབས༔ བླ་མ་ལ་གསོལ་བ་འདེབས༔ མ་ཅིག་ལ་གསོལ་བ་འདེབས༔ ཡུམ་ཆེན་མོས་བྱིན་གྱིས་རློབས༔ གནས་མ་ངེས་བརྟུལ་ཞུགས་ལམ་སློང་བ༔ བསམ་གཏན་ཛྙཱ་ན་དྭཱི་པ་བྱིན་རླབས་ཅན༔ བྱིན་རླབས་ཅན་ལ་གསོལ་བ་འདེབས༔ བླ་མ་ལ་གསོལ་བ་འདེབས༔ མ་ཅིག་ལ་གསོལ་བ་འདེབས༔ ཡུམ་ཆེན་མོས་བྱིན་གྱིས་རློབས༔ གནས་དགའ་བཞིའི་ཡེ་ཤེས་མཛའ་ན་མོ༔ སྐལ་བཟང་ཌཱཀྐི་བྱིན་རླབས་ཅན༔ བྱིན་རླབས་ཅན་ལ་གསོལ་བ་འདེབས༔ བླ་མ་ལ་གསོལ་བ་འདེབས༔ མ་ཅིག་ལ་གསོལ་བ་འདེབས༔ ཡུམ་ཆེན་མོས་བྱིན་གྱིས་རློབས༔ གནས་སྔོན་སྨོན་ལས་འབྲེལ་ཞིང་ཁམས་ནས༔ ཆོས་བདག་སྐྱེས་བུ་བྱིན་རླབས་ཅན༔ བྱིན་རླབས་ཅན་ལ་གསོལ་བ་འདེབས༔ བླ་མ་ལ་གསོལ་བ་འདེབས༔ མ་ཅིག་ལ་གསོལ་བ་འདེབས༔ ཡུམ་ཆེན་མོས་བྱིན་གྱིས་རློབས༔ གནས་སྤྱི་གཙུག་ཉི་ཟླའི་གདན་སྟེང་ནས༔ རྩ་བའི་བླ་མ་བྱིན་རླབས་ཅན༔ བྱིན་རླབས་ཅན་ལ་གསོལ་བ་འདེབས༔ བླ་མ་ལ་གསོལ་བ་འདེབས༔ མ་ཅིག་ལ་གསོལ་བ་འདེབས༔ ཡུམ་ཆེན་མོས་བྱིན་གྱིས་རློབས༔ ལྷུན་གྲུབ་རྩ་ཡི་ཕོ་བྲང་ནས༔ ཡི་དམ་ཞི་ཁྲོ་བྱིན་རླབས་ཅན༔ བྱིན་རླབས་ཅན་ལ་གསོལ་བ་འདེབས༔ བླ་མ་ལ་གསོལ་བ་འདེབས༔ མ་ཅིག་ལ་གསོལ་བ་འདེབས༔ ཡུམ་ཆེན་མོས་བྱིན་གྱིས་རློབས༔ གསང་གནས་བདེ་བ་ཆེན་པོའི་ཕོ་བྲང་ནས༔ མ་ཚོགས་མཁའ་འགྲོ་བྱིན་རླབས་ཅན༔ བྱིན་རླབས་ཅན་ལ་གསོལ་བ་འདེབས༔ བླ་མ་ལ་གསོལ་བ་འདེབས༔ མ་ཅིག་ལ་གསོལ་བ་འདེབས༔ ཡུམ་ཆེན་མོས་བྱིན་གྱིས་རློབས༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས༔ མ་མགོན་ཆོས་སྐྱོང་བྱིན་རླབས་ཅན༔ བྱིན་རླབས་ཅན་ལ་གསོལ་བ་འདེབས༔ བླ་མ་ལ་གསོལ་བ་འདེབས༔ མ་ཅིག་ལ་གསོལ་བ་འདེབས༔ ཡུམ་ཆེན་མོས་བྱིན་གྱིས་རློབས༔ བརྩེ་གདུང་འདུ་འབྲལ་མེད་ཀློང་ནས༔ མཆེད་དང་ལྕམ་དྲལ་བྱིན་རླབས་ཅན༔ བྱིན་རླབས་ཅན་ལ་གསོལ་བ་འདེབས༔ བླ་མ་ལ་གསོལ་བ་འདེབས༔ མ་ཅིག་ལ་གསོལ་བ་འདེབས༔ ཡུམ་ཆེན་མོས་བྱིན་གྱིས་རློབས༔ བརྟུལ་ཞུགས་ལམ་དུ་སློང་བའི་གྲོགས༔ སྣང་སྲིད་ལྷ་འདྲེ་བྱིན་རླབས་ཅན༔ བླ་མ་ལ་གསོལ་བ་འདེབས༔ མ་ཅིག་ལ་གསོལ་བ་འདེབས༔ ཡུམ་ཆེན་མོས་བྱིན་གྱིས་རློབས༔ ཐོག་མེད་དྲིན་གྱིས་སྐྱོང་བའི་མ༔ རིགས་དྲུག་ཕ་མ་བྱིན་རླབས་ཅན༔ བྱིན་རླབས་ཅན་ལ་གསོལ་བ་འདེབས༔ བླ་མ་ལ་གསོལ་བ་འདེབས༔ མ་ཅིག་ལ་གསོལ་བ་འདེབས༔ ཡུམ་ཆེན་མོས་བྱིན་གྱིས་རློབས༔ དེ་ལྟར་གསོལ་བ་བཏབ་པས་ཚོགས་ཞིང་གི༔ དཔྲལ་བ་མགྲིན་པ་ཐུགས་ཀ་སོ་སོ་ནས༔ ཨོཾ་དཀར་ཨཱཿདམར་ཧཱུྂ་སྔོན་དཔག་མེད་བྱུང༔ བདག་དང་བསྲུང་བྱའི་ལུས་ངག་ཡིད་ལ་ཐིམ༔ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་ཏུ་གསོལ༔ ཕཊཿ ཕཊཿ ཕཊཿ གཅོད་ཡུལ་ཚོགས་ཞིང་བླ་མ་ཡི་དམ་དང༔ མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཐམས་ཅད་ལ༔ སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་འདེབས༔ བྱིན་གྱིས་རློབས་ཤིག་གཅོད་ཡུལ་བརྒྱུད་པའི་ཚོགས༔ དངོས་གྲུབ་སྩོལ་ཅིག་ཨ་མ་ལབ་ཀྱི་སྒྲོན༔ གསོལ་བ་འདེབས་སོ་དམ་པ་རྒྱ་གར་བ༔ དངོས་གྲུབ་སྩོལ་ཅིག་བདུད་འདུལ་ཁྲོས་མའི་ཚོགས༔ གསོལ་བ་འདེབས་སོ་རྗེ་བཙུན་གླིང་ལུང་བ༔ དངོས་གྲུབ་སྩོལ་ཅིག་གནས་གསུམ་མཁའ་འགྲོའི་ཚོགས༔ ལུས་ལ་སྐུ་ཡི་བྱིན་གྱིས་བརླབ་ཏུ་གསོལ༔ འཆི་མེད་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ ངག་ལ་གསུང་གི་བྱིན་གྱིས་བརླབ་ཏུ་གསོལ༔ ནུས་མཐུ་ཆོས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ སེམས་ལ་ཐུགས་ཀྱི་བྱིན་གྱིས་བརླབ་ཏུ་གསོལ༔ ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བསྩལ་དུ་གསོལ༔ གསོལ་བ་འདེབས་སོ་སྣང་སྲིད་བྱིན་གྱིས་རློབས༔ དལ་འབྱོར་དོན་དང་ལྡན་པར་བྱིན་གྱིས་རློབས༔ འཆི་བ་སྙིང་ནས་དྲན་པར་བྱིན་གྱིས་རློབས༔ བླང་དོར་གནས་ལ་མཁས་པར་བྱིན་གྱིས་རློབས༔ འཁོར་བར་ཞེན་པ་ལོག་པར་བྱིན་གྱིས་རློབས༔ དགོས་མེད་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས༔ ཟོལ་མེད་རང་རྒྱུད་ཐུལ་བར་བྱིན་གྱིས་རློབས༔ ཆགས་མེད་འགྲོ་དོན་ནུས་པར་བྱིན་གྱིས་རློབས༔ གྲོགས་མེད་བློ་བདེ་དྲན་པར་བྱིན་གྱིས་རློབས༔ ངེས་མེད་གཉན་ཁྲོད་ཟིན་པར་བྱིན་གྱིས་རློབས༔ ཕྱོགས་མེད་རི་ཁྲོད་ཐུབ་པར་བྱིན་གྱིས་རློབས༔ འཕྱུགས་མེད་ཆོས་ཚུགས་ཟིན་པར་བྱིན་གྱིས་རློབས༔ འགྱུར་མེད་མོས་གུས་བརྟན་པར་བྱིན་གྱིས་རློབས༔ ཉམས་མེད་ངེས་འབྱུང་སྐྱེ་བར་བྱིན་གྱིས་རློབས༔ འབྲལ་མེད་བླ་མ་དྲན་པར་བྱིན་གྱིས་རློབས༔ གཞོམ་མེད་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས༔ འཇིགས་མེད་གདེང་ཆེན་འཐོབ་པར་བྱིན་གྱིས་རློབས༔ སྣང་བ་བདེན་མེད་རྟོགས་པར་བྱིན་གྱིས་རློབས༔ བདག་མེད་ཤེས་རབ་རྟོགས་པར་བྱིན་གྱིས་རློབས༔ ཡུལ་མེད་ཟང་ཐལ་མཐོང་བར་བྱིན་གྱིས་རློབས༔ འཁྲུལ་མེད་བཙན་ས་ཟིན་པར་བྱིན་གྱིས་རློབས༔ ཡེང་མེད་ཁོར་ཡུག་འདྲེས་པར་བྱིན་གྱིས་རློབས༔ བསྒོམ་མེད་རྫོགས་ཆེན་རྟོགས་པར་བྱིན་གྱིས་རློབས༔ བཅོས་མེད་གནས་ལུགས་རང་གཞིའི་ཞལ་མཐོང་ནས༔ སྐུ་བཞིའི་བདག་ཉིད་མངོན་དུ་འགྱུར་བར་ཤོག༔ ཕཊཿ ཕཊཿ ཕཊཿ ཕཊཿ མ་ཅིག་ཁྲོས་མ་ལྷ་ལྔའི་སྐུ་གར་སྟབས་ཤིག་ཤིགཿ ཕྱག་ཌཱ་དྲིལ་ཁྲོལ་ཁྲོལཿ གསུང་སྙན་པའི་གླུ་དབྱངསཿ ཐུགས་ཆོས་ཉིད་ཀྱི་ངང་ནས་བདག་ལ་བརྩེ་བའི་ཐུགས་རྗེས་འོད་ཁྱུག་ཁྱུག་བྱོན་པར་དམིགས་ལ༔ ཕཊཿ ཀྱེ༔ མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔ མ་ཅིག་ཇོ་མོ་རྣལ་འབྱོར་མ༔ ཕ་རོལ་ཕྱིན་པའི་གྲུབ་ཐོབ་མ༔ སྐལ་ལྡན་ཀུན་གྱི་རྒྱུད་གྲོལ་མ༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ བཅོམ་ལྡན་ཡེ་ཤེས་ཕག་མོ་རྗེ༔ མ་དབྱིངས་ལ་གཤེགས་བཞུད་མི་མངའ་ཡང༔ དོན་འགགས་མེད་ཤུགས་འབྱུང་ཐུགས་རྗེ་ཡིས༔ རྫུ་འཕྲུལ་མྱུར་བར་འདིར་གཤེགས་གསོལ༔ བདག་ཅག་ཁྱེད་ཀྱི་རྗེས་འཇུག་དང༔ མ་རིག་འཁྲུལ་བའི་སེམས་ཅན་རྣམས༔ མས་ངེས་པར་ཐུགས་རྗེས་གཟུང་དུ་གསོལ༔ དོན་ངེས་པར་བྱིན་གྱིས་བརླབ་དུ་གསོལ༔ མ་ཆོས་དབྱིངས་ནམ་མཁའི་ཀློང་ཡངས་ནས༔ ཐུགས་རྗེའི་སྤྲིན་ཕུང་ཐིབས་སེ་ཐིབ༔ དངོས་གྲུབ་ཆར་རྒྱུུན་སི་ལི་ལི༔ གཉན་ས་འདི་རུ་བྱིན་ཕོབ་ལ༔ འདིར་འདུས་སྣང་སྲིད་ལྷ་འདྲེ་དང༔ ཁམས་གསུམ་འཁོར་བའི་སེམས་ཅན་རྣམས༔ ཐུགས་རྗེས་བྱིན་གྱིས་བརླབ་ཏུ་གསོལ༔ མོས་པའི་བུ་ལ་དངོས་གྲུབ་སྩོལ༔ སྤྱི་གཙུག་རྒྱན་དུ་བཞུགས་སུ་གསོལ༔ བཞུགས་ནས་བྱིན་གྱིས་བརླབ་ཏུ་གསོལ༔ མ་ཁྱོད་དང་དགོངས་པ་མཉམ་པར་ཤོག༔ ཕཊཿ ཕཊཿ ཕཊཿ ཕཊཿ ཀྱེ༔ མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔ མ་ཅིག་ཇོ་མོ་རྣལ་འབྱོར་མ༔ ཕ་རོལ་ཕྱིན་པའི་གྲུབ་ཐོབ་མ༔ སྐལ་ལྡན་ཀུན་གྱི་རྒྱུད་གྲོལ་མ༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ བཅོམ་ལྡན་རྡོ་རྗེ་མཁའ་འགྲོ་མ༔ མ་དབྱིངས་ལ་གཤེགས་བཞུད་མི་མངའ་ཡང༔ དོན་འགགས་མེད་ཤུགས་འབྱུང་ཐུགས་རྗེ་ཡིས༔ རྫུ་འཕྲུལ་མྱུར་བར་འདིར་གཤེགས་གསོལ༔ བདག་ཅག་ཁྱེད་ཀྱི་རྗེས་འཇུག་དང༔ མ་རིག་འཁྲུལ་བའི་སེམས་ཅན་རྣམས༔ མས་ངེས་པར་ཐུགས་རྗེས་གཟུང་དུ་གསོལ༔ དོན་ངེས་པར་བྱིན་གྱིས་བརླབ་དུ་གསོལ༔ མ་ཆོས་དབྱིངས་ནམ་མཁའི་ཀློང་ཡངས་ནས༔ ཐུགས་རྗེའི་སྤྲིན་ཕུང་ཐིབས་སེ་ཐིབ༔ དངོས་གྲུབ་ཆར་རྒྱུུན་སི་ལི་ལི༔ གཉན་ས་འདི་རུ་བྱིན་ཕོབ་ལ༔ འདིར་འདུས་སྣང་སྲིད་ལྷ་འདྲེ་དང༔ ཁམས་གསུམ་འཁོར་བའི་སེམས་ཅན་རྣམས༔ ཐུགས་རྗེས་བྱིན་གྱིས་བརླབ་ཏུ་གསོལ༔ མོས་པའི་བུ་ལ་དངོས་གྲུབ་སྩོལ༔ སྤྱི་གཙུག་རྒྱན་དུ་བཞུགས་སུ་གསོལ༔ བཞུགས་ནས་བྱིན་གྱིས་བརླབ་ཏུ་གསོལ༔ མ་ཁྱོད་དང་དགོངས་པ་མཉམ་པར་ཤོག༔ ཕཊཿ ཕཊཿ ཕཊཿ ཕཊཿ ཀྱེ༔ མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔ མ་ཅིག་ཇོ་མོ་རྣལ་འབྱོར་མ༔ ཕ་རོལ་ཕྱིན་པའི་གྲུབ་ཐོབ་མ༔ སྐལ་ལྡན་ཀུན་གྱི་རྒྱུད་གྲོལ་མ༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ བཅོམ་ལྡན་རིན་ཆེན་མཁའ་འགྲོ་མ༔ མ་དབྱིངས་ལ་གཤེགས་བཞུད་མི་མངའ་ཡང༔ དོན་འགགས་མེད་ཤུགས་འབྱུང་ཐུགས་རྗེ་ཡིས༔ རྫུ་འཕྲུལ་མྱུར་བར་འདིར་གཤེགས་གསོལ༔ བདག་ཅག་ཁྱེད་ཀྱི་རྗེས་འཇུག་དང༔ མ་རིག་འཁྲུལ་བའི་སེམས་ཅན་རྣམས༔ མས་ངེས་པར་ཐུགས་རྗེས་གཟུང་དུ་གསོལ༔ དོན་ངེས་པར་བྱིན་གྱིས་བརླབ་དུ་གསོལ༔ མ་ཆོས་དབྱིངས་ནམ་མཁའི་ཀློང་ཡངས་ནས༔ ཐུགས་རྗེའི་སྤྲིན་ཕུང་ཐིབས་སེ་ཐིབ༔ དངོས་གྲུབ་ཆར་རྒྱུུན་སི་ལི་ལི༔ གཉན་ས་འདི་རུ་བྱིན་ཕོབ་ལ༔ འདིར་འདུས་སྣང་སྲིད་ལྷ་འདྲེ་དང༔ ཁམས་གསུམ་འཁོར་བའི་སེམས་ཅན་རྣམས༔ ཐུགས་རྗེས་བྱིན་གྱིས་བརླབ་ཏུ་གསོལ༔ མོས་པའི་བུ་ལ་དངོས་གྲུབ་སྩོལ༔ སྤྱི་གཙུག་རྒྱན་དུ་བཞུགས་སུ་གསོལ༔ བཞུགས་ནས་བྱིན་གྱིས་བརླབ་ཏུ་གསོལ༔ མ་ཁྱོད་དང་དགོངས་པ་མཉམ་པར་ཤོག༔ ཕཊཿ ཕཊཿ ཕཊཿ ཕཊཿ ཀྱེ༔ མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔ མ་ཅིག་ཇོ་མོ་རྣལ་འབྱོར་མ༔ ཕ་རོལ་ཕྱིན་པའི་གྲུབ་ཐོབ་མ༔ སྐལ་ལྡན་ཀུན་གྱི་རྒྱུད་གྲོལ་མ༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ བཅོམ་ལྡན་པདྨ་མཁའ་འགྲོ་མ༔ མ་དབྱིངས་ལ་གཤེགས་བཞུད་མི་མངའ་ཡང༔ དོན་འགགས་མེད་ཤུགས་འབྱུང་ཐུགས་རྗེ་ཡིས༔ རྫུ་འཕྲུལ་མྱུར་བར་འདིར་གཤེགས་གསོལ༔ བདག་ཅག་ཁྱེད་ཀྱི་རྗེས་འཇུག་དང༔ མ་རིག་འཁྲུལ་བའི་སེམས་ཅན་རྣམས༔ མས་ངེས་པར་ཐུགས་རྗེས་གཟུང་དུ་གསོལ༔ དོན་ངེས་པར་བྱིན་གྱིས་བརླབ་དུ་གསོལ༔ མ་ཆོས་དབྱིངས་ནམ་མཁའི་ཀློང་ཡངས་ནས༔ ཐུགས་རྗེའི་སྤྲིན་ཕུང་ཐིབས་སེ་ཐིབ༔ དངོས་གྲུབ་ཆར་རྒྱུུན་སི་ལི་ལི༔ གཉན་ས་འདི་རུ་བྱིན་ཕོབ་ལ༔ འདིར་འདུས་སྣང་སྲིད་ལྷ་འདྲེ་དང༔ ཁམས་གསུམ་འཁོར་བའི་སེམས་ཅན་རྣམས༔ ཐུགས་རྗེས་བྱིན་གྱིས་བརླབ་ཏུ་གསོལ༔ མོས་པའི་བུ་ལ་དངོས་གྲུབ་སྩོལ༔ སྤྱི་གཙུག་རྒྱན་དུ་བཞུགས་སུ་གསོལ༔ བཞུགས་ནས་བྱིན་གྱིས་བརླབ་ཏུ་གསོལ༔ མ་ཁྱོད་དང་དགོངས་པ་མཉམ་པར་ཤོག༔ ཕཊཿ ཕཊཿ ཕཊཿ ཕཊཿ ཀྱེ༔ མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔ མ་ཅིག་ཇོ་མོ་རྣལ་འབྱོར་མ༔ ཕ་རོལ་ཕྱིན་པའི་གྲུབ་ཐོབ་མ༔ སྐལ་ལྡན་ཀུན་གྱི་རྒྱུད་གྲོལ་མ༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ བཅོམ་ལྡན་ཀརྨ་མཁའ་འགྲོ་མ༔ མ་དབྱིངས་ལ་གཤེགས་བཞུད་མི་མངའ་ཡང༔ དོན་འགགས་མེད་ཤུགས་འབྱུང་ཐུགས་རྗེ་ཡིས༔ རྫུ་འཕྲུལ་མྱུར་བར་འདིར་གཤེགས་གསོལ༔ བདག་ཅག་ཁྱེད་ཀྱི་རྗེས་འཇུག་དང༔ མ་རིག་འཁྲུལ་བའི་སེམས་ཅན་རྣམས༔ མས་ངེས་པར་ཐུགས་རྗེས་གཟུང་དུ་གསོལ༔ དོན་ངེས་པར་བྱིན་གྱིས་བརླབ་དུ་གསོལ༔ མ་ཆོས་དབྱིངས་ནམ་མཁའི་ཀློང་ཡངས་ནས༔ ཐུགས་རྗེའི་སྤྲིན་ཕུང་ཐིབས་སེ་ཐིབ༔ དངོས་གྲུབ་ཆར་རྒྱུུན་སི་ལི་ལི༔ གཉན་ས་འདི་རུ་བྱིན་ཕོབ་ལ༔ འདིར་འདུས་སྣང་སྲིད་ལྷ་འདྲེ་དང༔ ཁམས་གསུམ་འཁོར་བའི་སེམས་ཅན་རྣམས༔ ཐུགས་རྗེས་བྱིན་གྱིས་བརླབ་ཏུ་གསོལ༔ མོས་པའི་བུ་ལ་དངོས་གྲུབ་སྩོལ༔ སྤྱི་གཙུག་རྒྱན་དུ་བཞུགས་སུ་གསོལ༔ བཞུགས་ནས་བྱིན་གྱིས་བརླབ་ཏུ་གསོལ༔ མ་ཁྱོད་དང་དགོངས་པ་མཉམ་པར་ཤོག༔ ཕཊཿ ཕཊཿ ཕཊཿ ཕཊཿ སླར་ཡང་མ་ཅིག་རིགས་ལྔའི་གསང་གསུམ་དང་རང་གི་སྒོ་གསུམ་དབྱེར་མེད་དུ་གྱུར་ལ་སྣང་བའི་རྫུན་ཕུག་བརྡིབས་ཤིང༔ ཆོས་ཉིད་དེ་བཞིན་ཉིད་ཀྱི་སྣང་བ་རབ་ཏུ་འུར་བར་བསམཿ ཕཊཿ རྣམ་རྟོག་གང་ཤར་རང་སར་གྲོལ་བའི་ཕཊ་སྒྲ་བསྒྲག་པར་བྱའོ༔ ཕཊཿ དེ་ནས་ཁྲ་འགྱེད་གཏོང་བ་ལ༔ རིག་པ་དབྱིངས་ནས་ཁྲོས་མར་བཞེངས༔ ཕཊཿ ལྷུན་གྲུབ་རིག་པ་ཁྲོས་མའི་སྐུ༔ ཕྱག་གཉིས་གྲི་ཐོད་སྤྱན་གསུམ་ལྡན༔ ཞབས་གཉིས་གར་སྟབས་རུས་རྒྱན་དང༔ མེ་དཔུང་ཀློང་བཞུགས་ཁ་ཊཱཾ་བཀལ༔ སྤྱི་བོར་ཕག་ཞལ་ངུར་བའི་སྒྲས༔ ས་གསུམ་དཔའ་བོ་མཁའ་འགྲོ་དང༔ སྣང་སྲིད་ལྷ་སྲིན་དམ་ལ་འདུས༔ ཕཊཿ ཕྱག་གཡས་གྲི་ཁུག་བམ་ཐོད་ཁྲག༔ རང་བྱུང་ཐོད་སྒྱེད་གསུམ་སྟེང་བབས༔ དེ་ནང་ཕུང་པོ་བདུད་རྩིར་འཁྱིལ༔ ལྦུ་བ་ཕྱིར་ལུད་ཞིང་ལྤགས་སྟེང༔ ཤ་རི་ཁྲག་མཚོ་རུས་ཞགས་བཀྲ༔ འདོད་ཡོན་ནམ་མཁའ་མཛོད་དུ་སྤེལ༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཅི་ནུས་བཟླས༔ ཕཊཿ བདག་ལུས་ཡེ་ཤེས་བདུད་རྩི་འདི༔ མཆོད་པའི་སྤྲིན་འཕྲོ་ཟག་མེད་གཏོར༔ བཀའ་དྲིན་གསུམ་ལྡན་བླ་མ་དང༔ གྲུབ་ཐོབ་གཅོད་བརྒྱུད་བླ་མའི་ཚོགས༔ སངས་རྒྱས་བྱང་སེམས་ཉན་རང་སོགས༔ སྐྱབས་གནས་དཀོན་མཆོག་ཞལ་དུ་འབུལ༔ ཚོགས་རྫོགས་དོན་གཉིས་ལྷུན་གྲུབ་ཤོག༔ ཕཊཿ ཕཊཿ ཕཊཿ བདག་ལུས་ཡེ་ཤེས་བདུད་རྩི་ལ༔ ཕྱི་ནང་གསང་བའི་མཆོད་པའི་རྫས༔ ཟག་མེད་ཤ་ལྔ་བདུད་རྩི་ལྔ༔ རྒྱུད་སྡེ་བཞི་དྲུག་ཐེག་རིམ་དགུའི༔ ཡི་དམ་ཞི་ཁྲོའི་དཀྱིལ་འཁོར་ལྷ༔ གནས་གསུམ་མཁའ་འགྲོ་རྣལ་འབྱོར་སོགས༔ ཡེ་ཤེས་འཇིག་རྟེན་ཌཱཀྐིའི་ཚོགས༔ མ་ལུས་འཁོར་བཅས་རྣམས་ལ་མཆོད༔ བརྟུལ་ཞུགས་སྤྱོད་པ་མཐར་ཕྱིན་ནས༔ ལྷ་འདྲེའི་འགྲོ་དོན་ནུས་པར་ཤོག༔ ཕཊཿ ཕཊཿ ཕཊཿ དཔལ་ལྡན་མ་མགོན་ལྕམ་དྲལ་དང༔ དྲང་སྲོང་གཟའ་བརྒྱད་རྒྱུ་སྐར་དང༔ བདུད་བཙན་ཀླུ་གཤིན་གནོད་སྦྱིན་སྡེ༔ ཕྱི་ནང་ཆོས་སྐྱོང་སྲུང་མ་ལ༔ བདག་ལུས་ཡེ་ཤེས་བདུད་རྩི་འདི༔ སོ་སོར་དགྱེས་སྐོང་འདོད་རྒུའི་རྫས༔ ཤ་ཁྲག་སྨན་གཏོར་མཆོད་པ་འབུལ༔ ཐུགས་དམ་བསྐང་ལ་ཉམས་ཆག་བཤགས༔ འདོད་དོན་སྒྲུབ་ལ་བར་ཆད་སྲུང༔ ཕྲིན་ལས་རྣམ་བཞི་འགྲུབ་པ་དང༔ བསྟན་དགྲ་རྩད་ནས་གཅོད་པར་མཛོད༔ ཕཊཿ ཕཊཿ ཕཊཿ བདག་ལུས་བདུད་རྩིའི་རྒྱ་མཚོ་འདི༔ དམྱལ་བ་ཡི་དྭགས་དུད་འགྲོ་དང༔ མི་དང་མི་མིན་སྡོང་ཟླ་བགེགས༔ ཁམས་གསུམ་སེམས་ཅན་ཐམས་ཅད་ལ༔ གང་ལ་གང་མཁོའི་འདོད་ཡོན་བསྔོ༔ ཐམས་ཅད་ངོམས་ཤིང་ཚིམ་གྱུར་ནས༔ འབྲེལ་བ་ཐོབ་ཚད་སངས་རྒྱས་ཤོག༔ ཕཊཿ ཕཊཿ ཕཊཿ བདག་ལུས་བདུད་རྩིའི་གཏེར་ཁ་ཕྱེ༔ དཀར་གསུམ་མངར་གསུམ་སྨན་གྱི་ཚོགས༔ དར་ཟབ་དང་ནི་རིན་པོ་ཆེ༔ འབྲུ་སྣ་རྟ་མཆོག་གླང་ཆེན་དང༔ མ་ཧེ་བ་གླང་དཀོར་ནོར་མཛོད༔ མེ་ཏོག་རྩི་ཤིང་ནགས་ཚལ་སོགས༔ གཞི་བདག་རྣམས་ལ་བདག་གིས་སྦྱིན༔ ལྷག་མ་མེད་པར་བཞེས་ནས་ཀྱང༔ དགའ་མགུ་ཡི་རང་སེམས་བརྩེ་ཞིང༔ གདུག་རྩུབ་བསམ་ངན་ཀུན་ཞི་ཞིང༔ བྱང་ཆུབ་སེམས་དང་རབ་ལྡན་པ༔ མཐར་ཐུག་སངས་རྒྱས་ཐོབ་པར་ཤོག༔ ཕཊཿ ཕཊཿ ཕཊཿ བདག་ལུས་བདུད་རྩིའི་དཀར་དམར་མདངས༔ རླངས་པ་སྨན་དང་རོ་བརྒྱའི་ཟས༔ མཚོ་རྫིང་ལྟེང་ཀ་དཔག་བསམ་ཤིང༔ ནེའུ་གསིང་སྐྱེད་ཚལ་ཁང་བཟང་རི༔ ཡིད་བཞིན་ནོར་བུ་ཀླུ་སྨན་དྲི༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ ཀླུ་རིགས་རྣམས་ལ་མཆོད་པ་འབུལ༔ དགའ་མགུ་ཡི་རང་སེམས་ལྡན་ཞིང༔ གདུག་རྩུབ་གནོད་པ་དང་བྲལ་ནས༔ བྱང་ཆུབ་སེམས་དང་ལྡན་གྱུར་ཅིག༔ ཀླུ་གཡང་དངོས་གྲུབ་བདག་ལ་སྩོལ༔ བཙན་ཕྱུག་འཕན་དར་འཛོམས་པ་དང༔ ཕན་བདེའི་ལོ་འབྲས་སྨིན་པར་མཛོད༔ ཀུན་ཀྱང་སངས་རྒྱས་ས་ཐོབ་ཤོག༔ ཕཊཿ ཕཊཿ ཕཊཿ བདག་ལུས་ཕུང་པོས་སྟོང་གསུམ་ཁྱབ༔ ཡ་ཀི་སྲིད་རྩེ་མན་ཆད་ནས༔ མ་ཀི་དམྱལ་ཁམས་ཡན་ཆད་ཀྱི༔ བཀའ་ཡི་ལྷ་སྲིན་སྡེ་བརྒྱད་དང༔ སྣང་ཞིང་སྲིད་པའི་ལྷ་འདྲེ་རྣམས༔ ཤ་ཁྲག་སྟོན་འགྱེད་མགྲོན་ལ་ཤོག༔ ནམ་མཁའི་སྐར་ལྟར་འཁྲིགས་ལ་ཤོག༔ བར་སྣང་སྤྲིན་ལྟར་གཏིབ་ལ་ཤོག༔ ས་གཞིར་རླུང་ལྟར་འཚུབ་ལ་ཤོག༔ མ་འགྱང་མ་འཕྱི་མྱུར་དུ་གཤེགས༔ གཏན་གྱི་ལོངས་སྤྱོད་འདི་ལ་འདུས༔ ཕཊཿ ཕཊཿ ཕཊཿ ཡེ་ཐོག་ནས་བཟུང་ད་ལྟའི་བར༔ བདག་འཛིན་གཅེས་པས་བསྐྱངས་པ་ཡི༔ སྒྱུ་མ་ལུས་ཀྱི་ཕུང་པོ་འདི༔ དོན་མེད་འཁོར་བར་ཆུད་གསན་ནས༔ མི་རྟག་འཇིག་པའི་ཆོས་ཅན་ཏེ༔ ལྷ་འདྲེའི་ཚོགས་ལ་སྟོན་མོར་འགྱེད༔ ཁྱེད་རྣམས་སུ་དགོས་ཁྱེར་ལ་སོང༔ ཁོག་སྟོད་ཡ་བདུད་རྒྱལ་པོས་ཁྱེར༔ ཁོག་སྨད་མ་བདུད་རྒྱལ་མོས་ཁྱེར༔ རྐེད་པ་གདོལ་བ་ནག་པོས་ཁྱེར༔ ནང་རོལ་ལྷ་སྲིན་སྡེ་བརྒྱད་ཁྱེར༔ དོན་སྣོད་རྒྱལ་བསེན་ཐེའུ་རང་ཁྱེར༔ ཕྱི་ཤ་ཕྱི་ཡི་ལྷ་འདྲེས་ཁྱེར༔ ནང་ཤ་ནང་གི་ལྷ་འདྲེས་ཁྱེར༔ བར་ཤ་བར་གྱི་ལྷ་འདྲེས་ཁྱེར༔ སྤྱི་ཤ་ས་བདག་རྣམས་ཀྱིས་ཁྱེར༔ རུས་པ་གཉན་དང་ཚིགས་རྣམས་བཙན༔ བཀྲག་མདངས་རྒྱལ་འགོང་རྣམས་ཀྱིས་ཁྱེར༔ དྲོད་དབུགས་རླངས་པ་བསེན་མོས་ཁྱེར༔ གློ་བ་བན་ཆེན་བརྒྱ་དང་བོན་ཆེན་སྟོང༔ ཤན་པ་མི་རིང་འབུམ་གྱིས་ཁྱེར༔ གློ་ཚིལ་བྱད་མ་རྦོད་གཏོང་ཁྱེར༔ རྩ་རྒྱུས་དྲི་བོ་དྲི་མོས་ཁྱེར༔ སྐྲ་སྤུ་སོ་སེན་པགས་པ་རྣམས༔ དམ་སྲི་བསེ་རག་རྒབ་འདྲེས་ཁྱེརཿ སྤྱིར་སྣང་ཞིང་སྲིད་པའི་ལྷ་འདྲེའི་རིགས༔ སྒོས་གནས་གདོན་གཉན་ས་འདིར་གནས་དང༔ བྱེ་བྲག་ཏུ་བདག་ལ་གནོད་བྱེད་པའི༔ ལྷ་འདྲེ་ཀུན་ངོམས་ཤིང་ཚིམ་གྱུར་ཅིག༔ དགེ་བ་འདི་སེམས་ཅན་གྱི་དོན་དུ་བསྔོ༔ ཕཊཿ གཙོ་བོ་རྣམས་ཀྱི་རྗེས་འབྲང་བ༔ འབྱུང་པོ་ལྷག་སྡུད་འདིར་འདུས་ཚོགས༔ འདོད་ཡོན་ལྷག་མ་འདི་བཞེས་ལ༔ རང་བྱས་ལས་ཀྱིས་མནར་བ་ཡི༔ ཞ་ལོང་འོན་པ་ལྐུགས་པ་དང༔ ཁས་ཞན་དབང་ཆུང་ཟུག་རྔུ་ཅན༔ མ་ལུས་ལུས་པ་མེད་པ་ལ༔ བསྔོ་འོ་སྦྱིན་ནོ་ཚིམ་གྱུར་ཅིག༔ སྡུག་བསྔལ་ཀུན་བྲལ་བདེ་ཆེན་ཐོབ༔ ཡེ་ཤེས་ཆེན་པོར་དབང་ཐོབ་ཤོག༔ ཕཊཿ ཕཊཿ ཕཊཿ རྗེས་ལ་བསྔོ་སྨོན་རྒྱས་འདེབས་ནི༔ ཕཊཿ བདག་ལུས་མཆོད་སྦྱིན་འདི་བསྔོས་པས༔ འཁོར་ཚེ་ཐོག་མ་མེད་པ་ནས༔ བུ་ལོན་འབྲེལ་ཐག་ཆོད་གྱུར་ཅིག༔ སྡིག་སྒྲིབ་འཁོན་འཛིན་དག་གྱུར་ཅིག༔ སེམས་འགྱུ་བ་དངོས་པོ་མེད་པ་ཉིད༔ བདག་དང་ལྷ་འདྲེ་སུས་མི་མཐོང༔ དུས་གསུམ་རྒྱལ་བས་ཀྱང་མི་གཟིགས༔ མཐོང་ཆོས་དངོས་སྣང་གཅེས་པའི་ལུས༔ ཤ་ཁྲག་སྟོན་འགྱེད་ཚོགས་གསོག་འདིས༔ དཀོན་མཆོག་རྣམ་གསུམ་མཉེས་གྱུར་ཅིག༔ དམ་ཅན་ཐུགས་དམ་བསྐང་གྱུར་ཅིག༔ རིགས་དྲུག་འདོད་པ་ཚིམ་གྱུར་ཅིག༔ བགེགས་རིགས་ལན་ཆགས་བྱང་གྱུར་ཅིག༔ རྣམ་བཞི་མགྲོན་གྱི་ཚོགས་རྣམས་ལ༔ ཚད་མེད་མཆོད་སྦྱིན་འདི་བསྔོས་པས༔ ཁམས་གསུམ་སེམས་ཅན་ཐམས་ཅད་ཀུན༔ རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག༔ ཕཊཿ ཕཊཿ ཕཊཿ ཆོས་ཀྱི་སྦྱིན་པ་དང་སྨོན་ལམ་སོགས་རིག་པས་འཕྲུལ་ཤེས་པར་བྱའོ༔ ཕཊཿ ལན་ཆགས་གདོན་བགེགས་འབྱུང་པོ་དང༔ རིགས་དྲུག་ཕ་མ་སྙིང་རྗེའི་མགྲོན༔ མགུ་བར་གྱིས་ལ་རང་གནས་སུ༔ ཐམས་ཅད་མ་ལུས་འགྲོ་བར་གྱིས༔ སརྦ་བྷུ་ཏ་གཙྪ་སྭ་བྷ་ཝ༔ དམིགས་རྡེའུ་ཕྱོགས་བཞིར་འཕངས་ནས་འདི་བཞིན་གྱེར༔ ཕཊཿ འབྱུང་པོ་ས་འོག་རྒྱུ་བ་དང༔ གང་ཡང་ས་སྟེང་འཁོད་པ་དང༔ ས་བླར་རྒྱུ་བ་གང་ཡིན་པ༔ མགུ་བར་གྱིས་ལ་རང་གནས་སུ༔ ཐམས་ཅད་ཐ་དད་འགྲོ་བར་གྱིས༔ སརྦ་བྷུ་ཏ་གཙྪ༔ བདག་གི་བསམ་པའི་སྟོབས་དག་དང༔ དེ་བཞིན་གཤེགས་པའི་སྦྱིན་སྟོབས་ཀྱིས༔ ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས༔ འཕགས་པ་རྣམས་ལ་མཆོད་པ་དང༔ སེམས་ཅན་ཀུན་ལ་ཕན་གདགས་སླད༔ དོན་རྣམས་གང་དག་བསམ་པ་ཀུན༔ དེ་དག་ཐམས་ཅད་ཅི་རིགས་པ༔ ཐོགས་པ་མེད་པ་འབྱུང་འགྱུར་ཅིག༔ ཕཊཿ དགེ་འདིའི་མཐུ་ཡིས་སྔོན་ཚེ་རྒྱལ་པོའི་བུ༔ སྙིང་སྟོབས་ཆེན་པོས་སྟག་མོ་མ་བུ་དང༔ བྱམས་པའི་སྟོབས་ཀྱིས་ཤ་ཟ་སྤུན་ལྔ་ལ༔ སྐུ་ལུས་བཏང་བས་དོན་འབྲས་བརྙེས་པ་བཞིན༔ མ་འོངས་བདག་ནི་མངོན་སངས་རྒྱས་པའི་ཚེ༔ འདུས་པ་དང་པོའི་འཁོར་དུ་སྐྱེ་བར་ཤོག༔ ཕཊཿ གཅོད་ཡུལ་ཉམས་སུ་ལེན་པའི་གང་ཟག་ལ༔ རང་སེམས་བདུད་དུ་མི་བལྟ་བར༔ སྙེམས་ཐག་མ་ལུས་ཆོད་པར་ཤོག༔ བཟང་པོའི་ཡོན་ཏན་ཅི་བྱུང་ཡང༔ དེ་ལ་རློམ་སེམས་མི་བྱ་འོ༔ ངན་པའི་རྣམ་རྟོག་ཅི་ཤར་ཡང༔ དེ་ལ་སྙེམས་ཐག་ཆོད་པར་ཤོག༔ དམ་ཆོས་བདུད་ཀྱི་གཅོད་ཡུལ་འདི༔ མཁའ་ལ་ཉི་མ་ཤར་བ་བཞིན༔ ཐ་གྲུ་ཀུན་ཏུ་ཁྱབ་པར་ཤོག༔ ཕཊཿ ཡེ་ཤེས་ལས་གྲུབ་རྫུ་འཕྲུལ་བདག༔ དམ་ཚིག་ཤ་ཟ་མཁའ་འགྲོ་དང༔ འཇིག་རྟེན་རང་རྒྱུད་སྲུང་མ་རྣམས༔ ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད༔ རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ༔ སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༔ སླར་ཡང་ཐུགས་རྗེས་འབྱོན་པར་ཞུ༔ ཕཊཿ ཁྲོས་མའི་ཐུགས་ནས་འོད་འཕྲོས་ཡུམ་ཆེན་བསྐུལ༔ དེ་ཉིད་ཐུགས་ནས་འོད་འཕྲོས་ཕྱོགས་བཞི་ཡི༔ ཚོགས་ཞིང་བཞི་པོ་འོད་ཞུ་ཡུམ་ཆེན་ལ༔ ཐིམ་པས་ཆུ་ལ་ཆུ་བཞག་ཅི་བཞིན་གྱུར༔ ཡུམ་ཆེན་ཨ་ཡིག་རྣམ་པས་ཁྲོས་མར་ཐིམ༔ ཕཊཿ ཁྲོས་མའི་ཐུགས་ནས་བདག་གི་རྣམ་ཤེས་ཏེ༔ ཨ་ཎི་ཧཱུྃ་གི་རྣམ་པར་ཚངས་བུག་ནས༔ ཞུགས་ཤིང་ཚེ་བཅུད་གཟི་བཀྲག་རྒྱས་པར་བསམ༔ ཕཊཿ ཕཊཿ ཕཊཿ ཅེས་བརྗོད་ཅིངཿ མ་ཅིག་རིགས་ལྔས་གར་སྟབས་མཛད་ཅིང་བདག་དང་བསྲུང་བྱ་ལ་རིམ་བཞིན་ཐིམ་པར་བསམ་ལ་དངོས་གྲུབ་ཞུ༔ ཕཊཿ ཀྱེ༔ མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔ མ་ཤར་ནས་གོམ་གསུམ་བྱོན་ཙ་ན༔ སྐུ་ཤ་ཆུང་ལ་སྐུ་མདོག་དཀར༔ རྡོ་རྗེ་མཁའ་འགྲོ་འབུམ་གྱིས་བསྐོར༔ ཆོས་ཉིད་ནམ་མཁའི་ཀློང་ཡངས་ནས༔ ཐུགས་རྗེ་སྤྲིན་ཕུང་ཐིབས་སེ་ཐིབ༔ བྱིན་རླབས་ཆར་རྒྱུན་སི་ལི་ལི༔ མ་སྤྱི་གཙུག་རྒྱན་དེར་བཞུགས་སུ་གསོལཿ སྤྱི་གཙུག་རྒྱན་དེར་བཞུགས་ནས་ཀྱང༔ མས་བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ བྱིན་གྱིས་རློབས་ཤིག་མ་ཅིག་མ༔ བར་ཆད་སོལ་ཅིག་མ་ཅིག་མ༔ རྟོགས་པ་སྐྱེད་ཅིག་མ་ཅིག་མ༔ དབང་མཆོག་སྐུར་ཅིག་མ་ཅིག་མ༔ ཐུགས་རྗེས་ཟུངས་ཤིག་མ་ཅིག་མ༔ ལབ་ཀྱི་སྒྲོན་མར་གསོལ་བ་འདེབས༔ འོག་མིན་གནས་སུ་ལམ་སྣ་དྲོངས༔ ཨོ་རྒྱན་གནས་སུ་ལམ་སྣ་དྲོངས༔ མ་ཁྱོད་དང་དགོངས་པ་རོ་གཅིག་གྱུར༔ ཀྱེ༔ མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔ མ་ལྷོ་ནས་གོམ་གསུམ་བྱོན་པའི་ཚེ༔ སྐུ་ཤ་ཆུང་ལ་སྐུ་མདོག་སེར༔ རིན་ཆེན་མཁའ་འགྲོ་འབུམ་གྱིས་བསྐོར༔ ཆོས་ཉིད་ནམ་མཁའི་ཀློང་ཡངས་ནས༔ ཐུགས་རྗེའི་སྤྲིན་ཕུང་ཐིབས་སེ་ཐིབ༔ བྱིན་རླབས་ཆར་རྒྱུན་སི་ལི་ལི༔ མ་སྤྱི་གཙུག་རྒྱན་དེར་བཞུགས་སུ་གསོལ༔ སྤྱི་གཙུག་རྒྱན་དེར་བཞུགས་ནས་ཀྱང༔ མས་བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ བྱིན་གྱིས་རློབས་ཤིག་མ་ཅིག་མ༔ བར་ཆད་སོལ་ཅིག་མ་ཅིག་མ༔ རྟོགས་པ་སྐྱེད་ཅིག་མ་ཅིག་མ༔ དབང་མཆོག་སྐུར་ཅིག་མ་ཅིག་མ༔ ཐུགས་རྗེས་ཟུངས་ཤིག་མ་ཅིག་མ༔ ལབ་ཀྱི་སྒྲོན་མར་གསོལ་བ་འདེབས༔ འོག་མིན་གནས་སུ་ལམ་སྣ་དྲོངས༔ ཨོ་རྒྱན་གནས་སུ་ལམ་སྣ་དྲོངས༔ མ་ཁྱོད་དང་དགོངས་པ་རོ་གཅིག་གྱུར༔ ཀྱེ༔ མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔ མ་ཅིག་ཇོ་མོ་རྣལ་འབྱོར་མ༔ ཕ་རོལ་ཕྱིན་པའི་གྲུབ་ཐོབ་མ༔ སྐལ་ལྡན་ཀུན་གྱི་རྒྱུད་གྲོལ་མ༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཕཊཿ ཀྱེ༔ མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔ མ་ནུབ་ནས་གོམ་གསུམ་བྱོན་པའི་ཚེ༔ སྐུ་ཤ་ཆུང་ལ་སྐུ་མདོག་དམར༔ པདྨ་མཁའ་འགྲོ་འབུམ་གྱིས་བསྐོར༔ ཆོས་ཉིད་ནམ་མཁའི་ཀློང་ཡངས་ནས༔ ཐུགས་རྗེའི་སྤྲིན་ཕུང་ཐིབས་སེ་ཐིབ༔ བྱིན་རླབས་ཆར་རྒྱུན་སི་ལི་ལི༔ མ་སྤྱི་གཙུག་རྒྱན་དེར་བཞུགས་སུ་གསོལ༔ སྤྱི་གཙུག་རྒྱན་དེར་བཞུགས་ནས་ཀྱང༔ མས་བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ བྱིན་གྱིས་རློབས་ཤིག་མ་ཅིག་མ༔ བར་ཆད་སོལ་ཅིག་མ་ཅིག་མ༔ རྟོགས་པ་སྐྱེད་ཅིག་མ་ཅིག་མ༔ དབང་མཆོག་སྐུར་ཅིག་མ་ཅིག་མ༔ ཐུགས་རྗེས་ཟུངས་ཤིག་མ་ཅིག་མ༔ ལབ་ཀྱི་སྒྲོན་མར་གསོལ་བ་འདེབས༔ འོག་མིན་གནས་སུ་ལམ་སྣ་དྲོངས༔ ཨོ་རྒྱན་གནས་སུ་ལམ་སྣ་དྲོངས༔ མ་ཁྱོད་དང་དགོངས་པ་རོ་གཅིག་གྱུར༔ ཀྱེ༔ མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔ མ་བྱང་ནས་གོམ་གསུམ་བྱོན་པའི་ཚེ༔ སྐུ་ཤ་ཆུང་ལ་སྐུ་མདོག་ལྗང༔ ལས་ཀྱི་མཁའ་འགྲོ་འབུམ་གྱིས་བསྐོར༔ ཆོས་ཉིད་ནམ་མཁའི་ཀློང་ཡངས་ནས༔ ཐུགས་རྗེའི་སྤྲིན་ཕུང་ཐིབས་སེ་ཐིབ༔ བྱིན་རླབས་ཆར་རྒྱུན་སི་ལི་ལི༔ མ་སྤྱི་གཙུག་རྒྱན་དེར་བཞུགས་སུ་གསོལ༔ སྤྱི་གཙུག་རྒྱན་དེར་བཞུགས་ནས་ཀྱང༔ མས་བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ བྱིན་གྱིས་རློབས་ཤིག་མ་ཅིག་མ༔ བར་ཆད་སོལ་ཅིག་མ་ཅིག་མ༔ རྟོགས་པ་སྐྱེད་ཅིག་མ་ཅིག་མ༔ དབང་མཆོག་སྐུར་ཅིག་མ་ཅིག་མ༔ ཐུགས་རྗེས་ཟུངས་ཤིག་མ་ཅིག་མ༔ ལབ་ཀྱི་སྒྲོན་མར་གསོལ་བ་འདེབས༔ འོག་མིན་གནས་སུ་ལམ་སྣ་དྲོངས༔ ཨོ་རྒྱན་གནས་སུ་ལམ་སྣ་དྲོངས༔ མ་ཁྱོད་དང་དགོངས་པ་རོ་གཅིག་གྱུར༔ ཀྱེ༔ མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔ མ་དབུས་ནས་གོམ་གསུམ་བྱོན་པའི་ཚེ༔ སྐུ་ཤ་ཆུང་ལ་སྐུ་མདོག་ནག༔ སངས་རྒྱས་མཁའ་འགྲོ་འབུམ་གྱིས་བསྐོར༔ ཆོས་ཉིད་ནམ་མཁའི་ཀློང་ཡངས་ནས༔ ཐུགས་རྗེའི་སྤྲིན་ཕུང་ཐིབས་སེ་ཐིབ༔ བྱིན་རླབས་ཆར་རྒྱུན་སི་ལི་ལི༔ མ་སྤྱི་གཙུག་རྒྱན་དེར་བཞུགས་སུ་གསོལ༔ སྤྱི་གཙུག་རྒྱན་དེར་བཞུགས་ནས་ཀྱང༔ མས་བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ བྱིན་གྱིས་རློབས་ཤིག་མ་ཅིག་མ༔ བར་ཆད་སོལ་ཅིག་མ་ཅིག་མ༔ རྟོགས་པ་སྐྱེད་ཅིག་མ་ཅིག་མ༔ ལབ་ཀྱི་སྒྲོན་མར་གསོལ་བ་འདེབས༔ འོག་མིན་གནས་སུ་ལམ་སྣ་དྲོངས༔ ཨོ་རྒྱན་གནས་སུ་ལམ་སྣ་དྲོངས༔ མ་ཁྱེད་དང་དགོངས་པ་རོ་གཅིག་གྱུར༔ ཕཊཿ ཅེས་མ་ཅིག་ལྷ་ལྔ་འོད་དུ་ཞུ་ནས་བདག་དང་བསྲུང་བྱ་ལ་ཐིམ་པས་སྐུ་གསུང་ཐུགས་དང་ལུས་ངག་ཡིད་གསུམ་དབྱེར་མེད་ཆོས་སྐུར་ལམ་གྱིས་སོང་བར་བསམ༔ བསྲུང་བ་དང་སྨོན་ཚིག་བརྒྱུད་པའི་མཚན་དོན་སྦྱར་བ་འདི་སྐད་དོ༔ ཨོཾ་ཨཱཿཧཱུྃ༔ ཆོས་སྐུ་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་མ༔ བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པ༔ འཇམ་དཔལ་སྨྲ་བའི་སེང་གེ༔ རྗེ་བཙུན་འཕགས་མ་སྒྲོལ་མ༔ མཁའ་འགྲོ་སུ་ཁ་སིདྡྷི༔ བྲམ་ཟེ་ཨརྱ་དེ་ཝ༔ ཕ་ཅིག་དམ་པ་སངས་རྒྱས༔ སྐྱོ་སྟོན་བསོད་ནམས་བླ་མ༔ མ་ཅིག་ལབ་ཀྱི་སྒྲོན་མ༔ ཡབ་ཐོད་པ་བྷ་དྲ༔ སྲས་མཆོག་རྒྱལ་བ་དོན་འགྲུབ༔ རིགས་སྲས་ཐོད་སྨྱོན་བསམ་འགྲུབ༔ ལ་འདུལ་རྡོ་རྗེ་སྒྲོན་མ༔ ཁུ་སྒོམ་ཆོས་ཀྱི་སེང་གེ༔ ཕ་དོལ་བ་ཟང་ཐལ༔ རྗེ་བཙུན་རྒྱ་ནག་གཅེར་བུ༔ སངས་རྒྱས་རབ་སྟོན༔ རྟོགས་ལྡན་དགེ་སློང༔ ཞེན་མེད་རས་པ༔ རས་པ་ཆོས་ཀྱི་སིང་ཧ༔ སྟོན་པ་བཛྲ་སིང་ཧ༔ རྗེ་བཙུན་དཔལ་འབར་བ༔ གྲུབ་ཆེན་ཀརྨ་པཀྴི༔ མཁས་གྲུབ་རཱ་ག་ཨ་སྱ༔ གྲུབ་དབང་ཀུན་བཟང་གཞན་ཕན༔ རིག་འཛིན་ལུང་རིག་གླིང་པ༔ གཏེར་སྟོན་བསམ་གཏན་གླིང་པ༔ བརྒྱུད་འཛིན་ཆོས་ཀྱི་བདག་པོ་ལ་སོགས་དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག༔ རྒྱུ་འདོད་ཆགས་ཞེ་སྡང་གཏི་མུག་གསུམ༔ དུག་གསུམ་རང་སར་ཞི་བར་བྱིན་གྱིས་རློབས་ཤིག༔ ནད་རླུང་དང་མཁྲིས་པ་བད་ཀན་གསུམ༔ ནད་དེ་གསུམ་རང་སར་ཞི་བར་བྱིན་གྱིས་རློབས་ཤིག༔ གདོན་ཕོ་གདོན་མོ་གདོན་ཀླུ་གདོན་གསུམ༔ གདོན་གསུམ་རང་སར་ཞི་བར་བྱིན་གྱིས་རློབས་ཤིག༔ ཕུང་པོ་ཟན་དུ་བསྒྱུར་བར་བྱིན་གྱིས་རློབས་ཤིག༔ ཟན་སྐྱུར་ལམ་དུ་འགྲོ་བར་བྱིན་གྱིས་རློབས་ཤིག༔ ཉག་གཅིག་རྩད་ནས་ཆོད་པར་བྱིན་གྱི་རློབས་ཤིག༔ ལུས་ཤ་ཁྲག་གི་མཆོད་སྦྱིན་གནད་དུ་འགྲོ་བར་བྱིན་གྱིས་རློབས་ཤིག༔ དངོས་མེད་ལྷ་འདྲེའི་འགྲོ་དོན་ནུས་པར་བྱིན་གྱིས་རློབས་ཤིག༔ མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས་ཤིག༔ འཆི་མེད་ཚེའི་རིག་འཛིན་ཐོབ་པར་བྱིན་གྱིས་རློབས་ཤིག༔ ནད་མེད་བདེ་བའི་ལང་ཚོ་ཐོབ་པར་བྱིན་གྱིས་རློབས་ཤིག༔ ཕཊཿ ཕཊཿ ཕཊཿ དེ་ནས་བསྔོ་བ་ནི༔ ལུས་ཤ་ཁྲག་གི་མཆོད་སྦྱིན་འདི་ཁར་རེག་པ་ཙམ་དང་དྲི་ཚོར་བ་ཙམ་གྱིས་ན་བ་ཕན༔ ཤི་བ་སོས༔ རྒས་པ་དར༔ ཕོ་ཐམས་ཅད་སྤྱན་རས་གཟིགས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག༔ མོ་ཐམས་ཅད་རྗེ་བཙུན་སྒྲོལ་མའི་གོ་འཕང་ཐོབ་པར་གྱུར་ཅིག༔ དམ་ཆོས་བདུད་ཀྱི་གཅོད་ཡུལ་འདི༔ མཁའ་ལ་ཉི་མ་ཤར་བ་བཞིན༔ ཕྱོགས་རྣམས་ཀུན་དུ་ཁྱབ་པར་ཤོག༔ ཕཊཿ ཕཊཿ ཕཊཿ ཅེས་པ་འདིའང་བྱ་བཏང་རྣལ་འབྱོར་གཅོད་ཀྱི་དབང་ཕྱུག་འཇམ་དབྱངས་ཉི་མས་བསྐུལ་ངོར་ས་ར་ཧི་ཏས་སྨྲས་པ་དགེ་ལེགས་འཕེལཿ

རིགས་བཞིའི་འགྲེས་བྱང་བསྡུས་པ།

༄༅། རིགས་བཞིའི་འགྲེས་བྱང་བསྡུས་པ་ནི༔ ཀྱེ༔ མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔ མ་ཅིག་ཇོ་མོ་རྣལ་འབྱོར་མ༔ ཕ་རོལ་ཕྱིན་པའི་གྲུབ་ཐོབ་མ༔ སྐལ་ལྡན་ཀུན་གྱི་རྒྱུད་གྲོལ་མ༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ བཅོམ་ལྡན་བཛྲ་རཏྣ་དང༔ པདྨ་ཀརྨ་ཌཱཀྐི་མ༔ མ་དབྱིངས་ལ་གཤེགས་བཞུད་མི་མངའ་ཡང༔ དོན་འགགས་མེད་ཤུགས་འབྱུང་ཐུགས་རྗེ་ཡིས༔ རྫུ་འཕྲུལ་མྱུར་བར་འདིར་གཤེགས་གསོལ༔ བདག་ཅག་ཁྱེད་ཀྱི་རྗེས་འཇུག་དང༔ མ་རིག་འཁྲུལ་བའི་སེམས་ཅན་རྣམས༔ མས་ངེས་པར་ཐུགས་རྗེས་གཟུང་དུ་གསོལ༔ དོན་ངེས་པར་བྱིན་གྱིས་བརླབ་དུ་གསོལ༔ མ་ཆོས་དབྱིངས་ནམ་མཁའི་ཀློང་ཡངས་ནས༔ ཐུགས་རྗེའི་སྤྲིན་ཕུང་ཐིབས་སེ་ཐིབ༔ དངོས་གྲུབ་ཆར་རྒྱུུན་སི་ལི་ལི༔ གཉན་ས་འདི་རུ་བྱིན་ཕོབ་ལ༔ འདིར་འདུས་སྣང་སྲིད་ལྷ་འདྲེ་དང༔ ཁམས་གསུམ་འཁོར་བའི་སེམས་ཅན་རྣམས༔ ཐུགས་རྗེས་བྱིན་གྱིས་བརླབ་ཏུ་གསོལ༔ མོས་པའི་བུ་ལ་དངོས་གྲུབ་སྩོལ༔ སྤྱི་གཙུག་རྒྱན་དུ་བཞུགས་སུ་གསོལ༔ བཞུགས་ནས་བྱིན་གྱིས་བརླབ་ཏུ་གསོལ༔ མ་ཁྱོད་དང་དགོངས་པ་མཉམ་པར་ཤོག༔ ཕཊཿ ཕཊཿ ཕཊཿ ཅེས་སོ།

གཉན་སའི་དམིགས་རིམ་མདོར་བསྡུས་གསལ་བའི་མེ་ལོང་བདུད་འཇོམས་གསུང་།

གཉན་སའི་དམིགས་རིམ་མདོར་བསྡུས་གསལ་བའི་མེ་ལོང་བཞུགས་སོ༔

རྣལ་འབྱོར་གཉན་ཁྲོད་འགྲིམས་པའི་ཚེ༔ དང་པོ་རང་གི་ཁང་ཁྱིམ་དང་ཀ་ཆ་བཅོལ་གལ་བྱུང་ན༔ ཁང་ཁྱིམ་ནས་ཕྱིར་ཐོན་ནས་མི་རྐང་ལན་གསུམ་འབུད་དེ༔ བཀའ་སྣང་ཞིང་སྲིད་པའི་ལྷ་འདྲེ་སྡེ་བརྒྱད་ཐམས་ཅད་འདིར་གཤེགས་ཤིག༔ འདིར་འདུས་ཤིག༔ ཅེས་ལན་གསུམ་བརྗོད་པས་ཐིབས་ཀྱིས་འདུས་པར་བསམ་ལ༔ ཤ་ཁྲག་འདོད་ཡོན་སྣ་ཚོགས་སུ་སྒྱུར་བའི་ཕོག་གཏད་ལ༔ ཀྭིའི་ཀྭིའི༔ བཀའ་སྣང་ཞིང་སྲིད་པའི་ལྷ་འདྲེ་སྡེ་བརྒྱད་མི་མ་ཡིན་ཁྱེད་རྣམས་ལ་ངས་གནས་ཁང་ཀ་ཆ་ནོར་རྫས་འདི་རྣམས་བཅོལ་ལོ༔ གཏད་དོ༔ བདག་ཕྱིར་མ་སླེབ་ཀྱི་བར་དུ་དགྲ་འདྲེ་ཐམས་ཅད་ཀྱི་ལག་ཏུ་མ་གཏོང༔ དབང་དུ་མ་བཏང་བར་སྲུངས་ཤིག༔ བཀའ་ཡིས་གཏད་དོ༔ དམ་ཚིག་གིས་བཅོལ་ལོ༔ གལ་ཏེ་དགྲ་ཇག་ཆོམ་རྐུན་ལ་ཤོར་ན༔ ངས་མཛེ་ཤས་རི་བོ་སྤུངས༔ མཛེ་ཁྲག་གིས་རྒྱ་མཚོ་བསྐྱིལ༔ མཛེ་ཚིལ་དང་ཡུག་སྐྲས་གཞོབ་བདུག་བྱས་ནས་ཁྱེད་རྣམས་རྩད་ནས་གཅོད་ཅིང་ཤུལ་མེད་དུ་བརླག་པར་མི་བྱེད་རེ༔ ན་ར་ཀན༔ ཞེས་བརྗོད་དེ་བཅོལ༔ དེ་ནས་སྔ་ནོན་བཏང་བ་ལ༔ རང་ཁྲོས་མ་ནག་མོའི་ཐུགས་ཀར་པདྨ་ཉི་མའི་གདན་ལ་ཧཱུྃ་གསལ་བ་དེ་ལས་མེ༔ མེ་ལས་མེ་སྟག་གམ་སྐར་མ་ལས་སྐར་མདའ་ལྟར༔ གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་སྲ་བ་བརྟན་པ་ལྕི་བ་འཐས་པ་གཅིག་འཕྲོས༔ དེ་གཉན་ས་དེ་རུ་ཐོག་ལྟར་དུ་བབས་ནས་རི་བྲག་དང་གྲོང་ཁྱིམ་ཡིན་ན་བཤིགས་ཤིང་གཏོར༔ ཤིང་གཉན་ཡིན་ན་བཅད་ནས་བསྲེགས༔ ཆུ་མཚོ་ཡིན་ན་བསྐམས་ཏེ་ལྷ་འདྲེ་ཅི་གནས་གང་ཡོད་ཐམས་ཅད་ཀྱི་རང་སྣང་ལས་གྲུབ་པའི་རྟེན་གནས་ཁང་ཁྱིམ་ཐམས་ཅད་རྗེས་མེད་དུ་བཤིགས་ཤིང་བསྲེགས་ནས་གཅེར་བུ་མགོན་མེད་དུ་གྱུར་པ་དེ་ར་བ་དྲུག་གམ་གསུམ་གྱི་ནང་དུ་བཙུད་ནས་བྲོས་ཤིང་ཐར་ས་མེད་པར་གྱུར༔ སྟོབས་དང་ནུས་པ་ཡང་ཡང་བཅིང་བར་བསྒོམ་པ་སྤྱི་ཆིངས་ཡིན༔ དེ་ནས་འགྲོ་ལུགས་རྣམས་བཞིན་གནད་དང་ལྡན་པས་འགྲོ༔ གཉན་སའི་མགོ་བོ་མཐོང་སར་སླེབ་ཚེ་རང་ཁྲོས་མའི་ཐུགས་ཀ་ནས་ལས་བྱེད་སྤྲུལ་པའི་མཁའ་འགྲོ་མཐིང་ནག་དཀར་པོ་སེར་པོ་དམར་པོ་ལྗང་ནག་གྲངས་མེད་པའི་གཡོན་པས་མི་རྐང་གི་གླིང་བུའི་སྒྲས་ཁམས་གསུམ་དབང་དུ་སྡུད་ཅིང་གཡས་མི་ལྤགས་གི་གཡང་གཞི་བརྡབ་པས་གདུག་པའི་དབལ་ཟིལ་བཅོམ་ནས་ན་བུན་འཐོར་རླུང་གིས་དེད་པའམ༔ བྱིའུ་ཆུང་ཁྲ་ཡིས་དེད་པ་ལྟར་གཉན་མིག་གི་ར་བ་དྲུག་གི་ནང་དུ་བཙུད་པས་ཐར་འཆོར་མེད་པར་བསམས་ཏེ༔ དབང་སྡུད་ཟིལ་གནོན་བྱའོ༔ དེ་ནི་སྔ་ནོན་བྱ་བའོ༔ དེ་ནས་གཉན་སར་སླེབ་མ་ཐག་ཏུ་རང༔ ཡེ་ཤེས་ཀྱི་མཁའ་འགྲོ་མས་གཡང་གཞི་བརྡབ་པས་ལྷ་འདྲེའི་རྒྱུད་ཀྱི་ཉོན་མོངས་པའི་རྩུབ་རེག་ཐམས་ཅད་བཅོམ་ནས་མི་ནག་ཆེན་པོ་ཞིག་ཏུ་གྱུར་པའི་རྐང་པ་གཡས་པས་བཟུང་སྟེ་ཀླད་ལ་ལན་གསུམ་བསྐོར་བས་ཁམས་གསུམ་གྱི་ལྷ་འདྲེ་བསྟིམ་པ་ས་ལ་ལན་གསུམ་བརྡབས་པས་དུག་གསུམ་གྱི་ནུས་པ་བཅོམ་པར་བསྒོམ༔ ཡང་ན་རང་འདྲ་བའི་མཁའ་འགྲོ་མ་གྲངས་མེད་པས་ལྷ་འདྲེ་དུ་ཡོད་ཀྱི་རྐང་པ་གཡས་ནས་བཟུང་སྟེ་ས་ལ་བརྡབས་པས་ཉོན་མོངས་དང་གདུག་སེམས་ནུས་མཐུ་ཐམས་ཅད་བཅོམ་པར་བསམ་སྟེ་བརྡབ༔ ཐམས་ཅད་བཅོམ་ནས་ཐང་ལ་འཕང་པས་མི་ནག་གཅིག་ཏུ་གྱུར་ཏེ་ས་ལ་གན་རྐྱལ་དུ་ཡོད་པའི་སྟེང་དུ་བྲོ་བརྡུང་བས་ཉོན་མོངས་པའི་རྩུབ་རེག་དང་གདུག་སེམས་ནུས་མཐུ་ཐམས་ཅད་བཅོམ་པར་བསམ་ལ་བརྡབ༔ མགོ་དང་ཡན་ལག་རྣམས་སུ་ཡེ་ཤེས་ལྔ་ཡི་ཕུར་པ་བཏབ་པར་བསམ་སྟེ་བྲོ་ར་དང་ཕུར་ཁྱེར་འདོན༔ དེ་ནས་གདན་ལ་འཁོད་དེ་རང་ལུས་སྲ་བརྟན་ལྕི་ཞིང་འཐས་པའི་མགོ་བོས་ལུང་པའི་ཕུ༔ རྩིབ་ལོགས་གཡས་པས་ཉིན༔ གཡོན་པས་སྲིབ༔ རྐང་པས་མདའ༔ རྒལ་བས་གཞུང་དེ་ཐམས་ཅད་གནོན་ཅིང་ས་རྡོ་རི་བྲག་རྩི་ཤིང་ནགས་ཚལ་ལྷ་འདྲེའི་གནས་རྟེན་དང་བཅས་པ་འདམ་སྒོང་བཅིར་བ་ལྟར་མནན་ནས་ལྷ་འདྲེ་ཐམས་ཅད་ཀྱིས་སྐད་ངན་ཙིར་ཙིར་འདོན་པར་བསྒོམ་ལ༔ ཨཱཻ༔ བསྐལ་པ་མ་ཞིག་གི་བར་དུ་ང་ནི་གནས་འདིར་འདུག་གོ༔ འདི་ལས་མི་འདའོ༔ འདི་ཉིད་དུ་ཉལ་ལོ༔ ཞེས་བརྗོད་ནས་སེམས་ལ་དམ་བཅའ་བཟུང༔ དེ་ནས་རིག་པ་གཏད་མེད་ཀྱི་ངང་དུ་མ་བཅོས་པར་བཞག༔ སྐབས་སུ་དམིགས་པ་གསལ་འདེབས་བྱ༔ བར་སྐབས་སུ་དབང་སྡུད་ཟིལ་གནོན་འདོན་ཞིང་ཆོས་བཤད༔ དེས་བསླང་ཚད་མ་བྱུང་ན་རང་ལུས་ཉིད་ཀེང་རུས་སྐམ་པོ་མེ་འབར་བ་ལས་མེ་མཆེད་པས་ས་རྡོ་རི་བྲག་རྩི་ཤིང་ནགས་ཚལ་ལྷ་འདྲེའི་གནས་རྟེན་དང་བཅས་པ་མེས་བསྲེགས་ཏེ་ཐལ་བ་ཙམ་ཡང་མེད་པར་བསམ་པའི་དམིགས་པ་ཡང་ཡང་བྱ༔ དེས་བསླང་ཚད་མ་བྱུང་ན་རང་གི་རིག་པ་དབྱིངས་སུ་སྤར་ཏེ་ཁྲོས་མར་གྱུར་པ་ལས་ལྤགས་པ་ས་གཞིར་བཀྲི་བའི་སྟེང་ཤ་ཁྲག་གི་ཕུང་པོ་ཐར་གྱིས་ཞིག་པ་གནས་དེའི་ལྷ་འདྲེ་རྣམས་ཀྱིས་ཟ་རུ་ཡོད་པར་བསྒོམ་དེ་གཡང་གཞིའི་མཐའ་ནས་བསྡུས་ཏེ་ཐུམ་བུར་བྱས་པ་སྦྲུལ་དང་རྒྱུ་ཞགས་གིས་ཁ་བསྡམས་ནས་ཀླད་ལ་བསྐོར་དེ་ས་ལ་བརྡབ་པས་ཤ་མྱོག་རུས་མྱོག་ཏུ་སོང་བར་ཡང་ཡང་བསམ་པས་བསླང་ཚད་ངེས་པར་འབྱུང༔ དེས་ཀྱང་མ་བསླང་ན་རི་བོ་ཁམས་མཆེད་རྒྱ་མཚོ་རྒྱུ་འདེབས་ལ་སོགས་པ་ལ་གཏུག༔ ནམ་ལངས་དཀར་འགྱེད༔ ཉིན་ཕྱེད་ཁྲ་འགྱེད༔ དགོང་མོ་དམར་འགྱེད༔ ཐོ་རངས་ནག་འགྱེད་རྣམས་གཏོང༔ དེ་ལས་བསླང་ཚད་ལའང༔ ཐོགས་བཅས་བདུད་ནི་མངོན་དུ་གྱུར་པའི་སྣང་བ་ལ་བྱ༔ ཐོགས་མེད་ནི་མི་མངོན་ལྐོག་གྱུར་གྱི་སྣང་བ་ལ་བྱའོ༔ དགའ་བྲོད་ནི་ང་རྒྱལ་དང་དགའ་བྲོད་ཞེན་ཡུལ་ཐམས་ཅད་དྲག་ལ་ཤུགས་ཆེ་བ་ཐམས་ཅད་ལ་བྱའོ༔ སྙེམ་བྱེད་བདུད་ནི་རྣམ་པར་རྟོག་པ་ལུ་གུ་རྒྱུད་བར་མ་ཆད་པར་སྐྱེས་དེ་ཤེས་རྒྱུད་བསླུ་བ་ལ་བྱའོ༔ ཕྱི་སློང་ལྷ་འདྲེའི་ཆོ་འཕྲུལ་དང༔ ནང་སློང་ལུས་ཀྱི་ན་ཚ་དང༔ གསང་སློང་སེམས་ཀྱི་བདེ་སྡུག་མྱོང་ཞེན་ཅན་ཡིན་དེ་ཤེས་པར་བྱ༔ དང་པོ་རྒྱུད་སློང་བ་ལ་སློང༔ རྗེས་སུ་འབྲང་བ་ལ་ཞེན༔ ཡང་ཡང་བདེན་པར་མཐའ་ན་དབང་དུ་སོང་བ་ཡིན་ནོ༔ དེ་དག་བར་གནོན་ཡིན་ནོ༔ གནས་འཕོ་བའི་ཚེ་རྟེན་གཅིག་བཙུགས་པ་ལ་རྩ་བརྒྱུད་ཀྱི་རྒྱལ་བ་རྣམས་བསྟིམས་ནས་ལྷ་འདྲེས་ཕྱག་མཆོད་བཀུར་སྟིའི་རྟེན་དུ་བསྒོམ་སྟེ་ཁུར་བུ་ཁུར་ནས་ལུས་ཤ་ཁྲག་གི་ཕུང་པོ་ཁྲོལ་གྱིས་ཞིག་པ་འདོད་ཡོན་ནམ་མཁའ་མཛོད་དུ་སྤྲུལ་ཏེ་ཕོག་བཏབ༔ གད་རྒྱངས་བསྒྲགས་ནས་གོམ་པ་ཉེར་གཅིག་ཏུ་ཕྱིན་ནས་གནས་བཅོལ་བ་ལ༔ ཀྭིའི་ཀྭིའི༔ བཀའ་ཡི་ལྷ་སྲིན་སྡེ་བརྒྱད་སྣང་སྲིད་ཀྱི་ལྷ་འདྲེ་དྲེགས་པ་ཅན་ཁྱེད་རྣམས་ཀྱིས་ངའི་གནས་པོ་འདི་སྲུང་སྐྱོབ་མེལ་ཚེ་མཛོད་ལ་འདིར་གནས་ཀྱི་ལྷ་འདྲེ་ཕྱི་ལ་མ་གཏོང༔ སྔར་མེད་ཀྱི་ལྷ་འདྲེ་ནང་དུ་མ་གཏོང་ཅིག༔ ཁྱེད་རྣམ་ལ་བཀའ་ཡིས་གཏད་དོ༔ དམ་ཚིག་གིས་བཅོལ་ལོ༔ ནུས་མཐུ་ཅི་འདུག་བལྟའོ༔ ས་མ་ཡཱ༔ ཞེས་ལན་གསུམ་བརྗོད༔ དེ་ནས་མིག་མཐོང་གང་ཙམ་ཕྱིན་ནས་ཐོ་བརྩིགས་ལ་ཡང་སྐུ་གསུམ་གྱི་རྒྱལ་བ་ཐམས་ཅད་བསྟིམས་པ་དེ་ཡོངས་སུ་གྱུར་པ་ལས་ཡེ་ཤེས་ཀྱི་བྱ་ཁྱུང་ནག་པོ་འཇིགས་སུ་རུང་བ་ཞིག་ཏུ་གྱུར་པས་རང་དང་ལྷ་འདྲེའི་མཚམས་བཅད་པར་བསམ་ལ༔ ཨེ་ཡེ་ཤེས་ཀྱི་བྱ་ཁྱུང་རྒྱལ་པོ་ཁྱེད་ལ་བཀའ་དམ་གཏད་དུ་བཞག་ནས་ཕྲིན་ལས་བཅོལ་བ་ནི་ང་ཡི་རྗེས་སུ་ལྷ་འདྲེ་གདོན་བགེགས་ཐམས་ཅད་མ་གཏོང་ཞིག༔ མཚམས་ཆོད་ཅིག༔ ཁྲོཾ་བཛྲ་ས་མ་ཡཱ༔ ཞེས་ལན་གསུམ་བརྗོད་ནས་རང་གི་ལུས་ཤ་ཁྲག་གིས་ས་གཞི་གང་བར་ཞིག༔ རིག་པ་སྟེང་ཕྱོགས་འོག་མིན་གྱི་དབྱིངས་སུ་ཐིམ༔ རང་ཀུན་ཏུ་བཟང་པོའི་ཐུགས་ཀ་ནས་འོད་ཀྱི་སྦུ་གུ་དཀར་པོ་དར་སྐུད་ལྟ་བུ་རང་གི་གནས་ཁང་སྟེང་དུ་ཟུག་པའི་ནང་འཁྲུངས་ནས་རང་རིག་ཐིག་ལེ་དཀར་པོ་ཉུང་འབྲུ་ཙམ་པར་གྱུར་ནས་ཧྲི་ལི་ལི་དྲིལ་ནས་འགྲོ་བར་བསམ་ལ་རང་ཁྱིམ་དུ་འགྲོའོ༔ གཞན་ཡུལ་དུ་འགྲོ་བའམ་གཉན་ས་གཞན་དུ་འགྲོ་ན་ཁྱུང་མཚམས་ཡན་དམིགས་པར་བྱའོ༔ འགྲོ་ཚུལ་དང་པོ་དཔའ་བོ་སྟོབས་འགྲོས་ལ་མིག་གང་མཐོང་ཚུན་ཆད་ཀྱི་ལྷ་འདྲེ་དེད་ནས་འགྲོ་བར་བསམ་ལ༔ མཁའ་འགྲོའི་གར་འགྲོས་ལ་བར་བར་སྟངས་སྟབས་རེ་བྱ་ཞིང་ལྷ་འདྲེ་ཐམས་ཅད་རང་གི་ལུས་ལ་ཡང་ཡང་བསྟིམ་ནས་འགྲོ༔ སྦྲུལ་ནག་འཁྱིལ་འགྲོས་ལ་ལམ་གྱི་ས་བདག་ཀླུ་གཉན་ཐམས་ཅད་གནས་ཁང་དང་བཅས་པ་གཉན་ས་དེ་རུ་ཁྱེར་ནས་འགྲོ་བར་བསམ་པ་དང༔ ཕར་འཁྱོགས་ཚུར་འཁྱོགས་ཀྱིས་འགྲོའོ༔ ལྟ་བའི་གདེངས་བསྐྱེད་ནས་ལམ་གྱི་སྟེང་འོག་ཐམས་ཅད་དུ་ལྟ་སྟངས་ཀྱིས་བཟུར་ཞིང་འགྲོ་བ་ནི་ལྟ་བའི་གདེང་འགྲོས་ཅེས་བྱའོ༔ གཞན་ཡང་གཉན་སར་རྐང་རྗེན་དུ་མི་བརྫི༔ མཚན་མོ་མེ་མི་གཏོང༔ ཀྭིའི་མི་འདེབས༔ དྲི་ཆུ་དང་བཤང་གཅི་ཕྱོགས་གཅིག་ལས་མི་འདོར༔ གཉན་སའི་ཤིང་རློན་མི་འཇོམས༔ འདུ་འཛི་དང་རྣམ་གཡེང་སྤངས་ནས་བསྒོམ་ཞིང་དམིགས་པ་ལ་གཟབ་པར་བྱ༔ རབ་གཉན་དམིགས་རེ་བཞིན་དུ་ཚོགས་བསྐང་བཏང་བ་དང༔ ཐ་ནའང་ཞག་བཅུ་རེའི་མཚམས་སུ་ཚོགས་བསྐང་རེ་བཏང་བ་གནད་དོ༔ ཅོག་པུ་མཁའ་འགྲོའི་གཞལ་ཡས་ཁང་དུ་བསྒོམ་ཞིང་ལྟ་བའི་གདེངས་མ་ཤོར་བ༔ བསྒོམ་པའི་གདེངས་མ་ཤོར་བ༔ སྤྱོད་པ་བག་མེད་དུ་མ་ཤོར་བ་གནད་དམ་པའོ༔ ཞེས་རང་གི་སློབ་མའི་ཚོགས་ལ་ཉེ་བར་མཁོ་བའི་ཆེད་དུ་བདུད་འཇོམས་རྡོ་རྗེས་བྲིས་པ་དགེ་བར་གྱུར་ཅིག་གུ༔ སརྦ་མངྒ་ལམ༔ དགེའོ༔

ཕུང་པོའི་མཆོད་སྦྱིན་ཚོགས་གཉིས་བང་མཛོད།

ཕུང་པོའི་མཆོད་སྦྱིན་ཚོགས་གཉིས་བང་མཛོད་བཞུགས༔ ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ ཟབ་དོན་བརྟུལ་ཞུགས་འཛིན་པའི་མཆོག༔ རང་བྱུང་ཤེས་རབ་ཕ་རོལ་ཕྱིན༔ མ་སྐྱེས་འགགས་མེད་ནམ་མཁའི་དབྱིངས༔ སྟོང་གསལ་འཛིན་མེད་ངང་ཉིད་ལས༔ རིག་པ་སྐད་ཅིག་དྲན་རྫོགས་སུ༔ ཕཊཿ རང་ཉིད་སྐད་ཅིག་གིས་ཡུམ་ཆེན་མོ་གསེར་མདོག་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པ་ཞལ་གཅིག་ཕྱག་བཞི་གཡས་གཉིས་རྡོ་རྗེ་དང་སྐྱབས་སྦྱིན༔ གཡོན་གཉིས་པོ་ཏི་དང་མཉམ་བཞག་མཛད་པའི་ཐུགས་སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན་དུ་གྱུར༔ འོ་སྣང་ཞིང་སྲིད་པའི་ལྷ་མཐུ་བོ་ཆེ༔ ཀླུ་མཐུ་བོ་ཆེ༔ བདུད་མཐུ་བོ་ཆེ༔ བཙན་མཐུ་བོ་ཆེ༔ རྒྱལ་པོ་མཐུ་བོ་ཆེ༔ མ་མོ་མཐུ་བོ་ཆེ༔ གཉན་མཐུ་བོ་ཆེ༔ མི་མ་ཡིན་མཐུ་བོ་ཆེ༔ ཁྱེད་རྣམས་ལེགས་པར་ཉོན༔ བདག་གིས་ཁྱེད་རྣམས་འཁོར་བ་དང་ངན་སོང་ནས་བསྒྲལ་ཏེ་རྣམ་མཁྱེན་སངས་རྒྱས་ཀྱི་ས་ལ་འགོད་པའི་ཕྱིར་བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་འདིར་འོང་བ་ཡིན་པས་བདག་གི་ཕྲིན་ལས་འདི་མྱུར་དུ་སྒྲུབས་ཤིག༔ བདག་གི་ཕྲིན་ལས་འདི་མྱུར་དུ་མ་བསྒྲུབ་ན་གནམ་ས་སྟེང་འོག་བསྒྱུར་ནས་ཡུལ་འདིར་མཛེ་ཤའི་རི་བོ་བརྩེགས༔ མཛེ་ཁྲག་གི་རྒྱ་མཚོ་བསྐྱིལ༔ མཛེ་རྐང་གི་ཀ་བ་བཙུགས༔ མཛེ་ལྤགས་ཀྱིས་ཐོག་ཕུབ༔ མཛེ་རུས་ཀྱི་ཐང་ཆེན་བརྡལ་ནས༔ ཇི་སྲིད་འཁོར་བ་མ་སྟོང་གི་བར་དུ༔ ལྷ་འདྲེ་ཁྱེད་རྣམས་དང་དབྱེར་མེད་ལྷན་ཅིག་ཏུ་སྡོད་པ་ཡིན་པས༔ དེའི་ཕྱིར་མྱུར་བ་ཉིད་དུ་བདག་གིས་ཕྲིན་ལས་གང་བཅོལ་སྒྲུབས་ཤིག༔ ལྷ་འདྲེ་ཁྱེད་རྣམས་ཀྱིས་བཟང་ལན་ངན་དུ་མ་བསྒྱུར༔ ངན་ལན་བཟང་དུ་མ་བསྒྱུར༔ བདག་གི་བཀའ་ལ་ཉོན་ཅིག༔ དམ་ཚིག་ལ་གནས་པར་གྱིས་ཤིག༔ ཕཊ་ཕཊ་ཕཊ༔ རྐང་དུང་དྲག་འབུད་གསུམ་དང༔ ཞིང་ཆེན་ལྤགས་པའི་གཡང་གཞི་ལན་གསུམ་ས་ལ་བརྡབ༔ ཕཊཿ ཡེ་གཞི་སྟོང་ཆེན་དག་པ་ནམ་མཁའི་དབྱིངས༔ ཡེ་ཤེས་རང་རྩལ་སྒྱུ་འཕྲུལ་ལབ་ཀྱི་སྒྲོན༔ མ་ཅིག་ཁྲོས་མ་དམར་མོ་གཏུམ་རྔམ་འབར༔ ཕྱག་གཡས་མི་ལྤགས་གཡང་གཞིས་ཁམས་གསུམ་སྡུད༔ ཕྱག་གཡོན་མི་རྐང་གླིང་བུས་སྲིད་གསུམ་གནོན༔ སྐུ་ཡི་དཔའ་ཟིལ་མེ་རིས་རིགས་དྲུག་གི༔ སྐྱེ་འགྲོ་ལྷ་འདྲེ་དྲེགས་པ་ཆམ་ཆམ་འདུས༔ བཀའ་ཉན་གསུང་སྡོད་ཚུལ་དུ་མདུན་དེར་འཁོད༔ ཕཊཿདང་པོས་ཐམས་ཅད་ཀྱིས་ཐོབ༔ ཕཊཿགཉིས་པས་ཐམས་ཅད་འདུས༔ ཕཊཿགསུམ་པས་བཀའ་ཉན་གསུང་སྡོད་གྱུར༔ རང་ཉིད་རང་བྱུང་རིག་པ་ཁྲོས་མར་གྱུར༔ རང་ལུས་ནས་ཐོན་མདུན་གྱི་མཁའ་ལ་འཕགས༔ ཕྱག་གཡས་གྲི་གུག་བེམ་པོ་ཁྲག་མཚོར་གྱུར༔ སྟོང་གསུམ་ཁྱབ་པའི་ཞིང་ལྤགས་སྟེང་དུ་བསྒྱུར༔ ལྷ་ལ་བདུད་རྩི་ཀླུ་ལ་སྐྱེད་མོས་ཚལ༔ བཙན་ལ་རང་ཆས་ཡུལ་འདྲེ་རྒྱལ་བཙན་བདུད༔ ཀུན་ལ་ཤ་ཁྲག་ཅི་འདོད་འདོད་ཡོན་བསྔོ༔ ནད་བདག་ཡམས་བདག་སྡོང་ཟླ་རྒྱབ་རྟེན་ཚོགས༔ ཤ་ཁྲག་རུས་པ་སླ་བ་ཞག་རྐང་ཚིལ༔ གང་ལ་གང་མཁོ་ཅི་ལ་ཅི་འདོད་ཚོགས༔ མ་ཚང་མེད་པའི་འདོད་རྫས་དཀོར་ནོར་འབུལ༔ གནོད་སེམས་གདུག་སེམས་ཞི་ནས་བྱམས་སེམས་ལྡན༔ རྣམ་མཁྱེན་བྱང་ཆུབ་བདུད་རྩི་བརྙེས་པར་ཤོག༔ ཕཊ་ཕཊ་ཕཊ༔ སྐྱབས་གནས་མཆོག་གྱུར་དཀོན་མཆོག་རིན་པོ་ཆེ༔ བླ་མ་ཡི་དམ་མཁའ་འགྲོ་རྩ་གསུམ་ལྷ༔ དཔལ་མགོན་ཕོ་རྒྱུད་མོ་རྒྱུད་མ་ནིང་རྒྱུད༔ གཅོད་ཡུལ་བཀའ་སྲུང་དཀར་ཕྱོགས་སྐྱོང་བའི་ལྷ༔ ཟངས་རི་མཆེད་གཉིས་དྲེགས་པ་སྡེ་བརྒྱད་ལ༔ བདག་ལུས་བདུད་རྩི་ཀུན་བཟང་མཆོད་སྤྲིན་འབུལ༔ གནས་སྐབས་རྐྱེན་སོལ་ས་ལམ་བར་ཆད་སྲུང༔ མཐར་ཐུག་སངས་རྒྱས་འཐོབ་པའི་དངོས་གྲུབ་ཞུ༔ ཕཊ་ཕཊ་ཕཊ༔ ཕུང་པོའི་མཆོད་སྦྱིན་གྱི་ལྷག་མ་ཅུང་ཟད་ལུས་པ་ལས་ལྷག་མའི་འབྱུང་པོ་ཁས་ཞན་པ༔ དབང་ཆུང་བ༔ ཞ་བོ༔ ལོང་བ༔ འོན་པ༔ ལྐུགས་པ༔ མི་ཁོམ་པ༔ མ་ཐེམ་པ༔ བང་བུལ་བ༔ འབྱུང་པོ་ལྷག་སྡུད་རྣམས་ཀྱི་ཞལ་དུ་འབུལ་ལོ༔ ཁར་རེག་པ་དང་དྲི་ཚོར་བ་ཙམ་གྱིས་ཚིམ་པར་གྱུར་ཅིག༔ ཕཊ་ཕཊ་ཕཊ༔ དགེ་སྡིག་གཏོང་ལེན་དང་འཁོན་སྦྱང་གི་ཆོས་ཀྱི་སྦྱིན་པ་སོགས་ལེགས་པར་གྲུབ་རྗེས༔ ཕཊཿ དགེ་འདིས་མཁའ་མཉམ་ཡིད་ཅན་འགྲོ་བ་རྣམས༔ དགའ་མགུ་ཡི་རང་རྣམ་མཁྱེན་སངས་རྒྱས་ཤོག༔ འཁོར་གསུམ་ཡོངས་དག་ཆེན་པོར་རྒྱས་གདབ་ནས༔ དག་ཆེན་ཡེ་ཤེས་ཁྱབ་བརྡལ་ཆེན་པོར་ཤོག༔ ས་མ་ཡཱ༔ རང་བྱུང་ཡེ་ཤེས་སྒྱུ་མའི་འཕྲུལ༔ རྩོད་མེད་མཁའ་འགྲོའི་བརྡ་གླུ་ལས༔ ཐོལ་བྱུང་ཐོགས་མེད་ཚུལ་དུ་སྨྲས༔ སྔོན་སྦྱངས་ལས་ཀྱི་འཕྲོ་ལྡན་པའི༔ ཨ་ཙརྱ་སྤྲུལ་ཕན་པའི་མིང༔ འཆོལ་སྤྱོད་གང་གི་ཐུགས་བཅུད་ཆོས༔ སྐལ་ལྡན་འགྲོ་བའི་དོན་ལ་སྤེལ༔ གུ་ཧྱ༔ ཞེས་འགྲོ་བའི་དེད་དཔོན་མཆོག་གྱུར་བླ་མ་ཤེས་རབ་བཟང་པོ་དང་ཉེ་བའི་བཀའ་ཉན་ཡུལ་མིས་སྤྱི་སྲུང་སྒྲུབ་པའི་ཚེ་རྟོགས་ལྡན་སྐྱེས་བུ་དམ་པ་ཚེ་དབང་ལྷུན་གྲུབ་ལ་ཟབ་མོའི་ཆོས་ཀྱི་སྐལ་བར་ལེགས་པར་ཕུལ་བ་བདག་ཉིད་གཞན་ཕན་གྱིས་བྲིས་པ་དུས་གསུམ་དུ་དགེ་བར་གྱུར་ཅིག

གསོལ་འདེབས་དད་པའི་འཇུག་ངོགས་རྟོག་ཚོགས་རང་གྲོལ།

༄༅། གསོལ་འདེབས་དད་པའི་འཇུག་ངོགས་རྟོག་ཚོགས་རང་གྲོལ་བི་ཧ་ར་ཏིསྨ༔ ཨེ་མ་ཧོ༔ རང་བྱུང་ཡེ་ཤེས་ཡེ་རྫོགས་ཆོས་ཀྱི་སྐུ༔ འགགས་མེད་རང་ཤར་ལྷུན་གྲུབ་ལོངས་སྤྱོད་རྫོགས༔ ཐུགས་རྗེ་རྩོལ་མེད་སྤྲུལ་སྐུའི་ཡོན་ཏན་རྫོགས༔ གཞ༵ན་དོན་རྨད་བྱུང་སྤྱོད་པ་དོན་དང་ལྡན༔ ཕ༵ན་བདེའི་རྩ་ལག་བཟ༵ང་པོ༵འི་ནོར་གྱིས་ཕྱུག༔ དཔལ་ལྡན་བླ་མ་དེ་ལ་གསོལ་བ་འདེབས༔ འཁྲུལ་སྣང་ཕྱོགས་འཛིན་ཞིག་པར་བྱིན་གྱིས་རློབས༔ འགྲོ་དོན་ཕྱོགས་མེད་འབྱུང་བར་བྱིན་གྱིས་རློབས༔ གཏད་མེད་ཕྱོགས་ཡན་གྲོལ་བར་བྱིན་གྱིས་རློབས༔ རྡོ་རྗེ་གསུམ་ལྡན་འབྱུང་བར་བྱིན་གྱིས་རློབས༔ གཏད་པ་བཞི་ལྡན་ནུས་པར་བྱིན་གྱིས་རློབས༔ སྤྱོད་པ་ལམ་སློང་ནུས་པར་བྱིན་གྱིས་རློབས༔ ཕུང་པོ་སྟོན་འགྱེད་ནུས་པར་བྱིན་གྱིས་རློབས༔ ལྷ་འདྲེ་སེམས་སུ་ཆོད་པར་བྱིན་གྱིས་རློབས༔ ངེས་མེད་གཉན་ཁྲོད་འགྲིམ་པར་བྱིན་གྱིས་རློབས༔ འཇིགས་མེད་གདེང་ཆེན་ཐོབ་པར་བྱིན་གྱིས་རློབས༔ ཕྱོགས་མེད་རྣམ་རྒྱལ་སྤྱོད་པར་བྱིན་གྱིས་རློབས༔ སྐུ་གསུམ་ཡེ་ཤེས་རང་རིག་མངོན་གྱུར་ཤོག༔ ཅེས་པའི་གསོལ་འདེབས་འདོད་རྩོམ་འདི༔ སློབ་བུ་གཅོད་ཀྱི་རྣལ་འབྱོར་བ༔ འཇམ་དབྱངས་ཉི་མ་ཞེས་བྱ་ལ༔ གཏེར་མིང་འཁྲུལ་ཞིག་ལེགས་མྱོས་པའི༔ སྤྲུལ་མིང་ས་ར་ཧི་ཏས་བྲིས༔ སྐུ་གསུམ་བླ་མའི་ས་ཐོབ་ནས༔ ཡེ་གཞི་དོན་གྱི་ཀློང་དུ་ནི༔ ཕྱམ་གཅིག་གྲོལ་བའི་རྒྱུར་གྱུར་ཅིག༔ ཤུ་བྷཾ༔

གཅོད་ཀྱི་གནད་དོན་བསྡུས་པ་ཕུང་པོ་ཟན་བསྒྱུར།

ཡང་གསང་མཁའ་འགྲོའི་སྙིང་ཐིག་ལས༔ གཅོད་ཀྱི་གནད་དོན་བསྡུས་པ་ཕུང་པོ་ཟན་བསྒྱུར་བི་ཛ་ཧ་རཾ༔

དམ་པ་མ་ཅིག་ལ་ཕྱག་འཚལ་ལོ༔ ཟབ་མོ་གཅོད་ཀྱི་དོན་བསྡུས་སྟོན༔ ཌཱ་དྲིལ་རྐང་གླིང་གཡང་གཞི་དང༔ ཅོག་པུ་མཁོ་ཆས་ལེགས་སུ་བསགས༔ མ་བཅོས་གཉུག་མ་མངོན་གྱུར་པའི༔ བརྟུལ་ཞུགས་ལམ་སློང་རྣལ་འབྱོར་པས༔ གཅོད་ལོག་སྡང་སེམས་ཆོས་བརྒྱད་ཀྱི༔ བསམ་པས་མ་བསླད་སེམས་བསྐྱེད་ཀྱི༔ འཕེན་པ་དྲག་པོས་འདི་བཞིན་བརྗོད༔ ཕཊཿ རང་ཉིད་སྐད་ཅིག་གིས་མ་ཅིག་ཁྲོེས་མ་དམར་མོ་ལེ་བརྒན་གྱི་མདོག་ཅན་ཞལ་ཁྲོ་མོའི་ཉམས་བརྒྱ་འབར་ཞིང་མཆེ་བ་གངས་ལྟར་གཙིགས་པ༔

རལ་བ་ལྕགས་བསྲེག་གི་རང་བཞིན་མེ་ཡི་ཚྭ་ཚྭ་འཕྲོ་བ༔ སྐུ་སྟོད་སྲིད་པའི་རྩེ་ནས་འགྱིང་བ༔ ཕྱག་གཡས་པས་མི་ལྤགས་རློན་པ་ཁྲག་ཙ་རེ་བ་ནམ་མཁའི་དབྱིངས་སུ་ཕྱར་ཞིང་གཡུག་པས་ཁམས་གསུམ་དབང་དུ་སྡུད་པ༔ ཕྱག་གཡོན་པས་མི་རྐང་གི་གླིང་བུ་སེང་ལྕམ་དཀར་མོའི་ང་རོ་ལས་ལྷག་པ་བསྒྲགས་པས་གཟུགས་ཅན་དང་གཟུགས་མེད་ཀྱི་འབྱུང་པོའི་སྙིང་རྩ་ཁོལ་ཞིང་ལས་ལ་འཛུད་པ༔ སྲིད་པ་གསུམ་པོ་དབང་དུ་སྡུད་པ༔ སྐུ་སྐེད་ལ་མི་ལྤགས་ཀྱི་གཡང་གཞི་ལྡིང་སྟབས་སུ་ཀླུབས་པ༔ འདོད་ཁམས་དང་གཟུགས་ཁམས་ན་འགྱིང་ཞིང་ལྷ་འདྲེ་མི་གསུམ་དཔའ་ཟིལ་ཆགས་པ༔ ཞབས་གཉིས་རླུང་རི་ནག་པོ་རྡོ་རྗེ་རྒྱ་གྲམ་ལ་གཏུག་པ་བྲོ་ཁྲིགས་ཁྲིག་བརྡབ་པས་འོག་གདོན་ཀླུ་དང་ས་བདག་ཐམས་ཅད་འགུགས་བསྒྲལ་སྤར་བ༔ སྐུ་སྨད་ལ་སྟག་ལྤགས་ཀྱི་ཤམ་ཐབས་གསོལ་ཞིང་ང་རྒྱལ་འཇོམས་པ༔ རྣ་ལྟག་གཡས་སུ་ཕག་ཞལ་དམར་ནག་མཁའ་ལ་ངུར་བས་ས་གསུམ་གྱི་སྐྱེ་འགྲོ་སྔང་བ༔ མ་དབང་སྡུད་ཀྱི་ཕག་མོ་དེའི་ཐུགས་ཀ་ནས་གནམ་ལྕགས་ཀྱི་རྡོ་རྗེ་རི་རབ་ཙམ་སྲ་མཁྲེགས་རྔམ་བརྗིད་དང་ལྡན་པ་འཕྲོས༔ གང་ལ་དམིགས་པའི་ས་རུ་ཐོག་ལྟར་བབས་པས་དེར་གནས་ཀྱི་ལྷ་འདྲེ་ཆེ་འབྲིང་ཆུང་གསུམ་ཐམས་ཅད་ཀྱི་དཔའ་ཟིལ་ཆགས་ཏེ་འབྲོས་བསམ་པ་དང་གནོད་སེམས་ཀྱི་སྡོང་ཤོར་ནས་དབང་མེད་དུ་བརྒྱལ་བར་གྱུར༔ ཕཊཿ ཕཊཿ ཕཊཿ ཞེས་སྦྲུལ་ནག་འཁྱིལ་འགྲོས་ཀྱིས་གནས་དེར་སླེབ་པ་ན༔ རྐང་དུང་ལན་གསུམ་འབུད་ལ༔ ཕཊཿ ཕཊཿ ཕཊཿ ཧཱུྃ༔ ང་ནི་ཁྲོས་མ་ནག་མོ་སྟེ༔ མ་ཅིག་ལབ་སྒྲོན་དྲག་མོའི་སྐུ༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ༔ ཉི་ཟླ་དམར་ནག་འདྲེས་པའི་ཧུར་གྱིས་གཟིགས༔ ཕྱག་གཡས་མི་ལྤགས་གཡང་གཞི་རྡེབ༔ ཕྱག་གཡོན་མི་རྐང་གླིང་བུ་འབུད༔ མ་དབང་སྡུད་མཁའ་འགྲོ་མཐུ་མ་ཆུང༔ དབང་སྡུད་མཁའ་འགྲོ་རྩལ་མ་ཞན༔ མ་ཁམས་གསུམ་དབང་དུ་བསྡུས་ཤིང་བྱོན༔ སྲིད་གསུམ་ཟིལ་གྱིས་གནོན་ཅིང་བྱོན༔ སྟོང་གསུམ་ཕཊཿསྒྲས་གང་ཞིང་བྱོན༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཕཊཿ ཕཊཿ ཕཊཿ མ་ཕྱོགས་བཞི་དབུས་ལྔ་ནས་བཞུགས་པ་ཡི༔ རྡོ་རྗེ་རིན་ཆེན་པདྨ་ཀརྨ་དང༔ སངས་རྒྱས་མཁའ་འགྲོ་དཀར་སེར་དམར་ལྗང་མཐིང༔ མེ་ལོང་མཉམ་ཉིད་སོར་རྟོག་བྱ་བ་གྲུབ༔ ཆོས་དབྱིངས་ཡེ་ཤེས་ལྔ་ཡི་བརྟུལ་ཞུགས་ཀྱིས༔ ཞེ་སྡང་ང་རྒྱལ་འདོད་ཆགས་ཕྲག་ཏོག་དང་༔ གཏི་མུག་ལས་གྱུར་ཕོ་གདོན་རྒྱལ་འགོང་དང༔ འཆི་བདག་གཤིན་རྗེ་མོ་གདོན་བསེན་མོ་དང༔ དམ་སྲི་དམ་འགོང་ཀླུ་གདོན་ས་བདག་སྡེ༔ བཀའ་འདས་དམ་ལོག་མགོ་སྐོར་རྗེས་སྙོགས་དང༔ དངོས་གྲུབ་མི་སྟེར་རྒབ་འདྲེ་བསེ་རག་སོགས༔ འགྱུར་ལྡོག་འཕར་ལྡང་བྱེད་པའི་ལྷ་འདྲེ་རྣམས༔ ཕྱག་གཡས་མི་ལྤགས་གཡང་གཞིས་ཟིལ་གྱིས་གནོན༔ ཕྱག་གཡོན་མི་རྐང་གླིང་བུས་དབང་དུ་བསྡུས༔ སྡེ་ལྔའི་བརྟུལ་ཞུགས་གདེངས་ཀྱིས་དམ་ལ་ཐོགས༔ དཔའ་བའི་ཏིང་འཛིན་རྡོ་རྗེས་ལྡང་མེད་མཛོད༔ ཕཊཿ ཕཊཿ ཕཊཿ དེ་ནས་ཌཱ་དྲིལ་དྲག་བརྡུང་བྱས་ལ༔ ཕྱོགས་བཞི་དབུས་ལྔར་བྲོ་གར་འཁྲབ༔ ཤར་རྡོ་རྗེ་རིགས་ཀྱི་བྲོ་དཀར་ཟླུམ་ལ་འབར༔ ལྷོ་རིན་ཆེན་རིགས་ཀྱི་བྲོ་སེར་གྲུ་བཞི་ལམ༔ ནུབ་པདྨ་རིགས་ཀྱི་བྲོ་དམར་ཟླ་གམ་འཁྱིལ༔ བྱང་ལས་ཀྱི་རིགས་ཀྱི་བྲོ་ལྗང་ཟུར་གསུམ་དབལ༔ དབུས་དེ་བཞིན་རིགས་ཀྱི་བྲོ་མཐིང་དགའ་འཁྱིལ་བརྡུང༔ དུག་ལྔ་དུག་གསུམ་ལས་བསྐྲུན་ནད་གདོན་རྡུལ་དུ་བརླགས༔ ཕཊཿ ཕཊཿ ཕཊཿ ཤར་སེང་གདོང་དཀར་མོས་ཤེལ་ཕུར་འདྲིལ༔ ལྷོ་སྦྲུལ་གདོང་སེར་མོས་གསེར་ཕུར་འདྲིལ༔ ནུབ་ཁྱུང་གདོང་དམར་མོས་བྱུར་ཕུར་འདྲིལ༔ བྱང་སྦལ་གདོང་ལྗང་ཀུས་གཡུ་ཕུར་འདྲིལ༔ དབུས་རྒོད་གདོང་མཐིང་ཀས་མཆོང་ཕུར་འདྲིལ༔ བདག་འཛིན་བདུད་བཞིའི་མགོ་བོ་དང༔ ལྷུ་ཚིགས་བཞི་ལ་བཏབ་པར་བསམ༔ ཚད་མེད་བཞི་དང་བྱང་སེམས་ཀྱི༔ ཏིང་འཛིན་མཐུ་ཡིས་གནན་པར་མཛོད༔ འགུལ་སྤྱོད་བྲལ་ཏེ་གཡོ་མེད་བསམ༔ འཁོར་གསུམ་དམིགས་མེད་རྒྱས་གདབ་པོ༔ ཕཊཿ ཕཊཿ ཕཊཿ ཐུན་བཅད་སྟོང་ཉིད་བསྒོམ༔ སྣང་བ་ཐོག་བརྫིས་མི་བྱའོ༔ ས་མ་ཡཱ༔ དེ་ནས་སྐྱབས་ཡུལ་གསལ་གདབ་ནི༔ སྐྱབས་ཡུལ་མདུན་གྱི་ནམ་མཁར་ཉི་ཟླ་པདྨའི་གདན་ལ་ཆོས་སྐུ་ཡུམ་ཆེན་མོ་དང་མ་ཅིག་ལབ་ཀྱི་སྒྲོན་མ་ལ་ཟབ་མོ་གཅོད་ཡུལ་བརྒྱུད་པའི་གྲུབ་ཐོབ༔ བཀའ་བརྒྱུད་ཉམས་བརྒྱུད་ཕ་རྒྱུད་མ་རྒྱུད་བླ་མ༔ མཆོག་གསུམ་རྩ་གསུམ་རྒྱལ་བ་རྒྱ་མཚོ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་དང་བཅས་པ་སྤྲིན་དཔུང་གཏིབ་པ་བཞིན་མངོན་སུམ་དུ་བཞུགས་པར་དམིགས་ལ༔ དེ་ནས་སྐྱབས་སུ་འགྲོ་བ་ནི༔ ཕཊཿ ན་མོ་གུ་རུ༔ གཏན་གྱི་སྐྱབས་གནས་བླ་མ་མཆོག་གསུམ་དང༔ སྐུ་གསུམ་རྩ་གསུམ་རབ་འབྱམས་རྒྱལ་སྲས་ཚོགས༔ ཀུན་འདུས་ངོ་བོ་མ་ཅིག་ཡུམ་ཆེན་མོ༔ འགྲོ་རྣམས་བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ཕཊཿ དེ་ནས་སེམས་བསྐྱེད་པ་ནི༔ བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་འདིས༔ སེམས་ཅན་བདེ་ལྡན་སྡུག་བསྔལ་ཀུན་དང་བྲལ༔ ཆགས་སྡང་མེད་པའི་སྟོང་ཆེན་བློ་འདས་དབྱིངས༔ བླ་མེད་རྫོགས་པའི་བྱང་ཆུབ་ཐོབ་པར་ཤོག༔ ཕཊཿ ཚོགས་བསགས་ཡན་ལག་རིམ་པ་ནི༔ གུས་པས་ཕྱག་འཚལ་ལོངས་སྤྱོད་དགེ་ཚོགས་མཆོད༔ ཉམས་ཆགས་མཐོལ་བཤགས་དགེ་ལ་རྗེས་ཡི་རང༔ ཆོས་འཁོར་བསྐོར་བསྐུལ་མྱ་ངན་མི་འདའ་བཞུགས༔ མ་ལུས་ཕྱམ་གཅིག་བྱང་ཆུབ་ཐོབ་ཕྱིར་བསྔོ༔ ཕཊཿ མཎྚལ་འབུལ་བའི་རིམ་པ་ནི༔ ཕཊཿ རང་ལུས་མཎྚལ་སྟོང་གསུམ་ལྷུན་གྱིས་གྲུབ༔ ཕྱི་ནང་གསང་བའི་མཎྚལ་བསམ་ཡས་ཉིད༔ སྐུ་གསུམ་མཁའ་འགྲོ་གཅོད་བརྒྱུད་བླ་མར་འབུལ༔ སྒྲིབ་གཉིས་ཡོངས་དག་ཚོགས་གཉིས་མཐར་ཕྱིན་ཤོག༔ ཕཊཿ ཕཊཿ ཕཊཿ དངོས་གཞི་ལུས་སྦྱིན་དཀར་འགྱེད་ནི༔ ཕཊཿ རང་རིག་རང་ལུས་ནས་ཐོན་ཌཱཀྐི་དམར༔ ཕྱག་གཡས་གྲི་ཁུག་བམ་གྱི་ཐོད་པ་བྲེགས༔ སྐུ་གསུམ་དོན་མཚོན་ཐོད་སྒྱེད་གསུམ་གྱི་སྟེང༔ སྟོང་གསུམ་ཁྱབ་པའི་མི་མགོ་ལྕང་ལོ་ཅན༔ ནང་དུ་ཕུང་པོ་སིལ་བུར་གཏུབ་པ་ཨ་ཐུང་དང༔ ཧཾ་ཡིག་བདུད་རྩིར་ཞུ་བས་དཀར་ལྟེམས་གྱུར༔ དེ་སྟེང་འབྲུ་གསུམ་དབྱིངས་ནས་ཆར་ལྟར་བབས༔ ཟག་མེད་ཀུན་བཟང་མཆོད་སྤྲིན་རྒྱ་མཚོར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཅི་མང་བརྗོད༔ ཕཊཿ མཆོད་ཡུལ་རྒྱལ་བ་སྲས་དང་སློབ་མར་བཅས༔ རྩ་གསུམ་དམ་ཅན་བགེགས་རིགས་ལན་ཆགས་ཚོགས༔ རིགས་དྲུག་སྙིང་རྗེའི་མགྲོན་གྱུར་ཐམས་ཅད་དང༔ གནས་གདོན་ལུས་གདོན་ནད་རིམས་ཡམས་ཀྱི་བདག༔ སྣང་སྲིད་མཆོད་ཡུལ་མགྲོན་གྱི་ཚོགས་རྣམས་ཀུན༔ དུར་ཁྲོད་མི་རོ་བམ་གྱི་ཚོགས་འཁོར་ལ༔ མ་ལུས་བྱ་རྒོད་ཐེད་ལ་རོལ་བ་བཞིན༔ བར་སྣང་ཁམས་ཀྱི་སྦྲང་ཆར་གཏིབ་པ་དང༔ བྱིའུ་ནག་ཆུ་ལ་རུབ་པ་ཇི་བཞིན་དུ༔ སྐད་ཅིག་ཉིད་ལ་གནས་འདིར་གཤེགས་སུ་གསོལ༔ ཕཊཿ ཕཊཿ ཕཊཿ ཕཊཿ གྲུབ་ཐོབ་གཅོད་བརྒྱུད་བླ་མ་དང༔ ཡི་དམ་རྒྱུད་སྡེ་དྲུག་གི་ལྷ༔ གནས་གསུམ་མ་མོ་མཁའ་འགྲོའི་ཚོགས༔ མ་མགོན་གཟའ་རྡོར་རྒྱལ་བཙན་བདུད༔ རྩ་གསུམ་བསྲུང་མ་ནོར་ལྷའི་མགྲོན༔ བདེ་སྟོང་འདོད་ཡོན་བདུད་རྩིས་མཆོད༔ ཐུགས་རྒྱུད་མཉེས་ཚིམ་དགའ་མགུར་ལྡན༔ མཆོག་ཐུན་ལས་བཞི་ལྷུན་གྲུབ་སྩོལ༔ ཕཊཿ ཕཊཿ ཕཊཿ ཕཊཿ རིགས་དྲུག་བགེགས་རིགས་ལན་ཆགས་མགྲོན༔ གནས་གདོན་ལུས་གདོན་ཡུལ་གྱི་གདོན༔ རྒྱལ་བསེན་གྲི་བོ་གྲི་མོ་དང༔ དམ་འགོང་བྱད་མ་ལྷ་བསྲུང་ལ༔ མི་ཟད་འདོད་དགུ་འབྱུང་བའི་གཏེར༔ བསྔོའོ་སྦྱིན་ནོ་ཚིམ་གྱུར་ཅིག༔ ཤ་འཁོན་སྒྲིབ་པ་ཡོངས་བྱང་ཞིང༔ འབྲེལ་ཐོག་སངས་རྒྱས་མྱུར་འགྲུབ་ཤོག༔ ཕཊཿ ཕཊཿ ཕཊཿ ཕཊ༔ ཁས་ཞན་དབང་ཆུང་ལྷག་མའི་མགྲོན༔ བདུད་རྩི་ལྷག་ལུས་སྟོན་མོར་འགྱེད༔ མི་ཁོམ་པ་དང་བང་བུལ་བ༔ མ་སླེབ་པ་དང་མ་ཐེམ་པ༔ ཞ་ལོང་འོན་པ་ལྐུགས་པ་དང༔ འཕྲོག་མ་མ་བུ་ལྔ་བརྒྱ་སོགས༔ ཐམས་ཅད་ངོམས་ཤིང་ཚིམ་གྱུར་ནས༔ གནོད་སེམས་གདུག་སྦྱོར་ཞི་བ་དང༔ བྱང་ཆུབ་སེམས་ལྡན་གྲོལ་བར་ཤོག༔ ཕཊཿ ཕཊཿ ཕཊཿ ཕཊཿ དེ་ནས་དགེ་སྡིག་གཏོང་ལེན་ངང༔ རང་ཉིད་བསྟན་པའི་མངའ་བདག་པོ༔ ཐུབ་པའི་དབང་པོའི་སྐུར་གསལ་བའི༔ མདུན་དུ་ལྷ་འདྲེ་གནོད་བྱེད་ཚོགས༔ ཉི་ཟེར་རྡུལ་འཁྲིགས་ལྟ་བུར་གསལ༔ ཀུན་གྱིས་དད་གུས་དུང་ངེ་ཉོན༔ ཡང་དག་ཆོས་ཀྱིས་གྲོལ་བར་མཛོད༔ ཕཊཿ ན་མོ་ཆོས་རྣམས་ཐམས་ཅད་སོགས། སྡིག་པ་ཅི་ཡང་སོགས། ཚོགས་ཀྱི་ལམ་དང་སོགས། ཐོབ་པར་ཤོག ཕཊཿ གཅོད་བྱ་འཁྲུལ་རྟོག་གཅོད་བྱེད་རིག་ཅིང་གྲོལ༔ གཉིས་མེད་མཉམ་བརྡལ་རང་བྱུང་དབྱིངས་ཀྱི་མཁའ༔ དོན་དམ་ཕྱག་རྒྱ་ཆེན་པོའི་ཀློང་དུ་གྲོལ༔ ཡུམ་དོན་ཆོས་སྐུའི་མཁའ་རུ་སངས་རྒྱས་གྱུར༔ ཨ་ཨ༔ ཕཊ་ཕཊཿ ས་མ་ཡཱ༔ རང་བྱུང་ཡེ་ཤེས་མཁའ་འགྲོའི་བརྡ༔ མ་ཅིག་ལབ་སྒྲོན་ཐུགས་ཀློང་ནས༔ སྙན་རྒྱུད་དགོངས་པ་སེམས་ལ་ཤར༔ སྐལ་ལྡན་བརྒྱུད་པ་འཛིན་ལ་གཏད༔ འདི་ནི་ཚོགས་གཉིས་བསགས་པ་དང༔ སྐྱེ་མེད་གཅིག་ཆོད་གདམས་པ་ཡིན༔ འདི་ལས་ལྷག་པ་གངས་ཅན་འདིར༔ དཀོན་ཆོས་ཡིན་ནོ་ཨ་ལ་ལ༔ འདི་ནི་གདམས་ངག་ཀུན་གྱི་བཅུད༔ ཡུམ་ཆེན་ཤེར་ཕྱིན་གདམས་པ་འདི༔ བྱ་རྒྱལ་ཁྱུང་གི་སྒོ་ང་འདྲ༔ ན་ཚོད་མཐོ་ཡང་གནམ་འཕང་གཅོད༔ ན་ཚོད་དམའ་ཡང་དེ་བཞིན་འགྱུར༔ དེ་བཞིན་གཅིག་ཆོག་གདམས་པ་འདི༔ གང་ཞིག་སུ་ཡིན་ཉམས་སུ་ལོངས༔ དབང་པོའི་རིམ་པར་མི་ལྟོས་ཤིང༔ གང་འབྲེལ་རང་སྐལ་འཚམས་པས་གྲོལ༔ དམ་པ་མ་ཅིག་ཐ་ཚིག་གོ༔ ཅེས་དང༔ ཕཊཿ ཕཊཿ ཕཊཿ སྐུ་གསུམ་ངོ་བོ་གཅོད་བརྒྱུད་བླ་མ་དང༔ ཡི་དམ་ལྷ་ཚོགས་དམ་པ་ཕག་མོ་དང༔ མ་ཅིག་ལབ་སྒྲོན་མཁའ་འགྲོ་སྡེ་ལྔ་མ༔ ཟངས་རི་བཙན་རྒོད་གཅོད་ཡུལ་བཀའ་བསྲུང་གིས༔ རང་གཞན་ཡུམ་ཆེན་དགོངས་པ་ཟང་ཐལ་དུ༔ རྣམ་གྲོལ་སྐུ་གསུམ་འབྲས་བུའི་བཀྲ་ཤིས་ཤོག༔ ཅེས་པ་འདི་ཡང་སྐྱེས་ཐོབ་རིག་པ་འཛིན༔ སུ་ཏྲ་ཞེས་བྱ་གུ་རུ་བཛྲ་གྱི༔ ཐུགས་ཟིན་བུ་སློབ་ཤྲི་ཝན་སྒྱུ་འཕྲུལ་བདག༔ བཙུན་པ་དེ་དང་བིདྱ་ལོ་ཙཱ་ནི༔ ཟུང་གིས་བསྐུལ་ངོར་བཞེད་སྐོང་ཙམ་དུ་ནི༔ ཆོས་མེད་སྤྲང་པོ་ས་ར་ཧི་ཏ་ལ༔ ཡེ་ཤེས་མཁའ་འགྲོའི་བརྡ་གླུ་སྣང་བའི་ཆོས༔ འཇའ་ཚོན་སྙིང་པོ་མི་འགྱུར་རྡོ་རྗེ་ཡི༔ གསང་གསུམ་སྒྱུ་འཕྲུལ་པདྨ་དྲག་རྩལ་གྱིས༔ གནམ་ཆོས་དབང་ལུང་མཛད་སྐབས་ཡར་ཚེས་དུས༔ དབེན་རི་རྫ་ཕུག་རོལ་མོ་གླིང་གི་ཕུར༔ རྣལ་འབྱོར་དཔའ་བོ་ས་ར་ཧི་ཏས་བྲིས༔ སྐུ་གསུམ་རང་གྲོལ་ཌཱཀྐིའི་དབང་ཐོབ་ཤོག༔ དུས་གསུམ་ཀུན་ཏུ་དགེ་ཞིང་བཀྲ་ཤིས་ཤོག༔ སརྦ་ཛ་གད་དཾ༔

དམར་འགྱེད་སོགས།

མ་ཅིག་ཡུམ་ཆེན་ཕག་མོ་ལ་ཕྱག་འཚལ༔ ཕུང་པོའི་མཆོད་སྦྱིན་དམར་འགྱེད་ནི༔ སེམས་བསྐྱེད་ལྡན་པའི་གང་ཟག་གིས༔ རྣམ་པར་རྟོག་གསུམ་བྲལ་བ་ཡིས༔ ཕཊཿབརྗོད་པས༔ རང་ལུས་ཆེ་ཚོའི་དཔལ་ཡོན་ཕུན་སུམ་ཚོགས༔ དབུ་མའི་ལམ་ནས་སེམས་ཉིད་མཁའ་ལ་ཐོན༔ སྟོང་གསུམ་ཁྱབ་པའི་བཾ་རོ་སྣུམ་བརྗིད་མཛེས༔ མཐོང་བ་ཙམ་གྱིས་ལྷ་འདྲེའི་ཡིད་འཕྲོག་ནུས༔ མདུན་དེར་རྣམ་པར་ཤེས་པའི་ངོ་བོའི་འཕྲུལ༔ གཤིན་རྗེ་ཨ་བ་གླང་དང་ཞེ་སྡང་སྦྲུལ༔ འདོད་ཆགས་བྱ་དང་གཏི་མུག་འཁོར་ལོའི་སྣ༔ ང་རྒྱལ་རྔམ་པ་དྲེད་ཀྱི་མགོ་ཅན་ལྔ༔ གཞན་ཡང་གཅན་ཟན་སྣ་ཚོགས་མགོ་བརྙན་ཅན༔ མཚོན་ཆ་སྣ་ཚོགས་ཐོགས་པས་རོ་གཏུབ་བསམ༔ ཕཊཿ གཏི་མུག་ཤ་རི་འདོད་ཆགས་ཁྲག་གི་མཚོ༔ ཞེ་སྡང་རུས་པ་ལྷ་བ་རྐང་མར་ཞག༔ དྲི་དང་རོ་ནུས་ཕུན་ཚོགས་འཇིག་རྟེན་གང༔ ཕཊཿ གཤིན་རྗེ་རྣམ་ལྔས་སྐད་གདངས་མཐོན་པོ་ཡིས༔ སྟོང་གསུམ་སྲིད་པའི་ལྷ་འདྲེ་ཀུན་བོས་པས༔ རང་དབང་མེད་པར་འུབ་ཀྱིས་འདུས་པར་བསམ༔ དེ་ནས་གདོན་འབོད་ལ་རྐང་དུང་ལན་གསུམ་འབུད་ཅིང་གཡང་གཞི་ལན་གསུམ་བཏབ་པས། འཻ༔ བགེགས་ཀྱི་གཙོ་བོ་གདོན་ཆེན་བཅོ་རྒྱད་དང༔ བྱིས་པའི་གདོན་ཆེན་བཅོ་ལྔ་ལ་སོགས་པའི༔ རྒྱལ་བསེན་གཟའ་ཀླུ་རྒྱུ་སྐར་ས་བདག་བཙན༔ བདུད་གཤེད་འགོང་ཐེའུ་གྲི་བོ་གྲི་མོ་བཅས༔ སྲིད་པའི་རྩེ་མན་ན་རག་དམྱལ་བ་ཡན༔ ནམ་མཁའི་ལྷ་མན་ས་འོག་ལྟོ་ཕྱེ་ཡན༔ མཐོ་བ་བེ་ཧར་རྒྱལ་པོ་མན་ཆད་ནས༔ དམའ་བ་ཡུལ་འདྲེ་ས་སྲིན་ཡན་ཆད་ཀྱི༔ སྣང་སྲིད་ལྷ་འདྲེ་ཐམས་ཅད་འདིར་འདུས་ཤིག༔ ཕཊཿ ཀྱཻ༔ ཁྱད་པར་གཉན་ཁྲོད་འདིར་གནས་ལྷ་འདྲེའི་རིགས༔ ལྷ་བདུད་བཙན་དང་གཟའ་ཀླུ་གཉན་དང་སྲིན༔ ཕོ་མོ་མ་ནིང་ཚོགས་ཀུན་འདིར་འདུས་ཤིག༔ ཁྱད་པར་བསྲུང་བྱ་འདི་ལ་གནོད་བྱེད་པའི༔ རྒྱལ་བསེན་གྲི་བོ་གྲི་མོ་ཤི་གསོན་འདྲེ༔ དུས་གསུམ་འདྲེ་གྱུར་ཟ་འདྲེ་ཤི་གཤེད་དང༔ ཁ་ཡི་དབུགས་འཕྲོག་ཁོག་པའི་སྲོག་གཅོད་པའི༔ བདུད་དང་ལོག་འདྲེན་མ་ལུས་འདིར་འདུས་ཤིག༔ ཅེས་པའི་འབོད་སྐད་དྲག་པོས་འབོད་ཙམ་གྱིས༔ མདུན་དེར་ཁྲོམ་འཚོགས་ཇི་བཞིན་འདུས་པར་བསམ༔ ཕཊཿ ཁྱད་པར་བྱེ་བྲག་འབོད་པ་འདི་ལྟར་གྱེར༔ ཕཊཿ སྟེང་འཇའ་ཚོན་ལས་གྲུབ་གུར་ཁང་ནས༔ གཟའ་ཁྱབ་འཇུག་མགོ་དགུ་བྱ་རོག་ཏོག༔ འཁོར་གདོང་མོ་བཞི་དང་གཟའ་ཆེན་བརྒྱད༔ ལྷ་སྲིན་དང་སྡེ་བརྒྱད་རྒྱུ་སྐར་ཚོགས༔ སྟེང་གཟའ་ཡི་གདོན་ཚོགས་ཐམས་ཅད་ཀྱིས༔ བདག་ཤ་ཁྲག་རུས་པའི་ཕུང་པོ་འདི༔ ཟོ་འཐུང་ཞིག་ལྷག་མ་མེད་པར་རོལ༔ ཁྱེད་དགྱེས་པས་འདོད་དོན་ལྷུན་གྲུབ་སྩོལ༔ ཕཊཿ བར་ལྷ་ཁང་བྱ་འདབས་སུམ་རིམ་ནང༔ གདོན་རྒྱལ་འགོང་བེ་དཀར་གསེར་ཐུལ་ཅན༔ གླང་ཞོན་ཅིང་ལྷུང་བཟེད་གསེག་ཤིང་བསྣམས༔ འཁོར་བན་ཆེན་བརྒྱ་དང་བོན་ཆེན་སྟོང༔ ལས་བྱེད་པ་ཤན་པ་གྲི་ཐོགས་བརྒྱ༔ པ་དྲ་དང་པུ་ཏྲ་ཕྱི་ནང་བློན༔ ཕྱག་བརྙན་དང་བེ་ཧར་རྣམ་པ་གསུམ༔ སྲིན་མོ་དང་དམ་སྲི་གྲོང་རྒྱུག་འདྲེ༔ བར་རྒྱལ་འགོང་གདོན་གྱི་སྡེ་ཚོགས་རྣམས༔ བདག་ཤ་ཁྲག་རུས་པའི་ཕུང་པོ་འདི༔ ཟོ་འཐུང་ཞིག་ལྷག་མ་མེད་པར་རོལ༔ ཁྱེད་དགྱེས་པས་འདོད་དོན་ལྷུན་གྲུབ་སྩོལ༔ ཕཊཿ འོག་རྒྱ་མཚོ་མེར་བའི་ནང་ཤེད་དུ༔ གདོན་ཀླུ་བདུད་གདོལ་བ་མགོ་དགུ་པ༔ ཕྱག་གཉིས་ན་ཆུ་གྲི་འབར་བ་ཐོགས༔ སྨད་སྦྲུལ་མཇུག་ཆུ་གླང་སྟེང་དུ་འཁྱིལ༔ འཁོར་ཀླུ་ཆེན་བརྒྱད་དང་ཀླུ་ཕྲན་སྟོང༔ སྦྲུལ་སྦལ་བ་ཉ་ལྕོང་སྡོམ་སྡིག་འཕྲོ༔ འོག་ཀླུ་གདོན་སྡེ་ཚོགས་ཐམས་ཅད་ཀྱིས༔ བདག་ཤ་ཁྲག་རུས་པའི་ཕུང་པོ་འདི༔ ཟོ་འཐུང་ཞིག་ལྷག་མ་མེད་པར་རོལ༔ ཁྱེད་དགྱེས་པས་འདོད་དོན་ལྷུན་གྲུབ་སྩོལ༔ ཕཊཿ སྒོས་གཉན་ས་འདི་ལ་གནས་པ་ཡི༔ བཙན་མ་མོ་ཐེའུ་རང་དྲི་ཟའི་སྡེ༔ བདུད་གཤིན་རྗེ་ཉུ་ལེ་རེ་ལྡེ་གདོན༔ ནད་ཡམས་བདག་ཕོ་མོ་ལན་ཆགས་བདག༔ འཕྲོག་མ་བུ་ལྔ་བརྒྱའི་སྡེ་ཚོགས་ཀུན༔ ལུས་ཤ་ཁྲག་རུས་པའི་ཕུང་པོ་འདི༔ ཟོ་འཐུང་ཞིག་ལྷག་མ་མེད་པར་རོལ༔ ཁྱེད་དགྱེས་པས་འདོད་དོན་ལྷུན་གྲུབ་སྩོལ༔ ཕཊཿ ཕཊཿ ཕཊཿ བདག་ལུས་ཆེ་ཚོ་བཀྲག་མདངས་དར་རྒྱས་པའི༔ སྤྱི་གཙུག་ནས་བཟུང་རྐང་མཐིལ་ཡན་ཆད་ཀྱི༔ དབང་ལྔ་སྣོད་དྲུག་ཕྱི་ཤ་གཟུགས་ཀྱི་ལུས༔ ནང་ཆ་བུ་དགུ་ཚིལ་བུ་ཞག་དང་རྐང༔ ཤ་ཁྲག་རུས་གསུམ་ཆུ་སེར་སོ་སེན་སྐྲ༔ ཚེ་སྲོག་བཀྲག་མདངས་ཁམས་དང་སྐྱེ་མཆེད་སོགས༔ ལྷ་འདྲེ་ཁྱེད་རང་རྣམས་ལ་ཕང་མེད་བློས༔ སྟེར་བ་ཡིན་པས་དགའ་བདེའི་ངང་གིས་ལོངས༔ ཟོ་ཞིག་ཁྱེར་ཅིག་ལྷག་མ་མེད་པར་བཞེས༔ སྦྱིན་དུ་མ་སྟེར་རྣལ་འབྱོར་ང་ཞན་ཅིང༔ སྤྱོད་དུ་མ་ནུས་ལྷ་འདྲེ་ཁྱེད་རྣམས་ལྷོད༔ སྤྱིར་འགྲོ་དྲུག་སེམས་ཅན་གླུད་དུ་གཏོང༔ སྒོས་དྲིན་ཆེན་ཕ་མའི་གླུད་དུ་གཏོང༔ བྱེ་བྲག་ཏུ་བླ་མའི་སྐུ་གླུད་གཏོང༔ གྲྭ་རོགས་དང་གྲོགས་མཆེད་ཀྱི་གླུད་དུ་གཏོང༔ འཁོར་འབངས་དང་ཁལ་གྱི་གླུད་དུ་གཏོང༔ ལན་ཆགས་དང་ཤ་འཁོན་བྱང་ཕྱིར་བསྔོ༔ དོན་དེ་ཕྱིར་སྐད་ཅིག་ཡུད་ཙམ་ལ༔ ཁྱེད་ལྟོག་པ་རྣམས་ཀྱིས་ཤ་ལ་ཟོ༔ སྐོམ་པ་རྣམས་ཀྱིས་ཁྲག་ལ་འཐུང༔ འཁྱག་པ་རྣམས་ཀྱིས་ལྤགས་པ་གྱོན༔ བཀྲེན་པ་རྣམས་ཀྱིས་འདོད་ཡོན་ཚོགས༔ མཁོ་དགུའི་གཏེར་དུ་འབུལ་བས་བཞེས༔ བྲམ་ཟེ་སྐྱེ་བདུན་ཤ་ཁྲག་རུས༔ བྱིན་གྱིས་རླབས་ནས་ཕུལ་བའི་མཐུས༔ མ་བསྒྲལ་བ་རྣམས་བསྒྲལ་བ་དང༔ མ་གྲོལ་བ་རྣམས་དགྲོལ་བ་དང༔ དབུགས་མ་དབྱུང་རྣམས་དབུགས་འབྱུང་ཞིང༔ མྱང་འདས་མ་ཐོབ་འཐོབ་བྱའི་ཕྱིར༔ མཆོད་སྦྱིན་བདུད་རྩིའི་གཏེར་བསྔོས་པས༔ ཁྱེད་རྣམས་འཁོར་མཚོ་ལས་ཐར་ནས༔ རྣམ་མཁྱེན་གོ་འཕང་འཐོབ་པར་ཤོག༔ ཕཊཿ ཕཊཿ ཕཊཿ ལྷག་ལ་དབང་བའི་ཁས་ཞན་དབང་ཆུང་རིགས༔ ཉམས་ཆུང་ཅེར་ལྟ་འབྱུང་པོ་དུང་ངེ་རྒྱུག༔ དེ་ཀུན་ཀྱང་ཟོ་ཞིག་ཚིམ་ཏུ་ཁྱེར༔ དགེ་བ་འདི་སེམས་ཅན་གྱི་དོན་དུ་བསྔོ༔ ཡུམ་ཆེན་གྱི་གོ་འཕང་མངོན་གྱུར་ཤོག༔ ཕཊཿ མཐར་མཆོད་བྱ་མཆོད་བྱེད་མ་ལུས་ཀུན༔ དོན་འཁོར་གསུམ་བྲལ་བའི་གཤིས་ལ་ཀློད༔ སླར་གདོད་མའི་དེ་ཉིད་མངོན་གཟིགས་པའི༔ ལུས་འཇའ་སྐུར་གཞིག་པའི་ཤིས་པ་སྩོལ༔ ཕཊཿ ས་མ་ཡཱ༔ ནག་འགྱེད་དམིགས་པ་འདོན་སྒོམ་སྦྲགས་པ་ནི༔ ཕཊཿ རང་བྱུང་བྷནྡྷ་སྟོང་གསུམ་ཁྱབ་པའི་ནང༔ རང་དང་བསྲུང་བྱ་གནས་པའི་མདུན་མཁའ་རུ༔ གྲུབ་ཐོབ་གཅོད་རྒྱུད་མ་ཅིག་ལྷ་ལྔ་དང༔ དམ་པ་རྒྱ་གར་ཡུམ་ཆེན་ཕག་ཁྲོས་མ༔ ལྷ་ཚོགས་སྐུ་ལས་ཟག་མེད་བདུད་རྩིའི་རྒྱུན༔ བབས་པས་སྤྱི་བོ་ནས་ཞུགས་ཕྱི་ནང་ཀུན༔ རབ་ཏུ་བཀྲུས་ཤིང་བཤལ་བས་ནད་དང་གདོན༔ ཉམས་ཆགས་ཉེས་ལྟུང་དྲི་མའི་ཚོགས་བཅས་ཀུན༔ དུད་ཁུ་སོལ་བའི་རང་བཞིན་ཐོད་པར་འཁྱིལ༔ དྲི་ཞིམ་རོ་བརྒྱ་ནུས་པ་ཕུན་སུམ་ཚོགས༔ ལྷ་འདྲེ་ཀུན་གྱིས་འཐུང་བས་ངོམས་ཤིང་ཚིམ༔ ཀུན་ཀྱང་བཻཌཱུཪ་མདོག་ལྟར་གཟི་བརྗིད་འབར༔ ཕཊཿ ཕཊཿ ཕཊཿཅེས་མང་བརྗོད་དམིགས་པ་མ་གསལ་བར༔ ཕཊཿ ཕཊཿ ཕཊཿ བདག་གཞན་ལ་སྡང་འཕྲོག་སོགས་གནོད་འཚེའི་བགེགས༔ ནད་གདོན་སྡིག་སྒྲིབ་བཀྲུས་པའི་ཁུ་བ་འདི༔ ལྷག་མེད་འཐུང་བས་ངོམས་ཤིང་ཚིམ་པ་ཡིས༔ ལུས་སེམས་དབང་པོ་བདེ་བའི་མཆོག་ཐོབ་ནས༔ མཐོང་ཐོས་དྲན་རེག་འགྲོ་ལ་སྨན་ནུས་ཤོག༔ དམིགས་པ་མང་བསྐྱར་ཕཊ་སྒྲ་སྒྲོགས༔ ཕཊཿ མཐར་ནི་གཏོང་ལེན་དམིགས་པ་འདི་ལྟར་རོ༔ བདག་གཞན་དུས་གསུམ་བསགས་པའི་དགེ་བའི་ཚོགས༔ གཅིག་བསྡུས་ནང་འབྱུང་རླུང་གི་རྒྱུ་བ་དང༔ འགྲོགས་ཏེ་གཞན་གྱི་རྒྱུད་ལ་ཐིམ་གྱུར་ནས༔ སྡུག་བསྔལ་ཀུན་བྲལ་བདེ་ཆེན་ཡེ་ཤེས་ཐོབ༔ ཕཊཿ རང་གི་བདེ་དགེ་གཞན་ལ་བཏང༔ ཕཊཿ གཞན་གྱི་དུས་གསུམ་མི་དགེ་སྡིག་པའི་ལས༔ ངན་སོང་འཁོར་བའི་རྒྱུ་འབྲས་ས་བོན་རྣམས༔ ལས་རླུང་ནག་ལྡོག་དང་འགྲོགས་རང་ཉིད་ཀྱི༔ སྒོ་གསུམ་ལ་ཐིམ་འགྲོ་བ་དུཿཁ་བྲལ༔ ལུས་སེམས་བདེ་བའི་དབང་པོ་མཆོག་ཐོབ་བསམ༔ ཕཊཿཅེས་བརྗོད་སྨྲ་བསམ་བརྗོད་པ་བྲལ༔ མི་དམིགས་སྟོང་ཆེན་བློ་ལས་འདས་པར་བྱ༔ ས་མ་ཡཱ༔ དེ་ནས་བྱིན་རླབས་བསྡུས་པ་ནི༔ ཕཊཿ གནས་འོག་མིན་དབྱིངས་ཀྱི་ད་ལ་ནས༔ རྗེ་གཅོད་ཡུལ་བརྒྱུད་པའི་བླ་མ་རྣམས༔ མ་ཡུམ་ཆེན་སྟོན་པ་ཤཱཀྱ་ཐུབ༔ རྗེ་སྨྲ་བའི་སེང་གེ་འཕགས་མ་སྒྲོལ༔ ཨཱརྱ་དེ་ཝ་དམ་པ་སངས་རྒྱས་རྗེ༔ སྐྱོ་སྟོན་ཁུ་དབོན་གྲྭ་བ་མངོན་ཤེས་ཅན༔ ཨ་མ་ལབ་སྒྲོན་ཐོད་པ་བྷ་ཏྲ་དང༔ རྒྱལ་བ་དོན་གྲུབ་ཁུ་སྒོམ་ཆོས་སེང་བ༔ དོལ་བ་ཟང་ཐལ་རྒྱ་ནག་གཅེར་བུ་པ༔ སངས་རྒྱས་རབ་སྟོན་རྟོགས་ལྡན་དགེ་སློང་ཞབས༔ ཞེན་མེད་རས་པ་བྷུདྡྷ་རབ་སྟོན་པ༔ ཆོས་རྗེ་བཀྲ་ཤིས་བཀྲ་ཤིས་དབང་ཕྱུག་གྲགས༔ ཀུན་དགའ་རྒྱལ་མཚན་རོལ་པའི་རྡོ་རྗེའི་ཞབས༔ མཁའ་སྤྱོད་དབང་པོ་རཏྣ་དྷྭ་ཛ་དང༔ ཀརྨ་པཀྵི་ར་ག་ཨ་སྱཱས་མཚན༔ ཀུན་བཟང་གཞན་ཕན་ལུང་རིག་མྱུ་གུ་རྩལ༔ བསམ་གཏན་ཡེ་ཤེས་གླིང་པ་གཅོད་བརྒྱུད་ཚོགས༔ དྲིན་ཆེན་བླ་མའི་ངོ་བོར་ཡོངས་ཤར་བཞིན༔ བདག་སོགས་གསོལ་བ་འདེབས་སོ་ཐུགས་རྗེས་དགོངས༔ གཅོད་ཡུལ་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས༔ བདག་འཛིན་དབྱིངས་སུ་གྲོལ་བར་བྱིན་གྱིས་རློབས༔ དངོས་སྣང་སེམས་སུ་ཞིག་པར་བྱིན་གྱིས་རློབས༔ གཉིས་འཛིན་རང་སར་གྲོལ་བར་བྱིན་གྱིས་རློབས༔ སྙེམ་རྟོག་ནང་ནས་ཆོད་པར་བྱིན་གྱིས་རློབས༔ བདུད་བཞི་ཅིག་ཆར་ཆོད་པར་བྱིན་གྱི་རློབས༔ སྐྱེ་མེད་རང་བྱུང་རང་གཞིའི་ཞལ་མཐོང་ནས༔ ཁྱབ་བརྡལ་འུབ་ཆུབ་ཀ་དག་རང་གྲོལ་ཤོག༔ ཕཊཿཅེས་བརྗོད་པ་ཚོགས་ཞིང་གི༔ དགོངས་ཀློང་མཁའ་དང་རང་སེམས་བསྲེས༔ བསྲེ་བྱ་བསྲེ་བྱེད་མེད་མོད་ཀྱང༔ གཉིས་མེད་དུ་བྲལ་རིག་པའི་གཤིས༔ གཞོན་ནུ་བུམ་སྐུ་ཨ་ལ་ལ༔ ས་མ་ཡཱ༔ དེ་ནས་སྐྱབས་ཡུལ་གསོལ་འདེབས་ནི༔ སྐྱབས་ཡུལ་མདུན་གྱི་ནམ་མཁར་ཉི་ཟླ་པདྨའི་གདན་ལ༔ ཆོས་སྐུ་ཡུམ་ཆེན་མོ་དང་མ་ཅིག་ལབ་ཀྱི་སྒྲོལ་མ་ལ་ཟབ་མོ་གཅོད་ཡུལ་བརྒྱུད་པའི་གྲུབ་ཐོབ༔ བཀའ་བརྒྱུད་ཉམས་བརྒྱུད་ཕ་བརྒྱུད་མ་བརྒྱུད་བླ་མ་མཆོག་གསུམ་རྩ་གསུམ་རྒྱལ་བ་རྒྱ་མཚོ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་དང་བཅས་པ་སྤྲིན་དཔུང་གཏིབ་པ་བཞིན་མངོན་སུམ་དུ་བཞུགས་པར་དམིགས་ལ༔ ཡེ་ཤེས་པ་བསྟིམས༔ བཛྲ་ས་མ་ཡཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ གཉིས་སུ་མེད་པར་གྱུར༔ ཕཊཿ ན་མོ་གུ་རུ༔ གཏན་གྱི་སྐྱབས་གནས་བླ་མ་མཆོག་གསུམ་དང༔ སྐུ་གསུམ་རྩ་གསུམ་རབ་འབྱམས་རྒྱལ་སྲས་ཚོགས༔ ཀུན་འདུས་ངོ་བོ་མ་ཅིག་ཡུམ་ཆེན་ཆེན་མོ༔ འགྲོ་རྣམས་བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ཕཊཿ བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་འདིས༔ སེམས་ཅན་བདེ་ལྡན་སྡུག་བསྔལ་ཀུན་དང་བྲལ༔ ཆགས་སྡང་མེད་པའི་སྟོང་ཆེན་བློ་འདས་དབྱིངས༔ བླ་མེད་རྫོགས་པའི་བྱང་ཆུབ་ཐོབ་པར་ཤོག༔ ཕཊཿ རང་རིག་མཁའ་ལ་ཐོན་ཏེ་མཁའ་འགྲོར་གྱུར༔ རང་ལུས་ས་ལ་འགྱེལ་བས་ས་གཞི་ཁྱབ༔ རི་རབ་གླིང་བཞི་ཁོ་ར་ཁོར་ཡུག་བསྐོར༔ ལྷ་མིའི་དཔལ་འབྱོར་བཀོད་རབ་རྒྱ་མཚོའི་སྤྲིན༔ མ་ཅིག་ཡུམ་ཆེན་རྒྱལ་བ་རྒྱ་མཚོ་དང༔ གྲུབ་ཐོབ་གཅོད་ཡུལ་བརྒྱུད་པའི་བླ་མ་ལ༔ མཉེས་བྱེད་མཎྜལ་བཟང་པོ་འདི་འབུལ་བས༔ བྱང་ཆུབ་ལམ་ལ་བར་ཆད་མེད་པ་དང༔ གཉིས་འཛིན་བྲལ་ནས་ཚོགས་གཉིས་རྫོགས་གྱུར་ཅིག༔ ཕཊཿ གུས་པས་ཕྱག་འཚལ་ལོངས་སྤྱོད་དགེ་ཚོགས་མཆོད༔ ཉམས་ཆགས་མཐོལ་བཤགས་དགེ་ལ་རྗེ་ཡི་རང༔ ཆོས་འཁོར་བསྐོར་བསྐུལ་མྱ་ངན་མི་འདའ་བཞུགས༔ མ་ལུས་ཕྱམ་གཅིག་བྱང་ཆུབ་ཐོབ་ཕྱིར་བསྔོ༔ ཕཊཿ ཕཊཿ དེ་ནས་བཀའ་བསྒོ་བ་ནི༔ སྣང་ཞིང་སྲིད་པའི་ལྷ་མ་སྲིན་སྡེ་བརྒྱད་ཟ་འདྲེ་ཤི་གཤེད་བུག་རལ་འཁྱམས་གསུམ་འཇབ་རྒྱུག་ལོག་གསུམ་བྱེད་པའི་གཟུགས་ཅན་གཟུགས་མེད་ཐམས་ཅད་བདུད་འདུལ་ཁྲོས་མ་ནག་མོའི་ཏིང་ངེ་འཛིན་གྱིས་དབང་དུ་བསྡུས་ཤིང་ཟིལ་གྱིས་མནན་པར་བསམ༔ ཕཊཿ ཀྱཻ༔ གཉན་ཁྲོད་ཆེན་པོ་འདི་ན་གནས་པའི་ལྷ་མ་སྲིན་སྡེ་བརྒྱད་ཐམས་ཅད་ཉོན་ཅིག༔ ཁྱེད་རྣམས་ལས་དང་ཉོན་མོངས་པའི་དབང་དུ་གྱུར་ནས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོར་དབང་མེད་འཁོར་ཡུག་ཏུ་འཁོར་ཞིང་སྡུག་བསྔལ་གྱི་རང་བཞིན་བསམ་གྱིས་མི་ཁྱབ་པས་མནར་བ་འདི་ལ༔ ཟབ་མོ་གཅོད་ཀྱི་རྣལ་འབྱོར་བ་བདག་གིས་ལྷག་བསམ་རྣམ་པར་དཀར་བའི་བྱང་ཆུབ་སེམས་མཆོག་རིན་པོ་ཆེ་བསྐྱེད་ནས་ལྷ་འདྲེ་ཁྱེད་རྣམས་ལ་གནས་སྐབས་སུ་བདེ་སྐྱིད་ཕུན་སུམ་ཚོགས་པ་དང་༔ མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་རླབས་པོ་ཆེ་ཐོབ་པའི་ཆེད་དུ་ཟབ་མོ་གཅོད་ཀྱི་འབྲེལ་བ་བྱེད་པ་དང༔ དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་དང༔ གཅེས་འཛིན་གྱི་ཕུང་པོ་མཆོད་སྦྱིན་གཏོང་བ་ཡིན་པས་ལྷ་འདྲེ་ཁྱེད་རྣམས་དགའ་བ་དང་སྤྲོ་བའི་སེམས་ཀྱིས་རང་རང་གི་ཡིད་མཐུན་པའི་གྲལ་དུ་འཁོད་ལ༔ ཞེ་སྡང་དང་ཁོང་ཁྲོ་ཕྲག་དོག་དང་གནོད་འཚེའི་བསམ་པ་སྤོང་ལ་ཞི་བ་དུལ་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་མཛོད་ལ་བདག་གིས་བཀའ་བསྒོ་བ་དང་དམ་ཚིག་ལ་གནས་པར་གྱིས་ཤིག༔ བདག་གི་བཀའ་དང་དམ་ལ་མི་ཉན་ཚེ་ཡུལ་འདིར་མཛེ་ཤའི་རི་བོ་བརྩེགས༔ མཛེ་ཁྲག་གི་རྒྱ་མཚོ་བསྐྱིལ༔ མཛེ་རྐང་གི་ཀ་བ་བཙུག༔ མཛེ་ལྤགས་ཀྱིས་ཐོག་ཕུབ་བྱས༔ རྒྱ་མཚོ་ཁ་ལུད་གནམ་ས་སྟེང་ཞབས་བསྒྱུར་ནས་ལྷ་འདྲེ་ཁྱེད་རང་རྣམས་དང་དབྱེར་མེད་ལྷན་ཅིག་སྡོད་པ་ཡིན་པས་ཕྲིན་ལས་འདི་མྱུར་དུ་སྒྲུབས་ཤིག༔ ཕཊཿ ཕཊཿ ཕཊཿ ཅེས་དམིགས་པ་བརྟན་པོས་བཀའ་བསྒོ་བར་བྱའོ༔ ས་མ་ཡཱ༔ དེ་དང་དེ་ཡི་རྗེས་འབྲེལ་དུ༔ ཁ་ཆར་འབེབས་པ་གཅོད་པ་སོགས༔ དམིགས་པ་ཟབ་མོས་ཆོག་པ་འདི༔ ཨ་མ་ཇོ་མོའི་ཁྱད་ཆོས་ཡིན༔ དང་པོ་ཟིལ་གནོན་དམིགས་པ་འཕེན༔ ཕཊཿ རང་ཉིད་སྐད་ཅིག་གིས་མ་ཅིག་ཁྲོས་མ་ནག་མོར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་གནམ་ལྕགས་ཀྱི་རྡོ་རྗེ་གྲངས་མེད་པར་འཕྲོས་པས་མཚོ་འམ་ཆུ་མིག་དེ་ལ་ར་བ་སུམ་རིམ་བསྐོར་ཞིང༔ ཀླུ་གཉན་ས་བདག་ཐམས་ཅད་བྲོས་དབང་མེད་པར་བསམ༔ བདག་གི་བཀའ་ཉན་གསུང་སྡོད་དུ་གནས་པར་གྱུར༔ ཕཊཿ ཕཊཿ ཕཊཿ དམིགས་པ་མ་ཟིན་བར་དུ་བརྗོད༔ དེ་ནས་བདག་ཉིད་ཁྲོས་མ་ནག་མོའི་ཕྱག་གཡས་མི་ལྤགས་བརྡེབ་ཅིང་གཡོན་མི་རྐང་འབུད་པས་ལྷ་མ་སྲིན་སྡེ་བརྒྱད་ས་བདག་ཀླུ་གཉན་ཐམས་ཅད་ར་ལུག་སེར་བས་དེད་པ་བཞིན་གནས་བདག་གི་གླུད་དང་དབྱེར་མེད་དུ་བསྟིམས་པར་བསམ༔ མཐུ་རྩལ་སྟོབས་དང་ནུས་པ་རྫོགས་པར་བསམ༔ ཅོག་པུ་ཕུབ་ཅིང་དབང་སྡུད་ཟིལ་གནོན་གཅོད་གཞུང་བཞིན་བྱ༔ དེ་ནས་ལུས་སྦྱིན་དཀར་འགྱེད་དམར་འགྱེད་བཏང༔ གཡང་གཞི་ས་གཞི་ཁྱབ་པའི་སྟེང་དུ་ས་བདག་ཀླུ་གཉན་སྡེ་བརྒྱད་ཡུལ་ལྷ་ཐམས་ཅད་འུབ་ཀྱིས་བསྡུས་ནས་ཆར་ལ་བསྐུར༔ ཀུན་གྱི་བུ་ག་ཐམས་ཅད་ནས་རླངས་པ་ཕྱུར་ཞིང་ཆར་བབས་པར་བསམ་ལ༔ བཀའ་བསྒོ་བ་ནི༔ ཕཊཿ ན་མོ་སྐྱབས་ཀྱི་དམ་པ་དཀོན་མཆོག་གསུམ༔ གྲུབ་ཐོབ་གཅོད་བརྒྱུད་བླ་མ་ཡི་དམ་ལྷ༔ མ་ཅིག་ཡུམ་ཆེན་མཁའ་འགྲོའི་བདེན་པའི་མཐུས༔ སྟོང་གསུམ་ཁམས་ཀྱི་ཀླུ་གཉན་ས་བདག་དང༔ ཆར་ལ་དབང་བའི་སྣང་སྲིད་ལྷ་འདྲེ་ཀུན༔ གནས་འདིར་ཁུག་ལ་བདག་གི་དབང་དུ་སྡུད༔ ཆར་ལ་བར་ཆད་བྱེད་པའི་དམ་སྲི་དང༔ རླུང་དང་རླུང་བདག་ཡུལ་ལྷ་འདྲེ་ངན་རྣམས༔ རང་འོག་ལྕགས་ཁང་སྒོ་མེད་ནང་དུ་ཁུག༔ མི་ལྤགས་གཡང་གཞིས་བཀབ་ཅིང་སྦྲུལ་གྱིས་བཅིང༔ མ་ཅིག་ཁྲོས་མ་མཁའ་འགྲོའི་ཚོགས་ཀྱིས་ནོན༔ ཕཊཿ ཕཊཿ ཕཊཿ རྐང་དུང་དྲག་འབུད་ལན་གསུམ་བྱས་པས་ཆར་འབོད་བྱའོ༔ རང་ཉིད་རྡོ་རྗེ་ཕག་མོ་མེ་འབར་བ༔ ནམ་མཁར་གཟིགས་ནས་ཕུ་བཏབ་སྤྲིན་རྙིང་གཏོར༔ སྟོང་གསུམ་འཇིག་རྟེན་ལྕགས་བསྲེག་བྱེ་ཚན་གླིང༔ ཕཊ་སྒྲ་མང་བསྒྲགས་ས་གཞི་ཐམས་ཅད་གས༔ དེ་རྣམས་ཤུལ་དུ་རྒྱ་མཚོ་སྔོ་མེར་བ༔ རླུང་ཆར་སྤྲིན་དང་བཅས་པ་མཁའ་ལ་འཕྱུར༔ དེ་ནས་ཀླུ་དང་འབྲུག་སོགས་མང་པོ་ཡིས༔ ཆུ་ཡི་རྐྱལ་པ་སྟོང་ཕྲག་དུ་མ་ཐོགས༔ ནམ་མཁའི་ཁམས་ནས་ཆར་ཆེན་འབེབས་པར་དམིགས༔ ཕཊཿཞེས་དམིགས་པ་ཡང་ཡང་བསྐྱར༔ དཀར་གསུམ་ཀླུ་སྨན་ཆུ་མིག་གི༔ ནང་ངམ་མཚོ་ཡི་དཀྱིལ་དུ་སྦ༔ སྔགས་འདི་བརྒྱ་སྟོང་ཁྲི་སོགས་འདོན༔ ཨོཾ་བཛྲ་བཻ་རོ་ཙ་ན་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ༔ ནཱ་ག་ཀ་ལ་ཧཱུྃ༔ ནཱ་ག་ལི་ལེ་ནཱ་ག་ར་ཛ༔ བྷ་རི་ཤ་ཡཱ༔ བྷ་རི་ཤ་ཡ་སྭཱ་ཧཱ༔ སླར་ཡང་རང་ཉིད་ཁྲོས་མ་ནག་མོའི་སྤྲུལ་པས་ཀླུ་རྣམས་ཆར་གྱི་ལས་ལ་བསྐུལ༔ འབྲུག་དང་གློག་འོད་འུར་སྒྲ་དང་བཅས་ཆར་ཆེན་འབེབས་པར་བསམ༔ སྔགས་འདི་ལོང་བའི་སྐབས་དང་བསྟུན༔ ཨོཾ་བཛྲ་བྷ་ར་ཧི་ཀྲོ་ཏི་ཀ་ལི་ཧ་རི་ནི་ས་ཛྙཱ་ན་ཆར་ཕོབ་ཕོབ༔ ཧཱུྃ་ཧཱུྃ་ཧཱུྃ་བྷ་རི་ཤ་ཡ་ཕོབ་ཕོབ༔ དེ་ཡན་ཞི་འབབ་མ་ཅིག་ལུགས༔ རྗེས་སུ་ལུས་སྦྱིན་དགེ་བསྔོ་བྱ༔ མི་དམིགས་གཤིས་སུ་ཀློད་ལ་བཞག༔ ས་མ་ཡཱ༔ སློབ་བུ་ཀླུ་སྐྱབས་བཞེད་སྐོང་དུ༔ ས་ར་ཧི་ཏས་བསྒྱུར་དགེའོ༔

ལུས་སྦྱིན་བསྡུས་པ།

དེ་ནས་གཟུང་འཛིན་སྣང་ཆ་ཡི༔ འཁྲུལ་རྟོག་དབྱིངས་སུ་གཅོད་པ་དང༔ རང་ལུས་ཚོགས་སུ་བསྒྱུར་ནས་ཀྱང༔ རྒྱལ་བ་མཆོད་དང་འགྲོ་སྒྲིབ་སྦྱངས༔ ཚེ་སྔོན་ལན་ཆགས་སྦྱོང་བའི་ཐབས༔ ཚོགས་བསགས་ཡང་སྙིང་འདི་ལ་བརྩོན༔ ཕཊཿ བག་མེད་ལེ་ལོས་གཡེང་བ་ལྷ་བུའི་བདུད༔ སྒྱུ་ལུས་གཅེས་པར་འཛིན་པ་ཕུང་པོའི་བདུད༔ རེ་དོགས་མཚན་མར་སྣང་བ་དགའ་བྲོད་བདུད༔ རྟག་འཛིན་ཐོག་བབས་འབྱུང་བ་འཆི་བདག་བདུད༔ མ་དག་འཁྲུལ་རྟོག་སྒྱུ་མ་ཕྱིར་ཤར་བ༔ གང་ཤར་རོ་སྙོམ་ངང་དུ་དབང་བསྡུས་ནས༔ རྟོག་མེད་ཡེ་གདེང་ཆེན་པོར་ཟིལ་གྱིས་གནོན༔ ཏིང་འཛིན་དམིགས་པའི་གཟེར་ལྡན་པས༔ གང་ཤར་གཅིག་ཆོད་སྟེང་དུ་བསྐྱལ༔ ཕཊཿ ཨོཾ་ཨཱཿཧཱུྃ་བརྗོད་རང་ལུས་ཆེ་བརྗིད་ཚོ༔ སྙིང་གར་དྭངས་མའི་རིག་པ་ཧཱུྃ་མཐིང་ཀ༔ ཕཊཿཅེས་བརྗོད་པས་དབུ་མའི་ལམ་ནས་བརྒྱུད༔ མཁའ་དབྱིངས་དབྱེར་མེད་གྱུར་ཏེ་དེའི་ངང་ལས༔ སྐད་ཅིག་དྲན་རྫོགས་ཁྲོས་མའི་སྐུར་གྱུར་ཏེ༔ གྲི་གུག་གདངས་བས་བེམ་པོའི་ཐོད་པ་བྲེག༔ སྟོང་གསུམ་ཁྱབ་པའི་མི་མགོའི་སྒྱེད་པུའི་ཁར༔ བྷནྡྷ་དམར་གྱིས་བསྐྱིལ་ཏེ་བདུད་རྩིར་བསྒྱུར༔ ཧ་ཧོ་ཧྲཱིཿཡིས་སྤེལ་ཏེ་འཛད་མེད་གྱུར༔ དེ་ལྟར་བསམ་བཞིན་བཟླས་པར་བྱ༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ དེ་ནས་མཆོད་སྦྱིན་མགྲོན་བཀུགས་ནས༔ ཟག་མེད་བདུད་རྩིའི་མཆོད་སྦྱིན་གཏོང༔ ཕཊཿ མཆོད་ཡུལ་རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་གཤེགས༔ རང་ལུས་ཟག་མེད་བདུད་རྩིའི་མཆོད་པ་འདི༔ འབུལ་ལོ་བཞེས་ནས་ཚོགས་གཉིས་རབ་རྫོགས་ནས༔ སྐུ་བཞིའི་གོ་འཕང་མྱུར་དུ་ཐོབ་པར་ཤོག༔ ཕཊཿ སྦྱིན་ཡུལ་འགྲོ་དྲུག་བགེགས་རིགས་འབྱུང་པོ་འདུས༔ ཕུང་པོ་ཟག་མེད་བདུད་རྩིའི་རྒྱ་མཚོ་འདི༔ སྦྱིན་པ་བཏང་ངོ་རང་རང་ཅི་དགར་སྤྱོད༔ རྣམ་མཁྱེན་རྫོགས་པའི་བྱང་ཆུབ་ཐོབ་པར་ཤོག༔ དེ་ནས་གཅོད་བྱ་གཅོད་བྱེད་ཀུན༔ གཉིས་མེད་གཅིག་ཏུ་སྡུད་པ་ནི༔ ཕཊཿ རང་རིག་གདོད་ནས་ཆོས་སྐུའི་རོལ་པ་ལས༔ སྨྲ་བསམ་བརྗོད་བྲལ་སྒྱུ་མའི་དེ་བཞིན་ཉིད༔ གཅོད་བྱ་འཁྲུལ་རྟོག་གཅོད་བྱེད་རིག་གྲོལ་ཏེ༔ གཉིས་མེད་ཐིག་ལེ་ཆེན་པོའི་ཀློང་དུ་ཨ༔ ཞེས་པའི་དོན་ལ་མཉམ་བཞག་ཅིང༔ མི་བསམ་མི་བསྒོམ་ཡེང་མེད་དུ༔ བཅོས་བསླད་མེད་པར་ལྷོད་ལ་བཞག༔ ཚོགས་གཉིས་བསགས་ཐབས་གྲངས་མང་ཡང༔ འདི་ལས་ཕན་ཡོན་ཟབ་པ་མེད༔ བསོད་ནམས་ཚོགས་ཆེན་རྫོགས་པ་དང༔ བདག་འཛིན་རྣམ་རྟོག་སེམས་ཀྱི་བདུད༔ གང་ཤར་དབྱིངས་སུ་གཅོད་པ་ནི༔ དཔེར་ན་མེ་ཏོག་ཆུ་བཞིན་འཇོམས༔ རིག་པའི་ཡེ་ཤེས་མངོན་དུ་འགྱུར༔ ས་མ་ཡཱ༔

རྒྱུ་ལུས་མཆོད་སྦྱིན་ཚོགས་གཉིས་གཏེར་བུམ་རྒྱ་སྤྲུལ་གསུང་།

༄༅། སྒྱུ་ལུས་མཆོད་སྦྱིན་ཚོགས་གཉིས་གཏེར་བུམ་བཞུགས༔ ཕཊཿ ཚེ་འདིར་བདེ་དང་གྲགས་ལ་རེ་བ་དང༔ སྡུག་བསྔལ་ན་ཚ་གཏམ་ངན་བྱུང་དོགས་སྡུག༔ དེ་ཀུན་འཁོར་བའི་བདག་འཛིན་འདྲེ་བོ་ཆེ༔ རོ་སྙོམ་སྟོང་པའི་དབྱིངས་སུ་དབང་བསྡུས་ནས༔ རང་བྱུང་བདེ་ཆེན་ཀློང་དུ་ཟིལ་གྱིས་གནོན༔ ཕཊཿ མདུན་མཁར་སྐྱབས་ཀུན་བདག་ཉིད་བླ་མ་དང༔ མ་ཅིག་ལབ་སྒྲོན་དབྱེར་མེད་རྣམ་པར་བཞུགས༔ སྐྱབས་གནས་མཆོག་གསུམ་རྩ་གསུམ་རྒྱ་མཚོའི་ཚོགས༔ སྤྲིན་ཕུང་འཐིབ་བཞིན་བཞུགས་པར་གསལ་བ་ལ༔ བདག་གཞན་བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ཕཊཿ འགྲོ་ཀུན་འཁོར་བའི་སྡུག་བསྔལ་ལས་བསྒྲལ་ནས༔ ཡང་དག་རྫོགས་པའི་བྱང་ཆུབ་འཐོབ་བྱའི་ཕྱིར༔ ཚོགས་གཉིས་ཟུང་འཇུག་མཆོད་སྦྱིན་ཉམས་བླངས་ནས༔ རྣམ་རྟོག་ཐོག་བརྫིས་འཁོར་འདས་མཉམ་ཉིད་ངང༔ ལྟ་སྤྱོད་མ་ནོར་ཆོས་སྤྱོད་རྒྱུན་ཁྱེར་བྱ༔ ཕཊཿ བདག་གི་རྐང་མཐིལ་གཉིས་སུ་ཕ་མ་ལས༔ ཐོབ་པའི་ཐིག་ལེ་དཀར་དམར་གསང་བར་འདྲེས༔ ཕཊཿཅེས་ལྟེ་བ་སྙིང་མགྲིན་སྤྱི་བོ་ནས༔ ཚངས་བུག་མཁའ་ལ་ཐོན་ཏེ་དབྱིངས་རིག་བསྲེས༔ སྟོང་ཆེན་ནམ་མཁའ་བརྡལ་བའི་ངང་དུ་བཞག༔ ཕཊཿ སླར་ཡང་དབྱིངས་ལས་རིག་པ་རྣལ་འབྱོར་མ༔ གྲི་གུག་ཐོད་འཛིན་གཟུགས་ཕུང་ས་ལ་འགྱེལ༔ ཆེ་ཚོ་སྣུམ་ལྡན་དེ་ཡི་ཐོད་པ་བྲེག༔ སྟོང་ཁམས་ཁྱབ་པའི་ནང་དུ་རང་ལུས་བཞག༔ ཨོཾ་ཨཱཿཧཱུྃ་གིས་སྦྱང་སྤེལ་བདུད་རྩིར་བསྒྱུར༔ ཨོཾ་ཨཱཿཧཱུྃ༔ གྲངས་མང་མཐར་ནི་མགྲོན་བཞི་དམིགས་པར་བསྔོ༔ ཕཊཿ དཀོན་མཆོག་སྲིད་ཞི་མགོན་པོ་ཡོན་ཏན་མགྲོན༔ མཆོད་སྦྱིན་མགྲོན་བཞི་འདིར་གཤེགས་མཆོད་སྦྱིན་བཞེས༔ བདག་གཞན་ལས་ངན་སྡིག་སྒྲིབ་ལན་ཆགས་བྱང༔ བསོད་ནམས་ཡེ་ཤེས་ཚོགས་གཉིས་རྫོགས་པར་ཤོག༔ ཕཊཿ བདག་ལུས་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན༔ མེ་ཏོག་སྤོས་མེ་དྲི་ཆབ་ཞལ་ཟས་སྒྲ༔ རྒྱལ་སྲིད་བདུན་དང་བཀྲ་ཤིས་རྫས་རྟགས་སོགས༔ དཀོན་མཆོག་སྲིད་ཞུའི་མགྲོན་ལ་མཆོད་པ་འབུལ༔ བཞེས་ནས་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཕཊཿ བདག་ལུས་སྐྱེད་ཚལ་ཟས་གོས་ན་བའི་སྨན༔ དཀོར་ནོར་རྟ་གླང་འདོད་འཇོའི་བ་ལ་སོགས༔ གང་འདོད་ལོངས་སྤྱོད་ནམ་མཁའ་མཛོད་ལྟར་དམིགས༔ མགོན་པོ་ཡོན་ཏན་མགྲོན་རིགས་རྣམས་ལ་བསྔོ༔ བཞེས་ནས་མཐུན་རྐྱེན་སྒྲུབ་ལ་འགལ་རྐྱེན་སོལ༔ བདག་ལུས་ཟག་མེད་ཆོས་སྒྲས་ཁམས་གསུམ་གང༔ རིགས་དྲུག་འགྲོ་བའི་སེམས་ཅན་ཀུན་གྱིས་ཐོས༔ ངན་སོང་གསུམ་གྱི་ཚ་གྲང་བཀྲེས་སྐོམ་དང༔ བཀོལ་སྤྱོད་ལ་སོགས་སྡུག་བསྔལ་མ་ལུས་ཞི༔ ཀུན་ཀྱང་རྣམ་མཁྱེན་ཡེ་ཤེས་མྱུར་ཐོབ་ཤོག༔ ཕཊཿ བདག་ལུས་ཤ་ཁྲག་རུས་གསུམ་ས་གཞི་ཁྱབ༔ ཕོ་གདོན་རྒྱལ་པོ་མོ་གདོན་བསེན་མོ་དང༔ ཀླུ་གདོན་ས་བདག་བགེགས་རིགས་ཚོགས་ལ་བསྔོ༔ ཀུན་ཀྱང་དགྱེས་བཞེས་བུ་ལོན་ལན་ཆགས་སྦྱངས༔ ངན་སོང་འཁོར་བའི་སྐྱེ་སྒོ་ཆོད་པར་ཤོག༔ རྗེས་ལ་དགེ་རྩ་བྱང་ཆུབ་ཆེན་པོ་རུ༔ བསྔོ་བའི་ཚིག་ནི་གཞན་ཕན་བློ་དང་བཅས༔ ཕཊཿ སྐྱབས་ཡུལ་ཐམས་ཅད་འོད་ཀྱི་ཕུང་པོ་རུ༔ གྱུར་ནས་བླ་མ་ལ་ཐིམ་སྤྲོས་བྲལ་ངང༔ སླར་ཡང་བླ་མ་འོད་ཞུ་རང་ལ་ཐིམ༔ གཉིས་འཛིན་བྲལ་བའི་སྐྱེ་མེད་ཡུམ་ཆེན་ཀློང༔ ཕཊཿ དེ་ལྟར་སྒྱུ་ལུས་ཆོས་དང་ཟང་ཟིང་གི༔ མཆོད་སྦྱིན་འཁོར་གསུམ་ཡོངས་དག་རྒྱས་བཏབ་ནས༔ སྲིད་ཞི་མཉམ་ཉིད་ཀ་དག་གཉུག་མའི་ཀློང༔ ལྷུན་གྲུབ་གཞོན་ནུ་བུམ་སྐུའི་བཀྲ་ཤིས་ཤོག༔ བསོད་ནམས་འདི་ཡིས་སོགས༔ ཞེས་པའང་རྒྱ་སྤྲུལ་བླུན་རྒན་ཟོག་པོས་བླ་མའི་བཀའ་བཞིན་ཐོལ་བྱུང་དུ་སྨྲས་པའོ༔

གཏོར་ཟོར་རེག་པ་ཚར་གཅོད་སྤུ་གྲིའི་འཁོར་ལོ།

ཡང་གསང་ཌཱཀྐིའི་ཐུགས་ཐིག་ཆ་ལག་ཏུ༔ གཏོར་ཟོར་རེག་པ་ཚར་གཅོད་སྤུ་གྲིའི་འཁོར་ལོ་བཞུགས༔ ཕཊཿ ཕཊཿ ཕཊཿ དུར་ཁྲོད་གསང་ཆེན་རོལ་པའི་དབུས་ཕྱོགས་ནས༔ རྒྱལ་ཀུན་སྐུ་ཡི་ངོ་བོ་ཁྲོས་མ་ནག༔ ཆོས་དབྱིངས་ཡེ་ཤེས་བརྟུལ་ཞུགས་ཤིགས་སེ་ཤིག༔ ཕྱག་ན་དམར་ཆེན་གཏོར་ཟོར་ཤ་ར་ར༔ ཐུན་རྫས་དྲག་པོ་སྣ་ཚོགས་ཐོ་རོ་རོ༔ མི་ལྤགས་ཁྲག་འཛག་གཡང་གཞི་ལྷབས་སེ་ལྷབ༔ མི་རྐང་གླིང་བུའི་ངར་སྐད་ལྷངས་སེ་ལྷང༔ གཏི་མུག་ཤི་འདྲེ་འདི་དང་ད་ཕྲོལ་ཅིག༔ ནད་ཡམས་གཅོང་སྲི་འདི་དང་ད་ཕྲོལ་ཅིག༔ མི་ནད་ཕྱུགས་ནད་འདི་དང་ད་ཕྲོལ་ཅིག༔ རྐྱེན་ངན་བར་ཆད་འདི་དང་ད་ཕྲོལ་ཅིག༔ བདག་འཛིན་ཤི་འདྲེའི་མགོ་ལ་ད་རྒྱོབ་ཅིག༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཕཊཿ ཕཊཿ ཕཊཿ དུར་ཁྲོད་གསང་ཆེན་རོལ་པའི་ཤར་ངོས་སུ༔ རྒྱལ་ཀུན་ཐུགས་ཀྱི་ངོ་བོ་ཁྲོས་མ་ནག༔ མེ་ལོང་ཡེ་ཤེས་བརྟུལ་ཞུགས་ཤིགས་སེ་ཤིག༔ ཕྱག་ན་དམར་ཆེན་གཏོར་ཟོར་ཤ་ར་ར༔ ཐུན་རྫས་དྲག་པོ་སྣ་ཚོགས་ཐོ་རོ་རོ༔ མི་ལྤགས་ཁྲག་འཛག་གཡང་གཞི་ལྷབས་སེ་ལྷབ༔ མི་རྐང་གླིང་བུའི་ངར་སྐད་ལྷངས་སེ་ལྷང༔ ཞེ་སྡང་རྒྱལ་པོ་འདི་དང་ད་ཕྲོལ་ཅིག༔ ནད་ཡམས་གཅོང་སྲི་འདི་དང་ད་ཕྲོལ་ཅིག༔ མི་ནད་ཕྱུགས་ནད་འདི་དང་ད་ཕྲོལ་ཅིག༔ རྐྱེན་ངན་བར་ཆད་འདི་དང་ད་ཕྲོལ་ཅིག༔ བདག་འཛིན་རྒྱལ་པོའི་མགོ་ལ་ད་རྒྱོབ་ཅིག༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཕཊཿ ཕཊཿ ཕཊཿ དུར་ཁྲོད་གསང་ཆེན་རོལ་པའི་ལྷོ་ངོས་སུ༔ རྒྱལ་ཀུན་རཏྣའི་ངོ་བོ་ཁྲོས་མ་ནག༔ མཉམ་ཉིད་ཡེ་ཤེས་བརྟུལ་ཞུགས་ཤིགས་སེ་ཤིག༔ ཕྱག་ན་དམར་ཆེན་གཏོར་ཟོར་ཤ་ར་ར༔ ཐུན་རྫས་དྲག་པོ་སྣ་ཚོགས་ཐོ་རོ་རོ༔ མི་ལྤགས་ཁྲག་འཛག་གཡང་གཞི་ལྷབས་སེ་ལྷབ༔ མི་རྐང་གླིང་བུའི་ངར་སྐད་ལྷངས་སེ་ལྷང༔ ང་རྒྱལ་གཤིན་རྗེ་འདི་དང་ད་ཕྲོལ་ཅིག༔ ནད་ཡམས་གཅོང་སྲི་འདི་དང་ད་ཕྲོལ་ཅིག༔ མི་ནད་ཕྱུགས་ནད་འདི་དང་ད་ཕྲོལ་ཅིག༔ རྐྱེན་ངན་བར་ཆད་འདི་དང་ད་ཕྲོལ་ཅིག༔ བདག་འཛིན་གཤིན་རྗེའི་མགོ་ལ་ད་རྒྱོབ་ཅིག༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཕཊཿ ཕཊཿ ཕཊཿ དུར་ཁྲོད་གསང་ཆེན་རོལ་པའི་ནུབ་ངོས་སུ༔ རྒྱལ་ཀུན་གསུང་གི་ངོ་བོ་ཁྲོས་མ་ནག༔ སོར་རྟོག་ཡེ་ཤེས་བརྟུལ་ཞུགས་ཤིགས་སེ་ཤིག༔ ཕྱག་ན་དམར་ཆེན་གཏོར་ཟོར་ཤ་ར་ར༔ ཐུན་རྫས་དྲག་པོ་སྣ་ཚོགས་ཐོ་རོ་རོ༔ མི་ལྤགས་ཁྲག་འཛག་གཡང་གཞི་ལྷབས་སེ་ལྷབ༔ མི་རྐང་གླིང་བུའི་ངར་སྐད་ལྷངས་སེ་ལྷང༔ འདོད་ཆགས་སྲིན་མོ་འདི་དང་ད་ཕྲོལ་ཅིག༔ ནད་ཡམས་གཅོང་སྲི་འདི་དང་ད་ཕྲོལ་ཅིག༔ མི་ནད་ཕྱུགས་ནད་འདི་དང་ད་ཕྲོལ་ཅིག༔ རྐྱེན་ངན་བར་ཆད་འདི་དང་ད་ཕྲོལ་ཅིག༔ བདག་འཛིན་འདྲེ་མོའི་མགོ་ལ་ད་རྒྱོབ་ཅིག༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཕཊཿ ཕཊཿ ཕཊཿ དུར་ཁྲོད་གསང་ཆེན་རོལ་པའི་བྱང་ངོས་སུ༔ རྒྱལ་ཀུན་ཕྲིན་ལས་ངོ་བོ་ཁྲོས་མ་ནག༔ བྱ་གྲུབ་ཡེ་ཤེས་བརྟུལ་ཞུགས་ཤིགས་སེ་ཤིག༔ ཕྱག་ན་དམར་ཆེན་གཏོར་ཟོར་ཤ་ར་ར༔ ཐུན་རྫས་དྲག་པོ་སྣ་ཚོགས་ཐོ་རོ་རོ༔ མི་ལྤགས་ཁྲག་འཛག་གཡང་གཞི་ལྷབས་སེ་ལྷབ༔ མི་རྐང་གླིང་བུའི་ངར་སྐད་ལྷངས་སེ་ལྷང་༔ ཕྲག་དོག་དམ་སྲི་འདི་དང་ད་ཕྲོལ་ཅིག༔ ནད་ཡམས་གཅོང་སྲི་འདི་དང་ད་ཕྲོལ་ཅིག༔ མི་ནད་ཕྱུགས་ནད་འདི་དང་ད་ཕྲོལ་ཅིག༔ རྐྱེན་ངན་བར་ཆད་འདི་དང་ད་ཕྲོལ་ཅིག༔ བདག་འཛིན་དམ་སྲིའི་མགོ་ལ་ད་རྒྱོབ་ཅིག༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཕཊཿ ཕཊཿ ཕཊཿ ཅེས་གཏོར་ཟོར་མི་མངོན་དབྱིངས་སུ་བསྐྱལ༔ སྟོང་ཉིད་སྙིང་རྗེ་ཐུན་གཅིག་བསྒོམ༔ དེ་ནས་ལྟ་བའི་ངང་ནས་བྲོ་རྒྱས་གདབ༔ རས་མིང་བདག་ལ་མཁོ་བའི་ཕྱིར་དུ་བྲིས༔ གཟུང་འཛིན་མ་ལུས་དབྱིངས་སུ་གྲོལ་བར་ཤོག༔ ཤུ་བྷཾ༔

མཁའ་འགྲོའི་བྲོ་བརྡུང་གདུག་པ་དམ་མནན།

མཁའ་འགྲོའི་བྲོ་བརྡུང་གདུག་པ་དམ་མནན་ནི༔ ཕཊཿ མ་འདི་ནས་ཤར་ལྷོ་ནུབ་བྱང་དབུས༔ རྡོ་རྗེ་རིན་ཆེན་པདྨ་ཀརྨ་དང༔ སངས་རྒྱས་མཁའ་འགྲོའི་བྲོ་བརྡུང་ཀྱི་ལི་ལི༔ བདག་འཛིན་དུག་ལྔའི་མགོ་ལ་ཆེམས་སེ་ཆེམ༔ ཕྱག་མཚན་ལྔ་ཡི་གར་སྟབས་ཤིགས་སེ་ཤིག༔ གདོན་དུག་ལྔ་སྐུ་ལྔའི་དབྱིངས་སུ་ནོན༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་མུཾ༔ གནོད་བྱེད་ཟ་འདྲེ་ཤི་གཤེད་ཐམས་ཅད་སྟྭཾ་བྷ་ཡ་ནན༔ ཕཊཿ ཕཊཿ ཕཊཿ ཅེས་སྐུ་ལྔའི་དབྱིངས་སུ་རྒྱས་གདབ་པར་བྱའོ༔

ཕུང་པོའི་མཆོད་སྦྱིན་ཚོགས་གཉིས་རྒྱ་མཚོ།

ཡང་གསང་མཁའ་འགྲོའི་ཐུགས་ཐིག་ལས༔ ཕུང་པོའི་མཆོད་སྦྱིན་ཚོགས་གཉིས་རྒྱ་མཚོ་བཞུགས༔ སྤྲོ་བྱ་སྤྲོས་མེད་རིག་རྩལ་ངང༔ དང་པོ་དབང་སྡུད་ཟིལ་གནོན་ནི༔ ཕཊཿ བག་མེད་ལེ་ལོས་གཡེང་བ་ལྷའི་བུའི་བདུད༔ སྒྱུ་ལུས་གཅེས་པར་འཛིན་པ་ཕུང་པོའི་བདུད༔ རེ་དོགས་མཚན་མར་སྣང་བ་དགའ་བྲོད་བདུད༔ རྟག་འཛིན་ཐོག་བབས་བྱུང་བ་འཆི་བདག་བདུད༔ མ་དག་འཁྲུལ་རྟོག་སྒྱུ་མ་ཕྱིར་ཤར་བ༔ གང་ཤར་རོ་སྙོམ་ངང་དུ་དབང་བསྡུས་ནས༔ རྟོག་མེད་ཡེ་གདེང་ཆེན་པོས་ཟིལ་གྱིས་གནོན༔ ཕཊཿ ཕཊཿ ཕཊཿ ཕཊཿ རང་བྱུང་རང་ཤར་བླ་མ་ལ༔ རང་ངོ་ཤེས་པས་སྐྱབས་སུ་མཆི༔ འགྲོ་ཀུན་ཡུམ་ཆེན་སར་འགོད་ཕྱིར༔ སྦྱིན་པའི་ཕར་ཕྱིན་ཡང་དག་སྤྱོད༔ ཕཊཿ བདག་མེད་ཤེས་རབ་རྣལ་འབྱོར་མ༔ བདག་རྟོག་བསྒྲལ་བའི་ཕུང་པོ་དེ༔ སྣང་སྲིད་ཁེབ་པའི་ཞིང་ལྤགས་སྟེང༔ ཤ་ཁྲག་རུས་པ་ཞག་རྐང་ཚིལ༔ དམར་ཆར་བཤམས་ནས་འབྲུ་གསུམ་གྱིས༔ བཅུད་ལྡན་རྣམ་རོལ་རོ་བརྒྱའི་ཟས༔ ཟག་མེད་བདུད་རྩིའི་ངོ་བོར་བསྒྱུར༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ༔ ཕཊཿ མཆོད་ཡུལ་རྩ་གསུམ་རྒྱལ་སྲས་བཅས༔ མཁའ་དབྱིངས་ཁྱབ་པར་བཞུགས་དམིགས་ལ༔ ཕུན་ཚོགས་བདུད་རྩིའི་མཆོད་པ་འབུལ༔ ཚོགས་རྫོགས་སྒྲིབ་གཉིས་དྲི་མ་དག༔ ཡུམ་ཆེན་ཆོས་སྐུའི་རྒྱལ་སྲིད་ལ༔ ཚེ་འདིར་གཏན་སྲིད་ཟིན་པར་རློབས༔ ཕཊཿ ཕཊཿ ཕཊཿ སྦྱིན་ཡུལ་རིགས་དྲུག་སྙིང་རྗེའི་མགྲོན༔ གསེར་འཛིན་དགའ་མའི་ཁྱོན་འགེང་ལ༔ འདོད་རྒུའི་རྣམ་འཕྲུལ་སྒྱུ་མའི་ལུས༔ ལྟོས་མེད་ཅི་དགར་ལོངས་སུ་སྤྱོད༔ བུ་ལོན་འཁོར་ཞིང་ལན་ཆགས་བྱང༔ ཤ་འཁོན་སྒྲིབ་པ་དག་པར་ཤོག༔ ཁྱེད་ཅག་བདེ་ལྡན་སྡུག་བསྔལ་བྲལ༔ བདེ་དང་རྟག་ཏུ་མི་འབྲལ་ཞིང༔ འཁོར་འདས་དག་མཉམ་ཆེན་པོར་གྱུར༔ ཕཊཿ ཕཊཿ ཕཊཿ བདག་ལུས་ཟག་བཅས་ཕུང་པོ་འདི༔ སྟོང་གསུམ་གང་བའི་ཤ་ཁྲག་རུས༔ གདུག་སེམས་གོམས་པའི་མི་མིན་བགེགས༔ འབྱུང་པོའི་ཚོགས་ལ་ཚིམ་པར་བསྔོ༔ གནོད་སེམས་གདུག་པ་དང་བྲལ་ནས༔ གཞན་ཕན་ལྷག་བསམ་བྱུང་ནས་ནི༔ བླ་མེད་བྱང་ཆུབ་ཐོབ་པར་སྨོན༔ དེ་རིང་སེམས་ནི་ཡོངས་བསྐྱེད་མཐུས༔ མཐའ་ཡས་འགྲོ་བ་སྒྲོལ་བར་ཤོག༔ ཕཊཿ ཕཊཿ ཕཊཿ ལྷག་མ་མྱོང་གྲོལ་བདུད་རྩི་ཡིས༔ འོན་ལོང་ལྐུགས་པ་ཞ་བོ་དང༔ ཁས་ཞན་དབང་ཆུང་ཐམས་ཅད་མཆོད༔ སྡུག་བསྔལ་རྒྱུ་འབྲས་དང་བྲལ་ནས༔ བདེ་ཆེན་དག་པའི་ཀློང་དུ་འཕོས༔ སྐད་ཅིག་རྫོགས་སངས་རྒྱས་གྱུར་ཅིག༔ ཕཊཿ ཕཊཿ ཕཊཿ དགེ་སྡིག་འཛིན་པའི་རྟོག་ཚོགས་རང་རྩལ་ལས༔ རེ་དོགས་གཉིས་ཀྱི་ཡུལ་ལས་ཡེ་ནས་འདས༔ སྟོང་དང་རྟེན་འབྱུང་བསླུ་མེད་རྣམ་དཀར་དགེ༔ སྒྱུ་མ་ལྟ་བུའི་འགྲོ་བ་ཡོངས་ལ་བསྔོ༔ ཀུན་ཀྱང་ཀུན་ནས་ཀུན་བཟང་ཉིད་ཐོབ་ཤོག༔ ཕཊཿ དེ་ནས་བདེ་སྡུག་གཏོང་ལེན་དང༔ ཆོས་དང་མི་འཇིགས་བྱམས་སྦྱིན་བྱ༔ ན་མོ་ཕན་བདེ་མ་ལུས་གཞན་ལ་འབུལ༔ ཕན་བདེས་ནམ་མཁའ་གང་བར་ཤོག༔ སྡུག་བསྔལ་མ་ལུས་བདག་ལ་འདུས༔ སྡུག་བསྔལ་གྱི་རྒྱ་མཚོ་སྐེམ་པར་ཤོག༔ ཕཊཿ ཕཊཿ རང་ཉིད་བསྟན་པའི་མངའ་བདག་པོ༔ ཐུབ་པའི་དབང་པོའི་སྐུར་གསལ་བའི༔ མདུན་དུ་ལྷ་འདྲེ་གནོད་བྱེད་ཚོགས༔ ཉི་ཟེར་རྡུལ་འཁྲིགས་ལྟ་བུར་བསམ༔ ཀུན་གྱིས་དད་གུས་དུང་ངེ་ཉན༔ ཕཊཿ ན་མོ་ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང༔ དེ་རྒྱུ་སོགས་ལ་སོགས༔ མཐར་ནི་ཡུལ་དང་ཡུལ་ཅན་ཀུན༔ མི་དམིགས་དོན་གྱི་གཤིས་ལ་ཀློད༔ ཨ་ཨཱཿ ཕཊཿ གཅོད་བྱ་འཁྲུལ་རྟོག་གཅོད་བྱེད་རིག་གྲོལ་ཏེ༔ གཉིས་མེད་དག་ཆེན་དབྱིངས་ཡུམ་ཕ་རོལ་ཕྱིན༔ མི་ཤིགས་དྭངས་མ་ཐིག་ལེའི་འོད་ཀློང་དུ༔ འཕོ་ཆེན་འཇའ་སྐུར་གཞིག་པའི་བཀྲ་ཤིས་ཤོག༔ ས་མ་ཡཱ༔ ཞེས་པའང་བླ་མ་ལ་སངས་རྒྱས་དངོས་སུ་མཐོང་བའི་མོས་གུས་ཅན༔ བཙུན་པ་ཨ་གཾ་བིདྱས་བསྐུལ་ངོར༔ དུས་བབས་ཀྱི་གཏེར་སྟོན་བསམ་གཏན་ཡེ་ཤེས་གླིང་པས་དབྱིངས་རིག་སྟོང་པའི་སྒྲོམ་ནས་ཐོགས་མེད་དུ་བྲིས་པས་འགྲོ་རྣམས་སྐུ་གསུམ་རང་གྲོལ་ཌཱཀྐིའི་དབང་ཐོབ་ཅིག༔ ཤུ་བྷཾ༔ ཨེ་མ་ཧོ༔ སྐུ་གསུམ་བདག་ཉིད་མཚོ་སྐྱེས་རྡོ་རྗེ་དང༔ གསང་ཡུམ་རིག་མ་མཚོ་རྒྱལ་ཟུང་གི་འཕྲུལ༔ རྒྱལ་བའི་གདུང་འཚོབ་བསམ་གཏན་གླིང་པ་ཡིས༔ འཛད་མེད་གཏེར་གྱི་སྒོ་ཡངས་འབྱེད་པའི་དུས༔ ཡང་གསང་མཁའ་འགྲོའི་ཐུགས་ཀྱི་ཆ་ལག་གི༔ ཕུང་པོའི་མཆོད་སྦྱིན་ཚོགས་གཉིས་རྒྱ་མཚོ་ལ༔ དུས་སྙིགས་ཟོག་པོ་འགྲོ་བའི་མགོ་བསྐོར་མཁན༔ རས་པའི་མིང་བཏགས་འཆོལ་སྤྱོད་གསལ་སྟོང་གིས༔ ཨོ་རྒྱན་ཡབ་ཡུམ་སྤྲུལ་པའི་ཟློས་གར་བ༔ གཏེར་ཆེན་ཟུང་བདུད་འཇོམས་རྡོ་རྗེ། གསང་སྔགས་གླིང་པ། མཆན།གི་གཏེར་ཆོས་ཁ་བསྐང་བས༔ ནོངས་པ་མཆིས་ན་ཌཱཀྐིའི་ཚོགས་ལ་བཤགས༔ ཅུང་ཟད་རྒྱས་སུ་བཀོད་པའི་རྣམ་དཀར་དགེ༔ བདག་གཞན་མཁའ་མཉམ་སེམས་ཅན་མ་ལུས་ཀུན༔ སྐུ་གསུམ་ཌཱཀྐིའི་ས་ཐོབ་དབུགས་དབྱུང་ཤོག༔ སརྦ་མངྒ་ལཾ༔

གཡང་གཞི་བརྡབ་ཆོག་ནད་གདོན་མཐར་བྱེད།

ཡོངས་རྫོགས་ཐུགས་ཀྱི་གཏེར་ཁའི་ཟུར་རྒྱན་ལས༔ གཡང་གཞི་བརྡབ་ཆོག་ནད་གདོན་མཐར་བྱེད་ཞེས་བྱ་བ་བཞུགས༔ མ་ཅིག་ཡུམ་ཆེན་ལྷ་ལ་ཕྱག་འཚལ་ལོ༔ གཅོད་བརྡུང་ནད་གདོན་གནས་སྤར་སྟོན༔ ཌཱ་དྲིལ་མི་རྐང་གཡང་གཞི་དང༔ བརྟུལ་ཞུགས་སྤྱོད་པ་ལམ་སློང་བྱ༔ སྣང་བ་ཐོག་བརྫིས་མི་བྱ་ཞིང༔ ཆོས་བརྒྱད་བསམ་པ་མ་ཡིན་པས༔ སྟོང་ཉིད་སྙིང་རྗེའི་ངང་ཉིད་ལས༔ རྡོ་རྗེ་ཕག་གདོང་ཁྲོས་མར་བསྐྱེད༔ ནད་པ་མདུན་དུ་བསྙལ་བྱས་ལ༔ ཕཊཿ ཕཊཿ ཕཊཿ སྐུ་གསུམ་དོན་མཚོན་ཕྱིར༔ མ་སྐུ་སྤྲུལ་བདེ་ཆེན་དཀར་མོ་ཡིས༔ ཕྱག་གཡས་པས་མི་ལྤགས་གཡང་གཞི་རྡེབ༔ ལུས་གདོན་རིག་པ་སྐུ་གསུམ་དབྱིངས་སུ་སྤར༔ ནད་ཀྱི་འདུ་བྱེད་བདག་མེད་ཟང་ཐལ་ཐོངས༔ ཧཱུྃ་ཧཱུྃ་ཧཱུྃ༔ དང་པོས་དབང་དུ་བསྡུས༔ གཉིས་པས་ཟིལ་གྱིས་མནན༔ གསུམ་པས་བཀའ་བསྒོ༔ ཕཊཿ ཕཊཿ ཕཊཿ དང་པོས་མཐའ་ལྕགས་རི་དང༔ གཉིས་པས་ཟངས་རི་དང༔ གསུམ་པས་རྒྱ་མཚོའི་མཐའ་འམ་མཐའ་གྲོལ་ཆེན་པོའི་ཀློང་དུ་སྤར་བར་བསམ༔ ཕཊཿ མ་ཐུགས་སྤྲུལ་རྡོ་རྗེ་མཁའ་འགྲོ་མས༔ ཕྱག་གཡས་པས་མི་ལྤགས་གཡང་གཞི་རྡེབ༔ གདོན་རྒྱལ་འགོང་ཆོས་ཀྱི་དབྱིངས་སུ་སྤོར༔ སེམས་སྨྱོ་འབོགས་ནད་རྣམས་ཟང་ཐལ་ཐོངས༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕཊཿ ཕཊཿ ཕཊཿ མ་ཡོན་ཏན་རིན་ཆེན་མཁའ་འགྲོ་མས༔ ཕྱག་གཡས་པས་མི་ལྤགས་གཡང་གཞི་རྡེབ༔ གདོན་གཤིན་རྗེ་མཉམ་ཉིད་གཤིས་སུ་བསྟིམ༔ ནད་ལྡན་འདུས་གཟིར་བ་ཟང་ཐལ་ཐོངས༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕཊཿ ཕཊཿ ཕཊཿ མ་གསུང་སྤྲུལ་པདྨ་མཁའ་འགྲོ་མས༔ ཕྱག་གཡས་པས་མི་ལྤགས་གཡང་གཞི་རྡེབ༔ གདོན་ཀླུ་གཉན་མོ་འདྲེ་རྟོག་མེད་བཞག༔ ནད་རླུང་མཁྲིས་བད་ཀན་ཟང་ཐལ་ཐོངས༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕཊཿ ཕཊཿ ཕཊཿ མ་ལས་ཀྱི་སྤྲུལ་པའི་མཁའ་འགྲོ་མས༔ ཕྱག་གཡས་པས་མི་ལྤགས་གཡང་གཞི་རྡེབ༔ གདོན་དམ་སྲི་དྲི་བོ་དབྱིངས་ཀློང་ངོར༔ ནད་བཞི་བརྒྱ་རྩ་བཞི་ཟང་ཐལ་ཐོངས༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕཊཿ ཕཊཿ ཕཊཿ མ་ཡེ་ཤེས་དབྱིངས་ལས་གར་བསྒྱུར་མ༔ གདོན་གནོད་བྱ་གནོད་བྱེད་མཐའ་ལས་གྲོལ༔ ནད་འདུ་བྱ་འདུ་བྱེད་སྒྲོག་མདུད་ཞིག༔ ང་ཁྱོད་དང་རེ་དོགས་དབྱིངས་སུ་དག༔ འཁོར་འདས་ཀྱི་དག་མཉམ་ཨ་ལ་ལ༔ འཁོར་གསུམ་གྱི་དམིགས་མཐའ་ཆོས་སྐུར་དག༔ ཕཊཿདང་པོས་གཅོད༔ ཕཊཿགཉིས་པས་གཤིས་ལ་བསྟིམ༔ ཕཊཿགསུམ་པས་རང་གཞིའི་ཞལ་མཐོང༔ དེ་ལ་གདོན་འབོད་སོགས་ཀྱི་ཁ་བསྐངས་ཏེ་གཅོད་གཞུང་གི་དམར་འགྱེད་ལ་འཇུག་པར་བྱ༔ འདི་ནི་རིགས་སྲས་གཅོད་པ་མགོན་གྱིས་བསྐུལ་ངོ་མི་ལྡོག་ཙམ་དུ་རྟེན་འབྲེལ་གྱི་ཆོས་སུ་རྣལ་འབྱོར་པ་ས་ར་ཧི་ཏས་སྤེལ་བ་དགེའོ༔

གཅོད་ཡུལ་མཁའ་འགྲོའི་ཞལ་ལུང་གི་གསོལ་འདེབས་བྱིན་རླབས་སྤྲིན་ཕུང་རྒྱ་སྤྲུལ་གསུང་།

གཅོད་ཡུལ་མཁའ་འགྲོའི་ཞལ་ལུང་ལས༔ གསོལ་འདེབས་བྱིན་རླབས་སྤྲིན་ཕུང་བཞུགས༔ ཨེ་མ་ཧོ༔ རྒྱལ་བའི་དབང་པོ་བཅོམ་ལྡན་ཤཱཀྱ་ཐུབ༔ རྒྱལ་སྲས་ཐུ་བོ་རྗེ་བཙུན་འཇམ་པའི་དབྱངས༔ རྒྱལ་ཡུམ་དཔའ་མོ་འཕགས་མཆོག་སྒྲོལ་མ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ གནས་གསུམ་མཁའ་འགྲོའི་ཚོགས་རྗེ་བདེ་བའི་དཔལ༔ འཛམ་གླིང་རྒྱན་མཆོག་མཁས་གྲུབ་འཕགས་པ་ལྷ༔ རྒྱ་བོད་བསྟན་འཛིན་དམ་པ་རྒྱ་གར་བ༔ གངས་ཅན་སྐྱེས་མཆོག་པུཎྱཻ་གུ་རུའི་ཞབས༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ རྒྱལ་བས་ལུང་བསྟན་མ་ཅིག་ལབ་སྒྲོན་མ༔ རླུང་སེམས་དབང་ཐོབ་ཐོད་སྨྱོན་བསམ་པ་འགྲུབ༔ གཞན་ཡང་བརྒྱུད་འཛིན་དམ་པ་ཐམས་ཅད་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ གཅོད་ཡུལ་བརྒྱུད་པའི་བླ་མ་ཐམས་ཅད་ཀྱི༔ བྱིན་རླབས་གཅིག་འདུས་གྲུབ་དབང་བྱང་ཆུབ་གླིང་༔ གང་དེས་དག་སྣང་ཆོས་ཀྱི་བདག་པོ་རུ༔ དབུགས་དབྱུང་བྱིན་ཐོབ་ལུང་རྟོགས་མཚན་ཅན་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ རབ་འབྱམས་རྒྱལ་བ་མ་ལུས་བསྐྱེད་པའི་ཡུམ༔ ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་འབྱུང་བའི་གནས༔ སྲིད་ཞིའི་དཔལ་གྱུར་ཤེས་རབ་ཕ་རོལ་ཕྱིན༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ གང་དེ་རྨད་བྱུང་གཟུགས་ཀྱི་སྐུར་བཞེངས་ནས༔ ཁམས་གསུམ་སྲིད་གསུམ་སྣང་བ་དབང་བསྡུས་ཏེ༔ ལོག་རྟོག་བདུད་བཞི་ཟིལ་གྱིས་གནོན་མཛད་པའི༔ མ་ཅིག་ཡུམ་ཆེན་ལབ་ཀྱི་སྒྲོན་མ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ དེ་ཉིད་གནས་གསུམ་མཁའ་འགྲོའི་ཚོགས་ཀྱི་རྗེར༔ དཀྱིལ་འཁོར་རྒྱ་མཚོའི་གཙོ་མོར་རྟག་བཞུགས་ཤིང་༔ དཔལ་ཆེན་ཁྲག་འཐུང་མ་ལུས་དགྱེས་བསྐྱེད་ཡུམ༔ ཡེ་ཤེས་མཁའ་འགྲོ་བཛྲ་ཝཱ་ར་ཧིར༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ མེ་ལོང་མཉམ་ཉིད་མ་འདྲེས་སོ་སོར་རྟོག༔ ལས་བཞིའི་བྱ་བ་ཀུན་གྲུབ་ཌཱཀྐི་མར༔ བཛྲ་རཏྣ་པདྨ་ཀརྨ་ཡི༔ རྣམ་འགྱུར་ཡེ་ཤེས་མཁའ་འགྲོ་སྡེ་ལྔ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ གཞན་ཡང་ཐེག་དགུའི་ཡང་རྩེ་རྫོགས་པ་ཆེའི༔ ལམ་གྱི་གཞིར་གྱུར་ཕྱག་རྒྱ་ཆེན་པོ་ཞེས༔ རྒྱ་བོད་ཡོངས་ལ་ཉི་ཟླ་ལྟར་གྲགས་པའི༔ དམ་ཆོས་ཟབ་མོ་བཀའ་གཏེར་གཅོད་ཡུལ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ སངས་རྒྱས་བསྟན་ལ་བྱ་བ་ཆེར་མཛད་པའི༔ རྒྱན་དྲུག་མཆོག་གཉིས་གྲུབ་ཆེན་བརྒྱད་ཅུ་བཞི༔ མཁན་སློབ་ཆོས་རྒྱལ་གཏེར་སྟོན་བརྒྱ་རྩ་སོགས༔ ལུང་བསྟན་བཀའ་བབས་ཆོས་བདག་བརྒྱུད་འཛིན་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ ཐུབ་བསྟན་འཛིན་སྐྱོང་སྤེལ་རྣམས་རྟག་བསྲུང་ཞིང་༔ ཟབ་ཆོས་གཡེལ་མེད་མེལ་ཚེས་འཛིན་མཛད་པའི༔ མ་མགོན་ལྕམ་དྲལ་ཀླུ་རྒྱལ་ཟླ་སྐྱོང་དང་༔ ཟངས་རིའི་གཞི་བདག་བཙན་རྒོད་མཆེད་གཉིས་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས༔ མཐའ་མེད་འཁོར་བའི་རྒྱ་མཚོ་ཆེན་པོ་ལ༔ བཟོད་མེད་ངེས་འབྱུང་དྲག་པོས་རྒྱུད་བསྐུལ་ནས༔ ཚེ་གཅིག་སྒྲུབ་ལ་བརྩོན་པར་བྱིན་གྱིས་རློབས༔ ཁྱིམ་ནས་འབྱུང་ཡང་དབེན་པར་ཚེ་འདིའི་ཆེད༔ ཚུལ་འཆོས་བཅོས་མའི་ཆོས་ཚུགས་མི་འཛིན་པར༔ ལུས་སེམས་གཟན་བོར་གཅེས་འཛིན་རྒྱང་དུ་དོར༔ ལྷ་འདྲེར་འགྲོ་དོན་ནུས་པར་བྱིན་གྱིས་རློབས༔ གཅོད་ཡུལ་མཐར་ཕྱིན་གཅོད་དོན་ཡུམ་ཆེན་མོ༔ གནས་ལུགས་མ་བཅོས་རང་བྱུང་རང་ཞལ་མཇལ༔ རང་དོན་ཞི་བདེའི་འདམ་ལས་རབ་བརྒལ་ནས༔ གཞན་དོན་ཕུན་ཚོགས་དོན་གཉིས་ལྷུན་གྲུབ་ཤོག༔ གསོལ་འདེབས་ཁྱད་འཕགས་བྱིན་རླབས་སྤྲིན་ཕུང་འདི༔ སྔོན་སྨོན་དུས་བབས་ཌཱཀྐིའི་བརྡ་རིས་ལས༔ མ་ཅིག་ཇོ་མོ་ཡེ་ཤེས་མཚོ་རྒྱལ་དང་༔ ཚེ་རབས་བླ་མ་པད་འབྱུང་གྲུབ་དབང་རྗེའི༔ ཐུགས་རྗེའི་མཐུ་ལས་ལུང་རིག་གླིང་པས་བྲིས༔ ནོར་མེད་སྒྲུབ་བརྩོན་ལས་ལྡན་བུ་ལ་གཏད༔ གུ་ཧྱ༔ སྐལ་ལྡན་ལུང་རིག་གླིང་པས་དུས་ཚེས་དགེ་བར་བྲིས་པས་རྣལ་འབྱོར་པ་པྲཛྙཱའི་མཚན་ཅན་ལ་གཏད་པ་ཛ་ཡནྟུ༔

སྔོན་དུ་འགྲོ་བའི་ལས་རིམ་རས་པ་གསལ་སྟོབས་ཀྱིས་མཛད་པ།

ཡང་གསང་མཁའ་འགྲོའི་ཐུགས་ཐིག་གི༔ ཆ་ལག་སྔོན་དུ་འགྲོ་བ་ནི༔ དཀར་གཏོར་བཟའ་དང་སྐྱེམས་ཕུད་བཤམས༔ རང་རིག་མ་ཅིག་སྐུ་རུ་གསལ༔ རང་ཉིད་མ་ཅིག་གི་སྐུ་རུ་གསལ་བའི་ཐུགས་ཀའི་འོད་ཀྱིས་བསྐུལ་བས་གཏོར་མགྲོན་རྣམས་སྤྱན་དྲངས༔ གཏོར་མ་ཕུལ་བས་དགྱེས་པར་གྱུར༔ ཨོྃ་སྭཱ་བྷ་ཝས་སྦྱངས༔ སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་དུ་གཙང་ལྡན་གྱི་གཏོར་མ་དཀར་གསུམ་མངར་གསུམ་ལས་གྲུབ་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར༔ ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ༔ ཨ་ཀ་རོས་བསྔོས་ནས༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ ཆོས་སྲུང་དམ་ཅན་རྒྱ་མཚོ་དང༔ མྱུར་མཛད་མ་ཧཱ་ཀ་ལ་དང༔ ཨེ་ཀ་ཛ་ཏི་རེ་མ་ཏི༔ ཞིང་སྐྱོང་དུར་ཁྲོད་ཡབ་ཡུམ་འཁོར༔ ཨ་གྷོ་ར་དང་སྤྱང་ཞོན་མཆེད༔ དབང་ཕྱུག་ཉེར་བརྒྱད་བསྟན་མའི་ཚོགས༔ གཟའ་བདུད་ཀླུ་རྒྱལ་ཟླ་བ་སྐྱོང༔ ཟངས་རི་སྤུན་བདུན་ཐང་ལྷ་དང༔ ཡར་ལྷ་འོ་དེ་གུང་རྒྱལ་ལགས༔ སྐུ་ལྷ་མཁའ་རི་མིང་སྲིང་བཅས༔ བཀའ་གཏེར་སྲུང་མ་དཀར་ཕྱོགས་སྐྱོང༔ ཁྱད་པར་ཡུལ་འདིའི་གཞི་བདག་དང༔ སྡེ་བརྒྱད་ཕྱི་ནང་སྲུང་མའི་ཚོགས༔ མཆོད་སྦྱིན་གཏོར་མ་འདི་བཞེས་ལ༔ བརྒྱུད་གསུམ་བླ་མ་རིག་པ་འཛིན༔ མ་ཅིག་ཡབ་སྲས་བཀའ་བཞིན་དུ༔ རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ རྣམ་པ་བཞི་ཡི་དངོས་གྲུབ་སྩོལ༔ བདག་གིས་བྱང་ཆུབ་མ་ཐོབ་པར༔ ཕྲིན་ལས་སྒྲུབ་ལ་རོགས་ལྡན་གྱིས༔ ཕྱི་ནང་གསང་བའི་བར་ཆད་སོལ༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ སརྦ་ལོ་ཀ་པ་ལ་བཱ་ལིངྟ་ཁཱ་ཧི༔ ཞེས་གཏོར་སྐྱེམས་གཙང་སར་གཤེགས༔ དེ་ནས་བགེགས་ལ་བཀའ་བསྒོ་བ་ནི༔ ཕཊཿ རང་ཉིད་སྐད་ཅིག་གིས་དུར་ཁྲོད་གྱི་བདག་མོ་བདུད་འདུལ་ཁྲོས་མ་ནག་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་བཞི་གཙིགས་པ༔ རལ་པ་ལྕགས་སྲེག་གི་རང་བཞིན་མེ་ཡི་ཚྭ་ཚྭ་འཕྲོ་བ༔ ཕྱག་གཡས་མི་ལྤགས་གཡང་གཞི་རྡེབ་པ༔ གཡོན་མི་རྐང་གླིང་བུ་འབུད་པ༔ སྐུ་སྟོད་སྲིད་པའི་རྩེ་ནས་འགྱིང་བ༔ ཞབས་ཀྱིས་ངན་སོང་རྣམ་གསུམ་གནོན་པས་འཇིག་རྟེན་ཁམས་ཐམས་ཅད་ཤིག་ཤིག་དཀྲུག་ཅིང་ཡོམ་ཡོམ་བསྒུལ་བའི་སྐུར་གྱུར་ལ༔ མི་མིན་དྲེགས་པའི་སྡེ་ཚོགས་བཀའ་དང་དམ་ལ་མི་གནས་པ་རྣམས་འདར་ཕྲི་ལི་ལི་གནས་པར་བསམ༔ ཞེས་གསལ་དག་བརྟན་གསུམ་ངང་ནས༔ རཾ་ཡཾ་ཁཾ༔གིས་བསྲེགས་གཏོར་སྦྱངས༔ ཨོཾ་ཨཱཿཧཱུྃ་གིས་འདོད་རྒུར་བསྒྱུར༔ ཁ་འབར་མ་ཡིས་བགེགས་ལ་བསྔོ༔ ཞེས་པའང་ཡབ་རྗེ་རིན་པོ་ཆེའི་གཅོད་ཀྱི་ཁ་སྐོང་དུ་སློབ་འབངས་ཐ་ཤལ་བས་ཐེབས་ཆག་ཏུ་བྲིས་པས་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག་གུ༔ ཤཱུ་བྷཾ༔

ཡན་ལག་བདུན་པ་དང་མཆོད་རྫས་བྱིན་རླབས་ལྡེབ་ཤར།

༄༅། ཡན་ལག་བདུན་པ་འབུལ་བ་ནི༔ ཧོ༔ ཡེ་ཤེས་མཁའ་འགྲོ་ལབ་སྒྲོན་དཀྱིལ་འཁོར་དུ༔ ཚོགས་གཉིས་རྫོགས་ཕྱིར་ཕྱག་འཚལ་མཆོད་ཚོགས་འབུལ༔ སྒྲིབ་གཉིས་སྦྱོང་ཕྱིར་སྒོ་གསུམ་ཉེས་ཚོགས་བཤགས༔ སྤྲོས་བྲལ་དེ་བཞིན་ཉིད་ལ་རྗེས་ཡི་རང༔ དུ་མ་རོ་གཅིག་ཆོས་འཁོར་འགྲོ་ལ་བསྐོར༔ སྒོམ་མེད་ཡེངས་མེད་ངང་དུ་བརྟན་པར་བཞུགས༔ འཁོར་གསུམ་ཡང་དག་དགེ་རྩ་འགྲོ་ལ་བསྔོ༔ ཀུན་ཀྱང་རྣམ་མཁྱེན་སངས་རྒྱས་ས་ཐོབ་ཤོག༔ ༈ ཕྱི་ནང་གསང་མཆོད་བྱིན་རླབས་ནི༔ བྷྲུྃ༔ སྣང་ཞིང་སྲིད་པའི་འཇིག་རྟེན་གྱི༔ དཔལ་ཡོན་བཅུད་ལྡན་མཆོད་ཚོགས་དང༔ ནང་ལྟར་འགྲོ་ཁམས་རྒྱ་མཚོ་ཡི༔ དབང་ལྔའི་ལོངས་སྤྱོད་འདོད་དགུའི་གཏེར༔ གསང་བ་དགའ་བཞི་ལས་བྱུང་རྫས༔ ཀུན་ཀྱང་ནམ་མཁའ་མཛོད་ལྟ་བུ༔ བླ་ན་མེད་པའི་མཆོད་པའི་རྫས༔ དཔག་ཡས་ནམ་མཁའ་མཉམ་པར་གྱུར༔ ཨོཾ་བཛྲ་ཨརྒྷཾ་སོགས་ནས་ཤཔྟ་རཱུ་པ་ཤཔྟ་གནྡྷེ་ར་ས་སྤརྴེ་སརྦ་པཉྩ་རཀྟ་བྷ་ལིང་ཏ་སརྦ་པུ་ཛ་ཧོ༔ ཞེས་སོ།།

མཁའ་འགྲོ་སྡེ་ལྔའི་ལས་བྱང་དངོས་གྲུབ་ཆར་འབེབས་རྒྱ་སྤྲུལ་གསུང་།

གཅོད་ཡུལ་མཁའ་འགྲོའི་ཞལ་ལུང་ལས༔ མཁའ་འགྲོ་སྡེ་ལྔའི་ལས་བྱང་དངོས་གྲུབ་ཆར་འབེབས་བཞུགས༔

དབྱིངས་རིག་ཟུང་འཇུག་ཀུན་བཟང་མོ༔ རང་བྱུང་རང་ཞལ་ཤེས་པས་འདུད༔ མ་ཅིག་ཌཱཀྐིའི་ཚོགས་རྗེ་མོ༔ ཕྱི་ནང་གསང་གསུམ་གཅིག་དྲིལ་བའི༔ ལས་བྱང་དངོས་གྲུབ་ཆར་འབེབས་བསྟན༔ ས་མ་ཡཱ༔ འདི་ལ་སྦྱོར་དངོས་རྗེས་དང་གསུམ༔ སྦྱོར་བ་ལ་ཡང་རྣམ་པ་བདུན༔ སྐྱབས་སེམས་མཚམས་གཅོད་བསྲུང་འཁོར་བསྒོམས༔ བྱིན་འབེབས་མཆོད་རྫས་བྱིན་གྱིས་བརླབས༔ དམ་བཅའ་སྔར་བྱས་བཤགས་པ་འོ༔ དང་པོ་མདུན་མཁར་ལབ་སྒྲོན་མ༔ གཙོར་གྱུར་སྐྱབས་ཡུལ་གསལ་གདབ་སྟེ༔ ན་མོ༔ དེང་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར༔ བསླུ་མེད་སྐྱབས་གནས་དཀོན་མཆོག་རིན་ཆེན་གསུམ༔ བདག་གཞན་སྲིད་པའི་སྡུག་བསྔལ་ལས་སྐྱོབ་ཕྱིར༔ ཁྱེད་ཤེས་དད་པས་སྙིང་ནས་སྐྱབས་སུ་མཆི༔ གཉིས་པ་ཕ་མ་སེམས་ཅན་མ་ལུས་པ༔ མི་གནས་མྱང་འདས་ལ་འགོད་སེམས་བསྐྱེད་ནི༔ ཀྱེ་ཧོ༔ མ་རུངས་བཟོད་དཀའ་སྲིད་པའི་བཙོན་ར་ལས༔ མཁའ་ཁྱབ་འགྲོ་ཀུན་སངས་རྒྱས་གོ་འཕང་གི༔ བདེ་ཆེན་རྒྱལ་སྲིད་འཕོ་མེད་ལ་འགོད་ཕྱིར༔ སྨོན་དང་འཇུག་པའི་བྱང་ཆུབ་སེམས་བསྐྱེད་དོ༔ གསུམ་པ་ཐར་ལམ་བར་ཆད་བགེགས་ཡིན་པས༔ དེ་ལ་གཏོར་མ་བྱིན་ཏེ་བསྐྲད་པ་ནི༔ རཾ་ཡཾ་ཁཾ༔གིས་བགེགས་གཏོར་བསྲེགས་གཏོར་བཀྲུས༔ ཨོཾ་ཨཱཿཧཱུྃ༔གིས་བདུད་རྩིར་བྱིན་བརླབས་ཏེ༔ ཧཱུྃ༔ བགེགས་ནི་མ་རིག་རྒྱུ་ལས་སྡུག་བསྔལ་ཀུན༔ རྟེན་དང་བརྟེན་པར་བརྒྱུད་དེ་འབྱུང་བའི་བདུད༔ རིག་པ་རང་བྱུང་མཁའ་འགྲོའི་བཀའ་བཞིན་དུ༔ སྔགས་དང་ཕྱག་རྒྱས་བྱིན་བརླབས་གཏོར་མ་སྦྱིན༔ ཐར་ལམ་བྱང་ཆུབ་རང་གཞན་དོན་སྒྲུབ་པའི༔ བར་ཆད་མ་བྱེད་སྐྱེ་མེད་ཀློང་དུ་དེངས༔ གལ་ཏེ་རིག་སྟོང་ཌཱཀྐཱིའི་གཙོ་མོ་ཡིས༔ བཀའ་ལས་འདས་ན་མིང་གི་ལྷག་མར་བྱེད༔ ཧཱུྃ་བཞིའི་སྔགས་དང་ཡུངས་ཐུན་བརྡེག༔ བཞི་པ་སྲུང་བའི་འཁོར་ལོ་བསྒོམ་པ་ནི༔ ཧཱུྃ་བྷྲུཾ༔ སྣང་སྲིད་འབྱུང་བ་རྣམ་ལྔ་ཡུམ་ལྔའི་ཀློང་༔ ཕུང་ལྔ་བདེ་གཤེགས་ཚོགས་བརྒྱད་ཡུལ་དང་བཅས༔ སེམས་དཔའ་ཡབ་ཡུམ་སྲུང་བའི་འཁོར་ལོ་ནི༔ དག་པ་རབ་འབྱམས་ཡེ་ཤེས་རྣམ་ལྔའི་རྩལ༔ འདི་ལས་ལོག་རྟོག་གློ་བུར་བདུད་ཀྱི་སྡེ༔ ནམ་ཡང་འདའ་བའི་གོ་སྐབས་གནས་མ་མཆིས༔ བཛྲ་ཌཱཀྐི་རཀྵ་རཀྵ་བྷྲུཾ༔ ལྔ་པ་རྫས་དང་ཡོ་བྱད་རྣལ་འབྱོར་ལ༔ དབྱིངས་ནས་ཡེ་ཤེས་བྱིན་ཆེན་དབབ་པ་ནི༔ ཧཱུྃ་ཧྲཱིཿ རང་བྱུང་དབྱིངས་ནས་སྐུ་གསུམ་མཁའ་འགྲོའི་ཚོགས༔ སྐུ་དང་ཡེ་ཤེས་ཐུགས་རྗེའི་རྩལ་བསྐྱེད་ནས༔ གནས་འདིར་མཁྱེན་བརྩེ་ནུས་མཐུས་བྱིན་ཆེན་ཕོབ༔ སྒྲུབ་རྫས་ཟག་མེད་ཡེ་ཤེས་བདུད་རྩིར་བསྒྱུར༔ རྣལ་འབྱོར་སྒོ་གསུམ་རྒྱལ་ཀུན་གསང་གསུམ་དང་༔ ཡེ་ནས་འདུ་འབྲལ་མེད་པའི་བྱིན་ཕོབ་ཅིག༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་ཌཱཀྐཱི་ནི་ཛྙཱ་ན་ཨ་བེ་ཤ་ཡ་ཕཻཾ་ཕཻཾ༔ སྤོས་དང་རོལ་མོས་བྱིན་ཆེན་ཡང་ཡང་དབབ༔ དྲུག་པ་མཁའ་འགྲོ་སྲོག་གི་ཕྱིར་དུ་ཡང་༔ མི་གཏོང་དམ་བཅའ་སྙིང་ནས་འཆའ་བ་ནི༔ ཧཱུྃ་ཧྲཱིཿ དེང་ནས་སྐུ་གསུམ་མངའ་བདག་ཀུན་བཟང་མོའི༔ གོ་འཕང་མངོན་གྱུར་དོན་གཉིས་མ་གྲུབ་བར༔ མཁའ་འགྲོའི་གཙོ་མཆོག་མ་ཅིག་ལབ་སྒྲོན་མ༔ སྲོག་གི་ཕྱིར་ཡང་མི་གཏོང་སྒྲུབ་པར་བགྱི༔ ས་མ་ཡཱ་ཙིཏྟ་ཧཱུྃ༔ བདུན་པ་སྒྲུབ་ལ་བར་ཆད་སྡིག་པའི་ཚོགས༔ མི་འཆབ་བཤགས་ཤིང་ཕྱིན་ཆད་སྡོམ་སེམས་ནི༔ ཧཱུྃ་ཧྲཱིཿ བདག་ནི་ཐོག་མའི་གཞི་སྣང་ལས་འཁྲུལ་ཏེ༔ བདག་གཞན་གཉིས་བཟུང་ཆགས་སྡང་རྨོངས་གསུམ་གྱིས༔ སྒོ་གསུམ་མི་དགེའི་ལས་ངན་ཅི་བགྱིས་པ༔ སྙིང་ནས་བཤགས་སོ་དག་ཚངས་དངོས་གྲུབ་སྩོལ༔ ཕྱིན་ཆད་དྲན་ཤེས་བརྟན་པོས་སྡོམ་པར་བགྱི༔ འབྲུ་གསུམ་སྔགས་ལ་ཡིག་བརྒྱ་བཏགས༔ བདུན་ནམ་གསུམ་སོགས་སྐབས་མཐུན་བྱ༔ ས་མ་ཡཱ༔ གཉིས་པ་དངོས་གཞི་རྣམ་གྲངས་དགུ༔ ལྷ་བསྐྱེད་སྤྱན་དྲངས་བཞུགས་གསོལ་ཕྱག༔ ཕྱི་ནང་གསང་མཆོད་བསྟོད་པ་འཛབ༔ དང་པོ་རྟེན་དང་བརྟེན་པའི་ལྷ་བསྐྱེད་ནི༔ ཏིང་འཛིན་གསུམ་གྱིས་ཁོག་ཕུབ་མངོན་བྱང་ལྔས༔ སྲིད་པ་མངལ་སྐྱེས་བག་ཆགས་སྦྱོང་བ་ནི༔ ཨཱཿ འདི་ལྟར་སྣང་བའི་ཆོས་རྣམས་མ་ལུས་པ༔ དང་པོ་མ་སྐྱེས་ཆོས་དབྱིངས་སྟོང་པའི་མདངས༔ བར་དུ་མི་གནས་བརྗོད་བྲལ་ཡུམ་ཆེན་མཁའ༔ ཐ་མ་འགག་མེད་ཤེས་རབ་ཕ་རོལ་ཕྱིན༔ འདི་ལ་བཅོས་མེད་སྟོང་ཆེན་གཤིས་ཀྱི་ལྷ༔ དྷརྨཱ་དྷརྟུ་སྭ་བྷ་ཝ་ཤུདྡྷ་ཀོ྅་ཧཾ༔ ཨོཾ༔ དེ་ལྟར་མ་རྟོགས་རང་གཞན་དངོས་པོར་བཟུང་༔ བདག་མེད་བདག་བཟུང་མི་གཙང་གཙང་བར་འཁྲུལ༔ མི་རྟག་དངོས་པོར་བཟུང་བའི་སེམས་ཅན་རྣམས༔ བརྩེ་ཆེན་ཚད་མེད་སྙིང་རྗེས་རྗེས་འཛིན་བྱ༔ མ་ཧཱ་ཀ་རུ་ཎི་ཀ་ས་མ་ཏི་ཧཱུྃ༔ ཧཱུྃ༔ མ་རྟོགས་སེམས་ཅན་ཡུམ་ཆེན་མཁའ་འགྲོ་མའི༔ གོ་འཕང་མཆོག་ལ་མྱུར་དུ་འགོད་པའི་ཕྱིར༔ སྟོང་ཉིད་སྙིང་རྗེ་ཟུང་འཇུག་རང་རིག་ཨཱཿ མཐིང་གསལ་ནམ་མཁའི་མདོག་ཅན་འོད་ཟེར་འབར༔ མཁའ་དབྱིངས་སྟོང་པའི་དབྱིངས་སུ་འཇའ་ལྟར་ཤར༔ དེ་ལས་ཨེ་ཡཾ་རཾ་བཾ་ལཾ་ཡིག་འཕྲོས༔ ཨེ་ལས་ནམ་མཁའ་མཐིང་གསལ་རྒྱ་ཁྱོན་བྲལ༔ ཡཾ་ལས་རླུང་དཀྱིལ་ལྗང་གསལ་རྒྱ་གྲམ་དབྱིབས༔ རཾ་ལས་མེ་དཀྱིལ་དམར་པོ་མཐའ་རུ་འབར༔ བཾ་ལས་ཆུ་དཀྱིལ་དཀར་པོ་ཟླུམ་ལ་འཁྱིལ༔ ལཾ་ལས་རིན་ཆེན་སྣ་ལྔའི་ས་གཞི་འཁྲིགས༔ རང་བྱུང་བྷྲུཾཿལས་མཁའ་འགྲོའི་གཞལ་མེད་ཁང་༔ གྲུ་བཞི་སྒོ་བཞི་འདོད་སྣམ་ཕ་གུ་དང་༔ དྲྭ་ཕྱེད་མདའ་ཡབ་ཤར་བུ་གདུགས་ཏོག་དང་༔ ཆོས་ཀྱི་འཁོར་ལོ་རི་དྭགས་ཕོ་མོས་མཚན༔ ཕྱི་རིམ་དུར་ཁྲོད་རྡོ་ར་མེ་རིས་བསྐོར༔ དེ་དབུས་སྣ་ཚོགས་པདྨ་འདབ་བཞི་དང་༔ ཕྱི་རིམ་གནས་ཡུལ་དཔའ་བོ་དཔའ་མོ་གདན༔ པདྨ་ཉི་ཟླ་བཾ་རོ་ངེས་མེད་གསལ༔ དབུས་ཀྱི་གདན་སྟེང་ཐབས་ཤེས་ཉི་ཟླ་ཟུང་༔ དེ་དབུས་མཁའ་ནས་ཨཱཿཡིག་འོད་གོང་གྱུར༔ ཕྱོགས་བཞིར་ཉི་ཟླའི་གདན་ལ་མཁའ་འགྲོ་ལྔའི༔ ས་བོན་ཧ་རི་ནི་ས་ཕྱོགས་ཀྱི་མདོག༔ གཙོ་མོའི་ས་བོན་འོད་ཀྱི་གོང་བུ་ལས༔ འོད་ཟེར་ཡར་འཕྲོས་སྐུ་གསུམ་སངས་རྒྱས་དང་༔ བྱང་སེམས་དཔའ་བོ་ཌཱཀྐཱིའི་བྱིན་ནུས་བསྡུས༔ མར་འཕྲོས་འགྲོ་དྲུག་ལས་ཉོན་བག་ཆགས་སྦྱངས༔ ཀུན་ཀྱང་ཡུམ་ཆེན་གོ་འཕང་ཐོབ་པར་བྱས༔ ཚུར་འདུས་འོད་གོང་གནམ་ལྕགས་གྲི་གུག་གི༔ ལྟེ་བར་ཡི་གེས་མཚན་པ་གནས་འགྱུར་བས༔ ཆོས་སྐུ་ཀུན་བཟང་ལོངས་སྐུ་རྣལ་འབྱོར་མ༔ སྤྲུལ་སྐུ་མ་ཅིག་ལབ་ཀྱི་སྒྲོན་མ་དང་༔ དབྱེར་མེད་སངས་རྒྱས་མཁའ་འགྲོ་སྐུ་མདོག་མཐིང་༔ ཁྲོ་འཛུམ་ཆགས་པའི་ཞལ་ཅན་ཁྲོ་མོའི་ཆས༔ སྤྱན་གསུམ་སྡང་མིག་དམར་ཟླུམ་ཞལ་གདངས་ཤིང་༔ ཁྲོ་གཉེར་མཆེ་གཙིགས་དམར་སེར་དབུ་སྐྲ་གྲོལ༔ ཐོད་སྐམ་དབུ་རྒྱན་ཐོད་རློན་དོ་ཤལ་འཕྱང་༔ ཕྱག་གཡས་གནམ་ལྕགས་གྲི་གུག་མཁའ་ལ་ཕྱར༔ ཕྱག་གཡོན་ཐོད་ཁྲག་ཞབས་གཉིས་བརྐྱང་བསྐུམ་གར༔ མི་རོའི་གདན་ལ་དོར་སྟབས་བརྗིད་པར་འགྱིང་༔ མཆན་གཡོན་ཐབས་མཆོག་དཔལ་ཆེན་ཧེ་རུ་ཀ༔ བདེ་བ་ཆེན་པོ་རྡོ་རྗེའི་ཁ་ཌཱཾ་ཀ༔ དར་དཔྱངས་ཐོད་རྔ་དྲིལ་བུའི་རྒྱན་ཅན་འཁྱུད༔ སྟག་ཤམ་གླང་ཀོའི་སྟོད་གཡོགས་རུས་པས་བརྒྱན༔ ཕཻཾ་གྱི་སྒྲ་སྒྲོགས་སྟོང་ཉིད་སྙིང་རྗེའི་ངང་༔ ཡེ་ཤེས་མེ་དཔུང་འབར་བའི་ཀློང་དུ་བཞུགས༔ ཐུགས་ཀར་ཡེ་ཤེས་སེམས་དཔའ་ལབ་སྒྲོན་མ༔ པད་ཟླའི་གདན་ལ་དུང་དང་ཟླ་བའི་མདོག༔ ཞི་ཚུལ་ཌཱ་དྲིལ་གར་སྟབས་རུས་རྒྱན་དང་༔ དར་སྣའི་ན་བཟའི་དབུ་སྐྲ་གནག་སྣུམ་མཛེས༔ དེ་ཡི་ཐུགས་དབུས་པདྨ་ཉི་ཟླའི་སྟེང་༔ ཨཱཿཡིག་མཐིང་མཐར་རྩ་སྔགས་བྱུ་རུའི་མདོག༔ གཡས་སུ་འཁོར་ལས་རང་སྒྲ་སྙན་པར་སྒྲོག༔ ཤར་དུ་ཧ་ལས་རྡོ་རྗེ་མཁའ་འགྲོ་དཀར༔ ལྷོ་རུ་རི་ལས་རིན་ཆེན་མཁའ་འགྲོ་སེར༔ ནུབ་ཏུ་ནི་ལས་པདྨ་མཁའ་འགྲོ་དམར༔ བྱང་དུ་ས་ལས་ཀརྨ་མཁའ་འགྲོ་ལྗང་༔ ཀུན་ཀྱང་ཁྲོ་འཛུམ་ཆགས་པའི་ཉམས་དང་ལྡན༔ གཡས་པས་རང་རྟགས་ཀྱིས་མཚན་གྲི་གུག་དང་༔ གཡོན་པས་ཐོད་ཁྲག་རང་རང་ཐུགས་ཀར་འཛིན༔ ཐབས་མཆོག་བདེ་ཆེན་རྡོ་རྗེའི་ཁ་ཌཱཾ་ཀ༔ ཟག་མེད་ཞུ་བདེའི་ཡེ་ཤེས་དགྱེས་བསྐྱེད་པ༔ མཆན་ཁུང་གཡོན་དུ་འཁྱུད་ཚུལ་མཛད་པས་མཛེས༔ གཡས་བསྐུམ་རྟིང་པ་བྷ་གར་གཏད་པའི་ཚུལ༔ གཡོན་པས་བཾ་རོའི་གདན་ལ་བརྐྱངས་ཏེ་འགྱིང་༔ སྐུ་སྟོད་གཉིས་འཐུང་པགས་པའི་སྟོད་གཡོགས་དང་༔ སྐུ་སྨད་སྟག་ཤམ་རུས་པའི་རྒྱན་དྲུག་གསོལ༔ ཐོད་སྐམ་དབུ་རྒྱན་རློན་པའི་དོ་ཤལ་འཕྱངས༔ མེ་ཀློང་བཞུགས་ཏེ་སྤྲུལ་པའི་མཁའ་འགྲོ་དང་༔ དཔའ་བོ་རིག་འཛིན་གྲུབ་ཐོབ་སྤྲིན་ལྟར་འཁྲིགས༔ སྒོ་བཞིར་གིང་ཆེན་སྡེ་བཞི་ལས་མདོག་ཅན༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་དང་༔ གར་སྟབས་ཕྱག་རྒྱས་བཾ་གྱི་གདན་ལ་རོལ༔ གཙོ་འཁོར་གནས་གསུམ་ཟླ་ཉི་པདྨའི་སྟེང་༔ ཡི་གེ་འབྲུ་གསུམ་འོད་དུ་ཞུ་བ་ལས༔ སྤྱི་བོར་རྣམ་སྣང་མགྲིན་པར་འོད་དཔག་མེད༔ ཐུགས་ཀར་མི་བསྐྱོད་རང་རྟགས་ཕྱག་རྒྱ་ཅན༔ རྒྱལ་ཀུན་གསང་གསུམ་ངོ་བོར་བཞུགས་པར་བསམ༔ གཉིས་པ་སྤྱན་འདྲེན་གདུང་ཤུགས་དབྱངས་རོལ་དང་༔ དྲི་བཟང་དུད་པ་གཏོང་ཞིང་འདི་སྐད་དོ༔ ཧཱུྃ་ཧྲཱིཿ འོག་མིན་དག་པ་ཆེན་པོའི་ཕོ་བྲང་ནས༔ སྐུ་གསུམ་མཁའ་འགྲོའི་བདག་ཉིད་ལབ་སྒྲོན་མ༔ ཡེ་ཤེས་མཁའ་འགྲོ་སྡེ་ལྔའི་སྐུར་བཞེངས་ཏེ༔ བརྩེ་ཆེན་ཐུགས་ཀྱིས་གནས་འདིར་གཤེགས་སུ་གསོལ༔ གདན་གསུམ་སྐུ་ཡི་གཟི་མདངས་ཏ་ལ་ལ༔ ཚངས་དབྱངས་གསུང་གི་ཆོས་སྒྲ་ལྷངས་སེ་ལྷང་༔ ཟག་མེད་ཐུགས་ཀྱི་མཁྱེན་བརྩེ་ཡ་ལ་ལ༔ གནས་འདིར་དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ འཁོར་གྱི་གནས་ཡུལ་དཔའ་བོ་མཁའ་འགྲོའི་ཚོགས༔ རྣལ་འབྱོར་ཚེ་ཡི་བར་ཆད་བསལ་བ་དང་༔ ཚེ་འདིར་རང་གཞན་དོན་གཉིས་འགྲུབ་པའི་ཕྱིར༔ དབྱིངས་ནས་སྐུར་བསྐྱོད་དགྱེས་པའི་ཚུལ་གྱིས་སྤྱོན༔ ཨོཾ་ཨཱཿཧཱུྃ་ཨ་ཧ་རི་ནི་ས་ཛྙཱ་ན་ཌཱཀྐི་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཨེ་ཧྱ་ཧི་ཨེ་ཨ་ར་ལི་ཧྲིཾ་ཧྲིཾ་ཛ་ཛ༔ གསུམ་པ་དམ་ཚིག་པ་དང་དབྱེར་མེད་དུ༔ འདུ་འབྲལ་མེད་ཕྱིར་བཞུགས་གསོལ་འདེབས་པ་ནི༔ ཧཱུྃ་ཧྲཱིཿ ཡེ་ནས་རང་རིག་མཁའ་འགྲོའི་བདག་ཉིད་ལ༔ གཅིག་ཏུ་འདུ་དང་སོ་སོར་འབྲལ་མེད་ཀྱང་༔ གློ་བུར་བློ་ཡི་བག་ཆགས་བསལ་བའི་ཕྱིར༔ དམ་ཚིག་ཀུན་བརྟགས་བསྐྱེད་པའི་ལྷ་ཚོགས་དང་༔ སྐུ་གསུམ་དབྱིངས་ནས་སྤྱན་དྲངས་ཡེ་ཤེས་པ༔ ངོ་བོ་གཅིག་ལས་རྣམ་པ་སོ་སོ་རུ༔ འབྲལ་མེད་དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ བཛྲ་ས་མ་ཡཱ་ཏིཥྛ་ལྷན༔ བཞི་པ་ལྷ་ཆེན་འཕྲུལ་དགའི་ཚུལ་ལྟ་བུས༔ བསོད་ནམས་ཚོགས་བསགས་བརྡ་ཡིས་ཕྱག་འཚལ་ནི༔ ཧཱུྃ་ཧྲཱིཿ རང་གི་ཐུགས་ལས་སྤྲུལ་པའི་ལས་བྱེད་པའི༔ ཌཱཀྐི་དཀར་སེར་དམར་ལྗང་གྲངས་མེད་པས༔ ལུས་ཀྱིས་ཕྱག་འཚལ་ངག་གིས་བསྟོད་བསྔགས་དང་༔ སེམས་ཀྱིས་གདུང་བའི་ཤུགས་ཀྱིས་མཁའ་ཁྱབ་ཀྱི༔ འགྲོ་རྣམས་ཚོགས་གཉིས་རྫོགས་ཕྱིར་གུས་ཕྱག་འཚལ༔ ཨ་ཏི་པཱུ་ཧོ༔ པྲ་ཏིཥྩ་ཧོ༔ ལྔ་པ་ཕྱི་ཡི་མཆོད་པ་འབུལ་བ་ནི༔ ཧཱུྃ་ཧྲཱིཿ ལྷ་རྣམས་དབང་པོ་དྲུག་ལ་དགྱེས་བསྐྱེད་ཕྱིར༔ མཛེས་པའི་མེ་ཏོག་དྲི་ཞིམ་བདུག་པའི་སྤོས༔ སྣང་གསལ་སྒྲོན་མེ་དྲི་བཟང་སྦྱར་བའི་ཆབ༔ རོ་བརྒྱའི་ཞལ་ཟས་སྙན་འཇེབས་རོལ་མོའི་སྒྲ༔ རང་རང་མཆོད་པའི་ལྷ་མོའི་གར་སྟབས་དང་༔ ངག་གི་དབྱངས་ཚིག་དད་གུས་ཆེན་པོ་ཡིས༔ མཁའ་ཁྱབ་བཞུགས་པའི་རྒྱལ་བ་སྲས་བཅས་དང་༔ ཁྱད་པར་གནས་གསུམ་མཁའ་འགྲོའི་ཚོགས་ཀྱི་རྗེ༔ ཡེ་ཤེས་ཌཱཀྐཱི་ལབ་སྒྲོན་གཙོ་འཁོར་ལ༔ འབུལ་ལོ་ཚོགས་གཉིས་རྫོགས་ཕྱིར་བཞེས་སུ་གསོལ༔ ཨོཾ་བཛྲ་ཨརྒྷཾ་ནས་སོགས་ཤཔྟ་པྲ་ཏིཥྩ་པུ་ཛ་ཧོ༔ དྲུག་པ་ནང་གི་མཆོད་པ་འབུལ་བ་ནི༔ ཧཱུྃ་ཧྲཱིཿ རྩ་བ་བརྒྱད་ལ་ཡན་ལག་སྟོང་སྦྱར་བའི༔ འཆི་མེད་བདུད་རྩི་སྨན་གྱི་མཆོད་པ་འབུལ༔ མཚན་ལྡན་མུ་དྲའི་གསང་རྫས་ཞིང་བཅུའི་ཁྲག༔ ཕྱི་ནང་གསང་བའི་དམར་ཆེན་མཆོད་པ་འབུལ༔ འབྲུ་བཟང་སྨན་སྤོས་ཤ་སྣ་སྟོང་སྦྱར་བའི༔ དམ་རྫས་རྨད་བྱུང་གཏོར་མའི་མཆོད་པ་འབུལ༔ མ་ཅིག་ཌཱཀྐིའི་དབང་ཕྱུག་ལབ་སྒྲོན་མ༔ དངོས་གྲུབ་ཆར་འབེབས་མཁའ་འགྲོའི་ཚོགས་ལ་འབུལ༔ དགྱེས་པ་ཆེན་པོས་བཞེས་ནས་རྣལ་འབྱོར་གྱི༔ ལྟ་བ་གཡེལ་དང་སྒོམ་པ་བྱིང་རྨུགས་གཡེངས༔ སྤྱོད་པ་རྩིང་སྤྱོད་ཚུལ་འཆོས་དབང་གྱུར་པས༔ འབྲས་བུ་རེ་དོགས་ཉམས་པའི་སྐྱོན་རྣམས་ཀུན༔ དབྱིངས་སུ་དག་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀ་ཏ་མ་ཧཱ་རཀྟ་བྷ་ལིངྟ་ཁ་ཁ་ཁཱ་ཧི༔ བདུན་པ་ཟག་བྲལ་གསང་བའི་མཆོད་པ་ནི༔ ཧཱུྃ་ཧྲཱིཿ མཆོད་བྱ་མཆོད་བྱེད་མཆོད་ཡུལ་མ་ལུས་པ༔ རང་བྱུང་རིག་པའི་ངང་དུ་རོ་མཉམ་ཕྱིར༔ བཟང་ངན་རེ་དོགས་སྤང་བླང་གཉིས་མེད་པའི༔ ལྟ་བ་བློ་འདས་སྤྲོས་བྲལ་ངང་དུ་མཆོད༔ སྒོམ་པ་ཡེང་མེད་རང་བབས་ངང་ནས་མཆོད༔ སྤྱོད་པ་གུ་ཡངས་བླང་དོར་བྲལ་བས་མཆོད༔ འབྲས་བུ་ཐོབ་ཤོར་བྲི་གང་མེད་པར་མཆོད༔ དྷརྨ་དྷརྟུ་མ་ཧཱ་མུ་ཏྲ་ཨ་ལ་ལ་ཧོ༔ བརྒྱད་པ་གསང་གསུམ་ཡོན་ཏན་རྗེས་དྲན་པས༔ དད་མོས་གུས་པ་ཆེན་པོས་བསྟོད་པ་ནི༔ ཨེ་མ་ཧོ༔ སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན༔ མ་སྐྱེས་མི་འགགས་ནམ་མཁའི་ངོ་བོ་ཉིད༔ སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ༔ དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་བསྟོད༔ ནང་དབྱིངས་སྤྲོས་པ་བྲལ་བའི་རང་གདངས་ལས༔ མ་འགགས་ཡེ་ཤེས་རྣམ་པ་ལྔ་ཡི་རྩལ༔ འགྲོ་བའི་བསོད་ནམས་མཆོད་སྡོང་སྤྲུལ་པའི་སྐུ༔ མ་ཅིག་ལབ་ཀྱི་སྒྲོན་མར་ཕྱག་འཚལ་བསྟོད༔ ནད་གདོན་འཇིགས་ཚོགས་ཞི་མཛད་ཌཱཀྐི་འབུམ༔ ཚེ་བསོད་ཡོན་ཏན་རྒྱས་བྱེད་མཁའ་འགྲོ་འབུམ༔ ཁམས་གསུམ་དབང་སྡུད་རྗེས་ཆགས་མཁའ་འགྲོ་འབུམ༔ དགྲ་བགེགས་འདུལ་མཛད་དྲག་པོའི་མཁའ་འགྲོ་འབུམ༔ ཡང་སྤྲུལ་བསམ་ལས་འདས་ལ་ཕྱག་འཚལ་བསྟོད༔ མདོར་ན་འགྲོ་བའི་སྡུག་བསྔལ་ཀུན་སེལ་ཞིང་༔ ཕན་དང་བདེ་བའི་དཔལ་ཀུན་འབྱུང་བའི་གཞི༔ རྩ་གསུམ་ཆོས་སྐྱོང་དཀར་ཕྱོགས་འགོ་བའི་ལྷ༔ མ་ལུས་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ དགུ་པ་ཛཔ྄་ལ་བསྙེན་སྒྲུབ་ལས་སྦྱོར་གསུམ༔ དང་པོ་བསྙེན་པའི་དམིགས་པ་འདི་ལྟ་སྟེ༔ རང་ཉིད་སངས་རྒྱས་མཁའ་འགྲོའི་ཐུགས་དབུས་སུ༔ ཡེ་ཤེས་ཌཱཀྐི་ལབ་སྒྲོན་གསལ་བ་ཡི༔ ཐུགས་ཀར་སྣ་ཚོགས་པདྨ་ཉི་ཟླའི་དབུས༔ ཨཱཿཡིག་མཐིང་ག་བཀྲག་མདངས་མི་བཟོད་པའི༔ མཐའ་ལ་རྩ་སྔགས་དམར་གསལ་གཡས་སུ་འཁོར༔ རང་སྔགས་སྙན་པའི་སྒྲ་དང་བཅས་པ་བསྒོམ༔ ཨོཾ་ཨཱཿཧཱུྃ༔ཨ་ཧ་རི་ནི་ས་ཛྙཱ་ན་ཌཱཀྐི་སརྦ་སིདྡྷི་ཧཱུྃ༔ རྩ་སྔགས་ཡི་གེ་བཅུ་བདུན་གྲངས་ལྡན་པ༔ མ་ཡེངས་གསལ་དག་ལྡན་པས་འབྲུ་འབུམ་བཟླ༔ སྒྲུབ་པའི་དམིགས་པ་ཁ་བསྒྱུར་གཞན་དུ་གསལ༔ སྤྱི་ལ་ཡུམ་ཆེན་བསྒོམ་བཟླས་བྱ་བ་ནི༔ ཐུགས་ཀར་པད་ཟླའི་གདན་ལ་ཡུམ་ཆེན་མོ༔ གསེར་མདོག་ཞལ་གཅིག་ཕྱག་བཞི་ལོངས་སྐུའི་ཆས༔ དམར་སེར་གུར་གུམ་གཞོན་ནུའི་མདངས་ལྡན་པ༔ གཡས་གཡོན་དང་པོས་ཆོས་འཆད་མཉམ་བཞག་དང་༔ འོག་མ་རྡོ་རྗེ་པུསྟི་ལེགས་པར་བསྣམས༔ ཐུགས་དབུས་པད་ཟླར་ཨ་ཡིག་གསེར་མདོག་མཐར༔ ག་ཏེའི་སྔགས་འབྲུ་གསེར་སྦྱངས་བཙོ་མའི་མདོག༔ གཡས་བསྐོར་དེ་ལ་སེམས་གཏད་སྔགས་བཟླས་པས༔ ཤེས་རབ་ཕར་ཕྱིན་དོན་རྟོགས་རང་གཞན་ཀུན༔ ཀུན་བཟང་གདོད་མའི་མགོན་དང་དབྱེར་མེད་བསམ༔ ཏདྱ་ཐཱ༔ ག་ཏེ་ག་ཏེ་པ་ར་ག་ཏེ་པ་ར་སཾ་ག་ཏེ་བྷོ་དྷི་སྭཱ་ཧཱ༔ སྔགས་ཀྱི་རྒྱལ་པོ་ཡུམ་སྔགས་ཉི་ཤུ་པ༔ ཡེངས་མེད་དྲན་ཤེས་ལྡན་པས་འབྲུ་འབུམ་བཟླ༔ དེ་ཚེ་རྟགས་ཀྱི་རིམ་པ་དངོས་སུ་ཡང་༔ དབང་པོ་རབ་ལ་ལྷ་ཞལ་དངོས་སུ་མཇལ༔ འབྲིང་ཉམས་ལྷ་སྔགས་མཐོང་ཐོས་ཡོན་ཏན་འཕེལ༔ ཐ་མ་རྨི་ལམ་རི་བོའི་རྩེར་འཛེགས་དང་༔ ཉི་ཟླ་ཤར་དང་རལ་གྲི་རྡོ་རྗེ་དང་༔ པུསྟི་རྙེད་དང་གྱེན་ལ་འགྲོ་བ་དང་༔ ཀུན་གྱིས་བསྟོད་དང་ཁྲི་ལ་འདུག་པ་སོགས༔ ལེགས་པའི་ཡོན་ཏན་ཐོབ་པའི་རྟགས་རྣམས་དང་༔ རྣག་ཁྲག་སྲོག་ཆགས་ལུས་ལས་ཕྱིར་ཐོན་སོགས༔ སྡིག་སྒྲིབ་དག་དང་གདོན་ལས་ཐར་བའི་རྟགས༔ མཐོང་ཚེ་དགའ་སྤྲོ་རེ་དོགས་རྟོག་པ་སྤོངས༔ ས་མ་ཡཱ༔ གསུམ་པ་ལས་སྦྱོར་རང་གི་ཐུགས་ཀ་རུ༔ བདག་ཉིད་ཡེ་ཤེས་མཁའ་འགྲོའི་ཐུགས་ཀ་རུ༔ རྡོ་རྗེ་ཕག་མོ་མཐིང་ནག་ཁྲོ་མོའི་ཆས༔ རྣ་ལྟག་གཡས་སུ་ཕག་ཞལ་ངུར་སྒྲ་སྒྲོག༔ ཐུགས་དབུས་ཉི་སྟེང་གྲི་གུག་ལྟེ་བ་རུ༔ ཧཱུྃ་མཐིང་མཐའ་ལ་སྔགས་འབྲུ་མཐིང་ནག་ནི༔ མེ་ཡི་ཚྭ་ཚྭས་བགེགས་དང་ལོག་འདྲེན་བསྲེགས༔ རྒྱལ་ཀུན་ཐུགས་ཀྱི་ས་བོན་ཧཱུྃ༔ བྱེ་བ་གསུམ་བཟླས་དངོས་གྲུབ་འབྱུང་༔ དེ་ནས་རྩ་སྔགས་འདི་ཉིད་བཟླ༔ ཨོཾ་བཛྲ་ཀྲོ་ཏ་ཀ་ལི་ཝ་ར་ཧཱི་སརྦ་སིདྡྷི་ཕ་ལ་ཧཱུྃ༔ མ་ཡེངས་ངང་ནས་བྱེ་བ་བཟླ༔ གདོན་ཐུལ་སྡིག་སྒྲིབ་དག་རྟགས་གསལ༔ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་རྗེས་ཀྱི་རིམ་པ་ལའང་བདུན༔ དངོས་གྲུབ་ལེན་དང་ནོངས་བཤགས་དམ་ཚིག་བསྡུ༔ དགེ་བསྔོ་སྨོན་ལམ་ཤིས་པ་བརྗོད་པ་འོ༔ དང་པོ་དངོས་གྲུབ་ལེན་ཚེ་སྐུ་རྟེན་ཉིད༔ སྤྱི་བོར་འཇོག་ཅིང་རང་གི་གནས་གསུམ་གཏུག༔ དམ་རྫས་ལྕེ་ལ་མྱང་ཞིང་འདི་སྐད་དོ༔ ཧཱུྃ་ཧྲཱིཿ ཡེ་ཤེས་མཁའ་འགྲོ་སྡེ་ལྔའི་ལྷ་ཡི་ཚོགས༔ བསྙེན་སྒྲུབ་མཐར་བསྐྱལ་སྒྲུབ་པའི་ཞག་གྲངས་རྫོགས༔ དེང་དུས་སྐྱ་རེངས་དང་པོ་གསལ་བའི་ཚེ༔ མ་རིག་མུན་སེལ་ཉི་མ་འཆར་ལ་ཉེ༔ ཡེ་ཤེས་མཁའ་འགྲོའི་དངོས་གྲུབ་ཐོབ་ལ་ཉེ༔ དངོས་གྲུབ་གང་ཞིག་འདོད་དོན་གསོལ་བ་ནི༔ འགྱུར་མེད་རྡོ་རྗེའི་སྐུ་གསུང་ཐུགས་ཡོན་ཏན༔ ཕྲིན་ལས་མཐར་ཕྱིན་དོན་གཉིས་ལྷུན་གྲུབ་ཀྱི༔ དངོས་གྲུབ་དམ་པ་དེང་འདིར་སྩལ་དུ་གསོལ༔ གུ་རུ་དྷེ་ཝ་ཌཱཀྐི་ནི་ཀཱ་ཡ་ཝཀྐཱ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ གཉིས་པ་ནོངས་པ་བཤགས་པ་ནི༔ ཧཱུྃ་ཧྲཱིཿ ཉེས་པའི་སྣོད་གྱུར་སྡིག་ལྡན་བདག་ཅག་གི༔ ལས་དང་ཉོན་མོངས་བག་ཆགས་ཀྱིས་བསགས་པའི༔ མི་དགེ་བཅུ་དང་མཚམས་མེད་ཉེ་བའི་སྡིག༔ སོ་བྱང་སྔགས་ཀྱི་དམ་སྡོམ་ལས་འགལ་བ༔ མ་ལུས་མཐོལ་ཞིང་བཤགས་སོ་གནོང་ངོ་འགྱོད༔ མི་འཆབ་སྙིང་ནས་མཐོལ་བཤགས་དག་གྱུར་ཅིག༔ ས་མ་ཡཱ་ཤུདྡྷེ་ཨཱཿ ཡི་གེ་བརྒྱ་པ་ཅི་མང་བཟླ་བར་བྱ༔ གསུམ་པ་རྟེན་ལ་མདུན་བསྐྱེད་བརྟན་བཞུགས་དང་༔ བདག་བསྐྱེད་དམ་ཚིག་ལྷར་སྣང་བསྡུ་བ་ནི༔ ཧོ༔ བསྐྱེད་པའི་སྣོད་རྣམས་འོད་ཞུ་འཁོར་རྣམས་དང་༔ དེ་ཡང་རིམ་བཞིན་གཙོ་མོའི་སྐུ་ལ་ཐིམ༔ སྐུ་ཡང་རིམ་ཡལ་སྔགས་ཕྲེང་ལ་བསྡུ་ཞིང་༔ ཐུགས་སྲོག་སྐྱེ་མེད་ཡི་གེ་ཨ་ཡིག་ལ༔ བསྡུས་ཏེ་སྟོང་ཆེན་ཀློང་དུ་མཉམ་པར་བཞག༔ ཨ་ཨཱཿ བཞི་པ་རྗེས་ཐོབ་སྒྱུ་མའི་ལྷར་ལངས་ཏེ༔ ཧཱུྃ་ཧྲཱིཿ སྟོང་པའི་ངང་ལས་རང་ཉིད་རྗེས་ཐོབ་ལྷ༔ ལབ་ཀྱི་སྒྲོན་མ་མཉམ་བཞག་ཞི་བའི་སྐུ༔ གནས་གསུམ་འབྲུ་གསུམ་མཚན་པས་རྣམ་རྟོག་བསྲུང་༔ བར་ཆད་བགེགས་ཀྱིས་མི་ཚུགས་གོ་ཆས་གཏམས༔ བཛྲ་རཀྵ་རཀྵ་བྷྲུཾ༔ ལྔ་པ་དགེ་རྩ་འགྲོ་ལ་བསྔོ་བ་ནི༔ ཧོ༔ དགེ་བའི་རྩ་བ་འདི་ཡིས་སྲིད་གསུམ་འགྲོ༔ སྡུག་བསྔལ་འཁོར་བའི་མཚོ་ལས་རབ་བསྒྲལ་ནས༔ སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པ་ཡི༔ སྐུ་གསུམ་མཁའ་འགྲོའི་གོ་འཕང་འཐོབ་ཕྱིར་བསྔོ༔ དྲུག་པ་བསྟན་པ་རྒྱས་དང་སེམས་ཅན་ཀུན༔ བདེ་ཞིང་སྐྱིད་པའི་སྨོན་ལམ་བཏབ་པ་ནི༔ ཧོ༔ དེ་ལྟར་བརྩོན་པའི་མཐུ་ཡིས་སེམས་ཅན་ཀུན༔ སྡུག་བསྔལ་ཀུན་བྲལ་བདེ་སྐྱིད་ལྡན་པར་སྨོན༔ གནས་སྐབས་མཐར་ཐུག་ཕན་དང་བདེ་བའི་གཞི༔ སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་སྨོན༔ མཐར་ཐུག་རང་གཞན་འགྲོ་ཀུན་གདོད་མའི་མགོན༔ ཀུན་ཏུ་བཟང་མོའི་རང་ཞལ་མངོན་གྱུར་སྨོན༔ དེ་བཞིན་མཆོག་གསུམ་བདེན་པས་འགྲུབ་གྱུར་ཅིག༔ བདུན་པ་ཤིས་པ་བརྗོད་པས་མཐའ་བརྒྱན་ནི༔ ཨེ་མ་ཧོ༔ ཆོས་སྐུའི་སྟོན་པ་ཀུན་བཟང་ཤེར་ཕྱིན་ཡུམ༔ ལོངས་སྐུའི་སྟོན་པ་རིགས་ལྔའི་ཌཱཀྐི་མ༔ སྤྲུལ་སྐུའི་སྟོན་པ་ལབ་སྒྲོན་འགྲོ་བའི་མགོན༔ སྐུ་གསུམ་མཁའ་འགྲོའི་གཙོ་མོའི་བཀྲ་ཤིས་ཤོག༔ འགྲོ་ཀུན་བདེ་སྐྱིད་མ་ལུས་འབྱུང་བའི་གནས༔ རྒྱལ་བསྟན་མི་ནུབ་ཡུན་དུ་གནས་པ་དང་༔ བསྟན་འཛིན་དགེ་བའི་བཤེས་ཀུན་ཞབས་པད་བརྟན༔ མཛད་ཕྲིན་གོང་དུ་འཕེལ་བའི་བཀྲ་ཤིས་ཤོག༔ སྣོད་ཀྱི་འཇིག་རྟེན་བདེ་ལྡན་ཞིང་བཞིན་དུ༔ སྡུག་བསྔལ་མིང་མེད་བཅུད་ཀྱི་སེམས་ཅན་ཀུན༔ དགེ་བཅུའི་ཁྲིམས་གནས་ཐེག་ཆེན་ལམ་ཞུགས་ཏེ༔ མཐར་ཐུག་དོན་གཉིས་འགྲུབ་པའི་བཀྲ་ཤིས་ཤོག༔ ས་མ་ཡཱ༔ དེ་ལྟར་མཁའ་འགྲོ་སྡེ་ལྔའི་ཕྲིན་ལས་ཀྱི༔ ལས་བྱང་དངོས་གྲུབ་ཆར་འབེབས་གང་འདི་ཉིད༔ ཐུགས་ཐིག་མཁའ་འགྲོའི་ཆོས་སྡེའི་ཆ་ལག་སྟེ༔ ཟོལ་མེད་དགོངས་པའི་དབྱིངས་ཀྱི་བརྡ་རིས་ལས༔ ལས་སྐལ་ལྡན་པའི་སྐྱེས་བུའི་བཀས་བསྐུལ་ངོར༔ སྦ་གསང་མེད་པར་ཕབ་འདིས་བསྟན་པ་དང་༔ འགྲོ་བའི་བདེ་སྐྱིད་འཕེལ་བའི་གསོས་སུ་ཤོག༔ གུ་ཧྱ༔ སྤྲུལ་མིང་ལུང་རིག་གླིང་པས་དུས་ཚེས་དགེ་བར་བྲིས་པ་རྣལ་འབྱོར་པ་པྲཛྙཱའི་མཚན་ཅན་ལ་གཏད་པ་ཛ་ཡནྟུ༔

ཚོགས་མཆོད་བསོད་ནམས་མྱུ་གུ་རྒྱ་སྤྲུལ་གསུང་།

གཅོད་ཡུལ་མཁའ་འགྲོའི་ཞལ་ལུང་ལས༔ ཚོགས་མཆོད་བསོད་ནམས་མྱུ་གུ་བཞུགས༔

མ་ཅིག་ཡེ་ཤེས་ཌཱཀྐིའི་སྐུ་ལ་འདུད༔ དུས་ཆེན་ཉེར་ལྔ་ལ་སོགས་དུས་བཟང་ལ༔ དབེན་པར་དཀྱིལ་འཁོར་རྐྱང་ནུལ་བཀོད་ལེགས་སྟེང་༔ ཕོ་མོ་དར་མ་སྙོམས་འཇུག་མལ་ས་ལ༔ མཚན་ལྡན་བཅུ་དྲུག་རྡུལ་གྱིས་ཐིག་ཆེན་བརྒྱད༔ སྒོ་གྲུ་རྟ་བབས་མདའ་ཡབ་དུར་ཁྲོད་དང་༔ རྡོ་ར་མེ་རི་ཁྲག་གསེར་ཁྱམས་ལ་སོགས༔ མཁའ་འགྲོ་སྤྱི་ཡི་དཀྱིལ་འཁོར་སྐལ་ལྡན་གྱི༔ རིག་པའི་མདས་བསྣུན་དབུས་སུ་པད་འདབ་བརྒྱད༔ དབུས་སུ་ཆོས་འབྱུང་སྐུ་འམ་ཨ་ཡིག་དང་༔ ཕྱོགས་བཞིར་ཧ་རི་ནི་ས་མཚམས་བཞི་རུ༔ རང་གི་བླ་མ་ཡི་དམ་ཆོས་སྐྱོང་དང་༔ གསུང་མཆོག་འབྱུང་གནས་གླེགས་བམ་སྐུ་གསུང་ཐུགས༔ ཁྱམས་ལ་མཁའ་འགྲོ་ཤུགས་འགྲོའི་ས་བོན་ནི༔ ཚོམ་བུ་ཉེར་བཞི་བརྒྱ་སོགས་གཅལ་དུ་བཀྲམ༔ གཙང་མའི་ཟན་ལ་དམ་རྫས་ཆོས་སྨན་བསྲེས༔ ཆོས་འབྱུང་གདན་སྟེང་མཁའ་འགྲོའི་གཏོར་མ་ནི༔ གྲི་གུག་དབྱིབས་ཅན་འཁོར་བཞིས་བསྐོར་བ་ལ༔ མཛེས་པའི་རྒྱན་གདགས་སྨན་རཀ་ཉེར་སྤྱོད་ལྔ༔ ཌཱ་རུ་རྐང་གླིང་རོལ་མོའི་བྱེ་བྲག་དང་༔ ཚོགས་ཀྱི་ཡོ་བྱད་ཤ་ཆང་བཀའ་གཏེར་གྱི༔ སྲུང་མ་རྣམས་ལ་རང་མཐུན་མཆོད་གཏོར་བཤམས༔ ཆོ་གའི་གཞུང་བསྲིང་དམིགས་གནད་བསྙེན་པ་བསྐྱལ༔ སྐབས་སུ་མཆོད་བསྟོད་དབང་བླངས་སྲུང་མ་གསོལ༔ ཚོགས་ཀྱི་ཟན་དང་ཤ་ཆང་དཀར་མངར་དང་༔ བཟའ་བཏུང་སྣ་ཚོགས་བཤམས་ནས་འདོན་སྒོམ་སྦྲགས༔ ཧཱུྃ་ཧྲཱིཿ རང་ཉིད་མཁའ་འགྲོ་ཕག་མོར་གསལ་བ་ཡི༔ ཐུགས་ལས་རཾ་ཡཾ་ཁཾ་འཕྲོས་ཚོགས་རྫས་ཀྱི༔ མ་དག་དངོས་འཛིན་བསྲེགས་གཏོར་བཀྲུས་ཤིང་སྦྱངས༔ ཡི་གེ་ཨོཾ་ཨཱཿཧཱུྃ་གསུམ་དཀར་དམར་མཐིང་༔ སྣོད་བཅུད་རྒྱ་ཆེ་ཟག་མེད་བདུད་རྩིའི་སྤྲིན༔ སྲིད་ཞིའི་མགྲོན་ཀུན་དགྱེས་པའི་རྫས་སུ་གྱུར༔ རཾ་ཡཾ་ཁཾ༔ལན་གསུམ༔ ཨོཾ་ཨཱཿཧཱུྃ༔ལན་གསུམ༔ དེ་ནས་ཚོགས་མགྲོན་སྤོས་རོལ་དང་༔ གྱེར་དབྱངས་རྡོ་རྗེའི་གླུ་ཡིས་ཐུགས་རྒྱུད་བསྐུལ༔ ཧཱུྃ་ཧྲཱིཿ གནས་འོག་མིན་ཆོས་དབྱིངས་ཕོ་བྲང་ནས༔ མ་ཡུམ་ཆེན་སྟོན་པ་ཤཱཀྱ་ཐུབ༔ ཆོས་མདོ་སྔགས་བརྒྱུད་པའི་བཀའ་བབས་པ༔ མགོན་བཀའ་དྲིན་གསུམ་ལྡན་བླ་མ་རྗེ༔ ལམ་ཟབ་མོ་ཕྱག་རྫོགས་དབུ་མ་ཆེའི༔ བཀའ་གཏེར་གྱི་མཛོད་འཛིན་རིག་འཛིན་ཚོགས༔ མི་བདག་དང་ཕ་མ་འགྲོ་བ་ཀུན༔ ཚེ་འདི་རུ་ཚོགས་གཉིས་ཡོངས་རྫོགས་ཕྱིར༔ རྫས་ལོངས་སྤྱོད་ཚོགས་ཀྱི་དགའ་སྟོན་ལ༔ ཐུགས་བརྩེ་ཆེན་དགྱེས་པས་གཤེགས་སུ་གསོལ༔ གནས་སྐུ་གསུམ་དག་པའི་ཞིང་ཁམས་ནས༔ དབྱིངས་ཆོས་ཉིད་གཅིག་ལས་མ་གཡོས་ཀྱང་༔ རྩལ་ཡེ་ཤེས་རྣམ་ལྔའི་རང་མདངས་ལས༔ ལྷ་ཞི་དང་ཁྲོ་བོ་ཞི་མ་ཁྲོ༔ དཔལ་ཀུན་བཟང་ཆེ་མཆོག་བཀའ་བརྒྱད་སོགས༔ མཆོག་ཐུན་མོང་དངོས་གྲུབ་སྟེར་མཛད་པའི༔ ང་བློ་གཏད་ཡི་དམ་རྒྱ་མཚོའི་ཚོགས༔ མི་བདག་དང་ཕ་མ་འགྲོ་བ་ཀུན༔ ཚེ་འདི་རུ་ཚོགས་གཉིས་ཡོངས་རྫོགས་ཕྱིར༔ རྫས་ལོངས་སྤྱོད་ཚོགས་ཀྱི་དགའ་སྟོན་ལ༔ ཐུགས་བརྩེ་ཆེན་དགྱེས་པས་གཤེགས་སུ་གསོལ༔ གནས་དུར་ཁྲོད་བརྒྱད་དང་ཡུལ་ཉེར་ལྔ༔ ཞིང་མ་ངེས་རྡུལ་སྙེད་གྲངས་མཉམ་ནས༔ མ་མཁའ་འགྲོ་རྒྱ་མཚོའི་ཚོགས་ཀྱི་རྗེ༔ ཡུམ་རྡོ་རྗེ་ཕག་མོ་མཁའ་འགྲོ་ལྔ༔ དཔལ་ཡེ་ཤེས་འཇིག་རྟེན་དམ་ཚིག་སོགས༔ མགྲོན་འདས་དང་མ་འདས་ཌཱཀྐིའི་ཚོགས༔ མི་བདག་དང་ཕ་མ་འགྲོ་བ་ཀུན༔ ཚེ་འདི་རུ་ཚོགས་གཉིས་ཡོངས་རྫོགས་ཕྱིར༔ རྫས་ལོངས་སྤྱོད་ཚོགས་ཀྱི་དགའ་སྟོན་ལ༔ ཐུགས་བརྩེ་ཆེན་དགྱེས་པས་གཤེགས་སུ་གསོལ༔ མགོན་རྒྱལ་བ་ཐུབ་དབང་པད་འབྱུང་གི༔ ཆོས་བཀའ་གཏེར་སྲུང་མ་མཐུ་རྩལ་ཅན༔ དཔལ་མ་མགོན་ལྕམ་དྲལ་སྡེ་བརྒྱད་ཀྱི༔ གཟུགས་ངེས་མེད་དམ་ཅན་རྒྱ་མཚོའི་ཚོགས༔ མི་བདག་དང་ཕ་མ་འགྲོ་བ་ཀུན༔ ཚེ་འདི་རུ་ཚོགས་གཉིས་ཡོངས་རྫོགས་ཕྱིར༔ རྫས་ལོངས་སྤྱོད་ཚོགས་ཀྱི་དགའ་སྟོན་ལ༔ ཐུགས་བརྩེ་ཆེན་དགྱེས་པས་གཤེགས་སུ་གསོལ༔ ཚེ་ཐོག་མེད་དུས་ནས་ད་བར་དུ༔ ལུས་ལོངས་སྤྱོད་གནས་མལ་མཐུན་གྲོགས་ཀྱི༔ ལན་མ་འཁོར་ཤ་ཁྲག་འབྲེལ་བའི་གཉེན༔ མི་བདག་གི་བུ་ལོན་སྦྱང་བའི་ཕྱིར༔ གནས་འདི་རུ་དགའ་བའི་སེམས་ཀྱིས་སྤྱོན༔ རང་འཁྲུལ་བའི་སྣང་བ་མ་དག་པས༔ སེམས་ཆགས་སྡང་རྨོངས་པའི་དབང་གྱུར་ནས༔ གཉེན་བརྩེ་གདུང་དགྲ་ལ་མནར་སེམས་དང་༔ ཡུལ་བར་མར་བཏང་སྙོམས་བྱས་པའི་མཐུས༔ སེམས་མཐུན་དང་མི་མཐུན་སྣ་ཚོགས་པས༔དངོས་ལན་ཆགས་ཤ་འཁོན་མ་འཁོར་བའི༔ དུས་སྔ་ཕྱི་བར་གསུམ་དགྲ་དང་བགེགས༔ མི་བདག་གི་ཤ་ཁྲག་གཟན་དུ་སྟེར༔ ཆོས་བྱང་ཆུབ་སྙིང་པོར་འགོད་པའི་ཕྱིར༔ རྫས་ལོངས་སྤྱོད་ཚོགས་ཀྱིས་མགྲོན་འགྱེད་ན༔ སེམས་ཞི་དང་བྱམས་པའི་ངང་ཚུལ་གྱིས༔ བུ་མ་ལ་འཁྲེན་བཞིན་འདིར་སྤྱོན་ཅིག༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་ཌཱཀྐཱི་ནི་དྷརྨཱ་པཱ་ལ་ལོ་ཀ་པ་ལ་ས་པཱ་རི་ཝཱ་ར་བཛྲ་ས་མ་ཡཱ་ཛ་ཛ༔ ཞེས་པས་སྤྱན་དྲངས་ཚོགས་རྫས་ཆ་བཅུར་བགོས༔ དང་པོ་བླ་མ་བར་བ་ཡི་དམ་དང་༔ གསུམ་པ་མཁའ་འགྲོ་བཞི་པ་ཆོས་སྐྱོང་དང་༔ ལྔ་པ་བགེགས་རིགས་དྲུག་པ་ལྷག་མའི་མགྲོན༔ བརྒྱད་པ་རིགས་དྲུག་དགུ་པ་མཆེད་ལྕམ་དང་༔ བཅུ་པ་བསྟན་མའི་གཏོར་མ་ཤིས་པར་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་ཚོགས་ཕུད་བླ་མར་འབུལ་བ་ནི༔ སྤོས་དུད་གཏོང་ཞིང་རོལ་མོའི་སྒྲ་དང་བཅས༔ ཤིན་ཏུ་གུས་པའི་བློ་ཡིས་འདི་བཞིན་འབུལ༔ ཨེ་མ་ཧོ༔ ངོ་མཚར་རྨད་བྱུང་འགྲོ་ཀུན་ཕན་བདེའི་གཞི༔ དཀོན་མཆོག་རིན་ཆེན་གསུམ་གྱི་ངོ་བོ་ཉིད༔ བརྒྱུད་གསུམ་བླ་མའི་སྤྱི་གཟུགས་བཀའ་དྲིན་ཅན༔ མཚུངས་མེད་རྩ་བའི་བླ་མར་ཚོགས་མཆོད་འབུལ༔ བདག་གཞན་ཚོགས་རྫོགས་བདག་རྒྱུད་བྱིན་གྱིས་རློབས༔ མ་ཧཱ་གུ་རུ་རཏྣ་གྷ་ན་ཙཀྲ་པཱུ་ཛ་ཧོ༔ གཉིས་པ་ཡི་དམ་ལྷ་ལ་འབུལ་བ་ནི༔ ཨོཾ་ཨཱཿཧཱུྃ༔ རྒྱལ་ཀུན་ཐུགས་དབྱིངས་གཞལ་མེད་ཆོས་དབྱིངས་ལས༔ རང་གི་ལས་འཕྲོར་ལྷག་པའི་ལྷར་གྱུར་པའི༔ ཡི་དམ་ཀུན་འདུས་ཆྒཻ་མོའི་ལྷ་ཚོགས་ལ༔ གུས་པས་འབུལ་ལོ་བདག་གཞན་ཐམས་ཅད་ལ༔ ཚེ་འདིར་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ དྷེ་ཝ་མུ་ལ་གྷ་ན་ཙཀྲ་པཱུ་ཛ་ཁཱ་ཧི༔ གསུམ་པ་མ་སྲིང་མཁའ་འགྲོར་འབུལ་བ་ནི༔ ཧྲཱིཿ གནས་གསུམ་མཁའ་འགྲོ་ཀུན་འདུས་ཚོགས་ཀྱི་རྗེ༔ ཡེ་ཤེས་མཁའ་འགྲོ་རྡོ་རྗེ་ཕག་མོ་དང་༔ དབྱེར་མེད་མ་ཅིག་ལབ་ཀྱི་སྒྲོན་མ་ལ༔ ཟག་མེད་བདུད་རྩིའི་རང་བཞིན་ཚོགས་མཆོད་འབུལ༔ བདག་ཅག་ས་ལམ་བར་ཆད་དབྱིངས་སུ་གསོལ༔ སརྦ་ཌཱཀྐི་ནི་གྷ་ན་ཙཀྲ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བཞི་པ་ཆོས་སྐྱོང་རྣམས་ལ་འབུལ་བ་ནི༔ ཧཱུྃ༔ རྒྱལ་བའི་དབང་པོ་ཐུབ་དབང་ཡབ་སྲས་ཀྱི༔ བཀའ་གཏེར་རྒྱུད་ལུང་མན་ངག་ཆོས་སྐྱོང་བའི༔ བརྒྱུད་གསུམ་སྲུང་མའི་བདག་ཉིད་ཨེ་ཀ་ཛ༔ བཙན་རྒོད་ཀླུ་རྒྱལ་འཁོར་བཅས་ཚོགས་ཀྱིས་བརྔན༔ ལས་བཞིའི་ཕྲིན་ལས་ཐོགས་མེད་མྱུར་འགྲུབ་མཛོད༔ སརྦ་དྷརྨཱ་པ་ལ་ས་པཱ་རི་གྷ་ན་ཙཀྲ་པཱུ་ཛ་ཨཱཿཧཱུྃ༔ ལྔ་པ་མར་མགྲོན་བགེགས་རིགས་ལན་ཆགས་ལ༔ ཚོགས་རྫས་སྦྱིན་ཏེ་དེ་སྐབས་རང་ལུས་ཀྱིས༔ འགྱེད་ཆེན་བཞིའམ་ཡང་ན་གཅིག་བྱའོ༔ ཕཊ༔ ཚེ་རབས་ཀུན་ཏུ་ཕོ་མོ་མ་ནིང་གདོན༔ སྔོན་ནས་གནོད་ཅིང་ད་ལྟ་གནོད་བྱེད་མཁན༔ མ་འོངས་གནོད་འགྱུར་ལྷན་ཅིག་སྐྱེས་པའི་འདྲེ༔ དེ་ལས་མཆེད་པའི་རྒྱལ་བསེན་ཀླུ་དང་གཟའ༔ གཞན་ཡང་མི་མིན་ལྷ་འདྲེ་བསམ་ལས་འདས༔ ཀུན་ལ་ཟག་བཅས་ལུས་ཀྱི་ཤ་ཁྲག་དང་༔ ཟག་མེད་དམ་རྫས་ཚོགས་ཀྱི་ལོངས་སྤྱོད་འབུལ༔ རང་གི་ལུས་ལ་དཔེ་ལོངས་གཞན་གནོད་སྤོངས༔ རྟག་ཏུ་གཞན་ཕན་བློ་ལ་སེམས་གཞོལ་དང་༔ འདི་ཕྱིའི་བདེ་སྐྱིད་རྩ་བ་དང་དུ་ལོངས༔ རྣམ་མཁྱེན་རྒྱལ་བའི་གོ་འཕང་མྱུར་ཐོབ་ཤོག༔ དྲུག་པ་ལྷག་མའི་མགྲོན་རིགས་ཐམས་ཅད་ལ༔ ཡར་གནས་རྩ་གསུམ་ཆོས་སྐྱོང་ཕུལ་བ་ཡི༔ གཙང་ལྷག་དང་ནི་བགེགས་རིགས་ལན་ཆགས་ལ༔ བསྔོས་པས་རྩོག་ལྷག་འཁོར་དང་འདས་པའི་ཆོས༔ རོ་མཉམ་བརྡར་བསྲེས་བདུད་རྩིའི་ཟེགས་མ་འཐོར༔ ཧཱུྃ་ཧྲཱིཿ རྩ་གསུམ་དཀྱིལ་འཁོར་ཕྱི་ཉུལ་ལྷག་མའི་མགྲོན༔ གིང་ཆེན་བཅོ་བརྒྱད་ལྕམ་དྲལ་གནས་ཡུལ་གྱི༔ བྲན་དང་ཡང་གཡོག་ལྷག་མགྲོན་ཌཱཀྐིའི་ཚོགས༔ ཟག་མེད་བདུད་རྩི་ཚོགས་ཀྱི་ལྷག་མ་བཞེས༔ གནས་སྐབས་གློ་བུར་རྐྱེན་ངན་བཟློག་པ་དང་༔ འདོད་རྒུའི་ཕྲིན་ལས་ཡིད་བཞིན་འགྲུབ་པར་མཛོད༔ སརྦ་ཨུ་ཙུཥྚ་གྷ་ན་པཱུ་ཛ་ཁཱ་ཧི༔ བརྒྱད་པ་རིགས་དྲུག་མགྲོན་ལ་བསྔོ་བ་ནི༔ ཧོ༔ ཚོགས་རྫས་ཟག་མེད་འདོད་ཡོན་ལྔ་ལྡན་པ༔ མར་གནས་དམྱལ་བ་ཡི་དྭགས་དུད་འགྲོའི་རིགས༔ ཟག་མེད་ཚོགས་རྫས་བྱང་ཆུབ་སེམས་ཀྱི་སྤྲིན༔ ཚ་གྲང་སེལ་བའི་བདུད་རྩིའི་ཆར་ཆེན་དང་༔ ཡེ་ཤེས་དྲོད་ལྡན་བདེ་བ་ཆེན་པོའི་མེ༔ བཀྲེས་སྐོམ་གདུང་སེལ་ཟས་སྐོམ་སྨན་དང་འབྲུ༔ ཟག་མེད་ཤེས་རབ་ཐེག་པ་ཆེ་ཆུང་ཆོས༔ ལྷ་མི་བག་མེད་གཉིད་སློང་བདེན་བཞིའི་གཏམས༔ འཐབ་རྩོད་ལྷ་མིན་བྱམས་པའི་སེམས་གྱུར་ནས༔ ཀུན་ཀྱང་སྡུག་བསྔལ་དང་བྲལ་བདེ་གྱུར་ཅིག༔ སརྦ་ན་ར་ཀ་པྲེ་ཏ་ཏིརྱ་གྷ་ན་ཙཀྲ་པཱུ་ཛ་ཁཱ་ཧི༔ དགུ་པ་ཚོགས་རྫས་རྡོ་རྗེ་སློབ་དཔོན་ནས༔ མཆེད་ལྕམ་རྣམས་ལ་རིམ་པས་ཐབས་ཤེས་རྫས༔ བསྣོལ་མར་སྟོབ་ཅིང་འབུལ་ཚིག་འདི་བཞིན་བྱ༔ ཨེ་མ་ཧོ༔ འཁོར་འདས་བཟང་ངན་བློ་ཡིས་བཏགས་པ་སྟེ༔ གཞིགས་ཤིང་བརྟགས་པའི་བླང་དོར་རྩིས་གདབ་མེད༔ སྐྱེ་མེད་སྟོང་པ་ཆེན་པོར་ངེས་རྙེད་ཕྱིར༔ གཙང་རྨེ་མཉམ་པ་ཆེན་པོའི་ངང་དུ་རོལ༔ ཨ་ཧོཿམ་ཧཱ་སུ་ཁ་ཧོ༔ ཀུན་གྱིས་ཚིག་འདིས་བླངས་ནས་རོལ་བར་བྱ༔ ཧོ༔ དེ་ལྟར་ཆོས་ཀུན་སྟོང་པ་ཆེན་པོའི་ཕྱིར༔ སྙིང་པོ་མེད་ལས་དབང་བཞིའི་དམ་ཚིག་གི༔ དངོས་གྲུབ་སྙིང་པོ་སྐུ་བཞིའི་འབྲས་སྨིན་ཕྱིར༔ རྡོར་འཆང་བཟའ་བའི་དམ་ཚིག་ངས་བླང་བྱ༔ ཨ་ལ་ལ་ཧོ༔ ཞེས་བརྗོད་ལྷ་ལ་ལྷ་དང་སྟོང་པ་ལ༔ སྟོང་པའི་རྒྱས་གདབ་མཉམ་པ་ཆེན་པོའི་ངང་༔ ཤགས་དང་རྩོད་པ་ཀུ་ཅོ་སྤངས་ཏེ་རོལ༔ དེ་སྐབས་སྐྱབས་ཀུན་བདག་ཉིད་ལབ་སྒྲོན་མའི༔ སྤྲུལ་གཞི་རྗེ་བཙུན་འཕགས་མ་སྒྲོལ་མ་ལ༔ ཕྱག་འཚལ་ཉེར་གཅིག་ཅི་མང་གསོལ་འདེབས་བགྲངས༔ ངག་བཅད་བྱས་ཏེ་སྙན་པའི་དབྱངས་ཀྱིས་བརྗོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བཅུ་པ་བསྟན་མ་རྣམས་ལ་བཤལ་ཆུ་དང་༔ ལྷན་ཅིག་འབྲུ་གསུམ་སྔགས་ཀྱིས་འདི་བཞིན་བསྔོ༔ ཧཱུྃ་ཧྲཱིཿ གངས་ཅན་ལྗོངས་འདིར་རྒྱལ་དབང་པདྨ་ཡིས༔ ཐུབ་པའི་བསྟན་ལ་རྒོལ་བའི་མུ་སྟེགས་སྡེ༔ རྟག་ཆད་སྟོན་པའི་ལོག་འདྲེན་ཚར་གཅོད་ཕྱིར༔ བསྟན་པའི་ལྕགས་རིར་མངའ་གསོལ་བསྟན་མའི་ཚོགས༔ ཚོགས་རྫས་བཤལ་ཆུ་ཟག་མེད་བདུད་རྩིར་དམིགས༔ འདོད་ཡོན་ཀུན་ཚང་མཆོད་སྦྱིན་འདི་བཞེས་ལ༔ རྒྱལ་བསྟན་སྤྱི་དང་ཟབ་གསང་ཤེར་ཕྱིན་ཆོས༔ མི་ཉམས་ཡུན་དུ་རྒྱས་པའི་ཕྲིན་ལས་མཛོད༔ མ་མ་ཧྲིང་ཧྲིང་བྷ་ལིངྟ་གྷ་ན་པཱུ་ཛ་ཁཱ་ཧི༔ མཐར་ནི་བསྡུ་རིམ་རྗེས་ཆོག་ཇི་བཞིན་བྱ༔ འདིས་ནི་ཉམས་ཆག་མ་ལུས་དབྱིངས་སུ་སྦྱངས༔ སྦྱོར་དངོས་རྗེས་གསུམ་ཚང་བར་ཉམས་བླངས་ན༔ ཚེ་འདིར་བར་ཆད་མ་ལུས་སེལ་བ་དང་༔ ཕྱི་མ་མཁའ་སྤྱོད་མཁའ་འགྲོའི་ཚོགས་གྲལ་དུ༔ རྒྱལ་བ་དགྱེས་པའི་རྒྱལ་སྲས་སྤྱོད་པ་སྐྱོངས༔ གུ་ཧྱ༔ ཞེས་པ་འདི་ནི་ཨོ་རྒྱན་ཆོས་ཀྱི་རྒྱལ་པོའི་བྱིན་རླབས་སྙིང་ལ་ཞུགས་པའི་སྤྲུལ་མིང་སྐལ་ལྡན་ལུང་རིག་གླིང་པས་བྲིས་པ་འབྲེལ་ཚད་སྐུ་གསུམ་མཁའ་འགྲོའི་གོ་འཕང་ལ་འགོད་པའི་རྒྱུར་གྱུར་ཅིག༔ རྣལ་འབྱོར་པ་པྲཛྙཱའི་མིང་ལ་གཏད་པས་དེ་བཞིན་དུ་ཉམས་ལེན་ལ་བརྩོན་པར་ཞུ་ཞུ༔

བྲོ་བརྡུང་ལྡེབ་ཤར།

༈ མཁའ་འགྲོའི་ལས་བྱང་སྐབས་སུ་བྲོ་བརྡུང་ནི༔ ཧཱུྃ་ཧྲཱིཿ སྐུ་གསུམ་མཁའ་འགྲོའི་ཟག་མེད་ཡེ་ཤེས་བྲོ༔ མ་རིག་རྣམ་གསུམ་འབྱུང་པོའི་མགོ་ལ་བརྡུངས༔ ཆོས་དབྱིངས་རང་རྩལ་ཡེ་ཤེས་ལྔ་ཡི་བྲོ༔ ཉོན་མོངས་འཁྲུལ་རྟོག་འབྱུང་པོའི་མགོ་ལ་བརྡུངས༔ ཁམས་གསུམ་འཁྲུལ་བའི་རང་མདངས་དབྱིངས་སུ་གྲོལ༔ ནམ་ཡང་ཆོས་ཀྱི་དབྱིངས་ལས་མ་འདའ་ཞིག༔ ཨོཾ་ཨཱཿཧཱུྃ༔སྟྭཾ་བྷ་ཡ་ནན་ནན༔

བསྐང་བ་ནོར་བུའི་ཕྲེང་མཛེས་རྒྱ་སྤྲུལ་གསུང་།

༄༅།། གཅོད་ཡུལ་མཁའ་འགྲོའི་ཞལ་ལུང་གི༔ ཆ་ལག་བསྐང་བ་ནོར་བུའི་ཕྲེང་མཛེས་ཞེས་བྱ་བ་བཞུགས༔

༄༅།། དཔལ་ལྡན་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ༔ མཆོད་པའི་བྱེ་བྲག་ཅི་འབྱོར་བཤམས་པས་འཕགས་པ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུར་བྱིན་གྱིས་བརླབས་ནས་དཀྱིལ་འཁོར་གྱི་ལྷ་ལ་འབུལ་བའི་མོས་འདུན་རྩེ་གཅིག་པས༔ ཨོཾ་ཨཱཿཧཱུྃ་ཧྲཱིཿ ཆོས་དབྱིངས་སྤྲོས་བྲལ་རྒྱལ་ཀུན་བསྐྱེད་པའི་ཡུམ༔ ཤེས་རབ་ཕ་རོལ་ཕྱིན་མའི་ཐུགས་དམ་བསྐང་༔ གྲངས་མེད་གསུམ་དུ་ཚོགས་བསགས་སྒྲིབ་གཉིས་སྦྱངས༔ སྟོན་པ་ཤཱཀྱའི་རྒྱལ་པོའི་ཐུགས་དམ་བསྐང་༔ མཁྱེན་རབ་བདག་ཉིད་ཆོས་ཀུན་དབྱིངས་སུ་ལེན༔ འཇམ་དཔལ་སྨྲ་བའི་སེང་གེའི་ཐུགས་དམ་བསྐང་༔ འཛམ་གླིང་མཛེས་རྒྱན་སྒྲ་ཚད་ཕ་རོལ་ཕྱིན༔ རྗེ་བཙུན་ཨཱརྱ་དྷེ་ཝའི་ཐུགས་དམ་བསྐང་༔ རྒྱ་བོད་ཡོངས་ལ་ཆོས་ཀྱི་ཆར་པ་འབེབས༔ ཕ་ཅིག་དམ་པ་རྒྱ་གར་ཐུགས་དམ་བསྐང་༔ གངས་ཅན་རྣལ་འབྱོར་བསྟན་འཛིན་ཡོངས་ཀྱི་དཔལ༔ སྐྱོ་སྟོན་བསོད་ནམས་བླ་མའི་ཐུགས་དམ་བསྐང་༔ ཆོས་སྐུའི་རང་མདངས་མཚན་དཔེའི་ལང་ཚོ་ངོམ༔ མ་ཅིག་ལབ་ཀྱི་སྒྲོན་མའི་ཐུགས་དམ་བསྐང་༔ ཐུགས་སྲས་དམ་པ་མདོ་ལུགས་བཀའ་བབས་པའི༔ གྲུབ་དབང་ཐོད་སྨྱོན་བསམ་གྲུབ་ཐུགས་དམ་བསྐང་༔ སྔགས་ལུགས་བཀའ་བབས་རྩ་ཐིག་རླུང་ལ་དབང་༔ གྲུབ་ཆེན་རྒྱལ་བ་དོན་གྲུབ་ཐུགས་དམ་བསྐང་༔ ཟུང་འཇུག་བཀའ་བབས་ཟབ་དོན་མཐའ་རུ་ཕྱིན༔ གྲུབ་ཆེན་ཁམས་བུ་ཡ་ལེའི་ཐུགས་དམ་བསྐང་༔ མ་ཅིག་ཞལ་མཇལ་གནས་ལུགས་བཙན་ས་ཟིན༔ ཁུ་སྒོམ་ཆོས་ཀྱི་སེང་གེའི་ཐུགས་དམ་བསྐང་༔ བདུད་བཞི་ལམ་སློང་གཅོད་ཡུལ་མཐའ་རུ་ཕྱིན༔ ཐུགས་སྲས་བུ་ཆེན་བཅུ་དྲུག་ཐུགས་དམ་བསྐང་༔ བརྒྱུད་པའི་ཆུ་བོ་གཅིག་འདྲེས་ཐུགས་རྗེའི་བདག༔ གྲུབ་ཆེན་ཀརྨ་ཆགས་མེད་ཐུགས་དམ་བསྐང་༔ གཞན་ཡང་ཐོས་བསམ་སྒོམ་གསུམ་མཐར་ཕྱིན་པའི༔ བསྟན་འཛིན་དམ་པ་རྣམས་ཀྱི་ཐུགས་དམ་བསྐང་༔ དབེན་པའི་གནས་སུ་ཟབ་དོན་སྒྲུབ་ལ་བརྩོན༔ མཆེད་གྲོགས་ཆོས་མཛད་རྣམས་ཀྱི་ཐུགས་དམ་བསྐང་༔ དག་སྣང་བཀའ་ཡིས་ལུང་བསྟན་བྱིན་རླབས་ཐོབ༔ གྲུབ་དབང་བྱང་ཆུབ་རྡོ་རྗེའི་ཐུགས་དམ་བསྐང་༔ འགྲོ་ལ་ཕན་བདེའི་གཞིར་གྱུར་སྤྲུལ་པའི་སྐུ༔ སྐལ་ལྡན་ལུང་རིག་གླིང་པའི་ཐུགས་དམ་བསྐང་༔ དབང་བསྐུར་རྒྱུད་བཤད་ལུང་སྦྱིན་ཉམས་ཆག་སྐོངས༔ རྡོ་རྗེ་སློབ་དཔོན་རྣམ་བཞིའི་ཐུགས་དམ་བསྐང་༔ བཀའ་དྲིན་གསུམ་ལྡན་སྙིང་དང་མིག་ལྟ་བུ༔ དྲིན་ཆེན་རྩ་བའི་བླ་མའི་ཐུགས་དམ་བསྐང་༔ དཀྱིལ་འཁོར་ཆེན་པོར་མེ་ཏོག་ཕོག་པའི་ལྷ༔ དངོས་གྲུབ་ཀུན་འབྱུང་ཡི་དམ་ཐུགས་དམ་བསྐང་༔ གནས་སྐབས་མཐར་ཐུག་བར་ཆད་རྐྱེན་སེལ་བའི༔ གནས་གསུམ་དཔའ་བོ་མཁའ་འགྲོའི་ཐུགས་དམ་བསྐང་༔ ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་མ་ནིང་རྒྱུད༔ འགོ་ཞིང་སྐྱོབ་པའི་ལྷ་སྲུང་ཐུགས་དམ་བསྐང་༔ སློབ་དཔོན་དཀྱིལ་འཁོར་མར་མེ་གཅིག་གིས་འབྲེལ༔ རྩ་བའི་མཆེད་ལྕམ་རྣམས་ཀྱི་ཐུགས་དམ་བསྐང་༔ ཡུལ་རིའི་གཞི་བདག་ཡུལ་ཁམས་མི་ཕྱུགས་སྐྱོངས༔ ཡུལ་ལྷ་དཀར་ཕྱོགས་རྣམས་ཀྱི་ཐུགས་དམ་བསྐང་༔ དུས་གསུམ་ཀུན་ཏུ་དྲིན་གྱིས་རབ་བསྐྱངས་པའི༔ རིགས་དྲུག་ཕ་མ་རྣམས་ཀྱི་ཐུགས་དམ་བསྐང་༔ ལུས་དང་ལོངས་སྤྱོད་ལན་ཆགས་རབ་བསྙེགས་པའི༔ བགེགས་རིགས་འབྱུང་པོ་རྣམས་ཀྱི་ཐུགས་དམ་བསྐང་༔ དེ་ལྟར་ཐུགས་དམ་བསྐངས་བའི་བྱིན་རླབས་ཀྱིས༔ སོ་ཐར་ཕྱི་ཡི་བསླབ་བྱ་ཉམས་པ་དང་༔ བྱང་སེམས་ནང་གི་ཉམས་ལེན་གཡེལ་བ་དང་༔ གསང་བ་སྔགས་ཀྱི་བསྐྱེད་རྫོགས་དམ་ཚིག་ཉམས༔ མི་འཆབ་མི་སྦེད་སྙིང་ནས་བཤགས་པར་བགྱི༔ ཕྱིན་ཆད་མི་བགྱིད་དམ་བཅའ་བརྟན་པོ་བགྱི༔ ཉམས་པ་བསྐང་ཞིང་ཉེས་པ་སོར་ཆུད་ནས༔ ཚེ་འདིར་འཇིགས་བརྒྱད་བར་ཆད་དབྱིངས་སུ་ཞི༔ ཚེ་བསོད་ལུང་རྟོགས་ཡོན་ཏན་འཕེལ་ཞིང་རྒྱས༔ མོས་བཞིའི་ཚུལ་གྱིས་གདུལ་བྱ་དབང་དུ་འདུས༔ ལོག་འདྲེན་འབྱུང་པོ་མ་ལུས་རྡུལ་དུ་བརླགས༔ འབྲེལ་ཚད་འགྲོ་བ་ཐར་པའི་ལམ་དུ་འགོད༔ སྐུ་གསུམ་མཁའ་འགྲོའི་བདག་ཉིད་ལབ་སྒྲོན་མའི༔ འགྱུར་མེད་རྡོ་རྗེ་འགགས་མེད་ཚངས་པའི་དབྱངས༔ འཁྲུལ་མེད་མཁྱེན་བརྩེའི་དཔལ་ལ་ལོངས་སྤྱོད་ནས༔ ཁམས་གསུམ་ཆོས་ཀྱི་རྒྱལ་པོ་མྱུར་འགྲུབ་ཤོག༔ ཅེས་པའང་གཅོད་ཡུལ་ཌཱཀྐཱི་སྡེ་ལྔ་ཡི་ལས་བྱང་གི་ཆ་རྐྱེན་དུ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོའི་བྱིན་རླབས་ཅུང་ཟད་ཐོབ་པའི་སྤྲུལ་མིང་ལུང་རྟོགས་བསྟན་པའི་ཉི་མས་སྨྲས་པ་དུས་ཀུན་ཏུ་དགེ་བའི་རྒྱུར་གྱུར་ཅིག༔

གཅོད་ཀྱི་བརྒྱུད་རིམ་ཁ་སྐོང་བསྐང་བ་པདྨ་ཤེས་རབ་རྡོ་རྗེས་མཛད་པ།

༄༅།། གཅོད་ཀྱི་བརྒྱུད་རིམ་ཁ་སྐོང་ལ། མཁའ་སྤྱོད་འོག་མིན་གནས་མཆོག་ཕོ་བྲང་ན། །རྡོ་རྗེ་ཕག་མོ་གར་དབང་ཐུགས་དམ་བསྐང་། །དབུས་ཕྱོགས་སངས་རྒྱས་རིགས་ཀྱི་མཁའ་འགྲོ་མ། །སྔོན་མོ་འབུམ་སྡེའི་འཁོར་བཅས་ཐུགས་དམ་བསྐང་། །ཤར་ཕྱོགས་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ། །དཀར་མོ་འབུམ་སྡེའི་འཁོར་བཅས་ཐུགས་དམ་བསྐང་། །ལྷོ་ཕྱོགས་རིན་ཆེན་རིགས་ཀྱི་མཁའ་འགྲོ་མ། །སེར་མོའི་འབུམ་སྡེའི་འཁོར་བཅས་ཐུགས་དམ་བསྐང་། །ནུབ་ཕྱོགས་པདྨ་རིགས་ཀྱི་མཁའ་འགྲོ་མ། །དམར་སེར་འབུམ་སྡེའི་འཁོར་བཅས་ཐུགས་དམ་བསྐང་། །བྱང་ཕྱོགས་ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ། །ལྗང་མོའི་འབུམ་སྡེ་འཁོར་བཅས་ཐུགས་དམ་བསྐང་། །འཇིགས་པ་ཀུན་སྐྱོབ་ལོངས་སྤྱོད་རྫོགས་པའི་སྐུ། །རྗེ་བཙུན་ཨཱརྱ་ཏཱ་རེའི་ཐུགས་དམ་བསྐང་། །དོན་དམ་ཕྱག་རྒྱ་ཆེན་པོ་མངོན་དུ་གྱུར། །མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཐུགས་དམ་བསྐང་།། ༈ ཐུགས་སྲས་བུ་ཆེན་བཅུ་དྲུག་གི་བརྒྱུད་རིམ་ལ། ཤེར་ཕྱིན་དགོངས་དོན་རྒྱ་བོད་ཡོངས་ལ་གྲགས། །སྐྱེས་མཆོག་རྒྱལ་བ་དོན་གྲུབ་ཐུགས་དམ་བསྐང་། །སྲིད་ཞིའི་དཔལ་གྱུར་གཅོད་ཡུལ་མཐའ་རུ་ཕྱིན། །སྟོང་སྡེ་ངག་གི་དབང་ཕྱུག་ཐུགས་དམ་བསྐང་། །ཟབ་མོ་གཅོད་ཀྱི་བསྟན་འཛིན་རིན་པོ་ཆེ། །རབ་འབྱམས་རྒྱལ་བའི་འབྱུང་གནས་ཐུགས་དམ་བསྐང་། །བདུད་བཞི་ལམ་སློང་གཅོད་ཡུལ་མཐའ་རུ་ཕྱིན། །རང་གྲོལ་ཁུ་སྒོམ་ཆོས་སེང་ཐུགས་དམ་བསྐང་། །བྲམ་ཟེ་དཔལ་རྒྱན་འབུམ་རྒྱན་བསོད་རྒྱན་བཞི། །བརྒྱུད་འཛིན་སྲས་མོ་རྣམ་བཞིའི་ཐུགས་དམ་བསྐང་།། མ་ཅིག་དང་འདྲ་བའི་སྲས་བརྒྱད་ནི། འདས་དང་མ་འོངས་མཁྱེན་པ་ཐོགས་མེད་ཤར། །རང་བྱུང་སྐྱེ་མེད་དགའ་ཡན་ཐུགས་དམ་བསྐང་། །གནས་ལུགས་ལྷུན་གྲུབ་རྟོགས་པ་མངོན་དུ་གྱུར། །ཀློང་གྲོལ་ཕོ་སྨྱོན་སེང་གེའི་ཐུགས་དམ་བསྐང་། །བྱིན་ཐོབ་བྱིན་རླབས་ཆོས་ཀྱི་ཆར་པ་འབེབས། །རྣམ་འདྲེན་སྨྱོན་པ་རང་སངས་ཐུགས་དམ་བསྐང་། །བརྟུལ་ཞུགས་སྤྱོད་པས་རྣལ་འབྱོར་རྟོགས་ལྡན་གྱི། །འཁོར་འདས་དོལ་བ་ཟང་ཐལ་ཐུགས་དམ་བསྐང་། །ནུས་པ་སྔགས་ཀྱི་མྱུར་ལམ་ཟབ་མོ་ཐོབ། །སྟོབས་ལྡན་ཞིག་པོ་ཧུར་ཐོན་ཐུགས་དམ་བསྐང་། །ཐེག་ཆེན་ལྟ་བ་གནས་ལུགས་དབྱིངས་སུ་ཤར། །མཐུ་སྟོབས་སྐལ་ལྡན་སེང་གེའི་ཐུགས་དམ་བསྐང་། །མངོན་ཤེས་མངའ་ལྡན་རྫུ་འཕྲུལ་དཔག་མེད་སྟོན། །གྲུབ་ཆེན་རྒྱ་སྒོམ་ཧག་ཐོན་ཐུགས་དམ་བསྐང་། །འགྲོ་དོན་རང་འདྲའི་ཁམས་གསུམ་བདེ་ལ་བཀོད། །མཉམ་མེད་རྗེ་བཙུན་ཟིལ་གནོན་ཐུགས་དམ་བསྐང་།། བརྒྱུད་རིམ་བསྐང་བ་འདི་ནི་དབང་རྒྱལ་གྱིས་བཀོད་པའོ།། སྤྲང་བན་པདྨ་ཤེས་རབ་རྡོ་རྗེ་ཡང་ཟེར་མཆན།

བཀའ་བསྲུང་གཟའ་བཙན་ཀླུའི་མཆོད་ཕྲིན་རབ་འབྱམས་རྒྱ་མཚོ།

ཟབ་མོ་གཅོད་ཀྱི་བཀའ་བསྲུང་གཟའ་བཙན་ཀླུའི་མཆོད་ཕྲིན་རབ་འབྱམས་རྒྱ་མཚོ་བི་ཛ་ཧ་རཾ༔

ན་མོ་པྲཛྙཱ་པ་ར་མི་ཏ་ཡེ༔ ཡུམ་ཆེན་སྒྲོལ་མ་ཛྙཱ་ན་ས་ག་ར༔ དབྱེར་མེད་སྤྲུལ་སྐུ་མ་ཅིག་མ་ལ་འདུད༔ བཀའ་སྲུང་དྲག་པོ་མཆེད་གསུམ་མཆོད་ཕྲེང་འདི༔ མ་བརྩམ་སྒྲུབ་ལ་བར་ཆད་འབྱུང་ཉེན་ཆེ༔ དེ་ཕྱིར་མཆོད་ཐབས་རབ་འབྱམས་རྒྱ་མཚོ་སྤེལ༔ མ་ཅིག་གྲུབ་ཐོབ་ཚོགས་ཀྱིས་གནང་བ་སྩོལ༔ དེ་ལ་འདིར་དྲག་པོ་ལྷ་གསུམ་བརྟེན་པར་འདོད་པས་ཐོད་པའི་ནང་དུ་གཟའ་གཏོར་གཡས་གཅུས་མི་རོ༔ མིག་མང་གློག་ཞགས་མེ་རིའི་ཕྲེང་བས་བསྐོར་བ༔ མཐུན་རྫས་བསགས་ཤིང་དར་དཀར་གྱི་གུར་ཕུབ༔ བཙན་རྒོད་མཆེད་གཉིས་ལ་བསེ་སྡེར་ནང་དུ་མཁར་ཐབས་སྟེང་དམར་གཏོར་གཉིས་ལ་བྱ་དམར་ལིངྐ་མི་དམར་ཁྱི་དམར་དར་དམར་སོགས་མཐུན་རྫས་ཚོགས་ཚད་བཤམས༔ རིན་པོ་ཆེའི་སྣོད་དུ་ཀླུ་རྒྱལ་དྲག་པོ་ཟླ་སྐྱོང་ལ་བཤོས་ཟླུམ་རྒྱབ་ཡོལ་སྦྲུལ་མགོ་བདུན་གྱི་གདེངས་ཀ་ཅན་དཀར་གསུམ་མངར་གསུམ་ཀླུ་ནོར་འབྲུ་སྨན་རྩི་བཅུད་དར་སྔོན་འཕན་གདུགས་སོགས་གཙང་སྦྲ་གྱ་ནོམ་བསགས༔ རྣལ་འབྱོར་སེམས་བསྐྱེད་ལྡན་པས་ཕུད་གཏོར་གསེར་སྐྱེམས་ཆབ་ཀྱིས་སྦྱངས་ཤིང་འབྲུ་གསུམ་གྱིས་བརླབས་ལ༔ ཕཊ༔ ཡེ་གཞི་སྟོང་ཆེན་ཆོས་དབྱིངས་ནམ་མཁའ་ལ༔ ཡེ་ཤེས་གྲོལ་འཁྲུལ་རླུང་འགྱུའི་སྒྱུ་འཕྲུལ་གར༔ གྲོལ་གཞི་བདག་མེད་ལྷ་མོ་ལབ་སྒྲོན་མ༔ རྣམ་པ་ཁྲོས་མ་དམར་མོའི་སྐུར་གསལ་བའི༔ ཐུགས་ཀའི་བཾ་ལས་འོད་ཟེར་ལྕུགས་མ་ལྟར༔ འཕྲོས་པས་བཀའ་སྲུང་དྲག་པོ་མཆེད་གསུམ་ལ༔ ཕོག་པས་རང་བཞིན་གར་བཞུགས་ཞིང་ཁམས་ནས༔ སྔོན་གྱི་དམ་ཚིག་དྲན་བཞིན་འུར་གྱིས་བསྐྱོད༔ སྐད་ཅིག་ཉིད་ལ་རང་མདུན་བྱོན་པར་གྱུར༔ ཀཿཙ་ཏྲི་ནཱ་ག་བཛྲ་ས་མ་ཡཱ་ཛ་ཛ༔ ཕཊ༔ ཀྱཻ༔ དད་པ་དང་ནི་དམ་ཚིག་གིས༔ ཚུར་གཤེགས་དྲག་པོ་མཆེད་སྡེ་གསུམ༔ ནམ་མཁའི་ཁམས་ལ་བརྟེན་བཅས་པའི༔ དྲང་སྲོང་སྲིན་པོ་གཤེགས་སུ་གསོལ༔ ཟངས་རི་མཁར་ལ་བརྟེན་བཅས་པའི༔ བཙན་རྒོད་མཆེད་གཉིས་གཤེགས་སུ་གསོལ༔ རྒྱ་མཚོ་ཆེན་པོར་གནས་བརྟེན་པའི༔ ཀླུ་རྒྱལ་ཟླ་སྐྱོང་གཤེགས་སུ་གསོལ༔ ཁྱེད་རྣམས་དྲག་པོ་ལྷ་ཆེན་གསུམ༔ སྤྲུལ་པ་ཡང་སྤྲུལ་འཁོར་ཚོགས་བཅས༔ དམ་པ་སྐྱོ་སྟོན་བླ་མ་དང་༔ མ་ཅིག་ཡབ་སྲས་བཀའ་དམ་བཞིན༔ དྲན་པར་མཛོད་ལ་འདིར་སྤྱོན་ཅིག༔ རང་རང་མཐུན་པའི་གདན་ལ་བཞུགས༔ ཤ་ཁྲག་དཀར་མངར་སྐྱེམས་དང་ཕུད༔ དྲག་པོ་མཆེད་གསུམ་མཉེས་པའི་རྫས༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་ཏེ༔ མཆོད་དོ་འབུལ་ལོ་དགྱེས་པར་མཛོད༔ མ་གཡེལ་མ་འདའ་ས་མ་ཡཱ༔ ཕཊ༔ དེ་ནས་རང་མདུན་གཏོར་སྣོད་གྲུ་གསུམ་འབར་བའི་ནང་དུ༔ གཏོར་མ་དེ་ཉིད་དགྲ་བོ་དམ་སྲི་ཡིད་ལ་དམིགས་པ་དེ་དངོས་སུ་གསལ་བར་གྱུར༔ བདག་ཉིད་ཁྲོས་མའི་ཐུགས་ཀ་ནས་ཚ་ཞིང་རྩུབ་པའི་འོད་ཟེར་གཅིག་འཕྲོས༔ དྲག་པོ་མཆེད་གསུམ་གྱི་ཐུགས་རྒྱུད་བསྐུལ༔ དགྲ་བོ་འགུགས་པའི་ལས་ལ་རྔམ་ཞིང་འཁྲུགས་པས་དེ་རྣམས་ཀྱི་ཐུགས་ཀ་ནས་ལས་བྱེད་ཀྱི་ཕོ་ཉ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུའི་ཚོགས་དཔག་ཏུ་མེད་པ་འཕྲོས་ནས་དགྲ་བགེགས་རྣམས་རང་དབང་མེད་པར་བཀུགས་ནས་དམིགས་པའི་རྟེན་ལ་ཐིམ་པར་བསམ༔ ན་མོ་དྲིན་ཆེན་གཅོད་ཡུལ་བརྒྱུད་པའི་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་༔ དཀོན་མཆོག་གསུམ་གྱི་བདེན་པ་དང༔ ཡི་དམ་རྡོ་རྗེ་ཕག་མོ་ལྷ་ལྔའི་བདེན་པ་དང༔ བདུད་འདུལ་ཁྲོས་མ་ནག་མོའི་བདེན་པ་དང་༔ མ་ཅིག་ལབ་ཀྱི་སྒྲོལ་མའི་བདེན་པ་དང༔ མཁའ་འགྲོ་བྱེ་བ་འབུམ་སྡེ་བཀའ་བསྲུང་ཆོས་སྐྱོང་དང་བཅས་པའི་བདེན་པ་དང༔ ཁྱད་པར་དུ་དྲང་སྲོང་ཁྱབ་འཇུག་མགོ་དགུ། ཟངས་རི་འབར་བ་མཆེད་གཉིས༔ ཀླུ་རྒྱལ་དྲག་པོ་ཟླ་སྐྱོང༔ སྤྲུལ་པ་ཡང་སྤྲུལ་དང་བཅས་པའི་བདེན་པ་དང་༔ བདེན་པ་ཆེན་པོའི་མཐུས༔ སངས་རྒྱས་བསྟན་པའི་སྤྱི་དགྲ༔ རྣལ་འབྱོར་བདག ་གི་སྒོས་དགྲ༔ བཀའ་དང་དམ་ལ་མི་གནས་འགྱུར་ལྡོག་འཕར་ལྡང་མགོ་གཡོག་མགོ་སྐོར་བྱེད་པའི་གདོན་བགེགས༔ བསམ་ངན་འཆང་བའི་བྱད་མ༔ དོ་བརྡོ་ཞིང་ཕོད་བཙུགས་པའི་དགྲ་བོ་ཐམས་ཅད་ཀྱི་བླ་སྲོག་རྣམ་པར་ཤེས་པ་སྐད་ཅིག་རང་དབང་མེད་པར་དྲག་པོ་དམར་གྱི་གཏོར་མ་འདིའི་ནང་དུ་ཁུག་ཅིག༔ བཛྲ་ཨངྐུ་ཤ་ཡ་ཛ་ཛ༔ ཛཿཧཱུྃ་བཾ་ཧོ༔ སྤྲུལ་པ་ལས་བྱེད་ཤན་པའི་ཚོགས་ཀྱིས་དགྲ་བགེགས་བྱད་མ་བསྒྲལ་བའི་ལས་བྱས་པ་ཙམ་གྱིས་ཤ་རི་ཁྲག་མཚོ་རུས་པའི་གྲམ་ཁྲོད་ཆེན་པོར་གྱུར་ནས་དྲག་པོ་མཆེད་གསུམ་འཁོར་དང་བཅས་པས་ལྷག་མ་མེད་པར་གསོལ་བར་བསམ༔ ཀྵ་རཀྴ་ར་ཧུ་ལ་ཙ་ཏྲི་ཧུར་ཐུམ་ནཱ་ག་ར་ཛ་ཕུ་པྲ་ས་པཱ་རི་ཝ་ར་ཨེ་དམ་བྷ་ལིང་ཏ་མ་ཧཱ་མཾ་ས་རཀྟ་ཙིཏྟ་ཀིཾ་ནི་རི་ཏི་ལ་ཁ་ཁ་ཁ་ཧཱི་ཁ་ཧཱི༔ ལན་གསུམ་མམ་བདུན་གྱིས་འབུལ་ཞིང་ཞུ་གསོལ་ནི༔ ཧཱུྃ་ཀྵ་ཕཊ༔ དྲང་སྲོང་ཁྲོས་པ་སྲོག་གི་བདག༔ ལུས་གཅིག་མགོ་དགུ་བྱ་རོག་གི༔ གཙུག་ཏོར་རྩ་ཞལ་རཀྴའི་གདོང༔ མགོ་བོ་བརྒྱད་ལ་གཟའ་བརྒྱད་འཕྲོ༔ བྱ་རོག་མགོ་ཡིས་བསྟན་པ་སྲུང་༔ སྐུ་སྟོད་སྲིན་གཟུགས་སྐུ་སྨད་སྦྲུལ༔ ལྷ་ཀླུའི་དམག་ཚོགས་སྡོང་ཟླ་བྱེད༔ ཕྱག་བཞི་ཆུ་སྲིན་རྒྱལ་མཚན་དང༔ ཞགས་པ་མདའ་གཞུ་དགྲ་ལ་གཟིར༔ གདོང་མོ་མཆེད་བཞི་ལས་ལ་འགྱེད༔ སྤྱན་སྟོང་སྲིད་གསུམ་བྱ་ར་བྱེད༔ ལྷ་སྲིན་རྒྱུ་སྐར་ཕོ་ཉར་འགྱེད༔ མེ་འབར་འོད་འཁྱུགས་ཐོག་སེར་འབེབས༔ གཟའ་བདུད་མ་རུང་མཐུ་རྩལ་ཅན༔ ཤམ་པོ་གངས་ཀྱི་ར་བ་རུ༔ དམ་པ་མ་ཅིག་སྤྱན་སྔ་རུ༔ ཁས་བླངས་ཡལ་གམ་ཕོག་པ་བཞིན༔ ཤ་ཁྲག་བརྒྱན་པའི་གཏོར་མ་བཞེས༔ རྣལ་འབྱོར་ཡོན་མཆོད་འཁོར་འབངས་ལ༔ ལྷ་ཀླུའི་དལ་ཁ་གནམ་གཟེར་བཟློག༔ གཅོད་ཡུལ་བསྟན་པ་དར་བ་དང་༔ གཅོད་མཁན་བདག་གི་སྡོང་གྲོགས་མཛོད༔ སྡང་བར་བྱེད་པའི་དགྲ་བོ་རྣམས༔ ཧུར་ཐུམ་ལྐུགས་རིང་ནད་ཀྱིས་སོད༔ གང་བཅོལ་ཕྲིན་ལས་འགྲུབ་པར་མཛོད༔ ཕཊ༔སྒྲ་སྒྲོགས་ལ་བཀའ་བསྒོ་བྱ༔ ས་མ་ཡཱ༔ གཉིས་པ་བཙན་གྱི་མཆོད་ཐབས་ནི༔ ཧཱུྃ་ཏྲི་ཛ༔ ཕཊ༔ བཙན་རྒོད་འབར་བ་མཆེད་གཉིས་པོ༔ ཁས་བླངས་དམ་ཚིག་དྲན་མཛོད་ལ༔ གཅོད་ཡུལ་བསྟན་པ་སྲུང་བ་དང་༔ གཅོད་མཁན་བདག་གི་སྡོང་གྲོགས་མཛོད༔ བསྟན་ལ་འཁུ་བའི་ལོག་འདྲེན་ལ༔ མི་མཐུན་རྟགས་དང་ཆོ་འཕྲུལ་སྟོན༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཕཊ༔ ཅེས་འདིས་ཕྲིན་ལས་གང་བརྩམ་བཅོལ༔ ས་མ་ཡཱ༔ གསུམ་པ་ཀླུ་ཡི་མཆོད་ཕྲེང་ནི༔ ཕུ་པྲ་ནཱ་ག༔ ཕཊ༔ ཤིང་གཅིག་སྡོང་པོ་གསེར་སླག་ཅན་གྱི་དྲུང༔ ཆུ་མིག་དྲག་པོ་གནམ་དུ་འཕྱུར་བའི་ནང༔ ཡིད་བཞིན་རིན་ཆེན་ལས་གྲུབ་གཞལ་ཡས་ཁང༔ པདྨ་འདབ་སྟེང་གསེར་གྱི་རུས་སྦལ་སྟེང༔ སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཀུན་གྱི་གཙོ༔ ཀླུ་མཆོག་ཀླུ་རྒྱལ་ཟླ་བ་སྐྱོང་མཛད་ཞེས༔ སྔོན་ཚེ་སངས་རྒྱས་བསྟན་པ་བསྲུང་བའི་གཉེན༔ སྐུ་མདོག་དཀར་ལ་སྔོ་བསང་འཇའ་འོད་འཕྲོ༔ སྦྲུལ་མགོ་འབར་བ་བདུན་གྱི་གདེངས་ཀ་འཕྲོ༔ དབང་སྔོན་ལྷུན་པོའི་ཅོད་པཎ་བླ་ན་མཐོ༔ ཕྱག་གཉིས་ཐལ་སྦྱར་ཡིད་བཞིན་མ་ཎི་འཛིན༔ དར་དང་རིན་ཆེན་ནོར་བུའི་རྒྱན་ཆས་སྤུད༔ སྐུ་སྨད་ལྟོ་འཕྱེ་གདུག་པ་སྦྲུལ་དུ་འཁྱིལ༔ རྒྱལ་རིགས་རྗེ་རིགས་དམངས་རིགས་གདོལ་བ་སོགས༔ ས་བདག་ཀླུ་གཉན་བྱེ་བ་དུང་ཕྱུར་བཅས༔ གཏོར་མ་དཀར་མངར་འོ་ཞོ་གསེར་གཡུའི་སྐྱེམས༔ མེ་ཏོག་ནེའུ་གསིང་ལྗོན་པ་སྐྱེད་ཚལ་བཅས༔ ཚ་བའི་གདུང་བསིལ་གྲང་བའི་ཆབ་གཏོར་སོགས༔ གང་ཡང་མ་ཚང་མེད་པའི་མཐུན་རྫས་འབུལ༔ དམ་པ་མ་ཅིག་ཐོད་པ་བྷ་ཏྲ་དང་༔ རྒྱལ་བ་དོན་གྲུབ་གཅོད་བརྒྱུད་བླ་མ་ཡིས༔ བཀའ་དང་དམ་ཚིག་བསྒྲགས་པ་དྲན་མཛོད་ལ༔ གཅོད་ཡུལ་བསྟན་པ་ཕྱོགས་བཅུར་རྒྱས་པ་དང་༔ གཅོད་མཁན་བདག་གི་ཁ་འཛིན་དཔུང་གྲོགས་མཛོད༔ བདག་ཅག་དཔོན་སློབ་ལྟོས་བཅས་ཡོན་བདག་ལ༔ གཉན་ནད་ཀློག་པ་སྐེམ་པ་སྲན་ཆུ་བུར༔ མཛེ་རིགས་བཅོ་བརྒྱད་ནད་རྣམས་ཞི་བ་དང༔ རྩ་དཀར་བཀྲོལ་ཞིང་རྨང་ནག་ལ་ཐག་ཆོད༔ ཆར་ཆུ་དུས་འབབ་ལོ་ཕྱུག་ཕུན་སུམ་ཚོགས༔ མུ་གེ་བང་མཛོད་སྐམ་པའི་འགོང་པོ་ཐུལ༔ ཀླུ་ཡི་ཕྱྭ་གཡང་དཔལ་གྱི་དངོས་གྲུབ་སྩོལ༔ སྟོབས་རྩལ་ཀླུ་ཡི་དཔལ་ལ་འགྲན་པར་མཛོད༔ བདག་དང་བསྟན་ལ་སྡང་བའི་དགྲ་བོ་ལ༔ མཛེ་ནད་ལྷོག་རྒོད་འབེབ་པས་དུས་མཐའ་སྟོང༔ གང་བཅོལ་ལས་རྣམས་འགྲུབ་པར་མཛད་དུ་གསོལ༔ ཕཊ༔ ཅེས་འདིས་འདོད་དོན་ལས་ལ་བསྐུལ༔ ས་མ་ཡཱ༔ ཀྵ་ཏྲི་ཙ་ནཱ་ག་ཕུ་པྲ་ཛ༔ ཕཊ༔ ཆོས་སྐུ་ཡུམ་ཆེན་ལོངས་སྐུ་ཁྲོས་མ་ནག༔ སྤྲུལ་སྐུ་མ་ཅིག་ཡབ་སྲས་བཀའ་ཉན་པ༔ དྲང་སྲོང་ཁྱབ་འཇུག་ཟངས་རི་མཆེད་སྡེ་གཉིས༔ ཀླུ་ཡི་རྒྱལ་པོ་དྲག་པོ་ཟླ་བ་སྐྱོང༔ འཁོར་བཅས་བསྟན་པ་གཉན་པོ་བསྲུང་བའི་ཕྱིར༔ གཡར་དམ་གཅིག་པུས་ངང་ནས་བསྟོད་པར་བགྱི༔ དབུ་འཕང་ལྷུན་པོའི་སྤོ་ལ་བསྟོད་ཅིང་བསྔགས༔ དགྲ་བགེགས་ལོག་འདྲེན་འདུལ་ཕྱིར་ལས་ལ་བསྐུལ༔ ཕྲིན་ལས་གཉན་པོ་བསྒྲུབ་ཕྱིར་བསྐུལ་ཞིང་རྦད༔ རྣམ་པ་བཞི་ཡི་ཕྲིན་ལས་མྱུར་དུ་སྒྲུབ༔ བསྐུལ་ལོ་དྲག་པོ་མཆེད་གསུམ་ལས་ལ་བསྐུལ༔ ཤ་ཁྲག་མཐུན་རྫས་གཏོར་མ་འདི་འབུལ་ལོ༔ དམ་པ་ཡུམ་ཆེན་མ་ཅིག་བཀའ་བཞིན་དུ༔ སྡང་བའི་དགྲ་དང་བགེགས་ལ་རྟགས་ཕྱུངས་ཤིག༔ མི་མིན་བྱད་མ་བསྒྲལ་བའི་ལས་མཛོད་ཅིག༔ གཉན་ས་རི་ཁྲོད་འགྲིམ་པའི་མཐུན་རྐྱེན་སྒྲུབས༔ སྟོང་ཉིད་སྙིང་རྗེ་སྒོམ་པའི་བུ་སློབ་སྐྱོངས༔ བསྟན་ལ་ཞབས་ཏོག་སྒྲུབ་པའི་སྦྱིན་བདག་འཚོས༔ གཅོད་ཡུལ་བསྟན་པ་ཡར་ཟླའི་མཆེད་པོར་མཛོད༔ དེ་འཛིན་སྐྱེས་བུ་སྐར་ཚོགས་གྲངས་སུ་སྤེལ༔ དམ་ལོག་བསྟན་དགྲ་ཉེར་དགུའི་ཟླ་ལྟར་ཐོངས༔ ཁ་རྗེ་དབང་ཐང་ནམ་ལངས་རྒྱུ་སྐར་བཞིན༔ མི་འདོད་ལོག་ལམ་ཁྲིད་ལ་དུས་མཐའ་སྟུངས༔ གནོད་ཅིང་འཚེ་བའི་བསྟན་དགྲ་འཇོམ་པར་མཛོད༔ ཅེས་པའང་ཡབ་རྗེ་སྤྲུལ་པའི་སྐུ་མཆོག་ལུང་རིག་གླིང་པའི་མ་ཅིག་སྒྲུབ་ཐབས་ཀྱི་མ་ཚང་ཁ་སྐོང་གི་རྒྱུར་རང་སློབ་དད་པའི་ལང་ཚོ་བླ་ལྷག་ཏུ་ངོམ་པའི་བཙུན་པ་འཇམ་དབྱངས་ཉི་མས་གཤའ་ཡི་པར་བུ། ཤེལ་གྱི་མེ་ལོང་བཞིན་ལེགས་པ། མཛེས་བྱེད་རྨ་བྱའི་སྒྲོའི་སྐྱེས་བཅས་བསྐུལ་བ་ལ་བརྟེན་ནས་ཆོས་རྒྱུད་འཛིན་པའི་རིགས་ལ་མཁོ་ཕྱིར་ཁོ་བོ་བླ་གཟུགས་ཁྱི་ཕག་གི་མཾ་ས་ཟས་མཆོག་ཏུ་རློམ་པའི་འཆོལ་བོ་འདུ་ཤེས་གསུམ་པ་དེས་བྲིས་ཤིང་ཡོངས་ལ་དགེ་ཞིང་བཀྲ་ཤིས་སྟེ་ཟབ་མོ་གཅོད་ཀྱི་བསྟན་པ་ཉི་ལྟར་མངོན་པའི་རྒྱུར་གྱུར་ཅིག །

བཀའ་བསྲུང་དྲག་པོ་མཆེད་གསུམ་གྱི་གསོལ་བསྡུས་བསྟན་དགྲ་འཇོམས་བྱེད།

ཟབ་མོ་གཅོད་ཀྱི་གདམས་པ་ལས༔ བཀའ་བསྲུང་དྲག་པོ་མཆེད་གསུམ་གྱི་གསོལ་བསྡུས་བསྟན་དགྲ་འཇོམས་བྱེད་བཞུགས༔ མ་ཅིག་ཡུམ་ཆེན་ལ་ཕྱག་འཚལ་ལོ༔ དྲག་པོ་མཆེད་གསུམ་གསོལ་བསྡུས་ནི༔ རང་ཉིད་ལྷར་གསལ་ཐུགས་ཀའི་ཧཱུྃ༔ དེ་ལས་འོད་འཕྲོས་རང་བཞིན་གྱི༔ གནས་མཆོག་དམ་པ་གར་བཞུགས་ནས༔ གཟའ་ཀླུ་བཙན་གྱི་སྡེ་ཚོགས་རྣམས༔ བྱ་རྒོད་ཐེད་ལ་ལྷགས་པ་བཞིན༔ སྐད་ཅིག་ཉིད་དུ་འདིར་གཤེགས་ཤིག༔ ར་ཧུ་ལ་ནཱ་ག་ཏྲི་ཤུ་ལ་སརྦ་ས་མ་ཡཱ་ཛ༔ ས་མ་ཡཱ་ཏིཥྛན་ཏུ༔ ཨ་ཏི་པུ་ཧོ༔ པྲ་ཏིཥྩ་ཧོ༔ ཨོཾ་བཛྲ་ཨརྒྷཾ་པདྱཾ༴སོགས་ནས་ ཤཔྟ་པྲ་ཏིཙྪ་པཱུ་ཛ་མ་ཧཱ་ཨ་མྲྀ་ཏ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧཱུྃ་བྷྱོ་ཛ༔ སྔོན་ཚེ་རྒྱལ་བའི་སྤྱན་སྔ་རུ༔ གཅོད་ཡུལ་གཅོད་མཁན་བསྲུང་བའི་ཕྱིར༔ ཁས་བླངས་དམ་བཅས་མཐུ་རྩལ་ཅན༔ སྡེ་བརྒྱད་ཡོངས་ཀྱི་སྤྱི་རྗེ་བོ༔ དྲང་སྲོང་ཆེན་པོ་འཁོར་བཅས་བསྟོད༔ ལོངས་སྤྱོད་གཏེར་གྱི་མངའ་བདག་རྗེ༔ ནཱ་ག་ར་ཛ་འཁོར་བཅས་བསྟོད༔ དགྲ་ལ་གྲི་འཐབ་གཏོང་བའི་རྒྱལ༔ ཟངས་རི་བཙན་གྱི་མཆེད་སྡེ་བསྟོད༔ དམར་གྱི་གཏོར་མ་རང་མཐུན་བཞེས༔ རྣལ་འབྱོར་བདག་གི་བསམ་པ་སྒྲུབས༔ མི་མཐུན་དགྲ་གདོན་གཡུལ་ངོ་བཟློག༔ གཅོད་ཡུལ་བསྟན་པ་དར་བ་དང་༔ སྦྱིན་བདག་བར་ཆད་ཞི་བར་མཛོད༔ སློབ་བུ་གསལ་སྟོང་བཞེད་སྐོང་དུ༔ ས་ར་ཧི་ཏས་བྲིས་པ་དགེ་ལེགས་འཕེལ༔

གཅོད་ཀྱི་གཤེད་འདུལ་གདུག་པ་དམ་འདོགས་ཟ་འདྲེ་ཁ་ཕྲོལ་རས་པ་གསལ་སྟོབས་ཀྱིས་བྲིས་པ།

ཡང་གསང་ཌཱཀྐིའི་ཐུགས་ཐིག་ལས༔ གཅོད་ཀྱི་གཤེད་འདུལ་གདུག་པ་དམ་འདོགས་ཟ་འདྲེ་ཁ་ཕྲོལ་བཞུགསཿ

བླ་མ་ཡི་དམ་མཁའ་འགྲོ་དང༔ ཆོས་སྐྱོང་དམ་ཅན་སྡེ་ཚོགས་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ཡུམ་ཆེན་མཁའ་འགྲོས་རྗེས་སུ་ཟུངས༔ དེ་ལ་འདིར་གཅོད་ཀྱི་ཟ་འདྲེ་འདུལ་བའི་རིམ་པ་ནི༔ གཤེད་འདུལ་མཆོད་གཏོར་གཞུང་བཞིན་བཅའ༔ རང་གི་མདུན་དུ་ཧོམ་ཁུང་གཅིག་བཅའ་ལ༔ ཧོམ་ཁུང་འགོམ་མི་རུང༔ འགོམ་སྡུད་བྱས་ན་མི་རབས་རྩད་ནས་འཆད་གསུངས་སོ༔ མདུན་དུ་གཞི་མ་ནག་པོའི་སྟེང་དུ་རི་གསུམ་གྱི་རྡོ་སྒྱེད་པུའི་ཚུལ་དུ་བྱས་པའི་སྟེང་སླ་ང་བཙུགས༔ སླ་ངའི་ནང་དུ་ཁྲག་གིས་གྲུ་གསུམ་བྲིས༔ སླ་ངའི་ཁ་རུ་གྲི་གསུམ་གྲུ་གསུམ་གྲི་སོ་ནང་དུ་བཞག༔ གཤེད་འབྲེང༔ གཤེད་སྒྲོ༔ གཤེད་ཟོར༔ གཤེད་སྟྭ༔ གཤེད་ཤ་ལག་གཡས༔ གཤེད་རྡེའུ་དཀར་ནག་བདུན་རེའམ་གསུམ་རེ་གཅིག་རེ༔ ཕུར་པ་གཅིག༔ ཕུར་གདན་ནས་སྡེར་གང་ཅན༔ དེ་ནས་ལིངྒ་བྲི་བ་ནི༔ ནྲི་ཏྲི་ཛ་ཏྲི༔ ཆུང་སྲི་བྱི་ལའི་མགོ་ཅན་གྱི་ལྟོ་བར༔ ཛ་ལ་ཏྲི་ཛ་ནན་ཏྲི་དུ་སྤེལ་མར་ལྟོ་བར༔ རཀྴ་དུན་ནྲི་བྷྱོ་ཛ༔ ཕོ་སྲི་ཤ་བའི་མགོ་ཅན་གྱི་ལྟོ་བར་ཏྲི༔ མོ་སྲི་དྲེད་མོང་མགོ་ཅན་ལྟོ་བར་ནྲི༔ ཐམས་ཅད་ཀྱི་ས་བོན་མཐར་གནོད་བྱེད་ཟ་འདྲེ་ཤི་གཤེད་འདིར་ཁུག་ཅིག༔ ཅེས་བྲིས་པའི་ས་བོན་ཡིན་ནོ༔ དེ་རྒྱབ་མུ་ཁྱུད་ལ༔ ཨོཾ་ན་མོ་རཏྣ་ཙི་ཏྲ་ཙི་ཏྲ་དུན་དུ་རྦད་རྦད་ཛ་ཛ་དུར་སྲི་ཐུམ་ཐུམ་ཉོག་ཉོག་རྦད་ཆོད་ནན་ཟ་འདྲེ་ཤི་གཤེད་ཁུག་ཅེས་བྲི༔ དེ་རྒྱབ་མུ་ཁྱུད་ལ༔ གནོད་བྱེད་ཟ་འདྲེ་ཤི་གཤེད་གར་གནས་ཀྱང་འདིར་ཁུག་ཅིག༔ ཟུངས་ཤིག་ཆིངས་ཤིག་སྡོམས་ཤིག་ཅེས་བྲི༔ དེ་ནས་ལིངྒའི་ཕྱིའི་མུ་ཁྱུད་ལ༔ ཙིཏྟ་ར་ཙའི་སྲོག་ནན༔ ཏྲི་ཐུམ་མྱོག་རྦད་སོད་དུམ་བུ་དུམ་བུ་རྦད་སོད་སོད་ཛ་ཛ་ཏྲིག་ཁ་ཛ༔ ར་ཙ་རྦད་ནན་ནན༔ ཟ་འདྲེ་ཤི་གཤེད་ཁུག་ནན༔ ཅེས་བྲི༔ ལིངྒའི་སྙིང་གར་ནྲི་ཏྲི་ཛ་བྲིས༔ ལྟེ་བར་དུ་ཏྲི་ཛ༔ མིག་གཉིས་ལ་ཞར༔ རྣ་བ་གཉིས་ལ་འོན་འོན༔ ཡན་ལག་བཞི་ལ་ཛ་ཧཱུྃ་བཾ་ཧོ་དང་ཞ་བཞི༔ རྐང་ཞབས་གཉིས་སུ་ཡཾ་གཉིས༔ འདོམས་བར་དུ་རཾ༔ སྤྱི་བོར་ནན༔ གཟུགས་སྔོ་སྐྱ་ཡན་ལག་ཕྲ་བ༔ ཉམ་ཐག་པ་ཅན་ཞིག་བྲིས་ཏེ༔ དེ་ཡང་གཟའ་ཡིས་ཤི་ན་གཟའ་ཡི་གཟུགས༔ མིག་དུར་པུ་ཤུད་གཟུགས༔ རྨུག་དུར་བྲ་བ༔ རྦབ་སྲི་སྲེག་བྱ༔ རང་མལ་དུ་ཤི་བ་གཡག༔ མ་བུ་སྣྲེལ་གྲིར་ཤི་བ་རི་བོང༔ བང་གྲིར་ཤི་བ་ཤ་བ༔ ཤིང་གྲི་མཛོ་མོ༔ ཆུ་གྲིར་ཤི་བ་ཆུ་བྱ༔ རབ་ཆད་མཛོ་མོ༔ རྒན་སྲི་སྤྲེལ་རྣམས་ཀྱི་གཟུགས་སུ་བྲིས༔ སྔགས་མགོ་ནི་ཕོ་ལིང་ཕྲག་པ་གཡས་ནས་བྲིས༔ མོ་ལིང་ཕྲག་པ་གཡོན་ནས་བྲིས༔ ཆུང་ལིང་སྤྱི་བོ་ནས་བྲིས༔ དགྲ་ལིང་རྐང་མཐིལ་བསྐོར་ནས་བྲིས༔ ལིང་ག་མེ་ཁར་གཡུག༔ རླུང་ལ་ཕྱར་ནས༔ ཚོན་སྐུད་ཀྱིས་བཅིང་ལ་བཞག༔ ཕོ་ལ་ཕོ་ཤིང་ཤུག་པ༔ སྟག་པ༔ སྐྱེར་བ༔ མོ་ལ་མོ་ཤིང་གླང་མ༔ ལྕང་མ༔ སྤེན་མ༔ བྱིས་པ་ལོ་བདུན་ནས་ཉི་ཤུའི་བར་ལ་བུ་ཤིང་ཚལ་བུ་ལ་བྱང་བུ་དགུ་བྱས་ལ༔ ཁྲག་གིས་ཡི་གེ་བྲིས་ཏེ་གཅིག་ལ་ཟ་འདྲེ་ཁུག༔ གཅིག་ལ་སྲོག་གཅོད་ཁུག༔ གཅིག་ལ་དབུགས་ལེན་ཁུག༔ གཅིག་ལ་ཚེ་ལེན་ཁུག༔ གཅིག་ལ་མདངས་འཕྲོག་ཁུག༔ གཅིག་ལ་གསོན་བདུད་ཁུག༔ གཅིག་ལ་གཤིན་ལྕགས་ཁུག༔ གཅིག་ལ་ཤི་འདྲེ་ཁུག༔ གཅིག་ལ་གྲི་བོ་ཤི་སྲི་ཁུག་ཅེས་སོགས་བྲིས་ལ་བཞག༔ ཤོག་བུ་ལ་ཚེ་འདས་ཀྱི་མིང་བྱང་ནྲི་དང་བཅས་པ་བྲིས་ལ་བཤམས༔ དེ་ནི་བཅའ་ལུགས་རྒྱས་པ་ཡིན་ནོ༔ དེ་ཙམ་མི་ཐུབ་ན༔ ཐམས་ཅད་ལ་ཤི་གྲི་ཤ་བའི་མགོ་ཅན་གྱི་སྙིང་གར་ནྲི་ཏྲི་དང་ཡན་ལག་བཞི་ལ་ཛ་ཧཱུྃ་བཾ་ཧོ་དང་ཞ་བཞི༔ ལིངྒའི་མཐར་གནོད་བྱེད་དམ་སྲི་ཆུང་སྲི་ཐམས་ཅད་ཁུག་ཅིག་མཱ་ར་ཡ་ཛ་ཛ༔ ཞེས་བྲིས༔ ཤིང་བྱང་ལྔ་ཡིས་ཆོག༔ ཤིན་ཏུ་བསྡུས་ན་གཅིག་ལ་ནྲི་ཏྲི་ཛཿཞེས་བྲིས་པ་དང༔ ཟན་ལིང་ཙམ་ལ་བརྟེན་ཡང་རུང༔ དེ་ཅིའི་ཕྱིར་ན་གཅོད་ཀྱི་དམིགས་པ་གཙོ་ཆེ་བའོ༔ དེ་ནས་རྣལ་འབྱོར་བརྟུལ་ཞུགས་ཀྱི་སྤྱོད་པ་འཆང་བ་པོས་མཁའ་འགྲོ་ཁྲོས་པའི་དཔའ་ངར་གྱིས༔ ཕཊཿ རང་ཉིད་སྐད་ཅིག་གིས་ངོ་བོ་མ་ཅིག་ལ༔ རྣམ་པ་ཁྲོས་མ་ནག་མོ་སྐུ་མདོག་དམར་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་བཞི་གཙིགས་པ༔ སྤྱན་གཡས་ཉི་མ༔ གཡོན་ཟླ་བ༔ དབུས་ཉི་ཟླའི་དཀྱིལ་འཁོར་གྱིས་སྲིད་པ་གསུམ་ལ་གཟིགས་པ༔ དབུ་སྐྲ་སྤྱི་བོར་བཅིངས་པའི་ཟར་བུ་ལ་ལྕགས་སྲེག་གི་ཕུར་པ་རེ་རེས་བརྒྱན་པ༔ དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་ཅིང༔ ཞབས་གཡས་བསྐུམས་པས་རི་རབ་ཀྱི་རྩེ་ནས་གནོན་ཅིང་ཞབས་གཡོན་བརྐྱངས་པས་རྒྱ་མཚོའི་གཏིང་ནས་དཀྲུགས་པ༔ སྤྱི་བོ་ནས་ཕག་ཞལ་ངུར་སྒྲ་སྒྲོག་པས་ལྷ་སྲིན་སྡེ་བརྒྱད་བྲན་དུ་ཁོལ་བ༔ ཕྱག་གཡས་མི་ལྤགས་ཀྱི་གཡང་གཞི་དང༔ གཡོན་མི་རྐང་གི་གླིང་བུ་འབུད་པ༔ རང་དང་འདྲ་བའི་མཁའ་འགྲོ་སྡེ་བཞིས་བསྐོར་བའི་དབུ་གཙུག་གི་ནམ་མཁར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ཐམས་ཅད་གཟུ་དང་དཔང་པོ་དྲང་ཤན་གྱི་ཚུལ་དུ་བཞུགས་པར་གྱུར༔ ཕཊཿ ཀྱཻ༔ དགོངས་ཤིག་སྐྱབས་གནས་དཀོན་མཆོག་གསུམ༔ གསོན་ཅིག་ཡི་དམ་ཌཱཀྐིའི་ཚོགས༔ གསོན་ཅིག་འཇིག་རྟེན་དྲེགས་པའི་ཚོགས༔ བདག་ནི་མ་ཉེས་མ་ལན་ནོ༔ དང་པོ་བདག་གི་སེམས་མ་ཉེས༔ བར་དུ་བདག་གི་ཁ་མ་ཉེས༔ ཐ་མ་བདག་གི་ལག་མ་ཉེས༔ མ་ཉེས་གཟུ་དཔང་དཀོན་མཆོག་གསུམ༔ དཀོན་མཆོག་གཟུ་དཔང་མི་མཛད་རྒྱུ༔ སྐྱབས་མགོན་རེ་ས་གཞན་ན་མེད༔ ཡི་དམ་ལྷ་ཚོགས་གཟུ་དང་དཔང༔ ཡི་དམ་གཟུ་དཔང་མི་མཛད་རྒྱུ༔ དངོས་གྲུབ་རེ་ས་གཞན་ན་མེད༔ མཁའ་འགྲོ་ཆོས་སྐྱོང་གཟུ་དང་དཔང༔ ཌཱཀྐིས་གཟུ་དཔང་མི་མཛད་རྒྱུ༔ ཕྲིན་ལས་སྒྲུབ་མཁན་གཞན་ན་མེད༔ ལྷ་སྲིན་སྡེ་བརྒྱད་གཟུ་དང་དཔང༔ སྡེ་བརྒྱད་གཟུ་དཔང་མི་མཛད་རྒྱུ༔ དྲང་ཤན་ཕྱེ་མི་གཞན་ན་མེད༔ དམ་ཉམས་གཤེད་པོ་ལས་ངན་འདིས༔ སངས་རྒྱས་བསྟན་པ་གཉན་པོ་བཤིག༔ དཀོན་མཆོག་གསུམ་གྱི་དབུ་འཕང་སྨད༔ བླ་མ་དམ་པའི་སྐུ་ལ་བསྡོས༔ གསང་སྔགས་ཟབ་མོའི་ཆོས་ལ་སྨད༔ དམ་ཚིག་གཉན་པོ་ཁྱད་དུ་བསད༔ དགེ་བ་བཅུ་པོ་རྒྱབ་ཏུ་བསྐྱུར༔ མི་དགེ་བཅུ་པོ་དང་དུ་བླངས༔ ཕུག་གི་ལྷ་ལ་མནོལ་བཙོག་ཕབ༔ བར་གྱི་མི་ཡི་ཚེ་སྲོག་བརྐུས༔ སྒོ་ཡི་ནོར་ལ་གོད་ཁ་ཕྱེ༔ ཞིང་གི་ལོ་ལ་སད་སེར་བཏང༔ ཞིམ་མངར་ཟས་ཀྱི་གཡང་ལ་བརྐུས༔ བསམ་པའི་དོན་ལ་སྟབ་བསྣོལ་བྱེད༔ ཏིང་ངེ་འཛིན་ཡང་བྱིང་རྒོད་བཏང༔ ཁྱོད་ཀྱིས་ལས་ངན་སྣ་ཚོགས་བྱས༔ དེ་བས་བསྒྲལ་བའི་ཞིང་དུ་གྱུར༔ ཞིང་བཅུ་ཚང་བའི་ཤི་གཤེད་ཁྱོད༔ བསྒྲལ་བའི་ཆོ་ག་བྱེད་པ་འདི༔ ངན་སོང་གནས་ནས་འདྲེན་པའི་རྟགས༔ མོན་རེས་ལག་ལྕིབ་བྱས་པ་འདི༔ ཁྱོད་བདེ་ཆེན་ལམ་ལ་འགོད་པའི་རྟགས༔ དུག་ཤོག་ངོས་ལ་བྲིས་པ་འདི༔ ལས་ངན་སྒྲིབ་པ་བྱང་བའི་རྟགས༔ སྒྲོ་རྐང་སྨྱུ་གུས་བྲིས་པ་འདི༔ ཐུགས་རྗེ་ལྕགས་ཀྱུས་འཛིན་པའི་རྟགས༔ ཁྲག་སྣ་སྣག་ཚས་བྲིས་པ་འདི༔ ཐར་པའི་ལམ་ལ་ཁྲིད་པའི་རྟགས༔ འདུག་ས་ཧོམ་ཁུང་བྱས་པ་འདི༔ གཞལ་ཡས་ཁང་དུ་བཀོད་པའི་རྟགས༔ དུག་ཤིང་རྩང་གིས་བསྐོར་བ་འདིས༔ དུག་ལྔའི་སྒྲིབ་པ་བྱང་བའི་རྟགས༔ མདའ་གསུམ་མདའ་ཁྲི་བྱས་པ་འདི༔ དུག་གསུམ་གནས་ནས་སྦྱངས་པའི་རྟགས༔ ཐུན་རྫས་སྣ་ཚོགས་བསགས་པ་འདི༔ རྟེན་འབྲེལ་ཐབས་ལ་མཁས་པའི་རྟགས༔ ཨེ་མ་གཤེད་པོ་སྙིང་རེ་རྗེ༔ མི་དགེ་བཅུ་པོ་སྤྱད་སྤྱད་ནས༔ སྲོག་གཅོད་དབུགས་ལེན་བྱེད་བྱེད་ནས༔ ངན་སོང་གསུམ་དུ་ལྟུང་བར་དོགས༔ སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི༔ བསད་ཅིང་མནན་པ་མ་ཡིན་ཏེ༔ བསྒྲལ་ནས་གྲོལ་བར་བྱ་བའི་ཕྱིར༔ ལྷ་དང་སྲུང་མ་ཐམས་ཅད་ཀྱིས༔ དམ་རྫས་གཏོར་སྐྱེམས་འདི་བཞེས་ལ༔ རྣལ་འབྱོར་བདག་གི་སྡོང་གྲོགས་མཛོད༔ ཅེས་བརྗོད་པས་གནོད་བྱེད་རྒྱབ་བརྟེན་ཐམས་ཅད་དང་བྲལ་བར་བསམ་ལ༔ ཕཊཿབྱའོ༔ བྲུབ་ཁུང་དང་འདུལ་ཆས་བྱིན་རླབས་ནི༔ ཕཊཿ ཨེ་ཛྭ་ལ་རཾ༔ ལྕགས་ཁང་སླ་ང་གཤེད་སྒྲོ་གཤེད་འབྲེང་སྟ་རེ་ཟོར་བ་མདའ་མདུང་རལ་གྲི་རྔ་ཡབ་གཡང་གཞི་མི་མགོའི་སྒྱེད་པུ་སོགས་གཤེད་པོ་རུ་ཏྲའི་རྟེན་འབྲེལ་གྱི་རྫས་ལས་བྱུང་བའི་འདུལ་ཆས་ཐམས་ཅད་ལ་མེ་འབར་ཞིང་ཚྭ་ཚྭ་འཕྲོས་གནོད་བྱེད་ཟ་འདྲེ་ཤི་གཤེད་ཐམས་ཅད་འདུལ་བའི་གཉེན་པོ་གཅིག་ཏུ་དྲོང་ངེ་སོང་བར་བསམ༔ ཕཊཿ ཕཊཿ ཕཊཿ དེ་ནས་ཉ་བོ་དམིགས་པ་ནི༔ ཕཊཿ རང་ཉིད་ཁྲོས་མ་ནག་མོའི་ཐུགས་ཀ་ནས་ལས་བྱེད་ཀྱི་མཁའ་འགྲོ་དཀར་སེར་དམར་ལྗང་གྲངས་མེད་འཕྲོས་ནས་ཀུན་ཀྱང་ཕྱག་ན་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་བཟུང་ནས་ཕྱོགས་མཚམས་སྟེང་འོག་གི་བྱད་མ་ཟ་འདྲེ་ཤི་གཤེད་ཐམས་ཅད་བཀུག་ནས༔ གཤེད་ཀྱི་ཀ་ཆའི་རྩ་རུ་ལིངྒ་མཚན་ཉིད་གཟུགས་བྱང་འདི་ལ་ཤ་རུལ་ལ་སྦྲང་མ་བཞིན་འདུས་ཤིང་བཀུག་པར་དམིགས་ལ༔ ཕཊཿ ན་མོ་རྗེ་བཙུན་རིག་འཛིན་གྲུབ་ཐོབ་གཅོད་ཡུལ་བརྒྱུད་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༔ དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང༔ ཆོས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཡུམ་ཆེན་མོའི་ལྷ་ཚོགས་འཁོར་དང་བཅས་པའི་བདེན་པ་དང༔ ལོངས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཁྲོས་མ་ནག་མོའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང༔ སྤྲུལ་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཨ་མ་ལབ་ཀྱི་སྒྲོན་མའི་ལྷ་ཚོགས་འཁོར་དང་བཅས་པའི་བཀའ་བདེན་པ་དང༔ བཀའ་སྲུང་དྲང་སྲོང་ཆེན་པོ༔ ཟངས་རིའི་བཙན་རྒོད་མཆེད་གཉིས༔ ཀླུ་རྒྱལ་དྲག་པོ་ཟླ་སྐྱོང་ལ་སོགས་བཀའ་སྐྱོང་དམ་ཅན་རྒྱ་མཚོའི་བཀའ་བདེན་པ་དང༔ བདེན་པ་ཆེན་པོའི་མཐུས༔ སྤྱིར་སངས་རྒྱས་བསྟན་པའི་སྤྱི་དགྲ༔ རྣལ་འབྱོར་པ་བདག་གི་སྒོས་དགྲ༔ ཁྱད་པར་དུ་ཡང་ཚེ་ལས་འདས་པ་ཆེ་གེ་མོ་ཞེས་བྱ་བ་ལ༔ དང་པོ་ནད་ཀྱི་སྣ་འདྲེན་པ༔ བར་དུ་གདོན་གྱི་ཚང་བཅའ་བ༔ ཐ་མ་ཁོག་པའི་སྲོག་གཅོད་པ༔ གཤིན་པོའི་གནས་མི་བདེ་ཞིང༔ གསོན་པོ་བཀྲ་མི་ཤེས་པར་བྱེད་པའི་ཟ་འདྲེ་ཤི་གཤེད་སྲོག་གཅོད་དབུགས་ལེན་ཚེ་ལེན་མདངས་འཕྲོག༔ གསོན་བདུད་གཤིན་ལྕགས༔ ཆེ་སྲི་ཆུང་སྲི༔ དར་སྲི་རྒན་སྲི་རྒབ་འདྲེ་གནོད་བྱེད་གང་ཡིན་པ་ཐམས་ཅད་མཐོ་རི་བོའི་རྩེ༔ དམའ་རྒྱ་མཚོའི་འགྲམ༔ ས་འོག་ས་སྟེང་ས་བླ་སྲིད་པ་གསུམ་གར་གནས་ཀྱང་སྐད་ཅིག་རང་དབང་མེད་པར་གཟུགས་ལིངྒ་མིང་ཡིག་བྱང་བུ་འདི་ལ་ཁུག་ཅིག་ཛ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཕཊཿ ཕཊཿ ཕཊཿ ཞེས་ལན་རེ་བཞིན་རྐང་དུང་ཌཱ་དྲིལ་དྲག་ཏུ་འཁྲོལཿ འགུག་གཞུག་དང་བླ་འགུགས་སྔགས་རྟགས་མཚན་ཐོན་བར་བཟླ༔ དེ་ནས་ལིངྒ་བྱང་བུ་རྡེའུ་རྣམས་སྒྲོ་བར་བླུག༔ དེ་ནས་གཅོད་གཡོག་གིས་གཤེད་སྒྲོ་དང་གཤེད་འབྲེང་བཟུང་ནས་ཕོ་ཉ་སྒོས་བསྐུལ་དང་མཁའ་འགྲོ་འབུམ་བསྐུལ་བྱ༔ ཕཊ་ཛ༔ བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་དུ༔ པད་ཉི་རུ་ཏྲ་བམ་གྱི་གདན་སྟེང་དུ༔ རྒྱལ་བའི་ཡུམ་མཆོག་མ་ཅིག་ཁྲོས་མའི་སྐུ༔ གནས་ལྔ་སྐུ་གསུང་ཐུགས་དང་བ་སྤུའི་གྲངས༔ ལས་བྱེད་མཁའ་འགྲོ་བྱེ་བ་འབུམ་འབུམ་འགྱེད༔ ཀུན་གྱི་ཕྱག་ན་འགུགས་འཆིང་མཚོན་ཆ་འཛིན༔ དགྲ་བགེགས་གནོད་བྱེད་བྱད་མ་འབྱུང་པོའི་ཚོགས༔ གསོན་བདུད་གཤིན་ལྕགས་ཆུང་སྲི་གོད་འདྲེ་སོགས༔ སྟེང་འོག་ཕྱོགས་མཚམས་གར་ཡོད་གར་བྲོས་ཀྱང༔ ལྕགས་ཀྱུ་ཅན་གྱིས་སྙིང་ནས་བཟུང་ཞིང་དྲོངས༔ ཞགས་པ་ཅན་གྱིས་སྐེ་ནས་འཆིང་བར་གྱིས༔ ལྕགས་སྒྲོག་ཅན་གྱིས་དབང་པོ་ཡན་ལག་སྡོམ༔ དྲིལ་བུ་ཅན་གྱིས་མྱོས་ཤིང་བརླག་པར་བྱེད༔ ཐོ་བ་ཅན་གྱིས་མགོ་ནས་གཞོམ་ཞིང་བརྡུང༔ གཤོག་པ་ཅན་གྱིས་རྒྱབ་ནས་དེད་ལ་ཤོག༔ མཆུ་སྡེར་ཅན་གྱིས་གློ་སྙིང་མིག་ཚིལ་འབྲུ༔ སྐད་ཅིག་རང་དབང་མེད་པར་འདིར་ཁུག་ཅིག༔ གཤེད་སྒྲོ་རླུང་ཐུབ་ནང་གི་རྟེན་ལ་བསྟིམ༔ གཤེད་འབྲེང་འདོམ་དགུས་ཁ་ནས་བསྡམ་པ་ཡིས༔ ཐར་བར་མ་གྱུར་མཱ་ར་ཡ་ཛ་ཕཊ༔ རྩ་སྔགས་མཇུག་ཏུ༔ ཨོཾ་བཛྲ་ཨཾ་ཀུ་ཤ་ཛ༔ ཨོཾ་བཛྲ་པ་ཤ་ཧཱུྃ༔ ཨོཾ་བཛྲ་སྥོ་ཊ་བཾ༔ ཨོཾ་བཛྲ་གྷནྡྷེ་ཧོ༔ ཞེས་པས་ཁ་སེ་ཆིངས་མདུད་པ་བྱས་ལ་གཅོད་གཡོག་པས་སྟ་རེ་ཕྲག་གཡོན་ནས་གཟར༔ འབྲིང་བ་གྲུ་མོ་གཡོན་ནས་བསྐོན༔ ཟོར་བ་ལག་གཡོན་དུ་ཐོགས༔ ལག་པ་གཡས་པས་གཤེད་སྒྲོ་བཟུང་ནས་ལངས་ཏེ་འདུག༔ ཁ་ཤར་དུ་གྱུ༔ ཧཱུྃ༔ ང་ནི་ཁྲོས་མ་ནག་མོའི་སྐུ༔ སྲིད་གསུམ་འདུལ་བའི་མཐུ་མོ་ཆེ༔ ཕག་ཞལ་གཟུགས་མེད་ཁམས་སུ་ངུར༔ སྐུ་སྟོད་གཟུགས་ཁམས་གནས་སུ་འགྱིང༔ སྐུ་སྨད་འདོད་ཁམས་གནས་སུ་རོལ༔ ཞབས་གཉིས་ངན་སོང་གསུམ་པོ་མནན༔ མི་ཤ་གཤེད་ལ་བརྡབ་པའི་ཕྱིར༔ སྤྲུལ་པའི་ཕོ་ཉས་སྟོང་གསུམ་གང༔ སྐུ་ལས་སྤྲུལ་པའི་ཕོ་ཉ་ནི༔ ལྕགས་ཀྱི་སྤྱང་ཀི་སྔོན་མོ་ལ༔ དུང་གི་བུད་མེད་དཀར་མོ་ཆིབས༔ བླ་བྱ་དཀར་མོ་ཀླད་ན་ལྡིང༔ བླ་ཁྱི་དཀར་པོ་རོལ་དུ་ཁྲིད༔ བླ་འཛིན་དྲྭ་བ་རྒྱབ་ནས་ཁུར༔ གཤེད་སྟྭ་ཁ་ཆེ་ཕྲག་ལ་གཟར༔ གཤེད་ཟོར་འགུགས་མོ་ལག་ན་ཐོགས༔ གཤེད་སྒྲོ་རླུང་ཐུབ་ལག་ཏུ་ཐོགས༔ གཤེད་འབྲེང་འདོམ་དགུ་གྲུ་ལ་བཀོན༔ མི་ཤ་གཤེད་ལ་བརྡབ་པའི་ཕྱིར༔ གཤེད་པོ་ཟ་འདྲེ་ཤི་གཤེད་འདི༔ ཤར་གྱི་ཕྱོགས་ནས་ཁུག་ལ་ཤོག༔ མི་ལྤགས་གཡང་གཞིས་རྒྱོབ་ལ་ཤོག༔ གཤེད་སྟར་ཁ་ཆེས་རྒྱོབ་ལ་ཤོག༔ གཤེད་ཟོར་འགུགས་མོས་བྲོགས་ལ་ཤོག༔ གཤེད་སྒྲོ་རླུང་ཐུབ་ནང་དུ་ཆུག༔ གཤེད་འབྲེང་འདོམ་དགུས་སྡོམ་ལ་ཤོག༔ བླ་འཛིན་དྲྭ་བས་དྲིལ་ལ་ཤོག༔ སྐད་ཅིག་ཉིད་ལ་འདིར་ཁུག་ཅིག༔ ཨོཾ་བཛྲ་ཝ་ར་ཧི་ཀྲོ་ཏི་ཀ་ལི་ཧ་རི་ནི་ས༔ གནོད་བྱེད་ཟ་འདྲེ་ཤི་གཤེད་སྲོག་གཅོད་དབུགས་ལེན་ཤི་འདྲེ་ཤི་སྲི་གསོན་བདུད་གཤིན་ལྕགས་ཐམས་ཅད་ནྲི་ཏྲི་ཨཾ་ཀུ་ཤ་ཛ་ཛ༔ ཕཊཿ ཕཊཿ ཕཊཿ ཅེས་ཤར་ངོས་སུ་གཤེད་སྒྲོ་བརྡབ་བཅུག་ནས་སླ་ངའི་ཁ་ནས་གྲི་སོ་ཡར་བསྟན་པའི་སྟེང་དུ་བྱོ༔ ཚེ་འདས་ཀྱི་མིང་བྱང་རྡེའུ་དང་གཟུགས་ཡོད་པར་ཡར་གཞི་འགྲམ་དུ་བཞག༔ བྱང་བུ་རྣམས་ཕོ་ཡིན་ན་ཁ་སྦུབ་པ་རྣམས་ཁུག་པ་ཡིན༔ མོ་ཡིན་ན་ཁ་ཡར་བསྟན་པ་རྣམས་ཁུག་པ་ཡིན༔ ཁུག་པ་རྣམས་ཧོམ་ཁུང་དུ་འཕེན༔ མ་ཁུག་པ་རྣམས་སྔར་ལྟར་བཞིན་སྣོད་དུ་བསྡེབ་ནས་འདི་ལྟར་གྱེར༔ ཧཱུྃ༔ མ་ཅིག་ཁྲོས་མ་ནག་མོ་ཡི༔ ཡོན་ཏན་སྤྲུལ་པའི་ཕོ་ཉ་ནི༔ ལྕགས་ཀྱི་སྤྱང་མོ་སྔོན་མོ་ལ༔ གསེར་གྱི་བུད་མེད་སེར་མོ་ཆིབས༔ བླ་བྱ་སེར་པོ་ཀླད་ན་ལྡིང༔ བླ་ཁྱི་སེར་པོ་རོལ་དུ་ཁྲིད༔ བླ་འཛིན་དྲྭ་བ་རྒྱབ་ནས་ཁུར༔ གཤེད་སྟར་ཁ་ཆེ་ཕྲག་ལ་གཟར༔ གཤེད་ཟོར་འགུགས་མོ་ལག་ན་ཐོགས༔ གཤེད་སྒྲོ་རླུང་ཐུབ་ལག་ཏུ་ཐོགས༔ གཤེད་འབྲེང་འདོམ་དགུ་གྲུ་ལ་བཀོན༔ མི་ཤ་གཤེད་ལ་བརྡབ་པའི་ཕྱིར༔ གནོད་བྱེད་ཟ་འདྲེ་ཤི་གཤེད་འདི༔ ལྷོ་ཡི་ཕྱོགས་ནས་ཁུག་ལ་ཤོག༔ མི་ལྤགས་གཡང་གཞིས་རྡོབས་ལ་ཤོག༔ གཤེད་སྟར་ཁ་ཆེས་རྒྱོབ་ལ་ཤོག༔ གཤེད་ཟེར་འགུགས་མོས་ཟུང་ལ་ཤོག༔ གཤེད་སྒྲོ་རླུང་ཐུབ་ནང་དུ་ཆུག༔ གཤེད་འབྲེང་འདོམ་དགུས་སྡོམ་ལ་ཤོག༔ བླ་འཛིན་དྲྭ་བས་དྲིལ་ལ་ཤོག༔ སྐད་ཅིག་ཉིད་ལ་འདིར་ཁུག་ཅིག༔ ཨོཾ་བཛྲ་ཝ་ར་ཧི་ཀྲོ་ཏི་ཀ་ལི་ཧ་རི་ནི་ས་གནོད་བྱེད་ཟ་འདྲེ་ཤི་གཤེད་སྲོག་གཅོད་དབུགས་ལེན་ཤི་འདྲེ་ཤི་སྲི་གསོན་བདུད་གཤིན་ལྕགས་ཐམས་ཅད་ནྲི་ཏྲི་ཨཾ་ཀུ་ཤ་ཛ་ཛ༔ ཕཊཿ ཕཊཿ ཕཊཿ སྔགས་གོང་ལྟར་དང༔ ཕཊ་ཤད་བྱས་ནས་གྱུ་བ་ཧོམ་ཁུང་དུ་བླུག༔ ཡང་སྔར་ལྟར་ནུབ་ཏུ༔ ཧཱུྃ༔ མ་ཅིག་ཁྲོས་མ་ནག་མོ་ཡི༔ གསུང་ལས་སྤྲུལ་པའི་ཕོ་ཉ་ནི༔ ལྕགས་ཀྱི་སྤྱང་མོ་སྔོན་མོ་ལ༔ བྱི་རུའི་བུད་མེད་དམར་མོ་ཆིབས༔ བླ་བྱ་དམར་མོ་ཀླད་ནས་ལྡིང༔ བླ་ཁྱི་དམར་པོ་རོལ་དུ་ཁྲིད༔ བླ་འཛིན་དྲྭ་བ་རྒྱབ་ཏུ་ཁུར༔ གཤེད་སྟར་ཁ་ཆེ་ཕྲག་ལ་གཟར༔ གཤེད་ཟོར་འགུགས་མོ་ལག་ན་ཐོགས༔ གཤེད་སྒྲོ་རླུང་ཐུབ་ལག་ཏུ་ཐོགས༔ གཤེད་འབྲེང་འདོམ་དགུ་གྲུ་ལ་བཀོན༔ མི་ཤ་གཤེད་ལ་བརྡབ་པའི་ཕྱིར༔ གནོད་བྱེད་ཟ་འདྲེ་ཤི་གཤེད་འདི༔ ནུབ་ཀྱི་ཕྱོགས་ནས་ཁུག་ལ་ཤོག༔ མི་ལྤགས་གཡང་གཞིས་རྡོབས་ལ་ཤོག༔ གཤེད་སྟར་ཁ་ཆེས་རྒྱོབ་ལ་ཤོག༔ གཤེད་ཟོར་འགུགས་མོས་ཟུང་ལ་ཤོག༔ གཤེད་སྒྲོ་རླུང་ཐུབ་ནང་དུ་ཆུག༔ གཤེད་འབྲེང་འདོམ་དགུས་སྡོམ་ལ་ཤོག༔ བླ་འཛིན་དྲྭ་བས་དྲིལ་ལ་ཤོག༔ སྐད་ཅིག་ཉིད་ལ་འདིར་ཁུག་ཅིག༔ གོང་ལྟར་སྔགས་དང་འགྲེས༔ ཕཊཿ སླར་བྱོ་དང་མ་ཁུག་པ་རྣམས་བཅུག་ལ༔ ཡང་ཁ་བྱང་དུ་གྱུ་ལ༔ ཧཱུྃ༔ མ་ཅིག་ཁྲོས་མ་ནག་མོ་ཡི༔ ཕྲིན་ལས་སྤྲུལ་པའི་ཕོ་ཉ་ནི༔ ལྕགས་ཀྱི་སྤྱང་མོ་སྔོན་མོ་ལ༔ གཡུ་ཡི་བུད་མེད་ལྗང་མོ་ཆིབས༔ བླ་བྱ་ལྗང་མོ་ཀླད་ན་ལྡིང༔ བླ་ཁྱི་ལྗང་མོ་རོལ་དུ་ཁྲིད༔ བླ་འཛིན་དྲྭ་བ་རྒྱབ་ནས་ཁུར༔ གཤེད་སྟར་ཁ་ཆེ་ཕྲག་ལ་གཟར༔ གཤེད་ཟོར་འགུགས་མོ་ལག་ན་ཐོགས༔ གཤེད་སྒྲོ་རླུང་ཐུབ་ལག་ཏུ་ཐོགས༔ གཤེད་འབྲེང་འདོམ་དགུ་གྲུ་ལ་བཀོན༔ མི་ཤ་གཤེད་ལ་བརྡབ་པའི་ཕྱིར༔ གནོད་བྱེད་ཟ་འདྲེ་ཤི་གཤེད་འདི༔ བྱང་གི་ཕྱོགས་ནས་ཁུག་ལ་ཤོག༔ མི་ལྤགས་གཡང་གཞིས་རྡོབས་ལ་ཤོག༔ གཤེད་སྟར་ཁ་ཆེས་རྒྱོབ་ལ་ཤོག༔ གཤེད་ཟོར་འགུགས་མོས་ཟུང་ལ་ཤོག༔ གཤེད་སྒྲོ་རླུང་ཐུབ་ནང་དུ་ཆུག༔ གཤེད་འབྲེང་འདོམ་དགུས་སྡོམ་ལ་ཤོག༔ བླ་འཛིན་དྲྭ་བས་དྲིལ་ལ་ཤོག༔ སྐད་ཅིག་ཉིད་ལ་འདིར་ཁུག་ཅིག༔ གོང་ལྟར་སྔགས་དང་འགྲེས༔ ཕཊཿ མཚམས་བཞི་སྟེང་འོག་ཏུ་བརྡབ༔ ཧཱུྃ༔ མ་ཅིག་ཁྲོས་མ་ནག་མོ་ཡི༔ ཐུགས་ལས་སྤྲུལ་པའི་ཕོ་ཉ་ནི༔ ལྕགས་ཀྱི་སྤྱང་ཀི་སྔོན་མོ་ལ༔ མཐིང་གི་བུད་མེད་སྔོན་མོ་ཆིབས༔ བླ་བྱ་སྔོན་མོ་ཀླད་ན་ལྡིང༔ བླ་ཁྱི་སྔོན་མོ་རོལ་དུ་ཁྲིད༔ བླ་འཛིན་དྲྭ་བ་རྒྱབ་ནས་ཁུར༔ གཤེད་སྟར་ཁ་ཆེ་ཕྲག་ལ་གཟར༔ གཤེད་ཟོར་འགུགས་མོ་ལག་ན་ཐོགས༔ གཤེད་སྒྲོ་རླུང་ཐུབ་ལག་ཏུ་ཐོགས༔ གཤེད་འབྲེང་འདོམ་དགུ་གྲུ་ལ་བཀོན༔ མི་ཤ་གཤེད་ལ་བརྡབ་པའི་ཕྱིར༔ གནོད་བྱེད་ཟ་འདྲེ་ཤི་གཤེད་འདི༔ མཚམས་བཞི་སྟེང་འོག་ཀུན་ནས་ཁུག་ལ་ཤོག༔ མི་ལྤགས་གཡང་གཞིས་རྡོབས་ལ་ཤོག༔ གཤེད་སྟར་ཁ་ཆེས་རྒྱོབ་ལ་ཤོག༔ གཤེད་ཟོར་འགུགས་མོས་ཟུང་ལ་ཤོག༔ གཤེད་སྒྲོ་རླུང་ཐུབ་ནང་དུ་ཆུག༔ གཤེད་འབྲེང་འདོམ་དགུས་སྡོམ་ལ་ཤོག༔ བླ་འཛིན་དྲྭ་བས་དྲིལ་ལ་ཤོག༔ གཤེད་པོ་ཟ་འདྲེ་ཤི་གཤེད་རྣམས༔ སྐད་ཅིག་ཉིད་ལ་འདིར་ཁུག་ཅིག༔ གོང་གི་འགུགས་སྔགས་དང་༔ ཕཊཿ སླར་བྱོ་བླུག་གོང་ལྟར་རོ༔ དེ་ནས་བྱང་དུ་ཧོམ་ཁུག་མ་ཁུག་བརྟག་ནས་ཟན་ལིང་བཅས་སྒྲོ་བར་བཅུག་ལ༔ དེ་ནས་ཁང་པའི་ཡང་ཐོག་དང་ཁྱིམ་གྱི་ཕྱི་ནང་དུ་མི་རྐང་འབུད་ཅིང་རྡོ་ཐུན་བྲབ༔ ཀུན་ལ་རྡེབ་བཅུག་གབ་སྐུང་ཕུད༔ ཁྲོས་མའི་བརྟུལ་ཞུགས་འདི་ལྟར་གྱེར༔ ཕཊ་ཛ༔ མ་ཅིག་ཁྲོས་མ་ནག་མོ་ཡི༔ སྤྲུལ་པ་ཕྲ་མེན་སེང་གེའི་གདོང༔ འཁོར་དུ་ཕོ་ཉ་འབུམ་ཕྲག་འགྱེད༔ ཀུན་གྱིས་ལྕགས་ཀྱུ་ཞགས་སྒྲོག་དྲིལ༔ ཐོགས་པ་ཁྱིམ་གྱི་ཤར་དུ་རྒྱུག༔ དཀར་པོའི་རིགས་ལ་གཤེད་གབ་ན༔ གབ་སྐུང་ཕུད་ལ་འདིར་ཁུག་ཅིག༔ མིང་བྱང་གཟུགས་དང་དབྱེར་མེད་མཛོད༔ ཕཊཿ ཟ་འདྲེ་ཤི་གཤེད་ཁུག་ལ་ཤོག༔ སྲོག་གཅོད་དབུགས་ལེན་ཁུག་ལ་ཤོག༔ ཚེ་ལེན་མདངས་ཕྲོགས་ཁུག་ལ་ཤོག༔ གསོན་བདུད་གཤིན་ལྕགས་ཁུག་ལ་ཤོག༔ ཤི་འདྲེ་ཤི་སྲི་ཁུག་ལ་ཤོག༔ གོད་སྲི་གོད་འདྲེ་ཁུག་ལ་ཤོག༔ ཆེ་སྲི་ཆུང་སྲི་ཁུག་ལ་ཤོག༔ གནོད་བྱེད་བྱད་མ་ལྷ་སྲུང་དང༔ བསྒྲལ་བའི་ཞིང་བཅུ་མ་ལུས་པ༔ གབ་སྐུང་ཕུད་ལ་འདིར་ཁུག་ཅིག༔ མིང་བྱང་གཟུགས་དང་དབྱེར་མེད་མཛོད༔ གཤེད་པོ་ལས་ངན་ཁུག་ལ་ཤོག༔ གསོན་བདུད་གཤིན་ལྕགས་ཁུག་ལ་ཤོག༔ ཟ་འདྲེ་ཤི་གཤེད་ཁུག་ལ་ཤོག༔ སྲོག་གཅོད་དབུགས་ལེན་ཁུག་ལ་ཤོག༔ གཞོན་སྲི་དར་སྲི་ཁུག་ལ་ཤོག༔ ནད་འདྲེ་ཤི་འདྲེ་ཁུག་ལ་ཤོག༔ ཛ་ཧཱུྃ་བྷྱོ༔ བཛྲ་ཨཾ་ཀུ་ཤ་ཡ་ཛཿཛ༔ ཏྲི་ཡཾ་ཛཿཛ༔ ཕཊཿཛ༔ མ་ཅིག་ཁྲོས་མ་ནག་མོ་ཡི༔ སྤྲུལ་པ་ཕྲ་མེན་སྟག་གི་གདོང༔ འཁོར་དུ་ཕོ་ཉ་འབུམ་ཕྲག་འགྱེད༔ ཀུན་གྱིས་ལྕགས་ཀྱུ་ཞགས་སྒྲོག་དྲིལ༔ ཐོགས་པ་ཁྱིམ་གྱི་ཤར་ལྷོར་རྒྱུག༔ དཀར་སེར་རྫས་ལ་གཤེད་གབ་ན༔ གབ་སྐུང་ཕུད་ལ་འདིར་ཁུག་ཅིག༔ མིང་བྱང་གཟུགས་དང་དབྱེར་མེད་མཛོད༔ ཕཊཿ ཟ་འདྲེ་ཤི་གཤེད་ཁུག་ལ་ཤོག༔ སྲོག་གཅོད་དབུགས་ལེན་ཁུག་ལ་ཤོག༔ ཚེ་ལེན་མདངས་ཕྲོགས་ཁུག་ལ་ཤོག༔ གསོན་བདུད་གཤིན་ལྕགས་ཁུག་ལ་ཤོག༔ ཤི་འདྲེ་ཤི་སྲི་ཁུག་ལ་ཤོག༔ གོད་སྲི་གོད་འདྲེ་ཁུག་ལ་ཤོག༔ ཆེ་སྲི་ཆུང་སྲི་ཁུག་ལ་ཤོག༔ གནོད་བྱེད་བྱད་མ་ལྷ་སྲུང་དང༔ བསྒྲལ་བའི་ཞིང་བཅུ་མ་ལུས་པ༔ གབ་སྐུང་ཕུད་ལ་འདིར་ཁུག་ཅིག༔ མིང་བྱང་གཟུགས་དང་དབྱེར་མེད་མཛོད༔ གཤེད་པོ་ལས་ངན་ཁུག་ལ་ཤོག༔ གསོན་བདུད་གཤིན་ལྕགས་ཁུག་ལ་ཤོག༔ ཟ་འདྲེ་ཤི་གཤེད་ཁུག་ལ་ཤོག༔ སྲོག་གཅོད་དབུགས་ལེན་ཁུག་ལ་ཤོག༔ གཞོན་སྲི་དར་སྲི་ཁུག་ལ་ཤོག༔ ནད་འདྲེ་ཤི་འདྲེ་ཁུག་ལ་ཤོག༔ ཛ་ཧཱུྃ་བྷྱོ༔ བཛྲ་ཨཾ་ཀུ་ཤ་ཡ་ཛཿཛ༔ ཏྲི་ཡཾ་ཛཿཛ༔ ཕཊཿཛ༔ མ་ཅིག་ཁྲོས་མ་ནག་མོ་ཡི༔ སྤྲུལ་པ་ཕྲ་མེན་ཝ་ཡི་གདོང༔ འཁོར་དུ་ཕོ་ཉ་འབུམ་ཕྲག་འགྱེད༔ ཀུན་གྱིས་ལྕགས་ཀྱུ་ཞགས་སྒྲོག་དྲིལ༔ ཐོགས་པ་ཁྱིམ་གྱི་ལྷོ་རུ་རྒྱུག༔ སེར་པོའི་རིགས་ལ་གཤེད་གབ་ན༔ གབ་སྐུང་ཕུད་ལ་འདིར་ཁུག་ཅིག༔ མིང་བྱང་གཟུགས་དང་དབྱེར་མེད་མཛོད༔ ཕཊཿ ཕཊཿཛཿ མ་ཅིག་ཁྲོས་མ་ནག་མོ་ཡི༔ སྤྲུལ་པ་ཕྲ་མེན་སྤྱང་ཀིའི་གདོང༔ འཁོར་དུ་ཕོ་ཉ་འབུམ་ཕྲག་འགྱེད༔ ཀུན་གྱིས་ལྕགས་ཀྱུ་ཞགས་སྒྲོག་དྲིལ༔ ཐོགས་པ་ཁྱིམ་གྱི་ལྷོ་ནུབ་རྒྱུག༔ དམར་སེར་རིགས་ལ་གཤེད་གབ་ན༔ གབ་སྐུང་ཕུད་ལ་འདིར་ཁུག་ཅིག༔ མིང་བྱང་གཟུགས་དང་དབྱེར་མེད་མཛོད༔ ཕཊཿ ཟ་འདྲེ་ཤི་གཤེད་ཁུག་ལ་ཤོག༔ སྲོག་གཅོད་དབུགས་ལེན་ཁུག་ལ་ཤོག༔ ཚེ་ལེན་མདངས་ཕྲོགས་ཁུག་ལ་ཤོག༔ གསོན་བདུད་གཤིན་ལྕགས་ཁུག་ལ་ཤོག༔ ཤི་འདྲེ་ཤི་སྲི་ཁུག་ལ་ཤོག༔ གོད་སྲི་གོད་འདྲེ་ཁུག་ལ་ཤོག༔ ཆེ་སྲི་ཆུང་སྲི་ཁུག་ལ་ཤོག༔ གནོད་བྱེད་བྱད་མ་ལྷ་སྲུང་དང༔ བསྒྲལ་བའི་ཞིང་བཅུ་མ་ལུས་པ༔ གབ་སྐུང་ཕུད་ལ་འདིར་ཁུག་ཅིག༔ མིང་བྱང་གཟུགས་དང་དབྱེར་མེད་མཛོད༔ གཤེད་པོ་ལས་ངན་ཁུག་ལ་ཤོག༔ གསོན་བདུད་གཤིན་ལྕགས་ཁུག་ལ་ཤོག༔ ཟ་འདྲེ་ཤི་གཤེད་ཁུག་ལ་ཤོག༔ སྲོག་གཅོད་དབུགས་ལེན་ཁུག་ལ་ཤོག༔ གཞོན་སྲི་དར་སྲི་ཁུག་ལ་ཤོག༔ ནད་འདྲེ་ཤི་འདྲེ་ཁུག་ལ་ཤོག༔ ཛ་ཧཱུྃ་བྷྱོ༔ བཛྲ་ཨཾ་ཀུ་ཤ་ཡ་ཛཿཛ༔ ཏྲི་ཡཾ་ཛཿཛ༔ ཕཊཿཛ༔ མ་ཅིག་ཁྲོས་མ་ནག་མོ་ཡི༔ སྤྲུལ་པ་ཕྲ་མེན་ཀང་ཀའི་མགོ༔ འཁོར་དུ་ཕོ་ཉ་འབུམ་ཕྲག་འགྱེད༔ ཀུན་གྱིས་ལྕགས་ཀྱུ་ཞགས་སྒྲོག་དྲིལ༔ ཐོགས་པ་ཁྱིམ་གྱི་ནུབ་ཏུ་རྒྱུག༔ དམར་པོའི་རིགས་ལ་གཤེད་གབ་ན༔ གབ་སྐུང་ཕུད་ལ་འདིར་ཁུག་ཅིག༔ མིང་བྱང་གཟུགས་དང་དབྱེར་མེད་མཛོད༔ ཕཊཿ ཟ་འདྲེ་ཤི་གཤེད་ཁུག་ལ་ཤོག༔ སྲོག་གཅོད་དབུགས་ལེན་ཁུག་ལ་ཤོག༔ ཚེ་ལེན་མདངས་ཕྲོག་ཁུག་ལ་ཤོག༔ གསོན་བདུད་གཤིན་ལྕགས་ཁུག་ལ་ཤོག༔ ཤི་འདྲེ་ཤི་སྲི་ཁུག་ལ་ཤོག༔ གོད་སྲི་གོད་འདྲེ་ཁུག་ལ་ཤོག༔ ཆེ་སྲི་ཆུང་སྲི་ཁུག་ལ་ཤོག༔ གནོད་བྱེད་བྱད་མ་ལྷ་སྲུང་དང༔ བསྒྲལ་བའི་ཞིང་བཅུ་མ་ལུས་པ༔ གབ་སྐུང་ཕུད་ལ་འདིར་ཁུག་ཅིག༔ མིང་བྱང་གཟུགས་དང་དབྱེར་མེད་མཛོད༔ གཤེད་པོ་ལས་ངན་ཁུག་ལ་ཤོག༔ གསོན་བདུད་གཤིན་ལྕགས་ཁུག་ལ་ཤོག༔ ཟ་འདྲེ་ཤི་གཤེད་ཁུག་ལ་ཤོག༔ སྲོག་གཅོད་དབུགས་ལེན་ཁུག་ལ་ཤོག༔ གཞོན་སྲི་དར་སྲི་ཁུག་ལ་ཤོག༔ ནད་འདྲེ་ཤི་འདྲེ་ཁུག་ལ་ཤོག༔ ཛ་ཧཱུྃ་བྷྱོ༔ བཛྲ་ཨཾ་ཀུ་ཤ་ཡ་ཛཿཛ༔ ཏྲི་ཡཾ་ཛཿཛ༔ ཕཊཿཛ༔ མ་ཅིག་ཁྲོས་མ་ནག་མོ་ཡི༔ སྤྲུལ་པ་ཕྲ་མེན་བྱ་རྒོད་གདོང༔ འཁོར་དུ་ཕོ་ཉ་འབུམ་ཕྲག་འགྱེད༔ ཀུན་གྱིས་ལྕགས་ཀྱུ་ཞགས་སྒྲོག་དྲིལ༔ ཐོགས་པ་ཁྱིམ་གྱི་ནུབ་བྱང་རྒྱུག༔ དམར་ལྗང་རིགས་ལ་གཤེད་གབ་ན༔ གབ་སྐུང་ཕུད་ལ་འདིར་ཁུག་ཅིག༔ མིང་བྱང་གཟུགས་དང་དབྱེར་མེད་མཛོད༔ ཕཊཿ ཟ་འདྲེ་ཤི་གཤེད་ཁུག་ལ་ཤོག༔ སྲོག་གཅོད་དབུགས་ལེན་ཁུག་ལ་ཤོག༔ ཚེ་ལེན་མདངས་ཕྲོགས་ཁུག་ལ་ཤོག༔ གསོན་བདུད་གཤིན་ལྕགས་ཁུག་ལ་ཤོག༔ ཤི་འདྲེ་ཤི་སྲི་ཁུག་ལ་ཤོག༔ གོད་སྲི་གོད་འདྲེ་ཁུག་ལ་ཤོག༔ ཆེ་སྲི་ཆུང་སྲི་ཁུག་ལ་ཤོག༔ གནོད་བྱེད་བྱད་མ་ལྷ་སྲུང་དང༔ བསྒྲལ་བའི་ཞིང་བཅུ་མ་ལུས་པ༔ གབ་སྐུང་ཕུད་ལ་འདིར་ཁུག་ཅིག༔ མིང་བྱང་གཟུགས་དང་དབྱེར་མེད་མཛོད༔ གཤེད་པོ་ལས་ངན་ཁུག་ལ་ཤོག༔ གསོན་བདུད་གཤིན་ལྕགས་ཁུག་ལ་ཤོག༔ ཟ་འདྲེ་ཤི་གཤེད་ཁུག་ལ་ཤོག༔ སྲོག་གཅོད་དབུགས་ལེན་ཁུག་ལ་ཤོག༔ གཞོན་སྲི་དར་སྲི་ཁུག་ལ་ཤོག༔ ནད་འདྲེ་ཤི་འདྲེ་ཁུག་ལ་ཤོག༔ ཛ་ཧཱུྃ་བྷྱོ༔ བཛྲ་ཨཾ་ཀུ་ཤ་ཡ་ཛཿཛ༔ ཏྲི་ཡཾ་ཛཿཛ༔ ཕཊཿཛ༔ མ་ཅིག་ཁྲོས་མ་ནག་མོ་ཡི༔ སྤྲུལ་པ་ཕྲ་མེན་ཁྭ་ཁའི་གདོང༔ འཁོར་དུ་ཕོ་ཉ་འབུམ་ཕྲག་འགྱེད༔ ཀུན་གྱིས་ལྕགས་ཀྱུ་ཞགས་སྒྲོག་དྲིལ༔ ཐོགས་པ་ཁྱིམ་གྱི་བྱང་དུ་རྒྱུག༔ ལྗང་གུའི་རིགས་ལ་གཤེད་གབ་ན༔ གབ་སྐུང་ཕུད་ལ་འདིར་ཁུག་ཅིག༔ མིང་བྱང་གཟུགས་དང་དབྱེར་མེད་མཛོད༔ ཕཊཿ ཟ་འདྲེ་ཤི་གཤེད་ཁུག་ལ་ཤོག༔ སྲོག་གཅོད་དབུགས་ལེན་ཁུག་ལ་ཤོག༔ ཚེ་ལེན་མདངས་ཕྲོགས་ཁུག་ལ་ཤོག༔ གསོན་བདུད་གཤིན་ལྕགས་ཁུག་ལ་ཤོག༔ ཤི་འདྲེ་ཤི་སྲི་ཁུག་ལ་ཤོག༔ གོད་སྲི་གོད་འདྲེ་ཁུག་ལ་ཤོག༔ ཆེ་སྲི་ཆུང་སྲི་ཁུག་ལ་ཤོག༔ གནོད་བྱེད་བྱད་མ་ལྷ་སྲུང་དང༔ བསྒྲལ་བའི་ཞིང་བཅུ་མ་ལུས་པ༔ གབ་སྐུང་ཕུད་ལ་འདིར་ཁུག་ཅིག༔ མིང་བྱང་གཟུགས་དང་དབྱེར་མེད་མཛོད༔ གཤེད་པོ་ལས་ངན་ཁུག་ལ་ཤོག༔ གསོན་བདུད་གཤིན་ལྕགས་ཁུག་ལ་ཤོག༔ ཟ་འདྲེ་ཤི་གཤེད་ཁུག་ལ་ཤོག༔ སྲོག་གཅོད་དབུགས་ལེན་ཁུག་ལ་ཤོག༔ གཞོན་སྲི་དར་སྲི་ཁུག་ལ་ཤོག༔ ནད་འདྲེ་ཤི་འདྲེ་ཁུག་ལ་ཤོག༔ ཛ་ཧཱུྃ་བྷྱོ༔ བཛྲ་ཨཾ་ཀུ་ཤ་ཡ་ཛཿཛ༔ ཏྲི་ཡཾ་ཛཿཛ༔ ཕཊ་ཛ༔ མ་ཅིག་ཁྲོས་མ་ནག་མོ་ཡི༔ སྤྲུལ་པ་ཕྲ་མེན་ཨུ་ལུའི་གདོང༔ འཁོར་དུ་ཕོ་ཉ་འབུམ་ཕྲག་འགྱེད༔ ཀུན་གྱིས་ལྕགས་ཀྱུ་ཞགས་སྒྲོག་དྲིལ༔ ཐོགས་པ་ཁྱིམ་གྱི་བྱང་ཤར་རྒྱུག༔ ལྗང་གུའི་རིགས་ལ་གཤེད་གབ་ན༔ གབ་སྐུང་ཕུད་ལ་འདིར་ཁུག་ཅིག༔ མིང་བྱང་གཟུགས་དང་དབྱེར་མེད་མཛོད༔ ཕཊཿ ཟ་འདྲེ་ཤི་གཤེད་ཁུག་ལ་ཤོག༔ སྲོག་གཅོད་དབུགས་ལེན་ཁུག་ལ་ཤོག༔ ཚེ་ལེན་མདངས་ཕྲོགས་ཁུག་ལ་ཤོག༔ གསོན་བདུད་གཤིན་ལྕགས་ཁུག་ལ་ཤོག༔ ཤི་འདྲེ་ཤི་སྲི་ཁུག་ལ་ཤོག༔ གོད་སྲི་གོད་འདྲེ་ཁུག་ལ་ཤོག༔ ཆེ་སྲི་ཆུང་སྲི་ཁུག་ལ་ཤོག༔ གནོད་བྱེད་བྱད་མ་ལྷ་སྲུང་དང༔ བསྒྲལ་བའི་ཞིང་བཅུ་མ་ལུས་པ༔ གབ་སྐུང་ཕུད་ལ་འདིར་ཁུག་ཅིག༔ མིང་བྱང་གཟུགས་དང་དབྱེར་མེད་མཛོད༔ གཤེད་པོ་ལས་ངན་ཁུག་ལ་ཤོག༔ གསོན་བདུད་གཤིན་ལྕགས་ཁུག་ལ་ཤོག༔ ཟ་འདྲེ་ཤི་གཤེད་ཁུག་ལ་ཤོག༔ སྲོག་གཅོད་དབུགས་ལེན་ཁུག་ལ་ཤོག༔ གཞོན་སྲི་དར་སྲི་ཁུག་ལ་ཤོག༔ ནད་འདྲེ་ཤི་འདྲེ་ཁུག་ལ་ཤོག༔ ཛ་ཧཱུྃ་བྷྱོ༔ བཛྲ་ཨཾ་ཀུ་ཤ་ཡ་ཛཿཛ༔ ཏྲི་ཡཾ་ཛཿཛ༔ ད་རུང་མ་ཁུག་པ་གདའ་ན་ཟན་ལིང་གཅིག་དང་མཉམ་དུ་ཤོག་ལིང་མང་བ་སླ་ངའི་ནང་ནས་སྒྲོ་བར་བཅུག་ལ་གདོང་ཆེན་བཞི་བསྐུལ་གྱིས་བཀུག་ནས་བསྒྲལ་བ་ནི༔ གཤེད་སྒྲོའི་གཤེད་འབྲེང་མིང་རུས་མི་གཅིག་པ་གཉིས་ཀྱིས་ཕར་འཐེན་ཚུར་འཐེན་བྱེད་ཅིང་གཉིས་ཀས་འབྲེང་བའི་སྣེ་མོ་ནས་འཐེན་ཅིང་ཕྱོགས་བཞིར་སྡེབ་བཅུག་སྟེ༔ གདུང་ཆེན་རྣམས་ཕྱོགས་སོ་སོ་ནས་གཡང་གཞིས་སྡེབ་ཅིང༔ ལས་བྱེད་དམར་མོ་ཟངས་ལྕགས་འཛིན་པ་གཉིས་ཀྱིས་ཞགས་པ་འཕངས་པས་སྐེ་ནས་ཕར་འཐེན་ཚུར་འཐེན་བྱེད་ནས་སྐད་ངན་ཙི་རེ་རེ་བྱེད་པར་བསྒོམས༔ ཕཊཿ མ་ཡུམ་ཆེན་ཐུགས་ལས་སྤྲུལ་པའི་སྲས༔ མ་ཅིག་ཇོ་མོ་རྣལ་འབྱོར་མ༔ ཕ་རོལ་ཕྱིན་པའི་གྲུབ་ཐོབ་མ༔ སྐལ་ལྡན་ཡོངས་ཀྱི་རྒྱུད་གྲོལ་མ༔ ཐུགས་དམ་བསྐུལ་ལོ་མཁའ་འགྲོའི་ཚོགས༔ སངས་རྒྱས་མཁའ་འགྲོའི་དུས་ལ་བབས༔ ཁྲོས་མ་ནག་མོའི་དུས་ལ་བབས༔ དུར་ཁྲོད་བདག་མོའི་དུས་ལ་བབས༔ ཤར་ཕྱོགས་དུར་ཁྲོད་གཞལ་ཡས་ནས༔ རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ༔ དཀར་མོ་ཆེན་མོ་སེང་གེའི་གདོང༔ ཤར་ན་དཀར་མོ་སེང་གདོང་མ༔ ལྷོ་ན་སེར་མོ་སེང་གདོང་མ༔ ནུབ་ན་དམར་མོ་སེང་གདོང་མ༔ བྱང་ན་ལྗང་མོ་སེང་གདོང་མ༔ ཤར་ཕྱོགས་མཁའ་འགྲོའི་དུས་ལ་བབས༔ དབུགས་ལེན་སྲོག་གཅོད་འགུགས་པའི་དུས་ལ་བབས༔ ཟ་འདྲེ་ཤི་གཤེད་འགུགས་པའི་དུས་ལ་བབས༔ བཀུག་ནས་བསྒྲལ་བའི་དུས་ལ་བབས༔ དུས་ལ་བབ་པོ་ས་མ་ཡཱ༔ ཕཊ༔ ཕཊཿ ཕཊཿ ཅེས་ཤར་དུ་རྡེབ། ཧཱུྃ༔ ལྷོ་ཕྱོགས་དུར་ཁྲོད་གཞལ་ཡས་ན༔ རིན་ཆེན་རིགས་ཀྱི་མཁའ་འགྲོ་མ༔ སེར་མོ་རིན་ཆེན་སྟག་གདོང་མ༔ ཤར་ན་དཀར་མོ་སྟག་གདོང་མ༔ ལྷོ་ན་སེར་མོ་སྟག་གདོང་མ༔ ནུབ་ན་དམར་མོ་སྟག་གདོང་མ༔ བྱང་ན་ལྗང་མོ་སྟག་གདོང་མ༔ ལྷོ་ཕྱོགས་མཁའ་འགྲོ་སྡེ་ལྔ་ཡང༔ ཕྱག་གཡས་ཞིང་ཆེན་གཡང་གཞིས་རྡེབ༔ གཡོན་པས་འགུགས་བྱེད་ལྕགས་ཀྱུ་བསྣམས༔ ལྷོ་ཕྱོགས་མཁའ་འགྲོའི་དུས་ལ་བབས༔ དབུགས་ལེན་སྲོག་གཅོད་འགུགས་པའི་དུས་ལ་བབས༔ ཟ་འདྲེ་ཤི་གཤེད་འགུགས་པའི་དུས་ལ་བབས༔ བཀུག་ནས་བསྒྲལ་བའི་དུས་ལ་བབས༔ དུས་ལ་བབ་པོ་ས་མ་ཡཱ༔ ཕཊཿ ཕཊཿ ཕཊཿ ཅེས་ལྷོ་རུ་རྡེབ༔ ཧཱུྃ༔ ནུབ་ཕྱོགས་དུར་ཁྲོད་གཞལ་ཡས་ན༔ པདྨ་རིགས་ཀྱི་མཁའ་འགྲོ་མ༔ དམར་མོ་པདྨ་ཆུ་སྲིན་གདོང༔ ཤར་ན་དཀར་མོ་ཆུ་སྲིན་གདོང༔ ལྷོ་ན་སེར་མོ་ཆུ་སྲིན་གདོང༔ ནུབ་ན་དམར་མོ་ཆུ་སྲིན་གདོང༔ བྱང་ན་སྔོན་མོ་ཆུ་སྲིན་གདོང༔ ནུབ་ཕྱོགས་མཁའ་འགྲོ་སྡེ་ལྔ་ཡང༔ ཕྱག་གཡས་ཞིང་ཆེན་གཡང་གཞི་རྡེབ༔ གཡོན་པས་འགུགས་བྱེད་ལྕགས་ཀྱུ་བསྣམས༔ ནུབ་ཕྱོགས་མཁའ་འགྲོའི་དུས་ལ་བབས༔ དབུགས་ལེན་སྲོག་གཅོད་འགུགས་པའི་དུས་ལ་བབས༔ ཟ་འདྲེ་ཤི་གཤེད་འགུགས་པའི་དུས་ལ་བབས༔ བཀུག་ནས་བསྒྲལ་བའི་དུས་བབས༔ དུས་ལ་བབ་པོ་ས་མ་ཡཱ༔ ཕཊཿ ཕཊཿ ཕཊཿ ཅེས་ནུབ་ཏུ་རྡེབ༔ ཧཱུྃ༔ བྱང་ཕྱོགས་དུར་ཁྲོད་གཞལ་ཡས་ན༔ ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ༔ ལྗང་མོ་ཆེན་མོ་འབྲུག་གདོང་མ༔ ཤར་ན་དཀར་མོ་འབྲུག་གདོང་མ༔ ལྷོ་ན་སེར་མོ་འབྲུག་གདོང་མ༔ ནུབ་ན་དམར་མོ་འབྲུག་གདོང་མ༔ བྱང་ན་ལྗང་མོ་འབྲུག་གདོང་མ༔ བྱང་ཕྱོགས་མཁའ་འགྲོ་སྡེ་ལྔ་ཡང༔ ཕྱག་གཡས་ཞིང་ཆེན་གཡང་གཞིས་རྡེབ༔ ཕྱག་གཡོན་འགུགས་པའི་ལྕགས་ཀྱུ་བསྣམས༔ བྱང་ཕྱོགས་མཁའ་འགྲོའི་དུས་ལ་བབས༔ དབུགས་ལེན་སྲོག་གཅོད་འགུགས་པའི་དུས་ལ་བབས༔ ཟ་འདྲེ་ཤི་གཤེད་འགུགས་པའི་དུས་ལ་བབས༔ བཀུག་ནས་བསྒྲལ་བའི་དུས་ལ་བབས༔ དུས་ལ་བབ་པོ་ས་མ་ཡཱ༔ ཕཊཿ ཕཊཿ ཕཊཿ དེ་ནས་ཐམས་ཅད་སླ་ངའི་ནང་བྱོས་སོ༔ བྲོས་ལམ་བཅད་པ་ནི༔ མི་ཐམས་ཅད་ཀྱིས་འདུལ་ཆས་མདའ་གཞུ་མདུང་གྲི་ཐོ་བ་རྔ་མ་ཤ་ལག་རྣམས་བཟུང་ནས་སླ་ང་བསྐོར༔ ཧཱུྃ༔ ང་ནི་ཁྲོས་མ་ནག་མོའི་སྐུ༔ སྣང་སྲིད་ཐམས་ཅད་ང་ལས་བྱུང༔ གནོད་བྱེད་ཟ་འདྲེ་ཤི་གཤེད་ཁྱོད༔ ཤར་གྱི་ཕྱོགས་སུ་མ་འབྲོས་ཤིག༔ ཤར་གྱི་ཕྱོགས་སུ་འབྲོས་སྙམ་ན༔ ཤར་ཕྱོགས་རྡོ་རྗེ་མཁའ་འགྲོ་མ༔ དེ་ཡང་ང་ཡི་ཕོ་ཉ་ཡིན༔ གཤེད་པོ་ཤར་གྱི་འབྲོས་ལམ་ཆོད༔ གནོད་བྱེད་ཟ་འདྲེ་ཤི་གཤེད་ཁྱོད༔ ལྷོ་ཡི་ཕྱོགས་སུ་མ་འབྲོས་ཤིག༔ ལྷོ་ཡི་ཕྱོགས་སུ་འབྲོས་སྙམ་ན༔ ལྷོ་ཕྱོགས་རིན་ཆེན་མཁའ་འགྲོ་མ༔ དེ་ཡང་ང་ཡི་ཕོ་ཉ་ཡིན༔ གཤེད་པོ་ལྷོ་ཡི་འབྲོས་ལམ་ཆོད༔ གནོད་བྱེད་ཟ་འདྲེ་ཤི་གཤེད་ཁྱོད༔ ནུབ་ཀྱི་ཕྱོགས་སུ་མ་འབྲོས་ཤིག༔ ནུབ་ཀྱི་ཕྱོགས་སུ་འབྲོས་སྙམ་ན༔ ནུབ་ཕྱོགས་པདྨ་མཁའ་འགྲོ་མ༔ དེ་ཡང་ང་ཡི་ཕོ་ཉ་ཡིན༔ གཤེད་པོ་ནུབ་ཀྱི་འབྲོས་ལམ་ཆོད༔ གནོད་བྱེད་ཟ་འདྲེ་ཤི་གཤེད་ཁྱོད༔ བྱང་གི་ཕྱོགས་སུ་མ་འབྲོས་ཤིག༔ བྱང་གི་ཕྱོགས་སུ་འབྲོས་སྙམ་ན༔ བྱང་ཕྱོགས་ལས་ཀྱི་མཁའ་འགྲོ་མ༔ དེ་ཡང་ང་ཡི་ཕོ་ཉ་ཡིན༔ གཤེད་པོ་བྱང་གི་འབྲོས་ལམ་ཆོད༔ གནོད་བྱེད་ཟ་འདྲེ་ཤི་གཤེད་ཁྱོད༔ ཤར་ལྷོ་མཚམས་སུ་མ་འབྲོས་ཤིག༔ ཤར་ལྷོ་མཚམས་སུ་འབྲོས་སྙམ་ན༔ ཤར་ལྷོ་དམ་ཚིག་མཁའ་འགྲོ་མ༔ དེ་ཡང་ང་ཡི་ཕོ་ཉ་ཡིན༔ གཤེད་པོ་ཤར་ལྷོའི་འབྲོས་ལམ་ཆོད༔ གནོད་བྱེད་ཟ་འདྲེ་ཤི་གཤེད་ཁྱོད༔ ལྷོ་ནུབ་མཚམས་སུ་མ་འབྲོས་ཤིག༔ ལྷོ་ནུབ་མཚམས་སུ་འབྲོས་སྙམ་ན༔ ལྷོ་ནུབ་སྣ་ཚོགས་མཁའ་འགྲོ་མ༔ དེ་ཡང་ང་ཡི་ཕོ་ཉ་ཡིན༔ གཤེད་པོ་ལྷོ་ནུབ་འབྲོས་ལམ་ཆོད༔ གནོད་བྱེད་ཟ་འདྲེ་ཤི་གཤེད་ཁྱོད༔ ནུབ་བྱང་མཚམས་སུ་མ་འབྲོས་ཤིག༔ ནུབ་བྱང་མཚམས་སུ་འབྲོས་སྙམ་ན༔ ནུབ་བྱང་རིན་ཆེན་མཁའ་འགྲོ་མ༔ དེ་ཡང་ང་ཡི་ཕོ་ཉ་ཡིན༔ གཤེད་པོ་ནུབ་བྱང་འབྲོས་ལམ་ཆོད༔ གནོད་བྱེད་ཟ་འདྲེ་ཤི་གཤེད་ཁྱོད༔ བྱང་ཤར་མཚམས་སུ་མ་འབྲོས་ཤིག༔ བྱང་ཤར་མཚམས་སུ་འབྲོས་སྙམ་ན༔ བྱང་ཤར་དམ་ཚིག་མཁའ་འགྲོ་མ༔ དེ་ཡང་ང་ཡི་ཕོ་ཉ་ཡིན༔ གཤེད་པོ་བྱང་ཤར་འབྲོས་ལམ་ཆོད༔ གནོད་བྱེད་ཟ་འདྲེ་ཤི་གཤེད་ཁྱོད༔ སྟེང་གི་ཕྱོགས་སུ་མ་འབྲོས་ཤིག༔ སྟེང་གི་ཕྱོགས་སུ་འབྲོས་སྙམ་ན༔ སྟེང་ཕྱོགས་མཁའ་སྤྱོད་མཁའ་འགྲོ་མ༔ དེ་ཡང་ང་ཡི་ཕོ་ཉ་ཡིན༔ གཤེད་པོ་སྟེང་གི་འབྲོས་ལམ་ཆོད༔ གནོད་བྱེད་ལས་ངན་སྡིག་ཅན་ཁྱོད༔ འོག་གི་ཕྱོགས་སུ་མ་འབྲོས་ཤིག༔ འོག་གི་ཕྱོགས་སུ་འབྲོས་སྙམ་ན༔ འོག་ཕྱོགས་ས་སྤྱོད་མཁའ་འགྲོ་མ༔ དེ་ཡང་ང་ཡི་ཕོ་ཉ་ཡིན༔ གཤེད་པོ་འོག་གི་འབྲོས་ལམ་ཆོད༔ ཕཊཿ ཧཱུྃ༔ ང་ནི་ཁྲོས་མ་ནག་མོའི་སྐུ༔ གཤེད་པོ་ལས་ངན་སྡིག་ཅན་ཁྱོད༔ ནམ་ལངས་དུས་སུ་མ་འབྲོས་ཤིག༔ ནམ་ལངས་དུས་སུ་བྲོས་གྱུར་ན༔ ནམ་ལངས་དཀར་མོ་སེང་གེའི་གདོང༔ དེ་ཡང་ང་ཡི་ཕོ་ཉ་ཡིན༔ གཤེད་པོ་ཁུག་ལ་འབྲོས་ལམ་ཆོད༔ གཤེད་པོ་ལས་ངན་སྡིག་ཅན་ཁྱོད༔ ཉི་དྲོས་དུས་སུ་མ་བྲོས་ཤིག༔ ཉི་དྲོས་དུས་སུ་འབྲོས་སྙམ་ན༔ ཉི་དྲོས་སེར་མོ་སྤྱང་གདོང་མ༔ དེ་ཡང་ང་ཡི་ཕོ་ཉ་ཡིན༔ གནོད་བྱེད་ཁུག་ལ་འབྲོས་ལམ་ཆོད༔ གཤེད་པོ་ལས་ངན་སྡིག་ཅན་ཁྱོད༔ ཉིན་གུང་དུས་སུ་མ་འབྲོས་ཤིག༔ ཉིན་གུང་དུས་སུ་འབྲོས་སྙམ་ན༔ ཉིན་གུང་དཀར་སེར་བྱ་རྒོད་གདོང༔ དེ་ཡང་ང་ཡི་ཕོ་ཉ་ཡིན༔ གཤེད་པོ་ཁུག་ལ་འབྲོས་ལམ་ཆོད༔ གཤེད་པོ་ལས་ངན་སྡིག་ཅན་ཁྱོད༔ དགོང་ཁའི་དུས་སུ་མ་འབྲོས་ཤིག༔ དགོང་ཁའི་དུས་སུ་བྲོས་གྱུར་ན༔ དགོང་ཁ་སྔོན་མོ་བྱ་རོག་གདོང༔ དེ་ཡང་ང་ཡི་ཕོ་ཉ་ཡིན༔ གཤེད་པོ་ཁུག་ལ་འབྲོས་ལམ་ཆོད༔ གཤེད་པོ་ལས་ངན་སྡིག་ཅན་ཁྱོད༔ སྲོད་ཀྱི་དུས་སུ་མ་འབྲོས་ཤིག༔ སྲོད་ཀྱི་དུས་སུ་འབྲོས་སྙམ་ན༔ སྲོད་ནི་དམར་མོ་ཁྭ་ཡི་གདོང༔ དེ་ཡང་ང་ཡི་ཕོ་ཉ་ཡིན༔ གཤེད་པོ་ཁུག་ལ་འབྲོས་ལམ་ཆོད༔ གཤེད་པོ་ལས་ངན་སྡིག་ཅན་ཁྱོད༔ ནམ་གུང་དུས་སུ་མ་འབྲོས་ཤིག༔ ནམ་གུང་དུས་སུ་འབྲོས་སྙམ་ན༔ ནམ་གུང་ནག་མོ་སྟག་གདོང་མ༔ དེ་ཡང་ང་ཡི་ཕོ་ཉ་ཡིན༔ གཤེད་པོ་ཁུག་ལ་འབྲོས་ལམ་ཆོད༔ གཤེད་པོ་ལས་ངན་སྡིག་ཅན་ཁྱོད༔ ཐོ་རངས་དུས་སུ་མ་འབྲོས་ཤིག༔ ཐོ་རངས་དུས་སུ་འབྲོས་སྙམ་ན༔ ཐོ་རངས་ལྗང་མོ་ཝ་གདོང་མ༔ དེ་ཡང་ང་ཡི་ཕོ་ཉ་ཡིན༔ གཤེད་པོ་ཁུག་ལ་འབྲོས་ལམ་ཆོད༔ གཤེད་པོ་ལས་ངན་སྡིག་ཅན་ཁུག༔ གཤེད་པོ་ཁུག་ལ་བྲོས་ལམ་ཆོད༔ ཨོཾ་བཛྲ་ཝ་ར་ཧི་ཀྲོ་ཏི་ཀ་ལི་ཧ་རི་ནི་ས༔ གནོད་བྱེད་ཟ་འདྲེ་ཤི་གཤེད་ཐམས་ཅད་བྷནྡྷ་བྷནྡྷ་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཅེས་ཐམས་ཅད་ཀྱིས་འདུལ་ཆས་རྣམས་ཀྱིས་བརྒྱབ་ཏུ་བཅུག༔ ཕཊཿ དེ་ནས་ལྷ་དབྱེ་བ་ནི༔ ནྲྀ་བྱང་གཤེད་བྱང་དང་བྱ་འུག་གི་སྒྲོ་ཐོགས་ལ་རྫས་ངན་གྱི་དུད་པས་བདུག་སྟེ་འདི་སྐད་དོ༔ ཕཊཿ རང་ཉིད་ཁྲོས་མའི་ཐུགས་ཀ་ནས༔ ལས་བྱེད་དབྱེ་བའི་ཕྲ་མེན་འཕྲོས༔ དམིགས་ཡུལ་རིགས་ཀྱི་བུ་འདི་ལ༔ གསོན་དུས་ཚེ་ལ་བར་གཅོད་པ༔ ཤི་ཚེ་ཕུང་པོ་བདག་ཏུ་བཟུང༔ བླ་མི་བདེ་ཞིང་འགྲོ་ལ་གནོད༔ ཐར་པའི་ལམ་ལ་བར་དུ་གཅོད༔ དེ་འདྲའི་གསོན་བདུད་གཤིན་ལྕགས་ཚོགས༔ བླ་ཡིད་གཤེད་མ་སོ་སོར་དབྱེ༔ དབྱེའོ་དབྱེའོ་གཤེད་དང་དབྱེ༔ ཕྲོལ་ལོ་ཕྲོལ་ལོ་གཤེད་དང་ཕྲོལ༔ གུ་གུལ་སྦྱར་བའི་དུད་པ་འདིས༔ ཕ་ལྷ་ཞང་ལྷ་གཤེད་དང་དབྱེ༔ དབྱེའོ་དབྱེའོ་གཤེད་དང་དབྱེ༔ ཕྲོལ་ལོ་ཕྲོལ་ལོ་གཤེད་དང་ཕྲོལ༔ ཁྱི་བྲུན་ནག་པོའི་དུད་པ་འདིས༔ མ་ལྷ་མ་སྨན་གཤེད་དང་དབྱེ༔ དབྱེའོ་དབྱེའོ་གཤེད་དང་དབྱེ༔ ཕྲོལ་ལོ་ཕྲོལ་ལོ་གཤེད་དང་ཕྲོལ༔ སྤྱང་བྲུན་ཞུགས་ལ་སྦྱར་དུད་འདིས༔ ཚེ་ལྷ་སྲོག་ལྷ་གཤེད་དང་དབྱེ༔ དབྱེའོ་དབྱེའོ་གཤེད་དང་དབྱེ༔ ཕྲོལ་ལོ་ཕྲོལ་ལོ་གཤེད་དང་ཕྲོལ༔ ཡུག་སའི་ལྷྭམ་རྩྭ་དུད་པ་འདིས༔ ཡུལ་ལྷ་ཕྲག་ལྷའི་གཤེད་དང་དབྱེ༔ དབྱེའོ་དབྱེ་འོ་གཤེད་དང་དབྱེ༔ ཕྲོལ་ལོ་ཕྲོལ་ལོ་གཤེད་དང་ཕྲོལ༔ རྩ་སྔགས་མཐར༔ དམིགས་ཡུལ་འདི་ལ་གནོད་པར་བྱེད་པའི་ཟ་འདྲེ་ཤི་གཤེད་དང༔ གསོན་བདུད་གཤིན་ལྕགས་ད་ཕྲོལ་ཅིག༔ ཚེ་ལེན་མདངས་ཕྲོགས་ད་ཕྲོལ་ཅིག༔ སྲོག་གཅོད་དབུགས་ལེན་ད་ཕྲོལ་ཅིག༔ མཱ་ར་ཡ་ཤག་ཤག་ཕྱེ་ཕྱེ་ཨུ་ཙ་ཏ་ཡ་ཕཊཿ དེ་ནས་གཙོ་ཕུར་ཐོགས་ལ་ཕུར་བསྐྱེད་དང་ཚེ་ཁྲུས་ཀྱི་དགོངས་གནད་དང་ལྡན་པས༔ ཧཱུྃ་ཡིག་ལས་བྱུང་ཁྲོས་མ་ནག་མོ་ནི༔ མཐིང་ནག་རབ་བརྗིད་གྲི་གུག་ཐོད་ཁྲག་བསྣམས༔ སྐུ་སྨད་གནམ་ལྕགས་ཕུར་པ་རྣོ་ངར་ཅན༔ གནོད་བྱེད་དགྲ་བགེགས་སྙིང་ལ་ཀཱི་ལ་ཡ༔ ཟ་འདྲེ་ཤི་གཤེད་སྙིང་ལ་མཱ་ར་ཡ༔ གནོད་བྱེད་གཤེད་པོ་ལས་ངན་སྡིག་ཅན་གྱི༔ ལྟ་བྱེད་མིག་ལ་བཛྲ་ཀཱི་ལ་ཡ༔ སྣོམ་བྱེད་སྣ་ལ་བཛྲ་ཀཱི་ལ་ཡ༔ ཉན་བྱེད་རྣ་ལ་བཛྲ་ཀཱི་ལ་ཡ༔ སྨྲ་བྱེད་ལྕེ་ལ་བཛྲ་ཀཱི་ལ་ཡ༔ བསམ་བྱེད་སྙིང་ལ་བཛྲ་ཀཱི་ལ་ཡ༔ རྙབ་བྱེད་ལག་ལ་བཛྲ་ཀཱི་ལ་ཡ༔ འགྲོ་བྱེད་རྐང་ལ་བཛྲ་ཀཱི་ལ་ཡ༔ སྲོག་ཡིག་ཏྲི་ལ་བཛྲ་ཀཱི་ལ་ཡ༔ སྟོབས་ནུས་མཐུ་ལ་བཛྲ་ཀཱི་ལ་ཡ༔ སྟོབས་ནུས་བརྟུལ་ཞུགས་བརླག་པའི་དུས་ལ་བབས༔ ཨོཾ་བཛྲ་ཝ་ར་ཧི་ཀྲོ་ཏི་ཀ་ལི་ཧ་རི་ནི་ས་བཛྲ་ཀི་ལི་ཀཱི་ལ་ཡ་གནོད་བྱེད་ཟ་འདྲེ་ཤི་གཤེད་གཤེད་སྲི་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་ཕུར་པ་བཏབ༔ ཕཊཿ བདག་ཉིད་མ་སྐྱེས་ཡེ་ནས་རང་བཞིན་སྤྲོས་མཐའ་བྲལ་བའི་ཐུགས་རྗེ་ཁྲོས་མ་ནག་མོ་ཕྱག་གཉིས་གནམ་ལྕགས་ཀྱི་ཕུར་པ་འདྲིལ་བ༔ དམིགས་བྱའི་སྙིང་དཀར་ནག་མཚམས་སུ་གཟིར་བས་ཚེ་བསོད་ཀྱི་ངོ་བོ་ཐིག་ལེ་འོད་ལྔ་འཁྱིལ་བའི་ཀློང་ན་རྣམ་པར་ཤེས་པའི་ངོ་བོ་ཨ་དཀར་པོ་ཕུར་རྩེ་གཏད་པ་ཙམ་གྱིས་ཕུར་བུའི་ཁོང་སེང་ནས་བརྒྱུད༔ ལས་ངན་གྱི་སྒྲིབ་པ་སྦྱངས༔ ཡུམ་ཆེན་མོའི་མཁའ་ཀློང་དུ་སངས་རྒྱས་པར་བསམ༔ ཕཊཿ ཚེ་བསོད་ནྲི་ལྗང་གི་རྣམ་པས་བདག་ལ་བསྟིམ༔ ཚེ་བསོད་ཀྱི་གསོས་ཐེབས་པར་བསམ༔ ཕཊཿ ཕཊཿ ཕཊཿ མཚོན་གྱིས་བསྒྲལ་བ་ནིཿ ཕཊཿ བདག་ལས་སྤྲུལ་པའི་ཕོ་ཉ་ནི༔ མཁའ་འགྲོ་དམར་མོས་ཆུ་གྲི་ཕྱར༔ གཤེད་པོ་ལས་ངན་སྡིག་ཅན་གྱི༔ བླ་སྲོག་རྣམ་ཤེས་རྟེན་དང་ཕྲོལ༔ མགོ་དང་ཡན་ལག་སོ་སོར་ཕྱེ༔ ཤ་རུས་ལྤགས་པ་རྩ་རྒྱུས་དང༔ ནང་རོལ་དོན་སྙིང་སིལ་བུར་གཏུབ༔ རྡུལ་ཕྲན་བཞིན་དུ་བརླག་པར་མཛོད༔ ཉིན་ཐ་མའི་དུས་ཚེར་ལིང་ཤོག་ལིང་རྣམས་མཚོན་ཆས་བསྒྲལ། མཆན། རྩ་སྔགས་དང་དྲག་སྔགས་མཇུག་ཏུ༔ བཛྲ་ཧ་ན་མ་ཐ་ད་ཧ་པ་ཙ་དི་ན་མི་གེ་གནོད་བྱེད་འབྱུང་པོ་ཐམས་ཅད་མ་རཱ་ཡ་ཧཱུྃ་ཕཊ༔ དེ་ནས་ཐུན་བྲབ་པ་ནི༔ ཕཊཿ ང་ནི་ཁྲོས་མ་ནག་མོ་ཡི༔ སྤྲུལ་པའི་ཁྲོས་མ་ལྷ་ལྔ་མ༔ ཕྱག་ན་ཡུངས་དཀར་ཡུངས་ནག་དང༔ རྡོ་ལྕགས་ཟངས་ཕྱེ་མཚེ་མདའ་མདུང༔ མེ་དཔུང་དུག་ཁྲག་གཏོར་ཟོར་ཐོག༔ དམ་ཉམས་གཤེད་པོ་ལས་ངན་འདིའི༔ བསམ་པའི་སྙིང་ལ་ཤན་ཤན་རྦད༔ ལྟ་བའི་མིག་ལ་ཤན་ཤན་རྦད༔ ཉན་པའི་རྣ་ལ་ཤན་ཤན་རྦད༔ སྣོམ་པའི་སྣ་ལ་ཤན་ཤན་རྦད༔ མྱོང་བའི་ལྕེ་ལ་ཤན་ཤན་རྦད༔ རེག་ཕུང་ལུས་ལ་ཤན་ཤན་རྦད༔ ཕུང་ཁམས་སྐྱེ་མཆེད་མཱ་ར་ཡ༔ རྩི་སྦུར་མེ་དང་འཕྲད་བཞིན་ཐོངས༔ ཕཊཿ ཕཊཿ ཕཊཿ བཾ་ཧ་རི་ནི་ས་ཌཀྐི་ནི་ཟ་འདྲེ་འབྱུང་པོ་མཱ་ར་ཡཱ་རྦད༔ དེ་ནས་བདེན་པའི་ཆོས་བཤད་པ་ནི༔ ཕཊཿ ཀྱཻ༔ ཉོན་ཅིག་གཤེད་པོ་སྡིག་ཅན་ཁྱོད༔ མི་དགེ་བཅུ་པོ་སྤྱད་སྤྱད་པའི༔ རྣམ་སྨིན་འབྲས་བུ་སོ་སོར་མྱོང༔ དེ་ལས་ལྡོག་པའི་དགེ་བཅུ་སྒྲུབ༔ གནས་སྐབས་བདེ་ཞིང་མཐར་ཐུག་གྲོལ༔ དམ་ཉམས་གཤེད་པོ་སྡིག་ཅན་ཁྱོད༔ ཉོན་མོངས་རྒྱུད་ལས་རབ་གྲོལ་ནས༔ ཡང་དག་ཆོས་དང་ལྡན་པར་འགྱུར༔ འཁོར་བ་དོང་ནས་སྤྲུགས་པར་ཤོག༔ ཆོས་རྣམས་ཐམས་ཅད་སོགས་ བསྟན་པ་ཡིན༔ ཕཊཿ ཕཊཿ ཕཊཿ དེ་ནས་འདུལ་ཆས་རྣམས་ཧོམ་ཁུང་གི་གཡས་གཡོན་དུ་བཞག་ལ་སླ་ངའི་ལིང་རོ་དང་བཅས་པ་གཅོད་གཡོག་གིས་བཀྱགས་ལ་ཕྱོགས་བཞི་དབུས་ལྔར་བསྟབ་པ་བྱེད་པ་ཡིན༔ མཁའ་འགྲོ་མ་རྣམས་ཀྱིས་ཟ་འདྲེའི་ཤ་ཁྲག་ཧབ་ཐོབ་ཏུ་གསོལ་བར་བསྒོམ༔ ཕཊཿ ཧཱུྃ༔ མ་ཅིག་ཁྲོས་མ་ནག་མོ་དང༔ བཛྲ་རཏྣ་པདྨ་དང༔ ཀརྨ་མཁའ་འགྲོས་ཞལ་ཕྱེས་ཤིག༔ གདོན་དུག་ལྔ་བསྒྲལ་བའི་ཕུང་པོ་འདི༔ ཌཱཀྐི་སྡེ་ལྔའི་ཞལ་དུ་སྟོབས༔ གཟུགས་ཤ་ཁྲག་རུས་པའི་མཆོད་པ་བཞེས༔ སེམས་སྐྱེ་མེད་ཆོས་དབྱིངས་ངང་དུ་དྲོངས༔ ཡེ་ཤེས་ལྔ་ཡི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཝ་ར་ཧི་ཀྲོ་ཏི་ཀ་ལི་བཾ་ཧ་རི་ནི་ས་གནོད་བྱེད་ཟ་འདྲེ་ཤི་གཤེད་ཀྱི་མ་ཧཱ་མཾ་ས་ལ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ མ་ཧཱ་ཀེཾ་ནི་རི་ཏི་ལ་ཁཱ་ཧི༔ ཕཊཿ ཕཊཿ ཕཊཿ དེ་ནས་ཟན་ལིང་ཅུང་ཟད་ཅིག་གཏོར་མའི་རྩར་འབུལ། མཆན། ཤོག་ལིང་དང་ལིང་རོ་བྱང་བུ་རྣམས་ལྕགས་ཁང་ནང་དུ་བླུག་ནས༔ ཕཊཿ ཨེ་ལས་གནམ་ལྕགས་ཀྱི་ཁང་སྒྲོམ་མེ་འབར་བ༔ དཔང་མཐོ་ཞིང་གཏིང་ཟབ་པ༔ སྟོད་ལ་ཞེ་སྡང་གི་མེ་འབར་བ༔ སྨད་ལ་འདོད་ཆགས་ཀྱི་ཁྲག་མཚོ་འཁྱིལ་བ༔ བར་ན་གཏི་མུག་གི་མུན་པ་འཐིབས་པ༔ ང་རྒྱལ་གྱི་བྲག་རི་རྙིལ་བ༔ ཕྲག་དོག་གི་རླུང་དམར་འཚུབས་པ༔ དེའི་ནང་དུ་བྱད་མ་གནོད་བྱེད་ཟ་འདྲེ་འབྱུང་པོ་ཐམས་ཅད་ཚུད་པར་བསམ༔ ཕཊཿ དེ་ནས་དུས་དྲུག་དམིགས་སྔགས་གནད་འབེབས་ནི༔ ཕཊཿརང་ཉིད་ཕག་མོའི་ཐུགས་ལས་ཕཊཿཛ་འཕྲོས༔ བྲུབ་ཁུང་ནང་གི་ཟ་འདྲེའི་སྙིང་ཁར་ཟུག༔ རྣོ་ངར་ཟངས་ལྕགས་རྩིབས་སྟོང་གཡས་གཡོན་འཁོར༔ སྲོག་སྙིང་དཀྲུགས་ཅིང་ཚལ་པ་དུམ་བུར་གཏུབ༔ ཁོ་ལ་ན་ཚ་ཟུག་གཟེར་མི་སྐྱེ་ཞིང༔ དྲན་པ་གཏད་མེད་བདེ་སྟོང་ངང་དུ་བརྒྱལ༔ བསྙེན་སྒྲུབ་ལས་སྦྱོར་སྔགས་ཤམ་དུ༔ གནོད་བྱེད་ཟ་འདྲེ་ཤི་གཤེད་ཀྱི་སྲོག་ལ་དྲིག་ནན༔ ཨེ་ཧུར་ཐུམ་ཛཿ མཱ་ར་ཡ་རྦད་ནན༔ ཅེས་རྟགས་མ་ཐོན་བར་བཟླས་ཤིང་དམིགས་རིམ་གསལ་འདེབས་པར་བྱའོ༔ ཕཊཿ སླར་ཡང་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བརྒྱད་པས་ཁ་བཅད༔ མི་ལྤགས་ཀྱི་གཡང་གཞི་འབར་བས་བཀབ༔ མུན་པ་ནག་པོ་དགུ་རིམ་གྱིས་གཡོག་པར་བསམ༔ ཕཊཿ ཕཊཿ ཕཊཿ སླ་ངས་འགེབ་སྟངས་དང་ཕཊ་སྒྲ་རེ་སྦྲགས། མཆན། ཕཊཿ ཕཊཿ ཕཊཿ ཕཊཿ ཕཊཿ ཕཊཿ ཕཊཿ ཕཊཿ ཕཊཿ དེ་ནས་ཧོམ་ཁུང་སྟེང་དུ་ཕུར་བུ་བཙུག༔ བྲུབ་ཁུང་སྟེང་དུ་མ་ཅིག་མཁའ་འགྲོ་མ་ནག་མོ་འཇིགས་སུ་རུང་བ་གཅིག་གི་སྐུ་སྨད་ཕུར་བུས་ཟ་འདྲེ་ཤི་གཤེད་ཐམས་ཅད་གཟེར་བའི་ལས་བྱེད་པར་གྱུར༔ ཕུར་པ་དང་གཏོར་མ་དབྱེར་མེད་དུ་བསྒོམ༔ ཕཊཿ གཏད་མེད་ཀྱི་ངང་དུ་བཞག༔ དེ་ནས་ཡང་འདུལ་གནས་གཞི་དང་བཅས་པ་སྟོང་པར་བསམ༔ ཕཊཿ མ་རིག་གཤེད་དུ་ཆེ་བ་ལ༔ རང་རིག་ཡེ་ཤེས་སྒྲོན་མེས་གསལ༔ བདག་འཛིན་དུག་གི་སྡོང་པོ་འདི༔ གཉིས་མེད་འཕྲུལ་གྱི་སྟྭ་རེས་བཅད༔ ངན་སོང་གསུམ་སོགས་སྡུག་བསྔལ་འབྲས༔ ཐུགས་རྗེ་ཡེ་ཤེས་བདུད་རྩིས་གསོས༔ གཟུང་འཛིན་འཁྲུལ་བའི་བདུད་ཀྱི་སྡེ༔ དབྱེར་མེད་ཟང་ཐལ་མཚོན་གྱིས་གཏུབ༔ འཁྲུལ་འཛིན་ཨ་འཐས་བག་ཆགས་ཀུན༔ རྨི་ལམ་འཁྲུལ་འཁོར་ཞིག་པ་བཞིན༔ དབྱིངས་ཡུམ་མཁའ་འགྲོའི་ཀློང་དུ་སད༔ ཡུམ་ཆེན་རྒྱལ་ས་ཐོབ་པར་ཤོག༔ ཅེས་བདག་མེད་གནས་ལུགས་རང་གཞིའི་ཞལ་མཐོང་བར་བཞག༔ ས་མ་ཡཱ༔ ཡང་གསང་མཁའ་འགྲོའི་སྙིང་གི་ཁྲག༔ ཨ་ཙར་སྤྲུལ་པའི་ཐུགས་ལ་གབ༔ མ་འོངས་སུམ་ཅུ་ཁ་རལ་དུས༔ འགྲོ་ལ་ཕན་ཕྱིར་གཏད་རྒྱ་བཀྲོལ༔ ལས་ལྡན་སློབ་བུ་ཆོས་ལ་དབང༔ གང་གི་དངོས་གྲུབ་སྐལ་བར་གནང༔ བཀའ་སྲུང་མ་གཟའ་བཙན་ཀླུ་རྒྱལ༔ གཏེར་འདི་སྲུངས་ཤིག་ན་ར་ཀན༔ དམ་མེད་འཆོལ་སྤྱོད་ལག་མ་འཆོར༔ དམ་ལྡན་ཡོངས་ལ་གཏད་དོ་རྒྱ༔ དུས་བབ་གཏེར་འདོན་འགྲོ་འདྲེན་པ༔ བསམ་གཏན་ཡེ་ཤེས་གླིང་པ་ལ༔ རིག་རྩལ་མཁའ་འགྲོའི་བརྡས་བསྐུལ་ནས༔ སློབ་བུ་འགའ་ཡི་བཞེད་དོན་དུ༔ གཅོད་འདུལ་གདུག་པ་དམ་འདོག་གི༔ འདུལ་གཞུང་ཉུང་བསྡུས་གསལ་བ་ལ༔ དེ་ཡི་མ་ཚང་ཁ་སྐོང་དུ༔ མཁས་གྲུབ་རཱ་ག་ཨ་སྱ་ཡི༔ གཅོད་འདུལ་གཞིར་བཞག་བསྒྲིགས་ཆོག་འདི༔ ལྕགས་བྱི་ཟླ་བའི་ཚེས་བཅུ་ལ༔ སློབ་འབངས་ཐ་ཤལ་རས་མིང་ཟུང༔ འཆད་རྩོད་བདག་ལ་དབེན་མོད་ཀྱང༔ བསམ་པ་ཀུན་སློང་བཟང་པོས་བྲིས༔ ཉེས་འགལ་མཁའ་འགྲོའི་ཚོགས་ལ་བཤགས༔ དགེ་ཚོགས་མཆིས་ན་འགྲོ་ལ་བསྔོ༔ སངས་རྒྱས་བསྟན་པ་དར་བ་དང༔ སེམས་ཅན་བདེ་སྐྱིད་དཔལ་འབར་ཤོག༔ ཤུ་བྷཾ༔

འགུགས་པ་ཆེ་ཆུང་དང་འགུགས་སྔགས།

འགུག་པ་ནི། ཕཊ༔ ལིངྒ་མི་དམིགས་པའི་ངང་ལས༔ གནོད་བྱེད་ཤི་སྲི་གང་ཡིན་པ་དེ་ཉིད་མྱ་ངན་གྱི་འདུག་སྟངས་ཅན༔ རྐང་ལག་ལྕགས་སུ་བཅུག་པ་བུ་ག་དགུ་ནས་ཁྲག་འཛག་པ༔ མདོག་སྔོ་ཞིང་མདངས་ཉམས་པ༔ གཅེར་བུ་ལྷག་པས་གདུང་བ་བཞིན་འདར་ཕྲི་ལི་ལི་བྱེད་པ༔ དེའི་སྙིང་གའི་སྲོག་ཡིག་ལས་འོད་ཟེར་འཕྲོས་པས་ཟ་འདྲེ་ཤི་གཤེད་ཐམས་ཅད་ཤ་རུལ་ལ་སྦྲང་མ་འདུ་བ་ལྟར་ཐིམ་པར་གྱུར༔ ཕཊ༔ ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༔ སངས་རྒྱས་ཀྱི་བཀའ་བདེན་པ་དང༔ ཆོས་ཀྱི་བཀའ་བདེན་པ་དང༔ དགེ་འདུན་གྱི་བཀའ་བདེན་པ་དང༔ གསང་སྔགས་དང༔ རིག་སྔགས་དང༔ གཟུངས་སྔགས་དང༔ སྙིང་པོ་དང༔ ཕྱག་རྒྱ་དང༔ ཏིང་ངེ་འཛིན་རྣམས་ཀྱི་བཀའ་བདེན་པ་དང༔ ཆོས་ཉིད་རང་བཞིན་གྱིས་རྣམ་པར་དག་པ་དང༔ ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བཀའ་བདེན་པ་དང༔ ཁྱད་པར་དུ་གྲུབ་ཐོབ་གཅོད་ཡུལ་བརྒྱུད་པའི་བཀའ་བརྒྱུད་བླ་མ་རྣམས་དང༔ རྒྱུད་སྡེ་བཞི་ཡིས་བསྡུས་པའི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས༔ ཡེ་ཤེས་ཀྱི་མཁའ་འགྲོ་སྡེ་ལྔ་ལ་སོགས་པའི་གནས་གསུམ་དཔའ་བོ་མཁའ་འགྲོ༔ བཀའ་སྲུང་མ་མགོན་ལྕམ་དྲལ་དང༔ ཟངས་རིའི་བཙན་རྒོད་ལ་སོགས་ཡེ་ཤེས་དང༔ འཇིག་རྟེན་གྲུབ་པའི་ཆོས་སྐྱོང་སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང༔ བདེན་པ་ཆེན་པོའི་མཐུ་དང་ནུས་པས་བྱིན་གྱིས་བརླབས་པ་ལ་བརྟེན་ནས༔ འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་སོང་ཞིང་ཚེ་ལས་འདས་པ་ཆེ་གེ་མོ་ཞེས་བྱ་བ་ལ་གསོན་གྱི་དུས་ན་ཚེ་གནས་པ་དང༔ བསོད་ནམས་ལ་བར་དུ་གཅོད་ཅིང༔ གཤིན་གྱི་དུས་ན་སྡིག་པ་སྦྱོང་བ་དང༔ ཚེ་གང་དུ་སྐྱེས་ཤིང༔ གང་དུ་གནས་པའི་ལུས་སྲོག་དང༔ དགེ་ལེགས་དང༔ ཐར་པ་དང༔ ཐམས་ཅད་མཁྱེན་པ་ཐོབ་པ་ལ་བར་དུ་གཅོད་པར་བྱེད་པའི་གདོན་བགེགས་དང༔ ཁྱད་པར་དུ་ཚེ་ལས་འདས་པའི་གཟུགས་དང༔ ཆ་བྱད་བཟུང་ནས་ཚེ་འདས་ཀྱི་ཤུལ་དུ་མཆིས་པའི་ཉེ་འབྲེལ་སོགས་འཇིག་རྟེན་པ་ཐམས་ཅད་བསླུ་ཞིང་གནོད་པར་བྱེད་པའི་གདོན་བགེགས་ཀྱི་རིགས་སུ་གྱུར་པ་དྲི་ཟ་འཆི་ཁ་མའི་ཡིད་ལ་ཉེ་བར་འཇུག་པ་ཞེས་བྱ་བ་དང༔ དྲི་ཟ་པི་ཤ་ཙ་ན་ཞེས་བྱ་བ་དང༔ དྲི་ཟ་ཁྱབ་བྱེད་ཅེས་བྱ་བ་དང༔ གནོད་སྦྱིན་ཝ་ར་ཧིནྟ་ཀུན་ཏུ་གཏོག་འདོད་ཅེས་བྱ་བ་དང༔ གནོད་སྦྱིན་སྨྲ་འདོད་ཅེས་བྱ་བ་དང༔ ཡི་དྭགས་གཤིན་རྗེའི་ཆད་པ་ཞེས་བྱ་བ་ལ་སོགས་པའི་ཟ་འདྲེ་ཤི་གཤེད་སྲོག་གཅོད་དབུགས་ལེན༔ ཚེ་ལེན་མདངས་འཕྲོག༔ གསོན་བདུད་གཤིན་ལྕགས་བྱེད་པའི་འབྱུང་པོ་ཤ་ཟ༔ སྲིན་པོ༔ ཡི་དྭགས་ལ་སོགས་པའི་གདོན་བགེགས་ལོག་པར་འདྲེན་པ་གང་དང་གང་ཡིན་པ་དེ་ཉིད་ཀྱི་རྒྱབ་རྟེན་སྡོང་ཟླ༔ སྣ་འདྲེན་དང་བཅས་པ་ཐམས་ཅད་མཐོ་རི་བོའི་རྩེ༔ དམའ་རྒྱ་མཚོའི་གཏིང༔ བར་གླིང་བཞི་གླིང་ཕྲན༔ ས་འོག་ས་སྟེང་ས་བླ་སོགས་སྲིད་གསུམ་གར་གནས་གར་བྲོས་ཀྱང༔ སྐད་ཅིག་རང་དབང་མེད་པར་བྱིའུ་ཆུང་ཁྲས་བཤུར་བའམ༔ ཉ་མོ་སྲམ་གྱིས་དེད་པའམ༔ ཉེས་ཅན་བཙོན་དུ་ཁྲིད་པ་ལྟར༔ གྲུ་གསུམ་ལྕགས་ཁང་འབར་བའི་ནང་དུ་དམིགས་པའི་རྟེན་གཟུགས་ལིངྒ་འདི་ལ་ཁུག་ཅིག༔ ཨོཾ་བཛྲ་ཝ་ར་ཧི་ཀྲོ་ཏི་ཀ་ལི་ཧ་རི་ནི་ས་ཨ་མུ་ཀ་ནྲྀ་ཏྲི་ཤ་ཏྲུཾ་སརྦ་ཧུར་ཐུམ་ཛ༔ ཨོཾ་བཛྲ་ཨཾ་ཀུ་ཤ་ཡ་ཛ༔ བཛྲ་པ་ཤ་ཧཱུྃ༔ བཛྲ་སྥོ་ཊ་བཾ༔ བཛྲ་གནྜེ་ཧོ༔ བཛྲ་པྲ་བེ་ཤ་ཡ་ཕཊ༔ བཛྲ་ཨ་བེ་ཤ་ཡ་ཨཱ༔

༄༅། ན་མོ་མཆོག་གསུམ་རྩ་གསུམ་བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང༔ ཁྱད་པར་དུ་གནས་གསུམ་མཁའ་འགྲོའི་ལྷ་ཚོགས་བཀའ་སྡོད་སྤྲུལ་པ་བཤེས་གཉེན་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང༔ བདེན་པ་ཆེན་པོའི་མཐུས༔ ཞིང་བཅུ་སྤྱི་དང་ཁྱད་པར་དུ་ཚེ་ལས་འདས་པ་ཆེ་གེ་མོ་འདི་ལ་དང་པོ་ནད་ཀྱི་སྣ་འདྲེན་པ༔ བར་དུ་གདོན་ཀྱི་ཚང་བཅའ་བ༔ ཐ་མ་ཁོག་པའི་སྲོག་གཅོད་པ༔ གཤིན་པོ་གནས་མི་བདེ་ཞིང༔ གསོན་པོ་བཀྲ་མི་ཤིས་པར་བྱེད་པའི་ཟ་འདྲེ་སོགས། ༧ བླ་འགུགས་ལྡེ་མིག་ནི༔ ཆེ་གེ་མོའི་ བླ་ཤ་རེ་མ་ཏི་འགྲིམ་འགྲིམ༔ ཤ་མ་རུ་ཏི་ཐུམ་ཐུམ༔ མྱོག་མྱོག༔ ཡེད་ཡེད༔ ཤ་མ་རུ་ཏི་ཁུག་ཁུག༔ ལིང་མྱོག༔ ལིང་ཤག༔ ལིང་ཐུམ༔ ཙ་མུན་ཏྲི་བྷྱོ༔ ཛཿཧཱུྃ་བཾ་ཧོ༔ འདི་ནི་བླ་འགུགས་ལྡེ་མིག་ཡིན༔ ལྡེ་མིག་འདི་དང་མི་ལྡན་ན༔ བསད་ལས་བྱེད་པ་དོན་མེད་ཡིན༔ ཞེས་གསུངས་པ་ལྟར་རོ༔

མ་ཅིག་མཁའ་འགྲོའི་དམག་ཚོགས་དགྲ་ལ་རྦད་པ།

མ་ཅིག་མཁའ་འགྲོའི་དམག་ཚོགས་དགྲ་ལ་རྦད་པ་ནི༔ རང་གི་ཐུགས་ཀ་ནས་འོད་ཟེར་ཁྲོ་མཚོན་མེ་དཔུང་གི་རྣམ་པར་འཕྲོས༔ མདུན་བསྐྱེད་མཁའ་འགྲོ་སྡེ་ལྔ་སོགས་མ་ཚོགས་མཁའ་འགྲོ་འབུམ་དང་ཆོས་སྐྱོང་བཀའ་སྲུང་དྲེགས་པའི་སྡེ་ཚོགས་ལས་ལ་བསྐུལ་ནས་ཁྲོ་ཚོགས་རྔམ་པས་ཧཱུྃ་ཕཊཿཕེམ་གྱི་སྒྲ་བསྒྲགས་ནས་དིར་གྱིས་ལས་ལ་ཆས་པར་བསམ་ཞིང༔ ཕཊཿ ཕཊཿ ཕཊཿ བྷྱོ་ཛ༔ ཀྱཻ་མ་མི་མིན་ཡེ་ཤེས་ཀྱི་མཁའ་འགྲོ་མ༔ དབུས་སངས་རྒྱས་རིགས་ཀྱི་མཁའ་འགྲོ་འབུམ༔ མ་ཡང་སྤྲུལ་བྱེ་བ་གྲངས་ལས་འདས༔ འཁོར་ལས་བྱེད་ཆོས་སྐྱོང་དྲེགས་པའི་དམག༔ མ་འཁོར་བཅས་འདིར་གཤེགས་གཏོར་མ་བཞེས༔ ད་རེས་སྡང་བའི་དགྲ་ལ་ཡ༔ ད་རེས་གནོད་པའི་བགེགས་ལ་ཡ༔ ད་རེས་བར་ཆད་རྐྱེན་ལ་ཡ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ བྱད་མ་ལྷ་སྲུང་རྡུལ་དུ་རློག༔ ཕཊཿ ཕཊཿ ཕཊཿ ཀྱཻ་མ་མི་མིན་ཡེ་ཤེས་ཀྱི་མཁའ་འགྲོ་མ༔ ཤར་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་འབུམ༔ མ་ཡང་སྤྲུལ་བྱེ་བ་གྲངས་ལས་འདས༔ འཁོར་ལས་བྱེད་ཆོས་སྐྱོང་དྲེགས་པའི་དམག༔ མ་འཁོར་བཅས་འདིར་གཤེགས་གཏོར་མ་བཞེས༔ ད་རེས་སྡང་བའི་དགྲ་ལ་ཡ༔ ད་རེས་གནོད་པའི་བགེགས་ལ་ཡ༔ ད་རེས་བར་ཆད་རྐྱེན་ལ་ཡ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ བྱད་མ་ལྷ་སྲུང་རྡུལ་དུ་རློག༔ ཕཊཿ ཕཊཿ ཕཊཿ ཀྱཻ་མ་མི་མིན་ཡེ་ཤེས་ཀྱིམཁའ་འགྲོ་མ༔ ལྷོ་རིན་ཆེན་རིགས་ཀྱི་མཁའ་འགྲོ་འབུམ༔ མ་ཡང་སྤྲུལ་བྱེ་བ་གྲངས་ལས་འདས༔ འཁོར་ལས་བྱེད་ཆོས་སྐྱོང་དྲེགས་པའི་དམག༔ མ་འཁོར་བཅས་འདིར་གཤེགས་གཏོར་མ་བཞེས༔ ད་རེས་སྡང་བའི་དགྲ་ལ་ཡ༔ ད་རེས་གནོད་པའི་བགེགས་ལ་ཡ༔ ད་རེས་བར་ཆད་རྐྱེན་ལ་ཡ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ བྱད་མ་ལྷ་སྲུང་རྡུལ་དུ་རློག༔ ཕཊཿ ཕཊཿ ཕཊཿ ཀྱཻ་མ་མི་མིན་ཡེ་ཤེས་ཀྱི་མཁའ་འགྲོ་མ༔ ནུབ་པདྨ་རིགས་ཀྱི་མཁའ་འགྲོ་འབུམ༔ མ་ཡང་སྤྲུལ་བྱེ་བ་གྲངས་ལས་འདས༔ འཁོར་ལས་བྱེད་ཆོས་སྐྱོང་དྲེགས་པའི་དམག༔ མ་འཁོར་བཅས་འདིར་གཤེགས་གཏོར་མ་བཞེས༔ ད་རེས་སྡང་བའི་དགྲ་ལ་ཡ༔ ད་རེས་གནོད་པའི་བགེགས་ལ་ཡ༔ ད་རེས་བར་ཆད་རྐྱེན་ལ་ཡ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ བྱད་མ་ལྷ་སྲུང་རྡུལ་དུ་རློག༔ ཕཊཿ ཕཊཿ ཕཊཿ ཀྱཻ་མ་མི་མིན་ཡེ་ཤེས་ཀྱི་མཁའ་འགྲོ་མ༔ བྱང་ལས་ཀྱི་རིགས་ཀྱི་མཁའ་འགྲོ་འབུམ༔ མ་ཡང་སྤྲུལ་བྱེ་བ་གྲངས་ལས་འདས༔ འཁོར་ལས་བྱེད་ཆོས་སྐྱོང་དྲེགས་པའི་དམག༔ མ་འཁོར་བཅས་འདིར་གཤེགས་གཏོར་མ་བཞེས༔ ད་རེས་སྡང་བའི་དགྲ་ལ་ཡ༔ ད་རེས་གནོད་པའི་བགེགས་ལ་ཡ༔ ད་རེས་བར་ཆད་རྐྱེན་ལ་ཡ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ བྱད་མ་ལྷ་སྲུང་རྡུལ་དུ་རློག༔ ཕཊཿ ཕཊཿ ཕཊཿ ཀྱཻ་མ་མི་མིན་ཡེ་ཤེས་ཀྱི་མཁའ་འགྲོ་མ༔ མཚམས་ཕྱོགས་འཛིན་རིགས་ཀྱི་མཁའ་འགྲོ་འབུམ༔ མ་ཡང་སྤྲུལ་བ་བྱེ་བ་གྲངས་ལས་འདས༔ འཁོར་ལས་བྱེད་ཆོས་སྐྱོང་དྲེགས་པའི་དམག༔ མ་འཁོར་བཅས་འདིར་གཤེགས་གཏོར་མ་བཞེས༔ ད་རེས་སྡང་བའི་དགྲ་ལ་ཡ༔ ད་རེས་གནོད་པའི་བགེགས་ལ་ཡ༔ ད་རེས་བར་ཆད་རྐྱེན་ལ་ཡ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ བྱད་མ་ལྷ་སྲུང་རྡུལ་དུ་རློག༔ ཕཊཿ ཕཊཿ ཕཊཿ ཀྱཻ་མ་མི་མིན་ཡེ་ཤེས་ཀྱི་མཁའ་འགྲོ་མ༔ སྟེང་མཁའ་སྤྱོད་རིགས་ཀྱི་མཁའ་འགྲོ་འབུམ༔ མ་ཡང་སྤྲུལ་བྱེ་བ་གྲངས་ལས་འདས༔ འཁོར་ལས་བྱེད་ཆོས་སྐྱོང་དྲེགས་པའི་དམག༔ མ་འཁོར་བཅས་འདིར་གཤེགས་གཏོར་མ་བཞེས༔ ད་རེས་སྡང་བའི་དགྲ་ལ་ཡ༔ ད་རེས་གནོད་པའི་བགེགས་ལ་ཡ༔ ད་རེས་བར་ཆད་རྐྱེན་ལ་ཡ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ བྱད་མ་ལྷ་སྲུང་རྡུལ་དུ་རློག༔ ཕཊཿ ཕཊཿ ཕཊཿ ཀྱཻ་མ་མི་མིན་ཡེ་ཤེས་ཀྱི་མཁའ་འགྲོ་མ༔ འོག་ས་སྤྱོད་རིགས་ཀྱི་མཁའ་འགྲོ་འབུམ༔ མ་ཡང་སྤྲུལ་བྱེ་བ་གྲངས་ལས་འདས༔ འཁོར་ལས་བྱེད་ཆོས་སྐྱོང་དྲེགས་པའི་དམག༔ མ་འཁོར་བཅས་འདིར་གཤེགས་གཏོར་མ་བཞེས༔ ད་རེས་སྡང་བའི་དགྲ་ལ་ཡ༔ ད་རེས་གནོད་པའི་བགེགས་ལ་ཡ༔ ད་རེས་བར་ཆད་རྐྱེན་ལ་ཡ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ བྱད་མ་ལྷ་སྲུང་རྡུལ་དུ་རློག༔ རྗེས་ལ་སྡེ་བརྒྱད་སྲོག་སྔགས་བཟླས་ཏེ་དྲག་སྔགས་སོ་ལྔས་གཏོར་མ་ཟོར་དུ་བརྡེགས་ཤིང་བསྲུང་འཁོར་བསྒོམ་མོ༔

འདུལ་རྒྱབ་བསྡུས་པ།

དེ་ནས་འདུལ་རྒྱབ་བསྡུས་པ་ལ༔ གཅོད་གཡོག་གིས་འདུལ་ཆས་རྣམས་བཟུང་ལ་འདི་བཞིན་གྱེར༔ ཧཱུྃ༔ ཐུགས་རྗེ་ཁྲོས་མ་ནག་མོ་ཡི༔ བཀའ་ཡི་ཕོ་ཉ་ལས་མཁན་ནི༔ རིགས་བཞི་མཁའ་འགྲོ་བྱེ་བ་འབུམ༔ ཀུན་ཀྱང་མ་ངེས་བརྟུལ་ཞུགས་ངོམ༔ དུར་ཁྲོད་ཆས་རྫོགས་རང་རྟགས་མཛེས༔ ཕྱག་ན་མཚོན་ཆ་སྣ་ཚོགས་བསྣམས༔ དོན་ལ་སངས་རྒྱས་ཡིན་མོད་ཀྱི༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབས༔ གཤེད་པོ་བསྒྲལ་འདུལ་དུས་ལ་བབས༔ སྔོན་ཚེ་བསྐལ་པའི་དང་པོ་ལ༔ བཅོམ་ལྡན་ཁྲོས་ནག་རྟ་ཕག་གིས༔ བདུད་པོ་རུ་ཏྲ་ནག་པོ་བཏུལ༔ རུ་ཏྲ་འདུལ་བའི་ཕུང་པོ་ལ༔ རང་གཤེད་དྲག་པོའི་འདུལ་ཆས་བྱུང༔ རུ་ཏྲ་བསྒྲལ་བའི་ཆས་རྣམས་ལ༔ གཤེད་པོ་འདུལ་བའི་གཉེན་པོ་བྱུང༔ གནོད་བྱེད་ཟ་འདྲེ་ཤི་གཤེད་དང༔ གྲི་སྲི་གྲི་གཤེད་ཐམས་ཅད་དང༔ ལས་ངན་གཤེད་པོ་དམ་ཉམས་ཀྱི༔ མགོ་ལུས་དོན་སྙིང་དུམ་བུར་ཕྲོལ༔ ཡན་ལག་གཟུགས་བཞི་སིལ་བུར་ཐོངས༔ ཤ་དང་རུས་པ་ད་ཕྲོལ་ལ༔ སྲོག་རྩ་དམར་པོ་སྒལ་གྱིས་ཆོད༔ ཐལ་བ་རྡུལ་དུ་བརླག་པར་མཛོད༔ ཨོཾ་བཛྲ་ཝ་ར་ཧི་ཀྲོ་ཏི་ཀ་ལི་ཧ་རི་ནི་ས་གནོད་བྱེད་ཟ་འདྲེ་ཤི་གཤེད་ཤི་སྲི་ཐམས་ཅད་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཕཊཿ ཕཊཿ ཕཊ༔ ཅེས་སྔགས་འདོན་ཅིང་རིམ་པར་རྒྱབ༔ འདུལ་ཆས་རྒྱབ་དུས༔ ཆུ་ཡིས་ཤི་ན་དུག་ཆུའི་རྦ་རླབས༔ གྲི་ལ་ཤི་ན་རལ་གྲིའི་ཆར༔ མདས་ཤི་ན་མདའ་ཡི་ཆར༔ འགག་གྲི་ལ་ཞག་པ་སོགས༔ རང་ལ་གནོད་པ་འབེབས་པའི་དམིགས་པ་ཕོ་གདོན་ལ་རྡོ་ཐུན༔ མོ་གདོན་ལ་ཁྲག་ཐུན༔ ཀླུ་གདོན་ལ་དུག་ཐུན༔ དམིགས་པ་སྤྲོ་ན་ཐུན་བརྡེགས་མཇུག་ཏུ་འདོན༔

མཁའ་འགྲོ་འབུམ་བསྐུལ་བསྡུས་པ།

ཟབ་མོ་གཅོད་ཀྱི་གདམས་པ་ལས༔ མཁའ་འགྲོ་འབུམ་བསྐུལ་བསྡུས་པ་བཞུགས༔ མ་རྒྱུད་མཁའ་འགྲོ་འབུམ་ལ་འདུད༔ མཁའ་འགྲོ་འབུམ་བསྐུལ་བྱ་བ་ནི༔ དམར་གཏོར་བཤམས་ལ་སྐྱེམས་ཀྱིས་བརྔན༔ ཧཱུྃ་བྷྱོ༔ མི་མངོན་དབྱིངས་ཀྱི་ཕོ་བྲང་ནས༔ དབྱིངས་ཀྱི་མ་མོ་མཁའ་འགྲོ་འབུམ༔ ཐུགས་དམ་རྒྱུད་བསྐུལ་གཏོར་མ་བཞེས༔ ཉམས་པའི་དགྲ་གདོན་ཆམ་ལ་ཕོབ༔ བྱད་མ་དམ་སྲི་ཟ་འདྲེ་དང༔ ཤི་གཤེད་སྲོག་གཅོད་རྡུལ་དུ་རློགས༔ ཧཱུྃ་བྷྱོ༔ ཤར་ཕྱོགས་བསིལ་ཚལ་འཇིགས་རུང་ནས༔ རྡོ་རྗེ་མཁའ་འགྲོ་འབུམ་ཕྲག་སྡེ༔ ཐུགས་དམ་རྒྱུད་བསྐུལ་གཏོར་མ་བཞེས༔ ཉམས་པའི་དགྲ་གདོན་ཆམ་ལ་ཕོབ༔ བྱད་མ་དམ་སྲི་ཟ་འདྲེ་དང༔ ཤི་གཤེད་སྲོག་གཅོད་རྡུལ་དུ་རློགས༔ ཧཱུྃ་བྷྱོ༔ ལྷོ་ཕྱོགས་སྐུར་རྫོགས་དུར་ཁྲོད་ནས༔ རིན་ཆེན་མཁའ་འགྲོ་འབུམ་ཕྲག་སྡེ༔ ཐུགས་དམ་རྒྱུད་བསྐུལ་གཏོར་མ་བཞེས༔ ཉམས་པའི་དགྲ་གདོན་ཆམ་ལ་ཕོབ༔ བྱད་མ་དམ་སྲི་ཟ་འདྲེ་དང༔ ཤི་གཤེད་སྲོག་གཅོད་རྡུལ་དུ་རློགས༔ ཧཱུྃ་བྷྱོ༔ ནུབ་ཕྱོགས་ལང་བརྩེགས་དུར་ཁྲོད་ནས༔ པདྨ་མཁའ་འགྲོ་འབུམ་ཕྲག་སྡེ༔ ཐུགས་དམ་རྒྱུད་བསྐུལ་གཏོར་མ་བཞེས༔ ཉམས་པའི་དགྲ་གདོན་ཆམ་ལ་ཕོབ༔ བྱད་མ་དམ་སྲི་ཟ་འདྲེ་དང༔ ཤི་གཤེད་སྲོག་གཅོད་རྡུལ་དུ་རློགས༔ ཧཱུྃ་བྷྱོ༔ བྱང་ཕྱོགས་ཧེ་ཆེན་བརྡལ་བའི་ཁྲོད༔ ལས་ཀྱི་མཁའ་འགྲོ་འབུམ་ཕྲག་སྡེ༔ ཐུགས་དམ་རྒྱུད་བསྐུལ་གཏོར་མ་བཞེས༔ ཉམས་པའི་དགྲ་གདོན་ཆམ་ལ་ཕོབ༔ བྱད་མ་དམ་སྲི་ཟ་འདྲེ་དང༔ ཤི་གཤེད་སྲོག་གཅོད་རྡུལ་དུ་རློགས༔ ཧཱུྃ་བྷྱོ༔ ཕྱོགས་མཚམས་ཡངས་པའི་དུར་ཁྲོད་ནས༔ སྣ་ཚོགས་མཁའ་འགྲོ་འབུམ་ཕྲག་སྡེ༔ ཐུགས་དམ་རྒྱུད་བསྐུལ་གཏོར་མ་བཞེས༔ ཉམས་པའི་དགྲ་གདོན་ཆམ་ལ་ཕོབ༔ བྱད་མ་དམ་སྲི་ཟ་འདྲེ་དང༔ ཤི་གཤེད་སྲོག་གཅོད་རྡུལ་དུ་རློགས༔ དེ་ཡི་འཁོར་དུ་གཏོགས་པའི་མ༔ ལ་ལ་ཤ་ཟ་ཁྲག་ལ་རྔུབ༔ ལ་ལས་རུས་འཆའ་ལྤགས་པ་གྱོན༔ ལ་ལ་གཙང་སྦྲ་བྲམ་ཟེ་མོ༔ ལ་ལ་རིམས་དང་ནད་ཀྱི་བདག༔ ལ་ལས་མི་འདོད་ལྟས་ངན་གཏོང༔ ལ་ལས་སྒྲུབ་ལ་དངོས་གྲུབ་སྟེར༔ ལ་ལ་མི་སྣང་ལུས་བསྒྱུར་མ༔ ལ་ལ་སྣ་ཚོགས་མགོ་བརྙན་ཅན༔ ལ་ལ་བུད་མེད་གཟུགས་མཛེས་འཛུམ༔ ལ་ལས་བཞད་པའི་གད་རྒྱངས་སྒྲོག༔ ལ་ལ་རྒན་འཁོགས་འཁྱོལ་ཞིང་ལྡིང༔ ལ་ལས་སོ་མེད་ཕེཾ་སྒྲ་སྒྲོག༔ མ་ངེས་སྤྱོད་པས་འགྲོ་དོན་བྱ༔ མཁའ་འགྲོའི་དམག་ཚོགས་ལས་ལ་ཆོས༔ དམར་གྱི་གཏོར་མ་ཁྲག་སྐྱེམས་བཞེས༔ དགྲ་གདོན་དམ་སྲི་རྨིང་ནས་རློགས༔ བྱད་མ་ལྷ་སྲུང་རང་ལ་བཟློག༔ བདག་ཏུ་རྟོག་པའི་གཟུང་འཛིན་འདྲེ༔ བདག་མེད་རྟོགས་པའི་གཤིས་ལ་བསྟིམ༔ ལས་བཞི་ལྷུན་གྱིས་འགྲུབ་པའི་གྲོགས༔ རང་བྱུང་མཁའ་འགྲོ་འབུམ་གྱིས་མཛོད༔ སློབ་བུ་འཇམ་དབྱངས་ཉི་མ་ལ༔ ཟོག་པོ་ས་ར་ཧི་ཏས་སྨྲས་པ་དགེ་ལེགས་འཕེལ༔

ཚེ་འདས་གཤེད་དང་བྲལ་ནས་རིགས་དྲུག་གི་སྡུག་བསྔལ་ལས་ཐར་ཏེ་བདེ་ཆེན་དུ་བགྲོད་པའི་ཆོ་ག་གནས་འདྲེན།

ཚེ་འདས་གཤེད་དང་བྲལ་ནས་རིགས་དྲུག་གི་སྡུག་བསྔལ་ལས་ཐར་ཏེ་བདེ་ཆེན་དུ་བགྲོད་པའི་ཆོ་ག་གནས་འདྲེན་ཞེས་བྱ་བ་བཞུགས༔

དེ་ནས་དང་པོ་ཚེ་འདས་མིང་བྱང་ལ་ཡིད་ཆགས་ཀྱི་རྫས་བཏགས༔ གདན་པདྨའི་སྟེང་དུ་བཞག༔ རིགས་དྲུག་གི་གཏོར་མ་དང་ཇ་ཆང་དཀར་མངར་རེག་བྱ་བཤམས༔ སྟོང་ཉིད་སྙིང་རྗེ་དང་མ་བྲལ་བའི་ངང་ནས༔ ཕཊཿ རང་ཉིད་ཆོས་སྐུ་ཡུམ་ཆེན་མོ་གསེར་མདོག་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པ་ཞལ་གཅིག་ཕྱག་བཞི༔ ཕྱག་དང་པོ་གཉིས་རལ་གྲི་གླེགས་བམ༔ འོག་མ་གཉིས་ལྕགས་ཀྱུ་བུམ་པ༔ ཞབས་རྡོ་རྗེ་དཀྱིལ་ཀྲུང་པད་ཉི་ཟླ་བའི་གདན་ལ་བཞུགས་པ༔ དབུ་གཙུག་ན་ཀུན་ཏུ་བཟང་པོ༔ འཁོར་དུ་རྒྱལ་བ་རིགས་བཞི༔ ཐུགས་ཀ་ན་རྡོ་རྗེ་སེམས་དཔའ་གསལ་བར་གྱུར༔ དེ་ཡི་ཐུགས་ཀར་བཾ་ཡིག་གི་དབུས་སུ་ཧཱུྃ་ཡིག་དཀར་པོ་དེ་ལས་འོད་ཟེར་འཕྲོས༔ ཚེ་འདས་ཀྱི་རྣམ་པར་ཤེས་པ་ཁམས་གསུམ་རིགས་དྲུག་གང་ན་ཡོད་པ་དེ་ལ་ཕོག་མ་ཐག་ཏུ་རྡོ་ཁབ་ལེན་གྱིས་ལྕགས་ལེན་པ་ལྟར་བཀུག་ནས་མདུན་གྱི་དམིགས་རྟེན་འདི་ལ་ཁུག་ཅིག༔ ན་མོ་རྗེ་བཙུན་རིག་འཛིན་གྲུབ་ཐོབ་གཅོད་ཡུལ་བརྒྱུད་པའི་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༔ དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱི་བཀའ་བདེན་པ་དང༔ ཡི་དམ་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང༔ གནས་གསུམ་མཁའ་འགྲོའི་བདག་ཉིད་མ་ཅིག་ལབ་ཀྱི་སྒྲོན་མའི་བཀའ་བདེན་པ་དང༔ རིགས་ལྔ་རིགས་ཀྱི་མཁའ་འགྲོ་བྱེ་བ་འབུམ་དང་བཅས་པའི་བཀའ་བདེན་པ་དང༔ བཀའ་སྲུང་དྲང་སྲོང་ཆེན་པོ་ཟངས་རི་བཙན་རྒོད་མཆེད་གཉིས༔ ཀླུ་རྒྱལ་དྲག་པོ་ཟླ་སྐྱོང་ལ་སོགས་སྲུང་མ་དམ་ཅན་རྒྱ་མཚོའི་བཀའ་བདེན་པ་དང༔ བདེན་པ་ཆེན་པོའི་མཐུ་སྟོབས་ནུས་པ་ལ་བརྟེན་ནས་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་སོང་བའི་ཆེ་གེ་མོ་རྣམ་པར་ཤེས་པ་ཁམས་གསུམ་རིགས་དྲུག་སྡུག་བསྔལ་གྱི་གནས་ཡུལ་གང་ན་ཡོད་ཀྱང་སྐད་ཅིག་ཡུད་ཙམ་གྱིས་རྟེན་མིང་བྱང་འདི་ལ་ཁུག་ཅིག༔ ནྲི་ཛཿཧཱུྃ་བཾ་ཧོ༔ ཨ་ནྲི་སུ་ཏྲི་པྲེ་དུ་མ་མ་ཨཾ་ཀུ་ཤ་ཡ་ཛ༔ དེ་ནས་རྟེན་ངོ་སྤྲོད་པ་ནི༔ བཾ་ཧཱུྃ༔ ཉོན་ཅིག་དམིགས་ཡུལ་རིགས་ཀྱི་བུ༔ མིང་གཟུགས་སྐྱེ་མཆེད་ལུས་ཀྱི་རྟེན༔ མེ་ལོང་གསལ་བ་སེམས་ཀྱི་རྟེན༔ སྦ་སྨྱུག་ལྡེམ་པ་འཇུ་བའི་ཤིང༔ རིན་ཆེན་གདུགས་མཆོག་བསིལ་གྲིབ་ལྡན༔ གཞོན་ཚུལ་པུས་བཙུགས་ཐལ་མོ་སྦྱར༔ དམིགས་པའི་རྟེན་དང་གཉིས་མེད་གྱུར༔ ཆེ་གེ་མོ་ཏིཥྛ་བཛྲ་ས་མ་ཡཱ་ལྷན༔ ཞལ་ཟས་རིན་པོ་ཆེའི་སྣོད་དུ་བཞག་ནས༔ ཨ་ཀ་རོས་བྱིན་གྱིས་བརླབས་ཏེ༔ ཨོཾ་ཨཱཿཧཱུྃ༔ ཞལ་ཟས་རོ་བརྒྱ་ལྡན་པའི་ཡིད་འཕྲོག་པ༔ ལེགས་སྦྱར་འདི་ནི་སངས་རྒྱས་བྱང་སེམས་དང༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་ལ༔ དད་པས་ཕུལ་བས་ཚེ་འདས་འདི་ཉིད་ཀྱིས༔ འབྱོར་ལྡན་ཏིང་འཛིན་ཟས་ལ་ལོངས་སྤྱོད་ཤོག༔ ངན་སོང་གནས་སྦྱང་ཐར་པའི་ལམ་སྣ་དྲོངས༔ ཨོཾ་བུདྡྷ་བོ་དྷི་ས་ཏྭ་གུ་རུ་དྷེ་ཝ་ཌཱཀྐི་ནི་ཨེ་དམ་བྷ་ལིང་ཏ་ཁཱ་ཧི༔ བགེགས་འབྲང་བཤམས་ཤིང་བྱིན་གྱིས་བརླབ༔ བཾ་ཧཱུྃ༔ ཚེ་འདས་གཤེད་དང་བྲལ་བ་ལ༔ མི་ཉན་གླགས་ལྟ་བར་གཅོད་བདུད༔ སྣང་ཞིང་སྲིད་པའི་ལྷ་སྲིན་ལ༔ ལན་ཆགས་ཤ་ཁྲག་གཏོར་མ་བསྔོ༔ སརྦ་བྷུ་ཏ་གྷྲྀ་ཧ་ན་ཨེ་དཾ་བྷ་ལིང་ཏ་ཁཱ་ཧི༔ སརྦ་བིགྣཾ་གཙྪ༔ ཀྱེ་མ་ཚེ་འདས་རིགས་ཀྱི་བུ༔ མཐོ་དམན་རིགས་དྲུག་གར་སྐྱེས་ཀྱང༔ བདེན་མེད་སྡུག་བསྔལ་དྲི་ཟའི་གྲོང༔ བདག་ནི་ཁྱོད་ཉིད་འདྲེན་པ་ཡིན༔ རྩེ་གཅིག་གུས་པས་གསོལ་བ་ཐོབ༔ དེ་ནས་རིགས་དྲུག་སོ་སོ་ལ་གཏོར་མ་བསྔོ་བ་ནི༔ བཾ་ཧཱུྃཿ གཏོར་མ་འདོད་ཡོན་ལྔ་ལྡན་པའི༔ མཁོ་དགུའི་ལོངས་སྤྱོད་ཕུན་སུམ་ཚོགས༔ ཚེ་འདས་ཞེ་སྡང་ལས་བསགས་པའི༔ ཚ་གྲང་སྡུག་བསྔལ་སྦྱང་ཕྱིར་དུ༔ གསོན་བདུད་གཤིན་ལྕགས་ཚོགས་ལ་བསྔོ༔ ཁྱེད་རྣམས་བྱང་ཆུབ་ཡི་རང་ནས༔ ཕན་པའི་སེམས་དང་ལྡན་པར་མཛོད༔ ཚེ་འདས་བླ་ཡིད་སེམས་གསུམ་ལ༔ མ་འཁོར་མ་གནོད་མྱུར་དུ་ཐོངས༔ ཐར་ལམ་བར་ཆད་མ་བྱེད་ཅིག༔ ཁ་འབར་མ་ཡི་སྔགས་ཀྱིས་བསྔོ༔ དེ་ནས་ཁྲུས་བྱ་བ་ནི༔ བཾ་ཧཱུྃ༔ རྡོ་རྗེ་སེམས་དཔས་བྱིན་བརླབས་པའི༔ མ་མ་ཀི་ཡི་རང་བཞིན་ཆབ༔ བཟོད་པའི་ཆུ་ཡིས་ལེགས་བགོས་པས༔ ཁོང་ཁྲོའི་དྲི་མ་སྦྱོང་བར་ཤོག༔ ཁྲུས་ལེགས་མཛད་ཀྱི་ཁྲུས་བགྱིའོ༔ མངོན་དགའི་ཞིང་དུ་དབུགས་དབྱུང་ཤོག༔ ཨོཾ་བཾ་ཧ་རི་ནི་ས་ཌཱཀྐི་ནི་བཛྲ་ས་ཏྭ་ས་མ་ཡཱ་སོགས་ཡིག་བརྒྱ་དང་ཁྲུས་སྔགས་བརྗོད་པས་དག་པར་བཀྲུ༔ ཀྱེ་མ་གསོན་ཅིག་ཚེ་འདས་རིགས་ཀྱི་བུ༔ ཁྱོད་ནི་ལས་ངན་སྡིག་པོ་ཆེ༔ ཞེ་སྡང་སྲོག་གཅོད་བསགས་པའི་འབྲས༔ ད་ལྟ་དམྱལ་བའི་གནས་སུ་སྐྱེས༔ ཚ་དམྱལ་བརྒྱད་དང་གྲང་དམྱལ་བརྒྱད༔ ཉི་ཚེ་ཉེ་འཁོར་ཤལ་མ་ལི༔ དེ་དག་རང་བྱས་འབྲས་བུ་ཡིན༔ བཙོ་བསྲེག་ཚ་གྲང་དཔག་མེད་སྤྱོད༔ ང་ནི་ཡུམ་ཆེན་ཕ་རོལ་ཕྱིན༔ ཁྱོད་ཀྱི་ཐར་པའི་ལམ་སྟོན་ཡིན༔ མ་ཡེངས་རྩེ་གཅིག་གསོལ་བ་ཐོབ༔ མཐོ་རིས་བདེ་བའི་ས་ཡིན་པས༔ དམྱལ་བའི་གནས་ལ་མ་འཁོར་བར༔ ཕྱིར་མི་ལྡོག་པའི་ས་ཐོབ་ཤོག༔ ཡང་གཏོར་མ་བསྔོ་བ་ནི༔ བཾ་ཧཱུྃ༔ གཏོར་མ་འདོད་ཡོན་ལྔ་ལྡན་པའི༔ མཁོ་དགུའི་ལོངས་སྤྱོད་ཕུན་སུམ་ཚོགས༔ ཚེ་འདས་སེར་སྣའི་ལས་བསགས་པའི༔ བཀྲེས་སྐོམ་སྡུག་བསྔལ་སྦྱང་ཕྱིར་དུ༔ གསོན་བདུད་གཤིན་ལྕགས་ཚོགས་ལ་བསྔོ༔ ཁྱེད་རྣམས་བྱང་ཆུབ་ཡི་རང་ནས༔ ཕན་པའི་སེམས་དང་ལྡན་པར་མཛོད༔ ཚེ་འདས་བླ་ཡིད་སེམས་གསུམ་ལ༔ མ་འཁོར་མ་གནོད་མྱུར་དུ་ཐོངས༔ ཐར་ལམ་བར་ཆད་མ་བྱེད་ཅིག༔ ཁ་འབར་མ་ཡི་སྔགས་ཀྱིས་བསྔོ༔ དེ་ནས་ཁྲུས་བྱ་བ་ནི༔ བཾ་ཏྲཾ༔ རིན་ཆེན་འབྱུང་ལྡན་བྱིན་བརླབས་པའི༔ སངས་རྒྱས་སྤྱན་མའི་རང་བཞིན་ཆབ༔ སྦྱིན་པའི་ཆུ་ཡིས་ལེགས་བགོས་པས༔ སེར་སྣའི་དྲི་མ་སྦྱོང་བར་ཤོག༔ ཁྲུས་ལེགས་མཛད་ཀྱི་ཁྲུས་བགྱི་འོ༔ དཔལ་ལྡན་ཞིང་དུ་དབུགས་དབྱུང་ཤོག༔ ཨོཾ་བཾ་ཧ་རི་ནི་ས་ཌཱཀྐི་ནི་རཏྣ་ས་ཏྭ་སོགས་ཡིག་བརྒྱ་དང་ཁྲུས་སྔགས་བརྗོད་པས་དག་པར་བཀྲུ༔ ཀྱེ་མ་གསོན་ཅིག་རིགས་ཀྱི་བུ༔ ཁྱོད་ནི་ལས་ངན་སྡིག་པོ་ཆེ༔ སེར་སྣ་འཇུར་གེགས་རྣམ་སྨིན་གྱིས༔ ད་ལྟ་ཡི་དྭགས་གནས་སུ་སྐྱེས༔ ཡི་དྭགས་ཕྱི་ནང་སྒྲིབ་པ་ཅན༔ མེ་ལྕེ་འཁོར་ལོ་མཁའ་རྒྱུའི་གདོན༔ བཀྲེས་སྐོམ་དབུལ་ཕོངས་སྡུག་རེ་བསྔལ༔ ང་ནི་ཡུམ་ཆེན་ཕ་རོལ་ཕྱིན༔ ཁྱོད་ཀྱི་ཐར་པའི་ལམ་སྟོན་ཡིན༔ མ་ཡེངས་རྩེ་གཅིག་གསོལ་བ་ཐོབ༔ མཐོ་རིས་བདེ་བའི་ས་ཡིན་པས༔ ཡི་དྭགས་གནས་ལ་མ་འཁོར་བར༔ ཕྱིར་མི་ལྡོག་པའི་ས་ཐོབ་ཤོག༔ ཡང་གཏོར་མ་བསྔོ་བ་ནི༔ བཾ་ཧཱུྃ༔ གཏོར་མ་འདོད་ཡོན་ལྔ་ལྡན་པའི༔ མཁོ་དགུའི་ལོངས་སྤྱོད་ཕུན་སུམ་ཚོགས༔ ཚེ་འདས་གཏི་མུག་ལས་བསགས་པའི༔ བཀོལ་སྤྱོད་སྡུག་བསྔལ་སྦྱང་ཕྱིར་དུ༔ གསོན་བདུད་གཤིན་ལྕགས་ཚོགས་ལ་བསྔོ༔ ཁྱེད་རྣམས་བྱང་ཆུབ་ཡི་རང་ནས༔ ཕན་པའི་སེམས་དང་ལྡན་པར་མཛོད༔ ཚེ་འདས་བླ་ཡིད་སེམས་གསུམ་ལ༔ མ་འཁོར་མ་གནོད་མྱུར་དུ་ཐོངས༔ ཐར་ལམ་བར་ཆད་མ་བྱེད་ཅིག༔ ཁ་འབར་མ་ཡི་སྔགས་ཀྱིས་བསྔོ༔ དེ་ནས་ཁྲུས་བྱ་བ་ནི༔ བཾ་ཧཱུྃ༔ རྣམ་པར་སྣང་མཛད་བྱིན་བརླབས་པའིྀ༔ དབྱིངས་ཕྱུག་མ་ཡི་རང་བཞིན་ཆབ༔ ཤེས་རབ་ཆུ་ཡིས་ལེགས་བགོས་པས༔ གཏི་མུག་དྲི་མ་སྦྱོང་བར་ཤོག༔ ཁྲུས་ལེགས་མཛད་ཀྱི་ཁྲུས་བགྱིའོ༔ སྟུག་པོ་བཀོད་ཞིང་དབུགས་དབྱུང་ཤོག༔ ཨོཾ་བཾ་ཧ་རི་ནི་ས་ཌཱཀྐི་ནི་བུདྡྷ་ས་ཏྭ་སོགས་ཡིག་བརྒྱ་དང་ཁྲུས་སྔགས་བརྗོད་པས་དག་པར་བཀྲུ༔ ཀྱེ་མ་གསོན་ཅིག་ཚེ་འདས་རིགས་ཀྱི་བུ༔ ཁྱོད་ནི་ལས་ངན་སྡིག་པོ་ཆེ༔ གཏི་མུག་བཀོལ་སྤྱོད་བསགས་པའི་འབྲས༔ ད་ལྟ་དུད་འགྲོའི་གནས་སུ་སྐྱེས༔ བྱིང་ན་གནས་དང་ཁ་འཐོར་བ༔ བདག་ཏུ་བཟུང་དང་མ་བཟུང་བ༔ རྐང་བཞི་རྐང་མང་རྐང་མེད་སོགས༔ གདོལ་བ་ཀླུ་རིགས་རྣམ་པ་ཀུན༔ བླུན་རྨོངས་གཏི་མུག་དབང་དུ་སོང༔ བཀོལ་སྤྱོད་སྡུག་བསྔལ་བརྗོད་ལས་འདས༔ དེ་དག་རང་བྱས་འབྲས་བུ་ཡིན༔ ང་ནི་ཡུམ་ཆེན་ཕ་རོལ་ཕྱིན༔ ཁྱོད་ཀྱི་ཐར་པའི་ལམ་སྟོན་ཡིན༔ མ་ཡེངས་རྩེ་གཅིག་གསོལ་བ་ཐོབ༔ མཐོ་རིས་བདེ་བའི་ས་ཡིན་པས༔ དུད་འགྲོའི་གནས་ལ་མ་འཁོར་བར༔ ཕྱིར་མི་ལྡོག་པའི་ས་ཐོབ་ཤོག༔ དེ་ནས་གཏོར་མ་བསྔོ་བ་ནི༔ བཾ་ཧཱུྃ༔ གཏོར་མ་འདོད་ཡོན་ལྔ་ལྡན་པའི༔ མཁོ་དགུའི་ལོངས་སྤྱོད་ཕུན་སུམ་ཚོགས༔ ཚེ་འདས་ཕྲག་དོག་ལས་བསགས་པའི༔ འཐབ་རྩོད་སྡུག་བསྔལ་སྦྱང་ཕྱིར་དུ༔ གསོན་བདུད་གཤིན་ལྕགས་ཚོགས་ལ་བསྔོ༔ ཁྱེད་རྣམས་བྱང་ཆུབ་ཡི་རང་ནས༔ ཕན་པའི་སེམས་དང་ལྡན་པར་མཛོད༔ ཚེ་འདས་བླ་ཡིད་སེམས་གསུམ་ལ༔ མ་འཁོར་མ་གནོད་མྱུར་དུ་ཐོངས༔ ཐར་ལམ་བར་ཆད་མ་བྱེད་ཅིག༔ ཁ་འབར་མ་ཡི་སྔགས་ཀྱིས་བསྔོ༔ དེ་ནས་ཁྲུས་བྱ་བ་ནི༔ བཾ་ཨཾ༔ དོན་ཡོད་གྲུབ་པས་བྱིན་བརླབས་པའི༔ དམ་ཚིག་སྒྲོལ་མའི་རང་བཞིན་ཆབ༔ སྤྲོ་དགའ་ཆུ་ཡིས་ལེགས་བགོས་པས༔ ཕྲག་དོག་དྲི་མ་སྦྱོང་བར་ཤོག༔ ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ༔ ལས་རབ་ཞིང་དུ་དབུགས་དབྱུང་ཤོག༔ ཨོཾ་བཾ་ཧ་རི་ནི་ས་ཌཱཀྐི་ནི་ཀརྨ་ས་ཏྭ་སོགས་ཡིག་བརྒྱ་དང་ཁྲུས་སྔགས་བརྗོད་པས་དག་པར་བཀྲུ༔ ཀྱེ་མ་གསོན་ཅིག་རིགས་ཀྱི་བུ༔ ཁྱོད་ནི་ལས་ངན་སྡིག་པོ་ཆེ༔ ཕྲག་དོག་འཐབ་རྩོད་ལས་བསགས་འབྲས༔ ད་ལྟ་ལྷ་མིན་གནས་སུ་སྐྱེས༔ ཚིག་རྩུབ་མཚོན་ཆ་སྙིང་ལ་བརྒྱབ༔ ཕ་རོལ་ཁྱད་གསོད་ལས་དབང་གིས༔ འཐབ་རྩོད་སྡུག་བསྔལ་དོས་རེ་གྲགས༔ དེ་དག་རང་བྱས་འབྲས་བུ་ཡིན༔ ང་ནི་ཡུམ་ཆེན་ཕ་རོལ་ཕྱིན༔ ཁྱོད་ཀྱི་ཐར་པའི་ལམ་སྟོན་ཡིན༔ མ་ཡེངས་རྩེ་གཅིག་གསོལ་བ་ཐོབ༔ མཐོ་རིས་བདེ་བའི་ས་ཡིན་པས༔ ལྷ་མིན་གནས་ལ་མ་འཁོར་བར༔ ཕྱིར་མི་ལྡོག་པའི་ས་ཐོབ་ཤོག༔ སླར་ཡང་གཏོར་མ་བསྔོ་བ་ནི༔ བཾ་ཧཱུྃ༔ གཏོར་མ་འདོད་ཡོན་ལྔ་ལྡན་པའི༔ མཁོ་དགུའི་ལོངས་སྤྱོད་ཕུན་སུམ་ཚོགས༔ ཚེ་འདས་ང་རྒྱལ་ལས་བསགས་པའི༔ འཕོ་ལྟུང་སྡུག་བསྔལ་སྦྱང་ཕྱིར་དུ༔ གསོན་བདུད་གཤིན་ལྕགས་ཚོགས་ལ་བསྔོ༔ ཁྱེད་རྣམས་བྱང་ཆུབ་ཡི་རང་ནས༔ ཕན་པའི་སེམས་དང་ལྡན་པར་མཛོད༔ ཚེ་འདས་བླ་ཡིད་སེམས་གསུམ་ལ༔ མ་འཁོར་མ་གནོད་མྱུར་དུ་ཐོངས༔ ཐར་ལམ་བར་ཆད་མ་བྱེད་ཅིག༔ ཁ་འབར་མ་ཡི་སྔགས་ཀྱིས་བསྔོ༔ དེ་ནས་ཁྲུས་བྱ་བ་ནི༔ བཾ་སྭ༔ འཕགས་པ་གསེར་ཐུབ་བྱིན་བརླབས་པའི༔ ནོར་རྒྱུན་མ་ཡི་རང་བཞིན་ཆབ༔ ཏིང་འཛིན་ཆུ་ཡིས་ལེགས་བགོས་པས༔ ང་རྒྱལ་དྲི་མ་སྦྱོང་བར་ཤོག༔ ཁྲུས་ལེགས་མཛད་ཀྱི་ཁྲུས་བགྱི་འོ༔ ཡོན་ཏན་བརྩེགས་ཞིང་དབུགས་དབྱུང་ཤོག༔ ཨོཾ་བཾ་ཧ་རི་ནི་ས་ཌཱཀྐི་ནི་རཏྣ་ས་ཏྭ་སོགས་ཡིག་བརྒྱ་དང་ཁྲུས་སྔགས་བརྗོད་པས་དག་པར་བཀྲུ༔ ཀྱེ་མ་གསོན་ཅིག་རིགས་ཀྱི་བུ༔ ཁྱོད་ནི་ལས་ངན་སྡིག་པོ་ཆེ༔ ང་འོ་ང་རྒྱལ་ལས་བསགས་འབྲས༔ ད་ལྟ་ལྷ་ཡུལ་གནས་སུ་སྐྱེས༔ འཕོ་ལྟུང་སྡུག་བསྔལ་བརྗོད་ལས་འདས༔ གཟུགས་མེད་གཉིད་ལས་སད་པ་བཞིན༔ ངན་སོང་གནས་མཐོང་སྡུག་བསྔལ་མྱོང༔ ང་ཉིད་ཡུམ་ཆེན་ཕ་རོལ་ཕྱིན༔ ཁྱོད་ཀྱི་ཐར་པའི་ལམ་སྟོན་ཡིན༔ མ་ཡེངས་རྩེ་གཅིག་གསོལ་བ་ཐོབ༔ མཐོ་རིས་བདེ་བའི་ས་ཡིན་པས༔ རྣམ་གཡེང་གནས་ལ་མ་འཁོར་བར༔ ཕྱིར་མི་ལྡོག་པའི་ས་ཐོབ་ཤོག༔ སླར་ཡང་གཏོར་མ་བསྔོ་བ་ནི༔ བཾ་ཧཱུྃ༔ གཏོར་མ་འདོད་ཡོན་ལྔ་ལྡན་པའི༔ མཁོ་དགུ་ལོངས་སྤྱོད་ཕུན་སུམ་ཚོགས༔ ཚེ་འདས་འདོད་ཆགས་ལས་བསགས་པའི༔ བུ་ལོན་ལན་ཆགས་སྦྱང་ཕྱིར་དུ༔ གསོན་བདུད་གཤིན་ལྕགས་ཚོགས་ལ་བསྔོ༔ ཁྱེད་རྣམས་བྱང་ཆུབ་ཡི་རང་ནས༔ ཕན་པའི་སེམས་དང་ལྡན་པར་མཛོད༔ ཚེ་འདས་བླ་ཡིད་སེམས་གསུམ་ལ༔ མ་འཁོར་མ་གནོད་མྱུར་དུ་ཐོངས༔ ཐར་ལམ་བར་ཆད་མ་བྱེད་ཅིག༔ ཁ་འབར་མ་ཡི་སྔགས་ཀྱིས་བསྔོ༔ དེ་ནས་ཁྲུས་བྱ་བ་ནི༔ བཾ་ཨཾ༔ སྣང་མཐའ་རྒྱལ་པོས་བྱིན་བརླབས་པའི༔ གོས་དཀར་མོ་ཡི་རང་བཞིན་ཆབ༔ ཚུལ་ཁྲིམས་ཆུ་ཡིས་ལེགས་བགོས་པའི༔ འདོད་ཆགས་དྲི་མ་སྦྱོང་བར་ཤོག༔ ཁྲུས་ལེགས་མཛད་ཀྱི་ཁྲུས་བགྱིའོ༔ བདེ་ཆེན་ཞིང་དུ་དབུགས་དབྱུང་ཤོག༔ ཨོཾ་བཾ་ཧ་རི་ནི་ས་ཌཱཀྐི་ནི་པདྨ་ས་ཏྭ་སོགས་ཡིག་བརྒྱ་དང་ཁྲུས་སྔགས་བརྗོད་པས་དག་པར་བཀྲུ༔ ཀྱེ་མ་གསོན་ཅིག་རིགས་ཀྱི་བུ༔ ཁྱོད་ནི་ལས་ངན་སྡིག་པོ་ཆེ༔ འདོད་ཆགས་མིག་སེར་རྣམ་སྨིན་གྱིས༔ ད་ལྟ་མི་ཡི་གནས་སུ་སྐྱེས༔ རྩ་བའི་སྡུག་བསྔལ་ཆེན་པོ་གསུམ༔ སྐྱེ་རྒ་ན་འཆིའི་ཆུ་བོ་བཞི༔ ཁྱབ་པ་འདུ་བྱེད་སྡུག་བསྔལ་རྒྱུ༔ ཕ་མ་བུ་ཚ་ཉེ་འབྲེལ་དང༔ སྣང་ཞེན་དངོས་པོ་ཐམས་ཅད་ཀུན༔ མི་རྟག་འབྲལ་བའི་ཆོས་ཅན་ཡིན༔ རྟག་པར་གནས་པ་གཅིག་ཀྱང་མེད༔ སྒྱུ་མ་རྨི་ལམ་གཟུགས་བརྙན་དང༔ དྲི་ཟའི་གྲོང་ཁྱེར་བྲག་ཆའི་སྐད༔ མིག་ཡོར་ཆུ་ཟླ་ཆུ་བུར་སོགས༔ མི་རྟག་སྒྱུ་མའི་དཔེ་འདི་སོམས༔ མ་ཆགས་མ་ཞེན་རིགས་ཀྱི་བུ༔ ང་ནི་ཡུམ་ཆེན་ཕ་རོལ་ཕྱིན༔ ཁྱོད་ཀྱི་ཐར་པའི་ལམ་སྟོན་ཡིན༔ མ་ཡེངས་རྩེ་གཅིག་གསོལ་བ་ཐོབ༔ མཐོ་རིས་བདེ་བའི་ས་ཡིན་པས༔ ཉོན་མོངས་འདམ་ལ་མ་འཁོར་བར༔ ཕྱིར་མི་ལྡོག་པའི་ས་ཐོབ་ཤོག༔ དེ་ནས་འདོད་ཡོན་བསྔོ་བ་གཅོད་གཞུང་གཞན་ནས་བྱུང་བ་ལྟར་འཛུད་ཅིང་བསྡུ་ན༔ ཨོཾ་ཨ་ཀ་རོ་སོགས། འདོད་ཡོན་གྱི་རང་བཞིན་གཟུགས་སྡུག་པ༔ སྒྲ་སྙན་པ༔ དྲི་ཞིམ་པ༔ རོ་མངར་བ༔ རེག་བྱ་འཇམ་པ༔ མཁོ་དགུས་འབྱོར་བ༔ མཛེས་དགུས་བརྒྱན་པ་ངོ་བོ་ཟག་པ་མེད་པའི་ཀུན་བཟང་སྤྲིན་གྱི་རོལ་མོར་འབྱམས་ཀླས་པར་གྱུར༔ ནམ་མཁའ་མཛོད་སྔགས་དང་འགྱུར་སྔགས་མང་པོ་བརྗོད༔ དེ་ནས་ཐམས་ཅད་ནམ་མཁའ་མཛོད་སོགས་ལན་གསུམ༔ མར་མེ་གཟུགས་ཀྱི་ལམ་སྟོན་ནི༔ ཀྱེ་མ་ཚེ་འདས་རིགས་ཀྱི་བུ༔ ཐར་ལམ་ཞིང་དུ་འགྲོ་བ་ལ༔ ཁྱེད་ཉིད་མ་རིག་རྒོང་རྒྱར་དུབ༔ ཡེ་ཤེས་གསལ་བའི་ལམ་མེ་བ༔ ཐར་ལམ་རབ་གསལ་སྒོ་ཕྱེ་ནས༔ ལྷག་མཐོང་འོད་ལ་འདའ་བར་ཤོག༔ ལམ་བསྟན་པ་ནི༔ ཧཱུྃ༔ ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔ སྤྱི་གཙུག་སྟེང་གི་ནམ་མཁའི་ཀློང༔ པདྨ་ཉི་ཟླའི་གདན་གྱི་སྟེང༔ གསུམ་ལྡན་རྩ་བའི་བླ་མ་ནི༔ མ་ཅིག་ཡུམ་ཆེན་དབྱེར་མེད་པའི༔ ཐུགས་ཀློང་འོད་ལྔའི་ཟླུམ་ཐིག་བཾ༔ དེ་ལས་གསེར་མདངས་ལྕགས་ཀྱུ་ལྟར༔ འཕྲོས་པས་ཚེ་འདས་རྣམ་ཤེས་དྲོངས༔ རིག་པ་ལྕགས་གོང་རྣམ་པ་རུ༔ ཕཊཿཀྱིས་ཡུམ་ཆེན་ཐུགས་ཀློང་འཕོ༔ ལྡོག་མེད་ཡུམ་ལྔའི་མཁའ་ལ་རྒྱ༔ ཕཊཿ ཕཊཿ ཕཊཿ ཕཊཿ ཕཊཿ འོ་ཁྱོད་རང་གི་སྟེང་གི་ནམ་མཁར་མ་ཅིག་ལབ་ཀྱི་སྒྲོན་མ་སྐུ་གར་སྟབས་ལིང་ལིང༔ ཕྱག་ཌཱ་དྲིལ་སིང་སིང༔ གསུང་སྙན་པའི་དབྱངས་ཀྱིས་རིགས་ཀྱི་བུ་ཡར་ཤོག་དག་པ་མཁའ་སྤྱོད་ཀྱི་ཞིང་དུ་འགྲོ་འོ༔ དགའ་འོ༔ སྐྱིད་དོ༔ ཞེས་གསུངས་པའི་མོས་པས་ཚེ་འདས་ཀྱི་རྣམ་ཤེས་སེམས་དང་མ་ཅིག་གི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཆུ་ལ་ཆུ་བཞག་པ་བཞིན་དབྱེར་མེད་རོ་གཅིག་འདྲེས་པར་བསམ༔ ཕཊཿ ཕཊཿ ཕཊཿ བསྔོ་སྨོན་ཤིས་བརྗོད་སྤྱི་ལྟར་བྱའོ༔ ཞེས་ཡང་གསང་ཌཱཀྐིའི་ཐུགས་ཐིག་གྲུབ་ཐོབ་ཐོད་པ་བྷ་ཏྲའི་ཐུགས་བཅུད་ཟབ་མོ་གཅོད་ཀྱི་གདམས་པ་འདི་ཉིད་སྙིང་ལ་ཤར་ནས་ལོ་བདུན་བཀའ་རྒྱས་བཏབ་སྟེ་མཐར་བསྔོ་སྨོན་ལས་འབྲེལ་བཟང་པོས་མཚམས་སྦྱར་ནས་སྦ་རོང་བྲག་དཀར་ལ་གནས་འབྲེལ་འཇོག་སྐབས་ཡེ་ཤེས་ཀྱི་མཁའ་འགྲོ་མ་ལྔས་ཞལ་གཟིགས་ལུང་བསྟན་པའི་སྐབས༔ རང་སློབ་དམ་པ་ཀླུ་སྐྱབས་ཀྱིས་ལེགས་པར་བསྐུལ་བ་ལ་བརྟེན་ནས་སྨུག་རོང་ལྷུན་གྲུབ་གླིང་གི་གདན་སར་སྲོད་ཐུན་གཉིས་ལ་བརྡ་ཐོགས་མེད་དུ་བྲིས་པ་ཆོས་བརྒྱུད་འཛིན་པའི་སློབ་བུ་མཐོན་མཐིང་རལ་པའི་གླེགས་བམ་ཅན་གྱི་བསྟན་པ་མཐའ་ནས་མཐའ་རུ་རྒྱས་ཤིང་དེ་སོགས་ལ་ཟུར་ཟ་གཤེ་སྐུར་མཁན་ལ་དྲང་སྲོང་སྨུག་ནག་འོད་འཕྲོ་དང༔ ཟངས་རི་བཙན་རྒོད་འབར་བས་མཐའ་སྟུང་ཞིག༔ འཛིན་སྐྱོང་སྤེལ་བའི་སྡོང་གྲོགས་མཛོད་ཅིག༔ གུ་ཧྱ༔ ཤུ་བྷཾ༔

འདོད་ཡོན་བསྔོ་བ་ཆགས་མེད་གར་གཅོད་ལས་བཏུས་པ།

༄༅། འདོད་ཡོན་ནི་གསུར་ཕྱེ་མར་ཇ་ཆང་ཟན་སྣ་རྣམས་ལ༔ ཕཊཿ སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཟས་གོས་བཟའ་བཏུང་ཕུན་སུམ་ཚོགས་པར་གྱུར༔ ན་མཿསརྦ་ཏ་ཐ་ག་ཏ་སོགས། ཀྱེ༔ ཉོན་ཅིག་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ༔ སྔོན་ཚེ་རྒྱལ་སྲས་དྲི་མེད་གྲགས་པ་དེ༔ སྟན་མེད་ཐང་ལ་འཁྱམས་ཚེ་ལྷ་རྣམས་ཀྱིས༔ རྫུ་འཕྲུལ་སེང་གེའི་གདན་ཁྲི་བཏེགས་པ་ལྟར༔ ལས་ཀྱིས་འབྲེལ་བའི་ཉེ་དུ་བརྩེ་བ་ཡིས༔ སྣམ་རས་ཕྱིང་དཀར་གཙང་མའི་གདན་བཟང་འདི༔ ཚེ་འདས་ཁྱོད་ལ་སྟན་གྱི་སྐལ་བར་བསྔོ༔ ཚ་གྲང་སྡུག་བསྔལ་ཐམས་ཅད་རབ་ཞི་ཞིང༔ བདེ་ལྡན་བྱང་ཆུབ་འབྲས་བུ་ཐོབ་པར་ཤོག༔ སྔོན་ཚེ་རྒྱལ་བུ་བདེ་ལྡན་མུན་པར་འཁྱམས༔ སྤྱན་རས་གཟིགས་ཀྱིས་ཡེ་ཤེས་སྒྲོན་མེ་ཡིས༔ མ་རིག་མུན་པ་བསལ་བ་དེ་བཞིན་དུ༔ ལས་ཀྱིས་འབྲེལ་བའི་ཉེ་དུ་བརྩེ་བ་ཡིས༔ ཡེ་ཤེས་གསལ་བའི་སྒྲོན་མེ་འདི་བསྟན་ནས༔ ཚེ་འདས་ཁྱོད་ཀྱི་མུན་པ་སེལ་ཕྱིར་བསྔོ༔ མ་རིག་མུན་པ་རྟག་ཏུ་སངས་གྱུར་ཏེ༔ ཡེ་ཤེས་གསལ་བའི་མདངས་ལ་བདེ་བར་གཤེགས༔ སྔོན་ཚེ་མཽ་གལ་བུ་ཡིས་ཡུམ་ལ་ཟས༔ བསྔོས་པས་ངན་སོང་གནས་ནས་ཐར་བ་ལྟར༔ བརྩེ་ཞིང་བྱམས་པའི་ཉེ་འབྲེལ་འདི་དག་གིས༔ ཞལ་ཟས་བཟའ་བཅའ་ཞིམ་མངར་སྣ་ཚོགས་འདི༔ ཚེ་འདས་ཁྱོད་ལ་ཟས་ཀྱི་སྐལ་དུ་བསྔོ༔ ཟད་མེད་ཏིང་འཛིན་ཟས་ལ་སྤྱོད་པར་ཤོག༔ སྔོན་ཚེ་རྒྱལ་བུ་དགེ་མཐོང་ཚེ་ལས་འདས༔ སྲིང་མོ་ལྷ་མོ་བདེ་ལྡན་ཞེས་བྱ་བས༔ འབྲས་ཆང་བཏུང་བ་བདུད་རྩི་མངར་དང་ལྡན༔ བསྔོས་པས་ཚ་གྲང་སྡུག་བསྔལ་ཞི་བ་ལྟར༔ བརྩེ་གདུང་ཡིད་ལ་གཅགས་པའི་ཉེ་འབྲེལ་གྱིས༔ ཇ་ཆང་འོ་ཞོ་བཏུང་བ་སྣ་ཚོགས་ཀྱིས༔ ཚེ་འདས་ཁྱོད་ལ་སྐོམ་གྱི་སྐལ་བར་བསྔོ༔ ཚེ་འདས་སྐོམ་པའི་སྡུག་བསྔལ་ཞི་གྱུར་ནས༔ བླ་མེད་བྱང་ཆུབ་སྐོམ་དང་ལྡན་པར་ཤོག༔ སྔོན་ཚེ་བྲམ་ཟེའི་བུ་མོ་འཕགས་པའི་ཡུམ༔ སེར་སྣའི་དབང་གིས་ཡི་དྭགས་ཡུལ་དུ་འཁྱམས༔ བུ་མཆོག་སྤྱན་རས་གཟིགས་ཀྱི་ཐུགས་རྗེ་ཡིས༔ བྱིན་གྱིས་བརླབས་པའི་ན་བཟའ་བྱིན་པ་ལྟར༔ བརྩེ་གདུང་ཡིད་ལ་གཅགས་པའི་ཉེ་འབྲེལ་གྱིས༔ ཚ་བའི་བསིལ་གཡབ་གྲང་བའི་སྐྱབས་གྱུར་པའི༔ ཞྭ་གོས་སྣམ་ཕྱིང་བལ་དང་དར་རས་སོགས༔ ཚེ་འདས་ཁྱོད་ལ་གོས་ཀྱི་སྐལ་བར་བསྔོ༔ ནམ་ཡང་ཚ་གྲང་སྡུག་བསྔལ་མི་འབྱུང་ཞིང༔ ཡུན་དུ་བདེ་སྐྱིད་ཕུན་སུམ་ཚོགས་པར་ཤོག༔ བདེ་གཤེགས་རིན་ཆེན་མང་དང་གཟུགས་མཛེས་དང༔ འཇམ་ཀླས་འཇིགས་ཀུན་བྲལ་ལ་ཕྱག་འཚལ་ལོ༔ དེ་བཞིན་གཤེགས་པ་ཁྱེད་རྣམས་བདེན་པའི་མཐུས༔ ཚེ་འདས་འདོད་ཡོན་ལོངས་སྤྱོད་ཀུན་ཐོབ་ནས༔ སྐྱེ་བ་གཏན་གྱི་ལོངས་སྤྱོད་འབྱུང་བར་ཤོག༔ ཁ་འབར་མ་ཡི་སྔགས་ཀྱིས་བསྔོས་པའི་ཟས་གོས་སྤྲང་པོ་དང་བྱ་ཁྱི་ཉམ་ཐག་པ་རྣམས་ལ་སྦྱིན་པ་བཏང༔ ཆགས་མེད་གར་གཅོད་ལས་ཁོལ་དུ་ཕྱུང་བའོ༔

གཅོད་དབང་ཆུ་བོ་གཅིག་འདྲེས་ཀྱི་ལོ་རྒྱུས།

༄༅། ཟབ་དོན་གཅོད་དབང་ཆུ་བོ་གཅིག་འདྲེས་ཀྱི་ལོ་རྒྱུས་བཞུགས། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མ་ཅིག་ཡུམ་ཆེན་ཀུན་ཏུ་བཟང་མོའི་གོ་འཕང་ཚེ་འདི་ཉིད་ལ་ཐོབ་པ་ཞིག་ཅི་ནས་ཀྱང་བྱའོ། །དེ་མ་ཐོབ་ཀྱི་བར་ཏུ་ཕྱི་ནང་གསང་བའི་གཅོད་ཟབ་མོས་རང་རྒྱུད་གྲོལ་བ་ཞིག་བྱ་སྙམ་པའི་ཀུན་སློང་རྣམ་པར་དག་པས་མདུན་བསུས་ཏེ་ཟབ་མོ་གཅོད་ཀྱི་གདམས་པ་འདིས་སློབ་མ་རྣམས་རྗེས་སུ་འཛིན་པར་བྱེད་པ་ལ། ཐོག་མར་ཆོས་ཁུངས་བཙུན་ཞིང་ཡིད་ཆེས་པའི་ལོ་རྒྱུས། གཉིས་པ་ཟབ་དོན་གཅོད་ཀྱི་གདམས་པ་ཟབ་གནད་གཞན་དང་འགྲན་ཟླ་བྲལ་བ་དཔེ་དྲུག་གི་སྒོ་ནས་འཕགས་ཚུལ། གསུམ་པ་ཕ་ཐོད་པའི་རྣམ་འཕྲུལ་དུས་མཐའི་གཏེར་སྟོན་བསམ་གཏན་ཡེ་ཤེས་གླིང་པས་གསང་གཅོད་འདི་སྤེལ་བའི་ཡིད་ཆེས་ངེས་ཤེས་བསྐྱེད་པའི་རྣམ་ཐར་སོགས་ས་བཅད་གསུམ་གྱི་སྒོ་ནས་བཤད་ན། ཐོག་མར་ཆོས་ཁུངས་བཙུན་ཞིང་ཡིད་ཆེས་པའི་ལོ་རྒྱུས་ནི། ཆོས་སྐུའི་ཞིང་ན་ཀུན་ཏུ་བཟང་མོའམ་ཡུམ་ཆེན་མོ། ལོངས་སྐུའི་ཞིང་ན་རྡོ་རྗེ་ཕག་མོའམ་རྡོ་རྗེ་བདག་མེད་མ། སྤྲུལ་སྐུའི་ཞིང་ན་རྡོ་རྗེ་བདུད་འདུལ་མའམ་རྗེ་བཙུན་སྒྲོལ་མ་སྟེ། དེ་ལྟ་བུའི་སྐུ་གསུམ་ཞིང་གི་སྟོན་པ་དང་འཁོར་གྱི་རྣམ་རོལ་མཐའ་ཡས་པར་བསྟན་པ་ལས། དུས་རེ་ཞིག་གི་ཚེ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ཞེས་ཡུམ་ཆེན་མོ་དེའི་སྤྲུལ་པ་རྡོ་རྗེ་བདུད་འདུལ་མ་དེས་སེམས་ཅན་གྱི་དོན་དུ་གང་འདུལ་གྱི་སྐྱེ་བ་མཐའ་ཡས་པ་ཞིག་བཞེས་པའི་ཐ་མ་ནི་མ་ཅིག་ལབ་ཀྱི་སྒྲོན་མ་ཡིན་ཏེ། དེ་ཡང་བོད་ཀྱི་ཡུལ་འདིར་སྔོན་སྐྱེ་བ་གཉིས་ལྡན་དུ་བཞེས་པ་རྒྱ་བཟའ་དང་བལ་བཟའ། དེ་གཉིས་གཅིག་ཏུ་བཟླུམ་པ་ཡེ་ཤེས་མཚོ་རྒྱལ་ཡིན་ཏེ། ཨོ་རྒྱན་རིན་པོ་ཆེའི་བསྟན་པའི་སྤྱི་ལུང་དུ། མཚོ་རྒྱལ་སྤྲུལ་པ་རྟོག་ཚོགས་གཏད་མེད་གཅོད༔ ལབ་ཀྱི་སྒྲོན་མ་ཟངས་རི་ཞེས་བྱར་འབྱུང༔ ཐབས་མཆོག་སྤྱོད་པ་ཨ་ཙར་ས་ལེ་ཡི༔ སྒྱུ་འཕྲུལ་ཐོད་པ་བྷ་ཏྲ་ཡ་ཞེས་འབྱུང༔ ཞེས་དང་། ཨོ་རྒྱན་ཆེན་པོས་མཚོ་རྒྱལ་རྣམ་ཐར་དུ། ཡེ་ཤེས་མཚོ་རྒྱལ་ཨ་ལ་ལ༔ འདི་ནས་མ་འོངས་ཐ་མའི་དུས༔ ཁྱོད་ཀྱི་སྤྲུལ་པ་རྣམ་ལྔ་འགྱེད༔ སངས་རྒྱས་བསྟན་པ་སུམ་ཅུར་བསྲིང༔ ཁྱད་པར་དྭགས་ཡུལ་ལབ་ཞེས་པར༔ སྒྲོན་མའི་མཚན་ཅན་བུད་མེད་འབྱུང༔ ཡུམ་ཆེན་གདམས་པའི་བཅུད་རྣམས་གསོལ༔ ཟབ་མོ་གཅོད་ཀྱི་བསྟན་པ་སྤེལ༔ འགྲོ་བའི་དོན་མཆོག་བསྟན་པ་འབྱུང༔ དེ་དུས་ཨ་ཙར་ས་ལེ་འདི༔ ཐོད་པའི་མིང་ཅན་བནྡྷེ་འབྱུང༔ ཇོ་མོའི་ཡབ་གྱུར་གསང་སྒོ་དབྱེ༔ མོན་མོ་བཀྲ་ཤིས་ཁྱེའུ་འདྲེན་འདི༔ སྐུ་ཡི་བུ་མོ་ལྕམ་གཅིག་འབྱུང༔ མོན་བུ་ས་ལེ་བྱ་བ་འདི༔ སྨྱོན་པའི་ཚུལ་ཅན་སྲས་སུ་འཁྲུངས༔ ཨ་ཙ་ར་ནི་དཔལ་དབྱངས་འདི༔ གྲྭ་པ་མངོན་ཤེས་ཞེས་བྱ་འབྱུང༔ ཇོ་མོ་གསང་བའི་ཡབ་བྱེད་ནས༔ བདག་གཞན་དོན་མཆོག་འགྲུབ་པ་འབྱུང༔ ད་ལྟའི་པདྨ་འབྱུང་གནས་ང༔ རྒྱ་གར་དམ་པའི་མཚན་འཛིན་ནས༔ ལ་སྟོད་ཕྱོགས་ནས་ཞི་བྱེད་སྤེལ༔ ཇོ་མོ་ཁྱོད་དང་བདག་འཕྲད་ན༔ གསང་བ་སྔགས་ཀྱི་རྟེན་འབྲེལ་འབྱུང༔ ཐབས་ལམ་ཟབ་མོ་ཞི་གཅོད་ཀྱི༔ བསྟན་པས་འཇིག་རྟེན་དར་ཅིག་བདེ༔ ཞེས་གསུངས༔ གཞན་ཡང་ཆོས་གླིང་གི་ཕྱག་རྡོར་དྲེགས་པ་ཀུན་འདུལ་གྱི་མ་འོངས་ལུང་བསྟན་ལས༔ མཚོ་རྒྱལ་ཨ་ཙར་ཡེ་ཤེས་འཕྲུལ༔ དབྱི་ཡི་ཕྱོགས་སུ་སྐུ་བལྟམས་ནས༔ ངེས་མེད་འགྲོ་བ་གཞན་ལ་ཕན༔ འབྲེལ་ཚད་དོན་ལྡན་འགྲོ་བ་འདུལ༔ ཞེས་དང༔ གཞན་ཡང་མདོ་དངས་སྙིགས་འབྱེད་པ་ལས་ཀྱང་། སྙིགས་མ་རྩོད་པ་རྒྱས་པའི་དུས། །རྒྱལ་བའི་ཡུམ་གྱི་སྤྲུལ་པ་ནི། །སྒྲོན་མའི་མཚན་ཅན་འབྱུང་བར་འགྱུར། །སྐྱེ་མེད་སྙིང་པོའི་དོན་སྟོན་ཅིང་། །གྲོང་དང་གྲོང་ཁྱེར་རི་སུལ་དང་། །དུར་ཁྲོད་བས་མཐའ་ཁྱབ་པར་ཉུལ། །དེ་ཡི་ཆོས་འདི་རྒྱས་པར་འགྱུར། །ཞེས་དང་། འཇམ་དཔལ་རྩ་རྒྱུད་ལས། ང་ཡི་བསྟན་པའི་སྙིགས་མ་ལ། །ཁ་བ་ཅན་ཞེས་བྱ་བའི་ལྗོངས། །བྱང་ཕྱོགས་ལབ་ཀྱི་གྲོང་ཁྱེར་དུ། །ཤེས་རབ་ཡུམ་ཆེན་ཐུགས་སྤྲུལ་ནི། །ལབ་ཀྱི་སྒྲོན་མ་ཞེས་བྱ་འབྱུང་། །སྐྱེ་མེད་སྙིང་པོའི་དོན་སྟོན་འགྱུར། །ཞེས་མདོ་རྒྱུད་དུ་མ་ནས་ལུང་གིས་བསྔགས་པའི་གསང་ཆེན་ཡེ་ཤེས་ཀྱི་མཁའ་འགྲོ་མ་དེ་ཉིད་ཇི་ལྟར་འཁྲུངས་ཚུལ་ནི། རྒྱ་གར་གྱི་པཎ་ཆེན་སྨོན་ལམ་གྲུབ་པ་དེ་ཉིད་བོད་ཡུལ་གྱི་ལབ་ཕྱིའི་གངས་ཀྱི་ར་བར། ཡབ་ཆོས་ཀྱི་ཟླ་བ་རྒྱལ་མཚན་དང་། ཡུམ་འབུམ་ལྕམ་མ་གཉིས་ཀྱི་སྲས་སུ་ངོ་མཚར་བའི་ལྟས་དང་བཅས་ཏེ་སྐུ་བལྟམས། སྐྱོ་སྟོན་བསོད་ནམས་བླ་མ། གྲྭ་པ་མངོན་ཤེས་ཅན། ཕ་དམ་པ་རྒྱ་གར་ལ་སོགས་པའི་རྒྱ་བོད་ཀྱི་བླ་མ་མཁས་གྲུབ་མང་པོ་བསྟེན། མདོ་རྒྱུད་ཕྱི་ནང་གི་ཆོས་ཀྱི་སྒྲོ་འདོགས་མ་ལུས་དཀའ་ཚེགས་མེད་པར་ཆོད། རྒྱུད་བཀའ་ཐོག་ནས་གྲོལ། རྟོགས་པ་ཀློང་རྡོལ། བཞི་བརྒྱ་རྩ་བཞིའི་ནད། སྟོང་ཕྲག་བརྒྱད་ཅུའི་གདོན་གྱིས་མི་ཚུགས་པའི་ཕྱག་རྒྱ་ཆེན་པོའི་གཅོད་ཅེས་བྱ་བའི་ཆོས་ཀྱི་སྲོལ་བཏོད། རྒྱ་བོད་གཉིས་སོགས་འཛམ་བུའི་གླིང་གི་ལྷ་འདྲེ་མི་གསུམ་དབང་དུ་བསྡུས། རྒྱ་གར་རྡོ་རྗེ་གདན་པའི་པཎྜི་ཏ་རྣམས་གྲོས་བྱས་མཁས་ཤིང་གྲུབ་པ་བརྙེས་པ་གསུམ་ལ་བརྩད་པ་དང་ཉམས་སད་པའི་ཕྱིར་བཏང་བ་ཁྲ་ཧོར་པས་གངས་རྩེ་འགྲིམ་པ་བཞིན་ནམ་མཁའ་ལ་འཕུར་ནས་འོངས་པ་ཟངས་རིར་ཕྱིན། བལ་པོ་མན་ཆད་ཀྱི་སེར་སྐྱ་ཕོ་མོ་འབུམ་ཚོ་ལྔ་དང་ལྔ་བརྒྱ་ཙམ་བསྡུས་ནས་པཎྜི་ཏ་རྣམས་དང་ཆོས་ཚིག་གི་རྩོད་པ་དང་དྲི་མོལ་རྒྱ་སྐད་དུ་བྱས། ལོ་ཙཱ་བ་མང་པོ་འདུག་པས་སྒྲ་བསྒྱུར་ནས་ཞག་བདུན་བར་དུ་བཤད། མངོན་མཁྱེན་དང་རྫུ་འཕྲུལ་ལ་སོགས་པ་གང་གི་སྒོ་ནས་ཀྱང་འགྲན་ཟླ་དང་བྲལ། པཎྜི་ཏ་རྣམས་ཀྱང་ངོ་མཚར་ནས་བཀའ་ཆོས་རྣམས་འཆོས་སྐྱོབ་ཀྱི་ཡོན་ཏན་དང་ལྡན་པར་ཡིད་ཆེས་ནས་རྒྱ་གར་དུ་གདན་དྲངས། དགོངས་འགྲེལ་གྱི་བསྟན་བཅོས་དང་བཅས་པ་མཛད་ནས་དར་རྒྱས་སུ་བྱས་པ་ནི། མ་ཅིག་གི་རྣམ་བཤད་ཆེན་མོ་ལས། རྒྱ་ཆོས་བོད་ལ་འགྱུར་བ་མང་ལགས་ཏེ། །བོད་ཆོས་རྒྱ་ལ་འགྱུར་བ་ཁོ་མོ་ཙམ། །ཞེས་གསུངས་པ་བཞིན་ནོ། །དེ་ལ་མཆོག་གི་སློབ་མ་བཅུ་དྲུག་ལ་སོགས་པའི་སྐལ་ལྡན་གྲུབ་པ་ཐོབ་པ་ནམ་མཁའི་སྐར་ཚོགས་ལས་ཀྱང་མང་བ་བྱུང་། དེ་ལྟར་འཛམ་བུའི་གླིང་དུ་ཉི་ཟླ་ལྟར་གྲགས་པ་ཟབ་ཆོས་བདུད་ཀྱི་གཅོད་ཡུལ་ཞེས་བྱ་བ་འདི་ལ། མདོ་ལུགས། སྔགས་ལུགས། མདོ་སྔགས་ཟུང་འཇུག་གི་ལུགས་དང་གསུམ་ཡོད་པ་ལས་མདོ་ལུགས་ཀྱི་བརྒྱུད་པ་ནི། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ། འཇམ་དཔལ་སྨྲ་བའི་སེང་གེ། སློབ་དཔོན་འཕགས་པ་ཀླུ་སྒྲུབ། རྗེ་བཙུན་ཨརྱ་དྷེ་ཝ། ཕ་དམ་པ་སངས་རྒྱས། སྐྱོ་སྟོན་བསོད་ནམས་བླ་མ། དེས་མ་ཅིག་ལའོ། །སྔགས་ལུགས་ཀྱི་བརྒྱུད་པ་ནི། ཆོས་སྐུ་ཡུམ་ཆེན་མོ། ལོངས་སྐུ་རྡོ་རྗེ་ཕག་མོ། སྤྲུལ་སྐུ་འཕགས་མ་སྒྲོལ་མ། དེས་མ་ཅིག་ལ་གསུངས། མདོ་སྔགས་ཟུང་འཇུག་གི་བརྒྱུད་པ་ནི། འཕགས་པ་འཇམ་དཔལ། རྗེ་བཙུན་སྒྲོལ་མ། མཁའ་འགྲོ་སུ་ཁ་སིདྡྷི། བྲམ་ཟེ་ཨཱརྱ་དེ་ཝ། ཕ་དམ་པ་རྒྱ་གར། སྐྱོ་སྟོན་བསོད་ནམས་བླ་མ། དེས་མ་ཅིག་ལ་གནང་། མ་ཅིག་གིས་ཐུགས་སྲས་རྒྱལ་བ་དོན་གྲུབ་ལ་མདོ་ལུགས་གཙོ་བོར་གསུངས། ཐོད་སྨྱོན་བསམ་གྲུབ་ལ་སྔགས་ལུགས་གཙོ་བོར་གསུངས། ཁུ་སྒོམ་ཆོས་ཀྱི་སེང་གེ་ལ་མདོ་སྔགས་ཟུང་འཇུག་གི་གདམས་པ་གཙོ་བོར་གསུངས་ནས་དེ་རྣམས་ཀྱི་བརྒྱུད་པ་ལའང་མཁས་ཤིང་དངོས་གྲུབ་བརྙེས་པའི་གྲུབ་ཐོབ་ནམ་མཁའི་ལམ་ལ་གྱ་གྱུར་འགྲོ་བ་གྲངས་ལས་འདས་པ་བྱུང་། དེ་ལྟར་བརྒྱུད་པ་སོ་སོ་ནས་བདག་གི་རྩ་བའི་བླ་མའི་བར་དུ་མུ་ཏིག་བསྟར་ལ་བརྒྱུས་པ་ལྟར་བར་མ་ཆད་དུ་བྱུང་བའོ།། གཉིས་པ་ཟབ་དོན་གཅོད་ཀྱི་གདམས་པ་ཟབ་གནད་གཞན་དང་འགྲན་ཟླ་བྲལ་བ་དཔེ་དྲུག་གི་སྒོ་ནས་འཕགས་ཚུལ་ནི། མ་ཅིག་གི་ཞལ་ནས། གཅོད་ཀྱི་ཆོས་འདི་གཡུའི་དུམ་བུ་དང་འདྲ་སྟེ་ཚལ་པ་རེས་ཀྱང་རང་གཞན་སྐྱོབ་ནུས། གསེར་གྱི་ཕྱེ་མ་དང་འདྲ་སྟེ་ཆ་ལག་ཚང་མ་མེད་ཀྱང་མན་ངག་སྣ་རེས་ཀྱང་ཕན་ཐོགས་ནུས། གངས་རི་དང་འདྲ་སྟེ་ཁ་བ་བབ་ཀྱང་དཀར་ལ་མ་བབ་ཀྱང་དཀར། དེ་བཞིན་དུ་ཆོས་གཞན་མ་ཡོད་ཀྱང་ཆོག་ལ་མེད་ཀྱང་ཆོག སེང་གེ་དང་འདྲ་སྟེ་ཆུ་ཆེ་ཡང་ཆོད་ཆུང་ཡང་ཆོད། དེ་བཞིན་དུ་གཅོད་མཁན་གྱིས་ཆོས་གཞན་ཤེས་ཀྱང་ཆོག་ལ་མ་ཤེས་ཀྱང་ཆོག རྔ་བོ་ཆེའི་སྐད་དང་འདྲ་སྟེ་ཁོ་གཅིག་པུར་བརྡུང་ཡང་སྐད་སྙན་ལ་རྔ་སིལ་དང་སྦྲགས་ནའང་རྔ་སྐད་ཐོན། དེ་བཞིན་དུ་ཆ་ལག་གཞན་ཡོད་ནའང་ཆོག་མེད་ནའང་རང་གཞན་གྱི་སྣང་བ་ཆོས་སུ་བསྒྱུར་ནུས། དངོས་གྲུབ་ཀྱི་ཆུ་མིག་དང་འདྲ་སྟེ་མི་མང་ཡང་འཚོ་ལ་ཉུང་ཡང་འཚོ་བ་དེ་བཞིན་དུ་སློབ་མ་མང་ཡང་སངས་རྒྱས། ཉུང་ཡང་སངས་རྒྱས། རྟ་བཟང་པོའི་སྤུ་མདོག་དང་འདྲ་སྟེ་སྔོ་ཡང་མཛེས། ནག་ཀྱང་མཛེས། དེ་བཞིན་དུ་གཅོད་ཡུལ་ཉམས་སུ་ལེན་པའི་ཆོས་གཞན་དང་བསྟུན་ཡང་ལེགས། མ་བསྟུན་ཡང་ལེགས་སོ། ཞེས་དང་གཞན་ཡང་། ཨ་ཟ་མ་ཡི་བུ་ཁྱོད་ཉོན། །བར་ཆད་མི་འོང་ང་རང་ཤེས། །ནད་པ་འདྲེ་ལ་གཏད་པ་ཡིན། །ནད་མེད་བདེ་བ་ཐོབ་པ་ཡིན། །སྐྱེལ་མ་དགྲ་ལ་བྱས་པ་ན། །འཇིགས་མེད་བཙན་ས་ཟིན་པ་ཡིན། །མི་མཐུན་གྲོགས་སུ་ཁྱེར་བ་དང་། །ལྟས་ངན་གཡང་དུ་ལེན་པ་ནི། །ཨ་མ་ཇོ་མོའི་ཆོས་ལུགས་ཡིན། །སྲུངས་ཤིག་སྐྱོབས་ཤིག་བརྒྱ་བྱེད་པས། །ཟོ་ཞིག་ཁྱེར་ཅིག་གཅིག་གིས་དགའ། །ལུས་སྲོག་གཟན་དུ་བོར་བ་ན། །སྲུང་འཁོར་བཏག་ཏུ་མེད་པ་ཡིན། །ཀུ་སུ་ལུ་ཡི་ཚོགས་བསགས་ཏེ། །ཚོགས་བསགས་བརྒྱ་ཡི་དོ་ཟླ་མིན། །ཉམས་ལེན་དཀར་འགྱེད་དམར་འགྱེད་དེ། །སྟོན་མོ་བརྒྱ་ཡི་དོ་ཟླ་མིན། །ཕུང་པོ་ཤ་ཁྱེར་ཁྲག་ཁྱེར་ཏེ། །རིམ་གྲོ་བརྒྱ་ཡི་དོ་ཟླ་མིན། །འདུག་གནས་གཉན་ས་རི་ཁྲོད་དེ། །དགོན་པ་བརྒྱ་ཡི་དོ་ཟླ་མིན། །སྦྱིན་བདག་སྣང་སྲིད་ལྷ་འདྲེ་དེ། །ཡོན་བདག་བརྒྱ་ཡི་དོ་ཟླ་མིན། །ལྟ་བ་ཀ་དག་མཐའ་བྲལ་ཏེ། །དམ་ཆོས་བརྒྱ་ཡི་དོ་ཟླ་མིན། །ཟབ་ཆོས་བདུད་ཀྱི་གཅོད་ཡུལ་དེ། །མན་ངག་བརྒྱ་ཡི་དོ་ཟླ་མིན། །ཞེས་དང་། ཨཱརྱ་དེ་ཝས། སྟེང་གི་ལྷ་རྣམས་དམ་ལ་ཐོགས། །ལྷ་རྣམས་རང་སར་གྲོགས་དོན་བྱེད། །འོག་གི་ཀླུ་རྣམས་ཟིལ་གྱིས་གནོན། །ཀླུ་ལ་ལས་ནི་གང་བཅོལ་འགྲུབ། །གཉན་རྣམས་མ་ལུས་བྲན་དུ་ཁོལ། །བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་རྣམས་ཀྱིས་བུ་བཞིན་སྐྱོང་། །ཐོགས་བཅས་བདུད་ལ་ཆོད་པ་ཡིན། །སྣང་བ་དགྲ་རུ་ལྡང་མི་སྲིད། །ཐོགས་མེད་བདུད་ལ་ཆོད་པ་ཡིས། །གནོད་སྦྱིན་ཕོ་མོ་དམ་ལ་ཐོགས། །དེ་ལ་སོགས་པའི་ཡོན་ཏན་ནི། །དཔག་ཏུ་མེད་པ་འབྱུང་བར་འགྱུར། །ཞེས་གསུངས་པ་ལྟ་བུའི་གདམས་ངག་མ་ཅིག་གི་ཐུགས་བཅུད་ཟབ་མོ་མཁའ་འགྲོའི་དངོས་གྲུབ་ཀྱི་དྲོད་རླངས་ཐུ་ལེ་བ། ཚེ་འདིའི་ནད་གདོན་བར་ཆད་སེལ་བ་ལ་གནད་གཞན་ལས་ཟབ་ཅིང་རྣོ་བ། མཐར་ཐུག་བྱང་ཆུབ་ཐོབ་པ་ལ་ལམ་གཞན་ལས་མྱུར་ཞིང་འཕགས་པའི་ཟབ་ཆོས་ཁྱད་པར་ཅན་ཡིན་ནོ།། གསུམ་པ་ཕ་ཐོད་པའི་རྣམ་འཕྲུལ་དུས་མཐའི་གཏེར་སྟོན་བསམ་གཏན་ཡེ་ཤེས་གླིང་པས་གསང་གཅོད་འདི་སྤེལ་བའི་ཡིད་ཆེས་ངེས་ཤེས་བསྐྱེད་པའི་རྣམ་ཐར་ནི། རང་རིག་སྟོན་པ་ཀུན་བཟང་གིས༔ རང་ལས་མི་གཞན་འཁོར་རྣམས་ལ༔ ཤེས་རབ་ཕ་རོལ་ཕྱིན་པའི་དབང༔ འཕོ་མེད་དགོངས་པའི་ངང་ནས་བསྐུར༔ ལྔ་ལྡན་ལོངས་སྐུའི་ཞིང་ཁམས་སུ༔ གསལ་དག་རིགས་ལྔའི་སངས་རྒྱས་ཀྱིས༔ དག་པ་ས་གསུམ་འཁོར་རྣམས་ལ༔ རང་རིག་བརྡ་ཡི་དབང་ཆེན་བསྐུར༔ གང་འདུལ་སྤྲུལ་སྐུའི་ཞིང་ཁམས་སུ༔ མཛད་པ་ཡོངས་རྫོགས་སྟོན་པ་ཡིས༔ རིགས་ཅན་གསུམ་གྱི་སེམས་དཔའ་ལ༔ རྒྱུད་ལུང་མན་ངག་འབྲས་བུའི་དབང༔ རྫས་དང་སྔགས་ལ་བརྟེན་ནས་བསྐུར༔ ཞལ་ནས་སྙན་དུ་བརྒྱུད་པ་འདི༔ བར་མ་ཆད་པའི་གདམས་པ་འོ༔ ཁྱད་པར་མཁའ་འགྲོའི་ཐུགས་བཅུད་འདི༔ ཆོས་སྐུའི་ཞིང་དུ་ཀུན་བཟང་མོ༔ རང་སྣང་སངས་རྒྱས་བྱང་སེམས་ལ༔ དབྱེར་མེད་དགོངས་པ་གཅིག་པར་བརྒྱུད༔ འོག་མིན་ལོངས་སྐུའི་ཞིང་ཁམས་སུ༔ རྒྱལ་ཡུམ་རྡོ་རྗེ་རྣལ་འབྱོར་མས༔ ས་དང་ལམ་ལ་གནས་པ་ཡི༔ གནས་ཡུལ་དུར་ཁྲོད་མཁའ་འགྲོ་ལ༔ སྒྲ་ཚིག་སྤངས་པའི་བརྡ་རུ་བསྟན༔ རང་བཞིན་སྤྲུལ་པའི་རྔ་ཡབ་གླིང༔ རིག་འཛིན་པདྨ་ཐོད་ཕྲེང་གིས༔ མཁར་ཆེན་བཟའ་དང་མནྡྷ་ར༔ གསང་བའི་ཡུམ་ཆེན་སོ་སོ་ལ༔ རྒྱུད་དང་སྒྲུབ་ཐབས་གྲུབ་འབྲས་སོགས༔ གདུལ་བྱའི་དོན་དུ་སོ་སོར་བསྟན༔ དེ་ཡང་སྟོང་གསུམ་སྟོན་པ་རྣམས༔ ངོ་བོ་གཅིག་ལས་ཐ་དད་སྣང༔ དཔེར་ན་མཁའ་ཡི་ཟླ་བ་དང༔ ཆུ་ཟླ་སོ་སོར་དབྱེར་མེད་བཞིན༔ འདིར་ཡང་དག་སྣང་ཆོས་ཀྱི་སྡེ༔ མ་འོངས་སྐལ་པ་ལྡན་པ་ཡིས༔ ཨ་ཙར་ཐོད་པ་ཟུང་གི་འཕྲུལ༔ སྨོན་ལམ་གཏད་རྒྱས་དབང་ཡང་བསྐུར༔ ལས་འཕྲོ་ལྡན་པར་ལུང་དུ་བསྟན༔ བརྒྱུད་པ་དམ་ལྡན་བྱིན་རླབས་མྱུར༔ ཨེ་མ་ཌཱཀྐིའི་སྲོག་ཏིག་འདི༔ སྔོན་ཚེ་རྒྱ་གར་བྱང་གི་ཕུག༔ པཎ་ཆེན་སྨོན་ལམ་གྲུབ་པ་ཡི༔ དགོངས་པ་ཁྲོས་མའི་ཐུགས་དང་འདྲེས༔ མཁའ་འགྲོ་བདུད་འདུལ་རྡོ་རྗེ་ལ༔ འགྲོ་འདྲེན་ལབ་ཡུལ་སྐུ་འཁྲུངས་པ༔ ལབ་ཀྱི་སྒྲོན་མ་ཞེས་བྱ་འབྱུང༔ གསང་གཅོད་བསྟན་པ་མཁའ་དང་མཉམ༔ དེ་ཚེ་སྨོན་ལམ་དུས་འཛོམས་པའི༔ རྒྱ་གར་ལྷ་མཆོག་ཐོད་པ་ཡི༔ སྤྲུལ་པའི་ཨ་ཙ་ར་དང་འཕྲད༔ ཐབས་ཤེས་མཉམ་སྦྱོར་རིགས་རྒྱུད་སྤེལ༔ འགྲོ་དོན་ཉི་ཟླའི་དཔལ་ལ་འགྲན༔ མཚན་སྙན་དབྱར་རྔའི་ཟླ་བོར་མཆེད༔ དེ་འདྲའི་དུས་སུ་ཟངས་རི་ཡི༔ མཁར་དམར་བསྟན་པའི་ག་དར་མཛད༔ ཕ་མཆོག་ཐོད་པ་བྷ་ཏྲ་ཡིས༔ མ་ཅིག་དགོངས་པ་ཐུགས་སུ་ཆུད༔ ཟབ་མོ་གཅོད་ཀྱི་གདམས་པ་ཡིས༔ མ་འོངས་འགྲོ་ལ་སྤེལ་བའི་སླད༔ མི་ཤིགས་དགོངས་པའི་རྩལ་དུ་སྦས༔ མ་ཅིག་མཁའ་འགྲོས་ཐོད་པ་ལ༔ མ་འོངས་དུས་ཀྱི་ཐ་མ་ལ༔ ཁྱོད་ཀྱི་སྤྲུལ་པ་རྒྱལ་མོ་རོང༔ ས་ར་ཧི་ཏའི་མིང་འཛིན་པའི༔ རྣལ་འབྱོར་འབྲེལ་ཚད་དོན་ལྡན་འབྱུང༔ ང་སྤྲུལ་ཌཱཀྐི་དྷརྨའི་མཚན༔ དེ་དང་འཕྲད་ཚེ་འགྲོ་བའི་དོན༔ ད་ལྟ་འུ་ཅག་དང་འགྲན་འབྱུང༔ དེ་དང་རྟེན་འབྲེལ་མ་འགྲིགས་ན༔ སྐལ་བ་ལྡན་པ་གྲོགས་སུ་བརྟེན༔ ང་ཡི་གསང་གཅོད་འདི་སྟོན་དང༔ འབྲེལ་ཐོགས་འབུམ་ཕྲག་གནས་སྐབས་དང༔ མཐར་ཐུག་མཁའ་སྤྱོད་ས་ལ་རེག༔ ཆོས་བདག་ལྔ་གསུམ་བདུན་ལ་སྤྲོད༔ རྣོ་ནུས་གཞན་དང་འགྲན་ཟླ་བྲལ༔ ད་ལྟ་མ་སྤེལ་སྙིང་སྒྲོམ་སྦོས༔ འགྲོ་དོན་འབྱུང་ངོ་ང་ཡི་གྲོགས༔ ཞེས་གསུངས་ཐོད་པའི་རྣལ་འབྱོར་པས༔ ད་ནི་རྟེན་འབྲེལ་ལེགས་པར་འགྲིགས༔ ཁྱེད་ཀྱིས་ཁམས་སུ་འགྲོ་དོན་མཛོད༔ ང་ནི་རྒྱ་གར་ཡུལ་དུ་བཞུད༔ རིགས་སྲས་རྣམས་ནི་ཁྱོད་ཀྱིས་བདག༔ ང་ནི་དགོས་མེད་རྒྱུད་ལ་བརྟེན༔ བོད་ཆོས་རྒྱ་ལ་དར་བར་བྱེད༔ མ་ཅིག་མཁའ་འགྲོའི་སྨོན་ལམ་བཞིན༔ འགྲོ་དོན་འབྱུང་བར་བྱིན་གྱིས་རློབས༔ ཞེས་གསུངས་པ་བཞིན་འགྲོ་དོན་དུས་ལ་བབས་པའི་ཚེ་བསམ་གཏན་ཡེ་ཤེས་གླིང་པས་ཟངས་མདོག་དཔལ་གྱི་རི་བོ་རྟེན་བརྟེན་པ་དང་བཅས་པ་མཐོང་སྣང་དུ་བཀྲ་བའི་ཚེ་ཨོ་རྒྱན་ཆེན་པོས་དབུགས་དབྱུང་གཟེངས་བསྟོད། གཏེར་སྟོན་གྱི་མཚན་གསོལ། མ་ཅིག་ཡེ་ཤེས་ཀྱི་མཁའ་འགྲོ་མ་ལབ་ཀྱི་སྒྲོན་མས་ཀྱང་བྱིན་རླབས་བདུད་རྩིའི་ཕ་ཕོག་གནང་། དེའི་སྒྱུ་འཕྲུལ་འཇིག་རྟེན་མི་མོའི་ཟོལ་དུ་བསྟན་པ་སྡེ་དགེ་མཁའ་འགྲོ་ཆོས་ཀྱི་སྒྲོན་མས་ཀྱང་། ཕ་ཐོད་པ་བྷ་ཏྲའི་སྐྱེ་བ་ཡིན་པར་ངོས་བཟུང་ནས་དབུགས་དབྱུང་། བདག་གི་དག་པའི་སྣང་བ་ལའང་གྲུབ་ཆེན་ཐོད་པའི་སྐྱེ་བ་ཡིན་པ་མང་ཞིག་བྱུང་། ལྷ་དང་བླ་མས་ཀྱང་གཅོད་ཀྱི་གདམས་པ་ཟབ་མོ་འདི་དངོས་སམ་བརྒྱུད་ནས་བཀའི་གནང་བ་སོགས་རང་སེམས་གཙང་མ་དཔང་པོར་ཡོད་པའི་དག་སྣང་འདི་རང་བྱུང་ཡེ་ཤེས་མཁའ་འགྲོ་དང་། ཡབ་ཐོད་པ་བྷ་ཏྲའི་སྨོན་ལམ་གཅིག་ཏུ་འཚོགས་པའི་རྟེན་འབྲེལ་ལས་སྔོན་སྦྱངས་ལས་འཕྲོའི་བག་ཆགས་སད་པའི་རྐྱེན་ལས། ལས་ཅན་ཆོས་ཀྱི་བདག་པོ་ནཱ་གའི་མཚན་འཆང་དམ་པས་ནན་གྱིས་བསྐུལ་བ་དང་། གསང་སྔགས་དོན་གྱི་རྣལ་འབྱོར་བ་གང་ཤར་རང་སར་གྲོལ་བའི་ཧེ་རུ་ཀ་བློ་གྲོས་རབ་གསལ་གྱིས་སྣང་བ་རྒྱན་གྱིས་འཕྲུལ་བའི་ཤ་ཟ་མཁའ་འགྲོ་མ་ལ་ཕབ་དགོས་པའི་ཞུ་བ་ཕུལ་བ་བདག་གི་བློ་ལ་ཤར་བའི་རྐྱེན་སོགས་ཀྱིས་དབེན་གནས་བརྟུལ་ཞུགས་མཆོག་གི་གནས་ཧོར་ཟླ་༢པའི་ཚེས་༡ལ་ཐུན་མཚམས་རྒྱས་པའི་དུས་སུ་ཇ་སྐབས་གཅིག་ལ་བློ་གྲོས་ཐོགས་མེད་དུ་བྲིས་པའི་ཟབ་ཆོས་ངོ་མཚར་དེ་ལྟ་བུ་དང་ལྡན་པའི་སྒོ་ནས་རྒྱལ་ཡུམ་ཡེ་ཤེས་ཌཱཀྐིའི་བྱིན་རླབས་དབང་གི་རིམ་པ་བསྐུར་བའི་སྐབས་སུ་བབས་པ་ལ་རྡོ་རྗེ་སློབ་དཔོན་གྱི་བྱ་བ་རྣམས་སྔོན་དུ་གྲུབ་ཟིན། ད་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་བླ་མ་དང་རྒྱལ་ཡུམ་ཡེ་ཤེས་ཌཱཀྐིི་ཐ་མི་དད་པའི་དྲུང་དུ་དབང་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད།

གཅོད་དབང་ཆུ་བོ་གཅིག་འདྲེས།

ཡང་གསང་ཌཱཀྐིའི་ཐུགས་ཐིག་ལས༔ གཅོད་དབང་ཆུ་བོ་གཅིག་འདྲེས་བཞུགས༔

བཛྲ་ཛྙཱ་ན་ཌཱཀྐི་ཡེ༔ ཤེས་རབ་ཕ་རོལ་ཕྱིན་མ་ནི༔ དུས་གསུམ་རྒྱལ་ཀུན་བསྐྱེད་པའི་ཡུམ༔ རང་རིག་འདུ་འབྲལ་མེད་པ་ལ༔ ཡེ་ནས་རང་ངོ་ཤེས་པས་འདུད༔ རྡོ་རྗེ་བདུད་འདུལ་ཆེན་མོ་དང༔ ཏཱ་རེ་གངྒཱའི་ལྷ་མོ་ཡི༔ སྤྲུལ་པ་གཉིས་མཉམ་རྒྱ་བལ་བཟའ༔ གཅིག་འདུས་གསང་ཡེ་མཚོ་རྒྱལ་མ༔ ཡང་སྤྲུལ་ལབ་ཀྱི་སྒྲོན་མ་ཡི༔ སྒྲུབ་ཐབས་ཉམས་ལེན་གང་ཟག་དོན༔ དབང་ཆོག་ཆུ་བོ་གཅིག་འདྲེས་སྟོན༔ ས་མ་ཡཱ༔ འདི་ལ་སྦྱོར་དངོས་རྗེས་དང་གསུམ༔ སྦྱོར་བ་ཡོ་བྱད་བཤམས་པ་ནི༔ དཀྱིལ་འཁོར་མདའ་གང་བཀོད་ལེགས་སྟེང༔ རྡུལ་ཚོན་རས་བྲིས་ཚོམ་བུ་གསུམ༔ གང་འཛོམས་དབུས་སུ་སྐུ་རྟེན་དང༔ བུམ་པ་ཉེར་ལྔའི་བཅུད་ལྡན་དགོད༔ མདུན་དུ་ཐུགས་རྟེན་ཤེལ་མེ་ལོང༔ གཡས་སུ་ཡོན་ཏན་ཡིད་བཞིན་ནོར༔ རྒྱབ་ཏུ་གསུང་དབྱངས་བགྲང་ཕྲེང་དམར༔ གཡོན་དུ་ཕྲིན་ལས་གཏོར་མ་དང༔ མཐའ་མཚམས་ཌཱ་དྲིལ་རྐང་གི་གླིང༔ ཐོད་ཊཱཾ་རུས་རྒྱན་སྟག་གི་ལྤགས༔ མཆོད་པ་རྣམ་ལྔ་སྨན་རཀ་སོགས༔ མ་ཚང་མེད་པར་འདུ་བྱས་ལ༔ རང་གཞུང་སྐྱབས་སེམས་ནས་བཟུང་སྟེ༔ བདག་མདུན་དབྱེར་མེད་ལྷ་རུ་གསལ༔ བསྙེན་པ་བརྒྱ་སྟོང་ཁ་ཡང་གསོ༔ བུམ་པ་ནུས་ལྡན་བསྒྲུབས་པའི་རྗེས༔ ལས་བུམ་ཁྲོ་མོ་དབྱིངས་ཕྱུག་བསྐྱེད༔ བདག་འཇུག་ལེན་ཞིང་རྫས་ལ་རོལ༔ གླུད་གཏོང་བཀའ་བསྒོ་མཚམས་གཅོད་བྱ༔ སློབ་མ་ཆོས་ལ་ཉན་པར་བསྐུལ༔ མི་རྟག་རྒྱུ་འབྲས་བསླུ་མེད་ཀྱིས༔ བློ་བཅོས་སྤྱི་དང་བྱེ་བྲག་གི༔ གསང་ཆེན་ཆོས་ཀྱི་ཆེ་བ་བརྗོད༔ ཁྱད་པར་གཅོད་དབང་ཟབ་མོ་འདིའི༔ ལོ་རྒྱུས་ཆོས་དང་གང་ཟག་གི༔ ཆེ་བ་བརྗོད་པས་སྤྲོ་བ་བསྐྱེད༔ མཎྜལ་འབུལ་ཞིང་རང་གཞུང་གི༔ སྐྱབས་སེམས་ཡན་ལག་བདུན་པ་འདོན༔ དེ་ཡིས་སྦྱོར་བའི་ཆོས་རྣམས་རྫོགས༔ དངོས་གཞིའི་དབང་དོན་གསོལ་འདེབས་ནི༔ ཨེ་མ་ཧོ༔ སྐུ་བཞིའི་བདག་ཉིད་བླ་མ་རྗེ༔ རྒྱལ་ཡུམ་ཡེ་ཤེས་ཌཱཀྐི་མའི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ དབང་གིས་བདག་རྒྱུད་སྨིན་པར་མཛོད༔ ལན་གསུམ་གསོལ་བཏབ་ལན་འདི་སྦྱིན༔ ཀྱཻ༔ སྐལ་ལྡན་རིགས་ཀྱི་བུ་མཆོག་རྣམས༔ ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་དུ༔ འཇུག་པར་འདོད་པ་ལེགས་མོད་ཀྱང༔ དམ་ཚིག་རིམ་པ་བསྲུང་ནུས་སམ༔ དྲིས་པའི་ལན་དུ་སློབ་མ་ཡིས༔ བླ་མ་རྡོ་རྗེ་འཛིན་པ་ལགས༔ ཁྱེད་ཀྱིས་རྗེས་བཟུང་བཀའ་དྲིན་གྱིས༔ མཁའ་འགྲོའི་དབང་བསྐུར་གནང་གྱུར་ན༔ དམ་ཚིག་རིམ་པ་ཚུལ་བཞིན་བསྲུང༔ ལན་གསུམ་ཞུས་མཐར་བླ་མ་ཡིས༔ ཨེ་མ་དད་ལྡན་རིགས་མཆོག་རྣམས༔ མཁའ་འགྲོའི་དབང་བསྐུར་ཞུ་འདོད་ན༔ སོ་ཐར་བྱང་སེམས་སྔགས་སྡོམ་རྣམས༔ རིམ་བཞིན་མི་ཉམས་བསྲུང་འཚལ་ལོ༔ སླར་ཡང་མོས་ལྡན་སློབ་བུ་ཡིས༔ བླ་མས་ཇི་ལྟར་བསྒོ་བ་བཞིན༔ སྡོམ་པ་གསུམ་གྱི་རིམ་པ་རྣམས༔ ངོ་བོ་གནས་འགྱུར་གོང་འཕེལ་དུ༔ ཡོན་ཏན་ཡར་ལྡན་ཚུལ་གྱིས་བསྲུང༔ དེ་ནས་བླ་མས་དམ་ཆུ་སྦྱིན་པ་ནི༔ ཧོ༔ སྡོམ་པ་དང་ནི་དམ་ཚིག་རྣམས༔ མི་ཉམས་བསྲུང་བ་གལ་ཆེ་བས༔ དམ་ཚིག་རྡོ་རྗེའི་ཆུ་འདི་འཐུང༔ བྱང་ཆུབ་བར་དུ་བསྲུང་བར་གྱིས༔ ས་མ་ཡཱ་ན་ར་ཀན༔ དེ་ནས་བྱིན་རླབས་ཀྱི་གཞི་སྒྲུབ་པ་ཡེ་ཤེས་དབབ་པ་ཡིན་པས་དམིགས་པ་འདི་བཞིན་དུ་མཛོད་ཅིག༔ ཨོཾ་མ་ཧཱ་ཤུ་ནྱ་ཏ་སོགས། ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བའི་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་རང་སྣང་དག་པ་མཁའ་སྤྱོད་ཀྱི་གཞལ་ཡས་ཁང་དུ་གྱུར་པའི་དབུས་སུ་སྣ་ཚོགས་པདྨ་དང་ཉི་མའི་གདན་ལ་རང་རིག་པ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ལབ་ཀྱི་སྒྲོན་མ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ༔ སྐུ་གཅེར་བུ་བཅུ་དྲུག་ལོན་པའི་ན་ཚོད་ཅན༔ ལང་ཚོ་རབ་ཏུ་རྒྱས་ཤིང་འོ་འཛིན་དང་གསང་བའི་ཆུ་སྐྱེས་རབ་ཏུ་རྒྱས་པས་ཕྱག་གཡས་གསེར་གྱི་ཌཱ་མ་རུ་དང་གཡོན་དངུལ་དཀར་གྱི་དྲིལ་བུ་འཁྲོལ་བ༔ རུས་པའི་ཕྱག་རྒྱ་ལྔས་སྤྲས་པ༔ དབུ་སྐྲ་ཐོར་ཅོག་བྱས་ཤིང་རིན་པོ་ཆེའི་པྲོག་ཞུས་སྤུད་པ༔ ཞབས་གཉིས་བརྐྱང་བསྐུམ་གར་སྟབས་ཀྱི་ཚུལ་གྱིས་བཞུགས་པའི་སྤྱི་བོར་ཟླ་བའི་སྟེང་དུ་ཨོཾ་དཀར་པོ༔ མགྲིན་པར་པདྨའི་སྟེང་དུ་ཨཱཿདམར་པོ༔ ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་མཐིང་ཀ་དང༔ ཐུགས་ཀའི་ཆ་སྨད་དུ་དགའ་བ་འཁྱིལ་བ་གཡས་བསྐོར་གྱི་ལྟེ་བར་བཾ་དང་ཡན་ལག་བཞི་ལ་ཧ་རི་ནི་ས་གསལ་བ་རྣམས་ལས་འོད་ཟེར་གློག་ཞགས་ལྟར་མྱུར་བ་འཕྲོས་པས༔ སྐུ་གསུམ་རྒྱལ་བའི་ཞིང་ཁམས་ན་བཞུགས་པའི་རྒྱལ་བ་རྒྱ་མཚོ་སྲས་དང་བཅས་པ༔ ས་གསུམ་གྱི་དཔའ་བོ་མཁའ་འགྲོའི་བཞུགས་གནས་ནས་ཡེ་ཤེས་ལས་དང་དམ་ཚིག་ཤ་ཟ་མཁའ་འགྲོའི་ཚོགས་དང་བཅས་པ་ཁ་བ་བུ་ཡུག་འཚུབས་པ་བཞིན་དུ་བྱོན་པར་གྱུར༔ ཅེས་བསམ་ལ་ཤ་ཆེན་གུ་གུལ་སྤོས་དུད་སྦྱར་བའི་དྲི་སོགས་འཐུལ་དུ་བཅུག་སྟེ་རོལ་མོའི་སྒྲ་དང་བཅས་ཏེ༔ ཕཊཿ ཕཻཾ་ཛ༔ ཧཱུྃ༔ ཡུལ་གྱི་མིང་ནི་ཨོ་རྒྱན་མཁའ་འགྲོའི་གླིང༔ གནས་ཀྱི་མིང་ནི་ཟངས་མདོག་དཔལ་གྱི་རི༔ རང་བྱུང་པདྨས་སྤྲུལ་པའི་ཞིང་ཁམས་ནས༔ སྐུ་གསུམ་མཁའ་འགྲོའི་གཙོ་མོ་མཚོ་རྒྱལ་མ༔ དབྱེར་མེད་སྤྲུལ་སྐུ་མ་ཅིག་ལབ་ཀྱི་སྒྲོན༔ སྒྱུ་འཕྲུལ་རབ་འབྱམས་སྲུང་མ་རྒྱ་མཚོར་བཅས༔ མོས་གུས་གདུང་བས་གནས་འདིར་སྤྱན་འདྲེན་ནོ༔ ཚད་མེད་ཐུགས་རྗེ་ཆེན་པོས་ཉེར་དགོངས་ནས༔ འདིར་འདུས་བདག་ཅག་སྐལ་ལྡན་སྒོ་གསུམ་ལ༔ སྐུ་གསུང་ཐུགས་ཀྱི་བྱིན་ཆེན་དབབ་ཏུ་གསོལ༔ སྐུ་ཡི་བྱིན་ཕོབ་ལུས་ལ་བདེ་དྲོད་འབར༔ གསུང་གི་བྱིན་ཕོབ་ངག་ལ་ནུས་པ་འབྱོང༔ ཐུགས་ཀྱི་བྱིན་ཕོབ་སེམས་ལ་རྟོགས་པ་བསྐྱེད༔ རང་བྱུང་ཡེ་ཤེས་ལྔ་ཡི་དབང་མཆོག་བསྐུར༔ ཚེ་འདིར་སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ རྩ་བའི་སྔགས་ཀྱི་ཤམ་དུ༔ ཨོཾ་ཨཱཿཧཱུྃ་ཛྙཱ་ན་བཛྲ་ཨ་ཝེ་ཤ་ཡ་ཕཻཾ་ཕཻཾ༔ ཕེབས་རྟགས་ལུས་ངག་ཡིད་ལ་འབྱུང༔ གནས་གསུམ་རྡོ་རྗེས་རྒྱས་གདབ་ནས༔ བྱང་ཆུབ་བར་དུ་བརྟན་པར་བྱ༔ ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ ཞེས་བརྗོད་མི་དམིགས་ངང་ལ་བཞག༔ ས་མ་ཡཱ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ རྗེས་གནང་ལྔ་དང་འཕྲོས་དོན་བསྟན༔ དང་པོ་སྐུ་ཡི་རྗེས་གནང་ནི༔ བུམ་པ་སློབ་མའི་སྤྱི་བོར་བཞག༔ ཨོཾ༔ སྟོང་གསལ་འགགས་མེད་ཆོས་ཀྱི་དབྱིངས༔ འཁོར་འདས་གཞི་རྫོགས་བུམ་པ་ནས༔ སྐུ་གསུམ་ཡེ་ཤེས་བདུད་རྩིའི་རྒྱུན༔ སྐལ་ལྡན་ལུས་ལ་དབང་བསྐུར་བས༔ མཁའ་འགྲོའི་སྐུ་རུ་སྨིན་པར་ཤོག༔ རྩ་སྔགས་ཤམ་དུ་འདི་བཞིན་བརྗོད༔ ཀ་ཡ་ཨ་བྷི་ཥིཉྩ་ཨོཾ༔ མཁའ་འགྲོའི་སྐུ་རྟེན་སྤྱི་བོར་བཞག༔ གནས་གསུམ་མཁའ་འགྲོ་ཡོངས་ཀྱི་གཙོ༔ སྣང་སྟོང་སྒྱུ་མའི་ལྷ་སྐུར་བསྒོམ༔ ལུས་ཀྱི་གཉིས་འཛིན་སྒྲིབ་དག་ནས༔ སྤྲུལ་པའི་སྐུ་རུ་སྨིན་པར་ཤོག༔ རྩ་སྔགས་ཤམ་དུ་ཨ་བྷི་ཥིཉྩ་ཨོཾ༔ མཁའ་འགྲོ་སྡེ་ལྔའི་སྐུ་ཐོགས་ལ༔ ཧཱུྃ༔ ཕྱི་ནང་འབྱུང་ལྔ་གནས་དག་ཀྱང༔ ཡེ་ཤེས་སྐུ་ལྔ་ལྷུན་གྲུབ་པའི༔ མཁའ་འགྲོ་སྡེ་ལྔའི་དབང་བསྐུར་བས༔ ཕུང་ཁམས་སྐྱེ་མཆེད་གནས་དག་ཤོག༔ རྩ་སྔགས་གོང་བཞིན་ཧ་རི་ནི་ས་ཨ་བྷི་ཥིཉྩ་ཨོཾ༔ གསུང་དབང་སྔགས་བྱང་མགྲིན་པར་བཞག༔ ཨཱཿ མ་དག་འཁྲུལ་པའི་ལས་ཀྱི་རླུང༔ སྦྱོང་བྱེད་རང་བྱུང་སྔགས་ཀྱི་སྒྲ༔ མཁའ་འགྲོའི་སྲོག་ཡིག་འདི་གཏད་པས༔ ཚངས་དབྱངས་གསུང་གི་དབང་ཐོབ་ཤོག༔ རྩ་སྔགས་ཤམ་དུ་ཝཱཀྐ་ཨ་བྷི་ཥིཉྩ་ཨཱ༔ དཔོན་སློབ་གཉིས་ཀ་ལྷ་རུ་གསལ༔ ཐུགས་ཀར་ཉི་ཟླའི་གདན་ལ་བཾ༔ སྲོག་སྔགས་འོད་ལྔའི་ཁ་དོག་ཅན༔ གཡོན་དུ་འཁོར་བའི་འོད་ཟེར་གྱིས༔ གནས་གསུམ་མཁའ་འགྲོའི་བྱིན་རླབས་བསྡུས༔ དཔོན་སློབ་གཉིས་ཀར་ཐིམ་པ་ཡིས༔ གསུང་གི་བྱིན་རླབས་ཐོབ་པར་བསམ༔ སྔགས་རྣམས་རིམ་བཞིན་རྗེས་ཟློས་བྱ༔ སྔགས་ཕྲེང་སློབ་མའི་སྤྱི་བོར་བཞག༔ ཨེ་མ་ཧོ༔ མཁའ་འགྲོའི་གཙོ་མོ་མཚོ་རྒྱལ་དང༔ དབྱེར་མེད་མ་ཅིག་ལབ་སྒྲོན་མའི༔ དམིགས་མེད་མཁྱེན་དང་བརྩེ་བ་ཡིས༔ སློབ་མ་འདི་ལ་ལེགས་བསྩལ་ནས༔ བྱང་ཆུབ་སྙིང་པོའི་བར་དག་ཏུ༔ རྗེས་སུ་འཛིན་པར་མཛད་དུ་གསོལ༔ མ་ཧཱ་མཎྜ་ལ་སརྦ་སིདྡྷི་ཕ་ལ་ཧཱུྃ་བྷྲཱུྂ༔ སློབ་བུའི་ལྕེ་ལ་བདུད་རྩི་བཞག༔ ཨོཾ་ཨཱཿཧཱུྃ༔ རྩ་ཁམས་ཀུན་རྫོབ་བྱང་ཆུབ་སེམས༔ ཡེ་ཤེས་རླུང་གི་འཕྲུལ་འཁོར་ལས༔ འཕོ་མེད་སྒྲ་གཅན་དབྱིངས་ཆུད་ནས༔ ལས་རླུང་སྔགས་སུ་རོལ་བར་ཤོག༔ དབྱངས་གསལ་བརྗོད་ཅིང་བརྗོད་བྲལ་ངང༔ རང་བྱུང་རྡོ་རྗེའི་བཟླས་པ་བྱ༔ ཐུགས་རྟེན་མན་ཤེལ་སྙིང་གར་བཞག༔ ཨེ་མ་ཧོཿ སྤྲོས་དང་བྲལ་བའི་རིག་པ་ནི༔ གདངས་གསལ་དྭངས་ཤེལ་སྒྲིབ་བྲལ་ལྟར༔ ངོ་བོ་སྟོང་ཞིང་རང་བཞིན་གསལ༔ ཀ་དག་སྒྲིབ་བྲལ་དབང་ཐོབ་ཤོག༔ རྩ་སྔགས་ཤམ་དུ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ མེ་ལོང་དྲི་བྲལ་མིག་ལམ་བསྟན༔ ཧཱུྃ༔ རྒྱལ་ཀུན་ཐུགས་ཀྱི་གསང་བའི་དབང༔ རྟོག་པ་མེད་ཀྱང་ཤེས་བྱའི་ཆོས༔ མ་འདྲེས་སོ་སོར་མཁྱེན་པ་ལྟར༔ མཁའ་འགྲོའི་ཐུགས་རྟེན་མེ་ལོང་གིས༔ སློབ་བུ་ཁྱོད་ལ་དབང་བསྐུར་བས༔ སྟོང་ཉིད་བསྒོམ་པའི་རང་རྩལ་གྱིས༔ ཆོས་ཀུན་མཁྱེན་པའི་རྩལ་རྫོགས་ཤོག༔ ཡོན་ཏན་ཡིད་བཞིན་ནོར་བུའི་གཟུགས༔ སློབ་བུའི་ལྟེ་བར་བཞག་བྱས་ཏེ༔ ཧྲཱིཿ རྟོག་མེད་ཡིད་བཞིན་ནོར་བུ་ལ༔ གསོལ་བཏབ་དགོས་འདོད་འབྱུང་བ་བཞིན༔ རྣམ་པར་རྟོག་པ་མི་མངའ་ཡང༔ འགྲོ་ལ་འདོད་རྒུའི་དཔལ་སྟེར་བའི༔ རྒྱལ་ཀུན་ཡོན་ཏན་དབང་ཐོབ་ཤོག༔ རྩ་སྔགས་ཤམ་དུ་འདི་ཉིད་བཏགས༔ གུརྞ་ཨ་བྷི་ཥིཉྩ་ཏྲཾ༔ ཕྲིན་ལས་གཏོར་མ་ལག་ཏུ་གཏད༔ ཧོ༔ སྣ་ཚོགས་གཉིས་འཛིན་ཀུན་བརྟགས་ཆོས༔ དམིགས་པ་མེད་པའི་དབྱིངས་སུ་གཏོར༔ སྟོང་ཉིད་ཀུན་ལ་ཁྱབ་པའི་མ༔ རྒྱལ་བ་ཀུན་གྱི་ཕྲིན་ལས་ཏེ༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ཤེས་པ་དྲུག་ལྡན་དབང་ཐོབ་ཤོག༔ རྩ་སྔགས་ཤམ་དུ་ཀརྨ་ཨ་བྷི་ཥིཉྩ་ཨ༔ འཕྲོས་དོན་བརྟུལ་ཞུགས་བསྐྱེད་པའི་དབང༔ ཐོག་མར་ཌཱ་དྲིལ་སློབ་མར་གཏད༔ ཧཱུྃ༔ མ་རིག་གཉིད་ལས་སད་པའི་ཕྱིར༔ ཐབས་ཤེས་རྫས་མཆོག་ཌཱ་དྲིལ་འདི༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ དོན་གཉིས་ལྷུན་གྲུབ་དབང་ཐོབ་ཤོག༔ ཅེས་བསྐུར༔ རྐང་གླིང་ཐོགས་ལ༔ ཧཱུྃ༔ ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི༔ ཐབས་ཤེས་རྫས་མཆོག་རྐང་གླིང་འདི༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ སྣང་སྲིད་ཟིལ་གནོན་དབང་ཐོབ་ཤོག༔ ཞིང་ཆེན་གཡང་གཞི་ཐོགས་ལ༔ ཧཱུྃ༔ གཏི་མུག་ཤ་དང་འདོད་ཆགས་ཁྲག༔ ཞེ་སྡང་རུས་པ་དང་བྲལ་བའི༔ ཞིང་ཆེན་གཡང་གཞི་འདི་གཏད་པས༔ ཁམས་གསུམ་དབང་འདུས་དབང་ཐོབ་ཤོག༔ གཅན་གཟན་ལྤགས་པ་ཐོགས་ལ་གཏད༔ ཧཱུྃ༔ འཁོར་བའི་བག་ཆགས་ཡོངས་བསྒྲལ་བའི༔ གཅན་གཟན་པགས་པའི་གདན་འདི་ཉིད༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ སྲིད་གསུམ་བྲན་ཁོལ་དབང་ཐོབ་ཤོག༔ རུས་རྒྱན་ཐོགས་ལ༔ ཧཱུྃ༔ ཕ་རོལ་ཕྱིན་དྲུག་མཚོན་པའི་རྒྱན༔ རུས་པའི་རྒྱན་ཆ་རྣམ་དྲུག་འདི༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ འགྲོ་དྲུག་སྒྲོལ་ནུས་དབང་ཐོབ་ཤོག༔ བྷནྡྷ་ཐོགས་ལ༔ ཧཱུྃ༔ ཉོན་མོངས་བརྒྱད་ཁྲི་བཞི་སྟོང་གི༔ རྟེན་འབྲེལ་ཕུང་ཁམས་སྐྱེ་མཆེད་བཅས༔ བསྒྲལ་བསད་རྟོག་མེད་ཐོད་སྣོད་འདི༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ ཁམས་གསུམ་བཅུད་ལ་རོལ་ནས་ཀྱང༔ ཟག་མེད་བདེ་ཆེན་རོ་མྱོང་ཤོག༔ ཁ་ཊཱཾ་ཐོགས་ལ༔ ཧཱུྃ༔ རྩེ་གསུམ་དུག་གསུམ་དབྱིངས་སྒྲོལ་མཚོན༔ སྐུ་གསུམ་དོན་ལ་སྦྱོར་བྱེད་འདི༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ ཁམས་གསུམ་འཁོར་བ་སྟོང་ནུས་ཤོག༔ ཀྱེ་མ་མི་མིན་སོགས། མ་ཤར་ནས་སོགས། བཀའ་གཏད་ནི། ཨོཾ་ཨཱཿཧཱུྃ༔ ཆོས་སྐུ་ཡུམ་ཆེན་མོ་སོགས། མཐའ་རྟེན། མཆན། ཞེས་དབང་རྫས་རྣམས་གཏད་མཐར། དམ་ཚིག་རྣམས་བསྒྲགས་པ་ནི༔ ཨེ་མ༔ མ་ཅིག་ཡེ་ཤེས་མཁའ་འགྲོ་དང༔ དབྱེར་མེད་རྡོ་རྗེ་སློབ་དཔོན་དགོངས༔ མཁའ་འགྲོའི་སྐུ་ཡི་དམ་ཚིག་ཏུ༔ སྲོག་གཅོད་སྤངས་ཤིང་ཚངས་སྤྱོད་སྲུང༔ གང་སྣང་སྒྱུ་མའི་ལྷ་སྐུར་སྦྱོང༔ སློབ་དཔོན་སྐུ་དང་རང་གི་ལུས༔ རྟག་ཏུ་བརྙས་པར་མི་བྱ་འོ༔ མཁའ་འགྲོའི་གསུང་གི་དམ་ཚིག་ཏུ༔ རྫུན་སྨྲ་སྤངས་ཤིང་བཟླས་བརྗོད་བརྩོན༔ བུད་མེད་ཡོངས་ལ་མི་སྨོད་ཅིང༔ བླ་མས་ཅི་གསུང་བཀའ་བསྒྲུབ་བོ༔ མཁའ་འགྲོའི་ཐུགས་ཀྱི་དམ་ཚིག་ཏུ༔ དངོས་འཛིན་འཁྲུལ་བའི་དབང་མི་གཏོང༔ གང་ཤར་སྤང་བླང་མི་བྱ་ཞིང༔ སྟོང་ཉིད་ལྟ་བའི་གདེངས་ལྡན་པས༔ འགྲོ་ལ་སྙིང་རྗེ་རྒྱུན་མི་གཅོད༔ ཡོན་ཏན་ཕྲིན་ལས་དམ་ཚིག་ཏུ༔ ཡར་མར་ཚེས་བཅུ་རྒྱུན་མི་གཅོད༔ སྒོ་གསུམ་དཀྱིལ་འཁོར་གསུམ་ལྡན་པས༔ རྟག་ཏུ་ཆོས་སྤྱོད་བཅུ་ལ་འབད༔ འདུག་གནས་གཉན་ས་རི་ཁྲོད་དང༔ ནམ་ཡང་འབྲལ་བར་མི་བྱ་འོ༔ ཕུང་པོ་གཅེས་འཛིན་དང་བྲལ་ཏེ༔ ཤ་ཁྲག་སྟོན་འགྱེད་ལྷ་འདྲེར་གཏོང༔ རྐྱེན་ངན་ལམ་དུ་སློང་བ་ལས༔ རེ་དོགས་བསྲུང་བ་གདགས་མི་བྱ༔ ཡོན་བདག་སྣང་སྲིད་ལྷ་འདྲེ་ལ༔ མ་ཡིས་བུ་ལ་གདུང་བཞིན་བརྩེ༔ ང་རུ་འཛིན་པའི་ངར་འཛིན་དང༔ ཡུལ་མེད་ཟང་ཐལ་གཏོང་ལགས་སོ༔ གཙོ་བོས་ཇི་ལྟར་སོགས། དེ་ནས་དེ་ཡི་རྗེས་འབྲེལ་དུ༔ གཏང་རག་འབུལ་ཞིང་མཐའ་རྟེན་གཏད༔ ཚོགས་འཁོར་བཀྲ་ཤིས་སྨོན་ལམ་བྱ༔ ཨེ་མ་ཡང་ཟབ་གདམས་པའི་བཅུད༔ སྐྱེ་མེད་གཅིག་ཆོག་གདམས་པའི་གནད༔ ནད་གདོན་ལམ་ཁྱེར་གདམས་པའི་མཆོག༔ མ་ཅིག་ཡུམ་ཆེན་གདམས་ངག་ཕུལ༔ སྔོན་ཚེ་རྒྱ་གར་བྱང་གི་ཕུག༔ པཎ་ཆེན་སྨོན་ལམ་གྲུབ་པ་ཡི༔ དགོངས་པ་ཁྲོས་མའི་ཐུགས་དང་འདྲེས༔ མཁའ་འགྲོ་བདུད་འདུལ་རྡོ་རྗེ་ལ༔ འགྲོ་འདྲེན་ལབ་ཡུལ་སྐུ་འཁྲུངས་པ༔ ལབ་ཀྱི་སྒྲོན་མ་ཞེས་བྱ་འབྱུང༔ གསང་གཅོད་བསྟན་པ་མཁའ་དང་མཉམ༔ དེ་ཚེ་སྨོན་ལམ་དུས་འཛོམས་པའི༔ རྒྱ་གར་ལྷ་མཆོག་ཐོད་པ་ཡི༔ སྤྲུལ་པའི་ཨ་ཙ་ར་དང་འཕྲད༔ ཐབས་ཤེས་མཉམ་སྦྱོར་རིགས་རྒྱུད་སྤེལ༔ འགྲོ་དོན་ཉི་ཟླའི་དཔལ་ལ་འགྲན༔ མཚན་སྙན་དབྱར་རྔའི་ཟླ་བོར་མཆེད༔ དེ་འདྲའི་དུས་སུ་ཟངས་རི་ཡི༔ མཁར་དམར་བསྟན་པའི་ག་དར་མཛད༔ ཕ་མཆོག་ཐོད་པ་བྷ་ཏྲ་ཡིས༔ མ་ཅིག་དགོངས་པ་ཐུགས་སུ་ཆུད༔ ཟབ་མོ་གཅོད་ཀྱི་གདམས་པ་ཡིས༔ མ་འོངས་འགྲོ་ལ་སྤེལ་བའི་སླད༔ མི་ཤིགས་དགོངས་པའི་རྩལ་དུ་སྦས༔ མ་ཅིག་མཁའ་འགྲོས་ཐོད་པ་ལ༔ མ་འོངས་དུས་ཀྱི་ཐ་མ་ལ༔ ཁྱོད་ཀྱི་སྤྲུལ་པ་རྒྱལ་མོ་རོང༔ ས་ར་ཧི་ཏའི་མིང་འཛིན་པའི༔ རྣལ་འབྱོར་འབྲེལ་ཚད་དོན་ལྡན་འབྱུང༔ ང་སྤྲུལ་ཌཱཀྐི་དྷརྨའི་མཚན༔ དེ་དང་འཕྲད་ཚེ་འགྲོ་བའི་དོན༔ ད་ལྟ་འུ་ཅག་དང་འགྲན་འབྱུང༔ དེ་དང་རྟེན་འབྲེལ་མ་འགྲིགས་ན༔ སྐལ་བ་ལྡན་པ་གྲོགས་སུ་བརྟེན༔ ང་ཡི་གསང་གཅོད་འདི་སྟོན་དང༔ འབྲེལ་ཐོགས་འབུམ་ཕྲག་གནས་སྐབས་དང༔ མཐར་ཐུག་མཁའ་སྤྱོད་ས་ལ་རེག༔ ཆོས་བདག་ལྔ་གསུམ་བདུན་ལ་སྤྲོད༔ རྣོ་ནུས་གཞན་དང་འགྲན་ཟླ་བྲལ༔ ད་ལྟ་མ་སྤེལ་སྙིང་སྒྲོམ་སྦོས༔ འགྲོ་དོན་འབྱུང་ངོ་ང་ཡི་གྲོགས༔ ཞེས་གསུངས་ཐོད་པའི་རྣལ་འབྱོར་པས༔ ད་ནི་རྟེན་འབྲེལ་ལེགས་པར་འགྲིགས༔ ཁྱེད་ཀྱིས་ཁམས་སུ་འགྲོ་དོན་མཛོད༔ ང་ནི་རྒྱ་གར་ཡུལ་དུ་བཞུད༔ རིགས་སྲས་རྣམས་ནི་ཁྱོད་ཀྱིས་བདག༔ ང་ནི་དགོས་མེད་རྒྱུད་ལ་བརྟེན༔ བོད་ཆོས་རྒྱ་ལ་དར་བར་བྱེད༔ མ་ཅིག་མཁའ་འགྲོའི་སྨོན་ལམ་བཞིན༔ འགྲོ་དོན་འབྱུང་བར་བྱིན་གྱིས་རློབས༔ ཞེས་གསུངས་པ་བཞིན་འགྲོ་དོན་དུས་ལ་བབས་པའི་ཚེ་བསམ་གཏན་ཡེ་ཤེས་གླིང་པས་ཟངས་མདོག་དཔལ་གྱི་རི་བོ་རྟེན་བརྟེན་པ་དང་བཅས་པ་མཐོང་སྣང་དུ་བཀྲ་བའི་ཚེ་ཨོ་རྒྱན་ཆེན་པོས་དབུགས་དབྱུང་གཟེངས་བསྟོད་གཏེར་སྟོན་གྱི་མཚན་གསོལ༔ མ་ཅིག་ཡེ་ཤེས་ཀྱི་མཁའ་འགྲོ་མ་ལབ་ཀྱི་སྒྲོན་མས་ཀྱང་བྱིན་རླབས་བདུད་རྩིའི་ཕ་ཕོག་གནང༔ དེའི་སྒྱུ་འཕྲུལ་འཇིག་རྟེན་མི་མོའི་ཟོལ་བསྟན་པ་སྡེ་དགེ་མཁའ་འགྲོ་མ་ཆོས་ཀྱི་སྒྲོན་མས་ཀྱང་ཕ་ཐོད་པ་བྷ་ཏྲའི་སྐྱེ་བ་ཡིན་པར་ངོས་བཟུང་དབུགས་དབྱུང༔ བདག་གི་དག་པའི་སྣང་བ་ལའང་གྲུབ་ཆེན་ཐོད་པའི་སྐྱེ་བ་ཡིན་པ་མང་ཞིག་བྱུང༔ ལྷ་དང་བླ་མས་ཀྱང་གཅོད་ཀྱི་གདམས་པ་ཟབ་མོ་འདི་དངོས་སམ་བརྒྱུད་ནས་བཀས་གནང་བ་སོགས་རང་སེམས་གཙང་མ་དཔང་པོར་ཡོད་པའི་དག་སྣང་འདི་རང་བྱུང་ཡེ་ཤེས་མཁའ་འགྲོ་མ་དང་ཡབ་ཐོད་པ་བྷ་ཏྲའི་སྨོན་ལམ་གཅིག་ཏུ་འཚོགས་པའི་རྟེན་འབྲེལ་སྔོན་སྦྱངས་ལས་འཕྲོའི་བག་ཆགས་སད་པའི་རྐྱེན་ལས་ལས་ཅན་ཆོས་ཀྱི་བདག་པོ་ནཱ་གའི་མཚན་འཆང་དམ་པས་ནན་གྱིས་བསྐུལ་བ་དང༔ གསང་སྔགས་དོན་གྱི་རྣལ་འབྱོར་བ་གང་ཤར་རང་སར་གྲོལ་བའི་ཧེ་རུ་ཀ་བློ་གྲོས་རབ་གསལ་གྱིས་སྣང་བ་རྒྱན་གྱིས་འཕྲུལ་པའི་ཤ་ཟ་མཁའ་འགྲོ་མ་ལ་ཕབ་དགོས་པའི་ཞུ་བ་ཕུལ་བ་བདག་གི་བློ་ལ་ཤར་བའི་རྐྱེན་སོགས་ཀྱིས་དབེན་གནས་བརྟུལ་ཞུགས་མཆོག་གི་གནས་སུ་ཧོར་ཟླ་༢པའི་ཚེས་༡ལ་ཐུན་མཚམས་རྒྱས་པའི་དུས་སུ་ཇ་སྐབས་གཅིག་ལ་བློ་གྲོས་ཐོགས་མེད་དུ་བྲིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག༔ མ་ཅིག་གྲུབ་ཐོབ་བརྒྱུད་པའི་ཚོགས་ཀྱི་བཀའ་ཡི་ཐ་ཚིག་འཆང་བའི་ཀླུ་རྒྱལ་དྲག་པོ་ཟླ་སྐྱོང༔ ཤམ་པོ་གཟའ་བདུད་མགོ་དགུ༔ ཟངས་རི་བཙན་རྒོད་སོགས་ཀྱིས་གཏེར་འདི་འཚོས་ཤིག༔ གཉེར་ཅིག༔ བཀའ་རྐུན་དམ་ཚིག་ལོག་པའི་སྙིང་ཁྲག་འཕོས་ཤིག༔ དབང་པོ་སྣུབས་ཤིག༔ བྱིན་རླབས་བདུད་རྩིའི་བཅུད་ལ་མྱོང་བའི་དད་པ་ཅན་གྱི་སྡོང་གྲོགས་མཛོད་ཅིག༔ ལེགས་པའི་དཔལ་ཁ་སྤྲོད་ཅིག༔ ཆོས་འདི་གང་དུ་དར་བའི་ཕྱོགས་སྐྱོངས་ཤིག༔ འཚོས་ཤིག༔ མཎྜ་གུ་ཧྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཤུ་བྷཾ༔

ཟབ་དོན་གཅོད་ཀྱི་གདམས་པའི་བྱིན་རླབས་དབང་གི་རིམ་པ་ལ་ཉེ་བར་མཁོ་བའི་མཚམས་སྦྱོར་ནགས་རྟ་མདོ་སྡེས་མཛད་པ།

༄༅། ཟབ་དོན་གཅོད་ཀྱི་གདམས་པའི་བྱིན་རླབས་དབང་གི་རིམ་པ་ལ་ཉེ་བར་མཁོ་བའི་མཚམས་སྦྱོར་བཞུགས། ན་མོ་ཛྙཱ་ན་ཌཱཀྐི་ཡེ༔ སྐྱེ་མེད་ཆོས་སྐུའི་དབྱིངས་ན་ཡུམ་ཆེན་མོ། འགགས་མེད་ལོངས་སྐུའི་ཞིང་ན་ཝ་ར་ཧི། །རྩོལ་མེད་སྤྲུལ་སྐུ་རྒྱལ་ཡུམ་མཁར་ཆེན་བཟའ། །རྣམ་གསུམ་དབྱེར་མེད་ལབ་ཀྱི་སྒྲོན་མར་འདུད། །འདིར་དུས་བབས་ཀྱི་གཏེར་སྟོན་ཨོ་རྒྱན་བསམ་གཏན་ཡེ་ཤེས་གླིང་པའི་དགོངས་གཏེར་ལས་བྱུང་བའི་ཟབ་དོན་གཅོད་ཀྱི་གདམས་པའི་བྱིན་རླབས་དབང་གི་རིམ་པ་ལ་ཉེ་བར་མཁོ་བའི་མཚམས་སྦྱོར་འགའ་ཞིག་འབྲི་བ་ལ། ཐོག་མར་དཀྱིལ་འཁོར་སྒྲུབ་རྫས་བདག་མདུན་བུམ་པ་རྣམས་རང་གཞུང་བཞིན་མཆོད་ཆོག་བསྙེན་པས་ནུས་ལྡན་དུ་བསྒྲུབས་ནས་བདག་ཉིད་འཇུག་པ་སོགས་བྱ་བར་འོས་རིགས་རྣམས་ལེགས་པར་གྲུབ་ཟིན་མཐར། སློབ་བུ་རྣམས་མདུན་དུ་འཁོད་དེ་ཁྲུས། བགེགས་བསྐྲད། བསྲུང་འཁོར། ལོ་རྒྱུས། སྐྱབས་སེམས་ཡན་ལག་བདུན་པ་སོགས་སྔོན་དུ་བཏང་ནས། དངོས་གཞིའི་བུམ་དབང་གི་སྐབས། བུམ་པ་འདི་ཉིད་ཕྱི་རིན་པོ་ཆེ་བུམ་པའི་རང་བཞིན་ལ་ནང་མཁའ་སྤྱོད་བདེ་བ་ཆེན་པོའི་ཕོ་བྲང་དུ་གསལ་བའི་དབུས་སུ་གནས་གསུམ་མཁའ་འགྲོའི་ལྷ་ཚོགས་སྒྱུ་འཕྲུལ་ཡེ་ཤེས་ཀྱི་རྣམ་པར་བཞུགས་པའི་སྐུ་ལས་ཟག་མེད་བདུད་རྩིའི་རྒྱུན་བབ་པ་ཁྱེད་རང་རྣམས་ཀྱི་སྤྱི་བོར་ཐིམ་པས་བུམ་པའི་ལྷའི་དབང་ཐོབ་བྱུང་སྙམ་པའི་མོས་པ་མཛོད། ཨོཾ་སྟོང་གསལ་འགགས་མེད་སོགས། ཞེས་བརྗོད་གཙོ་མོའི་སྐུ་དབང་བཅས་གྲུབ་ནས། དེ་ལྟར་སྐུའི་རྟེན་བུམ་པ་ལྷ་སྐུ་དང་བཅས་པའི་དབང་བསྐུར་བས་ལུས་ཀྱི་སྒྲིབ་པ་དག ལུས་སྣང་སྟོང་སྒྱུ་མ་ལྟ་བུའི་ལྷ་སྐུར་སྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུའི་མཁའ་འགྲོའི་གོ་འཕང་ཐོབ་པའི་སྐལ་བ་དང་ལྡན་པ་ཡིན་ནོ། །ཞེས་བརྗོད། མཁའ་འགྲོ་སྡེ་ལྔའི་འཕྲོར། དེ་ལྟར་ཡེ་ཤེས་མཁའ་འགྲོ་སྡེ་ལྔའི་དབང་བསྐུར་བས་ཕུང་ཁམས་སྐྱེ་མཆེད་དབང་ཡུལ་དང་བཅས་པའི་སྒྲིབ་པ་དག ཕྱི་ནང་སྣོད་བཅུད་ཀྱི་ཁམས་ལ་དབང་བསྒྱུར་ནས་ཞིང་ཁམས་ལྔ་བསྒྲོད་པ་ལ་དབང་། འབྲས་བུ་སྐུ་ལྔ་ཡེ་ཤེས་ལྔ་ལྷུན་གྱིས་གྲུབ་པའི་མཁའ་འགྲོ་སྡེ་ལྔའི་གོ་འཕང་ཐོབ་པའི་སྐལ་བ་དང་ལྡན་པ་ཡིན་ནོ། །ཞེས་བརྗོད། གསུང་དབང་སྐབས། ཝཱཀྐ་ཨ་བྷི་ཥིཉྩ་ཨཱ༔ སླར་ཡང་བདག་མདུན་གཉིས་ཀའི་ཐུགས་ཀ་ནས་སྔགས་ཀྱི་ཡིག་འབྲུ་རྣམས་འོད་ཟེར་སྐུའི་མདོག་མཚུངས་ཀྱི་རྟ་ལ་ཞོན། སློབ་མ་ལྷར་གསལ་བའི་ཐུགས་ཀར་ཟླ་དཀྱིལ་བྃ་ཡིག་གི་མཐར་གཡོན་དུ་འཁོར་བའི་འོད་ཟེར་གྱིས་གནས་གསུམ་མཁའ་འགྲོའི་གསུང་གི་བྱིན་རླབས་བསྡུས་ནས་ངག་ལ་ཐོབ་པར་བསམ་ལ་སྔགས་འདིའི་རྗེས་ཟློས་མཛོད། ཅེས་སོགས་བརྗོད། མེ་ཏོག་འཐོར། སླར་ཡང་དཀྱིལ་འཁོར་གཙོ་བོ་ཡབ་ཡུམ་ཀྱི་བྱང་སེམས་དཀར་པོ་ཟག་མེད་བདུད་རྩིའི་རང་བཞིན་མཚན་ལྡན་ཐོད་པའི་ནང་དུ་འཁྱིལ་བ་སློབ་བུ་རྣམས་ཀྱི་ལྕེ་ལ་བཞག་པས་ཉི་ཁྲི་ཆིག་སྟོང་གཡོ་བྱེད་རླུང་གི་འཕྲོ་འདུ་འཕོ་མེད་སྒྲ་གཅན་གྱི་དབྱིངས་སུ་ཆུད་ནས། ལས་རླུང་སྔགས་སུ་དག་པའི་མོས་པ་མཛོད། ཞེས་སོགས་བརྗོད། དེ་ལྟར་གསུང་གི་རྟེན་སྔགས་བྱང་བདུད་རྩི་དང་བཅས་པས་དབང་བསྐུར་བས། ངག་གི་སྒྲིབ་པ་དག ངག་གྲག་སྟོང་སྔགས་ཀྱི་བཟླས་བརྗོད་བྱེད་པ་ལ་དབང་། འབྲས་བུ་ལོངས་སྐུའི་མཁའ་འགྲོའི་གོ་འཕང་ཐོབ་པའི་སྐལ་བ་དང་ལྡན་པ་ཡིན་ནོ། །ཞེས་བརྗོད། དེ་ལྟར་ཐུགས་ཀྱི་རྟེན་དྲི་བྲལ་མན་ཤེལ་མེ་ལོང་དང་བཅས་པས་དབང་བསྐུར་བས་ཡིད་ཀྱི་སྒྲིབ་པ་དག སེམས་ཉིད་གཤིས་ཀྱི་གནས་ལུགས་སྟོང་གསལ་འགག་མེད་ཟུང་འཇུག་ཡེ་ཤེས་ཆེན་པོའི་རྣམ་རོལ་སྐུ་གསུམ་རང་ཆས་སུ་བཞུགས་པའི་དོན་ངོ་འཕྲོད། ཀ་དག་མེ་ལོང་གཙང་མའི་ངོགས་སུ་ཤེས་བྱའི་ཆོས་རྣམས་མ་འདྲེས་པར་འཆར་བའི་མཁྱེན་པའི་རྩལ་རྒྱས། ཤེས་རབ་ཕ་རོལ་ཕྱིན་པའི་དགོངས་དོན་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུའི་མཁའ་འགྲོའི་གོ་འཕང་ཐོབ་པའི་སྐལ་བ་དང་ལྡན་པ་ཡིན་ནོ། །ཞེས་བརྗོད། དེ་ལྟར་ཡོན་ཏན་གྱི་རྟེན་ནོར་བུའི་དབང་བསྐུར་བས། སྒོ་གསུམ་ཐ་མལ་དུ་ལྟ་བའི་མ་དག་དངོས་འཛིན་གྱི་སྒྲིབ་པ་དག ཕྱི་ནང་གསང་བའི་ཡོན་ཏན་སྣ་ཚོགས་ཀྱི་སྒོ་ནས་གདུལ་བྱའི་རེ་བ་མཐའ་དག་འབད་མེད་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟར་སྐོང་ནུས་པ་ལ་དབང་། རྒྱལ་བ་ཀུན་གྱི་གསང་བ་གསུམ་གྱི་ཡོན་ཏན་མི་ཟད་པ་རྒྱན་གྱི་འཁོར་ལོ་ལ་དབང་འབྱོར་བའི་སྐལ་བ་དང་ལྡན་པ་ཡིན་ནོ། །ཞེས་བརྗོད། དེ་ལྟར་ཕྲིན་ལས་ཀྱི་རྟེན་གཏོར་མའི་དབང་བསྐུར་བས། སྲིད་པའི་རྩ་བ་ལྷན་སྐྱེས་ཀུན་ཏུ་བརྟགས། མ་རིག་གཉིས་འཛིན་གྱི་སྒྲིབ་པ་ཐམས་ཅད་དམིགས་པ་མེད་པའི་དབྱིངས་སུ་གཏོར། སྲིད་ཞི་ཀུན་གྱི་བསྐྱེད་གཞི་མ་ལྟ་བུའི་ཟབ་མོ་སྟོང་པ་ཉིད་ཀྱི་དོན་རྟོགས། ཤེས་པ་དྲུག་ལྡན་སོགས་ཉམས་ལེན་མཐའ་དག་ལ་དབང་། ལས་བཞི་སོགས་ལས་རབ་འབྱམས་ཀྱི་སྒོ་ནས་བསྟན་འགྲོའི་དོན་རླབ་པོ་ཆེ་འབྱུང་བའི་ཕྲིན་ལས་སྣ་ཚོགས་དབང་འབྱོར་བའི་སྐལ་བ་དང་ལྡན་པ་ཡིན་ནོ། །ཞེས་བརྗོད། དེ་ནས་འཕྲོས་དོན་བརྟུལ་ཞུགས་བསྐྱེད་པའི་དབང་ཆས་རྣམས་སོ་སོར་གཏད་པ་ལས། ཐོག་མར་ཐབས་དང་ཤེས་རབ་ཀྱི་རང་བཞིན་ཌཱ་མ་རུ་དང་དྲིལ་བུ་ཟུང་གཏད་པས་སྣང་སྟོང་ཟུང་དུ་འཇུག འཁོར་འདས་རྒྱབ་གྱེས། གཉིས་སྣང་གི་རྟོག་པ་འུབ་ཆུབ། གཟུང་འཛིན་དབྱིངས་སུ་ཡལ། མ་ཚོགས་མཁའ་འགྲོ་དབང་དུ་འདུས། ཐེག་ཆེན་ཆོས་ཀྱི་སྒྲ་དབྱངས་རྒྱུན་མི་ཆད་དུ་བསྒྲགས་ཤིང་སྲིད་ཞིའི་མཐའ་ལ་མི་གནས་པར་ཕྱོགས་ལས་རྣམ་པར་རྒྱལ་བའི་བརྟུལ་ཞུགས་ལ་དབང་འབྱོར་བ་ཡིན་ནོ། །ཧཱུྃ་མ་རིག་ལས་སོགས་བཀྲ་ཤིས་ཤོག༔ དེ་ནས་མཆོག་ཆེན་མི་རྐང་གི་གླིང་བུ་འདི་གཏད་པས་མ་རིག་པའི་གཉིད་ལས་སད། ཆགས་སྡང་གི་རྣམ་རྟོག་ཞི། ལས་རླུང་དབུ་མར་ཚུད། མགྲོན་བཞི་དགྱེས་ཤིང་ཚིམ། ཕ་རྗེས་བུ་ཡིས་ཟིན༔ ཟབ་དོན་གཅོད་ཀྱི་བརྟུལ་ཞུགས་མཐའ་དག་ལ་དབང་འབྱོར་བ་ཡིན་ནོ། །ཧཱུྃ་ཕུང་པོ་ཁམས་སོགས་ཤོག༔ དེ་ནས་རྟོག་མེད་རོ་ཡི་ཤུན་པ་མི་ལྤགས་ཀྱི་གཡང་གཞི་འདི་གཏད་པས་ཁམས་གསུམ་དབང་དུ་འདུ་ཞིང་སྲིད་གསུམ་ཟིལ་གྱིས་ནོན། བརྟུལ་ཞུགས་ལམ་དུ་ལོངས། རྐྱེན་ངན་གྲོགས་སུ་ཤར། བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་བའི་གདེངས་ཚད་དང་ལྡན་པ་ཡིན་ནོ། །ཞེས་བརྗོད། ཧཱུྃ་གཏི་མུག་ཤ་སོགས་ཤོག༔ དེ་ནས་གཏུམ་པ་གཅན་གཟན་གྱི་ལྤགས་པའི་གདན་འདི་གཏད་པས་སྲིད་ཞིའི་གཡུལ་ལས་རྒྱལ་བའི་མི་འཇིགས་པའི་དཔའ་གདེངས་དང་ལྡན། མི་གཡོ་བའི་ཏིང་འཛིན་ལ་བརྟན་པ་ཐོབ། མཉམ་པ་ཉིད་ཀྱི་དོན་རྟོགས། རླུང་སེམས་ལས་སུ་རུང་། སྡེ་བརྒྱད་བྲན་ཏུ་བཀོལ། འཁྲུལ་སྣང་དབྱིངས་སུ་ཞིག་པའི་དགོངས་སྤྱོད་མཆོག་དང་ལྡན་པ་ཡིན་ནོ། །ཞེས་བརྗོད། ཧཱུྃ་འཁོར་བའི་སོགས། ཤོག༔ དེ་ནས་དཔལ་ཆས་རུས་རྒྱན་འདི་གཏད་པས་ལྟ་སྒོམ་རྟོགས་པའི་གདེངས་ཚད་རྙེད། རིམ་གཉིས་ཟུང་དུ་འཇུག ཚོགས་དྲུག་རྒྱན་དུ་ཤར། འགྲོ་དྲུག་དབྱིངས་སུ་སྒྲོལ། ཧེ་རུ་ཀའི་བརྟུལ་ཞུགས་མཐའ་དག་ལ་རང་དབང་བསྒྱུར་ནས་གནས་གསུམ་མཁའ་འགྲོའི་ཚོགས་དཔོན་ལ་དབང་འབྱོར་བ་ཡིན་ནོ། །ཧཱུྃ་སྤྲོས་བྲལ་སོགས་ཤོག༔ དེ་ནས་མཚན་ལྡན་ཐོད་སྣོད་འདི་གཏད་པས་རྟེན་འབྲེལ་ལུགས་འབྱུང་གིས་བསྡུས་པའི་འཁོར་བའི་བག་ཆགས་མཐའ་དག་བསྒྲལ། ལས་དང་ཉོན་མོངས་པའི་འཁྲུལ་འཁོར་ཞིག གཙང་རྨེ་གཉིས་འཛིན་གྱི་རྟོག་པ་ཞི། ཟག་མེད་ཀྱི་བཅུད་ལ་རོལ། སྦྱོར་བའི་ལས་ལ་དབང་། འབྲེལ་ཚད་བདེ་བ་ཆེན་པོའི་ས་ལ་འགོད་ནུས་པ་ཡིན་ནོ། །ཞེས་བརྗོད། ཧཱུྃ་ཉོན་མོངས་སོགས། ཤོག༔ དེ་ནས་ཐབས་ཀྱི་ཕྱག་མཚན་ཁ་ཊཱཾ་ཀ་འདི་གཏད་པས་དུག་གསུམ་གྱི་སྒྲིབ་པ་དབྱིངས་སུ་དག སྐུ་གསུམ་རང་ངོ་འཕྲོད། རྣམ་ཐར་སྒོ་གསུམ་གྱི་དོན་རྟོགས། སྤྱོད་པ་ལེགས་ཉེས་ཀྱི་མཐའ་ལས་གྲོལ། སྒྲོལ་བའི་ལས་ལ་དབང་། གནས་ཡུལ་དུར་ཁྲོད་ལ་སྤྱོད་པའི་དཔའ་བོ་མཁའ་འགྲོའི་ཚོགས་གྲལ་ཆགས་མེད་ཞེན་མེད་དུ་འགྲིམ་པའི་སྒྱུ་ལུས་གྱི་གར་ལ་རོལ། འབྲེལ་ཚད་རིག་པ་འཛིན་པའི་ས་ལ་འགོད་ནུས་པའི་སྐལ་བ་མཆོག་དང་ལྡན་པ་ཡིན་ནོ། །ཞེས་བརྗོད། ཧཱུྃ་རྩེ་གསུམ་སོགས། ཤོག༔ དེ་ལ་བཀའ་གཏད། མཐའ་རྟེན། དམ་ཚིག་བསྒྲགས་པ་སོགས་རང་གཞུང་ལྟར་དང་དབང་སྤྱིའི་འགྲོས་བཞིན་མཐའ་བརྒྱན་པར་བྱའོ། །ཤེས་རབ་ཕར་ཕྱིན་དགོངས་དོན་བདུད་རྩིའི་ཆབ། ། ལབ་སྒྲོན་ཐུགས་ཀྱི་དཔལ་བེའུར་ལེགས་གཏམས་ནས། །གདམས་པའི་ཡང་ཟབ་ཞལ་ཆབ་མངར་མོའི་བཅུད། །མྱོང་བའི་སྐལ་བཟང་ཉེས་བརྒྱའི་ནད་ལས་སོས། །ཞེས་འདིར་རྩོད་བྲལ་དུས་བབས་ཀྱི་གཏེར་སྟོན་ཨོ་རྒྱན་བསམ་གཏན་ཡེ་ཤེས་གླིང་པའི་དགོངས་གཏེར་ལས་བྱུང་བའི་ཟབ་དོན་གཅོད་ཀྱི་གདམས་པའི་དབང་ཆོག་ལ་ཉེ་བར་འོས་པའི་མཚམས་སྦྱོར་འདི་འདྲ་ཞིག་དགོས་ཞེས་རིག་འཛིན་གྲུབ་མཆོག་བློ་གྲོས་རབ་གསལ་ནས་བཀྲ་ཤིས་པའི་ལྷ་དར་དང་། རིན་ཆེན་གཉིས་པའི་དོང་ཚེ་བཅས་བསྐུལ་བའི་དགོངས་བཞེད་དུ་ནགས་དབོན་སྡེ་སྣོད་མིང་པས་བྲིས་ཏེ་ཕུལ་བ་ལ་ནོངས་པ་མཆིས་ན་དམ་པ་མཆོག་ཉིད་ལ་འཆགས་ཤིང་། དགེ་བས་རིག་པ་འཛིན་པ་གང་གི་ཞབས་པད་སྲིད་མཐའི་བར་དུ་བརྟན་ཅིང་། བསྟན་འགྲོའི་དགེ་མཚན་ནུབ་མེད་ཏུ་འཕེལ་བའི་རྒྱུར་གྱུར་ཅིག སརྦ་མངྒ་ལམ། དགེའོ། །དགེའོ། །དགེའོ། །

སྐྲ་ཆོག་བྱིན་རླབས་ཡེ་ཤེས་འཁོར་ལོ།

ཡང་གསང་མཁའ་འགྲོའི་ཐུགས་ཐིག་ལས༔ སྐྲ་ཆོག་བྱིན་རླབས་ཡེ་ཤེས་འཁོར་ལོ་བཞུགས༔ རང་རིག་ལྷག་པའི་ལྷ་ལ་འདུད༔ དབུ་སྐྱེས་བྱིན་རླབས་རིམ་པ་འདི༔ དམིགས་པ་གཅིག་པུས་ཆོག་པ་ཡིན༔ ཡོ་བྱད་སྒྲུབ་རྗས་དགོས་པ་བསྐྱུངས༔ གསང་སྔགས་བརྟུལ་ཞུགས་ངར་ལྡན་པའི༔ བླ་མ་སྐྱབས་གནས་གཅིག་ཆོག་ལ༔ མོས་གུས་སྔགས་ལ་ཡིད་ཆེས་པའི༔ སློབ་བུ་ངལ་གསོའི་སྟངས་སྟབས་སུ༔ བྱེད་དུ་བཅུག་ལ་འདི་བཞིན་བསྒོམ༔ ཨེ་མ་ཧོ༔ སྐལ་ལྡན་རིག་པ་འཛིན་པའི་བུ༔ ཁྱོད་ཀྱི་བདེ་ཆེན་འཁོར་ལོ་ཡི༔ སྟེང་དུ་དག་པ་རབ་འབྱམས་ཀྱི༔ ཕོ་བྲང་དཀྱིལ་དུ་སེང་ཁྲི་དང༔ པད་ཟླའི་གདན་ལ་བླ་མ་ཉིད༔ ཨོ་རྒྱན་སྤྲུལ་སྐུའི་རྣམ་པར་གསལ༔ ལྕང་ལོའི་ཉག་མ་རེ་རེའི་ཀློང༔ དཔའ་བོ་མཁའ་འགྲོ་འབུམ་སྡེ་གསལ༔ ཀུན་ཀྱང་རྣམ་འགྱུར་མ་ངེས་པ༔ སྐུ་ཡི་གར་སྟབས་ཤིགས་སེ་ཤིག༔ གསུང་དབྱངས་སྔགས་སྒྲ་འུ་རུ་རུ༔ ཐུགས་དབྱིངས་བརྗོད་བྲལ་ཏ་ལ་ལ༔ འོད་དང་འོད་ཟེར་གྱི་ལི་ལི༔ ཡེ་ཤེས་ལྷ་ཚོགས་ཤ་ར་ར༔ བྱིན་རླབས་ན་བུན་ཐིབས་སེ་ཐིབ༔ རྟེན་དང་དབྱེར་མེད་ཨ་ལ་ལ༔ སྣང་ཞེན་ལྷ་ཡི་འཁོར་ལོར་རོལ༔ ཨ་ཨ་ཕཻཾ་ཕཻཾ་ཛཿཛཿཏིཥྛ་ལྷན༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་དྷེ་ཝ་ཌཱཀྐི་ནི་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲཱིཿཡ་སརྦ་ཀརྨ་ཙིཏྟ་ཧྲིང་ཧྲིང་ཛཿཛཿ བརྒྱ་ཕྲག་དང༔ དབྱངས་གསལ་ཡེ་དྷར་བརྒྱ་ཕྲག་གིས༔ སྐྲ་ཡི་ལྷ་ཚོགས་རྟེན་ལ་བསྟིམས༔ སྐྲ་ཡི་ཀློང་བཞུགས་དམ་ཚིག་པ༔ ཧྲཱིཿ གསང་སྔགས་དབང་ཕྱུག་རིགས་ལྔ་ལོངས་སྤྱོད་རྫོགས༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་བཅས༔ སྔགས་ཀྱི་སྙིང་པོ་འབྲས་བུ་བཅུད་དང་ལྡན༔ དེང་འདིར་བདག་གི་སྐྲ་ལ་དབང་བསྐུར་ནས༔ དཔལ་དང་གཟི་བརྗིད་བདེན་པ་འགྲུབ་མཛད་ཀུན༔ བྱིན་རླབས་དབང་དང་དངོས་གྲུབ་སྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཨ་བྷི་ཥིཉྩ་ཧོ༔ དེ་རྗེས་སྐྲ་ཡི་དམ་ཚིག་ཏུ༔ སྐྲ་ཉག་རེ་བཞིན་ལྷ་ཡི་དལ༔ དེ་ལ་བརྙས་བཅོས་མི་བྱ་བར༔ རྣམ་དག་ལྷ་ལ་ལྷ་ཉིད་ལྷ༔ རྡོ་རྗེ་ལུས་ཀྱི་གྲོང་ཁྱེར་དུ༔ གདན་གསུམ་ལྷ་ཡི་ཕོ་བྲང་ཡིན༔ དེ་ན་རིག་པ་ཆོས་ཀྱི་སྐུ༔ ལུས་གནས་བརྗོད་མེད་ཕྱག་རྒྱ་ཆེ༔ སངས་རྒྱས་གུད་དུ་བཙལ་མེད་པའི༔ གསང་སྔགས་ཁྱད་ཆོས་རྨད་དུ་བྱུང༔ ས་མ་ཡཱ༔ དེ་ནས་དེ་ཡི་རྒྱབ་ཆོས་སུ༔ མཁའ་འགྲོའི་ཚོགས་ལ་མཆོད་ཚོགས་འབུལ༔ རྩ་གསུམ་སྲུང་མ་མཉེས་པར་བྱ༔ དགའ་སྟོན་ཚོགས་ཀྱི་རྫས་ལ་རོལ༔ མནྟྲ་གུ་ཧྱ༔ ཤཱུ་བྷཾ༔

དུང་གི་ཝ་མིག་བརྒྱན་པའི་ཐབས་བདེ་ཆེན་ཡེ་ཤེས།

ཡང་གསང་མཁའ་འགྲོའི་ཐུགས་ཐིག་ལས༔ དུང་གི་ཝ་མིག་བརྒྱན་པའི་ཐབས་བདེ་ཆེན་ཡེ་ཤེས་བཞུགས༔ ཨེ་མ་ཧོ༔ སྐལ་ལྡན་སྐྱེས་བུ་རིག་པ་འཛིན༔ ཁྱོད་ཀྱི་སྒྲ་འཛིན་ཟུང་གཅིག་ལ༔ ཨ༵་ནི་སྐྱེ་མེད་ཁུངས་ལས་བྱུང༔ ཚིག་ཏུ་བརྗོད་པའི་ཡུལ་ལས་འདས༔ དོན་ནི་རྟོགས་པའི་བདག་ཉིད་མཚོན༔ ལུ༵ང་གི་སྡེ་སྣོད་ལྷག་པ་ནི༔ བསླབ་པའི་སྡེ་སྣོད་རྒྱུད་ལ་འབྱོར༔ དུང་གི༵་རང་བཞིན་དཀར་བའི་ཆོས༔ གསང་སྔགས་མཛེས་རྒྱན་སྒྲ༵་འཛིན་རྒྱན༔ རྒྱ༵ན་གྱི་མཆོག་སྟེ་རྒྱན་གྱི་དཔལ༔ ལམ་གྱི་རྫས་མཆོག་དམ་པ་འདི༔ རིག་འཛིན་ཁྱོད་ལ་དབང་བསྐུར་རོ༔ ཐིག་ལེ་མ་ཧཱ་ཨརྠ་ཨ་བྷི་ཥིཉྩ་ཧཱུྃ༔ རྟོགས་ལྡན་འཇམ་དབྱངས་ཉི་མས་བསྐུལ༔ འཆོལ་སྤྱོད་ས་ར་ཧི་ཏས་སྤེལ་བ་དགེའོཿ

དམིགས་རིམ།

༄༅། རང་ཉིད་སྐད་ཅིག་གིས་མ་ཅིག་ཁྲོས་མ་ནག་མོའི་སྐུའི་གཟི་བརྗིད་བལྟར་མི་བཟོད་པའི་ཐུགས་ཀ་ནས་ལས་བྱེད་མཁའ་འགྲོ་མ་བྱེ་བ་འབུམ་དང་མེ་དཔུང་ཚྭ་ཚྭ་མེ་གློག་འཁྱུག་པ་བཞིན་སྟོང་གསུམ་ཐམས་ཅད་གཡོ་འགུལ་བྱེད་ཅིང་གནོད་བྱེད་བྱད་མ་དམ་སྲི་རྒབ་འདྲེ་གཟུང་འཛིན་ལྷ་འདྲེ་ཐམས་ཅད་གཞོབ་ཏིར་ཏིར་བསྲེགས་པར་འགྱུར་ཏ་རེ༔ ཕཊ་ཕཊ་ཕཊཿ ཅེས་མེ་ཐུན་བྲབ་ཅིང་ལྟ་གདེངས་ཀྱིས༔ གནོད་བྱེད་བྱད་མ་བསྲེགས་པར་བསམ༔ མི་དམིགས་ངང་ནས་མཉམ་པར་བཞག་གོ༔

མེ་བསྐུལ་དམར་པོ་གློག་ཞགས།

༄༅། མེ་བསྐུལ་དམར་མོའི་གློག་ཞགས་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕཊཿ ཨོཾ་བཛྲ་བྷ་ར་ཧི་ཀྲོ་ཏི་ཀ་ལི་ཛྙཱ་ན་ཛྭ་ལ་རཾ༔ ཞེས་བརྗོད་པས་སྣང་སྲིད་ཐམས་ཅད་ཡེ་ཤེས་ཀྱི་མེས་གང་བར་གྱུར༔ ཧཱུྃ༔ རང་རིག་ཁྲོས་མ་ནག་མོའི་སྐུ༔ དཔལ་ཆེན་རྔམ་པའི་ཁྲོ་གར་སྟོན༔ ཕྱག་གཡས་མེ་དཔུང་དམར་ནག་འཛིན༔ སྣང་ཞིང་སྲིད་པའི་གདོན་བགེགས་ལ༔ སངས་རྒྱས་མཁའ་འགྲོའི་བརྟུལ་ཞུགས་དང༔ ཡེ་ཤེས་མེ་ཡི་གདུག་རྩུབ་ཀྱིས༔ ཆོས་དབྱིངས་ཡེ་ཤེས་ཀློང་དུ་བསྒྱུར༔ ཧཱུྃ་ཧཱུྃ་ཧཱུྃ༔ བུདྡྷ་ཛྭ་ལ་རཾ་རཾ་ཕཊ༔ ཧཱུྃ༔ རང་རིག་ཁྲོས་མ་ནག་མོའི་སྐུ༔ དཔལ་ཆེན་རྔམ་པའི་ཁྲོ་གར་སྟོན༔ ཕྱག་གཉིས་མེ་དཔུང་དམར་ནག་འཛིན༔ སྣང་ཞིང་སྲིད་པའི་གདོན་བགེགས་ལ༔ རྡོ་རྗེ་མཁའ་འགྲོའི་བརྟུལ་ཞུགས་དང༔ ཡེ་ཤེས་མེ་ཡི་གདུག་རྩུབ་ཀྱིས༔ མེ་ལོང་ཡེ་ཤེས་ཀློང་དུ་བསྒྱུར༔ ཧཱུྃ་ཧཱུྃ་ཧཱུྃ༔ བཛྲ་ཛྭ་ལ་རཾ་རཾ་ཕཊ༔ ཧཱུྃ༔ རང་རིག་ཁྲོས་མ་ནག་མོའི་སྐུ༔ དཔལ་ཆེན་རྔམ་པའི་ཁྲོ་གར་སྟོན༔ ཕྱག་གཉིས་མེ་དཔུང་དམར་ནག་འཛིན༔ སྣང་ཞིང་སྲིད་པའི་གདོན་བགེགས་ལ༔ རིན་ཆེན་མཁའ་འགྲོའི་བརྟུལ་ཞུགས་དང༔ ཡེ་ཤེས་མེ་ཡི་གདུག་རྩུབ་ཀྱིས༔ མཉམ་ཉིད་ཡེ་ཤེས་ཀློང་དུ་བསྒྱུར༔ ཧཱུྃ་ཧཱུྃ་ཧཱུྃ༔ རཏྣ་ཛྭ་ལ་རཾ་རཾ་ཕཊ༔ ཧཱུྃ༔ རང་རིག་ཁྲོས་མ་ནག་མོའི་སྐུ༔ དཔལ་ཆེན་རྔམ་པའི་ཁྲོ་གར་སྟོན༔ ཕྱག་གཉིས་མེ་དཔུང་དམར་ནག་འཛིན༔ སྣང་ཞིང་སྲིད་པའི་གདོན་བགེགས་ལ༔ པདྨ་མཁའ་འགྲོའི་བརྟུལ་ཞུགས་དང༔ ཡེ་ཤེས་མེ་ཡི་གདུག་རྩུབ་ཀྱིས༔ སོར་རྟོག་ཡེ་ཤེས་ཀློང་དུ་བསྒྱུར༔ ཧཱུྃ་ཧཱུྃ་ཧཱུྃ༔ པདྨ་ཛྭ་ལ་རཾ་རཾ་ཕཊ༔ ཧཱུྃ༔ རང་རིག་ཁྲོས་མ་ནག་མོའི་སྐུ༔ དཔལ་ཆེན་རྔམ་པའི་ཁྲོ་གར་སྟོན༔ ཕྱག་གཉིས་མེ་དཔུང་དམར་ནག་འཛིན༔ སྣང་ཞིང་སྲིད་པའི་གདོན་བགེགས་ལ༔ ཀརྨ་མཁའ་འགྲོའི་བརྟུལ་ཞུགས་དང༔ ཡེ་ཤེས་མེ་ཡི་གདུག་རྩུབ་ཀྱིས༔ བྱ་གྲུབ་ཡེ་ཤེས་ཀློང་དུ་བསྒྱུར༔ ཧཱུྃ་ཧཱུྃ་ཧཱུྃ༔ ཀརྨ་ཛྭ་ལ་རཾ་རཾ་ཕཊ༔ ཧཱུྃ༔ རང་རིག་ཁྲོས་མ་ནག་མོའི་སྐུ༔ དཔལ་ཆེན་རྔམ་པའི་ཁྲོ་གར་སྟོན༔ ཕྱག་གཉིས་མེ་དཔུང་དམར་ནག་འཛིན༔ སྣང་ཞིང་སྲིད་པའི་གདོན་བགེགས་ལ༔ སྣ་ཚོགས་མཁའ་འགྲོའི་བརྟུལ་ཞུགས་དང༔ མེ་དཔུང་འཁྲུགས་པའི་གདུག་རྩུབ་གྱིས༔ མ་རིག་སྲིད་པའི་གདོན་བགེགས་ཚོགས༔ གཏད་མེད་ཟང་ཐལ་དབྱིངས་སུ་བསྒྱུར༔ ཧཱུྃ་ཧཱུྃ་ཧཱུྃ༔ བྷི་ཤྭ་ཛྙཱ་ན་ཛྭ་ལ་རཾ་རཾ་ཕཊ༔ ཧཱུྃ༔ སྣང་སྲིད་མེ་དཔུང་དམར་ནག་འཁྲུགས༔ དེ་དབུས་རང་ཉིད་ཁྲོས་མ་ནག༔ ཁམས་གསུམ་ལས་རྒྱལ་སྲིད་གསུམ་འདུལ༔ བྱད་མ་སྡེ་བརྒྱད་གནོད་བྱེད་རྣམས༔ རྦད་ཅིང་བཟློག་པའི་ལས་བྱེད་གྱུར༔ དེ་ནས་བདེན་བརྗོད་བྱ་ཞིང་མེ་ཟོར་བསྐྱལ༔ བསྲུང་འཁོར་བསྒོམ་ཞིང་ཤིས་པ་བརྗོད༔ སརྦ་ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཞེས་པའང་རིག་འཛིན་ཧཱུྃ་རལ་གྱི་སྤྲུལ་པའི་ཟློས་གར་གཏེར་མིང་འཛིན་པ་གཞན་ཕན་གྱིས་བྲིས་པས་གཟུང་འཛིན་གྱི་ལྷ་འདྲེ་ཐམས་ཅད་བདག་མེད་ཡུམ་གྱི་ཀློང་དུ་གཅོད་པའི་རྒྱུར་གྱུར་ཅིག༔

མེ་བསྐུལ།

མེའི་འཕྲུལ་འཁོར་དུས་སུ་ཁྲོས་མ་རིགས་ལྔའི་སྐུ་ལས་འཕྲོས་པར་བསམ༔ ཁྱེད་རང་རྣམས་ཀྱིས་དམིགས་པ་འདི་བཞིན་མཛོད༔ ཧཱུྃ༔ དུར་ཁྲོད་མེ་དཔུང་འབར་བའི་ཀློང་དཀྱིལ་ནས་མ་ཡུམ་ཆེན་ཁྲོས་མ་རིགས་ལྔའི་སྐུ་ལས་ཡེ་ཤེས་ལྔའི་མེ་དཔུང་ཁ་དོག་ལྔ་འཕྲོས་པའི་རྩེ་མོ་ལས༔ ལས་བྱེད་ཀྱི་ཁྲོ་བོ་སྨེ་བརྩེགས་ལག་ན་མེའི་མཚོན་ཆ་སྣ་ཚོགས་ཐོགས་པ་འཕྲོས༔ མེ་ཞགས་བརྒྱབ་པའི་ཚེ༔ ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་གྱི་ནད་གདོན་སྡིག་སྒྲིབ༔ རྐྱེན་ངན་བར་ཆད༔ དུག་ལྔ་དུག་གསུམ་གཟུང་འཛིན་གྱི་རྣམ་རྟོག་གྲིབ་དང༔ མི་གཙང་བ་རྣམ་སྨིན་གདོས་བཅས་དང་བཅས་པ་གཞོབ་ཐུལ་གྱིས་བསྲེག༔ སེམས་རིག་སྟོང་ཡི་དམ་ཁྲོས་མ་རིགས་ལྔ་དང་དབྱེར་མེད་པར་གྱུར་པའི་མོས་པ་མཛོད༔ དེ་ནས༔ ཧཱུྃ༔ དུར་ཁྲོད་མེ་དཔུང་འབར་བའི་ཀློང་དཀྱིལ་ནས༔ མ་ཡུམ་ཆེན་རིགས་ལྔའི་སྐུ་ལས་ཡེ་ཤེས་ལྔའི༔ མེ་དཔུང་ཁ་དོག་ལྔ་འཕྲོས་སྟོང་གསུམ་གང༔ ལས་བྱེད་ཁྲོ་མོ་མེ་ཡི་མཚོན་ཐོགས་འཕྲོས༔ སྟེང་ཡང་མེ་ཡི་གུར་ཁང་ལ༔ མེ་ཡི་ཐོག་དང་སེར་ཆེན་འབེབས༔ འོག་ཀྱང་མེ་ཡི་ས་གཞི་ལ༔ མེ་ཡི་ཚྭ་ཚྭ་སྐར་ལྟར་འཁྲུགས༔ ཕྱོགས་མཚམས་ཐམས་ཅད་མེ་དཔུང་འབར༔ ལས་བྱེད་ཁྲོ་མོས་ཧཱུྃ་ཕཊ་སྒྲོག༔ ཡེ་ཤེས་མེ་སྒྲ་འབྲུག་ལྟར་ལྡིར༔ སྤྲུལ་པའི་མེ་ལྕེ་གློག་ལྟར་འཁྱུགས༔ ཡང་སྤྲུལ་ཚྭ་ཚྭ་སྐར་ལྟར་འཁྲིགས༔ རིགས་ལྔ་མཁའ་འགྲོའི་ཚོགས་ཀྱང་སྐར་ལྟར་འཁྲིགས༔ ལྷན་ཅིག་ལུས་གདོན་སྟེང་དུ་བརྒྱབ༔ ཚངས་པའི་འཇིག་རྟེན་མན་ཆད་དང༔ ས་འོག་ལྟོ་འཕྱེ་ཡན་ཆད་ཀྱི༔ གནོད་བྱེད་གདོན་བགེགས་བསྒྲལ་བའི་འཕྲིན་ལས་མཛོད༔ ནད་འདྲེ་ལྕོང་སྲི་རྡུལ་དུ་རློགས༔ ཟ་འདྲེ་ཤི་གཤེད་རྡུལ་དུ་རློགས༔ གོད་འདྲེ་བསེ་རག་རྡུལ་དུ་རློགས༔ མི་གཙང་བཙོག་གྲིབ་གཞོབ་ཏུ་བསྲེགས༔ དམེ་གྲིབ་ཡུག་གྲིབ་གཞོབ་ཏུ་བསྲེགས༔ མ་ལུས་ལུས་པ་མེད་པ་ཐམས་ཅད་ལ༔ དུར་ཁྲོད་མི་རོ་བམ་གྱི་ཚོགས་མཆོད་འབུལ༔ རྗེས་ཤུལ་ལྷག་མ་མེད་པར་ཧབ་ཐོབ་རོལ༔ ཕཊ༔ ཕཊ༔ ཕཊ༔ དེ་ལྟར་སྦྱིན་ཡུལ་ལྷ་འདྲེ་ཐམས་ཅད་ཀྱིས༔ ཧབ་ཐོབ་རོལ་པས་སོལ་ཕུང་བཞིན་དུ་སོང༔ ཆེ་བས་ཆུང་ཟོས་གཙོ་བོ་གསུམ་གྱིས་ཟོས༔ རྒྱལ་པོས་མོ་ཟོས་ས་བདག་ཆེན་པོས་ཟོས༔ དེ་ཡང་ནག་མོ་ཆེན་མོས་ཁྱུར་མིད་ཟོས༔ འཁོར་དང་དཔུང་ཟོས་ཆོས་སྐུའི་ཀློང་དུ་ཡལ༔ ཕཊ༔ ཕཊ༔ ཕཊ༔ བདག་དང་ཡུལ་སྣང་རྨི་ལམ་སད་པ་ལྟར༔ ཡེ་རིག་དོན་གྱི་ཧེ་རུའི་ངང་དུ་འདུས༔ ལྷ་མེད་འདྲེ་མེད་སངས་རྒྱས་སེམས་ཅན་མེད༔ བདག་མེད་ཡུལ་མེད་གནོད་བྱ་གནོད་བྱེད་མེད༔ ཕྱོགས་མེད་ཀ་དག་ལྷུན་འབྱམས་ཆེན་པོའི་ངང༔ མ་བཅོས་དེ་བཞིན་ཉིད་དུ་སྙོམ་པར་བརྡལ༔ ཕཊ༔ ཕཊ༔ ཕཊ༔

ཌཱཀྐིའི་མེ་མཆོད་ཆ་ལག་སྔོན་འགྲོའི་ཆོས་ཀྱི་ལས་རིམ་རས་པ་གསལ་སྟོབས་ཀྱིས་མཛད་པ།

ཡང་གསང་ཌཱཀྐིའི་མེ་མཆོད་ཆ་ལག་ཏུ༔ སྔོན་འགྲོའི་ཆོས་ཀྱི་ལས་རིམ་བཞུགས༔ སྐུ་གསུམ་མཁའ་འགྲོའི་སྐུ་ལ་འདུད༔ ལས་གཞུང་བཞིན་དུ་གནད་ལྡན་བྱ༔ ཐ་མ་མེ་མཆོད་ལས་སྦྱོར་ལ༔ དང་པོ་རྡོར་དྲིལ་བྱིན་རླབས་དང༔ གཉིས་པ་བསྲེག་རྫས་བྱིན་གྱིས་བརླབ༔ གསུམ་པ་མེ་དཀྱིལ་བྱིན་གྱིས་བརླབ༔ གཞན་ཞིང་ངམ་སྟག་གཟིག་ལྤགས་པའི་ཁྲིའི་ཁར༔ རྡོ་རྗེ་སློབ་དཔོན་ཉིད་བྱམས་བཞུགས་མཛད་ནས༔ ལས་བུམ་ཌཱ་དྲིལ་འཐོར་ནས་སོགས་མཁོ་ཆས་རྣམས་སྟ་གོན་བྱ༔ རང་ཉིད་ལྷ་ཡི་ང་རྒྱལ་གསལ་བསྟན་ངང་ནས༔ ཕཊཿ རང་ཉིད་སྐད་ཅིག་གིས་མ་ཅིག་ཁྲོས་མ་དམར་མོ་ཞི་ཁྲོའི་ཉམས་ཀྱིས་སྒེག་པའི་རྣམ་འགྱུར་ཅན་བལྟར་མི་བཟོད་པའི་སྐུར་གྱུར༔ ཅེས་བརྗོད་ཅིང་ཕྱག་གཡས་རྡོ་རྗེ་གསོར་བཞིན་ཨོཾ་མ་ཧཱ་བཛྲ་ཧཱུྃ༔ ཕྱག་གཡོན་དྲིལ་བུ་བསིལ་བཞིན་ཨོཾ་བཛྲ་གྷནྜེ་ཨཱ༔ ཞེས་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་ནས་ཨོཾ་སརྦ་ཏ་ཐ་ག་ཏ་སོགས་ཧཾ༔ དེ་ནས་བསྲེག་རྫས་བྱིན་རླབས་ནི༔ ཨོཾ་སྭ་བྷ་ཝས་སྦྱངས༔ སྟོང་པའི་ངང་ལས་བྷནྡྷ་ལྕང་ལོ་དང་བཅས་པ་སྟོང་གསུམ་མཉམ་པའི་ནང་དུ་ཞིང་བཅུ་དགྲ་བགེགས་གནོད་བྱེད་ཟ་འདྲེ་ཤི་གཤེད་ཐམས་ཅད་བསྒྲལ་བའི་ཤ་ཡི་རི་བོ༔ ཁྲག་གི་རྒྱ་མཚོ༔ རུས་པའི་གྲམ་ཁྲོད་ཆེན་པོས་བྷནྡྷ་ལྟེམས་ཀྱིས་གང་བར་གྱུར༔ དེའི་ངོ་བོ་ཤ་ཁྲག་ལ་རྣམ་པ་ཟག་མེད་ཡེ་ཤེས་ཀྱི་བདུད་རྩི་ལ་འདོད་ཡོན་གྱི་སྤྲིན་འཕྲོ་བར་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ༔ དེ་ནས་དཔལ་འབར་ཐོགས་ནས༔ ཕཊཿ རཾ་ཛཿ བདག་ཉིད་ཁྲོས་མར་གསལ་བའི་ཐུགས་ཀ་ནས་ཡུམ་གོས་དཀར་མོའི་ངོ་བོ་རཾ་དམར་ནག་མེའི་ཚྭ་ཚྭ་དང་བཅས་པ་འཕྲོས་ནས་མདུན་གྱི་མེ་དཀྱིལ་དུ་བཞུགས་པ་ཙམ་གྱིས་ཤར་ལྷོའི་མཚམས་ནས་མེ་འུར་སྒྲ་དང་བཅས་ཏེ་འབར་བར་བསམ༔ རཾ་སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ ཞེས་བརྗོད་ཤར་ལྷོའི་མཚམས་ནས་མེ་སྦར་རོ༔ ཡང་རླུང་གཡབ་ཡཾ་ལྗང་གུས་མཚན་པ་བཟུང་ནས༔ ཕཊཿ ཡཾ་ཛཿ བདག་ཉིད་ཁྲོས་མའི་ཐུགས་ཀ་ནས་ཡུམ་དམ་ཚིག་སྒྲོལ་མའི་ངོ་བོ་ཡཾ་ལྗང་གུ་རླུང་གྲང་བའི་ངར་དང་ལྡན་པ་ཞིག་འཕྲོས་ནས་མེ་དཀྱིལ་གྱི་བྱང་ཤར་མཚམས་ནས་ཞུགས་པ་ཙམ་གྱིས་མེ་སྒྲ་འུར་འུར་ཆེམ་ཆེམ་འབར་ནས་དུད་སྤྲིན་སྔོ་དམར་དུ་འཁྲིགས་པས་ཕྱོགས་བཅུ་ཐམས་ཅད་ཕྱུར་ཕྱུར་དུ་འཕྲོ་བར་གྱུར༔ གནོད་བྱེད་ཟ་འདྲེ་ཤི་གཤེད་ཀྱི་ཤ་ཁྲག་ཐམས་ཅད་སིར་སིར་ཆེམ་ཆེམ་ཚིག་ནས་ལྷག་མ་རྗེས་ཤུལ་ཙམ་ཡང་མེད་པར་གྱུར༔ ཡཾ་སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ གནོད་བྱེད་རྣམས་ཨགྣེ་ཡེ་ཛྭ་ལ་རཾ་རཾ་ཕཊ༔ དེ་ནས་མེ་ལྷ་བསྐྱེད་པ་ནི༔ ཨོཾ་སྭ་བྷ་ཝ་སོགས༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་བརྗོད་པས་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་ངང་ལས༔ ཧཱུྃ་ཆོས་རྣམས་དག་མཉམ་ཆེན་པོའི་ཀློང༔ ཞེས་སོགས་གཞུང་བཞིན་བྱ༔ སྤེལ་ཚིག་འདོད་གསོལ་རྣམས་རིག་པས་འཕྲུལ་ཤེས་པར་བྱའོ༔ ཞེས་པའང་སྐྱབས་རྗེ་རིན་པོ་ཆེའི་མཁའ་འགྲོའི་མེ་མཆོད་ཀྱི་ཆ་ལག་ཏུ་ཁོ་བོ་འབངས་དམན་པདྨ་གསལ་སྟོང་གིས་སོ༔

མཁའ་འགྲོ་དྲག་མོའི་སྦྱིན་སྲེག་གདུག་པ་དམ་འདོགས་ཡེ་ཤེས་མེ་ཡི་དྲྭ་བ།

ཡང་གསང་མཁའ་འགྲོའི་ཐུགས་ཐིག་ལས༔ མཁའ་འགྲོ་དྲག་མོའི་སྦྱིན་སྲེག་གདུག་པ་དམ་འདོགས་ཡེ་ཤེས་མེ་ཡི་དྲྭ་བ་བི་ཛ་ཧ་རཾ༔ བརྟུལ་ཞུགས་ལམ་དུ་སློང་བ་ཡི༔ ཟབ་མོ་གཅོད་ཀྱི་ཧེ་རུ་ཀས༔ དྲག་པོའི་སྦྱིན་སྲེག་བྱེད་འདོད་པས༔ བསམ་པ་ཀུན་སློང་བཟང་པོ་ཡིས༔ སྟོང་ཉིད་སྙིང་རྗེ་སྙིང་པོའི་གདངས༔ དང་པོ་སྟ་གོན་གནད་ལ་བསྣུན༔ སྟེགས་བུ་གྲུ་གསུམ་བསྣོལ་བའི་སྟེང༔ ཐབས་སྟེགས་ཐིག་ཆེན་ཆ་ཕྲན་སོགས༔ རྒྱལ་བའི་བཀའ་ལྟར་འཛོལ་མེད་སྟེང༔ ཚེར་ནག་རྩི་ཤིང་གང་ཡང་རུང༔ གྲུ་གསུམ་བརྩིགས་སྟེང་བླ་བྲེ་ཕུབ༔ བསྲེག་རྫས་ལིང་ག་བརྒྱའམ་བཅུ༔ ཡམ་ཤིང་དེ་ལྡན་དུག་ཁྲག་བྱུགས༔ བྲུབ་ཁུང་བསྐྱེད་ལ་འགུགས་པ་བསྐྱར༔ དེ་ནས་ཚེ་ཁྲུས་དགོངས་པས་བསྒྲལ༔ དེ་ནས་དཔལ་འབར་གྱིས་མེ་སྦར་ལ༔ མེ་ཐབ་སྦྱངས་ལ་སྭ་བྷ་ཝས༔ ཆོས་རྣམས་དག་མཉམ་ཆེན་པོའི་ཀློང༔ རཾ་ལས་སྐྱེས་པའི་མེ་དཔུང་འབར༔ ངོ་བོ་གོས་དཀར་ཡུམ་ཆེན་མོ༔ རྣམ་པ་དམར་ནག་ཚྭ་ཚྭ་འཕྲོས༔ ཡུམ་ཆེན་ལྔ་ཡི་ཕྲིན་ལས་མེ༔ གནམ་ས་བར་སྣང་ས་གཞི་ཁྱབ༔ གནོད་བྱེད་དམ་སྲི་བྱད་མ་དང༔ དམིགས་པའི་ཡུལ་གྱི་གདོན་བགེགས་བསྲེགས༔ མ་རྡོ་རྗེ་མཁའ་འགྲོའི་མེ་དཔུང་གིས༔ གདོན་རྒྱལ་འགོང་མེ་ལོང་ཡེ་ཤེས་ཀློང༔ རྗེས་ཤུལ་ལྷག་མེད་པར་ཛྭ་ལ་རཾ༔ མ་རིན་ཆེན་མཁའ་འགྲོའི་མེ་དཔུང་གིས༔ གདོན་ང་རྒྱལ་མཉམ་ཉིད་ཡེ་ཤེས་ཀློང༔ རྗེས་ཤུལ་ལྷག་མེད་པར་ཛྭ་ལ་རཾ༔ མ་པདྨ་མཁའ་འགྲོའི་མེ་དཔུང་གིས༔ གདོན་མོ་འདྲེ་སོར་རྟོག་ཡེ་ཤེས་ཀློང༔ རྗེས་ཤུལ་ལྷག་མེད་པར་ཛྭ་ལ་རཾ༔ མ་ཀརྨ་མཁའ་འགྲོའི་མེ་དཔུང་གིས༔ གདོན་དམ་སྲི་བྱ་གྲུབ་ཡེ་ཤེས་ཀློང༔ རྗེས་ཤུལ་ལྷག་མེད་པར་ཛྭ་ལ་རཾ༔ མ་བུདྡྷ་མཁའ་འགྲོའི་མེ་དཔུང་གིས༔ གདོན་ཀླུ་གཉན་ཆོས་དབྱིངས་ཡེ་ཤེས་ཀློང༔ རྗེས་ཤུལ་ལྷག་མེད་པར་ཛྭ་ལ་རཾ༔ མ་མཁའ་འགྲོ་རྒྱ་མཚོའི་སྐུ་ལས་སྐྱེས༔ མེ་ཁ་དོག་སྣ་ཚོགས་ཕྱོགས་བཅུར་འཕྲོས༔ རྒྱུ་དུག་ལྔ་དུག་གསུམ་ལས་བྱུང་བའི༔ རྐྱེན་ཀུན་བཏགས་ལས་ཉོན་འཁྲུལ་སྣང་གིས༔ ལམ་ཀུན་སློང་སྟོང་ཕྲག་བརྒྱད་ཅུའི་གདོན༔ ནད་བཞི་བརྒྱ་རྩ་བཞིས་གཟིར་བ་ཡི༔ ཕོ་གདོན་རྒྱལ་པོ་མོ་སྲི་བསེན༔ ཀླུ་གདོན་ས་བདག་དམ་འགོང་སྡེ༔ སྟེང་གདོན་བྱད་མ་ལྷ་སྲུང་དང༔ གོད་འདྲེ་ན་ཚའི་སྣ་འདྲེན་བགེགས༔ མ་ལུས་ལྷག་མེད་ཛྭ་ལ་རཾ༔ མིང་གི་ལྷག་མར་མཛད་དུ་གསོལ༔ ཡིད་ལ་དམིགས་པའི་ཆེ་གེ་མོ༔ ཏིལ་འབྲུ་ཙམ་ཡང་མ་བཞག་པར༔ ལྷག་མེད་མཁའ་འགྲོའི་ཞལ་ཧོམ་དུ༔ བསྟིམ་མོ་རྒྱས་འདེབས་ཛྭ་ལ་རཾ༔ ཌཱ་དྲིལ་འུར་ཆེམ་ཕབས་ལ༔ རྩ་སྔགས་མཐར༔ གནོད་བྱེད་ཟ་འདྲེ་ཤི་གཤེད་བྱད་མ་དམ་སྲི་གོད་འདྲེ་ཆུང་སྲི་ཨགྣེ་ཡེ་ཛྭ་ལ་རཾ་མཱ་ར་ཡ་རྦད་ཁཱ་ཧི༔ ལིང་རོ་དང་སྦྲགས་དགོས་གལ་བསྟུན༔ བརྒྱའམ་སྟོང་ལ་སོགས་པ་བཟླས༔ ཡུམ་ཆེན་ཁྲོས་མ་ལྷ་ལྔའི་ཞལ་དུ་གནོད་བྱེད་བྱད་མ་སྡེ་བརྒྱད་དམ་སྲི་མི་དང་མི་མ་ཡིན་པའི་ཤ་ཁྲག་རུས་གསུམ་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཛྭ་ལ་རཾ་ཁཱ་ཧི༔ མཆོད་པས་མཆོད་ཅིང་བསྟོད་པས་བསྟོད༔ རྒྱས་པར་ཁྲོས་མ་ལྷ་ལྔ་ལྟར་བསྟོད༔ འདོད་གསོལ་གཞན་ནས་བྱུང་ལྟར་བྱ༔ ས་མ་ཡཱ༔ གུ་ཧྱ༔ བརྡ་ཐིམ༔ ཞེས་ཁྲོས་མའི་སྦྱིན་སྲེག་དྲེགས་པའི་སྲོག་འཕྲོག་མེ་ཡི་སྤུ་གྲི་འཁོར་མ་འདི་ཉིད་སྔོན་སྦྱངས་ལས་འཕྲོ་བཟང་པོས་འཕྲོ་མཐུད་པའི་ཟབ་མོ་གཅོད་ཀྱི་བཀའ་བབ༔ བདག་གི་སློབ་བུ་སྙིང་སྟོབས་ཕུལ་དུ་བྱུང་བའི་རྣལ་འབྱོར་ཆེན་པོ་ཀླུ་སྐྱབས་ཀྱིས་བཞེད་སྐོང་དུ་སྙིང་མཛོད་སྨུག་པོའི་སྒྲོམ་ནས་བཏོན་དེ་དབེན་གནས་བྱིན་ལྡན་ནས་བརྡ་ཐོགས་མེད་དུ་བྲིས་པ་དགེ་ལེགས་འཕེལ༔

མཁའ་འགྲོ་སྡེ་ལྔ་ལ་འདོད་དོན་གསོལ་བ།

མཁའ་འགྲོ་སྡེ་ལྔ་ལ་འདོད་དོན་གསོལ་བ་ནི༔ ཡེ་ཤེས་མཁའ་འགྲོ་སྡེ་ལྔ་དང༔ འབུམ་ཕྲག་ཡངས་པའི་མཁའ་འགྲོ་མ༔ མཆོད་སྦྱིན་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ ནད་མེད་ཚེ་དང་དབང་ཕྱུག་དང༔ དཔལ་དང་གྲགས་དང་སྐལ་བ་བཟང༔ ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་སྟེ༔ ཞི་དང་རྒྱས་ལ་སོགས་པ་ཡི༔ ལས་ཀྱི་དངོས་གྲུབ་བདག་ལ་སྩོལ༔ དམ་ཚིག་ཅན་གྱིས་བདག་ལ་སྲུངས༔ དངོས་གྲུབ་ཀུན་གྱིས་སྡོང་གྲོགས་མཛོད༔ དུས་མིན་འཆི་དང་ནད་རྣམས་དང༔ གདོན་དང་བགེགས་རྣམས་མེད་པར་མཛོད༔ རྨི་ལམ་ངན་དང་མཚན་མ་ངན༔ བྱ་བྱེད་ངན་པ་མེད་པར་མཛོད༔ འཇིག་རྟེན་བདེ་ཞིང་ལོ་ལེགས་དང༔ འབྲུ་རྣམས་འཕེལ་ཞིང་ཕྱུགས་འཕེལ་བ༔ བདེ་ལེགས་ཐམས་ཅད་འབྱུང་བའི་གནས༔ ཡིད་ལ་འདོད་པ་ཀུན་འགྲུབ་ཤོག༔ ཅེས་པས་ཡེ་ཤེས་མཁའ་འགྲོ་སྡེ་ལྔ་ལ་ཕྲིན་ལས་བཅོལ་ཞིང་མཇུག་ཏུ་མེ་བསྐུལ་བྱ༔

གཅོད་ཀྱི་ལས་ཚོགས་བསྟབས་པ་ཆ་དྲུག་ཕྱིན་དྲུག་ལམ་བཟང་།

ཡང་གསང་ཌཱཀྐིའི་ཐུགས་ཐིག་ལས༔ གཅོད་ཀྱི་ལས་ཚོགས་བསྟབས་པ་ཆ་དྲུག་ཕྱིན་དྲུག་ལམ་བཟང་བཞུགས༔

དམ་པ་མ་ཅིག་ལ་ཕྱག་འཚལ་ལོ༔ གཞན་ཕན་བསམ་སྤྱོད་སྔོན་དུ་བཏང༔ དབང་སྡུད་ཟིལ་གནོན་སྤྱི་ལྟར་ལ༔ ནད་པ་མདུན་དུ་བསྙལ་བྱས་ནས༔ མདུན་གྱི་ནད་པ་དང་རང་གི་རྣམ་ཤེས་ནམ་མཁར་སྤར་བས་ནམ་མཁའ་དང་དབྱེར་མེད་དུ་བསྲེས་ལ༔ བེམ་པོ་ཆེ་བ་ཚོ་བ་སྟོབས་དང་ལྡན་པ་ལྷ་འདྲེ་རྣམས་ཀྱིས་མཐོང་བ་ཙམ་གྱིས་དགའ་ཞིང་མགུ་བ་འདོད་པའི་རེ་བ་སྐོང་ནུས་པ་གཅིག་ཏུ་གྱུར༔ ཕཊ་ཕཊ་ཕཊཿ རྐང་དུང་ལན་གསུམ་དྲག་ཏུ་འབུད་ལ༔ ཕཊཿ ན་མོ་རྗེ་བཙུན་གྲུབ་ཐོབ་གཅོད་ཡུལ་བརྒྱུད་པའི་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༔ དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱི་བཀའ་བདེན་པ་དང༔ ཡི་དམ་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང༔ མ་ཅིག་ལབ་ཀྱི་སྒྲོན་མའི་བདེན་པ་དང༔ རིགས་ལྔ་རིགས་ཀྱི་མཁའ་འགྲོ་བྱེ་བ་འབུམ་དང་བཅས་པའི་བདེན་པ་དང༔ བཀའ་སྲུང་དྲང་སྲོང་ཆེན་པོ༔ ཟངས་རི་བཙན་རྒོད་མཆེད་གཉིས༔ ཀླུ་རྒྱལ་དྲག་པོ་ཟླ་སྐྱོང་ལ་སོགས་སྲུང་མ་དམ་ཅན་རྒྱ་མཚོའི་བདེན་པ་དང༔ བདེན་པ་ཆེན་པོའི་མཐུ་སྟོབས་ནུས་པ་ལ་བརྟེན་ནས༔ བསྲུང་བྱ་འདི་ལ་དང་པོ་ནད་ཀྱི་སྣ་འདྲེན་པ༔ བར་དུ་གདོན་གྱི་ཚང་བཅའ་བ༔ ཐ་མ་ནད་ལ་མི་ཕན་པར་བྱེད་པའི་ནད་ནད་བདག་དང་བཅས་པ༔ གདོན་སྣ་འདྲེན་དང་བཅས་པ༔ རྩ་རྩ་ལག་དང་བཅས་པ༔ འབྲེལ་བ་སྣ་འདྲེན་དང་བཅས་པ༔ མགོ་གཡོག་མགོ་སྐོར་བྱེད་ཅིང་བཀའ་དང་དམ་ལ་མི་གནས་པ་ཐམས་ཅད་གཟུགས་ཕུང་པོ་འདི་ལ་ཁུག་ཅིག༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕཊཿ ཕཊཿ ཕཊཿ རྐང་དུང་དྲག་འབུད་གསུམ་རེ་དང༔ འགུགས་པ་གསུམ་ལྔ་བདུན་སོགས་འདོན༔ དེ་ནས་ཕུང་པོ་ཕྱོགས་དྲུག་ཏུ་གདོན་རྣམས་བསྐྱེད་པ་ནི༔ ཕཊཿ ཕཊཿ ཕཊཿ ཀྱེ༔ ཤར་དུ་ཞེ་སྡང་རྒྱལ་པོ་རྟ་མགོ་ཅན༔ ཞེ་སྡང་ལས་བྱུང་རྒྱལ་གདོན་འབྱུང་པོས་བསྐོར༔ ལྷོ་རུ་ང་རྒྱལ་གཤིན་རྗེ་གླང་མགོ་ཅན༔ ང་རྒྱལ་ལས་བྱུང་གཤིན་རྗེ་ལྷ་འདྲེས་བསྐོར༔ ནུབ་ཏུ་འདོད་ཆགས་མོ་གདོན་བྱ་མཆུ་ཅན༔ འདོད་ཆགས་ལས་བྱུང་མོ་གདོན་སྲིན་མོས་བསྐོར༔ བྱང་དུ་ཕྲག་དོག་དམ་སྲི་རི་བོང་མགོ༔ ཕྲག་དོག་ལས་བྱུང་དམ་སྲི་འགོང་པོས་བསྐོར༔ སྟེང་དུ་རྣམ་རྟོག་སེམས་བྱུང་གཟའ་བརྒྱད་ལ༔ རྒྱུ་སྐར་སྟེང་གདོན་ལྷ་སྲིན་འབྱུང་པོས་བསྐོར༔ འོག་ཏུ་གཏི་མུག་ཕག་གི་གདོང་ཅན་ལ༔ གཏི་མུག་ལས་བྱུང་ཀླུ་གདོན་ས་བདག་བསྐོར༔ དུར་ཁྲོད་མི་རོ་བམ་གྱི་ཚོགས་ལ་འདུས༔ མ་ཐོག་མ་འགྱང་མགྲོན་དུ་གཤེགས་སུ་གསོལ༔ ཁྱེད་ཚོགས་པ་རྣམས་ལ་ལུས་འདི་འབུལ༔ ཕྱི་ཤ་གཟུགས་དྲུག་མཆོད་པ་འབུལ༔ ཕ་རོལ་ཕྱིན་དྲུག་ཐོབ་པར་ཤོག༔ ནང་ཆ་བུ་དགུའི་མཆོད་པ་འབུལ༔ ཐེག་པ་རིམ་དགུ་ཐོབ་པར་ཤོག༔ དོན་སྙིང་ལྔ་ཡི་མཆོད་པ་འབུལ༔ སྐུ་ལྔ་ཡེ་ཤེས་ཐོབ་པར་ཤོག༔ ལྷ་འདྲེའི་ཚོགས་ལ་ལུས་ཀྱི་སྟོན་མོ་འབུལ༔ ཁྱེད་རིང་བ་རྣམས་ཀྱིས་རློན་པ་ཟོ༔ མི་རིང་བ་རྣམས་ཀྱིས་ཚོས་ལ་ཟོ༔ སྔོན་མ་རྣམས་ཀྱིས་ཁྱུར་མིད་གྱིས༔ རྗེས་མ་རྣམས་ཀྱིས་ཅི་དགའ་གྱིས༔ རིང་དང་མི་རིང་བྱེ་བྲག་གིས༔ བཙོ་བསྲེག་རློན་པ་ཅི་དགྱེས་གྱིས༔ སེང་གེ་ཤ་ལ་རོལ་བ་དང༔ དམག་ཆེན་མནོག་ཆེན་ཆོད་པ་དང༔ བྱིས་ནག་ཆུ་ལ་རུབ་པ་དང༔ བྱ་རྒོད་ཐེད་ལ་རོལ་བ་བཞིན༔ ཕུད་ལྷག་མ་མེད་པར་འདི་བཞེས་ཤིག༔ བེམ་པོ་ལུས་གདོན་འདི་ལ་ད་རོལ་ཅིག༔ ནད་འདྲེ་ཆུང་སྲི་འདི་ལ་ད་རོལ་ཅིག༔ ལས་ངན་རྣམ་སྨིན་འདི་དང་ད་ཕྲོལ་ཅིག༔ ནད་གདོན་སྡུག་བསྔལ་འདི་དང་ད་ཕྲོལ་ཅིག༔ ནད་བདག་གནོད་བྱེད་འདི་དང་ད་ཕྲོལ་ཅིག༔ བེམ་པོ་ལུས་གདོན་ཚོགས་ཀྱི་མཆོད་པ་བཞེས༔ ལུས་གདོན་རིག་པ་སྐྱེ་མེད་དབྱིངས་སུ་སྤོར༔ འཕྱུག་མེད་མངོན་སངས་རྒྱས་པའི་ཕྲིན་ལས་མཛོད༔ ཕཊཿ ཕཊཿ ཕཊཿ དེ་ནས་ཕུང་པོ་ལྷ་འདྲེ་རྣམས་ལ་བཀྱེ་བ་ནི༔ ཕཊཿ བདག་ཉིད་མ་ཅིག་ཁྲོས་མ་ཡི༔ གཡས་ཀྱི་ཕྱག་སོར་ལྕགས་སྤྱང་ལྔ༔ གཡོན་གྱི་ཕྱག་སོར་ཟངས་འཕར་ལྔ༔ དེ་བཅུས་ཕུང་པོ་སྤར་གཅོད་པས༔ ཤ་ཁྲག་དམར་ཆལ་ཕྱོགས་ཀུན་གཏོར༔ ལྷ་འདྲེས་ཁ་གདངས་སྤར་བསྒྲད་པས༔ ཧབ་སྒྲ་ལྕབ་སྒྲ་དིར་དིར་ཟོས༔ ལྷག་མ་མེད་པར་འགྱེད་པར་བསམ༔ ཕཊཿ ཕཊཿ ཕཊཿ ཞེ་སྡང་རྒྱལ་པོ་རྟ་ཡི་གདོང་ཅན་དང༔ ཞེ་སྡང་ལས་བྱུང་རྒྱལ་གདོན་འབྱུང་པོ་དང༔ སྤྱིར་སྣང་ཞིང་སྲིད་པའི་ལྷ་འདྲེ་དང༔ སྒོས་གཉན་ས་འདིར་གནས་ཀྱི་ལྷ་འདྲེ་ལ༔ ལུས་ཤ་ཁྲག་གི་མཆོད་སྦྱིན་འདི་བསྔོས་པས༔ ཁྱེད་དགའ་མགུ་ཡི་རང་བྱང་སེམས་ལྡན༔ མཆོག་ཐུན་དངོས་གྲུབ་ཐོབ་པར་མཛོད༔ ཕཊཿ ཕཊཿ ཕཊཿ གཤིན་རྗེ་རྒྱལ་པོ་གླང་གི་མགོ་ཅན་དང༔ ང་རྒྱལ་ལས་བྱུང་གཤིན་རྗེ་ལྷ་འདྲེ་དང༔ སྤྱིར་སྣང་ཞིང་སྲིད་པའི་ལྷ་འདྲེ་དང༔ སྒོས་གཉན་ས་འདིར་གནས་ཀྱི་ལྷ་འདྲེ་ལ༔ ལུས་ཤ་ཁྲག་གི་མཆོད་སྦྱིན་འདི་བསྔོས་པས༔ ཁྱོད་དགའ་མགུ་ཡི་རང་བྱང་སེམས་ལྡན༔ མཆོག་ཐུན་དངོས་གྲུབ་ཐོབ་པར་མཛོད༔ ཕཊཿ ཕཊཿ ཕཊཿ འདོད་ཆགས་མོ་གདོན་བྱ་ཡི་མཆུ་སྒྲོ་ཅན༔ འདོད་ཆགས་ལས་བྱུང་མོ་གདོན་སྲིན་མོ་དང༔ སྤྱིར་སྣང་ཞིང་སྲིད་པའི་ལྷ་འདྲེ་དང༔ སྒོས་གཉན་ས་འདིར་གནས་ཀྱི་ལྷ་འདྲེ་ལ༔ ལུས་ཤ་ཁྲག་གི་མཆོད་སྦྱིན་འདི་བསྔོས་པས༔ ཁྱོད་དགའ་མགུ་ཡི་རང་བྱང་སེམས་ལྡན༔ མཆོག་ཐུན་དངོས་གྲུབ་ཐོབ་པར་མཛོད༔ ཕཊཿ ཕཊཿ ཕཊཿ ཕྲག་དོག་དམ་སྲི་རི་བོང་མགོ་ཅན་དང༔ ཕྲག་དོག་ལས་བྱུང་དམ་སྲི་འགོང་པོ་དང༔ སྤྱིར་སྣང་ཞིང་སྲིད་པའི་ལྷ་འདྲེ་དང༔ སྒོས་གཉན་ས་འདིར་གནས་ཀྱི་ལྷ་འདྲེ་ལ༔ ལུས་ཤ་ཁྲག་མཆོད་སྦྱིན་འདི་བསྔོས་པས༔ ཁྱོད་དགའ་མགུ་ཡི་རང་བྱང་སེམས་ལྡན༔ མཆོག་ཐུན་དངོས་གྲུབ་ཐོབ་པར་མཛོད༔ ཕཊཿ ཕཊཿ ཕཊཿ གཏི་མུག་ཀླུ་གདོན་ཕག་གི་གདོང་ཅན་དང༔ གཏི་མུག་ལས་བྱུང་ཀླུ་གདོན་ས་བདག་དང༔ སྤྱིར་སྣང་ཞིང་སྲིད་པའི་ལྷ་འདྲེ་དང༔ སྒོས་གཉན་ས་འདིར་གནས་ཀྱི་ལྷ་འདྲེ་ལ༔ ལུས་ཤ་ཁྲག་གི་མཆོད་སྦྱིན་འདི་བསྔོས་པས༔ ཁྱོད་དགའ་མགུ་ཡི་རང་བྱང་སེམས་ལྡན༔ མཆོག་ཐུན་དངོས་གྲུབ་ཐོབ་པར་མཛོད༔ ཕཊཿ ཕཊཿ ཕཊཿ སྟེང་གདོན་རྣམ་རྟོག་སེམས་བྱུང་གཟའ་བརྒྱད་དང༔ རྒྱུ་སྐར་ལ་སོགས་ལྷ་སྲིན་སྡེ་བརྒྱད་དང༔ སྤྱིར་སྣང་ཞིང་སྲིད་པའི་ལྷ་འདྲེ་དང༔ སྒོས་གཉན་ས་འདིར་གནས་ཀྱི་ལྷ་འདྲེ་ལ༔ ལུས་ཤ་ཁྲག་གི་མཆོད་སྦྱིན་འདི་བསྔོས་པས༔ ཁྱོད་དགའ་མགུ་ཡི་རང་བྱང་སེམས་ལྡན༔ མཆོག་ཐུན་དངོས་གྲུབ་ཐོབ་པར་མཛོད༔ ཕཊཿ ཕཊཿ ཕཊཿ དེ་ལྟར་ཡུལ་དང་ལྷ་འདྲེ་ཐམས་ཅད་ཀྱིས༔ ཧབ་ཐོབ་རོལ་བས་ཤེས་རྒྱུད་མཉེས་ཤིང་ཚིམ༔ དགྱེས་པའི་གད་རྒྱངས་མགུ་བའི་གླུ་དབྱངས་ལེན༔ འབྲེལ་བ་ཐོབ་ཚད་བྱང་ཆུབ་ལམ་ལ་འགོད༔ ཆེ་བས་ཆུང་ཟོས་གཙོ་བོ་དྲུག་པོ་ཡང༔ གཅིག་གིས་གཅིག་ཟོས་འཁོར་དང་དཔུང་རྣམས་ཟོས༔ ཐམས་ཅད་བདག་མེད་ཆོས་སྐུའི་ཀློང་དུ་ཡལ༔ ཕཊཿ ཕཊཿ ཕཊཿ བདག་དང་ཡུལ་མེད་རྨི་ལམ་སད་པ་ལྟར༔ ཡེ་གཞི་དོན་གྱི་ཧེ་རུ་ཀ་དཔལ་དང༔ ལྷ་འདྲེ་གཉིས་མེད་འཁོར་འདས་ཆོས་སྐུར་གྲོལ༔ ཡུལ་དང་ཡུལ་ཅན་གནོད་བྱ་གནོད་བྱེད་སྟོང༔ ཕྱོགས་མེད་ཀ་དག་ལྷུན་འབྱམས་ཆེན་པོ་ཨ༔ མ་བཅོས་དེ་བཞིན་ཉིད་དུ་སྙོམ་པར་བརྡལ༔ ཕཊཿ ཕཊཿ ཕཊཿ ཅེས་བསྔོ་བ་དང་སྨོན་ལམ་ཆོས་སྦྱིན་སོགས་སྤྱི་ལྟར་བྱ༔ ས་མ་ཡཱ༔ ཞེས་པའི་གཅོད་ཀྱི་ཆ་ལག་བསྟབས་པ་ཆ་དྲུག་འདི་ནི་ལས་ལྡན་སློབ་བུ་རྣམས་ཀྱིས་བསྐུལ་ངོར༔ རྣལ་འབྱོར་ས་ར་ཧི་ཏས་མཆོང་མཛོད་སྨུག་པོའི་སྒྲོམ་ནས་བཏོན་ཏེ་སློབ་བུ་སྙིང་སྟོབས་ལྡན་པ་ལྷ་སའི་ཇོ་བོ་ལ་གསང་སྔགས་ཐབས་ཀྱི་ཕྱག་ལྗོན་ཤིང་ས་ལ་འགྱེལ་འདྲས་མཆོད་པའི་བཀུར་སྟི་དམ་པའི་བདག་པོ་ཀླུ་སྐྱབས་ལ་གཏད་པས་ཡུམ་དོན་ཆོས་སྐུའི་ཀློང་དུ་གཅོད་ནུས་པར་གྱུར་ཅིག་པའོ༔

བསྟབས་པ་ཆ་དྲུག་ཕུང་པོའི་མཆོད་སྦྱིན་ཀརྨའི་མིང་གིས་ཁྲིགས་སུ་བསྡེབ་པ།

ཡང་གསང་ཌཱཀྐིའི་ཐུགས་ཐིག་ལས༔ བསྟབས་པ་ཆ་དྲུག་ཕུང་པོའི་མཆོད་སྦྱིན་བཞུགས༔

མ་ཅིག་ཡུམ་ཆེན་མཁའ་འགྲོའི་ཚོགས་ལ་འདུད༔ སྐྱེ་མེད་གཅིག་ཏུ་གཅོད་པའི་རྣལ་འབྱོར་པས༔ ནད་ཀྱིས་གདུང་བའི་སྐྱེ་འགྲོ་ཕོ་མོ་རྣམས༔ མདུན་དུ་བོས་ལ་རྣམ་རྟོག་ཐོག་མི་བརྫི༔ འཇིག་རྟེན་ཆོས་བརྒྱད་བསམ་པ་མ་ཡིན་པས༔ བྱམས་དང་སྙིང་རྗེའི་སྙིང་པོ་སྟོང་ཉིད་རྩལ༔ ཞི་དང་ཁྲོ་བོའི་དབང་སྡུད་སྔོན་ལ་བཏང༔ གདན་ཐོག་མ་འམ་ལུས་སྦྱིན་ཙམ་གྱི་མཐར༔ ནད་པའི་གཟུགས་ཀྱི་ལིང་ག་སྐྱེ་མཆེད་ལྡན༔ ལན་ཆགས་དྲི་ཆུ་གཏོར་མ་གྲངས་སུ་བསགས༔ ཆེ་གེ་མོ་རྣམས་མདུན་དུ་ཉལ་བཅུག་ལ༔ ཕཊཿ ན་མོ་རྗེ་བཙུན་གྲུབ་ཐོབ་གཅོད་ཡུལ་བརྒྱུད་པའི་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༔ སངས་ཀྱི་བཀའ་བདེན་པ་དང༔ ཆོས་ཀྱི་བཀའ་བདེན་པ་དང༔ དགེ་འདུན་གྱི་བཀའ་བདེན་པ་དང༔ མ་ཅིག་ལབ་ཀྱི་སྒྲོན་མ་རིགས་ལྔའི་རིགས་ཀྱི་མཁའ་འགྲོ་ཤུགས་འགྲོ༔ ཟངས་རི་བཙན་རྒོད༔ དྲང་སྲོང་ཁྱབ་འཇུག༔ ཀླུ་རྒྱལ་དྲག་པོ་ཟླ་སྐྱོང་དང་བཅས་པའི་བཀའ་བདེན་པས༔ བསྲུང་བྱ་འདིའི་ལུས་ལ་དང་པོ་ནད་ཀྱི་སྣ་འདྲེན་པ༔ བར་དུ་གདོན་གྱི་ཚང་བཅའ་བ༔ ཐ་མ་སྲོག་འཕྲོག་ཅིང་དབུགས་སྡུད་པའི་འབྱུང་པོ༔ རྩ་ལ་ཞེན་ཅིང་བག་ལ་ཉལ་བའི་འབྱུང་པོ་གང་དང་གང་ཡིན་པ་ཐམས་ཅད་གཟུགས་ལིང་ག་གཏོར་མ་དྲི་ཆུ་ཆང་བུ་འདི་རྣམས་ལ་ཁུག་ཅིག༔ ཛཿཧཱུྃ་བཾ་ཧོ༔ ལན་གསུམ་བྱ་ལ༔ ཕཊཿ ཕཊཿ ཕཊཿ མ་དབུས་ཕྱོགས་སངས་རྒྱས་མཁའ་འགྲོ་མ༔ ཁྱེད་མཐུ་དང་ནུས་པའི་སྟོབས་བསྐྱེད་ལ༔ གདོན་གཏི་མུག་ཆོས་ཀྱི་དབྱིངས་སུ་སྤོར༔ སྟེང་གཟའ་གདོན་བྱད་མ་ཕྱིར་ལ་བཟློག༔ ཕཊཿ ཕཊཿ ཕཊཿ མ་ཤར་ཕྱོགས་བཛྲ་ཌཱཀྐི་མ༔ ཁྱེད་མཐུ་དང་ནུས་པའི་སྟོབས་བསྐྱེད་ལ༔ གདོན་ཞེ་སྡང་མེ་ལོང་ཡེ་ཤེས་ཀློང༔ ཤར་དྲི་ཟའི་གདུབ་རྩུབ་ཕྱིར་ལ་བཟློག༔ ཕཊཿ ཕཊཿ ཕཊཿ མ་ལྷོ་ཕྱོགས་རཏྣ་ཌཱཀྐི་མ༔ ཁྱེད་མཐུ་དང་ནུས་པའི་སྟོབས་བསྐྱེད་ལ༔ གདོན་ང་རྒྱལ་མཉམ་ཉིད་ཡེ་ཤེས་རྩལ༔ ལྷོ་གཤིན་རྗེའི་གཤེད་མ་ཕྱིར་ལ་བཟློག༔ ཕཊཿ ཕཊཿ ཕཊཿ མ་ནུབ་ཕྱོགས་པདྨ་ཌཱཀྐི་མ༔ ཁྱེད་མཐུ་དང་ནུས་པའི་སྟོབས་བསྐྱེད་ལ༔ གདོན་འདོད་ཆགས་སོར་རྟོག་ཡེ་ཤེས་མཉམ༔ ནུབ་མོ་སྲི་བསེན་མོ་ཕྱིར་ལ་བཟློག༔ ཕཊཿ ཕཊཿ ཕཊཿ མ་བྱང་ཕྱོགས་ཀརྨ་ཌཱཀྐི་མ༔ ཁྱེད་མཐུ་དང་ནུས་པའི་སྟོབས་བསྐྱེད་ལ༔ གདོན་ཕྲག་དོག་བྱ་གྲུབ་ཡེ་ཤེས་འཕྲུལ༔ བྱང་དམ་སྲིའི་སྡང་མིག་ཕྱིར་ལ་བཟློག༔ ཕཊཿ ཕཊཿ ཕཊཿ འོག་ས་སྤྱོད་བི་ཤྭ་ཌཱཀྐི་མ༔ མཚམས་ཕྱོགས་འཛིན་ལོ་ཀ་ཌཱཀྐིའི་ཚོགས༔ ཁྱེད་མཐུ་དང་ནུས་པའི་སྟོབས་བསྐྱེད་ལ༔ གདོན་ཀླུ་དང་མེ་ལྷ་སྲིན་མོ་དང༔ རླུང་ལྷ་དབང་ལྡན་ཡུལ་འདྲེ་གནས་ལུས་གདོན༔ ཀུན་ཀྱང་ཤ་ཁྲག་སྟོན་འགྱེད་མགྲོན་ལ་འདུས༔ གདོན་ནད་ཡམས་བར་ཆད་དབྱིངས་སུ་སོལ༔ བན་བོན་གྱི་བྱད་མ་རྦད་དེ་གཞོམ༔ མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ༔ ཕཊཿ ཕཊཿ ཕཊཿ དེ་ནས་ལིང་ག་གྲི་གུག་གིས་གཏུབ་ལ༔ རྐང་ལག་སྡེ་བཞི༔ མགོ་དང་བྲང་སྦྱར་བ༔ ཁོག་སྨད་དང་དྲུག་བྱས་ལ་ཤ་དུམ་སྦྱར༔ ཁྲག་ཐིག་བྱུག་ཅིང་ཏིང་འཐེབ་དྲུག་ཏུ་བཤམས༔ ཡང་གཏོར་མ་དྲུག་ཀྱང་ཤ་ཁྲག་གིས་བརྒྱན་ལ་འཐེབ་དྲུག་ཏུ་བཤམས་ཤིང་བྲན༔ སྡེར་མའམ་སྣོད་དྲུག་ཏུ་ཆང་བུ་རེ་བཞག་ཅིང་ཁྲུས་ཆུ་འདེབས་པའི་གཟར་བུ་དང་ཁྲུས་ཆུ་བཞག་ལ༔ མཆོད་གཡོག་གསུམ་ལང་ལ་གཅིག་གིས་གཏོར་མ༔ གཅིག་གིས་ལིང་ག་མགོ་ངོས༔ གཅིག་གིས་ཆང་བུ་དང་ཁྲུས་ཆུ་གཟར་བུའི་ནང་བཟུང་བཅུག་ཅིང་བདུད་རྩིས་བྲན་ལ༔ ཧཱུྃ༔ ཨོ་རྒྱན་རང་བྱུང་དུར་ཁྲོད་ཆེན་པོའི་གནས༔ རང་བྱུང་ཐོད་མཁར་འབར་བའི་གཞལ་ཡས་དབུས༔ ཉི་ཟླ་པདྨ་བཾ་ཆེན་བསྣོལ་བའི་ཁྲི༔ དབུས་ཀྱི་ཕྱོགས་ཀྱི་མ་ཅིག་ཁྲོས་མ་ནི༔ སྐུ་མདོག་མཐིང་ནག་རྔམ་ཞིང་འཇིགས་པའི་གཟུགས༔ ཕྱག་གཡས་གྲི་གུག་གཡོན་པས་རྒྱུ་ཞགས་བསྣམས༔ མི་ལྤགས་གཡང་གཞི་སྟག་ལྤགས་དར་དཔྱངས་བརྒྱན༔ མི་མགོའི་ཕྲེང་བ་རིན་ཆེན་རུས་རྒྱན་རྔམ༔ འཁོར་དུ་སངས་རྒྱས་རིགས་ཀྱི་མཁའ་འགྲོས་བསྐོར༔ གཏི་མུག་ལས་བྱུང་ཤི་འདྲེ་འབྱུང་པོ་དང༔ སྟེང་ཕྱོགས་གཟའ་གདོན་རྒྱུ་སྐར་ལྷ་སྲིན་ཚོགས༔ ཁྱེད་རྣམས་འདིར་གཤེགས་དམར་གྱི་གཏོར་མ་བཞེས༔ བེམ་པོ་ལུས་གདོན་མགོ་བོ་དོན་སྙིང་འདི༔ མ་ཅིག་བདུད་འདུལ་ཁྲོས་མའི་ཞལ་དུ་བསྟབས༔ སངས་རྒྱས་མཁའ་འགྲོ་འབུམ་གྱིས་དགྱེས་པར་རོལ༔ སྟེང་གདོན་གཟའ་སྐར་ཕུང་པོའི་སྟོན་འགྱེད་བཞེས༔ གཏི་མུག་གདོན་ཚོགས་ལན་ཆགས་དྲི་ཆུས་ཚིམ༔ རྐྱེན་ནད་གདོན་བར་ཆད་དབྱིངས་སུ་སོལ༔ བན་བོན་གྱི་བྱད་མ་རྡུལ་དུ་རློགས༔ མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ༔ ཕཊཿ ཕཊཿ ཕཊཿ དམར་གཏོར་ནམ་མཁའ་ལ་འཕང༔ ལིང་གའི་མགོ་བོ་ནམ་མཁར་འཕང༔ ཆང་བུ་དྲི་ཆུ་ཡང་ནམ་མཁར་གཏོར་ལ༔ དེ་ནས་གཞན་ཐམས་ཅད་རིགས་འགྲེས་སོ༔ ཧཱུྃ༔ ཨོ་རྒྱན་རང་བྱུང་དུར་ཁྲོད་ཆེན་པོའི་གནས༔ རང་བྱུང་ཐོད་མཁར་འབར་བའི་གཞལ་ཡས་དབུས༔ ཉི་ཟླ་པདྨ་བཾ་ཆེན་བསྣོལ་བའི་ཁྲི༔ ཤར་གྱི་ཕྱོགས་ཀྱི་མ་ཅིག་ཁྲོས་མ་ནི༔ སྐུ་མདོག་དཀར་མོ་རབ་ཏུ་འཇིགས་པའི་གཟུགས༔ ཕྱག་གཡས་གྲི་གུག་གཡོན་པས་རྒྱུ་ཞགས་བསྣམས༔ མི་ལྤགས་གཡང་གཞི་སྟག་ལྤགས་དར་དཔྱངས་བརྒྱན༔ མི་མགོའི་ཕྲེང་བ་རིན་ཆེན་རུས་རྒྱན་རྔམ༔ འཁོར་དུ་རྡོ་རྗེ་རིགས་ཀྱི་མཁའ་འགྲོས་བསྐོར༔ ཞེ་སྡང་ལས་བྱུང་ཕོ་གདོན་རྒྱལ་འགོང་དང༔ ཤར་ཕྱོགས་དྲི་ཟ་ལ་སོགས་ལྷ་སྲིན་གདོན༔ ཁྱེད་རྣམས་འདིར་གཤེགས་དམར་གྱི་གཏོར་མ་བཞེས༔ བེམ་པོ་ལུས་གདོན་ལག་སྡེབ་གཡས་པ་འདི༔ མ་ཅིག་ཐུགས་ཀྱི་ཁྲོས་མའི་ཞལ་དུ་བསྟབས༔ རྡོ་རྗེ་མཁའ་འགྲོ་འབུམ་གྱིས་དགྱེས་པར་རོལ༔ དྲི་ཟའི་གདོན་རྣམས་ཕུང་པོའི་སྟོན་འགྱེད་བཞེས༔ ཞེ་སྡང་གདོན་ཚོགས་ལན་ཆགས་དྲི་ཆུས་ཚིམ༔ རྐྱེན་ནད་གདོན་བར་ཆད་དབྱིངས་སུ་སོལ༔ བན་བོན་གྱི་བྱད་མ་རྡུལ་དུ་རློགས༔ མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ༔ ཕཊཿ ཕཊཿ ཕཊཿ གོང་ལྟར་དམར་གཏོར་ལིང་ག་ཤར་ཕྱོགས་སུ་འཕང༔ ཆང་བུ་དྲི་ཆུ་ཡང་ཤར་དུ་གཏོར༔ ཧཱུྃ༔ ཨོ་རྒྱན་རང་བྱུང་དུར་ཁྲོད་ཆེན་པོའི་གནས༔ རང་བྱུང་ཐོད་མཁར་འབར་བའི་གཞལ་ཡས་དབུས༔ ཉི་ཟླ་པདྨ་བམ་ཆེན་བསྣོལ་བའི་ཁྲི༔ ལྷོ་ཡི་ཕྱོགས་ཀྱི་མ་ཅིག་ཁྲོས་མ་ནི༔ སྐུ་མདོག་སེར་མོ་རབ་ཏུ་འཇིགས་པའི་གཟུགས༔ ཕྱག་གཡས་གྲི་གུག་གཡོན་པས་རྒྱུ་ཞགས་བསྣམས༔ མི་ལྤགས་གཡང་གཞི་སྟག་ལྤགས་དར་དཔྱངས་བརྒྱན༔ མི་མགོའི་ཕྲེང་བ་རིན་ཆེན་རུས་རྒྱན་རྔམ༔ འཁོར་དུ་རིན་ཆེན་རིགས་ཀྱི་མཁའ་འགྲོས་བསྐོར༔ ང་རྒྱལ་ལས་བྱུང་ཡ་མནྟ་ཀ་དང༔ ལྷོ་ཕྱོགས་གཤིན་རྗེ་ལ་སོགས་ལྷ་སྲིན་གདོན༔ ཁྱེད་རྣམས་འདིར་གཤེགས་དམར་གྱི་གཏོར་མ་བཞེས༔ བེམ་པོ་ལུས་གདོན་ལག་སྡེབ་གཡོན་པ་འདི༔ མ་ཅིག་ཡོན་ཏན་ཁྲོས་མའི་ཞལ་དུ་བསྟབས༔ རིན་ཆེན་མཁའ་འགྲོ་འབུམ་སྡེས་དགྱེས་པར་རོལ༔ གཤིན་རྗེའི་གདོན་རྣམས་ཕུང་པོའི་སྟོན་འགྱེད་བཞེས༔ ང་རྒྱལ་གདོན་ཚོགས་ལན་ཆགས་དྲི་ཆུས་ཚིམ༔ རྐྱེན་ནད་གདོན་བར་ཆད་དབྱིངས་སུ་སོལ༔ བན་བོན་གྱི་བྱད་མ་རྡུལ་དུ་རློགས༔ མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ༔ ཕཊཿ ཕཊཿ ཕཊཿ གཏོར་མ་ལིང་ག་ལན་ཆགས་ཁྲུས་ཆུ་བཅས་གོང་ལྟར་ལྷོ་ཕྱོགས་སུ་གཏོར་ལ༔ ཧཱུྃ༔ ཨོ་རྒྱན་རང་བྱུང་དུར་ཁྲོད་ཆེན་པོའི་གནས༔ རང་བྱུང་ཐོད་མཁར་འབར་བའི་གཞལ་ཡས་དབུས༔ ཉི་ཟླ་པདྨ་བཾ་ཆེན་བསྣོལ་བའི་ཁྲི༔ ནུབ་ཀྱི་ཕྱོགས་ཀྱི་མ་ཅིག་མཁའ་འགྲོ་ནི༔ སྐུ་མདོག་དམར་མོ་རྔམ་ལ་འཇིགས་པའི་གཟུགས༔ ཕྱག་གཡས་གྲི་གུག་གཡོན་པས་རྒྱུ་ཞགས་བསྣམས༔ མི་ལྤགས་གཡང་གཞི་སྟག་ལྤགས་དར་དཔྱངས་རྒྱན༔ མི་མགོའི་ཕྲེང་བ་རིན་ཆེན་རུས་རྒྱན་རྔམ༔ འཁོར་དུ་པདྨ་རིགས་ཀྱི་མཁའ་འགྲོས་བསྐོར༔ འདོད་ཆགས་ལས་བྱུང་མོ་གདོན་བསེན་མོ་དང༔ ནུབ་ཕྱོགས་ཀླུ་གདོན་ལ་སོགས་ལྷ་སྲིན་གདོན༔ ཁྱེད་རྣམས་འདིར་གཤེགས་དམར་གྱི་གཏོར་མ་བཞེས༔ བེམ་པོ་ལུས་གདོན་རྐང་སྡེབ་གཡོན་པ་འདི༔ མ་ཅིག་གསུང་གི་ཁྲོས་མའི་ཞལ་དུ་བསྟབས༔ པདྨ་མཁའ་འགྲོ་འབུམ་སྡེས་དགྱེས་པར་རོལ༔ ཀླུ་ཡི་གདོན་རྣམས་ཕུང་པོའི་སྟོན་འགྱེད་བཞེས༔ འདོད་ཆགས་གདོན་ཚོགས་ལན་ཆགས་དྲི་ཆུས་ཚིམ༔ རྐྱེན་ནད་གདོན་བར་ཆད་དབྱིངས་སུ་སོལ༔ བན་བོན་གྱི་བྱད་མ་རྡུལ་དུ་རློགས༔ མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ༔ ཕཊཿ ཕཊཿ ཕཊཿ གཏོར་མ་ལིང་ག་ལན་ཆགས་ཁྲུས་ཆུ་བཅས་གོང་ལྟར་ནུབ་ཕྱོགས་སུ་གཏོར་ལ༔ ཧཱུྃ༔ ཨོ་རྒྱན་རང་བྱུང་དུར་ཁྲོད་ཆེན་པོའི་གནས༔ རང་བྱུང་ཐོད་མཁར་འབར་བའི་གཞལ་ཡས་དབུས༔ ཉི་ཟླ་པདྨ་བཾ་ཆེན་བསྣོལ་བའི་ཁྲི༔ བྱང་གི་ཕྱོགས་ཀྱི་མ་ཅིག་ཁྲོས་མ་ནི༔ སྐུ་མདོག་ལྗང་གུ་འཇིགས་ལ་རྔམ་པའི་གཟུགས༔ ཕྱག་གཡས་གྲི་གུག་གཡོན་པས་རྒྱུ་ཞགས་བསྣམས༔ མི་ལྤགས་གཡང་གཞི་སྟག་ལྤགས་དར་དཔྱངས་བརྒྱན༔ མི་མགོའི་ཕྲེང་བ་རིན་ཆེན་རུས་རྒྱན་རྔམ༔ འཁོར་དུ་ལས་ཀྱི་རིགས་ཀྱི་མཁའ་འགྲོས་བསྐོར༔ ཕྲག་དོག་ལས་བྱུང་དམ་སྲི་འབྱུང་པོ་དང༔ བྱང་ཕྱོགས་གནོད་སྦྱིན་ལ་སོགས་ལྷ་སྲིན་གདོན༔ ཁྱེད་རྣམས་འདིར་གཤེགས་དམར་གྱི་གཏོར་མ་བཞེས༔ བེམ་པོ་ལུས་གདོན་རྐང་སྡེབ་གཡས་པ་འདི༔ མ་ཅིག་ཕྲིན་ལས་ཁྲོས་མའི་ཞལ་དུ་བསྟབས༔ ལས་ཀྱི་མཁའ་འགྲོ་འབུམ་སྡེས་དགྱེས་པར་རོལ༔ གནོད་སྦྱིན་གདོན་རྣམས་ཕུང་པོའི་སྟོན་འགྱེད་བཞེས༔ ཕྲག་དོག་གདོན་ཚོགས་ལན་ཆགས་དྲི་ཆུས་ཚིམ༔ རྐྱེན་ནད་གདོན་བར་ཆད་དབྱིངས་སུ་སོལ༔ བན་བོན་གྱི་བྱད་མ་རྡུལ་དུ་རློགས༔ མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ༔ ཕཊཿ ཕཊཿ ཕཊཿ གཏོར་མ་ལིང་ག་ལན་ཆགས་ཁྲུས་ཆུ་བཅས་གོང་ལྟར་བྱང་ཕྱོགས་སུ་གཏོར་ལ༔ ཧཱུྃ༔ ཨོ་རྒྱན་རང་བྱུང་དུར་ཁྲོད་ཆེན་པོའི་གནས༔ རང་བྱུང་ཐོད་མཁར་འབར་བའི་གཞལ་ཡས་དབུས༔ ཉི་ཟླ་པདྨ་བམ་ཆེན་བསྣོལ་བའི་ཁྲི༔ འོག་གི་ཕྱོགས་ཀྱི་མ་ཅིག་ཁྲོས་མ་ནི༔ སྐུ་མདོག་སྔོ་སྐྱ་རྔམ་ཞིང་འཇིགས་པའི་གཟུགས༔ ཕྱག་གཡས་གྲི་གུག་གཡོན་པས་ཞགས་པ་བསྣམས༔ མི་ལྤགས་གཡང་གཞི་སྟག་ལྤགས་དར་དཔྱངས་བརྒྱན༔ མི་མགོའི་ཕྲེང་བ་རིན་ཆེན་རུས་རྒྱན་རྔམ༔ ཕྱོགས་མཚམས་འཛིན་ལོ་ཀ་ཌཱཀྐི་ཚོགས༔ འཁོར་སྣ་ཚོགས་མཁའ་འགྲོ་འབུམ་འབུམ་བསྐོར༔ ཉོན་མོངས་ལས་བྱུང་ཀླུ་གདོན་ས་བདག་དང༔ ཤར་ལྷོ་མེ་ལྷ་ལྷོ་ནུབ་སྲིན་པོའི་གདོན༔ ནུབ་བྱང་རླུང་ལྷ་བྱང་ཤར་དབང་ལྡན་གདོན༔ ཁྱེད་རྣམས་འདིར་གཤེགས་དམར་གྱི་གཏོར་མ་བཞེས༔ བེམ་པོ་ལུས་གདོན་རྩིབ་ཁོག་ནང་ཆུར་བཅས༔ མ་ཅིག་སྐུ་ཡི་ཁྲོས་མའི་ཞལ་དུ་བསྟབས༔ སྣ་ཚོགས་མཁའ་འགྲོ་འབུམ་སྡེས་དགྱེས་པར་རོལ༔ འོག་ཕྱོགས་གདོན་རྣམས་ཕུང་པོའི་སྟོན་འགྱེད་བཞེས༔ ཉོན་མོངས་གདོན་ཚོགས་ལན་ཆགས་དྲི་ཆུས་ཚིམ༔ རྐྱེན་ནད་གདོན་བར་ཆད་དབྱིངས་སུ་སོལ༔ བན་བོན་གྱི་བྱད་མ་རྡུལ་དུ་རློགས༔ མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ༔ ཕཊཿ ཕཊཿ ཕཊཿ དེ་ནས་གཤེགས་གསོལ་སྨོན་ལམ་ནི༔ མ་རིགས་ལྔ་རིགས་ཀྱི་མཁའ་འགྲོ་ཤུགས་འགྲོ་དང༔ སྟེང་འོག་དང་ནི་ཕྱོགས་སྐྱོང་གདོན་གྱི་ཚོགས༔ ཁྱེད་དགའ་མགུ་ཡི་རང་ངོམ་ཞིང་ཚིམ༔ མགྲོན་མཁའ་འགྲོ་རིགས་ལྔ་རང་གནས་གཤེགས༔ འཁོར་ཕྱོགས་སྐྱོང་ལྷ་འདྲེ་རང་གནས་སོང༔ ཁྱེད་དགྱེས་པའི་གད་མོ་ཤ་ར་ར༔ མགུ་བའི་གླུ་ལེན་ཀྱུ་རུ་རུ༔ བཞུད་དོ་གཤེགས་སོ་ཕྲིན་ལས་མཛོད༔ དགེ་བ་འདིས་སྣང་སྲིད་ལྷ་འདྲེའི་ཚོགས༔ མ་ཡུམ་ཆེན་གྱི་གོ་འཕང་མྱུར་ཐོབ་ནས༔ བསམ་ངན་གྱི་སྦྱོར་བ་རང་སར་གྲོལ༔ ཀུན་གྲོལ་དང་ཀུན་བཟང་ཨ་ལ་ལ༔ ཕཊཿ ཕཊཿ ཕཊཿ ཅེས་གཅོད་ཀྱི་བསྟབས་པ་ཆ་དྲུག་ས་བདག་དྲུག་སྦྱོར་སྣང་སྲིད་ལྷ་འདྲེའི་སྟོན་འགྱེད་འདི་ཉིད༔ རིག་འཛིན་ཆེན་པོ་ཛྙཱ་ནཱ་དཱི་པས་སྙིང་དབུས་མི་ཤིགས་དྭངས་མའི་སྒྲོམ་ནས་མཁའ་འགྲོའི་བརྡ་བཞིན་སྤེལ་བ་ལ༔ ཞབས་པད་དུ་འཁོད་པའི་སྙོམ་ལས་པ་ཀརྨའི་མིང་ཅན་གྱིས་སྤྲུལ་པའི་སྐུ་རིན་པོ་ཆེའི་བཀས་གནང་བ་བཞིན་རྩ་ཚིག་ལ་ཅུང་ཟད་ཁ་ཕྲོལ་ཏེ་འདོན་བདེར་བསྒྲིགས་པ་ཉེས་འགལ་མཆིས་ན་མ་དང་ཌཱཀྐི་མའི་སྤྱན་སྔར་བཤགས་ཤིང་དགེ་བས་འགྲོ་ཀུན་རྡོ་རྗེའི་སྐུ་འགྲུབ་པར་ཤོག་ཅིག༔ སརྦ་མངྒ་ལམ༔

གཅོད་ཀྱི་ལས་ཚོགས་ཉེར་མཁོ་སྐོར་ཕྱོགས་གཅིག་ཏུ་བྲིས་པ།

༄༅། གཅོད་ཀྱི་ལས་ཚོགས་ཉེར་མཁོ་སྐོར་ཕྱོགས་གཅིག་ཏུ་བྲིས་པ་བཞུགས༔ ཐོག་མར་དབང་དུ་སྡུད་ཅིང་ཟིལ་གྱིས་གནོན་པ་ནི༔ གཅོད་གཞུང་གི་དབང་སྡུད་ཟིལ་གནོན་བྱེད་མཐར༔ ཕཊཿ ཕཊཿ ཕཊཿ རང་ཉིད་སྐད་ཅིག་གིས་མ་ཅིག་ཁྲོས་མ་ནག་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་བཞི་གཙིགས་པ༔ ཕྱག་གཡོན་མི་རྐང་གི་གླིང་བུ་ལྷང་ལྷང་འབུད་པས་ཁམས་གསུམ་དབང་དུ་སྡུད་ཅིང༔ གཡས་མི་ལྤགས་ཀྱི་གཡང་གཞི་དམར་ལྷབ་ལྷབ་ཏུ་བརྡབ་པས་འཁོར་བའི་འཁྲུལ་འཁོར་བཤིགས་ཤིང་སྲིད་གསུམ་དམ་ལ་བཏགས་པ༔ སྐུ་སྟོད་སྲིད་པའི་རྩེ་ནས་འགྱིང་ཞིང༔ ཞབས་ཀྱིས་ངན་སོང་རྣམ་གསུམ་གནོན་པ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཤིག་ཤིག་དཀྲུག་ཅིང་ཡོམ་ཡོམ་སྒུལ་བར་གྱུར༔ ཕཊཿ ཕཊཿ ཕཊཿ ན་མོ་གྲུབ་ཐོབ་གཅོད་ཡུལ་རྒྱུད་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༔ སངས་རྒྱས་ཆོས་དང་དགེ་འདུན་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པས་བསྲུང་བྱ་འདི་ཡི་ལུས་ངག་ཡིད་གསུམ་ལ་དང་པོ་ནད་ཀྱི་སྣ་འདྲེན་པ༔ བར་དུ་ནད་ཀྱི་ཚང་བཅའ་བ༔ ཐ་མ་ནད་ཀྱིས་སྲོག་གཅོད་པར་བྱེད་པའི་འབྱུང་པོ་ཕོ་གདོན་རྒྱལ་པོ་དང་ཕྲོལ་ཅིག༔ མོ་གདོན་འདྲེ་མོ་དང་ཕྲོལ་ཅིག༔ ཀླུ་གདོན་ས་བདག་དང་ཕྲོལ་ཅིག༔ གཟའ་གདོན་རྒྱུ་སྐར་དང་ཕྲོལ་ཅིག༔ སྣང་སྲིད་ལྷ་འདྲེ་ཐམས་ཅད་དང་ཕྲོལ་ཅིག༔ ཕྱེས་ཤིག༔ ཕཊཿ ཕཊཿ ཕཊཿ ལན་གསུམ་བརྗོད་ཅིང་གཡང་གཞི་དྲག་ཏུ་བརྡབ་བོ༔ ཀྱཻ༔ མ་རིག་འཁྲུལ་པའི་སེམས་ཅན༔ ལས་ཉོན་བག་ཆགས་ཀྱི་འདྲེ་གདོན༔ སྲིད་པ་སྡུག་བསྔལ་གྱི་འཁོར་ལོར་དབང་མེད་འཁོར་ཡུག་ཏུ་འཁོར་བའི་འདྲེ་བགེགས་གདུག་པ་ཅན་ཁྱེད་རྣམས་ཉོན་ཅིག༔ ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་ཕ་དང་མ་རུ་མ་གྱུར་པ་གཅིག་ཀྱང་མེད་པས་དྲིན་ལན་གནོད་པས་མ་འཇལ༔ བཟང་ལན་ངན་གྱིས་མ་འཇལ༔ སྨན་ལན་དུག་གིས་མ་འཇལ་བར༔ ཁྱོད་ལས་དང་ཉོན་མོངས་པས་བསླུས་པ་ཡིན་པར་ངོ་ཤེས་པར་གྱིས་ལ་བཟུང་བ་ཡོད་ན་ཐོངས༔ བཅིངས་པ་ཡོད་ན་ཁྲོལ༔ བསྡམས་པ་ཡོད་ན་ཀློད༔ མནན་པ་ཡོད་ན་ཁྱོག༔ གལ་སྲིད་གཞན་གནོད་གདུག་རྩུབ་གྱི་བསམ་སྦྱོར་ལ་སྤྱོད་པར་གྱུར་ན་ཁྱོད་རང་འཁོར་བ་སྡུག་བསྔལ་གྱི་བཙོན་ཁང་དུ་ཚུད་ནས་ཚོར་བ་མྱ་ངན་དང༔ མྱོང་རྒྱུ་སྡུག་བསྔལ་ལས་མེད་པའི་དོན་ཤེས་པར་གྱིས་ལ་དད་གུས་དྲག་པོའི་སྒོ་ནས་བདག་གི་བཀའ་ལ་ཉན་ཏེ༔ དམ་ཚིག་ལ་གནས་པར་གྱིས་ཤིག༔ ཕཊཿ ཕཊཿ ཕཊཿ ཅེས་དབང་སྡུད་ཟིལ་གནོན་བྱའོ༔ ༈ ལུས་སྦྱིན་མཇུག་ཏུ༔ བདེ་སྡུག་གཏོང་ལེན་ནི༔ ཕཊཿ བདག་གིས་དུས་གསུམ་བསགས་པའི་རྣམ་དཀར་དགེ༔ ནང་འབྱུང་རླུང་གི་རྒྱུ་བ་དང་འགྲོགས་ཏེ༔ ཡོངས་ཀྱི་འགྲོ་བའི་རྒྱུད་ལ་ཐིམ་གྱུར་ནས༔ སྡུག་བསྔལ་ཀུན་བྲལ་བདེ་ཆེན་མཆོག་ཐོབ་གྱུར༔ ཕཊ༔ ཕཊ༔ སླར་ཡང་འགྲོ་བའི་རྒྱུད་ཀྱི་མི་དགེའི་ལས༔ འབྲས་བུ་ངན་སོང་གསུམ་སོགས་རིགས་དྲུག་གི༔ སྡུག་བསྔལ་རྒྱུ་བཅས་ལས་རླུང་ནང་ལྡོག་དང༔ འགྲོགས་ཏེ་རང་གི་སྒོ་གསུམ་ལ་ཐིམ་པས༔ འགྲོ་རྣམས་སྡུག་བསྔལ་དང་བྲལ་བདེ་ལྡན་གྱུར༔ ཕཊཿ ཆོས་ཀྱི་སྦྱིན་པ་ནི༔ ཆོས་རྣམས་ཐམས་ཅད་སོགས། སྡིག་པ་ཅི་ཡང་སོགས། འབྱུང་པོ་གང་དག་སོགས། ཕཊཿ བདེ་སྟོང་ཟག་མེད་རྡོ་རྗེ་ཕག་མོའི་སྐུ༔ བརྩེ་བའི་རང་གཟུགས་ཨརྱ་ཏཱ་རེ་མ༔ མཁའ་འགྲོའི་དབང་ཕྱུག་སུ་ཁ་སིདྡྷི་དངོས༔ ཨ་མ་ལབ་ཀྱི་སྒྲོན་མའི་བཀྲ་ཤིས་ཤོག༔ སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན་སོགས། ལུས་སྦྱིན་བཏོན་ནས་མཇུག་ཏུ། སྣང་གྲགས་རྟོགས་སོགས།

མཁའ་འགྲོའི་བྱ་འབོད་རིན་ཆེན་སྦུར་ལེན།

ཡང་གསང་ཌཱཀྐིའི་ཐུགས་ཐིག་ཆ་ལག་ཏུ་མཁའ་འགྲོའི་བྱ་འབོད་རིན་ཆེན་སྦུར་ལེན་བི་ཛ་ཧ་རཾ་ཏིསྨ༔ དམར་འགྱེད་ཀྱི་མཇུག་ཏུ་བྱ་འབོད་ནི༔ ཕཊཿ རྐང་དུང་སེང་ལྕམ་ང་རོ་ཡིས༔ མགྲོན་འབོད་ཌཱ་དྲིལ་རོལ་མོ་བསྒྲགས༔ རིགས་ལྔའི་མཁའ་འགྲོ་བྱ་རྒོད་ཀྱི༔ རྣམ་པར་གནས་འདིར་འདུས་པར་བསམ༔ ཕཊཿ ཀྱེ་མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔ དབུས་སངས་རྒྱས་རིགས་ཀྱི་མཁའ་འགྲོ་མ༔ མ་མཁའ་འགྲོ་བྱེ་བ་འབུམ་དང་བཅས༔ ཁྱེད་བྱ་རྒོད་མཐིང་ཀའི་ཚུལ་དུ་སྤྲུལ༔ ཡུལ་འདི་རུ་འུར་འུར་ཤིག་ཤིག་བྱོན༔ ལུས་ཤ་ཁྲག་དམར་གྱི་ཚོགས་ལ་རོལ༔ རྐྱེན་ཟ་འདྲེ་ཤི་གཤེད་རྡུལ་དུ་རློགས༔ སེམས་སྐྱེ་མེད་ཆོས་ཀྱི་དབྱིངས་སུ་སྤོར༔ དོན་ཆོས་དབྱིངས་ཡེ་ཤེས་དངོས་གྲུབ་སྩོལ༔ བཾ་བུདྡྷ་ཌཱཀྐི་ནི་ཀྲི་ཏ་མུ་ཁ་བཛྲ་ཨ་ཝེ་ཤ་ཡ་ཨ་ཨ་ཕཻཾ་ཕཻཾ་ཛ་ཛ༔ ཕཊཿ ཀྱེ་མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔ ཤར་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ༔ མ་མཁའ་འགྲོ་བྱེ་བ་འབུམ་དང་བཅས༔ ཁྱེད་བྱ་ཆེན་ཐང་དཀར་ཚུལ་དུ་སྤྲུལ༔ ཡུལ་འདི་རུ་འུར་འུར་ཤིག་ཤིག་བྱོན༔ ལུས་ཤ་ཁྲག་དམར་གྱི་ཚོགས་ལ་རོལ༔ རྐྱེན་ཟ་འདྲེ་ཤི་གཤེད་རྡུལ་དུ་རློགས༔ སེམས་སྐྱེ་མེད་ཆོས་ཀྱི་དབྱིངས་སུ་སྤོར༔ དོན་མེ་ལོང་ཡེ་ཤེས་དངོས་གྲུབ་སྩོལ༔ ཧ་བཛྲ་ཌཱཀྐི་ནི་ཀྲི་ཏ་མུ་ཁ་བཛྲ་ཨ་ཝེ་ཤ་ཡ་ཨ་ཨ་ཕཻཾ་ཕཻཾ་ཛ་ཛ༔ ཕཊཿ ཀྱེ་མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔ ལྷོ་རིན་ཆེན་རིགས་ཀྱི་མཁའ་འགྲོ་མ༔ མ་མཁའ་འགྲོ་བྱེ་བ་འབུམ་དང་བཅས༔ ཁྱེད་བྱ་རྒོད་ཐང་སེར་ཚུལ་དུ་སྤྲུལ༔ ཡུལ་འདི་རུ་འུར་འུར་ཤིག་ཤིག་བྱོན༔ ལུས་ཤ་ཁྲག་དམར་གྱི་ཚོགས་ལ་རོལ༔ རྐྱེན་ཟ་འདྲེ་ཤི་གཤེད་རྡུལ་དུ་རློགས༔ སེམས་སྐྱེ་མེད་ཆོས་ཀྱི་དབྱིངས་སུ་སྤོར༔ དོན་མཉམ་ཉིད་ཡེ་ཤེས་དངོས་གྲུབ་སྩོལ༔ རི་རཏྣ་ཌཱཀྐི་ནི་ཀྲི་ཏ་མུ་ཁ་བཛྲ་ཨ་ཝེ་ཤ་ཡ་ཨ་ཨ་ཕཻཾ་ཕཻཾ་ཛ་ཛ༔ ཕཊཿ ཀྱེ་མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔ ནུབ་པདྨ་རིགས་ཀྱི་མཁའ་འགྲོ་མ༔ མ་མཁའ་འགྲོ་བྱེ་བ་འབུམ་དང་བཅས༔ ཁྱེད་བྱ་རྒོད་ཐང་དམར་ཚུལ་དུ་སྤྲུལ༔ ཡུལ་འདི་རུ་འུར་འུར་ཤིག་ཤིག་བྱོན༔ ལུས་ཤ་ཁྲག་དམར་གྱི་ཚོགས་ལ་རོལ༔ རྐྱེན་ཟ་འདྲེ་ཤི་གཤེད་རྡུལ་དུ་རློགས༔ སེམས་སྐྱེ་མེད་ཆོས་ཀྱི་དབྱིངས་སུ་སྤོར༔ དོན་སོར་རྟོག་ཡེ་ཤེས་དངོས་གྲུབ་སྩོལ༔ ནི་པདྨ་ཌཱཀྐི་ནི་ཀྲི་ཏ་མུ་ཁ་བཛྲ་ཨ་ཝེ་ཤ་ཡ་ཨ་ཨ་ཕཻཾ་ཕཻཾ་ཛ་ཛ༔ ཕཊཿ ཀྱེ་མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔ བྱང་ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ༔ མ་མཁའ་འགྲོ་བྱེ་བ་འབུམ་དང་བཅས༔ ཁྱེད་བྱ་རྒོད་ཐང་ལྗང་འབུམ་དུ་སྤྲུལ༔ ཡུལ་འདི་རུ་འུར་འུར་ཤིག་ཤིག་བྱོན༔ ལུས་ཤ་ཁྲག་དམར་གྱི་ཚོགས་ལ་རོལ༔ རྐྱེན་ཟ་འདྲེ་ཤི་གཤེད་རྡུལ་དུ་རློགས༔ སེམས་སྐྱེ་མེད་ཆོས་ཀྱི་དབྱིངས་སུ་སྤོར༔ དོན་བྱ་གྲུབ་ཡེ་ཤེས་དངོས་གྲུབ་སྩོལ༔ ས་ཀརྨ་ཌཱཀྐི་ནི་ཀྲི་ཏ་མུ་ཁ་བཛྲ་ཨ་ཝེ་ཤ་ཡ་ཨ་ཨ་ཕཻཾ་ཕཻཾ་ཛ་ཛ༔ ཕཊཿ ཀྱེ་མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔ འོག་ས་སྤྱོད་རིགས་ཀྱི་མཁའ་འགྲོ་མ༔ མ་མཁའ་འགྲོ་བྱེ་བ་འབུམ་དང་བཅས༔ ཁྱེད་བྱ་རྒོད་ཐང་ནག་འབུམ་དུ་སྤྲུལ༔ ཡུལ་འདི་རུ་འུར་འུར་ཤིག་ཤིག་བྱོན༔ ལུས་ཤ་ཁྲག་དམར་གྱི་ཚོགས་ལ་རོལ༔ རྐྱེན་ཟ་འདྲེ་ཤི་གཤེད་རྡུལ་དུ་རློགས༔ སེམས་སྐྱེ་མེད་ཆོས་ཀྱི་དབྱིངས་སུ་སྤོར༔ དོན་རང་གྲོལ་ཡེ་ཤེས་དངོས་གྲུབ་སྩོལ༔ ཨོཾ་བི་ཤྭ་ཛྙཱ་ན་ཌཱཀྐི་ནི་ཀྲི་ཏ་མུ་ཁ་བཛྲ་ཨ་ཝེ་ཤ་ཡ་ཨ་ཨ་ཕཻཾ་ཕཻཾ་ཛ་ཛ༔ ཕཊཿ ཀྱེ་ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ནས༔ ཡེ་ཤེས་འཇིག་རྟེན་མཁའ་འགྲོ་དང༔ དམ་ཚིག་ཤ་ཟ་མཁའ་འགྲོ་མ༔ ཁྱེད་རྣམས་བྱ་ཆེན་བྱ་ཕྲན་དང༔ མི་མིན་ཀེང་རུས་གཟུགས་སུ་སྤྲུལ༔ དུར་ཁྲོད་བམ་གྱི་ཚོགས་ལ་རོལ༔ ཤ་ཟོ་ཁྲག་འཐུང་རུས་པ་མུར༔ སྐྲ་སེན་ལྤགས་པ་ཀླད་རྐང་རུས༔ ལྷག་མ་མེད་པར་འདི་བཞེས་ཤིག༔ ཏིལ་འབྲུ་ཙམ་ཡང་མེད་པར་མཛོད༔ འབྲེལ་བ་ཐོགས་ཚད་སངས་རྒྱས་ནས༔ བུ་ལོན་ཤ་འཁོན་བྱང་གྱུར་ཅིག༔ ག་ཏེ་མ་ཎི་སིདྡྷི་སོགས༔ གཟུངས་སྔགས་དུ་མའི་འཛབ་དབྱངས་སྒྲོགས༔ བྱ་རྒོད་ཕྱོགས་མཚམས་ཀུན་ནས་ལྡིང༔ ཕུང་པོ་ལྷག་ཤུལ་མེད་པར་བྱེད༔ ཡེ་ཤེས་ཌཱཀྐིའི་ཐ་ཚིག་ཡོད༔ ཐོད་པ་བྷ་དྲའི་ཁྱད་ཆོས་ཡིན༔ མི་བསླུ་མི་བསླུ་བསླུ་མི་འགྱུར༔ བརྟུལ་ཞུགས་སྙིང་རྗེའི་ཐབས་ལྡན་ན༔ སྦྱིན་བྱ་སྦྱིན་བྱེད་སྦྱིན་ཡུལ་ཀུན༔ ཚོགས་གཉིས་རབ་རྫོགས་སངས་རྒྱས་ཐོབ༔ འདི་ལས་ཚེགས་ཆུང་དོན་ཆེ་མེད༔ དེ་ཕྱིར་རྗེས་འཇུག་ཉམས་ལེན་མཛོད༔ ས་མ་ཡཱ༔ གུ་ཧྱ༔ བརྡ་ཐིམ༔ ཞེས་པའི་བྱ་འབོད་ཤ་ཁྲག་སྟོན་འགྱེད་འདི༔ རང་སློབ་འཇམ་དབྱངས་ཉི་མ་ཞེས༔ འཇིགས་མེད་བརྟུལ་ཞུགས་ལམ་དུ་སློང༔ དུར་ཁྲོད་བམ་རོ་དམར་འགྱེད་ཚེ༔ སྤྲུལ་མིང་ས་ར་ཧི་ཏ་ཡིས༔ རིག་རྩལ་གསང་བའི་སྒྲོམ་ནས་བཏོན༔ སྐལ་ལྡན་དེ་ལ་གཏད་རྒྱས་བཏབ༔ འཁྲུལ་མེད་བཙན་ས་ཟིན་པར་ཤོག༔ མངྒ་ལ༔ ཤུ་བྷཾ༔

ཆར་གཅོད་མེ་ཡི་གཡོ་འཁྲུགས་རྒྱ་མཚོའི་ཁ་གནོན།

ཡང་གསང་ཌཱཀྐིའི་ཐུགས་ཐིག་ལས༔ གཅོད་ཡུལ་གདམས་པའི་ལས་ཚོགས་ཀྱི༔ ཆར་གཅོད་མེ་ཡི་གཡོ་འཁྲུགས་རྒྱ་མཚོའི་ཁ་གནོན་བཞུགས༔ དང་པོ་སྐྱབས་འགྲོ་སེམས་བསྐྱེད་དང༔ རིན་ཆེན་གནད་ཀྱི་གཟེར་ལྔ་བརྩམས༔ དབང་བསྡུད་ཟིལ་གྱིས་གནོན་པ་དང༔ སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན༔ རང་རྒྱུད་བཅོས་མིན་གྱིས་བརླབ་ཅིང༔ ཕུང་པོ་དཀར་འགྱེད་དམར་འགྱེད་འབུང༔ དེ་ནས་སྣང་སྲིད་ལྷ་འདྲེ་དང༔ ཀླུ་གཉན་གཞི་བདག་ཐམས་ཅད་ཀུན༔ འགྱེད་ཀྱིས་ཚིམས་ཤིང་བཀའ་ཉན་བསམ༔ ཕཊཿཀྱིས་གཟེར་ལ་འདི་སྐད་དོ༔ ཀྱེ༔ མ་མི་མིན་ཡེ་ཤེས་མཁའ་འགྲོ་མའི༔ བཀའ་ཉན་དང་གསུང་སྡོད་ལྷ་འདྲེའི་ཚོགས༔ ཁྱེད་དཀར་དམར་འགྱེད་ཀྱིས་རབ་ཚིམས་ནས༔ ཁ་ཆར་དང་བུ་ཡུག་གནོད་པ་བཟློག༔ བདེ་སྐྱིད་ཀྱི་ཉི་མ་འཆར་བར་མཛོད༔ ཕཊཿ ཕཊཿ ཕཊཿ ཀྱེ༔ མ་མི་མིན་ཡེ་ཤེས་མཁའ་འགྲོ་མའི༔ བཀའ་ཉན་དང་གསུང་སྡོད་ལྷ་འདྲེའི་ཚོགས༔ དབུས་ཕྱོགས་ཀྱི་ལྷ་འདྲེ་འབྱུང་པོའི་ཚོགས༔ ཁྱེད་དཀར་དམར་འགྱེད་ཀྱིས་རབ་ཚིམ་ནས༔ ཁ་ཆར་དང་བུ་ཡུག་གནོད་པ་བཟློག༔ བདེ་སྐྱིད་ཀྱི་ཉི་མ་འཆར་བར་མཛོད༔ ཕཊཿ ཕཊཿ ཕཊཿ ཀྱེ༔ མ་མི་མིན་ཡེ་ཤེས་མཁའ་འགྲོ་མའི༔ བཀའ་ཉན་དང་གསུང་སྡོད་ལྷ་འདྲེའི་ཚོགས༔ ཤར་ཕྱོགས་ཀྱི་ལྷ་འདྲེ་འབྱུང་པོ་རྣམས༔ ཁྱེད་དཀར་དམར་འགྱེད་ཀྱིས་རབ་ཚིམས་ནས༔ ཁ་ཆར་དང་བུ་ཡུག་གནོད་པ་བཟློག༔ བདེ་སྐྱིད་ཀྱི་ཉི་མ་འཆར་བར་མཛོད༔ ཕཊཿ ཕཊཿ ཕཊཿ ཀྱེ༔ མ་མི་མིན་ཡེ་ཤེས་མཁའ་འགྲོ་མའི༔ བཀའ་ཉན་དང་གསུང་སྡོད་ལྷ་འདྲེའི་ཚོགས༔ ལྷོ་ཕྱོགས་ཀྱི་ལྷ་འདྲེ་འབྱུང་པོ་རྣམས༔ ཁྱེད་དཀར་དམར་འགྱེད་ཀྱིས་རབ་ཚིམས་ནས༔ ཁ་ཆར་དང་བུ་ཡུག་གནོད་པ་བཟློག༔ བདེ་སྐྱིད་ཀྱི་ཉི་མ་འཆར་བར་མཛོད༔ ཕཊཿ ཕཊཿ ཕཊཿ ཀྱེ༔ མ་མི་མིན་ཡེ་ཤེས་མཁའ་འགྲོ་མའི༔ བཀའ་ཉན་དང་གསུང་སྡོད་ལྷ་འདྲེའི་ཚོགས༔ ནུབ་ཕྱོགས་ཀྱི་ལྷ་འདྲེ་འབྱུང་པོ་རྣམས༔ ཁྱེད་དཀར་དམར་འགྱེད་ཀྱིས་རབ་ཚིམས་ནས༔ ཁ་ཆར་དང་བུ་ཡུག་གནོད་པ་བཟློག༔ བདེ་སྐྱིད་ཀྱི་ཉི་མ་འཆར་བར་མཛོད༔ ཕཊཿ ཕཊཿ ཕཊཿ ཀྱེ༔ མ་མི་མིན་ཡེ་ཤེས་མཁའ་འགྲོ་མའི༔ བཀའ་ཉན་དང་གསུང་སྡོད་ལྷ་འདྲེའི་ཚོགས༔ བྱང་ཕྱོགས་ཀྱི་ལྷ་འདྲེ་འབྱུང་པོ་རྣམས༔ ཁྱེད་དཀར་དམར་འགྱེད་ཀྱིས་རབ་ཚིམས་ནས༔ ཁ་ཆར་དང་བུ་ཡུག་གནོད་པ་བཟློག༔ བདེ་སྐྱིད་ཀྱི་ཉི་མ་འཆར་བར་མཛོད༔ ཕཊཿ ཕཊཿ ཕཊཿ ཀྱེ༔ མ་མི་མིན་ཡེ་ཤེས་མཁའ་འགྲོ་མའི༔ བཀའ་ཉན་དང་གསུང་སྡོད་ལྷ་འདྲེའི་ཚོགས༔ མཚམས་ཕྱོགས་བཞིའི་ལྷ་འདྲེ་འབྱུང་པོ་རྣམས༔ ཁྱེད་དཀར་དམར་འགྱེད་ཀྱིས་རབ་ཚིམས་ནས༔ ཁ་ཆར་དང་བུ་ཡུག་གནོད་པ་བཟློག༔ བདེ་སྐྱིད་ཀྱི་ཉི་མ་འཆར་བར་མཛོད༔ ཕཊཿ ཕཊཿ ཕཊཿ ཁྱད་པར་ས་ཕྱོགས་འདི་དག་ལ༔ གནས་པའི་ལྷ་དང་མི་འམ་ཅི༔ ཀླུ་དང་ས་བདག་གཏོད་ཀྱི་སྡེ༔ བདུད་བཙན་མ་མོ་ཐེ་བྲང་དང༔ ཡུལ་ལྷ་གཞི་བདག་གཉན་པོ་རྣམས༔ ཤ་ཁྲག་སྟོན་འགྱེད་ཀྱིས་ཚིམས་ནས༔ ཁ་ཆར་གཅོད་པའི་ཕྲིན་ལས་མཛོད༔ ཀུན་གྱི་བུ་ག་དགུ་པོ་ནས༔ མེ་འབར་རླུང་འཚུབས་ཆེས་ཆེར་འཁྲུགས༔ གནམ་ས་སྟེང་འོག་མེ་ཡིས་གང༔ འུར་འུར་ཆེམ་ཆེམ་ཚྭ་ཚྭའི་སྒྲ༔ ཆར་ཆུ་སྐམ་ཞིང་ཆར་སྤྲིན་གཏོར༔ མེ་འབར་ཉི་མའི་གཟི་བྱིན་འབར༔ བདག་གི་འདོད་པ་དེ་སྲིད་དུ༔ ཁ་ཆར་བུ་ཡུག་བཟློག་པར་དམིགས༔ ལྷ་འདྲེས་ཅི་བཅོལ་ལས་བསྒྲུབ་བསམ༔ དགེ་སྡིག་གཏོང་ལེན་དགེ་བ་བསྔོ༔ སྡེ་མཆོད་མེ་གསུར་བསང་སོགས་བསྔོ༔ བཀྲ་ཤིས་སྣང་བའི་དགེ་མཚན་འབྱུང༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཤུ་བྷཾ༔ སློབ་བུ་འཇམ་དབྱངས་ཉི་མ་ལ༔ འཆོལ་སྤྱོད་ས་ར་ཧི་ཏས་བྲིས༔ དགེ་ཞིང་ལེགས་པའི་ཤིས་པ་སྩོལ༔

ཆར་པ་དྲག་པོར་འབེབས་ཐབས།

ཡང་གསང་ཌཱཀྐིའི་ཐུགས་ཐིག་གི༔ ཟབ་མོ་གཅོད་ཀྱི་ཉམས་ལེན་ལས༔ ཆར་པ་དྲག་པོར་འབེབས་པའི་ཐབས༔ ལྷ་འདྲེའི་ཐུགས་རྒྱུད་བསྐུལ་བའི་ཕྱིར༔ དང་པོ་ཆུ་མིག་རྒྱལ་རིགས་གནས༔ དེ་ཡི་ས་རུ་དབང་སྡུད་ཀྱི༔ དམིགས་པ་ལྷ་ཀླུའི་ཚོགས་རྣམས་ལ༔ ཆར་གྱི་འབོད་པ་འདི་ལྟར་བྱ༔ ཀེ་ཀེའི༔ ས་ཕྱོགས་ཡུལ་ཁམས་འདི་ན་གནས་པའི་དཀར་པོ་ལྷ༔ ནག་པོའི་བདུད༔ དམར་པོའི་བཙན༔ སེར་པོའི་གཉན༔ ཁྲ་བོ་གཟའ༔ ནད་གཏོང་མ་མོ༔ དཀོར་བདག་རྒྱལ་པོ༔ ཕྱུག་པོ་ཀླུ༔ ཁྱད་པར་གཉན་ཁྲོད་ཆེན་པོ་འདི་ན་གནས་པའི་ས་བདག་ཀླུ་གཉན་ཡུལ་ལྷ་གཞི་བདག་ཁྱེད་རྣམས་གསོན་ཅིག༔ རྐང་དུང་ལན་གསུམ་འབུད༔ འོ་བདག་ཁྱེད་ལྷ་འདྲེ་རྣམས་ལ་དོ་བསྡོ་བ་དང་ཕོད་བཙུག་ཏུ་འོང་བ་མ་ཡིན༔ དབུས་ཕྱོགས་ལྷུན་གྲུབ་བརྩེགས་པའི་ཞིང་ཁམས་ནས༔ རིག་འཛིན་གཙོ་བོ་རྡོ་རྗེ་ཆོས་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་བཀའ་བྱུང་ནས་རིག་འཛིན་རྣལ་འབྱོར་པ་བདག་ལ་ཡུལ་ཕྱོགས་ག་གེ་མོའི་གྲོང་ཚོ་འདི་ལྷུན་གྲུབ་རིག་འཛིན་གྱི་བསྟན་པ་གསོ་བའི་སྦྱིན་བདག་ཡིན་པས་ཡུལ་ཕྱོགས་དེ་ལ་ཚ་བའི་ནད་ཀྱིས་ལོ་ཏོག་འབྲུ་དྲུག་བསྐམ་ལ་ཉེ་བས་ལྷ་ཀླུ་དྲེགས་པའི་མཐུ་ལྡན་ཁྱེད་རྣམས་ཀྱིས་མཐུ་རྩལ་ནུས་པ་ཕྱུང་ལ༔ ཡུལ་ཕྱོགས་དེ་ལ་དུས་ད་ལྟ་ཉིད་དུ་ཆར་ཆེན་པོ་འབེབས་པར་མཛོད་ཅིག་ཅེས་ལྷ་སྲིན་དྲེགས་པའི་ཚོགས་ལ་སྤྲིང་བ་བདག་གིས་ཐང་པ་ཡིན་པས་བཀའ་ལས་མ་འདའ་ཞིག༔ ཆར་འབེབས་པའི་དངོས་གྲུབ་ཞུའོ༔ གཡར་དམ་འཆོལ་བའི་ཚེ་ན་རྒྱལ་ཀུན་ཐུགས་ཀྱི་གསང་འཛིན་བཛྲ་པ་ཎི་ཛྙཱ་ན་པཉྩ་ག་རུ་ཌ་ནིརྨ་ཀས་ཕྲིན་ལས་མི་སྒྲུབ་མཁན་མགོ་སྐོར་རྗེས་སྙོགས་བྱེད་པ་ཐམས་ཅད་མགོ་བོ་ལ་ཨརྫ་ཀའི་ཏོག་པ་བཞིན་དུ་འགས་པར་འགྱུར་ཏ་རེ༔ ཕཊཿ ཕཊཿ ཕཊཿ འོ་བདག་ཁྱེད་ལྷ་འདྲེ་རྣམས་ལ་དོ་བསྡོ་བ་དང་ཕོད་བཙུག་ཏུ་འོང་བ་མ་ཡིན༔ ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ནས༔ རྡོ་རྗེ་རིག་འཛིན་སེམས་དཔའ་ཆེན་པོའི་དཀྱིལ་འཁོར་གྱི་བཀའ་བྱུང་ནས་རིག་འཛིན་རྣལ་འབྱོར་པ་བདག་ལ་ཡུལ་ཕྱོགས་ག་གེ་མོའི་གྲོང་ཚོ་འདི་བཛྲ་ཐུགས་ཀྱི་བསྟན་པ་གསོ་བའི་སྦྱིན་བདག་ཡིན་པས་ཡུལ་ཕྱོགས་འདི་ལ་ཚ་བའི་ནད་ཀྱིས་ལོ་ཏོག་འབྲུ་དྲུག་བསྐམ་ལ་ཉེ་བས་ལྷ་ཀླུ་དྲེགས་པའི་མཐུ་ལྡན་ཁྱེད་རྣམས་ཀྱིས་མཐུ་རྩལ་ནུས་པ་ཕྱུང་ལ་ཡུལ་ཕྱོགས་དེ་ལ་དུས་ད་ལྟ་ཉིད་དུ་ཆར་ཆེན་པོ་འབེབས་པར་མཛོད་ཅིག་ཅེས་ལྷ་སྲིན་དྲེགས་པའི་ཚོགས་ལ་སྤྲིང་བ་བདག་གིས་ཐང་པ་ཡིན་པས་བཀའ་ལས་མ་འདའ་ཞིག༔ ཆར་འབེབས་པའི་དངོས་གྲུབ་ཅིག་ཞུའོ༔ གཡར་དམ་འཆོལ་བའི་ཚེ་ན་རྒྱལ་ཡུམ་ཁྲོས་མའི་ཐུགས་སྤྲུལ་རྡོ་རྗེ་མཁའ་འགྲོ་ཁྲག་འཐུང་ལས་ཀྱི་དབང་མོ་ཆེ་དང་གསང་འཛིན་བཛྲ་པཱ་ཎི་ཛྙཱ་ན་པཉྩ་ག་རུ་ཌ་ནིརྨ་ཀས་ཕྲིན་ལས་མི་སྒྲུབ་མཁན་མགོ་སྐོར་རྗེས་སྙོགས་བྱེད་པ་ཐམས་ཅད་མགོ་བོ་ཨརྫ་ཀའི་ཏོག་པ་བཞིན་དུ་འགས་པར་འགྱུར་ཏ་རེ༔ ཕཊཿ ཕཊཿ ཕཊཿ འོ་ཀེ་ཀེ་ས་ཕྱོགས་ཡུལ་ཁམས་འདི་ན་གནས་པའི་ལྷ་འདྲེ་རྣམས་ལ་དོ་བསྡོ་བ་དང་ཕོད་བཙུག་ཏུ་འོང་བ་མ་ཡིན༔ ལྷོ་ཕྱོགས་རིན་ཆེན་འབྱུང་བའི་ཞིང་ཁམས་ནས༔ རིག་འཛིན་ཡོན་ཏན་རཏྣ་སཾ་བྷ་ཝའི་དཀྱིལ་འཁོར་ལྷ་ཚོགས་ཀྱི་བཀའ་བྱུང་ནས་རིག་འཛིན་རྣལ་འབྱོར་པ་བདག་ལ་ཡུལ་ཕྱོགས་ག་གེ་མོའི་གྲོང་ཚོ་འདི་ཡོན་ཏན་རིན་ཆེན་རིགས་ཀྱི་བསྟན་པ་གསོ་བའི་སྦྱིན་བདག་ཡིན་པས་ཡུལ་ཕྱོགས་དེ་ལ་ཚ་བའི་ནད་ཀྱིས་ལོ་ཏོག་འབྲུ་དྲུག་བསྐམ་ལ་ཉེ་བས་ལྷ་ཀླུ་དྲེགས་པའི་མཐུ་ལྡན་ཁྱེད་རྣམས་ཀྱིས་མཐུ་རྩལ་ནུས་པ་ཕྱུང་ལ༔ ཡུལ་ཕྱོགས་དེ་ལ་དུས་ད་ལྟ་ཉིད་དུ་ཆར་ཆེན་པོ་འབེབས་པར་མཛོད་ཅིག་ཅེས་ལྷ་སྲིན་དྲེགས་པའི་ཚོགས་ལ་སྤྲིང་བ་བདག་གིས་ཐང་པ་ཡིན་པས་བཀའ་ལས་མ་འདའ་ཞིག༔ ཆར་འབེབས་པའི་དངོས་གྲུབ་ཞུའོ༔ གཡར་དམ་འཆོལ་བའི་ཚེ་ན་རྒྱལ་ཡུམ་རིན་ཆེན་ཁྲོས་མ་སེར་མོ་དོན་གྲུབ་ཁྲོས་མ་འབུམ་དང་གསང་འཛིན་བཛྲ་པ་ཎི་ཛྙཱ་ན་པཉྩ་ག་རུ་ཌ་ནིརྨ་ཀས་ཕྲིན་ལས་མི་སྒྲུབ་མཁན་མགོ་སྐོར་རྗེས་སྙོགས་བྱེད་པ་ཐམས་ཅད་མགོ་བོ་ཨརྫ་ཀའི་ཏོག་པ་བཞིན་དུ་འགས་པར་འགྱུར་ཏ་རེ༔ ཕཊཿ ཕཊཿ ཕཊཿ འོ་བདག་ཁྱེད་ལྷ་འདྲེ་རྣམས་ལ་དོ་བསྡོ་བ་དང་ཕོད་བཙུག་ཏུ་འོང་བ་མ་ཡིན༔ ནུབ་ཕྱོགས་པདྨ་བརྩེགས་པའི་ཞིང་ཁམས་ནས༔ རིག་འཛིན་པདྨ་དབང་ཆེན་རྒྱལ་པོའི་དཀྱིལ་འཁོར་ལྷ་ཚོགས་ཀྱི་བཀའ་བྱུང་ནས་རིག་འཛིན་རྣལ་འབྱོར་བདག་ལ་ཡུལ་ཕྱོགས་ག་གེ་མོའི་གྲོང་ཚོ་འདི་གསུང་པདྨ་རིགས་ཀྱི་བསྟན་པ་གསོ་བའི་སྦྱིན་བདག་ཡིན་པས་ཡུལ་ཕྱོགས་འདི་ལ་ཚ་བའི་ནད་ཀྱིས་ལོ་ཏོག་འབྲུ་དྲུག་བསྐམ་ལ་ཉེ་བས་ལྷ་ཀླུ་དྲེགས་པའི་མཐུ་ལྡན་ཁྱེད་རྣམས་ཀྱིས་མཐུ་རྩལ་ནུས་པ་ཕྱུང་ལ༔ ཡུལ་ཕྱོགས་དེ་ལ་དུས་ད་ལྟ་ཉིད་དུ་ཆར་ཆེན་པོ་འབེབས་པར་མཛོད་ཅིག་ཅེས་ལྷ་སྲིན་དྲེགས་པའི་ཚོགས་ལ་སྤྲིང་བ་བདག་གིས་ཐང་པ་ཡིན་པས་བཀའ་ལས་མ་འདའ་ཞིག༔ ཆར་འབེབས་པའི་དངོས་གྲུབ་ཞུའོ༔ གཡར་དམ་འཆོལ་བའི་ཚེ་ན་རྒྱལ་ཡུམ་པདྨ་མཁའ་འགྲོ་མ་སྒྲ་སྒྲོག་འབུམ་དང་གསང་འཛིན་བཛྲ་པཱ་ཎི་ཛྙཱ་ན་པཉྩ་ག་རུ་ཌ་ནིརྨ་ཀས་ཕྲིན་ལས་མི་སྒྲུབ་མཁན་མགོ་སྐོར་རྗེས་སྙོགས་བྱེད་པ་ཐམས་ཅད་མགོ་བོ་ཨརྫ་ཀའི་ཏོག་པ་བཞིན་དུ་འགས་པར་འགྱུར་ཏ་རེ༔ ཕཊཿ ཕཊཿ ཕཊཿ འོ་བདག་ལྷ་འདྲེ་ཁྱེད་རྣམས་ལ་དོ་བསྡོ་བ་དང་ཕོད་བཙུག་ཏུ་འོང་བ་མ་ཡིན༔ བྱང་ཕྱོགས་ལས་རབ་བཀོད་པའི་ཞིང་ཁམས་ནས༔ རིག་འཛིན་ཀརྨ་ཧེ་རུ་ཀ་རོལ་པའི་དཀྱིལ་འཁོར་ཆེན་པོས་བཀའ་བྱུང་ནས་རིག་འཛིན་རྣལ་འབྱོར་པ་བདག་ལ་ཡུལ་ཕྱོགས་ག་གེ་མོའི་གྲོང་ཚོ་འདི་ཀརྨ་ཕྲིན་ལས་ཀྱི་བསྟན་པ་གསོ་བའི་སྦྱིན་བདག་ཡིན་པས་ཡུལ་ཕྱོགས་འདི་ལ་ཚ་བའི་ནད་ཀྱིས་ལོ་ཏོག་འབྲུ་དྲུག་བསྐམ་ལ་ཉེ་བས་ལྷ་ཀླུ་དྲེགས་པའི་མཐུ་ལྡན་ཁྱེད་རྣམས་ཀྱིས་མཐུ་རྩལ་ནུས་པ་ཕྱུང་ལ་ཡུལ་ཕྱོགས་དེ་ལ་དུས་ད་ལྟ་ཉིད་དུ་ཆར་ཆེན་འབེབས་པར་མཛོད་ཅིག་ཅེས་ལྷ་སྲིན་དྲེགས་པའི་ཚོགས་ལ་སྤྲིང་བ་བདག་གིས་ཐང་པ་ཡིན་པས་བཀའ་ལས་མ་འདའ་ཞིག༔ ཆར་འབེབས་པའི་དངོས་གྲུབ་ཞུའོ༔ གཡར་དམ་འཆོལ་བའི་ཚེ་ན་རྒྱལ་ཡུམ་ལྗང་མོ་ལས་བྱེད་ཁྲོས་མ་འབུམ་དང་གསང་འཛིན་བཛྲ་པཱ་ཎི་ཛྙཱ་ན་པཉྩ་ག་རུ་ཌ་ནིརྨ་ཀས་ཕྲིན་ལས་མི་སྒྲུབ་མཁན་མགོ་སྐོར་རྗེས་སྙོགས་བྱེད་པ་ཐམས་ཅད་མགོ་བོ་ཨརྫ་ཀའི་ཏོག་པ་བཞིན་དུ་འགས་པར་འགྱུར་ཏ་རེ༔ ཕཊཿ ཕཊཿ ཕཊཿ དེ་ནས་ཌཱ་དྲིལ་རྐང་དུང་བཅས་ཆར་འབེབས་པ་དངོས་ལ་འཇུག་པར་ཞུ༔

མནན་གཏད་མི་འགྱུར་ཀ་བའི་ལག་ལེན་གསལ་བྱེད་ལྡེ་མིག་རས་པ་གསལ་སྟོབས་ཀྱིས་མཛད་པ།

ཟབ་མོ་གཅོད་ཀྱི་ཆ་ལག༔ མནན་གཏད་མི་འགྱུར་ཀ་བ་ཡི༔ ལག་ལེན་གསལ་བྱེད་ལྡེའུ་མིག་བཞུགས༔ མ་དང་ཌཱཀྐིའི་ཚོགས་ལ་འདུད༔ འཁྲུལ་རྟོག་དབྱིངས་གྲོལ་རྣལ་འབྱོར་གྱིས༔ ཟབ་གཅོད་ལས་མཐའ་རྩོམ་པའི་ཚེ༔ དགྲ་གཟུགས་ལིང་ག་གཞུང་བཞིན་འབྲི༔ ལིང་ཁྲུས་ཆས་གཞུགས་མནན་གཏད་བར༔ གཞན་བྱུང་མ་ཅིག་ཞལ་ལུང་ལྟར༔ གནད་བསྟུན་དུས་ལ་བབས་པ་ན༔ སྔ་ནོན་གྱི་དམིགས་པ་དང་དཔའ་བའི་སྟབས་ཀྱིས་གཉན་སར་ཕྱིན༔ དེ་ནས་རང་ཉིད་སྐད་ཅིག་གིས་མ་ཅིག་ཁྲོས་མ་ནག་མོའི་སྐུའི་རྣམ་འགྱུར་ངོམ་བཞིན་དུ༔ དང་པོ་དབང་སྡུད་ཟིལ་གནོན་བྱ༔ རྐང་དུང་དྲག་འབུད་གཡང་གཞི་བརྡབ༔ ཕཊཿསྒྲས་སྟོང་གསུམ་གང་བར་བྱ༔ ཕཊཿ ཕཊཿ ཕཊཿ ཡེ་གཞི་སྟོང་ཆེན་དག་པ་ནམ་མཁའི་དབྱིངས༔ ཡེ་ཤེས་རང་རྩལ་སྒྱུ་འཕྲུལ་ལབ་ཀྱི་སྒྲོན༔ མ་ཅིག་ཁྲོས་མ་དམར་མོ་གཏུམ་རྔམ་འབར༔ ཕྱག་གཡས་མི་ལྤགས་གཡང་གཞིས་ཁམས་གསུམ་སྡུད༔ ཕྱག་གཡོན་མི་རྐང་གླིང་བུས་སྲིད་གསུམ་གནོན༔ སྐུ་ཡི་དཔའ་ཟིལ་མེ་རིས་རིགས་དྲུག་གི༔ སྐྱེ་འགྲོ་ལྷ་འདྲེ་དྲེགས་པ་ཆུམ་ཆུམ་འདུས༔ བཀའ་ཉན་གསུང་སྡོད་ཚུལ་དུ་མདུན་དེར་འཁོད༔ ཕཊཿ ཕཊཿ ཕཊཿ ཅེས་ལྷ་འདྲེ་བཀའ་ཉན་གསུང་སྡོད་དུ་གྱུར་པར་བསམ༔ གཉིས་པ་གཏོར་སྐྱེམས་རྣམས་འབྲུ་གསུམ་གྱིས་བྱིན་རླབས་བྱ༔ ཕཊཿ རིག་འཛིན་རྩ་བརྒྱུད་བླ་མ་དང༔ ཡི་དམ་རྒྱུད་སྡེ་བཞི་དྲུག་ལྷར༔ གནས་གསུམ་མ་སྲིང་མཁའ་འགྲོ་ལ༔ གཏོར་སྐྱེམས་མཆོད་པ་འདི་བཞེས་ལ༔ རྣལ་འབྱོར་བདག་གི་གྲོགས་མཛོད་ཅིག༔ ཁྱད་པར་ཆོས་སྐུ་ཡུམ་ཆེན་མོ༔ ལོངས་སྐུ་ཕག་གདོང་ཁྲོས་མ་ནག༔ སྤྲུལ་སྐུ་མ་ཅིག་ཡབ་ཡུམ་སྲས༔ གཏོར་སྐྱེམས་མཆོད་པ་འདི་བཞེས་ལ༔ རྣལ་འབྱོར་བདག་གི་གྲོགས་མཛོད་ཅིག༔ གནས་ཡུལ་མཁའ་འགྲོ་ཞིང་སྐྱོང་དང༔ གཟའ་ཀླུ་བཙན་གྱི་སྡེ་ཚོགས་འབངས༔ ལོ་ཟླ་ཞག་དུས་ཚེས་གྲངས་དང༔ སྣང་ཞིང་སྲིད་པའི་ལྷ་འདྲེ་རྣམས༔ གཏོར་སྐྱེམས་མཆོད་པ་འདི་བཞེས་ལ༔ རྣལ་འབྱོར་བདག་གི་གྲོགས་མཛོད་ཅིག༔ སྔོན་ཚེ་བརྒྱུད་གསུམ་བླ་མ་དང༔ མ་ཅིག་ཡབ་སྲས་སྤྱན་སྔ་རུ༔ ཇི་ལྟར་ཁས་བླངས་དམ་བཅས་བཞིན༔ རྣལ་འབྱོར་བདག་གི་གྲོགས་མཛོད་ཅིག༔ ལས་འབྲས་མྱུར་དུ་མཆིས་པར་མཛོད༔ ཅེས་གཏོར་སྐྱེམས་གཤེགསཿ གསུམ་པ་གཟུ་དཔང་ནི༔ ཕཊཿ ཧོ༔ དགོངས་ཤིག་དཀོན་མཆོག་རིན་ཆེན་གསུམ༔ གསོན་ཅིག་རྩ་གསུམ་བཀའ་སྲུང་བཅས༔ ཉོན་ཅིག་བཀའ་ཉན་ལྷ་འདྲེའི་ཚོགས༔ དེ་རིང་གཟུ་དང་དྲང་ཤན་འབྱེད༔ ངས་ནི་མ་ཉེས་མ་ཡོ་འོ༔ རྡོ་རྗེ་ཐེག་པ་ཉམས་བླངས་ནས༔ ཚེ་གཅིག་བྱང་ཆུབ་སྒྲུབ་སྙམ་ཡང༔ དམ་ཉམས་འདི་ཡིས་མ་སྟེར་རོ༔ འཇིག་རྟེན་བྱ་བ་རྒྱབ་བོར་ནས༔ ཆོས་དང་མཐུན་པའི་ལས་བྱས་ཀྱང༔ དགྲ་བོ་འདི་ཡིས་མ་སྟེར་རོ༔ རང་གཅིག་དོན་ལ་མ་གཉེར་ཞིང༔ འགྲོ་ཀུན་དོན་དུ་སེམས་བསྐྱེད་ཀྱང༔ ཆོས་སྒྲུབ་པ་ལ་བར་ཆད་བྱེད༔ ཕུང་བྱེད་དམ་ཉམས་ཁོ་ཡིས་ཉེས༔ སངས་རྒྱས་བསྟན་པ་གཉན་པོ་བཤིག༔ རྡོ་རྗེ་སློབ་དཔོན་སྐུ་དགྲ་བྱས༔ སེམས་ཅན་ཡོངས་ལ་བདེ་མི་སྟེར༔ རྣལ་འབྱོར་བདག་གི་དགྲ་རུ་ལངས༔ འདི་ནི་བསྒྲལ་བའི་ཞིང་ཡིན་ནོ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད༔ མ་འདའ་བཛྲ་ས་མ་ཡཱ༔ བཞི་པ་ཧོམ་བསྐྱེད་ནི༔ ཕཊཿ ཨེ་ནྲྀ་ཏྲི་བྷྱོ་ཛཿམནྜ་ལ་བྷྲུྃ༔ རང་ཉིད་ཁྲོས་མ་ནག་མོའི་མདུན་དུ་དུར་ཁྲོད་དྲག་པོ་འཇིགས་སུ་རུང་བའི་དབུས་སུ་གྲུ་གསུམ་གྱི་ཁང་སྒྲོམ་ཁ་དོག་ཅིང་གཏིང་ཟབ་པ༔ ཁ་ལ་ཞེ་སྡང་གི་མེ་འབར་བ༔ འོག་ན་འདོད་ཆགས་ཀྱི་ཆུ་རླབས་འཁྲུགས་པ༔ བར་ན་ཕྲག་དོག་གི་རླུང་ནག་འཚུབས་པ༔ ནང་ན་གཏི་མུག་གི་སྨག་ནག་ཅིང་གཤིན་རྗེའི་ཕོ་ཉ་མང་པོ་རྒྱུག་ཅིང་གར་རྩེ་བ༔ དྲེགས་པ་ཡོངས་ཀྱི་བཤན་ཁང༔ སྡེ་བརྒྱད་རྒྱུ་བའི་སྲང་སྒོ༔ ལས་ཀྱི་བཙོན་ར་ཡ་ང་བ་དེའི་ནང་དུ་ནྲྀ་ལས་ཞིང་བཅུ་ཚངས་བའི་བྱད་མ་ཉམས་པ་བདུན་ལྡན་གྱི་དགྲ་བོ༔ སྔོ་བ་སྐྱ་བ་རིད་པ་ཉམ་ཐག་པ༔ རྐང་ལག་ལྕགས་སྒྲོག་གིས་བསྡམས་ནས་གན་རྐྱལ་དུ་གནས་པ༔ སྲོག་གཅོད་དྲག་པོའི་དམག་གིས་བསྐོར་བ༔ མི་སྙན་བརྡུང་ཆོམ་རྒྱོབ་སོད་ཀྱི་སྒྲ་དི་རི་རི་སྒྲོག་ཅིང་མཚོན་ཆའི་ཆར་འབེབས་པ༔ ནད་ཀྱི་ན་བུན་འཚུབ་པ༔ གདོན་གྱི་ཚང་བཅའ་བ༔ དུག་གི་རླངས་པ་འཕྲོ་བ༔ དེ་ལས་མནར་དུ་མེད་པའི་གནས་སུ་ཚུད་པར་གྱུར༔ ཅེས་ལྕགས་ཀྱུའི་ཕྱག་རྒྱས༔ ཕཊཿ ཛཿ ན་མོ་གྲུབ་ཐོབ་གཅོད་བརྒྱུད་བླ་མ་དང༔ ཡི་དམ་ཞི་ཁྲོ་གནས་གསུམ་མཁའ་འགྲོ་དང༔ གཟའ་ཀླུ་བཙན་གྱི་སྡེ་ཚོགས་བདེན་སྟོབས་ཀྱིས༔ དགྲ་འདྲེ་འཁོན་གསུམ་བྱད་མ་ལྷ་སྲུང་དང༔ ཇག་རྐུན་གྱོད་འཁོན་དམ་སྲི་སྤུན་དགུའི་རིགས༔ བསྒྲལ་བའི་ཞིང་བཅུ་ཚང་བ་མ་ལུས་པ༔ མིང་གཟུགས་ལིང་ག་འདི་ལ་མྱུར་དུ་ཁུག༔ ཅེས་འགུག་པ་རྟགས་ཐོན་འགུགས་སྔགས་བཟླས༔ མཐར་དྲག་སྔགས་གཤམ་དུ་ཨོཾ་བཛྲ་ཀྲོ་ཏ་ཀ་ལི་བཾ་ཧ་རི་ནི་ས་ཀྴ་རཀྴ་ནཱ་ག་དྲི་ཤུ་ལ་དགྲ་བགེགས་རྣམས་བཛྲ་ཨང་ཀུ་ཤ་ཡ་ཛ༔ རཏྣ་པ་ཤ་ཧཱུྃ༔ པདྨ་སྥོ་ཊ་བཾ༔ ཀརྨ་གྷནྚེ་ཧོ༔ ཞེས་དང༔ ལྔ་པ་ལྷ་འདྲེ་ལ་མནན་པ་གཏད་པ་ནི༔ འོ་འོ༔ བདག་ཉིད་ཡེ་ཤེས་མཁའ་འགྲོ་མའི༔ བཀའ་ཉན་གསུང་སྡོད་ལྷ་འདྲེ་ཀུན༔ སྤྱིར་སྣང་ཞིང་སྲིད་པའི་ལྷ་འདྲེ་དང༔ སྒོས་གཉན་ས་འདིར་གནས་ལྷ་འདྲེའི་ཚོགས༔ ངས་ཞིང་བཅུ་ཚང་བའི་དགྲ་བོ་འདིའི༔ གཟུགས་ཁམས་དང་སྐྱེ་མཆེད་དབང་པོ་ལྔ༔ མཐའ་རྩ་སྐྱེ་རྒྱུད་ཀ་ཆ་དཀོར་ནོར་ཀུན༔ ཁྱེད་ལྷ་འདྲེ་རྣམས་ལ་གཉེར་གཏད་བྱ༔ ད་མཐུ་རྩལ་ནུས་པ་ཅི་འདུག་ལྟ༔ དུས་བྱམས་པའི་བསྟན་པ་མ་ཤར་བར༔ ཁྱོད་ལྷ་འདྲེ་རྣམས་ཀྱིས་གཏོང་མི་བྱ༔ བཀའ་ཐ་ཚིག་མ་འདའ་ཐུབ་པར་བསྲུང༔ དོན་དམ་ཚིག་སྙིང་གི་དཀྱིལ་དུ་ཆོངས༔ དེ་མི་སྲུང་གཡར་དམ་འཆོལ་གྱུར་ན༔ ཁྱོད་ལུས་སེམས་རྡོ་རྗེ་དམྱལ་བར་ལྟུང༔ དེས་སྡུག་བསྔལ་བཟོད་བླག་མེད་པར་མྱོང༔ བཀའ་ཚུལ་བཞིན་ཉམས་བླངས་དོན་ཀུན་འགྲུབ༔ ངས་གཅེས་འཛིན་ཕུང་པོའི་མཆོད་སྦྱིན་བྱ༔ དུས་ཅི་སྲིད་འཁོར་བ་མ་སྟོང་བར༔ ཁྱེད་ལྷ་འདྲེ་རྣམས་ཀྱིས་ཅི་དགའ་སྤྱོད༔ ཆོས་བྱང་ཆུབ་སྙིང་པོའི་ལམ་ལ་སྦྱོངས༔ ངེད་རང་གཞན་ཚོམ་བུ་གཅིག་པ་རུ༔ མ་ཡུམ་ཆེན་ཐུགས་ཀློང་གྲོལ་བར་གྱུར༔ དོན་འཁོར་གསུམ་དམིགས་མེད་རྒྱས་གདབ་བོ༔ ཞེས་གཏད་བྱ་གཏད་ཡུལ་གཏོད་མཁན་ཀུན༔ གཞི་མ་བཅོས་གཉུག་མའི་ངང་དུ་ཀློད༔ ས་མ་ཡཱ༔ དྲུག་པ་ཕུང་པོ་མཆོད་སྦྱིན་ནི༔ དཀར་འགྱེད་ཁྲ་དང་དམར་འགྱེད་བྱ༔ དགེ་སྡིག་གཏོང་ལེན་ཆོས་སྦྱིན་དང༔ བསྔོ་སྨོན་ཤིས་བརྗོད་ཡང་དག་བྱ༔ ཕྱི་མཚམས་བཅད་ནས་རང་ཡུལ་སླེབས༔ ཕྱི་བོན་དམིགས་པ་གནད་ལྡན་གཅེས༔ དེ་ལྟར་ཟབ་གཅོད་ཆ་ལག་གི༔ མནན་གཏད་མི་འགྱུར་ཀ་བ་འདི༔ ཡབ་རྗེ་བླ་མའི་ཟབ་ཆོས་ཀྱིས༔ གཞིར་བཞག་མ་ཚང་ཁ་སྐོང་ཕྱིར༔ རང་བློས་ཁ་གསབ་འདོན་བདེར་བཀོད༔ ཟབ་ཆོས་ཟུང་གི་བསྟན་པ་འདི༔ བཀའ་སྲུང་གཟའ་ཀླུ་བཙན་གྱིས་འཚོས༔ དུས་མཐའི་བར་དུ་དར་བར་མཛོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཞེས་སློབ་འབངས་ཐ་ཤལ་རས་མིང་འཛིན་པ་པདྨ་གསལ་སྟོང་གིས་བྲིས་པ་དགེ་ལེགས་འཕེལ༔

རིགས་ལྔའི་མཁའ་འགྲོ་རྣམས་ཀྱི་འགྲེས་བྱང་།

རིགས་ལྔའི་མཁའ་འགྲོ་རྣམས་ཀྱི་འགྲེས་བྱང༔ ཧཱུྃ༔ མ་ཡུམ་ཆེན་ཐུགས་ལས་སྤྲུལ་པའི་སྲས༔ མ་ཅིག་ཇོ་མོ་ལབ་སྒྲོན་མ༔ མ་ཤར་གྱི་ཕྱོགས་ནས་བསྐུལ་བ་ནི༔ མཁའ་འགྲོ་སྐུ་མདོག་དཀར་མོ་ལ༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ༔ ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན༔ ཐོད་རློན་ཕྲེང་བའི་དོ་ཤལ་བྱས༔ ཕྱག་གཡས་པས་མི་ལྤགས་གཡང་གཞི་རྡེབ༔ ལན་གསུམ་བརྡབས་པས་ཁམས་གསུམ་དབང་དུ་སྡུད༔ ཕྱག་གཡོན་པས་མི་རྐང་གླིང་བུ་འབུད༔ ཐེངས་གསུམ་འབུད་པས་སྲིད་གསུམ་ཟིལ་གྱིས་གནོན༔ མ་ཁམས་གསུམ་དབང་དུ་བསྡུས་ཤིང་བྱོན༔ སྲིད་གསུམ་ཟིལ་གྱིས་གནོན་ཅིང་བྱོན༔ སྟོང་གསུམ་ཕཊཿསྒྲས་གང་ཞིང་བྱོན༔ རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ གདོན་མགོ་སྐོར་རྗེས་སྙོག་བྱེད་པ་ཡི༔ ལྷ་སྲིན་སྡེ་བརྒྱད་ཐམས་ཅད་རྣམས༔ རང་དབང་མེད་པར་འདིར་ཤོག་འདིར་འདུས་འདིར་ཁུག་ལ༔ ལྕགས་ཁང་ནག་པོའི་ནང་དུ་ཚུད༔ དབང་དུ་བསྡུས་ལ་ཟིལ་གྱིས་གནོན༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕཊཿ ཕཊཿ ཕཊཿ མ་ལྷོ་ཡི་ཕྱོགས་ནས་བསྐུལ་བ་ནི༔ མཁའ་འགྲོ་སྐུ་མདོག་སེར་མོ་ལ༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ༔ ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན༔ ཐོད་རློན་ཕྲེང་བའི་དོ་ཤལ་བྱས༔ ཕྱག་གཡས་པས་མི་ལྤགས་གཡང་གཞི་རྡེབ༔ ལན་གསུམ་བརྡབས་པས་ཁམས་གསུམ་དབང་དུ་སྡུད༔ ཕྱག་གཡོན་པས་མི་རྐང་གླིང་བུ་འབུད༔ ཐེངས་གསུམ་འབུད་པས་སྲིད་གསུམ་ཟིལ་གྱིས་གནོན༔ མ་ཁམས་གསུམ་དབང་དུ་བསྡུས་ཤིང་བྱོན༔ སྲིད་གསུམ་ཟིལ་གྱིས་གནོན་ཅིང་བྱོན༔ སྟོང་གསུམ་ཕཊཿསྒྲས་གང་ཞིང་བྱོན༔ རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ གདོན་མགོ་བསྐོར་རྗེས་སྙོག་བྱེད་པ་ཡི༔ ལྷ་སྲིན་སྡེ་བརྒྱད་ཐམས་ཅད་རྣམས༔ རང་དབང་མེད་པར་འདིར་ཤོག་འདིར་འདུས་འདིར་ཁུག་ལ༔ ལྕགས་ཁང་ནག་པོའི་ནང་དུ་ཚུད༔ དབང་དུ་སྡུས་ལ་ཟིལ་གྱིས་གནོན༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕཊཿ ཕཊཿ ཕཊཿ མ་ནུབ་ཀྱི་ཕྱོགས་ནས་བསྐུལ་བ་ནི༔ མཁའ་འགྲོ་སྐུ་མདོག་དམར་མོ་ལ༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ༔ ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན༔ ཐོད་རློན་ཕྲེང་བའི་དོ་ཤལ་བྱས༔ ཕྱག་གཡས་པས་མི་ལྤགས་གཡང་གཞི་རྡེབ༔ ལན་གསུམ་བརྡབས་པས་ཁམས་གསུམ་དབང་དུ་སྡུད༔ ཕྱག་གཡོན་པས་མི་རྐང་གླིང་བུ་འབུད༔ ཐེངས་གསུམ་འབུད་པས་སྲིད་གསུམ་ཟིལ་གྱིས་གནོན༔ མ་ཁམས་གསུམ་དབང་དུ་བསྡུས་ཤིང་བྱོན༔ སྲིད་གསུམ་ཟིལ་གྱིས་གནོན་ཅིང་བྱོན༔ སྟོང་གསུམ་ཕཊཿསྒྲས་གང་ཞིང་བྱོན༔ རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ གདོན་མགོ་བསྐོར་རྗེས་སྙོག་བྱེད་པ་ཡི༔ ལྷ་སྲིན་སྡེ་བརྒྱད་ཐམས་ཅད་རྣམས༔ རང་དབང་མེད་པར་འདིར་ཤོག་འདིར་འདུས་འདིར་ཁུག་ལ༔ ལྕགས་ཁང་ནག་པོའི་ནང་དུ་ཚུད༔ དབང་དུ་བསྡུས་ལ་ཟིལ་གྱིས་གནོན༔ བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕཊཿ ཕཊཿ ཕཊཿ མ་བྱང་གི་ཕྱོགས་ནས་བསྐུལ་བ་ནི༔ མཁའ་འགྲོ་སྐུ་མདོག་ལྗང་མོ་ལ༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ༔ ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན༔ ཐོད་རློན་ཕྲེང་བའི་དོ་ཤལ་བྱས༔ ཕྱག་གཡས་པས་མི་ལྤགས་གཡང་གཞི་རྡེབ༔ ལན་གསུམ་བརྡབས་པས་ཁམས་གསུམ་དབང་དུ་སྡུད༔ ཕྱག་གཡོན་པས་མི་རྐང་གླིང་བུ་འབུད༔ ཐེངས་གསུམ་འབུད་པས་སྲིད་གསུམ་ཟིལ་གྱིས་གནོན༔ མ་ཁམས་གསུམ་དབང་དུ་བསྡུས་ཤིང་བྱོན༔ སྲིད་གསུམ་ཟིལ་གྱིས་གནོན་ཅིང་བྱོན༔ སྟོང་གསུམ་ཕཊཿསྒྲས་གང་ཞིང་བྱོན༔ རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ གདོན་མགོ་བསྐོར་རྗེས་སྙོག་བྱེད་པ་ཡི༔ ལྷ་སྲིན་སྡེ་བརྒྱད་ཐམས་ཅད་རྣམས༔ རང་དབང་མེད་པར་འདིར་ཤོག་འདིར་འདུས་འདིར་ཁུག་ལ༔ ལྕགས་ཁང་ནག་པོའི་ནང་དུ་ཚུད༔ དབང་དུ་སྡུས་ལ་ཟིལ་གྱིས་གནོན༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕཊཿ ཕཊཿ ཕཊཿ མ་དབུས་ཀྱི་ཕྱོགས་ནས་བསྐུལ་བ་ནི༔ མཁའ་འགྲོ་སྐུ་མདོག་མཐིང་ག་ལ༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ༔ ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན༔ ཐོད་རློན་ཕྲེང་བའི་དོ་ཤལ་བྱས༔ ཕྱག་གཡས་པས་མི་ལྤགས་གཡང་གཞི་རྡེབ༔ ལན་གསུམ་བརྡབས་པས་ཁམས་གསུམ་དབང་དུ་སྡུད༔ ཕྱག་གཡོན་པས་མི་རྐང་གླིང་བུ་འབུད༔ ཐེངས་གསུམ་འབུད་པས་སྲིད་གསུམ་ཟིལ་གྱིས་གནོན༔ མ་ཁམས་གསུམ་དབང་དུ་བསྡུས་ཤིང་བྱོན༔ སྲིད་གསུམ་ཟིལ་གྱིས་གནོན་ཅིང་བྱོན༔ སྟོང་གསུམ་ཕཊཿསྒྲས་གང་ཞིང་བྱོན༔ རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ གདོན་མགོ་བསྐོར་རྗེས་སྙོག་བྱེད་པ་ཡི༔ ལྷ་སྲིན་སྡེ་བརྒྱད་ཐམས་ཅད་རྣམས༔ རང་དབང་མེད་པར་འདིར་ཤོག་འདིར་འདུས་འདིར་ཁུག་ལ༔ ལྕགས་ཁང་ནག་པོའི་ནང་དུ་ཚུད༔ དབང་དུ་བསྡུས་ལ་ཟིལ་གྱིས་གནོན༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕཊཿ ཕཊཿ ཕཊཿ ཀུན་ལ་འགྲེས།

འདོད་གསོལ།

༄༅། འདོད་གསོལ་ནི། ཧོ་བདུད་འདུལ་ཁྲོས་མ་ནག་མོའི་ལྷ་ཚོགས་བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་ཁྱེད་རྣམས་ལ་ཕྲིན་ལས་སུ་བཅོལ་བའི་མདོ་ནི་རྣལ་འབྱོར་བདག་ཅག་དཔོན་སློབ་ཡོན་ཆོད་འཁོར་དང་བཅས་པ་རྣམས་ཀྱི་སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་ལས་གྱུར་པའི་གནོད་བྱེད་དགྲ་བགེགས་དམ་སྲི་འབྱུང་པོ་ཐམས་ཅད་ཀྱི་གདུག་རྩུབ་བསམ་སྦྱོར་ངན་པ་ཐམས་ཅད་ཞི་བར་མཛོད་ཅིག ཞི་རྒྱས་དབང་དྲག་གི་ཕྲིན་ལས་རྣམ་པ་བཞི་ལྷུན་གྱིས་གྲུབ་པ་དང་། ཁྱད་པར་བསྒྲལ་བའི་ཞིང་དུ་གྱུར་པའི་དགྲ་བགེགས་གནོད་བྱེད་གདུག་པ་ཅན་ཐམས་ཅད་ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་པའི་ཕྲིན་ལས་མཛོད་ཅིག། ཅེས་འདོད་དོན་གསོལ།

ཟབ་མོ་གཅོད་ཀྱི་ལས་མཐའ།

ཡང་གསང་མཁའ་འགྲོའི་ཐུགས་ཐིག་ལས༔ ཟབ་མོ་གཅོད་ཀྱི་ལས་མཐའ་སྟོན༔ ཡུམ་ཆེན་བཅོམ་ལྡན་མ་ལ་འདུད༔ ཟབ་མོ་གཅོད་ཀྱི་གཏད་མནན་དང༔ ནད་པ་སྨྱོ་འདུལ་ལྕགས་ཁྲ་སྟོན༔ ས་མ་ཡཱ༔ དང་པོ་གཏད་པའི་ལས་རིམ་ནི༔ ཡུལ་གྱི་ཟོ་དོར་གཞི་བདག་དང༔ གཏོད་ཀྱི་ཕ་ཝཾ་མཚོ་ཆུ་མིག༔ གང་ལ་གཏད་པའི་ས་དེ་རུ༔ ནད་པ་ཁྱེར་བཅུག་དེ་ལ་གཏད༔ ཚིག་འདིས་དམིགས་པ་ཡེངས་མེད་ངང༔ ཕཊཿ ཡུལ་གྱི་ཟོ་དོར་ཆེན་པོ་ཁྱེད་ལ་ནད་པ་འདི་གཏད་པ་ཡིན་པས་ན་མི་ཐུབ་འཆི་མི་ཐུབ་པ་འདི་དུས་ད་ལྟ་ཉིད་དུ་ན་ཞིང་གཟེར་ལ་འཆི་བའི་དུས་བྱེད་པར་གྱིས་ལ་ནད་ནད་བདག་དང་བཅས་པ་ཁྱེད་ལ་དུས་ལྟ་ཉིད་དུ་གཏད་དོ༔ གཉེར་རོ༔ མཐུ་རྩལ་དང་ནུས་པ་ཅི་འདུག་ད་རེས་བལྟའོ༔ བདག་གི་འདོད་དོན་དུས་ད་ལྟ་ཉིད་དུ་སྒྲུབས་ཤིག༔ གལ་ཏེ་བཀའ་ལས་འདའ་ན་ཡུལ་འདིར་མཛེ་ཤས་རི་བོ་བརྩེགས༔ མཛེ་ཁྲག་གིས་རྒྱ་མཚོ་བསྐྱིལ༔ མཛེ་རྐང་གིས་ཀ་བ་བཙུགས༔ མཛེ་ལྤགས་ཀྱིས་བླ་རེ་ཕུབ༔ གནམ་ས་སྟེང་འོག་བསྒྱུར༔ ལྷ་འདྲེ་གནས་རྟེན་ཡུལ་མེད་དུ་གཏོང་ཏ་རེ༔ ཁྱོད་རྣམས་ལ་བཀའ་བསྒོ་བ་དེ་ལས་མི་འདའ་ཞིང་ལེགས་པར་བསྒྲུབ་ཚེ་དཀར་དམར་ནག་འགྱེད་སོགས་ཀྱིས་ལྷ་འདྲེ་ཁྱེད་རྣམས་མཉེས་པར་བྱས་ནས་སྦྱིན་པ་རྣམ་པ་བཞིས་ཡོངས་སུ་བསྐྱངས་ནས་བདེ་ཞིང་བདེ་བའི་ས་ལ་འགོད་པར་བྱའོ༔ དེ་ནས་རང་གཞུང་གི་གཅོད་རྒྱས་བསྡུས་སྐབས་དང་བསྟུན༔ ནད་པ་ལ་ཕྱར་ནག་སོགས་བཀབ་ནས་བཞག་གོ༔ ཤི་སོས་མྱུར་དུ་ཐག་ཆོད་པར༔ ཡེ་ཤེས་མཁའ་འགྲོའི་བརྡ་ལས་སྣང༔ སྐལ་ལྡན་ཆོས་ཀྱི་བདག་པོར་གཏོད༔ སྐལ་མེད་ལོག་ལྟ་ཅན་ལ་གསང༔ བཀའ་སྲུང་འབར་བ་གསུམ་གྱིས་སྲུང༔ ལུང་རིགས་ཚད་མ་གསུམ་གྱི་རྒྱ༔ ཞལ་ཤེས་ཆོས་ཀྱི་བདག་པོས་དཔྱོད༔ དགོས་གལ་དུས་ཀྱི་བྱ་བས་ཤེས༔ ཟབ་པ་གཅོད་ཀྱི་ལས་ཚོགས་བཀའ༔ ས་མ་ཡཱ༔ མནྟྲ་གུ་ཧྱ༔ ཤུ་བྷཾ༔ ལྷ་སའི་ཇོ་བོ་ལ་དམིགས་ནས་རྒྱལ་མོ་རོང་ནས་བརྐྱང་ཕྱག་འཚལ་བའི་རྣལ་འབྱོར་པ་ཀླུ་སྐྱབས་ལ་གཏེར་མིང་ཅུང་ཟད་འཛིན་པ་ས་ར་ཧི་ཏ་བྷ་ཏྲས་སོཿ

ནད་པ་ལྕགས་ཁྲ།

ཟབ་མོ་གཅོད་ཀྱི་གདམས་པ་ལས༔ ནད་པ་ལྕགས་ཁྲ་ཞེས་བྱ་སྟོན༔ རང་བྱུང་ཤེས་རབ་ཕ་རོལ་ཕྱིན༔ སྐྱེ་འགག་གཉིས་མེད་དེ་ལ་འདུད༔ ས་མ་ཡཱ༔ དང་པོ་སྙིང་རྗེ་ཐུན་གཅིག་སྒོམ༔ དེ་ནས་སྐད་ཅིག་རང་ཉིད་ནི༔ མ་ཅིག་མཁའ་འགྲོ་ནག་མོ་བསྒོམ༔ ཕྱག་གཡས་ནད་པའི་རྐང་པ་ནས༔ བཟུང་ཞིང་ཀླད་ལ་ལན་གསུམ་བསྐོར༔ དབང་ཆེན་ས་ལ་གདབ་པར་བསམ༔ ཤ་མྱག་རུས་མྱག་དག་ཏུ་སོང༔ དེ་ནས་ལྕགས་ཀྱི་པ་ཏྲ་ནི༔ སྒྲོ་བ་ལྟ་བུའི་ནང་དུ་གཞུག༔ དྲྭ་མིག་རེ་རེའི་ནང་དུ་ནི༔ དམ་པ་རྒྱ་གར་རེ་རེ་བཞུགས༔ སྐུ་ལས་མེ་དཔུང་ཁྲོ་ཚྭ་འཕྲོས༔ གསུང་གདངས་ཕཊ་དང་ཧཱུྃ་སྒྲ་སྒྲོག༔ ཐུགས་དབྱིངས་སྟོང་གསལ་ངང་དུ་གནས༔ རྣམ་རྟོག་ལྷ་འདྲེ་བདག་མེད་གཏོང༔ དེ་འདྲའི་དམིགས་གནད་མ་རྫོགས་བར༔ ཕཊཿནི་བརྒྱ་སྟོང་གྲངས་སུ་བསྙེན༔ གནོད་ཚབ་ཅི་ལྟར་ཆེ་ན་ཡང༔ གདོན་ལས་གྲོལ་བར་ཐེ་ཚོམ་མེད༔ ཡང་ཅིག་དམིགས་པའི་འཕྲོ་འདུ་ལས༔ རང་ཉིད་མ་ཅིག་ཁྲོས་མ་ཡི༔ སྐུ་ལས་མེ་དཔུང་ཁྲོ་ཆུང་འཕྲོས༔ ནད་པ་ནད་བདག་ཐམས་ཅད་བསྲེགས༔ ཕྱི་སྣོད་ལྕགས་བསྲེགས་རི་གླིང་ལ༔ ནང་དབྱིངས་མེ་དཔུང་ཁྲོ་ཚྭ་འཕྲོས༔ ཀུན་གྱི་བདག་རྟོག་དབྱིངས་སུ་གཏོར༔ བདག་མེད་གནས་ལུགས་རང་ཞལ་མཇལ༔ ཡུལ་མེད་ཟང་ཐལ་ཨ་ལ་ལ༔ ཕཊཿནི་གྲངས་མེད་དམིགས་གནད་བསྟུན༔ འདི་ཡིས་མི་གྲོལ་ནད་གདོན་བགེགས༔ གང་ཡང་ཡོད་པ་མ་ཡིན་ནོ༔ བདེན་རྫུན་ལག་ཏུ་ལོངས་དང་གསལ༔ ཁྱད་པར་སྨྱོ་འདྲེ་འདུལ་ལ་དཔའ༔ ནད་གདོན་འདུལ་བའི་གཉེན་པོར་བསྔགས༔ བཀའ་ཡི་སྲུང་མས་བྱ་ར་མཛོད༔ སྐལ་ལྡན་རིགས་པའི་བུ་ལ་གཏོད༔ དམ་མེད་ལོག་ལྟ་ཅན་ལ་རྒྱ༔ ས་མ་ཡཱ༔ གུ་ཧྱ༔ བརྡ་ཐིམ༔ གཅོད་ཀྱི་རྣལ་འབྱོར་གསལ་སྟོང་དང་ཀླུ་སྐྱབས་གཉིས་ལ་སྤེལ་གྱི༔ ཟབ་མོ་གཅོད་ཀྱི་བསྟན་པ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་པར་གྱུར་ཅིག༔ མངྒལཾ༔

མནན་པ་མི་འགྱུར་ཀ་བ།

ཟབ་མོ་གཅོད་ཀྱི་ཆ་ལག་ལས༔ མནན་པ་མི་འགྱུར་ཀ་བ་སྟོན༔ དབྱིངས་ཕྱུག་མཁའ་འགྲོའི་ཚོགས་ལ་འདུད༔ མནན་པ་གང་དེ་བྱ་བ་ཡི༔ སྲི་དང་རྒབ་འདྲེ་གོད་ཁ་དང༔ དགྲ་གྱོད་མི་ཁ་ཚེ་ཆོས་སྲིད༔ བར་དུ་གཅོད་པ་མནན་པའི་ཐབས༔ ལིང་ག་སྤྱི་མཐུན་རང་སྲོག་མཐར༔ དགྲ་འདྲེ་འཁོན་གསུམ་བྱད་མ་ལྷ༔ ཇག་རྐུན་གྱོད་འཁོན་དམ་སྲི་གོད༔ མ་ལུས་ལིངྒ་འདི་ལ་འདུས༔ ནྲྀ་ཏྲི་ཤ་ཏྲུཾ་མཱ་ར་ཡ་ནན་རྦད་བྷྱོ་ཛ༔ ཕྱི་ལ་དམོད་བཅོལ་སྤྱི་ལྟར་འབྲི༔ གནས་ཡིག་ཛ་ཁྲམ་བྷྱོ་ཡིས་བསྐོར༔ ཚོན་སྐུད་ཀྱིས་བཅིངས་ལྕགས་ཁང་གཞུགས༔ འགུག་པ་རྟགས་ཐོན་འགུགས་སྔགས་བཟླ༔ དེ་ནས་གཉན་སའི་ལྷ་འདྲེ་ལ༔ གཏད་པ་དང་བཅས་གྲུ་གསུམ་བྲུས༔ མནན་ལ་འགུག་གཞུག་རྟ་བྲོ་བརྡུང༔ རྐང་དུང་ལན་གསུམ་འབུད་ནས་ཀྱང༔ ཀེ་ཀེའི་ས་ཕྱོགས་འདི་ན་གནས་པའི་ལྷ་སྲིན་སྡེ་བརྒྱད་མཐུ་བོ་ཆེ༔ སྐྱབས་གནས་དཀོན་མཆོག་གསུམ་དང་གནས་གསུམ་མཁའ་འགྲོའི་ཚོགས་ཀྱི་བཀའ་བདེན་པས༔ སངས་རྒྱས་བསྟན་དགྲ་སེམས་ཅན་གྱི་སྤྱི་དགྲ༔ རྣལ་འབྱོར་པའི་སྒོས་དགྲ༔ དཔལ་ལྡན་བླ་མའི་སྐུ་དགྲ༔ ཁྱད་པར་ཡིད་ལ་དམིགས་པའི་དགྲ་འདྲེ་དམ་སྲི་བྱད་མ་རྦོད་གཏོང་གོད་འདྲེ་གོད་སྲི་ཆུང་འདྲེ་ཆུང་སྲི་བསྒྲལ་བའི་ཞིང་བཅུ་ཉམས་པ་བདུན་ལྡན་གྱི་གདུག་པ་ཅན་གྱི་ལུས་ངག་ཡིད་གསུམ་ཐམས་ཅད་སྟྭཾ་བྷ་ཡ་ནན་ནན༔ ལྷ་འདྲེ་ཁྱེད་རྣམས་ལ་གཏད་པ་ཡིན་པས་ཐུབ་པར་གྱིས་ཤིག༔ མཐུ་དང་ནུས་པ་རྫུ་འཕྲུལ་ཅི་འདུག་ད་རེས་བལྟའོ༔ རྣལ་འབྱོར་བདག་གི་བཀའ་དང་ཐ་ཚིག་ལས་མ་འདའ་བར་ལས་བཅོལ་སྒྲུབ་པར་གྱིས་ཤིག༔ ཕཊ་ཕཊ་ཕཊ༔ ཕྱི་བཅོལ་ལས་ཀྱི་ཞུ་སྐྱེམས་ཕུང་པོའི་མཆོད་སྦྱིན་ལ་འདུས་ཤིག༔ ཅེས་དཀར་དམར་གྱི་འགྱེད་སོགས་གཅོད་གཞུང་སྤྱི་ལྟར་རོ༔ ས་མ་ཡཱ༔ དེ་ནས་རྒྱང་གྲགས་ཀྱི་མཐའ་མཚམས་ལ་ཚེར་ལྕགས་བཙུག་ལ་ཁྲོཾ་བྲིས་ཕྱི་ལམ་བཅད་ལ་རྒབ་འདྲེ་མཐར་བསྐྲད་པར་བསམ་ལ༔ ཀེང་རུས་མེ་འབར་བ་བསམ་ལ༔ རང་གནས་སུ་སླེབས་ལ་མཉམ་བཞག་བྱས༔ བཀྲ་ཤིས་དང་བདེ་ལེགས་བརྗོད༔ གུ་ཧྱ༔ རྒྱ༔

དམ་སྲིའི་འགུགས་རྟགས་གསལ་བྱེད་དབལ་ཁྱུང་བོན་གཏེར་བསྟན་གཉིས་གསང་སྔགས་གླིང་པའི་གཏེར་བྱོན།

༄༅༔ བླ་མ་སྐུ་གསུམ་ཕུར་སྒྲུབ་ལས༔ དམ་སྲིའི་འགུགས་རྟགས་གསལ་བྱེད་བཞུགས༔

ཞེ་སྡང་ཁྲོས་པས་དམ་སྲི་ལོག་པ་འདུལ༔ བླ་མ་དྲག་ཕུར་ལྷ་ལ་ཕྱག་འཚལ་ལོ༔ སྒྲུབ་པའི་ཕྲིན་ལས་གཞུང་རྣམས་སྔོན་སོང་ནས༔ མཐར་ཕྱིན་རྗེས་ཀྱི་བྱ་བ་རྟོགས་པའི་ཚད༔ གདུག་པའི་དམ་སྲི་ཉུ་ལེ་བར་ཆད་བདུད༔ འགུགས་རྟགས་དངོས་ཉམས་རྨི་ལམ་ཐལ་རྗེས་དང༔ གྲི་ཧོམ་ལིང་སྦྱོར་རྟེན་འབྲེལ་དཔྱད་ཚུལ་ནི༔ རབ་ཀྱིས་བླ་ཚེ་མྱུར་དུ་ཁུག་པ་དང༔ འབྲིང་གིས་ཐལ་རྗེས་ཐ་མས་རྨི་ལམ་དང༔ ཡང་ཐ་གྲི་ཧོམ་ལིང་ག་བརྟག་པ་ལ༔ དང་པོ་རབ་ཀྱིས་བྱད་མ་གང་གནོད་ཀྱི༔ བླ་རྟགས་བྱ་གཅན་རི་གཡུང་ཆུ་གནས་དང༔ འབུ་སྲིན་ལ་སོགས་གཅན་གཟན་སྤྲུལ་ནས་འོང༔ དཀྱིལ་འཁོར་མ་ཊཾ་རྩ་རུ་ཏང་ངེར་སླེབས༔ དམ་སྲི་ཁོ་རང་དངོས་སུ་ཁུག་པ་ཡིན༔ གཉིས་པ་འབྲིང་གིས་ཐལ་རྒྱ་ནང་དུ་རྗེས༔ མི་རྗེས་བྱུང་ན་དམ་སྲིས་གནོད་པ་ཡིན༔ རྟ་རྗེས་ཀླུ་བཙན་ཁྱི་རྗེས་འགོང་པོ་དང༔ སྤྲེའུ་རྗེས་རྒྱལ་པོ་བྱ་རྗེས་མ་མོ་བདུད༔ འབུ་རྗེས་དོད་ན་ཤི་འདྲེའི་གནོད་པ་ཡིན༔ དེ་དག་རང་རང་བཅོས་ཐབས་མྱུར་དུ་བྱ༔ ཁྲམ་རིས་མཚོན་ཆའི་རྗེས་དོད་བྱད་མ་ཁུག༔ གསུམ་པ་ཐ་མས་རྨི་ལམ་དག་ཏུ་གསལ༔ སྲི་མ་ཁུག་ན་རང་བྲོས་ཤག་ཀ་ཕམ༔ གཡང་ལྷུང་འཁྲུགས་རྩོད་རང་ཕམ་གྲི་མཚོན་ཟུག༔ ཉི་ཟླ་ནུབ་དང་མཁར་ཞིག་གཅན་གཟན་རྨུག༔ མི་གཙང་གོས་བྱོན་ཐོག་སེར་རླུང་འཚུབས་འདུག༔ ཤིང་འགྱེལ་ཆུ་གཤའ་ཟམ་ཆད་རྨིས་ན་ངན༔ ཚོགས་དང་བཅོལ་བ་བསྙེན་སྔགས་གཟབ་པར་གཅེས༔ འདུལ་རྟགས་གོས་གྱོན་མཚོན་ཐོགས་མདའ་གཞུ་འགེངས༔ དམག་བསྡུས་བསད་བཅད་ཤ་ཁྲག་དམར་ལས་བྱེད༔ དར་ཕྱར་དུང་འབུད་ཟོར་འཕང་མེ་ཆེན་འབར༔ འཐབས་ན་རང་རྒྱལ་རྫོང་མཁར་བཙན་པོར་ཞུགས༔ དེ་སོགས་རྨིས་ན་བྱད་མ་ཁུག་རྟགས་ཡིན༔ བཞི་པ་ཡང་ཐ་གྲི་ཧོམ་ནང་དུ་སྦྱོང༔ གསུམ་བཞི་ཚུན་ཆད་རབ་ལ་དྲུག་བདུན་འབྲིང༔ བརྒྱད་དགུ་ཐ་མ་ཡིན་ཏེ་ཁུག་པ་ཙམ༔ དང་པོ་ཕོ་སྲི་༼ཕོ་༽རྒྱལ་པོ་མ་ཁུག་ན༔ ཕ་ཁུའི་ཁྱིམ་དང་རང་འཐག་ནང་དུ་སོང་༔ དུང་སོ་རྒོག་པོ་མདའ་ཆགས་ལྕགས་མདེལ་གབ༔ ཁྱིམ་དང་གྲོང་གི་བུད་མེད་སྦྲུམ་མར་ཕོག༔ གཉིས་པ་རྒས་སྲི་༼ཕོ་༽མགོ་སྐྱ་མ་ཁུག་ན༔ ཁྱིམ་ན་སྒྲོ་བ་ལྷན་པ་སེར་པོ་དང༔ གོས་ཧྲུལ་ཕོར་ཆག་མཆེ་བ་སྤུ་འཐུག་གབ༔ ཁྱིམ་དང་གྲོང་པའི་ཞ་ལོང་འཐེང་རྒན་ཕོག༔ གསུམ་པ་ཆུང་སྲི་༼ཕོ་༽ཁ་དམར་མ་ཁུག་ན༔ ཐག་ཆད་ཐབ་ཟངས་གྲི་ཆུང་ཁག་སྡེར་གབ༔ ཕ་མྱེས་ཤི་བའི་གློ་ཟུང་ལག་རྫས་སམ༔ ཁྱིམ་དུ་མོ་རིགས་གྲོང་གི་བུ་ཆུང་ཕོག༔ བཞི་པ་གྲི་སྲི་༼ཕོ་༽དབུག་ལེན་མ་ཁུག་ན༔ བང་མཛོད་ནང་དུ་གཅན་གཟན་པགས་པ་དང༔ དར་གོས་ཁྲ་བོ་མཚོན་ཆ་ཡང་རྫས་རིགས༔ ཕག་ཚང་མིག་མང་མགོ་སེར་བྲེ་རྒྱར་གབ༔ ལྔ་པ་དགྲ་སྲི་༼ཕོ་༽ཕམ་རྒྱལ་མ་ཁུག་ན༔ ཁྱིམ་མམ་ཕ་མྱེས་ཁང་པའི་ཕྱི་ནང་ན༔ ཕ་ཝཾ་ས་འབུར་ཀླུ་བཙན་གནས་སར་ཕོག༔ ཐབ་རྡོ་རས་ནག་ཤ་ཤུན་སྒ་ཆས་གབ༔ དྲུག་པ་བྱེས་སྲི་༼ཕོ་༽ལྟས་ངན་མ་ཁུག་ན༔ རབ་ཆད་རྫས་དང་ཁུག་དམར་ལྷྭམ་ངན་དང༔ མདེའུ་ལྕགས་གྲི་ལྕགས་རྫས་ངན་སྣོད་ལ་གབ༔ ཁྱིམ་མམ་གྲོང་པའི་གཡོག་པོ་གཡོག་མོར་ཕོག༔ བདུན་པ༼ཕོ་༽བྱུར་སྲི་འགོང་པོ་མ་ཁུག་ན༔ ཁྱིམ་ན་འཁོན་འགྲས་ཐབ་གཞོབ་བག་ཡུག་གམ༔ ཐབ་ཟངས་ཁྲོ་སྣོད་དྲི་མ་ཅན་ལ་གབ༔ བན་བོན་བརྩེ་གདུང་རྨི་ལམ་འཁྲུགས་ལ་ཕོག༔ བརྒྱད་པ་ཟ་སྲི་༼ཕོ་༽གནོད་བྱེད་མ་ཁུག་ན༔ སྒོ་དང་མཚེར་ཤུལ་ལུག་རྫི་བུ་ཆུང་དང༔ ཡང་ན་རྫ་མཁན་རྫ་མ་སྣོད་ངན་གབ༔ བུམ་པ་ཟོ་བ་ཆག་གས་ཡོད་སར་ཕོག༔ དགུ་པ་གདོན་སྲི་༼ཕོ་༽ཕུག་ཉལ་མ་ཁུག་ན༔ མི་མགྲོན་མཛོ་རྟ་ནོར་ཕྱུགས་གསར་ལེན་དང༔ ཆུ་རའི་རྒྱབ་ཏུ་སྣོད་ངན་བུག་པ་ཅན༔ གསུང་རབ་སྐུ་འདྲ་ཞབས་རྡོལ་ཞིག་ལ་གབ༔ བཅུ་པ་མོ་སྲི་འདི་མན་མོ་ཡིན་བསེན་མོ་མ་ཁུག་ན༔ ཁྱིམ་བདག་མོ་ཡི་ཉལ་ས་མལ་འོག་གབ༔ འཕང་ཆག་སྣམ་བུ་སྒོ་ཁྱི་རྒྱ་བོ་དང༔ མ་སྨད་གཉིས་ཡོད་གྲུ་གུ་དཀར་ནག་ཕོག༔ བཅུ་གཅིག་དར་སྲི་སྲོག་གཅོད་མ་ཁུག་ན༔ ཁྱིམ་གྱི་བདག་པོ་ཤ་དཀར་གདོང་སྨེ་ཅན༔ གཡུ་དང་བྱི་རུ་འོད་ཅན་རྫས་ལ་གབ༔ ཕ་སྤུན་གསུམ་དང་ལྔ་ཡོད་ཅན་ལ་ཕོག༔ བཅུ་གཉིས་དུར་སྲི་ནག་པོ་མ་ཁུག་ན༔ ཁྱིམ་དུ་གཡག་རྭ་མི་མགོ་ཁྱི་ཐོད་དང༔ ཆང་སྣོད་སྐས་ཞབས་སྟྭ་རེ་འཇོར་ལ་གབ༔ བུད་མེད་གདོན་ཅན་རྟ་བོང་བ་གླང་ཕོག༔ བཅུ་གསུམ་གོས་སྲི་དབུལ་བྱེད་མ་ཁུག་ན༔ ཁྱིམ་གྱི་སྣམ་ཕྲུག་ཐག་གི་རིགས་ལ་གབ༔ སྒྱེ་སྒྲོ་ཁྲ་བོ་སྣེ་གྲངས་ཡོད་པ་དང༔ མི་བསད་གྲི་དང་ཕྲེང་བ་ཟངས་ཆས་ཕོག༔ བཅུ་བཞི་ཡུལ་འདྲེ་འཁྱམ་པོ་མ་ཁུག་ན༔ ཁྱིམ་དང་གྲོང་པ་དབུལ་སྤྲང་གཅིག་ལ་གབ༔ བླ་མ་སྒར་དཔོན་ཚོང་པའི་ནོར་འཚག་གམ༔ ཞག་ཟླ་ལོ་གསུམ་ཅན་གྱི་བྱིས་པར་ཕོག༔ བཅོ་ལྔ་ནད་སྲི་མདངས་འཕྲོག་མ་ཁུག་ན༔ ཁྱི་ཕག་བྱ་གསུམ་ཐོད་པ་ཞྭ་ངན་དང༔ ཡང་ན་ཕ་མྱེས་ཤི་བའི་འདྲེ་གྱུར་གདོན༔ སྨན་སྣ་རིལ་བུ་རྫས་ཀྱི་ཐུམ་བུར་གབ༔ བཅུ་དྲུག་ཤི་སྲི་གཤེད་མ་མ་ཁུག་ན༔ ལྷ་ཆ་མཆོད་ཆ་ཟངས་རག་སྣོད་བཟང་དང༔ འབོལ་གདན་དར་གོས་སེར་གོས་རིགས་ལ་གབ༔ བལ་ཚོན་གྲུ་གུ་དཀར་ནག་ཁྲ་གསུམ་ཕོག༔ བཅུ་བདུན་ཕུང་སྲི་བྲོ་ངན་མ་ཁུག་ན༔ ཨ་ལུང་ཚར་ཚར་སྐེ་རག་གློ་ཆ་དང༔ ཕུང་ཤུལ་ནོར་རྫས་ལུས་ཆས་ཞིག་ལ་གབ༔ བུད་མེད་སྐྱེས་པ་དར་མ་གཉིས་ལ་ཕོག༔ བཅོ་བརྒྱད་གཅན་སྲི་ཁྲག་འཐུང་མ་ཁུག་ན༔ མཚན་ངན་དོར་རྟ་ཞྭ་གོས་ནག་པོ་དང༔ དམར་ཐབ་རི་མོ་ས་སློག་ཤིང་གཅོད་པའི༔ བང་མཛོད་གསར་བཞག་མཁར་བརྩེགས་ར་བར་ཕོག༔ དེ་ཡང་ཕོ་གསུམ་མོ་གསུམ་དྲུག་ཚན་གསུམ༔ ཚན་གསུམ་བྱས་ལ་གཤེད་སྒྲོར་བྲུབ་བརྗོད་བྱ༔ ཐོག་མར་ཕོ་གསུམ་བསྐོར་བས་སྲི་བྲུབ་རྟགས༔ ཕོ་རྣམས་སྦུབ་དང་མོ་རྣམས་གན་རྐྱལ་འགྱེལ༔ རྗེས་མ་ལུས་པའི་ལིངྒས་གདོན་ངོས་བཟུང་༔ དེ་ལྟར་མ་ནོར་ཕོ་གསུམ་མོ་གསུམ་སྟེ༔ སྦྲག་ལ་ཚན་གཉིས་གཤེད་སྒྲོར་བྲུབ་རྫོང་བྱ༔ དང་པོ་ཆད་ན་བླ་མ་གྲྭ་ཚང་འཁུ༔ བར་མ་ཆད་ན་སྦྱིན་བདག་རང་ལ་འཁུ༔ ཐ་མ་ཆད་ན་གྲོང་པ་ཡུལ་ཁམས་འཁུ༔ བླ་མར་འཁུ་ན་ཚོགས་དང་བསྐང་གསོ་གཏོང༔ སྦྱིན་བདག་འཁུ་ན་ཚེ་ཐར་མར་མེ་འབུལ༔ ཡུལ་ཁམས་འཁུ་ན་མདོས་དང་བཀའ་ཆེན་སྒྲོགས༔ སྒྲུབ་པོ་སྔགས་དང་དགོངས་པ་མི་ལྡན་ན༔ བླ་ཡང་མི་འགུགས་སྲི་ཡང་མི་འདུལ་ཞིང༔ རང་གཞན་གཉིས་ཀ་ཕུང་བའི་རྒྱུར་འགྱུར་བས༔ དེ་ཕྱིར་ཡི་དམ་བསྙེན་སྒྲུབ་ཚད་ལྡན་དང༔ མི་དམིགས་ཏིང་འཛིན་དགོངས་པའི་གནས་ལུགས་སྐྱོངས༔ འགྲོ་ལ་སྙིང་རྗེ་སྦྱོར་སྒྲོལ་སྔགས་ལ་བརྩོན༔ ཞེས་གསུང་བཞིན་དུ་ལོཙྪས་བརྡ་རིས་བྲིས༔ གཡུང་དྲུང་རིན་ཆེན་འབར་བའི་བྲག་ལ་སྦས༔ གཏེར་སྲུང་བཅོལ་གཏད་དུས་བབ་སྨོན་ལམ་བཏབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རྒྱ༔ དམ་རྒྱ༔ གསང་རྒྱ༔ ཞེས་དམ་སྲི་འགུགས་རྟགས་འདི་ནི་དབལ་ཁྱུང་བོན་གཏེར་གར་དབང་རྡོ་རྗེ་བསྟན་གཉིས་གསང་སྔགས་གླིང་པའམ་གར་དབང་རྡོ་རྗེ་དྲག་པོ་རྩལ་ནས་དྲངས་ནས་ཤོག་སེར་ནས་བོད་ཡིག་ཏུ་ཕབ་པའོ༔ གཏེར་སྟོན་འདི་རྫ་ཁོག་ཏུ་བཞུགས་པ་ཡིན་གོང་འོག་གི་ཕུར་པའི་ཡིག་ཆུང་སོགས་བརྟགས་དཔྱད་བྱས་ན་དཔལ་ཨོ་རྒྱན་ཡབ་ཡུམ་གྱིས་བྱིན་གྱིས་བརླབས་ཤིང་ཁོང་ལོ་ཆེན་བཱཻ་རོའི་རྣམ་འཕྲུལ་ཡིན་པ་འདྲ་ལགས༔

རྐང་གླིང་གི་དོན་བཤད་འཇིགས་གླིང་གསུང་།

༄༅། རྐང་གླིང་གི་དོན་བཤད་ལ། མཆོག་ཆེན་མི་རྐང་གླིང་བུ་ལ། །བརྡ་དོན་རྟགས་གསུམ་བཤད་ཀྱིས་ཉོན། །རྟོག་མེད་རོ་ཡི་ཡན་ལག་ལས། །ཆགས་སྡང་མེད་པའི་སེམས་ཀྱི་བྲེགས། །ལྷ་བ་ཕྱུང་ཞིང་བྲད་བརྡར་བྱས། །ཕྱི་ནང་གཟུང་འཛིན་སྤོང་བའི་བརྡ། །རྐང་གླིང་ཁ་སྒོ་གཅིག་པ་ཡིན། །ཆོས་ཀུན་དུ་མ་རོ་གཅིག་བརྡ། །རྩ་བ་མཛོ་སྣ་ཟུང་འབྲེལ་ཅན། །ཆོས་ཉིད་ཟུང་འཇུག་གཅིག་དུ་སྟོན། །གཤམ་ལ་འབྲེལ་ལྕགས་ཅོད་པན་ཅན། །གྲུབ་ཐོབ་རྗེས་སུ་འབྲང་བའི་དོན༔ དྲང་ཞིང་སྟོང་པ་གཞུང་མིག་ཅན། །མཐའ་ལ་མི་གནས་དབུ་མའི་དོན། །འབུད་པ་རླུང་གི་རྟེན་འབྲེལ་ལས། །རོ་རྐྱང་དབུ་མར་ཡང་དག་འཛུད། །ཐོས་པས་ལྷ་འདྲེའི་ཡིད་རྩ་འཁོལ། །ཉན་པས་རང་སྣང་གཞན་སྣང་འགྱུར། །འབུད་སྟངས་དང་པོས་བླ་མ་མཆོད། །གཉིས་པས་སྣང་བ་ཟིལ་ཀྱིས་གནོན། །གསུམ་པས་མགྲོན་རྣམས་སྤྱན་འདྲེན་བྱེད། །བཞི་པས་ཕམ་རྒྱལ་མེད་པར་བསྔོ། །ལྔ་པས་གཟུང་འཛིན་ཐད་ཀར་གཅོད། །ལེ་ལོའི་གཉིད་ལས་སད་པའི་ཕྱིར། །བརྩོན་གྲུས་ཕ་རོལ་ཕྱིན་པ་འོ། །ཞེས་ཀློང་ཆེན་ནམ་མཁའི་རྣལ་འབྱོར་གྱིས་སོ།།