གསང་བདག་གོས་སྔོན་ཧཱུྃ་སྒྲུབ་ཟབ་མོ།

རྫོགས་ཆེན་ཡང་གསང་ཧཱུྃ་གི་སྐོར་ལས༔ གསང་བདག་གོས་སྔོན་ཧཱུྃ་སྒྲུབ་ཟབ་མོ་བཞུགས༔ བཛྲ་པཱ་ཎི་ལ་བཏུད་ནས༔ རྫོགས་ཆེན་ཧཱུྃ་གི་ཆོས་སྐོར་ལས༔ གསང་བའི་བདག་པོའི་ལུས་དཀྱིལ་འབྲི༔ དཔལ་གྱི་གནས་ལུང་རི་ཡི་ཞོལ༔ གསང་བདག་ལག་ན་རྡོ་རྗེ་ཡིས༔ ཧཱུྃ་སྒྲུབ་ཟབ་མོ་བདག་ལ་གནང༔ དེ་ཉིད་མི་བརྗེད་གཟུངས་ཀྱིས་བཟུང༔ དུས་བབས་ལས་ཀྱི་ཌཱཀྐི་དང༔ ཆོས་ལ་དབང་བའི་དགོངས་བཞེད་བཞིན༔ ཆགས་ཐོགས་མེད་པར་འདི་ན་སྤེལ༔ ས་མ་ཡཱ༔ དཀྱིལ་འཁོར་ཡོ་བྱད་སྤྲོས་པ་བསྐྱུང༔ བདག་ལུས་གྲུ་བཞི་འདོམ་གང་བ༔ ལྷ་ཡི་གཞལ་ཡས་ཁང་ཆེན་པོར༔ རིག་པ་སྐུ་གསུམ་ངོ་བོ་ཉིད༔ གསང་བའི་བདག་པོའི་རང་བཞིན་ཏེ༔ ཉེ་ཉོན་རྣམ་ཤེས་ཚོགས་བརྒྱད་པོ༔ རྩ་བའི་ཁྲོ་བཅུ་མགྲོན་ཐབས་ཀྱི༔ ལྷ་དང་གཙང་རིས་དཔལ་མགོན་སོགས༔ གདན་གསུམ་ཚང་བའི་དཀྱིལ་འཁོར་ལྷ༔ རང་བྱུང་རང་ཤར་ཆེན་པོར་གསལ༔ མ་འདྲེས་ཡོངས་རྫོགས་ཨེ་མ་ཧོ༔ ཧཱུྃ༔ སྐུ་གསུམ་རང་གསལ་ཕོ་བྲང་ནས༔ གསང་བའི་ལྷ་གཅིག་རྡོ་རྗེ་འཛིན༔ བཞེངས་བཞུད་མཚན་མ་མེད་མོད་ཀྱང༔ ཐུགས་དམ་ཆེན་པོས་གཤེགས་སུ་གསོལ༔ བཀོད་ལེགས་སྤྲུལ་པའི་གདན་ལ་བཞུགས༔ ཕྱག་བྱ་ཕྱག་བྱེད་བྲལ་བས་འདུད༔ ཚོགས་དྲུག་ཡུལ་སྣང་དག་པས་མཆོད༔ ཞེན་བྲལ་མཆོག་གི་དངོས་གྲུབ་ཞུ༔ སྒོ་གསུམ་གཟུང་འཛིན་བྲལ་བས་བསྟོད༔ རང་རིག་ཐུགས་གསང་ཡེ་ཤེས་སེམས༔ གསང་བདག་ཐུགས་དབུས་ཉི་ཟླའི་སྟེང༔ ཧཱུྃ་མཐིང་མཐའ་མར་ཧཱུྃ་ཕྲེང་གིས༔ གཡོན་དུ་འགལ་མེ་ཇི་བཞིན་པར༔ གཡོན་བསྐོར་མེ་སྟག་ཚ་ཚྭ་འཕྲོ༔ རྒྱལ་མཆོད་འགྲོ་བའི་སྡིག་སྒྲིབ་སྦྱང༔ རྒྱལ་བསེན་གཟའ་ཀླུ་ས་བདག་སྡེ༔ མ་རུངས་ནག་ཕྱོགས་དམ་ལ་བཞག༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ནི་ལྔ་སྟོང་ཁྲི་བཅུ་བཟླ༔ གང་བརྩམས་ཞི་རྒྱས་དབང་སོགས་འགྲུབ༔ ཅི་འདོད་ཡིད་བཞིན་དཔག་བསམ་བཞིན༔ ཕན་པའི་ཡོན་ཏན་བརྗོད་མི་ལང༔ ཟབ་པའི་མཐར་ཐུག་ཧཱུྃ་གི་སྐོར༔ འདི་ཉིད་ཉམས་སུ་སུས་བསྟར་བ༔ ཚེ་འདིར་གྲོལ་བའི་གདམས་ངག་ཟབ༔ གཟའ་ཀླུ་རྒྱལ་བསེན་ཉེ་མི་ནུས༔ འཕོས་ཚེ་རྡོ་རྗེ་འཆང་དབང་འགྲུབ༔ བཛྲ་ས་མ་ཡཱ༔ མཐར་ནི་ཧཱུྃ་གིས་དབྱིངས་སུ་བསྡུ༔ ཕཊ་ཀྱིས་ལྡང་ཞིང་དགེ་བ་བསྔོ༔ ཤིས་པ་བརྗོད་པས་མཐའ་ལ་བརྒྱན༔ ཆོས་ལ་དབང་བའི་རིགས་ལྡན་གྱིས༔ མཐུན་རྐྱེན་སྦྱར་ཞིང་མཚོ་རྒྱལ་གྱིས༔ རྟེན་འབྲེལ་བརྡ་སྒོ་འབྱེད་པའི་ལན༔ ལེགས་པར་དགོངས་ཀློང་ཡངས་པ་ནས༔ ཐོལ་བྱུང་ཚེས་བཅུའི་ཐུན་ལ་སྤེལ༔ བསྟན་པའི་རྩ་ལག་དམ་པར་ཤོག༔