cover

བསམ་གཏན་ཡེ་ཤེས་གླིང་པའི་གཏེར་ཆོས་སྐོར།

གླེགས་བམ་དྲུག་པ། ཆ༽

བསམ་གཏན་ཡེ་ཤེས་གླིང་པའམ་ཧོར་བླ་གཞན་ཕན་བཟང་པོ། རས་པ་གསལ་སྟོབས།

སྔ་འགྱུར་མདོ་ཁམས་གཡུ་ཁོག་དཔེ་ཚོགས།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

རྩ་གསུམ་སྲུང་མའི་གསོལ་བསྡུས།

ཟུར་འགེབས་མི་ཟད་རྒྱན་འཁོར་ལས༔ རྩ་གསུམ་སྲུང་མའི་གསོལ་བསྡུས་བཞུགས༔ ན་མོ་གུ་རུ་དྷེ་ཝ་ཌཱཀྐི་དྷརྨ་པཱ་ལ་ཡེ༔ སྨན་གཏོར་རཀྟ་དང་རེ་སྤྲོ༔ ཕུད་རྒོད་གསེར་གཡུ་སྐྱེམས་རེ་བཟང༔ མཆོད་རྫས་བསྐང་རྫས་གྱ་ནོམ་བཤམས༔ རྣལ་འབྱོར་ལྷ་ཡི་ང་རྒྱལ་བསྐྱེད༔ ཏིང་འཛིན་སྔགས་རྒྱས་བྱིན་རླབས་ཏེ༔ ཧཱུྃ༔ བདག་ཉིད་ཡི་དམ་ལྷར་གསལ་ཐུགས་ཀ་ནས༔ རཾ་ཡཾ་ཁཾ་འཕྲོས་ཡེ་ཤེས་མེ་རླུང་ཆུས༔ མཆོད་རྫས་འབགས་རྩོག་དྲི་མ་བསྲེགས་གཏོར་བཀྲུས༔ རླུང་མེ་ཐོད་སྒྱེད་སྟེང་དུ་ཀ་པཱ་ལ༔ ཡངས་ཤིང་རྒྱ་ཆེ་ཤ་ལྔ་བདུད་རྩི་ལྔ༔ རིགས་ལྔ་ཡབ་ཡུམ་ས་བོན་འབྲུ་བཅུས་མཚན༔ མེ་རླུང་འདུ་འཕྲོས་བྷནྡྷའི་བདུད་རྩི་ཁོལ༔ ཡེ་ཤེས་བདུད་རྩི་འབྲུ་གསུམ་རྣམ་པར་བཀུགས༔ འོད་ཞུ་རྣམ་པར་རྟོག་པའི་ཉེས་སྐྱོན་སྦྱངས༔ རོ་བཅུད་ནུས་ལྡན་བདུད་རྩིའི་རྒྱ་མཚོར་གྱུར༔ འདོད་ཡོན་མཆོད་སྤྲིན་ཀུན་བཟང་རྣམ་པར་འཕྲུལ༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ་བརྗོད༔ བདག་གི་ཐུགས་སྲོག་ལས་འཕྲོས་འོད་ཟེར་གྱིས༔ རྩ་གསུམ་ཆོས་སྐྱོང་དཀར་ཕྱོགས་སྐྱོང་བ་རྣམས༔ མདུན་གྱི་མཁའ་ལ་སྤྱན་དྲངས་ས་མ་ཛ༔ རང་རང་ཡིད་མཐུན་ཁྲི་གདན་འཁོར་ལོར་རོལ༔ དངོས་འབྱོར་ཡིད་སྤྲུལ་ཕྱི་ནང་གསང་བས་མཆོད༔ སྨན་གཏོར་རཀྟ་ཟག་མེད་བདུད་རྩིའི་བཅུད༔ རྗེ་བཙུན་པད་འབྱུང་ལུང་རིག་གླིང་པ་དང༔ རིག་འཛིན་རྣམ་བཞི་དགོངས་བརྡ་སྙན་བརྒྱུད་སོགས༔ རྒྱ་བོད་མཁས་གྲུབ་བླ་མ་ཐམས་ཅད་ཀྱི༔ ཡེ་ཤེས་ལྗགས་ནི་རྡོ་རྗེའི་སྦུ་གུ་ཅན༔ བདུད་རྩིའི་བཅུད་དྲངས་གསོལ་བས་ཐུགས་རྒྱུད་མཉེས༔ བདག་ལ་མཆོག་ཐུན་དངོས་གྲུབ་སྩོལ་བར་བསམ༔ ན་མོ་སརྦ་རཏྣ་གུ་རུ་ཨེ་དཾ་བཱ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བདུན་ནམ་གསུམ་སྐབས་དང་བསྟུན༔ སྨན་གཏོར་རཀྟ་ཟག་མེད་བདུད་རྩིའི་བཅུད༔ བཀའ་དགོངས་ཕུར་གསུམ་བྱ་སྤྱོད་རྣལ་འབྱོར་རྒྱུད༔ བླ་མེད་རྒྱུད་སྡེ་མ་ཧཱ་ཨ་ནུ་དང༔ ཨ་ཏི་ཡོ་ག་འཇམ་དཔལ་སྐུ་རྒྱུད་དང༔ པདྨ་གསུང་དང་ཡང་དག་ཐུགས་མཆོག་ལྷ༔ ཆེ་མཆོག་ཡོན་ཏན་ཕྲིན་ལས་ཡཀྴ་མོ༔ ཡི་དམ་ལྷ་ཚོགས་རྣམས་ཀྱི་ཡེ་ཤེས་ལྗགས༔ ཕྱག་མཚན་སྦུ་གུས་དྲངས་ཏེ་དགྱེས་པར་རོལ༔ ཕྲིན་ལས་བཞི་དང་གྲུབ་པ་ཆེན་པོ་བརྒྱད༔ ཕྱག་རྒྱ་མཆོག་གི་དངོས་གྲུབ་བདག་ལ་སྩོལ༔ ཨོཾ་བཛྲ་ཀྲོ་ཏ་ཤནྟིཾ་ཙནྟྲ་སརྦ་དུཥྚཾ་ད་ཀ་ཧ་ན་ད་ཧ་པ་ཙ་ས་པཱ་རི་ཝ་ར་ཨེ་དཾ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བདུན་ནམ་གསུམ་སྐབས་དང་བསྟུན༔ སྨན་གཏོར་རཀྟ་ཟག་མེད་བདུད་རྩིའི་བཅུད༔ ཐོད་པའི་དུམ་བུ་རབ་གཏུམ་མ་ཡ་སོགས༔ ཡུལ་ཆེན་ཉེར་བཞི་གནས་ཆེན་སུམ་ཅུ་གཉིས༔ དུར་ཁྲོད་བརྒྱད་ཀྱི་དཔའ་བོ་ཌཱཀྐི་དང༔ རྗེ་བཙུན་སྒྲོལ་མ་དབྱངས་ཅན་ངག་གི་དབང༔ མཱ་རི་ཙྱཻ་ཀུ་རུ་ཀུ་ལེ་དམར༔ ནོར་གྱི་རྒྱུན་མ་ཏཱ་རེ་ཉི་ཤུ་གཅིག༔ ཕག་ཁྲོས་སེང་གསུམ་ཡེ་ཤེས་མཚོ་རྒྱལ་མ༔ མ་མོ་མཁའ་འགྲོ་རྣམས་ཀྱི་ཡེ་ཤེས་ལྗགས༔ འོད་ཀྱི་སྦུ་གུས་དྲངས་ཏེ་དགྱེས་པར་རོལ༔ རྩ་ཐིག་གནས་དག་རླུང་སེམས་སྣང་བ་སྡུད༔ འཇའ་ལུས་མཁའ་སྤྱོད་འགྲུབ་པའི་གྲོགས་མཛོད་ཅིག༔ ཨོཾ་བཛྲ་ཛྙཱ་ན་བཾ་ཧ་རི་ནི་ས་ཌཱཀྐི་ཝ་ར་ཧི་སརྦ་ཀརྨ་ལོ་ཀ་བི་ཤྭ་དྷཀྐི་ནི་ས་པཱ་རི་ཝ་རི་ཨེ་དཾ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བདུན་ནམ་གསུམ་སྐབས་དང་བསྟུན༔ སྨན་གཏོར་རཀྟ་ཟག་མེད་བདུད་རྩིའི་བཅུད༔ ཁྲག་འཐུང་རྡོ་རྗེ་སྲིན་པོ་ཚོགས་ཀྱི་བདག༔ ལེགས་ལྡན་ནག་པོ་སྐུ་གསུང་ཐུགས་ཀྱི་མགོན༔ ཕྱོགས་བཅུའི་མགོན་པོ་སྡེ་བརྒྱད་ལྷ་དམག་མགོན༔ མ་ནིང་མཆེད་གསུམ་ཕྱག་དྲུག་གུར་གྱི་མགོན༔ ཞིང་སྐྱོང་སེང་གདོང་ཡབ་ཡུམ་གཏོར་ལེན་ཚོགས༔ གསོལ་ལོ་མཆོད་དོ་ལས་བཞི་ལྷུན་གྲུབ་མཛོད༔ ནམ་མཁའི་དབྱིངས་ཕྱུག་སྨུག་ནག་རལ་གཅིག་མ༔ དམག་གི་རྒྱལ་མོ་རེ་ཏི་མཆེད་བཞི་དང༔ རབ་བརྟན་གཤོག་རྒོད་སྤྱང་ཞོན་དུད་སོལ་མ༔ ཚེ་རིང་མཆེད་ལྔ་གཡུ་སྒྲོན་བསྟན་མ་སྐྱོང༔ ཞིང་སྐྱོང་དུད་ཁྲོད་ལྷ་མོ་འཁོར་དང་བཅས༔ གསོལ་ལོ་མཆོད་དོ་ལས་བཞི་ལྷུན་གྲུབ་མཛོད༔ སྲིན་རྒྱལ་ཐོད་ཕྲེང་དབང་ཕྱུག་ཡབ་ཡུམ་དང༔ རིགས་བཞིའི་ཕྲ་མེན་འཆི་བདག་ལས་གཤིན་རྒྱལ༔ ཤན་པ་དམར་ནག་གཟའ་བདུད་རཱ་ཧུ་ལ༔ གཟའ་ཆེན་བརྒྱད་དང་གདོང་མོ་རྒྱུ་སྐར་ཚོགས༔ མགར་བ་དམར་ནག་ཨ་ཇོ་ཚོང་དཔོན་ཆེ༔ མཆེད་འཁོར་སུམ་བརྒྱ་དྲུག་ཅུ་དགེ་བསྙེན་སྡེ༔ རྒྱལ་ཆེན་སྐུ་ལྔ་གནོད་སྦྱིན་ཙི་མ་ར༔ རོལ་བ་སྐྱ་བདུན་གཡས་གཡོན་རུ་འདྲེན་བརྒྱ༔ ལེགས་བཙན་མཆེད་བདུན་ལྷ་གདོང་བཙན་རྒོད་ཆེ༔ ལྷ་བཙན་ཡིད་བཞིན་གྲི་བཙན་མི་ཟན་དམར༔ གསོལ་ལོ་མཆོད་དོ་ལས་བཞི་ལྷུན་གྲུབ་མཛོད༔ ལྕེ་སྤྱང་མ་བརྒྱད་དབང་ཕྱུག་ཉི་ཤུ་བརྒྱད༔ གིང་བདུད་རྩིས་པ་ཤན་པ་ལ་སོགས་པ༔ ཤྭ་ན་མ་བཞི་བདག་ཉིད་ཆེན་མོ་བཞི༔ ས་བདག་སྡེ་བཞི་སྐྱེས་བུ་གིང་ཆེན་བཞི༔ བསེ་ལྕགས་དུང་གསེར་ཉི་ཟླ་ཐོད་ཕྲེང་སོགས༔ སྡེ་དཔོན་སུམ་ཅུ་སྔགས་བདག་བཅོ་བརྒྱད་དང༔ ཆོས་སྐྱོང་དམ་ཅན་རྣམས་ཀྱི་རྡོ་རྗེའི་ལྗགས༔ མཚོན་ཆའི་སྦུ་གུས་དྲངས་ཏེ་དགྱེས་པར་བཞེས༔ ཨོཾ་དྷརྨ་པཱ་ལ་ཀྵེ་ཏྲ་པཱ་ལ་ལོ་ཀ་པཱ་ལ་ཨ་ཡ་མ་དུ་རུ་ཙ་ཤ་ན་ས་པཱ་རི་ཝ་རི་ཨེ་དཾ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བདུན་ནམ་གསུམ་སྐབས་དང་བསྟུན༔ ཕྱི་ནང་གསང་བའི་བར་ཆད་བསྲུང་ཞིང་བཟློག༔ དགྲ་བགེགས་བྱད་མ་ཐལ་བའི་རྡུལ་བཞིན་རློགས༔ ༈ བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ༔ ཨ་ལས་གཏོར་མ་དཀར་གསུམ་མངར་གསུམ་འདོད་དགུ་འབྱུང་བའི་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོར་གྱུར༔ ཨོཾ་ཨཱཿཧཱུྃ་དང་ནམ་མཁའ་མཛོད་སྔགས་ཀྱིས་བརླབས་ལ༔ ཧཱུྃ་ཧོ་བཾ༔ རྒྱལ་ཆེན་རྣམ་སྲས་རྟ་བདག་ཆེན་པོ་བརྒྱད༔ དཔལ་གྱི་ལྷ་མོ་ནོར་བདག་གྲོགས་མོ་བརྒྱད༔ ཛམ་ལྷ་དཀར་སེར་དམར་ལྗང་ནག་པོ་དང༔ ཀུ་བེ་ར་སོགས་ཛམ་ནག་ནོར་ལྷ་བརྒྱད༔ འབྲོག་གནས་མཆེད་ལྔ་རྟ་ལྷ་རེ་མནྟ༔ ཨ་པར་ཛི་ཏ་ཚོགས་བདག་དཀར་སེར་དམར༔ གང་བ་བཟང་པོ་ནོར་བདག་ཡེ་ཤེས་གྲགས༔ ཕག་གདོང་མཆེད་ལྔ་འཕྲོག་མ་བུར་བཅས་ལ༔ མཆོད་གསོལ་རྟེན་རྫས་ཕྱྭ་གཡང་བདེ་ལེགས་སྩོལ༔ མགུར་ལྷ་བཅུ་གསུམ་སྲིད་པའི་ལྷ་ཆེན་དགུ༔ གཉན་ཆེན་ཐང་ལྷ་སྨྱོ་ཁ་མཁའ་རི་དང༔ མཁར་ནག་རྡོ་རྗེ་རྒྱལ་པོ་སྤྲུལ་བསྒྱུར་བརྒྱད༔ རྨ་རྒྱལ་སྤོམ་ར་སྐུ་རྗེ་སེང་ཆེན་རྒྱལ༔ དགེ་བསྙེན་ཉེར་གཅིག་བཞག་བྲ་ལྷ་རྩེ་དང༔ རྡོ་རྗེ་དབྱི་ཁྲོམ་ལི་ལི་བྲག་དཀར་དང༔ སྐྱོབ་པའི་ལྷ་ལྔ་བརྟེན་པའི་ལྷ་དགུ་དང༔ མི་འུ་གདོང་དྲུག་ཕ་བཙུན་དགྲ་བླའི་ཚོགས༔ ལུང་ལྔ་ལྗོངས་གསུམ་གླིང་གཅིག་སྒྲུབ་གནས་བརྒྱད༔ གངས་རི་ཉེར་གཅིག་གནས་ཆེན་ཉེར་ལྔ་སོགས༔ ཏཱ་རེ་མི་འགྱུར་དགའ་བའི་གནས་མཆོག་དེ༔ སྐྱོང་ཞིང་སྲུང་བའི་ལྷ་ཀླུ་མ་གཟའ་དམ༔ དྲག་པོ་རབ་འབར་རི་རྒྱལ་འཕན་ཕྱུག་སོགས༔ གནས་ཆེན་གནས་ཕྲན་སྲུང་ཞིང་སྐྱོང་རྣམས་དང༔ ཀླུ་རྒྱལ་དགའ་བོ་ལ་སོགས་ཀླུ་ཆེན་བརྒྱད༔ སྤར་སྨེ་བླ་ཁམས་ཚེས་གྲངས་ཞག་དུས་ཚོད༔ དུས་བཞིའི་རྒྱལ་མོ་ལྷ་མོ་བསྟན་མ་བཅས༔ མདོར་ན་སྟོང་གསུམ་གནས་གཞི་ས་བདག་སོགས༔ ནོར་ལྷ་གཏེར་བདག་རྫུ་འཁྲུལ་འོད་ཀྱི་ལྗགས༔ རིན་ཆེན་སྦུ་གུས་དྲངས་ཏེ་ཚིམ་པར་བཞེས༔ ཨོཾ་ཛཾ་བྷ་ལ་བཻ་ཤྲ་མ་ཎ་པཉྩ་ཨཥྚ་བྷུ་མི་པ་ཏི་པྲི་ཐི་དེ་ཝི་ལོ་ཀ་སརྦ་ས་པཱ་རི་ཝ་རི་ཨེ་དཾ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ སྣོད་བཅུད་རྒུད་པ་ཞི་ཞིང་དཔལ་འབྱོར་རྒྱས༔ ཚེ་བསོད་དབང་ཐང་ཡར་ངོའི་ཟླ་ལྟར་སྤེལ༔ འཇིག་རྟེན་བདེ་ཞིང་བསྟན་འགྲོའི་དགེ་ལེགས་འཕེལ༔ རྣལ་འབྱོར་བསམ་པ་འགྲུབ་པའི་སྡོང་གྲོགས་མཛོད༔ གནོད་བྱེད་དགྲ་གདོན་བྱད་མ་རྡུལ་དུ་རློགས༔ གཞི་བྱེས་ཀུན་ཏུ་སྡོང་གྲོགས་རྒྱབ་རྟེན་མཛོད༔ ཕྱྭ་གཡང་བཀྲ་ཤིས་དཔལ་གྱིས་མངོན་འཚོ་ཞིང༔ བསྟན་པའི་རྒྱལ་མཚན་འཛུགས་པའི་གཉེར་ཁ་ལོངས༔ གསང་བདག་རྟ་མགྲིན་པདྨ་ཐོད་ཕྲེང་གིས༔ སྔོན་གྱི་ཐ་ཚིག་བོར་བ་རྗེས་དགོངས་ལ༔ གང་བཅོལ་ལས་ཀྱི་འབྲས་བུ་མཆིས་པར་མཛོད༔ ཅེས་འདོད་གསོལ་རང་མོས་བཞིན་ཕུད་སྐྱེམས་གཏོར་མ་གཙང་སར་གཤེགས་པའམ༔ ཡང་ན་བསང་སོགས་ཀྱི་ནང་དུ་ཕུལ༔ དགེ་བསྔོ་ཤིས་བརྗོད་སོགས་སྤྱི་ལྟར་བགྱི༔ ཨེ་མ་རང་བྱུང་དབྱིངས་ཀྱི་བརྡ་ཆོས་འདི༔ དུས་བབ་སྐྱེས་བུའི་བློ་ལ་ཤར༔ ལས་འཕྲོ་ཅན་གྱིས་བསྐུལ་བ་ལས༔ གཏེར་ཚིག་རི་མོའི་ལམ་དུ་བསྒྱུར༔ བདག་དང་སྐལ་ལྡན་སློབ་བུ་ལ༔ འགོ་ཞིང་སྐྱོབ་པར་བྱིན་གྱིས་རློབས༔ མནྟྲ༔ གུ་ཧྱ༔ ས་མ་ཡཱ༔ དབྱིའི་ཡུལ་གྱི་སློབ་བུ་དཀོན་མཆོག་འོད་ཟེར་གྱི་བཞེད་སྐོང་དུ༔ རྣལ་འབྱོར་ས་ར་ཧི་ཏས་རང་བྱུང་དགོངས་པའི་ཀློང་གི་མཛོད་ལས་བསྒྱུར་བ་དགེ་ལེགས་འཕེལ༔ སརྦ་མངྒ་ལཾ༔

རྩ་གསུམ་ཆོས་སྐྱོང་རྣམས་ཀྱི་སྒྲུབ་ཐབས་དངོས་གྲུབ་འདོད་གཏེར།

དག་སྣང་ཐུགས་ཀྱི་གཏེར་ཁ་ལས༔ རྩ་གསུམ་ཆོས་སྐྱོང་རྣམས་ཀྱི་སྒྲུབ་ཐབས་དངོས་གྲུབ་འདོད་གཏེར་བཞུགས༔ རྩ་གསུམ་སྲུང་མའི་ཚོགས་ལ་འདུད༔ དེ་ཉིད་སྒྲུབ་པའི་ཐབས་ཟབ་མོ༔ ལྟ་བའི་གདེངས་ཀྱིས་འདོན་པ་ནི༔ ཨཱ༔ རྩ་གསུམ་རྒྱལ་བའི་ཁྱབ་བདག་བླ་ན་མེད༔ རྩ་བའི་བླ་མ་དེ་ལ་གསོལ་བ་འདེབས༔ འགྲོ་རྣམས་བྱང་ཆུབ་ལམ་ལ་མ་ཕྱིན་བར༔ དཀོན་མཆོག་གསུམ་ལ་གཏན་གྱིས་སྐྱབས་མཆིའོ༔ འགྲོ་རྣམས་འཁོར་བའི་མཚོ་ལས་སྒྲོལ་བའི་ཕྱིར༔ ཡང་དག་སྙིང་པོའི་ལམ་ལ་བརྩོན་པར་བྱ༔ དེ་ནས་དངོས་གཞི་ནི༔ ཨཱ༔ མ་བཅོས་རིག་སྟོང་ངང་ལས་སྐད་ཅིག་གིས༔ གཉུག་མ་མི་ཤིགས་ངོ་བོ་རྡོ་རྗེ་འཆང༔ ཨོ་རྒྱན་བླ་མ་འགྲོ་མགོན་རིན་པོ་ཆེ༔ རྒྱན་དང་ཆ་ལུགས་ཡོངས་སུ་རྫོགས་པའི་སྐུ༔ རྟོག་ཚོགས་རང་གྲོལ་དཔའ་བོ་མཁའ་འགྲོས་བསྐོར༔ སྣང་ལ་རང་བཞིན་མ་གྲུབ་སྒྱུ་མའི་ལུས༔ ལྷ་སྔགས་ཡེ་ཤེས་ཡེ་གྲུབ་ལྷ་རུ་གསལ༔ མ་ཡེང་དེ་བཞིན་ངང་ནས་ཛཔ྄་སྒྲ་སྒྲོགས༔ ཨོཾ་ཨ་ཧཱུྃ་ཕཊ༔ ཅེས་པའི་རྩ་སྔགས་ཅི་ནུས་བཟླས༔ མཐར་ནི་མི་དམིགས་ངང་ལ་བཞག༔ དེ་ནས་སྲུང་མའི་སྤྱི་གཏོར་ནི༔ རང་རང་ལས་གྲུབ་གཏོར་མ་བཤམས༔ ལྷ་ཡི་ཏིང་འཛིན་གསལ་བའི་ངང༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ སྐུ་གསུམ་མཆོག་གསུམ་རྩ་བ་གསུམ༔ མ་གཟའ་དམ་གསུམ་ཤན་པ་དམར༔ ལྷ་ཆེན་པེ་ཧར་ཙི་མ་ར༔ ཕུར་སྲུང་བཅུ་དྲུག་ཛམ་སེར་ནག༔ རྟ་ལྷ་རེ་མན་རྟ་ཐུག་དཀར༔ འགོ་བའི་ལྷ་ལྔ་དཀར་ཕྱོགས་སྐྱོང༔ ཟོ་དོར་གཉན་དང་ཀླུ་བཙན་བདུད༔ མགོན་སྐྱབས་ལྷ་སྲུང་མ་ལུས་ལ༔ གསོལ་ལོ་མཆོད་དོ་མངའ་གསོལ་ལོ༔ རྣལ་འབྱོར་བདག་གི་ལས་བཅོལ་སྒྲུབ༔ ཕྲིན་ལས་རྣམས་བཞིས་སྡོང་གྲོགས་མཛོད༔ ཅེས་པ་འདིའང་སྔོན་སྦྱངས་ལས་ཀྱི་འཕྲོ་ལྡན་ཨཀྵ་རས་བསྐུལ་ངོར་རྣལ་འབྱོར་འདུ་ཤེས་གསུམ་པ་ས་ར་ཧི་ཏ་བྷ་ཏྲས་བགྱིས་པའོ༔

རྩ་གསུམ་སྲུང་མའི་ཕྲིན་བཅོལ་ཀློང་ཆེན་འོད་གསལ་རྡོ་རྗེས་མཛད་པ།

རྩ་གསུམ་སྲུང་མའི་ལྷ་ཚོགས་ལ༔ གདུང་ཤུགས་དྲག་པོས་ཕྲིན་ལས་བཅོལ༔ འབྲུ་སྨན་འཐོར་ཞིང་མོས་འདུན་བསྐྱེད༔ བྱང་ཆུབ་སེམས་ངང་འདི་སྐད་དོ༔ ཧཱུྃ་ཧྲཱིཿ མཆོག་གསུམ་རྩ་གསུམ་བཀའ་གཏེར་སྲུང་མ་སྤྱི༔ ཁྱད་པར་བདག་གིས་བསྙེན་ཅིང་བསྒྲུབ་པའི་ལྷ༔ མཆོད་བསྟོད་བྱེད་པའི་རྩ་གསུམ་སྲུང་མ་ལ༔ མོས་འདུན་དྲག་པོའི་ཕྲིན་ལས་བཅོལ་བའི་མདོར༔ བདག་གི་དུས་འདི་ནས་བཟུང་བྱང་ཆུབ་བར༔ སྒོ་གསུམ་དགེ་ལ་བསྐུལ་ཞིང་བསྟན་འགྲོའི་དོན༔ ཞུམ་མེད་སྤོབས་པའི་བྱང་ཆུབ་སེམས་དཔའ་ལ༔ དུས་རྣམས་མི་གཡེལ་རྩ་གསུམ་ཆོས་སྲུང་གིས༔ མཐུན་རྐྱེན་འབད་མེད་ལྷུན་གྱིས་གྲུབ་པ་དང༔ འགལ་རྐྱེན་ཀུན་ཞི་བསམ་དོན་ལྷུན་གྲུབ་མཛོད༔ བདག་ནི་སོ་ཐར་འདུལ་བའི་སྒོར་ཞུགས་ཚེ༔ བསླབ་གསུམ་ནོར་གྱིས་བདག་རྒྱུད་ཕྱུག་པར་ཤོག༔ བདག་ནི་བྱང་ཆུབ་སེམས་དཔའི་ལམ་ཞུགས་ཚེ༔ གཞན་ཕན་སྒྲུབ་ལ་སྐྱོ་ངལ་མེད་པར་མཛོད༔ བདག་ནི་གསང་བ་སྔགས་ཀྱི་སྒོར་ཞུགས་ཚེ༔ དམ་ཚིག་མི་ཉམས་ལྟ་སྒོམ་སྤྱོད་གསུམ་དང༔ གཞི་ལམ་འབྲས་བུའི་ཡོན་ཏན་གོང་འཕེལ་མཛོད༔ བདག་གི་ལུས་ངག་ཡིད་གསུམ་གང་འབྲེལ་བའི༔ ཡིད་ཅན་འགྲོ་བའི་སྒྲིབ་གཉིས་བག་ཆགས་སྦྱངས༔ རྣམ་མཁྱེན་རྒྱལ་བའི་གོ་འཕང་ཐོབ་པར་མཛོད༔ བདག་ཉིད་གང་དུ་གནས་པའི་ཡུལ་ཁམས་དེར༔ ནད་མུག་མཚོན་འཁྲུགས་དབུལ་ཕོངས་དུས་སྙིགས་རྒུད༔ མ་ལུས་ཞི་ཞིང་མི་ཕྱུགས་དར་ཞིང་རྒྱས༔ རྒྱལ་བློན་འབངས་འཁོར་མི་དགེའི་ལས་བཅུ་སྤང༔ ཀུན་ཀྱང་དགེ་བཅུའི་ལམ་ལ་འགོད་པར་མཛོད༔ བདག་ལ་ལྟོས་བཅས་གཟུངས་མ་ཡོན་སློབ་འབངས༔ ཚེ་འདིར་ནད་གདོན་མེད་ཅིང་ཚེ་བསོད་རྒྱས༔ ཕྱི་མ་སྐུ་གསུམ་ཞིང་ཁམས་པདྨ་འོད༔ ཚོམ་བུ་གཅིག་ཏུ་ཚོགས་པའི་ཕྲིན་ལས་མཛོད༔ ནམ་ཞིག་བདག་གི་སྒྱུ་ལུས་འདི་བོར་ཚེ༔ གནད་གཅོད་མེད་ཅིང་འཁྲུལ་སྣང་རྒྱས་བཏབ་ཚེ༔ ངོ་ཤེས་རྩལ་རྫོགས་བསྟན་པ་ཐོབ་ནས་ཀྱང༔ རྩ་གསུམ་སྲུང་མའི་ཐུགས་ཀློང་གྲོལ་བར་མཛོད༔ གྲོལ་བྱ་གྲོལ་བྱེད་རང་རིག་བྱང་ཆུབ་སེམས༔ ཀ་དག་ཀུན་བཟང་ཆོས་སྐུའི་ཞལ་མཐོང་ཤོག༔ སླར་ཡང་རྗེས་ཆགས་སེམས་ཀྱིས་བསྟན་འགྲོའི་དོན༔ ཆོས་དང་མཐུན་པའི་ཕ་མ་ལ་བརྟེན་ནས༔ སྤྲུལ་པའི་ཁྱེའུ་ཆུང་མཚན་དཔེས་རབ་བརྒྱན་ནས༔ ཆོས་དང་བླ་མ་དམ་པས་རྗེས་བཟུང་ནས༔ སྡོམ་པ་གསུམ་དང་གཞུང་ལུགས་ཇི་བཞིན་དུ༔ བསླབ་གསུམ་གནས་ལ་ཐོགས་མེད་མངོན་མཁྱེན་ནས༔ བསྡུ་དངོས་བཞི་ཡིས་འགྲོ་དོན་བྱེད་པར་མཛོད༔ ཇི་སྲིད་འཁོར་བའི་གནས་འདི་མ་སྟོང་བར༔ དེ་སྲིད་བསྟན་དང་འགྲོ་བའི་དཔུང་གཉེན་ཤོག༔ མཆོག་གསུམ་ལྷ་དང་སྲུང་མའི་མཐུ་བྱིན་གྱིས༔ ཕྲིན་ལས་གང་བཅོལ་ཡིད་བཞིན་ལྷུན་གྲུབ་མཛོད༔ ཅེས་གང་མོས་ཀྱིས་ཕྲིན་ལས་བཅོལ༔ དུས་གསུམ་ཀུན་ཏུ་དགེ་བའི་ཤིས་པ་སྩོལ༔ ཅེས་རིག་འཛིན་ཆེན་པོ་བསམ་གཏན་ཡེ་ཤེས་གླིང་པའི་འབངས་དམན་ཁོ་བོ་ཀློང་ཆེན་འོད་གསལ་རྡོ་རྗེ་བསྟན་དང་འགྲོ་བའི་དོན་དུ་མོས་ཤིང་དམ་བཅས་ལྟར་རྩ་གསུམ་སྲུང་མ་ལ་ཕྲིན་ལས་བཅོལ་བ་འདི་གནས་ཆེན་ཏཱ་རེ་མི་འགྱུར་དགའ་ཚལ་དུ་རྟ་མགྲིན་དབང་ཆེན་རྒྱལ་པོའི་བསྙེན་སྒྲུབ་སྐབས་བསྟན་པ་དང་སེམས་ཅན་གྱི་དོན་དུ་སྨོན་ལམ་བཟང་པོས་མཚམས་སྦྱར་ནས་རྩ་གསུམ་སྲུང་མ་ལ་མཁྱེན་པར་གསོལ་ནས་འདི་བཞིན་བགྱིས་པས་དུས་གསུམ་དུ་དགེ་ཞིང་ཁམས་གསུམ་འཁོར་བ་དོང་ནས་སྤྲུག་པའི་རྒྱུར་གྱུར་ཅིག༔

ཕྲིན་བཅོལ་བསྡུས་པ།

ཕྲིན་བཅོལ་བསྡུས་པ་བཞུགས༔ རཾ་ཡཾ་ཁཾཾ༔ ཨོཾ་ཨཱཿཧཱུྃ༔ རང་ཉིད་ལྷ་ཡི་ཐུགས་ནས་འོད་འཕྲོས་པས༔ མཆོག་གསུམ་རྩ་གསུམ་དམ་ཅན་སྲུང་མ་སྤྱི༔ ཁྱད་པར་ཐུགས་ཐིག་བཀའ་སྲུང་ལྕམ་དྲལ་རྣམས༔ ཐུགས་དམ་ཡོན་ཏན་མཆོད་པའི་གནས་འདིར་གཤེགས༔ བཛྲ་ས་མ་ཡཱ་ཛ༔ ཧྲཱིཿ ཆགས་བྲལ་པདྨ་ཉི་ཟླའི་གདན་ལ་བཞུགས༔ སྒོ་གསུམ་གུས་པས་ཕྱག་འཚལ་མཆོད་སྤྲིན་འབུལ༔ ཉམས་ཆག་ཉེས་ལྟུང་བརྗོད་བྲལ་ཀློང་དུ་བཤགས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྫོགས་ལ་བསྟོད༔ ཧྲཱིཿ སློབ་དཔོན་བཀའ་གཏད་དམ་བླངས་དཀྱིལ་འཁོར་ནས༔ ཚེ་རབས་ལས་དང་སློབ་དཔོན་ཕ་མེས་རྒྱུད༔ མགོན་པོ་སྡེ་ལྔ་རལ་གཅིག་དཔལ་ལྷ་མོ༔ དུད་སོལ་བསྟན་སྐྱོང་གཟའ་བཙན་ཤན་པ་དམར༔ རྡོར་ལེགས་པེ་ཧར་དཀོར་སྲུང་དམ་ཚིག་ཅན༔ ཁྱད་པར་དབང་གི་བཀའ་སྡོད་དབང་ཕྱུག་ཆེ༔ ཡབ་ཡུམ་ཕྱི་ནང་ལས་བྱེད་ཕུར་སྲུང་ཚོགས༔ སྔགས་བདག་སྲུང་མ་མ་ལུས་འཁོར་བཅས་ལ༔ གསོལ་ལོ་མཆོད་དོ་ཉམས་ཆག་ཉེས་ལྟུང་བཤགས༔ བཅོལ་བའི་ཕྲིན་ལས་གང་དམིགས་ཐོགས་མེད་སྒྲུབ༔ བདག་ཅག་དཔོན་སློབ་སྲུང་སྐྱོབ་བར་ཆད་སོལ༔ ནད་གདོན་འཇིགས་བརྒྱད་ཞི་ཞིང་ཚེ་དཔལ་རྒྱས༔ སྣང་བ་དབང་སྡུད་ལོག་འདྲེན་ཆམ་ལ་ཕོབ༔ རྒྱལ་བསྟན་དར་རྒྱས་དགེ་འདུན་སྡེ་ཆེན་ཚུགས༔ ཚེ་དང་སྒྲུབ་པ་མཐའ་རུ་ཕྱིན་པ་དང༔ རྣམ་བཞིའི་ཕྲིན་ལས་མ་ལུས་མྱུར་འགྲུབ་མཛོད༔ ཅེས་པ་འདི་སྐྱབས་རྗེ་སྤྲུལ་པའི་སྐུ་ལུང་རིག་གླིང་པ་རྩལ་གྱི་རྡོ་རྗེའི་གསུང་ལ་ཅུང་ཟད་རིག་པས་འཕྲུལ་ཤེས་བྱས་ཏེ་སུག་བྲིས་བགྱིས་པ་ཛ་ཡན་ཏུ༔

སྲུང་མ་སྤྱིའི་གསོལ་བསྡུས་ཀུན་འབྱུང་དབང་སྔོན་རྒྱལ་པོ།

ཡང་གསང་མཁའ་འགྲོའི་ཐུགས་ཐིག་ལས༔ སྲུང་མ་སྤྱིའི་གསོལ་བསྡུས་ཀུན་འབྱུང་དབང་སྔོན་རྒྱལ་པོ་ནི༔ ན་མོ་མ་ཧཱ་གུ་རུ་པདྨ་ཀ་ར་ཡེ༔ དེ་ལ་འདིར་རང་བསྲུང་དྲེགས་པའི་ཚོགས་ལ་གསོལ་བསྡུས་བྱ་བར་འདོད་པས་ཕུད་རྒོད་གཙང་མའམ་གཏོར་མ་དཀར་གསུམ་མདའ་དར་གྱིས་བརྒྱན་པ་བཤམས་ལ༔ རང་ཉིད་ལྷ་ཡི་ཐུགས་ཀའི་ས་བོན་ལས་རཾ་ཡཾ་ཁཾ་སྤྲོས་ཏེ་གཏོར་མའི་མ་དག་ཉེས་སྐྱོན་བསྲེག་གཏོར་བཀྲུས༔ ཨོཾ་ཨཱཿཧཱུྃ་གིས་གང་འདོད་རིན་པོ་ཆེའི་གཏེར་དུ་བསྒྱུར་ལ༔ སྟོང་པའི་ངང་ལས་སྐད་ཅིག་དྲན་རྫོགས་སུ༔ མཚན་ལྡན་མི་མཆོག་ལྕང་ལོའི་གཏོར་སྣོད་དུ༔ ཤ་ལྔ་བདུད་རྩི་ལྔ་སོགས་སྦྱོར་སྒྲོལ་རྫས༔ སྨན་རཀ་གཏོར་ཚོགས་མཆོད་པ་རྣམ་ལྔ་དང༔ ཀུན་བཟང་མཆོད་པའི་སྤྲིན་ཚོགས་གཏིབ་པ་འདི༔ མཆོག་གསུམ་རྩ་གསུམ་ངོ་བོ་པདྨ་འབྱུང༔ ཡི་དམ་རྒྱུད་སྡེ་བཞི་དྲུག་ཐེག་རིམ་དགུ༔ ཏཱ་རེ་ཉེར་གཅིག་གནས་གསུམ་མཁའ་འགྲོའི་ལྷ༔ རལ་གཅིག་དུད་སོལ་མགོན་པོ་བདུན་ཅུ་ལྔ༔ མ་གཟའ་རྡོར་ལེགས་ཤན་དམར་སྲོག་སྒྲུབ་ནག༔ སྡེ་དཔོན་སུམ་ཅུ་སྔགས་བདག་བཅོ་བརྒྱད་དང༔ རྒྱལ་ཆེན་སྡེ་བཞི་ལྷ་མོ་ནོར་རྒྱུན་མ༔ ཛཾ་ལྷ་ཉེར་གཅིག་རྟ་ལྷ་རེ་མནྟ༔ རྒྱལ་ཆེན་སྐུ་ལྔ་གནོད་སྦྱིན་ཙི་འུ་དམར༔ རྨ་ཆེན་སྤོམ་ར་གཉན་ཆེན་ཐང་ལྷ་དང༔ མགུར་ལྷ་བཅུ་གསུམ་བསྟན་མ་བཅུ་གཉིས་སོགས༔ ལྷ་མོ་བསྟན་མ་ཡུལ་གཞི་གནས་ཀྱི་བདག༔ མཆོད་ཅིང་བསྟོད་པར་འོས་པ་ཐམས་ཅད་ཀྱིས༔ དབང་པོ་དྲུག་ལ་བདེ་བ་བསྐྱེད་ཕྱིར་བཞེས༔ ཉམས་ཆག་ཉེས་ལྟུང་བརྗོད་བྲལ་ཀློང་དུ་བཤགས༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་བསྟོད༔ བདག་གི་འདོད་པའི་དོན་དང་ལས་བཅོལ་སྒྲུབས༔ ནད་གདོན་འཇིགས་བརྒྱད་ཞི་ཞིང་ཚེ་བསོད་རྒྱས༔ སྣང་སྲིད་དབང་བསྡུས་ལོག་འདྲེན་ཆམ་ལ་ཕོབ༔ མི་མཐུན་གཡུལ་རྒྱལ་མཐུན་པའི་དགེ་ལེགས་སྩོལ༔ ཅེས་པ་འདི་ཡང་ཤེས་རབ་སྐྱེས་ཐོབ་ཀྱི་བློ་ལྡན་ཚ་བོ་རྡོ་རྗེ་རྒྱལ་མཚན་གྱིས་གསང་ཆེན་གསང་བའི་དམ་རྫས་མཾ་ས་ལེགས་པའི་སྐྱེས་བཅས་བསྐུལ་ངོར་ཆོས་མེད་ཆོས་པའི་གཟུགས་འཆང་ཁུ་བོ་གཞན་ལ་ཕན་དེས་དབྱིངས་རིག་སྟོང་པའི་སྒྲོམ་ནས་བརྡ་ཐོགས་མེད་དུ་སུག་བྲིས་བགྱིས་པས་ཆོས་རྒྱུད་འཛིན་པའི་བུ་ལ་འགོ་ཞིང་གྲོགས་བྱེད་པའི་རྒྱུར་གྱུར་ཅིག༔ ཤུ་བྷཾ༔

ཆོས་སྐྱོང་གཏོར་འབུལ་ལྡེབ་ཤར།

༄༅། ཧོ༔ རྣམ་དག་བདུད་རྩིའི་གཏོར་མ་འདི་ཉིད་བསྔོ་ཞིང་སྦྱིན་པའི་གནས་སུ་གྱུར་པ་ནི༔ ཁྱབ་བདག་དྲིན་ཆེན་བླ་མ༔ ཡི་དམ་རྒྱུད་སྡེ་སྒྲུབ་སྡེ༔ གནས་གསུམ་མ་མོ་མཁའ་འགྲོ༔ སྔགས་སྲུང་ཨེ་ཀ་ཛ་ཏི༔ དཔལ་ལྡན་དུད་སོལ་ལྷ་མོ༔ ཕྱག་དྲུག་གུར་གྱི་མགོན་པོ༔ བཀའ་སྡོད་བྱ་རོག་གདོང་ཅན༔ སྨན་གྱི་ལྷ་མོ་སྤུན་བདུན༔ ཡིད་འགུག་དབང་ལྷ་དམར་པོ༔ སྨན་བཙུན་ཚེ་རིང་མཆེད་ལྔ༔ ལྷ་ཆེན་ལྕམ་དྲལ་ཡབ་ཡུམ༔ ཁྱབ་འཇུག་དུག་གི་སྤུ་གྲི༔ དམ་ཅན་རྡོ་རྗེ་ལེགས་པ༔ བཙན་རྒོད་དྲག་པོ་སྤུན་བདུན༔ བཀའ་སྡོད་ལྷ་བཙན་འབར་བ༔ སྐྱེས་བུ་མི་ཐུང་ནོར་བདག༔ གཏེར་སྲུང་གཉན་ཆེན་ཐང་ལྷ༔ ཕུར་སྲུང་དམ་ཅན་བཅུ་དྲུག༔ ཀླུ་མཆོག་ཀླུ་རྒྱལ་མཐའ་ཡས༔ ཛམ་ལྷ་རྟ་བདག་མཆེད་བརྒྱད་ལ་སོགས༔ འགོ་ཞིང་སྐྱོབ་པའི་ལྷ་སྲུང་མཆོད་འོས་བསྟོད་འོས་རྣམས་ཀྱི་ཞལ་དུ་ཨེ་དཾ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔

བཀའ་ཡི་སྲུང་མ་ནག་པོ་ཆེའི་གསོལ་བསྡུས་དངོས་གྲུབ་འབྱུང་བའི་གཏེར།

ཡང་གསང་ཌཱཀྐིའི་ཐུགས་ཐིག་ཆ་ལག་ཏུ༔ བཀའ་ཡི་སྲུང་མ་ནག་པོ་ཆེའི༔ གསོལ་བསྡུས་དངོས་གྲུབ་འབྱུང་བའི་གཏེར༔ ཟབ་དོན་གནད་ཀྱི་རྒྱ༔ རྣལ་འབྱོར་ཏིང་འཛིན་ངར་ལྡན་པས༔ གཏོར་མཆོད་གསེར་གཡུའི་སྐྱེམས་ལེགས་བཀོད༔ རྔ་བརྡུང་དབྱངས་ཀྱིས་འདི་སྐད་དོ༔ ཧཱུྃ་ཧཱུྃ༔ ང་ནི་གསང་འཛིན་ཁྲོ་བོའི་རྒྱལ༔ ཐུགས་ལས་འོད་ཟེར་ལྕགས་ཀྱུ་ལྟར༔ མྱུར་དྲག་ཤུགས་ལྡན་རབ་འཕྲོས་ཏེ༔ འོག་མིན་སྐུ་གསུམ་ཕོ་བྲང་ནས༔ མགོན་པོ་འཁོར་བཅས་ས་མ་ཛ༔ དད་པ་དང་ནི་དམ་ཚིག་གིས༔ ལེགས་ལྡན་ལྷ་ཆེན་ཚོགས་ཀྱི་བདག༔ ཡུམ་ཆེན་བཻ་ཏ་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་སྡེ་བརྒྱད་མགོན༔ ཕྱོགས་བཅུའི་མགོན་པོ་ལྷ་དམག་ཚོགས༔ མཆོད་ཕྱིར་སྒྲུབ་ཕྱིར་སྤྱན་འདྲེན་གཤེགས༔ དམ་ཚིག་དྲན་བཞིན་བརྟན་པར་བཞུགས༔ འཕྲུལ་དགའི་ལྷ་མོས་གུས་ཕྱག་འཚལ༔ ཕྱི་མཆོད་འདོད་ཡོན་རྣམ་པ་ལྔ༔ གཟུགས་སྒྲ་དྲི་རོ་རེག་བྱ་མས༔ མགོན་པོའི་ལྷ་ཚོགས་བསྐང་གྱུར་ཅིག༔ ནང་མཆོད་སྨན་གཏོར་རཀྟ་དང༔ སྒྲུབ་རྟེན་སྲོག་འཁོར་བླ་རྡོ་མདུང༔ བ་དན་རྒྱལ་མཚན་རལ་གྲི་བིང༔ རྩེ་གསུམ་མཚོན་གྱི་ཡ་ལད་ཀྱིས༔ མགོན་པོའི་ལྷ་ཚོགས་བསྐང་གྱུར་ཅིག༔ གསང་མཆོད་སྦྱོར་སྒྲོལ་ཏན་གན་དང༔ རྡོ་རྗེའི་གླུ་གར་བདེ་སྟོང་གིས༔ མཆོད་བྱ་མཆོད་བྱེད་བྲལ་བས་མཆོད༔ མགོན་པོའི་ལྷ་ཚོགས་བསྐང་གྱུར་ཅིག༔ བསྐང་ནས་རྣལ་འབྱོར་བདག་ཅག་ལ༔ མཆོག་ཐུན་དངོས་གྲུབ་དེང་འདིར་སྩོལ༔ དགྲ་སྒྲོལ་མཐུ་ཡི་ནུས་པ་བསྐྱེད༔ མགོན་པོ་ནག་པོ་དགྲ་ལ་བྷྱོ༔ དགྲ་དཔུང་བདུན་རྒྱུད་རྩད་ནས་ཆོད༔ བགེགས་དཔུང་ཐལ་བ་རྡུལ་དུ་རློགས༔ སྐུ་ལ་བསྡོ་བའི་རིགས་རྒྱུད་ཆོད༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ་ཧཱུྃ༔ ཆོས་ཉིད་ཞི་ལས་མ་གཡོས་ཀྱང༔ སྙིང་རྗེས་གདུལ་དཀའ་འདུལ་བའི་ཕྱིར༔ འཕགས་པའི་རང་གདངས་བསྟན་སྲུང་གཙོ༔ མ་ཧཱ་ཀཱ་ལར་ཕྱག་འཚལ་བསྟོད༔ རྣམ་འགྱུར་སྤྲུལ་པའི་རང་གདངས་གསལ༔ སེམས་དང་སེམས་བྱུང་གནས་དག་པའི༔ བཻ་ཏ་སྐུ་གསུང་ཐུགས་མགོན་སོགས༔ བསྟན་སྲུང་སྤྲུལ་འཁོར་བཅས་ལ་བསྟོད༔ ཅེས་འདི་རིག་རྩལ་གཏེར་མཛོད་ནས༔ ཡིག་མེད་ནམ་མཁའི་བརྡ་རིས་ལས༔ ལེགས་ཕབ་བསྟན་དང་བསྟན་འཛིན་སྡེ༔ མི་ཉམས་ཡར་ཟླའི་མཆེད་པོར་གྱུར༔ ས་མ་ཡཱ༔ སྔོན་སྦྱངས་ལས་ཀྱི་འཕྲོ་ལྡན་པའི༔ བཙུན་པ་རིག་གི་བཞེད་སྐོང་དུ༔ རྣམ་དཀར་བསོད་ནམས་ལ་དབང་བའི༔ ཆོས་གཟུགས་ས་ར་ཧི་ཏས་སྨྲས༔ སརྦ་མངྒ་ལམ༔

མ་མགོན་གསོལ་བསྡུས་སྙིང་པོའི་ཡང་བཅུད།

མ་མགོན་གསོལ་བསྡུས་སྙིང་པོའི་ཡང་བཅུད་བཞུགས༔ ཨོཾ་སྭ་སྟི༔ རང་བྱུང་དབྱིངས་ཀྱི་རྒྱལ་མོ་ལ༔ གུས་པས་འདུད་དོ་ཤིས་པ་སྩོལ༔ གསང་སྔགས་རྙིང་མའི་བསྟན་སྲུང་མཆོག༔ ཆོས་སྐྱོང་མ་མགོན་ལྕམ་དྲལ་གྱི༔ གསོལ་བསྡུས་འདོད་འབྱུང་མ་ཎི་ཀ༔ འདིར་ནི་རྩོམ་པའི་གང་ཟག་གིས༔ རིན་ཆེན་སྣོད་གཙང་ཡངས་པའི་ནང༔ རང་མཐུན་གཏོར་མ་གསེར་སྐྱེམས་བཤམས༔ རྣལ་འབྱོར་ལྟ་བའི་གདེང་ལྡན་པས༔ རྔ་བརྡུང་དབྱངས་ཀྱིས་འདི་སྐད་དོ༔ བྷྱོ༔ ཁྲག་མཚོ་ལྕགས་ཀྱི་ར་བ་ཅན༔ ཐོད་མཁར་འབར་བའི་ཕོ་བྲང་ནས༔ སྔགས་ཀྱི་བདག་མོ་སྔགས་ལ་དབང༔ དཔལ་ལྡན་མགོན་པོ་བསྟན་པའི་གཙོ༔ དྲང་སྲོང་ཆེན་པོ་དྲེགས་པའི་རྗེ༔ དམ་ཅན་མགར་དམར་དམ་ལྡན་ལྷ༔ དུར་ཁྲོད་ལྷ་མོ་ངེ་ནེ་མ༔ འཁོར་ཚོགས་ཞིང་གི་རྡུལ་སྙེད་གྲངས༔ རྣལ་འབྱོར་ཏིང་འཛིན་གྱིས་བསྐུལ་བས༔ མ་ཐོགས་གནས་འདིར་སྤྱན་འདྲེན་ནོ༔ དད་དང་དམ་ཚིག་དབང་གིས་འབོད༔ སྒྲུབ་པའི་རྟེན་རྫས་འདི་ལ་བཞུགས༔ འཕྲུལ་དགའི་རྣམ་འགྱུར་ཀྱིས་འདུད་དོ༔ ཕྱི་ནང་གསང་བའི་མཆོད་པ་དང༔ བརྟེན་རྫས་བསྐང་རྫས་མཆོད་པའི་རྫས༔ མཐུན་པའི་དགྱེས་མཆོད་དམ་པ་འབུལ༔ གནོད་བྱེད་བྱད་མ་བསྒྲལ་བ་དང༔ བརྙས་བྱེད་ཁ་ཕུང་གཏོང་བ་དང༔ ཕོ་རྒྱུད་མོ་རྒྱུད་ཉམས་པ་བདུན༔ རྟགས་དང་མཚན་མས་རྡུལ་དུ་རློགས༔ དགྲ་སྒྲོལ་མཐུ་ཡིས་ཐུགས་དམ་བསྐང༔ ཚེ་བསོད་དཔལ་དང་འབྱོར་བ་སྤེལ༔ དགེ་འདུན་ཆོས་ཀྱི་རྒྱལ་སྲིད་སྐྱོངས༔ འཇིག་རྟེན་སྲིད་ཀྱི་རྒུད་པ་སོལ༔ སྡེ་བཞིའི་དཔལ་གྱིས་མངོན་མཐོ་ཞིང༔ བཀྲ་ཤིས་སྣང་བས་གང་གྱུར་ཅིག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཞེས་ཆོས་སྐྱོང་མ་མགོན་ལྕམ་དྲལ་གྱི་གསོལ་བསྡུས་འདི་ནི་བཙུན་པ་ཁྲིམས་ལྡན་དམ་པ་ཕོ་སིས་ཆོས་གྲགས་ནས་བསྐུལ་ངོར་སྤྲུལ་བའི་སྐུ་གཞན་ཕན་ནས་སྤེལ་བ་དགེ་ལེགས་འཕེལ༔ མངྒ་ལམ༔

རེ་མ་ཏིའི་སྲོག་འཁོར་འབྲི་ཐབས་བསྡུས་པ་སྙིང་གི་རཀྟ།

ཟུར་འགེབ་མི་ཟད་རྒྱན་འཁོར་ལས༔ རེ་མ་ཏི་ཡི་སྲོག་འཁོར་ནི༔ བསྡུས་པ་སྙིང་གི་རཀྟ་བཞུགས༔ སྲོག་འཁོར་སྙིང་གི་རཀྟ་ནི༔ མཐིང་ཤོག་རྒྱལ་རིགས་ལག་ནས་བླངས༔ ཡར་མར་དུས་ཚེས་བཟང་པོ་ལ༔ མཐིང་ཤོག་སིནྡྷུ་ར་དང་ནི༔ གཞོན་ནུ་མ་ཡི་རྡུལ་གྱིས་གཏམས༔ མུ་ཁྱུད་རིམ་པ་བཞི་དང་ལྡན༔ དབུས་སུ་བྷྱོ་ཡིག་མཐིང་ག་འབྲི༔ དེའི་མཐར་རྩ་བའི་སྔགས་ཀྱིས་བསྐོར༔ དེ་ཕྱིར་འཁོར་ལོ་རྩིབས་བརྒྱད་ལ༔ སྡེ་བརྒྱད་རང་རང་སྲོག་སྔགས་འབྲི༔ མཚམས་བཞིར་བྷྱོ་བཞི་ཕྱོགས་མདོག་འབྲི༔ དེའི་ཕྱིར་ལས་བཞིའི་སྔགས་ཤམ་ཅན༔ དབྱངས་ཡིག་དང་ནི་གསལ་བྱེད་འབྲི༔ དེའི་ཕྱིར་ལས་སྦྱོར་གཞན་དང་ཡེ་དྷར་འབྲི༔ གཤམ་དུ་ཉིན་མོ་བདེ་ལེགས་དང༔ བཀྲ་ཤིས་རི་མོ་གང་འཚམས་འབྲི༔ ཕྱི་རོལ་མེ་རླུང་རི་མོ་བསྐོར༔ སྲོག་གི་འཁོར་ལོའི་རིམ་པ་འོ༔ ས་མ་ཡཱ༔ མན་ངག་བླ་རྡོའི་ལག་ལེན་ནི༔ མཚོ་ནང་རྡོ་སྔོན་རི་མོ་ཅན༔ ལག་པས་མ་རེག་སྐམ་པས་བླངས༔ མཁའ་འགྲོའི་སྲོག་གི་སྙིང་པོ་བྲིས༔ སུས་མ་མཐོང་བར་སྒྲུབ་རྟེན་བྱ༔ ས་མ་ཡཱ༔ བསྐང་རྟེན་རིམ་པ་ནི༔ འཚུབ་མ་དེ་ཡིས་ལྕང་མ་ཡི༔ ལོ་མ་ས་ལ་མ་ལྷུང་བ༔ བར་སྣང་ནས་ཟིན་དར་དམར་དྲིལ༔ མཁའ་འགྲོའི་སྲོག་སྙིང་གསེར་གྱིས་བྲིས༔ བསྐང་རྫས་ཡོངས་ཀྱི་སྤྱི་དཔལ་གྱིས༔ བསྒྲུབ་ནས་རང་གི་ལུས་ལ་འཆང༔ ཅི་བསམ་འགྲུབ་པར་གདོན་མི་ཟ༔ ཕྱར་དར་དར་སྔོན་ལེགས་པའི་ངོས༔ རིན་ཆེན་དང་པོས་སྐུ་གཟུགས་འབྲི༔ གྲི་ལྕགས་མདུང་གི་སྐེད་པར་གདག༔ དུས་རྒྱུན་རྟེན་བཞུགས་རབ་ཏུ་གནས༔ སྒྲུབ་པའི་དུས་སུ་རྟེན་ལ་གཟུགས༔ རྦད་པའི་དུས་སུ་ས་ལ་རྡེབ༔ དྲག་སྔགས་དམོད་པས་ལས་ལ་བསྐུལ༔ རྟགས་དང་མཚན་མ་དངོས་སུ་སྟོན༔ ས་མ་ཡཱ༔ རང་བྱུང་དགོངས་ཀློང་ཡངས་པ་ནས༔ རིག་རྩལ་མཁའ་འགྲོའི་བརྡ་ལས་སྣང༔ རྩོལ་མེད་རི་མོའི་ལམ་དུ་བསྒྱུར༔ ཆོས་དབང་ནཱ་གའི་མིང་འཛིན་པ༔ སྙིང་སྟོབས་ལྡན་པའི་བུ་ལ་གཏད༔ མ་ཅིག་དམག་ཟོར་ལྷ་མོ་ཡིས༔ བསྟན་ལ་སྙིང་ཉེ་མྱུར་བའི་ལས༔ བླ་རྡོ་སྲོག་འཁོར་བསྐང་བའི་རྫས༔ ཨ་ཙར་སྤྲུལ་པའི་འགྲོ་ཕན་དེས༔ དགོང་མོའི་ཐུན་མཚམས་གཅིག་ལ་བྲིས༔ དགེ་ལེགས་འཕེལ༔

དུད་སོལ་ལྷ་མོའི་གསོལ་བསྡུས་ཡིད་བཞིན་དབང་སྔོན་རྒྱལ་པོ།

མ་ཅིག་དུད་སོལ་ལྷ་མོའི་གསོལ་བསྡུས་ཡིད་བཞིན་དབང་སྔོན་རྒྱལ་པོ་བི་ཛ་ཧ་རམ༔ མཆོད་གཏོར་གསེར་སྐྱེམས་ཕུད་ཅི་འབྱོར་འདུ་བྱས་ལ༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ རང་ཉིད་ཡི་དམ་ལྷ་ཡི་ཏིང་འཛིན་གྱིས༔ ཐུགས་ཀའི་འོད་ཟེར་མྱུར་དྲག་ཤུགས་ལྡན་འཕྲོས༔ མུ་ལེ་མཐིང་མཚོ་ཟངས་མདོག་དཔལ་གྱི་རི༔ ལ་སོགས་གཙུག་ལག་ཆོས་འཁོར་གཉན་པོ་ནས༔ མ་ཅིག་དུད་སོལ་ལྷ་མོ་འཁོར་དང་བཅས༔ དད་དང་དམ་ཚིག་དབང་གིས་འདིར་གཤེགས་ཤིག༔ བཛྲ་ས་མ་ཡཱ་ཛཿཛ༔ ཛཿཧཱུྃ་བཾ་ཧོ༔ ཏིཥྛ་ལྷན༔ ན་མོ་པུ་རུ་ཤ་ཡ་ཧོ༔ ཨ་ཏི་པཱུ་ཧོ༔ པྲ་ཏིཙྪ་ཧོ༔ ཧཱུྃ༔ མ་ཅིག་དུད་སོལ་བཀའ་འཁོར་ལས་བྱེད་ལ༔ ཐུགས་དམ་བསྐང་བའི་མཆོད་པའི་ཡོ་བྱད་ནི༔ ཀ་དག་ཀློང་སྤྲུལ་གནམ་སའི་ཁྱོན་བཀང་བའི༔ མཆོད་པའི་སྤྲིན་ཚོགས་མཎྜལ་གླིང་བཞི་དང༔ རྒྱལ་སྲིད་སྣ་བདུན་རྫས་རྟགས་བཅུ་དྲུག་བཅས༔ སྨན་གཏོར་རཀྟ་ཉེར་སྤྱོད་འདོད་ཡོན་ལྔ༔ ཁྲག་མཚོ་ཀེང་རུས་འཕན་གདུགས་རྐང་གླིང་དུང༔ རྔ་ཆེན་རོལ་མོའི་གླུ་གར་བྱེ་བྲག་གིས༔ མ་ཅིག་ལྷ་མོ་འཁོར་བཅས་བསྐང་གྱུར་ཅིག༔ ཁྱེད་ལ་འདོད་པའི་ཕྲིན་ལས་བཅོལ་བ་ནི༔ སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་མཛོད༔ བླ་མའི་སྐུ་ཚེ་མཛད་ཕྲིན་ཡར་ངོ་བཞིན༔ འཕེལ་རྒྱས་སེམས་ཅན་བདེ་སྐྱིད་རྫོགས་ལྡན་ལྟར༔ ནམ་ཡང་མི་འབྲལ་ནད་མུག་མཚོན་འཁྲུགས་ཐུལ༔ སྔོན་བསུ་རྗེས་སྐྱོར་ཁ་འཛིན་སྡོང་གྲོགས་མཛོད༔ མི་འདོད་ལོག་སྦྱོར་བྱད་མ་རྡུལ་དུ་རློགས༔ དགྲ་གདོན་དམ་སྲི་བྱུར་ངན་གང་ཡིན་རུང༔ སྡང་བྱེད་དགྲ་བོ་མར་ངོའི་ཟླ་ལྟར་ཐོངས༔ ཁམས་གསུམ་དབང་བསྡུས་ཚེ་བསོད་འབྱོར་བ་སྤེལ༔ གང་བཅོལ་ལས་ལ་ཐོགས་པ་མེད་འགྲུབ་མཛོད༔ ཅེས་འདི་ས་ར་ཧི་ཏ་ཡིས༔ སློབ་བུ་ལུང་གིས་རབ་བསྔགས་པའི༔ དད་ལྡན་ལུང་རྟོགས་བསྟན་འཛིན་ལ༔ བར་ཆད་སེལ་བའི་ཆ་རྐྱེན་དུ༔ བྲིས་པ་ཡོངས་ལ་དགེ་གྱུར་ཅིག༔

ཆེ་ཞེ་ཆེན་མོའི་གསོལ་མཆོད།

ཟུར་འགེབ་མི་ཟད་རྒྱན་འཁོར་ལས༔ ཆེ་ཞེ་ཆེན་མོའི་གསོལ་མཆོད་བཞུགས༔ བྷྱོ་བྷྱོ༔ ཆེ་ཞེ་ཆེན་མོ་ལྷ་མོ་ངེ་ནེ་མ༔ བདག་ཉིད་དཔལ་གྱི་བཀའ་ཉན་དཀོར་ལ་རྔམ༔ ཟས་ལ་ངན་པའི་དམར་མོ་དར་ནག་བེར༔ མེ་ལོང་ལྕགས་ཀྱུའི་ཕྱག་རྒྱ་མཁའ་ལ་བསྒྱུར༔ ཞབས་གཉིས་གར་སྟབས་མེ་རླུང་འཚུབ་མ་ཞོན༔ སྡང་དགྲ་གཤེ་བའི་དཔུང་ཚོགས་ཆམ་ལ་འབེབས༔ མ་ལུས་འཁོར་བཅས་འདིར་གཤེགས་མཆོད་གཏོར་བཞེས༔ མི་མཐུན་རྐྱེན་སོལ་ལེགས་པའི་དཔལ་ཁ་སྤྲོད༔ བྱེས་བསྒྲོད་སྐྱེལ་བསུ་གཞིས་སྡོད་ཁ་འཛིན་མཛོད༔ ལས་བཞི་ལྷུན་འགྲུབ་གང་བསམ་མྱུར་འགྲུབ་གྱིས༔ ཞེས་པ་རང་བྱུང་མཆོག་གི་གདེངས་ཞུམ་མེད་དུ་ངོམས་ཤིང༔ མཐོན་མཐིང་རལ་བའི་ཟུར་ཕུད་ཅན་གསལ་སྟོང་གི་བཞེད་པ་དོན་ཡོད་དུ་འགྱུར་བའི་ཆ་རྐྱེན་དུ་གཏེར་མིང་ས་ར་ཧི་ཏས་བྲིས་པ་དགེ་ལེགས་འཕེལ༔

ཚེ་རིང་མཆོད་ལྔའི་གསོལ་བསྡུས་བསམ་དོན་རེ་སྐོང་།

ཡང་བྱང་ཌཱཀྐིའི་ཐུགས་ཐིག་ལས༔ ཚེ་རིང་མཆོད་ལྔའི་གསོལ་བསྡུས་བསམ་དོན་རེ་སྐོང་བི་ཛ་ཧ་རཾ༔ ཧཱུྃ་ཧྲཱིཿ སྔོན་ཚེ་རིག་འཛིན་རྒྱལ་དབང་ཐོད་ཕྲེང་རྩལ༔ བར་དུ་རྗེ་བཙུན་ཧ་ས་བཛྲ་ཡེ༔ ཐ་མ་རིག་འཛིན་གཏེར་སྟོན་ཡབ་སྲས་ཀྱི༔ བཀའ་དང་དམ་མནོས་མི་འཇིགས་དམ་རྒྱ་ཅན༔ གངས་ཅན་བོད་ཀྱི་ཡུལ་ལྷ་ཚེ་རིང་མ༔ གཡུ་སྒྲོན་བསྟན་མ་མཆེད་ལྔའི་འཁོར་ཚོགས་བཅས༔ འདིར་གཤེགས་དགྱེས་པའི་གདན་བཞུགས་མཐུན་རྫས་བཞེས༔ ཁྱེད་ལ་འདོད་དོན་ཕྲིན་ལས་བཅོལ་བ་ནི༔ སངས་རྒྱས་བསྟན་བསྲུང་འགྲོ་བའི་བདེ་སྐྱིད་སྤེལ༔ ཡུལ་ལྗོངས་འདི་རུ་ནད་མུག་འཁྲུགས་རྩོད་བཟློག༔ མི་ཕྱུགས་གཡང་སྤེལ་བཀའ་རྐུན་དམ་ལོག་སྒྲོལ༔ འཁོར་འབངས་རིགས་རྒྱུད་ཆོས་ཀྱི་ཆར་ཆེན་ཕོབ༔ མི་མཐུན་རྒུད་པའི་གེགས་སེལ་རླུང་རྟ་བསྐྱེད༔ མི་སྙན་ཕྲུ་མའི་གཡུལ་གཞོམ་སྙན་གྲགས་སྒྲོགས༔ བདག་དང་ལྟོས་བཅས་རེ་འདོད་ཁྱོད་ཀྱིས་སྒྲུབས༔ མི་ཤེས་སྟོན་ལ་མིག་ཡོར་བསལ་བ་དང༔ མངོན་ཤེས་གསལ་བའི་རི་མོ་ཅི་བཞིན་ཐོངས༔ སྐྱེ་འགྲོའི་ཤེས་རྒྱུད་བདག་གིས་འགུག་པ་དང༔ ས་གསུམ་སྣང་བའི་རྒྱན་དུ་མཛེས་པར་མཛོད༔ ཅེས་གངས་ཅན་ཡུལ་གྱི་ཟོ་དོར་མཆོག༔ བསྟན་མ་ཚེ་རིང་གཡུ་ཡི་སྒྲོན༔ དེ་སོགས་མིང་གི་གསོལ་བསྡུས་དང༔ ཕྲིན་བཅོལ་འདོད་དོན་རེ་སྐོང་བ༔ དུམ་རྒྱ་ཞང་ཁྲོམ་ཟློས་པའི་གར༔ རིག་སྔགས་འཆང་བ་ཆེ་བའི་མཆོག༔ ཆོས་དབང་པྲཛྙཱ་བྷ་དྲ་ཡི༔ བཀས་བསྐུལ་རྟེན་འབྲེལ་མི་བསླུ་ཙམ༔ གཏེར་མིང་ས་ར་ཧི་ཏ་ཡིས༔ རང་བྱུང་ཀློང་ལས་བསྒྱུར་བ་དགེ༔

རྡོ་རྗེ་གཡུ་སྒྲོན་མའི་མངའ་གསོལ་རྡོ་རྗེའི་ཕྲེང་བ།

རྡོ་རྗེ་གཡུ་སྒྲོན་མའི་མངའ་གསོལ་རྡོ་རྗེའི་ཕྲེང་བ་བཞུགས༔ ཀ་དག་རིག་པ་དོན་གྱི་ལྷ་མོ་མཆོག༔ ཁ་བ་ཅན་གྱི་ཡུལ་ལྷའི་གཙོར་བསྔགས་པ༔ ག་གའི་ཐུགས་མངའ་ཞལ་གཅིག་ཕྱག་གཉིས་ལྡན༔ ང་བདག་འཛིན་པ་ཡོངས་བྲལ་མངའ་གསོལ་བཞེས༔ ཅ་ཅོའི་ངག་ཚིག་སྙན་པའི་དབྱངས་ཀྱིས་བསྐུལ༔ ཆར་ཆུ་རབ་མཛེས་རྡོ་རྗེ་གཡུ་སྒྲོན་མ༔ ཇ་ཁ་རྙོག་བྲལ་བརྟེན་པའི་ཡོ་བྱད་ཀྱིས༔ ཉ་ཏོག་བདུད་ལས་རྒྱལ་ཕྱིར་མངའ་གསོལ་བཞེས༔ ཏ་ཐཱ་ག་ཏའི་བསྟན་སྐྱོང་གཡུ་སྒྲོན་མ༔ ཐ་མལ་འདྲེ་སྲིན་ཕྱོགས་སུ་མི་ཉེ་ཞིང༔ ད་ལྟའི་གངས་ཅན་འགྲོ་བ་སྐྱོབ་པའི་ལྷ༔ ན་དཱའི་དོན་སྟོན་དཔལ་གྱིས་མངའ་གསོལ་བཞེས༔ པ་ཏྲ་གསེར་གྱི་རྒྱན་འཆང་གཡུ་སྒྲོན་མ༔ ཕ་རོལ་བདུད་སྲིན་སྙིང་ཁྲག་ཧུབ་ཀྱིས་འདྲེན༔ བ་གམ་བྲག་ཁྲོད་འཛིན་པའི་སྡོང་གྲོགས་མཛོད༔ མ་བཅོས་གཉུག་མའི་མདངས་འཛིན་མངའ་གསོལ་བཞེས༔ ཙ་རི་ལ་སོགས་ཡུལ་སྐྱོང་གཡུ་སྒྲོན་མ༔ ཚ་གྲང་གདུག་པའི་དགྲ་ལ་རྟགས་མཚན་སྟོན༔ ཛ་ཡ་ཀུན་མཁྱེན་ཡབ་སྲས་བཀའ་བསྒོས་བཞིན༔ ཝ་འདྲེའི་ལོག་རྟོག་གཞོམ་པར་མངའ་གསོལ་བཞེས༔ ཞྭ་མོའི་ཏོག་ལྟར་མཐོ་བའི་གཡུ་སྒྲོན་མ༔ ཟ་ཐང་ལོངས་སྤྱོད་འབྱོར་བ་རྒྱས་བྱེད་ལྷ༔ འ་ཅག་བསྟན་འགྲོའི་དཔུང་གཉེན་པྲ་ལྷ་མོ༔ ཡ་མཚན་ལྷག་པའི་ལྷ་རུ་མངའ་གསོལ་བཞེས༔ ར་བ་གངས་རིའི་ལྗོངས་ཀྱི་ཟོ་དོར་ཆེ༔ ལ་ལུང་བསྟན་དགྲའི་ཁ་ཕུང་བརླག་ལ་དཔའ༔ ཤ་ཟ་སྲིན་རྒྱལ་པདྨའི་བཀའ་ཉན་མ༔ ས་ལམ་བར་ཆད་སེལ་བར་མངའ་གསོལ་བཞེས༔ ཧ་ལ་དུག་ལྔ་རང་གྲོལ་རྫོགས་པ་ཆེའི༔ ཨ་དོན་སྐྱེ་མེད་གྲོལ་གཞི་སྟོན་མཛད་མ༔ བདག་གི་མགོན་དང་ལེགས་པ་སྟེར་བའི་གྲོགས༔ ཨ་ཅེ་ལྷ་མོས་མཆོག་ཏུ་མངའ་གསོལ་བཞེས༔ ཞེས་རྡོ་རྗེ་གཡུ་སྒྲོན་མའི་མངའ་གསོལ་འབོལ་རྩོམ་འདི་བྱ་བྲལ་གསལ་སྟོང་གིས་བསྐུལ་ངོར་བླ་མིང་ཟོག་པོ་གང་གིས་བྲིས་པ་དགེ་ལེགས་འཕེལ༔

གཡུ་སྒྲོན་མའི་བསྟོད་པ་རྡོ་བླས་མཛད་པ།

༄༅། གཡུ་སྒྲོན་མའི་བསྟོད་པ་ནི། བྷྱོ༔ དབྱིངས་ཀྱི་ཡུམ་ལྔའི་སྒྱུ་འཕྲུལ་གར། །ཟོ་དོར་ཚུལ་དུ་ལེགས་བསྒྱུར་ཞིང་། །རྣམ་བཞིའི་ཕྲིན་ལས་བསྒྲུབ་མཛད་ལྷ། །རྡོ་རྗེ་གཡུ་སྒྲོན་འཁོར་བཅས་བསྟོད། །ཐུགས་དང་འགལ་བ་བཤགས་བགྱི་ཞིང་། །མ་སྲུ་མཛའ་གྲོགས་ཇི་བཞིན་དུ། །འགྲོགས་ལ་རབ་འབྱམས་ཕྲིན་ལས་ཀུན། །ཐོགས་མེད་མྱུར་དུ་འགྲུབ་པར་མཛོད།། རྫོགས་ཆེན་པ་རྡོ་བླས་སོ།།

རྡོ་རྗེ་གཡུ་སྒྲོན་མའི་མཆོད་ཕྲེང་གར་དབང་ཆོས་སྐུས་མཛད་པ།

༄༅། རྡོ་རྗེ་གཡུ་སྒྲོན་མའི་མཆོད་ཕྲེང་བཞུགས༔ ཧཱུྃ༔ རྡོ་རྗེ་བསྟན་མ་གཡུ་སྒྲོན་མ༔ ཙ་རི་ཊ་སོགས་ཚྭ་བ་སྒང༔ གར་བཞུགས་གནས་ནས་སྤྱན་འདྲེན་ན༔ དམ་ཚིག་གཉན་པོའི་རྟེན་ལ་བཞུགས༔ མཆོད་པ་སྣ་ཚོགས་འབུལ་བར་བགྱི༔ རྟག་ཏུ་མི་འབྲལ་རྒྱུན་དུ་འགྲོགས༔ ཟས་ནོར་ལོངས་སྤྱོད་དབང་དུ་བསྡུས༔ སྡང་དགྲའི་དཔུང་ཚོགས་ཆམ་ལ་ཕོབ༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཅེས་གར་དབང་པདྨ་ཆོས་སྐུས་བྲིས་པ་སརྦ་མངྒ་ལཾ༔

སྣང་གསལ་པྲ་ཡི་ཆོ་ག་སྲིད་གསུམ་ལེགས་ཉེས་སྟོན་པའི་ཨ་དར་ཤ

ཡང་གསང་མཁའ་འགྲོའི་ཐུགས་ཐིག་ལས༔ སྣང་གསལ་པྲ་ཡི་ཆོ་ག་སྲིད་གསུམ་ལེགས་ཉེས་སྟོན་པའི་ཨ་དར་ཤ་བི་ཛ་ཧ་རཾ༔

ཨོ་རྒྱན་ཐོད་ཕྲེང་རྩལ་ལ་འདུད༔ སྣང་གསལ་པྲ་ཡི་ལྡིང་ཁང་གི༔ སྒྲུབ་ཐབས་མཐིང་གི་ཞལ་བཟང་མ༔ དོན་ལ་རྡོ་རྗེ་གཡུ་བུན་རྒྱལ༔ མ་ཅིག་སྲིང་གཅིག་གཡུ་ཡི་སྒྲོན༔ རྣམ་གསུམ་དབྱེར་མེད་ངོ་བོ་གཅིག༔ དོན་ལ་རྡོ་རྗེ་ཕག་གདོང་མ༔ དངོས་གྲུབ་ཀུན་གྱི་མདེའུ་ཡིན༔ གསང་སྔགས་དངོས་གྲུབ་འབྱུང་བའི་དཔལ༔ དམ་ལྡན་རྣལ་འབྱོར་སྐྱོང་བའི་མགོན༔ དངོས་གྲུབ་བཾ་གྱི་བདག་མོ་མཆོག༔ སྐལ་ལྡན་ཡོངས་ཀྱི་རྒྱུད་གྲོལ་རྗེ༔ དམ་ཚིག་གཉན་པོས་བྱ་ར་མཛད༔ ཉམས་པའི་སྲོག་གི་གཤེད་མ་མཛད༔ མ་རྒྱུད་མཁའ་འགྲོའི་བདག་ཉིད་ཆེ༔ ཨ་ལ་ལ་ཧོ་ས་མ་ཡཱ༔ དེ་ཉིད་ཚུལ་བཞིན་སྒྲུབ་འདོད་པའི༔ གང་ཟག་དམ་ཉམས་དམེ་ཡུག་གི༔ གྲིབ་ཀྱིས་མ་གོས་ཡི་དམ་གྱི༔ བསྙེན་པ་ཚད་དུ་ལོངས་པ་ཡི༔ རྣལ་འབྱོར་དམ་པས་སྒྲུབ་པའི་གནས༔ གངས་རི་བརྟན་ཆགས་གཡུ་མཚོ་ནི༔ གཏན་འཁྱིལ་རྫ་རི་སྤང་གི་རི༔ ལྷུན་བརྗིད་དགྲ་འདྲེའི་འཚེ་བ་དབེན༔ གྲུབ་ཐོབ་སྐྱེས་བུས་ཞབས་བཅག་པའི༔ གནས་སུ་དཀྱིལ་འཁོར་མདའ་གང་ལུག་ཕྱིང་གདན༔ སྟེང་དུ་འབྲུ་ལྔའི་ཚོམ་བུ་དགོད༔ འབྲས་བཤོས་གཙང་མའི་བཤོས་ལྔ་ནི༔ རིན་ཆེན་སྣོད་དུ་རྒྱན་གྱིས་སྤྲས༔ དངུལ་གྱི་མེ་ལོང་གཡའ་བྲལ་སྟེང༔ ལི་ཁྲི་སིནྡྷུ་ར་དམར་པོ༔ མྱོས་རྫས་ཛ་གད་ཀྱིས་སྦགས་པའི༔ ཐིག་ལེ་ཕྱོགས་བཞི་དབུས་ལྔར་བཀོད༔ མདུན་དུ་རང་བྱུང་ཤེལ་རྡོ་ཤོ༔ གཡུ་བྱང་མིག་མེད་རྨ་བྱའི་སྒྲོ༔ མར་གྱི་ལྷ་གཡག་ཨ་ལོ་ཀེ༔ མདའ་མོ་བྱ་རྒོད་སྒྲོ་མདེའུ༔ ལེགས་ཚང་སྣ་ལྔའི་དར་གྱིས་སྤུད༔ ཕྱི་ནང་མཆོད་པས་མཐའ་ནས་བསྐོར༔ རྣལ་འབྱོར་བདེ་བའི་སྟན་ལ་འདུག༔ ཡི་དམ་ལྷ་ཡི་ལས་གཞུང་བསྲང༔ བསྙེན་སྒྲུབ་མཆོད་བསྟོད་མཚམས་སུ་ནི༔ རྡོ་རྗེ་མཐིང་གི་ཞལ་བཟང་མའི༔ ཕྲིན་ལས་རིམ་པ་འདི་བཞིན་གྱེར༔ ས་མ་ཡཱ༔ ཨེ་མ་ཧོ༔ མདུན་གྱི་ནམ་མཁར་འཆི་མེད་དགའ་བའི་ཚལ༔ རང་སྣང་འོད་གསལ་སྤྲུལ་པ་སྐྱེད་མོས་ལྗོངས༔ གངས་དཀར་མཐོ་བརྗིད་ཉི་ཟླའི་འོད་ཕྲེང་འཁྱུག༔ སྣ་ཚོགས་མེ་ཏོག་བཀྲ་བའི་ཡིད་འོང་གནས༔ བྱ་ཚོགས་སྙན་སྒྲོག་རི་དྭགས་རྩེད་འཇོར་རོལ༔ སྤོས་ཆུའི་ཀླུང་འབབ་ཚ་གྲང་ཁོད་སྙོམ་ཞིང༔ དགའ་བདེའི་ཡོན་ཏན་རྫོགས་པའི་དཔལ་ལ་འགྲན༔ ཞིང་ཁམས་དེ་དབུས་རིན་ཆེན་གཞལ་མེད་ཁང༔ གཡུ་ཡི་ཁ་པད་གསེར་གྱི་རྒྱ་ཕིབ་ཏོག༔ འཇའ་དང་འོད་འཁྱུག་དེ་དབུས་རཏྣའི་ཁྲི༔ སྣ་ཚོགས་དར་གྱི་ལྷབ་ལྷུབ་དཔྱངས་པའི་སྟེང༔ མ་ཅིག་མཁའ་འགྲོ་རྡོ་རྗེ་ཞལ་བཟང་མ༔ དོན་ལ་རྡོ་རྗེ་གཡུ་ཡི་སྒྲོན་མ་ཞེས༔ ཞལ་འཛུམ་བཞད་མདངས་སྙན་པའི་གླུ་ལེན་མ༔ དཀར་གསལ་སྒེག་མཛེས་རཏྣའི་དབུ་རྒྱན་བརྗིད༔ དར་དཔྱངས་རིན་ཆེན་ནོར་བུའི་དོ་ཤལ་སྤུད༔ ཕྱག་གཡས་སྣ་ལྔའི་མདའ་དར་ཕྱོགས་བཅུར་གཡབ༔ སྣང་གསལ་པྲ་ཡི་ཕྱྭ་གཡང་མ་ལུས་འགུགས༔ ཕྱག་གཡོན་དངུལ་དཀར་པྲ་ཡི་མེ་ལོང་ངོམ༔ ཁམས་གསུམ་སྲིད་པའི་ལེགས་ཉེས་ས་ལེར་སྟོན༔ ཞབས་གཉིས་ཕྱེད་སྐྱིལ་ཁྲི་ལ་དགྱེས་པར་བཞུགས༔ ཕྱོགས་བཞིར་མཆེད་བཞིའི་ལྷ་མོ་གཙོ་དང་མཚུངས༔ ཀུན་ཀྱང་བཅུ་དྲུག་ན་ཚོད་སྒེག་མཛེས་འཛུམ༔ གཙོ་འཁོར་ཐུགས་ཀར་བཾ་དང་ནི༔ ཧ་རི་ནི་ས་གནས་གསུམ་གྱི༔ ཡིག་འབྲུ་དཀར་དམར་མཐིང་གསུམ་ལས༔ འོད་འཕྲོས་ཨོ་རྒྱན་མཁའ་སྤྱོད་ཞིང༔ གནམ་སྨན་གངས་རི་ཤེལ་གུར་ནང༔ སྤྲིན་དཀར་དག་པའི་ཕོ་བྲང་ནས༔ སྨན་བཙུན་རྡོ་རྗེ་གཡུ་ཡི་སྒྲོན༔ མཐིང་གི་ཞལ་བཟང་ཞེས་ཀྱང་བྱ༔ ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས༔ དམ་ཚིག་པ་དང་གཉིས་མེད་གྱུར༔ ཨོཾ་བཛྲ་པྲ་མོ་ཧ་བཾ་ཧ་རི་ནི་ས་ས་མ་ཡཱ་ཛ་ཛཿཕེཾ་ཕེཾ༔ ཀྱཻ༔ བཞེངས་ཤིག་ཆོས་སྐུའི་ཀློང་ཡངས་ནས༔ བསྐྱོད་ཅིག་ལོངས་སྤྱོད་རྫོགས་པའི་མ༔ དགོངས་ཤིག་སྤྲུལ་པའི་གནས་མཆོག་འདིར༔ དམ་ཚིག་གཉན་པོས་ད་ཚུར་བྱོན༔ འདའ་དཀའ་རྡོ་རྗེའི་གདན་ལ་བཞུགས༔ ཉམས་ཆགས་སྐོང་ཞིང་ཞིག་རལ་གསོ༔ སྲོག་དང་དམ་ཚིག་གཅིག་ཏུ་བསྲེ༔ བརྟན་པར་བཞུགས་ལ་དངོས་གྲུབ་སྩོལ༔ བཛྲ་ས་མ་ཡཱ་ཏིཥྛ་ལྷན༔ ཞེས༔ དད་དང་དམ་ཚིག་དབང་གིས་ནི༔ རྡོ་རྗེ་མཐིང་གི་ཞལ་བཟང་མ༔ འཁོར་བཅས་མདུན་བསྐྱེད་པྲ་རྟེན་ལ༔ མཚོ་ལ་ཁ་བ་བབ་བཞིན་བསྟིམ༔ དེ་ནས་ཀུན་བཟང་མཆོད་པའི་སྤྲིན༔ ཡེ་ཤེས་ལྷ་ཡི་ཐུགས་དམ་བསྐང༔ ནམ་མཁའ་མཛོད་ཀྱི་སྔགས་རྒྱས་སྤེལ༔ ཨོཾ་ཨཱཿཧཱུྃ༔ བདེ་ཆེན་ཀུན་ཏུ་བཟང་མོ་ཝ་ར་ཧི༔ རྗེས་ཆགས་འགྲོ་ལ་སྙིང་རྗེའི་གཟུགས་ཀྱི་སྐུ༔ བསྟན་སྲུང་དབང་མོ་གངས་ཅན་བསྟན་མའི་གཙོ༔ སྨན་བཙུན་རྡོ་རྗེ་མཐིང་གི་ཞལ་བཟང་མ༔ ཁྱེད་ལ་དགྱེས་པའི་མཆོད་རྫས་འབུལ་བ་ནི༔ དངོས་ཡིད་ལས་བྱུང་ཀུན་བཟང་ནམ་མཁའི་སྤྲིན༔ སྐུ་རྟེན་བླ་རྡོ་མེ་ལོང་དར་སྣ་ལྔ༔ སྨན་བཙུན་ལྷ་མོ་བཞུགས་པའི་རྟེན་དུ་འབུལ༔ འབྲས་བཤོས་གཙང་མ་འབྲུ་ཡི་ཚོམ་བུ་བཀོད༔ སྨན་བཙུན་ལྷ་མོ་དགྱེས་པའི་རྟེན་དུ་འབུལ༔ ཕྱིང་གདན་སྟེང་དུ་པྲ་རྟེན་བུ་མོ་གཙང༔ གཡུ་ཡི་ཐོད་བཅིང་དབང་རྫས་ལི་ཁྲི་བྱུགས༔ གཡུ་བྱང་མིག་མེད་ལྷ་གཡག་ཨ་ལོ་ཀེ༔ སྨན་བཙུན་ལྷ་མོ་དགྱེས་པའི་རྟེན་དུ་འབུལ༔ ནེའུ་སིང་མེ་ཏོག་སྐྱེད་མོས་ཚལ༔ ཤ་རྐྱང་མ་ཧེ་འདོད་འཇོའི་བ༔ རྨ་བྱ་དགའ་བའི་ཟློས་གར་བསྒྱུར༔ རླུང་གི་རྩལ་ལྡན་སྤོས་ཀྱི་གླང༔ རི་དྭགས་གཡུང་དྭགས་རྩེ་འཇོ་ངོམ༔ སྨན་བཙུན་དཀོར་གྱི་རྟེན་དུ་འབུལ༔ ཕྱི་ནང་གསང་བ་དེ་ཁོ་ནའི༔ འཕྲུལ་དང་འཕྲུལ་མེད་དག་པའི་ཆོས༔ མདོར་ན་སྨན་མོ་མཉེས་པའི་རྫས༔ མ་ཚང་མེད་པའི་འདོད་རྫས་བསྐང༔ བསྐང་བྱ་སྐོང་བྱེད་བྲལ་བས་བསྐངས༔ རྩ་བ་ཡན་ལག་དམ་ཚིག་ཀུན༔ མི་འཆབ་བཤགས་སོ་ཚང་པར་མཛོད༔ ཡི་གེ་བརྒྱ་པ་བརྒྱའམ་ཉེར་གཅིག་བཟླ༔ ཀྱེཿ རྒྱལ་དབང་མཚོ་སྐྱེས་རྡོ་རྗེ་དང༔ རྗེ་བཙུན་བཞད་པ་རྡོ་རྗེ་རྩལ༔ རིག་འཛིན་ཡབ་སྲས་སྤྱན་སྔ་རུ༔ ཁས་བླངས་ཐ་ཚིག་རྗེས་དགོངས་ལ༔ ཟབ་གསང་སྙིང་པོའི་བསྟན་པ་སྲུང༔ བསྟན་འཛིན་སྐྱེས་བུའི་ལེགས་ཚོགས་སྤེལ༔ པྲ་རྟེན་འདི་ཡི་སྙིང་ལ་ཞུགས༔ སྲིད་པ་གསུམ་གྱི་ལེགས་ཉེས་སྟོན༔ ཡིད་ལ་བསམ་པའི་འདོད་དོན་གང༔ ལྷང་ལྷང་སྒྲོགས་ལ་ཐོལ་ཐོལ་སྨྲོས༔ འདོད་པའི་དོན་དང་གཉེར་བའི་ལས༔ མ་འདའ་མྱུར་དུ་མཆིས་པར་མཛོད༔ མཐུ་རྩལ་ཅན་ལ་བདག་བསྟོད་བགྱིས༔ དེ་ནས་བཟླས་པ་བྱ་བ་ནི༔ དང་པོ་བསྙེན་པའི་རིམ་པ་འོ༔ བདག་ཉིད་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ མདུན་བསྐྱེད་སྨན་བཙུན་ལྷ་མོའི་ཐུགས་རྒྱུད་བསྐུལ༔ ཐུགས་ཀ་ནས་འོད་ཟེར་ལྔ་ལྡན་དང༔ སྣང་གསལ་པྲ་ཡི་མེ་ལོང་རྣམས་བྱུང་ནས་བདག་དང་སྒྲུབ་རྫས་དག་ལ་བསྟིམ་ཞིང་མཆོག་ཐུན་དངོས་གྲུབ་སྣང་སྲིད་ས་ལེར་གསལ་བའི་མཐུ་ཐོབ་པར་བསམ་ལ་རྩ་སྔགས་བཟླ༔ ཨོཾ་བཛྲ་པྲ་མོ་ཧཱ་བཾ་ཧ་རི་ནི་ས་ཧྲིང་ཧྲིང་སརྦ་སིདྡྷི་སྭཱ་ཧཱ༔ ཞེས་པའི་རྩ་བའི་སྔགས་ལ་ནི༔ མདེའུ་འབྲུ་དྲུག་རྣོ་སོ་གདགས༔ འབུམ་ཕྲག་བཅུ་དགུ་བསྙེན་པ་ན༔ དངོས་ཉམས་རྨི་ལམ་རྟགས་མཚན་འབྱུང༔ དངོས་གྲུབ་ཅི་འདོད་སྨན་མོས་སྟེར༔ ཚུལ་བཞིན་བསྒྲུབ་ཀྱང་རྟགས་མེད་ན༔ ཟབ་མོ་དག་སྣང་རྫུན་དུ་ཟད༔ ལྷ་དང་བླ་མའི་ལུང་བསྟན་འཕྱུགས༔ རྒྱལ་དབང་བླ་མས་ཆོས་ལོག་བསྒྱུར༔ གང་ལ་གཏད་སོ་དབེན་པར་གདའ༔ དེ་ཕྱིར་སྔོན་སྨོན་དག་པ་ཡིས༔ སྣང་བའི་བརྡ་ཆོས་བླ་མ་དང༔ མཁའ་འགྲོ་དམ་ཅན་རྒྱ་མཚོས་གནང༔ བསླུ་བར་མི་འགྱུར་ས་མ་ཡཱ༔ དེ་ཕྱིར་ཆོས་དབང་གང་ཟག་གིས༔ ཁོག་པའི་སྙིང་དང་དཔྲལ་བའི་མིག༔ ཅི་ལྟ་བ་བཞིན་གཅེས་པས་བསྒྲུབ༔ སྒྲུབ་པ་གནད་དང་མི་ལྡན་པར༔ ཕལ་པ་སུ་ལ་མ་འཆལ་ན༔ བྱིན་རླབས་ཡེ་ཤེས་ན་བུན་འཐིབ༔ ཨ་ཙར་ཟབ་པའི་དམ་ཆོས་འདི༔ རྩ་གསུམ་རྒྱ་མཚོའི་སྙིང་ཐིག་ཡིན༔ མ་བསླུས་མི་བསླུ་བསླུ་མི་འགྱུར༔ དེ་ཕྱིར་རྟོག་པ་སྤོང་ལ་སྒྲུབ༔ ས་མ་ཡཱ༔ ཨི་དནྟ་ན་ར་ཀན༔ དེ་ནས༔ བསྙེན་གྲངས་ཐེམས་ནས་བསྒྲུབ་པ་ནི༔ རྣལ་འབྱོར་བས་སྤོས་སྣ་དང༔ ཁྱད་པར་སྤོས་དཀར་གྱི་དུད་པ་བདུག་ནས༔ དད་དང་དམ་ཚིག་གཉན་པོའི་འདུན་པས་འདི་བཞིན་གྱེར༔ ས་མ་ཡཱ༔ ཀྱེ༔ འབོད་དོ་རྡོ་རྗེ་གཡུ་སྒྲོན་མ༔ བསྐུལ་ལོ་མཐིང་གི་ཞལ་བཟང་མ༔ བཞེངས་ཤིག་པྲ་བདག་རྣོ་མཐོང་གསལ༔ དགོངས་ཤིག་གསོན་ཅིག་མཐུ་མ་ཆུང༔ མིང་པོས་འབོད་པའི་དུས་བྱུང་ན༔ སྲིང་གཅིག་འོང་བར་མ་ཆད་དམ༔ མཐིང་གི་ཞལ་བཟང་སྒེག་མཛེས་སྟོན༔ ཕྱག་གཡས་མདའ་དར་སྣ་ལྔ་གཡབ༔ སྣང་སྲིད་པྲ་ཡི་དངོས་གྲུབ་སྩོལ༔ ཕྱག་གཡོན་དངུལ་དཀར་མེ་ལོང་གིས༔ སྲིད་པ་གསུམ་གྱི་ལེགས་ཉེས་སྟོན༔ དགྱེས་སྒེག་ཆགས་པའི་ཉམས་འགྱུར་གྱིས༔ པྲ་རྟེན་འདི་ཡི་སྙིང་ལ་ཞུགས༔ དུས་གསུམ་མཁྱེན་པའི་མངོན་ཤེས་སྩོལ༔ ལྷང་ལྷང་སྟོན་ལ་ཐོལ་ཐོལ་སྟོན༔ འདོད་དོན་ལེགས་ཚོགས་ཚུལ་བཞིན་སྒྲུབ༔ བརྒྱུད་གསུམ་བླ་མའི་བཀའ་བཞིན་དུ༔ དམ་བཅའ་དགོངས་ལ་མ་འདའ་ཞིག༔ བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ མདུན་བསྐྱེད་སྨན་བཙུན་འཁོར་བཅས་ཐུགས་རྒྱུད་བསྐུལ༔ རྣོ་མཐོང་མཁྱེན་པའི་ཡེ་ཤེས་འོད་ཟེར་གྱི་ཚུལ་དུ་བྱུང་བ་རྟེན་རྫས་དང་བདག་ལ་ཐིམ་པས་དུས་གསུམ་ས་ལེར་མཁྱེན་པའི་མཐུ་ཐོབ་པར་བསམ་ལ་རྩ་སྔགས་མཐར༔ སྭཱ་ཧཱའི་གོང་དུ༔ ཀ་ར་ཀ་ར་དྭངས་ར་དྭངས་ར་ཐི་སེ་ཐེ་སེ༔ མདེའུ་དྲུག་པ་ཙཀྵུ་པྲ་བེ་ཤ་ཡ་ཕཊ༔ དེ་ལྟར་ཁྲི་ཕྲག་བཅུ་ཙམ་བཟླས་པ་མེ་ལོང་དང་པྲ་རྟེན་སོགས་ལ་བཏབ་ནས་བྱིན་དབབ་ན་ཅི་འདོད་པའི་མངོན་ཤེས་སྟོན་པར་ཐེ་ཚོམ་མེད༔ ས་མ་ཡཱ༔ དེ་ལྟར་བསྙེན་སྒྲུབ་ཚུལ་བཞིན་དུ༔ གཡེལ་དང་ཞུད་དུ་མ་བཏང་བར༔ གནད་དུ་བསྣུན་པའི་འགྲུབ་རྟགས་ནི༔ རབ་དངོས་འབྲིང་ཉམས་ཐ་མ་རུ༔ བུད་མེད་སྔོ་བསང་རིན་པོ་ཆེའི༔ རྒྱན་གྱིས་སྤུད་པས་དགྱེས་འཛུམ་སྟོན༔ ལེགས་ཉེས་བཟང་ངན་ལུང་སྟོན་འབྱུང༔ དཀར་གསུམ་མངར་གསུམ་ཟས་ལ་སྤྱོད༔ སྦ་གླིང་འབུད་དང་གཞས་སྒྲུང་འཐེན༔ གླིང་བུ་མེ་ལོང་རྙེད་པ་དང༔ མདའ་དར་གཡབ་དང་མེ་ཏོག་འཐུ༔ བུ་མོ་བག་མ་བཟང་མོ་ཡིས༔ སྒྲ་དང་སྔགས་སོགས་ཟློས་པ་སོགས༔ རྟགས་མཚན་བཟང་པོ་དུ་མ་འབྱུང༔ སྨན་མོ་འགྲུབ་ལ་ཉེ་བའི་རྟགས༔ ལར་ནི་བཟང་ངན་མཚན་མ་ཅི་བྱུང་ཡང༔ དགའ་བྲོད་ཁུ་འཕྲིག་མི་བྱེད་པར༔ རོ་སྙོམ་ལྟ་བའི་གདེང་བསྐྱེད་གཅེས༔ ཐམས་ཅད་སྒྱུ་མའི་ཚུལ་རྟོགས་ན༔ སྨན་མོ་སེམས་གྱི་རྩལ་ཏུ་ཤར༔ བསྒྲུབ་བྱ་སྒྲུབ་བྱེད་མེད་མོད་ཀྱང༔ དག་མཉམ་ཡེ་ཤེས་ཆེན་པོར་འགྱུར༔ སྣང་སེམས་གཅིག་ཏུ་འདྲེས་པ་ན༔ འཁོར་འདས་རིག་རྩལ་ཆོ་རོལ་འགྱེད༔ ཁྱབ་བྱེད་ཀུན་གཟིགས་རང་ལ་ཤར༔ ཀུན་མཁྱེན་ཡེ་ཤེས་ཨ་ལ་ལ༔ མི་མཐོང་མཐོང་བ་ཆེན་པོ་ཐོབ༔ ས་མ་ཡཱ༔ རིག་རྩལ་ཡེ་ཤེས་མཁའ་འགྲོའི་བརྡ༔ ཟབ་དགུས་བརྒྱན་པའི་དགོངས་ཀློང་ཆོས༔ རྣོ་མཐོང་གསལ་བའི་མངོན་ཤེས་ཀྱི༔ སྒྲུབ་ཐབས་དག་པའི་བློ་ལ་འཆར༔ ལས་སྐལ་ལྡན་པའི་སློབ་བུ་ལ༔ ལས་འཕྲོ་ཡོད་པའི་དཔལ་དུ་སྦྱིན༔ ཐེ་ཚོམ་ལོག་ལྟས་མ་བསླད་པར༔ ཚུལ་བཞིན་ཉམས་སུ་བླངས་པ་ན༔ འདི་ཕྱིའི་དོན་ཀུན་འདི་ཡིས་འགྲུབ༔ ཁམས་གསུམ་དབང་དུ་འདུ་བ་དང༔ མཆོག་ཐུན་དངོས་གྲུབ་འཕྲལ་དུ་འགྲུབ༔ ཕོ་རྒྱུད་མོ་རྒྱུད་སྙིང་ལ་དབང༔ གངས་ཅན་ཀ་ཆ་དཀོར་ལ་དབང༔ སྙན་པའི་བ་དན་རླུང་གིས་བསྐྱོད༔ དེ་ཕྱིར་གཅེས་པས་ཉམས་སུ་ལོངས༔ ཙིཏྟ་ལ་གུ་ཧྱ༔ ཨི་དནྟ་ན་ར་ཀན༔ ལས་སྦྱོར་པྲ་རྟེན་པྲ་ཕབ་སོགས༔ བྱིས་པ་རིགས་བཟང་ངམ་ནི་བུ་མོ་ནི༔ གྲོང་པའི་ཆོས་ཀྱིས་མ་གོས་སྐྱེ་མཆེད་གཙང༔ ཕ་མ་ཚང་བ་མིང་བཀྲ་ལེགས་པ་ལ༔ ཁྲུས་བྱ་གོས་གཙང་བསྐོན་ལ་བྱུག་བདུག་བྲབ༔ ཁོ་རང་ཡིད་ལ་འདོད་པའི་རྡོ་གཅིག་ལེན༔ བཅུག་ལ་དར་དམར་གྱིས་དྲིལ་པུས་འོག་བཅུག༔ ལི་ཁྲི་སིནྡྷུ་ར་ཡི་ཞུར་ཡང་འཐེན༔ སྟན་དཀར་གཙང་མར་ནས་ཀྱིས་གཡུང་དྲུང་བྲིས༔ དེ་སྟེང་པྲ་རྟེན་དར་གྱི་ལ་ཐོད་ཅན༔ སྒྲུབ་སྔགས་ཆང་ལ་བཏབ་པ་བཏུང་བཅུག་བཞག༔ དེ་མདུན་ཕྱིང་དཀར་གཙང་མར་མེ་ལོང་དང་༔ མར་མེ་མར་གྱི་ལྷ་གཡག་གསེར་གྱི་སྐྱེམས༔ མཆོད་རྫས་བསྐང་རྫས་མདའ་དར་མཁོ་རྫས་བཤམས༔ ཆོ་ག་གཞུང་བསྲང་བྱིན་རླབས་བྱིན་འབེབས་བྱ༔ རྟེན་དང་བྱིས་པ་སྨན་བཙུན་རོལ་བར་བསམ༔ རྩ་སྔགས་གཤམ་དུ་འབྲུ་བདུན་བཏག་པ་དང༔ ཀཾ་ཁོ་ལེ་ལ་འབྲུ་དྲུག་བཏག་པ་དང༔ བཟླས་པའི་བསྔགས་ནས་བྱིས་པ་སོགས་ལ་གཏོར༔ བྷི་ལུག་བཟླས་ལ་མེ་ལོང་དག་ལ་གཏོར༔ རྩ་སྔགས་དང་ནི་ཀ་ར་མིག་ལ་བཏབ༔ ལས་སྦྱོར་བཅོ་ལྔ་པ་ནི་ལྟག་པར་བཏབ༔ པྲ་རྟེན་གཡག་དང་མེ་ལོང་མཚོ་རུ་དམིགས༔ དེ་ལྟར་བཟླ་བྱའི་སྔགས་ཀྱི་རིམ་པ་ནི༔ ཨོཾ་འཕང་གཱ་པ་ཡེ་སྭཱཧཱ༔ ཨོཾ་ཀཾ་ཁོ་ལེ་ཀཾ་ཁོ་ལེ་ཤོ་ན་ཁོ་ལེ་ཤོ་ན་ཁོ་ལེ་ཁེ་ས་དྷ་རེ་ཁེ་ས་དྷ་རེ་ཤ་ས་ཧཾ་ཨ༔ ཆུ་བུར་མིག་གི་སྒོ་སོལ༔ ཨོཾ་བྷི་ལུག་ཀྵ་ནི་ཨ་ལོ་ཀྵ་ཀ་ཡ་སྭཱཧཱ༔ སྔགས་རེ་རེ་བཞིན་པྲ་འབེབས་ནུས་སོ༔ སྔགས་ཡོངས་རྫོགས་བཟླས་ནས་གྲངས་སོང་ན་འབེབས་ནུས་སོ༔ ཐེ་ཚོམ་མེད༔ ཟབ་པའི་སྙིང་ཐིག་ཟབ་པའི་མཐར་ཐུག་ལགས༔ ཞེས་པ་འདིའང་མཐིང་གི་ཞལ་བཟང་མ་ལ་བརྟེན་ནས་སྣང་གསལ་པྲ་ཡི་ཆོ་ག་སྲིད་གསུམ་ལེགས་ཉེས་སྟོན་པའི་མེ་ལོང་ཞེས་བྱ་བ་འདི་ཉིད་དུས་བབས་ཀྱི་གཏེར་ཆེན་རིག་འཛིན་བསམ་གཏན་ཡེ་ཤེས་གླིང་པས་རིག་པ་མཉམ་བཞག་གི་སྒྲོམ་ནས་བཏོན་ཏེ་སྤེལ་བའི་སྣོད་ཆོས་ཀྱི་བདག་པོ་ཨོ་རྒྱན་དམ་པའི་མཚན་འཆང་ཛྙཱ་ན་ཀུ་མ་ར་ཡི་ཟློས་གར་ཞབས་མཐིལ་སྨེ་བས་བརྒྱན་ཅིང་འགྲམ་གཡོན་སྨེ་བའི་ཐིག་ལེ་ཉུང་འབྲུ་ཙམ་པ༔ དམ་གྲིབ་དང་ལྷ་སྲུང་འཁྲུགས་པའི་འཁོན་གྱིས་སྤྱན་གྱི་རྣོ་ནུས་ཞན་ཅིང་རིག་རྩལ་ཤེས་རབ་གྱི་མངའ་བདག་སྒྲ་བརྒྱའི་སྙིང་པོའི་སྤྲུལ་པའི་སྐུ་མཆོག་དམ་པ་དང༔ རང་སློབ་སྔགས་ཀྱི་ཚུལ་ཅན་གསལ་སྟོང་དང་ཨ་རིག་སོགས་སྣོད་ལྡན་ལ་རྟེན་འབྲེལ་དུ་ཕུལ་བས་མཁྱེན་རབ་གསལ་བའི་སྣང་ཆ་འགགས་མེད་དུ་ལེགས་ཉེས་སྟོན་པའི་མཁྱེན་ལྡན་དུ་གྱུར་ཅིག་གུ༔

པྲ་འབེབས་ཁར་གསལ་བར་ཞུ་བ།

ཟུར་འགེབ་མི་ཟད་རྒྱན་འཁོར་ལས༔ པྲ་འབེབས་ཁར་གསལ་བར་ཞུ་བ་ནི༔ ཀྱེ༔ ཁྱེད་ལ་དེ་རིང་ཞུ་བ་ནི༔ པྲ་གདན་དཀར་པོ་དྲི་མེད་ལ༔ འབྲུ་མཆོག་གཙང་མའི་གཡུང་དྲུང་རིས༔ བཀྲ་ཤིས་ཁྱེའུ་འམ་བུ་མོ་གཙང་མ་འདི༔ རྣལ་འབྱོར་བདག་ཅག་ཡན་ཆད་ཀྱི༔ ཡིད་ལ་བསམ་པའི་འདོད་དོན་དང༔ འདས་དང་མ་འོངས་ད་ལྟར་དང༔ ཁམས་གསུམ་མ་ལུས་གསལ་བར་སྟོན༔ ལྷ་དང་མི་དང་འདྲེ་ལ་སོགས༔ ཕན་བྱེད་གནོད་བྱེད་གསལ་བར་སྟོན༔ གཞན་གྱིས་མ་ཤེས་ངེད་ལ་འདྲི༔ ང་ཡིས་མ་ཤེས་ཁྱེད་ལ་འདྲི༔ མ་ཅིག་རྡོ་རྗེ་མཁའ་འགྲོ་མ༔ དམ་རྫས་གཏོར་མ་འདི་བཞེས་ལ༔ གནས་མཆོག་འདི་རུ་པྲ་ཕོབ་ཅིག༔ གདན་མཁར་འདི་རུ་པྲ་ཅིག་སྟོན༔ རྫུ་འཕྲུལ་སྲིད་པའི་ཕྱྭ་རུ་མ༔ སྨྲོས་ཤིག་སྟོན་ཅིག་གསལ་བར་སྟོན༔ ལས་སྦྱོར་བཅོ་ལྔ་ཅི་མང་བཟླས༔ ཨོཾ་མ་ཎི་བཛྲ་ཙཎྜ་མ་ཧཱ་ཊ་ཐཱ་ག་ཡ་སྭཱ་ཧཱ༔ ཞེས་འདོད་དོན་ལ་གསོལ་བ་རྩེ་གཅིག་ཏུ་གདབ་བོ༔ རིགས་མཆོག་པདྨ་ཆོས་འཕེལ་གྱིས་བསྐུལ་ངོར༔ ས་ར་ཧི་ཏས་བྲིས་པ་དགེ་ལེགས་འཕེལ༔

སྣང་གསལ་པྲ་ཡི་ལས་སྦྱོར།

སྣང་གསལ་པྲ་ཡི་ལས་སྦྱོར་ནི༔ ཧཱུྃ་བྷྱོ༔ སྔོན་ཚེ་རིག་འཛིན་ཐོད་ཕྲེང་རྩལ༔ རྒྱལ་དབང་མི་ལ་ཡབ་སྲས་བརྒྱུད༔ བཀའ་བསྒོས་དམ་བསྒྲགས་དྲན་མཛོད་ལ༔ མ་གཡེལ་མ་འདའ་ས་མ་ཡཱ༔ པྲ་རྟེན་འདི་ཡི་སྙིང་ལ་ཞུགས༔ ལྷང་ལྷང་སྒྲོགས་ལ་ཐོར་ཐོར་སྨྲོས༔ འདོད་དོན་ལེགས་ཉེས་གསལ་བར་སྟོན༔ རྣལ་འབྱོར་དམ་མེད་མི་སྲིད་ཀྱི༔ ཆོས་སྐྱོང་མཐུ་མེད་མི་སྲིད་ཀྱི༔ ཅི་བཅོལ་ད་ལྟ་གསལ་བར་ཕོབ༔ བརྡ་དོན་མ་འཛོལ་དྲང་པོར་སྟོན༔ ས་མ་ཡཱ་ལ་དགོངས་པར་འཚལ༔ བསྙེན་སྒྲུབ་ལས་སྦྱོར་མདེ་འུའི་སྔགས༔ དམིགས་པ་དང་བཅས་བཟླས་པར་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ ས་ར་ཧི་ཏས་བྲིས་པ་དགེ་ལེགས་འཕེལ༔

སྣང་གསལ་པྲ་ཡི་ཆ་ལག་སྔོན་དུ་འགྲོའི་ཆོས་གསུམ་རས་པ་གསལ་སྟོབས་ཀྱི་མཛད་པ།

ཟུར་གསལ་ཡེ་ཤེས་འཁོར་ལོ་ལས༔ སྣང་གསལ་པྲ་ཡི་ཆ་ལག་ཏུ༔ སྔོན་དུ་འགྲོ་བའི་ཆོས་གསུམ་སྟོན༔ སྐུ་གསུམ་བླ་མའི་བདག་ཉིད་དཔལ༔ སྲིང་གཅིག་རྡོ་རྗེ་གཡུ་སྒྲོན་མ༔ མཁའ་འགྲོ་ཡོངས་ཀྱི་རྗེ་མོར་འདུད༔ ས་མ་ཡཱ༔ དང་པོ་རིན་ཆེན་བུམ་པ་སྤོས་ཆུས་བཀང༔ རྣམ་གཟུངས་བཟླས་པས་ནུས་ལྡན་བྱ༔ ཧཱུྃ་ཧྲཱིཿ བུམ་པ་བདེ་སྟོང་གཞལ་མེད་ཁང༔ གཉིས་མེད་བྱང་ཆུབ་སེམས་ཀྱི་ཆུས༔ སྐལ་ལྡན་བུ་ཡི་སྒོ་གསུམ་བཀྲུ༔ ནད་གདོན་སྡིག་སྒྲིབ་དམ་སྡོམ་འགལ༔ དམེ་ནལ་རོ་མཛེ་ཡུག་ཤན་གྲིབ༔ ཐེ་ཚོམ་རྫུན་དང་གཡོ་སྒྱུ་སོགས༔ མངོན་ཤེས་འགོགས་པའི་ཉེས་སྐྱོན་ཚོགས༔ མ་ལུས་བྱང་ཞིང་དག་པར་མཛོད༔ ཅེས་གཟུངས་སྔགས་དང་ཁྲུས་སྔགས་ཅི་རིགས་བྱ༔ པྲ་རྟེན་ཡན་ལག་ལྔ་ཁྲུས་དང་བྱུག་བདུག་བྲབ་གསུམ་སོགས་ཡང་དག་བྱ༔ དེ་ནས་དཀར་ཕྱོགས་སྐྱོང་བ་རྣམས་ལ་གཏོར་སྐྱེམས་འབུལ་ནས་ཕྲིན་ལས་བཅོལ༔ ནག་ཕྱོགས་རིགས་ལ་བགེགས་འབྲང་བྱིན་ལ་ཕྱིར་བསྐྲད་པ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ རང་བྱུང་རིག་པ་སྐྱེ་མེད་དོན་གྱི་ལྷ༔ བདག་ཉིད་སྣང་སྲིད་ཟིལ་གནོན་པད་འབྱུང་ངས༔ གནས་འདིར་པྲ་ཡི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ ཐེ་ཚོམ་ལོག་ལྟ་གཉིས་སྣང་འཁྲུལ་བའི་འདྲེ༔ གཏོར་མ་འདི་ལོངས་གླིང་བཞིའི་ཕ་མཐར་དེངས༔ གནས་འདིར་མ་འདུག་ཆོས་དབྱིངས་ཀློང་དུ་དེངས༔ བཀའ་ལས་འདས་ན་རྡོ་རྗེ་ཁྲོ་བོས་གཞོམ༔ ཞེས་ཧཱུྃ་བཞིའི་སྔགས་དང་བསྡིག་བསྐྲད་ཀྱི་དགོངས་པས་ཡང་ཡང་བསྐྱར༔ སླར་བསྲུང་མཚམས་བགོ་བ་ནི༔ ཧཱུྃ་ཧྲཱིཿ རང་བྱུང་རང་ཤར་ཆེན་པོའི་དཀྱིལ་འཁོར་འདིར༔ རིག་རྩལ་རོལ་བའི་ལྷ་དང་ལྷ་མོའི་སྤྲིན༔ མི་ཤིགས་ན་དཱ་བརྗོད་མེད་ཕྱག་རྒྱར་རྫོགས༔ ཁྱབ་བརྡལ་ལྷུན་གྲུབ་ཆེན་པོའི་འཁོར་ལོར་རོལ༔ ཨཱ་ཨཱ་ཨཱཿ དྷརྨ་དྷརྟུ་ཙཀྲ་བྷྲུྃ༔ གཉིས་པ་སྐྱབས་སེམས་རིམ་པ་ནི༔ ཧཱུྃ་ཧྲཱིཿ དེང་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྲུང་དང༔ སྨན་བཙུན་རྡོ་རྗེ་མཐིང་གི་ཞལ་བཟང་མར༔ སྐྱབས་སུ་མཆི་འོ་ཐུགས་རྗེས་བཟུང་དུ་གསོལ༔ ལན་གསུམ༔ ཧཱུྃ་ཧོ༔ བདེ་ཆེན་ཀུན་ཏུ་བཟང་མོ་ཝཱ་ར་ཧི༔ འགྲོ་ལ་རྗེས་ཆགས་རྡོ་རྗེ་གཡུ་སྒྲོན་མའི༔ སྣང་གསལ་པྲ་ཡི་དཀྱིལ་འཁོར་འདིར་ཞུགས་ནས༔ བསྟན་དང་འགྲོ་བའི་བདེ་སྐྱིད་སྤེལ་སླད་དུ༔ སྨན་བཙུན་ལྷ་མོ་བསྒྲུབ་པར་དམ་བཅའ་འོ༔ ལན་གསུམ༔ གསུམ་པ་མཆོད་རྫས་བྱིན་རླབས་ནི༔ ཨེ་མ་ཧོ༔ རང་སྣང་དག་པ་ངོ་མཚར་སྤྲུལ་སྐུའི་ཞིང༔ རྒྱན་དང་བཀོད་པ་ཕུན་ཚོགས་ལྔ་ལྡན་གནས༔ རང་བྱུང་ལྷུན་གྲུབ་པདྨ་རྒྱལ་པོའི་སྐུ༔ སྣང་སྲིད་ཟིལ་གནོན་བརྡ་དོན་རྟགས་ཀྱིས་སྤྲས༔ གསལ་དག་བརྟན་གསུམ་རྣམ་འགྱུར་ངོམས་བཞིན་དུ༔ གནས་གསུམ་ལས་འཕྲོས་འབྲུ་གསུམ་དབྱིངས་ནས་སྤྲོས༔ མཆོད་རྫས་མ་དག་སྦྱངས་སྤེལ་འདོད་རྒུར་བསྒྱུར༔ ལྷ་ཀླུ་མི་ཡི་མཆོད་པ་སྤྲིན་ལྟར་གཏིབས༔ མེ་ཏོག་བདུག་སྤོས་མར་མེ་དྲི་ཞལ་རོལ༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས༔ སྨན་རཀ་གཏོར་གསུམ་སྦྱོར་སྒྲོལ་ལྟ་སྒོམ་སྤྱོདཿ ངོ་མཚར་མཆོད་པ་བཅུ་དྲུག་རྒྱལ་སྲིད་བདུན༔ བཀྲ་ཤིས་རྫས་རྟགས་བརྒྱད་དང་ཉེ་བ་བདུན༔ རིན་ཆེན་ལྔ་དང་གསོ་བསྐྱེད་འབྲུ་དྲུག་སྨན༔ གོ་ཁྲབ་མཚོན་སོགས་ཀ་ཆ་དཀོར་ནོར་རྫས༔ སྤོས་ཆུ་ཀླུང་འབེབས་ནེའུ་གསིང་སྐྱེད་མོས་ཚལ༔ འདོད་འཇོའི་བ་དང་རྨ་བྱས་ཟློས་གར་བསྒྱུར༔ རླུང་གི་རྩལ་ལྡན་སྤོས་ཀྱི་གླང་ཆེན་དང༔ རི་དྭགས་གཡུང་དྭགས་གཅན་གཟན་ཆུ་གནས་བྱ༔ ཀུན་གྱི་རྣམ་འགྱུར་རྩེད་འཇོས་དགའ་བདེ་བསྐྱེད༔ སྐུ་རྟེན་བླ་རྡོ་མེ་ལོང་དར་སྣ་ལྔ༔ འཇའ་ཤེལ་གཡུ་བྱང་ལྷ་གཡག་ཨ་ལོ་ཀེ༔ པྲ་རྟེན་བུ་མོ་གཡུ་ཐོད་ལི་ཁྲིས་བྱུགས༔ དམ་རྫས་བརྒྱན་པའི་གཏོར་མ་གསེར་གཡུ་སྐྱེམས༔ ཇ་ཆང་འོ་ཞོ་སྤོས་དཀར་དུད་སྤྲིན་འཁྲིགས༔ ལྔ་ལྡན་དབྱངས་སྙན་རོལ་མོས་རྣ་བ་མྱོས༔ མདོར་ན་སྨན་མོ་མཉེས་པའི་མཆོད་རྫས་དང༔ བསྐང་རྫས་སྒྲུབ་རྫས་རྟེན་རྫས་མཐུན་པའི་རྫས༔ མ་ཚང་མེད་པ་དགོས་འདོད་ནོར་ལྟར་དང༔ ཀུན་བཟང་མཆོད་པའི་རྣམ་རོལ་ལྟ་བུར་གྱུར༔ ཨོཾ་ཨཱཿཧཱུྃ༔ཧ་ཧོ་ཧྲཱིཿདང་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ མཎྜལ་གུ་ཧྱ༔ ཞེས་པའི་ཕྲིན་ལས་གཞུང་བཞིན་བསྒྲུབ༔ སྣང་གསལ་པྲ་ཡི་སྔོན་འགྲོའི་ཆོས༔ ང་ཉིད་ཇོ་མོ་མཚོ་རྒྱལ་གྱིས༔ ཨ་ཙར་གསལ་སྣང་ཐུགས་གཏེར་གྱི༔ མ་ཚང་ཁ་བསྐང་དོན་ཆེད་དུ༔ མཚོ་སྐྱེས་རྡོ་རྗེ་ཉིད་ལ་ཞུས༔ ད་ལྟ་ཡང་སྤྲུལ་སྐྱེས་བུས་སྤེལ༔ གཏེར་ཆོས་མ་བུ་ཟུང་འབྲེལ་གྱིས༔ བསྟན་དང་འགྲོ་བའི་གསོས་སུ་ཤོག༔ ཤུ་བྷཾ༔ ཅེས་སློབ་འབངས་རས་མིང་འཛིན་པས་སྤེལ་བ་དགེཿ

བསྙེན་བསྒྲུབ་གྲངས་ཐེམས་ལས་སྦྱོར་འདོད་དོན་གསོལ་བ་རས་པ་གསལ་སྟོབས་ཀྱིས་མཛད་པ།

བསྙེན་བསྒྲུབ་གྲངས་ཐེམས་ལས་སྦྱོར་འདོད་དོན་གསོལ་བ་ནི༔ ཧཱུྃ་ཧྲཱིཿ རྡོ་རྗེ་ཕག་མོའི་རྣམ་རོལ་གཟུགས་ཀྱི་སྐུ༔ རྒྱལ་བའི་བསྟན་སྲུང་རྡོ་རྗེ་གཡུ་ཡི་སྒྲོན༔ མཚན་གྱིས་བསྔགས་པའི་ལྷ་མོ་གཙོ་དང་འཁོར༔ ཁྱེད་དང་མཐུན་པའི་འདོད་རྫས་དངོས་སུ་བཤམས༔ བསྒྲུབ་གནས་ཡིད་འོང་སྒྲུབ་ཚུལ་སྙིང་རུས་ཀྱིས༔ དང་པོ་བསྙེན་ཅིང་བར་དུ་ལེགས་པར་བསྒྲུབ༔ ལས་སྦྱོར་གནད་བསྟུན་དངོས་གྲུབ་ཐོབ་ལ་ཉེ༔ འབོད་དོ་བསྐུལ་ལོ་མཐིང་གི་ཞལ་བཟང་མ༔ དགོངས་ཤིག་གསོན་ཅིག་རྡོ་རྗེ་གཡུ་སྒྲོན་མ༔ དངོས་སུ་སྒྲུབ་པའི་འདོད་དོན་གསོལ་བ་ནི༔ ཞལ་གཟིགས་ལུང་སྟོན་དབུགས་དབྱུང་མཆོག་གི་དངོས༔ ཁ་སྦྱོར་བདུན་ལྡན་འཇའ་ལུས་དངོས་གྲུབ་སྩོལ༔ ཐུན་མོང་དངོས་གྲུབ་ལས་བཞི་ལྷུན་གྱིས་གྲུབ༔ སྣང་སྲིད་གསལ་བའི་མེ་ལོང་དངོས་གྲུབ་སྩོལ༔ མ་འགྱང་མ་གཡེལ་རྡོ་རྗེ་གཡུ་སྒྲོན་མ༔ དངོས་གྲུབ་མི་སྟེར་བསྒྲུབ་ལ་རྟགས་མེད་ན༔ རྒྱུ་འབྲས་འཆོལ་བ་དམ་ཚིག་ཉམས་ཏ་རེ༔ དམ་ལས་མ་འདའ་རེ་འབྲས་མཆིས་པར་མཛོད༔ སྔོན་ཚེ་རིག་འཛིན་བརྒྱུད་པའི་སྤྱན་སྔ་རུ༔ ཇི་ལྟར་ཁས་བླངས་ཐ་ཚིག་ཡོད་པ་བཞིན༔ ཟབ་ཆོས་བསྟན་པ་ཕྱོགས་བཅུར་སྤེལ་བ་དང༔ དེ་འཛིན་སྐྱེས་བུའི་འདོད་དོན་ལེགས་ཚོགས་སྒྲུབ༔ བསྟན་པའི་བདག་པོའི་ཚེ་ཆོས་སྲིད་ནོར་འཚོས༔ སྔགས་འཆང་སྒྲུབ་པོ་གར་འདུག་གར་གནས་ཀྱང༔ དམ་ཅན་སྤྱི་དང་ཁྱད་པར་གཡུ་སྒྲོན་མས༔ སྔུན་བསུ་རྒྱབ་སྐྱོར་ལེགས་པའི་བྱ་བ་སྤྲོད༔ ནད་གདོན་ཉེར་འཚེ་བྱད་མ་དམ་སྲི་ཐུལ༔ མི་མཐུན་རྐྱེན་སོལ་རླུང་རྟའི་དཔལ་ཁ་བསྐྱེད༔ མི་སྙན་ཕྲུ་མའི་གཡུལ་འཇོམས་སྙན་སྒྲ་སྒྲོགས༔ དུས་རྣམས་མི་གཡེལ་ལུས་དང་གྲིབ་མ་བཞིན༔ འགྲོགས་ནས་ཅི་བཅོལ་ལས་རྣམས་འགྲུབ་པར་མཛོད༔ ཅེས་པའི་འདོད་གསོལ་སྨོན་ཚིག་འདི་ཉིད་ཆོས་དབང་ཐ་ཤལ་རས་མིང་པས་བྲིས་པའོ༔

མ་ཅིག་ཤ་ཟ་མཁའ་འགྲོ་མའི་གསོལ་མཆོད་ཕྲིན་ལས་ཀུན་འགྲུབ།

ཡང་གསང་མཁའ་འགྲོའི་སྙིང་ཁྲག་ལས༔ མ་ཅིག་ཤ་ཟ་མཁའ་འགྲོ་མའི་གསོལ་མཆོད་ཕྲིན་ལས་ཀུན་འགྲུབ་བཞུགས༔ ཡེ་ཤེས་མཁའ་འགྲོ་ལ་ཕྱག་འཚལ༔ ཤ་ཟ་ཁ་མོའི་སྒྲུབ་པ་ལ༔ རྒྱུན་གཏོར་ཟུར་གསུམ་ཁྲག་གིས་བྱུག༔ གསེར་གཡུ་ཇ་ཆང་འོ་ཞོའི་སྐྱེམས༔ གྱ་ནོམ་བཤམས་ལ་འདི་སྐད་དོ༔ ཧཱུྃ་བྷྱོ༔ རང་བྱུང་དབྱིངས་ཀྱི་རྒྱལ་མོ་ནི༔ ཁྲག་འཐུང་ཤ་ཟ་ཁ་མོ་ཆེ༔ དམར་ནག་ཁྲོ་གཏུམ་སྤྱན་གསུམ་པ༔ ཨམ་གཙིགས་བསྡམས་ཤིང་གློག་འོད་བཅིབས༔ གཡང་གཞི་ལྡིང་ཐབས་རུས་རྒྱན་གསོལ༔ དམར་སེར་རལ་པ་ཐོད་སྐམ་རྔམ༔ ཕྱག་གཉིས་གློ་སྙིང་ཞགས་པ་བསྣམས༔ དམ་ཚིག་དབང་གིས་སྤྱན་འདྲེན་ནོ༔ རང་མཐུན་གདན་བཞུགས་གུས་ཕྱག་འཚལ༔ སྨན་གཏོར་རཀྟ་སྦྱོར་སྒྲོལ་མཆོད༔ བསྐང་རྫས་མཆོད་རྫས་སྒྲུབ་པའི་རྫས༔ མཐུན་པའི་དམ་རྫས་སྣ་ཚོགས་ཀྱིས༔ མ་ཅིག་མཁའ་འགྲོའི་ཐུགས་དམ་བསྐང༔ རྡོ་རྗེ་བདུད་མོའི་ཐུགས་དམ་བསྐང༔ ཤ་ཟ་ཁ་མོའི་ཐུགས་དམ་བསྐང༔ བསྐང་གྱུར་དབང་དང་དངོས་གྲུབ་སྩོལ༔ གསང་གསུམ་ཡོན་ཏན་ཆེ་བས་བསྟོད༔ ནད་གདོན་བར་ཆད་དབྱིངས་སུ་སོལ༔ ཚེ་ཆོས་སྲིད་ནོར་རྒྱས་པར་སྤེལ༔ འདུ་བ་རྣམ་གསུམ་ཆར་ལྟར་ཕོབ༔ བྱད་མ་རང་གཤེད་རང་ལ་བཟློག༔ མ་འདའ་བཛྲ་ས་མ་ཡཱ༔ བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད༔ ཅེས་པའི་མ་ཅིག་ཌཱཀྐི་མའི༔ གསོལ་བསྡུས་འདོད་རྒུའི་འབྱུང་གནས་འདི༔ སྔོན་སྦྱང་ལས་འཕྲོ་ཡོད་པའི་བུ༔ བཙུན་པ་དགེ་སྦྱོང་བསྟན་འགྲོའི་གཉེན༔ བཛྲ་གུ་ཎ་ཞེས་བྱས་བསྐུལ༔ སྨོན་ལམ་དུས་བབས་མི་ལྡོག་ཙམ༔ རྒྱལ་ཁམས་ཉུལ་བ་བྷུ་སུ་ཀུ༔ ས་ར་ཧི་ཏས་བྲིས་པ་དགེ༔

དགྲ་བླ་གེ་སར་གྱི་གསོལ་བསྡུས།

ཡང་གསང་མཁའ་འགྲོའི་སྙིང་གི་ཟུར་འགེབ་ལས༔ སྒྲོལ་མའི་བཀའ་སྲུང་སྐྱེས་བུ་མི་ཐུང་ནོར་བདག་མགོ་ནག་གི་དགྲ་བླ་གསོལ་བསྡུས་བི་ཛ་ཧ་རཾ་ཏིཥྨ༔

ཨོ་རྒྱན་སློབ་དཔོན་ཆེན་པོ་ལ་ཕྱག་འཚལ་ལོ༔ འཛམ་གླིང་སྐྱེས་བུ་མཆོད་སྒྲུབ་ནི༔ གཟའ་སྐར་ལེགས་པའི་དུས་གཉན་ལ༔ གཏོར་མ་གཙོ་འཁོར་རྒྱན་དང་ལྡན༔ དཀར་དམར་ཟས་སྣ་ཚོགས་པས་བརྒྱན༔ དྲི་བཟང་སྤོས་ཀྱི་དུད་པ་གཏོང༔ རྣལ་འབྱོར་ལྷ་ཡི་ང་རྒྱལ་གྱིས༔ ཀྱཻ༔ འཛམ་གླིང་ཉི་མ་ལྷོ་ཡི་ཕྱོགས༔ གངས་ཅན་དགྲ་ལྷ་སྐྱེས་བུ་ཆེ༔ གེ་སར་ནོར་བུ་དགྲ་འདུལ་རྒྱལ༔ མི་ཐུང་ནོར་བདག་དཔའ་བོ་ནི༔ ཞལ་གཅིག་ཕྱག་གཉིས་གཟི་འོད་འབར༔ པདྨ་ར་གའི་ལྷུན་པོར་འགྲན༔ སྤྱན་གཉིས་ཁྲོ་འཛུམ་སྨ་ར་ངོམ༔ ཕྱག་གཉིས་ཤེས་རབ་རལ་གྲི་ཕྱར༔ གཡོན་པས་ནོར་བུ་ཟ་མ་ཏོག༔ དབུ་ལ་འཛོམ་ཞུ་སྒྲོ་སྣས་བརྒྱན༔ སྐུ་ལ་བེམ་དང་དར་གོས་ཀླུབས༔ མདའ་གཞུ་འཁོར་གསུམ་ཀྱི་ལི་ལི༔ གྲུ་མོ་གཡོན་ན་མདུང་དར་ཕྱར༔ ཞབས་གཉིས་སག་ལྷྭམ་དང་བཅས་པ༔ ཕྱེད་སྐྱིལ་རྐྱང་བུ་གྱི་ལིང་ཞོན༔ གསེར་སྒ་སྟག་སྟན་བསེ་ཡི་ཁྲབ༔ གཡུ་མཐུར་ཉི་ཟླའི་ཕྲ་ཚོམ་སྤྲས༔ སྤྱི་བོའི་སྟེང་གི་ནམ་མཁའ་ལ༔ སློབ་དཔོན་ཨོ་རྒྱན་བླ་མ་བཞུགས༔ གཡས་ཕྱོགས་གཉན་རྗེ་སྐུ་བླ་དང༔ གཡོན་ཕྱོགས་སྲིང་ཆུང་འོད་དཀར་ལྕམ༔ འོག་ཕྱོགས་ཀླུ་རྒྱལ་གཙུག་ན་དང༔ མཐའ་བསྐོར་དཔའ་ཐུལ་སུམ་ཅུ་དང༔ སྐུ་ལྷ་རྨ་རྒྱལ་སྤོམ་ར་སོགས༔ ལྷ་སྲིན་ཁྲོམ་ཚོགས་ལྟ་བུར་བསྐྱེད༔ ཀྱཻ་ཀྱཻ༔ དབུ་ནག་སྐྱེས་བུ་གེ་སར་རྒྱལ༔ ཨོ་རྒྱན་པདྨས་བཀའ་བསྒོས་བཞིན༔ སངས་རྒྱས་བསྟན་པ་བསྲུང་བ་དང༔ སེམས་ཅན་བདེ་ལ་འགོད་པའི་ཕྱིར༔ འཁོར་བཅས་གནས་འདིར་གཤེགས་སུ་གསོལ༔ གནས་འདིར་བཀོད་ལེགས་གདན་ལ་བཞུགས༔ སྤྲུལ་པའི་ལྷ་མོས་འདུད་པར་བགྱི༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་རོལ་མོ་གཟུགས་སྒྲ་དྲི༔ རོ་དང་རེག་བྱ་ལ་སོགས་པ༔ དཀར་གསུམ་གཏོར་མ་མཐུན་རྫས་སྦགས༔ སྐྱེས་བུ་སེང་ཆེན་གསོལ་ལོ་མཆོད༔ རྟེན་རྫས་སྒྲུབ་རྫས་བསྐང་བའི་རྫས༔ མདའ་དར་གོ་མཚོན་ཡ་ལད་དང༔ རི་དྭགས་གཡུང་དྭགས་སྲོག་ཆགས་འབུམ༔ སྐུ་རྟེན་དཀོར་ཆ་མཐུན་པའི་རྒྱན༔ མི་ཐུང་ནོར་བདག་ཐུགས་དམ་བསྐང༔ ཨོ་རྒྱན་བླ་མའི་ལྷ་ཚོགས་མཉེས་གྱུར་ཅིག༔ གཉན་གྱི་དམག་ཚོགས་ཐུགས་དམ་བསྐང༔ ཇ་ཆང་རིན་ཆེན་སྐྱེམས་རིགས་ཀྱིས༔ སྲིང་ཆུང་ཐ་ལེ་འོད་དཀར་བརྔན༔ ལེགས་ཉེས་སྟངས་འཛིན་མགོན་སྐྱབས་མཛོད༔ ཀླུ་ནོར་ནེའུ་སིང་སྐྱེད་ཚལ་གྱིས༔ གཙུག་ན་རིན་ཆེན་མཆོད་དོ་བརྔན༔ ཀླུ་གཡང་དངོས་གྲུབ་བདག་ལ་སྩོལ༔ དངོས་འབྱོར་ཡིད་སྤྲུལ་རྒྱ་མཚོ་ཡིས༔ རྨ་རྒྱལ་ལྷ་འཁོར་འབུམ་ཕྲག་དང༔ གྲུབ་ཆེན་དཔའ་ཐུལ་སུམ་ཅུ་ལྔ༔ ལྷ་སྲིན་སྡེ་བརྒྱད་དམག་ཚོགས་ཀྱི༔ ཐུགས་དམ་བསྐང་ལ་ཕྲིན་ལས་སྒྲུབ༔ ཉམས་ཆག་འགལ་འཁྲུལ་བཤགས་པར་བགྱི༔ མ་འདའ་བཛྲ་ས་མ་ཡཱ༔ ཧོ་དགོངས་སུ་གསོལ་ལོ༔ གསན་དུ་གསོལ་ལོ༔ སྤྲོས་པ་མེད་པའི་དབྱིངས༔ ཡངས་པ་ཆེན་པོའི་ཀློང༔ སྟེང་ལྷ་ཡི་ཁམས༔ བར་གཉན་གྱི་ཡུལ༔ འོག་ཀླུ་ཡི་གྲོང་ཁྱེར་སོགས་ནས༔ སློབ་དཔོན་པདྨ་འབྱུང་གནས༔ རྗེ་བཙུན་འཇམ་དབྱངས་དམར་པོ༔ སློབ་དཔོན་ཀླུ་སྒྲུབ་སྙིང་པོ༔ རྒྱ་གར་གྲུབ་ཐོབ་བརྒྱད་ཅུ་སོགས་ཀྱི་སྤྱན་སྔར་ཁས་བླངས་དམ་བཅས་པ་བཞིན་དུ་འཛམ་གླིང་སེང་ཆེན་རྒྱལ་པོ༔ སྲིང་ཆུང་ཐ་ལེ་འོད་དཀར༔ སྟེང་གི་གནམ་ལྷ་དཀར་ཆེན༔ གཉན་ཆེན་སྐུ་བླ་གེར་འཛོ༔ ཀླུ་རྒྱལ་གཙུག་ན་རིན་ཆེན༔ ནུ་བོ་རྒྱ་ཚ་ཞལ་དཀར༔ གླིང་གི་དཔའ་ཐུལ་སུམ་ཅུ༔ ཡང་ཐུལ་དམ་པའི་མི་བདུན༔ ལྷ་སྲིན་དྲེགས་པའི་དམག་ཚོགས་ཁྱེད་རྣམས་ལ་བསང་གསུར་གསེར་སྐྱེམས་གཏོར་མས་བརྔན་ནོ༔ གསོལ་ལོ༔ མཆོད་དོ༔ སྔར་བཅོལ་ལེགས་པའི་གཏང་རག༔ ཕྱིས་བཅོལ་ལས་ཀྱི་ཞུ་སྐྱེམས་མཆོད་རྫས་དམ་པ་འབུལ་བ་ཡིན་པས༔ བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་འཁོར་སྲུང༔ རྐྱེན་བཟློག༔ ལེགས་པ་བརྒྱ་དང་སྤྲོད༔ ཉེས་པ་སྟོང་དང་སུབ༔ ཁ་ཡི་ཟས་འདོད་ཟས་དང་སྤྲོད་ཅིག༔ ལག་པའི་ནོར་འདོད་ནོར་དང་སྤྲོད་ཅིག༔ རྒྱབ་ཀྱི་གོས་འདོད་གོས་དང་སྤྲོད་ཅིག༔ འབྲུ་ནོར་རིན་པོ་ཆེ་སྣ་ཚོགས་ཀྱི་ཆར་ཕོབ་ཅིག༔ གཞུ་གང་ལས་དཔངས་མ་མཐོ༔ མདའ་གང་ལས་རྒྱང་མ་བསྲིང༔ བདག་གི་ལུས་དང་གྲིབ་མ་ལྟར༔ གོས་དང་གོང་ང་ལྟར༔ ཉི་ཟླ་དང་ཟེར་ལྟར་དགྲ་བླའི་རྒྱལ་པོ་ཁྱེད་ཀྱིས་མི་འབྲལ་བར་དམ་ཉམས་པའི་དགྲ་འདྲེ་བསམ་པ་ངན་ཞིང་སྦྱོར་བ་རྩུབ་པ་རྐུ་ཤོམ་ཇག་ཤོམ་མགོ་གཡོག་མགོ་སྐོར་བཀའ་ལ་མི་ཉན༔ དམ་ལ་མི་གནས་པའི་རིགས་གང་ཡིན་པས་བདག་བལྟར་མེད་པར་མཛོད་ཅིག༔ གཟུང་དུ་མེད་པར་མཛོད་ཅིག༔ བཅིང་དུ་མེད་པར་མཛོད་ཅིག༔ དགག་ཏུ་མེད་པར་མཛོད་ཅིག༔ བསྒལ་དུ་མེད་པར་མཛོད་ཅིག༔ རྨོངས་པར་བྱར་མེད་པར་མཛོད་ཅིག༔ ཆད་པས་བཅད་དུ་མེད་པར་མཛོད་ཅིག༔ མགོ་བྲེག་ཏུ་མེད་པར་མཛོད་ཅིག༔ གཞུར་མེད་པར་མཛོད་ཅིག༔ ཚིག་པར་བྱར་མེད་པར་མཛོད་ཅིག༔ གནོད་བྱེད་དགྲ་བགེགས་གང་གི་དབང་དུ་མི་འགྲོ་བར་མཛོད་ཅིག༔ གཉའ་ནོན་མཛོད་ཅིག༔ ཆམ་ལ་ཕོབ་ཅིག༔ ཆུ་ཟམ་པ་མེད་པ་ལ་ཟམ་ཚུགས་ཤིག༔ བྲག་ཐེམ་པ་མེད་པ་ལ་ཐེམ་སྐས་གྱིས་ཤིག༔ ཁ་མགོན་དང་སྡོང་གྲོགས་མཛོད་ཅིག༔ ཁ་འཛིན་རྒྱབ་རྟེན་མཛོད་ཅིག༔ མི་ནོར་ཟས་གོས་ཡུལ་ཁམས་ཞིང་ཁང་དང་བཅས་པའི་སྲུང་མ་མཛོད་ཅིག༔ ཀྱཻ༔ འཛམ་གླིང་སེང་ཆེན་གེ་སར་རྒྱལ་པོ་ཆེ༔ ཡབ་ཡུམ་ལྕམ་སྲིང་ལྷ་ཀླུ་གཉན་གསུམ་དང༔ དཔའ་ཐུལ་ལ་སོགས་ལྷ་སྲིན་དྲེགས་པའི་ཚོགས༔ མ་ལུས་འཁོར་བཅས་མངའ་གསོལ་མཆོད་ཅིང་བསྟོད༔ བདག་ཅག་ལ་སྡང་དགྲ་རྐུན་ཇག་ཆོམ་སོགས༔ རྡུལ་ཕྲན་མིང་གི་ལྷག་མར་མཛད་དུ་གསོལ༔ གང་བསམ་ཡིད་བཞིན་དཔལ་གྱིས་མངོན་མཐོ་ཞིང༔ རྣལ་འབྱོར་བཅོལ་བའི་རེ་འབྲས་མཆིས་པར་མཛོད༔ ས་མ་ཡཱ༔ གཏོར་མ་འགྲོ་ཕྱོགས་སུ་ཕུལ་བའམ༔ ཡང་ན་བསང་ནང་དུ་བསྲེག༔ ཁྱི་དང་སློང་མོ་སོགས་ལ་མི་སྦྱིན༔ ཡུལ་ལྷ་དང་ཆེ་བཙན་དྲེགས་པ་ཅན་མི་དབང་དཔའ་བོ་དགྲ་བླ་ཅན་དང༔ འདི་ཡི་བཀའ་ལུང་གནང་བའི་སློབ་དཔོན་སོགས་སྨད་མི་རུང༔ མཆོད་སྒྲུབ་སོགས་ཅི་ནུས་བགྱིས་ན་རྟགས་མངོན་སུམ་འོང༔ རྗེ་བཙུན་མའི་གཏེར་གྱི་གཉེར་བྱང་ཡོད༔ ཤིན་ཏུ་ཟབ༔

གཟའི་གསོལ་བསྡུས།

ཧཱུྃ་ཀྵ༔ སྲིན་པོའི་རྒྱལ་པོ་དྲང་སྲོང་རཱ་ཧུ་ལ༔ གཟའ་ཆེན་བརྒྱད་དང་གདོང་བཞི་རྒྱུ་སྐར་ཚོགས༔ འདིར་བྱོན་སྨན་གཏོར་རཀྟ་ར་གསུར་དང༔ དམ་ཉམས་དགྲ་བགེགས་ཕུང་ཁམས་སྐྱེ་མཆེད་འབུལ༔ རྣལ་འབྱོར་ལམ་གྱི་བར་ཆད་ཞི་བ་དང༔ མཐུན་རྐྱེན་འབད་མེད་ལྷུན་གྱིས་གྲུབ་པར་མཛོད༔ ཁྱོད་ཀྱི་མཐུ་སྟོབས་དྲག་རྩལ་གློག་ལྟར་མྱུར༔ དམིགས་པའི་དགྲ་བོ་གཞོམ་པའི་ཕྲིན་ལས་མཛོད༔ ཁམས་གསུམ་ཡིད་དབང་འགུགས་པའི་མཐུ་ནུས་བསྐྱེད༔ ཚེ་བསོད་སྙན་གྲགས་རྒྱས་པའི་ཕྲིན་ལས་མཛོད༔ ཞེས་སྤྲུལ་སྐུ་ས་ར་ཧི་ཏའི་ཐུགས་གཏེར་རོ།།

བཀའ་སྲུང་སྐྱེས་བུ་ཆེན་པོའི་གསང་སྒྲུབ་འགུགས་པའི་ལྕགས་ཀྱུ།

ཡང་གསང་ཌཱཀྐིའི་ཐུགས་ཐིག་ལས༔ བཀའ་སྲུང་སྐྱེས་བུ་ཆེན་པོའི་གསང་སྒྲུབ་འགུགས་པའི་ལྕགས་ཀྱུ་བཞུགས་སོ༔ ཡང་གསང་ཌཱཀྐིའི་ཐུགས་ཐིག་ལས༔ འཇམ་དཔལ་ལ་སོགས་ཡང་ཟབ་ཆོས༔ བཀའ་སྲུང་སྐྱེས་བུ་ཆེན་པོ་ཡི༔ གསང་སྒྲུབ་འགུགས་པའི་ལྕགས་ཀྱུ་སྟོན༔ ས་མ་ཡཱ༔ ལག་ན་རྡོ་རྗེ་གསང་བའི་བདག༔ ཆེ་བ་སངས་རྒྱས་རིག་སྔགས་འཆང༔ ཕྱག་བྱར་འོས་པ་བླ་མའི་རབ༔ རྣམ་གསུམ་དབྱེར་མེད་སྤྱི་བོས་མཆོད༔ བདག་འདྲ་རིག་འཛིན་པདྨ་ཡིས༔ གྲོགས་མཆོག་ཡེ་ཤེས་མཚོ་རྒྱལ་དང༔ ཨ་ཙར་དབྱངས་ལ་གཅེས་ནོར་དུ༔ བྱིན་པའི་སྐྱེས་བུའི་གསང་སྒྲུབ་འདི༔ ནོར་སྒྲུབ་དབང་སྡུད་ཀུན་གྱི་མཆོག༔ མི་སྙིང་འཕྲལ་དུ་སྒུལ་ནུས་པའི༔ ཟབ་པའི་མཐར་ཐུག་འདི་ཁོ་ན༔ འདི་སྒྲུབ་དམ་ཚིག་ལྡན་གལ་ཆེ༔ དམ་མེད་ངོ་བསྟོད་ཅན་ལ་གསང༔ སྲུང་མར་བློ་གཏད་འགེལ་བ་གནད༔ སྡེ་བརྒྱད་སྤྱི་ཡི་གནད་ཡིག་ལ༔ ལྟ་ཞིང་གནད་དོན་འཕྱུགས་མེད་རེམ༔ དབེན་གནས་ཡིད་མཐུན་སྒྲུབ་རྫས་བཤམས༔ སྐུ་འབག་བླ་རྡོ་སྲོག་འཁོར་བཀྲམ༔ མདའ་དར་གཡང་རྫས་དབང་སྡུད་རྫས༔ ཡོ་བྱད་ཚགས་སུ་ཚུད་པ་དང༔ རྩ་གསུམ་བསྙེན་སྒྲུབ་སྔོན་སོང་ནས༔ རྣལ་འབྱོར་ལྷ་ཡི་ང་རྒྱལ་གྱིས༔ རང་ཉིད་ཡི་དམ་ལྷ་ཡི་སྐུར་གསལ་བའི༔ མདུན་དུ་པད་ཉི་གཏེར་གྱི་བུམ་པའི་ཁར༔ ས་བོན་ཏྲིཿལས་འོད་ཟེར་འཕྲོ་འདུ་ལས༔ ཡོངས་གྱུར་དགེ་བསྙེན་རྡོ་རྗེ་འབར་བ་རྩལ༔ དབང་གི་ལྷ་མཆོག་ཞལ་གཅིག་ཕྱག་གཉིས་པ༔ སྐུ་མདོག་བྷིན་དྷུ་ཀ་ལྟར་ཁྲོ་ཆགས་བཞད༔ གཡས་པའི་ལྕགས་ཀྱུས་ཁམས་གསུམ་བླ་ཡིད་འགུགས༔ གཡོན་པའི་ནོར་སྐྱུག་ནེའུ་ལེས་དགོས་འདོད་སྟེར༔ དབུ་ལ་དར་དམར་ཐོད་བཅིང་ནོར་བུའི་ཏོག༔ མེན་ཏྲི་ལེ་བརྒན་ན་བཟའ་རིན་ཆེན་རྒྱན༔ དེ་ཡི་པང་དུ་གསང་ཡུམ་ཏེ་མོ་ནི༔ མདོག་དམར་ཆགས་ཚུལ་མེ་ལོང་མདའ་དར་བསྣམས༔ སྐུ་ལ་དར་དང་གསེར་གཡུའི་ཐིག་ཕྲན་སྤྲས༔ དབུ་ལ་གཡུ་ཐོད་མུ་ཏིག་ལན་ཚར་འཕྱངས༔ ཡབ་ཡུམ་འཁྲིལ་སྦྱོར་ཕྱེད་དཀྱིལ་གདན་ལ་བཞུགས༔ ཆགས་པའི་སྟོབས་ཀྱིས་སྐྱེ་འགྲོ་ཕོ་མོ་འགུགས༔ དེའི་འཁོར་བཙན་དང་ཐེའུ་རང་སྨན་བཙུན་མོ༔ བདུད་དང་གནོད་སྦྱིན་ཡུལ་ལྷ་གཏེར་བདག་བསྐོར༔ གཙོ་འཁོར་གནས་གསུམ་འབྲུ་གསུམ་རང་སྲོག་སྔགས༔ སྐྱེས་བུ་ཡབ་ཡུམ་ཐུགས་སྲོག་ཏྲི་ཧྲཱིཾ་ལས༔ འོད་འཕྲོས་ཡེ་ཤེས་པ་རྣམས་སྤྱན་དྲངས་བསྟིམ༔ ཨོཾ་བཛྲ་ས་དྷུ་ས་མ་ཡཱ་བཛྲ་ལི་ལ་མ་ས་པཱ་རི་ཝ་ར་བཛྲ་ས་མ་ཡཱ་ཛ་ཛཿཨ་ར་ལི་ཕཻཾ་ཕཻཾ༔ ཞེས་ཞེན་རྟོག་མ་བྱང་བར་དུ་སྔགས་བཟླ་ཞིང་མདའ་དར་གཡབ་ལ་གསུར་དང་སྤོས་དཀར་གྱི་དུད་པ་བཏང༔ དེ་ནས༔ ཛཿཧཱུྃ་བཾ་ཧོཿས་རྟེན་དང་དབྱེར་མེད་དུ་བཞུགས་པར་བསམ༔ བཛྲ་ས་མ་ཡཱ༔ ཏིཥྛ་ལྷན༔ ཨ་ལ་ལ་ཧོ༔ ཨ་ཏི་པུ་ཧོ༔ པྲ་ཏི་ཙ་ཧོ༔ ཨོཾ་བཛྲ་ས་དྷུ་ས་མ་ཡཱ་བཛྲ་ལི་ལ་མ་ས་པཱ་རི་ཝ་ར་ཨརྒྷཾ་ནས་ཤཔྟ་པཱུ་ཛ་ཧོ༔ མ་ཧཱ་པཉྩ་རཀྟ་བྷ་ལིང་ཏ་ཀ་མ་གུ་ཎ་པུ་ཙ་ཁཱ་ཧི་ཁཱ་ཧི༔ ཞེས་མཆོད་ཅིང་བསྟོད་པ་ནི༔ ཀྱཻ༔ ཕྱོགས་ཕྱོགས་ཉི་མ་ནུབ་ཀྱི་ཕྱོགས༔ འོ་ཡུག་ཤིང་གི་གནས་མཆོག་ན༔ སྐྱེས་བུ་དགེ་བསྙེན་རྡོ་རྗེ་ལེགས༔ དམུ་བདུད་བཤོས་པའི་མཐུ་བོ་ཆེ༔ ཞྭ་ཡི་མགོན་པོ་ར་རྟ་ཅན༔ ནོར་ལྷ་གནོད་སྦྱིན་དབང་གི་ལྷ༔ གཏེར་གྱི་སྲུང་མ་རྫུ་འཕྲུལ་ཅན༔ སྐུ་མདོག་དམར་མོ་བིན་ཏུ་ཀ༔ ཡབ་ཡུམ་ཆགས་པའི་སྟོབས་ཀྱིས་སྦྱོར༔ འགྲོ་རྣམས་འདོད་པའི་ཞགས་པས་བཅིངས༔ རང་དབང་མེད་པར་དབང་དུ་འདུས༔ ཕྱག་གཡས་ལྕགས་ཀྱུས་གང་དམིགས་འགུགས༔ ཕྱག་གཡོན་ནེའུ་ལེས་བཀྲེས་ཕོངས་སེལ༔ ཕྱེད་དཀྱིལ་དར་ཟབ་རིན་ཆེན་བརྒྱན༔ གནོད་སྦྱིན་གཏེར་བདག་ཡབ་ཡུམ་བསྟོད༔ ཕྱི་འཁོར་བསྟན་མ་སྨན་གྱི་ཚོགས༔ མཆེད་འཁོར་སུམ་བརྒྱ་དྲུག་ཅུ་དང༔ དགེ་བསྙེན་ཉེར་གཅིག་དཀར་ཕྱོགས་ཀྱི༔ ཡུལ་ལྷ་དྲེགས་ཚོགས་ཀྱིས་བསྐོར་བའི༔ བསྟན་སྲུང་དམ་ཅན་རྒྱ་མཚོར་བསྟོད༔ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གྱིས་གནོན༔ ནོར་རྫས་དཀོར་ཆ་རྟེན་འདི་འཚོས༔ ཉམས་པའི་དགྲ་ལ་རྟགས་སྟོན་ཅིག༔ གནོད་པའི་བགེགས་ལ་ལས་མཛོད་ཅིག༔ ནད་དང་ཡམས་ཀྱི་ཁ་བསྒྱུར་ཅིག༔ བསྟན་ལ་འཁུ་རྣམས་རྩད་ནས་ཆོད༔ ཐོ་མཚམས་མཐོ་གནོན་བྱེད་པ་རྣམས༔ རྟགས་དང་མཚན་མས་ཆམ་ལ་ཕོབ༔ སྔོན་ཚེ་གསང་བའི་བདག་པོ་དང༔ སློབ་དཔོན་པདྨའི་བཀའ་བཞིན་དུ༔ དམ་རྫས་གཏོར་མ་འདི་བཞེས་ལ༔ ནད་གདོན་མི་མཐུན་གཡུལ་ངོ་བཟློག༔ ཚེ་བསོད་དཔལ་འབྱོར་ལུང་རྟོགས་སྤེལ༔ ཁམས་གསུམ་ཆེ་བཙུན་སྐྱེ་འགྲོ་ཀུན༔ བྲེང་བྲེང་དུང་དུང་དབང་དུ་བསྡུས༔ དགྲ་བགེགས་གནོད་བྱེད་འབྱུང་པོ་རྣམས༔ མིང་མེད་བརླག་པའི་ཕྲིན་ལས་མཛོད༔ མ་གཡེལ་མ་འདའ་ས་མ་ཡཱ༔ ཞེས་པ་འདི་ནི་རང་སློབ་དམ་པ་རིགས་ཀྱི་མིང་ཅན་བཙུན་པ་རལ་པའི་ཅོད་པཎ་ཅན་གྱིས་བསྐུལ་ངོར༔ བསམ་གཏན་ཡེ་ཤེས་དཱི་པས་མཐའ་བྲལ་དགོངས་པའི་གསང་མཛོད་ནས་སྤྱན་དྲངས་པའོ༔

དམ་ཅན་སྐྱེས་བུ་ཆེན་པོའི་གསོལ་མཆོད་ཡིད་བཞིན་དོན་གྲུབ།

ཡང་གསང་ཌཱཀྐིའི་ཐུགས་ཐིག་ལས༔ དམ་ཅན་སྐྱེས་བུ་ཆེན་པོའི་གསོལ་མཆོད་ཡིད་བཞིན་དོན་གྲུབ་བི་ཛ་ཧ་རཾ༔ གསེར་སྐྱེམས་ཕུད་གཏོར་ལེགས་པར་བཤམས་ལ་ཡི་དམ་ལྷའི་ང་རྒྱལ་དང་ལྡན་པས༔ ཀྱེ༔ རིག་འཛིན་པདྨའི་བཀའ་ཉན་པ༔ གསང་བདག་སྤྲུལ་པའི་དམ་ཅན་ནི༔ རྣལ་འབྱོར་བདག་གིས་འབོད་པའི་ཚེ༔ སྔོན་གྱི་ཐུགས་དམ་རྗེས་དགོངས་ལ༔ འབོད་པའི་གནས་འདིར་གཤེགས་སུ་གསོལ༔ བདག་གིས་དངོས་འབྱོར་ཡིད་སྤྲུལ་པའི༔ སྨན་གཏོར་རཀྟ་ར་གསུར་སྤྲིན༔ ཆང་ཕུད་སྐྱེམས་རིགས་བཏུང་བའི་ཚོགས༔ འབུལ་ལོ་མཆོད་དོ་བཞེས་སུ་གསོལ༔ སྡང་དགྲ་གནོད་བྱེད་རྡུལ་དུ་རློགས༔ བསམ་ངན་འཆང་བའི་བྱད་མ་གཞོམ༔ འགལ་རྐྱེན་སོལ་ལ་མཐུན་རྐྱེན་སྒྲུབ༔ མི་ནོར་ཟས་གསུམ་དབང་དུ་སྡུས༔ ཆོས་མཛད་བདག་གི་ལམ་ལྷ་མཛོད༔ མ་གཡེལ་མ་འདའ་ལས་བཅོལ་སྒྲུབ༔ ས་མ་ཡཱ༔ ཞེས་འདི་རང་བྱུང་ཀློང་གི་ཆོས༔ ཟོག་པོ་ས་ར་ཧི་ཏ་ཡིས༔ སློབ་བུ་རྟ་མགྲིན་ནགས་ཀླུང་བ༔ དད་ལྡན་དེ་ལ་བྲིས་པ་འོ༔

དམ་ཅན་ཨ་ཇོ་ཆེན་པོའི་བསྐུལ་བྱང་དུག་གི་མདེལ་ཐུང་།

ཡང་གསང་ཌཱཀྐིའི་སྙིང་ཁྲག་ལས༔ དམ་ཅན་ཨ་ཇོ་ཆེན་པོའི་བསྐུལ་བྱང་དུག་གི་མདེལ་ཐུང་བི་ཛ་ཧ་རཾ༔ ཐུགས་དམ་ཆེན་པོའི་དུས་ལ་བབས༔ ཨ་ཇོ་ཆེན་པོའི་ཐུགས་རྒྱུད་བསྐུལ༔ བསྟན་པའི་དགྲ་བགེགས་སྒྲོལ་བའི་མཚོན༔ གཅིག་ཆོག་རྒྱལ་པོ་ཨ་ལ་ལ༔ དུས་ལ་བབས་ཚེ་ལག་ལེན་དུ༔ དམར་གྱི་གཏོར་མར་ཁྲག་གིས་བྱུགས༔ དུག་མཚེ་རྩང་དང་ཡུངས་ཀྱིས་བརྒྱན༔ བྱ་ཁྱི་ར་དམར་སྙིང་ལིང་ག༔ དར་དང་རུ་མཚོན་ཡོངས་ཀྱིས་སྤུད༔ རྒྱབ་ཏུ་མཁའ་འགྲོའི་རྒྱང་བུ་བཙུག༔ ཆོ་འཕྲུལ་སྟོན་དང་བསད་པ་སོགས༔ གང་ཡིན་དམིགས་པས་འཕྲུལ་ཤེས་བྱ༔ ས་མ་ཡཱ༔ བསྙེན་སྒྲུབ་ཐེམས་པས་འདི་སྐད་དོ༔ ཀྱཻ༔ ཕྱོགས་ཕྱོགས་ཉི་མ་ནུབ་ཀྱི་ཕྱོགས༔ ནུབ་ཕྱོགས་གཙང་གི་འོ་ཡུག་ཤིང༔ གནམ་ས་ཕྱེད་ཀྱི་བདག་པོ་ཆེ༔ ཕ་ནི་བདུད་ལ་མ་ནི་རྨུ༔ རྨུ་བདུད་བཤོས་པའི་མཐུ་བོ་ཆེ༔ ཨ་ཇོ་ཆེན་པོ་དྲག་པོའི་སྐུ༔ དམར་ནག་རབ་ཁྲོས་གཏུམ་པའི་ཞལ༔ ཕྱག་གཡས་ལྕགས་ཀྱུ་ཕྱར་སྟབས་འགྱིང༔ ཕྱག་གཡོན་ནེ་འུ་བཙན་ཞགས་འདེབས༔ ཞབས་གཉིས་སག་ལྷྭམ་འདོར་སྟབས་བསྒྲད༔ སེང་གེ་དཀར་མོའི་ཁྲི་ལ་འགྱིང༔ དབུ་ལ་སག་ཞུ་སྨུག་པོ་མནབས༔ དར་དམར་བེར་དང་བརྗིད་པའི་ཆས༔ ནོར་བུའི་པྲོག་ཞུ་མུ་ཏིག་གི༔ ལན་ཚར་འཕྱངས་ཤིང་གཡས་པ་ཡི༔ ལྕགས་ཀྱུས་དགྲ་སྙིང་དམར་པོ་དྲོངས༔ ཕྱག་གཡོན་རཏྣའི་གཞོང་པ་ཡིས༔ ཁམས་གསུམ་སྐྱེ་འགྲོའི་ཚེ་བསོད་སྡུད༔ འཁོར་དུ་དགེ་བསྙེན་ཉེར་གཅིག་དང༔ བསྟན་མ་གནོད་སྦྱིན་ཐེའུ་རང་སྟོང༔ ལྷ་སྲིན་དྲེགས་པའི་དམག་ཚོགས་རྣམས༔ ཆས་ཆས་སྡང་བའི་དགྲ་ལ་ཆས༔ ཆས་ཆས་གནོད་པའི་བགེགས་ལ་ཆས༔ སངས་རྒྱས་བསྟན་པ་བཤིག་པ་དང༔ སེམས་ཅན་སྡུག་ལ་གཏོད་པ་དང༔ དཔལ་ལྡན་བླ་མའི་སྐུ་དགྲ་དང༔ སྒོས་སུ་བདག་ལ་གཤེ་ཞིང་སྡང༔ སྡིག་ཅན་ཉམས་པ་བདུན་ལྡན་དགྲ༔ ཚེ་སྲོག་ཆོད་ལ་སྙིང་ཁྲག་འཐུང༔ ཕ་ཚན་ཕོ་རྒྱུད་གྲི་རུ་སོད༔ མ་ཚན་མོ་རྒྱུད་མངལ་ནས་སྐོམས༔ བུ་ཚ་རིགས་རྒྱུད་མཐའ་ནས་སྟོངས༔ གནག་ཕྱུགས་ནད་ཀྱིས་དམར་ཡམས་ཐོངས༔ སངས་རྒྱས་ཆོས་ལ་སྡང་བ་ཡི༔ ཁ་རྗེ་དབང་ཐང་རླུང་ལ་སྐུར༔ དམ་ཅན་མགར་བ་ཨ་ཇོ་ཆེ༔ དགྲ་ཡུལ་ཐན་གྱིས་གར་འཆམ་ཐོངས༔ དེ་འཁོར་དྲེགས་པའི་ལྷ་ལྔ་ཡིས༔ སྤྲེའུ་གླ་ཞོན་སྦྲུལ་གྱི་ལྕགས༔ དྲེད་མོ་འོ་དོད་འབོད་པ་དང༔ ཝ་བརྒྱལ་སྤྱང་ཀི་ཉུལ་ཞིང་རྒྱུག༔ སྦྲུལ་ནག་འཁྱིལ་བརྩེགས་སྦྲ་ཁང་དུ༔ མཚན་མོ་འདྲེ་ཡིས་མེ་བསྲེག་ཤིང༔ ནད་གདོན་དགྲ་ལ་དམག་སྒར་ཐོབ༔ དགྲ་ཁམས་མ་ལུས་སྟོང་པ་དང༔ སྣང་སྲིད་གཡོ་འགུལ་ཐན་འགྱེད་སྟོན༔ རྡོ་རྗེ་ལེགས་པས་དགྲ་མགོ་རྡུངས༔ དགེ་བསྙེན་ཉེར་གཅིག་དགྲ་ལ་ཆས༔ ཤིག་ཤིག་གཡུལ་ཉེས་ནང་འཐབ་ཐོངས༔ ཐེའུ་རང་སྟོང་སྡེ་བསེ་འགོང་གིས༔ དགྲ་ཁམས་སད་སེར་ཐན་པ་ཡིས༔ ཡུལ་བུད་མི་རུང་སྣ་དགུ་འདིས༔ དགྲ་གདོན་བརླག་པའི་ཕྲིན་ལས་མཛོད༔ སངས་རྒྱས་བསྟན་པའི་ག་དར་གྱིས༔ བསྟན་སྲོག་འཛིན་པའི་ལས་མཛོད་ཅིག༔ ས་མ་ཡཱ༔ ཞེས་བརྗོད་གཏོར་མ་དགྲ་ཕྱོགས་སུ༔ མ་ཉེས་ཤག་འདེབས་དང་བཅས་ཏེ༔ གནོད་པར་བྱེད་པའི་སྟེང་དུ་འཕངས༔ ཡེ་ཤེས་ཁྱུང་གིས་ཕྱི་མཚམས་བཅད༔ འདི་ནི་ཟབ་པའི་མཐར་ཐུག་གོ༔ སྙིང་ལས་གཅེས་པའི་ཟབ་ཐིག་གོ༔ བསྟན་དང་འགྲོ་བའི་དོན་ཆེད་དུ༔ མ་གཏོགས་དགོས་གལ་ཆུང་ངུ་ལ༔ བརྩམས་ན་རང་གི་སྲོག་ལ་འོང༔ དེ་ཕྱིར་རབ་ཏུ་འཚོ་ཤེས་གྱིས༔ དགྲ་ལ་ཐན་འགྱེད་བྱང་བུ་ནི༔ ཐང་ཤིང་གེར་སྐྱེས་བྱང་བུ་སོར༔ བརྒྱད་པ་མགོ་མཇུག་མ་ལོག་པའི༔ ངོས་ལ་ཐན་འགྱེད་ཆོ་འཕྲུལ་སྔགས༔ རང་སྔགས་མཇུག་ཏུ་བྲ་ཧུར་ཐིབ་ཐིབ་མེལ་མེལ་ཐུམ༔ ཏྲི་ཤུ་ཐུམ༔ ཨ་ན་དུ་ལ་རྦད་རྦད༔ འུར་བ་འུར་བ་རྒྱུག་རྒྱུག་ངའི་གབ་ཆ་ཁྱེར་ལ་ཤོག༔ ཆེ་གེ་མོ་སྒྲོལ་སོད་སྟྭམ་བྷ་ཡ་ནན་རྦད་རྦད༔ ཅེས་པ་བྱང་བུ་དག་ལ་འབྲི༔ སྒྲུབ་རྟེན་མེ་འབར་ཚག་སྒྲ་སོགས༔ བ་སྤུ་གཟེངས་ཤིང་ཤེས་པ་རྩིང༔ བན་ནག་བོན་ནག་འཕར་སྤྱང་རྒྱུག༔ སོག་པོ་ཨ་ཙ་ར་སོགས་འཐབ༔ གཏོར་མ་འཕེན་ལ་ཉེ་བའི་རྟགས༔ འོ་དོད་འབོད་ལ་སྒྲུབ་སྔགས་བཟླ༔ ཟབ་པའི་ཡང་བཅད་རྒྱ༔ ཆོས་ལ་དབང་བ་རིག་པའི་མིང༔ སྔགས་སྤྱོད་མོས་པའི་གང་ཟག་ལ༔ རྟེན་འབྲེལ་དུས་བབ་མར་ངོའི་ཚེས༔ དེ་ལ་ས་ར་ཧི་ཏས་སྨྲས༔ བསྟན་དགྲ་བརླག་པའི་གཤེད་མར་གྱུར༔ སངས་རྒྱས་བསྟན་པའི་རྒྱན་དུ་གྱུར༔ དགེའོ༔

དམ་ཅན་སྔགས་འཁོར་སྣང་བ་དབང་སྡུད་སྐྱེ་འགྲོའི་ཡིད་འགུགས།

དམ་ཅན་སྔགས་འཁོར་སྣང་བ་དབང་སྡུད་སྐྱེ་འགྲོའི་ཡིད་འགུགས་ དམ་ཅན་སྟངས་དཔྱལ་གྱི་ཐུགས་ཀར་ཉི་ཟླའི་གའུ་ཁ་སྦྱོར་གྱི་དབུས་སུ་སྲོག་ཡིག་ཏྲིཿཧྲཱིཾ་གི་མཐར་སྔགས་ཀྱིས་བསྐོར་བ་བདག་གིས་ཡི་དམ་ལྷའི་ང་རྒྱལ་གྱིས་བཀའ་བསྒོ་བའི་ཚུལ་གྱིས་ཐུགས་རྒྱུད་བསྐུལ་བས་ཐུགས་སྲོག་ལས་འོད་དམར་ལྕགས་ཀྱུའི་རྣམ་པ་ཕྱོགས་ཀུན་འཕྲོས༔ ཡུལ་ལྷ་སྡེ་བརྒྱད་འཇིག་རྟེན་གྱི་ཆེ་བཙན་དྲེགས་པ་ཅན་སྐྱེ་འགྲོ་ཕོ་མོའི་ཁྱབ་བྱེད་དང་བདེ་སྐྱོང་འཁོར་ལོའི་རྩ་ལ་ཞུགས་ནས་ཟས་ནོར་ལོངས་སྤྱོད་ཅི་འདོད་ཀྱི་དངོས་གྲུབ་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བླངས་པ་ལྟར་བསྡུས་ནས་བདག་གི་གནས་ཁང་ཡུལ་ཁམས་ཐམས་ཅད་དུ་སྤུངས་ཤིང་འདུས་ནས་མེར་མེར་ཏིང་ཏིང་གང་བར་བསམ༔ ཨོཾ་བཛྲ་ས་དྷུ་ས་མ་ཡཱ་བཛྲ་ལི་ལ་མ་སྐྱེ་འགྲོ་ཕོ་མོའི་སྲོག་ཏྲིའུ་ཛཿཛཿརཏྣ་གར་བ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཕུར་སྟ་ཛ་ཕུར་སྟ་ཛ་ཚེར་མ་རཀྵ་སྙིང་ལ་དྲིག་ཁུག་སྐྱོལ་ཅི་འདོད་སརྦ་ཁུག་ཛ་ཛཿ ཏྲི་ཧྲིཾ་ལོ་ཀ་པ་ཤཾ་ཀུ་རུ་ཧོ༔ ཞེས་སྔགས་བདུན་ལྔ་ལ་སོགས་པ༔ ཡི་དམ་བསྙེན་གྲངས་ཐེམ་པ་ཡིས༔ སྡེ་བརྒྱད་གནད་ཡིག་ཇི་བཞིན་པར༔ འཕྱུག་མེད་ཚུལ་བཞིན་བསྒྲུབས་ནུས་ན༔ རབ་ལ་དངོས་སུ་ཞལ་མཇལ་ཞིང༔ ཅི་བཅོལ་ལས་ལ་ཐོགས་མེད་འགྱུར༔ འབྲིང་གིས་ཕྲིན་ལས་འགྲུབ་པ་དང༔ སྡེ་བརྒྱད་འདུ་བའི་རྟགས་མཚན་འབྱུང༔ ཐ་མས་རྨི་ལམ་དག་ཏུ་ནི༔ མི་མང་ཆེ་བཙན་ཁྲོམ་འཚོགས་ཤིང༔ རྔ་དང་རོལ་མོའི་མཆོད་དབྱངས་སྒྲོག༔ སྤྱང་ཀི་རོལ་ཁྲིད་བྱིས་པར་བརྩེ༔ མེ་ཏོག་འཐུ་ཞིང་ལོ་ལེགས་བརྔ༔ ཕྱུགས་ཀྱི་འདུ་ལོང་འཚོ་སྐྱོང་བྱེད༔ བུད་མེད་མཛེས་མས་ཟས་ནོར་སྟེར༔ དགའ་གདུང་ལ་སོགས་རྨིས་པ་ནི༔ ནོར་བདག་དགེ་བསྙེན་འགྲུབ་ལ་ཉེ༔ དེ་སོགས་བསྙེན་པའི་ལས་རིམ་རྫོགས༔ ས་མ་ཡཱ༔

ཕུར་སྲུང་མཆོད་པའི་ལས་རིམ་ཤིན་ཏུ་བསྡུས་པ་རྡོ་རྗེའི་ཐོག་དབལ།

༄༅། ཕུར་སྲུང་མཆོད་པའི་ལས་རིམ་ཤིན་ཏུ་བསྡུས་པ་རྡོ་རྗེའི་ཐོག་དབལ་བི་ཛ་ཧ་རཾ༔ གཏོར་མ་ཕུད་དང་སྐྱེམས་ཀྱིས་བརྔན༔ རྃ་ཡྃ་ཁྃ༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ་བྷྱོ་ཛ༔ སྔོན་ཚེ་དཔལ་ཆེན་ཧེ་རུ་ཀའི༔ བཀའ་དང་དམ་ལས་མ་གཡེལ་བར༔ ཕུར་པའི་སྲུང་མ་དམ་ཚིག་ཅན༔ ཚུར་བྱོན་ཚུར་བྱོན་དམ་ལ་འདུས༔ མ་གཡེལ་མ་གཡེལ་ལས་བཅོལ་སྒྲུབས༔ ཤྭ་ན་མུ་ཁ་མཆེད་བཞི་དང་༔ བསེ་ཡི་ལྷ་མོ་མཆེད་བཞི་དང་༔ ས་བདག་ཆེན་མོ་མཆེད་སྡེ་བཞི༔ གིང་ཆེན་སྡེ་བཞི་བསྟན་མ་དང་༔ དབང་ཕྱུག་ཉེར་བརྒྱད་ཕུར་སྲུང་ཚོགས༔ གསེར་སྐྱེམས་ཕུད་དང་གཏོར་མས་བརྔན༔ བཅོལ་བའི་ལས་གང་ཐོགས་མེད་མཛོད༔ བསྟན་པའི་དགྲ་སྒྲོལ་བསྟན་འཛིན་སྐྱོངས༔ ཁམས་གསུམ་དབང་འདུས་ཅི་བསམ་དོན༔ ཡིད་བཞིན་འགྲུབ་པའི་སྡོང་གྲོགས་མཛོད༔ སློབ་བུ་མཁས་གྲུབ་ཀྱིས་བསྐུལ་ངོར༔ སྙོམ་ལས་མཁན་པོ་ས་ར་ཧི་ཏས་ཐོལ་བྱུང་དུ་བྲིས་པ་དགེ་ལེགས་འཕེལ༔

ཕུར་སྲུང་བཅུ་དྲུག་གི་བསྐུལ་བ།

ཕུར་སྲུང་བཅུ་དྲུག་གི་གཏོར་མ་ཕུར་སྲུང་སྤྱན་འདྲེན་དང་བཅས་པ་དཔལ་འབར་གཟུགས་སྨན་རཀ་སྦྲེང་དར་ནག་གཡབ་སྤོས་དུད་དང་བཅས་ཏེ་བསྐུལ་བ་ནི་འདི་སྐད་དོ༔ ཧཱུྃ་བྷྱོ༔ སྔོན་ཚེ་རང་བྱུང་ཆོས་དབྱིངས་ཕོ་བྲང་ནས༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་བཀའ་ཡིས་བསྔགས༔ དུར་ཁྲོད་མེ་རི་འབར་བའི་རྩེ་མོ་རུ༔ དཔལ་ཆེན་ལག་ན་རྡོ་རྗེའི་ལུང་གིས་བསྙེན༔ བལ་ཡུལ་ཡང་ལེ་ཤོད་ཀྱི་དབེན་གནས་སུ༔ རིག་འཛིན་ཐོད་ཕྲེང་རྩལ་དང་བལ་པོ་ཡི༔ སློབ་དཔོན་བ་སུ་དྷ་རས་དམ་ལ་བཞག༔ དཔལ་ཆེན་རྡོ་རྗེ་ཕུར་པའི་སྲུང་མར་བསྐོས༔ མོན་ཁ་སེང་གེ་རྫོང་གསུམ་སྒྲུབ་གནས་སུ༔ བདག་ཉིད་ཨོ་རྒྱན་མཁས་པ་པད་འབྱུང་དང་༔ ཐུགས་ཀྱི་གཟུངས་མ་མཁར་ཆེན་མཚོ་རྒྱལ་གྱིས༔ དཀྱིལ་འཁོར་མཐའ་རུ་ཞིང་ཆེན་སྟན་ལ་བཞག༔ དམ་ཚིག་རྡོ་རྗེ་ལག་ཏུ་གཏད་ནས་ཀྱང་༔ ལྕེ་ལ་ཨརྒྷཾ་བཞག་ནས་བྲོ་བོར་བའི༔ ཤྭ་ན་མུ་ཁ་ཆེན་པོ་མཆེད་དེ་བཞི༔ བདག་ཉིད་ཆེན་མོ་རེ་ཏི་མཆེད་བཞི་དང་༔ རྡོ་རྗེ་ཡ་བྱིན་ལ་སོགས་བསེ་མོ་བཞི༔ བསེ་ལྕགས་དུང་གསེར་སྐྱེས་བུ་ཆེན་པོ་བཞི༔ ཕུར་སྲུང་དམ་ཅན་བཅུ་དྲུག་ད་ཚུར་བྱོན༔ སྨན་རཀ་གཏོར་མ་སྐྱེམས་ཕུད་མཆོད་པ་བཞེས༔ བསྐུལ་ལོ་ཕུར་སྲུང་བཅུ་དྲུག་ཐུགས་དམ་བསྐུལ༔ དེ་རིང་རྣལ་འབྱོར་བདག་གིས་སྙན་གསན་དབབ༔ ཕུར་པ་སྒྲུབ་པའི་བདག་དང་བསྲུང་བྱ་ལ༔ བརྙས་ཤིང་སྲོག་ལ་རྒོལ་ཞིང་ལོངས་སྤྱོད་ཕྲོག༔ མ་ཉེས་ཁ་ཡོག་ངན་སྨྲ་རླུང་གིས་གཡེངས༔ དུས་གསུམ་ཀུན་ཏུ་མཐོ་གནོན་ཁྱད་དུ་གསོད༔ མཐུ་དང་ངན་སྦྱོར་དུག་གཡོས་སུས་བྱེད་ཀྱང་༔ ཕུར་པའི་དམ་ཅན་ཁྱེད་རྣམས་དཔུང་ལ་གཤེགས༔ དམ་ཉམས་བརླང་སྙིང་ཅན་གྱི་སྲོག་རྩ་ཆོད༔ ངན་སྨྲ་བྱེད་པའི་ལྕེ་ལ་ཕུར་པ་ཐོབ༔ ལོངས་སྤྱོད་ཡོ་བྱད་རྐུ་བའི་ཡན་ལག་ཆོད༔ མཆོག་ཐུན་དངོས་གྲུབ་འགྲུབ་པའི་མཐུན་རྐྱེན་ཚོགས༔ དེང་འདིར་རྣལ་འབྱོར་བདག་ལ་ཆར་བཞིན་ཕོབ༔ ཆོས་དང་རིགས་རྒྱུད་འཛིན་པའི་བུ་སློབ་སྤེལ༔ རྒྱལ་བློན་འབངས་འཁོར་བཅས་པའི་ཡིད་སེམས་གཡོས༔ ནོར་དང་ལོངས་སྤྱོད་འབད་མེད་ལག་རྩེར་སྩོལ༔ སྒབ་འདྲེ་བསེ་རག་དམ་སྲིའི་རྒྱུ་ལམ་ཆོད༔ གནས་སྐབས་གང་འདོད་རྐྱེན་རྣམས་ལྷུན་གྱིས་གྲུབ༔ མི་འདོད་རྐྱེན་ངན་བར་ཆད་དྲུངས་ནས་ཕྱུང་༔ མཐར་ཐུག་བདེན་གཉིས་ཟུང་འཇུག་ཧེ་རུ་ཀ༔ དོན་གཉིས་ལྷུན་གྱིས་འགྲུབ་པའི་གྲོགས་མཛོད་ཅིག༔ གཞི་སྙིང་གཅིག་དྲིལ་སྔགས་ཤམ་དུ༔ བཱིདྱ་དྷ་ར་མ་མཱ་བཛྲ་རཀྵ་རཀྵ་ཧཱུྃ༔ ཞེས་རིག་འཛིན་ཆེན་པོ་ལུང་རིག་གླིང་པའི་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེའི་ནང་ཚན་དོན་དབང་ནོར་བུའི་ཕྲེང་བའི་ཕུར་སྲུང་བཀའ་གཏད་འདི་ཉིད་ཧོར་བན་འདུ་ཤེས་གསུམ་པས་རྒྱུན་དུ་འཁྱེར་བདེ་ཕྱིར་རྩ་ཚིག་ཅུང་ཟད་རེ་ཁ་བསྒྱུར་བྱས་ཏེ་ཁོལ་དུ་ཕྱུང་བ་སརྦ་ཛ་ག་དམ།

ལྷ་ཆེན་སྒྲུབ་པ་སྣང་སྲིད་ཡིད་འགུགས།

ཡང་གསང་མཁའ་འགྲོའི་ཐུགས་ཐིག་ལས༔ ལྷ་ཆེན་སྒྲུབ་པ་སྣང་སྲིད་ཡིད་འགུགས་བཞུགས༔ བཅོམ་ལྡན་དབང་ལྷ་དམར་པོར་འདུད༔ ལྷ་ཆེན་དབང་ཕྱུག་སྒྲུབ་པའི་ཐབས༔ འདི་ལ་བརྩོན་པའི་རྣལ་འབྱོར་གྱིས༔ རི་བོ་ཟླ་གམ་ས་མདོག་དམར༔ མེ་ཏོག་དམར་པོ་སྐྱེས་པའི་སར༔ དབང་གི་བྱིན་རླབས་ཆགས་པའི་གནས༔ སྒྲུབ་རྟེན་མཆོད་པ་སྤྱི་ལྟར་བཤམས༔ འགྲོ་ཀུན་བདག་གིས་དབང་བྱས་ནས༔ སྒོ་གསུམ་དགེ་ལ་སྦྱོར་དམིགས་ཏེ༔ རང་ཉིད་ཀུ་རུ་ཀུལླེར་གསལ༔ ཐུགས་ཀའི་ཧྲཱིཿལས་འོད་དམར་པོ༔ ལྕགས་ཀྱུ་ལྟ་བུ་རབ་འཕྲོས་པས༔ ཚངས་གནས་ཏི་སེ་ལ་སོགས་ནས༔ དབང་ཕྱུག་འཁོར་བཅས་སྤྱན་དྲངས་གྱུར༔ དམིགས་ཏེ་སྤྱན་འདྲེན་སྤོས་རོལ་བྱ༔ གདུང་བའི་དབྱངས་བཅས་འདི་སྐད་དོ༔ ཧཱུྃ་ཧྲཱིཿཛཿ བྷྱོ༔ དབང་ཕྱུག་འཁོར་བཅས་གཤེགས་སུ་གསོལ༔ རང་མདུན་པད་ཉིའི་གདན་ལ་བཞུགས༔ ལུས་ངག་ཡིད་ཀྱིས་གུས་ཕྱག་འཚལ༔ ཕྱི་མཆོད་རི་རབ་གླིང་བཞི་དང༔ ནང་མཆོད་སྨན་རཀ་གཏོར་མ་དང༔ གསང་མཆོད་ཏན་གན་ལྟ་སྤྱོད་འབྲས༔ གསོལ་ལོ་མཆོད་དོ་བསྐང་གྱུར་ཅིག༔ འགལ་འཁྲུལ་ནོངས་པ་དབྱིངས་སུ་བཤགས༔ དམ་ལས་མ་འདའ་ས་མ་ཡཱ༔ ཧཱུྃ་ཧྲཱིཿ ལྷ་ཆེན་དབང་ཕྱུག་ཆེན་པོ་ནི༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ལྡན༔ སྐུ་མདོག་རཱ་གའི་ལྷུན་པོ་བཞིན༔ ཆགས་པའི་ཉམས་རྒྱས་ལིང་ག་འགྲེང༔ མེ་ཏོག་ཆུན་འཕྱང་དར་དཔྱངས་སྤྲས༔ ཞབས་གཉིས་པད་ཟླ་ཉི་མའི་ཁར༔ བཞེངས་པའི་ཚུལ་གྱིས་འདོར་སྟབས་བསྒྲད༔ ལྕགས་ཀྱུ་ཞགས་པས་སྐྱེ་དགུ་དང༔ འཛམ་གླིང་ཀ་ཆ་དཀོར་ནོར་འགུག༔ དབང་གི་རྒྱལ་པོ་ཁྱོད་ལ་བསྟོད༔ གཡོན་བརྟེན་ཨུ་མ་ཆགས་པའི་ཉམས༔ མདོག་དམར་བྷ་ག་ལང་ཚོ་རྒྱས༔ ཨུཏྤལ་ལ་སོགས་རིན་ཆེན་རྒྱན༔ དར་དཔྱངས་ཅོད་པན་དུ་མས་སྤུད༔ ཞལ་གཅིག་ཕྱག་གཉིས་གཡས་པ་ཡི༔ ལྕགས་ཀྱུས་ཕོ་རྒྱུད་ཆེ་བཙན་འགུགས༔ གཡོན་པས་ཞགས་པ་ལས་ལ་མངགས༔ དཀའ་ཐུབ་གདུང་བ་བཟློག་ལ་བསྟོད༔ ཕྱོགས་བཞིར་པད་ཟླར་ཕྲ་མེན་སྡེ༔ འགུག་འཆིང་སྡོམ་མྱོས་ལྷ་མོ་བཞི༔ རང་རྟགས་ཕྱག་མཚན་ཆས་ཀྱིས་སྤྲས༔ གླིང་བཞིའི་ཕྱྭ་གཡང་དངོས་གྲུབ་ཀུན༔ མ་ལུས་སྩོལ་ལ་ཕྱག་འཚལ་བསྟོད༔ བྷ་ལིང་གཏོར་སོགས་མཆོད་པ་བཞེས༔ རྣལ་འབྱོར་འདོད་པའི་ལས་གཉེར་ནི༔ ཕོ་རྒྱུད་ཐམས་ཅད་ལས་ལ་མངག༔ མོ་རྒྱུད་ཐམས་ཅད་བྲན་དུ་ཁོལ༔ མཁོ་དགུའི་ལོངས་སྤྱོད་ཆར་དུ་ཕོབ༔ འགྲོ་ཀུན་བདག་གི་དབང་དུ་ཁུག༔ བྲེང་བྲེང་དུང་དུང་དབང་དུ་སྡུས༔ མཐུ་དང་རྩལ་གྱི་དཔུང་སྐྱེད་ཅིག༔ རྣལ་འབྱོར་འདོད་དོན་གང་ཡིན་པ༔ མ་ཚང་མེད་པ་ཡིད་བཞིན་སྒྲུབ༔ དུས་ལ་བབ་པོ་ས་མ་ཡཱ༔ དེ་ལྟར་ལྷ་ཆེན་གསོལ་མཆོད་འདི༔ ཚུལ་བཞིན་ཉམས་སུ་སུས་བླངས་ན༔ ཡིད་ཆེས་རྟགས་མཚན་འབྱུང་བར་འགྱུར༔ ཕ་རོལ་བན་བོན་བྱད་གཏད་དགྲོལ༔ བསྟན་དགྲ་གནོད་བྱེད་ཁ་ཕུང་བརླག༔ འདི་ཕྱིའི་ས་ལམ་བར་ཆད་སེལ༔ གང་དམིགས་སྣང་བ་དབང་དུ་འགྱུར༔ དུས་བབས་ཆོས་ཡིན་བྱིན་རླབས་མྱུར༔ ལས་ཅན་བུ་ལ་གཏད་དོ་རྒྱ༔ སྐལ་མེད་རྣམས་ལ་གསང་ངོ་རྒྱ༔ བཀའ་རྐུན་བྱུང་ན་དབང་པོ་སྣུབས༔ གསང་ཆེན་བཀའ་ཡི་བྱ་ར་མཛོད༔ ས་མ་ཡཱ༔ ཅེས་པ་འདི་ཡང་ལས་ལྡན་གྲོགས་པོས་བསྐུལ་ངོར༔ བྷུ་སུ་ཀུ་བ་ཕན་མིང་ནས་སུག་བྲིས་བགྱིས་པ་མངྒ་ལཾ༔

གཏེར་སྲུང་ལྷ་བཙན་མཆོད་པའི་ལས་རིམ་བསྡུས་པ།

བཀའ་འདུས་ཆོས་ཀྱི་རྒྱ་མཚོ་ལས༔ གཏེར་སྲུང་ལྷ་བཙན་མཆོད་པའི་ལས་རིམ་བསྡུས་པ་བི་ཛ་ཧ་རཾ༔ རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ༔ ལྷ་ཡི་བཙན་རྒོད་དྲག་པོ་འདི༔ སྒྲུབ་ཅིང་བསྟེན་འདོད་རྣལ་འབྱོར་བས༔ རྩ་གསུམ་རྟེན་གཏོར་སྤྱི་དང་མཚུངས༔ ཁྱད་པར་སྲུང་མ་སྒྲུབ་པའི་རྟེན༔ སྨན་རཀ་གཏོར་གསུམ་བླ་རྡོ་དང༔ སྲོག་འཁོར་རྟེན་གཏོར་གྲུ་གསུམ་པ༔ ཏྲི་བྲིས་མེ་རི་སྙིང་ལིངྒ༔ བྱ་དམར་རྟ་དམར་ཀུ་ཀུ་དམར༔ མཆོད་གཏོར་དཀར་དམར་སྐྱེམས་རིགས་སོགས༔ མཆོད་པ་མ་ཚང་མེད་པས་བསྐོར༔ རང་ཉིད་ཡི་དམ་ལྷར་གསལ་བས༔ མཆོད་རྫས་བྱིན་རླབས་དབྱངས་རོལ་བཅས༔ བརྟུལ་ཞུགས་ལྡན་པས་འདི་སྐད་དོ༔ ཀྱཻ༔ རང་མདུན་ལྗོན་ཤིང་བྲག་རིས་གཏམས་པའི་ལྗོངས༔ དེ་ན་བཙན་མཁར་ལྡེམ་པ་ཟླ་གམ་ནི༔ དབང་མདོག་ཟུར་སྒོའི་དབུས་ན་གདུག་པའི་བཙན༔ དགྲ་ལྷའི་རྒྱལ་པོ་སྐུ་ལྷ་ཞལ་དཀར་རྩལ༔ སྤྱན་གསུམ་དམར་ཟླུམ་ཞལ་གྱིས་ཨམ་གཙིགས་བསྡམས༔ གཡས་པས་མདུང་དར་གཡོན་པས་ཟངས་ཞགས་འཕེན༔ དབུ་ལ་རྨོག་མོ་ཐང་དཀར་རྒོད་སྒྲོས་མཛེས༔ སྐུ་ལ་དར་དཀར་རལ་ག་བསེ་ཁྲབ་དང༔ མེ་དཔུང་ཚྭ་ཚྭ་སྐར་ལྟར་འཁྲིགས་པས་བརྒྱན༔ བཙན་རྟ་གྱི་ལིང་སྒ་སྟན་ཆས་ཀྱི་སྟེང༔ ཞབས་གཉིས་ཟངས་ལྷྭམ་དང་བཅས་ཕྱེད་དཀྱིལ་རོལ༔ འཁོར་དུ་རང་འདྲའི་བཙན་དྲུག་ཡུལ་ལྷས་བསྐོར༔ བདག་ཉིད་ཡི་དམ་ཐུགས་ཀའི་ས་བོན་ལས༔ འོད་འཕྲོས་མདུན་བསྐྱེད་བཙན་འཁོར་ཐུགས་རྒྱུད་བསྐུལ༔ ཐུགས་སྲོག་འོད་ཀྱིས་ཡེ་ཤེས་སྲུང་མའི་ཚོགས༔ སྤྱན་འདྲེན་དམ་ཚིག་པ་དང་གཉིས་མེད་གྱུར༔ སྤྱན་འདྲེན་སྤོས་རོལ་དབྱངས་དང་བཅས༔ ཀྱཻ༔ ཕྱོགས་ཕྱོགས་དེ་ནི་ཕ་ཀི་ན༔ བཙན་ཡུལ་ཟངས་ཐང་དམར་པོ་ནས༔ པདྨའི་བཀའ་ཉན་དྲེགས་པའི་གཙོ༔ གནོད་སྦྱིན་དགྲ་ལྷ་ཞལ་དཀར་རྩལ༔ འཁོར་དང་ཡང་འཁོར་དྲེགས་པའི་སྡེ༔ འབོད་པའི་གནས་འདིར་གཤེགས་སུ་གསོལ༔ ཤུ་ལ་ཏྲི་བཛྲ་ས་མ་ཡཱ་ཛཿསྤྱན་དྲངས་ལ༔ ཧཱུྃ༔ ལྷ་ཡི་བཙན་རྒོད་རྡོ་རྗེ་ཞལ་དཀར་རྩལ༔ རང་མཐུན་ཡིད་འོང་གདན་ལ་བག་ཕེབས་བཞུགས༔ འཕྲུལ་དགའི་ཡིད་ཀྱིས་གུས་པས་ཕྱག་འཚལ་ལོ༔ ཕྱི་ནང་གསང་གསུམ་མཆོད་པས་ཐུགས་དམ་བསྐང༔ ཕྱི་རྟེན་སྲོག་ཆགས་བྱ་དམར་ཁྱི་དམར་དང༔ ར་དམར་ལུག་དམར་ཤ་བ་རྭ་བཅུ་དང༔ མདའ་དར་མདུང་དར་ཙིཏྟ་སྙིང་གིས་མཆོད༔ རྣལ་འབྱོར་འདོད་པའི་ཕྲིན་ལས་འགྲུབ་པར་མཛོད༔ ནང་རྟེན་བླ་རྡོ་སྲོག་གི་འཁོར་ལོ་དང༔ སྦ་དཀར་ཚིགས་གསུམ་ཕ་ཝཾ་ལོང་བུའི་རྡོ༔ བཙན་གྱི་སྲོག་སྔགས་འབོད་རྦད་བསད་པའི་སྔགས༔ ཟ་འོག་གསེར་དངུལ་དག་གིས་སྙིང་པོ་བྱས༔ ཉི་མ་དམར་ཐག་ཆོད་པའི་དུས་གཉན་ལ༔ ཇག་པ་རྟ་རྒྱུག་རྦད་པའི་མཐུན་རྫས་བསྐང༔ གསང་རྟེན་རང་བྱུང་ལྟ་བུའི་མཐུན་རྫས་ཀྱིས༔ ལྟ་སྒོམ་སྤྱོད་པའི་སྤང་བླང་བྲལ་བས་བརྔན༔ དེ་ལྟར་བསྐང་ཞིང་མངའ་གསོལ་བྱས་པའི་མཐུས༔ མི་མཐུན་རྐྱེན་སོལ་མཐུན་པའི་བསམ་པ་སྒྲུབ༔ བདག་ཅག་སློབ་དཔོན་ཡོན་མཆོད་འཁོར་བཅས་ལ༔ འཁུ་ཞིང་སྡང་བའི་དམ་ཉམས་དགྲ་བགེགས་ཀྱི༔ འོག་རྟ་བྲན་དང་ཆུང་མ་བུ་ནོར་བཅས༔ ཆོས་སྐྱོང་ཁྱེད་ལ་གཏད་དོ་བཞེས་མཛོད་ཅིག༔ འགལ་འཁྲུལ་ཉམས་ཆག་སྡིག་སྒྲིབ་མཐོལ་ཞིང་བཤགས༔ མི་སྒྲིབ་ཚངས་པའི་དངོས་གྲུབ་བསྩལ་དུ་གསོལ༔ བཛྲ་ས་མ་ཡཱ་ཤུདྡྷེ་ཧཱུྃ༔ དེ་ནས་བསྟོད་པ་ནི༔ ཧྲཱིཿ སྔོན་ཚེ་གསང་བདག་ཕྱག་ན་རྡོ་རྗེ་ཡིས༔ བཀའ་དང་དམ་ལ་བཞག་པའི་སྲུང་མ་ཆེ༔ རིག་འཛིན་རྣལ་འབྱོར་བདག་གི་འབངས་གཅིག་པུ༔ ལྷ་བཙན་དགྲ་ལྷའི་རྒྱལ་པོ་ཞལ་དཀར་རྩལ༔ འཁོར་དང་ཡང་འཁོར་སྤྲུལ་པ་ཡང་སྤྲུལ་བཅས༔ རྣལ་འབྱོར་འདོད་དོན་སྒྲུབ་ཕྱིར་གུས་པས་བསྟོད༔ ཁྱད་པར་ཁྱོད་ལ་ཕྲིན་ལས་བཅོལ་བ་ནི༔ སངས་རྒྱས་བསྟན་བསྲུང་རྣལ་འབྱོར་ཚེ་སྲོག་བསྲིང༔ བླ་མའི་ཞབས་བརྟེན་བསྟན་འཛིན་སྐྱེས་བུ་སྤེལ༔ ཆོས་རྒྱལ་སྲིད་སྐྱོང་སྡིག་རྒྱལ་སྲོག་དབུགས་བསྡུས༔ བདག་དང་བསྲུང་བྱ་ལྟོས་བཅས་འདོད་དོན་སྒྲུབས༔ ཚེ་དཔལ་ལོངས་སྤྱོད་ཕྱྭ་གཡང་བདེ་ལེགས་མཛོད༔ ཅེས་འདི་ཡང་ཟབ་གདམས་པ་ཡི༔ བཀའ་ཡི་སྲུང་མའི་མཆོད་ཐབས་བསྟན༔ སྙིང་ཉེ་དམ་གཙང་རྣོ་ནུས་ཆེ༔ ཞལ་དྲོ་བག་ཡང་བྱིན་ཆེ་བ༔ ལྷ་བཙན་ཡིད་བཞིན་ནོར་བུ་འདྲ༔ མིག་དང་སྙིང་ལས་གཅེས་པར་ཟུངས༔ ས་མ་ཡཱ༔ ལྷ་བཙན་མཆོད་ཐབས་བསྡུས་པ་འདི༔ སྔོན་སྦྱངས་ལས་ཀྱིས་འབྲེལ་བ་ཡི༔ བཙུན་ཆུང་འཇམ་པའི་མཚན་གྱིས་བསྐུལ༔ དཀོར་ནག་ཁ་འབྱམས་དྲེད་པོ་ནི༔ ས་ར་ཧི་ཏ་ཞེས་བྱས་བྲིས༔ འགྲོ་བའི་བདེ་སྐྱིད་སྤེལ་བ་དང༔ བསྟན་པ་སྲུང་བའི་གྲོགས་སུ་ཤོག༔

ལྷ་བཙན་ཆེན་པོའི་བླ་རྡོ་སྲོག་འཁོར་ཟབ་མོ་འབྲི་ཐབས།

ཟུར་འགེབ་མི་ཟད་རྒྱན་འཁོར་ལས༔ ལྷ་བཙན་ཆེན་པོའི་བླ་རྡོ་སྲོག་འཁོར་ཟབ་མོ་འབྲི་ཐབས་བཞུགས༔ བཅོམ་ལྡན་རྟ་མགྲིན་རྒྱལ་པོར་འདུད༔ ལྷ་བཙན་སྲོག་གི་འཁོར་ལོ་ནི༔ ལེ་བརྒན་དར་ལ་རིན་པོ་ཆེས༔ རྟ་མགྲིན་སྐུ་ཡི་ལྟེ་བའི་ནང༔ ལྷ་བཙན་ཆེན་པོའི་སྐུ་གཟུགས་བཀོད༔ དེ་ནང་མུ་ཁྱུད་རིམ་ལྔ་བཀོད༔ དང་པོ་སྲོག་གི་སྙིང་པོ་ནི༔ ཕ་ཝང་ལོང་བུར་གྲི་ཁྲག་གིས༔ ཏྲི་ཙ་ཤུ་ལ་ར་ཛ༔ དེའི་མཐར་རང་སྔགས་སྙིང་པོ་འབྲི༔ བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ལ་སྲུངས་ཤིག་རཀྵ༔ དེའི་ཕྱིར་མུ་ཁྱུད་གཉིས་པ་ལ་རང་སྔགས་མཐའ་ལ་འདི་ཉིད་གདགས༔ ནད་གདོན་བར་ཆད་སྒྲིབ་གཉིས་བག་ཆགས་དང་བཅས་པ་ཐམས་ཅད་ཞི་བར་གྱུར་ཅིག༔ ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེའི་ཕྱིར་མུ་ཁྱུད་གསུམ་པ་ལ༔ རང་སྔགས་མཐའ་ལ་འདི་ཉིད་གདགས༔ ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས་པར་གྱུར་ཅིག༔ པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེའི་ཕྱིར་མུ་ཁྱུད་བཞི་པ་ལ༔ རང་སྔགས་མཐའ་ལ་འདི་ཉིད་གདགས༔ རྒྱལ་བའི་ཐུགས་རྗེ་བྱིན་རླབས་དང་སྐྱེ་འགྲོ་མཐོང་ཐོས་དྲན་རེག་ཕོ་རྒྱུད་མོ་རྒྱུད་ཡུལ་ཁམས་མངའ་ཐང་ལོངས་སྤྱོད་ཐམས་ཅད་དབང་དུ་འདུ་བར་གྱུར་ཅིག༔ ཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེའི་ཕྱིར་མུ་ཁྱུད་ལྔ་པ་ལ༔ རང་སྔགས་མཐའ་མར་འདི་ཉིད་གདགས༔ གནོད་བྱེད་དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པ་ཁྱད་པར་དུ་ཆེ་གེ་མོ་ཐམས་ཅད་རྡུལ་དུ་བརླག་པར་གྱུར་ཅིག༔ མཱ་ར་ཡ་ཧཱུྃ་ཕཊ༔ དེའི་མཐའ་ལ་འདོད་གསོལ་བཀྲ་ཤིས་དང་རྟེན་འབྲེལ་སྙིང་པོ་དབྱངས་གསལ་བྱེད་སྤེལ་མར་བྲི་བར་བྱའོ༔ རྒྱལ་བློན་བླ་མ་དྲག་རྩལ་དབང་སྡུད་ཅན་གྱི་ལག་ནས་དར་དང་དབང་རྫས་སོགས་དང་ལྷན་དུ་གདགས་ཤིང་ཟངས་ཀྱི་གའུར་བཅུག་ལ་བསྐང་རྫས་ལས་བྱུང་བའི་མཐུན་རྫས་རྣམས་སྒྲུབ་དུས་དཀྱིལ་འཁོར་གྱི་དབུས་སུ༔ འགྲོ་དུས་ལུས་དང་མི་འབྲལ་བར་བྱའོ༔ ས་མ་ཡཱ༔ ལྷ་བཙན་ཡིད་བཞིན་བླ་རྡོ་དང༔ སྲོག་གི་འཁོར་ལོ་འབྲི་ཐབས་འདི༔ རང་བྱུང་ཀློང་ལས་ལེགས་བྱུང་བས༔ དུས་ལ་བབ་ཚེ་མངོན་པར་འགྱུར༔ རྟེན་འབྲེལ་ཆོས་ཀྱི་བདག་པོ་དང༔ འབྲེལ་བས་བརྡ་ཚིག་ཡི་གེར་བྲིས༔ བསྟན་འགྲོའི་དཔལ་དུ་འགྱུར་བར་ཤོག༔ ཅེས་སློབ་བུ་དཀོན་མཆོག་ལ་ཕུལ་བ་དགེ་ལེགས་འཕེལ༔

ལྷ་བཙན་ཆེན་པོའི་བསྐུལ་བ་དམར་ནག་གློག་གི་ཞགས་པ་དགྲ་བོ་གསོད་པའི་གནམ་ལྕགས།

ཟུར་འགེབ་མི་ཟད་རྒྱན་འཁོར་ལས༔ ལྷ་བཙན་ཆེན་པོའི་བསྐུལ་བ་དམར་ནག་གློག་གི་ཞགས་པ་དགྲ་བོ་གསོད་པའི་གནམ་ལྕགས་བཞུགས༔ རང་བྱུང་ལྷ་ལ་ཕྱག་འཚལ་ལོ༔ ལྷ་བཙན་ཆེན་པོའི་བསྐུལ་བ་ལ༔ དམར་གྱི་གཏོར་མ་ཤ་ཁྲག་བརྒྱན༔ དྲག་པོ་རྩང་གིས་མཐའ་ལ་བསྐོར༔ དགྲ་བོའི་བླ་འགུག་གཏོར་མར་བསྟིམ༔ ཧཱུྃ་བྷྱོ་ཛཿ ལྷ་བཙན་ཆེན་པོ་ཇོ་བོ་ཡིད་བཞིན་འབར༔ དམར་ནག་ཁྲོས་པ་སྤྱན་གསུམ་ཨམ་གཙིགས་བསྡམས༔ ཞལ་ནས་དམོད་པའི་དྲག་སྔགས་དགྲ་ལ་གཟིར༔ ཕྱག་གཡས་མདུང་གིས་དགྲ་བོའི་སྙིང་ལ་འབིག༔ ཕྱག་གཡོན་བཙན་ཞགས་དགྲ་བོའི་བླ་སྲོག་དྲངས༔ སྐུ་ལས་མེ་འབར་དགྲ་བོའི་འདུག་ཁང་བསྲེགས༔ བཙན་རྟ་ཁྲོ་བོས་དགྲ་བོའི་འོག་རྟ་གསོད༔ བཙན་དམར་འབུམ་གྱིས་དགྲ་བོ་ཡུལ་ཕུད་གཏོང༔ ཁ་རྗེ་བསོད་ནམས་བཀྲག་མདངས་གནམ་ལ་གཏོར༔ ཡུལ་མཁར་ལོངས་སྤྱོད་གཉེན་འདུན་ནང་ནས་ཤིགས༔ དོ་ནུབ་ཉི་མ་ནུབ་དང་དུས་མཉམ་པར༔ དགྲ་སྲོག་གྲི་རུ་སོད་ལ་སྨྱོར་ཆུག་ཅིག༔ འོག་རྟ་བྲན་དང་ཆུང་མ་གཅེས་པའི་ཚོགས༔ ཆོས་སྐྱོང་ཁྱོད་ལ་གཏད་དོ་སྲོག་དབུགས་ལོངས༔ མེ་སྟག་ཆུ་ཡིས་བསད་བཞིན་རྡུལ་དུ་རློགས༔ ལོ་དང་ཟླ་བར་བཞག་པའི་ལོང་མེད་ཀྱི༔ གློ་སྙིང་བྲང་གསུམ་ད་ལྟ་ཉིད་དུ་ལོངས༔ དམ་ལས་མ་འདའ་དམ་བཞིན་ཕྲིན་ལས་མཛོད༔ ཅེས་བསྐུལ་བ་བརྒྱ་རྩ་བརྗོད་ན་རྡོ་རྗེའི་སྲོག་ཡོད་ཀྱང་ཆོད་དེ༔ རང་ལ་གནོད་པས་ཤིན་ཏུ་བཙའ་ཤེས་པར་བྱའོ༔ དམར་གཏོར་དགྲ་ཕྱོགས་སུ་འཕང་ལ་ཐལ་མོ་དང་དུལ་མོ་བརྡབ་པར་བྱའོ༔ འདི་སྔོན་སྦྱངས་ལས་ཀྱི་འཕྲོ་སད་སྤྲུལ་མིང་པ་བདག་གིས་ཐུགས་ཀློང་ནས་ཕབ་སྟེ་སློབ་བུ་དཀོན་མཆོག་གང་གི་ཕྱག་ཏུ་ཕུལ་བ་དགེ་ལེགས་འཕེལ༔ ས་མ་ཡཱ༔ བརྡ་ཐིམ༔

ལྷ་གདོང་བཙན་རྒོད་ཀྱི་གཏོར་འབུལ།

ཧཱུྃ༔ རང་ཉིད་སྐད་ཅིག་དྲན་རྫོགས་སུ༔ སྣང་སྲིད་ཟིལ་གནོན་སྐུར་གསལ་བའི༔ ཐུགས་ཀའི་འོད་ཟེར་ལྕགས་ཀྱུ་ཡིས༔ རང་བཞིན་རྣམ་དག་ཞིང་ཁམས་ནས༔ གཏེར་སྲུང་བཙན་རྒོད་འཁོར་དང་བཅས༔ རང་མཐུན་དགྱེས་པའི་གདན་བཞུགས་གུས་ཕྱག་འཚལ༔ ཕྱི་ནང་གསང་གསུམ་སྨན་གཏོར་རཀྟ་དང༔ རང་རང་མཐུན་པའི་མཆོད་རྫས་བསྐང་རྫས་འབུལ༔ ཅི་བཅོལ་ལས་རྣམས་འགྲུབ་པའི་སྡོང་གྲོགས་མཛད༔༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་བསྟོད༔ ཉམས་ཆགས་རྟོག་སྒྲིབ་མུན་པ་དབྱིངས་སུ་སོལ༔ བཛྲ་ས་མ་ཡཱ་ཤུདྡྷེ་ཨ༔ དེ་ནས་དགོས་པའི་དུས་སུ་ཕྲིན་བཅོལ་བྱ་བ་ནི༔ གཏོར་མ་ལ་འགུག་གཞུག་བྱས་ལ༔ གནོད་བྱེད་དགྲ་བགེགས་བསྒྲལ་བའི་ཤ་ཡི་རི་བོ༔ ཁྲག་གི་རྒྱ་མཚོ༔ རུས་པའི་གྲམ་ཁྲོད་ཆེན་པོར་གྱུར༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔གིས་སྦྱངས་སྤེལ་བསྒྱུར་ལ་འབུལ་བ་ནི༔ ཨོཾ་ཡུ་ཙ་ཏྲིག་ས་པ་རི་ཝ་ར་མ་ཧཱ་བྷ་ལིང་ཏ་རཀྟ་ཨ་མྲྀ་ཏ་དགྲ་བགེགས་དམ་སྲིའི་ཤ་ཁྲག་རུས་གསུམ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧཱུྃ༔ ལྷ་གདོང་བཙན་རྒོད་མི་ཟད་གཏུམ་རྔམས་འབར༔ འཁོར་དང་བཅས་པས་གནོད་བྱེད་ཆེ་གེ་མོའི༔ ཤ་ཁྲག་རུས་པ་རྩ་རྒྱུས་ལ་སོགས་པ༔ ལྷག་མ་མེད་པར་བཞེས་ཤིག་ཕྲིན་ལས་མཛོད༔ གསང་སྔགས་བསྟན་དང་འགྲོ་བའི་བདེ་སྐྱིད་འཕྲོག༔ རྣལ་འབྱོར་བདག་ལ་དོ་བརྡོ་ཕོད་དུ་བཙུགས༔ བསམ་ངན་སྦྱོར་རྩུབ་མི་འདོད་ཉེར་འཚེ་གཏོང༔ ཡ་བོ་ཚད་བཟུང་མཐོ་གནོན་འགྲན་རྩོད་མཁན༔ སྒྲིབ་མེད་ཡེ་ཤེས་སྤྱན་གྱིས་ཉེར་གཟིགས་ཏེ༔ བཙན་རྒོད་དྲག་རྩལ་རྔམས་པས་སྲོག་དབུགས་ལོངས༔ དོན་སྙིང་ལྐོག་མར་འབྱིན་དང་མིག་འབྲས་ཕྱུངས༔ མི་འདོད་ཆོ་འཕྲུལ་ཐོངས་ལ་སྐྱེ་རྒྱུད་སྡུས༔ ཁ་རྗེ་དབང་ཐང་ནུས་པ་སྟོབས་འབྱོར་སོགས༔ བ་མོ་ཉི་མས་གཞོམ་བཞིན་རྗེས་མེད་ཐོངས༔ ལས་བཞིའི་ཕྲིན་ལས་གང་བཅོལ་ཐོགས་མེད་མཛོད༔ དེ་ལྟར་སྒྲུབ་འབྲས་མངོན་དུ་མ་གྱུར་ན༔ རྒྱལ་བའི་བཀའ་འགལ་རྣལ་འབྱོར་ཡིད་ཀྱང་ཆད༔ བསྟན་ལ་ཁྱད་གསོད་དགྲ་ཡིས་བརྙས་སེམས་འཇུག༔ དེ་བས་མཆོད་སྒྲུབ་དམ་ལས་མ་གཡེལ་བར༔ དགྲ་གདོན་གཡུལ་ངོ་སྤྲོད་ཅིག་ས་མ་ཡཱ༔ ཅེས་པ་འདི་ཡང་བདག་གི་ནུབ་གཅིག་རྨི་ལམ་དུ་དམར་པོ་སྟག་གི་ཐུལ་པ་གྱོན་ཞིང་ལག་ན་མདུང་དང་ཞགས་པ་ཐོགས་པ་ཞིག་གིས་ཁྱོད་ཀྱིས་གཏེར་སྲུང་མཆོད་ཐབས་བསྒྲིག་ན་ཆོག་ཟེར་བ་ལ། ང་ཡིས་རྩོམ་ལེགས་པོ་ཞིག་མི་ཤེས་ཟེར་ཡང་། ད་ཅི་དྲན་ཞིག་བྲིས་དང་ཆོག་པར་འདུག་གསུངས་ནས་མི་སྣང་ངོ་། །ཕྱིར་ཉིན་རྨི་ལམ་དྲན་ནས་ཨ་མཚར་བྲིས་པས་ཐོགས་ཆགས་མེད་པ་ཞིག་བྱུང་ངོ་། །ཉེས་འགལ་མཆིས་ན་བསྲུང་མ་རྣམས་ལ་བཤགས། །དགེ་བར་གྱུར་ན་བསྟན་པའི་གསོས་སུ་ཤོག །

གནོད་སྦྱིན་ཙི་དྲའི་རྦད་བསྐུལ་དུག་མདའ་ལྟོང་དམར།

གནོད་སྦྱིན་ཙི་དྲའི་རྦད་བསྐུལ་དུག་མདའ་སྟོང་དམར་ ཧཱུྃ་ཛཿ དབང་ཆེན་དྲེགས་པ་སྟོབས་ལྡན་དང༔ གསང་བདག་པད་འབྱུང་ཡོངས་འཛིན་གྱི༔ བཀའ་དམ་ལ་གནས་སྲུང་མའི་གཙོ༔ གནོད་སྦྱིན་ཙི་དྲ་གཙོ་འཁོར་བདུན༔ ཡང་འཁོར་ཕོ་ཉ་དྲེགས་པའི་དམག༔ བཞེངས་ཤིག་མི་མངོན་དབྱིངས་ནས་བཞེངས༔ སྤྱོན་ཅིག་རང་བཞིན་གནས་ནས་བྱོན༔ བསྐུལ་ལོ་འགྲོ་བའི་དོན་ལ་བསྐུལ༔ མཛོད་ཅིག་དྲག་པོའི་ཕྲིན་ལས་མཛོད༔ རྦད་དོ་གནོད་སྦྱིན་བཙན་རྒོད་བདུན༔ དྲེགས་པ་སྡེ་བརྒྱད་མི་སྲུན་ཚོགས༔ བསྟན་པའི་དགྲ་བོའི་སྟེང་དུ་རྒྱུག༔ དམིགས་པའི་དགྲ་བོའི་བླ་སྲོག་དགུགས༔ མེ་སྟག་ཆུ་ཡིས་བསད་བཞིན་ཐོངས༔ བསད་རྟགས་དོན་སྙིང་ཁྱེར་ལ་ཤོག༔ ལོ་ཟླར་བཞག་པའི་ལོངས་སྐབས་མེད༔ དོ་ནུབ་ཉིད་ནས་ཧུར་ཐུམ་སོད༔ ཤ་ཁྲག་རུས་པ་རྔམ་ཟས་གྱིས༔ མི་ནོར་ལོངས་སྤྱོད་ཀ་ཅ་དཀོར༔ མཐའ་རྩ་སྐྱེ་རྒྱུད་ལྷག་མེད་ཐོངས༔ ཆོམས་ཤིག་ཐུལ་ཅིག་མཱ་ར་ཡ༔ ཁ་ཕོངས་རྗེས་ཤུལ་མེད་པར་གྱིས༔ ཨོཾ་ར་ཛཱ་ཤུ་ལ་ཙ་ཏྲི་དགྲ་བགེགས་གནོད་བྱེད་ཨེ་ཧུར་ཐུམ་ཏྲིག་ནན་རྦད་ཡ༔ སངས་རྒྱས་བསྟན་དང་བདག་ཅག་ལ༔ བརྙས་བྱེད་དགྲ་བོ་དམ་ཉམས་ཀྱི༔ མགོན་སྐྱབས་ལྷ་སྲུང་སོ་སོར་ཕྱེ༔ གནོད་པའི་བདུད་རྣམས་གཤེད་དུ་ཕོབ༔ ཕོ་རྒྱུད་རྩད་ནས་ཆོད་ལ་ཤོག༔ མོ་རྒྱུད་མངལ་ནས་སྐོམ་ལ་ཤོག༔ ནང་མཐུན་འཁོན་གྱིས་ཤིག་ལ་ཤོག༔ མི་འདོད་ཆོ་འཕྲུལ་སྣ་ཚོགས་ཐོངས༔ ཞེས་པ་འདི་འདྲ་དགོས་ཞེས་དད་ལྡན་བཙུན་པ་བསམ་འཕེལ་གྱི་ངོར༔ མཆེད་གྲོགས་དམ་ཚིག་གཉན་ཕྱིར་མི་ལྡོག་ཙམ་དུ་བླ་མིང་ཕན་པས་སྨྲས་པ་འདིས་ཀྱང་བསྟན་དགྲ་གནོད་བྱེད་ཚར་གཅོད་པར་གྱུར་ཅིག་གུ༔

འགོ་བའི་ལྷ་ལྔ་གསོལ་ཐབས་བྱིན་རླབས་ཡེ་ཤེས་ཆུ་རྒྱུན།

ཡང་གསང་ཌཱཀྐིའི་ཐུགས་ཐིག་ལས༔ འགོ་ཞིང་སྐྱོབ་པའི་ལྷ་གསོལ་ཐབས༔ བྱིན་རླབས་ཡེ་ཤེས་ཆུ་རྒྱུན་བཞུགས༔ སྐུ་གསུམ་ངོ་བོ་བླ་མར་འདུད༔ འགོ་བའི་དགྲ་ལྷ་གསོལ་འདོད་པའི༔ གང་ཟག་རྣམས་ཀྱིས་བཅའ་བཤམ་ནི༔ གཞི་མ་སྣམ་ཕྱིང་དཀར་པོའི་སྟེང༔ འབྲས་དཀར་འབྲུ་ཡི་གཡུང་དྲུང་བྲིས༔ དེ་དབུས་འབྲང་རྒྱས་ཞལ་དཀར་ལྔ༔ དཀར་དམར་གཏོར་མ་སྐྱེམས་རིགས་བསགས༔ ཉེར་སྤྱོད་མཆོད་པས་མཐའ་ནས་བསྐོར༔ རྣལ་འབྱོར་ལྷ་ཡི་ང་རྒྱལ་གྱི༔ བསམ་སྤྱོད་བཟང་པོས་འདི་བཞིན་གྱེར༔ ཨེ་མ་ཧོ༔ རྒྱལ་ཀུན་ངོ་བོ་རིག་འཛིན་པདྨ་འབྱུང༔ དབྱིངས་ནས་སྤྱན་དྲངས་མདུན་གྱི་མཁའ་ལ་བཞུགས༔ ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོས་མཆོད༔ འཇིགས་བརྒྱད་བར་ཆད་དུས་མིན་འཆི་བ་བཟློག༔ མཆོག་ཐུན་དངོས་གྲུབ་སྩོལ་ལ་ལམ་སྣ་དྲོངས༔ མཐུན་རྐྱེན་འབད་མེད་ལྷུན་གྱིས་གྲུབ་པར་མཛོད༔ ཕ་ལྷ་ཕྲག་པ་གཡས་ན་བཞུགས༔ རང་མཐུན་ཡིད་འོང་འདོད་རྫས་འབུལ༔ བསྲུང་སྐྱོབ་སྡོང་གྲོགས་མ་གཡེལ་ཞིག༔ ཅི་བསམ་ལྷུན་གྱིས་གྲུབ་པར་མཛོད༔ མ་ལྷ་ཕྲག་པ་གཡོན་ན་བཞུགས༔ མངར་གསུམ་གཏོར་མ་ཕྱེ་མར་འབུལ༔ བཟའ་བཏུང་ལོངས་སྤྱོད་དངོས་གྲུབ་སྩོལ༔ བསམ་དོན་འགྲུབ་ཅིང་ཕྱྭ་གཡང་སྩོལ༔ སྲོག་ལྷ་སྙིང་གི་དབུས་སུ་བཞུགས༔ དཀར་དམར་གཏོར་མ་གསེར་སྐྱེམས་འབུལ༔ སྲོག་འཚོ་ལེའུའི་ལྗོན་པ་མཛོད༔ བསམ་དོན་ལྷུན་གྲུབ་དགེ་ལེགས་སྩོལ༔ ཞང་ལྷ་མཆན་ཁུང་གཡས་སུ་བཞུགས༔ ཕྱར་དར་གཡབ་དར་མ་ད་ན༔ གོ་མཚོན་ཁྲབ་སོགས་མཐུན་རྫས་འབུལ༔ དགྲ་གདོན་བར་ཆད་གཡུལ་ངོ་བཟློག༔ ཡུལ་ལྷ་མཆན་ཁུང་གཡོན་ནས་བཞུགས༔ གཡག་ལུག་ར་གསུམ་གཟུགས་འགྲོས་དང༔ འབྲང་རྒྱས་ལ་སོགས་དཀོར་ནོར་འབུལ༔ མགོན་སྐྱབས་སྡོང་གྲོགས་རྒྱབ་རྟེན་མཛོད༔ ཁྱད་པར་འགོ་བའི་ལྷ་སྲུང་རྣམས༔ མདོར་ན་ཕྲིན་ལས་བཅོལ་བ་ནི༔ ནད་གདོན་བར་ཆད་ཡམས་རིགས་དགྲ༔ མི་མཐུན་རྐྱེན་བགེགས་ཞི་བར་མཛོད༔ ཁ་རྗེ་དབང་ཐང་ཚེ་བསོད་དཔལ༔ གོང་ནས་གོང་འཕེལ་ཕྲིན་ལས་མཛོད༔ ཕོ་རྒྱུད་མོ་རྒྱུད་རྒྱལ་བློན་འབངས༔ གང་དམིགས་སྣང་བ་དབང་དུ་ཁུག༔ གཟུགས་ཅན་དགྲ་དང་གཟུགས་མེད་བགེགས༔ རྡུལ་དུ་བརླག་པར་མཛད་དུ་གསོལ༔ འདོད་པའི་དོན་དང་གཉེར་བའི་ལས༔ ཐོགས་མེད་མྱུར་འགྲུབ་སྡོང་གྲོགས་མཛོད༔ ས་མ་ཡཱ༔ ཞེས་འདི་དགོངས་པའི་ཀློང་ལས་བྱུང༔ ལས་སྐལ་ལྡན་ལ་སྦྱིན་ནོ་རྒྱ༔ སྐལ་མེད་ལོག་རྟོག་ཅན་ལ་གསང༔ བྱིན་རླབས་ཡེ་ཤེས་ཆུ་རྒྱུན་ཡིན༔ སྒྲུབ་པའི་གང་ཟག་འཚེངས་བར་འགྱུར༔ རླུང་རྟའི་རྒུད་པ་ཡོངས་སུ་གསོ༔ བན་བོན་བྱད་མ་རང་ལ་ཟློག༔ ཡོན་ཏན་བསམ་ཡས་ཨེ་མ་ཧོ༔ ཞེས་འདི་སྔོན་ལས་བཟང་པོ་ཡིས༔ མཚམས་སྦྱར་སྐལ་ལྡན་དད་བརྩོན་ཅན༔ ཨོ་རྒྱན་མཚན་འཆང་བཙུན་ཆུང་དེའི༔ བཞེད་སྐོང་ཕྱིར་དུ་བྷུ་སུ་ཀུ༔ ས་ར་ཧི་ཏས་ཐོལ་བྱུང་དུ༔ ཡོས་ཟླའི་ཚེས་བཅུར་མགྱོགས་པར་བྲིས༔ ཉེས་བཤགས་དགེ་ཀུན་འགྲོ་ལ་བསྔོ༔ སརྦ་བི་ཛ་ཡནྟུ༔

དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པའི་གསོལ་བསྡུས་ཡིད་བཞིན་དབང་སྔོན།

ཡང་གསང་ཌཱཀྐིའི་ཐུགས་ཐིག་ལས༔ དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པའི་གསོལ་བསྡུས་ཡིད་བཞིན་དབང་སྔོན་བི་ཛ་ཧ་རཾ༔ པདྨ་ཐོད་ཕྲེང་རྩལ་ལ་འདུད༔ དྲི་ཟའི་རྒྱལ་པོ་མཆོད་པའི་ཐབས༔ དཀྱིལ་འཁོར་བཀོད་ལེགས་རྩ་གསུམ་མདུན༔ མཆོད་གཏོར་བཱ་ལིང་ལུག་མགོས་མཚན༔ ཨུག་ཀྱུ་ཉེར་གཅིག་མཐའ་ལ་བསྐོར༔ མཆོད་རྫས་སྒྲུབ་རྫས་བསྐང་བའི་རྫས༔ རང་མཐུན་སྒྲུབ་གཞུང་དག་དང་བསྟུན༔ རྣལ་འབྱོར་ལྷ་ཡི་ང་རྒྱལ་གྱིས༔ བདེ་བའི་གདན་འདུག་འདི་སྐད་དོ༔ རང་ཉིད་ཡི་དམ་ལྷ་ཡི་ཐུགས་ཀ་ནས་འོད་ཟེར་ལྔ་ལྡན་སྤྲིན་གྱི་ལྕུག་མ་ལྟར་འཕྲོས་པས་ཡབ་ཞུར་གཉན་གྱི་རྗེའམ་སྐུ་ལྷ་དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་ལྡན་འཁོར་གསང་ཡུམ་བློན་པོ་སྐུ་གསུང་ཐུགས་ཞི་རྒྱས་དབང་དྲག་གི་ལྷ་ཚོགས་འཁོར་དང་བཅས་པ་བྱ་གཅན་ཐེད་ལ་རྔམས་པ་ལྟར་སྐད་ཅིག་གིས་རང་མདུན་དུ་བྱོན་པར་མཛོད༔ ཨོཾ་བཛྲ་ཐང་ཀ་ར་མུ་ཉིད་ཁུ་ཤ་ལི་སརྦ་ས་མ་ཡཱ་ཛ་ཛ་ཕཻཾ་ཕཻཾ༔ མཆོད་རྫས་བྱིན་རླབས་དབྱངས་རོལ་བཅས༔ ཧཱུྃ་ཧཱུྃ༔ ཆོས་དབྱིངས་ངང་ལས་གཡོ་བ་མེད་མོད་ཀྱང༔ མི་སྲུན་རྒྱལ་འགོང་དམ་སྲི་བརླག་མཛད་པའི༔ བཛྲ་ཛྭ་ལ་དྲི་ཟའི་རྒྱལ་པོ་ཆེ༔ ལྷ་བརྒྱད་གངས་རིའི་ཕྲེང་བ་འཁྲིགས་པའི་ལྗོངས༔ ཤེལ་མཁར་དགུ་ཐོག་རིན་ཆེན་སྒོ་ལྕགས་འབར༔ ཕོ་བྲང་དབུས་ན་གཟི་བརྗིད་གཏུམ་རྔམ་ལྡན༔ ལྷ་ཡི་ལྷ་མཆོག་ས་བརྒྱད་གནས་པའི་སྐུ༔ མདོག་དཀར་སྦ་ལྕགས་ཤེལ་ཕྲེང་ཕྱག་ན་བསྣམས༔ ཞལ་ནི་ཁྲོ་འཛུམ་ཆགས་པའི་ཉམས་འགྱུར་ངོམ༔ དབུ་ལ་གསེར་ཞྭ་རྡོ་རྗེ་ཕྱེད་པས་བརྒྱན༔ དར་དཀར་ན་བཟའ་གསོལ་ཞིང་ལྷ་རྟ་ནི༔ ངང་དཀར་མཛེས་པ་རིན་ཆེན་ཆས་ལྡན་བཅིབས༔ དགེ་བསྙེན་ཉེར་གཅིག་ལྷ་ཀླུ་གཉན་དམག་བསྐོར༔ རྣལ་འབྱོར་རེ་སྐོང་དགྱེས་པའི་གདན་ལ་བཞུགས༔ ཕྱི་ནང་མཆོད་ཚོགས་སྨན་གཏོར་རཀྟ་བཅས༔ གསེར་འཛིན་དགའ་མའི་ཁྱོན་རྣམས་བཀང་སྟེ་འབུལ༔ མཆོད་རྫས་བསྐང་རྫས་སྒྲུབ་རྫས་བརྟེན་པའི་རྫས༔ དངོས་འབྱོར་ཡིད་ལས་སྤྲུལ་ཏེ་དྲེགས་ཚོགས་བརྔན༔ སྤྲུལ་པ་དུང་གཡག་ལྕགས་ཀྱི་སྡིག་པར་སྤྲུལ༔ བདུད་རིགས་དགེ་སློང་ཆས་སུ་འོང་བ་རྣམས༔ མི་མངོན་སྟོང་པའི་དབྱིངས་སུ་རྒྱས་ཐོབ་ཅིག༔ ལྷ་ཡི་ལྷ་མཆོག་དབུ་འཕང་དགུང་ལ་བསྟོད༔ མ་རུང་གདུག་འདྲེ་འབྱུང་པོའི་འཚེ་བའི་དགྲ༔ མཐུ་སྟོབས་གཟི་བརྗིད་ཁྲོས་པའི་ཟིལ་གྱིས་གནོན༔ དང་པོ་བྱང་ལམ་བར་མ་དང༔ བར་དུ་བསམ་ཡས་ཧས་པོ་རི༔ ཐ་མ་རི་བོ་བཀྲ་བཟང་གི༔ གནས་སུ་ཕྱག་རྡོར་པདྨ་འབྱུང༔ རིག་འཛིན་དམ་པས་བཀའ་བསྒོས་བཞིན༔ ཐ་ཚིག་དགོངས་ལ་གཉེར་བྱང་ལོངས༔ གཙང་ལུག་བཤོས་སྐྱེམས་འདི་གསོལ་ལ༔ བཅོལ་པའི་ལས་ལ་ཐོགས་མེད་མཛོད༔ དེ་ནས་ཕུད་རྒོད་དམར་གཏོར་བཤམས༔ རྔམ་པའི་སྟབས་ཀྱིས་ལས་ལ་བསྐུལ༔ ཧཱུྃ་བྷྱོ་ཛ༔ རྒྱལ་བའི་བསྟན་སྲུང་དཔའ་བོ་དྲེགས་པའི་གཙོ༔ ཕྱི་ལྟར་དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ༔ ནང་ལྟར་གནོད་སྦྱིན་རྡོ་རྗེ་འབར་བ་རྩལ༔ གསང་བ་ལྷ་མཆོག་སྟོབས་ལྡན་ནག་པོ་ཆེ༔ ཐུགས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང༔ བསྟན་དགྲ་དམ་ཉམས་འདུལ་ཕྱིར་སྐུར་བཞེངས་ཤིག༔ བསྐུལ་ལོ་བསྐུལ་ལོ་སེམས་ཅན་དོན་ལ་བསྐུལ༔ མཛོད་ཅིག་མཛོད་ཅིག་དྲག་པོའི་ཕྲིན་ལས་མཛོད༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ དཔལ་ལྡན་བླ་མའི་སྐུ་དགྲ་དང༔ སངས་རྒྱས་བསྟན་པ་བཤིགས་པ་དང༔ གསང་ཆེན་ཆོས་ལ་དམོད་པ་དང༔ དགེ་འདུན་སྡེ་ལ་བརྙས་པ་ཡིས༔ ཉམས་པ་བདུན་གྱི་དགྲ་བོ་འདི༔ མངོན་པར་མ་ཤོར་མྱུར་དུ་སོད༔ ཚེ་འདིའི་བསོད་ནམས་དབང་མ་བཏང༔ ཁུག་ཅིག་སྒྲོལ་ཅིག་ས་མ་ཡཱ༔ བྱད་མ་རྦོད་གཏོང་དུས་མཐའ་སྟུངས༔ དམ་ཉམས་དགྲ་བོ་ལས་ངན་འདི༔ ལྷ་སྲིན་སྡེ་བརྒྱད་དཔའ་ཟས་ཀྱིས༔ མེ་འབར་མཚོན་འཁྲུགས་ཆར་རྒྱུན་ཕོབ༔ ནད་དང་དུག་གིས་འགུམ་པར་མཛོད༔ དོན་སྙིང་ལྐོག་མའི་ལམ་དུ་དྲོངས༔ ཀླད་ཁྲག་ཁོང་ཁྲག་འཇིབ་པར་མཛོད༔ ཏིལ་འབྲུ་ཙམ་ཡང་མེད་པར་གྱིས༔ ལྷག་མ་རྗེས་ཤུལ་རླུང་ལ་སྐུར༔ མ་གཡེལ་མ་འགྱང་ལས་བཅོལ་སྒྲུབ༔ འདོད་དོན་ཕྲིན་ལས་མ་བསྒྲུབས་ན༔ ཁྱོད་ཀྱང་དམ་ཚིག་ཉམས་པར་འགྱུར༔ རྣལ་འབྱོར་ཡིད་ཀྱང་མི་ཆད་དམ༔ རྒྱུ་འབྲས་བདེན་པ་བསླུ་མེད་ན༔ ཁྱོད་ཀྱི་ནུས་མཐུས་ཅི་ཞིག་བྱ༔ ལོ་ཟླར་མ་བཞག་མྱུར་དུ་སོད༔ མཱ་ར་ཡ་ཡི་ལས་མཛོད་ཅིག༔ ཨོཾ་བཛྲ་ཐང་ཀ་ར་མུ་ཉིད་ཁུ་ཤ་ལི་ཨ་མྲྀ་ཏ་གནོད་བྱེད་དགྲ་བགེགས་ཆེ་གེ་མོའི་མིང་རུས་གཟུགས་གསུམ་མཐའ་རྩ་སྐྱེ་རྒྱུད་ཁ་རྗེ་དབང་ཐང་དང་བཅས་པ་དྲི་ཟའི་རྒྱལ་པོའི་ཞལ་དུ་དམར་གྱི་གཏོར་མ་དང་མཉམ་དུ་བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི༔ ཞེས་བསྐུལ་དགྲ་ཕྱོགས་གཏོར་མ་འཕང༔ བསྟན་དགྲ་འཇོམས་པར་ཐེ་ཚོམ་མེད༔ དམ་མེད་ཡོངས་ལ་གསང་ཞིང་རྒྱ༔ དམ་ལྡན་བུ་ལ་གཏད་པ་ཡིན༔ བཀའ་ཡི་སྲུང་མས་བྱ་ར་མཛོད༔ ས་མ་ཡཱ༔ སྐུ་གསུང་ཐུགས་ཀྱི་རྒྱ་ཡོད་དོ༔

དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པའི་འཛབ་ལས་བཞི་ལྷུན་གྲུབ།

ཡང་གསང་ཌཱཀྐིའི་ཐུགས་ཐིག་ལས༔ ཐུགས་ཆེན་བཀའ་སྲུང་དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པའི་འཛབ་ལས་བཞི་ལྷུན་གྲུབ་ནི༔ རྩ་གསུམ་བསྙེན་སྒྲུབ་གནད་དུ་ཐང༔ དེ་ནས་སྲུང་མའི་གསོལ་མཆོད་དང༔ དམིགས་པའི་ཁ་བསྒྱུར་ལྡེ་ཁ་ནི༔ རང་ཉིད་པད་འབྱུང་ཞི་བའི་སྐུ༔ མདོག་དཀར་ཤེལ་གྱི་འོད་ཟེར་འབར༔ ཐུགས་ཀའི་ཟླ་གདན་འཁོར་ལོའི་སྟེང༔ ས་བོན་ཧཱུྃ་ཡིག་དཀར་པོ་ལས༔ འོད་འཕྲོས་དྲི་ཟའི་རྒྱལ་པོར་ཕོག༔ དེ་ལས་འོད་དཀར་ཟླ་ཞུན་ལྟར༔ བདག་དང་བསྲུང་བྱ་འགྲོ་ཀུན་ལ༔ ཕོག་པས་ལས་ཉོན་སྡིག་སྒྲིབ་དང༔ མི་ནད་ཕྱུགས་ནད་ཡོད་དོ་ཅོག༔ འོད་ཟེར་དེ་ཡིས་སྦྱངས་བར་བསམ༔ ཡི་དམ་སྔགས་ཀྱི་ཤམ་བུ་རུ༔ ཨོཾ་བཛྲ་ཐང་ཀ་ར་མུ་ཉིད་ཁུ་ཤ་ལི་ཨ་མྲྀ་ཏ་སརྦ་ཛྭ་ར་དུ་ཥ་ཤནྟིཾ་ཀུ་རུ་སྭཱ་ཧཱ༔ དེས་ནི་ནད་གདོན་སྡུག་བསྔལ་དང༔ འཇིགས་བརྒྱད་དུས་མིན་འཆི་བའི་གདོན༔ མི་ཕྱུགས་གང་གི་ནད་ལ་ཡང༔ དྲན་ཆོག་ཐང་ཆོག་ཟབ་མོ་ཡིན༔ ཉིན་གཅིག་པ་དང་རྟག་པའི་རིམས༔ གང་ལ་འདི་ལས་ཟབ་པ་མེད༔ དེ་ནས་རྒྱས་པའི་བསྙེན་དམིགས་ནི༔ རང་ཉིད་པད་འབྱུང་རྒྱས་པའི་ལྷ༔ གསེར་མདོག་བཙོ་མའི་འོད་ཟེར་འབར༔ ཐུགས་ཀར་ཉི་གདན་འཁོར་ལོའི་སྟེང༔ ས་བོན་ཧཱུྃ་སེར་ལས་འཕྲོས་འོད༔ མདུན་གྱི་དྲི་ཟའི་རྒྱལ་པོར་ཕོག༔ དེ་ལས་འོད་ཟེར་སེར་པོ་འཕྲོས༔ ཕྱོགས་བཅུའི་ནོར་ལྷ་སྡེ་བརྒྱད་བསྐུལ༔ ཀུན་ཀྱང་ནོར་ལྷ་ཡབ་ཡུམ་དུ༔ སྤྲུལ་ནས་ཟས་གོས་ཡོ་བྱད་ནོར༔ རྒྱ་མཚོ་ཆར་གྱིས་བསྐྱེད་པ་ལྟར༔ བདག་གི་གནས་ཁང་བང་མཛོད་དང༔ ར་བ་ཕྱུགས་ལྷས་སྟོང་པ་ཀུན༔ མེར་མེར་ཕྱུར་ཕྱུར་གང་བར་བསམ༔ ཨོཾ་བཛྲ་ཐང་ཀ་ར་མུ་ཉིད་ཁུ་ཤ་ལི་ཨ་མྲྀ་ཏ་ཨ་ཡུ་བ་སུ་རཏྣ་ན་ན་ཁ་དྷེ་ཝསྟྲ་སརྦ་པུཥྚཾ་ཀུ་རུ་སིདྡྷི་ཕ་ལ་ཧཱུྃ༔ དེས་ནི་འཇིག་རྟེན་བཟའ་བཏུང་ནོར༔ གོས་རྒྱན་རིན་ཆེན་ཚེ་བསོད་བུ༔ མི་ཟད་འཕེལ་བར་གདོན་མི་ཟ༔ དཔེར་ན་དཔག་བསམ་ཤིང་དང་མཚུངས༔ འདི་ལྡན་ལོངས་སྤྱོད་ཕོངས་པ་མེད༔ ཁྱད་པར་གནད་ཀྱི་མན་ངག་བཅུའི༔ ནང་ནས་ཆར་འབེབས་སྤྲིན་སྡུད་ཀྱི༔ དམིགས་པའི་ལྡེ་ཁ་ཟབ་མོ་ནི༔ རང་ཉིད་པདྨའི་སྐུར་གསལ་བའི༔ མདུན་དུ་ངོ་བོ་བླ་མ་ལ༔ རྣམ་པ་དྲི་ཟའི་རྒྱལ་པོར་སྤྲུལ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་སྔོ༔ ཕྱག་གཡས་སྤྲིན་གྱི་བ་དན་དང༔ ཕྱག་གཡོན་ཆུ་ཡི་རྐྱལ་བ་བསྣམས༔ ཆིབས་སུ་སྤྲིན་གྱི་ཤུགས་ལྡན་བཅིབས༔ སྐུ་ལ་ཆུ་འཛིན་ན་བཟའ་བཀླུབས༔ དབུ་ལ་འཇའ་ཚོན་ལ་ཐོད་མཛེས༔ རྒྱ་མཚོ་རྦ་ཀླུང་འཁྲུགས་དཀྱིལ་དུ༔ ཀླུ་ཆེན་བརྒྱད་ཀྱིས་བསྐོར་བར་བསྒོམ༔ སྟེང་གི་ནམ་མཁར་རིགས་གསུམ་མགོན༔ སེམས་དཔའ་སེམས་མའི་ཚོགས་དང་བཅས༔ བར་དུ་ཡི་དམ་རྒྱུད་སྡེའི་ཚོགས༔ ཆུ་འཛིན་དྲ་བའི་ཀློང་ན་གསལ༔ མཐའ་བསྐོར་ལྷ་ཀླུ་གཞི་བདག་དང༔ མི་མིན་ཁྲོམ་ཚོགས་ལྟ་བུར་གསལ༔ བདག་གི་ཐུགས་ཀའི་ས་བོན་ལས༔ འོད་ཟེར་སྤྲིན་གྱི་ལྕུག་མ་ལྟར༔ མདུན་བསྐྱེད་ལྷ་ཡི་ཐུགས་རྒྱུད་བསྐུལ༔ བཀའ་བསྒོའི་ཚུལ་དུ་ཉན་པར་བསམ༔ རྩ་བའི་སྔགས་ཀྱི་ཤམ་བུ་རུ༔ ཨོཾ་བཛྲ་ཐང་ཀ་ར་མུ་ཉིད་ཁུ་ཤ་ལི་ཨ་མྲྀ་ཏ་ནཱ་ག་ར་ཛཱ་ཕུ་ཕེཾ་ཕུ་དྲིག་མ་ཧཱ་ནཱ་ཡཱ་སྤྲིན་བསྡུས་ཆར་ཕོབ་ནཱ་ག་ཕུ་སྭཱ་ཧཱ༔ ཞེས་ཆར་བྱུང་སྔགས་འདི་སྟོང་ཕྲག་བཟླ༔ མདུན་བསྐྱེད་སྐུ་དང་ཕྱག་མཚན་ལས༔ ཆར་གྱི་རྒྱུན་ནི་དམིགས་པའི་ཡུལ༔ ཀུན་གྱི་རྩི་སྨན་ལོ་ཏོག་སོགས༔ གསོ་བའི་རྒྱུན་ཆེན་འབེབས་པར་བསམ༔ རྒྱབ་ཆོས་ཁ་ཚར་རིམ་པ་ནི༔ རིགས་གསུམ་བསྙེན་པ་སྐབས་བསྟུན་བཟླ༔ སིདྡྷི་ཏཱ་རེ་ཅི་མང་སྒྲོགས༔ མཆོག་གསུམ་རྒྱལ་བ་སྲས་བཅས་ཀུན༔ ཆར་གྱི་མངའ་བདག་ཆེན་པོར་བསྒོམས༔ ནམ་མཁའ་སྤྲིན་གྱི་ཕུང་པོར་འཁྲིགས༔ བར་སྣང་ཆར་གྱིས་ཁ་ལུད་ནས༔ ས་གཞི་རླངས་པ་ཐུལ་གྱིས་འཐིབ༔ གནོད་བྱེད་རྒྱལ་འགོང་བན་བོན་གྱིས༔ མངག་པའི་རླུང་ནི་ཡི་གེ་ཡཾ༔ ལྗང་ཁུ་གཞུ་ཡི་དབྱིབས་ཅན་དུ༔ བདག་མདུན་ཞབས་ཀྱི་འོག་ཏུ་མནན༔ གནོད་བྱེད་རླུང་རྣམས་དེར་འདུས་བསམ༔ ཡཾ་ཨོཾ་ནན༔ ཡཾ་ཨཱཿནན༔ ཡཾ་ཧཱུྃ་ནན༔ ཡཾ་སྟྭཾ་བྷ་ཡ་ནན༔ ཡཾ་མཱ་ར་ཡ་ནན༔ ཞེས་དང་གཞན་ལས་བྱུང་བའི་རླུང་ནོན་སྔགས༔ འདི་དང་སྦྲགས་ཏེ་ནན་དུ་བཟླ༔ གནོད་པའི་རླུང་ནོན་ཆར་རྒྱུན་འབེབས༔ རྒྱས་པའི་གབ་ཐིག་ལས་བྱུང་ དབང་གི་ལས་ཚོགས་རིམ་པ་ནི༔ སྤྲོ་ན་ཕོ་རྒྱུད་མོ་རྒྱུད་དང༔ ཡུལ་ཁམས་སྡུད་པ་མང་མཆིས་ཀྱང༔ བསྡུ་ན་དམིགས་པའི་འཕྲོ་འདུ་ནི༔ རང་ཉིད་པད་འབྱུང་དབང་གི་སྐུ༔ དམར་ནག་སྒེག་བཞད་ཆགས་པའི་ཉམས༔ ཐུགས་ཀར་ཉི་ཟླའི་ག་འུའི་དབུས༔ ཐུགས་སྲོག་ཧཱུྃ་ཡིག་བྱུ་རུའི་མདོག༔ དེ་ལས་འོད་དམར་ལྕགས་ཀྱུའི་དབྱིབས༔ འཕྲོས་པས་དྲེགས་ཚོགས་སྙིང་ལ་ཕོག༔ རང་དབང་མེད་པར་ལས་ལ་འགྱེད༔ ཁྱད་པར་མདུན་བསྐྱེད་དྲི་ཟའི་རྒྱལ༔ དམར་ནག་ཁྲོ་འཛུམ་ཆགས་པའི་ཞལ༔ དབུ་ལ་རཏྣའི་ཅོད་པཎ་མཛེས༔ ཕྱག་གཡས་དབང་སྡུད་ལྕགས་ཀྱུ་ཕྱར༔ གཡོན་པས་འགུག་པའི་ཞགས་པ་དང༔ རིན་ཆེན་གཏེར་གྱི་སྒྲོམ་བུ་བསྣམས༔ སྐུ་ལ་དར་དམར་རལ་ཀ་གསོལ༔ རཏྣའི་དོ་ཤལ་གསེར་གཡུའི་རྒྱན༔ ཞབས་གཉིས་རྒྱལ་པོ་རོལ་བའི་སྟབས༔ པད་ཉི་ཟླ་བའི་གདན་ལ་བཞུགས༔ ཐུགས་སྲོག་པད་དམར་ཟེའུ་འབྲུའི་སྟེང༔ ཏྲི་ཡིག་ར་གའི་མདངས་ཅན་གྱི༔ མཐའ་མར༔ ཨོཾ་བཛྲ་ཐང་ཀ་ར་མུ་ཉིད་ཁུ་ཤ་ལི་ཨ་མྲྀ་ཏ་ཨ་ཡ་མ་དུ་རུ་ཙ་ཤ་ན་སརྦ་ལོ་ཀ་བན་བོན་སྔགས་པ་རྒྱལ་པོ་བློན་པོ་བཙུན་མོ་སྐྱེས་པ་བུད་མེད་རྟ་དྲེལ་གནག་ཕྱུགས་ཀ་ཆ་དཀོར་ནོར་ལ་སོགས་བདག་གི་ཡིད་ལ་གང་འདོད་པ་ཐམས་ཅད་པ་ཤཾ་ཀུ་རུ་ཁུག་ཁུག་ཛ་ཛ༔ དུང་དུང་སློང་སློང་སིདྡྷི་ཕ་ལ་སྐྱོལ༔ ཞེས་པས་མཐའ་ལ་བསྐོར༔ བདག་གི་འོད་ཀྱིས་ཐུགས་རྒྱུད་བསྐུལ༔ ཐུགས་སྲོག་སྔགས་ལས་འོད་དམར་ནི༔ ལྕགས་ཀྱུའི་དབྱིབས་ཅན་ཕྱོགས་བཅུར་འཕྲོས༔ གང་དམིགས་མི་དང་མི་མིན་ཚོགས༔ མོས་ཚོགས་བཞི་ཡིས་སྣང་བ་བསྒྱུར༔ རང་དབང་མེད་པར་ཆམ་ལ་ཕབ༔ བློ་སེམས་བརྟན་པ་དང་བྲལ་ནས༔ བྲན་བཀོལ་ཅི་བསྒོའི་ལས་བསྒྲུབ་བསམ༔ གོང་གནོན་རྩ་བའི་སྔགས་ཤམ་དུ༔ དབང་སྡུད་བསྙེན་པ་འདི་བཞིན་བཟླ༔ ཁྲི་ཕྲག་བཟླས་པས་རྟགས་འབྱུང་ངེས༔ དམིགས་འོག་བཅུག་པའི་སྐྱེ་འགྲོ་ཀུན༔ དབང་དུ་འདུ་བར་ཐེ་ཚོམ་མེད༔ དེ་ནས་དྲག་པོའི་ལས་ཚོགས་ལ༔ བསད་བསྐྲད་དབྱེ་མནན་བསྲེག་འཕང་སོགས༔ མང་དུ་མཆིས་ཀྱང་བསྡུས་པ་ནི༔ མདུན་དུ་མེ་ཐབ་གྲུ་གསུམ་པར༔ མེ་དཔུང་དམར་ནག་འབར་བའི་ཀློང༔ དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔའི༔ སྐུ་ནི་རྔམས་ཤིང་ཁྲོས་པའི་ཚུལ༔ ཕྱག་གཡས་གསོད་པའི་རལ་གྲི་འཕྱར༔ གཡོན་པས་དམ་ཉམས་མགོ་ཕྲེང་འདྲེན༔ སྐུ་ལ་གོས་དཀར་ལྷ་མོས་འཁྱུད༔ དབུ་སྐྲ་མེ་འབར་སྟེང་གདོན་གཟའ་སྐར་བསྲེག༔ སྐུ་ལས་མེ་འཕྲོས་གཉན་དང་མི་མིན་བསྲེག༔ ཞབས་གཉིས་བདུད་རྟ་ཁམ་པའི་སྟེང་ན་འགྱིང༔ མེ་སྟག་ཚ་ཚྭས་ཀླུ་གདོན་ས་བདག་བསྲེག༔ ཞལ་གདངས་བསྐལ་པའི་མེ་དཔུང་འབར་བའི་ནང༔ བདག་ཅག་རྣལ་འབྱོར་ལ་སྡང་དམ་ཉམས་དགྲ༔ མིང་དང་གཟུགས་སུ་བྲིས་པའི་ཉམས་པ་ཅན༔ གཏོར་མ་འདི་དང་མཉམ་དུ་ཁ་རྗེ་དང༔ ཚེ་བསོད་སྟོབས་འབྱོར་ཞལ་ཧོམ་མེ་ལ་སྦྱངས༔ ལྷག་མ་མེད་པར་ཆེམ་ཆེམ་གསོལ་བར་བསམ༔ གོང་གནོན་སྔགས་ཀྱི་ཤམ་བུ་རུ༔ ལས་སྔགས་འདི་བཏགས་ཁྲི་འབུམ་བཟླ༔ ཨོཾ་བཛྲ་འབར་བ་རྩལ་བིགྷྣན་ར་ཛ་དམ་ཉམས་ཆྒཻ་མོ་ཚེ་བླ་སྲོག་གསུམ་ཁ་རྗེ་དབང་ཐང་སརྦ་ཛྭ་ལ་རཾ་ཁཱ་ཧཱི༔ མཱ་ར་ཡ་ཕཊ༔ དེ་འདྲའི་སྦྱོར་བ་ཚད་ལྡན་ན༔ ཚངས་པའི་ཚེ་དང་ལྡན་པའི་མི༔ ཟླ་གཅིག་མི་འགྱང་ཁ་ཕོང་བརླག༔ རྣལ་འབྱོར་དགྲ་སྒྲོལ་མཚོན་ཆ་ཟབ༔ སུ་ལ་མ་བསྟན་ཕག་ཏུ་སྦོས༔ འཆལ་ན་རང་ཉིད་སྲོག་ལ་འོང༔ བབ་ཅོལ་ཐོ་ཅོ་མི་བྱ་བར༔ བསྟན་པའི་དགྲ་ལ་ཐང་བར་མཛོད༔ རྗེས་ལ་བསྐུལ་བ་ཅི་མང་གདོན༔ དམར་གཏོར་དགྲ་བོའི་སྟེང་དུ་འཕངས༔ དགྲ་ཁམས་བརླག་པའི་དམིགས་འདུན་བསྒྱུར༔ རྗེས་སུ་འཁོར་གསུམ་མི་རྟོག་གཤིས༔ རང་བྱུང་ཡེ་ཤེས་ལྷ་ཞལ་མཇལ༔ དགེ་འདིས་བསྟན་དགྲ་ལས་ངན་ཀུན༔ སྡུག་བསྔལ་འཁོར་མཚོ་ལས་བསྒྲལ་ཏེ༔ གཉིས་མེད་ཆོས་སྐུའི་རྒྱལ་ས་ལ༔ འགོད་ནས་འགྲོ་ལ་ཕན་པར་ཤོག༔ ཅེས་ལས་བཞི་ལྷུན་གྲུབ་བསྙེན་དམིགས་འདི༔ རང་བྱུང་དགོངས་པའི་ཀློང་ནས་བཏོན༔ རིག་རྩལ་ཌཱཀྐིའི་བརྡ་ལས་མངོན༔ ཐུགས་ཆེན་བཀའ་སྲུང་ཆ་ལག་འདི༔ པད་འབྱུང་ཐུགས་ཐིག་ཟབ་མོའི་ཆོས༔ ལས་འཕྲོ་སད་པའི་གང་ཟག་གིས༔ རིགས་ལྡན་སྐལ་བ་ལྡན་ལ་གཏོད༔ ས་མ་ཡཱ༔ སྐུ་གསུང་ཐུགས་ཀྱི་རྒྱ་ཡོད་དོ༔ བི་ཛ་ཡནྟུ༔ སློབ་དཔོན་བློ་གྲོས་རབ་ཡངས་པ༔ ཀརྨ་ཛྙཱ་ནའི་མཚན་འཆང་ལ༔ ཟོག་པོ་ས་ར་ཧི་ཏས་ཕུལ༔ བསྟན་པ་སྲུང་བའི་མཚོན་ཆར་ཤོག༔

གཉན་ཆེན་ཐང་ལྷའི་བསྐུལ་བྱང་སྲོག་གི་སྤུ་གྲི།

ཟུར་འགེབ་མ་ཚང་ཁ་སྐོང་ལས༔ བསྐུལ་བྱང་སྲོག་གི་སྤུ་གྲི་བཞུགས༔ རཀྴ་ཐོད་ཕྲེང་རྩལ་ལ་འདུད༔ མ་འོངས་དུས་ཀྱི་ཐ་མ་ལ༔ ཆོས་བྱེད་སྒྲུབ་ཏུ་དགྲས་མི་སྟེར༔ རང་དོན་བསྒྲུབ་ཏུ་བདུད་དབང་བཙན༔ གཞན་དོན་མཛད་རྣམས་དམ་སྲིས་བསླུ༔ ཆོས་མེད་ཆོས་པའི་ཟོལ་གྱིས་འགྱིང༔ དགྲ་མགོ་མནན་པར་ཤོ་ར་རེ༔ སྲུང་མ་ལས་ལ་མ་རྦད་ན༔ ཆོས་བྱེད་སྒྲུབ་པོས་རྫས་མི་ཐུབ༔ ཉམས་པས་དམོད་ཅིང་སྡིག་སྤྱོད་མཐོང༔ དེ་འདྲའི་དུས་སུ་འདི་ལ་འབུངས༔ རང་ཉིད་ལྷར་གསལ་བའི་མདུན་དུ་ཆེ་བཙན་དྲེགས་པའི་གཙོ་བོ་སྐུ་ལྷ་རྡོ་རྗེ་འབར་བ་རྩལ་ལྷ་རྟ་ངང་དཀར་གཡུ་རྔོག་ཅན་ལ་ཆིབས་པ༔ གསེར་སྒ་དར་སྟན་གཡུ་མཐུར་གསེར་སྲབ་རིན་པོ་ཆེ་དང༔ སྦྲུལ་དང་རྒྱུ་མའི་གོང་ཐག་གློ་རྨེད་བརྗིད་པའི་ཆས་ཅན་གྱི་སྟེང་དུ་འགྱིང་ཞིང་རྔམ་པ༔ ཞལ་དཀར་དམར་གྱི་ལང་ཚོ་ངོམ་པ༔ སྤྱན་གསུམ་སྡང་མིག་དགྲ་ལ་གཟིགས་པ༔ དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ་སྦྲུལ་གྱིས་བཅིངས་པའི་གཙུག་ཏུ་རྡོ་རྗེ་ཕྱེད་པའི་ཏོག་གིས་མཛེས་པ༔ ཕྱག་གཡས་པས་སྦ་ལྕགས་ཀླད་ལ་ཕྱར་ཞིང༔ གཡོན་པས་ཤེལ་ཕྲེང་འདྲེན་པ༔ དར་དང་ཟ་འོག་རིན་པོ་ཆེའི་རྒྱན་ཆས་སྤུད་ཅིང་སྟག་རལ་གཟིག་ཤུབས་སྐེད་ལ་བསྐོར་བ༔ དེའི་མདུན་དུ་ལྷ་ཀླུ་གཉན་དང་མི་མིན་དྲེགས་པའི་དམག་ཚོགས་དབེན་རིའི་སྲུང་མ་ཡུལ་གཞི་གཏེར་བདག་སོགས་ཁྲོམ་འཚོགས་པ་བཞིན་བསྐྱེད་དོ༔ ལྷ་ཚོགས་དེ་དག་རྣམས་ཀྱི་ཐུགས་སྲོག་དང་བདག་གི་གནས་གསུམ་ལས་འོད་ཟེར་གློག་ཞགས་ལྟར་འཕྲོས་པས་དབུས་གཙང་རི་བཞི་བསམ་ཡས་དཀོར་མཛོད་སོགས་རང་བཞིན་གར་བཞུགས་གནས་ནས་བྱ་ཆེན་ཐེད་ལ་རྔམས་པ་ལྟར་སྤྱན་དྲངས༔ རྡོ་རྗེ་འབར་བ་རྩལ་མུ་ཉིད་ཁུ་ཤ་ལི་ཛ་ཛ༔ ཞེས་སྤྱན་དྲངས་དམ་ཚིག་ལ་བསྟིམས༔ དེ་ནས་འགུག་པ་དགུ་འམ་བདུན༔ ལྔ་གསུམ་རྟགས་མཚན་ཐོན་པ་ཡིས༔ འབུལ་གཏོར་རྫས་ལ་ཡང་ཡང་བསྟིམ༔ དེ་ནས་མིང་རུས་གཟུགས་གསུམ་མམ༔ ཡང་ན་མིང་བཅུག་གཤམ་དུ་ནི༔ ཆེ་གེ་མོའི་ཤ་ཁྲག་རུས་པ་དང༔ མཐའ་རྩ་སྐྱེ་རྒྱུད་ཞལ་དུ་སྟོབས༔ གཏད་པ་ཡིན་ནོ་མ་ཤོར་ཅིག༔ བཅོལ་བ་ཡིན་ནོ་རྡུལ་དུ་རློགས༔ མཐུ་རྩལ་ནུས་པ་ཅི་ལྟ་བུ༔ མ་འདའ་བཛྲ་ས་མ་ཡཱ༔ ཧཱུྃ་བྷྱོ་ཛཿ སྔོན་ཚེ་སློབ་དཔོན་པདྨའི་བཀའ༔ བར་དུ་མངའ་རིའི་པཎ་ཆེན་དང༔ གཏེར་ཆེན་དུ་མའི་གཡར་དམ་ཅན༔ ཐ་མ་བདག་ཅག་སྒྲུབ་པ་པོས༔ བཀའ་བསྒོས་ཐ་ཚིག་བསྒྲགས་པ་གསོན༔ བདག་ལ་སྡང་བའི་དགྲ་བོ་འདིས༔ སངས་རྒྱས་བསྟན་བཤིག་དཀོན་མཆོག་དམོད༔ སེམས་ཅན་ཡོངས་ལ་འཚེ་ཞིང་སྡང༔ ཉམས་པའི་བསྟན་དགྲ་ཆེ་གེ་མོ་འདི༔ བྲག་རུལ་ཐོག་གིས་བཤིག་བཞིན་ཐོངས༔ མེ་སྟག་ཆུ་ཡིས་བསད་བཞིན་ཐོངས༔ མེ་དང་རྩྭ་སྦུར་འཕྲད་བཞིན་ཐོངས༔ མ་ཤོར་མ་ཤོར་དོ་ནུབ་ནས༔ དགྲ་བོའི་ཁ་ཕོང་རྡུལ་དུ་རློགས༔ བསད་རྟགས་དོན་སྙིང་ད་ལྟ་ལོངས༔ ཁུག་ཅིག་སྒྲོལ་ཅིག་མཱ་ར་ཡ༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ རྡོ་རྗེ་འབར་བ་རྩལ་བིགྣཾ་ར་ཛ་མཱ་ར་ཡ༔ རྦད་རྦད་སོད་སོད༔ ཁུག་ཁུག་རྒྱུག་རྒྱུག༔ ཆོ་ཡ་ཆོ་ཡ༔ འབར་འབར་ཤག་ཤག་ནན་ནན་རྦད་རྦད༔ འདི་ཉིད་གྲངས་སུ་འཁྱོལ་ནུས་ན༔ གང་ལ་དམིགས་པ་ཐོགས་མེད་འགྱུར༔ བསྟན་པ་བསྲུང་བའི་མཚོན་ཆ་ཡིན༔ སུ་ལ་མ་སྤེལ་སྙིང་ལ་ཆོངས༔ ལག་ཏུ་བླངས་བས་ཡིད་ཆེས་འགྱུར༔ བསླུ་བ་མེད་དོ་ས་མ་ཡཱ༔ བཙུན་པ་པུཎྱཻས་བསྐུལ་བའི་ངོར༔ སྤྲང་སྨྱོན་ཕན་པས་སྤེལ་བའོ༔

དགྲ་ལ་ཆོ་འཕྲུལ་སྟོན་པའི་མན་ངག་སྣང་སྲིད་མིག་འཕྲུལ།

དག་སྣང་ཟུར་འགེབ་མི་ཟད་རྒྱན་འཁོར་ལས༔ གཉན་ཆེན་ཐང་ལྷའི་སྒོ་ནས་དགྲ་ལ་ཆོ་འཕྲུལ་སྟོན་པའི་མན་ངག་སྣང་སྲིད་མིག་འཕྲུལ་ནི༔ ཐང་ལྷའི་བསྙེན་སྒྲུབ་ཐེམས་པའི་གང་ཟག་གིས༔ ལྷ་ལུག་དབང་པོ་མ་ཉམས་གསོབ་དེའི་མགོ་བོའི་སྒོ་ལྔ་མ་ཉམས་པ་གཅིག་གི་ཀླད་ཁུང་དུ་དགྲ་བོའི་མིང་རུས་བྲིས་པའི་ལིངྒ་སྤྱི་ལྟར་འདོད་གསོལ་ཤེས་ལྡན་བཅུག་ཅིང་དེ་ལ་ཟག་རྫས་གཅན་གཟན་དུ་མའི་སྤུ༔ བྱ་རིགས་མང་པོའི་སྒྲོ་ཕྲན༔ སྦལ་སྦྲུལ་སྡོམ་སྡིག་མང་པོའི་ཤ་ཁྲག་བླུག་ཅིང་སྐྱེར་ཕུར་སོར་བཞི་གཅིག་གིས་ཁ་ཐུར་སྤྲད༔ ཐོད་པའི་སྟེང་འོག་ཏུ་བྱ་འུག་གི་སྒྲོ་བཅིང༔ ཕྱོགས་ཀུན་རྩང་གིས་རྒྱ་གྲམ་ཏུ་སྤྲས༔ སྒྲུབ་རྟེན་གཏོར་མའི་འོག་ཏུ་ལྕགས་སམ་གྲུ་གསུམ་སྣོད་དུ་བཞག་ལ་འགུག་གཞུག་རྟགས་ཐོན་བྱ༔ སྲུང་མའི་གསོལ་ཁ་ཅི་ནུས་སུ་འདོན་ལ་དགྲ་བོ་ལ་ཐན་ལྟས་འགྱེད་པའི་ཕྲིན་ལས་བཅོལ་ཞིང་ཐང་ལྷའི་རྩ་བསྙེན་མཇུག་ཏུ་དགྲ་བོ་ཆེ་གེ་མོའི་ཡུལ་དུ་བྱ་རོག་འུག་པ་ཁ་འཐབ༔ གཅན་གཟན་ངུ་རྒྱུག༔ ཀུ་ཀུ་སྟོང་འཚོགས༔ དུད་འགྲོའི་མི་སྐད༔ ཕོ་མོ་སྨྱོ་འབོག༔ བྱིས་སྦ་ལྐུག་རེངས༔ གདུང་མ་སྐེད་འཆད༔ ཀ་བ་བསིགས་འདར༔ ཆོན་ཐག་རྒྱུག་བྲེང༔ ཡུལ་མིའི་འཁོན་འཆང༔ སྦལ་སྦྲུལ་ཁྱིམ་འགེངས༔ བཟའ་ཚང་བྱེ་བྲལ༔ ཕ་རྒྱུད་གྲི་འཐབ༔ མ་རྒྱུད་གཞོང་ཕྲུད༔ རོལ་མོ་རང་སྐད༔ ལྷ་འདྲེ་མེ་གཏོང༔ གདུག་པའི་སྒྲ་སྐད་སོགས་ཆོ་འཕྲུལ་སྣ་ཚོགས་དགྲ་བོའི་ཡུལ་ཁྱིམ་ཁོངས་ཤིག་འགུལ་འགུལ་ཤིག་ཤིག་རྒྱུག་རྒྱུག་ང་ཡི་ཀ་ཆ་ཁྱེར་ལ་ཤོག་སོགས་དགོས་གལ་བརྗོད༔ མཐར་རྟགས་མཚན་འབྱུང་བར་གསེར་སྐྱེམས་གཟུ་དཔང་བསྐུལ་བ་འདོན་ཅིང༔ མགོ་བོ་དགྲ་ཡུལ་དུ་འཕེན༔ ཡིད་ལ་དམིགས་པ་ལྟར་དམོད་བཅོལ་འདེབས༔ རྟགས་མཚན་འབྱུང་བར་གདོན་མི་ཟ༔ ས་མ་ཡཱ༔ ཞེས་པ་འདི་ཆོས་ལ་མོས་པའི་བུ༔ བསོད་ནམས་མཐུ་སྟོབས་ཀྱིས་བསྐུལ་ངོར་སྔགས་འཆང་རིག་པ་འཛིན་པའི་རྒྱལ༔ ས་ར་ཧི་ཏ་ཞེས་བྱས་བྲིས༔ བསྟན་དགྲ་སྒྲོལ་བའི་མཐུ་ཐོབ་ཤོག༔ མངྒ་ལམ༔

གཉན་ཆེན་ཐང་ལྷའི་སྲོག་དབང་གི་མཚམས་སྦྱོར་ལས་ཀུན་མྱུར་འགྲུབ་དྷེ་ཝ་བཛྲ་གྱིས་བསྒྲིགས་པ།

༄༅། གཉན་ཆེན་ཐང་ལྷའི་སྲོག་དབང་གི་མཚམས་སྦྱོར་ལས་ཀུན་མྱུར་འགྲུབ་བཞུགས། གོང་གནོན་གྱི་ལྷ་པདྨ་དབང་ཆེན་སྒྲུབ་པའི་ལས་བྱང་བིནྡྷུ་ཀ་ཡི་ཞགས་པ་གཏོང་། དེ་ནས་ཐང་ལྷའི་གསོལ་མཆོད་ཕྲིན་ལས་བཅོལ། ཁྲུས་དང་བགེགས་བསྐྲད་མཚམས་གཅོད་བཅས་ཀྱི་མཐར། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱའོ་སྙམས་པའི་སྒོ་ནས་ལེགས་པར་གསན་འཚལ། གང་གསན་པར་བྱ་བའི་ཆོས་ཀྱི་རིམ་པ་ནི། ད་ལམ་ཁྱེད་རྣམས་ལ་གཉན་གྱི་རྒྱལ་པོ་ཐང་ལྷ་རྡོ་རྗེ་འབར་བའི་སྲོག་གཏད་བྱེད་པ་ཡིན་ཏེ། དེ་ཡང་སློབ་དཔོན་ཆེན་པོའི་བཀའི་སྲུང་མ་རྣམས་ཀྱི་ནང་ནས་གཙོ་བོར་གྱུར་པ་ལྷ་ཆེན་རྡོ་རྗེ་འབར་བ་རྩལ་འདི་ཉིད་ངོ་བོ་ས་བརྒྱད་ནོན་པའི་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་ཡིན་པ་ལ་རྒྱལ་བསེན་སོགས་ལྷ་སྲིན་མ་རུངས་པ་རྣམས་ཀྱི་གཉེན་པོར་དམ་ཅན་ཤེལ་གིང་དཀར་པོ། ལྷ་གནམ་ཐེའུ་དཀར་པོ། གནམ་ལྷ་བྱང་ཆུབ་སེམས་དཔའ་འམ་ཚངས་པའི་རྒྱལ་པོ་དུང་གི་ཐོར་ཚུགས་ཅན། དྲི་ཟ་ཟུར་ཕུད་ལྔ་པ། ཁྱབ་འཇུག་གནམ་མཚོའི་རྒྱལ་པོ་སྟེ་སྐུ་གཅིག་ལ་མཚན་དྲུག་ཏུ་གྲགས་པ་ལྷ་ཆེན་རྡོ་རྗེ་འབར་བ་རྩལ་འདི་ཉིད་གནས་སྐབས་འཇིག་རྟེན་དྲེགས་པའི་ཚུལ་བཟུང་བའི་ཚུལ་ཐང་ཡིག་ལས། དེ་ནས་གཉན་ཆེན་ཐང་ལྷས་ཉམས་སད་ཕྱིར༔ མགོ་བོ་གྲུ་གུའི་ཡུལ་དུ་བསླེབས་པ་ལ༔ མཇུག་མ་ཁམས་ཀྱི་སོག་ཆུ་གཡེར་ཐང་བརྐྱངས༔ སྦྲུལ་དཀར་ཞིག་གིས་ལམ་འཕྲང་བཅད་པ་ལ༔ སློབ་དཔོན་སྦྲུལ་གྱི་རྐེད་པར་ཕྱག་འཁར་བཙུགས༔ ཀླུ་ཡི་རྒྱལ་པོ་ནེ་ལེ་ཐོད་དཀར་ཁྱོད༔ དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པ་ཞེས༔ ཁྱོད་རང་ཕར་སོང་ཚོགས་འཁོར་ཤོམས་དང་གསུངས༔ ཐང་ལྷས་གངས་ལ་བྲོས་པས་གངས་ཞུ་ནས༔ རྩེ་མོ་ནག་ཟང་གཡའ་སྔོན་ཉིལ་གྱིས་བྱུང༔ མ་བཟོད་ཞལ་ཟས་སྣ་ཚོགས་ཚོགས་འཁོར་དྲངས༔ བྱིས་པ་གཡུ་ཡི་ཟུར་ཕུད་ཅན་དུ་གྱུར༔ དར་དཀར་རལ་གུ་ཞིག་གྱོན་ཕྱག་བསྐོར་བྱས༔ སྲོག་སྙིང་ཕུལ་ནས་དམ་བཏགས་གཏེར་རྒྱ་གཏད༔ གསང་མཚན་རྡོ་རྗེ་མཆོག་རབ་རྩལ་དུ་གསོལ༔ ཞེས་པ་ལྟར་སློབ་དཔོན་ཆེན་པོ་ལ་ཐོ་འཚམས་པའི་ཚེ་བཀའ་རྟགས་ཕྱག་རྒྱ་གཉན་པོས་ཟིལ་གྱིས་མནན་ཏེ་དམ་ལ་བཏགས་ནས་སྲུང་མར་བསྐོས། ཡང་རིག་འཛིན་རྒོད་ལྡེམ་གྱི་གཏེར་བྱོན་ཐང་ལྷའི་ལོ་རྒྱུས་ལས། སློབ་དཔོན་པདྨ་འབྱུང་གནས་བྱང་ལམ་བར་པ་ནས༔ བསམ་ཡས་ཧས་པོ་རིའི་མདུན་དུ་བྱོན་པའི་དུས་སུ༔ གཉན་ཆེན་ཐང་ལྷ་དེ་གཡག་དཀར་པོ་རྭ་ནམ་མཁའི་མཐོངས་ན་ཡེ་རེ་བ༔ རྨིག་བཞིས་རུ་བཞིའི་ས་མདུད་ནོན་པ་ཞིག་བྱས་ནས༔ སློབ་དཔོན་གྱི་དྲུང་ན་ཚུར་བྱུང༔ ཆོས་སྐྱོང་བའི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་མཐོང་བ་དང༔ གཡག་དཀར་པོར་བརྫུས་པའི་རྫུ་འཕྲུལ་བཤིགས་ནས༔ སྐྱེས་པ་བཞིན་བཟང་དཀར་པོ་དུང་གི་མདོག་ཅན༔ གཡུ་ཡི་ཟུར་ཕུད་ལྔ་ཡིས་བརྒྱན་པ་ཞིག་ཏུ་བྱས་ཏེ༔ རྒྱལ་པོ་ལ་ཞེ་ས་དང་ཕྱག་ཕུལ་ལོ༔ དེའི་ཚེ་སློབ་དཔོན་གྱིས་འདི་སྐད་ཅེས་གསུངས་སོ༔ གཉན་ཆེན་པོ་ཐང་ལྷ་ཁྱོད་ལྷ་སྲིན་ཡལ་གམ་ཅན་ཞིག་འདུག་སྟེ༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ་འགོ་ཞིང་སྟོངས་གྲོགས་བྱེད་པ་ཅིའི་ཕྱིར་ཡིན་གསུངས་སོ༔ ཐང་ལྷས་ཞུས་པ༔ བདག་གཉིས་ལ་འབྲེལ་བ་བཞི་མཆིས་སོ༔ བདག་དབུས་གཙང་རུ་བཞིའི་ཡུལ་ལྷ་ལགས་པས༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་བོད་ཀྱི་རྒྱལ་པོ་ལགས་ཏེ་ཆེ་མཉམ་དཔུང་གིས་འབྲེལ་ལོ༔ བདག་དམ་ཚིག་ཅན་གྱི་སྲུང་མ་ལགས་པས་རྒྱལ་པོ་དམ་ཚིག་གཙང་སྟེ་དམ་ཚིག་གིས་འབྲེལ་ལོ༔ བདག་སྐྱེ་བོ་ངོ་ཚ་ཅན་གྱི་ཕོ་ལྷ་ལགས་པས༔ རྒྱལ་པོ་གསང་ཁྲིམས་ཆེ་བས་ལས་དང་སྤྱོད་པས་འབྲེལ་ལོ༔ བདག་སྡེ་བ་བསོད་ནམས་ཅན་གྱི་གྲོགས་ལ་དགའ་བས༔ ཆེ་མཉམ་བསོད་ནམས་ཀྱིས་འབྲེལ་བ་ལགས་སོ༔ ཞེས་ཞུས་སོ༔ ཡང་ཞུས་པ༔ ཀྱེ་སློབ་དཔོན་ཆེན་པོ་ལགས༔ ད་ནངས་གུང་གི་སྔ་དྲོ་བདག་ཁྲོ་ཞིང་གཏུམ་པའི་གཟུགས་སུ་བྱས་ཏེ་འོང་བ་ནི༔ བདག་དམ་ཚིག་ཉམས་པའི་སྲོག་བདུད༔ དམ་ཚིག་ཉམས་པའི་གཤེད་མ༔ གྲིབ་གནོན་མ་རབས་ཀྱི་གཉའ་ནོན༔ སྨྱོ་འདྲེ་རྒྱལ་འགོང་གི་གཉེན་པོ་ལགས་པས༔ དེ་རྣམས་མཐོང་བ་དང་བདག་ལ་རང་བཞིན་གྱིས་ཞེ་སྡང་སྐྱེས་ཏེ་གཏུམ་ཞིང་ཁྲོ་བ་ལགས་སོ༔ ཞེས་ཞུས་སོ༔ ཡང་སློབ་དཔོན་གྱིས་གསུངས་པ༔ འོ་ན་གཉན་ཆེན་ཐང་ལྷ་ཁྱོད་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ་རང་བཞིན་གྱིས་འགོ་བར་འདུག་པས༔ རྒྱལ་པོ་ཉིད་ནས་འོད་གསལ་ལྷའི་གདུང་རྒྱུད་ཐ་མ་དགུང་དུ་མ་གཤེགས་ཀྱི་བར་དུ་སྐུ་ལྷ་གྱིས་ཤིག༔ རྒྱལ་པོས་མཆོད་ཅིག༔ ཅེས་སོགས་གསུངས་པའི་ལོ་རྒྱུས་དུ་མ་དང་ལྡན་པའི་ཆོས་སྐྱོང་རྒྱལ་པོའི་སྐུ་ལྷ་ཁྱད་པར་ཅན་འཕྲལ་བྱིན་རླབས་མྱུར་ཞིང་ཕུགས་བཀྲ་ཤིས་པའི་སྲུང་མ་འདི་ཉིད་ཀྱི་ཆོས་སྐོར་གཏེར་ཁ་དུ་མ་ན་བཞུགས་པ་ལས། ད་ལན་འདིར་ནི། པདྨ་དྲག་རྩལ་གླིང་པའི་གཏེར་ལུང་ལས། གཡུ་ཡི་ཕྱོགས་སུ་ཨ་ཙར་ས་ལེའི་འཕྲུལ༔ ཕན་པའི་མིང་ཅན་བརླ་གཡས་སྨེ་བས་བརྒྱན༔ ཞེས་སོགས་ལུང་བྱང་དུ་མ་ནས་གསལ་བར་བསྔགས་པའི་སྤྲུལ་པའི་གཏེར་སྟོན་ཆེན་པོ་བསམ་གཏན་ཡེ་ཤེས་གླིང་པའི་གཏེར་ཁ་ནས་བྱུང་བའི་དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པའི་སྲོག་གཏད་བགྱི་བ་བདག་གིས་བགྱི་འོས་རྣམས་སྔོན་དུ་གྲུབ་ཟིན། ད་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པའི་མཎྚལ་འབུལ་བར་མཛོད། མཎྚལ་ཕུལ་རྗེས། དེ་ནས་ཕྱག་སྙིམ་པ་མེ་ཏོག་དང་བཅས་ཏེ་བླ་མ་དཔལ་ཆེན་རྟ་མགྲིན་དམར་པོ་དངོས་སུགསལ་བ་ལ་གསོལ་བ་འདེབས་པ་འདི་ཡི་རྗེས་ཟློས་མཛོད། ཀྱཻ་ཧོ་བླ་མ་སོགས། བསྩལ་དུ་གསོལ༔ ལན་གསུམ༔ དེ་ནས་བླ་མས་ལན་གདབ་པ༔ ཧོ༔ སྐལ་ལྡན་སློབ་བུ་སོགས། དམ་ཆུ་བླུད། དེ་ནས་རྒྱུད་དག་པར་བྱ་བའི་སླད་དུ་མདུན་གྱི་ནམ་མཁར་བཞུགས་པའི་རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་ཀྱི་སྤྱན་སྔར་སྐྱབས་སེམས་ཡན་ལག་བདུན་པ་འདི་ཡི་རྗེས་ཟློས་མཛོད། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ་སོགས། བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། དེ་ནས་ཁྱེད་རང་རྣམས་སྐད་ཅིག་གིས་ཨོ་རྒྱན་ཆེན་པོའི་རྣམ་པར་གསལ་ཐོབ་ཅིག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡཱ་ཛ༔ སིདྡྷི་ཕ་ལ་ཧཱུྃ༔ ཨ་བེ་ཤ་ཡ་ཕཻཾ་ཕཻཾ་ཛཿཛ༔ རོལ་མོ་བསྒྲགས་ཤིང་མེ་ཏོག་འཐོར༔ མདུན་གྱི་གཏོར་མ་འདི་ཉིད་སོགས་ནས། ཨ་བྷི་ཥིཉྩ་སིདྡྷི་ཕ་ལ་ཧཱུྃ༔ བར་བརྗོད། སླར་ཡང་བཀའ་གཏད་བྱ་བ་ནི། གཏོར་མ་མགོར་བཞག་ལ། ཨོཾ་ཨཱཿཧཱུྃ༔ ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཕྱག་ན་པདྨོ། སྤྲུལ་སྐུ་ཕྱག་ན་རྡོ་རྗེ། ཡང་སྤྲུལ་དགའ་རབ་རྡོ་རྗེ། སློབ་དཔོན་འཇམ་དཔལ་བཤེས་གཉེན། རིག་འཛིན་ཤྲི་སིངྷ། པཎ་ཆེན་ཡེ་ཤེས་མདོ་སྡེ། རྒྱལ་སྲས་པདྨ་འབྱུང་གནས། མཁར་ཆེན་ཡེ་ཤེས་མཚོ་རྒྱལ། ལོ་ཆེན་དཔལ་གྱི་དབང་ཕྱུག མཁས་གྲུབ་ཨ་ཙར་ས་ལེ། གྲུབ་ཆེན་རྒྱལ་བ་མཆོག་དབྱངས། རྗེ་འབངས་ཉི་ཤུ་རྩ་ལྔ། ཡང་སྤྲུལ་གཏེར་སྟོན་བརྒྱ་རྩ། གྲུབ་དབང་བྱང་ཆུབ་རྡོ་རྗེ། སྐལ་ལྡན་ལུང་རིག་གླིང་པ། བསམ་གཏན་ཡེ་ཤེས་གླིང་པ། བརྒྱུད་འཛིན་ཆོས་ཀྱི་བདག་པོ་ལ་སོགས་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ཚིག་གཉན་པོ་དྲན་པར་མཛོད་ལ། ལྷ་ཆེན་རྡོ་རྗེ་འབར་བ་རྩལ་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས་རྡོ་རྗེའི་སློབ་མ་འདིརྣམས་ཀྱི་ཉིན་གསུམ་གྱི་བྱ་ར་མཛོད། མཚན་གསུམ་གྱི་མེལ་ཚེ་མཛོད་ལ། བཞི་བརྒྱ་རྩ་བཞིའི་ནད། སྟོང་ཕྲག་བརྒྱད་ཅུའི་བགེགས། ཁྱད་པར་སྟེང་འོག་བར་གསུམ་གྱི་གདོན་བགེགས་རྒྱལ་བསེན་དམ་སྲི་འབྱུང་པོ་བན་བོན་སྔགས་པའི་མཐུ་བྱད། དུག་མཚོན་གཡུལ་གཤོམས་སོགས་གཟུགས་ཅན་གྱི་དགྲ། གཟུགས་མེད་གནོད་པའི་བགེགས་རྣམས་ཀྱིས་བཏང་བའི་བར་གཅོད་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་བསྲུང་ཞིང་སྐྱོབ་པའི་ཕྲིན་ལས་མཛོད། ཚེ་དང་བསོད་ནམས་དཔལ་འབྱོར་མངའ་ཐང་ཐོས་བསམ་སྒོམ་གསུམ་སོགས། ཆོས་དང་སྲིད་ཀྱི་ལེགས་ཚོགས་ཐམས་ཅད་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། ཞེས་བཀའ་བསྒོས་རྗེས། ཛཿཧཱུྃ་བཾ་ཧོཿས། ལྷ་ཚོགས་ཐམས་ཅད་འོད་དུ་ཞུ་ནས་སྙིང་གར་སིབ་ཀྱིས་ཐིམ་པར་བསམ། དེ་ནས་དམ་ཚིག་བསྡུས་ཏེ་ཁས་བླང་བ་ནི། རྡོ་རྗེ་འཛིན་པའི་བཀའ་བཞིན་དུ། །བདག་ནི་རྩེ་གཅིག་གུས་གདུང་བས། །མ་ལུས་དམ་ཚིག་བསྒྲུབ་ལགས་ན། །བརྩེ་བས་རྗེས་གཟུང་བྱིན་གྱིས་རློབས། །ཞེས་ལན་གསུམ་གྱིས་རྗེས་ཟློས་བྱ། མཐའ་རྟེན་རྫས་རྟགས་སྣ་བདུན་གཏད། གཏང་རག་གི་མཎྜལ་འབུལ་བ་སོགས་རྗེས་རིམ་རྣམས་སྤྱི་ལྟར་རོ། ཅེས་པ་འདི་ཡང་མཆོག་སྤྲུལ་རྟ་ཁྱུང་རོལ་པའི་རྡོ་རྗེས་ཆུ་དབར་ཏཱ་རེའི་གནས་མདུན་དུ་ཧོར་བླའི་གཏེར་ཆོས་ཡོངས་རྫོགས་ཀྱི་དབང་ལུང་གནང་སྐབས་བཀའ་ནན་ཆེན་པོས་བསྐུལ་བ་ལྡོག་ཏུ་མ་ནུས་པར་དྷེ་ཝ་བཛྲ་བས་ཆུ་སྦྲུལ་ཧོར་ཟླ་དང་པོའི་ཡར་ཚེས་བཅུ་གསུམ་ཉིན་ཁྲིགས་སུ་བསྡེབ་པ་སརྦ་མང་ག་ལཾ།

#di1 གཉན་ཆེན་ཐང་ལྷའི་སྲོག་དབང་།

ཨོ་རྒྱན་པདྨ་ལ་ཕྱག་འཚལ༔ ཐང་ལྷའི་སྲོག་དབང་ཟབ་མོ་སྟོན༔ ཐང་ལྷའི་གཏོར་མ་ལས་བྱང་བཞིན༔ བཤམ་བཀོད་བློ་དང་འཚམས་པར་གྲུབ༔ སློབ་བུ་ལྔ་གསུམ་བདུན་དག་ལ༔ གཅིག་བརྒྱུད་ཚུལ་དུ་བསྐུལ་བར་བྱོས༔ མཚོན་ཆ་ལ་སོགས་མཎྜལ་ཕུལ༔ ལོ་རྒྱུས་བརྗོད་ཅིང་གསོལ་བ་གདབ༔ ཀྱཻ་ཧོ་བླ་མ་འགྲོ་བའི་མགོན༔ བདག་ཅག་སྔོན་ནས་ལས་འཕྲོ་ལྡན༔ སྲུང་མའི་སྲོག་གཏད་ཟབ་མོ་འདི༔ བདག་ཅག་རྣམས་ལ་བསྩལ་དུ་གསོལ༔ ལན་གསུམ༔ དེ་ནས་བླ་མས་ལན་གདབ་པ༔ ཧོ༔ སྐལ་ལྡན་སློབ་བུ་རིག་པ་འཛིན༔ རྗེ་ཡི་མགུར་ལྷ་དྲི་ཟའི་རྒྱལ༔ ཟུར་ཕུད་ལྔ་ལྡན་སྲོག་གཏད་འདི༔ ཁྱོད་ཀྱིས་ནོད་ཅིང་མཆོད་བསྟོད་བསྟེན༔ ལུས་དང་གྲིབ་བཞིན་འགོ་བ་དང་༔ མཐུན་རྐྱེན་ལས་བཞིའི་གྲོགས་དན་ནུས༔ དེ་ཕྱིར་གཅེས་པས་ཉམས་སུ་ལོངས༔ ཁྱོད་གཉིས་དམ་ཚིག་གཅིག་ཏུ་སྦྲེལ༔ ཨི་ཏན་ཏེ་ན་ར་ཀན༔ ས་མ་ཡཱ༔ དམ་ཆུ་སྦྱིན་ལ་སྲོག་གཏད་ནི༔ དེ་ནས་ཁྱེད་རང་རྣམས་སྐད་ཅིག་གིས་ཨོ་རྒྱན་ཆེན་པོའི་རྣམ་པར་གསལ་ཐོབ་ཅིག༔ ཨ་བེ་ཤ་ཡ་ཕཻཾ་ཕཻཾ་ཛཿཛ༔ རོལ་མོ་བསྒྲགས་ཤིང་མེ་ཏོག་འཐོར༔ མདུན་གྱི་གཏོར་མ་འདི་ཉིད་དྲི་ཟའི་རྒྱལ་པོ་ཡབ་ཞུར་གཉན་རྗེ་སྐུ་མདོག་ཕྱག་མཚན་རྒྱན་དང་ཆ་ལུགས་དྲོང་ངེ་བསྐྱེད་ལ་ཆོས་རྒྱུད་འཛིན་པའི་སློབ་བུའི་ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་བྱེད་པའི་མོས་པ་དུང་ངེ་བ་མཛོད་ཅིག༔ ཧོ༔ གཏོར་མའི་ངོ་བོ་དྲི་ཟའི་རྒྱལ༔ འཁོར་བཅས་སློབ་བུ་ཁྱོད་ལ་གཏད༔ བཀའ་ཉན་བསྒོ་བའི་དབང་ཐོབ་ཤོག༔ མཆོད་ཅིང་བསྟོད་པས་མཉེས་པར་མཛོད༔ རྩ་སྔགས་མཐར༔ བྷ་ལིང་ཏ་ཀཱ་ཡ་ཝཀྐཱ་ཙིཏྟ་ཨ་བྷི་ཥིཉྩ་སིདྡྷི་ཕ་ལ་ཧཱུྃ༔ བརྒྱུད་པ་འཛིན་ལ་བཀའ་གཏད་གནང༔ དམ་ཚིག་སྤྱི་དང་བྱེ་བྲག་བསྒྲགས༔ མཐའ་རྟེན་རྫས་རྟགས་སྣ་བདུན་གཏད༔ ཤིས་བརྗོད་མཐའ་རྒྱན་གཏང་རག་འབུལ༔ ས་མ་ཡཱ༔ ཞེས་འདི་གར་སྟོད་བསོད་ནམས་མཐུ་སྟོབས་དང༔ མཐུ་ཆེན་གཉིས་ཀྱི་བཞེད་སྐོང་ཕྱིར༔ རྣལ་འབྱོར་ས་ར་ཧི་ཏས་དགོངས་པའི་ཀློང་༔ ཆོས་ཉིད་མི་འགྱུར་སྒྲོམ་ནས་བཏོན་ཏེ་སྤེལ༔ ཡུལ་ཁམས་བདེ་ཞིང་མི་ཕྱུགས་འཕེལ་རྒྱས་ཤིང༔ རྫོགས་ལྡན་སྣང་བས་ས་གསུམ་གང་བར་ཤོག༔

གཉན་ཆེན་ཐང་ལྷའི་བསང་མཆོད་བདུད་རྩིའི་ཟེགས་མ།

ཡང་གསང་ཌཱཀྐིའི་ཐུགས་ཐིག་ཆ་ལག་ཏུ༔ གཉན་ཆེན་ཐང་ལྷའི་བསང་མཆོད་བདུད་རྩིའི་ཟེགས་མ་བི་ཛ་ཧ་རཾ༔ པདྨ་འབྱུང་གནས་ལ་ཕྱག་འཚལ་ལོ༔ གཉན་ཆེན་ཐང་ལྷའི་བསང་མཆོད་སྟོན༔ ས་སྟེགས་མཐོན་པོའི་ཡར་སྟེགས་སུ༔ ལྷ་ཤིང་སྣ་དགུའི་དུད་པ་བཏང༔ ཕྱེ་མར་འོ་སྐོལ་ཇ་ཆང་ཕུད༔ མི་ཟད་འདོད་དགུ་འབྱུང་བའི་རྫས༔ མ་ཚང་མེད་པ་སྔགས་རྒྱ་ཡིས༔ བྱིན་བརླབས་བདེན་སྟོབས་ཟབ་མོས་བསྒྱུར༔ རང་ཉིད་ལྷ་ཡི་ཏིང་འཛིན་གྱི༔ སྙེམས་པས་འདི་བཞིན་གནད་ལ་བསྣུན༔ ཀྱེ༔ བསྟན་པ་འདི་ལ་ངོ་མཚར་རྨད་བྱུང་གནས༔ ཟབ་གསང་ཐེག་པ་རྡོ་རྗེ་རྩེ་མོ་ཡི༔ བསྟན་པའི་མངའ་བདག་ཨོ་རྒྱན་པད་འབྱུང་གི༔ བཀའ་ཉན་དམ་བསྲུང་བོད་ཀྱི་མགུར་ལྷ་ཆེ༔ དབུས་གཙང་རུ་བཞིར་ཁེངས་པའི་མངའ་བདག་དཔལ༔ ལྷ་ཡི་ཡང་ལྷ་དྲི་ཟའི་རྒྱལ་པོ་ཆེ༔ ཡབ་ཡུམ་བློན་འབངས་འཁོར་ཚོགས་གཉན་དམག་སྟོང༔ ནམ་མཁར་ཆར་སྤྲིན་འཐིབ་བཞིན་འདིར་གཤེགས་ཤིག༔ རང་མཐུན་དྲེགས་པའི་གདན་ལ་བག་ཕེབས་བཞུགས༔ མི་མཐུན་རྒུད་པ་སེལ་བའི་སྡོང་གྲོགས་མཛོད༔ ཁྱེད་ལ་མཐུན་པའི་འདོད་རྫས་འབུལ་བ་ནི༔ ཕྱི་མཆོད་རྣམ་ལྔ་ནང་མཆོད་སྨན་གཏོར་རཀ༔ བཀྲ་ཤིས་རྫས་རྟགས་ཉེར་སྤྱོད་རིན་ཆེན་བདུན༔ མ་ལུས་ཡོངས་འདུས་རྩི་སྨན་ལོ་ཐོག་འབྲུ༔ མཐུན་རྫས་གཡུ་སྐྱེམས་གཙང་ལུག་གཙང་ཆུས་མཆོད༔ བསང་ངོ་བརྔན་ནོ་མངའ་གསོལ་དབུ་འཕང་བསྟོད༔ ཁྱེད་ནི་ཡུལ་ལྷའི་གཙོ་བོར་མངའ་གསོལ་བས༔ གཉན་ཆེན་ཐང་ལྷ་སྲིད་པའི་ལྷ་རབ་མཆོག༔ མདོར་ན་ཁྱེད་ལ་ཕྲིན་ལས་བཅོལ་བ་ནི༔ སངས་རྒྱས་བསྟན་པ་དར་བའི་དབུ་འཕང་བསྟོད༔ དཀོན་མཆོག་བསྟན་པ་དར་བའི་མངའ་གསོལ་ལོ༔ དགེ་འདུན་སྡེ་ཚོགས་སྤེལ་བའི་སྡོང་གྲོགས་མཛོད༔ རྒྱལ་ཁམས་ཆབ་སྲིད་བརྟན་པའི་ཤིས་པ་སྩོལ༔ བདག་ཅག་མི་ནོར་སྲོག་གི་འཚོ་རྫི་གྱིས༔ སྔོན་འདས་བར་དང་ཐ་མའི་དུས་དག་ཏུ༔ རིག་འཛིན་ཡབ་སྲས་བརྒྱུད་པའི་བཀའ་དམ་བཞིན༔ དམ་ཚིག་གཉན་པོ་དམ་སྲུང་ཕྲིན་ལས་མཛོད༔ ཅེས་འདི་ཉམས་ལ་ཤར་བཞིན་པ༔ སྔོན་སྦྱངས་ལས་འཕྲོ་སད་པའི་བུ༔ གཏེར་མིང་འཛིན་པ་ནིརྨ་ཀ༔ ཨ་ཙཱར་ཡང་སྤྲུལ་དེ་ལ་ནི༔ རྔ་ལ་དབྱུ་གུས་བསྣུན་བཞིན་དུ༔ ཆོས་ལ་མོས་པའི་གང་ཟག་མཆོག༔ རྩང་སྟོད་ནས་བྱོན་རིགས་ཀྱི་མཚན༔ ཀར་སྟོད་མངའ་བདག་བསོད་ནམས་ཟུང༔ དམ་པ་དག་གིས་བསྐུལ་བའི་དོན༔ མི་ལྡོག་ཙམ་དུ་རི་མོའི་ལམ༔ ལེགས་པར་བྲིས་པ་དགེ་བར་སྨོན༔ ཤུ་བྷཾ༔

དྲང་སྲོང་ཁྱབ་འཇུག་བསང་མཆོད།

གསང་བའི་བདག་པོ་ལ་ཕྱག་འཚལ་ལོ༔ དྲང་སྲོང་ཁྱབ་འཇུག་བསང་མཆོད་རྩོམ༔ དེ་ལ་འདིར་ཁྱབ་འཇུག་བསང་གི་རིམ་པ་འདིར༔ ས་སྟེགས་མཐོན་པོའི་ཁར་བསང་རྫས་གྱ་ནོམ་པ་བཤམས་ལ༔ ཀྱཻ༔ གསང་སྔགས་ཟབ་ཆོས་བསྲུང་བའི་མགོན༔ རྫོགས་པ་ཆེན་པོའི་བསྟན་པའི་བདག༔ ཨོ་རྒྱན་པདྨ་འབྱུང་གནས་དང༔ གསང་ཆེན་རྡོ་རྗེ་འཛིན་པའི་བདག༔ ལྷ་རྒྱུད་ཆགས་པའི་རྗེ་རིགས་དང༔ པདྨའི་རིག་འཛིན་རྗེ་འབངས་ཚོགས༔ བཀའ་ཡི་བསྟན་སྐྱོང་དྲེགས་པའི་རྗེ༔ དྲང་སྲོང་སྨུག་ནག་འོད་འཕྲོ་བ༔ རྒྱལ་བའི་བསྟན་སྐྱོང་རཱ་ཧུ་ལ༔ གཟའ་བརྒྱད་གདོང་མོ་མཆེད་སྡེ་བཞི༔ ལྷ་སྲིན་དྲེགས་པའི་དམག་ཚོགས་རྣམས༔ བསང་གསུར་མཆོད་པའི་མགྲོན་ལ་སྤྱོན༔ དམ་ཚིག་ཆེན་པོའི་གདན་ལ་བཞུགས༔ དམར་ཆེན་ཨརྒྷཾ་མཆོད་པ་བཞེས༔ སྨན་གཏོར་རཀྟའི་མཆོད་པ་བཞེས༔ བསང་གསུར་འདོད་ཡོན་ལྔ་ལྡན་བཞེས༔ བསྐང་རྫས་སྒྲུབ་རྫས་མཆོད་རྫས་བཞེས༔ དྲང་སྲོང་སྒྲ་གཅན་རཱ་ཧུ་ལ༔ ཕྱི་ལྟར་སྡེ་བརྒྱད་སྤྱི་དཔོན་གཙོ༔ ནང་ལྟར་བསྟན་པ་དྲང་པོར་སྲོང༔ གསང་ལྟར་ལག་ན་རྡོ་རྗེ་འཛིན༔ དོན་ལ་རྡོ་རྗེ་འཆང་དབང་ཞེས༔ བླ་མ་ལྟར་དུ་མངའ་གསོལ་བསང་མཆོད་བཞེས༔ མཁའ་སྤྱོད་འཇའ་ལུས་འགྲུབ་པའི་ཐེམ་སྐས་ཚུགས༔ ཡི་དམ་ལྟར་དུ་མངའ་གསོལ་བསང་མཆོད་བཞེས༔ མཆོག་ཐུན་དངོས་གྲུབ་འགྲུབ་པའི་དཔལ་ཁ་སྤྲོད༔ མཁའ་འགྲོ་ལྟར་དུ་མངའ་གསོལ་བསང་མཆོད་བཞེས༔ བར་ཆད་གཡུལ་ལས་རྒྱལ་བའི་ཕྲིན་ལས་མཛོད༔ ཆོས་སྐྱོང་ལྟར་དུ་མངའ་གསོལ་བསང་མཆོད་བཞེས༔ ལས་བཞི་ལྷུན་གྱིས་གྲུབ་པའི་སྡོང་གྲོགས་མཛོད༔ སྡེ་བརྒྱད་གཙོ་བོར་མངའ་གསོལ་བསང་མཆོད་བཞེས༔ ཕུན་ཚོགས་ཕན་བདེའི་སྣང་བ་རྒྱས་པར་ཤོག༔ འགོ་བའི་ལྷ་རུ་མངའ་གསོལ་བསང་མཆོད་བཞེས༔ ཁ་འཛིན་རྒྱབ་བརྟེན་དཔའ་བའི་དཔུང་རོགས་མཛོད༔ དགྲ་ལྷ་ལྟར་དུ་མངའ་གསོལ་བསང་མཆོད་བཞེས༔ དགྲ་སྒྲོལ་བགེགས་འཇོམས་རླུང་རྟའི་དཔལ་ཁ་བསྐྱེད༔ ལམ་ལྷའི་རྒྱལ་པོར་མངའ་གསོལ་བསང་མཆོད་བཞེས༔ བདག་རྒྱལ་གཞན་ཕམ་ཉིན་མཚན་བྱ་ར་གྱིས༔ ཡུལ་ལྷ་ལྟར་དུ་མངའ་གསོལ་བསང་མཆོད་བཞེས༔ མི་ཕྱུགས་ནད་དང་སད་སེར་དགྲ་ལ་བསྒྱུར༔ ཕ་མ་ལྟར་དུ་མངའ་གསོལ་བསང་མཆོད་བཞེས༔ འདི་ཕྱིའི་སྐྱབས་མགོན་སྙིང་ལ་སྡུག་པར་མཛོད༔ གཉེན་གྲོགས་ལྟར་དུ་མངའ་གསོལ་བསང་མཆོད་བཞེས༔ ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་མཛོད༔ མདོར་ན་གང་བཅོལ་ལས་ཀྱི་སྡོང་གྲོགས་མཛོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཅེས་དྲང་སྲོང་ཆེན་པོའི་བསང་མཆོད་འདི༔ སྔགས་ཀྱི་རྣལ་འབྱོར་མཐུ་ཆེན་དང༔ རང་སློབ་བཙུན་པ་པདྨ་དོན་གསལ་གཉིས་ཀྱི་བཞེད་སྐོང་དུ་སྔགས་སྨྱོན་ས་ར་ཧི་ཏས་ཀར་སྟོད་སྤྱི་བསྲུང་སྐབས་ཐུན་མཚམས་གཅིག་ལ་བྲིས་པ་དགེ་ལེགས་འཕེལ༔

ཡུལ་ལྷའི་དམ་བསྒྲགས་འབངས་མི་བཀའ་ཉན།

ཡུལ་ལྷའི་དམ་བསྒྲགས་འབངས་མི་བཀའ་ཉན་བི་ཛ་ཧ་རཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ དབྱི་ཡི་དགའ་བ་ལྗོངས་ཀྱི་གནས་མཆོག་ཏུ༔ རྡོ་རྗེ་དབྱི་ཁྲོམ་དུང་སེང་ཡུམ་སྲས་མཚོ༔ གླང་པོ་དམ་བསྟན་འཁོར་དང་བཅས་པ་རྣམས༔ སྔོན་ཚེ་རིག་འཛིན་པདྨ་རྗེ་འབངས་དང༔ བཀའ་ཡི་རྗེས་འཇུག་གཏེར་སྟོན་ཡབ་སྲས་ཀྱིས༔ བཀའ་བསྒོས་དམ་ལ་བཞག་པ་མི་དྲན་ནམ༔ བདག་ནི་དམ་པ་དེ་ཡི་བརྒྱུད་པ་འཛིན༔ ཁྱེད་ནི་གཡར་དམ་ཕོག་པའི་དྲེགས་པ་ཅན༔ ད་ལྟ་བདག་གིས་མཆོད་བསྟོད་བཀའ་བསྒོས་བཞིན༔ ནད་གདོན་ཆགས་ཆེ་འཇིགས་བརྒྱད་དབྱིངས་སུ་སོལ༔ ཚེ་བསོད་དཔལ་དང་འབྱོར་བ་དྲུག་ལྡན་སྤེལ༔ མོས་པ་རྣམ་བཞིས་སྐྱེ་དགུ་དབང་དུ་ཁུག༔ ལས་ཆེན་དྲག་པོས་དགྲ་གདོན་རྨང་ནས་རློགས༔ བདག་ཅག་འཁོར་བཅས་བཀྲ་ཤིས་དོན་འགྲུབ་ཤོག༔ ཅེས་ཆུ་མར་ཕྱོགས་ཀྱི་གཞི་བདག་གཙོ་འཁོར་ལ་ཐ་ཚིག་ཉུང་ངུ་ཞིག་དགོས་ཞེས་གྲུབ་པའི་རིག་འཛིན་དམ་པ་ཆོས་དབང་པྲ་ཛྙཱ་བྷ་ཏྲ་དང༔ རྡོ་རྗེ་ཐེག་པའི་བཙུན་པ་སློབ་བུ་སྭ་ར་ར་ཛ་དང༔ ལས་ལྡན་གྱི་མཆེད་པོ་འགའི་བཀའ་བཞིན༔ སྤྱི་བསྲུང་ཆེན་པོའི་སྐབས་སུ་རྟེན་འབྲེལ་ཙམ་དུ་ཟོག་པོ་ས་ར་ཧི་ཏས་ཐོལ་བྱུང་དུ་སྨྲས་པ་ཡོངས་ལ་དགེ་བར་གྱུར་ཅིག་གུ༔

ཡུལ་ལྷ་དགེ་བསྙེན་རྡོ་རྗེ་དྲག་པོ་རྩལ་གྱི་བསང་མཆོད་འཆི་མེད་བདུད་རྩིའི་ཟེགས་མ།

ཡུལ་ལྷ་དགེ་བསྙེན་རྡོ་རྗེ་དྲག་པོ་རྩལ་གྱི་བསང་མཆོད་འཆི་མེད་བདུད་རྩིའི་ཟེགས་མ་བཞུགས༔ ན་མོ་པདྨ་ཀ་ར་ཡེ༔ འདིར་ཡུལ་སྐྱོང་གཙོ་བོ་ལ་བསང་མཆོད་བྱ་བར་འདོད་པ་དག་གིས་དཀར་གསུམ་གཏོར་མ་གསེར་སྐྱེམས་དང༔ ལྷ་ཤིང་སྣ་ཚོགས་ཀྱི་དུད་སྤྲིན་གཏོང་ལ་རྣལ་འབྱོར་ལྷ་ཡི་ང་རྒྱལ་དང་ལྡན་པས་བསང་སྦྱངས་བྱིན་གྱིས་བརླབ་ལ༔ ཀྱཻ༔ ཡེ་གཞི་འཁོར་འདས་ཆོས་སྐུའི་རང་རྩལ་ལས༔ གཞི་སྣང་ལྷུན་གྲུབ་སྣང་བ་སྒོ་བརྒྱད་ཚུལ༔ ཤར་བའི་རྩལ་ལས་ཕན་གནོད་གཉིས་སུ་གྲུབ༔ ཕན་བྱེད་སྣ་ཚོགས་འགོ་བའི་ལྷ་ལྔ་ལས༔ ཡུལ་སྐྱོང་གནས་བདག་རྡོ་རྗེ་དྲག་པོ་ནི༔ སྔོན་ཚེ་གསང་སྔགས་བསྟན་པ་བོད་དར་ཚེ༔ བཻ་རོ་གདུལ་བྱར་རྒྱལ་མོ་རོང་དུ་བྱོན༔ བོན་སྐྱོང་ཡུལ་ལྷ་རྣམས་ཀྱིས་བར་ཆད་བརྩམས༔ དེ་ཚེ་བཻ་རོས་པད་འབྱུང་གསོལ་བཏབ་མཐུས༔ ཨོ་རྒྱན་སྟག་ཞོན་མཁའ་ལ་རླུང་ལྟར་བྱོན༔ མདོ་ཁམས་སྒང་དྲུག་གནས་གཞི་གཏེར་བདག་རྣམས༔ བཀའ་དམ་ལ་གནས་སྲོག་སྙིང་ཕུལ་བའི་ཚེ༔ ལ་ལ་གནས་བདག་ལ་ལ་གཏེར་སྲུང་དང༔ ལ་ལས་བསྟན་སྐྱོང་མཐུ་ལྡན་ཁས་བླངས་ཤིང༔ ཁྱད་པར་མ་ཀཱིའི་བྱིན་རླབས་ཆགས་པའི་གནས༔ གཏེར་སྲུང་ཆེ་དགུའི་གཙོ་བོར་མངའ་གསོལ་ཞིང༔ རྒྱལ་མཚན་བསྒྲེངས་འདྲའི་རི་ལ་རྟེན་བཅས་པའི༔ ལྷ་ཡི་ཡང་ལྷ་རྡོ་རྗེ་དྲག་པོ་རྩལ༔ ཕྱི་ལྟར་གནས་སྲུང་འཇིག་རྟེན་དྲེགས་པའི་ཚུལ༔ ནང་ལྟར་གནོད་སྦྱིན་བཛྲ་ཐིག་ལེ་རྩལ༔ གསང་བ་མཐུ་སྟོབས་མངའ་བདག་རྡོ་རྗེ་འཛིན༔ སྣ་ཚོགས་རིན་ཆེན་ལས་གྲུབ་ཁང་བཟང་དབུས༔ དགེ་བསྙེན་ཚུལ་འཆང་ཟབ་གཏེར་གཉེར་འཛིན་བདག༔ ཞལ་གཅིག་ཕྱག་གཉིས་དཀར་དམར་ཞི་ཆགས་བཞད༔ ཕྱག་གཡས་རྩེ་གསུམ་བ་དན་ཀླད་ལ་བསྐོར༔ ཕྱག་གཡོན་འདོད་རྒུའི་གཏེར་གྱི་ཟ་མ་ཏོག༔ སྤྲུལ་འཁོར་ཐད་བསྣམས་ཟ་འོག་དགུ་བརྩེགས་གསོལ༔ ལ་ཐོད་པད་ཞྭ་རྒོད་ལྡེམ་གཙུག་ན་མཛེས༔ ཞབས་ལ་སག་ལྷམ་འཇའ་ལྡན་ཆས་ཀྱིས་སྤྲས༔ ཆིབས་སུ་ཅང་ཤེས་ཁ་དཀར་རླུང་གཤོག་ཅན༔ གསེར་སྒ་དངུལ་སྲབ་དར་སྟན་རྒྱན་ལྡན་བཅིབས༔ སྣ་ཚོགས་ནོར་བུས་གཏམས་པའི་སྟག་སྒྲོ་བཀལ༔ སྤྲིན་དང་འཇའ་ཤད་གློག་གི་ཞགས་པས་བརྒྱན༔ ལྷ་ཀླུ་བདུད་བཙན་རྒྱལ་འགོང་དྲེགས་པས་བསྐོར༔ དད་དང་དམ་ཚིག་དབང་གིས་སྤྱན་འདྲེན་གཤེགས༔ རང་རང་ཡིད་མཐུན་གདན་ལ་དགྱེས་པར་བཞུགས༔ འཕྲུལ་དགའི་ཚུལ་གྱི་བརྡ་ཡིས་ཕྱག་འཚལ་ལོ༔ དངོས་འབྱོར་ཡིད་སྤྲུལ་མཆོད་པའི་བྱེ་བྲག་ནི༔ ས་ཐབ་སངས་རྒྱས་སྤྱན་མའི་ཁམས་སྣོད་དུ༔ གོས་དཀར་རཾ་ལས་སྐྱེས་པའི་བྱིན་ཟ་ཡིས༔ བཞུས་པའི་ཤིང་ལྔའི་དུད་སྤྲིན་ཀུན་བཟང་མཛོད༔ བདག་ཉིད་མ་ཡི་ཆབ་ཀྱིས་འབག་བཙོག་སྦྱངས༔ དམ་ཚིག་སྒྲོལ་མས་ཕྱོགས་བརྒྱར་རབ་བསྐྱོད་པ༔ དབྱིངས་ཕྱུག་མཁའ་ཀློང་ཁྱབ་པར་སྤྲུལ་པ་འདིས༔ བཀའ་དྲིན་མཉམ་མེད་རྩ་བརྒྱུད་བླ་མ་བསང༔ ཡི་དམ་ཞི་དང་ཁྲོ་བོའི་དཀྱིལ་འཁོར་བསང༔ གནས་གསུམ་མ་མོ་མཁའ་འགྲོ་ཤུགས་འགྲོ་བསང༔ སྐྱབས་གནས་དཀོན་མཆོག་རྒྱ་མཚོའི་ལྷ་ཚོགས་བསང༔ སྲུང་མ་དམ་ཅན་དྲེགས་པ་སྡེ་བརྒྱད་བསང༔ ཁྱད་པར་ཡུལ་སྐྱོང་རྡོ་རྗེ་དྲག་རྩལ་བསང༔ བཀའ་སྡོད་མ་གཟའ་ཀླུ་བདུད་རྒྱལ་བཙན་བསང༔ ཡང་འཁོར་དྲེགས་པའི་དམག་ཚོགས་གྲངས་འདས་བསང༔ ཤ་ཁྲག་དམར་གཏོར་ཕྱི་ནང་གསང་མཆོད་འབུལ༔ ཁྱེད་ལ་འདོད་པའི་ལས་ཀུན་བཅོལ་བ་ནི༔ བདག་ཅག་དཔོན་སློབ་མི་ནོར་འཁོར་བཅས་ཀྱི༔ ནད་གདོན་ཆགས་ཆེ་མི་མཐུན་དགྲ་ལ་བཟློག༔ བསམ་ངན་འཆང་བའི་བྱད་མ་རྡུལ་དུ་རློགས༔ ཐོ་འཚམས་མཐོ་གནོན་དགྲ་རྐུན་སྲོག་སྙིང་རོལ༔ མཆོད་བསྟོད་བརྟེན་པའི་བདག་དང་ཡོན་བདག་སྲུང༔ འབྱོར་བ་དྲུག་གི་ཚེ་བསོད་གོང་འཕེལ་མཛོད༔ མོས་ཚོགས་རྣམ་བཞིས་སྣང་བ་དབང་དུ་ཁུག༔ མངོན་སྤྱོད་དྲག་པོའི་ལས་ཆེན་བཅུ་གཉིས་ཀྱིས༔ ལོག་འདྲེན་བསྟན་ལ་འཁུ་རྣམས་གཞོམ་པར་མཛོད༔ བསླུ་མེད་མཆོག་གསུམ་རྒྱལ་བ་རྒྱ་མཚོ་དང༔ ཡི་དམ་རྒྱུད་སྡེ་གནས་གསུམ་ཌཱཀྐི་མ༔ མཐུ་ལྡན་སྲུང་མ་གནས་སྲུང་གཞི་བདག་གིས༔ ཕུན་ཚོགས་ཕན་བདེ་འབྱུང་བའི་བཀྲ་ཤིས་ཤོག༔ ས་མ་ཡཱ༔ ཞེས་ཏཱ་རེའི་གནས་བདག་རྡོ་རྗེ་དྲག་རྩལ་ལ་བསང་མཆོད་ཞིག་དགོས་ཞེས་རྡོ་རྗེའི་སྤུན་དུ་གྱུར་པའི་ལྷ་གྲོགས་དད་ལྡན་ལུང་རྟོགས་ནས་བསྐུལ་ངོར༔ དེའི་རྐྱེན་གྱིས་སྔོན་ཡོངས་འཛིན་སྤྲུལ་པའི་སྐུས་ཀྱང་ཡུལ་ལྷ་འདིའི་བསང་མཆོད་རྩོམ་པ་ཁྱེད་ལ་དབང་བས་རྩོམ་གསུངས་པའི་བག་ཆགས་ཀྱང་དྲན་ནས་ཧོར་གྱི་བན་དྷེས་དེ་ལྟར་འོས་པ་མིན་ནམ་སྙམ་ནས་ཐོལ་བྱུང་ཐོགས་མེད་དུ་བྲིས་པ་བི་ཛ་ཡནྟུ༔

ཏཱ་རེའི་ཡུལ་ལྷའི་མཆོད་ཕྲེང་ལྷ་ཡི་སྤྲིན་རོལ།

ཡུལ་ལྷའི་མཆོད་ཕྲེང་ལྷ་ཡི་སྤྲིན་རོལ་བཞུགས༔ ན་མོ་པདྨ་ཀ་ར་ཡེ༔ འདིར་ཏཱ་རེའི་གནས་བདག་རྣམས་ལ་བསང་ངམ་གཏོར་སྐྱེམས་བསྔོ་བར་འདོད་པ་དག་གིས་དངོས་བཤམས་རཾ་ཡཾ་ཁཾ་གིས་བསྲེགས་གཏོར་བཀྲུས༔ ཨོཾ་ཨཱཿཧཱུྃ༔གིས་སྦྱངས་སྤེལ་བསྒྱུར་ལ༔ རང་ཉིད་རིག་འཛིན་བླ་མའི་ས་མ་དྷི་ལ་གནས་པས༔ ཨཿདུཿཙཿཕུཿནཱ་ག་རཱ་ཛ་ཧཱུྃ་ས་པཱ་རི་ཝ་ར་ཨེ་དཾ་བྷ་ལིང་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧཱུྃ༔ སྔོན་ཚེ་རིག་འཛིན་བླ་མའི་སྤྱན་སྔ་རུ༔ ཇི་ལྟར་ཁས་བླངས་གཡར་དམ་ཕོག་པ་ཡི༔ ལྷ་ཡི་ཡང་ལྷ་རྡོ་རྗེ་ཐོགས་མེད་རྩལ༔ བདུད་པོ་བཀྲག་མེད་དུ་ཏྲི་ར་ཛ་ཆེ༔ གྲི་བཙན་མི་ཟན་འཆོལ་བ་གྲི་འཐབ་བདག༔ ནཱ་ག་ཀླུ་མཆོག་ཟླ་བའི་ཟུར་ཕུད་སོགས༔ གནས་སྲུང་གཏེར་བདག་མ་གཟའ་དྲེགས་པའི་སྡེ༔ འཁོར་བཅས་མཆོད་པའི་མགྲོན་དུ་ད་ཚུར་བྱོན༔ རང་མཐུན་གདན་བཞུགས་གུས་པས་འདུད་དོ་མཆོད༔ བསང་གསུར་སྐྱེམས་རིགས་སྨན་གཏོར་རཀྟ་དང༔ ཕྱི་ནང་གསང་མཆོད་ལྟ་སྒོམ་སྤྱོད་འབྲས་ཡིས༔ བསང་ངོ་བརྔན་ནོ་ཉམས་ཆག་ཉེས་ལྟུང་བཤགས༔ རྩ་བརྒྱུད་བླ་མས་བཀའ་བསྒོས་དམ་བཞག་བཞིན༔ སངས་རྒྱས་བསྟན་སྲུང་དཀོན་མཆོག་དབུ་འཕང་བསྟོད༔ དགེ་འདུན་སྡེ་སྐྱོང་བདག་ཅག་ཡོན་མཆོད་ལ༔ མི་འདོད་དགྲ་གདོན་འབྱུང་པོ་ཆམ་ལ་ཕོབ༔ ཕྱིས་སུ་ལམ་བསྒྲོད་འདུག་པའི་ཁ་འཛིན་མཛོད༔ མཐུན་རྐྱེན་ལེགས་ཚོགས་སྣང་བ་ཕྱོགས་བརྒྱར་ངོམ༔ ཞི་རྒྱས་དབང་དྲག་རབ་འབྱམས་ལས་བཅོལ་བསྒྲུབ༔ མ་གཡེལ་མ་འདའ་བཛྲ་ས་མ་ཡཱ༔ དོན་ཀུན་ཡིད་བཞིན་འབྱུང་བའི་དགེ་ལེགས་སྩོལ༔ ཞེས་ཏཱ་རེ་གནས་ཀྱི་སྲུང་མའི་མཆོད་ཕྲེང་བསྡུས་པ་འདི་ས་ར་ཧི་ཏས་དབྱར་ཟླ་འབྲིང་པོའི་ཉ་ལ་དགོས་པ་བྱུང་ཚེ་ཐོལ་བྱུང་ཐོགས་མེད་དུ་ཕབ་པའི་དགེ་བས་གནས་འདིར་མོས་ཤིང་དབང་བ་རྣམས་ལ་འགོ་ཞིང་སྡོང་གྲོགས་བྱེད་པའི་རྒྱུར་གྱུར་ཅིག༔ ཤུ་བྷཾ༔

ཡུལ་ལྷ་བསྟན་འཛིན་རི་རྒྱལ་ཟིལ་ཁྲོམ་འཕན་ཕྱུག་གི་བསང་མཆོད།

ཡུལ་ལྷ་བསྟན་འཛིན་རི་རྒྱལ་ཟིལ་ཁྲོམ་འཕན་ཕྱུག་ལ་བསང་བྱ་བར་འདོད་པས་བསང་ཁྲི་གྲུ་བཞི་ཁྲུ་གང་ལས་མི་དམན་པར་དབུས་སུ་པདྨ་འདབ་བརྒྱད་ཀྱི་དཀྱིལ་དུ་རཾ་ཡིག་གིས་མཚན་པའི་སྟེང་དུ་ཤིང་རྩི་སྣ་དགུ༔ ཕྱེ་མར༔ ཤེལ་ཚིགས༔ དཀར་མངར༔ གཟུགས་འགྲོས་སྣ་ཚོགས་ཞུགས་ལ་སྦྱར་ཏེ༔ རྣལ་འབྱོར་ཡི་དམ་ལྷའི་ཏིང་འཛིན་གྱིས་བྱིན་གྱིས་བརླབ་ལ་འདི་སྐད་དོ༔ ཨེ་མ་ཧོ༔ རྗེ་འཕགས་པ་རིགས་གསུམ་གྱི༔ ཐུགས་དགོངས་པས་བྱིན་བརླབས་པའི༔ ཡུལ་གང་གའི་མིང་ཆགས་པའི༔ གནས་ས་སྤྱོད་ཏཱ་རེ་ཡི༔ ལྷོའི་བང་མཛོད་གཏེར་གྱི་བདག༔ རི་རྩེ་རྒྱལ་འཕན་ཕྱུག་ལགས༔ སྐུ་སེར་པོ་གཟི་བརྗིད་འབར༔ ཞལ་འཛུམ་མདངས་བཞད་སྒྲ་སྒྲོག༔ གཡས་ལྕགས་ཀྱུས་སྐྱེ་འགྲོ་འགུགས༔ གཡོན་ཞགས་པས་ཟས་ནོར་སྡུད༔ ཞབས་གཉིས་པོ་བརྐྱང་བསྐུམ་གྱིས༔ གསེར་ལ་སོགས་རིན་པོ་ཆེའི༔ ཁྲི་སྟག་གཟིག་ལྤགས་པས་བཀླུབས༔ འདོད་རྒུས་བཀང་བུམ་ཁར་བཞུགས༔ སྐུ་ཟ་འོག་གསེར་ཁྲབ་དང༔ རྒྱན་རིན་ཆེན་མཛེས་པས་སྤྲས༔ དབུ་དར་གྱི་ལ་ཐོད་སྟེང༔ དབང་སྔོན་པོའི་ཏོག་གིས་མཛེས༔ མདུན་གཡས་ཕྱོགས་འབོལ་སྟེང་དུ༔ སྲས་གཡུ་རྒྱལ་འོད་ལྡན་རྩལ༔ ཕྱག་གཉིས་ཀྱིས་མདའ་དར་དང༔ འདོད་འཇོ་བའི་གཏེར་བུམ་བསྣམས༔ སྣ་ཚོགས་པའི་དར་སྣས་བརྒྱན༔ ཞབས་གཉིས་པོ་བཞེངས་སྟབས་ངང༔ བཀའ་རྟགས་ཀྱི་ཐ་ཚིག་འཆང༔ གཡོན་ཕྱོགས་ཀྱི་མཉྫུའི་ཁར༔ སྲས་མོ་བཙུན་ཀུ་ནེ་ཞེས༔ སྐུའི་སྟོད་ལ་ལྷ་གོས་གསོལ༔ སྨད་སྦྲུལ་གྱི་འཁྱིལ་འགྲོས་མཛད༔ ཕྱག་ཐལ་མོ་སྦྱར་བའི་བར༔ ནཱ་ག་ཡི་མ་ཎི་ངོམ༔ མདུན་རཏྣའི་སྟེགས་ཀྱི་ཁར༔ ཡུམ་གནོད་སྦྱིན་ནོར་འཆང་མ༔ སྐུ་ལ་ནི་འོད་སྟོང་འབར༔ གཡས་གསེར་སྐྱོགས་སྐྱེམས་ཀྱིས་བཀང༔ གཡོན་ཟོ་བ་འབྲུ་བཅུད་འཛིན༔ ནོར་བུ་ཡི་སྐ་རགས་དང༔ དར་གོས་སྤྲས་གཡུ་ཐོད་མཛེས༔ ཞབས་གཉིས་ཀྱིས་རྟ་བྲོ་འཁྲབ༔ འཁོར་དྲེགས་ཚོགས་སྡེ་དགུ་དང༔ མི་མིན་གྱི་དཔུང་ཚོགས་བཅས༔ རྣལ་འབྱོར་གྱི་བསང་མགྲོན་ལ༔ ད་ལྟ་འདིར་མྱུར་དུ་བྱོན༔ རང་རང་གི་ཡིད་མཐུན་པའི༔ ཁྲི་སྟན་ལ་བདེ་བར་བཞུགས༔ འབར་བ་ཡི་མེས་བསྲེགས་པའི༔ བསང་གསུར་གྱི་འདོད་རྒུའི་སྤྲིན༔ ཕྱི་ནང་དང་གསང་བ་ཡི༔ མཆོད་ཚོགས་ཀྱིས་ཁྱེད་ཅག་བརྔན༔ དར་སྣ་ལྔའི་འཕན་གདུགས་དང༔ ལས་ཡིད་མཐུན་རླུང་རྟ་འཕྱར༔ ཆ་བསྭོ་ཡིས་དགྱེས་པ་བསྐྱེད༔ རྔ་དུང་དང་མཆོད་དབྱངས་སྒྲས༔ རྒྱབ་བརྟེན་གྱི་ཏཱ་རེའི་ལྷ༔ གཏེར་སྲུང་བའི་དྲག་རྩལ་བརྔན༔ བང་མཛོད་དང་གཡང་གི་བདག༔ རི་རྩེ་རྒྱལ་འཕན་ཕྱུག་བརྔན༔ སྲས་མཆོག་དང་སྲས་མོ་བརྔན༔ ཡུམ་ནོར་འཆང་དྲེགས་པ་བརྔན༔ ཡང་འཁོར་གྱི་མི་མིན་བརྔན༔ ཁྱེད་ལྷ་ཚོགས་བརྔན་སྦྱིན་མཐུས༔ བདག་འདོད་པའི་ལས་བཅོལ་ནི༔ དཔལ་སངས་རྒྱས་བསྟན་པ་དང༔ དེ་འཛིན་པའི་དགེ་འདུན་སྡེ༔ དགུང་ཡར་གྱི་ཟླ་བཞིན་སྤེལ༔ བསྟན་ཆོས་ཀྱི་སྦྱིན་བདག་ཀུན༔ ཚེ་དཔལ་དང་འབྱོར་བ་སྤེལ༔ དགོན་ཆོས་གྲྭ་འདུས་པའི་སྡེ༔ ཡིད་འདོད་རྒུའི་བསམ་པ་སྒྲུབ༔ ཐོ་འཚམས་དང་མཐོ་གནོན་དགྲ༔ བར་གཅོད་དང་གེགས་བྱེད་པའི༔ མི་མིན་གྱི་ནག་ཕྱོགས་བདུད༔ འཕར་སྤྱང་དང་ཇག་རྐུན་དམག༔ ཁ་ཕོང་དང་རྗེས་མེད་དུ༔ ཆོ་འཕྲུལ་སོགས་དྲག་པོས་སྒྲོལ༔ ཁམས་གསུམ་གྱི་ཕྱྭ་གཡང་ཀུན༔ ཁབ་ལེན་གྱིས་རྡོ་བ་བཞིན༔ བདག་སོགས་ཀྱི་དཔལ་དུ་ཁུག༔ ཁྱེད་ཅག་དང་འབྲེལ་ཐོགས་ཡོངས༔ གྲོལ་བ་ནས་གྲོལ་མཆོག་གི༔ ས་ལམ་ལ་ཆགས་ཐོགས་ཀྱི༔ སྒྲིབ་པ་དང་བདག་འཛིན་ཕྲི༔ བྱང་ཆུབ་ལ་འགོད་པར་ཤོག༔ ཡུལ་ཕྱོགས་འདིར་ཕུན་ཚོགས་ཀྱི༔ སྣང་བ་ཡིས་ས་གསུམ་ཀུན༔ ཡོངས་འགེང་བའི་རྟེན་འབྲེལ་གྱིས༔ དགེ་ལེགས་ཀྱི་ཤིས་པ་སྩོལ༔ ཞེས་པ་འདི་ཏཱ་རེ་ཞེས་བྱའི་གནས་བདག་གི་ལྷོའི་བང་མཛོད་གཏེར་གྱི་མངའ་བདག་རི་རྩེ་རྒྱལ་འཕན་ཕྱུག་གི་བསང་མཆོད་འདི་གནས་སྒོ་འབྱེད་སྐབས་སྐྱེས་ཐོབ་ཀྱི་རིག་འཛིན་ཨརྠ་སིདྡྷིས་བསྐུལ་བ་ལ་བརྟེན་ནས༔ ཕྱིས་གནས་དེར་ཕུར་སྒྲུབ་སྐབས་ཉམས་ལ་ཤར་བཞིན་ལུང་རྟོགས་བསྟན་འཛིན་ལ་ས་ར་ཧི་ཏས་སྤེལ་བ་སརྦ་ཛ་གད་ཏཾ༔ མངྒ་ལཾ༔

ཏཱ་རེའི་ཡུལ་ལྷའི་གསོལ་མཆོད་བདུད་རྩིའི་ཟེགས་མ།

༄༅། ཡུལ་ལྷའི་གསོལ་མཆོད་བདུད་རྩིའི་ཟེགས་མ་བཞུགས། ཨེ་མ་ཧོ། ངོ་མཚར་རྨད་བྱུང་རིག་རྟོགས་ལྷུན་གྲུབ་རྩལ། །དག་པ་འོད་ལྔའི་ལྷ་རུ་སྣང་བ་ལས། །འགོ་བའི་ལྷ་མཆོག་རི་རྒྱལ་འཕན་ཕྱུག་རྩལ། །རྣལ་འབྱོར་བདག་གིས་འབོད་དོ་འདིར་གཤེགས་ཤིག །དམ་ཚིག་གཉན་པོའི་རྟེན་ལ་བརྟན་པར་བཞུགས། །དངོས་འབྱོར་ཡིད་སྤྲུལ་ཀུན་བཟང་རྣམ་རོལ་གྱི། །མཆོད་རྫས་མ་ཚང་མེད་དང་སྨན་གཏོར་རཀ །ཇ་ཆང་བཟའ་བཅའ་བཏུང་བ་གྱ་ནོམ་པས། །མཆོད་དོ་བརྔན་ནོ་མངའ་གསོལ་ཡུལ་གྱི་ལྷ། །རི་རྒྱལ་འཕན་ཕྱུག་སྤྲུལ་པ་ཡང་སྤྲུལ་འཁོར། །སངས་རྒྱས་བསྟན་དང་བསྟན་འཛིན་བསྲུང་སྐྱོབས་མཛོད། བསྟན་པའི་སྦྱིན་བདག་ཚེ་ཆོས་སྲིད་ནོར་སྤེལ། །མི་མཐུན་དགྲ་གདོན་བྱད་མ་རྡུལ་དུ་རློགས། །ལོག་ལྟའི་སྡེ་དཔུང་མ་ལུས་ཆམ་ལ་ཕོབས། །ཁ་དཀར་སྙིང་ནག་བསྟན་དགྲ་རྨིང་ནས་རློགས། །བསམ་དོན་ཡིད་བཞིན་འགྲུབ་པའི་གཉེར་ཁ་ལོངས།། ཅེས་གསོལ་མཆོད་ཉུང་བསྡུས་འདི་འདྲ་ཞིག་དགོས་ཞེས་རས་པ་གསལ་སྟོང་གི་བཞེད་སྐོང་དུ་ས་ར་ཧི་ཏས་སྤེལ་བ་དགེ་ལེགས་འཕེལ།

ཡུལ་ལྷ་བྲག་དཀར་གྱི་བསང་མཆོད་འདོད་དོན་ལྷུན་གྲུབ།

ཡུལ་ལྷའི་བསང་མཆོད་འདོད་དོན་ལྷུན་གྲུབ་བཞུགས་སོ༔ ན་མོ་པདྨ་ཀཱ་ར་ཡེ༔ ཡུལ་ལྷའི་བསང་བྱ་བར་འདོད་པས་བསང་རྫས་གྱ་ནོམ་པ་གོས་དཀར་ལྷ་མོའི་མཁའ་ཀློང་དུ་བསྟིམ་ལ་འབྲུ་གསུམ་གྱིས་བྱིན་གྱིས་བརླབ་ལ་འདི་སྐད་དོ༔ ཨེ་མ་ཧོ༔ རིག་གསུམ་སེམས་དཔས་བྱིན་རླབས་གངས་ཅན་ལྗོངས༔ མཁན་སློབ་ཆོས་གསུམ་གདུལ་ཞིང་བོད་ཀྱི་ཡུལ༔ ཁྱད་པར་ས་ཡི་མདོ་སྨད་རྒྱལ་མོ་རོང༔ དེ་ཡི་ཉེ་ཆར་བཀྲ་ཤིས་གནས་ཀྱི་རིའི༔ སྒོ་སྲུང་དུང་གི་མི་གཟུགས་བྲག་དཀར་ཞེས༔ ཡུལ་མིའི་མཚན་གསོལ་གནས་བདག་དྲེགས་པའི་གཙོ༔ ཁྱེད་ཀྱི་སྐུ་མདོག་ཆ་ལུགས་མ་ངེས་ཤིང༔ རྣལ་འབྱོར་བསང་གི་མགྲོན་ལ་བོས་པའི་དུས༔ དཀར་གསལ་ཞལ་གཅིག་འཛུམ་མདངས་ཡ་ལ་ལ༔ ཕྱག་གཡས་ཤེལ་གྱི་ཡ་ཙ་ལྷངས་སེ་ལྷང༔ ཕྱག་གཡོན་འདོད་དགུའི་ནོར་གཞོང་སྤུངས་སེ་སྤུང༔ དར་དང་ཟ་འོག་ན་བཟའ་ལྷུབས་སེ་ལྷུབ༔ དབུ་ལ་བསེ་ཞུ་རུ་དར་ལྷབས་སེ་ལྷབ༔ སྐེད་ལ་སྟག་རལ་གཟིག་ཤུབས་ཀྱི་ལི་ལི༔ སྔོན་དུ་མི་དམར་ཤ་ར་ར༔ སྟེང་དུ་བླ་བྱ་ལྡེངས་སེ་ལྡེང༔ ལས་མཁན་འབྲེང་ཞགས་ཁྱུགས་སེ་ཁྱུག༔ རྒྱབ་ཏུ་གཅན་སྤྱང་ཁེངས་སེ་ཁེང༔ གཅོད་པ་སྟར་ཐོག་ཐ་ར་ར༔ ཆིབས་སུ་དུང་མདོག་འཕུར་ཤེས་ལ༔ སྒ་སྲབ་རིན་ཆེན་ཆས་ཀྱིས་སྤྲས༔ སྟེང་དུ་ཕྱེད་སྐྱིལ་ཚུལ་གྱིས་བཅིབས༔ མངོན་ཤེས་རྫུ་འཕྲུལ་སྟོབས་མངའ་བའི༔ ཡུལ་སྐྱོང་བྲག་དཀར་གཉན་པོ་ཁྱོད༔ མ་ཐོགས་མྱུར་དུ་འདིར་གཤེགས་ལ༔ དམ་ཚིག་དྲན་བཞིན་བརྟན་པར་བཞུགས༔ འཕྲུལ་དགའི་ཚུལ་གྱིས་འདུད་པར་བགྱི༔ ཡུམ་ལྔའི་ཀློང་ལས་ལེགས་བསྐྲུན་པའི༔ བདུད་རྩི་ཤིང་ལྔའི་དུད་སྤྲིན་དང༔ ཕྱེ་མར་སྐྱེམས་ཀྱིས་གསོལ་ལོ་མཆོད༔ བརྔན་སྦྱིན་མཆོད་པ་འདི་བཞེས་ལ༔ རྣལ་འབྱོར་འདོད་དོན་གང་ཡིན་པ༔ དོན་དེ་དེ་རིང་འགྲུབ་གྱུར་ཅིག༔ ནད་གདོན་ཆགས་ཆེ་ཉམ་ང་དང༔ མི་ཕྱུགས་རིམས་ཡམས་གཅན་སྤྱང་སོགས༔ མི་མཐུན་མཐའ་དག་ཞི་བར་མཛོད༔ ཚེ་བསོད་ལོངས་སྤྱོད་དཔལ་འབྱོར་ཀུན༔ རྒྱ་མཚོ་ཆར་གྱིས་བསྐྱེད་ལྟར་སྤེལ༔ ཁམས་གསུམ་སྐྱེ་འགྲོའི་བླ་ཡིད་སེམས༔ ཐོགས་མེད་དབང་དུ་འདུ་བར་མཛོད༔ སྡང་སེམས་འཆང་བའི་བྱད་མ་དང༔ བསྟན་འགྲོའི་བདེ་སྐྱིད་འཕྲོག་བྱེད་པའི༔ དགྲ་གདོན་མིང་གི་ལྷག་མར་མཛོད༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་པ་འདི་ནི་བྲག་དཀར་གནས་ལ་འགོ་བའི་ལྷས་འདུ་ཤེས་ཁྱད་པར་ཅན་ཡོད་པའི་རིག་འཛིན་བློ་ལྡན་གྱི་སྐྱེས་བུས་དོན་འགྲུབ་པའི་ཆ་རྐྱེན་དུ་ནན་གྱིས་བསྐུལ་བ་མི་ལྡོག་ཙམ་དུ་ཆོས་མེད་རྨོངས་རྟུལ་མཁན་ས་ར་ཧི་ཏས་གླེན་གཏམ་གྲོང་ཚིག་འདི་སྨྲས་པ་ལ་ཉེས་འགལ་མཆིས་ན་ལྷ་དང་སྲུང་མར་བཤགས༔ དགེ་བར་གྱུར་ན་མཁའ་ཁྱབ་འགྲོ་ལ་བསྔོ༔ སརྦ་མངྒ་ལཾ༔

གཡུ་རོང་སྨད་ཀྱི་ཡུལ་ལྷའི་བསང་བསྡུས་ཀུན་བཟང་མཆོད་སྤྲིན་འདོད་དོན་བདེ་ལེགས།

ཡུལ་ལྷའི་བསང་བསྡུས་ཀུན་བཟང་མཆོད་སྤྲིན་འདོད་དོན་བདེ་ལེགས་བཞུགས༔ རྩ་བརྒྱུད་བླ་མ་ལ་ཕྱག་འཚལ་ལོ༔ ཡུལ་ལྷ་འགོ་བའི་ལྷ་རྣམས་ལ༔ བསང་མཆོད་བྱ་བར་འདོད་རྣམས་ཀྱིས༔ ས་སྟེགས་མཐོན་པོའི་ཁ་རུ་ནི༔ ལྷ་ཤིང་སྣ་ཚོགས་དུད་པ་གཏོང༔ ཕྱེ་མར་ཟས་སྣ་གྱ་ནོམ་བཤམས༔ སེམས་བསྐྱེད་ལྡན་པའི་རྣལ་འབྱོར་པས༔ གདན་གསུམ་ལྷ་ཡི་བསྐྱེད་རིམ་དང༔ སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས༔ ཀྱཻ༔ གླིང་མཆོག་ལྷོ་རྒྱལ་འཛམ་བུའི་གླིང༔ འཛམ་བུའི་གླིང་གི་བྱང་ཤར་མཚམས༔ རྒྱལ་མོ་རོང་གི་ཤར་ཕྱོགས་སུ༔ རྒྱ་བོད་གཉིས་ཀྱི་ས་མཚམས་སུ༔ རྒྱལ་མོ་རོང་གི་ཡུལ་གྱི་ནི༔ ཟོ་དོར་གཉན་ཆེན་དཀར་ཕྱོགས་སྐྱོང༔ རིག་འཛིན་བླ་མའི་བཀའ་ཉན་སྡེ༔ གཏེར་སྲུང་ལི་ལི་བྲག་བཙན་འབར༔ ཤར་ཕྱོགས་བཞག་བྲ་ལྷ་རྩེ་དང༔ དགེ་བསྙེན་རྡོ་རྗེ་དབྱི་ཁྲོམ་རྩལ༔ ཏཱ་རེ་གནས་བདག་དྲག་པོ་རྩལ༔ དེའུ་དཀར་མི་མགོན་དཀར་པོ་དང༔ ཨ་བླ་ལྷ་རྩེ་གཙུག་ཏོར་ཅན༔ སྐུ་ལྷ་ར་ཁང་གཉན་པོ་དང༔ སྐུ་བླ་ཁྲབ་གྱོན་མཚོ་སྨན་རྒྱལ༔ དེ་སྲས་སྟག་རྩེ་ལྷ་རི་མཐོ༔ ཡུམ་ཆེན་སྤྱི་བཙུན་འབྲུག་མོ་ཐར༔ དགྲ་ལྷ་རྡོ་རྗེ་ཡེ་ཤེས་རྩལ༔ སྐུ་ལྷ་བསེ་རྫི་གཉན་པོ་ཆེ༔ དངུལ་རྫི་གཡུ་མཚོ་ལ་སོགས་པའི༔ བདག་ལ་འགོ་ཞིང་སྐྱོབ་པའི་ལྷ༔ སྤྱན་འདྲེན་གནས་འདིར་གཤེགས་སུ་གསོལ༔ ཨོཾ་སརྦ་ལོ་ཀ་པཱ་ལ་བཛྲ་ས་མ་ཡཱ་ཛ་ཛ༔ ཧཱུྃ༔ ཡུལ་སྐྱོང་ཟོ་དོར་ཁྱེད་རྣམས་ཀྱང༔ རང་མཐུན་ཡིད་འོང་གདན་ལ་བཞུགས༔ ས་མ་ཡཱ་ཏིཥྠ་ལྷན༔ ཧཱུྃ༔ དངོས་བཤམས་ཡིད་སྤྲུལ་ཀུན་བཟང་པོའི༔ མཆོད་སྤྲིན་འཛད་མེད་གཏེར་དུ་བརླབས༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ རི་དྭགས་ཡང་དྭགས་གདུགས་དར་འཕན༔ ལབ་རྩེ་གསས་མཁར་ཤིང་རིས་སོགས༔ གཞི་བདག་འདོད་པའི་ལོངས་སྤྱོད་རྣམས༔ དུད་པའི་ཟེགས་མ་རེ་རེར་འབྱུང༔ བསང་ཞིང་བརྔན་ནོ་མངའ་གསོལ་བཞེས༔ ཅི་བཅོལ་བསམ་དོན་ཡིད་བཞིན་སྒྲུབ༔ ཕྱོགས་བཞིའི་གདོན་ཆེན་དགྲ་གདོན་བགེགས༔ ཞི་རྒྱས་དབང་དང་དྲག་པོས་སྒྲོལ༔ ལས་བཞི་ལྷུན་གྱིས་འགྲུབ་པར་མཛོད༔ ཡུལ་འདིར་བཙའ་སད་སེར་བ་བཟློག༔ བསྟན་དང་བདག་ལ་འཁུ་བ་ཡིས༔ བན་བོན་བྱད་མ་རྡུལ་དུ་རློགས༔ བདག་རྒྱལ་བཀྲ་ཤིས་བདེ་ལེགས་ཤོག༔ ཅེས་འདི་སློབ་བུ་བློ་གྲོས་ལ༔ སྤྲུལ་སྐུ་གཞན་ལ་ཕན་མིང་ནས༔ བྲིས་དེ་ཡོངས་ལ་དགེ་གྱུར་ཅིག༔ ཤུ་བྷཾ༔

ནོར་བུ་ལྷ་རྩེའི་ཕྲིན་བཅོལ་དཔའ་བོའི་འགྱིང་གླུ།

ནོར་བུ་ལྷ་རྩེའི་ཕྲིན་བཅོལ་དཔའ་བོའི་འགྱིང་གླུ་བི་ཛ་ཧ་རཾ༔ ཀྱཻ༔ དགོངས་ཤིག་ནོར་བུ་ལྷ་ཡི་རྩེ༔ ཁྱོད་ལ་ཕྲིན་ལས་བཅོལ་བ་ནི༔ སྔོན་ཚེ་ཁྱུང་ལུང་རས་པ་དང༔ རིག་འཛིན་ཡབ་སྲས་བཀའ་བསྒོས་བཞིན༔ དམ་ལས་མ་འདའ་དམ་བཞིན་ཕྲིན་ལས་མཛོད༔ བར་དུ་ལུང་རིག་གླིང་པ་དང༔ ཆོས་ཀྱི་བདག་པོས་བཀའ་བསྒོས་བཞིན༔ དམ་ལས་མ་འདའ་དམ་བཞིན་ཕྲིན་ལས་མཛོད༔ ཐ་མ་རྣལ་འབྱོར་བདག་ཅག་དང༔ བརྒྱུད་གསུམ་བླ་མས་བཀའ་བསྒོས་བཞིན༔ དམ་ལས་མ་འདའ་དམ་བཞིན་ཕྲིན་ལས་མཛོད༔ གསང་སྔགས་སྔ་འགྱུར་བཀའ་གཏེར་གྱི༔ བཤད་སྒྲུབ་ཕྱོགས་བཅུར་རྒྱས་པར་མཛོད༔ བསྟན་འཛིན་ཞབས་བརྟན་སྦྱིན་བདག་མངའ་ཐང་བསྐྱེད༔ ཡུལ་འདིའི་མི་དཔོན་ཆབ་སྲིད་དབུ་རྨོག་བཙན༔ དགེ་འདུན་སྡེ་ཚོགས་དབྱར་མཚོ་ལྟར་འཕེལ་མཛོད༔ མི་མཐུན་ནད་མུག་མཚོན་གྱི་རྒུད་པ་བཟློག༔ བདེ་སྐྱིད་རྫོགས་ལྡན་དཔལ་ལ་སྤྱོད་པར་མཛོད༔ ཁྱད་པར་རྣལ་འབྱོར་བདག་དང་བརྒྱུད་འཛིན་གྱི༔ དཀོར་ནོར་ལོངས་སྤྱོད་རྐུ་བའི་དོན་སྙིང་ཕྱུངས༔ ཁམས་གསུམ་སྲིད་གསུམ་ཟས་ནོར་གཡང་དུ་ཁུག༔ མངོན་མཐོའི་དཔལ་གྱིས་འཚོ་བའི་དགེ་ལེགས་སྩོལ༔ ཅེས་མཚོ་རྒྱལ་གྱི་ངོར་གཞན་ཕན་པས་སོ༔

གནས་ལུང་དབང་སྡུད་ལྷ་རྩེའི་བསང་མཆོད་ཉུང་བསྡུས་གློག་གི་ཞགས་པ།

དབང་སྡུད་ལྷ་རྩེའི་བསང་མཆོད་ཉུང་བསྡུས་གློག་གི་ཞགས་པ་བཞུགས༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ རང་ཉིད་ཡི་དམ་ལྷ་ཡི་ཐུགས་ཀ་ནས༔ འོད་ཟེར་འཕྲོས་པས་ཡུལ་སྐྱོང་དྲེགས་པའི་གཙོ༔ དབང་སྡུད་ལྷ་རྩེ་འཁོར་དང་བཅས་པ་རྣམས༔ སྤྱན་དྲངས་རང་མཐུན་པད་ཟླའི་གདན་ལ་བཞུགས༔ ལུས་ངག་ཡིད་ཀྱི་གུས་པས་ཕྱག་འཚལ་ལོ༔ འདོད་ཡོན་ལོངས་སྤྱོད་བསང་གི་མཆོད་པའི་ཚོགས༔ མི་ཟད་རྒྱན་གྱི་འཁོར་ལོས་མཆོད་དོ་བརྔན༔ ཁྱད་པར་བདག་ཅག་དཔོན་སློབ་མི་ནོར་བཅས༔ སྲུང་སྐྱོབ་སྡོང་གྲོགས་མེལ་ཚེ་བྱ་ར་མཛོད༔ ཁྱེད་ཀྱི་སྐུ་མདོག་ཆ་ལུགས་མ་ངེས་ཀྱང༔ འདིར་སྣང་དབང་གི་ལྷ་མཆོག་ལྟར་དུ་ནི༔ མི་དམར་རྟ་དམར་བསེ་ཁྲབ་བཙན་མདུང་ཅན༔ དྲག་རྩལ་མྱུར་མགྱོགས་གནམ་ལྕགས་ཐོག་དང་འདྲ༔ མ་རུངས་ལོག་འདྲེན་ཁ་ཕུང་རྗེས་མེད་རློག༔ རྒྱལ་བཙུན་བློན་འབངས་མངའ་ཐང་བདག་དབང་ཁུག༔ ཅི་འདོད་ཡིད་བཞིན་ནོར་བུའི་དཔལ་ལ་འགྲན༔ ཚེ་བསོད་སྟོབས་འབྱོར་སྙན་གྲགས་རླུང་རྟ་སྤེལ༔ མཐར་ཐུག་རང་གཞན་སྲིད་མཚོ་ལས་བརྒལ་ཏེ༔ གདོད་མའི་ས་ལ་གཏན་སྲིད་ཟིན་པར་ཤོག༔ ཐོག་མཐའ་བར་དུ་དགེ་བའི་ཤིས་པ་སྩོལ༔ ཞེས་པའང་ལྷ་གྲོགས་མཚོ་རྒྱལ་གནས་ལུང་དུ་རི་བསང་ལ་ཆས་ཚེ་ལམ་ཁར་ཁོ་བོ་ལ་བསང་མཆོད་འདི་འདྲ་ཞིག་དགོས་ཞེས་བསྐུལ་ངོར་ས་ར་ཧི་ཏས་གནས་ལུང་དབང་སྡུད་ལྷ་རྩེ་ཞི་རྒྱས་དབང་དྲག་བཞིའི་ཚུལ་དུ་སྣང་བ་ལས་དབང་གིས་ལྷ་ལྟར་མཆོད་པའི་རིམ་པ་ཉུང་ངུར་མཛད་པ་ཛ་ཡནྟུ༔

བཻ་ཡི་ཡུལ་ལྷ་བཀྲ་ཤིས་ལྷ་རྩེའི་བསང་མཆོད་འདོད་འབྱུང་དབང་སྔོན།

ཡུལ་ལྷ་བཀྲ་ཤིས་ལྷ་རྩེའི་བསང་མཆོད་འདོད་འབྱུང་དབང་སྔོན་བཞུགས༔ རིག་པ་རང་བྱུང་དབྱིངས་ཀྱི་ལྷ༔ འདུ་འབྲལ་མེད་པར་སྐྱབས་སུ་བསྟེན༔ ཡུལ་ལྷ་བཻ་ཡི་ནོར་ལྷ་མཆོག༔ བཀྲ་ཤིས་ལྷ་རྩེའི་བསང་མཆོད་ནི༔ སྟེགས་མཐོན་ཁ་རུ་ཤིང་སྣ་དང༔ ཕྱེ་མར་སྐྱེམས་རིགས་ཞུགས་སུ་སྦྱངས༔ རང་ཉིད་ལྷ་ཡི་ང་རྒྱལ་གྱིས༔ སྐྱབས་སེམས་ཚོགས་བསགས་སྔོན་སོང་ནས༔ ཀྱཻ༔ རང་བྱུང་ཡེ་ཤེས་ལས་གྲུབ་དབྱིངས་ཀྱི་མཁར༔ ལྷུན་གྲུབ་སྒོ་བརྒྱད་ཕྱི་གསལ་འཕོས་པའི་རྩལ༔ དག་དང་མ་དག་ཕན་གནོད་བྱེད་པོ་ལས༔ ཡུལ་སྐྱོང་དཔའ་བོ་བཀྲ་ཤིས་ལྷ་རྩེ་ཞེས༔ བཻ་ཡིག་ལས་སྐྱེས་མདུང་དར་ནོར་གཞོང་བསྣམས༔ དཀར་དམར་ཁྲོ་འཛུམ་བཞད་པའི་གད་རྒྱངས་ཅན༔ ཟ་འོག་ལྷབ་ལྷུབ་དར་ཐོད་རྒོད་འཕྲུ་འཕུར༔ བཙན་རྟ་དམར་པོ་གྱི་ལིང་ཁ་དཀར་ནི༔ སྒ་སྲབ་ཆས་ཅན་འགྱིང་བའི་ཚུལ་གྱིས་བཅིབས༔ འཁོར་དུ་ལྷ་ཀླུ་མི་མིན་བྱེ་བས་བསྐོར༔ མ་ཐོག་རིངས་བའི་ཚུལ་གྱིས་གཤེགས་སུ་གསོལ༔ ས་མ་ཡཱ་ཛ༔ ཀྱཻ༔ ཁྱོད་ལ་འདོད་དོན་གསོལ་བའི་གཏང་རག་ནི༔ ལྷ་ཡི་ཞལ་ཟས་རོ་བརྒྱའི་བྱེ་བྲག་འབུལ༔ དཀར་གསུམ་མངར་གྱི་གཏོར་མའི་བྱེ་བྲག་འབུལ༔ ཇ་ཆང་འོ་ཞོ་བཏུང་བ་མཚོ་ལྟར་བསྐྱིལ༔ བདུད་རྩི་ཤིང་ལྔའི་དུད་སྤྲིན་རོལ་མཚོར་སྤེལ༔ ཀུན་བཟང་མཆོད་སྤྲིན་རྒྱ་ཆེན་རབ་བསྐྲུན་པས༔ མཆོག་གསུམ་རྩ་གསུམ་དམ་ཅན་རྒྱ་མཚོ་བརྔན༔ ཁྱད་པར་ཡུལ་སྐྱོང་རྡོ་རྗེ་དབྱི་ཁྲོམ་བསང༔ སྒོས་སུ་གཞི་བདག་རྣལ་འབྱོར་གྲོགས་དན་བསང༔ བྱེ་བྲག་བཻ་ཡི་བཀྲ་ཤིས་ལྷ་རྩེ་བསང༔ དེ་འཁོར་ལྷ་ཀླུ་མི་མིན་འབྱུང་པོ་བསང༔ སྣང་ཞིང་སྲིད་པའི་ལྷ་སྲིན་སྡེ་བརྒྱད་བསང༔ རིགས་དྲུག་ཕ་མ་ལན་ཆགས་བགེགས་རིགས་བསང༔ བསང་ངོ་གསོལ་ལོ་མཆོད་དོ་ལྷ་རྒྱལ་ལོ༔ ནད་གདོན་བར་ཆད་མི་མཐུན་གཡུལ་ངོ་བཟློག༔ འཕར་སྤྱང་ཇག་རྐུན་འཚེ་བའི་གཡུལ་ངོ་ཤིགས༔ འདོད་པའི་ཡོན་ཏན་ལྷུན་གྲུབ་དཔལ་ཐོབ་མཛོད༔ ནག་ཕྱོགས་གདུག་འདྲེ་དམ་སྲི་རྨང་ནས་རློགས༔ ཁམས་གསུམ་སྲིད་པའི་ཟས་ནོར་དབང་དུ་སྡུད༔ སྙན་གྲགས་དུང་གི་རང་སྒྲ་ཕྱོགས་བརྒྱར་ངོམས༔ ཁ་དཀར་ཞེ་ནག་བསྟན་དགྲ་ཆམ་ལ་ཕོབ༔ མི་མཐུན་གཡུལ་རྒྱལ་མཐུན་པའི་གྲོགས་དན་མཛོད༔ བསྟན་འགྲོའི་དཔལ་ལ་འགོད་བའི་བཀྲ་ཤིས་ཤོག༔ ཅེས་བཻ་ལས་སྐྱེས་པའི་ཡུལ་སྐྱོང་ནོར་ལྷ་དྲག་བཙན་བཀྲ་ཤིས་ལྷ་རྩེའི་བསང་མཆོད་འདི་ནུ་བོ་རྒྱ་མཚོ་ཚེ་རིང་གིས་བསྐུལ་ངོར་སྤྲུལ་མིང་འཆོལ་སྤྱོད་པ་ས་ར་ཧི་ཏས་མཐོང་སྣང་བཞིན་བྲིས་པ་དགེ་ལེགས་འཕེལ༔

ཆུ་ལུང་གླང་པོ་དམ་བརྟན་གྱི་བསང་མཆོད་འདོད་དོན་བསམ་གྲུབ།

ཡུལ་ལྷའི་རྒྱལ་པོ་ཆུ་ལུང་གླང་པོ་དམ་བརྟན་གྱི་བསང་མཆོད་འདོད་དོན་བསམ་འགྲུབ་བཞུགས༔ ཨོ་རྒྱན་པདྨ་ལ་ཕྱག་འཚལ༔ ཡུལ་ལྷའི་བསང་མཆོད་རྩོམ་འདོད་པས༔ བསང་རྫས་གྱ་ནོམ་སྤྱི་མཐུན་ལ༔ ལྷ་སྔགས་ཏིང་འཛིན་གྱིས་བརླབས་ཤིང༔ དུད་པའི་སྤྲིན་ཚོགས་རབ་སྤྲོས་ཏེ༔ རྣལ་འབྱོར་བདེ་བའི་གདན་ལ་འཁོད༔ སྐྱབས་སེམས་ལྷ་ཡི་བསྐྱེད་རིམ་ངང༔ ཀྱཻ༔ སྔོན་གྱི་དུས་སུ་ལོ་ཆེན་བཻ་རོ་ཡི༔ གདུལ་བྱ་དུས་བབས་རྒྱལ་མོ་རོང་དུ་གཟིགས༔ མི་དང་མི་མིན་དྲེགས་པ་སྡེ་དགུའི་ཚོགས༔ དམ་ལ་བཞག་ཅིང་རང་རྟགས་སྲོག་སྙིང་ཕུལ༔ མ་འོངས་བསྟན་དང་བསྟན་འཛིན་སྐྱོང་བར་བཞེད༔ ཁྱད་པར་ཡུལ་ལྷ་ཆེན་པོ་སྤྱན་གཟིགས་ཀྱི༔ གནས་མཆོག་སྦས་ཡུལ་དགའ་བ་ལྗོངས་ཀྱི་ཆར༔ གཏོགས་པའི་ཡུལ་ལྷ་གླང་པོ་དམ་བརྟན་ཞེས༔ སྐུ་མདོག་དམར་སྨུག་ཞལ་གྱིས་ཨམ་གཙིགས་བསྡམས༔ དབུ་ལ་འཛོམས་ཞུ་རུ་དར་རྒོད་འཕྲུ་འཕུར༔ ཤྭ་ཁྲ་མིག་དམར་སྡང་མིག་བགེགས་ལ་གཟིགས༔ དར་དང་ཟ་འོག་མཛེས་པའི་ན་བཟའ་བཀླུབས༔ ཕྱག་གཡས་སྦ་ལྕགས་སྟོང་པའི་མཁའ་ལ་འཕྱར༔ ཕྱག་གཡོན་རིན་ཆེན་གཏེར་གྱི་བུམ་པ་བསྣམས༔ ཞབས་གཉིས་ཕྱེད་སྐྱིལ་གཉིས་འཐུང་སྟེང་ན་བརྗིད༔ འཁོར་གསུམ་མེ་རླུང་གློག་གིས་རབ་རྔམ་བརྒྱན༔ གཡས་སུ་ལྷ་རིགས་སྡེ་བརྒྱད་ཉི་ལི་ལི༔ རྒྱབ་ཏུ་མི་མིན་དྲི་ཟ་ཁྱུགས་སེ་ཁྱུག༔ གཡོན་དུ་ཀླུ་སྨན་གཉན་རིགས་སྐར་ལྟར་བཀྲ༔ མདུན་དུ་གྲོང་སྲིན་བསེན་འདྲེ་ཤ་ར་ར༔ མདོར་ན་དགེ་དང་མི་དགེ་སྤེལ་མ་ཡི༔ ལས་ལ་རབ་དགའ་ཡུལ་ལྷ་གཙོ་དང་འཁོར༔ རྣལ་འབྱོར་བདག་གིས་འབོད་པའི་གནས་འདིར་གཤེགས༔ དམ་ལས་མ་འདའ་དམ་བཞིན་གདན་ལ་བཞུགས༔ ཀྱཻ༔ ཡུལ་ལྷའི་རྒྱལ་པོ་གླང་པོ་དམ་བརྟན་ལ༔ མཆོད་དང་བརྔན་པའི་ཡོ་བྱད་འབུལ་བ་ནི༔ སངས་རྒྱས་སྤྱན་མའི་མཁའ་ཀློང་ཡངས་པའི་སྣོད༔ བདུད་རྩི་ཤིང་ལྔ་ཕྱེ་མར་ཟས་ཕུད་སྐྱེམས༔ གོས་དཀར་མོ་ཡིས་བཞུས་པའི་དུད་སྤྲིན་འབུལ༔ མ་མ་ཀིས་བྲན་ཆབ་ཀྱིས་འབག་བཙོག་སྦྱངས༔ དམ་ཚིག་སྒྲོན་མས་ཕྱོགས་བརྒྱར་རབ་བསྐྱོད་ཅིང༔ དབྱིངས་ཕྱུག་མ་ཡིས་ཁམས་སྣོད་དོག་པོར་བྱེད༔ ཕུན་ཚོགས་འདོད་ཡོན་ལྔ་ལྡན་བསང་མཆོད་འདིས༔ བསླུ་མེད་དཀོན་མཆོག་རིན་ཆེན་རྣམ་གསུམ་བསང༔ འགོ་བའི་ལྷ་ལྔ་སྐྱོབ་པའི་ལྷ་དགུ་བསང༔ སྦས་ཡུལ་དགའ་བའི་རྡོ་རྗེ་དབྱི་ཁྲོམ་བསང༔ ཕྱི་ནང་གསང་བའི་བཀའ་ཡི་བློན་པོ་བསང༔ ཁྱད་པར་ཡུལ་ལྷ་གླང་པོ་དམ་བརྟན་བསང༔ གཡས་ཀྱི་ལྷ་རིགས་སྡེ་བརྒྱད་ཉི་ཁྲི་བསང༔ རྒྱབ་ཏུ་མི་མིན་དྲི་ཟའི་ཁྱུ་ཚོགས་བསང༔ གཡོན་དུ་ཀླུ་སྨན་གཉན་གྱི་དཔུང་རྣམས་བསང༔ མདུན་དུ་གྲོང་རྒྱུག་བསེན་མོ་འདྲེ་སྲིན་བསང༔ མདོར་ན་བཀའ་འཁོར་ལྷ་སྲིན་སྡེ་བརྒྱད་བསང༔ བསང་ངོ་མཆོད་དོ་བསྟོད་དོ་མངའ་གསོལ་བཞེས༔ རྣལ་འབྱོར་གང་བཅོལ་ལས་རྣམས་ཁྱོད་ཀྱིས་སྒྲུབ༔ སངས་རྒྱས་བསྟན་དང་བསྟན་འཛིན་སྲུང་སྐྱོབ་མཛོད༔ བསྟན་པའི་སྦྱིན་བདག་མངའ་ཐང་འབྱོར་དྲུག་སྤེལ༔ བསྟན་ལ་གུས་མཆོད་དད་ལྡན་ཡ་རབས་སྲུང༔ མི་མཐུན་རྐྱེན་གྱི་གཡུལ་ངོ་དབྱིངས་སུ་སོལ༔ མཐོ་གནོན་བརྙས་བཅོས་བསམ་ངན་ཁ་ཕུང་རློག༔ ཐོ་འཚམ་བྱེད་པའི་དགྲ་འདྲེ་ཆམ་ལ་ཕོབ༔ ཁམས་གསུམ་སྲིད་པའི་ཟས་ནོར་ལོངས་སྤྱོད་སྡུས༔ སྙན་དང་གྲགས་པའི་བ་དན་དཀར་པོ་ཕྱོར༔ འདུ་བ་རྣམ་གསུམ་དབྱར་མཚོ་ལྟར་འགྲན་མཛོད༔ ཡུལ་ཁམས་སྐྱོང་ལ་འདོད་རྒུའི་བསམ་པ་སྒྲུབས༔ རྣམ་བཞིའི་ཕྲིན་ལས་མ་ལུས་མྱུར་འགྲུབ་མཛོད༔ ཅེས་ཡུལ་གྱི་ཟོ་དོར་ཆུ་ལུང་གཞི་བདག་གླང་པོ་དམ་བརྟན་ལ་བསང་མཆོད་ཅིག་དགོས་ཞེས་རང་སློབ་དམ་ལྡན་རྣལ་འབྱོར་པ་དབོན་སངས་རྒྱས་ཆོས་འཕེལ་ནས་བསྐུལ་ངོར་བདག་གིས་བསྐྱེད་རིམ་ཟབ་མོའི་སྟོབས་ཀྱིས་གཟིར་བས་ཡུལ་ལྷ་དེ་ཉིད་ཀྱི་མཐུན་རྐྱེན་འགའ་སྒྲུབ་པའི་སྣང་བ་ཤར་བ་དང་གཟུགས་བསྟན་པས་བཀའ་དམ་བསྒྲགས་ནས་བསམ་གཏན་ཡེ་ཤེས་གླིང་པས་བསང་མཆོད་འདི་ལྟར་བརྩམས་པས་བསྟན་དང་བསྟན་འཛིན་དར་ཞིང་རྒྱས་ལ༔ ཡུལ་ཁམས་རྫོགས་ལྡན་གྱི་དཔལ་ལ་འགོད་པའི་རྒྱུར་གྱུར་ཅིག་གུ༔

ཡུལ་སྐྱོང་ཤོག་ཤོག་ཟངས་ཁྲབ་དམར་པོའི་བསང་བསྡུས།

ཡུལ་སྐྱོང་ཤོག་ཤོག་ཟངས་ཁྲབ་དམར་པོའི་བསང་བསྡུས་བཞུགས༔ ཀྱཻ༔ གཞི་དབྱིངས་སྤྲོས་བྲལ་འཁོར་འདས་རོ་མཉམ་ཀྱང༔ མ་འགགས་རོལ་པ་སྒྱུ་མའི་ཆོ་འཕྲུལ་ལས༔ ཡུལ་སྐྱོང་གནོད་སྦྱིན་དྲག་པོ་རབ་འབར་རྩལ༔ ཞལ་གཅིག་ཕྱག་གཉིས་དམར་གསལ་ཁྲོ་འཛུམ་ཉམས༔ ཟངས་ཁྲབ་བསེ་རྨོག་འཁོར་གསུམ་དཔའ་བོའི་ཆས༔ རྟ་དམར་རླུང་གཤོག་སྒ་སྲབ་རྒྱན་ལྡན་ཆིབས༔ ཕྱག་གཡས་མདུང་དམར་གཡོན་པས་བཙན་ཞགས་བསྣམས༔ གྲོགས་སྟེར་ཀླུ་མོ་འོད་ལྡན་ཡུམ་དང་བཅས༔ རང་གདངས་བདུད་བཙན་ཀླུ་སོགས་དྲེགས་ཚོགས་བསྐོར༔ རྣལ་འབྱོར་བསང་གི་མགྲོན་ལ་སྤྱན་འདྲེན་གཤེགས༔ རང་མཐུན་གདན་བཞུགས་གུས་པས་མཆོད་སྤྲིན་འབུལ༔ ཁྱད་པར་བདུད་རྩི་ཤིང་ལྔའི་དུད་སྤྲིན་ལས༔ འདོད་ཡོན་མཐུན་རྫས་ལྷ་ལམ་ཁྱབ་པའི་སྤྲིན༔ དགྱེས་པར་བཞེས་ལ་རྣལ་འབྱོར་བདག་ཅག་གིས༔ ལས་བཞིའི་ཕྲིན་ལས་གང་བསམ་འབད་མེད་སྒྲུབ༔ ཀོ་ལོང་ཕྲག་ཏོག་གདུག་རྩུབ་དབྱིངས་སུ་ཞི༔ ཁྱོད་ལ་རེ་ལྟོས་བདག་སོགས་འགྲོ་བ་ཀུན༔ དགའ་བདེའི་དཔལ་གྱིས་འཚོ་བའི་ཤིས་པ་སྩོལ༔ ཞེས་ཤིང་ལུག་ཟླ་བ་དང་པོའི་ཚེས་བཅུ་ལ་ས་ར་ཧི་ཏས་སོ༔

སྒེག་གི་ཡིག་དྲུག་གནས་སྲུང་གཟའ་ཀླུའི་བསང་མཆོད་རྒྱས་པ།

རང་བྱུང་དབྱིངས་ཀྱི་ལྷ་ལ་འདུད༔ རིགས་གསུམ་འཕགས་པས་བྱིན་བརླབས་ཤིང༔ གསུང་མཆོག་ཡིག་དྲུག་གནས་ཀྱི་བདག༔ སྲུང་མཛད་གཟའ་ཀླུའི་བསང་མཆོད་འདི༔ བསྟན་དང་བསྟན་འཛིན་བསྲུང་བ་དང༔ མི་མཐུན་ནད་གདོན་བཟློག་པ་དང༔ མཐུན་པའི་སྡོང་གྲོགས་འགྲུབ་པའི་ཕྱིར༔ དབྱིངས་ཀྱི་བརྡ་ལས་དབྱིངས་ཀྱི་ཆོས༔ ཕལ་པའི་སྤྱོད་ཡུལ་ལས་འདས་པའི༔ བསང་གསུར་བདེ་ལེགས་ཀུན་འབྱུང་སྤེལ༔ ས་མ་ཡཱ༔ སྟེགས་མཐོན་ཁ་རུ་ཤིང་རྩི་དང༔ ཕྱེ་མར་འབྲུ་སྣ་ཚོགས་ཚད་བསྲེས༔ རྣལ་འབྱོར་ཡི་དམ་ལྷར་གསལ་ངང༔ དད་དང་དམ་ཚིག་ལྡན་པ་ཡིས༔ མཆོད་མགྲོན་མདུན་མཁར་སྤྱན་དྲངས་བསྟིམ༔ འབྲུ་གསུམ་སྔགས་ཀྱིས་མཆོད་རྫས་བྱིན་གྱིས་བརླབས༔ ཧྲཱིཿ རང་ཉིད་འཕགས་མཆོག་སྤྱན་གཟིགས་གསལ༔ ཐུགས་སྲོག་ཧྲཱིཿལས་འོད་འཕྲོས་པས༔ སྐུ་གསུམ་ཞིང་དང་ས་སྤྱོད་ཡུལ༔ མཁའ་སྤྱོད་གནས་ཡུལ་འོག་མིན་ཞིང༔ གནས་ཡུལ་གར་བཞུགས་ཞིང་ཁམས་ནས༔ ཁྱབ་འཇུག་ཟླ་བ་ཐོད་དཀར་དང༔ ཀླུ་རྒྱལ་འཁོར་བཅས་སྤྱན་དྲངས་གྱུར༔ དམ་ཚིག་རྟེན་ལ་བག་ཕེབས་བཞུགས༔ ཁྱེད་རྣམས་དགྱེས་པ་བསྐྱེད་པའི་མཆོད་ཚོགས་ནི༔ སངས་རྒྱས་སྤྱན་མའི་ཁམས་སྣོད་ཡངས་པའི་ནང༔ གོས་དཀར་ལྷ་མོས་བསྐྱེད་པའི་མེ་ལྕེ་ཡིས༔ ཤིང་རྩི་སྣ་ཚོགས་བསྲེག་པའི་དུད་སྤྲིན་འཁྲིགས༔ བདག་ཉིད་མ་ཡིས་འབག་བཙོག་བཀྲུས་ཤིང་བཤལ༔ དམ་ཚིག་སྒྲོལ་མས་ཕྱོགས་བརྒྱར་བསྐྱོད་མཛད་པས༔ གཟུགས་སྒྲ་དྲི་རོ་རེག་བྱ་སྨན་གཏོར་རཀ༔ རྫས་རྟགས་འདོད་རྒུའི་ལོངས་སྤྱོད་མཁའ་དབྱིངས་ཁྱབ༔ མ་ཚང་མེད་པའི་མཆོད་ཚོགས་དམ་པ་འདིས༔ དཀོན་མཆོག་ཀུན་འདུས་དྲིན་ཆེན་བླ་མ་བསང༔ ཡི་དམ་ཞི་ཁྲོ་མ་སྲིང་ཌཱཀྐི་བསང༔ བཀའ་གཏེར་སྲུང་མ་དམ་ཅན་རྒྱ་མཚོ་བསང༔ ཡིག་དྲུག་གནས་སྲུང་ཁྱབ་འཇུག་དྲག་པོ་བསང༔ ས་ལ་དབང་བྱེད་ཀླུ་རྒྱལ་ཟླ་སྐྱོང་བསང༔ ཉིན་སྲིབ་རི་བྲག་ཆུ་ཤིང་ལ་གནས་པའི༔ ས་ཡུལ་འདི་ཡི་གཞི་བདག་འཁོར་བཅས་བསང༔ འགོ་བའི་ལྷ་ལྔ་སྐྱོབ་པའི་ལྷ་དགུ་བསང༔ བཀའ་དམ་ལ་གནས་བན་བོན་ལྷ་སྲུང་བསང༔ ལས་བཞིའི་གྲོགས་མཛོད་མཆོག་ཐུན་བདེ་ལེགས་སྩོལ༔ ཁྱད་པར་རིགས་གསུམ་སེམས་དཔས་བྱིན་རླབས་ཤིང༔ འཕགས་པའི་གསུང་མཆོག་ཡིག་དྲུག་གནས་སྲུང་བ༔ ཁྱབ་འཇུག་ཆེན་པོ་རྒྱལ་བ་ཐོད་དཀར་ཞེས༔ སྐུ་མདོག་དམར་ནག་ཞལ་གཅིག་སྤྱན་སྟོང་མངའ༔ སྐུ་སྨད་ལྟོ་འཕྱེ་གདུག་པ་སྦྲུལ་ལ་བྱས༔ ཕྱག་བཞི་མདའ་གཞུ་བམ་དང་རྒྱུ་ཞགས་བསྣམས༔ མི་ལྤགས་གཡང་གཞིའི་ན་བཟའ་ལྷབ་མ་ལྷུབ༔ བྱ་རོག་གཙུག་ཏོར་བསྟན་པའི་བྱ་ར་བྱེད༔ མི་བསྲུན་ཀླད་འགེམ་བསྟན་གཉིས་སྐྱོང་བར་མཛད༔ ས་ལ་དབང་བྱེད་གཏེར་སྲུང་ཀླུ་ཡི་རྒྱལ༔ དྲག་པོ་ཟླ་སྐྱོང་སྔོ་བསང་སྦྲུལ་མཇུག་ཅན༔ ཞལ་གཅིག་འཛུམ་མདངས་ཕྱག་གཉིས་དབང་སྔོན་ངོམ༔ དར་ལྗང་སྟོད་གཡོགས་སྦྲུལ་མགོའི་གདེངས་ཀ་ཅན༔ ལས་སུ་བསྟན་སྲུང་འབྱུང་བའི་དུག་ལ་དབང༔ མཐོང་རེག་དུག་གི་རླངས་པས་དགྲ་བོ་ཕུང༔ འཕགས་པའི་བཀའ་ཉན་དཀར་པོའི་ལས་ལ་དགྱེས༔ འཁོར་དུ་ལྷ་ཀླུ་བདུད་བཙན་སྲིན་པོས་བསྐོར༔ གདུག་ཅན་བསྟན་དགྲའི་གཤེད་དུ་རྔམ་ཞིང་རྒྱུག༔ ཁྱེད་རྣམས་སྔོན་ཚེ་པདྨའི་གཡར་དམ་ཅན༔ བར་དུ་བཻ་རོ་ལྷ་ལུང་གཡུ་སྒྲའི་བཀའ༔ ཐ་མ་ཌཱཀྐིའི་རྣམ་རོལ་སྔགས་འཆང་གིས༔ བཀའ་དང་ཐ་ཚིག་སྙིང་གི་དབུས་སུ་བསྟིམ༔ ཡལ་ཡོལ་བཏང་སྙོམས་ལེ་ལོ་རབ་སྐྱུངས་ལ༔ སངས་རྒྱས་བསྟན་སྐྱོང་འགྲོ་བའི་བདེ་སྐྱིད་སྤེལ༔ རྣལ་འབྱོར་ཚེ་བསྲིང་མི་ཕྱུགས་ལོ་ཉེས་དང༔ སད་སེར་ཐན་པ་ནད་རིམས་ཡམས་ཁ་བསྒྱུར༔ བསམ་ངན་སྦྱོར་རྩུབ་དགྲ་རྐུན་དམག་ཇག་བཟློག༔ ལེགས་ཉེས་སྟངས་འཛིན་བསྟན་པའི་བྱ་ར་མཛོད༔ ཚེ་བསྲིང་དཔལ་རྒྱས་སྣང་བ་དབང་དུ་སྡུས༔ མི་མཐུན་ཕྱོགས་ལས་རྣམ་པར་རྒྱལ་བར་མཛོད༔ ས་མ་ཡཱ༔ ཞེས་འདི་དབྱིངས་རིག་ཌཱཀྐིའི་བརྡ༔ དུས་བབས་ཆོས་ཡིན་བྱིན་རླབས་མྱུར༔ བསླུ་མེད་རང་སེམས་དཔང་པོར་གནས༔ མ་དང་མཁའ་འགྲོའི་གནང་བ་ཐོབ༔ འགྲོ་ལ་ཕན་པའི་རྟེན་འབྲེལ་ཡོད༔ ལོག་སྲེད་དམ་ཚིག་ཉམས་ལ་སྦོས༔ དད་ཅན་ཆོས་ཀྱི་སྟོན་མོར་སྤྱོད༔ མནྟྲ་གུ་ཧྱ༔ ཞེས་དད་ལྡན་སྔགས་སྤྱོད་སྐྱེས་ཐོབ་ས་ག་ར་ཛཱ་དང༔ སློབ་བུ་ལུང་རྟོགས་བསྟན་འཛིན་གྱིས་བསྐུལ་ངོར་མི་ལྡོག་ཙམ་དུ་བཙུན་གཟུགས་དྲེད་པོ་ས་ར་ཧི་ཏས་སུག་བྲིས་བགྱིས་པ་ཡོངས་ལ་དགེའོ༔

སྒེག་གི་ཡིག་དྲུག་གནས་སྲུང་བསང་བསྡུས།

༄༅། བསང་བསྡུས་ནི། ཧྲཱིཿ འཕགས་པས་བྱིན་བརླབས་གསུང་མཆོག་ཡིག་དྲུག་གནས༔ ཁྱབ་འཇུག་ཟླ་བ་ཐོད་དཀར་ཀླུ་རྒྱལ་སོགས༔ ཡུལ་ལྷ་གཞི་བདག་འཁོར་དང་བཅས་པ་བསང་༔ མི་མཐུན་དགྲ་རྐུན་གནོད་འཚེ་ཞི་བ་དང་༔ གང་བཅོལ་ཕྲིན་ལས་ཐོགས་མེད་འགྲུབ་པར་མཛོད༔ སྤྲུལ་མིང་ས་ར་ཧི་ཏས་སོ།།

གཞི་བདག་བསང་བསྡུས་འདོད་དོན་ལྷུན་གྲུབ།

༄༅། གཞི་བདག་བསང་བསྡུས་འདོད་དོན་ལྷུན་གྲུབ་བཞུགས། ཀྱཻ། རྨད་བྱུང་མདོ་སྔགས་ཆོས་ཀྱི་སྐྱེད་ཚལ་མཆོག །དབྱི་ཞེས་ངོ་མཚར་གནས་ཀྱི་ཡུལ་སྐྱོང་གཙོ། །གཡི་ཁྲོམ་མཚོ་སྨན་དགྲ་བླ་མི་མགོན་དཀར། །དབང་བསྡུད་ལྷ་རྩེ་དཔའ་བོ་སྟག་འཕྲུ་ཅན། །ནོར་བུ་ལྷ་རྩེ་གཉན་པོ་གཡུ་རྩེ་དང་། །རྡོ་རྗེ་ལྷ་རྩེ་ཕྱོགས་འདིའི་གཞི་བདག་སོགས། །མ་ལུས་བྲན་གཡོག་འཁོར་བཅས་ཐམས་ཅད་ལ། །འདོད་ཡོན་ལྔ་ལྡན་བསང་མཆོད་འདི་འབུལ་བས། །ཕྲིན་ལས་རྣམ་བཞིའི་ལས་རྣམས་འགྲུབ་པ་དང་། །རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་པའི་ཤོ་ལོ་ཀ་རྒྱ་སྤྲུལ་རིན་པོ་ཆེའི་གསུང་ལ་ས་ར་ཧི་ཏས་ཁ་བསྐང་བའོ།།

ཡུལ་ལྷ་བ་སྦལ་ཁྱུང་གསུམ་གྱི་བསང་མཆོད་ལོ་ལེགས་འབྲུ་བཅུད་སྡུད་པའི་སྙིང་པོ། 

༄༅། ཡུལ་ལྷ་བ་སྦལ་ཁྱུང་གསུམ་གྱི་བསང་མཆོད་ལོ་ལེགས་འབྲུ་བཅུད་སྡུད་པའི་སྙིང་པོ་བཞུགས། ན་མོ་མ་ཧཱ་གུ་རུ་ཡེ། དེ་ལ་འདིར་ཡུལ་ལྷ་བ་སྦལ་ཁྱུང་གསུམ་ལ་བསང་བྱ་བར་འདོད་པས་སྟེགས་མཐོན་པོའི་ཁར་ཤིང་རྩི་བཅུ་གསུམ་དང་། ཀླུ་སྨན་སྣ་ཚོགས་ཕུལ་ལ་སྦར་ཏེ། རྣལ་འབྱོར་པས་སྤྱན་རས་གཟིགས་ཀྱི་སྐུར་མོས་ཏེ་སྙིང་རྗེ་ཆེན་པོས་མདུན་བསུས་ཏེ། རྔ་དུང་རོལ་མོའི་སྒྲ་བསྒྲགས་ལ་འདི་སྐད་དོ།། ཨེ་མ་ཧོ། སངས་རྒྱས་བསྟན་པ་རྨད་བྱུང་བསམ་མི་ཁྱབ། །ཁྱད་པར་གསང་སྔགས་བསྟན་འདི་ཤིན་ཏུ་རྨད། །དགོས་སུ་གངས་ཅན་རྒྱལ་མོ་ཚ་བའི་རོང་། །བཻ་རོ་དངོས་བྱོན་གཡུ་སྒྲ་སྙིང་པོ་ཟུང་། །དགེ་བསྙེན་ཆེན་པོ་ཉི་ཤུ་རྩ་གཅིག་གི། །མཆེད་པོ་རྡོ་རྗེ་གཡུ་ཁྲོམ་སྤྱན་ལྡན་ལྷ། །གང་གི་བཀའ་འཁོར་སུམ་བརྒྱ་དྲུག་ཅུའི་ནང་། །ཕྱི་བློན་ནང་བློན་གཙོ་བོ་རྗེས་འབྲང་ཚོགས། །དེའི་ནང་དམིགས་བསལ་བ་སྦལ་ཁྱུང་གསུམ་ནི། །སྔོན་བྱོན་མཁྱེན་རབ་དཔའ་བོའི་བྱིན་རླབས་ལས། །སྲིད་པའི་བ་སྦལ་ཁྱུང་གསུམ་བསྐྲུན་པ་ལ། །དེ་དང་དེ་མཆེད་འགྲོ་བས་ཀུན་བཏགས་པ། །མེད་སྣང་ཡོད་འཛིན་ལྷ་དང་འདྲེ་རུ་སྣང་། །ཁྱད་པར་ཡུལ་འདིའི་འགོ་བའི་གཞི་བདག་ནི། །བ་ཡི་རི་བོ་བྲ་བོའི་གཟུགས་སུ་ཀོ། །དེ་ཡི་གཡོན་ཕྱོགས་རྡོ་དཀར་བ་རྗེས་ཅན། །དེ་ལ་གཡང་མོ་བ་ཡི་ཚོགས་ཀྱིས་བསྐོར། །སྦལ་བའི་རི་བོ་གྱེན་གེལ་འཕྱོ་བའི་དབྱིབས། །རྒྱབ་ཀྱི་ལོགས་ལ་མཇུག་མའི་ཆུ་མིག་འབྲུབ། །ཁྱུང་གི་རི་བོ་ནགས་ཚལ་འདབ་གཤོག་བཀྲ། །ཁྱུང་གི་སྐད་གདངས་རྗེའུ་རིགས་ཀླུ་ལ་གཟིགས། །ཁྱེད་རྣམས་སྔོན་ཚེ་རིག་འཛིན་བླ་མ་ཡི། །བཀའ་ཡི་ཐ་ཚིག་འཆང་བའི་དྲེགས་པ་ཅན། །ད་ལྟ་རྣལ་འབྱོར་བདག་གིས་སྤྱན་འདྲེན་ནོ། །དམ་ཚིག་ཕོག་པ་མ་གཡེལ་ཏིཥྛ་ལྷན། །རྒྱལ་བའི་ཕྲིན་ལས་མོས་ངོར་གུས་པས་འདུད། །འགོ་ཞིང་སྐྱོབས་པའི་ལྷ་རུ་མངའ་གསོལ་ལོ། །དངོས་འབྱོར་ཡིད་སྤྲུལ་ཕྱི་ནང་མཆོད་པའི་ཚོགས། །ཕུན་ཚོགས་བདུད་རྩིའི་བསང་མཆོད་འདོད་དགུའི་སྤྲིན། །སྒེག་མོ་བཅུ་དྲུག་བཀྲ་ཤིས་རྫས་རྟགས་བརྒྱད། །ཉེ་བའི་སྣ་བདུན་རིན་ཆེན་བདུན་ལྡན་དང་། །སྨན་གཏོར་ཕྱེ་མར་ཀླུ་ནོར་ཉེར་གཅིག་དང་། །ཀླུ་སྨན་ཆབ་གཏོར་དཀར་གསུམ་མངར་གསུམ་སོགས། །དབང་པོ་དྲུག་ལ་བདེ་སྐྱེད་བསང་གསུར་འདིས། །ཕན་བདེའི་འབྱུང་གནས་དཀོན་མཆོག་རིན་ཆེན་བསང་། །དངོས་གྲུབ་གཏེར་མཛོད་ཡི་དམ་དྲུག་སྡེ་བསང་། །བར་ཆད་ཀུན་སེལ་མ་དང་མཁའ་འགྲོ་བསང་། །ལེགས་ཉེས་སྟང་འཛིན་ཆོས་སྐྱོང་བསྲུང་མ་བསང་། །འགོ་བའི་ལྷ་ལྔ་རྡོ་རྗེ་གཡུ་ཁྲོམ་བསང་། །སྲིད་པའི་བདེ་བསྐྱེད་བ་སྦལ་ཁྱུང་གསུམ་བསང་། །གབ་ཚེ་དགུ་དང་ལོ་སྐོར་ལོ་ལྷ་བསང་། །དུས་བཞིའི་རྒྱལ་མོ་གཏོད་ཀྱི་ས་བདག་བསང་། །ཙང་ཀུན་མཆེད་དགུ་ཀླུ་ཆེན་བརྒྱད་པོ་བསང་། །གཟའ་དང་རྒྱུ་སྐར་འབྱུང་བཞིའི་གཉན་རྣམས་བསང་། །ཁྱད་པར་ཡུལ་ལྷ་བ་དཀར་ཕྱུག་མོ་བསང་། །འབྲུ་དྲུག་བཅུད་སྡུད་རུས་སྦལ་ཟིལ་ཁྲོམ་བསང་། །སད་སེར་ཐན་འཇོམས་ར་མ་བྱ་ཁྱུང་བསང་། །ཁྱེད་རྣམས་སྔོན་ཚེ་དཔལ་གྱི་ཕོ་ཉ་བ། །ད་ལྟ་བདག་གིས་མཆོད་བསྟོད་ངོ་མ་ཆུང་། །སངས་རྒྱས་བསྟན་སྲུང་རྣལ་འབྱོར་བསམ་དོན་སྒྲུབ། །མི་ཕྱུགས་ནད་སོལ་ལོ་ཉེས་སད་སེར་ཁོག །འབྲུ་དྲུག་ལོ་ཏོག་ལྗང་བུའི་དུས་ན་ལེགས། །སྟོན་གྱི་འབྲས་བུ་གཡུར་དུ་ཟ་བ་ཡི། །དཔལ་དང་གཡང་སྐྱོལ་མི་མཐུན་རིང་དུ་སྐྲོད། །དམག་དང་ཚོང་མགྲོན་གཞན་ལ་ཞུ་དང་བསྒོ། །བདག་གི་འདོད་དགུ་འགྲུབ་པའི་གཉེར་ཁ་ལོངས། །ཡུལ་འདིའི་མི་ནོར་ཞིང་ཁང་ཀ་ཆ་དཀོར། །ཁྱེད་རྣམས་ལ་གཏད་སྲུང་སྐྱོབས་མ་ཞན་ཅིག །སྔར་བཅོལ་ལེགས་པའི་གཏང་རག་ཕྱིས་སུ་ནི། །འདོད་དོན་ཞུ་བའི་བསང་གསུར་འདི་འབུལ་ལོ། །རྣམ་བཞིའི་ཕྲིན་ལས་གང་བཅོལ་འགྲུབ་པར་མཛོད། །ཅེས་ཡུལ་གྱི་ཟོ་དོར་བ་སྦལ་ཁྱུང་གསུམ་ལ་བསང་མཆོད་ཞིག་དགོས་ཞེས་འདྲེ་ཤུལ་རིག་འཛིན་ནས་བསྐུལ་ངོར། མཆེད་གྲོགས་ཡིད་སྨད་མི་འོས་ཕྱིར། རྣལ་འབྱོར་ས་ར་ཧི་ཏས་དག་སྣང་བཞིན་དུ་སུག་བྲིས་བགྱིས་པ་དགེའོ།།

ཀར་སྟོད་མཚོ་བསང་དགོས་འདོད་ཆར་འབེབས།

༄༅། ཀར་སྟོད་མཚོ་བསང་དགོས་འདོད་ཆར་འབེབས་བི་ཧ་ར་ཏིསྨ། ཨོཾ་སྭ་སྟི། ཀླུ་ཡི་རྒྱལ་པོ་སངས་རྒྱས་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ།། དེ་ལ་འདིར་ཡུལ་ས་ཀར་སྟོད་ཀྱི་མཚོ་ཟླ་གམ་ལ་གནས་པའི་ཀླུ་ཡི་རྒྱལ་པོར་བསང་མཆོད་བྱ་བར་འདོད་པས། ས་སྟེགས་མཐོན་པོའི་ཁར་ཀླུ་སྨན་རྣམས་དང་ཤིང་རྩི་ཕྱེ་མར་ཟས་སྣ། ཀླུ་བཤོས་རྒྱབ་ཡོལ་ཅན་སོགས་ཞུགས་ལ་སྦྱར་ཏེ། རྣལ་འབྱོར་ལྷ་ཡི་ཏིང་ངེ་འཛིན་ལ་གནས་བཞིན་འདི་སྐད་བརྗོད། ཀྱེ་ཀྱེ་ཧཱུྃ་ཧོ། སྔོན་གྱི་དུས་ནས་སངས་རྒྱས་བཅོམ་ལྡན་འདས། །སྤྱན་སྔར་ཁས་བླངས་ཡལ་གམ་ཕོག་པ་ཡི། །ཀླུ་ཡི་རྒྱལ་པོ་ཆེན་པོ་མཆེད་སྡེ་བརྒྱད། །ཁྱད་པར་ཀླུ་རྒྱལ་དུང་སྐྱོང་ཟློས་པའི་གར། །མ་ཎི་ཀ་ཡི་མངའ་བདག་ཡིད་བཞིན་ནོར། །ཀླུ་ཕྲུག་ལྕམ་དྲལ་བཀའ་སྡོད་བྱེ་བ་འབུམ། །ཡུལ་བདག་གཡུལ་རྒྱལ་ཁྲབ་གྱོན་འཁོར་དང་བཅས། །བདག་གིས་འབོད་པའི་མགྲོན་དུ་འདིར་སྤྱོན་ཅིག །རང་མཐུན་ཡིད་འོང་སྐྱེད་ཚལ་གདན་ལ་བཞུགས། །ཁྱེད་རྣམས་དགྱེས་པའི་མཆོད་རྫས་འབུལ་བ་ནི། །ནེའུ་སིང་སྐྱེད་ཚལ་བཀྲ་བའི་མེ་ཏོག་འབུལ། །ཁང་བརྩེགས་ཡིད་འོང་རིན་ཆེན་ཁྲི་རྐང་འབུལ། །རོ་བརྒྱ་བདའ་བའི་ཞལ་ཟས་དཀར་གསུམ་འབུལ། །པཉྩ་ལི་ཀ་རེག་འཇམ་བདེ་སྐྱེད་འབུལ། །བུ་རམ་སྦྲང་རྩི་མངར་བའི་འོ་ཞོ་འབུལ། །ཀླུ་སྨན་སྣ་ཚོགས་དྲི་བཟང་དུད་པ་འབུལ། །ལབ་ཙེ་གསས་མཁར་དར་དང་བལ་ཚོན་འབུལ། །རྩི་སྨན་ལོ་ཏོག་འབྲུ་ཡི་ཕུད་ཀྱིས་མཆོད། །གཟུགས་སྒྲ་དྲི་རོ་རེག་བྱའི་མཆོད་པ་འབུལ། །ཤེལ་ཚིགས་དཀར་ནག་བསྐང་རྫས་མདོས་ཆེན་འབུལ། །ཕུན་ཚོགས་འབྱུང་གནས་བསང་གིས་རབ་བརྔན་ཞིང་། །ཀླུ་ཡི་རྨུ་གབ་བྱིང་འཐིབ་དྲི་མ་སྦྱངས། །སྔོན་གྱི་བཀའ་བསྒོས་ཐ་ཚིག་རྗེས་སུ་དགོངས། །ཡུལ་ཁམས་སྐྱོངས་ལ་ཀླུ་གཡང་དཔལ་འབར་མཛོད། །རྩི་ཏོག་ལོ་ཏོག་འབྲུ་བཅུད་སྙིང་པོ་སྤེལ། །མི་ཕྱུགས་ནད་རིམས་དལ་ཡམ་དགྲ་ལ་བཟློག །ཁ་རྗེ་དབང་ཐང་བུ་དཔལ་རིགས་རྒྱུད་སྤེལ། །ཁམས་གསུམ་སྲིད་པའི་ཕྱྭ་གཡང་འདིར་ཁུག་ཅིག །སྟོབས་རྩལ་ཀླུ་ཡི་དཔལ་ལ་འགྲན་པར་མཛོད། །བསང་ངོ་གསོལ་ལོ་མཆོད་དོ་མངའ་གསོལ་བཞེས། །ཕོག་ཐུག་འགལ་འཁྲུལ་ནོངས་པ་དབྱིངས་སུ་བཤགས། །བསྟན་དང་བསྟན་འཛིན་སེམས་ཅན་གྱི། །བདེ་སྐྱིད་འཆོས་པའི་བྱད་མ་རྣམས། །ཀླུ་བརྒྱད་བྱད་ཀྱི་དྲྭ་བར་ཆུགས། །ཁྱད་པར་དུང་སྐྱོང་ཟློས་པའི་གར། །ཀླུ་རྒྱལ་མ་ཎི་ཀ་དང་ནི། །སྟོབས་རྩལ་མཐུ་མངའ་ཁྲབ་གྱོན་དང་། །ཡུལ་ལྷ་ཟོ་དོར་ཁྱེད་རྣམས་ཀྱིས། །མཛེ་གྲུམ་ནད་ཀྱི་ཆར་བ་ཕོབ། །གཉན་ནད་སྣ་དགུའི་བཀའ་ཆད་ཐོངས། །ཁ་ཕུང་རྗེས་ཤུལ་རླུང་ལ་སྐུར། །མ་གཡེལ་མ་འདའ་རྟགས་མཚན་སྟོན། །སྒྲུབ་པའི་ལས་འབྲས་མཆིས་པར་མཛོད། །ནཱ་ག་རཱ་ཛ་སརྦ་ཕེ་ལཾ་ཧཱུྃ། །སརྦ་ཤ་ཏྲུན་མཱ་ར་ཡ་རྦད།  ཀླུ་གཏོར་སོགས་མཚོའམ་བསང་ལ་བསྐྱལ། །འདོད་པའི་དོན་ལ་གསོལ་བ་འདེབས། །ཆབ་སོགས་ཀླུ་མཆོད་གཟབ་རྒྱས་བྱ། །དེས་ནི་འདོད་པའི་ཡོན་ཏན་འབྱུང་། །མི་མཐུན་བར་ཆད་དབྱིངས་སུ་སེལ། །ཀླུ་ཡིས་དངོས་གྲུབ་ཆར་བཞིན་འབེབས། །རང་བྱུང་ཀློང་གི་མཛོད་ལས་བསྒྱུར། །སྐལ་ལྡན་མཐུ་ཆེན་སོགས་ཀྱིས་བསྐུལ། །བཞེད་པ་སྐོང་ཕྱིར་རྣལ་འབྱོར་པ། །དུས་མཐའི་གཏེར་མིང་འཛིན་པ་བདག །ས་ར་ཧི་ཏས་བྲིས་པ་དགེ།།

སྐུ་ལྷ་ཁྲབ་གྱོན་གསོལ་མཆོད་འདོད་དོན་ལྷུན་གྲུབ།

སྐུ་ལྷ་ཁྲབ་གྱོན་གསོལ་མཆོད་འདོད་དོན་ལྷུན་གྲུབ་བཞུགས༔ བླ་མ་རྣམས་ལ་ཕྱག་འཚལ་ལོ༔ ཡུལ་ལྷའི་གསོལ་མཆོད་བྱ་བར་འདོད་པས༔ ཕུད་སྐྱེམས་གཏོར་མ་ཅི་འབྱོར་བཤམས༔ རྣལ་འབྱོར་ལྷ་ཡི་ང་རྒྱལ་བསྐྱེད༔ ཨེ་མ་ཧོ༔ མཁའ་ཁྱབ་འཁོར་འདས་སྐྱེ་མེད་ཀ་ནས་དག༔ ལྷུན་གྲུབ་འགགས་མེད་སྣང་བ་འཇའ་ཚོན་བཞིན༔ ག་བུར་རྡུལ་བརྩེགས་ལྷ་ཡི་སྣང་བརྙན་ངོམ༔ ལྷ་ཡི་ཡང་ལྷ་གཡུལ་རྒྱལ་ཁྲབ་གྱོན་སོགས༔ ལྷ་འཁོར་ཀླུ་འཁོར་བདུད་བཙན་འཁོར་དང་བཅས༔ མཆོད་པའི་མགྲོན་ལ་སྤྱན་འདྲེན་བརྟན་བཞུགས་གསོལ༔ དངོས་འབྱོར་ཡིད་སྤྲུལ་སྐྱེམས་ཕུད་སྨན་གཏོར་རཀ༔ མ་ཚང་མེད་པའི་མཆོད་རྫས་གྱ་ནོམ་པས༔ ཡུལ་ལྷ་གཞི་བདག་ཁྲབ་གྱོན་འཁོར་བཅས་མཆོད༔ སྔོན་བསུ་རྒྱབ་སྐྱོར་ལེགས་པའི་དཔལ་ཁ་སྤྲོད༔ ནད་གདོན་རྐྱེན་ཞི་མི་ཕྱུགས་བདེ་ལ་བཀོད༔ ཁམས་གསུམ་ཟས་ནོར་ཕྱྭ་གཡང་འདིར་ཁུག་ཅིག༔ ཚེ་བསོད་འབྱོར་བ་ཆར་ཆུ་དུས་སུ་སྤེལ༔ མི་འདོད་དགྲ་གདོན་བྱད་མ་རྡུལ་དུ་རློགས༔ བཀྲ་ཤིས་སྣང་བས་ས་གསུམ་གང་གྱུར་ཅིག༔ ཅེས་ཡུལ་ལྷའི་གསོལ་བསྡུས་འདི་ཉིད་ཨ་ཁུ་ཆོས་དཔལ་སོགས་སློབ་བུ་འགའི་བཞེད་སྐོང་དུ་སྤྲུལ་མིང་པ་གཞན་ཕན་བཟང་པོས་ཐོལ་བྱུང་དུ་བྲིས་པ་དགེ་ལེགས་འཕེལ༔

སྐུ་ལྷ་ར་ཁང་ངམ་རྡོ་རྗེ་དབང་སྡུད་འབར་བའི་གསོལ་བསྡུས།

ཡུལ་གྱི་ཟོ་དོར་གེ་སར་སྐྱེས་བུའི་སྐུ་ལྷ་ར་ཁང་ངམ་རྡོ་རྗེ་དབང་སྡུད་འབར་བའི་གསོལ་བསྡུས་བི་ཛ་ཧ་རཾ༔ ཨོ་རྒྱན་པདྨ་ལ་ཕྱག་འཚལ༔ ཡུལ་ལྷ་མཆོད་པའི་བསང་སྐྱེམས་ཕུད༔ གཏོར་མ་ལ་སོགས་མཐུན་རྫས་བསགས༔ རྒྱུན་གྱི་ཉམས་ལེན་འདི་ལ་བརྩོན༔ ཀྱེ༔ སྔོན་ཚེ་རྒྱལ་དབང་པདྨ་ཀ་ར་ཡིས༔ བཀའ་དང་དམ་ལ་བཞག་པའི་ཟོ་དོར་གཉན༔ བར་དུ་བཻ་རོ་གཡུ་སྒྲ་སྙིང་པོ་དང༔ གེ་སར་སྐྱེས་མཆོག་ནོར་བུ་དགྲ་འདུལ་གྱི༔ ཐ་ཚིག་རྡོ་རྗེའི་དམ་རྒྱ་སྲུང་བའི་བདག༔ ཐ་མ་ཁྲོ་ཟི་སྐལ་བཟང་ལྡེའུ་བཙན་དང༔ ལུང་རིག་གླིང་པ་ཆོས་བདག་བརྒྱུད་བཅས་ཀྱིས༔ མི་འདའ་ཁས་བླངས་གཡར་དམ་ཕོག་པ་ཡི༔ འཇིག་རྟེན་ཆོས་སྐྱོང་རྡོ་རྗེ་དབང་སྡུད་འབར༔ སྐུ་མདོག་དམར་ནག་ཞལ་གྱིས་ཨམ་གཙིགས་ངོམ༔ བསེ་ཁྲབ་བསེ་རྨོག་དར་ཚོན་རྒོད་འཕྲུ་འཕུར༔ གཡས་པས་མདུང་དར་གཡོན་པས་གཏེར་སྒྲོམ་བསྣམས༔ ཆིབས་སུ་གྲོ་བོ་གཡུ་རྔོག་འཕུར་ཤེས་བཅིབས༔ མ་ངེས་སྤྲུལ་བསྒྱུར་སྣ་ཚོགས་ཆོ་རོལ་འགྱེད༔ ཡབ་ཡུམ་སྲས་འཁོར་ལྷ་ཀླུ་བཙན་དང་དམུ༔ གཡུལ་རྒྱལ་ཁྲབ་གྱོན་ལ་སོགས་སྡོང་ཟླ་སྟོང༔ ཀུན་ཀྱང་ཆོས་བོན་བསྟན་པའི་བྱ་ར་བ༔ སྤྱན་འདྲེན་མཆོད་པའི་གནས་འདིར་ས་མ་ཛ༔ དགྱེས་པའི་གདན་ལ་བཞུགས་ཤིང་མཐུ་མ་ཆུང༔ དངོས་འབྱོར་ཡིད་ལས་སྤྲུལ་པའི་མཆོད་པའི་སྤྲིན༔ མེ་ཏོག་བདུག་སྤོས་མར་མེ་དྲི་ཞལ་ཟས༔ རྔ་དུང་རོལ་མོའི་མཆོད་དབྱངས་འབྲུག་ལྟར་ལྡིར༔ ཕུད་གཏོར་གསེར་སྐྱེམས་བསང་གསུར་འདོད་ཡོན་ལྔ༔ རྒྱལ་སྲིད་སྣ་བདུན་བཀྲ་ཤིས་རྫས་རྟགས་བརྒྱད༔ དབང་པོའི་སྤྱོད་ཡུལ་མཉེས་པའི་ཡོ་བྱད་ཚོགས༔ གང་ཡང་མ་ཚང་མེད་པའི་གྱ་ནོམ་པ༔ དཀོན་མཆོག་རྩ་གསུམ་སྲུང་མའི་ཚོགས་བཅས་དང༔ སྐུ་ལྷ་ར་ཁང་རྡོ་རྗེ་དབང་སྡུད་འབར༔ མ་ལུས་འཁོར་བཅས་མཆོད་དོ་ཐུགས་དམ་བསྐང༔ ཁྱེད་ནི་ཡུལ་ལྷའི་གཙོ་བོར་མངའ་གསོལ་བས༔ རྣལ་འབྱོར་བདག་གི་སྐུ་ལྷ་མཛད་དུ་གསོལ༔ ཉམས་ཆག་འགལ་འཁྲུལ་ནོངས་པ་མཐོལ་ཞིང་བཤགས༔ ཁྱེད་ལ་ཕྲིན་ལས་གཉེར་དུ་གཏད་པ་ནི༔ ཕན་བདེའི་འབྱུང་གནས་སངས་རྒྱས་བསྟན་པ་སྲུངས༔ དེ་འཛིན་སྐྱེས་བུའི་སྐུ་ཚེ་ཞབས་པད་བརྟན༔ བསྟན་པའི་སྦྱིན་བདག་མངའ་ཐང་སྟོབས་འབྱོར་རྒྱས༔ ཡངས་པའི་རྒྱལ་ཁམས་རྫོགས་ལྡན་དཔལ་ལ་སྤྱོད༔ ཁྱད་པར་རྣལ་འབྱོར་མཆེད་དང་ལྕམ་དྲལ་གྱི༔ ནད་གདོན་རྐྱེན་ཞི་ཚེ་བསོད་ལེགས་ཚོགས་སྤེལ༔ སྐྱེ་རྒུ་དབང་སྡུད་ལོག་འདྲེན་ཆམ་ལ་ཕོབ༔ ཡང་དགོས་ཡུལ་འདིའི་བླ་སློབ་ཆོས་གྲྭ་ལ༔ གནོད་འཚེ་ལོག་པའི་བསམ་སྦྱོར་དང་ལེན་པ༔ དམིགས་པའི་ཡུལ་གྱུར་དམ་ཉམས་དགྲ་དང་བགེགས༔ སྐུ་ལྷ་ར་ཁང་རྡོ་རྗེ་དབང་སྡུད་ཀྱི༔ བཀའ་ཡི་ཆད་པ་གནམ་ལྕགས་ཐོག་མདའ་ཡིས༔ རྡུལ་ཕྲན་མིང་གི་ལྷག་མར་མཛད་དུ་གསོལ༔ མངོན་སྤྱོད་བཅོལ་པའི་ཕྲིན་ལས་མ་མཛད་ན༔ ཁྱེད་ཀྱི་མཐུ་སྟོབས་ནུས་པ་རྫུན་དུ་ཟད༔ མ་གཡེལ་མ་འདའ་དམ་བཞིན་ཕྲིན་ལས་མཛོད༔ ཨོཾ་སྭ་སྟི༔ རིག་འཛིན་ཡབ་སྲས་བརྒྱུད་པའི་ཚོགས་རྣམས་ཀྱི༔ བཀའ་བཞིན་བསྟན་པ་སྲུང་བའི་མཐུ་བོ་ཆེ༔ མི་མཐུན་གཡུལ་རྒྱལ་མཐུན་པའི་བསམ་པ་སྒྲུབ༔ དཀར་ཕྱོགས་སྐྱོང་བའི་ཚོགས་ཀྱིས་བཀྲ་ཤིས་ཤོག༔ ཅེས་པ་ལ་སོགས་ཤིས་བརྗོད་སྤྱི་ལྟར་བཏང༔ སྐུ་རྟེན་སོགས་ལ་བརྟན་བཞུགས་དང་མེད་ན་གཤེགས་གསོལ་བྱ༔ གཙྪ་གཙྪ་སྭ་བྷ་ཝ་ནན༔ བཛྲ་མུཾ༔ ཡུལ་ལྷའི་གསོལ་བསྡུས་འདི་ཉིད་ནི༔ དྲེགས་པའི་རྗེ་བོར་བརྟེན་སྙམ་ཕྱིར༔ བདག་གི་སྐུ་ལྷ་མཛད་ཟེར་བའི༔ སྣང་བ་ཉིང་འཁྲུལ་སྐབས་སུ་མངོན༔ དོན་ལ་བདེན་པ་དབེན་མོད་ཀྱང༔ ཀུན་རྫོབ་རྟེན་འབྱུང་བསླུ་མེད་དུ༔ ངེས་ཤེས་རྙེད་པ་རྟེན་འབྲེལ་ཙམ༔ གང་ཤར་རི་མོའི་འདུ་བགྱིས་པ༔ ཆོས་བརྒྱུད་འཛིན་པའི་སློབ་བུའི་མཆོག༔ པདྨའི་ལུང་གིས་བསྔགས་པའི་བུ༔ པདྨ་ཤ་ས་ན་དྷ་ར༔ བིདྱ་ལོ་ཙཱ་ན་མ་ལ༔ གཏད་དོ་རྒྱུན་དུ་བཏོན་པ་ན༔ འགོ་ཞིང་སྡོང་གྲོགས་ཐ་ཚིག་ཡོད༔ ཉེས་འགལ་མཆིས་ན་ཡུལ་ལྷར་བཤགས༔ དགེ་འདིས་བསྟན་ལ་སྨན་པར་ཤོག༔ བསམ་གཏན་ཡེ་ཤེས་གླིང་པས་སོ༔

སྐུ་ལྷ་ར་ཁང་གི་གསོལ་བསྡུས་བཞིན་མཛེས་རྒྱས་པའི་ལང་ཚོའི་འགྱུར་བག་དཔའ་མོའི་སྒེག་གླུ།

ཡང་གསང་མཁའ་འགྲོའི་ཐུགས་ཐིག་ལས༔ གནས་སྲུང་སྐུ་ལྷ་ར་ཁང་གི་གསོལ་བསྡུས་བཞིན་མཛེས་རྒྱས་པའི་ལང་ཚོའི་འགྱུར་བག་དཔའ་མོའི་སྒེག་གླུ་བི་ཛ་ཧ་རཾ༔ ཨེ་མ་ཧོ༔ བསྟན་པ་འདི་ལ་ངོ་མཚར་རྨད་བྱུང་བ༔ བསྟན་པའི་སྙིང་པོ་མདོ་སྔགས་ཟུང་འཇུག་སྡེ༔ བསྟན་འཛིན་སྐྱེས་བུས་འཛིན་སྐྱོང་སྤེལ་གསུམ་གྱིས༔ བསྟན་པ་ཡར་ཟླའི་མཆེད་གྱུར་གངས་རིའི་ཁྲོད༔ པཎ་གྲུབ་ཆོས་རྒྱལ་ཆོས་འཁོར་མཛད་པའི་ལྗོངས༔ ཡུལ་ཆེན་ཉེར་བཞི་གནས་སོ་གཉིས༔ གངས་ཆེན་གངས་ཕྲན་མཚོ་སྡེ་བཞི༔ པདྨ་བཀོད་ཆེན་ལྔ་ལྡན་ཞིང༔ སྦས་གནས་ལྗོངས་སོགས་བྱིན་རླབས་བྱས༔ ཁྱད་པར་བོད་ཡུལ་གངས་བྲག་ཀུན༔ གཏེར་གྱིས་གཏམས་ཤིང་གཏེར་བདག་བསྐོས༔ ཤར་ཕྱོགས་རྒྱལ་རོང་རྗེའི་སྐུ་ལྷ༔ ར་ཁང་མཚན་གསོལ་སྦས་གནས་ཏེ༔ ཙ་གོང་གཉིས་པ་དུང་ཕྲེང་རི༔ བན་བོན་ཆོས་ནོར་གཏེར་གྱི་རྫོང༔ རྡོ་རྗེ་ཁྲོ་བོའི་བྱིན་མཐུ་འཐིབ༔ གཡས་སུ་རིགས་གསུམ་ཉེ་སྲས་བསྐོར༔ གཡོན་དུ་འོད་ལྡན་འབར་མ་དང༔ སྐུ་གསུམ་ཌཱཀྐི་རྒྱ་མཚོའི་ཚོགས༔ རྒྱབ་ཏུ་ཁྱུང་ཆེན་ལྡིང་བའི་བྲག༔ དཔལ་ཆེན་འདུས་པ་སྤྲིན་ཕུང་འཁྲིགས༔ མདུན་དུ་པད་འཁོར་སངས་རྒྱས་སྟོང༔ བཀའ་ཉན་ཀླུ་ཆེན་ལས་ལ་རྒྱུག༔ ཕྱོགས་མཚམས་ཕྱི་ནང་བློན་པོ་བརྒྱད༔ རང་འཁོར་འཇིག་རྟེན་དྲེགས་ཚོགས་སྟོང༔ ཡང་གཡོག་ཤ་ཟ་འབུམ་ཕྲག་རྔམ༔ དེ་འདྲའི་གཏེར་སྲུང་སྐུ་ལྷ་རྗེ༔ མདོག་སྨུག་ཁྲོ་འཛུམ་ཡ་ལ་ལ༔ སྤྱན་གསུམ་ཁྲག་མདོག་ཧྲིགས་སེ་ཧྲིག༔ ཕྱག་གཡས་བ་དན་ཕྱ་ར་ར༔ ཕྱག་གཡོན་གཏེར་སྒྲོམ་སྤུངས་སེ་སྤུང༔ ལ་ཐོད་རྒོད་འཕྲུ་ལྡེམས་སེ་ལྡེམ༔ ནག་ཁྲ་ཅང་ཤེས་བང་རྩལ་བཅིབས༔ ཕྱེད་སྐྱིལ་འཁོར་གསུམ་དར་གོས་བེར༔ པུ་རུ་ཕུག་བཙན་དངོས་སྤྲུལ་སྟེ༔ སྐུ་ལྷ་ར་ཁང་ལྡེམ་འཕྲུ་རྩལ༔ ཡུམ་མཆོག་མཚོ་སྨན་སྨན་མོས་བསྐོར༔ འཁོར་དང་ཡང་འཁོར་སྤྲུལ་པ་འབུམ༔ མ་ཐོག་རིངས་པའི་ཚུལ་གྱིས་གཤེགས༔ དད་དང་དམ་ཚིག་དབང་གིས་ཛ༔ རང་མདུན་དགྱེས་པའི་གདན་ལ་བཞུགས༔ འཕྲུལ་དགའི་ལྷ་མོས་གུས་འདུད་བསྟོད༔ ས་ཐབ་སྤྱན་མའི་ཁམས་སྣོད་དུ༔ གོས་དཀར་རཾ་ལས་སྐྱེས་པའི་མེས༔ ཤིང་རྩི་སྣ་དགུའི་དཀར་མངར་སྐྱེམས༔ འདོད་རྫས་མཁོ་རྒུའི་དུད་སྤྲིན་འཁྲིགས༔ ཕྱི་ནང་གསང་མཆོད་རྦ་ཀློང་གཡོ༔ གདོད་ནས་གྲུབ་དང་དངོས་ཡིད་སྤྲུལ༔ མ་ཚང་མེད་པའི་ཀུན་བཟང་འཕྲུལ༔ འདིས་ཀྱང་རྩ་བརྒྱུད་བླ་མ་མཆོད༔ ཡི་དམ་ཞི་ཁྲོ་རབ་འབྱམས་མཆོད༔ མ་མོ་མཁའ་འགྲོ་འཇིག་འདས་མཆོད༔ ཕོ་རྒྱུད་མོ་རྒྱུད་མ་ནིང་རྒྱུད༔ ཡེ་ཤེས་ལས་གྲུབ་སྲུང་མ་མཆོད༔ དགེ་བསྙེན་མགུར་ལྷ་བསྟན་མ་མཆོད༔ དཀར་ཕྱོགས་ལྷ་ཀླུ་གཞི་བདག་མཆོད༔ ཁྱད་པར་སྐུ་ལྷ་ར་འཕྲུལ་སྡེ༔ ཕྱི་ནང་ཡང་གསང་བློན་འབངས་འཁོར༔ སེམས་ཀྱིས་སྣང་བའི་མི་མིན་སྡེ༔ དྲེགས་ཚོགས་བརྔན་སྦྱིན་རྒྱ་མཚོ་མཆོད༔ གསོལ་ཞིང་མཆོད་པ་ཆུད་མ་གསན༔ སྔར་བཅོལ་ལེགས་པའི་གཏང་རག་ཡིན༔ ཕྱིས་བཅོལ་ལས་ཀྱི་ཞུ་འབུལ་ལོ༔ སྔོན་ཚེ་འགྲོ་མགོན་རིག་སྔགས་གྲུབ༔ པད་འབྱུང་ཁྲོ་བོའི་བཀའ་དམ་མནོས༔ བར་དུ་བཻ་རོ་གཡུ་སྒྲ་དང༔ དཔལ་གྱི་བཛྲ་བཀའ་ཕོག་པ༔ ཐ་མ་ཁྲག་འཐུང་དཔའ་བོ་དང༔ གསུམ་ལྡན་ལུང་རིག་ཡབ་སྲས་ཀྱིས༔ བཀའ་བསྒོས་དམ་ལས་མ་འདའ་བར༔ ཡུལ་ཁམས་སྐྱོང་ལ་བསྟན་པ་ཚུགས༔ ནད་མུག་འཁྲུག་རྩོད་ལྟས་ངན་བཟློག༔ སད་སེར་བཙའ་ཐན་འབུ་སྲིན་གཞོམ༔ འཇིགས་བརྒྱད་མི་ཐུན་གཡུལ་ངོ་བཤོལ༔ དགེ་འདུན་སྡེ་གཉིས་ཡར་ངོ་ལྟར༔ འཕེལ་དང་ཚེ་བསོད་དཔལ་འབྱོར་སྙན༔ གྲགས་པ་ལོ་ལེགས་བདེ་སྐྱིད་འབྱོར༔ དབྱར་གྱི་མཚོ་ལྟར་ཕྲི་མེད་མཛོད༔ ཕོ་རྒྱུད་མོ་རྒྱུད་ཡུལ་ཁམས་དང༔ རྒྱལ་བློན་འབྲུ་བཅུད་དབང་དུ་སྡུས༔ བསྟན་ལ་གུས་མཆོད་ཞབས་ཏོག་དང༔ མཐུན་རྐྱེན་སྒྲུབ་པའི་དབང་སྡུད་མཛོད༔ བསྟན་འགྲོ་སྤྱི་དང་བདག་ཅག་ལ༔ སྡང་ཞིང་གདུག་པའི་དབལ་ངོམ་པའི༔ མི་དང་མི་མིན་ཆམ་ལ་ཕོབ༔ ཁྱད་པར་དགེ་ལ་མི་སྤྲོ་བའི༔ སྡིག་སེམས་འཆང་རྣམས་དུས་མཐའ་སྟུངས༔ རྣམ་དཀར་ལས་ལ་བར་གཅོད་པའི༔ བསྟན་པའི་དམ་སྲི་དམ་ཉམས་ལ༔ དཀར་ཕྱོགས་ལྷ་དང་སྲུང་མ་ཡི༔ བཀའ་ཆད་གནམ་ལྕགས་ཐོག་གིས་ཆོམ༔ ཡུལ་ཁམས་ཐ་གྲུས་ཁྱོན་ཡངས་པའི༔ ཕྱོགས་དང་ཕྱི་ནང་གཡང་ཞགས་འཁྱིལ༔ ལྷ་དང་སྲུང་མའི་བྱིན་འོད་འཐིབས༔ མི་མཐུན་གཡུལ་རྒྱལ་ཤིས་པ་སྩོལ༔ ས་མ་ཡཱ༔ ཡེ་ཤེས་རང་རྩལ་མཁའ་འགྲོའི་བརྡ༔ ཕལ་པའི་ཡུལ་དཔྱོད་ལས་འདས་པའི༔ སྔོན་སྦྱངས་ལས་འཕྲོའི་པད་ཚལ་བཞད༔ དུས་བབས་ལུང་གིས་རབ་བསྐུལ་བསྔགས༔ ཐོལ་བྱུང་ཐོགས་མེད་བླ་ཚིག་རྡོལ༔ ལྷ་དང་སྲུང་མས་གནང་བ་བྱིན༔ བྱིན་རླབས་དྲི་བསུང་ཐུལ་ལེ་བ༔ ཆོས་ལ་དབང་རྣམས་འཚེངས་བར་འགྱུར༔ ཨ་ཙར་སྤྲུལ་པའི་གང་ཟག་གིས༔ འགྲོ་བའི་དོན་དུ་ལུང་ཚིག་སྤེལ༔ དེ་ནས་རིང་འདས་དུས་ཀྱི་ཚེ༔ མཚོ་རྒྱལ་སྤྲུལ་པ་གནས་དབྱུང་མཛད༔ འབུམ་ཕྲག་མ་ནུ་གནས་སྐབས་དང༔ མཐར་ཐུག་བུདྡྷ་དག་ལ་སྦྱོར༔ འགྲོ་དོན་མཐའ་ནས་མཐའ་རུ་འགྱུར༔ ཟབ་མོའི་གཏེར་ཁ་བཅུ་གསུམ་ནི༔ ས་སྤྱོད་དེ་ཡི་རྒྱུད་ན་སྦས༔ མ་འོངས་བསྟན་པའི་ཞབས་ཏོག་ཏུ༔ པདྨའི་ཡང་སྤྲུལ་འགའ་ཡིས་འདོན༔ གནས་སྲུང་གཏེར་བདག་འོད་འཕྲོ་རྩལ༔ སྐུ་ལྷ་ར་ཁང་གཡུང་དྲུང་དཔལ༔ བཀའ་ཡི་ཐ་ཚིག་མནོས་པས་སོ༔ བསྟན་པའི་སྲུང་མས་འཚོས་ཤིག་རྒྱ༔ ཞེས་འདི་ཡང་ཉམས་སྣང་དུ་ཤར་ཀྱང་དགོས་པ་ཆུང་བསམ་ནས་མ་ཕབ་ཅིང་མཐར་ལས་ལྡན་པདྨ་ཤ་ས་ན་དྷ་རས་བསྐུལ་ངོར་གཏེར་མིང་ཅུང་ཟད་འཆང་བའི་མུ་ཏོ་བ་ས་ར་ཧི་ཏས་སུག་བྲིས་བགྱིས་པ་ཡོངས་ལ་ཕན་པའི་རྒྱུར་གྱུར་ཅིག་གུ༔

ཤར་བཞག་བྲ་ལྷ་རྩེའི་བསང་མཆོད་འདོད་རྒུའི་དཔལ་སྟེར།

ཤར་བཞག་བྲ་ལྷ་རྩེའི་བསང་མཆོད་འདོད་རྒུའི་དཔལ་སྟེར་བཞུགས༔ ཨོ་རྒྱན་ཐོད་ཕྲེང་རྩལ་ལ་འདུད༔ སྐུ་ལྷ་གཉན་པོ་བཞག་བྲ་ལྷ་རྩེ་ལ་བསང་མཆོད་འབུལ་བར་འདོད་པས་ས་སྟེགས་མཐོན་པོའི་ཁར་པདྨ་འདབ་བརྒྱད་མཛེས་ཚོན་དབུས་སུ་རཾ་དང་ཚོམ་བུ་བཀོད་ལ་ཤིང་རྩི་སྣ་དགུ་དང་ཕྱེ་མར་སྐྱེམས་རིགས་སོགས་མ་ཚང་བ་མེད་པར་ཞུགས་ལ་སྦྱར་བའི་དུད་པ་སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་བརླབས་ཤིང་རྣལ་འབྱོར་ལྷ་ཡི་ང་རྒྱལ་གྱིས༔ ཀྱཻ༔ བདག་ནི་རིག་འཛིན་སྒྲུབ་པ་པོ༔ བདག་ནི་རྣལ་འབྱོར་དམ་ཚིག་ལྡན༔ བདག་ནི་པདྨའི་བརྒྱུད་འཛིན་ནོ༔ བདག་གི་སྲུང་མ་གཉན་པོ་ནི༔ ཤར་ཕྱོགས་གངས་ཀྱི་རི་བོ་ཆེ༔ རྩ་བ་རབ་བརྟན་སྐེད་པ་ལྷུན་ཆགས་ཤིང༔ རྩེ་རྒྱལ་མི་མངོན་ནམ་མཁའི་དབྱིངས་ལ་སྙེགས༔ སྤྲིན་དང་འཇའ་ཚོན་གདུགས་གི་གནམ་ཡོལ་མཛེས༔ དེ་ནང་ཤེལ་གྱི་ཀོ་ཌའི་དབུས༔ བཞག་བྲ་ལྷ་རྩེ་གཉན་པོ་ནི༔ མི་དཀར་ཞི་ཆགས་འཛུམ་པའི་སྐུ༔ ཕྱག་གཡས་བ་དན་ནམ་མཁར་སྤུད༔ ཕྱག་གཡོན་དུང་གི་རང་སྒྲ་ངོམས༔ སྐུ་ལ་དར་དང་ཟ་འོག་གསོལ༔ དབུ་ལ་ཁྱུང་གི་ཅོག་ཞུ་མནབས༔ ལྷ་རྟ་ངང་དཀར་ཆས་ལྡན་བཅིབས༔ སྟག་རལ་གཟིག་ཤུབས་འཁོར་གསུམ་སྤྲས༔ ཡབ་ཡུམ་སྲས་འཁོར་སྤྲུལ་པར་བཅས༔ དད་དང་དམ་ཚིག་དབང་གིས་ནི༔ སྤྱན་འདྲེན་གནས་འདིར་གཤེགས་སུ་གསོལ༔ དམ་ཚིག་གཉན་པོའི་གདན་ལ་བཞུགས༔ ཕྱི་ནང་གསང་བའི་མཆོད་རྫས་དང༔ བསང་མཆོད་འདོད་རྒུའི་སྤྲིན་ཕུང་འདིས༔ གངས་ཆེན་གནས་བདག་རིགས་གསུམ་མགོན༔ བསང་ངོ་བརྔན་ནོ་མངའ་གསོལ་ལོ༔ ལྷ་དགའི་གནས་བདག་སྒོ་སྲུང་བརྒྱད༔ བསང་ངོ་བརྔན་ནོ་མངའ་གསོལ་ལོ༔ ཤར་ཕྱོགས་བཞག་བྲ་ལྷ་རི་རྩེ༔ བསང་ངོ་བརྔན་ནོ་མངའ་གསོལ་ལོ༔ སྲས་མཆོག་བཙུན་མོ་བཞག་མོ་རྣམས༔ བསང་ངོ་བརྔན་ནོ་མངའ་གསོལ་ལོ༔ ཕྱི་ནང་གསང་བའི་བཀའ་ཡི་བློན༔ བསང་ངོ་བརྔན་ནོ་མངའ་གསོལ་ལོ༔ ཕྱོགས་སྐྱོང་ཀླུ་ཆེན་མཆེད་བརྒྱད་པོ༔ བསང་ངོ་བརྔན་ནོ་མངའ་གསོལ་ལོ༔ བརྒྱ་རྩ་བརྒྱད་ཀྱི་མཚོ་གནས་རྣམས༔ བསང་ངོ་བརྔན་ནོ་མངའ་གསོལ་ལོ༔ སྤྲུལ་འཁོར་ལྷ་སྲིན་སྡེ་བརྒྱད་རྣམས༔ བསང་ངོ་བརྔན་ནོ་མངའ་གསོལ་ལོ༔ བཞག་འཁོར་སྟོང་དང་དགུ་བརྒྱ་སོགས༔ བསང་ངོ་བརྔན་ནོ་མངའ་གསོལ་ལོ༔ ཁྱེད་རྣམས་བསང་བའི་ཡོན་ཏན་གྱིས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ ནད་གདོན་ཞི་ཞིང་ཚེ་བསོད་རྒྱས༔ སྣང་བ་དབང་སྡུས་ལོག་འདྲེན་སྒྲོལ༔ སངས་རྒྱས་བསྟན་དང་བསྟན་འཛིན་སྐྱོང༔ ཡངས་པའི་རྒྱལ་ཁམས་ཐ་གྲུའི་ཁྱོན༔ རྫོགས་ལྡན་དཔལ་གྱིས་འཚོ་བར་མཛོད༔ ཅེས་ཡུལ་སྐྱོང་ཟོ་དོར་ཆེན་པོའི་བསང་མཆོད་འདི་ཆོས་དབང་སྐྱེས་ཐོབ་ཀྱི་བློ་ལྡན་རིག་འཛིན་དོན་འགྲུབ་ཀྱིས་བསྐུལ་ངོར་རྣལ་འབྱོར་བདག་གིས་གཞི་བདག་ལ་གཏང་རག་གི་ཚུལ་དུ་བཞག་བྲ་ལུང་ཆེན་གོང་མ་རིན་པོ་ཆེའི་གདན་སར་སླེབས་པའི་དགོང་མོ་དབང་གི་དུས་ཐུན་ཚོད་གཅིག་ལ་གཏེར་མིང་འཛིན་པ་ས་ར་ཧི་ཏས་སྤེལ་བ་ཡོངས་ལ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག་གུ༔

ཤར་ཕྱོགས་བཞག་བྲ་ལྷ་རྩེའི་གསོལ་མཆོད་བསམ་དོན་རེ་སྐོང་བཀྲ་ཤིས་དགེ་ལེགས།

ཤར་ཕྱོགས་བཞག་བྲ་ལྷ་རྩེའི་གསོལ་མཆོད་བསམ་དོན་རེ་སྐོང་བཀྲ་ཤིས་དགེ་ལེགས་བཞུགས༔ ཨོ་རྒྱན་མཚོ་སྐྱེས་རྡོ་རྗེ་དང་༔ དབྱེར་མེད་མ་ཅིག་མཚོ་རྒྱལ་མ༔ འགྲོ་ཕན་སྤྲུལ་པ་ལུང་རིག་གླིང་༔ མི་ཕྱེད་སྙིང་གི་ཐིག་ལེར་བརྟེན༔ དེ་ལ་འདིར་ཡུལ་ལྷ་ཆེན་པོ་བཞག་བྲ་ལྷ་རྩེ་རྡོ་རྗེ་བདུད་འཇོམས་རྩལ་ལ་གསོལ་མཆོད་གཏོང་བར་སྤྲོ་བའི་རྣལ་འབྱོར་པས༔ དཀར་གསུམ་མངར་གསུམ་ལས་བྱས་པའི་དཀར་གཏོར་ཡུ་མོའི་རྣ་མཆོག་ལྟ་བུ་པད་འདབ་བཞིས་མཚན་ཅིང་རིལ་བུ་ཅི་མང་དང་གསེར་སྐྱེམས་གཡུ་སྐྱེམས་ཇ་ཆང་ཕུད་ཀྱི་རྣམ་གྲངས་གཙང་ཞིང་གྱ་ནོམ་པ་དག་བཤམས་ལ༔ རང་ཉིད་ལྷའི་རྣལ་འབྱོར་གྱིས་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས་ལ་འདི་སྐད་དོ༔ ཀྱཻ༔ རྣལ་འབྱོར་བདག་གི་ཡུལ་ལྷ་མགོན༔ དགེ་བསྙེན་ཆེན་པོ་བཞག་བྲ་ནི༔ སྔོན་ཚེ་བསྐལ་པའི་དུས་དག་ཏུ༔ ཡབ་ལ་མཚན་གསོལ་རྨ་སྤོམ་ར༔ ཡུམ་ལ་མཚན་གསོལ་ཀླུ་མོ་ལྕམ༔ དེ་གཉིས་བཤོས་པ་ལས་བྱུང་སྲས༔ རྒྱ་བོད་གཉིས་ཀྱི་ས་མཚམས་སུ༔ བཞག་ནི་བྲ་འམ་མི་བྲ་ཡང་༔ བསྟན་དང་འགྲོ་བའི་མགོན་སྐྱབས་སུ༔ བཞག་པ་འཕགས་པའི་ཐུགས་བསྐྱེད་ཡིན༔ བྱིན་ཆེན་ངོ་མཚར་ཁྱད་པར་གནས༔ རྩེ་མོ་གངས་ཀྱི་རི་བོ་ནི༔ གནས་མཆོག་རི་བོ་ཏ་ལ་ཡིན༔ འཕགས་པ་ཁ་སར་པ་ཎི་ལ༔ བྱང་སེམས་འཕགས་ཚོགས་རྒྱ་མཚོས་བསྐོར༔ སྐེད་པ་བྲག་གངས་རྫ་ཁྲལ་ཁྲོལ༔ དབང་ཆེན་ཟླ་གམ་ཕོ་བྲང་ན༔ བཅོམ་ལྡན་དབང་བཅུའི་རྟ་གདོང་འབར༔ རྟ་ཕག་རིགས་ལྔ་དབང་ཕྱུག་ཆེ༔ ཡབ་ཡུམ་ཕྲ་མེན་རྣམ་བཞིས་བསྐོར༔ མཐའ་ལ་རྩི་ཤིང་ནགས་ཚལ་བཀྲ༔ གཡུ་ལོ་བཀོད་ཞིང་སེང་ལྡིང་ནགས༔ རྗེ་བཙུན་སྒྲོལ་མ་ཉེར་གཅིག་དང་༔ ཤུགས་འགྲོ་དཔའ་བོ་མཁའ་འགྲོས་བསྐོར༔ རྨིང་ལ་མཚོ་དང་ཆུ་མིག་བརྒྱན༔ རྩ་བ་ཀླུ་ཡུལ་གནྡྷོ་ལར༔ བཀའ་ཉན་ལས་བྱེད་ཀླུ་ཆེན་བརྒྱད༔ ཡུལ་ཞིང་འཇིག་རྟེན་སྐྱོང་བས་བསྐོར༔ གནས་མཆོག་དེ་ཡི་བདག་ཉིད་ཆེ༔ དགེ་བསྙེན་ཆེན་པོ་བདུད་འཇོམས་རྩལ༔ ཡུམ་མཆོག་བཞག་མོ་ཀུནྡྷེ་མ༔ སྲས་མཆོག་འོད་ལྡན་འབར་བ་གསུམ༔ སྲས་མོ་ནཱ་ག་དུང་སྐྱོང་མ༔ ལྷ་ཀླུ་གཉན་དམག་ཕྱི་ནང་བློན༔ དེ་རིང་མཆོད་པའི་མགྲོན་ལ་བྱོན༔ རང་རང་མཐུན་པའི་གདན་ལ་བཞུགས༔ འཕྲུལ་དགའི་ལྷ་མོས་འདུད་པར་བགྱི༔ དངོས་འབྱོར་ཡིད་ལས་བྱུང་བ་ཡི༔ མེ་ཏོག་སྣ་ཚོགས་བདུག་པའི་སྤོས༔ སྦྱར་དང་ལྷན་སྐྱེས་དྲི་ཡིས་མཆོད༔ ཉི་ཟླ་མར་མེ་རིན་ཆེན་འོད༔ ཞབས་བསིལ་བྱུག་པ་བདེ་བྱེད་མཆོད༔ ལྷ་ཡི་ཞལ་ཟས་རོ་བརྒྱའི་དཔྱིད༔ སྣ་ཚོགས་དུང་དང་རོལ་མོས་མཆོད༔ ཆེ་བའི་ཡོན་ཏན་མ་ལུས་པ༔ འགྱུར་ཁུག་དབྱངས་ཀྱིས་མཆོད་ཅིང་བསྟོད༔ དཀར་གསུམ་མངར་གྱི་གཏོར་མ་དང་༔ སྨན་དང་རཀྟ་གསང་རྫས་མཆོད༔ མཆོད་བྱ་མཆོད་བྱེད་བྲལ་བ་ཡི༔ ངོ་བོ་ཀ་ནས་དག་པས་མཆོད༔ ལྷ་དང་ཀླུ་ཡི་ཉེར་སྤྱོད་སོགས༔ གང་ཡང་མ་ཚང་མེད་པས་མཆོད༔ མཆོད་པའི་ཡུལ་དུ་གྱུར་པ་ཡི༔ རྩ་གསུམ་ཆོས་སྐྱོང་བསྲུང་མ་མཆོད༔ ཡུལ་ལྦ་བཞག་བྲ་ལྷ་རྩེ་མཆོད༔ བཞག་མོ་ཀུནྡྷེ་ལྷ་མོ་མཆོད༔ སྲས་དང་སྲས་མོ་ཕྱི་ནང་བློན༔ བཀའ་འཁོར་ལྷ་སྲིན་སྡེ་བརྒྱད་མཆོད༔ གསོལ་ལོ་མཆོད་དོ་མངའ་གསོལ་བཞེས༔ ཁྱེད་ལ་ཕྲིན་ལས་བཅོལ་བ་ནི༔ ཨོ་རྒྱན་པདྨའི་བསྟན་པ་དང་༔ དེ་ཡི་རྗེས་འཇུག་གང་ཟག་སྐྱོངས༔ གསང་ཆེན་ཆོས་ལ་སྨད་པའི་དགྲ༔ འཚོ་བྱེད་ལུས་ཀྱི་འདུ་ཕུང་ཤིགས༔ མི་མཐུན་དགྲ་གདོན་ཕྱིར་ལ་ཟློག༔ ནད་ཡམས་མུ་གེ་འགོང་པོ་སོད༔ མི་ཕྱུགས་ལོ་དགྲ་ཐན་གྱི་རིགས༔ བྱད་དང་དམོད་མོ་རིག་སྔགས་སོགས༔ བྱད་མ་རང་རང་སྟེང་དུ་ཟློག༔ ཁམས་གསུམ་སྲིད་གསུམ་ཆེ་བཙན་དྲེགས༔ མངའ་ཐང་སྙན་གྲགས་སྟོབས་རྩལ་ཡོན༔ ཐམས་ཅད་བདག་གི་དབང་དུ་ཁུག༔ ཚེ་བསོད་འབྱོར་དྲུག་རྒྱས་པར་མཛོད༔ བཀྲ་ཤིས་བདེ་ལེགས་ཕུན་ཚོགས་ཤོག༔ ཅེས་པའང་རང་གི་ཉམས་ལ་ཤར་བཞིན་དུས་ལ་བབ་ཚེ་སློབ་བུ་རྡོ་རྗེ་ཡོན་ཏན་གྱི་བཞེད་སྐོང་དུ་ཐོལ་བྱུང་ཐོགས་མེད་ཀྱི་ཚུལ་དུ་བཞག་བྲའི་མདུན་བཻ་རོ་ཚ་ཆུ་རུ་ས་ར་ཧི་ཏས་སྦྱར་བ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག་གུ།

ཡུལ་ལྷ་གཉན་པོ་བསེ་རྫིའི་བསང་མཆོད་བསྡུས་པ།

ཡུལ་ལྷ་གཉན་པོ་བསེ་རྫིའི་བསང་མཆོད་བསྡུས་པ་བཞུགས༔ ཨོ་རྒྱན་ཐོད་ཕྲེང་རྩལ་ལ་འདུད༔ ཡུལ་ལྷའི་བསང་མཆོད་བྱ་འདོད་ན༔ ས་སྟེགས་མཐོན་ཁར་ཤིང་སྣ་བསགས༔ ཕྱེ་མར་སྐྱེམས་སོགས་ཞུགས་ལ་སྦྱར༔ རྣལ་འབྱོར་ལྷ་སྔགས་ཕྱག་རྒྱ་དང༔ ཏིང་འཛིན་ཟབ་མོས་སྤྱན་འདྲེན་བྱ༔ རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཡུལ་ལྷ་སྤྱི་རྗེ་ལ་འཁོར་གསང་ཡུམ་བློན་པོ་སྐུ་གསུང་ཐུགས་ཞི་རྒྱས་དབང་དྲག་གི་སྤྲུལ་པ་ཡང་སྤྲུལ་དང་བཅས་པས་བསྐོར་བ་རང་མདུན་དུ་བྱོན་ནས་བཞུགས་པར་བསམ༔ ཀྱེ༔ རྣལ་འབྱོར་བདག་གི་ཡུལ་ལྷ་མགོན༔ རྡོ་རྗེ་དབྱི་ཁྲོམ་ནུ་བོ་ཆུང༔ སྐུ་ལྷ་ར་ཁང་དབང་སྡུད་རྩལ༔ ཡུམ་མཆོག་ཀླུ་མོ་མཚོ་སྨན་གཉིས༔ བཤོས་པའི་སྲས་མཆོག་སྤྱི་རྗེ་རྒྱལ༔ དོན་ལ་བྱང་སེམས་འཕགས་པ་ནི༔ སྤྱན་གཟིགས་སྤྲུལ་པ་ཡུལ་གྱི་ལྷ༔ དབང་སྡུད་དམར་སྨུག་ཆགས་པའི་ཉམས༔ ཞལ་ནི་ཁྲོ་འཛུམ་བརྗིད་པའི་ཆས༔ དབུ་ལ་དར་དམར་འགྱིང་ཐོད་བཅིངས༔ ཕྱག་གཡས་མདུང་དར་ཀླད་ལ་ཕྱར༔ ཕྱག་གཡོན་ལྕགས་ཀྱུ་དབང་སྔོན་ངོམས༔ སྐུ་ལ་ཟ་བེར་སློག་པ་མནབས༔ ཞབས་གཉིས་བརྐྱང་བསྐུམ་སྟག་མོ་སྟེ༔ འཛུམ་དྲུག་རྒྱས་པའི་འཕུར་ཤེས་བཅིབས༔ ཞི་བ་ཆོས་ཉིད་འཛུམ་མཛེས་དཀར༔ རྒྱས་པ་གསེར་མདོག་སྒེག་བཞད་གཡོ༔ དྲག་པོ་ཁྲོ་གཏུམ་རྔམ་བརྗིད་ནག༔ རང་རྟགས་ཆ་ལུགས་ཞོན་པ་སོགས༔ མ་ངེས་སྣ་ཚོགས་ཆོ་རོལ་འགྱེད༔ སྔོན་ཚེ་རིག་འཛིན་ཡབ་སྲས་ཀྱི༔ སྤྱན་སྔར་ཁས་བླངས་དྲན་མཛོད་ལ༔ དེ་རིང་གནས་འདིར་སྤྱན་འདྲེན་གཤེགས༔ རང་མཐུན་ཡིད་འོང་གདན་ལ་བཞུགས༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་བསྟོད་དབྱངས་རོལ་མོས་མཆོད༔ ལབ་རྩེ་གསས་མཁར་དར་བལ་ཚོན༔ རྫས་རྟགས་བཀྲ་ཤིས་རི་གཡུང་དྭགས༔ མཁོ་དགུ་མ་ཚང་མེད་པ་ཡི༔ བསང་མཆོད་བདུད་རྩིས་གསོལ་ལོ་བརྔན༔ སྐྱབས་གནས་དཀོན་མཆོག་རྒྱ་མཚོ་བསང༔ བླ་མ་ཡི་དམ་མཁའ་འགྲོ་བསང༔ ཆོས་སྐྱོང་དམ་ཅན་རྒྱ་མཚོ་བསང༔ རྒྱབ་བརྟེན་སྐུ་ལྷ་ར་ཁང་བསང༔ ཡུལ་ལྷ་སྤྱི་རྗེ་གཉན་པོ་བསང༔ ཡུམ་སྲས་བཀའ་བློན་འཁོར་བཅས་བསང༔ བཀའ་སྡོད་རྡོ་རྗེ་དྲག་རྩལ་བསང༔ ཡང་འཁོར་བདུད་བཙན་ཀླུ་གསུམ་བསང༔ ཡུལ་རིའི་གཞི་བདག་གཉན་པོ་བསང༔ དབེན་རིའི་སྲུང་མ་གཉན་པོ་བསང༔ གཡས་རི་གཡོན་རི་མདུན་རི་རྒྱབ༔ ཆུ་ཤིང་བྲག་རི་ལ་སོགས་ལ༔ གནས་པའི་དཀར་ཕྱོགས་སྐྱོང་བ་བསང༔ མི་མིན་ནག་ཕྱོགས་འབྱུང་པོ་དང༔ དམ་སྲི་ཤི་འདྲེ་རྡུལ་དུ་རློག༔ བྱད་མ་རྦོད་གཏོང་ཕྱིར་ལ་བཟློག༔ བཙད་སད་སེར་བའི་རྒྱུ་ལམ་ཆོད༔ ནད་གདོན་འཇིགས་བརྒྱད་དབྱིངས་སུ་སོལ༔ ཚེ་བསོད་དཔལ་འབྱོར་སྙན་གྲགས་སྤེལ༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུད༔ དགྲ་བགེགས་དམ་ཉམས་རྡུལ་དུ་རློག༔ གང་བཅོལ་ལས་ཀྱི་ཕྲིན་ལས་ཀུན༔ ཐོགས་པ་མེད་པར་མྱུར་འགྲུབ་མཛོད༔ ཅེས་ཡུལ་ལྷ་གཉན་པོ་བསེ་རྫིའི་བསང་མཆོད་བསྡུས་པ་འདི་འདྲ་ཞིག་དགོས་ཞེས་སློབ་བུ་དཀོན་མཆོག་མཚན་ཅན་དང་ཡུལ་མི་འགས་བསྐུལ་བ་ལས་མི་ལྡོག་ཙམ་དུ་སྤྲུལ་མིང་གཞན་ཕན་བཟང་པོས་ལྷག་བསམ་དག་པས་ཕབ་པ་དགེ་ལེགས་འཕེལ༔ ཡུལ་ཕྱོགས་ལ་བཀྲ་ཤིས་པར་གྱུར་ཅིག༔

རྩང་གི་གཞི་བདག་ཏིང་རྒྱལ་མི་མགོན་དཀར་པོའི་བསང་མཆོད།

ཡུལ་སྐྱོང་གཞི་བདག་ཏིང་རྒྱལ་མི་མགོན་དཀར་པོ་ལ་བསང་བྱ་བར་འདོད་པས་སྟེགས་མཐོན་པོའི་ཁར་ཤིང་རྩི་སྣ་ཚོགས་དང་༔ ཕྱེ་མར་ཤེལ་ཚིགས་རི་དྭགས་གཡུང་དྭགས་ཀྱི་གཟུགས་སོགས་ཞུགས་ལ་སྦྱར་ཏེ་བྱང་ཆུབ་སེམས་ལྡན་གྱི་རྣལ་འབྱོར་པས་རྔ་དུང་རོལ་མོའི་སྒྲ་བསྒྲགས་ལ༔ རང་ཉིད་གུ་རུ་སྣང་སྲིད་ཟིལ་གནོན་གྱི་སྐུར་གསལ་བའི་ཐུགས་ཀའི་ས་བོན་ལས་འོད་ཟེར་དམར་པོ་རེག་བྱ་ཚ་ལ་མྱུར་བར་སྤྲོས་ཏེ་ཏིང་རྒྱལ་མི་མགོན་དཀར་པོ་འཁོར་གསང་ཡུམ་བློན་པོ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་སྤྲུལ་པ་ཡང་སྤྲུལ་དང་བཅས་པ་གནས་ཡུལ་གང་ན་བཞུགས་ཀྱང་སྐད་ཅིག་གིས་རང་མདུན་དུ་སྤྱན་དྲངས་ནས་བཞུགས་པར་བསམ༔ ཀྱེ༔ འཛམ་གླིང་ས་ཡི་ལྟེ་བ་རྡོ་རྗེ་གདན༔ དེ་ཡི་བྱང་ཕྱོགས་གངས་ཅན་འཕགས་པའི་གནས༔ ཁྱད་པར་རོང་ཆེན་བཞི་ཞེས་འབྱུང་བ་ལས༔ རྒྱལ་མོ་རོང་གི་ཉེ་ཆར་ཟལ་མོ་སྒང༔ དེ་ཡི་གཡས་ཕྱོགས་རྩང་གི་ཡུལ་ལྷའི་གཙོ༔ བརྗིད་ལྡན་རི་ལ་གནས་བཅས་དཀར་ཕྱོགས་སྐྱོང༔ ཏིང་རྒྱལ་མི་མགོན་དཀར་པོ་ལྷ་ཡི་རྗེ༔ རྣལ་འབྱོར་བདག་གིས་སྤྱན་འདྲེན་གནས་འདིར་གཤེགས༔ རང་མཐུན་ཡིད་འོང་གདན་ལ་འཁོར་བཅས་བཞུགས༔ འཕྲུལ་དགའི་ལྷ་མོས་འདུད་དོ་དངོས་གྲུབ་སྩོལ༔ ན་མ་ཡ་ཏི༔ ཁྱོད་ལ་འདོད་པའི་མཐུན་རྫས་འབུལ་བ་ནི༔ ཡུམ་ལྔའི་ཀློང་ལས་བསྐྱེད་པའི་འདོད་ལྔའི་རྫས༔ མ་ཚང་མེད་པ་དངོས་ཡིད་ལས་བྱུང་བའི༔ མཆོད་སྤྲིན་ཟག་མེད་དབང་པོའི་བདེ་བསྐྱེད་རྫས༔ བདུད་རྩི་ཤིང་ལྔའི་དུད་པས་བསང་ངོ་མཆོད༔ འོ་ཕུད་ཡོན་ཆབ་སྐྱེམས་ཀྱིས་མཆོད་དོ་བརྔན༔ རྣམ་ལྔའི་མཆོད་པ་གཟུགས་སྒྲ་དྲི་རོ་རེག༔ དཀར་གསུམ་མངར་གྱི་གཏོར་མས་ཐུགས་དམ་བསྐང༔ གསས་མཁར་བ་དན་དར་ཚོན་བལ་གྱི་ཚོན༔ ཡུལ་ལྷ་མཆོད་དོ་བསྟོད་དོ་ངོ་སོ་མཐོ༔ དུང་དང་རྔ་དབྱངས་རོལ་མོས་དགྱེས་པ་བསྐྱེད༔ འདོད་དགུའི་རེ་བ་མི་མངོན་དབྱིངས་ནས་སྩོལ༔ བདུད་རྩི་ལྷ་ཆབ་སྨན་གྱིས་སྐུ་ཁྲུས་གསོལ༔ ཕོག་ཐུག་འགལ་འཁྲུལ་གྱུར་པ་མཐོལ་ཞིང་བཤགས༔ ཁྱེད་ཀྱི་སྐུ་མདོག་ཆ་ལུགས་མ་ངེས་ཀྱང༔ རེ་འགའ་དཀར་གསལ་ཞལ་གཅིག་སྤྱན་དཀྱུས་འཛུམ༔ ཞལ་ནས་བཀྲ་ཤིས་སྨོན་པའི་གད་རྒྱངས་སྒྲོགས༔ ཕྱག་གཡས་རྩེ་གསུམ་བ་དན་ཀླད་ལ་བསྐོར༔ ཕྱག་གཡོན་དངུལ་ཕོར་སྣ་ཚོགས་རཏྣས་བཀང༔ དར་དང་ཟ་བེར་སྨུག་པོའི་ན་བཟའ་གསོལ༔ ལ་ཐོད་རྒོད་འཕྲུ་དར་དཔྱངས་པུ་རུ་རུ༔ གཟི་མཆོང་མུ་ཏིག་བྱུ་རུ་མུ་མེན་དུང༔ རིན་ཆེན་དུ་མ་བརྒྱུས་པའི་དོ་ཤལ་དཔྱངས༔ སྟག་རལ་གཟིག་ཤུབས་ཡ་ཙ་སྐེད་ལ་སྤྲས༔ ཆིབས་སུ་དུང་རྟ་རླུང་གི་ཤུགས་ཅན་བཅིབས༔ གསེར་སྒ་སྟག་སྟན་དུང་གི་ཡོབ་ཆེན་ཅན༔ དཀར་སེར་དམར་ལྗང་སྦྲུལ་གྱི་གློ་སྨེད་སྤྲས༔ ས་བདག་ཀླུ་གཉན་ཆོ་འཕྲུལ་ལས་ལ་འགྱེད༔ མི་སྲུན་དགྲ་ལ་སྦལ་སྦྲུལ་སྡོམ་སྡིག་སོགས༔ མི་འདོད་ལྟས་ངན་གཏོང་བའི་མཐུ་བོ་ཆེ༔ སྔོན་ཚེ་བཻ་རོ་གཡུ་སྒྲ་སྙིང་པོ་དང༔ མི་ཕམ་མགོན་པོས་བཀའ་བསྒོས་དམ་བཞག་བཞིན༔ ཡུལ་ཁམས་སྐྱོང་ལ་ནད་མུག་མཚོན་འཁྲུག་ཐུལ༔ མི་ཁ་གླེང་བརྗོད་དགྲ་གདོན་རྨང་ནས་རློག༔ ཀེག་ལྷོག་གཟེར་གསུམ་མི་འདོད་དགྲ་ལ་ཟོར༔ ནད་གདོན་ཆགས་ཆེ་འཇིགས་བརྒྱད་དབྱིངས་སུ་སོལ༔ ཚེ་བསོད་དཔལ་འབྱོར་ལེགས་ཚོགས་ཡོན་ཏན་འཕེལ༔ ཁམས་གསུམ་སྲིད་གསུམ་སྣང་བ་དབང་དུ་སྡུད༔ བསྟན་དགྲ་གནོད་བྱེད་ཁ་ཕོང་རྗེས་མེད་ཐོངས༔ བསླུ་མེད་མཆོག་གསུམ་བདེན་པའི་སྨོན་ལམ་དང༔ བསྟན་སྲུང་དམ་ཅན་དཀར་ཕྱོགས་གཞི་བདག་གིས༔ ཕུན་ཚོགས་ཡིད་བཞིན་ཆར་གྱིས་རབ་སྣང་སྟེ༔ འགྲོ་ཀུན་ཕན་བདེ་གཡུར་དུ་ཟ་བར་ཤོག༔ ཅེས་པ་འདི་སྔོན་ནས་ས་འདིར་འབྲེལ་བའི་དུས་ནས་རྨི་ལམ་དུ་གོང་གི་མངོན་རྟོགས་བཞིན་བྱོན་ནས་ང་རྩང་གི་ཏིང་རྒྱལ་མི་མགོན་དཀར་པོ་ཡིན་ཟེར་བས་གུས་འདུད་བྱེད་པར་སྣང་བ༔ དེ་ཕྱིན་ཆད་བདག་གིས་ཀྱང་གཞི་བདག་ལ་འགོ་བའི་ལྷའི་འདུ་ཤེས་ཡོད་པ༔ ཤིང་ཕོ་རྟའི་ལོ་སྦྱིན་བདག་མ་ཎིའི་སྐུ་རིམ་ལ་འོང་བའི་དགོང་མོ་ཁ་ཆར་གློག་འབྲུག་གི་ཆེ་བ་དང་བཅས་འོངས་ནས་ཁྱེད་ཀྱི་སྡོང་གྲོགས་བདག་གིས་མཛད་དོ་ཟེར་བའི་ཉམས་ཤར་བ་ལ་རྐྱེན་བཅས་ཏེ་བསང་ཡིག་རྒྱས་པ་ཞིག་ཕབ་རྒྱུ་ཡོད་པ་བསྐུལ་བའི་སློབ་མ་སོགས་དོན་གཉེར་སུ་ལ་མེད་པས་ས་བཅད་མ་སྟོང་ཙམ་དུ་གཙོ་བོའི་བསང་མཆོད་འདི་ཨ་མཚར་དུ༔ ས་ར་ཧི་ཏས་བྲིས་པ་བསྟན་པའི་སྦྱིན་བདག་རྣམས་ལ་གྲོགས་སུ་འགྱུར་བར་ཤོག་ཅིག་གུ༔

ཡུལ་ལྷ་ཟོ་དོར་དབྲ་ཕོའི་བསང་ཡིག་བདེ་ལེགས་ཉི་འོད།

ཡུལ་ལྷ་ཟོ་དོར་དབྲ་ཕོ་ཞེས་བྱ་བའི་བསང་ཡིག་བདེ་ལེགས་ཉི་འོད་བི་ཛ་ཧ་རཾ༔ ན་མོ་པདྨ་ཀ་ར་ཡེ༔ དེ་ལ་འདིར་ཡུལ་ལྷ་དབྲ་ཕོ་ལེགས་བྱིན་ལ་བསང་བྱ་བར་འདོད་པས་ས་ཐབ་སྟེགས་མཐོན་པོའི་ཁར་ལྷ་ཤིང་སྣ་ཚོགས་དང་ཕྱེ་མར་ཤེལ་ཚིགས་སྐྱེམས་རིགས་མང་པོས་བསང་གསུར་གཙང་མ་གཏོང་ལ༔ རྣལ་འབྱོར་ལྷ་ཡི་ཏིང་འཛིན་དང་ལྡན་པས་འདི་སྐད་དོ༔ རང་ཉིད་ལྷར་གསལ་བའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟར་འཕྲོས་པས་དབྲ་ཕོ་སྤུན་གསུམ་འཁོར་གསང་ཡུམ་བློན་པོ་ཞི་རྒྱས་དབང་དྲག་གི་སྤྲུལ་པ་ཡང་སྤྲུལ་དང་བཅས་པ་གནས་ཡུལ་གང་ན་བཞུགས་ཀྱང་སྐད་ཅིག་གིས་རང་མདུན་དུ་བྱོན་ནས་བཞུགས་པར་གྱུར་བར་བསམ་ལ༔ ཨེ་མ་ཧོ༔ སྣང་སྲིད་ཆོས་ཀུན་གདོད་ནས་རྣམ་པར་སྟོང༔ སྟོང་པའི་རྩལ་ལས་སྒྱུ་མའི་རྣམ་པར་སྣང༔ སྣང་བའི་རང་བཞིན་འགགས་མེད་རྣམ་པར་བཀྲ༔ བཀྲ་བའི་རྟོག་ཚོགས་བདེ་སྡུག་གཉིས་སུ་གྲུབ༔ བདེ་བའི་བྱེད་པོ་རྣམ་དཀར་ལས་འབྲས་ཀྱིས༔ སངས་རྒྱས་ཕྲིན་ལས་ཡུལ་སྐྱོང་འགོ་བའི་ལྷ༔ རྒྱལ་མོ་རོང་གི་ཉེ་ཆར་དབྱི་རོང་གི༔ སྐུ་ལྷ་ར་ཁང་བཀའ་ཉན་དབྲ་ཕོ་ཞེས༔ མཐུ་རྩལ་ལེགས་བྱིན་དཔའ་བོ་སྤུན་གསུམ་ཚུལ༔ ཕྱི་ལྟར་གནོད་སྦྱིན་ནང་ལྟར་རིགས་གསུམ་བདག༔ གསང་བ་སྐུ་གསུམ་བདག་ཉིད་ཐ་དད་བྲལ༔ སྣང་ཚུལ་ཆོ་རིགས་ཕྱག་མཚན་མ་ངེས་ཀྱང༔ རེ་འགའ་དབྲ་ཕོ་ལེགས་བྱིན་དཔའ་བོ་ནི༔ སྐུ་མདོག་དམར་ནག་ཨམ་གཙིགས་སྤྱན་གསུམ་ལྡན༔ རལ་པ་དམར་སེར་གྱེན་བརྫེས་སྦྲུལ་གྱིས་བཅིངས༔ ཕྱག་གཡས་ཡ་ཙ་ནམ་མཁའི་དབྱིངས་ལ་འཕྱར༔ གཡོན་པས་ཆོ་ལོ་ཕྱག་གི་མཐིལ་དུ་བཀྲམ༔ འབྲོང་རྒོད་ཞོལ་ཆེན་སྒ་སྟན་རྒྱན་སྤྲས་བཅིབས༔ ཞབས་ལ་སག་ལྷྭམ་འཇའ་ལྡན་བེར་ནག་བཀླུབས༔ གཡས་ཕྱོགས་དབྲ་ཕོ་གནམ་ལྷ་འོད་ལྡན་དཀར༔ གཡོན་ཕྱོགས་དབྲ་ཕོ་རྨུག་འཛིན་གསེར་མདོག་མཛེས༔ ཡུམ་ཆེན་ཀླུ་མོ་སྨན་མོ་འབུམ་སྡེ་དང༔ ཕྱི་ནང་བཀའ་བློན་རུ་འདྲེན་དུ་མར་བཅས༔ མ་ཐོགས་བསང་གི་མགྲོན་དུ་གཤེགས་སུ་གསོལ༔ རང་མཐུན་ཡིད་འོང་གདན་ལ་དགྱེས་པར་བཞུགས༔ སྔོན་ཚེ་རིག་འཛིན་རྡོ་རྗེ་གྲོ་ལོད་དང༔ བར་དུ་བཻ་རོ་གཡུ་སྒྲ་ཤྲཱི་བཛྲ༔ ཐ་མ་གསུམ་ལྡན་ལུང་རིག་གླིང་པ་སོགས༔ དམ་པ་དུ་མའི་བཀའ་དམ་དྲན་མཛོད་ལ༔ རྣལ་འབྱོར་ལས་སྒྲུབ་མཆོད་པས་མཉེས་པར་མཛོད༔ དངོས་འབྱོར་ཡིད་སྤྲུལ་ཕྱི་ནང་མཆོད་པའི་ཚོགས༔ སྨན་གཏོར་རཀྟ་དཀར་གསུམ་མངར་གསུམ་སྐྱེམས༔ བདུད་རྩི་ཤིང་ལྔའི་དུད་སྤྲིན་མཁའ་དབྱིངས་ཁྱབ༔ བསང་གསུར་འདོད་ཡོན་ལྔ་ལྡན་རོལ་མོའི་སྒྲ༔ ས་གསུམ་དོག་པོར་བྱེད་པའི་མཆོད་ཚོགས་ཀྱིས༔ བཀའ་དྲིན་གསུམ་ལྡན་རྩ་བརྒྱུད་བླ་མ་བསང༔ དངོས་གྲུབ་ཆར་འབེབས་ཡི་དམ་ཞི་ཁྲོ་བསང༔ འདོད་རྒུའི་ལྷུན་གྲུབ་མ་སྲིང་ཌཱཀྐི་བསང༔ འགོ་བའི་ལྷ་ལྔ་དམ་ཅན་སྲུང་མ་བསང༔ རྒྱབ་རྟེན་སྐུ་ལྷ་ར་ཁང་ཡུམ་སྲས་བསང༔ ཁྱད་པར་ཟོ་དོར་དབྲ་ཕོ་ལེགས་བྱིན་བསང༔ སྤུན་ཟླ་དབྲ་ཕོ་གནམ་ལྷ་དཀར་པོ་བསང༔ ཡང་ཟླ་དབྲ་ཕོ་རྨུག་འཛིན་གསེར་མདོག་བསང༔ འཁོར་དང་ཡང་འཁོར་སྤྲུལ་པ་ཡང་སྤྲུལ་བསང༔ ཡུལ་འདིར་གཉུག་གནས་མཁའ་རྒྱུའི་དྲེགས་ཚོགས་བསང༔ ཁྱེད་རྣམས་བསང་ཞིང་མཆོད་པའི་ནུས་མཐུ་ཡིས༔ ཡུལ་ཁམས་སྐྱོང་ལ་ནད་མུག་མཚོན་གསུམ་བཟློག༔ ལོ་ལེགས་དཔལ་འཕེལ་འབྲུ་དང་ཆོས་རྣམས་སྤེལ༔ རྒྱ་འདྲེ་རྒྱལ་འགོང་གྲི་བོའི་རྒྱུ་ལམ་ཆོད༔ མི་འདོད་དགྲ་འདྲེ་དམ་སྲིའི་འདུ་ཕུང་ཤིགས༔ དཀར་ཕྱོགས་གྲོགས་མཛོད་ནག་ཕྱོགས་ཆམ་ལ་ཕོབ༔ བསྟན་འཛིན་ཞབས་བརྟན་བསྟན་པ་དར་བར་མཛོད༔ ཁམས་གསུམ་སྲིད་གསུམ་སྣང་བ་དབང་དུ་བསྡུས༔ རྣལ་འབྱོར་འདོད་པའི་དོན་དང་གཉེར་བའི་ལས༔ ཐོགས་མེད་ཡིད་བཞིན་འགྲུབ་པའི་ཤིས་པ་སྩོལ༔ ཞེས་པ་འདི་ཡང་བསླབ་གསུམ་ནོར་གྱིས་ཕྱུག་པའི་བཙུན་པ་པདྨ་བསྟན་འཛིན་གྱི་བཀས་བསྐུལ་བ་ལ་བརྟེན་ནས་བདག་འདྲ་སྤྲང་བན་ས་ར་ཧི་ཏས་ཡི་དམ་ལྷའི་ཏིང་ངེ་འཛིན་གྱིས་གཟིར་བས་ཡུལ་ལྷ་དབྲ་ཕོ་སྤུན་གསུམ་གྱིས་གཟུགས་བསྟན་ཅིང་བཀའ་དང་ཐ་ཚིག་མནོས་པ་ལ་བརྟེན་ནས་བྲིས་པས་ཡུལ་འདིར་བཀྲ་ཤིས་ཤིང་དགེ་བར་གྱུར་ཅིག་གུ༔

ཡུལ་ལྷ་ཟོ་དོར་སྤྱི་རྗེའི་མངོན་རྟོགས།

ཀྱེ༔ བདག་ནི་རིག་འཛིན་བརྒྱུད་པའི་སྲས༔ ཁྱེད་ནི་སྤྱི་རྗེ་ལྷ་འདྲེའི་རིགས༔ ཨོ་རྒྱན་ཆེན་པོས་བཀའ་ཕོག་པ༔ སློབ་དཔོན་ཆེན་པོའི་བཀའ་མ་བཅག༔ རིག་འཛིན་གོང་མའི་ངོ་མ་གཡེལ༔ གསང་སྔགས་བདག་གིས་གཡར་དམ་འཆོལ༔ ཁྱེད་ནི་དྲེགས་པའི་སྤྱི་རྗེ་བ༔ དམར་སྨུག་ཁྲོ་འཛུམ་བརྗིད་པའི་ཞལ༔ དབུ་ལ་དར་དམར་འགྱིང་ཐོད་བཅིངས༔ ཕྱག་གཡས་མདུང་དར་ཀླད་ལ་ཕྱར༔ ཕྱག་གཡོན་ལྕགས་ཀྱུ་དབང་སྔོན་ངོམ༔ སྐུ་ལ་ཟ་བེར་སློག་པ་མནབས༔ ཞབས་གཉིས་བརྐྱངས་བསྐུམ་སྟག་མོ་སྟེ༔ འཛུམ་དྲུག་རྒྱས་པའི་འཕུར་ཤེས་བཅིབས༔ འཁོར་དུ་ལྷ་ཀླུ་བདུད་བཙན་དང༔ བཀའ་ཉན་རྡོ་རྗེ་དྲག་པོ་རྩལ༔ འཁོར་བཅས་འདིར་གཤེགས་མགྲོན་ལ་འདུས༔ བསང་མཆོད་འདོད་རྒུའི་ཕུན་ཚོགས་བཞེས༔ གང་བཅོལ་ཕྲིན་ལས་རབ་འབྱམས་སྒྲུབ༔ མ་གཡེལ་མ་འདའ་ས་མ་ཡཱ༔ སངས་རྒྱས་བསྟན་པའི་དགྲ་བགེགས་སྒྲོལ༔ དཀོན་མཆོག་སྐུ་དགྲ་ཆམ་ལ་ཕོབ༔ མི་མིན་དམ་སྲིའི་རྒྱུ་ལམ་ཆོད༔ བཙའ་སད་སེར་བའི་གནོད་པ་སྲུང༔ རྣལ་འབྱོར་ལས་བཅོལ་གང་ཡིན་པ༔ དོན་དེ་དེ་རིང་འགྱུར་བར་མཛོད༔ ཅེས་ཡུལ་ལྷ་ཟོ་དོར་སྤྱི་རྗེའི་མངོན་རྟོགས་སྣང་བརྙན་འབྲི་བདེ་ཞིག་དགོས་ཞེས་ལྷ་བཟོ་དྲ་ཡའི་མིང་གིས་བསྐུལ་ངོར༔ ཟོག་པོ་ས་ར་ཧི་ཏས་སྤེལ་བ་དགེ་ལེགས་འཕེལ༔

ཡུལ་ལྷ་བྲེང་ངེ་གཡག་ཕྱུག་གམ་གཡུང་དྲུང་ལྷ་རྩེའི་བསང་མཆོད་ཕན་བདེའི་གཏེར་འཆང་།

ཡུལ་ལྷ་ཆེན་པོ་གཡུང་དྲུང་ལྷ་རྩེའི་བསང་མཆོད་ཕན་བདེའི་གཏེར་འཆང་ཞེས་བྱ་བ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ རྒྱལ་ཀུན་སྤྱི་གཟུགས་གངས་ཅན་བླ་མ་རྗེ༔ དེ་ཉིད་ཐུགས་རྗེའི་སྤྲོ་བསྡུ་བླ་ན་མེད༔ གྲུབ་པའི་དབང་ཕྱུག་ལག་ན་རྡོ་རྗེ་ཡི༔ གསང་གསུམ་སྒྱུ་འཕྲུལ་ལུང་རིག་གླིང་པ་རྒྱལ༔ དེང་འདིར་བདག་གིས་ཡུལ་ལྷའི་བསང་མཆོད་ཅིག༔ རྩོམ་པའི་དངོས་གྲུབ་གནང་བའི་ཤིས་པ་སྩོལ༔ གང་ཞིག་སྐྱེ་བོ་ཡུལ་ལྷ་བྲེང་ངེ་ལ༔ གནས་སྐབས་འགོ་བའི་ལྷ་རུ་རློམ་པ་དག༔ མཆོད་པའི་ཡོ་བྱད་ས་སྟེགས་མེ་ཐབ་དང༔ ཤིང་ལྔའི་བསང་དུད་ཕྱེ་མར་སྐྱེམས་རིགས་སོགས༔ གྱ་ནོམ་ངོམ་པ་ལེགས་བསྒྲིགས་འདི་སྐད་དོ༔ ཨེ་མ་ཧོ༔ ངོ་མཚར་རྨད་བྱུང་རིག་པ་ཀ་དག་ཀློང༔ སོར་རྟོག་ཡེ་ཤེས་ཁྱབ་བྱེད་ཀུན་གཟིགས་རྩལ༔ འགག་མེད་སྒྱུ་མའི་དཔེ་དོན་སེམས་སྣང་བཞིན༔ རྟེན་དང་རྟེན་འབྱུང་རྟེན་འབྲེལ་བསླུ་མེད་ངོམས༔ སྔོན་ཚེ་འཕགས་མཆོག་སྤྱན་གཟིགས་སྒྲོལ་མ་ཡིས༔ བྱིན་རླབས་བདུད་རྩིའི་ཆབ་ཀྱིས་བརླན་པའི་གནས༔ གངས་ཅན་བོད་ཡུལ་པད་འབྱུང་གདུལ་བྱའི་ཡུལ༔ མི་སྲིན་དྲེགས་པའི་སྡེ་ཚོགས་ཆམ་ལ་ཕབ༔ སྒྱུ་འཕྲུལ་རྡོ་རྗེ་ཁྲོ་བོའི་བརྟུལ་ཞུགས་ཀྱིས༔ མི་མིན་འབྱུང་པོ་ཕལ་ཆེར་གནས་སྲུང་དང༔ འགའ་ཞིག་ཡུལ་གྱི་སྐྱེ་འགྲོའི་ལེགས་ཉེས་སྟོན༔ ཁྱད་པར་བཻ་རོ་གཡུ་སྒྲའི་ཞབས་ཀྱིས་བཅགས༔ ཕྱག་གིས་མེ་ཏོག་གཏོར་བའི་རྒྱལ་མོ་རོང༔ སྦས་ཡུལ་དགའ་བ་ལྗོངས་ཀྱི་ཉེ་ཆར་དུ༔ བཀའ་ཡི་བློན་པོ་བྲེང་ངེ་གཡག་ཕྱུག་ཅེས༔ ལྷ་ཀླུ་ཁྱོ་ཤུག་བཤོས་པའི་མཐུ་བོ་ཆེ༔ སྙིང་སྒྲོམ་ལྟ་བུའི་རི་ལ་རྟེན་བཅའ་བའི༔ ཡུལ་གྱི་ཟོ་དོར་ཞལ་གཅིག་ཁྲོ་འཛུམ་འབར༔ སྤྱན་གྱི་སྡང་མིག་མེ་འབར་གློག་འོད་འཕྲོ༔ སྨ་ར་སྨིན་མ་མེ་འོད་ཡ་ལ་ལ༔ ཕྱག་གཡས་མདུང་དར་མི་མངོན་དབྱིངས་ལ་ཕྱར༔ ཕྱག་གཡོན་བསེ་ཡི་གཞོང་པ་རཏྣས་བཀང༔ དབུ་ལ་སག་ཞུ་སྨུག་པོ་དར་སྣ་དང༔ རུ་མཚོན་རླུང་གི་ཤུགས་ལྡན་འུ་རུ་རུ༔ སྐུ་ལ་ཟ་འོག་ན་བཟའ་རིན་ཆེན་སྤུད༔ ཞབས་གཉིས་སག་ལྷམ་སིལ་འཁྲོལ་ཉྭ་ཆབ་སྤྲས༔ ལྷ་གཡག་སྔོན་པོ་ཁ་གདངས་མིག་འབུར་ཞིང༔ ངུར་སྒྲ་འབྲུག་ལྡིར་རླུང་དང་བུ་ཡུག་འཚུབ༔ རྭ་དང་རྔ་རྔོག་མེ་སྟག་ཚ་ཚྭ་འཕྲོ༔ གསེར་གྱི་སྣ་གཅུ་རིན་ཆེན་ཆས་ལྡན་བཅིབས༔ གཡས་གཡོན་དགྱེས་སྡེ་ཀླུ་མོས་བཞད་མདངས་ངོམས༔ འཁོར་དུ་ལྷ་ཀླུ་མི་མིན་རྡུལ་ལྟར་འཁྲིགས༔ བྲེང་ངེ་ཤུགས་བཙན་མཆེད་སྡེ་ཕོ་ཉར་འགྱེད༔ རྣལ་འབྱོར་བདག་གིས་སྙན་གསན་བསྐུལ་བའི་ཚེ༔ དད་དང་དམ་ཚིག་དབང་གིས་འདིར་གཤེགས་ཤིག༔ ཁྱོད་ལ་མཆོད་པའི་ཡོ་བྱད་འབུལ་བ་ནི༔ ས་ཐབ་སྤྱན་མའི་མཁའ་ལས་ལེགས་བསྐྲུན་པའི༔ བདུད་རྩི་ཤིང་ལྔ་ཕྱེ་མར་ཛ་གད་སྐྱེམས༔ དཀར་གསུམ་མངར་གྱི་བ་ལིང་ཟས་སྣའི་ཚོགས༔ མ་ཀི་ཆུ་ཁམས་ཆབ་ཀྱིས་རབ་སྦྱངས་ནས༔ གོས་དཀར་མོ་ཡིས་བཞུས་པའི་དུད་སྤྲིན་ལས༔ ཕུན་ཚོགས་ཀུན་བཟང་སྤྲིན་རོལ་དབྱིངས་ཀུན་ཁྱབ༔ དམ་ཚིག་སྒྲོལ་མས་ཕྱོགས་བརྒྱར་བསྐྱོད་པ་འདིས༔ དབང་ལྔའི་བདེ་བ་བསྐྱེད་པའི་ལོངས་སྤྱོད་འབུལ༔ སྔགས་དང་ཕྱག་རྒྱ་སྤེལ་ཞིང་བསྒྱུར་བ་འདིས༔ སྐྱབས་གནས་བསླུ་མེད་དཀོན་མཆོག་རྣམ་གསུམ་བསང༔ མཆོད་འོས་རྩ་གསུམ་ཞི་ཁྲོ་རབ་འབྱམས་བསང༔ བར་ཆད་ཀུན་སེལ་གནས་གསུམ་ཌཱཀྐི་བསང༔ ལེགས་ཉེས་སྟངས་འཛིན་ཆོས་སྐྱོང་སྲུང་མ་བསང༔ ཡུལ་ལྷ་ཆེན་པོ་རྡོ་རྗེ་དབྱི་ཁྲོམ་བསང༔ དབེན་རི་སྲུང་མ་བྲེང་ངེ་གཡག་ཕྱུག་བསང༔ གསང་བའི་མཚན་ནི་གཡུང་དྲུང་ལྷ་རྩེ་བསང༔ བདག་གིས་མཚན་གསོལ་དབང་སྡུད་དཔའ་བོ་བསང༔ དགྱེས་སྡེ་བཙུན་མོ་ཀླུ་མོ་མཆེད་སྡེ་བསང༔ བཀའ་ཡི་ཕོ་ཉ་ཤུགས་བཙན་འབར་བ་བསང༔ ཡང་འཁོར་མི་མིན་དྲེགས་ཚོགས་དུ་མ་བསང༔ སྔོན་ཚེ་རིག་འཛིན་བཻ་རོ་དགའ་ལོ་དང༔ བར་དུ་མཁས་གྲུབ་འགྱུར་མེད་རྒྱལ་མཚན་དང༔ བསམ་གཏན་སྙིང་པོ་རྒྱལ་བ་ཀརྨ་པ༔ ཐ་མ་སྒྲུབ་བརྩོན་རྣལ་འབྱོར་མཚན་བཟང་སོགས༔ རིག་འཛིན་ཡབ་སྲས་བཀའ་བསྒོས་དམ་བཞག་བཞིན༔ སངས་རྒྱས་བསྟན་སྐྱོང་འགྲོ་བའི་བདེ་སྐྱིད་སྤེལ༔ མི་ནད་ཕྱུགས་ཡམས་དུས་ཀྱི་རྒུད་པ་སོལ༔ དགྲ་དང་འགྱེད་ན་དཔའ་རྟགས་རུ་མཚོན་ཕྱོར༔ མི་མཐུན་ཕྱོགས་ལས་རྒྱལ་བའི་མཐུན་འགྱུར་མཛོད༔ འཇིགས་བརྒྱད་མུན་རུབ་སྨག་ལས་རབ་གྲོལ་ཞིང༔ འབྱོར་དྲུག་དཔལ་གྱིས་མངོན་པར་མཐོ་བར་མཛོད༔ མོས་ཚོགས་རྣམས་བཞིས་སྣང་སྲིད་དབང་དུ་ཁུག༔ མངོན་སྤྱོད་དྲག་པོའི་ལས་ཆེན་བཅུ་གཉིས་ཀྱིས༔ གནམ་ལྕགས་རྒྱོགས་རྡོ་བྲག་ལ་ཕོག་པ་ལྟར༔ བསྟན་དགྲའི་མགོ་བོ་འགེམས་པར་མཛད་དུ་གསོལ༔ མདོར་ན་གང་བཅོལ་ལས་ཀྱི་ཕྲིན་ལས་རྣམས༔ དུས་འདིར་མྱུར་དུ་སྒྲུབས་ཤིག་ས་མ་ཡཱ༔ དགེ་འདིས་བསྟན་དང་འགྲོ་ལ་སྨན་པ་དང༔ ཕན་བདེའི་ལེགས་ཚོགས་སྤེལ་བའི་དཔུང་བསྐྱེད་ནས༔ རྣལ་འབྱོར་བདག་དང་ཡུལ་འདིའི་ལྟོས་བཅས་རྣམས༔ དབུ་འཕང་དགུང་ལ་རེག་པའི་ཤིས་པ་སྩོལ༔ ཞེས་ཡུལ་ལྷ་ཟོ་དོར་བྲེང་ངེ་གཡག་ཕྱུག་ཟེར་བ་ཐོས་བྱུང་བའི་ཚེ་རིག་རྩལ་རྟོག་པའི་འཕྲོ་འདུ་ཆེན་པོས་དཔྱད་པའི་རྐྱེན་ལས་ནུབ་གཅིག་ཉིང་འཁྲུལ་གྱི་ངོར་མི་དྲག་གཡག་རྒོད་མངོན་རྟོགས་དང་མཐུན་པ་ཞིག་འོངས་ནས༔ རྣལ་འབྱོར་པ་སྐུ་ཁམས་བཟང་ངམ༔ ང་རང་གསུང་རྟགས་ཤིག་ཞུ་བ་ལ་འོང་ཟེར༔ ཁྱོད་སུ་ཡིན་སྨྲས་པས༔ ང་བྲེང་ངེ་གཡུང་དྲུང་ལྷ་རྩེ་ཡིན༔ མི་མ་ཡིན་ཐམས་ཅད་ཡུལ་གྱི་མི་ལ་བརྟེན་དགོས་པ་ཡིན་ཡང༔ བདག་མཆོད་བསྟོད་བརྟེན་མཁན་མེད་པས་ཡུལ་ངེས་མེད་དུ་རྒྱུ་བ་མ་གཏོགས་རྟེན་གཅིག་ལ་གནས་པའི་རེ་བ་མི་འོང་བས་ཅི་དགའ་ཞེས་ཐོས་བྱུང༔ བདག་གི་སྙིང་རྗེའི་བསམ་པས་ཁྱོད་བྲེང་ངེ་ལ་རྟེན་ཆོས་ཡུལ་མི་རྣམས་ཀྱི་གྲོགས་དན་མཛོད་དང༔ ཁྱོད་མཆོད་པའི་ཐབས་ངས་བྱེད་ཆོག་ཅེས་བརྡ་སྤྲད་ནས་ཉིང་འཁྲུལ་ལས་སད་པས་ཐམས་ཅད་བདེན་མེད་དུ་ལུས༔ དེ་རྗེས་འོ་བཟི་ལ་ཕེབས་ནས་གནས་དེ་ལ་སླེབས་ཁར་ཉམས་ལ་མི་མ་ཡིན་དེའི་གཟུགས་མངོན་པའི་རྟགས་མཚན་བྱུང་བ་དང༔ དེ་རྗེས་ཡུལ་མི་མི་དབང་དཔའ་བོའི་རིགས་དབོན་སློབ་བུ་ཚུལ་ཁྲིམས་དཔལ་བཟང་གིས་ཡུལ་ལྷ་འདི་ལ་བསང་མཆོད་ཅིག་དགོས་ཞེས་བསྐུལ་ཀྱང་རྣམ་གཡེང་གི་ངང་དུ་ལུས༔ མཐར་ཆོས་དབང་སྐྱེས་ཐོབ་ཀྱི་བཙུན་པ་རིག་འཛིན་དོན་འགྲུབ་ཀྱིས་བསྐུལ་བ་ལ་བརྟེན་ནས་ཧོར་ཟླ་ལྔ་པའི་ཚེས་བཅུའི་ཉིན་བཀའ་དྲིན་མཚུངས་མེད་བླ་མ་རིག་འཛིན་ལུང་རིག་གླིང་པའི་བཞུགས་ཁྱིམ་དེ་རུ་གཏེར་གསར་སྒྲོལ་མའི་ཚོགས་བསྐང་སྐབས་ཐུབ་བསྟན་གཞན་ཕན་བཟང་པོས་སྣང་བ་དྭངས་པའི་རྩལ་དུ་ཤར་བཞིན་བྲིས་པ་གཡུ་ཆུང་དཔོན་སྡེ་ལ་ཕན་པའི་རྐྱེན་དུ་འགྱུར་ཞིང་ཡུལ་ཁམས་དགེ་ལ་འགོད་པར་ཤོག་ཅིག་གུ༔

རོང་མེས་ཕྱོགས་ཀྱི་སྐུ་ལྷ་ཡོ་ཎ་དཔའ་བོ་མེས་པོ་ཞལ་དཀར་རྩལ་གྱི་བསང་མཆོད་ལྷའི་དཔག་བསམ་སྙེ་མ།

སྐུ་ལྷ་ཡོ་ཎ་དཔའ་བོ་མེས་པོ་ཞལ་དཀར་རྩལ་གྱི་བསང་མཆོད་ལྷའི་དཔག་བསམ་སྙེ་མ་བཞུགས༔ ཨོ་རྒྱན་ཐོད་ཕྲེང་རྩལ་ལ་འདུད༔ ཡུལ་ལྷ་ཟོ་དོར་ཆེ་བའི་མཆོག༔ ཡོ་ཎ་དཔའ་བོ་ཞལ་དཀར་རྩལ༔ འགོ་བའི་ལྷ་རུ་བསྟེན་འདོད་པས༔ སྟེགས་མཐོན་ཁ་རུ་ཤིང་སྣ་བརྩིགས༔ ཕྱེ་མར་སྐྱེམས་དང་གཏོར་མ་སོགས༔ མེ་ལ་བཞུས་པའི་དུད་སྤྲིན་གཏོང༔ སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས༔ རང་ཉིད་ཨོ་རྒྱན་ཆེན་པོ་ཡི༔ སྙེམས་པས་ཡུལ་ལྷ་སྤྱན་དྲངས་བཀུག༔ རང་མདུན་བྱོན་ནས་བཞུགས་པར་བསམ༔ ཀྱེ༔ གླིང་གི་གླིང་མཆོག་ལྷོ་རྒྱལ་འཛམ་བུ་གླིང༔ འཛམ་གླིང་ས་ཡི་ལྟེ་བ་རྡོ་རྗེ་གདན༔ རྡོ་རྗེ་གདན་གྱི་བྱང་ཕྱོགས་གངས་ཅན་ལྗོངས༔ གངས་ཅན་ལྗོངས་ཀྱི་ཤར་ཕྱོགས་རྒྱལ་མོ་རོང༔ རྒྱལ་མོ་རོང་གི་ལྷ་གཉན་དམུ་རྡོ་ཡི༔ ཉེ་ཆར་བཞག་བྲ་གནོད་སྦྱིན་བདུད་འཇོམས་རྩལ༔ དེ་ཡི་ཕྱི་ནང་གསང་བའི་བློན་པོ་ལས༔ གསང་བློན་ཤན་པ་སྡེ་དགུའི་ཆེ་བའི་མཆོག༔ ཡོ་ཎ་དཔའ་བོ་མེས་པོ་ཞལ་དཀར་རྩལ༔ སྐུ་མདོག་དཀར་གསལ་ཞལ་གྱིས་ཨམ་གཙིགས་བསྡམས༔ ཕྱག་གཡས་གསེར་མདུང་མཚམས་རིང་ཀླད་ལ་བསྐོར༔ ཕྱག་གཡོན་འབྲུ་ནོར་གཏེར་གྱི་སྒྲོམ་བུ་བསྣམས༔ ཙི་ནའི་ཆས་ལྡན་ཟ་འོག་སློག་པ་གསོལ༔ དབུ་ལ་རྒྱ་ཞྭ་དུང་མདོག་ཇ་ལས་སྤུད༔ ཞབས་ལ་སག་ལྷྭམ་འཇའ་ལྡན་ཕྱེད་དཀྱིལ་གྱིས༔ འབྲོང་གཡག་ཞོལ་ཆེན་རཏྣའི་རྒྱན་སྤྲས་བཅིབས༔ གོང་ཐག་གློ་རྨེད་སྦལ་སྦྲུལ་སྡོམ་སྡིག་འཕྱོ༔ སྣ་ལ་དུང་གི་ཝ་མིག་དར་སྣས་འཕྱངས༔ སྟག་རལ་གཟིག་ཤུབས་སྐེད་གྲི་ཀྱི་ལི་ལི༔ གཡས་ཕྱོགས་བཙུན་མོ་རྡོ་རྗེ་གཡུ་སྒྲོན་མ༔ མཚོ་སྨན་ཀླུ་མོ་སྨན་ཕྲན་འབུམ་གྱིས་བསྐོར༔ གཡོན་དུ་སྲས་མཆོག་ཅི་ཟི་གཡུ་རྒྱལ་གྲགས༔ སྲས་མོ་འོད་ལྡན་དྲི་ཟ་གྲུལ་བུམ་སྟེ༔ མདུན་དུ་བཀའ་ཡི་བློན་པོ་རྫོང་ཞབས་ནག༔ མི་མིན་ལྷ་འདྲེའི་དཔུང་ཚོགས་ཆེམས་སེ་ཆེམ༔ རྒྱབ་ཏུ་ཤན་པ་གཞུ་བདུང་མདའ་འཕེན་ཚོགས༔ སྤྲུལ་པ་ཡང་སྤྲུལ་སྡེ་བརྒྱད་ཤ་ར་ར༔ བང་མཛོད་རིན་ཆེན་གཏེར་གྱི་མངའ་བདག་རྗེ༔ སེང་གེ་གཡུ་རལ་དཀར་གསུམ་རྐྱལ་པ་ཐོག༔ ནོར་བདག་གནོད་སྦྱིན་དཔུང་ཚོགས་ཆེམས་སེ་ཆེམ༔ འཁོར་དང་བཅས་པ་སྐད་ཅིག་ཡུད་ཙམ་གྱིས༔ རྣལ་འབྱོར་བསང་གི་མགྲོན་ལ་གཤེགས་སུ་གསོལ༔ ས་མཆོག་པདྨའི་གདན་ལ་དགྱེས་པར་བཞུགས༔ རྣལ་འབྱོར་འདོད་དོན་སྒྲུབ་པར་མངའ་གསོལ་ལོ༔ ཡུམ་ཆེན་ལྔ་ཡི་ཐུགས་རྗེའི་འོད་ཟེར་ལས༔ བྱུང་བའི་འབྱུང་བ་ལྔ་ཡི་འདུ་བྱེད་རྫས༔ ཤིང་རྩི་སྣ་དགུ་ཕྱེ་མར་དམ་རྫས་དང༔ རྒྱ་ཇ་གོ་མཚོན་མྱོས་བྱེད་གསེར་གཡུ་སྐྱེམས༔ མ་ཚང་མེད་པའི་འདོད་རྫས་བྷ་ལིང་ཏ༔ ཕུན་ཚོགས་བསང་མཆོད་འདོད་དགུའི་སྤྲིན་ཕུང་འདིས༔ སྐྱབས་གནས་དཀོན་མཆོག་རྩ་གསུམ་རྒྱ་མཚོ་བསང༔ ཕུན་ཚོགས་བསང་མཆོད་འདོད་དགུའི་སྤྲིན་ཕུང་འདིས༔ མཐུ་དཔུང་སྡོང་གྲོགས་དམ་ཅན་སྲུང་མ་བསང༔ ཕུན་ཚོགས་བསང་མཆོད་འདོད་དགུའི་སྤྲིན་ཕུང་འདིས༔ རྒྱབ་བརྟེན་ལྷ་གཉན་དམུ་རྡོའི་གནས་བདག་བསང༔ ཕུན་ཚོགས་བསང་མཆོད་འདོད་དགུའི་སྤྲིན་ཕུང་འདིས༔ ཡུལ་རི་གཞི་བདག་བཞག་བྲ་ལྷ་རྩེ་བསང༔ ཕུན་ཚོགས་བསང་མཆོད་འདོད་དགུའི་སྤྲིན་ཕུང་འདིས༔ དབེན་རི་འགོ་ལྷ་ཡོ་ཎ་ཞལ་དཀར་བསང༔ ཕུན་ཚོགས་བསང་མཆོད་འདོད་དགུའི་སྤྲིན་ཕུང་འདིས༔ ཡུམ་མཆོག་མཚོ་སྨན་རྡོ་རྗེ་གཡུ་སྒྲོན་བསང༔ ཕུན་ཚོགས་བསང་མཆོད་འདོད་དགུའི་སྤྲིན་ཕུང་འདིས༔ སྲས་མཆོག་ཅི་ཟི་གཡུ་རྒྱལ་དཔའ་བོ་བསང༔ ཕུན་ཚོགས་བསང་མཆོད་འདོད་དགུའི་སྤྲིན་ཕུང་འདིས༔ སྲས་མོ་སྨན་བཙུན་འོད་ལྡན་འབར་མ་བསང༔ ཕུན་ཚོགས་བསང་མཆོད་འདོད་དགུའི་སྤྲིན་ཕུང་འདིས༔ བཀའ་ཉན་བློན་པོ་རྫོང་ཞབས་ནག་པོ་བསང༔ ཕུན་ཚོགས་བསང་མཆོད་འདོད་དགུའི་སྤྲིན་ཕུང་འདིས༔ བང་མཛོད་གཏེར་འཆང་སེང་གེ་གཡུ་རལ་བསང༔ ཕུན་ཚོགས་བསང་མཆོད་འདོད་དགུའི་སྤྲིན་ཕུང་འདིས༔ མངགས་པའི་ཕོ་ཉ་ཤན་པ་མདའ་འཕེན་བསང༔ ཕུན་ཚོགས་བསང་མཆོད་འདོད་དགུའི་སྤྲིན་ཕུང་འདིས༔ སྤྲུལ་དང་ཡང་སྤྲུལ་ལྷ་སྲིན་སྡེ་བརྒྱད་བསང༔ ཕུན་ཚོགས་བསང་མཆོད་འདོད་དགུའི་སྤྲིན་ཕུང་འདིས༔ བསང་ངོ་ཡོ་ཎ་དཔའ་བོ་ཞལ་དཀར་བསང༔ མཆོད་དོ་ཡོ་ཎ་དཔའ་བོ་ཞལ་དཀར་མཆོད༔ གསོལ་ལོ་ཡོ་ཎ་དཔའ་བོ་ཞལ་དཀར་གསོལ༔ བསྟོད་དོ་ཡོ་ཎ་དཔའ་བོ་ཞལ་དཀར་བསྟོད༔ ཡོ་ཎ་དཔའ་བོ་ཞལ་དཀར་འཁོར་དང་བཅས༔ ཁྱེད་རྣམས་མཆོད་བསྟོད་ཕྲིན་ལས་བཅོལ་བ་ནི༔ སྔོན་ཚེ་པད་འབྱུང་བཻ་རོ་གཡུ་སྒྲ་དང༔ དཔལ་གྱི་རྡོ་རྗེའི་བཀའ་དང་ཐ་ཚིག་མནོས༔ བར་དུ་རིག་འཛིན་ཧཱུྃ་རལ་བསམ་སྙིང་དང༔ ཁྲག་འཐུང་དཔའ་བོའི་བཀའ་དང་ཐ་ཚིག་མནོས༔ ཐ་མ་བརྒྱུད་གསུམ་རིག་འཛིན་ཡབ་སྲས་དང༔ རྣལ་འབྱོར་བདག་གི་བཀའ་དམ་སྙན་གསོན་ཅིག༔ མ་གཡེལ་མ་འདའ་ཡུལ་ལྷ་ཆེན་པོ་ཁྱོད༔ མདོ་སྔགས་བསྟན་པ་དབྱར་མཚོ་ལྟར་འཕེལ་ཞིང༔ དགེ་འདུན་སྡེ་ཚོགས་སྙན་པའི་དབྱར་རྔ་སྒྲོགས༔ བསྟན་པའི་སྦྱིན་བདག་རྫོགས་ལྡན་དཔལ་ལ་སྦྱོར༔ ཡུལ་ལྗོངས་འདི་ལ་བཀྲ་ཤིས་ཡོན་ཏན་གྱིས༔ མངོན་པར་འཚོ་བའི་གཉེར་ཁ་ཁྱོད་ཀྱིས་ལོངས༔ མི་མཐུན་རྒུད་པའི་ནད་མུག་མཚོན་གསུམ་དང༔ བཙའ་སད་སེར་གསུམ་མི་ནད་ཕྱུགས་ཡམས་སོགས༔ མ་ལུས་ཞི་ཞིང་མཐོ་གནོན་བརྙས་བཅོས་མཁན༔ ཁ་དཀར་སྙིང་ནག་གཡོ་སྒྱུའི་དཔུང་ངོམ་པའི༔ བསྟན་དགྲ་དམ་ཉམས་རྒྱལ་འགོང་ཤི་འདྲེ་ཆོམ༔ གཞི་བྱེས་ཀུན་ཏུ་སྡོང་གྲོགས་རྒྱབ་བརྟེན་མཛོད༔ ཁ་ཡིས་ཟས་འདོད་ལག་པས་ནོར་སྒྲུབ་པ༔ ཁབ་ལེན་ལྕགས་བཞིན་མཐུན་སྦྱོར་ཁྱོད་ཀྱིས་མཛོད༔ དཔའ་བའི་དཔུང་དང་དྲེགས་པའི་བ་དན་ཕྱོར༔ ཕུན་ཚོགས་ཕྱོགས་ལས་རྒྱལ་བའི་བཀྲ་ཤིས་ཀྱིས༔ དུས་གསུམ་ཀུན་ཏུ་འཚོ་བའི་དགེ་ལེགས་སྩོལ༔ ཅེས་རོང་མེའི་གཞི་བདག་སྐུ་ལྷ་ཡོ་ཎ་དཔའ་བོ་མེས་པོ་ཞལ་དཀར་རྩལ་གྱི་བསང་མཆོད་ལྷའི་དཔག་བསམ་སྙེ་མ་འདི་ཧོར་ཟླ་དགུ་པའི་ཚེས་བཅུའི་དུས་རིག་འཛིན་བླ་མ་གཞན་ཕན་ཉམས་འུར་བའི་ཚེ་རྟེན་འབྲེལ་ཙམ་དུ་ཡུལ་ལྷ་ལ་བསང་མཆོད་འདི་ཐོལ་བྱུང་ཐོགས་མེད་དུ་སྤེལ་བ་རང་གཞན་ཡོངས་ལ་དགེ་བར་གྱུར་ཅིག་གུ༔

ངེས་ལེགས་ཆུ་མིག་ནཱ་གའི་བསང་མཆོད་དབང་སྔོན་རྒྱལ་པོ།

ནཱ་གའི་བསང་མཆོད་དབང་སྔོན་རྒྱལ་པོ་བི་ཛ་ཧ་རམ༔ ན་མོ་ཤཱཀྱ་མུ་ནེ་ཡེ༔ ཡུལ་སྐྱོང་རྗེ་རིགས་ནཱ་ག་ལ༔ བསང་གི་མཆོད་པ་རྩོམ་འདོད་ན༔ དཀྱིལ་འཁོར་ས་སྟེགས་པད་འདབ་བརྒྱད༔ ཕྱོགས་མདོག་མཚམས་མཐིང་མཛེས་ཚོན་གདབ༔ དེ་སྟེང་ཤུག་པ་ཀླུ་ཤིང་དང༔ ཕ་ཤིང་མ་ཤིང་བུ་ཤིང་སོགས༔ སྣ་ཚོགས་བསྲེགས་པའི་དུད་སྤྲིན་སྤྲོ༔ ཀླུ་སྨན་དཀར་གསུམ་མངར་གསུམ་དང༔ ཆབ་གཏོར་ལ་སོགས་ཡོ་བྱད་བསགས༔ ཤ་ཆང་སྒོག་ཙོང་གཙང་སྦྲ་འཛེམ༔ སེམས་བསྐྱེད་ལྡན་པའི་གང་ཟག་གིས༔ བསྐྱེད་རིམ་གདེངས་ཀྱིས་འདི་སྐད་དོ༔ ཨེ་མ་ཧོ༔ བསྟན་པ་འདི་ལ་ངོ་མཚར་རྨད་དུ་བྱུང༔ ཤཱཀ་ཐུབ་པད་འབྱུང་བསྟན་པའི་མངའ་བདག་རྗེ༔ གཏེར་སྟོན་བརྒྱ་རྩ་གཏེར་ཕྲན་སྟོང་ཕྲག་གིས༔ འགྲོ་ལ་ཕན་བདེའི་རྩ་ལག་བརྐྱང་བའི་ཚེ༔ རང་རང་ཡུལ་གྱི་སྡེ་བརྒྱད་དམ་ལ་བཏགས༔ ཁྱད་པར་རྒྱལ་མོ་རོང་གི་ཡུལ་གྲུ་རུ༔ སྔོན་དུས་ལོ་ཙཱ་བཻ་རོ་གཡུ་སྒྲ་སྙིང༔ བར་དུ་དགའ་ལོ་བསམ་གཏན་སྙིང་པོ་དང༔ ཐ་མ་གཏེར་སྟོན་རིག་འཛིན་བརྒྱུད་བཅས་ཀྱི༔ བཀའ་དང་དམ་ལ་གནས་པའི་ཐ་ཚིག་ཅན༔ ངེས་ལེགས་ཡུལ་གནས་ནཱ་ག་རྗེ་ཡི་རིགས༔ གདེངས་ཀ་བདུན་ལྡན་ཝ་རུ་ཎ་ཞེས་བྱ༔ སྐུ་སྟོད་ཞི་བ་གསེར་མདོག་ལང་ཚོས་མཛེས༔ དར་ལྗང་འཕྱང་འཕྲུལ་ནོར་བུའི་དོ་ཤལ་ངོམ༔ ཕྱག་གཡས་དབང་སྔོན་གཡོན་པས་པད་དཀར་བསྣམས༔ སྐུ་སྨད་ལྟོ་འཕྱེ་རྒྱ་མཚོའི་ཀློང་དུ་འཁྱིལ༔ ཞལ་འཛུམ་སྤྱན་དཀྱུས་རིང་ལ་ཤེལ་གྱི་མདངས༔ མདུན་དུ་ཀླུ་མོ་ཀུན་དྷེ་རྒྱལ་མོ་དང༔ གཡས་སུ་སྲས་པོ་ཀླུ་བདུད་དེ་ཝ་དང༔ གཡོན་དུ་སྲས་མོ་ཀླུ་སྨན་མཛེས་ལྡན་འོད༔ འཁོར་དུ་ཀླུ་ཕྲུག་གྲངས་མེད་དུ་མས་བསྐོར༔ ཀུན་གྱི་ཐུགས་ཀར་ཕུ་པྲ་རང་འོད་འབར༔ དེ་ལྟར་གསལ་བ་བདག་གི་ཐུགས་ལས་ནི༔ འོད་དཀར་ལྕུག་མ་ལྟ་བུས་སྤྱན་དྲངས་ནས༔ བསྒོམ་པའི་ལྷ་དང་དབྱེར་མེད་ས་མ་ཛ༔ ནཱ་ག་ར་ཛ་ས་པ་རི་ཝ་ར་ཛཿཧཱུྃ་བཾ་ཧོ༔ ཏིཥྛནྟུ༔ ཨེ་མ་ཧོ༔ ཁྱེད་ལ་མཐུན་པའི་ཡོ་བྱད་འབུལ་བ་ནི༔ དཀར་གསུམ་མངར་གསུམ་ཞལ་ཟས་རོ་བརྒྱ་དང༔ རྣམ་རྒྱལ་ཁང་བཟང་ནེའུ་སིང་སྐྱེད་མོས་ཚལ༔ ཆུ་བྱ་ཆུ་གནས་ཀླུ་ནོར་ཉི་ཤུ་གཅིག༔ ཉེ་བའི་སྣ་བདུན་ཀླུ་སྨན་སྣ་ཚོགས་ཀྱིས༔ སྦགས་པའི་འོ་ཆབ་ཡིད་འོང་མཆོད་པ་བཞེས༔ ཕྱེ་མར་གསེར་སྐྱེམས་བདུག་སྤོས་བསང་དུད་སོགས༔ དངོས་འབྱོར་ཡིད་ཀྱིས་སྤྲུལ་པས་མཆོད་དོ་བརྔན༔ ཁྱད་པར་འདོད་དོན་ཕྲིན་ལས་བཅོལ་བ་ནི༔ ཕན་བདེའི་འབྱུང་གནས་རྒྱལ་བའི་བསྟན་པ་དར༔ འགྲོ་རྣམས་བདེ་སྐྱིད་ཆོས་ལ་འགོད་པ་དང༔ ཡུལ་འདིར་ནད་མཚོན་མུ་གེ་ཞི་བར་ཤོག༔ ཉེ་བར་མཁོ་བའི་ཡོ་བྱད་ཟས་གོས་ནོར༔ མཐུན་རྐྱེན་མ་ལུས་འབད་མེད་མྱུར་འགྲུབ་མཛོད༔ ཡིད་བཞིན་དབང་གི་རྒྱལ་པོར་གསོལ་བཏབ་བཞིན༔ ཀླུ་གཡང་ལོངས་སྤྱོད་དངོས་གྲུབ་ཆར་ལྟར་ཕོབ༔ ལོ་ལེགས་ཕྱུགས་འཕེལ་མི་ནོར་ཆོས་རྣམས་འདུ༔ ནད་གདོན་བར་ཆད་ཐན་དང་ལྟས་ངན་བཟློག༔ ལོ་རྣམས་ལྗང་བུའི་དུས་ནས་ལེགས་པ་དང༔ བཙའ་སད་སེར་གསུམ་ལོ་ནད་མི་འབྱུང་ཞིང༔ ཆར་ཆུ་དུས་སུ་འབབ་པའི་སྡོང་གྲོགས་མཛོད༔ བདག་ལ་སྡང་བའི་དགྲ་གདོན་བྱད་མ་རྣམས༔ མི་འདོད་ལྷོག་རྒོད་སྤུན་དགུས་དུས་མཐའ་སྟུངས༔ མཛེ་རིགས་བཅོ་བརྒྱད་ནད་ཀྱིས་མི་ཐོག་ཕུད༔ རྣལ་འབྱོར་བདག་དང་ལྟོས་བཅས་རྒྱུ་སྦྱོར་བའི༔ ཚེ་བསོད་འབྱོར་དྲུག་གོང་ནས་གོང་དུ་སྤོར༔ མི་ཡི་སྲིད་འཕེལ་བུ་དཔལ་རིགས་རྒྱུད་སྤེལ༔ མདོར་ན་སྲིད་ཞིའི་དཔལ་འབྱོར་དངོས་གྲུབ་སྩོལ༔ ཨོཾ་ཕུ་པྲ་ནཱ་ག་རཱ་ཛ་ན་ག་ལེ་ལེ༔ བྷུ་མི་པ་ཏི་དེ་ཝ་ལོ་ཀ་བ་སུ་རཏྣ་སརྦ་སིདྡྷི་གང་འདོད་པའི་རྫས་ཐམས་ཅད་བདག་ལ་དུང་དུང་འདུས་འདུས་སྭཱཧཱ༔ ཞེས་པའི་སྔགས་ནི་ཅི་མང་བཟླ༔ དེས་ནི་རྟགས་མཚན་བཟང་པོ་མཐོང༔ དགོས་པའི་དུས་སུ་ལས་ལ་སྦྱོར༔ ཕྲིན་ལས་སྒྲུབ་པའི་དམ་ཚིག་ཅན༔ ཡིན་ཕྱིར་དགའ་ལོའི་ཐ་ཚིག་དང༔ རྗེས་སོར་བསམ་སྙིང་ཐ་ཚིག་ཡོད༔ དེ་རྗེས་རྣལ་འབྱོར་ཡོངས་ལ་འདུད༔ མཆོད་ན་འོས་ཕྱིར་སྙིང་ལ་ཤར༔ ས་མ་ཡཱ༔ ཞེས་ཡུལ་སའི་ཀླུའི་བསང་མཆོད་འདི་རིག་འཛིན་དམ་པའི་བརྒྱུད་འཛིན་སྤྲུལ་པའི་སྐུའི་བཞེད་སྐོང་དུ་ཡ་མཚན་ཆེ་བའི་ལྟས་བཟང་མཐོང་བ་ལ་བརྟེན་ནས་ཟོག་པོ་ས་ར་ཧི་ཏས་ཉུང་ངུར་བསྡུས་ཏེ་སུག་བྲིས་བགྱིས་པ་མངྒ་ལཾ༔

ཤོག་བཞིའི་ཡུལ་གྱི་ཆུ་མིག་བྱང་ཆུབ་འོད་འཕྲོའི་བསང་ཡིག་ལྷ་མིའི་འཕྲིན་ཆ་གསལ་བའི་མགྲིན་གླུ།

ཡུལ་གྱི་ཆུ་མིག་བྱང་ཆུབ་འོད་འཕྲོའི་བསང་ཡིག་ལྷ་མིའི་འཕྲིན་ཆ་གསལ་བའི་མགྲིན་གླུ་བཞུགས༔ ཀླུ་རྒྱལ་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ༔ བསང་མཆོད་རྩོམ་པའི་གནང་བ་སྩོལ༔ བསང་མཆོད་ཀླུ་ལ་འབུལ་འདོད་པས༔ དང་པོ་ཡུལ་སའི་བསྐྱེད་པ་འདོན༔ དེ་དང་དེ་ཡི་རྗེས་འབྲེལ་དུ༔ ཐབ་སྟེགས་འདབ་བརྒྱད་པདྨའི་ཁར༔ ཀླུ་ལ་མཁོ་བའི་ཤིང་རྩི་དང༔ ཤིང་རིས་དར་ཚོན་བལ་གྱིས་སྤུད༔ ཤེལ་ཚིགས་ཆབ་གཏོར་ཀླུ་སྨན་དང༔ དཀར་གསུམ་མཆོད་པ་སྤྱན་གཟིགས་བཀྲམ༔ དུད་སྤྲིན་སྤྲོས་ལ་སྔགས་དྲུག་དང༔ ལྷ་དྲུག་ཕྱག་རྒྱས་སྦྱངས་སྤེལ་བསྒྱུར༔ རང་ཉིད་རྒྱལ་བ་རྒྱ་མཚོར་བསྒོམས༔ མ་ཎི་ས་ག་ར་ཡི་གཟུངས༔ སྟོང་ཉིད་སྙིང་རྗེའི་ངང་ནས་བཟླ༔ དེ་ནས་དུང་དཀར་སིལ་སྙན་དང༔ མཐུན་པའི་རོལ་མོ་དང་བཅས་པས༔ ཀྱེ༔ གླིང་གི་མཆོག་གྱུར་འཛམ་བུ་གླིང༔ འཛམ་བུའི་གླིང་གི་རོང་ཆེན་བཞིའི༔ ནང་ཚན་ཤར་ཕྱོགས་རྒྱལ་མོ་རོང༔ རྒྱལ་མོ་རོང་གི་དབྱི་ཡི་མདའ༔ སྐུ་ལྷ་རོང་གི་དངུལ་རྫི་ཡི༔ ཉེ་ཆར་སྨི་ཡི་སེང་གེའི་ཏོག༔ རྣ་བ་གཡས་པའི་ཁུག་པ་ལ༔ རྟེན་བཅས་ཀླུ་མོ་བྱང་ཆུབ་འོད༔ ཆུ་མིག་བསིལ་ཟེར་དྭངས་པའི་ཀློང༔ རིན་པོ་ཆེ་ཡི་ཕོ་བྲང་དབུས༔ རཏྣའི་ཁྲི་རྐང་མཛེས་པའི་སྟེང༔ ཀླུ་མོ་བྱང་ཆུབ་འོད་འཕྲོ་མ༔ སྐུ་སྟོད་ལྷ་ལུས་འཛུམ་པའི་མདངས༔ བཞད་པའི་གད་རྒྱངས་སྨོན་ལམ་གསུང༔ ཕྱག་གཡས་མདའ་དར་ཕྱྭ་གཡང་ལེན༔ ཕྱག་གཡོན་ནོར་བུ་བསམ་འཕེལ་བསྣམས༔ སྦྲུལ་གྱི་གདེངས་ཀ་ནོར་བུ་ཡི༔ དོ་ཤལ་དར་ལྗང་སྟོད་གཡོག་མཛེས༔ སྐུ་སྨད་སྦྲུལ་སེར་གཡོན་དུ་འཁྱིལ༔ འཁོར་དུ་ཀླུ་ཕྲུག་བྱེ་བས་བསྐོར༔ རྣལ་འབྱོར་བདག་གིས་འབོད་པའི་ཚིག༔ འདི་ཡིས་སྙན་གསན་དབབ་པ་དང༔ མཉམ་དུ་སྤྱན་འདྲེན་གཤེགས་སུ་གསོལ༔ བཀོད་ལེགས་སྤྲུལ་པའི་གདན་ལ་བཞུགས༔ རང་སྣང་མཐུན་པའི་མཆོད་ཚོགས་འབུལ༔ དངོས་སུ་འབྱོར་བ་བདུད་རྩི་ཡི༔ ཤིང་ལྔའི་ཕྱེ་མར་ཟས་ཕུད་དང༔ གསེར་གཡུའི་སྐྱེམས་དང་དར་བལ་ཚོན༔ ཀླུ་མཁར་ཤིང་རིས་ཀླུ་སྨན་ཆབ༔ བསང་གསུར་ལ་སོགས་མཆོད་ཚོགས་འབུལ༔ ཡིད་སྤྲུལ་རྫས་རྟགས་རིན་ཆེན་བདུན༔ ངོ་མཚར་མཆོད་པ་བཅོ་བརྒྱད་དང༔ ཀླུ་ནོར་ཉེར་གཅིག་ནེའུ་སིང་དང༔ མེ་ཏོག་སྐྱེད་ཚལ་ལྗོན་པ་སོགས༔ རང་མཐུན་འདོད་པའི་ཡོན་ཏན་ལྔ༔ ཀུན་བཟང་མཆོད་པའི་སྤྲིན་དུ་སྤེལ༔ ལྷ་མོ་བསྟན་མ་བསང་ཞིང་བརྔན༔ ཀླུ་ཆེན་བརྒྱད་པོ་བསང་ཞིང་བརྔན༔ ཀླུ་མོ་བརྒྱད་པོ་བསང་ཞིང་བརྔན༔ ཙང་ཀུན་དགུ་པོ་བསང་ཞིང་བརྔན༔ ས་འཛིན་ལག་པ་བསང་ཞིང་བརྔན༔ ས་བདག་སྟོང་ཁྱབ་བསང་ཞིང་བརྔན༔ འཁོར་ལོས་བསྒྱུར་བ་བསང་ཞིང་བརྔན༔ ཀླུ་ཕྲུག་ཀླུ་རྒྱལ་ལྕམ་དྲལ་བསང༔ ཁྱད་པར་ཀླུ་མོ་བྱང་ཆུབ་འོད༔ ཀླུ་ཕྲུག་བྱེ་བའི་འཁོར་དང་བཅས༔ བསང་ངོ་བརྔན་ནོ་མངའ་གསོལ་ལོ༔ གནས་འདིའི་ས་མིག་ཉེ་འཁོར་ལ༔ རྟེན་བཅའི་ལྷ་ཀླུ་བདུད་དང་བཙན༔ མ་མོ་ཐེའུ་རང་གྲོང་སྲིན་འདྲེ༔ མཁའ་ལ་རྒྱུ་བའི་མི་མིན་ཚོགས༔ བསང་གསུར་མཆོད་འབུལ་འདོད་དོན་སྒྲུབ༔ མདོར་ན་ཀླུ་མོ་བྱང་ཆུབ་འོད༔ ཀླུ་ཕྲུག་བྱེ་བ་འཁོར་དང་བཅས༔ ལྷ་ཀླུ་སྡེ་བརྒྱད་ཡོད་དོ་ཅོག༔ རིག་འཛིན་ཡབ་སྲས་བཀའ་དམ་བཞིན༔ དཀར་གཏོར་བསང་དང་སྐྱེམས་ཕུད་བཞེས༔ རྣལ་འབྱོར་བདག་གི་ལམ་ལྷ་དང༔ མཐུན་རྐྱེན་ཡིད་བཞིན་འགྲུབ་པར་མཛོད༔ ཡུལ་འདིར་ལས་ཀ་ཅི་བྱེད་ཀྱང༔ ཀོ་ལོང་རུ་ང་མ་མཛད་པར༔ མགོན་སྐྱབས་དཔུང་གཉེན་མཛད་དུ་གསོལ༔ ལོ་ཏོག་ཚད་པས་གདུང་བ་ལ༔ སྨན་པའི་ཆར་ཆེན་འབེབས་པར་མཛོད༔ ལོ་ནད་སད་སེར་ཐན་པའི་རིགས༔ ཞི་ཞིང་བཟློག་པའི་མཐུ་རྩལ་ཕྱུང༔ ཀླུ་གཡང་རྒྱ་ཆེན་བདག་ལ་སྩོལ༔ བཀྲ་ཤིས་བདེ་ལེགས་དཔལ་གྱིས་འཚོ༔ བཙན་ཕྱུག་འཕན་དར་འཛོམས་པ་ཡིས༔ ས་གསུམ་གང་བའི་ཤིས་པ་སྩོལ༔ ཞེས་པའི་ཀླུ་བསང་འདི་མཆོག་སྤྲུལ་ལུང་རིག་གླིང་པའི་དངོས་སློབ་བརྒྱུད་འཛིན་རིན་པོ་ཆེ་ཀུན་བཟང་མཚན་འཆང་གང་དེའི་བཞེད་སྐོང་དུ་རིག་འཛིན་བླ་མ་དགྱེས་པའི་འབངས་བླ་གཟུགས་ས་ར་ཧི་ཏས་ཉམས་ལ་ཤར་བ་བཞིན་བྲིས་པ་ཡུལ་ཕྱོགས་སུ་བཀྲ་ཤིས་པར་གྱུར་ཅིག་གུ༔

ཐུགས་ཆེན་གནས་བདག་ལི་ལི་བྲག་དཀར་གྱི་བསང་བརྔན་གཡར་དམ་བསྒྲགས་པ་རྡོ་རྗེའི་སྒྲ་དབྱངས།

གནས་བདག་ལི་ལི་བྲག་དཀར་གྱི་བསང་བརྔན་གཡར་དམ་བསྒྲགས་པ་རྡོ་རྗེའི་སྒྲ་དབྱངས་བི་ཛ་ཧ་རཾ༔ ཨོ་རྒྱན་པདྨ་ལ་ཕྱག་འཚལ༔ གནས་བདག་བསང་ཞིང་བརྔན་པའི་ཕྱིར༔ ས་སྟེགས་མཐོན་ཁར་ལྷ་ཤིང་བརྩེགས༔ དཀར་མངར་གཏོར་བཤོས་གསེར་གཡུའི་སྐྱེམས༔ ཕྱེ་མར་ལ་སོགས་གྱ་ནོམ་བཤམས༔ རྣལ་འབྱོར་ལྷ་སྔགས་ཏིང་འཛིན་ངང༔ ཀྱེ༔ སྔོན་གྱི་དུས་ནས་རང་ཤེས་སྟོན་པ་ཡིས༔ རིག་རྩལ་འཁོར་ལ་བརྡ་ཚིག་བཀྲོལ་བའི་ཚེ༔ མེད་སྣང་འཁྲུལ་འཛིན་ལྷ་འདྲེའི་ཕན་གནོད་བྱུང༔ ཀུན་གཞིའི་ཀློང་ལས་གྲོལ་ཡང་ཀུན་བཏགས་ལྟར༔ མཐར་ཐུག་གནས་སྐབས་སྐྱབས་དང་འགོ་བའི་ལྷ༔ དཀོན་མཆོག་གསུམ་དང་དྲེགས་པ་ཆེ་རྒུའི་ཚོགས༔ ཐོག་མཐའ་བར་དང་ཐ་མའི་དུས་ཀྱི་ཚེ༔ རྩ་བརྒྱུད་རིག་འཛིན་བླ་མའི་བཀའ་ཉན་པ༔ མདོ་སྨད་རྒྱལ་མོ་ཤར་གྱི་རོང་ཆེན་དབུས༔ རིན་ཆེན་སྣ་ཚོགས་སྤུངས་འདྲའི་རིགས་གསུམ་གནས༔ འཇིག་རྟེན་དབང་ཕྱུག་རྒྱལ་པོ་རང་བྱོན་སྐུའི༔ གནས་སྲུང་དགེ་བསྙེན་ལི་ལི་བྲག་བཙན་འབར༔ ཡིད་བཞིན་གཏེར་བདག་ཆོས་ཀྱི་རྐྱལ་པ་འཛིན༔ བསྟན་དང་བསྟན་འཛིན་སྐྱོང་བའི་ཟོ་དོར་ཆེ༔ སྐུ་མདོག་དཀར་དམར་ཁྲོ་འཛུམ་ཆགས་པའི་ཉམས༔ ཕྱག་གཡས་མདུང་དར་མི་མངོན་དབྱིངས་ལ་ཕྱར༔ ཕྱག་གཡོན་རིན་ཆེན་ནེའུ་ལེའི་རྐྱལ་པ་བསྣམས༔ པད་ཟླ་རིན་ཆེན་བརྩེགས་པའི་ཁྲི་སྟེང་དུ༔ ཞབས་གཉིས་བརྐྱང་བསྐུམ་རོལ་པའི་སྟབས་ཀྱིས་བཞུགས༔ དར་དང་ཟ་འོག་ན་བཟའ་ལྷབ་མ་ལྷུབ༔ སུ་ཝར་ཎ་ཡི་པྲོག་ཞུ་ཅོད་པན་མཛེས༔ གསང་བའི་མཚན་ནི་བྲག་བཙན་ཡིད་བཞིན་འབར༔ སྲས་དང་བཙུན་མོ་ཕྱི་ནང་བཀའ་ཡི་བློན༔ བདུད་བཙན་ཀླུ་གསུམ་ལྷ་སྲིན་ཁྲོམ་ལྟར་འཚོགས༔ ལེགས་ཉེས་སྟངས་འཛིན་དམ་ཚིག་ཅན་གྱི་ལྷ༔ རང་བཞིན་གར་བཞུགས་གནས་ནས་འདིར་གཤེགས་ཤིག༔ རྣལ་འབྱོར་གྱིས་བོས་ས་འདིར་དགྱེས་པར་བཞུགས༔ ཡུལ་ལྷ་ཆེ་བཙན་མཆོག་ཏུ་མངའ་གསོལ་ལོ༔ སངས་རྒྱས་སྤྱན་མའི་མཁའ་ཀློང་རབ་བཀང་བའི༔ ཕྱི་ནང་མཆོད་པ་ཤིང་རྩི་བཅུ་གསུམ་སོགས༔ གོས་དཀར་ལྷ་མོས་བཞུས་པའི་དུད་སྤྲིན་འཁྲིགས༔ ཀུན་བཟང་རྣམ་འཕྲུལ་རྫས་རྟགས་རིན་ཆེན་བདུན༔ ཕྱི་ནང་སྒེག་མོ་བཅུ་དྲུག་རྡོ་རྗེའི་གླུ༔ ངོ་མཚར་མཆོད་པ་བཅོ་བརྒྱད་འདོད་ཡོན་ལྔ༔ མ་ཚང་མེད་པའི་བསང་རྫས་དངོས་ཡིད་སྤྲུལ༔ དབྱིངས་ཕྱུག་ལྷ་མོའི་ལྟོ་བ་རབ་བཀང་ཞིང༔ དམ་ཚིག་སྒྲོལ་མས་ཕྱོགས་བརྒྱར་བསྐྱོད་པ་འདིས༔ དཀོན་མཆོག་རྩ་གསུམ་བཀའ་གཏེར་སྲུང་མའི་ཚོགས༔ བསང་ངོ་གསོལ་ལོ་མཆོད་དོ་མངའ་གསོལ་བཞེས༔ ཁྱད་པར་གནས་བདག་ལི་ལི་བྲག་བཙན་འབར༔ བསང་ངོ་གསོལ་ལོ་མཆོད་དོ་མངའ་གསོལ་བཞེས༔ ཡུམ་སྲས་བཀའ་བློན་གཤིན་རྗེ་ཕོ་མོའི་སྡེ༔ བསང་ངོ་གསོལ་ལོ་མཆོད་དོ་མངའ་གསོལ་བཞེས༔ དཀར་ཕྱོགས་སྐྱོང་བའི་ལྷ་སྲིན་སྡེ་བརྒྱད་དམག༔ བསང་ངོ་གསོལ་ལོ་མཆོད་དོ་མངའ་གསོལ་བཞེས༔ དེ་ལྟར་བསང་ཞིང་མཆོད་པས་འགོ་བའི་ལྷ༔ ལི་ལི་བྲག་དཀར་ཡིད་བཞིན་ནོར་གྱི་བདག༔ འཇམ་དབྱངས་སྤྱན་གཟིགས་ཕྱག་རྡོར་གནས་སྲུང་བ༔ སྔོན་ཚེ་བལ་བོད་ཕྱེ་མར་བརྡལ་བའི་ཐད༔ ཨོ་རྒྱན་པདྨའི་བཀའ་ཉན་ཐ་ཚིག་ཅན༔ དམ་ལས་མ་འདའ་དམ་བཞིན་ཕྲིན་ལས་སྒྲུབ༔ དེ་འོག་བསམ་ཡས་ཧས་པོ་རི་ཡི་རྩེར༔ འཇིག་རྟེན་དྲེགས་པ་ཆེ་རྒུ་འཚོགས་པའི་ཚེ༔ རྗེ་འབངས་ཡོངས་ཀྱིས་བཀའ་བསྒོས་དམ་ཚིག་ཅན༔ དམ་ལས་མ་འདའ་དམ་བཞིན་ཕྲིན་ལས་སྒྲུབ༔ དེ་འོག་རྒྱལ་མོ་དམུ་རྡོའི་གནས་མཆོག་དེར༔ རྡོ་རྗེ་གྲོ་ལོད་བཀའ་ཉན་དམ་ཚིག་ཅན༔ དམ་ལས་མ་འདའ་དམ་བཞིན་ཕྲིན་ལས་སྒྲུབ༔ དེ་འོག་རྒྱལ་རོང་ཐུགས་ཆེན་གནས་སྲུང་དུ༔ བཻ་རོ་གཡུ་སྒྲ་མི་ཕམ་མགོན་པོ་ཡིས༔ བཀའ་བསྒོས་དམ་ལ་བཞག་པའི་དམ་ཚིག་ཅན༔ དམ་ལས་མ་འདའ་དམ་བཞིན་ཕྲིན་ལས་སྒྲུབ༔ དེ་བཞིན་ད་ལྟ་རྣལ་འབྱོར་ཡབ་སྲས་ཀྱིས༔ ཅི་བཅོལ་ཡིད་བཞིན་སྒྲུབ་པའི་དམ་ཚིག་ཅན༔ དམ་ལས་མ་འདའ་དམ་བཞིན་ཕྲིན་ལས་སྒྲུབ༔ མདོར་ན་ཁྱོད་ལ་ཕྲིན་ལས་བཅོལ་བ་ནི༔ དཀར་ཕྱོགས་དཔུང་བསྐྱེད་ནག་ཕྱོགས་ཆམ་ལ་ཕོབ༔ བླ་མཆོད་སྡེ་གཉིས་བསྟན་པ་ཀ་དར་མཛོད༔ ཆོས་ལྡན་རྒྱལ་སྐྱོང་སྡིག་རྒྱལ་རྒྱུན་ཐག་ཆོད༔ ཤི་འདྲེ་དམ་འགོང་བསེན་མོའི་རྒྱུ་འགྲུལ་བཟློག༔ ཚེ་ཆོས་སྲིད་ལ་གནོད་པའི་ཕུང་སྲི་ཐུལ༔ བདག་དང་ཁྱོད་ལ་ལྟོས་བཅས་ཡུལ་ལྗོངས་ཀྱི༔ ཞིང་ལ་བཙའ་སད་སེར་བའི་སྣ་འདྲེན་བཟློག༔ ཁྱད་པར་སེར་བའི་སྣ་ཁྲིད་སྡོང་ཟླ་བཅས༔ རྫས་ཆུ་དགྲ་བོ་མི་མཐུན་བགེགས་ལ་ཟོར༔ ནད་གདོན་རིམས་ཡམས་ཆག་ཆེ་ཉམ་ང་བཟློག༔ ཚེ་བསོད་དཔལ་འབྱོར་ལུང་རྟོགས་ཡོན་ཏན་སྤེལ༔ ཁམས་གསུམ་སྲིད་གསུམ་སྐྱེ་རྒུའི་བླ་ཡིད་ཁུག༔ བསྟན་ལ་སྡང་བའི་བན་བོན་བྱད་མ་བཟློག༔ རྣལ་འབྱོར་གང་བཅོལ་ལས་རྣམས་འགྲུབ་པར་མཛོད༔ ཅེས་རྟེན་འབྲེལ་བཟང་པོས་མཚམས་སྦྱར་བའི་དུས་སུ་ཧོར་ཟླ་དགུན་ར་བའི་ཉེར་ལྔ་མཁའ་འགྲོ་འདུ་བའི་དུས་གཉན་ལ་གནས་དེར་བསང་རི་མཆོད་ལ་ཕེབས་ཚེ་སྐལ་ལྡན་སློབ་བུ་ཀྱག་རྡོ་བླ་མ་དང་ཝ་གོ་པདྨ་བསྟན་འཛིན་ཟུང་གིས་བསྐུལ་ངོར༔ བདག་གི་སྦྱིན་བདག་མཁར་རྡོ་ཁྱུང་རི་ཚང་ནས་སྲོད་ཐུན་ཐོལ་བྱུང་ཐོགས་མེད་དུ་བྲིས་པ་དེས་དུས་གསུམ་ཀུན་ཏུ་དགེ་བར་གྱུར་ཅིག༔ སརྦ་མངྒ་ལཾ༔

ཡུལ་ལྷ་བྲག་བཙན་རྡོ་རྗེ་དབང་དྲག་གི་བསང་མཆོད་ཉུང་བསྡུས།

ཡུལ་ལྷའི་བསང་མཆོད་ཉུང་བསྡུས༔ ན་མོ༔ སྐུ་གསུམ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི༔ འགྲོ་རྣམས་བདེ་ལ་འགོད་ཕྱིར་སེམས་བསྐྱེད་དོ༔ སྟོང་པའི་ངང་ལས་སྐད་ཅིག་དྲན་རྫོགས་སུ༔ རང་ཉིད་པད་འབྱུང་སྐུར་གསལ་ཐུགས་ཀ་ནས༔ ཨོཾ་ཨཱཿཧཱུྃ་འཕྲོས་བསང་རྫས་སྤྲིན་ཚོགས་སྤེལ༔ ཨོཾ་ཨཱཿཧཱུྃ༔ རང་མདུན་དག་པ་ལྷ་ལམ་ཁྱོན་ཡངས་དབུས༔ ཡུལ་ལྷ་བྲག་བཙན་བཛྲ་དབང་དྲག་རྩལ༔ སྐུ་མདོག་སྔོ་ནག་ཞལ་གཅིག་ཕྱག་གཉིས་པ༔ སྤྱན་གསུམ་མེ་འཕྲོ་ཁྲོ་གཏུམ་ཨམ་གཙིགས་བསྡམས༔ ཕྱག་གཡས་མདུང་དར་དམར་པོ་ནམ་མཁར་ཕྱར༔ གཡོན་པས་སྡིགས་མཛུབ་དམ་ཉམས་དགྲ་ལ་གཟིར༔ ན་བཟའ་སྤྲིན་དང་གློག་གི་ཀ་ཤ་བཀླུབས༔ ཆིབས་སུ་རྐྱང་ལ་ཞོན་ཅིང་འབྲོང་གཡག་ཁྲིད༔ འཁོར་དུ་བཙན་ཕྲན་ཐེའུ་རང་སྲིན་པོས་བསྐོར༔ རྣལ་འབྱོར་བདག་གིས་སྤྱན་འདྲེན་གནས་འདིར་བྱོན༔ དགྱེས་པའི་གདན་བཞུགས་མཆོད་རྫས་བསང་མཆོད་བཞེས༔ སྔོན་ཚེ་བཻ་རོ་བར་དུ་གཡུ་སྒྲ་ཡིས༔ དམ་བཞག་ཁས་བླངས་མཛད་པ་དེ་བཞིན་དུ༔ སངས་རྒྱས་བསྟན་སྐྱོང་རྣལ་འབྱོར་བར་ཆད་སྲུང༔ སེམས་ཅན་བདེ་བསྐྱེད་ཡོན་བདག་འགལ་རྐྱེན་སོལ༔ ཕྱོགས་མཚམས་གནོད་བྱེད་དགྲ་རྐུན་འཚེ་བ་བཟློག༔ མི་མཐུན་ཆགས་ཆེ་ཉམས་ང་དགྲ་ལ་ཟོར༔ བཅོལ་བའི་ཕྲིན་ལས་བཀའ་བཞིན་གཉེར་གཏད་བསྒྲུབ༔ ཅེས་ཡུལ་ལྷའི་བསང་མཆོད་ཉུང་བསྡུས་འདི་ཧོར་བན་ཐུབ་བསྟན་ཉི་མ་ཞེས་པའི་དཀོར་ཟན་དེས་གང་ཤར་དུ་བྲིས་པ་དགེའོ༔

བསང་བསྡུས་ཡིད་བཞིན་སྤྲིན་ཕུང་ཧོར་བླས་ཁ་བསྐང་མཛད་པ།

༄༅། བསང་བསྡུས་ཡིད་བཞིན་སྤྲིན་ཕུང་བཞུགས། རཾ་ཡཾ་ཁཾ་གིས་དངོས་འཛིན་སྦྱངས། །ཨོཾ་ཨཱཿཧཱུྃ་གིས་སྦྱང་སྤེལ་བསྒྱུར། །བྷྲུྂ། རང་བྱུང་ལྷུན་གྲུབ་འོད་ལྔའི་མཁར། །བདུད་རྩིའི་བཅུད་ལྡན་རྐང་འཐུང་རིགས། །ཕྱེ་མར་སྐྱེམས་ཕུད་དང་འགྲོགས་ཏེ། །བྱིན་ཟས་བཞུས་པའི་དངས་མའི་བཅུད། །ཀུན་ཏུ་བཟང་པོའི་མཆོད་སྤྲིན་བཞིན། །འཛད་མེད་གཏེར་དུ་བྱིན་རླབས་པའི། །བསང་མཆོད་འདོད་དགུའི་རེ་སྐོང་འདིས། །མཆོག་གསུམ་རྩ་གསུམ་བཀའ་གཏེར་གྱི། །བསྲུང་མ་དམ་ཅན་རྒྱ་མཚོ་སྤྱི། །བསང་ངོ་བརྔན་ནོ་མངའ་གསོལ་ལོ། །གཞན་ཡང་བཀའ་དགོངས་ཕུར་གསུམ་སོགས། །རྒྱུད་སྡེ་བཞི་དྲུག་ཐེག་རིམ་དགུའི། །ལྷ་ཚོགས་ཞི་ཁྲོ་བཀའ་བསྲུང་བཅས། །བསང་ངོ་བརྔན་ནོ་མངའ་གསོལ་ལོ། །ཁྱད་པར་གུ་རུ་ཞི་དྲག་དང་། །གནས་ཡུལ་དུར་ཁྲོད་སྐྱོང་བའི་བདག །འདས་དང་མ་འདས་ཚུལ་བཟུང་བའི། །རྩ་གསུམ་བསྲུང་མ་ཟོ་དོར་བཅས། ། བསང་ངོ་བརྔན་ནོ་མངའ་གསོལ་ལོ། །གཞན་ཡང་འཕགས་བོད་ཙི་ནའི་ཡུལ། །སྐྱོང་མཛད་གནས་བདག་གཞི་བདག་རིགས། །མ་ལུས་འཁོར་དང་བཅས་རྣམས་ལ། །བསང་ངོ་བརྔན་ནོ་མངའ་གསོལ་ལོ། །ཡང་དགོས་གསེར་སྟོད་འབྲོང་རི་དང་། །རིགས་ལྔའི་རྫོང་ལ་བརྟེན་བཅས་པའི། །རྩ་གསུམ་གནས་སྲུང་དཀར་སྐྱོང་ཚོགས། །བསང་ངོ་བརྔན་ནོ་མངའ་གསོལ་ལོ། །༧ ཁྱད་པར་རྡོ་རྗེ་གཡུ་ཁྲོམ་དང་། །ལྷ་ལྕམ་དཀར་མོ་མཚོ་སྨན་རྒྱལ། །དགྲ་བླ་མི་མགོན་དཀར་པོ་བཅས། །བསང་ངོ་བརྔན་ནོ་མངའ་གསོལ་ལོ། །གནས་ལུང་དབང་བསྡུད་ལྷ་རྩེ་དང་། །སྐུ་ལྷ་རྡོ་རྗེ་ཞལ་དཀར་རྩལ། །དཔའ་བོ་ཆེན་པོ་སྟག་འཕྲུ་སོགས། །བསང་ངོ་བརྔན་ནོ་མངའ་གསོལ་ལོ། །དགེ་བསྙེན་རྡོ་རྗེ་དྲག་པོ་རྩལ། །ཡུལ་སྐྱོང་ནོར་བུ་ལྷ་རྩེ་སོགས། །དབྱི་ཁོག་སྟོད་སྨད་གཞི་བདག་རྣམས། །བསང་ངོ་བརྔན་ནོ་མངའ་གསོལ་ལོ། །སྐུ་བླ་དུང་རྩེ་གཉན་པོ་དང་། །ཀླུ་རྒྱལ་ཝ་རུ་ཎ་ལ་སོགས། །དཀར་ཕྱོགས་སྐྱོང་བའི་གནས་གཞི་བདག །བསང་ངོ་བརྔན་ནོ་མངའ་གསོལ་ལོ། །དགོས་སུ་རྣལ་འབྱོར་བདག་ཅག་ལ། །འགོ་ཞིང་སྡོང་གྲོགས་མཛད་པ་ཡི། །མགོན་སྐྱབས་ལྷ་སྲུང་མ་ལུས་པ། །བསང་ངོ་བརྔན་ནོ་མངའ་གསོལ་ལོ། །༧ མདོར་ན་སྐུ་གསུམ་ཞིང་ཁམས་ཀྱི། །རྒྱལ་དང་དེ་སྲས་ཉན་རང་སོགས། །འཁོར་འདས་གཉིས་ཀྱི་མགྲོན་ཀུན་ལ། །བསང་ངོ་བརྔན་ནོ་མངའ་གསོལ་ལོ། །དེ་ལྟར་བསང་མཆོད་བརྔན་སྦྱིན་མཐུས། །བདག་དང་བསྲུང་བྱ་ཐམས་ཅད་ལ། །འཕྲལ་ཕུག་ཕན་བདེའི་དཔལ་གཡང་མཆོག །ལུགས་ཟུང་མཐུན་རྐྱེན་ཕུན་ཚོགས་མཛོད། །སྲིད་དང་ཞི་བའི་ཕྱྭ་གཡང་ཁུག །བྱེས་བགྲོད་རྣམས་ཀྱི་ལམ་ལྷ་དང་། །ཡུལ་སྡོད་མི་ནོར་འཚོ་རྫི་མཛོད། །དུས་གསུམ་དགེ་བའི་བཀྲ་ཤིས་ཤོག །ཅེས་འདི་ཨཱརྱ་དྷེ་ཝ་ཡིས། །འཕྲལ་མར་བསྐུལ་ཕྱིར་འཕྲལ་བྲིས་དགེ། །ཅེས་པ་ལག་ན་རྡོ་རྗེས་སོ།། དབྱི་ཁྲོམ་ལ་སོགས་ཚིགས་བཅད་ལྔ། །གཞན་ཕན་བཟང་པོས་རང་འདོད་ལྟར་ཁ་བསྐང་བ་དགེའོ།།

རི་ཁྲུས་འཁོན་སྦྱངས་དྭངས་ཤེལ།

དག་སྣང་མི་ཟད་རྒྱན་འཁོར་ལས༔ རི་ཁྲུས་འཁོན་སྦྱངས་དྭངས་ཤེལ་བཞུགས༔ བླ་མ་རྣམས་ལ་ཕྱག་འཚལ་ལོ༔ རི་ཁྲུས་འཁོན་སྦྱངས་དྭངས་ཤེལ་གྱི༔ ལག་ཏུ་ལེན་པའི་རིམ་པ་ནི༔ བུམ་པ་དྲི་བཟང་ཆུ་ཡིས་བཀང༔ གཟུངས་ཐག་རྡོ་རྗེ་སྣ་ཚོགས་དར༔ མགུལ་ཆིངས་ལེགས་སྤྲས་རྣམ་འཇོམས་སམ༔ ཡང་ན་བདུད་རྩི་འཁྱིལ་དང་སྨེ་བ་བརྩེགས༔ གང་ཞིག་བདག་བསྐྱེད་བུམ་པ་བསྒྲུབ༔ དེ་རྗེས་རྣམ་གཟུངས་ཉེར་གཅིག་གིས༔ ཡུལ་ལྷ་ས་གཞིར་ཁྲུས་བྱ་ཞིང༔ ཚིག་འདིའི་གཤམ་དུ་སྦྱར་ཡང་རུང༔ མ་ཚང་ཁ་བསྐང་གཞན་དུ་ཚོལ༔ ཀྱཻ༔ དག་བྱེད་གཙང་མའི་གཟུངས་ཆུ་འདིས༔ ཡུལ་གཞི་སྡེ་བརྒྱད་ཚོགས་ལ་སྐུ་ཁྲུས་གསོལ༔ དམེ་མནོལ་ནལ་གྱི་གྲིབ་འཁོན་དག་གྱུར་ཅིག༔ ལས་བཞི་ལྷུན་གྲུབ་ཁ་འཛིན་དཔུང་རོགས་མཛོད༔ ཀྱཻ༔ དག་བྱེད་གཙང་མའི་གཟུངས་ཆུ་འདིས༔ ཡུལ་གཞི་སྡེ་བརྒྱད་ཚོགས་ལ་སྐུ་ཁྲུས་གསོལ༔ དམ་ཉམས་གྲིབ་ཀྱིས་སྒྲིབ་འཁོན་དག་གྱུར་ཅིག༔ གཞན་དུ་མ་གཤེགས་ལྷ་གཞི་ཕོ་བྲང་འདི་ལ་བརྟན་པར་བཞུགས༔ མཆན། ལས་བཞི་ལྷུན་གྲུབ་ཁ་འཛིན་དཔུང་རོགས་མཛོད༔ ཀྱཻ༔ དག་བྱེད་གཙང་མའི་གཟུངས་ཆུ་འདིས༔ ཡུལ་གཞི་སྡེ་བརྒྱད་ཚོགས་ལ་སྐུ་ཁྲུས་གསོལ༔ དཀར་དམར་ཐབ་གཞོབ་གྲིབ་འཁོན་དག་གྱུར་ཅིག༔ ལས་བཞི་ལྷུན་གྲུབ་ཁ་འཛིན་དཔུང་རོགས་མཛོད༔ ཀྱཻ༔ དག་བྱེད་གཙང་མའི་གཟུངས་ཆུ་འདིས༔ ཡུལ་གཞི་སྡེ་བརྒྱད་ཚོགས་ལ་སྐུ་ཁྲུས་གསོལ༔ དམེ་བོ་ཡུགས་སའི་གྲིབ་འཁོན་དག་གྱུར་ཅིག༔ ལས་བཞི་ལྷུན་གྲུབ་ཁ་འཛིན་དཔུང་རོགས་མཛོད༔ ཀྱཻ༔ དག་བྱེད་གཙང་མའི་གཟུངས་ཆུ་འདིས༔ ཡུལ་གཞི་སྡེ་བརྒྱད་ཚོགས་ལ་སྐུ་ཁྲུས་གསོལ༔ བྱི་བྱས་རབ་ཆད་གྲིབ་འཁོན་དག་གྱུར་ཅིག༔ ལས་བཞི་ལྷུན་གྲུབ་ཁ་འཛིན་དཔུང་རོགས་མཛོད༔ ཀྱཻ༔ དག་བྱེད་གཙང་མའི་གཟུངས་ཆུ་འདིས༔ ཡུལ་གཞི་སྡེ་བརྒྱད་ཚོགས་ལ་སྐུ་ཁྲུས་གསོལ༔ རབ་ཆད་མོ་ཡི་ཟླ་མཚན་གྲིབ་འཁོན་དག་གྱུར་ཅིག༔ ལས་བཞི་ལྷུན་གྲུབ་ཁ་འཛིན་དཔུང་རོགས་མཛོད༔ ཀྱཻ༔ དག་བྱེད་གཙང་མའི་གཟུངས་ཆུ་འདིས༔ ཡུལ་གཞི་སྡེ་བརྒྱད་ཚོགས་ལ་སྐུ་ཁྲུས་གསོལ༔ ནལ་བུའི་མནོལ་བཙོག་གྲིབ་འཁོན་དག་གྱུར་ཅིག༔ ལས་བཞི་ལྷུན་གྲུབ་ཁ་འཛིན་དཔུང་རོགས་མཛོད༔ ཀྱཻ༔ དག་བྱེད་གཙང་མའི་གཟུངས་ཆུ་འདིས༔ ཡུལ་གཞི་སྡེ་བརྒྱད་ཚོགས་ལ་སྐུ་ཁྲུས་གསོལ༔ ལྷྭམ་རྩྭ་ལ་སོགས་དྲི་ངན་གྲིབ་འཁོན་དག་གྱུར་ཅིག༔ ལས་བཞི་ལྷུན་གྲུབ་ཁ་འཛིན་དཔུང་རོགས་མཛོད༔ ཀྱཻ༔ དག་བྱེད་གཙང་མའི་གཟུངས་ཆུ་འདིས༔ ཡུལ་གཞི་སྡེ་བརྒྱད་ཚོགས་ལ་སྐུ་ཁྲུས་གསོལ༔ ཁྱི་ཕག་ཤ་སོགས་གསུར་ངན་གྲིབ་འཁོན་དག་གྱུར་ཅིག༔ ལས་བཞི་ལྷུན་གྲུབ་ཁ་འཛིན་དཔུང་རོགས་མཛོད༔ ཀྱཻ༔ དག་བྱེད་གཙང་མའི་གཟུངས་ཆུ་འདིས༔ ཡུལ་གཞི་སྡེ་བརྒྱད་ཚོགས་ལ་སྐུ་ཁྲུས་གསོལ༔ དུད་འགྲོ་ལ་སོགས་གླིང་བུའི་སྒྲ་ངན་གྲིབ་འཁོན་དག་གྱུར་ཅིག༔ ལས་བཞི་ལྷུན་གྲུབ་ཁ་འཛིན་དཔུང་རོགས་མཛོད༔ ཀྱཻ༔ དག་བྱེད་གཙང་མའི་གཟུངས་ཆུ་འདིས༔ ཡུལ་གཞི་སྡེ་བརྒྱད་ཚོགས་ལ་སྐུ་ཁྲུས་གསོལ༔ རོ་རེ་ལ་སོགས་གཡབ་དར་ཕྱར་བའི་གྲིབ་འཁོན་དག་གྱུར་ཅིག༔ ལས་བཞི་ལྷུན་གྲུབ་ཁ་འཛིན་དཔུང་རོགས་མཛོད༔ ཀྱཻ༔ དག་བྱེད་གཙང་མའི་གཟུངས་ཆུ་འདིས༔ ཡུལ་གཞི་སྡེ་བརྒྱད་ཚོགས་ལ་སྐུ་ཁྲུས་གསོལ༔ དམེ་ཡུགས་མཛེ་བོའི་གྲིབ་འཁོན་དག་གྱུར་ཅིག༔ ལས་བཞི་ལྷུན་གྲུབ་ཁ་འཛིན་དཔུང་རོགས་མཛོད༔ ཀྱཻ༔ དག་བྱེད་གཙང་མའི་གཟུངས་ཆུ་འདིས༔ ཡུལ་གཞི་སྡེ་བརྒྱད་ཚོགས་ལ་སྐུ་ཁྲུས་གསོལ༔ མཆོད་རྫས་མི་གཙང་སེར་སྣའི་གྲིབ་འཁོན་དག་གྱུར་ཅིག༔ ལས་བཞི་ལྷུན་གྲུབ་ཁ་འཛིན་དཔུང་རོགས་མཛོད༔ ཀྱཻ༔ དག་བྱེད་གཙང་མའི་གཟུངས་ཆུ་འདིས༔ ཡུལ་གཞི་སྡེ་བརྒྱད་ཚོགས་ལ་སྐུ་ཁྲུས་གསོལ༔ གཟའ་སྐར་དུས་བཟང་གནད་ལ་མ་ཐེབས་ཉམས་པ་གྲིབ་འཁོན་དག་གྱུར་ཅིག༔ ལས་བཞི་ལྷུན་གྲུབ་ཁ་འཛིན་དཔུང་རོགས་མཛོད༔ ཀྱཻ༔ དག་བྱེད་གཙང་མའི་གཟུངས་ཆུ་འདིས༔ ཡུལ་གཞི་སྡེ་བརྒྱད་ཚོགས་ལ་སྐུ་ཁྲུས་གསོལ༔ གཤིན་པོའི་རོ་དུར་བཏབ་པའི་གྲིབ་འཁོན་དག་གྱུར་ཅིག༔ ལས་བཞི་ལྷུན་གྲུབ་ཁ་འཛིན་དཔུང་རོགས་མཛོད༔ ཀྱཻ༔ དག་བྱེད་གཙང་མའི་གཟུངས་ཆུ་འདིས༔ ཡུལ་གཞི་སྡེ་བརྒྱད་ཚོགས་ལ་སྐུ་ཁྲུས་གསོལ༔ གསོན་པོའི་བང་གྲིབ་ལྷ་ལ་ཕོག་པའི་གྲིབ་འཁོན་དག་གྱུར་ཅིག༔ ལས་བཞི་ལྷུན་གྲུབ་ཁ་འཛིན་དཔུང་རོགས་མཛོད༔ ཀྱཻ༔ དག་བྱེད་གཙང་མའི་གཟུངས་ཆུ་འདིས༔ ཡུལ་གཞི་སྡེ་བརྒྱད་ཚོགས་ལ་སྐུ་ཁྲུས་གསོལ༔ མནའ་ཟན་ཤན་པའི་སྡིག་སྒྲིབ་ལྷ་ལ་ཕོག་པའི་གྲིབ་འཁོན་དག་གྱུར་ཅིག༔ ལས་བཞི་ལྷུན་གྲུབ་ཁ་འཛིན་དཔུང་རོགས་མཛོད༔ ཀྱཻ༔ དག་བྱེད་གཙང་མའི་གཟུངས་ཆུ་འདིས༔ ཡུལ་གཞི་སྡེ་བརྒྱད་ཚོགས་ལ་སྐུ་ཁྲུས་གསོལ༔ མི་གཙང་ཡས་གླུད་བཏང་བ་ལྷ་ལ་ཕོག་པའི་གྲིབ་འཁོན་དག་གྱུར་ཅིག༔ ལས་བཞི་ལྷུན་གྲུབ་ཁ་འཛིན་དཔུང་རོགས་མཛོད༔ གཞན་ཡང་མནོལ་བཙོག་གྲིབ་སོགས་ལྷ་ལ་ཕོག་པ་རྣམས༔ དག་བྱེད་ཁྲུས་ཀྱི་སྒོ་ནས་བྱང་ཞིང་དག་གྱུར་ཅིག༔ ས་ལེ་སང་ངེ་ཡེ་ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཀྱཻ༔ དག་བྱེད་གཙང་མའི་ཁྲུས་གསོལ་མཐུས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ ཆགས་ཆེ་ཉམས་ང་བཟློག་ཏུ་གསོལ༔ མི་མཐུན་རྐྱེན་བགེགས་བཟློག་ཏུ་གསོལ༔ རྦད་འདྲེ་རྦོད་གཏོང་བཟློག་ཏུ་གསོལ༔ མཐུ་བྱད་གཏད་ཁྲམ་བཟློག་ཏུ་གསོལ༔ ཡུལ་ལྷ་ཡུལ་བུད་བཟློག་ཏུ་གསོལ༔ ཤི་འདྲེ་དར་སྲི་བཟློག་ཏུ་གསོལ༔ ཟ་འདྲེ་གོད་སྲི་བཟློག་ཏུ་གསོལ༔ མི་ལ་བསེ་རག་བཟློག་ཏུ་གསོལ༔ ས་བདག་གདུག་རྩུབ་བཟློག་ཏུ་གསོལ༔ གཞི་བདག་ཕྲག་དོག་བཟློག་ཏུ་གསོལ༔ ལྷ་ཀླུའི་བཀའ་ཆད་བཟློག་ཏུ་གསོལ༔ སྟེང་འོག་གྲིབ་འཁོན་བཟློག་ཏུ་གསོལ༔ ལྷ་སྲིན་སྡེ་བརྒྱད་གདུག་རྩུབ་བཟློག་ཏུ་གསོལ༔ ཡུལ་དེར་མི་འདོད་གཏོང་བ་བཟློག་ཏུ་གསོལ༔ མི་ལ་ན་ཚའི་སྣ་འདྲེན་བཟློག་ཏུ་གསོལ༔ ཕྱུགས་ལ་གོད་ཡམས་གཏོང་བ་བཟློག་ཏུ་གསོལ༔ ཆོས་སྲིད་བར་ཆད་བྱེད་པ་བཟློག་ཏུ་གསོལ༔ མདོར་ན་མི་མཐུན་གནོད་པའི་ཚོགས༔ དཀོན་མཆོག་རྩ་གསུམ་སྲུང་མ་དང༔ དཀར་ཕྱོགས་ལྷ་ཀླུ་གཞི་བདག་གི༔ བདེན་པའི་སྟོབས་ཀྱིས་མཐུན་ཞིང་དགེ༔ ཞེས་འདི་བསོད་ནམས་མཐུ་སྟོབས་དང༔ ལྷ་གྲོགས་བཙུན་པ་ཡིས་བསྐུལ་བཞིན༔ རང་བྱུང་དབྱིངས་ཀྱི་བརྡ་གླུ་འདི༔ ཡུལ་ལྷའི་སྐུ་ཁྲུས་སྦྱང་འཁོན་སྡོམ༔ ལྷ་ཀླུའི་མི་འདོད་དག་པའི་ཐབས༔ རྣལ་འབྱོར་ས་ར་ཧི་ཏས་སྤེལ༔ མི་དང་མི་མིན་གནས་སྐབས་དང༔ མཐར་ཐུག་བདེ་བའི་རྒྱུར་གྱུར་ཅིག༔ ཤུ་བྷཾ༔

ལབ་རྩེའི་གོང་གཏད་ལག་ལེན།

དག་སྣང་ཟུར་འགེབ་མི་ཟད་རྒྱན་འཁོར་ལས༔ ལབ་རྩེའི་གོང་གཏད་ལག་ལེན་ནི༔ རང་ཉིད་ཡི་དམ་ལྷར་གསལ་ཞིང༔ རི་གཉན་ལབ་རྩེ་གཉན་ཐང་ལྷ༔ འཁོར་བཅས་དངོས་གསལ་ཁྲོ་ཞིང་གཏུམ༔ དྲག་ཤུལ་ཉམས་བརྒྱ་འབར་བའི་ཞལ༔ རབ་ཏུ་གདངས་བའི་ཞལ་ཧོམ་དུ༔ འགྲོ་བའི་ཟག་རྫས་ལིང་ཀ་དང༔ དམར་གཏོར་དག་ལ་འགུག་གཞུག་བྱ༔ དེ་ནས་གསོལ་ཁའི་ཆོ་ག་རྣམས༔ ཇི་ལྟ་བ་བཞིན་བཏང་ནས་ནི༔ བསྐུལ་བ་དང་བཅས་ལབ་རྩེ་ལ༔ མཆོད་པ་འབུལ་ཞིང་ལིངྒ་མནན༔ ཉམས་པ་ཅན་གྱི་དགྲ་བོ་དེ༔ ཟླ་བར་ལོང་པ་མེད་མོད་ཀྱང༔ རྟགས་དང་མཚན་མ་མངོན་ཏུ་འགྱུར༔ ཟབ་པའི་མཐར་ཐུག་འདི་ཁོ་ན༔ བབ་ཅོལ་ཙམ་དུ་རུང་བ་མིན༔ སྲོག་ལ་འོང་བས་ཁེ་ཉེན་ཆེ༔ དེ་ཡི་ཕྱིར་ན་འཚོ་ཤེས་གྱིས༔ འགུག་གཞུག་སྤྱི་མཐུན་ནི༔ ཛཿ མཆོག་གསུམ་རྩ་གསུམ་བླ་མ་དང༔ ཞི་ཁྲོ་རབ་འབྱམས་བཀའ་བརྒྱད་ལྷ༔ ཏཱ་རེ་ལྷ་མོ་མ་སྲིང་འགྲོ༔ མ་མགོན་གཟའ་རྡོར་སྲུང་མའི་ཚོགས༔ དཀར་ཕྱོགས་ལྷ་ཀླུ་མཐུ་སྟོབས་ལྡན༔ བདེན་སྟོབས་མངའ་བའི་བདེན་མཐུ་ཡིས༔ སྡང་བྱེད་དགྲ་རྐུན་ཇག་གསུམ་དང༔ གནོད་བྱེད་གོད་འདྲེ་གོད་ཀྱི་སྲི༔ ཡུལ་འདྲེ་རྒྱལ་བསེན་དམ་སྲི་འགོང༔ བྱད་མ་རྦོད་གཏོང་ཉམས་པ་བདུན༔ བསྒྲལ་བའི་ཞིང་བཅུ་མ་ལུས་པ༔ གཟུགས་ཀྱི་ལིངྒ་ཤ་ཁྲག་གཏོར་མ་འདི་ལ་ཁུག༔ ཅེས་འདི་གྲངས་སུ་འཁྱོལ་བ་ན༔ ལྷ་ཆེན་སྟོབས་ལྡན་རྒྱལ་ཡང་འགུགས༔ མི་དང་མི་མིན་ཕལ་པ་ནི༔ འགུགས་འགྱུར་འདི་ལ་ལྟ་ཅི་སྨོས༔ དགོངས་ཀློང་ཟབ་མོའི་ཁྱད་ཆོས་ཡིན༔ སྤྱི་ལ་སྦྱར་དུ་རུང་བ་འོ༔ གུ་ཧྱཿ དམར་གྱི་གཏོར་མ་ཟོར་དུ་དཔག༔ ནད་མཚོན་དུག་རླངས་རྣམ་པར་ཤེས༔ རྣལ་འབྱོར་ལྟ་བའི་གདེང་ལྡན་པས༔ ཧཱུྃ་ཨཱཿ སྔོན་ནས་བསྙེན་ཅིང་སྒྲུབ་པའི་ལྷ༔ བར་དུ་གྲུབ་འབྲས་མངོན་དུ་གྱུར༔ ཐ་མ་ཕྲིན་ལས་རབ་འབྱམས་བདག༔ བྱད་མ་སྒྲོལ་བའི་དུས་ལ་བབས༔ ཛ་བྷྱོ་ཡཱ༔ གཉན་ཆེན་དྲི་ཟ་ཟུར་ཕུད་ལྔ༔ བདུད་པོ་ཟུ་ར་ནག་པོ་ཆེ༔ ཟླ་བའི་གདོང་ཅན་བསྙོན་ཁ་བ༔ མཁར་ནག་ཀླུ་བདུད་མགོ་དགུ་པ༔ ལྡང་ལྷ་མཁའ་རི་མཚན་མཆོག་བརྒྱད༔ མངའ་བའི་ཐང་ལྷ་དྲག་རྩལ་གཏུམ༔ ཡབ་ཡུམ་སྲས་འཁོར་སྤྲུལ་པའི་ཚོགས༔ ཁྲོ་འཁྲུགས་རྔམ་པའི་སྐུར་བཞེངས་ཤིག༔ ཁྱོད་ཐུགས་ཞི་ལས་མ་གཡོས་ཀྱང༔ བསྟན་འགྲོའི་སྤྱི་དགྲ་དམ་སྲིའི་རིགས༔ བདག་ལ་སྒོས་སུ་བྱེད་པའི་དགྲ༔ ལོག་འདྲེན་བྱད་མ་སྒྲོལ་བའི་ཕྱིར༔ སྐུ་ཡི་རྩལ་ཕྱུང་མཐུ་ནུས་བསྐྱེད༔ དོ་ནུབ་དྲག་པོའི་ཟོར་འཕེན་པས༔ མིང་རིགས་རུས་འདྲ་མ་ནོར་བར༔ དམིགས་པའི་ཡུལ་གྱུར་སྟེང་དུ་རྒྱོབ༔ ཚ་བའི་མེ་དང་གྲང་བའི་ཆུ༔ གཡབ་པའི་རླུང་དང་ཀོང་གི་ས༔ སྔགས་ཀྱི་མཚོན་དང་འཕེན་པའི་རྡོ༔ བསད་པའི་ཐུན་དང་དྲག་པོའི་ཡུངས༔ ནམ་མཁའི་སྒོང་ཟོར་རྣོ་བའི་མདའ༔ ཁྲག་ཟོར་དམར་པོ་མཚེ་ཡི་ཐུན༔ དྲེགས་པའི་གཏོར་ཟོར་ལ་སོགས་པའི༔ ཟོར་རྣམས་ཤིག་ཤིག་ཟང་ཟིང་འཕེན༔ གཉན་ཆེན་ཐང་ལྷ་དམག་ལ་ཆོས༔ དགྲ་བོའི་ཁམས་ལྔ་རྡུལ་དུ་རློགས༔ ཕོ་རྒྱུད་དམ་ཉམས་བརླག་པར་མཛོད༔ མོ་རྒྱུད་སྐྱེས་པ་མངལ་ནས་སྐོམས༔ ནོར་རྫས་གཉན་གྱིས་གཡུལ་ཟས་ཀྱིས༔ གནས་ཁང་ལྷ་འདྲེའི་འཚོགས་ཁང་ཆོས༔ དེ་རིང་ཟོར་སྣ་འདི་འཕེན་པས༔ ལམ་དུ་གནས་པའི་དྲེགས་པ་ཚོ༔ སྟེང་འོག་གཡས་གཡོན་སྐུ་ཟུར་ཅིག༔ ཕོག་ན་རྡུལ་དུ་བརླག་པར་འགྱུར༔ ཟོར་འདི་མ་ཡོ་མ་བཟུར་བར༔ དམིགས་པའི་དགྲ་བོའི་སྟེང་དུ་བསྒྱུར༔ གནམ་ལྕགས་མཁར་ལ་ཕོག་ལྟར་ཐོངས༔ རྩི་འབྲས་སེར་བས་བཅོམ་ལྟར་ཐོངས༔ སྤང་རི་མེ་དཔུང་མཆེད་བཞིན་ཐོངས༔ མེ་འབར་ཆུ་ཡིས་གཞོམ་ལྟར་ཐོངས༔ བྱད་མ་དགྲ་བགེགས་མི་ནོར་བཅས༔ མིང་ཙམ་མ་བཞག་རྡུལ་དུ་རློགས༔ ཁ་ཕུང་རྗེས་ཤུལ་རླུང་ལ་སྐུར༔ མ་འདའ་བཛྲ་ས་མ་ཡཱ༔ ཞེས་འདི་དབྱིངས་རིག་མཁའ་འགྲོའི་བཀའ༔ ཕལ་པའི་བློ་ཡི་སྤྱོད་ཡུལ་མིན༔ ལོག་སྲེད་ཅན་ལ་གསང་ངོ་རྒྱ༔ དད་ལྡན་ཡོངས་ལ་གཏད་དོ་རྒྱ༔ འདི་ནི་ཤིན་ཏུ་བཀའ་གཉན་པས༔ གར་ཐོད་ཐོད་དུ་མི་བྱ་ཞིང༔ དགོས་གལ་ཆེ་ན་མ་གཏོགས་པ༔ བྱས་ན་རང་གི་སྲོག་ལ་འོང༔ དེ་ཕྱིར་གསང་ལ་ཉམས་སུ་ལོངས༔ ས་མ་ཡཱ༔ ཞེས་དད་ལྡན་བསོད་ནམས་མཐུ་སྟོབས་ནས་བསྐུལ་ངོར༔ བླ་གཟུགས་ས་ར་ཧི་ཏས་བྲིས༔ ཡོངས་ལ་ཕན་པའི་རྒྱུར་གྱུར་ཅིག