cover

བསམ་གཏན་ཡེ་ཤེས་གླིང་པའི་གཏེར་ཆོས་སྐོར།

གླེགས་བམ་བདུན་པ། ཇ༽

བསམ་གཏན་ཡེ་ཤེས་གླིང་པའམ་ཧོར་བླ་གཞན་ཕན་བཟང་པོ།

སྔ་འགྱུར་མདོ་ཁམས་གཡུ་ཁོག་དཔེ་ཚོགས།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

བསམ་གཏན་ཡེ་ཤེས་གླིང་པའི་རང་རྣམ།

༄༅། གཏེར་ཆེན་ལུང་རིག་གླིང་པའི་ཆོས་བདག་རིག་འཛིན་གཞན་ཕན་བཟང་པོའི་གསང་བའི་རྣམ་ཐར་ཡེ་ཤེས་མཁའ་འགྲོའི་གསང་ཚིག་སྐལ་ལྡན་སློབ་མའི་རྒྱུད་གྲོལ་བི་ཧ་ར་ཏིཥྨ།

༄༅། སྐུ་གསུམ་རང་རིག་ངོ་བོ་དྲིན་ཆེན་གྱི། །བླ་མ་ཨོ་རྒྱན་རྗེ་དང་སྒྲོལ་མ་ལ། །སྒོ་གསུམ་གུས་པས་གསོལ་འདེབས་སྨིན་གྲོལ་སྩོལ། །རང་གི་སྔོན་སྦྱངས་ལས་འཕྲོའི་རྣམ་ཐར་འབྲི། །ཆོས་དབྱིངས་བདེ་ཆེན་ཨ་དརྴ། །སྟོང་པ་རྣམ་ཀུན་ལུས་ཕྲ་མས། །འཇའ་ཚོན་སྣང་བའི་རི་མོ་འདི། །བདེ་སྟོང་གླུ་ཡི་ཚུལ་དུ་བླངས། །ཀྱེ་ཀྱེ་རིག་པའི་ཁྱེའུ་ཆུང་ལགས། །ཡེ་ཤེས་མཁའ་འགྲོའི་ཟློས་པའི་གར། །ཨ་ཙར་ས་ལེའི་དངོས་སྤྲུལ་པ། །བྱང་སེམས་གཞན་ལ་ཕན་དེ་ཡི། །རྣམ་པར་ཐར་བའི་ཚུལ་འདི་ངོམས། །ཨ་ལ་ལ་ཧོ། དང་པོ་ཆོས་སྐུའི་ཞིང་དུ་སྟོན་པ་རང་ཤེས་རིག་པའི་རྒྱལ་པོ་དང་སྟོན་འཁོར་དགོངས་པ་གཅིག་པའི་དབང་ཐོབ། གཉིས་པ་ལོངས་སྐུའི་ཞིང་དུ་ངེས་པ་ལྔ་དང་ལྡན་པའི་ཐབས་ཤེས་ཟུང་འཇུག་སྣང་བའི་དཔལ་གྱིས་འགྲོ་ལ་དགོངས་པར་མཛད་ཅིང་། གསུམ་པ་སྤྲུལ་སྐུའི་ཞིང་ཁམས་སུ་འགགས་མེད་བསྟན་འགྲོའི་རྩ་ལག་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེས་འགྲོ་ལ་སྨན་པའི་མགོན་དུ་མངགས་པའི་ཕོ་ཉ་མཛད་ནས་ཟློས་གར་སྲིད་པའི་ལམ་དུ་ཐུགས་རྗེའི་འཇུག་པ་མངོན་ཚེ། དྲིན་ཆེན་མ་ཡི་ལྷུམས་སུ་སྒྱུ་མའི་འཇའ་སྐུར་ཞུགས་པའི་ཉམས་ལ་ལྷ་སའི་ཇོ་བོ་མཐོང་ཞིང་སྐྱེ་བའི་ལམ་རྒྱུད་གྲོལ་ཞིང་། ཕུར་སྲུང་དམ་ཅན་རྒྱ་མཚོས་ཉིན་མཚན་ཀུན་ཏུ་མེལ་ཚེ་མཛད་དོ། །དེ་ནས་སྐུ་བལྟམས་པའི་དུས་ལ་བབས་པའི་ཚེ་ན་གནམ་སྟོང་སངས་རྒྱས་དུས་ཆེན་སྤྲེའུ་ཟླ་བའི་མཇུག་ཏུ་དགེ་བའི་བག་ཆགས་སད་པའི་སྐྱེ་བའི་མྱུ་གུ་འཁྲུངས་ཚེ། མཁའ་སྤྲིན་དང་འཇའ་དཀྱུས་སོགས་ལེགས་པའི་མཚན་མ་བཟང་པོ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་གཟུགས་སྐུར་བཞེངས་ཏེ་ལོ་བདུན་གྱི་བར་དུ་རྒྱུད་ལ་སྙིང་རྗེ་རང་འཁྲུངས་སོགས་ཡ་མཚན་རྨད་དུ་བྱུང་བའི་ལྟས་མང་དུ་མངོན་ཡང་རགས་རིམ་ཙམ་གླེང་ན། ཡར་ངོའི་ཚེས་བརྒྱད་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་དུས་ཆེན་ལ། སྣང་མིན་ཉིང་འཁྲུལ་དུ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་མི་མོའི་ཚུལ་དུ་བྱོན་ནས་དར་ལྗང་གུའི་བསྲུང་མདུད་དང་། བྱིན་རླབས་རྟེན་འདུས་རིལ་བུ་བདུན་གནང་བ་ཕྱི་ཉིན་སྔས་ཐོག་ཏུ་མངོན་པ་དང་། ཡང་ཡར་ངོའི་ཚེས་བཅུའི་ཉིན་ཞིག་ལ་བྱིས་པའི་ཉམས་འུར་ནས་སོག་པའི་ཌཱ་མ་རུ་དཀྲོལ་ཏེ་ཁྱིམ་ཕྱི་ནང་ཐམས་ཅད་དུ་གར་འཆམས་གླུ་བླངས། ཅི་བྱས་གཏད་སོས་དབེན་པ་ལ། མ་རྒན་གྱིས་ཁྲོ་འཁྲུགས་དྲག་པོའི་སྟོབས་ཀྱིས་བརྡེག་པར་བརྩམས་ཏེ་བདས་པ་ན། སྒོ་གདན་རྡོ་རིང་གི་རྩེ་ལ་རྡོ་རྗེ་སྐྱིལ་མོ་ཀྲུང་བཅས་ཏེ་བཞུགས་སོ། །དེ་ལ་ཐམས་ཅད་ཀུན་གྱིས་ཡ་མཚན་རྨད་དུ་བྱུང་ཞིང་གསང་རྒྱ་བྱས། ཡང་ཉིན་གཅིག་རུ་བཀལ་ཏེ་མེས་པོ་རྒན་འཁོག་དེས་ཤ་ལ་བཅར་ཞིང་གཡག་གཅིག་ཞོན་ནས་ཆུ་བྲག་འཐབ་པའི་གནས་སུ་ཕྱིན་པ་ལས། བྱིས་པ་དེས་ལག་ཡ་གནམ་ལ་བསྒྲེངས་ནས་སེ་གོལ་རེ་གཏོགས་བཞིན་ལྟ་སྟངས་མཛད་ནས་ཉེས་སྐྱོན་མེད་ཅེས་བསྒྲགས་ཏེ་བདེ་བར་སླེབས་པ་དང་། དེ་ནས་རང་ལོ་བཅུ་གསུམ་ཆུ་ཕོ་སྤྲེའུའི་ལོ་ལ་སླེབ་པའི་དུས་སུ། སློབ་དཔོན་བཻ་རོ་ཙ་ནའི་ཟློས་གར་མཆོག་སྤྲུལ་བྱང་ཆུབ་རྡོ་རྗེས་དབུགས་དབྱུང་གཟེངས་བསྟོད་དེ་སྤྲུལ་པའི་སྐུ་ཡིན་པར་དམ་པའི་གསུང་གིས་བསྔགས་པའི་མེ་ཏོག་འཐོར། དེ་ནས་རིགས་བཟང་པོ་ཞིག་ཡིན་ནོ་ཞེས་པའི་སྒྲ་མི་དང་མི་མིན་ཀུན་གྱིས་ཕྱོགས་མཚམས་ཐམས་ཅད་དུ་བསྒྲགས། སྤྲུལ་པའི་སྐུ་དེ་ཉིད་ཀྱིས་ཡི་གེ་འབྲི་བ་སོགས་འདྲེན་པའི་སློབ་དཔོན་མཛད། ཐུགས་བརྩེ་བ་ཆེན་པོས་རྗེས་སུ་བཟུང་བ་ཡིན་ནོ། །ཡང་རྡོ་རྗེའི་མཆེད་པོ་གསང་སྔགས་གླིང་པ་དང་རྩེད་མོ་འགའ་བྱས་སྐབས། ཡུལ་གྱི་ཟོ་དོར་དང་སྔར་མེད་པའི་སྡེ་བརྒྱད་དུ་མ་མཐོང་ཞིང་གཏམ་གླེང་མང་པོ་བྱས་པའང་སྣང་། བགྲང་བྱ་ལྔ་གསུམ་རྫོགས་པ་ནོར་སྐྱོང་གི་ལོ་ལ། སྔོན་སྦྱངས་སྨོན་ལམ་དབང་གིས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་རྗེས་སུ་བཟུང་ནས་ལས་འཕྲོ་སད་པའི་དུས། མཁའ་འགྲོའི་བརྡ་དང་། ཉམས་སྣང་ངོ་མཚར་བ་འགའ་དང་། དག་པའི་སྣང་བ་དཔག་ཏུ་མེད་པ་མཐོང་ན་ཡང་བར་ཆད་བདུད་སྲིན་དམ་འགོང་གིས་བར་ཆད་བསླངས་པས་རེ་ཞིག་བསྒྲིབ་པ་ལ། རང་ལོ་བཅུ་དགུ་སྡེར་ཆགས་གཅན་གཟན་རྒྱལ་པོས་ངར་སྒྲ་སྒྲོག་པའི་ཚེ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཉིད་འཇིག་རྟེན་མིའི་ཟོལ་དུ་བསྟན་པ་སྤྲུལ་པའི་སྐུ་མཆོག་དམ་པ་གཏེར་ཆེན་རིག་འཛིན་ལུང་རིག་གླིང་པ་ཞེས་མཚན་སྙན་དབྱར་རྔ་ཕྱོགས་བརྒྱར་ལྡིར་བའི་སྐྱེས་བུ་དེ་ཉིད་ཀྱིས་སྐལ་ལྡན་ཆོས་ཀྱི་བདག་པོའི་མིང་གི་ཅོད་པཎ་བཏགས་ཏེ་རྒྱལ་ཚབ་འཁྲུལ་བ་མེད་པར་མངའ་གསོལ་ལོ། །རྡོ་རྗེའི་ཚིག་གིས་དབུགས་དབྱུང་ལུང་བསྟན། ཡིད་ཆེས་པའི་གྲུབ་རྟགས་ཡ་མཚན་རྨད་དུ་བྱུང་བ་མང་པོ་བསྟན། རང་ལ་ཡང་ཕྱིར་མི་ལྡོག་པའི་དད་པ་བླ་ལྷག་ཏུ་བྱུང་ཞིང་། དུས་རྒྱུན་ཏུ་སངས་རྒྱས་དངོས་སུ་མཐོང་ཞིང་དམ་པ་གང་གི་གསུང་ཆོས་གཏེར་གསར་ཁོ་ན་ཉམས་སུ་བླངས་པ་ལ་མ་ཅིག་དུད་སོལ་ལྷ་མོས་ཞལ་གཟིགས་ཤིང་འབྱུང་འགྱུར་གྱི་ལུང་བསྟན། དེ་ནས་ལེགས་པའི་མཚན་མ་འགའ་ཞིག་གིས་བརྒྱན། མི་རྟག་པ་དང་། ངེས་འབྱུང་ཟབ་མོས་རྒྱུད་བརླན་ཅིང་། དྲིན་ཆེན་བླ་མའི་ཞལ་རྒྱུན་མང་པོས་སེམས་ལ་གསོས་བཏབ་པས་ཉམས་རྟོགས་ལ་བོགས་མང་དུ་ཐོན། ཡང་ཡོངས་འཛིན་དམ་པ་མཁན་རིན་པོ་ཆེ་དཀོན་མཆོག་ཚུལ་ཁྲིམས་ཀྱིས་བདག་ལ་སྒྲ་སྐྱོར་སྦྱོང་བྱེད་དུ་བཅུག་པའི་སྐབས། ནམ་མཁའ་ལ་ཞག་བདུན་གྱི་བར་དུ་ཉི་ཟླ་སྐར་གསུམ་དུས་གཅིག་ལ་ཤར་བ་དང་། ནུབ་གཅིག་རྨི་ལམ་དུ་ཤེས་རབ་ཀྱི་ལྷ་མཐོང་བའི་ལྟས་ཤར་ཞིང་ཀྲིཏ་ཀུན་བཤད་ལ་ཐུག་སྐབས་ཉིན་རེར་སྤར་ལྡེབ་བརྒྱད་རེ་མ་བསླབ་བཞིན་སེམས་ལ་ཆུབ། ཡོངས་འཛིན་རིན་པོ་ཆེ་ངོ་མཚར་ཏེ་ཁྱོད་ལ་སྔོན་སྦྱངས་ཀྱི་ལས་འཕྲོ་འདུག འོན་ཀྱང་ང་རྒྱལ་མ་སྐྱེད་ཅིག་གསུངས། དེ་ནས་སྔོན་སྦྱངས་ལས་ཀྱི་འཕྲོ་མཐུད་པའི་རྨད་བྱུང་རྡོ་རྗེ་གྲོ་ལོད་ཀྱི་སྒྱུ་འཕྲུལ་གཏེར་ཆེན་བདུད་འཇོམས་གླིང་པས་བརྒྱུད་འཛིན་ཆོས་ཀྱི་བདག་པོ་ཡིན་པར་ལུང་བསྟན། ཟབ་གསང་རྫོགས་པ་ཆེན་པོ་ངོ་སྤྲད། ཟླ་བ་བརྒྱད་དུ་བསྒོམ་པའི་ཚེ་ཉིན་རེ་བཞིན་ཡར་དག་པ་སངས་རྒྱས་ཀྱི་ཞིང་ཁམས་དང་། མར་ངན་སོང་གསུམ་གྱི་སྣང་བ་སོགས་བཟང་ངན་གྱི་རྟོག་ཚོགས་དཔག་ཏུ་མེད་པ་མཐོང་ཡང་ཐམས་ཅད་བདེན་མེད་སྒྱུ་མའི་ཆོ་འཕྲུལ་དུ་ཤེས་ཤིང་འཁོར་འདས་མཉམ་པར་བརྡལ་བའི་ཡེ་གནས་རྫོགས་པ་ཆེན་པོ་འོད་གསལ་འདུས་མ་བྱས་པའི་ཉམས་སྣང་དུ་མ་ཤར། ཉམས་གོང་འཕེལ་གྱི་ས་ལ་སླེབ་ལ་ཁད་དུ་སོང་། མཚན་མོ་ཡེ་ཤེས་རང་སྣང་གི་མཁའ་འགྲོ་རྣམས་ཀྱིས་བརྡ་གླུ་དང་མགུར་བྱང་མང་པོ་བཀྲོལ། ཉིན་མོ་གཏེར་ཆེན་བླ་མ་དམ་པས་ཐུགས་བརྩེ་བ་ཆེན་པོས་རྗེས་སུ་བཟུང་། དེ་ལ་སོགས་པའི་༼རིག་འཛིན་གསང་སྔགས་གླིང་པ་དང་། ཨོ་རྒྱན་མཁའ་སྤྱོད་གླིང་པ། པདྨ་དྲག་རྩལ་གླིང་པ། རིག་འཛིན་ལྷུན་གྲུབ་གླིང་པ། དབང་ཆེན་སྔགས་བདག་གླིང་པ།༽དུས་བབ་རྩོད་བྲལ་གྱི་གཏེར་སྟོན་སྐྱེས་བུ་བདུན་གྱི་རྡོ་རྗེའི་ལུང་གིས་ཆོས་ཀྱི་བདག་པོར་བསྔགས་པ་སོགས་དུ་མ་ཡོད་ཀྱང་ཡི་གེའི་འཇིགས་ནས་མ་བྲིས་སོ། །དེ་ནས་རང་ལོ་ཉེར་ལྔ་ལ་སླེབ་པའི་དུས། དམར་རྒྱན་གྱི་སྤྲུལ་པ་དང་འཕྲད་པའི་ཚེ་རཱ་ག་སྲིད་པའི་ཉེར་ལེན་མང་པོས་བསླུ་བྲིད་བྱུང་བའི་ཚེ། དཔལ་ཆེན་རྡོ་རྗེ་གཞོན་ནུའི་བསྙེན་སྒྲུབ་དང་། བསམ་ལྷུན་འབུམ་གྱི་རིམ་གྲོ་ལ་བརྩོན་ཞིང་། ཉིང་འཁྲུལ་དུ་པཎ་ཆེན་བཻ་རོ་ཙ་ནས་ཞལ་གཟིགས་ནས་འདི་ལྟར་གསུང་བྱུང་། ང་ཡི་ཕྲིན་ལས་སྤྲུལ་པ་དང༔ སྣ་ནམ་བདུད་འཇོམས་ཡོན་ཏན་སྤྲུལ༔ རྒོད་ཀྱི་ལྡེམ་འཕྲུ་བྱ་བ་ནི༔ དགེ་བཤེས་ཚུལ་ཁྲིམས་རྣམ་པར་རྒྱལ༔ ཡང་སྲིད་ཁྱོད་ཀྱི་གདུང་རྒྱུད་ནི༔ ཀུ་ཀུའི་གདོང་ལ་འཁོར་ཡང་སྲིད༔ རྟེན་འབྲེལ་ཟབ་མོས་མཚམས་སྦྱར་ན༔ བསྟན་འགྲོའི་གཉེན་དུ་ལན་གཅིག་འགྱུར༔ མ་འདའ་རིགས་ལྡན་ཐོད་པ་རྩལ༔ ཞེས་གསུངས་རང་བྱུང་མཁའ་ལ་ཐིམ། སད་ནས་ཅི་ཡིན་གྱི་བརྟགས་དཔྱད་བྱས་ཀྱང་ཆེར་མ་མངོན་ཡང་བདེན་རྫུན་གྱི་འཇའ་སྤྲིན་མཁའ་ལ་ཤར་བ་ཀུན་གྱི་སྤྱོད་ཡུལ་དུ་གྱུར། ཡང་གནས་མཆོག་ཏཱ་རེའི་ཞོལ་དུ་གུ་རུ་ཚེ་མཐའ་ཡས་པའི་ཚོགས་མཆོད་ཅིག་ཕུལ་བའི་དུས་བདག་གི་བསམ་པ་ལ། རིག་འཛིན་གསང་སྔགས་གླིང་པའི་གཏེར་ཆོས་ཀྱི་དབང་ལུང་དམ་པོ་ཞིག་མ་ཐོབ་པས། ད་ནི་གསོལ་བ་བཏབ་ནས་སྒོམ་པ་མ་གཏོགས་བློ་ཐབས་བྲལ་བསམ་ནས། ཆོ་ག་རྗེས་ཆོག་བཅས་ལེགས་པར་གྲུབ་ནས། སྲོད་འཁོར་དགོང་མོ་རྨི་ལམ་ལ་བཞུགས་སྐབས། གཏེར་སྟོན་ཉིད་ཀྱིས་ཅང་ཤེས་རག་དཀར་རིན་པོ་ཆེའི་ཆས་ལྡན་ཞིག་བཅིབས་ནས་ལྷོ་ནུབ་ཟངས་མདོག་དཔལ་རི་ནས་རྒྱ་བོད་པཎ་གྲུབ་འགའ་དང་། བཙུན་པ་པཎ་ཞུ་ཅན་མང་པོའི་འཁོར་དང་བཅས་ཏེ། མཁའ་འགྲོ་ལྔས་མཆོད་རྫས་རྣམས་ཐོགས་ནས་འཇའ་འོད་ཀྱི་ཀློང་ནས་ཕ་གིའི་མདུན་མཁར་བྱོན་ཏེ། ངའི་ཟབ་གཏེར་དགོངས་མཛོད་གསང་བ་ཡང་ཏིག་གི་དབང་ལུང་དང་བཀའ་གཏད་ཁྱོད་ལ་གནང་། ང་ཡི་བརྒྱུད་པ་ཟུངས་དང་། ལུང་རིག་གླིང་པ་དང་ངེད་ཅག་སྤྲུལ་གཞི་གཅིག་ལ་ཆ་ལུགས་ཅུང་ཟད་སྣང་ཚུལ་ལགས་གསུངས་ནས། གཏེར་གྱི་སྒྲོམ་བུ་དང་པོ་ཏི་དམར་པོ་ཞིག་མགོ་ལ་བཞག་ནས་བླ་མ་བརྒྱུད་པའི་བདེན་བརྗོད་ཀྱི་བཀའ་ལུང་དང་དབང་གཏད་བྱས་ནས་བདག་ལ་གནང་། ཁོང་རྣམས་བྱ་ལམ་རྗེས་མེད་དུ་རང་ལ་ཐིམ་མམ་གཞན་དུ་གཤེགས་པའི་མཚན་མ་ཅང་མ་ཤེས་སོ། །རྨི་ལམ་ལས་ལྡང་བ་ན་དག་སྣང་ཝ་ལེ་བ་ཤར་འདུག དེ་ནས་བགྲང་བྱ་ཉེར་བདུན་མེ་ཕོ་ཁྱིའི་ལོ་ལ། ལི་རྩང་ཕྱོགས་ཀྱི་ཡུལ་ལྷ་འགའ་ཞིག་གིས་མཚམས་ཞུ་དང་ཞབས་ཏོག་ཕུལ་བའི་ཉམས་མང་པོ་ཤར་ནས་ཡུལ་དེའི་ཕྱོགས་ཀྱི་སྐྱེ་འགྲོ་མ་ལུས་པ་དབང་དུ་བསྡུས་ནས། དམ་པའི་གདུང་རྒྱུད་མ་ཆད་པའི་ཆོས་གྲྭ་ཆེན་པོ་གདོང་ལྔའི་མིང་གིས་སྤྲས་པའི་དགོན་ཏུ་སྙིང་ཐིག་གི་བསྟན་པའི་སྲོལ་བཏོད། དེ་ནས་རིམ་བཞིན་དུ་བསྟན་དང་འགྲོ་ལ་ཕན་པའི་ཡོན་ཏན་མངོན། རྗེ་བཙུན་མས་རྗེས་སུ་བརྩེ་བའི་ལི་སྨད་ཚང་ལ་འོད་ཟེར་ཅན་མའི་སྒོ་ནས་དམག་བཟློག་བྱས་ཚེ་དམག་མི་བརྒྱ་ལྷག་ཙམ་བསྐོར་དུ་བྱུང་ཡང་ཁ་མ་འཆམ་པས་རང་ཡུལ་དུ་ལོག སྔགས་སྲུང་ཁྲོས་མས་བསྲུང་བའི་སྣང་བ་ཤར་བ་དང་། ཡེ་ཤེས་མཁའ་འགྲོའི་ཞལ་ལུང་བཞིན། རྫ་རི་སྟག་བཀྲ་ལ་ཕེབས་ཚེ་རིག་པ་འཛིན་པ་གྲྭ་མདའ་བླ་མ་སོགས་བླ་སེར་བདུན་ཅུ་ཙམ་གྱིས་དད་འདུན་ཆེས་ཆེར་བསྐྱེད་ཅིང་། རིག་འཛིན་ལུང་རིག་གླིང་པའི་ཕུར་པ་དམ་སྲི་ཚར་གཅོད། ནོར་རྒྱུན་ལྷ་མོ་སོགས་གཏེར་གསར་དུ་མའི་དབང་ལུང་འབོགས། གཏེར་སྟོན་དེ་ཉིད་ཀྱིས་ཀྱང་ཆོས་ཀྱི་བདག་པོར་མངའ་གསོལ་ཞིང་གཏེར་ཆོས་རྣམས་སྤྲད། རི་བོའི་སྤོ་བྲག་གི་ལམ་ཞིག་ཏུ་ཕྱིན་པས་དྲེའུའི་ཁལ་ཐག་ཆད་ནས་གཡང་ལ་ལྷུང་དུ་ཉེ་ཚེ། སྔགས་སྲུང་མས་ཉེན་ཁ་བསལ་ནས་བདེ་བའི་ས་ལ་ཕྱིན་ནས་རང་གི་བསོད་ནམས་དང་མོས་པའི་ལོངས་སྤྱོད་ཀྱིས་མཐུན་རྐྱེན་བསྒྲུབས་ཏེ་རང་ཡུལ་ཏུ་སླེབས་པ་དང་། སྔར་ཡོངས་འཛིན་གྱི་བླ་མ་དམ་པ་རིག་འཛིན་ལུང་རིག་གླིང་པའི་ལུང་བསྟན་ལས། འཁོར་ལོ་སྣ་ཅན་འགའ་ཡིས་གུས་ཚུལ་སྟོན༔ ཞེས་གསུངས་པ་ལྟར། རང་ལོ་ཉེར་བརྒྱད་ཕག་གི་ལོ་ལ་དབྱི་མཁར་ཐེག་ཆེན་ཆོས་འཁོར་གླིང་དུ་དབྱར་གནས་པའི་ཚེ་མཆོད་གཡོག་ཏུ་བསྐོས་ཀྱང་རྨི་ལམ་དུ་འཕགས་མ་རིག་བྱེད་ལྷ་མོས་འཇིག་རྟེན་པའི་མི་མོའི་ཚུལ་གྱིས་ཞལ་གཟིགས་ནས། ངའི་རྣ་ཆ་འདི་ཁྱོད་ལ་གཏད། དབྱིའི་ཆོས་གྲྭའི་ཁྲི་ལ་མངའ་གསོལ་བ་ཡིན་པས་དེ་ལྟར་གྱིས་ཤིག་ཟེར་ནས་མི་སྣང་བར་གྱུར། དེའི་ཕྱི་ཉིན་སྤྲུལ་པའི་སྐུ་པདྨའི་མཚན་འཆང་གང་དེས་ཁོང་དབུས་ལ་ཕེབས་རན་པས་ཁྱོད་མཁན་པོ་ལ་བཞུགས་དགོས་ཞེས་བཀའ་གསུང་ནན་དུ་ཕེབས་པ་ལ་སེམས་ཤིན་ཏུ་མ་དགའ་སྟེ། སྤྲུལ་པའི་གཏེར་ཆེན་བླ་མ་རིན་པོ་ཆེའི་སྤྱན་སྔར་ཞུས་པས་བླ་མའི་ཞལ་ནས། རིག་བྱེད་མའི་དངོས་གྲུབ་ཡིན། མོས་པ་རྣམ་བཞིའི་གཅིག་རེད་འདུག་པས་དེ་ལྟར་མཛོད་གསུངས་ནས། མཁན་ཞུ་སྡེ་སྣོད་གསུམ་པ་ཞིག་གནང་ཞིང་ཕྱག་གཉིས་མགོ་ལ་བཞག་སྟེ་བསམ་པ་མྱུར་འགྲུབ་མ་ཚར་གསུམ་གསུངས་ནས་བདག་ལ་བྱིན་རླབས་མཛད། དེ་ནས་སྡོམ་གསུམ་སོགས་དཔེ་ཆ་འགའ་མ་བསླབས་ཀྱང་ཚིག་དོན་ཕལ་ཆེར་ལ་ཐོགས་ཆགས་མེད་པའི་ཤེས་རབ་བརྙེས་ཤིང་དགེ་ལེགས་ཀྱི་ལྟས་བཟང་པོ་དང་བཅས་དབྱར་གནས་མཐར་ཕྱིན། བགྲང་བྱ་སོ་གཅིག་གཉིས་ནག་སྟག་གི་ལོར། སྔར་གཏེར་ཆེན་བླ་མའི་ལུང་བསྟན་ལས། རིས་བཀྲ་སྟག་ལ་ཞོན་པའི་ཁྲོ་རྒྱལ་གྱིས༔ དབང་སྡུད་དབང་གི་ཕྱག་ཆ་ལག་ཏུ་སྟེར༔ ཞེས་གསུངས་པ་བཞིན། སྔོན་གྱི་ལས་འཕྲོ་ཡོད་པའི་མ་ཅིག་ལབ་ཀྱི་སྒྲོན་མའི་ཟློས་གར་མཁའ་འགྲོ་ཆོས་སྒྲོན་བཟང་མོས་རྩང་ཡུལ་གྱི་གྲྭ་པ་ཐེག་མཆོག་ཟེར་བ་གདོན་ནད་ཀྱིས་བཏབ་ནས་མཁའ་འགྲོ་ལ་སྐྱབས་འཇུག་ཞུས་པས། ཌཱཀྐི་དེས་ཡེ་ཤེས་སྤྱན་གྱིས་ལེགས་ཉེས་བརྟགས་པས། དབྱི་ཁྲོམ་རྒྱུད་ཀྱི་གཡས་ཕྱོགས། ཏཱ་རེ་ཞེས་རི་བོ་གདུགས་དང་རྒྱལ་མཚན་གྱི་ཚུལ་ཏུ་ཡོད་པའི་འདབས་ན། ངའི་སྔོན་གྱི་ཐབས་མཆོག་ཕ་ཐོད་པ་བྷ་དྲའི་སྐྱེས་མཐའ་རིག་འཛིན་གཞན་ལ་ཕན་པའི་གང་ཟག གསང་སྔགས་ཐབས་ལ་མཁས་པ་སྦས་པའི་རྣལ་འབྱོར་པ་ཞིག་བཞུགས་པས་དེ་དང་འཕྲད་ན་ཁྱོད་ཀྱི་ནད་སོས། བློ་སེམས་ཆོས་ལ་འགྱུར། ང་རང་ལ་ཡང་རྟེན་འབྲེལ་ཡོད་པས། ཤེལ་རྡོ་དང་བྱི་རུ། གཡུ་ཆ་ཞིག་སྤྲོད་དང་། རྟེན་འབྲེལ་གནད་ལྡན་ཡོད་གསུངས་ནས་ཐོན་པའི་ཚེ། ཟླ་བ་འགའི་ནུབ་གཅིག་ལ། རྗེ་བཙུན་འཕགས་མ་སྒྲོལ་མས་ལུང་བསྟན་ནས། ཐེག་མཆོག་དེ་ཁྱོད་དང་སྔོན་ནས་འབྲེལ་བའི་སློབ་མ་ཞིག་ཡིན། དེ་དང་ལྷན་དུ་འབའ་ལྷ་སྒང་གི་ཕྱོགས་སུ་སོང་དང་སློབ་བུ་འདི་ནད་ལས་གྲོལ་བ་དང་། ཁྱོད་ལ་རྡོ་རྗེ་གྲོ་ལོད་ཀྱི་དབང་སྡུད་ཀྱི་ཕྱག་ཆ་མཁའ་འགྲོའི་སྤྲུལ་པའི་དམ་པ་གང་གིས་གཏད་དོ་ཞེས་ཟེར་བའི་ཉམས་ཤར། དེ་ནས་ཞག་འགའ་ནས་སྨྱོན་པ་འུར་ལང་བ་ལྟར། ཤར་མི་ཉག་ཕྱོགས་སུ་ཕྱིན་པའི་ལམ་དུ་དམག་འཁྲུགས་ཀྱི་འཇིགས་པ་ཆེ་བས་གར་འགྲོ་གཏད་སོ་དབེན་པས་དགོང་མོའི་དུས་བུད་མེད་སྔོན་མོ་ཞིག་གིས་འདིར་ཤོག་དང་དགོན་པ་ཞིག་ཡོད་ཟེར་བའི་ཉམས་ཤར་བས། དེའི་རྗེས་སུ་འབྲངས་ནས་སོང་བའི་ཚེ་ལུང་པ་ཞིག་གི་སྟོད་ན་ཁང་ཆེན་དང་། མེ་ཤིང་ཆུ་གསུམ་ཕུན་སུམ་ཚོགས་པ་ཞིག་ཡོད་པས་དེ་རུ་བསྡད། བུད་མེད་གར་སོང་ཆ་མེད་དུ་བོར། ཕྱི་ཉིན་འགྲོ་བའི་དུས་ལ་བབས་པ་ན་ཆར་པ་དྲག་ཏུ་བབས་ནས་ཁང་པའི་ཁྱམས་ཤིག་ཏུ་ཅུང་ཟད་བསྡད་པའི་ཚེ། མི་སྐྱ་བོ་མིང་ལ་བཀྲ་ཤིས་ཟེར་བ་ཞིག་དེར་སླེབས་ནས། ཁྱོད་ཚོ་སུ་ཡིན་ཟེར་བས། ལོ་རྒྱུས་ཞིབ་ཏུ་སྨྲས་པས། ཨ་བ་རིས། མདང་མར་ཁོག་ལ་སོང་ན་དགྲས་བཅོམ་ཚར་ཡོད། དེར་མ་སོང་བ་ཤིན་ཏུ་ངོ་མཚར། དེ་རིང་ངའི་རྩར་ཤོག་དང་། མགོ་ཐོན་ཨེ་འོང་བལྟ་ཟེར་བས། དེ་ལ་འགྲོགས་ནས་སོང་བས། དུད་ཚང་མང་པོ་ཞིག་གི་ནང་དུ་སླེབས་པ་དང་། དེར་གནས་སྤོ་བྱས་ནས་ཡོད་སྐབས། འདྲ་བ་སོགས་ཀྱི་དམག་མི་འགའ་ཞིག་གིས་ཁྱེད་རྣམས་ཉུལ་མ་ཡིན་པས་བཀྱིག་གམ་བརྡུང་དགོས་ཟེར་བའི་ཚིག་བསྒྲགས་ཚེ། རྩ་གསུམ་ཆོས་སྐྱོང་སྲུང་མ་ལ་མངོན་པར་མཁྱེན་པར་གསོལ་བས་རྗེ་བཙུན་མ་དང་དཔལ་ལྡན་དུད་སོལ་ལྷ་མོ་ཟུང་གིས་ཞལ་གཟིགས་ཤིང་བསྲུང་བ་མཛད། དེ་ནས་སེམས་པ་ཤིན་ཏུ་སྐྱིད་ཅིང་། དམག་མི་རྣམས་ཀྱིས་ཚིག་ངན་སྨྲས་པ་བྲག་ཆ་བཞིན་བདེན་མེད་དུ་མཐོང་། ཉེས་སྐྱོན་ཅི་ཡང་མ་བྱུང་། དེ་ནས་མྱུ་གུ་དགོན་༼ལྕམ་པ་སྟོད་མའི་ཉི་འོད་དགོན།༽གྱི་ཆོས་གྲྭ་རུ་སླེབ་ཚེ་བླ་གྲྭ་ཐམས་ཅད་ཡོན་ཁ་ཞིག་ལ་འཚོགས་ནས་འཚོགས་གྲོལ་འོང་བའི་སྐབས་དེར་ཐོན་པས། ཀུན་གྱིས་བླ་མ་ལགས་ཁམས་བཟང་འདིར་འབྱོན་པ་དགེ་ཞེས་གསུངས། དེར་ཆོས་ཁྲིམས་ཀྱིས་མཾ་ས་ཁོལ་གཅིག་གནང་བས། རྟེན་འབྲེལ་བཟང་བསམས་ནས་སྣང་བ་དགའ་ཡ་ལེ་གྱུར་ཏོ། །དེའི་ནུབ་མོ་འཛམ་གླིང་དཔའ་བོ་རྡོ་རྗེ་ལེགས་པས་དངོས་སུ་ཞལ་གཟིགས་ནས། བཟའ་བཏུང་གོས་རྒྱན་སོགས་ལོངས་སྤྱོད་ཀྱི་དངོས་པོ་ཇི་སྙེད་འབྱུང་བའི་རྟེན་འབྲེལ་མང་པོ་བསྒྲིགས། ཕྱི་ཉིན་སྔ་དྲོ་ཉི་ཤར་ལ། ཧཱུྃ་རལ་གྱི་སྤྲུལ་པའི་ནིརྨ་ཀ་དང་འཕྲད་ནས་ལེགས་པའི་ལྟས་བཟང་པོ་འགའ་ཞིག་གིས་མཚམས་སྦྱར་ཏེ་རང་མི་ཕྱི་ལ་སོང་བ་རང་ཁྱིམ་དུ་སླེབ་པ་ལྟ་བུའི་བསམ་པ་སྐྱེས། དེ་དང་དེའི་རྗེས་འབྲེལ་དུ་ཡུལ་གྱི་བསྟན་པའི་གཙོ་བོ་རུ་མངའ་གསོལ། སྤྲུལ་པའི་སྐུ་ཡིན་པའི་མིང་ཁྱབ། ལི་སོགས་དབྱི་རྩང་ཁག་ལྔ་དང་ནགས་ཕྲན་སོགས་ཡུལ་ཁམས་ཕལ་ཆེར་གྱིས་བླ་མ་རུ་མཐོང་བའི་གྲགས་པ་ཐོབ། པདྨ་དྲག་རྩལ་གླིང་པའི་མདུན་དེར་ཁོང་གི་གཏེར་གསར་དང་འཇའ་ཚོན་སྐོར་ཞུ་བའི་ཉིན་གཅིག་རྗེ་བཙུན་མི་ལ་རས་པའི་སྒྲུབ་ཐབས་ཀྱི་རྗེས་གནང་ཞུ་བའི་བྱིན་འབེབས་དུས་ལུས་རྔུལ། སྐྲ་གཟེངས། སེམས་ལ་དད་པ་བཟོད་མེད་མཆི་མ་འཁྲིགས་པ་ཙམ་བྱུང་ཚེ། རྗེ་བཙུན་རིན་པོ་ཆེའི་ཞལ་མཐོང་། ཡང་ཕྱིའི་དུས་སུ་བླ་མ་གཏེར་སྟོན་ཉིད་ཀྱི་སྐུ་ཚེའི་བར་ཆད་བསལ་བའི་ཆེད་དུ་བདག་གིས་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོའི་ཚེ་དབང་བླ་མ་ལ་ཕུལ་བའི་བྱིན་འབེབས་དུས་གྲུབ་ཆེན་དངོས་བར་སྣང་འཇའ་གུར་དུ་བཞུགས་ཤིང་། ལྟ་སྟངས་མཛད་པ་རང་གིས་མཐོང་ཞིང་། དབང་གྲལ་དུ་གནས་པ་ཀུན་ལ་སྣང་བར་གྱུར། ཕལ་ཆེར་ལ་དགའ་བའི་བསམ་པ་སྐྱེས། ཕལ་ཆེར་ལུས་འདར། ལ་ལ་ལུས་ཀྱི་བ་སྤུ་གཟེངས། སྐྱེས་བུ་དམ་པ་ཕལ་ཆེར་ལ་བརྗོད་མེད་ཀྱི་ཉམས་ཤར། བླ་མ་རིན་པོ་ཆེ་གཏེར་སྟོན་གྱིས་ངའི་སྐུ་ཚེའི་བར་ཆད་ད་སེལ་སོང་ཞེས་གསུངས་ནས། གྲུབ་ཆེན་ཐང་སྟོང་རྒྱལ་པོའི་སྐུ་བརྒྱ་རྩ་ཙམ་བཞེངས་པའི་ངོ་མཚར་བའི་ལྟས་མཐོང་བ་ལགས་སོ། །དེ་ནས་རང་ལོ་སོ་གསུམ་དབྱར་རྔའི་ལོ་ལ་དབྱིའི་ཆོས་གྲྭ་དེ་ཉིད་དུ་སློབ་བུ་མཚོ་རྒྱལ་སོགས་ཀྱིས་གཏེར་གསར་གྱི་དབང་ལུང་ཞིག་གསུང་དགོས་ཟེར་བའི་ནན་ཞུ་ཕུལ་བ་ལྟར། དེ་བཞིན་དུ་དབང་ལུང་འབོག་ལ་ཉེ་བའི་ནུབ་གཅིག་ཉིང་འཁྲུལ་རྨི་ལམ་གྱི་ཉམས་སྣང་ལ། ཟངས་མདོག་དཔལ་གྱི་རི་བོའི་རྟེན་བརྟེན་པ་དང་བཅས་དངོས་སུ་མཇལ་ཞིང་། དེར་དྲིན་ཆེན་རྩ་བའི་བླ་མ་ལུང་རིག་གླིང་པ་དེ་ཉིད་ཀྱིས་གཏེར་ཆོས་བཀའ་རྒྱ་ཁྲོལ་མ་ཁྲོལ་ཐམས་ཅད་སྒྲོམ་བུ་དང་ཤོག་སེར་གྱི་ཚུལ་དུ་གཏད་ནས་སྨོན་ལམ་གཏད་རྒྱ་བྱས། དེ་བཞིན་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་བྱིན་རླབས་ཀྱིས་བརླབས་ཤིང་། ཨོ་རྒྱན་སློབ་དཔོན་ཆེན་པོས་ཀྱང་བྱིན་དབབ་མཛད་ནས། རིགས་ཀྱི་བུ་ཁྱོད་ཀྱིས་རང་དོན་ཕུགས་སུ་མ་བཅུག་པར་གཞན་དོན་དང་དུ་ལོངས་དང་བསྟན་འགྲོ་ལ་སྨན་པའི་གསོས་ཐེབས། མཐར་གནས་འདིར་ངའི་ཚོགས་གཡོག་ཅིག་ཏུ་འགྱུར་རོ་ཞེས་ལུང་བསྟན། དེ་ནས་དྲིན་ཆེན་སྤྲུལ་པའི་སྐུ་རིན་པོ་ཆེས་རིགས་བདག་ཨོ་རྒྱན་ཆེན་པོ་ལགས། ངའི་ཕྲིན་ལས་ཀྱི་སྤྲུལ་པ་འདི་ལ་ཉིད་ཀྱིས་བསྩལ་བའི་མིང་ཞིག་ཞུ་ཞེས་ཞུས་པས་ཨ་ཙ་ར་རྒན་པོ་དེ་ཉིད་ཞལ་འཛུམ་པ་མཛད་ནས་བཞད་ཅིང་། བསམ་གཏན་ཡེ་ཤེས་གླིང་པ་ཞེས་གསུངས་ནས་ཞལ་མཆིལ་ཞིག་གནང་བ་བདག་གིས་དད་པའི་བསམ་པ་ལྷག་པར་སྐྱེས་ཏེ་བཏུང་བ་ལས། ཕྱི་ཉིན་གང་འདོན་གང་བྲིས་གང་འགྲེལ་ཐམས་ཅད་རང་ས་ནས་ཆགས་ཐོགས་མེད་པ་ཞིག་བྱུང་ཡང་། རང་ཐེ་ཚོམ་སྐྱེས་ནས་རྒྱལ་འགོང་འདྲ་སེམས་ལ་ཞུགས་པ་མིན་ནམ་སྙམ་ནས་ཡི་དམ་ལྷའི་བསྐྱེད་རིམ་དང་། ལེའུ་བདུན་མ་དང་། བསམ་ལྷུན་སོགས་ལ་ནན་ཏན་བྱས་ཤིང་། བདུག་པ་ལུས་ལ་བྱུགས་པས། ལོག་ལྟ་དང་དད་གཤིན་དཀོར་ལ་འབགས་པའི་སྐྱོན་གྱིས་སྔར་བཞིན་རགས་རིམ་མ་གཏོགས་འགྲིབ་སོང་། མཐར་ངེས་ལེགས་སྤྲུལ་སྐུས་བསྟན་པ་རྒྱས་བྱེད་ཀྱི་སྨོན་ལམ་ཞིག་ཁྱོད་ཀྱིས་ཕབ་དགོས་ཞེས་གསུངས་ནས་བྲིས་པ་དེ་ནས་བཟུང་སྟེ་གཏེར་ཆོས་ཆལ་ཆིལ་ཕབ་ཁུལ་བྱས། དེ་ནས་བགྲང་བྱ་སོ་བཞི་ཆུ་མོ་སྦྲུལ་གྱི་ལོ་ལ། ཏཱ་རེའི་གནས་ནང་དུ་ཚིག་བདུན་གསོལ་འདེབས་འབུམ་གསོག་པའི་སྐབས་སློབ་དཔོན་སངས་རྒྱས་གཉིས་པ་དངོས་སུ་བྱོན་པའི་དུས་ཆེན་ཡར་ངོ་ཚེས་བཅུའི་ཐོ་རངས་ཁར་རྨི་ལམ་འོད་གསལ་དང་འདྲེས་པའི་ཚེ་ལུང་པ་ཞིག་གི་མདའ་ནས་ཡར་ལ་འགྲོ་བའི་སྣང་བ་ཤར་ཙ་ན་ཆུ་ཆེན་པོ་ཞིག་འདུག་པས། དེར་བརྒལ་དཀའ་བར་སྣང་སྟེ་ཕྱིར་ལ་འགྲོ་མ་གཏོགས་མི་ཐར་བསམས་ནས་འདུག་སྐབས། བུད་མེད་གོས་སྔོན་གྱོན་པ་ཞིག་གིས་ཁྱོད་ལ་སྤྲུལ་པའི་སྐུ་མཆོག་ལུང་རིག་གླིང་པས་འདིར་ཤོག་གསུང་གིས་ཁྱོད་ལ་རོགས་ལྡན་ངས་བྱེད་ཟེར་བའི་སྣང་བ་ཤར་བའི་ཚེ་ཆུའི་ཕར་འགྲམ་ལ་ཐོན། དེ་ནས་བུད་མེད་དེས་བརྒལ་དཀའ་བའི་གནས་ཀུན་ནས་བསྐྱབས་ཏེ། དུར་ཁྲོད་ཆེན་པོ་འཇིགས་སུ་རུང་བ་ཞིག་ཏུ་ཕྱིན་པ་ན་སྲིན་པོའི་གླིང་སོགས་ཡ་ང་ཞིང་སྐྱི་གཡའ་བའི་ཡུལ་ཆེན་པོ་དེའི་དབུས་སུ་ཐོད་པའི་མཁར་མི་མངོན་ནམ་མཁའི་དབྱིངས་ལ་སྙེགས་པ་ཞིག་འདུག་པའི་ཕྱི་ཐམས་ཅད་ནི་རཱུ་ཏྲ་ལོངས་སྤྱོད་དང་བཅས་པས་བརྒྱན་ཞིང་། ནང་ནི་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་ཆེན་པོ་དེ་ཉིད་ཀྱི་སྟེང་ཁང་ཆོས་སྐུའི་ཕོ་བྲང་། བར་ན་ལོངས་སྐུའི་ཞིང་ཁམས། འོག་ཏུ་སྤྲུལ་སྐུའི་གཞལ་ཡས་ཁང་། ཕྱི་གསལ་ནང་གསལ་ཡེ་ཤེས་རང་སྣང་ལས་གྲུབ་པ་འཇའ་འོད་ཀྱི་གུར་ཁང་རྒྱ་ཁྱོན་བསམ་ལས་འདས་པའི་དབུས་སུ་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་ཉི་ཟླའི་སྟེང་ན། ཨོ་རྒྱན་ཐོད་ཕྲེང་རྩལ་ཞི་ཆགས་ཁྲོས་པའི་ཉམས་ཅན། དེའི་གཡས་སུ་རྒྱ་གར་གྱི་གྲུབ་ཐོབ་བགྲང་ཡས་རྣམས་དང་། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། གཡོན་ན་བོད་ཀྱི་རྗེ་འབངས་དང་དཔའ་མོ་མ་ཚོགས་ཐམས་ཅད། རྒྱབ་ན་གསང་སྔགས་རྒྱུད་སྡེའི་གླེགས་བམ་དང་། གར་གིང་ཆོས་སྐྱོང་ཕོ་རྒྱུད། མདུན་ན་གཏེར་སྟོན་བརྒྱ་དང་བརྒྱད་ཅུ། བརྒྱུད་གསུམ་གྱི་བླ་མ་དང་སྲུང་མ་སོགས་ཁྲོམ་འཚོགས་པ་ལྟར་བཞུགས་པའི་མདུན་དེར་སླེབས་སོང་བའི་ཚེ། བདག་ལ་བརྗོད་མེད་ཀྱི་ཉམས་ཤར་ནས་རྣམ་རྟོག་གི་འཕྲོ་འདུ་རེ་ཞིག་གི་བར་དུ་འགག་སོང་བས་དེ་ལས་ལྡང་བ་ན། སུ་ཡང་མཐོང་རྒྱུ་མི་འདུག་ཅིང་། ལྷ་ཁང་ཞིག་གི་དབུས་ན་རྩ་བའི་བླ་མ་ཉིད་བཞུགས་པའི་མདུན་དེར་མཆིས་པས་གསོལ་བ་རྩེ་གཅིག་ཏུ་བཏབ་ནས་ཁྱེད་ཀྱིས་ང་ལ་ཅི་གསུང་རྒྱུ་ཡོད། ས་ཆ་འདི་གང་རེད་ཞུས་པས། གནས་འདི་ཟངས་མདོག་དཔལ་གྱི་རི་བོ་ཡིན། ང་ནི་ཨོ་རྒྱན་ཆེན་པོ་དང་དབྱེར་མེད་པ་ཡིན། ཁྱོད་ནི་ང་རང་གིས་བྱིན་གྱིས་བརླབས་པའི་ཕྲིན་ལས་ཀྱི་སྤྲུལ་པ་ཡིན། འདི་ན་གནས་པ་ཐམས་ཅད་མཁའ་འགྲོ་དང་མཁའ་འགྲོ་མའི་རང་བཞིན་ཤ་སྟག་ལས་གཞན་མེད། ཕ་གིའི་རི་དེ། ཏཱ་རེ་མི་འགྱུར་ལྷུན་གྱིས་གྲུབ་པའི་གནས་མཆོག་དགའ་བའི་ཚལ་ཞེས་བྱ་བ་ཡིན། རང་བྱོན་དང་སྐུ་གསུང་ཐུགས་རྟེན་སོགས་འདི་དང་འདི་ལྟར་ཡོད་གསུངས་ནས་གནས་ཡིག་རྒྱས་བསྡུས་རྣམས་ལས་ཇི་ལྟར་གསུངས་པའི་དོན་རྣམས་ངོ་སྤྲད་ཅིང་། སེམས་ལ་མི་བརྗེད་པའི་རྒྱས་བཏབ་ནས་གཏེར་གསར་ཡོངས་རྫོགས་ཀྱི་གླེགས་བམ་རྣམས་མགོ་ཐོག་ཏུ་བཞག་ནས་སྨོན་ལམ་དང་གཏད་རྒྱ་མཛད། ད་ཁྱོད་སོང་དང་། བདག་གི་ཕྲིན་ལས་ཀྱི་སྤྲུལ་པས་འགྲོ་དོན་གྱི་ལྷག་མ་སྐྱོང་བའི་ཕྱིར་བསྟན་དང་འགྲོ་ལ་རྗེས་སུ་ཆགས་པར་མཛད་དོ་གསུངས་པ་ན། སེམས་ལ་བཟོད་མེད་ཀྱི་དད་པ་བྱུང་ཞིང་ཐལ་མོ་སྦྱར་ནས་བསྡད་ཙ་ན། རྨི་ལམ་འོད་གསལ་གྱི་ཉམས་སྣང་ལས་ལྡང་སྟེ་སྐྱ་རངས་འཆར་བའི་དུས་ལ་ཉེ་བྱུང་ཡང་ཐམས་ཅད་མ་བརྗེད་པར་ཡོད་པས། དེ་ནས་སློབ་བུ་ལུང་རྟོགས་སོགས་ལས་ལྡན་གྱི་གང་ཟག་འགའ་ཞིག་གིས་འདི་ལ་གནས་ཡིག་ཅིག་བྲིས་ཞེས་བསྐུལ་བའི་རྐྱེན་གྱིས་གནས་བསྟོད་འབྲི་བཞིན་འདུག་པའི་དུས་ཕ་རྒན་སླེབས་ནས། ཁ་ངན་མང་པོ་བསྒྲགས་པས་རྟེན་འབྲེལ་གྱི་བརྡའ་སྒོ་འགའ་འགགས་སོང་ནས་བསྡུས་པ་ཞིག་ཕབ་སྟེ་རེ་ཞིག་གཞན་བཏང་སྙོམས་སུ་བཞག་ནས་ཡོད་པའི་ནུབ་གཅིག་དྲིན་ཆེན་བླ་མ་བྱོན་ནས། ཁྱོད་བྲག་དམར་རྒོད་པོ་རྫོངས་ལ་སོང་དང་། རྟེན་འབྲེལ་མཁའ་འགྲོའི་སྣང་བརྙན་ཁྱད་པར་ཅན་ཡོད། རྡོ་རྗེ་ཕག་མོས་བྱིན་གྱིས་རླབས་པའི་བྱ་བཏང་རྫོགས་ཆེན་གྱི་རྣལ་འབྱོར་པ་དེ་དང་མཇལ་འཕྲད་འོང་ན་ཤིན་ཏུ་བཟང་། བར་ཆད་འགགས་འཕྲང་ལས་གྲོལ་གསུངས་པས་ལུང་བསྟན་དེ་ལ་རེ་བ་བཞག་ནས། གནས་སར་ལ་སོང་ནས་མཚམས་པ་དང་མཇལ་འཕྲད་མཛད། བདག་གིས་ཕྲིན་ལས་འགའ་བསྒྲུབ་ཅིང་ཁྱད་པར་དུ་འཕགས་པ་ནམ་མཁའི་རྒྱལ་པོས་དངོས་སུ་ཞལ་གཟིགས་ནས་ཞག་བདུན་གྱི་བར་དུ་སྙིང་རྗེ་རྒྱུན་མ་ཆད་ཅིང་། ཉམས་དང་རྨི་ལམ་གྱི་གསལ་སྣང་དུ་མ་ཤར་ཡང་ཅི་མི་སྙམ་པའི་ངང་དུ་བཞག བློ་སེམས་གཅིག་དྲིལ་དུ་འཕགས་མཆོག་ནམ་མཁའི་རྒྱལ་པོ་དང་། བླ་མ་དཀོན་མཆོག་གསུམ་ལ་གཏད། དེའི་ཚེས་བཅུའི་ཉིན་ཚོགས་མཆོད་ཞིག་ཕུལ་བས་ཉམས་དགའ་ཞིང་བག་དྲོ་བ་བྱུང་། སྲོད་འཁོར་གྱི་དུས་ཉམས་སྣང་ལ་མཁའ་འགྲོ་དམར་མོ་རུས་པའི་རྒྱན་དྲུག་རྫོགས་པ་གཅིག་ཕེབས་ནས་རྣལ་འབྱོར་བ་ཉམས་བདེ་འམ། ཅི་མཛད་ཀྱིན་ཡོད་ཟེར་བ་ལ། རང་བཞིན་དུ་གནས་ཤིང་མ་ཎི་འདོན་གྱིན་ཡོད་བརྗོད་པས། ད་ཁྱོད་ཀ་ཀོང་ལ་ཕེབས་དང་རྟེན་འབྲེལ་བཟང་པོ་ཞིག་ཡོད། པད་འབྱུང་མདུན་དུ་འགྲོ་བ་ཡོངས་ལ་ཕན་པའི་སྨོན་ལམ་ལེགས་པོ་ཐོབ་གསུངས་ནས་མི་སྣང་བར་གྱུར་ཏོ། །ད་དེར་འགྲོ་དགོས་བསམ་ནས་སོང་བས་ཉམས་མ་ངེས་པ་མང་པོ་བྱུང་ཞིང་། གནས་དེར་སླེབ་ལ་ཉེ་བ་ན། ལམ་ནོར་ནས་གར་འགྲོའི་གཏད་སོ་དབེན་པ་ལ་པད་འབྱུང་དྲུང་ནས་དུང་འབུད་པའི་སྒྲ་ཐོས་པས་དེར་སོང་། ཇོ་ཁང་གི་སྒོ་རྩར་སླེབས་ཏེ་ཕྱག་འཚལ་ཞིང་གསོལ་བ་བཏབ། ཚོགས་མཆོད་མཎྜལ་ཕུལ། དེའི་ནུབ་མོ་རྨི་ལམ་དུ་ཨ་ཙ་ར་གཅིག་འོང་ནས། ང་རང་གི་རྐང་དུང་འདི་ཁྱོད་ཀྱིས་བུས་ཤིག་དང་། ངས་ཉན་གསུངས་པས་བདག་གིས་བུས་པ་ལ་སྐད་འབྲིང་པོ་ཞིག་གྲགས། ཨ་ཙ་ར་དེས། ད་ཁྱོད་ལ་སྙན་གྲགས་དང་གདུལ་བྱ་འབྲིང་པོ་ཞིག་འབྱུང་། རྟེན་འབྲེལ་ཡང་ད་ལྟའི་ལུས་འདིར་འབྲིང་པོ་ཞིག་འགྲིགས། ཕྱི་མའི་སྐྱེ་སྲིད་དགའ་ལྡན་དུ་འཁྲུངས་ནས་འགྲོ་དོན་རབ་ཏུ་རྫོགས། ད་ཁྱོད་ཀྱིས་ཏཱ་རེ་མི་འགྱུར་ལྷུན་གྱིས་གྲུབ་པའི་གནས་ལ་དབུགས་དབྱུང་གཟེངས་བསྟོད་ཀྱིས་དང་། པདྨ་འབྱུང་གནས་དང་རྩ་བའི་བླ་མ་དབྱེར་མེད་པས་བྱིན་གྱིས་བརླབས་ཤིང་། སེམས་ཅན་འབུམ་ཕྲག་གཅིག་གནས་སྐབས་དང་མཐར་ཐུག་གི་བདེ་བ་ལ་འགོད་པའི་རྟེན་འབྲེལ་སྨོན་ལམ་ཡོད། བར་ཆད་ངན་པའི་དབང་དུ་མ་གཏོང་གསུངས་ནས་ཡར་ཞུ་དང་མར་གནང་རགས་རིམ་ཙམ་གླེང་ནས་རྨི་ལམ་ལས་སད་པས་དེ་ཐམས་ཅད་དྲན་པ་ཙམ་དུ་ལུས། རྐྱེན་དེས་བསྐུལ་ནས་ཏཱ་རེ་ལ་སླེབ་པ་ན་གནས་བདག་དྲག་པོ་རབ་འབར་རྩལ་གྱིས་གཟུགས་བསྟན་ཏེ་འབྱུང་འགྱུར་ལེགས་ཉེས་ཀྱི་ལུང་བསྟན་མང་དུ་གནང་། རི་རྒྱལ་འཕན་ཕྱུག་གི་སྡོང་གྲོགས་དང་ཡུལ་ཕྱོགས་ཀྱི་གསང་ཕུག་འགའ་ལ་ཁྲིད་ནས་བདག་ཅག་གི་ལོངས་སྤྱོད་དང་འབྱོར་བ་འཕེལ་ཞིང་། དེ་ནས་ཆུ་ཤེལ་འོད་དཀར་རྒྱལ་པོ་ས་གས་འཁྱུད་པའི་དཀར་ཕྱོགས་ཀྱི་ཚེས། རྗེ་བཙུན་ཨརྱ་ཏཱ་རེས་བྱིན་གྱིས་བརླབས་པའི་དུས་ཆེན། འོད་སྟོང་ནམ་མཁའི་ནོར་བུ་ཤར་རིའི་ཕྲག་ནས་ངོམས་པའི་ཚེ། ལས་དང་སྐལ་བ་ལྡན་པའི་སློབ་བུ་ལུང་རྟོགས་བསྟན་འཛིན་དང་། རིག་འཛིན་དངོས་གྲུབ་སོགས་རིག་པ་འཛིན་པའི་གང་ཟག་བཅུ་གསུམ་གྱིས་རྟེན་འབྲེལ་གྱི་རྫས་དུ་མ་ཕུལ་ཅིང་གནས་སྒོ་འབྱེད་པར་བསྐུལ་བའི་ཚེ། བདག་གིས་ཀྱང་ལྷ་དང་བླ་མ་སོགས་ལ་གསོལ་བ་བཏབ་པའི་རྐྱེན་གྱིས་རང་ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་གྱི་སྐུར་བཞེངས་པའི་སྣང་བ་ཤར་ནས་ཧཱུྃ་མཛད་ཀྱི་ཕྱག་རྒྱ་དང་བཅས་ཏེ། ཧཱུྃ་ཧཱུྃ་ཞེས་ལན་གསུམ་དུ་བསྒྲགས་པ་ན། མི་དང་མི་མ་ཡིན་འབུམ་ཕྲག་བགྲང་ལས་འདས་པ་དབང་དུ་འདུས་ཤིང་ཡུལ་དེའི་ཞིང་ཁམས་ཐམས་ཅད་སྣང་གྲགས་རིག་པའི་རྟོག་ཚོགས་ལྷ་སྔགས་ཆོས་ཉིད་ཀྱི་རོལ་པ་དག་མཉམ་ཡེ་རྫོགས་ཆེན་པོར་འབྱམས་ཀླས་པས་འཇིག་རྟེན་འདིར་སྣང་གི་རོལ་བ་ཐམས་ཅད་ཞག་བདུན་བར་དུ་རང་འགགས་སུ་སོང་ནས་སྐུ་གསུམ་དག་པའི་ཞིང་ཁམས་མང་པོ་དང་། དགེ་ཞིང་ལེགས་པའི་མཚན་མ་བསམ་ལས་འདས་པ་མངོན་ཀྱང་དེ་ཚོ་ཧ་ཅང་ཁ་ཐང་ཆེ་བར་དོགས་ནས་མ་སྤྲོས། ཕལ་ཆེར་སྒྲུབ་ཐབས་སོགས་ཀྱི་རང་རང་གི་གཞུང་དང་མཇུག་ནའང་གསལ། ཕྱི་ལྟར་ན་ཏཱ་རེ་མི་འགྱུར་ལྷུན་གྱིས་གྲུབ་པའི་གནས་མཆོག ནང་ལྟར་ན་རང་སྣང་གཡུ་ལོ་བཀོད་པའི་ཞིང་ཁམས། གསང་བ་ལྟར་ན་འོག་མིན་དག་པ་དབྱིངས་ཀྱི་གཞལ་ཡས་སྐུ་གསུམ་རྒྱལ་བའི་ཞིང་ཁམས་རིག་འཛིན་གྲུབ་བརྒྱའི་བཞུགས་གནས། མ་དང་མཁའ་འགྲོའི་འདུ་ཁང་། བྱིན་རླབས་དང་དངོས་གྲུབ་སྤྲིན་ལྟར་འཁྲིགས་པའི་གནས་མཆོག་དམ་པ་དེ་ཉིད་ཁམས་གསུམ་འགྲོ་བའི་བསོད་ནམས་ཀྱི་ཞིང་དུ་མངའ་གསོལ་བས། དེར་མཆོག་དམན་བར་གསུམ་གྱི་སྐྱེ་འགྲོ་འབུམ་ཕྲག་གཅིག་དང་ཁྲི་ཚོ་ཙམ་གྱིས་ཕྱག་སྐོར་བྱས། དེ་བཞིན་གཟུགས་མེད་ཀྱི་ལྷ་སྲིན་གྲངས་མེད་པས་ཀྱང་གྲོལ་བ་ཐོབ་ཅིང་ལས་ལྡན་གྱི་གང་ཟག་རང་རང་གི་རྒྱུད་ཚོད་དང་འཚམས་པའི་རང་བྱུང་དུ་མ་མངོན་ཞིང་། མཐོང་ཐོས་དྲན་རེག་གི་སེམས་ཅན་ཐམས་ཅད་གནས་སྐབས་དང་མཐར་ཐུག་གི་བདེ་བ་ལ་བཀོད་པ་ཡིན་ནོ། །དེ་ནས་ཅང་ཤེས་རྟའི་ལོ་མཇུག་ཏུ། གནས་བདག་གིས་ལུང་བསྟན་ཏེ། ད་ལོར་ཁྱོད་འདིར་བཞུགས་ནས་ཡུལ་ཁམས་ཐམས་ཅད་ཀྱང་གནས་འདིར་བརྟན་ཆགས་ཤིག་བྱུང་ན་ཡུལ་འདིའི་དམ་སྲི་མཆེད་བཞི། ཤི་འདྲེ་གྲོང་རྒྱུག་ཚོ་ཐུལ་ཞིང་། གནས་འདིར་རིག་པ་འཛིན་པའི་སྐྱེས་བུ་བཅུ་གསུམ་དང་ཁྱོད་ཀྱི་ཆོས་ལ་དབང་བའི་གང་ཟག་བརྒྱ་ལྷག་ཙམ་འབྱུང་ཞིང་། རང་གཞན་དོན་གཉིས་ཀྱི་དཔལ་ལ་སྤྱོད་པ་འབྱུང་སྟེ། བར་ཆད་ཆེ་གསུངས་ནས་ཞལ་ཕྱིར་གྱུ་བ་ན། བདག་གིས་བར་ཆད་སེལ་བའི་ཐབས་ཅི་ལགས་ཞུས་པས། ཕུར་སྒྲུབ་སྲི་གནོན་ཕྱོགས་བཞི་དབུས་ལྔ། བསམ་ལྷུན་སྒྲོལ་མ་འུར་འདོན། བསང་རླུང་རྟ་ཁྲི་ཕྲག་སོགས་བསྒྲུབས་ན་སེལ་ཙམ་གསུངས་ནས་ཡལ་སོང་། བདག་གིས་ཐམས་ཅད་རྨི་ལམ་དང་རྒྱུ་མ་ཡིན་སྙམ་ལ་བདེན་འཛིན་མེད་བསམ་ནས་དག་ཐེར་མ་བྱས་ཤིང་། མཐར་ཡུལ་ཁམས་ལ་བདེ་མི་བདེའི་ཟུག་རྔུ་ལང་ལོང་དུ་གཡོ་བའི་ཚེ་སྔར་གྱི་ཉམས་སྣང་དྲན་པས་བདེན་ནམ་སྙམ་པས། སྔོན་ནས་འབྲེལ་བའི་དགེ་སྦྱོང་དམ་པ་ཨ་བྷྱ་ཤཱི་ལ་དྲངས་ནས་ཕུར་སྒྲུབ་ཚད་ལྡན་གཅིག་བྱས། བདག་གིས་ཐུགས་གཏད་དམ་པོ་བྱས་པས་དམ་སྲི་ཟུང་གི་ནུས་པ་ཆོམ་ཡང་ཕལ་ཆེར་དམ་ལ་མ་གནས་པས་རྟེན་འབྲེལ་ཅུང་ཟད་ཙམ་དུ་གྱུར། དེ་ལྟ་བུ་གོང་བཞིན་མ་གཡེལ་ན་ཡུལ་མི་རང་གཞན་ཀུན་ལ་བདེ་བ་ཡིན་མོད་ཀྱང་གནད་དང་མ་ལྡན། ཤིང་མོ་ལུག་གི་ལོར་གནས་ལུང་དཔལ་གྱི་རི་བོར་བྱོན་པའི་དུས་སུ་གནས་མདུན་དུ་ངལ་གསོ་བའི་ཚེ་གསང་བའི་བདག་པོ་གོས་སྔོན་འཆང་བ་ལག་ན་རྡོ་རྗེས་ཞལ་གཟིགས་ནས་ཕྱག་རྡོར་ཧཱུྃ་སྒྲུབ་ཀྱི་ལུས་དཀྱིལ་གནང་། མཚོ་སྨན་རྒྱལ་མོའི་རི་བོའི་ཞོལ་ལྕོག་སྒར་དུ། བསྟན་པའི་སྦྱིན་བདག་དཔལ་ཆེན་གྱི་ཆུང་མ་ཚེ་གེགས་བར་ཆད་ཀྱི་སྤར་ཁ་ལ་བབས་ནས་བདག་ལ་སྐྱབས་འཇུག་ཞུས། དཀོན་མཆོག་སྤྱི་འདུས་ཀྱི་ཚེ་སྒྲུབ་ཚེ་དབང་བརྒྱ་ཞིག་མཛད་པའི་བྱིན་འབེབས་དུས་ཁྱིམ་ལ་བདུད་རྩིའི་ཆར་བབ་ནས་གཏེར་བདག་འགས་ལ་སྒྲོམ་གསེར་ཆུས་འཁྱུད་པ་འོད་ཀྱི་རང་བཞིན་ཅན་དངོས་སུ་གཏད། ཡང་རང་ལོ་སོ་དྲུག་སྟོན་ཟླ་ར་བའི་ཚེས་བཅུའི་དུས་རྩང་དུ་སྒར་བཀྱག ཐང་འབེ་རུ་བྱོན་ཏེ་དེར་བཞུགས་ཤིང་། དཔོན་སློབ་འཁོར་བཅས་སྡེ་བརྒྱད་མཆོད་པ་དང་གསེར་སྐྱེམས་བཏང་། དེ་ནས་བདག་ཡི་དམ་གྱི་བསྐྱེད་རིམ་ལ་གནས་ནས་བསྙེན་པ་བཟླས་ཤིང་། དམིགས་པས་གཟིར་ཙམ་ན་ཐང་འབེས་ཀྱི་གནས་སྲུང་། ཀླུ་སོག་མ་མེ་ལེན་དང་། རྡོ་རིང་དམར་པོའི་གྲི་བཙན་གཉིས་ཀྱིས་སྔོན་གྱི་ཐ་ཚིག་རྗེས་སུ་དྲན་པས་སྨན་སྒྲུབ་ཀྱི་ཆར་ཕབ། སྐུ་རྟེན་དང་ཨ་དཪྴ་གཡུའི་རང་བཞིན་ཅན་དང་། ཤོག་དྲིལ་མཐིང་ག་ཞིག་གནང་ཞིང་། ཁ་ཆར་རླུང་དང་འབྲུག་སྒྲ་འུར་བཞིན་འཇའ་སུམ་རིམ་གྱི་གུར་ཁྱིམ། ཤེལ་གུར་གྱི་སྟེང་དུ་འཁྱུད་པ་ལ་ཀུན་ཡ་མཚན་དུ་གྱུར། དེར་གནས་པའི་བླ་གྲྭ་ཐམས་ཅད་ཀྱི་བར་ཆད་ལོ་ཟུང་ལ་བསྲིང། གཏེར་རྫས་མཐོང་བའི་ཡོན་ཏན་ལྔ་ཐོབ། རྩང་ཡུལ་དུ་སླེབ་པས་ཡོན་བདག་བློ་ཡི་མིང་ཅན་གྱི་རིམ་གྲོར་སྒྲོལ་མ་བཏོན་པའི་དུས་འབྱུང་ལུས་ལ་མི་བདེ་བའི་ལྟས་མང་པོ་ཞིག་བྱུང་བའི་ཚེ་རྩ་བའི་བླ་མ་རྣམས་ལ་གསོལ་བ་བཏབ་པའི་ཚེ། ཨོ་རྒྱན་མཁའ་སྤྱོད་གླིང་པས་ཞལ་གཟིགས་ལུང་བསྟན། གསོལ་འདེབས་ཚིག་བཞི་ཙམ་གྱིས་གསོལ་བ་རྩེ་གཅིག་ཏུ་བཏབ་པས་མི་བདེ་བའི་ཟུག་རྔུ་བོར། ཡང་སྐབས་ཤིག་ཏུ་ལི་སྨད་དཔོན་ཚང་གིས་གདན་དྲངས་མཛད་ནས། ལི་ཁོག་ཏུ་ཕེབས་པའི་ལམ་ཁ་ཞིག་ཏུ་ངེས་འབྱུང་དང་མི་རྟག་པའི་རྣམ་ཐར་དུ་མ་ཞིག་དྲན་ནས་ལྷ་གཅིག་ཨོ་རྒྱན་ཆེན་པོ་ལ་བློ་སེམས་རྩེ་གཅིག་ཏུ་གསོལ་བ་བཏབ་པའི་ཚེ། སྣང་བ་འདི་ཐམས་ཅད་ཀུན་ཟངས་མདོག་དཔལ་གྱི་རི་བོའི་རྟེན་བརྟེན་པ་དང་བཅས་པ་མངོན་སུམ་དུ་མཐོང་བའི་ཉམས་ཤར་ཚེ། ཉེ་གནས་སློབ་དཔོན་རིག་ལོ་སོགས་ལས་ལྡན་གྱི་སྐྱེས་བུ་འགས་བདག་འཇའ་གུར་སུམ་རིམ་གྱི་དབུས་ན་བཞུགས་པ་སྐབས་གཅིག་བར་དུ་སྣང་ཡང་། མཉམ་འགྲོགས་ཀྱི་བདུད་ཆེ་བས་ཅི་ཡིན་བསམ་པ་ཙམ་མ་གཏོགས་ངོ་མཚར་འགའ་མ་བྱུང་། དེའི་ཕྱིར་ལྷ་དང་བླ་མ་ཡོངས་ལ་དག་སྣང་བྱེད་ན་དངོས་གྲུབ་འབྱུང་ཞིང་གསང་སྔགས་ཀྱི་ཉེ་ལམ་ཡིན་པས་ཀུན་གྱི་ཡིད་ལ་ཞོག ཤིང་མོ་ལུག་གི་ལོའི་སྨིན་དྲུག་ཟླ་ཚེས་གསར་དུ་མངོན་པའི་ཚེ་ན། རྗེ་བཙུན་ཨཱརྱ་ཏཱ་རེ་དང་གནས་སྲུང་དྲག་པོ་རབ་འབར་རྩལ་སོགས་ཀྱིས། ཉམས་དང་རྨི་ལམ་གྱི་སྣང་ངོར་ཞལ་གཟིགས་ལུང་བསྟན་ནས་ཏཱ་རེའི་གནས་ཀྱི་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེའི་བཞུགས་ཁྲིའི་དྲུང་ན་ཕག་མོའི་ཟབ་ཏིག་བཀའ་འདུས་ཆེན་མོའི་སྒྲུབ་ཐབས་ཡོད་པས་ལོངས་ཤིག་དང་། རྟེན་འབྲེལ་རབ་འགྲིགས་ན་ས་གཏེར་གསུམ་དང་། པུསྟི་བརྒྱད། འབྲིང་འགྲིགས་ན་སྒྲུབ་ཐབས་བརྒྱད། ཐ་མས་ཀྱང་ལུས་དཀྱིལ་བརྒྱད་འབྱུང་བས་དུས་ལ་བབས་པར་འདུག་གསུངས་ནས་གནས་བདག་དེ་ཉིད་ཁྲོ་འཁྲུགས་རྔམ་པའི་སྟབས་ཀྱིས་ཁ་ཆར་དང་དབྱར་རྔའི་སྒྲ་ལ་འགྲོགས་ནས་ནམ་མཁའི་དབྱིངས་ལ་བཞུད་སོང་། དེ་ནས་ཚེས་བཅུ་ཨོ་རྒྱན་སངས་རྒྱས་གཉིས་པ་སྐུ་བལྟམས་པའི་དུས་ཆེན་ལ་ཚོགས་བརྒྱ་བསྐང་བརྒྱ་གཏོང་བའི་ཚེ་ཐམས་ཅད་བདེན་མེད་སྒྱུ་མའི་ཆོ་རོལ་དུ་སྣང་ནས་ཐོགས་བཅས་ཐོགས་མེད་དང་ཐོགས་མེད་ཐོགས་བཅས་སུ་བསྒྱུར་ནུས་པའི་སྣང་བས་ཚིག་བདུན་གསོལ་འདེབས་ཚར་གཅིག་གི་ཚེ་ལ་སྤོས་རིང་གསུམ་ལ་མདུད་པ་བོར། དེ་ནས་མ་ཚོགས་མཁའ་འགྲོ་འདུ་བའི་དུས་ཆེན་ཉེར་ལྔ་ལ་བབས་པ་ན། ཏཱ་རེ་མི་འགྱུར་དགའ་བའི་གནས་དེ་ཉིད་དུ་ཕེབས་ནས་རང་སློབ་དད་པའི་ལང་ཚོའི་རྣམ་འགྱུར་ངོམས་པའི་བཤད་སྒྲུབ་དང་། ཆོས་དཔལ་ཟུང་གིས་རྟེན་འབྲེལ་བཟང་པོའི་ཁ་སྨོན་བཏབ་ཅིང་ལྷ་དང་སྲུང་མས་བྱིན་གྱིས་བརླབས་པའི་ལྟས་ནམ་མཁའ་འཇའ་ཚོན་སུམ་རིམ་བཀྲ་ཞིང་ཤིང་ཉག་ཕྱོགས་ཀྱི་ས་སྐྱོང་མི་དབང་དམ་པས་ཕྱག་དབང་ཞུས། ཁ་སྨོན་བཟང་པོ་གླེང་། རིག་མ་བདེ་བའི་ཡེ་ཤེས་ཀྱིས་བཀྲ་ཤིས་པའི་རྫས་ཕུལ། དེ་བཞིན་དུ་འགྲོ་ལམ་དེ་ཉིད་དུ་ཡུལ་མི་རོང་འབྲོག་ཀུན་གྱིས་ཕྱག་འཚལ་ཞིང་སྒོ་གསུམ་དབང་དུ་འདུས་ནས་ལྷ་རྫས་རེག་བྱ་དཀར་པོ་དང་། རཏྣའི་རིགས་མང་དུ་ཕུལ། གཏེར་སྒོ་འབྱེད་པའི་དུས་ལ་བབ་ཚེ་ལུགས་གཉིས་དཔལ་གྱིས་མཐོ་བའི་ས་སྐྱོང་མི་དབང་དམ་པ་དགེ་བཤེས་རྒྱལ་པོ་དཔོན་གཡོག་དུ་མ་ཞིག་གནས་མཇལ་དུ་བྱོན་པས། བདག་ཅག་ལ་དད་འདུན་དང་མོས་གུས་ལྷག་པར་བསྐྱེད་དེ། གསུང་བཟང་ཚིག་གི་གཏང་རག་མང་པོ་གནང་ཞིང་། རྟེན་འབྲེལ་གྱི་རྫས་ཅུང་ཟད་རེ་ཕུལ། བདག་གིས་ཀྱང་གཏེར་རྫས་རྣམས་ཀྱི་མཇལ་ཁ་གཏད་པས། རྒྱལ་པོའི་སྐུ་ཚེའི་བར་ཆད་བསལ། དེ་ནས་གཏེར་རྫས་ཐམས་ཅད་ཁྱེའུ་ཆུང་ལོ་ཙཱའི་ཟློས་གར་ཆོས་ལ་དབང་བའི་སྐྱེས་མཆོག་དེའི་ཕྱག་ཏུ་གཏད་པས། ཡ་མཚན་རྨད་དུ་བྱུང་བའི་ངོ་མཚར་སྐྱེས་ཀྱང་སྐྱེས་བུ་དེའི་རྟེན་འབྲེལ་རབ་འགྲིགས་ནས་སྐུ་ཚེ་ལོ་གསུམ་ལ་བསྲིང་བའི་ནུས་པ་ཡོད་ཀྱང་ཉམས་སུ་མ་བླངས་བས་དེ་ཙམ་མ་ནུས་སོ། །གཏེར་སྒྲོམ་རིན་ཆེན་རྡོའི་སྙིང་པོ་ལས་གྲུབ་པའི་སྒྲོམ་བུ་ཁྱིམ་བྱའི་སྒོ་ང་ཙམ་པ་གཅིག་དང་། ཤོག་སེར་སོར་བརྒྱད་པ། སྨན་སྒྲུབ་ཏུ་བཞེད་པའི་དམ་རྫས་མྱོང་གྲོལ་དུ་བྱས་ནས་འགྲོ་བ་ཀུན་ལ་སྟེར། ཅིག་ཤོས་ལས་ལྡན་འགའ་མ་གཏོགས་གསང་རྒྱ་མཛད་ནས་བཀའ་སྲུང་དྲང་སྲོང་ཆེན་པོའི་སྒྲུབ་ཐབས་རྟེན་འབྲེལ་བརྡ་དང་བསྟུན་ནས་ཆོས་དབང་གི་གང་ཟག་ཀརྨ་ཆོས་སྐྱོང་གིས་ཕབ་ཅིང་། སློབ་བུ་རིག་གྲོལ་སོགས་ལ་གཏད། བཀའ་འདུས་ཀྱི་ལུས་དཀྱིལ་འགའ་ཁུ་བོ་དམ་ལུང་སྤྲུལ་པའི་སྐུ་རིན་པོ་ཆེ་དང་སོག་པོ་དཔལ་ཀྱི་ཡེ་ཤེས་ཀྱི་ཟློས་གར་མདོ་མང་སྤྲུལ་སྐུ་པདྨ་གར་གྱི་དབང་ཕྱུག་སོགས་ཆོས་ཀྱི་བདག་པོ་འགའ་ལ་སྤྲད། ཉམས་སྣང་ངོ་མཚར་བ་དང་སྟོང་ཉིད་སྙིང་རྗེ་རྒྱུད་ལ་རང་འཁྲུངས་སུ་བྱུང་། དེའི་དབྱར་གནས་པའི་དུས་སུ་སྐུ་བླ་ར་ཁང་སོགས་སྡེ་བརྒྱད་འགའ་གདན་འདྲེན་ལ་ཐོན་པས་ཡུལ་དེར་འབྱོན་པར་ཁས་བླངས། ཁོང་ཚོས་ཉེས་སྐྱོན་ཐམས་ཅད་བསལ་ནས་མཐུན་རྐྱེན་ཀུན་བསྒྲུབ་བོ་ཞེས་དམ་བཅས་ནས། དབྱར་གནས་གྲོལ་བ་དང་མཉམ་དུ་འོ་བཟི་ཕྱོགས་ལ་ཕེབས་ནས་མི་དང་མི་མིན་ཀུན་ལ་ཆོས་གསུངས་ནས་རང་རང་ལས་སྐལ་དང་མཐུན་པར་འཕྲལ་ཕུགས་ཀྱི་བདེ་བ་ལ་བཀོད། དེ་ནས་རང་ལོ་སོ་བདུན་སྲེག་བྱེད་གར་གྱི་མཁན་པོས་སྒྱུ་འཕྲུལ་ངོམས་པའི་ཚེ། ཡེ་ཤེས་ཀྱི་མཁའ་འགྲོ་དང་གནས་བདག་ཆེན་པོ་གནོད་སྦྱིན་བྲག་བཙན་དམར་པོས་ཤོག་སེར་ཞིག་ཐོ་རངས་སྟག་གི་དུས་ཚོད་ལ་སྤྲད་དེ་ཁྱོད་ཀྱིས་འདི་ལ་ལེགས་པར་ལྟོས་དང་དགོས་པ་འདུག་གསུངས་པས། དེར་བལྟས་ཙ་ན་གནས་ལུང་དཔལ་གྱི་རི་བོའི་གནས་ཡིག་དང་། མ་འོངས་འབྱུང་འགྱུར་གྱི་ལུང་བསྟན་བསྡུས་པ། གཏེར་འདོན་པའི་དུས་རྟགས། ཁ་བྱང་ཡང་བྱང་སྐོར་གྱི་ཤོག་དྲིལ་ཡིན་པར་འདུག་པས་དེ་རྣམས་དཔེ་ཐོག་ལ་ཕབ་ནས་ལས་ལྡན་གྱི་སྐྱེས་བུ་འགའ་ཞིག་ལ་གཟིགས་སུ་བཅུག་ནས་བསྩལ། གར་མཁན་ཟླ་བའི་དམར་ཕྱོགས་ཀྱི་ཚེས་བཅུའི་ཉིན་འཕགས་མཆོག་ཐུགས་རྗེ་ཆེན་པོ་དམར་པོས་ཞལ་གཟིགས་ནས་གསོལ་བ་བཏབ་པས་བྱང་ཆུབ་ཀྱི་སེམས་ཁྱད་པར་བ་རྒྱུད་ལ་སྐྱེ་ཞིང་འདོད་དོན་འགའ་ཡང་འགྲུབ། ཉམས་རྟོགས་ས་ལམ་གྱི་ཡོན་ཏན་བཟང་པོ་ཡང་སྐྱེས། དབྱི་མཁར་ཐེག་ཆེན་ཆོས་འཁོར་གླིང་དུ། ཡང་གསང་མཁའ་འགྲོའི་སྙིང་ཁྲག་རྩ་ཐིག་རླུང་གསུམ་གྱི་ཆོས་འཁོར་བསྐོར་ནས་སྦྱོང་བའི་སྐབས། སྙིང་ཐིག་གི་སྲུང་མ་འགས་དཔོན་སློབ་ཐམས་ཅད་བསྲུང་ཞིང་མཐུན་རྐྱེན་རྣམས་ལེགས་པར་བསྒྲུབ། རྒྱལ་དབང་པདྨའི་ཡང་སྤྲུལ་རིག་འཛིན་འཇའ་ཚོན་སྙིང་པོའི་ཟབ་ཆོས་ཀྱི་དབང་ལུང་འབོགས་པའི་སྐབས་གཏེར་སྟོན་རིན་པོ་ཆེས་ཞལ་མང་དུ་གཟིགས་ཤིང་། ནགས་རི་བཀྲ་ཤིས་འོད་འབར་སོགས། ལྷོ་ཀོང་དང་བྱང་ཀོང་གི་གཏེར་གནས་དང་ས་ཆ་ཐམས་ཅད་དུ་སྔར་འཇའ་ཚོན་པའི་སློབ་མ་པདྨ་བསྟན་འཛིན་ཡིན་པའི་དུས་ཀྱི་སྔོན་སྦྱངས་ལས་ཀྱི་བག་ཆགས་མང་པོ་སད་ཅིང་ཡུལ་སྣང་ཐམས་ཅད་ཁར་ཉིན་མཐོང་བ་ལྟར་སྔོན་གནས་རྗེས་དྲན་འགའ་ཞིག་མངོན་པ་དང་། མེ་སྤྲེལ་ལོའི་དབྱར་ལི་རྩང་ཕྱོགས་སུ་འབུལ་སྡུད་ལ་སོང་བས། མདོ་མང་བླ་བྲང་གི་བུམ་སྒྲུབ་ལ་བཞུགས་ནས་ལས་སྦྱོར་དམ་སྲི་མནན་པའི་དུས་ཡུལ་གྱི་རྒྱལ་འགོང་། འཁྲུགས་པའི་སྣ་འདྲེན་རལ་པ་ཅན་གཅིག་འདུག་པ་དམིགས་པས་གཟིར་བའི་ཚེ་དེ་མ་ཐག་པར་འཚུབ་མ་དང་བཅས་ཀུན་གྱིས་མཐོང་བཞིན་ཧོམ་ནང་དུ་སྒྲ་དང་བཅས་ཏེ་ལྷུང་བ་དང་། རི་ཤུལ་སྤྱི་གཏོ་ལ་སོང་བའི་དུས། ཤ་ནང་ནོར་བུ་ཟེར་བའི་ཡུལ་ལྷ་ཕོ་མོ་གཉིས་བསུ་མ་ལ་འོང་། འགྲོ་བ་ཡུལ་གྱི་སྐྱེ་འགྲོ་ཀུན་དབང་དུ་འདུས་ནས་དད་པའི་མྱུ་གུ་འཁྲུངས། མ་ཎི་ཀ་ཆེན་ལ་ཕྱག་ནས་འཐོར་བས་ནས་འགའ་ཞིག་རྡོ་ལ་མདུང་ཚུགས་སུ་ཟུག་ནས་ཀུན་གྱིས་ངོ་མཚར་སྐྱེས། ཡུལ་གྱི་ལྷ་འདྲེ་ཀུན་ལ་ཕན་ཐོགས། ལྷ་དང་སྲུང་མ་ཕལ་ཆེར་གྱིས་ལུང་བསྟན། བདག་གི་མི་མཐུན་པའི་ཕྱོགས་ཅུང་ཟད་རེ་ཡོད་པ། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ཀརྨ་རིན་པོ་ཆེ་དང་མཇལ་བས་དེ་ལ་རང་གིས་ཀྱང་རྟེན་འབྲེལ་གྱི་རྫས་རྡོར་དྲིལ་སོགས་ཅུང་ཟད་ཕུལ། དད་པ་བླ་ལྷག་ཏུ་བསྐྱེད་ཅིང་ཁོང་གིས་ཀྱང་ཐུགས་བརྩེ་བ་ཆེན་པོས་གསུང་བཟང་ཞེ་བཟང་མཛད། ཡང་མཚུངས་མེད་དྲིན་ཆེན་རྩ་བའི་བླ་མ་རིན་པོ་ཆེས་ཡེ་ཤེས་སྒྱུ་མའི་སྐུས་རྗེས་སུ་བཟུང་ཞིང་། དབྱི་རོང་ཕྱོགས་ཀྱི་ཐུགས་ཆེན་སྐུ་རྒྱབ་ཏུ་ལས་འཕྲོའི་སྨོན་ལམ་ཡོད་པས་སྐུ་བླའི་རྒྱུད་དུ་ཆོས་བདག་འགའ་འབྱུང་བ་དང་གཙུག་ལག་རྟེན་བཞེངས་རྒྱ་མི་ཆུང་བ་ཞིག་བསྒྲུབས་ཤིང་བར་ཆད་དམ་སྲིའི་སྡང་མིག་མ་ངོམས་ཤིང་། བན་བོན་སྲུང་མའི་འཐབ་འཁོན་མ་ཤོར་ན་བསྟན་འགྲོའི་དཔལ་ཡོན་ལན་གཅིག་འབྱུང་བར་དབུགས་དབྱུང་ལུང་བསྟན། རང་ལོ་སོ་བརྒྱད་ལ་མ་ཐུག་ཡན་གྱི་བར་དེར་ལྷ་དང་བླ་མས་ལུང་བསྟན་པ་རང་གི་རྒྱུད་ལ་དགེ་བའི་བག་ཆགས་སད་པ་སོགས་མང་དུ་ཡོད་ཀྱང་ཕར་ཆེར་ནི་ཕྱི་བཤོལ་དང་བདུད་དབང་དུ་ལུས། ཅུང་ཟད་རེ་དང་དུ་བླངས་ནས་བསྒྲུབ་པ་ཡང་ཡོད་ལགས་སོ།། ཡང་སྐབས་ཤིག་རྦ་ཀར་སྟོད་ཕྱོགས་ཀྱི་སྤྱི་གཏོ་ལ་བོས་ནས་ཕུར་སྒྲུབ་ཞིག་མཛད་སྐབས་དམིགས་པས་གཟིར་བའི་ཚེ་ཡུལ་གྱི་ཟོ་དོར་སྐུ་བླ་ཁྲབ་གྱོན་ལྷ་བ་ལ་བབས་ནས་རང་ལ་དབུགས་དབྱུང་གཟེངས་བསྟོད་བྱས། སྒྲུབ་པ་གྲོལ་ནས་རི་རྩེ་ནས་གཞི་བདག་ལ་ལྷ་བསང་དང་རི་ཁྲུས་ལ་སོགས་ཕུལ་སྐབས་ཤེལ་ལྟ་བུའི་སྒྲོམ་བུའི་ནང་དུ་སྨན་སྒྲུབ་དང་བཟང་དྲུག་རིན་པོ་ཆེའི་ཕྱེ་མ་སོགས་ཀྱིས་བཀང་བ་གཞི་བདག་གིས་གནང་། ནམ་མཁར་ཉི་ཟླ་སྐར་གསུམ་དང་འཇའ་དགའ་འཁྱིལ་ལྟ་བུའི་གུར་ཕུབ། བླ་མཚོའི་ནང་དུ་སྔར་མེད་པའི་ལྟས་བཟང་པོ་བསྟན། ཡུལ་མི་ཀུན་གྱིས་ངོ་མཚར་བའི་གཏམ་བརྗོད་ཅིང་ཡུལ་གྱི་གཞི་བདག་ཉམས་པ་སོར་ཆུད་པ་སོགས་དགེ་ཞིང་ལེགས་པའི་རྟགས་མཚན་བཟང་པོ་བྱུང་ལགས་སོ། །རང་ལོ་སོ་བརྒྱད་མཁའ་ལྡིང་རྒྱལ་པོས་གཤོག་རྩལ་བརྐྱང་བའི་ཚེ་ཉིང་འཁྲུལ་རྨི་ལམ་གྱི་ངོར་མི་ཉག་ཤར་ཕྱོགས་ཀྱི་ཟོ་དོར་ཆེན་པོ་བཞག་བྲ་ལྷ་རྩེས་རང་གཟུགས་ཇི་བཞིན་བསྟན་ཏེ་ཁྱོད་སྨད་མི་ཉག་ཕྱོགས་སུ་ཕེབས་ན་འགྲོ་དོན་དང་མཚན་སྙན་གྱི་རྒྱལ་རྔ་ཕྱོགས་བརྒྱར་ལྡིར་བའི་རྟེན་འབྲེལ་ཡོད་པས་ང་ཡིས་སྲུང་སྐྱོབ་ཀྱང་མཛད། བསུ་བ་ལ་འོང་ཟེར་ནས་ཡལ་སོང་། ཕྱི་ཉིན་རྨི་ལམ་དེ་ལ་རེ་བ་བཅས་ནས་མར་ནགས་ཕྲན་ལ་འགྲོ་གྲབས་བྱས། དབྱར་ཁ་དཀར་སྡོམ་ལ་སོང་ཚེ་རང་གི་སྲུང་མ་དང་ཡུལ་སྐྱོང་ཚོས་མཐུན་རྐྱེན་རོགས་རམ་འགའ་བསྒྲུབས། དེ་ནས་མདོ་ཕྱོགས་ལ་འགྲོ་གྲབས་བྱས་ཚེ་རྡོ་རྗེ་དབྱི་ཁྲོམ་ལ་བསང་མཆོད་བཏང་ནས་སྔར་གྱི་དངོས་རྫས་འགའ་རྐུན་བུས་ཁྱེར་བའི་ར་མདར་སྦྲན་པ་དང་། ཡུལ་ལྷ་འགའ་ལ་ལམ་ལྷའི་ཕྲིན་ལས་བཅོལ། དེ་དག་ཀུན་གྱིས་བཅོལ་བའི་ལས་བསྒྲུབས་པའི་མངོན་སྤྱོད་ཀྱི་རྟགས་མཚན་ཁྱད་པར་བ་མང་པོ་བསྟན། དབྱི་དགོན་དུ་བསང་གཏོང་སྐབས། སྐུ་བླ་ར་ཁང་གིས་བྱ་འོལ་བའི་ཚུལ་གྱིས་བདག་གིས་དར་རྒོད་བཏགས་པ་མཆོད་རྟེན་གྱི་དབུ་རྩེ་ལ་ཕུད་པས་བཟང་པོའི་རྟེན་འབྲེལ་འགྲིགས། དེ་ནས་ཡར་སོང་སྟེ་དབྱི་སྟོད་ལ་ཕྱིན་པའི་ཚེ་རྡོ་རྗེ་དབྱི་ཁྲོམ་འདི་གནས་ཆེན་པོ་ཡིན། བདག་གི་ཡང་འགོ་བའི་ལྷ་ཡིན་བསམ་པའི་མོས་པ་དུང་དུང་བ་བྱུང་བའི་ཚེ་གཞི་བདག་གི་གངས་ནང་ནས་འོད་དཀར་པོའི་ཐིག་ལེ་སྦྲ་གུར་ཙམ་ལམ་ལམ་བྱུང་སྟེ་གངས་རྩེར་ཐིམ་པ་དང་། རྒོད་གཅིག་འཕུར་ནས་བདག་འགྲོ་ཕྱོགས་ལ་སོང་བས་བདག་ལ་ཡུལ་ལྷས་སྡོང་གྲོགས་བྱས་པའི་རྟགས་སུ་གོ། ཀུ་ལུའི་ལུང་པར་ཞག་ཕབ་གནས་སྐབས་སུ་ཉམས་ལ་བཞག་བྲ་ལྷ་རྩེ་དང་སྲུ་བུ་ཟེར་བའི་ཡུལ་ལྷ་བསུ་མར་ཐོན་པའི་སྣང་བ་ལ་གཞི་བདག་གིས་སྣེ་ལེན་དུ་གླ་བ་ཞིག་གིས་ཆིབས་རྟ་དང་དྲེའུ་ལ་སྐོར་བ་ལན་བདུན་བདུན་བྱས་ནས་ཁོ་རང་ཆུ་འགྲམ་དུ་དུས་བྱས་སོང་བ་ལ་བདག་གིས་བཟང་པོའི་འདུ་ཤེས་བཞག་ནས་ཤ་ཁྲག་ལ་ལོངས་སྤྱད། དོམ་ལུང་པའི་བདག་གི་གྲྭ་པ་གཉིས་གསུམ་ཙམ་ཐོན་ཏེ་དར་སྦྲང་སོགས་དངོས་རྫས་ཆ་ཤས་ཕུལ་ཏེ་ཁ་འཇམ་ཚིག་གིས་གཏང་རག་བྱས་ཤིང་ཕྱག་དང་བཀུར་སྟིས་བརྒྱན། བདག་ཀྱང་དགའ་མགུ་ཡི་རང་བར་གྱུར། དེ་མིན་གྱི་ཉམས་སྣང་ཕྲ་མོ་འགའ་བྱུང་ཡང་ཡི་གེ་འཇིགས་པ་དང་མང་པོ་ལབ་པ་ཅིའི་ཕྱིར་འོས། དེ་ནས་བླ་བྲང་གི་རྩར་སླེབས་ཏེ་ཞག་པོ་འགར་བསྡད་པའི་ཚེ་ཡུལ་མི་ཚོ་དང་གྲྭ་ཚང་ཚོ་དགའ་ཡ་ལེ་བ་དང་། ཁྱད་པར་སྐྱབས་རྗེ་རིན་པོ་ཆེ་རི་ཁྲོད་སྤྲུལ་པའི་སྐུས་ཐུགས་དགྱེས་པའི་མཛད་པ་མང་དུ་གནང་། ཕྱོགས་ཀྱི་བསྔོ་རྟེན་མཚོན་ཙམ་ལས་ལོངས་སྤྱོད་ཀྱི་འདུ་བ་ཆེར་མ་བྱུང་། ཁུ་བོ་སྤྲུལ་སྐུ་དང་དགེ་རྒན་འཇིགས་ཚུལ་སོགས་ཀྱིས་དཀར་སྡོམ་དང་གདུལ་བྱ་ལ་ཕེབས་ན་ལེགས་གསུངས་མོད་ཀྱང་། བདག་གི་བསམ་པ་ལ་དྲང་མི་མེད་པ་ལ་འགྲོ་བ་སྤྲང་པོ་ལྟར་རེད་པས་ཐབས་སྡུག་བསམ་པ་ལ་ནུབ་མོ་རྨི་ལམ་དུ་སྲུང་མ་དགྱེས་པའི་སྣང་བ་དུ་མ་བྱུང་། ཁྱད་པར་བུད་མེད་དཀར་ལ་དམར་བའི་མདངས་ཆགས་པ་ཕྱག་ན་མདའ་དར་དང་གཏེར་བུམ་བསྣམས་ནས་གར་སྟབས་མཛད་ཅིང་འཁོར་དུ་ལྷ་ཀླུ་མང་པོས་བསྐོར་བ་ཞིག་འོང་ནས་ཁོང་བཞག་བྲ་ལྷ་རྩེའི་ཡུམ་བཞག་མོ་འབར་བའི་འོད་ལྡན་མ་ཟེར་བ་ཡིན། ང་ཡི་གངས་ལ་ཁྱོད་བྱོན་དང་དངོས་གྲུབ་གྱི་སྐལ་བ་རྟེན་འབྲེལ་དང་བསྟུན་ནས་འབྱུང་གསུངས་ནས་ཡལ། དེ་ནས་ཁོ་བོ་སྨྱོན་པ་འུར་ལངས་པ་ལྟར་ཕྱི་ཉིན་ནས་དཔོན་སློབ་གསུམ་བཞག་མོའི་གངས་ལ་ཕེབས་ནས་བསང་གསུར་ལུས་སྦྱིན་སོགས་ཀྱིས་གཞི་བདག་མཉེས་པར་བྱས་པའི་ཚེ། སྔོན་ལ་སྨན་མོ་དང་བྲག་བཙན་མི་མ་ཡིན་དུ་མའི་འཚུབ་སློང་མང་པོ་བྱུང་། རྗེས་ནས་ཡུལ་ལྷའི་འདུ་བ་དང་དངོས་གྲུབ་ཀྱི་རྟགས་མཚན་དུ་མ་བྱུང་། རྩ་གསུམ་སྲུང་མ་དང་བཞག་བྲ་ལྷ་རྩེ་ལྷ་དགའི་གནས་བདག་ཕལ་ཆེར་ཐོན་ནས་གནས་བསྟོད་དང་ལུང་བསྟན་འགའ་ཞིག་གནང་བའི་ལྟས་བཟང་པོ་ཤར། དེ་དང་མཉམ་དུ་སློབ་བུ་འཇིགས་མེད་ཚུལ་ཁྲིམས་དང་ཚེ་གཡང་གཉིས་མདོ་ལ་མངགས་པའི་ཚོང་ཟོང་གསེར་ཞྭ་དང་རྣ་རྒྱན། སྣག་ཚ་དར་རས་སོགས་འཇམ་དབྱངས་ཉི་མ་ལ་བསྐུར་ནས་བདག་གི་དྲུང་དེར་སླེབ་པའི་ཚེ་རྟེན་འབྲེལ་ལེགས་པའི་སྣང་བ་ཤར། གཏེར་ཡིག་ཆ་ཤས་དང་གཏེར་སྒྲོམ་འགའ་ཡང་ལེགས་པར་ལོན། ནགས་ཀློང་མ་སོགས་ཡུལ་མི་ཐམས་ཅད་ཀྱིས་བདག་ཅག་གནས་པའི་རི་དང་སྒར་སྟེང་ལ་ཞག་གསུམ་བར་དུ་འཇའ་གུར་སུམ་རིམ་འཁྱིལ་བ་མཐོང་ནས་ཤིན་ཏུ་ངོ་མཚར་རྨད་དུ་བྱུང་སྟེ་དོམ་ལུང་སྤྲུལ་སྐུ་གཞན་ཕན་ཟེར་བ་དེས་གཞི་བདག་གི་གངས་ནས་གཏེར་དྲངས་པ་ཡིན་ནོ་ཞེས་བཤད། དེའི་རྗེས་ནས་མ་བརྟག་མི་རེ་བའི་ས་ནས་ནོར་རྫས་དུ་མ་བྱུང་། ཡོན་བདག་མང་པོས་བཀུར། བདག་གིས་ཀྱང་རྩ་བའི་བླ་མ་རིག་འཛིན་ལུང་རིག་གླིང་པའི་བཀའ་དྲིན་ཡིན་བསམ་ནས་རང་སྐལ་དང་འཚམས་པའི་དགེ་བསྐུལ་ཅི་ནུས་ལ་བརྩོན། ཤི་གསོན་མང་པོ་ལ་ཆོས་ཀྱིས་འབྲེལ། ཨོ་རྒྱན་ཆེན་པོ་དང་བླ་མ་དབྱེར་མེད་པས་དག་པའི་སྣང་ངོར་བརྡ་རྟགས་རྟེན་འབྲེལ་རགས་རིམ་རེ་མཛད། ཡུལ་སྐྱོང་ཟོ་དོར་གཉན་པོ་བཞག་བྲ་ལྷ་རྩེ་དང་། ལྷ་དགའི་སྒོ་སྲུང་དུང་གི་ཐུལ་བ་ཅན་དང་། གནས་བདག་ཀླུ་རྒྱལ་ཆེན་པོ་རྣམས་ཀྱིས་ཕེབས་ཞུ་མཛད་ནས། ལྷ་སྒང་ལ་སླེབ་པའི་ཚེ་སྔོན་ལས་ཀྱིས་འབྲེལ་བའི་བླ་རྒན་པདྨ་ཟེར་བ་དེ་ལ་ཐུག་སྟེ་དར་བཏང་། གཉེར་བ་ལས་འཛིན་དགེ་བསྐོས་སོགས་ཀྱིས་དགའ་བའི་འཛུམ་གྱིས་བསུས་ནས་མཇལ་དར་རེ་རེ་གནང་། ཡུལ་མི་ཆེ་ཕྲ་ཀུན་གྱིས་གོ་གོ་རིག་རིག་མཛད། དེར་གནས་ཁང་ལེགས་པོར་བསྡད་ནས། ཆུ་ཤིང་གསོལ་རྫས་ཐམས་ཅད་ཀྱི་ཕོག་གཏད། དེར་ཆོས་ཀྱི་བདག་པོ་བྲག་མཁར་མཁན་པོ་མཁྱེན་རབ་འོད་ཟེར་གྱིས་ཀྱང་བཀུར་སྟི་རིམ་གྲོ་བགྱིས། བདག་ལའང་དག་པའི་སྣང་བ་འབྱམས་སུ་ཀླས། ཇོ་བོ་རིན་པོ་ཆེ་དང་སྐུ་གསུང་ཐུགས་རྟེན་ཐམས་ཅད་མཇལ་ཚེ་གདུང་ཤུགས་དྲག་པོས་དད་པ་བརྟན་པོ་རྒྱུད་ལ་སྐྱེས་ནས་ཐམས་ཅད་ཀྱི་འབྱུང་ཁུངས་ཡོན་ཏན་ཕལ་ཆེར་སེམས་ལ་འཆར་འདུག་པ་བྱུང་། ལྷ་གཉེར་ལ་སྐུ་གསུང་ཐུགས་རྟེན་འདི་ཚོའི་འབྱུང་ཁུངས་ལོ་རྒྱུས་ཤིག་བགྲོངས་དང་བཀའ་དྲིན་ཆེ་ཞུས། སྐུ་གཉེར་དེས་མི་རབས་མང་པོའི་སྔོན་ལ་འདིར་གནས་ཡིག་པོད་ཁ་ལོངས་པ་ཙམ་ཡོད་ཀྱང་རྗེས་ནས་མེ་འཇིགས་ཀྱིས་བཅོམ་སོང་བ་རེད་ལགས། ཁོ་བོས་ནི་ཅི་ཡང་མི་ཤེས། གཞན་མཇལ་མ་ཚོས་ཀྱང་ལོ་རྒྱུས་ཤོད་ཟེར་ཡང་རང་བཟོ་ཅུང་ཟད་མ་གཏོགས་སྨྲ་རྒྱུ་ཅང་མི་འདུག ད་རེས་ལས་འཕྲོ་བཟང་བས་ཁྱེད་དང་མཇལ། ཁྱེད་གཏེར་སྟོན་ཡིན་པ་བདག་གིས་གོ སྐུ་གསུང་ཐུགས་རྟེན་འདི་རྣམས་དང་ལྷ་དགའི་གནས་འདི་ལ་འབྱུང་ཁུངས་ལོ་རྒྱུས་ཀྱི་གནས་ཡིག་ཅིག་མཛད་རོགས་སྐུ་མཁྱེན་གསུང་མཁྱེན་ཐུགས་མཁྱེན་ཟེར་ནས་ཕྱག་འཚལ་ཏེ་དར་ཕུལ། མཁན་ཆེན་མཁས་པའི་དབང་པོ་མཁྱེན་རབ་ཀྱིས་ཀྱང་དེ་དེ་བཞིན་ཉིད་དུ་གསུངས་པའི་ཚེ་བདག་གིས་འདི་ཚོས་ང་ལ་ཅོ་འདྲི་ཡིན་བསམས་ནས། ཁྱེད་རྣམས་ཀྱིས་རྫུན་མ་ལབ། འདིར་སྔོན་བྱོན་གཏེར་སྟོན་གྲུབ་ཐོབ་བརྒྱ་སྟོང་མང་པོ་བྱོན་པ་ལ་ཁྱེད་ཅག་གིས་མ་ཞུས་པ་འདྲ་མོད། ང་རང་ལ་དེ་འདྲའི་ཕོ་ཚོད་མི་གདའ་སྨྲས་ནས་ཕར་སོང་བ་ལ་ཡང་ནས་ཡང་དུ་སྐུ་གཉེར་དེས་རྟེན་འབྲེལ་གྱི་རྫས་སྣ་རེ་ཐོགས་ཏེ་ནན་གྱིས་ཞུ་བ་ཕུལ་བྱུང་། མཁན་པོ་དང་ཆོས་ཁྲིམས་གཉེར་བ་དུ་མས་བསྐུལ་བའི་ཚེ་ལྷ་དང་བླ་མས་ལུང་ཅི་ལྟར་བསྟན་པ་བཞིན་བྲི་དགོས་པའི་དུས་ལ་བབས་པར་ཤེས་ནས་གནས་ཡིག་འབྲིང་པོ་ཐོགས་ཆགས་མེད་པར་ཕབ་པ་ནི་རང་གཞུང་བཞིན་ལ་འགྲོ་དོན་ཡང་རྒྱ་མི་ཆུང་ཙམ་དུ་བྱུང་། དེ་མིན་ཞལ་གཟིགས་ལུང་བསྟན་ཕྲན་བུ་མང་སྟེ་ཧ་ཅང་བཤད་རྒྱ་ཆེ་ན་རྣ་བར་གཟན་པ་དང་། ཡི་གེ་མང་དྲགས་པས་མ་བྲིས་སོ། །བླ་བྲང་ནང་ལ་ཕེབས་ནས་རོང་ཡུལ་དུ་ནས་བསོད་ལ་འགྲོ་གྲབས་བྱས་པའི་ཚེ། རི་ཁྲོད་སྤྲུལ་པའི་སྐུའི་ཞབས་པད་དུ་སེང་གདོང་སྔོན་མོའི་དབང་ཞུ་བའི་བྱིན་འབེབས་དུས་མཁའ་འགྲོ་མ་ཕག་གི་གདོང་པ་གྲི་གུག་ཐོད་ཁྲག་ཅན་མཐོང་བའི་སྣང་བ་སྐྱེས། བརྗོད་མེད་ཀྱི་ཉམས་བྱུང་། སྤྲུལ་པའི་སྐུ་དེ་ཉིད་ལོ་ཙཱ་ལྷ་ཡི་ཟླ་བ་ཡིན་པའི་སྣང་བ་དང་ཉམས་འགའ་ཞིག་ཤར། ཁོང་ལ་ཞབས་བརྟན་གྱི་ཚུལ་དུ་ཐོས་གྲོལ་བཏོན་ཏེ་དབང་རྒྱས་པ་འབུལ་བ་སོགས་ཀྱི་ཚེ་དངོས་ཉམས་ཀྱི་ལྟས་བཟང་པོ་དུ་མ་ཐོབ། དེ་ནས་རོང་ཡུལ་ལ་སོང་བའི་ཚེ། ཕྱུག་མོ་དགོན་དུ་ཕེབས་པའི་དུས། བུད་མེད་གོས་ཆེན་སྔོན་པོའི་ལྭའུ་གྱོན་པ་གསེར་གྱི་རྣ་ཆ་སོགས་རྒྱན་དུ་མས་སྤྲས་པ་ཞིག་གིས་ལྷ་ཁང་ནང་ལ་ངས་ཁྲིད་ཟེར་ནས་མཇལ་རོགས་མཛད། མགོན་ཁང་ནང་སླེབ་ཚེ་ཁྱེད་རྣམས་ཀྱིས་སྲུང་མ་ལ་ཕྲིན་བཅོལ་གྱིས་ཟེར་ནས་རིམ་གྱིས་ནས་ཕུལ་ནས་སོང་། དེ་དག་ཕལ་བའི་མི་མ་ཡིན་ཏེ། དཀར་མོ་ཉི་ཟླ་ཐོད་ཕྲེང་གིས་སྡོང་གྲོགས་བྱས་པའི་རྟགས་ཡིན་པས་ངོ་མཚར་བླ་ལྷག་ཏུ་གྱུར། དེ་ནས་ལམ་ཁ་རུ་གཞི་བདག་བཞག་བྲ་ལྷ་རྩེ་ལ་བསང་བཏང་། ཕྲིན་ལས་བཅོལ། ཟ་ཁ་ཕྱེ་བའི་ལྟས་བཟང་པོ་ཤར། གཞི་བདག་ལ་བསང་ཡིག་ཅིག་མཛད། དེ་ནུབ་རྨི་ལམ་དུ་རོང་ཡུལ་གྱི་ཟོ་དོར་སྐུ་ལྷ་རྡོ་རྗེ་ཞལ་དཀར་༼ཡུལ་མིའི་སྐད་དུ་ཨ་མྱེ་ཡོ་རྣ་ཟེར་༽ཡིན་ཟེར་བ་དེ་བསུ་བ་ལ་འོང་པའི་རྟེན་འབྲེལ་འགའ་རྨིས། དེ་གར་སླེབ་པའི་ཡུལ་མི་ཚོའི་སྣང་བར་བདག་ལེགས་པོར་མཐོང་། འབྲུ་ནོར་རྙེད་པ་རང་ཚོད་ལ་གཞལ་ན་ཕུན་སུམ་ཚོགས་པ་འདུས། ལམ་དགྲ་ཅི་ཡང་མེད་པར་བདེ་བླག་ཏུ་བསླེབས་ནས། ཏ་ཕོ་ལ་ལ་ཕྱིན་ཚེ་བདག་དཔོན་གཡོག་གཉིས་རྗེས་ལ་ལྷག་སོང་བའི་ཚེ་ཁ་ཆར་གྱི་ངར་འཕྲོ་བ་དང་ན་བུན་འཐིབས་པ་སོགས་ཀྱིས་ལམ་མདོ་ཕྱོགས་ལ་འགྲོ་བའི་ལམ་ཆེན་དུ་ནོར་སོང་བས་ཅུང་ཟད་དཀའ་ཞིང་ངལ་གསོ་བའི་ཚེ་གཞི་བདག་གི་གངས་ནང་ནས། བྱ་ནག་པོ་ཞིག་འཕུར་འོང་བའི་སྣང་བ་ཤར་ཚེ། བུད་མེད་ནག་མོ་ཞིག་ཏུ་གྱུར་ནས། ཁྱོད་ཉིད་འདི་ནས་ཟླ་བ་གཅིག་ཙམ་མཇུག༔ ལྕགས་ཀྱི་ར་ཛཱའི་གཙུག་ཕུད་ནོར་བུས་འདུད༔ ཚེ་མཇུག་མ་རྫོགས་བར་དུ་འདིར་ཞབས་མཆི༔ ཞེས་སོགས་ཟེར་ནས་བྱ་ལམ་རྗེས་མེད་དུ་གྱུར་སོང་བ་ལ། བདག་གི་སྣང་བ་དེ་ལ་ནི། ཕ་ཡུལ་བདུད་ཀྱི་བཙོན་ར་རུ། །ཆགས་པའི་མདུད་པ་མ་གྲོལ་ལན། །འདི་རུ་འདུག་པ་མི་སྤྲོ་ཞིང་། །མྱུར་བར་ཡར་ལ་རྒྱུ་སྣང་སྐྱེས། །དེ་ནས་རང་ཁྱིམ་བླ་བྲང་དུ་ཐོན། ཞག་འགར་ངལ་བསོས། ཡར་ཕེབས་པའི་འདུན་མ་བསྒྲིག དབོན་པོ་ཡེ་ཤེས་འོད་ཟེར་དེ་ཡང་ཁང་གདོང་བླ་མ་མགོན་དབང་དང་གྲུབ་ཆེན་རིན་པོ་ཆེ་སོགས་མཇལ་དུ་ཁྲིད་ན་ཆོས་མགོ་ཐོན་ཅིང་བར་ཆད་རགས་རིམ་བཟློག་པའི་སྣང་བ་ཤར། ཆོས་ཀྱི་བདག་པོ་ཚ་ཉག་སྤྲུལ་སྐུ་དང་མཇལ། ཚེས་བཅུའི་ཚོགས་འཁོར་བསྐོར། དེ་ནས་སྒར་ཡར་བཏེགས། རྗེ་འཕྲུལ་ར་ཛ་ལྕགས་ཀྱི་མིང་ཅན་གྱི་བཀའ་བྱུང་ནས་ལྷ་དགའི་གནས་ཡིག་སྐུ་མདུན་ལ་འོང་དགོས་གསུངས་པ་དང་ཆོས་ཁྲིམས་ཀྱིས་གནས་ཡིག་མདུན་དེར་སྤྲད། ཁོང་གིས་ཞག་པོ་འགའ་ལ་གཟིགས་ནས་བདག་རྐྱེན་གནང་སྦྱིན་མཛད་ནས་ཡར་བཏང་། རྗེས་ནས་བདག་ཡུམ་ལྕམ་དྲལ་ཐམས་ཅད་གནས་མཇལ་ལ་བྱོན། ཇོ་བོ་རིན་པོ་ཆེ་ལ་མཆོད་པའི་མཎྜལ་རྒྱ་ཆེན་པོས་བསྙེན་ཅིང་བཀུར། གྲྭ་ཚང་སྤྱི་ལ་མང་ཇ་ཡོན་འབུལ་རྒྱ་མི་ཆུང་བར་མཛད་ནས་ཐུགས་དགྱེས་པ་ཆེན་པོས་བཀའ་གསུང་སྤྱི་བོར་བཀོད་དེ་ངོ་མཚར་རྨད་དུ་བྱུང་། དེ་ནས་བདག་དཔོན་སློབ་ཐམས་ཅད་དབྱི་ཁོག་ལ་བདེ་བར་སླེབས། དེ་ནས་འོ་བཟི་ཝ་གོ་དགོན་ལ་ཕེབས། གྲྭ་ཚང་ཚོ་ལ་གནང་སྦྱིན་མཛད། ཞབས་བརྟན་འཚོགས། བདག་གི་རྨི་ལམ་དུ་བྱད་གཏད་ཆེ་བའི་ངོ་མང་ཞིག་རྨིས། མཁས་དབང་བཙུན་པའི་བླ་མ་དམ་པ་རིན་པོ་ཆེ་ཕུ་ཟླུམ་དཀོན་མཆོག་གིས་ཕུར་སྒྲུབ་ཞིག་མཛད། བདག་གིས་ཀྱང་རྟ་མགྲིན་གཏོར་བཟློག་དམ་པོ་བྱས། དེ་ནས་སྤྲུལ་པའི་སྐུ་རིག་འཛིན་ལུང་རིག་གླིང་པའི་དངོས་སློབ་སྨིན་གྲོལ་དགོན་༼སྨོན་ལམ་དགོན་ཡིན་ནམ་དཔྱད།༽གྱི་བླ་མ་རིན་པོ་ཆེས་ཁོང་གི་མངའ་འོག་འདིར་གཏེར་གསར་གྱི་དབང་ལུང་ཞིག་འབོགས་དགོས་གསུངས་པའི་བཀའ་ལྡོག་མི་ནུས་པའི་ཕྱིར་དེར་ཕྱིན་ནས་དབང་ལུང་མཛད། བདག་གཞན་ཀུན་གྱི་སྣང་བ་འགྱུར་བ་དང་ངོ་མཚར་བའི་རྟགས་འགའ་བྱུང་ཞིང་ཡུལ་དེའི་དམར་ཆོག་བཅད། དགེ་བསྐུལ་རང་དང་འཚམས་པ་བྱུང་། དེ་མིན་ཡི་གེ་འཇིགས་པས་དབེན། རང་ལོ་སོ་དགུ་ལ་རྣམ་འཕྱང་ཞེས་པ་ས་ཕོ་ཁྱིའི་ལོ་ལ་བབས་པའི་ཚེ་མི་དང་མི་མ་ཡིན་དུ་མས་གྲུབ་ཆེན་སྒར་དུ་ཕེབས་ན་ལེགས་པའི་སྣང་བ་བྱུང་ཚེ། དབོན་པོ་ཡེ་ཤེས་འོད་ཟེར་སྲས་གཞན་ཕན་བཅས་སྒར་བ་མི་ཉུང་ཙམ་ཞིག་ཡར་ཕེབས་པའི་ཚེ། ལི་རྩང་ཀུན་གྱིས་ཁ་འཇམ་ཚིག་གིས་གཏང་རག་དང་ཞབས་ཏོག་ཅི་དགོས་བསྒྲུབ། ཨ་དར་ཁོག་དེ་ལ་ཞག་ས་བྱས་པའི་ཚེ་ནམ་གུང་སྙི་རྒྱལ་རེད་བསམ་པའི་སྣང་བ་ལ་རྒྱལ་གདོན་དང་ཡུལ་ལྷ་ནག་ཕྱོགས་པ་དག་གིས་འཚུབ་ལྷོང་གཡོ་བའི་སྣང་བ་བྱུང་། རྩ་བའི་བླ་མ་དང་རྗེ་བཙུན་སྒྲོལ་མ་དབྱེར་མེད་སྤྱི་བོར་བསྒོམས་ནས་གསོལ་བ་ཕུར་ཚུགས་སུ་བཏབ་པས་གནོད་པ་ཆེར་མ་བྱུང་། ཕྱི་ཉིན་བདག་ལ་ཚད་པ་ཅུང་ཟད་ཀྱི་ནད་ཕོག་ཀྱང་མ་གནོད། སྲས་གཞན་ཕན་གྱི་སྙུང་རོ་བསླངས། རྫིག་ཟེར་བའི་ས་རུ་སླེབ་སྐབས་ཐབས་སྡུག་པོ་ཙམ་གྱིས་ཞག་ས་བྱས། དེར་བྲག་བཻ་རོའི་སྒྲུབ་ཕུག་ཡོད་པ་དང་གནས་ཆུ་རྡོལ་བ་གཅིག་གདའ། བྲག་དེ་ན་རྡོ་རྗེ་ཞིག་གཏེར་དུ་ལེན་པའི་སྐལ་བ་དང་། རང་བྱུང་མང་པོ་མངོན་པའི་རྟེན་འབྲེལ་ཡོད་ན་ཡང་དེ་ནུབ་ཆིབས་རྟ་བཟང་པོ་ཞིག་ཡོད་པ་རྐུན་བུས་ཁྱེར་སོང་། སྲས་པོའི་སྙུང་མ་དྭངས་པ་སོགས་ཀྱིས་རྟེན་འབྲེལ་འཕྱུག་པས་ཡི་གེ་ཨ་ཙམ་ལས་རང་བྱུང་གཞན་དོན་གྱིས་མ་བཀྲོལ། གསང་སྔགས་འཁོར་ལོ་གདོང་གི་དགོན་ལ་སླེབ་པའི་ཚེ། རྒྱལ་སྲས་དབོན་སྤྲུལ་ཡོངས་ཀྱིས་དགའ་བའི་འཛུམ་མདངས་ཕྱུང་། ཕོ་བྲང་ཡང་རྩེ་ཐུབ་བསྟན་ཨེ་ཝཾ་པདྨའི་དགའ་ཚལ་ན་བླ་མ་མགོན་དབང་བཅད་རྒྱ་དམ་པོར་བཞུགས་ཀྱང་། བདག་ལ་ནི་དབུགས་དབྱུང་གཟེངས་བསྟོད་ཀྱི་ཞལ་མཇལ་གསུང་སྙན་ལེགས་པོར་གནངས་ཏེ་ཐུགས་བརྩེ་མཛད། དེར་རི་ཁྲོད་དུ་བྱ་བཏང་རྣལ་འབྱོར་དཔལ་སྤྲུལ་སློབ་མ་མཁས་དབང་དམ་པ་ཆོས་གྲགས་མཚན་ཅན་དང་འཕྲད། ཡོན་ཏན་རིན་པོ་ཆེའི་མཛོད་དང་། འཇམ་དཔལ་མཚན་བརྗོད་ཀྱི་ཁྲིད་ཁ་གནང་། ཐུགས་བརྩེ་རྒྱ་ཆེན་མཛད། བདག་གིས་ཀྱང་གཟའི་སྲོག་དབང་ཕུལ། ཆོས་ཀྱི་བདག་པོར་མངའ་གསོལ། སྐྱེ་ཕྲེང་ལུང་བསྟན་བཞིན་བྲིས་པ་ཕྱག་ཁར་ཕུལ། གཏེར་གསར་མང་པོ་ཐུགས་ཉམས་ལ་བཞེས་ནས་ཉིད་ཀྱང་ངོ་མཚར་རྨད་དུ་བྱུང་། དེ་ནས་བདག་གྲྭ་འཁོར་ཐམས་ཅད་གྲུབ་ཆེན་དགོན་ལ་ཕེབས། གྲུབ་ཆེན་རིན་པོ་ཆེའི་༼འཇིགས་མེད་བསྟན་པའི་ཉི་མ།༽ཞལ་མཇལ་གསུང་ཐོས། དམ་ཆོས་བདེ་ཆེན་ལམ་མཆོག་ཁ་ཚང་དོན་དྲིལ་གྱི་དབང་ལུང་བཀའ་གཏད་བཅས་གནང་། གདམས་ངག་སྣ་ཁ་འགའ་ཞིག་ཞུས། དེ་སོགས་ལེགས་པར་གནང་། ཤུགས་ཆུང་དགོན་པ་སོགས་ཀྱིས་གནང་སྦྱིན་དམ་པོར་མཛད། བདེ་བར་ཁང་གདོང་ལ་ཚུར་སླེབ། སྔར་རྟ་དོན་རྩར་བཅད་རྐུན་མ་སུ་ཡིན་གོ་ནའང་སྟེར་རོགས་མ་བྱས། ཆོས་སྐྱོང་ཡོངས་ལ་ཕྲིན་ལས་བཅོལ་བའི་ཚེ་རྟགས་མཚན་བཟང་པོ་བྱུང་། དེ་ནས་རང་ཡུལ་ལ་སླེབ་པའི་ལམ་ཁར་མི་དཔོན་སོགས་རྩང་སྟོད་སྨད་ཡོངས་ཀྱིས་བསྙེན་བཀུར་གྱི་རྙེད་འཚོལ་ཅུང་ཟད་རེ་བྱུང་། དབྱི་མཁར་སྒྲུབ་མཆོད་ལ་བསྡད། དམ་སྲི་དང་རྒྱལ་བསེན་གྱི་འཁྲུགས་སློང་མང་པོས་ཉམས་སྣང་ཤིན་ཏུ་རྩུབ་ཅིང་དེ་ལ་བཟློག་རིམ་གནད་གང་མང་མ་བསྒྲུབ། ཅི་མི་སྙམ་པའི་ལེ་ལོ་ཕྱི་བཤོལ་གྱི་ངང་ནས་ལྷ་ཁང་གི་ཆ་རྐྱེན་ཅུང་ཟད་རེ་ཨེ་འགྲུབ་བསམ་ནས་སྡོམ་བུ་ལ་སོང་། དངོས་རྫས་དུ་མ་འབྱོར། ཝ་གོ་ལ་ཐོན། སྔོན་སྦྱངས་ལས་ཀྱིས་འབྲེལ་བའི་སློབ་བུ་གཅོད་རྒན་ཞིག་བཞུགས་པ་དེ་ལྔ་ལམ་དུ་གྱུར་པ། དམ་སྲི་དང་རྒྱལ་བསེན་བྱད་ཀྱིས་འཚུབ་མ་བདེ་མིན་འགའ་བྱུང་། ལྷ་དང་བླ་མ་དཔལ་རྡོ་རྗེ་གཞོན་ནུ་མཁའ་འགྲོ་ཆོས་སྐྱོང་རྣམས་ལ་གསོལ་བ་རྩེ་གཅིག་ཏུ་བཏབ། རེ་འགའ་བཟང་པོའི་སྣང་བའང་བྱུང་། རེ་འགའ་རྩུབ་ཉམས་ཡང་མང་པོ་བྱུང་། ཕུར་བ་སྲི་མནན་ཞིག་བཏོན་པས་རྐྱེན་ངན་དབྱིངས་སུ་སེལ་བའི་རྟེན་འབྲེལ་ཤར། ནས་བསོད་ལ་འོ་བཟི་འཁོར་སར་ཐུགས་ཆེན་ཡན་ཆད་ལ་སོང་། ལྷ་སྲུང་ཡུལ་སྐྱོང་ཡུལ་མི་ཀུན་གྱི་བསམ་པ་འགྲུབ་རུང་དུ་བྱས། ཐུགས་ཆེན་ཇོ་བོ་ལ་ཕྱག་མཆོད་མཎྜལ་གྱི་རིམ་པ་ཅི་ལྕོགས་བགྱི་སྙམ་པའི་ཉམས་སྣང་བཟང་པོའི་ལྟས་ཤར། ལུང་བསྟན་འདྲ་མོ་འགའ་བཤད་པ་ཚོ་བདེན་ཅིང་གྲུབ་པའི་རྟགས་ཅུང་ཟད་རེ་བསྟན་པའི་ཚེ་གཞན་སྣང་འགའ་བསྒྱུར་ནུས་པ་དང་། ཡུལ་འདྲེ་ཕལ་ཆེར་དམ་ལ་ཐོགས་ཤིང་གཞི་བདག་ཆེ་ཕྲ་དབང་དུ་འདུ་བའི་ལྟས་ལེགས་པོ་རེ་བྱུང་། འབུལ་སྡུད་རྒྱ་ཆེན་བྱུང་། དེ་ནས་ཡར་སིདྡྷི་དགོན་ལ་དཔོན་སློབ་བཞུགས་གདན་འཇགས་པ་དང་མཉམ་དུ། དམ་པ་རིན་པོ་ཆེ་མཚམས་པ་འོད་འཕྲོ་བྱོན་ཞིང་བདག་ལ་དབུགས་དབྱུང་གཟེངས་བསྟོད་གནང་། སྐུ་རིམ་ཚེ་སྒྲུབ་ཚེ་དབང་གསུངས། ཕར་ལའང་དག་སྣང་གི་སྐོར་ཚོ་ཅུང་ཟད་རེ་བྲིས་ཤིང་ཕུལ། གར་གཅོད་ཀྱི་དབང་ཞིག་ཐུགས་བཞེད་བཞིན་ཕུལ། བདག་གི་ཚེ་འཕྲང་ཡང་བསལ་བའི་རྨི་ལམ་བྱུང་། དེ་ནས་བདག་གིས་སྔོན་འགྲོ་རྩ་རླུང་རང་གཏེར་གྱི་བཀླག་ལུང་ཕྱོགས་དུ་མའི་སློབ་མ་རྣམས་ལ་གནང་། དེ་སྐབས་སྙི་སྟོད་བླ་མ་མཁས་དབང་ཆོས་གྲགས་རིན་པོ་ཆེ་བྱོན། ཁོང་གིས་སྤྱོད་འཇུག་བཤད་ལུང་མཛད། རང་གཏེར་གྱི་གཟའ་ཆོག་བཟློག་བསད་ལས་མཐའ་བླ་རྡོ་བཅས་བྲིས་ཏེ་ཕྱག་ཁར་ཕུལ། ཐུགས་དགྱེས་པར་མཛད། བདག་ཅག་འཁོར་བཅས་ལ་བསྲུང་བ་བྱིན་རླབས་གནང་། བགྲང་བྱ་བཞི་བཅུ་སྒྱུར་བྱེད་ཞེས་པ་ས་མོ་ཕག་ལོ་ལ་བབས་པའི་ཚེ་ཡུལ་འདྲེ་དམ་སྲི་རྒྱལ་འགོང་གིས་འཚེ་བ་དུ་མ་བྱུང་ཡང་ཆེར་མ་གནོད། ཨོ་རྒྱན་ཆེན་པོ་དང་། རིག་འཛིན་འཇའ་ཚོན་སྙིང་པོ་དང་། ཡོངས་འཛིན་སྤྲུལ་པའི་སྐུ་རིན་པོ་ཆེ་སོགས་ལ་གསོལ་བ་བཏབ་ནས་སྐྱོབ་པའི་སྣང་བ་ཤར། བཟེ་རོ་དགོན་དང་ཕུ་ཟླུམ་དགོན་རྣམས་སུ་འཇའ་ཚོན་པོ་ཏི་དུ་ཡོད་དབང་ལུང་མཛད་པའི་སྐབས་མི་མ་ཡིན་གྱིས་ཆོ་འཕྲུལ་ཅུང་ཟད་བསྟན་པ་ཡི་དམ་ལྷའི་བསྐྱེད་རིམ་དང་བྱམས་སྙིང་རྗེ་བསྒོམ་པས་རྒྱལ་བསེན་འགའ་དབང་དུ་བསྡུས་ཏེ་དམ་ལ་བཏགས། གཞི་བདག་ཕལ་ཆེར་ལ་དགོངས་པ་གཏད་པས་འདོད་དོན་སྒྲུབ་པར་ཁས་བླངས། མ་ཅིག་དཔལ་ལྡན་ལྷ་མོས་དགྱེས་ཉམས་ངོམ་པའི་སྣང་བ་ཤར། ནད་པ་འགའ་ལ་བསྲུང་བ་བྱས་པས་གནད་ལྡན་དུ་གྱུར། དགོན་སྡེ་ཟུང་གི་མངའ་འོག་ཏུ་དམར་ཆོག་བཅད། རྦ་ཀར་སྟོད་གྱི་གཞི་བདག་ལ་རི་བསང་བཏང་། དགེ་བའི་སྣང་བ་བདེན་པར་གྲུབ། གཞི་བདག་གིས་དངོས་གྲུབ་ཅུང་ཟད་ཙམ་གནང་། ཤོག་བཞིའི་རྒྱལ་གདོན་བསེན་མོ་འགའ་ཞིག་བཀའ་དམ་ལ་བཞག བོན་བླ་གཡུང་དྲུང་རྒྱལ་མཚན་གྱིས་བདག་ལ་ཕན་པའི་ཞབས་ཏོག་མང་པོ་མཛད། ཐུགས་མཐུན་ཁྲིམས་གཙང་བྱས། ད་རུང་རྟེན་འབྲེལ་བཟང་པོ་ཡི་ལོ་རྒྱུས་བྱུང་བའི་རྣམ་ཐར་རྒྱས་ཞིང་རྒྱས་པར་མ་བཀོད། དབྱི་དགོན་དབྱར་གནས་ལ་བཞུགས། སྔོན་སྦྱངས་ལས་འཕྲོ་ལྡན་པའི་ཆོས་ཀྱི་མངའ་བདག་ཤཱཀྱའི་དགེ་སྦྱོང་བློ་བཟང་མཚན་ཅན་དང་། གཏེར་སྟོན་དབང་ཆེན་སྔགས་བདག་གླིང་པ་གྲྭ་འཁོར་སོགས་བྱོན། དམ་ཆོས་བདེ་ཆེན་ལམ་མཆོག་གི་དབང་ལུང་ཚང་མ་ཕུལ། སྔོན་སྦྱངས་ལས་འཕྲོའི་སྐྱེ་བ་དུ་མ་ཉམས་ལ་ཤར། དགེ་བའི་སྣང་བ་ཆེས་ཆེར་མངོན་པ་དེ་སོགས་ལ་ཕྲ་བ་མང་སྟེ་ཡི་གེས་འཇིགས་པས་སོ། །དེ་ནས་སྟོད་སྨད་བར་གསུམ་ཡོངས་ལ་དོན་ཅུང་ཟད་སྐབས་རྒྱུ་དང་། གཏོ་ཆོག་ལ་སོང་། བྲེ་སྟོད་སྔགས་འཆང་གཏེར་སྟོན་སུརྱའི་མཚན་འཆང་གང་གི་བཀའ་བཞིན་རིགས་སྲས་ལ་ཚེ་དབང་བསྐུར། དེ་དུས་ཉམས་དང་སྣང་བ་ཡང་མང་པོ་མཐོང་། ཕལ་ཆེར་ཞལ་གདམས་ཀྱི་ཚུལ་དུ་གྲོང་གཏམ་ཉབ་ཉོབ་ཀྱི་ཚུལ་དུ་ཁོང་ལ་ཞུས། དེ་ནས་ཚུར་ལ་བཞུགས་གནས་སྤོས་ཀྱི་གླང་པོའི་ཡུལ་ལྗོངས་མི་དབང་དཔལ་གྱིས་མངོན་པར་མཐོ་བའི་ཙནྡན་གྱི་རི་ཁྲོད་དུ་སླེབས་ནས་བཅད་རྒྱ་ལ་བཞུགས་སྐབས་གཞན་གྱི་བྱད་ཕུར་དང་། དམ་སྲིའི་ལོག་སྨོན་གྱི་འཚུབ་སློང་མང་པོ་བྱུང་། དེ་ནས་ལྕགས་ཕོ་བྱི་བའི་ལོ་བགྲང་བྱ་བཞི་བཅུ་རྩ་གཅིག་སླེབ་པའི་དུས་སུ་ལོ་གསར་གྱི་ཟླ་བ་ལ་བབས་པ་ན། དབྱངས་ཅན་ལྷ་མོའི་སྤྲུལ་པ་མི་མོའི་དངོས་ཅན་གང་གིས་བཞིན་རས་རྒྱས་པའི་ལང་ཚོ་ངོམ་པའི་སྐབས་འགའ་ལ་སྟོད་སྨད་མང་པོའི་གཞི་བདག་ཆེ་ཕྲ་དུ་མ་བདག་ལ་འཚམ་ཞུ་འདྲ་མོ་དང་གདན་འདྲེན་ལ་འོང་བའི་ཉམས་ཤར། ཁྱད་པར་རྡོ་ཁྱབ་ཕྱོགས་ཀྱི་གཞི་བདག་བསེ་རྫི་དང་རྡོ་རྗེ་ཡེ་ཤེས། སྟག་རྩེ་གསུམ་གྱིས། ཀྱཻ་ཀྱཻ་རིག་འཛིན་པད་འབྱུང་གིས༔ མངགས་པའི་སྐྱེས་སུ་གཞན་ལ་ཕན༔ སྙིགས་མའི་འགྲོ་མགོན་བཀའ་དྲིན་ཅན༔ མི་སྲུན་ལོག་འདྲེན་འདུལ་བའི་གཉེན༔ ངེད་ཅག་ཕྱོགས་ལ་ཕེབས་པར་ཞུ༔ འགྲོ་དོན་མི་དང་མི་མིན་གདུལ༔ སྡོང་གྲོགས་ངེད་ཚོས་མཛད་པར་བྱེད༔ ཞེས་གསུངས། དེ་ནས་རྩང་གི་ཡུལ་ལྷ་ཚོས། ཨེ་མ་སྒྱུ་མའི་སྐྱེས་བུ་མཆོག༔ རིག་འཛིན་བྱང་སེམས་གཞན་ལ་ཕན༔ ངེད་ཅག་ཕྱོགས་སུ་གདན་འདྲེན་ཞུ༔ མི་མིན་རྒྱལ་བསེན་ལུང་པ་གང༔ ནག་ཕྱོགས་གཞི་བདག་གདུག་རྩུབ་འབར༔ ཁྱེད་ཀྱིས་ཐ་ཚིག་མ་བསྒྲགས་ན༔ བདེ་བའི་ཉི་ཞུར་སྤྲིན་གྱིས་བསྒྲིབ༔ ཁ་འཛིན་སྡོང་གྲོགས་བདག་གིས་བགྱི༔ ལོངས་སྤྱོད་སྦྲང་ཆར་ཉི་ལེ་བ༔ མི་མིན་ཀུན་ལ་ཕན་འགའ་འབྱུང༔ ཁྱད་པར་མཆོག་གི་ཟོ་དོར་ཆེན་པོ་རྡོ་རྗེ་དབྱི་ཁྲོམ་གྱིས། ཁྱེད་གཞན་དུ་གཤེགས་ལ་མི་མིན་ཚོས༔ སེམས་ཁོག་པའི་ནང་ནས་འཕར་མ་སླེབ༔ འདིར་བཞུགས་ཀྱང་དམ་སྲི་ལོག་སྨོན་འགས༔ གཤེ་སྐུར་དང་སྲུང་མ་འཁོན་འགྲས་པའི༔ རྐྱེན་དེ་ཡིས་ཐབས་ཤེས་ཡ་བྲལ་འོང༔ རྐྱེན་ངན་པའི་རི་བོས་ནོན་དོགས་ཡོད༔ བདག་བསྟི་གནས་སྦ་རོང་གནས་མཆོག་དེར༔ བཞུགས་གྲུབ་ན་འགྲོ་དོན་གཏེར་གྱི་སྒོ༔ ང་པདྨའི་ཐ་ཚིག་འཆང་ཚོས་བགྱི༔ ཁྱེད་ཐུགས་ལ་བསྟིམ་མཛོད་ཨ་ལ་ལ༔ དེ་རྗེས་སུ་མི་དཀར་དར་གྱི་ལ་ཐོད་ཅན་ཕྱག་གཡས་ན་བ་དན་དང་གཡོན་ན་དུང་དཀར་བསྣམས་པ་འཁོར་ལྷ་ཀླུ་གཉན་དམག་གིས་བསྐོར་བ་གཅིག་གིས། ཕྱོགས་གང་དང་གང་དུ་ཕེབས་ན་འང༔ ལྕགས་འཕྱེ་བོའི་བརྡ་གླུ་ངང་གིས་འཁྲོལ༔ ཤར་མི་ཉག་ཕྱོགས་ལ་འགྲོ་དོན་ཡོད༔ སྐུ་ཚེའི་འཕྲེང་སྒྲོལ་གནས་དང་རྟེན་གསུམ་མཇལ༔ ཕུན་ཚོགས་བྱེ་བའི་དཔལ་གྱིས་མངོན་པར་མཐོ༔ ཀུན་དྷེ་བཞག་མོའི་དབེན་ཕུག་བཀའ་བརྒྱུད་ཀྱི༔ བྱིན་ཆེན་གནས་ལ་བསྒྲུབ་འབྲེལ་འཕྱུག་མེད་ན༔ ཅི་བསམ་ཡིད་བཞིན་འགྲུབ་ལ་སོམ་ཉི་བྲལ༔ ལྷ་དང་སྲུང་མས་ལེགས་པའི་དཔལ་ཁ་སྟོན༔ བསུ་མ་ཆེ་མཆོག་བཞག་བྲ་ང་ཡིས་བྱེད༔ སྐྱེས་མཆོག་པདྨའི་སྒྱུ་འཕྲུལ་ཐུགས་ལ་ཆོངས༔ ཞེས་སོགས་ལུང་མང་དུ་བསྟན་པ་ཡོད་ཀྱང་དེ་ཙམ་མོ། །སྐབས་འགར་རི་བྲོ་སྤོས་ཀྱི་གླང་པོའི་ལུང་པ་དྲི་མེད་ཟླ་ཚེས་གསར་བའི་གནས་དབེན་རི་ཙན་དན་ཕུག་ནས་ཚོགས་འཁོར་སྐབས་བཀའ་དྲིན་མཚུངས་པ་མེད་པ་མཉམ་མེད་རྡོ་རྗེ་འཆང་འགྲོ་འདུལ་ལུང་རིག་གླིང་པས་བཞིན་ཀྱི་དཀྱིལ་འཁོར་དྲག་པོའི་ཉམས་དང་ལྡན་པ་ཤངས་ནས་རྡོ་རྗེའི་རླུང་སྒྲ་འབྱིན་པའི་ལྟ་སྟངས་ཧུ་རེ། རིགས་ཀྱི་བུ་ཁྱོད་འདི་ནས་མ་འདུག་པར་ཕྱོགས་གཞན་དུ་ཕྱིན་ཅིག མི་མཐུན་པའི་རྐྱེན་གྱི་འཚུབ་མ་སྤྲིན་ནག་གི་རྦ་ཀློང་ལྟ་བུ་འཁྲུགས་ཉེན་གདའ། ངེས་མེད་དུ་ཕྱིན་ན་འགྲོ་དོན་ཉི་ལྟར་མངོན་གསུངས། དེའི་ལན་དུ་ཞུས་པ། རང་བྱུང་ལྷུན་གྲུབ་ཡེ་ཤེས་སྐུ་ལྔའི་བདག༔ དབྱིངས་རིག་དབྱེར་མེད་པདྨ་སཾ་བྷ་ཝ༔ འགགས་མེད་གསལ་དག་མཚུངས་མེད་རྡོ་རྗེ་འཆང༔ ཁྱབ་བདག་འཁོར་ལོའི་མགོན་པོ་བླ་མར་འདུད༔ ཆགས་མེད་ཆགས་པའི་སྒྱུ་ཐབས་རྟེན་འབྲེལ་ལས༔ ཤེས་རབ་སྟོང་པའི་རང་གཟུགས་སྨིན་ལེགས་མ༔ བདེ་ནས་བདེ་བའི་ཡེ་ཤེས་སྩོལ་དེ་ཕམ༔ སྒྲ་དབྱངས་དེ་ཝིའི་ཆ་དེ་འདོར་རམ་ཅི༔ ཞེས་ཞུས་པས་ཁྱབ་བདག་དྲིན་ཆེན་གུ་རུའི་གསུང་གདངས་ལས། དགའ་བཞིའི་ཡེ་ཤེས་བྱེད་པའི་མུ་ཏྲ་སྟེ༔ འདུ་འབྲལ་མེད་པའི་ལྷན་སྐྱེས་བདེ་བ་ཆེ༔ རྣམ་ཀུན་མཆོག་ལྡན་ཁྱོད་ཀྱིས་དང་དུ་ལོངས༔ དེ་ཡི་རྐྱེན་གྱིས་ཚེ་ཡི་འཕྲང་གེགས་སེལ༔ ཕུན་ཚོགས་ཕན་བདེ་ལྷ་མིའི་མཆོད་སྡོང་མཇལ༔ རྟེན་འབྲེལ་མཆོག་ལྡན་གཏན་གྱི་སྐྱབས་འོག་ཚུད༔ ལྷ་དང་བླ་མའི་ཞལ་ལུང་སྙིང་ལ་སིམ༔ ཞེས་ལྷ་དང་བླ་མས་ལུང་བསྟན་པ་བཞིན་གཏེར་གྱི་སྲུང་མ་རྡོ་རྗེ་དབྱི་ཁྲོམ་གྱི་བསྟི་གནས་སྦ་རོང་བྲག་དཀར་ལ་སླེབ་པའི་དུས་སུ། སྒྱུ་མའི་ནོར་རྫས་འགའ་སྤོང་དག་བྱས་ནས་མཆོད་སྦྱིན་རྣམ་དག་ཏུ་སོང་བས་སྣང་བ་བདེ། བྱ་ཁྱུང་རི་ཅོའི་ཁ་ལ་ཡུལ་ལྷ་མང་པོ་བསུ་མ་ལ་ཐོན། ལྷག་ལྷ་འགས་ཞལ་གཟིགས། རྩ་བའི་བླ་མ་དང་དཀོན་མཆོག་གསུམ་ལ་མི་ཕྱེད་པའི་དད་པ་ཐོབ། ནམ་མཁའ་ལ་འཇའ་གུར་ཟླུམ་འཁྱིལ་དང་། འཇའ་དམ་དུམ་མང་པོས་བར་སྣང་གང་། བདག་ཅག་འཁོར་བཅས་ལ་ཡ་མཚན་གྱི་སྣང་བ་ཐོབ། ཤིང་ཉག་དཔོན་མན་ཆད་ཡུལ་མི་ཀུན་གྱིས་ལེགས་པའི་རྟེན་འབྲེལ་ཕུལ་བྱུང་མཛད། རབ་བྲོ་སྐུ་ཞོག་དང་ཉི་མཚོ་ཆོས་གྲྭའི་སྤྱི་གཉེར་ཚོས་ཞལ་བཟང་གསུང་སྙན་གནང་། སྦ་རོང་གནས་ནང་ལ་སླེབ་སྐབས། གཞི་བདག་གིས་སྟོན་མོ་མཛད། བསུ་ཆང་གིས་སྣ་དྲངས། སྙན་པའི་འབྲུག་སྒྲས་ནམ་མཁའི་ཁྱོན་བཀང་། རང་གཞན་ཀུན་གྱིས་ལེགས་པའི་རྟེན་འབྲེལ་དུ་བརྩིས། ནམ་མཁའ་ལ་འཇའ་ཚོན་གྱི་རི་མོ་སྲོག་ཆགས་ཀྱི་གཟུགས་སམ། གདུགས་རྒྱལ་མཚན་གྱི་ཚུལ་སོགས་དག་པའི་ཞིང་ལ་འགྲན་འོས་མང་པོ་སྣང་བ་ཀུན་དབང་པོའི་སྤྱོད་ཡུལ་གྱུར། དེ་ནས་རྩ་གསུམ་ལྷ་དང་སྲུང་མ་དཀར་ཕྱོགས་སྐྱོང་བའི་སྡེ་བརྒྱད་རྣམས་ཁྲོམ་འཚོགས་པ་ལྟར་འདུས། གནས་མདུན་གྱི་བྲག་གདོང་ལ་འབྲུ་དྲུག་སྨིན་པ་སོགས་མཛེས་པའི་ལྟད་མོ་ཡ་མཚན་ཆེན་པོ་ཀུན་གྱི་དབང་པོའི་སྤྱོད་ཡུལ་དུ་གྱུར་ཅིང་ཕྱོགས་ཀྱི་ཐ་གྲུ་མཆོག་དམན་ཀུན་གྱིས་བསྟོད་ཅིང་མི་དང་མི་མ་ཡིན་པ་ཐམས་ཅད་འདུས་ཤིང་རྣམ་དཀར་དགེ་བའི་བསམ་པ་ཅུང་ཟད་རེ་རྒྱུད་ལ་མ་སྐྱེས་པ་གཅིག་ཀྱང་མེད་པ་བྱུང་། དེ་ནས་སྨུག་རོང་དུ་ཕེབས་གྲབས་བྱས་པས་ཡུལ་མི་ཀུན་གྱིས་སྐྱེལ་ཐུང་བྱས་ནས་ཆུའི་ཕ་རོལ་དུ་ཕྱིན་པས་སྨུག་རོང་ཡུལ་མི་ཀུན་གྱིས་ལེགས་པའི་དཔལ་ཁ་མང་པོའི་སྒོ་ཕྱེ། ཀ་ཆ་དགོན་གྱི་བླ་སེར་མང་པོས་རྔ་རོལ་དབྱངས་ཀྱིས་བསུས་ཏེ་བསྟོད་བསྔགས་མཛད་ཅིང་ལྷ་ཁང་སོགས་སུ་གདན་དྲངས། ཀུན་གྱིས་ཆོས་འབྲེལ་ཞུས་ཤིང་ཡོངས་ལ་ཆོས་བཤད་གནང་། ཟླ་བ་གཉིས་ལྷག་ཙམ་བསྡད། དེ་ནས་མི་ཉག་ཕྱོགས་ལ་ཕྱིན་པས་ཡུལ་གྱི་ཟོ་དོར་ཆེན་པོས་ཀྱང་མགོན་སྐྱབས་མཛད། བཞག་མོ་ཀུན་དྷེ་ལྷ་མོས་ཀྱང་བདེ་ལེགས་སྣང་བའི་དཔལ་ཁ་ཕྱེས། ལོངས་སྤྱོད་དང་ལྷ་མིའི་འདུ་བ་ཡང་སེམས་མ་ཁེངས་པ་མེད་པ་བྱུང་། གནས་ཆེན་ཐང་སྟོང་རྒྱལ་པོའི་གདན་སར་ཕེབས་ཏེ་རྟེན་གསུམ་མཇལ་སྐབས་རྒྱུད་ལ་ཉམས་རྟོགས་བཟང་པོ་དུ་མ་ཤར། སྡིག་སྒྲིབ་ཉམས་ཆག་དག་པའི་ལྟས་བཟང་པོ་མཐོང་། འབོ་གངས་དཀར་ལ་ཕེབས། རིགས་ལྔའི་ཞིང་ཁམས་མངོན་སུམ་དུ་མཐོང་། དགྲ་བཅོམ་བྱང་སེམས་མང་པོའི་ཞལ་མཇལ། གིང་ཆེན་སྡེ་བཞི་དང་ཡུལ་ལྷ་མང་པོས་རང་གཟུགས་བསྟན། ཨོ་རྒྱན་སྐུ་ཚབ་བྱིན་རླབས་ཆེ་བདོག་གཅིག་ཡ་མཚན་མཛེས་པའི་ལྟད་མོར་དགེ་བའི་སྣང་བ་དང་བཅས་གཏེར་ནས་བཏོན། ཕོ་བྲང་ལྔ་བརྩེགས་ལ་སོགས་གནས་ལེགས་པར་མཇལ། ཉམས་སྣང་དུ་མ་བྱུང་། ཡུལ་མི་འགས་བཀུར། དེ་ནས་ཡར་ཕེབས་སྐབས་དགོན་སྡེ་མང་པོ་མཇལ། གནས་མགོ་ལ་ཕེབས་སྐབས་དགེ་བཤེས་ཚོས་ལྷ་རེག་དང་བཅས་ཕེབས་བསུ་ལ་བྱོན། གནས་ནང་ནས་མི་དཀར་རྟ་དཀར་ཅན་གྱིས་དར་བཏང་། གནས་བསྟོད་དང་ལུང་བསྟན་མང་པོ་གནང་། རང་བྱུང་འགའ་ཡི་གསལ་ཁ་བཏོད། མི་ཉག་ཕྱོགས་ཀྱི་འདུ་བ་རྣམ་གསུམ་རང་འབྱམས་སུ་སོང་། ཡང་པེ་ཕག་སུམ་༼པེ་སུམ་དང་ཕག་སུམ༽ཕྱོགས་ཀྱི་སྔོན་སྦྱངས་ལས་འཕྲོ་བཟང་པོས་མཚམས་སྦྱར་བའི་ཆོས་ཀྱི་བདག་པོ་འགའ་ཡིས་འགྲོ་དོན་གྱི་སྒོ་ཕྱེ། སྔོན་བྱོན་གྱི་གཏེར་གསར་གྱི་བསྟན་པས་ཡུལ་ཀུན་ཁྱབ་པར་བྱས། དེ་ནས་ལྷ་དགའི་གནས་མཆོག་ལ་ཕེབས་ནས་ཕྱོགས་ཀྱི་མི་ཆེ་བཙན་དྲེགས་པ་ཅན་འགའ་སོགས་མང་པོས་བསུ་བ་བཅས་ཇོ་བོ་རིན་པོ་ཆེ་མཇལ། ལྕགས་ཀྱི་ར་ཛ་གང་གི་ཕོ་བྲང་ལ་བཞུགས་ནས་ཁྲོམ་དབང་མཛད། དགེ་བའི་བསྐུལ་མ་མང་པོ་བྱས། དགོན་སྡེ་འགའ་གདན་དྲང་ལ་འོང་ཡང་ཅུང་ཟད་མི་བདེ་བས་གང་ལའང་མ་ཕེབས། རྒྱལ་མོ་དམུ་རྡོ་ལ་སྔོན་གྱི་གཏེར་ལུང་དུ་མ་ནས་ལུང་གིས་གསལ་བཞིན། སྨོན་ལམ་དུས་འཛོམས་ཡོད་པས་གནས་མཇལ་ལ་ཕྱིན། བྲག་རི་ཁྱུང་ཆེན་ལྡིང་བ་འདྲ་བའི་ངོས་སུ་སྐུ་གསུང་ཐུགས་རྟེན་དང་སྨན་སྒྲུབ་བཅས་གཏེར་ནས་སྤྱན་དྲངས། རྟེན་འབྲེལ་འབྲིང་ཙམ་འགྲིགས། དེ་ནས་ཡར་དབྱི་ཁྲོམ་ཕྱོགས་ལ་ཕེབས་ནས་བཞུགས་གཏན་འཇགས། ས་མ་ཡཱ༔ ལྕགས་གླང་ལོ་སྒྲ་རྒྱལ་འབྲུག་ཟླའི་ཚེས་བཅུ་གསུམ་ལ་འབྲུ་སྨད་ནས་བརྒྱུད་དེ་རོང་མིིས་བྲག་མགོར་བོད་ཁམས་ལ་གནོད་པའི་རྒྱ་འདྲེ་གདུག་པ་ཅན་གནས་སྤར། མུ་རྡོ་གསང་ཆེན་རྡོ་རྗེ་བྲག་ནས་ཟབ་གཏེར་ཡ་མཚན་ཅན་གསང་ཐབས་སུ་བཏོན། དགེ་བཤེས་བརྒྱུད་དེ་གནས་ཆེན་བྲག་མདོར་ཞག་ས་ཕོག ཉམས་སྣང་ངོ་མཚར་བའི་ལྟས་མང་དུ་བྱུང་། སླར་གཡུའི་རི་བྲོ་སྤོས་ཀྱི་གླང་པོའི་རི་ཁྲོད་བདེ་ཆེན་དགའ་བའི་རྫོངས་ཀྱི་རི་ལ་ཕེབས་ནས་བཞུགས་གདན་འཇགས། བྱི་བའི་ལོ་ནང་མར་ཝ་ཀོ་སིདྡྷི་དགོན་ལ་ཕེབས་ཏེ་ལྷ་ཁང་མགོན་ཁང་ཆོས་སྐྱོང་སྨན་སྐུ་རྣམས་ལ་ཚོན་རྩི་གསོལ། དབྱར་ཀར་སྟོད་ལ་ཕེབས་ཏེ་འབུལ་སྡུད་མཛད་ཅིང་ཐམས་ཅད་ལ་ཆོས་འབྲེལ་གང་དགོས་མཛད། སྟོན་འབྲུ་དྲུག་སྨིན་སྐབས་དབྱི་སྲས་དཔལ་ཆེན་ཚང་ལ་ཕེབས་ནས་ཞག་གྲངས་ཁ་ཤས་ལ་གཏོ་རིམ་ཅི་དགོས་བསྒྲུབ་མཐར། དགེ་བཤེས་བཟའ་ཚེ་རིང་ལྷ་མོ་བཀྲ་ཤིས་ཝ་མགོ་ནས་གཉེན་དུ་བསུས་ཏེ་དགའ་སྟོན་རྒྱ་ཆེན་སྤེལ། དབྱི་ཁོག་ཏུ་དུད་ཚང་ཁ་ཤས་ལ་གཏོ་རིམ་མཛད། སྔར་གནས་ཀྱི་རི་ཁྲོད་དུ་བཅད་རྒྱ་བསྡམས་ཏེ་བཞུགས་སྐབས་དགེ་བའི་ལྟས་བཟང་མང་པོ་ཤར། ཆུ་སྟག་ལོ་གསར་གྱི་ཟླ་བ་དང་པོའི་ཚེས་བཅུ་གསུམ་ལ་དགེ་བཤེས་རྒྱལ་སར་ཕེབས་ཏེ། ཕུར་སྒྲུབ་བྱེད་སྐབས་དམ་སྲི་གོས་ཧྲུལ་ཅན་དང་། ཡུལ་འདྲེ་འགའ་ཡིས་འཚེ་བ་བྱུང་ཡང་བར་ཆད་བྱེད་མ་ནུས་པར་དམ་ལ་བཞག་ཅིང་། སླར་གླ་ལུང་དབེན་པའི་རི་ལ་ཕེབས་ཏེ་དགུན་དེར་བཞུགས་སྐབས། ཧོར་ཟླ་གཉིས་པའི་ཉེར་ལྔའི་ནམ་ཐོ་རེངས་ཁར་ཌཱཀྐི་དམར་མོ་རུས་པའི་རྒྱན་ཅན་ཞིག་གིས། ཨ་ཧོ་གསོན་དང་སྐལ་ལྡན་ལས་ཅན་གྱིེ་སྐྱེས་བུ༔ ཕ་གཅིག་པདྨ་རྒྱལ་པོའི་བཀའ་ལུང་གིས་བསྔགས་ཏེ༔ ཁྱོད་ལ་གཏད་པའི་ཟབ་གཏེར་རང་སྐལ་འཚམས་པ༔ ཀ་སེང་བྲག་སོགས་གནས་མཆོག་དུ་མ་རུ་ཡོད་རྣམས༔ ད་ལྟ་མྱུར་བར་ལེན་པའི་དུས་ཚོད་ལ་བབས་འདུག༔ ལེ་ལོ་ཕྱིར་བཤོལ་མ་བྱེད་བར་ཆད་ཀྱི་དབང་འགྲོ༔ ཞེས་ཟེར་བའི་སྒྲ་སྐད་ཐོས་པའི་མོད་ལ་ཡལ་སོང་། དེ་ནས་སོས་ཀ་ཟླ་བ་གསུམ་པའི་ཚེས་ལ་ཝ་ཀོ་དགོན་དུ་ཕེབས་ནས་ཞག་འགའ་ལ་བཞུགས་ཏེ། ཀ་ཀོང་སེང་གེ་ཡང་རྫོང་ལ་ཕེབས་ནས། རྒྱལ་པོ་ནང་སོ་སོགས་ཀྱིས་དགའ་སྤྲོ་རྒྱ་ཆེན་མཛད། རྡོ་རྗེ་ཕུར་བའི་ཚོགས་འཁོར་མཛད། །བཀའ་ཐང་དང་ཟབ་གཏེར་གྱི་ཤོག་དྲིལ་བརྒྱད། །ཡིད་བཞིན་ནོར་བུ་སྦྲུལ་གྱི་སྒོ་ང་ཙམ་པ། སྒྲོམ་བུ་སྨུག་པོ། སྨན་སྒྲུབ་བཅས་བླ་གཏོར་གྱི་མདུན་དུ་གཏེར་བདག་གིས་ཐོན་པས་རྒྱལ་པོའི་གཟིམས་ཁང་གི་ནང་ཐམས་ཅད་སྨན་དྲིས་གང་བ་བྱུང་། དེ་ནས་ཚུར་ཨ་ལོར་དགོན་བརྒྱུད་དེ། ཕུ་ཚུན་༼ཕུ་ཏུ་དགོན་༽དགོན་དུ་འོད་ཟེར་ཅན་མའི་དབང་ལུང་མཛད་ཅིང་། སྦྱིན་སྲེག་ཕབ། དུས་མཆོད་བཙུགས། སྤ་གྱོའི་གནས་ལ་ཕེབས། ཕུ་དུམ་བླ་མ་དམ་པ་དཀོན་མཆོག སེ་ལེ་སྤྲུལ་སྐུ་ཐུབ་བསྟན་འོད་ཟེར། མདོ་བའི་གསང་སྔགས་བཅས་ལ་གནས་དེ་འོད་ཟེར་ཅན་མའི་སྒྲུབ་གནས་ཡིན་པར་བསྟན་ཅིང་། སྤ་གྱོའི་མཚོ་ནང་གི་རྡོ་དཀར་ཞིག་གི་སྟེང་དུ། སློབ་དཔོན་གྲུབ་རྟགས་ཞབས་གཡས་དང་། མཚོ་རྒྱལ་གྲུབ་རྟགས་ཞབས་གཡོན་དུ་བཞག་པ་བསྟན་པས་ངོ་མཚར་བ་བྱུང་། དེ་ནས་གནས་ཆེན་བྲག་མདོར་ཕེབས་ནས་ཚོགས་འཁོར་ཕུལ། དབྱི་མཁར་ཚ་ཐོག་ལ་ཕེབས། སྟོན་དེར་ཡར་མར་གྱི་གྲོང་ཆོག་མཛད། དེ་ནས་ཕར་ཏཱ་རེའི་གནས་སུ་ཕེབས་ཏེ་དགོན་པའི་སྟ་གོན་མཛད་ཅིང་། དགུན་རྩང་སྟོད་སྨད་ལ་ཕེབས། དགུན་དེར་ཝ་ཀོ་ལ་ཕེབས། ཕོ་སེས་ལྡན་དབུ་དགོན་དུ་དབང་ལུང་མཛད། རྟ་ཟླའི་ནང་ནས་སིདྡྷི་དགོན་དུ། སོ་མང་སྤྲུལ་སྐུ་ངོས་འཛིན་དང་མངའ་གསོལ་མཛད་ཅིང་། ཕུར་བའི་དགུ་ཆེན་བཙུགས། སྨོན་ལམ་དགོན་དུ་སྒྲུབ་མཆོད་དབུ་བཞུགས་མཛད། སླར་སྤོས་གླང་དབེན་ཁྲོད་དུ་ཕེབས་ཏེ་རྗེ་རང་ཉིད་ཀྱི་གཏེར་ཆོས་སོགས་གཏེར་གསར་མ་བུའི་དབང་ལུང་རྒྱ་ཆེར་གནང་། བར་སྐབས་སུ་སྔོན་ལས་འཕྲལ་རྐྱེན་གྱི་ནད་ཀྱི་ཟུག་རྔུས་ཅུང་ཟད་གདུང་འདུག་པས། ཡར་རྩང་སྟོད་ལ་ཕེབས་ཏེ། དེར་འཁོར་ལོ་གདོང་གི་བླ་མ་མགོན་དབང་ཕེབས་ནས་ས་བདག་གཏད་དཀྲུགས་གསུངས། དེ་ནས་གནས་ནང་བརྒྱུད་དེ་དཀྲུགས་རུ་རི་ཁྲོད་དུ་ཕེབས་ནས་སྨན་པའི་མདུན། ཟླ་གྲངས་བར་བཞུགས་ཤིང་ལུགས་གཉིས་ཀྱི་གཏམ་ལེགས་ཉེས་འགའ་རེ་འདུག་ཀྱང་དགོས་གལ་ཆུང་བས་མ་བྲིས་སོ། །ཆུ་ཡོས་འབྲུག་ཟླའི་ཚེས་བཅུ་གསུམ་པའི་དགུང་ཐུན་སྐབས་སྔགས་སྲུང་གཙོ་མོ་རལ་གཅིག་མ་དང་། དཔལ་ལྡན་དུད་སོལ་ལྷ་མོ་དང་། ལྷན་སྐྱེས་ཀྱི་ཌཱཀྐི་རྣམས་ཀྱིས་མགྲིན་གཅིག་ཏུ། ཨེ་མ་རྒྱལ་དབང་པདྨའི་རྒྱལ་ཚབ༔ ཨ་ཙར་ས་ལེའི་ཟློས་གར་སྐྱེས་མཆོག༔ ཕ་གཅིག་པདྨའི་དངོས་སྤྲུལ་བླ་མས༔ བཀའ་བསྒོས་ཆད་མདོའི་དམ་ལས་འདས་ཏེ༔ འཇིག་རྟེན་ཆོས་བརྒྱད་བྱ་བས་བསླུས་ནས༔ རྣམ་གཡེང་ཆེ་འདོད་སྙན་གྲགས་སྒྲུབ་པས༔ དམ་ཉམས་ཟོག་པོའི་འཁོར་ཚོགས་དུ་མས༔ དམ་ཚིག་ཉམས་པའི་གྲིབ་དང་བྱད་གཏད༔ སྣ་ཚོགས་རྐྱེན་གྱིས་རིང་མིན་མྱུར་བར༔ ཡེ་ཤེས་འཇིག་རྟེན་ཌཱཀྐི་དུ་མས༔ རང་གནས་མཁའ་སྤྱོད་དཔལ་རིར་བསུ་འགྲོ༔ དེས་ན་རྣམ་གཡེང་འདུ་འཛི་སྤོང་ལ༔ དབེན་པའི་གནས་སུ་ཉམས་ལེན་སྐྱོང་རན༔ དེ་མིན་འཇིག་རྟེན་འཁྲུལ་བའི་བྱ་བ༔ སྙིང་པོ་མེད་པའི་ཚུལ་ལ་དགོངས་མཛོད༔ ཞེས་ཟེར་སྟོང་པའི་མཁའ་ལ་ཡལ་སོང་། དེ་ནས་སྒོ་ཆའི་རི་ཁྲོད་ལ་ཕེབས་ཏེ། གྲུབ་པའི་ཁྱུ་མཆོག་འཁོར་གདོང་བླ་མ་མགོན་པོ་དབང་རྒྱལ། དབྱི་དཔོན་ལྷ་སྲས་ནམ་མཁའ་དཔལ་ཆེན། རང་སློབ་དམ་ལྡན་གྱི་བུ་མཆོག་རིག་གྲོལ་སོགས་ལ་ཆོས་འཇིག་རྟེན་ལུགས་ཀྱི་ཞལ་ཆེམས་རྣམས་དང་། ཁྱད་པར་དགོངས་རྫོགས་བྱེད་ཚུལ་སྤྱི་དང་། བྱེ་བྲག་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་ཡོན་དུ་བདོག་པའི་དངོས་པོ་ཅི་ཡོད་རྣམས་བསྒྲིགས་ཏེ་རྩིས་སྤྲད་མཛད། སླར་ཡང་རང་སློབ་དད་ཅན་གྱི་སྐྱེས་བུ་བསྟན་འཛིན་རྣམས་ལ་སྐུ་གསུང་ཐུགས་ཀྱི་རྟེན་སྣ་རེ་གནང་སྟེ་སོ་སོར་བསླབ་བྱ་མཛད་དོ། །༼འདི་མན་འགྱུར་མེད་བློ་གྲོས་མཐའ་ཡས་ཀྱིས་ཁ་བསྐང་མཛད་། མཆན། ༽* སླར་ཧོར་ཟླ་བཅུ་པ་སྨིན་དྲུག་ཟླ་བའི་ཚེས་བདུན་གྱི་དགོང་མོ་བླ་མ་མགོན་དབང་ལ་གསང་བའི་ཞལ་ཆེམས་རྣམས་བཞག་ཅིང་། འཕོ་བ་གསུང་དུ་བཅུག ཚེས་བརྒྱད་སངས་རྒྱས་སྨན་པའི་རྒྱལ་པོའི་དུས་ཆེན་གྱི་སྐྱ་རེངས་དང་པོ་ཤར་བའི་ཚེ། སྤྲུལ་སྐུ་དྲང་སྲོང་ཙོག་པུའི་བཞུགས་སྟངས་ཀྱིས་དགོངས་པ་ཆོས་དབྱིངས་སྤྲོས་པ་དང་བྲལ་བའི་ངང་ལ་ཐིམ་པར་གྱུར་ཏོ། །དེ་ནས་ཞག་གསུམ་སོང་ཚེ་གདུང་མཁའ་ལ་གྲུ་གང་ཙམ་འཕགས་པས་གདུང་ཞབས་ཀྱི་འབོལ་སྟན་སོགས་ལ་རེག་ཐོགས་མེད་པ་སོགས་ངོ་མཚར་བའི་ལྟས་མང་པོ་བྱུང་ཞིང་། གདུང་བཞུ་བའི་ཚེ་ནའང་དུད་པ་དཀར་པོ་དུང་དང་བུམ་པ་ལ་སོགས་པའི་དབྱིབས་ལྟ་བུ་ཤར་ཕྱོགས་སུ་དལ་བར་འགྲོ་བ་དང་རྗེས་སུ་འབྲེལ་བར་ཕལ་གྱི་མེ་ལྕེ་ལྟ་བུ་མ་ཡིན་པར་ཁ་དོག་ལྔ་ལྔན་གྱི་འཇའ་ཚོན་ཤ་སྟག་དམ་དུམ་དུ་འཕྲོས་པ་དང་། དབྱིངས་ཀྱི་ཡུམ་ཆེན་རིགས་ལྔའི་སྤྲུལ་པའི་ཟློས་གར་འགྲོ་བ་མི་ཡི་སྣང་ངོར་བྱ་རྒོད་ཐང་དཀར་ལྔའི་གཟུགས་སུ་བསྒྱུར་ནས་ནམ་མཁའི་དབྱིངས་ནས་བསྐོར་བ་མང་དུ་བྱས་པ་སོགས་རྨད་དུ་བྱུང་བའི་རྟགས་མཚན་མང་པོ་བྱུང་། དེ་ནས་བླ་མ་དམ་པའི་གཙོས་བུ་སློབ་རྣམས་ཀྱིས་དགོངས་རྫོགས་ཞེ་དགུ་དང་གདུང་སྒྲུབ་རྒྱ་ཆེར་མཛད་དོ། །ཞལ་ཆེམས་བཞིན་ཆུ་བོ་མྱོང་གྲོལ་དང་། ཀླུ་རྣམས་ལ་ཕན་གདགས་པའི་ཕྱིར་སྐུ་གདུང་ཚ་ཚྭ་རྣམས་ཤེལ་ཆུའི་ཀློང་དུ་གཤེགས་གསོལ་བྱས་པའི་ཚེ། ཆུ་བོའི་དབུས་སུ་འཇའ་གུར་གྱི་ཀློང་དུ་ཚ་ཚྭ་རྣམས་མགོ་མཇུག་མ་ལོག་པར་ཀླུ་ཡུལ་དུ་གདན་དྲངས་པ་མི་ཀུན་གྱིས་མཐོང་བར་གྱུར་པ་དང་། རྐྱེན་དེས་ས་དྲོད་ཕེབས། ཀླུང་རྣམས་ཀྱི་ཆབ་རོམ་ཞུ། དགུན་དེར་གྲང་ངར་མི་ཆེ་བར་བྱས་པ་སོགས་ངོ་མཚར་རྨད་དུ་བྱུང་བ་བརྗོད་ལས་འདས་པ་ཞིག་ཀུན་གྱིས་མཐོང་བའི་ཆོས་སུ་མངོན་དུ་བྱུང་བར་གྱུར་ཏོ།། * སླར་སྨྲས་པ། སྔོན་སྦྱངས་ལས་འཕྲོའི་འདབ་བརྒྱ་བཞད་པའི་གཉེན། །ཨོ་རྒྱན་རྒྱལ་ཚབ་འགྲོ་མགོན་ལུང་རིག་གླིང་། །དེ་ཡི་གདུང་འཚོབ་མིང་གི་ཅོད་པཎ་བཏགས། །བླ་མའི་ཐུགས་རྗེའི་གསང་གསུམ་ལས་བྱུང་ཆར། །བདག་བློའི་དགེ་བའི་མྱུ་གུ་ལས་འཁྲུངས་པའི། །དད་ལྡན་ལས་འཕྲོ་ཡོད་པའི་སྐལ་བཟང་ཚོའི། །རང་སྐལ་ཟབ་གསང་སྙིང་པོའི་འབྲས་བུའི་ཆོས། །འདི་སྦྱིན་དགའ་བས་ལོངས་ལ་སྙིང་དུ་བསྟིམ། །ཕ་ཅིག་ཨོ་རྒྱན་ཐུགས་ལ་བརྣག་པ་ཡིན། །ཤེས་རྒྱུད་འདྲེས་བརླམས་ཟོག་པོའི་འཆོལ་གཏམ་མིན། །བླ་མ་ལྷ་དང་སྲུང་མས་གནང་བ་ཡོད། །ཨོ་རྒྱན་ཟབ་གཏེར་འདོན་པའི་གྲུབ་ཐོབ་འགར། །ཡེ་ཤེས་མཁའ་འགྲོའི་ལུང་གི་དཔང་པོ་ཡོད། །ཆོས་བརྒྱད་བསམ་པས་ཁུང་བུ་བྲུས་པ་མིན། །ངན་པས་ཅི་ཤེས་རྣམ་ཐར་རགས་རིམ་འདི། །ཀུ་ཀུའི་མགོ་ལ་སེང་ལྤགས་ལྷན་པ་འདྲ། །སློབ་བུ་རིག་པའི་ཡེ་ཤེས་དོན་ཀུན་འགྲུབ། །གང་དེའི་བཞེད་པ་སྐོང་ཕྱིར་བྲིས་པ་ཡིན། །མ་འོངས་འགྲོ་ལ་ཕན་པའི་རྟེན་འབྲེལ་ཡོད། །རྣལ་འབྱོར་སྐྱེས་བུ་གཞན་ཕན་བཟང་པོ་ཡིས། །བཞག་བྲ་བཀའ་བརྒྱུད་ཕུག་པའི་གནས་སུ་སྤེལ། །བླ་མ་སངས་རྒྱས་དངོས་སུ་མཐོང་བར་ཤོག །ཅེས་རིག་འཛིན་གཞན་ཕན་བཟང་པོའི་གསང་བའི་རྣམ་ཐར་མཁའ་འགྲོའི་གསང་ཚིག་སློབ་མའི་རྒྱུད་གྲོལ་ཉིད་འདའ་ཁའི་ཞལ་ཆེམས་བར་ཁོང་རང་ཉིད་ཀྱིས་ཤར་བཞག་བྲའི་ཕུག་པར་མཛད་ཅིང་། རྗེས་ཀྱི་འདའ་ཁའི་ཞལ་ཆེམས་སྐོར་རྣམས་རྡོ་རྗེའི་མཆེད་པོ་རྒྱ་ལྷ་མིང་པས་བྲིས་པ་ཐོག་མཐའ་བར་གསུམ་དུ་དགེ་བར་གྱུར་ཅིག་གུ། དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལམ། །བྷ་ཝན་ཏུ།

ཞལ་གསུང་གསོལ་འདེབས་སྐོར་ཕྱོགས་གཅིག་ཏུ་བསྒྲིགས་པ།

སྐྱེ་ཕྲེང་གསོལ་འདེབས་མུ་ཏིག་ཕྲེང་མཛེས།

༄༅། རིག་འཛིན་གཞན་ཕན་བཟང་པོ་ཉིད་ཀྱི་གསོལ་འདེབས་ཐོར་བུ་ཕྱོགས་གཅིག་ཏུ་བཀོད་པ་དད་ལྡན་སྙིང་གི་དགའ་སྟོན་བཞུགས།

སྐྱེ་ཕྲེང་གསོལ་འདེབས་མུ་ཏིག་ཕྲེང་མཛེས་བི་ཛ་ཧ་རམ༔ ཨོཾ་ཨཱཿཧཱུྃ༔ སྲིད་ཞིའི་ཁྱབ་བདག་མགོན་པོ་གདོད་མའི་དཔལ༔ གཞི་རྒྱུད་བདེ་བར་གཤེགས་པའི་རང་བཞིན་ཅན༔ འགྲོ་ལ་འདོད་རྒུའི་བྱེད་པོ་སྐུ་གསུམ་འཕྲུལ༔ སྒྱུ་མའི་རོལ་གར་སྟོན་ལ་གསོལ་བ་འདེབས༔ སྔོན་ཚེ་སྟོན་པའི་སྤྱན་སྔར་ཙུན་དྷའི་མཚན༔ ཨོ་རྒྱན་པདྨའི་གདུང་འཚོབ་ཨ་ཙར་དབྱངས༔ མཁའ་འགྲོའི་བྱིན་རླབས་སྙིང་སིམ་ལོ་ཙཱ་བ༔ བསྟན་པའི་རྩ་ལག་འཛིན་ལ་གསོལ་བ་འདེབས༔ མངའ་བདག་ཉང་གི་ཐུགས་སྲས་བསྟན་པ་འཛིན༔ གཏེར་ཆེན་ཆོས་དབང་ཕྱག་རྒྱ་ཛྙཱ་ནའི་མཚན༔ རཏྣའི་རྟེན་འབྲེལ་བརྡ་སྒོ་འབྱེད་པའི་ཡུམ༔ པདྨའི་ལུང་གིས་བསྔགས་ལ་གསོལ་བ་འདེབས༔ འཇའ་ཚོན་སྙིང་པོའི་ཆོས་བདག་པདྨ་བསྟན༔ ཆགས་མེད་ཐུགས་བརྩེ་དགེ་སློང་བརྩོན་འགྲུས་གྲགས༔ གྲུབ་པའི་དབང་ཕྱུག་ཆུ་ཕོ་རྟོགས་པ་ལྡན༔ ཕན་བདེའི་བྱེད་པོར་གྱུར་ལ་གསོལ་བ་འདེབས༔ རྫོགས་ཆེན་བརྒྱུད་འཛིན་གྲུབ་དབང་དཀོན་མཆོག་དང༔ སྦས་པའི་རྣལ་འབྱོར་མཁས་མཆོག་ཀློང་ཡངས་པ༔ གཏེར་སྟོན་སྐྱེས་བུ་བདུན་གྱི་ཆོས་ལ་དབང༔ གཞན་ཕན་ནིརྨ་ཀ་ལ་གསོལ་བ་འདེབས༔ དེ་ལྟར་གསོལ་བ་བཏབ་པའི་མཐུ་བྱིན་གྱིས༔ མི་རྟོག་ཡེ་ཤེས་རང་ངོ་འཕྲོད་པ་དང༔ བྱར་མེད་བློ་འདས་རྒྱུད་ལ་སྐྱེས་ནས་ཀྱང༔ འཁོར་བར་ཞེན་པ་ལོག་པའི་ངེས་འབྱུང་གིས༔ རང་རིག་བླ་མར་རྟོགས་པར་ཐུགས་རྗེས་ཟུང༔ གདོད་མའི་བཙན་ས་ཟིན་པར་མཛད་དུ་གསོལ༔ དེ་འདྲའི་སྐྱེ་ཕྲེང་གསོལ་འདེབས་འདི༔ ཁྱི་ལ་གདོང་ལྔ་ཞེས་མཚུངས་པའི༔ ཟོག་པོ་རང་གིས་ཟོལ་བསྟོད་འདི༔ གསེར་བ་ཆོས་ལ་དབང་བ་ཡི༔ ལུང་ཟིན་གུ་རུའི་མཚན་འཆང་བའི༔ བསྟན་འཛིན་དམ་པའི་བཞེད་སྐོང་དུ༔ ཆོས་མེད་ཆོས་པའི་གཟུགས་འཆང་བ༔ ས་ར་ཧི་ཏས་སྨྲས་པ་དགེ༔

གསོལ་འདེབས་བྱིན་རླབས་བདུད་རྩིའི་སྤྲིན་ཕུང༔

ཨེ་མ་ཧོ༔ ཀ་དག་སངས་རྒྱས་གདོད་མའི་མགོན་པོ་རྗེ༔ ལྷུན་གྲུབ་རང་གདངས་རིགས་ལྔ་ལོངས་སྤྱོད་རྫོགས༔ ཐུགས་རྗེ་ཀུན་ཁྱབ་རིགས་འདུས་པདྨ་འབྱུང༔ སྒྱུ་འཕྲུལ་མངོན་རྫོགས་གུ་རུ་མཚན་མཆོག་བརྒྱད༔ ཀུན་འདུས་ངོ་བོ་རྩ་བའི་བླ་མ་རྗེ༔ ཁྱབ་བདག་འཁོར་ལོའི་མགོན་པོ་ལུང་རིག་གླིང༔ འདས་རྗེས་ཐོབ་པའི་རིག་འཛིན་གཞན་ལ་ཕན༔ འགྲོ་འདུལ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས༔ མི་མཐུན་གཡུལ་རྒྱལ་བསམ་དོན་མྱུར་འགྲུབ་ཤོག༔ མཐར་ཐུག་དཔལ་རི་པདྨ་བཀོད་པའི་ཞིང༔ ཚོམ་བུ་གཅིག་ཏུ་སྟོན་འཁོར་མཉམ་པར་ཤོག༔ ཅེས་སྔོན་སྦྱངས་ལས་ཀྱིས་འབྲེལ་བའི་བཙུན་པ་པདྨའི་མཚན་ཅན་གྱིས་བསྐུལ་ངོར༔ གཏེར་སྟོན་མིང་འཛིན་གཞན་ཕན་བཟང་པོས་བྲིས་པ་དགེ་ལེགས་འཕེལ༔

བླ་མའི་གསོལ་འདེབས་དད་པའི་འཇུག་ངོགས་ཨུ་པ་དེ་ཤ་

ཨེ་མ་ཧོ༔ པདྨའི་གདུང་འཚོབ་ལུང་རིག་གླིང་པ་ཡིས༔ རྗེས་བཟུང་དབུགས་དབྱུང་ཐོབ་པའི་ནིརྨ་ཀ༔ བསྟན་འགྲོའི་དོན་ལ་སེམས་བསྐྱེད་ཞུམ་མེད་བདག༔ རྣལ་འབྱོར་ས་ར་ཧི་ཏར་གསོལ་བ་འདེབས༔ མོས་གུས་གདུང་བས་རྩེ་གཅིག་གསོལ་འདེབས་ན༔ འཁོར་བའི་ཞེན་ཐག་ཆོད་ཅིག་བླ་མ་མཁྱེན༔ འཕྱུག་མེད་ཆོས་ཚུགས་ཟིན་པར་བླ་མ་མཁྱེན༔ དགེ་སེམས་རྒྱུད་ལ་སྐྱེ་བར་བླ་མ་མཁྱེན༔ འཇིགས་མེད་གདེངས་ཆེན་ཐོབ་པར་བླ་མ་མཁྱེན༔ ཉག་གཅིག་རྩད་ནས་ཆོད་པར་བླ་མ་མཁྱེན༔ བདག་མེད་གནས་ལུགས་རང་གཞིའི་ཞལ་མཐོང་ནས༔ གདོད་མའི་ས་ལ་གཏན་སྲིད་ཟིན་པར་ཤོག༔ ཅེས་པ་འདི་ཡང་སྔོན་སྦྱངས་ལས་ཀྱིས་འབྲེལ་བའི་སློབ་བརྩོན་གྱི་སྤོབས་པ་གངས་རིའི་སྤོ་ལ་འགྱིང་བའི་དམ་པ་མཐར་ཕྱིན་ནས་དད་པའི་སྟོབས་ཀྱིས་བསྐུལ་བ་ཆོས་མེད་དྲེད་པོ་གཞན་ཕན་བཟང་པོས་ཐོལ་བྱུང་དུ་བྲིས་པ་ཆོས་བརྒྱུད་འཛིན་པའི་བུ་ལ་བྱིན་རླབས་མྱུར་དུ་འཇུག་པར་གྱུར་ཅིག༔

གསོལ་འདེབས་དད་པའི་འཁྲི་ཤིང༔

ཨེ་མ་ཧོ༔ སྟོང་གསུམ་མི་མཇེད་ཞིང་གི་སྟོན་པ་མཆོག༔ བཅོམ་ལྡན་ཐུབ་དབང་འདྲེན་པ་ཤཱཀྱ་ཐུབ༔ དེ་ཉིད་སྔགས་ཀྱི་འགྲོ་དོན་གདུལ་བྱར་གཟིགས༔ སྣང་མཐའི་ཐུགས་ཀའི་ཧྲཱིཿའཕྲོས་མཚོ་སྐྱེས་རྗེ༔ ཡང་སྤྲུལ་འཕགས་པ་མཁྱེན་རབ་འཇམ་པའི་དབྱངས༔ སྙིང་རྗེའི་མངའ་བདག་ཁ་སར་པ་ཎི་དང༔ བརྟུལ་ཞུགས་རྨད་བྱུང་གསང་བདག་རྡོ་རྗེ་འཛིན༔ དེ་རྣམས་དོན་ལ་རྩ་བའི་བླ་མར་འདུས༔ སྒོ་གསུམ་གུས་པས་སྙིང་ནས་གསོལ་བ་འདེབས༔ བདག་གི་རྒྱུད་ལ་སྐུ་བཞིའི་ས་བོན་སྩོལ༔ རིག་འཛིན་རྣམ་བཞིའི་གྲལ་དུ་སྨིན་ནས་ཀྱང༔ རྡོ་རྗེ་འཆང་དབང་ཚེ་འདིར་མངོན་གྱུར་ཤོག༔ ཅེས་པའི་གསོལ་འདེབས་འདི་རང་བབས་ཀྱིས་བྲིས་ཤིང་རིགས་ཀྱི་མིང་ཅན་བཙུན་པ་རལ་བའི་ཅོད་པཎ་ཅན་ལ་བསྩལ་བ་གནས་སྐབས་དང་མཐར་ཐུག་ཏུ་གནས་ཤིང་བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག༔

གསོལ་འདེབས་དད་པའི་འཁྲི་ཤིང་ཟླ་ཞུན་རབ་གསལ་བི་ཛ་ཧ་རམ་ཏིསྨ༔

ཨེ་མ་ཧོ༔ སྔོན་ཚེ་སྟོན་པའི་ཉེ་གནས་ཙུནྡྷའི་མཚན༔ བར་དུ་ལོ་ཙཱ་ཨ་ཙར་ས་ལེ་འོད༔ ཐ་མ་འཇའ་ཚོན་ཆོས་བདག་པདྨ་བསྟན༔ ཆུ་ཕོ་རྟོགས་ལྡན་གྲུབ་དབང་དཀོན་མཆོག་སོགས༔ དམ་པ་དུ་མའི་སྒྱུ་འཕྲུལ་གཞན་ལ་ཕན༔ བཟང་པོའི་སྤྱོད་པ་འཆང་ལ་གསོལ་བ་འདེབས༔ བདག་ཀྱང་དེང་བཟུང་སྐྱེ་བའི་ཕྲེང་བ་རུ༔ བྱང་ཆུབ་སྤྱོད་པ་ཕྱིན་དྲུག་མཐར་ཕྱིན་ཏེ༔ མི་སློབ་ཟུང་འཇུག་རྡོ་རྗེ་འཆང་གི་ས༔ རང་རིག་བླ་མའི་གོ་འཕང་ཐོབ་པར་ཤོག༔ ཅེས་གསོལ་འདེབས་སྨོན་ཚིག་དང་བཅས་པ་འདི་ནི་མཆོག་གཟུགས་དབོན་པོ་ཀུན་གྲོལ་མཆོག་གི་ཐུགས་བཞེད་བཞིན་ཆོས་མེད་སྡོམ་བུ་གཞན་ཕན་བཟང་པོས་ཐོལ་བྱུང་ཐོགས་མེད་དུ་བྲིས་པ་དགེ་ལེགས་འཕེལ༔

གསོལ་འདེབས་བྱིན་རླབས་མེ་ལྕེ་བཞུགས༔

ཨེ་མ་ཧོ༔ རང་བྱུང་ལྷུན་གྲུབ་པདྨ་རྒྱལ་པོའི་སྐུ༔ སོར་རྟོག་ཡེ་ཤེས་བདེ་ཆེན་མཚོ་རྒྱལ་མ༔ རྒྱལ་བའི་རྒྱལ་ཚབ་ཨ་ཙར་ས་ལེ་འོད༔ རྣམ་གསུམ་དབྱེར་མེད་བསམ་གཏན་ཡེ་ཤེས་གླིང༔ གསོལ་བ་འདེབས་སོ་སྐུ་བཞི་ཡེ་ཤེས་ཀྱི༔ དབང་བཞི་མཆོག་ཐུན་དངོས་གྲུབ་བདག་ལ་སྩོལ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཞེས་གསོལ་འདེབས་འདི་འདྲ་ཞིག་དགོས་ཞེས་རིག་དབོན་དམ་པ་སུ་ཏྲའི་མཚན་འཆང་དམ་པས་བསྐུལ་ངོར༔ ཆོས་མེད་ཆོས་པའི་གཟུགས་འཆང་རྣལ་འབྱོར་གཞན་ཕན་བཟང་པོས་གང་ཤར་ཐོལ་བྱུང་དུ་ཉེར་ལྔའི་སྲོད་ཐུན་ལ་བྲིས་པ་དུས་གསུམ་དུ་དགེ་བར་གྱུར་ཅིག༔

མཁན་སློབ་ཆོས་གསུམ་དང་དབྱེར་མེད་པའི་བླ་མར་གསོལ་བ་འདེབས་པ་དད་པའི་འཇུག་ངོགས་ཞེས་བྱ་བཞུགས༔

ཨེ་མ་ཧོ༔ ཨ་མི་ཏ་བྷའི་ཟློས་གར་མཚོ་སྐྱེས་རྗེ༔ རྣམ་འདྲེན་ཤཱཀ་ཐུབ་གདུང་འཚོབ་ཞི་བ་འཚོ༔ གངས་ཅན་བསྟན་པའི་སྒྲོན་མེ་ཁྲི་སྲོང་རྒྱལ༔ རྣམ་གསུམ་དབྱེར་མེད་ཐུབ་དབང་བསྟན་པའི་བདག༔ སྐྱེ་རྒུའི་ཉི་མའི་གཉེན་གྱུར་བླ་མ་ལ༔ མི་ཕྱེད་རྩེ་གཅིག་གུས་པས་གསོལ་བ་འདེབས༔ འདི་ཕྱི་བར་གསུམ་ཐུགས་རྗེས་རྗེས་བཟུང་ནས༔ སྐྱེ་མེད་དོན་རྟོགས་གདོད་མའི་ས་ལ་སྐྱོལ༔ ཞེས་པ་འདི་ཡང་དགེ་མ་སྒྲུབ་ལ་བརྩོན་པ་སྒྲོལ་མ་མཚོའི་བཞེད་སྐོང་དུ་ས་ར་ཧི་ཏས་སྨྲས་པ་དགེ་བར་གྱུར་ཅིག་གུ༔

གསོལ་འདེབས་དད་ལྡན་འཁྲི་ཤིང་བྱིན་རླབས་འགུགས་པའི་ལྕགས་ཀྱུ་བཞུགས༔

ཨེ་མ་ཧོ༔ རང་བྱུང་ལྷུན་གྲུབ་པདྨ་འབྱུང་གནས་ཀྱིས༔ འགྲོ་འདུལ་སྤྲུལ་བསྒྱུར་ངོམས་པའི་སྐྱེས་ཐོབ་བདག༔ རྡོ་རྗེ་འཛིན་པའི་མངའ་བདག་སྦས་པའི་ཚུལ༔ ས་ར་ཧི་ཏ་བྷ་ཏྲར་གསོལ་བ་འདེབས༔ ཉེས་སྤྱོད་སྡོམ་པའི་ཁྲིམས་ལ་རང་དབང་བསྒྱུར༔ སྨོན་འཇུག་བྱང་ཆུབ་སེམས་ཀྱིས་རྒྱུད་བརླན་ཅིང༔ ཡང་དག་དགེ་བ་བཅུ་ལ་བློ་སྦྱངས་ནས༔ བྱར་མེད་རྫོགས་ཆེན་རྟོགས་པར་བྱིན་གྱིས་རློབས༔ ཞེས་པ་འདི་ཡང་སྔོན་སྦྱངས་ལས་འཕྲོ་བཟང་པོས་འབྲེལ་བའི་རིགས་ལྡན་དགེ་བའི་མྱུ་གུ་སྨིན་པའི་སློབ་བུ་པདྨ་ཚེ་དབང་དང་༔ ཚུལ་གནས་ངེས་པའི་དད་ལྡན་བཟང་པོའི་ལང་ཚོ་ངོམ་པའི་བཙུན་པ་དཀོན་མཆོག་ཟུང་གིས་བསྐུལ་ངོར་ཆོས་མེད་མུ་ཏོ་ཕན་པའི་མིང་གིས་སྤེལ་བ་དགེའོ༔

གསོལ་འདེབས་བྱིན་རླབས་དྲི་བསུང་བཞུགས༔

ཨེ་མ་ཧོ༔ མཁྱེན་དང་བརྩེ་བའི་མངའ་བདག་མཉྫུ་ཤྲཱི༔ དམིགས་མེད་སྙིང་རྗེའི་མངའ་བདག་མིག་མི་འཛུམ༔ མཐུ་སྟོབས་ནུས་པའི་མངའ་བདག་རྡོ་རྗེ་འཛིན༔ རྣམ་གསུམ་ཐུགས་རྗེའི་མངའ་བདག་མཚོ་སྐྱེས་རྗེ༔ དབྱེར་མེད་རིག་འཛིན་ལུང་རིག་གླིང་པ་སོགས༔ ཡོངས་འཛིན་དམ་པ་རྣམས་ལ་གསོལ་བ་འདེབས༔ འདི་ཕྱིའི་རྐྱེན་ངན་ཞི་བར་བྱིན་གྱིས་རློབས༔ གདོད་མའི་བཙན་ས་ཟིན་པར་མཛད་དུ་གསོལ༔ ཞེས་པ་འདི་དད་པའི་མྱུ་གུ་འཁྲུངས་པའི་བཙུན་པ་འདུལ་བས་བསྐུལ་ངོར་ཆོས་མེད་ཆོས་པའི་གཟུགས་བརྙན་འཆང་བའི་བླ་གཟུགས་ད་རི་ཏྲ་ཕན་པས་སྨྲས་པ་དུས་གསུམ་དུ་དགེ་བར་གྱུར་ཅིག་གུ༔

གསོལ་འདེབས་བྱིན་རླབས་འོད་འབར་བི་ཛ་ཧ་རམ༔

ཨེ་མ་ཧོ༔ དུས་གསུམ་རྒྱལ་བའི་གདུང་འཚོབ་མཚོ་སྐྱེས་རྗེ༔ གསང་བའི་བདེ་སྟེར་ཛྙཱ་ན་ས་ག་ར༔ དེ་ཉིད་ཐུགས་རྗེའི་ཟློས་གར་ལུང་རིག་གླིང༔ བརྒྱུད་འཛིན་ཆོས་བདག་གཞན་ཕན་བཟང་པོ་ལ༔ གསོལ་བ་འདེབས་སོ་རང་གཞན་དོན་ཀུན་འགྲུབ༔ རང་རིག་བླ་མར་རྟོགས་པར་བྱིན་གྱིས་རློབས༔ ཞེས་པ་འདི་ཡང་སྐལ་བ་བཟང་པོའི་འཕྲོ་ལྡན་གྲགས་རྩལ་དང་དཔལ་ཡོན་གྱི་ལང་ཚོས་རྒྱུད་དེས་པའི་བཙུན་པ་མཐོང་དགའ་ཟུང་གི་བཞེད་སྐོང་དུ་ས་ར་ཧི་ཏས་སྨྲས་པ་ཡོངས་སུ་དགེ༔

གསོལ་འདེབས་ཡང་དག་ལམ་སྟོན་དད་པའི་འཁྲི་ཤིང་བི་ཛ་ཧ་རམ༔

ཨེ་མ་ཧོ༔ སྔོན་ཚེ་བདེར་གཤེགས་བུ་རམ་ཤིང་པའི་དྲུང༔ རྣམ་དག་ཁྲིམས་ལ་གནས་བཅས་ཙུནྡྷའི་མཚན༔ གསང་སྔགས་རིག་འཛིན་མཚོ་སྐྱེས་སྟངས་དཔྱལ་གྱི༔ ཐུགས་ཟིན་ལོ་ཙཱ་ཨ་ཙར་ས་ལེ་འོད༔ ད་ལྟའི་གྲུབ་དབང་ལུང་རིག་གླིང་པ་སོགས༔ གྲུབ་བརྙེས་དུ་མས་བསྔགས་པ་སྤྲུལ་པའི་སྐུ༔ རྣལ་འབྱོར་གཞན་ལ་ཕན་དེར་གསོལ་བ་འདེབས༔ བདག་ཀྱང་དེང་བཟུང་བྱང་ཆུབ་སྙིང་པོའི་བར༔ དཔལ་མགོན་བླ་མ་ཁྱེད་ཀྱིས་རྗེས་བཟུང་ནས༔ རིམ་གཉིས་བྱང་ཆུབ་སེམས་ཀྱི་ཐེམ་སྐས་ལས༔ རྣམ་མཁྱེན་རྒྱལ་བའི་གོ་འཕང་མྱུར་ཐོབ་ཤོག༔ ཅེས་པ་འདི་ཡང་རིག་པའི་རང་རྩལ་གྱི་རྩལ་རྫོགས་པའི་བཙུན་པ་ཉི་མ་རྒྱལ་མཚན་དང་༔ དམ་པའི་ཡོན་ཏན་མངའ་བ་དགེ་བཤེས་དཀོན་མཆོག་མཚན་འཆང་ཟུང་གི་བཀས་བསྐུལ་བ་ལ་བརྟེན་ནས་ཆོས་པའི་གཟུགས་བརྙན་འཆང་བའི་སྤྲུལ་མིང་གཞན་ཕན་མིང་གིས་བྲིས་པ་དུས་གསུམ་དུ་དགེ་བར་གྱུར་ཅིག་གུ༔

གསོལ་འདེབས་དྲང་སྲོང་བདེན་ཚིག་སྐལ་ལྡན་དགའ་སྟོན་ཡོད༔

ཨེ་མ་ཧོ༔ སྐྱེ་སྔོན་ལྷ་དང་བླ་མས་རྗེས་སུ་བཟུང༔ ད་ལྟའི་ལས་འཕྲོ་རྣམ་དཀར་ཆོས་ལ་སད༔ པདྨས་རྗེས་བརྩེ་དགོངས་པའི་གཏེར་ལ་དབང༔ རིག་འཛིན་ཆོས་དབང་ས་ར་ཧི་ཏ་ལ༔ གསོལ་བ་འདེབས་སོ་བྱིན་རླབས་ཡེ་ཤེས་སྩོལ༔ བདག་གི་སྐྱེ་བའི་ཕྲེང་བ་ཐམས་ཅད་དུ༔ མཆོག་གསུམ་བླ་མས་རྗེས་སུ་འཛིན་གྱུར་ཅིག༔ གནས་སྐབས་བར་ཆད་བདུད་ཀྱི་གཡུལ་ལས་རྒྱལ༔ མཐར་ཐུག་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག༔ ཅེས་པའི་གསོལ་འདེབས་སྨོན་ཚིག་འདི༔ བཙུན་པ་རིག་འཛིན་རྡོ་རྗེ་ཡི༔ ཐུགས་ཀྱི་བཞེད་པ་བསྐང་བའི་ཕྱིར༔ བླ་གཟུགས་གཞན་ཕན་བཟང་པོས་སྤེལ༔ སརྦ་མངྒ་ལམ༔

དག་སྣང་ལས༔ གསོལ་འདེབས་བྱིན་རླབས་སྤྲིན་ཕུང་མ༔

ཨེ་མ་ཧོ༔ ལུང་རྟོགས་ཆོས་ཚུལ་རྒྱ་མཚོའི་བདག་ཉིད་རྗེ༔ བསྟན་པའི་ཉིན་བྱེད་དམ་པས་རྗེས་སུ་བཟུང༔ གཞན་དོན་བྱང་སེམས་བསྒོམ་པ་ལྷུར་ལེན་པ༔ ཕན་བདེའི་རྩ་ལག་དེ་ལ་གསོལ་བ་འདེབས༔ བདག་ཀྱང་དེང་ནས་རྣམ་མཁྱེན་སངས་རྒྱས་བར༔ ཡོངས་འཛིན་བཤེས་གཉེན་དུ་མས་རྗེས་དགོངས་ནས༔ ས་བཅུ་ལམ་ལྔའི་དཔལ་ཡོན་མངོན་གྱུར་ཏེ༔ འགྲོ་བ་འདྲེན་པའི་དེད་དཔོན་བྱེད་པར་ཤོག༔ ཡེ་ཤེས་མཁའ་འགྲོའི་བརྡ་ལས་སྣང་བའི་བྱིན་རླབས་སྤྲིན་ཕུང་མ་ལགས་སོ༔ སློབ་བུ་ཁྱེའུ་ཆུང་གཉིས་ལ་གདམས་པའོ༔

གསོལ་འདེབས་དད་ལྡན་དངས་འདྲེན་བཞུགས༔

ཨེ་མ་ཧོ༔ ཡེ་སྟོང་སྤྲོས་བྲལ་ཆོས་སྐུ་དག་པ་ལ༔ ངོ་བོ་རང་བཞིན་ངེས་པ་ལྔ་ལྡན་རྩལ༔ ཐུགས་རྗེ་འགགས་མེད་སྤྲུལ་པའི་རྣམ་རོལ་སྟོན༔ གཞན་ཕན་བྱང་སེམས་འབྱུང་ལ་གསོལ་བ་འདེབས༔ དཔལ་མགོན་བླ་མ་ཁྱེད་ལ་གསོལ་བཏབ་མཐུས༔ གནས་སྐབས་ཉེར་འཚེའི་གཡུལ་ངོ་དབྱིངས་སུ་ཞི༔ མཐར་ཐུག་རང་རིག་དོན་གྱི་བླ་མ་ཉིད༔ རང་ཞལ་མཇལ་ནས་གདོད་མའི་སར་ཕྱིན་ཤོག༔ འདི་འདྲའི་གསོལ་འདེབས་ཤིག་དགོས་ཞེས་བཙུན་པ་ཨ་གཾ་གིས་བསྐུལ་ངོ་མི་ལྡོག་ཕྱིར་དུ་ཐོས་དབེན་མུ་ཏོ་ས་ར་ཧི་ཏས་སྨྲས་པ་ཛ་ཡནྟུ༔

གསོལ་འདེབས་དད་ཅན་དགའ་སྟོན་བི་ཛ་ཧ་རམ༔

ཨེ་མ་ཧོ༔ སྐུ་གསུམ་རྒྱལ་བའི་ངོ་བོ་པད་འབྱུང་གི༔ གསང་གསུམ་སྒྱུ་འཕྲུལ་ཟབ་མོའི་གཏེར་འདོན་པའི༔ བདུད་འཇོམས་རྡོ་རྗེ་ལུང་རིག་གླིང་པ་སོགས༔ དམ་པས་རྗེས་བཟུང་དབུགས་དབྱུང་ཐོབ་པའི་བདག༔ ཨ་ཙར་ས་ལེའི་ཟློས་གར་ནཱིརྨ་ཀ༔ རྣལ་འབྱོར་ས་ར་ཧི་ཏ་བྷ་དྲ་ལ༔ གསོལ་བ་འདེབས་སོ་སྣང་ཞིང་སྲིད་པའི་ཆོས༔ བདེན་མེད་གནས་ལུགས་རྟོགས་པར་བྱིན་གྱིས་རློབས༔ ཞེས་དད་ལྡན་དག་སྣང་ལ་དབང་འབྱོར་བ་དྷརྨ་ཤྲཱི་ས་ག་རས་བསྐུལ་ངོར༔ དད་ཅན་སེམས་སུན་འབྱིན་པའི་རྩ་ལྟུང་མི་འབྱུང་ཕྱིར༔ བསམ་པ་དག་པས་ཕན་མིང་དུག་ལྔའི་རྣལ་འབྱོར་ནས་བྲིས་པ་སརྦ་ཛ་གད་དམ༔

མོ་མ་རིག་བཟང་གི་ངོར་གསུངས་པའི་གསོལ་འདེབས།

ཨེ་མ་ཧོ༔ ཀ་དག་རིག་པ་དོན་གྱི་ཡེ་ཤེས༔ ལྷུན་གྲུབ་སྣང་བ་བདེ་ཆེན་རྡོ་རྗེའི༔ མངའ་བདག་འགྲོ་མགོན་ཐུགས་རྗེའི་སྤྲུལ་བསྒྱུར༔ རང་རིག་དོན་སྟོན་གཞན་ཕན་བཟང་པོ༔ ཁྱེད་ལ་སྐྱབས་གསོལ་རང་གཞན་ཆོས་སྐུ༔ ད་ལྟ་མངོན་འགྱུར་བླ་མ་མཁྱེན་ནོ༔ ཞེས་པ་འདི་ཡང་དད་ལྡན་བཙུན་པ་མཆོག་གཟིགས་མོ་བ་རིག་བཟང་གི་བཞེད་སྐོང་དུ་བླ་གཟུགས་འཆང་བ་གཞན་ཕན་བཟང་པོས་ལེགས་པར་བྲིས་པ་དགེ་ལེགས་འཕེལ༔

ཀར་སྟོད་མཐུ་ཆེན་ངོར་གསུངས་པའི་གསོལ་འདེབས།

ཨེ་མ་ཧོ༔ འཛམ་གླིང་མཛེས་རྒྱན་ནཱ་གརྫུ་ན་དང༔ པཎ་གྲུབ་གཙུག་རྒྱན་ཨོ་རྒྱན་མཚོ་སྐྱེས་རྗེ༔ གྲུབ་བརྙེས་རིག་འཛིན་རྗེ་འབངས་ཉི་ཤུ་ལྔ༔ འཇིགས་བརྒྱད་གཡུལ་འཇོམས་ཏཱ་རེ་དཔལ་ལྷ་མོ༔ བར་ཆད་དབྱིངས་གྲོལ་དམ་ཅན་རྒྱ་མཚོའི་ཚོགས༔ ཀུན་གྱི་བྱེད་པོ་གཞན་ཕན་བྱང་ཆུབ་སེམས༔ རང་རིག་དོན་རྟོགས་རིག་པ་ཡེ་ཤེས་ལ༔ འབད་མེད་ཡོངས་གྲོལ་ཀློང་ནས་གསོལ་བ་འདེབས༔ གཞི་སྣང་ལྷུན་གྲུབ་ངང་ནས་བྱིན་གྱིས་རློབས༔ ཀ་དག་གཉུག་མའི་སངས་རྒྱས་མངོན་གྱུར་ཤོག༔ ཅེས་པ་འདིའང་རིག་པའི་ཡེ་ཤེས་ཀྱི་ལང་ཚོ་ངོམ་པའི་བཙུན་པ་གར་སྟོད་མཐུ་ཆེན་བཞེད་སྐོང་དུ་བླ་མིང་ཕན་པས་ཐོལ་བྱུང་དུ་བྲིས་པ་དགེ་ལེགས་འཕེལ༔

བུདྡྷ་ས་ག་རའི་ངོར་གསུངས་པའི་གསོལ་འདེབས།

ཨེ་མ་ཧོ༔ སྔོན་དུས་རིག་འཛིན་མཚོ་སྐྱེས་རྡོ་རྗེ་ཡི༔ གསང་གསུམ་བྱིན་རླབས་མཆོག་ཐོབ་ཨ་ཙརྱ༔ ས་ལེའི་སྒྱུ་འཕྲུལ་ས་ར་ཧི་ཏ་ལ༔ གསོལ་བ་འདེབས་སོ་བྱིན་རླབས་དབང་བསྐུར་སྩོལ༔ སྐྱེ་བ་འདི་ནས་ཚེ་རབས་ཐམས་ཅད་དུ༔ དཔལ་མགོན་བླ་མ་དམ་པས་རྗེས་བཟུང་ནས༔ རིམ་གཉིས་བྱང་ཆུབ་སེམས་ལ་བློ་སྦྱངས་ནས༔ རྣམ་མཁྱེན་རྒྱལ་བའི་གོ་འཕང་མྱུར་བསྒྲོད་ཤོག༔ ཅེས་པའི་གསོལ་འདེབས་འདི་དད་ལྡན་བུདྡྷ་ས་ག་རས་བསྐུལ་ངོར་བླ་གཟུགས་ཕན་པས་བྲིས་པ་ཡོངས་སུ་དགེ་བར་གྱུར་ཅིག༔

བུད་མེད་བསོད་ནམས་མིང་གི་ངོར་གསུངས་པའི་གསོལ་འདེབས།

དང་པོ་ཆོས་ལ་ཞུགས་ནས་བླ་མ་བསྟེན༔ བར་དུ་བྱང་ཆུབ་སེམས་གཉིས་འབྲལ་མེད་བསྒོམ༔ ཐ་མ་ཟབ་གཏེར་མཁའ་འགྲོས་ལུང་བསྟན་ཐོབ༔ ཡོངས་འཛིན་དགེ་བའི་བཤེས་ལ་གསོལ་བ་འདེབས༔ བློ་སེམས་ཆོས་ལ་འགྱུར་བར་བྱིན་གྱིས་རློབས༔ རང་རིག་བླ་མར་རྟོགས་པར་ཐུགས་རྗེས་ཟུངས༔ ཞེས་པའི་གསོལ་འདེབས་འདི་དད་ལྡན་བུད་མེད་བསོད་ནམས་མིང་གིས་བསྐུལ་ངོར་བླ་མ་གཞན་ཕན་བཟང་པོས་སྨྲས་པ་དགེ་ལེགས་འཕེལ།

གསོལ་འདེབས་ཞལ་གསུང་མ།

ཨེ་མ་ཧོ༔ སྔོན་དུས་ལོ་ཙཱ་ཨ་ཙར་ས་ལེ་འོད༔ བར་དུ་པདྨའི་རྒྱལ་ཚབ་དམ་པར་བསྔགས༔ མཐར་ཐུག་ལུང་རིག་གླིང་སོགས་གླིང་པ་འགས༔ རྗེས་བཟུང་དབུགས་དབྱུང་དམ་པ་གཞན་ལ་ཕན༔ བཟང་པོའི་མཚན་འཆང་དེ་ལ་གསོལ་བ་འདེབས༔ ཁྱེད་དང་པད་འབྱུང་དབྱེར་མེད་གསོལ་བཏབ་མཐུས༔ ཀ་དག་རང་གྲོལ་རྟོགས་པར་བྱིན་གྱིས་རློབས༔ དབང་བཞིས་རྒྱུད་སྨིན་དོན་གཉིས་ལྷུན་གྲུབ་ཤོག༔ ཅེས་པ་འདི་ས་ར་ཧི་ཏས་སྨྲས་པ་དགེའོ༔

ཀར་སྟོད་ཡོངས་འཛིན་ལ་གསུངས་པའི་གང་དྲན་གསོལ་འདེབས།

ཨེ་མ་ཧོ༔ སྐུ་གསུམ་བླ་མ་རྣམས་ལ་གསོལ་བ་འདེབས༔ གསང་གསུམ་ཡེ་ཤེས་རྟོགས་པར་བྱིན་གྱིས་རློབས༔ ཨོ་རྒྱན་པདྨ་ཡབ་ཡུམ་ལ་གསོལ་བ་འདེབས༔ ཐབས་ཤེས་ཟུང་འཇུག་རྟོགས་པར་བྱིན་གྱིས་རློབས༔ རྗེ་བཙུན་ཏཱ་རེ་ལྷ་མོ་ལ་གསོལ་བ་འདེབས༔ འཇིགས་བརྒྱད་གཡུལ་ལས་གྲོལ་བར་བྱིན་གྱིས་རློབས༔ རྗེ་བཙུན་འཇམ་པའི་དབྱངས་ལ་གསོལ་བ་འདེབས༔ མཁྱེན་གཉིས་མངོན་དུ་འགྱུར་བར་བྱིན་གྱིས་རློབས༔ འཕགས་པ་སྤྱན་རས་གཟིགས་ལ་གསོལ་བ་འདེབས༔ བྱང་སེམས་ཕྱོགས་མེད་འབྱོང་བར་བྱིན་གྱིས་རློབས༔ གསང་བདག་མཐུ་ཆེན་ཐོབ་ལ་གསོལ་བ་འདེབས༔ བརྟུལ་ཞུགས་རྨད་དུ་བྱུང་བར་བྱིན་གྱིས་རློབས༔ དྲིན་ཆེན་རྩ་བརྒྱུད་བླ་མ་ལ་གསོལ་བ་འདེབས༔ རང་རིག་བླ་མར་རྟོགས་པར་བྱིན་གྱིས་རློབས༔ ཡི་དམ་ཞི་ཁྲོ་རབ་འབྱམས་ལ་གསོལ་བ་འདེབས༔ དག་པ་རབ་འབྱམས་རྟོགས་པར་བྱིན་གྱིས་རློབས༔ གནས་གསུམ་མ་སྲིང་ཌཱཀྐི་ལ་གསོལ་བ་འདེབས༔ རྟེན་འབྱུང་སྟོང་ཉིད་རྟོགས་པར་བྱིན་གྱིས་རློབས༔ སྲུང་མ་དམ་ཅན་རྒྱ་མཚོ་ལ་གསོལ་བ་འདེབས༔ རྟེན་འབྲེལ་བརྡ་སྒོ་འབྱེད་པར་བྱིན་གྱིས་རློབས༔ དཀར་ཕྱོགས་སྐྱོང་བའི་ཚོགས་ལ་གསོལ་བ་འདེབས༔ ང་བདག་གདོན་ལས་གྲོལ་བར་བྱིན་གྱིས་རློབས༔ རང་སེམས་སྐྱེ་བ་མེད་ལ་གསོལ་བ་འདེབས༔ འཁོར་འདས་དག་མཉམ་རྟོགས་པར་བྱིན་གྱིས་རློབས༔ བདག་མེད་གནས་ལུགས་རང་གཞིའི་ཞལ་མཐོང་ནས༔ རྡོ་རྗེ་འཆང་དབང་ཚེ་འདིར་ཐོབ་པར་ཤོག༔ ཅེས་པའི་གང་དྲན་གསོལ་འདེབས་འདི༔ བཙན་པ་ཀར་སྟོད་ཡོངས་འཛིན་གྱིས༔ བསྐུལ་ངོར་གཞན་ཕན་བཟང་པོས་བྲིས༔ བློ་སེམས་དགེ་ལ་འགྱུར་བར་ཤོག༔

ཧོར་བླའི་ཞབས་བརྟན་གསོལ་འདེབས་འཁོར་གདོང་མགོན་དབང་གིས་མཛད་པ།

༄༅། ཨོཾ་སྭ་སྟི། རྒྱལ་བ་ཀུན་འདུས་མ་ཧཱ་གུ་རུ་ཡི། །ཕྲིན་ལས་ཡོངས་ཤར་འགྲོ་ངོར་གཟུགས་སྐུའི་ཚུལ། །གྲུབ་པའི་དབང་ཕྱུག་གཞན་ཕན་བཟང་པོ་ཡི། །བསྟན་སྲུང་དམ་ཅན་ཚོགས་ཀྱིས་ཉེར་དགོངས་ནས། །བར་ཆད་ཀུན་སེལ་སྐུ་ཚེ་བསྐལ་བརྒྱའི་བར། །བརྟན་ནས་བཤད་སྒྲུབ་བསྟན་པ་མཐར་རྒྱས་ཤོག །ཅེས་སློབ་བུ་དད་ལྡན་ལུང་རྟོགས་བསྟན་འཛིན་གྱིས་བསྐུལ་བས་བདག་གསང་འཛིན་དཔའ་བོ་མགོན་པོ་དབང་རྒྱལ་གྱིས་ཐུབ་བསྟན་ཨེ་ཝཾ་གསང་སྔགས་འཁོར་ལོ་གདོང་གི་ཕོ་བྲང་ཡང་དབེན་པདྨའི་དགའ་ཚལ་ནས་ཕུལ་བ་དགེའོ༔

ཧོར་བླའི་ཞབས་བརྟན་གསོལ་འདེབས་དྷརྨ་ཀིརྟིས་མཛད་པ།

༄༅། ཨོཾ་སྭ་སྟི། རྣམ་དག་ཚུལ་ཁྲིམས་ཕུང་པོ་མཛེས་པའི་སྐུ། །ཏིང་འཛིན་ཤེས་རབ་ཡོན་ཏན་དཔལ་གྱིས་བརྗིད། །མཐའ་ཡས་འགྲོ་བའི་ཕན་བདེའི་གཞིར་གྱུར་པ། །ཐུབ་དབང་སྲས་བཅས་གུས་པའི་གཙུག་གིས་མཆོད། །སྐྱབས་གསུམ་བཀའ་སྡོད་སྲུང་མའི་ཚོགས་བཅས་དང་། །རྟེན་འབྱུང་ཟབ་མོ་རྟེན་འབྲེལ་བསླུ་མེད་མཐུས། །བསྟན་འགྲོའི་ཉིན་བྱེད་མཆོག་སྤྲུལ་གཞན་ཕན་གྱི། །ཞབས་པད་བསྐལ་པ་རྒྱ་མཚོར་བརྟན་གྱུར་ཅིག །གང་དེའི་རྗེས་འཇུག་དགེ་འདུན་འདུས་པའི་སྡེ། །གང་ན་མཆིས་ཀུན་བསླབ་པ་རིན་པོ་ཆེ། །རྣམ་པ་གསུམ་གྱི་མཛད་བཟང་གོང་འཕེལ་མཐུས། །སྲིད་ཞིའི་ལེགས་ཚོགས་རྒྱས་པའི་་བཀྲ་ཤིས་ཤོག༔ ཅེས་རྣམ་གསུམ་དད་པའི་ནོར་གྱིས་ཕྱུག་པའི་ཐུབ་བསྟན་ལུང་རྟོགས་རྒྱ་མཚོའི་བཞེད་ངོར་སྤྲུལ་པའི་སྐུ་མཆོག་རིན་པོ་ཆེའི་ཞབས་བརྟན་སྨོན་ཚིག་འདི་རྒྱལ་ཁམས་པ་དྷརྨ་ཀིརྟིས་རྒྱལ་རོང་བས་མཐའི་ནགས་ཁྲོད་ནས་སྨྲས་པ་དགེ་ལེགས་འཕེལ༔

རིག་འཛིན་གཞན་བཟང་པོའི་སྐྱེ་ཕྲེང་ཞལ་ཐང་འབྲི་དཔེ།

རིག་འཛིན་ལུང་རིག་གླིང་པ་ཡི༔ ལུང་ཟིན་ཆོས་བདག་གཞན་ལ་ཕན༔ གང་གི་སྐྱེ་ཕྲེང་གཟུགས་རིས་ཀྱི༔ དཔེ་ཐོ་ཞལ་བཀོད་འདི་ན་དགེ༔ ཀྱཻ་ཧོ་སྐལ་ལྡན་སློབ་མའི་ཚོགས༔ ང་ནི་སོ་སྐྱེས་བྱིས་པ་ལགས༔ སྐྱེ་བའི་ཕྲེང་བར་འཁོར་བ་རུ༔ ལུས་བླངས་དུཿཁ་དག་ལ་སྤྱོད༔ ཡིན་ཀྱང་ཁྱེད་ཚོས་འཕགས་པར་མཐོང༔ བཟང་པོའི་སྐྱེ་ཕྲེང་ཡོད་པར་རློམས༔ གང་ཞིག་ཡིད་ཀྱིས་བྱེད་པ་པོ༔ དེ་ཡི་མདུན་ན་ཐུབ་པ་བཞུགས༔ བྱིན་རླབས་དབང་བསྐུར་སྩོལ་བར་འགྱུར༔ གསུངས་བཞིན་ཁྱེད་རྣམས་དགའ་བའི་ཕྱིར༔ རིགས་ཀྱི་བདག་པོས་ལུང་བསྟན་བཞིན༔ སྔོན་ཚེ་སྟོན་པ་མྱ་ངན་འདའ་བཞེད་ཚེ༔ བཞུགས་པར་གསོལ་འདེབས་དགེ་བསྙེན་ཙུནྡྷ་ཡིན༔ དེ་ཡི་གཟུགས་བརྙན་ཉན་ཐོས་ཆས་སུ་ཞུགས༔ ཕྱག་གཡས་ཐལ་སྦྱར་གཡོན་པས་མཎྚལ་འབུལ༔ ཨོ་རྒྱན་ཆེན་པོས་བསམ་ཡས་བཞེངས་པའི་ཚེ༔ ཨོ་རྒྱན་ཐུགས་ཟིན་ཨ་ཙར་ས་ལེ་འོད༔ དཀར་གསལ་ཁྲོ་འཛུམ་རྡོ་རྗེ་ཕུར་པ་གདེངས༔ གོས་དཀར་ལྕང་ལོ་འཆོལ་བའི་ཆ་བྱད་རྫོགས༔ མ་ཅིག་ཇོ་མོས་ཟབ་གཅོད་སྤེལ་བའི་ཚེ༔ ཐབས་ཀྱི་ཆ་འཛིན་ཐོད་པ་བྷ་དྲ་ཞེས༔ སྐུ་མདོག་གནག་སྣུམ་དར་གྱི་ཨང་རག་དང༔ ཕྱག་གཉིས་གྲི་རྐང་ཕྱེད་སྐྱིལ་སྒོམ་ཐག་མཛེས༔ གཏེར་ཆེན་མཆོག་གྱུར་གུ་རུ་ཆོས་དབང་གི༔ ཕྱག་རྒྱའི་རིག་མ་ན་རི་ཛྙཱ་ན་ཞེས༔ ལྷ་རྫས་ན་བཟའ་ཕྱག་གཉིས་གར་བསྒྱུར་མ༔ མཆོད་ལྷའི་རྣམ་འགྱུར་བཅུ་དྲུག་ལང་ཚོ་ངོམ༔ དེ་སྲས་རིག་འཛིན་ནམ་མཁའ་དཔལ་བའི་དྲུང༔ སློབ་མ་ཐུགས་ཟིན་ཨོ་རྒྱན་བསྟན་སྐྱོང་ཞེས༔ སྔགས་སྤྱོད་དམ་པ་ཕྱག་གཡས་ཕུར་པ་གདེངས༔ དབུ་སྐྲ་ཐོར་ཅོག་གཡོན་པས་ཟ་མ་ཏོག༔ བདེ་བའི་རིག་མ་གོ་ཆ་གཡོན་ཕྱོགས་བཞུགས༔ ཨོ་རྒྱན་ཐུགས་སྤྲུལ་ཧཱུྃ་ནག་མེ་འབར་དྲུང༔ ཞབས་ཏོག་གིས་མཉེས་པདྨ་བསྟན་འཛིན་ཞེས༔ རབ་བྱུང་ཆ་བྱད་ཕྱག་གཡས་རྒྱལ་མཚན་བསྒྲེངས༔ གཡོན་པས་ལྡེའུ་མིག་ཟ་འོག་གདན་ལ་བཞུགས༔ སྤྲུལ་སྐུ་ངེས་དོན་བསྟན་འཛིན་བཟང་པོའི་དྲུང༔ མཁས་དབང་སློབ་བུ་གྲུབ་དབང་དཀོན་མཆོག་ཞེས༔ དབུ་ལ་གཅོད་ཞྭ་ཕྱིང་བའི་ཐུལ་བ་མནབས༔ ཕྱག་གཡས་ཌཱ་རུ་གཡོན་པས་མི་རྐང་འབུད༔ མི་ལྤགས་གཡང་གཞིའི་གདན་ལ་ཕྱེད་སྐྱིལ་བཞུགས༔ རྫོགས་ཆེན་དངོས་སློབ་ལྕམ་བླ་ཀློང་ཡངས་པ༔ མཁས་པའི་དབང་པོ་ཕྱག་གཉིས་གླེགས་བམ་ཀློག༔ རབ་བྱུང་ཆས་ཅན་ཁྲི་འུར་འབོལ་གྱི་སྟེང༔ སྐྱིལ་ཀྲུང་གིས་བཞུགས་དགོངས་པའི་རྩལ་ཡང་སྦྱང༔ ད་ལྟ་རིག་འཛིན་ལུང་རིག་གླིང་པ་ཡི༔ ཆོས་དབང་སྐྱེས་ཐོབ་རིག་འཛིན་གཞན་ལ་ཕན༔ བླ་སྒྲུབ་ལས་བྱུང་རང་གི་མོས་ངོར་འདྲི༔ འདི་འོག་དཔལ་གྱི་རི་བོར་ཨོ་རྒྱན་གྱི༔ ཞབས་དྲུང་འཁོད་ནས་སླར་ཡང་ལྷ་ལྡན་གནས༔ བློ་བཟང་དཔལ་གྱི་ཁྲི་དྲུང་མཁན་པོར་འགྱུར༔ དེ་འཕོས་ཟངས་མདོག་དཔལ་རིར་པད་འབྱུང་གིས༔ དབུགས་དབྱུང་ཐོབ་ནས་སླར་ཡང་བསྟན་འགྲོའི་དོན༔ ཟབ་མོའི་གཏེར་འབྱིན་རིག་འཛིན་འགྲོ་འདུལ་གླིང༔ འགྲོ་དོན་རྒྱ་ཆེན་འབྲེལ་ཐོག་བདེ་ལ་འགོད༔ དེ་འདྲའི་སྐྱེ་ཕྲེང་ཟབ་གཏེར་ལུང་ལས་མངོན༔ སྐལ་ལྡན་སློབ་བུ་བྷྲ་མ་རའི་ཚོགས་རྣམས༔ འཇུག་ངོགས་བདེ་བའི་པདྨའི་ཟེའུ་འབྲུའི་ཚིག༔ དུས་ཚེས་ལེགས་པའི་ཚོགས་ཀྱི་དགའ་སྟོན་ལ༔ ལག་པའི་སོར་རྩེས་བསྒྲོན་པའི་མཛའ་ན་མོས༔ མིག་སྨན་རི་མོའི་ལམ་དུ་བགྱིས་པ་དགེ༔ སློབ་བུ་ཨ་དུང་བླ་མ་སྙིང་སྟོབས་ལྡན༔ པདྨ་དོན་གསལ་སོགས་ལ་སྤེལ་བ་ནི༔ དུས་མཐའི་གཏེར་མིང་ས་ར་ཧི་ཏས་བྲིས༔ འབྲེལ་ཚད་འགྲོ་ལ་ཕན་པའི་རྟེན་འབྲེལ་ཡོད༔ མནྟྲ་གུ་ཧྱ༔ མངྒ་ལཾ༔

ཆོས་བདག་ལུང་བསྟན་མུན་སེལ་འོད་འབར།

བཀའ་འདུས་ཆོས་ཀྱི་རྒྱ་མཚོ་དང༔ ཡང་གསང་ཌཱཀྐིའི་སྙིང་ཐིག་གི༔ ཐེམ་བྱང་ཁ་བྱང་ཡང་བྱང་དང༔ གནད་བྱང་མ་འོངས་ལུང་བསྟན་དང་༔ ཐོག་བབ་ཆོས་བདག་ལུང་བསྟན་སོགས༔ མུན་སེལ་འོད་སྟོང་འབར་བ་བཞུགས༔ རྩ་གསུམ་སྲུང་མ་གཏེར་བདག་ལ༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ སྔོན་ཚེ་གངས་ཅན་རྒྱལ་ཁམས་སུ༔ བདུད་པོ་ཁ་རག་མགོ་དགུ་ཞེས༔ འདྲེ་སྲིན་འབྱུང་པོས་གང་བ་ལ༔ སྟོན་པ་མཉམ་མེད་ཐུབ་པ་ཡིས༔ འགྲོ་ལ་རྗེས་ཆགས་རིགས་གསུམ་སྤྲུལ༔ ཁྱད་པར་གངས་ཅན་ལྷ་གཅིག་པུ༔ འཕགས་མཆོག་མིག་མི་འཛུམ་པ་ཡིས༔ སྙིང་རྗེས་འགྲོ་འདྲེན་དམ་བཅས་པའི༔ གདུལ་བྱའི་མཆོག་གྱུར་བོད་ཀྱི་ཡུལ༔ སྤྲུལ་པ་མི་ཡིས་མ་བཀང་ན༔ སྲིན་པོའི་ཡུལ་གླིང་ཆེན་པོ་རུ༔ འགྱུར་སྙམ་ཐུགས་ཀྱིས་མ་བཟོད་དེ༔ སྤྲུལ་པའི་སྤྲེ་འུ་བོད་དུ་ནི༔ ཏིང་ངེ་འཛིན་ལ་བཞུགས་པར་མཛད༔ འཕགས་པའི་སྤྱན་ལས་མངོན་བྱུང་བའི༔ རྗེ་བཙུན་སྒྲོལ་མས་འགྲོ་བ་ལ༔ རྗེས་ཆགས་སྙིང་རྗེའི་རང་གདངས་ལས༔ བྲག་གི་སྲིན་མོའི་རྣམ་པར་འཕྲུལ༔ སྤྲེ་འུ་དེ་དང་ཟུང་བསྡེབ་པའི༔ བརྡ་དང་བརྡ་ཡི་སྒོ་ནས་ནི༔ བཟའ་མི་སྙོམ་འཇུག་འགྲོ་དྲུག་གི༔ རྣམ་ཤེས་སྤྲེ་འུ་དྲུག་ཏུ་བསྐྲུན༔ དེ་རྣམས་ཡར་འཕེལ་དུ་མར་གྱུར༔ མེས་པོ་འཕགས་མཆོག་སྟངས་དཔྱལ་གྱིས༔ རྗེས་བཟུང་ཕྱི་སྣོད་ནང་བཅུད་ཀུན༔ ལྷུན་གྲུབ་གཞལ་ཡས་ཁང་དུ་སྤྲུལ༔ ས་རྡོ་རི་བྲག་རིན་པོ་ཆེ༔ རྩི་ཤིང་ནགས་ཚལ་དྲི་བཟང་སྨན༔ ཆུ་ཀླུང་ཐམས་ཅད་ཡན་ལག་བརྒྱད༔ ལྡན་པའི་གངྒ་དུ་མར་གྱུར༔ ནང་བཅུད་སྐྱེ་འགྲོའི་ཤེས་རྒྱུད་ནི༔ འཕགས་པས་བྱིན་དབབ་འཕགས་པའི་ཐུགས༔ ཡིག་དྲུག་ངག་ཏུ་ལས་སུ་རུང༔ དེ་རྗེས་བཟའ་བའི་ཟས་སྐལ་དུ༔ བྱིན་གྱིས་རླབས་པའི་འབྲུ་དྲུག་ནི༔ ཡར་ལུང་ཀླུང་དེར་སྨིན་པར་བཏབ༔ ཀུན་གྱི་ཟས་ཀྱི་སྐལ་བར་གྱུར༔ དེ་ནས་འཕགས་པའི་སྤྲུལ་པ་ཡིས༔ གཟུགས་མཚན་དམ་པ་ཞིག་བྱུང་ནས༔ དགེ་བ་བཅུ་ཡི་ཁྲིམས་དེ་བཅས༔ མི་ཆོས་གཙང་མས་མི་གྲལ་བཙུད༔ ཀུན་བཟང་སྤྲུལ་པ་ལྷ་ཡི་རིགས༔ རིག་པའི་སྐྱེས་བུས་མི་དབང་མཛད༔ དེ་དང་རྗེས་འབྲེལ་རིགས་གསུམ་གྱི༔ སྤྲུལ་པའི་རྒྱལ་པོ་རེ་རེ་ནི༔ ལྷ་རི་སྙན་ཤལ་བར་དུ་བྱུང༔ དེ་དུས་ཕོ་བྲང་བླ་མཁར་དུ༔ དམ་པ་ཆོས་ཀྱི་དབུ་བརྙེས་པའི༔ མདོ་སྡེ་ཟ་མ་ཏོག་དང་ནི༔ སྤང་སྐོང་སཙྪའི་བསྐོས་ཕོར་སོགས༔ དམ་པའི་དབུ་བརྙེས་གསང་གཉེན་བཏགས༔ རྒྱལ་རབས་ལྔ་ནས་འཕགས་པ་ཡི༔ སྤྲུལ་པ་དངོས་བྱོན་སྲོང་བཙན་སྒམ༔ སྒྲོལ་མ་དཀར་སྔོན་གཉིས་དང་བཅས༔ སངས་རྒྱས་བསྟན་པའི་གཞི་མ་བཙུགས༔ བརྒྱ་རྩའི་ལྷ་ཁང་བྱིན་ཅན་བཞེངས༔ དེ་མཐར་འཇམ་དབྱངས་སྤྲུལ་པའི་རྒྱལ༔ ཁྲི་སྲོང་ལྡེའུ་བཙན་ཞེས་བྱ་བས༔ རྒྱལ་བསྟན་མཐའ་ནས་མཐའ་རུ་སྤེལ༔ བསམ་པའི་ཐུགས་བསྐྱེད་མཛད་པའི་ཚེ༔ སྔོན་སྦྱང་སྨོན་ལམ་དག་པའི་མཐུས༔ རྒྱ་གར་པཎ་ཆེན་བརྒྱ་རྩ་དྲངས༔ ཁྱད་པར་སྣང་མཐའི་ཐུགས་ཀྱི་སྤྲུལ༔ རྫུས་སྐྱེས་པདྨ་ལས་འཁྲུངས་པའི༔ རིགས་སྔགས་མཐུ་སྟོབས་ཐོད་ཕྲེང་རྩལ༔ སྔོན་སྨོན་རྗེས་དྲན་བོད་དུ་བྱོན༔ བསམ་ཡས་མི་འགྱུར་གཙུག་ལག་བཞེངས༔ རྒྱལ་པོའི་བསམ་པ་མཐར་ཕྱིན་ཚེ༔ དེ་དུས་རྗེ་འབངས་གྲོགས་དང་མཚོ་རྒྱལ་གྱིས༔ དུས་གསུམ་སངས་རྒྱས་པདྨ་ཐོད་ཕྲེང་ལ༔ ཕྱག་འཚལ་བསྐོར་བ་མཎྜལ་མཆོད་བསྟོད་ཕུལ༔ ཀྱཻ་མ༔ ད་ལྟའི་དུས་བཟང་ཚེ་རིང་ལོངས་སྤྱོད་ལྡན༔ དམ་པའི་ཆོས་དར་བདུད་རིགས་ཟིལ་གནོན་པ༔ བདག་ཅག་རྣམས་ཀྱི་དཔལ་དུ་ཤར་ལགས་ཀྱང༔ མ་འོངས་རྩུབ་འགྱུར་སྙིགས་མའི་སེམས་ཅན་རྣམས༔ སྐྱབས་མགོན་མེད་པའི་མུན་འཁྱམས་འཆོལ་ཉོག་ལ༔ ཕན་པའི་ཐབས་ནི་ཇི་ལྟར་བྱས་ན་དགེ༔ དུས་གསུམ་ས་ལེར་མཁྱེན་པས་གསུང་དུ་གསོལ༔ མ་འོངས་སྐལ་དམན་དོན་ཕྱིར་གསུང་དུ་གསོལ༔ བདག་ཅག་རྣམས་ཀྱི་དོན་དུ་གསུང་དུ་གསོལ༔ གུ་རུ་དུས་གསུམ་མཁྱེན་པའི་ཞལ་ནས་ནི༔ ཀྱཻ་ཧོ༔ ཁྱེད་ཅག་རྗེ་འབངས་གྲོགས་དང་བཅས༔ ཐམས་ཅད་མ་ཡེངས་སྙན་ཚུར་གསོན༔ སྐལ་ངན་སྙིགས་མའི་སེམས་ཅན་རྣམས༔ ཚེ་མཐར་ཕྱིན་པའི་གང་ཟག་དཀོན༔ དམ་ཆོས་ཤ་སྟག་བྱེད་པ་རྣམས༔ ཉིན་མོའི་སྐར་མ་ཙམ་དུ་ཟད༔ དུས་མ་ཡིན་པར་རྐྱེན་ངན་པའི༔ དབང་དུ་འཆི་བ་ཕལ་ཆེར་ཡིན༔ སྡུག་བསྔལ་གྱི་ནི་མཚོ་ཆེན་རྡོལ༔ བདེ་བའི་གོ་སྐབས་དང་བྲལ་བས༔ སངས་རྒྱས་སྒྲུབ་པའི་ཐབས་མི་ཤེས༔ དུ་ཥའི་རྒྱུ་ལ་ཧབ་ཐོབ་བྱེད༔ དཀོན་མཆོག་ཐུགས་རྗེའི་རྣོ་མྱུར་རུབ༔ རང་རང་ལས་གཙོ་རྒྱུ་འབྲས་ནི༔ བསླུ་བ་མེད་པ་མ་རིག་པས༔ ད་དུང་འཁོར་བར་གཏན་འཁྱམས་སུ༔ ཁོར་མོ་ཡུག་ཏུ་འཁོར་བ་འོ༔ ཚེ་གཅིག་སྐད་ཅིག་རང་གྲོལ་དུ༔ འགྲོ་རྒྱུ་ཡིན་པ་ལྟ་བུ་ནི༔ ཤིན་ཏུ་ངན་ཅིང་བླུན་ཚབ་ཆེ༔ དམ་པའི་ཆོས་མ་བྱས་པ་ལ༔ བདེ་བའི་བསྟན་པ་འཛིན་འདོད་པས༔ རྒྱུ་ལས་མ་བྱུང་ཨ་རེ་འཁྲུལ༔ སྡུག་བསྔལ་མི་འདོད་བཞིན་སྡིག་ལས༔ མི་ཚེ་ཟད་པ་ཨ་རེ་འཁྲུལ༔ འཆི་བ་མི་དྲན་བཞིན་དུ་ནི༔ ཡང་ཡང་ལུས་ལེན་ཡང་ཡང་འཆི༔ དེ་འདྲའི་དུས་ངན་དེ་སྐྱོབ་པའི༔ ས་གཏེར་དགོངས་པའི་གཏེར་དུ་ནི༔ བསྒྱུར་བ་མཁའ་འགྲོའི་སྙིང་ཐིག་འདི༔ ད་ལྟ་མ་སྤེལ་མ་འོངས་དུས༔ འགྲོ་དོན་རྒྱ་ཆེན་འབྱུང་བར་འགྱུར༔ གུས་པས་ཕྱག་འཚལ་འདི་སྐད་ཞུས༔ དེས་ན་སློབ་དཔོན་ཆེན་པོ་ལགས༔ གང་གི་ཟབ་གཏེར་ངོ་མཚར་བ༔ འདི་ཉིད་སྤེལ་བའི་མ་འོངས་དུས༔ འགྲོ་དོན་ཅི་འདྲ་འབྱུང་ངམ་ཅི༔ གཏེར་གནས་གང་དང་གང་དུ་སྦ༔ འདོན་པའི་དུས་ནི་གང་ལ་བྱ༔ སྐལ་ལྡན་ཅི་ཙམ་ཞིག་ལ་ཕན༔ ཆོས་ཀྱི་བསྟན་པ་ཅི་ཙམ་གནས༔ དེ་ལ་བར་ཆད་ཅི་ལྟར་འོངས༔ ཞེས་ཞུས་ཨོ་རྒྱན་ཞལ་ནས་ནི༔ ཨེ་མ་ཀ་དག་ཟབ་མོའི་གཏེར༔ བཀའ་འདུས་ཟབ་མོའི་གསང་གཏེར་འདི༔ ཏཱ་རེ་གནས་ཀྱི་བྲག་རི་དང༔ རྒྱལ་མོ་དམུ་རྡོའི་ཞོལ་དུ་ནི༔ རིམ་པ་བདུན་གྱི་རྒྱས་ཐོབ་ལ༔ དྲང་སྲོང་ཆེན་པོས་བྱ་ར་མཛོད༔ མ་འོངས་གཉེར་བྱང་བུ་ལ་གཏོད༔ བཀའ་གཏད་ཟབ་མོ་མ་ཉམས་ཤིག༔ གཅེས་པའི་ཆོས་བདག་སྐྱེས་བུས་སྐྱོངས༔ ཟབ་གཏེར་འདི་ཉིད་འདོན་པའི་དུས༔ ཉི་མ་གཟས་ཟིན་མུན་ནག་རུབ༔ ཤར་ལྷོ་ནུབ་བྱང་སྐར་ཐན་འོང༔ ལྷ་སའི་གླིང་དུ་སྔར་མེད་པའི༔ རྟེན་གྱི་མཆོད་སྡོང་ཆེན་པོ་འཛུགས༔ དམ་སྲི་དམ་འགོང་རྒྱ་འདྲེ་ཡི༔ སྣ་འདྲེན་རྒྱ་བོད་གདོང་གཏུག་བྱེད༔ རྒྱ་ལྕགས་མཚམས་སུ་དམག་སྒར་འཇིགས༔ ཧོར་སྲས་ཁག་ལྔ་སྡུག་ཡུས་ཆེ༔ རྒྱ་ཡི་དམག་ཆེན་བོད་ལ་འཕྱུར༔ རྒྱ་བོད་མགོ་ལ་མུ་མེན་འཛུགས༔ དམ་སྲི་རྒྱ་འདྲེ་སྔར་མེད་པའི༔ རྒྱ་མིའི་མཚོན་ཐོགས་བརྒྱ་ཙམ་སླེབས༔ ཕུ་ཡི་སྣ་འདྲེན་བོད་ལ་སྡིག༔ བཞག་བྲའི་མདུན་དུ་སྔར་མེད་པའི༔ ལྟས་ཤིག་ཀུན་གྱིས་ཐེ་ཚོམ་བྱེད༔ ཕག་རྒོད་ཟེ་བས་མདོ་ཁམས་དཀྲུགས༔ དབྱི་ཁྲོམ་གངས་རི་ཁྲ་བོར་འགྱུར༔ རང་བྱོན་འགའ་ཡིས་གསལ་ཁ་སྟོན༔ ཙཱ་རི་ཆུ་ཐོག་རི་བྲག་འཇིགས༔ ལམ་འགའ་གཅན་གཟན་གདུག་པ་དར༔ ཀ་ཡི་བྲག་ལ་གས་གྲུམ་མང༔ ཐུགས་ཆེན་གནས་ལ་རྟགས་འགའ་མངོན༔ དཔལ་གྱི་རི་ལ་གསང་གཏེར་རྡོལ༔ ཁྲི་སྙན་དུག་གིས་ཚོང་དུས་འཁྲུགས༔ ཐ་མ་ཁ་ལ་ཟས་མཆོག་རློམ༔ རྒོད་པོ་རྫོངས་སུ་ཧཱུྃ་རི་སྙིལ༔ གཏེར་ཆོས་ཡིན་མིན་དུ་མ་འབྱུང༔ གཏེར་སྟོན་མང་པོས་ས་སྟེང་འགེངས༔ ཕལ་ཆེར་སྒྲུབ་ལ་གཞོལ་བ་དང༔ ཕལ་ཆེར་ལྷ་བུས་དབང་དུ་བྱེད༔ བླ་མའི་ཚུལ་བཟུང་དམག་ལས་བྱེད༔ སྡོམ་པ་དམ་ཚིག་རྩྭ་བཞིན་དོར༔ དགོན་པར་བུ་ཆུང་ངུ་སྐད་ལྡང༔ གཙུག་ལག་མང་པོ་ཞིག་རལ་བྱེད༔ སྡུག་འདྲེ་འགོང་པོ་ལྷ་རུ་མཆོད༔ པདྨའི་ཟབ་ཆོས་སྨད་པའི་དུས༔ ཆོས་མིན་བཅོས་པ་དང་དུ་ལེན༔ ནད་མཚོན་མུ་གེ་སྤྲིན་ལྟར་འཐིབ༔ བཀའ་བསྟན་ལུང་ལ་མ་གྲགས་ཤིང༔ སྨན་པས་ངོ་མི་ཤེས་པ་ཡི༔ འགོས་ཡམས་སྣ་ཚོགས་མི་ཐོག་འབུད༔ མཐའ་དམག་རིམ་བཞིན་བོད་དུ་འོང༔ སྐྱིད་མེད་སེམས་ཅན་སྡུག་ལ་འཁོར༔ ཆར་ཆུ་མི་སྙོམ་སྒང་གཤོང་ཆེ༔ དབྱི་རྩང་རྒྱ་སོགས་དམག་སྐད་འུར༔ དེ་ཚེ་འགྲོ་བ་སྐྱོབ་པའི་མགོན༔ ཨ་ཙར་གསལ་སྣང་སྤྲུལ་པ་ཡིས༔ ཏཱ་རེ་མི་འགྱུར་དགའ་ཚལ་གྱི༔ གནས་སྒོ་འབྱེད་དང་ཟབ་གཏེར་འདོན༔ ལྷ་དང་བླ་མས་བྱིན་གྱིས་བརླབས༔ རྟེན་འབྲེལ་བརྡ་སྒོ་འབྱེད་པའི་དཔལ༔ ལུས་རྒྱ་རིག་མ་ལྔ་དང་ནི༔ རྟེན་འབྲེལ་བཟང་པོས་མཚམས་སྦྱར་ན༔ ཆོས་འདིས་སྐལ་ལྡན་མང་པོ་གྲོལ༔ འབྲེལ་ཐོགས་འབུམ་ལྔ་བདེ་ལ་འགོད༔ དེ་ཙམ་འགྲིགས་པའི་ལུང་མེད་ན༔ སྒྲ་དབྱངས་ལྷ་མོས་བྱིན་བརླབས་པའི༔ ལས་རྒྱ་སྐལ་བ་ལྡན་པ་གཅིག༔ ས་ཁམས་སྣ་རྩེ་ངོམ་པའི་ལོ༔ དེ་དང་རྟེན་འབྲེལ་དུས་ལྡན་ན༔ བསམ་གཏན་ཡེ་ཤེས་གླིང་པ་ཞེས༔ དམུ་རྡོའི་ནང་ནས་ཟབ་གཏེར་འདོན༔ འབྲེལ་ཚད་འགྲོ་ལ་ཕན་པ་འབྱུང༔ སྤྱོད་པ་མ་ངེས་སྣ་ཚོགས་ཀྱིས༔ འགྲོ་དོན་མཐའ་ནས་མཐའ་རུ་འཁྱོལ༔ ཡེ་ཤེས་སྐུ་ཅན་བླ་མ་མཆོག༔ འགྲོ་འདུལ་ལུང་རིག་གླིང་པ་ཡི༔ ཟབ་ཆོས་བསྟན་པ་བཙུགས་ནུས་ན༔ མེ་འབར་རླུང་གིས་བདས་པ་བཞིན༔ གཏེར་ཆོས་མ་བུ་ཟུང་འབྲེལ་གྱིས༔ བསྟན་པའི་རྩ་ལག་ལན་གཅིག་འགྱུར༔ ཆོས་ཀྱི་བདག་པོ་རང་ཉིད་ལ༔ ཚེ་གེགས་བར་ཆད་མང་བས་གཟོབ༔ དེ་བཟློག་སྐུ་གསུང་ཐུགས་རྟེན་བཞེངས༔ སེར་སྣའི་འཆིང་བ་བཀྲོལ་དགོས་ཤིང༔ མཆོད་སྦྱིན་གཏེར་གྱི་སྒོ་འཕར་འབྱེད༔ དུས་མིན་འཆི་བ་འཕྲལ་དུ་བཟློག༔ འགྲོ་རྣམས་བདེ་སྐྱིད་དགེ་ལ་འགོད༔ མཐའ་དམག་གདུག་པ་རང་སར་གྲོལ༔ དེ་ཚེ་ཕན་པའི་གྲོགས་ཀྱི་མཆོག༔ སྐལ་ལྡན་ཆོས་ཀྱི་བདག་པོ་ནི༔ རྩ་བ་བཅུ་དང་ཡན་ལག་ནི༔ ལྔ་གསུམ་ལུང་ཟིན་བརྒྱ་རྩ་འབྱུང༔ ཁྱད་པར་སར་གནས་སེམས་དཔའ་ཆེ༔ སོག་པོ་དཔལ་ཡེ་སྤྲུལ་པ་ནི༔ ཏྲེ་ཧོར་ཡུལ་དུ་སྐུ་བལྟམས་པ༔ ཧསྟི་ལོ་པ་བཞིན་རས་རྒྱས༔ ལི་ཡི་ཕྱོགས་སུ་འགྲོ་དོན་འབྱུང༔ རྒྱལ་ཁམས་འགྲོ་ལ་ཆོས་ཆར་འབེབས༔ འབྲེལ་ཚད་མཐོ་རིས་བདེ་ལ་འགོད༔ ལུང་གི་མིང་ཅན་སྤྲུལ་པའི་སྐུ༔ ཡོངས་རྫོགས་ཆོས་ཀྱི་བཀའ་བབ་ཡིན༔ དེ་དང་རྟེན་འབྲེལ་མ་འཕྱུག་ན༔ འདི་ཕྱིའི་རེ་ལྟོས་ཆོས་འདིས་བྱེད༔ ཉང་གི་བནྡྷེའི་སྤྲུལ་པའི་ཆ༔ ཟབ་གཏེར་མཛོད་འཛིན་མ་ཡི་མིང༔ བྱ་གླང་ལོ་པ་སྙིང་སྨེས་སྤྲས༔ དེ་ལ་བཀའ་འདུས་ས་གཏེར་སྤྲོད༔ དང་དུ་བླང་ན་བསྟན་སྲོག་འཛིན༔ སྒྲུབ་པའི་རྒྱལ་མཚན་སྤེལ་ལ་དབང༔ དེ་བཞིན་ཆོས་རྒྱལ་བློན་པོ་ནི༔ ལྷས་གནང་སྤྲུལ་པ་ཆོས་ཀྱི་མཚན༔ དབྱི་མདོའི་ཕྱོགས་སུ་བསྟན་སྲོག་འཛིན༔ ཞེན་པའི་འཕྲེང་ཐག་ཆོད་པ་ན༔ ཚེ་འདིར་གྲོལ་བར་གདོན་མི་ཟ༔ དེ་ལ་ཕྱི་ནང་ཟབ་གཏེར་སྤྲོད༔ རེ་འགའ་འགྲོ་ལ་ཕན་པ་འབྱུང༔ གསེར་ཕྱོགས་ལྷ་ལུང་སྤྲུལ་པའི་ཆ༔ གུ་རུའི་མཚན་འཆང་རྟོགས་པ་ལྡན༔ གཏེར་ཆོས་འདི་དང་དུས་ཐེབ་ན༔ ལོ་གསུམ་ཚེ་ཡི་བཤོལ་ཐེབ་ཅིང༔ གསེར་ཕྱོགས་འགྲོ་ལ་ངེས་ཤེས་བྱེད༔ ཁྱེའུ་ཆུང་རྣམ་རོལ་བློ་ཡི་མིང༔ དགུ་བདུན་ལྔ་བརྒྱད་གེགས་ཆེན་ལྡང༔ ཟབ་ཆོས་འདི་ཉིད་ཐེ་ཚོམ་གྱིས༔ མ་བསླད་ཚེ་འཕྲང་གེགས་ལས་གྲོལ༔ འགྲོ་ཀུན་ཐར་བའི་ལམ་ལ་འགོད༔ ཧོར་ཆུའི་རྒྱུད་དུ་བསྟན་པ་དར༔ ཟལ་མོ་སྒང་གི་རྩང་ཕྱོགས་དེར༔ གཡུ་སྒྲ་སྙིང་པོའི་ཟློས་གར་མཁན༔ འཇིགས་མེད་བསྟན་པའི་གདེངས་དང་ལྡན༔ ཞབས་རྡུམ་ཟླུམ་པ་འབྲུག་སྦྲུལ་ལོ༔ ཆོས་འདིར་དབང་བས་དང་དུ་ལོངས༔ ཐེ་ཚོམ་བདུད་ཀྱིས་མ་བསླུས་ན༔ དགེ་ལེགས་དབྱར་གྱི་པདྨོར་འགྲན༔ འབྲེལ་ཚད་པདྨ་འོད་ལ་ཕྱིན༔ རྒྱལ་རོང་གནམ་ས་ཆོས་འབྱུང་འདྲའི༔ རྒྱུད་དུ་སྐུ་བལྟམས་བློ་ཡི་མིང༔ ཤེལ་དཀར་མཚོ་ཡི་སྤྲུལ་པ་ནི༔ ཟབ་གསང་དོན་ལ་སྤྱོད་པ་འབྱུང༔ དེ་ལ་དྲང་སྲོང་ཆེན་པོ་གཏོད༔ བཀའ་རྐུན་ལོག་པའི་གཉའ་ནོན་འགྱུར༔ ལྷ་སྒང་གཡས་ཕྱོགས་ནགས་ཞེས་པའི༔ ས་རུ་མཁའ་འགྲོའི་སྤྲུལ་པའི་ཆ༔ ཤིང་གླང་ལོ་པ་ཀུན་བཟང་གི༔ མཚན་འཆང་རོ་སྙོམས་སྤྱོད་པ་འཆང༔ པདྨ་གསུང་གི་དངོས་གྲུབ་ཐོབ༔ རྫ་ཡི་བྲག་དམར་རྒྱུད་དུ་ནི༔ ཀུན་དགའ་ཞེས་བྱ་བྱི་ཕག་ལོ༔ ལྷ་ཡི་ལོ་ཙའི་ཟློས་གར་མཁན༔ འདུལ་བའི་བསྟན་པས་འགྲོ་ལ་མཛེས༔ བར་ཆད་དམ་སྲིའི་ལྡང་མིག་ལྟ༔ དེ་བཟློག་ཟབ་ཆོས་འདི་ཡིས་བྱེད༔ ཉམས་སུ་མི་བསྟར་ཕུག་ཏུ་སྦོས༔ རྩང་རོང་སྟག་བཀྲའི་རྒྱུད་དུ་ནི༔ ཟབ་གཏེར་བསྟན་པའི་མངའ་བདག་ཆེ༔ མི་ཕམ་མགོན་སྤྲུལ་ལྕེ་གཉིས་ལོ༔ སྐར་ཚོགས་ལྟ་བུའི་སློབ་ཚོགས་འདུས༔ བྱེ་བ་ས་ཡའི་འགྲོ་བ་འདྲེན༔ རྟེན་འབྲེལ་ཟབ་མོས་མཚམས་སྦྱར་ན༔ སྐུ་ཚེ་མཐར་ཕྱིན་སྙན་གྲགས་འུར༔ དེ་དག་རྩ་བའི་ཆོས་བདག་ཡིན༔ ས་མ་ཡཱ༔ ཡན་ལག་བཅོ་ལྔའི་རྣམ་གྲངས་ནི༔ མཁན་སློབ་ཆོས་གསུམ་ཞབས་དྲུང་དེར༔ དབང་གྲལ་འཁོད་པའི་རྗེ་དང་འབངས༔ ཕལ་མོ་ཆེ་ཡི་སྐལ་ལྡན་རྣམས༔ ད་ལྟ་ཕལ་ཆེར་གཏེར་ལ་དབང༔ དུ་མ་ཆོས་ཀྱི་བདག་པོར་བསྐོས༔ ཁྱད་པར་གནུབ་བན་ཛྙཱ་ནའི་འཕྲུལ༔ ཤིང་ཁམས་སྟག་གི་ལོ་བ་གཅིག༔ རྡོ་རྗེ་དབྱི་ཁྲོམ་རྒྱུད་དུ་ནི༔ པྲཛྙཱ་བྷ་དྲ་ཆོས་ལ་དབང༔ ཟལ་མོའི་རྒྱུད་དུ་སྐུར་སྤྲུལ་པ༔ ལང་ལབ་བྱང་ཆུབ་རྡོ་རྗེ་ཡི༔ སྐྱེ་མཐའ་རིགས་ལྡན་བཙུན་པ་དེ༔ རྟ་སྦྲུལ་ལོ་བ་ཤེས་རྒྱུད་རྩིང༔ སྔོན་སྦྱངས་འབྲེལ་བའི་བླ་མ་ཡི༔ བཀའ་བཞིན་ཉན་ཅིང་ཟབ་ཆོས་སྤེལ༔ བར་ཆད་སད་ཀྱིས་མ་བརྐུས་ན༔ རིག་འཛིན་ཟུང་གི་གཏེར་ཆོས་འདིའི༔ རྒྱལ་མཚན་ལན་གཅིག་མཁའ་ལ་བསྒྲེངས༔ ལྷ་ལྕམ་གསལ་སྤྲུལ་དབྱི་ཡི་རྒྱུད༔ ཆུ་ཁམས་ཕག་གི་ལོ་བ་ནི༔ ལུང་གི་མིང་ཅན་ལོག་ལྟ་དཀོན༔ སྔགས་བཙུན་འཆོལ་བའི་སྤྱོད་པ་ཅན༔ མཚོ་རྒྱལ་སྤྲུལ་པས་རྗེས་སུ་བཟུང༔ སྒྲུབ་པའི་རྒྱལ་མཚན་བཙུགས་ནུས་ན༔ ཚེ་འདིར་གྲོལ་བར་གདོན་མི་ཟ༔ རྣམ་སྣང་ལོ་ཙཱའི་ཕྲིན་ལས་སྤྲུལ༔ རིགས་སྲས་བཛྲ་ཞེས་བྱ་བ༔ མཁས་ཤིང་གྲུབ་པས་བསྟན་འགྲོ་གསོ༔ དམ་སྲིའི་སྡང་མིག་མ་ངོམ་ན༔ ཁམས་དབུས་གཙང་གསུམ་དག་ལ་མངོན༔ ཆུ་ཕོ་རྟོགས་པ་ལྡན་པ་ཡི༔ ལས་རྒྱའི་རྣམ་འཕྲུལ་རིགས་ཀྱི་མིང༔ རྣམ་བྱུང་ལོ་བ་ཤེས་རབ་ཆེ༔ པདྨའི་ཟབ་ཆོས་འདི་ལ་དབང༔ ཆོས་བློན་སྤྲེའུ་ཆུང་ཟློས་གར་བ༔ ར་ཁང་རྒྱུད་དུ་བལྟམས་པའི་བུ༔ ལྕགས་ཁམས་གར་མཁན་ལོ་བ་འབྱུང༔ པདྨའི་མིང་ཅན་སེམས་རྒྱུད་དུལ༔ ཚངས་སྤྱོད་སྡོམ་པ་བསྲུང་ནུས་ན༔ ཡུལ་དེའི་བདེ་སྐྱིད་གཞི་ནས་སློང༔ ལི་ཡི་ཕྱོགས་སུ་ཀརྨའི་མིང༔ རོ་གཅིག་རྟོགས་པས་སྒྲུབ་ལ་བརྩོན༔ མཐོང་ཐོས་འགྲོ་བའི་ཤེས་རྒྱུད་འགུགས༔ ཟབ་མོའི་གཏེར་གྱི་ཆོས་ལ་དབང༔ བྲག་གི་རྒྱུད་དུ་སྐུ་བལྟམས་པ༔ ཀིརྟིའི་མཚན་འཆང་འདུལ་བ་འཛིན༔ ལྷ་རྗེ་དམ་པས་བསྟན་འགྲོ་གསོ༔ ཟབ་མོའི་གཏེར་གྱི་ཆོས་ལ་དབང༔ རྩང་རོང་ལེགས་གྲུབ་སྤྲུལ་པ་ནི༔ མདོ་ཡི་མིང་ཅན་བཀུར་བའི་འོས༔ ཐེ་ཚོམ་བདུད་ཀྱིས་མ་བསླུས་ན༔ པདྨའི་ཟབ་ཆོས་འདི་ལ་དབང༔ ཙ་ཡི་ཕྱོགས་སུ་འཕགས་པའི་འཕྲུལ༔ འགྱུར་མེད་མཚན་འཆང་གླང་སྦྲུལ་ལོ༔ གྲོལ་ནས་གྲོལ་བའི་ལམ་ཡང་སྟོན༔ ཟབ་མོའི་གཏེར་གྱི་ཆོས་ལ་དབང༔ རྩང་དུ་འགྱུར་མེད་མཚན་འཆང་བ༔ གདུག་པ་རུ་ཏྲའི་མངའ་བདག་ལོ༔ གནས་གསུམ་གང་རུང་སྨེ་བས་སྤྲས༔ བདུད་འཇོམས་ཕྲིན་ལས་ཆ་ཤས་སྤྲུལ༔ མི་མཐུན་གྲོགས་སུ་འགྱུར་ལ་གཟོབ༔ རྒྱལ་མོ་དབྱི་ཡི་ཁོག་པ་དེར༔ ལྡན་མ་རྩེ་མང་ཟློས་གར་མཁན༔ ནོར་སྲུང་ལོ་བ་ཐུང་ལ་སྒེག༔ བརྗིད་པའི་ཉམས་ཅན་ཀ་ཡི་མིང༔ ཐེ་ཚོམ་བདུད་ཀྱིས་མ་བསླུས་ན༔ གསུང་རྟེན་སྦྱིན་པས་འགྲོ་སེམས་གསོ༔ ཕྱི་མའི་སྐྱེ་སྲིད་དེ་ཡིས་ནི༔ མདོ་ཡི་ཕྱོགས་སུ་རྒྱལ་བསྟན་སྤེལ༔ གསེར་རམ་ཧོར་གྱི་ས་མཚམས་དུ༔ ནམ་མཁའི་སྙིང་པོའི་སྒྱུ་འཕྲུལ་ནི༔ དོན་གྱི་མཚན་འཆང་ཁྱི་འམ་ཕག༔ སྨེ་བ་ཟླ་གམ་དབང་གི་ལྟས༔ འབྲེལ་ཚད་སྙིང་རྗེས་སྐྱོང་བ་འབྱུང༔ ལི་ཡི་རྒྱུད་དུ་སྐུར་སྤྲུལ་པ༔ ཡར་ཀླུང་སྦ་མི་ཁྲི་གཞེར་ནི༔ གར་མཁན་ལོ་བ་མ་ཅིག་གིས༔ རྗེས་བཟུང་བྱ་བཏང་རྫོགས་ཆེན་པ༔ རྒྱལ་ཁམས་ཕྱོགས་མེད་གདུལ་བྱ་སྐྱོང༔ ཆོས་དབྱིངས་མཚན་འཆང་ཐུགས་སྒམ་པོ༔ ལྷ་དགའི་ཕྱོགས་སུ་གཏེར་གྱི་རྒྱུད༔ དཔལ་བརྩེགས་བློན་གྱི་ཟློས་གར་པ༔ རིགས་སྲས་སྲུང་བཙན་མཚན་འཆང་བ༔ མ་ཏི་མཁའ་ལྡིང་ལོ་བ་འབྱུང༔ རྒྱལ་བའི་བསྟན་པ་རིམ་གྱིས་གསོ༔ དེ་དང་རྟེན་འབྲེལ་འགྲིགས་སྲིད་ན༔ འདི་ཕྱིའི་བདེ་སྐྱིད་དེ་ལ་འབྱུང༔ ས་མ་ཡཱ༔ ལུང་ཟིན་སྤྲུལ་པའི་ཟློས་གར་མཁན༔ བརྒྱ་རྩ་བརྒྱད་ཀྱི་རིམ་པ་ནི༔ ཤར་ལྷོ་ནུབ་བྱང་མཚམས་བཞི་དང༔ མ་ངེས་ཕྱོགས་ནས་རྒྱ་གར་དང༔ བོད་ཀྱི་རྗེ་འབངས་གྲུབ་ཐོབ་ཀྱི༔ སྤྲུལ་པ་ཆོས་ལ་དབང་བ་ནི༔ རྡོ་རྗེ་རིན་ཆེན་པདྨ་དང༔ ཀརྨ་བུདྡྷ་དྷརྨཱ་དང༔ བོ་དྷི་སངྒ་མོ་ཙ་ནི༔ མོ་ཀྵའི་མཚན་འཆང་རེ་རེར་བཅུ༔ ཤེས་རྒྱུད་ཡོན་ཏན་ཆེ་བ་དང༔ པདྨ་བདག་དང་མཚོ་རྒྱལ་ལ༔ མི་ཕྱེད་དད་པ་ཐོབ་པ་འབྱུང༔ ཁྱད་པར་ཨ་ཙརྱ་སྤྲུལ་ཏེ༔ འཕྲད་པ་ཙམ་གྱིས་མོས་འདུན་སློང༔ དེ་སོགས་ཟབ་གཏེར་ཆོས་ལ་དབང༔ སྐལ་ལྡན་གང་ཟག་བརྒྱད་ལྡན་ཞིག༔ འཕེལ་རིག་གྲུབ་ལྡན་རབ་དབང་རྩལ༔ བློ་གྲོས་མཚན་འཆང་ལག་པ་གཡོན༔ སྨེ་བས་སྤྲས་པ་ཨཥྚ་ནི༔ ཕོ་མོ་རྒན་གཞོན་མཐོ་དམན་སོགས༔ མ་ངེས་ཟབ་གཏེར་འདི་ལ་མོས༔ ཤེས་རྒྱུད་རྟོགས་ལ་འཕྱུག་མེད་མཛོད༔ ཟབ་གཏེར་འདི་ལ་སུས་སྤྱོད་པ༔ གནས་སྐབས་མཐར་ཐུག་གང་དུ་འང༔ ཡོན་ཏན་སྣ་རེ་མ་ཐོབ་ན༔ རྒྱ་གར་མཁས་པ་པདྨ་དང༔ མཚོ་རྒྱལ་རྗེ་འབངས་ཐམས་ཅད་ཀྱིས༔ འགྲོ་ལ་ལོག་ལམ་བསྟན་པར་ཟད༔ དེ་ཕྱིར་བདུད་དབང་མ་སོང་བར༔ དགའ་བས་དང་དུ་ལོངས་ཤིག་བུ༔ ཆོས་ལ་དབང་བའི་གང་ཟག་གིས༔ ལོ་སོགས་མཚན་རྟགས་ཡིན་མིན་རྣམས༔ ཕལ་ཆེར་དགོངས་དང་ལྡེམ་དགོངས་དང༔ ཁྱད་པར་གཏེར་གྱི་བདག་པོ་ཉིད༔ མངལ་སྐྱོན་སྒྲིབ་པའི་བག་ཆགས་ལས༔ ལྷ་དང་བླ་མས་འཕྱུག་པ་མེད༔ དེའི་ཕྱིར་བརྟག་ལ་གདེངས་ལྡན་མཛོད༔ ལྷ་དང་བདུད་སྤྲུལ་མིང་རུས་གཅིག༔ ཤིན་ཏུ་མ་བརྟག་འཆོར་མི་རུང༔ གནོད་པའི་བདུད་སོགས་དུ་མ་ནི༔ མ་ངེས་ཕྱོགས་ནས་འབྱུང་བ་ལ༔ རྒྱུན་དུ་དོགས་ཟོན་བྱེད་པ་དང༔ དྲན་པ་མངོན་དུ་བྱེད་པ་དང༔ བསྐྱེད་རྫོགས་གདེངས་དང་ལྡན་པར་མཛོད༔ ཁྱད་པར་རྒྱལ་བསེན་སྤྲུལ་པ་ནི༔ དམ་སྲི་མོ་ཡི་ཚུལ་དུ་རྫུ༔ ལེགས་པའི་དཔལ་ལ་འཇབ་ཀྱང་སྲིད༔ རྗེ་བཙུན་ཏཱ་རེའི་སྐྱབས་འོག་ཏུ༔ མཆི་བའི་ཕྱག་འཚལ་ཉེར་གཅིག་ཟློས༔ ལྟེ་ཕུར་ནག་པོའི་ཆོ་འཕྲུལ་བ༔ བདུད་མོ་སྤྲེ་འུའི་ལོ་པ་ནི༔ སྒྲུབ་པའི་ཆོས་ལ་བར་ཆད་རྩོམ༔ རྡོ་རྗེ་ཕུར་བས་རྡུལ་དུ་རློག༔ ཤན་པ་ཀིས་འདེབས་སྐྱེ་སྲིད་བདག༔ མི་དབང་དཔའ་བོ་འཕྲུལ་གཤོག་ཅན༔ ཁ་འཇམ་བྱམས་པས་བཀུར་ན་ཡང༔ ཉམས་པའི་གྲིབ་ཀྱིས་ཚེ་བསོད་འགྲིབ༔ དོགས་ཟོན་བྱེད་དང་དམ་སྐོང་རེམ༔ གླང་དར་སྤྲུལ་པ་འུག་པའི་མིག༔ མི་སྙན་ཚིག་གིས་སྐུར་བ་འདེབས༔ ནོར་རྫས་དག་ལ་རྐུ་ཤོམ་ལྡང༔ དྲང་སྲོང་ཆེན་པོའི་ཞལ་དུ་སྟོབས༔ ཐང་བོན་སྤྲུལ་པ་བཙུན་པའི་ཚུལ༔ ཆོས་འདི་སྤེལ་བའི་དཔལ་ཁ་འགོག༔ བྱམས་པའི་ཚིག་ཟློས་བཀུར་སྟི་རེམ༔ དེ་རྣམས་བསྟན་གྱི་གཞན་རྣམས་གབ༔ ཟབ་མོའི་གཏེར་འདི་སྤེལ་བའི་སྣོད༔ པདྨའི་ལུང་གིས་བསྔགས་པ་ཡིན༔ སྨོན་ལམ་འཛོམས་དུས་མ་གཏད་ན༔ བཀའ་ཡི་ཆད་པས་གཟིར་བར་འགྱུར༔ ཆོས་འདིར་དབང་བའི་སྐལ་ལྡན་རྣམས༔ རྩེ་གཅིག་སྒྲུབ་དང་འཆད་སྤེལ་སྐྱོངས༔ བཤད་སྒྲུབ་རྒྱལ་མཚན་དེ་ལས་མེད༔ ཡིད་ཆེས་དད་པས་དང་དུ་ལོངས༔ འཕགས་ནོར་བདུན་གྱི་གཙོ་བོ་ཡིན༔ དག་པའི་སྣང་བ་ལམ་དུ་ཁྱེར༔ བྱིན་རླབས་འགུགས་པའི་ལྕགས་ཀྱུ་ཡིན༔ ཕྱོགས་མེད་སྙིང་རྗེས་རང་རྒྱུད་བརླན༔ གཞན་ཕན་སྤྱོད་པ་དོན་ལྡན་ཡིན༔ སྦྱོར་དངོས་རྗེས་གསུམ་ཚང་བ་ཡི༔ དམ་པ་གསུམ་གྱིས་ཉམས་སུ་ལོངས༔ སྒོམ་མེད་ཡེངས་མེད་ལྷུག་པའི་ངང༔ རང་བབ་ཆེན་པོས་སྔགས་རྣམས་བགྲོངས༔ སྡོམ་པ་གསུམ་ལ་གཞི་རྩ་གཏོད༔ ངོ་བོ་གནས་འགྱུར་ཡོན་ཏན་ལྡན༔ བསྡུ་དངོས་བཞི་ཡིས་འགྲོ་བ་སྐྱོངས༔ ཐབས་མཁས་སྤྱོད་པ་རྒྱལ་བའི་སྲས༔ རང་དོན་ཞེན་པའི་འཕྲེང་ཐག་ཆོད༔ གཞན་དོན་སྤྱོད་པ་སེམས་དཔའ་ཡིན༔ མདོར་ན་སྒོ་གསུམ་བྱ་སྤྱོད་ཀུན༔ གཞན་དོན་དང་ནི་བླ་མ་ཡི༔ བཀའ་གསུང་གཙུག་ཏུ་ཁུར་བ་ན༔ འབྲས་བཟང་རྡོར་འཆང་ཚེ་འདིར་མངོན༔ ཁྱད་པར་ཆོས་ལ་དབང་བའི་བདག༔ རྟོག་པས་བསླད་དང་ལེ་ལོ་ཡིས༔ གཡེལ་དང་ཞུད་པས་ལུས་པ་ན༔ མཁའ་འགྲོའི་བཀའ་ཆད་མི་བཟད་པ༔ འབྱུང་བར་ངེས་པས་བག་ཡོད་མཛོད༔ ས་མ་ཡཱ༔ ཟབ་གཏེར་འདི་ལ་དག་སྣང་སྦྱོངས༔ རྒྱལ་བའི་བཀའ་དང་མི་འགལ་ཞིང༔ བརྒྱུད་ལྡན་རིག་འཛིན་བླ་མ་དང༔ རྒྱུད་སྡེའི་ལྷ་ཚོགས་བྱིན་རླབས་རྫོགས༔ དམ་ཅན་སྲུང་མས་བྱ་ར་བྱེད༔ སྐལ་བ་ལྡན་པའི་གང་ཟག་འགས༔ མཐོང་བ་ཙམ་གྱིས་བར་ཆད་སེལ༔ ཐོས་པ་ཙམ་གྱིས་ངེས་ཤེས་འདྲོངས༔ བསྒྲུབ་པས་མཆོག་ཐུན་དངོས་གྲུབ་ཐོབ༔ ཆོས་ཀྱི་བདག་པོ་རང་ཉིད་ཀྱིས༔ དུས་རྒྱུན་པདྨ་ང་ཉིད་དང་༔ མཚོ་རྒྱལ་སྤྲུལ་པའི་བླ་མ་ལ༔ གསོལ་འདེབས་བརྒྱ་ཕྲག་རེ་རེ་ནི༔ མོས་གུས་མཆི་མ་འཁྲིགས་བཞིན་བཟློས༔ ཚེ་རབས་མང་པོའི་ཡོངས་འཛིན་ཡིན༔ དྲིན་དུ་གཟོ་བའི་མོས་འདུན་རེམ༔ ཚེས་བཅུ་ཉེར་ལྔར་ཚོགས་མཆོད་འབུངས༔ བསང་གསུར་གསོལ་མཆོད་རྒྱུན་འདོན་མཛོད༔ མཆོད་སྦྱིན་རིམ་གྲོའི་དཔུང་ཚོགས་བསྐྱེད༔ གཙུག་ལག་གསོ་དང་རྟེན་བཞེངས་སོགས༔ རྣམ་དཀར་དཔུང་ཚོགས་ཤུགས་ཆེ་ན༔ བར་ཆད་བདུད་ཀྱི་འཕྲང་ལས་གྲོལ༔ ཚེ་འདི་ད་ལྟ་ནས་བཟུང་སྟེ༔ བཅུ་ཕྲག་གཉིས་དང་ཕྱེད་དུ་འཁྱོལ༔ དེ་ནས་པདྨ་བཀོད་ཞིང་དུ༔ བདག་དང་སྐལ་ལྡན་བུ་སློབ་སོགས༔ ཚོམ་བུ་གཅིག་ཏུ་སྨིན་པར་འགྱུར༔ སླར་ཡང་འགྲོ་བའི་ཁམས་བཞིན་དུ༔ སྤྲུལ་པས་འགྲོ་ལ་རྗེས་སུ་ཆགས༔ ཕན་བདེའི་རྩ་ལག་དམ་པར་འགྱུར༔ ཁ་བྱང་གནད་ཀྱི་ལྡེ་མིག་འདི༔ ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་དང༔ དྲང་སྲོང་ཁྱབ་འཇུག་ཆེན་པོས་འཚོས༔ དམ་ཉམས་ལོག་པའི་སྙིང་ཁྲག་གམ༔ བཀའ་ལས་འདའ་བའི་དབང་པོ་སྣུབས༔ མོས་པའི་བུ་ལ་འགོ་བར་མཛོད༔ ཨི་ཏནྟེ་ནི་ན་ར་ཀན༔ ཞེས་པ་འདི་ཡང་སྔོན་སྦྱངས་ལས་ཀྱི་འཕྲོ་ལྡན་རྒྱལ་དབང་པདྨའི་ལུང་གིས་བསྔགས་པའི་ཆོས་ལ་དབང་བའི་སྐྱེ་ཐོབ་ངེས་ལེགས་སྤྲུལ་སྐུ་དང་༔ ལུང་རྟོགས་འོད་ཟེར༔ རིག་གྲོལ་སོགས་ཆོས་འདིར་དབང་བ་བཅུ་ལྡན་ཞིག་གིས་བསྐུལ་ངོར་དུས་བབ་ལས་འཕྲོ་སད་པའི་སྤྲུལ་སྐུ་ཐུབ་བསྟན་གཞན་ཕན་ཉི་མ་དཔལ་བཟང་པོར་འབོད་པས་སྦས་གནས་བཀྲ་ཤིས་ལྷ་རྩེའི་ཞོལ་དུ་ཡེ་ཤེས་མཁའ་འགྲོའི་གཏད་རྒྱ་མི་ཤིགས་སྙིང་མཛོད་སྨུག་པོའི་སྒྲོམ་ནས་བཏོན་ཏེ་བརྡ་ཐོགས་མེད་དུ་ཕབ་པས་བསྟན་དང་འགྲོ་ལ་དགེ་ཞིང་ཁྱད་པར་ཆོས་འདིར་མོས་པའི་རྒྱུད་འཛིན་ཡོངས་ལ་བཀྲ་ཤིས་པར་གྱུར་ཅིག༔ སྭ་སྟི་བི་ཛ་ཡནྟུ༔

གཏེར་གྱི་ཁ་བྱང་གསལ་བའི་ལྡེ་མིག

ཡང་གསང་མཁའ་འགྲོའི་ཞལ་ལུང་ལས༔ གཏེར་གྱི་ཁ་བྱང་གསལ་བའི་ལྡེ་མིག་ནི༔ བཛྲ་པདྨ་ཀཱ་ར་ཡ༔ འདི་ནི་མ་འོངས་སྙིགས་དུས་ཀྱི༔ འགྲོ་བ་སྐྱོབ་པའི་དོན་གྱི་ཕྱིར༔ ཟབ་མོའི་གཏེར་གྱི་ཁ་བྱང་ནི༔ ཨ་ཙར་ས་ལེ་ཁྱོད་ལ་གདམས༔ མ་བརྗེད་སྙིང་གི་སྒྲོམ་དུ་སྦོས༔ བསྐལ་པ་སུམ་ཅུ་ཁ་རལ་དུས༔ མི་རྣམས་ཆས་བསྒྱུར་ཡ་མ་ཟུང༔ དབྱིངས་ལ་ཁྲག་གི་ཁ་དོག་སྟོན༔ ས་ཁམས་གཡོ་བའི་འཇིགས་པ་འབྱུང༔ མི་མིན་བགེགས་ཀྱིས་ཚ་རེག་གཏོང༔ གཏེར་སྟོན་འདྲ་མིན་མང་ཞིག་གིས༔ བཟང་ངན་བསྟན་པ་ཁྲ་བོར་འགྱུར༔ བསེ་རག་འགོང་པོས་ལུང་པ་འགེང༔ སེམས་ཅན་ལོག་ལྟས་བསླད་ནས་ནི༔ ངན་སོང་འགྲོ་བ་དུ་མ་འབྱུང༔ དེ་སོགས་སྐྱོབ་པའི་ཟབ་གཏེར་གྱི༔ གནས་དང་གཏེར་སྟོན་དུས་བབ་གྲངས༔ རྗེ་འབངས་ཡོངས་ལ་པད་འབྱུང་གིས༔ གདམས་པའི་རིམ་པ་འདི་ལྟར་རོ༔ ཏཱ་རེ་ལྷ་མོའི་གནས་མཆོག་གི༔ ལོགས་ལ་ཆོས་འབྱུང་བཀྲ་བའི་ནང༔ སྒྲོལ་མའི་སྐུ་དང་རྡོ་སྒྲོམ་ལས༔ བརྡ་ཡིག་ཤོག་སེར་སོར་བཞིའི་ངོས༔ སྒྲོལ་མའི་སྒྲུབས་ཐབས་འཇིགས་བརྒྱད་ལས༔ སྐྱོབ་མཛད་འཁོར་བ་ལས་སྒྲོལ་བཞུགས༔ དཔལ་རིའི་རི་ལ་ཤེལ་དཀར་གྱི༔ ཀ་བའི་ཁོང་དུ་སྤྱན་གཟིགས་ཀྱི༔ སྒྲུབ་སྐོར་ཐུགས་ཀྱི་ཏི་ཀ་ཡོད༔ ཡང་དག་ཐུགས་ཀྱི་རི་བོ་ན༔ བདུད་རྩི་སྨན་གྱི་བུམ་པ་ཡོད༔ བདུད་རྒྱལ་ཐོད་པའི་ཕུག་པ་ན༔ ཟུར་གསུམ་མཚོན་ཆ་བཀྲ་བའི་ནང༔ དྲག་སྔགས་ལས་ཚོགས་ལ་སྒྲོམ་གསུམ༔ བདུད་ཀྱི་རྒྱལ་པོས་གཉེར་ཁ་བླངས༔ དྲག་པོའི་རི་ཡི་གཡོན་ལོགས་ན༔ དྲག་སྒྲུབ་སྨན་གྱི་རིལ་བུ་ནི༔ བུདྡྷ་ཛྙཱ་ནའི་ཞབས་རྗེས་ཀྱི༔ རྟགས་མཚན་བཟང་པོས་སྤྲས་པ་བཞུགས༔ ཉེ་སྲས་རི་ཡི་ཕུ་མདའ་ནས༔ བྲག་དམར་རྫོངས་ལ་ཙནྡྷས་སྤྲས༔ ཤར་ལྷོར་བལྟ་བའི་ལོགས་ལ་ནི༔ གཡུང་དྲུང་བཀྲ་བའི་གཏེར་སྒོའི་ནང༔ ངན་སྔགས་དུག་མཚོ་ཁོལ་མ་ཡི༔ བསྙེན་སྒྲུབ་ལས་སྦྱོར་སྒྲོམ་བུ་བདུན༔ གསེར་ཕྱེ་ལ་ཅ་རྡོ་དང་ནི༔ ཨ་གྲོང་ཕྱེ་མ་སོགས་ཀྱི་སྒྲོམ༔ བདུད་བཙན་ཀླུ་ཡིས་བྱ་ར་བྱེད༔ དེ་སོགས་ཟབ་གཏེར་འདོན་པ་པོ༔ གཏེར་སྟོན་རྗེ་འབངས་གྲོགས་གསུམ་གྱིས༔ བྱིན་རླབས་སྐྱེས་བུ་གསང་སྨེ་ཅན༔ རྟེན་འབྲེལ་བཟང་པོས་མཚམས་སྦྱར་ནས༔ བཏོན་པའི་སྐལ་བ་མ་འཕྱུགས་ན༔ བསྟན་འགྲོའི་རྒུད་པ་རེ་ཞིག་སེལ༔ དམ་ཉམས་ལག་ཏུ་མ་ཤོར་བར༔ དམ་ལྡན་ཙིཏྟའི་སྦུབས་སུ་བསྟིམ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔

རིགས་དབོན་ལ་གདམས་པའི་ལུང་བྱང་།

རྩ་གསུམ་ལྷ་ལ་གསོལ་བ་འདེབས༔ བདག་གཞན་རྒྱུད་ལ་དགེ་ལེགས་སྩོལ༔ ཀྱེ་ཧོ་སྐལ་ལྡན་རིགས་དབོན་རྗེ༔ ཀུན་བཟང་ཆོས་སྐུའི་ཀློང་རྟོགས་ཤིང༔ མཚན་བཟང་བསམ་གཏན་ཁང་བུའི་རྒྱན༔ རྣམ་དག་ལེགས་དོན་འབྱོར་དེ་གསོན༔ ཁྱེད་སྔོན་ཚོགས་གཉིས་གྲུ་ཆར་གྱིས༔ རྣམ་དཀར་ལོ་འབྲས་བསྐྱེད་པའི་མཐུས༔ དྭགས་ལྷ་སྒམ་པོའི་ཆོས་གྲྭ་རུ༔ ཀརྨ་དཔའ་བོ་མཁས་བཙུན་བཟང༔ དེ་འཕོས་ཚེ་རིང་ལྗོངས་ཀྱི་ཞོལ༔ དཔལ་རིའི་རྟོགས་ལྡན་འཇིགས་གླིང་དྲུང༔ སྙིང་ཐིག་ཟབ་མོའི་ཆོས་ལ་སྤྱོད༔ དེ་འཕོས་དཔལ་ཡུལ་ལྷ་སྤྲུལ་པའི༔ ཉེ་གནས་ཕུན་ཚོགས་ཁྲིམས་ལྡན་པ༔ དེ་འཕོས་སྐྱེ་སྲིད་འདི་རྨད་བྱུང༔ ཚེ་འཕྲང་བར་ཆད་ཆུ་ཡི་གྲངས༔ བཟློག་པའི་ལྷག་ལྷ་ཀཱི་ལ་ཡ༔ བསྙེན་སྒྲུབ་ལས་གསུམ་གནད་ལྡན་གཟོབ༔ བྱ་བཏང་རི་ཁྲོད་འཛིན་ནུས་ན༔ ཚེ་ཡི་ཚད་ནི་རོ་དུས་འདའ༔ ཕྱི་མའི་སྐྱེ་སྲིད་པདྨ་འོད༔ སངས་རྒྱས་གཉིས་པའི་ཐུ་བོར་བསྔགས༔ དེ་ལྟར་གནད་དང་མི་ལྡན་ན༔ ལེགས་ཉེས་ལས་གྱི་རླུང་གིས་བདས༔ དབོན་པོའི་བཞེད་དོན་ལེགས་ཚོགས་འབྱོར༔ སྒྲུབ་ལ་བར་ཆད་མེད་པ་རུ༔ པདྨ་འབྱུང་གནས་བྱིན་གྱིས་རློབས༔ ས་ར་ཧི་ཏས་སྨྲས་པ་དགེ༔

ཀུན་བཟང་གི་སྐྱེ་ཕྲེང་ལུང་བྱང་།

ཧྲཱིཿ པདྨ་ལས་འཁྲུངས་རྡོ་རྗེའི་སྐུ༔ བཀྲ་ཤིས་ཡོན་ཏན་དུ་མས་བརྒྱན༔ མི་ཤིགས་བཛྲ་ཕྱག་མཚན་ཅན༔ ཐོད་ཕྲེང་རྩལ་གྱིས་ཤིས་པ་སྩོལ༔ རང་བྱུང་ཀློང་ལས་ལེགས་འོང་བའི༔ ཁྱབ་བྱེད་ཀུན་བཟང་ཌཱཀྐི་མས༔ སོ་སོར་རྟོག་པའི་བརྡ་ཚིག་ངོམ༔ ཀྱེ་ཧོ་སྐལ་ལྡན་འགྲོ་བའི་མགོན༔ ཀུན༵་ལ་མི་མཐུན་མེད་པའི་སྐུ༔ བཟ༵ང་པོའི་སྤྱོད་པ་འཆང་དབང་ལགས༔ ཁྱེད་སྔོན་ཚོགས་གཉིས་ཟབ་མོའི་མཐུས༔ ཐུབ་དབང་ཉེ་གནས་གྱད་བུ་ནོར༔ དེ་ནས་གྲངས་ཀྱི་སྐྱེ་བའི་མཐར༔ ཚངས་པ་ལྷ་ཡི་མེ་ཏོག་གི༔ ནང་བློན་རྒྱ་ཚ་ལྷས་གནང་བ༔ དེ་འཕོས་སྐྱེ་བ་འགའ་ཡི་མཐར༔ པཎ་ཆེན་དགེ་འདུན་གྲུབ་པ་ཡི༔ ཐུགས་ཟིན་བློ་བཟང་བསྟན་འཕེལ་ཞེས༔ དེ་འཕོས་སྐྱེ་བ་ཆ་ཤས་ཀྱི༔ ཐ་མར་འཇང་སྒང་ཨ་འཕན་གྱི༔ དངོས་སློབ་ཤི་ལ་བཛྲ་ཞེས༔ དེ་འཕོས་སྐྱེ་བ་གཅིག་གི་མཐར༔ ད་ལྟའི་སྐྱེ་སྲིད་དགེ་བའི་བཤེས༔ འབྲེལ་ཐོགས་ཕོ་མོ་གནས་སྐབས་དང༔ མཐར་ཐུག་བདེ་ནས་བདེ་བར་འགོད༔ ཕྱི་མའི་སྐྱེ་སྲིད་ཤཾ་བྷ་ལར༔ རིགས་ལྡན་རྡོ་རྗེའི་ཞབས་པད་འཁོད༔ སླར་ཡང་བསྟན་དང་འགྲོ་བ་ལ༔ ཕན་པའི་རྟེན་འབྲེལ་རྨད་དུ་བྱུང༔ དྲུག་ཅུའི་གཅིག་མཐར་ཚེ་ཡི་འཕྲང༔ རི་དང་ལག་པ་དག་ལ་དོགས༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡི༔ བསྙེན་སྒྲུབ་རྟགས་མཐོང་གནད་ལ་སྦྱོར༔ ཚེ་མདོ་སྟོང་གིས་ཚེ་འཕེལ་ཞིང༔ རིག་འཛིན་ལུང་རིག་གླིང་པ་ཡི༔ ཟབ་ཆོས་འབྲི་ཀློག་སྤེལ་མཁས་ན༔ སྐུ་ཚེ་མཐར་ཕྱིན་ཨ་ལ་ལ༔ ཁོ་བོ་ས་ར་ཧི་ཏ་ཡི༔ ཆོས་ཀྱི་བདག་པོར་པདྨས་བསྔགས༔ ས་མ་ཡཱ༔

བློ་གྲོས་ལ་གནང་བའི་ལུང་བྱང་།

སྐུ་གསུམ་རིག་པའི་ངོ་བོ་ནི༔ ཨོ་རྒྱན་རྡོ་རྗེ་འཆང་ཆེན་པོ༔ ཚེ་རབས་གཏན་གྱི་བླ་མ་རུ༔ མི་འབྲལ་སྙིང་གི་དྭངས་མར་འཆང༔ ཀྱེ་ཀྱེ་སྐལ་བ་ལྡན་པའི་གྲོགས༔ བློ༵་གྲོ༵ས་རྣམ་དཔྱོད་ཡངས་པའི་མགོན༔ ཁྱོད་སྔོན་བསགས་འབྲས་བཟང་པོའི་མཐུས༔ སྟེང་མ་ཟངས་མདོག་དཔལ་རིའི་གནས༔ དབུགས་དབྱུང་དོན་གྱི་མཚན་འཆང་བ༔ དེ་འཕོས་རྒྱལ་རོང་གདོལ་པའི་དྲུང༔ འགྱུར་མེད་རྟོགས་པ་ལྡན་པའི་དཔལ༔ གང་དེའི་སྒྱུ་འཕྲུལ་དལ་འབྱོར་རྟེན༔ ད་ལྟའི་རྟེན་བཟང་འདི་ཀོ་རྨད༔ ཚེ་རབས་ལྷ་སྐལ་རིགས་གསུམ་མགོན༔ ཁྱད་པར་ཕྱག་ན་པདྨོ་ལགས༔ བློ་སེམས་གཅིག་དྲིལ་བླ་མ་དང༔ སྤྱན་གཟིགས་དབྱེར་མེད་གཅིག་དྲིལ་ལ༔ མོས་གུས་བསྙེན་པ་དུང་ཕྱུར་གཅིག༔ དབེན་གནས་བསམ་གཏན་ཁང་པ་རུ༔ གཉིས་མིན་དམ་བཅའ་བྱེད་ནུས་ན༔ ལུས་སེམས་བྲལ་ཚེ་པདྨ་འོད༔ འབྲེལ་ཚད་གྲོལ་བའི་རྟེན་འབྲེལ་ཡོད༔ སླར་ཡང་དབུས་གཙང་ལྷོ་ཕྱོགས་དེར༔ འགྲོ་ལ་ཕན་པའི་བརྟུལ་ཞུགས་ཅན༔ ཕན་པའི་ཡོན་ཏན་ཅན་དུ་འཁྲུངས༔ དེ་འདྲའི་ལུང་བྱང་དགོངས་པའི་རྩལ༔ རང་བྱུང་ཌཱཀྐིས་བསྩལ་བ་ཡིན༔ ཐེ་ཚོམ་མ་བྱེད་སྙིང་ལ་ཆོངས༔ ཤུ་བྷཾ༔

སློབ་བུ་ཞིག་ལ་གནང་བའི་ལུང་བྱང་།

ཡང་གསང་གསེར་གྱི་ཁ་བྱང་ལས༔ མོན་བུ་བཀྲ་ཤིས་ཁྱེ་འདྲེན་འདི༔ མ་འོངས་ཨ་ཙར་སྤྲུལ་པའི་སྲས༔ མཚོ་རྒྱལ་ཟུང་གི་གཏེར་མིང་སྤྲུལ༔ དེ་ཡི་ཆོས་ཀྱི་བདག་པོ་བ༔ ནོར་གདོལ་སྙིང་པོའི་ལྟེ་འམ་གསང༔ པ་ཎི་གཡོན་ཕྱོགས་སྨེ་ཐིག་སྤྲས༔ ཨོ་རྒྱན་མཁའ་འགྲོའི་ཟབ་ཆོས་དང༔ བཀའ་འདུས་རྩ་གསུམ་སྲུང་མ་དབང༔ མོས་གུས་ཡིད་ཆེས་དང་བླངས་ན༔ བར་ཆད་དབྱིངས་གྲོལ་ཡོན་ཏན་ཐོབ༔ ཕྱི་མའི་སྐྱེ་སྲིད་དཔལ་རིའི་ཞིང༔ བདག་དང་ཚོམ་གཅིག་གྲུབ་པ་བརྙེས༔ བསྙེན་སྒྲུབ་གནད་ལྡན་མི་ནུས་ཤིང༔ ཐེ་ཚོམ་བདུད་ཀྱིས་བསླུས་པ་ན༔ བར་ཆད་མང་ཞིང་ཚེ་ཡང་ཕྲི༔ བཀའ་ཡི་སྲུང་མས་འཁུ་ཡང་སྲིད༔ དེ་ཕྱིར་དགའ་བས་དང་དུ་ལོངས༔ པདྨའི་གཏེར་ལུང་ལས་མངོན་པ༔ ས་ར་ཧི་ཏས་བྲིས་པ་ལགས༔

འོ་བཟི་པདྨ་བསྟན་འཛིན་ལ་གནང་བའི་ལུང་བྱང་།

བླ་མ་པད་འབྱུང་དབྱེར་མེད་པའི༔ ཞབས་པད་སྤྱི་བོའི་གཙུག་གིས་མཆོད༔ ཀྱེ་ཧོ་པདྨ་ཤ་ས་ན༔ ཁྱེད་སྔོན་བསོད་ནམས་རྒྱ་མཚོའི་གཏེར༔ མི་ཟད་འབྲས་བུའི་དུས་སྨིན་པ༔ གྲུབ་བརྒྱའི་སྤྱི་དཔལ་པད་འབྱུང་གིས༔ གདུལ་བྱ་བོད་དུ་གཟིགས་པའི་དུས༔ མངའ་བདག་ཆེན་པོས་རྒྱལ་སྲིད་དང༔ ཆུང་མ་གུ་རུ་རྗེ་ལ་ཕུལ༔ གུ་རུའི་བརྡ་རྟགས་རྟེན་འབྲེལ་གྱིས༔ བཞེས་ཤིང་གསང་སྤྱོད་མཛའ་ན་མོ༔ དབྱངས་ཅན་རྣམ་རོལ་མཚོ་རྒྱལ་མའི༔ ཐུགས་ཟིན་ཨ་ཙར་ས་ལེ་ཡི༔ སློབ་བུ་དྷྭ་ཛའི་སྐྱེ་བའི་མཐའ༔ དབང་གི་ཡུལ་གྲུ་རྒྱལ་མོ་རོང༔ ཐུགས་ཆེན་གཡས་ཕྱོགས་ངམ་ཤོད་དུ༔ པདྨའི་མཚན་ཅན་གནས་སྨེས་བརྒྱན༔ བཙུན་ཞིང་ཤོང་ཡངས་དད་བརྩོན་ལྡན༔ ལུང་རིག་བསྟན་པའི་མངའ་བདག་གི༔ དམ་པའི་ཡང་གཏེར་ཕན་པའི་མཚན༔ གང་དེའི་ཆོས་ལ་དབང་བ་འབྱུང༔ ཨོ་རྒྱན་ཐུགས་རྗེའི་ཕ་ཕོག་གི༔ སྐལ་བ་ཡོད་པས་ཆོས་འདིར་འཕྲད༔ ལག་ཏུ་ལོངས་ལ་ཚུལ་བཞིན་སྒྲུབ༔ འདི་ཕྱིར་བསླུ་བ་ཡོད་རེ་ཀན༔ བར་ཆད་ཚེ་འཕྲང་གསུམ་མམ་ལྔ༔ དེ་བཟློག་ཕུར་པ་གནད་དུ་ཟུང༔ ལོ་ལྟར་བསྙེན་སྒྲུབ་རྟགས་ཐོན་རེམ༔ ཕུར་སྲུང་མཆོད་པ་ཆགས་མེད་དགོས༔ དེ་ཡིས་རྐྱེན་ངན་དབྱིངས་སུ་ཞི༔ ཚེ་རབས་ལྷ་ནི་སྤྱན་གཟིགས་དང༔ སྨན་གྱི་བླ་མ་ཡིན་པར་ངེས༔ འགོ་བའི་སྲུང་མ་མ་ཆེན་མོ༔ ཁྱབ་འཇུག་ཟུང་གིས་འདོད་དོན་སྒྲུབ༔ མ་ཎི་གྲངས་སུ་འཁྱོལ་ནུས་ན༔ རང་གཞན་དོན་གཉིས་ལྷུན་གྲུབ་ཅིང༔ ཕྱི་མར་མཁའ་སྤྱོད་དཔལ་རིར་བསྒྲོད༔ སླར་ཡང་རོང་ཆེན་དང་པོའི་ཡུལ༔ བསྟན་པའི་རྩ་ལག་མཆོག་ཏུ་འགྱུར༔ ཡེ་ཤེས་མཁའ་འགྲོའི་བརྡ་ལས་ནི༔ ཐོགས་མེད་བྱུང་བ་བཅོས་མེད་ཕབ༔ བསྟན་འཛིན་བཞེད་དོན་གང་ཡིན་པ༔ ཆོས་བཞིན་འགྲུབ་པར་དཀོན་མཆོག་མཁྱེན༔ ས་མ་ཡཱ༔

རིགས་ལྡན་བྱིས་པ་ལ་གནང་བའི་ལུང་བྱང་།

དཀོན་མཆོག་གསུམ་ལ་གསོལ་བ་འདེབས༔ དཀོན་མཆོག་གསུམ་གྱིས་བྱིན་གྱིས་རློབས༔ ཀྱེ་ཧོ་རིགས་ལྡན་བྱིས་པ་ལགས༔ ཁྱེད་སྔོན་ཚོགས་བསགས་དུས་སྨིན་པ༔ སྨུག་སངས་མི་འགྱུར་རྡོ་རྗེའི་དྲུང༔ བཙུན་པ་རང་རིག་ཡེ་ཤེས་མཚན༔ དེ་འོག་སྐྱེ་བ་ལྔ་གསུམ་བདུན༔ དེ་མཐར་མི་ཉག་ལུང་པའི་སྤོ༔ གྲུབ་སྲས་དྲི་མེད་གསང་སྔགས་ལྡན༔ དེ་ནས་ད་ལྟའི་སྐྱེ་སྲིད་འདི༔ བར་ཆད་གསུམ་གྱི་འཕྲང་བ་ཤར༔ དེ་བཟློག་རྡོ་རྗེ་ཕུར་པ་དང༔ འོད་ཟེར་ཅན་མ་གནད་དུ་སྣུན༔ མཁའ་འགྲོའི་སྤྲུལ་པའི་གཏེར་མིང་འཛིན༔ གང་དེའི་ཞབས་པད་གཙུག་བསྟེན་ན༔ བར་ཆད་ངན་པའི་འཕྲང་སྒྲོལ་སྲིད༔ རྣམ་གཡེང་ལེ་ལོའི་བདུད་སྤང་ཞིང༔ སྟོང་ཉིད་སྙིང་རྗེས་རྒྱུད་སྦྱོངས་དང༔ ཆོས་སྤྱོད་བཅུ་ལ་འབད་པ་ན༔ ཆོས་སྲིད་དཔལ་གྱི་རི་ལ་མངོན༔ དེ་སོགས་གནད་དང་མི་ལྡན་ཚེ༔ བཟང་ངན་ཅི་འགྱུར་ལས་ཀྱིས་བྱེད༔ སྐལ་ལྡན་བསམ་པ་ཆོས་བཞིན་འགྲུབ༔ ས་ར་ཧི་ཏས་སོ༔

སློབ་བུ་ཞིག་ལ་གདམས་པའི་ལུང་བྱང་།

སྐུ་གསུམ་བླ་མ་རྣམས་ལ་གསོལ་བ་འདེབས༔ བདག་གཞན་རྒྱུད་ལ་བྱིན་རླབས་འཇུག་ཏུ་གསོལ༔ ཀྱེ་ཧོ་སྐལ་ལྡན་རིགས་ཀྱི་བུ་མཆོག་ཁྱོད༔ སྔོན་ཚེ་རྗེ་བཙུན་སྦྱིན་བདག་གུ་ཎ་ཞེས༔ དེ་འཕོས་སྐྱེ་བ་འགའ་ཡི་མཐའ་མ་རུ༔ ཉི་གྲགས་གཉིས་པའི་སློབ་རྒྱུད་ཀློང་ཡངས་མཚན༔ དེ་ནས་ད་ལྟའི་སྐྱེ་སྲིད་འདི་བཟུང་བ༔ ལྷག་པའི་ལྷ་ནི་རྡོ་རྗེ་གཞོན་ནུ་དགོས༔ བར་ཆད་དམ་སྲིའི་སྡང་མིག་བཟློག་ལ་དཔའ༔ དེ་མིན་ཆོས་སྲིད་རླུང་གིས་གཡེང་བ་འདྲ༔ ལོ་ལྟར་ཕུར་བསྒྲུབ་དམ་སྲི་གནོན་ནུས་གལ༔ འགོ་བའི་སྲུང་མ་ལྕམ་དྲལ་བཅུ་དྲུག་དང༔ རྡོ་རྗེ་འབར་བ་གྲོགས་སུ་བསྙེན་ནུས་ན༔ འདོད་པའི་རེ་འབྲས་འགྲུབ་ལ་ཅི་ཆ་ཡོད༔ ཐོས་བསམ་སྒོམ་པའི་སྒོ་འཕར་འབྱེད་པའི་ལྷ༔ འཇམ་དཔལ་ཡབ་ཡུམ་བླ་མར་འབྲལ་མེད་སྒོམ༔ དུས་རྒྱུན་བྱང་ཆུབ་སེམས་གཉིས་རྒྱུད་ལ་བརྟེན༔ དེ་དང་དེ་ལ་གེགས་མེད་སྤྱོད་དབང་ན༔ ཆོས་མགོ་ཐོན་ཞིང་ཤར་ཕྱོགས་རྒྱལ་མོ་རོང༔ ལྷ་གཉན་ཞོལ་དུ་གྲུབ་རིགས་བསྟན་ལ་ཕན༔ དེ་ནས་རིམ་གྱིས་ཡོན་ཏན་ཡར་ལྡན་འགྱུར༔ ཞེས་འདི་རིག་རྩལ་ཀློང་ལ་ཤར་བའི་བརྡ༔ ཡེ་ཤེས་མཁའ་འགྲོའི་བརྡ་ལས་བཤུས་པའི་ཚུལ༔ སློབ་བུ་ཀུན་མཚན་རེ་འབྲས་རྣམ་དཀར་ལ༔ རྟག་ཏུ་སྤྱོད་པའི་མཐུན་འགྱུར་བླ་མས་མཛོད༔

ཆོས་བདག་བློ་གྲོས་ཀྱི་སྐྱེ་ཕྲེང་བརྟགས་ལུང་།

སྲིད་གསུམ་ལྷ་མིའི་མཆོད་སྡོང་ཐུབ་ཆེན་དེའི༔ གསང་གསུམ་སྒྱུ་འཕྲུལ་བདག་ཉིད་མཚོ་སྐྱེས་རྗེ༔ དེ་ཉིད་ཐུགས་རྗེའི་འཇུག་པ་དབྱེར་མེད་པའི༔ རང་བཞིན་འགྲོ་འདུལ་ལུང་རིག་གླིང་པ་མཁྱེན༔ ཀྱེ་ཧོ་སྐལ་ལྡན་ཆོས་ཀྱི་བདག་པོ་གསོན༔ རང་བྱུང་རང་ཤར་དབྱིངས་ཀྱི་མཁའ་འགྲོའི་བརྡ༔ ཚོམ་མེད་བརྗོད་ཚིག་ཡི་གེའི་ལམ་དུ་བགྱི༔ སོ་སྐྱེས་བསམ་པ་བསླུ་བའི་གཏམ་གྱིས་དབེན༔ ཁྱེད་སྔོན་ཚོགས་བསགས་འབྲས་བུ་དུས་སྨིན་པ༔ ཐུབ་དབང་འདུལ་འཛིན་ཉེ་གནས་ནོར་ཅན་ཞེས༔ ཐུབ་པའི་གདུང་འཚོབ་མ་ཧཱ་གུ་རུའི་དྲུང༔ ཆོས་རྒྱལ་བློན་པོ་སྐ་བ་དཔལ་བརྩེགས་པ༔ དེ་ནས་སྐྱེ་མང་བརྒྱུད་མཐར་འཇའ་ཚོན་པའི༔ དངོས་སློབ་སྔགས་འཆང་དཔའ་བོ་གྲུབ་པ་རྩལ༔ དེ་ནས་མི་ལུས་ཆོས་ལྡན་དབང་པོའི་མཐར༔ འཇིགས་གླིང་ཐུགས་ཟིན་འཇིགས་མེད་གོ་ཆར་གྲགས༔ ད་ལྟ་དམ་པ་མང་པོའི་རྗེས་བསྙེགས་པའི༔ བློ་གྲོས་བྱང་སེམས་ལྡན་པ་ཡོངས་ལ་མཛའ༔ ཨོ་རྒྱན་རྡོ་རྗེ་འཆང་དེས་ལུང་གིས་བསྔགས༔ རང་དོན་མ་ཞེན་གཞན་ཕན་དང་དུ་ལོངས༔ སྦྱིན་པ་རྣམ་བཞིའི་འགྲོ་དོན་རྒྱ་མ་ཆུང༔ ཚེས་བཅུ་ཉེར་ལྔའི་དུས་མཆོད་རྒྱུན་ལྡན་རེམ༔ རང་དང་ལས་འབྲེལ་མཐུན་པ་ཆོས་ཀྱིས་སྐྱོངས༔ བཅུ་ཕྲག་ལྔ་དང་ཟུང་ལ་ཚེ་གེགས་སྡང༔ ཡུལ་འདྲེ་འབྱུང་པོས་སྒྲུབ་ལ་ཕྲག་པ་དོག༔ དེ་བཟློག་ལྷ་དང་བླ་མ་ཁྱད་པར་དུ༔ རང་ལ་དབང་བའི་པདྨའི་ཕ་ཕོག་གི༔ བསྒོ་སྐལ་དངོས་གྲུབ་དམ་པའི་ཟབ་ཆོས་སེལ༔ དད་འདུན་ཁོག་ལ་བདུད་ཀྱིས་མི་རློམ་ཞིང༔ འབྲི་ཀློག་འཆད་སྤེལ་སྒྲུབ་ལ་བརྩོན་པ་དང༔ བྱང་ཆུབ་སེམས་གཉིས་རྒྱུད་ལ་བརྟེན་མཁས་ན༔ འདི་འཕོས་དཔལ་རི་པདྨ་འོད་གླིང་བསྒྲོད༔ གུ་རུས་དབུགས་དབྱུང་ཡང་སྲིད་ཡར་ལུང་དུ༔ སྒྲུབ་བརྩོན་རྣལ་འབྱོར་བདེ་ཆེན་ཞེས་སུ་གྲགས༔ བསྟན་དང་འགྲོ་ལ་ཕན་པའི་རྟེན་འབྲེལ་ཡོད༔ ཡེ་གཞི་སྟོང་ཆེན་ཆོས་སྐུའི་མཁའ་ཀློང་ལས༔ ཁྱབ་བྱེད་ཀུན་གཟིགས་རྩལ་ལས་ལེགས་འོངས་པའི༔ ཀུན་རྫོབ་རྟེན་འབྲེལ་སྟོན་པའི་མཁའ་འགྲོས་གནང༔ བདེན་རྫུན་ཅི་ཤེས་སྣང་མིན་འགོག་པའི་བརྡ༔ ཐ་ཆད་ཚིག་གིས་བཅོས་མིན་དག་པས་བྲིས༔ ཆོས་དབང་བླ་མའི་སྐུ་ཚེ་བསྐལ་བརྒྱར་བརྟན༔ བཞེད་པའི་དོན་ཀུན་ཆོས་བཞིན་འགྲུབ་པར་ཤོག༔

ཆོས་བདག་བློ་གྲོས་ཀྱི་ལུང་བྱང་།

ཆོས་བདག་ལུང་བསྟན་རང་གཞུང་ལས༔ ད་ལྟའི་ཆོས་བློན་དཔལ་བརྩེགས་འདི༔ མ་འོངས་དུས་ཀྱི་ཐ་མ་ལ༔ སྙི་ཡི་གཡོན་ཕྱོགས་ལུང་པ་ནི༔ གྲུ་གསུམ་རྒྱུད་དུ་སྐུ་བལྟམས་པ༔ མཁའ་ལྡིང་གར་མཁན་ལོ་པ་འབྱུང༔ ས་ཁམས་ཤེས་རྒྱུད་རྩིང་པ་དང༔ དགེ་ལེགས་ཡོན་ཏན་པད་མོ་འདྲ༔ སྙིང་གི་སྤོ་ལ་སྨེ་བས་སྤྲས༔ ལག་གཡོན་ཐབས་དང་ཤེས་རབ་ཀྱི༔ བརྡ་མཚོན་སྨེ་བ་ཟུང་གིས་བརྒྱན༔ དེ་འདྲའི་སྐྱེས་བུ་དེ་དང་ནི༔ མཚོ་རྒྱལ་ཕྲིན་ལས་སྤྲུལ་པ་དང༔ ཨ་ཙར་ས་ལེ་ཟློས་པའི་གར༔ སྨོན་ལམ་གཅིག་ཏུ་ཚོགས་པའི་སྲས༔ དེ་དང་རྟེན་འབྲེལ་ལེགས་འགྲིགས་ན༔ ད་ལྟའི་བར་ཆད་དབྱིངས་སུ་སེལ༔ ཟབ་པ་བདུན་གྱི་ཆོས་ལ་དབང༔ འདི་ཕྱིའི་དོན་འགྲུབ་ཆོས་འདིས་བྱེད༔ ཐེ་ཚོམ་མི་དགོས་སྙིང་ལ་ཆོངས༔ བསླུ་བར་མི་འགྱུར་ས་མ་ཡཱ༔

བློ་བཟང་ལ་གནང་བའི་ལུང་བྱང་།

ཨ་ཧོ༔ སྐུ་གསུམ་རིག་པའི་རྩལ་ལས༔ རང་བྱུང་ཌཱཀྐིའི་བརྡ་གླུ༔ རྗོད་བྱེད་ཚིག་གི་རི་མོ༔ བརྗོད་བྱ་དོན་ལ་གསོན་དང༔ ཁྱོད་སྔོན་ཚོགས་གཉིས་འབྲས་སྨིན༔ ཐུགས་རྗེ་ཡེ་སྤྲུལ་ཚུལ་དུ༔ སྔགས་ཀྱི་བརྟུལ་ཞུགས་ངོམ་པའི༔ གནུབས་སྟོན་བུདྡྷ་ཛྙཱ་ནའི༔ ཕྲིན་ལས་ཡང་སྤྲུལ་ད་ལྟ༔ དྲག་སྔགས་བཀའ་བབས་བློ་བཟང༔ གནས་གསུམ་གང་རུང་སྨེ་བ༔ ཐིག་ལེ་ཡུངས་འབྲུ་ཙམ་མངོན༔ ཨ་ཙར་ས་ལེའི་ཟློས་གར༔ བསམ་གཏན་ཡེ་ཤེས་གླིང་པའི༔ དྲང་སྲོང་ཆོས་ཀྱི་མངའ་བདག༔ ལུང་ཟིན་དམ་པ་དེ་ཉིད༔ ད་རེས་བློ་སེམས་གཅིག་དྲིལ༔ ངེས་མེད་རི་ལ་འགྲིམ་དང༔ སྟོང་ཉིད་སྙིང་རྗེ་གནད་བསྣུན༔ ཁྱད་པར་སྔོན་གྱི་ལས་འབྲེལ༔ ཟབ་མོའི་རྟེན་འབྲེལ་ཡོད་པས༔ ཀ་ཀོང་སེང་གེར་སྒྲུབ་འབྲེལ༔ གཡེལ་ཞུད་མེད་པའི་སྟོབས་ཀྱིས༔ གསང་བའི་ཟབ་ཆོས་བསྒྲུབས་ན༔ རང་གཞན་དོན་གཉིས་འགྲུབ་ཅིང༔ དྲེགས་པའི་སྲོག་དབང་ཐོབ་ངེས༔ ཚེ་ཡི་བར་ཆད་ཞི་ནས༔ ཕྱི་མར་ཨ་མདོའི་ཕྱོགས་སུ༔ སྔར་གྱི་གདན་ས་བསྙེག་ཡོང༔ འགྲོ་ལ་ཕན་པའི་རྟེན་འབྲེལ༔ བསླུ་མེད་རྟེན་འབྱུང་ཨེ་མ༔

ནགས་འདབས་རས་པའི་སྐྱེ་ཕྲེང་ཀློང་ཆེན་འོད་གསལ་རྡོ་རྗེས་མཛད་པ།

༄༅། ནགས་འདབས་རས་པའི་སྐྱེ་ཕྲེང་། ཨེ་མ་ཧོ། ཚེ་རབས་གཏན་གྱི་བླ་མ་མཚོ་སྐྱེས་རྗེ། །དབྱེར་མེད་བསམ་གཏན་ཡེ་ཤེས་གླིང་པར་འདུད། །རྡོ་རྗེ་གྲོགས་ཀྱི་སྐྱེ་བའི་ཕྲེང་། །ལྷན་སྐྱེས་ཡེ་ཤེས་ཌཱཀྐི་མའི། །རྡོ་རྗེའི་གླུ་ཡིས་འདི་བཞིན་བསྐུལ། །སྐྱེ་སྔོན་པདྨ་རྒྱལ་པོའི་དྲུང་། །འབངས་རིགས་འབྲོག་བན་དཔལ་ཡེ་ཞེས། །དྲེགས་པ་བྲན་ཁོལ་མཐུ་ནུས་གྲགས། །དེ་འོག་མ་ཅིག་ཇོ་མོའི་དྲུང་། །བཀའ་བབ་བུ་ཆུང་ལྷ་རྡོར་ཞེས། །གཟུང་འཛིན་རྟོག་གྲོལ་ཧེ་རུ་ཀཿ དེ་འོག་བུ་ཆུང་གནས་སུ་པདྨའི་མིང་། །བཟོ་རིགས་དག་ལ་མཁས་པར་གྲགས། །དེ་འོག་སྤོ་བོ་གོ་ཆུའི་གྲོང་། །གྲགས་ལྡན་རིན་ཆེན་མགོན་པོ་ཞེས། །རྒྱུ་འབྲས་ཅུང་ཟད་འཆོལ་ཡང་སྲིད། །དེ་འོག་རྒྱ་ནག་བྱ་རྐང་ཙཱི་ནའི་ཡུལ། །ཨ་གྲོ་ཞེས་པའི་བཙུན་པ་གྲགས། །དེ་འོག་ཚ་དོ་ཞེས་བྱའི་ཡུལ། །དགེ་མ་དྷེ་ཝའི་མིང་ཅན་ཆོས་ལ་མོས། །དེ་འོག་འབོས་ཡུལ་གངས་ཀྱི་ཞོལ། །སྔགས་བཙུན་ཀརྨའི་མིང་ཅན་ཞེས། །སྦས་པའི་ཚུལ་ཅན་ཆོས་ལ་བརྩོན། །དེ་འོག་གསེར་རོང་ཞེས་བྱའི་རྒྱུད། ། བུད་མེད་དྷརྨའི་མཚན་འཆང་བ། །པདྨའི་རྣམ་འཕྲུལ་ཞིག་གི་རིག་མའོ། །དེ་འོག་ཨ་མདོའི་རོང་ཆེན་དུ། །སྔགས་པ་ཨ་དོན་མཚན་འཆང་ཞེས། །མངོན་སྤྱོན་ལས་ལ་རང་བྱན་ཚུད། །དེ་འོག་སྟོད་ལུང་ཞེས་བྱའི་གྲོང་། །དགེ་བསྙེན་ཚུལ་ཁྲིམས་རྣམ་རྒྱལ་ཞེས། །འབྲེལ་ཚད་དོན་ལྡན་སྐྱེས་བུར་གྲགས། །དེ་འོག་ད་ལྟ་གཡི་རོང་འདིར། །སྔགས་འཆང་རྡོ་རྗེ་དཔལ་འཛིན་ཞེས། །ཧེ་རུ་ཀ་དཔལ་བརྟུལ་ཞུགས་འཆང་། །ཟབ་མོའི་དོན་བསྒོམ་མཁས་སྒོ་འགྲིམ། །རྩ་བའི་ལྷ་མཆོག་དྲེགས་པ་ཀུན་འདུལ་སྟེན། །དྲེགས་པ་ཀུན་འདུས་གཟའ་མཆོག་བྲན་ལྟར་ཁོལ། །དྲེགས་པའི་སྲོག་ལ་དབང་ཐོབ་ན། །གཞན་གྱིས་རྒོལ་བའི་ནུས་པ་འཇོམས། །སྔོན་གྱི་སྨོན་ལམ་དག་པའི་འབྲས། །ཡབ་རྗེ་བླ་མའི་ཟབ་ཆོས་ཉམས་སུ་ལོངས། །རང་གཞན་དོན་གཉིས་དེ་ཡིས་འགྲུབ། །ངེས་མེད་བར་ཆད་གསུམ་གྱིས་འཚེ། །དེ་བཟློག་དྲེགས་འདུལ་བསྙེན་པ་གྲངས་འཁྱོལ་དང་། །རྒྱུན་དུ་ཚོགས་མཆོད་ཚེས་བཅུ་དང་། །ཉེར་ལྔ་དག་ལ་འབད་པ་གཅེས། །རྣམ་བཞིའི་མགྲོན་ལ་སྦྱིན་པ་ཐོངས། །བྱམས་དང་སྙིང་རྗེས་འགྲོ་ཀུན་སྐྱོངས། །གཅེས་པའི་སྒྱུ་ལུས་མཆོད་སྦྱིན་བྱ། །རྩ་ཐིག་རླུང་ལ་སྤྱོད་ནུས་ན། །ཚེ་འདིར་པདྨའི་ཚོགས་གྲལ་ཉུལ། །རང་གཞན་འགྲོ་ལ་ཕན་པ་འབྱུང་། །ཡེ་ཤེས་མཁའ་འགྲོའི་ཞལ་ལུང་བཞིན། །ཀློང་ཆེན་འོད་གསལ་རྡོ་རྗེས་བྲིས། །གྲོགས་ལ་སྙིང་གཏམ་རྒྱ། །ས་མ་ཡཱ། 

སྔོན་འགྲོ་བསྡུས་པ་ཐར་ལམ་སྣང་བྱེད།

སྔོན་འགྲོ་བསྡུས་པ་ཐར་ལམ་སྣང་བྱེད་ནི༔ བླ་མ་མཁྱེན་ནོ༔ བླ་མ་མཁྱེན་ནོ༔ བླ་མ་མཁྱེན་ནོ༔ སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་ལ༔ བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆི༔ འགྲོ་ཀུན་ཡང་དག་ས་ལ་འགོད་པའི་ཕྱིར༔ སྨོན་འཇུག་སེམས་མཆོག་བསྐྱེད་དོ་བླ་མ་མཁྱེན༔ མི་རྟག་འཆི་བ་ནམ་འོང་ཆ་མ་མཆིས༔ འཇིགས་ཆེན་གཤིན་རྗེའི་ཡུལ་དུ་དབང་མེད་པར༔ ལས་དབང་ཆུ་ཀླུང་འཕྲད་པའི་ཤུགས་ཀྱིས་བསྐྱོད༔ བླ་མ་མཁྱེན་ནོ་བདག་རྒྱུད་བྱིན་གྱིས་རློབས༔ འཇིགས་རུང་བར་དོའི་སྣང་བ་ཤར་བའི་ཚེ༔ སྔངས་སྐྲག་འཇིགས་སྣང་སྡུག་བསྔལ་གྱིས་གདུང་བས༔ སྒྱུ་ལུས་གྲོང་ཁྱེར་མི་རྟག་འཇིག་པའི་དུས༔ རྣམ་ཤེས་བར་དོར་མི་འཁྲུལ་བླ་མ་མཁྱེན༔ མ་རིག་གཏི་མུག་གཉིད་ཀྱིས་ནོན་པའི་ཚེ༔ འོད་གསལ་མ་པང་བུ་འཇུག་མྱུར་དུ་གྲོལ༔ དལ་འབྱོར་རྙེད་དཀའ་འཆི་བ་མི་རྟག་པ༔ རྒྱུ་འབྲས་ཉེས་དམིགས་ཤེས་པ་བླ་མ་མཁྱེན༔ སངས་རྒྱས་ཀུན་དངོས་དཔལ་ལྡན་བླ་མ་ཡིས༔ ཚེ་རབས་ཀུན་ཏུ་རྗེས་སུ་འཛིན་པར་ཤོག༔ སྡུག་བསྔལ་འཁོར་བའི་འདམ་དུ་བྱིང་གྱུར་ན༔ དུག་ལྔ་རང་རྒྱུད་སྤྱོད་ཚེ་ལས་ངན་གྱི༔ དབང་དུ་མ་གཏོང་རྩ་བའི་བླ་མ་མཁྱེན༔ རྣམ་སྨིན་ལས་ཀྱིས་སྐྱེ་བོ་མནར་བའི་ཚེ༔ སྡིག་སྒྲིབ་ཀུན་འཇོམས་རྡོར་སེམས་བླ་མ་མཁྱེན༔ ལུས་དང་ལོངས་སྤྱོད་དགེ་བའི་རྩ་བ་བཅས༔ འབུལ་ལོ་བཞེས་པར་མཛོད་ཅིག་བླ་མ་མཁྱེན༔ སྒོ་གསུམ་གུས་པས་བླ་མ་ཁྱེད་བསྟེན་ན༔ དབང་བཞིས་བདག་རྒྱུད་སྨིན་མཛོད་བླ་མ་མཁྱེན༔ འཆི་ཚེ་རྣམ་ཤེས་འོད་ཀྱི་ཐིག་ལེ་དེ༔ དབྱིངས་རིག་དབྱེར་མེད་འགྱུར་བར་བླ་མ་མཁྱེན༔ སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང༔ འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ནས༔ ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས༔ རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག༔ བླ་མའི་རྣལ་འབྱོར་བསྡུས་པ་འདི༔ རང་བྱུང་ཀློང་གི་བརྡ་ལས་མངོན༔ རིག་འཛིན་བླ་མས་བྱིན་གྱིས་རླབས༔ རང་གྲོལ་ཡེ་ཤེས་དོན་རྟོགས་ཤོག༔ ས་མ་ཡཱ༔ བརྡ་ཐིམ༔ ཞེས་སྔོན་འགྲོ་བསྡུས་པ་ཐར་ལམ་སྣང་བྱེད་འདི་ནི༔ ཆོས་ལ་དབང་བའི་སྐྱེས་མཆོག་ངེས་ལེགས་སྤྲུལ་པའི་སྐུ་རིན་པོ་ཆེ་དང་༔ པདྨ་བློ་གྲོས་སོགས་ཆོས་ལ་དབང་བ་འགའི་བཞེད་སྐོང་དུ་རྣལ་འབྱོར་པ་ས་ར་ཧི་ཏས་ཐོལ་བྱུང་ཐོགས་མེད་དུ་བྲིས་པ་དགེ་ལེགས་འཕེལ༔

རྩ་བརྒྱུད་བླ་མ་ཐོ་བརྩེགས་ཀྱི་རྣམ་པར་གསལ་བ་མཐོང་བྱེད་ཉི་མ།

རྩ་བརྒྱུད་བླ་མ་ཐོ་བརྩེགས་ཀྱི་རྣམ་པར་གསལ་བ་མཐོང་བྱེད་ཉི་མ་བཞུགས༔ ཨེ་མ་ཧོ༔ དབུ་མ་མཚན་ཉིད་བཞི་ལྡན་གྱི༔ ཡར་སྣ་དང་པོའི་སངས་རྒྱས་ནི༔ མཐིང་ག་མཉམ་བཞག་ཡུམ་དང་འཁྲིལ༔ གཅེར་བུ་འོད་ཟླུམ་ཀློང་དུ་གསལ༔ དེ་འོག་རྡོར་སེམས་ལོངས་སྐུའི་ཆས༔ དཀར་གསལ་རྡོར་དྲིལ་ཡུམ་ལ་འཁྱུད༔ སྙེམ་མ་དཀར་མོ་གྲི་ཐོད་ཅན༔ ཡབ་ཡུམ་བདེ་རོལ་འོད་ཀློང་བཞུགས༔ དེ་འོག་དགའ་རབ་རྡོ་རྗེ་ནི༔ དཀར་གསལ་ཧེ་རུ་ཀ་པའི་ཆས༔ རུས་རྒྱན་སྟག་ཤམ་དར་དཔྱངས་འཕྱོ༔ བརྐྱང་བསྐུམ་ཕྱག་གཉིས་རྡོར་དྲིལ་བསྣམས༔ དེ་འོག་ཤྲཱི་སེང་སྔོ་སྐྱའི་མདངས༔ ཕྱག་གཡས་སྡིགས་མཛུབ་མཁའ་ལ་གཏད༔ གཡོན་པས་ཐོད་པ་བདུད་རྩིས་བཀང༔ ཧེ་རུ་ཀ་པའི་བརྟུལ་ཞུགས་ངོམ༔ དེ་འོག་འཇམ་དཔལ་བཤེས་གཉེན་བཞུགས༔ དཀར་གསལ་རྡོ་རྗེ་བྷན་དྷ་བསྣམས༔ རུས་རྒྱན་སྟག་ཤམ་སྒོམ་ཐག་དམར༔ འཇའ་འོད་ཀློང་དུ་བརྐྱང་བསྐུམ་བཞུགས༔ དེ་འོག་པཎ་ཆེན་ཡེ་ཤེས་མདོ༔ མི་ཤའི་མདོག་ཅན་རབ་བྱུང་ཆས༔ སྡེ་སྣོད་གསུམ་ཞུའི་ཅོད་པན་མཛེས༔ མཉམ་བཞག་སྐྱིལ་ཀྲུང་འོད་ཀློང་བཞུགས༔ དེ་འོག་དྲི་མེད་བཤེས་གཉེན་ནི༔ སྨུག་ནག་རིག་པ་འཛིན་པའི་ཆས༔ ཕྱག་གཉིས་པད་སྟེང་རྡོ་དྲིལ་བསྣམས༔ སྐྱིལ་ཀྲུང་འོད་ལྔའི་ཀློང་དུ་བཞུགས༔ དེ་འོག་ཨོ་རྒྱན་པདྨ་འབྱུང༔ ཐེག་གསུམ་རྫོགས་པའི་ན་བཟའ་གསོལ༔ ཕྱག་གཉིས་རྡོ་རྗེ་ཐོད་བུམ་བསྣམས༔ སག་ལྷྭམ་འདོར་སྟབས་པད་ཞྭ་མཛེས༔ གཡས་སུ་ཆོས་རྒྱལ་ཆོས་འཁོར་བསྣམས༔ གཡོན་ཏུ་བཻ་རོ་ཆོས་འཆད་མཛད༔ མདུན་དུ་མཚོ་རྒྱལ་ཐོད་བཅུད་བསྣམས༔ གཙོ་འཁོར་བཞི་པོ་འོད་ཀློང་གསལ༔ དེ་འོག་ཀུན་མཁྱེན་ཀློང་ཆེན་པ༔ རབ་བྱུང་པཎྜི་ཏ་ཡི་ཆས༔ ཕྱག་གཉིས་ཆོས་འཁོར་ཕྱག་རྒྱ་མཛད༔ ཞབས་གཉིས་སྐྱིལ་ཀྲུང་མཁའ་ལ་གཟིགས༔ དེ་འོག་རིག་འཛིན་འཇིགས་མེད་གླིང༔ གོས་དཀར་ལྕང་ལོ་གླེགས་བམ་མཛེས༔ སེམས་ཉིད་ངལ་གསོའི་བཞུགས་སྟངས་ཀྱིས༔ དགོངས་པ་མི་འགྱུར་དབྱིངས་ལ་འཇོག༔ དེ་འོག་གྲུབ་དབང་བྱང་ཆུབ་གླིང༔ པད་ཞྭ་ཟ་བེར་སྔགས་པའི་ཆས༔ ལྕང་ལོའི་ལན་ཚར་ཕྲག་གོང་དཔྱངས༔ མཉམ་བཞག་ཚེ་བུམ་སྐྱིལ་ཀྲུང་བཞུགས༔ དེ་འོག་འཇའ་ལུས་ཡེ་རྡོར་བ༔ ཁྲོ་འཛུམ་རུས་རྒྱན་སྟག་ཤམ་དང༔ དར་དཔྱངས་ཐོར་ཚུགས་ཕྱེད་དཀྱིལ་བཞུགས༔ ཕྱག་གཉིས་རལ་གྲི་བྷནྡྷ་བསྣམས༔ དེ་འོག་བཛྲ་ཤྲཱི་བྷ་དྲ༔ རྩ་རླུང་དབང་ཐོབ་གྲུབ་པ་བརྙེས༔ རླུང་ཆས་ཨཾ་རག་སྒོམ་ཐག་མཛེས༔ ངལ་གསོའི་བཞུགས་སྟངས་ཕྱག་རྒྱ་ཅན༔ དེ་འོག་སྤྲུལ་པའི་རིག་པ་འཛིན༔ ལུང་རིག་མཚན་འཆང་རབ་བྱུང་ཆས༔ ཕྱག་གཉིས་ཆོས་འཆད་པོ་ཏི་བསྣམས༔ ཟབ་གསང་བརྡ་འགྲོལ་སྐྱིལ་ཀྲུང་བཞུགས༔ དེ་འོག་ས་ར་ཧི་ཏ་ནི༔ ཐེག་གསུམ་གོས་དང་ཟླ་གམ་གསོལ༔ པད་ཞྭ་རྒོད་ལྡེམ་ཆོས་ཕྱག་ཅན༔ མཉམ་བཞག་སྐྱིལ་ཀྲུང་མཁའ་ལ་གཟིགས༔ རང་བྱུང་སེམས་ཉིད་ཆོས་ཀྱི་སྐུ༔ རྣམ་རོལ་རྩ་བརྒྱུད་བླ་མ་ལ༔ གསོལ་བ་འདེབས་སོ་བྱིན་གྱིས་རློབས༔ སྣང་བཞི་མཐར་ཕྱིན་དངོས་གྲུབ་སྩོལ༔ ཞེས་པ་འདི་ཡང་བྱང་སེམས་འཕགས་པའི་རྣམ་འཕྲུལ་ངེས་ལེགས་ནིརྨ་ཀའི་བཀའ་སྤྱི་བོས་མཆོད་ཅིང་ལྡོག་མིན་ཙམ་དུ་འདི་ཕྱིའི་མདོ་མེད་མི་ཤེས་ཤེས་རློམ་མཁན་པོ་ཐུབ་བསྟན་གཞན་ཕན་ཉི་མས་བྲིས་ཏེ་ཕུལ་བས་འགྲོ་ཀུན་རང་རིག་བླ་མའི་གོ་འཕང་ཐོབ་པར་ཤོག་ཅིག་གུ༔ བྱ་སླ་དེས་ཆོག་ཡིན།

བླ་མ་རྒྱང་འབོད་བྱིན་རླབས་བདུད་རྩིའི་ཟེགས་མ།

བླ་མ་རྒྱང་འབོད་བྱིན་རླབས་བདུད་རྩིའི་ཟེགས་མ་བཞུགས༔ ཨ་ཧོ༔ ཡེ་གཞི་བདེ་གཤེགས་སྙིང་པོ་རང་བྱུང་གི་ཡེ་ཤེས༔ སྐུ་བཞི་ཡེ་ཤེས་ལྔ་ལྡན་ཆོས་སྐུ་ཡི་སངས་རྒྱས༔ རང་རིག་ངོ་བོ་ཁྱབ་བདག་བླ་མ་དེ་མཁྱེན་ནོ༔ ལོངས་སྤྱོད་རྫོགས་སྐུ་ངེས་པ་ལྔ་ལྡན་གྱི་ཞིང་ནས༔ ཟུང་འཇུག་སྐུ་བཞིའི་བདག་ཉིད་ལོངས་སྐུ་ཡི་སངས་རྒྱས༔ གསལ་སྟོང་འདུ་འབྲལ་མེད་པའི་བླ་མ་དེ་མཁྱེན་ནོ༔ སྟོང་གསུམ་མི་མཇེད་སྤྲུལ་པའི་འཛམ་གླིང་གི་ཐ་གྲུར༔ འགགས་མེད་སྒྱུ་འཕྲུལ་རོལ་པའི་སྤྲུལ་སྐུ་ཡི་སངས་རྒྱས༔ ཕྱོགས་མེད་འགྲོ་བའི་མགོན་པོ་བླ་མ་དེ་མཁྱེན་ནོ༔ མ་ངེས་གདུལ་བྱའི་ཤེས་རྒྱུད་རྣམ་དཀར་ལ་འགོད་པའི༔ ངེས་མེད་སྣ་ཚོགས་སྟོན་པའི་ཐབས་མཁས་ཀྱི་མཛད་བཟང༔ སྟོང་ཉིད་སྙིང་རྗེའི་བྱེད་པོ་བླ་མ་རང་མཁྱེན་ནོ༔ སྤྱི་གཙུག་བདེ་ཆེན་འཁོར་ལོའི་རྩ་འདབ་ཀྱི་དབུས་ན༔ ཡོངས་འཛིན་མཚུངས་མེད་རྡོ་རྗེ་འཆང་དབང་གི་སངས་རྒྱས༔ དྲིན་ཆེན་བསམ་གཏན་ཡེ་ཤེས་གླིང་པ་དེ་མཁྱེན་ནོ༔ ཕྱོགས་མེད་འགྲོ་དོན་ནུས་པར་བླ་མ་རང་མཁྱེན་ནོ༔ བར་ཆད་གཡུལ་ལས་རྒྱལ་བར་བླ་མ་རང་མཁྱེན་ནོ༔ འཁོར་བར་ཞེན་པ་ལྡོག་པར་བླ་མ་རང་མཁྱེན་ནོ༔ ངེས་མེད་གཉན་ཁྲོད་ཐུབ་པར་བླ་མ་རང་མཁྱེན་ནོ༔ སྐྱེ་མེད་ཡེ་ཤེས་རྟོགས་པར་བླ་མ་རང་མཁྱེན་ནོ༔ གདོད་མའི་བཙན་ས་ཟིན་པར་བླ་མ་རང་མཁྱེན་ནོ༔ འཇའ་ལུས་འོད་སྐུར་གཞིག་པར་བླ་མ་རང་མཁྱེན་ནོ༔ སྐུ་བཞིའི་རྒྱལ་སྲིད་འཐོབ་པར་བླ་མ་རང་མཁྱེན་ནོ༔ ཅེས་བླ་མ་རྒྱང་འབོད་བྱིན་རླབས་བདུད་རྩིའི་ཟེགས་མ་འདི༔ རང་སློབ་ཆུ་མར་ཕྱོགས་ཀྱི་དབོན་སངས་རྒྱས་ཆོས་འཕེལ་གྱིས་བསྐུལ་ངོར༔ ཟོག་པོ་ས་ར་ཧི་ཏས་སོ༔

རྫོགས་པ་ཆེན་པོ་འོད་གསལ་གསང་བའི་མན་ངག་ཉི་མ་སྤྲིན་བྲལ།

ཡང་གསང་ཌཱཀྐིའི་ཐུགས་ཐིག་ལས༔ རྫོགས་པ་ཆེན་པོ་འོད་གསལ་གསང་བའི་མན་ངག་ཉི་མ་སྤྲིན་བྲལ་ཞེས་བྱ་བ་བཞུགས༔

སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན༔ སྐྱེ་འགག་གནས་གསུམ་བྲལ་བའི་རང་བཞིན་ལ༔ སོ་སོའི་རིག་པ་ཡེ་ཤེས་ཆེན་པོའི་གཤིས༔ དག་པ་དོན་གྱི་རང་ཞལ་མཇལ་ཕྱག་འཚལ༔ བདག་འདྲ་ཆོས་མེད་སྤྲང་པོ་ང༔ གཉིད་དང་འོད་གསལ་འདྲེས་པའི་ཚེ༔ རང་བཞིན་ཌཱཀྐིས་འདི་བཞིན་བརྗོད༔ ཨ་ལ་ལ་ཧོ༔ སྟོང་ཆེན་སྤྲོས་པ་མཐའ་བརྒྱད་བྲལ་བའི་ཀློང༔ གསལ་སྣང་འགགས་མེད་ཆོས་ཀུན་རོ་མཉམ་པའི༔ འཛིན་མེད་རང་གྲོལ་རང་བཞིན་གཉུག་མའི་གཤིས༔ ཤར་གྲོལ་ཀློང་ཐིམ་རྩལ་སྣང་བདེ་བ་ཆེ༔ ས་མ་ཡཱ༔ དེ་ལ་འདིར་ལས་དང་སྐལ་བར་ལྡན་པའི་གང་ཟག་རྣམས་ཚེ་འདི་ལ་ཆོས་སྐུ་གདོད་མའི་མགོན་པོའི་བཙན་ས་འཛིན་སྙམ་པའི་རིགས་ལྡན་བློ་གྲོས་ཅན་རྣམས་ཀྱིས༔ འཕྲལ་རྐྱེན་གདུག་པའི་འཚེ་བ་འཇོམས་ཤིང་མཐུན་རྐྱེན་ལེགས་པའི་མྱུ་གུ་སྨིན་པའི་དབེན་གནས༔ འདབ་ཆགས་རི་དྭགས་གྲོགས་དང་ལྷན་ཅིག་རྩེ་བའི་སར༔ འགོ་ཞིང་སྡོང་གྲོགས་བྱེད་པའི་ལྷ་སྲུང་རྣམས་དང་དཀར་ཕྱོགས་སྐྱོང་བའི་དྲེགས་ཚོགས་ལ་སྤྱན་གཟིགས་གསེར་སྐྱེམས་སོགས་ཀྱིས་བརྔན་ཏེ༔ བདག་གིས་གསང་ཆེན་ཐེག་པའི་མཐར་ཐུག་སྐྱོར་སྦྱོང་བྱེད་པ་ལ་བར་ཆད་མ་གཏོང་ཞིག༔ ཀོ་ལོང་གདུག་རྩུབ་སྤོངས་ཤིག་དང་༔ རང་བཞིན་གཞི་རྫོགས་སུ་གྲོལ་བ་ཞིག་འདིར་བྱའོ་ཞེས་ཕྲིན་ལས་བཅོལ༔ ང་བདག་གཟུང་འཛིན་ལས་བྱུང་བའི་གནོད་བྱེད་དམ་སྲི་ལོག་སྨོན་བདུད་རིགས་རྣམས་རང་རིག་ཁྲོ་བོ་གང་རུང་གི་ང་རྒྱལ་གྱི་ཧཱུྃ་ཕཊ་དྲག་པོས་ཕྱིར་བསྐྲད༔ མི་ཤིགས་ཆོས་བདུན་རྡོ་རྗེའི་གུར་ཕུབ༔ བཛྲ་རཀྵ་བརྗོད༔ སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས༔ དང་པོ་ལ་གཉིས༔ ཡན་ལག་དང་སྔོན་འགྲོ་དངོས༔ སྐྱབས་འགྲོ་སེམས་བསྐྱེད་བྱིན་དབབ་ནི༔ རང་བྱུང་རིག་པ་སྟོང་པའི་གཤིས༔ སྤང་བླང་མེད་པར་སྐྱབས་སུ་མཆི༔ འཁོར་འདས་ཁྱབ་བརྡལ་འུབ་ཆུབ་ཀློང༔ ཕྱོགས་འཛིན་ཞིག་པར་སེམས་བསྐྱེད་དོ༔ རང་སྣང་དོན་གྱི་འོག་མིན་དུ༔ ཀ་དག་ཆོས་སྐུའི་བྱིན་ཆེན་ཕོབ༔ སྒོ་གསུམ་ཞེན་པ་དབྱིངས་སུ་སྤོར༔ ཉམས་རྟོགས་རྩལ་རྒྱས་དངོས་གྲུབ་སྩོལ༔ ཨ་ལ་ལ་ཕཻཾ་ཕཻཾ་ཛ་ཛ༔ དེ་ནས་གཉིས་པ་བློ་ཆོས་སུ་འགྲོ་བར་བྱ་བ་བློ་ལྡོག་རྣམ་པ་བཞིས་རྩལ་སྦྱང༔ ཆོས་ལམ་དུ་འགྲོ་བར་ཡན་ལག་བདུན་པ་དང་རྡོར་སེམས་སྒོམ་བཟླས་ལ་བརྟེན་ནས་སྟོབས་བཞིའི་ཚོགས་བསགས་སྒྲིབ་སྦྱང་དང་བླ་མའི་རྣལ་འབྱོར་ལ་བརྩོན་པའོ༔ དེ་ཡིས་སྔོན་འགྲོའི་རིམ་པ་རྫོགས༔ དངོས་གཞི་རྣམ་གྲངས་འདི་ལྟ་སྟེ༔ སྣང་མེད་ཁྲེགས་ཆོད་ལྟ་བ་དང༔ སྣང་བཅས་ཐོད་རྒལ་བསྒོམ་པའོ༔ དང་པོ་ཁྲེགས་ཆོད་ཡན་ལག་ཏུ༔ རུ་ཤན་བསྲེག་སྦྱང་ཧཱུྃ་གླུ་ལེན༔ མི་འགུལ་གསུམ་གྱིས་གཞི་བཟུང་བ༔ དེ་ལ་དང་པོ་འདི་ལྟར་སྦྱོངས༔ སེམས་བསྐྱེད་དྲག་པོའི་མོས་འདུན་གྱིས༔ ལུས་ནི་གཅེར་ཕྱུང་འགྲོ་དྲུག་གི༔ སྡུག་བསྔལ་རིམ་བཞིན་ལུས་ཀྱིས་སྦྱངས༔ ངག་གིས་འགྲོ་བའི་རང་སྐད་གདོན༔ དྲན་བསམ་ཐམས་ཅད་ཁ་རུ་བརྗོད༔ སེམས་ནི་གཏད་མེད་བྱུང་རྒྱལ་བཏང༔ ལུས་སེམས་ངལ་ཞིང་དུབ་པ་ན༔ རྗེས་ཤེས་དེ་ཡི་ངོ་བོར་བལྟ༔ ས་མ་ཡཱ༔ དེ་ནས་རིགས་དྲུག་བག་ཆགས་སྦྱང༔ སྤྱི་བོ་མགྲིན་པ་སྙིང་ཁ་དང༔ ལྟེ་བ་གསང་གནས་རྐང་མཐིལ་དུ༔ ཨ་སུ་ནྲྀ་ཏྲི་པྲེ་དུཿགསལ༔ རིགས་དྲུག་བག་ཆགས་དེར་འདུས་ལ༔ སྦྱོང་བྱེད་སངས་རྒྱས་ཐམས་ཅད་དང༔ གཉིས་མེད་རིག་པའི་ཡེ་ཤེས་ནི༔ རྡོ་རྗེ་གསུམ་གྱི་ངོ་བོ་ཤར༔ སྤྱི་མགྲིན་སྙིང་ལ་འབྲུ་གསུམ་གསལ༔ དེ་ལས་དཀར་དམར་མཐིང་གསུམ་གྱི༔ བདུད་རྩི་བབས་པས་རིགས་དྲུག་གི༔ ས་བོན་བག་ཆགས་དག་པར་བསམ༔ ངག་ཏུ་ཨོཾ་ཨཱཿཧཱུྃ་བརྗོད་དོ༔ རྗེས་ལ་མི་དམིགས་གཤིས་ལ་ཀློད༔ ས་མ་ཡཱ༔ དེ་ནས་ཧཱུྃ་སྦྱང་ལ་ཡང་མི་འདྲ་གསུམ༔ ལུས་ནི་རྡོ་རྗེའི་འདུག་སྟངས་ཀྱིས༔ རྡོ་རྗེ་སྔོན་པོ་མེ་འབར་བསམ༔ དག་འབྲས་རིམ་པ་འདི་རྟོགས་གཅེས༔ ཡར་རྩེ་གསུམ་ནི་ངོ་བོ་དང༔ རང་བཞིན་ཐུགས་རྗེའི་བརྡ་མཚོན་ནོ༔ མར་རྩེ་གསུམ་ནི་སྐུ་གསུམ་དང༔ སྐེད་པ་གཅིག་དྲིལ་ཀ་དག་དང༔ ལྷུན་གྲུབ་ངོ་བོ་ལམ་བྱེད་མཚོན༔ དགོས་པའི་ཁྱད་པར་འདི་བཞིན་ནོ༔ དེ་བསྒོམ་ངལ་དུབ་ལུས་སྒྲིབ་འདག༔ གནོད་གདུག་རྣམས་ཀྱིས་མེ་དཔུང་མཐོང༔ མཐར་ཐུག་རྡོ་རྗེའི་སྐུ་རུ་འགྲུབ༔ དལ་འབྱོར་རྙེད་པ་དོན་ལྡན་འགྱུར༔ ས་མ་ཡཱ༔ དེ་ནས་ཧཱུྃ་ལ་སྦྱང་བ་དངོས༔ དབེན་པར་སྐྱིལ་མོ་ཀྲུང་བཅས་ཏེ༔ ངག་ཏུ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཞེས༔ དབྱངས་སྙན་རིང་པོས་སྦྲེལ་མར་བཟླ༔ ཧཱུྃ་ལ་སྦྱང་ལུགས་མང་མཆིས་ཀྱང༔ ཕྱི་ནང་སྣོད་བཅུད་ཧཱུྃ་དུ་བསྒོམ༔ ཤིག་ཤིག་ཡོམ་ཡོམ་ཟང་མ་ཐལ༔ དངོས་འཛིན་སྣང་བ་ཧཱུྃ་ལ་བསྡུ༔ ཧཱུྃ་ཡང་ནམ་མཁའི་རང་བཞིན་ཆེ༔ དེས་ནི་ངག་གི་སྒྲིབ་པ་འདག༔ གྲགས་སྟོང་རྡོ་རྗེའི་གདེངས་སུ་འཕོ༔ ཐ་མལ་ལས་རླུང་དོན་ཡོད་འགྱུར༔ ས་མ་ཡཱ༔ དེ་འཕྲོས་སེམས་ལ་སྦྱང་བ་ནི༔ འབྱུང་གནས་འགྲོ་གསུམ་བརྟག་པའོ༔ དང་པོ་སེམས་ཞེས་བྱ་བ་འདི༔ ཕྱི་ནང་སྣོད་བཅུད་གང་ནས་བྱུང༔ ཡོད་ན་གཟུགས་དབྱིབས་ཁ་དོག་འཚོལ༔ མེད་ན་མེད་མཁན་ཤེས་པ་འཚོལ༔ གཟུང་འཛིན་ཡུལ་མེད་གཏན་བྲལ་ན༔ སྨྲ་བསམ་བརྗོད་མེད་ཁས་ལེན་དང༔ བྲལ་བའི་སྟོང་སང་ཧད་དེ་བ༔ གཞི་མེད་རྩ་བྲལ་ཆོས་སྐུ་ཞེས༔ སྐྱེ་མེད་དོན་ཁོང་ཆུད་པ་ཡིན༔ ང་ལ་ཁས་ལེན་མེད་པ་ནི༔ ང་ཞེས་སྐྱོན་མེད་གོས་མ་མྱོང༔ ཡེ་ནས་གནས་པའི་ཆོས་ཉིད་དོ༔ ས་མ་ཡཱ༔ བར་དུ་སེམས་ཞེས་བྱ་བ་འདི༔ གནས་པའི་ས་ནས་གང་དུ་གདའ༔ ལུས་ཀྱི་སྤྱི་གཙུག་རྐང་མཐིལ་བར༔ སྲིད་རྩེ་མནར་མེད་དག་ཏུ་བརྟག༔ གནས་ན་འདི་རུ་གནས་སོ་ཞེས༔ ངོ་བོ་ངོས་གཟུང་གྱིས་ལ་ཤོག༔ མི་གནས་འཚོལ་མཁན་སུ་ཡིན་ལྟོས༔ ཀུན་ལ་རྒྱུ་མཚན་མི་འདུག་པས༔ བཙལ་བྱ་འཚོལ་བྱེད་མཉམ་པ་ཉིད༔ ཆུ་ལ་ཡི་གེ་བྲིས་པ་བཞིན༔ བཟུང་བྲལ་གཏན་འབེབས་ལོངས་སྐུ་ཞེས༔ འགགས་མེད་དོན་ཁོང་ཆུད་པ་ཡིན༔ གནས་དང་མི་གནས་མཉམ་པ་ཉིད༔ རང་བྱུང་ཡེ་རྫོགས་ཡེ་ཤེས་སྐུ༔ ས་མ་ཡཱ༔ ཐ་མ་སེམས་ཞེས་བྱ་བ་འདི༔ འགྲོ་བའི་ཡུལ་ནི་གང་དུ་ཐལ༔ སྣོད་བཅུད་སྟོང་དང་སྣང་བ་སོགས༔ གང་གི་ཕྱོགས་སུ་འགྲོ་བརྟགས་པས༔ གལ་ཏེ་རྙེད་ན་འགྲོ་མཁན་གྱི༔ བྱད་བཞིན་མཚན་ཉིད་ཤེས་དགོས་སོ༔ དེ་ལྟར་འགྲོ་མཁན་མི་གདའ་ན༔ འཚོལ་མཁན་ཤེས་པ་གང་ཅི་ཡིན༔ བྱ་བྱེད་གཉིས་མེད་དོན་གཅིག་ན༔ ཡུལ་སྣང་སེམས་ཀྱིས་བཟོས་ཐག་ཆོད༔ འབྲས་བུའི་རེ་དོགས་འཛིན་པ་ཁྲོལ༔ ཡུལ་ཅན་རང་བཞིན་མེད་གདེངས་རྙེད༔ རིག་སྟོང་འགྲོ་འོང་བྲལ་སྤྲུལ་སྐུ༔ གནས་མེད་དོན་ཁོང་ཆུད་པ་ཡིན༔ འདི་ལྟར་བྱུང་གནས་འགྲོ་གསུམ་པོ༔ ཐུན་མིན་གནད་ཀྱི་མན་ངག་ཡིན༔ སེམས་ཀྱི་ཁང་བུ་རྡིབ་པའི་གནད༔ ཁྱད་པར་འཕགས་པའི་མྱུར་ལམ་ཡིན༔ ས་མ་ཡཱ༔ མི་འགུལ་བ་ནི་འདི་ལྟ་སྟེ༔ ལུས་གནད་བཟང་ངན་བླང་དོར་ལས༔ འདས་པ་དུར་ཁྲོད་མི་རོ་བཞིན༔ ཅི་བདེར་གན་རྐྱལ་དག་ཏུ་བཞག༔ ངག་ནི་སྨྲ་བརྗོད་དང་བྲལ་ཏེ༔ པི་ཝཾ་རྒྱུན་ཐག་འགགས་པ་བཞིན༔ དབུགས་ཀྱི་འགྲོ་འོང་དལ་བར་བསླབ༔ ཡིད་ནི་རྣམ་རྟོག་དང་བྲལ་ནས༔ སྤྲིན་མེད་དྭངས་པའི་མཁའ་ལྟར་ཞོག༔ བྱ་བྱེད་བྲལ་བའི་རྣལ་འབྱོར་ལ༔ ཅི་ནུས་བརྩོན་པ་མན་ངག་གནད༔ འདི་ལྟར་མཉམ་པར་སུས་བཞག་ཀྱང༔ འབྱུང་འཁྲུགས་ནད་གདོན་ཞི་བ་དང༔ འཛིན་པ་རང་གྲོལ་ཉིད་དུ་གྱུར༔ ས་མ་ཡཱ༔ དེ་འཕྲོས་ལྟ་སྟངས་རྣམ་པ་གསུམ༔ ཉན་ཐོས་བྱང་སེམས་ཁྲོ་བོ་ཡི༔ ལྟ་སྟངས་རིམ་པ་འདི་བཞིན་ནོ༔ ཉན་ཐོས་ལྟ་སྟངས་ཆོས་བདུན་གྱིས༔ རྟོག་པ་བཟོ་བཅོས་མེད་པར་བཞག༔ བྱང་སེམས་ལྟ་སྟངས་མིག་གིས་ནི༔ འདོམ་གང་བར་ལྟ་གཡོ་མེད་གནས༔ ཁྲོ་བོའི་ལྟ་སྟངས་ཕྱག་རྡོར་བསྐྱེད༔ དོར་སྟབས་སྡང་མིག་ནམ་མཁར་བལྟ༔ ཧ་ཧ་ཁྲོ་བའི་གད་མོ་དང༔ ཧི་ཧི་ཁྲོ་བོའི་རྒྱང་གླུ་བརྗོད༔ སྣང་བའི་རྫུན་ཕུག་རྡིབ་པའི་ཕྱིར༔ བརྟུལ་ཞུགས་རྣམ་གསུམ་རྩལ་ལ་སྦྱང༔ དང་པོ་ལུས་ངག་རྣལ་དུ་ཕོབ༔ གཉིས་པས་བདེ་བའི་ཡེ་ཤེས་རྒྱས༔ གསུམ་པ་ཡོན་ཏན་དག་ལ་དབང༔ ས་མ་ཡཱ༔ དངོས་གཞི་རིག་པ་ངོ་སྤྲོད་ནི༔ ཀྱཻ་ཧོ་སྐལ་ལྡན་རིགས་ཀྱི་བུ༔ ད་ལྟའི་རིག་པ་བཅས་བཅོས་དང༔ སྤྲོ་བསྡུ་མ་བྱེད་ཐད་ཀར་ཞོག༔ དེ་ལ་ཡོད་མེད་ཕྱོགས་མ་གྲུབ༔ སྣང་སྟོང་སྤུ་རིས་མི་ཕྱེད་པར༔ རྟག་ཆད་མཚན་མ་ཡེ་མ་གྲུབ༔ མ་གྲུབ་གཟོ་མེད་རིག་པ་ལ༔ ལྟ་སྒོམ་རྩོལ་བས་མི་དགོས་མོད༔ བསྡམ་གྲོལ་གཉིས་མེད་ཡེ་གྲོལ་ཆེ༔ ལམ་གྱི་ལམ་མཆོག་ཡང་དག་ལམ༔ ཇི་སྙེད་གཟིགས་པའི་ཡེ་ཤེས་ཀྱིས༔ ཇི་ལྟ་བ་བཞིན་མཐོང་ནས་ཀྱང༔ གདོད་མའི་དབྱིངས་སུ་བསྐྱལ་བའོ༔ ཀྱཻ་ཧོ་སྐལ་ལྡན་རིགས་ཀྱི་བུ༔ སྣང་བ་ཐམས་ཅད་སེམས་ཀྱི་འཕྲུལ༔ དེ་ལ་ཞེན་པ་མ་བྱེད་ཅིག༔ སྟོང་པ་བློ་ཡིས་བཅོས་པ་མིན༔ འཛིན་པས་བསླད་པར་མི་བྱེད་པར༔ རང་གྲོལ་དུས་མཉམ་ངོ་བོ་ལ༔ གང་ཤར་རང་སར་ཞོག་ཅིག་ཀྱེ༔ སེམས་ཀྱི་རང་བཞིན་ནམ་མཁའ་ཆེ༔ དོན་དམ་བློ་ཡི་ཡུལ་ལས་འདས༔ ཀུན་རྫོབ་མཚན་མ་བློ་ལས་གྲུབ༔ ཞེན་པའི་ཕྲེང་ཐག་ཆོད་པ་ན༔ གདོད་མའི་བཙན་ས་ཟིན་ལ་ཉེ༔ ཁ་དོག་སྣང་བའི་ཆོ་འཕྲུལ་ཀུན༔ རང་རྩལ་སེམས་ཀྱི་རང་བཞིན་ཡིན༔ ཐ་དད་དཔྱད་པ་འཁྲུལ་བའི་རྒྱུ༔ རྣམ་པར་རྟོག་གསུམ་བྲལ་བ་ལ༔ ཆོས་སྐུ་གཞིར་གནས་རིག་པ་ཟེར༔ ས་མ་ཡཱ༔ གཞི་དོན་རིག་པ་ངོ་སྤྲད་ན༔ གཞི་རྒྱུད་བདེ་བར་གཤེགས་པ་ནི༔ སེམས་ཅན་ཁམས་ལ་ཡེ་གནས་ཀྱང༔ གློ་བུར་དྲི་མས་སྒྲིབ་སྐྱོན་གྱིས༔ གནས་ལུགས་རང་བཞིན་ངོ་མ་མཐོང༔ ད་ནི་མངོན་སུམ་བཅར་ཕོག་ན༔ བདེ་གཤེགས་སྙིང་པོ་ཞེས་བྱ་བ༔ ཁྱབ་བརྡལ་ནམ་མཁའི་ཁོར་ཡུག་ཡིན༔ ཡུལ་མེད་ཟང་ཐལ་ཆེན་པོ་འོ༔ སངས་རྒྱས་བཟང་པོས་བཟང་མ་བཅོས༔ སེམས་ཅན་ངན་པས་ངན་མ་བསྒྱུར༔ སྤྲོས་མཐའ་བརྒྱད་བྲལ་རྣམ་ཐར་གྱི༔ སྒོ་གསུམ་ ལྡན་ལ་རིག་པ་ཞེས༔ སྐུ་ལྔ་ཡེ་ཤེས་བདག་ཉིད་ཅན༔ ཞལ་ཕྱག་མཚན་མའི་ཡུལ་ལས་འདས༔ སྟོང་གསལ་འགགས་མེད་ཡེ་ཤེས་སྐུ༔ གསང་བ་གསང་ཆེན་རྡོ་རྗེ་ཆེ༔ ས་མ་ཡཱ༔ མིང་གི་འཇུག་ཚུལ་དོན་བཀྲལ་ན༔ གསང་བ་ཞེས་བྱ་སྣོད་མེད་ལ༔ རླུང་ཕྱོགས་བསྒྲགས་མི་ཉན་པས་གས༵ང༔ གསང་ཆེན་གབ་སྦས་གཉིས་ལྡན་ཆེ༵ན༔ རྡོ༵་རྗེ༵་ཞེས་བྱ་འདི་ལྟ་སྟེ༔ ཉོན་མོངས་རྟོག་པས་མི༵་ཆོ༵ད་པ༵༔ ཡུལ་དང་རྐྱེན་གྱིས་མི༵་ཤི༵གས་པ༵༔ རང་ངོ་ཀ་ནས་དག་བདེ༵ན་པ༵༔ བཟང་ངན་སྐྱོན་འཇུག་མེད་སྲ༵་བ༵༔ དུས་གསུམ་འཕོ་འགྱུར་མེད་བརྟ༵ན་པ༵༔ གང་ཡང་འབིགས་ནུས་ཐོ༵གས་མེ༵ད་པ༵༔ ཐམས་ཅད་ཀུན་ལས་མ༵་ཕ༵མ་པ༵༔ བདེ་གཤེགས་རྡོ་རྗེ་བདུན་དང་ལྡན༔ རྫོགས་ཆེན་གཞོན་ནུ་བུམ་སྐུ་ཞེས༔ དེ་དོན་སེམས་ལས་གཞན་མ་ཡིན༔ ཐེག་དགུའི་དགོངས་དོན་རྫོག༵ས་པ་དང༔ བསྟན་པའི་སྤྱི་གཞི་གྱུར་ཆེ༵ན་པོ༔ སྐྱེ་འཆི་བགྲེས་རྒུད་བྲལ་གཞོ༵ན་ནུ༵༔ ལྷུན་གྲུབ་ཕྱི་རྒྱ་མ་རལ་བུ༵མ༔ ཡེ་ཤེས་ཡོན་ཏན་ཡེ་རྫོགས་སྐུ༵༔ ཐིག་ལེ་ཉག་གཅིག་ཞེས་བྱ་བ༔ རྟོག་པའི་གྲ་ཟུར་ལས་འདས་ཐི༵ག༔ ཁ་དོག་མཚན་མ་དང་བྲལ་ལེ༵༔ འཁོར་འདས་ཀུན་ཟླུམ་ཉ༵ག་གཅི༵ག་ཀློང༔ དོན་གཅིག་མིང་གི་རྣམ་གྲངས་ཀུན༔ དོན་ལ་བདེ་གཤེགས་སྙིང་པོ་ཞེས༔ སེམས་ཅན་ཁམས་ལ་ཡོངས་ཁྱབ་པ༔ རིག་དང་མ་རིག་ཁྱད་པར་གྱིས༔ སངས་རྒྱས་སེམས་ཅན་གཉིས་སུ་ཕྱེ༔ དེ་ཉིད་རིག་པ་ངོ་མཚར་ཆེ༔ ས་མ་ཡཱ༔ སེམས་དང་རིག་པའི་ཡེ་ཤེས་ཀྱི༔ ལ་ཤན་འབྱེད་པ་ཨ་ལ་ལ༔ སེམས་ནི་བག་ཆགས་ཀུན་གྱི་རྟེན༔ ལུས་ཅན་རྣམས་ཀྱི་དྲི་མ་ཡིན༔ གཟུང་བ་ཡུལ་ཡིན་འཛིན་པ་སེམས༔ འཁོར་བ་འཁོར་བའི་ཆོས་ཉིད་དོ༔ སེམས་དང་བྲལ་བ་སངས་རྒྱས་འགྱུར༔ ལུས་ཅན་ཀུན་གྱི་དྲི་མ་འདག༔ སེམས་དང་རིག་པ་མ་ཕྱེ་ན༔ སྒྲིབ་བྱེད་སྤྲིན་གྱི་ཉི་མ་བཞིན༔ ངེས་དོན་སྣང་བའི་དོན་མི་འབྱེད༔ རིག་པའི་ཡེ་ཤེས་ཞེས་བྱ་བ༔ ཡེ་ནས་འཁྲུལ་བྲལ་ཀ་ནས་དག༔ བལྟ་བྱ་ལྟ་བྱེད་ཡུལ་ལས་འདས༔ བསྒོམ་བྱ་སྒོམ་བྱེད་མཐའ་ནས་བྲལ༔ སྤྱོད་པའི་སྒྲོག་མདུད་ཡེ་ནས་དབེན༔ འབྲས་བུ་རེ་དོགས་ཐོབ་ཤོར་བྲལ༔ དགེ་སྡིག་འཛིན་པ་དབྱིངས་སུ་ཡལ༔ རིག་པ་རང་བྱུང་ཨེ་མ་ཧོ༔ སེམས་དང་རྣམ་རྟོག་དོན་གཅིག་སྟེ༔ རིག་པའི་རྩལ་བྱུང་ཀུན་རྫོབ་ཆོས༔ དཔེར་ན་དབྱིངས་ལ་རླུང་རྒྱུ་བཞིན༔ རིག་པའི་རང་ཞལ་མཐོང་ཙ་ན༔ སེམས་ལ་ལོགས་སུ་རྒྱུ་དབང་མེད༔ རྒྱལ་པོས་བཙན་ས་ཟིན་པའི་ཚེ༔ འབངས་འཁོར་དབང་དུ་བསྡུ་བ་བཞིན༔ རྟོག་པ་ཙམ་དུ་གོ་བར་ལུས༔ རྒྱུན་དུ་ཡེངས་མེད་རྐྱེན་ཐུབ་གནད༔ གོམས་ལ་ཤིན་ཏུ་སྦྱང་དགོས་པས༔ གང་ཤར་རང་གྲོལ་ངང་ལ་ཞོག༔ ས་མ་ཡཱ༔ རྗེས་ལ་གོལ་འཕྱུག་མེད་འཛོལ་བཀག༔ གནད་དོན་ཤེས་དགོས་རིམ་པ་ནི༔ ཁྱབ་བྱེད་ཤེས་རབ་ཆེན་པོ་སྟེ༔ རང་གྲོལ་སྨྲ་བསམ་བརྗོད་ལས་འདས༔ ཡེ་གྲོལ་ངང་བཞག་ཆེན་པོ་ལ༔ རང་གྲོལ་ས་ལ་རང་བསྐྱལ་གནད༔ བདེ་གསལ་མི་རྟོག་ཁམས་གསུམ་གྱི༔ ས་ལ་འཕེན་བྱེད་གོལ་ས་ཡིན༔ སྲེད་ལེན་བྲལ་བའི་དབྱིངས་ལ་ཀློད༔ སྒོ་གསུམ་བདེ་སྡུག་བཟང་ངན་ཀུན༔ གང་ཤར་རང་ངོར་ཤེས་ན་གྲོལ༔ ཐམས་ཅད་སྣང་བ་སྣང་ཆར་བཅས༔ རྨི་ལམ་དབྱིངས་སུ་སད་པ་འམ༔ སྒྱུ་མའི་འཕྲུལ་འཁོར་ཞིག་པ་བཞིན༔ སྔོན་བསུ་རྗེས་དཔྱོད་དང་བྲལ་ཞོག༔ འཁོར་འདས་རང་སྣང་ལས་མི་གཞན༔ དེ་དོན་ཤེས་ལ་ལྟ་བ་ཟེར༔ རིག་པ་རང་དབང་བསྒྱུར་བ་ལས༔ ནམ་དུ་མི་འདའ་སྒོམ་ཞེས་བྱ༔ སྤྱོད་པ་ཆོས་དང་མཐུན་པ་གནད༔ ལྟ་བའི་ཕྱོགས་སུ་སྤྱོད་པ་མི་འཆོར་གནད༔ ཞི་དུལ་བག་ཡོད་དཔེར་ན་ཁྲིམས་བདག་གི༔ རྒྱལ་པོའི་མདུན་དུ་ཉམ་ཆུང་སླེབས་པ་བཞིན༔ སྡོམ་གསུམ་བཅས་པའི་ཁྲིམས་དང་མི་འཛོལ་གནད༔ སྤྱོད་པའི་ཕྱོགས་ལ་ལྟ་བ་མི་འཆོར་གནད༔ དཔེར་ན་སྡེར་ཆགས་རྒྱལ་པོ་སེང་གེ་ཡིས༔ གངས་རྩེར་འགྱིངས་ནས་གཞན་དག་ཟིལ་གནོན་བཞིན༔ འཇིགས་མེད་སྤོབས་པ་ཐོབ་པའི་བཙན་ས་ཟུངས༔ དེ་སོགས་གོལ་ས་བཀག་པའི་མན་ངག་ཡིན༔ མདོར་ན་སངས་རྒྱས་ཞེས་བྱ་བ༔ འདི་དོན་རྟོགས་ལས་གཞན་མ་ཡིན༔ དེ་ཉིད་རྟོགས་དང་མ་རྟོགས་ཀྱི༔ ཁྱད་པར་གཉིས་སུ་ཕྱེ་བ་ལས༔ སངས་རྒྱས་སེམས་ཅན་གཉིས་སུ་གྲུབ༔ དོན་ལ་སོ་སོར་ཐ་མི་དད༔ ཀ་དག་ཁྲེགས་ཆོད་རིམ་པ་རྫོགས༔ ས་མ་ཡཱ༔ གཉིས་པ་ལྷུན་གྲུབ་རང་བཞིན་ལ༔ ལྷུན་གྲུབ་ཐོད་རྒལ་རིམ་པ་ནི༔ ཁྲེགས་ཆོད་གཏན་ཕེབས་གང་ཟག་ལ༔ རང་བཞིན་འོད་གསལ་ངོ་སྤྲོད་གདབ༔ ཤར་ནུབ་ཉི་ཟླའི་བསྒྲོད་ལམ་ཡངས༔ དབེན་ཞིང་ཉམས་དགའ་རིག་པ་དྭངས༔ དཀར་ཕྱོགས་སྐྱོང་བའི་རི་བོའི་སྤོ༔ མཁོ་བའི་ཡོ་བྱད་མཐུན་པའི་རྐྱེན༔ མ་ཚང་མེད་པར་ཚགས་སུ་བཙུད༔ ལྷ་ཀླུ་གཞི་བདག་གཏོར་མས་བརྔན༔ བར་ཆད་མི་བྱེད་བཀའ་ཡང་བསྒོ༔ སྣ་སེལ་ཚོགས་བསགས་རིམ་གྲོར་འབུངས༔ བདག་རྒྱུད་དབང་དང་ཁྲེགས་ཆོད་ཀྱིས༔ ཡོངས་སུ་སྨིན་ཅིང་གྲོལ་བ་དང༔ དད་གསུམ་ལྡན་པའི་སློབ་བུ་ལ༔ ངོ་སྤྲོད་གདབ་ཅིང་དམ་ཚིག་བསྒྲགས༔ རྣལ་འབྱོར་ལས་གཞན་བྱ་བ་སྤངས༔ སྐུ་གསུམ་བཞུགས་སྟངས་འདི་ལྟར་བསླབ༔ ཆོས་སྐུ་སེང་ཧ་འབྲུག་རྔམ་ལྟར༔ ལོངས་སྐུ་གཉིས་འཐུང་བདེ་ལུགས་ཉལ༔ སྤྲུལ་སྐུ་དྲང་སྲོང་ཡུལ་དཔྱོད་བཞིན༔ ལུས་གནད་གསུམ་གྱི་འཕྲུལ་འཁོར་གཅུན༔ གཟིགས་སྟངས་གྱེན་འགྲེང་རྩིབ་ཤར་དང༔ ཐུར་དུ་བལྟ་དང་ཅི་འཚམས་རུང༔ ངག་གནད་མཆུ་སོ་མ་རེག་པར༔ རླུང་གི་འགྲོ་འོང་དལ་བ་དང༔ སྨྲ་བརྗོད་བཟླས་པ་ཅོག་གེ་བཞག༔ སེམས་གནད་ལྷོད་དེ་ཤིག་གེ་བ༔ དམིགས་མེད་ནམ་མཁའ་སྟོང་པར་གཏད༔ སྒོ་གནད་བཟློག་ཕབ་ཟུར་གྱིས་བལྟ༔ ཡུལ་གནད་རྐྱེན་བྲལ་དབྱིངས་ལ་ཞོག༔ ཆིངས་གསུམ་དག་གིས་རྣལ་ཕབ་ན༔ ཙིཏྟ་རིན་ཆེན་ཁང་པ་ནས༔ སེམས་ཀྱི་ངོ་བོ་དེ་བཞིན་གཤེགས༔ སྐུ་གསུམ་ཞིང་ཁམས་འདུ་འབྲལ་མེད༔ གཞོན་ནུ་བུམ་སྐུ་ཞལ་ཕྱག་རྫོགས༔ དཀར་འཇམ་རྩ་ཡི་སྒྲོན་མ་ནས༔ རྒྱང་ཞགས་ཆུ་ཡི་སྒྲོན་མའི་སྒོར༔ རྣམ་དག་དབྱིངས་ཀྱི་ད་ལ་ནས༔ ཐིག་ལེ་སྟོང་སྒྲོན་ལུག་རྒྱུད་མཐིང་ནག་དྲི་བྲལ་དབུས་སུ་ནི༔ རིག་པ་རྡོ་རྗེ་ལུ་གུ་རྒྱུད༔ རྟ་ཡི་རྔོག་མ་གཤིབ་པའམ༔ མདུད་པ་བྱས་དང་བསྒྲིམ་པ་ལྟར༔ ཕྲ་ལ་མཉེན་པ་ལིང་ལིང་འདར༔ རྣམ་པ་འཆར་བ་དེ་ཡིན་ནོ༔ ཕུར་པ་གསང་བ་སྤུ་གྲིའི་རྒྱུད་ལས་སོ༔ སོགས༔ གོ་མོག་ཆུ་ལ་རྡོ་བརྒྱབ་དང༔ མཆོད་རྟེན་མིག་མང་དྲྭ་ཕྱེད་སོགས༔ སྣང་བའི་འོད་གསལ་སྣ་ཚོགས་མཐོང༔ དེ་ཚེ་ཆོས་ཉིད་མངོན་དུ་གྱུར༔ ངན་སོང་གསུམ་ལས་རྒྱངས་ཀྱིས་འཕགས༔ ཐིག་ལེ་སྟོང་སྒྲོན་འབྲལ་མེད་ཅིང༔ ཟ་འོག་རིས་དང་གྱེན་འགྲེང་དང༔ རྩིག་པ་ཟླུམ་འཁྲིགས་པདྨ་དང༔ མདའ་མདུང་འོད་ལྔའི་མུ་ཁྱུད་འབྱུང༔ ལྔ་ལྡན་ཕུབ་རིས་འོད་གསལ་མང༔ དེ་ཚེ་ཉམས་སྣང་གོང་དུ་འཕེལ༔ དེ་ནས་འོད་གསལ་སྣང་བ་དེ༔ ཐིག་ལེ་ཐིག་ཕྲན་དག་ཏུ་འཚེར༔ མུ་ཁྱུད་ར་བ་ལྔ་ལྡན་ཅན༔ དེ་ནང་གཙུག་ཏོར་ཕྱག་མཚན་དང༔ སྐུ་ཕྱེད་སྐྱིལ་ཀྲུང་ཞལ་ཕྱག་རིས༔ ཡོངས་རྫོགས་གཅེར་བུ་ཡབ་དང་ཡུམ༔ འཁྲིལ་སྦྱོར་ཚོམ་བུ་ལྔ་ལྔ་སོགས༔ མཐོང་བའི་སྤྱན་དང་རྫུ་འཕྲུལ་སྟོན༔ འབྱུང་བའི་ཁམས་ལ་ཟང་མ་ཐལ༔ འགྲོ་དང་ཡང་དག་གོམས་བྱས་པས༔ འོད་ཐིག་ལས་རུང་ལས་རླུང་གི༔ འགྱུ་བ་རང་ཟད་འབྱུང་བ་བཞི༔ འོད་གསལ་དུ་གྲོལ་རིག་པ་དེ༔ གར་གཏད་འཕར་དང་འགུལ་བ་དང༔ སྐད་འབྱིན་གཟུང་འཛིན་ཞེན་པ་གྲོལ༔ ཕྱི་ནང་རིག་པ་ཚད་ལ་ཕེབས༔ ངན་རྟོག་ཕྲི་ཞིང་ལྟོ་གོས་ཀྱི༔ སྲེད་པ་བྲལ་ཞིང་ཡོན་ཏན་ཐོབ༔ ལོངས་སྤྱོད་རྫོགས་སྐུ་མངོན་དུ་གྱུར༔ ལུས་ཀྱི་བ་སྤུའི་གྲངས་མཉམ་པའི༔ སངས་རྒྱས་ཞིང་ཁམས་བསམ་ཡས་འཆར༔ ཚད་ཕེབས་སྣང་བ་མཐའ་རུ་ཕྱིན༔ གདོས་བཅས་ལུས་ཀྱི་ཤ་ཁྲག་དང༔ ཉོན་མོངས་འབྱུང་བ་ཉམས་དང་རྟོགས༔ ལས་རླུང་འགྱུ་བ་བག་ཆགས་ཟད༔ རེ་དོགས་སྣང་བའི་རྫུན་ཕུག་རྡིབ༔ ཕྱི་ནང་མེད་པར་འོད་ཀྱི་ཀློང༔ འོད་གསལ་རིག་པ་ཡུན་རིང་གནས༔ འཇའ་ལུས་འཕོ་བ་འགྲུབ་པར་འགྱུར༔ འཁོར་བའི་འགྲོ་བ་ཡོངས་སུ་སྒྲོལ༔ འོད་ཟེར་ཆེན་པོའི་དབང་བསྐུར་རྫོགས༔ རིག་པ་གཞོན་ནུ་བུམ་སྐུར་གྲོལ༔ སྐྱེ་འཆི་རང་དབང་ཨེ་མ་ཧོ༔ འཕོ་བའི་སྐུ་ལ་མི་ཞེན་ན༔ འོད་གསལ་སྤངས་ནས་ལྷུན་གྲུབ་རྐྱང༔ ཕྱི་གསལ་སྣང་བ་ནང་དབྱིངས་ཐིམ༔ ཀ་དག་ཆོས་སྐུ་སྤྲུལ་པ་འབུམ༔ འབྲས་བུ་ཆོས་ཉིད་ཟད་པའི་སར༔ གྲོལ་བ་མཐར་ཕྱིན་ཨ་ལ་ལ༔ དེ་ལྟར་ཟབ་གསང་བླ་མེད་གནད༔ སྐུ་གསུམ་ལམ་དུ་བྱས་པ་ཡིས༔ འབྲས་བུ་སྐུ་གསུམ་གཅིག་ཏུ་རྫོགས༔ འོད་གསལ་སྐུ་གསུམ་རང་ཆས་དེ༔ ཡེ་གྲུབ་རང་གནས་མངོན་དུ་གྱུར༔ ཟབ་གསང་ལམ་ལ་འདྲིས་སྦྱངས་མཐུས༔ ཕྱི་ནང་ཆོས་རྣམས་རང་སར་ཟད༔ ཆོས་དབྱིངས་འོག་མིན་ཕོ་བྲང་དུ༔ ཀུན་བཟང་སངས་རྒྱས་ས་ལ་འཁོད༔ ས་མ་ཡཱ༔ ཟབ་ ཨ་ཧོ༔ ཉམས་ལེན་གནད་ཀྱི་མན་ངག་ནི༔ ལུས་ནི་རབ་ཏུ་མི་འགུལ་ཞིང༔ དུར་ཁྲོད་མི་རོ་བཞིན་དུ་སྡོད༔ དེ་ཡི་རྐྱེན་གྱིས་མིག་མི་གཡོ༔ དམིགས་རྟེན་དབྱིངས་ལ་འགུལ་སྤྱོད་བྲལ༔ དབྱིངས་རྟེན་རིག་པ་མི་འཕྲོ་ཞིང༔ ཡེ་ཤེས་སྣང་བ་མངོན་དུ་བྱེད༔ སྔ་དྲོ་སཱུརྱའི་འོག་ཏུ་གཟེར༔ དགོང་མོ་གཡོན་དང་ཡར་ངོ་ལ༔ ཙནྟྲའི་འབེན་ལ་གཅུན་པ་དང༔ མུན་དགུང་ཨ་ལོ་ཀེ་ལ་ནི༔ སོར་བརྒྱད་མ་རེག་མཚམས་ནས་བལྟ༔ ཉིན་གུང་ཕྱི་དབྱིངས་མཚན་མོའི་དུས༔ ཙིཏྟའི་དབྱིངས་གསལ་མ་ཡེངས་ཉལ༔ མན་ངག་མཐའ་རྟེན་རིམ་པ་རྫོགས༔ གནད་ལས་གནད་གྱུར་འདི་ཤེས་དགོས༔ ཤ་ཡི་སྒྲོན་མའི་རང་མདངས་ལས༔ དཀར་འཇམ་རྩ་སྒྲོན་ལམ་བརྒྱུད་དེ༔ རྒྱང་ཞགས་ཆུ་སྒྲོན་ཉིད་ལ་བསླབས༔ མི་གཡོའི་གནད་གསུམ་ཉམས་བསྟར་བས༔ དབྱིངས་ནས་རྣམ་དག་སྒྲོན་མ་དེ༔ ཡི་གེ་ན་རོ་ལྟ་བུ་དང༔ ཟ་འོག་བཀྲམ་པའི་རི་མོར་འཆར༔ ཤེས་རབ་རང་བྱུང་སྒྲོན་མའི་མདངས༔ དབྱིངས་ནས་ལུག་རྒྱུད་ལྕགས་སྒྲོག་འཆར༔ ཐིག་ལེ་སྟོང་སྒྲོན་འོད་ལྔའི་མདངས༔ རྨ་བྱའི་སྒྲོ་ལྟར་གཅིག་གཉིས་འབྲེལ༔ གསུམ་འབྲེལ་བཞི་སྒྲོན་དག་ཏུ་འཚེར༔ བརྩོན་འགྲུས་ལྷོད་པ་མེད་པ་དང༔ དད་གསུམ་ལྡན་པས་ཉམས་བླངས་ན༔ སྣང་བཞི་མཐའ་རུ་ཕྱིན་པ་དང༔ གང་ཟག་རབ་འབྲིང་ཐ་མའི་ཁམས༔ བར་མ་ཆད་པར་ཉམས་བླང་ན༔ རིམ་བཞིན་བཅོ་ལྔ་ཉེར་ལྔ་དང༔ སོ་ལྔའི་ལོ་གྲངས་འདས་པའི་བར༔ འཇའ་ལུས་ཆེན་པོར་མ་འགྲུབ་ན༔ རྡོ་རྗེ་འཆང་གིས་བསླུས་པ་ཡིན༔ དེ་ཕྱིར་གཅེས་པས་ཉམས་སུ་ལོངས༔ ཐེ་ཚོམ་མེད་དོ་སྐལ་ལྡན་བུ༔ བསླུ་བར་མི་འགྱུར་ས་མ་ཡཱ༔ ཕུན་སུམ་ཚོགས་པ་ལྔ་ཡི་རྒྱ༔ ཨི་ཏན་ཏེ་ན་ར་ཀན་རྒྱ༔ ཨེ་མ༔ རང་བྱུང་རང་ཤར་དགོངས་ཀློང་ཡངས་པ་ནས༔ བཟང་པོའི་ལས་འཕྲོ་པད་དཀར་བཞད་པ་ལས༔ རྡོ་རྗེའི་བརྡ་ཚིག་དབྱིངས་ནས་འཇའ་ལྟར་ཤར༔ རྒྱུད་ལུང་མན་ངག་ཡང་བཅུད་སྙིང་གི་ཁྲག༔ ལས་འཕྲོ་ཅན་གྱི་དཔལ་དུ་འགྱུར་བར་ངེས༔ ས་མ་ཡཱ༔ ཨེ་མ་བདག་འདྲ་མཚོ་སྐྱེས་རྡོ་རྗེ་ངས༔ དུར་ཁྲོད་ཆེན་པོ་བསིལ་ཚལ་འཇིགས་པའི་གནས༔ སྟོན་མཆོག་རྡོར་སེམས་དགའ་རབ་ཤྲཱི་སེང་གིས༔ དགོངས་པས་བྱིན་དབབ་ལུང་བསྟན་མཛད་པ་བཞིན༔ སྡེ་གསུམ་ཀློང་དགུའི་ཡང་བཅུད་རྫོགས་པ་ཆེ༔ མན་ངག་ཨ་ཏིའི་སྙིང་ཐིག་འདི་ལྟར་རྙེད༔ རྒྱ་གར་ཡུལ་གྱི་མཁས་པ་དག་ལ་ཕུལ༔ སྨོན་ལམ་དབང་གིས་བོད་ཀྱི་ཡུལ་དུ་ཐོན༔ མངའ་བདག་ལ་སོགས་རྗེ་འབངས་ཉེར་ལྔ་ལ༔ བསམ་ཡས་མི་འགྱུར་ལྷུན་གྲུབ་རབ་གནས་འཐོར༔ དེ་དུས་དགའ་སྟོན་ཚུལ་དུ་གདམས་པའི་གནད༔ འདི་ཉིད་ཉམས་ལེན་སྐལ་བ་ལྡན་ལ་བྱིན༔ བཀའ་རྒྱས་བཏབ་སྟེ་གྲོགས་མཆོག་མཚོ་རྒྱལ་དང༔ ཁྱད་པར་ཨ་ཙར་ཡེ་ཤེས་དབྱངས་ལ་གཏད༔ ད་ལྟ་མ་སྤེལ་སྙིང་གི་དཀྱིལ་དུ་སྦོས༔ མ་འོངས་ལྔ་བདོ་སུམ་ཅུ་ཁ་རལ་ལ༔ ཉེ་བའི་དུས་སུ་མཁའ་འགྲོའི་ཡང་སྤྲུལ་དང༔ ཁྱོད་ཀྱི་ཐུགས་སྤྲུལ་རྒྱལ་མོ་རོང་གི་ཆར༔ བྱང་སེམས་རིག་འཛིན་འགྲོ་ལ་ཕན་པ་འབྱུང༔ པདྨ་ཡབ་ཡུམ་དངོས་ཉམས་མཐོང་བའི་བུ༔ དགུ་བདུན་གསུམ་ལྔའི་འཕྲང་ལ་བརྒལ་ནུས་ན༔ ཟབ་མོའི་གཏེར་འདིས་ཕན་པ་རྒྱ་ཆེན་འབྱུང༔ ཆོས་ཀྱི་བདག་པོ་བསྟན་འཛིན་སྐྱེས་བུ་ནི༔ རྩ་བ་བརྒྱད་དང་ཡན་ལག་བཅུ་དྲུག་དང༔ ལུང་ཟིན་སྐལ་ལྡན་ཉི་ཤུ་རྩ་ལྔ་འབྱུང༔ ལྷ་བདུད་མ་ནོར་ཉམས་དང་རྨི་ལམ་ལ༔ མཁའ་འགྲོའི་ལུང་གིས་བསྔགས་པ་མ་གཏོགས་པར༔ ཁ་དཀར་ཁོང་གནག་མཁས་རློམ་དམ་སྲིའི་རིགས༔ དེ་ལ་རླུང་ཕྱོགས་ཙམ་ཡང་བསྒྲགས་མི་རུང༔ གཅིག་བརྒྱུད་མ་གཏོགས་ཁྲོམ་ཆོས་བཤད་མི་ཉན༔ བཀའ་ལས་འདས་ན་མཁའ་འགྲོའི་བཀའ་ཆད་འབྱུང༔ དེ་ཕྱིར་དམ་པའི་ལུང་ཟིན་དངོས་ལ་གཏོད༔ ཐབས་མཁས་འཚོ་ཤེས་གྱིས་ཤིག་ཛྙཱ་དྭཱི་པ༔ བཀའ་ཡི་སྲུང་མ་མ་གཟའ་དམ་གསུམ་སྲུངས༔ བཀའ་རྐུན་ལོག་རྟོག་འཆང་བའི་དབང་པོ་སྣུབས༔ དམ་ལྡན་སློབ་བུ་ཆོས་བརྒྱུད་འཛིན་པ་སྲུངས༔ གཏེར་འདི་འཚོས་ཤིག་སྤེལ་ཅིག་ས་མ་ཡཱ༔ ཞེས་པ་འདི་ཡང་རིང་མོ་ནས་དགོངས་པའི་ཀློང་དུ་བབས་པ་ཡོད་ཀྱང༔ ཅི་མི་སྙམ་པའི་ངང་དུ་ཕྱི་བཤོལ་དུ་ལུས་པ་ལ༔ ཉིན་གཅིག་ཚེས་བཅུའི་དུས་སུ་ཨ་ཙར་རྒན་པོ་ཞིག་ཐོན་ནས་ངས་ཁྱོད་ལ་བཱི་མའི་སྙིང་ཐིག་གི་བགོ་སྐལ་གཏད་པ་བདུད་ཀྱི་དབང་དུ་འཇོག་པ་ཅིའི་ཕྱིར༔ མཁའ་འགྲོ་ཆོས་སྐྱོང་གི་བཀའ་ཆད་འོང་ངེས་གཟོབས་ཟེར་བའི་ཉམས་ཤར་བྱུང༔ ཁྱེད་སུ་ལགས་ཞུས་པས་ང་རྩ་བའི་བླ་མ་ཡིན་པས་ཁྱོད་ཅི་ཟེར༔ ངའི་སྙིང་ཐིག་ཟབ་མོ་འདི་སྐལ་བར་ལྡན་པའི་ཆོས་ཀྱི་བདག་པོ་ཡོངས་ལ་གཏོད༔ ཚེ་འདིར་གྲོལ་བའི་མན་ངག་ཁྱད་པར་ཅན་འདི་ལྔ་བདུན་ལ་རྟེན་འབྲེལ་མ་འཆུགས་པར་འཕྲོད་ན་འཇའ་ལུས་འགྲུབ་ངེས༔ དེ་ནས་མི་རབས་བདུན་ཚུན་ཆད་ལ་དོན་རྒྱ་ཆེན་འབྱུང་གསུངས་ནས་བྱ་ལམ་རྗེས་མེད་ལྟར་ཡལ་སོང༔ བདག་གིས་ང་ཡི་བླ་མས་ཡེ་ཤེས་སྒྱུ་མའི་སྐུ་ཡིས་རྗེས་སུ་བཟུང་བ་ཡིན་ནམ་སྙམ་ནས་གདུང་ཤུགས་དྲག་པོའི་སྒོ་ནས་མིག་མཆི་མ་འཁྲུགས༔ ལུས་བ་སྤུ་གཡོས༔ བློ་རྩེ་གཅིག་ནས་ཐུགས་ཡིད་བསྲེས་པ་ན་བརྗོད་མེད་ཀྱི་ཉམས་ཤར༔ ལྷ་དང་བླ་མས་ལུང་བསྟན༔ མཁའ་འགྲོ་ཆོས་སྐྱོང་དངོས་སུ་བྱོན་ནས་སྣང་བ་འདི་དག་པ་རབ་འབྱམས་སུ་ཐུན་གཅིག་ལ་གནས་འགྱུར༔ རིག་པའི་རྩལ་དབང་ཐོབ༔ དེ་ལས་ལྡང་བཞིན་ཚོགས་འཁོར་བསྐོར༔ ཉམས་དགའ་ཞིང་འཁོར་བ་ལ་སྐྱོ་བ་ཆེར་བྱུང༔ ཕྱི་ཉིན་སློབ་བུ་ལུང་རྟོགས་བསྟན་འཛིན་དང་ཁུ་བོ་སྤྲུལ་པའི་སྐུ་རིན་ཆེན་ཟུང་གིས་རྟེན་འབྲེལ་གྱི་རྫས་དུ་མ་བྱིན་ནས་བསྐུལ་བ་ལ་བརྟེན་ནས་ཁྲེགས་ཆོད་ཀྱི་ཉམས་ལེན་དགོངས་པའི་ཀློང་དུ་བབས་པ་དཔེ་ཐོག་ལ་ཕབ་ནས་གསང་རྒྱས་བཏབ༔ དེའི་རྗེས་སུ་སྐྱབས་རྗེ་དམ་པ་མདོ་མང་སྤྲུལ་པའི་སྐུ་རིན་པོ་ཆེ་དང་ངེས་ལེགས་སྤྲུལ་སྐུ༔ གསེར་བ་བླ་མ་རྟོགས་ལྡན་གུ་རུ་དར་རྒྱས་སོགས་ལུང་ཟིན་བཅུ་ཕྲག་གཅིག་གིས་རྟེན་འབྲེལ་གྱི་རྫས་ཅུང་ཟད་རེ་ཕུལ་ནས་ཐོད་རྒལ་གྱི་རིམ་པ་དང་བཅས་པ་དབྱི་མཁར་ཐེག་ཆེན་ཆོས་གྲྭ་ནས་རྩ་རླུང་གཏུམ་མོའི་འཕྲུལ་འཁོར་སྦྱངས་པའི་སྐབས་སུ་ཉམས་སྣང་ངོ་མཚར་བ་ཞིག་བྱུང་བ་ལ་བརྟེན་ནས་དགོང་ཐུན་གཉིས་ལ་ཐོལ་བྱུང་ཐོགས་མེད་དུ་བྲིས་པ་དུས་གསུམ་དུ་དགེ་ཞིང་ཡོངས་ལ་བཀྲ་ཤིས་པར་གྱུར་ཅིག་གུ༔

རིག་པ་རྩལ་གྱི་དབང་མཆོག

རིག་པ་རྩལ་གྱི་དབང་མཆོག་ནི༔ རིགས་ཀུན་ཁྱབ་བདག་བླ་མ་ཡིས༔ སྣོད་ལྡན་གང་ཟག་མདུན་དུ་ནི༔ ཆོས་བདུན་ལྡན་ལ་གཡོ་མེད་གནས༔ བླ་སྒྲུབ་ཚིག་བདུན་སྤྱན་འདྲེན་གསུམ༔ དབྱངས་སྙན་དལ་བུས་བརྗོད་པའི་མཐར༔ དབུ་མ་སེང་གེའི་ང་རོའི་སྒྲས༔ ལོག་རྟོག་ཟིལ་གྱིས་གནོན་པའི་བརྡས༔ ཕྱག་གཡས་སེང་ལྡིང་ཌཱ་རུ་འཁྲོལ༔ རིག་རྟོག་དངུལ་ཆུ་ཉོན་རྡུལ་གྱི༔ དྲི་མས་མ་གོས་བརྡ་མཚོན་ཕྱིར༔ ཕྱག་གཡོན་དངུལ་དཀར་དྲིལ་བུ་འཁྲོལ༔ རིག་སྟོང་དབུ་མར་ཚུད་པའི་བརྡ༔ བླ་མའི་ཞལ་ནས་འདི་བཞིན་བརྗོད༔ ན་མོ༔ བདེ་གཤེགས་སྙིང་པོས་འགྲོ་བ་ཡོངས་ལ་ཁྱབ༔ སེམས་ནི་སོགས་ནས། རྒྱལ་བ་འཁོར་བཅས་མ་ལུས་གཤེགས་སུ་གསོལ༔ ཨ་ཨ་ཕཻཾ་ཕཻཾ་ཨ་ཧོ་སུ་ཁ་ཨ་ལ་ལ་ཧོ༔ དེ་ནས་ཕྱག་གཉིས་མཉམ་བཞག་མཛད༔ སྤྱན་ནི་སློབ་བུའི་གདོང་ལ་གཏད༔ ཧྲཱིཿ ངོ་བོ་རིག་སྟོང་ཀ་ནས་དག༔ རང་བཞིན་ལྷུན་གྱིས་གྲུབ་པའི་གཤིས༔ སྟོང་པ་ཆེན་པོ་བབས་ཀྱིས་གྲུབ༔ རིག་པ་རྩལ་གྱི་དབང་ཐོབ་ཤོག༔ ཨ་ཨ་ཨ་བྷི་ཥིཉྩ་ཧོ༔ ཨ་ཧོ༔ ཤར་དང་གྲོལ་ལ་སྔ་ཕྱི་མེད༔ གཉེན་པོས་བཟང་པོར་བཅོས་མ་གྲུབ༔ རྟོག་པས་ངན་པར་བསྒྱུར་མི་བཏུབ༔ གང་ཤར་རང་སར་ཞོག་ཅིག་བུ༔ ཕཊཿ ཕཊཿ ཕཊཿ རྗེས་ལ་བསྔོ་སྨོན་ཤིས་པ་བརྗོད༔ རིག་སྟོང་གཉུག་མའི་རང་ཞལ་བལྟ༔ མ་ཡེངས་དྲན་པས་སྐྱོངས་ཁས་བླངས༔ ས་མ་ཡཱ༔ དེ་ནས་བཀའ་རྫོགས་ལུང་རྫོགས་ཕྱིར༔ གླེགས་བམ་སྤྱི་བོར་བཞག་བྱས་ལ༔ ཧོཿ ཆོས་སྐུ་སྣང་བ་མཐའ་ཡས༔ ལོངས་སྐུ་ཕྱག་ན་པདྨོ༔ སྤྲུལ་སྐུ་མཚོ་སྐྱེས་རྡོ་རྗེ༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ༔ ཚངས་པ་ལྷ་ཡི་མེ་ཏོག༔ མཁར་ཆེན་དཔལ་གྱི་དབང་ཕྱུག༔ འཁོན་ཆེན་ཀླུ་ཡི་དབང་པོ༔ ལྷ་སྲས་མུ་རུབ་བཙད་པོ༔ ཀློང་ཆེན་རྡོ་རྗེ་གཟི་བརྗིད༔ ཀུན་མཁྱེན་འཇིགས་མེད་གླིང་པ༔ གྲུབ་ཆེན་ལག་ན་རྡོ་རྗེ༔ རིག་འཛིན་ལུང་རིག་གླིང་པ༔ ལུང་ཟིན་ཆོས་ཀྱི་བདག་པོ་སོགས་རང་བཞིན་རྫོགས་པ་ཆེན་པོའི་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་མགོན་རིག་འཛིན་བླ་མ༔ ཡི་དམ་མཁའ་འགྲོ་རྒྱ་མཚོ༔ ཆོས་སྲུང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱིས་དེང་འདིར་རྡོ་རྗེའི་སློབ་མ་རྣམས་ལ་དབང་བསྐུར་དུ་གསོལ༔ བྱིན་གྱིས་བརླབ་ཏུ་གསོལ༔ རྟོགས་པ་སྤར་དུ་གསོལ༔ བརྟུལ་ཞུགས་བསྐྱེད་དུ་གསོལ༔ དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་འདིར་བཞུགས་ཀྱི་བཀའ་དམ་པ་སྤྱི་བོ་ནས་ཐོབ༔ ལུང་དམ་པ་མགྲིན་པ་ནས་ཐོབ༔ དབང་དམ་པ་སྙིང་ག་ནས་ཐོབ༔ ལུས་ངག་ཡིད་གསུམ་སྨིན་ཅིང་གྲོལ་ནས་བྱ་རྩོལ་བློ་འདས་རྫོགས་པ་ཆེན་པོའི་ཀློང་དུ་དགོངས་པའི་བཙན་ས་ཟིན་ཏེ༔ ཚེ་གཅིག་ལུས་གཅིག་ལ་འཇའ་ལུས་འཕོ་བ་ཆེན་པོའི་སྐུ་མཆོག་བརྙེས་ནས་དཔལ་ཀུན་ཏུ་བཟང་པོའི་གོ་འཕང་ལ་འགོད་པར་མཛད་དུ་གསོལ༔ ཞེས་ལན་གསུམ༔

ཕྱག་རྫོགས་དབུ་གསུམ་གྱི་དོན་བསྡུས་ཟིན་ཐོ།

ཕྱག་རྫོགས་དབུ་གསུམ་གྱི་དོན་བསྡུས་ཟིན་ཐོ་བཞུགས༔ རིགས་གསུམ་མགོན་པོའི་དངོས་སྤྲུལ་པ༔ རྩ་བའི་བླ་མའི་ཞབས་ལ་འདུད༔ ཕྱག་རྫོགས་དབུ་མ་གསུམ་གྱི་དོན༔ དང་པོ་ཕྱག་རྒྱ་ཆེན་པོ་ལ༔ བྱུང་གནས་འགྲོ་གསུམ་རྩད་གདར་བཅད༔ མེད་ལ་ཡོད་སྣང་མི་འཛིན་ཅིང༔ མི་བདེན་བདེན་པར་མི་འཛིན་ཅིང༔ མི་གཙང་གཙང་བར་མི་འཛིན་ཅིང༔ ཐམས་ཅད་བདེན་མེད་སྟོང་པ་ཉིད༔ མེད་སྣང་ཕྱ་ལེ་མི་འཛིན་ཅིང༔ ཡོད་པ་མ་ཡིན་རྒྱལ་བས་ཀྱང་མི་གཟིགས༔ མེད་པ་མ་ཡིན་འཁོར་འདས་གྲུབ་གཞི་ལགས༔ འགལ་འདུ་མ་ཡིན་བརྗོད་བྱའི་ཡུལ་ལས་འདས༔ དེ་དོན་རྟོགས་པ་དོན་གྱི་སྤྱི་གཞི་ཡིན༔ དེ་དོན་ཉམས་སུ་ལེན་པའི་གནད་དོན་པོ༔ སྔོན་བསུ་རྗེས་དཔྱོད་བློ་ཡིས་བཅོས་མི་གཞུག༔ འགྱུ་བ་རང་སར་བཞག་ན་ཆོས་སྐུར་གྲོལ༔ རྣམ་རྟོག་དང་པོའི་སྐབས་སུ་གྲོལ་བ་དཀོན༔ བར་མའི་སྟེང་དུ་གྲོལ་བ་ཤིན་ཏུ་ལེགས༔ ཐ་མའི་རྗེས་སླེབ་རྐུན་ནོར་ར་མདའ་ཙམ༔ དྲན་པ་ཙམ་གྱིས་ཟིན་པ་གསར་བུ་པ༔ དམིགས་མེད་མཐའ་བྲལ་ལྟ་བའི་ཚད་ཡིན་ཏེ༔ ཡེངས་མེད་རྐྱེན་ཐུབ་བསྒོམ་པའི་ཉམས་འོག་ཚུད༔ སྐུ་གསུམ་ལྷུན་གྲུབ་འབྲས་བུ་མཐར་ཐུག་ཡིན༔ ལྟ་བའི་ཕྱོགས་སུ་སྤྱོད་པ་མི་ཤོར་ཞིང༔ ཁྲིམས་བདག་མཐུན་པར་འཁོར་གཡོག་སླེབ་པ་བཞིན༔ སྤྱོད་པའི་རྗེས་སུ་ལྟ་བ་མི་འཆོར་གནད༔ སེང་ལྕམ་དཀར་མོས་གངས་རྩེ་ཟིན་འདྲ་དགོས༔ ལྟ་བ་མཐོ་ཡང་སྤྱོད་པ་ཞིབ་མོ་གནད༔ ཁྲེགས་ཆོད་ལྟ་བ་ཕྱག་རྒྱ་བཞི་ཡི་དོན༔ ལམ་གྱི་གྲོགས་ནི་རྩ་རླུང་ཡིན་པར་བཤད༔ ཐོ་རངས་སྔོན་འགྲོ་དབང་བཞི་ལེན་པ་གནད༔ རླུང་རོ་དགུ་ཕྲུགས་དུས་གསུམ་འབུད་པ་གཅེས༔ བར་རླུང་བུམ་ཅན་རྒྱུན་འཛིན་དྲན་པའི་རྟེན༔ བསྐྱེད་རྫོགས་བསྒོམ་བཟླས་སྤྱོད་ལམ་རྣམ་བཞིའི་དུས༔ བུམ་ཅན་བར་རླུང་ལྟེ་བའི་འོག་ཏུ་ནོན༔ ལྟེ་འོག་རླུང་གཉིས་ཙིར་གྱིས་ཁ་སྦྱར་ན༔ སྣང་སྟོང་ཟུང་འཇུག་དགོངས་པ་མངོན་དུ་འཆར༔ ཞུགས་གནས་ཐིམ་གསུམ་ལས་རླུང་དབུ་མར་ཚུད༔ རྣམ་གྲོལ་ཞི་བ་ཡེ་ཤེས་རླུང་དུ་དག༔ ཐུན་མཚམས་དག་ལ་གེགས་སེལ་ཧ་སྤྲུག་རེ༔ གཏད་མེད་ཧ་དེ་བ་རེར་གནས་པ་དེ༔ ཆོས་སྐུ་གཞིར་གནས་རིག་པ་དེ་ཀ་རང༔ དེ་ལས་གུད་ན་སངས་རྒྱས་གཞན་མེད་དོ༔ དག་པའི་རླུང་སྦྱོར་མདོར་བསྡུས་ཨ་ལ་ལ༔ རྫོགས་ཆེན་ལྟ་བ་ཨ་ཏི་ཡང་ཏི་དང༔ སྤྱི་ཏིའི་མན་ངག་ཨ་ཏིའི་རྣམ་གྲངས་ལས༔ མན་ངག་ཁྱད་འཕགས་ཨ་ཏི་སྣང་བ་བཞི༔ འདུག་སྟངས་གསུམ་དང་གཟིགས་སྟངས་རྣམ་གསུམ་གྱིས༔ གཅུན་ཏེ་སྣང་བཞི་མཐར་ཕྱིན་ཨ་ལ་ལ༔ ཞེས་གསུངས་སྐུ་གསུམ་འདུག་སྟངས་གཟིགས་སྟངས་ནི༔ གྱེན་འགྲེང་རྩིབ་ཤར་ཐུར་ལྟ་སྒྲོན་དྲུག་གནད༔ ཆོས་ཉིད་མངོན་སུམ་རིག་པ་ཚད་ལ་ཕེབས༔ ཉམས་སྣང་གོང་འཕེལ་ཆོས་ཉིད་ཟད་པའི་ས༔ འོད་ཟེར་ཆེན་པོའི་དབང་བསྐུར་མཆོག་ཆེན་ཐོབ༔ འཇའ་ལུས་འཕོ་ཆེན་བི་མ་མི་ཏྲ་ལྟར༔ འཁོར་འདས་དག་ཆེན་གཞོན་ནུ་བུམ་སྐུར་གྲོལ༔ གྲོལ་དང་མི་གྲོལ་བཏགས་པ་ཙམ༔ བཏགས་པ་ཙམ་གྱིས་གྲུབ་པ་ཡིན༔ ཞེས་ཕྱག་རྫོགས་དབུ་གསུམ་གྱི་དོན་བསྡུས་ཟིན་ཐོ་འདི་ཉིད་སློབ་དཔོན་སྡོམ་བརྩོན་དམ་པ་ཀྱག་དོ་པདྨ་མ་ཏིའི་བཞེད་སྐོང་དུ༔ རྣལ་འབྱོར་རློམ་སེམས་མཁན་ས་ར་ཧི་ཏས་གང་ཤར་སུག་བྲིས་བགྱིས་པ་དགེ་ལེགས་འཕེལ༔

དམ་པ་གསུམ་གྱི་ཟིན་བྲིས།

དམ་པ་གསུམ་གྱི་ཟིན་བྲིས་ནི། སྐུ་གསུམ་བླ་མ་རྣམས་ལ་གསོལ་བ་འདེབས། བླ་མ་རྣམས་ཀྱིས་བྱིན་གྱིས་རློབས། རིགས་ལྡན་དམ་པའི་སྐྱེས་བུ་ཆེན་པོ་ལགས། ཆོས་གང་ཞིག་འཆད་ཉན་སྒོམ་སྒྲུབ་གང་གི་སྐབས་སུ་ཡང་དམ་པ་གསུམ་གྱིས་ཟིན་པ་ཤིན་ཏུ་ལེགས་པས། སྦྱོར་བ་སེམས་བསྐྱེད་དམ་པ་ཟེར་བ་ནི། སྨོན་འཇུག་གཉིས་པོ་དེ་ལ་ཟེར། ཇི་སྐད་དུ། འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ། །བྱང་ཆུབ་སྨོན་པའི་སེམས་དང་ནི། །བྱང་ཆུབ་འཇུག་པ་ཉིད་ཡིན་ནོ། །ཞེས་གསུངས་པ་བཞིན། ཐོག་མར་རང་འདི་ལྟར་ནམ་མཁའ་སྟོང་པ་འདིས་ཁྱབ་པའི་སེམས་ཅན་ཐམས་ཅད་གཅིག་ཀྱང་མ་ལུས་པ་རྫོགས་པའི་སངས་རྒྱས་དག་པ་གཉིས་ལྡན་གྱི་གོ་འཕང་ལ་བདག་གཅིག་པུས་དགོད་པར་བྱ། དེའི་ཆེད་དུ་དགེ་བའི་དངོས་པོ་གང་དང་གང་ཡིན་ཡང་བསྒྲུབ་པར་བྱ་བསམ་པ་སྦྱོར་བ་སེམས་བསྐྱེད་དམ་པ། དགེ་བའི་དངོས་པོ་གང་དང་གང་སྒྲུབ་ཀྱང་དེ་ལས་སེམས་གཞན་དུ་མི་གཡེང་བར་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་དེའི་ངང་ནས་བཟླ་བ་དངོས་གཞི་དམིགས་མེད་དམ་པ། དུས་རྒྱུན་དུ་སྔོན་འགྲོ་བླ་མའི་རྣལ་འབྱོར་གྱི་རྗེས་དབང་བཞི་ཐོད་རྒལ་དུ་བླང་བ་གནད་སྨིན་གྱི་རྗེས་སུ། ལུས་རྣམ་སྣང་ཆོས་བདུན་གྱི་ངང་ནས་གཡས་རོ་མ་ནས་ཉོན་མོངས་པ་ཞེ་སྡང་ལས་བསྐྱེད་པའི་ལས་དང་བག་ཆགས་ཐམས་ཅད་རླུང་དཀར་ལ་མོག་པའི་རྣམ་པ་ཅན་དུ་ལྷག་མ་མེད་པར་ཕྱིར་བུད་པར་བསམ། གཡོན་རྐྱང་མ་ནས་ཉོན་མོངས་པ་འདོད་ཆགས་ལས་བྱུང་བའི་དམ་ཚིག་ཉམས་ཆག་ཉེས་ལྟུང་ཐམས་ཅད་རླུང་དམར་ལ་མོག་པའི་རྣམ་པ་ཅན་དུ་ཕྱིར་བུད་པར་བསམ། དབུས་ནས་གཉིས་མཉམ་དུ་ཉོན་མོངས་པ་གཏི་མུག་གི་སྒོ་ནས་བསགས་པའི་དམ་ཚིག་ཉམས་ཆག་ཉེས་ལྟུང་ཐམས་ཅད་རླུང་ཁ་དོག་དུད་ཁའམ་མོག་པའི་རྣམ་པ་ཅན་དུ་ཕྱིར་བུད་པ་དང་མཉམ་དུ་ནད་ཐམས་ཅད་རྣག་དང་ཁྲག གདོན་ཐམས་ཅད་སྦལ་སྦྲུལ་སྡོམ་སྡིག་ཉ་ལྕོང་གྲོག་སྦུར་གྱི་རྣམ་པ། སྡིག་སྒྲིབ་ཐམས་ཅད་དུད་ཁུ་སོལ་ཁུའི་རྣམ་པར་ཕྱིར་བུད་ནས་དབང་ཆེན་ས་གཞི་ལ་ཐིམ་སོང་བས་ལས་ཀྱི་གཤིན་རྗེ་གླང་དམར་པོའི་རྣམ་པར་ཡོད་པ་དེ་དང་། ལན་ཆགས་ཀྱི་བདག་པོ་བདག་མོ་རྣམས་ཀྱི་ཁར་སོང་བར་བསམ་ཞིང་། ཤ་འཁོན་བུ་ལོན་དག་པར་བསམ། ཧ་སྤྲུག་གི་དུས་ཉོན་མོངས་པ་ལྔ་དང་འབྱུང་བ་ལྔའི་རླུང་དུག་ཐམས་ཅད་སང་སང་དག་པར་བསམ། དེ་ནས་རླུང་བུམ་པ་ཅན་ནམ། རིལ་བ་ཞབས་ཚགས་ཅན་ནམ། བར་རླུང་ངམ་གསང་རླུང་གི་དོད་པོ་ལ། དང་པོ་སྙིང་གུར་སྨུག་པོ་སོགས་དུས་དམིགས་པ་ནི། ཕྱི་སྣོད་འབྱུང་ལྔའི་དྭངས་མ། ནང་བཅུད་སེམས་ཅན་གྱི་ཚེ་བསོད་སྟོབས་འབྱོར། ཕྱོགས་བཅུའི་རྒྱལ་བའི་མཁྱེན་བརྩེ་ནུས་པའི་ཡོན་ཏན་ཐམས་ཅད་རླུང་སྔོན་པོའི་རྣམ་པར་སྣ་བུག་གཉིས་ནས་བརྔུབས་ཏེ་ཡུར་བར་ཆུ་དྲངས་བ་ལྟར་རོ་རྐྱང་གི་ལམ་ནས་བརྒྱུད། དབུ་མའི་མར་སྣེར་ཞུགས་ནས་ཕྱུ་རུ་རུ་ཡར་བྱུང་། ཐུགས་ཀའི་ཀུན་བཟང་གི་སྙིང་དབུས་ཨ་ལ་འདུས་པར་བསམ་ལ་སྦྱོར་བ་བཞི་ལྡན་གྱི་གནད་ལ་བརྟེན་པ་གལ་ཆེའོ།། རྗེས་ཉོན་མོངས་རླུང་སེམས་སོགས་ཀྱི་བསྔོ་བ་དང་སྨོན་ལམ་གྱིས་མཐའ་བརྟན་པར་བྱའོ།། དུས་ནམ་ཡང་བུམ་པ་ཅན་དང་སེམས་རྩེ་གཅིག་པའི་ཏིང་འཛིན་ལ་གནད་དུ་བསྣུན་པ་གལ་ཆེའོ།། བསྔོ་བ་དེ་ལ་འཁོར་གསུམ་དམིགས་མེད་དང་རྗེས་མཐུན་གྱི་བསྔོ་བ་སོགས་ཀྱིས་རྒྱས་བཏབ་ཅིང་། འཛད་པའི་རྒྱུ་བཞི་གང་གིས་ཀྱང་མ་གོས་པར་བྱ་དགོས་པ་ལེགས། འཛད་པའི་རྒྱུ་བཞི་ནི། མ་བསྔོས་པ་དང་ལོག་པར་བསྔོས། །གཞན་ལ་ངོམ་དང་འགྱོད་པ་སྐྱེས། །དེ་ནི་འཛད་པའི་རྒྱུ་བཞི་ཡིན། །གསུངས་ཕྱིར་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དང་འཇམ་དཔལ་དབྱངས་སོགས་ཀྱིས་ཇི་ལྟར་བསྔོས་པ་བཞིན་བདག་གིས་ཀྱང་དེ་བཞིན་དུ་བསྔོ་བསམ་པ་རྗེས་མཐུན་པ་ལགས། དེ་འདྲའི་དམིགས་གནད་རྩྭ་སོག་གཏིབ་མ་ལྟར། །མདོ་དོན་ཚིག་ལ་ཆ་འཇོག་འགའ་མེད་མོད། །ང་ཅག་ཐོས་བསམ་སྒོམ་པའི་ཡོན་ཏན་ཞན། །དེ་ཕྱིར་གནད་དོན་བྲི་བར་འོས་མིན་ཡང་། །མཆེད་གྲོགས་དམ་པའི་བཀའ་ནན་ལྡོག་མ་ནུས། །ཅི་དྲན་ཡི་གེ་རིས་སུ་སྤེལ་བ་དགེ།།

ནམ་མཁའ་སུམ་སྤྲུགས་ཀྱི་གདམས་པ།

ནམ་མཁའ་སུམ་སྤྲུགས་ཀྱི་གདམས་པ། ཕྱིའི་ནམ་མཁའ་ནམ་མཁའ་སྟོང་པ། ནང་གི་ནམ་མཁའ་སེམས་ཉིད་སྟོང་པ། བར་གྱི་ནམ་མཁའ་དབྱིངས་རིག་ཟུང་འཇུག ནམ་མཁའ་གསུམ་གྱི་གདམས་པ། ནམ་མཁའ་མིག་གིས་མ་བོར་བའི་ངང་ལ་སྡོད་ཅིག བླ་མ་གཞན་ཕན་ནས་ཨ་ནེ་ཇོ་མོ་ཚུལ་ཁྲིམས་སྒྲོན་མ་ལ་གདམས་པའོ།། དགེ་ལེགས་འཕེལ།

བཱ་ལྷ་སྒང་གི་གནས་ལ་བསྟོད་པ་དུང་དཀར་སྐྱེ་བ་ལྔ་པའི་རང་སྒྲ།

དཔལ་དང་ཡོན་ཏན་གྱིས་མངོན་པར་མཐོ་བ་བཱ་ལྷ་སྒང་གི་གནས་ལ་བསྟོད་པ་དུང་དཀར་སྐྱེ་བ་ལྔ་པའི་རང་སྒྲ་དད་པའི་འཁྲི་ཤིང་འོད་ཀྱི་ཟླ་ཞུན་ཞེས་བྱ་བ་བཞུགས་སོ༔

ཨེ་མ་ཧོ༔ རང་བྱུང་ཀ་དག་སྤྲོས་བྲལ་ཆོས་ཀྱི་སྐུ༔ རང་གདངས་ལྷུན་གྲུབ་གསལ་དག་ལོངས་སྤྱོད་རྫོགས༔ རང་རྩལ་འགག་མེད་རོལ་པ་སྤྲུལ་པའི་གར༔ རང་རིག་དོན་སྟོན་བླ་མ་ཉིད་ལ་འདུད༔ མི་མཇེད་ཞིང་གི་སྟོན་པ་ཤཱཀྱའི་ཏོག༔ མཚན་དཔེའི་ལང་ཚོ་རབ་ངོམ་ཚངས་དབྱངས་གསུང༔ གང་ཐུགས་ཡེ་ཤེས་རྒྱ་མཚོའི་བདག་ཉིད་རྗེ༔ སྲིད་གསུམ་ལྷ་མིའི་མཆོད་སྡོང་དེ་ལ་འདུད༔ དྲི་བྲལ་ཡན་ལག་བརྒྱད་ལྡན་རྒྱ་མཚོའི་དབུས༔ པདྨ་གེ་སར་སྡོང་པོའི་རྩེར་ལྷག་པའི༔ བཀྲ་ཤིས་ཡོན་ཏན་དུ་མས་བརྒྱན་པའི་སྐུ༔ ཨོ་རྒྱན་རྡོ་རྗེ་འཆང་ལ་གུས་པས་འདུད༔ བཅུ་དྲུག་དགའ་བའི་ཡེ་ཤེས་མཛའ་ན་མོ༔ བོད་ཡུལ་གཏེར་གྱི་གཉེར་འཛིན་མཁར་ཆེན་བཟའི༔ གསང་གསུམ་སྒྱུ་འཕྲུལ་འགྲོ་བའི་དེད་དཔོན་མཆོག༔ དགོངས་པའི་གཏེར་མངའ་ལུང་རིག་གླིང་ལ་འདུད༔ མཆོད་པར་བརྗོད་པ་འགའ་ཡིས་མདུན་བསུས་ནས༔ གནས་བསྟོད་གཡས་འཁྱིལ་སྐྱེ་ལྔའི་རང་སྒྲ་ངོམ༔ དབྱིངས་ཡུམ་ཌཱཀྐིའི་བརྡ་གླུ་འདི་ན་འཁྲོལ༔ ཤེས་ལྡན་ཀུན་གྱི་སྒྲ་འཛིན་དབང་པོར་བསྟིམ༔ སྔོན་ཚེ་མི་མཇེད་ཞིང་གི་དུས་སྟོན་པ༔ མཉམ་མེད་བདེ་གཤེགས་དོན་ཀུན་གྲུབ་པའི་དཔལ༔ གང་དེས་ལྔ་བདོའི་འགྲོ་བའི་མུན་སེལ་ཕྱིར༔ བཀའ་ཡི་འཁོར་ལོ་རང་སྐལ་འཚམས་པར་བསྐོར༔ སྐུ་གསུང་ཐུགས་ཀྱི་ཆོ་འཕྲུལ་ཆེན་པོ་མཛད༔ རིགས་དྲུག་འདྲེན་པའི་བཅོམ་ལྡན་ཐུབ་དྲུག་སྤྲུལ༔ ཐེག་གསུམ་འདྲེན་པའི་སེང་གེའི་ང་རོ་ཡིས༔ ཕས་རྒོལ་མུ་སྟེགས་ཝ་སྐྱེས་མཐར་བསྐྲད་ཚེ༔ སྐྱེ་རྒུའི་བདག་མོ་རབ་ཏུ་བྱུང་བའི་རྐྱེན༔ བསྟན་པ་ལྔ་བརྒྱ་འགྲིབ་པ་གསོ་བའི་ཆེད༔ བསྟན་པའི་མངའ་བདག་གང་དེའི་ཕྲིན་ལས་ཀྱི༔ ཟློས་གར་བཟོ་བོ་ཀརྨ་བི་ཤྭ་ཡིས༔ ཙན་དན་སྦྲུལ་སྙིང་ཀོར་ཤིའི་ཤིང་ལ་སོགས༔ མ་དྲོས་པ་སོགས་རྒྱ་མཚོའི་བྱེ་མ་སྟོང༔ རྡོ་རྗེ་གདན་དང་བྱང་ཕྱོགས་ཤམ་བྷ་ལ༔ རི་བོ་ཏ་ལ་ཐུབ་པའི་བཞུགས་གནས་བརྒྱད༔ ཀུན་གྱི་ས་སྣ་ཆུ་སྣ་ཁྱད་པར་དུ༔ ལྷ་ཀླུ་མི་དང་མི་མིན་སྐྱེ་འགྲོ་ཡི༔ བསོད་ནམས་མཐུ་ལས་གྲུབ་པའི་ཡིད་བཞིན་ནོར༔ རིན་ཆེན་སྣ་ཚོགས་དབྱིག་ཀུན་རྫུ་འཕྲུལ་གྱིས༔ ཕྱོགས་གཅིག་བསྡུས་ཏེ་སྐུ་ཚབ་འཛམ་གླིང་རྒྱན༔ ལྷ་སའི་ཇོ་བོ་ཡིད་བཞིན་ནོར་བུ་དང༔ མི་འགྲོ་གསུང་འབྱོན་མཐོང་བ་དོན་ལྡན་སོགས༔ ལེགས་པར་བཟོས་ཤིང་སངས་རྒྱས་བྱིན་རླབས་མཛད༔ མ་འོངས་བསྟན་པའི་གཉེན་དུ་མངའ་ཡང་གསོལ༔ འོག་ཕྱོགས་ཀླུ་ལ་མཆོད་པའི་རྟེན་དུ་བསྩལ༔ དེ་ནས་གངས་ཅན་བསྟན་པ་གསོ་ལ་ཉེ༔ དེ་དུས་འཇམ་དབྱངས་མི་ཡི་ཟོལ་བསྟན་པ༔ མི་དབང་ས་བདག་རཱ་ཛ་ཙི་ན་ཡི༔ ཚོགས་བསགས་ཞིང་དུ་བསོད་ནམས་སྟོབས་ཀྱིས་བྱོན༔ ཀུན་བཟང་སྤྲུལ་པ་གཉའ་ཁྲི་ནས་བཟུང་སྟེ༔ ལྷ་རི་སྙན་ཤལ་བར་དུ་ཆོས་མ་དར༔ དེ་དུས་དམ་པའི་ཆོས་ཀྱི་དབུ་བརྙེས་ནས༔ རྒྱལ་རབས་ལྔ་མཐར་འཕགས་པ་སྤྱན་གཟིགས་ཀྱིས༔ འགྲོ་ལ་རྗེས་ཆགས་སྙིང་རྗེའི་བདག་ཉིད་གང༔ ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་བྱོན༔ ཆོས་ཀྱི་སྲོལ་བཏོད་ལྷ་ས་འཕྲུལ་སྣང་སོགས༔ གཙུག་ལག་ཁང་བརྒྱ་མཐའ་འདུལ་ཡང་འདུལ་བཞེངས༔ རྗེ་བཙུན་ཡིད་བཞིན་འཁོར་ལོའི་ཟློས་པའི་གར༔ བལ་བཟའ་ཁྲི་བཙུན་རིག་མར་མངའ་གསོལ་ཚེ༔ བལ་བོའི་སྐུ་རྟེན་རྣམ་གསུམ་ལྷ་སར་གདན༔ རྗེ་བཙུན་སེང་ལྡིང་ནགས་ཀྱི་ཏཱ་རེ་མའི༔ གསང་གསུམ་སྒྱུ་འཕྲུལ་ས་སྐྱོང་དབང་མོའི་ཚུལ༔ རྒྱ་བཟའ་ཀོང་ཇོ་རྒྱལ་པོའི་བཙུན་མོ་རུ༔ མངའ་གསོལ་ཕུལ་ཚེ་སྔོན་གྱི་སྨོན་ལམ་སྟོབས༔ བོད་དུ་བྱོན་ཚེ་སྐུ་རྟེན་རྣམ་པ་གསུམ༔ བོད་དུ་ཆས་པའི་ཕེབས་རྫོངས་གནང་བ་ལགས༔ དེ་ནས་ཡར་བྱོན་མདོ་ཁམས་སྒང་དྲུག་གི༔ ཤར་ཕྱོགས་མི་ཉག་བཱ་ཡི་ལྷ་སྒང་དུ༔ རྒྱ་བཟའ་ཕྱག་ཕེབས་བློན་པོ་རྒྱ་ཡུལ་ལུས༔ དེ་ལ་རྗེས་ཆགས་སྔོན་སྦྱངས་ལས་འཕྲོ་དང༔ སྨོན་ལམ་དུས་བབས་རྒྱལ་བས་ལུང་བསྟན་བཞིན༔ མདོ་སྨད་ཕྱོགས་ཀྱི་ཚོགས་བསགས་ཞིང་གྱུར་པ༔ ལྷ་དགའ་རིགས་གསུམ་མགོན་པོའི་གནས་རིའི་ཞོལ༔ ཐུགས་བསྐྱེད་ལས་བྱུང་ལས་བཞིའི་མཆོད་རྟེན་དང༔ བརྒྱ་རྩ་བརྒྱད་ཀྱི་ཐུགས་བསྐྱེད་རྫུ་འཕྲུལ་གྱི༔ སྟོབས་བསྐྲུན་ཇོ་བོ་མཐོང་བ་དོན་ལྡན་ཉིད༔ གནས་འདིར་བརྟན་བཞུགས་བཀྲ་ཤིས་སྨོན་ལམ་མཛད༔ ས་ཡི་བཅུད་དང་ཡུལ་གྱི་ཞིང་མཆོག་ཏུ༔ རྟེན་དང་བརྟེན་པའི་ལྷ་ཚོགས་ལྷུན་གྱིས་གྲུབ༔ བྱིན་དབབ་ཕྱག་གིས་མེ་ཏོག་འཐོར་ནས་བཞག༔ ར་མོ་ཆེ་འམ་མི་འགྲོ་གསུང་འབྱོན་དང༔ ཤཱཀྱ་མུ་ནེ་དམར་པོའི་རི་ལ་དྲངས༔ དེ་རྗེས་རྒྱལ་རབས་ལྔ་ཡི་མཐའ་མ་དེར༔ དཔལ་གྱི་བསམ་ཡས་ཧས་པོ་རི་ཡི་འདབས༔ མཁན་སློབ་ཆོས་གསུམ་སྨོན་ལམ་དུས་སུ་འཛོམས༔ གཙུག་ལག་ཁང་བཞེངས་རྒྱ་བོད་པཎ་ཆེན་གདན༔ རྣམ་སྣང་ལོ་ཙཱ་སྐ་ཅོག་ཞང་གསུམ་སོགས༔ ལོ་ཙཱ་བརྒྱ་རྩས་རྒྱ་ཆོས་བོད་དུ་བསྒྱུར༔ མདོ་སྔགས་བསྟན་པ་ཉི་ཟླའི་འོད་ཟེར་འབར༔ གངས་རིའི་ལྗོངས་འདིར་བསྟན་པ་མཐའ་རྒྱས་མཛད༔ བཻ་རོས་གདུལ་བྱ་རྒྱལ་མོ་རོང་དུ་གཟིགས༔ འགྲོ་དོན་དུས་བབས་ཚེ་སྤོང་མ་ཡིས་སྤྱུགས༔ རོང་ཆེན་བཞི་དང་མདོ་ཁམས་སྒང་དྲུག་གི༔ མི་སྲུན་ལྷ་འདྲེ་དུ་མས་ཐོ་འཚམས་ནས༔ ཆོ་འཕྲུལ་མི་བཟད་འབར་བའི་དཔུང་ངོམ་ཚེ༔ ཐུགས་དམ་ལ་བཞུགས་ཨོ་རྒྱན་ཆེན་པོ་ལ༔ གསོལ་བཏབ་ཐུགས་རྒྱུད་བསྐུལ་ཚེ་དབྱིངས་རུམ་ནས༔ སྟག་ཞོན་རྡོ་རྗེ་ཁྲོ་བོའི་རྣམ་པར་བྱོན༔ རྗེ་འབངས་ཉེར་ལྔ་རྒྱ་བོད་པཎ་གྲུབ་ཚོགས༔ བརྟུལ་ཞུགས་མཛད་དེ་ཞི་ཆགས་ཁྲོས་པའི་གར༔ སྒྱུ་འཕྲུལ་རྡོ་རྗེའི་སྤྲིན་གྱི་རོལ་མོ་ཡིས༔ མི་སྲུན་ལྷ་འདྲེ་ཆེ་རྒུས་སྲོག་སྙིང་ཕུལ༔ མི་འདའ་རྡོ་རྗེའི་ཐ་ཚིག་སེམས་ལ་ཕོག༔ སངས་རྒྱས་བསྟན་སྲུང་བསྟན་འཛིན་སྐུ་ཚེ་བསྲིངས༔ བསྟན་པའི་སྦྱིན་བདག་མི་མཐུན་རྒུད་པ་བསལ༔ དཀར་ཕྱོགས་སྐྱོང་ཞིང་ནག་ཕྱོགས་བཏུལ་ལོ་ཞེས༔ ཁས་བླངས་བཞིན་དུ་དཀར་ཕྱོགས་ལས་ལ་བཀོལ༔ ནག་ཕྱོགས་མི་མིན་སྡེ་ཚོགས་ཆམ་ལ་དབབ༔ ས་གནས་བྱིན་རླབས་རི་བྲག་གཏེར་གྱིས་གཏམས༔ སྐུ་ཚབ་ལུང་བསྟན་གསུང་ཚབ་བརྡ་རུ་བཀོད༔ ཐུགས་ཀྱི་དགོངས་པ་སྐལ་ལྡན་ཡོངས་ལ་གཏད༔ གངས་ཆེན་བཞི་ཡི་ཅིག་ཤོས་འབོ་དཀར་ཕྱོགས༔ སྐུ་གསུང་ཐུགས་ཀྱི་གནས་གསུམ་བྱིན་གྱིས་རླབས༔ སྐུ་ཡི་གནས་རི་བཞག་བྲ་ལྷ་རི་རྩེ༔ གསུང་གི་གནས་རི་རིགས་གསུམ་ཉེ་སྲས་བརྒྱད༔ ཐུགས་ཀྱི་གནས་རི་ཕོ་བྲང་འཁོར་ལོ་ལྔ༔ ཡོན་ཏན་ཕྲིན་ལས་ལ་སོགས་གནས་རྣམས་ལ༔ ཨོ་རྒྱན་ཆེན་པོ་སྤྲུལ་པ་འཁོར་བཅས་ཀྱིས༔ ཕྱག་གིས་མེ་ཏོག་འཐོར་ཞིང་ཞབས་ཀྱིས་བཅགས༔ ཞལ་གྱིས་བཀྲ་ཤིས་ཚིགས་སུ་བཅད་པ་བླངས༔ ཐུགས་ཀྱི་དགོངས་པས་བྱིན་རླབས་རྫུ་འཕྲུལ་བསྟན༔ ས་རྡོ་རི་བྲག་རྩི་ཤིང་ནགས་ཚལ་ཀུན༔ སྐུ་ཡིག་ཕྱག་མཚན་བཀྲ་བའི་རྟེན་དུ་བསྒྱུར༔ དེ་རྗེས་རྒྱ་གར་གྲུབ་པའི་སྤྲུལ་བསྒྱུར་ལས༔ གྲུབ་ཐོབ་བྲམ་ཟེ་མགོན་དང་ས་ར་ཧ༔ མི་ཕམ་ཉི་མ་རྒྱལ་མཚན་ལ་སོགས་པས༔ ཤར་ཕྱོགས་ཀེ་ལ་ཤ་ཡི་ཐུགས་ཀྱི་རྟེན༔ མར་མེའི་གཟུངས་ལྡན་རྒྱ་མཚོའི་སྟེང་འགེབ་པ༔ ཙན་དན་སྦྲུལ་སྙིང་སྲོག་ཤིང་མཆོད་རྟེན་སོགས༔ སྐུ་གསུང་ཐུགས་རྟེན་འགྲོ་ལ་སྨན་སླད་གྲུབ༔ རྟེན་རྙིང་ཐམས་ཅད་ཞིག་གསོ་རབ་གནས་མཛད༔ གྲུབ་རྟགས་ཡ་མ་ཟུང་གི་ཆོ་རོལ་འགྱེད༔ ཕ་ཅིག་གྲུབ་དབང་ཞིག་པོ་བླ་མ་དང༔ ཆོས་རྒྱལ་འཕགས་པ་མི་ཉག་མཁས་པ་བཞི༔ ས་དགེ་རྙིང་གསུམ་མཁས་ཤིང་གྲུབ་པ་བརྙེས༔ དུ་མ་རིམ་བྱོན་ས་འདིར་དགེ་ལེགས་མཛད༔ བསྐལ་པ་འདི་ལ་ཡ་ཐོག་རིང་མོ་དང༔ མ་ཐོག་ཐུང་ངུ་ཁུག་པ་བཅོ་བརྒྱད་འབྱུང༔ དེང་སང་བར་ཁུག་སྙིགས་མ་ལྔ་བདོའི་དུས༔ སངས་རྒྱས་བསྟན་པ་ལུང་གི་ལྷག་མ་ལ༔ སུམ་ཅུ་ཁ་རལ་ཏུ་རུ་ཁ་བརྒྱད་དར༔ སྟེང་གི་ལྷ་དང་བར་གྱི་གཉན་ཁམས་འཁྲུགས༔ འོག་གི་ཀླུ་དང་ས་བདག་སྡེ་བརྒྱད་འཁྲུགས༔ ནད་མུག་མཚོན་གྱིས་རྒྱ་བོད་ཧོར་གསུམ་ཁྱབ༔ ཡུལ་ཕྱོགས་རེ་བཞིན་ས་རྟགས་དུས་རྟགས་མངོན༔ ཁྱད་པར་མི་ཉག་ལྷ་སྒང་ཟླ་ཚེས་ཐང༔ སྐུ་གསུང་ཐུགས་རྟེན་འགའ་ལ་ཞིག་རལ་འབྱུང༔ ཇོ་བོའི་སྟེང་དུ་མ་ཀིའི་ཆབ་ཀྱིས་བྲན༔ ཇ་ཧོང་ཆས་ལྡན་འཇོལ་མོའི་སྐད་ཀྱིས་བསླུ༔ འཇམ་དཔལ་རལ་གྲིའི་ལྗོན་པ་ནགས་ཀྱིས་བསྐོར༔ སྤྱན་གཟིགས་རི་ཡི་རྒྱབ་ཏུ་ས་རལ་འབྱུང༔ ཕྱག་རྡོར་སྟག་ཤམ་མཐའ་བཞི་ཆབ་ཀྱིས་རྡོལ༔ སྒྲོལ་མ་རྒྱ་བཟའི་བླ་རིར་རྟགས་མཚན་འབྱུང༔ དེ་དུས་ཡུལ་འདིར་མི་འདོད་འགའ་ཞིག་འབྱུང༔ རྒྱ་བོད་འཁྲུགས་རྩོད་དམ་སྲིའི་ཕྲུ་མ་འགྱེད༔ རྗེ་འཕྲུལ་རཱ་ཛ་བྱད་ཀྱི་དྲྭ་བར་ཚུད༔ ཕ་སྤུན་ནང་འཁོན་འགའ་ཞིག་དམངས་སུ་འབེབས༔ ཡུལ་མི་ཐམས་ཅད་ཤིང་བལ་རླུང་ཁྱེར་བཞིན༔ རང་སེམས་ལུས་པོའི་སྦུབས་སུ་ཚུགས་ཐབས་མེད༔ དམག་སོགས་མི་སྙན་སྒྲ་ཡིས་རྣ་བ་མྱོས༔ མི་སྐྱས་ཆོས་བཤད་འདྲེ་མོས་མངོན་ཤེས་སྟོན༔ ཟོག་པོས་དམ་པའི་ཚུལ་བཟུང་སྐྱེ་འགྲོ་བསླུ༔ དམ་པ་དུ་མ་ཚེ་ཡི་འཕྲང་དུ་ཚུད༔ དེ་འདྲའི་དུས་ངན་སྐྱོབ་པའི་ལྷ་གཅིག་པུ༔ ཨོ་རྒྱན་ཆེན་པོ་འཇིགས་སྐྱོབ་རྒྱལ་བའི་ཡུམ༔ ཏཱ་རེ་ལྷ་མོ་རིགས་གསུམ་སེམས་དཔའ་ཆེ༔ མི་སྐྱ་ཕོ་མོས་བསྙུང་གནས་སྡོམ་པ་སྲུངས༔ མ་ཎི་སིདྡྷིའི་འཛབ་དབྱངས་སྙན་པར་སྒྲོགས༔ སྐུ་གསུང་ཐུགས་རྟེན་གསོ་དང་རབ་གནས་སྐྱོར༔ བླ་སེར་རྣམས་ཀྱིས་གསོ་སྦྱོང་དམ་སྐོང་དང༔ ཚེས་བཅུ་ཉེར་ལྔའི་དུས་མཆོད་ཆགས་མེད་རེམ༔ འབྱོར་ལྡན་རྣམས་ཀྱིས་གནས་སྟོང་ཁྲུས་བརྒྱ་དང༔ བཀྲེན་པ་ཅན་ཚོས་བྱིན་ལྡན་གནས་རི་དང༔ སྐུ་གསུང་ཐུགས་ཀྱི་རྟེན་ལ་ཕྱག་སྐོར་འབུངས༔ མི་མཐུན་དུས་ཀྱི་རྒུད་པ་རེ་ཞིག་སེལ༔ ཁྱད་པར་གོས་དཀར་ལྷ་མོའི་རང་བཞིན་ཁམས༔ མཁའ་ལྡིང་རྒྱལ་པོས་གནམ་གནོན་ཟླ་བ་དགུའི༔ བཤོལ་དང་བཅས་པའི་ཉེར་ལྔ་ནས་བཟུང་སྟེ༔ ས་ཁམས་ཀུ་ཀུའི་ས་ག་ཟླ་བ་ཞེས༔ དུས་ཆེན་སུམ་འཛོམས་མ་རྫོགས་དེ་བར་དུ༔ ལྷ་ས་དང་མཚུངས་རྒྱ་གར་རྡོ་རྗེ་གདན༔ གཉིས་པ་མི་ཉག་རིགས་གསུམ་གནས་རི་ལ༔ འཕགས་ཡུལ་ཐུབ་དབང་དགྲ་བཅོམ་བཞུགས་གནས་བརྒྱ༔ མངོན་སངས་རྒྱ་བའི་བྱང་ཆུབ་ཤིང་གི་ལྷ༔ མངའ་རིས་སྐོར་གསུམ་བསྟན་མ་བཅུ་གཉིས་གནས༔ དབུས་གཙང་རུ་བཞི་གནས་གསུམ་རྟེན་གསུམ་སོགས༔ པདྨའི་སྒྲུབ་གནས་མཐའ་འདུལ་ཡང་འདུལ་གྱི༔ གནས་བདག་ཡེ་ཤེས་སྤྱན་ལྡན་འདི་རུ་འདུས༔ རོང་ཆེན་བཞི་དང་མདོ་ཁམས་སྒང་དྲུག་དང༔ རི་བོ་ཏེ་ཤན་ཡན་ཆད་གནས་ཆེན་དང༔ གནས་ཕྲན་སྟོང་རྩའི་བྱིན་རླབས་འདི་རུ་འཕོས༔ རིགས་ལྔའི་ཞིང་ཁམས་རབ་འབྱམས་ཕྱོགས་དུས་ཀྱི༔ རྒྱལ་དང་རྒྱལ་སྲས་སློབ་མར་བཅས་ཀུན་གྱིས༔ ཡེ་ཤེས་ཡོན་ཏན་དགོངས་པ་གནས་འདིར་འཕོས༔ བྱིན་རླབས་ཡེ་ཤེས་དྲི་བསུང་ཐུལ་ལེ་བ༔ མ་ཚོགས་མཁའ་འགྲོའི་ཁ་རླངས་ངད་དེ་བ༔ མཆོག་ཐུན་དངོས་གྲུབ་ཆར་རྒྱུན་སིལ་ལེ་བ༔ རྩ་གསུམ་རྒྱ་མཚོའི་མཐུ་བྱིན་ཤིག་གེ་བ༔ ཆོས་སྐྱོང་སྡེ་བརྒྱད་ལས་བྱེད་ཁྱུག་གེ་བ༔ དཀར་ཕྱོགས་ལྷ་ཀླུ་གཞི་བདག་ཉི་ལེ་བ༔ མི་དང་མི་མིན་འདུ་ཚོགས་དཔུང་ངེ་བ༔ མཆོད་འོས་དཀོན་མཆོག་གཟུགས་བརྙན་བཀྲ་ལེ་བ༔ ཞིང་ཁམས་འདི་ནི་སྐལ་བཟང་སངས་རྒྱས་ཀྱི༔ བཞུགས་པའི་གནས་མཆོག་རྡོ་རྗེ་གདན་དང་མཚུངས༔ འཇམ་དབྱངས་གནས་འདི་རི་བོ་རྩེ་ལྔར་འགྲན༔ ནང་ན་འཇམ་དབྱངས་རིགས་ལྔའི་ལྷ་ཚོགས་བཞུགས༔ ར་སའི་ཕུག་ཏུ་ཕྱག་མཚན་རལ་གྲི་ནི༔ རྣམ་སྣང་ལོ་ཙཱས་གཏེར་དུ་སྦས་པ་ཡོད༔ རྒྱབ་ངོས་གཤིན་རྗེའི་གདོང་ལ་ཡ་ཡིག་བཀྲ༔ ནང་དུ་ཀི་ཀང་དམར་ནག་རྒྱུད་སྡེ་ཡོད༔ རི་བོའི་རྩེ་རུ་ཇོ་དར་དམར་སེར་ཚུགས༔ ཨ་ར་པ་ཙ་ཝཀྐི་ཤྭ་རི་དང༔ འཇམ་དབྱངས་འབྲུ་དྲུག་སྔགས་ཀྱི་འཛབ་དབྱངས་སྒྲོགས༔ གཏི་མུག་སྡིག་པའི་ལས་བྱང་མཁྱེན་གཉིས་ཐོབ༔ ཆོས་དབྱིངས་ཡེ་ཤེས་མངོན་གྱུར་ཨ་ལ་ལ༔ འཕགས་པའི་གནས་འདི་རི་བོ་ཏ་ལར་མཚུངས༔ ནང་ན་རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་བཞུགས༔ རི་ཡི་ངོས་ལ་ཞལ་ཕྱག་མཚན་མ་མངོན༔ བྲག་དམར་གདོང་ལ་བཅུ་གཅིག་ཞལ་གྱི་སྐུ༔ མཐོ་གང་དཔལ་གྱི་རྡོ་རྗེས་སྦས་པ་ཡོད༔ སྒྲུབ་ཕུག་ངོས་ལ་སྐུ་ཡིག་ཕྱག་མཚན་བཀྲ༔ སྐལ་བ་ལྡན་པས་སྔགས་སྒྲ་རོལ་མོ་ཐོས༔ ལོ་གསུམ་མཚམས་སྒྲུབ་ཕྱིར་མི་ལྡོག་པ་ཐོབ༔ རི་བོའི་རྩེ་རུ་ཇོ་དར་དཀར་པོ་ཚུགས༔ ཡི་གེ་དྲུག་པའི་སྒྲ་དབྱངས་དར་དིར་སྒྲོགས༔ མི་ཕྱུགས་ནད་ཞི་འདོད་ཆགས་ལས་སྒྲིབ་བྱང༔ བྱམས་དང་སྙིང་རྗེས་རང་རྒྱུད་འགེང་བ་དང༔ སོར་རྟོག་ཡེ་ཤེས་མངོན་གྱུར་ཨ་ལ་ལ༔ གསང་བདག་གནས་འདི་ལྕང་ལོ་ཅན་གྱི་ཟླ༔ ནང་ན་འབྱུང་པོ་འདུལ་བའི་ལྷ་ཚོགས་བཞུགས༔ མདུན་ངོས་གསང་བའི་བྱང་སེམས་གཉན་ནད་སེལ༔ ཆུ་མིག་ཕུག་ཏུ་རྡོ་བ་སྲོག་ཆགས་གཟུགས༔ དེ་ཡི་ཁོང་ན་ཀླུ་ཡི་ནོར་བུ་དང༔ བཻཌཱུར་མཐིང་གའི་སྒྲོམ་བུ་བདུན་ལྡན་ཡོད༔ རི་ཡི་རྩེ་ལ་དར་མཐིང་ཇོ་གུར་ཕུབ༔ བཛྲ་པ་ཎི་འབྱུང་པོ་འདུལ་བའི་སྔགས༔ འཛབ་ཀྱི་སྒྲ་སྒྲོགས་མི་མཐུན་འཁྲུགས་རྩོད་ཞི༔ མི་བདེའི་སྣ་འདྲེན་དམ་འགོང་རིང་མཐར་བསྐྲད༔ ཞེ་སྡང་ལས་གྱུར་སྡིག་སྒྲིབ་བག་ཆགས་བྱང༔ བརྟུལ་ཞུགས་ལམ་ལྷོངས་དུས་མིན་ཚེ་འཕྲང་གྲོལ༔ མེ་ལོང་ཡེ་ཤེས་མངོན་གྱུར་ཨ་ལ་ལ༔ རང་རང་མཐའ་ལ་ཉེ་སྲས་སེམས་དཔས་བསྐོར༔ མཁའ་ལྡིང་རི་ལ་ཁྱུང་སྒོང་འཕུར་ཤེས་གདའ༔ ས་བདག་ཀླུ་གཉན་གདོན་གྱི་ཁ་གནོན་ཡིན༔ བཞག་བྲའི་དགེ་བསྙེན་སྒྲུབ་པའི་གསས་མཁར་སྟེང༔ གཞི་བདག་འདུ་རྫོངས་ཆོ་ལོའི་རྟགས་སྒྲིལ་ངོམ༔ དེ་རུ་ལྷ་གསོལ་ལབ་རྩེ་སྐུ་མཁར་དང༔ ཤིང་རིས་རླུང་རྟ་སྣ་ཚོགས་དར་འཕྲུ་ཕྱོར༔ འཁོར་འདས་མཆོད་པ་ཞི་བརྔན་བསང་གསུམ་རེམ༔ རླུང་རྟའི་རྐྱེན་སེལ་དགྲ་བླའི་ངོ་སོ་འདོན༔ དཀར་ཕྱོགས་མཐོ་ལ་ནག་ཕྱོགས་ཕམ་པར་འགྱུར༔ རྒྱ་བཟའི་བླ་རི་སྒྲོལ་མའི་གནས་མཆོག་འདི༔ སེང་ལྡིང་ནགས་རི་གཡུ་ལོ་བཀོད་དང་མཉམ༔ ནང་ན་ཏཱ་རེ་ཉེར་གཅིག་འཁོར་བཅས་བཞུགས༔ རྡོ་དང་བྲག་ལ་ཏཱ་རེའི་སྐུ་ཡིག་ཐུགས༔ གླང་པོ་རིན་ཆེན་གྲུབ་ཐོབ་བཞུགས་ཁྲིའི་ཕུག༔ རང་བྱུང་རང་ཤར་ཡ་མཚན་རྨད་དུ་བྱུང༔ རི་ཡི་ཐོག་ཏུ་དར་ལྗང་ཡི་གེ་ཚུགས༔ བསྟོད་པ་ཉེར་གཅིག་ཏཱ་རེའི་སྔགས་སྒྲ་འུར༔ འཇིགས་པ་བརྒྱད་དང་བཅུ་དྲུག་གདོན་ལས་གྲོལ༔ འདོད་པའི་དོན་ཀུན་མྱུར་མ་དཔའ་མོས་སྟེར༔ གཡུ་ཡི་མཎྜལ་གནམ་གྱི་ཀ་བ་དང༔ ཆོས་སྐྱོང་མགོན་པོའི་བླ་རྡོ་བྱིན་འོད་ཅན༔ ཨར་མོ་ལི་ཀའི་རྡོ་ལེབ་ཡན་ཆད་དུ༔ ཕྱི་སྐོར་བསྡུས་པའི་གནས་ཡིག་མདོ་ཙམ་མོ༔ སྐོར་བ་གཅིག་བྱས་མ་ཎི་དུང་ཕྱུར་བརྒྱ༔ ངེས་པར་འཐོབ་པ་འཕགས་པའི་ཐ་ཚིག་ཡིན༔ ཀུན་གྱིས་ཐེ་ཚོམ་རྟོག་པ་སྤང་འཚལ་ལགས༔ ཕྱི་སྐོར་རྒྱས་པའི་དཀར་ཆགས་འགའ་གསལ་ཡང༔ རྟ་ཕོའི་ཉིན་ལམ་བདུན་གྱིས་བསྒྲོད་དཀའ་ཙམ༔ དེ་རྣམས་ཡི་གེ་འཇིགས་པས་མ་བྲིས་སོ༔ ནང་སྐོར་ཟླ་གམ་དབང་གི་ཐང་དཀྱིལ་དུ༔ སྒྲོལ་མ་དངོས་བྱོན་ཀོང་ཇོས་ཕྱག་བཏབ་རྟེན༔ རྒྱ་བོད་པཎ་གྲུབ་ཡོངས་གྱིས་སྦས་པའི་གཏེར༔ ནད་མུག་མཚོན་གྱི་ཁ་གནོན་ཐུགས་ཀྱི་རྟེན༔ འགྲོ་བའི་ཞིང་མཆོག་ཇོ་བོ་མཐོང་ལྡན་དང༔ མེ་ཐར་མ་སོགས་རྒྱལ་བཀའ་ཡོངས་སུ་རྫོགས༔ གཙུག་ལག་བསྟན་བཅོས་ཁང་པ་བྱིན་ལྡན་གནས༔ དེ་ལ་ཕྱག་མཆོད་སྐོར་བ་གཅིག་གྲུབ་ན༔ མ་ཎི་དུང་ཕྱུར་བཅུ་ཕྲག་ལྔ་ཡི་གྲངས༔ ངེས་པར་འཐོབ་པ་ལྷ་དང་བླ་མའི་ལུང༔ རྒྱས་པའི་མཆོད་རྟེན་བསྐོར་དང་ཕྱག་བྱས་པས༔ ཚེ་བསོད་དཔལ་འབྱོར་ལུང་རྟོགས་ཡོན་ཏན་འཕེལ༔ དབང་གི་མཆོད་རྟེན་ཕྱག་སྐོར་མཆོད་བྱས་པས༔ མོས་ཚོགས་རྣམ་བཞི་དབང་འདུས་འདོད་པ་འགྲུབ༔ དྲག་པོའི་རྟེན་ལ་མཆོད་ཕྱག་སྐོར་བྱས་ན༔ དམག་འཁྲུགས་མཚོན་གྱི་བསྐལ་པ་དབྱིངས་སུ་ཞི༔ ཞི་བའི་མཆོད་རྟེན་སྐོར་ཕྱག་བཀུར་བྱས་ན༔ ནད་གདོན་སྡིག་སྒྲིབ་ལྷ་འདྲེའི་གདུག་སེམས་ཞི༔ དབུས་ཀྱི་མཆོད་རྟེན་ཡིད་བཞིན་ནོར་བུའི་ཁང༔ གྲུབ་པའི་དབང་པོས་སྦས་པའི་སྐུ་གསུང་ཐུགས༔ གཏེར་རྫས་བྱང་སེམས་རྣམས་ཀྱི་ཐུགས་བསྐྱེད་ལས༔ བྱུང་བའི་རྟེན་གྱིས་ཕྱུར་བུར་གཏམས་པ་ལ༔ ཕྱག་མཆོད་སྐོར་བ་སྨོན་ལམ་ལེགས་བཏབ་མཐུས༔ སྐྱེ་རྒུའི་མི་མཐུན་རྒུད་པ་ཡོངས་སུ་བསལ༔ འདོད་དོན་ལྷུན་གྲུབ་དཔག་བསམ་ཤིང་དང་འགྲན༔ དེ་མིན་མཆོད་རྟེན་བརྒྱ་རྩ་བརྒྱད་པོ་རྣམས༔ རྒྱ་བཟས་ཕྱག་བཏབ་རྒྱ་བོད་པཎ་གྲུབ་ཚོས༔ ཞིག་གསོ་ཕྱག་གི་མེ་ཏོག་རབ་གནས་བྱས༔ བྱང་སེམས་ས་ཐོབ་རྣམས་ཀྱིས་བྱིན་དབབ་ཅིང༔ རེ་རེ་ལ་འང་བུམ་གཏེར་རྫས་གཏེར་དང༔ དུས་ཀྱི་རྒུད་པ་སེལ་བའི་གཟུངས་འཇུག་ཡོད༔ རང་རང་སོ་སོའི་ཕན་ཡོན་བརྗོད་མི་ལངས༔ དེ་ཕྱིར་དད་འདུན་མོས་པས་གསོལ་བ་ཐོབ༔ ཡུལ་ཁམས་ཕུང་བའི་རྒྱ་འདྲེ་འབྱུང་པོ་དང༔ ལེགས་པའི་དཔལ་ལ་སྡང་བའི་དམ་སྲིའི་སྡེ༔ ཕུང་སྲིའི་གཉེན་པོ་མཆོད་རྟེན་འོག་ཏུ་ནི༔ དམ་ལྡན་སྔགས་པས་ཕུར་སྒྲུབ་ཀྱིས་ལ་ནོན༔ མཐའ་བཞིའི་དམག་གི་མཚོན་ཁ་སྡང་ཡང་ཐུལ༔ གསང་བའི་སྐོར་ལམ་ཇོ་བོ་རིན་པོ་ཆེ༔ མཐོང་བ་དོན་ལྡན་རྟེན་དང་བརྟེན་པ་ཀུན༔ དད་པའི་སེམས་ཀྱིས་ཕྱག་དང་བསྐོར་བྱས་ན༔ མ་ཎི་དུང་ཕྱུར་བཅུ་ཡི་ཕན་ཡོན་ཐོབ༔ གནས་འདུས་བཞུགས་སྐབས་ལན་གཅིག་མཇལ་ན་འང༔ མ་ཎི་དུང་ཕྱུར་གཅིག་གི་ཕན་ཡོན་གདའ༔ ཇོ་བོ་འདི་ལ་སྐོར་ཕྱག་སུས་བྱས་པ༔ སྐྱེ་བ་ལྔ་བརྒྱར་འཁོར་ལོས་བསྒྱུར་རྒྱལ་འཐོབ༔ ཇོ་བོ་འདི་ལ་ཡོན་ཆབ་སུས་ཕུལ་བ༔ ཤེས་རྒྱུད་རྙོག་མའི་སྐྱོན་སེལ་གསལ་སྟོང་ཐོབ༔ ཇོ་བོ་འདི་ལ་མེ་ཏོག་སུས་ཕུལ་བ༔ སྐྱེ་དབང་དོན་ལྡན་ལྷ་ལུས་ཡིད་འོང་འཐོབ༔ ཇོ་བོ་འདི་ལ་བདུག་སྤོས་སུས་ཕུལ་བ༔ དྲི་མེད་གཙང་མའི་ཚུལ་ཁྲིམས་བརྒྱ་ལྡན་འཐོབ༔ ཇོ་བོ་འདི་ལ་མར་མེ་སུས་ཕུལ་བ༔ དབང་པོའི་སྐྱོན་སེལ་མར་མེ་ལྟ་བུར་འགྱུར༔ ཇོ་བོ་འདི་ལ་དྲི་ཆབ་སུས་ཕུལ་བ༔ ཉོན་མོངས་གློ་བུར་སྐྱོན་སེལ་ཤེས་རབ་འབར༔ ཇོ་བོ་འདི་ལ་ཞལ་ཟས་སུས་ཕུལ་བ༔ སེར་སྣའི་སྒྲིབ་དག་རོ་བརྒྱའི་བཟའ་བ་འཐོབ༔ ཇོ་བོ་འདི་ལ་རོལ་མོ་སུས་ཕུལ་བ༔ མི་སྙན་མེད་ཅིང་ལྷ་མིའི་བསྟོད་བསྔགས་འོས༔ ཇོ་བོ་འདི་ལ་ན་བཟའ་སུས་ཕུལ་བ༔ བཀྲེན་པའི་སྐྱོན་སེལ་བཟོད་པའི་གོ་ཆ་འཐོབ༔ ཇོ་བོ་འདི་ལ་མཎྜལ་སུས་ཕུལ་བ༔ མི་ཟད་རིན་ཆེན་གཏེར་དང་འཕྲད་པར་འགྱུར༔ ཇོ་བོ་འདི་ལ་ཐོད་པ་སུས་གཏུགས་པ༔ མི་མཐུན་གཡུལ་རྒྱལ་རྒྱལ་བའི་གཙུག་ཏོར་འཐོབ༔ ཇོ་བོ་འདི་ལ་རབ་གནས་བཀྲ་ཤིས་སྒྲོག༔ ཐོག་མཐའ་བར་དུ་བཀྲ་ཤིས་དགེ་ལེགས་འཕེལ༔ མདོར་ན་གནས་འདིར་ཕྱག་སྐོར་མཆོད་འབུལ་དང༔ ཆོ་ག་ཆོས་སྤྱོད་སྒྲིབ་སྦྱང་སྦྱིན་པ་བཞི༔ དགེ་བའི་དངོས་པོ་གང་དང་གང་བསྒྲུབ་ཀྱང༔ སྟོང་ཕྲག་འབུམ་དང་དུང་ཕྱུར་ཐེར་འབུམ་སོགས༔ འགྱུར་ཁྱད་ཆེ་བས་སྔོན་ལས་འཕྲལ་རྐྱེན་བྱང༔ མི་དགེ་བཅུ་དང་མཚམས་མེད་ཉེ་བ་ལྔ༔ ལྕི་བཞི་ལོག་བརྒྱད་སོ་བྱང་སྔགས་གསུམ་གྱི༔ བཅས་པའི་ལྟུང་བ་ཁ་ན་མ་ཐོ་བའི༔ ལས་སྒྲིབ་བག་ཆགས་མ་ལུས་བྱང་ཞིང་འདག༔ ཕྱི་མར་མངོན་དགའ་བདེ་ཆེན་ཞིང་ཁམས་བསྒྲོད༔ དྲང་དོན་ཡིན་ཕྱིར་སེམས་བསྐྱེད་འཕགས་པ་ཚོས༔ དགེ་བའི་ཕན་ཡོན་ཁྲིགས་སུ་བཅད་པ་མེད༔ ལྷ་དང་བླ་མས་ཞལ་གཟིགས་ལུང་ཡང་བསྟན༔ རང་བྱུང་དབྱིངས་ཀྱི་མཁའ་འགྲོས་བརྡ་རིས་སྤྲད༔ ལས་འཕྲོ་ལྡན་པའི་སྐུ་གཉེར་གྱིས་བསྐུལ་ངོར༔ སྐུ་གསུམ་དགོངས་པའི་ཀློང་གི་རྒྱ་བཀྲོལ་ནས༔ ཡི་གེའི་འདུ་བྱེད་རི་མོའི་ལམ་དུ་དྲངས༔ གནས་བདག་སྒོ་སྲུང་རྫས་རྟགས་མཎྜལ་དང༔ སྒྲུབ་ཆུ་ལ་སོགས་རྣམ་ཐར་མང་བཀྲ་ཡང༔ མདོར་བསྡུས་ཙམ་དུ་མ་སྤྲོས་ཤེས་ལྡན་ལགས༔ གནས་འདི་སྲུང་བའི་མ་གཟའ་དམ་གསུམ་དང༔ ཕྱི་ནང་སྒོ་སྲུང་བཞག་བྲ་ལྷ་རྩེ་སོགས༔ བཀའ་འདི་འཚོས་ཤིག་སྤེལ་ཞིག་ས་མ་ཡཱ༔ འདིར་སྨྲས་པ༔ ང་འདྲའི་ཟོག་པོས་ས་སྟེང་གང་མོད་ཀྱང༔ གཏེར་མིན་གཏེར་འདྲའི་པོད་ཁ་དུ་ཡོད་ཀྱང༔ ལས་ཀ་དུ་མས་འགྲོ་བ་བསླུ་མོད་ཀྱང༔ ཤེས་མིན་ཤེས་པའི་ལུང་བསྟན་སྟོན་མོད་ཀྱང༔ ད་ལྟའི་གནས་བསྟོད་དུང་དཀར་སྒྲ་དབྱངས་འདི༔ འགྲོ་བ་བསླུ་བའི་ལོག་པའི་ཆོས་མིན་ཏེ༔ ཐར་བའི་ལམ་སྟོན་དགེ་བའི་བཤེས་གཉེན་ཡིན༔ ལོ་རྒྱུས་དོན་གྱིས་ཕན་ཡོན་མ་བཤད་ན༔ མི་ཤེས་རྨོངས་པའི་སྐྱེ་བོ་ཕལ་མོ་ཆེ༔ གསང་ཆེན་ངེས་པའི་བཀའ་ལའང་སྐྱོན་དུ་རྟོག༔ དེ་ཕྱིར་འདི་ནི་དད་པའི་འཇུག་ངོགས་ཡིན༔ འཇིག་རྟེན་ཆོས་བརྒྱད་སྣང་བས་བསླུས་པ་མིན༔ རྣམ་དག་ལྷག་བསམ་སྟོབས་ཀྱིས་བསྒྲུབ་པ་ལགས༔ དགེ་འདིས་ནམ་མཁའ་མཉམ་པའི་ལུས་ཅན་ཀུན༔ སྡུག་བསྔལ་འཁོར་བའི་གྲོང་ཁྱེར་ཞིག་ནས་ཀྱང༔ ཕྱི་མ་ཨོ་རྒྱན་མཁའ་སྤྱོད་བདེ་ཆེན་ཞིང༔ ཚོམ་བུ་གཅིག་པར་བདག་གིས་གྲུབ་བརྙེས་ཤོག༔ དེ་མ་ཐོབ་པའི་ཚེ་རབས་ཐམས་ཅད་དུ༔ ཡུལ་ཁམས་བདེ་ཞིང་ནད་མུག་མཚོན་གསུམ་ཞི༔ ལོ་ལེགས་དཔལ་འཕེལ་འབྲུ་དང་ཆོས་རྣམས་འཕེལ༔ རྫོགས་ལྡན་བསྐལ་པ་གསར་དུ་ཚེས་པར་སྨོན༔ རྣམ་དཀར་མཐུ་ཡིས་མདོ་སྔགས་བསྟན་པ་དར༔ བསྟན་འཛིན་རྣམས་ཀྱིས་བཞེད་པའི་དོན་ཀུན་འགྲུབ༔ ཕན་བདེ་ཀུན་ཏུ་དགའ་བའི་དགའ་ཚལ་གྱིས༔ སྐལ་བཟང་བསྟན་པའི་ཁྱོན་ཀུན་འགེངས་བར་ཤོག༔ དང་པོ་བཀྲ་ཤིས་མཆོག་གསུམ་བསྟན་པ་དར༔ བར་དུ་བཀྲ་ཤིས་སྐྱེ་རྒུའི་ཕུན་ཚོགས་འགྲུབ༔ ཐ་མ་བཀྲ་ཤིས་སྟོན་འཁོར་དགོངས་པ་མཉམ༔ ཐོག་མཐའ་བར་གསུམ་དགེ་བའི་བཀྲ་ཤིས་ཤོག༔ ཅེས་མི་ཉག་བཱ་ལྷ་སྒང་གི་གནས་བསྟོད་དུང་དཀར་སྐྱེ་བ་ལྔ་བའི་རང་སྒྲ་དད་པའི་འཁྲི་ཤིང་འོད་ཀྱི་ཟླ་ཞུན་འདི་རྩ་གསུམ་ལྷ་དང་གནས་སྲུང་བཞག་བྲ་ལྷ་རྩེ་སོགས་ཀྱིས་ལུང་བསྟན་པ་བཞིན་དབྱིངས་ཡུམ་ཌཱཀྐི་མས་བརྡ་རིས་སྤྲད་ནས་སེམས་ལ་གབ་རྒྱ་བྱས་ཀྱང་སྔོན་སྦྱངས་ལས་འཕྲོ་བཟང་པོའི་བག་ཆགས་ཆོས་ལ་སད་པའི་བཅོམ་ལྡན་ཤཱཀྱའི་སྲས་པོ་དགེ་སློང་དགེ་བའི་བཤེས་གཉེན་མཁན་མཁྱེན་རབ་འོད་ཟེར་དང༔ སྔོན་སྦྱངས་དགེ་བའི་མྱུ་གུ་དུས་སུ་འཁྲུངས་པའི་ཐེག་ཆེན་ལམ་གྱི་གང་ཟག་ས་སྐྱ་པ་སྐུ་གཉེར་ནམ་མཁའ་བསྟན་འཛིན༔ ཆོས་ཁྲིམས་རིན་ཆེན་མཚན་ཅན་དང་གཉེར་བ་སོགས་ཀྱིས་འདི་འདྲ་ཞིག་འབྲི་དགོས་ཞེས་ནན་ཏན་ཆེན་པོས་གསོལ་རས་འགའ་གནང་ནས་བསྐུལ་བ་ལ་བརྟེན་ནས་བཀའ་གསུང་མི་ལྡོག་ཙམ་དུ་མདོར་བསྡུས་ཏེ་མཆོང་མཛོད་སྨུག་པོའི་སྒྲོམ་ནས་བཏོན་ཏེ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་ཕྲིན་ལས་ཀྱི་ཟློས་གར༔ ཨ་ཙར་ས་ལེ་འོད་ཀྱི་ཐུགས་སྤྲུལཿ འགྲོ་མགོན་ཆོས་ཀྱི་རྒྱལ་པོ་རིག་འཛིན་ལུང་རིག་གླིང་པའི་ཆོས་བདག་སྤྲུལ་པའི་སྐུའི་མཚན་གྱིས་བསྔགས་པའི་ཐུབ་བསྟན་གཞན་ཕན་ཉི་མ་དཔལ་བཟང་པོས་མེ་བྱའི་སྟོན་ཟླ་འབྲིང་པོའི་ཉེར་ལྔའི་ཐུན་ལ་ལེགས་པར་ཕབ་པ་དུས་གསུམ་ཏུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག་གུ༔ སརྦ་མངྒ་ལམ༔ དགེའོ༔ དགེའོ༔ དགེའོ༔

ལྷ་སྒང་གནས་འདུས་དང་བསྐོར་བའི་ཕན་ཡོན།

སྐུ་གསུམ་རྒྱལ་བ་ཡོངས་ཀྱིས་འཁོར་ལོས་བསྒྱུར༔ བླ་མེད་བླ་མ་གསང་བདག་དཔའ་བོ་ཆེ༔ མཚོ་སྐྱེས་རྡོ་རྗེའི་ངོ་བོར་རྟག་བཞུགས་ཅིང༔ མཚུངས་མེད་དྲིན་ཆེན་ལུང་རིག་མཚན་ཅན་རྒྱལ༔ མདོ་སྨད་ས་ཡི་ཐིག་ལེ་རིགས་གསུམ་གནས༔ བཱ་ཡི་ལྷ་སྒང་འདི་ལ་མེ་བྱའི་ལོ༔ ཧོར་ཟླ་བརྒྱད་པའི་བཤོལ་དང་བཅས་པ་ཡི༔ ཉེར་ལྔ་ནས་བཟུང་ས་ག་ཟླ་བའི་མཇུག༔ མ་རྫོགས་བར་དུ་སྐུ་གསུམ་རིགས་ལྔའི་ཞིང༔ རྒྱལ་དང་རྒྱལ་སྲས་བྱིན་རླབས་གནས་འདིར་འཕོས༔ རྒྱ་བོད་འཛམ་གླིང་གནས་ཀུན་འདི་རུ་འདུས༔ ཕྱི་སྐོར་གཅིག་བྱས་མ་ཎི་དུང་ཕྱུར་བརྒྱ༔ བར་བསྐོར་གཅིག་བྱས་མ་ཎི་བྱེ་ཆེན་ལྔ༔ ནང་སྐོར་གཅིག་བྱས་དུང་ཕྱུར་བཅུ་གསུམ་འཐོབ༔ ཇོ་བོ་འདི་ཉིད་ལན་གཅིག་མཇལ་ན་འང༔ ཡིག་དྲུག་དུང་ཕྱུར་གཅིག་གི་ཡོན་ཏན་ཐོབ༔ གནས་འདིར་དགེ་བའི་དངོས་པོ་གང་བསྒྲུབ་ཅིང༔ གཅིག་ནི་བརྒྱ་དང་བརྒྱ་ནི་སྟོང་དུ་འཕེལ༔ སྟོང་ནི་ཁྲི་དང་ཁྲི་ནི་འབུམ་དུ་འགྱུར༔ དེ་བཞིན་ས་ཡ་དུང་ཕྱུར་ཐེར་འབུམ་སོགས༔ འགྱུར་ཁྱད་ཆེ་བས་སྒྲིབ་གཉིས་བག་ཆགས་བྱང༔ ད་ལྟའི་མི་མཐུན་བར་ཆད་དབྱིངས་སུ་ཞི༔ ཕྱི་མར་མངོན་དགའ་བདེ་ཆེན་ཞིང་ཁམས་བསྒྲོད༔ དེ་ཕྱིར་ཀུན་གྱིས་གནས་འདིར་ཕྱག་སྐོར་རེམ༔ མི་བསླུ་ངེས་པ་ལྷ་དང་བླ་མའི་ལུང༔ མ་ཅིག་མཁའ་འགྲོའི་བརྡ་གླུ་བཀྲོལ་ཏེ་བཀོད༔ འདི་ཐོས་ཤེས་ལྡན་ཡོངས་ཀྱིས་སེམས་ལ་ཞོག༔ ཕྲན་བླ་མིང་ཕན་པས་ཡི་གེ་སྤྲིང་བ་ཡོངས་ལ་དགེ༔

སྦ་རོང་བྲག་དཀར་གནས་བསྟོད་ཐར་པའི་ལམ་སྟོན།

བྲག་དཀར་གནས་བསྟོད་ཐར་པའི་ལམ་སྟོན་ཞེས་བྱ་བ་བཞུགས༔ ཨོཾ་སྭ་སྟི༔ ཕུན་ཚོགས་བདེ་ལེགས་བྱེ་བའི་ཆུ་གཏེར་ལས༔ རབ་དཀར་མཚན་དཔེའི་ལང་ཚོའི་ཟླ་གཞོན་སྐུ༔ མི་ཤིགས་རྡོ་རྗེའི་རང་བཞིན་ཚེ་མཐའ་ཡས༔ སྐུ་གསུམ་རིགས་འདུས་པདྨ་ཀཱ་ར་རྒྱལ༔ དཀྱིལ་འཁོར་གཙོ་བོ་རིགས་ཀུན་ཁྱབ་བདག་རྗེ༔ ཧེ་རུ་ཀ་དཔལ་རྡོ་རྗེ་འཆང་དབང་དངོས༔ འགྲོ་འདུལ་རིག་འཛིན་ལུང་རིག་གླིང་པ་རྩལ༔ བདེ་ཆེན་འཁོར་ལོའི་རྒྱན་བཞུགས་ཤིས་པ་སྩོལ༔ ཀྱཻ་ཀྱཻ༔ གླིང་གི་གླིང་མཆོག་ལྷོ་རྒྱལ་འཛམ་བུ་གླིང༔ འཛམ་གླིང་ལྟེ་བ་རྒྱ་གར་རྡོ་རྗེ་གདན༔ དེ་ཡི་བྱང་ཕྱོགས་ཁ་བ་ཅན་གྱི་རིའི༔ ཤར་ཕྱོགས་རོང་ཆེན་བཞི་ཞེས་གྲགས་པའི་ཆར༔ དགེ་བསྙེན་ཉེར་གཅིག་སྦས་ཡུལ་རེ་རེའི་བདག༔ ཁྱད་པར་སྦས་ཡུལ་དགའ་བ་ལྗོངས་ཀྱི་ཡ༔ སྦས་ཡུལ་བྲག་དཀར་རིགས་འདུས་ཐུགས་ཀྱི་གནས༔ དབུས་ཕྱོགས་རི་བོ་གཤིན་རྗེ་འཇིགས་བྱེད་དང༔ དམ་ཅན་ཆོས་རྒྱལ་སྤོ་བོ་གླིང་གི་མགོ༔ མདུན་རི་གཡས་པ་བདེ་མཆོག་འཁོར་ལོ་དང༔ རྡོ་རྗེ་མཁའ་འགྲོའི་གཙུག་ཏོར་དབྱིངས་ལ་སྙེག༔ མདུན་རི་གཡོན་པ་གསང་བ་འདུས་པའི་སྡེ༔ གནོད་སྦྱིན་དཀོར་བདག་བང་མཛོད་བསྲུང་བའི་ཚུལ༔ རིག་འཛིན་གྲུབ་པའི་ཁྱུ་ཚོགས་བཞུགས་པའི་གནས༔ ཕུག་པ་བྱིན་ལྡན་ངོས་སུ་སྐུ་ཡིག་དང༔ ཕྱག་མཚན་གྲུབ་རྟགས་མང་པོ་དུ་མ་ཡོད༔ གཞན་ཡང་མདུན་གདོང་དཔལ་རིའི་གསང་ཕུག་གནས༔ རྫ་རིའི་རྩེ་རུ་གཤེན་ལྷ་འོད་དཀར་ལ༔ ཚེ་དབང་རིག་འཛིན་པདྨ་འབྱུང་གནས་དང༔ ཡེ་གཤེན་ལྷ་དྲུག་བོན་སྐྱོང་ལྷ་གསས་བསྐོར༔ དྲན་པ་ཡབ་སྲས་ཚེ་ཆུ་འཕེལ་འགྲིབ་མེད༔ ཨོ་རྒྱན་སྨན་བླའི་བདུད་རྩིའི་ཆུ་མིག་དྲོ༔ རླངས་པའི་ངད་ཕོག་ནད་གདོན་རྐྱེན་ལས་གྲོལ༔ དེ་མིན་ཕྱོགས་མཚམས་བརྒྱད་དུ་གྲུབ་ཆུ་བརྒྱད༔ རིག་འཛིན་ཞིག་པོ་བླ་མའི་སྒྲུབ་ཕུག་གསུམ༔ རིགས་གསུམ་མགོན་པོ་གནས་བསྟན་བཅུ་དྲུག་དང༔ མཁའ་འགྲོ་སིང་ཧ་མ་གདོང་འབར་མ་སྲིང༔ རྗེ་བཙུན་སྒྲོལ་མ་དཀར་ལྗང་བྲག་རི་ལ༔ རང་སྲོག་ཏཾ་གྱི་འོག་ཏུ་རང་གཏེར་སྦས༔ ཁྱད་པར་བྲག་རི་ཁྱུང་ཆེན་ལྡིང་བ་ན༔ པད་འབྱུང་སྐུ་འདྲ་རང་བསྲེལ་སྨན་སྒྲུབ་ཡོད༔ རྟེན་འབྲེལ་གནད་ལྡན་མ་ངེས་འགྲོ་བ་འདུལ༔ བསམ་གཏན་ཡེ་ཤེས་མཛོད་འཛིན་ཞིག་གིས་འདོན༔ ཆུ་བོ་རྒྱུན་ལྡན་འགྲམ་དུ་རང་བྱུང་བཀྲ༔ སྐུ་ཡིག་ཕྱག་མཚན་རྫས་རྟགས་རིན་ཆེན་བདུན༔ ཕྱག་ཞབས་གྲུབ་པའི་རྟགས་མང་ཡ་མཚན་ཅན༔ རྩེ་སྐོར་བར་སྐོར་མཐའ་སྐོར་ཡང་མཐའ་སྐོར༔ སྐོར་ལམ་བཞི་ལ་ཕན་ཡོན་རིམ་པ་བཞིན༔ ལན་ཅིག་བསྐོར་ལ་ཟག་བཅས་ལམ་གྱིས་ནི༔ ས་ཡ་དུང་བདུན་དུང་ཕྱུར་བཅུ་གསུམ་དང༔ དུང་ཕྱུར་བཅུ་ཕྲག་ལྔ་སོགས་ཕན་ཡོན་འབྱུང༔ འཕྱེ་བོས་རྣམ་གནོན་ཟླ་དྲུག་ཚེས་བཞིའི་དུས༔ ཆོས་གསུང་རྫོགས་པའི་དུས་མཚམས་དེ་ཡི་བར༔ སྐུ་གསུམ་སྐུ་ལྔའི་ཞིང་གི་རྒྱལ་སྲས་བཅས༔ དཔའ་བོ་མཁའ་འགྲོའི་ཚོགས་དཔུང་འདི་རུ་འདུས༔ མཁའ་སྤྱོད་ས་སྤྱོད་རྒྱ་བོད་གནས་རྣམས་ཀུན༔ བྲག་དཀར་འདི་ལ་འུབ་ཀྱིས་འདུས་པ་ཡིན༔ འཇིག་རྟེན་དབང་ཕྱུག་ཡུལ་ལྷའི་ཚུལ་སྤྲུལ་པ༔ རྡོ་རྗེ་དབྱི་ཁྲོམ་གནས་བདག་རྒྱལ་པོ་མཛད༔ མི་མིན་ནག་ཕྱོགས་བསྐྲད་ཅིང་དཀར་ཕྱོགས་འདུས༔ རྩ་གསུམ་སྲུང་མའི་བྱིན་རླབས་དྲི་བསུང་འཐུལ༔ རྣལ་འབྱོར་བསྒོམ་པའི་རིག་པ་མྱུར་བོགས་ཐོན༔ མཆོད་སྦྱིན་དགེ་སྦྱོར་གང་བྱས་ཚོགས་གཉིས་གསོག༔ གནས་འབྲེལ་སྐོར་ཕྱག་ཐང་ཚད་བདེ་ལ་སྦྱོར༔ ནད་མཚོན་མུ་གེའི་འཇིགས་པ་ཕྱིར་ལ་བཟློག༔ བདེ་སྐྱིད་དཔལ་གྱིས་འཚོ་བའི་རྟེན་འབྲེལ་ཤར༔ ལྷ་དང་སྲུང་མས་ཉམས་སྣང་བརྡ་གླུ་བཀྲོལ༔ རིགས་ཀུན་ཁྱབ་བདག་བླ་མས་བྱིན་རླབས་གནང༔ དཀར་ཕྱོགས་ཡུལ་ལྷས་བདེན་པའི་ཤིས་པ་བརྗོད༔ འགྲོ་དྲུག་བློ་སྣ་ཆོས་ལ་འགྱུར་བར་ཤོག༔ ས་མ་ཡཱ༔ གུ་ཧྱ་བདྷ་ཐིམ༔ ཨེ་མ་ཧོ༔ སྐུ་གསུམ་བླ་མ་ཡི་དམ་མཁའ་འགྲོ་དང༔ ཆོས་སྐྱོང་སྲུང་མ་དཀར་ཕྱོགས་སྐྱོང་རྣམས་ཀྱིས༔ ལེགས་པའི་ལྟས་བཟང་ཆོས་ཀྱི་སྣང་བ་བཅས༔ འདིར་ཚོགས་སློབ་བུ་རྣམས་ཀྱིས་བསྐུལ་བའི་ངོར༔ རང་བྱུང་ཡེ་ཤེས་མཁའ་འགྲོའི་བརྡ་གླུ་ལས༔ གནས་བསྟོད་ཚིག་རིས་ཡི་གེའི་འདུ་བྱེད་དགེས༔ མཁའ་མཉམ་ཡིད་ཅན་འགྲོ་བ་མ་ལུས་ཀུན༔ འཁོར་མཚོ་ལས་སྒྲོལ་རྣམ་མཁྱེན་ཐོབ་ཕྱིར་བསྔོ༔ དེ་མཐུས་རྒྱལ་བསྟན་ཡར་ཟླའི་མཆེད་པོ་བཞིན༔ དགེ་འདུན་སྡེ་གཉིས་པད་མཚོའི་ངང་ཁྱུ་ལྟར༔ རིས་མེད་འཕེལ་ཞིང་རྒྱས་པའི་རྟེན་འབྲེལ་སྨོན༔ ཡུལ་ཕྱོགས་ཐ་གྲུའི་ཁྱོན་འདིར་དགེ་གྱུར་ཅིག༔ བསླུ་བ་མེད་པའི་དཀོན་མཆོག་རིན་པོ་ཆེ༔ བདེན་ཚིག་གྲུབ་པའི་དྲང་སྲོང་རིག་འཛིན་ཚོགས༔ རྩ་གསུམ་སྲུང་མ་ཡུལ་ལྷ་གཞི་བདག་གིས༔ ཐོག་མཐའ་བར་གསུམ་བཀྲ་ཤིས་བདེ་ལེགས་ཤོག༔ ཅེས་པའི་གནས་ཡིག་མདོར་བསྡུས་ཐར་བའི་ལམ་སྟོན་ཞེས་བྱ་བ་འདི་སྔོན་སྦྱངས་ལས་ཀྱིས་འབྲེལ་བའི་བྱ་བཏང་རིན་པོ་ཆེ་མངྒའི་མཚན་ཅན་དང༔ ལྷ་གྲོགས་སྙིང་ནས་བརྩེ་བ་ཤེས་རབ་སྒེག་པའི་ལང་ཚོའི་རྣམ་པར་འཕྲུལ་བ་ཚེ་བརྟན་ཕུན་ཚོགས་དང༔ དད་གསུམ་བརྟན་པོའི་མཛོད་འཛིན་རང་སློབ་འགས་བསྐུལ་ངོར་མི་ལྡོག་ཙམ་དུ་ལྷ་དང་སྲུང་མས་གནང་བ་ཐོབ་ཅིང་གནས་འདིར་བྱིན་དབབ་པའི་རྟགས་མཚན་འཇའ་སྤྲིན་འཁྲིགས་པ་ལྔ་ལྡན་ཚོན་གྱི་དབང་གཞུ་ཟླུམ་འཁྱིལ་མིག་མང་རིས་སུ་བཀྲ་བ། གནས་མདུན་བྲག་ལ་སྙེ་མ་འབྲུ་ལྡན་ལྔ་འཁྲུངས་པ་འགྲོ་ཀུན་མིག་གི་དབང་པོར་མངོན་སུམ་དུ་གྱུར་ཅིང༔ ཉམས་སྣང་ངོ་མཚར་ཅན་མང་པོ་བྱུང་བའི་རྟེན་འབྲེལ་གྱི་རྐྱེན་ལས་བརྡ་ཐོགས་མེད་དུ་ཐུན་མཚམས་མར་མེའི་འོད་ལ་སྤྲུལ་སྐུ་གཞན་ཕན་བཟང་པོས་ས་ག་ཟླ་བའི་ཚེས་ལ་བྲིས་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག༔ མངྒ་ལཾ༔

སྦ་རོང་བྲག་དཀར་གནས་ཀྱི་གཉེར་གཏད།

ཨོཾ་བདེ་ལེགས་སུ་གྱུར་ཅིག༔ མཁའ་སྤྱོད་བདེ་ལྡན་ཟངས་མདོག་དཔལ་རིའི་ཟླ༔ ས་སྤྱོད་སྦས་ཡུལ་གྲུབ་བརྒྱའི་བསྟི་སྟངས་གནས༔ རྩ་གསུམ་མཆོད་པའི་སྤྲིན་ཚོགས་ཐིབས་སེ་བ༔ གནས་དེ་དྲན་པས་བྱང་ཆུབ་རྒྱུད་ལ་འདྲོང༔ ཕྱག་སྐོར་ཚོགས་བསགས་བྱས་ཚད་བདེ་ཆེན་བསྒྲོད༔ སྦས་ཡུལ་ངོ་མཚར་ཅན་དེར་སྙིང་ནས་འདུད༔ སྔོན་ཚེ་རྡོ་རྗེ་གྲོ་ལོད་བཻ་རོ་དང༔ རྒྱལ་མོ་གཡུ་སྒྲ་ལྷ་ལུང་དཔལ་རྡོ་རྗེས༔ བྱིན་རླབས་བྱིན་འབེབས་ཕྱག་གིས་མེ་ཏོག་འཐོར༔ གནས་སྲུང་བཀའ་བསྒོས་བསྟན་པའི་བྱ་རར་བཞག༔ བར་དུ་ཧཱུྃ་རལ་ཆོས་རྒྱལ་གླིང་པ་སོགས༔ བན་བོན་རིག་འཛིན་གྲུབ་བརྙེས་དུ་མ་ཡིས༔ གནས་བསྟོད་དབུགས་དབྱུང་སྲུང་མ་གཟའ་ཀླུ་དང༔ རྒྱལ་བཙན་རྡོ་རྗེ་དབྱི་ཁྲོམ་སོགས་ལ་གཏད༔ དམ་ཚིག་གཉན་པོའི་ཐ་ཚིག་མང་པོ་བསྒྲགས༔ ཁས་བླངས་དམ་བཅའི་རི་མོ་སྙིང་ལ་སིམ༔ ཨོ་རྒྱན་ཆེན་པོའི་རྡོ་རྗེའི་གསུང་ལས་ཀྱང༔ ལྷ་འདྲེ་རྣམས་ལ་བཀའ་གཏད་འདི་བཞིན་བསྒྲགས༔ མ་འོངས་ང་ཡི་སྒྲུབ་གནས་གཏེར་གནས་ལ༔ ཐོ་འཚམས་བྱེད་པའི་ངན་སྤྱོད་འཆང་བ་ལ༔ ལྷ་འདྲེའི་བཀའ་ཆད་གནམ་ལྕགས་ཐོག་མདའ་རྒྱོབ༔ མི་འདོད་ལོག་ལམ་ཁྲིད་ལ་ཚེ་མཇུག་སྡུད༔ གསུངས་པས་རི་ཤིང་མེ་ལ་བསྲེགས་པ་བཞིན༔ གནས་ཆེན་ཚོ་ལ་རི་རྒྱ་བཤིགས་པ་དང༔ འགུགས་རྙི་ཁྱི་བཀྱེ་བ་སོགས་སྡིག་པའི་བསམ༔ སྦྱོར་བ་ངན་པ་དང་དུ་བླངས་པ་ན༔ རང་རང་གི་ཚེ་བསོད་འགྲིབ་པ༔ མི་འདོད་སྡུག་བསྔལ་སྣ་ཚོགས་འབྱུང་བས་བག་ཡོད་བརྟེན་འཚལ༔ ཁྱད་པར་ཡུལ་འདིའི་མི་མཐོ་དམན་བར་གསུམ་ཀུན་གྱིས་སེམས་ལ་ངེས་རྒྱུ༔ བྲག་དཀར་གནས་འདིར་ཕྱི་སྐོར་ཡང་མཐའི་སྐོར་ལམ་ཚུན་ཆད་དུ་རི་དྭགས་བཤོར་བ༔ གནས་འབྲེལ་འཇོག་པའི་བླ་སེར་ཨ་ལྕོ་མི་སྐྱ་ཕོ་མོ་སུ་ལའང་བཙན་བཙུག་གླེང་འདེབས་རྐུ་འབགས་ཆོམ་པོ་སྤུ་ཙམ་ཡང་བྱེད་མི་ཆོག་ཐོག༔ འགུགས་རྙི་མེ་མདའ་ཁྱི་དེད་བྱི་སྒམ་བྱ་བྱིའུ་རྡོ་བརྒྱབ་ཙམ་ཡང་མི་ཆོག་ངེས་པ་ཅན་ཡིན༔ ཡིན་ལུགས་ཇི་ལྟར་ཡིན་ན༔ ལྷ་དང་སྲུང་མ་གནས་བདག་བྲག་དཀར་རྡོ་རྗེ་དབྱི་ཁྲོམ་སོགས་གཏེར་སྲུང་དྲག་རྩལ་ཅན་ཚོའི་བཀའ་ཆད་གནམ་ལྕགས་རྒྱོགས་རྡོས་བཙའ་སད་སེར་བ་འབྱུང༔ ཚེ་བསོད་དཔལ་འབྱོར་འཛད༔ མི་འདོད་སྡུག་བསྔལ་ངན་པས་ཚེ་འདི་དང་ཕྱི་མ་དག་ལ་མནར༔ བླ་མ་སེར་མོ་དག་གིས་ཀྱང་ཐུགས་ཀྱིས་ཁྲེལ༔ བཀའ་ཡི་ཆད་པ་གཏོང༔ ཡུལ་མི་དཔོན་སྡེ་རྣམས་ཀྱིས་ཉེས་ཅན་དེ་ཡི་སྲོག་ལ་རྒོལ་ཞིང༔ ལོངས་སྤྱོད་འཕྲོག༔ མིས་འཕྱ་ཁྱིས་འགོམ་ཟེར་བ་དེ་ལའོ༔ དེ་ཕྱིར་བདག་ཅག་དང་སྔོན་ཚེ་རིག་འཛིན་དུ་མའི་བཀའ་བསྒོ་དམ་བཞག་དྲན་ཅིང༔ གནས་འདིར་དད་གསུམ་བརྟན་པོས་རྣམ་དཀར་དགེ་བ་མཐའ་དག་བསྒྲུབ་ཅིང༔ བསང་རི་མཆོད་གཙང་མ་ཕུལ་ཞིང་ཕྱག་སྐོར་གྱིས་དུས་འདའ༔ ཁ་ནས་ཅི་འདོད་ཀྱི་སྨོན་ལམ་ལེགས་པོ་བཏབ་ན་ལྷ་དང་སྲུང་མ་གནས་བདག་སོགས་ཀྱིས་མི་དེའི་འདོད་དོན་ཡིད་བཞིན་དུ་སྒྲུབ༔ ཚེ་འདིར་ཚེ་རིང༔ ལོངས་སྤྱོད་འཕེལ༔ བཀྲག་མདངས་རྒྱས༔ སྙན་གྲགས་ཐོབ༔ ཚེ་ཕྱི་མར་ཡང་མངོན་མཐོ་ལྷ་མིའི་བདེ་འབྲས་དང༔ བདེ་ཆེན་དག་པའི་ཞིང་དུ་དབུགས་འབྱིན༔ མཐར་ཐུག་སངས་རྒྱས་འགྲུབ་པ་ཡིན་པས༔ ཀུན་གྱི་སེམས་ལ་འཇོག་པར་ཞུ༔ རྣམ་དཀར་སོར་རྩེས་བསྒྲོན་པའི་མིག་སྨན་མས༔ ཡུལ་གྲོང་སྐྱེ་བོའི་སྙིང་ལ་སྡུག་པའི་གཏམ༔ ལེགས་བཤད་རིན་ཆེན་ཕྲེང་བའི་རི་མོ་འདིས༔ བདེ་ནས་བདེ་བའི་ལམ་ལ་འཇུག་པར་ཤོག༔

འབོ་གངས་དཀར་གནས་བསྟོད་རྡོ་རྗེ་གླུ་མའི་རྒྱུད་མང་།

ཡང་གསང་མཁའ་འགྲོའི་སྙིང་ཐིག་ལས༔ གངས་དཀར་གནས་བསྟོད་རྡོ་རྗེ་གླུ་མའི་རྒྱུད་མངས་ཞེས་བྱ་བ་བཞུགས༔ ཨོཾ་སྭ་སྟི༔ གང་གི་རང་བཞིན་ཟབ་ཅིང་སྤྲོས་བྲལ་འདུས་མ་བྱས་པ་ཆོས་ཀྱི་སྐུ༔ རྒྱུ་རྐྱེན་མཚན་མའི་རང་མཚང་ལས་འདས་ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོགས༔ ཐུགས་རྗེའི་འཇུག་པ་འགྲོ་བའི་ཁམས་མཐུན་བཟོ་སྐྱེ་མཆོག་གི་སྤྲུལ་བའི་སྐུ༔ སྐུ་གསུམ་དབྱེར་མེད་པདྨ་རྒྱལ་པོས་ཚེ་རབས་ཀུན་ཏུ་ཤིས་པ་སྩོལ༔ འགྲོ་བའི་མགོན་པོ་ཨོ་རྒྱན་ཆེན་པོ་དེའི༔ ཐུགས་བསྐྱེད་སྨོན་ལམ་འཛད་མེད་ཟླ་བའི་ཟེར༔ སྙིགས་དུས་ལྔ་བདོའི་མུན་སེལ་གྲུབ་བརྒྱའི་གཙོ༔ བྱང་ཆུབ་རྡོ་རྗེའི་ཞབས་པད་སྤྱི་བོས་ལེན༔ གང་གི་བཀའ་དྲིན་བདུད་རྩི་བཏུང་བ་ཡིས༔ མཁྱེན་པའི་ལང་ཚོ་བརྩེ་བའི་གཟི་བྱིན་འབར༔ ནུས་མཐུ་རྩེ་བརྒྱས་ལོག་རྟོག་ལྷ་མིན་དཔུང༔ འཇོམས་མཛད་གཏེར་ཆེན་ལུང་རིག་གླིང་པ་རྒྱལ༔ གང་དེར་རྔ་ཡབ་སྤྲུལ་པའི་ཕོ་བྲང་ནས༔ རཀྴ་སྲིན་པོའི་ཁ་གནོན་ཐོད་ཕྲེང་རྩལ༔ རྣམ་འགྱུར་སྤྲུལ་པ་འཕུར་འགྲོའི་ལུང་བྱང་གིས༔ གནས་འདིར་བྱིན་འབེབས་ལོ་རྒྱུས་ངོ་མཚར་བྱུང༔ སྔོན་དུས་ཆོས་རྒྱལ་ཚངས་པའི་མེ་ཏོག་གིས༔ ཐུགས་བསྐྱེད་ཁྱུང་སྐྱེས་ཤིང་རྟས་ཉེར་བསྐུལ་ཚེ༔ མཁའ་འགྲོའི་དབང་ཕྱུག་མཚོ་སྐྱེས་འོད་སྟོང་དལ༔ གངས་ཅན་མཁའ་རུ་མཛེས་པའི་དགའ་སྟོན་ཐོབ༔ བོད་ཡུལ་མཁས་གྲུབ་པདྨའི་སྐྱེད་ཚལ་དང༔ བློ་གསལ་མགྲིན་རྔ་འཁྲོལ་བའི་ངང་པའི་ཁྱུ༔ རྫོགས་ལྡན་མགྲོན་དུ་བོས་པའི་སྐལ་བཟང་གིས༔ གླིང་བཞིའི་དཔལ་ཀུན་ཕྱོགས་འདིར་འོང་བ་བཞིན༔ མདོ་སྨད་རོང་ཆེན་བཞི་ཞེས་ཡོངས་སུ་གྲགས༔ ས་ཡི་ལྟེ་བ་གངས་དཀར་འཆི་མེད་ཚལ༔ ཆོས་རྗེ་བཻ་རོ་བཀའ་བརྒྱུད་སྒྲུབ་པའི་ལྗོངས༔ སྲིད་ཞིའི་ལེགས་ཚོགས་འདོད་པ་འཇོ་བའི་གནས༔ ཤར་རིའི་ཕྲག་ཏུ་ཟླ་གཞོན་མཛེས་པ་བཞིན༔ དུང་མདོག་སྤྲིན་གོས་ཞི་བའི་ལས་འགྲུབ་ཕྱིར༔ ནད་གདོན་ཉེར་འཚེའི་བར་ཆད་ཆུང་བའི་གནས༔ རྡོ་རྗེ་སེམས་དཔས་བྱིན་གྱིས་བརླབ་པའི་རི༔ རྡོ་རྗེ་བློ་གྲོས་དབང་བསྒྱུར་གཉེར་ཁ་བགྱིས༔ གངས་དཀར་ཌཱཀྐི་རྡོ་རྗེ་གཡུ་སྒྲོན་མས༔ ལེགས་ཉེས་སྟངས་འཛིན་བཀའ་ཡི་བྱ་ར་བྱེད༔ གནས་མཆོག་ཡ་མཚན་བཀོད་པའི་ཕོ་བྲང་གི༔ རྩེ་མོར་ཆོས་སྐུ་ལོངས་སྐུ་སྤྲུལ་པའི་སྐུ༔ སྐུ་གསུམ་རྩ་རྒྱུད་བླ་མ་སྤྲིན་ལྟར་འཁྲིགས༔ བར་ན་འཇིགས་བྱེད་རྟ་མགྲིན་གསང་བའི་བདག༔ སྒྲུབ་སྡེ་བརྒྱད་ཀྱི་ལྷ་ཚོགས་བཀྲ་དཔུང་ངེ༔ འོག་ཏུ་ཕག་མོ་ཏཱ་རེ་མ་རེ་ཙྱཻ༔ མ་ཚོགས་མཁའ་འགྲོ་འབུམ་སྡེ་འོད་ཐིབས་སེ༔ མཐའ་སྐོར་འཇིག་རྟེན་འདས་དང་མ་འདས་པའི༔ ཆོས་སྐྱོང་སྡེ་བརྒྱད་ལས་བྱེད་ཤ་ར་ར༔ ས་འོག་ཀླུ་ཆེན་སངས་རྒྱས་བཀའ་ཉན་བརྒྱད༔ གཞན་ཡང་ས་བདག་ཀླུ་གཉན་སྐར་ལྟར་བཀྲ༔ རྒྱལ་ཆེན་སྡེ་བཞིས་ཕྱོགས་ཀྱི་སྒོ་སྲུང་མཛད༔ འཕགས་པའི་གནས་བསྟན་ཆེན་པོ་ཡན་ལག་འབྱུང༔ གནས་དེར་བཞུགས་པའི་སྦས་ཡུལ་ཁྱད་དུ་འཕགས༔ གཡུ་ཡི་མཚོ་ལ་འོད་ལྔའི་ཇོ་དར་བཀྲ༔ ཝ་ར་ཧི་ཡི་ངོས་ལ་སྐལ་བཟང་གི༔ སངས་རྒྱས་སྟོང་རྩ་གཉིས་ཀྱི་སྣང་བརྙན་ཡོད༔ ཕག་མོའི་སྐུ་ཡིག་ཕྱག་མཚན་འབུར་དུ་དོད༔ བདེ་གཤེགས་བརྒྱད་དང་སེམས་དཔའ་བཅུ་དྲུག་ཡོད༔ གྲུབ་དབང་རྣམས་ཀྱི་གྲུབ་རྟགས་མཚན་མ་བཀྲ༔ དད་མེད་ལོག་རྟོག་ཅན་ཚོའི་སྤྱོད་ཡུལ་མིན༔ ཕྱོགས་མཚམས་བརྒྱད་དུ་བྱ་རིགས་གཅན་གཟན་དང༔ མི་མིན་འབྱུང་པོ་འདུ་བའི་དུར་ཁྲོད་ཡོད༔ རི་བོ་བརྒྱད་ལ་དགྲ་བཅོམ་རེ་རེ་བཞུགས༔ དེ་ལ་ཉེ་གནས་ཉན་ཐོས་གྲངས་མེད་བཞུགས༔ མཚོ་གནས་རེ་ལ་སེམས་དཔའ་རེ་རེ་བཞུགས༔ སེམས་དཔའ་སུམ་ཁྲི་དྲུག་སྟོང་དུ་མས་བསྐོར༔ མདུན་གཡས་གནས་མཆོག་གཡུ་ལོ་བཀོད་པའི་ཞིང༔ དབུས་ཀྱི་རི་བོར་འཕགས་མའི་སྣང་བརྙན་དངོས༔ ལོངས་སྤྱོད་རྫོགས་སྐུའི་རྒྱན་ཆ་ཡོངས་སུ་ཚང༔ རི་བོ་ཏ་ལ་གཡུ་ལོ་བཀོད་པ་དང༔ སེང་ལྡིང་ནགས་ཀྱི་ཕྱི་ནང་ཡོན་ཏན་རྫོགས༔ མཁའ་སྤྱོད་ས་སྤྱོད་པདྨོ་བཀོད་དང་མཚུངས༔ སྒྲོལ་མ་ཉེར་གཅིག་བྲག་ལ་རང་བྱོན་ཡོད༔ མ་ཅིག་མཁའ་འགྲོ་གཅོད་ཡུལ་བརྒྱུད་པ་ཡོད༔ མ་སར་བྱ་ཡི་སྒོ་ང་རང་བྱུང་ཡོད༔ ཀ་མད་སུམ་ཅུ་རེ་འུ་ཆད་པ་དང༔ དབྱངས་ཡིག་བཅུ་དྲུག་གསལ་བྱེད་ཡིག་འབྲུ་རྣམས༔ ས་རྡོ་རི་བྲག་ཀུན་ལ་འབུར་དུ་དོད༔ གྲུབ་ཐོབ་བརྒྱད་ཅུ་རྗེ་འབངས་ཉི་ཤུ་ལྔ༔ བཻ་རོ་གཡུ་སྒྲ་ལྷ་ལུང་དཔལ་རྡོ་རྗེ༔ ཀརྨ་པ་སོགས་སྐྱེས་མཆོག་མང་ཞིག་གི༔ རྫུ་འཕྲུལ་གྲུབ་རྟགས་ཕྱག་ཞབས་སྐུ་རྗེས་དང༔ སྒྲུབ་པའི་ཕུག་པ་བྱིན་རླབས་བདུད་རྩིའི་ཆུ༔ གནས་དེར་ཡ་མཚན་རྨད་བྱུང་དྲི་བསུང་འཐུལ༔ དུས་རྒྱུན་འཇའ་ཟེར་ཐིག་ལེ་འོད་ཁྱིམ་འཁྲིགས༔ གིང་ཕོ་གིང་མོ་ལས་བྱེད་ཁྱུགས་སེ་ཁྱུགས༔ ལྕགས་གླང་གདོང་ནས་སྟག་གི་འཛུམ་དྲུག་བར༔ གནས་འདིར་མཁའ་སྤྱོད་འོད་ལྔའི་ཕོ་བྲང་ནས༔ རིགས་ལྔའི་སངས་རྒྱས་རྒྱལ་བ་རྒྱ་མཚོའི་ཚོགས༔ མ་ལུས་པ་རྣམས་གནས་འདིར་བྱིན་ཕབ་ནས༔ རིགས་ལྔའི་ཞིང་དང་དབྱེར་མེད་ཨ་ལ་ལ༔ སྐུ་གསུམ་རིགས་འདུས་མ་ཧཱ་གུ་རུ་དང༔ རྒྱ་བོད་མཁས་གྲུབ་རྒྱ་མཚོ་འདི་རུ་འདུས༔ བྱིན་རླབས་ཡེ་ཤེས་དྲི་བསུང་ཐུ་ལེ་བ༔ ས་སྤྱོད་གནས་ཡུལ་དཔའ་བོ་མཁའ་འགྲོ་དང༔ དམ་ཅན་ཆོས་སྐྱོང་གནས་མཆོག་འདི་ལ་བྱོན༔ བྱིན་ཆེན་དབབ་པའི་རྟགས་ཀྱིས་ཡ་མཚན་ངོམ༔ གནས་ཆེན་སྟོང་རྩ་གནས་ཕྲན་དུ་མ་ཡིས༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་གནས་འདིར་བབས༔ སྐོར་བ་གཅིག་བྱས་མ་ཎི་དུང་ཕྱུར་བརྒྱ༔ ཕྱག་གཅིག་འཚལ་བས་བསྐལ་མང་སྒྲིབ་པ་འདག༔ མར་མེ་ཕུལ་བས་མ་རིག་མུན་པ་སེལ༔ ཚོགས་གཏོར་བཏང་བས་ཚོགས་གཉིས་བང་མཛོད་ཐོབ༔ མ་ཎི་ཇོ་དར་གང་བྱས་ཁྲི་འབུམ་འགྱུར༔ བསྐྱེད་རིམ་ཏིང་འཛིན་ཟླ་སྐྱེད་ཞག་སྐྱེད་ཐོན༔ གཞན་དུ་ལོ་བདུན་འདི་རུ་ཞག་བདུན་མཉམ༔ གངས་ཆེན་བཞི་ཡི་མཆོག་གྱུར་གནས་འདི་ཡིན༔ མིག་གིས་མཐོང་ཚད་བྱང་ཆུབ་ལམ་ལ་ཚུད༔ བསླུ་མེད་རྡོ་རྗེའི་དམ་རྒྱ་སྙིང་ལ་གནས༔ ཐེ་ཚོམ་ལོག་ལྟ་མ་བྱེད་འདིར་འཚོགས་ཀྱིས༔ མཐའ་སྐོར་གཅིག་བྱས་ཐུབ་དབང་བཞུགས་གནས་བརྒྱད༔ པདྨའི་སྒྲུབ་གནས་བརྒྱ་རྩ་བསྐོར་དང་མཚུངས༔ འཕགས་པའི་གནས་བསྟན་དགྲ་བཅོམ་དུ་མ་ཡིས༔ ལམ་སྟོན་གནས་སྤར་ས་མཁན་མཛད་པར་ངེས༔ ཐེ་ཚོམ་མེད་ན་ཚེ་འདིར་གྲོལ་བར་ཐོབ༔ ལོག་པར་བལྟས་ཚེ་ཐར་པའི་སྲོག་རྩ་འཆད༔ དེ་ཕྱིར་དད་གསུམ་བརྟན་པོས་ཕྱག་སྐོར་རེམ༔ བསླུ་བར་མི་འགྱུར་མཁའ་འགྲོའི་ཞལ་ལུང་ཡིན༔ བྱིན་རླབས་འབྱུང་བའི་དུས་ལ་བབས་པ་ཡིན༔ བར་ཆད་བཟློག་གོ་སྙིགས་མའི་རྐྱེན་སེལ་ཡིན༔ ཡིད་གཉིས་མི་དགོས་པདྨའི་ཐ་ཚིག་ཡིན༔ སྒྲ་འཛིན་དབང་པོ་ཡོད་ཚད་དང་དུ་ལོངས༔ གསེར་རིའི་ངོས་སུ་ཉི་གཞོན་འཁྱུད་པ་བཞིན༔ པདྨ་སེར་པོས་རི་ཐང་བརྒྱན་པའི་གནས༔ ཚེ་བསོད་རྒྱས་ཤིང་རིགས་རྒྱུད་འཕེལ་བའི་ལྗོངས༔ རིན་ཆེན་འབྱུང་གནས་ནོར་ལྷས་བསྲུང་བའི་ཡུལ༔ བྱི་རུའི་ལྗོན་ཤིང་ལོ་འདབ་རྒྱས་པ་བཞིན༔ བྲག་གི་བ་གམ་ཚོམ་བུ་བརྡལ་བའི་ཚལ༔ སྣང་སྲིད་ལྷ་མི་དབང་དུ་འདུ་བའི་ཚལ༔ སྣང་བ་མཐའ་ཡས་ཐུགས་བསྐྱེད་འགྲུབ་པའི་ལྗོངས༔ གཡུ་ཡི་པ་ཏྲ་ཕྱོགས་སུ་བཀྲམ་པ་བཞིན༔ སྔོ་ལྗང་ཆུ་བོས་གླུ་གར་བརྩེ་བའི་གནས༔ མངོན་སྤྱོད་ལས་ཀྱིས་ལོག་འདྲེན་གཞོམ་མོ་ཞེས༔ དོན་གྲུབ་དཔའ་བོས་དབུགས་དབྱུང་མཛད་པའི་ལྗོངས༔ གླིང་བཞིའི་དབུས་སུ་ལྷུན་པོ་མཐོ་བ་བཞིན༔ ཕྱོགས་ཀྱི་རི་བོ་གཞན་ལས་མངོན་པར་འཕགས༔ ལྷུན་པོའི་མཐའ་རུ་རི་ཕྲན་འདུད་པ་བཞིན༔ མཐའ་བསྐོར་རི་གཞན་གུས་པས་འདུད་པའི་ཚུལ༔ ཤར་རིའི་ཕྲག་ནས་ཉི་ཟླའི་སྒྲོན་མེ་ཡི༔ རབ་འབྱམས་རྒྱལ་བའི་སྤྱན་གཟིགས་མཛད་པ་དང༔ དེར་བརྟེན་གྲུབ་པའི་དབང་པོས་འགྲོ་བློའི་མུན༔ ཅིག་ཆར་འཇོམས་པའི་རྟེན་འབྲེལ་འགྲིགས་པའི་གནས༔ དུས་ངན་སྙིགས་མའི་འགྲོ་ལ་སྡུག་བསྔལ་ཆེ༔ སྡུག་བསྔལ་རྒྱུ་ནི་རང་གིས་མི་དགེས་བསྒྲུབ༔ མི་དགེའི་རྩ་བ་བདག་ཏུ་འཛིན་ལས་བྱུང༔ བདག་ཏུ་བཟུང་བས་ཆགས་སྡང་རྨོངས་གསུམ་འཁྲུགས༔ ཆགས་པའི་དབང་གིས་གཞན་ནོར་རྐུ་ཞིང་འཕྲོག༔ བཙུན་པའི་སྡེ་རྣམས་ལོག་གཡེམ་ཚངས་སྤྱོད་ཉམས༔ ཞེ་སྡང་དབང་གིས་འཁྲུག་རྩོད་གཞན་སྲོག་གཅོད༔ མནར་སེམས་ལྡན་པས་སྲུང་མ་དྲག་པོར་བསྐུལ༔ གཏི་མུག་སྟོབས་ཀྱིས་དམ་པ་གཞན་རྣམས་ཀྱི༔ སྐྱོན་ནས་བརྗོད་ཅིང་རང་ཉིད་བཟང་པོར་བརྩི༔ བླང་དོར་གནས་ལ་བལྟ་བའི་འདྲེན་བྱེད་ལོང༔ དེ་ཡི་རྐྱེན་གྱིས་ལྷ་འདྲེ་མི་གསུམ་འཁྲུགས༔ གཞན་ནོར་འཕྲོག་པས་ཡུལ་ཁམས་མུ་གེ་འབྱུང༔ ལོ་ཉེས་སད་སེར་ཕྱུགས་གོད་མི་འདོད་འབྱུང༔ མི་ཡི་མདོག་ཉམས་སྣོད་ཀྱི་ཕྱྭ་གཡང་རྒུད༔ མི་མིན་བསེ་རག་རྒབ་འདྲེས་ལུང་པ་གང༔ དེ་དག་ཕན་ཐབས་རིམ་གྲོ་འདི་དག་དགོས༔ གནས་ཀྱི་མཆོག་གྱུར་བྱིན་ཆེན་གངས་དཀར་མདུན༔ ཁྲིམས་ལྡན་བཙུན་པ་རྣམས་ཀྱི་གསོ་སྦྱོང་དང༔ སྔགས་པའི་སྡེ་རྣམས་དམ་སྐོང་ཚོགས་བསྐང་དང༔ གསང་སྔགས་ཡི་གེ་བརྒྱ་པ་གྲངས་སུ་སྐྱོལ༔ གནས་འདིར་ཆུ་སྦྱིན་ཀླུ་གཏོར་འབུམ་དང་ཁྲི༔ ཞི་ཁྲོ་དང་འབྲེལ་གནས་འདྲེན་ཟས་བསྔོ་སོགས༔ སྡིག་དང་མ་འདྲེས་རྣམ་དཀར་ཡང་དག་སྒྲུབ༔ ཁྱད་པར་སྙིགས་མའི་སྐྱབས་གཅིག་ཨོ་རྒྱན་རྗེའི༔ བསྙེན་སྒྲུབ་གཞུང་བསྲང་སིདྡྷི་བསམ་ལྷུན་དང༔ རྣམ་ཐར་རྒྱས་བསྡུས་ཚིག་བདུན་གསོལ་འདེབས་ནི༔ བྱེ་བ་ལ་སོགས་སྨྲ་བཅད་དག་པར་བཟླ༔ ཐེ་ཚོམ་མེད་ན་རྐྱེན་ངན་བར་ཆད་སེལ༔ ཚེ་ཐར་སྲོག་བསླུ་རི་རྒྱ་རྔོན་རྒྱ་སྡོམས༔ ཅི་ལྟར་ནུས་པ་དེ་བཞིན་ཕན་པར་ངེས༔ ས་མ་ཡཱ༔ ཨོཾ་སྭ་སྟི༔ མཛེས་མཛེས་རི་རབ་ལྷུན་པོའི་ཕྲག་པ་རུ༔ མཛེས་མཛེས་རྒྱུ་སྐར་རྒྱལ་པོ་བཀྲ་བ་ལྟར༔ མཛེས་མཛེས་མདོ་སྨད་ས་ཡི་ཐིག་ལེ་ཆེ༔ མཛེས་མཛེས་གནས་ཀྱི་མཆོག་གྱུར་འདི་ཉིད་མཛེས༔ ཀུན་ནས་མཉམ་བརྡལ་སྟོང་གསུམ་ཁྱོན་ཡངས་པོར༔ ཀུན་ཏུ་རྨད་བྱུང་གནས་ཆེན་སོ་གཉིས་དང༔ ཀུན་བཟང་རོལ་བའི་ཡུལ་མཆོག་ཉེར་བཞི་ལས༔ ཀུན་དགའི་གནས་འདི་ཛ་ལན་ངྷ་རར་ངེས༔ རྔ་ཡབ་གླིང་གི་རཀྴའི་རྗེ་བོ་རུ༔ རྒྱལ་ཀུན་སྤྱི་གཟུགས་པད་འབྱུང་སྒྱུ་འཕྲུལ་ལས༔ རྩུབ་རོང་མི་སྲུན་དྲེགས་པའི་གཙུག་ཏོར་རྩེར༔ ཟབ་གསང་བསྟན་འཛིན་གྲུབ་པའི་གནས་འདི་རྒྱལ༔ ལྔ་ལྡན་འོག་མིན་ས་ལ་འཕོས་འདྲའི་གནས༔ ལྔ་རིག་མཁས་གྲུབ་ཡོངས་ཀྱིས་བསྔགས་པའི་ཡུལ༔ ལྔ་བདོའི་རྒུད་པ་འཇོམས་པའི་ཡིད་བཞིན་གཏེར༔ ལྔ་བརྒྱའི་གཙུག་རྒྱན་དམ་པའི་བསྟི་གནས་མཚར༔ རབ་བརྟན་དུང་མདོག་གངས་རི་ལྷུན་མཐོ་ཞིང༔ རབ་མཛེས་ལྗོན་པའི་ཟློས་གར་བསྒྱུར་བ་ལས༔ རབ་མང་རི་སྐྱེས་བུ་མོས་རྩེན་པའི་གནས༔ རབ་ཏུ་དབེན་པའི་ཡོན་ཏན་ཕ་མཐའ་ཡས༔ ལྷ་དང་དྲང་སྲོང་འཆི་མེད་རིག་འཛིན་ཚོགས༔ བདེན་ཚིག་བསྔགས་པའི་མེ་ཏོག་འཐོར་བ་དང༔ ཆབས་ཅིག་པདྨ་རྒྱལ་ཚབ་རྒྱུན་འབྱོན་པའི༔ གནས་འདི་དཔལ་གྱི་རི་བཞིན་བསྔགས་པར་འོས༔ ལེགས་བཤད་སྨྲ་བའི་མཁས་མང་འདུ་འོ་ཞེས༔ ཆགས་མེད་འདབ་ཆགས་སྙན་པའི་གླུ་ལེན་ཅིང༔ ཉམས་མྱོང་དྲོད་ཐོན་གྲུབ་བརྒྱའི་ཕོ་བྲང་ཞེས༔ བག་ཡངས་རི་དྭགས་དགའ་བས་འདུ་འམ་སྙམ༔ འདིར་གནས་བསྐྱེད་རྫོགས་མཐར་ཕྱིན་རིག་འཛིན་གཙོ༔ གཞན་སྣང་ཟིལ་གྱིས་གནོན་པའི་རྟེན་འབྲེལ་ཀྱིས༔ ཅི་བསྒོས་ལས་བྱེད་མི་དང་མི་མ་ཡིན༔ རྗེས་སུ་ཡི་རང་ཐལ་མོ་སྦྱར་ལ་ཕྱོགས༔ གནས་བསྟོད་བསྐུལ་བའི་སྒྲ་ཚིག་སྐྱེ་ལྔའི་དུང༔ འབུད་པའི་མཁན་པོ་ནོར་དཔོན་ཐབས་ལ་མཁས༔ ཀརྨའི་གསེར་ཕྲེང་འཛིན་པའི་དྷརྨ་ཤྲྀ༔ ཆོས་དབང་མཁྱེན་རབ་རྒྱ་མཚོས་བསྐུལ་འདི་ལགས༔ ཞེས་པའང་སྤྲུལ་སྐུ་གཞན་ཕན་བཟང་པོས་སྦྱར་བ་དུས་གསུམ་དགེ་བར་གྱུར་ཅིག༔

གནས་ལུང་དཔལ་གྱི་རི་བོའི་དཀར་ཆག་དབྱིངས་ཀྱི་ཌཱཀྐིའི་ཞལ་ལུང་འཁྲུལ་མེད།

གནས་ལུང་དཔལ་གྱི་རི་བོའི་དཀར་ཆག་དབྱིངས་ཀྱི་ཌཱཀྐིའི་ཞལ་ལུང་འཁྲུལ་མེད་ཅེས་བྱ་བ་བཞུགས་སོ༔ རྒྱལ་ཀུན་སྤྱི་གཟུགས་པད་སྡོང་ལས་འཁྲུངས་ཤིང༔ བཀྲ་ཤིས་ཡོན་ཏན་དུ་མས་རབ་མཛེས་སྐུ༔ རྡོ་རྗེ་ཐོད་ཕྲེང་རྩལ་དང་དབྱེར་མེད་པའི༔ མཚུངས་མེད་བླ་མ་ལུང་རིག་མཚན་ཅན་མཁྱེན༔ རང་བྱུང་རང་རྩལ་སྒྱུ་འཕྲུལ་སྣང་བའི་གར༔ ལྷུན་གྲུབ་རང་བཞིན་མཁའ་སྤྱོད་ས་སྤྱོད་ཀྱི༔ དཔའ་བོ་མཁའ་འགྲོ་སྣང་བའི་བརྡ་རུ་ངོམ༔ ཁྱད་པར་ཧི་མ་ལ་ཡི་གྲོང་ཁྱེར་གྱི༔ ཡོན་ཏན་བསམ་ཡས་མངའ་བདག་ཏཱ་རེའི་གནས༔ གསང་གསུམ་གར་གྱི་རྣམ་རོལ་དཔལ་གྱི་རིའི༔ མདོ་བྱང་ཡང་བྱང་དུས་ཀྱི་མངོན་རྟགས་སོགས༔ དུ་མ་སྣང་ཡང་ལུང་བསྟན་མདོར་བསྡུས་འབྲི༔ བདག་འདྲ་མཁན་ཆེན་པདྨ་རྒྱལ་པོ་ནི༔ སུམ་སྟོང་ཉེར་བརྒྱད་འཕགས་ཡུལ་པཎ་གྲུབ་བསྟེན༔ གྲུབ་པའི་རྟགས་ཀྱིས་གཞན་སྣང་ཟིལ་གྱིས་མནན༔ བརྒྱ་དང་བཅུ་གཅིག་གངས་ཅན་དབུས་སུ་བཞུགས༔ ས་རྡོ་རི་བྲག་གངས་མཚོ་གཏེར་གྱིས་གཏམས༔ ལྷ་སྲིན་དྲེགས་ཚོགས་གཏེར་གནས་སྲུང་མར་བསྐོས༔ རྔ་ཡབ་སྲིན་ཡུལ་སྐྱེ་འགྲོ་བདེ་ལ་བཀོད༔ སྐྱེ་འཆིའི་འཇིགས་བྲལ་ཟག་མེད་རྡོ་རྗེའི་སྐུ༔ སྐུ་ཚབ་ལུང་བསྟན་གསུང་ཚབ་གཏེར་དུ་སྦས༔ ཐུགས་ཀྱི་དགོངས་པ་སྐལ་ལྡན་བུ་ལ་གཏད༔ རྒྱལ་ཁམས་སྤྱི་དང་ཁྱད་པར་གངས་ལྗོངས་འདི༔ རིགས་གསུམ་མགོན་པོ་དང་ནི་པད་འབྱུང་གི༔ གདུལ་ཞིང་ཆེད་དུ་བསྔགས་པ་ཡིན་ནོ་ཞེས༔ མདོ་སྔགས་རྒྱུད་ལུང་གཏན་ཚིགས་འཕྱུགས་མེད་གྲུབ༔ ཁྱད་པར་དུས་སྙིགས་སུམ་ཅུ་ཁ་རལ་དུས༔ མི་རྣམས་ཉོན་མོངས་འཇོལ་ཉོག་སྤྱོད་པའི་ཚེ༔ འདོད་ཆགས་ལས་གྱུར་མུ་གེས་བཀྲེན་པ་དང༔ ཞེ་སྡང་ལས་གྱུར་ཕྱོགས་ཀུན་འཁྲུགས་རྩོད་དར༔ གཏི་མུག་ལས་གྱུར་ནད་རིམས་གདོན་རྒོད་དང༔ དུག་གསུམ་ལས་གྱུར་སྡུག་བསྔལ་སྣ་ཚོགས་འབྱུང༔ དེ་དུས་སེམས་ཅན་བདེ་བའི་གོ་སྐབས་དབེན༔ རྒྱ་བོད་ཆས་བསྒྱུར་འགྲོ་ལ་གཡོ་རྒྱུ་སྤྱོད༔ མཆོད་འོས་བསླུ་ཞིང་ཁྲིམས་བདག་དམངས་སུ་འབེབས༔ གྲུབ་ཐོབ་ཉུང་ཞིང་ཟོག་པོས་མི་མགོ་བསྐོར༔ ཁྲིམས་ལྡན་ཉུང་ཞིང་ཚུལ་འཆལ་བྱ་ཁྱུ་འཚོགས༔ དམ་སྲི་མོར་བརྫུས་སྒྱུ་མའི་རྩེད་འཇོ་ངོམ༔ མི་ཕྱུགས་སྲོག་ལ་འབྱུང་པོས་ཚ་རེག་གཏོང༔ ལྟོ་འཕྱེ་གདུག་པའི་མཇུག་མས་སྤྱན་མ་བསྐུལ༔ མདོ་ཡི་ཆོས་གྲྭ་ཡུལ་ལྗོངས་ཞིག་རལ་འགྱུར༔ ཀླུ་ཡི་ལག་པས་སྡེ་བཞིའི་མལ་ནས་འཛུད༔ ཡུལ་གྱི་དཔོན་ཁ་རེ་ལ་དག་མི་སྟེར༔ མི་རྣམས་རྒྱུད་ལ་ལོག་པའི་ཆུ་བོ་ཁོལ༔ སྡུག་བསྔལ་རྦ་ཀློང་འཁྲུགས་པ་ཡ་རེ་ང༔ དེ་དུས་འཇིགས་སྐྱོབ་པད་འབྱུང་བྱིན་རླབས་ལས༔ གྲུབ་པའི་གཏེར་སྟོན་གྲངས་ལས་འདས་པ་འབྱུང༔ ཡུལ་གྲུ་རེ་བཞིན་གྲུབ་པའི་སྐྱེས་བུ་རེ༔ ལུང་པ་རེ་བཞིན་སྒྲུབ་པའི་གཏེར་གནས་རེ༔ རི་བོ་ཕལ་ཆེར་མཁའ་སྤྱོད་ཕོ་བྲང་དུ༔ བྱིན་དབབ་བྱིན་རླབས་འགྲོ་བའི་ཁམས་བཞིན་འབྱུང༔ སློབ་དཔོན་པད་འབྱུང་ཐུགས་རྗེ་དུས་མི་གཡེལ༔ ཁྱད་པར་ཡོངས་སུ་གྲགས་པའི་གནས་ཆེན་ནི༔ ལུང་ལྔ་ལྗོངས་གསུམ་རྫོང་ཆེན་བཅོ་བརྒྱད་དང༔ རི་ཆེན་བཞི་དང་མཚོ་ཆེན་རྣམ་པ་བཞི༔ གནས་ཆེན་བརྒྱ་རྩ་སྦས་གནས་སྟོང་ཕྲག་ཡོད༔ དེ་ཡི་ནང་ཚན་རོང་ཆེན་བཞི་ཡི་ཆར༔ གཏོགས་པའི་ཡུལ་ལྷ་དགེ་བསྙེན་ཉེར་གཅིག་ལ༔ གཏད་པའི་སྦས་གནས་རོག་མོ་ལྗོངས་ཀྱི་ཤར༔ སྦས་ཡུལ་དགའ་བ་ལྗོངས་ཀྱི་གཡས་ཕྱོགས་སུ༔ པདྨ་བཀོད་ཆེན་གཉིས་པ་ཏཱ་རེ་ཡི༔ གནས་ཆེན་གཡུ་བྲག་རྩེ་ཡི་ཕྱོགས་མཚམས་བརྒྱད༔ གནས་ཆེན་བརྒྱད་ནི་བློན་གྱི་ཚུལ་དུ་བཞུགས༔ ཁྱད་པར་ཀླུ་དབང་ཕྱོགས་ན་དཔལ་གྱི་རི༔ གནས་ལུང་ཞེས་བྱ་ཚན་དྷོ་ཧ་དང་ཉེ༔ མཁས་གྲུབ་མང་པོས་ཞབས་བཅགས་མེ་ཏོག་འཐོར༔ ཆོས་དང་ནོར་སོགས་ཟབ་གཏེར་དུ་མས་གཏམས༔ རང་རང་ཡུལ་དང་འཚམས་པར་བྱིན་རླབས་བྱས༔ མ་འོངས་འདོན་པའི་གང་ཟག་ལུང་དུ་བསྟན༔ ལྷ་སྔགས་སྐུ་དང་ཕྱག་རྒྱ་ཕྱག་ཞབས་རྗེས༔ མི་འགྱུར་རྡོ་ཡི་རི་མོར་བཀོད་ནས་བཞག༔ གྲུབ་པའི་སྐྱེས་བུ་དུས་སུ་བྱོན་པ་ནི༔ འོ་བྲན་སྤྲུལ་པ་མཐུ་སྟོབས་རྡོ་རྗེ་ཡིས༔ མཁའ་འགྲོའི་ལུང་བསྟན་ཇི་བཞིན་གནས་སྒོ་ཕྱེས༔ སེམས་ཅན་རྒུད་པ་སེལ་བའི་རྟེན་ཏུ་བཞག༔ ཕན་ཡོན་རང་བྱུང་ལེགས་ཚོགས་ཡི་གེར་བཀོད༔ གནས་འདུས་ལ་སོགས་དུས་རྟགས་གསལ་གསུངས་བཞིན༔ ཁོ་བོ་ཨ་ཙར་སྤྲུལ་པའི་ཉམས་སྣང་ལ༔ མེ་ཕོ་སྤྲེལ་ལོ་སྤྲེལ་ཟླ་ནས་བཟུང་སྟེ༔ མཁའ་ལྡིང་རྒྱལ་པོས་གཤོག་རྩལ་མ་བརྐྱངས་བར༔ རིགས་ལྔའི་སངས་རྒྱས་བྱང་སེམས་དང༔ ཡུལ་ཆེན་ཉེར་བཞི་གནས་སོ་གཉིས༔ དེ་བཞུགས་དཔའ་བོ་མཁའ་འགྲོ་དང༔ གནས་སྲུང་དམ་ཚིག་ལྡན་པ་ཀུན༔ དཔལ་གྱི་རི་བོ་འདི་རུ་འཚོགས༔ ཧི་མ་ལ་དང་ཁྱད་པར་མེད༔ རི་བྲག་རྩི་ཤིང་ཆུ་ཀླུང་སོགས༔ དཀྱིལ་འཁོར་ཆེན་པོར་འབྱམས་སུ་ཀླས༔ ཕྱག་སྐོར་རྟེན་བཞེངས་འབྲེལ་ཐོགས་ཀུན༔ གནས་སྐབས་བདེ་བའི་ཉམས་འོག་ཚུད༔ ཕྱི་མར་དག་པའི་ཞིང་ཁམས་བགྲོད༔ གཞན་དུ་མ་ཎི་སྐྱབས་འགྲོ་དང༔ སིདྡྷི་ཆོས་སྤྱོད་དགེ་བ་སྟོང༔ རྒྱ་ཆེན་བསགས་ལས་གནས་འདི་རུ༔ ཆུང་ངུའི་དགེ་བསགས་འབུམ་འགྱུར་འཕེལ༔ གནམ་ལོར་གནས་འདིར་ནང་སྐོར་གཅིག༔ བྱས་ན་ཡིག་དྲུག་དུང་བདུན་ཐོབ༔ བསྐལ་པ་མང་པོའི་སྡིག་སྒྲིབ་འདག༔ བསོད་ནམས་ཡོན་ཏན་ཤུགས་ལས་འབྱུང༔ མི་དགེའི་མཚན་མ་ངང་གིས་ཞི༔ ཕྱི་སྐོར་གཅིག་བྱས་ཕན་ཡོན་ནི༔ མ་ཎི་དུང་ཕྱུར་བཅུ་གསུམ་མཉམ༔ ཕྱི་མར་ས་ཡི་དབང་ཕྱུག་འཐོབ༔ གནས་འདིར་རྟ་ཕག་ཟུང་འཇུག་དངོས༔ སྲུང་མ་བྲག་བཙན་འབར་བ་ལགས༔ འདི་རུ་ཚོགས་བསགས་སྒྲིབ་སྦྱོང་འབུངས༔ དམག་འཁྲུགས་མུ་གེ་ཉེར་འཚེ་ཞི༔ ནག་ཕྱོགས་ཕམ་ཞིང་དཀར་ཕྱོགས་རྒྱལ༔ ཚེ་བསོད་ལུང་རྟོགས་དཔལ་འབྱོར་རྒྱས༔ ལོ་ལེགས་འབྲུ་འཕེལ་བདེ་སྐྱིད་འབྱུང༔ མི་མཐུན་རྐྱེན་ངན་བར་ཆད་ཞི༔ མཐུན་རྐྱེན་ལྷ་དང་སྲུང་མས་སྒྲུབ༔ བསམ་རྒུ་འགྲུབ་པའི་རྟེན་འབྲེལ་ཡོད༔ དགེ་འདིས་འགྲོ་དོན་སངས་རྒྱས་ནས༔ སྐུ་བཞི་འགྲུབ་པའི་བཀྲ་ཤིས་ཤོག༔ ས་མ་ཡཱ༔ སྐུ་གསུང་ཐུགས་ཀྱི་རྒྱ༔ ཞེས་གནས་ལུང་དཔལ་གྱི་རི་བོའི་གནས་ཡིག་དཀར་ཆག་འདི་ཉིང་འཁྲུལ་སྣང་བའི་རྩལ་དུ་མཁའ་འགྲོ་བདེ་བའི་དཔལ་སྟེར་ཡིན་ཟེར་བའི་བུད་མེད་དམར་གསལ་སྒེག་ཉམས་ལྡན་པ་ཞིག་གིས་རྒྱལ་ཟླའི་ཚེས་བཅོ་བརྒྱད་ལ་ཤོག་སེར་སོར་གསུམ་པ་ཞིག་གཏད་པ་ཡི་གེར་ཞལ་བཤུས་ཏེ་སྐལ་ལྡན་གྱི་བུ་མཚོ་རྒྱལ་དང༔ ལུང་རྟོགས་བསྟན་འཛིན༔ བཤད་སྒྲུབ༔ རིག་གྲོལ་སོགས་ལ་གྲུབ་རྒྱའི་སྤྱི་མེས་ཁྲག་འཐུང་རྡོ་རྗེ་གྲོ་ལོད་དང༔ འགྲོ་འདུལ་ལུང་རིག་གླིང་པ་རིགས་ཀྱི་བདག་པོར་ཐོབ་པའི་སྤྲུལ་མིང་གཞན་ཕན་བཟང་པོས་བསྩལ་བ་འགྲོ་བ་ཡོངས་ལ་ཕན་ཐོགས་ཤིང་སྒོ་གསུམ་བསྐུལ་ནུས་པའི་རྒྱུར་གྱུར་ཅིག༔ སརྦ་མངྒ་ལཾ༔

གནས་ལུང་གནས་ཀྱི་གསོལ་འདེབས།

ཨེ་མ་ཧོ༔ སྔོན་དུས་རིག་འཛིན་པདྨ་རྒྱལ་པོ་དང༔ གྲུབ་ཐོབ་མང་པོས་བྱིན་གྱིས་བརླབས་པའི་གནས༔ མ་སྲིང་དཔའ་བོ་ཌཱཀྐི་འདུ་བའི་གྲོང༔ གནས་ལུང་དཔལ་གྱི་རི་བོར་གསོལ་བ་འདེབས༔ དེ་ལྟར་རྩེ་གཅིག་མོས་པས་གསོལ་བཏབ་མཐུས༔ ད་ལྟའི་ནད་གདོན་བར་ཆད་བྱད་ཕུར་ལྟས༔ མ་རུངས་སྨོན་ལོག་བདུད་དགྲའི་འཚེ་བ་བཟློག༔ འཕོས་ཚེ་མཁའ་སྤྱོད་མཁའ་འགྲོའི་ཕོ་བྲང་དུ༔ ཕྱིར་མི་ལྡོག་པའི་ས་མཆོག་རབ་བརྙེས་ཏེ༔ བསྟན་འགྲོའི་དཔལ་ལ་སྤྱོད་པའི་མཐུན་འགྱུར་མཛོད༔ ཅེས་པའི་གསོལ་འདེབས་སྨོན་ཚིག་འདི༔ ཉམས་སུ་བླངས་པའི་འགྲོ་བ་དེའི༔ འདི་བྱས་ཚེ་འཕྲང་བར་ཆད་ཞི༔ ལེགས་པའི་བྱ་བ་གང་བརྩམ་འགྲུབ༔ ཕྱི་མར་པདྨ་བཀོད་ཞིང་དུ༔ དཔའ་བོ་མཁའ་འགྲོས་འདྲེན་པའི་ལྟས༔ བཟང་པོར་ཤར་ནས་བྲིས་པ་དགེ༔ བདག་རིག་འཛིན་གཞན་ཕན་བཟང་པོས་ཡི་གེར་བྲིས༔

ཏཱ་རེའི་གནས་བསྟོད་སྐྱེ་ལྔའི་དུང་དཀར།

ཡང་གསང་མཁའ་འགྲོའི་བརྡ་རིས་ལས༔ ཏཱ་རེའི་གནས་བསྟོད་སྐྱེ་ལྔའི་དུང་དཀར་བཞུགས༔ རང་བྱུང་ལྷུན་གྲུབ་རྒྱལ་བའི་གསང་གསུམ་ལས༔ རྣམ་པར་བསྐྲུན་པའི་གྲུབ་པའི་སྤྱི་མེས་མཆོག༔ ཁམས་གསུམ་དྲེགས་པའི་གཙུག་ན་མངོན་མཐོ་བའི༔ རིག་འཛིན་པདྨ་བདུད་འདུལ་སྤྱི་བོས་མཆོད༔ བོད་ཡུལ་གཏེར་གྱི་གཉེར་འཛིན་ཌཱཀྐི་མ༔ ཡེ་ཤེས་མཁའ་འགྲོའི་ཚོགས་རྗེ་མཁར་ཆེན་བཟའི༔ སྒྱུ་འཕྲུལ་འགྲོ་འདུལ་རིག་འཛིན་ལུང་རིག་གླིང༔ མི་འབྲལ་འཁོར་ལོའི་རྒྱན་བཞུགས་ཤིས་པ་སྩོལ༔ འོད་གསལ་ཉམས་ཀྱི་སྣང་བའི་བརྡ་རིས་ལས༔ གནས་འདིར་མ་ཀིའི་བྱིན་རླབས་ཆགས་པའི་ས༔ མཁའ་འགྲོ་ཤུགས་འགྲོའི་འདུ་བ་སྤྲིན་ལྟར་འཁྲིགས༔ ཆོས་སྐྱོང་སྡེ་བརྒྱད་ལས་བྱེད་ཤ་ར་ར༔ རིག་འཛིན་མང་པོས་ཞབས་བཅགས་དགོངས་བྱིན་རླབས༔ མཁའ་སྤྱོད་གཡུ་ལོ་བཀོད་པ་གཉིས་པ་འདིར༔ དབུས་ཀྱི་རྒྱལ་མཚན་བསྒྲེངས་འདྲའི་རི་བོའི་གཡས༔ རྗེ་བཙུན་ཏཱ་རེའི་སྣང་བརྙན་འབུར་དུ་དོད༔ རྒྱ་སོག་བོད་གསུམ་ཡིག་འབྲུ་གྲངས་མེད་བཞུགས༔ འཆི་མེད་ཟླ་བ་ལས་གྲུབ་ཚེ་ཆུ་གྲུབ༔ བདུད་བཙན་དྲེགས་པས་གཏེར་གྱི་གཉེར་ཁ་འཛིན༔ གཡོན་ཕྱོགས་མ་ཅིག་ཕྱག་མཚན་གྲི་ཐོད་དང༔ དམ་པའི་རྐང་གླིང་འབུར་དུ་དོད་པ་ཡོད༔ མ་གཟའི་བླ་ཤིང་རང་བྱོན་སྦྲེལ་ལ་གནས༔ མདུན་དུ་ཐོད་པའི་སྐུ་མཁར་རང་བྱུང་ལྡན༔ མ་རྒྱུད་མཁའ་འགྲོའི་བླ་ཤིང་དྲེགས་པའི་རྫོངས༔ ལྷ་ཡི་ཕྱག་མཚན་བྲིས་འབུར་གྲངས་ལྡན་དང༔ སྨན་གྱི་བླ་མའི་བྱིན་རླབས་ཆགས་པའི་ཆུ༔ རང་བྱུང་ངོ་མཚར་བྱིན་རླབས་དྲི་བསུང་འཐུལ༔ རྒྱབ་དུ་མ་ཚོགས་མཁའ་འགྲོ་འདུ་བའི་ཁང༔ ཚོགས་དང་མཎྚལ་ཚོམ་བུའི་རྣམ་པར་མངོན༔ ཕྱོགས་བཞི་མཚམས་བརྒྱད་གྲུབ་པའི་རིག་འཛིན་འགའི༔ ཕྱག་ཞབས་རྗེས་དང་གྲུབ་རྟགས་ཡ་མ་ཟུང༔ མཛད་པའི་མཚན་མ་རྨད་དུ་བྱུང་བ་བཞུགས༔ དེ་སོགས་སྲུང་བའི་གནས་བདག་གཙོ་བོ་ནི༔ ལྷ་ཡི་དགེ་བསྙེན་དྲག་པོ་རབ་འབར་རྩལ༔ པད་འབྱུང་བཻ་རོའི་བཀའ་ཉན་དམ་ཚིག་ཅན༔ འཁོར་དུ་ཀླུ་དང་བཙན་རྒྱལ་བདུད་བཀྲག་མེད༔ འཇིག་རྟེན་འདས་དང་མ་འདས་ལྷ་འདྲེའི་ཚོགས༔ གནས་འདིར་གཉུག་གནས་མཁའ་རྒྱུ་བསམ་མི་ཁྱབ༔ དེ་འདྲའི་གནས་འདིར་ལྷག་བསམ་རྣམ་དག་པས༔ ཞག་གཅིག་ཉམས་ལེན་གཞན་དུ་ཟླ་བདུན་འགྲན༔ ཟླ་གཅིག་སྒོམ་སྒྲུབ་གཞན་དུ་ལོ་གསུམ་འགྲན༔ ལོ་གཅིག་སྒོམ་སྒྲུབ་གཞན་དུ་ལོ་དུས་མཉམ༔ དེ་བཞིན་ཕྱི་ནང་གསང་གསུམ་སྐོར་གསུམ་ལས༔ ལྷག་བསམ་དག་པས་སྐྱེ་འགྲོ་ཕོ་མོ་ཡིས༔ གསང་སྐོར་གཅིག་བྱས་ཏཱ་རེ་དུང་ཕྱུར་ནི༔ མེ་ཡི་གྲངས་ལྡན་ཕན་ཡོན་བརྗོད་ལས་འདས༔ དེ་འདྲའི་སུམ་འགྱུར་ནང་ཕྱི་གཉིས་ལ་མངོན༔ གནས་འདིར་བརྟེན་བཅས་སྐྱེས་སོ་ཅོག་རྣམས་ཀྱང༔ སྐྱེ་བོ་རབ་འབྲིང་ཐ་མའི་ཁམས་དབང་བཞིན༔ སྐྱེ་བ་གཅིག་གམ་གསུམ་བདུན་ཚུན་ཆད་དུ༔ གཡུ་ལོ་བཀོད་པའི་ཞིང་དུ་ལམ་སྣ་ཟིན༔ རྗེ་བཙུན་འཕགས་མས་དབུགས་དབྱུང་ལུང་སྟོན་འགྱུར༔ མདོར་བསྡུས་ཙམ་དུ་འདིར་བཀོད་ས་མ་ཡཱ༔ གནས་སྲུང་བདུད་བཙན་ཀླུ་གསུམ་དང༔ མ་གཟའ་དམ་གསུམ་མེལ་ཚེ་མཛོད༔ དད་མེད་ལོག་པའི་སྙིང་ཁྲག་ཕོས༔ དད་ལྡན་ཡོངས་ལ་སྲུང་ཤིག་རྒྱ༔ གུ་ཧྱ༔ འདིར་སྨྲས་པ༔ ང་འདྲའི་ཟོག་པོས་མི་མགོ་སྐོར་མིན་ཀྱང༔ སོ་སོའི་སྐྱེ་བོས་ས་སྤྱོད་མཐོང་མིན་ཀྱང༔ ཤེས་མེད་ཤེས་རྫུན་གྲིབ་ཀྱིས་སྒྲིབ་མིན་ཀྱང༔ ཆེ་འདོད་ཆོས་བརྒྱད་དམ་སྲིས་བསླུས་མིན་ཀྱང༔ འོད་གསལ་རྨི་ལམ་ཉམས་ཀྱི་སྣང་བ་ལ༔ ཁྱབ་བྱེད་ཀུན་གཟིགས་རྩལ་ལས་རང་བྱུང་བརྡ༔ ཡེ་ཤེས་མཁའ་འགྲོའི་ཞལ་གསུང་འཕྱུག་མེད་འདི༔ གྲུབ་པའི་རིག་འཛིན་བླ་མའི་བྱིན་རླབས་ཡིན༔ འཁྲུལ་སྣང་ཨ་འཐས་མཁན་དང་འགྲན་ཟླ་བྲལ༔ འདི་ཕྱིའི་ལེགས་པའི་ཡོན་ཏན་མྱུ་གུ་སྨིན༔ མཐར་ཐུག་གདོད་མའི་འབྲས་བུ་གཡུར་དུ་ཟ༔ ད་ལྟ་རིག་འཛིན་རྣལ་འབྱོར་ གནས་འདིའི་སྒོ་འབྱེད་འགྲོ་དོན་མཐའ་ཡས་ཀྱང༔ ལོག་པའི་སྨོན་སྟོན་རྟེན་འབྲེལ་མ་ལེགས་པས༔ སྣང་མིན་དག་སྣང་ཙམ་དུ་བྲིས་པ་ཡིན༔ རིན་ཆེན་བཞི་པའི་ལྕེ་ཟུང་རྐྱོང་བའི་དུས༔ ངེས་མེད་རྣལ་འབྱོར་ཞིག་གིས་གཏེར་སྒོ་འབྱེད༔ ས་ཡ་བཅུ་ལྡན་སྐྱེ་འགྲོ་གནས་སྐབས་དང༔ མཐར་ཐུག་བདེ་ལ་འགོད་པའི་རྟེན་འབྲེལ་ཡོད༔ གནས་འདིར་ས་སྐོ་རྡོ་བཤིགས་ཤིང་གཅོད་དང༔ ཐབ་གཞོབ་འཁོན་སོགས་བག་མེད་སྤྱོད་ཉེས་ན༔ མི་མིན་འབྱུང་པོས་གློ་བུར་ཚ་རེག་དང༔ བཀའ་ཆད་དྲག་པོ་ནམ་མཁའི་ཐོག་ལྟར་འབེབས༔ བག་ཡོད་རྣམ་བཞིའི་སྦྱིན་པ་གཞི་བགེགས་ལ༔ ཚིམ་པར་བསྔོས་ན་ཅི་བཅོལ་ལས་འགྲུབ་འགྱུར༔ ས་མ་ཡཱ༔ དགེ་འདིས་འགྲོ་ཀུན་གདོད་མའི་གྲོལ་གཞི་ལ༔ ཆགས་ཐོགས་བྲལ་བས་མྱུར་དུ་འགོད་པར་སྨོན༔ མཆོག་གསུམ་རྩ་གསུམ་སྲུང་མ་ཡུལ་སྐྱོང་གིས༔ ཕུན་ཚོགས་རྣམ་པར་དཀར་བའི་དགེ་ལེགས་སྩོལ༔ ཧོར་བན་ས་ར་ཧི་ཏས་སོ༔

ཏཱ་རེའི་གནས་ཡིག་བདེ་ཆེན་བགྲོད་པའི་ལམ་བཟང་མ་རིག་མུན་སེལ།

ཏཱ་རེའི་གནས་ཡིག་བདེ་ཆེན་བགྲོད་པའི་ལམ་བཟང་མ་རིག་མུན་སེལ་ཞེས་བྱ་བ་བཞུགས༔ ཕུན་ཚོགས་ཕན་བདེའི་བྱེད་པོ་བླ་ན་མེད༔ སྲིད་པའི་ལམ་དུབ་མགྲོན་པོ་དབུགས་དབྱུང་མཁན༔ མཁས་གྲུབ་བྱེ་བའི་གཙུག་གི་རྒྱན་གཅིག་པུ༔ ལྷ་མིའི་བླ་མ་མཚོ་སྐྱེས་རྡོ་རྗེ་རྒྱལ༔ རྟེན་འབྱུང་བསླུ་མེད་རྟེན་འབྲེལ་ཟབ་མོ་ཡི༔ བདེན་མཐུ་བསླུ་མེད་གངས་ཅན་བོད་དུ་གྲགས༔ ཐུབ་པའི་ཞལ་སྐྱིན་པད་འབྱུང་རིགས་གསུམ་གྱི༔ གདུལ་ཞིང་ཁྱད་འཕགས་དབུས་གཙང་མདོ་སྒང་དྲུག༔ བྱེ་བྲག་རོང་ཆེན་བཞི་ཞེས་འབྱུང་བ་ལས༔ རྒྱལ་མོ་རོང་གི་གནས་བདག་མུ་རྡོ་ཡི༔ ཉེར་གནས་གནས་ཆེན་བརྒྱ་དང་གནས་ཕྲན་སྟོང༔ པད་འབྱུང་རྗེ་འབངས་གྲོགས་ཀྱི་བྱིན་རླབས་ཆུས༔ ལེགས་བྲན་སྙིགས་དུས་རྒུད་པ་ཞི་བའི་ཆེད༔ གཏེར་སྟོན་ལུང་སྟོན་གནས་སྒོ་འབྱེད་པའི་དུས༔ ལེགས་པར་གདམས་པའི་ནང་ཚན་གངྒ་ཡི༔ མིང་གི་ཟུར་ཆགས་བྱང་ཤར་ཏཱ་རེའི་གནས༔ རྟེན་འབྲེལ་འཕྲོ་ཅན་རྟ་སྦྲུལ་ལོ་ཤར་དུས༔ ཌཱཀྐིའི་བརྡ་དང་གནས་བདག་ཆོས་དབང་ཚོས༔ བསྐུལ་བའི་ལུང་བྱང་སྙིང་ལ་ཤར་བ་ལས༔ རེ་ཞིག་དང་ལེན་དབེན་པའི་ལེ་ལོའི་སྐབས༔ ཉིང་འཁྲུལ་རྨི་ལམ་གསལ་བའི་གོ་འབྱེད་དུས༔ ལྷ་དང་བླ་མས་ཞལ་གཟིགས་ལུང་བསྟན་ནས༔ ཐ་མའི་རྟེན་འབྲེལ་འཕྲོ་ཅན་གྱུར་པ་ལ༔ ཕྱིར་བཤོལ་བདུད་ཀྱི་དབང་དུ་ལུས་པ་ན༔ ཌཱཀྐིའི་བཀའ་ཆད་འགྲོ་དོན་སྒོ་འགགས་པས༔ ད་ལྟ་རིང་མིན་གནས་ལ་དབུགས་དབྱུང་མཛོད༔ པདྨ་བཀོད་དང་སྦས་གནས་འབྲས་ལྗོངས་ཀྱི༔ གནས་སྒོ་འབྱེད་ལ་ཉེ་བའི་དུས་རྟགས་ཡིན༔ སྒྲོལ་མའི་གནས་ཀྱི་ཡོན་ཏན་བརྗོད་མི་ལང༔ རྟེན་འབྲེལ་མདོར་བསྡུས་འདི་རུ་ལེགས་བརྗོད་གསོན༔ ནོར་བུའི་རི་ལ་ལྷ་མོ་རྣམ་གསུམ་བཞུགས༔ སྐུ་རྟེན་གསུང་ཡིག་ཐུགས་རྟེན་ཕྱག་མཚན་སོགས༔ གང་ཟག་དབང་པོའི་ཁམས་བཞིན་བསམ་ཡས་མཐོང༔ དཔལ་གྱི་རི་ལ་སྐུ་གསུམ་ཕོ་བྲང་དང༔ ཐོད་ཕྲེང་རིགས་ལྔའི་སྒྲུབ་ཕུག་བྱིན་ལྡན་ཡོད༔ འཇམ་སྐུ་ཕྱག་མཚན་ཆོས་འབྱུང་འབུར་དུ་དོད༔ ཨ་ར་པ་ཙ་ལ་སོགས་དུ་མ་མངོན༔ བཻ་རོའི་དབུ་ཞྭ་མཐོང་བ་དོན་ལྡན་དང༔ སྐུ་རྗེས་དང་ནི་ལྷ་ལམ་བགྲོད་ཐེམ་སྐས༔ པད་འདབ་དང་ནི་དམ་ཅན་ར་ཡི་གདོང༔ སློབ་དཔོན་ཕྱག་མཛུབ་རྗེས་དང་ཞབས་ཟུང་རྗེས༔ ནམ་མཁའི་སྙིང་པོ་གཡུ་སྒྲ་ཟུང་གཅིག་གིས༔ སྟོབས་རྩལ་འགྲན་པའི་ཞབས་རྗེས་ཟུང་དུ་འཇུག༔ ཕག་མོའི་སྐུ་དང་རྡོ་དྲིལ་ལྗོན་པའི་ཤིང༔ བསམ་མི་ཁྱབ་པ་རིས་སུ་བཀྲ་བ་ཡོད༔ མེ་རི་འབར་བའི་དུར་ཁྲོད་གཞལ་ཡས་ཁང༔ རང་བྱོན་དུར་ཤིང་དུར་ཆུ་དུར་སྤྲིན་དང༔ ཁྲག་ཞག་འདམ་ཞལ་མདའ་མདུང་རལ་གྲིའི་གུར༔ འཇིགས་སུ་རུང་བའི་ལོགས་ལ་ཆེ་མཆོག་གི༔ ཞལ་ཕྱག་བཀྲ་དང་སྣང་སྲིད་ཟིལ་གནོན་གྱིས༔ དྲེགས་པ་བཏུལ་བའི་གྲུབ་རྟགས་ཕྱག་ཞབས་རྗེས༔ ཐེག་ཆེན་པོ་ཏི་རང་བྱོན་རྒྱལ་མཚན་གྱིས༔ ལེགས་སྤྲས་མཐོང་ཚད་གྲོལ་བའི་རྟེན་འབྲེལ་ཡོད༔ ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་དངོས་བཞུགས་ཀྱང༔ རིག་འཛིན་སར་གནས་ལས་ཅན་འགའ་མ་གཏོགས༔ ཐམས་ཅད་ཡོངས་ཀྱི་དབང་པོའི་སྤྱོད་ཡུལ་མིན༔ རྒྱ་བོད་པཎ་གྲུབ་ཕྱག་མཚན་ཞབས་རྗེས་དང་༔ རྒྱ་སོག་བོད་གསུམ་ཡིག་འབྲུ་གྲངས་ལས་འདས༔ ལས་སྐལ་ལྡན་པ་རྣམས་ཀྱིས་ཆོས་སྐལ་དུ༔ འབད་རྩོལ་མེད་པར་མཐོང་བ་ཨེ་མ་ཧོ༔ གནས་དེར་ཞག་གཅིག་སྒོམ་སྒྲུབ་བྱས་ན་ཡང༔ ཕྱི་མ་མཁའ་སྤྱོད་གཡུ་ལོ་བཀོད་པ་དང༔ པདྨ་འོད་སོགས་བགྲོད་པ་ཐེ་མི་ཚོམ༔ བཀའ་བརྒྱད་རི་ལ་ལྷ་སྐུ་རང་རང་གི༔ སྐུ་ཡིག་ཕྱག་མཚན་ལ་སོགས་ཡིད་ཆེས་མངོན༔ དེ་ཕྱིར་ཡོན་ཏན་བརྗོད་པ་བསམ་ལས་འདས༔ སྡེ་བརྒྱད་ཕུག་པར་རང་རང་ཕྱག་མཚན་དང༔ སྲོག་ཡིག་ལ་སོགས་ཡིད་ཆེས་རྟགས་མཚན་འབྱུང༔ སེང་གདོང་རི་ལ་གཏོར་མའི་གྲི་རིས་དང༔ སེང་ཞལ་རྡོ་གཏོར་དྲག་པོའི་ཆས་ཀྱིས་བརྒྱན༔ མཚོ་རྒྱལ་ཚེ་སྒྲུབ་མཛད་པའི་ཕུག་པ་དེར༔ ཚེ་ཆུ་རང་བྱོན་མཁའ་འགྲོའི་བླ་མཚོ་ཡོད༔ དེ་མིན་བྱེ་བྲག་ཡོན་ཏན་བརྗོད་ལས་འདས༔ སངས་རྒྱས་གཉིས་པས་བརྗོད་ཀྱང་ཐུག་པ་མེད༔ སྤྱིར་ན་གནས་འདིའི་ས་རྡོ་རི་བྲག་དང༔ རྩི་ཤིང་ནགས་ཚལ་ཆུ་ཀླུང་བྱ་རི་དྭགས༔ ཐམས་ཅད་བདེ་ཆེན་ཞིང་དང་ཁྱད་མི་མངའ༔ ཐེག་ཆེན་རྣལ་འབྱོར་སྣང་བ་འབྱམས་སུ་ཀླས༔ མི་སྐྱ་ཕོ་མོ་དད་པས་དྭངས་འདྲེན་ཅིང༔ ཕྱག་སྐོར་བྱས་ཤིང་རང་བྱོན་སོགས་མཐོང་ན༔ ཚེ་འདིར་བདེ་ལྡན་ཕྱི་མར་སངས་རྒྱས་ཐོབ༔ རིགས་ངན་ལོག་སྲེད་མཁན་གྱིས་སྒྲོ་སྐུར་ན༔ ཚེ་འདིར་ཡུལ་ལྷའི་བཀའ་ཆད་མི་འདོད་འབྱུང༔ འཕོས་ཚེ་རྡོ་རྗེ་དམྱལ་བར་འཚོད་ཏ་རེ༔ དམ་ཆོས་རིན་ཆེན་འདོད་པས་གནས་འདི་སྐོར༔ གྲགས་པའི་གཡས་འཁྱིལ་སྒྲ་ཡིས་གྲགས་པ་སྡུད༔ དབུལ་པོ་ཟས་ནོར་འདོད་པས་གནས་འདི་སྐོར༔ ཡིད་བཞིན་རིན་ཆེན་ལྟ་བུའི་དགོས་འདོད་འབྱུང༔ གཏི་མུག་རྨུག་པ་འཐིབ་པས་གནས་འདི་སྐོར༔ ཤེས་རབ་གསལ་བའི་སྒྲོན་མེ་སྙིང་ལ་འཆར༔ སྡིག་ཅན་ཤན་པས་གནས་འདིར་ཕྱག་སྐོར་རེམ༔ ལས་གྱི་སྒྲིབ་དག་ཕྱི་མར་ཐར་བ་ཐོབ༔ ནད་གདོན་བགེགས་ཀྱིས་ནོན་རྣམས་གནས་འདི་སྐོར༔ བར་ཆད་དབྱིངས་གྲོལ་ཚེ་ཡི་དངོས་གྲུབ་ཐོབ༔ འཇའ་དང་འོད་ལུས་གྲུབ་འདོད་གནས་འདི་རུ༔ གཉིས་མིན་གཅིག་པུས་སྒྲུབ་པ་ལྷུར་བླངས་ན༔ འཕོ་ཆེན་བུམ་སྐུ་བདེ་བླག་ཉིད་དུ་འགྲུབ༔ འདོད་དོན་ལྷུན་གྲུབ་ཏཱ་རེའི་གནས་འདི་རུ༔ རང་གཞན་དོན་གཉིས་འབད་མེད་ཤུགས་ཀྱིས་འབྱུང༔ གནས་འདིའི་ཕྱི་ནང་བར་གསུམ་ཐམས་ཅད་དུ༔ སྐུ་གསུམ་མངོན་གྱུར་ལོངས་སྐུའི་ཞིང་མཚོན་ཕྱིར༔ སྐུ་ཡིག་ཕྱག་མཚན་ཕྱག་ཞབས་གྲུབ་པའི་རྟགས༔ བསམ་མི་ཁྱབ་པ་བརྗོད་ལས་འདས་པ་ཡོད༔ རང་ལ་དབང་བའི་སྐལ་ལྡན་ཀུན་གྱིས་མཐོང༔ དེ་མིན་འཚོལ་བའི་ངལ་བ་ག་ལ་དགོས༔ བསྐོར་བའི་ཚད་ནི་བརྒྱ་དང་རྩ་བརྒྱད་དེ༔ དེ་འབྲས་གནས་སྐབས་མཐར་ཐུག་ཡང་དག་ལྡན༔ གང་བརྩམ་ཡིད་བཞིན་འགྲུབ་ལ་སོམ་ཉི་ཅི༔ ཡོད་དེ་མེད་པའི་གཏན་ཚིགས་བརྡ་ལས་སྣང་༔ ནང་སྐོར་དཔལ་གྱི་རི་དང་ཏཱ་རེ་ཡི༔ གནས་ཡིག་དཀར་ཆག་མདོར་བསྡུས་འདིར་བཀོད་དགེ༔ ཁྱད་པར་ཤིང་ཕོ་རྟ་ཡི་དྲུག་པའི་སྐབས༔ སངས་རྒྱས་ཆོས་གསུང་དུས་གཉན་ཚེས་བཞི་ནས༔ གཡང་དཀར་ལོ་ཡི་གཉིས་པའི་ཚེས་བཅུ་ཚུན༔ རྒྱ་བོད་གནས་ཆེན་སྟོང་རྩ་གནས་ཕྲན་ནི༔ ཡོད་དོ་ཅོག་རྣམས་འདི་རུ་འདུས་པའི་རྟགས༔ སྒྲ་དང་འཇའ་སྤྲིན་ལེགས་པའི་མཚན་མར་བཅས༔ ལན་གཅིག་བསྐོར་བས་ཏཱ་རེ་དུང་ཕྱུར་བདུན༔ འཕྲལ་གྱི་རྐྱེན་སེལ་སྔོན་གྱི་ལས་ཡང་སྲབ༔ འདི་རུ་འཚོགས་ཤིང་སྒྲུབ་འབྲེལ་ཕྱག་སྐོར་སོགས༔ མང་དུ་སྒྲུབ་ན་སངས་རྒྱས་ཐོབ་པར་འགྱུར༔ གནས་རྣམས་གང་ལ་ཁས་ལེན་ཡོད་པའི་མི༔ ཐེ་ཚོམ་མེད་ན་འདི་རུ་ཕྱག་སྐོར་གྱིས༔ གཞན་གྱི་གནས་ལས་འབུམ་གྱི་འགྱུར་ཁྱད་ཡོད༔ མཁའ་སྤྱོད་ས་སྤྱོད་བྱིན་རླབས་འདི་རུ་འཕོས༔ ཡོད་པའི་ཚད་མ་རང་སེམས་དཔང་པོར་ཡོད༔ བསླུས་ན་ལྷ་དང་བླ་མའི་བྱིན་རླབས་ཞན༔ སྔོན་བཟང་ལས་འཕྲོ་སད་ལ་པད་འབྱུང་གིས༔ ལུང་མ་བསྟན་པར་གཞན་གྱིས་འདི་མི་གོ༔ གལ་ཏེ་ཆོས་བརྒྱད་ཟོལ་གྱིས་སྨད་ན་ཡང༔ ཡུལ་ལྷའི་བཀའ་ཆད་ལེགས་པའི་མཚན་མ་མེད༔ ཆོས་མེད་ཕོ་ཚོད་མཁན་གྱིས་བསླུ་སེམས་ཀྱིས༔ གཞན་མགོ་སྐོར་བའི་ཤོམ་ར་བསྒྲིག་ན་ཡང༔ མཁའ་འགྲོའི་བརྡ་ལས་མ་བྱུང་ངོས་མི་ཟིན༔ ད་ལྟ་དད་ལྡན་ཕོ་མོས་སྐུ་ཡིག་དང་༔ ཕྱག་མཚན་རྫས་རྟགས་ལེགས་པའི་ལྟས་མཐོང་བ༔ གནས་སྒོ་འབྱེད་པའི་དུས་ལ་བབ་པའི་རྟགས༔ ཡིན་པ་ཀུན་གྱི་སྒྲ་འཛིན་ལམ་ལ་བསྟིམས༔ མ་དག་སྐྱེ་བོས་འབུར་དོད་རང་བྱོན་ལ༔ མ་དག་སྣང་བས་ལོག་པར་ལྟ་བ་འཆོར༔ ལོག་ལྟའི་འབྲས་བུ་ནམ་ཡང་ཐར་བ་དཀོན༔ དད་པས་དག་སྣང་སྦྱང་བ་སྔགས་ཀྱི་ཆོས༔ ལར་ནི་མི་མཇེད་སྤྲུལ་སྐུའི་ཞིང་ཁམས་ཡིན༔ མོས་པའི་དུས་སུ་ལོངས་སྐུའི་ཞིང་དུ་ངེས༔ དེ་ཡི་བསྟན་པའི་མཇུག་ཏུ་འོག་མིན་གནས༔ གདོད་མའི་ལྷུམས་ཞུགས་དབུ་མའི་དབྱིངས་སུ་འཇུག༔ ཆོས་རྣམས་སྐུ་གསུམ་ཞིང་དང་ཡུམ་ལྔའི་ཀློང༔ ཡེ་ནས་ཡིན་ལ་ཡིན་པའི་འདུ་ཤེས་སྐྱེད༔ འཕགས་པའི་བྱིན་རླབས་ཆགས་པ་གངས་ཅན་ལྗོངས༔ ཡིན་ཕྱིར་ས་སྤྱོད་འཁྲུལ་བ་མེད་པའི་གནས༔ རང་རང་ལས་འབྲེལ་གནས་ཀྱི་སྐལ་བ་རུ༔ ཨོ་རྒྱན་ཆེན་པོས་བྱིན་རླབས་བྱས་ནས་བཞག༔ ད་ལྟའི་དུས་འདིར་ཕན་པའི་རྟེན་འབྲེལ་ལས༔ པད་འབྱུང་ཡབ་ཡུམ་བྱིན་རླབས་སྙིང་ལ་སིམ༔ ཡུལ་གྱི་ལྷ་དང་ཌཱཀྐིའི་བརྡ་རིས་ལས༔ འགྲོ་དོན་འབྱུང་བའི་རྟེན་འབྲེལ་ཤར་བཞིན་བཀོད༔ ཉེས་འགལ་མཆིས་ན་ལྷ་དང་སྲུང་མར་བཤགས༔ དགེ་བས་འབྲེལ་ཐོག་འགྲོ་བ་མ་ལུས་པ༔ གནས་སྐབས་བདེ་ལྡན་མཐར་ཐུག་འོག་མིན་ཞིང༔ འཕྱུག་མེད་རྫོགས་སངས་རྒྱས་པའི་རྒྱུར་གྱུར་ཅིག༔ བཀྲ་ཤིས་བདུད་རྩིའི་ཆར་གྱིས་ལེགས་བྲན་གནས༔ བཀྲ་ཤིས་དགེ་མཚན་སྐུ་གསུམ་ས་སྤྱོད་ཞིང༔ བཀྲ་ཤིས་སྨོན་ལམ་དུས་ལ་བབ་པའི་དགེས༔ བཀྲ་ཤིས་དཔལ་གྱིས་འགྲོ་ཀུན་འཚོ་བར་ཤོག༔ ཅེས་གནས་ཡིག་བདེ་ཆེན་བགྲོད་པའི་ལམ་བཟང་མ་རིག་མུན་སེལ་འདི་རྟེན་འབྲེལ་དུས་ལ་བབས་པའི་ཚེ་སྐྱབས་རྗེ་སྤྲུལ་པའི་སྐུ་ཀུན་བཟང་ཉི་མ་དང་༔ མི་དབང་གྲགས་པའི་མཆེད་ཟླ་རིག་འཛིན་འཇིགས་མེད་དང༔ བསྟན་འཛིན་དགེ་བའི་བཤེས་གཉེན་ཨ་བྷྱ་ཤི་ལ་དང་༔ རིག་འཛིན་དུ་མའི་ལུང་གིས་བསྔགས་པའི་མཁས་མཆོག་ཀརྨའི་མཚན་ཅན་དང༔ རང་སློབ་དད་པའི་མྱུ་གུ་ལེགས་པར་སྨིན་པའི་སྭ་ར་རཱ་ཛ་དང༔ སྔོན་སྨོན་ལས་འཕྲོ་བཟང་པོ་ལ་དབང་བ་ལུང་རྟོགས་དང༔ རིག་འཛིན་དོན་གྲུབ་སོགས་ཀྱིས་ལྷ་རྫས་དཀར་པོ་དང་ཡོ་བྱད་གྱ་ནོམ་པ་དུ་མའི་སྐྱེས་བཅས་བཀས་བསྐུལ་བ་ལ་བརྟེན་ནས་མི་ལྡོག་ཙམ་དུ་ཆོས་མེད་ཆོས་པའི་གཟུགས་བརྙན་འཆང་བའི་བླ་གཟུགས་རྒྱལ་ཁམས་ཉུལ་བའི་དཱ་རི་དྲ་པ་ས་ར་ཧི་ཏས་ཐོལ་བྱུང་ཐོགས་མེད་དུ་སྨྲས་པ་དུས་གསུམ་ཀུན་ཏུ་དགེ་བར་གྱུར་ཅིག༔

ཏཱ་རེའི་གནས་ཡིག་གཟུ་བོའི་ལམ་སྟོན་རྣམ་གྲོལ་ལེགས་པའི་ཡོན་ཏན།

ཡང་གསང་མཁའ་འགྲོའི་བརྡ་རིས་ལས༔ ཏཱ་རེའི་གནས་ཡིག་གཟུ་བོའི་ལམ་སྟོན་རྣམ་གྲོལ་ལེགས་པའི་ཡོན་ཏན་ཞེས་བྱ་བ་བི་ཛ་ཧ་རཾ༔ རྒྱལ་དང་རྒྱལ་བའི་སྤྱི་གཟུགས་བླ་ན་མཐོ༔ གངས་ཅན་ཐུབ་པའི་ཞལ་སྐྱིན་བླ་ན་མེད༔ སྣང་མཐའི་ཐུགས་སྤྲུལ་བླ་མ་མཚོ་སྐྱེས་རྗེ༔ དྲིན་ཆེན་བླ་མའི་ངོ་བོར་སྤྱི་བོས་བསྙེན༔ འགྲོ་ལ་འདོད་དགུའི་རེ་བ་ཡིད་བཞིན་སྐོང༔ ཕན་དང་བདེ་བའི་དབང་ཕྱུག་དམ་པའི་མགོན༔ ཐུགས་རྗེའི་རེ་ལྟོས་རིག་འཛིན་ཡོངས་འདུས་དཔལ༔ བདུད་འཇོམས་རྡོ་རྗེ་ལུང་རིག་གླིང་པ་རྒྱལ༔ སྔོན་སྨོན་ལས་འཕྲོའི་འདབ་བརྒྱ་བཞད་པ་ལས༔ བག་ཆགས་བཟང་པོའི་མྱུ་གུ་འཁྲུངས་པའི་ཚེ༔ མཐོང་སྣང་ཀུན་རྫོབ་བདེན་པ་གྲུབ་པའི་ཆོས༔ ས་སྤྱོད་བདེ་ལྡན་ཞིང་དུ་སྣང་བ་ལས༔ ལྷ་དང་བླ་མའི་ལུང་གིས་དཔང་པོ་མཛད༔ འགྲོ་དོན་བསྟན་པ་ཡར་ཟླ་ལེགས་འཕེལ་བའི༔ གནས་ཀྱི་བར་སྐོར་དང་འབྲེལ་འདི་བཞིན་བརྗོད༔ བཀའ་བརྒྱད་རི་ལ་རང་རྟགས་ཕྱག་མཚན་དང༔ སྐུ་ཡིག་སྒྲུབ་ཕུག་ལ་སོགས་ལྟས་བཟང་མཐོང༔ དུང་གི་རི་ལ་བཻ་རོའི་ཞབས་རྗེས་དང༔ འབྲུ་གསུམ་རང་བྱོན་སྡེ་དཔོན་ཕུག་པ་རུ༔ མ་གཟའ་དམ་གསུམ་སྲོག་ཡིག་འབུར་དུ་དོད༔ སྐུ་ཡིག་ཕྱག་མཚན་མ་ངེས་དུ་མ་གསལ༔ འཕགས་པའི་རི་ལ་གནས་བསྟན་བཅུ་དྲུག་དང༔ རྣམ་བཅུ་དབང་ལྡན་མཆོད་རྟེན་སྒྲུབ་པའི་ཕུག༔ བྱིན་རླབས་དྲི་བསུང་འཐུལ་བའི་ཡ་མཚན་ཅན༔ ལེགས་བཞུགས་ཐུབ་དྲུག་རི་ལ་སྤྲུལ་སྐུ་དྲུག༔ ཕྱག་ཞབས་རྗེས་དང་མཁར་སིལ་ལྷུང་བཟེད་དང༔ པུསྟི་མཚོན་ཆ་ཕུབ་དང་པི་ཝཾ་དང༔ སྒྲོམ་བུ་ལ་སོགས་རྣམ་གྲངས་དཔག་མེད་མངོན༔ སྒོ་སྲུང་རི་ལ་ལས་བཞིའི་ལྷ་མོ་རྣམས༔ གནས་པའི་རྟགས་ལ་ལས་བཞིའི་ཕྱག་མཚན་བཀྲ༔ གནས་སྲུང་ཀླུ་རྒྱལ་མི་མགོན་དཀར་པོ་ནི༔ ཆུ་མིག་རྩེ་གསུམ་དག་ལ་བརྟེན་ནས་གདའ༔ འབྲུག་དང་ཆུ་གནས་འགུལ་བ་ལྟར་དུ་ཡོད༔ གནས་སྲུང་སྒོ་བ་སྟག་གཡག་ཁ་སྤྲོད་དང༔ རྒྱལ་རིགས་ཀླུ་མཆོག་བསོད་ནམས་སྐྱེད་ལ་དབང༔ དུང་དཀར་ལ་སོགས་རྫས་བརྒྱད་རྟགས་བརྒྱད་དང༔ རྒྱལ་སྲིད་སྣ་བདུན་ཕྱོགས་མཚམས་དག་ན་ཡོད༔ ལས་སྐལ་ལྡན་པ་རྣམས་ཀྱིས་སྤྱོད་པར་འགྱུར༔ དྲག་པོའི་རི་ལ་རྩ་གསུམ་འབུར་དུ་དོད༔ རྗེ་འབངས་འགའ་ཡི་ཕྱག་ཞབས་རྗེས་དང་ནི༔ གྲུབ་པའི་རྟགས་མཚན་སྒྲུབ་ཆུ་ལ་སོགས་མངོན༔ རྣམ་སྣང་ལོ་ཙཱས་བསྟན་པའི་དམ་སྲི་མོ༔ བཏུལ་བའི་མགོ་སྙིང་ནང་རོལ་བམ་གྱི་ཁོག༔ རྒྱལ་པོའི་རི་ལ་རྒྱལ་འགོང་དྲེགས་པ་གནས༔ སྐྱེ་གནས་བར་དོ་མ་ཡིག་རིས་སུ་བཀྲ༔ བསམ་གཏན་ལྷ་ཡུལ་བགྲོད་པ་ལྷ་ཡི་ལམ༔ ལྷ་ལུང་དཔལ་གྱི་རྡོ་རྗེའི་གྲུབ་པའི་རྟགས༔ འཆོལ་བའི་མཚན་མ་འབུར་དུ་དོད་པ་ཡོད༔ རྗེ་བཙུན་སྐུ་དང་ཉམས་མགུར་གསུངས་པའི་ཕུག༔ གྲུབ་ཆེན་ཐང་རྒྱལ་སྒྲུབ་ཕུག་ཕྱག་ཞབས་རྗེས༔ བཱི་མའི་ཕུག་པར་པོ་ཏི་རང་བྱོན་བཞུགས༔ ཚེ་ཆུ་བྱིན་ཅན་ཚེ་མཐར་ཕྱིན་ཐབས་ཡོད༔ ཆོས་ཉིད་བར་དོར་བགྲོད་པ་དོན་ལྡན་གྱི༔ ལོགས་ལ་ཉི་མ་སྦས་པས་ཉི་ཟེར་ཆིབས༔ པད་འབྱུང་བཞུགས་ཁྲི་རེག་པ་རང་གྲོལ་དང༔ ཟབ་གཏེར་སྒྲོམ་བུ་བདུན་གྱི་ཟབ་དོན་བཞུགས༔ གསེར་ཉའི་རི་ལ་ཧཱུྃ་ཆེན་ཞབས་རྗེས་དང༔ ཟབ་མོའི་སྒྲོམ་བུ་ཐིག་ལེའི་དབྱིབས་ཅན་ཞིག༔ ཡེ་ཤེས་ཌཱཀྐིའི་བརྡ་ཡིས་བཏབ་པ་ནི༔ དྲེལ་ཞོན་ལྷ་མོས་བསྲུང་བ་རྨད་དུ་བྱུང༔ ཟབ་གཏེར་གནས་དང་རང་བྱོན་འགའ་སྣང་ཡང༔ རྟེན་འབྲེལ་འཕྲོ་ཅན་ཕྱིར་ན་དེ་ཙམ་མོ༔ ས་མ་ཡཱ༔ འདིར་སྨྲས་གནས་བསྟོད་ལྷག་བསམ་དག་པས་བསྐྲུན༔ འདིར་འདུས་མི་དང་མི་མིན་ཡིད་ཅན་ཀུན༔ འདི་འབྲས་སྔོན་སྨོན་བདེན་པའི་མཐུ་བྱིན་གྱིས༔ འདི་འོག་གཡུ་ལོ་བཀོད་དུ་གྲོལ་བར་ཤོག༔ རྣམ་དག་ལྷ་ལམ་ཡངས་པའི་ཐ་གྲུ་ཡི༔ ཁྱོན་ལ་གནས་པའི་མཆོག་གསུམ་སངས་རྒྱས་བསྟན༔ དར་ཞིང་རྒྱས་ལ་བསྟན་པའི་སྦྱིན་བདག་ནི༔ ནད་མེད་ཚེ་འཕེལ་བདེ་སྐྱིད་དཔལ་གྱིས་མཐོ༔ ཐོག་མཐའ་བར་གསུམ་དགེ་བའི་བཀྲ་ཤིས་ཤོག༔ ཅེས་བར་སྐོར་དང་འབྲེལ་བའི་གནས་ཀྱི་དཀར་ཆག་འདི༔ གསང་ཆེན་བསྟན་པའི་མངའ་བདག་དབང་ཆེན་སྔགས་བདག་གླིང་པ་དང༔ སྔོན་སྨོན་ལས་འབྲེལ་བཟང་པོས་མཚམས་སྦྱར་བའི་བཙུན་པ་ལུང་རྟོགས་བསྟན་འཛིན་དང༔ དམ་པའི་རིགས་ཀྱི་ལང་ཚོའི་དཔལ་ཡོན་རྒྱས་པའི་སྐྱེས་ཐོབ་རིག་འཛིན་ཨརྠ་སིདྡྷི་སོགས་ཀྱིས་ལྷ་རྫས་དྲི་མེད་དཀར་པོའི་སྐྱེས་དང་བཅས་ཏེ་བསྐུལ་བ་ལ་བརྟེན་ནས་སྔོན་སྦྱང་ལས་འཕྲོ་བཟང་པོའི་བག་ཆགས་སད་པའི་ཧོར་བན་ས་ར་ཧི་ཏས་ཡང་གསང་མཁའ་འགྲོའི་བརྡ་ཐོགས་མེད་དུ་ཕབ་པ་དུས་གསུམ་ཀུན་ཏུ་དགེ་བར་གྱུར་ཅིག༔

ཏཱ་རེ་གཉེར་གཏད་བསྡུས་པ།

ཨེ་མ་སྐུ་གསུམ་རྒྱལ་བའི་སྤྱི་གཟུགས་འགྲོ་བའི་མགོན༔ གངས་ཅན་མཁས་གྲུབ་གཙུག་རྒྱན་བླ་ན་མེད༔ ལྷ་སྲིན་ཟིལ་གནོན་མཚོ་སྐྱེས་རྡོ་རྗེ་དང༔ དབྱེར་མེད་རིག་འཛིན་ལུང་རིག་གླིང་པ་རྒྱལ༔ ཀྱེ་ཧོ༔ འདིར་འདུས་ཚོགས་དང་མགྲོན་པོ་འགྲོ་འདུག་རྣམས༔ མཆོད་པའི་རྟེན་འདི་ས་བཅུད་ཡུལ་ཁམས་ཀྱི༔ བསོད་ནམས་བསགས་ཞིང་ཡིན་པ་སངས་རྒྱས་གསུང༔ དེའི་ཕྱིར་ཀུན་གྱིས་ཕྱག་དང་སྐོར་བ་གྱིས༔ རྟེན་དེར་ཉེ་བའི་གཡས་གཡོན་མདུན་རྒྱབ་ཀྱི༔ ཤུག་པ་ཉ་བྲུག་ཤིང་སྣ་ཚོགས་ཚད་ཀུན༔ བཀག་ཤིང་ཡིན་པས་སུས་ཀྱང་གཅོད་མི་ཆོག༔ གལ་ཏེ་མི་ཉན་ཐོ་ཅོར་སྤྱོད་མི་རྣམས༔ དཀོན་མཆོག་གསུམ་དང་རྩ་གསུམ་སྲུང་མ་དང༔ དཀར་ཕྱོགས་སྐྱོང་བའི་ལྷ་ཀླུ་གཞི་ཡི་བདག༔ བླ་མའི་སྲུང་མ་བདག་ལ་འགོ་བའི་ལྷས༔ མི་འདོད་ཆོ་འཕྲུལ་ཐོངས་ལ་ཚེ་སྲོག་རོལ༔ དག་པའི་སེམས་ཀྱིས་འདུན་པ་བྱེད་མི་རྣམས༔ ལྷ་དང་སྲུང་མས་ཁ་འཛིན་སྡོང་གྲོགས་མཛོད༔ ཀུན་མཁྱེན་རྒྱལ་བའི་བསྟན་པ་དར་བ་དང༔ དགེ་འདིས་བྱང་ཆུབ་སྙིང་པོ་ཐོབ་པར་ཤོག༔

གནས་ཕྲན་འགའ་ཡི་སྡོམ་ཚིག་རྒྱ་སྤྲུལ་གསུང་།

༄༅། གནས་ཕྲན་འགའ་ཡི་སྡོམ་ཚིག་བཞུགས། རྒྱལ་ཀུན་སྤྱི་མྱེས་མཚོ་སྐྱེས་རྡོ་རྗེ་དང་། །དབྱེར་མེད་གྲུབ་དབང་བྱང་ཆུབ་རྡོ་རྗེ་སོགས། །བརྒྱུད་ལྡན་བླ་མའི་ཚོགས་ལ་ཕྱག་འཚལ་ཏེ། །སྦས་ཡུལ་པདྨའི་དགའ་ཚལ་ལ་སོགས་པའི། །གནས་ཀྱི་ལུང་བྱང་ཉུང་བསྡུས་འདི་རུ་སྤེལ། །དེ་ལ་ལོངས་སྐུ་རྣམ་སྣང་གངས་ཆེན་གྱི། །མཉམ་བཞག་ཕྱག་གི་ལྷུང་བཟེད་ལས་བྱུང་བའི། །པདྨའི་ཕྲུམ་ཕྲུམ་ཉི་ཤུ་རྩ་ལྔ་ལ། །ཞིང་ཁམས་ཉི་ཤུ་རྩ་ལྔ་སྤྲུལ་པ་ལས། །བཅུ་གསུམ་མི་མཇེད་སྟོང་གསུམ་ཁམས་འདི་ཉིད། །ཐུགས་ཀྱི་ཐུགས་སྟེ་དགེ་སྡིག་ཅི་བྱས་ཀྱང་། །བྱེ་བ་དུང་ཕྱུར་འབུམ་དུ་འགྱུར་བའི་གནས། །ཞིང་ཁམས་གཞན་ལས་འཕགས་ཅེས་རྒྱལ་བས་བསྔགས། །དེ་ལས་ལྷོ་རྒྱལ་འཛམ་གླིང་ཞེས་བྱའི་བྱང་། །བོད་ཡུལ་ཁ་བ་ཅན་ཞེས་མཐའ་འཁོབ་འདི། །རིགས་གསུམ་སེམས་དཔའི་གདུལ་བྱའི་ཡུལ་གྱུར་ཕྱིར། །འཇམ་དབྱངས་སྤྲུལ་པ་ཁྲི་སྲོང་ལྡེའུ་བཙན་གྱིས། །བོད་ཡུལ་དབུས་ཀྱི་བསམ་ཡས་བཞེངས་པའི་ཚེ། །ས་འདུལ་ཆེད་དུ་མཁན་ཆེན་ཞི་འཚོ་དང་། །ཨོ་རྒྱན་སངས་རྒྱས་གཉིས་པ་སྤྱན་དྲངས་ནས། །བོད་ཡུལ་མཐའ་དབུས་ཐམས་ཅད་བྱིན་བརླབས་ཤིང་། །ཆོས་ནོར་གཏེར་གྱིས་ཕྱུར་བུར་གཏམས་པ་ལས། །མདོ་སྨད་ཟལ་མོ་སྒང་གི་ཤར་ཕྱོགས་སུ། །སྦས་ཡུལ་རོག་མོ་ལྗོངས་ཀྱི་ཐུགས་ཀྱི་གནས། །པདྨ་རྣམ་པར་བཀྲ་བའི་དགའ་ཚལ་ཞེས། །ཕྱི་ནང་གསང་བ་ཡང་གསང་བཞི་ཡི་གནས། །རེ་རེར་བཞི་བཞིར་ཕྱེ་བས་གནས་ཕྲན་ནི། །བཅུ་དྲུག་འབྱུང་ཞིང་ཁྱད་པར་ཡང་གསང་གི། །གནས་ནི་ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁྱད་པར་བོད་སྐྱོང་དགེ་བསྙེན་ཉེར་གཅིག་གི། །ནང་ཚན་དགེ་བསྙེན་རྡོ་རྗེ་དབྱི་ཁྲོམ་གྱི། །གཡས་ཕྱོགས་ཏཱ་རེ་མི་འགྱུར་དགའ་བའི་ཚལ། །སྔོན་ཚེ་ལོ་ཙ་བཻ་རོ་ཙ་ན་དང་། །སློབ་དཔོན་ཆེན་པོ་པདྨ་ཀཱ་ར་ཡིས། །ཟབ་གཏེར་ཉེར་བདུན་སྦས་ཤིང་གནས་བདག་ནི། །རྡོ་རྗེ་ཐོགས་མེད་རྩལ་དང་ཀླུ་རྒྱལ་ནི། །ཟླ་བའི་ཟུར་ཕུད་ཅན་གཉིས་བསྲུང་མར་བསྐོས། །མ་འོངས་འབྱུང་འགྱུར་ལུང་བསྟན་དང་བཅས་པ། །ཤེལ་ཕུག་ཁྱུང་ཆེན་བྲག་ལ་གཏེར་དུ་སྦས། །གྲུབ་བརྙེས་མང་པོ་འོད་སྐུར་གྲོལ་བའི་གནས། །ཕྱག་ཆེན་ལུང་པར་སེང་ཆེན་འགྱིང་འདྲའི་བྲག །བཻཌཱུར་མདོག་འདྲ་ཧཱུྃ་ཡིག་གསལ་བ་དེར། །རྫོགས་ཆེན་སྡེ་གསུམ་ཀློང་དགུའི་སྐོར་རྣམས་ཡོད། །འཕགས་མའི་རི་ལ་མ་རྒྱུད་མཁའ་འགྲོ་ཡི། །སྒྲུབ་ཐབས་ཕྱི་ནང་གསང་གསུམ་དུ་མ་ཡོད། །ཀེའུ་ཚང་བྲག་ལ་གུ་རུའི་སྒྲུབ་སྐོར་དང་། །སྐུ་བརྙན་བུ་ཆུང་ལོ་གསུམ་ཙམ་ཞིག་ནི། །རྡོ་དཀར་ལས་གྲུབ་ངོ་མཚར་ལྡན་པ་ཡོད། །དགེ་རྒྱས་ལུང་པར་རིགས་གསུམ་སྒྲུབ་སྐོར་དང་། །སྐུ་དང་ཕྱག་མཚན་ཡ་མཚན་ཆེ་བ་ཡོད། །མདོར་ན་ཕྱི་སྐོར་རྟ་པའི་ཞག་བཅུ་གསུམ། །གསང་སྐོར་ཞག་བདུན་ནང་གི་སྐོར་ཚད་ནི། །རྒྱང་གྲགས་བཅུ་གསུམ་ཡང་གསང་སྐོར་ལམ་ནི། །རྒྱང་གྲགས་བརྒྱད་ཡིན་ཕན་ཡོན་རང་བྱུང་སོགས། མིང་ཅན་གཅིག་གིས་གསལ་བར་སྟོན། །གུ་ཧྱཿ གནས་མཆོག་པདྨའི་དགའ་ཚལ་སོགས། །གནས་ཕྲན་འགའ་ཡི་སྡོམ་ཚིག་འདི། །དཀོར་རྒན་སྤྲུལ་མིང་པ་དེས་སྨྲས། །དགེ་བ་མཆིས་ན་འགྲོ་ལ་བསྔོ། །ཉེས་མཆིས་ལྷ་ལ་བཟོད་པར་གསོལ། །

ཏཱ་རེའི་གནས་བསྟོད་མཉྫུའི་མིང་གིས་མཛད་པ།

༄༅། ཨོཾ་སྭ་སྟི་སིདྡྷི༔ ངོ་བོ་མཁའ་ཁྱབ་བློ་འདས་ཆོས་ཀྱི་དབྱིངས༔ ལྷུན་གྲུབ་རིག་རྩལ་འགགས་མེད་ལོངས་སྤྱོད་རྫོགས༔ ཤར་གྲོལ་གནས་མེད་བླ་མ་སྤྲུལ་པའི་སྐུ༔ རྩ་གསུམ་རྒྱ་མཚོའི་སྤྱི་དཔལ་དེ་ལ་འདུད༔ གང་གི་མཛད་ཕྲིན་འོད་སྟོང་འབར་བའི་གཟིས༔ བདག་རྟོག་མ་རིག་འཁྲུལ་བ་དྲུང་འབྱིན་ཞིང༔ མུན་པའི་འགྲོ་ལ་ཟབ་མོའི་མིག་འབྱེད་སླད༔ རྒྱལ་བའི་ཕྲིན་ལས་འདི་ཡང་རྨད་དུ་བྱུང༔ དེ་ལས་འདི་ན་ཀུན་གྱིས་ལེགས་ངོམ་པར༔ རྣམ་གྲོལ་དབུགས་འབྱིན་ཞིང་དང་དབྱེར་མེད་པའི༔ འོག་མིན་ས་ལ་སྤྱོད་པའི་པདྨ་འོད༔ ཕལ་བའི་བློ་ངོར་གསལ་བ་འདི་ཅི་སྙམ༔ དེར་ཡང་རྩ་གསུམ་རྒྱ་མཚོའི་ཕྲིན་ལས་པ༔ ཁྱབ་བདག་ཉིད་ནས་དག་པ་རབ་འབྱམས་ངོར༔ ཡེ་ཤེས་གཟིགས་པ་ཉིད་དུ་བལྟས་པས་ན༔ སྐྱེ་དགུའི་འགྲོ་ལ་བདུད་རྩི་གསར་དུ་བསྐྲུན༔ བདག་སོགས་ཆེར་སྙིགས་མུན་པར་ཕྱོགས་པ་ཡི༔ གདུལ་བྱའི་གང་ཟག་རྣམས་ཀྱི་སྐལ་བ་དང༔ འཚམས་པའི་ཟབ་རྒྱས་ཆོས་ཀྱི་སྒོ་འཕར་བརྒྱ༔ འབྱེད་པ་འདི་ཡང་བཀའ་དྲིན་གཞལ་མ་མཆིས༔ གཞན་དུ་ལོག་པར་རྟོག་པས་རྒྱུད་འབྱམས་རྣམས༔ དམུས་ལོང་དག་ལ་གསལ་བྱེད་དབང་པོའི་སྒོར༔ མ་གྱུར་བཞིན་དུ་ཀུན་བརྟག་འཁྲུལ་བ་ཡིས༔ བསླད་ཕྱིར་མངོན་སུམ་དབང་དུ་བྱས་པ་མིན༔ དེ་ཡང་དད་དང་སྙིང་རྗེས་སེམས་རབ་དུལ༔ དབང་པོ་རབ་ཏུ་ཞི་བའི་གང་ཟག་གིས༔ འོག་མིན་སྐུ་གསུམ་ཞིང་དང་དབྱེར་མེད་པར༔ མཐོང་ན་རང་བཞིན་ཆོས་སྐུའི་ས་ལ་བསྒྲོད༔ རྒྱལ་བ་ཀུན་གྱི་གསང་གསུམ་རྡོ་རྗེའི་ཁམས༔ གཅིག་ཏུ་བསྡོམས་པའི་བྱིན་རླབས་འདིར་འཕོས་པ༔ རིག་འཛིན་རྣམས་ཀྱིས་ལུང་གིས་བསྔགས་པའི་གནས༔ ཕུ་དུད་རིམ་གྲོ་བྱ་བའི་འོས་སུ་མཆིས༔ མཆོག་དམན་སེར་སྐྱ་འགྲོ་བ་ཕོ་མོ་ཡིས༔ སོ་སོར་རང་གི་ཚོད་དང་བསྟུན་ནས་སུ༔ མཆོད་དང་བཀུར་སྟི་རབ་ཏུ་བྱས་པ་ན༔ རང་མིན་ངེས་པར་འབྲེལ་ཚད་དོན་དང་ལྡན༔ གང་ཟག་རབ་ཀྱིས་དམིགས་མེད་ལྟ་བའི་ངང༔ རྣམ་པར་སྨིན་ལ་མི་རེའི་གདེངས་ཆེན་གྱིས༔ ལྷ་དང་ལྟ་བ་མཉམ་ཞིང་གཞན་དག་ནི༔ དེ་ལྟ་མ་ཡིན་ཚོགས་ཆེན་རབ་ཏུ་བསགས༔ དེ་ཕྱིར་བསམ་པ་རྣམ་པར་དག་པ་ཡིས༔ ལུས་ངག་དགེ་བ་ཕྲན་བུ་ཙམ་དང་ནི༔ ཆུ་དང་ལོ་མའི་མཆོད་པ་ཕུལ་བས་ཀྱང༔ སྲིད་པ་ཧྲུལ་པོར་བྱེད་དོ་སྙིང་གི་གཏམ༔ ཚུལ་འདིར་མོས་པའི་སྐལ་ལྡན་མཆོག་དམན་དང༔ འབྲེལ་བ་ཐོབ་ཚད་སེམས་ཅན་མ་ལུས་ཀུན༔ རབ་ནི་ཚེ་འདིར་འབྲིང་ནི་འཆི་ཁ་འམ༔ མཐའ་ཡང་སྲིད་པ་བར་དོར་གྲོལ་བར་འགྱུར༔ དེ་ལྟར་སྙིང་ནས་ངེས་པ་རྙེད་པའི་ཚིག༔ ལྷ་དང་བླ་མས་ལུང་བསྟན་བྱིན་རླབས་པས༔ རིག་འཛིན་འགྲོ་འདུལ་གཞན་ཕན་མཐའ་ཡས་ཀྱིས༔ ཞལ་བཞེས་མི་བསླུ་པད་འབྱུང་ཐ་ཚིག་ཡིན༔ ཁྱད་པར་བདག་བློ་ཤིན་ཏུ་མོས་པ་ཡིས༔ རབ་བསྔགས་ནོར་བུའི་རྒྱུད་མང་འཁྲོལ་བའི་སྒྲས༔ གཞན་དག་བློ་དང་ལྡན་པའི་སྐྱེ་བོ་རྣམས༔ ཁ་ལོ་ཐར་པའི་གླིང་དུ་བསྒྱུར་ནུས་ཤོག༔ དེ་ལས་བྱུང་བའི་རྣམ་དཀར་དགེ་འདིའི་མཐུས༔ དམ་པ་ཉིད་ཀྱི་ཞབས་པད་རབ་བརྟན་ཞིང༔ ཐུགས་བཞེད་གོང་འཕེལ་དཔལ་ཡོན་རབ་རྒྱས་ནས༔ མཛད་ཕྲིན་བསྟན་པ་ཕྱོགས་མཐར་དར་བར་སྨོན༔ བདག་གིས་ཚུལ་བཞིན་ལེགས་པར་སྨྲས་པའི་ཆ༔ ཅི་མཆིས་མཐའ་དག་གེགས་མེད་འགྲུབ་པ་རུ༔ བདེན་ཚིག་གྲུབ་པ་རྣམས་ཀྱི་ནུས་མཐུ་དང༔ མཆོག་གསུམ་ལྷ་དང་སྲུང་མས་བྱིན་གྱིས་རློབས༔ ཞེས་པ་ཡང་སྙིགས་དུས་འགྲོ་བ་ཡོངས་ཀྱི་དཔལ་མགོན་དམ་པར་གྱུར་པ་རྫོགས་ཆེན་རྣལ་འབྱོར་ས་རཱ་ཧི་ཏའི་གསང་གསུམ་མི་ཟད་པའི་ངོ་བོར་དད་པ་ཐོབ་པའི་འབངས་མཉྫུའི་མིང་གིས་མདོ་ཁམས་གནས་ཆེན་ཀུན་གྱི་ཡ་གྱལ་ཏཱ་རེའི་བྲག་ལ་མངོན་པར་བསྔགས་པ་འདི་ཉིད་ཡིད་ཅན་དད་པའི་གསོས་སུ་བློ་གྲོས་ཀྱི་སོར་མོའི་ཡལ་འདབ་ལས་ཐོབ་པ་དུས་གསུམ་ཀུན་ཏུ་དགེ་བ་གྱུར་ཅིག་གུ༔

ཏཱ་རེ་གཉེར་གཏད།

༄༅། རྣམ་འདྲེན་ཕན་བདེའི་མངའ་བདག་ཟས་གཙང་སྲས། །རྣམ་དག་པད་སྡོང་རྩེར་བྱོན་མཚོ་སྐྱེས་རྗེ། །རྣམ་དཀར་བཀའ་ཡི་སྡུད་པོ་མཁར་ཆེན་བཟའ། །རྣམ་གསུམ་དབྱེར་མེད་བླ་མ་སྤྱི་བོས་མཆོད། །ཆོས་སྐུའི་ཞིང་མཆོག་འོག་མིན་སྟུག་པོ་བཀོད། །ལོངས་སྐུའི་ཞིང་ཁམས་ངེས་པ་ལྔ་ལྡན་གནས། །སྤྲུལ་སྐུའི་གདུལ་ཞིང་མི་མཇེད་འཇིག་རྟེན་གླིང་། །སྐུ་གསུམ་རྒྱལ་བའི་བཞུགས་གནས་སྤྱི་བོས་མཆོད། །བསྟན་སྲུང་གཙོ་མཆོག་ཕོ་རྒྱུད་མགོན་པོ་དང་། །གསང་སྔགས་སྲུང་མ་མོ་རྒྱུད་རེ་མ་ཏི། །ཡང་གསང་བཀའ་སྲུང་དམ་ཅན་གཟའ་བཙན་ཀླུ། །པད་འབྱུང་ཐ་ཚིག་སྲུང་མཁས་སྤྱི་བོས་མཆོད། །དེ་ལ་འདིར་བསྐལ་བཟང་སངས་རྒྱས་སྟོང་གི་གདུལ་ཞིང་འཛམ་གླིང་དག་པའི་གནས་ཡུལ་ཤར་རྒྱལ་མོ་རོང་གི་ཉེ་ཆར། ཨོ་རྒྱན་རྡོ་རྗེ་གྲོ་ལོད་ཀྱིས་བྱིན་གྱིས་བརླབས་པའི་ས་ཆུ་བར་ཏཱ་རེ་ཞེས་ཡུལ་གཞི་དང་གནས་ཀྱི་ཅོད་པཎ་དུ་འོས་པའི་གམ། ཨོ་རྒྱན་སངས་རྒྱས་གཉིས་པའི་རྒྱལ་ཚབ། མ་ཚོགས་མཁའ་འགྲོ་རྒྱ་མཚོ་དང་དངོས་སུ་ཞལ་མཇལ་གསུང་གིས་དབུགས་དབྱུང་ཐོབ་པའི་གཏེར་སྟོན་ལུང་རིག་མྱུ་གུ་རྩལ་གྱི་ཕྱག་གིས་མེ་ཏོག་འཐོར། ཞབས་ཀྱི་པདྨོས་བཅགས་པའི་བསམ་གཏན་ཁང་བུ་འདི་ལ་བསམ་ངན་སྦྱོར་རྩུབ་ཀྱིས་ཕྱིའི་རྩིག་པ་འདྲ་བཤིགས། ནང་གི་སྒོ་སྐར་ཁུང་གོ་ལེབ་ལ་གནོད་འཚེ་དང་། ཁྱད་པར་རོང་འབྲོག་སུས་དགོན་འདི་ནས་སྡིག་ཁྱིམ་བྱས་ནས་ཉེས་མེད་ཀྱི་སེམས་ཅན་ཆེ་ཕྲ་གང་ལའང་གནོད་འཚེའི་ཤ་ཁྱི་དང་མེ་མདའ་འགུག་སྙི་བྱེད་པ་སོགས་ཀྱི་གནས་བཅའ་བ་རྣམས་ལ། སྤྱིར་གསང་སྔགས་བསྟན་པའི་གཉེར་འཛིན་ཕོ་རྒྱུད་ཡོངས་ཀྱི་ཆེ་བཙན་དཔལ་མགོན་མ་ནིང་ནག་པོ། མོ་རྒྱུད་ཡོངས་ཀྱི་གཙོ་མོ་སྔགས་སྲུང་ཁྲོས་མའི་རྒྱལ་མོ། གཉིས་མེད་སྤྲུལ་པའི་ཆོས་སྐྱོང་དམ་ཅན་མགར་བ་ནག་པོ། དྲང་སྲོང་ཁྱབ་འཇུག་ཆེན་པོ་སོགས། བྱེ་བྲག་ཏུ་སློབ་དཔོན་ཡབ་སྲས་བརྒྱུད་པའི་སྲུང་མ་རྣམས་དང་། སྒོས་ཡུལ་ཕྱོགས་འདིའི་གཞི་བདག་ཕུད་གཏོར་བསང་གསུར་ལ་གདུང་བ་དྲག་རྩལ་སྟོབས་དང་ལྡན་པ་སོགས་ཀྱིས་ལེགས་ཉེས་ཀྱི་སྟངས་འཛིན། དམ་ཚིག་གི་རྗེས་གཅོད་མཛོད་ལ། དམ་ཉམས་གནོད་སྡིག་བྱེད་པའི་མིང་དང་རུས་མ་ནོར། ལོ་དང་ཟླ་བར་མ་འགྱང་། ཞག་དང་དུས་མ་འདེབས། མྱུར་བ་ཉིད་དུ་ཆམ་ལ་ཕོབ་ཅིག ཀླད་པ་ཞོ་ལྟར་དཀྲུགས་ཤིག མིག་འབྲས་ཐང་ལ་ཕྱུངས་ཤིག དོན་སྙིང་ལ་སྤར་གྱིས་ཐོབ་ཅིག མི་ནོར་ལོངས་སྤྱོད་ཁ་རྗེ་དབང་ཐང་ཡུལ་འཁོར་ཞིང་ཁང་སོགས་བྲག་རི་ཐོག་གིས་བཤིག་པ། རྩི་ཐོག་སེར་བས་བརྡུང་བ། མེ་ཏོག་སད་ཀྱིས་ཁྱེར་བ། རྩ་སྦུར་ཕྱགས་མས་དེད་པ་བཞིན་དུ་ཐོངས་ལ་ཕྲིན་ལས་གཉན་པོ་སྒྲུབས་ཤིག དེ་ལྟར་ཕྲིན་ལས་བཅོལ་ནས་དབེན་གནས་འདི་ལ་གནོད་པ་དང་སྡིག་ཁྱིམ་བྱེད་པ་སོགས་ལ་མི་མངོན་སྟོང་པའི་དབྱིངས་ནས་ཆོས་སྐྱོང་དམ་ཅན་རྣམས་ཀྱིས་བཀའ་ཆད་དང་། དགོས་སུ་མི་དབང་ས་སྐྱོང་རྒྱལ་པོ་རྣམས་ཀྱིས་སྙན་ཚེ་ཁྲིམས་ཆད་པ་དཔེ་ལ་ལོང་བ་སོགས་བྱེད་རྒྱུ་ཡིན་པས་འདི་ནས་སྡིག་ལས་མཁན་དང་བྱི་གསད་སོགས་ཀྱི་གནས་མི་བྱེད་པར་ཡིད་འཛིན་གལ་ཆེ། ཨེ་མ་སྒོམ་སྒྲུབ་བྱེད་པའི་བསམ་གཏན་ཁང་བུ་རྣམས། །མི་ཉམས་དར་ཞིང་རྒྱས་པར་མཛད་དུ་གསོལ། །ལུང་རྟོགས་བསྟན་པའི་གྲུབ་མཐའ་འཛིན་པ་རྣམས། །སྐུ་ཚེ་ཡུན་རིང་འཚོ་གཞེས་བཞུགས་པར་གསོལ། །ཀུན་མཁྱེན་ཡབ་སྲས་གཤེགས་ཤུལ་དབེན་པའི་གནས། །དུས་རྣམས་རྟག་ཏུ་མི་འབྲལ་འགྲོག་པར་སྨོན། །རང་གཞན་དོན་གཉིས་འབད་མེད་ལྷུན་གྲུབ་སྟེ། །མཐར་ཐུག་ཆོས་སྐུའི་རྒྱལ་སྲིད་འབྱོར་བར་ཤོག །ཡུལ་ཁམས་མི་ཕྱུགས་ལོ་འབྲས་དར་རྒྱས་ཤིང་། །འགྲོ་བ་ཕོ་མོའི་བློ་སེམས་དགེ་བ་ལ། །རྒྱུན་དུ་སྦྱོར་ཞིང་བཀྲ་ཤིས་འཕེལ་བ་དང་། །དུས་གསུམ་འགྲོ་རྣམས་དགེ་བའི་རྒྱུར་གྱུར་ཅིག སརྦ་ཛ་ཡནྟུ།

སྤྲིངས་ཡིག་དྲང་སྲོང་དམོད་པའི་རྔམ་སྒྲ།

འདིར་འགྲོ་འདུག་རྣམས་ཀྱིས་ཡིད་ལ་ངེས་རྒྱུའི་སྤྲིངས་ཡིག་དྲང་སྲོང་དམོད་པའི་རྔམ་སྒྲ་བཞུགས། ཨོཾ་སྭ་སྟི། ཀ་དག་དོན་གྱི་སངས་རྒྱས་རྡོ་རྗེ་འཆང་། །ཁ་དོག་རང་གསལ་ལོངས་སྐུ་རིགས་མཆོག་ལྔ། །ག་དར་སྤྲུལ་སྐུ་རྩ་བའི་བླ་མར་ཤར། །ང་ཅག་གུས་པས་འདུད་དོ་ཤིས་པ་སྩོལ། །ཅ་ཅོའི་བྱ་བ་མ་ཡིན་ཡང་དག་ཆོས། །ཆ་ལུགས་མཆོད་པའི་རྟེན་གསུམ་འདི་དག་དང་། །ཇ་ཧོང་ངུར་སྨྲིག་བརྒྱན་པའི་འདུས་སྡེའི་ཁང་། །ཉ་མོ་ཟས་ལ་རྔམ་བཞིན་རློམ་སེམས་གྱིས། །ཏ་ཐཱ་ག་ཏཱའི་བསྟན་ལ་འཚེ་བྱེད་ན། །ཐ་དག་འགྲོ་བ་མཆོག་དམན་སུ་ཡིན་ཀྱང་། །ད་ལྟ་སྐད་ཅིག་རྒྱུ་འབྲས་རིང་མིན་པར། །ནཱ་ག་སྡེ་བརྒྱད་ཡོངས་ཀྱིས་དོན་སྙིང་རོལ། །པ་པཾ་སྡིག་སེམས་ཤན་པ་འདིར་གནས་ན། །ཕ་ཅིག་པདྨའི་དམ་བསྒྲགས་ཆོས་སྐྱོང་རྣམས། །བ་མོར་ཉི་ཟེར་ཕོག་བཞིན་ཁ་ཕུང་རློགས། །མ་སྲིང་ཌཱཀྐིས་དབྱིངས་ནས་གཟུ་དཔང་མཛོད། །ཙ་རི་ལ་སོགས་གནས་གཞི་གཏེར་བདག་རྣམས། །ཚ་ཟེར་དྲག་ཤུལ་སྟོབས་ཀྱིས་གནོད་བྱེད་སྒྲོལ། །ཛ་ཡའི་བསྟན་བཤིག་ཡོངས་ལ་ཆད་པ་ཆོད། །ཝ་ལེར་གསལ་བའི་ཐུགས་རྟེན་ཉེ་བའི་ཕྱོགས། །ཞྭ་བོ་ཡིན་ཡང་ཤིང་སྣ་གཅོད་མི་ཆོག །ཟ་འདོད་ཁེངས་དྲེགས་མཁན་གྱིས་མི་བརྩི་ན། །འ་འོལ་སྒྱུ་མའི་མིག་འཕྲུལ་བཤིག་བཞིན་ཐོང་། །ཡ་མཚན་སྒྲུབ་པའི་གནས་དང་ཕོ་མོ་ཀུན། །ར་གུར་རྡོ་རྗེའི་བསྲུང་དུ་ཚུད་གྱུར་ཅིག །ལ་ལ་ཙམ་མིན་ཀུན་གྱིས་སེམས་ལ་ཞོག །ཤ་ཟ་སྲིན་པོ་ཡིན་ཡང་རང་སྲོག་བཙའ། །ས་ལམ་མཐོན་པོར་གཤེགས་ཀྱང་བདེ་སྡུག་འཚོལ། །ཧ་ལའི་དམོད་ངན་མཚོན་ཆ་འདི་ལ་འཛེམས། །ཨ་མཚར་མ་ཡིན་ངེས་པ་དོན་གྱིས་ཡིན། །ཨ་ལགས་སྤྲུལ་སྐུའི་བཞུགས་གནས་གཉན་པོ་ཡིན། །ཨ་རིག་བླ་གཟུགས་བདག་གིས་བྲིས་པ་ཡིན། །ཨ་འཐས་བསམ་ངན་མཁན་ལ་ངོམ་རྒྱུ་ཡིན། །རོང་འབྲོག་རྒྱུ་འགྲུལ་གཉུག་གནས་ཐམས་ཅད་ཀྱིས། །ཅ་རེ་སྒྲ་འཛིན་གནས་ཚད་འདི་ལ་ལྟོས། །འགྲོ་བའི་མཆོད་སྡོང་ཚོགས་ཀྱི་ཞིང་མཆོག་ལ། །གནོད་འཚེ་བྱས་ན་རང་གི་ཁ་རྗེ་འགྲིབ། །དེའི་ཕྱིར་དད་པས་སྐྱབས་ན་ཉེས་འགལ་མེད། །གནས་འདིར་སྡོད་དགོས་བྱུང་ན་ངེས་རྒྱུ་ལ། །སྒོ་དང་སྐར་ཁུང་མ་གཅོག་ཐབ་མ་བཤིགས། །བསམ་པ་བཟང་པོས་འགྲོ་ཁ་དམ་པོ་གྱིས། །གོང་གི་དམོད་ངན་མ་ཉོ་དྲན་ཤེས་རེམ། །དགེ་འདིས་བསྟན་དང་བསྟན་འཛིན་སྦྱིན་བདག་སོགས། །མི་ཉམས་གོང་འཕེལ་བར་ཆད་བདུད་ལས་རྒྱལ། །བདག་དང་འགྲོ་ཀུན་གདོད་མའི་གྲོལ་གཞི་ལ། །ཆགས་ཐོགས་སྤང་བའི་རྣམ་མཁྱེན་མྱུར་འགྲུབ་ཤོག །རབ་འབྱམས་ཞིང་གི་སྲས་བཅས་རྒྱལ་བ་ཡི། །མཁྱེན་བརྩེ་ནུས་པའི་དཔལ་ཡོན་གཅིག་བསྡུས་གཟུགས། །ཨོ་རྒྱན་སངས་རྒྱས་གཉིས་པའི་བྱིན་ནུས་མཐུས། །དུས་ཀུན་དགེ་བའི་ཤིས་པས་ཁྱབ་གྱུར་ཅིག །

སྒེག་གི་ཡིག་དྲུག་དོན་བསྟོད་སྡུག་བསྔལ་རང་གྲོལ།

ཡང་གསང་མཁའ་འགྲོའི་བརྡ་རིས་ལས༔ ཡིག་དྲུག་དོན་བསྟོད་སྡུག་བསྔལ་རང་གྲོལ་བཞུགས༔

རང་བྱུང་རིག་པ་ཆོས་ཀྱི་སྐུ༔ ཡང་དག་ཆོས་ཀྱི་སྙིང་པོ་མཆོག༔ འཕགས་པ་ཁ་སར་པ་ཎི་དང༔ དབྱེར་མེད་ལུང་རིག་གླིང་པ་རྒྱལ༔ སྔོན་དུས་ཆོས་རྒྱལ་སྲོང་བཙན་སྒམ་པོ་ཡི༔ ཐུགས་བསྐྱེད་དཀར་ནས་བོད་ལ་ཆོས་སྟོན་དུས༔ འཕགས་པའི་ཐུགས་སྤྲུལ་དགེ་སློང་ཨ་ཀརྨས༔ མ་འོངས་འགྲོ་བར་དངོས་སམ་བརྒྱུད་ནས་ནི༔ བདག་གི་ཐབས་མཁས་ཐུགས་རྗེས་འདྲེན་པར་སྨོན༔ དེ་འོག་འཇམ་དབྱངས་སྤྲུལ་པས་རྒྱ་བོད་ཀྱི༔ བར་དུ་དཀར་པོའི་ཆོས་ཀྱི་ཟམ་བཙུགས་ཚེ༔ སྔོན་སྨོན་དགེ་སློང་སྤྲུལ་པ་རྣམ་སྣང་གིས༔ བླ་མེད་ཆོས་ཀྱིས་ཆོས་རྒྱལ་སྨིན་བྱས་ཚེ༔ སྨོན་ལོག་བདུད་སྤྲུལ་བཙུན་མོ་ཚེ་སྤོང་བཟས༔ ཡང་དག་ཆོས་ལ་བར་དུ་གཅོད་བྱས་ཏེ༔ ལོ་ཙཱ་ཆེན་པོ་མཐའ་ལ་སྤྱུགས་པའི་དུས༔ ལས་ཀྱི་ལྷག་མ་རྒྱལ་མོ་རོང་དུ་གཟིགས༔ མཐའ་འཁོབ་ཆོས་ལ་བཙུད་ཅིང་ནག་ཕྱོགས་ཀྱི༔ མི་མིན་དྲེགས་པའི་སྲོག་ཕྲོགས་དཀར་ཕྱོགས་ཀྱི༔ བཀའ་རྟགས་ཕྱག་རྒྱ་འཆང་དགོས་དམ་མནོས་ནས༔ འབྱུང་བཞིར་རང་དབང་བསྒྱུར་བའི་གྲུབ་རྟགས་མཛད༔ ཁྱད་པར་མདོ་སྨད་ས་རྡོ་རི་བྲག་ཀུན༔ ལྷ་ཡི་ཞིང་དུ་བྱིན་རླབས་ཕྱག་ནས་འཐོར༔ སྐུ་ཡིག་ཕྱག་མཚན་སྐྱེ་འགྲོའི་རྟེན་དུ་ནི༔ དུས་ཀྱི་སྐབས་བསྟུན་གཏེར་དུ་སྦས་ནས་བཞག༔ དུས་རྟགས་ལུང་བསྟན་གང་ཟག་རིག་པ་འཛིན༔ འགའ་ལ་ཞལ་གཟིགས་བཀའ་གཏད་སྨོན་ལམ་བཏབ༔ ད་ལྟ་ལྔ་བདོའི་དུས་ཀྱི་ཐ་མ་ལ༔ ནད་མཚོན་དམག་འཁྲུགས་མུ་གེ་རིམས་ཡམས་དང༔ འབྱུང་འཁྲུགས་མི་འདོད་གདོན་གྱིས་འཚེ་བ་སོགས༔ མི་ཕྱུགས་ནད་གདོན་རྐྱེན་ལས་གྲོལ་བའི་ཆེད༔ རིགས་གསུམ་མགོན་པོའི་བྱིན་རླབས་ཆགས་པའི་གནས༔ སྒེག་ཅེས་བྱ་བའི་མདའ་ལ་ཕ་བོང་གི༔ ལོགས་ལ་བཻ་རོའི་ཕྱག་བྲིས་འབྲུ་དྲུག་བཞུགས༔ ད་སྔོན་རེ་འགའ་ལས་ལྡན་རེ་རེ་ཙམ༔ མ་གཏོགས་ཀུན་གྱིས་མཐོང་བ་ཨུ་དུམ་ཝར༔ ད་ནི་ལས་འཕྲོ་སད་པའི་རྨི་ལམ་དུ༔ འཕགས་པས་ཞལ་གཟིགས་འགྲོ་དོན་འབྱུང་ལུང་བསྟན༔ དུས་གསུམ་སངས་རྒྱས་ཡང་སྙིང་ཡི་གེ་དྲུག༔ འདི་ཉིད་ལན་གཅིག་མཐོང་བས་སྔོན་ལས་དང༔ འཕྲལ་རྐྱེན་བདུད་ཀྱི་དབང་དུ་མི་འགྱུར་ཞིང༔ འདི་ལ་ཕྱག་སྐོར་ལན་གཅིག་བྱས་པས་ཀྱང༔ སྡིག་པའི་ཕུང་པོ་རི་རབ་ཙམ་ཡང་བྱང༔ སངས་རྒྱས་མང་པོས་ཐུགས་ཀྱི་སྲས་སུ་དགོངས༔ འཕོས་ཚེ་སྤྱན་གཟིགས་ཞབས་དྲུང་སྐྱེ་བ་ལེན༔ དེ་ནས་ཕྱིར་མི་ལྡོག་པའི་ས་ལ་རེག༔ དད་པས་ངེས་ཤེས་སྐྱེད་ལ་སྐོར་ཕྱག་རེམ༔ སྡོམ་བརྩོན་ཚུལ་ཁྲིམས་འདོད་པས་ཡིག་དྲུག་འདི༔ དད་པས་ཡིད་ལ་བསྒོམས་ཤིང་གསོལ་བཏབ་ན༔ བསླབ་གསུམ་དྲི་ཡིས་རང་རྒྱུད་ཕྱུག་པར་འགྱུར༔ ཚོང་མགྲོན་འདོད་དོན་གཉེར་བས་ཡིག་དྲུག་འདི༔ དད་པས་ཡིད་བསྒོམ་ཕྱག་སྐོར་བྱས་པ་ན༔ ཅི་བསམ་ཡིད་བཞིན་འགྲུབ་ལ་སོམ་ཉི་མེད༔ མི་འདོད་རྐྱེན་གྱིས་ལུས་སེམས་གཙེས་པ་ན༔ དད་པས་ཡིག་དྲུག་མཇལ་དང་ཕྱག་བསྐོར་རེམ༔ ནད་གདོན་བར་ཆད་རྐྱེན་ངན་དབྱིངས་སུ་སེལ༔ ཆོམ་རྐུན་གཅན་གཟན་འཇིགས་པས་ནོན་པ་རྣམས༔ ཡིག་དྲུག་འདི་ལ་རྟེན་བཅས་སྐྱབས་གསོལ་ན༔ གནོད་བྱེད་དགྲ་བགེགས་ཆོས་ཉིད་ངང་དུ་ཞི༔ མདོར་ན་འདོད་པའི་རེ་འབྲས་གང་ཡོད་པ༔ ཡིད་ལ་དམིགས་ཤིང་སྤྱི་བོས་ཡིག་དྲུག་ལེན༔ སྨོན་ལམ་བཏབ་ཅིང་ཐེ་ཚོམ་མེད་ན་ཡང༔ བསམ་དོན་མྱུར་དུ་འགྲུབ་འགྱུར་གདོན་མི་ཟ༔ ཡིག་དྲུག་འདི་ལ་མེ་ཏོག་སུས་འབུལ་བ༔ གཟུགས་བྱད་མཛེས་ཤིང་པད་སྡོང་ལས་འཁྲུངས་འགྱུར༔ ཡིག་དྲུག་འདི་ལ་བདུག་སྤོས་སུས་འབུལ་བ༔ ཚུལ་ཁྲིམས་དྲི་ལྡན་རོ་བྲོའི་རྟོག་པ་འགགས༔ ཡིག་དྲུག་འདི་ལ་མར་མེ་སུས་འབུལ་བ༔ ཡེ་ཤེས་སྤྱན་ལྡན་མར་མེ་ལྟ་བུར་འགྱུར༔ ཡིག་དྲུག་འདི་ལ་དྲི་ཆབ་སུས་བྱུགས་པ༔ རིགས་བཟང་བློ་གསལ་གཞན་གྱི་ཡིད་ལ་མཛའ༔ ཡིག་དྲུག་འདི་ལ་ཞལ་ཟས་སུས་ཕུལ་བ༔ ཡི་དྭགས་སྒོ་གཅོད་མུ་གེའི་འཇིགས་པ་ཞི༔ ཡིག་དྲུག་འདི་ལ་རོལ་མོ་སུས་མཆོད་པ༔ མི་ཁ་པྲ་མཆུ་ཞི་ཞིང་གྲགས་སྙན་འཐོབ༔ ཡིག་དྲུག་འདི་ལ་གདུགས་སོགས་མཆོད་བྱས་ན༔ ཚེ་རབས་ཀུན་ཏུ་གཞན་གྱིས་བཀུར་བར་འོས༔ གསེར་གྱི་འཁོར་ལོས་བསྒྱུར་སོགས་ཐོབ་པར་འགྱུར༔ ཡིག་དྲུག་མདུན་དུ་ཚོགས་བསགས་སྒྲིབ་སྦྱངས་ན༔ དམ་པ་སྐུ་གཉིས་མངོན་དུ་འགྱུར་བར་ངེས༔ ཡིག་དྲུག་འདི་ལ་ཕྱག་སྐོར་མཎྜལ་སོགས༔ ཡིད་ཆེས་དད་པས་ལེགས་པར་འབུལ་བྱས་ན༔ གང་ཟག་དབང་པོའི་ཁམས་བཞིན་གནས་སྐབས་དང༔ མཐར་ཐུག་བདེ་ལ་འགོད་པར་ཐེ་མི་ཚོམ༔ འདི་འདྲའི་ཡིག་དྲུག་ཕན་ཡོན་མདོར་བསྡུས་པ༔ རང་དང་རང་འདྲའི་གྲོགས་ལ་ཕན་ཕྱིར་བྲིས༔ དེ་མིན་ཕན་ཡོན་བརྗོད་པ་སངས་རྒྱས་ཀྱི༔ ལྗགས་ཀྱི་དབང་པོས་བསྒྲགས་ཀྱང་ཐུག་པ་མེད༔ ཕན་ཡོན་གཟུགས་མཆིས་སྤྱན་མའི་ཀློང་ལ་ཡང༔ མི་ཆུད་མཁའ་དང་མཉམ་པ་རྨད་དུ་བྱུང༔ ས་མ་ཡཱ༔ ཞེས་འདི་རང་བྱུང་པདྨ་ཀ་ར་དང༔ འཕགས་པ་རིགས་གསུམ་མགོན་པོས་བྱིན་བརླབས་ནས༔ ལེགས་ཕབ་འགྲོ་བློའི་རེ་བ་ཡིད་བཞིན་དུ༔ སྐོང་བ་དབང་སྔོན་རྒྱལ་པོའི་དཔལ་ལས་ལྷག༔ སྐལ་མེད་སྡིག་སྤྱོད་སྐྱེ་བོས་སྨོད་མི་རུང༔ ཚེ་འདིར་མི་དགེ་ཕྱི་མར་ཐར་བ་དཀོན༔ ཡིག་དྲུག་སྲུང་མ་ཁྱབ་འཇུག་རཱ་ཧུ་ལས༔ སྙིང་ཁྲག་ཁར་འབྱིན་ཧུར་ཐུམས་ལྐུགས་རིང་གཏོང༔ དད་ལྡན་ཡ་རབས་སྤྱོད་རྣམས་ཕྱི་མ་དང༔ ཚེ་འདིར་བདེ་ལྡན་ས་ལམ་བར་ཆད་ཞི༔ ཡིག་དྲུག་སྲུང་མས་འདོད་དོན་གང་ཡིན་པ༔ འབད་མེད་རེ་འབྲས་མི་མངོན་དབྱིངས་ནས་བསྒྲུབ༔ དེ་ཕྱིར་དགའ་སྤྲོ་བསྐྱེད་ལ་བསོད་ནམས་གསོགས༔ བསླུ་བ་མེད་དོ་པདྨའི་ཐ་ཚིག་ཡིན༔ བྱིན་རླབས་འགྲན་བྲལ་འཕགས་པའི་ཡང་སྙིང་སྟེ༔ སྙིགས་དུས་རྒུད་སྐྱོབ་བཻ་རོའི་ཐུགས་བསྐྱེད་ཡོད༔ འགྲོ་ཕན་རྟེན་འབྲེལ་རང་སེམས་དག་པས་བྲིས༔ ལེགས་ཉེས་དཔང་པོ་དཀོན་མཆོག་རིན་ཆེན་དང༔ རྒྱལ་བའི་བཀའ་ཉན་དྲང་སྲོང་ཆེན་པོ་བཞུགས༔ འདིར་སྨྲས་པ། ཟག་མེད་ཡོན་ཏན་རྒྱ་མཚོར་འཇུག་འདོད་ཅིང༔ ཐར་པའི་ལམ་དུ་ཆས་པའི་མགྲོན་དག་གིས༔ དུས་གསུམ་སངས་རྒྱས་ཡང་སྙིང་ཡིག་དྲུག་འདི༔ མཐོང་ཚེ་སྤྲོ་དགའི་བརྟུལ་ཞུགས་ཅིའི་མི་ངོམ༔ སྔོན་བསགས་ལས་འཕྲོའི་ཤིང་རྟས་ཉེར་དྲངས་པའི༔ དྲི་མེད་ཡིག་དྲུག་དབང་གི་རྒྱལ་པོ་ཉིད༔ ཐོས་བསམ་དད་པའི་རྒྱལ་མཚན་རྩེར་བཀོད་དེ༔ འགྲོ་རྣམས་ཕན་བདེའི་གཞིར་འགྱུར་སྐལ་བཟང་སྙམ༔ འོན་ཀྱང་བདག་བློ་དམན་པའི་རང་ཉམས་ལས༔ ཉེས་པའི་དྲི་མས་གོས་པར་གྱུར་པ་དག༔ ས་ཐོབ་སེམས་དཔའ་གཞན་སེམས་མཁྱེན་ལྡན་རྣམས༔ ཡིན་མིན་དག་མཉམ་བྱི་དོར་ལེགས་པར་མཛོད༔ དགེ་འདིས་མར་གྱུར་འགྲོ་བ་སེམས་ཅན་ཀུན༔ ཡང་དག་རྫོགས་སངས་རྒྱས་ཀྱི་སར་འགོད་ནས༔ སྐུ་བཞི་ཡེ་ཤེས་ལྔ་ལྡན་རབ་ཐོབ་སྟེ༔ ཁམས་གསུམ་སྐྱེ་དགུའི་གཉེན་དུ་འགྱུར་བར་ཤོག༔ ཨོཾ་སྭ་སྟི༔ སྙིང་རྗེའི་མངའ་བདག་འཕགས་པ་སྤྱན་རས་གཟིགས༔ ཡི་གེ་དྲུག་མ་ཐུགས་རྗེ་སྤྲུལ་པའི་ཆོས༔ སྐུ་གསུམ་ལམ་འདྲེན་བྱང་ཆུབ་སར་འགོད་མཛད༔ འཕགས་པའི་སྐུ་གསུང་ཐུགས་ཀྱི་བཀྲ་ཤིས་ཤོག༔ སངས་རྒྱས་བསྟན་དར་སེམས་ཅན་བདེ་ཞིང་སྐྱིད༔ བླ་མའི་ཞབས་བརྟན་འགྲོ་དོན་ཕ་མཐའ་ཡས༔ ལུས་ཅན་ངན་སོང་འཁོར་མཚོ་ལས་གྲོལ་ནས༔ ཕན་བདེའི་དགེ་མཚན་འབྱུང་བའི་ཤིས་པ་སྩོལ༔ ཅེས་ཡིག་དྲུག་དོན་བསྟོད་སྡུག་བསྔལ་རང་གྲོལ་འདི་ཡེ་ཤེས་མཁའ་འགྲོའི་བརྡ་ལས་བྱུང་བ་སྙིང་དུ་ཡོད་པ་ལས་ལྡན་གྱི་གང་ཟག་དང་རྒྱུ་རྐྱེན་རྟེན་འབྲེལ་འཛོམས་པ་ན་ལུང་བྱང་ཐོབ་པ་ཁ་རུ་འབྱིན་ཤོར་བ་ལ་རྐྱེན་བྱས་ཏེ་དམ་པའི་རིགས་ཀྱི་ཡོན་ཏན་ཚང་བའི་དགེ་སྦྱོང་འཇིགས་མེད་མཚན་འཆང་དང༔ འགྲོ་མགོན་ཆུ་ཕོ་རྟོགས་ལྡན་གྱི་རྟེན་འབྲེལ་རིགས་ཀྱི་ཕྱག་རྒྱ་མོའི་སྐྱེས་ཐོབ་བིདྱ་དྷ་ར་ཨརྠ་ཟུང་གིས་བསྐུལ་བ་ལ་བརྟེན་ནས༔ ཆོས་མེད་ཆོས་པའི་གཟུགས་སྟོན་བླ་གཟུགས་དུག་ལྔའི་རྣལ་འབྱོར་ཕན་པའི་མིང་གིས་ཟླ་བ་དྲུག་པའི་ཉེར་ལྔའི་སྲོད་ལ་ལེགས་པར་ཕབ་པ་ཕྱོགས་དུས་གནས་སྐབས་ཀྱི་འགྲོ་བ་ཐམས་ཅད་འཕགས་མཆོག་ཕྱག་ན་པདྨོའི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག༔

འཕགས་པའི་གནས་ཀྱི་གསོལ་འདེབས་ཚངས་པའི་མགྲིན་གླུ།

འཕགས་པའི་གནས་ཀྱི་གསོལ་འདེབས་ཚངས་པའི་མགྲིན་གླུ་བི་ཛ་ཧ་རཾ༔ ཨེ་མ་ཧོ༔ སྟོང་གསུམ་མི་མཇེད་སྤྲུལ་སྐུའི་ཞིང་ཁམས་ཀྱི༔ བྱང་ཕྱོགས་ཁ་བ་ཅན་གྱི་གྲུ་འཛིན་ཆར༔ མདོ་སྨད་ས་ཡི་ཐིག་ལེ་རྒྱལ་མོ་རོང༔ དེ་ཡི་ཉེ་ཆར་སྒེག་དཔའ་འཇིགས་པའི་རིར༔ རིགས་གསུམ་སེམས་དཔས་བྱིན་རླབས་བྱིན་དབབ་ཅིང༔ རིག་འཛིན་དུ་མས་ཞབས་བཅགས་རྫུ་འཕྲུལ་མཛད༔ མི་སྣང་རྒྱས་བཏབ་དུས་བབས་མངོན་སྣང་བའི༔ གསུང་མཆོག་ཡི་གེ་དྲུག་ལ་གསོལ་བ་འདེབས༔ འདི་ཕྱིའི་རྐྱེན་སོལ་ཕྱི་ནང་བར་ཆད་བཟློག༔ འཕགས་པས་བྱིན་རླབས་པོ་ཊ་ལ་ཡི་ཞིང༔ མ་ཆགས་པདྨའི་སྦུབས་སུ་སྐྱེ་བར་སྨོན༔ དོན་གཉིས་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོར་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཞེས་འདི་ཡེ་ཤེས་ཌཱཀྐིའི་བརྡ༔ ཕལ་པའི་བློ་ཡིས་དཔག་པར་དཀའ༔ དད་ལྡན་མོས་འདུན་ཅན་ལ་སྟོན༔ དད་མེད་ལོག་རྟོག་མཁན་ལ་རྒྱ༔ ས་མ་ཡཱ༔ རང་སློབ་སྙིང་ནས་བརྩེ་བའི་དགེ་སྦྱོང་བྱ་བ་གྲུབ་པའི་བཞེད་སྐོང་དུ༔ འདུ་ཤེས་གསུམ་པ་ས་ར་ཧི་ཏས་སུག་བྲིས་བགྱིས་པ་དགེ་ལེགས་འཕེལ༔

རྩང་གི་ཐང་འབེའི་གནས་བསྟོད་ལྷའི་གནྜེ།

ཡང་གསང་ཌཱཀྐིའི་ཐུགས་ཐིག་གི་གནས་བསྟོད་ལྷའི་གནྜེ་བཞུགས༔ པདྨ་ཐོད་ཕྲེང་རྩལ་ལ་འདུད༔ ལྔ་བརྒྱ་སྙིགས་མའི་དུས་ཀྱི་ཚེ༔ མི་རྣམས་ཆས་བསྒྱུར་ཡ་མ་ཟུང༔ མུ་གེ་མཚོན་འཁྲུགས་དར་བའི་ཚེ༔ ཕྱོགས་མཐུན་མི་རེས་དུཿཁ་མྱོང༔ མཚོ་རྒྱལ་སྤྲུལ་པ་ཉེར་གཅིག་གིས༔ གཏེར་གྱིས་བསྟན་པ་སྐྱོང་བའི་ཚེ༔ ཨ་ཙར་ཡང་སྤྲུལ་རིག་འཛིན་གྱི༔ ཚེ་ཕྲེང་ཀེག་ལ་བབས་པའི་ཚེ༔ རྩང་ཡུལ་བདེ་ཆེན་བཀོད་ལ་བྱོན༔ སྔོན་སྦྱངས་ལས་འཕྲོ་བཟང་བའི་འཕྲོ༔ རི་འབུར་གཡང་གི་རྐྱལ་པ་ལ༔ བསམ་འཕེལ་ནོར་བུ་རབ་འཕེལ་གླིང༔ ཞེས་བྱར་མ་ཚོགས་མཁའ་འགྲོ་དང༔ ཤུགས་འགྲོ་ཡུལ་ལྷ་སྡེ་བརྒྱད་ཀྱིས༔ རྫོངས་ཆེན་དེ་ལ་བསྟོད་པའི་ཚིག༔ ལྷ་ཡི་གནྜེ་ལྟ་བུ་བརྗོད༔ སྔོན་དུས་ཨོ་རྒྱན་ཆེན་པོ་ཡིས༔ བྱིན་རླབས་བདུད་རྩིའི་ཟེགས་མ་འཐོར༔ དེ་འོག་བཻ་རོ་གཡུ་སྒྲ་སྙིང༔ སྒ་ལོ་ལྷ་ལུང་དཔལ་རྡོར་དང༔ མི་ཕམ་མགོན་པོས་བྱིན་གྱིས་རླབས༔ མཁའ་སྤྱོད་སྤྲུལ་པའི་ཞིང་ཁམས་ཡིན༔ ཀླུ་རྒྱལ་འཇོག་པོས་བསྲུང་བའི་གནས༔ བླ་མ་པདྨ་འབྱུང་གནས་ཀྱིས༔ གསང་བའི་ཟབ་གཏེར་བཅུ་ཡི་གྲངས༔ ཆོས་ནོར་རྫས་ཀྱི་གཏེར་སོགས་ཡོད༔ རྒྱ་བོད་གྲུབ་ཐོབ་མང་པོ་ཡིས༔ ཕྱག་ཞབས་གྲུབ་པའི་རྟགས་མཚན་ཡོད༔ སྐུ་གསུམ་ཡེ་ཤེས་ངོ་བོ་ཉིད༔ ཨོཾ་ཨཱཿཧཱུྃ་གི་སྣང་བརྙན་ཡོད༔ དྲེགས་པ་སྡེ་བརྒྱད་འདུལ་བའི་རྟགས༔ ཤན་པའི་བླ་རྡོ་གྲུ་བཞི་ཡོད༔ ལྷ་ཆེན་དབང་ཕྱུག་ཨུ་མ་ཡི༔ གསང་བའི་མཚན་མ་འབུར་དོད་ཡོད༔ ལྷ་ལུང་དཔལ་རྡོར་ཡི་དམ་ལྷའི༔ འོད་ཟེར་ཅན་མའི་ཕྱག་རྗེས་ཡོད༔ མི་ཕམ་སྦ་མཁར་ཁུར་བའི་རྗེས༔ རྒྱ་ནག་ཧ་ཤང་ཡིག་འབྲུ་ཡོད༔ ལྷ་ཡི་བ་དན་ཁྲ་བོ་དང༔ ཀླུ་དང་གཉན་གྱི་སྔོ་སེར་ཡོད༔ རུ་ཏྲའི་ཆས་ཀྱི་རྫས་རྣམས་ནི༔ ལས་སྐལ་ལྡན་པས་མཐོང་བ་ཡོད༔ ས་འོག་རིན་ཆེན་ཁང་བཟང་ནང༔ ཀླུ་ཡི་དབང་སྔོན་རྒྱལ་པོ་ཡོད༔ ཕྱོགས་བཞི་གཏུམ་རྔམ་རབ་འབར་བའི༔ ཆེ་མཆོག་འདུས་པའི་བརྡ་ཡིག་ནི༔ དཀར་སེར་དམར་བའི་མཐིང་ཤོག་ཡོད༔ བཀའ་སྲུང་མ་གཟའ་དམ་གསུམ་གྱི༔ སྐུ་ཡིག་ཕྱག་མཚན་འབུར་དུ་དོད༔ ཕྱོགས་མཚམས་རྒྱལ་ཆེན་སྡེ་བཞི་ཡི༔ སྐུ་འམ་ཐུགས་རྟེན་རིས་སུ་བཀྲ༔ ཀླུ་རྒྱལ་གཙུག་ན་རིན་ཆེན་ནི༔ གཏེར་གྱི་བཀའ་ཉན་བྱ་ར་བྱེད༔ དམ་ཚིག་ཅན་གྱི་སྐལ་བར་ཤོག༔ དམ་མེད་གསང་སྒོ་འཆོར་བ་ན༔ སྲོག་རྩ་དམར་པོ་རྦད་ཀྱིས་ཆོད༔ ལོག་རྟོག་མཁན་གྱིས་སྙིང་ཁྲག་རོལ༔ གཤེ་སྐུར་ཟུར་ཟའི་མིག་འབྲས་ཕྱུངས༔ འཚོས་ཤིག་སྲུངས་ཤིག་ས་མ་ཡཱ༔ ཞིང་གི་ཞིང་མཆོག་གཙང་གི་གནས༔ ཐར་པའི་རྒྱན་གྱིས་མཛེས་འབར་བའི༔ རྩེ་མོ་པདྨ་མཐོང་ལྡན་རི༔ གུ་རུ་རྡོ་རྗེ་གྲོ་བོ་ལོད༔ གང་གི་བྱིན་རླབས་རབ་ཆགས་པའི༔ ཡ་མཚན་རྟགས་ཀྱི་ཆེ་བ་ཡོད༔ རྡོ་རྗེ་ཕུར་པ་སྒྲོལ་བའི་གྲི༔ ཤནྟིཾ་གརྦྷའི་ཐུན་རྭ་ཡོད༔ པད་འབྱུང་བི་མ་མཚོ་རྒྱལ་གྱི༔ སྐུ་འམ་ཐུགས་རྟེན་རི་མོ་ཡོད༔ ཨ་སོགས་སྐྱེ་བ་མེད་པའི་དོན༔ དབྱངས་ཀྱི་ཡི་གེ་བཅུ་དྲུག་ཡོད༔ ཀ་སོགས་བདེ་གསལ་ཐབས་ཀྱི་ཆ༔ གསལ་བྱེད་སུམ་ཅུའི་གྲངས་ལྡན་ཡོད༔ ཕྱོགས་བཞིར་དུང་དཀར་གསེར་གྱི་ཉ༔ སྒོ་སྲུང་སྟག་གཡག་འབར་བ་ཡོད༔ གཏི་མུག་སྨག་རུམ་སློང་བའི་མཚོན༔ བདག་ལྟ་གཅོད་པའི་ཡ་ལད་ཡོད༔ པན་ཆེན་བཻ་རོས་ལྟ་སྟངས་ཀྱིས༔ མཉམ་བཞག་ཕུག་པ་མཐོང་གྲོལ་ཡོད༔ ཕྱོགས་བཞིར་སྒོ་སྲུང་དྲེགས་པའི་སྡེ༔ གཞི་བདག་ཆེན་པོ་མཆེད་སྡེ་ཡོད༔ ཚེ་སྲོག་ཆད་པ་གསོ་བའི་སྨན༔ ཚེ་ཆུ་འཆི་མེད་བུམ་བཟང་ཡོད༔ གདོན་དང་ནད་ཀྱི་དཔུང་འཇོམས་པ༔ སྨན་ཆུ་བདུད་རྩིའི་ཐིག་པ་ཡོད༔ དབུས་ན་རང་བྱུང་མྱོང་གྲོལ་ཆུ༔ གངྒཱའི་རྒྱུན་གྱི་འབབ་ཆུ་ཡོད༔ དེ་སོགས་རང་བྱུང་བསམ་མི་ཁྱབ༔ ལས་སྐལ་ལྡན་པས་ཀུན་མཐོང་ཡང༔ ལས་ངན་ཤན་པས་རེ་འགའ་ཙམ༔ ཁྱབ་གདལ་མཐོང་བ་ད་དུང་དབེན༔ ལོ་དུས་མཚོ་རྒྱལ་སྤྲུལ་པ་ཡི༔ འཆལ་སྤྱོད་སྦས་པའི་རྣལ་འབྱོར་བས༔ ཡོངས་ལ་སྤེལ་བའི་རྟེན་འབྲེལ་ཡོད༔ དུས་རྟགས་བཟང་ངན་དུ་མ་མངོན༔ དེ་དང་དེ་བཞིན་རང་བཞིན་མངོན༔ ས་མ་ཡཱ༔ ཞེས་པ་འདི་ཡང་མི་དབང་དགའ་བོའི་རིག་སོན་རྩང་སྟོད་གྱི་རང་སློབ་དམ་པ་པདྨ་ཆོས་འཕེལ་གྱིས་བསྐུལ་བ་དང༔ རང་སློབ་ཆུང་ནས་འབྲེལ་བའི་སློབ་མ་རིག་གྲོལ་ཀླུ་སྐྱབས་སོགས་ཀྱིས་བསྐུལ་བ་ལ་བརྟེན་ནས༔ ཀླུ་རྒྱལ་འཇོག་་པོས་གནང་བ་བསྩལ་ནས་རྩང་གི་སྤྱི་བསྲུང་ཆེན་པོའི་སྐབས་བདུད་རྩི་ཐུན་མཚམས་སུ་ལེགས་པར་ཕབ་པ་དགེ་ལེགས་འཕེལ༔

གསང་སྔགས་གླིང་པ་ལ་བསྔགས་བརྗོད་ཚིགས་བཅད་སུམ་ཅུའི་ཕྲེང་བ།

༄༅། རིག་འཛིན་གསང་སྔགས་གླིང་པ་ལ་བསྔགས་བརྗོད་ཚིགས་བཅད་སུམ་ཅུའི་ཕྲེང་བ། རབ་འབྱམས་རྒྱལ་ཀུན་མཁྱེན་བརྩེའི་ཡེ་ཤེས་དཔྱིད། །གདུལ་བྱའི་ཁམས་ལ་གཟུགས་སྐུའི་རྣམ་རོལ་དུ། །ཡོངས་བཞེངས་དཀྱིལ་འཁོར་རྒྱ་མཚོའི་བདག་ཉིད་མཆོག །ཁྱབ་བདག་འཁོར་ལོའི་མགོན་དེ་གཙུག་གི་རྒྱན། །རྒྱལ་བ་གཞན་གྱིས་སྐྱོབ་དཀའ་སྙིགས་མའི་འགྲོ། །རྨད་བྱུང་ཐབས་མཁས་སྤྱོད་པས་འདུལ་མཛད་པའི། །སྟོན་མཆོག་ཐུབ་དབང་གཉིས་པ་མཚོ་སྐྱེས་རྗེ། །ལྷར་བཅས་འགྲོ་བའི་བླ་ན་རྒྱལ་གྱུར་ཅིག །རྨད་བྱུང་ཐུགས་བསྐྱེད་རླུང་ཤུགས་འཁོར་ལོ་ཡིས། །རྒྱལ་བསྟན་གཟའ་སྐར་མཁའ་ལ་རབ་བཏེགས་ནས། །མཐའ་འཁོབ་མུན་གླིང་བདེ་འབྱུང་འོད་སྣང་གིས། །ཁྱབ་མཛད་མེས་དབོན་རྣམ་གསུམ་ཕྱག་གིས་བཀུར། །ལུང་དང་རྟོགས་པའི་བསྟན་པ་ཡིད་བཞིན་དབང་། །བཤད་དང་སྒྲུབ་པའི་རྒྱལ་མཚན་རྩེར་བཀོད་དེ། །ས་གསུམ་བསྟན་འགྲོའི་དབུལ་བ་སེལ་མཛད་པའི། །རྒྱ་བོད་མཁས་གྲུབ་ཚོགས་ལ་སྒོ་གསུམ་འདུད། །དེ་སྐད་མཆོད་བརྗོད་ཚིག་གིས་མདུན་བསུས་ཏེ། །དགོས་དོན་དམ་པའི་ཡོན་ཏན་རྗེས་བསྔགས་པའི། །གཡོ་མེད་དྲང་པོའི་གཏམ་གྱི་འོད་དཀར་ཞིག །ཐེ་ཚོམ་བློ་མུན་སེལ་བའི་གཉེན་དུ་སྦྱིན། །གྲུབ་བརྙེས་རིག་འཛིན་མཛད་སྤྱོད་ནམ་མཁའི་མཐའ། །བློ་གྲོས་སྦྲང་བུའི་གཤོག་པས་གཞལ་དཀའ་ཡང་། །རྨོངས་བླུན་འགྲོ་འགས་ཡིན་མིན་སྒྲོ་སྐུར་ཚེ། །གང་ནུས་བསྔགས་པ་བརྗོད་ལ་བདག་ཡིད་ཕྱོགས། །རྒྱལ་ཀུན་ཐུགས་ལས་ཟློས་པའི་ཁྱེའུ་ཆུང་ཞིག །དྲུག་ལྡན་གེ་སར་སྦུབས་ཉལ་འདབ་མའི་རྒྱ། །མཁྱེན་ལྡན་བརྩེ་བའི་འོད་སྟོང་འབར་བའི་གཟིས། །རབ་བཞད་གཟུགས་སྐུའི་བཀོད་པ་བསྟན་འགྲོའི་རྒྱན། །འཕགས་ཚོགས་རྒྱུ་སྐར་དབུས་ན་མངོན་མཐོ་བའི། །མཁས་གྲུབ་མཚུངས་མེད་ཉི་ཟླ་ཟུང་གཅིག་གིས། །གང་གི་གསང་གསུམ་ཡོན་ཏན་རྗེས་གཟིགས་ནས། །བསྔགས་ཚིག་རྡོ་རྗེའི་རོལ་མོ་ཡང་ཡང་དཀྲོལ། །བློ་ལྡན་ཉི་རྡུལ་ལྟ་བུ་ཚོགས་པའི་དབུས། །ངོ་མཚར་གཏེར་དྲངས་མ་རུངས་གཉན་ཁམས་བཏུལ། །མཐོང་ཐོས་འགྲོ་ཀུན་ཡིད་ཆེའི་གནས་ལ་སྦྱར། །མཁས་དབང་དམ་པ་རྣམས་ཀྱིས་གཙུག་ཏུ་བཀུར། །དེ་ཚེ་ལུགས་ཟུང་ཁྲིམས་ལ་དབང་འབྱོར་བའི། །ཤེས་ལྡན་རྣམས་ཀྱིས་གསེར་དངུལ་རྟ་དྲེལ་སོགས། །ཕྲ་རགས་དངོས་པོ་ཀུན་གྱིས་མཆོད་པ་ཡི། །མཛེས་པའི་རྒྱན་གྱིས་སྤུད་འདིར་གཟིགས་དང་ཀྱེ། །འདོད་ལྔའི་ཡུལ་གྱིས་གདུང་བའི་གཡོ་ཅན་འགས། །མཁས་དང་གྲུབ་པའི་ཟོལ་རྫུན་བླུན་རྨོངས་དག །མིག་འཕྲུལ་ལྟ་བུས་མགོ་སྐོར་འོང་སྲིད་ཀྱང་། །དེ་འདྲ་དམ་པ་རྣམས་ཀྱིས་ཅི་སྟེ་བཀུར། །ཝ་སྐྱེས་ལྟ་བུར་ས་མཐར་བསྒྲོད་ན་ཡང་། །མཁྱེན་ལྡན་རྣམས་ཀྱིས་རྗེས་བཟུང་མཆོད་གནས་ལ། །བརྟེན་སོགས་སྙན་གྲགས་གཏམ་གྱིས་ཡུལ་ཁྱབ་སྟེ། །སྟག་ལྟར་ཟིལ་གནོན་འཛུམ་དྲུག་རྒྱས་བཞིན་ཕེབས། །དཀར་ནག་ཡིག་འདོན་ཙམ་ལས་སྐུ་ཐོག་འདིར། །རིག་གནས་ཐོས་བསམ་བསླབ་སྦྱང་མ་མཛད་ཀྱང་། །འཆད་དང་རྩོད་དང་རྩོམ་ལ་འགྲན་བྲལ་བའི། །སྐྱེས་ཐོབ་ཤེས་རབ་ཀློང་རྡོལ་འདི་གོ་རྨད། །རྟོགས་པས་རྒྱུད་གྲོལ་རང་སྣང་དབང་འདུས་ཤིང་། །ཚད་མེད་ཐུགས་རྗེས་གཞན་སྣང་ཟིལ་མནན་ཏེ། །མི་དང་མི་མིན་མཆོག་དམན་འགྲོ་བ་རྣམས། །ཐམས་ཅད་རྗེ་ཡིས་འབངས་བཞིན་བྲན་དུ་བཀོལ། །སྔོན་གནས་རྗེས་དྲན་གཞན་གྱི་ཤེས་རྒྱུད་སོགས། །ཇི་བཞིན་མངོན་སུམ་མཁྱེན་པའི་སྤྱན་ལྡན་ཡང་། །བསྟོད་སྨད་སྒྲོ་སྐུར་ཅི་བྱས་ཐམས་ཅད་ཀུན། །འདྲ་མཉམ་བྱམས་དང་བརྩེ་བས་རྗེས་སུ་འཛིན། །དངོས་སམ་བརྒྱུད་ནས་བསྟན་དང་འགྲོ་བ་ལ། །ཕན་པའི་ཐུགས་བསྐྱེད་ནམ་ཡང་མི་འདོར་ཞིང་། །ཐབས་མཁས་བསྡུ་དངོས་རྣམ་བཞིས་དམ་ལྡན་ཚོགས། །སྡུད་མཁས་འདི་ཡང་སྔོན་བྱོན་དམ་པའི་སྲོལ། །ལྟ་སྒོམ་མཁྱེན་པ་མཁའ་ལྟར་རྒྱ་ཆེ་ཡང་། །སྤྱོད་པ་སྤང་བླང་རྒྱུ་འབྲས་གནད་དང་བསྟུན། །མ་ནོར་ལམ་སྟོན་སྐྱེས་མཆོག་སྤྲུལ་པའི་སྐུ། །རྙིང་བསྟན་གསལ་བའི་གཉེན་གཅིག་ཅིས་མི་བསྙེན། །སྔོན་གོམས་ཐུགས་བསྐྱེད་སྨོན་ལམ་རྨད་བྱུང་མཐུས། །རྫས་དང་དགོངས་པའི་གཏེར་ལ་དབང་འབྱོར་ཞིང་། །སྙིགས་དུས་ཨོ་རྒྱན་པདྨའི་རྒྱལ་ཚབ་ཏུ། །ཀུན་གཟིགས་ཀུན་གྱིས་གསུང་གཅིག་མངའ་དབང་གསོལ། །རིང་ལུགས་སྔ་འགྱུར་རྡོ་རྗེ་ཐེག་པ་ཡི། །བསྟན་པའི་སྲོག་ཤིང་རི༵ག་འཛི༵ན་གྲུབ་པའི་མཆོག །འགྲོ་འདུལ་གས༵ང་སྔ༵གས་གླི༵ང་པ༵་ཞེས་གྲགས་པའི། །མཚན་སྙན་དབྱར་གྱི་རྔ་གསང་ཕྱོགས་ཀུན་ལྡིར། །བསྟན་འཛིན་རྒྱུ་སྐར་བྱེ་བའི་དབུས་ཉིད་དུ། །རིག་འཛིན་པདྨའི་རྣམ་འཕྲུལ་འོད་དཀར་ཅན། །ངོ་མཚར་རྨད་བྱུང་མཛད་པའི་ཟེར་ཕྲེང་གིས། །སྔགས་བསྟན་ཀུནྡ་བཞད་པའི་གཉེན་དུ་བཞུགས། །གང་ཞིག་གང་གི་ཡོན་ཏན་དག་བྱའི་གཏེར། །ཟབ་བརླིང་རྒྱ་ཆེ་གཏིང་དཔག་ནུས་དཀའ་ཡང་། །ལེགས་བརྟག་ཧུབ་གཅིག་ཁོ་བོས་བཏུང་བ་ལས། །ཡིད་གཉིས་སྐོམ་པའི་གདུང་བ་རིང་ནས་བསལ། །དུས་ངན་སྙིགས་མའི་སྐྱེ་བོ་འཇག་མའི་ཁྱོན། །གཏད་མེད་གཏམ་གྱི་དྲི་བཞོན་རྗེས་ཕྱོགས་ཀྱང་། །འཕགས་པའི་དགོངས་སྤྱོད་སོ་སྐྱེས་རྟོག་གེའི་བློས། །དཔྱད་པའི་ཡུལ་མིན་རི་བོང་ཅལ་འདྲོག་བཞིན། །ཡིད་སྲུབ་སྙིང་ལ་གཞོལ་བའི་འགྲོ་འགའ་ཞིག །ཀུན་མཁྱེན་ཐུབ་པའི་དབང་པོ་དངོས་བྱོན་ཡང་། །ལོག་རྟོག་བློ་ཡི་མུན་ཁུང་བྱང་བསྟན་ཕུག །རྨད་བྱུང་ཐུགས་ཆེན་འོད་སྣང་ཡེ་མི་འཆར། །ལས་ངན་རྣམ་སྨིན་གྱིས་བསྐྲུན་རིགས་ངན་འགྲོ། །མུན་ནས་མུན་པའི་མཐའ་རུ་འཕྱན་དགོས་པའི། །ལོག་རྟོག་གདོན་གྱིས་ཟིན་པའི་ཝ་སྐྱེས་ལ། །བློ་གསལ་གཡུ་རལ་ཅན་རྣམས་ཅི་སྟེ་འགྲན། །མཁྱེན་ལྡན་རྣམས་ཀྱིས་བཀུར་འོས་སྐྱེས་མཆོག་ལ། །བློ་ཆུང་སུ་གང་ངན་སྨྲས་བསྒྲགས་ན་ཡང་། །སླར་ནི་འགྱོད་པས་བཤགས་སྦྱང་མ་འབད་ན། །ཚེ་བསོད་གཏན་འཇོམས་འགྲོ་བས་གོ་བར་གྱིས། །བསྟན་འཛིན་བསྟན་དོན་བྱོན་པའི་སྐྱེས་བུ་ཡི། །དབུ་འཕང་སྨད་པའི་བདུད་སྐྱེས་སྲིན་བྱ་རྣམས། །དམ་པའི་ཡོན་ཏན་མངོན་པའི་ནམ་ལང་གི། །རང་མཐོང་རྨོངས་པའི་ནགས་གསེབ་ཉོལ་ལ་སྡོད། །གང་ཞིག་མདོ་ལམ་ཞུགས་པའི་སྐྱེས་བུ་རྣམས། །ཞིང་ཀུན་རྒྱལ་བ་སྲས་བཅས་གང་མོས་ན། །རྒྱལ་བའི་རྣམ་འཕྲུལ་དངོས་ལ་མི་གུས་པ། །བདེ་གཤེགས་བཀའ་དང་འགལ་བ་མཁྱེན་པར་མཛོད། །གསང་སྔགས་ལམ་མཆོག་ཞུགས་པའི་སྐལ་ལྡན་རྣམས། །སྣང་གྲགས་རིགས་གསུམ་ལྷ་སྔགས་ཡེ་ཤེས་ཀྱི། །རྣམ་རོལ་ཁོ་ནའི་དག་སྣང་སྦྱང་དགོས་ན། །དམ་པ་མཆོག་ལ་དམོད་པ་རང་གནོང་མཛོད། །གཞན་སྨད་ཚིག་གི་ཡལ་རྩེ་མང་ན་ཡང་། །རང་ཉེས་ཐར་བའི་སྲོག་རྩ་གཅོད་པའི་རྒྱུ། །ཕྲག་དོག་ལྗིད་ཀྱིས་ནོན་པའི་རྭ་ཅོ་དེ། །སྐྱུར་ལ་ཕྱོགས་རིས་བྲལ་བའི་རི་རྩེར་འགྲིམ། །གང་གི་གསང་གསུམ་འཕོ་མེད་རྡོ་རྗེའི་ཁམས། །བླུན་ཚིག་དབྱུག་མདས་ཕོག་པར་མི་ནུས་ཡང་། །ཚར་གཅོད་བསྟན་སྲུང་དྲེགས་པའི་བཀའ་ཆད་ཀྱི། །གནམ་ལྕགས་ཐོག་མདས་ཕོག་ལ་སོམ་ཉི་བྲལ། །སྐྱབས་མཆོག་གང་གི་ཡོན་ཏན་ཆུ་གཏེར་ལས། །རང་ནུས་བསྔགས་བརྗོད་སྐྲ་རྩེའི་ཐིག་པ་ཙམ། །ཚིགས་བཅད་སུམ་ཅུའི་ཕྲེང་བར་འདིར་བྲིས་དགེས། །འཁྲུལ་རྟོག་བློ་ངན་ཞི་བའི་རྒྱུར་གྱུར་ཅིག །

དབྱི་དགོན་དབྱར་གནས་ཀྱི་ཚུལ་རྩོམ།

༄༅། དབྱི་དགོན་དབྱར་གནས་ཀྱི་ཚུལ་རྩོམ། ན་མོ་བུདྡྷ་བྷོ་དྷི་དྷརྨ་སཾ་ག་ཡེ། སངས་རྒྱས་བྱང་སེམས་ཆོས་དང་དགེ་འདུན་ཚོགས་ལ་ཕྱག་འཚལ་ལོ། །ཨོཾ་སྭ་སྟི། སྲིད་ལས་དབུགས་འབྱིན་ཞི་བའི་ཕྱག་ན་ནི། །སྲིད་པ་བསླུ་བྱེད་བདུད་བཞིའི་གཡུལ་གྱི་དཔུང་། །འཇོམས་པ་མི་ཤིགས་རྡོ་རྗེའི་འཁྲུལ་འཁོར་ཅན། །ཨོ་རྒྱན་པད་འབྱུང་ཞབས་པད་གཙུག་ན་མཛེས། །འདུས་མ་བྱས་དབྱིངས་དག་པ་གཉིས་ལྡན་མཁར། །ལྷུན་གྲུབ་ངེས་པ་ལྔ་ཡི་སྤྲིན་བཀོད་པའི། །སྒྱུ་འཕྲུལ་གར་གྱི་རོལ་པར་འབྱམས་སུ་ཀླས། །སྐུ་གསུམ་བདག་ཉིད་ལུང་རྟོགས་ཉིན་བྱེད་རྒྱལ། །མཁྱེན་བརྩེའི་ཆ་རྫོགས་རྒྱལ་བའི་ཟླ་བ་གང་། །འཕགས་ཚོགས་རྒྱུ་སྐར་ཕྲེང་བས་ཡོངས་མཛེས་ཤིང་། །སྲིད་པའི་རིམས་ནད་མཐར་བྱེད་དམ་ཆོས་ཀྱི། །བདུད་རྩིའི་འོད་བཟང་འཕྲོ་བས་ཤིས་གྱུར་ཅིག །ཐེག་པ་ཀུན་གྱི་སྤྱི་གཞི་སོ་སོ་ཐར། །རྒྱལ་བསྟན་གཞི་མ་འདུལ་བ་གཞི་གསུམ་གྱི། །བསྟན་པ་རིན་ཆེན་སྒྲོན་མེ་དགེ་བའི་བཤེས། །རྒྱལ་བསྟན་ངུར་སྨྲིག་འཛིན་པ་འདི་ཀོ་རྨད། །ཉེས་སྤྱོད་སྡོམ་དང་ཕྱིན་དྲུག་ལྷུར་བཞེས་ཤིང་། །གསང་ཆེན་པད་ཚལ་ཀུན་ནས་རབ་རྒྱས་པའི། །དམ་པའི་ཆོས་གྲྭ་གཙུག་ལག་ཉིན་བྱེད་གླིང་། །ཞེས་བྱར་སཾ་སྐྲྀ་ཏའི་སྐད་མ་ད་ན། །བོད་སྐད་མྱོས་བྱེད་རྒྱ་རྩིས་ཤིང་ལུག་གི། །ལོ་འདིར་དབྱར་གསུམ་གནས་པའི་རབ་བྱུང་སྡེ། །མཁན་པོ་གཞན་ཕན་ཐུབ་བསྟན་དཔལ་བཟང་པོ། །ཚུལ་ལྡན་དགེ་བའི་བཤེས་གཉེན་བཅུ་དང་གཅིག །བཤད་སྒྲུབ་ཆོས་ཀྱིས་ཕྱུག་ཅིང་ཞི་ཞིང་དེས། །ཚུལ་ཁྲིམས་རྒྱན་འཆང་དགེ་ཚུལ་རྒྱུ་སྐར་གྲངས། །བསླབ་གསུམ་ལེགས་པའི་རྒྱལ་མཚན་སྲིད་པའི་ཁྱོན། །ཡོངས་ཀྱི་མིག་ཏུ་མཛེས་པ་འདི་རྨད་བྱུང་། །གྲྭ་ས་གོང་མའི་ཕྱག་སྲོལ་བདུད་རྩིའི་བུམ། །ཡ་མཚན་སྙིང་ལ་འཐོར་བའི་བཅས་ལྡན་གྱིས། །བཤད་སྒྲུབ་ཆོས་ཀྱི་ཉི་གཞོན་འོད་པོ་ཆེས། །ཡོངས་ལ་ཁྱབ་པའི་ཚ་ཟེར་རྣམ་དཀར་མཐུས། །སངས་རྒྱས་བསྟན་དར་བསྟན་འཛིན་ཀུན་ཞབས་བརྟན། །བསྟན་པའི་སྦྱིན་བདག་ཚེ་ཆོས་སྲིད་ནོར་འཕེལ། །ཐ་གྲུ་ཀུན་ལ་ཆོས་ཀྱི་ཆར་འབེབས་ཤིང་། །ཕན་བདེའི་དགེ་མཚན་འབྱུང་བའི་དཔལ་ཐོབ་ཤོག །དེང་བཟུང་རང་གིས་ཇི་ལྟར་ཁས་བླངས་པའི། །སྡོམ་གསུམ་བཅས་མཚམས་ལ་སོགས་དཀར་ནག་ལས། །ཕྲ་ཞིང་ཕྲ་བར་ཡིད་ཆེས་དད་འདུན་གྱིས། །མ་ནོར་བླང་དོར་ཚུལ་བཞིན་བྱེད་པར་ཤོག །བཀྲ་ཤིས་དབྱི་མཁར་ནོར་བུ་ལྷ་རྩེའི་ཆར། །བཀྲ་ཤིས་ཕུན་ཚོགས་སྟོན་འཁོར་འདུས་པའི་སྐབས། །བཀྲ་ཤིས་དགེ་མཚན་དུ་མའི་རྐྱེན་དབང་གིས། །བཀྲ་ཤིས་མི་ནུབ་བརྟན་པའི་རྒྱལ་མཚན་བསྒྲེངས།། ༧ ཨོཾ་སརྦ་བི་ཛ་ཡནྟུ་ཛ་ག་དམ། །སྐྱབས་གནས་དཀོན་མཆོག་གསུམ་པོ་མཆོད་ཅེས་སྒྲོགས། །དེ་མཐུས་མ་གྱུར་འགྲོ་དྲུག་སེམས་ཅན་རྣམས། །མ་རིག་མུན་པ་ཐམས་ཅད་བསལ་ནས་ཀྱང་། །མར་མེ་མཛད་ཀྱི་གོ་འཕང་ཐོབ་པར་ཤོག །

དམ་རྫས་ཆོས་སྨན་གྱི་དཀར་ཆག

༄༅། བྱིན་རླབས་དད་རྟེན་དམ་རྫས་ཆོས་སྨན་གྱི་དཀར་ཆག ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །ཕྱོགས་དུས་རྒྱལ་བ་ཐམས་ཅད་ཀྱི་ངོ་བོ། བདེ་གཤེགས་དཀྱིལ་འཁོར་ཡོངས་ཀྱི་བདག་ཉིད། རིག་འཛིན་གྲུབ་ཐོབ་རྣམས་ཀྱི་གཙུག་རྒྱན། གུ་རུ་མཚོ་སྐྱེས་རྡོ་རྗེ་ལ་ན་མོ། དེ་ལ་འདིར་བྱིན་རླབས་དད་རྟེན་དམ་རྫས་ཆོས་སྨན་གྱི་དཀར་ཆག་ཅུང་ཟད་ཅིག་སྤྲོ་ན། མདོ་སྡེ་དཀོན་མཆོག་བརྩེགས་པ་ལས། གང་ཞིག་སངས་རྒྱས་ཡིད་བྱེད་པ། །དེ་ཡི་མདུན་ན་ཐུབ་པ་བཞུགས། །བྱིན་རླབས་དབང་བསྐུར་ཐོབ་པར་འགྱུར། །ཞེས་གསུངས་པ་བཞིན་བྱིན་རླབས་འཇུག་པའི་རྒྱུ་དད་པ་ཁོ་ན་ལ་རག་ལས་ཤིང་། བཀའ་མདོ་རྒྱུད་ལུང་མན་ངག་ཐམས་ཅད་ནས་ཞལ་མཐུན་དུ་གསུངས་པས། ལར་ལྷ་དང་བླ་མ། མཆེད་དང་ལྕམ་དྲལ་རྫས་སྔགས་དམ་རྫས་གང་ལ་ཡང་ཡིད་ཆེས་ན་དངོས་གྲུབ་འབྱུང་བ་སྔགས་ཀྱི་ཁྱད་ཆོས་ཡིན་པས་ན། ཨོ་རྒྱན་ཆེན་པོས། ཡིད་ཁྱེད་ཤེས་ཀྱི་དད་པས་བྱིན་རླབས་འཇུག བློ་ཐེ་ཚོམ་དང་བྲལ་བས་བསམ་པ་འགྲུབ་ཅེས་གསུངས་སོ།། ཁྱད་པར་དུ་དུས་ངན་སྙིགས་མའི་སྐྱེ་འགྲོ་ཕལ་མོ་ཆེས་དམ་པའི་ཆོས་མི་དྲན་ཞིང་། གལ་ཏེ་དྲན་ན་ཡང་བར་ཆད་ཀྱི་དབང་དུ་འགྲོ་བ། ཕལ་ཆེར་ནི་གཅིག་གིས་གཅིག་བསླུས་ངན་སོང་ལ་སྦྱོར་བ། དེ་ནས་འཁོར་བ་ཁོར་ཡུག་ཏུ་འཁྱམས་ཤིང་ཐར་པ་ཐོབ་པ་ལ་རྒྱུན་རིང་བ་རྣམས་ལ་ཐུགས་བརྩེ་བས་རྒྱལ་བ་རྣམས་ཀྱིས་མྱོང་གྲོལ་དམ་རྫས་ཁྱད་པར་ཅན་གྱི་གདམས་ངག་ཟབ་མོ་བླ་ན་མེད་པའི་རིལ་བུ་འདི་ཉིད་ཆེ་ཆུང་སྲོ་མ་ཙམ་ཞིག་ཁོང་དུ་སོང་ན། གནས་སྐབས་སུ་འཆི་བ་མི་རྟག་པ་དྲན་ཅིང་། དེའི་རྒྱུད་བསྐུལ་ནས་ལམ་ཡང་དག་པ་ལ་ཞུགས་ཤིང་མཐར་ཐུག་རྫོགས་པའི་སངས་རྒྱས་སུ་འགྱུར་བ་དང་། འཕྲལ་དུ་ཡང་ཕྱིའི་གདོན་ཞི། ནང་གི་ནད་འཇོམས། གསང་བར་མི་རྟོག་པའི་ཉམས་སྣང་ཁྱད་པར་བ་སེམས་རྒྱུད་ལ་སྐྱེ་བ་དང་། ཚེ་དུས་བྱས་པ་ནའང་གདུང་དང་རིང་བསྲེལ་འབྱུང་བ་སོགས་ཕན་ཡོན་བརྗོད་ལས་འདས་པར་གསུངས་བའི་དམ་རྫས་འདིའི་ཕབ་རྒྱུན་དངོས་ནི། སོགས། ༈ འདི་ལྟ་བུའི་དམ་རྫས་རིལ་བུ་རྒྱུན་དུ་བརྟེན་ནུས་པའམ་དུས་ཆེན་ལ་གཙང་སྦྲ་དང་བཅས་ཏེ་ཟས་དཀར་གསུམ་ལ་བརྟེན་ནས་དམ་རྫས་རིལ་བུ་འདི་བཏུང་ན་ཕན་ཡོན་བསམ་བརྗོད་དང་བྲལ་བ་གསང་སྔགས་ཀྱི་རྒྱུད་ནས་གསུངས་པ་ལྟར། གནས་སྐབས་སུ་ཡང་ཚེ་རིང་། ནད་དཀོན། འབྱུང་པོ་མི་དང་མི་མ་ཡིན་གྱི་གནོད་པ་ཐམས་ཅད་ཞི། ཁོང་དུ་བཏང་ན་བདེ་དྲོད་འབར། རྩ་མདུད་གྲོལ། མེ་ལ་བསྲེག་ནས་དུ་བ་ཚོར་ན་ཁམས་དང་བྱིང་རྨུགས་འཐིབ་པ་བསལ། ཤེས་རབ་ཆེ། ལུས་ལ་བཅང་བས་འགྲོ་བ་ལྷ་མི་ཀུན་དད་པར་འགྱུར། ཆུ་དང་བསྲེས་ནས་ཁྲུས་བྱས་བཏུང་ན་གྲིབ་དང་མི་གཙང་བ་འཕྲལ་དུ་དག སངས་རྒྱས་ཀྱི་སྐུ་གཟུགས་དང་སཙྪ་དང་མཆོད་རྟེན་གྱི་ནང་དུ་གཞུག་ན་བྱིན་ཆགས། བག་དྲོ། བཀྲ་ཤིས། རི་ཆེན་པོའི་རྩེ་ལ་བསྐྱལ་ན་མངའ་ཐང་དགུང་ལས་མཐོ། སྙན་གྲགས་ནམ་མཁའི་འབྲུག་ལས་ཆེ། ཆུ་ཆེན་པོའི་གཞུང་དུ་བསྐྱུར་ན་མི་རྒྱུད་ཆོས་རྒྱུད་ཆུ་ལས་རིང་། ཆུ་དེ་ལ་མྱོང་བའི་སྲོག་ཆགས་ཀུན་གྱི་ལས་སྒྲིབ་བྱང་ཞིང་ཐར་པ་ཐོབ། གཞན་ཡང་མི་ནད་ཕྱུགས་ནད་ཡམས་ནད་ཐམས་ཅད་བསྲུང་བ་དང་། བཟློག་པ་དང་། ཞི་བ་ལ་སོགས་ཡོན་ཏན་བསམ་གྱིས་མི་ཁྱབ། མཐར་ཐུག་རྣམ་མཁྱེན་རྫོགས་པའི་སངས་རྒྱས་འགྲུབ་པའི་བར་དུ་གསུངས་སོ།། དེ་ཇི་ལྟར་ཡིན་བསམ་ན། དུག་ཆུང་ངུས་མི་ཆེན་པོ་གསོད་པ་དང་། སྨན་ཐུམ་ཆུང་ངུས་ནད་ཆེན་པོ་འཇོམས་པ་དང་། མེ་སྟག་གིས་རི་ཆེན་པོ་བསྲེག་པ་དང་། ཕབས་ཀྱིས་ཆང་ལངས་བ་སོགས་དེ་དག་རྫས་ཀྱི་ནུས་པ་ཁོ་ན་ཡིན་པར་གསང་སྔགས་ཀྱི་རྒྱུད་ནས་གསུངས་ཀྱང་དད་པ་མེད་པ་རྣམས་ལ་སྦྱིན་དུ་མི་རུང་། གལ་ཏེ་ལོག་རྟོག་ཅན་ལ་བྱིན་ནའང་དུག་དང་འདྲ་སྟེ་འདི་ཕྱི་གཉིས་ཀ་ཕུང་། དེས་ན་གསང་བ་སྔགས་ཀྱི་ཐབས་ནི་དེ་འདྲ་ལ་དགོངས་པས་སོ།། དད་མོས་ལས་ཅན་ཡོངས་ལ་དམ་རྫས་འདིས་ཕན་ཐོགས་ཤིང་མྱོང་གྲོལ་མ་བསྒོམ་པར་སངས་རྒྱས་པའི་གདམས་པ་ཟབ་མོ་ ཨེ་མ་འདི་འདྲའི་དམ་རྫས་མྱོང་གྲོལ་དཀར་ཆག་པདྨའི་ཕྲེང་། །བསྟར་ལ་བརྒྱུས་འདྲ་མཚུངས་བྲལ་རིན་པོ་ཆེ། །པདྨ་གར་གྱི་དབང་ཕྱུག་སྙན་དུ་རྒྱན། །ལྷག་བསམ་གཞན་ཕན་བསམ་སྤྱོད་འཆང་དེས་ཕུལ། །དགེ་དེས་ལུས་ཅན་འཁོར་མཚོ་དོང་སྤྲུག་ཅིང་། །རྣམ་མཁྱེན་ཐར་པའི་ཐེམ་སྐས་དམ་པར་གྱུར། །བསྟན་དང་བསྟན་འཛིན་བསྟན་པ་ཡར་ཟླ་བཞིན། །མི་ནུབ་བསྟན་པའི་རྒྱལ་མཚན་འཛུག་པར་ཤོག །ཨོཾ་སྭ་སྟི། རྒྱལ་བའི་རིང་བསྲེལ་འབྱུང་བའི་ཁམས་ཀྱི་བཅུད། །སྐྱེ་རྒུ་ངན་འགྲོའི་ཚོར་བ་སྡུག་བསྔལ་ལས། །མྱུར་གྲོལ་ཀུན་བཟང་དགོངས་ཀློང་ཡངས་པ་ནས། །སྐུ་གསུམ་རིག་འཛིན་རྡོ་རྗེའི་བཀྲ་ཤིས་ཤོག །ཅེས་པ་འདི་ཡང་སྐྱབས་རྗེ་འགྲོ་བའི་མགོན་པོ་མཆོག་སྤྲུལ་རིག་འཛིན་དམ་པའི་གཏེར་སྟོན་མཚན་ནས་བརྗོད་པར་དཀའ་ནའང་དོན་གྱི་སླད་དུ་མཚན་ནས་སྨྲོས་ན་གར་གྱི་ཨི་ཤྭ་རའི་བཀའ་སྤྱི་བོར་ཕེབས་པ་ལྡོག་མིན་ཙམ་དུ་སློབ་འབངས་ཀྱི་ཐ་ཤལ་རྣལ་འབྱོར་པ་ས་ར་ཧི་ཏས་བྱུང་རྒྱལ་དུ་བྲིས་ཏེ་རིག་འཛིན་དམ་པའི་ཞབས་བརྟན་མཎྜལ་གྱི་ཚུལ་དུ་ཕུལ་བ་དུས་གསུམ་དུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག

གསལ་བྱེད་དབང་པོའི་སྒྲིབ་སེལ་ཡེ་ཤེས་ལྷ་ཡི་ཟླ་བ།

དག་སྣང་ལས༔ གསལ་བྱེད་དབང་པོའི་སྒྲིབ་སེལ་ཡེ་ཤེས་ལྷ་ཡི་ཟླ་བ་བི་ཛ་ཧ་རཾ༔ འཕགས་པ་མཆོག་ལ་གུས་བཏུད་ནས༔ མིག་གི་དབང་པོ་གསལ་བའི་ཐབས༔ སྔོན་སྦྱངས་ལས་འཕྲོའི་སྟོབས་ཀྱིས་བྲིས༔ སྙིང་རྗེ་ལྡན་པའི་གང་ཟག་གིས༔ སྐྱབས་འགྲོ་སེམས་བསྐྱེད་སྔོན་སོང་ནས༔ ཡིད་ཆེས་དད་པས་འདི་བཞིན་དམིགས༔ རང་ཉིད་འཇམ་དཔལ་ཡེ་ཤེས་སེམས༔ ཇི་ལྟ་བ་བཞིན་གསལ་བ་ཡི༔ མིག་གཉིས་ཕོ་བྲང་པོ་ཏ་ལ༔ མཚན་ཉིད་ཡོངས་རྫོགས་དལ་གྱི་དབུས༔ འཕགས་པ་ནམ་མཁའི་རྒྱལ་པོ་གསལ༔ དེ་ཡི་ཐུགས་དབུས་དྭངས་ཤེལ་གྱི༔ བུམ་པའི་ནང་དུ་གསང་བའི་བདག༔ ལག་ན་རྡོ་རྗེ་ཁྲོ་ཆགས་སྒེག༔ སེམས་དཔའ་གསུམ་གྱི་གནས་གསུམ་གྱི༔ འབྲུ་གསུམ་སྔགས་ལས་འོད་འཕྲོས་པས༔ འཕགས་པ་རིགས་གསུམ་མགོན་པོ་དང༔ སེམས་དཔའ་ས་ཡི་སྙིང་པོ་སོགས༔ རང་བཞིན་དག་པའི་ཞིང་ཁམས་ནས༔ སྤྱན་དྲངས་དམ་ཚིག་པ་ལ་བསྟིམ༔ ཀྱེ་ཀྱེ་མཁྱེན་པའི་གཏེར་མངའ་བ༔ རྗེ་བཙུན་འཇམ་པའི་དབྱངས་ཉིད་མཁྱེན༔ མིག་གིས་ཀུན་གསལ་སྒྲིབ་བྲལ་ཤོག༔ ཨོཾ་ཨ་ར་པ་ཙ་ན་དྷཱི༔ ཀྱེ་ཀྱེ་སྙིང་རྗེའི་གཏེར་མངའ་བ༔ འཕགས་པ་ནམ་མཁའི་རྒྱལ་པོ་མཁྱེན༔ མིག་གི་རྣོ་ནུས་རབ་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཀྱེ་ཀྱེ་མཐུ་སྟོབས་གཏེར་མངའ་བ༔ གསང་འཛིན་ལག་ན་རྡོ་རྗེ་མཁྱེན༔ མིག་སྒྲིབ་གྲིབ་གདོན་ཞི་བར་ཤོག༔ ཨོཾ་བཛྲ་པཱ་ཎི་ཧཱུྃ་ཕཊ༔ རིགས་གསུམ་མགོན་པོའི་ནུས་མཐུ་དང༔ སེམས་དཔའ་ས་སྙིང་བྱིན་རླབས་ཀྱིས༔ གསལ་བྱེད་མིག་གིས་མཐོང་བ་དང༔ གྲིབ་གདོན་ཁྲག་མཁྲིས་གནོད་པ་སོལ༔ སྤྱན་ལྔ་ཡེ་ཤེས་ལྔ་ལྡན་གྱི༔ དངོས་གྲུབ་སྩོལ་ལ་བར་ཆད་སོལ༔ ཨོཾ་ཀྵི་ཧི་ར་ཛ་ཧཱུྃ༔ ཨོཾ་ཀ་དྱ་སྭཱཧཱ༔ གསལ་བྱེད་སྭཱ་ཧཱ༔ ས་མ་ཡཱ༔ ཞེས་པའི་མིག་གསལ་གཟུངས་གསོལ་འདེབས༔ དག་སྣང་ཟབ་པའི་ཆ་ལག་ཏུ༔ རང་བྱུང་དགོངས་ཀློང་ཡངས་པ་ནས༔ རིག་རྩལ་ཌཱཀྐིས་བརྡ་བཀྲོལ་ཏེ༔ སྔོན་སྦྱང་ལས་འཕྲོ་བཞད་པའི་བུ༔ སྐྱེས་མཆོག་རིག་འཛིན་ནིརྨ་ཀའི༔ སྤྱན་གྱི་གྲིབ་སྐྱོན་སེལ་བའི་ཆེད༔ བཀའ་ཡིས་བསྐུལ་བ་མི་ལྡོག་ཕྱིར༔ ཟོག་པོ་ས་ར་ཧི་ཏ་ཡིས༔ གཏོ་ཆོག་སྐབས་སུ་བྲིས་ཕུལ་དགེ༔

རིག་གྲོལ་ལ་གདམས་པའི་ཀ་རྩོམ།

༄༅། རིག་གྲོལ་ལ་གདམས་པའི་ཀ་རྩོམ། ཀ་ནས་བརྩེ་བའི་ལྷ་གྲོགས་རིག་གྲོལ། །ཁ་ལྟ་སྟོང་སྐད་མ་ཆེ་ཞིབ་མཛོད། །ག་ལ་དགོས་པའི་ཉམས་རྟོགས་སྐྱེད་ཚུལ། །ང་འདྲའི་ཟོབ་ཀྱིས་མི་མགོ་མ་སྐོར། །ཅ་རེ་མིག་གིས་དཔེ་སོགས་ལྟོས་ལ། །ཆ་གང་ཟླ་བཞིན་ཡོན་ཏན་སྐྱེད་ཅིག །ཇ་སོགས་བཟའ་བཏུང་འདུ་བ་སྙོམ་ལ། །ཉ་བཞིན་རྒྱུག་འདུར་མ་ཆེ་སྲན་ཚུགས། །ཏ་ཐཱ་ག་ཏའི་བཀའ་བཞིན་སོམས་ལ། །ཐ་མལ་པ་བཞིན་རྟག་འཛིན་མ་ཆེ། །ད་ན་ལ་སོགས་ཕར་ཕྱིན་དྲུག་སློབ། །ན་རྒ་འཆི་ཚེ་དགྲ་གཉེན་མ་རྩོད། །པཱ་ཎི་པདྨ་པད་འབྱུང་སྒོམས་ལ། །ཕ་ཁྱིམ་གྲུབ་བརྒྱའི་མལ་ས་སྙོགས་ཤིག །བ་དག་སྲོག་དང་བསྡོས་ནས་བྱང་སེམས། །མ་རྒན་འགྲོ་བའི་དོན་ལ་སྦྱོངས་མཛོད། །ཙ་རི་ལ་སོགས་གནས་སྐོར་མེད་ཀྱང་། །ཚ་གྲང་དམྱལ་བའི་སྡུག་བསྔལ་མི་མྱོང་། །ཛ་ཡ་རྒྱལ་བའི་དགོངས་དོན་ཚོལ་ལ། །ཝ་བཞིན་གཅིག་པུར་རི་ལ་སྡོད་ཅིག །ཞྭ་བཞིན་དཀོན་མཆོག་སྤྱི་བོར་ཁུར་ལ། །ཟ་ཟོག་གཡོ་སྒྱུའི་གྲོགས་དང་མ་འགྲོག །འ་འོལ་འདིར་སྣང་བདེན་མེད་སོམས་ལ། །ཡ་མཚན་དབང་བཞི་དངོས་གཞི་སྒོམས་ཤིག །རྭ་ལྟར་གྱོང་བའི་རང་རྒྱུད་ཐུལ་ལ། །ལ་ལ་བརྒལ་བའི་ལྷུན་གྲུབ་གནད་སྨིན། །ཤ་གཟུགས་འདོར་དུས་འཇའ་ལུས་འགྲུབ་དགོས། །ས་ལམ་དམན་པའི་འགྲོ་འདི་མཐོང་ཚེ། །ཧ་ཅང་རྒྱུད་ལ་སྙིང་རྗེ་མི་སྐྱེས། །ཨ་ཧོ་རིག་འཛིན་གོ་འཕང་བསྒྲོད་ཅིག །ཧ་ཧཱུྃ་མ་བྱེད་སྙིང་རྗེས་སྐྱོངས་མཛོད། །ཨ་ཧོ་གོང་མའི་རྣམ་ཐར་སྐྱོངས་ལ། །རང་དོན་ཞེན་པའི་ཕྲེང་ཐག་ཆོད་ཅིག །འགྲོ་བའི་དོན་བརྩོན་སེམས་ལ་ཞོག་ཨང་། །ང་ཅག་བླ་མ་འདྲ་ལ་མཐོང་བའི། །སློབ་མའི་ཚུལ་ལ་སྤྲིང་པ་དགེའོ།། ས་ར་ཧི་ཏས་བྲིས་པ་ཛ་ཡནྟུ།

པདྨ་ཚེ་དབང་ལ་ཕུལ་བའི་ཀ་རྩོམ།

༄༅། པདྨ་ཚེ་དབང་ལ་ཕུལ་བའི་ཀ་རྩོམ། ཀ་གདུང་མེད་པར་ཉམས་དགའི་བྲག་ཕུག་ནང་། །ཁ་ཆར་རླུང་དང་མི་འཚམས་ཚོགས་ངན་མེད། །ག་ལེ་ཡུན་རིང་སེམས་བསྐྱེད་མི་རྟོགས་ན། །ང་བདག་འགོང་པོ་ཐུལ་ན་དེ་ཀས་སྐྱེས། །ཅ་ག་མཁོ་དགོས་དུ་མ་བསགས་ན་ཡང་། །ཆ་མེད་མི་རྟག་གློ་བུར་བྱུང་བའི་ཚེ། །ཇ་སྟན་གཅིག་ཀྱང་ལོངས་སྤྱོད་མི་ཁོམ་ཕྱིར། །ཉ་ར་མི་བྱེད་ཨེ་རེད་སྒྱུ་མའི་ནོར། །ཏ་ལེར་མིག་གིས་མཐོང་བ་ཡེ་ཤེས་འོད། །ཐ་མལ་རྒྱུད་ལ་གནས་པ་དེ་རྟོགས་སྒོམ། །ད་བར་འཁོར་བར་འཁྱམས་པ་མི་དྲན་ནམ། །ན་རྒས་འཆི་བ་བྱུང་སྐབས་མི་འགྱོད་དམ། །པ་ཏྲ་གསེར་ལས་བྱས་པའི་ཁྱིམ་ཡོད་ཀྱང་། །ཕ་རོལ་ཕན་པའི་དགེ་ཚོགས་མ་བསྒྲུབ་ན། །བ་གླང་བྱོལ་སོང་ལུས་དང་ཁྱད་པར་ཅི། །མ་གྱུར་ནམ་མཁས་ཁྱབ་ཚད་སེམས་ཅན་འགྲོ། །ཙ་ལག་ཉེ་འབྲེལ་ད་ལྟའི་ཕ་མ་གསུམ། །ཚ་གྲང་དམྱལ་གནས་ལྟུང་བའི་བསགས་སྦྱང་རེམས། །ཛ་རཾ་མེ་དཔུང་འབར་བའི་ས་གཞིའི་ཁུག །ཝ་བཞིན་སྐད་ངན་སྒྲོག་པའི་ཡ་ང་སོམས། །ཞྭ་ཏོག་སྟེང་གི་མཁའ་སྤྱོད་གྲོང་ཁྱེར་དུ། །ཟ་འོག་དར་གདུགས་བསྒྲེང་བའི་ཌཱཀྐིའི་ཚོགས། །འ་འུར་རོལ་མོ་མེ་ཏོག་ཆར་ཆེན་འབེབས། །ཡ་མཚན་འཇའ་ཚོན་དཀྲིགས་པའི་གཞལ་ཡས་མཛེས། །ར་གུར་འཁྱུད་ལྡན་རིག་འཛིན་འདུན་ས་རུ། །ལ་ལ་ཙམ་མིན་འབྲེལ་ཐོག་འདྲེན་ལ་སྨོན། །ཤ་ཁྲག་ཕུང་པོ་གདོས་བཅས་ཟག་མེད་དུ། །ས་བཅུའི་ལམ་བགྲོད་མཐར་ཐུག་བུམ་སྐུ་བརྙེས། །ཧ་རི་དྲི་བྲལ་གེ་སར་པདྨོའི་སྦུབས། །ཨ་དོན་སྔགས་ཀྱི་སྟོན་པ་འཁོར་ལ་སྤྱོད། །ཅེས་པའི་ཨ་མཚར་ཀ་ཕྲེང་འདི། །སྔོན་སྦྱངས་འབྲེལ་བའི་སྐལ་ལྡན་བུ། །པདྨ་ཚེ་དབང་གྱིས་བསྐུལ་བཞིན། །འཆོལ་སྤྱོད་ས་ར་ཧི་ཏས་སྨྲས། །བཙུན་པའི་བློ་གྲོས་པདྨོའི་ཚལ། །ཕྱོགས་བརྒྱར་བཞད་པའི་ཤིས་པ་སྩོལ། །ཤུ་བྷཾ།

རྒྱལ་མཚན་རྩེ་མོ་བསྡུས་པ།

ཨེ་མ་ཧོ༔ མཆོག་གསུམ་སྐུ་གསུམ་རྩ་བ་གསུམ༔ བསླུ་མེད་གུ་རུ་རིན་པོ་ཆེ༔ རྒྱལ་ཡུམ་དཔའ་མོ་ཏཱ་རེ་ཡུམ༔ ཀུན་དངོས་རྒྱལ་མཚན་རྩེ་མོ་ལ༔ གསོལ་བ་འདེབས་སོ་བརྩེ་བས་དགོངས༔ བདག་ཅག་གནས་སྐབས་ཉེར་འཚེ་ཞི༔ ལམ་བསྒྲོད་འཇིགས་བརྒྱད་གཡུལ་ངོ་ལས༔ རྣམ་པར་རྒྱལ་བའི་མཐུ་དཔུང་བསྐྱེད༔ དགྲ་གདོན་མིང་མེད་ཕ་མཐར་སྐྲོད༔ འདོད་དོན་ལྷུན་གྲུབ་དངོས་གྲུབ་སྩོལ༔ མཐར་ཐུག་རྣམ་ཐར་གསུམ་ལྡན་པའི༔ རྡོ་རྗེ་བཙུན་མོའི་མཁའ་ཀློང་དུ༔ ཆོས་བདུན་རྡོ་རྗེའི་སྐུ་འགྲུབ་ཤོག༔ ན་མོ་རཏྣ་ཏྲ་ཡ་ཡཱ༔ ཨརྠ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ འདོད་དོན་བདེན་ཚིག་གསོལ་འདེབས་འདི༔ དབྱིངས་ཀྱི་བརྡ་ལས་ཡོངས་ཤར་བཞིན༔ རིག་བཙུན་བདེ་བའི་མོས་སློབ་ལ༔ རིག་འཛིན་གཞན་ཕན་གང་དེ་ཡིས༔ དབུས་བསྒྲོད་བདེ་བའི་རྟེན་འབྲེལ་དུ༔ རྣམ་པར་དཀར་བས་བྲིས་པ་དགེ༔

གསང་སྔགས་སྤྱོད་པ་ལམ་སློང་།

དག་སྣང་མི་ཟད་རྒྱན་འཁོར་ལས༔ གསང་སྔགས་སྤྱོད་པ་ལམ་སློང་ཡོད༔ དང་པོའི་སངས་རྒྱས་འོད་མི་འགྱུར༔ རྡོ་རྗེ་འཆང་ཆེན་ལ་བཏུད་ནས༔ གསང་སྔགས་བརྟུལ་ཞུགས་ལམ་སློང་སྟོན༔ སྔགས་ལ་ཞུགས་པ་ཁེ་ཉེན་ཆེ༔ རྩ་བ་གསུམ་གྱི་ས་མ་ཏི༔ ཚུལ་བཞིན་བསྒྲུབ་པས་ངེས་གྲོལ་ལོ༔ འཆལ་ན་བཛྲ་ན་རཀ་ལྷུང༔ དེའི་ཕྱིར་དམ་ཚིག་བསྲུང་གལ་ཆེ༔ སྔགས་རྒྱུད་ལས༔ འདའ་དཀའི་དམ་ཚིག་ཁས་བླངས་པས༔ ཉམས་ན་སྙིང་ཁྲག་སྡིག་པས་འཇིབས༔ ཞེས་གསུངས༔ ཡང་ཇི་སྐད་དུ༔ མ་ཉམས་རིང་མཐའ་སྐྱེ་བ་བཅུ་དྲུག་གམ༔ མྱུར་ན་ཚེ་འདིའམ་འཆི་ཁ་བར་དོར་གྲོལ༔ ཞེས་སོགས་གསུངས་པའི་གནད་དོན་སེམས་ལ་བསྟིམས༔ དང་པོ་སྔགས་ལ་མོས་སྤྱོད་གང་ཡིན་གྱིས༔ སོ་ཐར་རིགས་བདུན་ཁྱད་པར་བསྙེན་པར་རྫོགས༔ གང་གི་ཁྲིམས་བསྲུང་སྨོན་འཇུག་བསླབ་བྱ་བསླབ༔ དེ་སྟེང་ངོ་བོ་གནས་འགྱུར་ཡར་ལྡན་གྱི༔ གསང་སྔགས་དབང་བཞིའི་རིམ་པ་ཅིག་ཆར་རྫོགས༔ རྟེན་གྱི་རྣམ་པས་རྡོ་རྗེ་འཛིན་པ་ཡི༔ རབ་འབྲིང་ཐ་གསུམ་ཡེ་ཤེས་ལྡན་པ་སོགས༔ སྔགས་མཆོག་སྔགས་གྲུབ་བློ་གྲོས་རབ་ལྡན་དེས༔ ཐབས་ལམ་གྲོལ་ལམ་རྣམ་པ་གཉིས་ཀྱིས་བསྙེན༔ དང་པོ་ཐབས་ལམ་ཐབས་ཤེས་ཟུང་དུ་འཇུག༔ སྔགས་རྒྱུད་རྒྱལ་པོ་ལས༔ སྣང་བ་ཡབ་ཀྱི་རང་བཞིན་དང༔ སྟོང་པ་ཡུམ་གྱི་ངོ་བོར་བལྟ༔ ཟུང་འཇུག་ལམ་ལ་མ་བརྟེན་པར༔ མཐར་ཕྱིན་འབྲས་བུ་ཐོབ་མི་འགྱུར༔ ཞེས་གསུངས་སོ༔ ཡབ་ཡུམ་ལྷ་ཡི་འདུ་ཤེས་པ༔ མཁའ་གསང་སྔགས་ཀྱི་འདུ་ཤེས་པ༔ བསམ་པ་ཆོས་ཀྱི་འདུ་ཤེས་པ༔ དེ་འཁྲིག་སྔགས་ཀྱི་རྣལ་འབྱོར་ཡིན༔ གཞི་བསམ་སྦྱོར་བ་མཐའ་མ་ཚང༔ སོ་བྱང་གཉིས་པོའང་ཉམས་པ་མེད༔ འོག་སྒོ་བདེ་ཆེན་འཕོ་བའི་ལམ༔ ཚེ་འདིར་རྡོ་རྗེ་འཆང་དབང་འགྲུབ༔ རིགས་རྒྱུད་བསྟན་འགྲོའི་དཔལ་མགོན་འབྱུང༔ སྦྱོར་བ་བདེ་སྟོང་མཆོད་པ་ཡིན༔ ལྷ་ཚོགས་ཐུགས་དགྱེས་མཉེས་ཤིང་ཚིམ༔ མཆོག་ཐུན་དངོས་གྲུབ་མྱུར་དུ་འགྲུབ༔ དཀར་ཕྱོགས་སྔགས་སྐྱོང་སྲུང་མ་འཁོར༔ འགལ་ཉམས་འདས་རལ་ཅི་སོང་བ༔ ཉ་སྟོང་དུས་དྲུག་རྣམས་སུ་ཡང༔ ཚོགས་འཁོར་དབང་པོ་རང་སྲོག་འཚམས་པས་བསྐང༔ སྤྱིར་ནི་དུས་རྒྱུན་ལྟུང་བཤགས་ཡིག་བརྒྱ་ཟློས༔ རབ་ཀྱིས་བཤག་བྱ་བཤགས་བྱེད་མེད་ཤེས་ནས༔ གཉིས་མེད་དོན་རྟོགས་བཤགས་པའི་རྒྱལ་པོ་འོ༔ ཇི་སྐད་དུ༔ བསྲུང་མཚམས་མེད་པ་མེད་པའི་དམ་ཚིག་ནི༔ གཟུང་དང་འཛིན་པ་མེད་པས་ཕྱལ་བ་ཡིན༔ ཞེས་གསུངས་སོ༔

གསོལ་འདེབས་གཅིག་ཆོག་རྒྱལ་པོ་བྱིན་རླབས་མྱུར་འགུགས།

ཡང་གསང་མཁའ་འགྲོའི་ཐུག་ཐིག་ལས༔ གསོལ་འདེབས་གཅིག་ཆོག་རྒྱལ་པོ་བྱིན་རླབས་མྱུར་འགུགས་བཞུགས༔ ཨེ་མ་ཧོ༔ ཆོས་སྐུ་ཀུན་བཟང་ལོངས་སྐུ་རྡོ་རྗེ་སེམས༔ སྤྲུལ་སྐུ་དགའ་རབ་པད་འབྱུང་ཤྲཱི་སེང༔ བཀའ་བབ་མི་དགུ་སད་མི་མི་བདུན་སྡེ༔ འབངས་རིགས་ཉེར་ལྔ་དགུ་ལྡན་བརྒྱུད་པའི་དངོས༔ དྲིན་ཆེན་བླ་མ་ཡི་དམ་རྒྱུད་སྡེ་དྲུག༔ མཁའ་འགྲོ་ཕག་གདོང་སྒྲོལ་མ་དཀར་དང་སྔོ༔ རྩ་གསུམ་སྲུང་མར་བཅས་ལ་གསོལ་བ་འདེབས༔ འབྱུང་བཞིའི་གཡོ་འཁྲུགས་ནད་མུག་མཚོན་འཁྲུགས་སོགས༔ མི་མཐུན་བར་ཆད་དུས་མིན་འཆི་བ་སོལ༔ མཆོག་གསུམ་ལྷ་དང་འགོ་བའི་སྲུང་མས་སྐྱོབས༔ མཆོག་ཐུན་ཚེ་འདིར་ཐོབ་ཅིང་འཕོས་པའི་ཚེ༔ བཅུ་གསུམ་རྡོ་རྗེ་འཛིན་པའི་ས་ཐོབ་ཤོག༔ ས་མ་ཡཱ༔ ཞེས་པ་འདི་ཡང་རང་བྱུང་ཀློང་གི་བརྡ་ལས་བྱུང་བ་བཞིན༔ རྣམ་དཀར་ལེགས་པའི་འབྲས་བུས་བརྒྱན་པ་བཙུན་ཆུང་མཁས་གྲུབ་རྒྱ་མཚོས་བཞིན་དཀར་འཛུམ་པའི་དགའ་སྟོན་བཅས་བསྐུལ་ངོར་ཆོས་གཟུགས་ས་ར་ཧི་ཏས་བྲིས་པ་དགེའོ༔

ཡོངས་འཛིན་བླ་མ་དགེ་བའི་བཤེས་གཉེན་རྣམས་ལ་གསོལ་བ་འདེབས་པའི་ཚིག་བྱིན་རླབས་འགུགས་པའི་ལྕགས་ཀྱུ།

ཡོངས་འཛིན་བླ་མ་དགེ་བའི་བཤེས་གཉེན་རྣམས་ལ་གསོལ་བ་འདེབས་པའི་ཚིག་བྱིན་རླབས་འགུགས་པའི་ལྕགས་ཀྱུ་བཞུགས༔ ཨོཾ་སྭ་སྟི༔ རྒྱལ་ཀུན་སྤྱི་མྱེས་ཆོས་སྐུ་གདོད་མའི་མགོན༔ རྒྱལ་ཀུན་རིག་གཅིག་བཛྲ་ས་ཏྭ་ཆེ༔ རྒྱལ་ཀུན་ཕྲིན་ལས་དགའ་རབ་ཤྲི་སེང༔ རྒྱལ་ཀུན་ཉིད་དབྱིངས་མཚོ་སྐྱེས་རྡོ་རྗེ་ལ༔ གསོལ་བ་འདེབས་སོ་དོན་གཉིས་ལྷུན་གྲུབ་མཛོད༔ རང་རིག་བླ་མར་རྟོགས་པར་ཐུགས་རྗེས་ཟུངས༔ འགྲོ་མགོན་ཨོ་རྒྱན་ཡབ་ཡུམ་ཐུགས་རྗེའི་འཕྲུལ༔ འགྲོ་བའི་གཉེན་གཅིག་ལུང༵་རྟོགས་བསྟན་པའི་བདག༔ འགྲོ་འདུལ་རིག༵་འཛིན་ཐར་གླིང༵་དེད་དཔོན་མཆོག༔ འགྲོ་མགོན་ཆོས་རྒྱལ་རྩ་བའི་བླ་མ་ལ༔ གསོལ་བ་འདེབས་སོ་དོན་གཉིས་ལྷུན་གྲུབ་མཛོད༔ རང་རིག་བླ་མར་རྟོགས་པར་ཐུགས་རྗེས་ཟུངས༔ གསང་ཆེན་བསྟན་པའི་མཛོད་འཛིན་གཏེར་ལ་དབང༔ གསང་ཆེན་ངེས་དོན་ཟབ་མོའི་དེ་ཉིད་རྟོགས༔ གསང་སྤྱོད་ལྟ་བས་གཞན་སྣང་དགེ་ལ་བསྒྱུར༔ གསང་སྔགས་གླིང་པ་འགྲོ་འདུལ་ཆོས་རྗེ་ལ༔ གསོལ་བ་འདེབས་སོ་དོན་གཉིས་ལྷུན་གྲུབ་མཛོད༔ རང་རིག་བླ་མར་རྟོགས་པར་ཐུགས་རྗེས་ཟུངས༔ རིག་འཛིན་གྲུབ་བརྒྱའི་གཙོ་མཆོག་ས་ར་ཧ༔ རིགས་ཀྱི་མྱུ་གུ་བརྟུལ་ཞུགས་ལམ་དུ་སློང༔ རིགས་སྔགས་འཆང་བ་ཁྲག་འཐུང་གྲོ་བོ་ལོད༔ རིག་གདང་འགགས་མེད་མངོན་སུམ་སྟོན་མཛད་ལ༔ གསོལ་བ་འདེབས་སོ་དོན་གཉིས་ལྷུན་གྲུབ་མཛོད༔ རང་རིག་བླ་མར་རྟོགས་པར་ཐུགས་རྗེས་ཟུངས༔ ཀར་དབང་པདྨ་ཀཱ་རའི་གདུང་འཚོབ་རྗེ༔ ཀར་པོའི་ཚོང་ཟོང་ཆོས་ཆར་འགྲོ་ལ་སྦྱིན༔ ཀར་ཡང་ཕྱོགས་མེད་གདུལ་བྱའི་མགོན་གཅིག་པུ༔ ཀརྨ་མཁའ་སྤྱོད་གླིང་པ་རིན་པོ་ཆེར༔ གསོལ་བ་འདེབས་སོ་དོན་གཉིས་ལྷུན་གྲུབ་མཛོད༔ རང་རིག་བླ་མར་རྟོགས་པར་ཐུགས་རྗེས་ཟུངས༔ ཆོས་དབྱིངས་ཡེ་ཤེས་འཕོ་འགྱུར་བྲལ་བའི་ཀློང༔ ཆོས་ཀྱི་སྐུ་ལས་གཟུགས་ཀྱི་སྐུར་སྣང་བ༔ ཆོས་ཉིད་དེ་བཞིན་ཉིད་ལས་མ་གཡོས་ཀྱང༔ ཆོས་རྗེ་པདྨ་དྲག་རྩལ་གླིང་པ་ལ༔ གསོལ་བ་འདེབས་སོ་དོན་གཉིས་ལྷུན་གྲུབ་མཛོད༔ རང་རིག་བླ་མར་རྟོགས་པར་ཐུགས་རྗེས་ཟུངས༔ གཞན་དོན་གཟུགས་སྐུར་པདྨའི་ཕོ་ཉ་བ༔ གཞན་དོན་ལྷུར་ལེན་བྱང་ཆུབ་སེམས་ལ་དབང༔ གཞན་ངོར་གང་འདུལ་སྤྱོད་པ་ཡ་མ་ཟུང༔ གཞན་ཕན་ཐུབ་བསྟན་ཉི་མ་དཔལ་བཟང་པོར༔ གསོལ་བ་འདེབས་སོ་དོན་གཉིས་ལྷུན་གྲུབ་མཛོད༔ རང་རིག་བླ་མར་རྟོགས་པར་ཐུགས་རྗེས་ཟུངས༔ གང་སྐུ་ཚུལ་ལྡན་ཆོས་གོས་རྣམ་གསུམ་བཀླུབས༔ གང་གསུང་ཟག་མེད་མཁའ་འགྲོའི་བརྡ་གླུ་འཁྲོལ༔ གང་ཐུགས་ཡེ་ཤེས་རྒྱ་མཚོའི་བདག་ཉིད་ཅན༔ གང་ལ་གང་འདུལ་ལྷུན་གྲུབ་གླིང་པ་ལ༔ གསོལ་བ་འདེབས་སོ་དོན་གཉིས་ལྷུན་གྲུབ་མཛོད༔ རང་རིག་བླ་མར་རྟོགས་པར་ཐུགས་རྗེས་ཟུངས༔ དེ་ལྟར་གསོལ་བ་སྙིང་ནས་བཏབ་པའི་ཚེ༔ གཏེར་སྟོན་སཔྟའི་སྐུ་གསུང་ཐུགས་གསུམ་དང༔ བདག་གི་སྒོ་གསུམ་དབྱེར་མེད་རོ་གཅིག་གྱུར༔ དཔལ་ལྡན་བླ་མ་ཁྱེད་སྐུ་ཅི་འདྲ་དང༔ འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་སུ༔ ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བ༔ དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག༔ ཅེས་གཏེར་སྟོན་སྐྱེས་བུ་དེང་དུས་ཀྱི་འདྲེན་པ་ཡོངས་འཛིན་རྣམས་ལ་གསོལ་འདེབས་ཤིག་དགོས་ཞེས་སྐལ་ལྡན་རིག་འཛིན་ཕུ་ཟླུམ་བློ་གྲོས་མཚན་གྱིས་བསྐུལ་ངོར༔ གཏེར་མིང་སྤྲུལ་ས་ར་ཧི་ཏས་ཝོ་ཏོ་ཡུལ་གྱི་སྤྱི་བསྲུང་དུས་ཚེས་ཉེར་བརྒྱད་ལ་བྲིས་པ་དགེ༔

ཆ་མདའ་རབ་བློའི་ཞབས་བརྟན་གསོལ་འདེབས་མི་ཤིགས་ཐིག་ལེ།

ཞབས་བརྟན་གསོལ་འདེབས་མི་ཤིགས་ཐིག་ལེ༔ ཨོཾ་སྭ་སྟི༔ བློ༵་གྲོ༵ས་རབ་ཡངས་རྒྱལ་བ་དྲི་མ་མེད༔ ར༵བ་གས༵ལ་ཟླ་འདྲའི་ཐུགས་བསྐྱེད་རྨད་བྱུང་སྲས༔ རྩ་གསུམ་སྲུང་མར་བཅས་པའི་བདེན་མཐུ་དང༔ བདག་གི་ལྷག་བསམ་རྣམ་པར་དག་པའི་དགེས༔ རིག་སྔགས་གྲུབ་པའི་དཔའ་བོ་ཆོས་ཀྱི་བདག༔ དམ་པའི་ཞབས་བརྟན་སྐུ་ཚེ་བསྐལ་བརྒྱའི་བར༔ འཇིགས་མེད་རྡོ་རྗེའི་ཁྲི་ལ་འཚོ་གཞེས་གསོལ༔ མི་ནུབ་རྟག་བརྟན་འགྲོ་དོན་མཐར་ཕྱིན་ཤོག༔ གུ་རུ་ཨ་ཡུར་སིདྡྷི་ཧཱུྃ༔ ཨ་མ་ར་ཎི་ཛཱི་ཝནྟི་ཡེ་སྭཱཧཱ༔ ཞེས་པའི་ཞབས་བརྟན་གསོལ་འདེབས་མི་ཤིགས་ཐིག་ལེ་ཞེས་བྱ་བ་རང་སློབ་གོས་དཀར་འཆང་བ་ཨ་གཾ་བིདྱའི་མཚན་འཆང་གང་དེའི་བཞེད་སྐོང་དུ་གཏེར་འཛིན་པ་ས་ར་ཧི་ཏས་གསོལ་བ་བཏབ་པ་དགེ་ལེགས་འཕེལ༔

མཚམས་ཐོ་འབྲི་ཚུལ།

མཚམས་ཐོ་འབྲི་ཚུལ། པདྨ་ཉི་ཟླའི་གདན་ལ་གུ་རུ་སྣང་སྲིད་ཟིལ་གནོན་གཡས་རྡོ་རྗེ་པུས་སྟེང་དུ་གདེངས་པ། གཡོན་ཀ་པཱ་ལ་ལྟེ་བའི་ཐད་ཀར་བསྣམས་པ། ཁ་ཊཱཾ་མཆན་དུ་བཅུག་པ་ཞབས་འདོར་སྟབས་སུ་བཞུགས་པ། ཕྱི་རོལ་འོད་ཁྱིམ་ཐིག་ལེ་ལྔ་ལྡན་འབྲི། གཡས་གཡོན་དུ་ རྣམ་བཅུ་དབང་ལྡན། སྟེང་གཡས་སུ་ནོར་བུ། གཡོན་དུ་པདྨ། འོག་གཡས་སུ་འཁོར་ལོ། གཡོན་དུ་རྒྱ་གྲམ་འབྲི། དེའི་འོག་ཏུ་འདི་ལྟར་འབྲི། ཧཱུྃ་ཧཱུྃ་ཧཱུྃ༔ རང་བྱུང་རིག་པ་རང་བྱུང་ཐོལ་སྐྱེས་ཀྱིས༔ མ་བཅོས་ཁྲག་འཐུང་ཧེ་རུ་ཀཿདཔལ་ཆེན༔ རྔམས་ཤིང་འཇིགས་རུང་མེ་དཔུང་ཁྲོ་ཚོགས་འཕྲོས༔ གཉིས་སྣང་གདོན་ཚོགས་བདག་མེད་ཀློང་དུ་དེངས༔ ཧཱུྃ་ཧཱུྃ་ཧཱུྃ༔ བདག་མེད་བདག་བཟུང་འཁྲུལ་པའི་ལྷ་འདྲེ་དང༔ མེད་སྣང་འཁྲུལ་པའི་གདོན་བགེགས་འབྱུང་པོའི་ཚོགས༔ སེམས་སྣང་གནས་ལུགས་ཀ་ནས་དག་པའི་དབྱིངས༔ མཐའ་དབུས་གཉིས་འཛིན་བྲལ་བའི་ཀློང་དུ་དེངས༔ ཧཱུྃ་ཧཱུྃ་ཧཱུྃ༔ བདག་ཉིད་ཞེ་སྡང་རྡོ་རྗེའི་བརྟུལ་ཞུགས་ཀྱིས༔ ཞེ་སྡང་ལས་བྱུང་རྒྱལ་གདོན་དམ་སྲིའི་ཚོགས༔ རྣམ་དག་མེ་ལོང་ཡེ་ཤེས་ཀློང་དུ་དེངས༔ རང་རིག་རྡོ་རྗེ་སེམས་དཔས་སྲུངས་ཤིག་རྒྱ༔ ཧཱུྃ་ཧཱུྃ་ཧཱུྃ༔ བདག་ཉིད་པདྨ་རྡོ་རྗེའི་བརྟུལ་ཞུགས་ཀྱིས༔ འདོད་ཆགས་ལས་བྱུང་མོ་གདོན་བསེན་མོའི་གདོན༔ སོར་རྟོག་ཡེ་ཤེས་གསལ་བའི་ཀློང་དུ་དེངས༔ རང་རིག་སྣང་བ་མཐའ་ཡས་སྲུངས་ཤིག་རྒྱ༔ ཧཱུྃ་ཧཱུྃ་ཧཱུྃཿ བདག་ཉིད་རིན་ཆེན་རྡོ་རྗེའི་བརྟུལ་ཞུགས་ཀྱིས༔ ང་རྒྱལ་ལས་བྱུང་གཤིན་རྗེའི་གདོན་གྱི་རིགས༔ མཉམ་ཉིད་ཡེ་ཤེས་དག་པའི་ཀློང་དུ་དེངས༔ རང་རིག་རཏྣ་སམ་བྷས་སྲུངས་ཤིག་རྒྱ༔ ཧཱུྃ་ཧཱུྃ་ཧཱུྃཿ བདག་ཉིད་ཆོས་སྐུ་རྡོ་རྗེའི་བརྟུལ་ཞུགས་ཀྱིས༔ མ་རིག་གཏི་མུག་ལས་བྱུང་ཀླུ་ས་བདག༔ ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀློང་དུ་དེངས༔ རང་རིག་རྣམ་པར་སྣང་མཛད་སྲུངས་ཤིག་རྒྱ༔ ཧཱུྃ་ཧཱུྃ་ཧཱུྃ༔ བདག་ཉིད་ཀརྨ་རྡོ་རྗེའི་བརྟུལ་ཞུགས་ཀྱིས༔ ཕྲག་དོག་ལས་བྱུང་དམ་འགོང་ཐེའུ་རང་བགེགས༔ བྱ་བ་གྲུབ་པའི་ཡེ་ཤེས་ཀློང་དུ་དེངས༔ རང་རིག་དོན་ཡོད་གྲུབ་པས་སྲུངས་ཤིག་རྒྱ༔ ཕྱི་རྐྱེན་དུག་ལྔ་དུག་གསུམ་གདོན་ལས་གྲོལ༔ ནང་སེམས་སེམས་བྱུང་རྒྱུ་འབྲས་སྡུག་བསྔལ་གྲོལ༔ གསང་རྐྱེན་རྟག་ཆད་མཐར་ལྷུང་འདུ་བྱེད་དག༔ ཀུན་བཟང་དགོངས་པ་ཟང་ཐལ་བཀྲ་ཤིས་ཤོག༔ སརྦ་མངྒ་ལམ༔ ཤུབྷཾ༔ ཟབཿ

#dvi1 ཕྱོགས་བཅུའི་མུན་པ་སེལ་བྱེད།

ཡང་གསང་མཁའ་འགྲོའི་ཐུགས་ཐིག་ལས༔ ཕྱོགས་བཅུའི་མུན་པ་སེལ་བྱེད་བཞུགས༔ 

པདྨ་ཀཱ་ར་ཡེ༔ དུས་ངན་སྙིགས་མའི་འགྲོ་བ་རྣམས༔ དུས་ངན་ཕྱོགས་ངན་སེལ་བྱེད་པ༔ ཡེ་ཤེས་ཌཱཀྐིའི་ཞལ་ལུང་བཞིན༔ འགྲོ་ལ་སྨན་ཕྱིར་རྨད་བྱུང་ཆོས༔ ས་མ་ཡཱ༔ ན་མོ་བུདྡྷ་ཡ༔ ན་མོ་དྷརྨཱ་ཡ༔ ན་མོ་སངྒྷ་ཡ༔ འདིར་ནི་རྒྱལ་བ་དགྲ་ལས་རྒྱལ༔ བདེན་པའི་གསུང་གང་དམ་པའི་ཆོས༔ ལྡན་གྲོལ་འཕགས་ཚོགས་འདུས་པའི་སྡེ༔ མཆོག་གསུམ་བདེན་པའི་བྱིན་རླབས་ཀྱིས༔ བདག་ཅག་དཔོན་སློབ་འཁོར་བཅས་རྣམས༔ ཕྱོགས་བཅུ་གང་དུ་འགྲོ་བ་ལ༔ མགོན་སྐྱབས་མཛོད་ལ་ཕྱི་ནང་གི༔ བར་ཆད་ཉེར་འཚེ་བཟློག་པ་དང་༔ དགེ་ལེགས་དཔལ་གྱིས་ལེགས་འཚོ་ཞིང་༔ ཇི་ལྟར་བསམ་དོན་མྱུར་འགྲུབ་མཛོད༔ ཆོས་སྐུ་འོད་མཚན་སྟོང་འབར་བ༔ ལོངས་སྐུ་རྒྱལ་བ་རྒྱ་མཚོའི་ལྷ༔ སྤྲུལ་སྐུ་འགྲོ་མགོན་ཐོད་ཕྲེང་རྩལ༔ སྐུ་གསུམ་བདེན་པའི་བྱིན་རླབས་ཀྱིས༔  བདག་ཅག་དཔོན་སློབ་འཁོར་བཅས་རྣམས༔ ཕྱོགས་བཅུ་གང་དུ་འགྲོ་བ་ལ༔ མགོན་སྐྱབས་མཛོད་ལ་ཕྱི་ནང་གི༔ བར་ཆད་ཉེར་འཚེ་བཟློག་པ་དང་༔ དགེ་ལེགས་དཔལ་གྱིས་ལེགས་འཚོ་ཞིང་༔ ཇི་ལྟར་བསམ་དོན་མྱུར་འགྲུབ་མཛོད༔ རྩ་རྒྱུད་དྲིན་ཆེན་བླ་མ་དང་༔ ཡི་དམ་སྒྲུབ་པ་བཀའ་བརྒྱད་ལྷ༔ གནས་གསུམ་མ་མོ་མཁའ་འགྲོའི་ཚོགས༔ རྩ་གསུམ་བདེན་པའི་བྱིན་རླབས་ཀྱིས༔ བདག་ཅག་དཔོན་སློབ་འཁོར་བཅས་རྣམས༔ ཕྱོགས་བཅུ་གང་དུ་འགྲོ་བ་ལ༔ མགོན་སྐྱབས་མཛོད་ལ་ཕྱི་ནང་གི༔ བར་ཆད་ཉེར་འཚེ་བཟློག་པ་དང་༔ དགེ་ལེགས་དཔལ་གྱིས་ལེགས་འཚོ་ཞིང་༔ ཇི་ལྟར་བསམ་དོན་མྱུར་འགྲུབ་མཛོད༔ དཔལ་མགོན་ཕྱག་བཞི་ཕྱག་དྲུག་དང་༔ ཚོགས་བདག་ཏྲཀ་ཤད་གྲི་གུག་བིང་༔ ཨ་གྷོ་ར་དང་རྟ་ཐུག་དཀར༔ ལེགས་ལྡན་མཆེད་གསུམ་བདུད་བཙན་ཀླུ༔ གཟའ་རྡོར་སྐུ་ལྔ་ཙི་མ་ར༔ ཆོས་སྐྱོང་ཡབ་ཡུམ་ལས་གཤིན་རྗེ༔ མདོ་སྔགས་ཕྱི་ནང་ཕོ་རྒྱུད་ཀྱི༔ བསྲུང་མའི་ལྷ་ཚོགས་བདེན་མཐུ་ཡིས༔ བདག་ཅག་དཔོན་སློབ་འཁོར་བཅས་རྣམས༔ ཕྱོགས་བཅུ་གང་དུ་འགྲོ་བ་ལ༔ མགོན་སྐྱབས་མཛོད་ལ་ཕྱི་ནང་གི༔ བར་ཆད་ཉེར་འཚེ་བཟློག་པ་དང་༔ དགེ་ལེགས་དཔལ་གྱིས་ལེགས་འཚོ་ཞིང་༔ ཇི་ལྟར་བསམ་དོན་མྱུར་འགྲུབ་མཛོད༔  ཨེ་ཀ་ཛ་ཊི་རེ་མ་ཏི༔ སྲོག་སྒྲུབ་སྨན་གྱི་བུ་མོ་བདུན༔ བསྟན་མ་བཅུ་གཉིས་ཚེ་རིང་མ༔ ངན་ནེ་མ་དང་འབར་མ་བརྒྱད༔ ལྷ་མོ་བསྟན་མ་ལ་སོགས་པའི༔ མདོ་སྔགས་རྒྱུད་སྡེ་རྒྱ་མཚོ་ཡི༔ མོ་རྒྱུད་ཕྱི་ནང་གསང་གསུམ་གྱི༔ བསྲུང་མའི་མཐུ་དང་ནུས་སྟོབས་ཀྱིས༔ བདག་ཅག་དཔོན་སློབ་འཁོར་བཅས་རྣམས༔ ཕྱོགས་བཅུ་གང་དུ་འགྲོ་བ་ལ༔ མགོན་སྐྱབས་མཛོད་ལ་ཕྱི་ནང་གི༔ བར་ཆད་ཉེར་འཚེ་བཟློག་པ་དང་༔ དགེ་ལེགས་དཔལ་གྱིས་ལེགས་འཚོ་ཞིང་༔ ཇི་ལྟར་བསམ་དོན་མྱུར་འགྲུབ་མཛོད༔  རྒྱ་གར་རྡོ་རྗེ་གདན་གྲོང་དང་༔ ཐུབ་དབང་བཞུགས་གནས་བརྒྱད་པོ་ཡི༔ གཞི་བདག་གནས་བདག་གཏེར་གྱི་བདག༔ བོད་ཡུལ་པད་འབྱུང་སྒྲུབ་པའི་གནས༔ བརྒྱ་རྩ་བརྒྱད་ཀྱི་གནས་གཞི་གཏེར༔ བདག་སོགས་དམ་ཚིག་མནོས་པ་དང་༔ དཀར་ནག་རྒྱ་བོད་ཆོས་བོན་གྱི༔ ཆོས་སྐྱོང་ཞིང་སྐྱོང་ཡུལ་སྐྱོང་སོགས༔ དམ་བསྲུང་དྲེགས་པའི་མཐུ་རྩལ་སྟོབས༔ བདག་ཅག་དཔོན་སློབ་འཁོར་བཅས་རྣམས༔ ཕྱོགས་བཅུ་གང་དུ་འགྲོ་བ་ལ༔ མགོན་སྐྱབས་མཛོད་ལ་ཕྱི་ནང་གི༔ བར་ཆད་ཉེར་འཚེ་བཟློག་པ་དང་༔ དགེ་ལེགས་དཔལ་གྱིས་ལེགས་འཚོ་ཞིང་༔ ཇི་ལྟར་བསམ་དོན་མྱུར་འགྲུབ་མཛོད༔  པད་འབྱུང་ཡི་དམ་ལྷ་ཚོགས་དང་༔ སྒྲོལ་མ་ཉེར་གཅིག་སིང་ཧ་ལྔ༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྡེ༔ དཀར་ཕྱོགས་སྐྱོང་བའི་གཞི་བདག་སོགས༔ བརྩེ་བ་ཆེན་པོས་དེང་འདིར་དགོངས༔ བདག་ཅག་དཔོན་སློབ་འཁོར་བཅས་རྣམས༔ ཕྱོགས་བཅུ་གང་དུ་འགྲོ་བ་ལ༔ མགོན་སྐྱབས་མཛོད་ལ་ཕྱི་ནང་གི༔ བར་ཆད་ཉེར་འཚེ་བཟློག་པ་དང་༔ དགེ་ལེགས་དཔལ་གྱིས་ལེགས་འཚོ་ཞིང་༔ ཇི་ལྟར་བསམ་དོན་མྱུར་འགྲུབ་མཛོད༔ ས་མ་ཡཱ༔ ཅེས་འདི་རིག་རྩལ་ཀློང་ནས་རྡོལ༔ དོན་གཉེར་ལམ་བགྲོད་མི་མཐུན་ཕྱོགས༔ བཟློག་པའི་གསོལ་འདེབས་ཡ་མཚན་ཅན༔ ལས་འཕྲོ་ཅན་གྱི་དཔལ་དུ་ཤོག༔ གུ་ཧྱ༔ བརྡ་ཐིམ༔ ཞེས་པ་འདི་ཉིད་སྙིང་ནས་བརྩེ་བའི་རང་སློབ་ཆོས་ལ་དབང་བའི་སྐལ་ལྡན་ལུང་རྟོགས་མིང་གི་བཞེད་སྐོང་དུ་ཆོས་ལ་དབང་བའི་སྤྲུལ་སྐུ་གཞན་ཕན་ནས་ཐོལ་བྱུང་ཐོགས་མེད་དུ་སྤེལ་བ་དོན་ཀུན་འགྲུབ་པའི་རྒྱུར་གྱུར་ཅིག༔ སརྦ་ཛ་གད་དམ།

བར་ཆད་སེལ་བའི་གསོལ་འདེབས་སྨོན་ལམ།

ཨེ་མ་ཧོ༔ ཆོས་སྐུ་ཀུན་བཟང་ལོངས་སྐུ་རྡོ་རྗེ་སེམས༔ སྤྲུལ་སྐུ་དགའ་རབ་ཤྲཱི་སེང་པདྨ་འབྱུང༔ མངའ་བདག་ཡབ་སྲས་ཡེ་ཤེས་མཚོ་རྒྱལ་མ༔ ཀླུ་ཡི་དབང་པོ་མཁར་ཆུ་དཔལ་དབང་ཕྱུག༔ ཨ་ཙར་ས་ལེ་ལུང་རིག་མྱུ་གུ་རྩལ༔ གསོལ་བ་འདེབས་སོ་ཕྱི་ནང་བར་ཆད་སོལ༔ བསམ་དོན་ཆོས་བཞིན་འགྲུབ་པའི་དགེ་ལེགས་སྩོལ༔ གུ་རུ་པདྨ་སིདྡྷི་ཧཱུྃ༔ སྒྲུབ་སྡེ་ཡོངས་རྫོགས་དཔལ་ཆེན་བཀའ་བརྒྱད་ལྷ༔ རྡོ་རྗེ་གཞོན་ནུ་དུས་འཁོར་འཁོར་ཆེན་ལྷ༔ བདེ་གསང་དགྱེས་རྡོར་མ་ཡ་ཐོད་པ་རྩལ༔ རྒྱུད་བཞི་ཐེག་རིམ་དགུ་ཡི་ལྷ་ཚོགས་ལ༔ གསོལ་བ་འདེབས་སོ་ཕྱི་ནང་བར་ཆད་སོལ༔ བསམ་དོན་ཆོས་བཞིན་འགྲུབ་པའི་དགེ་ལེགས་སྩོལ༔ གུ་རུ་པདྨ་སིདྡྷི་ཧཱུྃ༔ ཕག་ཁྲོས་སེང་གསུམ་ཌཱཀྐི་སྡེ་ལྔ་དང༔ ཏཱ་རེ་ཉེར་གཅིག་རི་ཁྲོད་ལོ་མ་ཅན༔ མཁའ་སྤྱོད་དབང་མོ་མ་ཡུམ་བསྟན་མའི་ཚོགས༔ གནས་གསུམ་མཁའ་འགྲོ་ཤུགས་འགྲོ་འབུམ་ཕྲག་སྡེ༔ གསོལ་བ་འདེབས་སོ་ཕྱི་ནང་བར་ཆད་སོལ༔ བསམ་དོན་ཆོས་བཞིན་འགྲུབ་པའི་དགེ་ལེགས་སྩོལ༔ གུ་རུ་པདྨ་སིདྡྷི་ཧཱུྃ༔ སྐྱབས་གསུམ་བཀའ་སྡོད་བདེན་པའི་བྱིན་རླབས་དང༔ ཨོ་རྒྱན་པདྨའི་ཐུགས་རྗེ་ནུས་མཐུ་དང༔ བདག་ཅག་ལྷག་བསམ་དག་པའི་སྨོན་པ་ཡིས༔ ཕྱི་ནང་བར་ཆད་ཞི་བར་མཛད་དུ་གསོལ༔ རྐྱེན་ངན་ཚེ་འཕྲང་བརྒལ་བར་མཛད་དུ་གསོལ༔ བདུད་བཞིའི་བར་ཆད་ཞི་བར་མཛད་དུ་གསོལ༔ སྨོན་ལོག་དམ་སྲིའི་འཚེ་བ་ཞི་མཛད་གསོལ༔ བྱད་ཁ་རྦོད་གཏོང་རྐྱེན་ལས་གྲོལ་བར་མཛོད༔ ཐེག་ཆེན་བྱང་ཆུབ་སེམས་ལ་བློ་སྦྱངས་ནས༔ རྒྱལ་བའི་གཤེགས་ཤུལ་རྒྱལ་སྲས་ལམ་བཟང་ལས༔ ཕྱིན་དྲུག་སྤྱོད་པས་བྱ་བ་མཐར་ཕྱིན་པ༔ ཚོགས་སྦྱོར་མཐོང་སྒོམ་ས་ལམ་དཔལ་ཡོན་རྫོགས༔ འབྲས་བཟང་རྡོ་རྗེ་འཆང་དབང་མངོན་གྱུར་ཤོག༔ ཅེས་པའི་གསོལ་འདེབས་སྨོན་ཚིག་འདི༔ རང་བྱུང་དགོངས་ཀློང་ཡངས་པ་ནས༔ མངོན་གྱུར་རི་མོའི་ལམ་དུ་བགྱིས༔ རྣལ་འབྱོར་ས་ར་ཧི་ཏ་ཡིས༔ སློབ་བུ་དགེ་བའི་བློ་སྦྱོང་ལ༔ བརྩོན་པའི་ཤཱཀྱའི་སྲས་དེ་ལ༔ གདམས་འདི་ཡོངས་ཀྱི་ཆོས་གེགས་དང༔ བར་ཆད་སེལ་བའི་རྒྱུར་གྱུར་ཅིག༔ སརྦ་མངྒ་ལཾ༔

དཔལ་རི་པདྨ་འོད་དུ་གྲོལ་བའི་སྨོན་ལམ་འོད་གསལ་གསང་བའི་ཐོལ་གླུ།

དཔལ་རི་པདྨ་འོད་དུ་གྲོལ་བའི་སྨོན་ལམ་འོད་གསལ་གསང་བའི་ཐོལ་གླུ་བཞུགས༔ ཨེ་མ་ཧོ༔ སྒྱུ་ལུས་དག་པ་ཟངས་མདོག་དཔལ་རིའི་ཞིང༔ སྙིང་དབུས་མི་ཤིགས་ཐིག་ལེའི་འོད་ཀློང་དེར༔ འོད་གསལ་གཉུག་མའི་མཁའ་ཁྱབ་ཕོ་བྲང་ཆེར༔ རང་བཞིན་སྤྲུལ་པའི་ཁྱུ་ཚོགས་བསམ་ཡས་པའི༔ ཆོས་ཉིད་མངོན་སུམ་བདེན་པ་རྟོགས་པའི་རྐྱེན༔ ཉམས་སྣང་གོང་འཕེལ་དཔའ་བོ་མཁའ་འགྲོའི་དྲུང༔ རིག་པ་ཚད་ཕེབས་ལྷུན་གྲུབ་རོལ་བའི་རྒྱན༔ མཐའ་བྲལ་རིག་སྟོང་ཨོ་རྒྱན་རྡོ་རྗེ་འཆང༔ གང་གི་ཞབས་དྲུང་ཚོམ་བུ་ཚོགས་སྒྲུབ་ཀྱི༔ རབ་འབྱམས་དཀྱིལ་འཁོར་སྟོན་འཁོར་མཉམ་གྱུར་ཅིག༔ མ་དག་འོད་ལམ་དྲུག་གི་འགྲོ་བ་ཡང༔ འཕོས་ཚེ་དཔལ་རིར་རང་རིག་སངས་རྒྱས་ཀྱི༔ བདག་ཉིད་ཨོ་རྒྱན་ཐུགས་ཀློང་གྲོལ་བར་ཤོག༔ གྲོལ་བྱ་གྲོལ་བྱེད་སྣང་བ་མཐའ་ལས་འདས༔ སྐྱེ་འགགས་གཉིས་མེད་རང་བྱུང་ཡེ་ཤེས་བརྙེས༔ སྐུ་གསུམ་འབྲས་བུ་ཡེ་རྫོགས་གཉུག་མའི་ངང༔ ཡེ་གཞི་ཧེ་རུ་ཀ་དཔལ་པད་འབྱུང་དང༔ དབྱེར་མེད་ཟུང་འཇུག་རྡོ་རྗེ་འཆང་འགྲུབ་ཤོག༔ ཅེས་པ་འདི་ཡང་རིས་བཀྲ་རྣམ་གནོན་རྒྱལ་པོའི་ཆོ་འཕྲུལ་ཟླ་བའི་ཚེས་བཅུ་ལ་སློབ་བུ་དཀོན་མཆོག་གིས་བསྐུལ་ངོར་གཏེར་སྟོན་བསམ་གཏན་ཡེ་ཤེས་གླིང་པར་འབོད་པས་རྟེན་འབྲེལ་གྱི་ཆོས་སུ་བྲིས་པ་དགེའོ༔

དྲང་སྲོང་བདེན་ཚིག་སྨོན་ལམ།

ཡང་གསང་ཌཱཀྐིའི་ཐུགས་ཐིག་ལས་དྲང་སྲོང་བདེན་ཚིག་སྨོན་ལམ་བི་ཛ་ཧ་རཾ༔

ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་ན༔ བཞུགས་པའི་སངས་རྒྱས་བྱང་ཆུབ་སེམས༔ སྨོན་ལམ་དབང་བ་ཐམས་ཅད་དགོངས༔ ཐུགས་རྗེའི་ཟུངས་ལ་བྱིན་གྱིས་རློབས༔ བདག་གི་སྐྱེ་བ་ཚེ་རབས་ནས༔ བསགས་པའི་སྒྲིབ་གཉིས་བག་ཆགས་ཀུན༔ ད་ལྟ་བྱང་ཞིང་དག་གྱུར་ཅིག༔ ཕྱི་རྒྱུ་རྐྱེན་གྱིས་བསྐྱེད་པ་ཡི༔ མ་རིག་དུག་ལྔ་དུག་གསུམ་གྱི༔ ལས་ངན་རྒྱུ་འབྲས་ས་བོན་དང༔ བག་ལ་ཉལ་བ་ཐམས་ཅད་ཀུན༔ ད་ལྟ་བྱང་ཞིང་དག་གྱུར་ཅིག༔ དེང་ནས་བཟུང་སྟེ་ཕྱིན་ཆད་ཀྱང༔ དམ་པའི་ཆོས་ལས་གཞན་མིན་པའི༔ ལས་ལ་འཇུག་པར་མ་གྱུར་ཅིག༔ བྱ་བ་བྱེད་པ་ཐམས་ཅད་ཀྱང༔ དམ་པའི་ཆོས་སུ་འགྱུར་བར་ཤོག༔ བཀའ་དྲིན་གསུམ་ལྡན་བླ་མ་ལ༔ སངས་རྒྱས་འདུ་ཤེས་སྐྱེ་བར་ཤོག༔ སྣང་གྲགས་རིགས་གསུམ་ལྷ་སྔགས་སུ༔ སྣང་བ་འབྱམས་སུ་ཀླས་པར་ཤོག༔ བྱམས་དང་སྙིང་རྗེའི་སེམས་འབྱོང་ཞིང༔ འགྲོ་ལ་ཕན་པ་འབྱུང་གྱུར་ཅིག༔ བདེ་སྡུག་རྨི་ལམ་འཁྲུལ་འཁོར་བཞིན༔ རྟོགས་ནས་དབྱིངས་སུ་འཇུག་པར་ཤོག༔ ཚེ་འདིར་རྐྱེན་ངན་བར་ཆད་ཀྱི༔ དབང་དུ་མི་འགྱུར་འཚོ་བར་ཤོག༔ འགུལ་བསྐྱོད་ཐམས་ཅད་བདེ་བ་ཆེ༔ གདན་གསུམ་ལྷ་རུ་འགྱུར་བར་ཤོག༔ ཀ་ཆ་དཀོར་དང་ལོངས་སྤྱོད་ནོར༔ དཀོན་མཆོག་ཞིང་ལ་སྦྱོར་བར་ཤོག༔ དུས་མིན་འཆི་བ་བཅོ་བརྒྱད་ཀྱི༔ འཇིགས་པའི་ཚོགས་ལས་རྒྱལ་བར་ཤོག༔ གལ་ཏེ་ཚེ་དུས་བྱས་པའི་སྐབས༔ གནད་གཅོད་མེད་ཅིང་དྲན་གསལ་ཞིང༔ རང་དབང་དགའ་སྤྲོ་ཐོབ་པར་ཤོག༔ དེ་ཚེ་ཡི་དམ་བསུ་མ་དང༔ དག་པའི་སྣང་བ་འཆར་བར་ཤོག༔ བར་དོ་རང་རིག་ངོ་ཤེས་ནས༔ སྒྲ་འོད་ཟེར་ལ་མི་འཇིགས་ཤོག༔ ཕྱི་ནང་མེད་པར་ཟང་མ་ཐལ༔ འོད་སྐུའི་ཀློང་དུ་གྲོལ་བར་ཤོག༔ དེ་དུས་བླ་མའི་གདམས་ངག་དྲན༔ ཡི་དམ་བསྐྱེད་རིམ་བརྟན་ཐོབ་ཤོག༔ ལུས་སེམས་བར་དོ་ཆོས་སྐུའི་ངང༔ ལོངས་སྤྱོད་རྫོགས་སྐུར་འཚང་རྒྱ་ཤོག༔ འཁྲུལ་སྣང་དབང་གིས་ལམ་གཞན་དུ༔ འཁྱོག་ན་མངལ་སྒོ་འགག་པར་ཤོག༔ དེ་ལ་རང་དབང་མ་ཐོབ་ན༔ ཆོས་དང་ལྡན་པའི་རིགས་འཁྲུངས་ཤོག༔ དལ་འབྱོར་བཅོ་བརྒྱད་མ་ཉམས་ཤིང༔ ཚུལ་ཁྲིམས་ཕུན་སུམ་ཚོགས་པར་ཤོག༔ མདོ་སྔགས་རྒྱུད་སྡེ་རྒྱ་མཚོའི་ཚོགས༔ ཅིག་ཆར་ཉིད་དུ་རྟོགས་པར་ཤོག༔ སྲིད་པའི་ཆོས་ལ་ཡིད་དབྱུང་ནས༔ བཤད་སྒྲུབ་རྒྱལ་མཚན་འཛུགས་ནུས་ཤོག༔ སྒྲུབ་ལ་བར་ཆད་མི་འབྱུང་ཞིང༔ མངོན་ཤེས་གྲུབ་རྟགས་ཐོན་པར་ཤོག༔ མཐོང་ཐོས་དོགས་པའི་སྐྱེ་བོ་ཅོག༔ དམ་པའི་ཆོས་ལ་འགོད་པར་ཤོག༔ བཟང་ངན་ལས་ཀྱིས་འབྲེལ་ཚད་ཀུན༔ སྨིན་ཅིང་གྲོལ་བར་མཛད་ནུས་ཤོག༔ བསྟན་པའི་རྩ་ལག་བླ་མ་རྗེའི༔ ཕྲིན་ལས་སྲིད་མཚོར་སྒྲོལ་བར་ཤོག༔ སྙན་དང་གྲགས་པའི་བ་དན་ནི༔ སྲིད་པའི་རྩེ་མོར་བསྒྲེང་བར་ཤོག༔ འདས་ཚེ་སྣང་བཞི་མཐར་ཕྱིན་ནས༔ འཇའ་ལུས་འཕོ་ཆེན་འགྲུབ་པར་ཤོག༔ དེ་ནས་ནམ་མཁའ་གནས་ཀྱི་བར༔ འགྲོ་བ་ཇི་སྲིད་གནས་གྱུར་པ༔ དེ་སྲིད་བདག་གིས་ཀུན་དོན་བསྒྲུབ༔ སྐུ་བཞིའི་རྒྱལ་སྲིད་ཐོབ་པར་ཤོག༔ ས་མ་ཡཱ༔ ཞེས་འདི་རང་བྱུང་དགོངས་པའི་གཏེར༔ བཅུད་ལས་བཅུད་དུ་དྲིལ་བ་ཡི༔ ཡེ་ཤེས་མཁའ་འགྲོའི་བརྡ་ལས་སྣང༔ འདི་ཉིད་ལན་གཅིག་བཏོན་ན་ཡང༔ གཏན་དུ་བདེ་བའི་ས་ལ་རེག༔ སངས་རྒྱས་བྱང་སེམས་དྲང་སྲོང་ཚོགས༔ བདེན་ཚིག་གྲུབ་རྣམས་དཔང་པོར་གནས༔ དེ་ཕྱིར་གཅིག་པུས་ཉམས་སུ་ལོངས༔ དམ་མེད་བདུད་རིགས་ལོག་པ་ཡི༔ བསམ་སྦྱོར་འཆང་ལ་ཨ་ཐཾ་རྒྱ༔ མནྚ་གུ་ཧྱ༔ ཞེས་པ་འདི་ཡང་འོ་བྲན་དཔལ་གྱི་སྤྲུལ་པའི་ཆ་ཤས་སྔགས་སྤྱོད་རིག་པ་འཛིན་པའི་བཀའ་སྤྱི་བོར་ཐོབ་པ་དང༔ བདག་གིས་བསྒྲུབ་བྱར་འོས་པའི་བཙུན་པ་དོན་གྱི་མིང་ཅན་དང༔ རང་སློབ་བཤད་སྒྲུབ་སོགས་ཀྱི་བཞེད་སྐོང་དུ༔ ཟོག་པོ་ས་ར་ཧི་ཏས་བཅོས་མིན་ཤུགས་ཀྱིས་བྲིས་པ་དགེ་ལེགས་འཕེལ༔

བདག་སོ་སྐྱེས་བྱིས་པས་ཡིད་ལ་བསམ་པ་ཚིག་བཅད་དུ་བསྒྱུར་བ།

བདག་སོ་སྐྱེས་བྱིས་པས་ཡིད་ལ་བསམ་པ་ཚིག་བཅད་དུ་བསྒྱུར་བའོ༔ རྒྱལ་བ་དྲང་སྲོང་བདེན་ཚིག་གྲུབ་པ་རྣམས་ལ་ཕྱག་འཚལ་ལོ༔ རབ་འབྱམས་ཕྱོགས་བཅུའི་ཞིང་བཞུགས་བླ་མ་དང༔ ཡི་དམ་མཆོག་གསུམ་མཁའ་འགྲོ་ཆོས་སྐྱོང་ཚོགས༔ དྲང་སྲོང་བདེན་ཚིག་གྲུབ་པ་ཐམས་ཅད་ཀྱིས༔ བདག་གི་སྨོན་ལམ་འགྲུབ་པའི་དཔང་པོ་མཛོད༔ རང་གཞན་སྐྱེ་འཕགས་དུས་གསུམ་དགེ་བའི་མཐུས༔ ཕན་བདེའི་འབྱུང་གནས་རྒྱལ་བསྟན་དར་ཞིང་རྒྱས༔ བསྟན་འཛིན་སྐྱེས་བུའི་སྐུ་ཁམས་བཟང་བ་དང༔ མཁའ་མཉམ་འགྲོ་ཀུན་བདེ་སྐྱིད་ལྡན་པར་ཤོག༔ ཁྱད་པར་བྱང་ཕྱོགས་ཁ་བ་ཅན་ལྗོངས་འདིར༔ ནད་ཡམས་དམག་འཁྲུགས་མུ་གེ་མི་འབྱུང་ཞིང༔ ལོ་ལེགས་ཕྱུགས་འཕེལ་རྩི་བཅུད་རྒྱས་པ་དང༔ སྡིག་སྤོང་དགེ་བ་སྒྲུབ་ལ་བརྩོན་པར་ཤོག༔ བདག་ཀྱང་ཚེ་རིང་ཆོས་མཐུན་དཔལ་འབྱོར་རྒྱས༔ ལུས་ལ་ནད་དང་སེམས་ལ་སྡུག་བསྔལ་མེད༔ སྔོན་བསགས་ལས་ངན་སྡིག་སྒྲིབ་ཀུན་བྱང་ཞིང༔ དགེ་ཚོགས་ཡར་ངོའི་ཟླ་ལྟར་འཕེལ་བར་ཤོག༔ སྒྲ་ཚད་བཟོ་གསོ་ནང་དོན་མདོ་སྔགས་ཆོས༔ སྙན་ངག་མངོན་བརྗོད་སྡེབ་སྦྱོར་ཟློས་གར་རྩིས༔ བཅུ་ཕྲག་རིག་པའི་གནས་ལྔ་གཞུང་ལུགས་དོན༔ ཇི་བཞིན་རྟོགས་ནས་མཁས་པའི་མཐར་སོན་ཤོག༔ དེང་བཟུང་བྱང་ཆུབ་སྙིང་པོ་མ་ཐོབ་བར༔ དཔལ་ལྡན་བླ་མ་མཆོག་དང་མི་འབྲལ་ཞིང༔ དེས་གསུང་གསུང་གི་གདམས་ངག་ངོ་འཕྲོད་ནས༔ དེ་དོན་སྒྲུབ་ལ་ཞུམ་མེད་སྤོབས་པ་ཐོབ༔ མཐར་ཐུག་བདེ་ཆེན་པདྨོ་བཀོད་ཞིང་དུ༔ དབྱེར་མེད་སྟོན་འཁོར་དགོངས་པ་གཅིག་ཏུ་དྲིལ༔ ཆོས་སྐུ་རྡོ་རྗེ་འཆང་དང་དབྱིངས་གཅིག་པར༔ བཅུ་དྲུག་རྡོ་རྗེ་འཛིན་པའི་ས་ཐོབ་ཤོག༔ མདོར་ན་དུས་གསུམ་བཞུགས་པའི་རྒྱལ་བ་དང༔ རླབས་ཆེན་སྤྱོད་པའི་མངའ་བདག་དེ་སྲས་ཚོགས༔ དྲང་སྲོང་བདེན་ཚིག་གྲུབ་ཀུན་ནུས་མཐུ་ཡིས༔ ལྷག་བསམ་སྨོན་པའི་གནས་འདི་འགྲུབ་གྱུར་ཅིག༔ དང་པོ་བཀྲ་ཤིས་ཐུགས་བསྐྱེད་སྨོན་ལམ་བཏབ༔ བར་དུ་བཀྲ་ཤིས་བསགས་སྦྱང་མཐའ་རུ་ཕྱིན༔ ཐ་མར་བཀྲ་ཤིས་དམ་པ་སྐུ་གཉིས་འགྲུབ༔ སྨོན་ལམ་མཐར་ཕྱིན་བཀྲ་ཤིས་ཕུན་ཚོགས་ཤོག༔ ཅེས་པ་གང་དྲན་སྨོན་པའི་ཚིག༔ གྲོང་ཚིག་ཁ་ར་ཤག་འདྲ་མོ༔ ངེས་ལེགས་སྤྲུལ་སྐུའི་དགོངས་བཞེད་དང༔ ལུང་རྟོགས་གསལ་སྟོབས་རིག་གྲོལ་སོགས༔ དམ་པ་འགའ་ཡི་བཞེད་སྐོང་དུ༔ འཆོལ་སྤྱོད་གཞན་ལ་ཕན་དེས་ཕུལ༔ ཡོངས་ལ་བཀྲ་ཤིས་དགེ་ལེགས་སྩོལ༔

བསྔོ་བ་མི་ཟད་ལམ་མཆོག

བསྔོ་བ་མི་ཟད་ལམ་མཆོག་བཞུགས༔ རྩ་གསུམ་ཆོས་སྲུང་རྣམས་ལ་ཕྱག་འཚལ་ལོ༔ ཕྱོགས་བཅུ་ན་བཞུགས་པའི་རྒྱལ་བ་སྲས་དང་སློབ་མ་རྩ་གསུམ་ཆོས་སྐྱོང་དཀར་ཕྱོགས་ལྷ་ཀླུ་བདེན་ཚིག་གྲུབ་པ་དང་བཅས་པ་བསྔོ་བ་དང་སྨོན་ལམ་འགྲུབ་པའི་དཔང་པོ་ལ་དགོངས་སུ་གསོལ༔ བདག་གིས་དུས་གསུམ་བསགས་ཡོད་ཀྱི་དགེ་བའི་མཐུ་ལ་བརྟེན་ནས་སངས་རྒྱས་ཀྱི་བསྟན་པ་ལུང་དང་རྟོགས་པའི་བདག་ཉིད་བཤད་སྒྲུབ་འཁོར་ལོ་གསུམ་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་འགྱུར་བའི་ཕྱིར་བསྔོ་བར་བགྱིའོ༔ བསྟན་འཛིན་གྱི་སྐྱེས་བུ་དམ་པ་ཕྱི་སོ་ཐར་ནང་བྱང་སེམས་གསང་བ་རིག་འཛིན་སྔགས་ཀྱི་བསླབ་པ་ལ་གནས་པའི་སྔ་རབས་འདས་པ་རྣམས་ཀྱི་ཐུགས་ཀྱི་དགོངས་པ་ཆོས་ཀྱི་དབྱིངས་སུ་རྫོགས་པའི་ཕྱིར་བསྔོ་བར་བགྱིའོ༔ ད་ལྟར་བཞུགས་པའི་བླ་མ་དགེ་བཤེས་མཁན་སློབ་བཙུན་པ་དམ་སྡོམ་བསླབ་ལ་གནས་པ་རྣམས་ཐུགས་མཐུན་ཁྲིམས་གཙང་བསླབ་པ་གསུམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ་ཞིང་སྐུ་ཚེ་བསྐལ་པ་རྒྱ་མཚོའི་བར་དུ་བརྟན་པའི་ཕྱིར་བསྔོ་བར་བགྱིའོ༔ རྣལ་འབྱོར་བདག་དང་མཆེད་ལྕམ་ཡོངས་ཀྱི་ཚེ་ཆོས་སྲིད་ཀྱི་བར་ཆད་དབྱིངས་སུ་ཞི་ཞིང་བསམ་དོན་ཆོས་བཞིན་དུ་འགྲུབ་ཅིང་ལོག་པའི་བསམ་པ་མི་འགྲུབ་ཅིང་ཕུང་བའི་དམ་སྲིའི་གཡུལ་ཞི་བའི་ཕྱིར་བསྔོ་བར་བགྱིའོ༔ བདག་ལ་འབྲེལ་བ་ཐོགས་པའི་འགྲོ་བ་ཕོ་མོ་ཐམས་ཅད་གནས་སྐབས་བར་ཆད་སྡུག་བསྔལ་གྱི་དབང་དུ་མི་འགྱུར་ཞིང་མི་དགེ་བཅུ་རིང་དུ་དོར་དགེ་བ་བཅུ་དང་དུ་བླངས་མི་ཆོས་གཙང་མའི་སྲོལ་མི་ཉམས་ཞིང་བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་ལོངས་སྤྱོད་པའི་ཕྱིར་བསྔོ་བར་བགྱིའོ༔ མཐར་ཐུག་རྣམ་མཁྱེན་སངས་རྒྱས་ཀྱི་གོ་འཕང་བདེ་བླག་ཏུ་ཐོབ་པ་དང་ཕྱི་མའི་སྐྱེ་སྲིད་དེ་ཡང་ནུབ་ཕྱོགས་བདེ་ཆེན་དག་པའི་ཞིང་དུ་མེ་ཏོག་པདྨའི་སྦུབས་སུ་སྐྱེ་ཞིང་སྐྱེས་མ་ཐག་ཏུ་མེ་ཏོག་པདྨའི་ཁ་ཕྱེ་ནས་སངས་རྒྱས་འོད་མཚན་སྟོང་འབར་དང་སྤྱན་གཟིགས་མཐུ་ཆེན་ཐོབ་ལ་སོགས་པའི་ཞལ་མངོན་སུམ་དུ་མཐོང་༔ སངས་རྒྱས་ཀྱི་ཕྱག་གཡས་བསོད་ནམས་བརྒྱ་ལས་གྲུབ་པ་མགོ་ལ་བཞག་ནས་བྱང་ཆུབ་དུ་ལུང་བསྟན་པ་ཐོབ་པའི་ཕྱིར་བསྔོ་བར་བགྱིའོ༔ མདོར་ན་མཁའ་ཁྱབ་མ་རྒན་འགྲོ་ཀུན་གནས་སྐབས་སུ་རྒྱུ་མ་རིག་པ་ལས་རྐྱེན་ལས་ཉོན་བག་ཆགས་འབྲས་བུ་སྡུག་བསྔལ་མཐའ་དག་ཞི་ཞིང་༔ འཁོར་བ་ངན་སོང་དྲུག་པོ་སྟོང་ཞིང་འོག་མིན་ཆོས་ཀྱི་དབྱིངས་ཀྱི་རྒྱལ་སྲིད་ལ་དབང་འབྱོར་ཞིང་མངོན་པར་བྱང་ཆུབ་རྡོ་རྗེའི་གོ་འཕང་མཆོག་བརྙེས་པའི་ཕྱིར་ཡོངས་སུ་བསྔོ་བར་བགྱིའོ༔ ཨོཾ་སྭ་སྟི༔ ཀུན་རྫོབ་སྣང་ཆའི་རྟེན་འབྲེལ་བསླུ་མེད་དགེ༔ ཟག་མེད་ཆོས་ཀྱི་དབྱིངས་སུ་བསྔོ་བར་བྱ༔ བསྔོ་བྱ་བསྔོ་བྱེད་བསྔོ་ཡུལ་རྣམ་པར་བྲལ༔ འཁོར་གསུམ་ཡོངས་དག་ཆེན་པོས་རྒྱས་གདབ་བོ༔ ཞེས་བསྔོ་བ་མི་ཟད་ལམ་མཆོག་འདི༔ ཨོ་རྒྱན་པདྨའི་རིག་པ་འཛིན༔ གཏེར་ཆེན་ལྷུན་གྲུབ་གླིང་པ་ཡི༔ སློབ་བུ་གཅོད་ཀྱི་རྣལ་འབྱོར་པ༔ རྣམ་པར་རྒྱལ་བའི་མིང་གིས་བསྐུལ༔ གང་དེའི་གཏེར་ཆེན་རྡོ་རིང་བའི༔ ཆོས་བདག་ཧོར་གྱི་བན་དེ་པ༔ གཞན་ཕན་བཟང་པོ་ཞེས་བྱ་བས༔ སྦྱིན་བདག་ཡ་ཆ་སངས་རྒྱས་སར༔ ཐུན་མཚམས་གཅིག་ལ་བྲིས་པའོ༔ དགེ་འདིས་རྣམ་མཁྱེན་ཡེ་ཤེས་ཀྱིས༔ འགྲོ་བའི་རྣམ་རྟོག་དག་གྱུར་ཅིག༔ མངྒ་ལམ༔

བསྟན་པ་རྒྱས་བྱེད་ཀྱི་སྨོན་ལམ་བདེན་ཚིག་གྲུབ་པ།

བསྟན་པ་རྒྱས་བྱེད་ཀྱི་སྨོན་ལམ་བདེན་ཚིག་གྲུབ་པ་བཞུགས༔ གུ་རུ་དྷེ་ཝ་ཌཱཀྐི་ནི་སརྦ་སིདྡྷི་ཕ་ལ་ཧཱུྃ༔ གསང་ཆེན་གསང་བའི་མཛོད་འཛིན་མཚོ་སྐྱེས་རྗེའི༔ གསང་གསུམ་མི་ཟད་མཛོད་འཆང་དམ་པའི་མགོན༔ འགྲོ་འདུལ་རིག་འཛིན་ལུང་རིག་གླིང་པ་དང༔ ཆོས་ཀྱི་བདག་པོ་ཡེ་ཤེས་གླིང་པ་ཡི༔ ཟབ་གཏེར་བསྟན་པ་ཕྱོགས་བརྒྱར་རྒྱས་པར་ཤོག༔ རྨད་བྱུང་རྡོ་རྗེ་ཐེག་པའི་ཉེ་ལམ་ཆོས༔ པད་འབྱུང་ཐུགས་ཐིག་མཚོ་རྒྱལ་དགོངས་གསང་མཛོད༔ དམ་ཆོས་ཟབ་མོ་བཀའ་གཏེར་གཅོད་ཡུལ་སོགས༔ མཁའ་ཁྱབ་འགྲོ་ཀུན་སངས་རྒྱས་མ་ཐོབ་པར༔ མི་ནུབ་རྟག་བརྟན་དར་ཞིང་རྒྱས་པར་ཤོག༔ མཚོ་རྒྱལ་དངོས་སྤྲུལ་ལུང་རིག་གླིང་པ་ཡིས༔ དབུགས་དབྱུང་བྱིན་ཐོབ་ཐུབ་བསྟན་མཚན་ཅན་སོགས༔ རྗེས་འཇུག་བསྟན་འཛིན་ཞབས་བརྟན་བསྟན་པ་འཕེལ༔ ཅི་བསམ་ཡིད་བཞིན་ནོར་བུའི་དཔལ་ལ་འགྲན༔ ཕན་བདེའི་སྣང་བས་ས་གསུམ་ཡོངས་ཁྱབ་ཤོག༔ ཟབ་ཆོས་དར་བའི་ཕྱོགས་དང་ཐ་གྲུ་ཡི༔ རྒྱལ་ཁམས་སྤྱི་དང་བྱེ་བྲག་ཡུལ་ལྗོངས་འདིར༔ སྐྱེ་དགུ་བདེ་ཞིང་ནད་མུག་མཚོན་འཁྲུགས་ཞི༔ བསྟན་པའི་སྦྱིན་བདག་ཚེ་བསོད་སྙན་གྲགས་རྒྱས༔ ཆོས་མཐུན་བསམ་པ་གེགས་མེད་མྱུར་འགྲུབ་ཤོག༔ མཆོག་གསུམ་རྒྱལ་བ་སྲས་དང་སློབ་མར་བཅས༔ རྩ་གསུམ་ཆོས་སྐྱོང་རལ་གཅིག་དུད་སོལ་མ༔ དྲང་སྲོང་ཁྱབ་འཇུག་ལྷ་བཙན་ཡིད་བཞིན་ནོར༔ དཀར་ཕྱོགས་གཞི་བདག་ལྷ་ཀླུའི་ཚོགས་རྣམས་ཀྱིས༔ རྣམ་དག་སྨོན་ལམ་འགྲུབ་པར་མཛད་དུ་གསོལ༔ ཞེས་པ་འདིའང་མཆོག་གཟིགས་བླ་མ་སྤྲུལ་པའི་སྐུ་རིན་པོ་ཆེའི་བཀའ་ཕེབས་བཞིན་བྷུ་སུ་ཀུ་པ་ཧོར་བན་འདུ་ཤེས་གསུམ་པ་ཕན་མིང་ནས་ཕུལ་བ་ལ་ཕྱིས་སྐབས་ཤིག་ཏུ་གཏེར་ཆེན་ཟུང་གི་སྨོན་ཚིག་སྦྲེལ་བ་འདི་ཉིད་གང་གི་སློབ་འབངས་དྲ་ཡའི་མིང་གིས་བགྱིས་པ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག༔ དགེའོ༔ དགེའོ༔ དགེའོ༔