cover

བོད་རིག་པའི་ཆ་ལག་ཏུ་ཉེ་བར་མཁོ་བ་རྒྱུན་ཤེས་དཔྱད་མཛོད་ཆེན་མོ་ཞེས་བྱ་བཞུགས་སོ།

སྟོད་ཆ།

ལྕང་སྐྱ་དགེ་འདུན་བཀྲ་ཤིས།

Nitartha International

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

ཀླད་ཀྱི་གཏམ།

ས་སྒང་འདིར་སྐྱེས་ཤིང་སླར་ཤ་རུས་འཐོར་བའི་རྐང་གཉིས་སུ་ཞིག་ཡིན་རུང་། སོ་སོའི་དགའ་ཁ་འཁྱེར་ཕྱོགས་ཀྱི་ཐད་ལ་ཆ་མ་ཆོ་རིགས་ཡོདཔ་ནི་སྨོས་མེད་ཡིན། དེའི་ནང་། ང་ཚོ་བོད་ཀྱི་ཤེས་ཡོན་པར་མཚོན་ན། དེང་གི་སྤྱི་ཚོགས་ཁྲོད། ཡ་གའི་མཁས་པ་དེ་རྫིག་རབས་དང་། མ་གའི་བསམ་བློ་བ་དེ་ཐུ་རབས། བར་གྱི་རྩོམ་པ་པོ་དེ་ཨང་དང་བོ་ཡིན་རབས་སོགས། སྐད་ཆ་ཤོམ་པོ་རེའི་འདྲི་ཚིག་རྟག་པར་གོ་ཐོས་སུ་གྱུར་ཡང་། ངེས་དོན་དུ་བཤད་ན། རང་རང་ལ་ཐུན་མིན་གྱི་ཁྱད་ཆོས་རེ་མངའ་བ་དེས། སོ་སོར་ལག་རྗེས་འཇོག་པ་ལས། ཤེས་བྱ་ཐམས་ཅད་རུབ་ཀྱིས་འདུས་ནས་མི་གཅིག་གི་སེམས་ཁོང་དུ་སྤུངས་པ་ཉིན་དཀར་གྱི་སྐར་མ་ལས་ཀྱང་དཀོན། འོན་ཀྱང་། སྔ་མའི་ལས་དབང་དང་ད་ལྟའི་ཤེས་འཇོན་གྱིས། ཁ་ལོར་བསྒྱུར་ཏེ། དེ་ལ་དེ་འཇོན་གྱིས་ལས་ཀ་ཕྲན་ཚེགས་རེ་སྒྲུབ་ཐུབ་པ་ཀུན་ལ་ཆོས་ཉིད་ལྟ་བུར་ཆགས་ཡོད། དེ་བས། མིའུ་བདག་ནི། ལོ་ན་ཆུང་དུས་ནས་ཤེས་རིག་གི་རྨུ་ཐག་ལ་འཇུས་ཏེ། རྒྱ་ཇ་ནག་ཕོར་གྱི་ཤེལ་དམ་གཏན་གྲོགས་སུ་བསུས་ནས། ཤོག་ཧྲུལ་འགའ་རེ་ཕར་སློག་ཚུར་སློག་གི་ཀློང་ནས་མི་ཚེ་ཟད་དགོས་པ་ཐོད་པའི་ཁ་ཡིག་ལ་བརྐོས་ཟིན་པས། ང་དང་ང་འདྲ་བ་མང་བོ་ཞིག ཁ་རྗེ་དབང་ཐང་ཞན་ཡང་། རི་བོང་གནམ་རྡིབས་ཀྱི་སེམས་ཁུར་བཞིན། སྤྱི་ཚོགས་ཀྱི་གྲུ་ཟུར་ཐམས་ཅད་ལ་བསམ་གཞིགས་གཏོང་རྒྱུར་གོམས་པས། དེ་དག་གབ་པ་མངོན་བྱུང་གི་གཟིགས་མོའི་ཆེད། སྨྱུག་རྩེ་དང་ཕབ་གཞོང་གི་འཐབ་ར་ནས། ལང་ཚོ་དེ་ཤེས་མེད་ཚོར་མེད་དུ་རྒས་ཀྱིན་ཡོད་ནའང་ནོངས་འགྱོད་དང་བློ་ཕམ་སྐྱེས་མི་སྲིད། ཁ་ཅིག མི་རྒྱུ་ཡོད་ལ་སྨྱོ། ཟོག་རྩྭ་ཡོད་ལ་སྨྱོ། ཟེར་བའི་དཔེ་ལྟར། མཁས་མིང་གི་གོ་སར་འགྱིང་སྟབས་ཀྱིས་ལས་གཞིའི་རྣམ་གྲངས་ལ་རྩོད་ལེན་དང་ལག་སྙོབ་བྱས་ཏེ། གྲུང་མི་གཙོ། མང་གཙོ་བའི་དུས་རབས་ཤིག་གིས་རྦབ་རྡོས་དེད་དེ། ཤོག་གྲངས་མང་ཉུང་དང་། དངུལ་ལོའི་སྲབ་མཐུག་གི་ཁེ་ལས་གཉེར་བར་དག རྐང་མཐིལ་ནས་སྤྱི་གཙུག་བར་དུ་རིག་གཞུང་ལ་འགན་འཁུར་བའི་ཟུངས་ཁྲག་དེ་མེད་རྐྱེན། ལྟོས་འཇོག་གིས་བསམ་བློ་རེ་བཏང་ན། གྲྭ་རྐྱང་ང་དང་ང་འདྲ་བའི་རིགས་མཐུན་གྱི་སྤུན་ཟླ་མང་བོ་ཞིག་གིས། རྩམ་ཁུག་གི་མཐོ་དམའ་རྩོད་པའི་དུས་རབས་ཀྱི་ཁུགས་སོ་འདིར། རྩམ་ཁུག་རླུང་ལ་སྤུར་ཏེ། ཤེས་ན་བཟང་བོའི་ཁ་དང་། མ་ཤེས་ངན་པའི་ཚིག་ཏུ་འགྱུར་རུང་། དབུགས་ཀྱི་རྒྱུ་བ་ཚུན་ཆད་ཀྱང་རིག་གཞུང་ཞིག་ལ་བསྟིམ་པ་ནི། ལྔ་བདོའི་དུས་མཐའ་འདིར་རླུང་འཚུབ་ནང་གི་མར་མེར་བགྲང་ཆོག་ཆོག་ལགས། ཅིའི་ཕྱིར་ན། ངའི་ཁ་ཚིག་རྩུབ་ཀྱང་བསམ་པ་དཀར། བྱ་ཕོ་རོག་ནག་ཀྱང་མཆིན་པ་དཀར། ཞེས་པའི་རང་བཞིན་ལས་མ་འདས་སོ། །ཡང་ཁ་ཅིག་དེ་ལས་ལྡོག་སྟེ། སྔོན་བྱོན་དམ་པ་རེ་འགའི་རྗེས་སུ་འབྲངས་རློམ་གྱིས། གྲུབ་མཐའ་དང་གྲུབ་མཐའི་བར། མི་སྡེ་དང་ཕྱོགས་ཁ་བར་རྩོད་ཡིག་གི་ཁ་ངན་དུག་ཆུ་གཏོར་ནས། བླུན་རྨོངས་མང་དག་ཅིག་ལོག་ལམ་དུ་འཁྲིད་པའི་སྣེ་མོ་བར་གྱུར་ཏེ། ནམ་ཞིག གྲིབ་ནག་འདྲེ་མཐོང་གིས། རང་སྡེ་རྒྱལ་བའི་དགྲ་ལྷའི་དཔུང་བསྟོད་དགུང་དུ་འཕྱར་བ་ནི། ཆོས་ལམ་རིམ་ཁྲིད་ཀྱིན་ཞེ་སྡང་ཇེ་ཆེ་དང་། སྨན་ཅོང་ཞི་འཐུང་གིན་ནད་པ་ཇེ་ཐུ་རུ་དོན་གྱིས་སོང་བས། མཇུག་འབྲས་ཀྱང་། ཕྱིའི་ཆར་བ་ལས། ནང་ཐིགས་ཆུ་སྡུག་པའི་ཚོད་དུ་ལྷུང་སྟེ། ཡོད་པ་མེད་པར་བཟོས། དར་བ་ཕྱུར་བར་བཏང་བ་མང་དུ་གདའོ། །

དེ་བས། བདག་གིས་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་བའི་ཡང་སྙིང་ནི། ད་ཐེངས་ལྒིགས་བམ་གྱི་གདགས་སྲིབ་དང་ངག་རྒྱུན་གྱི་ལ་དགུ་ལུང་དགུ་བརྒྱུད་དེ། རང་ཅག་གི་གྲུབ་མཐའ་རིས་མེད་ཀྱི་གསུང་རྒྱུན་དྲི་མ་མེད་པ་གཞིར་བཞག མདོས་གླུད་གཏོ་གསུམ་གྱི་ཆོ་ག་མང་བོས་ཁོག་ཕུབ། ཡིག་རིགས་གཞན་གྱི་ལེགས་ཆའི་ཟུར་བརྒྱན། ཐ་ན་འཇིག་རྟེན་རྒན་པའི་ངག་རྒྱུན་མང་བོ་བཏུས་ཏེ། སྐྱིད་ལ་སྡུག་པའི་མི་ཚེའི་ཁྲོད 《རྒྱུན་ཤེས་དཔྱད་མཛོད་ཆེན་མོ》འདི་བརྩམས་གྲུབ་གནང་བ་ནི། བྱེ་དོང་བྲུས་ཏེ་གསེར་རྡོག་རྙེད་པའི་ཚོད་དུ་རློམ་ཡོད། རྒྱུ་མཚན་ནི། རང་ཅག་གི་རྒྱུན་ལྡན་འཚོ་བའི་ཁྲོད། ཆུ་ལ་ཆུ་བཞག་གི་ཚུལ་དུ་སིམ་པའི་རྒྱུན་འཁྱེར་གྱི་ཤེས་བྱ་འདི་རྣམས། བོད་མི་ཡོངས་ཀྱི་རུས་རྐང་ལ་སིམ་པར་མ་ཟད། སྤྱི་ཚོགས་ཀྱི་གྲུ་ཟུར་རེ་རེ་ན་གསེར་རྡོག་ལྟར་བྲིན་སྒོ་ཆེ་ནའང་། གནམ་ཀ་མེད་འོག་གི རྒོད་པོ་མཐུར་མེད་ཀྱི་མཁས་དབང་དག་གིས། རྒྱ་ཆེན་གཏིང་ཟབ་ཀྱི་རིག་གཞུང་ལ། ཉིན་མཚན་ཁོར་མོ་ཡུག་ཏུ་སྤྱན་འབྲས་ཤོར་ཏེ། བར་མ་དོར་ལུས་ཤིང་། ཡང་མཁས་རློམ་འགའ་ཞིག དབྱེ་ཞིབ་དང་བརྟག་དཔྱད་ཡེ་མི་གནང་བར། རྨོངས་དད་དང་ལྒིན་རྟགས་ཀྱི་སྡོམ་ཚིག་བཀོད་པ་ནི། ཤེས་རིག་ལ་རྒྱུས་མངའ་ཆུང་ཞིང་། རང་རིགས་ལ་ཞེན་ཁོག་ཆུང་བའི་རང་མཚང་ཕྱིར་མངོན་པའི་དན་རྟགས་ཤིག་ཏུ་མཐོང་། དེ་བས། རེབ་གོང་ཤེས་རིག་གླིང་ནས། ༢༠༠༦ ལོའི་ཟླ ༦ ཚེས ༡༥ ནས་དབུ་ཚུགས་ཏེ། ༢༠༡༤ ལོའི་ཟླ ༦ ཚེས ༤ བར། 《རྒྱུན་ཤེས་དཔྱད་མཛོད་ཆེན་མོ》འདི་རྩོམ་པའི་སྔ་ཕྱི་བར་གསུམ་དུ། རང་གི་སྒེར་གཉེར་རེབ་གོང་དཔེ་མཛོད་ཁང་འདི་ཉིད། ཆར་བ་ཆུ་གྲོགས་དང་། ཉི་མ་མེ་གྲོགས་སུ་གྱུར་བ་ལས་གཞན། ལོ་ངོ་བརྒྱད་ཀྱི་རིང་། ཐ་ན་རང་ཤག་ཏུ་དགེ་ཕྲུག་ཙམ་ཡང་གཡོག་ཏུ་མ་བཀོལ་བར། ཇ་མ་ཆུ་ལེན་སོགས་ཀྱང་རང་སྟེང་དུ་བླངས་ཏེ《རྒྱུན་ཤེས་དཔྱད་མཛོད་ཆེན་མོ》འདི་ནར་སོན་པ་ནི། ཕྱིར་འདང་རེ་བརྒྱབ་ན་དྲང་ལམ་དུ་གོམ་པ་སྤོས་ཚར་ཞིང་། རང་གི་དགེ་རྩ་ལ་དགའ་བ་དང་རློམ་སེམས་ཕྲན་བུ་དང་བཅས་ཏེ། ཡ་ཆུང་སེམས་ཀྱི་དཀྱིལ་ནས་དྲོད་ཐིགས་ཤིག་ཀྱང་བཅོས་མིན་དུ་འཕྱུར་ཡོང་།

སྤྱིར་ན། 《རྒྱུན་ཤེས་དཔྱད་མཛོད་ཆེན་མོ》འདིའི་ཐོག་མཐའ་བར་གསུམ་དུ་འདྲ་པར་རམ་རི་མོ་བཀོད་དེ་གསལ་བཤད་བྱེད་རྒྱུ་ནི། ཀློག་མཁན་རྣམ་པར་ཆེས་ཡག་ཤོས་ཏེ། དེང་སང་བོད་རང་གི་མར་དྲི་དང་རྩམ་དྲི་འཐུལ་བའི་རྒྱུན་ཤེས་རིག་གནས་འདི་དག་ཉག་ཕྲ་ཞིང་། འགའ་ཞིག་ཕྱི་ཐོགས་པའི་མིང་ཙམ་ཡང་རྣ་ལམ་དུ་མ་སོན་པ་མང་དུ་འབྱུང་བས་སོ། །ཡིན་ནའང་། ད་ཐེངས་རྒྱུ་རྐྱེན་གང་མང་ཞིག་གིས་ལག་ལེན་དུ་མ་ཐེབས་པ་ཡིད་རབ་ཏུ་ཕངས་ཀྱང་། སླད་མར་རེ་འདོད་དོན་འཁྱོལ་དུ་ཡོང་བའི་སྨོན་པ་ཤིན་ཏུ་ཟབ།

ལྷག་པར་དུ། ཤེས་ཡོན་གྱི་རིན་གོང་ཡི་དྭགས་ཀྱི་སུག་པ་ལས་ཕྲ་ཞིང་། དཔལ་འབྱོར་གྱི་གོང་ཚད་བྲེ་ཏའི་ལྟོ་བ་ལས་ཆེ་བའི་དུས་ཀྱི་མར་གཤམ་འདིར། བསྟན་འཛིན་བསྟན་བཤིག་ལས་ཐུ་བའི་བླ་གྲྭ་འཇོན་པོ་ཁག་གཅིག འདོད་ཡོན་ལ་བྱ་རྒོད་གཟན་ལ་འབབ་པ་བཞིན། དུས་རབས་ཀྱི་རྗེས་ཆོད་ཁུལ་གྱིས། ཚོང་ལས་ཀྱི་ཁ་དར་ཞིང་། གྲོང་ཆོག་གི་ཉ་འདུར་བའི་ཁེ་ལས་ཁྲོད། ནང་ན་ཉམས་རྟོགས་སྤུ་རྩེ་ཙམ་མེད་ཀྱང་། ད་དུངབྱང་སེམསདང་ཡང་སྤྲུལ། རྟོགས་ལྡནདངསྐུ་ལོའིསྐྱག་རྫུན་གྱི་བརྡ་ཁྱབ་དང་བརྙན་པར་གྱི་རླུང་རྟ་དྲ་རྒྱའི་རྨུ་ཐག་གི་སྣེ་མོ་བཀལ་ཏེ། དྲ་ཐོག་ཏུ་ཁྱི་ལུད་བཞིན་སྤུངས་ཤིང་སྙིགས་རྫོབ་བཞིན་བརྒྱུད་སྒྲོགས་གནང་བ་ལ། ཁ་ལག་སྙིང་གསུམ་གྲོན་པའི་དུས་རབས་འདིར། ཉམ་ཆུང་བདག་གིས་ལག་འབབ་སྐར་གང་ལ་མ་རེ་བར། དུང་སེམས་ཞིག་གི་ཐུ་འོག་ནས། སྐུད་སྣེ་ཁབ་ཁྲིད་དང་། ཆར་སྣེ་རླུང་ཁྲིད་ཀྱི་དཔེ་ལྟར། ལོ་ངོ་བརྒྱད་ཀྱི་དུས་ཚོད《རྒྱུན་ཤེས་དཔྱད་མཛོད་ཆེན་མོར》གྲོན་པ་འདི། ངན་པས་རང་བསྟོད་དང་། ཁ་ཏས་སྒྲོ་བསྟོད་དུ་འགྲོ་མི་འགྲོ བོད་ཀྱི་ཕྱི་རབས་པ་དག་གིས་གོང་ཚོད་རྒྱག་པ་ལས། ངས་འདི་ནས་ཁ་ཚོན་གཅོད་དགོས་དོན་མེད།

ཕྲན་བུའི་མི་གཤིས་ནི། བྱ་ལས་གང་ལ་འཇུག་ཀྱང་། སྟག་གི་རྔ་མར་མི་འཇུ་ཞིང་། བཟུང་གི་ནངས་མོ་མི་གཏོང་བའི་བག་ཆགས་དེ་མཐུག་རྐྱེན། 《རྒྱུན་ཤེས་དཔྱད་མཛོད་ཆེན་མོ》འདིའི་མགོ་མཇུག་བར་གསུམ་དུ། སྐྱ་ཆད་སྔོ་སྡུག་གི་འཚོ་བ་ལ་གདོང་གཏད་དེ། རྒྱུ་ཆ་འཚོལ་སྡུད་དང་། གཞན་ལ་འདྲི་བརྩད། ཞིབ་འཇུག་ཡང་ཡང་བྱས་པ་སྟེ། དཔེར་ན། ནང་བསྟན་གྱི་རྒྱུ་ཆ་ལས་གཞན། བོན་གྱི་བསྟན་འགྱུར་ཕལ་ཆེར་ལ་བལྟ་ཀློག་གནང་བ་དང་། ཁུངས་ལུང་དང་རྒྱབ་རྟེན་གྱི་དཔྱད་གཞིའི་རྒྱུ་ཆ་མང་བོ་འཚོལ་སྡུད་དང་། བདེན་པ་བདར་ཅི་ཐུབ་ཀྱིས་འདོར་ལེན་གནང་བར་མ་ཟད། ཕོ་རབ་གཅིག་གི་བློ་རྩེ་ལས། ཕོ་འབྲིང་གསུམ་གྱི་གྲོས་བསྡུར་དགའ་བའི་དགོངས་དོན་བཞིན། སྐབས་སྐབས་སུ་ཆེད་མཁས་པ་མང་བོ་ཤེས་རིག་གླིང་དུ་གདན་དྲངས་ནས། དབྱེ་ཞིབ་དང་གྲོས་ཐག་ཆོད་པར་བྱས་ཏེ། དཔྱད་བརྡར་མང་དུ་བྱས་པ་དང་། ལྷག་པར་དུ། དྲིན་ཆེན་གྱི་ཕ་དམ་པ་མཁར་བྱམས་ལགས་ཀྱིས། བཀའ་འགྱུར་དག་ཚར་གཅིག་ལ་གསེར་ལྗགས་གྲུབ་པའི་ཞོགས་པ་དེར། ང་ལ་སྙིང་ཉེ་བའི་ཚུལ་གྱིས། བུ་རྒོད་པོ། མ་ལ་བུ་དགོས། བུ་ལ་སྙིང་དགོས། སྙིང་ལ་རུས་པ་དགོས་ཟེར་བས། ང་འཇིག་རྟེན་རྒད་པོ་ཞིག་གིས་བཀའ་འགྱུར་དག་ཚར་གཅིག་བཏོན་ཚར་ན། ཁྱོད་ཀྱིས《རྒྱུན་ཤེས་དཔྱད་མཛོད་ཆེན་མོ》འདི་ངེས་པར་དུ་བརྩམས་གྲུབ་གནང་དགོས་ཞེས་སྐུལ་ལྕག་གནང་བ། མར་མེ་སྣུམ་སྣོན་གྱི་ཚུལ་དུ་གྱུར་བ་དང་། རྟེན་འབྱུང་འདི་ལ་བརྟེན་ནས་ཁོང་སྐུ་གྲོངས་པའི་ཕྱི་ལོ ༢༠༡༤ ཟླ ༤ ཚེས ༨ གྱི་དུས་སྐར་ལ་ཐོན་ཚེ། གཞིས་ཀ་ནས་དུས་མཆོད་ཉིན་བཅོ་ལྔར་བསྒྲུབས་རྗེས། ཞུས་དག་དབུ་རྩོམ་པ་ལ་ཁེལ་བའང་། དོན་གྱིས་དགོངས་རྫོགས་སུ་གྱུར་བར་སྙམ་མོ། །

འོན་ཀྱང་། 《རྒྱུན་ཤེས་དཔྱད་མཛོད་ཆེན་མོ》འདིའི་མགོ་མཇུག་བར་གསུམ་དུ། ཀློག་མཁན་གྱི་ཆ་ནས་ཀྱང་། ལྟ་ཕྱོགས་གཅིག་ལ་། མཐོང་ཕྱོགས་གཉིས་སུ་སོང་བ་དང་། རྩོམ་མཁན་གྱི་ཆ་ནས་ཀྱང་། ཆུ་དྲོད་འཇམ་གྱིས་ཤ་མ་ཚོས་པ་དང་། གཏམ་ཉག་ཉོག་གིས་དོན་མ་གོ་བ་ཡོད་པའི་ཁར། མི་སྐྱོན་མེད་འཛམ་བུ་གླིང་ན་མེད། ཤིང་སྐྱོན་མེད་རྒྱ་རྫོང་ནགས་ན་མེད་པའི་དཔེ་བཞིན། ཚིག་དོན་གཉིས་ཆར་ནས་མ་དག་པ་མང་དུ་འབྱུང་བ་གདོན་མི་ཟ་བས། དཔྱོད་ལྡན་དག་གིས། མི་སྐྱོན་འདོན་དགོས་པ་དང་། ཤིང་སྐྱོན་གཞོག་དགོས་པ་ཁ་ཞེ་གཉིས་མེད་ཀྱི་གཏམ་མོ། །

ཡང་གཅིག་བཤད་ན། 《རྒྱུན་ཤེས་དཔྱད་མཛོད་ཆེན་མོ》འདི་ནི། རང་ཅག་རིག་གཞུང་ཁྲོད། ཨེ་ཡོད་ནང་གི་དེ་ཡོད་དང་། སྒོ་ངའི་ནང་གི་སེར་ཐིག་ལྟ་བུ་ཞིག་མིན་རུང་། བུ་ཨེ་བཟང་བརྒྱ་སྡེའི་ཁ་དང་། འབབ་ཅི་ཡོད་ཁུག་མའི་ནང་དུ་བཅུག་ཡོད་པས། བསྐལ་བའི་ཡུར་བ་ལས། སྲིད་པའི་ཆུ་དྲངས་པའི་རྫ་ཆུ་བསིལ་མ་དེར་རློམ་གཤིས། ཤེས་ལྡན་པ་དག་གི་སྐོམ་སེལ་ཀྱི་བདུད་རྩི་དང་། སྐུ་ཚེའི་ལྟ་གྲུབ་ཀྱི་གསོས་སྨན་དུ་འགྱུར་རྒྱུའི་རེ་སྨོན་དང་སྐྱབས་འཇུག་སྙིང་ཐག་པ་ནས་ཞུ་བ་དང་ཆབས་ཅིག 《རྒྱུན་ཤེས་དཔྱད་མཛོད་ཆེན་མོ》འདིའི་ཐོག་མཐའ་བར་གསུམ་དུ་འགན་སྒྲུབ་དང་། བདག་ལ་ལྷག་བསམ་ཟོལ་མེད་ཀྱིས་ཐུགས་ཁུར་གནང་བའི་གཅུང་བོ་ཤེས་རབ་དང། གཞན་ཡང་། རྒྱུ་ཆ་འཚོལ་སྡུད་སོགས་རམ་འདེགས་གང་མང་གནང་བའི་བློས་ཐུབ་ཀྱི་གྲོགས་པོ་བདུད་འདུལ་རྡོ་རྗེ་རྣམ་གཉིས་ལ་སྙིང་ཁོང་རུས་པའི་གཏིང་ནས་བཀའ་དྲིན་ཆེ་ཞུའོ། །

རྩོམ་པ་པོས ༢༠༡༤ ཟླ ༦ ཚེས ༤ ལ།

ལེའུ་དང་བོ། སྔགས་ཆས་ཀྱི་སྐོར།

དང་བོ། འབུད་པའི་རོལ་མོ།

དུང་དཀར།

སྤྱིར་དུང་ལ་རིགས་བཞི་ཕྱེས་ཡོད་དེ། དུང་དཀར་གཡས་འཁྱིལ། གཟི་དུང་། དུང་དཀར། དུང་དམར་རོ། །དེ་རྣམས་ལས་སྔ་མ་སྔ་མ་མཆོག་ལ། ཕྱི་མ་ཕྱི་མ་ཞན་པའོ། །དུང་འདི་འོག་ཕྱོགས་ཀླུ་ཡི་ཕོ་བྲང་ནས་བྱུང་བར་བཤད་དེ། དུང་གི་སྲིད་པ་བཤད་པ་ལ། ཕ་ནི་གཡུ་འབྲུག་སྔོན་པོ་ལ། །མ་ནི་གསེར་ཉ་གཡུ་གཤོག་ཡིན། །བུ་ནི་དུང་བོ་ཨ་གྲགས་ཡིན། །མཚོ་སྨན་རྒྱལ་མོའི་མིང་བོ་ཡིན། །གདེངས་ཅན་ཀླུ་ཡི་མཆེད་ཟླ་ཡིན། །ཆུ་སྲིན་གདུག་པའི་གཤེད་མ་ཡིན། །ཞེས་གསུངས་ལ། དུང་དཀར་འདི་ཕ་གཡུ་འབྲུག་སྔོན་མོ་དང་། མ་གསེར་ཉ་ལས་འཁྲུངས་པར་བཤད་པ་ནི། ལས་ཚུལ་དང་རྟེན་འབྲེལ་གྱི་རང་བཞིན་སྨྲ་བསམ་བརྗོད་ལས་འདས་པ་སྟེ། དཔེར་ན། ཐང་དཀར་ལ་དུང་ཤྭ་དང་། སྲེ་མོང་མཚེར་མོ་ལ་གཡུ། གླག་མེར་མོ་ལ་སྒྲོག་དང་། ཨབ་ཤ་མཚེར་མོ་ལ་སྦུག་དང་། རྒོ་བ་ཁྱིའུ། ངུར་བ་མཚེར་མོ་ལ་ངུར་ཕྲུག་སྐྱེ་བ་སོགས་འཇིག་རྟེན་གྱི་སྣང་ཚུལ་ཡ་མཚན་མང་དུ་ཡོད་པ་བཞིན་ནོ། །

དུང་དཀར་གྱི་སྒྲ་གྲག་པས་ཕ་རོལ་བོ་ཟིལ་གྱིས་མནོན་པ་སྟེ། བྱང་ཆུབ་སེམས་དཔའ་དམ་པ་ཏོག་དཀར་དགའ་ལྡན་ནས་འཛམ་གླིང་དུ་འཕོ་བར་གཟིགས་ཙ་ན། ལྷའི་བུ་འགའ་ཞིག་གིས། མུ་སྟེགས་པའི་སྟོན་པ་དྲུག་གསུམ་བཅོ་བརྒྱད་ཀྱིས། ཡུལ་མ་རུངས་པར་བྱས་པས། དེ་བཞིན་གཤེགས་པ་འབྱོན་པའི་དུས་མིན་ཞེས། གཤོལ་བཏབ་སྐབས། ལྷའི་བུ་རྣམས་ཀྱིས་རོལ་མོ་ཐམས་ཅད་དུས་གཅིག་ལ་དཀྲོལ་ཡང་། བྱང་ཆུབ་སེམས་དཔའ་ཉིད་ཀྱིས་དུང་དཀར་བུས་པའི་སྒྲ་ཡིས་ཐམས་ཅད་ཟིལ་གྱིས་མནན་པ་དང་། སངས་རྒྱས་ཀྱིས་ཆོས་གསུངས་པའི་ཚེ། བརྒྱ་བྱིན་གྱིས་དུང་དཀར་ཕུལ་བར་གསུངས་པས། ལྷ་ཡུལ་ནའང་དར་སྲོལ་ཆེ་ལ། མི་ཡུལ་ལ་མཚོན་ནའང་། རྡོ་རྗེ་གདན། ན་ལེནྡྲ། བི་ཀྲ་མ་ཤཱི་ལ་སོགས་ཆོས་འཁོར་ཆེན་པོ་རྣམས་སུ་ཆོས་དུང་མཛད་པ་དང་། རང་ཅག་བོད་ལ་ཡང། དཔལ་ལྡན་ས་སྐྱ་བའི་ཆོས་དུང་དཀར་བོ་རྒྱང་གྲགས་ཞེས་ཧ་ཅང་སྔ། ཆོས་དུང་འདི་སངས་རྒྱས་ཀྱིས་ཆོས་འཁོར་བསྐོར་བའི་དུས། བརྒྱ་བྱིན་བྲམ་ཟེ་སྐར་རྒྱལ་དུ་སྤྲུལ་ནས། བཅོམ་ལྡན་འདས་ལ་ཕུལ་བའི་ཆོས་དུང་འཁྲུལ་མེད་ཡིན། དེ་ཡང་སྔོན་རྒྱ་གར་གྱི་རྒྱལ་བོ་དྷི་རྨ་པ་ལའི་སྐུ་རིང་ལ། མུ་སྟེགས་པས་ན་ལེནྡྲ་བཅོམ་པས། རྒྱ་ནག་རྒྱལ་བོ་དེ་བ་ར་ཛཱས་གྲོགས་བྱས་པས། སྐྱེས་ལན་དུ་སངས་རྒྱས་ཀྱི་ཆོས་དུང་འདི་ཕུལ། རྒྱ་ནག་ནས་ས་སྐྱར་ཇི་ལྟར་འབྱོར་ཞེ་ན། རྒྱལ་བོ་གོ་དན་གྱིས་ས་པཎ་ལ་ཕུལ་ཞིང་། དེས་འགྲོ་མགོན་འཕགས་པ་ལ་གནང་བར་བཤད་དོ། །དུང་དཀར་དེ་ལ་རྣམ་བཅུ་དབང་ལྡན་དང་། མཁའ་སྤྱོད་མ་དང་སྤྱན་རས་གཟིགས། བདེ་མཆོག་རྩ་སྔགས། མཁའ་འགྲོའི་བརྡ་ཡིག་སོགས་རང་བྱོན་མང་། འདིའི་གསུང་ཐོས་པས་བསྐལ་བ་མང་བོའི་སྡིག་སྒྲིབ་དག་ཅིང་། ངན་སོང་གི་སྐྱེ་སྒོ་ཆོད་ལ། ཐར་བར་འགོད་པར་མ་ཟད། ས་བཅུད་འཕེལ་བ་དང་། སད་སེར་གནོད་པ་སེལ། འབུད་མཁན་མེད་ཀྱང་རང་སྐད་འདོན་པ་དང་། ཕྱག་མཆོད་བྱས་ཏེ་སྨོན་ལམ་བཏབ་ན་འགྲུབ་པར་གསུངས་སོ། །

ཡང་འབྲས་སྤུངས་ཆོས་དུང་གི་བྱུང་བ་ཡང་། ལང་ཀར་གཤེགས་པའི་མདོ﹙རྒྱ་ནག་འགྱུར﹚ལས། བཅོམ་ལྡན་འདས་ལ་ཀླུའི་རྒྱལ་བོ་མ་དྲོས་པས་དུང་དཀར་བོ་ཞིག་ཕུལ་བ། མོའུ་གལ་གྱི་བུ་ལ་གནང་ནས། འདི་ཁྱོད་ཀྱིས་འགོག་པ་རིར་སྦོས་ཤིག མ་འོངས་པ་ན་དགེ་སློང་པདྨའི་ངད་ལྡན་འདིས་གཏེར་ནས་འདོན་པས། དེའི་ཆོས་དུང་དུ་འགྱུར་གྱི། གཏེར་བདག་སྤྲེའུ་གཟུགས་ཀྱིས་གནས་བྱེད་དོ། །ཞེས་པ་ལྟར། དགའ་ལྡན་ཆོས་འབྱུང་བཻཌཱུ་རྱ་སེར་བོ་ལས། སྟོན་པ་འཁོར་བཅས་ཁ་ཆེར་ཕེབས་དུས། ད་ལྟའི་སློབ་མ་དགེ་སློང་པདྨའི་ངད་ལྡན་འདི་བོད་གདོང་དམར་གྱི་ཡུལ་དུ། བློ་བཟང་གྲགས་པ་ཞེས་བྱ་བའི་དགེ་སློང་དུ་གྱུར། ཞེས་པ་ལྟར། རྗེ་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས། དགའ་ལྡན་འགོག་པ་རི་ནས་གཏེར་ནས་བཏོན། རྗེས་སོར་རྗེ་ཙོང་ཁ་པས་འཇམ་དབྱངས་ཆོས་རྗེ་ལ། ཁྱེད་ཀྱིས་ཆོས་སྡེ་ཞིག་འཐོབ་དང་། མ་དགོན་ལས་བུ་དགོན་དར་རྒྱས་ཆེན་པོ་འབྱུང་ཞེས་ལུང་བསྟན་ཏེ། གཏེར་ནས་བཞེས་པའི་དུང་དཀར་འདི་རྟེན་སྐལ་དུ་བསྩལ། དེ་བཞིན་དགོན་སྡེ་ཁག་ན། དགེ་འདུན་འདུས་པ་རྒྱ་མཚོ། ཚོགས་ལ་ཚོགས་དུས་ཉིས་དུང་འབུད་པ་དང་། ཆོས་ལུགས་ཀྱི་བྱེད་སྒོ་ཕལ་ཆེར་ལའང་འབུད་སྲོལ་ཡོད། ཁྱད་པར་དུ་དུང་དཀར་གཡས་འཁྱིལ་འདི། བྱང་ཆུབ་སེམས་དཔའ་ཞིག་དུང་གི་སྐྱེས་པ་ལྔ་བཞེས་པ་སྟེ། ཀློང་རྡོལ་བླ་མའི་རིན་པོ་ཆེ་བརྟག་ཐབས་ལས། དུང་ནི་སྲོག་ཆགས་དུང་རྣམས་རྗེས་བཟུང་ཕྱིར། །སྐྱེ་བ་ལྔ་བར་བྱང་སེམས་དུང་ལ་སྐྱེས། །ཞེས་དང་། དུང་སྐད་ཐོས་པའི་ཕན་ཡོན་ཡང་། དེ་ཉིད་ལས། གཡས་འཁྱིལ་གསུང་སྐད་ཐོས་པས་ནད་རིགས་སེལ། །ཁྱིམ་དུ་བཅང་ན་འཐབ་རྩོད་མེད་ཅིང་མཐུན། །ཞེས་དང་། ཁྱད་པར་དུ་དུང་སྒྲ་འདི་གོ་བ་ཐམས་ཅད་ངན་སོང་དུ་མི་ལྟུང་ཞིང་། ཐར་བའི་ལམ་སྣ་ཟིན་པར་སྨོན་ལམ་བཏབ་ཡོད་པས། སེར་སྦྲེང་དང་གཙུག་ལག་ཁང་གི་མདུན་ལས། ཉིས་དུང་བྱས་ནས་འབུད་སྲོལ་ཡོད།

ཡང་བོན་གྱི་ལུགས་ལ། དུང་དཀར་འདི་སྟོན་པ་གཤེན་རབ་མི་བོ་ཆེའི་དུས་སུ་རོལ་མོའི་རྣམ་གྲངས་སུ་བྱས་ནས་འབུད་སྲོལ་ཡང་ཡོད་པར་བཤད་དེ། བོན་གཞུང་ལས། དེ་ནས་འཁོར་དུ་གཏོགས་པ་རྣམས་ཀྱིས། སྟོན་པ་ལ་བླ་ན་མེད་པའི་མཆོད་པ་སྤྲིན་གྱི་རྒྱན་ཞེས་བྱ་བ་བཤམས་ནས་ཕུལ་ཏེ། དེ་ཡང་ལ་ལ་ཞིག་ནི་དར་ཕྱར་རོ། །ལ་ལ་ཞིག་ནི་དུང་འབུད་དོ། །ཞེས་དང་། གཡུ་རྔ་དིང་བ་དང་། དུང་བོ་ཨང་གྲགས་དང་། ཞེས་འབྱུང་བ་དང་། མདོ་གཟེར་མིག་ལས་ཀྱང་། རི་མོ། གཉེར་རིས། གཟུང་ཚུལ། སྙན་ཤལ་བཅས་ལ་དཔེ་མཚོན་གྱི་འགྲེལ་བཤད་རྒྱག་སྲོལ་ཡོད་དེ། སྔ་འགྱུར་རྡོ་རྗེ་ཐེག་པའི་རིག་འཛིན་རྒྱ་མཚོས། ལོངས་སྤྱོད་ཆས་གོས་རྒྱན་དང་རོལ་མོའི་རྣམ་བཤད་སྔགས་འཆང་རྒྱན་གྱི་མེ་ཏོག་ལས། ཁ་དོག་དྲི་མེད་དཀར་བ་ནི། །དཀར་ཕྱོགས་དབུ་འཕང་བསྟོད་པའི་བརྡ། །གཡོན་སྐོར་རི་མོའི་མུ་ཁྱུད་ཅན། །ས་ལམ་རིམ་གྱིས་བགྲོད་པའི་བརྡ། །གལ་ཏེ་རི་མོ་གཡས་འཁྱིལ་ན། །བསམ་དགུའི་རེ་སྐོང་རིན་ཆེན་བརྡ། །སྦུབས་སྟོང་ཆོས་སྐུ་འགྱུར་མེད་ལ། །དུང་སྒྲ་འགག་མེད་ལོངས་སྤྱོད་རྫོགས། །ནང་གི་རྐན་གཉེར་རི་མོ་ནི། །སྣ་ཚོགས་སྤྲུལ་བའི་དོན་བྱེད་བརྡ། །རྐན་དབུགས་རྩོལ་བའི་སྒྲ་སྐད་ནི། །ཆོས་རྣམས་རྟེན་ཅིང་འབྲེལ་འབྱུང་བརྡ། །ལྔ་ལྡན་དར་གྱི་སྙན་ཤལ་ནི། །ལམ་ལྔ་མཐའ་རུ་ཕྱིན་པའི་བརྡ། །ཐལ་མོ་པདྨ་རྒྱས་འཛིན་པ། །ཐབས་ཤེས་ཟུང་དུ་འཇུག་པའི་བརྡ། །སྒྲ་སྐད་ཐམས་ཅད་མནོན་པ་ནི། །ནག་པོའི་ཕྱོགས་ལས་རྒྱལ་བའི་བརྡ། །ཡང་། དུང་སྐད་བསྒྲགས་པའི་དགོས་པ་ཡང་། དེ་ཉིད་ལས། དུང་སྐད་ལན་གཅིག་སྟེང་དུ་བསྒྲགས། །ལྷ་ཁམས་མ་ལུས་དབང་དུ་བསྡུས། །ཚངས་པ་བརྒྱ་བྱིན་ལས་ལ་བཀོལ། །དུང་སྐད་གཉིས་པ་བར་དུ་བསྒྲགས། །མི་དང་མི་མིན་དབང་དུ་བསྡུ། །དུང་སྐད་གསུམ་པའི་ང་རོ་ཡིས། །དཀོན་མཆོག་གསུམ་དང་རྩ་བ་གསུམ། །གོང་མ་སྲི་ཞུའི་ཡུལ་ཀུན་མཆོད། །བཞི་བ་ཚངས་པ་བརྒྱ་བྱིན་སོགས། །མགོན་པོ་ཡོན་ཏན་མགྲོན་ཀུན་མཉེས། །ལྔ་བས་ཁམས་གསུམ་འགྲོ་བ་དྲུག། སྙིང་རྗེས་མགྲོན་ཀུན་བདེ་དང་ལྡན། །དྲུག་པས་བགེགས་རྒྱལ་བི་ན་ཡ་ག་སོགས། །བགེགས་རིགས་ལན་ཆགས་དང་བོ་ཚིམ། །དུང་སྐད་བདུན་པའི་སྒྲ་དབྱངས་ཀྱིས། །ཉན་རང་བྱང་སེམས་གནས་ནས་སྤོར། །ཐེག་ཆེན་བླ་མེད་འབྲས་བུར་སྦྱོར། །ཞེས་གསུངས་སོ། །

དུང་ཆེན།

དུང་ཆེན་ནི་བོད་ཀྱི་རོལ་མོའི་བྱེ་བྲག་ཞིག་སྟེ། ལོ་ངོ་སྟོང་ཕྲག་མང་བོའི་ལོ་རྒྱུས་ལྡན་ཞིང་། དགོན་སྡེའི་རོལ་མོའི་ཁྲོད་བྱིན་ཆགས་རྔམ་ཟིལ་ཆེ་ཤོས་ཡིན། དཔྱད་གཞིའི་ཡིག་ཆ་ལྟར་ན་དུང་ཆེན་འདི། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་ཡང་ཡོད་པ་སྟེ། ཁྲི་སྲོང་གིས་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས་གྲུབ་བྱུང་ནས། མཁན་ཆེན་ཞི་བ་འཚོ་དང་། སློབ་དཔོན་པདྨ་འབྱུང་གནས་ཟུང་སྤྱན་འདྲེན་སྐབས། ཟངས་ལས་བྱུང་བའི་དུང་ཡོད་པར་གསུངས་ཏེ། རྒྱལ་བོ་བཀའ་ཐང་ལས། ཟངས་དུང་ཆ་ལང་མཁར་རྔ་གླིང་བུ་དང་། །རྫ་རྔ་པི་ཝང་ཕེག་རྡེབ་རོལ་མོའི་ཚོགས། །ཞེས་གསུངས་པ་ལྟར། ཁྲི་སྲོང་གི་སྐབས་ནས་བོད་ལ་ཟངས་དུང་ཡོད་པར་གསུངས་ལ། བསྟན་པ་ཕྱི་དར་གྱི་སྐབས། ཟངས་དུང་ལ་དཔེ་བྱས་ནས་རག་དུང་བྱུང་བ་ཡིན་ཏེ། ཆོས་འབྱུང་མཁས་པའི་དགའ་སྟོན་ལས། རག་དུང་ཡང་སྔར་མེད་པ་ལ། ཇོ་བོ་སྤྱན་འདྲེན་པའི་ཕྱིར་བཅོས་པ་ཡིན་ཏེ། ལོ་པཎ་སྤྱན་འདྲེན་གྱི་དུང་དུ་གྲགས། དུང་ཆེན་འདི་བུས་ན་བྱང་གི་རྟ་ཁྱུ་འདྲོགས། ཕྱུགས་ཐམས་ཅད་ཐག་པ་བཅད་ནས་བྲོས། ཞེས་བཀའ་གདམས་ལྒིགས་བམ་ལས་གསུངས་པ་དེ་ག་རང་དུ་འདུག་པ་ད་ལྟ་མཐོང་གསལ་ལོ། །

དུང་ཆེན་གྱི་དབྱིབས་ནི། རྩེ་མོ་ནས་སྨད་དུ་ཇེ་སྦོམ་དུ་གྱུར་ལ། ཚིགས་བཞི་ཡོད་ཅིང་། ཕྱེད་སྨད་ཀྱི་དུང་སྦུབས་སུ་དྲངས་ཆོག་ལ། རྩེ་མོ་ཐུར་མ་ཙམ་དུ་ཕྲ་ལ། ཁ་ཀ་ཏོ་ར་ཙམ་དུ་གཡེལ་བ། ཆེ་ཚད་མིས་ཐེག་ཚད་ཙམ་དང་། ཆུང་ཚད་འཁྱེར་བདེའི་འདོམ་ཕྱེད་ཙམ་མོ། །དུང་སྐད་ཡང་འབུད་པ་པོའི་དབུགས་ཀྱི་དམ་ལྷོད་ཀྱིས། ཏིར། འདོར། བསུ་མ། བརྒྱངས། རྦད་བཅད། ཏིར་ཆེན། བརྒྱངས་ཕྲུག་སོགས་སུ་ཡོད་ལ། དེ་ཡང་གཞི་རྩ་གསུམ་དུ་འདུ་སྟེ། རྔ་སྟེང་དུ་སྲན་མ་གཏོར་བ་ལྟ་བུའི་འདོར། བྱ་རྒོད་ཀྱིས་ནམ་འཕང་གཅོད་པ་ལྟ་བུའི་བརྒྱངས། གླང་ཆེན་ངུར་བ་ལྟ་བུའི་ཏིར་རོ། །དེ་ལྟར་སྤྱིའི་འབུད་སྟངས་དེ་འདྲ་ཞིག་ཡིན་མཆི་ཡང་། དགོན་སྡེ་སོ་སོའི་ཕྱག་ལེན་མི་འདྲ་བའི་དབང་གིས་སྣ་མང་ཡོད་མཆི། ཞིབ་ཏུ་དགོན་སྡེ་སོ་སོའི་དུང་ཚིག་དབྱངས་རིས་སུ་གསལ་བ་ལྟར་རོ། །

དུང་ཆེན་འབུད་དུས་ནི། བཀྲ་ཤིས་ཀྱི་ལྷ་བསང་གཏོང་བ་དང་། སེར་སྦྲེང། གར་འཆམ། བསྐང་གསོ། གཟིམ་བརྡ། བསྒྲལ་ལས་སོགས་ཀྱི་ཆོ་གར་འབུད་སྲོལ་ཡོད་ཅིང་། དུང་སྐད་ཐོས་པ་ཙམ་གྱིས་བསྟན་དགྲ་དང་། ལོག་ལམ་དུ་འཕྱན་པ་རྣམས་དོན་སྣོད་ཁར་འབྱིན་པ་ལྟ་བུའི་སྐྲག་སྣང་དང་། དད་ལྡན་སྐྱེ་བོ་དང་བ་འདྲེན་པའི་དགེ་མཚན་ཡོད་པར་མ་ཟད། མི་རིགས་གཞན་དུ་འང་དར་ཁྱབ་ཆེ་ལ། ཁྱད་པར་དུ་བསྐང་གསོའི་སྐབས་སུ། བྱམས་པ་གླིང་བ་དང་། སྤྱན་འདྲེན་དུང་ཚིགས་ཆུ་ཚོད་གཅིག་དང་གཉིས་ཙམ་ལ་འབུད་སྲོལ་ཡོད། དུང་ཆེན་འདི་ཞི་དྲག་གཉིས་ལས། དྲག་ལས་ཀྱི་སྐབས་སུ་གཏོང་བའོ། །ཁ་ཅིག བལ་བོའི་སྡེ་རྙིང་རྣམས་སུ་བག་མ་བསུ་སྐྱེལ་དུ་འབུད་པར་བཤད་པའང་ཡོད་དོ། །

རྒྱ་གླིང་།

བོད་ཀྱི་ཆོས་སྤྱོད་རྒྱ་གླིང་འདི། ལ་དྭགས་རྒྱལ་རབས་ལས། བཙན་པོ་འདུས་སྲོང་མང་བོ་རྗེའི་སྐུ་དུས་སུ། ཇ་དང་རྒྱ་གླིང་བྱུང་བར་འཁོད་ཡོད། དབྱིབས་ནི་ཁ་ཆེ་ཞིང་གཡེལ་ལ། མདའ་ཁྲི། རྐེད། ཕུ་སྟེགས། པི་ཟངས། འདམ་བུ་བཅས་ཆ་ཤས་དྲུག་ལས་གྲུབ་པའོ། །མདུན་དུ་འཐེབ་མིག་བདུན་དང་། ལྟག་པར་མཐེབ་མིག་གཅིག་གོ། རྒྱ་གླིང་འདི་དགོན་སྡེའི་རོལ་མོའི་ཁྲོད་དྲག་ཤོས་ཡིན་ཞིང་། བེད་སྤྱོད་ཀྱི་བྱེད་སྒོ་ཡང་། སེར་སྦྲེང། གར་འཆམ། བླ་མ་ཕེབས་བསུ། སྙན་གསན་འབེབས་པ་སོགས་ནང་བསྟན་གྱི་གྲུབ་མཐའ་རིས་མེད་ཀྱིས་འབུད་སྲོལ་ཡོད། རྒྱ་གླིང་གཏོང་བ་ཡང་། གྲུབ་མཐའ་སོ་སོ་དང་། དགོན་སྡེ་སོ་སོ་ལ་ཕྱག་བཞེས་སྣ་ཚོགས་ཡོད་ཀྱང་། དགེ་ལུགས་པའི་ཆོས་སྡེ་ཞིག་ལ་ཆ་བཞག་ནས་བཤད་ན། ལྷ་མོ་རྒྱས་བསྡུས། རྩ་འཆམ་སིལ་ཆ། ཧོར་གླུ། རྣམ་སྲས། མཛུབ་མོ་བཞི་བ། མགོན་པོ། ཆོས་རྒྱལ། སྒྲ་དབྱངས་མཚོ་འཁོར། ཀ་ལ་པིང་ཀ ཚེ་སྨོན་གླིང་། བཀྲ་ཤིས་ལྷ་མོ། བསྟན་སྐྱོང་མ། ཚལ་བ། མེ་ཏོག་ཆར་འབེབས། གྲུ་འཛིན་ཕོ་བྲང་། བཙུན་མོའི་དབྱངས། བདེ་ཆེན་གླིང་བུ་འམ་ཤན་པའི་ངར་གླུ། སྤྱན་འདྲེན་ལྔ་བཀག ཆོས་འཁོར་རྫ་རི་སོགས་སོ་གཉིས་ཡོད་པ་དང་། རྙིང་མར་མཚོན་ན། རྒྱལ་སྲས་བསྟན་པའི་ཉི་མ་ལ་ཌཱ་ཀིས་བསྩལ་བའི་ལྷ་མོ་ཆེ་ཆུང་། ཁྲ་ཆེན་ཁྲ་ཆུང་། རྒྱ་འབུད། བོད་འབུད། བླ་མ་རྒྱང་འབོད་སོགས་དང་། བསམ་ཡས་དགོན་པར་མཚོན་ན། རྒྱལ་བོ་སྤྱན་འདྲེན། གཡུ་སྒྲོན་སྤྱན་འདྲེན། བཀྲ་ཤིས་མཚོ་མོ། ཨོ་རྒྱན་མཚོ་མོ། ཕེབས་གླུ། ཁམས་གླུ། མེ་ཏོག་ཆར་འབེབས། གར་བ། སྨོན་ལམ་གྱི་གླུ་སོགས་དང་། འབྲུག་པ་བཀའ་བརྒྱུད་པའི་གདན་ས་སྡིངས་བོ་ཆེ་མཚོན་ན། ས་ཟླ་སྤྱན་འདྲེན། གྲུ་འཛིན་ཕོ་བྲང་། འབྲུག་གླུ་ཀུན་བཟང་ཆོས་སྒྲོལ། བྱང་གླུ། བསྟན་འཕེལ་དྲུག་བཀག སྟོད་གྲོང་། སྦྲང་ཚང་འཁོར། ཀརྨ་པ། བསམ་ཡས་ལྕོག་གསོལ། ངང་འཁྱིལ་མ། མགོན་སྐྱབས་མེ་ཏོག་མཆོད་པ། སུར་ཎ། བདུན་བདུན། ཚོང་འདུས་གྲྭ་ཚང་། བཀྲ་ཤིས་ཐུགས་སྨོན། མཐོང་སྨོན་གྲྭ་ཚང་། གཉན་སྦྱོར། མེ་ཏོག་ཆུ་ལེན་སོགས་བརྒྱད་ཅུ་ཡོད་དོ། །

རྐང་གླིང་།

༡ རྐང་གླིང་གི་ཁུངས། རྐང་གླིང་འདི་ལའང་རྒྱུད་ཀྱི་ཁུངས་ཚད་ལྡན་ཡོད་དེ། རྡོ་རྗེ་གཞོན་ནུ་ཐུགས་རྗེ་ཁྲོས་པའི་རྩ་རྒྱུད་ལས། བརླ་ཡི་རྐང་ལ་འབུད་པའི་དུང་། །ལྕང་ལོ་མཚན་དང་ལྡན་པ་ལ། །མ་མོ་མཁའ་འགྲོའི་རྟེན་དུ་བཅང་། །ཞེས་དང་། བདུད་རྩི་བམ་བརྒྱད་ལས། རྐང་བུ་འབུད་ཅིང་ཀུ་ཤའི་གླུ་བླངས། །ཞེས་དང་། རོ་ལངས་གསང་བའི་དཀའ་འགྲེལ་ལས། རྐང་ཆེན་ལ་སོགས་གླིང་བུ་འབུད་པར་བྱ། །ཞེས་སོ། །བོན་གྱི་དབང་དུ་བཏང་ནའང་སྔ་མོ་ནས་ཡོད་དེ། བོན་གྱི་ཡིག་ཆ་འགར། ཞང་ཞུང་དབལ་གྱི་བྲག་ཕུག་རོང་ཆེན་དུ། །དབལ་བོན་ཆེན་པོ་སྟག་ལ་མེ་འབར་གྱིས། །སྲིན་པོ་ཕོ་མོ་བསྒྲལ་བའི་བརླ་རྐང་ལ། །བསྟན་པའི་དགྲ་དཔུང་བཤིག་པའི་རྐང་གླིང་བཟོ། །ཞེས་བཤད་དོ། །

༢ རྐང་གླིང་དར་ཚུལ་དང་རྒྱུ་མཚན། རྐང་གླིང་ནི། དཔའ་བོ་དམག་ཐོག་ཏུ་ཤི་བ་འམ། སྐྱེས་པའམ་བུད་མེད་གཙང་མ་རང་བཞིན་གྱིས་ཤི་བའི་རུས་རྐང་ལས་བཟོས་པའི་གླིང་བུ་སྟེ། རྐང་གླིང་གི་ཆེད་དུ་མི་གསད་ནས་རྐང་གླིང་བཟོ་བ་ནི། ནང་བསྟན་ལས་ཕྱིན་ཅི་ལོག་ཏུ་སོང་བའོ། །བཅུ་དྲུག་མཆོག་རྐང་ནི་ཁྱད་དུ་འཕགས་པར་བཤད་དེ། དེ་ཡང་བུ་མོ་ལོ་བཅུ་དྲུག་ལོན་པའི་ཚེ། བུ་འདོད་ཅིང་བཙས་མ་ཐག་ཏུ་འཆི་བའི་བམ་རྐང་ཞེས་པ་དེ་ཡིན་ཞིང་། རྒྱུ་མཚན་ནི་འཆི་དུས། བུ་དེ་ཉིད་ཡིད་ལ་བྱེད་ཅིང་སྙིང་རྗེ་ཚད་མེད་སྐྱེས་ནས་འཆི་བས། དེའི་བརླ་རྐང་ལས་བྱས་པའི་སྐད་ཐོས་པ་ཙམ་གྱིས། ལྷ་སྲིན་འདྲེ་གསུམ་གང་ཡིན་ཡང་སྙིང་རྗེའི་སེམས་སྐྱེས་པར་གྲགས། ཕྱིས་སུ་འང་ཁ་ཅིག བླ་མ་བྱང་སེམས་ཅན་དང་། གྲུབ་ཐོབ་དང་། མཁའ་འགྲོ་མ། བུད་མེད་སྙིང་རྗེ་ཅན་གྱི་རྐང་གླིང་བཟང་བར་ཡང་བཤད་དོ། །རྐང་གླིང་འདི་རྒྱ་གར་ན་ཡོད་མཆི་སྟེ། ལོ་ཙཱ་བ་རིན་བཟང་གི་རྣམ་ཐར་ལས། ཁོང་རྒྱ་གར་ལ་ཕྱིན་སྐབས། རྣལ་འབྱོར་བ་གཅེར་བུ་ཞིག་གིས་མི་རྐང་གི་གླིང་བུ་འབུད་པ་མཇལ་ཚུལ་དང་། རྣལ་འབྱོར་བས་བླ་མའི་དབུ་ལ་མི་རྐང་གི་གླིང་བུ་དེ་ལན་གསུམ་དུ་བསྐོར་ཚུལ། རྐང་གླིང་གི་སྒྲ་ཐོས་པ་ཙམ་གྱིས་སྟག་ཡང་ལམ་གཟིར་ཚུལ་སོགས་བྲིས་ཡོད། རང་རེའི་ཡུལ་དུ་ཕལ་ཆེར་དུས་རབས་བཅུ་གཅིག་པའམ་བཅུ་གཉིས་པའི་ནང་ཕ་དམ་པ་སངས་རྒྱས་དང་། མ་ཅིག་ལབ་སྒྲོན་སོགས་ལས་ཞི་བྱེད་གཅོད་ཀྱི་ལུགས་དར་བ་སྟེ། གཅོད་དེ་ལ་ཕྱི་ནང་དོན་གསུམ་དུ་དབྱེ་ཡོད་ལ། གཉན་ས་རི་ཁྲོད་འགྲིམས་པ་ཕྱི་ཡི་གཅོད། ཕུང་བོ་གཟན་དུ་བསྒྱུར་བ་ནང་གི་གཅོད། ཉག་གཅིག་རྩད་ནས་གཅོད་པ་དོན་གྱི་གཅོད། ཅེས་གསུངས་པ་ལྟར། རྣལ་འབྱོར་བའི་གཅོད་སྐྱོང་སྐབས། གཅོད་རྐང་དར་བ་ནས་རིམ་བཞིན་ཆོས་ལུགས་ཀྱི་ཆོ་ག་མང་བོར་བེད་སྤྱོད་བཏང་བ་ཡིན། དཔེར་ན། རྐང་གསོ། གཏོར་རྒྱག སྦྱིན་སྲེག གར་འཆམ། སེར་སྲུང་སོགས་སུ་འབུད་སྲོལ་ཡོད་ལ། སེར་སྲུང་སྔགས་པས་སེར་བའི་གནོད་འཚེ་འགོག་སྐབས། རྐང་གླིང་བུས་ཏེ་སྲུང་མ་ཐུབ་ན། དེ་ལ་འཕྱ་སྨོད་བྱེད་པ། དམངས་གཞས་ཚུན་ནའང་ཡོད་དེ། སེར་བ་བྱ་གསར་སྒོ་ངས། །འབྲས་བུའི་ཡ་ཟམ་བཅག་སོང་། །ཐུན་རྭ་རྒྱ་གར་རྐང་གླིང་། །གདང་བུའི་རྒྱན་ཆ་ཡིན་འགྲོ། །གསུངས་ལ། ཁྱད་པར་དུ། རྐང་གླིང་མཆོག་ཏུ་གྱུར་བ་ནི། ཨ་ཙཱ་རའི་རྐང་ལ་རྐང་གླིང་བྱས་པ་འདི་དང་། བཅུ་དྲུག་མཆོག་རྐང་གཉིས་ཡིན་པར་སྨྲ། དེ་ཡང་གོང་གསལ་དམངས་གཞས་ལས། ཐུན་རྭ་རྒྱ་གར་རྐང་གླིང་། །ཞེས་པ་ལས་ཀྱང་རྟོགས་ལ། རྒྱ་གར་རྐང་གླིང་ཞེས་པ་ཨ་ཙཱ་རའི་རྐང་གླིང་ལ་ཟེར། ཨ་ཙཱ་ར་གྲོངས་པའི་རྐང་གླིང་ཕྲ་ལ་རིང་ཞིང་། གསུང་སྐད་ལེགས་རབ་བཤད་པས། རྟོགས་ལྡན་པ་ཚོས་ཕྱག་ཏུ་ཐོགས་པ་མང་། མྱང་སྨད་དགའ་སྡོང་དགོན་དུ་ཨ་ཙཱ་རའི་རྐང་གླིང་ཆ་གཅིག་ཡོད་པར་བཤད་པ་དང་། ས་སྐྱ་དགོན་དུའང་མོན་པའི་ཨ་ཙཱ་ར་ཞེས་ལྷ་མ་ཡིན་ལྟ་བུ་ཞིག་ཡོད་པ་དེའི་རྐང་གླིང་མགོན་ཁང་དུ་ཉར་ཚགས་བྱས་ཡོད་ཟེར། གཞན་སྐྱེས་པ་དར་མ་གྲི་ཤིར་ཐེབས་པའི་བརླ་རྐང་གཡོན་པ་ལ། གསང་གླིང་ཞེས་བྱ་སྟེ། མཁའ་འགྲོ་འབོད་པའི་རྟེན་དང་། བུད་མེད་དར་མ་གྲི་ཤིར་ཐེབས་པའི་རྐང་གླིང་ནི། དཔའ་བོ་འབོད་པའི་རྟེན་དུ་གྲགས་སོ། །

༣ རྐང་གླིང་གི་མདོག་དང་དབྱིབས། རྐང་གླིང་དཀར་བོ་རབ། སྨུག་པོ་འབྲིང་། ཁྲ་བོ་ཐ་མ། ཐལ་སྐྱ་ལ་སོགས་པ་ཕལ་བ་སྐྱོན་དུ་འགྱུར་བས་འཆང་མི་རུང་ངོ་། །དབྱིབས་སུ་མི་རུང་བ་ནི། དུམ་བུར་འཁྱོག་པ་དང་། གས་པ། སིལ་མང་བ། སངས་པ། ཤད་ཤད་བོ་དང་། སྦོམ་པ། སྐད་འདོར་འདོར་རོ། །ཟུར་མང་བ། ལེབ་ལེབ་བོ་སོགས་མིག་ལམ་དུ་མི་སྡུག་པ་འཆང་དུ་མི་གཏུབ་ལ། དབྱིབས་སུ་རུང་བ་ནི། གདོང་གྲིང་གྲིང་བོ་ནང་ངོས་སུ་གུག་པ་དང་། ཁ་བོ་ཆེ་དངུལ་དང་རག་ཏུང་ལས་བྱས་པ། རྐང་གཞུ་རྭ་ལྟར་གུག་པ། མི་སྣ་ལྟ་བུའི་ཁ་བོ་ཆེ་ཆུ་སྲིན་དང་ཉ་མོའི་ཁ་བཞིན་གཡེལ་བའོ། །

༤ རྐང་གླིང་འབུད་སྟངས་ནི། རྐང་གླིང་འབུད་དུས། ལྕགས་དང་ཟངས། ཤིང་དང་རྭ་ཅོ་ལ་གླན་ཏེ་འབུད་དུ་མི་རུང་བ་ལ། ལྷག་པར་དུ་གཡག་ནག་གི་རྭ་ནི་མནན་པ་བྱེད་པའི་སྣོད་ཡིན་ཅིང་། རྫས་ངན་མ་རུངས་པ་ཡིན་པས། དེ་ལ་རྐང་གླིང་སྤྲད་ནས་བུས་ན། ཐོས་པ་པོ་ཡིད་མི་བདེ་ཞིང་། གནོད་པའི་སེམས་སྐྱེས་ལ། གང་དུ་སྒྲོགས་པའི་སར་བཀྲ་མི་ཤིས་པ་སྣ་ཚོགས་འབྱུང་བར་བཤད་དོ། །ཕུང་བོ་གཟན་བསྒྱུར་གྱི་སྐབས་སུ། རྐང་གླིང་བུས་ཏེ་ལྷ་འདྲེ་བསྡུ་བའི་བརྡ་སྒྲོན་པ་ལ། སྐྱབས་འགྲོ་སེམས་བསྐྱེད་ཀྱིས་རྩིས་ཟིན་པའི་སྒོ་ནས། ཐོག་མར། ཕཊཿདྲག་པོ་གསུམ་བརྗོད་ཅིང་། དུང་སྐད་གསུམ་གཏོང་བ་སྟེ། དུང་སྐད་དང་བོའི་སྐབས་སུ་དམིགས་པ་དང་བཅས། ཀྱེ། ཐམས་ཅད་ཉོན་ཅིག ཅེས་པའི་སྒྲ་ཕྲ་ལ་གྲིམ་ཅིང་སྙན་པ་དེ། ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱིས་སང་ངེ་ཐོས་པས། ཐམས་ཅད་སོ་སོའི་ལས་སྤྱོད་པ་ལ། མི་ཁོམ་པ་ཅི་ཡོད་ཀྱང་ལས་འཕྲོ་བཅད་དེ། ཐམས་ཅད་གྲོང་ངེར་ཉན་ནས། འདིར་འོང་བའི་སྤྲོ་བློ་བུན་གྱིས་སྐྱེས་པར་བསམ། དུང་གཉིས་པའི་སྐབས། ཀྱེ། ཐམས་ཅད་འདིར་འདུས་ཤིག ཅེས་པའི་སྒྲར་ཐོས་པར་བསམ་ལ། དེ་དག་ཐམས་ཅད་ཟིང་སྟེ་རང་རང་ཕྱོགས་ནས་བྱུང་བར་བསམ། དུང་གསུམ་པའི་སྐབས། ཐམས་ཅད་འུར་གྱིས་འདུས་ནས། ཀུན་གྱིས་རང་ལ་དད་པ་དང་། ཕཊཿགདབ་པ་ཡང་དམིགས་པ་དུང་དང་མཚུངས་པའོ། །གཞན་ཡང་། གཅོད་ཀྱི་སྐབས་སོགས་ལ་རྐང་དུང་གི་མཚན་ཉིད་ཞིབ་ཕྲ་སྒོས་མ་ཅིག་ལབ་སྒྲོན་གྱི་གཅོད་གཞུང་ཆེན་མོ་ལས་འབྱུང་བ་བཞིན། གནས་སྐབས་དང་རྒྱུན་གྱི་ཐུན་ཚོད་འཛིན་པ་སོགས་འདིའི་རིགས་ལའང་འབུད་ལུགས་ཀྱི་སྐད་འགྱུར་ཚད་དང་ལྡན་དགོས་ཕྱིར། དེང་སང་བཀའ་བརྒྱུད་པ་དག་གི་དགུ་འབུད་ཟེར་བ་འདི་ལ་ནི་བདེ་མཆོག་གི་རྩ་སྔགས་ཡི་གེ་བདུན་པ་ཉིད་ཀྱི་བརྡ་སྐད་ཡིན་པར་གསུངས་པ་ནི། ཡི་གེ་བདུན་པ་ལ་ཨོཾ་གཅིག་ལས་མེད་ཀྱང་སྐབས་འདིར་ཕག་མོའི་ཨོཾ་གསུམ་མ་དང་བསྟུན་པའི་བརྡ་སྐད་བྱ་བ་ཡིན་པས། ཐོག་མར་ཨོཾ་་་ཨོཾ་་་་་ཨོཾ་་་་་ཞེས་འབྱུང་བ་གསུམ་འབུད་ལ། དེ་ནས་ཧྲཱྀཿཞེས་བྱ་བ་རིང་བ་གཅིག དེ་ནས་ཧ་ཞེས་བྱ་བ་རིང་བ་གཅིག དེ་ནས་ཧ་འ་འ་འ་འ་འ་ཞེས་བྱ་བ་རྒྱང་རིང་ལ་ལྡེམ་འགྱུར་ཡོད་པ་གཅིག དེ་ནས་ཧཱུཾ་ཧཱུཾ་ཞེས་ཐུང་བ་གཉིས། དེ་རྗེས་ཕཊཿཞེས་ཅུང་རིང་བ་བྱས་པ་སྟེ། དགུ་འབུད་ཅེས་པའི་ཐ་སྙད་བཏགས་པ་ནི། དེང་སང་ཀརྨ་བཀའ་བརྒྱུད་དང་འབྲུག་པ་བཀའ་བརྒྱུད་དག་གི་འབུད་སྲོལ་ལོ། །ཡང་གསང་སྔགས་རྙིང་མའི་ལུགས་ལྟར་ན། སྔོན་ཚེ་མདོ་ཁམས་ཀ་ཐོགས་ཀྱི་གྲུབ་ཐོབ་དམ་གཙང་བྱམས་གསུམ་སོགས་ཀྱི་ཞལ་བཀོད་ལ་རྐང་གླིང་བདུན་འབུད་འདི། བླ་མ་གསོལ་བ་འདེབས་པའི་བརྡ་སྐད་ཡིན་ཚུལ་ནི། དང་ཐོག་མཆོད་མཆོད་ཅེས་པ་འདི་གཉིས་ཀྱི་སྔ་མ་རིང་ཙམ་དང་ཕྱི་མ་ཐུང་བར་བྱ་ལ། དེ་ནས་བླ་མ་བླ་མ་ཞེས། བླ་མའི་རྒྱང་འབོད་ཀྱི་ཚིག་འདི་གཉིས་ཀ་རིང་བོར་བྱ་ཞིང་། དེ་ནས་བླ་མ་མཁྱེན་མཁྱེན་ཞེས་པའི་ཚིག་འདི་གཉིས་རྒྱང་རིང་ཞིང་། ལྡེམ་འགྱུར་དང་བཅས་བྱ་ལ། དེའི་རྗེས་ཕཊཿཕཊཿཞེས་པའི་ཚིག་འདི་གཉིས་སྔ་མ་ཅུང་ཟད་རིང་བ་ཙམ་དང་། ཕྱི་མ་ཐུང་བ་རྦད་ཀྱིས་བཅད་དེ་བཞག་པ་ཡིན་ལ། དེ་ལྟར་རང་རྩ་བའི་བླ་མ་འབོད་པའི་རྒྱང་འབོད་གསུམ་པོ་དེ་ལའང་། མགོ་མ་ཤེད་ཆེ་བ་ལ། མཇུག་ཏུ་རིམ་པར་ཆུང་བར་ནར་གྱིས་བཞག་པ་འདི་ནི་བླ་མ་དྲན་པའི་མོས་གུས་གདུང་ཤུགས་རང་རྒྱུད་ལ་སྐྱེ་བའི་ཕྱིར་ཡིན་པ་དང་། བརྡ་སྐད་འདི་འབོད་ལུགས་ལ་མཁས་པ་ཞིག་བྱུང་ཚེ་སྣང་བ་འགྱུར་ཏེ། སྐྱོ་ལྷང་ལྷང་གིས་རྐང་གླིང་གཏོང་ནུས་ཞིག་ཡོང་བར་གསུངས་ལ། དེ་ལྟའི་རྐང་དུང་འབུད་ལུགས་ལའང་བརྡ་སྐད་ཚད་ལྡན་ཐུན་མོང་མ་ཡིན་པ་རེ་ཡོད་དོ། །དགེ་ལུགས་པའི་དགོན་པ་འགའ་ཞིག བསྐང་གསོའི་སྐབས་ཛག་རིང་ཛག་ཐུང་དང་། གུར་མགོན་ལྕམ་སྲིང་གི་བསྐང་གསོར་རྟ་སྐད། བསྒྲལ་ཆོག་དང་གཏོར་རྒྱག་སྐབས་བསྣོལ་རྐང་སོགས་དང་། ས་སྐྱ་དགོན་ལ་མཚོནའང་བསུ་རིང་བསུ་ཐུང་། རཀྟ་དམར་ཆེམསམ། རྐང་གླིང་སྙན་པའི་རོལ་མོ། སྤྱང་ཀིའི་ངུར་སྐད་སོགས་ཡོད་དོ། །

ཡང་། སྨིན་གྲོལ་གླིང་ལ་མཚོན་ན། ཟླ་རེའི་ཚེས་གསུམ་དང་། བརྒྱད། བཅོ་ལྔ་བཅས་ལ་ལྷ་བསང་གཏོང་སྐབས་སྙན་གསན་ལ། ལྷ་རྒྱལ། ཐུགས་རྗེ་ཆེན་པོ། རྡོ་རྗེ་སྒྲ་དབྱངས། དཔལ་མགོན་ལྕམ་དྲལ། རྒྱལ་བའི་བསྟན་སྲུང་། དམ་ཆེན་མགོ་ཐོག བཀྲ་ཤིས་འཁྱིལ་བ་བཅས་དང་། ས་སྐྱ་བར་མཚོན་ནའང་། སྙན་གསན་ཆེན་མོ། དམ་ཅན་མ། གསོལ་ཇ་རྒྱས་བསྡུས། དམ་ཅན་མ་ལྔ་ཚིག སྙན་གསན་ཆེན་མོ་ལྔ་ཚིག ལྷ་རྒྱལ་རྒྱས་བསྡུས། སྤྱན་འདྲེན། མཆོད་རོལ། དྷི་ཎ་མེ་ཀེ སྐུ་གསུང་ཐུགས། ཚིག་རོལ། ནས་འདྲ་མ་སོགས་སོ། །

རྐང་གླིང་འདི་སྟོང་ཉིད་ཀྱི་མཚོན་དོན་དང་། སྐབས་འགར་སྤྱན་འདྲེན་དང་། བཟློག་པ། ཐུགས་དམ་བསྐང་བ། འཕྲིན་བཅོལ་སོགས་ལ་འབུད་ཅིང་། གཞན་ཕུང་བོ་ལ་ཆགས་ཞེན་བཟློག་པ་དང་། མི་རྟག་པར་དྲན་སྐུལ་གྱི་ཆེད་དུ་འང་ཡིན་ནོ། །

༥ རྐང་གླིང་གི་མཚོན་དོན། ཁ་དོག་དཀར་ལ་སྣུམ་པས་གཟུང་འཛིན་གྱི་མཚན་མ་རང་ཞིར་སོང་བ། སོར་བཅུ་གཉིས་ཀྱིས་རྟེན་འབྲེལ་བཅུ་གཉིས། བུ་ག་དང་བོ་ཅ་ཡི་དབྱིབས་ཅན་གྱིས་ཆོས་ཉིད་མི་འགྱུར་བ། ངར་གདོང་རྣོ་བས་འཁོར་རྩ་གཅོད་པར་མྱུར་བ། རྐང་མཚམས་ལེབ་ཙམ་གཞོང་བས་མ་མོའི་བྲོ་ར། སྦུབས་སྟོང་གཉིས་ཡོད་པས་ཐབས་ཤེས་ཟུང་འཇུག་མཚོན་ནོ། །

རྭ་དུང།

རྭ་དུང་འདི་ལའང་རྒྱུད་ཀྱི་ཁུངས་ཡོད་དེ། རྒྱུད་མངོན་བརྗོད་བླ་མ་ལས། དུང་དང་རྭ་དུང་པ་ཊ་ཧ། །ཞེས་དང་། མཁའ་འགྲོ་རྒྱ་མཚོ་ལས། ཟངས་དུང་མ་དང་རྭ་དུང་མ། །ཞེས་སོ། །རྭ་དུང་ནི་རྐང་གླིང་ལ་དཔེ་བྱས་ཏེ་དར་བར་བཤད་ལ། རྭ་དུང་གི་རྒྱུ་ཆ་རྭ་ཅོ་ཡིན་ལ། དེ་ཡང་མ་ཧེ་དང་གླང་རྭ་ཡང་རུང་ལ། ཁྱད་དུ་འཕགས་པ་ནི། རི་དྭགས་ཁྲི་གཉན་གྱི་རྭ་ཡིན་པར་བཤད། རྒྱུ་མཚན་ནི་རི་དྭགས་འདི། སྔོན་བྱང་ཆུབ་སེམས་དཔའ་ཞིག སྟོང་ཉིད་ཀྱི་རྩིས་མ་ཟིན་པར་སྙིང་རྗེ་ཁ་རྐྱང་དུ་གོལ་བས། ཕྱི་མ་ཁྲི་སྙན་དུ་སྐྱེས་པར་བཤད་ལ། རི་དྭགས་དེའི་རྭ་ཡིན་ན་སེམས་ཅན་ལ་ཕན་ཐོགས་པའི་རྟེན་འབྲེལ་གྱི་གནད་ཆེ་བར་བཤད། རྭ་དུང་འདི་དགེ་བཤེས་པོ་ཏོ་བ་སོགས་ཀྱིས་བསྣམས་པར་གྲགས་ལ། འདིའི་སྒྲ་ཐོས་པས། རྔོན་པའི་ཁྱི་ཡིས་རི་དྭགས་མི་གསོད་པ་དང་། ཉ་བས་ཉ་མི་གསོད་པ་སོགས་ཀྱི་ཡོན་ཏན་ཡོད་པར་བཤད་དོ། །ཡང་། རྭ་དུང་འདི་རྙིང་མའི་དགོན་སྡེ་མང་བོར་བསྙེན་སྒྲུབ་ཀྱི་ཐུན་གཅོད་དང་གྲོལ་དུས་ཀྱི་ཚད་འཛིན་བྱེད་དུའང་བཀོལ་སྲོལ་ཡོད། འབུད་ཚུལ་མི་འདྲ་བ་གྲུབ་མཐའི་མཁན་པོ་དག་གི་ཞལ་ཤེས་ལས་རྟོགས་པར་བྱའོ། །

གླིང་བུ།

༡ གླིང་བུའི་ཁུངས་ནི། རྒྱུད་ལས་མཆོད་པ་དང་། དཀྱིལ་འཁོར་སྒྲུབ་པ། རིག་མ་མཆོད་པ། ཚོགས་འཁོར་སོགས་དང་། ད་ལྟ་བླ་མ་བསུ་ཕེབས་དང་། སེར་སྦྲེང། ཐ་ན་གླུའི་རམ་འདེགས་དང་། འཇིག་རྟེན་གྱི་དགའ་སྤྲོ་སོགས་མཚོན་པའི་དབྱངས་སྣ་ཚོགས་ལའང་བཀོལ་བའོ། །གླིང་བུ་འདི་ཡང་རྒྱུད་ལས་བསྟན་པའི་ཁུངས་ཡོད་དེ། ཁྲག་འཐུང་མངོན་འབྱུང་ལས། གླུ་དང་གླིང་བུ་གར་ལ་སོགས། །ཞེས་དང་། དཔུང་བཟང་ལས། གླིང་བུ་པི་ཝང་རྫ་རྔ་ཆེན་པོའི་སྒྲ། །ཞེས་སོགས་ནང་བསྟན་གྱི་གཞུང་ལས་མང་དུ་འབྱུང་ངོ་། །

བོན་ལུགས་ལ་མདོ་དྲི་མེད་གཟི་བརྗིད་སོགས་སུ། ལ་ལ་ནི་གླིང་བུ་འབུད་དོ། ཞེས་གསལ་བར་གསུངས་པ་དང་། ཡང་ཆོས་འབྱུང་མཁས་དགའ་ལས། བཞི་བ་ཐོག་རྗེ་ཐོག་བཙན་སྐུ་རིང་ལ། །ལྷ་ཡི་རོལ་མོ་གླིང་བུ་ཅག་པར་བྱུང་། །ཞེས་སོ། །

༢ གླིང་བུའི་རྒྱུ་ནི། གསེར་དང་དངུལ། སྟོང་། ལྗོན་དམར། ར་གན་ལས་གཞན། སྨྱུག་གླིང་། ཤིང་གླིང་། ལྕགས་གླིང་། རྫ་གླིང་། རྒོད་གླིང་སོགས་སོ། །

༣ གླིང་བུའི་དབྱིབས་ནི། སྨྱུག་མ་འམ་ཙན་དན་ལས་བྱས་པ་དེ་ལ་བུ་ག་མང་དུ་དོད་པ་དུང་ཆེན་དང་འདྲ་ཞིང་། དེ་ལས་ཆུང་བ་ཞིག་ཡོད་པ་དེ་ལ་རྒྱ་གླིང་དང་། གཞན་སྙུག་སྦུག་ལ་བུ་ག་མང་དུ་ཡོད་པ། ཁ་དང་མཛུབ་གུའི་དམ་ལྷོད་བར་ན་འབུད་པའི་འཕྲེད་གླིང་དང་། གཞན་རྫ་དང་། རྭ་ཅོ། རྒོད་ཀྱི་དང་རི། རྐང་རུས་སོགས་ཀྱིས་བཟོས་པའང་ཡོད་དོ། །

༤ འབུད་ཚུལ་ནི། ཆོས་ལུགས་ཀྱི་དབང་དུ་བཏང་ན། སྨིན་གླིང་ལུགས་ལ་ལྷ་མོ་ཆེ་ཆུང་དང་། ཁྲ་ཆེ་ཁྲ་ཆུང་། རྒྱ་འབུད། བལ་འབུད། བླ་མ་རྒྱང་འབོད་སོགས་ཡོད་པ་ལས་གཞན་གྲུབ་མཐའ་སོ་སོར་མི་འདྲ་བ་ཡོད་ལ། ད་ལྟ་འཕྲེད་གླིང་ནི་འཇིག་རྟེན་ལུགས་སུ་དར་སོ་ཆེ་སྟེ། དེ་ནི་བཟོ་བདེ། འཁྱེར་བདེ། གཏོང་བདེའི་རོལ་མོ་ཁྱད་པར་ཅན་ཞིག་གོ། སྤྱིར་ན། གླིང་བུ་ལྟ་བུ་སྒྲ་སྙན་གྱིས་སྒྲ་དམའ་སར་འཁོར་བ་ཆུ་ནང་དུ་ཉ་འཁྱུག་པ་ལྟ་བུ་དང་། སྒྲ་བར་མའི་རོལ་མོ་རི་ལྡེབས་ལ་རི་དྭགས་རྒྱུག་པ་ལྟ་བུ། སྒྲ་མཐོ་བའི་རོལ་མོ་གངས་སེང་གནམ་དུ་མཆོངས་པ་ལྟ་བུ། སྒྲ་མཐོ་དམའ་བར་གསུམ་རམ་འདེགས་བྱེད་པ་ནམ་མཁར་བྱ་འཕུར་བ་ལྟ་བུ་ཡིན་པར་བཤད་དོ། །

བཤུག་པ།

བཤུག་པ་འདི། སྔགས་ཚིག་བཤུག་པ་བརྡ་ཡིས་མཚོན་ནས་ཀྱང་། །མ་ལུས་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ཞེས་སྒྲུབ་པའི་སྤྱན་འདྲེན་དང་། བྱིན་འབེབས་དགུག་གཞུག་སོགས་ལ་འབུད་སྲོལ་ཡོད་ལ། དེ་ལའང་རྒྱུད་ཀྱི་ཁུངས་ཚད་ལྡན་ཡོད་དེ། ཕུར་བ་གསང་རྒྱུད་ལས། རང་བཞིན་ཡེ་ཤེས་ཁྲོ་ཚོགས་རྣམས། །རྡོ་རྗེ་བཤུག་པའི་སྤྱན་དྲངས་ནས། །ཤེས་རབ་མ་ལ་བསྟིམ་མཆོད་སྒྲུབ། །ཅེས་དང་། རོ་ལངས་གསང་བའི་དཀའ་འགྲེལ་ལས། བཤུག་གླུ་ལེན་པའི་ལས་རྣམས་དང་། །འཁོར་རྣམས་སྐུལ་བའི་ཐབས་མཆོག་ཡིན། །ཞེས་སོ། །བཤུག་པའི་མིང་གི་རྣམ་གྲངས་ལ་སི་འམ་ཤུ་ཞེས་སྒྲའི་འབྱིན་ཚུལ་གྱིས་འབོད་པའང་ཡོད། དེ་ཡང་རྒོད་རྐང་དང་། རྭ་རྩེ། སྙུག་ཚིགས། རྫ་སོགས་ཀྱིས་བཟོས་སོ། །དེ་ཡང་ཀྲེ་ཅང་ཞིང་ཆེན་ཀྱི་ཧཱ་མུའུ་ཏུའི་གནའ་ཤུལ་དུ་འདབ་ཆགས་ཀྱི་རྐང་རུས་ལས་བཟོས་པའི་བཤུག་པ་དང་། རྨ་ཆུའི་སྟོད་རྒྱུད་ཀྱི་ཁཱ་ཡའི་གནའ་ཤུལ་ལས་བུད་པའི་བཤུག་པའི་རིགས་ལ་བརྟགས་ན། ལོ་ངོ་བདུན་སྟོང་ཡས་མས་ཀྱི་ལོ་རྒྱུས་ཡོད་པར་བཤད་དོ། །

འབུད་ཚུལ་ནི། བཤུག་པ་དགོས་པའི་གཞུང་ཚིག་དང་བསྟུན་ཏེ། མཐེབ་མཛུབ་ཁ་ལ་སྦྱར་ནས་འབུད་པ་དང་། ཡང་སྲི་མནོན་གྱི་སྐབས་སུ་འགུགས་ཐབས་སུ་སྲོད་ལ་ཤུ་དྲག་པོ་བུས་ཏེ། བརྗོད་ཚིག་ལ། སི་ལས་སྣ་འདྲེན་ཆེ་བ་མད་དོ། །དེ་དགོང་ཙམ་ལས་སྐྱིད་པ་མེད་དོ། །ཞེས་བརྗོད་དེ་ལག་གཡས་སུ་གཡབ་དར་ནག་པོ་ཐོགས་ནས་གནོད་འདྲེ་དགུག་གཞུག་བྱེད་སྲོལ་ཡོད་དོ། །དགེ་ལུགས་པའི་ལྕགས་མཁར་རྫོགས་སྐབས་སུ་འབུད་སྲོལ་ཡོད་པ་ལྟར། གྲུབ་མཐའ་རང་རང་གི་ཞལ་ཤེས་ལས་རྟོགས་པར་བྱའོ། །ཡང་སྔོན་དུས་སུ་རྔོན་རྒྱག་སྐབས་འདབ་ཆགས་རྣམས་འགུགས་ཐབས་སུའང་ཤུ་འབུད་སྲོལ་ཡོད་དོ། །

གཉིས་པ། རྡུང་བའི་རོལ་མོ།

རྔ།

༡ རྔའི་དབྱེ་བ། དཔལ་ནག་པོ་ཆེན་པོའི་རྒྱུད་ལས། འདུས་མ་བྱས་རང་བྱུང་དབྱིངས་ཀྱི་རྔ་དང་། འདུས་བྱས་རྟགས་ཀྱི་རྔ་གཉིས་གསུངས་པ་ལས། དང་བོ་ནི། གནམ་མཐའི་རི་རྩེ་ཟླུམ་པོར་བཀུགས་པ་ལ། །སྤྲིན་དང་ན་བུན་བགོ་བའི་རྒྱན་གྱིས་གཡོགས། །གཡུ་འབྲུག་རོལ་བའི་སྒྲ་སྐད་དྲག་པོ་ནི། །གྲགས་སྟོང་དབྱིངས་སུ་ཤར་བའི་རྔ་བོ་ཆེ། །གསུངས་པ་ལྟར་དང་། གཉིས་པ་ནི་མཚན་མ་རྫས་ཀྱི་རྔ་སྟེ། དེ་ལ་རྔ་བོ་ཆེ། རྔ་ཆུང་། རྔ་རིང་། རྔ་པ་ཏྲ་ཧ། པ་ཏྲ་ཧ་ཆེན་པོ། བཀྲ་ཤིས་རྔ། རྔ་ཕྲན། ཐོད་རྔ། ཅང་ཏེའུ་སོགས་དབྱིབས་དང་རྒྱུ་མི་འདྲ་བ་དུ་མ་ཡོད་པ་དང་། རྔ་འདི་དག་ནི་མཆོད་པ་དང་སྤྱན་འདྲེན། སྐུལ་བ། བགེགས་བསྐྲོད། དགྲ་བཟློག མནན་པ་སོགས་ལ་རྡུང་བ་ཡིན་ནོ། །

༢ རྔའི་རྒྱུ། ཙན་དན། སེང་ལྡེང་། ཤུག་པ། ཨ་གར། སྦ་སྙུག ཚེར་ནག རུས་པ་སོགས་དང་། རྔ་གཡོག་བྱེད་ནི། མི། སེང་གེ རི་དྭགས་ཀྲི་ཀྲིཤྣཱ་ར། ར་རྒོད། ར་རྒྱ་མོ། འབྲོང་། བ་ལང་སོགས་ཀྱི་ཀོ་བ་གང་རུང་ངོ་། །རྔ་ལྕགས་ཀྱང་སྦ་སྙུག ལྕགས། རྭ་ཅོ། མི་ལག མིའི་རྩིབས་རུས། དོམ་དང་དྲེད་མོའི་ལག་པ། ཤིང་ཚེར་མ་ཅན་སོགས་སྲ་ཤིང་གི་རིགས་ལ་བྱ་རུང་ངོ་། །

༣ རྔའི་ཚད་དབྱིབས། ཟླུམ་པོ་ཁྱབ་ཆེ་ལ། ཚད་ངེས་གཏན་མེད་པའོ། །

༤ རྔ་བརྡུང་ཚུལ། སློབ་དཔོན་ཙནྡྲ་གོ་མིས། རྔ་གཡོག་རྔ་ལ་རེག་མ་ཐག །ཕྲལ་ནས་ཐ་དད་ཉིད་དུ་བྱ། །སྐད་ཅིག་ཙམ་ལ་མི་སྦྱོར་བ། །སོ་སོར་འབྱེད་པ་མཁས་པའི་ལུགས། །ཞེས་པ་ལྟར་རྡུང་པ་ལས། རྒྱ་མཚོ་ཆེན་པོའི་ཀློང་མི་དཀྲུགས། །རི་རབ་གླིང་བཞིའི་མཐའ་མི་བསྐོར། །རི་ཐང་མཚམས་ཀྱི་བྲག་མི་བཤག། རི་དྭགས་རྒྱལ་བོའི་གཉའ་མི་བསྣུན། །ཞེས་པ་ལྟར། མཐའ་དང་དཀྱིལ་གཉིས་སུ་མ་ཡིན་པར། སུམ་གཉིས་ཡར་ཕུད་པའི་སར་བསྣུན་ཚེ་སྐད་ལེགས་པར་ཐོན་ལ། གདངས་ཀྱི་ཆ་ནས་སྒྲའི་དབྱེ་བ་བདུན་ཡང་གསུངས་ཏེ། ཕོ་སྒྲ་དིང་ཟིལ་ལྡན་པར་བརྡུང་། །མོ་སྒྲ་སྙན་ཅིང་མཛེས་པར་བརྡུང་། །ཕྱེད་མ་དྭངས་ཁྲོལ་ཆགས་པར་བརྡུང་། །ཞི་ལ་སྦྲང་ཆར་སིལ་བུ་ལྟར། །རྒྱས་ལ་རྫི་ཆར་གཡོས་པ་ལྟར། །དབང་ལ་དྲག་ཆར་འབབ་པ་ལྟར། །དྲག་ལ་ཐོག་སེར་འབྱིན་ལྟར་རོ། །ཞེས་དང་། ཙནྡྲ་ཤྲཱིས། ཐོག་མར་རྔ་སྒྲ་དལ་བུས་བསྐུལ། །དེ་རྗེས་བྱེ་བྲག་བྱེ་བྲག་ཏུ། །སྐུལ་བའི་གནས་ཀྱང་འདི་ལྟ་སྟེ། །རྔ་ཡུ་ཐད་ནས་ཡར་འཇལ་བའི། །མཁྱིད་གང་ས་རུ་དབྱུག་གུ་གནས། །དེ་ཡང་ལག་པའི་སོར་ཚིགས་ལ། །འཕྲུལ་ཙམ་རྔ་གཡོགས་རང་ལྗིད་ཀྱིས། །གདོང་གསུམ་བསྟན་ལ་སློད་གསུམ་བརྡུང་། །རྔ་གཡོག་རྔ་ལ་རེག་མ་ཐག། ཕྲལ་ནས་ཐ་དད་ཉིད་དུ་བྱ། །སྐད་ཅིག་ཙམ་ཡང་མི་སྦྱོར་ལ། །སོ་སོར་བཤད་པ་མཁས་པའི་ལུགས། །ཞེས་དང་། དེ་ཡང་། ཞི་རྒྱས་སོགས་ལ་རྡུང་ཚུལ་མི་འདྲ་བར་ཡང་བཤད་དེ། ཞ་ལུ་ཙནྡྲ་ཤྲཱི་རིའི་རྔ་སྦུག་རྣམ་བཞག་ལས། ཞི་བའི་རྔ་བརྡུང་བྱེད་པ་ན། །དེ་ཡི་ཉམས་དང་ལྡན་པར་བྱ། །རྔ་ཐབས་དག་ལ་སློད་པར་བྱ། །རྒྱས་པའི་རྔ་བརྡུང་བྱེད་པ་ན། །སྒེག་ཅིང་དཔའ་བའི་ཉམས་ཀྱིས་བྱེད། །རྔ་ཐབས་གསལ་ལ་འཁྲོལ་བར་བརྡུང་། །དབང་གི་རྔ་བརྡུང་བྱེད་པ་ན། །ཆགས་ཤིང་མཛེས་པའི་ཉམས་ཀྱིས་བཤད། །རྔ་ཐབས་དྲག་ལ་བརྗེད་པར་བརྡུང་། །དྲག་པོའི་རྔ་བརྡུང་བྱེད་པ་ལ། །རྩུབ་ཅིང་ཁྲོས་པའི་ཉམས་ཀྱིས་བཤད། །རྔ་བས་དྲག་ལ་མྱུར་བར་བརྡུང་། །དྲག་བརྡུང་རྒྱུན་ཆ་བྱེད་པ་ན། །ཐོག་སེར་ལྟར་ཡང་དབབ་པར་བྱ། །ཞེས་དང་། རྙིང་རྒྱུད་སྒྱུ་འཕྲུལ་བླ་མ་ལས། ཨེ་ཡི་ཚོགས་ཆེན་འབྱམས་པ་རུ། །སྟི་རིའི་རྔ་ཆེན་སྒྲ་བསྒྲགས་པས། །ཧཱུཾ་ཧ་ཧེ་ཕཊ་སྒྲ་འབྱིན་ཅིང་། །ཞེས་ཀྱང་གསུངས་སོ། །

༡༢ རྔ་སྒྲའི་ཕན་ནུས། རྒྱུད་སྒྱུ་འཕྲུལ་བླ་མ་ལས། སྟི་ར་རྔ་ཆེན་འདི་བརྡུང་བས། །གནོད་སྦྱིན་སྲིན་པོ་ཀུན་བསྒྲལ་ཏེ། །མུ་སྟེགས་ཀུན་ཀྱི་སྙིང་ཡང་འབྱིན། །སྟི་ར་རྔ་ཆེན་འདི་བསྒྲགས་པས། །སྟོང་གསུམ་ཁྲོ་བོའི་ཚོགས་ཀྱིས་བཀང་། །ཀུན་ཀྱང་རྔ་བརྡུང་དི་རི་རི། །རྔ་སྒྲ་ཆེན་པོའི་སྟོང་གསུམ་བཤིག། རྔ་སྒྲ་ཆེན་པོས་བདུད་དཔུང་བསྒྲལ། །རྔ་སྒྲ་ཆེན་པོས་སྲིད་གསུམ་སྦྱངས། །རྔ་སྒྲ་ཆེན་པོས་དགྲ་བགེགས་འདུལ། །རྔ་སྒྲ་ཆེན་པོས་ངན་སོང་སྦྱངས། །རྔ་སྒྲ་འབྲུག་གི་སྒྲ་བསྒྲགས་པས། །ན་རག་དམྱལ་ཁམས་སྟོང་བར་བྱེད། །རྔ་སྒྲ་ཏུག་ཆེམ་རི་རབ་བསྙིལ། །སྟི་ར་རྔ་ཆེན་སྒྲ་བྱུང་བས། །ཕྱིན་ཅི་ལོག་རྣམས་སྙིང་ཡང་འབྱིན། །རྔ་ཆེན་འབྲུག་གི་སྒྲ་སྒྲོགས་ཅིང་། །རྔ་ཐབས་གློག་སྟོང་འགྱུ་བ་བཞིན། །དེ་བཞིན་གཤེགས་པའི་ཐུགས་དམ་བསྐང་། །མ་མོ་མཁའ་འགྲོ་དམ་ཚིག་བསྐང་། །རྣལ་འབྱོར་རྣམ་ལྔའི་དམ་ཚིག་བསྐུལ། །སྟི་ར་རྔ་ཆེན་འདི་བརྡུང་བས། །ཉན་ཐོས་མདོ་སྡེ་གནས་ནས་སྤར། །རང་རྒྱལ་ལྟ་བ་དབྱིངས་སུ་སྒྲོལ། །སྟི་ར་རྔ་ཆེན་འདི་བསྒྲགས་པས། །ལྷ་དང་མི་ཡི་ཐེག་པ་ཡང་། །བླ་མེད་ཐེག་པའི་དབྱིངས་སུ་བཙུད། །སྟི་ར་རྔ་ཆེན་འདི་བསྒྲགས་པས། །སྟོང་གསུམ་སྟི་རའི་རྔ་སྒྲའི་བཀང་། །ཀུན་ཀྱང་རྔ་བརྡུང་དི་རི་རི། །རྔ་ཐབས་གློག་སྟོང་ལྕེ་འབྱིན་ཅིང་། །རྔ་སྐད་འབྲུག་སྟོང་སྒྲ་སྒྲོགས་པས། །བྱིན་རླབས་ལྕགས་ཀྱི་སེར་ཆེན་འབེབས། །སྟོང་གསུམ་འཁྲུགས་ཞིང་སྲིད་གསུམ་འཐོར། །ཞེས་དང་། རྔ་སྒྲ་རིན་ཆེན་ཁང་བ་བརྩེགས། །བསམ་རྫོགས་ཆེ་ལ་དབང་ཡང་འཐོབ། །རྔ་སྒྲས་གཡོ་བ་མེད་པར་བཤད། །ཆོས་ལ་འཛུད་པའི་སྒྲ་ཡང་འབྱིན། །རྔ་སྒྲའི་ཅི་འདོད་དགོངས་པ་རྫོགས། །ཞེས་དང་། གཞན་ཡང་། ཕན་ཡོན་བརྗོད་ལས་འདས་པ་གསེར་འོད་རྔ་སྒྲ་ལས་ཀྱང་གསུངས་སོ། །དེ་ལས་གཞན། རྫ་རྔ་དང་འཁར་རྔ་སོགས་ཀྱང་ཡོད་ལ། སྙིང་རྗེ་པད་དཀར་ལས། དམ་ཆོས་བསྟན་པའི་དུས་སྟོན་ཕྱིར། །རྔ་འམ་གནྡི་བརྡུང་བའི་སྒྲ། །ཞེས་པ་ལྟར། དམ་ཆོས་སྟོན་པའི་དུས་སྟོན་དང་། གཞན་ཡང་གྲྭ་ཚོགས་བསྡུ་བའི་བརྡ་དང་། མཆོད་ཆོག་སྒྲུབ་མཆོད་ཀུན་ལ་བཀོལ་བ་དང་། ཡང་། དགེ་འདུན་བསྡུ་བའི་འཁར་རྔ་བརྡུང་སྐབས། བཟང་སྤྱོད་ལས་འབྱུང་བ་ལྟར། ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། །གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང་། །འགྲོ་བ་ཀུན་གྱི་སྒྲ་རྣམས་ཇི་ཙམ་པར། །ཐམས་ཅད་སྐད་དུ་བདག་གིས་ཆོས་བསྟན་ཏོ། །ཞེས་དང་། བྱམས་སྨོན་ལས། ཆོས་རྔ་ཆེན་པོའི་སྒྲ་ཡིས་ནི། །སེམས་ཅན་སྡུག་བསྔལ་མཐར་བགྱིད་ཤོག། བསྐལ་བ་བྱེ་བ་བསམ་ཡས་སུ། །ཆོས་སྟོན་མཛད་ཅིང་བཞུགས་གྱུར་ཅིག །ཅེས་དང་། ཀུན་མཁྱེན་ཀློང་ཆེན་པས། ཆོས་རྔ་སྒྲོག་པའི་སྒྲ་ཐོས་སེམས་ཅན་ཡང་། །ངན་སོང་རྣམ་གྲོལ་ཉན་རྣམས་སྨོས་ཅི་དགོས། །ཞེས་གསུངས་པའི་ཕྱག་ལེན་ཡང་ཡོད་དོ། །

ཆ་ལང་ངམ་སྦུབ།

༡ སྦུབ་ཀྱི་ཁུངས་དང་རྣམ་གྲངས། ཁྲག་འཐུང་མངོན་འབྱུང་ལས། ཆ་ལང་སྒྲ་ནི་ཆེན་པོ་དང་། །ཞེས་དང་། སམྦུ་ཊ་ལས། ཆ་ལང་ལྟ་བུའི་སྒྲ་གྲག་པ་དང་། ཞེས་སོགས་རྒྱུད་མང་བོར་ཆ་ལང་ཞེས་འབྱུང་ལ། ད་ལྟ་སྦུབ་བམ་སྦུག་ཆལ་བྱ་བ་དེ་ཡིན་ལ། དེ་ནི་སྒྲ་གདངས་ཀྱི་ཁྱད་པར་གྱིས་བཏགས་པའི་མིང་ངོ་། །འདི་ལ་འབྲི་ཚུལ་མང་སྟེ། སྦུག་ཆོལ་ལམ་སྦུག་ཆོལ། སྦུབ་ཆོལ་ལམ་སྦུབ་ཆོལ། སྦུག་གམ་སྦུབ། ཆ་ལང་ངོ་། །

རྒྱུ་ནི་འཁར་དང་ལི་སོགས་ཀྱིས་བྱས་པ། ཆེ་ཆུང་མ་ངེས་པ། དབུས་སུ་འབུར་དུ་དོད་པའི་ནང་སྦུབ་ཅན། འདབ་མ་ཟླུམ་པོར་བྱས་པའོ། །ཕྱིས་སུ་བོད་དུ་དར་བའི་བཟོ་བཀོད་དང་མདོག སྒྲའི་འབྱིན་ཚུལ་སོགས་ཀྱི་དབྱེ་བ་བཞི་ཡོད་དེ། ཧོར་སྦུབ། རྒྱ་སྦུབ། བལ་སྦུབ། བོད་སྦུབ་བོ། །དེ་ཡང་འཇིགས་མེད་གླིང་བས། དེ་ཉིད་ལའང་ཧོར་རྒྱ་བལ་བོད་བཞི། །ཧོར་རིགས་གསུམ་ལས་མཆོག་ཏུ་གྱུར་བ་ནི། །ཛ་ལན་དྷ་ར་ཐོད་ཁྱིམ་ཆེ་ལ་ཕྱུར། །འཁོར་རྒྱ་ཆུང་ལ་ཐོ་རྗེས་ཤིན་ཏུ་གསལ། །གཡའ་མདངས་སེར་ནག་སྐད་སྙན་རྒྱང་གྲགས་ཆེ། །ངོ་བོ་ཆུང་ལ་རྒྱུ་ཚོགས་སྟུག་པ་དང་། །ཁ་སྒོར་ཟ་ར་ཚགས་སུ་མངོན་པ་ཡིན། །ཤིན་ཀུན་མ་ནི་ཐོད་པ་ཟླུམ་པ་ལ། །ལོ་ཐོད་བར་སྙེག་འཁོར་རྒྱ་སྔོན་བས་ཆེ། །རྒྱུ་ཚོགས་ཆེ་ལ་ངར་བས་གཞན་དག་གནོན། །སྤྱི་བོ་མཁར་བ་ཐོད་པ་ཆུང་བ་ལ། །ལོ་མ་རན་ཞིང་སྔོན་པོའི་ཁ་དོག་སྔོ། །མཚན་ཉིད་གཞན་རྣམས་མཚུངས་ཤིང་རྒྱ་གསར་ཀྲིག། བལ་བོ་ཧོར་དུ་བརྫུས་དང་མ་འཛོལ་ན། །ཧོར་གྱི་མཇུག་དང་རྒྱ་ཡི་ཐོག་མ་རུ། །བྱུང་བའི་རོལ་མོ་ཁྱད་གཞིས་འཕགས་པ་སྟེ། །སྐྱེ་མཆེད་དོད་ལ་ཐོད་ལོ་མཆུ་ཞེང་གབ། །ཐོད་མཚམས་ཟད་མཚམས་རྩ་རིས་བྱེ་ཁ་མངོན། །གཡའ་མདངས་སེར་ཞག་ཅན་དང་སྔོ་ནག་སོགས། །སྣུམ་བག་གཞན་བས་ལྟ་ན་སྡུག་པ་ལ། །སྐད་སྙན་འཁྲོལ་ཞིང་རྒྱང་གྲགས་ཆེ་བ་ཡོད། །ཅེས་ཧོར་སྦུབ་ལ་ཛ་ལན་དྷ་ར་དང་། ཤིན་ཀུན་མ། སྤྱི་བོ་མཁར་བ་བཅས་གསུམ་དང་། རྒྱ་སྦུབ་ལ་ཡང་དེ་ཉིད་ལས། རྒྱ་སིལ་ལེགས་དང་དྲིལ་བུ་ཁྱད་འཕགས་དུས། །སྦུབ་ཆོལ་ཉུང་བས་ཕལ་རྣམས་ཕྱི་ནས་བྱུང་། །ཤིན་ཏུ་གསར་བ་ཁ་དོག་སྐྱ་འམ་གནག། རྒྱུ་ཚོགས་ལྡན་ཞིང་སྐད་སིང་སྙན་ཆ་ལྡན། །ཞེས་དང། བལ་སྦུབ་ཡང་དེ་ཉིད་ལས། བལ་ཆོལ་སྦལ་མགོ་མ་དང་སྤྲེལ་ཐོད་མང་། །ཐོད་པ་ཅུང་ཆུང་དེ་ཡང་གཅིག་ཤོས་སུ། །ཅིག་ཤོས་ཤོང་ཞེས་ཟེར་ཡང་ཆེ་ཆུང་དུ། །མངོན་པ་གང་ལ་ཡོད་པས་མ་ངེས་ལ། །སྲུབས་རིས་གསལ་ཞིང་ལི་མདངས་སེར་སྐྱར་སྣང་། །ཞེས་སྦལ་མགོ་མ་དང་སྤྲེལ་མགོ་མ་དང་། བོད་སྦུབ་ལ་ཡང་དེ་ཉིད་ལས། བོད་ནི་གྲ་སྦུག་ཉིད་དང་དེ་བཞིན་དུ། །ལྷོ་མོན་དག་ནས་གསར་བྱུང་བལ་རྒྱུད་བཟོ། །རྒྱ་གསར་དག་དང་འཁྲུལ་བ་བསྐྱེད་པ་དང་། །སྔོན་རབས་འཇང་སྦུག་སོགས་ནི་རྟོགས་པར་སླ། །གང་བྱུང་རྒྱུ་ལ་རྒོད་གཡུང་བྱེ་བྲག་གིས། །ཡབ་སྦུབ་མས་སྦུབ་ཁྱད་པར་ཆེ་བ་ཡིན། །ཞེས་བོད་སྦུབ་ལ་གྲ་སྦུབ་དང་མོན་སྦུབ། འཇང་སྦུབ་སོགས་བཤད་དོ། །

༢ སྦུབ་རྡུང་ཚུལ། རྡུང་ཚེ་ལུང་ཐག་སྲིན་ལག་ལ་བསྐོན་ནས། ཡབ་སྦུབ་མཐེབ་སོར་བཀྱེད་པས་བཟུང་ཞིང་། ཡུམ་སྦུབ་གཡོན་ལག་གི་མཐིལ་དུ་རླུང་དང་སྒྲ་མི་འགོག་པའི་ཆེད་དུ་བཞག་ཅིང་། ཕན་ཚུན་ཅུང་ཟད་བསྣོལ་ཏེ་རྡུང་ཚུལ་ནི། ཞ་ལུའི་མཁས་པ་ཙནྡྲ་ཤྲཱི་རིས། རང་ལྗིད་ཁོ་ནས་དྲག་ཙམ་བསྐུལ། །དཔྲལ་བའི་ཐད་བཀྱག་རིམ་བཞིན་ཕབ། །ཁ་གང་ཙམ་ནས་ཚིགས་ཁྲོལ་ལྷོད། །མས་ཀྱང་ཅུད་ཟད་ཙམ་འཁྲོལ་བྱ། །ཆེ་ཆུང་ལ་སོགས་སྐབས་བསྟུན་བྱ། །ཞེས་དང་། བར་སྣང་མི་གཡུག་གདོང་མི་དགག། བྲང་དང་པུས་མོ་ལ་མི་བརྡབ། །འཕྱག་དུས་ལྷོད་ལ་དལ་བུས་བསྐྱོད། །བདེ་བླང་སྒྲ་ཆེར་འཐབ་ཅིང་གསིལ། །འཁྲོལ་ནས་མགྲིན་པའི་ཐད་ཙམ་སྟེ། །ཆེ་འབྲིང་ཆུང་སྐད་སྐབས་དང་སྦྱར། །སྒྲ་གདངས་ཁྱད་པར་ཡང་དེ་ཉིད་ཀྱིས། བཞི་འཕར་འུར་དིང་སྙན་རྩུབ་དང་། །ཕྲ་སྦོམ་དྭངས་འཁྲོལ་ལ་སོགས་པའི། །སྒྲ་ཐབས་རྣམ་དབྱེ་རྟོགས་པར་བྱ། །ཞེས་གསུངས་པ་དང་། གཞན་ཡང་། ས་དགེ་ཀར་རྙིང་ཀུན་གྱིས་རང་རང་གི་ཐུན་མིན་གྱི་རྡུང་ཚུལ་ཡོད་པས། ཞིབ་ཏུ་མཐོང་བ་བརྒྱུད་པའི་ཕྱག་ལེན་ལས་རྟོགས་པར་བྱའོ། །

༣ སྦུབ་ཀྱི་མཚོན་དོན། སྟེང་འོག་གཉིས་ཀྱིས་ཐབས་ཤེས་ཟུང་འཇུག ལྟོ་བ་ལྡིར་བས་གནས་སྐབས་དང་མཐར་ཐུག་གི་བྱང་ཆུབ། ཁོར་ཡུག་གི་ཞེང་ཁ་གྱེན་དུ་ཕྱོགས་པས་སྔགས་ཀྱི་སྤྱོད་པ། འཆང་བཟུང་གིས་བདེན་གཉིས་ཟུང་འཇུག སྒྲ་དལ་མྱུར་འཇམ་ལྷོད་དང་། དྲག་པས་གྲགས་སྟོང་འགག་པ་མེད་པ་མཚོན་པའོ། །

༤ སྦུབ་ཀྱི་དགོས་པ། རྔ་སྦུབ་སོགས་ཆོ་གའི་ཚིག་རིས་དང་མཐུན་པར་འཇུག་པས། རྣལ་འབྱོར་བའི་ལྟ་དགོངས་ལ་འབོགས་ཐོན། གདོན་བགེགས་ལོག་འདྲེན་གྱི་དགྲ་བགེགས་སྐྲོད་པ། སྣང་སྲིད་མ་མོ་རྣམས་སྙིང་ཉེ་བ། རྩ་གསུམ་ལྷ་ཚོགས་མ་ལུས་ཐུགས་དགྱེས་ཤིང་བསྐྱེད་རྫོགས་ཀྱི་ཡོན་ཏན་གོང་དུ་སྤེལ་བའི་རྐྱེན་དུ་འགྲོའོ། །

ཏིང་ཤག

༡ ཏིང་ཤག་གི་ཁུངས། ཏིང་ཤག་ལ། ཏིང་ཏིང་ཅག་དང་། ཏིང་ཏིང་ཤག་ཅེས་འབྲི་བའང་ཡོད་ལ། དེ་ནི་དགེ་འདུན་པ་སོགས་ཀྱིས་སྦྱིན་སོགས་ཕར་ཕྱིན་གྱི་ཆོས་ལ་ཉམས་ལེན་མཛད་ཆེད་ཟས་སྦྱིན་གཏོང་སྐབས་འཁོར་གསུམ་མི་དམིགས་པའི་ཏིང་ངེ་འཛིན་ལ་མཉམ་བཞག་གི་སྒོ་ནས་གཏོང་བའི་ཐབས་ཁྱད་པར་བ་ཞིག་ཡིན་ལ། ཏིང་ཤག་ཅེས་པ་དེ་ཡང་། ཏིང་ངེ་འཛིན་ཞེས་སུམ་བརྡུང་གི་སྒྲས་བླངས་པའི་སྒྲ་ཡིན་པས་དེ་སྐད་ཐོགས་པར་བཤད། བོད་དུ་ཏིང་ཤག་འདི་འབྲོག་མི་ལོ་ཙཱ་བ་ནས་དར་བར་བཤད། འགའ་ཞིག་གིས་ཏིང་ཤག་འདི་གཡེར་ཁ་ལ་དཔེ་བྱས་ཏེ་བཟོས་པར་བཤད་མོད། དེ་ལྟར་ག་ལ་ཡིན་ཏེ། ནག་པོ་ཆེན་པོའི་རྒྱུད་ལས། གླིང་བུ་དང་། ཏིང་ཏིང་ཤག་དང་། ཞེས་དང་། གསང་རྒྱན་བཀོད་པའི་རྒྱན་ལས། ཏིང་ཏིང་ཤག་དང་དུང་སྒྲ་དང་། །ཞེས་རྒྱུད་སྡེ་མང་བོ་ལས་གསུངས་པས་སོ། །ཏིང་ཤག་གི་རྒྱུ་ནི། འཁར་བ་དང་། ལི་སོགས་ལས་བྱས་པ། བོད་དུ་ཆོས་རྒྱལ་སྲོང་བཙན་གྱི་དུས་སུ་ཟ་ཧོར་ནས་དར་བར་བཤད་དོ། །

༢ ཏིང་ཤག་གི་དབྱེ་བ། ཏིང་ཤག་ལ་རྭ་ཏིང་ཞེས་ཏིང་ཤག་ཡ་གཅིག་ལ་རྡུང་བྱེད་ཀྱི་རྭ་ཅོ་ཆུང་ངུ་ཞིག་ཡོད་པ་དེ་ནི་གསུར་གཏོང་སྐབས་སྤྱོད་པ་དང་། སྦུབ་ཆུང་ཀྱི་དབྱིབས་ལྟར་ཆ་གཅིག་ཡོད་པ་དེ་ལ། བསྟན་པ་སྔ་དར་གྱི་དུས་སུ་ཁ་ཆེ་མ་དང་། འཇའ་ལན་ར་མ་ཞེས་དབྱེ་བ་གཉིས་བྱུང་བ་སྟེ། ཇི་སྐད་དུ། ཏིང་ཤག་མགོ་འཕང་དམའ་ཞིང་གྲག་འདི་ནི། །སྦུབ་སྙམ་བྱེད་ཅིང་སྐད་སངས་ཁྲོལ་ཆེ་བ། །མགོ་དང་འདབ་མའི་མཚམས་སུ་པུས་མོ་གསལ། །ཁ་ཆེ་མ་ཞེས་གྲགས་པ་འདི་ཉིད་ཡིན། །ཏིང་ཤག་ཁྱོན་ཆུན་མགོན་པོ་ནས་བཟུང་སྟེ། །རིམ་གྱིས་ཕབ་པ་ཁ་གཡེལ་ཤས་མཐུག་པས། །རྡོ་སྐད་འཕར་རིམ་སྙན་ཆ་ཆེ་བ་ལ། །འཇའ་ལན་ར་མ་ཞེས་བྱ་ཡོངས་སུ་གྲགས། །ཞེས་གསུངས་ལ། བསྟན་པ་ཕྱི་དར་ནས་ཧོར་ཏིང་དང་རྒྱ་ཏིང་། བལ་ཏིང་དང་བོད་ཏིང་སྟེ། སོ་སོར་དབྱིབས་དང་། ཁ་དོག་སྒྲ་གདངས་ཀྱི་སྙན་ཆ་སོགས་ཁྱད་ཆོས་ལྡན་པའི་ཏིང་ཤག་སྣ་ཚོགས་དར་བ་སྟེ། ཀུན་མཁྱེན་འཇིགས་མེད་གླིང་བས། ཏིང་ཏིང་ཤག་ལ་ཧོར་དང་རྒྱ་བལ་བོད། །ཧོར་ལ་རིགས་གསུམ་ཛ་ལན་དྷ་ར་མཆོག། ཤིང་ཀུན་འབྲིང་ལ་ཕལ་བ་ཐ་མ་སྟེ། །ཛ་ལན་དྷ་ར་གླིང་ཕྲན་ལས་འོངས་པའི། །ཤང་ཤང་ལས་བྱུང་ཐོད་པ་སྦུབ་ལ་ཟླུམ། །ལོ་མ་ཆུང་ཤོས་མཐེའུ་ཆུང་གི་རྒྱ། །ཁ་སྐོར་མཐུག་ཅིང་གཞན་ལས་ཆུང་བ་ལ། །སྐད་སྙན་རྒྱང་གྲགས་མཆོག་ཏུ་གྱུར་བ་ཡིན། །ཤིང་ཀུན་ཐོད་པ་དཔངས་མཐོ་རྩེ་མོ་ཕྱུར། །མཐའ་སྐོར་ཁ་སྦུབ་མཐུག་ལ་བར་སྐབས་སྲབ། །རྒྱང་གྲགས་ཆེ་ལ་དབུགས་ཐག་རིང་བ་ཡིན། །ཕལ་བ་བརྡར་གད་ཅུང་དོད་ཐོད་པ་དམའ། །ལི་ལ་ཁྲོ་ཉམས་ཡོད་པས་གྲུམས་པའང་སྲིད། །ཅེས་ཧོར་ཏིང་ལ་རབ་འབྲིང་ཐ་གསུམ་དུ་བཤད་པ་དང་། རྒྱ་ཏིང་ཡང་དེ་ཉིད་ཀྱིས། རྒྱ་ཏིང་ཐོད་པ་ཟླུམ་ལ་ཁ་ཕྱིར་ཐེག །ལོ་ཐོད་མཚམས་སུ་དཀྲི་ཁ་འཁོར་མོ་ལ། །ནག་གམ་སེར་མདངས་གཡའ་སྟུག་སྐད་གཤིས་འབོལ། །ཞེས་དང་། བལ་ཏིང་ནི། བལ་བོ་ཧོར་ཕལ་ལས་ཆེ་ཐོད་པ་ཕྱུར། །སེར་སྐྱ་སྲབ་ཞིང་སྙན་ཆ་ཆུང་བ་ཡིན། །ཞེས་དང་། བོད་ཏིང་ནི། དེ་ཉིད་ལས། སྙེ་ཤང﹙སྟོད་བལ་ཡུལ་དུ་ཡོད་པའི་ས་ཆ་ཞིག﹚ལ་སོགས་བོད་རྙིང་ཁ་དོག་ནག །སྐད་གཟེངས་མཐོ་ལ་སྙན་ཆ་ཆེ་བའོ། །ཟལ་མོ་སྒང་བ་ཐོད་པ་ཆུང་ལ་འདལ། །ལོ་མ་ཆེས་ཆེ་མཚམས་སུ་དཀྲི་ཁ་ཅན། །རྒྱུ་ཚོགས་ཆེ་ལ་སྐད་འབོལ་རྒྱང་གྲགས་ཆེ། །ཞེས་སོ། །

༣ ཏིང་ཤག་རྡུང་ལུགས། ཏིང་ཤག་ནི་སྦུབ་ལྟར་ཆ་གཅིག་ཡོད་ཀྱང་རྡུང་ལུགས་ནི་ཁ་བཀན་དུ་བསྟན་ཏེ་གཡས་གཡོན་ཟུར་རྡུང་བྱེད་པ་ལས། སྦུབ་ལྟར་ཁ་སྦྱོར་ནས་རྡུང་བ་མིན། ཁྱད་པར་དུ་སྔ་དྲོ་མགྲོན་གོང་མ་རྣམས་ལ་སྙན་སེང་ཞུ་ཆེད། ལི་ཏིང་ཆ་གཅིག་རྡུང་བ་དང་། དགུང་དྲོ་མགྲོན་འོག་མ་རྣམས་ལ་བརྡ་གཏོང་བྱེད་དུ་རྭ་ཏིང་བེད་སྤྱོད་པའི་ཕྱག་སྲོལ་ཡང་ཡོད་དོ། །

༤ ཏིང་ཤག་གི་མཚོན་དོན། ཁ་འཁྱེར་ཆུང་ཞིང་བརྗིད་ཆེ་བས་སྦྱིན་སོགས་དགེ་རྩ་ཆུང་ངུས་འབྲས་བུ་རྒྱ་ཆེན་འཐོབ་པ། ཕྱི་ནང་མཐུག་པོར་གནས་པས་ཆོས་ནོར་གྱི་སྦྱིན་པས་འགྲོ་བ་རྣམས་ཚིམ་ཞིང་དགེ་ཚོགས་ཟད་པ་མེད་པ། ལྟོ་བ་ཅུང་ཟད་ལྡིར་བས་ཐེག་ཆེན་གྱི་ནུས་པ་སད་པ། བུ་ག་གཅིག་པས་ཞི་སྒོ་གཉིས་སུ་མེད་པའི་དབུ་མའི་ལམ་མཚོན་པ་སོགས་སོ། །

༥ ཏིང་ཤག་རྡུང་བའི་དགོས་པ། ད་ལྟ་ཏིང་ཤག་འདི། བསུར་བསྔོ་དང་ཆུ་གཏོར། མཆོད་པ་དང་། བརྒྱ་རྩ་སོགས་འདོན་དུས་བཀོལ་ལ། དེ་ཡང་། རྟོགས་ལྡན་རྣལ་འབྱོར་བ་རྣམས་ཀྱིས་ཆུ་སྦྱིན་དང་གསུར་མཆོད་སོགས་ཀྱི་སྐབས། དཀོན་མཆོག་སྲི་ཞུའི་མགྲོན། མགོན་པོ་ཡོན་ཏན་གྱི་མགྲོན། བགེགས་རིགས་ལན་ཆགས་ཀྱི་མགྲོན། རིགས་དྲུག་སྙིང་རྗེའི་མགྲོན་དུ་གྱུར་བ་རྣམས་ལ་སྙན་གསན་བཏང་སྟེ། མཆོད་རྫས་ཟག་མེད་ལོངས་སྤྱོད་ཀྱི་མཛོད་དུ་དམིགས་ཏེ་བསྔོ་ཞིང་། ཏིང་ཤག་གི་སྒྲ་སྔགས་ཚིག་དང་བསྟུན་ནས། མཆོད་མགྲོན་མཉེས་ཤིང་ཚོགས་རྫོགས་པ། ལན་ཆགས་དང་ཤ་འཁོན་སྦྱངས། ཏིང་ཤག་གི་སྒྲ་དྭངས་ཞིང་སྙན་ལ་ཕྲ་ཞིང་ཡུན་རིང་བ་དེ་ཐོས་པ་རྣམས་ཀྱི་རྒྱུད་ལ་ངེས་འབྱུང་གི་བློ་སྐྱེས་པ་སོགས་ཕན་ཡོན་ཡོད་དོ། །

གསུམ་པ། དཀྲོལ་བའི་རོལ་མོ།

རྡོ་དྲིལ།

རྡོ་དྲིལ་ལ། མཚོན་བྱ་དོན་གྱི་རྡོ་དྲིལ་དང་། མཚོན་བྱེད་དཔེས་རྡོ་དྲིལ་གཉིས་དང། ཐབས་བདེ་བ་ཆེན་པོ་ནི་མཚོན་བྱ་དོན་གྱི་རྡོ་རྗེ་ཡིན། སྟོང་ཉིད་རྟོགས་པའི་ཤེས་རབ་ནི་མཚོན་བྱ་དོན་གྱི་དྲིལ་བུ་ཡིན། ང་ཚོས་ལག་ལེན་བྱེད་པའི་རྡོ་དྲིལ་ནི་མཚོན་བྱེད་རྟགས་ཀྱི་རྡོ་དྲིལ་ཡིན་ལ། རྣལ་འབྱོར་རོལ་བའི་དགའ་སྟོན་ལས། དབང་བླངས་པའི་ཚེ་རང་གི་མེ་ཏོག་གང་ལ་ཕོག་པའི་རིགས་ཀྱི་དབང་དུ་བྱས་པའི་རྡོ་རྗེ་དང་། རྡོ་རྗེ་དེས་ཡུ་བ་བྱས་པའི་དྲིལ་བུའི་དབང་བླང་ཞིང་། དེ་ལྟ་བུའི་རྡོར་དྲིལ་བཟུང་བར་བྱ་སྟེ། གསུངས་པ་ལྟར། དེའི་ཁུངས་ནི། རུ་ཏྲའི་སྨེ་སྔགས་སོགས་ལས། སྔོན་རི་རབ་གྱི་ཁོང་གསེང་ལས། བདེན་སྟོབས་བརྙེས་པའི་དྲང་སྲོང་ཞོ་འཐུང་གི་རུས་པ་ལ། བརྒྱ་བྱིན་གྱི་ཕྱག་མཚན་རྡོ་རྗེ་འཆོས་པས། རྡོ་རྗེའི་མཚོན་ཆ་དེས་བརྡེག་ཚད་ཕོག་པ་དང་། ཕོག་ཚད་འཆི་བ། ཤི་ཚད་འདྲེན་པ་སྟེ། དམ་བཅའ་བཞི་ལྡན་དུ་བཤད་དོ། །དེ་ཡང་རྡོ་རྗེ་བཤད་པ་དང་། དྲིལ་བུ་བཤད་པ་གཉིས་ལས། རྡོ་རྗེ་བཤད་པ་ལ།

༡ རྡོ་རྗེའི་རྒྱུ་ལ། གསེར། དངུལ། ཟངས། རག ལི། ལྕགས། རྡོ། ཤིང་སོགས་རུང་བར་རྡོ་རྗེ་མཁའ་འགྲོ་སོགས་ལས་གསུངས་སོ། །

༢ རྡོ་རྗེའི་དབྱིབས་ནི། ལྟེ་ཟུར་བརྒྱད་པ་ཟླུམ་པོ། མཐའ་གཉིས་ཕྲེང་བ། དེའི་སྟེང་པདྨ། དེའི་སྟེང་ཟླ་བའི་དཀྱིལ་འཁོར། དེའི་སྟེང་མཐར་ཕྲེང་བསྐོར། དེའི་སྟེང་རྭ་དབུས་ཕྱིར་གྱེས་ལ་རྩེ་ནང་དུ་གུག་པ། རྩེ་མོ་ལས་རྩ་བ་ཕྲ་བ། དབུས་སྦོམ་ལ་རི་མོ་གསུམ་ལྡན་དབུས་མཐོ་ལ་མཐའ་དམའ་བ། རྭ་ཟུར་བཞི་འོག་ངོས་ཅུང་ཟད་ཟླུམ་པ། ཕྱོགས་རྭ་ཆུ་སྲིན་གྱི་ཁ་ནས་ཐོན་པ། གློ་གཉིས་སུ་ཕྲེང་བ་ཡོད་པ། ཕལ་ཆེར་རྩེ་དབུས་རྭ་ལ་ཟུག་པར་རྒྱུད་རྡོ་རྗེ་མཁའ་འགྲོ་དང་། སམ་བྷ་ཏྲ་ནས་གསུངས་ལ། མཚོན་བྱེད་རྟགས་ཀྱི་རྡོ་རྗེ་འདི་ལ། རྩེ་གཅིག་པ་དང་རྩེ་གསུམ་པ། ལྔ་བ་དང་དགུ་བ། སྣ་ཚོགས་རྡོ་རྗེ་སོགས་རྩེ་མོ་སྟོང་གི་བར་དུ་ཡོད་པར་མཁའ་འགྲོ་རྒྱ་མཚོ་ལས་གསུངས།

༣ རྡོ་རྗེའི་མཚོན་དོན་ནི། ལྟེ་བས་རྡོ་རྗེ་སེམས་དཔའ་དང་། སྟེང་གི་རྭ་ལྔས་རྒྱལ་བ་རིགས་ལྔ། པད་འདབ་བརྒྱད་ཀྱིས་འཕགས་ལམ་ཡན་ལག་བརྒྱད་ཀྱི་རང་བཞིན་ནམ་ཉེ་བའི་སྲས་ཆེན་བརྒྱད་མཚོན་པར་སམྦུ་ཊ་ལས་གསུངས། འོག་གི་རྭ་ལྔས་མཁའ་འགྲོ་སྡེ་ལྔ། པད་འདབ་བརྒྱད་ཀྱིས་སྒོམ་བཞི་དང་སྐུལ་བྱེད་མ་སོགས་བཞི་མཚོན་པར་བྱེད་དོ། །གཞན་ཡང་། རྡོ་རྗེ་ཐབས་ཡིན་པས་ཉིན་མོའི་ཆོས་དང་། དྲིལ་བུ་ཤེས་རབ་ཡིན་པས་མཚན་མོའི་ཆོས་སུ་འཇོག་ལ། ཉིན་མོ་གསལ་བྱེད་ཀྱི་ཆོས་དང་། མཚན་མོ་དབྱངས་ཀྱི་ཆོས་ཡིན་ཞིང་། དབྱངས་སྲོག་ཏུ་ཞུགས་པ་མེད་པའི་གསལ་བྱེད་ཀྱི་དོན་བརྗོད་པ་མེད་པའི་ཕྱིར། རྡོ་རྗེ་ལ་བརྗོད་པའི་སྒོར་གྱུར་བའི་ཞལ་མི་བྱེད་ལ། དབྱངས་ནི་བརྗོད་པའི་ཆོས་ཀྱི་རྒྱུའི་གཙོ་བོ་ཡིན་པའི་ཕྱིར། དྲིལ་བུ་ལ་བརྗོད་པའི་སྒོར་གྱུར་བའི་ཤེས་རབ་མའི་ཞལ་གྱི་རྣམ་པ་བྱ་བར་གསུངས་སོ། །

གཉིས་པ་དྲིལ་བུ་བཤད་པ་ལ། ༡ དྲིལ་བུའི་དབྱིབས་ནི། སྟེང་གི་རྡོ་རྗེ་གོང་ལྟར་དང་། རྡོ་རྗེའི་འོག་ཏུ་ཤེས་རབ་མའི་ཞལ་དབུ་སྐྲ་དང་། རིན་ཆེན་དབུ་རྒྱན་ཅན་ཟླ་དཀྱིལ་ལས་ཕྱིར་མི་འཕགས་པ། ཞལ་འོག་བུམ་པ་དང་བུམ་གདན། དེའི་འོག་ཕྲེང་བ་སུམ་བརྩེགས་དང་དབྱུག་པ། དེའི་འོག་ཤེས་རབ་མའི་དྲང་ཐད་ཤར་དུ་བྱས་ནས། པདྨ་འདབ་བརྒྱད་ལ། ཤར་ཏུ་སྒྲོལ་མའི་ས་བོན་ཏཱཾ། བྱང་དུ་གོས་དཀར་མོའི་ས་བོན་བམ། ནུབ་ཏུ་མ་མ་ཀིའི་མཾ། ལྷོ་སྤྱན་མའི་ལཾ། ལྷོ་ནུབ་ཏུ་སྐུལ་བྱེད་མ་སྟེ་ཙུན་དའི་ཙུཾ། འདི་ལ་སྦྲང་རྩི་མ་དང་། མངར་བ་མ། དབྱངས་སྙན་མ་ཞེས་ཀྱང་གསུངས། ནུབ་བྱང་དུ་ཁྲོ་གཉེར་ཅན་མའི་བྷཾ། འདི་ལ་གཟི་བརྗིད་ཅན་མ། ཡིད་འོང་མ། མཛེས་མ་ཞེས་ཀྱང་གསུངས། བྱང་ཤར་དུ་ཕྲེང་བ་མའི་མཾ། འདི་ལ་རིན་ཆེན་འཁྱིལ་བ་མོ་ཞེས་ཀྱང་གསུངས། ཤར་ལྷོ་ནོར་རྒྱུན་མ་བཾ། འདི་ལ་གསེར་ཅན་མ། མདོག་བཟང་མ་ཞེས་ཀྱང་གསུངས། ལོགས་སུ་པདྨ་རེའི་ཐད་དྲ་བ་དྲ་ཕྱེད་སོགས་ཀྱིས་བརྒྱན་པའོ། །དེའི་འོག་དྲིལ་ཁོག་གཡེལ་ལ་མཐའ་ཟུམ་པ། དྲིལ་ལྕེ་ཟུར་བརྒྱད་པ། དྲིལ་བུའི་ཚད་དང་འཚམ་པའོ། །བྷ་བ་བྷ་དྲས་ས་བོན་དང་ལྷ་མོའི་སྐུ་འགོད་པ་གདམ་ང་ཅན་དུ་གསུངས། དེ་ལྟ་བུའི་པདྨའི་འོག་ཏུ་མུ་ཏིག་གི་འཕྲེང་བ་ལྟ་བུའི་སྐ་རགས་གཉིས་ཀྱི་དབུས་སུ་རྡོ་རྗེ་ཕྲེང་བ་བྱ་བར། རྡོ་རྗེ་མཁའ་འགྲོ་དང་མན་སྙེར་གསུངས་ཤིང་། རྗེ་བསྟན་རྒྱན་གྱིས་དྲ་ཕྱེད་ཀྱང་རེ་རེ་བརྒྱད་ཅེས་གསུངས། དྲ་ཕྱེད་བརྒྱད་ཀྱི་ནང་དུ་ཤར་ལ་འཁོར་ལོ། ལྷོར་རིན་པོ་ཆེ། ནུབ་ཏུ་པདྨ། བྱང་དུ་རལ་གྲི ཤར་ལྷོ་སྤྱན། ལྷོ་ནུབ་ཏུ་རྡོ་རྗེ། ནུབ་བྱང་དུ་པདྨ། བྱང་ཤར་དུ་ཨུཏྤལ་བྱ་ཞིང་། དྲ་ཕྱེད་ལ་སོགས་པའི་གནས་གཞན་དུ་ཀུ་མུ་ད་དང་། ཨུཏྤལ། པདྨ། རིན་པོ་ཆེ་དང་། པ་ཏྲ། མྱུ་གུ་ལ་སོགས་པ་འཕྱང་བ་བྱ་བར་མན་སྙེར་གསུངས་སོ། །

དྲིལ་བུ་ལ་རྒྱལ་བ་རིགས་ལྔ་གའི་ས་བོན་དང་ཕྱག་མཚན། རི་མོ་འབུར་དོད་དུ་ཡོད་པའི་དམ་ཚིག་གི་དྲིལ་བུ་དང་། རིགས་ལྔ་སོ་སོའི་དྲིལ་བུ་བཅས་མི་འདྲ་བ་ཡོད།

༢ དྲིལ་བུའི་དབྱུག་གུ་ནི། རྒྱུ་ལྕགས་བཟང་བོ་ལས་བྱས་པ་ཟུར་བརྒྱད་པར་རྡོ་རྗེ་མཁའ་འགྲོ་དང་། མན་སྙེར་བཤད་ལ། དེ་ཡང་ཟུར་བརྒྱད་པའི་རྣམ་པར་རྩེ་མོ་ནི་ཟུར་བརྒྱད་ཀྱི་དབུས་ནས་ཅུང་ཟད་མཐོ་བར་བྱས་པའི་ཟླུམ་པོ་བྱ་བར་གསུངས་སོ། །

༣ དྲིལ་བུའི་མཚོན་དོན་ནི། དྲིལ་བུ་ཆ་གསུམ་དུ་ཡོད་པས་ཁམས་གསུམ། ནང་ཁོག་སྟོང་དུ་ཡོད་པས་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་བ་མཚོན། ཡང་དྲིལ་བུའི་དབྱུག་གུས་འབྲས་དུས་ཀྱི་ལྷན་སྐྱེས་བདེ་བ་ཆེན་པོའི་ཡེ་ཤེས་དང་། བུམ་པའི་བདེ་སྟོང་དབྱེར་མེད་དང་། ཞལ་གྱིས་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ཤེར་ཕྱིན་མའི་རྣམ་པར་ཤར་བ་དང་། པདྨའི་ཡི་གེ་བརྒྱད་ཀྱིས་ཡུམ་བཞི་དང་། ནོར་རྒྱལ་མ་བཞི་མཚོན་ནོ། །གཞན་ཡང་། རྡོ་དྲིལ་ཕན་ཚུན་འཁྱུད་པས། ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་ལོངས་སྐུ་དང་། དྲིལ་བུའི་སྒྲས་ཆོས་འཁོར་རྒྱུན་མི་ཆད་དུ་བསྐོར་བ་མཚོན་ནོ། །མན་སྙེ་ལས། རྡོ་རྗེའི་ཐུགས་དང་དྲིལ་བུའི་སྐུ། དེའི་སྒྲས་གསུང་ངོ་། །ཞེས་པ་ལྟར། སྐུ་གསུང་ཐུགས་ཀྱང་མཚོན་ནོ། །

༤ དྲིལ་བུའི་དབྱེ་བ་ནི། དྲིལ་བུ་འདི་བོད་ཡུལ་དུ་བོན་ལུགས་ཀྱིས་གནའ་སྔ་མོ་ནས་ཆོས་སྲིད་ཀྱི་སྤྱོད་སྒོ་ཁག་ལ་བེད་སྤྱོད་བྱེད་ལ། ཁྱད་པར་དུ་སྲོང་བཙན་གྱི་སྐུ་དུས་སུ་ནང་བསྟན་དར་བས་རྒྱ་གར་གྱི་སྔགས་ཆོས་ལ་ཁུངས་བཅོལ་ཏེ་ཁྲོ་ལྕགས་ལས་གྲུབ་པའི་དྲིལ་ཆེན་དང་། གཙུག་ལག་ཁང་གི་བར་སྒོར་དྲིལ་གདང་དུ་འདོགས་སྲོལ་བྱུང་ཡོད། ཕྱིས་སུ་བསྟན་པ་ཕྱི་དར་གྱི་དུས་སུ་དྲིལ་བུའི་བཟོ་བཀོད་ལ་འཕེལ་རྒྱས་ཆེན་པོ་བྱུང་བ་སྟེ། འགྲོ་མགོན་འཕགས་པའི་སྐུ་དུས་སུ་ཁོང་གི་བཀས་བསྐུལ་ཏེ་དྲིལ་བུ་རྩེ་ལྔ་དང་རྩེ་དགུ། ཚངས་རྡོར་སོགས་རྒྱུ་ཆ་དང་བཟོ་དབྱིབས། རྣམ་པ་མི་འདྲ་བྱུང་ཚུལ། རྒྱ་བོད་ནོར་རྫས་ཀྱི་རིས་བརྟགས་ཤིང་དཔྱད་པའི་དཔྱད་དོན་ཡིད་ཀྱི་འདོད་འཇོ་ཞེས་པ་ལས་གསུངས་ཡོད་ལ། ཁྱད་པར་དུ་གསུང་རྟེན་རྡོ་དྲིལ་སྐོར་རབ་འབྲིང་ཐ་གསུམ་དུ་བྱུང་ཚུལ་འཇིགས་མེད་གླིང་བས། གསུང་རྟེན་དྲིལ་བུ་ཧོར་དང་རྒྱ་དཀར་ནག། བོད་ཆེན་རིགས་བཞི་ལས་ནི་རྒྱུའི་སྒོ་ནས། །ཧོར་དྲིལ་གཉིས་ལས་ཤིན་ཀུན་མཆོག་ཏུ་གྲགས། །རྒྱུ་ནི་ལི་དཀར་དངུལ་མདངས་བཀྲག་ཞག་ཆེ། །དྲིལ་བུའི་སྟོད་ཞུམ་བ་ལང་ཁ་ཁེབས་ལ། །ལུགས་གཙང་བརྡར་གད་མ་བྱས་ལི་རྒྱུ་འཇམ། །ནང་ནི་ཞོ་ཁ་ཞེས་པ་འོ་སྤྲིས་འདྲ། །དྲྭ་ཕྱེད་འབུར་ལ་བར་སྟོང་འཇམ་སང་མང་། །དཔུང་བའི་པད་འདབ་རིགས་ཀྱི་ཕྱག་མཚན་སྤྲས། །དྲིལ་བུའི་དཔུང་ཟུར་པད་མཐའ་གཅིག་ཏུ་འདྲེས། །སྐད་སྙན་སྦོམ་ལ་རྒྱང་གྲགས་ལྷག་པར་ཆེ། །དབུ་རྡོར་ཅོང་ལི་མང་ན་དངུལ་དཀར་དང་། །ཛཻཀྵཱཾ་དག་ཀྱང་ཉུང་བར་སྲིད་པ་ཡིན། །རྩེ་ལྔ་བ་མང་ཆུ་སྲིན་ནང་ལ་བལྟ། །འཁོར་ལོའི་རྒྱན་ལྡན་རྩེ་དགུ་ཉུང་བ་ཡིན། །རྒྱུ་དང་གསུང་ལ་དོ་ཟླ་མེད་ན་ཡང་། །བཟོ་སྒྲོས་བྱིལ་བས་ཉམས་མེད་ཕལ་གྱིས་དོར། །དངོས་བསྟན་ཉུང་ལ་འདྲ་ཅོག་མང་བ་ཡིན། །ཕལ་བ་ལུགས་ཁ་དམ་ལ་གཙང་ཤ་ཆུང་། །ནང་ལ་བྲད་བརྡར་སོང་བས་ཞོ་ཁ་མེད། །རབ་འབྲིང་ཐ་མའི་ཁྱད་པར་ཆེ་བ་སྣང་། །ཞེས་ཧོར་དྲིལ་ལ་ཤིན་ཀུན་མ་དང་ཕལ་བ་གཉིས་སུ་བྱུང་བར་བསྟན་པ་དང་། དེ་བཞིན་རྒྱ་གར་དྲིལ་བུ་ལའང་། རྒྱ་གར་དྲིལ་བུ་ཆེ་ཚད་ཁྲུ་ལ་ཉེ། །ཆུང་བ་དག་ཀྱང་གཞན་ལས་ཆེ་བ་དང་། །པད་སྤུངས་དབྱིབས་ཅན་བྲད་བརྡར་གཙང་ཤ་མེད། །ཉུང་ཟད་སྣང་བ་ལི་དཀར་ཁོ་ནར་མཐོང་། །དྲིལ་བུའི་རྣམ་བཞག་རྒྱུད་སྡེ་ལས་གསུངས་པའི། །ཐ་སྙད་དང་མཚུངས་མཚུངས་པར་མ་ངེས་པ། །འཕགས་ཡུལ་དམ་ཚིག་སྲུང་ལ་སྒམ་པའི་ཕྱིར། །ཁྱབ་གདལ་མ་དར་བཟོ་ལ་འདྲིས་པ་ཆུང་། །ཞེས་དང་། རྒྱ་ནག་ནས་ཐོན་པའི་དྲིལ་བུ་ལའང་། རྒྱ་ནག་ཁྱད་དྲིལ་ཕལ་བ་ཏཱ་མིང་གསུམ། །ཁྱད་དྲིལ་སྐྱེ་མཆེད་བྲད་བརྡར་འགྲན་ཟླ་མེད། །དཀྱུས་ལས་ཅུང་ཆེ་བ་ལང་ཁ་སྦུབ་མཐུག། རི་མོ་དོད་ཀྱང་ཧྲོབ་ཉམས་གཏན་ནས་མེད། །རྩེ་ལྔ་བ་རྣམས་ཆུ་སྲིན་ནང་ལ་བལྟ། །འཁོར་ལོའི་རྒྱན་དང་རྩེ་དགུ་ཡིན་ནོ་ཅོག། རྩི་བར་དྲྭ་ཕྱེད་ཁོང་ནས་ཕྱག་མཚན་ཅན། །མུ་ཏིག་སྐེ་རགས་ཞིབ་ལ་སྐད་སྙན་འཁྲོལ། །མགོ་རྡོར་གསེར་དང་གསེར་དམར་ལས་གྲུབ་སྲིད། །རྒྱ་རག་ཚ་གསེར་མཐུག་པ་ཀུན་ལ་ཡོད། །ཕལ་བ་སྐྱེ་མཆེད་ཅུང་ཟད་གཙང་ཤ་ཆུང་། །དབྱིབས་ཀྱང་ཙོང་ལ་སྐད་ངར་གཉིས་སུ་འཚེར། །དྲྭ་ཕྱེད་སོགས་དང་པད་འདབ་ལྷོངས་ལ་འཇམ། །ས་བོན་ལཉྫར་ཡོད་པ་ཏཱ་མིང་མང་། །ཐེག་ཆེན་གན་དྲིལ་ལྷག་པར་ཆེ་བ་དང་། །ཁྱད་དྲིལ་མིང་དུ་གྲགས་པ་མེད་ན་ཡང་། །བཟང་ངན་ཁྱད་པར་ཆེ་བ་ཡོད་པའོ། །དགའ་ལྡན་གན་དྲིལ་དེ་བས་ཅུང་ཟད་ཞེར། །དྲིལ་བུའི་སྟོད་ཞུམ་མགོ་རྡོར་རྩེ་དགུ་མང་། །ཞེས་རྒྱ་ནག་ནས་ཐོན་པའི་དྲིལ་བུ་ལ་འང་ཁྱད་དྲིལ་དང་། ཕལ་བ། ཏཱ་མིང་བཅས་དབྱེ་བ་གསུམ་དུ་བྱུང་བར་བསྟན་པ་དང་། །བོད་དྲིལ་ལ་ཡང་། བོད་དྲིལ་རྙིང་མ་མདོ་ཁམས་རྩི་ཡུལ་དུ། །ཆེ་ཆུང་གཉིས་བཟོས་བྱི་བྱད་རྒྱ་འདྲ་བ། །ཉམས་མེད་རྣམས་ཀྱིས་རྒྱ་རུ་ངོས་འཛིན་ཡང་། །རི་མོ་མི་གཙང་དཔུང་མགོ་ཧོར་འདྲ་བ། །བ་ལང་ཁ་ནི་རྒྱ་ཧོར་གཉིས་ཀ་དང་། །འགལ་ཞིང་ནང་ལ་སུལ་གྱི་རྣམ་པ་མང་། །བོད་དྲིལ་གསར་མ་ཟལ་མོ་སྒང་དུ་དར། །རི་མོ་ཧྲོབ་ལ་སྐད་ངར་རིང་དུ་བསྲིངས། །ཁྱད་དྲིལ་རྣམས་ནི་སྐྱེ་མཆེད་གཙང་ཤ་ཆེ། །དེ་ལས་གཞན་པ་འཇང་འབའ་ལོ་གྲོ་སོགས། །དྲིལ་བུའི་གཟུགས་བརྙན་བརྟགས་པར་སླ་བས་སོ། །ཞེས་བོད་དྲིལ་ལའང་གསར་རྙིང་གི་དབྱེ་བ་ཡོད་ཚུལ་དང་ཁྱད་ཆོས་སོགས་བསྟན་ཡོད་དོ། །

༥ རྡོ་དྲིལ་གྱི་དགོས་པ་ནི། ཡི་དམ་གྱི་ལྷ་སྒྲུབ་སྐབས་དཀྱིལ་འཁོར་གྱི་སྒྲུབ་རྟེན་དང་། སྒྲུབ་བྱེད་ཀྱི་རྫས་དང་། དམ་ཚིག་གི་སྐབས་སུ་དབང་གི་དམ་ཚིག་དང་། ལས་རབ་འབྱམས་སྒྲུབ་པ་དང་། གསང་སྔགས་ཀྱི་གླུ་གར་སོགས་རྡོ་རྗེ་ཐེག་པའི་སྤྲོས་བཅས་ཀྱི་ཉམས་སོགས་ལ་དགོས་པར་གསུངས་སོ། །

༦ འཆང་ཚུལ་ནི། རང་ཉིད་ཀྱིས་གང་བསྒྲུབ་བྱའི་ལྷ་བསྒོམ་ཏེ་ལག་གཡས་ཉི་མ་དང་། ལག་གཡོན་ཟླ་བའི་དཀྱིལ་འཁོར་དུ་བསམ་ནས། ལག་པས་པད་བསྐོར་གྱི་ཕྱག་རྒྱ་དང་བཅས་ཏེ། གཡས་རྡོ་རྗེ་དང་། གཡོན་དྲིལ་བུ་འཛིན་པར་སམྦུ་ཊ་སོགས་ལས་བཤད་དོ། །

༧ རྡོ་དྲིལ་གཉིས་གསོར་བཀྲོལ་ཇི་ལྟར་བྱ་བ་ནི། དེ་ཡང་ཐབས་ཀྱི་མཚོན་བྱེད་རྡོ་རྗེ་ཕྱག་ཏུ་ཐོགས་ནས། ཐུགས་ཀྱི་དམ་ཚིག་དྲན་པའི་སྒོ་ནས། ཧཱུཾཿ མི་འགྱུར་ཐུགས་ཀྱི་རྡོ་རྗེ་ནི། །ཐུགས་ཀར་རྟག་ཏུ་བརྟེན་བྱ་བའི། །ཐུགས་ཉིད་ཡེ་ཤེས་རྡོ་རྗེ་ཡིན། །གསོར་བས་གདོན་བགེགས་ཐམས་ཅད་འཇོམས། །ཞེས་སོགས་ཀྱིས་གསོར་ཞིང་། གསོར་ལུགས་ལའང་རྐེད་གསོར་དང་རྩེ་གསོར་སོགས་མཆིས་པ་ལས། འདི་རྩེ་གསོར་རོ། །དྲིལ་བུ་ཡང་མཐེབ་སྲིན་གཉིས་ཀྱི་བར་དུ་ཐོགས་ལ། ཨཿ ཤེས་རབ་དབྱིངས་ཀྱི་སྒྲ་སྒྲོག་པ། །མཚན་མའི་དངོས་བོ་སྒྲ་མཐར་སྟོང་། །སྲིད་གསུམ་རང་བཞིན་ཉིད་ཀྱིས་དག། དངོས་བོ་ཐམས་ཅད་སྟོང་ཉིད་ངང་། །ཞེས་པས་དཀྲོལ་ཞིང་། དཀྲོལ་ལུགས་ཡང་སྣ་ཚོགས་ཡོད་པ་ཞལ་ཤེས་ལས་དང་། དེ་ཡང་ཐེངས་གཅིག་འཁྲོལ་ནས་དཀུར་བརྟེན་པས་གསུང་གི་དམ་ཚིག་དང་། ཐུགས་ཀར་བསྣོལ་བས་སྐུའི་དམ་ཚིག་དྲན་པར་བྱ་སྟེ། ཟུང་འཇུག་གི་ལམ་ཡང་དག་པར་འཇུག་པའི་བརྡ་མཚོན་ནོ། །

༨ ཕན་ཡོན་ལ། རྡོ་རྗེ་འཆང་བའི་ཕན་ཡོན་ནི། རྣལ་འབྱོར་བའི་རྟོགས་པའི་ཡེ་ཤེས་འཕེལ་བར་བཤད་པ་དང་། འགྲོ་བ་རྣམས་སྡུག་བསྔལ་ལས་སྒྲོལ་བ་དང་རྨོངས་ལས་ལྡོག་པ། བགེགས་སོགས་གནོད་པ་ཐམས་ཅད་འཇོམས་པ་དང་། དྲིལ་བུ་འཆང་བའི་ཕན་ཡོན་ཡང་། ཚེ་རིང་ནད་མེད་དང་། སྟོབས་དང་རྫུ་འཕྲུལ་སྟེར་བ། ནོར་འབྲུ་འཕེལ་ཞིང་སྡུག་བསྔལ་འཇོམས་པར་རྡོ་རྗེ་མཁའ་འགྲོ་སོགས་ལས་གསུངས་སོ། །དེ་ལྟར་འདིར་མགོ་འབུས་ཙམ་བརྗོད་པ་སྟེ། རྡོར་དྲིལ་གྱི་རྒྱུ་དང་དབྱིབས། ཚད་དང་དབྱེ་བ། མཚོན་དོན་དང་དགོས་པ། འཆང་ཚུལ་དང་རབ་གནས། ཕན་ཡོན་སོགས་ཞིབ་ཏུ་ཤེས་འདོད་པ་དག་གིས་གཤིན་རྗེ་གསང་རྒྱུད་དང་། རྡོ་རྗེ་མཁའ་འགྲོ། བྱ་རྒྱུད་ལེགས་གྲུབ། སམྦུ་ཊ ། དཔུང་བཟང་དང་དངོས་གྲུབ་འབྱུང་རྒྱུད། རྡོ་རྗེ་ཕུར་བ་གསང་རྒྱུད། དངོས་གྲུབ་འབྱུང་རྒྱུད། རྙིང་རྒྱུད་རྟ་མཆོག་རོལ་བ། གསང་འདུས་སྒྱུ་འཕྲུལ་དྲ་བ། གདན་བཞི། མན་སྙེ། རྙིང་རྒྱུད་ཧེ་རུ་ཀ རྙིང་རྒྱུད་ཡེ་ཤེས་རྔམ་གློག དགོངས་པ་ལུང་བསྟན། དཔལ་མཆོག་དང་བོའི་རྒྱུད། རྡོར་དྲིལ་བཤད་པ་རྒྱུད་ལུང་དཔང་བཞག རྣལ་འབྱོར་རོལ་བའི་དགའ་སྟོན། སྔགས་འཆང་རྒྱན་གྱི་མེ་ཏོག་སོགས་ལ་བལྟ་བར་བྱོས་ལ། ཧ་ཅང་རྒྱས་པར་ཁལ་ཁ་དམ་རྡོར་གྱི་དམ་ཚིག་གི་རྫས་དང་ཡོ་བྱད་ཀྱི་རྣམ་བཞག་དངོས་གྲུབ་གཏེར་མཛོད་ལས་སྔགས་ཀྱི་ཆ་ལག་འགའ་ཞིག་ཟུར་དུ་བཀོད་པ་ཟབ་དོན་གསལ་བྱེད་ཅེས་པར་བཞུགས་པས་དེར་བལྟ་བར་བྱའོ། །

ཅང་ཏེའུ།

ཅང་ཏེའུ་ནི། བླ་མེད་ཀྱི་རྒྱུད་སྡེ་རྣམས་མ་གཏོགས། རྒྱུད་སྡེ་འོག་མ་རྣམས་ལས་དཀྲོལ་བར་མ་བཤད་ལ། མིང་གཞན་དུ་ཌཱ་མ་རུ། གསང་བའི་རྔེའུ་ཆུང་ཀྱང་ཟེར།

༡ ཅང་ཏེའུ་གྱི་རྒྱུ། རྒྱུ་ནི་ཙན་དན་དང་སེང་ལྡེང་། མིའི་ཐོད་པ་དང་བ་སོ་སོགས་སྟེ། སམྦུ་ཊའི་རྒྱུད་ལས། དེ་ནས་ཅང་ཏེའི་མཚན་ཉིད་བཤད། །བཛྲ་ཤིར་ཤ་རྩ་བ་དང་། །ཙན་དན་དམར་བོ་ལས་བྱུང་དང་། །གཞན་རྣམས་གང་རྣམས་དེ་རྣམས་ནི། །ཡིད་ལ་འདོད་པ་རྣམས་ལ་བྱ། །ཞེས་པ་ལྟར། བཛྲ་ཞེས་པ་རྡོ་རྗེ་ཅན་གྱི་ཤིང་དང་། ཤིར་ཥ་ནི་ཙན་དན་བ་ལང་མགོའི་རྩ་བར་མཁས་གྲུབ་རྗེས་གསུངས་པ་དང་། ཡང་རྒྱུད་དེ་ཉིད་ལས། གཞན་པ་ཡི་ཡང་རྔེའུ་ཆུང་ནི། །ཐོད་པ་ལས་ནི་བསྐོར་བ་ཉིད། །ཅེས་དང་། རྒྱུ་འཕྲུལ་དྲ་བ་ལས། མི་ཐོད་ལས་བྱས་ཅང་ཏེའུ་ལ། །ཞེས་སོ། །

༢ དབྱིབས་དང་བཟོ་ཚུལ། དབྱིབས་སྣ་ཚོགས་འབྱུང་། ཀ་པ་ལའི་ཌཱ་མ་རུ་ནི། སམྦུ་ཊ་ལས། ཐོད་པ་ལས་ནི་བསྐོར་བ་ཉིད། །སྤྲེའུ་པགས་པས་གཡོགས་པའོ། །དེ་བཞིན་ཁ་སྦྱོར་གཉིས་ལ་ནི། །པདྨ་དག་ནི་འབྲི་བར་བྱ། །བུད་མེད་ཁྲག་གིས་མཛེས་པ་དང་། །དུར་ཁྲོད་སྐྱེས་པའི་སྐྲ་ལས་ནི། །བཀལ་བའི་རུས་པ་གཉིས་ནི་བཅིང་། །ཁྱིམ་གྱི་མེ་ཏོག་གཉིས﹙ཕོ་ལོ་བཅུ་དྲུག་གི་ཁུ་བ་དང་མོ་ལོ་བཅུ་གཉིས་ཀྱི་ཟླ་མཚན་འབབ་པ་ཡིན་པས། དེ་ཡང་གྲོང་ཆོས་ཀྱིས་མ་གོས་པ་ལ་བྱའོ། །﹚ཀྱིས་ནི། །པདྨ་ཟེའུ་འབྲུ་གཉིས་པ་ལ། །དཀྱིལ་འཁོར་ཉིད་ནི་བྲི་བར་བྱ། །ཞེས་པ་ལྟར། སྐྱེས་པ་ལོ་བཅུ་དྲུག་དང་། བུད་མེད་ལོ་བཅུ་གཉིས་ཀྱི་ཐོད་པ་ལྟག་སྤྲོད་བྱས་ཏེ། སྤྲེའུ་པགས་པས་གཡོགས། པགས་པའི་ནང་དུ་ཤེས་རབ་མའི་ཟླ་མཚན་དང་བོ་བྱུང་བའི་པདྨ་འདབ་བརྒྱད། དེའི་ལྟེ་བར་རང་རང་གི་ཡི་དམ་གྱི་སྐུ ཕྱག་མཚན། ཡི་དམ་གྱི་རྩ་སྔགས། སྙིང་བོ། ཉེ་སྙིང་སོགས་འགོད་ལ། པགས་པའི་ངོས་གཅིག་ལ་ཡི་དམ་གྱི་ལྷ་དེའི་ཡུམ་གྱི་སྐུ་དང་། ཕྱག་མཚན་སྔགས་སོགས་འབྲི། རྒྱུ་ཐོད་པ་ཡིན་ན། ཕོ་ཐོད་ལ་ཡབ་ཀྱི་ལྷ་སྐུ་དང་། མོ་ཐོད་ལ་ཡུམ་གྱི་སྐུ་བྲིས་ཏེ། སྟེང་འོག་མི་ནོར་བར་བྱས། དེའི་སྟེང་དུ་སྐྲའི་སྐུད་པའི་རེའུ་མིག་ཆོས་འབྱུང་ལྟ་བུའི་སྟེང་འོག་ཏུ་བཅུ་དྲུག་རེ་བྱས་ཏེ། དེ་དག་གིས་རང་གི་འདོད་ལྷ་ཡབ་ཡུམ་རྟེན་བརྟེན་པའི་དཀྱིལ་འཁོར་དང་། དགའ་བ་བཅུ་དྲུག་སོགས་མཚོན། ཅང་ཏེའུ་ཟུར་ལ་བསླངས་ཏེ་འཇོག་ནའང་། སྟེང་གཡས་དང་འོག་གཡོན་དུ་འོང་བ་བྱ། སྟེང་འོག་མི་ནོར་བའི་ཆེད་དུ་སྟེང་གི་ཁ་གཡོགས་ཀྱི་ཕྱིའི་དབུས་སུ་ཧཱུཾ་བྲི་བ་ཁ་ཅིག་ཕྱག་ལེན་ལ་ཡོད་དོ། །སྔ་མ་ཁ་ཅིག་སྟེང་གི་པདྨ་ལ་ཡི་དམ་གྱི་ས་བོན་ནམ་ཕྱག་མཚན། འོག་གི་པདྨའི་ལྟེ་བར་ནག་པོ་ཆེན་པོ་ལ་སོགས་པའི་ཕྱག་མཚན། འདབ་མ་བརྒྱད་ལ་ཤར་ནས་གཡས་བསྐོར་དུ་རྡོ་རྗེ། ཐོད་པ། དགྲ་སྟ། མཆེ་བ། འཁོར་ལོ། རྒྱལ་མཚན། རལ་གྲི། དུང་རྣམས་བྲི་བ་མན་ངག་ཏུ་བཤད་དོ། །སྐ་རགས་ལ། སམྦུ་ཊ་ལས། དུར་ཁྲོད་སྐྱེས་པའི་སྐྲ་ལས་ནི། །ཞེས་དང་། བརྟག་གཉིས་ལས། རྐུན་མའི་སྐྲ་ལས་སྐ་རགས་བྱ་བར་གསུངས་སོ། །

༣ རྡུང་བྱེད་ནི། ཆུ་སྐྱར་དང་མཐིང་རིལ་གྱི་རྐང་རུས་གཡོགས་ཀྱིས་དྲིལ་ནས་སྐྲའི་སྐུད་པས་བཏེགས་ཏེ། རིན་པོ་ཆེའི་ཕྲ་ཚོམ་གྱིས་སྐ་རགས་སྤུད། ཕྱག་བཟུང་དར་སྐུད་སོགས་བྱ་སྟེ། སམྦུ་ཊ་ལས། མི་ཡི་སྐྲ་ཡིས་བཏགས་ནས་ནི། །མཐིལ་རིལ་གྱི་ནི་རྐང་རུས་ཀྱིས། །ཕེ་ཧཱུཾ་མིང་ནས་བརྗོད་ཅིང་བརྡུང་། །ཞེས་དང་། ཁ་སྦྱོར་ལས། ཆུ་སྐྱར་རྐང་བའི་རུས་པས་གདབ། །ཅེས་པ་མན་སྙེར། ཆུ་སྐྱར་རྐང་བའི་གནས་སུ་གདབ། །ཅེས་པ་དང་མཐུན་ནོ། །ཡང་སྔ་མ་ཁ་ཅིག བུད་མེད་ཀྱི་སྐྲ་དང་མེ་ལོང་དང་ཁ་དོག་སྣ་ལྔའི་དར་ལ་སོགས་པར་འདོགས་པ་དང་། བུད་མེད་ཀྱི་སེན་མོས་རྡུང་བྱེད་བྱེད་པ། གཞན་ཡང་བུད་མེད་ཀྱི་བརླའི་དཔྱི་གཉིས་དང་ཚིགས་རུས་འབྲེལ་བ་བྲེགས་ནས་འཇམ་པོར་བྱས་ཏེ། བྷ་གའི་པགས་པས་གཡོགས་ཤིང་། སྐྱེས་པའི་རྡོ་རྗེས་རྡུང་བྱེད་བྱས་པ་མཁའ་འགྲོ་མ་འབོད་པའི་གསང་བའི་རྔེའུ་ཆུང་སོགས་གསུངས་པ་ནི་སྔགས་གསར་མའི་གཞུང་ཁུངས་ཐུབ་ལས་མི་འབྱུང་བར་ཁལ་ཁ་དམ་རྡོར་གྱིས་གསུངས་སོ། །

༤ ཚད་ནི། སམྦུ་ཊ་ལས། དེ་ཡི་ཚད་ནི་བཀའ་བསྩལ་བ། །བཅུ་གཉིས་པ་དང་བཅུ་བ་ཉིད། །ཁ་ལ་དེ་ཡི་ཕྱེད་ཉིད་དོ། །གསུངས་སོ། །བྱིན་རླབས་དང་རབ་གནས་ལེགས་པར་སོང་བའི་ཌཱ་མ་རུ་དེ། འོ་བརྒྱལ་ས་དང་ས་སྒྲེ་བོ་འཇོག་པ་སོགས་མ་གུས་པ་སྤངས་ཤིང་། འཇོག་ཚེ་ཕོ་ཐོད་གཡས་དང་མོ་ཐོད་གཡོན་དུ་བསྟན་ཏེ་བསླངས་ནས་འཇོག་དགོས།

༥ མཚོན་དོན་ནི། ཀྱེ་རྡོར་ལས། ཁ་ཊཱཾ་ཀ་གཟུགས་ཤེས་རབ་སྟེ། །ཐབས་ཀྱི་གཟུགས་ཀྱི་ཅང་ཏེའུ་ཉིད། །ཅེས་དང་། རྣལ་འབྱོར་མ་ཀུན་སྤྱོད་ཀྱི་རྒྱུད་ལས། ཁ་ཊཱཾ་ཀ་ནི་ལྷ་ཡི་སྐུ། །ཤེས་རབ་ཌཱ་མ་རུ་རུ་བརྟག། ཞེས་དང་། རྒྱུད་མངོན་བརྗོད་བླ་མ་ལས། ཅང་ཏེའུ་གཞི་ཐབས་བདེ་བ་ཆེན་པོ་དང་། སྒྲ་ཤེས་རབ་སྟོང་བ་ཉིད་མཚོན་བྱེད་དུ་གསུངས་སོ། །གཞན་ཡང་། ཅང་ཏེའུ་གྱི་ཁོག་པ་དང་པགས་གཡོགས་དང་རྡུང་བྱེད་དང་ལག་པའི་རྩོལ་བ་སོགས་གཅིག་ལ་གཅིག་བརྟེན་ནས་སྒྲ་འབྱུང་བ་ནི། ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་དང་། སྒྲ་ནི་གྲགས་སྟོང་སྐྱེ་འགགས་མེད་པ་ཆོས་ཉིད་ཀྱི་སྒྲ་མཚོན་བྱེད་དུ་འང་གསུངས་སོ། །གཞན་ཡང་། ཁལ་ཁ་དམ་རྡོར་གྱི་དམ་ཚིག་གི་རྫས་དང་ཡོ་བྱད་ཀྱི་རྣམ་བཞག་དངོས་གྲུབ་གཏེར་མཛོད་ལས། ཅང་ཏེའུའི་དག་པ་དྲན་པའི་སྒོ་ནས་དཀྲོལ་བར་བྱ་སྟེ། དེ་ཡང་ཐོད་པའི་སྐད་དོད་ཀམ་པཱ་ལའི་ཀམ་བདེ་བ་དང་། པཱ་ལ་སྐྱོང་བ་ལ་འཇུག་པས་བདེ་བ་སྐྱོང་བའི་གནས་ཕྱག་རྒྱའི་པདྨ་མཚོན་ལ། ནང་དུ་བཀོད་པའི་འདོད་པའི་ལྷའི་མཚན་མས་ནི། གནས་དེར་མངོན་དུ་བྱས་པའི་ལྷན་ཅིག་སྐྱེས་པའི་བདེ་བ་མཚོན་ཞིང་། བདེ་ཆེན་ལ་དགའ་བ་བཅུ་དྲུག་ཡོད་པ་ནི་དྲ་བའི་རེའུ་མིག་གིས་མཚོན་ལ། ཌཱ་མ་རུའི་སྒྲས་ནི་ཟབ་མོ་སྟོང་བ་ཉིད་སྒྲོགས་པར་སེམས་པར་བཤད་པས། ཐོད་པ་སོགས་ཀྱིས་མཚོན་པའི་བདེ་བ་ཆེན་པོ་དང་སྒྲས་བརྗོད་པའི་དོན་སྟོང་བ་ཉིད་དང་དབྱེར་མི་བྱེད་པར་སྦྱར་བའི་ཐབས་ཤེས་གཉིས་སུ་མེད་པ་མཚོན་པར་བྱེད་དོ། །

༦ བཀྲོལ་ཚུལ་ཡང་། ལག་གཡས་ཀྱི་མཐེ་བོང་དང་གུང་མཛུབ་ཀྱིས་སྐེ་དཀྲིས་ནས་འཆང་སྟེ། ཐང་ལྷོད་མེད་པར་བརྡུང་། བགེགས་བསྐྲད་ལ་མཐེ་བོང་ཕྱིར་བསྟན་དང་། བྱིན་རླབས་དང་དབང་བསྐུར་ལ་མཛུབ་མོ་ནང་བསྟན་གྱིས་བརྡུང་དགོས་པར་སྔགས་འཆང་རྒྱན་གྱི་མེ་ཏོག་ཏུ་གསུངས་སོ། །

༧ བརྡུང་བྱའི་དགོས་ནི། དམ་ཚིག་གི་རྫས་དང་ཡོ་བྱད་ཀྱི་རྣམ་བཞག་དངོས་གྲུབ་གཏེར་མཛོད་ལས། དེ་ཉིད་དེ་ཁོ་ན་ཉིད་དྲན་པའི་སྒོ་ནས་དཀྲོལ་བས། བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཉིད་སྒྲའི་རྣམ་རོལ་ཏུ་ཤར་བས་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ལ་སོགས་པ་མཉེས་པར་བྱེད་པའི་མཆོད་པའི་དོན་དང་། དེ་ལས་བྱིན་གྱིས་རློབ་ཅིང་དངོས་གྲུབ་སྩོལ་བར་འགྱུར་བ་དང་། དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད། སྒྲ་དེས་ཐུགས་རྒྱུད་བསྐུལ་ནས་མྱུར་དུ་འདུ་ཞིང་། བྱིན་གྱིས་རློབ་པ་དང་། དབང་དུ་འགྱུར་བ་དང་། མཁའ་འགྲོ་ཆོས་སྐྱོང་རྣམས་སྒྲ་དེས་ཐུགས་རྒྱུད་བསྐུལ་ནས་འཕྲིན་ལས་ལ་སྦྱོར་བར་བྱེད་པ་ཡིན་ལ། རང་ལྷའི་ང་རྒྱལ་དང་རྣལ་འབྱོར་བརྟན་པ་དམ་ཚིག་དང་། སྡོམ་པ་ལ་གནས་པའི་སྔགས་པ་ཡིན་ན་གོང་དུ་བཤད་པའི་མཚན་ཉིད་དང་ལྡན་པའི་ཅང་ཏེའུ་ལ་བརྟེན་ནས་ཞིང་སྐྱོང་གི་མཁའ་འགྲོ་མ་དགུག་པའི་ལས་སྦྱོར་ཁྱད་པར་བ་ཞིག་ཀྱང་གསུངས་སོ། །

༨ ཕན་ཡོན་ནི། སངས་རྒྱས་མཉམ་སྦྱོར་ལས། ཅང་ཏེའུ་ཚུལ་སྟོན་རྣལ་འབྱོར་བ། །ཇི་ལྟར་བབས་པའི་གར་བྱེད་པས། །རིམས་དང་གདོན་དང་དུག་ཞེན་པའི། །སྡུག་བསྔལ་ཐམས་ཅད་མྱུར་དུ་སེལ། །ཞེས་དང་། མངོན་བརྗོད་བླ་མ་ལས། དཔའ་བོ་རྣལ་འབྱོར་མ་རྣམས་ཀྱི། །ཡིད་ནི་དགའ་བར་གྱུར་ནས་སུ། །དགའ་བ་ཡི་ནི་བསམ་པ་ཡིས། །ཅང་ཏེའུ་སྒྲ་ཡིས་བསྐུལ་ན་ནི། །མཉམ་ཉིད་དགའ་ལས་བཞེངས་པར་གྱུར། །ཞེས་དང་། རྙིང་རྒྱུད་ཀརྨ་མཱ་ལེ་ལས། ཅང་ཏེའུ་ཚུལ་སྟོན་རྣལ་འབྱོར་བ། །ཇི་ལྟར་བསམ་པའི་གར་བྱེད་པ། །འགྲོ་བ་གསུམ་དག་དབང་དུ་བྱེད། །དངོས་གྲུབ་མ་ལུས་མྱུར་དུ་འགྲུབ། །རིམས་གདོན་དུག་སེལ་སྡུག་བསྔལ་སེལ། །གནས་གསུམ་དག་ནི་སྐད་ཅིག་འབེབས། །ཞེས་སོ། །

གཞན་ཡང་། སངས་རྒྱས་བྱང་སེམས་ལ་མཆོད་པར་འགྱུར་བ་དང་། བསོད་ནམས་ཀྱི་ཚོགས་གསོག་པ། ཆོས་སྲུང་གི་ཐུགས་རྒྱུད་བསྐུལ་བ། བགེགས་བསྐྲད་དང་། རིག་པ་བརྟུལ་ཞུགས་ཀྱི་ཉམས་བསྐྱེད་པ། ཐབས་ཤེས་ཀྱི་མདོ་དྲན་པ། མཁའ་འགྲོ་མ་དབང་དུ་འདུ་བར་ཡང་འགྱུར་ཏེ། སྒྱུ་འཕྲུལ་དྲ་བ་ལས། ལམ་གྱི་བཞི་མདོར་དཀྱིལ་འཁོར་ནི། །རྐང་བ་གཡོན་པས་མཐེ་བོས་བྲིས། །གྲྭར་ནི་བུ་མོ་ཟས་བྱིན་ལ། །འགུགས་པར་བརྩོན་པའི་ལྕགས་ཀྱུ་བྱ། །གཙོ་བོ་ཁྲག་འཐུང་ཆ་ལུགས་ཀྱི། །གཟུགས་ཅན་གྱི་ནི་རྟིང་བས་བརྡུང་། །འདིས་ནི་ཁམས་གསུམ་རྣམ་གནས་པའི། །བུ་མོ་ཟས་བྱིན་འགུགས་པར་འགྱུར། །ཞེས་སོ། །

སིལ་སྙན།

༡ སིལ་སྙན་གྱི་སྒྲ་བཤད་དང་ཁུངས། གསང་བ་རྒྱན་གྱི་བཀོད་པ་ལས། ཇི་ལྟའི་སིལ་སྙན་རྡུང་སྤྱོད་ནི། །བརྡུང་བའི་བདག་ཉིད་ཅན་གྱིས་དཀྲོལ། །དེ་ལས་བྱུང་བའི་སིལ་སྙན་ལན། །གསིལ་བའི་སིལ་སྙན་ཉིད་དུ་བརྗོད། །ཅེས་གསུངས་པའོ། །སངས་རྒྱས་མཉམ་སྦྱོར་ལས། གླུ་དང་སིལ་སྙན་ལ་སོགས་པ། །ཞེས་དང་། ཟླ་གསང་ཐིག་ལེ་ལས། སིལ་སྙན་ཕྲེང་བ་རོ་ཆེན་དང་། །ཞེས་སོགས་རྒྱུད་མང་བོ་ལས། སིལ་སྙན་ཞེས་འབྱུང་ལ། མིང་གཞན་དུ་ཙིན་དང་རྔ་གཤང་ཞེས་ཀྱང་ཟེར། སིལ་སྙན་དང་ཆ་ལང་ནི། ཞི་དྲག་གི་ཁྱད་པར་དུ་གསུངས་ལ།

༢ སིལ་སྙན་གྱི་རྒྱུ་དང་དབྱིབས། རྒྱུ་ནི་ལི་དང་འཁར་བ་ལས་བྱས་ལ། དབྱིབས་ནི་འདབ་ཁ་གཤོག་པ་བརྐྱངས་འདྲ་ལ། ཁ་ཅུང་ཟད་གཡེལ་བ། ནང་དུ་སྦུབ་སྟོང་ཆུང་ཙམ། ཕྱི་ནས་ལག་པས་བཟུང་དུ་རུང་བ། སྐད་ཤིན་ཏུ་སྙན་པའོ། །

༣ སིལ་སྙན་གྱི་དབྱེ་བ། སིལ་སྙན་གྱི་རོལ་ཆ་འདི་ལ་ཕྱིས་སུ་དབྱེ་བ་མི་འདྲ་བ་བཞི་བྱུང་ཡོད་དེ། ཧོར་སིལ། རྒྱ་སིལ། བལ་སིལ། བོད་སིལ་ལོ། །དེ་དག་སོ་སོའི་ཁྱད་ཆོས་མི་འདྲ་བ་ནི། འཇིགས་མེད་གླིང་བའི་གཏམ་ཚོགས་ལས། སིལ་སྙན་ལའང་ཧོར་རྒྱ་བལ་བོད་བཞི། །ཧོར་ལ་རིགས་གསུམ་ཛ་ལན་དྷ་ར་དང་། །ཤིན་ཀུན་མ་དང་སྤྱི་བོ་མཁར་བ་ལས། །ཛ་ལན་དྷ་ར་ཐོད་ཆེ་འཁོར་རྒྱ་ཆུང་། །རྒྱུ་ཚོགས་ཆེ་ལ་སྐད་སྙན་རྒྱང་གྲགས་ཆེ། །སྤྲེལ་ཐོད་སྦལ་ཐོད་ཇི་ལྟའང་གཞན་པས་ཆུང་། །ཤང་ཤང་ཏེའུ་རེག་པའི་དུག་ཅན་ཕྱིར། །ཡི་གེ་བརྡ་ལས་རིན་ཐང་གཞལ་ཞེས་ཟེར། །དཀོན་པའི་ཕྱིར་ན་ནོར་སྣར་གྲགས་པ་ཡིན། །ཤིང་ཀུན་འཁོར་རྒྱར་དཔག་པའི་ཐོད་པ་ཆུང་། །ཐོད་དབྱིབས་གོང་འདྲ་སྐད་འབོལ་སེར་མདངས་ཆེ། །སྤྱི་བོ་མཁར་ལ་ཐོད་དབྱིབས་གསུམ་དུ་ཡོད། །ར་ཐོད་ཙོང་ལ་སྦལ་ཐོད་ཐོད་ཟུར་ཆག། སྤྲེལ་ཐོད་ཟླུམ་ལ་རྩ་བ་ཉག་པ་སྟེ། །འཁོར་རྒྱ་ཆེ་ཆུང་རན་ལ་འཁྲོལ་ཆ་ཆུང་། །གསེར་ངམས་ཟིལ་བ་ཆགས་པ་ཚེ་འབྲུམ་ཅན། །ནང་ལ་ཐོ་རིས་གསལ་ཞིང་སྲུབས་རིས་མེད། །ཐོད་པའི་རྩ་ནས་ལོ་མཐུར་སེ་གས་བསུ། །ཨོལ་མ་སོང་མཚམས་ཤང་ཁ་གྱེན་ལངས་ཀྱི། །ཁ་སྦྱར་བར་མཐའ་མ་རེག་ཙམ་དུ་ཡོད། །རྒྱ་ནག་ཆེ་ཆུང་འཚམ་ལ་ཆུ་ཞེང་གབ། །ཤང་ཁ་བཙན་ཚུགས་ཡོད་པས་འཁྲོལ་བ་དཀའ། །མཐའ་ལ་ཆ་ག་ནང་ལ་ཐོ་རྗེས་གསལ། །སེར་ནག་སྐད་སིལ་ཧོར་ལས་སྙན་ཆ་ཆུང་། །སྦལ་ཐོད་མ་ཎི་ལཉྫར་ཡོང་བ་ཡིན། །བལ་སིལ་སྲབ་དང་བོད་སིལ་རྒྱུ་ཚོགས་ཅན། །རྒྱ་ཧོར་གཉིས་དང་འགལ་བས་རྟོགས་པར་སླ། །དེ་ལས་བོད་སིལ་སྙན་ཆ་ཆེ་བ་ཡིན། །ཞེས་གསུངས་པ་ལྟར་རོ། །

༤ ཆེ་ཆུང་གི་ཚད། གཤང་རབས་ལས། གཤང་ངམ་ཁྲི་ལོ་སིལ་སྙན་ནི། །ཆེ་བ་གསེར་ཉིའི་ནུ་འབུར་ལས། །བྱུང་བའི་གླང་རེ་གཤང་ཆེན་དང་། །འབྲིང་བ་སངས་བོའི་ནུ་འབུར་ལས། །བྱུང་བའི་ཁྲི་ལོ་གནམ་གྲགས་དང་། །ཆུ་ལྕམ་རྒྱལ་མོའི་ནུ་འབུར་ལས། །བྱུང་བའི་ཁོལ་མོ་སིལ་སྙན་གྲགས། །ཞེས་སོ། །

༥ དཀྲོལ་ཚུལ། རོལ་མོའི་བསྟན་བཅོས་གཅིག་ཤེས་ཀུན་གྲོལ་ལས། སིལ་སྙན་འཁྲོལ་བ་ལྟ་བུ་ཞིག། ཡིན་ན་སིལ་སྙན་ཆེ་ཆུང་ལ། །ལྟོས་པའི་དཀྲོལ་ལུགས་འབྱུང་འགྱུར་ཏེ། །ཆེ་ལ་མཐོ་དང་ཆུང་ལ་དམའ། །ཡང་དོག་ཀྱང་ནི་གོ་རིམ་བཞིན། །དེས་ན་ཆེ་ཆུང་གང་ཡིན་ཡང་། །སིལ་སྙན་ཡིན་ན་ཐད་ཀར་དཀྲོལ། །སྦུག་ཆལ་ཡིན་ན་སྟེང་འོག་བྱ། །ཞེས་སྤྱིའི་དཀྲོལ་ཚུལ་དང་། བྱེ་བྲག་ཏུ་ལྷ་སའི་རྒྱུད་སྨད་གྲྭ་ཚང་ལ་ཆ་བཞག་ན་འཇིགས་བྱེད་ཀྱི་བདག་བསྐྱེད་སྐབས། སིལ་སྙན་ནམ་མཁའ་བྱ་འཛིང་དང་། རྒྱུད་སྟོད་ཀྱིས་བྱང་ཆུབ་ཕྱག་རྒྱ་མ། མཚུར་ཕུའི་དབྱར་འཆམ་གྱི་སྐབས་སུ་ཟླ་བ་ཡར་ཚེས་དང་། གཞན་ཡང་པདྨ་འདབ་བསྐོར་དང་། མེ་ཏོག་སིལ་མ་སོགས་དཀྲོལ་ཚུལ་ཡོད་དོ། །

༦ མཚོན་དོན། འཆང་བཟུང་གཉིས་ཀྱིས་ཐབས་ཤེས་གཉིས། དབྱིབས་གོར་མོ་དང་སྒྲ་སྙན་པས་མཆོད་ཡུལ་དག་དགྱེས་ཤིང་སོ་སྐྱེས་རྣམས་མ་རིག་པའི་གཉིད་ལས་སློང་བ། ཁ་ཞེང་ཆེ་བས་དབྱངས་ཀྱི་ཡན་ལག་ཕུན་སུམ་ཚོགས་པ། ཁ་ཁྱེར་ཅུང་ཟད་ནང་དུ་ཟུམ་པས་རྒྱལ་བ་རྣམས་ཐུགས་རྒྱུད་བསྐུལ་ཞིང་གདུལ་བྱ་རྗེས་སུ་འཛིན་པའི་བརྡ་མཚོན་ནོ། །

༧ སིལ་སྙན་གྱི་དགོས་པ་དང་ཕན་ཡོན། མཆོད་རྫས་འདི་རོལ་མོའི་བྱེ་བྲག་ཏུ་མདོ་སྔགས་གཉིས་ཀར་བསྟན་ཅིང་། མཆོད་པ་དང་། སྒྲུབ་མཆོད། ཚོགས་མཆོད། རབ་གནས་སོགས་སུ་དཀྲོལ་ཅིང་། སྤྱིར་ན་སྒྲ་སྙན་གྱི་རིགས་ཀུན་གང་ལ་གང་མཁོར་ལོངས་སྤྱད་ཀྱང་རུང་ལ། ནང་བསྟན་ལས་བསྟན་པའི་སྒྲ་སྙན་ཕལ་མོ་ཆེ་བླ་མ་ལྷ་ཚོགས་ལ་མཆོད་དེ་དགེ་སྒྲུབ་ཀྱི་ཆ་རྐྱེན་ཞིག་སྟེ། ཇི་སྐད་དུ། ཕྱོགས་དུས་ཀུན་ན་ཟིན་དང་མ་ཟིན་པའི། །ཡོན་ཏན་ཡིད་འོང་སྒྲ་སྙན་ཅི་མཆིས་པ། །མོས་བློས་དཀྱིལ་འཁོར་ལྷ་ལ་བདག་འབུལ་ན། །བཞེས་ནས་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཞེས་པ་ལྟར། ལས་རྣམ་པར་འབྱེད་པའི་མདོ་ལས། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་རོལ་མོ་སིལ་སྙན་ཕུལ་བའི་ཕན་ཡོན་བཅུ་ཡོད་དེ། བཅུ་གང་ཞེ་ན། གཟུགས་བཟང་ཞིང་ལྟ་ན་སྡུག་པར་འགྱུར་བ། སྐད་སྙན་པར་འགྱུར་བ་དང་། ཡིད་དུ་འོང་བའི་སྨྲ་བ་དང་ལྡན་པར་འགྱུར་བ་དང་། གྲགས་པ་དང་ལྡན་པར་འགྱུར་བ་དང་། གཟུང་བའི་ཚིག་ཏུ་འགྱུར་བ་དང་། རྟག་ཏུ་དགའ་བར་འགྱུར་བ་དང་། ཐམས་ཅད་དགའ་བར་འགྱུར་བ་དང་། ཐམས་ཅད་དགའ་བའི་སྒྲ་རྒྱ་ཆེན་པོ་ཐོབ་པར་འགྱུར་བ་དང་། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་སྟེ། བཅུ་བོ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་རོལ་མོ་སིལ་སྙན་ཕུལ་བའི་ཕན་ཡོན་ཡིན་ནོ། །ཞེས་དང་། སྒྱུ་མ་བདེ་མཆོག་ལས། སིལ་སྙན་ཕྱག་རྒྱ་བཤད་པ་རྣམས། །ལས་རྣམས་ཐམས་ཅད་རབ་བསྒྲུབ་པའི། །ཆ་ལུགས་བཞིན་དུ་གར་བྱེད་པས། །མ་རུངས་པ་ཡང་རབ་ཏུ་འགྲུབ། །ལས་རྣམས་ཀུན་ལ་མཆོག་ཏུ་ནི། །བརྡུང་ན་དཔལ་ནི་བཞི་འགྱུར་འགྲུབ། །ཅེས་གསུངས་སོ། །

པི་ཝང་།

པི་ཝང་ནི་ད་ལྟ་གླུ་བ་གླུ་མ་དག་གི་ཕྱག་མཚན་ལྟ་བུར་སྣང་མོད་ཀྱང་། འདི་ལ་རྒྱུད་སྡེ་དག་གི་ཁུངས་ཡོད་དེ། མངོན་བརྗོད་བླ་མ་ལས། པི་ཝང་གླིང་བུ་རྫ་རྔ་ཆེ། །ཞེས་དང་། བདེ་མཆོག་སྡོམ་འབྱུང་ལས། པི་ཝང་རྒྱུད་མངས་རྫ་རྔ་ཆེ། །ཞེས་དང་། ཁྱད་པར་དུ་སྟོན་པ་བཅོམ་ལྡན་འདས་ཀྱིས་དྲི་ཟའི་རྒྱལ་བོ་རབ་དགའ་པི་ཝང་གི་སྒྲ་སྙན་གྱིས་བཀུགས་ཏེ་བཏུལ་བ་དང་། རྒྱུད་སྡེ་རྣམས་སུ་རྡོ་རྗེ་པི་ཝང་མ་ཞེས་མཆོད་པའི་ལྷ་མོ་དང་། རྒྱལ་ཆེན་ཡུལ་འཁོར་སྲུང་དང་། དབྱངས་ཅན་མའི་ཕྱག་མཚན་ཡིན་པས་རྟོགས་ནུས་སོ། །པི་ཝང་འདི་མཆོད་པ་དང་ཚོགས་འཁོར། དཀྱིལ་འཁོར་སྒྲུབ་པ། རིག་མ་མཆོད་པ། རབ་གནས་སོགས་ལ་སྦྲེང་བའི་རོལ་མོའི་བྱེ་བྲག་གོ། མིང་གི་རྣམ་གྲངས་ལ། འཕང་འགྲོ། ཏམ་བུ་ར། རྒྱུད་མངས་སོ། །པི་ཝང་དེ་ལ་ཡང་། རྒྱུད་གཅིག་པ་ནས་མང་བོའི་བར་དུ་ཡོད་ལ། སོར་མོའི་འདེགས་འཇོག་ལ་བརྟེན་ནས་རྒྱུད་རེ་རེ་ལ་སྒྲ་གདངས་མི་འདྲ་བའི་སྒྱུ་རྩལ་འདོན་རྒྱུ་ཡོད་དོ། །

པི་ཝང་སྦྲེངས་པའི་ཕན་ཡོན་ནི། སངས་རྒྱས་མཉམ་སྦྱོར་ལས། པི་ཝང་ལེན་པའི་ཚུལ་སྟོན་ཅིང་། །ཇི་ལྟར་བབས་པའི་གར་བྱེད་པས། །ལས་རྣམས་གྲུབ་པ་རབ་འབྱམས་དང་། །དངོས་གྲུབ་མ་ལུས་མྱུར་དུ་འགྲུབ། །ཅེས་དང་། ཀརྨ་མཱ་ལེ་ལས། པི་ཝང་ལེན་པའི་ཚུལ་སྟོན་ཅིང་། །ཇི་ལྟར་བསམ་པའི་གར་བྱེད་དང་། །འགྲོ་བ་གསུམ་དག་དབང་དུ་བྱེད། །ཅེས་དང་། རྒྱ་བཟའ་ཀོང་ཇོ་བོད་དུ་ཕེབས་དུས་ཀྱང་། རྒྱན་གོས་འཕྱོར་བའི་བུ་མོ་ཉེར་ལྔས་པི་ཝང་དཀྲོལ་ནས་སྔུན་བསུས་ཚུལ་དེབ་ཐེར་རྣམས་སུ་བཀོད་ཡོད་པ་དང་། དེང་གི་དུས་འདིར། འབྲོང་རུའི་སྒྲ་སྙན་དང་། རྟ་ནག་སྒྲོགས་འགྲོས་སོགས་འཇིག་རྟེན་ཕྱོགས་སུ་དར་སོ་ཆེ་ལ། རྒྱུ་ཆ་ཡང་། དམངས་ཁྲོད་ཀྱི་བཤད་རྒྱུན་ལ། པི་ཝང་ཁྱོད་དང་ང་གཉིས། །མི་དགོས་རྒྱུ་ཞིག་མེད་ཀི ། གཡག་རྒན་གྲོད་པུ་དགོས་ཀི ། འབྲོང་རྒན་རྭ་ཅོ་དགོས་ཀི ། རྟ་རྒན་རྔ་མ་དགོས་ཀི ། སྡོང་རྒན་ཐང་ཆུ་དགོས་ཀི ། ང་ལ་རྩམ་པ་དགོས་ཀི ། འབྲུ་མར་ཕྱུར་བ་དགོས་ཀི ། ཞེས་པས་ཤེས་སོ། །གཞན་སྒྲ་སྙན་གྱི་སྐོར་ལ་གན་ཆག རེ་མ། ཡང་ཆིན་སོགས་དགྲ་ལྷ་ཟླ་བཟང་གི་ཆེད་རྩོམ་ཤོག་ངོས༡༤༧ ནས༡༦༥བར་གསལ་བས། ཤེས་འདོད་པ་རྣམས་ཀྱིས་དེར་བལྟ་བར་བྱའོ། །འབུད་རྡུང་དཀྲོལ་གསུམ་གྱི་རོལ་མོ་འདི་དག་ནི་ཆོས་འཇིག་རྟེན་གཉིས་ཆར་ནས་མཆོག་ཏུ་གྱུར་ཞིག་སྟེ། འཕགས་པ་རིན་པོ་ཆེས། དད་ལྡན་རྣམས་ཀྱིས་མཆོད་པ་དང་། །བཀྲེན་པ་རྣམས་ནི་འཚོ་བ་དང་། །ཆགས་ཅན་རྣམས་ནི་ཡིད་གཡོ་བ། །དེ་ཀུན་རོལ་མོ་མཁན་ལས་བྱུང་། །བློ་ངན་གཟུགས་ཀྱིས་འཕོང་ཡང་རུང་། །རིགས་ངན་ནོར་དང་བྲལ་ཡང་བླ། །རོལ་མོའི་ཆ་ལ་མཁས་གྱུར་ན། །ཚོགས་ཀྱི་ནང་ནས་རྒྱན་ལྟར་མཛེས། །ཞེས་སོགས་རོལ་མོ་ལ་བསྔགས་པ་མང་དུ་མཛད་དོ། །

གཡེར་ཁ།

རྒྱུད་ལས་གཡེར་ཁའི་དྲིལ་བུ་བྱེ་བྲག་ཏུ་གསུངས་ལ། དེ་ཡང་དབྱིབས་མི་འདྲ་བ་གཉིས་འབྱུང་། གཅིག་ནི་རྩེ་མེད་པའི་དྲིལ་བུ་ཁ་འདབ་ཕྱིར་གཡེར་བ། དཀྱིལ་འཁོར་གྱི་དྲ་ཆས་དང་། འདུ་ཁང་གི་བྱ་འདབ། མཆོད་རྟེན་གྱི་གདེངས་ཁ་སོགས་སུ་བཀོལ་བ་དེ་ཡིན། སྒྲ་བཤད་ལ་ཁ་འདབ་ཕྱིར་གཡེར་བས་གཡེར་ཁ་དང་། ཅིག་ཤོས་ནི། འཆམ་གོས་སོགས་སུ་བརྒྱན་པའི་གཡེར་རྡོག་དང་ཧ་ཅང་འདྲ་ཆེ་བ་དེ་ཡིན་ལ། མིང་ཡང་འདྲ་བ་རྒྱུ་མཚན་དུ་བྱས་ནས་བཏགས་པའོ། །

འདི་ལ་རྒྱུད་ཀྱི་ཁུངས་ཚད་ལྡན་ཡོད་དེ། མངོན་བརྗོད་བླ་མ་ལས། གཡེར་ཁ་སྒྲ་སྒྲོགས་སྐ་རགས་ཅན། །ཞེས་དང་། མཁའ་འགྲོ་རྒྱ་མཚོ་ལས། གཡེར་ཁའི་ཕྲེང་དང་ལྕགས་ཐག་དང་། །ཞེས་དང་། རྡོ་རྗེ་རྩེ་མོ་ལས། གཡེར་ཁའི་དྲ་བ་ཀུན་ཏུ་ཁེབས། །དྲིལ་བུའི་མཆོག་ནི་ཀུན་ཏུ་འཕྱང་། །ཞེས་སོགས་རྒྱུད་མང་བོ་ལས་གསུངས་སོ། །གཡེར་ཁ་འདི། དཀྱིལ་འཁོར་དང་གོས་སོགས་ཀྱི་རྒྱན་དུ་བཀོད་པ་དང་། ད་ལྟ་སྟོད་གཞས་ནང་མ་དང་། མཆོད་སྤྲིན་རོལ་གར། བྲོ་བ། གཞས་མ། ཀོང་བྲོ་སོགས་ཀྱི་ནང་གལ་ཆེའི་གནས་བབ་བཟུང་ཡོད་ལས་གཞན། རྟའི་མགྲིན་པ་དང་། བྱིས་པའི་ལྭ་བ། རྒྱ་གར་སོགས་སུ་རྐང་ལག་གི་གདུབ་བུར་ཡང་བཏགས་ཡོད་དོ། །

བཞི་བ། ཕྱག་མཚན་གྱི་སྐོར།

ཁ་ཊཱཾ་ཀ

༡ ཁ་ཊཱཾ་ཀའི་ཁུངས་ནི། མཁའ་འགྲོ་རྒྱ་མཚོ་ལས། ཐོད་པ་དང་ནི་ཁ་ཊཱཾ་འཛིན། །ཞེས་དང་། གདན་བཞི་ལས། ཁ་ཊཱཾ་ཀ་དང་རྣལ་འབྱོར་སྣོད། །རྒྱན་རྣམས་ཀུན་གྱིས་རྣམ་པར་བཀླུབས། །ཞེས་སོགས་རྒྱུད་སྡེ་མང་བོར་གསུངས་སོ། །སྒྲ་བཤད་ལ་སྔགས་འཆང་རྒྱན་མེ་ལས། ཁ་ཞེས་པ་ནམ་མཁའ་དང་། ཊཱཾ་ཞེས་པ་ཀེང་རུས་སམ་དབྱུག་པ་སྟེ། ནམ་མཁའི་ཀེང་རུས་སམ་ནམ་མཁའི་དབྱུག་པ་ཞེས་གསུངས་སོ། །

༢ ཁ་ཊཱཾ་ཀའི་ཡུ་བ་ནི། ཙན་དན་དང་ཆུ་ཤིང་ནག་པོ་སོགས་ཀྱིས་བྱས་ཤིང་། ཡར་སྣེ་རྡོ་རྗེ་རྩེ་གཅིག་པའི་དབྱིབས། དབྱུག་པའི་སྟེང་བུམ་པ་དམར་སེར་གང་རུང་། དེའི་སྟེང་སྣ་ཚོགས་རྡོ་རྗེ། དེའི་སྟེང་མི་མགོ་རློན་པ་དམར་བོ། རྙིད་པ་ནག་པོ། སྐམ་པོ་དཀར་བོ་སྟེ་སུམ་བརྩེགས། དེའི་སྟེང་རྡོ་རྗེ་རྩེ་ལྔ་སྔོན་པོ་ཡོངས་རྫོགས་གྱེན་དུ་བགྲེང་བ། འདི་ལ་རྡོ་རྗེ་ཕྱེད་པ་དང་། ཁ་དོག་ནག་པོ་བཞེད་པའང་ཡོད། བུམ་འོག་ཏུ་སྐྲའི་ཚངས་སྐུད། དྲིལ་ཆུང་དར་འཕན་སོགས་བུམ་པ་ལས་འཕྱང་བ། རྣོ་དབལ་དང་ལྡན་པའི་རྩེ་མོ་གསུམ་དང་ལྡན་པའོ། །ཡུ་བའི་རིང་ཚད་ལ། རང་གི་ལུས་ཚད་དང་། ཐུང་ཚད་ལ་ཁྲི་གང་སོགས་རུང་བར་བཤད་པ་དང་། དེ་ཡང་ཅུང་ཟད་མི་འདྲ་བ་གཞན་ཡང་ཡོད་དོ། །ཡང་མཁས་གྲུབ་རྗེས། ཁ་ཊཱཾ་ཀའི་ཚད་བཤད་པ་རྒྱུད་ན་མེད་པའི་རྟོག་བཟོའོ། །ཞེས་ཀྱང་གསུངས།

༣ མཚོན་དོན་ནི། དང་བོ་དབྱིབས་ཀྱི་མཚོན་དོན་ནི། རྩེ་མོའི་རྡོ་རྗེ་རྩེ་ལྔ་ནི་ལམ་དུས་སུ་མ་དག་པའི་ཕུང་ལྔ་སྦྱངས་ནས་འབྲས་བུ་སྐུ་དང་ཡེ་ཤེས་རིགས་སོགས་ལྔ་གྲུབ་པ་དང་། འོག་རྭ་ཐོད་སྐམ་གྱི་སྟེང་དུ་ཟུག་པ་ལྔ་ནི་སྦྱང་བྱ་ཁམས་གསུམ་གྱི་ཕུང་ལྔ་དང་། སྟེང་རྭ་ལྔ་སྦྱང་འབྲས་ཡེ་ཤེས་ལྔ་དང་། མར་སྣེའི་རྩེ་ལྔས་བྱང་ཆུབ་སེམས་དང་། ཡུ་བས་ཆོས་ཐམས་ཅད་བདག་མེད་པ། སྣ་ཚོགས་རྡོ་རྗེས་སྐུ་གསུམ་དང་། དེ་ལ་དྲིལ་བུ་དང་བ་དན་དར་དཔྱངས་སྣ་ཚོགས་ཀྱིས་བརྒྱན་པས། སེམས་ཅན་དོན་བྱེད་ཀྱི་འཕྲིན་ལས། བུམ་པ་བདུད་རྩིས་བཀང་བས་ལོངས་སྐུ ཐོད་གསུམ་བརྩེགས་པས་ཆོས་སྐུ་དང་རྣམ་ཐར་སྒོ་གསུམ་མཚོན་ནོ། །

ཡང་། བདེ་མཆོག་གི་བསྐྱེད་རིམ་ཚད་ལྡན་དག་ལས། ཁ་ཊཱཾ་ཀའི་ཡུ་བ་དཀར་བོར་ཡོད་པས་ནི་བྱང་ཆུབ་ཀྱི་སེམས་རྒྱས་པ། དེའི་སྟེང་གི་བུམ་པས་རྒྱུད་བདེ་བ་ཆེན་པོའི་བཅུད་ཀྱིས་བཀང་བ། སྣ་ཚོགས་རྡོ་རྗེས་འཕྲིན་ལས་བཞི་འགྲུབ་པ། མི་མགོ་རློན་པ་ནག་པོས་སྤྲུལ་བའི་སྐུ་དང་། རྙིད་པ་དམར་བོས་ལོངས་སྤྱོད་རྫོགས་པའི་སྐུ་དང་། སྐམ་པོ་དཀར་བོས་ཆོས་སྐུ་དང་། སྟེང་གི་རྡོ་རྗེ་སྔོན་པོ་རྩེ་ལྔ་བས་ཆོས་དབྱིངས་ཡེ་ཤེས་གཙོ་བོར་གྱུར་བའི་ཡེ་ཤེས་ལྔ་མཚོན་པར་ཡང་གསུངས་སོ། །

གཉིས་པ་ཚད་ཀྱི་མཚོན་དོན་ལ། སྣེ་རྡོར་ལ་སོར་ལྔ་ཡོད་པས་ཡེ་ཤེས་ལྔར་འདྲེན་པ་དང་། བསྐྱེད་རིམ་གྱི་སྦྱང་བྱ་རྐང་བའི་སོར་མོ་ལྔ་དང་། ཡུ་བ་སོར་བཞིས། ནང་གི་དབང་བོ་ཉི་ཤུ་རྩ་གཉིས་དང་། ཆོས་ཅན་དང་ཆོས་ཉིད་གཉིས་བསྣན་པས་ཉེར་བཞི་དང་། ཁྲུ་གསུམ་བྱས་ཚེ་རྣམ་ཐར་སྒོ་གསུམ་དང་། དྲིལ་བུ་དང་བ་དན་གྱིས་ལག་པ་གཉིས་མཚོན་པ་དང་། སྣ་ཚོགས་རྡོ་རྗེ་སོར་གཉིས་པས་སྤྲུལ་སྐུའི་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་དོན་མཛད་པ་དང་། བུམ་པ་སོར་བཞིས་ལོངས་སྐུས་དགའ་བཞི་ལོངས་སུ་སྤྱོད་པ་དང་། སོར་དྲུག་པོ་ཐུན་མོང་དུ་མགྲིན་པའི་གནས་དང་། མགོ་བོ་དང་བོའི་སོར་གསུམ་པོ་མགོ་བོ་དང་རྣམ་ཐར་སྒོ་གསུམ་གྱི་རྣམ་པར་ཐར་བའི་སྒོ་སྟོང་བ་ཉིད་དང་། དེ་མན་གྱི་ཚད། སྤྱིར་འདོད་ཁམས་མཚོན་བྱེད་དང་། སོར་བཅུ་གཉིས་པོ་རྟེན་འབྲེལ་ཡན་ལག་བཅུ་གཉིས་དང་། མགོ་བར་བའི་ཚད་དེ་གཟུགས་ཁམས་དང་། རྒྱུ་མཚན་མ་མེད་པ་དང་། མགོ་བོ་སྟེང་མའི་ཚད་དེ་གཟུགས་མེད་ཀྱི་ཁམས་དང་། འབྲས་བུ་སྨོན་པ་མེད་པ་དང་། རྩེ་གསུམ་པོ་དུག་གསུམ་རྩད་ནས་གཅོད་བྱེད་ཀྱི་གཉེན་པོ་ཡེ་ཤེས་དང་། འབྲས་བུ་སྐུ་གསུམ་དང་གཞི་ལམ་འབྲས་གསུམ་མཚོན་པར་བྱེད་དོ། །ཡང་སྤྱིར་བཏང་། བརྟག་གཉིས་ལས། ཁ་ཊཱཾ་ཀ་སྒོམ་ཤེས་རབ་ཉིད། །ཞེས་དང་། རྣལ་འབྱོར་མ་ཀུན་སྤྱོད་ལས། ཁ་ཊཱཾ་ཀ་ནི་ལྷ་ཡི་སྐུ། །ཞེས་དང་། ཁ་ཅིག ཁ་ཊཱཾ་ཀ་བདེ་བ་ཆེན་པོའི་ལྷ་སྐུ་དང་། མགོ་གསུམ་གྱིས་སྐུ་གསུང་ཐུགས་མཚོན་པར་བཤད་ལ། གཞན་སློབ་དཔོན་པདྨའི་ཁ་ཊཱཾ་ཀར་རྭ་ལ་ཨ་ལོང་དགུས་མཚོན་ལ། དེས་ཐེག་རིམ་དགུས་འཇུག་སྒོ་མཚོན། དེ་ལས་གཞན་བརྡ་སྣ་ཚོགས་མཚོན་པའི་དྲིལ་བུ་དང་། ཉི་ཟླས་བརྒྱན་པ་སོགས་ཀྱང་འབྱུང་ངོ་། །

ཡང་སློབ་དཔོན་པདྨ་འབྱུང་གནས་ཀྱི་ཁ་ཊཱཾ་ཀའི་མཚོན་དོན་དུ་འདི་ལྟར་འབྱུང་སྟེ། མཆན་ཁུང་གཡོན་ན་ཡུམ་ལྷ་ལྕམ་མཁའ་འགྲོའི་དབང་ཕྱུག་སྦས་པའི་ཚུལ་གྱི་ཁ་ཊཱཾ་ཀ་འཛིན་པ། ཁ་ཊཱཾ་ཀ་དེ་ཡང་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་མཚོན་པའི་ཡར་རྩེ་གསུམ། ཆོས་ལོངས་སྤྲུལ་གསུམ་གྱི་སྐུ་མཚོན་པའི་ཐོད་པ་སྐམ་རློན་རྙིང་གསུམ། ཐེག་པ་རིམ་པ་དགུ་མཚོན་པའི་རྭ་དང་ལྕགས་ལུང་དགུ། ཡེ་ཤེས་ལྔ་མཚོན་ཕྱིར་དར་ཚོན་སྣ་ལྔ། དུར་ཁྲོད་ཆེན་པོ་བརྒྱད་དུ་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་དེ་མ་མོ་དང་མཁའ་འགྲོ་དབང་དུ་བསྡུས་པའི་བརྡར་ཤི་སྐྲ་དང་གསོན་སྐྲ་ལ་སོགས་པས་བརྒྱན་པར་བཤད་དོ། །

༤ དགོས་ཆེད་ནི། ཁ་ཊཱཾ་ཀ་འདི་ཤེས་རབ་ཡུམ་གྱི་ཚུལ་དུ་བསྟེན་པས་ཐབས་ཤེས་ཀྱི་དོན་དང་། ལྷན་སྐྱེས་བདེ་བ་ཆེན་པོའི་དོན་མི་བརྗེད་པར་དྲན་པ་དང་། སྐུ་ལ་གཟི་བརྗིད་བསྐྱེད་པ། དམ་ཚིག་ཚང་བ། མཁའ་འགྲོ་དབང་དུ་འདུ་བ་སོགས་ཀྱི་ཕན་ཡོན་ཡོད་དོ། །སྔགས་འཆང་རྒྱན་མེ་ལས། ཁ་ཊཱཾ་ཀ་འདིས་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་སམ། ལུས་ཀྱི་རྐང་མཐིལ་ནས་སྤྱི་བོའི་བར་རམ། ལམ་དང་འབྲས་བུའི་ཆོས་ཐམས་ཅད་མཚོན་པས་ན་དེ་ཡང་ཇི་བཞིན་ཤེས་ཤིང་འཛིན་པར་བྱེད་པ་ནི་དགོས་པའོ། །ཞེས་སོ། །

དགང་གཟར་བླུགས།

༡ དགང་བླུགས་ཀྱི་རྒྱུ། རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། གསེར་རམ་དངུལ་ལམ་ཟངས་མ་འམ། །མཆོད་སྦྱིན་གྱི་ནི་ཤིང་ཡང་རུང་། །ཞེས་པ་ལྟར། གསེར་དངུལ་ཟངས་ལྕགས་དང་། ར་གན། རུས་པ། སྲ་ཤིང་། སྦྱིན་སྲེག་གི་ཤིང་སོགས་སོ། །

༢ དགང་གཟར་གྱི་དབྱིབས་ཚད། རྡོ་རྗེ་མཁའ་འགྲོ་ལས། དགང་གཟར་རྒྱུ་དང་བླུགས་པ་སོགས། །ཚད་དང་དབྱིབས་ལ་སོགས་པ་བཤད། །སྟེང་དུ་སོར་བཞི་དང་ལྡན་པ། །དཀྱུས་ནི་གྲུ་བཞི་བྱ་བ་སྟེ། །ཟབས་སུ་སོར་གཉིས་བརྐོ་བར་བྱ། །དཀྱིལ་དུ་ཡེ་ཤེས་རྡོ་རྗེས་བརྒྱན། །དེ་ཡི་སྟེང་དུ་ཆུ་སོར་བཞི། །པདྨའི་འདབ་མ་ལྟ་བུར་བྱ། །དེ་དབུས་བཅུད་ནི་འཛག་པ་ཡི། །བུ་ག་མཐེའུ་ཆུང་ཚད་དུ་བྱ། །དེ་ནས་འོག་ཏུ་དབྱུག་པ་སྟེ། །རྡོ་རྗེ་རིན་ཆེན་སོར་དྲུག་བརྒྱན། །ཞེས་དང་།

༣ བླུགས་གཟར་གྱི་དབྱིབས་ཚད། རྡོ་རྗེ་མཁའ་འགྲོ་ལས། རྒྱ་རུ་སོར་གཉིས་ཟབས་སོར་གཅིག། ཁ་ནི་པདྨའི་འདབ་མ་འདྲ། །དབུས་སུ་རྡོ་རྗེ་མཛེས་པ་སྟེ། །ལྷག་མ་སྔོན་བཞིན་མཚོན་པར་བྱ། །ཞེས་སོགས་དགང་གཟར་བླུགས་ཀྱི་ཚད་དབྱིབས་མཁའ་འགྲོ་རྒྱ་མཚོ་དང་། གཤེད་དམར། རྡོ་རྗེ་འབར་བ། དགྲ་ནག་གི་རྒྱུད་སོགས་ལས་ཀྱང་གསུངས་ལ། གཞུང་ཁ་ཅིག་ཏུ་ཕྱི་ནང་གསང་གསུམ་གྱི་ཚད་དབྱིབས་མི་འདྲ་བར་ཡང་བཤད་དོ། །

༤ དགང་གཟར་བླུགས་འཆང་ཚུལ། རྡོ་རྗེ་མཁའ་འགྲོ་ལས། ཞི་བ་བྱང་ཆུབ་མཆོག་གིས་བཟུང་། །ནོར་བུའི་ཁུ་ཚུར་རྒྱས་པ་ལ། །དབང་དང་འགུགས་པ་དག་ལ་ནི། །དེ་བཞིན་པདྨའི་ཁུ་ཚུར་བཟུང་། །དྲག་པོའི་ལས་ལ་འབད་པ་ཡིས། །དེ་བཞིན་ཁྲོ་བོའི་ཁུ་ཚུར་བྱ། །དགང་གཟར་བླུགས་གཟར་ཆོ་གའོ། །དགང་བླུགས་ཞེས་སུ་བྱ་བ་ནི། །གང་བའི་སྦྱིན་སྲེག་ལ་སོགས་པའོ། །དེ་ཡི་ཆོ་ག་གཞན་བཤད་བྱ། །ཞི་བ་དང་ནི་རྒྱས་དང་དབང་། །དགེ་བ་ཡི་ནི་ལས་རྣམས་ལ། །གདོང་གི་འཛུམ་དང་བཅས་པར་བྱ། །དྲག་པོའི་ལས་ལ་ཁྲོ་གདོང་གིས། །ཡམ་ཤིང་ལ་སོགས་སྲེག་པར་བྱ། །ཞེས་དང་། བདེ་མཆོག་སྡོམ་འབྱུང་ལས། ལག་གཉིས་པུས་མོའི་ནང་བཞག་སྟེ། །དགང་གཟར་དང་ནི་བླུགས་གཟར་བཟུང་། །ཞེས་གསུངས་སོ། །

༥ དགང་བླུགས་བསང་སྦྱངས་བྱ་ཚུལ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་ཡེ་ཤེས་ལྷའི་ཐུགས་རྒྱུད་སྐུལ། ཐབས་དང་ཤེས་རབ་ཀྱི་རང་བཞིན་ཡེ་ཤེས་སེམས་དཔའ་འོད་ཟེར་གྱི་ཚུལ་དུ་བཀུག དགང་བླུགས་ལ་ཐིམ་པས་དངོས་གྲུབ་ཐམས་ཅད་འབྱུང་བའི་དམ་ཚིག་ཡོ་བྱད་དུ་གྱུར་བར་བསམ་མོ། །

༦ དགང་བླུགས་གཉིས་ཀྱི་མཚོན་དོན། དགང་གཟར་གྱིས་ཤེས་རབ་སྟོང་ཉིད་ཀྱི་ཆ་དང་། བླུགས་གཟར་གྱིས་ཐབས་བདེ་བ་ཆེན་པོ་སྟེ། རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། དགང་གཟར་ཆོས་ནི་སྟེར་བའི་མ། །བླུགས་གཟར་རོ་ལྡན་ཐབས་ཡིན་ནོ། །སེམས་ཅན་ཀུན་ལ་ཕན་བྱེད་པ། །ཞེས་སོ། །

བགྲང་ཕྲེང་།

བོད་མི་ཕྲེང་བཟུང་གི་ལུང་བ་ཞེས། བགྲང་ཕྲེང་འདི་རང་ཅག་གི་མཐོ་བ་བླ་དཔོན་དང་། དམའ་བ་སྤྲང་ནག་ཚུན་ལ་མ་ཁྱབ་པ་མེད་པས། ད་ལྟ་བོད་ཀྱི་དམངས་སྲོལ་ལྟ་བུར་གྱུར་བའམ། ཡང་ན་གྲངས་ཀ་བགྲང་བྱེད་ཁོ་ན་ཙམ་དུ་བཟུང་སྟེ། སྐྱེ་བོ་ཕལ་མོ་ཆེས་སྣང་ཆུང་དུ་འཛིན་མོད་ཀྱང། འདི་ལ་རྒྱུད་ཀྱི་ཁུངས་དང་དཔྱད་པ་ཧ་ལས་པ་ཡོད་པས། འདིར་དེའི་སྐོར་ཅུང་ཟད་བརྗོད་པར་བྱའོ། །

༡ ཕྲེང་བའི་ངོ་བོ་དང་ངེས་ཚིག སྔགས་འཆང་རྒྱན་གྱི་མེ་ཏོག་ལས། རྩར་ལས་རྒྱུས་དང་གྲངས་ཅན་དང་། །རྒྱན་དུ་བྱས་དང་ཁྲིགས་ལ་འབེབས། །ཚོད་འཛིན་བསྙེན་པའི་སླད་དུ་སྟེ། །དེ་སོགས་ཕྲེང་བའི་ངོ་བོར་བཤད། །ཅེས་དང་། ངེས་ཚིག་ནི། དད་ལྡན་གྱི་སློབ་མ་བླ་མ་ལ་སེམས་འཕྲེང་ནས་གསོལ་བ་ཕུར་ཚུགས་སུ་བཏབ་པས་བརྩེ་བ་ཆེན་པོས་བྱིན་གྱིས་བརླབས་པ། ཡི་དམ་ལ་སེམས་འཕྲེང་ནས་བསྙེན་སྒྲུབ་ལ་ནན་ཏན་བྱས་པས་མཆོག་ཐུན་གྱི་དངོས་གྲུབ་གནང་བ། མཁའ་འགྲོའི་ཚོགས་ལ་སེམས་འཕྲེང་ནས་འཕྲིན་ལས་དྲག་ཏུ་བསྐུལ་བས་ཅི་འདོད་ཀྱི་འཕྲིན་ལས་བསྒྲུབ་པ། དེ་བཞིན་ལྕམ་དྲལ་དང་རྡོ་རྗེ་སྤུན་གྲོགས་ལ་སོགས་གཅིག་སེམས་གཅིག་ལ་འཕྲེང་ནས་དམ་ཚིག་ལས་མི་འདའ་ཞིང་། དཀྱིལ་འཁོར་གཅིག་ཏུ་འགྲུབ་པ་སོགས་སྔགས་འཆང་རྒྱན་མེ་ལས་རྒྱ་ཆེར་བཤད་དོ། །

༢ ཕྲེང་བའི་རྒྱུ། ཕྲེང་བའི་རྒྱུ་ལ་རབ་འབྲིང་ཐ་གསུམ་དུ་བཤད་དེ། པདྨའི་ཕྲེང་བཤད་ལས། རྒྱུ་ནི་རབ་ལ་རིན་པོ་ཆེ། །འབྲིང་ནི་ཤིང་གི་འབྲས་བུ་སྟེ། །ཐ་མ་ཤིང་དང་ས་རྡོ་དང་། །སྨན་གྱི་ལྡེ་གུའི་ཕྲེང་བའོ། །ཞེས་སོ། །ཕྲེང་བའི་རྒྱུ་སྤྱི་ལ། ཤེལ། ཉ་ཕྱིས། མུ་ཏིག མུ་མིན། བྱི་རུ། ལུང་ཏང་། དུང་། གསེར། དངུལ། ཟངས། ཞ་ཉེ། འཁར་བ། པདྨའི་སྙིང་བོ། བ་སོ། ཙན་དན། རུཀྵ། མིའི་ཐོད་རུས། རྔ་མོང་དང་བོང་བུ་མ་ཧེའི་རུས་པ། འབྲས་བུ་དང་རིན་པོ་ཆེའི་རིགས་གང་འཛོམས་བྱ་རུང་བ་དུས་འཁོར་བསྡུས་རྒྱུད་དང་། རྡོ་རྗེ་མཁའ་འགྲོ། བདེ་མཆོག་སྡོམ་འབྱུང་། རྡོ་རྗེ་གདན་བཞི། སམྦུ་ཊ། གཤིན་རྗེ་གཤེད་དམར། དངོས་གྲུབ་འབྱུང་རྒྱུད། ཁྲག་འཐུང་མངོན་འབྱུང་གི་རྒྱུད། བྱ་རྒྱུད་དཔུང་བཟང་སོགས་ལས་གསུངས་སོ། །སྤྱིར་བསོད་ནམས་འཕེལ་བའི་ཕྱིར་རིན་པོ་ཆེའི་ཕྲེང་བ་བཟུང་ན་འོས་ཀྱང་། རློམ་སེམས་སྐྱེས་པ་དང་། ཡང་གཞན་གྱིས་རིན་ཐང་བཅད་ན་དམ་སེལ་ཞུགས་པ་སོགས་སུ་འགྱུར་ན་དམ་དུ་སྦ་བ་དང་། ཡང་ཤིན་ཏུ་དམན་པའི་ཕྲེང་བ་ཡིན་ན་རང་ཉིད་ཀྱིས་འདྲེན་མི་སྤྲོ་ཞིང་། གཞན་ཀྱིས་ཀྱང་བརྙས་པར་འགྱུར་ན་སྦ་བར་བྱའོ། །

བྱེ་བྲག་ཞི་རྒྱས་དབང་དྲག་གི་ཕྲེང་བའི་རྒྱུ་ལ། ཞི་བའི་ཕྲེང་རྒྱུ་ནི། པདྨའི་ཕྲེང་བཤད་ལས། དུང་ནི་ཞི་བའི་ཕྲེང་བ་སྟེ། །ཞི་བའི་ལས་ཀྱི་སྔགས་པའོ། །ཞེས་པ་ལྟར། དུང་། ཤེལ། ཉ་ཕྱིས། མུ་ཏིག བཻཌཱུ་རྱ་དཀར་བོ། བྱང་ཆུབ་ཤིང་གི་ཐོག་གུ། རིན་པོ་ཆེའི་རིགས་དཀར་བོའོ། །

རྒྱས་པའི་ཕྲེང་རྒྱུ་ནི། པདྨའི་ཕྲེང་བཤད་ལས། གསེར་གྱི་ཕྲེང་བ་རྒྱས་པའི་ལས། །ཞེས་དང་། འོ་སེ་ལ་སོགས་འབྲས་བུ་ཅན། །རྒྱས་པའི་ལས་འགྲུབ་ཕྲེང་བའོ། །ཞེས་པ་ལྟར། གསེར། དངུལ། ཟངས་མ། མུ་ཏིག པདྨའི་སྙིང་བོ། ལུང་ཏང་། ཨ་རུ་ར་སོགས་ཕན་ནུས་ཅན་གྱི་ཤིང་འབྲས་དང་། མདོག་སེར་བོ་ཟད་ཁ་སྲ་བའི་རིགས་དགོས་པར་བཤད་དོ། །

དབང་གི་ཕྲེང་རྒྱུ་ལ། པདྨའི་ཕྲེང་བཤད་ལས། བྱི་རུའི་ཕྲེང་བས་དབང་ལས་འགྲུབ། །ཅེས་དང་། མཛོ་མོ་ཤིང་དང་འོམ་བུའི་ཕྲེང་། །དབང་གི་ལས་འགྲུབ་ཕྲེང་བར་བསྔགས། །ཞེས་པ་ལྟར། བྱི་རུ། པད་རག ཙན་དན། ཟངས། སེང་ལྡེང་། མཛོ་མོའི་ཤིང་མདོག་དམར་བོའི་རིགས་དང་། དྲི་ཞིམ་ཤིང་ལ་བྱ་དགོས་པར་བཤད་དོ། །

དྲག་པོའི་ཕྲེང་རྒྱུ་ནི། པདྨའི་ཕྲེང་བཤད་ལས། ལྕགས་དང་གཡུ་ཕྲེང་དྲག་པོའི་ལས། །ཞེས་དང་། ནཱ་ག་ཁྱུང་མཆུ་རཀྵ་ནི། །དྲག་པོའི་ལས་ཀྱི་ཕྲེང་བར་བསྔགས། །ཞེས་པ་ལྟར། དྲག་སྔགས་བཟླ་བྱེད་ལ། ལྕགས། གཡུ། རུ་དྲ་ཀྵ། ལུང་ཏང། མི་རུས། ཐོད་རུས། དྲེད་དང་བོང་བུ་རྔ་མོང་གི་སོ་དང་། ཡང་ན། རྔ་མོང་དང་བོང་བུ། མ་ཧེའི་རུས་པ། ཚེར་ནག་གི་ཤིང་དང་ཐོག་གུ་སོགས་ནག་རྩུབ་ཀྱི་རིགས་བསྔགས་པའོ། །

གཞན་ཡང་། ས་རིལ་ཞི་བའི་ཕྲེང་བ་དང་། །རྡོ་ཡི་ཕྲེང་བ་རྒྱས་པར་ཤེས། །སྨན་གྱི་ཕྲེང་བ་དབང་ལ་ཤེས། །ཐོད་པ་ལ་སོགས་རུས་ཆེན་རྣམས། །དྲག་པོའི་ལས་ལ་ཤེས་པར་བྱ། །ཞེས་པདྨའི་ཕྲེང་བཤད་ལས་རྒྱུའི་ཁྱད་པར་གྱིས་དབྱེ་བ་དང་། ཡང་། ཞི་ལ་ཁ་དོག་དཀར་བོ་དང་། །ཁ་དོག་སེར་བོ་རྒྱས་པ་ལ། །དམར་བོ་དབང་ལ་རྟག་ཏུ་བསྒོམ། །ནག་པོ་ཤིན་ཏུ་གསད་ལ་འདོད། །ཅེས་གཤིན་རྗེ་གཤེད་དམར་ལས་ཁ་དོག་གིས་དབྱེ་བ་དང་། དགོངས་འདུས་པདྨའི་ཕྲེང་བཤད་ལས་ཀྱང་། ཁ་དོག་དག་ཀྱང་འདི་ལྟ་སྟེ། །དཀར་བོར་ཞི་བའི་ལས་ལ་བསྔགས། །ཁ་དོག་སེར་བོ་རྒྱས་པའི་ཕྲེང་། །དབང་ལ་ཁ་དོག་དམར་བའི་ཕྲེང་། །ནག་པོ་དྲག་པོའི་ཕྲེང་བར་བསྔགས། །ལས་རྣམས་ཀུན་ལ་ཁྲ་བོར་བཤད། །ཅེས་སོ། །ཡང་། རྒྱལ་བའི་རིགས་ལ་བོ་དེ་ཙེ། །སྔགས་ཀྱི་ནོར་བུར་རབ་ཏུ་བསྒྲགས། །པདྨའི་རིགས་ལ་པདྨའི་སྙིང་། །རྡོ་རྗེའི་རིགས་ལ་རུ་དྲ་ཀྵ། །རིགས་གསུམ་དག་ནི་ཐམས་ཅད་ལ། །ནོར་བུ་དེ་དག་རབ་ཏུ་བསྒྲགས། །བཟླས་བརྗོད་བྱེད་པའི་ལས་ཀུན་ལ། །དེ་དག་དགེ་ཞིང་མཆོག་ཏུ་བཤད། །ཅེས་ལེགས་གྲུབ་ལས་རིགས་ཀྱི་དབྱེ་བ་དང་། རྒྱུད་རྡོ་རྗེ་རྩེ་མོ་ལས་ཀྱང་། སངས་རྒྱས་རྣལ་འབྱོར་བོ་དེ་ཙེ། །རྡོ་རྗེ་ཅན་ལ་རུ་དྲཱ་ཀྵ། །ཕྱི་རོལ་ནོར་རིགས་དབང་བོ་དེ། །མུ་ཏིག་ནོར་བུའི་རྣལ་འབྱོར་ཅན། །པདྨའི་སྙིང་བོའི་ཕྲེང་བ་ནི། །པདྨའི་རིགས་རྣམས་ཀུན་ལ་བསྔགས། །ཞེས་སོ། །དེ་ལྟར་ལས་བཞི་སྒྲུབ་པའི་ཕྲེང་རྒྱུ་གཙོ་ཆེར་དགོངས་པ་མ་གཏོགས། གཏན་མི་རུང་བ་མ་ཡིན་ཏེ། སམྦུ་ཊ་ལས། ཞི་རྒྱས་དབང་དང་མངོན་སྤྱོད་ལ། །པུ་ཏྲ་ཛཱི་ཝ་ལས་ཀུན་བྱེད། །ཅེས་དང་། གདན་བཞི་ལས། ཞི་དང་རྒྱས་དང་དབང་དྲག་ལ། །པུ་ཏྲ་ཛཱི་ནི་ལས་ཀུན་བྱ། །ཞེས་དང་། པདྨའི་ཕྲེང་བཤད་ལས། གཟི་མཆོང་སྣ་ཚོགས་ལས་ལ་ཤིས། །ཞེས་སོགས་རྒྱུད་མང་བོ་ལས་གསུངས་སོ། །ཡང་། ཁལ་ཁ་དམ་རྡོར་གྱི་དམ་ཚིག་གི་རྫས་དང་ཡོ་བྱད་ཀྱི་རྣམ་བཞག་དངོས་གྲུབ་གཏེར་མཛོད་ལས། ཞི་བ་ལ་གསེར་དངུལ་ཟངས་དང་མུ་མིན། རྒྱས་པ་ལ་པདྨའི་ས་བོན། དབང་ལ་དྲི་བཟང་བོའི་རིལ་བུ། བྱི་རུ། ཙན་དན་དམར་བོ། དམར་བོ་བཙོས་པ། དྲག་པོ་ལ་རུ་རཀྵ། ལུང་ཐང་། སྐྱེས་པའི་རུས་པ། ལས་བཞི་ཀ་ལ་བོ་དེ་ཙེ་བསྔགས་ཤིང་། དྲག་པོ་ལས་སོ་སོའི་ཁྱད་པར་ཡང་། སྡོམ་འབྱུང་ལས། རུ་རཀྵ་དང་ལུང་ཐང་འབྲས། །དེ་བཞིན་མི་རུས་ཉིད་ཀྱང་སྟེ། །རྔ་མོང་བོང་བུ་མ་ཧེ་ཡི། །རུས་པ་མངོན་སྤྱོད་ལྐུགས་དང་རེངས། །བསད་དང་བསྐྲད་དང་དབྱེ་བ་དང་། །དགྲ་བོ་ཚར་བཅད་རྣམས་ལ་སྦྱར། །ཞེས་དང་། དུས་འཁོར་དབང་ལེའི་རྩ་འགྲེལ་ལས། ཞི་བ་ལ་ཤེལ། རྒྱས་པ་ལ་མུ་ཏིག་གི་འབྲས་བུ། བསད་པ་ལ་མིའི་སོ། བསྐྲད་པ་ལ་བོང་བུའི་སོ་རུས། དབང་ལ་བོ་དེ་ཙེ། འགུག་པ་ལ་པདྨ་འམ་ཙན་དན་དམར་བོའི་ས་བོན། རྨོངས་པ་ལ་ལུང་ཐང་། རེངས་པ་ལ་དབང་བོའི་མིག་ཅེས་རུ་རཀྵར་གསུངས་སོ། །

༣ ཕྲེང་བའི་རྒྱུན་ཐག ལང་ཚོ་དང་ལྡན་པའི་བུ་མོ་གཞོན་ནུ་མ། བློ་ལྡན་ངག་འཇམ་གྱིས་གསེར་སྐུད་དང་བལ་སྐུད་སོགས་བརྒྱུ་དགོས་པ་རྡོ་རྗེ་མཁའ་འགྲོ་སོགས་ལས་གསུངས་ལ། རས་བལ་གྱི་སྐུད་པ་ཡང་ཁ་སྦྱོར་དགུ་སྒྲིལ་ལས་བྱ་ལ། དེའང་ཁ་སྦྱོར་ལས་ཕྱོགས་མཚམས་བརྒྱད་དང་དབུས་ཀྱི་སྐུད་པ་ལྷ་དགུར་བྱིན་རླབས་བྱ་བར་གསུངས་པས། དགུ་སྒྲིལ་བྱ་ཚུལ་ཁྱད་པར་བ་ལས། སོ་སོའི་དབང་དུ་བྱས་ན་དེ་ཡང་ཞི་ཕྲེང་ལ་བལ་སྐུད་དཀར་བོ། རྒྱས་ཕྲེང་ལ་རས་སྐུད་སེར་བོ། དབང་ཕྲེང་ལ་དར་སྐུད་དམར་བོ། དྲག་ཕྲེང་ལ་གྲི་ཤིར་ཐེབས་པའི་རྒྱུས་པ་དང་། རྒྱུ་མ། པགས་རིགས་ཀྱི་རྒྱུན་བུ་དགུ་སྒྲིལ། ལས་སྣ་ཚོགས་ཀྱི་ཕྲེང་བ་ལ་ཚོན་སྣ་ལྔ་སྒྲིལ་གྱི་སྲད་པུ་དགོས་པར་པདྨའི་ཕྲེང་བཤད་ལས་གསུངས་པ་དང། གཞན་ཡང་། མནན་བསྐྲད་ལས་སྔགས་བཟླ་བྱེད་ཀྱི་ཕྲེང་ཐག བོང་བུ་དང་རྔ་མོང་གི་སྤུ་ལ་ཁྭ་ཏའི་སྒྲོ་བསྲེས་པའི་སྲད་པུ་དང་། ཕན་ཚུན་སྡང་བའི་ལས་ལ་རྟ་དང་མ་ཧེའི་སྤུ་དང་། གསོད་མནོག་དབྱེ་བའི་ལས་སོགས་དྲག་པོ་མངོན་སྤྱོད་ཀྱི་ལས་ལ། དུར་ཁྲོད་ཀྱི་སྐྲ་དང་ཁྱི་སྤུ་བསྲེས་ཏེ་ཕྲེང་ཐག་བྱ་དགོས་པར་བདེ་མཆོག་སྡོམ་འབྱུང་ལས་གསུངས་པ་དང་། ཁྲག་འཐུང་མངོན་འབྱུང་ལས་དེ་དང་ཅུང་མི་མཐུན་པར་བཤད་དོ། །ཕྲེང་ཐག་གི་ཕྲ་སྦོམ་དང་ཡངས་དོག་ནི། སློབ་དཔོན་པདྨའི་དགོངས་འདུས་ཕྲེང་བཤད་ལས། དེ་དག་ཀུན་ཀྱང་ཕྲེང་བ་ཡི། །མིག་དང་བསྟུན་ལ་རན་པར་བྱ། །ཡངས་པ་མ་ཡིན་དོག་པ་མིན། །རིང་བ་མ་ཡིན་ཐུང་བ་མིན། །ཧ་ཅང་དོག་པ་ལས་མི་འགྲུབ། །ཡངས་ན་གསེབ་འཚང་བར་ཆད་འཇུག། རིང་ན་ལྷ་འགྱང་སྒྲུབ་པ་གཡེལ། །ཧ་ཅང་ཐུང་ན་ཚེ་ལ་གཟན། །མདུད་པ་ཅན་དང་མདུད་པ་ཆགས། །ཕྲ་སྦོམ་མ་སྙོམས་གོད་ཁ་འབྱུང་། །དེ་སོགས་རྣམ་དབྱེ་ཤེས་པར་བྱ། །ཞེས་སོ། །

༤ ཕྲེང་བའི་གྲངས་ཚད། སམྦུ་ཊ་ལས། སྔགས་ཀྱི་སྒྲུབ་པ་ལྔ་བཅུ་སྟེ། །དབང་ལ་དེ་ཡི་ཕྱེད་ཉིད་དོ། །བརྒྱ་ཕྲག་གཅིག་ནི་ཞི་བ་ལ། །དེ་བཞིན་རྒྱས་ལ་ལྷག་པར་བརྒྱད། །མངོན་སྤྱོད་ལ་ནི་དྲུག་ཅུ་ཉིད། །ཁྱད་པར་དུ་ནི་ལས་ལ་སྦྱར། །ཇི་ལྟར་ལས་ཀྱི་བྱེ་བྲག་གིས། །ཕྲེང་བ་ལ་སོགས་བྱ་བའོ། །ཞེས་རྡོ་རྗེ་མཁའ་འགྲོ་དང་། གདན་བཞི་སོགས་མཐུན་པར་སྣང་ལ། གཤེད་དམར་ལས། མངོན་སྤྱོད་དྲུག་ཅུ་རྩ་བཞིའོ། །ཞེས་དྲག་པོ་ལ་རེ་བཞི་དགོས་པར་བཤད་དོ། །

༥ ཆེ་ཆུང་གི་ཚད། ཆེ་ཆུང་གི་ཚད་ལ། ཞི་བ་ལ་རང་གི་འགྲམ་སོ་ཙམ། རྒྱས་པར་མཐེབ་ཆུང་གི་རྩེ་མོ་ཙམ། དབང་ལ་ནོར་བུའི་ཏོག་ཙམ། དྲག་པོར་རྐང་བའི་མཐེབ་ཆེན་གྱི་ཚད་ཙམ་དགོས་པར་པདྨའི་ཕྲེང་བཤད་ལས་གསུངས་ལ། འདི་ནི་བཟོས་ཕྲེང་གི་དབང་དུ་བཏང་བ་ཡིན་གྱི། ནོར་བུ་དང་ཤིང་འབྲས་ལ་ཚད་དེ་དག་འོང་བའི་ངེས་པ་མེད་དོ། །

༦ ཕྲེང་བའི་མདོ་འཛིན། མདོ་འཛིན་ནི། པདྨའི་ཕྲེང་བཤད་ལས། ཕྲེང་བའི་མདོ་འཛིན་འདི་ལྟ་སྟེ། །ཞི་བ་དཀར་ཞིང་ཟླུམ་ལ་འགྲིལ། །རྒྱས་ལ་སེར་བོ་རྒྱ་མདུད་ཅན། །ཡང་ན་ལྕམ་གཞོག་མཆོད་རྟེན་རིས། །དབང་ལ་ཁ་དོག་དམར་བོ་དང་། །དབྱིབས་ནི་ལེབ་ལ་ཟླ་གམ་དང་། །ནར་མོ་ཉིད་ཀྱང་ཤེས་པར་བྱ། །དྲག་པོ་ཁ་དོག་ནག་པོའི་ཆ། །དབྱིབས་ནི་ཟུར་གསུམ་སེན་ཐག་རིས། །ཟུར་ཅན་བུ་ག་ཚག་ཚག་རིས། །མདོར་ན་རྩུབ་ལ་རྣོ་བའོ། །སྣ་ཚོགས་ལས་ཀྱི་ཕྲེང་བ་ལ། །མདོ་འཛིན་སྐུ་གསུང་ཐུགས་ཀྱི་རྒྱ། །དཀར་དམར་སྔོན་པོའི་རིགས་ཀྱིས་སྤྲས། །དེ་སོགས་མཚན་མཐུན་རིགས་པས་དཔྱད། །ཅེས་སོ། །

༧ སྤང་བྱའི་ཕྲེང་བ། པདྨའི་ཕྲེང་བཤད་ལས། རྭ་ཕྲེང་མི་བཅིང་བགྲང་མི་བྱ། །མཚམས་མེད་ལས་བགྱིས་འགྲོ་བ་ཡི། །བགྲང་དང་བཅིང་བའི་ཕྲེང་བ་དང་། །དེ་བཞིན་དམ་ཚིག་ཉམས་པ་དང་། །བཤན་པ་ལ་སོགས་རིགས་ངན་དང་། །དམེ་བོ་ཁྲིམས་ཉམས་དམ་སེལ་ཞུགས། །ཡུགས་ས་སྡིག་ཅན་རྐུན་མ་ཡིས། །བགྲང་བའི་ཕྲེང་བ་མི་བསྟེན་སྤང་། །གཞན་གྱིས་དོར་ཞིང་སྟོར་བ་ཡི། །རྙེད་པའི་ཕྲེང་བ་མི་བསྟེན་སྤང་། །ལྷ་ལ་ཕུལ་དང་རྒྱན་བྱས་ལ། །དབང་མེད་འཕྲོག་པའི་ཕྲེང་བ་སྤང་། །ཐག་པ་ཆད་དང་གྲངས་མ་ཚང་། །དུད་འགྲོས་འགོངས་དང་བྱ་བྱིས་ཟས། །མེས་ཚིག་ལ་སོགས་ཉམས་པ་སྤང་། །སྔགས་ལ་དམ་སེལ་ཞུགས་པས་སྤང་། །ལུང་མ་བསྟན་གྱི་ཕྲེང་བ་དང་། །རྣལ་འབྱོར་ཡིད་དང་མི་མཐུན་པའི། །ཕྲེང་བ་གང་ཡིན་མི་འཆང་སྤང་། །ཞེས་སོ། །

༨ ཕྱི་ནང་གསང་བ་དང་དེ་ཁོ་ན་ཉིད་ཀྱི་ཕྲེང་བའི་དབྱེ་བ། ཡང་། ཕྲེང་བ་ལ། ཕྱི་ནང་གསང་བ་དང་། དེ་ཁོ་ན་ཉིད་ཀྱི་དབྱེ་བ་བཞི་ཡང་ཡོད་དེ། པདྨའི་ཕྲེང་བཤད་ལས། ཕྱི་ཕྲེང་རྫས་ལ་བརྟེན་རྣམས་སོ། །ནང་གི་ཕྲེང་བ་མཆུ་སྦྱོར་རོ། །གསང་བ་རླུང་གི་རྒྱུ་རྔུབས་ཏེ། །དེ་ཉིད་སྟོང་བའི་ཕྲེང་བ་ཡིས། །ཕྱི་ནང་གཞན་སོགས་གང་དང་གང་། །གནས་ལུགས་ཀ་དག་དབྱིངས་སུ་བསྐྱལ། །ཀུན་བཟང་དགོངས་པའི་ངང་ལ་བཞག །ཅེས་སོ། །

༩ ཕྲེང་བའི་རབ་གནས་ནི། མདོར་བསྡུས་ན། ཕྲེང་བ་གསུང་རྡོ་རྗེ་སྒོམ་ནས། ཡེ་ཤེས་སེམས་དཔའ་དང་གཅིག་བྱས་ཏེ། གཟུགས་དེ་ཡོངས་སུ་གྱུར་བ་ལས། ཕྲེང་བའི་རྣམ་པར་བསམས་ལ། བུམ་པའི་ཆུས་གཏོར་ཏེ་མཆོད་ནས་གསུང་རྡོ་རྗེའི་སྙིང་བོ་བརྒྱ་རྩ་བརྒྱད་བཟླས་སོ། །རྒྱས་པར་གཞན་དུ་ཤེས་པར་བྱའོ། །

༡༠ ཕྲེང་བ་འཆང་ཚུལ། ཕྲེང་བ་རང་གི་ལུས་དྲོད་དང་མ་བྲལ་བའི་སྟེང་ནས་གཞན་ལག་ཏུ་མི་འཇོག་ཅིང་། ཁྱད་པར་དུ་དམ་ཉམས་ཀྱི་ལག་ཏུ་མི་འགྲིམ། ཕྲེང་བ་སྟོང་འདྲེན་མ་ཡིན་པར། བཟླས་པ་བྱེད་དུས་བགྲང་བ། མོ་རྩིས་ལ་མི་བཀོལ་བ། རབ་གནས་དང་ལྡན་པའི་ཕྲེང་བ་དེ། ས་སྒྲེ་བོར་མི་འཇོག ཁྱི་སོགས་བརྡེག་བྱེད་མི་བྱ། ཕྲེང་ཐག་ཞག་དང་མ་ལོན་པར་བརྗེ་བ། རླན་དང་གྲིབ་ལ་འཛེམ་པ། ཁྱད་པར་དུ་གསང་ཕྲེང་ཡིན་ན་ལས་སྦྱོར་གྱི་དུས་མ་གཏོགས་སྦ་བར་བྱ་བ་སོགས་པདྨའི་ཕྲེང་བཤད་ལས་གསུངས་སོ། །ཡང་ཕྱི་ཡི་ཕྲེང་བ་ནི་གྲངས་སོགས་བཤར་བའི་ལས་ལ་བཀོལ། ནང་གི་ཕྲེང་བ་ནི་དུས་རྒྱུན་ཁ་ཡན་དུ་གང་བསྙེན་པའི་ལས་ལ་བཀོལ། གསང་བའི་ཕྲེང་བ་ནི་སྒྲུབ་པ་དང་ལས་སྦྱོར་དུས་སུ་མ་གཏོགས་གོས་དང་ལུས་ཀྱི་བར་དུ་བཟུང་སྟེ་མི་མཐོང་བར་བྱེད་དགོས་སོ། །

༡༡ ཕྲེང་བ་འདྲེན་ཚུལ། འདྲེན་ཚུལ་ལ། ཁ་སྦྱོར་གྱི་འགྲེལ་པར། ལག་པ་རྡོ་རྗེ་པདྨར་བསྒོམས་པ། སྟོང་བ་ཉིད་དང་སྙིང་རྗེ་དབྱེར་མེད་པར་བསྒོམས་ནས། ལག་པ་གཡས་པས་བགྲང་བ་དང་། ལྷའི་སྐུ་རང་བཞིན་མེད་པར་ཤེས་པའི་དེ་ཉིད་དང་ལྡན་པས་སྔགས་བཟླ་བར་གསུངས་ཤིང་། དེ་ལ་རྡོ་རྗེ་མཁའ་འགྲོ་ལས། ཞི་བ་ལ་ནི་མཛུབ་མོ་བཞག །རྒྱས་ལ་གུང་མོ་འགལ་བར་བྱ། །དབང་དུ་བྱ་བ་སྲིན་ལག་གསུངས། །མཐའ་མ་ལ་ནི་མངོན་སྤྱོད་བྱ། །མཐེ་བོང་ལྕགས་ཀྱུར་བྱས་ནས་ནི། །ལྷ་རྣམས་ཐམས་ཅད་འགུགས་པར་བསམ། །ཤིན་ཏུ་མཉམ་བཞག་སྔགས་བཟླས་ན། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་སོགས་སྡོམ་འབྱུང་དང་། སམྦུ་ཊ། གདན་བཞི་སོགས་སུ་འང་གསུངས་སོ། །

ཡང་། ཕྲེང་བ་འདྲེན་སྐབས་གནས་མི་འདྲ་བར་འདྲེན་ཚུལ་ཡང་བཤད་དེ། པདྨའི་ཕྲེང་བཤད་ལས། ཞི་བ་ལ་ནི་སྙིང་ཁར་བགྲང་། །རྒྱས་པ་ལྟེ་བའི་ཐད་དུ་སྟེ། །དབང་ལ་ཕྲེང་བ་གསང་གནས་ཐད། །འགུག་པའི་འདུན་པས་བགྲང་བར་བྱ། །དྲག་པོ་སྐྱིལ་ཀྲུང་བསྣོལ་མཚམས་སུ། །པུས་མོའི་སྟེང་དུ་བགྲང་བར་བྱ། །སྣ་ཚོགས་ལས་ལ་གང་བདེར་བྱ། །ཞེས་དང་། ཡང་། ཡོ་གའི་ལུགས་ལ། རྡོ་རྗེའི་རིགས་ལ་གུང་མོ། རིན་ཆེན་རིགས་ལ་སྲིན་ལག པདྨའི་རིགས་ལ་མཐེའུ་ཆུང་། ལས་ཀྱི་རིགས་ལ་སོར་མོ་ཀུན་གྱིས་བགྲང་དགོས་པར་ཡང་གསུངས་སོ། །

༡༢ ཕྲེང་བའི་དག་པའམ་མཚོན་དོན། མཚོན་དོན་ལ། སམྦུ་ཊ་ལས། ཕྲེང་བ་ཀུན་ནི་དགྲ་བཅོམ་པ། །མཆོད་རྟེན་སྟེང་དུ་རབ་ཏུ་བརྟག། མཆོད་རྟེན་ཆོས་ཀྱི་དབང་བོའི་ཕྱིར། །སྟེང་དུ་ཡང་ནི་ཆོས་ཀྱི་དབྱིངས། །ལག་མཐིལ་ཉི་མ་བསམ་བྱས་ནས། །དབྱངས་ཡིག་དང་བོ་ལ་སོགས་པ། །ལག་པའི་དབུས་སུ་རྣལ་འབྱོར་བས། །བསྒོམ་ཞིང་བདུད་རྩི་ཡི་གེ་ནང་། །འོད་ཟེར་འཕྲོ་བ་དུ་མ་དང་། །ཁ་དོག་དཀར་བོ་བསམ་ནས་ནི། །སོར་མོ་རྡོ་རྗེ་རྩེ་མོ་སྟེ། །གཡོན་པ་པདྨ་འདབ་མར་བསྒོམ། །པདྨ་རྡོ་རྗེ་སྙོམས་འཇུག་པའི། །ཁ་སྦྱར་དབུས་སུ་ཕྲེང་བཞག་ལ། །ཀུན་གྱིས་དེ་ཉིད་བསྒོམ་བྱ་ཞིང་། །ཞེས་སོགས་གདན་བཞི་དང་། རྡོ་རྗེ་མཁའ་འགྲོ་སོགས་ལས་ཀྱང་གསུངས་སོ། །

གཞན་ཡང་། ཁ་སྦྱོར་གྱི་དོན་མན་སྙེར་བཀྲལ་བ་ལྟར། སྲད་པུའི་དག་པ་ནི། སྐུད་པ་དབུས་མ་རྡོ་རྗེ་སེམས་དཔའ་དང་། ཕྱོགས་མཚམས་ཀྱི་སྐུད་པ་བརྒྱད་ཕྱག་ན་པད་མ་ལ་སོགས་པ་བརྒྱད་རྣམ་པར་དག་པ་དང་། ཕྲེང་རྡོག་རྣམས་ཀྱི་དག་པ་ནི། རྒྱལ་བའི་གཟུགས་སྐུ་མཐའ་ཡས་པ་རྣམ་པར་དག་པ་དང་། མདོ་འཛིན་གཉིས་བརྩེགས་པ་ནི་མན་སྙེར་སྟོབས་དང་མི་འཇིགས་པ་སོགས་ཀྱི་ངོ་བོར་གསུངས་པའི་དོན། རཏྣ་རཀྴི་ཏས་འོག་མ་རི་ལུ་ནི་ཆོས་སྐུ་ཟག་མེད་ཡེ་ཤེས་ཀྱི་རང་བཞིན་དུ་རྣམ་པར་དག་པ་དང་། དེའི་སྟེང་མ་མཆོད་རྟེན་ལྟར་སྟེང་དུ་བསྒྲེང་བ་ནི། དག་པ་གཉིས་ལྡན་གྱི་ཆོས་ཉིད་ངོ་བོ་ཉིད་སྐུའི་ངོ་བོར་རྣམ་པར་དག་ཅིང་མཚོན་པར་བྱེད་པའི་དོན་དུ་གསུངས་སོ། །

༡༣ ཕྲེང་བའི་དགོས་ཆེད། རབ་གནས་དང་བྱིན་གྱིས་བརླབས་པའི་ཕྲེང་བ་དེ་ཉིད། ལྷའི་ཕྱག་མཚན་མི་བརྗེད་པ་དང་། ཡེ་ཤེས་ལ་སེམས་འཕྲེང་བ། ཤེས་རབ་ཡུམ་གྱི་རྟེན་དུ་རུང་བ། སྔགས་ཀྱི་དམ་ཚིག་གི་རྫས་སུ་འགྱུར་བ། ཞི་སོགས་ལས་འགྲུབ་པ་སོགས་དགོས་པ་སྤྱི་དང་། བྱེ་བྲག་སྔགས་ཀྱི་ཚད་འཛིན་བྱེད་དོ། །

༡༤ ཕྲེང་བའི་ཕན་ཡོན། ཕྲེང་བ་མཚན་ཉིད་ལྡན་པ་འཆང་ན། འཁོར་བསྒྱུར་དང་མཆོག་ཐུན་གྱི་དངོས་གྲུབ་འཐོབ་པ། གཟུགས་མཛེས་ཤིང་ཚེ་རིང་བ། ལོངས་སྤྱོད་འབྱུང་བ། ནད་གདོན་ཞི་བ། མཁའ་འགྲོ་འདུ་བ། སངས་རྒྱས་བྱང་སེམས་ཀྱི་བྱིན་གྱིས་བརླབས་པ་སོགས་ཕན་ཡོན་མང་དུ་འབྱུང་བ་སམྦུ་ཊ་དང་། སྡོམ་འབྱུང་། ཁྲག་འཐུང་མངོན་འབྱུང་། གཤེད་དམར། ཡོ་ག་རྡོ་རྗེ་རྩེ་མོ། གདན་བཞི། སྔགས་འཆང་རྒྱན་མེ་སོགས་ལས་གསུངས་པས། ཞིབ་ཏུ་ཤེས་འདོད་པ་དག་གིས་དེ་དག་ལ་གཟིགས་པར་བྱའོ། །

ཕུར་བ།

༡ ཕུར་བའི་ངོ་བོ་དང་སྒྲ་བཤད། ཕུར་བ་རྡོ་རྗེ་འཕྲོས་པ་ལས། ཁྱབ་གདལ་ཆོས་ཉིད་མི་འགྱུར་བ། །སྣང་སྲིད་འཁོར་འདས་ཀུན་ལ་ཁྱབ། །དབྱིངས་དང་ཡེ་ཤེས་དབྱེར་མེད་པའི། །རྒྱས་འདེབས་བཛྲ་ཀི་ལ་ཡ། །ཞེས་ངོ་བོ་དང་། ལོ་པཎ་བཀའི་ཐང་ཡིག་ལས། ཕྱི་ནང་གི་ཆོས་ཐམས་ཅད་ཕུར་བའི་ངང་དུ་གནས་ལ། ཞེས་པ་དང་ཡང་མཐུན་ནོ། །ཡཀྵ་ཟ་བྱེད་འབར་བའི་རྒྱུད་ལས། ཕུར་ནི་རིག་པ་ཡེ་ཤེས་ཏེ། །བ་ནི་སྣ་ཚོགས་དངོས་བོའོ། །སྣ་ཚོགས་སེམས་ཀྱི་ཆོ་འཕྲུལ་དུ། །རྟོགས་ན་ཕུར་བ་ཞེས་སུ་གྲགས། །ཞེས་ངེས་ཚིག་བསྟན་ནོ། །

༢ ཕུར་བའི་རྒྱུ། ཕུར་བའི་རྒྱུ་སྤྱི་ལ་རྒྱུད་མང་བོར། གསེར་དང་། དངུལ། ཤེལ་དང་བྱུ་རུ། ཟངས་དང་ར་གན། ཙན་དན་དཀར་དམར་དང་སེང་ལྡེང་། འོ་མ་ཅན་གྱི་ཤིང་། འོ་སེ་དང་རྒྱ་ཤུག གླ་བ་དང་མཛོ་མོ་དམར་མོ། ཤུག་པ་དང་ཚེར་ནག སྐྱེར་བ་དང་མི་རུས། མིའི་རྗེ་ངར་གྱི་རུས་པ། སྤྲེའུའི་རུས་པ་སོགས་དང་། ལྕགས་ལྔ་སྟེ། ཐོག་ལྕགས་དང་ས་ལྕགས། ཁྲོ་ལྕགས་དང་མི་རྟ་བསད་པའི་གྲི་ལྕགས། ལྕགས་ཕལ་སོགས་རུང་བར་རྒྱུད་སྡེ་དག་ལས་གསུངས་ལ།

བྱེ་བྲག་གི་རྒྱུ་ནི། སྲོག་ཆགས་ཀྱི་རྐང་རུས་མི་འདྲ་བའི། ཞི་རྒྱས་དབང་དྲག་གི་ལས་བཞི་སྒྲུབ་པར་ཡང་བཤད་དེ། ཕུར་བ་གསང་རྒྱུད་ལས། རྨིག་ཟླུམ་རྐང་ལ་ཞི་བ་བྱ། །འདབ་ཆགས་རྐང་ལ་རྒྱས་པ་བྱ། །རྐང་ལེབ་རྐང་ལ་དབང་ཡང་བྱ། །སྡེར་ཆགས་རྐང་ལ་དྲག་པོ་བྱ། །ཞེས་དང་། ཡང་ཕུར་བ་མྱང་འདས་ཀྱི་རྒྱུད་ལས། ལྕགས་སམ་ནག་པའི་ཤིང་རྣམས་ནི། །དྲག་པོའི་ལས་ཀྱི་ཕུར་བའི་རྒྱུ། །གསེར་རམ་སེར་བའི་ཤིང་རྣམས་ནི། །ཡོན་ཏན་རྒྱས་པའི་ཕུར་བའི་རྒྱུ། །ཟངས་སམ་དམར་བའི་ཤིང་རྣམས་ནི། །གསུང་མཆོག་དབང་གི་ཕུར་བུའི་རྒྱུ། །དངུལ་ལམ་དཀར་བའི་ཤིང་རྣམས་ནི། །ཞི་བ་ཆོས་ཉིད་ཕུར་བུའི་རྒྱུ། །ཞེས་དང་། གཞན་ཡང་ཤིང་གི་སྦ་མཆོག་རྐང་། །གདུག་པ་ཅན་དང་བཀྲ་མི་ཤིས། །ཁྱོ་དགུ་ཤི་བའི་ཡུགས་མའི་འཕང། །དེ་ལ་དྲག་པོའི་ཕུར་བུ་བྱའོ། །སྐྱེར་བ་གཡེར་བ་སྲིན་ཤིང་དང་། །སྐྲིག་ཤིང་ལ་སོགས་ཤིང་བུ་ལ། །དེ་ལ་རྒྱས་པའི་ཕུར་བུ་བྱ། །འཁར་བ་ལྗོན་དམར་སེང་ལྡིང་དང་། །མཛོ་མོའི་གླ་དཀར་ཚེར་མ་ཅན། །དེ་ལ་དབང་གི་ཕུར་བ་བྱ། །ཙན་དན་དཀར་བོ་ཤུག་པ་འཇག། གླ་བ་སྟར་བུའི་ཤིང་རྣམས་ལ། །དེ་ལ་ཞི་བའི་ཕུར་བ་བྱའོ། །ཞེས་དང་། ཡང་རྒྱུའི་བྱེད་ལས་དང་སྦྱར་ཏེ་གསུངས་ཚུལ་ནི། རྙིང་རྒྱུད་ཕུར་བ་རྡོ་རྗེ་ཁྲོས་པ་རྩ་རྒྱུད་ལས། སེང་ལྡེང་ཕུར་བ་སོར་བརྒྱད་ནི། །མཐུ་འཕྲོག་བྱིན་རླབས་ཡོད་པ་ཡིན། །དེ་བཞིན་བྱ་རྒོད་གཤོག་ཕུར་ཡང་། །འགུགས་པར་བྱ་བའི་ནུས་པ་ཡོད། །སེར་བོ་གསེར་རམ་ཡང་ན་ནི། །སྐྱེར་བ་དག་ལ་བྱས་པ་ནི། །ཟིལ་གྱིས་མནོན་པའི་ཕུར་བ་ཡིན། །སྐྱེས་པ་དར་མ་རིགས་ཅན་གྱི། །སྦོམ་པོ་མ་ཡིན་ཐུར་མ་ཕྲ་མོ་ཙམ། །ཟངས་སམ་མཛོ་མོའི་ཤིང་དག་གིས། །དམར་བོ་དག་ལ་བྱས་པ་ནི། །དབང་དུ་འདུས་པའི་ཕུར་བུར་བསྟན། །ཙན་དན་དག་གམ་རྒྱ་ཤུག་ནི། །གཟི་བྱིན་འཕྲོག་པར་ཡང་དག་བསྟན། །ལྕགས་སམ་ཤིང་ནི་ནག་པོ་ནི། །དྲག་པོར་འགྱུར་བ་མཐའ་དག་ལ། །རྡུལ་དུ་བརླག་པར་རབ་ཏུ་བསྟན། །ཞེས་དང་། གཞན་ཕུར་བ་བཅུ་གཉིས་ཀྱི་རྒྱུད་ལས། རྒྱུ་མི་འདྲ་བ་དང་། ཁ་དོག་མི་འདྲ་བའི་ཡོན་ཏན་དང་བྱེད་ལས་མི་འདྲ་བར་ཡང་བཤད་དོ། །

༣ ཕུར་བུའི་དབྱིབས། ཕུར་བ་སྤྱིའི་དབྱིབས་ནི། ཕུར་བ་ཁྲོས་པའི་རྩ་རྒྱུད་ལས། ལྕགས་སྣ་ལྔ་འམ་བདུན་ཡང་རུང། །མགོ་བོ་རྒྱ་མདུད་རྩེ་ཟུར་གསུམ། །སྐེད་པ་རྒྱ་མདུད་གཞལ་ཡང་ཁང་། །ལྕམ་གཞོག་ལ་ནི་སོར་བཅུ་གཉིས། །ཞེས་དང་། གཞན་ཟ་བྱེད་འབར་བ་དང་ཕུར་བ་མྱང་འདས་ཀྱི་རྒྱུད་སོགས་ལས། དེ་དང་མི་འདྲ་བར་ཡང་གསུངས་སོ། །

བྱེ་བྲག་དབང་བཞིའི་ཕུར་བའི་དབྱིབས་ནི། ཞི་ལ་ཁ་དོག་དཀར་བོ། མགོ་བོ་རྒྱ་མདུད། རྩེར་ཟླུམ་པོ། ལོགས་སུ་ཞི་བའི་ལྷ་རྣམས་བཀོད་པའི་ཕུར་བ་དང་། རྒྱས་པ་ལ། ཁ་དོག་སེར་བོ། མགོ་དང་རྒྱ་མདུད་རྩེ་གྲུ་བཞི་ཅན་དང་། དབང་ལ། ཁ་དོག་དམར་བོ། མགོ་དང་རྒྱ་མདུད་རྩེ་མོ་ཟླ་གམ་ཅན་དང་། དྲག་པོ་ནི། ཁ་དོག་ནག་པོ། མགོ་དང་རྒྱ་མདུད་རྩེ་གསུམ་ཟུར་གསུམ་ཅན་ནོ། །ཤིང་གི་ཕུར་བ་ཡིན་ན་རྩ་རྩེ་མ་ནོར་བར་བྱ་དགོས་ཏེ། ཀརྨ་ལས་ཀྱི་རྒྱུད་ལས། ཤིང་གི་རྩ་བ་རྒྱ་མདུད་བྱ། །མྱུ་གུའི་ངོས་སུ་སོ་སོའི་དབལ། །རི་རམ་ལྕམ་གཞོག་བརྒྱད་ལྡན་བརྗིད། །ཅེས་སོ། །

༤ ཕུར་བུའི་ཚད། སྤྱིར་ཕུར་བུ་ལ་རིང་ཐུང་གི་ཚད་ནི། ཕུར་བུ་ལ་ཆ་ཚད་ལྡན་ན་བྱིན་རླབས་ཆགས་ཤིང་། ལས་འགྲུབ་པ་མྱུར་ཏེ། ཐུགས་རྗེ་ཁྲོས་རྒྱུད་ལས། ཆ་ཚད་ལྡན་པའི་རྟགས་མྱུར་རོ། །ཞེས་པ་ལྟར། ཕུར་བུ་མྱང་འདས་ཀྱི་རྒྱུད་ལས། སོར་ཡང་བཅོ་བརྒྱད་བཅུ་གཉིས་དང་། །བརྒྱད་དང་ལྔ་དང་བཞི་དང་གཅིག། ནས་གང་ཚད་དང་གང་རུང་བར། །མཁས་པས་དཀྱིལ་འཁོར་རིམ་པར་འགོད། །བྱེ་བྲག་ཕུར་བུ་རང་རང་གི་ཚད་ཀྱང་། ཧེ་རུ་ཀ་སྙིང་རྗེ་རོལ་བ་ལས། སོར་བརྒྱད་དམ་བཅུ་གཉིས་པར་བྱས་པ་མགོ་མཇུག་མ་ནོར་བར་ཤིང་རྩ་བ་ཕྱོགས་སུ་མགོ་བྱས་ལ། སོར་བརྒྱད་ལ། སོར་གཅིག་ལ་རྒྱ་མདུད། སྐེད་པར་སོར་གཅིག་ལ་རྒྱ་མདུད། སྟོད་ཟུར་བརྒྱད། སྨད་ཟུར་གསུམ་དུ་བྱས་ལ་རི་རབ་ལྟར་བརྗིད་པ་ནི་གཟུགས་སོ། །ཞེས་དང་། གཞན་ཡང་། སོར་བཅུ་གཉིས་དང་། བཅུ་དྲུག་གི་ཚད་ཀྱང་ཕུར་བ་ཐུགས་རྗེ་ཁྲོས་པ་རྩ་རྒྱུད་སོགས་སུ་གསུངས་ཡོད་པས། རིགས་པས་དཔག་སྟེ་ཚད་བགོ་དགོས་སོ། །ཚད་ངེས་ཅན་གྱི་རྒྱུ་མཚན་ཡང་། ཡཀྵ་ཟ་བྱེད་འབར་བ་ལས། སྐྱེས་པ་རྣམ་བཞིའི་སྒོ་བཀག་པ། །ཚད་ནི་སོར་བཞི་བསྟན་པ་ཡིན། །རྣམ་ཤེས་བརྒྱད་ཀྱི་སྒོ་བཀག་པས། །ཆུང་ཚད་སོར་ནི་བརྒྱད་པ་བསྟན། །རྟེན་འབྲེལ་བཅུ་གཉིས་རྒྱུན་བཅད་ཕྱིར། །འབྲིང་ཚད་སོར་ནི་བཅུ་གཉིས་བསྟན། །ཁམས་ཆེན་བཅོ་བརྒྱད་རྩད་བཅད་ཕྱིར། །སོར་ནི་བཅོ་བརྒྱད་རིང་ཚད་བསྟན། །ཞེས་སོ། །

༥ ཕུར་བུའི་དབྱེ་བ། ཕུར་བུའི་དབྱེ་བ་ལ། ཐུགས་རྗེ་ཁྲོས་པ་རྩ་རྒྱུད་ལས། ཆོས་ཉིད་དོན་གྱི་ཕུར་བུ། རིག་པ་ཡེ་ཤེས་ཀྱི་ཕུར་བུ། འདུས་བྱས་རྫས་ཀྱི་ཕུར་བུ། རྟེན་པ་ལུས་ཀྱི་ཕུར་བུ་སྟེ་བཞིར་གསུངས་ལ། ཡཀྵ་ཟ་བྱེད་འབར་བ་ལས། དེ་དང་ཅུང་མི་མཐུན་པར། རིག་པ་ཡེ་ཤེས། ཚད་མེད་སྙིང་རྗེ། བྱང་ཆུབ་སེམས་དང་། འདུས་བྱས་རྫས་ཀྱི་ཕུར་བུ་སྟེ་བཞིའོ། །གོང་གསལ་འདུས་བྱས་རྫས་ཀྱི་ཕུར་བུ་ལ། ནང་གསེས་བསྙེན་ཕུར་དང་། སྒྲུབ་ཕུར་དང་། གདབ་ཕུར་དང་། མངགས་ཕུར་བཞིར་དབྱེའོ། །

༦ ཕུར་བུ་བྱིན་གྱིས་བརླབས་ཚུལ། ཕུར་བུ་བྱིན་གྱིས་བརླབས་ཚུལ་ནི། ཀརྨ་ལས་ཀྱི་རྒྱུད་དང་། ཕུར་བ་བཅུ་གཉིས་ཀྱི་མདོ། ཧེ་རུ་ཀ་སྙིང་རྗེ་རོལ་བ་སོགས་སུ་གསལ་ལ། བྱིན་གྱིས་བརླབས་རྗེས། རབ་གནས་ལེགས་པར་བྱས་ཏེ། ཚོན་སྐུད་སྣ་ལྔ་འམ་བ་སུ་ཏའི་གཟུངས་ཐག་བཏགས་ཏེ་རྣལ་མར་གྲུབ་ནས་བསྙེན་པ་བྱེ་བ་གཅིག་ལ་སོགས་གྲུབ་པ་ན། ཕུར་བུ་ལྡིང་བ་དང་། གར་འཆམ་པ། མེ་སྟག་དང་འོད་འབར་བ་སོགས་གྲུབ་པའི་ལྟས་ཐོན་པ་ཡིན་ནོ། །

༧ ཕུར་བུའི་མཚོན་དོན། དེ་དག་གི་མཚོན་དོན་ཡང་ཕུར་བ་ཐུགས་རྗེ་ཁྲོས་པ་རྩ་རྒྱུད་ལས། དབུ་ཡི་རྒྱ་མདུད་སོར་གཅིག་དེ། །ཟུར་གསུམ་བརྒྱད་དང་གྲུ་བཞི་ལྔ། །ཧཱུཾ་མཛད་ཁྲག་འཐུང་ལྔ་རྫོགས་ཏེ། །སོར་གཉིས་ལྟེ་བ་ཡན་ཆད་ལ། །ལྕམ་གཞོག་བརྒྱད་དུ་ཡང་དག་ཤེས། །ཁྲོ་བརྒྱད་མགོ་བརྙན་བཅུ་དྲུག་རྫོགས། །སོར་གཅིག་གཙོས་སོ་མཚན་མ་སྟེ། །ཆུ་སྲིན་ཁ་རུ་ཡང་དག་རྫོགས། །དྲག་པོ་ཁྲོས་པའི་དཀྱིལ་འཁོར་ཡིན། །སོར་གསུམ་དབལ་དང་ལྡན་པ་སྟེ། །ཡུམ་ཆེན་ལྔ་ཡི་དཀྱིལ་འཁོར་ཡིན། །ཞེས་དང་། ཕུར་བུའི་རྒྱུད་ལས། ཁྲོ་རྒྱལ་འཇིགས་བྱེད་བཛྲ་ཀཱི་ལ་ཡ། །སྡུག་བསྔལ་འཇོམས་མཛད་སྤྱི་བོའི་རྒྱ་མདུད་ནི། །སྲིད་གསུམ་མ་ལུས་དབྱིངས་སུ་འདྲེན་པའི་བརྡ། །མ་སྐྱེས་ལྷུན་གྱིས་གྲུབ་པའི་གཟི་བྱིན་བསྐྱེད། །རྐེད་པ་རྒྱ་མདུད་ཟུར་དྲུག་ཡེ་ཤེས་དྲུག །ཆུ་སྲིན་ཁ་ནས་སྦྲུལ་གྱི་ཆུན་པས་བརྒྱན། །མ་བཅོས་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཁང་། །འབྱུང་བ་ཡུམ་གྱི་ལྷུམས་སུ་གཟི་བྱིན་བསྐྱེད། །ཟུར་བཞི་ལོགས་བཞི་ཁྲོ་མོ་བརྒྱད་ཀྱི་ངང་། །རྣམ་ཤེས་ཚོགས་བརྒྱད་དུར་ཁྲོད་བརྒྱད་དུ་རོལ། །སྡུག་བསྔལ་བརྒྱད་པོ་གནས་སུ་བསྒྲལ་ནས་ཀྱང་། །བཅུ་དྲུག་རོལ་བ་ཆེན་པོར་གཟི་བྱིན་བསྐྱེད། །རྩེ་མོ་ཟུར་གསུམ་སྐུ་གསུང་ཐུགས་ཀྱི་ངང་། །དུག་གསུམ་འཁོར་བའི་བཙོན་ར་རྒྱ་བཀྲལ་ནས། །ལུས་ངག་ཡིད་གསུམ་བག་ཆགས་གཏན་སྦྱངས་ཏེ། །ས་གསུམ་ཟིལ་གྱིས་མནོན་པའི་གཟི་བྱིན་བསྐྱེད། །ཅེས་སོ། །

༨ དམིགས་པར་བྱ་བའི་ཡུལ་བཞི། ཆོས་ཀྱི་དབྱིངས། ཡུམ་གྱི་མཁའ། འགྲོ་བ་རིགས་དྲུག གང་ལ་དམིགས་པ་དང་བཞིའོ། །

༩ ཕུར་བུ་གདབ་ཚུལ། སྔགས་འཆང་རྒྱན་མེར། རིག་པ་ཡེ་ཤེས་ཀྱི་ཕུར་བ་ཆོས་ཀྱི་དབྱིངས་ལ་གདབ། བྱང་སེམས་ཡེ་ཤེས་ཀྱི་ཕུར་བ་ཡུམ་གྱི་མཁའ་ལ་གདབ། ཐུགས་རྗེ་སྤྲུལ་བའི་ཕུར་བ་རིགས་དྲུག་སེམས་ཅན་ལ་གདབ། འདུས་བྱས་རྫས་ཀྱི་ཕུར་བ་དམིགས་པའི་ཡུལ་ལ་གདབ་པ་དང་། ཡང་འཕྲིན་ལས་རྣམ་བཞིའི་དབང་དུ་བཏང་ནའང་། གདབ་པར་བྱ་བ་བཞི་སྟེ། ཞི་བའི་ཕུར་བ་ཡུལ་འཇིགས་པ་བརྒྱད་ལ་གདབ། རྒྱས་པའི་ཕུར་བ་འབྱོར་བ་དྲུག་ལ་གདབ། དབང་གི་ཕུར་བ་ཉོན་མོངས་པ་བཞི་ལ་གདབ། དྲག་པོའི་ཕུར་བ་དགྲ་བགེགས་གཉིས་ལ་གདབ། ཅེས་གསུངས་པ་ལྟར། རང་ཉིད་ལྷའི་ང་རྒྱལ་བརྟན་པོ་ལ་གནས་བཞིན་དུ། ཕུར་བ་ལས་བྱེད་ཀྱི་ཀཱི་ལ་ཡ་དངོས་སུ་གསལ་ཏེ། བསྒྲུབ་བྱ་དེའི་སྙིང་མགྲིན་སྤྱི་བོ་དང་། ལྟེ་བ་གསང་གནས་སོགས་སུ་གདབ་སྟེ། རྡུལ་དུ་བརླག་ལ། དོན་དུ་ཟག་བཅས་ཉེར་ལེན་གྱི་ཕུང་ལྔ་ཟག་མེད་ཡེ་ཤེས་ཀྱི་ཕུང་ལྔར་རྒྱས་བཏབ་པ་ནི་ཕུར་བུ་གདབ་ཚུལ་ཡིན་ཏེ། འཕྲིན་ལས་འབྱུང་བ་སྒྲོལ་མ་འདུས་པའི་རྒྱུད་ལས། གདུག་པ་ཐམས་ཅད་བཀུགས་ནས་ཀྱང་། །ནམ་མཁའི་དབྱིངས་སུ་བསྐྱེད་ནས་ནི། །རྡོ་རྗེ་ཕུར་བུའི་ཚོགས་སྤྲོས་ནས། །གནས་ལྔ་དག་ཏུ་ཕུར་བུ་གདབ། །ཅེས་དང་། ཡང་སྒྱུ་འཕྲུལ་དྲྭ་བ་ལས། རྡོ་རྗེ་ཡི་ནི་ཕུར་བུ་ཡིས། །གཟུགས་བརྙན་གྱི་ནི་གནས་ལྔ་བོ། །དཔྲལ་བ་མགྲིན་པ་སྙིང་ག་དང་། །དེ་བཞིན་དཔུང་བ་གཉིས་སུ་གདབ། །རྡོ་རྗེ་ཐོ་བས་བརྡུང་བར་བྱ། །ཞེས་སོགས་རྒྱུད་སྡེ་མང་བོ་ལས་གསུངས་ལ། གཞན་ཡང་། ཕུར་བུ་ནི་སྒྲུབ་རྟེན་དང། མཚམས་གཅོད་བཟློག་པ། ཐིག་འདེབས་སོགས་ལ་བཀོལ་ཡུལ་མང་ངོ་། །

༡༠ འདེབས་པར་བྱ་བའི་གྲོགས་བཞི། ཤེས་རབ། ཏིང་འཛིན། སྙིང་རྗེ། ཚད་མེད་དང་བཞིའོ། །

༡༡ ཐེབས་པའི་རྟགས་བཞི། ཆོས་དབྱིངས་སུ་ཐེབས་པས་ཡེ་ཤེས་འཆར། ཡུམ་གྱི་མཁའ་ལ་ཐེབས་པས་གཉིས་མེད་སྦྱོར། འགྲོ་བ་རིགས་དྲུག་ལ་ཐེབས་པས་ཐུགས་རྗེས་ཟིན། གང་ལ་དམིགས་པ་ལ་ཐེབས་པས་བསྟན་པ་ཚུགས་པ་དང་བཞིའོ། །ཡང་ལོ་པཎ་བཀའི་ཐང་ཡིག་ལས། ཕུར་བ་ལ་ཐེབས་པ་གསུམ་ཡོད། འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས་ལ་ཐེབས་པ་དང་གསུམ་མོ། །ཏིང་འཛིན་རྣམ་པ་གསུམ་བསྒོམས་པས་ནི་གཟུགས་ཁམས་ལ་ཐེབས། དཀྱིལ་འཁོར་གསུམ་བསྒོམས་པས་ནི་འདོད་ཁམས་ལ་ཐེབས། དཀྱིལ་འཁོར་རྣམ་པ་གསུམ་སྟོང་ཉིད་དུ་བསྒོམས་པས་ནི་གཟུགས་མེད་ཁམས་ལ་ཐེབས་པའོ། །ཤ་ལ་ཐེབས་པ་དང་། རུས་པ་ལ་ཐེབས་པ་དང་། ཁྲག་ལ་ཐེབས་དང་། དབུགས་ལ་ཐེབས་པ་དང་བཞི་ལས། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་བསྒོམས་པས་ནི་དབུགས་ལ་ཐེབས་པའོ། །ཡེ་ཤེས་སེམས་དཔའ་བསྒོམས་པས་ནི་རུས་པ་ལ་ཐེབས་པའོ། །ཁྲོ་བོ་བཅུ་བསྒོམས་པས་ནི་ཁྲག་ལ་ཐེབས་པའོ། །དམ་ཚིག་སེམས་དཔའ་བསྒོམས་པས་ནི་ཤ་ལ་ཐེབས་པའོ། །གསུངས་སོ། །

༡༢ ཕུར་བ་མ་ཐེབས་པའི་ཉེས་སྐྱོན། རིག་པ་ཡེ་ཤེས་ཀྱི་ཕུར་བ་ཆོས་ཀྱི་དབྱིངས་ལ་མ་ཐེབས་ན་འཁོར་བ་ལས་མི་སྒྲོལ་བ་དང་། བྱང་ཆུབ་སེམས་ཀྱི་ཕུར་བ་ཡུམ་གྱི་མཁའ་ལ་མ་ཐེབས་ན་དམ་ཚིག་སེམས་དཔའི་དཀྱིལ་འཁོར་རྒྱུན་ཆད་པ་དང་། ཐུགས་རྗེ་སྤྲུལ་བའི་ཕུར་བ་རིགས་དྲུག་ལ་མ་ཐེབས་ན་གཞན་དོན་འཕྲིན་ལས་རྒྱུན་ཆད་པ་དང་། འདུས་བྱས་རྫས་ཀྱི་ཕུར་བ་ཞིང་བཅུ་ལ་མ་ཐེབས་ན་ལས་ངན་རྒྱུན་ཆད་མེད་པ་དང་བཞིའོ། །ལོ་པཎ་བཀའི་ཐང་ཡིག་ལས། སྔ་མ་གཉིས་འདྲ་ལ། ཐུགས་རྗེ་སྤྲུལ་བའི་ཕུར་བ་རིགས་དྲུག་ལ་མ་ཐེབས་ན་འཁོར་བར་གཏན་དུ་འཁྱམས། འདུས་བྱས་རྫས་ཀྱི་ཕུར་བ་གང་ལ་དམིགས་པ་ལ་མ་ཐེབས་ན་བསྟན་པའི་སྙིང་བོ་མི་ཚུགས་ཞེས་ཕྱི་མ་གཉིས་མི་འདྲ་བར་གསུངས་སོ། །

༡༣ ཕུར་བུའི་ནུས་པ། གང་དམིགས་པ་ལ་ཕུར་བུ་གདབ་ན། དགྲ་རྒྱུད་རྩ་ནས་བརླག་པ་དང་། སྐྱེ་རྒྱུན་ངན་པ་གཅོད་པ། ཞིང་བཅུ་ཚང་བའི་དགྲ་བགེགས་འཇོམས་པ། རྣལ་འབྱོར་བའི་རྟོགས་པ་འཕེལ་ཞིང་། སྙན་གྲགས་དང་བསྟན་པ་རྒྱས་པ། མདོར་ན། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་གནས་ལུགས་ཁྱབ་གདལ་ཀ་དག་ཆེན་པོས་རང་བཞིན་དུ་རྟོགས་པ་ནི་ཕུར་བུ་ཐེབས་ཚུལ་མཐར་ཐུག་ཡིན་ནོ། །

བྱེ་བྲག་ཏུ་གསང་རྒྱུད་ལས། ཙན་དན་དཀར་བོའི་ཕུར་བུ་ཡིས། །ནད་རྣམས་མ་ལུས་ཞི་བར་བྱེད། །སྐྱེར་བའི་ཕུར་བ་ཟུར་བཞི་ཡིས། །ཚེ་དང་ལོངས་སྤྱོད་རྒྱས་པར་བཤད། །སེང་ལྡེང་ཕུར་བ་ཟླ་གམ་གྱིས། །ཐམས་ཅད་དབང་དུ་སྡུད་པར་བྱེད། །ཅེས་དང་། གསེར་གྱིས་བྱང་ཆུབ་སེམས་རྒྱས་བྱེད། །ཙན་དན་དམར་བོའི་ཕུར་བ་ཡིས། །ཕོ་མོ་དབང་དུ་འདུ་བར་བྱེད། །ཟངས་ཀྱིས་རྒྱལ་བོ་དབང་དུ་སྡུད། །ཤིང་གིས་གདོན་རྣམས་དབང་དུ་སྡུད། །ཅེས་དང་། གཞན་ཡང་། ཞི་བའི་ཕུར་བུས་ནད་གདོན་འཇིགས་བརྒྱད་ལས་སྐྱོབ། རྒྱས་པའི་ཕུར་བུས་ཚེ་བསོད་འབྱོར་དྲུག་སྤེལ། དབང་གི་ཕུར་བུས་སྲིད་གསུམ་དབང་དུ་སྡུད། དྲག་པོའི་ཕུར་བུས་དགྲ་བགེགས་གདུག་པ་ཅན་ཚར་གཅོད་དོ། །

༡༤ ཕུར་བུའི་འབྲས་བུ། འབྲས་བུ་ཡང་རིག་པ་ཡེ་ཤེས་ཀྱི་ཕུར་བས་ཆོས་སྐུ། བྱང་ཆུབ་སེམས་ཀྱི་ཕུར་བས་ལོངས་སྐུ། ཐུགས་རྗེའི་ཕུར་བས་སྤྲུལ་སྐུ། རྫས་ཀྱི་ཕུར་བས་རྡོ་རྗེའི་སྐུ་མངོན་དུ་བྱེད་ནུས་སོ། །

༡༥ ཕུར་བའི་དགོས་ཆེད། ཡེ་ཤེས་ཀྱི་ཕུར་བས་བྱང་ཆུབ་མངོན་དུ་བྱེད་པ་དང་། བྱང་སེམས་ཀྱི་ཕུར་བས་རྒྱུད་བྱིན་གྱིས་བརླབས་པ། སྤྲུལ་བའི་ཕུར་བུས་རིགས་དྲུག་འདྲེན་པ། རྫས་ཀྱི་ཕུར་བས་ཞིང་བཅུ་ཚང་བའི་དགྲ་བགེགས་སྒྲོལ་བའི་དགོས་པ་ཡོད་དོ། །

གྲི་གུག

༡ གྲི་གུག་གི་རྒྱུ་དང་ཚད། རྒྱུད་ལས། གྲི་ལྕགས་ལས་བྱས་གྲི་གུག་ནི། །རྣོ་ཞིང་སོར་བཅུའི་ཚད་དང་ལྡན། །ཡུ་བ་རྡོ་རྗེ་ཕྱེད་པོ་ཡི། །ལྟེ་བ་ཧཱུཾ་གིས་མཚན་པར་བྱ། །ཞེས་པ་ལྟར། ཟངས་དང་ལྕགས། མི་གསོད་ཀྱི་ལྕགས་གྲི་གང་རུང་རོ་སོལ་གྱི་མེས་བསྲེགས་པ་སྟེ། དངོས་གྲུབ་ཀུན་འབྱུང་ལས། ཟངས་དང་ལྕགས་ཀྱི་གྲི་གུག་གིས། །བླ་དང་ཚེ་སྲོག་དོན་སྙིང་ལ། །མྱུར་དུ་འཁོར་བས་གཅོད་པར་བྱེད། །ཅེས་དང་། གཞན་ཡང་། མཁའ་འགྲོ་སྡེ་ལྔ་སོགས་ལ་ནི་རིན་ཆེན་སྣ་ལྔ་སོགས་ཀྱི་རྒྱུ་ལས། གྲི་གུག་ཀྱང་རྡོ་རྗེ་གྲི་གུག རིན་ཆེན་གྲི་གུག པདྨ་གྲི་གུག རྒྱ་གྲམ་སོགས་ཀྱང་ཡོད་པར་བཤད་དོ། །

༢ གྲི་གུག་གི་དབྱིབས། དུར་ཁྲོད་ནག་པོའི་རྒྱུད་ལས། གྲི་གུག་མཚན་ཉིད་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་བ། །སོ་བཅུ་རྡོ་རྗེ་ཡུ་བ་ཅན། །ཡུ་བའི་རྩ་བར་ཧཱུཾ་གནས་པར། །སོ་ནི་ཟླ་ཕྱེད་ལྟ་བུར་བྱ། །ཞེས་དང་། ཡང་མཁའ་འགྲོའི་སྡེ་ལྔའི་གྲི་གུག་ལ་རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ་སོགས་ཀྱིས་བརྒྱན་པར་ཡང་བཤད་དོ། །

༣ གྲི་གུག་གི་དགོས་པ། ལྷའི་ཕྱག་མཚན་དང་། ལས་སྒྲུབ་ཀྱི་རྟེན། དམ་ཚིག་གི་རྫས་སུའོ། །

༤ གྲི་གུག་གི་མཚོན་དོན། ཀྱེ་རྡོར་ལས། ང་རྒྱལ་ལ་སོགས་སྐྱོན་དྲུག་རྣམས། །གཅོད་ཕྱིར་གྲི་གུག་རྣམ་པར་གནས། །ཞེས་གསུངས་སོ། །

རལ་གྲི།

རལ་གྲི་འདི་ལྷའི་ཕྱག་མཚན་དང་། ཆོས་སྲུང་གི་བླ་རྡོ་བཅའ་ཐབས་སུ་དགོས་པར་བཤད་ལ། རྒྱུ་ནི་རྣོ་ཁབ་ལེན། ལྕགས། ཡང་ན། ཤིང་ལས་བྱས་པའི་ཚད་སོར་བཞི་དང་། བརྒྱད། བཅུ་གཉིས། ཁྲུ་གང་བ་དྲང་ཞིང་རྣོ་བ། གས་ཆག་མེད་པ་དགོས་པར། གཤེད་དམར་དང་། གཤེད་ནག རྡོར་སེམས་སྒྱུ་འཕྲུལ་མེ་ལོང་སོགས་སུ་བཤད་དོ། །

རལ་གྲི་གྲུབ་པའི་རྟགས་ལ། གཤིན་རྗེ་གཤེད་ནག་ལས། གྲུབ་ན་རལ་གྲི་རབ་ཏུ་འབར། །འོད་ཟེར་ལྔ་ཡི་གློག་ཆེན་འཁྲུག །གྲུབ་པ་དེ་ནི་བཟུང་གྱུར་བས། མི་རྣམས་ཁམས་གསུམ་ལས་རྒྱལ་འགྱུར། །ཞེས་སོ། །ཡང་ཐུན་མོང་བའི་དངོས་གྲུབ་བརྒྱད་ཀྱི་ནང་གསེས་རལ་གྲིའི་དངོས་གྲུབ་ནི། ཕྱི་ནང་གཉིས་ཀས་བསྒྲུབ་རུང་བ་ཞིག་སྟེ། རོ་ལངས་བསྒྲུབས་ནས། གྲུབ་ན་ཐོག་མར་རོ་ལ་ཁ་རླངས་བྱུང་། དེ་ནས་འགུལ། དེ་ནས་རོ་ལངས་གར་བྱེད་ཅིང་། ལྕེ་ཡུག་ཡུག་པ་ལན་གསུམ་རྐྱོང་བས། དེ་དང་བོར་ཆོད་ན་རབ། བར་དུ་ཆོད་ན་འབྲིང་། ཐ་མར་ཆོད་ན་ཐ་མ་ཡིན་པས། དེའི་ལྕེ་རལ་གྲིར་གྱུར་ཏེ། རི་རབ་གྱི་རྩེ་མོ་སོགས་སུ་སྐད་ཅིག་ལ་བགྲོད་ཐུབ་པའི་ཁྱད་ཆོས་ལྡན་པ་ཞིག་དང་། རོ་གསེར་དུ་འགྱུར་ལ། མ་ཆོད་ན་སེམས་ཅན་མང་བོ་རོ་ལངས་ཀྱི་ཁ་ཟས་སུ་འགྲོ་བ་ཡིན། ཞིབ་ཏུ་སྦ་བཞེད་ལས། བསམ་ཡས་བཞེངས་པ་ཨོ་ཏན་ཏ་པུ་རིར་དཔེ་བླངས་པ་ལས་འཕྲོས་ཏེ། སྔོན་རྣལ་འབྱོར་བ་ཞིག་གིས་རོ་ལངས་སྒྲུབ་ཏེ་རལ་གྲིའི་དངོས་གྲུབ་བརྙེས་པའི་ཚུལ་འཁོད་པས་དེར་གཟིགས་པར་བྱའོ། །

བེང་།

བེང་འདི་གཙོ་བོ་དཔལ་ལྡན་མགོན་པོའི་ཕྱག་མཚན་སྟེ། མགོན་ནག་དངོས་གྲུབ་འབྱུང་རྒྱུད་ལས། གསང་བ་བེང་འཛིན་མགོན་པོ་ཡིས། །ལྷ་མ་ཡིན་གྱི་གྲོང་ཁྱེར་ནི། །སུམ་བརྩེགས་ལ་སོགས་ཁང་བཟང་རྣམས། །ཁྲོ་བོ་ཙན་དན་བེང་བསྣམས་ཀྱིས། །ཞེས་དང་། མེ་ལྕེ་ཕྲེང་རྒྱུད་ལས། ཙན་དན་བེང་གི་བར་ཤེད་ནས། །སྤྲུལ་བའི་ཕོ་ཉ་འབུམ་བཀྱེ་བས། །ཞེས་སོ། །

༡ བེང་གི་རྒྱུ་ནི། རྙིང་རྒྱུད་མེ་ལྕེ་ཕྲེང་རྒྱུད་ལས། དེ་ནས་བེང་གི་བཅས་དག་ནི། །ཙན་དན་སེང་ལྡེང་ཤེར་ཤིང་དང་། །སྐྱེར་ལྡེང་མཛོ་མོ་གླ་བ་དང་། །རྒྱ་ཤུག་དག་ལ། ཞེས་གསུངས་པ་དང་།

༢ དབྱིབས་ནི། རྒྱུད་དེ་ཉིད་ལས། རྒྱ་ཤུག་དག་ལ་འདོམ་གང་ངམ། །མདའ་ཚད་གང་དུ་བྱས་པ་ལ། །ལོགས་བརྒྱད་རྒྱ་མདུད་གཉིས་ལྡན་པ། །མགོ་བོར་ནོར་བུ་མེ་འབར་བ། །རྡོ་རྗེ་རྩེ་མོ་ཕུར་བུའི་དབལ། །ཁ་དོག་སྨུག་པོ་ཡང་ན་གནག །ཕྱོགས་བརྒྱད་ལྷ་སྲིན་སྡེ་བརྒྱད་ཀྱི། །སྲོག་སྙིང་དྲག་སྔགས་བཅས་པ་གཞུག །ཅེས་དང་། ཡང་ཁ་ཅིག སྟོད་ལ་ཁྱུང་སོགས་འདབ་ཆགས་དང་། སྐེད་པར་འབྲུག སྨད་ལ་སྟག་གཟིག་གི་རི་མོ་འབྲི་བར་ཡང་བཤད་དོ། །

སྦ་འཁར།

སྦ་འཁར་འདི། རྣལ་འབྱོར་བ་སྤྱི་དང་། བྱེ་བྲག་བྱ་བྲལ་བ་དག་གི་ཕྱག་རྟེན་ཡིན་ལ། འདི་རྒྱ་བོད་གཉིས་ཀྱི་མཁས་གྲུབ་དག་ལ་དར་སོ་ཆེ་བ་ཡིན། ཕྱག་འཁར་དེ་ཨ་ཀ་རུ་སོགས་ལས་བྱས་པའང་ཡོད་དེ། སློབ་དཔོན་པད་འབྱུང་རྒྱ་གར་ནས་ཕེབས་དུས་སུ་ཕྱག་མཁར་ཞིག་བསྣམས་ཡོད་པར་བཤད་པ་དང་། ད་དུང་པད་འབྱུང་གིས་ཆུ་ཤིང་ནག་པོའི་ཕྱག་འཁར་དེ་གྲུ་མོ་གཡོན་དུ་འཆང་བ་ནི་ཆོས་རྣམས་ཐེག་པ་གཅིག་ཏུ་རྫོགས་པའི་བརྡར་གོ་བར་བཤད་པ་དང་། རས་ཆུང་བ་རྒྱ་གར་ལས་ཕྱིར་ལོག་དུས། ཏི་ཕུ་བ་ཡང་རྗེ་བཙུན་ལ་དད་ནས་སྐྱེས་སུ་ཨ་ཀ་རའི་ཕྱག་འཁར་ཞིག་བསྐུར་བར་བཤད་པ་དང་། རྒྱལ་བ་ལོ་རས་པ་དང་འབྲུག་པ་རྒྱལ་དབང་རྗེ་སོགས་གནས་བསྐོར་ལ་ཕེབས་སྐབས། སྦ་སྙུག་བསྣམས་པའི་ལོ་རྒྱུས་ཡོད་པ་དང་། ཆོས་རྗེ་དོན་འགྲུབ་རིན་ཆེན་གྱིས་ཀྱང་ཕྱག་མཁར་བསྣམས་ཏེ་གནས་བསྐོར་ལ་ཕེབས་པས། ད་ལྟ་འང་ཨ་མདོ་རྡོ་འབུམ་སྔོ་རིས་ཀྱི་རྟེན་གཙོ་ཁོང་གི་ཕྱག་མཁར་ཡིན་པ་དང་། ཡང་། དགེ་སློང་སོགས་ཀྱིས་དུག་སྦྲུལ་དང་དུག་སྦྲང་སོགས་ཀྱི་གནོད་པ་བཟློག་ཕྱིར་ཕྱག་འཁར་འཆང་བའང་ཡོད་དེ། དེ་ནི་ཡར་རྩེ་ཏོག་དང་ལྡན་པ་དང། མར་སྣེར་ལྕགས་སོགས་ཀྱི་སྦུ་གུ་བསྐོན་ནས་སིལ་སིལ་གྱི་སྒྲ་འབྱིན་པ་ཞིག་ཡིན་ཏེ། མདོ་རྩ་ལས། དུག་སྦྲུལ་ལ་སོགས་པའི་གཉེན་པོའི་ཕྱིར་འཁར་བ་སྒྲ་དང་བཅས་པ་བཅང་ངོ་། །ཡུ་བའི་རྩ་བ་ནས་གས་ན་སྦུ་གུ་བསྐོན་ནོ། །ཡ་ཏོག་ནི་དཀྲི་བས་སོ། །ཞེས་དང་། འདིར་བྱ་བྲལ་སྤྱི་དང་། མི་ལའི་འཆང་བའི་སྦ་འཁར་གྱི་དབྱིབས་དང་མདོག མཚོན་དོན་སོགས། མི་ལ་རས་པ་ལ་ངན་རྫོང་རས་པས། འོ་ན། རྣལ་འབྱོར་བ་ཁྱེད་རང་གི་ཕྱག་ཏུ་བསྣམས་པའི་སྦ་ལྕག་དེའི་བརྡ་ཅི་ལགས། བྱིས་པའི་རྩེ་མོ་འམ་སྨྱོན་པའི་ལག་ཆ་ལྟ་བུ་འདི་ལ་དོན་ཞིག་ཡོད་ངེས་པས། འདི་ཡི་དོན་འགྲེལ་བར་ཞུ་ཞུས་པས་ལན་དུ། མི་ལའི་རྣམ་མགུར་ལས། འོ་ན། ཡོན་བདག་འདྲི་རྟོགས་མཁན། །ཁྱོད་སྦྱིན་ཤུགས་ཅན་དེ་ཚུར་ཉོན་དང་། །མི་ང་ངོ་ཁྱོད་ཀྱིས་ཤེས་མ་ཤེས། །ང་ངོ་ཁྱོད་ཀྱིས་མ་ཤེས་ན། །ཁོ་བོ་མི་ལ་རས་པ་ཡིན། །ང་དཀའ་བ་སྤྱད་པའི་གང་ཟག་ཡིན། །སྙིང་རུས་བྱས་པའི་སྒོམ་ཆེན་ཡིན། །ཕྱོགས་མེད་སྦྱངས་པའི་རྣལ་འབྱོར་ཡིན། །ངའི་ལག་ན་བཟུང་བའི་སྦ་འཁར་འདི། །དང་བོ་རྒྱ་བྲག་ལོགས་ལ་སྐྱེས། །བར་དུ་རྒྱ་ཟོར་གུག་པས་བརྔས། །ཐ་མ་ཤ་འབྲེང་མཉེན་ལ་དྲགས། །འོང་ནི་ལྷོ་ཁ་མོན་ནས་འོང་། །བཀལ་ནི་ཐེག་ཆེན་མཛོ་ལ་བཀལ། །འགྲིམས་ནི་ཚོང་འདུས་རྣམས་སུ་འགྲིམས། །ཕུལ་ནི་དད་པ་ཅན་གྱིས་ཕུལ། །ད་ལྟ་ང་ཡི་བེར་མ་ལྕག། འདི་དོན་ཁྱོད་ཀྱིས་གོ་མ་གོ། །འདི་དོན་ཁྱོད་ཀྱིས་མ་གོ་ན། །འདི་དོན་བཤད་ཀྱིས་ལེགས་པར་ཉོན། །སྦ་མ་ཐོག་རྩ་བ་བཅད་པ་དེ། །འཁོར་བའི་གཞི་རྩ་བཅད་པའི་རྟགས། །སྦ་ཡ་ཐོག་རྩེ་མོ་བཅད་པ་དེ། །ཐེ་ཚོམ་གོལ་ས་བཅད་པའི་རྟགས། །ཁྲུ་དོ་ཚད་ལ་བོར་བ་དེ། །ཆོས་པའི་ཚད་དོར་བོར་བའི་རྟགས། །སྦ་རྒྱུ་ནས་བཟང་ཞིང་མཉེན་པ་དེ། །གཞི་སེམས་ཉིད་ཡེ་ནས་བཟང་བའི་རྟགས། །སྦ་རྩི་འཇམ་ཁ་དོག་ལེགས་པ་དེ། །སེམས་གཉུག་མའི་དོན་ལ་སྦྱངས་པའི་རྟགས། །སྦ་དྲང་ལ་ལྡེམ་པར་འདུག་པ་དེ། །དོན་མ་ནོར་ཉམས་སུ་ལེན་པའི་རྟགས། །སྦ་ལ་ལུང་སུལ་འདུག་པ་དེ། །བྱང་ཆུབ་རྒྱུན་ལམ་འབྱོངས་པའི་རྟགས། །སྦ་དུམ་བུ་བཞི་རུ་འདུག་པ་དེ། །ཚད་མེད་བཞི་དང་ལྡན་པའི་རྟགས། །སྦ་ལ་ཚིགས་གསུམ་འདུག་པ་དེ། །གཞི་ལ་སྐུ་གསུམ་ཚང་བའི་རྟགས། །སྦ་ཁ་དོག་བསྒྱུར་དུ་མེད་པ་དེ། །གཞི་ཆོས་ཉིད་འགྱུར་བ་མེད་པའི་རྟགས། །སྦ་ཟླུམ་ལ་འགྲིལ་བར་འདུག་པ་དེ། །ཆོས་ཉིད་སྤྲོས་དང་བྲལ་བའི་རྟགས། །སྦ་ཡེ་ནས་དཀར་ཞིང་འཚེར་པ་དེར། །ཆོས་སྐུ་དྲི་མ་མེད་པའི་རྟགས། །སྦ་ལ་སྦུ་གུ་འདུག་པ་དེ། །ཆོས་རྣམས་ཐམས་ཅད་སྟོང་བའི་རྟགས། །སྦ་ལ་སྨེ་བ་འདུག་པ་དེ་། །ཆོས་ཐིག་ལེ་ཉག་ཅིག་གོ་བའི་རྟགས། །ནག་པོ་ཚག་ཚིག་འདུག་པ་དེ། །བོད་ཀྱི་རྣལ་འབྱོར་རས་པ་ལ། །རྣམ་རྟོག་ཕྲ་མོ་ཡོང་བའི་རྟགས། །སྦ་ཆོ་རིས་ཡེ་ནས་བཙུན་པ་དེ། །ཆོས་ཚུལ་བཞིན་ཉམས་སུ་བླངས་པའི་རྟགས། །སྦ་མཛེས་ཤིང་ཡིད་དུ་འོང་བ་དེ། །འགྲོ་བ་དལ་ཅིང་འཛིན་པའི་རྟགས། །སྦ་ཞབས་ལྕགས་ཀྱིས་བསྐོར་བ་དེ། །རྣལ་འབྱོར་རི་ཁྲོད་འགྲིམས་པའི་རྟགས། །འཆང་བཟུང་ཟངས་ཀྱི་དྲིལ་བ་དེ། །ཌཱ་ཀི་དབང་དུ་འདུས་པའི་རྟགས། །སྦ་ལ་ལྕགས་གཟེར་བཏབ་པ་དེ། །རྣལ་འབྱོར་སྙིང་རུས་ཆེ་བའི་རྟགས། །ར་གན་ཨ་ལོང་བཏགས་པ་དེ། །ནང་གི་ཡོན་ཏན་རྒྱས་པའི་རྟགས། །དེ་ལ་ཤ་འབྲེང་བཏགས་པ་དེ། །རྣལ་འབྱོར་ཤེས་པ་མཉེན་པའི་རྟགས། །ལྕག་འབྲས་གཉིས་སུ་སྒྲིལ་བ་དེ། །ཟུང་འཇུག་ལམ་དུ་འཁྱེར་བའི་རྟགས། །ལྕག་འབྲས་མ་བུ་འཛོམས་པ་དེ། །སྐུ་གསུམ་མ་དང་མཇལ་བའི་རྟགས། །རུས་པའི་བློང་མོར་བཏགས་པ་དེ། །རྣལ་འབྱོར་རྒྱལ་ཁམས་བསྐོར་བའི་རྟགས། །མེ་ལྕགས་ཁུག་མ་བཏགས་པ་དེ། །ཅི་སྣང་གྲོགས་སུ་འཁྱེར་བའི་རྟགས། །དུང་ལོང་དཀར་བོ་བཏགས་པ་དེ། །ཆོས་ཀྱི་འཁོར་ལོ་བསྐོར་བའི་རྟགས། །གཅན་གཟན་རས་མ་བཏགས་པ་དེ། །ཉམ་ང་བག་ཚ་མེད་པའི་རྟགས། །དེ་ལ་མེ་ལོང་བཏགས་པ་དེ། །རྟོགས་ཚད་ནང་ནས་ཤར་བའི་རྟགས། །སྤུ་གྲི་རྣོན་པོ་བཏགས་པ་དེ། །ཉོན་མོངས་ཟུག་རྔུ་གཅོད་པའི་རྟགས། །ཤེལ་སྒོང་རྡོག་གཅིག་བཏགས་པ་དེ། །བག་ཆགས་དྲི་མ་སྤངས་པའི་རྟགས། །བ་སོའི་ཕྲེང་བ་བཏགས་པ་དེ། །བླ་མ་ཡིད་ལ་འཕྲེང་བའི་རྟགས། །དྲིལ་བུ་གཡེར་ཁ་བཏགས་པ་དེ། །སྙན་པ་ཕྱོགས་བཅུར་སྒྲོགས་པའི་རྟགས། །སྣམ་རས་དཀར་དམར་བཏགས་པ་དེ། །བུ་སློབ་མང་བོ་འཁོར་བའི་རྟགས། །རྣལ་འབྱོར་ལག་ན་མཛེས་པ་དེ། །མི་ནག་ཐབས་ཀྱིས་འདུལ་བའི་རྟགས། །དེ་དོན་གང་ལགས་འདྲི་བ་དེ། །མོས་གུས་བག་ཆགས་ཡོད་པའི་རྟགས། །མི་ཁྱོད་ང་དང་འཕྲད་པ་དེ། །སྔོན་ཆད་སྨོན་ལམ་བཏབ་པའི་རྟགས། །དེ་སྦ་ལྕག་དཀར་བོ་རྟགས་ཀྱི་གླུ། །བརྡ་གོ་བར་གདའ་འམ་ལྷ་མི་ཀུན། །དོན་ཆོས་སུ་བདོག་གོ་དད་གུས་ཀྱིས། །ཁྱེད་ཡུན་དུ་སྐྱིད་ཀྱིས་དམ་ཆོས་མཛོད། །ཅེས་སྦ་ལྕག་དཀར་བོ་ལ་ཆོས་དང་མཐུན་པའི་མཚོན་དོན་སྦྱར་ཏེ་མགུར་གསུངས་པ་འདིས་རྟོགས་ནུས་སོ། །

གཙོད་རྭ།

གཙོད་རྭ་ནི། བྱ་བྲལ་གྱི་རྣལ་འབྱོར་བས་འཆང་སྲོལ་ཡོད་ལ། རྒྱ་གར་དུའང་གྲུབ་ཐོབ་མང་བོའི་བསྣམས་ཡོད་པར་བཤད། འདི་ལ་མིང་གཞན་དུ་ར་རྒྱུག་ཀྱང་ཟེར། དགོས་པ་ནི། དཀྱིལ་འཁོར་དང་། སྒྲུབ་ཁང་། བུམ་པ་འཇོག་པ། ས་འདུལ་རྒྱག་པ་སོགས་ལ་རྭ་འདིས་ཐོག་མར་ས་སློག་ན། གནོད་བྱེད་ཞི་ལ། དཔེར་ན། བཻ་དཀར་ལས་བཤད་པའི་ཕྱིའི་ས་དགྲ་སོ་བདུན། ནང་གི་ས་དགྲ་བཅུ་གཅིག ཕྱི་ནང་འབྲེལ་བའི་ས་དགྲ་བཅུ་བདུན་སོགས་ཟློག་ཅིང་། སླད་ཆད་བཀྲ་ཤིས་པར་བཤད། མི་ལ་རས་པས་ཀྱང་། ར་རྒྱུག་འདི་ཕྱག་ཏུ་བསྣམས་ཡོད་དེ། ཁོང་གི་མགུར་གླུ་ལས། ར་རྒྱུག་མདའ་གང་སོར་བཅུ་བ། །དང་བོ་གང་དང་གང་ནས་ཡོང། །བྱང་ཕྱོགས་ནོར་ལྷའི་ཕྱོགས་ནས་འོང་། །ནོར་ལྷའི་ཕྱོགས་ནས་འོང་བ་དེ། །ང་ཆོག་ཤེས་ནོར་དང་ལྡན་པའི་བརྡ། །སེམས་ཅན་གཙོད་ཀྱི་མགོ་ལ་སྐྱེས། །ཞེས་སོགས་མཚོན་དོན་མང་དུ་གསུངས་ཡོད་དོ། །

ལྔ་བ། ཡོ་བྱད་ཕྲན་ཚེགས་ཀྱི་སྐོར།

ཀཱ་པ་ལ།

༡ ཐོད་པ་ངན་པར་བརྟག་ཚུལ། རྒྱུད་ཡེ་ཤེས་རྔམ་གློག་ལས། ཡང་ན་བུམ་པའི་སྐྱིན་པ་རུ། །ཟླ་བ་ཉི་མ་དྲི་ཆུ་དང་། །བརྡུང་བ་རབ་ཏུ་སྣུམ་པོ་དང་། །དབང་བོ་ཀུན་ནས་འབྱུང་བ་རྣམས། །ཤ་སྲང་གཅིག་གིས་རབ་བསྲེས་པའི། །གང་བའི་བྷན་དྷ་དེ་བཞིན་བཞག། ཅེས་པ་ནི་ཐོད་པ་སྟེ། ཀཱ་པ་ལ་ཞེས་པ་ལེགས་སྦྱར་སྐད་དང་། བོད་སྐད་དུ་བདེ་བ་སྐྱོང་བ་ཟེར། དེ་ཡང་ཧེ་རུ་ཀ་གལ་བོ་ལས། བླང་བར་བྱ་བའི་སྣོད་ནི་གང་། །སྤང་བར་བྱ་བ་ཇི་བཞིན་དུ། །མཚན་ཉིད་རྣམ་པ་དུ་ཞིག་མཆིས། །སྤྱད་པར་བྱ་བ་དུ་ཞིག་མཆིས། །ཞེས་པ་ལྟར། ཀཱ་པ་ལར་བརྟག་པར་བྱ་བ་མང་ཞིག་མཆིས་ལ།

ཐོད་པ་ངན་པ་ནི་འདི་ལྟ་སྟེ། ཡ་ཡོ་གྱ་གྱོག་མང་བ། འཇོང་ནར་དང་། ཕྱོགས་གཅིག་གཞོམ་པ། སྟོད་སྨད་ཆེ་ཆུང་ཡོད་ལ་རྟོལ་ལ་ཁད་པ། སྲུབས་ཀ་རྩེག་ཅིང་དུམ་བུ་མང་བ། བྱ་དང་ཁྱི། སྲིན་བུའི་རྗེས་མང་བ། ཧོམ་ཁུང་བྲུས་པ་དང་བྱི་བ་དང་འབུ་སྲིན་གྱིས་ཟོས་པ་འདྲ་བ། སྦྲུལ་དང་སྦལ་ལྕོང་། སྡོམ་སྡིག ཝ་དང་ཅེ་སྤྱང་སོགས་མི་ཤིས་པའི་སྲོག་ཆགས་ཀྱི་གཟུགས་རིས། ལྗོན་ཤིང་ཧ་ཅང་བསྐམས་པ། མཐོང་བ་ཙམ་གྱིས་ཡིད་མི་དགའ་བ་སོགས་ནི་ཐོད་པ་ངན་པ་ཡིན་ལ། དེ་ལ་དམ་སྲི་མནན་པའི་རྫས་ཟེར། ཐོད་པ་འདི་དག་འཆང་ན། ནད་དང་གོད་ཁ་སྨྲས་དང་འཐབ་རྩོད་འོང་ལ། ལྷག་པར་ནོར་ལ་གནོད་པའི་འཆང་མི་རུང་ངོ་། གཞན་ཡང་། ལྕགས་ཀྱུ་དང་ཞགས་པ་ལྕགས་སྒྲོག་དབྱུག་ཐོ་རལ་གྲི་དགྲ་སྟ་སྟེ་སྐྱོན་ཅན་གྱི་རི་མོ་དྲུག་དང་། རྩེ་གསུམ་དང་ཁྲོ་བོའི་དབྱིབས་འདྲ་བ། ཡ་མ་རཱ་ཛའི་ཡི་གེ་དོད་པ་སོགས་ཐོད་ངན་གྱི་རིགས་སུས་འཆང་ན་འཆི་བདག་གི་དྲུང་དུ་ཉེ་བར་གནས་ལ། ཡང་། གཤིན་རྗེ་གཤེད་ཀྱི་འཕྲུལ་འཁོར་བཞག་པའམ། འཆི་བདག་ཞལ་དབྱེ་སོགས་ཀྱི་དྲག་རྫས་ལ་མཁོའོ། །

ཡང་། བུད་མེད་ཀྱི་ཐོད་པ་ནི། སྲབ་ཞིང་ཚངས་བུག་མེད་པ། སྲུབས་ལྷོད་ལ་རྣ་བའི་ངོས་གཉིས་སྲབ་པ། སྔོ་དཀར་དམར་གསུམ་གྱིས་མདོག་འདྲེས་པ། ལྗོན་ཤིང་དང་དཔག་བསམ་ཤིང་གཉིས་རུས་པའི་ནང་དུ་ཐིམ་པ་དང་། སྐྱེས་བུའི་དྲི་ཆུས་བཀང་ལ་རེག་པ་སོགས་ནི་བུད་མེད་ཀྱི་ཐོད་པ﹙སྐབས་འདིར་བསྟན་བུད་མེད་ཀྱི་ཐོད་པ་ཞེས་པ་ཐོད་པ་རིགས་ཕྱེ་བའི་ཚེ་ཕོ་མོ་གང་ཡིན་ཡང་ཐོད་པ་བོངས་ཆེ་ཆུང་སྲབ་ལ་མདོག་ངན་པ་དེ་ལ་བྱའོ། །﹚ཡིན་པས། ཡོན་ཏན་མང་བོ་ལྡན་ཡང་། ཤིས་པའི་སྣོད་དུ་མི་འགྱུར་ཞིང་། མཁའ་འགྲོ་དགའ་བར་བྱེད་པ་མ་ཡིན་པས། སྔགས་པས་འཆང་བར་མི་བྱའོ། །འཇུ་མི་ཕམ་གྱི་ཐོད་བརྟག་ནོར་བུ་ལག་སྟེར་ལས་ཐོད་པའི་མཚན་མ་ངན་པ་བཅུ་དྲུག་ཀྱང་གསུངས﹙མི་ཕམ་གསུང་འབུམ་ལྕགས་པར་པོད་བཅུ་དགུ་བའི་ཤོག་གྲངས༣༠༠﹚ལ་དེར་བལྟ་བར་བྱའོ། །

བུ་གའི་དབང་དུ་བཏང་ན། བུ་ག་མེད་དང་མང་བ་ནི། །མཁས་པས་ཤིན་ཏུ་སྤང་བར་བྱ། །ཞེས་པ་ལྟར། ཚངས་བུག་མེད་པ་ལ་ཐོད་ལྐུགས་ཟེར་ཏེ་བདུད་རིགས་ཀྱི་ཐོད་པ་ཡིན་པས། བཟང་བརྒྱ་ངན་གཅིག་གིས་འཇོམས་པ་ཟེར་ལ། འཆང་མི་རུང་། དབང་སྡུད་ཀྱི་སྐབས་སུ་མཁོ་བ་ཡོད། ཚངས་བུག་ཞོ་འཛག་ནུས་པ་ཧ་རེ་ཡོད་ན། སུས་འཆང་རུང་མཁའ་སྤྱོད་འགྲུབ། མདུན་དུ་ཚངས་བུག་གཉིས་དང་རྒྱབ་ཏུ་གསུམ་བྱུང་ནའང་དངོས་གྲུབ་འགྲུབ།

རུས་པའི་སྲབ་མཐུག་ནི། རུས་པའི་རྒྱུ་སྲ་མཁྲེགས་དང་ལྗིད་ལྡན་བཟང་། སྤྱིར་སྲབ་མཐུག་ཁོད་སྙོམས་ལས། མདུན་ངོས་རང་ས་མཐུག་ཅིང་ལྟག་པ་དགྲ་ས་སྲབ་ན་ཧ་ཅང་ལེགས། དེ་ལས་ལྡོག་ན་ངན། བར་གྱི་ལྷ་བ་ཆུང་ཞིང་རུས་པ་ཆེ་ན་བཟང་། ལྡོག་ན་ངན། ལྷ་བའི་ཟམ་པ་བརྒྱུད་མར་འཁོར་ན་མཆོག་ཏུ་ལེགས་སོ། །

རྣལ་ཐོད་ནི། ཕ་དང་བུ་མོ་འམ་མིང་སྲིང་འགྲོགས་ཏེ་སྐྱེས་པའི་རྣལ་ཕྲུག་གི་ཐོད་པ་ཡིན་ལ། རྟགས་ནི། ལྟག་མགོ་ནས་དཔྲལ་བའི་བར་སྲུབ་མ་ཆད་པར་ཡོད་པ་ཡིན། དེ་ནི་གྲིབ་རྫས་ཡིན་པས། དངོས་གྲུབ་སྒྲུབ་པའི་གེགས་ཏེ། ཤིས་པའི་སྣོད་དུ་མི་འགྱུར་བས་སྤང་བྱའོ། །འོན་ཀྱང་མ་མོའི་དམ་རྫས་ཁྱད་པར་ཅན་ནོ། །

༢ ཐོད་པ་བཟང་བོར་བརྟག་ཚུལ། དཀར་ན་དུང་འཚེར་བ་འདྲ་བ། སེར་ན་གསེར་དང་འདྲ་བ། ཟླུམ་ཞིང་སྣུམ་ལ་མཆོད་ཀོང་འདྲ་བ། ཡ་ཡོ་མེད་པ་ནོར་བུ་འདྲ་བ། སྲབ་མཐུག་སྙོམས་ལ་ལྟོ་བ་ཆུང་བ། མཚོག་མ་རིང་ལ་རྣོ་བ་མཁའ་ལྡིང་གི་མཆུ་དང་སྟག་སེན་འདྲ་བ། མཁྲེགས་ཤིང་ལྕི་ལ་རྡོ་བ་འདྲ་བ། འཇམ་ཞིང་འོད་འཚེར་བ། ཚངས་བུག་གཉིས་ལྷག་མིན་ལ་གསལ་བ། འདོད་འཇོའི་བ་དང་གང་གཱའི་ཀླུང་གསལ་ཞིང་རིང་ལ་ཟབ་པ། ལྗོན་ཤིང་གཞོན་ལ་ལོ་འདབ་རྒྱས་པ། མེ་ཏོག་དང་འབྲས་བུ་གང་བུ་ཆགས་པ། ཨཱཿསོགས་ཡིག་འབྲུ་དང་། རལ་གྲི་སོགས་མཚོན་ཆ། བཀྲ་ཤིས་རྟགས་བརྒྱད་སོགས་ཀྱི་རི་མོ་ཡོད་ན། མཆོག་ཏུ་བཟང་བའི་ཐོད་པ་ཡིན། པད་དཀར་ཆུན་པོ་ལས། རྡོ་ལྟར་མཁྲེགས་ཤིང་གསེར་ལྟར་བརྗིད་པ། མཐོང་བ་ཙམ་གྱིས་ཡིད་སྤྲོ་བའི་ཁྱད་ཆོས་གསུམ་དང་ལྡན་ན། མཐོང་མ་ཐག་བླང་ཆོག་པར་གསུངས་པ་དང། མཁས་གྲུབ་རྗེས། དཔྲལ་བའི་དབུས་སུ་ཉི་མའི་གཟུགས་བརྙན་ཡོད་ན། བདེ་སྐྱིད་ཀྱི་ཉི་མ་འཆར་བར་བཤད་ལ། གཞན་ཡང་སྲུབ་ཀ་གཏན་ནས་མེད་པའམ། སྲུབ་སོར་གང་ཙམ་ལས་མེད་པ་ནི་ཐོད་ཕོར་མཆོག་སྟེ། རྣལ་འབྱོར་བ་ཡིས་རྟག་ཏུ་འཆང་ཞིང་། བཞེད་དོན་འགྲུབ་པར་ཐེ་ཚོམ་མེད་དོ། །དེ་ལས་གཞན། ཐོད་པ་འཇམ་ན་མི་ཁ་བྱམས། ལྗིད་ན་བསོད་ནམས་འཕེལ། དབྱིབས་ལེགས་ན་ནོར་འདུ། གཏིང་ཟབ་ན་ཟས་འདུ། མཐུག་ཅིང་ཁོད་སྙོམས་ན་ལོངས་སྤྱོད་བརྟན། དྭངས་ཤིང་མཁྲེགས་ན་ཆོས་འཕེལ། ནང་གི་རི་མོ་རྒྱས་ན་ཆོས་སྲིད་འཕེལ། ཚངས་བུག་དྲང་ན་མི་བརྒྱུད་དང་ཤེས་རབ་འཕེལ། འབུར་ཕྱི་དང་ཀོང་ནང་ན་ཡོད་པ། རྒྱང་བཀྱེད་ན་རྩུབ་ལ་ངར་ཆེ་བ། བཏུད་ཏེ་བལྟས་ན་སྲ་འཇམ་འོད་ཆེ་བ་དེ་བཟང་། མཚན་ལྡན་ཐོད་པ་རྣམས་ནི་རང་གི་བསོད་ནམས་འཕེལ་འགྲིབ་དང་བསྟུན་ཏེ། མདོག་དང་རི་མོ་འགྱུར་ལྡོག་ཡོད་པར་བཤད་ལ། གཞན་ཐོད་པ་མཆོག་རྣམས་ས་སྤར་ཏེ་འགྲོ་བ། ཏོག་ཏོག་གི་སྒྲ་གྲག་པ། མཚན་མོ་མེ་འོད་འཕྲོ་བ་སོགས་འབྱུང་བར་ཡང་གསུངས་སོ། །སྤྱིར་ན་སྔགས་རྫས་གྲུབ་རྟགས་སུ། ར་ག་ཨ་སེའི་འགྲུབ་རྟགས་ཚོད་འཛིན་ལས། རྔ་དང་རྔ་ལྕག་ཕྲེང་བ་ལུས་གོས་ལ། །མེ་འབར་སིར་སྒྲ་དང་བཅས་ཚ་ཚ་འཕྲོ། །ནང་མཆོད་ཁོལ་ཞིང་འཕྱུར་དང་རླངས་པ་འབྱུང་། །དམ་རྫས་རིལ་བུ་ཁོལ་དང་འཕེལ་བ་དང་། །སྒྲུབ་ཁང་ཉེ་ལོགས་འཇའ་ཚོན་ཡང་ཡང་ཟུག །སྒྲུབ་ཁང་ནང་དུ་འཇའ་འམ་འཇའ་གུར་ཕུབ། །རོལ་མོའི་སྒྲ་དང་སྔགས་སྒྲ་ཡང་ཡང་ཐོས། །སྔར་དུ་ཡོད་པའི་སྲོ་ཤིག་ཐམས་ཅད་མེད། །ལྕེ་རུ་ཟ་མ་མྱོང་བའི་རོ་མཆོག་མྱོང་། །རྒས་པར་སེའུ་སྐྱེ་དང་སོ་ལ་ནི། །རིང་བསྲེལ་འཕེལ་སོགས་དངོས་སུ་འབྱུང་བ་དང་། །གཏོར་མ་ཞུ་དང་བདུད་རྩི་འབབ་པ་དང་། །གཏོར་མ་བདུད་རྩི་ཞུ་བ་འགྲུབ་པའི་རྟགས། །གསུངས་སོ། །

༣ གསོན་པའི་ཚེ་ཐོད་པ་བརྟག་ཚུལ། རིགས་མཐོ་ཞིང་ཆོས་ལྡན་གྱི་ཐོད་པ་བཟང་། རིགས་ངན་ལ་སྡིག་ཅན། བུད་མེད་ཀྱི་ཐོད་པ་ངན། སྐྲ་འཇམ་ཞིང་སྙི་ལ། དཔྲལ་བའི་གདོང་ཆེ་ཞིང་སྨེ་བ་ཡོད་པ། སྨིན་མ་མཐུག་ཅིང་ཡ་རྐན་དཀྱིལ་ན་སོ་ལྷག་ཡོད་པ། ལྕེ་རྩེ་སྣ་ལ་རེག་ཅིང་སྐད་ཕྲ་བ། འགྲོ་ཚེ་རྐང་ལག་གཡོན་སྔོན་དོར་བ་སོགས་བཟང་བར་བཤད་དོ། །

གཞན་ཡང་། ཕོ་མོ་གང་ཡིན་ཡང་གསོན་དུས་སུ་མདོག་སྔོ་ནག་དང་། མིག་ཕུག་ཟབ་པ། སོ་སྐྱ་བ། སྐྲ་སེན་ཆེ་ལ་རྩུབ་པ། སྣ་ཆེ་ཞིང་རྩེ་རྣོ་བ། མཆོག་མ་འབུར་བ། སྨིན་མ་འབྲེལ་ཞིང་རིང་བ། མིག་དཀར་ལ་མཁུར་བ་མཐོ་བ། སོ་ཟོར་བ། མཆེ་བ་རིང་བ། མཆུ་གཡོར་བ་སོགས་ཀྱང་བཟང་བར་བཤད་དོ། །

༤ རོ་ཐོད་ལ་བརྟག་ཚུལ། རྒྱ་མོ་ཐུགས་ཀྱི་གཟར་བུའི་རྒྱུད་ལས། ས་གཞི་ལེགས་པར་མཉམ་ཡུལ་ནི། །ཐམས་ཅད་བྱེ་མའི་གཤོང་དག་ཏུ། །སྔགས་པས་བསྒྲུབ་པ་བྱའོ་དེར། །རོ་དེ་འགྱེལ་བ་ལ་ནི་བརྟག །གསུངས་པ་ལྟར། དང་ཐོག་རོ་སྤྱི་བོར་བསྟན་པ་དུམ་བུ་གཅིག་པ་ཡོང་། དེ་བཞིན་དུ་མདུན་བསྟན་པ་དུམ་བུ་གསུམ་པ། གཡས་གཡོན་བསྟན་པ་དུམ་བུ་གཉིས་པའམ་བཞི་བ། ལྟག་པ་བསྟན་པ་ལ་ཐོད་ངན་དུམ་བུ་དྲུག་པ་སོགས་མང་དུ་འབྱུང་བས་སྤང་བྱའོ། །

༥ ཐོད་པ་རྙེད་དུས་ཀྱི་འབྲས་བཤད། དཔྱིད་གསུམ་དང་ཟླ་སྟོད། སྔ་དྲོར་ཐོད་པ་རྙེད་ན། ནད་དང་སྡུག་བསྔལ་ཁ་སྨྲས་ཞི། དབྱར་གསུམ་དང་ཟླ་སྟོད་ཉིན་ཕྱེད་རྙེད་ན་ཟས་ནོར་ལོངས་སྤྱོད་འཕེལ། སྟོན་གསུམ་དང་ཟླ་སྨད་ཕྱི་དྲོར་རྙེད་ན། མི་ནོར་ཟས་གསུམ་དབང་དུ་སྡུད། དགུན་གསུམ་མམ་སྲོད་དང་ནམ་སྟོད་རྙེད་ན་མཐུ་ནུས་དབང་ཐང་རྒྱས་སོ། །

༦ རྙེད་ཡུལ་ལ་བརྟེན་པའི་འབྲས་བཤད། ནགས་ཁྲོད་ནས་རྙེད་ན། རིགས་རྒྱུད་འཕེལ། གྲོང་ཡུལ་ནས་རྙེད་ན་གྲོགས་མང་འབྱུང་། རི་རྩེ་ནས་རྙེད་ན་དབང་ཕྱུག་ལྡན། དུར་ཁྲོད་ནས་རྙེད་ན་ནུས་པ་འཐོབ། བྱ་དང་གཅན་གཟན་གྱི་ཁ་ནས་ལྷུང་ན་རྟག་ཏུ་ཟས་ནོར་ལོངས་སྤྱོད་འཕེལ། ཆུ་ཀླུང་ནས་རྙེད་ན་ཡོན་ཏན་འཕེལ་ལོ། །

༧ ཁ་དོག་དང་དབྱིབས་ཀྱི་འབྲས་བཤད། ཐོད་པ་དཀར་བོ་དང་ཟླུམ་པོས་ནད་དང་སྡུག་བསྔལ་ཞི། སེར་བོ་དང་གྲུ་བཞིས་འཁོར་དང་ལོངས་སྤྱོད་རྒྱས། དམར་བོ་དང་ཟླ་གམ་གྱིས་མི་ནོར་དབང་དུ་སྡུད། ལྗང་དང་ནག་པོ་ཟུར་གསུམ་གྱིས་མངོན་སྤྱོད་འགྲུབ་བོ། །སྡོམ་འབྱུང་ལས། སེར་དང་དེ་བཞིན་སེར་སྐྱ་སྟེ། །ཐལ་བའི་མདོག་དང་མདོག་ངན་དང་། །སྣ་ཚོགས་མདོག་ཏུ་རབ་ཏུ་གྲགས། །ལྷག་པ་དམན་དང་ཐ་མ་སྟེ། །ཞེས་སོ། །

གཞན་ཡང་། ཀུན་འདུས་རིག་པ་ལས། དཀར་བོར་རི་ལྕང་ལོ་ཅན་དང་། །འདི་དག་རྟག་ཏུ་སུས་འཆང་བ། །འདོད་དོན་ཐམས་ཅད་འགྲུབ་པ་སྟེ། །རྒོལ་བ་ཐམས་ཅད་འཇོམས་པར་ནུས། །ཡིད་བཞིན་ནོར་བུ་ཇི་འདྲ་བར། །དེ་ཡི་ཡོན་ཏན་འདི་ལས་བྱུང་། །ཞེས་དང་། ཧེ་རུ་ཀ་སྙིང་རྗེ་རོལ་བ་ལས། དུང་དང་ཀུན་ཟླ་འདྲ་བའི་མདོག། སྣུམ་ལ་མཉམ་དུ་སྡུག་པ་ནི། །སྔགས་རྣམས་ཐམས་ཅད་འགྲུབ་སྟེར་ཡིན། །དབང་ཕྱུག་ཆེན་པོ་ཤེས་པར་བྱ། །ཞེས་དང་། སྦྲང་རྩི་སེར་སྐྱའི་མདོག་འདྲ་བའི། །ཞི་བའི་ཐིག་ལེའི་རྣམ་པར་བརྒྱན། །ཁྱབ་འཇུག་པ་ཡི་སྣོད་ཡིན་ཏེ། །ཟུག་རྔུ་དགྲ་རྣམས་འཇོམས་པར་བྱེད། །ཅེས་དང་། ཡང་ཁལ་ཁ་དམ་རྡོར་གྱིས། བྲམ་ཟེ་ཁ་དོག་དམར། རྒྱལ་རིགས་དཀར་ཞེས་སོགས་ཀྱི་ཐ་སྙད་ཡོད་པ་དང་མཐུན་པར་མཛད་དེ། ཐོད་པ་དཀར་བོ་བྲམ་ཟེའི་རིགས་ཀྱི་ཐོད་པ། དཀར་བོ་དམར་མདངས་ཅན་རྒྱལ་རིགས། སེར་བོ་དང་དམར་སེར་གཉིས་རྗེ་རིགས། ལྗང་ཁུ་དམངས་རིགས། ཐལ་མདོག་སོགས་ནི་གདོལ་བའི་རིགས་ཀྱི་ཐོད་པར་གསུངས་ཤིང་། བྲམ་ཟེ་དང་རྒྱལ་རིགས་རབ། རྗེ་རིགས་འབྲིང་། ལྷག་གཉིས་ཐ་མ་ཡིན་པས་སྤང་བྱའོ། །ལས་སོ་སོ་ལ་བསྔགས་པའི་ཁ་དོག་ཀྱང་། ཁ་དོག་དཀར་བོས་སྔགས་ཀྱི་དངོས་གྲུབ་འགྲུབ། སེར་བོ་དབྱིབས་ཟླུམ་པོས་ནོར་སོགས་རྒྱས་པའི་ལས་འགྲུབ། དམར་བོ་འམ་ཐིག་ལེ་དམར་བོས་མཚན་པ་ནི། དབང་དང་འགུག་པའི་ལས་འགྲུབ། དེ་དག་ཀྱང་མདོག་སྣུམ་ཞིང་ཡིད་དུ་འོང་བ་མཁྲེགས་ཤིང་ལྗིད་པ་ལེགས། བ་ལང་ཁའི་རྣམ་པ་དང་འདྲ་ལ་ཤིན་ཏུ་ཕྲ་ཞིང་ཐིག་ལེ་དཀར་བོས་མཚན་པ་ནི་བསད་ཚད་དབྱེ་བ་སོགས་ལ་བསྔགས་པ་དང་། གཏོར་སྣོད་ལ་ཡང་ལས་དང་མཐུན་པའི་ཐོད་པ་མཆོག་ཏུ་བསྔགས་པར་གསུངས་སོ། །དེ་ཡང་མཁྲིས་ནད་ཅན་གྱི་མདོག་སེར་བོ་དང་གསེར་མདོག དུག་སོགས་ཀྱིས་སྔོན་པོ་དང་གཡུ་མདོག མཛེ་ཐོད་སྨུག་པོ་དང་མཆོང་མདོག་ངན། དེ་དག་མ་ནོར་བར་གཅེས་སོ། །སྐྱ་གོག དམར་གོག སེར་གོག་སོགས་སྣུམ་མདངས་མེད་པ་དང་། སྔོ་སྐྱ། ས་འོག་ཏུ་སོང་བ། མི་སྡུག་པའི་ར་རི་ཡོད་པ། རྩུབ་ལ་མདངས་མེད་པ། གསོབ་ཞིང་ཡང་བ་སོགས་སྤང་བྱའོ། །

དབྱིབས་ཀྱི་དབང་དུ་བཏང་ན། ཧེ་རུ་ཀ་སྙིང་རོལ་ལས། དུང་སྔོ་བ་དག་སྡུག་བསྔལ་ཏེ། །བྱ་རོག་རྗེས་ནི་འཐབ་རྩོད་འགྱུར། །ཉིས་རིམ་གྱིས་ནི་གསོད་པར་འགྱུར། །གླང་བོའི་རྒྱབ་ནི་ནད་དུ་འགྱུར། །ཞེས་དང་། སྡོམ་འབྱུང་ལས། ཁྭ་ཡི་རྐང་འདྲས་རྩོད་པར་འགྱུར། །གཤོང་བུ་གཉིས་པས་རྒུད་པར་འགྱུར། །ཞེས་སོ། །དེ་ལས་གཞན་ཟླུམ་པོ་ཞི་བ། གྲུ་བཞི་རྒྱས་པ། ཟླ་གམ་དབང་། ཟུར་གསུམ་དྲག་པོ། ཟུར་བརྒྱད་པ་མཆོག་གི་ལས་ཀྱི་ཐོད་པ་སྟེ། རིམ་བཞིན་སངས་རྒྱས་སྤྱན་ལ་སོགས་པའི་ཕྱག་མཚན་ནོ། །དབྱིབས་ངན་པ་ནི། ཡོན་པོ་དང་གྲོག་སྐེད་ཁྱུང་མཆུ་དང་ཟ་ལུང་མེད་པ། ཆ་མི་མཉམ་པ་དང་། ཡང་། ཟ་ར་ཚག་འདྲ་ན་བསོད་ནམས་ཀྱི་རྐང་ཚུགས། རང་སའི་ཕྱོགས་སུ་ཁ་གྱེད་ན་བསོད་ནམས་རྒྱ་ཆེ། རིགས་རྒྱུད་ལ་བྱང་ཆུབ་སེམས་དཔའ་སྐྱེ། ནང་དུ་རུབ་ན་བསོད་ནམས་བུལ། གཞན་དོན་མི་འགྲུབ། ཐམས་ཅད་གྱེད་ན་བསོད་ནམས་འབྲིང་། ཁ་ཁྱེར་ཕྱིར་གྱེད་ཅིང་མཐུག་པ། དགྲ་ས་སྲབ་ཅིང་ནང་དུ་རུབ་པ་བཟང་། རྣ་ལྟག་ཏུ་རུས་ལྷན་བྱུང་ན་གཞན་གྱིས་མགོ་འདོགས། དེ་ཡང་རང་སར་རང་འདོགས། དགྲ་སར་དགྲ་འདོགས། མཚམས་སུ་ཡོད་ན་གཉིས་ཀ་ལ་འདོགས། རང་སའི་ཁ་ཁྱེར་ལ་བུག་པ་མང་ན་འཁོར་གྱི་ནང་ནས་དགྲ་ལྡང་ཞིང་བོར་སྟོར་འོང་། བུ་ཚ་བུད་མེད་འཁོར་འདབ་ཀྱི་སར་བྱུང་ནའང་དེ་དག་ངན། དགྲ་སར་དགྲ་ལ་འོང་། ཁ་ཁྱེར་གྱི་སྟེང་རི་མོ་གཞུ་བརྡུང་བ་འདྲ་ན་རླུང་འདུ་བའོ། །གཞན་ཡང་། བདེ་མཆོག་སྡོམ་འབྱུང་སོགས་ལས་ཀྱང་། མདོག་དབྱིབས་དང་ཁྱད་ནུས་སོགས་མང་དུ་གསུངས་ཡོད་ཀྱང་འདིར་མ་སྤྲོས་སོ། །

༨ ཐོད་པར་གྱི་མགོ་གང་བསྟན་གྱི་འབྲས་བཤད། ཤར་སོགས་ཕྱོགས་བཞི་ལ་བལྟས་ན་རིམ་བཞིན་ལས་བཞིའི་དངོས་གྲུབ་འགྲུབ། མཚམས་བཞིར་བལྟས་ན་དྲག་པོ་འགྲུབ། གན་རྐྱལ་གྱིས་དབང་ཐང་ལྡན། ཁ་བུབ་ཀྱིས་ནད་མེད་ལོངས་སྤྱོད་འབྱུང་། ལུས་མེད་མགོ་བོ་གཅིག་པུ་རྙེད་ན། དགྲ་མེད་ཆོས་ཀྱིས་བདེ་བར་འཚོའོ། །

༩ དུམ་བུའི་གྲངས་ཀྱི་འབྲས་བཤད། ཐོད་པ་གླིང་གཅིག་ཅན་ས་ལ་དབང་། གཉིས་ཅན་འདོད་ཁམས་ལ་དབང་། གསུམ་ཅན་ནོར་ལ་དབང་། བཞི་ཅན་ཆོས་ལ་དབང་། ལྔ་ཅན་རིགས་རྒྱུད་འཕེལ་ལ། ཡོན་ཏན་མེད་ཀྱང་སློབ་དཔོན་བྱེད། དུམ་བུ་དྲུག་ལས་མང་བ་སོགས་རང་གཞན་འཕུང་བྱེད་དུ་གསུངས་པ་དང་། ཧེ་རུ་ཀ་སྙིང་རྗེ་རོལ་བ་ལས། དུམ་བུ་གཅིག་པ་ས་ལ་དབང་། །གཉིས་པ་དེ་ནི་རྒྱལ་ཕྲན་གྱུར། །གསུམ་པ་དེ་ཡང་ནོར་ལ་དབང་། །བཞི་བ་དེ་ཡང་སྔགས་འགྲུབ་འགྱུར། །ལྔ་བ་དེ་ཡང་ཆོས་ཀྱང་འགྲུབ། །དྲུག་པ་དེ་ནི་སློང་བ་ཡིན། །བདུན་པ་དེ་ནི་བརྟུལ་ཞུགས་སོ། །བརྒྱད་པ་ཡོངས་སུ་སྤང་བར་བྱ། །ཞེས་དང་། བདེ་མཆོག་སྡོམ་འབྱུང་ལས། དུམ་བུ་གཅིག་པ་གནས་ལ་དབང་། །དུམ་བུ་གཉིས་པ་དཀྱིལ་འཁོར་དབང་། །དུམ་གསུམ་སྒྲུབ་པོའི་དངོས་གྲུབ་འགྱུར། །དུམ་བུ་བཞི་བས་སྔགས་དངོས་འགྲུབ། །ལྔ་བ་ཡིས་ནི་ཞི་དང་རྒྱས། །དུམ་དྲུག་སློང་མོ་རྙེད་པར་ཤེས། །དུམ་བུ་བདུན་པས་དབང་དུ་བྱེད། །དངོས་གྲུབ་འགྲུབ་པ་འབྲས་མེད་ཕྱིར། །དེ་བཞིན་དུམ་བུ་བརྒྱད་པ་སྤང་། །ཞེས་ཀྱང་གསུངས་སོ། །

ཡང་། ཁལ་ཁ་དམ་རྡོར་གྱིས། དུམ་བུ་གཅིག་པས་ཡུལ་ཉེར་བཞིར་འགྲོ་བ་ལ་དབང་བ་དང་། ཡང་། འགྲེལ་བར་གནས་ལ་སོགས་པར་འགྲོ་བ་ལ་མི་སྐྱོ་བར་བཤད་པ་དང་། སྨོན་འགྲོ་མར་བ་ལ་སོགས་པའི་ལོ་ཙཱ་བ་ཁ་ཅིག དངོས་གྲུབ་སྒྲུབ་པའི་གནས་སུ་གྱུར་བ་དང་། དུམ་བུ་གཉིས་པས་འགྲེལ་བར་མང་བོ་མཆོད་པར་འགྱུར་བ་དང་། ལོ་ཙཱ་བ་དེ་དག་དཀྱིལ་འཁོར་གྱི་བདག་པོ་ལ་དབང་བར་བཤད། གསུམ་པས་གང་འདོད་གྱི་དངོས་གྲུབ་ཕུན་སུམ་ཚོགས་པར་བྱེད། བཞི་བས་སྔགས་ཀྱི་དངོས་གྲུབ་འགྲུབ། ལྔ་བས་ཞི་རྒྱས་ཀྱི་ལས་འགྲུབ། དྲུག་པས་སློང་མོ་རྙེད་པར་འགྱུར། བདུན་པས་དབང་གི་ལས་འགྲུབ། བརྒྱད་པས་ཞི་སོགས་ཀྱི་ལས་གཞན་མི་འགྲུབ་ཅིང་། དྲག་པོའི་ལས་ལ་བླང་བར་བྱ་ལ། དེ་ལས་མང་བ་རྣམས་ནི་ངན་པར་གསུངས་ཤིང་། དུམ་གྲངས་སུ་མ་ཟད་དབྱིབས་དང་ཁ་དོག་གི་མཚན་མ་ངན་པ་ཐམས་ཅད་དྲག་པོའི་ལས་ལ་ཅི་རིགས་པར་སྦྱར་བར་གསུངས་སོ། །

ཡང་། འཇུ་མི་ཕམ་གྱི་ཐོད་བརྟག་ནོར་བུ་ལག་སྟེར་ལས། དུམ་གཅིག་ཆོས་ཐོད། གཉིས་པ་ནོར། གསུམ་པ་མི། བཞི་བ་འབྲུ། ལྔ་བ་ཕྱུགས་འཕེལ་བའི་ཐོད་པར་བཤད། དེ་ཡང་དུམ་བུ་གཅིག་པ་ལ། སྲུབ་གཏན་ནས་མེད་པ་བྱ་མོའི་སྒོ་ང་ལྟ་བུ་དེ་ནི་ཐོད་པ་ཇ་རིལ་ཞེས་ཤིན་ཏུ་བཟང་། སྲུབ་མངོན་ཀྱང་དུམ་བུ་རྣམས་གཅིག་ཏུ་འབྲེལ་བ་ལས་སོ་སོར་མ་ཆད་པ་དེ་ཡང་བཟང་། དུམ་བུ་གཉིས་པ་ལ་བཟང་ངན་གཉིས་ཏེ། གླིང་ལ་ཆེ་ཆུང་བྱུང་ནས་མདུན་ངོས་ཆེ་བ་བྱུང་ན་བཟང་། མཉམ་པར་གཞུང་དུ་སྲུབ་བྱུང་ན་གོང་ལས་གཞན་པ་སྟེ་ངན་ནོ། །དུམ་གསུམ་ལ་རིགས་གསུམ་སྟེ། ལྟག་པ་དང་མཆོག་མ་གཡས་གཡོན་དག་ཏུ་སྲུབ་བྱུང་ན་བཟང་། གླིང་དཀྱིལ་དང་མཚོག་མ་ལྟག་པ་དང་གསུམ་དུ་སྲུབ་བྱུང་ཡང་བཟང་། རྣ་ལྷན་གཉིས་དང་དཀྱིལ་དུ་བྱུང་བའང་བཟང་ངོ་། །གླིང་བཞི་བ་ལ་རིགས་བཞི་སྟེ། །མཐའ་བཞི་བཞི་ཆོད་སྤྲ་ཆོད་བཟང་། །གླིང་ལྔ་བ་ལ་རིགས་ལྔ་སྟེ། །ལྔ་ཚོམ་ལྔ་འདུས་ལྔ་གཤིབ་བཟང་། །སུམ་གཉིས་དང་ནི་ཕྱོགས་ཆོད་ངན། །དུམ་གྲངས་ཕྱེ་ཚུལ་ནི། ལྟག་པ་དང་རྣ་ལྷན་གཉིས་པོའི་དུམ་བུ་མི་བརྩི་བར་ལྷག་མའི་རུས་པ་ལ་ཐོད་པའི་སྲུབ་ཀྱིས་བཅད་ནས་རུས་པ་ཕན་ཚུན་འབྲེལ་མེད་དུམ་གྲངས་དུ་རུ་མངོན་པར་བརྩི་དགོས་ཏེ། ཡུངས་འབྲུ་ཙམ་སོ་སོར་ཆད་པའམ། འཇག་མ་ཙམ་གྱིས་འབྲེལ་ཀྱང་གཅིག་ཏུ་བརྩིའོ། །

༡༠ ཐོད་པའི་རི་མོ་ལ་བརྟག་པ། ཧེ་རུ་ཀ་སྙིང་རྗེ་རོལ་བ་ལས། རི་མོ་རྡོ་རྗེ་འཁོར་ལོ་དང་། །མཆོད་རྟེན་དང་ནི་རིན་པོ་ཆེ། །པདྨ་དང་ནི་ལྗོན་ཤིང་དང་། །དབུས་སུ་བུ་ག་གཉིས་ཡོད་པ། །མདུན་ན་གཤོང་བུ་གསུམ་དང་གཉིས། །གང་དག་རྡོ་རྗེ་མཚན་ཡོད་པ། །དཔལ་དང་ལྡན་པའི་སྣོད་གནས་སོ། །ཞེས་དང་། བདེ་མཆོག་སྡོམ་འབྱུང་ལས། དེ་བཞིན་གླང་བོའི་རྒྱབ་ཀྱི་ནང་། །དབུས་ཀྱི་གནས་སུ་གཞོང་བུ་བཞི། །འདོད་འཇོའི་བར་ནི་བལྟ་བར་བྱ། །མདུན་ཕྱོགས་སུ་ནི་གཤོང་བུ་གཉིས། །ཡིད་བཞིན་ནོར་བུ་ཞེས་བྱར་བཤད། །ཅེས་དང་། གསང་བ་སྒྲུབ་ཐབས་མཚན་ཉིད་ནི། །ཡན་ལག་ཆེས་ཕྲ་མང་བའི་བདག། དཔག་བསམ་ཤིང་ནི་ཡོད་གྱུར་ན། །འདོད་པའི་འབྲས་བུ་འཐོབ་འགྱུར་ཏེ། །སྔགས་པ་དེ་ལ་ཐེ་ཚོམ་མེད། །ཅེས་སོ། །དཔག་བསམ་ཤིང་མིན་ཀྱང་ཡལ་ག་ལོ་མ་རྒྱས་པ་དབྱར་ཤིང་ཞེས་བཟང་། དེ་ལས་ལྡོག་ན་དགུན་ཤིང་ཟེར་ཏེ་ཞན། ཡལ་ག་ལོ་མ་སོགས་ཀྱི་རྩེ་མོ་རང་སར་སྤུངས་པའི་རི་མོ་ཡོད་ན་དཔལ་འབྱོར་འཕེལ་ལོ། །གཞན་ཡང་། ཟ་ལུང་དང་སོག་སྣ་བརྟག་པ་སོགས་ཀྱང་ཡོད་དོ། །

༡༡ གནས་མལ་དགུ་ལ་བརྟག་པ། རང་ས། ལྷ་ས། རྡོ་རྗེ་སློབ་དཔོན་གྱི་ས། སློབ་མའི་ས། ཡོན་བདག་གི་ས། གཟུངས་མའི་ས། ཚེ་འདས་ཀྱི་ས། དུར་ས། དགྲ་ས་སྟེ་དགུ་ལ་གནས་མལ་དགུ་ཟེར་ཞིང་། ཐོད་པའི་ཕྱི་ནང་རུས་འབུར་བྱུང་བ་ལ་རུས་ཁྲ་ཟེར་ལ། རང་སར་བྱུང་ན་ཤིན་ཏུ་བཟང་། ཐོད་ནང་གི་དབུས་སུ་མཛུབ་རྗེས་ལྟ་བུ་བཞི་བྱུང་ན་འདོད་འཇོ་བ་ཡི་ནུ་རྗེས་ཟེར་ཏེ་ཤིན་ཏུ་བཟང་། མདུན་ངོས་སུ་གཤོང་བུ་གཉིས་བྱུང་ན་ཡིད་བཞིན་ནོར་བུ་ཡིན་ཏེ་བཟང་། ཐོད་དབུས་སུ་གཤོང་ནར་གཅིག་གམ་གཉིས་མདུན་ཕྱོགས་སུ་དོད་ན་རྣལ་འབྱོར་བའི་ཟ་ལམ་ཡིན་ཏེ་བཟང་། འདི་རྣམས་འཆང་བས་ཟས་ནོར་ལོངས་སྤྱོད་འཕེལ། མདུན་དང་དཔྲལ་བའི་ནང་གི་རུས་འབུར་དེ་ལ་ཁྱུང་མཆུ་ཟེར། དེ་འབུར་ལ་སྣ་རིང་བོར་དོད་ན་རྣལ་འབྱོར་སྲོག་གི་ཀ་བ་ཡིན་ཏེ་བཟང་། ཡང་། མཛུབ་མོ་བཀལ་གཏུབ་ཙམ་བྱུང་ན་ངན་པ་དགུ་ཐུབ་ཟེར་ལ། སྐྱོན་བརྒྱ་ཡོན་ཏན་གཅིག་གིས་ཆོམ་ཞེས་ཤིན་ཏུ་བཟང་། ཁྱུང་མཆུ་མཐུག་ན་བསོད་ནམས་ཆེ། རྣོ་ན་ཤེས་རབ་རྣོ། རྒྱུན་རིང་ན་བསོད་ནམས་རྒྱུན་རིང་། རང་སར་ཐིག་ལེ་ཟླུམ་པོས་བསྐོར་ན་སྐྱིད་ཀྱི་ཉི་མ་ཟེར་ཏེ་བཟང་། ཉི་མ་འཁྱིམ་པ་ལྟ་བུ་བྱུང་ན་ཞག་གི་ཆུ་མིག་ཡིན་ཏེ་བཟང་། གཞན་བཀྲ་ཤིས་ཀྱི་རྫས་དང་། ནས་འབྲུ་དང་། ཁབ་མགོ་ལྟ་བུ་གཤུང་འབུར་གང་རུང་བྱུང་ན་ལེགས། རྡོ་རྗེ་སློབ་དཔོན་གྱི་སར་རིགས་ལྔའི་ཕྱག་མཚན་དང་། སློབ་མའི་སར་མཆོད་པ་རྣམ་ལྔ། ཚེ་འདས་སར་རིགས་དྲུག་གི་ས་བོན། ཡོན་བདག་གི་སར་གླིང་བཞིའི་རི་མོ། གཟུངས་མའི་སར་བཀྲ་ཤིས་རྟགས་བརྒྱད། དུར་སར་རི་མོ་དཀར་བོ་ཁབ་མགོ་ཙམ་འབུར་དོད་དེ་ཚེ་ལམ་བྱུང་ན་བཟང་། དགྲ་སར་ཁུང་སོགས་ངན་པ་བྱུང་ཡང་བཟང་། རང་སར་འཇམ་པ་དང་དགྲ་སར་རྩུབ་ན་ལེགས་སོ། །

༡༢ བུ་ག་བརྟག་ཚུལ། བདེ་མཆོག་སྡོམ་འབྱུང་ལས། བུ་ག་གཅིག་པ་བྲམ་ཟེ་འགྱུར། །བུ་ག་གཉིས་པ་རྒྱལ་རིགས་འགྱུར། །བུ་ག་གསུམ་པ་རྗེའུ་རིགས་ཤེས། །བུ་ག་བཞི་བ་དམངས་རིགས་རྣམས། །ཞེས་དང་། བདུད་རྩི་བམ་པོ་བརྒྱད་པ་ལས། ཡང་ན་བྷཎྡ་དཔལ་ལྡན་རྫོགས། །ཟླུམ་ཞིང་འཁྱིལ་བ་པདྨ་འདྲ། །དབུས་ན་བུ་ག་གཅིག་ཡོད་པ། །ཞེས་པ་ལྟར། བུག་གཅིག་ཅན་ནི་རྒྱུད་དུ་མར་ཤིན་ཏུ་ལེགས་པར་གསུངས་སོ། །

དེ་ཡང་བུག་པ་གཅིག་པ་ནི་ཚངས་བུག་ཡིན་ལ། དེ་ལས་མང་བའི་བུ་ག་ནི་རྩའི་སྣེ་མོས་ཐོད་པ་ཕུག་ནས་ཕྱིར་འཐོན་པ་འམ་ཐོན་ལ་ཁད་པའི་བུག་པ་ཡོད་པ་དང་། བུད་མེད་ཀྱི་ཐོད་པ་ལ་ཚངས་བུག་མེད་ཅིང་། ནལ་བུའི་ཐོད་པ་ནི་ཐོད་སྲུབས་སོག་སྣའི་ཐད་ནས་དཔྲལ་བའི་གཞུང་ན་ཡོད་པའོ། །བུ་སྟོན་གྱིས་སམ་ཊིཀ་ལས། རིགས་ངན་རྣ་ལྟག་ཏུ། མ་ནིང་ལ་ལྟག་པར་བུ་ག་ཡོད་ཅིང་། དཔྲལ་བ་དང་རྣ་རྩར་མུ་ཏིག་གི་ཕྲེང་བ་འདྲ་བ་ནི་སྔགས་པའི་ཐོད་པར་གསུངས། བུད་མེད་ཀྱི་ཐོད་པ་སོགས་རང་གི་དངོས་གྲུབ་སྒྲུབ་པ་ལ་སྤང་བྱར་གསུངས་ཀྱི། ལས་སྦྱོར་ལ་ངེས་པར་དགོས་པ་རྒྱུད་སྡེ་རྣམས་ལས་གསུངས་སོ། །

༡༣ སོ་ལ་བརྟག་ཚུལ། སོ་ལྗང་ཁུ་དང་། སེར་བོ་དང་། སྔོ་བ་དང་། ལོགས་སུ་སྐྱེས་པ་དང་། སོ་མེད་པའམ་ཉམས་པ་རྣམས་ངན་ལ། དེ་ཡང་མགོ་བོ་ཚང་བ་ལ་རྟོག་པའི་དབང་དུ་བྱས་པའོ། །

༡༤ ལ་ཉེ་ལ་བརྟག་པ་ནི། བདེ་མཆོག་སྡོམ་འབྱུང་ལས། ས་གཞི་མཉམ་པའི་ཡུལ་རྣམས་སམ། །ཐང་ངམ་བྱེ་མའི་གཤོང་དག་ཏུ། །སྔགས་པས་དེ་ནི་བསྒྲུབས་བྱས་ལ། །དེ་ཡི་ལྷུང་བ་བརྟག་པར་བྱ། །ལྷོ་བལྟས་བྲམ་ཟེ་འཇིགས་པར་འགྱུར། །བདེན་བྲལ་ལྷུང་བའི་བ་ལང་དང་། །རིགས་མེད་པ་དང་རིགས་ངན་འཇིགས། །རླུང་བལྟས་སྔགས་ནི་འཇིགས་པ་སྟེ། །བྱང་དུ་བལྟས་ན་ཕྱུག་པོར་འགྱུར། །དབང་ལྡན་སྔགས་ཀྱི་དངོས་གྲུབ་སྟེ། །བརྟུལ་ཞུགས་རྒྱུན་ནི་ཉམས་པ་མེད། །མེར་བལྟས་ཉེ་བར་འཕྲོག་པ་སྟེ། །དེ་བཞིན་འོག་བལྟས་ཆོམ་རྐུན་མའོ། །སྟེང་བལྟས་གནས་པས་བུད་མེད་འཇོམས། །ལོགས་སུ་ལྷུང་བའི་གཏུམ་མོ་སྟེ། །སྣོད་ཀྱི་མཚན་ཉིད་རྣམ་ཤེས་བྱ། །ཞེས་དང་། ཧེ་རུ་ཀ་སྙིང་རྗེ་རོལ་བ་ལས། ཤིན་ཏུ་མཉམ་པའི་ས་ཕྱོགས་སམ། །སྙི་བ་འམ་ཡང་ན་དུལ་བའི་སར། །སྔགས་ཀྱིས་བཏབ་སྟེ་གནམ་དུ་བསྐྱུར། །ལྷུང་བའི་མཚན་ཉིད་འདི་རིག་བྱ། །ལྷོ་ཕྱོགས་ཁ་བལྟས་བྲམ་ཟེ་མེད། །སྲིན་པོའི་ཕྱོགས་བལྟས་གླང་བོ་སྙོལ། །ནུབ་ཀྱི་ཕྱོགས་བལྟས་རིགས་ངན་ཏེ། །རླུང་གི་ཕྱོགས་བལྟས་གསང་མི་ཐུབ། །བྱང་གི་ཕྱོགས་བལྟས་ཕྱུག་པོར་འགྱུར། །དབང་ལྡན་ཕྱོགས་བལྟས་སྔགས་འགྲུབ་སྟེར། །ཤར་དུ་བལྟས་ན་བདག་ཉིད་གསོད། །མེ་ཡི་ཕྱོགས་བལྟས་ཤེའུ་ཤིང་མེད། །འོག་ཏུ་བལྟས་ན་རྐུན་པོ་སྤྱོད། །སྟེང་དུ་བལྟས་ན་བུད་མེད་གསོད། །གློར་བལྟས་དེ་ནི་རིགས་ངན་ཏེ། །སྣོད་ཀྱི་མཚན་ཉིད་འདི་རྣམས་སོ། །ཞེས་སོ། །

༡༥ ཐོད་པ་ཆེ་ཆུང་གི་ཚད། མཐོ་གང་ལས་ཆེ་བའི་ཐོད་པ་བྱུང་ན་ཚད་ལས་འདས་ཏེ་དཀོན། མཐོ་གང་རབ། མཛུབ་གང་འབྲིང་། མཁྱིད་གང་ཐ་མ་ཡིན། དེ་གསུམ་གང་ཡིན་རུང་མཚན་ཉིད་ལྡན་ན་དངོས་གྲུབ་འབྱུང་། མཚན་ལྡན་ཐོད་པར་ཆུར་སོར་བཅུ་བཞི། ཞེང་སོར་བདུན་ཡིན་ནོ། །

༡༦ ཐོད་པའི་མཚོན་དོན། རྗེ་བཙུན་མི་ལ་རས་པས། ང་རྣལ་འབྱོར་ལག་ན་ཡོད་པ་ཡི། །ཟས་སྣོད་མཚན་ལྡན་ཐོད་པ་འདི། །རིགས་དྲུག་སྐྱེས་བུའི་ཡ་ཐོད་ཡིན། །ལྟ་བ་ཡས་འབུབ་མཚོན་པའི་ཕྱིར། །གླང་ཆེན་དར་གྱི་ཐོག་ནས་ཕུབས། །སྤྱོད་པ་མས་ཡར་འཛེག་པའི་ཕྱིར། །མ་ཐོད་ཁྱོགས་ཀྱིས་གྱེན་ལ་བཏེགས། །སྒོམ་པ་ཉམས་སུ་ལེན་པའི་ཕྱིར། །བར་ན་ཀླད་དཀར་གཡོ་མེད་འཁྱིལ། །དེ་ལྟར་ལྟ་སྤྱོད་སྒོམ་གསུམ་གྱིས། །འཁོར་བའི་གཞི་རྩ་གཅོད་པའི་ཕྱིར། །སྐྲ་མཚམས་ཚད་ལྡན་མཚམས་ནས་བཅད། །སྒྲིབ་གཉིས་བག་ཆགས་སྦྱངས་པའི་ཕྱིར། །ཤ་ལྤགས་རུས་པའི་མཚམས་ནས་བཤུས། །ཉེས་ལྟུང་དྲི་མས་མ་གོས་ཕྱིར། །རུས་པ་དཀར་བོ་དུང་གི་མདོག། གསང་སྔགས་ཟབ་དོན་བདུད་རྩིའི་རྒྱུན། །འཛེད་ཕྱིར་ཁ་ནི་གྱེན་དུ་བསྟན། །དམ་ཚིག་སྡོམ་གསུམ་ཤོར་དོགས་ནས། །རྣལ་འབྱོར་ལག་པས་དམ་དུ་བཟུང་། །ད་དུང་ཉོན་དང་དྲི་རྟོགས་མཁན། །ཐོད་པ་དུམ་བུ་གཅིག་ཡིན་ན། །ཆོས་སྐུ་རོ་གཅིག་མཚོན་པའི་བརྡ། །གལ་ཏེ་དུམ་བུ་གསུམ་ཡིན་ན། །སྐུ་གསུམ་དབྱེར་མེད་མཚོན་པའི་བརྡ། །ཚངས་པའི་བུ་ག་ཡོད་པ་འདི། །ཆོས་སྐུའི་ངང་དུ་འགྲོ་བའི་བརྡ། །ལྗོན་ཤིང་རྒྱས་པའི་རི་མོ་འདི། །སྟུག་པོ་བཀོད་པའི་ཞིང་ཁམས་སུ། །ལོངས་སྤྱོད་སྐུ་རུ་བཞེངས་པའི་བརྡ། །རྒྱ་སྲུབ་རི་མོ་འདྲ་བ་འདི། །སྣ་ཚོགས་སྤྲུལ་སྐུར་འགྱུར་བའི་བརྡ། །རང་སར་ཟུར་བུ་བྱུང་བ་འདི། །ཉོན་མོངས་དགྲ་ལས་རྒྱལ་བའི་བརྡ། །དགྲ་སར་ཟུར་བུ་མེད་པ་དེ། །བདག་འཛིན་དགྲ་བོ་ཐུལ་བའི་བརྡ། །མར་ལ་མཐེབ་མོས་མནན་འདྲ་བའི། །མཐིལ་ན་འདོད་འཇོའི་ནུ་མ་བཞི། །དགོས་འདོད་ཆོས་ཀུན་འབྱུང་བའི་བརྡ། །རྩ་རོ་སྲིན་ཁུང་མེད་པ་འདི། །བར་ཆད་བདུད་ལས་རྒྱལ་བའི་བརྡ། །ཕྱི་ཡི་རྣ་ལྟག་གཉིས་ཀྱི་སྟེང་། །གླང་ཆེན་སྒང་རྒྱབ་འདུག་པ་དེ། །ཐེག་ཆེན་ཁུར་དུ་འཁུར་བའི་བརྡ། །ལྷ་བ་ཅུང་ཟད་འདུག་པ་དེ། །རྣམ་རྟོག་ཕྲ་མོ་འཕྲོ་བའི་བརྡ། །དབྱིབས་ནི་པད་འདབ་འདྲ་བ་འདི། །འཁོར་བ་ཆགས་པ་མེད་པའི་བརྡ། །ཁ་དོག་སྣུམ་ཞིང་འཚེར་བ་འདི། །ཏིང་འཛིན་དྲོད་རྟགས་ལྡན་པའི་བརྡ། །རྣལ་འབྱོར་ལག་ན་བཟུང་བ་འདི། །ཕྱི་རུ་བསོད་སྙོམས་ཟས་ལ་སྤྱོད། །ནང་དུ་བསམ་གཏན་ཟས་ལ་སྤྱོད། །རྣམ་པ་ཀུན་ཏུ་ཟག་མེད་ཀྱི། །བདུད་རྩིས་རྟག་ཏུ་འཚོ་བའི་རྟགས། །དེ་རྣམས་ཕྱི་ཡི་བརྡ་མཚོན་ཙམ། །ཞེས་སོ། །

༡༧ ནང་མཆོད་ཀྱི་རཀྟའི་ཡན་ལག་སོ་ལྔ། ༡ མཚལ། ༢ ལི་ཁྲི། ༣ བཙག ༤ སྡོང་རོས། ༥ རྡོ་དྲེག་སྟེ་སའི་རཀྟ་ལྔ། ༦ ཙན་དན་དམར་བོ། ༧ སེང་ལྡེང་། ༨ མཛོ་མོ་ཤིང་། ༩ གོ་ཤིར་ཥ། ༡༠ བཤེར་ཤིང་དམར་བོ་སྟེ་ཤིང་གི་རཀྟ་ལྔ། གོ་ཤི་ཥ་དང་བཤེར་ཤིང་མ་རྙེད་ན། སྟར་བུ་དང་ཀནྟ་རི་དམར་བོ་རུང་བར་བཤད། ༡༡ པདྨ་རཱ་ག ༡༢ བྱུ་རུ། ༡༣ མཚུར་དམར། ༡༤ མེ་ཤེལ། ༡༥ རྡོ་རྒྱུས་དམར་བོ་འམ་སྦལ་རྒྱབ་གང་རུང་སྟེ་རྡོའི་རཀྟ་ལྔ། ༡༦ ཧ་ལོ། ༡༧ ཁུག་ཆུང་། ༡༨ གླང་སྣ། ༡༩ སེ་རྒོད། ༢༠ ལུག་རུ་དམར་བོ་སྟེ་མེ་ཏོག་གི་རཀྟ་ལྔ། ༢༡ ར་མོ་ཤག ༢༢ ཉེ་ཤིང་། ༢༣ སྙ་ལོ། ༢༤ གྲོ་མ། ༢༥ སྙུག་མ་དམར་བོ་སྟེ་རྩྭའི་རཀྟ་ལྔ། ཕྱི་མ་དེ་མདོ་ཁམས་ཀློང་ཐང་སོགས་སུ་སྐྱེས་པའི་ཁྲག་སྙུག་ཟེར་བ་དེའོ། །༢༦ རྒུན་འབྲུམ། ༢༧ རམ་བུ། ༢༨ ཁ་སུར། ༢༩ བ་མཁལ་སྨུག་པོ། ༣༠ སྐྱུ་རུ་ར་སྟེ་འབྲུའི་རཀྟ་ལྔ། ༣༡ རྒྱ་སྐྱེགས། ༣༢ སིན་དྷུ་ར། ༣༣ འབྲི་མོག ༣༤ བུ་རམ། ༣༥ བྲག་ཞུན་སྟེ་རྩིའི་རཀྟ་ལྔ་རྣམས་བསྡོམས་པས་རཀྟ་སོ་ལྔ་བོ་འདི་ནི་རྩ་བ་ཡིན། དེའི་ཡན་ལག་ཏུ་རྫས་སོགས་གང་དམར་གྱི་རིགས་སུ་གྱུར་བ་ཐམས་ཅད་དང་། རིན་པོ་ཆེ་ཟངས་སོགས་རྡོའི་རིགས་དམར་བོ་མང་བོ། ཨུཏླལ་དམར་བོ་དང་ཤང་དྲིལ་དམར་བོ་སོགས་མེ་ཏོག་དམར་བོ་མང་བོ། གཙང་དམར་དང་ས་འདྲེས་དམར་བོའི་རིགས། སྣ་མའི་འབྲས་བུ་དང་འོལ་མོ་སེ་སོགས་འབྲས་བུ་དམར་བོའི་རིགས། འབྲས་དམར་དང་ཁྲེ་དམར་སོགས་འབྲུའི་རིགས། གཞན་ཡང་། སྲོག་ཆགས་ལས་བྱུང་བའི་རཀྟའི་རིགས་མཐའ་དག་གོ།

༡༨ ནང་གི་དཔྱད་པ། མདུན་རང་ས། གཡས་མི་ས། གཡོན་ནོར་ས། རྒྱབ་ཕྱི་ས་སྟེ། ནང་ངོས་འཇམ་པ་འམ། མར་ལ་མཐེབ་བཅགས་བྱས་པ་ལྟ་བུ་བཟང་། ཤིང་ལོ་རབ་ཏུ་རྒྱས་ཤིང་ཡན་ལག་རགས་པ་ཡལ་ག་རང་སར་འཁྱིལ་ཞིང་། འབྲས་ལྟ་བུ་ཕྲུམ་ཕྲུམ་མེ་ཏོག་ལྟ་བུ་ཤར་ན་བཟང་། ཐོད་སྤྲི་མ་རལ་བ་སོགས་བཟང་ངོ་། །

༡༩ ཐོད་པའི་དཔྱད་འབྲས། མདོར་ན་ཐོད་པ་འཇམ་ན་མི་ཁ་བྱམས། བརྗིད་ཆེ་ན་བསོད་ནམས་འཕེལ། དབྱིབས་ལེགས་ན་ནོར་འདུ། གཏིང་ཟབས་ན་ཟས་འདུ། མཐུག་ཅིང་ཁོད་སྙོམས་ན་ལོངས་སྤྱོད་བརྟན། སྲབ་ལ་དྭངས་ཞིང་མཁྲེགས་ན་ཆོས་འཕེལ། ནང་གི་རི་མོ་དྭངས་ཤིང་རྒྱས་ན་འབངས་སྲིད་འཕེལ། ཚངས་བུག་གསང་ན་མི་རྒྱུད་སྐད་ཐོན་པ་འོང་། བལྟས་པ་ཙམ་གྱིས་ཡིད་འོང་དགའ་བ་སོགས་འབྱུང་ན་ཐོད་པ་དེ་ལ་ཡོན་ཏན་མེད་པ་མི་སྲིད་པས་བཅིང་བར་བྱའོ། །

༢༠ ཀཱ་པ་ལའི་དགོས་པ་དང་རྒྱུ་ཆ། ཁལ་ཁ་དམ་རྡོར་གྱི་དམ་ཚིག་གི་རྫས་དང་ཡོ་བྱད་ཀྱི་རྣམ་བཞག་དངོས་གྲུབ་གཏེར་མཛོད་ལས། བླ་མ་ལྷ་དང་དཔའ་བོ་དང་རྣལ་འབྱོར་མ་རྣམས་ལ་ཚོགས་ཀྱི་འཁོར་ལོ་དང་། དཔའ་བོའི་སྟོན་མོ། དཀྱིལ་འཁོར་སྒྲུབ་མཆོད་སོགས་དུས་ཁྱད་པར་ཅན་དང་། དུས་ནར་མའི་ཚེ་ཡང་བདག་དང་ལྷ་ལ་སོགས་པ་བདུད་རྩིའི་མཆོད་པས་ཚིམ་པར་བྱེད་པའི་བཏུང་བའི་སྣོད་དང་། ལྷ་དང་མཁའ་འགྲོ་ཆོས་སྐྱོང་འབྱུང་བོ་ལ་སོགས་པ་གཏོར་མས་མཆོད་པའི་སྣོད་རྣལ་འབྱོར་བའི་ལྷུང་བཟེད་ཅེས་གསུངས་པ་ནི་ཐོད་པ་ཡིན་ལ། དེ་ལ་བྱང་སེམས་དཀར་དམར་གྱི་བདུད་རྩི་གང་དུ་འདུ་འཕྲོད་བྱས་པས་བདེ་སྐྱོང་བའི་གནས་ནི་ཕྱག་རྒྱའི་པདྨ་ཡིན་པས་པདྨའི་སྣོད་ཅེས་ཀྱང་བྱ་ལ། ཐོད་པ་མེད་ན་སྡོམ་འབྱུང་བཅོ་ལྔ་བ་ལྟར། མཁར་བ་ཟངས་ལྕགས་གསེར་དངུལ་རྭ་དང་ཤིང་དང་འཇིམ་པ་སོགས་ལས་ཀྱང་ཐོད་པའི་དབྱིབས་ཀྱི་རྣམ་པར་བྱས་ཀྱང་རུང་ལ། ན་རི་ཀེ་ལ་དང་ཉ་ཕྱིས་དང་རུས་སྦལ་གྱི་ཁོག་པས་ཀྱང་རུང་ཞིང་། དེ་རྣམས་ནི་རང་བཞིན་གྱིས་ཐོད་པའི་དབྱིབས་མཐུན་དུ་ཡོད་པས་དེ་ག་རང་གིས་ཆོག་པར་གསུངས་སོ། །

༢༡ ཀ་པཱ་ལ་བཅང་ཚུལ། རྒྱུད་དང་རྒྱ་གཞུང་ཁུངས་མ་རྣམས་ལས་བདུད་རྩི་དང་གཏོར་མ་བྱིན་གྱིས་བརླབས་པའི་སྐབས་སོགས་སུ་རང་རང་གི་ཐོད་པའི་བསྐྱེད་ཆོག་གསུངས་པ་རྣམས་དང་། མ་རྒྱུད་ཀྱི་སྤྱོད་པའི་བརྟུལ་ཞུགས་སྦྱིན་པའི་ཚེ་ཡབ་ཡུམ་གྱི་སྔགས་ལན་གསུམ་གསུམ་བཟླས་ནས་སྦྱིན་པ་དང་། དེའི་ཚེ་ཐོད་པ་བདུད་རྩི་བཀང་བས་བདེ་སྟོང་དབྱེར་མེད་དུ་སྦྱོར་བ་མཚོན་པར་གསུངས་པ་ལྟར་དྲན་པར་བྱས་ཏེ་འཆང་བ་ཙམ་ཞིག་གསུངས་ཀྱི། དེ་ལས་གཞན་པའི་བཅང་ཚུལ་རྒྱས་པར་མ་གསུངས་པས། བཟང་བོ་ལ་དངོས་གྲུབ་འབྱུང་བའི་བཅང་ཐབས། འབྲིང་བོ་འཕྲིན་ལས་སྒྲུབ་པའི་བཅང་ཐབས། ངན་པ་ལ་ཉེས་པ་མི་འབྱུང་བའི་བཅང་ཐབས་སོགས་མང་དུ་སྨྲ་རྒྱུ་ཡོད་དོ། །

༢༢ ཀ་པཱ་ལར་མཆོད་ཚུལ། ཐོད་ནག་གི་རྒྱུད་ལས། ཀ་པཱ་ལ་ནི་མཆོད་ཤེས་ན། །ལོངས་སྤྱོད་ཕུན་སུམ་ཚོགས་པར་འགྱུར། །ཀ་པཱ་ལ་ནི་མ་མཆོད་ན། །ས་འོག་གནས་པའི་གཏེར་དང་འདྲ། །ཞེས་དང་། གཞན་ཡང་། ཐོད་པ་དར་ཚོན་སྣ་ལྔས་དྲིལ། །མཛོད་ཁང་སོགས་ལ་སྦ་བར་བྱ། །དེ་ལྟར་རྒྱུན་ཏུ་མཆོད་པ་ལ། །བརྩོན་པར་བྱས་ན་རྣལ་འབྱོར་བས། །དམ་ཆོས་སྒྲུབ་པའི་བར་ཆད་ཞི། །མཐུན་རྐྱེན་ལེགས་པར་ཚང་བ་དང་། །མཁའ་འགྲོ་མཉེས་ན་མཆོག་ཐུན་གྱི། །དངོས་གྲུབ་མྱུར་དུ་སྩོལ་བར་འགྱུར། །ཞེས་གསུངས་ལ།

མཆོད་པའི་དུས་ནི། ཟླ་བ་གང་ཡིན་གྱི་ཚེས་བརྒྱད་ལ་རབ། དེ་མིན་གཟའ་སྐར་འཕྲོད་སྦྱོར་ཕུན་ཚོགས་ཀྱི་ཉིན། དབེན་གནས་སོགས་བྱིན་ཅན་དང་། གཙང་ཞིང་བཀྲ་ཤིས་པའི་རི་སོགས་ནས། བུ་མོ་གཙང་མས་བླངས་པའི་སས། མནྡལ་པདྨ་བྲིས་ཏེ། སྟེགས་བུ་མཐོ་དམན་ཇི་ལྟར་འཚམས་པའི་སྟེང་། སྣ་ཚོགས་པདྨ་ནི་རྡུལ་ཚོན་སོགས་ཀྱིས་བྲིས། ཐོད་པའི་ནང་དུ་ཤར་དུ་ཨཱཿ ལྷོར་ཧཱུཾ་དང་། ནུབ་ཏུ་སྭཱ བྱང་དུ་ཧཱ། དབུས་སུ་ཨོཾ། ཕྱི་རོལ་གྱི་ཁ་ནས་གཡོན་བསྐོར་དུ་ཨོཾ་དཱེ་ན་རཏྣ་སི་དྡྷི་ས་མ་ཡ་ཨ་ཡུ་ཿཕ་ལ་ཧཱུཾ། ཞེས་པ་འབྲི་བར་བཤད་པའང་ཡོད། ནང་དུ་ཅི་འདོད་སྤེལ་ཚིག་བྲིས། རིན་ཆེན་སྣ་ཚོགས་འབྱོར་ཚད་དང་། དྲི་སྣ་དང་། སྨན་སྣ། འབྲུ་སྣ། ས་སྣ། རྡོ་སྣ། ཤིང་ཐོག གོས་དང་རྟ་ཕྱུགས་སོགས་གཡང་ཅན་གྱི་སྤུ། གཞན་བཀྲ་ཤིས་རྟགས་བརྒྱད་དང་རྒྱལ་སྲིད་སྣ་བདུན། འདོད་ཡོན་ལྔ་སོགས་བྲིས་མ་དང་བླུགས་མ་ཇི་སྙེད་ཀྱིས་བཀང་ལ། མནྡལ་དབུས། མཉྫིའི་སྟེང་དུ་ལེགས་པར་བཞག ཤར་དུ་འོ་ཞོ་དང་། ལྷོར་མར་ཁུ། ནུབ་ཏུ་མངར་གསུམ། བྱང་དུ་ཆང་ཕུད། མཚམས་བཞིར་འབྲུ་སྣ་མེ་ཏོག་བཀྲམས། མཐའ་འཁོར་དུ་ཉེར་སྤྱོད་ཞལ་ཟས་སོགས་མཆོད་པའི་ཡོ་བྱད་ཅི་འབྱོར་དང་། འབྱོར་ན། རྒྱལ་མཚན་བ་དན་བླ་རེ་ཡོད་ན་རབ། དེ་ནས་ཐོད་པའི་དབུས་སུ་གཟུངས་རྡོར་བཞག རང་ཉིད་ཁ་ཤར་བལྟས་ཏེ། སྐྱབས་སེམས་དང་། ཚད་མེད་བཞི། ཡི་དམ་བདག་བསྐྱེད་ཅི་རིགས་བསྒོམ་ནས། མདུན་གྱི་དཀྱིལ་འཁོར་ཐོད་པ་དང་བཅས་སྒྲུབ་ཚུལ་ཆོ་ག་ལྟར་ཉམས་བཞེས་མཛད་ན། ཚེ་དང་ནོར་སྟོབས་དང་དབང་ཕྱུག་སོགས་འགྲུབ་པར་གསུངས་སོ། །གཞན་ཡང་། མི་ཐོད་འདི་བཟའ་བཏུང་གི་སྣོད་དུ་སྤྱོད་པ་ནི། འདི་ཉིད་ཕྱག་ཏུ་འཆང་རེས་ཀྱིས་མི་རྟག་པར་སྐུལ་ཆེད་དང་། ཕུང་བོ་བདག་མེད་སྒོམ་པ་སོགས་ཀྱི་གནད་ཆེ་བར་གསུངས་སོ། །ཀ་པཱ་ལའི་སྐོར་རྒྱས་པར་ཤེས་འདོད་པ་དག་གིས། སངས་གླིང་བླ་མ་དགོངས་འདུས་དང་། མཁས་གྲུབ་ཐམས་ཅད་མཁྱེན་པའི་རྣལ་འབྱོར་རོལ་བའི་དགའ་སྟོན། པད་དཀར་ཆུན་པོ། ཆོས་རྗེ་མི་ཕམ་པའི་གསུང་འདོད་དགུ་འབྱུང་གནས་སོགས་ལས་ཤེས་པར་བྱའོ། །

གཡབ་དར།

གཡབ་དར་གྱི་ཁུངས་ནི། ཀུན་འདུས་རིག་པ་ལས། ཁ་དོག་ལྔ་ཡི་དར་གཡབ་ཀྱིས། །གཡབ་ཞིང་རིག་འཛིན་མང་བོ་འབོད། །རོལ་མོ་ཆ་བྱད་མང་བོ་དག། རྡོ་རྗེ་གར་དང་སྙན་པའི་གླུ། །སྲིད་པའི་མ་མོ་ཀུན་བསྟེན་ཅིང་། །བྱིན་རླབས་ཆེན་པོ་དབབ་པར་བྱ། །ཞེས་པ་ལྟར། ཆོས་སྐྱོང་དང་མ་མོ་སོགས་སྤྱན་འདྲེན་དང་། བྱིན་འབེབས་ལ་མཁོ་བའི་སྔགས་ཆས་ཤིག་ཡིན། །དེ་ཡང་རྡོ་རྗེ་རྩེ་ལྔ་བར་ཁ་དོག་ལྔ་ལྡན་གྱི་དར་བཏགས་པ་དང་། ཆོས་སྐྱོང་དང་མ་མོ་འབོད་བྱེད་ལ། རས་གཞི་ནག་པོ་ལ་གསེར་མཚལ་གང་རུང་གིས། མ་མགོན་སོགས་ཀྱི་འབོད་སྔགས་བྲིས་པ་རྡོ་རྗེ་རྩེ་དགུར་བཏགས་པ་དང་། ཡང་། མི་ལག་གཡས་པའི་སོར་ལྔ་ལ་དར་ཚོན་སྣ་ལྔ་བཏགས་པ་དང། རྡོ་རྗེ་ལ་མི་ལྤགས་ཀྱི་གཡང་གཞི་བཏགས་པ། དྲེད་མོའི་ལག་པ་ལ་གཡང་གཞི་བཏགས་པ་སོགས་སོ། །ཡང་ཆོས་འགའ་ཟུང་ལ་བཟློག་དར་ཞེས་པ་དར་ནག་ཟུར་གསུམ་མཐའ་ཤན་ཅན་དང་། དར་ལྕེ་དམར་བོའི་ངོས་ལ་མཚལ་གྱིས་བྷྱོ་བཟློག་གི་ཡི་གེ་བྲིས་པ་ཞིག་ཀྱང་སྣང་། གཞན་ཡང་། ལྷ་མོ་རེ་མ་ཏི་སྤྱན་འདྲེན་གྱི་གཡབ་དར་ལ། ན་ཆུང་མ་ཆུ་གྲིར་ཤི་བའི་སྲིན་ལག་གཡས་པ་དར་མཐིང་ནག་ལ་བཏགས་ཏེ། དཔའ་བོ་གཡུལ་དུ་དབུགས་ཆད་ཁ་མའི་སྙིང་ཁྲག་གིས་འབོད་སྔགས་བྲིས་པ་དང་། ཁོལ་མོ་རེ་མ་ཏི་འབོད་པ་ལ། དྲེད་མོའི་རལ་བ་དགོས་པར་ཡང་བཤད་དོ། །

ཧོམ་ཁུང་།

ཧོམ་ཁུང་ཟུར་གསུམ་ནི། རྒྱུ་ལྕགས་དང་ས། རྫ་དང་རྡོ་ཤིང་ལས་བཟོས་པ་དང་། ཚད་དང་དབྱིབས་ནི། ཕུར་བ་གསང་རྒྱུད་ལས། གྲུབ་ཁུང་ལས་ཀྱི་དཀྱིལ་འཁོར་ནི། །དཀྱིལ་འཁོར་ཁྲུ་གང་ཙམ་དུ་བྱ། །གྲུ་གསུམ་སུ་བརྩེགས་ཁ་ཁྱེར་ལ། །ཟ་བྱེད་ཞལ་དང་མདའ་གཞུ་བཅས། །མཚོན་ཆ་ལྔ་དང་རྩང་གིས་བསྐོར། །མཐིང་ནག་དར་གྱིས་ཞལ་བཀབ་པའི། །ཞེས་པ་སྟེ། མཚོན་ཆ་ལྔ་ནི། རྡོ་རྗེ། འཁོར་ལོ། རལ་གྲི དབྱུག་ཏོ། རྒྱ་གྲམ་མོ། །ཡང་། རྙིང་རྒྱུད་མགོན་པོ་མཚོན་ཆ་འཁོར་ལོའི་རྒྱུད་ལས། དབུས་ནས་ཁྲུ་གང་གྲུ་གསུམ་ལ། །ཆང་རིས་གསུམ་ལྡན་ཐུར་དུ་བྲུ། །ཐ་མ་ཐོད་པའི་ཕྲེང་བས་བརྒྱན། །དུག་ཤིང་རྩང་དམར་ཉི་ཤུ་བརྒྱད། །རྡོ་རྗེ་འཁོར་ལོ་རལ་གྲི་དང་། །དབྱུག་ཐོ་རྒྱ་གྲམ་རྣམ་པ་ལྔས། །འོག་མ་དག་ལ་བསྐོར་བར་བྱ། །ཞེས་དང་། འགའ་ཞིག་ཧོམ་ཁུང་རིམ་པ་དང་བོའི་ཁ་འཁྱེར་ལ་བྱ་རིགས་དང་། བར་བ་ལ་གཅན་གཟན་ཁྱུང་འབྲུག འོག་མར་མི་རོ་རྟ་རོ། ནང་དམར་ལ་ཕྱི་ནག་པ་མེ་རིས་རི་མོ་དག་བྱེད་དོ། །

བུམ་པ།

༡ བུམ་པའི་རྒྱུ། སྤྱིར་བུམ་པ་ལ་གསུམ་སྟེ། དོན་དམ་ཆོས་ཉིད་ཀྱི་བུམ་པ། འདུས་བྱས་རྟགས་ཀྱི་བུམ་པ། མཚོན་བྱེད་རྫས་ཀྱི་བུམ་པའོ། །དོན་དམ་ཆོས་ཀྱི་བུམ་པ་ནི། ཆོས་ཀྱི་དབྱིངས་དང་རང་རིག་པའི་ཡེ་ཤེས་དབྱེར་མེད་པ་དང་། འདུས་བྱས་རྟགས་ཀྱི་བུམ་པ་ནི་ཕྱིའི་སྣོད་ཀྱི་འཇིག་རྟེན་དང་། ནང་བཅུད་ཀྱི་སྐྱེ་འགྲོའི་གཟུགས་ཕུང་སོགས་ཡིན། འདིར་བཤད་བྱ་ནི་མཚོན་བྱེད་རྫས་ཀྱི་བུམ་པའོ། །དེ་ལ་ཡང་རྒྱུ་སོགས་མང་བོ་ཞིག་ཡོད་པ་ལས། རྒྱུ་ནི། དུར་ཁྲོད་ཁུ་བྱུག་རོལ་བའི་རྒྱུད་ལས། དང་བོ་གསེར་གྱི་བུམ་པར་བཤད། །གཉིས་པ་ཤེལ་དང་དངུལ་གྱི་སྟེ། །གསུམ་པ་བཻཌཱུ་རྱ་ཡིའོ། །བཞི་བ་ཟངས་ཀྱི་བུམ་པར་བཤད། །ལྔ་བ་ལྕགས་ཀྱི་བུམ་པར་བཤད། །དྲུག་པ་ལ་ནི་སྣ་ཚོགས་པའི། །བུམ་པ་གང་བ་བཞག་པར་བྱ། །ཞེས་དང་། ཡེ་ཤེས་རྔམ་གློག་ལས། བུམ་པ་རྣམ་པ་སྣ་ཚོགས་ཀྱི། །གསེར་དང་དངུལ་ལས་བྱས་པའོ། །ཞེས་པ་ལྟར། གསེར་དངུལ་ཟངས་ལྕགས། ར་གན། ལི། ཤེལ། བཻཌཱུ་རྱ། བྱུ་རུ། ཨིནྡྲ་ནི་ལ། པདྨ་རཱ་ག མཆོང་། རྡོ། རྫ། ཤིང་། ཐོད་པ། ས། རིན་པོ་ཆེ་སོགས་གང་ཡང་རུང་བ་དུས་འཁོར་བསྡུས་རྒྱུད། ཟླ་གསང་ཐིག་ལེ། གཙུག་དགུ་སོགས་ལས་བཤད་དོ། །བྱེ་བྲག་ཏུ། དུས་འཁོར་གྱི་དབང་ལེར། ཞི་བ་ལ་ཤེལ། རྒྱས་པར་དངུལ། བསད་པ་ལ་མི་ཐོད། བསྐྲད་དབྱེ་ལ་ལྕགས། དབང་ལ་གསེར། འགུགས་པ་ལ་ཟངས། རངས་པ་ལ་ས། རྨོངས་པ་ལ་ཤིང་གི་བུམ་པའོ། །

༢ བུམ་པའི་དབྱིབས། གཤིན་རྗེ་དགྲ་ནག་གི་རྒྱུད་ལས། ནག་པོ་ར་རི་མེད་པ་ཡི། །བུམ་པ་ལྟོ་ཆེ་བྲེ་ཚད་པ། །མཆུ་འཕྱང་མགྲིན་རིང་གདན་ལྡན་པར། །སྙིང་བོ་ལྡན་པའི་སྨན་སོགས་གཞུག། ཅེས་རྟ་མཆོག་རོལ་བ་སོགས་ལས་འབྱུང་ལ། མདོར་ན་བུམ་པ་ལ། མགྲིན་རིང་ཞིང་ཕྲ་བ། ལྟོ་ལྡིར་བ། མཆུ་འཕྱང་བ། ཞབས་ཞུམ་པ﹙ཁ་ཅིག་འདི་ལ་ཞབས་སྟེགས་མེད་པ་བརྩི་བའང་ཡོད། ﹚དང་། ཁ་འཁྱེར་གཡེར་བ་སྟེ། ཁྱད་པར་དྲུག་ཚང་བ་ཡིན་ནོ། །རྡོ་རྗེ་མཁའ་འགྲོ་ལས། བུམ་པ་དག་ནི་བྱ་བ་སྟེ། །རྩ་བ་ནག་པོ་ལ་སོགས་སྤང་། །ཞེས་པའི་རྩ་བ་ནི་ཞབས་སྟེགས་མེད་པ་དང་། ནག་པོ་ནི་དྲི་མའི་ར་རི་སྤང་དགོས་པ་ལ་བཤད་དོ། །

༣ བུམ་པའི་ཁ་དོག མི་གསལ་བ་དང་། ར་རིའི་དྲི་མ་མེད་པ། ཞི་བ་ལ་དཀར་བོ། རྒྱས་པར་སེར་བོ། དབང་ལ་དམར་བོ། མངོན་སྤྱོད་ལ་སྔོན་པོ་བྱ་དགོས་པར། ཁུངས་རིམ་བཞིན་དུས་འཁོར་བསྡུས་རྒྱུད། གཤེད་དམར། དཔུང་བཟང་། བཤད་རྒྱུད་དྲག་པོ་གསུམ་འདུལ་སོགས་སུ་གསུངས་སོ། །

༤ བུམ་པའི་ཚད། སྤྱིར་བཏང་ལ་ལྟོ་བའི་རྒྱར་མཐོ་ལྔ། མགྲིན་པའི་སྲིད་དུ་སོར་བརྒྱད། མགྲིན་པའི་རྡོ་རྗེ་ཁུ་ཚུར་ཤོང་བ། ཁ་འཁྱེར་སོར་བཞི། མཆུ་འཕྱང་ལ་སོར་གཉིས། མཆུ་ཕྱེད་ལ་སོར་བརྒྱད་དུ་གསུངས་ལ། དུས་འཁོར་ལས་ཞི་རྒྱས་གཉིས་ཀྱི་བུམ་ཚད་བྱེ་བྲག་ཏུ་བརྗོད་དེ། བསྡུས་རྒྱུད་ལས། ཟླུམ་པོ་བརྒྱད་གཉིས་སོར་དུ་བརྗོད་དེ་གཉིས་ཀྱིས་བསྒྱུར་བའི་བཅུ་ཡིས་དཔངས་དང་སོར་གཉིས་དག་གི་མཆུ། །དྲུག་ནི་མགྲིན་པ་སོར་བརྒྱད་ཁ་སྟེ་རི་བོང་འཛིན་པ་ལྟར་དཀར་ཞི་རྒྱས་དག་ལའོ་གཞན་ལ་མིན། །ཞེས་དང་། ཀུན་རིག་ཊིཀ་ཆེན་ལས། བུམ་པའི་ཚད་ནི་རྣམ་རྒྱལ་ལ་ལྟོ་བའི་ཐད་ཀའི་རྒྱར་སོར་ཉི་ཤུ། མཐའ་བསྐོར་དུ་མཐོ་ལྔ། མགྲིན་པའི་དཔངས་སོར་བརྒྱད། མཆུའི་འཕྱང་ལ་སོར་གཉིས་པའི་ཚད་ལྡན་མེད་ན་སྦྱིན་བདག་ལ་མི་ཤིས་པས་ཚད་དང་ལྡན་པ་བྱ། གཞན་རྣམས་མ་ངེས་པར་བཤད་དེ། ཀུན་ཀྱང་ནག་པོ་མེད་པ། རྩ་བ་དོར་ཞིང་མ་འབྱར་བ། བུག་པ་དང་། གས་པ་མེད་པ། མཆུ་འཕྱང་ཞིང་། མགྲིན་པ་རིང་བ། གསུས་པ་ཆེ་བ། ཞེས་འདི་སོར་བཞག་འབྱུང་། ཞེས་གསུངས་སོ། །ཞི་བ་ལ་ཤེལ། རྒྱས་པ་ལ་དངུལ། བསད་པ་ལ་མི་ཐོད། བསྐྲད་དབྱེ་ལ་ལྕགས། དབང་ལ་གསེར། འགུགས་པ་ལ་ཟངས། རེངས་པ་ལ་ས། རྨོངས་པ་ལ་ཤིང་གི་བུམ་པ་དང་། དེ་དག་གི་ཚད་ནི་ཞི་རྒྱས་གཉིས་ལྟེ་བའི་རྒྱར་སློབ་དཔོན་གྱི་མཐེབ་སོར་བཅུ་དྲུག ལྟེ་བའི་འོག་ནས་ཁའི་བར་དུ་སོར་ཉི་ཤུ། ཁའི་མཚམས་ནས་འཆང་བའི་མཆུ་ལ་སོར་གཉིས། མགྲིན་པའི་དཔངས་སུ་སོར་དྲུག མཆུའི་མཐའ་ནས་མཆུའི་མཐའི་བར་གྱི་ཁ་ལ་སོར་བརྒྱད་ཡོད་པའི་ཆ་གཉིས་མགུལ་བའི་སྦུབས་སྟོང་དང་། ཆ་གཅིག་གི་ཚད་དུ་གསུངས་ལ། གཞན་ཡང་རྡོ་རྗེ་ཕྲེང་བ་ལས། དབྱེ་བ་དང་བསྐྲད་པ་དག་གི་ལྟོ་བ་ནི་ཟླུམ་པོར་སོར་བཅུ་གཉིས་སོ། །དཔངས་སུ་སོར་ཉི་ཤུ་རྩ་བཞིའོ། །སྐེ་བ་ཡོན་པོ་སྟེ་སོར་བརྒྱད་པའོ། །ཁ་ནི་སོར་དྲུག་གོ། མཆུ་གཉིས་ནི་སོར་རེ་རེའོ། །དབང་དང་འགུག་པ་དག་གི་བུམ་པ་ནི་བཟོ་བོས་ཇི་ལྟར་བྱས་པའོ། །རེངས་པ་ལ་ནི་ཐུང་ཞིང་ཟླུམ་པ་དང་། དཔངས་སུ་སོར་བཅུ་དྲུག་གོ། མགྲིན་པ་ནི་སོར་བཞིའོ། །ཁ་ནི་སོར་དྲུག་གོ། མཆུ་ནི་སྦོམ་ཞིང་སོར་གཉིས་པའོ། །ལས་ཐམས་ཅད་པ་ལ་ཞི་བ་ལ་སོགས་པའི་ལས་ལ་བརྗོད་པའི་བུམ་པ་རྣམས་གཟུང་བར་བྱའོ། །འདི་ནི་དུས་ཀྱི་འཁོར་ལོ་ལས་གསུངས་པའི་ཚད་དོ། །བུམ་པའི་ཚད་མི་འདྲ་བ་མང་བོ་ཁལ་ཁ་དམ་རྡོར་གྱི་དམ་ཚིག་གི་རྫས་དང་ཡོ་བྱད་ཀྱི་རྣམ་བཞག་དངོས་གྲུབ་གཏེར་མཛོད་དང་། རྗེ་ཤེས་རབ་རྒྱ་མཚོའི་ཐིག་བཤད་ལག་ལེན་དུ་མའི་སྐོར་གྱི་བརྗེད་བྱང་སོགས་ལས་ཤེས་པར་བྱའོ། །

༥ བུམ་པའི་དབྱེ་བ། རྟེན་གྱི་བུམ་པ་དང་། རྣམ་རྒྱལ་བུམ་པ་དང་། ལས་བུམ་མོ། །ཕྱི་མ་གཉིས་ཀྱི་ཁུངས་ནི། རྡོ་རྗེ་གདེང་བའི་རྒྱུད་ལས། རྣམ་པར་རྒྱལ་བའི་བུམ་པར་ནི། །སྨན་ལ་སོགས་པའི་ལེགས་བཀང་ནས། །རས་ཀྱིས་དཀྲིས་ལ་བཞག་པར་བྱ། །ཞེས་བུམ་རྫས་ཀྱིས་བཀང་ནས་རས་ཀྱིས་དཀྲིས་ཏེ་ཡི་དམ་ལྷའི་དཀྱིལ་འཁོར་སྒོམ་ནས་སློབ་མ་ལ་དབང་བསྐུར་བྱེད་ཡིན་པས། དཀྱིལ་འཁོར་གྱི་དབུས་སུ་འཇོག་དགོས་པ་དང་། ཡང་སྒྱུ་འཕྲུལ་དྲ་བ་ལས། སྒོ་ཡི་ཕྱོགས་ཀྱི་བུམ་པ་ནི། །ལས་ཀུན་བྱེད་པའི་བཟླས་བརྗོད་དོ། །སེམས་ཅན་ཀུན་གྱིས་བསང་གཏོར་བྱ། །ཞེས་ལས་བུམ་ཁྲོ་བོ་སོགས་བསྐྱེད་ནས་གཏོར་མ་དང་། མཆོད་རྫས་སོགས་ལ་བསང་སྦྱངས་ཀྱི་ལས་སྒྲུབ་བྱེད་ཡིན་པས། ལས་བུམ་དཀྱིལ་འཁོར་གྱི་སྒོར་འཇོག་དགོས། གྲངས་ནི་རབ་ལྷ་གྲངས། འབྲིང་དགུ་འམ་ལྔ། ཐ་མ་གཙོ་ལས་གཉིས་སུ་བསྡུས་ཡང་རུང་ངོ་། །ཡང་ལོ་པཎ་བཀའི་ཐང་ཡིག་ལས། དབྱེ་བ་དབང་བསྐུར་རྩ་རྒྱུད་ལས། རྟེན་བྱེད་བུམ་པ་མཚོན་བྱེད་བུམ་པ་དང་། །རང་བཞིན་བུམ་པ་རྣམ་རྒྱལ་བུམ་པ་དང་། །ལས་ཀྱི་བུམ་པ་དང་ནི་ལྔ་རུ་བཤད། །ཅེས་གསུངས་སོ། །

༦ བུམ་པའི་མཚོན་དོན། ཀུན་འདུས་རིག་པ་ལས། བཀྲ་ཤིས་ཆེན་པོའི་བུམ་པ་ནི། །བདེ་གཤེགས་བཞུགས་པའི་ཕོ་བྲང་སྟེ། །དཀྱིལ་འཁོར་རྫོགས་པར་གྱུར་བ་ཡི། །དབང་ཆེན་དེ་ལ་སྦྱིན་པར་བྱ། །ཞེས་པ་ལྟར། ཕྱི་ཚད་གཞལ་ཡས་ཁང་སྟེ་ཕོ་བྲང་དང་། ནང་བཅུད་ཀྱི་བདུད་རྩི་ལྷ་དང་ལྷ་མོའི་རང་བཞིན་དུ་བལྟ་བ་དང་། བྱེ་བྲག་གིས་དབྱེ་ན། ལྟོ་ལྡིར་བས་ཆོས་དབྱིངས་རྒྱ་ཆེ་བ། མཆུ་འཕྱང་བས་གཞན་དོན་མཛད་པ། མགྲིན་པ་ཕྲ་བས། བྱང་ཆུབ་ཀྱི་སེམས་དཔོག་དཀའ་བ། དེ་རིང་བས་ཆོས་ཀྱི་དོན་རྟོགས་དཀའ་བ། ཁ་གཡེར་བས་སྙིང་རྗེས་ཀུན་ལ་ཁྱབ་པ། རྩ་བ་མེད་པས་ཉོན་མོངས་མེད་པ། ཡང་ལྟོ་བ་ཟླུམ་པས་ཆོས་སྐུ། མགྲིན་པས་ལོངས་སྐུ། ཁ་འཁྱེར་གྱིས་སྤྲུལ་སྐུ། མགྲིན་སྦུབས་ནས་བཅུད་འགྲོ་འོང་བྱེད་པས། སངས་རྒྱས་ཀྱིས་འགྲོ་དོན་རྒྱུན་མི་ཆད་པ་མཚོན་ལ། དེ་ལས་གཞན། ཁ་རྒྱན་དཔག་བསམ་ཤིང་གིས་རེ་འདོད་ཡིད་བཞིན་དུ་སྐོང་བ། ཀུ་ཤས་སྡིག་སྒྲིབ་དང་མཚན་རྟོག་འདག་པ། རྨ་སྒྲོས་བླ་མེད་དུ་དུག་ལྔ་མི་སྤང་ལམ་དུ་འཁྱེར་བ། མགུལ་ཆིངས་ཀྱིས་སྐུ་ལྔ་མཚོན་པར་བཤད་དོ། །

ཡང་བུམ་པས་གཞལ་ཡས་ཁང་། ཁ་རྒྱན་དང་མགུལ་ཆིངས་ཀྱིས་རྟ་བབས། གཟུངས་ཐག་གིས་བརྩེ་བ་སྙིང་རྗེ་ཆེན་པོ། སྨན་ལྔས་བྱང་ཆུབ་ཀྱི་སེམས། འབྲུ་ལྔས་ལྷ་ཚོགས་ཀྱི་ཡོན་ཏན་མཚོན་པར་སློབ་དཔོན་ཀུ་ཀུ་རཱ་ཛས་གསུངས་པ་དང་།

ཡང་ཁ་ཅིག བུམ་པ་དང་མགུལ་ཆིངས། གཟུངས་ཐག རྡོ་རྗེ་ཁ་རྒྱན། དུང་ཆོས་བཅས་པ་སྤྲུལ་སྐུ་དང་། བུམ་རྫས་དང་དྲི་ཆུས་བུམ་ཆ་གསུམ་དགོས་པའི་ཆ་གཉིས་གང་བ་ལོངས་སྐུ་དང་། སུམ་ཆའི་ཆ་གཅིག་སྟོང་བར་བཞག་པས་ཆོས་སྐུ། དུང་ཆོས་ཀྱི་སྟེང་གི་རྡོ་རྗེ་ལ་ལྷའི་གཟུགས་བརྙན་སྣང་བ་ངོ་བོ་ཉིད་སྐུ་མཚོན་པར་གསུངས་ལ།

སྔགས་འཆང་རྒྱན་མེ་ལས། མདོར་བསྡུ་ན་སྐུ་གསུམ་མཚོན་བྱེད་བུམ་པ་དེ་ལ་སྐུ་ལྔ་མཚོན་བྱེད་མགུལ་ཆིངས། གསུང་ལྔ་མཚོན་བྱེད་གཟུངས་ཐག ཐུགས་ལྔ་མཚོན་བྱེད་རྡོ་རྗེ། ཡོན་ཏན་ལྔ་མཚོན་བྱེད་དཔག་བསམ་གྱི་ཤིང་། འཕྲིན་ལས་ལྔ་མཚོན་བྱེད་རྨ་བྱའི་མདངས་ཀྱིས་བརྒྱན་པ་སྟེ། འབྲས་བུ་ཆོས་ཉེར་ལྔའང་ཤུགས་ལ་ཚང་བའོ་གསུངས་སོ། །

ཡང་། ཐུན་མིན་བླ་མེད་ཀྱི་རྫས་ཀྱི་མཚོན་དོན་ནི། སངས་རྒྱས་ཐོད་པ་ལས། དྲི་ཆུ་ཡེ་ཤེས་རྡོ་རྗེ་སྟེ། །དྲི་ཆེན་རྡོ་རྗེ་བཟང་བོ་ཉིད། །ཁྲག་ནི་མར་མེ་རྡོ་རྗེ་ཡིན། །ཁུ་བ་རྡོ་རྗེ་ཐབས་བྱུང་ཉིད། །ཤ་ནི་ཆོས་ཀྱི་རྡོ་རྗེ་ཡིན། །དེ་ལྔ་རྣལ་འབྱོར་མ་ཡི་མཆོག །ཅེས་དང་། རྡོ་རྗེ་ཕྲེང་བ་ལས། ཁྲག་ནི་རིན་ཆེན་དབང་ཕྱུག་དང་། །བྱང་ཆུབ་སེམས་ནི་འོད་དཔག་མེད། །དེ་བཞིན་དོན་ཡོད་གྲུབ་པ་ཤ ། མི་བསྐྱོད་དེ་བཞིན་རྡོ་རྗེ་ཆུ། །དྲི་ཆེན་རྣམ་སྣང་མཛད་དུ་བཤད། །དེ་དག་བདུད་རྩི་ལྔ་ནི་མཆོག། ཞེས་གསུངས་སོ། །

ཡང་། ཚེ་བུམ་ལྟ་བུར་མཚོན་ན། ཁ་རྒྱན་སྒོ་ཁྱིམ་དང་བཅས་པས་འཆི་མེད་ཚེའི་ལྷ་ཚོགས་སྐུ་མི་འགྱུར་བ་རྡོ་རྗེ་ལྟ་བུ་མཚན་དཔེ་གསལ་རྫོགས་ཀྱི་ངོ་བོར་ཡེ་ནས་དག་པ་དང་། མགྲིན་པ་རྒྱན་འཆང་དང་བཅས་པས་གསུང་འགག་མེད་ཀྱིས་ཆོས་འཁོར་བསྐོར་བ། ལྟོ་བས་ཐུགས་གཡོ་མེད་ཀྱིས་སྟོབས་བཅུ་དང་མི་འཇིགས་པ་བཞི། མ་འདྲེས་པའི་ཆོས་བཅོ་བརྒྱད་སོགས་ཡེ་ནས་རྫོགས་པ། ཞབས་པད་ཀྱིས་འཁོར་མཐའ་ལས་འདས་ཤིང་པདྨ་ཅན་ནམ་བདེ་བ་ཅན་གྱི་ཞིང་ཁམས་མཚོན་པ་ཡིན་ལ།

དེ་ལྟར་བུམ་ཆུ་ལ་ལོངས་སྤྱད་པས། གནས་སྐབས་སེང་གེ གླང་ཆེན། མེ་དཔུང་འབར་བ། དུག་སྦྲུལ། ཆོམ་རྐུན། ལྕགས་སྒྲོག རྒྱ་མཚོའི་རྦ་རླབས། ཤ་ཟ་ཁྲོས་པ་སོགས་འཇིགས་ཆེན་བརྒྱད་དམ། སྔ་འགྱུར་གྱི་གཞུང་འགའ་ཞིག་ལས། ནད། མུ་གེ མེ། ཆུ་ཆེན། དམག མཚོན་ཆ། རྒྱལ་བོའི་ཆད་པ། དུས་མིན་གྱི་འཆི་བ་སྟེ་འཇིགས་ཆེན་བརྒྱད་ལས་སྒྲོལ་བ་དང་། མཐར་ཐུག་འགྲོ་དོན་རྒྱུན་མི་ཆད་པར་འབྱུང་བའི་ཕན་ཡོན་ཡོད་པར་བཤད་དོ། །

༧ བུམ་པའི་རྒྱན། བུམ་པའི་དགོས་པ་ནི། དཀྱིལ་འཁོར་གྱི་ནང་གི་རྒྱན་དང་སྐུའི་སྒྲུབ་རྟེན་དང་། བྱིན་རླབས་ཀྱི་སྣོད་སོགས་ཀྱི་དགོས་པའོ། །རྒྱན་ནི། རྟ་མཆོག་རོལ་བ་ལས། མགུལ་ཆིངས་གཟུངས་ཐག་ཁ་རྒྱན་སོགས། །ཞེས་པ་ལྟར། མགུལ་ཆིངས་ནི། བསྒྲུབ་བྱའི་ལྷ་རང་རང་གི་མདོག་ལྟར་བུམ་པ་ཕྱི་དོར་དང་། ས་རྡོ་ཤིང་སོགས་ཀྱི་བུམ་པ་ཡིན་ན་དྲི་ཞིམ་བྱུགས་ནས། ཛྙ་ཙ་ལི་ཀ་དང་། དཱུ་གུ་ལ་དང་། ཀ་ཤི་དར་སོགས་ཀྱི་ཁ་དོག་སྣ་ལྔའི་དར་རས་འཇམ་གཙང་གསོལ་བའམ། ཡང་ན། ལྷ་རང་རང་གི་མདོག་མཐུན་གྱིས་བརྒྱན་པ་དང་། རང་མདོག་གི་ཚོན་གྱིས་རིགས་ལྔའི་ཕྱག་མཚན་དང་། ས་བོན། ལྷ་སོ་སོའི་ས་བོན་གྱི་ཡི་གེ་པདྨ་སོགས་ཀྱི་རི་མོ་འབྲི་དགོས་པར། རྟ་མཆོག་རོལ་བ། ཀརྨ་ལས་ཀྱི་རྒྱུད། ཕུར་བ་གསང་རྒྱུད་སོགས་ལས་འབྱུང་ངོ་། །

༨ གཟུངས་ཐག འདོམ་གསུམ་ལས་མི་ཐུང་བ་སྲད་པུ་དཀར་བོ་ལ་དར་སྐུད་སྔོ་སེར་དཀར་དམར་ལྗང་ལྔ་བསྒྲིལ་བའི་སྣེ་ལ་རྡོ་རྗེ་རྩེ་ལྔ་སོར་བཞི་བཏགས་པར་མེ་ཏོག་གི་ཕྲེང་བས་བརྒྱན་པར་རྒྱུད་མང་བོ་ལས་གསུངས་སོ། །གཞན་བུམ་སྟེང་དུ་དུང་ཆུང་ངུའི་ཆུས་བཀང་བའི་དུང་ཆོས་དང་གཟུངས་ཐག་རྡོ་རྗེ་བཅས་འཇོག རྡོ་རྗེ་དེ་ཡང་རྣམ་སྣང་ལ་རྡོ་རྗེ་མགོར་འཁོར་ལོ་དང་། གཞན་རིགས་བཞི་སོ་སོར་རྡོ་རྗེ་དང་། རིན་ཆེན། པདྨ། རྒྱ་གྲམ་བཅས་མཚན་པའོ། །དེ་ཡང་། གཟུངས་ཐག་སློབ་དཔོན་གྱིས་ཐུགས་ཀར་འཛིན་པ་ནི། མདུན་བསྐྱེད་ཀྱི་ལྷ་དང་གཞི་རྒྱུད་གཅིག་པ་དང་། སྔགས་ཕྲེང་ལས་འོད་ཟེར་སྤྲོ་བསྡུ་བྱ་བའི་ལམ་གྱི་རྒྱུ་དང་། སྣེ་གཅིག་པོ་རྡོ་རྗེ་ལ་བཏགས་ནས་བུམ་ཁར་བཞག་པའང་འབྲས་བུ་སྐུ་གསུམ་དབྱེར་མེད་རྡོ་རྗེ་སྐུ་གསུམ་འགྲུབ་པའི་དགོས་པ་ཡོད་དོ། །

༩ བུམ་པའི་ཁ་རྒྱན། དཔག་བསམ་ཤིང་སོགས་འབྲས་བུ་ཅན་གྱི་ཤིང་། འོ་མ་ཅན་གྱི་ཤིང་། ལྡུམ་བུའི་ལོ་མ་དང་། ཀུ་ཤ མེ་ཏོག རྨ་བྱའི་སྒྲོ། ཨ་སྨྲའི་ལྕུག་མ། ཤིང་ལོ་གསར་བ་སོགས་གཟུགས་དགོས་པ་རྒྱུད་མང་བོའི་དགོངས་པའོ། །གཞན་བཀྲ་ཤིས་པའི་སིལ་ཏོག་བླུགས་ནས། ཀུ་ཤའི་གདན་དང་། མནྜལ་གྱི་སྟེང་ལ་འཇོག་དགོས། གསང་བ་སྤྱི་རྒྱུད་ལས། ཤིང་བཀྲ་ཤིས་ཁར་བླུགས་ནས། ཞེས་དང་། རྡོ་རྗེ་མཁའ་འགྲོ་ལས། ཀུ་ཤའི་ཆུན་པོ་འོག་ཏུ་གདིང་། །ཞེས་དང་། ཕྱག་རྡོར་གཏུམ་པོ་གསང་རྒྱུད་ཕྱི་མ་ལས། མནྜལ་གཙང་མའི་སྟེང་དུ་བཞག། ཅེས་སོ། །དེ་ཡང་ཁ་རྒྱན་དཔག་བསམ་ཤིང་ལས་བྱས་པ་ནི། རེ་འདོད་ཡིད་བཞིན་དུ་འགྲུབ་པའི་ཆེད་དུའོ། །རྒྱུད་སྡེ་འོག་མ་རྣམས་ལས་རྩྭ་ཀུ་ཤས་བརྒྱན་པ་ནི། ཀུ་ཤ་དག་བྱེད་ཀྱི་རྫས་ལགས་པས་སྡིག་སྒྲིབ་འདག་པའི་བརྡའོ། །ཐིག་ལེ་ལྔ་ཅན་གྱི་རྨ་སྒྲོས་བརྒྱན་པས། རྨ་བྱས་དུག་ཟོས་ཀྱང་བཀྲག་མདངས་འཚེར་བ་ལྟར། དུག་ལྔ་ལམ་འཁྱེར་བྱེད་པའི་བརྡའོ། །

༡༠ བུམ་རྫས་ལ། རྒྱུད་སྡེ་འོག་མ་གསུམ་ལ་གྲགས་པའི་བུམ་རྫས་ལ། མི་གཡོ་བའི་རྟོག་པ་ལས། རིན་ཆེན་སྣ་ལྔ་འབྲུ་སྣ་ལྔ། །སྨན་ཆེན་པོ་ནི་ཡང་དག་ལྡན། །དྲི་ཆུ་ཡིས་ནི་རབ་ཏུ་བཀང་། །ཞེས་རྡོ་རྗེ་རྙིང་རྒྱན་དང་། བྱ་རྒྱུད་ཆོ་ག་གསང་རྒྱུད་སོགས་ལས། དྲི་དང་འབྲུ། སྨན་དང་རིན་ཆེན་ཞེས་ལྔ་ལྔ་སྟེ་ཉི་ཤུ་གསུངས་མེད། ཕུར་བ་གསང་རྒྱུད་ལས ལྔ་ཚན་ཉི་ཤུ་རྩ་ལྔ་ཉིད། །སྔགས་དང་ཏིང་འཛིན་གསལ་རྫོགས་ནས། །ཞེས་དང་། སྨན་བླའི་སྟོང་མཆོད་ལས། ལྔ་ཕྲག་ལྔ་ལྡན་སྙིང་བོ་དམ་པ་འབུལ། །ཞེས་པ་ལྟར། གསེར། དངུལ། བྱི་རུ། མུ་ཏིག ཟངས་སྟེ་རིན་པོ་ཆེ་ལྔ། དབང་ལག ཀན་ཊ་ཀཱ་རི། སླེ་ཏྲེས། ཅུ་གང་། ཤུ་དག་དཀར་བོ་སྟེ་སྨན་ལྔ། ག་བུར། གླ་རྩི། ཛཱ་ཏི། ཀུར་གུམ། ཙན་དན་ཏེ་དྲི་ལྔ། ནས། གྲོ། ཏིལ། སྲན་མ། འབྲས་ཏེ་འབྲུ་ལྔ། ལན་ཚྭ། ཏིལ་མར། མར། བུ་རམ། སྦྲང་རྩི་སྟེ་སྙིང་བོ་ལྔ་བཅས་ཉེར་ལྔའོ། །

དེ་ཡང་། བུམ་རྫས་ཉེར་ལྔ་བོ་འདི་དག་ཀྱང་། ལྷ་མོ་བསྟན་མས་རིན་ཆེན་ལྔ། ལྷ་ཆེན་བུ་མོས་སྨན་ལྔ། དྲི་ཟའི་བུ་མོས་དྲི་ལྔ། འཇིག་རྟེན་བུ་མོས་འབྲུ་ལྔ། གནོད་སྦྱིན་བུ་མོས་སྙིང་བོ་ལྔ་སྟེ་ཉེར་ལྔ་ཕུལ་བར་བཤད་ལ། དེ་ལྟར་བུམ་རྫས་ཉེར་ལྔ་བོ་དེས་མ་དག་པའི་སྲིད་པ་ཉེར་ལྔ་སྦྱོངས། སྒྲིབ་པ་ཉེར་ལྔ་འདག ཚད་མེད་ཉེར་ལྔ་རྒྱུད་ལ་སྐྱེས། དག་ཞིང་ཉེར་ལྔ་མཐོང་བར་གསུངས་སོ། །

བུམ་རྫས་ཉེར་ལྔ་བོ་འདི་དག་ལ་རྒྱུད་སོ་སོར་ངོས་འཛིན་ཚུལ་མི་འདྲ་བ་སྣང་མོད། མཐའ་དག་འདིར་མ་བཀོད་དོ། །ཡང་བླ་མེད་ཀྱི་བུམ་རྫས་ལ། རྒྱུད་ལས་ཅུང་ཟད་མི་འདྲ་བ་སྣང་ཡང་། བུམ་རྫས་ཉེར་ལྔའི་སྟེང་ལ། དྲི་ཆེན་དང་དྲི་ཆུ། རཀྟ། བྱང་སེམས་ཤ་འམ་མང་ས་སྟེ་བདུད་རྩི་ལྔ་དང་། བ་ལང་། རྟ། ཁྱི། གླང་བོ་ཆེའི་ཤ་དང་ཤ་ཆེན་ཏེ་ཤ་ལྔ་བསྣན་པའི་སོ་ལྔ་བོ་དེ་ལ་བླ་མེད་བུམ་རྫས་སོ། །རྒྱུད་སྡེ་གོང་འོག་ཐུན་མོང་དུ་ཆུ་གཙང་དང་དྲི་བཟང་གཉིས་བསྣན་པས། བླ་མེད་ལ་སོ་བདུན་དང་། འོག་མ་རྣམས་ལ་ཉེར་བདུན་དུ་འགྱུར་རོ། །བུམ་ཆུ་ལའང་། འཁྱིལ་ཆུ་དང་རྫིང་ཆུ་སོགས་ཆུ་ཤི་བདུན་སྤངས་ཏེ། རབ་ཡན་ལག་བརྒྱད་ལྡན་གྱི་ཆུ། འབྲིང་འབབ་ཆུ། ཐ་མ་འོ་མ་དགོས་པར་རྒྱུད་ལས་གསུངས་སོ། །བུམ་ཆུའི་ཚད་ནི་རྗེ་ཡབ་སྲས་ཀྱི་གསུང་ལས་མི་འབྱུང་ཡང་། འགྲོ་མགོན་འཕགས་པས་བུམ་པ་ཆ་གསུམ་དུ་ཕྱེ་བའི་ཆ་གཉིས་ཆུས་དགང་བ་དང་། ཆ་གཅིག་སྟོང་བར་འཇོག་ཅིང་། ཆ་གཉིས་བཀང་བས་གཟུགས་སྐུ་གཉིས་དང་། སྟོང་བའི་ཆ་གཅིག་གིས་ཆོས་སྐུ་མཚོན་པ་ཡིན་པར་གསུངས་སོ། །

༡༡ བུམ་རྫས་ཀྱི་ཕན་ནུས། ཕྱག་རྡོར་གསང་བ་མངོན་བསྟན་ལས། བྱཱ་གྷྲི(སླེ་ཏྲེས)སེང་གྷྲི(ཀན་ཏ་ཀཱ་རི)དབྱུག་པ་དང་། །ཨུཏྤལ་གཞན་གྱིས་མི་ཐུབ་པ། །ཧ་ས(རྒྱ་མཚོའི་ཝུ་བ)དེ་བས་ནད་རྣམས་སྦྱོངས། །དངུལ་དང་མུ་ཏིག་མུ་མིན་དང་། །བྱུ་རུ་གསེར་གྱིས་ཡེ་ཤེས་འཕེལ། །ནས་གྲོ་ཏིལ་དང་སྲན་མ་དང་། །མུ་ད་ག་ཡིས་ལམ་ལྔ་དག། ག་བུར་ཀུར་གུམ་ཛཱ་ཏི་དང་། །ཙན་དན་ཨ་ཀ་རུ་ཡི་ནི། །གཞན་དོན་འཕྲིན་ལས་ལྔ་འགྲུབ་བོ། །ཆུ་དང་སྙིང་བོ་ལྔ་ཡིས་ནི། །རྣལ་འབྱོར་ཕུན་སུམ་ཚོགས་གྱུར་བས། །ཞེས་དང་། གཞན་ཡང་། སློབ་དཔོན་སངས་རྒྱས་གསང་བའི་དཔུང་བཟང་འགྲེལ་བ་ལས་ཀྱང་མང་དུ་གསུངས་སོ། །

༡༢ བུམ་པ་སྒྲུབ་ཚུལ། དཀྱིལ་འཁོར་གྱི་ཁར། རབ་བསྒྲུབ་བྱའི་ལྷ་གྲངས་ཀྱི་བུམ་པ་དང་། འབྲིང་བུམ་པ་བཞི་འམ་ལྔ། བརྒྱད་དང་བཅུ་སོགས་ཅི་འབྱོར། མ་མཐའ་ཡང་རྣམ་རྒྱལ་བུམ་པ་དང་། ལས་བུམ། གཙོ་བོའི་ལྷར་མཐུན་གྱི་བུམ་པ་ངེས་པར་དགོས་པ་རྒྱུད་དག་ལས་གསུངས་སོ། །སྒྲུབ་ཚུལ་དངོས་ནི། སློབ་དཔོན་དཱ་རི་ཀ་བས། བསངས་སྦྱངས་བགེགས་བསྐྲད་སྔོན་འགྲོ་བས། །བུམ་པ་དྲི་ཡི་ཆུས་བཀང་སྟེ། །ཞེས་དང་། རྟ་མཆོག་རོལ་བ་ལས། དམ་ཚིག་ལྷ་རྣམས་གསལ་བྱས་ནས། །ཡེ་ཤེས་སྐུ་དང་གཉིས་མེད་པར། །མཆོད་བསྟོད་སྔགས་ཀྱི་བཟླས་པ་བྱ། །སྔགས་བཅས་ཆུ་དང་གཉིས་མེད་གནས། །དཀྱིལ་འཁོར་གྲུབ་པའི་དུས་དག་ཏུ། །རང་རང་གནས་ཀྱི་ཕྱོགས་སུ་དགྲམ། །ཞེས་པ་ལྟར་རོ། །

མགུ་ཙེ།

མགུ་ཙེ་ནི། ཟངས་ལ་དངུལ་གྱི་ཕྲ་ཤན་བཏབ་པ་སོགས་ཡིན། ཚད་ནི་ཆེ་ཚད་ཁྱོར་བཅུ་དང་། ཆུང་ཚད་སོར་བདུན་ཤོང་བ། ཆུང་ཚད་ཁྱོར་བདུན་ཤོང་ལ། གཏོར་གཞུང་ཁྱོར་ཉི་ཤུ་ཤོང་བའི་མཉྫུའི་ཁར་འཐེབ་ཙེ་བཀོད་དེ། ཆོ་ག་ལ་བརྟེན་ནས་ཛམ་ལྷར་ཆུ་གཏོར་དང་། ལན་ཆགས་ཤ་འཁོན་སྦྱངས་པའི་དགེ་སྒྲུབ་ལ་ལོངས་སྤྱོད་པའི་ཡོ་བྱད་ཅིག་ཡིན།

མཚོན་དོན་ནི། ལྟོ་བ་ཟླུམ་ཞིང་རྒྱ་ཆེ་བས། སེམས་ཅན་གྱི་ཁམས་ཟད་མི་ཤེས་པ་དང་འདོད་རྒུ་ཡིད་བཞིན་དུ་སྐོང་བ་དང་། མཆུ་མཚམས་ནས་དྲས་ཁ་ཅུང་ཟད་བསྐུམས་པས། འགྲོ་བ་རྣམས་ཞི་སྒོ་གཉིས་སུ་མེད་པའི་དོན་ལ་སྦྱོར་བ། མཆུའི་མགྲིན་པ་ཡར་བགྲེང་བས་ཐར་ལམ་དུ་འདྲེན་པ། སྦུ་གུས་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས། ཁ་གཅོད་ལེབ་མོས་གཟུང་འཛིན་གྱི་འཕྲུལ་སྣང་ཁེགས་པ། གཞོང་པ་ཡངས་ཞིང་ནས་འབྲུ་ཞིབ་པ་ལྟ་བུས་ཕྲ་བཀོད་པས། ལུས་ཅན་རྣམས་མགྲོན་དུ་གཉེར་ཞིང་ལོངས་སྤྱོད་འཛད་མེད་དུ་སྟེར་བ། ཞབས་རྭ་མེད་པས་སྙིང་རྗེས་གཞན་དབང་དུ་གྱུར་བ། མཉྫུའི་འོག་ཏུ་ཚིགས་རྭ་བརྒྱད་དང་ལྡན་པས། ཚད་མེད་བཞིས་འགྲོ་དོན་མཛད་ཅིང་མཐར་ཐུག་སྐུ་བཞིའི་གོ་འཕང་ལ་འགོད་པར་གསུངས་སོ། །

པོག་ཕོར།

པོག་ཕོར་གྱི་སྣོད་ནི། གསེར་དངུལ་ཟངས་ལྕགས་དང་། དུང་དང་ཙན་དན་རྫ་ཕོར་སོགས་ལས་བྱས་ལ། ལྟོ་ལྡིར་ལ་རྐང་བ་གསུམ་ཅན། པ་ཏྲས་བརྒྱན་ཅིང་། ལུང་ཐག་གསུམ་ལྡན་ཞིག་གོ ། བདུག་སྤོས་ཀྱི་རྫས་ནི། ལེགས་གྲུབ་ལས། ག་བུར་དུ་ཏུས་ཨ་ཀ་རུ། །གསུམ་ནི་དྲི་ཞིམ་མཆོག་ཅེས་བྱ། །དྲི་ཞིམ་ལྔ་ནི་དེ་རྣམས་ལ། །ཙན་དན་དང་ནི་བུ་རམ་མོ། །ར་ས་དང་ནི་ཞོས་བསྣན་ན། །དྲི་ཞིམ་རྣམ་པ་བདུན་ཞེས་བྱ། །བདུག་སྤོས་དམ་པ་དེ་གསུམ་ནི། །ལས་རྣམས་ཀུན་ལ་གཙོ་བོར་གསུངས། །ཞེས་དང་། གཞན་ཡང་མདོ་རྒྱུད་དག་ནས་གསུངས་པ་ལྟར། སྤོས་སྦྱོར་དག་མཁས་གྲུབ་དམ་པའི་ཚད་ལྡན་ཕྱག་ལེན་ལྟར་བྱའོ། །

ཡང་ལེགས་གྲུབ་ལས། རིལ་བུ་གོང་བུ་ཕྱི་མ་དང་། །རེང་བུ་དང་ནི་རྣམ་པ་བཞི། །སྡིག་སྤོས་རིགས་སུ་ཤེས་བྱས་ནས། །ལས་རྣམས་སོ་སོར་སྦྱར་བར་བྱ། །ཞེས་པ་ལྟར་ལས་སོ་སོར་སྦྱོར་ཚུལ་ཡང་། དེ་ཉིད་ལས། ཞི་བ་ལ་ནི་རིལ་བུ་མཆོག། རྒྱས་པ་ལ་ནི་གོང་བུ་མཆོག། དྲག་ཤུལ་སྤྱོད་ལ་ཕྱི་མ་ཤིས། །ཐམས་ཅད་ལ་ནི་རེང་བུ་ཤིས། །ཞེས་དང་། གཞན་ཡང་། གནོད་སྦྱིན་དང་ཕོ་ཉ་མོ་སོགས་བདུག་ཡུལ་གྱི་ཁྱད་པར་ལ་བརྟེན་ཏེ་སྤོས་སྦྱོར་མཐའ་ཡས་པ་ཞིག་ཡོད་དོ། །ད་ལྟ་སེར་སྦྲེང་སོགས་སུ་འང་པོག་ཕོར་གྱི་ནང་དུ་བདུག་སྤོས་བཏུད་ནས་ཕེབས་པའི་ཕྱག་སྲོལ་ཡོད་པ་དང་། ཡང་བགེགས་བསྐྲད་སོགས་ལ་གུ་གུལ་བདུག་པ་འང་རྒྱུད་ཀྱི་དགོངས་པའོ། །བདུག་སྤོས་ཀྱི་སྦྱར་རྫས་སུ་མི་རུང་བའང་། ལེགས་གྲུབ་ལས། བློ་ལྡན་རྣམས་ཀྱི་ངན་པ་དང་། །སེན་མོ་རྒྱ་སྐྱེགས་ཐམས་ཅད་དང་། །དགུ་བ་དང་ནི་ཆང་སོགས་ཀྱིས། །བདུག་སྤོས་སྦྱར་བར་མི་བྱའོ། །ཞེས་སོ། །

སོ་ཤིང་།

སོ་ཤིང་གི་རྒྱུ་ནི། ཨུ་དམ་ཝ་ར། ཤུག་པ། འོ་མ་ཅན་དང་། མེ་ཏོག་དང་། འབྲས་བུ་ཅན་གྱི་ཤིང་དྲང་ཞིང་འཛེར་བུ་མེད་པ། རྨ་མེད་པ་དག་གོ། སྔགས་རིམ་ལས། སོ་ཤིང་ནི། ཨ་ཤྭད་ཐ་ལ་སོགས་འདིར་མི་རྙེད་པས་ཀླུ་བྱང་གིས་གསུངས་ལྟར། འོ་མ་ཅན་གྱི་ཤིང་ཧ་ཅང་སྦོམ་པ་དང་ཕྲ་བ་མིན་པ་དྲང་ཞིང་སྲོག་ཆགས་མེད་པ། མ་གས་པ་རྨ་མེད་པ། མགོ་མཇུག་མཉམ་པ། དྲི་བཟང་གི་ཆུས་བཀྲུས་པ་བདུག་པས་བདུགས་པ་སོར་བཅུ་གཉིས་པ་རྩེ་མོར་མེ་ཏོག་བཅིངས་པ་བྱའོ། །གསུངས་སོ། །

ཚད་ནི་སོར་བརྒྱད་དམ། བཅུ་གཉིས། དྲི་བཟང་བྱུགས་ཤིང་། རྩེ་མོ་དར་དང་མེ་ཏོག་གི་ཕྲེང་བ་འདོགས་པར། རྟ་མཆོག་རོལ་བ་དང་། རྡོར་ཕྲེང་མངོན་བྱང་། སྒྲོལ་མ་རལ་བ་གྱེན་བརྫེས་ཀྱི་རྒྱུད་སོགས་ལས་གསུངས་སོ། །

སོ་ཤིང་དོར་བའི་གནས་ནི། སྔགས་རིམ་ལས། ཁྲུ་བཞི་བ་གྲུ་བཞི་བའི་དཀྱིལ་འཁོར་བའི་ལྕི་བ་ལ་སོགས་པས་བྱུགས་པར་ཕྲེང་བ་ལས་གསུངས་ཤིང་། བའི་ཀོ་བ་ཙམ་དུ་ཞེས་གསུངས་པ་ནི་སྲབ་མཐུག་གི་ཚད་དུ་བི་རྱ་བའི་བཤད་དོ། །

དེ་ཡང་འདོར་ཚུལ་ནི། མགོ་ཞབས་རིང་ཐུང་སྙོམས་པ། ལྷ་གང་ཡིན་གྱི་སྙིང་བོའི་སྔགས་ཀྱིས་བཏབ་ནས། སློབ་མར་བཀྲམས་ཏེ་དཀྱིལ་འཁོར་དུ་འདོར་བའམ། སྔགས་རིམ་ལས། སོ་ཤིང་ལ་སློབ་དཔོན་གྱིས་བཟླ་བའི་སྔགས་ཕྲེང་བར་མ་བྱུང་ཡང་དོན་ཡོད་ཞབས་ཀྱིས་བགེགས་མཐར་བྱེད་ཀྱི་སྔགས་བཟླ་བར་གསུངས་པ་ལྟར་རམ། མི་ཐུབ་པས། ཨོཾ་ཨཱཿཛི་ཧ་སཾ་བ་རྟི་ནི་ཧཱུཾ་ཕཊ། ཅེས་ལན་བདུན་བཟླས་ཏེ། དེ་ནས་སློབ་དཔོན་བྱང་དུ་ཕྱོགས་ཏེ་སློབ་མ་ལ་སྦྱིན་ནས་སློབ་མ་ཤར་རམ་བྱང་དུ་ཕྱོགས་པས། ཨོཾ་བཛྲ་ཧཱ་ས་རྔྷི། ཞེས་བརྗོད་ནས་རྩེ་མོ་ནས་འཆོས་ཏེ་མིག་སྟེང་དུ་བལྟ་ཞིང་བལྟོས་པ་མེད་པར་མདུན་དུ་འདོར་རོ། །སྤྱི་རྒྱུད་ལས་སློབ་མ་ཁ་བྱང་དུ་ཕྱོགས་པ་ལ་སྦྱིན་ཞིང་སློབ་མས་ཤར་དུ་བལྟས་ཏེ་འདོར་བར་བཤད་དོ། །

དོར་བའི་ལྟས་ལ་ཤར་བྱང་ནུབ་ལྷོ་སྟེང་འོག་ཏུ་ཕྱོགས་པར་ལྟུང་ན་རིམ་པ་བཞིན་དུ་ཞི་རྒྱས་དབང་དྲག་རིག་འཛིན་ས་འོག་གི་དངོས་གྲུབ་འགྲུབ་ཅིང་། ཕྱི་རོལ་དུ་ལྷུང་ན་དངོས་གྲུབ་མེད་དོ། །

བྲིས་སྐུ།

གསང་སྔགས་ཀྱི་དངོས་གྲུབ་ལ་འཇུག་ཅིང་མྱུར་ཕྱིར། སྔགས་པ་ལས་དང་བོ་བས་བསྐྱེད་རིམ་གྱི་རྟོགས་པ་འཆར་བའི་རྟེན་དུ། གང་སྒྲུབ་པའི་ཡི་དམ་དེའི་སྐུ་བརྙན་བྲིས་འཆང་དགོས་པ་ཡིན།

ཇི་ལྟར་འབྲི་བའི་ཚུལ་ནི། ཡི་དམ་ཀྱི་ཆོ་ག་སྔོན་དུ་བཏང་སྟེ། དུར་ཁྲོད་དམ་དབེན་གནས་སུ་གད་བདར་བྱས་ཏེ། བླ་བྲེ་སྔོན་པོས་གུར་འོག་ནས་རུས་པའི་བརྒྱངས་ཤིང་ལ། རས་སོགས་ཀྱི་ཐང་ག དྲི་ཞིམ་བྱུགས་པའི་ཐོད་སྣོད་དུ། ཚོན་རྩི་ལྔ་འམ་རོ་བསྲེགས་ཀྱི་སོལ་བས་བཟོས་པའི་སྣག་ཚས། རོ་སྐྲ་པིར་དུ་བྱས་ནས་འབྲི་དགོས་པར། ཀྱེ་རྡོར་དང། སམྦུ་ཊ། གཤེད་དམར་སོགས་ལས་གསུངས་སོ། །

བཞེངས་ཚུལ་ནི། བྲིས་སྐུའི་རྣམ་པ་ཡང་བདེ་མཆོག་སྡོམ་འབྱུང་ལས། ཞི་ལ་ཞི་བའི་ཚུལ་གྱིས་སྐུ། །དྲག་ལ་དྲག་ཅིང་འཇིགས་བྱེད་པ། །དཔའ་ལ་དཔའ་ཞིང་ང་རྒྱལ་སྐུ། །སྒེག་པ་ལ་ནི་བཞད་པའི་ཞལ། །མཚན་ཉིད་འདི་ལྟར་མཚོན་ནུས་ནི། །སྔགས་པ་རྣམས་ཀྱིས་བྲིས་སྐུ་བྲི། །སྔགས་པ་ལས་ནི་དང་བོ་བས། །གཟུགས་བརྙན་ལ་སོགས་བྱ་བ་སྟེ། །བྲིས་སྐུ་སྒྲུབ་ན་མྱུར་བར་ནི། །དངོས་གྲུབ་རྒྱ་ཆེན་འཐོབ་པར་འགྱུར། །ཞེས་སོ། །

ལྒིགས་བམ།

འདིར་བསྟན་ལྒིགས་བམ་ནི་ཁྲོམ་བསྒྲགས་མི་རུང་བའི་གསང་བ་སྔགས་ཀྱི་ལྒིགས་བམ་སྟེ། དེ་འབྲི་བའི་ཚུལ་ནི། དུར་ཁྲོད་དམ་དབེན་གནས་སུ་གྲོ་ཤུན་དང་། ཏ་ལའི་ལོ་མ་གང་རུང་། སྲིད་དུ་སོར་བཅུ་གཉིས་དང་། །ཞེང་དུ་སོར་བཞིར་རྒྱུད་ཁུངས་མ་ལས་གསུངས་ལ། དགེ་ཆོས་ཀྱི་གསེར་ཐང་ལས་ཀྱང་། རྒྱ་དཔེ་ཕལ་ཆེར་ཏ་ལའི་ལོ་མར་བྲིས་པས། ཏ་ལའི་ལོ་མ་དེ་ཞེང་སོར་གསུམ་བཞི་ལས་ལྷག་པ་མི་ཡོང་བས། སྣེ་གང་རིང་བྱེད་ནུས་པ་ཙམ་ལས། ཞེང་ཆེན་པོ་གང་ལ་འོང་། ཞེས་པ་དང་མཐུན་ལ། དེ་ཡང་འབྲི་བྱེད་ནི། རོ་སོལ་ལ་སྣག་ཚ་བསྲེས་ཏེ། མི་རུས་དང་ལྕགས་སྨྱུག་གིས་འབྲི་དགོས་པར། ཀྱེ་རྡོར། རྡོ་རྗེ་མེ་ལྕེ་སོགས་ལས་གསུངས་སོ། །འབྲི་དུས་ཀྱང་ཕུར་བ་བཅུ་གཉིས་ཀྱི་རྒྱུད་ལས། བརྒྱད་དམ་བཅོ་བརྒྱད་ཉི་ཤུ་བརྒྱད། །ཉིན་མཚན་གུང་ལ་བྲིས་བྱས་ཏེ། །ཞེས་སོ། །ལྒིགས་ཤིང་དང་ལྒིགས་ཐག་ཡང་། རྡོ་རྗེ་མེ་ལྕེ་རྒྱུད་ལས། ལྒིགས་ཤིང་རུས་པ་འམ་གླང་ཆེན་གྱི། །བ་སོ་དག་ལ་ངེས་པར་བྱ། །ཐག་པ་བྲམ་ཟེ་མོ་ཡི་ནི། །སྐྲ་ཡིས་ཡོངས་སུ་བསྡམས་པར་བྱ། །ཡང་ན་ཡིད་ཆེས་པགས་པ་ལ། །མཉེན་པར་བྱ་བས་ཡོངས་སུ་བསྡམས། །ཞེས་སོ། །ཡང་ལྒིགས་བམ་འཆང་ཚུལ་ནི། དཔེ་ཀློག་གི་ཚེ་མ་གཏོགས། སྤྱི་བོའི་ཐོར་ཅོག་གི་གསེབ་དང་། ཡང་མཆན་ཁུང་དུ་སྦ་དགོས་པར་གསུངས་སོ། །སྤྱིར་ན། དགེ་འདུན་སྤྲུལ་བའི་ལྒིགས་བམ་ནི། སྣོད་མིན་གྱིས་མིག་ལ་ཤོག་སྟོང་ཡིན་པར་གསུངས་པ་སོགས་ཀྱི་ནུས་པ་ཡོད་ན་མ་གཏོགས། སྔགས་ཆས་འདི་དག་ཁྲོམ་གཟིགས་བྱེད་པ་གཏན་མི་རུང་ལ། དེང་སང་། རང་ཉིད་བླ་མ་ཆེ་ཁག་ཏུ་ཞལ་འཆེས་པ་འགའ་ཞིག་གིས་སྔགས་ཆས་དང་ཁྱད་པར་དུ། གསང་སྔགས་ཟབ་མོ་ཆོས་ཀྱི་ཁེ་ཚོང་ལ་བཀོལ་བ་ནི། རང་ཉིད་རང་གིས་དམྱལ་བའི་གཏིང་རྡོ་འཕེན་པ་ཡིན་ཏེ། གུང་ཐང་གིས། གསང་སྔགས་དེ་ཡང་འཕྲལ་གྱི་རྐྱེན་སེལ་ལམ། །ཚེ་དང་ནོར་སྒྲུབ་དབང་ཐང་མངོན་སྤྱོད་སོགས། །ཚེ་འདིའི་ལག་ཆ་ཁོ་ན་བྱེད་པ་ནི། །ས་མཆོག་ཙན་དན་སོལ་བར་བྱས་འདྲ་བས། །ཆོས་ཀྱིས་ངན་སོང་སྒྲུབ་པར་མ་བྱེད་ཨང་། །གསུངས་པ་དང་། ཞིབ་ཏུ་སྔགས་གཞུང་དག་ལས་ཤེས་པར་བྱོས་ལ། འདིར་མགོ་འབུས་ཙམ་བརྗོད་ན། དུར་ཁྲོད་ནག་པོའི་རྒྱུད་ལས། གྲི་གུག་དང་ནི་ཐོད་པ་དང་། །ཕུར་བུ་དང་ནི་ཐང་ག་དང་། །སུ་ལ་བསྟན་པར་མི་བྱ་སྟེ། །ཞེས་དང་། རྡོ་རྗེ་ཕྲེང་རྒྱུད་ལས། སྣོད་དང་ཅང་ཏེའུ་གྲི་གུག་དང་། །ལྒིགས་བམ་དང་ནི་བགྲང་ཕྲེང་དང་། །དམ་ཚིག་མེད་པ་གཞན་དག་ལ། །གང་དུ་འང་བསྟན་པར་མི་བྱའོ། །ཞེས་དང། རྣལ་འབྱོར་དམ་པ་རྡོ་རྗེ་ཅན། །བགྲང་ཕྲེང་དང་ནི་དབུ་རྒྱན་དང་། །རུས་པའི་རང་བཞིན་ཕྱག་རྒྱ་དང་། །ལྒིགས་བམ་བསམ་གཏན་རས་རིས་དང་། །ཐོད་པ་ལ་སོགས་རྣལ་འབྱོར་མ། །ཐམས་ཅད་དུ་ནི་དངོས་གྲུབ་ཕྱིར། །བླ་མ་ལ་ཡང་སྦ་བར་བྱ། །སྔགས་ནི་ཚིག་ཏུ་བརྗོད་མི་བྱ། །མཆུ་འགུལ་བར་ཡང་མི་མངོན་ཞིང་། །ཅུང་ཟད་མགྲིན་པར་བརྗོད་བྱ་ཡིས། །སྔགས་ཀྱི་རྒྱལ་བོ་དེ་ལྟར་བཟླས། །གསང་ལས་དངོས་གྲུབ་མཚུངས་པ་མེད། །དེ་ཕྱིར་དེ་ནི་སྡོམ་པར་བྱ། །སྣོད་མིན་ནོར་ནི་ཆེན་པོ་དང་། །ལྡན་ཡང་རྒྱུད་ལས་སྐྱོན་དུ་གསུངས། །བླ་མས་བླ་མེད་དངོས་གྲུབ་ཕྱིར། །འབད་པ་ཡིས་ནི་སྤང་བར་བྱ། །བཟའ་བཏུང་གོས་ལ་སོགས་པ་དང་། །ནོར་ནི་ཆེན་པོ་ལ་ཆགས་ཤིང་། །སྣོད་མིན་སློབ་མར་མན་ངག་མཆོག །སྨད་དུ་བྱུང་བ་གང་སྨྲ་བ། །རྣལ་འབྱོར་ཤེས་པ་ཚེ་འདི་ལ། །དེ་ནི་དམྱལ་བ་ངུ་འབོད་སྐྱེས། །ཞེས་དང་། མདོར་ན། དབང་འཐོབ་ཅིང་དམ་ཚིག་ལ་གནས་པའི་སྔགས་པས། སྤྱི་གསང་བཞི། བར་གསང་བཞི། གསང་བར་འོས་པ། གསང་བར་གཉེར་གཏད་པ་སྟེ། ལམ་ཉམས་ལེན་གྱི་ཚེ་གསང་བ་བཅུ་ཡི་སྒོ་ནས་གསང་བར་བཤད་དེ། གསལ་བཀྲ་ལས། ལྟ་ཟབ་སྤྱོད་པ་བརླིང་བོ་དང་། །ལྷའི་མིང་གཟུངས་དང་གྲུབ་རྟགས་གསང་། །སྤྱི་གསང་བཞི་དང་། བསྒྲུབས་པའི་གནས་དུས་ཡོ་བྱད་གྲོགས། །བར་དུ་གསང་ལ་བསྒྲུབ་པར་པར་བྱ། །བར་གསང་བཞི་དང་། བླ་མ་དང་རྡོ་རྗེ་སྤུན་གྲོགས་ཀྱི་སྐྱོན་ཕྲ་མོ་ཙམ་ཡང་གསང་བར་འོས་པ་དང་། བླ་མའི་དམ་ཆུ་ངག་ཏུ་བླུད། རྡོ་རྗེ་མགོར་བཞག་ནས་གསང་བ་འདི་གཞན་ལ་མ་སྨྲ་ཞེས་བཀའ་བསྒོས་གཉེར་གཏད་གནང་བ་དང་། དབང་ཆོག་རྣམས་ལས་ཀྱང་། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་ཉམས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་སྟེ། །རྡོ་རྗེ་བདུད་རྩིའི་ཆུ་འཐུངས་ཤིག། ཞེས་རྡོ་རྗེ་མནའ་ཆུ་བླུད་ནས་དམ་བཞག་མཛད་པ་དང་། དམ་ཚིག་ལས་འདས་ན། ཉེས་དམིགས་ཀྱང་། ཁྱོད་ཀྱི་དམ་ཚིག་རྡོ་རྗེ་འདི། །གལ་ཏེ་ཁྱོད་ཀྱིས་འགའ་ཞིག་ལ། །འདི་སྨྲས་ན་ནི་མགོ་བོ་འགེམས། །ཞེས་དང་། ཨོཾ། དེ་རིང་རྡོ་རྗེ་སེམས་དཔའ་རང་། །ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཞེས་སོ། །

དེ་བས་སྔགས་ཆས་དེ་དག་ལ་མ་གུས་པ་སྤང་བར་བྱ་དགོས་ཏེ། རྡོ་རྗེ་རྩེ་མོ་ལས། རྟགས་དང་ཕྱག་རྒྱ་རྣམས་ལ་ཡང་། །ནམ་ཡང་བརྙས་པར་མི་བྱའོ། །འཁོར་ལོ་རྡོ་རྗེ་པདྨ་སོགས། །མཚན་མའི་ཕྱག་རྒྱ་གང་ཡིན་པ། །འགོམ་པ་ཉིད་དུ་མི་བྱ་ཞིང་། །བཟའ་བར་ཡང་ནི་མི་བྱའོ། །རྐང་བ་དག་གིས་བརྫི་མི་བྱ། །དེ་ཡི་སྟེང་དུ་འདུག་མི་བྱ། །སླར་ཡང་བཞག་པར་མི་བྱའོ། །ལྷ་ཡི་ཕྱག་མཚན་བཟང་བོ་དང་། །ལྷ་ཡི་བཞོན་པའི་མཚན་མ་རྣམས། །འགོམ་ཞིང་བརྙས་པར་མི་བྱ་སྟེ། །ཞེས་གསུངས་སོ། །

འདིར་སྔགས་ཆས་ལས་འཕྲོས་ཏེ་པོ་ཏིའི་སྐོར་ཅུང་ཟད་བརྗོད་ན། ད་ལྟ་རང་ཅག་གིས་གནའ་དཔེ་ཕྲ་ལ་རིང་བ་འདི་དག་ཀྱང་རྒྱ་གར་གྱི་ཏ་ལའི་ལོ་མའི་བྲིས་རྒྱུན་དར་བ་མང་དུ་བརྡ་སྤྲོད་མི་དགོས་ལ། འོན་ཀྱང་། སྔོན་གྱི་སྲོལ་ལ་བག་ཆགས་མཐུག་པའི་དམ་པ་རེ་གཉིས་ཀྱིས་སྣ་རིང་ལ་ཆོས་ཆེན་ཞེས་བརྩི་མཐོང་ཆེ་ཞིང་། ལྕགས་པར་ལ་མགོ་བཙེམ་ཞེས་བཏང་སྙོམས་སུ་འཇོག་པ་ནི། ཆོས་ཀྱི་གནད་གོ་བ་ཞིག་ཡིན་ཕྱིན། བརྗོད་བྱའི་ནང་དོན་ལ་བལྟ་བ་མ་གཏོགས། དཔེ་དབྱིབས་གྲུ་བཞི་མ་ཟད། ཟུར་གསུམ་ཞིག་ཡིན་ནའང་སྤྱི་ཚོགས་འཕེལ་འགྱུར་གྱི་དབང་གིས་སྟབས་བདེ་ཁྱད་ཀྱིས་བྱུང་བ་མ་གཏོགས། བལྟ་ཚུལ་གཅིག་ཏུ་བཟུང་ན་ལེགས་སོ། །

རྒྱ་གར་དུ་མ་ཟད། བོད་དུའང་ཏ་ལའི་ལོ་མའི་ལྒིགས་བམ་མང་དུ་དར་ཡོད་པ་སྟེ། རྒྱལ་བོ་བཀའི་ཐང་ཡིག་ལས། མ་འོངས་རྒྱལ་བརྒྱུད་ནོར་སྐལ་ཇི་ལྟར་སྦས་ཚུལ་གསུངས་དུས། དཀོར་མཛོད་དབུས་མའི་ཀེའུ་ཚང་ནང་། །ཏཱ་ལའི་ལོ་མའི་བཀའ་པོ་ཏི། །ལྒིགས་བམ་བདུན་ཅུ་རྩ་དྲུག་ནི། །རྒྱ་བོད་ལོ་པཎ་རྒྱ་དཔེ་བཞུགས། །ཞེས་གསུངས་ལ། བག་ཆགས་དང་རྙིང་ཞེན་གྱིས་དབང་གིས། ཏ་ལའི་ལོ་མའི་ཚད་དབྱིབས་ཀྱི་དཔེ་ཆ་རང་ཅག་ལ་དར་སྲོལ་བྱུང་བ། དགེ་ཆོས་ཀྱིས། རྒྱ་གར་ལྷོ་ཕྱོགས་ཀྱི་ཏ་ལའི་འདབ་མར་ལྕགས་ཁབ་ཀྱི་རྩེ་མོས་ཡི་གེ་བྲི་བར་འདུག་སྟེ་ཀློག་བདེ་བ་མི་སྣང་མོད། ཡི་གེ་ནམ་ཡང་ཆུད་མི་ཟ། སིང་ག་ལར་ཡང་སྡེ་སྣོད་ཀྱི་ལྒིགས་བམ་རྣམས་ལྕགས་ཁབ་ཀྱིས་འབྲི་ཡིན་འདུག གཞན་ཡུལ་དབུས་དང་བལ་ཡུལ་ནས་བྱུང་བ་རྣམས་ནི་སྣག་ཚའི་ཡི་གེ་ཤ་སྟག་ཏུ་སྣང་། སྤྱིར་དཔེ་ལྡེབས་མ་རིང་བོ་བྲི་བའི་སྲོལ་འདི་དང་བོ་ཏ་ལའི་ལོ་མར་བྲིས་པ་ལ་བརྟེན་ཏེ། རྒྱ་གར་དང་བོད་ཡུལ་སོགས་སུ་དར་བར་འདུག་ཅིང་། རྒྱ་གར་བ་རྣམས་ཤོག་བུའི་མིང་ལ་ད་དུང་ཡང་ལོ་མ་ཟེར། ཞེས་དང་། མི་ལ་རས་པས། ཕྱུགས་རྫི་ལ་མར་བ་དྲིས་སྐབས་ཀྱང་། སྲས་དར་མ་མདོ་སྡེས། འོ་ངེད་ཀྱི་ཕ་ཇོ་ལ་ཟེར་བ་ཡིན་པ་འདྲ། དེ་ཡིན་ན་རྒྱ་གར་ནས་པོ་ཏི་ཕྲ་ལ་རིང་བ་མང་བོ་འཁྱོས་མ་ལ་བཀལ་ནས་འོང་བ་ཞིག ཅེས་དང་། སྟེང་དུ་ཡི་གེ་ནུས་པའི་ཏ་ལའི་ལོ་མ་དེ། ཏ་ལ་ཁྱད་པར་བ་ཤིན་ཏུ་མཐོ་ལ་སྦོམ་པ་ཞིག་སྣང་། ཏ་ལ་དཀྱུས་མའི་ལོ་མ་ནི་སོར་གང་དོ་ལས་མེད་པས། ཡི་གེ་འབྲི་ས་མེད། དེ་ཡང་ལོ་མའི་ཕྱོགས་གཡས་གཡོན་གཉིས་ནས། ལྡེབས་མ་རེ་རེ་འོང་། དང་བོ་ལོ་མ་དེ་ཆུས་ནང་དུ་བཙོས། དེ་ནས་མཇུག་ཏུ་རྡོ་བཏགས་ཏེ། ཤིང་ཞིག་ལ་བཀལ་ནས་ཀོ་བ་བཞིན་དུ་མཉེད། ལག་པར་འཐུལ་བ་ན་དཔེ་རང་གི་ཚད་དུ་བཅད། ལྡེབས་རེ་རེ་བཞིན། སུམ་ཆའི་མཚམས་ནས་ཁུང་བུ་གཉིས་ཤིག་ཕུག དེ་བཞིན་ལྒིགས་ཤིང་ལ་ཡང་ཕུག་ནས་ནང་དུ་སྐུད་པ་རིང་བོ་ཞིག་དྲངས་ཏེ་མདུན་དུ་མདུད་པ་བོར་ནས། སྐེད་པ་ལ་བཅིངས་ཏེ་འགྲོ། བཀའ་པོད་སྐེ་རགས་སུ་བཅངས་བྱ་བ་དེ་འདྲ་ནས་བྱུང་བ་མིན་ནམ་སྙམ། ཀློག་རན་ཚེ་ཐག་པ་རན་པར་ལྷོད་ནས་ལྡེབས་རྣམས་དལ་བུའི་བསྒྱུར་ཏེ་འདོན། དེའི་ཕྱིར་ལྡེབས་འཁྲུག་དོགས་མེད་པས་རྒྱ་དཔེ་ཕལ་ཆེར་ལ་ཁ་ཡིག་གམ་ལྡེབས་གྲངས་མ་བཀོད་པ་དེ་ཡིན། ལྡེབས་རེ་བཞིན་ཨི་ཁུང་ཕུག་པ་སྟེ། རང་རེའི་བོད་ཀྱི་དཔེ་རྙིང་རྣམས་ལ་ཡང་འདུག་ཅིང་། དུས་ཕྱིས་བར་དུ་མཚལ་གྱི་སྐོར་ཐིག་ཆེན་པོ་གཉིས་ཨི་ཁུང་གི་ཐད་དུ་བྲིས་ནས་སྣང་། དེ་ནས་སྐོར་ཐིག་དེ་སྟོང་བར་སྣང་བའི་ནང་དུ་སྐུ་བརྙན་རེ་བྲི་བའི་སྲོལ་ད་ལྟའི་བར་རེབ་གོང་གི་དོར་རྡོ་རྣམས་ཀྱི་བརྒྱད་སྟོང་པར་མ་སོགས་ལ་འདུག་པ་དེ་ཡིན། དེ་ལས་ཀྱང་ས་སྐྱ་གོང་མ་རྣམས་ཀྱི་ཕྱག་དཔེ་ཕལ་ཆེར་ཤོག་བུ་ལ་བྲིས་པ་ཡང་ཕྲ་ལ་རིང་བ་ཏ་ལའི་ལོ་མའི་དབྱིབས་སུ་བྱས་ནས་སྣང་ཞིང་། དེ་བཞིན་ཞ་ལུ་ལོ་ཆེན། བུ་སྟོན། ངོར་ཆེན་སོགས་ཀྱི་ཕྱག་དཔེ་རྣམས་ཀྱང་འདྲ་བར་གནས་པས། ལྒིགས་བམ་ཁ་མ་ཕྱེས་བར་དུ་ཏ་ལའི་ལྒིགས་བམ་དང་ནོར་འགྲོ་བ་འདུག དཔེ་ཕྲ་ལ་རིང་བ་དེ་འདྲ་བྱེད་པའི་སྲོལ་ད་དུང་ཡང་ཁམས་ན་ཡོད་ཟེར། ཏ་ལའི་ལོ་མ་དེ་རྩ་རྒྱུས་གསལ་བས། ཐིག་ཀྱང་འདེབས་མི་དགོས། དབུ་ཤོག་གི་དང་བོ་ལ་ཨོཾ་ཞིག་བྲིས་པ་མ་གཏོགས། གཞན་ལྡེབས་རེ་རེའི་མགོ་ལ་དང་ཀྱོག་སོགས་བྲིས་པའང་མི་སྣང་བས། ཁ་འཐོར་ཚེ་ལྡེབས་ཀྱི་ཉིན་སྲིབ་གང་ཡིན་ཀྱང་མི་ཤེས། ཤོག་བུ་ལ་བྲིས་པའི་རྒྱ་དཔེ་རྣམས་ནི་ཤོག་བུའི་ཉིན་ལ་གུར་ཀུམ་གྱི་ཁ་བསྒྱུར་ཏེ། སེར་བོ་དང་། སྲིབ་ཕྱོགས་རང་མདོག་བཞག་པ་ཤ་སྟག་ཏུ་སྣང་། གཏེར་ཡིག་རྣམས་ཀྱང་ཤོག་སེར་སྟེང་ན་ཡོད་པ་དེ་འདྲའི་སྲོལ་ཡིན་མཆིས། སྡེ་སྣོད་གསུམ་ངོས་འཛིན་གྱི་འགྱུར་ཕྱག་དགོས་པ་འདི་ཆོས་རྒྱལ་གྱི་བཀའ་བཅད་ཡིན་ཟེར་མོད། རྒྱ་དཔེ་ཐམས་ཅད་ཀྱི་མགོ་ལ་ཡང་སངས་རྒྱས་དང་བྱང་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ་དང་། འཇམ་དཔལ་གཞོན་ནུར་གྱུར་བ་ལ་ཕྱག་འཚལ་ལོ་སོགས་རྒྱ་ཡིག་རང་ལ་བྲིས་སྣང་ཞིང་། གཤེད་དམར་སོགས་ཀྱི་རྒྱུད་དང་། གཞན་ཡང་། བོད་དུ་བསྒྱུར་ཟིན་པ་ཇི་སྙེད་ཅིག་གི་ཕྱི་མའི་རྒྱ་དཔེ་ངོར་སོགས་ན་བཞུགས་པ་ལ་ཡང་། རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །སོགས་བོད་སྐད་ལ་གང་ཡོད་རྒྱ་དཔེ་ལ་ཡང་སྣང་། འོ་ན། རྒྱ་དཔེ་དེ་དག་ལོ་ཙཱ་བ་རང་གི་ཕྱག་བྲིས་ཡིན་ནམ་སྙམ་ན། དེ་ཡང་མིན་ཏེ། བལ་ཡུལ་དང་རྒྱ་གར་ན་ནང་བའི་དཔེ་ཉུང་ཟད་ཙམ་བཞུགས་པ་དེ་ཀུན་གྱི་དབུ་ལ་ཡང་ཕྱག་འཚལ་ལོ་དེ་ཁོ་ན་ལྟར་སྣང་། ད་དུང་ཨུ་ཚུགས་དགོས་ནས་རྒྱ་གར་དང་མཚུངས་པར་ཆོས་རྒྱལ་གྱི་བཀས་བཅད་དོ་སྨྲས་པ་ཙམ་འབད། ཅེས་སོ། །

ཕྱིས་སུ་བོད་ཀྱི་གསུང་རབ་ཀྱི་དཔེ་ཆ་རྣམས་ཕྱོགས་བསྒྲིགས་བྱེད་སྐབས་ཚེག་བར་སོ་གཉིས་དང་སོ་དྲུག་གང་རུང་ལ་ཤོ་ལོ་ཀ་རེ་དང་། ཤོ་ལོ་ཀ་སུམ་བརྒྱ་ལ་བམ་གྲངས་སམ་བམ་པོ་རེ་བྱས་ཏེ། ལྒིགས་ཤིང་གི་བར་དུ་བསྡམས་ནས་འཇོག་པ་ལ་ལྒིགས་བམ་གཅིག་ཏུ་བརྩིས་པ་དང་། རྗེས་སུ་ལྒིགས་བམ་ཆེ་བར་ཤོག་གྲངས་ལྔ་བརྒྱ་ཡས་མས་དང་། འབྲིང་སུམ་བརྒྱ་ནས་བཞི་བརྒྱ་ཙམ། ཆུང་བར་ཉིས་བརྒྱ་ལྷག་ཡོད། ལྒིགས་བམ་རྣམས་ལ་ཁྱད་ཆོས་བདུན་ལྡན་པ་སྟེ། ཡིག་འབྲུའི་མཐའ་སྣེ་མི་འཆོལ་བའི་ཆེད་དུ་མཐའ་ཐིག ཤོག་ངོས་སོ་སོའི་རྒྱབ་མདུན་མི་ནོར་བའི་ཆེད་དུ་ཡིག་མགོ ཤོག་ངོས་སྔ་ཕྱིའི་གོ་རིམ་མི་འཛོལ་བའི་ཆེད་དུ་ཤོག་གྲངས། ལེ་ཚན་ཕན་ཚུན་མི་འཁྲུགས་པའི་ཆེད་དུ་མཚན་བྱང་། ལྒིགས་བམ་ཧྲིལ་བོར་སྲུང་སྐྱོབ་བྱ་བའི་ཆེད་དུ་ལྒིགས་ཤིང་། ལྒིགས་བམ་ཕན་ཚུན་མི་འདྲེས་པའི་ཆེད་དུ་ལྒིགས་བམ། དད་གུས་དང་མཆོད་པའི་ཆེད་དུ་ན་བཟའ་དཔེ་སྒྲིལ། དེ་དག་ཀྱང་བོད་རང་གི་སྒྱུ་རྩལ་གྱི་བཟོ་ཁྱད་ལས་བྱུང་བ་དང། ཡང་། གཞུང་ཆེན་གྱི་ཚིག་དོན་བམ་པོ་སོགས་ཀྱི་གོ་རིམ་མི་འཁྲུགས་པར་བྱེད་པའི་རྟགས་སུ། རྒྱ་རིམ་པ་བདུན་གྱིས་བཏབ་པ་ཞེས་འབྱུང་སྟེ། དེ་ནི། ཚིག་གི་རྒྱ། ཤད་ཀྱི་རྒྱ། ལེའུ་རྒྱ། བམ་པོའི་རྒྱ། བམ་གྲངས་ཀྱི་རྒྱ། སྣེ་ཐིག་གི་རྒྱ། གདོང་ཡིག་གི་རྒྱ་འམ་སྤྱན་འཁྱེར་གྱི་རྒྱ་སྟེ་བདུན་ནོ། །

སྲུང་མདུད།

༡ སྲུང་མདུད་ཀྱི་ཁུངས། ཕྱག་མདུད་དམ་སྲུང་མདུད་ནི་རྡོ་རྗེ་ཐེག་པ་ལ་འཇུག་པའི་ཚེ་སྟ་གོན་གྱི་སྐབས་སུ་དབང་གནང་ཡུལ་སློབ་མའི་ལུས་ཚད་ཀྱི་སུམ་སྒྲིལ་བྱས་ཏེ། མདུད་མཚམས་ལ་དབང་ལྷ་དང་སྔགས་བརྒྱ་རྩ་བཟླས་ནས་ཕུ་བཏབ་སྟེ་དཔུང་བ་གཡོན་པར་བཅིངས་པ་དེ་སྲུང་མདུད་ཀྱི་ཁུངས་ཡིན་ཏེ། རྟ་མཆོག་རོལ་བ་ལས། གཙང་བའི་རས་ལ་ལེགས་བཀལ་བའི། །སྲུང་སྐུད་མདུད་པ་གསུམ་ལྡན་པ། །ཡི་གེ་གསུམ་གྱི་སྔགས་བཟླས་ནས། །དེ་ཡི་དཔུང་བ་གཡོན་པར་བཅིངས། །ཞེས་དང་། རྡོ་རྗེ་ཕྲེང་པ་ལས། སྐུད་པ་ལན་གསུམ་དཀྲིས་པ་ནི། །རྡོ་རྗེ་གསུམ་ནི་མདུད་པར་ལྡན། །དཔུང་བ་གཡོན་པར་བཅིངས་པ་ནི། །ཞེས་སོ། །ཡང་གསེར་འོད་དམ་པའི་མདོ་ལས། བཅོམ་ལྡན་འདས་གཟུངས་སྔགས་འདི་སྒྲུབ་པའི་ཚེ་ཚོན་སྐུད་སྣ་ལྔ་ལ་སྔགས་ལན་རེ་གདབ་ཅིང་མདུད་པ་རེ་རེ་བཅིང་ངོ་། །དེ་འདྲ་བར་ལན་ཉི་ཤུ་རྩ་གཅིག་སྔགས་ཏེ་དཔུང་བ་གཡོན་པ་ལ་བཏགས་ན་འཇིགས་པ་ཐམས་ཅད་བསལ་ཏེ་ལུས་བསྲུང་བར་འགྱུར་རོ། །ཞེས་པ་འདི་ཡང་སྲུང་མདུད་ཀྱི་ཁུངས་སུ་འགྲོ་སྙམ་མོ། །

སྤྱིར་སྲུང་མདུད་ལ་ཡང་། ལས་སྒྲུབ་གྱི་དབང་གིས་རྣམ་གྲངས་མང་བོ་ཡོད་དེ། ཞི་རྒྱས་དབང་དྲག་གི་ལས་སོ་སོར་སྲད་པུ་ཁ་དོག་སྔོ་སེར་དཀར་དམར་དང་། ནག་པོ་ཁྲ་བོ་སོགས་དང་། མདུད་པ་ཡང་གཅིག་ལྡན་གསུམ་ལྡན་བར་མདུད་ཚུལ་མི་འདྲ་བ་མང་ངོ་། །

དེ་ཡང་སྲུང་མདུད་འདི་ལ་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ། བར་དུ་གཅོད་པའི་ཕྱི་ནང་གསང་གསུམ་གྱི་བདུད་ཀྱིས་མི་ཚུགས་པར་སྲུང་བས་ཡིན། རྒྱུད་འགྲེལ་ལས་ཀྱང་། དཔུང་སྐུད་སློབ་མའི་ལུས་ཚད་སུམ་སྒྲིལ་གྱི་མདུད་མཚམས་སུ་བླ་མས་བུམ་ཆུས་རྡོ་རྗེ་རྒྱ་གྲམ་དུ་རེག་ཅིང་། དེར་སྣ་ཚོགས་རྡོ་རྗེ་གདན་ལ་རྒྱལ་བ་བྱམས་པ་མགོན་པོ་བཞུགས་སྟངས་ཅན་གྱི་སྐུ་ལས་འོད་ཟེར་འཕྲོས་ཏེ། སངས་རྒྱས་བྱམས་པ་མ་འབྱོན་བར་དུ་བདུད་ཀྱི་གཡོ་བ་མེད་པར། གསུངས་པ་ལས་ཀྱང་ཤེས་པར་ནུས་སོ། །དེ་ལྟར་དབང་གི་སྐབས་ཀྱི་དཔུང་སྐུད་འདི་ཁུངས་སུ་བཅོས་ནས། མི་རྣམས་ཆག་ཆེ་ཉམ་ང་དང་བར་དུ་གཅོད་པ་བཟློག་ཆེད་ཕྱག་ཡུལ་དུ་གྱུར་བའི་བླ་མ་དང་རྣལ་འབྱོར་བས། ལྷ་གང་རུང་ལ་དད་གུས་རྩེ་གཅིག་གིས་གསོལ་བ་བཏབ་སྟེ། གཟུངས་སྔགས་བཟླས་ནས་མདུད་མཚམས་སུ་ཕུ་བཏབ་སྟེ་ལུས་ལ་འཆང་བའམ་མགྲིན་པར་བཏགས་ན་གནོད་པས་མི་ཚུགས་པར་གདམས་པ་ཡིན་ཏེ། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་ལ་སྐུ་ཁམས་མ་བདེ་བ་དང་། བོད་ཡུལ་དུ་བཙའ་སད་སེར་གསུམ་དང་། ནད་ཡམས་མུ་གེ་སོགས་བྱུང་བས། ཨོ་རྒྱན་རིན་པོ་ཆེས་རྒྱལ་བོ་ལ་ཕྱག་མདུད་དང་ཡི་གེ་བཅས་བསྐུར་བར། མནོལ་བསང་ལྷ་ཆབ་སྔོན་མོ་ལས་བཤད་དོ། །ཕྱིས་སུ་སྲུང་མདུད་ལ་དགུ་མདུད་དང་དྲུག་མདུད་སོགས་མང་དུ་དར་ཁྱབ་བྱུང་། ཁ་དོག་ནི་གྲྭ་བཙུན་ལ་སེར་བོ་དང་མི་སྐྱ་ཕོ་མོ་ལ་དམར་སྔོ་ལྗང་སོགས་གནང་བའི་ཕྱག་ལེན་བྱུང་ངོ་། །

༢ སྲུང་མདུད་ཇི་ལྟར་དར་ཚུལ། རྒྱས་པར་བྱས་ན། སྒྲུབ་པ་པོའི་གང་ཟག་རྣལ་འབྱོར་བ་ཆེ་གེ་མོས་རང་གིས་བསྲུང་བྱའམ་བསྒྲུབ་བྱའི་སློབ་མ་ལ་སྐབས་བབ་དོན་བྱ་གང་གི་ཆེད་སྲུང་མདུད་གྱི་སྒོ་ནས་བསྲུང་བ་བྱེད་པར། ཐོག་མར་སྲུང་མདུད་ཀྱི་རྒྱུ་ཆ་དར་སྐུད་དང་བལ་སྐུད་སོགས་གང་ཡིན་གཙང་སྦྲ་ལེགས་པོ་བྱས། དེ་ནས་རྩ་བརྒྱུད་ཀྱི་བླ་མ་རྣམས་མདུན་གྱི་ནམ་མཁར་སྤྱན་དྲངས། རང་ཉིད་ཡི་དམ་དུ་གསལ་བའི་ཕྱག་གཡོན་པདྨ་འདབ་མ་ལྔ་བའི་སྟེང་དུ་ཨཱ་གཅིག་ལ་དབྱངས་ཡིག་བཅུ་དྲུག་གཡོན་བསྐོར། ལག་གཡས་སོར་མོ་རྡོ་རྗེ་རྩེ་ལྔ་བའི་ལྟེ་བའི་མཐར་གསལ་བྱེད་སོ་བཞི་བསམ། སྲུང་མདུད་མདུན་དུ་བཞག་ནས་གང་བསྟེན་པའི་ཡི་དམ་གྱི་སྔགས་ཀྱིས་བགེགས་བསྐྲད། སྟོང་སྦྱངས་དང་བཅས་སྲུང་མདུད་རྣམས་ཨོཾ་ཨཱཿཧཱུཾ་གི་རང་བཞིན་དུ་གྱུར་པ་ལག་པ་པད་སྐོར་གྱིས་བླངས་ནས་སྙིམ་པར་བཟུང་ལ། ལག་གཉིས་རྡོ་རྗེ་པདྨ་སྙོམས་ཞུགས་ཀྱི་ཚུལ་ལས་འོད་ཟེར་རྣམས་བྱང་སེམས་ཀྱི་ཚུལ་གྱིས་སྲུང་མདུད་ལ་ཐིམ་པར་བསམ་ཞིང་། སྲུང་མདུད་ཡི་དམ་གྱི་ལྷའི་ངོ་བོ་འོད་ཟེར་སྣ་ལྔའི་རང་བཞིན་ཅན་གྱི་མི་ཤིགས་པའི་རྡོ་རྗེ་སྲུང་བའི་མདུད་པར་བསྐྱེད་ལ་རྩ་སྔགས་དང﹙ཉུང་མཐར་བརྒྱ་རྩ་བརྒྱད﹚བཅས་སྔགས་ཀྱི་འབྲུ་དོན་རྣམས་བསམ་སྟེ་མདུད་པ་མདུད། མདུད་པར་དགུ་མདུད་དང་། བཞི་མདུད། ལྔ་མདུད། སུམ་མདུད་ཆིག་མདུད་སོགས་ཅི་རིགས་ལས། དགུ་མདུད་ལྟ་བུ་ནི་ཡི་དམ་རྒྱལ་བ་ཞི་ཁྲོ་རྣམས་ཀྱི་ཕྱི་ནང་གསང་བའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་འོད་ཀྱི་རྣམ་པར་བསྡུས་ནས་བྱིན་གྱིས་བརླབས་པ་དང་། དེ་བཞིན་གཞན་རྣམས་ཀྱང་རྒྱལ་བ་རིགས་ལྔ་དང་རིགས་གསུམ་མགོན་པོ། སྐབས་འབྲེལ་ཡི་དམ་སོགས་ཅི་རིགས་ཀྱི་སྒོ་ནས་བྱིན་གྱིས་བརླབས་ཏེ་བསྒྲུབ་བྱ་སློབ་མའི་ནད་གདོན་འགལ་རྐྱེན་བར་གཅོད་ཐམས་ཅད་ཞི་ཞིང་ཕྱི་ནང་གསང་བའི་བར་གཅོད་ཐམས་ཅད་བཟློག་ཅིང་དེ་ལས་བསྲུང་བར་བསམ། མཐར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས། ཨཱ་ལི་ཀཱ་ལི་དཔག་ཏུ་མེད་པ་བྱུང་ནས་སྲུང་མདུད་ལ་ཐིམ་པས་འོད་དུ་ཞུ་ནས་མདུད་པའི་ངོ་བོར་གྱུར་པར་བསམ་ལ། ཡེ་དྷ་རྨའི་ཤིས་བརྗོད་དང་བཅས་མཇུག་བསྡུ་བྱ། བསྡུས་པ་བྱས་ན། གཟུངས་སྔགས་བཟླས་ནས་དར་སྐུད་ཀྱི་མདུད་པར་ཞལ་ཕུ་དམིགས་སྒོམ་དང་བཅས་བྱིན་རླབས་བྱེད་ཀྱང་རུང་བར་གསུངས།

༣ སྲུང་མདུད་ཀྱི་ཁྱད་པར་དང་དབྱེ་བ། སྲུང་མདུད་ལ་ནང་གསེས་བསྒྲུབ་བྱ་རྣམས་འགལ་རྐྱེན་དང་བར་ཆད་ལས་སྲུང་བ། མཚོན་ཆ་དང་གཟའ་གདོན་ལས་སྲུང་བ། ཇག་རྐུན་དང་ཁྱི་སྤྱང་ལས་སྲུང་བ། གཅན་གཟན་དང་སྦྲུལ་བདུག་ལས་སྲུང་བ། ཐོག་སེར་དང་ས་ཆུ་མེ་རླུང་གི་འཇིགས་པ་ལས་སྲུང་བ། ཉམས་གྲིབ་དང་སྲི་ངན་ལས་སྲུང་བ། མི་ཕྱུགས་ཀྱི་འགོས་ནད་དང་འགོང་པོ་ལས་སྲུང་བ། དམག་འཁྲུག་དང་གཡུལ་ས་ལས་སྲུང་བ། ཐ་ན་ཐིག་ལེ་དང་མངལ། བུད་མེད་སྲུང་བའི་མདུད་པ་སོགས་ཅི་རིགས་ཡོད་ལ། དེ་རེ་རེ་ཡང་ཐུན་མིན་གྱི་སྒྲུབ་ཐབས་དང་དམིགས་སྒོམ་ཆོ་ག་མི་འདྲ་བ་རེ་རེ་ཡོད།

དཔེར་ན། ལས་སྣ་ཚོགས་ཀྱི་བེའུ་བམ་ལས། གུ་རུ་པདྨ་ལ་ཕྱག་འཚལ་ལོ། །ཚོན་སྐུད་སྣ་ལྔའི་སྐུད་པ་ལ་མདུད་པ་གསུམ་བྱས། སྔགས་བདུན་སྟོང་ངམ་ཁྲི་གསུམ་བཟླས་ལ་བཏབ་སྟེ་བཏགས། ཨོཾ་པདྨ་བིནྟུ་མུ་ནེ་ཛ་ལི་སྭཱ་ཧཱ། སྔགས་མདུད་དེ་ཕྱུགས་སོགས་གང་ལ་བཏགས་ཀྱང་བུ་མི་འཆོར། སྲིའུ་ལ་བཏགས་ན་ཤི་ཁ་ཆོད། སྐྱེས་པར་བཏགས་ན་ཕྱོགས་ངན་ཐུབ། བུད་མེད་ལ་བཏགས་ན་བུ་མི་འཆོར། ར་ལུག་ལ་བཏགས་ན་གཅན་གཟན་ཐུབ། སུ་ལ་བཏགས་ཀྱང་ནད་རིམ་ཐུབ། སྒོ་གོང་དུ་བཏགས་ན་དེ་ཡི་འོག་ཏུ་འཛུལ་ཚད་དལ་ཡམས་དང་རིམས་ཡམས་ལས་ཐར། ལུས་ལ་བཅངས་ན་མཚོན་གྱིས་མི་ཚུགས། སྲུང་སྐུད་དཀར་བོ་ལ་སྔགས་ནས་རྐེད་པར་བཏགས་ན་ཐིག་ལེ་འཛག་པ་ཟབ། ནག་པོར་སྔགས་ཏེ་བུད་མེད་ཀྱི་རྐེད་པར་བཏགས་ན་ལྟེ་བ་བསྒྱུར་བའི་མཆོག སྒྲུབ་པར་འཇུག་དུས་ཚོན་སྣ་ལྔའི་སྐུད་པར་ཐུབ་ཆོད་ཆེན་པོའི་སྔགས་འདིས་བསྣུན་ཏེ་ཁབ་མིག་ལ་དྲངས་ནས་སྒོ་གོང་དུ་འཛེར་ན་བར་ཆད་ཐམས་ཅད་ཐུབ་པར་འགྱུར་རོ། །ཚོན་སྐུད་སྣ་ལྔའི་གདམས་པ་ཟབ་བོ། །

སྡིག་མདུད་ཀྱིས་སྲུང་བ་ཐེའུ་རྟ་སྡུད་མ་ནི། སྔགས་དང་ཏིང་འཛིན་བཟླས་པ་ཅན་གྱིས་སྲུང་སྐུད་འདི་བཏགས་པས་ཐུབ། འདི་གང་ལ་བཏགས་པའི་འཆང་བ་བོ་དེ་ཉིད་གཟའ་བདུད་ཀྱི་རྒྱལ་བོས་ཕྱག་ན་རྡོ་རྗེར་མཐོང་། དེ་བཞིན་དུ་ས་བདག་ཀླུ་གཉན་ཁྱུང་རིགས་ལྔ། རྒྱལ་བོ་བེ་ཧར་གྱིས་རྟ་མགྲིན། ཐེའུ་རང་ཡུལ་འདྲེ་གདུག་པ་ཅན་གྱིས་གནམ་ལྕགས་ཕུར་བ་མེ་འབར། བདུད་དང་གཤིན་རྗེས་ཞགས་པ་མེ་དཔུང་འཕྲོ་བ། སྣང་སྲིད་ལྷ་འདྲེ་རྣམས་ཀྱིས་ཐོག་དང་མཚོན་ཆའི་འཁོར་ལོ། དེ་བཞིན་ལ་ལས་དུག་གི་སྡོང་བོ། ལ་ལས་ཁྲོ་ཆུའི་ཕ་ཝཾ། ལ་ལས་ས་སྲིན་ཕོ་མོ། ལ་ལས་ཀླུ་བདུད་མགོ་དགུ། ལ་ལས་ནམ་མཁའ་སྟོང་བ་སོགས་གདུག་པ་ཅན་དེ་དག་གིས་མི་ཚུགས་པའི་མཐོང་སྣང་སྣ་ཚོགས་སུ་འཆར། འདི་ལ་བདུད་འདུལ་རྡོ་རྗེའི་ཞགས་པ། ནམ་མཁའི་ཐོག་རྒོད་མཚོན་ཆ་ལས་ཀྱི་འཁོར་ལོ་སོགས་སུ་གྲགས། གང་གིས་ཐོགས་པ་དེ་བདུད་རིགས་བར་ཆད་གང་གིས་མི་ཚུགས་ཤིང་ཚེ་ཡི་དམུ་ཐག་དང་། འདྲེ་འཇོམས་བྱད་གྲོལ་གྱི་སྲུང་བ་ཟས་ནོར་འགུགས་ཅིང་དབང་བྱེད་ཀུན་གྱིས་བཀུར་བའི་དོན་ཡོད་ཞགས་པ། ཕྱོགས་ངན་ནད་ཡམས་ཞོ་ལད་ཆང་ལད་སྨྱོན་པ་འདྲེ་ཅན་སོགས་ཀུན་ཐུབ་རྡོ་རྗེའི་ཐོ་བ། སྲིའུ་ཡ་མ་ནག་པོ་དང་། སྐེག་ཅན་སོགས་བསྐྱབ་པའི་ཚེ་འཛིན་རྡོ་རྗེའི་ཞགས་པ་ཡོན་ཏན་བརྒྱ་ལྡན་འདི་ཡི་བྱ་ཐབས་ལ། དང་བོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། རང་ཡི་དམ་བསྒོམ། སྲུང་སྐུད་ནག་པོ་དེ་ལྕགས་སྡིག་མགོ་ལུས་གཉེར་མས་གང་བ་འོད་ཟེར་མེ་མཚོན་གྱི་ཚ་ཚ་འཕྲོ་བར་བསམ་ལ། སྔགས་བརྒྱ་བཟླས་ལ་མདུད་པ་དགུ་བརྒྱབ་མདུད་པ་རེ་སྡིག་པའི་མགོ་རེ་རེ་གྱུར་བར་བསམ། མདུད་པ་དགུ་བརྒྱབ་ཚར་བ་དང་། སྔགས་བརྒྱ་སྟོང་གང་འགྲུབ་བཟླས་ལ། སྲུང་སྐུད་དེ་སྡིག་པ་ནག་པོ་མགོ་དགུ་ཁ་དགུ་མིག་དགུ་ཡོད་པ། མིག་ཉི་ཟླ་ལྟ་བུ། སྡེར་མོ་ལྕགས་ཀྱུ་ལྟ་བུ། མཆེ་བ་དང་ཟེ་བ་སོག་ལེ་ལྟ་བུ། དེ་མཐོང་བ་ཙམ་གྱིས་གནོད་བྱེད་རྣམས་བརྒྱལ་བར་བྱེད་པ། དེ་ལས་འོད་ཟེར་འཕྲོས་པས་གནོད་བྱེད་ཐམས་ཅད་བཀུགས་ནས་སྡིག་པ་ལ་རེག་པ་ཙམ་གྱིས་ལྕགས་བསྲེག་ལ་རྩར་སྦུར་ཕོག་པ་ལྟར་བསྲེགས་པར་བསམ། སྔགས་ནི། ཨོཾ་ཏྲི་ཙེ་ཤང་ཀུ་རུ་འཆང་བ་བོ་ལ་སྲུངས་ཤིག ཨོཾ་གྷི་པ་ར་ཙ་འཆང་བ་བོ་ལ་སྲུངས་ཤིག ཅེས་བཟླས། མདུད་པར་སྔགས་བཏབ། དེ་ནས་གང་ལ་བཏགས་པའི་མི་ཕྱུགས་དེ་ཉིད་སྡིག་པའི་ཁོག་པའི་ནང་དུ་ཚུད་ཅིང་། ཐུགས་རྗེ་ཆེན་པོའི་རྣམ་ཐར་སྡིག་པའི་སྙིང་གི་དཀྱིལ་དུ་བཞུགས་པར་བསམ། ལྕགས་སྡིག་དེ་མཐོང་བ་ཙམ་གྱིས་གནོད་བྱེད་གདོན་བགེགས་རྣམས་རྔུབས་ཤིང་བསྲེགས་པར་བསམ། རང་ཡི་དམ་བསྒོམ་པའི་ཐུགས་ཀའི་འོད་ཟེར་གྱིས་དབྱིངས་ནས་ཁྲོ་བོ་དང་བྱ་ཁྱུང་ཚོན་གང་བ་ཁ་བ་བུ་ཡུག་འཚུབ་པ་ལྟ་བུ་བྱོན་ནས་སྲུང་སྐུད་ལ་ཐིམ་པར་བསམ་ལ། ཨོཾ་ཧེ་རི་གདུག་པ་ཅན། ལྕགས་ཀྱི་མཆེ་བ་ཅན། གནོད་བྱེད་གདུག་པ་ཅན་གྱི་སྙིང་ནས་དྲོངས་ཤིག་སྭཱ་ཧཱ། ཞེས་སྨྲ་བཅད་བྱས་ལ་ཁྲི་ཕྲག་གཅིག་གིས་སྲུང་སྐུད་སྔགས་པར་བྱའོ། །འདི་སྲིའུ་ཡ་མ་ནག་པོ་གསོ་བ་དང་། སྨྱོ་འབོག་དང་གོད་ཁ་ཆེ་བ་གཅོད། ཞོ་ཆང་ལད་པ་དང་། འབྲི་མཛོ་བཞོ་མ་ཐུབ་པ་སོགས་ཐུབ། སེམས་ཅན་ལ་སྤྱང་ཀིས་འཚེ་བ་དང་། མི་ལ་གདོན་གྱིས་གནོད་པ་སོགས་ལ་སྲུང་སྐུད་འདི་བཏགས་པས་ཐེ་ཚོམ་མེད་དེ་བདེན་རྫུན་ལག་ཏུ་ལོངས་དང་གསལ། ཟབ་མོ་གཏེར་གྱི་མན་ངག་གོ།

གཞན་ཡང་། སྲུང་སྐུད་སོགས་ལ་ཡི་དམ་གྱི་སྔགས་བསྲུང་ཤམ་ཅན་ཟབ་མོ་ཅི་རིགས་བཟླས་ཏེ་དམིགས་པ་ཁ་བསྒྱུར་ལ་བཏགས་པས་གནོད་བྱེད་ཐམས་ཅད་སྲུང་བར་འགྱུར་རོ། །

དབང་ཕྱུག་ཆེན་པོའི་སྲུང་མདུད་ནི། སྤྱན་རས་གཟིགས་ཀྱི་སྤྲུལ་བ། ལྷ་འདྲེ་འབྱུང་བོ་ཀུན་གྱི་གཙོ་བོ། དབང་ཕྱུག་ཆེན་པོའི་སྒོ་ནས་གཞན་སྲུང་ན། རང་ཉིད་མུ་སྟེགས་རྣམས་ཀྱི་ལྷའི་གཙོ་བོ་དབང་ཕྱུག་མཐིང་མདོག་དབུ་ལ་རིན་པོ་ཆེ་ཡོད་པ་གཡས་ཏྲི་ཤུལ་རྩེ་གསུམ། གཡོན་སྡིགས་མཛུབ་ཅན་ནམ། ཡང་ན། སྐུ་མདོག་ནག་པོ་གཅེར་བུ་རྒྱན་མེད་ལིང་ག་གྱེན་དུ་སྒྲེང་བ། ཕྱག་གཉིས་རྭ་ཡི་མདའ་གཞུ་འགེངས་པར་བསྒོམ་ལ། སྲུང་སྐུད་ནག་པོ་གཅིག་ལ་མདུད་དགུ་བརྒྱབ། མདུད་པ་རེ་རེ་བཞིན་ལྕགས་སྡིག་མགོ་དགུ་ཁ་གདངས་པ་མེ་ཡི་ཚ་ཚ་འཕྲོ་བ་དྲི་མ་མི་ཞིམ་པས་དཔག་ཚད་ཁྱབ་པ་གནོད་བྱེད་ཀུན་ཟ་བར་བྱེད་པར་བསམ་ལ། ཨོཾ་མ་ཧཱ་དྷི་ཝ་ཧཱུཾ་ཕཊ། ཨོཾ་ཧ་ས་དྷི་ཝ་ཧཱུཾ་ཕཊ། ཨོཾ་དེ་བ་དྷི་ཝ་ཧཱུཾ་ཕཊ། ཞེས་བརྒྱ་སོགས་བཟླས་པ་སྲུང་སྐུད་ལ་བཏབ་སྟེ་གང་ལ་བཏགས་པས། ནོར་འོ་མ་མི་སྟེར་བ། སྐམ་འགོང་། ཞོ་ལད། ཆང་ལད། རྒྱུན་དུ་འོ་མ་རུལ་བ། ནད་པའི་འགྲུལ་སྣ། བྱིས་པ་མཚན་ངུས་བྱེད་པ། ཡམས་ནད་འདྲེ་འདར། སྲོག་རླུང་། ཆང་སྨྱོན་བྱེད་པ། གཟའ་ནད། རྟ་ནད། ནོར་ནད། རྟ་ནོར་གདོན་བཏབ་བརྡུང་བ་ལ་སོགས་དེ་དག་རྣམས་ལ་ཤིན་ཏུ་ཕན་ནོ། །

ཕ་དམ་པའི་མན་ངག ཨོཾ་སུ་དུ་ར་རྦད་སྭཱ་ཧཱ། སྲུང་སྐུད་དཀར་བོ་ཆ་གཅིག་ནག་པོ་ཆ་གཉིས་ཕྱི་བསྒྲིལ་སུམ་ཁུག་བྱས་པའི་ཁྲོ་བོ་ལ་མདུད་པ་གསུམ་བྱས་ལ་སྔགས་འདི་བརྒྱ་རྩ་བཏབ། ཆང་ཉེས་ན་སྦང་མ་དང་བླུག་སྣོད་ལ་བཏགས། རྫ་མ་ཉེས་ན་རྫ་མའི་ལུང་ལ་བཏགས། ཞོ་ཉེས་ན་ཞོ་སྣོད། མི་རྣམས་འཁྲུ་ན་སྐེད་པ། སྐྱུག་ན་སྐེ། ཐིག་ལེ་འཛག་ན་སྐེད་པ། མཚོན་སྲུང་ན་སྐེ། སེམས་ཅན་འཕྱིས་སྲུང་བྱེད་ན་མཇུག་མར་བཏགས། དམ་པའི་མན་ངག་ནག་པོ་དགུ་བསྒྲིལ་འདི་ཅི་ལ་ཡང་འགྲོའོ། །

ཡང་དབང་ཕྱུག་ཆེན་པོའི་སྲུང་སྐུད་ནི། ལུག་ནག་སོགས་བལ་ལ་སྲུང་མདུད་ཉེར་གཅིག་བྱ། དེ་རེ་རེ་བཞིན་ལྷེན་སྔོན་པོ་གཡས་ཌཱ་མ་རུ་དང། གཡོན་ཁ་ཊཱཾ་བཟུང་བ་རེ་སྟེ་ཉེར་གཅིག་ཏུ་བསྒོམ། མདུད་པ་རེ་ལ་སྔགས་བརྒྱ་འདེབས། ཨོཾ་ཨ་ཧི་ནག་པོ་ནན། དུར་ཏི་ནག་པོ་སོད། ཅེས་བཟླས་འདི་ནི་ཕྱུགས་བཞོ་མ་བཏུབ་ན་རྭ་ལ་བཏགས། འོ་མ་མི་སྟེར་ན་རྣ་བ་གཡོན། འཁྲབ་ན་མཇུག་མ། ཞོ་ཉེས་ཞོ་ཟོ། ཆང་ཉེས་ཆང་སྣོད། ཐིག་ལེ་འཛག་ན་སྐེད་པ། བྱིས་པ་མཚན་ངུས་བྱེད་ན་སྐེ་ལ་བཏགས། འཁྲུ་ན་རྐང་བ་ལ་བཏགས། གྲང་བ་ལ་མར་བསྔགས་ནས་སྐེད་པར་བྱུག་པ་སོགས་ཀྱིས་ཉེས་པ་རྣམས་སྲུང་ངོ་གཏེར་མའོ། །

ཨང་རག

ཨང་རག་འདི་རྩ་རླུང་འཕྲུལ་འཁོར་དང་གཏུམ་མོ་སོགས་སྒོམ་དུས་ཀྱི་དོར་ཐུང་ཞིག་ཡིན། རྫོགས་ཆེན་ལུགས་ལ་སྔགས་གོས་བརྒྱད་ཀྱི་ནང་ཚན་རྡོ་རྗེ་གསང་གོས་ཟེར། དེ་ཡང་། པདྨ་བཀའ་ཐང་ལས། ཨ་ཏི་ཡོ་ག་བྱ་བ་ཁས་ལེན་པའི། །བྱིས་དཀར་རས་སྔོན་ཨང་རག་གྱོན་པ་ཞིག། ཞེས་དང་། རས་ཀྱི་ཨང་རག་སྔོན་པོ་སྨད་ལ་དཀྲིས། །ཞེས་པར་མདོག་སྔོན་པོར་བཤད་ལ། སྔགས་འཆང་རྒྱན་མེར་རྐང་བ་གཉིས་རྐེད་པ་གསུམ་འགྲོ་བས་ཁ་གསུམ་པ་དང་། དྲ་ཕྱི་ནང་བསྒྲགས་པའི་དོར་མ་ལྟ་བུ། རིང་ཐུང་ཁྲུ་གང་དང་། གཞི་མ་དམར་བོ་ལ་རྐང་བ་གཉིས་ལ་མུ་འདྲིལ་ལྗང་ཁུ་བྱས་པ། འདི་གསང་གོས་ཡིན་པས་གཞན་གྱི་མི་མཐོང་བར་བྱ་དགོས་པར་གསུངས་སོ། །དེ་ལྟར་རིང་ཚད་ཁྲུ་གང་བ། རས་སྣ་ཚོགས་འཇའ་སྒྲིག་དང་། དུང་ཕྲེང་ངམ་ཐོད་ཕྲེང་གི་རི་མོ་ཡོད་པ། ཁ་འདབས་སུ་དར་སྔོན་སོགས་ཀྱི་གདུགས་ཕུར་གྱིས་བརྒྱན་པ་ཞིག་གོ །

སྒོམ་ཐག

སྒོམ་ཐག་འདི་མདོ་སྔགས་གཉིས་ཀ་ལས་འབྱུང་སྟེ། མདོ་ལས་དགེ་སློང་རྣམས་མཚན་མོ་མལ་ནང་དུ་ལུས་ཚུགས་མི་ཞིག་པའི་ཆེད་དུ། པུས་འཁྱུད་དགོས་པར་གསུངས་པ་དེ་ཡིན། སྔགས་ལས་རྣལ་འབྱོར་བས་རྩ་རླུང་ཐིག་ལེའི་སོགས་ཀྱི་ཉམས་ལེན་སྐབས་ཤིན་ཏུ་གལ་ཆེ་ལ། སྒོམ་ཐག་འདི་གྲུབ་མཐའ་རིས་མེད་ཀྱིས་སྤྱོད་སྲོལ་ཡོད་པ་དང་། ཁྱད་པར་དུ་རྗེ་མི་ལའི་ཡན་ཆད་ཀྱི་གྲུབ་འཐོབ་པ་རྣམས་ཀྱིས་སྒོམ་ཐག་ཁུག་པའི་མགོ་བོར་འཁོར་ཚད་དང་། ཆོས་དྲུག་སྡུད་པའི་ཟིན་བྲིས་རྣམས་ལས་ཀྱང་དེ་ལྟར་དང་། མི་ལའི་མདུན་དུ་དྭགས་པོས་ཐབས་ལམ་བསྒོམས་པའི་སྐབས་སུ། དམྱལ་བ་ཐིག་ནག་གི་བཀོད་པ་མཐོང་ཞིང་སྐུ་ཁམས་མ་བདེ་བ་བྱུང་སྐབས། རྗེ་བཙུན་གྱིས་ཁྱེད་ཀྱི་སྒོམ་ཐག་ཐུང་བའི་རྐྱེན་གྱིས་རྩ་འཐམ་པར་འདུག་པས། སྒོམ་ཐག་རིང་དུ་ཐོངས་གསུངས་པ་ལྟར། ཆང་བ་གང་རིང་དུ་བཏང་བ་ནས་ད་ལྟ་དེ་ལྟར་བྱེད་པ་མང་སྟེ། གཅིག་རྐྱང་ལ་སོར་བདུན། ཞེང་ལེབ་ལ་སོར་གསུམ་མམ་བཞིའོ། །རྙིང་ལུགས་ལ་སྒོམ་ཐག་བཅིང་བ་ལ་བརྟེན་ཏེ་འཇའ་ལུས་གྲུབ་པའི་རྟེན་འབྲེལ་གྱི་བྱིན་རླབས་ལ་དམིགས་ནས། སྒོམ་ཐག་དང་སྒོམ་ཤིང་གི་ངོས་ལ་རྡོ་རྗེ་ཟམ་པའི་རྩ་ཚིག་བྲིས་པས་དབང་བསྐུར་བའི་ཕྱག་བཞེས་མཛད་དོ། །

སྤྱིར་སྒོམ་ཐག་ནི། སྒོམ་ཆེན་དག་ལུས་ཚུགས་དྲང་བོར་བསྲིངས་ཆེད། ཕྲག་སྟེང་ནས་པུས་འཁྱུད་ཀྱི་སྡོམ་ཐག་སྟེ། དེ་ཡང་སྒོམ་ཆེན་མཉམ་བཞག་གི་ཚེ། རས་ལེབ་མོ་ཞེང་ཚད་སོར་བཞི་ཙམ་པ་ལ། རྩ་དབུ་སྐྱོ་རོ་གསུམ་མཚོན་ཕྱིར། གཞུང་སྐུད་གསུམ་གཤིབས་པ། གཏུམ་མོའི་མེ་མཚོན་ཕྱིར་ཁ་དོག་དམར་བོ། དགའ་བ་བཅུ་དྲུག་མཚོན་ཕྱིར་དྲ་མིག་བཅུ་དྲུག་ཡོད་པའོ། །

རྒྱབ་ཤིང།

རྒྱབ་ཤིང་ནི། སྒོམ་དུས་སུ་རྒྱབ་རྟེན་ས་ཞིག་སྟེ། ཚད་འོག་མཁར་དང་འདྲ་ལ། ཕྲེད་ཤིང་མཐོ་གང་བ་རེ་གླ་རྒྱུན་སོགས་ཐི་གུ་འཇམ་པོས་སྦྲེལ་བ་ཞིག་གོ། སྒོམ་མཁར་དང་འདི་གཉིས་བཻ་རོ་ཙཱ་ན་ནས་སྤང་མི་ཕམ་མགོན་པོ་བར་སྒོམ་ཐག་དང་སྒོམ་རྟེན་ལུས་ལ་བཙུགས་ནས་རྫོགས་པ་ཆེན་པོའི་མན་ངག་གནང་བས་འཇའ་ལུས་བརྙེས་པའི་ལོ་རྒྱུས་ཡོད་ལ། ད་ལྟ་ཡང་གྲུབ་མཐའ་ཁ་ཅིག་གིས་ཕྱག་ལེན་དུ་འདེབས་པའི་གསང་ཆས་ཡིན་པར་བཤད་དོ། །

སྒོམ་རྟེན་གྱི་མདུན་ཤིང་ངམ་འོག་མཁར།

འོག་མཁར་ནི་སྒོམ་ཆེན་པ་དག་ལུས་གནད་མི་འཆུག་པ་དང་། ཐིག་ལེ་ལུག་བརྒྱུད་བལྟ་ཕྱིར། མདུན་དུ་བསླངས་ནས་སྣེ་མོ་མ་ནེའི་ཀོས་ཀོ་བརྟེན་པ་ཞིག་སྟེ། རྒྱུ་ཚེར་མ་མེད་པའི་ཤིང་རིགས་ཤུག་པ་སོགས་ཀྱིས་བཟོས་པའི་དབྱུག་པ། རིང་ཚད་ཁྲུ་ཕྱེད་དོ་ཡོད་པ་ཞིག་གོ། རྒྱ་གར་གྱི་གྲུབ་ཆེན་དག་དང་། རྫོགས་ཆེན་པ་དང་བཀའ་གདམས་པར་དར་སོ་ཆེའོ། །

འབོལ་གདན།

འབོལ་གདན་ནི། ཀུ་ཤ་སྔོན་པོའི་འབོལ་གདན། འཕང་དུ་སོར་བཞི་དང་། སྲིད་ཞེང་མཐོ་གང་སོར་བཅུ་དྲུག་ཡོད་པ་ལེགས་གྲུབ་ལས་གསུངས་ལ། མ་འབྱོར་ན་འཇག་མ་དང་སྤ་ཡང་རུང་སྟེ། མི་ལས། འོག་ན་སྤ་ཡི་འབོལ་ཆུང་བདེ། ཞེས་པ་ལྟར། ཡང་ལས་ཀྱི་ཁྱད་པར་གྱིས་ཤིང་གི་སྟན་དང་། ཁྲིའུ། ལས་ཀུན་ལ་ལོ་མའི་སྟན་ཡང་རུང་བར་ལེགས་གྲུབ་ལས་གསུངས་པ་དང་། ཡང་བླ་མེད་ཀྱི་རྒྱུད་ལས་ནི། ཞིང་ལྤགས་དང་གླང་ཆེན་ཀོ་རློན། སྟག་གཟིག་སེང་གེའི་པགས་པ། སྡེར་བཞི་མ་ཉམས་པ་དང་། དུར་ཁྲོད་ཀྱི་རས་དག་ཀྱང་བཤད་དོ། །

ཡང་། བརྟག་གཉིས་ལས་ཚོགས་ཀྱི་འཁོར་ལོའི་དུས་སུ་རྣལ་འབྱོར་ཕོ་མོ་རྣམས་གདན་ཇི་ལྟ་བུ་ལ་གནས་པ་འཆད་པའི་ཚེ། རོ་གདན་དང་། སྟག་ལྤགས་དང་། དུར་ཁྲོད་རས་ཀྱི་གདན་གསུམ་གསུངས་པ་ལས། རོ་གདན་ནི་རོ་དངོས་མ་ཉམས་པ་སྨན་ལ་སོགས་པས་བྱུགས་པས་པགས་པ་མ་དུལ་བར་བྱས་ནས་ལེགས་པར་བསྐམས་ཏེ། དེ་ཉིད་སླར་ཡང་བྱེ་མ་རློན་པ་སོགས་ལ་ཅུང་ཟད་སྦངས་ནས། དབྱུག་པའམ་ཐོ་བ་འཇམ་པོས་རུས་མགོ་རྣམས་ཀྱི་ཐད་ནས་རིམ་པ་བཞིན་བརྡུངས་པས། ནང་གི་རུས་པ་སོགས་ཕྱེ་མར་གྱུར་བ་འོག་གི་ལམ་ནས་འཐོན་པར་འགྱུར་ལ། ཐམས་ཅད་འཐོན་ཟིན་ནས་ལེགས་པར་འཇམ་པོར་གྱུར་གྱི་བར་དུ་བྱི་དོར་བྱས་པ་དེ་ཉིད་གདན་དུ་བྱའོ། །ཞེས་འཆད་དོ། །དེ་བཞིན་དུ་སྟག་ལྤགས་ཡན་ལག་མ་ཉམས་པ་མཉེན་པོར་བྱས་པ་དང་། རོ་རས་ལ་ནི་མི་རོ་བྲིས་པའོ་ཞེས་བླ་མ་དག་འཆད་དོ། །

ཡང་ཞི་ཁྲོའི་ཁྱད་པར་གྱི་གདན་དུ་བཞུགས་ཚུལ་ལ། རང་བྱུང་གི་ཡེ་ཤེས་རྟོགས་པའི་ཡོན་ཏན་གྱིས། ཞི་བའི་ལྷ་ཚོགས་ཀྱི་གདན་ལ། དབང་བསྐུར་རྒྱལ་བོའི་རྒྱུད་ལས། ཐུགས་ནི་མི་འཇིགས་བཞི་ཡིས་བདུད་བཞི་བཅོམ། །དེ་གྲུབ་རྟགས་སུ་སེང་གེའི་ཁྲི་ལ་བཞུགས། །སྐུ་ནི་སྟོབས་བཅུའི་མི་དགེ་བཅུ་རྣམས་འདུལ། །དེ་གྲུབ་རྟགས་སུ་གླང་ཆེན་ཁྲི་ལ་བཞུགས། །ཡོན་ཏན་རྫུ་འཕྲུལ་རྐང་བཞིས་ཆགས་མེད་སྒྲོལ། །དེ་གྲུབ་རྟགས་སུ་རྟ་མཆོག་ཁྲི་ལ་བཞུགས། །གསུང་ནི་དབང་བཅུ་མཐར་ཕྱིན་རྒྱལ་བོའི་གསུང། །དེ་གྲུབ་རྟགས་སུ་རྨ་བྱའི་ཁྲི་ལ་བཞུགས། །ལས་ནི་འཕྲིན་ལས་རྣམ་བཞིས་ཐོགས་མེད་སྒྲོལ། །དེ་གྲུབ་རྟགས་སུ་ཤང་ཤང་ཁྲི་ལ་བཞུགས། །ཞེས་སོ། །ཆེ་བའི་ཡོན་ཏན་དེ་རྣམས་ཀྱི་ཉེས་ཚོགས་བཅོམ་པའི་གདན་ནི། ཐབས་དང་ཤེས་རབ་དབྱེར་མེད་པ་ཉི་མ་དང་ཟླ་བའི་གདན། དོན་དམ་དཀོར་བདུན་ལྷུན་གྱིས་གྲུབ་པའི་རྟགས་སུ་རིན་པོ་ཆེའི་ཁྲི་རྐང་མཛོད་མིག་བདུན་ལྡན་དུ་ཤར་བ་རྣམས་ཡིན་ལ། གདན་དེ་དག་བརྩེགས་ལུགས་ནི། སྐྱེས་བུ་ལྔ་ལ་ལྔ་བརྩེགས། སེམས་དཔའ་ལ་ནི་སུམ་བརྩེགས། ཀུན་བཟང་ཡབ་ཡུམ་ལ་བཞི་བརྩེགས་སོ། །གཞན་ཡང་རྣམ་གྲངས་ལ། སྟོབས་གླང་ཆེན། སྙིང་རྗེ་རི་དྭགས། ཆོས་མ་འདྲེས་པ་ཆུ་སྲིན་སོགས་ཀྱང་བཤད་དོ། །

ཁྲོ་བོའི་ཚོགས་ཀྱི་གདན་ནི། ཉི་ཟླ་པད་གསུམ་ནི་ཞི་ཁྲོ་གཉིས་ལ་ཐུན་མོང་དུ་རུང་བ་སྤྱིར་བཏང་ཡིན་ལ། ཁྲོ་གདན་གྱི་ཁྱད་པར་ནི། སྔ་འགྱུར་རྙིང་མའི་ལུགས་ཀྱི་ཆེ་མཆོག་ཧེ་རུ་ཀ་ལྟ་བུར་མཚོན་ན། འོག་གཞི་རྡོ་རྗེ་བྲག་གདན་ལ། འགྲོ་བ་རིགས་དྲུག་རང་གཟུགས་ཀྱིས་བཏེགས་པའི་གདན། སྣ་ཚོགས་པདྨ་གེ་སེར་དང་བཅས་པ། རྩ་ཉོན་དྲུག་དང་ཉེ་ཉོན་ཉི་ཤུ་བསྲེགས་པའི་འོད་ཟེར་སྟོང་དུ་འབར་བའི་ཉི་མ། འཁོར་བའི་གདུང་བ་སེལ་བའི་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ད་དུང་དབང་བོ་བརྒྱ་བྱིན་དང་། ཚངས་པ། ཁྱབ་འཇུག དབང་ཕྱུག གདོང་དྲུག སྦྲིང་གི་རི་ཏི། ཚོགས་ཀྱི་བདག་པོ་བཅས་ལྷ་ཆེན་བརྒྱད། མཐའ་ཡས། འཇོག་པོ། དུང་སྐྱོང་། སྟོབས་རྒྱུ། པདྨ། དབང་ཆེན། ནོར་རྒྱས། རིགས་ལྡན་བཅས་ཀླུ་ཆེན་པོ་བརྒྱད་དེ། ལྷ་ཀླུ་སྤེལ་མར་ཁ་སྦུབ་དུ་བསྣོལ་བའི་གདན་གྱི་སྟེང་ལ། མི་འཇིགས་པ་སེང་གེ དཔའ་བ་སྟག གཏུམ་པ་གཟིག བརྗིད་པ་དོམ། སྟོབས་གླང་ཆེན། འཛིན་པ་མ་ཧེ། གདུག་པ་ཆུ་སྲིན། ཞེ་སྡང་སྦྲུལ་ཏེ་བྱོལ་སོང་གཙོ་བོ་བརྒྱད་ཀྱི་གདན་གྱི་ཁར། གསེར་གྱི་འཁོར་ལོ་རྩིབས་མ་བཅུ་གཉིས་དང་ལྡན་པ་དེའི་ལྟེ་བ་ལྷ་ཆེན་པོ་མ་ཧཱ་དེ་བ་དང་། ཨུ་མ་དེ་བ་ཁ་སྦུབ་དང་ཕྱི་ཆིངས་སུ་བསྣོལ་བའི་གདན་རྣམས་ཡིན་ནོ། །

དྲུག་པ། རྒྱན་གོས་ཀྱི་སྐོར།

ལོངས་སྐུའི་ཆ་བྱད་དང་དེའི་མཚོན་དོན།

འདིར་ལོངས་སྐུ་མཛེས་པར་བྱེད་པའི་རིན་པོ་ཆེའི་རྒྱན་བརྒྱད་དང་གོས་ལྔ་སྟེ་གོས་རྒྱན་བཅུ་གསུམ་བཤད་པ་ལ། དང་བོ། རྒྱན་བརྒྱད་ནི། སྙན་རྒྱན། མགུལ་རྒྱན། དཔུང་རྒྱན། དོ་ཤལ་ལམ་སེ་མོ་དོ། ཕྱག་གདུབ། སོར་གདུབ། ཞབས་གདུབ། དབུ་རྒྱན་བཅས་རིན་པོ་ཆེའི་རྒྱན་བརྒྱད་དང། གོས་ལྔ་ནི། དར་གྱི་ཅོད་པན། སྟོད་གཡོགས། དར་དཔྱངས། སྐ་རགས། སྨད་དཀྲིས་བཅས་ལྔའོ། །དེ་དག་གི་མཚོན་དོན་ནི། སྨོན་ལམ་ཕ་རོལ་ཕྱིན་པས་ན། །དབུ་རྒྱན་རིན་ཆེན་པྲོག་ཞུ་ལ། །རྩེ་ཕྲན་དག་གིས་རྣམ་པར་སྤྲས། །ཐབས་ཀྱི་ཕ་རོལ་ཕྱིན་པས་ན། །ལེ་བརྒན་དར་གྱི་ཅོད་པན་ཅན། །འཕྱངས་དང་བསྐྱོད་པས་རྣམ་པར་མཛེས། །བཟོད་པས་ཕ་རོལ་ཕྱིན་པས་ན། །སྙན་ཤལ་རིན་ཆེན་པ་ཏྲ་ལ། །ཁོང་གསེང་སྔོན་པོའི་ཕྲ་དང་བཅས། །བསམ་གཏན་ཕ་རོལ་ཕྱིན་པས་ན། །ཐུགས་ཀའི་ཟེའུ་རྒྱན་མཛེས་པ་ལ། །དཔལ་གྱི་བེའུ་རྣམ་པར་བརྒྱན། །བརྩོན་འགྲུས་ཕ་རོལ་ཕྱིན་པས་ན། །སྐུ་སྨད་དར་གྱི་ཤམ་ཐབས་དང་། །ཞབས་གདུབ་རིན་ཆེན་པ་ཏྲ་ཅན། །ཚུལ་ཁྲིམས་ཕ་རོལ་ཕྱིན་པས་ན། །སྐེད་རྒྱན་རིན་ཆེན་པ་ཏྲ་ལ། །དྲ་བ་དྲ་ཕྱེད་ཟ་ར་ཚགས། །སྦྱིན་པའི་ཕ་རོལ་ཕྱིན་པས་ན། །རིན་ཆེན་པ་ཏྲའི་སོར་གདུབ་དང་། །ཕྱག་གདུབ་རིམ་པ་ལྔ་དང་ལྡན། །ཤེས་རབ་ཕ་རོལ་ཕྱིན་པས་ན། །སེ་མོ་དོ་དང་དོ་ཤལ་ལ། །རིན་ཆེན་པ་ཏྲའི་སྤྲས་པ་ཅན། །སྟོབས་ཀྱི་ཕ་རོལ་ཕྱིན་པས་ན། །དབུ་རྒྱན་རིན་ཆེན་པ་ཏྲ་ལ། །དྲ་བ་དྲ་ཕྱེད་ཟ་ར་ཚགས། །ཡེ་ཤེས་ཕ་རོལ་ཕྱིན་པས་ན། །དར་གྱི་སྟོད་གཡོགས་དར་དཔྱངས་དང་། །སྐ་རགས་ལྷབ་ལྷུབ་མཛེས་པ་བཅས། །བཅུ་གསུམ་རྒྱན་དང་ལྡན་པ་ནི། །ངེས་པ་ཅན་གྱི་གཞུང་ལས་གསུངས། །ཞེས་སོ། །

དབུ་སྐྲ་ལྕང་ལོ།

སྔགས་འཆང་རྣམས་ཀྱི་དབུ་སྐྲ་ལྕང་ལོ་འཇོག་པའི་ཁུངས་ནི། འཇམ་དཔལ་མཚན་བརྗོད་ལས། གཙུག་ཕུད་ཕུད་བུ་ལྕང་ལོ་ཅན། །རལ་བ་མུ་ཉྫ་ཅོད་པན་ཐོགས། །གདོང་ལྔ་གཙུག་ཕུད་ལྔ་དང་ལྡན། །ཟུར་ཕུད་ལྔ་བ་མེ་ཏོག་ཐོད། །ཅེས་དང་། ཀུན་འདུས་རིག་པ་དང་། དཔལ་ཡེ་ཤེས་ཐིག་ལེ། རྡོ་རྗེ་མེ་ལྕེ་རྒྱུད་སོགས་ལས་ཀྱང་གསུངས་སོ། །དེ་ཡང་ཆོས་རྒྱལ་ཨིནྡྲ་བྷུ་དྷི་དང་ཁ་ཆེ་ཟླ་བ་བཟང་བོ་སོགས་ཁྱིམ་སྔགས་རིག་པ་འཛིན་པ་མང་དུ་བྱུང་ཕྱིར། དེ་དག་གི་ངོ་སྐལ་དང་དགོས་པ་དུ་མ་ཞིག་གི་ཕྱིར། གསར་རྙིང་གི་རྒྱུད་སྡེ་དུ་མ་ནས་དཔའ་བོའི་ལྕང་ལོ་མི་བྲེག་པར་རྒྱན་དུ་བསྔགས་པ་ཡིན།

སྐྲ་བཅིངས་ཚུལ་ལའང་། ཐོར་ཅོག ཕྱེད་བཅིངས། ཟུར་ཕུད་གྱེན་བརྫེས་དང་གསུམ་ཡོད། ཐོར་ཅོག་ནི་དབུ་སྐྲ་ཀུན་སྤྱི་བོར་བཅིངས་ནས། སྐྲ་སྣེ་ཕྱིར་མི་མངོན་པར་རྡོག་པོ་ཏོག་ལྟར་བཅིངས་པའོ། །ཕྱེད་བཅིངས་ནི། སྐྲ་ཕྱེད་སྤྱི་བོ་དང་། ཕྱེད་ཀ་ཐུར་དུ་ཉིལ་བའོ། །ཟུར་ཕུད་གྱེན་བརྫེས་ནི། སྐྲ་ཐུར་དུ་ཉིལ་བ་ལ་སྤྱི་བོར་སྐྲའི་ཟུར་ཕུད་ལྔ་འམ་གསུམ་བཅིངས་པའོ། །གཞན་སྐྲ་བཅིངས་རུས་པའི་འཁོར་ལོ་དེ་བསྐོན་ན་མཆོག་གྱུར་ཞིག་ཏུ་བཤད་དེ། དཔལ་སྤྲུལ་གྱིས། ལྟོ་སྟོང་རུས་པའི་འཁོར་ལོ་ཟླུམ་པོ་དེ་ཡོད་ན། །དཔའ་བོའི་ལྕང་ལོ་མི་འབྲེག་གཙུག་ཕུད་དེ་བསམ་ཡང་། །རྒྱན་མེད་རལ་རྫོང་སྟུག་པོའི་འཕྱང་སྡེབས་དེས་སུན་ནས། །སོར་གསུམ་གཙུག་སྐྲའི་མཆོད་པ་མཁན་སློབ་ལ་ཕུལ་བཏང་། །ཞེས་སོ། །

དེར་མ་ཟད་སྐྲ་ཐོད་དུ་བཅིངས་པ་ལ་གསེར་དངུལ་སོགས་ཀྱི་ཟླ་ཕྱེད་དང་། སྣ་ཚོགས་རྡོ་རྗེ་སོགས་ཀྱིས་ཀྱང་བརྒྱན་པར་བཤད་དེ། མངོན་བརྗོད་བླ་མ་ལས། ཐོད་པའི་ཕྲེང་བས་དབུ་ལ་བརྒྱན། །རལ་བའི་ཅོད་པན་རྒྱན་དུ་ཐོགས། །ཟླ་བ་ཕྱེད་པས་སྤྱི་གཙུག་ལ། །སྣ་ཚོགས་རྡོ་རྗེས་དབུ་ལ་མནན། །ཞེས་སོ། །

དེ་ལས་གཞན། རྒྱུད་ཀྱི་ལྒིགས་བམ་ཡང་རལ་བའི་དཀྱིལ་དུ་བཅིངས་དགོས་པ་སྟེ། ཕྱག་རྡོར་གསང་བ་མངོན་བསྟན་ལས། ལྒིགས་བམ་སོར་ནི་བཅུ་དྲུག་ལ། །རིམ་བདུན་རྒྱ་ཡིས་བཏབ་ནས་ཀྱང་། །རྟག་ཏུ་སྤྱི་བོའི་གཙུག་ཏུ་བཟུང་། །འདི་དང་བྲལ་བར་མ་གྱུར་ན། །བསྙེན་པ་དེ་ཡིས་བསྒྲུབ་པ་དེ། །སྒྲུབ་པ་ཆེན་པོའང་དེ་ཡིན་ཏེ། །སྔགས་ཀྱང་དེ་ཡིན་ལྷ་ཡང་དེ། །བླ་མ་དེ་ཡིན་སློབ་དཔོན་ཡང་། །སངས་རྒྱས་ཆོས་དང་དགེ་འདུན་ཡང་། །དེ་ཡིན་བསྐྱེད་དང་རྫོགས་པ་དེ། །མ་ལུས་དབང་ཡང་དེ་ཡིན་ཏེ། །འཇིག་རྟེན་བྱ་བ་ཀུན་སྤངས་ནས། །འདི་ལ་མཆོད་པར་གྱུར་བ་ནི། །ཚོགས་གཞན་ཅི་ཡོད་རྨོངས་པའི་རྒྱུ། །ཅི་ཕྱིར་འདི་ལ་འབད་མི་བྱེད། །ཅེས་ཕན་ཡོན་དང་བཅས་ཏེ་གསལ་བར་གསུངས་སོ། །

མཚོན་དོན་ནི། སྐྲ་སྤྱི་བོར་བཅིངས་པས་རིགས་བདག་འབྲལ་བ་མེད་པ་དང་། ལྕང་ལོ་གཡས་སུ་འཁྱིལ་བས་དཔའ་མོ་མཚོན་པའོ། །ཡང་སྔགས་ལུགས་ལ་ལྕང་ལོ་འཇོག་དགོས་པའི་ཁྱབ་པ་མེད་དེ། གཏུམ་པོ་དཔའ་གཅིག་གི་རྒྱུད་ལས། སངས་རྒྱས་ལྔ་ནི་རབ་སྦྱོར་བས། །མགོ་བོ་དབུ་རྒྱན་ཕྱག་རྒྱ་བྱ། །ཟུར་ཕུད་ལྔ་ཡིས་བརྒྱན་བྱས་ནས། །སྐྲ་དང་ཁ་སྤུ་བྲེག་པར་བྱ། །ཞེས་སོ། །

ཉེ་ཆར། སྔགས་རལ་གྱི་བཤད་པ་ཤོག་འཁྱར་ཞིག་ལག་སོན་བྱུང་བ། སྐབས་འདིར་འབྲེལ་ཆེ་བས། ཚེགས་ལ་མ་བལྟས་པར་ཆ་ཚང་བཀོད་ན། རལ་བ་ཞེས་འཁྲུལ་སྣང་གི་རྒྱ་ཆོས་ཉིད་ཀྱི་རོལ་བ་རལ་བའི་དོན་ནི། ཕྱོགས་བཅུ་དུས་བཞིའི་རྒྱལ་བ་རབ་འབྱམས་ཐུགས་ཀྱི་ཟེའུ་འབྲུ་ཨོ་ཏྲིའི་ཨོ་རྒྱན་ལ། ཉོན་མོངས་མེ་ཡིས་གདུང་བའི་གྱི་ན་བས། །གསོལ་བ་འདེབས་སོ་བྱིན་རླབས་ཆར་ཆེན་ཕོབས། །སྔོན་བསགས་དཀར་བོའི་འབྲས་བུ་ལེགས་སྨིན་པས། །མཆེད་ཀྱི་མཆོག་གྱུར་པདྨ་རྡོ་རྗེ་ཉོན། །ཨེ་མ། སྐལ་ལྡན་གྲུབ་པའི་དབང་ཕྱུག་གོང་མ་འགས། །དབུ་ལོ་མ་བྲེགས་བརྡ་རྟགས་རྟེན་འབྲེལ་ནི། །རང་བྱུང་རྡོ་རྗེ་འཇིགས་མེད་གླིང་བ་ཡིས། །རལ་བ་ཡི་ཐོར་ཚུགས་ལན་བུ་ཅན། །གསང་སྔགས་ཀྱི་བསྟན་པ་དར་བ་དང་། །སྣང་བ་ཀུན་ཟིལ་གནོན་རྟེན་འབྲེལ་ཡིན། །ལེགས་འདོད་དང་ཚུལ་འཆོས་བྱས་སྙམ་མེད། །ཅེས་གསུངས་པའི་དོན་དེ་སེམས་ལ་རྨད། །གཞན་གདོད་མའི་ས་ལ་ལེགས་བྱོན་པའི། །དོན་འབྲས་གྲུབ་བརྡའ་འགས་ལུང་བཤད་ན། །སྐྲ་ལན་བུ་ལྔ་བཅུ་རྩ་བརྒྱད་ནི། །དཔལ་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་མཚོན། །སྤུ་ཉག་མ་བྱེ་བ་གྲངས་མང་ནི། །མ་ཌཱ་ཀྐི་བྱེ་བ་གྲངས་མང་མཚོན། །དུས་རྟག་ཏུ་སྤྱི་བོར་བཅིངས་པ་ནི། །ཕ་བླ་མ་མི་བརྗེད་དྲན་གསོར་བཞག། དུས་དབྱར་དགུན་ཚ་གྲང་གིས་དུབ་ཚེ། །བསིལ་དྲོད་ཀྱི་བདེ་བ་སྟེར་ཕྱིར་བཞག། རང་མ་ཉེས་བཞིན་དུ་གླགས་ལྟ་བས། །དགྲ་བགེགས་རྩད་ནས་བརླག་ཕྱིར་བཞག། ཁོང་བཀའ་གདམས་རྣམ་ཐར་སྐྱོང་བའི་ཕྱིར། །མི་གྲལ་ལ་མི་ཚུད་གྱིར་དུ་བཞག། དུས་མ་འོངས་གཙུག་ཏོར་ལྟར་མི་མངོན། །དེ་འཐོབ་པའི་དགོས་པ་ཡོད་ཕྱིར་བཞག། དབུར་སྐྱེས་པའི་ལྕང་ལོའི་ཐོར་ཅོག་འདི། །ཆོས་སྐུ་ཐིག་ལེ་ཉག་གཅིག་བརྡ། །མ་བྲེགས་མགོ་ལ་དཀྲིས་པ་འདི། །འཁོར་འདས་སྤང་བླང་དག་པའི་བརྡ། །དེ་འདྲའི་དོན་ཅན་རལ་བ་འདི། །ལྷ་རྩ་གསུམ་སྲུང་མའི་བླ་རྡོ་ཡིན། །རྫོགས་ཆེན་མཁྱེན་བརྩེ་འོད་ཟེར་གྱིས། །མཐོན་མཐིང་རལ་བའི་ལྒིགས་བམ་མན་ཆད་ནས། །བདོག་པའི་ཉེར་སྤྱོད་ཕྲ་མོ་ཡན་ཆོད་དུ། །མདོར་ན་རྣལ་འབྱོར་ཡིད་ལ་མཛའ་བའི་རྫས། །རྩ་གསུམ་དམ་ཅན་ཌཱ་ཀྐིའི་བླ་རྡོར་འབུལ། །ཞེས་གསུངས་པ་དེ་ན་རལ་བའི་དོན་རེ་ཆེ། །ངུར་སྨྲིག་བཙུན་ཚུགས་ལེན་ཀྱང་འདི་རང་དགའ། །རྡོ་རྗེ་ལུང་གིས་འདི་ལྟར་བསྔགས་ནས་ཡོད། །ཞྭ་མོས་ཅི་བྱེད་རལ་བའི་ཟུར་ཕུད་ཐོགས། །ཟ་ར་ཟི་རེ་བཙུན་པ་ཙམ་བཞག་ནས། །ངེད་ཅག་གྲུབ་དབང་ས་ར་ཧ་བ་ལྟར། །ཡ་ང་མེད་པའི་བརྟུལ་ཞུགས་སྤྱོད་པ་སྐྱོངས། །ཞེས་གསུངས་དོན་ལ་ཐུགས་དགོངས་ལེགས་པར་གཏོད། །གཞན་ཡང་དམ་པ་དུ་མའི་ལུང་མང་ཡང་། །རེ་ཞིག་དེ་ཙམ་ཞིག་གིས་ཆོག་ཤེས་མཛོད། །ཅེས་གསུངས་སོ། །

གཙུག་ཏོར།

གསང་སྔགས་ཀྱི་སྐབས་འདིར། སྲིད་པ་སྒྱུ་མའི་ཆོས་ཀུན་དག་པ་ཡེ་ཤེས་ཀྱི་རྣམ་རོལ་གཞི་དབྱིངས་ཆེན་པོར་ལྷུན་གྱིས་གྲུབ་པའི་བརྡ་རྟགས་སུ། ཕྱི་སྣོད་གཞལ་ཡས་ཁང་། ནང་བཅུད་ལྷ་དང་ལྷ་མོར་ལྟ་བ། བྱ་བྱེད་ཐམས་ཅད་རྡོ་རྗེ་གསང་བའི་ལམ་འཁྱེར་འབའ་ཞིག་དང་། རྫས་དང་ཡོ་བྱད་ཐམས་ཅད་ཀྱང་ངེས་པར་དགོས་པའི་བརྡ་རྟགས་ཀྱི་སྒོ་ནས་རྟེན་འབྲེལ་གྱི་གནད་ཟབ་མོ་འགའ་ཞིག་རྟོགས་པའི་ཐབས་སུ་གྱུར་བ་ཡིན་ལ། དེ་བས་ས་ཆོག་དང་། རང་ཉིད་ལྷའི་དཀྱིལ་འཁོར་ལ་འཇུག་སྐབས་དང་། ཚོགས་ཀྱི་འཁོར་ལོ་ཆེན་པོ་བྱེད་པའི་དུས་དང་། སྤྲོས་བཅས་དང་སྤྲོས་མེད་ཀྱི་སྤྱོད་པ་བྱེད་པ་རྣམས་ཀྱི་ཚེ་དང་། གླུ་གར་སོགས་ཀྱི་མཆོད་པ་དང་། སྦྱིན་སྲེག་སོགས་ཀྱི་ཚེ་ལྷའི་ཆ་བྱད་ཀྱིས་འཇུག་དགོས་པས། སྔགས་གོས་གསོལ་ཚེ་ཡང་། སྔགས་པའི་དགེ་སློང་དང་དགེ་ཚུལ་ལ་སོགས་པ་འདུལ་བའི་བརྟུལ་ཞུགས་ལ་གནས་པ་ཡིན་ན། ཆོས་གོས་ཁ་དོག་དཀར་བོ་དང་ནག་པོ་སོགས་དང་། སྐྲའི་ཐོར་ཅོག་དང་། རུས་པ་དང་རིན་པོ་ཆེའི་རྒྱན་ལ་སོགས་པ་ལུས་ལ་བགོ་བ་དང་བརྒྱན་པའི་སྔོན་དུ་དུས་དྲན་བྱས་ནས། རྒྱགས་པ་དང་། འཕྱར་གཡེང་གི་བསམ་པ་དང་། རྒོད་བག་སོགས་ཀྱིས་མིན་པར་ཀུན་སློང་དག་པ་དང་། ལྷའི་ང་རྒྱལ་འཆང་བར་བཤད་ལ།

ལོངས་སྤྱོད་རྫོགས་པའི་ལྷ་ཐུན་མོང་གི་དབང་དུ་བཏང་ན། ཆགས་བཅས་ཀྱི་ཆ་ལུགས་སུ་གཙུག་ཏོར་དང་བཅས་པའི་དབུ་སྐྲ་བཅིངས་པ་སྟེ། སྟོད་བཅིངས་ཤིང་སྨད་དཔྱངས་པ་སོགས་ཡོད་པ་དང་། དགོས་པ་ཡང་སྔགས་ཀྱི་དམ་ཚིག་བཟུང་བ་དང་རིམ་གཉིས་ཀྱི་རྣལ་འབྱོར་ལ་གནས་པའི་གང་ཟག་གིས། རང་ཉིད་ལྷའི་གཙུག་ཏོར་དང་ལྡན་པར་དྲན་གསོ་བའམ། ལྷའི་རྣལ་འབྱོར་དང་མི་འབྲལ་བའི་དམ་ཚིག་དྲན་པའི་རྟེན་དུ་འཆང་བའོ། །

དབུ་རྒྱན།

ལྷ་སོ་སོའི་འཕྲིན་ལས་ཀྱི་དབང་གིས། རིགས་ལྔའི་དབུ་རྒྱན། རིན་ཆེན་དབུ་རྒྱན། དར་དང་མེ་ཏོག་གི་དབུ་རྒྱན་སོགས་མང་མོད། བླ་མེད་ཀྱི་ལྷ་ཕལ་ཆེར་རིན་ཆེན་དང་ཐོད་སྐམ་ཀྱི་དབུ་རྒྱན་ཏེ། དེ་ཡང་ཐོད་སྐམ་ལྔས་བདེ་སྟོང་ཡེ་ཤེས་ལྔ་དང་། དེ་བཞིན་ལག་གི་ལྷར་ཤར་བ་རྒྱལ་བ་རིགས་ལྔ་མཚོན་ལ། དགོས་པ་ཡང་གསང་སྔགས་རིག་པ་འཛིན་པ་རྣམས་ཀྱིས། རང་གི་དབུར་རིགས་ཀྱི་བདག་པོ་རྣམས་དང་མི་འབྲལ་བའི་དམ་ཚིག་གི་རྟེན་དུ་བྱེད་པ་ཡིན་ནོ། །

བྲོག་ཞུ།

བྲོག་ཞུ་ནི་རལ་བའི་ཐོར་ཅོག་ལ་བརྟེན་པ་རིན་པོ་ཆེའི་ཁྱུད་མོ་སུམ་རིམ་ལ་རིན་པོ་ཆེའི་རྩེ་ཕྲན་རྣམས་ཀྱིས་མཛེས་པར་བྱས་ཤིང་། སྤྱི་བོར་རིན་པོ་ཆེ་ལ་གནས་པའི་རྡོ་རྗེ་ཕྱེད་པས་མཚན་པ་སྟེ། རལ་བའི་ཐོར་ཅོག་དངོས་མེད་ན་སྐྲ་ལས་བྱས་པའོ། །རྗེ་བསྟན་རྒྱན་གྱིས། བྲོག་ཞུ་དེ་གཙུག་ཏོར་གྱི་སྟེང་ནས་ཞྭ་ལྟར་གྱོན་པར་བྱེད་པ་ཞིག་ཡིན་པར་གསུངས་སོ། །

ཁྱིམ་སྔགས་ཀྱི་གོས་དཀར།

ཁྱིམ་སྔགས་ཀྱིས་གོས་དཀར་གྱོན་པ་ནི་སྔགས་ཆས་ཞིག་ཡིན་པར་མ་ཟད། དེའི་རྒྱུ་སྐུད་པ་འཁལ་དང་རས་ཡུག་འཐག་པ་སོགས་ཀྱང་དམ་ཚིག་ཏུ་བརྩིས་ཡོད་དེ། དགྱེས་རྡོར་གྱི་བརྟག་པ་ཕྱི་མ་ལེའུ་དྲུག་པའི་ནང་། གང་གང་སྐུད་པ་འཁལ་བ་དང་། །གང་གང་རས་ཡུག་ཐགས་པ་དང་། །དེ་ཡང་དམ་ཚིག་ཅན་ངེས་པས། །དམ་ཚིག་བྱིན་རླབས་རྣལ་འབྱོར་བས། །ཞེས་གསུངས་ལ།

ཁྱིམ་སྔགས་རྣམས་ཀྱིས་གོས་དཀར་བགོ་བའི་ཁུངས་ནི། དཔུང་བཟང་ལས། གོས་དཀར་དག་གམ་ཤིང་ལོ་འམ་གསོ་མ་འམ། ཟར་མ་འམ་ཤིང་ཤུན་རྣམས་ཀྱི་གོས་བགོའོ། །ཞེས་པ་ལྟར། གསང་བ་སྤྱི་རྒྱུད་དང་། རྡོ་རྗེ་མེ་ལྕེ་རྒྱུད་སོགས་ལས་ཀྱང་གསུངས་ལ། གོས་མ་བཅོས་དཀར་བོ། སྐྲ་མ་བཅོས་ལྕང་ལོ། སེམས་མ་བཅོས་གཉུག་མ་སྟེ། མ་བཅོས་གསུམ་ལྡན་གྱི་སྔགས་པ་ཞེས། གོས་དཀར་གཙང་ལ་ནག་ནོག་གི་དྲི་མ་མེད་པ་ཞིག་བགོ་བ་ཡིན་ནོ། །ཁྱད་པར་དུ་སྨད་གོས་དེ་ཉལ་བའམ་ཁྲུས་ཀྱི་ཚེ་མ་གཏོགས་མི་འབྲལ་བ་སྟེ། ལེགས་གྲུབ་ལས། ཉལ་དང་ཁྲུས་བྱེད་མ་གཏོགས་པར། །སྔགས་པས་མཐང་གོས་མི་སྤང་ཞིང་། །དཀར་ལ་ཤིན་ཏུ་འཇམ་པ་དེ། །ཉིན་རེ་བཞིན་དུ་བཀྲུ་བར་བྱ། །ཞེས་སོ། །

གཞན་ཡང་། ལས་བཞིའི་སྦྱིན་སྲེག་སོགས་ཞི་རྒྱས་དབང་དྲག་ལ། གོས་རྒྱན་དང་ཡོ་བྱད་ཡང་དཀར་སེར་དམར་ནག་བསྔགས་པ་ཡིན་ཏེ། མི་གཡོ་བའི་རྟོག་པའི་རྒྱུད་ལས། གོས་དཀར་རྒྱན་ཡང་དཀར་བོ་སྟེ། །ཡོ་བྱད་ཀུན་ཀྱང་དཀར་བྱས་ནས། །བསམ་པ་བཟང་བོས་ཤར་བལྟས་པ། །འདིས་ནི་ཞི་བའི་ལས་རྣམས་འགྲུབ། །ཅེས་སོ། །

སྟོད་སྨད་ཀྱི་གོས་སོགས།

སྟོད་སྨད་ཀྱི་གོས་ལའང་ལྷ་རང་རང་གི་རྣམ་འགྱུར་གྱིས་མཚོན་པས། གང་འཚམ་ཞིག་ཡོད་མོད་ཀྱང་། འདིར་ལྷ་དང་ཆ་ལུགས་མཐུན་པར་བྱ་བའི་ཕྱིར་ལྷ་རྫས་ལས་གྲུབ་པའི་སྟོད་གོས་དང་སྨད་གཡོགས་རིན་པོ་ཆེའི་རྒྱན་ཅན། དམ་ཚིག་དྲན་པ་གསོ་བའི་རྟེན་དུ། དེ་ཡང་ཞི་བའི་ལྷ་རྣམས་ལ་ལྷ་རྫས་གོས་ཀྱི་ན་བཟའ་དང་། དར་དཔྱངས་སྟོད་ཁེབས་སོགས་ཏེ། སྔགས་འཆང་རྒྱན་མེ་ལས། དུག་ལྔ་མ་སྤངས་པའི་བརྡར། དར་དཀར་བོ་གསེར་གྱི་ངང་རིས་ཅན་གྱི་སྟོད་གཡོགས་དང་། ཚི་གུས་སྨད་དཀྲིས་དང་། ཅོད་པན་ཟི་ལྡིར་གར་གྱི་ཕུ་དུང་ཅན་ཏེ། དར་གྱི་ཆས་གོས་ལྔ་དང་། བཏགས་པའི་རྒྱན་ལའང་ལོངས་སྤྲུལ་གཉིས་ལས། དང་བོ་ནི། འདོད་ཡོན་མ་སྤངས་གནས་སུ་དག་པའི་བརྡར། རིན་ཆེན་དབུ་རྒྱན། སྙན་ཆ། མགུལ་རྒྱན། སེ་མོ་དོ། ཕྱག་གདུབ། ཞབས་གདུབ། སྐ་རགས། དོ་ཤལ་སྟེ་རིན་ཆེན་རྒྱན་བརྒྱད་དོ། །ཐུབ་པའི་རྒྱན་དྲུག་ནི། ཕར་ཕྱིན་དྲུག་མཐར་ཕྱིན་པའི་བརྡར། ནམ་མཁའི་ཁྱུང་གི་རྒྱན། བུ་ཆུང་ལྷ་ཡི་རྒྱན། རི་དྭགས་སྙིང་རྗེའི་རྒྱན། ཆུ་སྲིན་པ་ཊའི་རྒྱན། སེང་གེ་བརྗིད་ཀྱི་རྒྱན། གླང་ཆེན་སྟོབས་ཀྱི་རྒྱན་དྲུག་གོ ། མཚོན་དོན་ཡང་། གླང་ཆེན་གྱིས་སྟོབས། སེང་གེས་མི་འཇིགས་པ། རི་དྭགས་གིས་སྙིང་རྗེ། ཤང་ཤང་གིས་དགེ་སྡིག ངང་བས་བྱམས་པ། ཆུ་སྲིན་གྱིས་ཐུགས། ཀླུ་འབྲུག་གིས་ཡེ་ཤེས། བྱ་ཁྱུང་གིས་ལྟ་བའོ། །

ཁྲོ་བོའི་རིགས་ལ་དུག་གསུམ་དབྱིངས་སུ་བཅོམ་པའི་བརྡར། མི་ལྤགས་ཀྱི་སྟོད་གཡོགས་དང་། གླང་ཆེན་ཀོ་བའི་སྐེ་དཀྲིས། སྟག་ལྤགས་ཀྱི་ཤམ་ཐབས་བགོ་བ་སྟེ། དེ་ཡང་ཞིང་ལྤགས་ནི། སྐྱེས་པ་དར་མ་གཡུལ་དུ་བསད་པའི་པགས་རློན་ཁྲག་ཤམ་ཅན། ཡན་ལག་མགོ་དང་བཅས་པའོ། །གླང་གོས་ནི། མིས་བདག་ཏུ་མ་བཟུང་བའི་ནགས་ཀྱི་གླང་རྒོད་ཕན་ཚུན་སྟོབས་བཀྱེ་ཏེ་ཤི་བའི་མགོ་སུག་དང་བཅས་པའོ། །སྟག་པགས་ནི། མོ་སྟག་དར་མ་བཀྲག་མདངས་ཅན་སྐྱོན་མ་ཞུགས་པ་སྡེར་བཞི་མགོ་དང་བཅས་པ་ཁྲག་གི་ར་རིས་སྦགས་པའོ། །དག་པ་ཡང་། ང་རྒྱལ་དབྱིངས་སུ་དག་པའི་ཞིང་ལྤགས། གཏི་མུག་དག་པས་གླང་ཀོ འདོད་ཆགས་དག་པས་སྟག་ཤམ་མོ། །གཞན་ཡང་། དཔའ་བོ་དང་ལྷ་མོའི་རྒྱུད་ལ་གཟིག་ཤམ་དང་། སྒྱུ་འཕྲུལ་དྲ་བ་ལས། སྨད་གཡོགས་སེང་གེའི་པགས་པས་གཡོགས། །ཞེས་སེང་ལྤགས་སོགས་གྱོན་ཞིང་། ཁྲོ་རྒྱན་ལའང་། མ་རུངས་གདུག་ཅན་འདུལ་ཕྱིར་སྦྲུལ་ཆུན་དང་། དེ་དག་འཁོར་བ་ལས་སྒྲོལ་ཕྱིར་མགོ་ཕྲེང་ངོ་། །དེ་ཡང་སྦྲུལ་ཆུན་ནི། ཀླུ་རིགས་དཀར་སེར་སྔོ་ལྗང་གི་སྦྲུལ་བཞི་ཀ ཡན་ལག་གི་ཉྭ་བཞིར་བཅིངས་པའོ། །ཐོད་ཕྲེང་ནི། སྦྲུལ་ནག་ཟུང་ལ་མགོ་རློན་ལྔ་བཅུ་བརྒྱུས་ཏེ་ཕྲེང་བ་མགུལ་ནས་བྲང་གི་བར་དཔྱངས་པའོ། །དག་པ་ལ། སྦྲུལ་ཆུན་གྱིས་ཀླུ་རིགས། མགོ་རློན་གྱིས་ཚངས་པ་འདུལ་བའམ། ཡང་ན། སྦྲུལ་ཆུན་གྱིས་ཞེ་སྡང་། ཐོད་ཕྲེང་གིས་ཕྲག་དོག་དབྱིངས་སུ་ཞི་བའོ། །

བྱུགས་རྫས་ལའང་། ཐལ་ཆེན་གྱི་ཚོམ་བུ། ཁྲག་གི་ཐིག་ལེ། ཞག་གི་ཟོ་རིས་བཅས་བྱུག་པའི་རྫས་གསུམ་སྟེ། ཐལ་ཆེན་ནི། དཔའ་བོ་གྲི་ཤིར་ཐེབས་པའི་རོ་བསྲེགས་པའི་ཐལ་བ་བྱུགས་པའི་སྟེང་། རུས་པའི་ཕྱེ་མ་དཀར་བོ་སོར་གསུམ་བཅུག་ནས་དཔྲལ་བར་འབྲུ་ཡི་ཚོམ་བུ་ལྟར་བཀོད་པ་དང་། ཁྲག་གི་ཐིག་ལེ་ནི། དཔའ་བོ་གཡུལ་དུ་རྨས་ཏེ་དབུགས་མ་ཆད་གོང་དུ་སྙིང་ཁྲག་དྲོན་མོ་མཁུར་ཚོས་གཉིས་སུ་ཐིག་ལེ་སུམ་ཚུགས་སུ་ནོར་བུའི་དབྱིབས་སུ་བྲིས་པ་དང་། ཞག་གི་ཟོ་རིས་ནི། རུ་ཏྲའི་ལེའུ་ལས། དེ་ནས་ཁ་ལ་ཞག་གི་ཟོ་རིས་ཆགས། །གསུངས་པ་ལྟར། ཞག་དེས་སོར་མོ་གསུམ་གྱི་རིས་སམ། ཟོར་བ་རིས་འཁྱོག་གསུམ་དུ་བྲིས་པའོ། །དག་པ་ལའང་། ཐལ་ཆེན་གྱིས་བརྒྱ་བྱིན། རཀྟས་དབང་ཕྱུག ཞག་གིས་ཁྱབ་འཇུག་སྟེ་ལྷ་ཆེན་གསུམ་འདུལ་བའམ། དུག་གསུམ་འཇོམས་པར་སྦྱར་བའང་ཡོད་དོ། །

དེ་གསུམ་ཡང་དུག་གསུམ་བཅོམ་པའི་བརྡ་རྟགས་སུ་གསུངས་ཤིང་། བརྡ་དོན་ཡང་སྔོན་རུ་ཊ་ཐར་བ་ནག་པོ་བཏུལ་བའི་ཆས་རྣམས་ཏེ། དེ་ཡང་ཡེ་ཤེས་ཀྱི་ཆས་སུ་བྱིན་གྱིས་བརླབས་པ་ཡིན་ནོ། །ཡང་རིག་པ་རང་བྱུང་གི་ཡེ་ཤེས་ལ་ཡོན་ཏན་རང་ཆས་སུ་ཡོད་པའི་བརྡ་རྟགས་སུ་དཔལ་གྱི་ཆས་བཅུ་ནི། རྔམ་གློག་ལས། གཟི་བརྗིད་འབར་བ་ཆུ་སྲིན་བརྗིད་པའི་ཆས། །ཐབས་དང་ཤེས་རབ་ཉི་ཟླ་ཟུང་འབྲེལ་ཆས། །བདུག་པ་བསྲེགས་པ་ཡེ་ཤེས་མེ་ཡི་ཆས། །སྐྱེ་ཤི་རྩར་གཅོད་མཆེ་བ་ཟླ་ཚེས་ཆས། །ཁྱབ་མཛད་རེ་སྐོང་རྡོ་རྗེའི་གཤོག་པའི་ཆས། །མངའ་ཐང་ཡོངས་རྫོགས་རྡོ་རྗེ་སློག་པའི་ཆས། །སངས་རྒྱས་སར་འགྲོ་དབང་གི་བསེ་ཁྲབ་ཆས། །གནོད་གདུག་བཟློག་བྱེད་རྒྱ་བྱེའུ་ལྕགས་ཀྱི་ཆས། །ཞེས་དང་། ཡང་། རྣམ་གྲངས་ལ། རྡོ་རྗེ་ཁྱུང་གཤོག་ཐབས་དང་ཤེས་རབ་ཆས། །མཐིང་ག་ཅོད་པན་དཔའ་རྟགས་ཟིལ་གནོན་ཆས། །སྤྱི་གཙུག་རྡོ་རྗེ་ལྷག་པ་རིག་པའི་ཆས། །དབང་གི་བསེ་ཁྲབ་གཟི་འབར་བགྲོད་པའི་ཆས། །གཉིས་མེད་སྦྱོར་བ་ཤེས་རབ་ཡུམ་གྱི་ཆས། །གནོད་གདུག་བཟློག་བྱེད་རྒྱ་བྱེའུ་ལྕགས་ཀྱི་ཆས། །ཉོན་མོངས་སྲེག་བྱེད་རྡོ་རྗེ་མེ་རིས་ཆས། །དབུ་སྐྲ་གྱེན་བརྫེས་འཁོར་བ་རྒྱུ་བཟློག་ཆས། །ཞེས་དང་། བཀའ་བརྒྱད་སོགས་ལས། རྒྱ་བྱེའུ་ལྕགས་ཀྱི་ཆས། བསེ་ཁྲབ་དབང་གི་ཆས། གཅན་གཟན་གཟིག་གི་ཆས། སྤྲུལ་བ་རྡོ་རྗེ་ཆས། གདུག་པ་སྦྲུལ་གྱི་ཆས། དཔའ་བོ་སྟག་གི་ཆས། གཟི་མདངས་ཞིང་ལྤགས་ཀྱི་ཆས། དམར་གསར་ཁྲག་གི་ཆས། རྩལ་ཆེན་སེང་གེའི་ཆས། གདུག་པ་དོམ་གྱི་ཆས་སོགས་ཀྱང་བཤད་དོ། །ཀླུ་རིགས་ལྔ་འདུལ་བའི་བརྡར། རྒྱལ་རིགས་ལ་དཀར་བོ། བྲམ་ཟེའི་རིགས་དམར་བོ། རྗེ་རིགས་སེར་བོ། དམངས་རིགས་ལྗང་གུ གདོལ་རིགས་ནག་པོ་སྟེ། སྦྲུལ་རིགས་ལྔའི་རྒྱན་ནོ། །ཡང་རྡོ་རྗེ་སློབ་དཔོན་གྱི་ཆས་སུ་ཞུགས་པར་བྱ་བ་ནི། རིན་ཆེན་དབུ་རྒྱན། ཐོར་ཚུགས། ཅོད་པན། སྙན་ཆ། མགུར་ཆུ། དཔུང་རྒྱན། ཕྱག་གདུབ། ཞབས་གདུབ། དོ་ཤལ་རུས་པའི་རྒྱན་དྲུག་དང་། དར་ཟབ་ཀྱི་སྟོད་གཡོགས། སྨད་གཡོགས། དྲི་བཟང་གི་བྱུགས་པ། རིན་ཆེན་ཕྲེང་བ་རྣམས་འདོད་ཡོན་མ་སྤངས་པའི་རྒྱན་དུ་རོལ་ཕྱིར་གསོལ་ལ། གཉིས་པ་གང་གི་ཆས་ནི། སྟག་ཤམ། རུས་རྒྱན། སྙིང་ཕྲེང་། གྲི་རྣམས་སྟེ་རིགས་དྲུག་ཡེ་ཤེས་དྲུག་ཏུ་སྦྱོར་བའི་བརྡའོ། །གཞན་ཡང་། དབང་བསྐུར་རྒྱལ་བོའི་རྒྱུད་ལས། བུམ་དབང་ཆོས་བཅུ་མ་འཛོམས་ན། །ཡེ་ཤེས་སེམས་དཔའ་འཕེལ་མི་འགྱུར། །ཞེས་པ་ལྟར། ཆོས་བཅུ་ནི། ༡ གྲུབ་པར་བྱེད་པ་ཚོགས་ཀྱི་ཆས། ༢ བཀོལ་ཉན་དུས་བཏབ་འཁོར་གྱི་ཆས། ༣ བར་ཆད་སྲུང་བ་མོས་པའི་ཆས། ༤ ལ་ཉེས་བརྟགས་པ་སྟ་གོན་ཆས། ༥ དམིགས་རྟེན་བཅའ་བ་དཀྱིལ་འཁོར་ཆས། ༦ ཞུ་གསོལ་ལྡན་པ་ལས་ཀྱི་ཆས། ༧ ཡོན་ཏན་ལྡན་པ་ཡུམ་གྱི་ཆས། ༨ ཕྱག་རྒྱ་བསྒྱུར་བ་གར་གྱི་ཆས། ༩ སྟངས་སྟབས་འགྱིང་བག་གིང་གི་ཆས། ༡༠ བྱེ་བྲག་འབྱེད་པ་རོལ་མོའི་ཆས། ཞེས་ཀྱང་གསུངས་སོ། །ཁྱད་པར་དུ་གོས་རྒྱན་སོགས་ཀྱི་ཆས་འདི་དག་ཡེ་ཤེས་ཀྱི་ཆས་སུ་བྱིན་གྱིས་བརླབས་པ་ཡིན་ཏེ། རུ་ཏྲའི་ཆས་ནི་མང་ལ་ཡང་བ་ཡང་། །དེ་དག་ཡེ་ཤེས་ཆས་སུ་བྱིན་གྱིས་བརླབས། །ཞེས་སོ། །

དེ་ལྟར་ཞི་མ་ཁྲོའི་རིགས་དང་། ཆགས་ཤིང་ཁྲོ་བའི་རིགས་དང་། ཁྲོས་ཤིང་ཆགས་པའི་རིགས་སོགས་ཀྱང་། ལྷ་རང་རང་གི་རྒྱུད་ནས་བདེ་སྟོང་གི་ལམ་ཇི་ལྟར་མངོན་པར་གསལ་མི་གསལ་སོགས་ཀྱི་གནད་ཀ་ལྡན་ལ། དེ་ཕྱིར་ན་བཟའ་བཞེས་ཚུལ་སོགས་ལའང་དེ་མཚུངས་སུ་མཛད་པ་ཤེས་དགོས་སོ། །

བེར།

བེར་གྱི་ཁུངས་ནི། སྒྲུབ་པ་རྩ་རྒྱུད་ལས། ན་བཟའ་དར་ནག་བེར་ཆེན་གསོལ། །ཞེས་གདན་གཞི་དང་དངོས་གྲུབ་འབྱུང་རྒྱུད་སོགས་ལས་ཀྱང་གསུངས་ལ། བེར་གྱི་ཁ་དོག་སྔོན་པོ་དང་། ལྗང་ཁུ། ནག་པོ། དམར་བོ་སོགས་རྒྱུད་ལས་གསུངས་མོད། གཙོ་བོ་ཁ་དོག་ནག་པོའི་སྟེང་ལ་སྐུད་པ་དམར་བོའི་མེ་རིའི་རི་མོ་ཅན། སྐེད་པ་ནས་སྡུད་ཆིངས་ཡོད་པ། བེར་འདབ་ཤིན་ཏུ་ཡངས་པ་དེའོ། །ད་ལྟ་ཐུལ་བ་འམ་ཟླ་གམ། བླ་མ་ཚོས་གསོལ་བའི་སྐུ་བེར་འདི་ལ་འདྲ་དཔེ་བླངས་པ་ཡིན།

ཡང་། སྔགས་ཆས་ཀྱི་བེར་འདི་ལ་མི་ལྤགས་ཀྱིས་གཡོགས་པའམ། སུམ་རིམ་དུ་བྱེད་པའང་ཡོད་དེ། གདན་བཞི་ལས། སྙིང་བོའི་ཚེམ་བེར་དམར་བོ་ནི། །མི་ཡི་པགས་པས་གཡོགས་པར་བྱ། །ཞེས་དང་། དངོས་གྲུབ་འབྱུང་རྒྱུད་ལས། སྐུ་ལ་དར་བེར་སུམ་རིམ་ལ། །སྣ་ཚོགས་ཅོད་པན་དར་གྱིས་སྤྲས། །ཞེས་སོ། །

ལྷ་མོའི་ཕྱག་རྒྱ་ལྔ།

སམྦུ་ཊ་ལས། འཁོར་ལོ་རྣ་ཆ་མགུལ་རྒྱན་དང་། །ལག་པར་གདུ་བུ་སྐ་རགས་ཉིད། །སངས་རྒྱས་ལྔ་ནི་རྣམ་དག་པས། །འདི་ལྔ་ཕྱག་རྒྱ་དག་པར་གསུངས། །ཞེས་པ་ལྟར། དག་པ་ཡང་། འཁོར་ལོས་མི་བསྐྱོད་པ། རྣ་ཆས་འོད་དཔག་མེད། མགུལ་ཕྲེང་གིས་རིན་ཆེན་འབྱུང་ལྡན། ལག་གདུབ་ཀྱིས་རྣམ་སྣང་། སྐ་རགས་ཀྱིས་དོན་འགྲུབ་མཚོན་པར་ཀྱེ་རྡོར་ལས་ཀྱང་བཤད་དོ། །

ཡང་། རྣལ་འབྱོར་མ་ཀུན་སྤྱོད་ལས་རྒྱན་དགུ་དང་། སངས་རྒྱས་ཐོད་པ་ལས་བརྒྱད། ཀྱེ་རྡོར་ལས་བདུན། མངོན་བརྗོད་བླ་མ་ལས་དྲུག་ཀྱང་བཤད་དོ། །ཡི་དམ་ལྷའི་རྒྱན་ཆ་འདི་དག སྤྱིར་གསང་སྔགས་འབྲས་བུ་ལམ་འཁྱེར་གྱི་ལམ་ཡིན་པ་དང་། སྔགས་ལམ་དུ་འདོད་ཡོན་མི་སྤངས་པར་ལམ་འཁྱེར་གྱིས་ཉམས་སུ་བླངས་དགོས་པ་དང་། གདུལ་བྱ་ཆགས་ཅན་གྱི་གང་ཟག་ལ་བསྟན་པའི་ལམ་ཡིན་ཕྱིར། དེ་སྒོམ་པའི་རྣལ་འབྱོར་བས་ཀྱང་། རྒྱན་ཆ་དག་འཇིག་རྟེན་ན་རིན་པོ་ཆེ་སོགས་རིན་ཐང་ཆེ་བ་དང་། མཛེས་པར་གྲགས་པ་ལྟར། ཁྲོ་ཆས་སོགས་ལྷའི་ཆ་ལུགས་དང་མཐུན་པར་རྒྱན་གོས་ཀྱིས་བརྒྱན་དགོས་པ་ཡིན། ཁྱད་པར་དུ་དབང་བསྐུར། རབ་གནས། སྒྲུབ་པ། སྦྱིན་སྲེག ཚོགས་འཁོར། གསང་སྤྱོད། ཚོགས་སྤྱོད་སོགས་ཀྱི་སྐབས་སུ་བརྒྱན་དགོས་པ་ཡིན་ནོ། །གསང་སྔགས་ཀྱི་ཚེ། ལུས་རྒྱན་སྤྲས་པ་འདི་ཡང་སྔགས་པ་དགེ་ཚུལ་སློང་ཡིན་ན་དུས་དྲན་བསྟེན་ཏེ་གསོལ་བ་དང་། ཁྱིམ་པ་ཡིན་ནའང་མཛེས་ཆོས་དང་། རྒྱགས་འཕྱར། རྒོད་གཡེང་སོགས་ཀྱི་བསམ་པས་ལྷའི་རྣལ་འབྱོར་དང་བྲལ་བར་བྱེད་ན་ནི། རབ་བྱུང་གི་བསླབ་པས་མ་བསྡམས་པ་ཁྱིམ་པའི་སྔགས་པ་ཡིན་ཡང་། ངན་སོང་གི་སྒོ་དབྱེ་བས་མི་རུང་བས་ན་རབ་ཏུ་བྱུང་བ་ལྟ་ཅི་སྨོས། དེ་ལྟ་མིན་པར་བསམ་པ་ཁྱད་པར་ཅན་གྱིས་ལྷའི་རྣལ་འབྱོར་ལ་གནས་པས་ཆས་སུ་ཞུགས་པ་ལ་བསོད་ནམས་ཁྱད་པར་ཅན་འཐོབ་ཀྱི། གཞན་དུ་ན་མཆོད་པ་འབུལ་བའི་སྐད་ཀྱི་གདངས་དང་། སྦྱིན་སྲེག་གི་ཚེ། འབྲུ་མེ་ལ་སྲེག་པ་དང་། མཆོད་པའི་སླད་དུ་རོལ་མོ་བྱ་བ་སོགས་ལའང་དུས་དྲན་མི་འཆགས་ཤིང་བྱར་མི་རུང་བར་འགྱུར་བས། མདོ་སྔགས་འགལ་བར་འཛིན་པའི་ཕྱོགས་སུ་བརླན་པར་འགྱུར་བ་དང་། རབ་བྱུང་གཟུགས་ཀྱིས་ལྷའི་ཆས་སུ་ཞུགས་ནས་གསང་རྫས་དུ་མ་ཐོགས་ནས་ལུས་ཀྱིས་ཕྱག་རྒྱ་དང་། ངག་གི་སྔགས་ལ་སོགས་གསང་བ་སྒྲོགས་ཤིང་། དབང་མ་འཐོབ་པའི་སྐྱེ་བོ་མང་བོའི་དབུས་སུ་རྒོད་བག་གི་བསམ་པས་ཀུན་ཏུ་རྩེ་བ་དག་ནི། མདོ་སྔགས་ཀྱི་བསྟན་པ་གཉིས་ཀ་དུས་གཅིག་ཏུ་ཉམས་པར་བྱས་ཏེ་དམྱལ་བ་མི་བཟད་པའི་སྒོ་ཕྱེས་པ་ཡིན་ལ། དེ་བས་མཐའ་གཉིས་སུ་མ་ལྷུང་བའི་སྒོ་ནས་བསྟན་པ་ཐམས་ཅད་འགལ་མེད་དུ་འཁྱེར་ཤེས་པར་བྱའོ། །

རིན་པོ་ཆེའི་རྒྱན་དྲུག

རིན་པོ་ཆེ་རྒྱན་དྲུག་འདི་ལ་འདྲེན་ཚུལ་མི་འདྲ་བ་མང་ཡང་། བདེ་དགྱེས་དུས་འཁོར་སོགས་དུ་མ་དང་། ཀུན་སྤྱོད་དང་ལུ་ཨི་བའི་བདེ་མཆོག་གི་མངོན་པར་རྟོགས་པ་གཉིས་ལས། མགུལ་རྒྱན། གདུ་བུ། རྣ་ཆ། སྤྱི་གཙུག་གི་ནོར་བུ། མཆོད་ཕྱིར་ཐོགས། ཐལ་ཆེན་ཏེ་དྲུག་གོ།

མགུལ་རྒྱན་ནི། དབུས་ཀྱི་གཞུང་དང་མཐའ་རྟེན་གཉིས་ཀྱི་བར་རུས་པའི་ཕྲེང་བ་བརྒྱད་ཀྱིས་བསྣོལ་མར་བསྡམས་ཤིང་། དེ་ལས་དོ་ཤལ་གྱི་ཚུལ་དུ་འཆང་བ་རུས་པའི་ཤར་བུ་དུ་མས་མཛེས་པར་བྱས་པ་བརྒྱད་བྱའོ། །

གདུ་བུ་ནི། མཐའ་གཉིས་དབུས་དང་གསུམ་དུ་རུས་པའི་གཞུང་བར་སྐབས་དང་མཐའ་རྟེན་བྱས་པའི་དབུས་ཀྱི་གཞུང་གི་གཡས་གཡོན་གཉིས་ཀ་དང་། མཐའ་རྟེན་གཉིས་ཀྱི་ནང་ཟུར་ལ་བུག་པ་ལྔ་ལྔ་བྱས་པ་ལས་སྐུད་པ་དྲངས་ཏེ། དེ་ལ་བརྒྱུས་པའི་རུས་པའི་ཕྲེང་བ་ལྔས་བསྣོལ་མར་བསྡམས་པའི་སྨད་ངོས་ལ་ཤར་བུ་དང་གཡེར་ཆུང་ངུ་དུ་མས་མཛེས་བྱས་པའོ། །

རྣ་རྒྱན་ནི། དབུས་སུ་རྡོ་རྗེ་རྩེ་གསུམ་པས་མཚན་པའི་རུས་པའི་འཁོར་ལོ་རེ་རེ་ལའང་དྲ་བ་གསུམ་དང་དྲ་ཕྱེད་གཉིས་གཉིས་ཏེ་ལྔ་ལྔས་བརྒྱན་པའོ། །རྒྱལ་དབང་གིས་དྲ་ཕྱེད་ལྔ་ཞེས་གསུངས་སོ། །

སྤྱི་གཙུག་གི་ནོར་བུ་ནི། ནོར་བུ་རིན་པོ་ཆེ་ཆ་བརྒྱད་པའམ་དགུ་བ་རྩེ་མོར་རྡོ་རྗེ་རྩེ་ལྔ་བ་རྫོགས་པ་སོར་ལྔའམ་ཅི་ལྟར་མཛེས་པས་མཚན་པའི་རྩ་བ་མི་རུས་ཀྱི་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་བཅུག་ནས། མི་འགུལ་བར་བྱས་པའི་རྩིབས་ཀྱི་མཚམས་རྣམས་ནས་ཕུག་པའི་བུག་པ་བརྒྱད་ནས་བརྒྱུས་པའི་རུས་པའི་ཕྲེང་བ་འཁོར་ལོའི་རྩིབས་ལྟ་བུར་གྱུར་བ་བརྒྱད་བྱ་ཞིང་། ཕྲག་གོང་གཡོན་གྱི་ཕྲེང་ཐག་ཀྱང་དེ་བཞིན་དུ་སྟེང་གི་གཡོན་ཟུར་ནས་འོག་གི་གཡས་ཟུར་དུ་ཐལ་བྱུང་དུ་ཐོན་པའི་ཚུལ་གྱིས་བསྣོལ་མར་སྦྲེལ་བའོ། །

མཆོད་ཕྱིར་ཐོགས་ནི། འདོད་འཇོ་དང་ཀུན་སྤྱོད་ལས་མཆོད་ཕྱིར་ཐོགས་ལ་ཚངས་སྐུད་ཅེས་ཀྱང་ཟེར་ལ། རུས་པའི་མཆོད་ཕྱིར་ཐོགས་མེད་ན་རྐུན་མའི་སྐྲ་འམ་མིའི་རྒྱུས་པ་ལས་བྱས་པའི་སྐུད་པ་ཉག་མ་གཅིག་ལ་སུམ་སྒྲིལ་བྱས་པ། རིང་བོ་གཅིག་གིས་ཕྲག་པ་ནས་མཆན་འོག་ལ་སྐོར་གསུམ་དུ་འཁོར་བའི་སྐོར་གསུམ་གའང་རྡོ་རྗེའི་མདུད་པས་བར་བར་དུ་བསྡམས་པའི་རྡོ་རྗེའི་མདུད་པ་གསུམ་དང་ལྡན་པ་དེ་ལྟ་བུ་སྔར་ལྟར་རྒྱ་གྲམ་དུ་འཆིང་བའམ། པང་ནས་ཕྲག་པ་གཡོན་པ་ནས་མཆན་ཁུང་གཡས་ལ་བྱས་ཏེ། ག་ཤལ་ལྟར་བཅིངས་པའོ། །

ཐལ་ཆེན་ནི། མི་རུས་ཀྱི་ཐལ་བས་ལུས་ཐམས་ཅད་ལ་བྱུགས་པར་བདེ་དགྱེས་དུས་འཁོར་སོགས་དུ་མ་ལས་གསུངས་ཤིང་། ཆས་འཇུག་གི་ཚེ་དེ་ལྟར་མ་གྲུབ་ན། དཔྲལ་བ་ལུས་ཀྱི་གནས་ཡིན་པས་ལུས་ཐམས་ཅད་ལ་དགོད་པའི་ལྷ་དཔྲལ་བར་འགོད་པའི་རིགས་པས་ལུས་ཐམས་ཅད་ལ་བྱུགས་པར་མོས་ཏེ། དཔྲལ་མཚམས་སུ་ཐལ་ཆེན་གྱི་ཐིག་ལེའམ། སོར་རིས་གསུམ་བྱའོ། །ཡང་ཁ་ཅིག་ལུས་ལ་ཐལ་ཆེན་བྱུགས་ཤིང་མཉེས་པའི་སྟེང་དུ་རུས་ཆེན་བསྲེགས་ནས་དཀར་བོར་གྱུར་བ་ཞིབ་ཏུ་བཏགས་པ་ལ་སོར་མོ་ལྔའི་རྩེ་མོ་ཉུག་ནས། སོར་མོ་ལྔ་བསྡོམས་ཏེ། དཔྲལ་བ་དང་མཁུར་ཚོས་སོགས་གནས་རྣམས་སུ་རེག་པ་ན། གཞིའི་ཐལ་ཆེན་ལས་དཀར་བའི་མཚན་མ་ལྔ་ཚོམ་རེ་འབྱུང་སྟེ། དེ་དག་ལ་ཐལ་ཆེན་གྱི་ཚོམ་བུ་ཞེས་བྱའོ། །ཡང་ཕྱིན་དྲུག་མཚོན་ཕྱིར་མགུལ་རྒྱན་སོགས་དྲུག་བཤད་དོ། །

རྒྱན་དྲུག་གི་རྣམ་པ་ཅུང་ཟད་མི་འདྲ་བ་ཁལ་ཁ་དམ་རྡོར་གྱི་དམ་ཚིག་གི་རྫས་དང་ཡོ་བྱད་ཀྱི་རྣམ་བཞག་དངོས་གྲུབ་གཏེར་མཛོད་ལས་ཀུན་མཁྱེན་འཇམ་བཞད་དང་ཐང་སག་པའི་བཤད་ཚུལ་དྲངས་ནས་གསུངས་ཡོད་པས་དེར་བལྟ་བར་བྱའོ། །

ལེའུ་གཉིས་པ། ཞྭ་མོའི་སྐོར།

དང་བོ། ཞྭ་མོའི་དགོས་པ།

ཞྭ་མོ་འདི་ཡང་མིའི་རིགས་ཀྱི་གྱོན་ཆས་འཕེལ་རྒྱས་བྱུང་བའི་བརྒྱུད་རིམ་ཁྲོད། དར་སྲོལ་བྱུང་བའི་ཤེས་རིག་ཅིག་ཡིན་ལ། དེ་ཡང་གནའ་བོའི་ལ་ཐོད་དཀྲིས་པ་ནས། ད་ལྟའི་སྤུས་ཀ་ལེགས་པའི་ཞྭ་མོའི་བར་ཀྱི་ལོ་རྒྱུས་ལས་རྟོགས་ཐུབ། འདིར་བོད་ཀྱི་ཞྭ་མོའི་དབང་དུ་བཏང་ན། རབ་བྱུང་སེར་མོའི་ཞྭ་དང་། ཁྱིམ་པ་སྐྱ་བོའི་ཞྭ་གཉིས་སུ་དགར་ཆོག སྤྱིར་ན་བོད་ཞྭ་མང་ཆེ་བ་རྩེ་མོ་གཟེངས་སེ་ཡོད་པ་ཡང་། དགེ་ཆོས་ཀྱིས་བོད་ཀྱི་ཕ་མེས་རྣམས་གངས་རི་ལ་བརྩི་བས། ཞྭ་མོ་དང་གཏོར་མ། ལྷ་རྟེན་སོགས་ཀྱི་རྩེ་མོ་རྣོ་རྩེ་རེ་ཡོད་པ་ཞིག་ལ་དགའ་བ་ཡིན། གསུངས་པ་ལྟར་རོ། །སྒོས་སུ་ཆོས་དང་འབྲེལ་བའི་དབུ་ཞྭ་ནི། ཇི་སྐད་དུ། ཞྭ་ནི་བླ་མའི་རྟེན་འབྲེལ་ཏེ། །དད་པའི་ཕྱག་འཚལ་རབ་ཏུ་བླང་། །ཞེས་པ་ལྟར། ཞྭ་འདི་སྤྱི་བོའི་རིགས་བདག་བླ་མ་མཚོན་བྱེད་ཡིན་པས། དགོས་ཆེད་ཀྱང་། རང་གཞན་གནས་སྐབས་གསུམ་གྱི་དོན། །རང་ཉིད་བཙུན་པར་བྱ་བ་དང་། །གཞན་ཡིད་དྭངས་པ་འདྲེན་ཕྱིར་དང་། །གནས་སྐབས་རྐྱེན་ལས་སྐྱོབ་པ་སོགས། །དགོས་ཆེད་དུ་མ་ལྡན་པའོ། །ཞེས་དང་། ཁ་དོག་ལའང་། ཞྭ་ཡི་ཁ་བསྒྱུར་རིམ་པ་རྣམས། །ཞི་རྒྱས་དབང་དང་མངོན་སྤྱོད་དེ། །འཕྲིན་ལས་ཡོངས་ལ་སྤྱོད་པ་ལྔ། །དཀར་སེར་དམར་མཐིང་སྣ་ཚོགས་ཞྭ། །ཞེས་དང་། གཞན་ཡང་། སྔོན་བྱོན་དམ་པ་མང་བོས་ཚད་དབྱིབས་བཟོ་ཚུལ་སོགས་ལ་དཔྱད་འཇུག་ཡང་དག་པས་བརྡར་ཤ་བཅད་ནས་བྱུང་བ་ཡིན་པས། ཧ་ཅང་མིང་དོན་ལྡན་པས། འདིར་ཞྭ་མོ་སྣ་ཚོགས་ཀྱི་བཟོ་དབྱིབས་དང་འགྲེལ་བརྗོད་བྱེད་པ་ལ།

གཉིས་པ། གསང་སྔགས་ཀྱི་དབུ་ཞྭའི་སྐོར།

༡ སྲིད་པ་སྤྱི་བླུགས་ཀྱི་ཞྭ།

སྲིད་པ་སྤྱི་བླུགས་ཀྱི་ཁུངས་ནི། ཕྱག་རྡོར་གཏུམ་པོ་གསང་རྒྱུད་ལས། གཡང་གཞི་སྲིད་པ་སྤྱི་བླུགས་བགོ། །ཞེས་པ་དེ་ཡིན་ལ། དེ་ནི་ཀོ་བ་སོགས་ཀྱིས་བྱས་པའི་ཞྭ་རྩི་ནག་པོ་ཅན་འདབ་མ་ལ་མཁྱིད་གང་དང་། ཞྭ་ཕུག་ལ་མཐོ་གང་ཙམ་ཡོད་པ། འདབ་མའི་ཁོར་ཡུག་ལ་རུས་པ་སོགས་ཀྱིས་བཟོས་པའི་ཐོད་སྐམ་སོར་བཞི་བས་བརྒྱན་པ། སྟེང་དུ་སྐུད་པ་དཀར་དམར་མཐིང་གསུམ་གྱིས་ཆོས་འབྱུང་བསྣོལ་བའི་རི་མོ་སླས་པ། ཞྭ་སེར་རྡོ་རྗེ་ཕྱེད་པའི་ཏོག་གམ་ནོར་བུ་མེ་འབར་གྱིས་བརྒྱན་པ་ཞིག་ཡིན། ཐུའུ་བཀྭན་ཆོས་ཉིས། ཞྭ་ནག་འདི་རྙིང་མའི་སྲིད་པ་སྤྱི་བླུགས་ཀྱི་ཞྭར་གསུངས་ཀྱང་། དེ་ནི་རྒྱུད་གསར་མར་ཕྱག་རྡོར་གཏུམ་པོ་གསང་རྒྱུད་ལས་གསུངས་པས་སོ། །གཞན་ཡང་བྱང་ཆུབ་སེམས་ཞྭ། འདུལ་བ་ནས་གསུངས་པའི་ཆུ་ལ་ཆབ་རོམ་ཆགས་པའི་ཡུལ་དུ་གནང་བའི་ཞྭ་སྒྲོག་གུ་ཅན་སོགས་ཡོད་དོ། །

༢ གཙུག་ཞྭ།

གཙུག་ཞྭ་ཞེས་པ། ཞྭ་དབྱིབས་མི་འདྲ་བ་གསུམ་ཡོད་ལ། ཁྲོམ་ཚོགས་ཆེན་པོའི་སྐབས་དང་། བྱིན་འབེབས་དབང་བསྐུར་དང་འཆད་ཉན་ཀྱི་སྐབས། རྒྱུན་པར་གོན་པ་སོགས་གོན་སྲོལ་མི་འདྲ་བར་ཡོད་པར་བཤད། དེ་གསུམ་ཀའི་ནང་དུ། བྲིས་སྐུ་ཙཀྲ གདུང་རང་བསྲེལ་སོགས་བྱིན་རྟེན་དང་རབ་གནས་གནང་ལུགས་ཡོད་ལ། བཟོ་དབྱིབས་ཀྱང་མི་འདྲ་བ་མང་དུ་ཡོད་པར་བཤད།

༣ ཕོ་རོག་མཐུ་ཞྭ།

ཞྭ་ནག་རྩེ་མོ་བྱ་རོག་གི་མགོ་དང་། ཐོད་དུ་ཁྲོ་ཞལ་ཡོད་པ་ཞིག

གསུམ་པ། སྔ་འགྱུར་རྙིང་མའི་དབུ་ཞྭའི་སྐོར།

༡ ཨོ་རྒྱན་པད་ཞུ།

ཨོ་རྒྱན་པད་ཞུ་ནི། ཏ་ཟིག་སོགས་ནས་དར་བ་སྟེ། གསེར་ཐང་ལས། ཨོ་རྒྱན་པད་ཞུ་འདི་ལ་ཉི་ཟླའི་རྟགས་དང་རྒོད་ཕྲུ་བཙུགས་པ་ནི། རྒྱ་གར་ཏ་ཟིག་སོགས་ཀྱི་རྒྱལ་བོ་རྣམས་ཀྱི་སྔོན་གྱི་ཆས་ལ་ཡོད་ཅིང་། དེ་ཡང་དར་ཐོད་ཀྱི་སྟེང་དུ་བྱས་ལ་ཞྭ་མོ་རང་དབྱིབས་འདི་ལྟ་བུ་གྱོན་པ་ཡང་སྔོན་གྱི་སང་ག་ལའི་རྒྱལ་བོ་འགའ་ལ་ཡོད་འདུག་པ་དཔེ་རིས་སུ་བཀོད་པ་དེ་ཡིན་ཅིང་། འདིའི་རྣ་ལེབ་གཡས་གཡོན་གཉིས་ཀྱི་དབྱིབས་མཚམས་འདིར་ཤྭ་བའི་རྣ་བ་དང་འདྲ་བས་ཤྭ་བའི་སྙན་ཞུ་སྟེ། ཞུ་ནི་ཞྭའི་དོན་ཡིན་ལ། ཕྱིས་གཉེན་ཞུ་ཞེས་པར་བྲིས། ཞེས་གསུངས་པ་ལས་རྟོགས་ནུས་སོ། །

༢ པདྨ་མཐོང་གྲོལ།

སློབ་དཔོན་པད་འབྱུང་གི་དབུ་ཞྭ་པདྨ་མཐོང་གྲོལ་ནི། ཟ་ཧོར་རྒྱལ་བོས་སྡིག་སྦྱངས་དང་བཟོད་གསོལ་འབུལ་ཆེད་ཕུལ་བའི་ཞྭ་ཞིག་ཡིན་པར་བཤད་ལ། དབུ་ཞྭ་འདི་ལ་མཚོན་དོན་ཡང་བསམ་གྱིས་མི་ཁྱབ་པ་ཡོད། དེ་ཡང་བསྐྱེད་རྫོགས་ཟུང་དུ་འཇུག་པ་མཚོན་བྱེད། ཕྱི་ནང་རིམ་པ་གཉིས། ཡར་གྱི་རྩེ་གསུམ་གྱིས་སྐུ་གསུམ། ཁ་དོག་ལྔས་སྐུ་ལྔས་འགྲོ་དོན་མཛད་པ། ཉི་ཟླ་ཟུང་གིས་ཐབས་ཤེས་གཉིས། མུ་ཁྱུད་མཐིང་གས་དམ་ཚིག་ལ་མུ་མེད་པ། རྡོ་རྗེའི་ཏོག་གིས་ཏིང་འཛིན་གཡོ་བ་མེད་པ། རྒོད་ཀྱི་རྩེ་སྒྲོ་བརྒྱན་པས་ལྟ་བ་ཡང་རྩེ་རྟོགས་ཤིང་། སྒྲུབ་པ་མཐར་ཕྱིན་པ་སོགས་གསང་སྔགས་རྡོ་རྗེ་ཐེག་པའི་ཐབས་མཚོན་བྱེད་དུ་མས་ཕྱུག་པའོ། །གཞན་ཡང་རྙིང་མར། པཎ་ཞྭ་སྣང་སྲིད་ཟིལ་མནོན། འདབ་ལྡན་རིགས་ལྔ། པདྨ་ཁ་འབུས། ཌཱ་ཀི་སྤྲིན་ཕུང་། སྟོང་ཉིད་ལྡེམ་ཞྭ། སྨིན་ལུགས་པད་ཞུ། པད་མ་སམ་ཞུ་སོགས་ཁ་དོག་དང་ཚད་དབྱིབས་སྣ་ཚོགས་བཟོ་ལུགས་ཡོད།

བཞི་བ། ཀརྨ་བའི་དབུ་ཞྭའི་སྐོར།

༡ ཀརྨ་བའི་ཞྭ་ནག་མཐོང་བ་རང་གྲོལ།

ལང་གཤེགས་ལས། རབ་བྱུང་ཆོས་ལ་ཞྭ་ནག་ཅན། །སྟེང་གི་བསྟན་པ་མ་ནུབ་པར། །འགྲོ་བའི་དོན་ལ་རྒྱུན་ཆད་མེད། །ཅེས་དང་། ཨོ་རྒྱན་པད་འབྱུང་གིས། སངས་རྒྱས་ཀུན་གྱིས་བསྔགས་པའི་སྲས་གཅིག་པུ། །རྒྱལ་བའི་དབང་བོ་ཞྭ་ནག་ཅོད་པན་འཛིན། །བོད་ཡུལ་གདུལ་བྱར་དགོངས་ཏེ་ངེས་པར་འབྱོན། །ཞེས་པའི་ལུང་བསྟན་དང་མཐུན་པར། ཀརྨ་དུས་གསུམ་མཁྱེན་པ་རབ་ཏུ་བྱུང་ནས་གཙུག་ཕུད་དོར་ཚེ་དཔལ་འཁོར་ལོ་སྡོམ་པ་དང་མཁའ་འགྲོ་མ་བྱེ་བ་ཕྲག་སུམ་ཅུ་རྩ་གཉིས་ཀྱིས་དབུ་སྐྲ་ཉག་མ་རེ་ལས་བྱས་པའི་ཨིནྡྲ་བྷུ་དྷིའི་ཞྭ་ནག་གི་ཅོད་པན་དབུ་ལ་གསོལ་ཏེ་དབང་བསྐུར། དེ་ནས་བཟུང་སྟེ་དབང་རྟགས་རིགས་ཀྱི་ཅོད་པན་དེ་དབུ་ལ་རང་གྲུབ་ཏུ་ཡོད་ནའང་། སོ་སྐྱེས་ཕལ་བའི་མིག་གི་སྤྱོད་ཡུལ་དུ་མ་གྱུར་བས། དེ་མཚོན་བྱེད་དུ་དབུ་ཞྭ་ནག་པོ་ཞིག་མནབས་ཞེས་ཟླ་ཤེལ་ཕྲེང་བ་དང་། མཁས་པའི་དགའ་སྟོན་སོགས་ཆོས་འབྱུང་མང་བོར་གསུངས་སོ། །སྤྱིར་ཀརྨ་སྐུ་ཕྲེང་རིམ་བྱོན་གྱི་དབུར་ཞྭ་ནག་མཐོང་གྲོལ་འདི་ཉིད་བཞུགས་ཀྱང་། སྐལ་ལྡན་ལས་འཕྲོ་ཅན་མ་གཏོགས་མི་མཐོང་བར་གསུངས་ལ། ད་ལྟ་དངོས་སུ་འཇལ་རྒྱུ་ཡོད་པ་འདི་ཉིད་ཀརྨ་སྐུ་ཕྲེང་ལྔ་བ་རྒྱ་ནག་ལ་ཕེབས་སྐབས། རྒྱལ་བོས་རྒྱུན་དུ་ཁོང་གི་དབུ་ལ་ཞྭ་ནག་པོ་ཞིག་བཞེས་པ་མཇལ་བས། དེ་ལ་དཔེ་བྱས་ཏེ་ཀུན་གྱིས་མཇལ་དུ་ཡོད་པས་མཐོང་གྲོལ་འདི་བཟོས་པ་ཡིན། འདི་ལ་ཡང་གང་ཟག་གི་ལས་སྐལ་སོ་སོའི་དབང་གིས་མཐོང་སྣང་མི་འདྲ་བ་འབྱུང་བ་སྟེ། ལ་ལས་དབུ་ཞྭ་ཉིས་བརྩེགས་དང་། ཁ་ཅིག་འོད་ཀྱི་གོང་བུ། འགའ་རེས་འཇའ་འོད་སྣང་བ་སོགས་སོ། །

དབུ་ཞྭ་འདིའི་མཚོན་དོན་ཡང་། མདོག་མཐིང་ནག་ཏུ་སྣང་བ་ནི། ཆོས་ཉིད་ལ་འགྱུར་བ་མེད་པའི་བརྡ་དང་། སྐུ་གསུམ་ལྷུན་གྱིས་གྲུབ་པའི་བརྡ་རུ་རྩེ་མོ་གསུམ་དུ་སྣང་བ། ཚད་མེད་བཞིས་འགྲོ་བ་རྗེས་སུ་འཛིན་པའི་བརྡ་རུ་ངོ་སྒོ་གྲུ་བཞི་བ་དང་། སྣ་ཚོགས་རྡོ་རྗེ་རྒྱ་གྲམ་གྱིས་མཚན་པ་ནི་འཕྲིན་ལས་བཞིས་གདུལ་བྱའི་དོན་བྱེད་ཚུལ་སྟོན་པ། སྤྲིན་རིས་ཀྱིས་བརྒྱན་པ་ནི། ཐུགས་རྗེ་འཕྲིན་ལས་ཕྱོགས་ལྷུང་མེད་པར་ཀུན་ལ་ཁྱབ་པའི་བརྡ་དང་། ཐབས་ཤེས་ཟུང་དུ་འཇུག་པའི་རང་རྟགས་སུ་ཁྱུང་གཤོག་གིས་མཛེས་པ། ཆོས་སྐུའི་རྒྱལ་སར་དབང་བརྙེས་ཤིང་གཅིག་ཤེས་ཀུན་གྲོལ་གྱིས་མཁྱེན་པའི་རྩལ་རྫོགས་ཏེ་འོད་གསལ་ཁོར་ཡུག་གིས་ཏིང་འཛིན་ལ་དབང་འབྱོར་བའི་རྟགས་སུ་ཉི་ཟླ་ནོར་བུའི་ཏོག་གིས་སྤྲས་པ་སོགས་ཡེ་ཤེས་ཀྱི་རོལ་པ་འགོག་ཏུ་མེད་པ་ཁོ་ནའོ། །ཞྭ་ནག་མཐོང་གྲོལ་འདི་ཉིད་ལ་མཇལ་བས་སྒོ་གསུམ་གྱི་སྡིག་སྒྲིབ་བྱང་བ་དང་། གནས་སྐབས་ཚེ་རིང་ནད་མེད་དང་སྟོབས་འབྱོར་རྒྱས་པ། མཐར་ཐུག་འོད་དཔག་མེད་ཀྱི་ཞིང་དུ་སྐྱེས་པ་སོགས་ཕན་ཡོན་འབྱུང་བར་ཡང་བཤད་དོ། །

ཡང་འཇུ་མི་ཕམ་གྱི་མཐོང་གྲོལ་དབུ་ཞྭའི་འབེལ་གཏམ་མདོར་བསྡུས་ལས། འཇིག་རྟེན་དབང་ཕྱུག་ཀརྨ་ན་རིམ་གྱིས་སྐྱེ་རྒུ་རྣམས་ལ་རྣམ་གྲོལ་གྱི་ས་བོན་བསྐྲུན་པའི་ཕྲིན་ལས་ཀྱི་གཙོ་བོ་མཐོང་གྲོལ་ཞྭ་ནག་ལ་བརྟེན་ནས་མཛད་པ་སྟེ། དེའང་སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་དྲང་སྲོང་དཀོན་པ་སྐྱེས་ཞེས་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་བརྙེས་པའི་ཚེ་རྒྱལ་བ་སྲས་དང་བཅས་པའི་དབང་རྟགས། རྡོ་རྗེ་ཅོད་པན་ཡེ་ཤེས་ཀྱི་མཁའ་འགྲོ་མ་བྱེ་བའི་དབུ་སྐྲ་ལས་གྲུབ་པ་སྤྱི་བོར་བཅིངས་པ་དེ་ནས་བརྩམས་བྱང་སེམས་བློ་གྲོས་རིན་ཆེན། གྲུབ་ཆེན་ས་ར་ཧ་བ། དཔལ་ལྡན་དུས་གསུམ་མཁྱེན་པ་སོགས་སྐུའི་སྐྱེ་བ་རིམ་བྱོན་ཐམས་ཅད་ཀྱི་དབུ་ལ་འབྲལ་མེད་དུ་བཞུགས་ཀྱང་། ལས་སྐལ་ལྡན་པ་རེ་རེ་ཙམ་ལས་མཇལ་བར་དཀའ་བས། འཇམ་དབྱངས་སྤྲུལ་བ་ཏཱ་མིང་ཡུང་ལོ་རྒྱལ་བོས་རྒྱལ་དབང་ཀརྨ་པ་ལྔ་བ་དེ་བཞིན་གཤེགས་པ་ལ་གསོལ་བ་བཏབ་སྟེ། ཉིད་ཀྱིས་མཇལ་ཚུལ་དང་མཐུན་པར་མཐོང་གྲོལ་ཞྭ་ནག་འཛམ་གླིང་གཡས་བཞག་ཏུ་གྲགས་པ་ཕུལ་བས། ཡེ་ཤེས་རང་སྣང་གི་ཅོད་པན་དང་དབྱེར་མེད་དུ་བྱིན་གྱིས་བརླབས་ཤིང་མཆོག་དམན་ཀུན་གྱི་སྤྱོད་ཡུལ་དུ་སྣང་བར་མཛད། ཅེས་ཀྱང་གསུངས་སོ། །

ཡང་བཤད་ཚུལ་གཞན་ཞིག་ལ། ཀརྨ་ཞྭ་ནག་ནི། ཀརྨ་སྐུ་ཕྲེང་གཉིས་པ་ཀརྨ་ཀྵུ་རྒྱ་ནག་ཡོན་གོང་མའི་དབུ་བླར་བྱོན་སྐབས། གོང་མས་ལས་ཞྭར་ཕུལ་བས། ཕྱིས་སྐུ་ཕྲེང་རིམ་བྱོན་གྱིས་དབུ་ཞྭ་དེ་མནབས་པར་ཡང་གྲགས་ལ། ཡང་། བྱམས་ཆེན་ཆོས་རྗེའི་ཞྭ་ནག་ནི། ཏཱ་མིང་རྒྱལ་བོས་ཁོང་ལ་ཞྭ་ནག་ཅིག་གནང་། ཞེས་དང་།

དེ་ཡང་དགེ་ཆོས་ཀྱིས། ཀརྨ་བའི་ཞྭ་ནག་ནི་ལོ་རྒྱུས་ཤིན་ཏུ་རྒྱས་མོད། ཐད་དུ་བལྟས་ཚེ་སྔོན་བྲིས་པའི་རྒྱ་ནག་གི་བཙུན་པ་རྣམས་ཀྱི་སྐུ་བརྙན་ལ་ཞྭ་དེ་ཀ་རང་འདུག་པས། རྒྱ་ནག་ལས་བྱུང་བར་སེམས་ཞེས་གསུངས་བར་གཞིགས་ན་གང་ལྟར་རྒྱ་ནག་གོང་མས་གནང་བ་བདེན་སྙམ་མོ། །

དེ་ལས་གཞན། ཐུའུ་བཀྭན་གྲུབ་མཐའ་ལས། ཀརྨ་བ་ཚོས། ཞྭ་ནག་པོ་འདི་དུས་གསུམ་མཁྱེན་པ་ལ་མཁའ་འགྲོ་མ་བྱེ་བ་འབུམ་གྱི་དབུ་སྐྲ་ལས་བྱས་ནས་ཕུལ་བ་ཡིན་ཟེར་བ་སོགས་ཆེ་བརྗོད་མང་བོ་སྒྲོགས་པ་ནི་སྒྲོ་བཏགས་ཀྱི་གཏམ་དུ་དོགས་སོ། །ཞེས་ཡང་གསུངས་སོ། །

༢ ཞྭ་དམར།

རབ་བྱུང་དྲུག་པའི་སྐབས་སུ་ཀརྨ་རང་བྱུང་རྡོ་རྗེའི་དངོས་སློབ་རྟོགས་ལྡན་གྲགས་པ་སེང་གེ་ལ། ཧོར་རྒྱལ་བོས་ཞྭ་དམར་བོ་ཞིག་ཕུལ་བས་དེའི་བླ་མ་སློབ་བརྒྱུད་ལ་ཞྭ་དམར་གྲགས། གཞན་ཀརྨ་བར། གསལ་སྟོང་སྒོམ་ཞྭ། སི་ཏུའི་ཞྭ་ཁྲ། དྭགས་པོ་རབ་འབྱམས་པའི་ཞྭ་ལྗང་། ལྡང་ལྷ་པཎ་ཆེན་གྱི་ཞྭ་སེར། ཀརྨ་སྒར་བ་ནས་དར་བའི་སྒར་སྦུགས་སོགས་མང་ངོ་། །

༣ འབྲི་གུང་སྒོམ་ཞྭ།

འབྲི་གུང་སྒོམ་ཞྭ་ནི་འགྲོ་མགོན་ཕག་མོ་གྲུ་བས་ཆོས་རྗེ་སྟག་ལུང་བ་དང་། རྗེ་བཙུན་གླིང་རས་པ། ཆོས་རྗེ་འབྲི་གུང་བ་གསུམ་ལ་སྣམ་ཕྲུག་དམར་བོ་འདོམ་རེ་གནང་ནས་ཁྱེད་གསུམ་གྱིས་སྒོམ་ཞྭ་རེ་བཟོས་ནས་འཁྱེར་ཤོག་གསུངས་པས། ཆོས་རྗེ་འབྲི་གུང་བས་དེ་དོན་དམ་དུ་ཐུགས་སུ་ཆུད་ནས་ཕྲུག་འདོམ་གང་བསྣན་ཏེ། སྒོམ་ཞྭ་སྨུག་ཡོད་མར་གྲགས་པ་བཟོས་པས། ཁོང་གི་རྒྱལ་ཚབ་ཏུ་དབང་བསྐུར་བར་མ་ཟད། ཕག་གྲུའི་གདན་རབས་རིམ་བྱོན་གྱིས་ཀྱང་སྒོམ་ཞྭ་འདི་མནབས་ལ། དབུ་ཞྭ་འདི་ནི་དཔལ་སྦྱིན་གྱིས་ཞུས་པའི་མདོ་སོགས་ལས། ཕྱོགས་ཀྱི་ཆར་བྱང་ཆུབ་སེམས་དཔའ་རིན་ཆེན་དཔལ་ཞེས་བྱ་བས་འགྲོ་བ་འདུལ་བར་ཞྭ་འདི་ལྟ་བུ་གྱོན་པར་འགྱུར་རོ། །གསུངས་ལ། འབྲི་གུང་བ་རང་གི་ཞལ་ལས་ཀྱང་། ངའི་ཞྭ་འདི་རྒྱལ་བའི་བཀའ་རབ་འབྱམས་ལ་བརྟེན་ནས་རྟེན་འབྲེལ་ཏུ་བསྒྲིགས་ཏེ་བརྩམས་པ་ཡིན་གྱི། ངོ་དགའ་དང་པད་ལད་ཚུལ་འཆོས་ཀྱིས་མ་ཡིན་ནོ། །ཞེས་གསུངས་ལ། ཟབ་ཆོས་རིན་པོ་ཆེ་ལས། སྤྱིར་བསྟན་པ་ལ་ཕན་པའི་ཞྭ་གསུམ། གནོད་པའི་ཞྭ་གསུམ། ཕན་གནོད་མེད་པའི་ཞྭ་སོགས་ཡོད་པ་ལས། ཕན་པའི་ཞྭ་གསུམ་ནི་ཇོ་བོ་རྗེའི་རྣ་རིང་དང་། པཎ་ཆེན་ཤཱཀྱ་ཤྲཱིའི་གདུགས་རྩིབས་མ་དང་། ངའི་སྒོམ་ཞྭའོ། །ཞེས་ཀྱང་གསུངས་སོ། །དབུ་ཞྭ་འདིའི་ཁྱད་ཆོས་ཀྱང་། ཟབ་ཆོས་དེ་ཉིད་ལས། དཔག་མེད་བསོད་ནམས་སྟོབས་ལས་བྱུང་བའི་ཞྭ། །འགྲོ་བ་སྨིན་བྱེད་ཡོན་ཏན་རིན་ཆེན་ཞྭ། །དུས་གསུམ་ཀུན་མཁྱེན་རྒྱལ་བའི་བསྔགས་པའི་ཞྭ། །མང་བོའི་དབུས་ན་ཁྱད་འཕགས་གཙུག་ཏོར་ཞྭ། །ང་ཡི་ཞྭ་འདི་ཅིས་ཀྱང་ནུབ་མི་འགྱུར། །ཞེས་སོ། །

ཕན་ཡོན་ཡང་། འབྲི་གུང་བས། ངའི་ཞྭ་འདི་རྟེན་ཁུག་གི་ལྷ་ཁང་ཡིན། རྒྱབ་བརྟེན་དང་སྐྱེལ་མ་ཡིན། བཀའ་རྟགས་ཀྱི་ཕྱག་རྒྱ་ཡིན། ཞེས་དང་། ཞྭ་སྒོམ་ཞྭ་མགོ་ལ་བཞག་ཙམ་གྱིས། །འཕྲལ་ཅིས་ཀྱང་སངས་རྒྱས་འཐོབ་པར་ངེས། །ཞེས་སོགས་རྒྱ་ཆེར་གསུངས་པ་དང་། ཡང་། དབུ་ཞྭ་འདི་ཉིད་ལ་བརྙས་པ་སོགས་བྱས་ན་ཉེས་དམིགས་ཡང་ཚད་མེད་འབྱུང་སྟེ། འབྲི་གུང་བའི་ཞལ་ལས། འདི་གསར་བ་བཟོས་ན་ལྷ་ཁང་དང་མཆོད་རྟེན་བཞེངས་པའི་ཕན་ཡོན་འབྱུང་ཞིང་། བཤིག་ན་ཉེས་པ་ལྷ་ཁང་བཤིག་པ་དང་མཉམ་མོ། །ཞེས་དང། ངའི་ཞྭ་འདི་སྡིག་ཅན་གྱི་མགོ་ལ་མི་བཞག མི་ནག་གི་ལག་ཏུ་མི་བཞག་ཅེས་སོགས་ནན་ཏན་གྱིས་གདམས་པའི་ཕྱིར་རོ། །

ལྔ་བ། དགེ་ལྡན་པའི་དབུ་ཞྭ།

༡ ཞྭ་སེར་སྣེ་རིང་།

ཞྭ་སེར་སྣེ་རིང་འདི་ནི་དགེ་ལུགས་པའི་འདུལ་འཛིན་རྣམས་ཀྱིས་མནབས་པ་ཡིན་ལ། དེའི་ཁུངས་ནི། བུ་སྟོན་ཆོས་འབྱུང་དུ། བླ་ཆེན་གྱིས། ཀླུ་མེས་འགྲོ་ཁར་བོན་པོའི་ཞྭ་འོབ་ཞུ་ཁོག་ནས་ས་སེར་བཏབ་པ་ཞིག་གནང་། འདི་གྱོན་ལ་ང་རྗེས་སུ་དྲན་པར་གྱིས་གསུངས་པ་དེ་ཡིན་ལ། ཁོང་ཉིད་སླར་ཕེབས་དུས་དབུས་གཙང་ཚ་བ་ཆེ་བས་རྣ་གཉིས་རྒྱབ་ལྟེབ་གསོལ་བས། ཞྭ་སྣེ་རིང་དུ་གྲགས་པ་འདི་བྱུང་བས། དེ་རྗེས་ཐུགས་ལ་བབས་ཏེ་ཁོང་གི་སློབ་བརྒྱུད་དང་བཅས་པར་ཡང་ཞྭ་སེར་ངེས་ཅན་དུ་མཛད་པས། དགེ་ལྡན་པ་ལ་ཞྭ་སེར་དུ་གྲགས་པ་སྟེ། འབྲུག་རྒྱལ་དབང་ཆོས་རྗེས། འདི་དག་གི་སྔ་ཕྱི་ནས་ཀླུ་མེས་ཆེན་པོ་སོགས་སྔོན་གྱི་འདུལ་བ་འཛིན་པ་རྣམས་ཀྱི་རྣམ་ཐར་དང་མཐུན་པར་དབུ་ཞྭ་གསེར་གྱི་མདོག་ཅན་མནབས་ཞེས་འབྱུང་བ་ལྟར་རོ། །ཡང་སུམ་པའི་ཆོས་འབྱུང་སོགས་ལས། བདེ་བ་ཅན་ནས་རྡོ་རྗེ་རྣལ་འབྱོར་མས་ལུང་བསྟན་པ་ལྟར། དབུ་ཞྭ་པད་ཞྭ་གསེར་གྱི་མདོག་ཅན་དུ་བསྒྱུར་བར་མཛད་ཅེས་ཡང་གསུངས་སོ། །དབུ་ཞྭ་འདི་ཉིད་རྗེ་བདག་ཉིད་ཆེན་པོའི་རྗེས་འབྲངས་པ་རྣམས་ཀྱིས་གསོལ་བ་ཡིན་ལ། དེ་ཡང་ཁོང་གི་ཆོས་རྒྱུན་དྲི་མ་མེད་པ་དར་ཁྱབ་མཛད་པའི་ཆེད་དུ་ཡིན་ཏེ། ཐ་ན་བདེ་བ་རིན་སྤུངས་པ་དབང་ཕྱུག་ཆེ་བའི་དུས་སུ་གྲུབ་མཐའི་ཐན་འཁྱེར་གྱིས་སེ་འབྲས་ཀྱི་དགེ་འདུན་པ་རྣམས། ལྷ་སའི་སྨོན་ལམ་ཆེན་མོར་ཞུགས་མི་ཆོག་པ་དང་། ཞྭ་སེར་ཡང་གྱོན་མི་ཆོག་པའི་ཁྲིམས་བཅས་ཀྱང་དགེ་ལུགས་པའི་དགེ་འདུན་པ་རྣམས་ཀྱིས་དབུ་ཞྭ་ཕྱི་སེར་བོ་དང་། ནང་དམར་བོ་བྱས་ཏེ། ཕྱིར་ཕེབས་དུས་ཞྭའི་ཕྱི་ནང་ལྡོག་ནས་གསོལ་དགོས་བྱུང་ཡང་། ད་ལྟའི་བར་དུ་ཞྭ་སེར་གསོལ་བའི་ཕྱག་ལེན་མ་དོར་བ་འདི་ཡིན་ནོ། །

༢ སྒོམ་ཞྭ།

པཎ་ཆེན་སྐུ་ཕྲེང་བཞི་བ་བློ་བཟང་ཆོས་རྒྱན་གྱིས་བཞེས་པའི་སྒོམ་ཞུ་དབུས་སུ་སེར་བོ་དང་། མཐའ་བསྐོར་དམར་བོ་འདི་ཉིད། རྙིང་མའི་བླ་མ་ཞིག་གིས་ཕུལ་བར། ཁོང་གིས་ཞྭ་འདིས་ཁ་དོག་ལ་བརྟགས་ན། གྲུབ་མཐའ་གཞན་གྱིས་མཐའ་བསྐོར་བའི་དབུས་ན་རྗེ་བདག་ཉིད་ཆེན་པོའི་བསྟན་པ་འདི་བསྟན་པའི་སྙིང་བོ་ལྟ་བུར་གཞོམ་གཞིག་བྲལ་བས། རྟེན་འབྲེལ་བཟང་། ཞེས་གསོལ་བར་གྲགས། ཡང་སྔོན་གྱི་ཚེ་ཡང་། ཞྭ་མདོག་སེར་བོ་འདི། བྷོ་དྷི་ས་ཏྭ་སོགས་སྔ་འགྱུར་ལོ་པཎ་རྣམས་དང་། ཇོ་བོ་རྗེ་སོགས་བཀའ་གདམས་རྣམས་ཀྱང་ཞྭ་སེར་མནབས་པའི་ལོ་རྒྱུས་ཡོད་པ་དང་། སློབ་དཔོན་པད་འབྱུང་གིས་ཀྱང་། དབུ་ཞྭ་གསེར་གྱི་བྱེ་མ་བྱུགས། །བསྟན་པ་གསེར་དང་འདྲ་བའི་རྟགས། །ཞེས་དབྱིབས་མི་འདྲ་བ་མ་གཏོགས་སེར་བོ་གསོལ་བ་སྔོན་གྱི་ཡིག་ཚང་དག་ལས་མཐོང་ངོ་། །

༣ རྩེ་ཞྭ།

རྩེ་ཞྭ་འདི། ལ་ལས་རྩེ་ཐང་འཇམ་དབྱངས་ཆོས་རྗེ་ནས་དར་བར་བཤད་པ་དང་། ཁ་ཅིག གྲྭ་བ་མངོན་ཤེས་ཅན་ནས་དར་བས། གྲྭ་ཞྭར་འབོད་པར་བཤད་པ་དང་། ཡང་ཁ་ཅིག་ས་པཎ་ལ་ཧོར་རྒྱལ་བོས་ཕུལ་ནས་དར་བར་ཡང་བཤད་དོ། །

༤ བསྐལ་བཟང་བསིལ་ཞྭ།

བསྐལ་བཟང་བསིལ་ཞྭ་འདི་ལ་བསྐལ་བཟང་བསིལ་སྒྲིབ་ཡང་ཟེར། རྒྱལ་བ་བསྐལ་བཟང་རྒྱ་མཚོས་གསོལ་བའི་ཞྭ་ཞིག་ཡིན་ལ། དེ་ཡང་རྒྱལ་མཆོག་བདུན་པ་རི་ཁྲོད་དང་ནོར་གླིང་དུ་བཞུགས་སྐབས། ཁོང་གིས་གསར་གཏོད་གནང་བའི་མཆུ་རིང་ཉི་སྒྲིབ་ཞྭ་མོ་འདི་གསོལ་བ་ལགས་ཀྱང་། ཁ་ཅིག་དེ་ལ་དུག་གསུམ་ཚང་ལུགས་བརྗོད་པ་ནི། གྲུབ་མཐའི་ཕྱོགས་ཞེན་གྱི་རོ་ལངས་སྙིང་ལ་གསོལ་ཞིང་། ཞྭ་དབྱིབས་ཙམ་ཡང་ཡིད་ལ་ཚེར་མ་བཞིན་རྩུབ་པའི་རྟགས་ཡང་དག་གོ། འདི་ལ་དུང་དཀར་ཚིག་མཛོད་ལས་ཀྱང་། སྤྱིར་བཏང་ལྷ་སའི་བུ་མོ་རྣམས་ཀྱི་ཞྭ་མོ་མི་གྱོན་ཡང་། ཅུང་ལོ་ན་ཆེ་བ་རྣམས་གླིང་བསྐོར་སོགས་ཉི་འོག་ཏུ་འགྲོ་སྐབས། བསྐལ་བཟང་བསིལ་ཡབ་ཅེས་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པའི་སྐབས་བྱུང་བ། སྨྱུག་མའི་རྩིབས་རུས་ཅན། རྒྱུ་ཐེར་མ་དང་གོས་ཆེན་སོགས་གང་རུང་ལས་བཅོས་པ། དཔྲལ་བའི་མདུན་ཕྱོགས་སུ་ཉི་སྒྲིབ་ཏུ་བརྐྱངས་པ་ཞིག ཨོག་སྒྲོག་གིས་བཅིངས། ཞེས་གསུངས་པ་དེའོ། །

༥ རིགས་ལྔ་ཅོད་པན།

འདི་ནི་ལོངས་སྤྱོད་རྫོགས་སྐུའི་རིགས་ལྔ་པྲོག་ཞུ་འམ་དབུ་རྒྱན་ཏེ། མི་བསྐྱོད་པ། རིན་འབྱུང་། འོད་དཔག་མེད། དོན་གྲུབ། རྣམ་སྣང་སྟེ་རིགས་ལྔ་མཚོན་པའི་དབུ་རྒྱན་ལ་ཟེར།

༦ ཞྭ་མོན་རྔོག་ཟེ།

ཞྭ་མོན་རྔོག་ཟེ་ནི། ད་ལྟ་དགེ་ལུགས་པའི་སེར་འབྲས་དགའ་གསུམ་སོགས་དགོན་སྡེ་མང་བོར་གྱོན་པ་དེ་ལགས་ལ། དེའི་མཚོན་དོན་ནི། ཞྭ་གདོང་ཐལ་སྦྱར་ཟུང་འཇུག་ལོངས་སྤྱོད་རྫོགས། །ཞྭ་མདོག་སེར་བས་སྤྲུལ་སྐུ་ཐུབ་པ་མཚོན། །ཞྭ་ཡི་སྤུ་ཉག་ཆོས་ཕུང་བརྒྱད་ཁྲི་མཚོན། །ཞྭ་ཡི་གོང་སྦྱོར་ཚོགས་གཉིས་ཟུང་དུ་འཇུག །ཞྭ་འདབ་ཟུང་འབྲེལ་བདེན་གཉིས་ཟུང་འཇུག་མཚོན། །ཞྭ་དར་དམར་བོས་མཁའ་འགྲོ་འདུ་བ་མཚོན། །ཞྭ་འདབ་ཚེམས་དཀར་ཆོས་སྐྱོང་བསྐོར་བ་མཚོན། །ཞེས་པ་ལྟར། ཞྭ་དབྱིབས་ཀྱི་ཆ་ཤས་རེ་ཡང་མཚོན་དོན་རྨད་དུ་བྱུང་བ་ཡོད་དོ། །

༧ དགའ་ལྡན་དུང་ཤུབས།

ཞྭ་མོའི་བྱིངས་པཎ་ཞྭ་དང་འདྲ་ལ། རྣ་བ་ལུག་རུ་ལྟར་འཁྱིལ་བ་ཞིག

༨ པཎ་ཞྭ།

པཎ་ཞྭའི་ཁུངས་ནི། གདན་བཞི་ལས། སྤྱི་བོ་ངུར་སྨྲིག་མཚན་མ་དང་། །ཞེས་པ་འདི་ཡིན་པར་བཞེད་ལ། འདི་ནི་པཎྚྀ་ཏའི་དབུ་ཞྭ་ཡིན་པར་གྲགས་ཤིང་། རྗེ་བཙུན་སྒྲོལ་མའི་བྱིན་རླབས་ཞུགས་པའི་བུད་མེད་ཅིག་གིས་རྨི་ལམ་དུ་མགོ་ལ་ཚེར་མ་ལྟ་བུའི་ཅོད་པན་དམར་བོ་གྱོན་ནས་ཕྱི་རོལ་བ་དང་བརྩད་ན། རྒྱལ་བའི་ལུང་བསྟན་བྱུང་སྟེ་དར་བའི་ལོ་རྒྱུས་ཀྱང་མཆིས་པར་མ་ཟད། གཏམ་རྒྱུད་གསེར་ཐང་ལས་ཀྱང་། བྷང་ག་ལའི་ཤར་ཅི་ཊ་གྷོ་དུ་སྔ་དར་གྱི་བསྟན་པ་ནུབ་ནས་མི་ཐོག་གཅིག་ཀྱང་མ་སོང་བས། རྒད་པོ་འགའ་རེས་ངེད་རྣམས་བྱིས་པའི་དུས་དགེ་སློང་རྣམས་ཞྭ་དམར་ཕུར་བུའི་གཟུགས་འདྲ་བ་གྱོན་པ་མཐོང་མྱོང་ཟེར། གཏམ་དེ་ཇོ་བོ་དང་ཀུན་མཁྱེན་གྱིས་ཀྱང་ཡུལ་དེ་ཀ་རང་དུ་ཚེར་མ་ལྟ་བུའི་ཞྭ་དར་བར་གསུངས་པ་དང་ཤིན་ཏུ་འབྱོར་བར་གསུངས་པས་ཀྱང་། རྒྱ་གར་ནས་དར་བའི་ཁུངས་གསལ་ལོ། །

ས་སྐྱ་གོང་མ་རྣམས་ཀྱང་སྔོན་པཎ་ཞྭ་དམར་བོ་འདི་གསོལ་མོད། སློབ་དཔོན་བསོད་ནམས་རྩེ་མོས། ས་ཆེན་ཀུན་དགའ་སྙིང་བོ་ལ་མྱ་ངན་ཞུ་ཆེད་ཞྭ་རྩེ་བཅད་པས། ཕྱིས་སུ་ས་པཎ་གྱིས་ཀྱང་པཎ་ཞྭ་རྩེ་མེད་འདི་མནབས་པའི་ལོ་རྒྱུས་ཡོད་ལ། ས་ཆེན་ཀུན་དགའ་བཟང་བོའི་དུས་སུ་སླར་ཡང་བསྟན་པ་ཆེས་ཆེར་དར་བའི་རྟེན་འབྲེལ་ལ་དགོངས་ནས། ཞྭ་ལུང་ཡ་ཐོད་ལ་བསྣོལ་བའི་སྲོལ་དར། པཎ་ཞྭའི་མཚོན་དོན་ལ། ཞྭ་རྩེ་མཐོ་ལ་རྣོ་བས་ལྟ་བའི་ཡང་རྩེ་དབུ་མ་ཐལ་འགྱུར་བ་དང་། ཞྭ་ལག་གཉིས་ཀྱིས་བདེན་གཉིས་མཚོན་པར་བཤད་དོ། །

༩ ཞྭ་མོ་སྒྲོ་བཙེམས་མ་དང་སྒྲོ་ལྷུག་མ།

ཞྭ་མོ་འདི་གཉིས་བོད་རང་དུ་དར་ཁྱབ་བྱུང་བའི་ཞྭ་ཞིག་ཡིན་ལ། སོག་ཡུལ་གྱི་གྲྭ་བ་འགས་གྱོན་པ་ཡང་བོད་ལས་འཕྲོས་པ་ཡིན། སྒྲོ་བཙེམས་དང་སྒྲོ་ལྷུག་གཉིས་ཀྱི་ཁྱད་པར་ཡང་། ཞྭའི་སྒྲོ་བཙེམས་ཡོད་མེད་ཙམ་ལས། བཟོ་དབྱིབས་གཅིག་མཚུངས་ཡིན། ཞྭ་འདི་གཉིས་ས་དགེ་ཀར་རྙིང་ཀུན་གྱིས་གསོལ་བ་ཡིན། ཁ་དོག་ཡང་གྲུབ་མཐའི་དབང་གིས་དམར་བོ་དང་སེར་བོ་ཅི་རིགས་ཡོད་དོ། །

དྲུག་པ། གཡུང་དྲུང་བོན་གྱི་ཞྭ་མོའི་སྐོར།

༡ པད་ཞུ།

བོན་གྱི་པད་ཞུ་ནི། འདུལ་བ་རྒྱུད་དྲུག་སོགས་ལས་གསུངས་པ་ལྟར། བལ་སྣམ་ལས་གྲུབ་ཅིང་སུལ་བུ་ཉེར་ལྔ་དང་ལྡན་ཐོག སྤྱི་གཙུག་ཏུ་བུ་ག་ཡོད་པ། ཕྱི་མཐའ་པད་འདབ་བཞི་འམ་བརྒྱད་ཀྱིས་བསྐོར་བའི་མདོག་མཐིང་སྔོན་ཅན་གྱི་ཞྭ་ཞིག་སྟེ། བོན་གཞུང་ལས། སོ་ཐར་གྱི་ཁྲིམས་ཆེན་མ་རྫོགས་པར་གསོལ་མི་རུང་པར་བཤད་དོ། །

༢ ཞྭ་ཁྱུང་ལྡིང་མ།

ཞྭ་འདིའི་བཟོ་དབྱིབས་བྱ་ཁྱུང་ལྡིང་བའི་རྣམ་པ་ཅན་ཞིག་ཡིན་པས་ཆ་ནས་བཏགས་ལ། ཞྭ་མོའི་མ་གཟུགས་གཏོར་དབྱིབས་ཅན་དང་། ཏོག་ལ་རྒྱལ་མཚན་ལྟ་བུར་བཀོད་ཅིང་། མདུན་དུ་ཁྱུང་གི་གཤོག་པ་བརྐྱངས་འདྲ་གཉིས་ཡོད་ལ། ད་ལྟའི་བོན་ལུགས་ཀྱི་ཁྲོད་ཞྭ་འདི་གྱོན་ནས་ཆོ་ག་སྤེལ་མཁན་ཧ་ཅང་ཉུང་བར་བཤད་དོ། །

༣ དཀར་མོ་རྩེ་རྒྱན།

ཞྭ་མོ་འདིའི་ཚོས་གཞི་གཙོ་བོ་དཀར་བོ་ཡིན་པས་ཆ་ནས། ཕྱིས་སུ་གཡུང་དྲུང་བོན་ལ་ཞྭ་དཀར་བོན་གྱི་བསྟན་པ་ཞེས་འབོད་སྲོལ་ཡོད་ལ། ཞྭ་འདིའི་ཏོག་དང་མ་གཟུགས་ཞྭ་ཁྱུང་ལྡིང་མ་དང་འདྲ་ཞིང་། ཁྱུང་གཤོག་གི་དབྱིབས་གཟུགས་མི་ལྡན་ཞིང་། ཞྭ་མཐའ་ལ་སྐུད་པ་འཆང་ཞིང་། ཞྭ་སྟེང་དུ་གཡུང་དྲུང་དང་ཡེ་ཤེས་ཀྱི་སྤྱན་འདྲ་བ་ཞིག་བཀོད་སྲོལ་འདུག་གོ། བོན་གྱི་ཞྭ་དཀར་གྱི་ཁུངས་དང་། དཔྱད་པ། མནབ་ཚུལ། ཕན་ཡོན་སོགས་ནི་བླ་ཆེན་དྲན་པ་ནམ་མཁས་རྒྱས་པར་གསུངས་ཡོད་པས་དེར་བལྟ་བར་བྱའོ། །

༤ སྟག་ཞུ།

ཞྭ་མོ་འདི་ནི་སྟག་ལྤགས་ལས་བཟོས་པའི་གཞི་གསོལ་ཚོགས་ཀྱི་དབྱིབས་འདྲ་བ་དེ་ཉིད། གཡས་གཡོན་མེ་ཏོག་པདྨའི་འདབ་མ་འདྲ་བའི་ལྕེ་གཉིས་ཀྱིས་བསྐོར་ནས་ཡོད་པ་ཞིག་གོ།

༥ གཤེན་ཞུ།

ཞྭ་འདི་ནི་སྤྱིར་པད་ཞྭ་དང་འདྲ་བ་ཞིག་ཡིན་ནའང་། འདི་ལ་འདབ་མ་གསུམ་ལས་མི་ལྡན་པའི་ཁར། པད་ཞུ་ལས་དབྱིབས་ཅུང་ཟད་ཙོག་པའམ་ནར་བ་ཞིག་ཡིན། བོན་ལུགས་པད་ཞུ་ནི། འདུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་ཅན་མ་གཏོགས་སྤྱོད་མི་ཆོག་པར་གྲགས་ལ། དེ་ལ་འདབ་མ་བཞི་ལྡན་དང་། དྲུག་ལྡན། བརྒྱད་ལྡན་སོགས་ཡོད་དོ། །

བདུན་པ། ཁྱིམ་པ་སྐྱ་བོའི་ཞྭ།

༡ དར་དམར་གྱི་ལ་ཐོད།

དར་དམར་གྱི་ལ་ཐོད་འདི། རྒྱལ་བོ་སྲོང་བཙན་སོགས་ཀྱིས་བཞེས་པ་ལ། དེབ་དཀར་ལས་ཏ་ཟིག་གི་ཆས་སུ་བཤད་ཀྱང་། འདི་ཕལ་ཆེར་ཁ་དོག་གི་ཁྱད་པར་མ་གཏོགས་པ་སྣང་ཞེན་བལ་ཐོད་ཅན་གྱི་ལུགས་དང་མཐུན་པར་སེམས། སྦ་བཞེད་ལས་མཁན་པོས་རྒྱལ་བོ་ཁྲི་སྲོང་ལ་བརྟག་པ་མཛད་སྐབས། རྒྱལ་བོ་ཁྱོད་ཀྱིས་དབུ་ལ་ཐོད་བཅིངས་པ་དང་སྦྱར་ན་སྟོད་དུ་མངའ་རིས་ཞྭ་ཙམ་ཞིག་ཆགས་ཞེས་པ་ལས། རྒྱལ་བོའི་དབུ་ལ་ལ་ཐོད་བཞེས་ཡོད་པ་ཤེས། ཕྱིས་སུ་ལ་དྭགས་སུ་ཡང་ལ་ཐོད་ལ་གཞི་བྱས་ཏེ་དར་བའི་ཞྭ་ཞིག་ལ། དེབ་དཀར་ལས། མངའ་རིས་ལ་དྭགས་ཆོས་རྒྱུད་ཀྱི་གདུང་རྒྱུད་དུ་གྲགས་པ་ད་ལྟའི་བར་ཡོད་པ་རྣམས་ནས། ལོ་སར་གྱི་ཚེ། སྔོན་གྱི་ཆས་ཡིན་ཟེར་ནས་ཞྭ་དམར་བཙན་ཞྭའི་དབྱིབས་ཅན་རྩེ་མོ་མཐོ་ཞིང་ཕྲ་བའི་ཡས་ཟུར་དུ་ཚེ་དཔག་མེད་ཀྱི་སྐུ་བརྙན་ཞིག་དར་དམར་གྱིས་བཅིངས་པའི་ལྷག་མ་མདུན་ནས་བསྣོལ་བསྒྲིགས་ཏེ་གྱོན་པ་སོགས་ཡིན་འདུག ཅེས་སོ། །

༢ ཐང་ཞུ།

ཐང་ཞུ་འདི་ཡང་བོད་སྲོལ་དངོས་མ་ཞིག་ཏུ་ངོས་འཛིན་ཏེ། དེབ་དཀར་ལས། ཐང་ཞུ་འདི་ཡང་བོད་རང་གི་སྲོལ་ལས། ཡུལ་གཞན་གང་ལའང་མི་འདུག་ཅིང། རྒྱ་གར་ཤར་ངོས་ཀྱི་བྷར་མ་བ་རྣམས་ནི། བོད་རིགས་ལས་མཆེད་པར་ཁོང་ཅག་གི་རྒྱལ་རབས་སུའང་གསལ་བ་བཞིན་ཡིན། དེ་དག་གི་སྔ་མའི་རྒྱལ་བོ་རྣམས་ཀྱང་ཐང་ཞུ་གྱོན་པ་ཡིན་འདུག་པས། འོ་ན་རང་རེའི་བཙན་པོས་ཀྱང་སྐབས་འགར་ཐང་ཞུ་ཡང་གསོལ་བ་ཡིན་ནམ་སྙམ། ཞེས་པ་ལྟར། ད་ལྟ་ཡང་བླ་སྤྲུལ་ཁག་དང་། དམ་ཅན་རྡོ་ལེགས། ཤུགས་ལྡན་སོགས་ཀྱི་བཞེས་པ་དེའོ། །

༣ རྨ་སྒྲོ་དང་བྱུ་རུའི་ཏོག་ཞྭ།

ཆིང་རྒྱལ་རབས་ཀྱི་སྐབས་སུ་དཔོན་རིགས་རྣམས་ཀྱིས་གྱོན་པའི་ཞྭ་མོ་སྔོན་པོ་མཐའ་ལ་པགས་པ་ནག་པོའམ། སྤུ་མ་ནག་པོའི་ཐོད་སྒོར་ཡོད་པ། ཞྭ་མོའི་སྟེང་སྟོང་རྒྱུད་དམར་བོའི་འཛར་དང་། ཏོག་གི་གདན་གྱི་མཚམས་ནས་རྨ་བྱའི་སྒྲོ་ཕོད་རྒྱབ་ཏུ་འཕྱང་བ་ཞིག དཔོན་རིགས་མཐོ་བ་རྣམས་ལ་བྱུ་རུའི་ཏོག་དང་སྒྲོ་ཕོད་གཉིས་རེ་ཡོད་པས། བོད་ཀྱི་ཁ་དཔེར་ཡང་། གོ་ས་མཐོ་བའི་དཔོན་རིགས་ལ། བྱུ་རུ་དམར་བོའི་ཏོག་ཅན། རྨ་བྱ་དེ་ཕོའི་སྒྲོ་ཅན། ཞེས་ཟེར་རོ། །

༤ ཨོ་རྒྱན་སྒོམ་ཞྭ་ཕྲ་ཆུང་།

ཞྭ་འདི་ནི་ཚངས་པའི་ངོ་ལུག་གིས་ཇོ་རུ་ལ་ཕུལ་བའི་ཞྭ་ཞིག་སྟེ། ཞྭ་བཤད་ནི་གླིང་སྒྲུང་རྟ་རྒྱུགས་རྒྱལ་འཇོག་ལས། སྟོང་ཉིད་སྒོམ་ཞྭ་ཁྲ་ཆུང་འདི། །སྐྱ་ལོའི་སྟོན་པའི་ཕུག་ནོར་ཡིན། །ཆེ་རྒྱུད་གླིང་གི་རྟེན་སྐལ་ཡིན། །ཨོ་རྒྱན་པདྨའི་དབང་ཞུ་རེད། །དེ་རིང་ལྷ་སྲས་ཁྱེད་ལ་འབུལ། །ཞྭ་ལ་འཁོར་འདས་གཉིས་ཀར་མཚོན། །འཁོར་བ་ཁམས་གསུམ་རིགས་དྲུག་ཚང་། །རྩེ་མོ་བྱ་སྒྲོ་བཞི་ཡིས་བརྒྱན། །གཟུགས་མེད་སྐྱེ་མཆེད་མུ་བཞི་མཚོན། །དེ་ལ་དར་སྣ་བཅུ་བདུན་བཏགས། །གཟུགས་མེད་གནས་རིས་བཅུ་བདུན་མཚོན། །ཞྭ་ལ་པད་འདབ་དྲུག་གིས་བརྒྱན། །འདོད་ལྷ་རིགས་དྲུག་མཚོན་པའི་བརྡ། །ངོས་བཞི་གླིང་ཆེན་བཞི་ལ་མཚོན། །ངོས་རེ་ལ་ཡང་ཟུར་གཉིས་རེ། །ཟུར་བརྒྱད་གླིང་ཕྲན་བརྒྱད་ལ་མཚོན། །ཞྭ་ལུང་མཐའ་ལ་ཚར་ལོ་གསུམ། །ངན་སོང་གསུམ་གྱི་གནས་རིས་མཚོན། །ཞྭ་ལ་གདོང་དྲུག་ཡོད་པ་འདི། །རིགས་དྲུག་འགྲོ་བ་དྲུག་ལ་མཚོན། །ཞྭ་ཁོག་སྟོང་ཞིང་ཡངས་པ་འདི། །འཁོར་བ་སྙིང་བོ་མེད་པར་མཚོན། །ཞྭ་མདོག་དཀར་ལ་འཚེར་བ་དེ། །ཀུན་གཞི་འགྱུར་བ་མེད་པར་མཚོན། །ཞྭ་མཐའ་རས་ཀྱིས་བཏུམས་པ་འདི། །གློ་བུར་སྒྲིབ་གཉིས་སེལ་བའི་བརྡ། །ལུགས་འབྱུང་འཁོར་བ་ཞྭ་ལ་རྫོགས། །ལུགས་ལྡོག་ཞི་བའི་ལམ་དང་མཐུན། །ཞྭ་ཁོག་སྟོང་བ་ཟང་ཐལ་འདི། །གཞི་ཡི་ངོ་བོ་སྟོང་བའི་བརྡ། །ཞྭ་རྒྱུ་རང་བྱུང་དཀར་བ་འདི། །རང་བཞིན་གསལ་བར་མཚོན་པའི་བརྡ། །རྣམ་པ་ཞྭ་རུ་སྣང་བ་ལ། །ཚེ་འདི་དབུ་འཕང་མཐོ་བའི་བརྡ། །གང་ལ་སྦྱར་དུ་རུང་བ་ནི། །ཐུགས་རྗེ་ཀུན་ལ་ཁྱབ་པའི་བརྡ། །ལྟེབས་ན་ངོས་གཉིས་ཡོད་པ་འདི། །ཆོས་ཀུན་བདེན་གཉིས་བསྡུ་བའི་བརྡ། །ཕུད་ན་ལོགས་བཞི་འོང་བ་ནི། །བདེན་བཞིའི་དངོས་བོ་མཚོན་པའི་བརྡ། །ཞྭ་ལ་གདོང་དྲུག་ཡོད་པ་དེ། །ཕ་རོལ་ཕྱིན་དྲུག་རྫོགས་པའི་བརྡ། །ངོས་བཞི་དཀར་གཙང་འཇམ་པ་དེ། །ཚད་མེད་བཞི་དང་ལྡན་པའི་བརྡ། །ཟུར་བརྒྱད་འཕགས་ལམ་ཡན་ལག་བརྒྱད། །བྱང་ཆུབ་སྤྱོད་ལ་གོམས་པའི་བརྡ། །པད་འདབ་དྲུག་གིས་བརྒྱན་པ་ནི། །རིགས་དྲུག་བག་ཆགས་དག་པའི་བརྡ། །རྣ་འདབ་གཡས་གཡོན་མཐོ་བ་དེ། །ཐབས་ཤེས་ཟུང་དུ་འཇུག་པའི་བརྡ། །ཞྭ་ལ་རྩེ་གསུམ་ལྡན་པ་ནི། །འབྲས་བུ་སྐུ་གསུམ་འཐོབ་པའི་བརྡ། །སྣ་ཚོགས་དར་སྣས་བརྒྱན་པ་ནི། །ཡེ་ཤེས་ཕྱོགས་མེད་རྒྱས་པའི་བརྡ། །ཁྱུང་ཆེན་སྒྲོ་ཡིས་བརྒྱན་པ་ནི། །ཆོས་དབྱིངས་མཁའ་ལ་རྟག་རོལ་བརྡ། །ཐང་དཀར་སྒྲོ་ཡིས་བརྒྱན་པ་ནི། །མཁྱེན་པས་མ་རིག་སེལ་བའི་བརྡ། །ནེ་ཙོའི་སྒྲོ་ཡིས་བརྒྱན་པ་ནི། །བརྩེ་བས་གཞན་ལ་གདམས་པའི་བརྡ། །གླག་མོའི་སྒྲོ་ཡིས་བརྒྱན་པ་ནི། །ནུས་པས་བདུད་དཔུང་འཇོམས་པའི་བརྡ། །ཚར་གསུམ་ཐུར་དུ་འཕྱང་བ་ནི། །དུག་གསུམ་སྒྲིབ་པ་སྤང་བའི་བརྡ། །འཁོར་དང་མྱ་ངན་འདས་པའི་ཆོས། །ཞྭ་དང་མི་མཐུན་གཅིག་ཀྱང་མེད། །ཞྭ་འདི་བཞེས་དང་རྟེན་འབྲེལ་ཆེ། །ཞེས་དང་།

གཞན་ཡང་། གེ་སར་རྒྱལ་བོ་འཛོམ་པ་སྤུན་གསུམ་དུ་སྤྲུལ་ནས་ཧོར་ཡུལ་དུ་ཕེབས་སྐབས། འབྲུག་མོས་སྣེ་ལེན་གཟབ་རྒྱས་བྱས་ཏེ། ཁྱེད་ཅག་གི་ཞྭ་དེ་མཚར་རོ་ཞིག་འདུག་པས་ཞྭ་བཤད་དྲིས་པའི་ལན་དུ། འཛོམ་སྔོན་གཡུ་ཡི་ལ་ཐོད་ཅན་དེས། ཞྭ་ལ་དཔེ་སྦྱར་ནས། ཐོག་མར་གླིང་བཞི་གླིང་ཕྲན། དེ་ནས་ས་རི་ཆུ་ཀླུང་དང་ཡུལ་གྱི་ཆགས་དབྱིབས། ཁྱད་པར་དུ་ཆོས་ལུགས་ཀྱི་ཆོ་ག་དང་མཐུན་པའི་ཞྭ་བཤད་ཤོ་ལོ་ཀ་བརྒྱ་དང་ང་ལྔ་ཡོད་པ﹙ཧོར་གླིང་གཡུལ་འགྱེད་སྨད་ཆའི་ཤོག་ངོས༣༠༥ནས༣༢༠ བར﹚ནི་དེར་བལྟ་བར་བྱའོ། །

༥ ཕྱིང་ཞྭ།

ཁ་དཔེར། བླ་མའི་གསེར་ཞྭ་དང་། རྫི་བོའི་ཕྱིང་ཞྭ། ཟེར་བ་ལྟར། ཕྱིང་ཞྭ་འདི་འབྲོག་ཕྱོགས་སུ་དར་ཁྱབ་ཆེ་ལ། དེང་ཡང་རོང་བས་ཀྱང་ཀླུ་རོལ་སོགས་ཀྱི་ཚེ་གྱོན་པ་དེ་ཡིན། སྤྱིར་ཕྱིང་ཞྭ་དེ་བལ་རྒྱུ་བྱས་ཏེ་ཕྱིང་བས་བཟོས་པའི་ཞྭ་འདབ་ཀོར་ཞིང་། ཞྭ་རྩེ་མཐོ་ལ། རྩེ་མོ་ངོས་མཉམ་དུ་བཅད་པ་དེ་ཡིན་ལ། དེང་སང་ཀླུ་རོལ་སོགས་ཀྱི་སྐབས་སུ་གྱོན་པ་སྔོན་གྱི་བཟོ་དབྱིབས་དེ་ལ། མཛེས་ཆོས་དོད་པོ་བྱས་ཏེ། ཞྭ་རྩེ་ལས་ཅ་ལ་དམར་བོ་མཐའ་བསྐོར་དུ་ཤམ་ཡོད། དགེ་ཆོས་ཀྱིས། ཡུལ་གྱི་ལྷ་དང་སྔོན་གྱི་མི་གཉིས་དཔེ་སྦྱར་ནས་གསུངས་ཡོད་པ་བཞིན། རྨ་རྒྱལ་སྦོམ་རའི་ཀྱང་ཕྱིང་ཞྭ་མནབས་ཡོད་པ་དེ་ཡིན་ལ། གེ་སར་སྒོམ་ཞྭ་ཟེར་བ་དེ་ཡང་འཕྱིང་བའི་ཞྭ་མོ་བཟོ་སྲོལ་འདིའི་སྟེང་ནས་བྱུང་བར་བཤད་དོ། །

༦ རྨོག་ཞྭ།

རྨོག་ཞྭ་ནི། གཡུལ་འཁྲུག་གི་སྐབས་སུ། མགོ་བོ་སྲུང་སྐྱོབ་ཀྱི་ཆེད་དུ་གྱོན་པའི་ལྕགས་ཞྭ་ཞིག་ཡིན་ལ། དེ་ལ་དར་ཕྲུ་ཡོད་མེད་ཅི་རིགས་ཡོད། ཆོས་རྒྱལ་ཚོའི་སྐུ་རིང་ལ་རྨོག་གྱོན་ཏེ་གཡུལ་འཐབ་གནང་བ། དེ་ལ་གཟུངས་སྔགས་དང་ཕྱག་རྒྱ་སྣ་ཚོགས་ཀྱིས་མཚོན་སྲུང་ཡང་བྲིས་ཡོད་པ་མང་བ་ལོ་རྒྱུས་དེབ་ཐེར་དུ་གསལ་ལ། དེང་སང་ཡང་ནོར་བུ་གླིང་ཁར་སྲོང་བཙན་གྱི་རྨོག་ཡིན་ཞེས་ཉར་ཚགས་བྱས་པ་ཞིག་ཀྱང་ཡོད་པར་མ་ཟད། གླིང་གི་དཔའ་རྟུལ་ཚོའི་རྨོག་ཡིན་ཞེས་དགོན་སྡེ་ཁག་ན་མཇལ་རྒྱུ་མང་དུ་ཡོད་།

༧ ཞྭ་མོ་ལྕགས་མདའ།

དེ་ནི་གོས་ཆེན་གྱིས་བཟོས་པའི་ཞྭ་ལེབ་མོ། ཞྭ་ཁོག་སྟེང་ཚར་སྐུད་དམར་བོ་ཡོད་པ། དེའི་སྟེང་བུམ་པ་ཆུང་ངུའི་དབྱིབས་ཅན་མཆིས་པ་ཞིག་ཡིན། སྔ་སོར་དེ་ནི་གཞུང་སའི་དཔོན་གནས་རིམ་པ་བཞི་བ་ཡན་གྱི་གྱོན་པའི་དབྱར་ཞྭ་ཞིག་ཡིན་པར་བཤད།

༨ ཚར་ཞྭ།

ཚར་ཞྭ་ནི་ལུ་གུའི་པགས་པས་བཟོས་པའི་ཞྭ་ཞིག་སྟེ། ཞྭ་འདབ་ལ་ཚར་རུ་བརྒྱབ་ཏེ་ཞྭ་འདབས་གཡེར་ཞིང་། སྟེང་དུ་གོས་ཆེན་སོགས་ཀྱིས་བཟོས་པ་ཞིག་ཡིན། ཡང་འདི་ལ་བཟོ་དབྱིབས་མི་འདྲ་བ་གཞན་དག་ཀྱང་སྣང་ངོ་། །

༩ ཝ་ཞྭ།

ཝ་ཞྭ་ནི་ཝ་ལྤགས་སྐྱ་བཤུས་བརྒྱབ་ནས། མ་དྲས་པར་གོན་པ་དང་། ཡང་ན། ཝ་ལྤགས་དྲས་ཏེ་ཞྭ་འདབས་ཡར་བརྫིས་ཏེ་གྱོན། བཟོ་དབྱིབས་ཀྱི་ཐད་ཕོ་མོའི་ཞྭ་གཉིས་ཀར། ཡུལ་ལུང་སོ་སོ་མི་འདྲ་བ་འགའ་ཤས་དང་། གོན་སྟངས་ཡང་མི་འདྲ་བ་འགར་འདུག ཡང་ལ་ལས་ཝ་ཞྭ་འདི་བཙན་པོའི་སྐབས་སུ། ཁྲིམས་ཡིག་ཏུ། སྡར་མ་ལ་ཝ་ཞྭས་མ་སྨད་ན། །དཔའ་བོ་དང་སྡར་མའི་ཤན་མི་འབྱེད། །ཅེས་པ་ལྟར། སྡར་མ་ལ་དམའ་འབེབས་བྱེད་དུ་བསྐྱོན་པ་ཞིག་ཡིན་སྣང་ཡང་། གང་ལྟར་ཕྱིས་སུ་ཝ་མོའི་གྲྭ་ཁ་འདི་མཛེས་པའི་ཆ་ནས། འཕྱོར་ཞྭ་ཞིག་ཏུ་ངོས་འཛིན་པར་བཤད་དོ། །

༡༠ ཞྭ་ཐོད་རིང་བོ།

ཨ་མདོའི་མཚོ་སྔོན་པོའི་འབྲོག་པ་ཚོས་གྱོན་པའི་ཞྭ་མོ་རྩེ་རིང་བོ་ཕྱུ་བའི་ཕུ་ཐུང་གི་རྩེ་བསྡུས་ནས་བསྡམས་ཏེ་མགོར་གྱོན་པ་ལྟ་བུ་ཞིག་འདུག་པ་དེའོ། །

༡༡ ཞྭ་མོ་འབོག་ཐོ།

སྔོན་གྱི་ཚེ་བོད་ས་གནས་སྲིད་གཞུང་སྐབས་གཞུང་གི་དྲུང་འཁོར་སྐྱ་བོ་ཚོས་རྒྱ་ལུ་ཆས་སྤྲས་དུས་མགོར་གྱོན་པའི་ཞྭ་མོ་ཨར་ཀོང་ཟེར་བ་རས་དཀར་བོ་ལས་བཟོས་པ་དེའོ། །

༡༢ རྒྱ་གར་ལེབ་མོ།

ཞྭ་འདི་རང་ཅག་གིས་རྒྱ་གར་ནས་དར་བ་ཞིག་ལ་ངོས་འཛིན་ཀྱང་། དོན་དུ་རྒྱ་གར་འདི་དབྱིན་ཇིས་ཡུན་རིང་དབང་བསྒྱུར་བྱས་སྟབས། ཞྭ་མོ་དེ་རྒྱ་གར་ལ་དབྱིན་ཇི་ནས་དར་བར་སེམས། དེ་བས་དབྱིན་ཇི་དང་རྒྱ་གར་བ་སོགས་ཀྱིས་གྱོན་མཁན་མང་བས། དེ་ལྟར་མིང་ཐོགས། དབྱིབས་ནི་ཞྭ་མགོ་ཟླུམ་ཞིང་ཞྭ་འདབ་རང་རེའི་ཕྱིང་ཞྭ་དང་འདྲ་བ་འདི་ཉིད་དོ། །

༡༣ ཚེ་རིང་སྐྱིན་ཁེབས།

དབུ་ཞྭ་ཚེ་རིང་སྐྱིན་ཁེབས་ལ་ཞྭ་གདན་ཡང་ཟེར་ལ། ལྕེ་བཞི་ཅན་གྱི་དགུན་ཞྭ་ཞིག་ཡིན། རྒྱུའི་གཙོ་བོ་ཕྱིང་བ་ལས་གྲུབ་ལ། སྐྱིན་ཁེབས་ཞེས་པ་གོས་ཆེན་གྱི་རིགས་ཤིག་དང་། གསེར་སྐུད་ལྷས་མ་བཅས་ལས་གྲུབ་ཡོད། དམངས་གཞས་ལས། དབུ་ཞྭ་ཚེ་རིང་སྐྱིན་ཁེབས། །ཞྭ་ལ་ཡར་སྟོད་གསེར་རེད། །ཞྭ་ལ་མར་སྟོད་དངུལ་རེད། །ཅེས་ལེན་སྲོལ་ཡོད། ཚེ་རིང་སྐྱིན་ཁེབས་ཞེས་ཐོགས་དོན་ཡང་། ཚེ་སྲོག་ཡུན་རིང་དུ་གནས་པའི་རྟེན་འབྲེལ་གྱིས་ཚེ་རིང་དང་། རྒྱུ་ཆ་གོས་ཆེན་སྐྱིན་ཁེབས་ཡིན་པས། རྒྱུ་མིང་འབྲས་ལ་ཐོགས་པ་ཡིན།

༡༤ ཚངས་གླིང་ཞྭ་མོ།

ཞྭ་འདིའི་རྒྱུ་ཆ་གཙོ་བོ་ནི་སྣམ་བུ་ལས་བྱས་པ་མང་ལ། དབྱིབས་ནི། རྭ་ཅོ་ལྟ་བུའི་ཟུར་གཉིས་དང་ལྡན་ལ། ཞྭ་མཐའ་ལ་འཇའ་སྒྲིལ་བཏང་སྟེ། མུ་ཏིག་གི་ཕྲ་རྒྱན་རྒྱག་སྲོལ་ཡོད། གྱོན་སྟངས་ལ། བུད་མེད་གཉེན་སྒྲིག་བྱས་པ་དག ཞྭ་མོའི་རྭ་གཉིས་ཟུར་ལ་བསྟན་ནས་གྱོན་པ་དང་། སྨྱན་སྒྲིག་མ་བྱས་པ་དག་ཟུར་གཉིས་རྒྱབ་ཏུ་བསྟན་ནས་གྱོན་སྲོལ་ཡོད། ཞྭ་འདི་གཙོ་ཆེ་ཤོས་ཀོང་ཡུལ་དུ་གྱོན་པ་མང་སྐད།

༡༥ ཡང་ཞྭ། དུང་དཀར་ཚིག་མཛོད་ལས།

དགུན་དུས་སུ་བུ་མོ་ཚོས་ཡང་ཞྭ་ཞེས་ཐེར་མ་སོགས་ཀྱིས་བཟོས་པའི་ཞྭ་མོ་རྒྱབ་མདུན་གཉིས་ཀ་རྣ་ཅོག་ཆེ་བ་རེ་དང་། གཡས་གཡོན་གཉིས་ལ་ཆུང་བ་རེ་པགས་པའམ་སྤུ་མ་གྲ་རིང་གིས་བརྒྱན་པ་ཞིག་གྱོན་པར་བྱེད། ཅེས་དང་། དུས་སྟོན་དང་སྤྲོ་སྐྱིད་སྐབས་སུ་སྤ་ཕྲུག་མི་གྱོན་པར། ཞྭ་མོ་ཡང་ཞྭ་གྱོན། ཞེས་སོ། །

གཞན་ཡང་ནག་ཆུ་ཁུལ་ལ་མཚོན་ན། ལྷས་དངོས་ཀྱི་ཞྭ་མོ། ཐོད་ཁེབས། ཞྭ་མོ་མགོ་ཁྲ། ཞྭ་མོ་དབུས་རིས་ཚེ། རས་ཞྭ་ཁྲ་རིལ། སྐྱེས་པའི་རས་ཞྭ་སོགས་ཀྱང་ཞིབ་པར་ཤེས་འདོད་ན་ནག་ཚང་ཤེལ་ཚྭ་རྫོང་གི་ལོ་རྒྱུས﹙ཤོག་གྲངས༢༣༧- ༢༤༠﹚ཞེས་པར་གསལ་ལོ། །

ལེའུ་གསུམ་པ། དགེ་སློང་གི་ཡོ་བྱད་དང་གཞི་གསུམ་སྐོར།

དང་བོ། ན་བཟའི་སྐོར་བཤད་པ།

༡ ཆོས་གོས་རྣམ་གསུམ་གྱི་བྱུང་བ་དང་ཁྲུ་ཚད།

སྟོན་པ་ཐུགས་རྗེ་ཅན་ཞལ་བཞུགས་དུས། རྒྱལ་བོ་གཟུགས་ཅན་སྙིང་བོས་འཚོ་བ་བ་གོས་ངུར་སྨྲིག་གྱོན་པ་ཞིག་མཐོང་བས། གླང་ཆེན་ལས་བབས་ཏེ་ཞབས་ལ་མགོ་བོས་གཏུགས་པས། འཁོར་གྱིས་དེ་ནི་སྟོན་པའི་ཉན་ཐོས་མ་ལགས་སྨྲས་པས། རྐྱེན་དེ་ལ་བྱས་ཏེ་རྒྱལ་བོས། སྟོན་པ་བཅོམ་ལྡན་འདས་ལ། རབ་བྱུང་གི་ཆོས་གོས་གཞན་དང་མི་འཁྲུལ་བའི་རྟགས་དགོས་ཚུལ་ཞུས་པས། སྟོན་པས་ལུས་འཕགས་ཀྱི་ཞིང་ལྟ་བུའི་དྲས་དྲུབ་བྱེད་དགོས་པར་བཀའ་བསྩལ་བ་ཡིན། དེ་ཡང་ཆོས་གོས་རྣམ་གསུམ་གྱི་སྒྲ་བཤད་ནི། ཆོས་དོན་དམ་པའི་དགེ་སྦྱོང་དང་། མྱ་ངན་ལས་འདས་པ་དང་མཐུན་པའི་གོས་ཡིན་པས་ཆོས་གོས་དང་། རྣམ་ཕྲན་དང་ལྒིགས་བུ་དུ་མ་སོ་སོར་རམ་ཀུན་ཏུ་སྦྱར་བས་ན་རྣམ་སྦྱར་དང་། བླ་སྟེ་སྐུ་སྟོད་དུ་གྱོན་པས་གོས་ཡིན་པས་བླ་གོས། མཐང་སྟེ་སྐུ་སྨད་དུ་གྱོན་པས་གོས་ཡིན་པས་མཐང་གོས་ཟེར་རོ། །

ཆོས་གོས་དེ་རྣམས་འཇལ་བྱེད་ཀྱི་ཁྲུ་ནི། ལུས་ཁྲུ། ལག་ཁྲུ། རྡུལ་ཁྲུ། ཞེས་གསུམ་དུ་འདུལ་གཞུང་ལས་གསུངས་ཤིང་། ལུས་ཁྲུ་ནི། རང་གི་ལུས་ཀྱི་སྲིད་དུ་ཆ་བདུན་དུ་བགོས་པའི་ཆ་གཉིས་དང་། ལག་ཁྲུ་ནི། ཊིཀྐ་ལས། ཁྲུ་ནི་གྲུ་མོ་ནས་གུང་མོའི་བར་རོ། །ཞེས་དང་། མཛོད་རྩར་སོར་མོ་ཉི་ཤུ་བཞི་ལ་ཁྲུ། ཞེས་སོ། །རྡུལ་ཁྲུ་ནི། རྣམ་འབྱེད་འགྲེལ་བ་ན་འདུལ་བ་ལས་དྲུག་འགྱུར་དུ་བསྒྲེ་བ་ནི། མར་འབྲི་བའི་དུས་ཀྱི་མི་ཉམ་ཆུང་བའི་སོར་རྣམ་པར་བཞག་པའི་ཕྱིར་རོ། །ཆོས་མངོན་པ་ལས་བདུན་འགྱུར་དུ་བསྒྲེ་བ་ནི། བསྐལ་བ་དང་བོའི་མི་ཉམ་ཆེ་བའི་སོར་རྣམ་པར་བཞག་པའི་ཕྱིར་རོ་ཞེས་གསུངས་པ་ལྟར། འདུལ་བ་མདོ་རྩར། རྡུལ་ཕྲ་རབ་དང་། རྡུལ་ཕྲ་མོ་དང་། ཆུ་དང་། ལྕགས་དང་། རི་བོང་དང་། ལུག་དང་། གླང་དང་། ཉི་ཟེར་གྱི་རྡུལ་དང་། སྲོ་མ་དང་། ཤིག་དང་། ནས་དང་སོར་རྣམས་སྔ་མ་སྔ་མ་དྲུག་འགྱུར་དང་། སོར་མོ་ཉི་ཤུ་རྩ་བཞི་ལ་ཁྲུ་གང་སོགས་གསུངས་སོ། །མཛོད་རྩ་ལས། སྐད་ཅིག་ཕྲ་རབ་རྡུལ་དང་ནི། །རྡུལ་ཕྲན་དང་ནི་དེ་བཞིན་དུ། །ལྕགས་ཆུ་རི་བོང་ལུག་དང་གླང་། །ཉི་ཟེར་རྡུལ་དང་སྲོ་མ་དང་། །དེ་ལས་བྱུང་དང་དེ་བཞིན་དུ། །སོར་ཚིགས་ཞེས་བྱ་གོང་བདུན་འགྱུར། །སོར་མོ་ཉི་ཤུ་བཞི་ལ་ཁྲུ། །ཁྲུ་བཞི་ལ་ནི་གཞུ་གང་ངོ་། །དེ་དག་ལྔ་བརྒྱ་རྣམས་ལ་ནི། །རྒྱང་གྲགས་དེ་ལ་དགོན་པར་འདོད། །དེ་བརྒྱད་དཔག་ཚད་ཅེས་བྱའོ། །ཞེས་སོ། །

གཞལ་ཚུལ་ཡང་། ཀུན་མཁྱེན་མཚོ་སྣ་བའི་གདུལ་ཊིཀ་ཉི་མའི་འོད་ཟེར་ལས། རྡུལ་ཁྲུ་ལུས་ཁྲུ་ལག་ཁྲུ་སྟེ། །ཁྲུ་གསུམ་རྣམ་དབྱེ་ཤེས་པར་བྱ། །རྡུལ་ཁྲུས་གཞལ་བར་བྱ་བ་ནི། །ཁང་བའི་ཚད་དང་ཁྲི་རྐང་ཚད། །གདིང་བ་གཡན་འགབ་རས་ཆེན་ནོ། །དེ་དག་ལས་གཞན་ཆོས་གོས་རྣམས། །ལུས་ཁྲུ་འམ་ལག་ཁྲུས་གཞལ་བ་སྟེ། །ལུས་རིང་ཧ་ཅང་ལག་ཐུང་དང་། །དེ་ལས་ལྡོག་པའི་ཆོས་གོས་རྣམས། །རང་གི་ལུས་ཁྲུ་ཁོ་ནས་གཞལ། །ལུས་ཚད་ལག་ཚད་འཚམ་པ་ཡིས། །ལག་ཁྲུས་ཀྱང་ནི་གཞལ་དུ་རུང་། །ཞེས་སོ། །

གོས་གང་ལས་སྒྲུབ་པའི་བསམ་སྤྱོད་མི་རུང་བའི་རྒྱུ་ཚུལ་འཆོས་དང་། ཁ་བསགས། གཞོགས་སློང་། ཐོབ་ཀྱིས་འཇལ་བ། རྙེད་པས་རྙེད་པ་འཚོ་བ་སྟེ་ལོག་འཚོ་ལྔའི་བསམ་སྤྱོད་ཀྱིས་གོས་སྒྲུབ་པ་སྤངས་ཏེ། ཀུན་སྤྱོད་དང་སྤྱོད་ལམ་དག་པས་གོས་འཚོལ་སྒྲུབ་བྱེད་དགོས་པར་མ་ཟད། དཔག་བསམ་གྱི་ཤིང་ལས་བྱུང་བ་དང་། རས་བལ་དང་རྔ་མོང་གི་བལ་སོགས་རིན་པོ་ཆེ་ལས་གྲུབ་པ་དང་། དབྱིབས་མི་རུང་བ་ཁ་ཚར་དང་ཕུན་ཚར་ཅན་དང་། མུ་སྟེགས་ཀྱི་རྒྱལ་མཚན་ལྟ་བུ་དང་། ཁ་དོག་མི་རུང་བ་ཁྲ་བོ་དང་། དཀར་བོ། ནག་པོ། མཚལ། རྒྱ་སྐྱེགས། བཙོད། གུར་གུམ། མཐིང་ཤིང་། ལི་ཁྲི། སྨར་ཤིང་། ལེ་བརྒན་སོགས་ཀྱི་ཚོན་ཀྱིས་ཁ་བསྒྱུར་བའི་གོས་ཀྱི་རྒྱུ་མི་རུང་བ་སྤངས་ཏེ། བལ་དང་། རྩྭ་ཤ་ན། ཉི་འོག་པའི་གོས་དང་། རས་གོས་དང་། རྩྭ་ཟར་མ། རྩྭ་གོ་ཏམ་པ་བཅས་ལས་གྲུབ་པའི་གོས་རྣམས་དང་། སྔོན་པོ་དང་། སེར་བོ། དམར་བོ་སྟེ་སངས་རྒྱས་ཀྱིས་གནང་བའི་གོས་ཀྱི་རྒྱུ་སྒྲུབ་དགོས་སོ། །

༢ སྣམ་སྦྱར།

སྣམ་ཕྲན་དགུ་ནས་ཉེར་ལྔ་བར། ལྒིགས་བུ་ཕྱེད་དང་གསུམ་པ་ནས་ཕྱེད་དང་ལྔ་བར་ཆུང་འབྲིང་ཆེ་བ་སྐོར་དགུ་སྟེ། ཆེ་ཚད་སྲིད་དུ་ཁྲུ་ལྔ། ཞེང་དུ་ཁྲུ་གསུམ། ཆུང་ཚད་སྲིད་ཞེང་གཉིས་ཀ་ནས་ཁྲུ་ཕྱེད་ཕྱེད་ཕྲི་བ། དེ་གཉིས་ཀྱི་བར་ནི་འབྲིང་ཚད་དེ་ཆོས་གོས་རྣམ་གསུམ་གྱི་ཚད་ནི་གཅིག་མཚུངས་ཡིན་ནོ། །འདི་ལ་སྣམ་ཕྲན་ཉེར་ལྔ་དང་། ལྒིགས་བུ་ཕྱེད་དང་ལྔ་རེ་ཡོད་པས་ནི་འཕགས་ལམ་ཡན་ལག་བརྒྱད་དང་། ཡན་ལག་བདུན། དབང་སྟོབས་བཅུ། ལྕགས་རི་དྲན་ཉེ་སོགས་གསུམ་སྟེ། བྱང་ཆོས་སོ་བདུན་དྲན་གསོའི་རྟེན་ནོ། །གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྣམ་སྦྱར་གྱི་གྲྭ་རྟགས་ནི་འཁོར་ལོ། ནོར་བུ། ཨུཏྤལ། པདྨ། ཤིང་ལོ་སོགས་དང་། ཕལ་ཆེན་པ་ནི་གྲྭ་རྟགས་དུང་སོགས་དང་། གནས་བརྟན་པ་ནི་གྲྭ་རྟགས་དཔལ་བེའུ་སོགས་དང་། མང་བཀུར་བ་ཡང་གྲྭ་རྟགས་དཔལ་བེའུ་སོགས་སོ། །

༣ བླ་གོས།

བླ་གོས་དང་རྣམ་སྦྱར་ནི། སྐུ་སྟོད་དུ་བཞེས་ནས་ཁྱིམ་པ་དང་མུ་སྟེགས་སོགས་ལས་ཁྱད་པར་དུ་འཕགས་པ་དང་། དགེ་སྦྱོང་གི་དྲན་པ་གསོ་བས་གོས་རྒྱུ་དང་ཁ་དོག་དབྱིབས་སོགས་ཚད་དང་ལྡན་པ་འདིས། གནས་སྐབས་འབུ་དང་ཚ་གྲང་ལས་སྐྱོབ་པའི་གོས་འདི་འཆང་ནས། སྔོན་གྱི་དེ་བཞིན་གཤེགས་པ་རྣམས་ཀྱི་དོན་དམ་པའི་དགེ་བ་ཐར་བ་མྱང་འདས་ཀྱི་སར་གཤེགས་པ་ལྟར། བདག་ཀྱང་ཚུལ་ཁྲིམས་ཀྱི་བསླབ་པའི་མི་མཐུན་ཕྱོགས་ལས་སྡོམ་པ་ཆུ་ལོན་ལྟ་བུ་སོ་ཐར་སྤོང་བདུན་འཁོར་བཅས་ཀྱི་ཚུལ་ཁྲིམས་རྣམ་པར་དག་པ་སྲུང་ནས་ཐར་བ་མྱ་ངན་ལས་འདས་པ་འཇུག་པར་བྱའོ་སྙམ་དུའོ། །ཚད་ནི། སྣམ་ཕྲན་བདུན་པ། ལྒིགས་བུ་ཕྱེད་དང་གསུམ་པ། ཚད་སྣམ་སྦྱར་ལྟར་རོ། །འདི་ལ་ལྒིགས་བུ་ཕྱེད་དང་གསུམ་རེ་ཡོད་པས། བྱང་ཆུབ་ཡན་ལག་བདུན་དང་། དེའི་ངོ་བོར་གྱུར་བའི་མཉམ་བཞག་སོགས་ཀྱི་དྲན་གསོའི་རྟེན་ནོ། །

༤ མཐང་གོས།

མཐང་གོས་ཀྱིས་སྨད་གཅེར་བུ་སྐྱོབ་ཆེད་དང་། སྦྲང་བུ་དང་ཤ་སྦྲང་རླུང་དང་ཉི་མ་སོགས་ཀྱི་གནོད་པ་སྐྱོབ་པར་མ་ཟད། ཁྱིམ་པ་དང་མུ་སྟེགས་ཅན་རྣམས་ལས་རྟགས་ཁྱད་པར་དུ་འཕགས་པར་བྱེད་པ་སོགས་སོ། །ཚད་ནི་སྣམ་སྦྱར་ལྟར་དང་། ལུས་བོངས་ཆེ་བས་སྲིད་དུ་མ་ཆོག་ན། ཇི་ཙམ་མ་ཆོག་པ་དེ་ཙམ་གྱི་ལུས་དང་འཚམ་པའི་རལ་ཁ་དཔུང་ཆད་གླན་པ་དེ། རྩ་བར། མི་ཡོགས་ན་རལ་ག་དཔུང་ཆད་བྱའོ། །ཞེས་སོ། །འདི་ལ་ལྒིགས་བུ་ཕྱེད་དང་གཉིས་རེ་ཡོད་པས་དབང་སྟོབས་ལྔ་དྲན་པ་གསོ་བའི་རྟེན་དུ་མཚོན་པ་ཡིན་ནོ། །

༥ ཤམ་ཐབས།

ཉིན་མོ་སྐུ་ལུས་ལ་གྱོན་རྒྱུའི་གོས་ཏེ། ཚད་མཐང་གོས་དང་མཉམ་ཞིང་། མཐང་གོས་ལ་རྔུལ་གྱི་དྲི་མས་མི་བགོ་བའི་ཆེད་དུའོ། །

༦ ཤམ་ཐབས་ཀྱི་གཟན།

མཚན་མོ་སྨད་དུ་གྱོན་པའི་གོས་ཏེ། ཚད་མཐང་གོས་དང་མཉམ་ཞིང་། ཤམ་ཐབས་ཀྱི་ཐེབས་སོ། །

༧ རྔུལ་གཟན།

ཉིན་མོ་སྐུ་སྟོད་དུ་གྱོན་པའི་གོས་ཏེ། ཚད་བླ་གོས་དང་མཉམ་ཞིང་། བླ་གོས་རྔུལ་གྱི་དྲི་མས་མི་བགོ་བའི་སླད་དུའོ། །

༨ རྔུལ་གཟན་གྱི་གཟན།

མཚན་མོ་སྐུ་སྟོད་དུ་གྱོན་པའི་གོས་ཏེ། ཚད་བླ་གོས་ལྟར་ལ། རྔུལ་གཟན་གྱི་ཐེབས་སོ། །

༩ གཡན་པ་དགབ་པ།

འདི་ནི་དགེ་སློང་གཡན་པའི་ནད་ཅན་ལ་གནང་བ་སྟེ། སྲིད་དུ་ཁྲུ་དྲུག ཞེང་དུ་ཁྲུ་གསུམ་མོ། །

༡༠ རྣག་གཟན།

འདི་ནི་དགེ་སློང་རྣག་ཅན་ལ་གནང་བ་སྟེ། ཚད་ཆོས་གོས་དང་མཉམ།

༡༡ གདོང་ཕྱིས། གདོང་ཕྱིས་ནི།

སྲིད་ཞེང་གཉིས་ཀར་ཁྲུ་གང་རེ།

༡༢ སྐྲ་བཟེད།

འདི་ནི་སྐྲ་གཞར་བའི་ཚེ་གྱོན་པའི་གོས་ཡིན་ལ། སྲིད་དུ་ཁྲུ་གསུམ། ཞེང་དུ་ཁྲུ་ཕྱེད་དང་གཉིས་སོ། །

༡༣ གདིང་བ།

གནས་མལ་སྐྱོབ་པའི་ཆེད་དུ་གནང་བ་སྟེ། དགེ་འདུན་གྱིས་རྩའི་གདན་མ་གཏོགས་གནས་མལ་དང་། ཁྱིམ་པའི་སྟན་དཀར་བོ་དང་། གང་ཟག་གི་ཁྲ་བོ་སོགས་ཕལ་ཆེར་མ་ཉམས་པ་ལ་ལོངས་སྤྱད་པའི་དུས་སུ་འདིས་བསྐྱབས་ནས་ལོངས་སུ་སྤྱོད་དགོས་པ་ཡིན། གདིང་བ་གསར་བ་ལས་ཁ་དོག་མི་སྡུག་པར་བྱ་བའི་ཕྱིར། འདིང་བ་རྙིང་བ་ལས་བདེ་བར་གཤེགས་པའི་མཐོ་གང་ངམ། ཚད་དང་ལྡན་པའི་ཁྲུ་ཕྱེད་དང་དོས་ཕྱོགས་ཀུན་ནས་འཁོར་བ་གླན་པ། ཚད་སྲིད་དུ་ཁྲུ་གསུམ། ཞེང་དུ་ཁྲུ་དོ་སོར་དྲུག མ་ཆོག་ན་སྲིད་དུ་ཕྱེད་དང་དོས་བསྐྱེད་པའོ། །འདི་ལ་ལྕགས་རི་དྲན་ཉེ་བཞི་དང་། ལྒིགས་བུ་ཕྱེད་དང་གཉིས་ནི་ཡང་དག་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་བ་བཞིའི་དྲན་གསོའི་རྟེན་དུའོ། །

༡༤ དབྱར་གྱི་གོས་རས་ཆེན།

འདི་ནི་ཆར་སྐྱོབ་པའི་ཆེད་དུ་གནང་བའི་གོས་ཡིན་ལ། སྲིད་དུ་ཁྲུ་དགུ། ཞེང་དུ་ཁྲུ་གསུམ་དང་སོར་བཅོ་བརྒྱད་དོ། །འདི་དག་ནི་དགེ་སློང་གི་འཚོ་བའི་ཡོ་བྱད་བཅུ་གསུམ་ཡིན་ནོ། །

༡༥ སྟོད་འགག

༡ སྟོད་འགག་གི་ཁུངས། སྟོད་འགག་ནི། དགེ་འདུན་པ་ཚོའི་སྐུ་སྟོད་དུ་གསོལ་རྒྱུའི་ན་བཟའ་དེ་ཡིན་ལ། འདི་ནི་ཆོས་འདུལ་བ་ལས་མ་བྱུང་ཡང། མཐོ་སྒང་འདིར་གྲང་ངར་ཆེ་སྟབས། བསྟན་པ་ཕྱི་དར་གྱི་དུས་སུ། དགེ་འདུན་ཚོ་གྲང་སྐྱོབ་ཏུ་ཕན་སླད། རྔུལ་གཟན་གྱི་ཚབ་ཏུ་གྱུར་བའི་སྟོད་འགག་འདི་དར་ཁྱབ་བྱུང་བ་ཡིན།

༢ སྟོད་འགག་གི་འཚེམ་སྟངས་དང་དབྱིབས་སོགས་གཅིག་མཚུངས་ཡིན་ནའང་། རྒྱུ་ཆ་ལ་མི་འདྲ་བའི་ཁྱད་པར་ཅུང་ཟད་ཡོད། དཔེར་ན། གོས་རྒྱ་སེར་གྱི་འགག དམར་སེར། ཐེར་མའི་འགག སྣམ་བུའི་འགག་སོགས་ཡོད། འདི་ལ་གྲུབ་མཐའ་ཁག་ལ་ཁྱད་པར་མེད་ནའང་། སེར་འབྲས་དགེ་གསུམ་གྱི་བླ་མ་ལས་སྣེ་དང་། བོད་གཞུང་གི་སེར་མོ་བའི་རྩེ་དྲུང་རྣམ་པ་སོགས་ཀྱིས་གོས་ཆེན་རྒྱ་སེར་དང་། རྒྱུད་སྟོད་པས་སྟོད་འགག་གི་ཕྲག་ལྷན་དུ་ཐེར་མ་སེར་བོ། རྒྱུད་སྨད་པས་སྟོད་འགག་གི་དབུས་སུ་ཚོས་གཞི་དམར་བོ་རྒྱག་སྲོལ་ཡོད། གྲྭ་བ་དཀྱུས་མའི་རིགས་ཀྱིས་ཐེར་མའམ་སྣམ་བུ་དམར་བོ་ཙམ་གྱི་སྟོད་འགག་གྱོན་སྲོལ་ཡོད་པ་ནི། ཆོས་འདུལ་བ་ལས་མ་བྱུང་བའི་བོད་རང་གི་ཡུལ་ཆས་སོ། །

༣ སྟོད་འགག་གི་མཚོན་དོན། སྟོད་འགག་གི་དབྱིབས་གླང་ཆེན་གོ་ལྤགས་བཤུས་པ་འདྲ་བས། གླང་ཆེན་སྲོག་ཆགས་ཀྱི་ཁྲོད་ན་སྟོབས་ཆེ་བ་བཞིན། སྟོད་འགག་མནབས་པའི་གང་ཟག་དེ་དགེ་སྒྲུབ་ལ་གཞན་ལས་ས་ཆོད་ཆེ་ཞིང་སྟོབས་ཆེ་བ། ཧ་གོར་གཉིས་གླང་བོའི་རྣ་བ་དང་འདྲ་ཞིང་། མཐའ་རུ་སྐུད་པ་སྔོན་པོ་བཏགས་པས། མཁས་པ་མི་གསུམ་གྱི་བསྟན་རྩ་སོ་ཐར་གྱི་སྡོམ་རྒྱུན་བླ་ཆེན་དགོངས་པ་རབ་གསལ་ལ་ཕུལ་སྐབས། དགེ་འདུན་ཁ་སྐོང་གི་གྲས་སུ་རྒྱ་ནག་གི་དགེ་སློང་ཡོད་པས། ཁོང་རྣམ་པས་དྲིན་བསམ་ཆེད་དང་། དཔུང་མགོར་སྐུད་སྔོན་གྱི་གུག་ཡོད་པས། དགེ་ཚུལ་སློང་ཕྱི་རོལ་ཏུ་ཕེབས་སྐབས་ལག་པ་མི་གཡུགས་པའི་ཆེད་དུ་མཐེ་བོང་འཇུག་སའི་དོད་ཡིན་པ་སོགས་མང་དུ་བཤད་རྒྱུ་ཡོད་དོ། །

༡༦ སྟོད་གོར་ནང་ཚངས་ཅན།

མདོ་རྩ་ལས། སྟོད་ཀོར་ནང་ཚངས་ཅན་ཞེས་སྐུ་སྟོད་དུ་གྱོན་རྒྱུའི་དངུལ་གཟན་བར་ཚངས་ཅན། དགེ་སློང་གིས་འཆང་རུང་བར་བཤད་པ་དེ་ནི། ཕལ་ཆེར་ད་ལྟའི་སྟོད་འགག་གི་མ་གཟུགས་འདྲའོ། །

༡༧ སྐ་རགས།

མདོ་རྩ་ལས། ཤམ་ཐབས་བགོས་པའི་སྟེང་དུ་སྐ་རགས་བཅིང་ངོ་། །ཤུར་བུ་འམ་ལྕག་པོད་དམ་རྒྱ་ལྕང་ངམ། ཤུར་བུ་ཕྲེའུས་སོ། །༡ ཤུར་བུ་ནི། སྐུད་པ་མང་བོ་འཐག་པ་སྲབ་ཞིང་ཞེང་ཆེ་བ་ཞིག་གོ། ༢ ལྕག་པོད་ནི། སྐུད་པ་དུ་མས་བརྒྱད་སླས་ཀྱི་ཟུར་བཞི་བའི་རྣམ་པར་སླས་པ་ཞིག ༣ རྒྱ་ལྕང་ནི། སྐུད་པ་མང་བོ་སླས་པའི་ཟླུམ་སྦུག་ཁོང་སྟོང་གི་སྐ་རགས་ཤིག ༤ ཤུར་བུ་ཕྲེའུ་ནི། སྐུད་པ་མང་བོས་འཐག་པའི་བར་བར་ནས་སྦུ་གུ་ལྟར་ལྷས་པའི་དུམ་བུ་ལྔ་འམ་དྲུག་ཡོད་ལ། བར་བར་དྲ་བ་ལྟར་འབྲེལ་བ་ཞིག་གོ །

༡༨ གཏུར་བུ།

ཆོས་གོས་ཉར་ཚགས་བྱེད་པའི་སྣོད་ཅིག་སྟེ། སྲིད་དུ་ཁྲུ་གསུམ་དང་། ཞེང་དུ་ཁྲུ་ཕྱེད་གསུམ་མམ། ཕྱེད་དོ་ཞེང་དུ་ཉིས་ལྟེབ་བྱས་ཏེ་བཟོས་པ། ཁ་དཀྱིལ་དུ་ཡོད་པ་ལ་ཐ་གུས་ཁ་ལུང་སྦྱར་ནས། ཐ་གུ་གཞན་ཞིག་གིས་ཕན་ཚུན་སྒྲོག་ཆོག་པ་ཞིག་སྟེ། དེ་ཡང་ཞེང་དུ་ཁྲུ་ཕྱེད་དོ་འམ་ཕྱེད་གསུམ་ཞེས་གསུངས་ཚུལ་མི་འདྲ་བ་ནི། སྔ་མ་ཆོས་གོས་བརྒྱད་ལྟེབ་ཀྱིས་གཞུག་པ་དང་། ཕྱི་མ་བཞི་ལྟེབ་ཀྱིས་གཞུག་པའི་ཁྱད་པར་རོ། །

དེ་ཐམས་ཅད་ཁ་ཚར་ཅན་དང་། དཔག་བསམ་གྱི་རྒྱུ་ལས་བྱུང་བ་དང་། ར་བལ་དང་རྔ་བལ་ལས་བྱས་པ་དང་། རུང་བའི་ཚོན་གྱིས་ཁ་མ་བསྒྱུར་བ་དང་། ཁྲ་བོ་སོགས་དང་། ཚོན་ཆེན་གྱིས་ཁ་བསྒྱུར་བ་དང་། མུ་སྟེགས་ཀྱི་ཆ་ལུགས་སུ་གཏོགས་པའི་སྐྲའི་གཡང་གཞི་སོགས་མི་རུང་ཞིང་། ལུག་བལ་དང་། རྩྭ་ཤན་ལས་བྱས་པ། ཉི་འོག་པའི་གོས་དང་། རས་གོས་དང་། རྩྭ་ཟར་མ་དང་། རྩྭ་གོ་ཏམ་པ་དང་། རྩྭ་དུ་གུ་ལས་བྱས་པ་དང་བདུན་རུང་ངོ་། །ཁ་དོག་ཀྱང་རུང་བའི་ཚོན་གྱིས་ཁ་བསྒྱུར་བ་དགོས་ཏེ། སྔོན་པོ་བཙག་དང་ངུར་སྨྲིག་རྩི། །འདི་དག་རུང་བའི་ཚོན་གསུམ་སྟེ། །ཚོན་གཞན་དག་གིས་ཆོས་གོས་ནི། །ཁ་བསྒྱུར་བྱེད་པ་བཀག་པ་ཡིན། །ཞེས་སོ། །

གཞན་ཡང་ཡོ་བྱད་ཕྲན་ཚེགས་ཀྱི་སྐོར་ལ། ཞྭ། ལྷུང་བཟེད་ཀྱི་ཤུབས། ཁ་གཡོགས། རམ་ཕྱིས་སམ་ཕོར་ཕྱིས་སོགས་མང་ངོ་། །

༡༩ འདུལ་བ་ལས་བསྟན་པའི་དགེ་སློང་གི་མཆིལ་ལྷམ་འགའ།

༡ དགེ་སློང་གྲོ་བཞིན་སྐྱེས་ལ་བརྟེན་ནས་གནང་བའི་མཆིལ་ལྷམ་རིམ་པ་གཅིག་པ། ༢ དགེ་སློང་བསོད་སྙོམས་པ་ཞིག་ལ་ཁྱིམ་བདག་གིས་ཕུལ་བ་ལ་བརྟེན་ནས་གནང་བའི་མཆིལ་ལྷམ་རིམ་པ་མང་བོ་ཅན་གྱི་དཔེ་སྟེ། ཁྱིམ་པས་ཐ་ན་གོམ་པ་བདུན་དུ་བགོས་ན་རིམ་པ་མང་ཡང་རུང་ངོ་། །༣ མཆིལ་ལྷམ་གྱིས་རྐང་བ་ལ་རྨ་བྱུང་ནས་གནང་བ་རྐང་བའི་ལོང་བུའི་མཐར་ཐུག་པ་ཁྱབ་པ་པགས་པའི་ལྷམ་ཀོ་བ་ཅན། ༤ དགེ་སློང་རི་ལ་འཛེག་ནས་མཐེ་བོང་ལ་རྨ་བྱུང་སྟེ་གནང་བ། རྐང་བའི་སོར་མོའི་ངོས་ལ་གྱོན་པའི་ལྷམ་སྣ་སྦུབས་ཅན། ༥ དགེ་སློང་རི་ལས་འབབ་པ་ན་རྟིང་བ་ལ་རྨ་བྱུང་སྟེ་གནང་བ། རྐང་བའི་རྟིང་བའི་ངོས་ལ་གོན་པའི་ལྷམ་རྟིང་སྦུབས་ཅན། ༦ ཀླུའི་ཁ་ཆུས་རྩྭ་དུག་ཅན་དུ་གྱུར་ནས་དེའི་གནོད་པ་བསལ་བའི་ཕྱིར་གནང་བ་རྐང་བ་ཕལ་ཆེར་གཡོགས་པ་ལ། བོལ་གྱི་སྣར་ཕྱུངས་པའི་སྦུབས་མཐོངས་ཅན། ༧ རྩྭའི་མྱུ་གུ་ཆེར་སྐྱེས་པས་དགེ་སློང་གི་རྐང་བར་རྨ་བྱུང་ནས་གནང་བ། རྗེ་ངར་གྱི་ཕྱེད་ཁྱབ་པའི་ལྷམ་ཡུ་ཆས་ཅན། ༨ ཀུན་དགའ་བོ་ལ་བརྟེན་ནས། གང་ན་སྣོད་དུ་ཆུ་འཁྱགས་པའི་ཡུལ་དུ་གནང་བ་རྐང་བའི་མཐིལ་ནས་པུས་མོའི་མཐར་ཐུག་པར་ཁྱབ་པའི་མཆིལ་ལྷམ་སྒྲོ་གུ་ཅན།

༢༠ དགེ་སློང་ལ་མི་རུང་བའི་ལྷམ།

༡ ཨ་ཤྭ་ཐ་དང་ཀ་ར་བིའི་འདབ་མ་ལྟ་བུ་དག་མི་བཅང་ངོ་། །༢ ལུག་རུ་ལྟ་བུ་དག་མི་བཅང་ངོ་། །༣ གསེར་དངུལ་གྱི་སྤྲས་པ་སོགས་རྒྱུ་དབྱིབས་རི་མོའི་སྒོ་ནས་མི་རུང་ངོ་། །༤ ཐྲིག་ཐྲིག་ཟེར་བ་དང་། ཏུག་ཏུག་ཟེར་བ་དག་སྒྲའི་སྒོ་ནས་མི་རུང་བ་སྟེ། སྤྱིར་རུང་བར་སྣང་བའི་ལྷམ་དེ་རྣམས་ཀྱང་སྒེག་རྫས་སུ་འགྱུར་བའི་སྐྱོན་དེ་དག་དང་བཅས་ན་མི་རུང་ངོ་། །

༢༡ གཡུང་དྲུང་བོན་གྱི་ཆས་གོས་སྐོར་རགས་ཙམ་བཤད་པ།

སྤྱིར་བོན་གྱི་ཆོས་གོས་ལ། འདུལ་ཆས་དང་། སྔགས་ཆས་ཁག་གཉིས་སུ་དབྱེ་སྟེ། དང་བོ་སྟོན་པ་གཤེན་རབ་རྒྱལ་བུ་རྒྱལ་སར་མ་བཏོན་གྱི་བར་དུ་རྫོགས་སྐུའི་ཆ་ལུགས་དང་། རྒྱལ་སར་བཞུགས་ནས་རབ་ཏུ་མ་བྱུང་བར་དུ་རྒྱལ་བོའི་ཆ་ལུགས། རབ་ཏུ་བྱུང་ནས་འདུལ་ཆས་ན་བཟའ་པད་ལོ་རིགས་དྲུག་གསོལ་བ་ཏེ། པད་ཞུ། སྨད་གོས། གཟན། སྟོད་འགག ཤམ་ཐབས། པད་ལྷམ་བཅས་དྲུག་གསོལ་བས། བོན་གྱི་འདུལ་འཛིན་རྣམ་པས་པད་ལོ་རིགས་དྲུག་གཙིགས་འཛིན་བྱེད་པར་གསུངས་སོ། །སྤྱིར་འདུལ་ཆས་ཀྱི་ཁ་དོག་ལ་སྔོ་དམར་སེར་གསུམ་དུ་བཤད་ཀྱང་། བོན་ལུགས་ལ་སྔོན་པོ་གཙིགས་ཆེན་འཛིན་པ་ནི། བོན་གཞུང་འདུལ་བ་གླིང་བསྒྲགས་དང་། སྲིད་པ་རྒྱུད་ཀྱི་ཁ་བྱང་སོགས་ལས། གོས་སྔོན་དེ་འདུལ་འཛིན་གོང་མའི་བཀའ་རྟགས་དང་། གཡུང་དྲུང་བོན་གྱི་བརྡ་རྟགས་ལྟ་བུར་བཤད་པ་དང་། དུས་གསུམ་དུ་གཡུང་དྲུང་བོན་མི་འགྱུར་བའི་རྟགས་སུའང་བཤད་དོ། །

གཉིས་པ། སྔགས་ཆས་ལའང་སྔགས་ཕྱི་ནང་གི་ཆས་གོས་འདྲ་མིན་ཅི་རིགས་ཡོད་ལ། སྔགས་ཞྭ་ལ་གཙོ་བོ་དཀར་བོ་རྩེ་རྒྱན་དང་། ཁྱུང་ལྡིང་སོགས་ཡོད་དོ། །

གཉིས་པ། ཡོ་བྱད་ཀྱི་སྐོར།

༡ གཎྜི།

༡ གཎྜི་ཐོག་མར་བྱུང་བའི་ཁུངས་ནི། སྟོན་པ་ལ་རྒྱལ་བོ་གསལ་རྒྱལ་གྱིས་རྩོད་དུས་སུ་ཉོན་མོངས་པ་དང་ལས་ངན་སྣ་ཚོགས། འཐབ་རྩོད་རྣམས་ཞི་བ་ལ། ཕན་པ་འབྱུང་བའི་ཐབས་ཞིག་བསྟན་ཏུ་གསོལ་ཞེས་ཞུས་པས། སངས་རྒྱས་སྒྲ་སྒྲོགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ནས། ངན་སོང་གསུམ་གྱི་སྡུག་བསྔལ་ཆད་པར་བྱས་ཤིང་། ཡུམ་ཆེན་མོ་གཎྜི་གཟུགས་ཀྱི་རྣམ་པའི་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་དང་འཐབ་རྩོད་ཞི་བ་དང་། ཚེ་བསོད་ཡོན་ཏན་འཕེལ་བ། སྒྲ་ཐོས་པའི་སྤྲོ་བ་བསྐྱེད་པ། ཡུམ་ཤེས་རབ་གྱི་ཕ་རོལ་ཏུ་ཕྱིན་པ་གཎྜིའི་གཟུགས་ཀྱིས་བཞུགས་སོ། །ཞེས་གཎྜིའི་མདོའི་ལྒིང་གཞི་ལས་གསུངས་པ་ལྟར་རོ། །

གཎྜི་ནི་ཆོས་སྡེ་རྣམས་སུ། དགེ་འདུན་ལ་ཚོགས་བརྡ་གཏོང་བྱེད་དེ། རིང་ཐུང་འདོམ་གང་ལྷག་ཙམ། དབྱིབས་ཟུར་བརྒྱད་པ། རྡུང་བྱེད་མགོ་མཇུག་སྦོམ་ཞིང་། དཀྱིལ་ཕྲ་བ། ཤིང་རིགས་སྣ་བཅུ་དྲུག་ལས་བཟོས་པ་ཞིག་གོ།

༢ ཎྜིའི་རྒྱུ་ནི།

རྒྱུ་གནྜིའི་མདོ་ལས་གསུངས་པ་ལྟར། ༡ ཙན་དན་དཀར་བོ། ༢ བིལ་བ(འབྲས་སུ་ཚིག་རུས་ཅན་གྱི་ཤིང་ཏོག་ཀ་པེད)། ༣ པཱ་ལ་ཤ(ཀེང་ཤུ་ཀ་སྟེ་རྒྱ་སྐྱེགས་ཤིང་། ) ༤ ཨ་ཤད་ཐ། ༥ ཙན་དན་དམར་བོ། ༦ སྟར་ཁ། ༧ ཏཱ་ལ(རྩེ་མོ་བཅད་ན་སླར་མི་སྐྱེ་བའི་ཤིང་ཞིག)། ༨ ཀེང་ཤུ་ཀ ༩ ཤཱ་བ། ༡༠ ཏཱ་མ་ལ། ༡༡ ཨ་མྲ། ༡༢ སྟར་བུ། ༡༣ སྐྱུ་རུ་ར། ༡༤ རིན་ཏི་ས་ར། ༡༥ ཨ་ཤྭ་ཀ ༡༦ འོ་མ་སེ་ཤིང་ངོ་། །བོད་རང་ལ་མཚོན་ན་སྟར་བུ་དང་སྟར་ཁ་ནི་རྙེད་སླ་ཞིང་། རྒྱ་ཤུག་དང་སྟག་པ་ལས་ཀྱང་བྱ་རུང་བར་ཀུན་མཁྱེན་མཚོ་སྣ་བས་གསུངས་སོ། །ཡོངས་གྲགས་སུ་སེང་ལྡེང་དུ་འབོད་པ་དེས་བཟོས་ན་ལེགས་པར་གསུངས། རྟེན་འབྲེལ་གྱི་ཡན་ལག་བཞི་ཡང་དག་པར་མཚོན་པའི་གཎྜི་རྣམ་པ་བཞི་སྟེ། དྲོད་རྣམ་པར་དག་པའི་གཎྜི། རྩེ་མོ་མངོན་རྟོགས་རྣམ་པར་དག་པའི་གཎྜི། བཟོད་པའི་རྣམ་པར་དག་པའི་གཎྜི། ཆོས་མཆོག་གི་རྣམ་པར་དག་པའི་གཎྜིའོ། །

༣ ཚད་དབྱིབས་ནི། གཎྜིའི་མདོ་ལས། ཚད་ནི་མཆུ་རུ་སོར་ཚད་ཀྱི། །བརྒྱད་ཅུ་རྩ་བཞི་ཉིད་བྱ་ཞིང་། །ཞེང་ནི་སོར་ནི་དྲུག་པ་སྟེ། །དཔངས་སུ་ཡང་ནི་གཉིས་བྱའོ། །སོར་མོ་ཚིགས་ཀྱི་ཚད་དག་ནི། །ཟུར་བཞིའི་ཚད་ནི་གཉིས་པ་ཡིན། །ལེགས་མཉམ་ཉིད་དང་ཤིན་ཏུ་གསལ། །རྩེ་གཉིས་སྦལ་བའི་མགོ་བཞིན་ནོ། །ཞེས་དང་། ཀློང་རྡོལ་བླ་མས། གཎྜི་ཆེ་བ་སོར་བརྒྱ་དང་བརྒྱད། གཎྜི་ཆུང་བ་སོར་བརྒྱད་ཅུ་རྩ་བཞི། དེ་གཉིས་ཀྱི་བར་ནི་འབྲིང་ཚདཡིན། ཁ་ཞེང་སོར་དྲུག སྲབ་མཐུག་སོར་གཉིས། སྤོང་བ་པའི་གཎྜི་ཆུང་བ་སོར་ཉེར་བཞི། སྲབ་མཐུག་ཁ་ཞེང་དག་ཆེ་བ་དང་འདྲའོ། །ཞེས་སོ། །

༤ རྡུང་བྱེད་ནི། དེ་ཉིད་ལས། དེ་ནས་རྡུང་བར་བྱེད་པ་ཡང་། །ཤིང་དེ་ལ་ནི་གཅད་དེ་བྱ། །སོར་བཅུ་གཉིས་ཀྱི་ཚད་དག་དང་། །ཟླུམ་ཞིང་རྩེ་གཉིས་ནེའུ་ལེའི་མགོ ། ཞེས་དང་། གཞན་ངོས་ལ་བཀྲ་ཤིས་ཀྱི་ཚིགས་བཅད་དང་། སེར་སྔགས་འབྲི་བ། རབ་གནས་སོགས་བྱའོ། །

༥ རྡུང་ཚུལ་ནི། རྡུང་མཁན་དགེ་བསྙེན་ཡན་ཆད། གསོ་སྦྱོང་ལ་གནས་ཏེ། གཙུག་ལག་ཁང་གི་སྟེགས་བུར་དར་གོས་བཤམས་པའི་སྟེང་དུ། གཎྜི་བཞག་ལ་ཕྱག་གསུམ་འཚལ། ཤེར་ཕྱིན་གྱི་ཆོས་སྒྲ་སྒྲོགས་པར་མོས་ནས། གཎྜི་ཕྲག་པར་བླངས་ནས་བརྡུང་དགོས་ཏེ། མདོ་རྩ་ལས། བསྡུ་བའི་ཕྱིར་གཎྜི་བརྡུང་ངོ་། །དེའི་གནས་ནི་ཁང་སྟེང་ངོ་། །དགེ་འདུན་བསྡུ་བའི་ཕྱིར་རྒྱུད་གསུམ་དང་དེ་སྙེད་ཀྱི་ཏོག་དག་གོ། ལས﹙གསོ་དགག་སོགས་སུ་འདུལ་བའི་ལས་བརྒྱ་རྩ་བརྒྱད་གང་རུང﹚བྱ་བའི་དོན་དུ་ནི་རྒྱུད་གཅིག་དང་ཏོག་གསུམ་མོ། །ཁ་ཅིག་ལས་ནི་རྒྱུད་གསུམ་དང་ཏོག་གཉིས་ཤེའོ། །ཤི་བ་ལ་ཕྲག་པ་དབྱུང་བའི་དོན་དུ་ནི་བྱི་བོའོ། །ཁ་ཅིག་ལས་ནི་རྒྱུད་གཅིག་དང་ཏོག་གཅིག་གོ་ཞེའོ། །ཞེས་པ་སྟེ། རྒྱུད་ཅེས་པ་གཅིག་ནས་བཅོ་བརྒྱད་བར་སྒྲ་ཇེ་ཆེར་བརྡུང་བ་དང་། ཏོག་ཅེས་པ་མཇུག་ཏུ་ཤེད་ཀྱིས་ལན་གཅིག་སོགས། དེས་འགྲེས་ནས་ཤེས་པར་བྱའོ། །གཞན་ཡང་། གཎྜིའི་མདོ་ལས། དམ་ཆོས་བཤད་པའི་དུས་བསྟན་ཕྱིར། །རྔ་འམ་གཎྜི་རྡུང་བའི་སྒྲ། །ཐོས་པས་བྱང་ཆུབ་འཐོབ་འགྱུར་ན། །ཉན་ཕྱིར་ལྷགས་པ་སྨོས་ཅི་དགོས། །ཞེས་པ་ལྟར་ཆོས་ཉན་པའི་བརྡ་སྟོན་ཕྱིར་ཡང་བརྡུང་ལ། དེ་ལས་གཞན་སེར་གནོད་སོགས་བཟློག་ཆེད་ཅི་ཙམ་གྱིས་བཟློག་པ་དེ་ཙམ་དང་། ཡང་། སྒོམ་གྲོལ་བ་དང་ཟས་བཟའ་ཆེད་ཀྱང་བརྡུང་བར་བྱེད་དོ། །

༦ གཎྜིའི་མཚོན་དོན་ནི། བཟོ་གནས་སྐྲ་རྩེའི་ཆུ་ཐིགས་ལས་འདི་ལྟར་འབྱུང་སྟེ། གཎྜི་ལ་རྟེན་འབྲེལ་གྱི་ཡན་ལག་བཞི་ཡང་དག་པར་མཚོན་པའི་གཎྜི་རྣམ་པ་བཞི་སྟེ། དང་བོ། ཆུང་བའམ་དྲོད་རྣམ་པར་དག་པའི་གཎྜི་ནི། ཆོས་ཀྱི་ཕུང་བོ་བརྒྱད་ཅུ་རྩ་བཞི་མཚོན་པའི་སྲིད་དུ་ཆ་བརྒྱད་ཅུ་རྩ་བཞི་བ་གསུམ་དང་། ཁོར་ཡུག་ཟླུམ་པོར་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་ཀྱི་རྣམ་པར་དག་པའི་ཆ་བཅུ་གཉིས་སོ། །གཉིས་པ། རྩེ་མོར་མངོན་པར་རྟོགས་པའི་རྣམ་པར་དག་པའི་གཎྜི་ནི། སྲིད་དུ་མངོན་པར་ཤེས་པ་ལྔ་དང་། དཔེ་བྱད་བཟང་བོ་བརྒྱད་ཅུ་མཚོན་པའི་ཆ་བརྒྱད་ཅུ་རྩ་ལྔ་དང་། མཐའ་བསྐོར་ཟླུམ་པོར་ས་བཅུ་གསུམ་གྱི་རྣམ་པར་དག་པའི་ཆ་བཅུ་གསུམ་དང་། རྣམ་པར་ཐར་བ་བརྒྱད་ཀྱིས་རྣམ་པར་དག་པ་བརྒྱད་ཀྱིས་རྣམ་པར་བརྒྱན་པའོ། །གསུམ་པ། བཟོད་པའི་རྣམ་པར་དག་པའི་གཎྜི་ནི། སྲིད་དུ། སྟོབས་བཅུ་དང་། དགེ་བ་བཅུ་དང་། དབང་བཅུ་དང་། ཕ་རོལ་ཏུ་ཕྱིན་པ་བཅུ་དང་། ཤེས་པ་བཅུ་དང་། བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་རྣམ་པར་དག་པའི་ཆ་བརྒྱད་ཅུ་རྩ་བདུན་དང་། མཐའ་བསྐོར་དུ། སྒྲིབ་པ་མེད་པའི་རྣམ་པ་ལ་སོགས་པའི་དབྱངས་བཅོ་ལྔའི་རྣམ་པར་དག་པའི་ཆ་བཅོ་ལྔ། གསུང་རབ་ཡན་ལག་བཅུ་གཉིས་ཀྱི་དག་པས་བརྒྱད་ཅུ་རྩ་གཉིས་སོ། །བཞི་བ། ཆོས་མཆོག་གི་རྣམ་པར་དག་པའི་གཎྜི་ནི། སྲིད་དུ། ཉོན་མོངས་དགུ་བཅུ་རྩ་བརྒྱད་རྣམ་པར་དག་པས་ཆ་དགུ་བཅུ་རྩ་བརྒྱད་དང་། ཁོར་ཡུག་ཏུ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་རྣམ་པར་དག་པས་ཆ་བཅོ་བརྒྱད། བདེན་པ་བཅུ་དྲུག་གི་རྣམ་པར་དག་པས་བརྒྱད་ཅུ་རྩ་དྲུག་གོ། ཞེས་གསུངས་སོ། །

༧ བརྡུངས་པའི་ཕན་ཡོན་ནི། བརྡུངས་པའི་སྒྲས་ཤེར་ཕྱིན་གྱི་སྒྲ་བརྗོད་པར་འགྱུར་རོ། །བཀྲ་ཤིས་ཀྱི་ཚིག་འབྱུང་ངོ་། །འཁོར་རྣམ་བཞིའི་ནད་ཞི་བར་བྱེད་དོ། །བྱང་ཆུབ་མངོན་དུ་བྱེད་དོ། །མཆོག་གསུམ་གྱི་བཀའ་དྲིན་ཡང་ཤིན་ཏུ་སྐྱེ་བར་འགྱུར་རོ། །དཀྱིལ་འཁོར་ལ་གུས་པར་འགྱུར་རོ། །རྒྱལ་བོ་ཆོས་དང་ལྡན་པར་འགྱུར་རོ་སོགས་ཡོན་ཏན་ཚད་མེད་པའོ། །

༢ མཁར་གསིལ།

དགེ་སློང་བསོད་སྙོམས་ལ་ཕེབས་སྐབས་ཀྱི་ཕྱག་མཚན་ཏེ། མིང་གཞན་ལ་གསིལ་བྱེད། གསེག་ཤིང་། གོ་བྱེད། ཁྱི་སྐྲོད། སིལ་བྱེད་ཡང་ཟེར། དབྱེ་ན། རྭ་གཅིག་པ། རྭ་གཉིས་པ། རྭ་བཞི་བ། རྭ་དྲུག་པ་རྣམས་སོ། །འདི་དགེ་སློང་གི་འཚོ་བའི་ཡོ་བྱད་བཅུ་གསུམ་གྱི་གྲས་ཡིན་ཞིང། འདིའི་རིང་ཚད་དགེ་སློང་རང་རང་གི་ལུས་ཚད་དང་མཉམ་པར་བཤད་དོ། །

དབྱིབས་ནི། ཞུས་ལན་ནོར་བུའི་ཕྲེང་བ་ལས། མདུད་པ་གཅིག་དང་དུམ་བུ་གསུམ། །བར་ཤིང་གསོམ་དང་སྨད་ཞོག་བདུན། །སྟོད་ཞོག་བརྒྱད་དང་རྭ་ཆེན་བཞི། །མཆོད་རྟེན་གཅིག་དང་འཁོར་ལོ་རྒྱུ། །སྦུབས་གཉིས་སྟོང་དང་ཟུང་དུ་འབྲེལ། །ཨ་ལོང་བཅུ་གཉིས་ཡོད་པ་ནི། །བདག་གི་ཐེ་ཚོམ་བཅད་པའི་ཕྱིར། །གང་ལྟར་ལགས། ཞེས་པ་ལྟར་རོ། །

མཁར་གསིལ་འཆང་ཚུལ། མཁར་གསིལ་ཇི་ལྟ་བར་འཆང་ཚུལ་གྱི་སྤྱོད་ལམ་སོགས་ཀྱང་ཇོ་བོ་རྗེའི་གསུང་ལས། འདི་ལ་འཆང་ལུགས་འདི་ལྟར་བགྱི། །མདུང་ཐོགས་བཞིན་དུ་མི་བསླངས་ཤིང་། །དུང་ཐོགས་བཞིན་དུ་མི་སྒྱེར་རོ། །མ་ནི་བུ་གཅེས་འཛིན་པ་བཞིན། །སེམས་ཀྱི་བླངས་པ་ཐུགས་ཀར་བཅིངས། །ཀུ་ཀུ་རཱ་ཙ་ལ་སོགས་པ། །གང་ན་འཇིགས་པ་ཡོད་པའི་སར། །གང་ལྟར་བྱས་ཀྱང་ཉེས་པ་མེད། །བསླབ་གསུམ་ཐབས་དང་ཤེས་རབ་ནི། །ནམ་ཡང་འབྲལ་བར་མི་བྱའོ། །མཆོད་རྟེན་ཡིན་པས་གུས་པར་བྱ། །བརྡ་ཆོས་ཡིན་པས་ཉམས་སུ་བླང་། །འདི་འཆང་ཡོན་ཏན་བསྟན་པ་འཛིན། །མི་ཁོམ་བརྒྱད་སྤངས་སྐམ་པར་གནས། །ཞེས་སོ། །

མཁར་གསིལ་གྱི་དགོས་པ་ནི། དགེ་སློང་བསོད་སྙོམས་ཀྱི་ཚེ་ཁྱི་སོགས་སྐྲོག་བྱེད་དང་། ཡོན་བདག་གི་སྒོ་དྲུང་དུ་བརྡ་གཏོང་བྱེད་ཡིན།

རྡུང་ཚུལ་ནི། དྲིས་ལན་ནོར་ཕྲེང་ལས། མ་ཐེམ་ལ་ནི་ལན་གསུམ་དུ། །དུས་གསུམ་ལན་གསུམ་རྡུང་བར་བྱ། །ཞེས་དང་། ཁྱིམ་བདག་རྣམས་ལ་སི་ལི་ལི། །སྒྲ་དང་ལྡན་པ་བསྒྲག་པར་བྱ། །ཞེས་པ་ལྟར་རོ། །མཁར་གསིལ་འདི་འདུལ་བ་མ་ཟད་སྔགས་ལས་ཀྱང་འཆང་བར་བྱེད་དེ། རྒྱུ་མ་བདེ་མཆོག་ལས། དེ་བཞིན་དུ་ནི་མཁར་གསིལ་དང་། །དམ་པའི་ཆོས་ཀྱི་ལྒིགས་བམ་དག། མཚན་མའི་ཕྱག་རྒྱ་ཚོགས་ཡིན་ནོ། །ཞེས་སོ། །

མཁར་གསིལ་གྱི་མཚོན་དོན་ནི། མདུད་པ་གཅིག་ཡོད་པས་ངན་སོང་གི་སྒོ་གཅོད་པ། དུམ་བུ་གསུམ་གྱིས་བསླབ་པ་གསུམ། བར་གསོམ་ཤིང་བྱས་པས། སེམས་རྒྱུད་དྲང་ཞིང་འཇམ་དགོས་པའི་རྟགས། རྟིང་བའི་རྒྱ་མདུད་ཀྱིས་ངན་སོང་གི་སྒོ་འགེགས་པ། སྨད་ལ་བདུན་ཟུར་ཡོད་པས། བྱང་ཆུབ་ཡན་ལག་བདུན། སྟོད་ལ་བརྒྱད་ཟུར་ཡོད་པས། འཕགས་ལམ་ཡན་ལག་བརྒྱད། རྭ་བཞིས་བདེན་པ་བཞི། རྭ་རེར་ཨ་ལོང་གསུམ་གསུམ་སྟེ་བཅུ་གཉིས་ཡོད་པས། གསུང་རབ་ཡན་ལག་བཅུ་གཉིས། མཆོད་རྟེན་གཉིས་ཀྱིས་སྐུ་གཉིས། འཁོར་ལོ་གསུམ་གྱིས་སྡེ་སྣོད་གསུམ། སྟོད་སྦུབས་སྟོང་བས་ཆོས་ཀྱི་བདག་མེད། སྨད་སྦུབས་སྟོང་བས་གང་ཟག་གི་བདག་མེད། སྟོད་སྨད་ཟུང་དུ་སྦྲེལ་བས་ཐབས་ཤེས་གཉིས། བར་གྱི་ལྕགས་ཀྱུས་གདུལ་བྱ་ཐར་བར་འདྲེན་པའི་འཕྲིན་ལས་མཚོན་ནོ། །ཞིབ་པར་རྒྱལ་དབང་བཅུ་གསུམ་པའི་བསྟན་པའི་ནང་མཛོད་དང་། འདུལ་བ་ལུང་སྡེ་བཞི་སོགས་ན། དཔེ་རིས་དང་བཅས་པ་བཞུགས་པས་དེར་གསལ་ལོ། །

བོན་གྱི་མཁར་གསིལ་ནི། ཡུ་བ་རིང་ཞིང་འཁར་རྒྱུག་གི་རྣམ་པ་ཅན་ཞིག་ཡོད་པ་དེ། གྲྭ་བ་རྣམས་འདུལ་ཁྲིམས་ཞུ་སྐབས། འདུལ་ཁྲིམས་གནང་མཁན་གྱི་བླ་མའི་ཕྱག་ཏུ་བསྣམས་པར་བཤད་ལ། འོན་ཀྱང་ད་ལྟ་རང་ཅག་གི་ཞལ་ངོ་རྣམས་ཀྱིས་ཁྲིམས་དབྱུག་﹙ཨ་མདོའི་སྐད་དུ་བཀྱིག་པ་ཟེར། ﹚འཛིན་པའི་ཕྱག་ལེན་དེ་ཡང་འདི་ལས་མཆེད་པར་སེམས།

༣ ལྷུང་བཟེད།

ལྷུང་བཟེད་ནི་ཤཱཀྱའི་རབ་བྱུང་རྣམས་གྱིས་བསོད་སྙོམས་སློང་བའི་སྣོད་ཅིག་ཡིན་ལ། དེ་ཡང་སྦྱིན་བདག་རྣམས་ཀྱིས་ཟས་འདིའི་ནང་ལྷུང་བ་བཟེད་པས་ན་ལྷུང་བཟེད་དམ་སློང་ཕོར་ཡང་ཟེར། མཚོན་དོན་ནི། འདི་ཟས་ཀྱིས་འགེངས་པ་བཞིན་དུ་རང་གི་ཤེས་རྒྱུད་ཡོན་ཏན་གྱིས་བཀང་བ། ནང་དུ་ཟས་ལ་ལོངས་སྤྱོད་པ་བཞིན་དུ་ཆོས་ལ་ལོངས་སྤྱོད་པ། མཐའ་གཉིས་སྤོང་བའི་བསོད་སྙོམས་སྤྱོད་པའི་སྣོད་དུ་སྟོན་པས་གནང་བ་ཡིན་པས། དུས་རྒྱུན་དུ་ལྷུང་བཟེད་འདི་སྤྱོད་དོ། །

འདི་ལ་རུང་བ་ལྔ་དང་ཆུང་འབྲིང་ཆེ་གསུམ་གྱི་ཚད་དང་ལྡན་པ་ཞིག་དགོས། རུང་བ་ལྔ་ནི། རྒྱུའི་རུང་བ་ས་རྡོ་ལྕགས་གསུམ་ལས་བྱས་པ། ཁ་དོག་གི་རུང་བ་བྱ་རོག་གི་མིག་ལྟར་ནག་པ། དབྱིབས་ཀྱི་རུང་བ་སྒོ་ང་ཕྱེད་བཅད་ལྟར་ཟླུམ་པ། ངོ་བོའི་རུང་བ་ལྷན་པ་ལྔ་ཡན་ཆད་མ་ཕོག་ཅིང་ལོངས་སྤྱད་རུང་བའོ། །

ལྷུང་བཟེད་ཀྱི་ཚད་ནི། ཆེ་ཚད་རྒྱ་གར་མ་ག་དྷའི་བྲེ་གང་གི་ཚད་ཀྱི་འབྲས་རླངས་བཙོས་བྱས་པ་འཕེལ་བའི་ཕུལ་བཅུ་གསུམ། དེའི་སྟེང་སྔོ་ཚོད་ཕུལ་བཞི། སྟོང་བ་ཕུལ་གང་བཅས་ཕུལ་བཅོ་བརྒྱད་ཤོང་བ་ཞིག་དང་། ཆུང་ཚད་ནི་འབྲས་བྲེ་གང་བཙོས་ནས་འཕེལ་བའི་ཕུལ་དྲུག དེའི་སྟེང་དུ་སྔོ་ཚོད་ཕུལ་དོ། སྟོང་བ་ཕུལ་གང་སྟེ་ཕུལ་དགུ་ཤོང་བ་ཞིག་ཡོད་ཅིང་། དེ་གཉིས་ཀྱི་བར་ནི་འབྲིང་ཚད་ཡིན་ལ། དགེ་སློང་ཕའི་ལྷུང་བཟེད་ཆུང་ཚད་དེ། དགེ་སློང་མའི་ལྷུང་བཟེད་ཆེ་ཚད་དོ། །ཞིབ་ཏུ་ཞང་ཞུང་ཆོས་དབང་གྲགས་པའི་ལྷུང་བཟེད་ཀྱི་ཚད་བརྗོད་པ་སོགས་སུ་གཟིགས་པར་ཞུ། གཞན་ཡང་། གྲུབ་ཆེན་ཐང་སྟོང་རྒྱལ་བོས། དབུས་སུ་མུ་གེ་འགོག་ཆེད། ལྷ་སའི་ཇོ་མདུན་དུ་གསེར་སྲང་བརྒྱ་དང་ཉེར་བདུན་གྱིས་ལྷུང་བཟེད་ཆེན་པོ་ཞིག་བཞེངས་ཚུལ་ཁོང་གི་རྣམ་ཐར་ལས་གསལ་བ་དང་། ཡང་བལ་བཟའ་ཁྲི་བཙུན་སྲོང་བཙན་གྱི་བཙུན་མོར་མངའ་གསོལ་སྐབས། བཙུན་མོའི་ནོར་སྐལ་དུ་བཻཌཱུ་རྱའི་ལྷུང་བཟེད་ཞིག་གནང་བ་གཙུག་ལག་ཁང་གི་སྒོ་འགྲམ་དུ་ཡོད་པའི་གནོད་སྦྱིན་ཁང་བར་གཏེར་དུ་སྦས་པར་ཡིག་ཚང་མང་བོར་གསལ་བ་དང་།

ཡང་ལྷུང་བཟེད་ཀྱི་དབྱེ་བ་ལ་ཚད་ཀྱི་སྒོ་ནས་གསུམ། རྟེན་གྱི་སྒོ་ནས་ཕ་མའི་གསུམ་གསུམ་སྟེ་དྲུག རྒྱུའི་སྒོ་ནས་དྲུག་པོ་རེ་རེ་ལ་ས་དང་ལྕགས་ལས་བྱས་པ་གཉིས་གཉིས་ཏེ་བཅུ་གཉིས་ཡོད་དོ། །

ལྷུང་བཟེད་འདི་གསང་སྔགས་རིག་པ་འཛིན་པའི་དགེ་སློང་གི་རྟེན་ཅན་གྱིས་ཀྱང་འཆང་བར་བཤད་དེ། དཔུང་བཟང་ལས། ཀུ་བའམ་ལྕགས་སམ་འཇིམ་པ་ལས་བྱས་པའི། །དབྱིབས་ནི་ལེགས་ཤིང་མི་རྩུབ་འཇམ་པ་དང་། །མ་ཆག་ཟླུམ་ཞིང་མ་གས་རྨ་མེད་པ། །ཡིད་དུ་འོང་བའི་ལྷུང་བཟེད་བཅང་བར་བྱ། །ཞེས་གསུངས་སོ། །

འདུལ་བ་ལས། ལྷུང་བཟེད་དུ་སྤྱད་པའི་སྡེ་ཚན་ལ། གཞན་གྱི་ལྷུང་བཟེད་ལ་དཔྱས་གདགས་པའི་ཕྱིར་བལྟ་བ། ལག་ཟས་ཀྱི་སྦགས་བཞིན་ཆུ་སྣོད་བཟུང་བ། གཞན་ལ་ཟས་དང་སྦགས་པའི་ཆུས་གཏོར་བ། ཁྱིམ་དུ་མ་དྲིས་པར་ཟས་དང་སྦགས་པའི་ཆུ་དབོ་བ། ལྷུང་བཟེད་དུ་ཟས་ཟོས་པའི་སྙིགས་མ་དོར་བ། འོག་གཞི་མེད་པ་དང་། ངམ་གྲོག་གི་ཁ་དང་། གཡང་ས་དང་། དཀན་གཟར་བོར་ལྷུང་བཟེད་བཞག་པ། འགྲེང་བཞིན་ལྷུང་བཟེད་བཀྲུ་བ། གད་ཁ་དང་། གཡང་ས་དང་། དཀན་གཟར་བོར་ལྷུང་བཟེད་བཀྲུ་བ། འབབ་ཆུའི་རྒྱུན་ལས་བཟློག་སྟེ་ལྷུང་བཟེད་ཀྱིས་ཆུས་བཅུ་བ་སྟེ་བཅུ་བཞི་གསུངས་སོ། །

ལྷུང་བཟེད་བཅངས་པའི་ཕན་ཡོན་ནི། སྟོན་པའི་བཅས་པ་དང་མི་འགལ་བ། སྣོད་དམན་པ་ལས་ཁྱད་དུ་འཕགས་པ། དགེ་སློང་གི་དྲན་པ་གསོ་བ། མཐར་མངོན་མཐོ་དང་ངེས་ལེགས་འཐོབ་པའོ། །

༤ རྔ་ཡབ།

རྔ་ཡབ་ནི་མདོ་སྔགས་གཉིས་ཀ་ལས་འབྱུང་ལ། བདེན་བཞི་སྔགས་ཀྱི་ཆ་ལས། གྲོག་མ་ལ་སོགས་བསལ་བའི་ཕྱིར། །རྔ་མའི་ཆུན་པོ་བསྔགས་པ་ཡིན། །ཞེས་དང་། ཟླ་གསང་ཐིག་ལེ་ལས། རིག་མ་སྟོང་གིས་མངོན་པར་མཆོད་བྱེད་ཅིང་། །རིག་འཛིན་མོ་སྙན་བུད་མེད་རྣམས་ཀྱིས་ནི། །གཡག་རྔ་དཀར་བོའི་ཚོགས་ཀྱིས་གཡོབ་བྱེད་པའི། །འཇིག་རྟེན་དབང་བོ་བདེ་མཆོག་འབྲེལ་བ་འཐོབ། །ཅེས་དང་། གཤེད་དམར་ལས། སྣ་ཚོགས་རིན་ཆེན་རང་བཞིན་བརྒྱན། །རྔ་ཡབ་དཀར་བོས་བརྒྱན་པ་ཡི། །ལག་པ་དག་ནི་རྡོ་དྲིལ་ཡང་། །ཞེས་པ་སྟེ། རྔ་ཡབ་འདི་དཀྱིལ་འཁོར་དང་ཕོ་བྲང་གི་རྒྱན་མཆོག་ཏུ་མཛེས་པར་མ་ཟད། རྡོ་རྗེ་སློབ་དཔོན་ལ་ཁྲི་འབུལ་དང་། དབང་བསྐུར་སོགས་ལའང་དགོས་ལ། རྣལ་འབྱོར་བའི་གྲོག་མ་སོགས་བསལ་ཆེད་དུ་འང་འཆང་བའོ། །ཡང་། གནས་བཅུའི་ཕྱག་མཆོད་ལས། གནས་བརྟན་ཡན་ལག་འབྱུང་། ནགས་ན་གནས། རྡོ་རྗེ་མོའི་བུ། དགེ་བསྙེན་དྷ་རྨ་ཏ་ལ་སོགས་ཀྱི་ཕྱག་ཏུ་འང་རྔ་ཡབ་འཆང་བར་བཤད་དོ། །

༥ ཆུ་ཚགས།

ཆུ་ཚགས་ནི། རབ་བྱུང་བས་ཆུ་ལ་ལོངས་སྤྱོད་ཚེ། སྲོག་ཆགས་ཕྲ་མོ་དང་། ཆུ་སྙིགས་འཚག་བྱེད་ཀྱི་ཡོ་བྱད་ཅིག་ཡིན། དེ་ཡང་སངས་རྒྱས་ཀྱི་བསྟན་པ་སྙིང་རྗེ་རབ་ཏུ་ཕྱེས་པ་ཡིན་པས། སོ་སོར་ཐར་བའི་སྡོམ་པ་གཞན་གནོད་གཞི་དང་བཅས་པ་ལས་ལྡོག་པ་ཡིན་པས། ཆུ་འདི་འབྲལ་མེད་དུ་བསྟེན་དགོས་པར་དགོངས་ནས་སེམས་ཅན་ལ་གནོད་འགོག་ཆེད། སྟོན་པས་ཆུ་ཚགས་འདི་གནང་བ་ཡིན། དེ་ལ་མི་འདྲ་བ་ལྔ་ཡོད་དེ། མེ་ཏོག་ཕྲེང་རྒྱུད་ལས། རིལ་ཚགས་ཞེས་བྱའི་རྣམ་པ་དང་། །དེ་བཞིན་གྲོལ་བར་བྱེད་པའི་རས། །གྲུ་གསུམ་པ་དང་ཞབས་ཚགས་ཏེ། །བུམ་ཚགས་གཅེའུ་ཅན་དང་ལྔ། །ཞེས་པ་ལྟར། མདོ་རྩ་ལས། བུམ་ཚགས་གཅེའུ་ཅན་ནི། ཚེགས་ཆུང་ངོ་། །དེ་བཅིངས་པར་བྱའོ། །ས་དང་ཟངས་མ་ལས་བྱས་པའོ། །དེ་ནི་བུམ་པའི་དབྱིབས་ཅན་ནང་པདྨའི་བུ་གུ་ལྟ་བུ་དང་ལྡན་པའི་སྦུབས་ཅན་ཡིན་ནོ། །ཞེས་སོ། །ཆུ་ཚགས་གྲུ་གསུམ་ནི། མདོ་རྩ་ལས། ཆུ་ཚགས་ཉེ་བར་བཞག་པར་བྱའོ། །ཆུ་ཚགས་གྲུ་གསུམ་མམ། ཞེས་པ་ཙམ་ལས་མི་གསལ་མོད། ཤིང་བུ་གསུམ། གྲུ་གསུམ་དུ་བཟོས་པའི་ནང་ངོས་སུ་རས་སྲབ་མོ་སྦྱར་བ་ཞིག་གོ །

དཔྱང་ཚགས་ནི། མདོ་རྩ་ལས། དཔྱང་ཚགས་བཅིངས་པར་བྱའོ་ཙམ་འབྱུང་ལ། དོན་དུ་ལྕགས་སྒོར་སོགས་ཀྱི་ནང་ངོས་སུ་རས་སྲབ་མོའི་ཁུག་མ་སྦྱར་བ་ཐུར་དུ་འཕྱང་བ་ལ། ཁ་ཟུར་དུ་ཡུ་བ་ཡོད་པ་ཞིག་གོ། རིལ་བ་ཞབས་ཚགས་ཅན་ནི། འོད་ལྡན་ལས། རིལ་བ་ཞབས་ཚགས་ཅན་ནི། རིལ་བའི་ཞབས་སུ་ཚགས་བྱས་པ་ཞིག་གོ ། བསལ་ཚགས་ནི། ཆུ་སྣོད་ཀྱི་ཁར་འགེབ་བྱེད་རས་དུམ་བུ་གྲུ་བཞི་བ་ཞིག་སྟེ། སློབ་ཕན་ལས། གྲོལ་བར་བྱེད་པའི་རས་ཞེས་བྱ་བ་ནི། རས་ཀྱི་དུམ་བུ་ཟུར་བཞི་བ་དེའི་ལྷག་པའི་ཚིག་གོ་གསུངས་སོ། །ཆུ་ཚགས་འདི་དགེ་ཚུལ་སློང་ལ་མེད་མི་རུང་གི་ཡོ་བྱད་ཞིག་དང་། སྔགས་ལས་ཀྱང་ཆུ་ཚགས་འཆང་དགོས་པར་གསུངས་ཏེ། གདན་བཞི་ལས། ལྷུང་བཟེད་མཆན་ཁུང་ཆུ་ཚགས་བཅས། །གསུངས་སོ། །

༦ རིལ་བ་སྤྱི་བླུགས།

མདོ་རྩ་ལས། རིལ་བ་སྤྱི་བླུགས་བཞག་པར་བྱའོ། །ཞེས་པ་དེ་ཡིན་ལ། དེ་ནི་དགེ་ཚུལ་སློང་གི་ཁ་བཤལ་ལ། ཆུ་འཇོག་པའི་སྣོད་ཆུང་བུམ་པ་དང་འདྲ་བ། སྐེད་དང་མཆུ་ལ་འགག་ཡོད་ལ། མགོ་མཇུག་ལྡོག་ན་ཆུ་འོང་བའི་བུ་ག་ཡོད། དེང་སང་གི་ཆབ་རིལ་ཡང་དེ་འདྲའི་དོད་ཙམ་ཡིན། གྲྭ་ས་སོགས་ན་གུང་ཚིགས་སོགས་བཞེས་པའི་རྗེས་སོར་ཆབ་འགྲེམས་ཀྱི་ཕྱག་ཆ་དེའོ། །

༧ བསིལ་ཡབ།

བསིལ་ཡབ་འདི། རྒྱ་གར་གྱི་ཡུལ་ཆོས་ལྟར། ཚ་བ་ཧ་ཅང་ཆེ་དུས་སུ་དགེ་ཚུལ་སློང་ལ་བསིལ་སློང་བྱེད་ཀྱི་ཡོ་བྱད་དེ། མདོ་རྩ་ལས། ཚ་བར་ནི་བསིལ་ཡབ་སྦྱར་རོ། །བསིལ་ཡབ་བཅིང་བར་བྱའོ། །བསིལ་ཡབ་མཁན་གྱིས་བྱས་པའམ། ཏ་ལའི་ཆང་བུའོ། །ཞེས་དང་། མེ་ཏོག་ཕྲེང་རྒྱུད་ལས། འོད་མ་ཏ་ལའི་ལོ་མ་ཡི། །བསིལ་ཡབ་ཀྱང་ནི་རྣམ་པ་གཉིས། །ཞེས་གསུངས་སོ། །ཁ་དོག་ཁྲ་བོའི་བསིལ་ཡབ་དགེ་ཚུལ་སློང་གིས་འཆང་མི་རུང་བར་མདོ་རྩ་ལས་བཤད་དོ། །

༨ ཚུལ་ཤིང་།

ཚུལ་ཤིང་གི་ཁུངས་ནི། མདོ་རྩ་ལས། དྲི་དག་གིས་བསྐུས་པའི་ཚུལ་ཤིང་གཟེབ་ཀྱི་སྐྲོག་མར་རས་དཀར་བོ་བཏིང་བས་དཀྲིས་པ་དག་རྒན་རིམ་སུ་བཞག་ནས། ཞེས་དང་། ཆོས་ཀྱི་ཚུལ་ཤིང་དག་ནི་ཡ་ཡོ་མེད་པ་དང་། ཁྱར་འཁྱོར་མེད་པ་དང་། ཅས་ཅུས་མེད་པ་དང་། ཁ་དོག་བཟང་བ་དང་། དྲི་ཞིམ་པ་དང་། རེག་པ་འཇམ་པ་ཉིད་དག་ཡིན། ཞེས་གསུངས་ལ། རྒྱུ་ཙན་དན་དང་ཨ་ཀར་སོགས་དྲི་བཟང་ཅན་གྱི་ཤིང་ཐུར་ཕྲ་མོ་ཁྲུ་གང་བ་ཙམ་པ་དེའོ། །

དགོས་པ་ནི། དགེ་འདུན་པའི་གྲངས་འཇལ་བྱེད་དུ་འགྲེམས་པ་ཞིག་སྟེ། དབྱར་ཁས་ལེན་དང་། རྙེད་པ་བགོ་བ་སོགས་དར་སྐུད་ཀྱིས་དཀྲིས་ཏེ། གཟེབ་ཀྱི་སྐྲོག་མར་རས་དཀར་བཏིང་ཏེ་བཀྲམས་པ་དེའོ། །

༩ སྐྱེས་བུ།

སྐྱེས་བུ་ནི་རབ་བྱུང་ངམ་བསྙེན་རྫོགས་ཀྱི་ཚེ་སྡོམ་པ་འཐོབ་པའི་དུས་སྟོན་པའམ། སྔ་ཕྱིའི་དུས་ཚོད་འབྱེད་པའི་ཤིང་བུ་སོར་བཞི་བ་ཞིག་སྟེ། མདོ་རྩ་ལས། དེ་མ་ཐག་ཏུ་གྲིབ་ཚོད་རིག་པར་བྱའོ། །དེ་ནི་ཐུར་མ་སོར་བཞི་བ་བཟང་ངོ་། །དེ་ནི་སྐྱེས་བུ་ཉིད་ཅེས་ཐ་སྙད་དུ་བྱའོ། །ཞེས་པ་ལྟར། དེ་ནི་ཤིང་སོར་བཞི་གྲུ་བཞིར་གཞོག་སྟེ་སོར་རེ་རེའི་མཚམས་ནས་བང་རིམ་དོད་པ་ཞིག་ཡིན་ཞིང་། ཤིང་བུ་དེའི་གྲིབ་མ་ཇི་ཙམ་ཡོད་པའི་ཚད་ལ། ཤིང་བུ་རང་གིས་གཞལ་ཏེ། སོར་བཞི་བ་རང་གི་ཚད་ལ་སྐྱེས་བུ་གཅིག་དང་། དེའི་སྟེང་དུ་གྲིབ་མ་ལ་སོར་གཅིག་གཉིས་སོགས་ལྷག་ཡོད་ན། སྐྱེས་བུ་གཅིག་དང་རྐང་བ་གཅིག་གཉིས་སོགས་གཞལ་ཏེ། སྔ་ཕྱིའི་དུས་ཚོད་ངོས་འཛིན་བྱེད་ཀྱི་ཤིང་ཐུར་ཞིག་གོ །

གསུམ་པ། གཞི་གསུམ་ཕྱག་ལེན།

༡ གསོ་སྦྱོང་།

སྤྱིར་འདུལ་བའི་སྡེ་སྣོད་ཀྱི་བརྗོད་བྱ་མཐའ་དག་གཞི་བཅུ་བདུན་དུ་འདུ་ལ། དེ་དག་ལས་སྐབས་སུ་བབ་པ་གསོ་སྦྱོང་། དབྱར་གནས། དགག་དབྱེ་སྟེ་གསུམ་ལ་གཞི་གསུམ་ཞེས་བརྗོད། དེ་ཡང་གསོ་སྦྱོང་གི་སྒྲ་བཤད་ནི། དགེ་བ་མཐའ་དག་གསོ་ཞིང་། སྡིག་པ་མཐའ་དག་སྦྱོང་བ་དང་། ཁྱད་པར་དུ་བསླབ་པ་གསུམ་གསོ་ཞིང་། དེའི་མི་མཐུན་ཕྱོགས་རྣམས་སྦྱོང་བས་སོ། །དེ་ཡང་ལྒིང་གཞི་ནི། སྟོན་པ་འོད་མའི་ཚལ་ཀ་ལན་ཀ་ཏར་བཞུགས་དུས། རྒྱལ་བོའི་ཁབ་ཀྱི་དགེ་བསྙེན་མང་བོ། སངས་རྒྱས་ལ་ལྟ་བ་དང་བསྙེན་བཀུར་བྱ་ཕྱིར་ལྷགས་ཚེ། སྟོན་པ་དང་དགེ་སློང་དག་ཡང་དག་པར་འཇོག་པར་མཛད་པས། རེ་ཞིག་མུ་སྟེགས་ཀྱི་ཀུན་དགའ་ར་བར་ལྷགས་ཚེ། དེ་དག་གིས། འདུག་པ་དང་། བྱ་བ་དང་། གསོ་སྦྱོང་ནི་ངེད་ཅག་འབའ་ཞིག་ལ་ཡོད་ཀྱི། ཤཱཀྱའི་དགེ་སྦྱོང་དག་ལ་མེད་དོ་ཞེས་བརྗོད་པ་ཇི་ལྟ་བ་བཞིན། དགེ་བསྙེན་དག་སྟོན་པ་ལ་གསོལ་བས། སྟོན་པས་ཀྱང་གནང་སྟེ། གསོ་སྦྱོང་གང་ཞེ་ན། དགེ་སློང་དག་ངས་སོ་སོར་ཐར་བའི་མདོ་འདོན་པ་གང་ཡིན་པ་སྟེ། དེ་ཁྱོད་ཀྱིས་དེང་ཕྱིན་ཆད་ཟླ་བ་ཕྱེད་ཕྱེད་ཅིང་འདོན་པར་བྱའོ། །ཞེས་གསོ་སྦྱོང་གི་བཅས་པ་མཛད་དོ། །དེ་ཡང་དང་བོ་ཕྱག་འཚལ་བའི་རྒྱུད། བར་དུ་མདོ་འདོན་པའི་རྒྱུད། ཐ་མར་བསྔོ་བའི་རྒྱུད་གསུམ་གོ་རིམ་ཡོད་ལ། གསོ་སྦྱོང་ལ་དབྱེ་ན། བཅུ་བཞི་བའི་གསོ་སྦྱོང་། བཅོ་ལྔ་བའི་གསོ་སྦྱོང་། གནོད་པ་ཞི་བའི་གསོ་སྦྱོང་། མཐུན་པའི་གསོ་སྦྱོང་། བཀྲ་ཤིས་པའི་གསོ་སྦྱོང་། ཞི་གནས་ཀྱི་གསོ་སྦྱོང་སྟེ་དྲུག་དང་། ཡང་ན། དུས་འབྲེལ་གསོ་སྦྱོང་། བཀྲ་ཤིས་གསོ་སྦྱོང་། གནོད་བཟློག་གསོ་སྦྱོང་། དབྱེན་བཟླུམས་གསོ་སྦྱོང་སྟེ་བཞིའོ། །

༢ དབྱར་གནས།

༡ དབྱར་གནས་ཀྱི་སྒྲ་བཤད་ནི། དབྱར་གྱི་དུས་སུ་འགྲོ་འདུག་མང་བོ་བྱེད་པ་སྤངས་ཏེ། གཞི་གཅིག་ཏུ་གནས་པའི་ཆོ་གའི་སྒོ་ནས་ཁས་བླངས་པར་བྱས་པའོ། །དབྱར་གནས་ཀྱི་ལྒིང་གཞི་ནི། སྟོན་པ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་པའི་ཚེ། དགེ་སློང་དག་མི་སྦེད་ཅིང་མ་བསྲུངས་པར་དབྱར་གྱི་ནང་ལོགས་སུ་ལྗོངས་རྒྱུ་བ་ན། མུ་སྟེགས་དག འདི་དག་ནི་ལྗོངས་རྒྱུ་ཞིང་དོང་བས། སྲོག་ཆགས་ཕྲ་མོ་དང་། ཤིན་ཏུ་ཕྲ་མོ་མང་བོའི་ཚོགས་བརྫིས་ཏེ་སྲོག་དང་བྲལ་བར་བྱེད་དོ། །རེ་ཞིག་བྱེའུ་ཁུག་རྟ་ཡང་དབྱར་ཟླ་བཞི་ལ་རང་གི་ཚང་མལ་དུ་ཞུམ་ཞུམ་པོར་ཀུམ་ནས་འདུག་ན། དགེ་སྦྱོང་མགོ་རེགས་འདི་དག་དབྱར་ཁས་ལེན་ཙམ་ཡང་མི་ཤེས་ན། འདི་དག་ལ་བསོད་སྙོམས་དང་བཀུར་སྟི་བྱེད་པ་ག་ལ་ཡོད། ཅེས་འཕྱས་གདགས་པ་ན། དགེ་སློང་དག སྟོན་པར་གསོལ་བས། དབྱར་གནས་པར་བཅས་པ་མཛད་དོ། །འོ་ན། དབྱར་ཁས་ལེན་གྱི་གནས་ཇི་འདྲ་ཞིག་དགོས་ཞེ་ན། ཟས་གོས་སོགས་མཐུན་རྐྱེན་འཛོམས་པ། ཆོམ་རྐུན་སོགས་ཀྱིས་འཇིགས་པ་དང་། འཐབ་ཀྲོལ་ཅན་མ་ཡིན་པ། ཁང་སྟེང་གཡོགས་ཤིང་། སོ་ཐར་གྱི་མདོ་ངག་ནས་ཐོན་པ། གནས་ཀྱི་བླ་མར་རུང་བའི་དགེ་སློང་གནས་པ། སྐྱེ་བོ་མང་བོའི་རྒྱུན་ལམ་མིན་པ། མཚམས་ནང་གཞན་མིན་པ་སོགས་སོ། །

༢ དབྱར་གནས་ཀྱི་སྔོན་དུ་གནས་ཁང་དང་གླིང་བར་བྱི་དོར་བྱ་བ། སྟོན་པའི་སྐུ་བརྙན་གྱི་སྤྱན་སྔར་མཆོད་པ་བཤམས་པ། ཚུལ་ཤིང་། གདིང་བ། སྒོ་ལྕགས་ལྡེ་མིག་ཁ་སྤྲད་པ་སོགས་ཚགས་སུ་ཆུད་པར་བྱས། དགོན་འདབས་སུ་ནག་འགྲུལ་འགོག་ཆེད་ནག་ཐོ་བསླངས། ཚུལ་ཤིང་འགྲེམས་པ་ནི་དབྱར་ཁས་ལེན་གྱི་གྲངས་ཀ་ཤེས་ཆེད་ཡིན། དེ་ཡང་དབྱར་བདག་གིས་ཚུལ་ཤིང་བཀྲམས་པ་དང་། སྒོ་ལྕགས་གདིང་བ་བསྟབས་པ་སོགས་ཆོ་ག་གཞུང་བཞིན་འདོན་ནོ། །ཚེས་བཅུ་དྲུག་ཉིན་སྐྱ་རེངས་འཆར་ཁའི་དུས་སུ་གཎྜི་དང་འཁར་རྔ་སོགས་ཀྱིས་ཚོགས་བརྡ་བཏང་སྟེ། ཆོས་གོས་རྣམ་གསུམ་གསོལ་ནས་གནས་བཅུ་སོགས་གསུངས་ཏེ། དབྱར་གནས་ལ་བཞུགས་ཚུལ་ཆོ་ག་ལྟར་བྱའོ། །གཞན་འདུལ་གཞུང་དག་ལས་དབྱར་ཟླ་བ་གསུམ་ཞེས་གསུངས་པ་དེ་ཡང་། རྗེ་འཇིགས་མེད་རིགས་པའི་བློ་གྲོས་ཀྱི་གཞི་གསུམ་ཕྱག་ལེན་ལས། ཆོ་ག་ནང་ཟླ་བ་གསུམ་གནས་པར་ཁས་ལེན་པ་ལྟར། ཡིད་ཀྱིས་ཀྱང་བསམ་པ་ཐག་པ་ནས་ཟླ་བ་གསུམ་གནས་པར་བསམ་དགོས། རང་རེའི་བོད་དུ་ཚ་བའི་དུས་ཐུང་བའི་རྐྱེན་ཡིན་ནམ་ཟླ་བ་ཕྱེད་དང་གཉིས་ཀྱིས་མཚམས་གློ་བུར་དགག་དབྱེ་བྱེད་པ་འདིའི་ཁུངས་གར་ཡོད་རྩར་གཅོད་དགོས་གསུངས། ཐོག་མཐའི་བདུན་མཚམས་གཉིས་ལས་གཞན་གྱི་སྐབས་ཆོས་ལྡན་གྱི་བྱ་བ་ཡིན་ན་ཞག་དྲུག་ཚུན་ཚད་ཀྱི་བྱིན་རླབས་ཞུས་ཆོག་གོ། དབྱར་གྱི་ནང་སེར་བ་སོགས་བྱུང་ན། དབྱར་བདག་གིས་གཎྜི་ཚོད་མེད་དུ་བརྡུང་། དབྱར་བདག་པར་བྱིན་རླབས་ཞུས་ནས་རྒྱང་གྲགས་ཕན་ཆད་དུ་འགྲོ་མི་ཆོག་ལ། དབྱར་ཆོས་ཀྱི་འདོན་རིམ་དང་མཆོད་འབུལ་སོགས་རང་རང་གི་མཐོང་བརྒྱུད་ཕྱག་ལེན་ལྟར་བྱའོ། །

༣ དེ་ལྟར་དབྱར་གནས་པའི་དགོས་པ་གང་ཡིན་ཞེ་ན། དགོས་པ་དགུ་གསུངས་ཏེ། ༡ དབྱར་ཁས་མ་བླངས་པའི་ཉེས་པ་ཁེགས་པ། ༢ སྲོག་ཆགས་ལ་གནོད་པ་སྤངས་པ། ༣ གཞན་གྱིས་འཕྱ་བ་སྤངས་པ། ༤ ལུས་སྲོག་ལ་གནོད་པ་སྤངས་པ། ༥ དོན་དང་བྱ་བ་ཉུང་བ། ༦ དགག་དབྱེ་འབྱུང་བ། ༧ སྲ་བརྐྱང་དང་འདིང་བ་འབྱུང་བ། ༨ གནས་རལ་བ་དང་གྲུམ་པ་འཆོས་པ། ༩ ཐོས་བསམ་འཕེལ་བའོ། །

༤ བཅོམ་ལྡན་འདས་ཀྱིས་དབྱར་བཞུགས་གནང་བའི་གནས་ཀྱི་རིམ་པ་ནི། བྱེ་བྲག་ཏུ་བཤད་པ་བུ་སྟོན་ཆོས་འབྱུང་དུ་དྲངས་པ་ལས། ཆོས་འཁོར་གནས་དང་ཡངས་པ་ཅན། །ས་དཀར་ཅན་དང་ལྷ་ཡི་གནས། །བྱིས་པ་གསོད་དང་ཀོའུ་ཤམ་བྷ། །འབྲོག་དང་མཆོད་རྟེན་རི་དང་ནི། །འོད་མའི་གྲོང་དང་སྒྲར་བཅས་དང་། །སེར་སྐྱའི་གནས་ཀྱི་གྲོང་ཁྱེར་དུ། །དེ་རྣམས་སུ་ནི་ཐུབ་པ་ཡིས། །སྐྱེས་མཆོག་ལོ་རེ་ལོ་རེར་བཞུགས། །ཉི་ཤུ་རྩ་གསུམ་གཉན་ཡོད་དུ། །སྨན་གྱི་ནགས་སུ་ལོ་བཞི་སྟེ། །འབར་བའི་ཕུག་གི་གནས་སུ་གཉིས། །རྒྱལ་བོའི་ཁབ་ཀྱི་གྲོང་དུ་ལྔ། །དཀའ་བ་སྤྱད་པ་ལོ་དྲུག་སྟེ། །ཉི་ཤུ་རྩ་དགུ་ཁབ་གནས་སུ། །རྒྱལ་བ་དེ་ལྟར་བརྒྱད་ཅུ་ལ། །ཐུབ་མཆོག་དམ་པ་མྱ་ངན་འདས། །ཞེས་གསུངས་ལ། ཞིབ་པར་བསྐལ་བཟང་ཆོས་ཀྱི་རྒྱ་མཚོས་མཛད་པའི་སྟོན་པའི་རྣམ་ཐར་ཏུ་གསལ་ལོ། །

༣ དགག་དབྱེ།

༡ དགག་དབྱེའི་སྒྲ་བཤད་ནི། དབྱར་གྱི་ནང་དུ་ལྟུང་བ་ལྒིང་དྲན་དང་། ནན་ཏུར་བྱེད་པ། དབྱར་གྱི་རྙེད་པ་བགོ་བ། མཚམས་ཀྱི་ཕྱི་རོལ་ཏུ་སྡོད་པ་རྣམས་དགག་པ་ལས་འདིར་དེ་དག་བྱ་རུང་བར་བྱེད་པའོ། །དགག་དབྱེའི་ལྒིང་གཞི་ནི། སྟོན་པ་གཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་ཀྱི་ཀུན་རར་དབྱར་ཞལ་གྱིས་བཞེས་ཚེ། ཚེ་དང་ལྡན་པ་དག་ལྟ་སྤྱོད་འཚོ་བ་དང་། ཚུལ་ཁྲིམས་ཉམས་པའམ། ཆུ་རའི་བུམ་པའམ། ཁྲུས་བུམ་ལ་ཆུ་ལེན་པ་རྩོད་ཅན་དུ་གྱུར་ཚེ། གཅིག་ལ་གཅིག་མི་སྨྲ་བར་ཁ་རོག་གེར་འགྲོ་བ་སོགས། སྟོན་པ་ལ་ཞུས་པས། བཅོམ་ལྡན་འདས་ཀྱིས་སྐྱེས་བུ་གཏི་མུག་ཅན་དག་འདི་ལྟ་སྟེ། མི་སྨྲ་བ་ནི་མུ་སྟེགས་ཀྱི་རྒྱལ་མཚན་ནོ། །དེ་ལྟ་བས་ན། དགེ་སློང་གིས་མི་སྨྲ་བར་དམ་བཅའ་བར་མི་བྱའོ། །དགེ་སློང་གིས་མི་སྨྲ་བར་དམ་བཅས་ན་འགལ་ཚབས་ཅན་དུ་འགྱུར་རོ། །འོན་ཀྱང་། དབྱར་གནས་པར་དམ་བཅས་པའི་དགེ་སློང་གིས་དགེ་འདུན་ལ་མཐོང་བ་དང་ཐོས་པ་དང་དོགས་པའི་གནས་གསུམ་ཀྱིས་དགག་དབྱེ་བྱའོ། །ཞེས་དབྱར་གནས་ཀྱི་མཇུག་ཏུ་དགག་དབྱེ་བྱ་དགོས་པའི་བཅས་པ་མཛད་དོ། །

༢ དགག་དབྱེའི་དུས་ནི། བདུན་པའི་ཉེར་དགུ་འམ་གནམ་གང་ལ་བྱ་དགོས་ལ། སྔ་ཉིན་གླིང་ཡོངས་ལ་གད་བདར་དང་། རྩྭ་དུར་བ་སོགས་ལ་ཆངས་པ་རེ་འདང་ངེས་ཚགས་སུ་ཆུད་པར་བྱ། དབྱར་ཁས་ལེན་སྔ་ན་བསོད་ནམས་ཆེ་ཞིང་། དགག་དབྱེ་འཕྱི་ན་བསོད་ནམས་ཆེ་བར་གསུངས་ལ། དབྱར་གནས་གུང་ཚིགས་གྲོལ་རྗེས་སུ། གཎྜི་མཆོད་ནས། རྫས་ཀྱི་དགག་དབྱེའི་ཆེད་དབྱར་རྫས་བཟུང་ལ། དགེ་ཚུལ་སློང་ཆབས་ཅིག་གནས་བཅུ་དང་འདུལ་བ་རྒྱ་མཚོའི་སྙིང་བོ་གསུངས་ཏེ། ཐམས་ཅད་བཞེངས་ནས་ཕྱོགས་བཞིར་གཡས་བསྐོར་དུ་ཕྱག་བཞི་གསུམ་བཅུ་གཉིས་འཚལ་བ་འདི་ལ་ཕྱག་ཟིང་བོ་ཟེར་ལ། དེ་ནི་དབྱར་གནས་སྐབས་དགེ་འདུན་ཐུགས་འགལ་འདྲ་བྱུང་ཡོད་ན་དེ་བཤགས་ཆེད་ཡིན། དེ་ནས་དུར་བ་བཀྲམས་ཚུལ་དང་། འདོན་ཆ་ཕྱག་ལེན་ནི་ཆོ་ག་ལྟར་གྲུབ་རྗེས། བརྒྱད་པའི་ཚེས་གཅིག་ལ་ལྗོངས་རྒྱུར་ངེས་ཅན་དུ་འབྱོན་དགོས་པས། རང་རེའི་ཡུལ་ཕྱོགས་འདིར་ལྗོངས་རྒྱུའི་དོད་དུ་དབྱར་སྟོན་གྱི་བསྙེན་བཀུར་བྱེད་པའི་སྲོལ་དར་ཡོད་ལ། དེ་ཡང་གཎྜིའི་བརྡ་བཏང་སྟེ། ཆོས་གོས་རྣམ་གསུམ་གསོལ། གདིང་བ་ཕྲག་ལ་གཟར། གནས་བརྟན་གྱིས་མཁར་གསིལ་དང་ལྷུང་བཟེད་ཐོགས་ནས་དབུ་དྲངས་ཏེ། བསླབ་པའི་གོ་རིམ་ལྟར། ཚུལ་མཐུན་གྱིས་ཕེབས་ལ། ངལ་གསོའི་སྐབས་སུ་གནས་བརྟན་གྱིས་དབུ་སྐུལ་ཏེ། སངས་རྒྱས་གཙོ་ལ་སོགས་འདོན་རིམ་ལྟར་གསུངས་ནས་ཕེབས་པའི་ཕྱག་ལེན་ཡོད།

༣ དགག་དབྱེ་བྱས་པའི་དགོས་པ་ནི། ཞེ་སྡང་ལ་སོགས་པའི་ཉོན་མོངས་མངོན་གྱུར་བ་རྣམས་དགག་ཅིང། དགེ་བའི་བསམ་པ་མངོན་གྱུར་ཤུགས་དྲག་བསྐྱེད་པ་དང་། ལྟུང་བ་སྡེ་ལྔ་མཐའ་དག་ལེགས་པར་བརྟགས་ཏེ། བཤགས་པར་འོས་པ་རྣམས་བཤགས། བསྡམ་པར་འོས་པ་རྣམས་བསྡམས། བྱིན་གྱིས་བརླབ་པ་ནི། རང་གི་མ་ཤེས་པའི་ལྟུང་བ་ཅི་བྱུང་བ་ཐམས་ཅད་དགེ་འདུན་རྣམས་ལ་ལྒིང་དྲན་བྱེད་པར་ཞུས་ཏེ། ལྟུང་བ་མཐོང་ཐོས་དོགས་གསུམ་ཅི་བྱུང་བ་ཐམས་ཅད་འཕྲལ་དུ་བཤགས་ཤིང་དག་པར་བྱས་པས་ན། ཚུལ་ཁྲིམས་རྣམ་པར་དག་པར་འགྱུར་བ་དང་། དགག་དབྱེ་བྱ་དགོས་པར་ཐུབ་པས་བཅས་པ་དེ་བསྲུང་ཞིང་། དེ་ལས་འདས་པའི་ཉེས་པ་མི་འབྱུང་བ་དང་། སྦྱིན་བདག་དད་པ་ཅན་གྱི་བསོད་ནམས་སྤེལ་བ་སོགས་དགོས་པ་ཁྱད་པར་ཅན་མང་བོ་ཡོད་པར་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་གསུངས་སོ། །ཞིབ་ཏུ་འདུལ་འཛིན་གྲགས་པ་རྒྱལ་མཚན་དང་། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན། གུང་ཐང་བློ་གྲོས་རྒྱ་མཚོ། རྗེ་འཇིགས་མེད་རིགས་པའི་བློ་གྲོས་སོགས་ཀྱི་གཞི་གསུམ་གྱི་ཆོ་ག་ལ་བལྟ་དགོས་སོ། །

#div1 ལེའུ་བཞི་བ། ཆོས་སྲོལ་རིག་གནས།

གཉྫི་ར།

གཉྫིར་ཞེས་པ་ལེགས་སྦྱར་སྐད་དེ། བོད་སྐད་དུ་མཛོད་ལྡན་ཟེར་ཞིང་། གཙུག་ལག་ཁང་གི་ཡང་སྟེང་དུ་འཛུགས་སྲོལ་ཡོད་པ་དེ་ཡིན། དབྱིབས་ནི། དེ་ལ་རྒྱ་གར་ལུགས་ཀྱི་དྲིལ་གཟུགས་ཀྱི་གཉྫི་ར་དང་། རྒྱ་ནག་ལུགས་ཀྱི་བུམ་གཟུགས་ཀྱི་གཉྫི་ར་གཉིས་ཡོད། དྲིལ་གཟུགས་གཉྫི་ར་ནི་རྒྱས་པའི་ལུགས་ཏེ། འདི་ལ་རྒྱལ་བ་རིགས་ལྔའི་མཚོན་དོན་ཡོད། པདྨའི་གདན་གྱི་སྟེང་དུ་སངས་རྒྱས་རྣམ་སྣང་མཚོན་པའི་འཁོར་ལོ་ཉལ་སྟབས་སུ་ཡོད་པ། དེའི་སྟེང་དོན་ཡོན་གྲུབ་པ་མཚོན་པའི་དྲིལ་བུ། དེའི་སྟེང་འོད་དཔག་མེད་མཚོན་བྱེད་པདྨ་འདབ་བརྒྱད། དེའི་སྟེང་མི་བསྐྱོད་པ་མཚོན་པའི་བུམ་པ། དེའི་སྟེང་རིན་ཆེན་འབྱུང་ལྡན་མཚོན་བྱེད་ནོར་བུའི་ཏོག་བཅས་ཡོད་པའོ། །བུམ་གཟུགས་གཉྫི་ར་ནི་བསྡུས་པའི་ལུགས་ཏེ། པད་གདན་གྱི་སྟེང་དུ་རྣམ་སྣང་མཚོན་པའི་བུམ་པ། དེའི་སྟེང་འོད་དཔག་མེད་མཚོན་པའི་པདྨ་འདབ་བརྒྱད། དེའི་སྟེང་མི་བསྐྱོད་པ་མཚོན་པའི་ནོར་བུའི་ཏོག་བཅས། སྐུ་གསུང་ཐུགས་ཀྱི་སངས་རྒྱས་རིགས་གསུམ་ཚང་བར་བྱས་པ་དེའོ། །ས་སྐྱ་དགོན་པར་བཞུགས་པའི་གཉྫི་ར་ཟླ་བའི་འོད་ཟེར་ཞེས་པར་ནང་གཞུག་ཏུ་འབྲུག་གི་སྒོ་ང་གསོལ་པར་གྲགས་པས། དབྱར་འབྲུག་སྒྲ་གྲག་དུས་མེ་རླབས་དངོས་སུ་འབར་ཞིང་ཐོག་ལེན་གྱི་ནུས་པའང་ཡོད་པར་གྲགས་སོ། །

ཆོས་འཁོར་དང་རི་དྭགས་ཕོ་མོ།

ཆོས་འཁོར་དང་རི་དྭགས་ཕོ་མོ་གཙུག་ལག་ཁང་གི་སྒོ་སྟེང་དུ་འཇོག་པ་ནི། ཚངས་པ་ཆེན་པོས་འཁོར་ལོ་རྩིབས་སྟོང་ཞིག་ཕུལ་ཏེ། སྟོན་པ་སངས་རྒྱས་ལ་གསོལ་བ་འདེབས་པའི་ཚེ་ན། རི་དྭགས་རུ་རུ་ཕོ་མོ་གཉིས་ཀྱིས་འཁོར་ལོ་ལ་མིག་མི་ཟུམ་པར་ལྟ་བ་བྱུང་བའི་རྒྱུས། དེ་དག་མཚོན་བྱ་མཚོན་བྱེད་དུ་སྦྱར་ནས། འཁོར་ལོ་ནི་འཕགས་ལམ་ཡན་ལག་བརྒྱད་དང་སྦྱོར་ཏེ། བཙུན་པ་དབྱངས་སྒྲོགས་ཀྱིས། འཕགས་ལམ་ཡན་ལག་བརྒྱད་ཁོ་ན་ཆོས་འཁོར་ཡིན་ཏེ། འཁོར་ལོ་རིན་པོ་ཆེ་དང་ཆོས་མཚུངས་པ་དེ་ཁོ་ན་ལ་ཡོད་པའི་ཕྱིར་ཏེ། ཡང་དག་པའི་ལྟ་བ། རྟོག་པ། རྩོལ་བ་གསུམ་ནི། གཅོད་པར་བྱེད་པའི་རྩིབས་དང་ཆོས་མཚུངས་པ་སྟེ། དེ་གསུམ་ཤེས་རབ་གྱི་བསླབ་པ་ཡིན་པས། རང་གི་མི་མཐུན་ཕྱོགས་འཇོམས་པར་བྱེད་པའི་ཕྱིར། ངག ལས་ཀྱི་མཐའ། འཚོ་བ་གསུམ་ནི་རྟེན་པར་བྱེད་པའི་ལྟེ་བ་དང་ཆོས་མཚུངས་ཏེ། དེ་གསུམ་ཚུལ་ཁྲིམས་ཀྱི་བསླབ་པ་ཡིན་པས། བསླབ་པ་གཞན་གཉིས་ཀྱི་རྟེན་བྱེད་པའི་ཕྱིར། དྲན་པ་དང་ཏིང་ངེ་འཛིན་གཉིས་སྡུད་པར་བྱེད་པའི་མུ་ཁྱུད་དང་། ཆོས་མཚུངས་ཏེ། དེ་གཉིས་ཏིང་ངེ་འཛིན་གྱི་བསླབ་པའི་ནང་དུ་འདུ་བས། སེམས་དམིགས་པ་ལ་སྡུད་བྱེད་ཡིན་པའི་ཕྱིར། ཞེས་དང་། མཛོད་ལས། ཆོས་ཀྱི་འཁོར་ལོ་མཐོང་བའི་ལམ། །མྱུར་བར་འགྲོ་སོགས་རྩིབས་སོགས་ཀྱིས། །ཞེས་གསུངས། འཕགས་ལམ་ཡན་ལག་བརྒྱད་པོ་དེ། གང་ཟག་གི་རྒྱུད་ལ་འཕོ་བའི་གང་ཟག་ཕོ་མོ་གཉིས་སུ་ངེས་པ་དང་། དོན་དང་སྦྱར་ན། འཁོར་ལོ་ནི་དམ་ཆོས། རི་དྭགས་གདུལ་བྱ་རིགས་ཅན་གསུམ། འཁོར་ལོ་ནི་ཐུབ་བསྟན་དང་། རི་དྭགས་གཉིས་ནི་གཞིའི་བདེན་པ་གཉིས། ལམ་གྱི་ཐབས་ཤེས་གཉིས་དང་། ལྟ་སྤྱོད་དང་། འབྲས་བུ་ཆོས་གཟུགས་ཀྱི་སྐུ་གཉིས་ལ་སྦྱོར་དགོས་པ་ནི། སྔགས་ཀྱི་གཞལ་ཡས་ཁང་གི་དག་པ་དང་། མདོ་ཕྱོགས་གསུང་རབ་དག་ལས་ཟུར་ཙམ་འབྱུང་བའོ། །

ཡང་། མཚོན་དོན་གཞན་ཞིག་ནི། ཆོས་འཁོར་གྱི་གྲུབ་ཆ་ནི་ལྟེ་བ་དང་རྩིབས། མུ་ཁྱུད་དང་གསུམ་སྟེ། མཚོན་བྱ་ནི། བཅོམ་ལྡན་འདས་ཀྱིས། གདུལ་བྱ་རིགས་ཅན་གསུམ་ལ་རང་རང་གི་སྐལ་བ་དང་འཚམ་པའི་ཆོས་འཁོར་རིམ་པ་གསུམ་དུ་བསྐོར། སྤྱིར་ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་ཡོད་ཀྱང་། བསྡུ་ན། འདུལ་བ་དང་མདོ་སྡེ། མངོན་པ་བཅས་སྡེ་སྣོད་གསུམ་དུ་འདུས་ཤིང་། སྒྲིབ་གཉིས་དྲུངས་ནས་འབྱིན་པའི་གཉེན་པོ་འདི་གསུམ་ཁོ་ན་ཡིན་པས། དེ་ལྟར་མཚོན་ནོ། །རི་དྭགས་ཕོ་མོ་གཉིས་ཀྱིས་ཆོས་འཁོར་གྱི་རྩེ་མོ་ལ་མིག་མི་སུམ་པར་བལྟ་བ་ནི། སྐྱེ་བོ་མཆོག་སུ་ཡིན་ཡང་། མཐར་ཐུག་སྐུ་གསུམ་ལ་དམིགས་ཤིང་། བགྲོད་ལམ་གསུམ་ལས་གཞན་དུ་མ་མཆིས་པའི་དེ་ལྟར་རོ། །

ཁྲི་དྲུག་འགྱོགས།

ཁྲི་དྲུག་འགྱོགས་ནི་སྲོག་ཆགས་དྲུག་གིས་ཁྲི་འདོགས་པར་བྱེད་པ་སྟེ། དེ་ཡང་། ༡ སེང་གེས་སྟོབས་བཅུ། ༢ གླང་ཆེན་གྱིས་སོ་སོར་ཡང་དག་པའི་རིག་པ་བཞི། ༣ རྟ་མཆོག་གིས་དབང་བཅུ། ༤ རྨ་བྱས་སྨོན་གནས་ཤེས་པ། ༥ ཤང་ཤང་ཏེའུས་བྱང་ཆུབ་ཀྱི་ཕྱོགས། ༦ གྱད་མིས་མི་འཇིགས་པ་བཞི་མཚོན་པའོ། །

གོང་སྨོས་རྒྱན་དྲུག་གི་ཐིག་ཁོག་ཆ་མཉམ་པར་དགོས་པའི་སྐུའི་སྤྱི་གཙུག་གི་སྟེང་དུ། ཁྱུང་རྭ་ནོར་བུས་བརྒྱན་ཅིང་སྦྲུལ་ཟ་བས། ཤེས་རབ་ཀྱི་ཕར་ཕྱིན། ཀླུ་ཕྲུག་སྦྲུལ་མཇུག་གིས་སྦྱིན་པའི་ཕར་ཕྱིན། ཆུ་སྲིན་མཇུག་མ་པ་ཏྲ་ཅན་གྱིས་བསམ་གཏན་གྱི་ཕར་ཕྱིན། མཛེས་པའི་བུ་ཆུང་ཤིང་ལོ་གྱོན་པ་གཉིས་ཀྱིས་བརྩོན་འགྲུས། ཤ་ར་བྷས་ཚུལ་ཁྲིམས། གླང་ཆེན་རྒྱན་སྤྲས་ཀྱིས་བཟོད་པའི་ཕར་ཕྱིན་མཚོན་ནོ། །དེ་ཡང་གཙོ་བོ་བརྒྱད་ཀྱི་ཁྲི། སྟག སེང་གེ གཟིག་སོགས་ཕྱོགས་བཞི་དང་། གླང་ཆེན། མ་ཧེ། ཆུ་སྲིན། སྦྲུལ་ནག་པོ་སོགས་དབུས་ཞེས་འབྱུང་བ་ལྟར་དུའང་ཡོད་དོ། །

ཐིག་ནག

ཐིག་ནག་ཅེས་པ་ནི། འདུ་ཁང་དང་མགོན་ཁང་སོགས་ཀྱི་གྲྭ་ཟུར་དང་སྟེང་ལ་བཙུགས་སྲོལ་ཡོད་པ་སྟེ། དེ་ནི་འབྲི་གཡག་གི་རྩིད་པ་ནག་པོ་ལས་བཟོས་པའི་ཐུག་རལ། ལྕགས། མེ་རི་གསུམ་གྱིས་གྲུབ་པ་ཡིན། འདི་འཛུགས་སྲོལ་གྱི་ཁུངས་ནི། ས་སྐྱ་པཎྚི་ཏས་སྟོད་ཁུལ་དུ་མུ་སྟེགས་པ་འཕྲོག་བྱེད་དགའ་བོ་རིགས་ལམ་རྣམ་དག་གིས་ཚར་བཅད་ནས། ཁོའི་སྐྲ་དང་རལ་བ་གཞན་ལ་རྔམ་བརྗིད་སྟོན་པའི་ཆེད། ཁང་བའི་ཡང་སྟེང་དུ་དཔའ་དར་ལྟ་བུར་བཀལ་བ་དེ་ཡིན། དེ་ཡང་གཟུངས་དང་སྲོག་ཤིང་སྒྲུབ་བཞག་བཅས་སྒྲུབ་ལུགས་ཚང་བར་བྱེད་དགོས་ལ། ཐིག་མང་ཆེ་བ་ཚོན་མདོག་ནག་པོ་ཡིན། ཕྱིས་སུ་ཐིག་འགེལ་སྲོལ་དེ། ཕལ་མོ་ཆེ་ཆོས་སྲུང་སོགས་གནས་སའི་མགོན་ཁང་དུ་ཆགས་པས། དེ་ལ་བརྟེན་པའི་ཆོས་སྲུང་དེས་ནང་བསྟན་གྱི་དབུ་འཕང་མཐོ་བར་འདེགས་ཤིང་། མུ་སྟེགས་པ་ཚར་གཅོད་པའི་རྔམ་བརྗིད་ཀྱི་མཚོན་དོན་ལྟ་བུར་གྱུར་ཡོད། གཞན་ཡང་དགོན་སྡེ་འགར། དར་ཤིང་རིང་བོ་གཡག་ཀོ་བློན་པས་དཀྲིས་ཏེ་རྩིད་པ་འཇོལ་ལེ་ཡོད་པ་དེ་ཡང་། མུ་སྟེགས་འཕྲོག་བྱེད་ཀྱི་རལ་བ་དར་ཤིང་ལ་བསྐྱོན་པའི་མཚོན་བྱེད་ཡིན་ཟེར། ཡང་ཁ་ཅིག ཐིག་ནག་གི་ཁུངས་ནི་ཇང་གིར་རྒྱལ་བོའི་བ་དན་མདུང་རིང་ཡིན་པར་ཡང་བཤད་དོ། །

ཐིག་ནག་གི་ཕན་ནུས་ནི། ལྷ་ཁང་དེར་གོད་ཆག་མི་ཡོང་བ་དང་། ཡུལ་ཕྱོགས་དེར་འཇིགས་པ་མི་ཡོང་བའི་ནུས་མཐུ་ཡོད་པར་གྲགས་སོ། །

ལེའུ་ལྔ་བ། རིག་གཞུང་ཁག་གཅིག་ངོ་སྤྲོད།

དང་བོ། ཡོངས་ཁྱབ་ཀྱི་རིག་གནས་ཁག་གཅིག

བཀའ་འགྱུར།

བཀའ་འགྱུར་ནི། བསྟན་པའི་བདག་པོ་སྟོན་པ་བཅོམ་ལྡན་འདས་ཀྱིས་གསུངས་པའི་མདོ་སྔགས་ཀྱི་ཆོས་དཔེ་རྣམས་བོད་དུ་བསྒྱུར་བ་ལ་བཀའ་འགྱུར་ཟེར། སྔོན་རྒྱ་གར་དུ་སངས་རྒྱས་སྐུ་དངོས་སུ་བཞུགས་སྐབས། ཁོང་གི་གསུང་རབ་འགའ་ཞིག་ཡི་གེར་ཕབ་སྟེ། རྒྱལ་བློན་དང་ཁྱིམ་བདག་སོགས་ཀྱིས་མཚན་མོ་སྒྲོན་འོད་དུ་བལྟ་ཀློག་བྱེད་ཀྱི་ཡོད་ཀྱང་། བཀའ་བསྡུས་ཀྱི་ལྒིགས་བམ་མེད། སྟོན་པ་མྱ་ངན་ལས་འདས་པའི་ཕྱི་ལོར་བཀའ་བསྡུ་དང་བོ་མཛད་ཅིང་། དེའི་རྗེས་ཀྱི་ལོ་ངོ་བརྒྱ་དང་བཅུ་སོང་རྗེས་བཀའ་བསྡུ་གཉིས་པ་དང་། ལོ་བཞི་བརྒྱ་སོང་མཚམས་བཀའ་བསྡུ་གསུམ་པ་དང་བཞི་བ་གནང་སྟེ། ཕྱོགས་བསྡུས་ཀྱི་གསུང་རབ་རྣམས་ལྒིགས་བམ་དུ་བཀོད། ཕྱིས་སུ་དེ་དག་གི་ནང་ནས་མང་ཙམ་ཞིག་མུ་སྟེགས་པའི་གཏོར་བཤིག་ལན་གསུམ་དུ་བཏང་སྟེ་བསྟན་པའི་གོད་ཆག་ཆེན་པོར་གྱུར། རང་ཅག་བོད་དུ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙུན་གྱི་དུས་སུ། ལོ་པཎ་རྣམས་ཀྱིས་རྒྱ་གར་ན་བཞུགས་པའི་གསུང་རབ་ཕལ་མོ་ཆེ་སྤྱན་དྲངས་ཤིང་བོད་སྐད་དུ་བསྒྱུར་བར་མ་ཟད། དཀར་ཆག་ཡང་རིམ་པ་བཞིན། འཕང་ཐང་མ་དང་། ལྡན་དཀར་མ། མཆིམས་ཕུ་མ་སོགས་མཛད། སྤྱི་ལོ ༡༣༡༢ ལོ་ནས་བཅོམ་ལྡན་རིག་རལ་དང་། དབུས་པ་བློ་གསལ་བྱང་ཆུབ་ཡེ་ཤེས་སོགས་ཀྱིས་བཀའ་བསྟན་འགྱུར་གྱི་མ་དཔེ། དབུས་གཙང་དང་མངའ་རིས་སོགས་ལས་བསྡུ་སྒྲིག་གནང་སྟེ། ཞུས་དག་དང་། སྡེ་ཚན་དབྱེ་བ། གོ་རིམ་སྒྲིག་པ་སོགས་སྐུ་ངལ་ལ་མ་འཛེམ་པར། དཀར་ཆག་ཡང་རྒྱས་བསྡུས་གསུམ་མཛད་ནས། སྣར་ཐང་དགོན་པར་བཞུགས་སུ་གསོལ་བ་ནི། བོད་དུ་བཀའ་བསྟན་བྲིས་བཞེངས་མཛད་པའི་ཐོག་མའོ། །དེ་ནས་རིམ་བཞིན་ཚལ་བ་བཀའ་འགྱུར། ཞ་ལུ་བཀའ་འགྱུར། འཕྱོངས་རྒྱས་བཀའ་འགྱུར་ལྗགས་ཞུས་མ། ཡུང་ལོའི་བཀའ་འགྱུར། བཀའ་འགྱུར་རྒྱལ་རྩེ་ཐེམ་སྤང་མ། ཏཱ་མིང་བཀའ་འགྱུར། དེ་བཞིན། ལི་ཐང་། སྣར་ཐང་། སྡེ་དགེ པེ་ཅིན། ཅོ་ནེ། ར་རྒྱ། ལྷ་ཞོལ་བཀའ་འགྱུར། སོག་པོ་ཁུ་རེ་བཀའ་འགྱུར་སོགས་མང་ལ། བཀའ་འགྱུར་རྡོ་བརྐོས་ཀྱི་དབང་དུ་བཏང་ནའང་ཟི་ཁྲོན་གྱི་སེར་ཤུལ། མཚོ་སྔོན་གྱི་དགའ་བདེ་དང་རྩེ་ཁོག མགོ་ལོག་སོགས་སུ་རྡོ་བརྐོས་བཀའ་བསྟན་མང་བོ་ཡོད་དོ། །དུམ་གྲངས་ཀྱི་དབང་དུ་བཏང་ན། འདུལ་བ་པོད༡༣ ཤེར་ཕྱིན་པོད ༢༣ ཕལ་བོ་ཆེ་པོད ༤ དཀོན་བརྩེགས་པོད ༦ མདོ་མང་པོད ༣༢ རྒྱུད་འབུམ་པོད ༢༠ དུས་འཁོར་འགྲེལ་ཆེན་པོད ༢ བཅས་ཁྱོན་བསྡོམས་པོད་བརྒྱ་དང་། ཆོས་ཚན་བརྒྱད་བརྒྱ་དྲུག་ཅུ་རེ་བརྒྱད་ཡོད་དོ། །

བསྟན་འགྱུར།

སྟོན་པའི་གསུང་རབ་ཀྱི་དགོངས་འགྲེལ་ལ་བསྟན་བཅོས་ཟེར་ཞིང་། དེ་དག་གི་ནང་དུ་རྒྱ་དཀར་ནག་གི་མཁས་པས་བརྩམས་པ་བོད་དུ་འགྱུར་བ་ལ་བསྟན་འགྱུར་དང་། འོན་ཀྱང་། བསྟན་འགྱུར་མཇུག་ཏུ་བསྟན་པ་སྔ་དར་དུས་སུ་བྱོན་པའི་བོད་ཀྱི་མཁས་པ་ཁག་གཅིག་གིས་བསྟན་བཅོས་ལས་མི་འཇོག་པ་ནི། བསྟན་འགྱུར་ཁྲོད་དུ་བོད་མིས་བརྩམས་པའི་བསྟན་བཅོས་རྫུན་མའི་སླད་སྐྱོན་མི་འདྲེས་པའི་ཆེད་དུ་བཀས་བཅད་མཛད་པ་ཡིན།

བོད་ཀྱི་བསྟན་འགྱུར་ཆ་ཚང་ཐོག་མར་བསྡུ་སྒྲིག་སྣར་ཐང་བཀའ་འགྱུར་དང་ཆབས་ཅིག་ཕྱོགས་བསྡུས་བྱས་པ་ཡིན་ལ། ཁྱད་པར་དུ་སྤྱི་ལོ ༡༣༣༤ ལོར་ཞ་ལུ་སྐུ་ཞང་ཀུན་དགའ་དོན་འགྲུབ་ཀྱིས་མཐུན་རྐྱེན་སྦྱར་ཏེ། བུ་སྟོན་རིན་ཆེན་གྲུབ་ཞུས་ཆེན་པར་སྤྱན་དྲངས་ནས། བསྟན་འགྱུར་ཆ་ཚང་ཞིག་བཞེངས་པ་ཞ་ལུ་གསེར་ཁང་དུ་བཞུགས་སུ་གསོལ་ཏེ། ཁོང་གིས་བསྟན་འགྱུར་དཀར་ཆག་ཡིད་བཞིན་དབང་གི་རྒྱལ་བོའི་ཕྲེང་བ་མཛད་པ་དང་། དེའི་རྗེས་རིམ་བཞིན། རྒྱལ་དབང་ལྔ་བའི་དགོངས་རྫོགས་སུ་བསྟན་འགྱུར་གསེར་བྲིས་ཆ་ཚང་གནང་བར། དཀར་ཆག་རྒྱལ་དབང་ལྔ་བའི་འབྲུག་ལོར་བརྩམས་པར་གསུངས་འདུག་ཀྱང་། དུས་ཚོད་མི་མཐུན་པའི་སྡེ་སྲིད་ཀྱིས་གསང་རྒྱ་བརྟན་ཕྱིར་མཛད་པར་ངེས་སོ། །ཤིང་པར་གྱི་དབང་དུ་བཏང་ན། བོད་ཡིག་བསྟན་འགྱུར་ཤིང་པར་དུ་འཁོད་མྱོང་བའི་དཔེ་གཞི་བཞི་ཁོ་ན་ཡོད་པ་ལས།

༡ སྡེ་དགེ་བསྟན་འགྱུར་ནི། ༡༧༣༧ ལོར་སྡེ་དགེ་རྒྱལ་བོ་བསྟན་པ་ཚེ་རིང་གིས་སྦྱིན་བདག་བགྱིས་ཏེ། པར་བསྐྲུན་གྱི་དབུ་བརྩམས་ནས་ལྒིགས་བམ་བདུན་ཙམ་རྫོགས་མཚམས། ཆོས་རྒྱལ་དགོངས་པ་རྫོགས་ཀྱང་། དེའི་སྲས་སྡོམ་བརྩོན་རྒྱལ་བོའི་ཚུལ་འཛིན་བླ་མ་ཀུན་དགའ་འཕྲིན་ལས་རྒྱ་མཚོས་མཛད་འཕྲོ་བསྐྱངས་ཏེ་སྤྱི་ལོ ༡༧༤༤ ལོ་སྟེ། ལོ་བདུན་གྱི་རིང་ལ་བཙུན་པ་ཚུལ་ཁྲིམས་རིན་ཆེན་གྱིས་ཞུས་དག་དང་བཅས་པ་ལེགས་པ་བྱུང་། བསྟན་འགྱུར་འདིའི་ཕྱི་མོ་ནི། འགྲོ་མགོན་ཆོས་འཕགས་ཀྱི་སློབ་མ་སྒ་ཨ་གཉན་དམ་པས་ཞ་ལུའི་དཔེ་ལྟར་བཞེངས་པའི་བསྟན་འགྱུར་ཞིག་དང་། སི་ཏུས་བཞེངས་པའི་བྲིས་མ། ཀརྨ་ན་རིམ་གྱི་ཐུགས་དམ་རྟེན་ཆོས་རྒྱལ་བསྟན་པ་ཚེ་རིང་ལ་གནང་བའི་བསྟན་འགྱུར། ཆོས་རྒྱལ་རང་ཉིད་ཀྱི་མཐིང་ཤོག་དངུལ་བྲིས་ཀྱི་བསྟན་འགྱུར་བཅས་དཔེ་བསྡུར་བྱས་པ་ཡིན་ལ། དེ་རྣམས་ལས་སི་ཏུ་གཙོར་བཟུང་བྱས་ཡོད། བསྟན་འགྱུར་འདི་ལ་པོད་གྲངས ༢༡༢དང་། ཡིག་ལྡེབས ༦༤༥༡༢ ཡོད། ད་ལྟ་ཤིང་པར་ཡོངས་རྫོགས་སྐྱོན་སླད་མ་བྱུང་བར་སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོར་བཞུགས་ཡོད།

༢ པེ་ཅིན་བསྟན་འགྱུར་ནི། སྤྱི་ལོ ༡༧༢༤ ལོ་རྒྱ་ནག་གོང་མ་གཡུང་ཊི་ཁྲི་ལོ་གཉིས་པར་པར་བསྐྲུན་གྱི་དབུ་ཚུགས་ཤིང་། ལྷ་སྐྱོང་ཁྲི་ལོ་གསུམ་པ་སྤྱི་ལོ ༡༧༣༨ ལ་མཇུག་གྲུབ་སྟེ། པེ་ཅིན་དུ་བཞུགས་སུ་གསོལ། འདིའི་པར་གཞི་ནི། རྒྱལ་དབང་ལྔ་བའི་དགོངས་རྫོགས་སུ་གསང་རྒྱ་བསྡམས་ཏེ་བསྟན་འགྱུར་གསེར་བྲིས་གནང་བ་དེ་ཡིན་ཞིང་། དེར་མ་བཞུགས་པ་བུ་སྟོན་ནས་དེ་དུས་བར་གྱི་གསར་འགྱུར་དང་། མདོ་སྔགས་རིག་གནས་ཀྱི་དཔེ་རྙིང་ཁུངས་བཙུན་པ་སྔར་མ་ཆུད་པ་རྣམས་དང་བཅས་པའི་ཁྱོན་ཆོས་ཚན ༧༨༠ ཙམ་གསར་དུ་བསྣན་ཡོད། པར་ཤིང་འདི་ཁང་ཞིས་ཁྲི་ལོ་ཉེར་དྲུག་པར་སྤྱི་ལོ ༡༩༠༠ རྒྱལ་བརྒྱད་འབྲེལ་དམག་གིས་ཀྲུང་གོར་བཙན་འཛུལ་བྱེད་སྐབས་མེད་བརླག་ཏུ་བཏང་ཡང་། རྒྱལ་དབང་བཅུ་གསུམ་པས་ཚར་གཅིག་འཇར་པན་ཏུང་ཅིན་དུ་གདན་དྲངས་ནས། ཏ་གོས་སློབ་གྲྭ་ཆེན་མོའི་དཔེ་མཛོད་ཁང་དུ་བཞུགས་སུ་གསོལ། པར་མ་འདི་ལ་བསྐྱར་པར་བརྒྱབ་སྟེ། ད་ལྟ་པེ་ཅིན་དཔེ་མཛོད་ཁང་། མི་རིགས་རིག་གནས་ཕོ་བྲང་གི་དཔེ་མཛོད་ཁང་། ཀྲུང་གོའི་ནང་བསྟན་མཐུན་ཚོགས། ཀྲུང་དབྱང་མི་རིགས་སློབ་གྲྭའི་དཔེ་མཛོད་ཁང་སོགས་སུའང་བཞུགས་ལ། འདི་དཀར་ཆག་དང་བཅས་དེབ་གྲངས་བརྒྱ་དང་ང་གཅིག་ཡོད་ལ། དེའི་དབུའི་དེབ་ཞེ་ལྔ་བཀའ་འགྱུར་དང་། ལྷག་མ་བསྟན་འགྱུར་ཡིན་པར་བཤད་དོ། །

༣ སྣར་ཐང་བསྟན་འགྱུར་ནི། སྤྱི་ལོ ༡༧༤༡ ལོར་དབུ་ཚུགས་ཏེ་མི་དབང་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱས་ཀྱིས་སྦྱིན་བདག་མཛད་དེ། ལོ་བདུན་རིང་ལ་མཇུག་གྲུབ་པ་ཡིན་ལ། འདི་པར་གཞི་སྡེ་སྲིད་སངས་རྒྱམ་གྱིས་བཞེངས་པའི་བསྟན་འགྱུར་ཡིན། དཀར་ཆག་ཕུར་ལྕོག་ངག་དབང་བྱམས་པས་མཛད་ལ། བསྟན་འགྱུར་འདི་ལ་པོད་གྲངས ༢༢༥ དང་། ཡིག་ལྡེབས༧༦༨༨༣ ཡོད། སྔ་གཞུག་གི་རྒྱུ་སོང་བསྡོམས་པས་དངུལ་ཐུར་སྲང་བདུན་ཁྲི་ཉིས་སྟོང་ཆིག་བརྒྱ་རེ་གཉིས་དང་ཞོ་ལྔ་རི་བ་ལ། ཡུལ་ཐང་ལྟར་བརྩིས་པའི་འབྲུ་ཁལ་ས་ཡ་གཅིག་དང་བཞི་འབུམ་ལྔ་ཁྲི་བདུན་སྟོང་ཉིས་བརྒྱ་ལྔ་བཅུ་བཏང་བར་བཤད་དོ། །པར་གཞི་འདི་རིག་གསར་སྐབས་བརླག་ནས་ད་ལྟ་མཇལ་རྒྱུ་མེད་དོ། །

༤ ཅོ་ནེ་བསྟན་འགྱུར་ནི། ཅོ་ནེ་དཔོན་འཇམ་དབྱངས་ནོར་བུའི་བཙུན་མོ་རིན་ཆེན་དཔལ་འཛོམས་དང་། དེའི་སྲས་བསྟན་སྲུང་ཚེ་རིང་གཉིས་ཀྱིས་སྦྱིན་བདག་བགྱིས་ཏེ་མི་ངོ་བཞི་བརྒྱ་ལྷག་རྩ་འཛུགས་བྱས་ནས། སྤྱི་ལོ ༡༧༥༣ ལོར་དབུ་ཚུགས་ཏེ། ༡༧༧༢ ལོ་སྟེ་བགྲང་བྱ་ཉི་ཤུ་ལ་ལེགས་གྲུབ་གནང་ཞིང་། ཕྱི་མོ་སྡེ་དགེ་བསྟན་འགྱུར་ཡིན། དཀར་ཆག་ཀུན་མཁྱེན་འཇིགས་མེད་དབང་བོས་མཛད་ལ། ཁྱོན་བསྡོམས་ལྒིགས་བམ ༢༠༨ དང་། ཡིག་ལྡེབ ༦༥༤༢༥ ཙམ་བཞུགས། སྔ་གཞུག་གི་རྒྱུ་སོང་ལ་དངུལ་སྲང་ཆིག་ཁྲི་སུམ་སྟོང་དགུ་བརྒྱ་སུམ་ཅུ་སོ་བདུན་དང་ཞོ་བདུན་སྐར་བདུན་སོང་བར་བཤད་ཅིང་། པར་གཞི་འདི་༡༩༢༨ ལོར་ཀ་ཆུའི་མཱ་ཀྲུང་དབྱིན་གྱིས་མེར་སྲེག་པར་བཤད།

གོང་གསལ་ཤིང་པར་འདི་བཞི་ཕྱི་མོ་གནང་སྟེ་ཟུར་བལྟའི་པར་མ་རྣམས་བསྡུར་ཏེ། ཀྲུང་གོ་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་ཀྱི་བཀའ་བསྟན་དཔེ་སྡུར་ཁང་གིས། དཔེ་བསྡུར་བྱེད་སྟངས་དང་། མཚོན་རྟགས་རྒྱག་སྟངས། ཡི་གེ་སྒྲིག་སྟངས། མཛེས་ཆ་འགོད་སྟངས་སོགས་སྒྲིག་གཞི་ལྡན་ཞིང་འཐུས་ཚང་བའི་སྒོ་ནས་ལྕགས་པར་དུ་བསྐྲུན་པ། ད་ལྟ་བདག་ཅག་གི་སྤྱན་ལམ་དུ་ཉི་མ་བཞིན་ཤར་བ་འདི་ཉིད་དོ། །

བསྟན་འགྱུར་ལ་ཡོངས་གྲགས་པོད་གྲངས་ནི། བསྟོད་ཚོགས་པོད ༡ རྒྱུད་སྡེ་པོད ༧༨ ཤེར་ཕྱིན་པོད ༡༦ དབུ་མ་པོད ༡༧ མདོ་སྡེ་པོད ༡༠ སེམས་ཙམ་པོད ༡༦ མངོན་པ་པོད ༡༡ འདུལ་བ་པོད ༡༨ སྐྱེས་རབས་པོད ༢ དཔག་བསམ་འཁྲི་ཤིང་པོད ༢ སྤྲིངས་ཡིག་པོད ༢ ཚད་མ་པོད ༢༡ སྒྲ་རིག་པོད ༤ གསོ་རིག་པོད ༥ བཟོ་རིག་པོད ༡ སྣ་ཚོགས་པོད ༩ ཡོད་ལ། བསྟན་འགྱུར་ལ་ཁྱོན་བསྡོམས་པོད་ཉིས་བརྒྱ་བཅུ་གསུམ་དང་། ཆོས་ཚན་ལ་བུ་སྟོན་ཆོས་འབྱུང་ལྟར་ན། ཉིས་སྟོང་སུམ་བརྒྱ་སོ་བདུན་ཡོད་དོ། །

གཞུང་བཀའ་པོད་ལྔ།

གཞུང་ལུགས་བཀའ་པོད་ལྔ་འམ་པོ་ཏི་ལྔ་ནི། ཕར་ཕྱིན། དབུ་མ། རྣམ་འགྲེལ། འདུལ་བ། མཛོད་བཅས་ལ་ཟེར། དེ་ཡང་བཀའ་པོད་ལྔ་ནི། སྡེ་སྣོད་གསུམ་གྱི་སྡོམ་ཆེན་པོ་སྟེ། ཚད་མ་དང་། དབུ་མ། མཛོད་གསུམ་ནི་མངོན་པའི་སྡེ་སྣོད་ཀྱི་སྡོམ། ཕར་ཕྱིན་ནི་མདོ་སྡེའི་སྡེ་སྣོད་ཀྱི་སྡོམ། འདུལ་བ་ནི་ཐེག་པ་ཆེ་ཆུང་གཉིས་ཀའི་འདུལ་བའི་སྡེ་སྣོད་ཀྱི་སྡོམ་མོ། །བསྟན་པ་ཕྱི་དར་གྱི་མགོ་ཚུགས་པ་ནས་བོད་ཀྱི་གྲྭ་ས་ཆེ་ཁག་ཀུན་དུ་གཞུང་ཆེན་བཀའ་པོད་ལྔར་སློབ་གཉེར་གཙོ་བོར་གནང་གི་ཡོད་པའང་། སྔོན་བྱོན་མཁས་པའི་གསུང་རྒྱུན་དུ། བསྟན་པའི་ལྕགས་རི་ཚད་མ། བསྟན་པའི་མཛེས་རྒྱན་མཛོད། བསྟན་པའི་གཞུང་ཤིང་ཕར་ཕྱིན། བསྟན་པའི་སྙིང་བོ་དབུ་མ། བསྟན་པའི་ནང་མཛོད་འདུལ་བ་ཟེར་བའང་དེ་ཡིན་ནོ། །པོད་ལྔའི་བཞེད་དགོངས་ལྟར་ཡིག་ཆ་གྲགས་ཆེ་བ་ནི། སྒོ་མང་གསར་རྙིང་། བློ་གླིང་། རྗེ་བཙུན་ཡིག་ཆ་བཅས་སོ། །འདིར་པོ་ཏི་ལྔ་རེ་རེ་བཞིན་ངོ་སྤྲོད་མདོར་བསྡུས་བགྱིད་ན།

༡ ཕར་ཕྱིན། ཕར་ཕྱིན་གྱི་གཞུང་ནི་རྗེ་བཙུན་བྱམས་པ་མགོན་པོས་མཛད་པའི་བྱམས་ཆོས་སྡེ་ལྔ་སྟེ། མངོན་རྟོགས་རྒྱན། མདོ་སྡེ་རྒྱན། རྒྱུད་བླ་མ། དབུས་མཐའ་རྣམ་འབྱེད། ཆོས་ཉིད་རྣམ་འབྱེད་དང་། འཕགས་པ་ཐོགས་མེད་ཀྱིས་བརྩམས་པའི་ས་སྡེ་ལྔ། སའི་དངོས་གཞི། གཏན་ལ་དབབ་པ་བསྡུ་བ། གཞི་བསྡུ་བ། རྣམ་གྲངས་བསྡུ་བ། རྣམ་པར་བཤད་པའི་སྒོ་བསྡུ་བ་སོགས་ཡིན། ཕར་ཕྱིན་གྱི་གཞུང་གི་བརྗོད་སྙིང་ནི། ཡུམ་རྒྱས་འབྲིང་བསྡུས་གསུམ་གྱི་བརྗོད་དོན་དུ་སྦས་པའི་དགོངས་པ་རྣམས་དངོས་བོ་བརྒྱད་དང་དོན་བདུན་ཅུར་བསྡུས་ནས་བརྗོད་པ་ཡིན་ལ། དེ་དག་ལ་བོད་ཀྱི་མཁས་པས་མཛད་པའི་འགྲེལ་བ་འགྲེལ་བཤད་ཡང་མང་ངོ་། །

༢ དབུ་མ། རྟག་ཆད་ཀྱི་མཐའ་གཉིས་བཀག་ནས་དེ་གཉིས་དང་བྲལ་བའི་དབུས་ཟབ་མོ་རྟེན་འབྱུང་གི་དོན་ཁས་ལེན་པས་དབུས་མ་ཞེས་ཟེར་ལ། དེ་བརྗོད་བདེའི་དབང་གིས་དབུ་མ་བ་གྲགས་སོ། །དབུ་མའི་ལུགས་འདི་སློབ་དཔོན་ཀླུ་སྒྲུབ་ཀྱིས་འཛམ་བུའི་གླིང་གི་ཆོས་སྐལ་དུ་ཀླུ་ཡུལ་ནས་ཤེར་ཕྱིན་འབུམ་པ་སོགས་སྤྱན་དྲངས་ཏེ། ཀླུ་སྒྲུབ་རང་གིས་རྩ་བ་ཤེས་རབ། རྩོད་བཟློག སྟོང་ཉིད་བདུན་ཅུ་བ། རིགས་པ་དྲུག་ཅུ་བ། ཞིབ་མོ་རྣམ་འཐག རིན་ཆེན་ཕྲེང་བ་སྟེ། དབུ་མ་རིགས་ཚོགས་དྲུག་གསར་དུ་བརྩམས་ནས། དབུ་མའི་སྲོལ་ཕྱེས་ཤིང་། དབུ་མའི་ལམ་གྱི་དགག་བྱ་ཉོན་མོངས་པའི་སྒྲིབ་པ་ཆགས་སྒྲིབ། ཤེས་བྱའི་སྒྲིབ་པ་ཐོགས་སྒྲིབ། སྙོམས་འཇུག་གི་སྒྲིབ་པ་དམན་སྒྲིབ་བཅས་ཡིན་ལ། རྗེས་འབྲང་ལ་ཚད་མར་གྱུར་བའི་སློབ་དཔོན་ཨརྱ་དེ་བ། སངས་རྒྱས་བསྐྱངས། ཞི་བ་ལྷ་སོགས་བྱུང་བའོ། །

༣ ཚད་མ་རྣམ་འགྲེལ། རྒྱ་གར་གྱི་སློབ་དཔོན་དཔལ་ལྡན་ཆོས་གྲགས་ཀྱིས་མཛད་པའི་ཚད་མ་སྡེ་བདུན། ཚད་མ་རྣམ་འགྲེལ། རྣམ་ངེས། རིགས་ཐིགས། གཏན་ཚིགས་རིག་པ། འབྲེལ་བ་བརྟག་པ། རྒྱུད་གཞན་སྒྲུབ་པ། རྩོད་པའི་རིགས་པ་བཅས་མཆིས་པ་ལས། ཚད་མ་རྣམ་འགྲེལ་ཡིན་ལ། བརྗོད་སྙིང་ནི། རིགས་པ་བརྒྱ་ཕྲག་གི་སྒོ་ནས་སྟོན་པ་ཐུབ་པའི་དབང་བོ་ཚད་མའི་སྐྱེས་བུ་དང་། དེས་བསྟན་པའི་ཆོས་ཚད་མའི་གསུང་རབ་ཡིན་པ་རྩལ་དུ་བཏོན་ནས་སྒྲུབ་ཡོད།

༤ འདུལ་བ། སྟོན་པ་ཐུགས་རྗེ་ཅན་གྱི་གསུངས་པའི་འདུལ་བ་ལུང་སྡེ་བཞི་སྟེ། ལུང་གཞི། ལུང་རྣམ་འབྱེད། ལུང་ཞུ་བ། ལུང་ཕྲན་ཚེགས་སོ། །དེ་ཡང་བཀའ་འགྱུར་ནང་དུ་དེ་བཞི་ལ་སྤྱི་ནས་པོད་གྲངས་བཅུ་གསུམ་ཡོད། འདུལ་བའི་སྡེ་སྣོད་ནི་སེམས་རྒྱུད་འདུལ་བའི་ཆེད་དུ་ལུས་ངག་གི་ཉེས་སྤྱོད་འགོག་པར་བྱེད་པ་སྟེ། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་བརྗོད་བྱའི་གཙོ་བོ་བྱས་ནས་སྟོན་པ་ཡིན། སློབ་དཔོན་དབྱིག་གཉེན་གྱི་སློབ་མ་འདུལ་བ་རང་ལས་མཁས་པ་ཡོན་ཏན་འོད་ཀྱིས། འདུལ་བ་ལུང་སྡེ་བཞིའི་བརྗོད་སྙིང་བསྡུས་ཏེ་འདུལ་བ་མདོ་རྩ་མཛད། འདི་ལ་ལེའུ་ཉི་ཤུ་དང་བམ་པོ་དགུ་ཡོད། བོད་རྒྱལ་མུ་ཏིག་བཙན་པོའི་དུས་སུ་བོད་འགྱུར་གནང་ཞིང། དུས་རབས་བཅུ་གསུམ་པའི་དུས་དཀྱིལ་དུ་དགེ་བཤེས་མཚོ་སྣ་བས་འདུལ་བ་མདོ་རྩའི་མཆན་འགྲེལ་ཉི་མའི་འོད་ཟེར་སོགས་མཛད་དེ་དར་ཁྱབ་བྱུང་།

༥ མཛོད། ཆོས་མངོན་པ་མཛོད་ནི། སློབ་དཔོན་དབྱིག་གཉེན་གྱིས་ཐེག་དམན་གྱི་མངོན་པའི་གཞུང་གི་རྩ་བ་གནས་བརྒྱད་ཀྱི་རང་བཞིན་ཅན་ཞིག་ཡིན། དེ་ཡང་དགྲ་བཅོམ་པ་རྣམས་ཀྱི་མཛད་པའི་བྱེ་བྲག་བཤད་མཚོ་ཆེན་མོ་འདི་རིམ་པར་བརྒྱུད་དེ་དབྱིག་གཉེན་གྱིས་གསན་ནས། མངོན་པ་སྡེ་བདུན་དང་བྱེ་བྲག་བཤད་མཚོ་ཆེན་མོ་སོགས་ཀྱི་བརྗོད་སྙིང་བསྡུས་ནས་ཐེག་པ་དམན་པའི་ལུགས་སུ་ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པ། ཁམས་དང་། དབང་བོ། འཇིག་རྟེན། ལས་དང་ཕྲ་རྒྱས། ལམ་དང་གང་ཟག ཡེ་ཤེས། སྙོམས་འཇུག་སྟེ་བརྒྱད་ཀྱི་བདག་ཉིད་ཅན་གྱི་བསྟན་བཅོས་འདི་མཛད་ཅིང་། ཁོང་གི་རང་འགྲེལ་དང་བཅས་པ་ཡོད་དོ། །

སྔགས་ཕྱོགས་རྒྱུད་སྡེ་བཞི།

ནང་བསྟན་ལས་གསུངས་པའི་གསང་སྔགས་ཟབ་མོའི་ཆོས་འདི་ལ། ནང་དོན་མཆོག་དམན་གྱི་རིམ་པ་དང་བསྟུན་ནས་རིགས་མི་འདྲ་བ་བཞིར་ཕྱེས་ཡོད་དེ། ༡ བྱ་རྒྱུད། ༢ སྤྱོད་རྒྱུད། ༣ རྣལ་འབྱོར་རྒྱུད། ༤ རྣལ་འབྱོར་བླ་མེད་བཅས་ལ། རྒྱུད་སྡེ་ཆེན་པོ་བཞི་ཟེར། རྒྱུད་སྡེའི་བཞིའི་གོ་དོན་ལ་གྲུབ་མཐའ་ཁག་གིས་བཞེད་ལུགས་མི་འདྲ་བ་ཡོད་ཀྱང་། འདིར་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་དགོངས་པ་ལྟར་བཀོད་ན། ༡ བྱ་རྒྱུད་ནི། ཕྱིའི་ཀུན་སྤྱོད་ཁྲུས་དང་གཙང་སྦྲ་སོགས་གཙོ་བོར་སྟོན་པའི་སྒོ་ནས་སྔགས་ཀྱི་ལམ་བསྒོམ་པའི་ཆ་ནས་བཞག་པ་དང་། ༢ སྤྱོད་རྒྱུད་ནི། ཕྱི་ལུས་ངག་གི་བྱ་བ་དང་ནང་སེམས་ཀྱི་ཏིང་ངེ་འཛིན་ཆ་མཉམ་པར་སྤྱོད་པའི་སྒོ་ནས་གསང་སྔགས་ཀྱི་ལམ་བསྒོམ་ཚུལ་གཙོ་བོར་བསྟན་པས་རྒྱུད་རྣམས་ཡིན། ༣ རྣལ་འབྱོར་རྒྱུད་ནི། ནང་ཐབས་ཤེས་གཉིས་ཀྱི་རྣལ་འབྱོར་དང་བདེན་པ་གཉིས་དབྱེར་མེད་དུ་སྦྱོར་བའི་ཏིང་ངེ་འཛིན་བསྒོམ་ཚུལ་གཙོ་བོར་སྟོན་པའི་རྒྱུད་རྣམས་ཡིན། ༤ རྣལ་འབྱོར་བླ་མེད་རྒྱུད་ནི། གཞི་ལམ་འབྲས་གསུམ་གྱི་སྐབས་སུ་ཐབས་ཤེས་གཉིས་མེད་དུ་སྦྱོར་ཚུལ་གཙོ་བོར་སྟོན་ཅིང་། དེ་ལས་ལྷག་པའི་རྒྱུད་སྡེ་གཞན་མེད་པ་ཞིག་ལ་ཟེར། རྒྱས་པར་རྗེ་ཙོང་ཁ་པའི་སྔགས་རིམ་ཆེན་མོ་དང་། ཀོང་སྤྲུལ་རིན་པོ་ཆེའི་ཤེས་བྱ་ཀུན་ཁྱབ་རྩ་འགྲེལ་སོགས་ལ་གཟིགས་པར་བྱའོ། །

གསུང་འབུམ།

གསུང་འབུམ་ནི། ས་དགེ་ཀར་རྙིང་སོགས་ཀྱི་མཁས་པ་དག་གིས་སྐུ་ཚེ་གང་བོར་བརྩམས་གནང་མཛད་པའི་གསུང་རྩོམ་ཕྱོགས་སྒྲིག་ལ་ཟེར་ལ། བརྗོད་བྱ་ལ་མདོ་སྔགས་རིག་གནས་སྤྱི་དང་། བསྟོད་ཚོགས། འདོན་ཆོག་སྣ་ཚོགས་ཡོད། དུམ་གྲངས་མང་བ་ལ། དཔེར་ན། བོ་དོང་ཕྱོགས་ལས་རྣམ་རྒྱལ་ལ་པོད་བརྒྱ་རྩ་དང་། ཉུང་བ་ལ་པོ་ཏི་གཅིག་ལས་མེད་པའང་ཡོད། དགེ་ལུགས་པར་མཚོན་ན། དགེ་ལུགས་པའི་གསུང་འབུམ་དཀར་ཆག་ལས། མཁས་དབང་ཉིས་བརྒྱ་ཉེར་གཉིས་ཀྱི་མཚན་བྱང་དང་། སོ་སོའི་ཕྱག་དཔེའི་དཀར་ཆག་ཀྱང་ཞིབ་རྒྱས་སུ་བཀོད་ཡོད།

གཉིས་པ། གྲུབ་མཐའ་ཆེ་ཁག་འགའ་ངོ་སྤྲོད།

བོན་གྱི་གྲུབ་མཐའ།

༡ སྤྱིར་གྲུབ་མཐའ་ཞེས་པ་ནི། ལུང་རིགས་གང་རུང་ལ་བརྟེན་ནས་རྣམ་རྟོག་གི་སྒྲོ་བཏགས་པའི་ཆ་གཞན་བཀག་སྟེ། རང་གི་བློ་ངོར་ཡང་དག་པར་འཐད་པའི་དོན་དེ་ཉིད་གྲུབ་པའམ་དམ་བཅས་ཏེ་འཛིན་པའི་ཚུལ། དེ་ལས་གཞན་དུ་མེད་དོ་སྙམ་ནས་ཐག་བཅད་པའི་ཆ་དེར་གྲུབ་མཐའ་ཞེས་བྱ་ལ། ཐག་བཅད་པ་དེ་གཞན་ལ་སྨྲ་བས་ན་གྲུབ་མཐའ་སྨྲ་བ་ཟེར། འདིར་བོད་ཀྱི་གྲུབ་མཐའ་ཁག་གཅིག་ངོ་སྤྲོད་རགས་རིམ་བཤད་པ་ལ།

༢ བོན་གྱི་གྲུབ་མཐའི་སྲོལ་འབྱེད་སྟོན་པ་གཤེན་རབ་མི་བོ་ཆེ་ནི། སྟག་གཟིག་འོལ་མོ་ལུང་རིང་ནས། ཡབ་རྒྱལ་བོ་ཐོད་དཀར་དང་ཡུམ་ཡོ་ཕྱི་རྒྱལ་བཞད་གཉིས་ཀྱི་སྲས་སུ﹙ལོ་རྒྱུས་ཁ་ཅིག་ཏུ་སྤྱི་ལོ་སྔོན་གྱི་དྲུག་བརྒྱ་ཡས་མས་སུ་འཁྲུངས་པར་བཞེད། ﹚འཁྲུངས་ཤིང་། སྐྱེད་བསྲིངས་ནས་གཙུག་ལག་ལ་མཁས་པར་གྱུར་ཏེ་འགྲོ་དོན་མང་དུ་མཛད། ཧོས་ཟ་རྒྱལ་མོད་སོགས་ཁབ་ཏུ་བཞེས་ཤིང་། གཏོ་བུ་འབུམ་སངས་སོགས་སྲས་མང་དུ་འཁྲུངས། ཕྱིས་མཆོད་རྟེན་རྣམ་དག་དཀར་བོའི་དྲུང་ནས་རབ་ཏུ་བྱུང་ཞིང་། བྱ་སྤྲེལ་མི་གསུམ་གྱི་འཚོ་བ་ཆ་ཤས་ཙམ་ལ་བརྟེན་ནས་དཀའ་ཐུབ་ལོ་དགུར་སྤྱད་དེ་བདུད་བཞི་བཅོམ་ནས་སངས་རྒྱས་པའི་ཚུལ་བསྟན། སྡིག་ཅན་མི་དགུ་སོགས་འགྲོ་བ་བགྲང་ལས་འདས་པ་ཐར་ལམ་ལ་བཀོད་ཅིང་། ཆོ་འཕྲུལ་མང་དུ་བསྟན་ནས་ལོག་སྒྲུབ་བྱས་པ་རེ་རེ་ནས་ཚར་བཅད། འདུལ་བ་ཕོ་གླིང་དང་མོ་གླིང་གཉིས་སུ་ཕྱེས་ནས་དགོན་སྡེ་མཛད། བོན་སྡེ་བརྒྱད་ཁྲི་བཞི་སྟོང་མཐའ་དག་དོན་ཐིག་ལེ་ཉག་གཅིག་ཏུ་བསྡུས་ཏེ། བོན་གྱི་འཁོར་ལོ་རྒྱ་ཆེར་བསྐོར། སྡུད་འཁོར་བཅུ་གསུམ་ལ་བཀའ་ཐམས་ཅད་མདོ་སྡེ་དང་འབུམ་སྡེ། རྒྱུད་སྡེ་དང་མཛོད་སྡེ་བཞི་རུ་བསྡུས་ཏེ་གཉེར་གཏད་མཛད། མཐར་མྱ་ངན་ལས་འདས་ཏེ་ཡེ་ཤེས་ཀྱི་མེ་རང་འབར་གྱིས་ཞུགས་ལ་སྦྱངས་དུས། ཐུགས་ལྗགས་སྤྱན་གསུམ་ལ་ལྷ་སྐུའི་སྣང་བརྙན་མང་དུ་བབས། ཚེམས་ལ་དུང་དཀར་གཡས་འཁྱིལ་བྱུང་བ་ད་ལྟ་འང་མཇལ་རྒྱུ་ཡོད།

༣ ལྟ་སྒོམ་སྤྱོད་གསུམ་ནི། བོན་གྱི་བསྟན་པ་འདི་བོད་ཀྱི་གདོད་མའི་ཆོས་ལུགས་ཡིན་ལ། དེ་ལ་གཡུང་དྲུང་བོན་ཞེས་གྲགས་པའང་། གཡུང་དྲུང་གི་རྟགས་འདི་བོན་བསྟན་གྱི་མཚོན་བྱེད་དེ། རྟག་བརྟན་མི་འགྱུར་བའི་དོན་ཡིན། སྤྱིར་བོན་གྱི་བསྟན་པ་ལ་ཕྱི་ནང་གསང་གསུམ་གྱི་དབྱེ་བ་ཡོད་དེ། གཤེན་རབ་མི་བོ་ཆེའི་ཡར་སྔོན་དུ་བོན་སྐུའི་སྟོན་པ་ཀུན་ཏུ་བཟང་བོས་གྲོལ་ལམ་རྫོགས་ཆེན་གྱི་བསྟན་པ་སྤེལ་བ་ལ་གསང་རྒྱུད་དང་། ལོངས་སྐུའི་སྟོན་པ་གཤེན་ལྷ་འོད་དཀར་གྱིས་གསང་སྔགས་ཀྱི་བསྟན་པ་སྤེལ་བ་ལ་རྒྱུད། ཕྱིས་སུ་སྤྲུལ་སྐུའི་སྟོན་པ་གཤེན་རབ་མི་བོ་ཆེས་སྤེལ་བ་ལ་མདོ་ཕྱོགས་ཀྱིས་གཙོས་པའི་བསྟན་པ་ལ་ཕྱི་རྒྱུད་ཟེར། གཤེན་རབ་ཀྱི་མདོ་ལས། ལྟ་བ་ནི་ཡས་ཕུབ་ཅིག སྤྱོད་པ་ནི་མས་འཛེགས་ཤིག གཞི་སྙིང་རྗེ་ཆེན་པོ་ལ་ལོངས་ཤིག ཐབས་ཕ་རོལ་ཕྱིན་དྲུག་ལ་སྤྱོད་ཅིག ཅེས་གསུངས་པ་ལྟར། ལྟ་བ་ནི། གདུལ་བྱའི་བློ་ཁ་དང་བསྟུན་ཏེ། མདོ་ལུགས་ལ་གྲུབ་མཐའ་གོང་འོག་གཉིས་དང་། སྔགས་ལུགས་ལ་རྒྱུད་སྡེ་གོང་འོག་གི་རིམ་པ་བྱུང་བས། འོག་མ་ལའང་ནང་གསེས་གཉིས་ཏེ། གཤེན་རབ་རྣམ་རྩོད་དང་། རང་རྟོགས་གཤེན་རབ་གཉིས། གོང་མ་ལའང་གཉིས་ཏེ། ཐུགས་རྗེ་སེམས་དཔའ་སེམས་ཙམ་པ་དང་། གཡུང་དྲུང་སེམས་དཔའ་སྤྲོས་མེད་དོ། །སྤྲོས་མེད་པ་ནི་དབུ་མ་བ་སྟེ་ཆེས་མཐོ་བའི་ལྟ་བ་ཡིན་པར་བཞེད། དེ་གཏན་འབེབས་ཀྱི་གཞུང་ལའང་འབུམ་ཤེར་ཕྱིན་དང་། ཁམས་ཆེན་སྟོང་ཕྲག་བརྒྱ་བ་སོགས་འབུམ་སྡེ་ཇི་སྙེད་ཅིག་གསུངས་ཡོད། སྒོམ་པ་ནི། གཞི་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ་ཚོགས་བསགས་པ་དང་འབྲེལ། བདག་མེད་རྟོགས་པའི་ངེས་ཤེས་དེའི་རྒྱུན་བསྐྱངས་ནས་བསྒོམས་པས་མངོན་པར་འཚང་རྒྱ་བ་དེ་ཡིན། སྤྱོད་པ་ནི། དེ་དག་མཐར་ཕྱིན་པའི་ཆེད་དུ། གཞི་སེམས་བསྐྱེད་ཀྱིས་བཟུང་། ཐབས་ཕར་ཕྱིན་བཅུ་ལ་སློབ་དགོས་ཤིང་། དེ་ཡང་སྡོམ་པ་འོག་མ་ལ་བརྟེན་ཏེ་གོང་མ་གོང་མར་སློབ་པ་དེ་ལ་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་ཆེན་ཞེས་བརྗོད་ལ། སྤྱོད་པ་མས་འཛེགས་ཞེས་པས་དོན་ཡང་དེ་ཡིན་ནོ། །སྔགས་ལྟར་ན་ལྟ་སྒོམ་སྤྱོད་གསུམ་ནི། གང་ཟག་དབང་བོ་རབ་འབྲིང་གི་ཁྱད་པར་གྱིས་རྒྱུད་སྡེ་བཞི་ཡོད་པ་རེ་རེ་ལ་ལྟ་སྒོམ་སྤྱོད་པ་དམ་ཚིག་གི་འབྲས་བུ་སོགས་ཀྱིས་ཁྱད་པར་ཡོད་དོ། །

རྙིང་མ་བ།

༡ རྙིང་མའི་ཆོས་རྒྱུན་བརྒྱུད་ཚུལ། རྙིང་མའི་ཆོས་ལུགས་ནི། བོད་དུ་ནང་བའི་གསང་སྔགས་ཀྱི་ཆོས་བྱུང་བའི་ཐོག་མ་ཡིན་ལ། མདོ་ཕྱོགས་ལ་རྙིང་མ་ཞེས་པའི་ཐ་སྙད་འདི་མ་བྱུང་ལ། གསང་སྔགས་ཀྱི་སྒོ་ནས་བཞག་པ་ཡིན། དེ་ཡང་བཤད་སྲོལ་མི་འདྲ་བ་ཡོད་ཀྱང་གཙིགས་ཆེ་བ་ནི། པཎྚི་ཏ་སྨྲི་ཏི་བྱོན་པ་ཡན་ཆད་དུ་བསྒྱུར་བའི་གསང་སྔགས་ཀྱི་གཞུང་རྣམས་ལ་རྙིང་མ་དང་། མངའ་རིས་ལོ་ཙཱ་བ་རིན་ཆེན་བཟང་བོ་བྱོན་པ་མན་ཆད་དུ་བསྒྱུར་བའི་རྒྱུད་རྣམས་ལ་སྔགས་གསར་མ་ཟེར། བརྒྱུད་པའི་རིམ་པ་ལ། རྒྱལ་བ་དགོངས་བརྒྱུད། རིག་འཛིན་བརྡ་བརྒྱུད། གང་ཟག་སྙན་བརྒྱུད་གསུམ་དང་། ཡང་། བཀའ་བབས་ལུང་བསྟན་གྱི་བརྒྱུད་པ། ལས་འཕྲོ་གཏེར་གྱི་བརྒྱུད་པ། སྨོན་ལམ་གཏད་རྒྱའི་བརྒྱུད་པ་སྟེ་དྲུག་ཏུ་འང་བཤད་ཀྱང་། འདིར་བརྗོད་པར་བྱ་བ་ནི། རིང་བརྒྱུད་བཀའ་མ། ཉེར་བརྒྱུད་གཏེར་མ། ཟབ་མོ་དག་སྣང་གི་བརྒྱུད་པ་སྟེ་གསུམ་གྱི་སྒོ་ནས་འཆད་ན།

རིང་བརྒྱུད་བཀའ་མ་བྱུང་ཚུལ་ནི། པཎ་ཆེན་བི་མ་ལ་མི་ཏྲས་རྨ་རིན་ཆེན་མཆོག་དང་། གཉགས་ཛཉ་ན་ཀུ་མ་ར་གཉིས་ལ་སྒྱུ་འཕྲུལ་གསང་བ་སྙིང་བོའི་སྐོར་བཤད་ཅིང་བསྒྱུར་བས། སློབ་མ་དེ་གཉིས་ལས་ཡང་སློབ་མང་བོ་བརྒྱུད་དེ་སྤེལ་བ་དང་། ཡང་སློབ་དཔོན་དྷ་ན་རཀྵ་རས་བལ་བོ་དྷ་རྨ་བྷོ་དྷི་ལ་རྩ་རྒྱུད་དང་། བཤད་རྒྱུད་སོགས་བཤད། བྲུ་ཤའི་ཡུལ་དུ་ཁྲོམ་རུམ་ཆེ་བཙན་སྐྱེས་ལ་བཤད་ཅིང་བསྒྱུར། དེ་ནས་རིམ་པར་འཕེལ་བ་ཡིན།

ཉེ་བརྒྱུད་གཏེར་མ་ནི། བསོད་ནམས་ཐམས་ཅད་སྡུད་པ་ཏིང་ངེ་འཛིན་གྱི་མདོ་ལས། དྲི་མ་མེད་པའི་གཟི་བརྗིད། ཆོས་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཆོས་གཏེར། རི་དང་རི་སུལ་དང་ཤིང་གི་ནང་ན་བཅུག་པ་དག་ཡོད་དེ། གཟུངས་དང་ཆོས་ཀྱི་སྒོ་མཐའ་ཡས་པ་ལྒིགས་བམ་དུ་བྱས་པ་དག་ཀྱང་ལག་ཏུ་འོང་བར་འགྱུར་རོ། །ཞེས་པ་ལྟར། སློབ་དཔོན་པདྨ་འབྱུང་གནས་ལ་སོགས་པ་ཚད་མའི་སྐྱེས་བུ་འགའ་ཟུང་གིས་འབྱུང་འགྱུར་གྱི་གདུལ་བྱར་མཆོག་ཐུན་གྱི་དངོས་གྲུབ་འགྲུབ་པའི་མན་ངག་མང་བོ་རི་བྲག་སོགས་ལ་གཏེར་དུ་སྦས། གཏེར་དེ་ནམ་འདོན་དང་། འདོན་པ་པོའི་མིང་རུས་དང་འཁྲུངས་གཞིས། ལུས་ཀྱི་རྟགས་མཚན་སོགས་ཆ་ཚང་གཏེར་གྱི་ཁ་བྱང་བཏབ། ཕྱིས་སུ་གནས་དུས་གང་ཟག་འཛོམས་པ་ན་གཏེར་དེ་བཏོན་ནས་དར་སྤེལ་བཏང་བ་ལ་གཏེར་ཆོས་སུ་གྲགས། ﹙གྲུབ་མཐའ་གཞན་ལའང་གཏེར་ཆོས་རེ་གཉིས་སྲིད་ཀྱང་མང་ཆེ་ཤས་རྙིང་མའི་ཆོས་ལ་ཡོད། ﹚གཏེར་སྟོན་པའང་དངོས་རྫུས་ཅི་རིགས་ཡོད་ཀྱང་། སློབ་དཔོན་པདྨས་ལུང་གིས་ཟིན་མ་ཟིན་བསྡོམས་གཏེར་སྟོན་ཚད་ལྡན། རྒྱལ་དབང་ལྔ་བའི་བྱང་བདག་རིག་འཛིན་ངག་གི་དབང་བོའི་རྣམ་ཐར་ལས། གཏེར་སྟོན་བརྒྱ་དང་བཅུ་བདུན་གྱི་མཚན་ཙམ་གསལ། གཏེར་སྟོན་བརྒྱ་རྩའི་གཏེར་ཆོས་རགས་བསྡུས་རིན་ཆེན་གཏེར་མཛོད་སོགས་སུ་གསལ།

ཟབ་མོ་དག་སྣང་གི་བརྒྱུད་པ་ནི། བླ་མ་འགའ་ཞིག་ལ་ཡི་དམ་གྱི་ལྷ་ཞལ་གཟིགས་ནས་དངོས་སུ་གསུངས་པའི་མན་ངག་གི་སྐོར་ལ་ཟེར།

༢ རྙིང་མའི་ལྟ་སྒོམ་སྤྱོད་གསུམ་སོགས། ལྟ་བ་ཀློང་ཆེན་རབ་འབྱམས་ཡིན་གསུངས་པ་སྟེ། དེ་ཡང་དབྱིངས་སྤྲོས་བྲལ་ཀྱི་ཆོས་བདེ་གཤེགས་སྙིང་བོ་ཀློང་ཆེན་པོ་ན། འཁོར་འདས་ཀྱི་སྣང་བ་ཇི་སྙེད་པ་ཐམས་ཅད་ཆོས་ཉིད་མཉམ་པ་ཉིད་དུ་རྫོགས་པའི་དོན་ཤེས་པའོ། །

སྒོམ་པ་མཁྱེན་བརྩེ་འོད་ཟེར་ཡིན་གསུངས་ཏེ། དེ་ལྟ་བུའི་ལྟ་བ་སྤྲོས་བྲལ་གྱི་རང་བཞིན་མཁྱེན་ཆ་ཤེས་རབ་ལྷག་མཐོང་གིས་གཏན་ལ་འབེབས་ཞིང་། སྟོང་ཉིད་དེ་ཡང་སྙིང་རྗེ་བརྩེ་བ་ཆེན་པོའི་ཞི་གནས་ཀྱི་ཐབས་དང་མ་བྲལ་བར་རྩེ་གཅིག་ཏུ་མཉམ་པར་འཇོག་པ་སྟེ། སྟོང་ཉིད་སྙིང་རྗེ་དང་འབྲེལ་བ་ནི་སྒོམ་པའོ། །སྤྱོད་པ་རྒྱལ་བའི་མྱུ་གུ་ཡིན་གསུངས་པ་སྟེ། དེ་ལྟ་བུའི་ལྟ་སྒོམ་དང་ལྡན་པའི་ངང་ནས་རྒྱལ་བའི་མྱུ་གུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་དང་མཐུན་པའི་ཕར་ཕྱིན་དྲུག་ཉམས་སུ་ལེན་པས་སོ། །

གཞན་ཡང་། རྙིང་ཆོས་ཀྱི་སྙིང་བོར་གྱུར་བ་ནི། མན་ངག་རྫོགས་པ་ཆེན་པོ་ཞེས་གྲགས་པ་སྟེ། དེའི་སྒྲ་བཤད་ཀྱང་། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རིག་པ་སྟོང་བ་འདིའི་ནང་དུ་རྫོགས་པས་ན་རྫོགས་པ་དང་། དེ་ལས་ལྷག་པའི་འཁོར་བ་ལས་གྲོལ་བའི་ཐབས་གཞན་མཆོག་ཏུ་གྱུར་བ་མེད་པས་ན་ཆེན་པོ་བྱ་ལ། དེ་ལ་ནང་གསེས་ཀྱིས་སེམས་སྡེ། ཀློང་སྡེ། མན་ངག་གི་སྡེ་གསུམ་ལས། སེམས་སྡེ་ནི་ཅིར་སྣང་སེམས་ཡིན་ལ། སེམས་ཉིད་རང་བྱུང་གི་ཡེ་ཤེས་སུ་ཤར་བས་རང་བྱུང་གི་ཡེ་ཤེས་ལས་གཞན་དུ་གྱུར་བ་མེད་པ་དང་། ཀློང་སྡེ་ནི་ཆོས་ཉིད་ཀུན་ཏུ་བཟང་བོའི་ཀློང་ནས་འགྲོ་ས་གཞན་མེད་ཆོས་ཉིད་ཀྱི་ཀློང་ལས་གཞན་བྱུང་འགོག་པ་ཡིན། མན་ངག་གི་སྡེ་ནི། སྤང་བླང་བྲལ་བ་ཟུང་འཇུག་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་འཁོར་འདས་ཀྱི་ཆོས་ཐམས་ཅད་ཆོས་ཉིད་སྟོང་འཛིན་དང་བྲལ་བའི་ངང་དུ་སྐྱེལ་བའི་གནད་ཀྱིས་འཁོར་འདས་གང་དུའང་མ་ཕྱེ་བའི་རིག་པ་ཉིད་ཆོས་ཉིད་ཀྱི་ཡུལ་མངོན་སུམ་དུ་ཤར་ནས། རང་རིག་ལུ་གུ་རྒྱུད་ཀྱི་སྐུར་སྨིན་ཅིང་གྲོལ་བར་བྱེད་པའོ། །

བཀའ་གདམས་པ།

༡ བཀའ་གདམས་པའི་ཆོས་རྒྱུན་བརྒྱུད་ཚུལ། དེ་ཡང་བཀའ་གདམས་པ་ཞེས་པའི་དོན་གང་ཡིན་ཞེ་ན། སངས་རྒྱས་ཀྱི་བཀའ་སྡེ་སྣོད་གསུམ་དོན་ཐམས་ཅད་མ་ལུས་པར་ཨ་ཏི་ཤའི་གདམས་པ་སྐྱེས་བུ་གསུམ་གྱི་ལམ་རིམ་དུ་བསྡུས་ནས་ཉམས་སུ་ལེན་པས་ན་བཀའ་གདམས་པ་ཟེར། གྲུབ་མཐའ་འདི་ཇོ་བོ་རྗེ་ཨ་ཏི་ཤ་ནས་དབུ་བརྙེས་ཤིང་། འབྲོམ་སྟོན་གྱིས་སྲོལ་ཕྱེས། སྐུ་མཆེད་གསུམ་གྱིས་དར་ཞིང་རྒྱས་པར་མཛད། གླང་ཤར་གཉིས་དང་བྱ་ཡུལ་བ་སོགས་ཀྱིས་དེ་ལས་ཀྱང་རྒྱས་པར་མཛད་པ་ཡིན། དེ་ཡང་། ཡོངས་གྲགས་སུ་བཀའ་གདམས་བརྒྱུད་པ་གསུམ་སྟེ། དགེ་བཤེས་པོ་ཏོ་བ་ནས་ཤ་ར་བ་ལ་བརྒྱུད་པ་ནས་ལོ་ཙཱ་བ་ཆེན་པོ་སྐྱབས་མཆོག་དཔལ་བཟང་བོ་བར་དུ་བརྒྱུད་པའི་བཀའ་གདམས་གཞུང་བ་བ་དང་། དགེ་བཤེས་སྤྱན་སྔ་བ་ནས་དགེ་བཤེས་བྱ་ཡུལ་བ་ལ་བརྒྱུད་པ་ནས་ལྷོ་བྲག་མཁན་ཆེན་ནམ་མཁའ་རྒྱལ་མཚན་བར་བརྒྱུད་པའི་བཀའ་གདམས་མན་ངག་པ། དགེ་བཤེས་དགོན་པ་བ་ནས་དགེ་བཤེས་སྣེ་ཟུར་བ་ལ་བརྒྱུད་པ་ནས་ལྷོ་བྲག་མཁན་ཆེན་ནམ་མཁའ་རྒྱལ་མཚན་བར་བརྒྱུད་པ་ལ་བཀའ་གདམས་ལམ་རིམ་པ་སྟེ། བརྒྱུད་པ་དེ་གསུམ་ཀ་ཆུ་བོ་སུམ་འདྲེས་ཀྱི་ཚུལ་དུ་རྗེ་བླ་མ་ཙོང་ཁ་པར་མངའ་བ་ཡིན་ནོ། །

༢ བཀའ་གདམས་པའི་བསྟན་པའི་སྤྱི་བབ། འབྲོམ་སྟོན་གྱིས། ངོ་མཚར་བཀའ་ནི་སྡེ་སྣོད་གསུམ་ཡིན་ཏེ། །གདམས་པ་སྐྱེས་བུ་གསུམ་གྱིས་མཛེས་པ་ཡིས། །བཀའ་གདམས་རིན་ཆེན་གསེར་གྱི་ཕྲེང་བ་ལ། །འགྲོ་བ་གང་གིས་བགྲང་ཀྱང་དོན་ཡོད་འགྱུར། །ཞེས་གསུངས་པ་ལྟར། དེ་ལ་རྒྱབ་རྟེན་གྱི་གཞུང་དང་། ལག་ལེན་གྱི་མན་ངག་གཉིས་ཡོད་ཅིང་། གཞུང་དེ་ལའང་ནང་གསེས་ཀྱིས་གསུམ་དུ་དབྱེ་སྟེ། ལྟ་བ་དང་། སྤྱོད་པ། ལྟ་སྤྱོད་གཉིས་ཀ་གཙོ་བོ་སྟོན་པའོ། །ལྟ་བ་གཙོ་བོར་སྟོན་པའི་གཞུང་ནི། ཇོ་བོ་རྗེས་མཛད་པའི་བདེན་གཉིས་ལ་འཇུག་པ་དང་། དབུ་མའི་མན་ངག་སོགས་ཡོད། སྤྱོད་པ་གཙོར་སྟོན་ནི། ཇོ་བོས་མཛད་པའི་སྤྱོད་བསྡུས་སྒྲོན་མེ། སེམས་བསྐྱེད་སྡོམ་པའི་ཆོ་ག་སོགས་ཡོད། ལྟ་སྤྱོད་ཟུང་འབྲེལ་དུ་སྟོན་པ་ནི། བྱང་ཆུབ་ལམ་སྒྲོན་ཡིན། གཞན་ཡང་། ཀླུ་སྒྲུབ་ཀྱིས་མཛད་པའི་རྩ་ཤེས། སྟོང་ཉིད་བདུན་ཅུ་བ། རིན་ཆེན་ཕྲེང་བ་རྣམས་ལྟ་བ་གཙོར་སྟོན་གྱི་གཞུང་དང་། བཀའ་གདམས་གཞུང་དྲུག་ཏུ་གྲགས་པ་ལས། ས་རྒྱན་གཉིས། སྐྱེས་ཚོམས་གཉིས་ཏེ་བཞི་ནི། སྤྱོད་པ་གཙོར་སྟོན་གྱི་གཞུང་དང་། བསླབ་སྤྱོད་གཉིས་ལྟ་སྤྱོད་ཟུང་འབྲེལ་དུ་སྟོན་པའི་གཞུང་ཡིན།

མན་ངག་ལ་འང་། ལྟ་བ། སྤྱོད་པ། ལྟ་སྤྱོད་ཟུང་འབྲེལ་སྟོན་པ་སྟེ་གསུམ་ཡོད། ལྟ་བ་གཙོར་སྟོན་ནི། ཇོ་བོ་རྗེའི་མན་ངག་སྤྱན་སྔ་བ་ནས་བརྒྱུད་པའི་བདེན་བཞིའི་ཁྲིད་དང་། ཕུ་ཆུང་བ་ནས་བརྒྱུད་པའི་རྟེན་འབྲེལ་གྱི་ཁྲིད། ཨ་མེས་བྱང་ཆུབ་རིན་ཆེན་ནས་བརྒྱུད་པའི་བདེན་གཉིས་ཀྱི་ཁྲིད་རྣམས་ཡིན་ཞིང་། བདེན་བཞི་དང་རྟེན་འབྲེལ་གྱི་ཁྲིད་ཀྱིས་ཐེག་པ་ཐུན་མོང་བའི་གང་ཟག་གི་བདག་མེད་དང་། བདེན་གཉིས་ཀྱི་ཁྲིད་ལ་བརྟེན་ནས་ཤིན་ཏུ་ཕྲ་བའི་ཆོས་ཀྱི་བདག་མེད་ལ་ཁྲིད་པ་ཡིན།

སྤྱོད་པ་གཙོར་སྟོན་ནི། ཐེག་ཆེན་བློ་སྦྱོང་གི་གདམས་པ་རྣམས་ཡིན་ཞིང་། དེའི་ཁུངས་ནི་ཐེག་ཆེན་གྱི་མདོ་སྡེ་སྤྱི་དང་། ལྷག་པར་དུ་ཕལ་ཆེན། དབུ་མ་རིན་ཕྲེང། བསླབ་སྤྱོད་སོགས་ཡིན་ཞིང་། དེ་དག་ལག་ལེན་གྱི་སྙིང་བོ་དྲིལ་བ་ནི། བློ་སྦྱོང་མཚོན་ཆའི་འཁོར་ལོ་དང་། རྨ་བྱ་དུག་འཇོམས། དོན་བདུན་མ། ཚིགས་བརྒྱད་མ། ཐུན་བརྒྱད་མ། བེའུ་བུམ་ཁྲ་བོ། ཁ་རག་སྐོར་གསུམ་སོགས་ཡིན།

ལྟ་སྤྱོད་ཟུང་འབྲེལ་དུ་སྟོན་པ། བྱང་ཆུབ་ལམ་སྒྲོན། བསྟན་རིམ་སོགས་རྒྱས་བསྡུས་སྣ་ཚོགས་ཡོད།

ཡང་། ཡོངས་གྲགས་སུ་བཀའ་གདམས་གདམས་ངག་པ་ནི། མན་ངག་པ་དང་མི་འགལ་ལ། དེ་ཡང་ཇོ་བོ་རྗེ་ཨ་ཏི་ཤ་དང་འབྲོམ་སྟོན་རྣམ་གཉིས་ནས་དགེ་བཤེས་སྤྱན་སྔ་ཚུལ་ཁྲིམས་འབར་ལ་བརྒྱུད་པ་སྟེ། གཞུང་བཤད་རྒྱ་ཆེར་མ་སྤྲོས་པར། ཨ་ཏི་ཤའི་མཛད་པའི་རྟེན་འབྲེལ་དང་། བདེན་གཉིས་ཀྱི་ཁྲིད་ལ་བརྟེན་ནས་སློབ་མ་སྐྱོང་བར་མཛད་པས། མཚན་དེ་ལྟར་ཐོགས་པ་ཡིན།

འོ་ན། བཀའ་གདམས་པར་སྔགས་ཀྱི་ཉམས་ལེན་མེད་པར་མི་སེམས་ཏེ། ཐུབ་པ་དམ་ཚིག་གསུམ་བཀོད་དང། མི་གཡོ་བའི་སྐོར་དང་། སྨྱུང་བར་གནས་པ་སོགས་དེ་རྒྱས་ཆེ་ཞིང། དངོས་ཚོད་ལའང་འབྲོམ་སྟོན་ལ་རྒྱུད་སྡེ་བཞིའི་མན་ངག་ཆ་ཚང་དང་། ཁྱད་པར་ཕ་རྒྱུད་གསང་བ་འདུས་པ། མ་རྒྱུད་འཁོར་ལོ་བདེ་མཆོག་སོགས་གསང་ཚུལ་གྱིས་གནང་ཡོད་པས། འབྲོམ་སྟོན་བསྟན་པ་ཡོངས་ཀྱི་མངའ་བདག་ཏུ་གྱུར་བ་དང་། ལམ་སྒྲོན་ལའང་མདོ་སྔགས་ཡོངས་སུ་རྫོགས་པ་སྟེ། ལམ་རིམ་ལས། མདོ་སྔགས་གཉིས་ཀའི་གནད་བསྡུས་ནས་སྟོན་པས་བརྗོད་བྱ་ཡོངས་སུ་རྫོགས་པ་ཞེས་ཁྱད་ཆོས་སུ་གསུངས་སོ། །

བཀའ་བརྒྱུད་པ།

༡ བཀའ་བརྒྱུད་པའི་ཆོས་རྒྱུན་བརྒྱུད་ཚུལ། དེ་ཡང་བཀའ་བརྒྱུད་པ་ཞེས་པ་ནི། སངས་རྒྱས་ཀྱི་བཀའ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་དགོངས་པ་བཤད་སྒྲུབ་ཟུང་གིས་འཛིན་པས་ན། བཀའ་བརྒྱུད་པ་ཞེས་པ་ཐུན་མོང་ལྟར་དང་། ཡང་ན། རྒྱལ་བ་རྡོ་རྗེ་འཆང་གི་བཀའ་བབས་ཀྱི་ཆུ་བོ་ཆེན་པོ་བཞིའི་མཛོད་དུ་གྱུར་བའི་ཏེ་ལོ་བའི་ཆོས་རྒྱུན་འཛིན་པས་ན། བཀའ་བརྒྱུད་པ་ཞེས་ཐུན་མོང་མ་ཡིན་པ་ལྟར་རོ། །གྲུབ་མཐའ་འདི་གྲུབ་ཆེན་ཏེ་ལོ་བར། རྒྱལ་བ་རྡོ་རྗེ་འཆང་ནས་བརྒྱུད་པའི་བཀའ་བབས་ཀྱི་གདམས་པ་བཞི་མངའ་བ་སྟེ། རྒྱལ་བ་རྡོ་རྗེ་འཆང་ནས་ནཱ་རོ་ཆོས་དྲུག་གི་སྒྱུ་ལུས་དང་འཕོ་བའི་བཀའ་བབས། རྒྱལ་བ་རྡོ་རྗེ་འཆང་ནས་ནཱ་རོ་ཆོས་དྲུག་གི་རྨི་ལམ་གྱི་བཀའ་བབས། རྒྱལ་བ་རྡོ་རྗེ་འཆང་ནས་ནཱ་རོ་ཆོས་དྲུག་གི་འོད་གསལ་གྱི་བཀའ་བབས། རྒྱལ་བ་རྡོ་རྗེ་འཆང་ནས་ནཱ་རོ་ཆོས་དྲུག་གི་གཏུམ་མོའི་བཀའ་བབས་ཡིན། བཀའ་བབས་བཞིའི་གདམས་པ་འདི་པཎ་ཆེན་ནཱ་རོ་བ་དང་། མངའ་བདག་མེ་ཏྲི་བ། དཔལ་ཞི་བ་བཟང་བོ། གྲུབ་ཆེན་ཡེ་ཤེས་སྙིང་བོ་བཅས་བླ་མ་གཙོ་བོ་བཞི་དང་། གཞན་ཡང་། པཎྚྀཏ་དང་། གྲུབ་ཐོབ་མཁའ་འགྲོ་མ་སོགས་བླ་མ་བརྒྱ་དང་བདུན་ཅུ་ལྷག་ཙམ་བསྟེན་ནས་བུམ་པ་གང་བྱོའི་ཚུལ་དུ་འཐོབ་པ་ལྷོ་བྲག་མར་བ་ལོ་ཙཱ་བ་ཡིན། མར་བ་ལོ་ཙཱ་བ་བོད་དུ་བྱོན་ནས་བཀའ་བབས་བཞིའི་གདམས་པ་རྣམས་འཆད་སྤེལ་མང་དུ་མཛད་པ་ལས། མན་ངག་དང་། བཤད་རྒྱུད་འཛིན་པའི་སློབ་མ་ཀ་ཆེན་བཞི་སྟེ། མི་ལ་རས་པ། མེས་སྟོན་ཆེན་པོ། རྔོག་ཆོས་སྐུ་རྡོ་རྗེ། མཚུར་སྟོན་དབང་གི་རྡོ་རྗེ་བཅས་བཞི་བྱུང་ཞིང་། ཁྱད་པར་དུ་རྗེ་བཙུན་མི་ལ་རས་པ་དང་དེའི་སློབ་མ་མཉམ་མེད་དྭགས་པོ་ལྷ་རྗེ་ནས་བཀའ་ཕྱག་ཆུ་བོ་གཉིས་འདྲེས་སྒྲུབ་བརྒྱུད་ཀྱི་བསྟན་པ་ཉི་མ་ཤར་བ་ལྟར། འཕེལ་རྒྱས་ཆེན་པོ་བྱུང་བར་བརྟེན། བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད། ཟུར་གཉིས་སོགས་རིམ་བཞིན་བྱུང་བ་སྟེ། བཀའ་བརྒྱུད་ཆེ་བཞི་ནི། ༡ རྗེ་སྒམ་པོ་བའི་དངོས་སློབ་འབའ་རོམ་དར་མ་དབང་ཕྱུག་ལས་བརྒྱུད་པའི་འབའ་རོམ་བཀའ་བརྒྱུད། ༢ དྭགས་པོའི་དངོས་སློབ་ཁམས་པ་མི་གསུམ་ལས་ཕག་གྲུ་རྡོ་རྗེ་རྒྱལ་བོ་བརྒྱུད་པའི་ཕག་གྲུ་བཀའ་བརྒྱུད། ༣ དྭགས་པོའི་ཐུགས་སྲས་ཁམས་པ་དབུ་སེའམ་ཀརྨ་དུས་གསུམ་མཁྱེན་པ་ལས་བརྒྱུད་པའི་ཀམ་ཚང་བཀའ་བརྒྱུད། ༤ དྭགས་པོ་ལྷ་རྗེ་དབོན་པོ་སྒོམ་པ་ཚུལ་ཁྲིམས་སྙིང་བོའི་སློབ་མ་ཞང་ཚལ་བ་འགྲོ་བའི་མགོན་པོ་ལས་བརྒྱུད་པའི་ཚལ་བ་བཀའ་བརྒྱུད་དོ། །

བཀའ་བརྒྱུད་ཆུང་བརྒྱད་ནི། ༡ ཕག་གྲུ་བའི་བུ་ཆེན་རྟེན་འབྲེལ་མཐར་ཕྱིན་སྐྱོབ་པ་འཇིག་རྟེན་མགོན་པོ་ལས་བརྒྱུད་པའི་འབྲི་གུང་བཀའ་བརྒྱུད། ༢ ཕག་གྲུ་བའི་བུ་ཆེན་མོས་གུས་མཐར་ཕྱིན་སྟག་ལུང་ཐང་བ་བཀྲ་ཤིས་དཔལ་ལས་བརྒྱུད་པའི་སྟག་ལུང་བཀའ་བརྒྱུད། ༣ ཕག་གྲུའི་དངོས་སློབ་རྒྱལ་ཚ་རིན་ཆེན་མགོན་དང་དབོན་ཀུན་ལྡན་རས་པ་སྐུ་མཆེད་ལས་བརྒྱུད་པའི་ཁྲོ་ཕུ་བཀའ་བརྒྱུད། ༤ ཕག་གྲུ་བའི་དངོས་སློབ་གླིང་རས་པ་པདྨ་རྡོ་རྗེ་ནས་ཆོས་རྗེ་གཙང་བ་རྒྱ་རས་པ་ལས་བརྒྱུད་པའི་འབྲུག་པ་བཀའ་བརྒྱུད། ༥ ཕག་གྲུའི་ཐུགས་སྲས་སྨར་བ་ཤེས་རབ་ཡེ་ཤེས་ལས་བརྒྱུད་པའི་སྨར་བ་བཀའ་བརྒྱུད། ༦ ཕག་གྲུའི་ཐུགས་སྲས་ཡེལ་བ་ཡེ་ཤེས་བརྩེགས་པ་ལས་བརྒྱུད་པའི་ཡེལ་བ་བཀའ་བརྒྱུད། ༧ ཕག་གྲུའི་བུ་ཆེན་ཟྭ་ར་སྐལ་ལྡན་ཡེ་ཤེས་སེང་གེ་ལས་བརྒྱུད་པའི་གཡའ་བཟང་བཀའ་བརྒྱུད། ༨ ཕག་གྲུའི་སློབ་མ་རོ་གཅིག་རྟོགས་པའི་བུ་ཆེན་གྱེར་སྒོམ་ཚུལ་ཁྲིམས་སེང་གེ་ལས་བརྒྱུད་པའི་ཤུག་གསེབ་བཀའ་བརྒྱུད་དེ་བརྒྱད་དོ། །

ཟུར་གཉིས་བཀའ་བརྒྱུད་ནི། ༡ ཀརྨ་ལྔ་བ་དེ་བཞིན་གཤེགས་པའི་དངོས་སློབ་རྨ་སེ་བློ་གྲོས་རིན་ཆེན་ལས་བརྒྱུད་པའི་ཟུར་མང་བཀའ་བརྒྱུད། ༢ ཞྭ་དམར་དྲུག་པ་གར་དབང་ཆོས་ཀྱི་དབང་ཕྱུག་གི་དངོས་སློབ་མཁས་གྲུབ་ཀརྨ་ཆགས་མེད་ལས་བརྒྱུད་པའི་གནས་མདོ་བཀའ་བརྒྱུད་དོ། །

༢ བཀའ་བརྒྱུད་པའི་ལྟ་སྒོམ་འབྲས་བུའི་རྣམ་བཞག གདམས་ངག་ཕྱག་རྒྱ་ཆེན་པོ་ལ། མདོ་ལུགས་དང་། སྔགས་ལུགས། སྙིང་བོའི་ལུགས་གསུམ་ལས།

དང་བོ་ནི། མར་བའི་གསུང་མགུར་ལས། ཤར་ཆུ་བོ་གང་གཱའི་འགྲམ་དུ་ཕྱིན། །རྗེ་མེ་ཏྲི་ཆེན་པོའི་བཀའ་དྲིན་གྱིས། །གཞི་ཆོས་ཉིད་སྐྱེ་བ་མེད་པར་རྟོགས། །སེམས་སྟོང་བ་ཉིད་ལ་སྤར་ཟིན་བྱས། །དོན་སྤྲོས་བྲལ་གཉུག་མའི་ངོ་བོ་མཐོང་། །སྐུ་གསུམ་མ་དང་མངོན་དུ་མཇལ། །མི་ཁོ་བོས་སྤྲོས་པ་དེ་ནས་བཅད། །ཅེས་པ་ལྟར། མདོ་ལུགས་ཀྱི་ཕྱག་རྒྱ་ཆེན་པོ་ནི། གཞི་དངོས་བོའི་གཤིས་ལུགས་འཁོར་འདས་གང་དུ་མ་གྲུབ་ཅིང་སྤྲོས་པ་མཐའ་དག་དང་བྲལ་བས། སྨྲ་བསམ་བརྗོད་ཡུལ་ལས་འདས་པ་འཁྲུལ་གྲོལ་རང་མཚན་གང་དུ་མ་གྲུབ་པས། ནམ་མཁའ་ལྟ་བུའི་སྲིད་ཞི་ཀུན་ཁྱབ་ཀྱི་གནས་ལུགས་ཟབ་གསལ་གཉིས་མེད་དོན་དམ་བདེན་པའི་སྦྱང་གཞི་རྣམ་དག་སེམས་ཀྱི་ངོ་བོ་སྐྱེ་འགག་གནས་གསུམ་དང་བྲལ་བའི་སྐུ་གསུམ་དབྱེར་མེད་གདོད་ནས་ལྷུན་གྱིས་གྲུབ་པའི་གནས་ལུགས་ཀྱི་རང་ངོ་ཤེས་པས། མཚན་མ་བྲལ་བའི་གཞིའི་གནས་ལུགས་བདེ་གཤེགས་སྙིང་བོ་ངོས་ཟིན་པ་དང་། སྒོམ་པ་ནི། ཐོག་མར་སྒོམ་པ་མ་སྐྱེས་པ་སྐྱེས་པར་བྱ་བ་ལ། ལམ་རིམ་བློ་ལྡོག་རྣམ་བཞི་དང་སྐྱབས་གསུམ་བསགས་སྦྱངས་བླ་མའི་རྣལ་འབྱོར་ལ་རྟགས་ཐོན་པར་སྦྱངས་ནས། བློ་ཆོས་ལམ་དུ་འགྲོ་བ་དང་། བར་དུ། སྐྱེས་པ་ལམ་དུ་བྱེད་པ་ངོ་སྤྲོད་རྣམ་གསུམ་ནི། ལྷན་སྐྱེས་བསམ་གྱིས་མི་ཁྱབ་པའི་རྒྱུད་ལས། སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། །སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད། །སྣང་སེམས་དབྱེར་མེད་ལྷན་ཅིག་སྐྱེས་ལ་སྦྱོར། །ཞེས་ལྷན་སྐྱེས་གསུམ་གྱི་ངོ་སྤྲོད་པ་ལ། རིམ་པ་བཞིན། ལམ་གྱི་འཁྲུལ་བ་བསལ། རྟོག་ཚོགས་ཆོས་སྐུར་བསྲེ། འཁྲུལ་བ་ཡེ་ཤེས་སུ་འཆར་བར་བྱེད་པའོ། །

འབྲས་བུ་སངས་རྒྱས་མངོན་དུ་འགྱུར་ཚུལ་ནི། གཞིའི་གནས་ལུགས་ལྟ་བའི་དོན་ལ་སྒྲོ་འདོགས་ཆོད་ཅིང་། སེམས་མ་བཅོས་གནས་ལུགས་ཀྱི་སྟེང་རང་བབ་ཏུ་འཇོག་པའི་སྒོམ་པའི་དོན་ཉམས་སུ་མྱོང་། སྟོང་ཉིད་སྙིང་རྗེ་ཟུང་འཇུག་འགག་མེད་ཤུགས་འབྱུང་གི་སྤྱོད་པས་བོགས་བཏོན་ཏེ། རྟོགས་པ་མཐར་ཕྱིན་པའི་འབྲས་བུ་སྟེ། སངས་རྒྱས་སེམས་ལས་རྙེད། སྐུ་གསུམ་རང་ཞལ་མཇལ་བའོ། །

གཉིས་པ་སྔགས་ལུགས་ནི། མདོར་ན། ནཱ་རོ་ཆོས་དྲུག་ཅེས་གཏུམ་མོ་ལམ་གྱི་གཞུང་དང་། སྒྱུ་ལུས་གྱི་བོགས་འདོན། རྨི་ལམ་ལམ་གྱི་ཚོད་འཛིན། འོད་གསལ་ལམ་གྱི་སྙིང་བོ། བར་དོ་ལམ་གྱི་བློ་ཆོད། འཕོ་བ་ལམ་གྱི་སྐྱེལ་མ་སོགས་གདམས་ངག་སྒོམ་པའོ། །

གསུམ་པ་སྙིང་བོའི་ལུགས་ནི། རྟོགས་ལྡན་གྱི་བླ་མས་དབང་རྣོན་གྱི་སྐལ་ལྡན་སློབ་བུ་རྣམས་ལ་ཡེ་ཤེས་ཀྱི་དབང་གིས་བྱིན་རླབས་འབེབས་པ་ཙམ་གྱིས་སྤྲོས་བཅས་ཀྱི་ས་དང། སྦྱངས་པའི་རྩོལ་བ་ལ་མ་ལྟོས་པར། ཐ་མལ་གྱི་ཤེས་པ་སྙིང་དབུས་སུ་སད་ནས་རྟོགས་གྲོལ་དུས་མཉམ་དུ་འགྱུར་བའོ། །

ཞི་བྱེད་པའི་གྲུབ་མཐའ།

༡ དེ་ཡང་ཞི་བྱེད་པ་ནི། ཤེར་ཕྱིན་གྱི་ཉམས་ལེན་ལ་བརྟེན་ཏེ་སྡུག་བསྔལ་ཞི་བར་བྱེད་པའི་ཆ་ནས་བཏགས་པ་ཡིན་ལ། ཆོས་བརྒྱུད་འདིའི་མ་ཁུངས་ནི་ཕ་དམ་པ་སངས་རྒྱས་ཡིན། བི་ཀྲ་མ་ཤི་ལར་མཁན་པོ་དགེ་བའི་ལྷ་ལས་རབ་ཏུ་བྱུང་། བླ་མ་མང་བོ་བསྟེན་ནས་མཁས་གྲུབ་ཀྱི་གོ་འཕང་བརྙེས། བོད་དུ་ཐེངས་ལྔར་ཕེབས་ཤིང་། སློབ་མ་དཔག་ཏུ་མེད་པ་ཞི་བྱེད་ཀྱི་གདམས་པས་སྨིན་པར་མཛད་པ་ལས། གྲགས་ཆེ་བ་ནི། ཞི་བྱེད་སྔ་ཕྱི་བར་གསུམ་སྟེ། སྔ་མ་ཁ་ཆེ་ཉྫ་ན་གུ་ཧ་ལ། དེ་ཨོང་པོ་ལོ་ཙཱ་བས་བསྒྱུར་བ། ཞི་བྱེད་སྒྲོན་མ་སྐོར་གསུམ་དང་། གཤིན་རྗེ་གཤེད་ལ་སོགས་པའི་སྒྲུབ་ཐབས་དང་། བརྒྱུད་པ་བར་མ་ནི། རྨ་ཆོས་ཀྱི་ཤེས་རབ། སོ་ཆུང་དགེ་འདུན་འབར། སྐམ་ཡེ་ཤེས་རྒྱལ་མཚན་དང་གསུམ་ལ་གདམས་ངག་གནང་ནས་འཕེལ་བ་ལ་ཟེར། བརྒྱུད་པ་ཕྱི་མ་ནི། ཕ་དམ་པ་སངས་རྒྱས་དིང་རི་གླང་སྐོར་དུ་བྱོན། དམ་པ་ཕྱར་ཆེན། ཕྱར་ཆུང་། བཛྲ་ཀྲོ་དྷ། ཀུན་དགའ་བཞི་ལས། ཀུན་དགའ་གཙོ་བོ་སྟེ། སྐུ་ཚེ་ལྔར་དམ་པ་སངས་རྒྱས་ཀྱིས་རྗེས་སུ་བཟུང་། སྐུ་ཚེ་འདིར་དེའི་གདམས་ངག་གི་མཛོད་དུ་གྱུར་བས། སློབ་མ་པ་ཚབ་སྒོམ་པ་དང་། དེ་ནས་རྒྱལ་བ་ཏེ་ནེ། རོག་ཤེས་རབ་སེང་གེ་དང་ཞིག་པོ་ཉི་མ་སེང་གེ་སོགས་བརྒྱུད་དེ་ཞི་བྱེད་དར་རྒྱས་སུ་མཛད་དོ། །ཞི་བྱེད་ཀྱི་ཆོས་ཀྱི་སྙིང་བོར་གྱུར་བ་ནི་ཤེར་མདོ་ལ་གཏུགས་ལ། ཤེར་ཕྱིན་གྱི་བརྒྱུད་པའི་བཀའ་བབས་དྲུག་གི་སྙིང་བོའི་བཅུད་བསྡུས་ནས་ཉམས་སུ་ལེན་པ་ལགས་ལ། ཁྱད་པར་དུ་ཀླུ་སྒྲུབ་ལ་ཚད་མར་མཛད་པ་སྟེ། དིང་རི་བརྒྱད་ཅུ་བར་ཡང་། སྟོང་བའི་ངང་དུ་རིག་པ་མདུང་བསྐོར་བྱ། །ལྟ་བར་ཐོགས་རྡུགས་མེད་དོ་དིང་རི་བ། །ཞེས་ལྟ་བ་མཐའ་བྲལ་དུ་གསུངས་པའི་ཕྱིར་ན་དབུ་མའི་ལྟ་བ་ལས་མ་འདས་སོ། །

༢ ཞི་བྱེད་པའི་ཡ་གྱལ་གཅོད་ལུགས། དེ་ཡང་གཅོད་ཅེས་པ་ནི། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱི་སྒོ་ནས་རང་དོན་ཡིད་བྱེད་གཅོད། སྟོང་ཉིད་ཀྱི་ལྟ་བས་འཁོར་རྩ་གཅོད། ཐུན་མོང་གི་བདུད་བཞི་གཅོད་པས་ན། གཅོད་ཅེས་བྱེད་ལས་ཀྱི་ཆ་ནས་བཏགས་པ་དང་། ཡང་ན། རྒྱལ་སྲས་ཀྱི་ཉམས་ལེན་ཐབས་ཤེས་ཀྱི་ལམ་ལ་སྤྱོད་པས་ན་སྤྱོད་ཅེས་ཀྱང་གྲགས་སོ། །

གཅོད་ཀྱི་གདམས་པ་འདི་བརྒྱུད་ཚུལ་ནི། ཕ་དམ་པ་བོད་དུ་ཕེབས་ཐེངས་གསུམ་པར། གཙང་དུ་སྐྱོ་སྟོན་བསོད་ནམས་བླ་མ་དང་། ཡར་ཀླུང་སྨ་ར་སེར་བོ་གཉིས་ལ་གཅོད་ཀྱི་གདམས་པ་གནང་། སྨ་ར་སེར་བོས་རང་གི་ཉེ་གནས་སྨྱོན་པ་སེ་རོང་། དེས་རྩེ་སྟོན་དང་སུམ་སྟོན་གཉིས་ལ། རྩེ་སྟོན་གྱིས་གཉན་སྟོན། སུམ་སྟོན་གྱིས་སྐལ་ལྡན་སྲས་མོ། དེས་གཙང་སྟོན། དེས་གཉན་སྟོན་སོགས་ལ་གནང་བའི་རྒྱུན་ལ་ཕོ་གཅོད་དང་། སྐྱོ་སྟོན་བསོད་ནམས་བླ་མས་ལབ་སྒྲོན་ལ་གནང་བའི་རྒྱུན་ལ་མོ་གཅོད་དུ་གྲགས་སོ། །སྤྱིར་ན། གཅོད་ཀྱི་གདམས་པ་འདི་ལ་རྒྱ་གཅོད་ཆུ་བོ་བཞི་དང་། ཕོ་གཅོད་མོ་གཅོད་ཅེས་ཐ་སྙད་སྦྱོར་ཚུལ་མང་ཡང་། མ་ཅིག་གི་བརྒྱུད་པ་དྲུག་ལྡན་བྱ་བ་འདི་སྟོང་དཀྲུགས་འོ་མའི་མར་ལོ་བཞིན་དྲིལ་ཞིང་། ཁྱད་པར་དུ་འཇམ་དཔལ་གྱི་རྒྱུད་སོགས་ལས། ང་ཡི་བསྟན་པའི་སྙིགས་མ་ལ། །བྱང་ཕྱོགས་ལབ་ཀྱི་གྲོང་ཁྱེར་དུ། །རྒྱལ་བའི་ཡུམ་གྱི་སྤྲུལ་བ་ནི། །སྒྲོན་མའི་མཚན་ཅན་འབྱུང་བར་འགྱུར། །སྐྱེ་མེད་སྙིང་བོའི་དོན་སྟོན་ཅིང་། །གྲོང་དང་གྲོང་ཁྱེར་རི་སུལ་དང་། །དུར་ཁྲོད་བས་མཐའ་ཁྱད་པར་ཉུལ། །དེ་ཡི་ཆོས་ནི་རྒྱས་པར་འགྱུར། །ཞེས་ལུང་གིས་ཟིན་པའི་མ་ཅིག་ལབ་སྒྲོན་འདི་ལ་བུ་སློབ་མང་དུ་ཡོད་ཀྱང་། གཙོ་ཆེ་བའི་དབང་དུ་བཏང་ན། ཐུགས་ཀྱི་སྲས་བོ་བཞི་དང་། སྲས་མོ་བཞི། རང་མཉམ་གྱི་སྲས་བརྒྱད་དེ་བཅུ་དྲུག་སོགས་བྱུང་ནས་ཆོས་རྒྱུན་འདི་རྒྱ་ཆེར་དར་བ་ཡིན་ནོ། །

གཅོད་ཀྱི་གདམས་པའི་ངོ་བོ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྔགས་དང་མཐུན་པར་སྤྱོད་པ་སྟེ། གདམས་པའི་ཁུངས་ཡུམ་རྒྱས་འབྲིང་བསྡུས་གསུམ་དང་། ལྷག་པར་དུ་སྡུད་པ་ལས། རྒྱུ་རྣམས་བཞི་ཡིས་བྱང་ཆུབ་སེམས་དཔའ་མཁས་སྟོབས་ལྡན། །བདུད་བཞིས་ཐུབ་པར་དཀའ་ཞིང་བསྐྱོད་པར་མི་ནུས་ཏེ། །སྟོང་བར་གནས་དང་སེམས་ཅན་ཡོངས་སུ་མི་གཏོང་དང་། །ཇི་སྐད་སྨྲས་བཞིན་བྱེད་དང་བདེ་གཤེགས་བྱིན་རླབས་ཅན། །ཞེས་བསྟན་ཏོ། །སྔགས་དང་ཇི་ལྟར་རྗེས་སུ་མཐུན་ན། བརྟག་གཉིས་ལས། ཤིང་གཅིག་དང་ནི་དུར་ཁྲོད་དང་། །མ་མོའི་ཁྱིམ་དང་མཚན་མོ་དང་། །ཡང་ན་དབེན་པའི་བས་མཐའ་རུ། །བསྒོམ་པ་བཟང་བར་བརྗོད་པར་བྱ། །ཞེས་པས་ཉམས་སུ་བླངས་པའི་གནས་དང་། ལུས་ཀྱིས་སྦྱིན་པ་སྦྱིན་བྱས་ནས། །ཕྱི་ནས་སྤྱོད་པ་ཡང་དག་སྤྱད། །ཅེས་པས་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་དང་། ངེས་པར་སྔོན་དུ་ལྷ་མིན་དང་། །བརྒྱ་བྱིན་ལྟ་བུར་འོངས་ན་ཡང་། །དེ་ལ་འཇིགས་པར་མི་བྱ་སྟེ། །སེང་གེའི་གཟུགས་ཀྱིས་རྣམ་པར་རྒྱུ། །ཞེས་པས་ཉམས་སུ་བླངས་པ་ལ་བརྟེན་ནས་སློང་དང་ཆོད་ཚད་འབྱུང་ཚུལ་བཅས་བསྟན་ཏོ། །

ས་སྐྱ་བ།

༡ ས་སྐྱ་བའི་ཆོས་རྒྱུན་བརྒྱུད་ཚུལ། ས་སྐྱ་བ་ནི་བོད་རབ་བྱུང་དང་བོའི་ཆུ་གླང་༡༠༧༣ ལོར་འཁོན་དཀོན་མཆོག་རྒྱལ་བོས། དབོན་པོ་རི་གླང་ཆེན་ཉལ་བ་འདྲ་བའི་མཁལ་ཁུང་གཡས་པའི་ཐད་ནས་ས་དཀར་ཞིང་སྣུམ་ལ། ཆུ་གཡས་སུ་འབབ་པ་སོགས་ཀྱི་བཀྲ་ཤིས་དགེ་མཚན་དུ་མ་ལྡན་པར་གཟིགས་ནས། ས་དེར་དགོན་པ་བཏབ་པས་སའི་ཁ་དོག་གི་ཁྱད་པར་གྱིས་དཔལ་ལྡན་ས་སྐྱ་བ་ཞེས་པའི་གྲུབ་མཐའ་འདི་བྱུང་བ་ཡིན། འཁོན་དཀོན་མཆོག་རྒྱལ་བོ་འདི་བ་སྔ་སོར་རྙིང་མ་བ་ཞིག་ཡིན་ཀྱང་། ཁྲོམ་དཀྱིལ་དུ་སྔགས་པ་མང་བོས་དབང་མོ་ཉེར་བརྒྱད་ཀྱི་འབག་གྱོན་ནས་འཆམ་བྱེད་པ་མཐོང་བ་བླ་མ་གཅེན་ལ་ཞུས་པས། གཅེན་གྱི་ཞལ་ལས། ད་གསང་སྔགས་འཆོལ་བའི་དུས་བྱུང་བ་ཡིན། ཕྱིན་ཆད་སྔགས་རྙིང་མ་ལ་གྲུབ་ཐོབ་ཚད་ལྡན་མི་འོང་གསུངས་ཏེ། འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ཀྱི་དྲུང་དུ་མངགས་ནས་གསང་སྔགས་ཕྱི་འགྱུར་ལ་སྦྱངས་པ་བྱེད་དུ་བཅུག གཞན་ཡང་། འགོས་ཁུག་པ་ལྷས་བཙས་སོགས་བླ་མ་མང་བོའི་ཞབས་ལ་གཏུགས་ནས་ལྷ་ཆོས་མང་བོ་གསན། ལོ་ངོ་སུམ་ཅུ་ཐམ་པར་གདན་ས་བསྐྱངས་ཏེ་འཆད་ཉན་བྱས། མཐར་དགུང་གྲངས་རེ་དགུ་བར་གཤེགས། ཕྱིས་སུ་ས་སྐྱ་གོང་མ་རྣམ་ལྔ་སྟེ། ས་ཆེན་ཀུན་དགའ་སྙིང་བོ། ས་སྐྱ་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ས་པཎ་ཀུན་དགའ་རྒྱལ་མཚན། འགྲོ་མགོན་ཆོས་རྒྱལ་འཕགས་པ་སོགས་ཀྱིས་ཆོས་རྒྱུན་སྤེལ་ཞིང་། ཁྱད་པར་དུ་སྤྱི་ལོ ༡༢༥༣ ལོར་འགྲོ་མགོན་ཆོས་རྒྱལ་འཕགས་པ་ཧུ་པི་ལི་སི་ཆེན་ཧན་གྱིས་དབུ་བླར་བཀུར་ཏེ། དབང་ཡོན་དུ་བོད་ཁྲི་སྐོར་བཅུ་གསུམ་གནང་བ་ནས་བཟུང་དར་རྒྱས་ཆེན་པོ་བྱུང་བ་ཡིན་ནོ། །བརྒྱུད་འཛིན་མཆོད་གཞིས་ཀྱི་དབང་དུ་བཏང་ནའང་། ངོར་ཨེ་ཝཾ་གླིང་། གོང་དཀར་རྡོ་རྗེ་གདན། རྟ་ནག་ཐུབ་བསྟན་རྣམ་རྒྱལ། ཞ་ལུ་དགོན། དྷི་དགོན་སོགས་ཡོད་དོ། །

༢ ས་སྐྱ་བའི་ལྟ་སྒོམ་སྤྱོད་གསུམ་གྱི་རྣམ་བཞག གཞི་དུས་ཀྱི་རང་བཞིན་འོད་གསལ་སྤྲོས་པ་དང་བྲལ་བ་ནི། འཁོར་བ་མྱ་ངན་ལས་འདས་པ་གཉིས་ཀའི་རྒྱུ་ཡིན་ལ། དེ་ངོས་མ་ཟིན་པ་གཟུང་འཛིན་གཉིས་སུ་ཤར་བའི་ཉོན་མོངས་པ་མངོན་གྱུར་བག་ལ་ཉལ་དང་བཅས་པ་འདི་འཁོར་བའི་རྩ་བ་ལྷན་སྐྱེས་ཀྱི་མ་རིག་པ་ཡིན་པས། འདིའི་རྩ་བ་བཅད་དེ་དབྱིངས་སུ་བསྟིམ་པའི་ཐབས་ཁྱད་པར་ཅན་གྱིས་ཟིན་པ་ནི་འཁོར་འདས་དབྱེར་མེད་ཀྱི་ལྟ་བའོ། །

སྒོམ་པ་ནི། ལྟ་བ་རྒྱུད་ལ་སྐྱེས་པའི་ཐབས་ནི་བསྒོམས་ནས་གོམས་དགོས་པ་ཡིན་པས། དེ་ཡང་། ཞི་ལྷག་གི་ཏིང་ངེ་འཛིན་དང་རིམ་གཉིས་ཀྱི་རྣལ་འབྱོར་སོགས་ལ་བརྟེན་ནས་སྒོམ་པའོ། །

སྤྱོད་པ་ནི། བསྒོམས་པས་ལྟ་བ་ལ་བརྟན་པ་ཐོབ་པར་གྱུར་བ་ན། ལྟ་ཐོག་དེར་འཁྲུལ་སྣང་ཐམས་ཅད་ལྷན་སྐྱེས་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་རོལ་བར་ངོ་ཤེས་པའི་ཕྱིར། ཀུན་འདར་གསང་སྤྱོད་དང་མངོན་སྤྱོད་སོགས་ལ་རིམ་གྱིས་ཞུགས་ནས་ལྟ་བ་ལ་བོགས་འབྱིན་པ་ནི་སྤྱོད་པའོ། །

ཇོ་ནང་བ།

༡ ཇོ་ནང་བའི་ཆོས་རྒྱུན་གྱི་ཁུངས་སོགས། ཇོ་ནང་བའི་གྲུབ་མཐའ་ནི། ཡུ་མོ་མི་བསྐྱོད་རྡོ་རྗེ་ནས་ལམ་སྲོལ་ཆེས་ཆེར་ཕྱེས་པ་ཡིན་ལ། དེ་ཡང་སྨྲ་བའི་ཁྱུ་མཆོག་ལེགས་ལྡན་ཞབས་ཀྱི་དབུ་མ་རིན་ཆེན་སྒྲོན་མེ་ལས། རགས་པ་ཕྱི་ཡི་དབུ་མ་ཐལ་རང་གཉིས། །ཕྲ་བ་ནང་གི་དབུ་མ་གཞན་སྟོང་སྟེ། །ཞེས་གཞན་སྟོང་གི་ལྟ་བ་འདི་སློབ་དཔོན་ཀླུ་ཐོགས་དང་། དུས་འཁོར་རྩ་རྒྱུད་སོགས་ལས་བསྟན་པར་ཁོ་བོ་ཅག་འདོད་ཅིང་། ཇོ་ནང་བ་ཞེས་པའི་མིང་འདི་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་ཀྱིས་ཇོ་མོ་ནང་དུ་དགོན་པ་བཏབ། དོལ་བོ་བ་དེར་བཞུགས་ནས་གྲུབ་མཐའ་འདི་རྒྱ་ཆེར་སྤེལ་བ་ནས་བཟུང་། བརྒྱུད་འཛིན་རྣམས་ལ་ཇོ་ནང་བར་གྲགས་སོ། །གྲུབ་མཐའ་འདིའི་བླ་མའི་གཙོ་བོ་དོལ་བོ་བ་ཤེས་རབ་རྒྱལ་མཚན﹙༡༢༩༢ -༡༣༦༡﹚དང་། ཇོ་ནང་ཏཱ་ར་ནཱ་ཐ། ཕྱོགས་རྒྱལ་བ། ལོ་ཙཱ་བ་བློ་གྲོས་དཔལ། ས་བཟང་མ་ཏི་པཎ་ཆེན། ཉ་དབོན་ཀུན་དགའ་དཔལ﹙རྗེ་ཐམས་ཅད་མཁྱེན་པས་ཀྱང་ཕྱོགས་ལས་རྒྱལ་བ་ལས་དུས་འཁོར་དང་། ཉ་དབོན་ལས་ཕར་ཕྱིན་སོགས་གནས། ﹚སོགས་ཡིན། ཡི་དམ་གྱི་གཙོ་བོ་དུས་འཁོར་དང་། དཔལ་འཁོར་ལོ་བདེ་མཆོག མཁའ་འགྲོའི་གཙོ་བོ་མཁའ་སྤྱོད་མ་དང་། ཆོས་སྐྱོང་གི་གཙོ་བོ་དཔལ་ལྡན་གུར་གྱི་མགོན་པོ་དང་བདུད་མགོན་ཏྲཀྵད་ནག་པོ་ཡིན།

༢ ཇོ་ནང་གི་གཞན་སྟོང་འདོད་ཚུལ། ཡུ་མོ་མི་བསྐྱོད་རྡོ་རྗེས་དུས་ཀྱི་འཁོར་ལོའི་སྦྱོར་དྲུག་བསྒོམས་པ་དང་། རྒྱུད་འགའ་ཞིག་ལ་བརྟེན་ནས། གཞན་སྟོང་དོན་དམ་པའི་བདེན་པ་རྟག་བརྟན་ཐེར་ཟུག་བརྟན་གཡོ་ཐམས་ཅད་ལ་ཁྱབ་པ། བདེ་གཤེགས་སྙིང་བོ་དང་དོན་གཅིག་པ་གཞིའི་གནས་ཚུལ་ལ་ཡོད་པ་དེ་ཉིད། རྣལ་འབྱོར་དྲུག་གི་རིམ་པས་ཉམས་སུ་བླངས་པས་འབྲས་བུ་ཆོས་ཉིད་མངོན་དུ་འགྱུར་བར་འདོད་པ་དང་། དོལ་བོ་བས་ལྟ་བ་དེ་སྟོན་པའི་བསྟན་བཅོས་ངེས་དོན་རྒྱ་མཚོ་བརྩམས་ཏེ། ལུང་རིགས་ཀྱི་སྒྲུབ་བྱེད་མང་དུ་བཀོད་ནས་གཞན་སྟོང་དོན་དམ་པའི་ལྟ་བ་ཞེས་པའི་གྲུབ་མཐའི་རྐང་བཙུགས། དེའི་རྗེས་འབྲང་ཕྱོགས་ལས་རྣམ་རྒྱལ་གྱིས་འཁྲུལ་འཇོམས་ཆེ་ཆུང་གཉིས་དང་། ཉ་དབོན་གྱིས་གྲུབ་མཐའ་འོད་གསལ་རྒྱན་སོགས་བརྩམས་ཏེ་ཇོ་ནང་བའི་གྲུབ་མཐའ་འདི་དར་སྤེལ་བཏང་བ་ཡིན་ནོ། །

དགེ་ལུགས་པ།

༡ དགེ་ལུགས་པའི་ཆོས་རྒྱུན་བྱུང་ཚུལ། དགེ་ལུགས་པ་ནི། འཇམ་མགོན་བླ་མ་ཙོང་ཁ་པས﹙༡༣༥༧ -༡༤༩༡﹚སྤྱི་ལོ༡༤༠༩ བོད་རབ་བྱུང་བདུན་པའི་ས་གླང་ལོར་དགའ་ལྡན་དགོན་པ་བཏབ་སྟེ། སྐུ་ཚེ་སྨད་དེར་བཞུགས་པས། རྗེའི་རང་ལུགས་པ་ཚོས་གདན་སའི་མཚན་གྱི་ཆ་ལས་རི་བོ་དགའ་ལྡན་པ་ཞེས་འབོད་པ་བྱུང་། ད་ལྟ་དགའ་ལྡན་པ་ཞེས་པ་བརྗོད་བདེའི་དབང་གིས་དགེ་ལྡན་པ་ཞེས་རྒྱུན་ཆགས་སུ་གྱུར་རོ། །ཡང་བླ་ཆེན་དགོངས་པ་རབ་གསལ་དང་ཀླུ་མེས་སོགས་སྔོན་གྱི་འདུལ་འཛིན་པ་རྣམས་ཀྱིས་ཞྭ་སེར་མནབས་པར་བརྟེན། རྗེ་བླ་མས་ཀྱང་འདུལ་བསྟན་ཉམས་པ་གསོ་བའི་རྟེན་འབྲེལ་དུ་དགོངས་ནས་ཞྭ་སེར་འདི་མནབས་པས། གྲུབ་མཐའ་འདི་ལ་ཞྭ་སེར་བའང་ཟེར། རྗེ་ཉིད་བཞུགས་ཐོག་དེར་རྒྱལ་ཚབ་རྗེ་དང་མཁས་གྲུབ་རྗེ་གཙོར་བྱས། འཁོར་དག་པ་རྣམ་བརྒྱད་སོགས་དངོས་སློབ་གྲགས་ཆེ་བའང་བརྒྱ་དང་ཞེ་བདུན་བྱུང་བ་དང་། དགོན་སྡེའི་དབང་དུ་བཏང་ནའང་སེར་འབྲས་དགེ་གསུམ་སོགས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་ཇི་སྙེད་ཅིག་བྱུང་བ་དང་། ཁྱད་པར་དུ་རྗེ་བློ་སྒོ་གསུམ་སོགས་གྱི་ཡིག་ཆ་བརྩམས་ཏེ་ཞྭ་སེར་གྱི་བསྟན་པ་རིན་པོ་ཆེ་ཉི་མ་ལྟར་ཤར་བ་འདི་ཉིད་བྱུང་ངོ་། །

༢ ལྟ་སྒོམ་སྤྱོད་གསུམ་གྱི་རྣམ་བཞག དགེ་ལུགས་པའི་ལྟ་བ་ནི། གཟུགས་ནས་རྣམ་མཁྱེན་བར་ཆོས་ཐམས་ཅད་ཀྱི་སྟེང་དུ་དགག་བྱ་རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་ཡང་མེད་པར། རང་གི་གདགས་གཞི་ལ་བརྟེན་ནས་རྟོག་པས་བཏགས་པ་ཙམ་དེ་རྟེན་འབྱུང་གི་དོན་ཡིན་ལ། སྟོང་བས་ཡོད་མཐའ་སེལ་ཞིང་སྣང་བས་མེད་མཐའ་སེལ་ཚུལ་ནི། ཆོས་གང་དང་གང་དེ་ལྟ་བུའི་རྟེན་འབྱུང་དུ་བློ་ལ་ནམ་ཤར་བའི་ཚེ། ཆོས་དེ་དང་དེ་རང་བཞིན་གྱིས་སྟོང་བར་ངེས་ཤེས་འདྲེན་པ་ནི་སྣང་བས་ཡོད་མཐའ་སེལ་ཚུལ་དང་། གཅིག་ཏུ་བྲལ་ལྟ་བུས་རིགས་པས་དཔྱད་དེ། ཆོས་གང་དང་གང་རང་བཞིན་མེད་པའི་ཚུལ་བློ་ལ་ནམ་ཤར་བའི་ཚེ། ཆོས་དེ་དང་དེ་རྟོག་པས་བཏགས་ཙམ་གྱི་རྟེན་འབྱུང་ཡིན་པར་འབད་མེད་དུ་འཆར་བ་ནི། སྟོང་བས་མེད་མཐའ་སེལ་ཚུལ་ལོ། །

སྒོམ་པ་ནི། དཔྱད་སྒོམ་དགོས་པ་རྣམས་ལ་དཔྱད་སྒོམ། འཇོམ་སྒོམ་དགོས་པ་རྣམས་ལ་འཇོག་སྒོམ། དཔྱད་འཇོག་སྤེལ་མ་དགོས་ལ་སྤེལ་མ་དང་། ཏིང་འཛིན་ཡང་དག་སྒྲུབ་ཚུལ་གྱི་མན་ངག་མདོའི་དོན། བྱམས་ཆོས་དང་། ས་སྡེ། དབུ་མ་སྒོམ་རིམ་སོགས་ལས་བཀྲལ་བ་བཞིན། ཞི་ལྷག་སོ་སོའི་ཚོགས་བརྟེན་ཚུལ། དམིགས་རྟེན་གྱི་ཁྱད་པར། སེམས་གནས་པའི་ཐབས་དགུ་དང་སྤོང་བའི་འདུ་བྱེད་བརྒྱད་དང་ལྡན་པར་བྱས་ཏེ་སྒོམ་པའོ། །

སྤྱོད་པ་ནི། རྗེ་བདག་ཉིད་ཆེན་པོས་བསྟན་པའི་གཞི་མ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་ལགས་པར་དགོངས་ནས། བྱིན་ལེན་རུང་ཆུ་སོགས་འདུལ་བའི་བཅས་ཁྲིམས་ཕྲ་མོ་རྣམས་ཀྱང་མ་ཚང་བ་མེད་པའི་སྒོ་ནས། འདུལ་བའི་ཀུན་སྤྱོད་ལ་གནས་བཞིན་པའི་ངང་ནས་རིམ་གཉིས་ཀྱི་རྣལ་འབྱོར་ཉམས་སུ་ལེན་པ་སོགས་ཀུན་སྤྱོད་དག་པ་དང་། དེའི་སྟེང་དུ་བྱང་སེམས་དང་སྔགས་ཀྱི་འདུལ་བ་ནས་གསུངས་པའི་བཅས་མཚམས་རྣམས་ཀྱང་མིག་འབྲས་བཞིན་སྲུང་བས་སྤྱོད་པ་རྣམ་པར་དག་པའོ། །མདོར་ན། གུང་ཐང་བསྟན་པའི་སྒྲོན་མེས། ལྟ་བ་རྣམ་དག་རྟག་ཆད་མཐའ་ལས་གྲོལ། །སྒོམ་པ་རྣམ་དག་བྱིང་རྨུགས་མུན་པ་སངས། །སྤྱོད་པ་རྣམ་དག་རྒྱལ་བའི་བཀའ་བཞིན་བསྒྲུབས། །བློ་བཟང་རྒྱལ་བའི་བསྟན་པ། ཞེས་གསུངས་སོ། །

གཞན་དུ་ནང་བསྟན་གྱི་གྲུབ་མཐའ་བཅུ་གཉིས་ཞེས་ཀྱང་བརྩི་སྲོལ་ཡོད་དེ། དེ་དག་ནི། རྙིང་མ་བ། ས་སྐྱ་བ། དགེ་ལུགས་པ། ཇོ་ནང་བ། ཤངས་པ། འབྲི་གུང་བ། ཀརྨ་བ། བུ་ལུགས། བཀའ་གདམས་པ། རྫོགས་ཆེན་པ། ཕྱག་ཆེན་པ། ཞི་བྱེད་པ་བཅས་སོ། །

གསུམ་པ། རིག་གནས་ཆེ་བ་ལྔ།

བོད་གངས་ཅན་གྱི་ལྗོངས་འདིར་སྔོན་བྱོན་ལོ་པཎ་དག་གི་སྐུ་དྲིན་ལས། རིག་གནས་བགྲང་ལས་འདས་པ་ཞིག་དར་སྤེལ་གནང་ཡོད། དེ་དག་བསྡུས་ན་རིག་གནས་ཆེ་བ་ལྔ་སྟེ། སྒྲ་རིག་པ། ཚད་མ་རིག་པ། བཟོ་རིག་པ། གསོ་བ་རིག་པ། ནང་དོན་རིག་པ་དང་། རིག་གནས་ཆུང་བ་ལྔ་ནི། སྙན་ངག མངོན་བརྗོད། སྡེབ་སྦྱོར། ཟློས་གར། སྐར་རྩིས﹙ཕྱིས་སུ་དཔལ་ཁང་ལོ་ཙཱ་བ་དང་རྒྱལ་དབང་ལྔ་བ་སོགས་ཀྱིས་སྒྲ་རིག་མི་བརྩི་བར་སྐར་རྩིས་བསྣན﹚ཏེ། ཁྱོན་བསྡོམས་རིག་གནས་བཅུ་ནི་བོད་ཀྱི་རིག་གནས་ཐམས་ཅད་ཀྱི་སྡོམ་མོ། །

སྒྲ་རིག་པ།

སྒྲ་རིག་པའི་སྒྲ་ནི་གཙོ་བོར་བརྗོད་བྱའི་དོན་སྟོན་པའི་བརྡ་སྤྲོད་པའི་གཞུང་ལུགས་དང་། ཐ་ན་ཆུ་ཐིགས་ལྷུང་བའམ་སྡོང་ལོ་རླུང་གིས་བསྐྱོན་པའི་སྒྲ་ལ་བརྟག་ནས་བརྗོད་དོན་གོ་བ་སོགས་ནི་འབྱུང་བོ་ཐམས་ཅད་པའི་སྐད་ཤེས་པ་ཞེས། སྒྲ་རིག་པ་ལ་མཁས་པའི་མཐར་ཕྱིན་པའི་ཚད་དུ་འཇོག དེ་བས་སྒྲ་ཤེས་ན་དོན་ལ་མི་རྨོངས་ཟེར་ལ། རྒྱ་གར་གྱི་དབང་དུ་བཏང་ན། ཀཱ་ཙན་དབྱངས་གསུམ་སོགས་སྒྲ་གྲགས་ཅན་མང་ལ། དེ་དག་ལ་འགྲེལ་བཤད་ཀྱང་རྒྱ་བོད་ཀྱི་མཁས་པས་མཛད་པ་ཧ་ཅང་མང་། བོད་ཀྱི་དབང་དུ་བཏང་ན། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ལ། ཐོན་མིས་མཛད་པའི་ཡི་གེ་ལ་མཁོ་བའི་བསྟན་བཅོས་ཆེན་པོ་བརྒྱད་སོགས་མཛད་ནའང། ད་ལྟ་དཔེ་རྒྱུན་གནས་པ་ནི་སུམ་ཅུ་བ་དང་རྟགས་འཇུག་གཉིས་ཡིན། བོད་འདིར་སྒྲ་གཞུང་གི་བརྗོད་བྱ་གཙོ་བོ་ཚོགས་གསུམ་སྟེ། མིང་གི་ཚོགས། ཚིག་གི་ཚོགས། དེ་གཉིས་འགྲུབ་བྱེད་ཀྱི་ཡི་གེ་བཅས་ཡིན་ཞིང་། སུམ་རྟགས་དག་གསུམ་གྱིས་ཚོགས་གསུམ་རྒྱས་པར་བཤད་པ་ཡིན་པས་བོད་ཀྱི་སྒྲ་གཞུང་དུ་ངོས་འཛིན་ལ། སུམ་རྟགས་གཉིས་སྒྲ་རིག་གི་ཕྱི་མོ་བྱས་ཏེ་དགོངས་འགྲེལ་གྲགས་ཆེ་བ་ལ། ཞ་ལུ་ལོ་ཆེན། ལོ་ཆེན་ནམ་བཟང་། པྲ་ཏི་དགེ་བཤེས། སི་ཏུ་པཎ་ཆེན་སོགས་ཀྱི་འགྲེལ་བ་དང་། དག་ཡིག་གི་སྐོར་ལ། རྔོག་ལོ། ཞ་ལུ་ལོ་ཆེན། དཔལ་ཁང་བ་སོགས་ཀྱིས་མཛད་པ་མང་ངོ་། །

ཚད་མ་རིག་པ།

སྤྱིར་བཏང་ཚད་མ་རིག་པ་ཞེས་པ། སྒྲ་ཡངས་པའི་དབང་དུ་བྱས་ན་རྟོག་པའི་རིག་པ་ཙམ་ལ་གོ་ཡང་། འདིར་བསྟན་ཚད་མ་ནི། རྒྱུ་མཚན་དང་གཏན་ཚིགས་ཡང་དག་གིས་བརྡར་ཤ་བཅད་དེ་འཁྲུལ་བ་མེད་པ་ཞིག་ལ་ཟེར། སྟོན་པ་སངས་རྒྱས་ཀྱི་མདོ་སྡེ་མང་བོས་ཚད་མ་གསུམ་གྱི་རྣམ་བཞག་སྐོར་བསྟན་ཡོད་ལ། དུས་རབས་བདུན་པའི་མགོ་ཙམ་དུ་སློབ་དཔོན་ཕྱོགས་གླང་གིས་ཐོག་མར་དམིགས་པ་བརྟག་པ་དང་། སེལ་བར་བརྟག་པ་སོགས་བསྟན་བཅོས་ཐོར་བུ་བརྒྱ་རྩ་མཛད། ཕྱིས་སུ་ཚད་མའི་བསྟན་བཅོས་དེ་དག་གི་བརྗོད་དོན་ཕྱོགས་བསྡུས་གནང་སྟེ་ཁོང་གིས་ལེའུ་དྲུག་གི་བདག་ཉིད་ཅན་གྱི་ཚད་མ་ཀུན་བཏུས་མཛད། ཕྱོགས་གླང་སྐུ་གཤེགས་རྗེས། སློབ་དཔོན་ཆོས་ཀྱི་གྲགས་པས་སློབ་དཔོན་དབང་ཕྱུག་སྡེའི་དྲུང་ནས་ཚད་མ་ཀུན་བཏུས་ཚར་གསུམ་གསན་ནས་སློབ་དཔོན་གྱིས་གནང་བ་ཐོབ་པ་ལྟར། ཚད་མ་སྡེ་བདུན་བརྩམས་ཤིང་ཚད་མ་སྡེ་བདུན་ལ་གཙོ་བོ་ལུས་ལྟ་བུའི་བསྟན་བཅོས་གསུམ་སྟེ། རྒྱས་པར་སྟོན་པ་ཚད་མ་རྣམ་འགྲེལ། འབྲིང་དུ་སྟོན་པ་ཚད་མ་རྣམ་ངེས། བསྡུས་ནས་སྟོན་པ་ཚད་མ་རིགས་ཐིགས་བཅས་དང་། འཕྲོས་པ་ཡན་ལག་ལྟ་བུའི་བསྟན་བཅོས་བཞི། རང་དོན་ལེའུ་ལས་འཕྲོས་པ་གཏན་ཚིགས་རིགས་པ་དང་། ལྟག་ཆོད་ཀྱི་འབྲེལ་བ་གཏན་ལ་འབེབས་པ་འབྲེལ་བ་བརྟག་པ། གཞན་དོན་ལེའུ་ལས་འཕྲོས་པ་རྒྱུད་གཞན་གྲུབ་པ་དང་རྩོད་པའི་རིགས་པ་གཉིས་ཏེ་བཞི་ཡོད། ཕྱིས་སུ་ལོ་པཎ་རྣམས་ཀྱིས་རྒྱ་གཞུང་གི་ཚད་མའི་བསྟན་བཅོས་དེ་དག་བོད་འགྱུར་དང་འགྲེལ་བཤད་མང་དུ་མཛད་ཅིང་། ས་པཎ་གྱིས་རིགས་གཏེར་དང་། མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་སྡེ་བདུན་ཡིད་ཀྱི་མུན་སེལ་སོགས་མཛད། ཁྱད་པར་དུ་ཆ་བ་ཆོས་ཀྱི་སེང་གེས་བསྡུས་གྲྭའི་རིགས་ལམ་གསར་གཏོད་གནང་བ་ནས་བཟུང་། བོད་འདིར་ཚད་མ་རིག་པའི་འཆད་ཉན་རྒྱ་ཆེར་དར་བ་ཡིན་ནོ། །

བཟོ་རིག་པ།

འདིར་བཤད་པའི་བཟོ་རིག་པ་ནི། དེང་སང་གི་ཚན་རྩལ་ཀྱི་བཟོ་ལས་མ་དར་གོང་གི་བོད་ཀྱི་བཟོ་རིག་པ་ལ་བྱ་སྟེ། དེ་ལ་ལུས་བཟོ། ངག་བཟོ། ཡིད་བཟོ་གསུམ་ཡོད་ལ། དེ་རེ་རེ་ལའང་གཙོ་ཕལ་གཉིས་ཡོད་པ་ལས།

༡ ལུས་བཟོ་མཆོག་ནི། སྐུ་རྟེན། གསུང་རྟེན། ཐུགས་རྟེན་བཅས་གསུམ་དང་། དང་བོ་སྐུ་རྟེན་ལའང་། བྲིས་འབུར་གཉིས་ཀྱི་ནང་ནས་བྲིས་ཀྱི་རིགས་རྒྱལ་བོ་གཉའ་ཁྲིའི་སྔོན་ནས་ཡོད་པ། ཆབ་མདོ་ཁ་རུབ་སོགས་ལས་བུད་པའི་རིག་རྫས་ཀྱིས་ར་སྤྲོད་བྱེད་ཐུབ་པ་དང་། འབུར་གྱི་རིགས་ནི་ཐོག་མར་འཇིམ་གཟུགས་དང་། ཤིང་བརྐོས། རྡོ་བརྐོས་ཀྱི་རིགས་ལས་རིམ་བརྒྱུད་བྱུང་བའོ། །

གཉིས་པ་གསུང་རྟེན་ནི། བྲིས་མ་དང་དཔར་མའི་རིགས་གཉིས་ཡོད། གསུང་རྟེན་ཡི་གེར་འབྲི་བའི་སྐོར་ལ། རྣམ་གྲངས་མང་ཡང་། གཟབ་ཆེན་གཟབ་ཆུང་། འབྲུ་ཆེ་ཆུང་། བཤུར་མ་དང་དཀྱུས་ཡིག་བཅས་དྲུག་ཏུ་འདུའོ། །བརྐོ་བཟོའི་པར་ཤིང་འདི་བོད་ལ། རབ་བྱུང་བདུན་པའི་ས་བྱི་སྤྱི་ལོ ༡༤༠༨ ལོར་རྗེ་རིན་པོ་ཆེའི་སྐུ་ཚབ་ཏུ་བྱམས་ཆེན་ཆོས་རྗེ་ཏ་མིང་ཡུང་ལོ་རྒྱལ་བོའི་དབུ་བླར་ཕེབས་སྐབས། གོང་མས་ནན་ཅིང་དུ་བོད་ཡིག་གི་བཀའ་འགྱུར་པར་དུ་བརྐོས་པ་དེ་ནི། བོད་ཡིག་གི་པར་གཞི་ཐོག་མ་ཡིན། དེ་ནས་ས་དགེ་ཀར་རྙིང་ཇོ་ནང་བོན་དང་བཅས་པའི་སྔོན་བྱོན་མཁས་དབང་རྣམས་ཀྱིས་མཛད་པའི་གསུང་འབུམ་གྱི་སྐོར་དང་། ཐོར་བུ་སྣ་ཚོགས་རི་བོའི་གཏོས་དང་མཉམ་པ། སྡེ་དགེ་པར་ཁང་། ཞོལ་པར་ཁང་། སྐུ་འབུམ་པར་ཁང་། བླ་བྲང་པར་ཁང་། རོང་བོའི་པར་ཁང་། གཞན་དགོན་སྡེ་དང་གྲོང་ཚོ་རེ་ན་པར་ཤིང་ཐོར་རེ་བ་མང་དུ་ཡོད་པ་འདི་དག་གོ །

གསུམ་པ་ཐུགས་རྟེན་ནི། གཙོ་བོ་མཆོད་རྟེན་རྣམས་ཡིན། བཟོ་དབྱིབས་ནི་ནང་ཆོས་དར་བའི་རྒྱལ་ཁབ་ཁག་ཏུ་སྣ་ཚོགས་འདུག་མོད། བོད་ཀྱི་དབང་དུ་བཏང་ན། བདེ་གཤེགས་མཆོད་རྟེན་བརྒྱད་ཟེར་བ་དེ་ཡིན། གཞན་ཡང་། གསང་སྔགས་རྒྱུད་སྡེ་བཞིའི་དཀྱིལ་འཁོར་བྲིས་ཐིག་དང་། བློས་བསླངས། ས་གར་མཆོད་གར། སྒྲུབ་པ་བཀའ་བརྒྱད་ཀྱི་ཕུར་བའི་རྩ་འཆམ། འགྲུབ་འཆམ་སོགས་ཡོད།

ལུས་བཟོ་ཕལ་བ་ནི། གྲུ་གཟིངས་ཆེ་ཆུང་དང་། ཁང་ཁྱིམ། བཟའ་བཏུང་གཡོས་སྦྱོར། གོས་རྒྱན་བཟོ་བ། སྒྱོགས། འཕྲུལ་འཁོར། མདའ་མདུང་མཚོན་གསུམ་བཟོ་བ་སོགས་ཏེ། མདོ་སྡེ་རྣམས་ལས་བཤད་པའི་བཟོ་སྦྱངས་བཅོ་བརྒྱད་དང་། སྒྱུ་རྩལ་དྲུག་ཅུ་རེ་བཞི། བཟོ་ལ་གཏོགས་པ་སུམ་ཅུ་སོགས་ཡིན།

༢ ངག་བཟོ་མཆོག་ནི། རྒྱུད་སྡེ་བཞིར་བསྟན་པའི་ཡི་དམ་ཆོས་སྲུང་གི་མཆོད་དབྱངས། སྒྲ་དག་གསལ་གསུམ་ཚང་ཞིང་དོན་བཟང་ལ་བརྗོད་བྱ་ཟབ་པའི་ཆོས་གཏམ་གསུངས་ཏེ། ཉན་པ་པོ་སྤྲོ་བ་བསྐྱེད་པ་སོགས་ཡིན།

ངག་བཟོ་ཕལ་བ་ནི། ཕོ་རྩལ་སྣ་དགུ་ལས། ལོ་རྒྱུས་ཀྱིས་དགེ་ཐོན་པ། གཏམ་གྱིས་བཞད་གད་ཐོན་པ། གཤགས་ཀྱིས་ཕ་རོལ་གནོན་པ་སྟེ་ངག་གི་རྩལ་གསུམ་དང་གླུ་ལེན་པ་སོགས་ཡིན།

༣ ཡིད་བཟོ་མཆོག་ནི། ཐོས་བསམ་སྒོམ་གསུམ་དང་། ལུང་རྟོགས་ཀྱིས་བསྡུས་པའི་མདོ་སྔགས་རིག་གནས་དང་བཅས་པར་མཁས་ཤིང་། གཞན་ལ་ལེགས་པར་འདོམས་ཤེས་པ་ལ་ཟེར།

ཡིད་བཟོ་ཕལ་བ་ནི། ཕྱི་རོལ་གྱི་བྱ་དངོས་སྣ་ཚོགས་ལ་རིག་པས་དུ་ཡོད་འཇུག་ནུས་པ་ལ་ཟེར།

གསོ་བ་རིག་པ།

བོད་མི་རིགས་ཀྱིས་གདོད་མ་ནས་ནད་རིགས་ལ་འཐབ་རྩོད་བྱེད་པའི་བརྒྱུད་རིམ་ཁྲོད་ཉམས་མྱོང་ཕྱོགས་བསྡོམས་བྱས་ནས། རང་བྱུང་སྐྱེ་དངོས་དང་། རྩི་ཤིང་། གཏེར་རྫས། སྲོག་ཆགས་སོགས་ལ་བརྟེན་ནས་ནད་གསོ་བའི་ཆོས་ཉིད་བྱུང་བར་མ་ཟད། དུག་ཀྱང་སྨན་དུ་བསྒྱུར་བའི་རིག་པ་རྟོགས་ནས། ཆང་ལ་བརྟེན་ནས་རྨ་བཅོས་པ། བྱུགས་སྲེག་གཏར་གསུམ་དང་། ཟས་ཀྱི་ཚོད་རིག་པ། རྨ་གསར་ལ་མར་བཞུས་ནས་བཏང་བས་རྩ་ཁ་སྡོམ་པ་སོགས་ནད་བཅོས་ཀྱི་ནུས་པ་ཚད་ཇེ་མཐོར་སོན། རྒྱལ་བོ་གཉའ་ཁྲི་བཙན་པོའི་དུས་སུ་བོན་ཤེས་པ་ཅན་མི་བཅུ་གཉིས་ཀྱི་ནང་གསེས་ཕན་ཤེས་སྨན་དཔྱད་བྱ་བ་བྱུང་བ་དང་། གཞན་ཡང་། ཏུང་ཧོང་གཏེར་ཡིག་ལས་ཐོན་པའི་གནའ་རབས་སྨན་དཔྱད་མདོར་བསྡུས་ཤིག་གི་ནང་། དཔྱད་གཞི་འདི་ནི་ཞང་ཞུང་གི་དཔྱད་ཕུག་པ་དང་སྦྱར་ཏེ་བགྱིད་པ་ལགས་སོ་ཞེས་སོགས་ལ་གཞིགས་ན། བོད་ཡུལ་དུ་ཐོག་མར་དར་བ་ནི་བོན་གྱི་གསོ་རིག་གོ ། ཚུལ་འདི་ལ་དགོངས་ནས། གཡུ་ཐོག་ཡོན་ཏན་མགོན་པོའི་རྣམ་ཐར་ལས། དང་བོ་སྣོད་ཀྱི་འཇིག་རྟེན་ཆགས། །བཅུད་ཀྱི་སེམས་ཅན་བདེ་ཕྱིར་དུ། །དང་བོ་གསོ་བ་རིག་པ་བྱོན། །དེ་ནས་གསོ་བྱེད་འབུམ་པ་བྱོན། །དེ་ནས་དཔལ་ལྡན་རྒྱུད་བཞི་བྱོན། །དེ་ནས་ཡན་ལག་བརྒྱད་པ་འབྱུང་། །དེ་ནས་མཁས་པ་སོ་སོའི་ལུགས། །ཞེས་སོ། །

ལྷ་ཐོ་ཐོ་རིའི་སྐུ་དུས་སུ་རྒྱ་གར་གྱི་སྨན་པ་བི་བྱི་དང་བི་མ་ལྷ་བོད་དུ་ཕེབས་དུས། རྒྱལ་བོས་གསོ་རིག་དར་སྤེལ་གྱི་ཆེད་དུ། བི་བྱི་ལ་ལྷ་ལྕམ་ཡིད་ཀྱི་རོལ་ཆ་ཕུལ་བས། སྲས་སུ་སྨན་པ་དུང་གི་ཐོར་ཅོག་ཅན་འཁྲུངས་ཏེ། ཡབ་ཀྱིས་སྲས་ལ་སྨན་དཔྱད་ལག་ལེན་དང་བཅས་པ་གནང་ནས། ཕྱིས་སུ་སྨན་པ་དུང་གི་ཐོར་ཅོག་ཅན་རྒྱལ་བོའི་བླ་སྨན་ལ་བཞུགས་ཏེ་གསོ་རིག་དར་སྤེལ་བཏང་། སྲོང་བཙན་གྱི་དུས་སུ་རྒྱ་ནག་གི་སྨན་གཞུང་སྐོར་གཅིག་བོད་དུ་བསྒྱུར་བ་དེ་ལ་སྨན་དཔྱད་ཆེན་མོ་ཞེས་ཟེར་ལ། གཞན་ཡང་རྒྱ་ཡི་སྨན་པ་ཧན་ཝེན་ཧེ་དང་། རྒྱ་གར་གྱི་སྨན་པ་བྷ་ར་དྷྭ་ཛ། སྟག་གཟིག་གི་སྨན་པ་ག་ལེ་ནོས་བཅས་བོད་དུ་སྤྱན་དྲངས་ནས་ཁོང་ཚོས་སྤྱི་མཐུན་གྱིས་བརྩམས་པའི་སྨན་གཞུང་དེ་ལ་མི་འཇིགས་པའི་མཚོན་ཆ་ཟེར། ཁྲི་ལྡེ་གཙུག་བརྟན་གྱི་དུས་སུ་རྒྱ་ནག་གི་སྨན་དཔྱད་སོ་མ་ར་ཛ་བོད་དུ་བསྒྱུར་བ་དང་།

ཁྱད་པར་དུ་ཁྲི་སྲོང་ལྡེ་བཙུན་གྱི་དུས་སུ་བོད་ཀྱི་གསོ་རིག་གི་ཤིང་རྟའི་སྲོལ་འབྱེད་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་བྱོན་ཏེ། རྒྱལ་ཁབ་ཕྱི་ནང་མང་བོའི་གསོ་རིག་གི་ཉིང་བཅུད་བསྡུས་ཤིང་། དམངས་ཁྲོད་ཉམས་མྱོང་གིས་ཟུར་བརྒྱན་ཏེ་དཔལ་ལྡན་རྒྱུད་བཞི་སོགས་བསྟན་བཅོས་མང་བོ་མཛད་པར་མ་ཟད། དགོན་པ་ལྟ་ན་སྡུག་ཕྱག་འདེབས་མཛད་ཅིང་། སྨན་སློབ་ཀྱི་སྒྲིག་སྲོལ་ཆ་ཚང་བཙུགས་ཏེ། སློབ་མའི་ཡོན་ཚད་ལྟར་འབུམ་རམས་པ་དང་། དཀའ་བཅུ་བ། བསྡུས་ར་བ་བཅས་རིམ་པ་བཞིར་ཕྱེས་ནས་མིང་བཏགས་གནང། དུས་རབས་བཅུ་གཅིག་པའི་དུས་མགོར་ལོ་ཙཱ་བ་རིན་ཆེན་བཟང་བོས་སྨན་དཔྱད་ཡན་ལག་བརྒྱད་པ་དང་འགྲེལ་བ་བོད་སྐད་དུ་བསྒྱུར་ཏེ་དར་སྤེལ་བཏང་བས། སྟོད་ལུགས་ཀྱི་སྨན་པ་མཁས་པ་མི་དགུ་སོགས་བྱུང་བས་སྟོད་ལུགས་སུ་གྲགས། དུས་རབས་བཅུ་གཉིས་པའི་ནང་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོས་རྒྱུད་བཞིའི་འགྲེལ་བ་བརྩམས་ཏེ་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་། དེ་རྗེས་གསོ་རིག་གི་ལག་ལེན་ཁྲོད་བྱང་ཟུར﹙བྱང་བ་བདག་པོ་རྣམ་རྒྱལ་གྲགས་བཟང༡༣༩༤ - ༡༤༧༥དང་། ཟུར་མཁར་མཉམ་ཉིད་རྡོ་རྗེ ༡༤༣༩ - ༡༤༧༥﹚གཉིས་སུ་གྱེས་ཏེ། གསོ་རིག་འཕེལ་རྒྱས་བྱུང་བ་དང་། དེ་ལས་གཞན། སྡེ་སྲིད་སངས་རྒྱས་རྒྱ་མཚོས་བཻ་སྔོན་དང་རྒྱུད་བཞིའི་འགྲེལ་བ་དང་། མན་ངག་ལྷན་ཐབས། ཟིན་ཏིག་སོགས་ཉམས་མྱོང་ཚད་མ་དང་སྦྱར་ནས་བརྩམས་གནང་མཛད་དེ། གསོ་རིག་གི་འཕྲིན་ལས་རྒྱ་ཆེར་སྤེལ་བ་དང་། ༡༨༤༠ ལོར་སྡེ་དགེ་དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་ཤེལ་གོང་ཕྲེང་སོགས་བརྩམས་ཏེ། ཁོང་གིས་དོན་དངོས་ལ་བརྟག་དཔྱད་དང་། ལག་ལེན་ཀྱི་ཁྲོད་ནས་སྨན་རྫས་སྣ་ཁ་ཉིས་སྟོང་ཉིས་བརྒྱ་ཙམ་འཚོལ་སྡུད་དང་། སྨན་རིགས་སོ་སོའི་ངོ་བོ་དང་ནུས་པ་སོགས་གསལ་རྗེན་དུ་བཀོད་དེ་དར་སྤེལ་བཏང་བ་སོགས་ཀྱིས་སྐུ་དྲིན་གྱིས། ད་ལྟ་བོད་ཀྱི་གསོ་བ་རིག་པ་ཞེས་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་ས་ཁྱབ་རྡོ་ཁྱབ་ཏུ་སོང་བ་འདི། འཛམ་གླིང་གི་སྤྱི་ནོར་དང་། རང་ཅག་གི་ཁྱད་ནོར་དུ་གྱུར་བ་ལགས་སོ། །

ནང་དོན་རིག་པ།

ནང་དོན་རིག་པ་ནི་གཙོ་བོ་སེམས་འདུལ་བའི་ཐབས་ལམ་གྱི་རིམ་པ་སྟོན་པ་སྟེ། འདི་ལ་གྲྭ་ས་ཆེན་པོ་རྣམས་སུ་ནང་དོན་རིག་པ་སྡོམ་དུ་བསྡུས་ནས་བཀའ་པོད་ལྔ་ལ་འཆད་ཉན་བྱེད་པ་ཡིན། དེ་ཡང་སྟོན་པ་བཅོམ་ལྡན་འདས་ཀྱི་བཀའ་ཐམས་ཅད་སྡེ་སྣོད་གསུམ་དུ་འདུ་ལ། བཀའ་པོད་ལྔ་ནི་སྡེ་སྣོད་གསུམ་གྱི་དོན་བསྡུ་ཡིན། འདུ་ཚུལ་ནི། མདོ་རྩ་འདུལ་བའི་སྡོམ། དབུ་ཚད་མཛོད་གསུམ་མངོན་པའི་སྡོམ། ཕར་ཕྱིན་མདོ་སྡེའི་སྡོམ་ཡིན། སྡེ་སྣོད་གསུམ་ནི། བསླབ་གསུམ་དང་ལྟ་སྒོམ་སྤྱོད་གསུམ་ལ་སྦྱར་ན། འདུལ་བའི་སྡེ་སྣོད་ཀྱིས་ཚུལ་ཁྲིམས་ཀྱི་བསླབ་པ་གཙོ་བོ་དང་སྤྱོད་པ་སྟོན་པའི་གཞུང་ཡིན། མདོ་སྡེ་སྡེ་སྣོད་ཀྱིས་ཏིང་འཛིན་གྱི་བསླབ་པ་གཙོ་བོ་དང་སྒོམ་པ་སྟོན་པའི་གཞུང་ཡིན། མངོན་པའི་སྡེ་སྣོད་ཀྱིས་ཤེས་རབ་ཀྱི་བསླབ་པ་གཙོ་བོ་དང་ལྟ་བ་སྟོན་པའི་གཞུང་ཡིན། དེ་ཡང་དཔེར་ན། ཤེས་རབ་ཀྱི་བསླབ་པ་ནི། ཉོན་མོངས་པའི་དུག་ཤིང་གཅོད་བྱེད་ཀྱི་སྟ་རེ་དང་འདྲ། ཏིང་ངེ་འཛིན་གྱི་བསླབ་པ་ནི་ཤིང་མཁན་གྱི་དཔུང་བ་བརྟན་པོ་དང་འདྲ། ཚུལ་ཁྲིམས་ཀྱི་བསླབ་པ་ནི་ཤིང་མཁན་གྱི་ལུས་སྟོབས་མ་ཉམས་པར་གནས་པ་དང་འདྲའོ། །

ཡང་བཀའ་ཐམས་ཅད་ཐེག་པ་ཆེ་ཆུང་གི་སྡེ་སྣོད་གཉིས་སུ་འདུ་བའི་དབང་དུ་བཏང་ན། ཐེག་ཆེན་གྱི་ལྟ་བ་དབུ་ཚད་གཉིས་དང་སྤྱོད་པ་ཕར་ཕྱིན་གྱིས་འཆད་པ་དང་། ཐེག་དམན་གྱི་ལྟ་སྤྱོད་གཉིས་མཛོད་ཀྱིས་འཆད་ལ། འདུལ་བས་ནི་ཐེག་པ་ཆེ་ཆུང་ཐུན་མོང་གི་ཚུལ་ཁྲིམས་ཀྱི་རྣམ་བཞག་འཆད་དོ། །

དེ་ཡང་སྡེ་སྣོད་གསུམ་གྱི་ངེས་ཚིག་ལ། སྐྱེ་མཆེད་བཅུ་གཉིས་ཀྱི་དོན་དང་ཚིག་ཐམས་ཅད་བསྡུས་པའི་སྣོད་ལྟ་བུའི་ཕྱིར་ན་སྡེ་སྣོད་ཅེས་བྱའོ། །

ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་བརྗོད་བྱའི་གཙོ་བོར་སྟོན་པའི་རིས་སུ་གནས་པའི་གསུང་རབ་འདུལ་བའི་སྡེ་སྣོད་ཀྱི་མཚན་ཉིད། ནང་གསེས་ཀྱིས་ཕྱེ་ན། ཉན་ཐོས་ཀྱི་འདུལ་བ། བྱང་ཆུབ་སེམས་དཔའི་འདུལ་བ། གསང་སྔགས་ཀྱི་འདུལ་བ་བཅས་གསུམ་ཡོད། འདི་ནི་ཆོས་སྒོར་ཞུགས་པ་རྣམས་ཀྱི་ལུས་ངག་གི་ཚུལ་འཆལ་མཐའ་དག་སྤོང་བའི་བསླབ་ཁྲིམས་སྟོན་པ་ཞིག་ཡིན། བཀའ་འགྱུར་གྱི་ནང་འདུལ་བ་ལུང་སྡེ་བཞི་ལ་པོད་བཅུ་གསུམ་ཡོད། འདིར་བསྟན་འགྱུར་ཁོངས་སུ་ཡོད་པ་རྣམས་བཀའ་བསྡུ་བའི་ཁོངས་སུ་མ་གཏོགས་པས་རྩིས་མེད།

ལྷག་པ་སེམས་ཀྱི་བསླབ་པ་བརྗོད་བྱའི་གཙོ་བོར་སྟོན་པའི་རིས་སུ་གནས་པའི་གསུང་རབ་མདོ་སྡེའི་སྡེ་སྣོད་ཀྱི་མཚན་ཉིད། འདི་ནི་གདུལ་བྱའི་རྒྱུད་ཀྱི་རྣམ་གཡེང་གི་སྒྲིབ་པ་སྤོང་ཆེད་དུ་གསུངས་པ་གསང་སྔགས་ཀྱི་ཆོས་རྣམས་ཀྱང་སྡེ་སྣོད་གསུམ་དུ་ཕྱེ་བའི་སྐབས་སུ་མདོ་སྡེའི་སྡེ་སྣོད་ཀྱི་ཁོངས་སུ་བསྡུ། བཀའ་འགྱུར་ནང་མདོ་མང་པོད་སུམ་ཅུ་ཡོད།

ལྷག་པ་ཤེས་རབ་ཀྱི་བསླབ་པ་གཙོ་བོར་སྟོན་པའི་རིས་སུ་གནས་པའི་གསུང་རབ་མངོན་པའི་སྡེ་སྣོད་ཀྱི་མཚན་ཉིད། འདིས་ནི་གདུལ་བྱའི་རྒྱུད་ཀྱི་བདག་འཛིན་གཉིས་ཀྱི་གཉེན་པོ་ལམ་བདག་མེད་གཉིས་ཀྱིས་རྟོགས་པའི་ཤེས་རབ་གཙོ་བོར་སྟོན་པ་ཡིན། བཀའ་འགྱུར་ནང་ཡུམ་རྒྱས་འབྲིང་བསྡུས་གསུམ་ལྟ་བུ་དང་། བསྟན་འགྱུར་ནང་གི་དབུ་མ་དང་། མངོན་པ་འོག་མ་སོགས་ཡིན།

རྒྱ་གར་འཕགས་ཡུལ་དུ་ཐུབ་བསྟན་གྱེན་དུ་གདེགས་པའི་ཀ་བ་ལྟ་བུ་རྒྱན་དྲུག་མཆོག་གཉིས་སོགས་བྱོན་ལ། ཚད་མར་གྱུར་བའི་བསྟན་འཛིན་དེ་དག་གི་གཞུང་ལུགས་སྡོམ་དུ་བསྡུས་ནས། བོད་འདིར་ཡང་ས་དགེ་ཀར་རྙིང་ཀུན་གྱིས་བཀའ་པོད་ལྔར་འཆད་ཉན་བྱས་ཏེ། བསྟན་འཛིན་གྱི་སྐྱེས་བུ་གནམ་གྱིས་ས་གབ་པ་ལྟ་བུ་མང་དུ་བྱོན་པ་དང་། ཁྱད་པར་དུ་རྒྱལ་བ་གཉིས་པ་བློ་བཟང་གྲགས་པའི་དཔལ་སོགས་བྱོན་པ་ནས་བཟུང་། དབུས་གཙང་གི་གདན་ས་ཆེན་པོ་དྲུག་སོགས་བྱུང་ནས་ནང་དོན་རིག་པ་ཉི་ཤར་སྤར་མོས་མི་ཁེབས་འདི་དར་རྒྱས་སུ་བྱུང་ངོ་། །

བཞི་བ། རིག་གནས་ཆུང་བ་ལྔ།

སྙན་ངག

སྙན་ངག་ནི་རང་ཅག་གི་འཚོ་བ་དངོས་ཀྱི་སྣང་ཚུལ་དང་ནང་སེམས་ཀྱི་འཆར་སྒོ་སྣ་ཚོགས་ཚིག་གི་སྒྱུ་རྩལ་གྱི་རྣམ་པ་བཀོལ་ཏེ་བརྗོད་པ་ལ་ཟེར། སྙན་ངག་གི་སྒྱུ་རྩལ་འདི་རྒྱལ་ཁབ་དང་མི་རིགས་ཁག་ཚང་མར་ཡོད་ལ། རང་ཅག་གི་སྙན་གཞུང་འདི་རྒྱ་གར་མེ་ལོང་མར་ཁུངས་གཏུགས་ཡོད་ཕྱིར། ལུས་དང་། རྒྱན﹙བོད་མཁས་དང་འབྲུག་སྤྲུལ་སོགས་ཀྱིས་སྙན་ངག་གི་གཞུང་དངོས་ལ་ལུས་རྒྱན་གཉིས་སུ་འདུ་བར་བཞེད་ཀྱང་། རྒྱལ་དབང་ལྔ་བས་ལུས་རྒྱན་སྲོག་གསུམ་དུ་བཞེད་དོ། །﹚དང་། སྐྱོན་སེལ་བ་གསུམ་དུ་འདུས་པ་ཡིན། ལུས་ནི་སྙན་ངག་གི་ཚིག་རྒྱན་གང་ལ་སྦྱོར་བའི་གཞི་སྟེ། ཚིགས་བཅད། ལྷུག་པ། ཚིགས་བཅད་ལྷུག་སྤེལ་མ་གསུམ་ཡོད། ཚིགས་བཅད་ལའང་རིགས་གྲོལ་མཛོད་འདུས་བཞི་ཡོད། རྒྱན་ནི་བརྗོད་བྱའི་དོན་གང་རུང་ཞིག་མཚོན་པའི་ཚིག་སྦྱོར་དེ་ཉིད་མཛེས་པར་བྱེད་པ་སྟེ། དེ་ལ་ཐུན་མོང་བའི་རྒྱན་བཅུ་དང་། ཐུན་མོང་མ་ཡིན་པ་དོན་རྒྱན་སོ་ལྔ། སྒྲ་རྒྱན་རིགས་མང་བ། གབ་ཚིག་གི་རྒྱན་བཅུ་དྲུག་ཡོད། སྐྱོན་སེལ་བ་ནི། སེའུ་བཅུ་བའི་ངག་ལྟར་འབྲེལ་མེད་དོན་གཞན་གྱི་སྐྱོན་སོགས། གསེར་གྱི་ཀ་བ་ལ་འཇག་མའི་ལྷན་པ་ལྟར་སྙན་ངག་ལ་མི་མཛའ་བའི་སྐྱོན་དོར་བ་ལ་ཟེར།

ཕྱིས་སུ་འགྲོ་མགོན་ཆོས་རྒྱལ་འཕགས་པའི་སྐུ་རིང་ལ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་མེ་ལོང་མ་དང་། དཔག་བསམ་འཁྲི་ཤིང་སོགས་བོད་འགྱུར་བྱས་པ་ནས་བཟུང་། རྒྱལ་དབང་ལྔ་བ་དང་བོད་མཁས་སོགས་ཀྱིས་མེ་ལོང་མར་གཞི་བྱས་ཏེ་སྙན་ངག་གི་བསྟན་བཅོས་མང་དུ་མཛད་ཡོད་དོ། །

སྡེབ་ལེགས་ངག་གི་སྒྱུ་རྩལ་འདི་མེད་ན། མཁས་པའི་མདུན་སར་བྲིན་སྒོ་ཆུང་སྟེ། ཟུར་མཁར་བློ་གྲོས་རྒྱལ་བོས། རྒྱལ་བོ་ལང་ཚོས་དྲེགས་གྱུར་ཀྱང་། །རྒྱན་མེད་པས་ན་སྐྱེས་བོས་ལྒིང་། །དེ་བཞིན་སྙན་ངག་མི་ལྡན་པའི། །བསྟན་བཅོས་མཁས་ལ་རྩིས་སུ་མེད། །ཅེས་སོ། །བོད་མཁས་པས། ནང་དོན་རིག་པའི་གསུང་རབ་རྣམས་ཀྱང་སྙན་ངག་གི་གཟུགས་ཁོ་ནར་གནས་ཤིང་། རིག་གནས་གཞན་ཀུན་ལའང་འདི་ཉིད་འཇུག་པས་ཤེས་བྱ་ཀུན་ལ་ལྟ་བའི་མིག་འབྲས་ལྟ་བུ་ཡིན་པར་གསུངས་པ་ལས་གཞན། བཤད་རྒྱུན་དུ། སྙན་ངག་མཁན་ལ་ཅི་ཡང་རྒྱན་དང་། སྙན་ངག་ཤེས་ན་ཚིག་རྒྱན་ལ་མཁས་ཟེར་བར་མ་ཟད། མེ་ལོང་མ་ལས། སྙན་ངག་ཆུང་ངུ་ལའང་ངལ་བྱས་མི། །མཁས་པའི་འདུན་ས་དག་ཏུ་འདུག་ལ་དབང་། །གསུངས་སོ། །

འོན་ཀྱང་སྙན་ངག་མེ་ལོང་བོད་དུ་མ་བསྒྱུར་གོང་དུ་བོད་དུ་སྙན་ངག་གི་ཚིག་སྦྱོར་མང་བོ་བྱུང་ཡོད་པ་ནི། དཔེར་ན། བོན་གྱི་ཆོ་གའི་ཚིག་སྦྱོར། སྲོང་བཙན་སྒམ་པོའི་སྔ་རྗེས་ཀྱི་མགུར་གླུ་ཁག་དང་། ཐོན་མིས་སྲོང་བཙན་ལ་ཕུལ་བའི་ཡིག་ཕུད། སྒྲུང། ལྡེའུ། གཏམ་དཔེ། གླུ་གཞས། ཤགས། ལས་གླུ། དག་ས། བཤད་པ། ལྷ་སྐད་སོགས་ཀྱི་ཚིག་སྦྱོར་ལ་བརྟགས་ན། བོད་རང་གི་མར་དྲི་དང་རྩམ་དྲི་མ་ཡལ་བའི་སྙན་ངག་གི་ཚིག་སྦྱོར་ཞིག་རུས་རྐང་ལས་འཕྱུར་ཡོང་བ་གསལ་བཤད་བྱས་ཡོད་དོ། །

མངོན་བརྗོད།

མངོན་བརྗོད་ནི་ཤེས་བྱའི་ཆོས་རེ་རེ་ལ་མིང་གི་རྣམ་གྲངས་མང་བོའི་སྒོ་ནས་བརྗོད་པ་ཞིག་ལ་ཟེར་བས། མངོན་བརྗོད་ཤེས་ན་མིང་ལ་མཁས་ཟེར་ལ། དེ་ཡང་འདྲ་བ་དང་། འབྲེལ་བ། རྒྱུ་འབྲས། རྟེན་བརྟེན་པ། ལྡོག་པ། བྱེད་ནུས། སྔོན་བྱུང་། གཏམ་རྒྱུད་སོགས་དང་སྦྱར་ཏེ་ཆོས་གཅིག་ལ་མིང་དུ་མར་བཏགས་པ་ཞིག་ཡིན་ལ། སྤྱིར་བོད་ཀྱི་རིག་གནས་ལ་རྒྱ་གར་གྱི་ཤན་ཞུགས་ཆུ་ལ་ཆུ་བཞག་བཞིན་སིམ་ཡོད་པས། འཚོ་གནས་དང་། ས་གཤིས། སེམས་ཁམས་སོགས་ཀྱིས་དབང་གིས་མི་འབྱོར་བའང་ཡོད། དཔེར་ན། དངུལ་གྱི་མིང་དུ་མདོག་ངན་ཟེར་བ་ལྟ་བུ་ཡིན། ཡང་སྐབས་ལན་རེར་སྒྲ་གཅིག་དོན་མང་བོ་སྟོན་པ་ཡོད་དེ། གཉིས་སྐྱེས་ཞེས་པ། སོ་དང་། ཟླ་བ། བྲམ་ཟེ། རབ་བྱུང་བ། འདབ་ཆགས་སོགས་ཀྱི་མིང་དུ་འཇུག་པ་བཞིན་ནོ། །མངོན་བརྗོད་ཀྱི་གཞུང་རྒྱ་གར་ལས་བསྒྱུར་བ་སློབ་དཔོན་འཆི་མེད་སེང་གེས་མཛད་པའི་མངོན་བརྗོད་འཆི་མེད་མཛོད་དང་། དེའི་འགྲེལ་བ་འདོད་འཇོའི་བ་མོ་དང་། བོད་ཀྱི་དབང་དུ་བཏང་ན། ཞ་ལུ་ལོ་ཙཱ་བས་མངོན་བརྗོད་ལེགས་བཤད་གསེར་གྱི་ལྡེ་མིག སྡེ་བ་རིན་སྤུངས་བས་མངོན་བརྗོད་མཁས་པའི་རྣ་རྒྱན། དངུལ་ཆུ་ཆོས་བཟང་གིས་མངོན་བརྗོད་རྒྱ་མཚོའི་ཆུ་ཐིགས་སོགས་མང་དུ་མཛད་ཡོད་དོ། །

སྡེབ་སྦྱོར།

སྡེབ་སྦྱོར་ནི་གནའ་བོའི་རྒྱ་གར་གྱི་སྐད་ལྕི་ཡང་གི་སྒྲ་སྡེབ་པའི་རྩོམ་ཚུལ་ཞིག་སྟེ། དེ་ནི་ཡི་གེ་སྤྱི་ཡང་སྦྱར་བའི་ཚིགས་སུ་བཅད་པའི་རིགས་ཤིག་སྟེ། དེ་ལའང་ལུང་ལས་འབྱུང་བའི་ཚིགས་སུ་བཅད་པ་དང་། བསྟན་བཅོས་ལས་འབྱུང་བའི་ཚིགས་སུ་བཅད་པ་གཉིས་ཡོད། དང་བོའི་དབང་དུ་བཏང་ན་མངོན་པ་ཀུན་བཏུས་ལས་ཚིགས་བཅད་ལ་རྐང་བ་གཉིས་པ་ནས་དྲུག་པའི་བར་དུ་ཡོད་པར་བཤད་ལ། གཉིས་པའི་དབང་དུ་བཏང་ན་ཚིགས་བཅད་ཀྱི་སྡེབ་སྦྱོར་ལ་རྐང་བ་བཞི་རེ་ཆ་མཉམ་དུ་བསྒྲིགས་པ་ཞིག་སྟེ། དེ་ལ་ཡི་གེ་བགྲང་བ་པྲི་ཏ་དང་ཛཱ་ཏི་གཉིས་ཡོད། པྲི་ཏ་ནི་ཡི་གེ་བགྲང་བ་ཡིན་ཞིང་། དེ་ལའང་ཚིགས་བཅད་གང་གི་རྐང་བ་དང་བོ་ཇི་ལྟ་བ་དེ་ལྟར་རྐང་བ་གཞན་རྣམས་ཀྱང་འདྲ་བ་མཉམ་པའི་པྲི་ཏ་དང་། གང་གི་རྐང་བ་ཟུང་མིན་དང་བོ་དང་གསུམ་པ་འདྲ། ཟུང་གཉིས་པ་དང་བཞི་བ་འདྲ་བ་ཕྱེད་མཉམ་པའི་པྲི་ཏ་དང་། བཞི་བོ་རེ་རེ་ཞིང་མི་འདྲ་བ་ནི་མི་མཉམ་པའི་པྲི་ཏའོ། །ཛཱ་ཏི་ནི་ཡི་གེའི་ཕྱི་མོ་བགྲང་བ་སྟེ། དེ་ལ་འཕགས་མ་དང་། རོ་ལངས་ཅན། ཕྱི་མོ་མཉམ་པ་དང་གསུམ་མོ། །སྡེབ་སྦྱོར་འདི་སྙན་ངག་ལ་འཇུག་ཚེ་ངེས་པར་ཏུ་མཁོ་བ་ཞིག་སྟེ། ཇི་སྐད་དུ། རིག་པ་སྙན་ངག་རྒྱ་མཚོ་ནི། །ཟབ་མོ་བརྒལ་འདོད་རྣམས་ཀྱི་རྒྱུ། །གསུངས་སོ། །སྡེབ་སྦྱོར་གྱི་རིག་པ་འདི་ཐོག་མར་དྲང་སྲོང་གྲོག་མཁར་གྱིས་མཛད་པར་གྲགས་ལ། ཐུབ་པ་དམར་སེར་ཅན་གྱིས་སྡེབ་སྦྱོར་རྩ་བའི་མདོ། སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་མཛད་པའི་སྡེབ་སྦྱོར་རིན་ཆེན་འབྱུང་གནས་སོགས་དང་། བོད་དུ་ཡང་། ཞ་ལུ་ལོ་ཙཱ་བའི་སྡེབ་སྦྱོར་གྱི་རྩ་བ་བསྡུས་པ། གཞན་ཡང་ལོ་ཙཱ་བ་བྱང་ཆུབ་རྩེ་མོ། སྟག་ལུང་ལོ་ཙཱ་བ། ལོ་ཆེན་དྷ་རྨ་ཤྲྀ་རི། སྨོན་འགྲོ་ཡབ་སྲས་སོགས་ཀྱིས་སྡེབ་སྦྱོར་གྱི་བསྟན་བཅོས་མང་དུ་ཡོད་དོ། །བོད་ཀྱི་དབང་དུ་བཏང་ན་སྡེབ་སྦྱོར་ནི། ཚིགས་བཅད་ལ་ཚེག་བར་དྲུག་པ་ནས་སོ་ལྔའི་བར་མཆིས་ལ། ཚིག་གི་མང་ཉུང་གི་རྣམ་བཞག་ལྟར། རྣམ་དབྱེ་དང་ཚིག་ཕྲད་སོགས་ཚིག་གི་ལྷུ་རྐང་བསྒྲིགས་ཏེ་སྡེབ་སྦྱོར་བྱེད་པ་ཞིག་ཡིན་པས། སྡེབ་སྦྱོར་ཤེས་ན་ཚིགས་བཅད་ལ་མཁས་ཟེར་བ་ཡིན་ནོ། །

ཟློས་གར།

ཟློས་གར་ནི། སྔོན་བྱུང་གི་གཏམ་རྒྱུད་དང་ལོ་རྒྱུས་སོགས་ཀྱི་མི་སྣ་དང་ལྷ་འདྲེ་སོགས་མཚོན་པའི་རྣམ་པ་ཞིག་སྟེ། སོ་སོའི་སྐད་ཀྱི་སྒོ་ནས་གླུ་ལེན་པ་དང་ལུས་སེམས་གཉིས་ཆར་ནས་ཡང་ཡང་ཟློས་ཤིང་གར་བྱེད་པ་ལ་ཟེར་བས། ཟློས་གར་ཤེས་ན་སྐད་རིགས་ལ་མི་རྨོངས་ཟེར་ལ། དེ་ཡང་འཁྲབ་མཁན་དེའི་ལུས་ཀྱི་རྣམ་འགྱུར་དང་ངག་གི་སྨྲ་བརྗོད་ལ་བརྟེན་ནས། འཁྲབ་བྱའི་མི་སྣ་སོ་སོའི་བསམ་བློའི་ཉམས་འགྱུར་དངོས་སུ་མཚོན་པའི་གར་གྱི་ཆ་བྱད་དགུ﹙གཞན་གར་གྱི་ཆ་བྱད་བརྒྱད། གར་གྱི་ཉམས་བརྒྱད། གར་གྱི་ཉམས་བཅུ་སོགས་བཤད་ཚུལ་ཡོད་པ་རེ་རེ་དུང་དཀར་ཚིག་མཛོད་ལས་གསལ། ﹚ལྡན་ཞིང་། ཟློས་གར་གྱི་སྐྱོན་ལྔ་སྤངས་ཏེ་ལྟད་མོ་བའི་ཡིད་སེམས་དབང་མེད་འགུགས་པ་ཞིག་ཡིན། གར་འཁྲབ་པ་དང་བསྟུན་ཏེ། འབུད་རྡུང་དཀྲོལ་གསུམ་དང་རྒྱུད་ཀྱི་རོལ་མོ་བཞིས་རམ་འདེགས་བྱེད་དགོས་པ་ཡིན་ལ། ཁྱད་པར་དུ་ཟློས་གར་ལ་དགོས་པའི་ཡན་ལག་ལྔ་ངེས་པར་ཚང་དགོས་སོ། །བོད་ཀྱི་ཟློས་གར་གྱི་ས་བོན་ནི་སྲོང་བཙན་དང་ཁྲི་སྲོང་གི་དུས་ནས་གཙུག་ལག་ཁང་གི་གྱང་ལྡེབས་སུ་བྲིས་པ་ཡོད་ལ། ཁྱད་པར་གྲུབ་ཆེན་ཐང་སྟོང་རྒྱལ་བོས་ཨ་ལྕེ་ལྷ་མོའི་ཟློས་གར་སོགས་དབུ་བརྙེས་པ་ནས་བཟུང་། བོད་ཡུལ་དུ་དར་ཁྱབ་ཆེན་པོ་བྱུང་བ་གོང་གསལ་བོད་ཀྱི་ཟློས་གར་ཞེས་པའི་ཐད་དུ་གསལ་ལོ། །

སྐར་རྩིས།

སྐར་རྩིས་རིག་པ་ནི་རང་བྱུང་གི་ཉི་ཟླ་རྒྱུ་སྐར་གྱི་འཁོར་འགྲོས་ངེས་ཅན་ལ་བརྟེན་ནས་གོ་ལའི་ཐོག་དུས་མི་འདྲ་བ་དང། གནམ་གཤིས་འགྱུར་ལྡོག་གི་ཆོས་ཉིད་རྟོགས་པའི་རིག་པ་ཞིག་ཡིན། དཔྱད་གཞིའི་ཡིག་ཆ་ལྟར་ན། སྐར་རྩིས་ནི་བོད་རང་ལའང་ཆེས་སྔ་མོ་ནས་རང་རྐྱ་ཕེར་བ་ཡོད་དེ། རྒྱལ་བོ་གཉའ་ཁྲིའི་དུས་སུ་ཤེས་པ་ཅན་མི་བཅུ་གཉིས་ཀྱི་ཁྲོད་སྐོར་ཤེས་རྩིས་མཁན་ཟེར་བ་བྱུང་བ་དང་། དེ་རྗེས་བོད་རྗེ་བྱ་ཁྲི་བཙན་པོའི་སྐུ་དུས་སུ་ཡར་ཀླུང་དུ་རྒན་མོ་བལ་མའི་ཟླ་རྩིས་ཞེས་པ་ཡུལ་ཐབས་ཀྱིས་ཟླ་དཀྱིལ་གྱི་འཕེལ་འགྲིབ་ལ་བརྟག་པ་དང་། ཉི་མའི་ལྷོ་བྱང་གི་འགྲོས་ལས་དུས་གཏན་འབེབས་དང་། ཡང་ཞང་ཞུང་རྒན་པོའི་ངག་རྩིས། གཞན་བྱ་དང་ཤིང་ལ་བརྟག་པའི་ལྷོ་མོན་རྩིས། རླུང་ལ་བརྟག་པའི་བྱང་རྩིས། གངས་དང་འཁྱག་ལ་བརྟག་པའི་སྟེང་རྩིས། རི་ཕྱུགས་མཚོ་ལ་བརྟག་པའི་གམ་འབྲོག་རྩིས། ཉི་ཟླའི་བགྲོད་ལམ་ལ་བརྟག་པའི་བོན་ཞང་རྩིས་སོགས་གནམ་རིག་སྐར་རྩིས་ཕུན་སུམ་ཚོགས་པ་དར་སྤེལ་བྱས་ཏེ། བོད་གངས་ཅན་འདིར་སྐར་རྩིས་ཤེས་ན་གྲངས་ལ་མི་རྨོངས་པར་བྱས་པ་དང་།

དེ་ལས་གཞན་དུས་འཁོར་གྱི་རྒྱུད་ལས། ཕྱི་རི་གླིང་གཟའ་སྐར་གྱི་རྣམ་བཞག ནང་རྩ་རླུང་ཐིག་ལེའི་འདུ་འཕྲོད། གཞན་དཀྱིལ་འཁོར་འཁོར་ལོའི་དག་པ་བཅས་གཅིག་ཏུ་བསྒྲིགས་པའི་ཁྱད་ཆོས་གསུངས་པ་ལས། ཕྱི་རི་གླིང་གཟའ་སྐར་གྱི་རྣམ་བཞག་ནི། རི་གླིང་རོལ་མཚོ་སོགས་ཆགས་ཚུལ། བྱེད་པ་ལྔ་དང་། གཟའ་ལྔ་སོ་སོའི་མྱུར་བུལ་དང་། དྲང་འཁྱོག་བཅས་ཀྱི་འགྲོས་བཞི། སོ་སོའི་ཁྱིམ་དང་། ལོངས་སྤྱོད། གཞན་ཡང་སྒྲ་གཅན་དང་དུས་མེས་ཉི་ཟླ་འཛིན་ཚུལ། དུ་བ་མཇུག་རིང་གི་འཆར་ནུབ། དབྱར་དགུན་གྱི་ཉི་ལྡོག དུས་སྦྱོར། ཞག་གསུམ་གྱི་རྣམ་དབྱེ་སོགས་དུས་འཁོར་ལས་གསུངས་པ་རྣམས་སོ། །འདི་ལ་བྱེད་རྩིས་དང་གྲུབ་རྩིས་གཉིས་ཡོད། ལོ་ཙཱ་བ་རྭ་འབྲོ་ཤོང་གསུམ་གྱི་རིང་ལ་བོད་དུ་ཐོག་མར་བསྒྱུར་ཅིང་། ཕྱིས་སུ་རྒྱ་མཚོ་རྣམ་གསུམ་ནས་དར་རྒྱས་ཆེན་པོ་བྱུང་ལ། སྡེ་སྲིད་སངས་རྒྱས་རྒྱ་མཚོ་སོགས་ཀྱིས་རྩིས་གཞུང་མང་དུ་མཛད་ཡོད་པས་ཞིབ་ཏུ་དེ་དག་ལ་གཟིགས་པར་བྱའོ། །སྐར་རྩིས་ནི་ནང་དོན་རིག་པའི་ཁོངས་སུ་འདུ་བར་གསུངས་སོ། །

དེ་ལས་གཞན། སྲོང་བཙན་དང་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་རྒྱ་ནག་ནས་རྩིས་གཞུང་ཁ་ཤས་བོད་དུ་བསྒྱུར་བ་དང་། གཡུ་ཐོག་ཡོན་ཏན་མགོན་པོས་རྩིས་གཞུང་མང་དུ་བརྩམས་པ་དང་། དེ་རྗེས་དུས་རབས་བཅུ་གསུམ་པའི་སྟོད་དུ་སྔ་ཕྱིར་ས་སྐྱའི་ལི་ཐོ། མཚུར་ཕུའི་ལི་ཐོ། སྨིན་གླིང་ལི་ཐོ། དཔལ་སྤུངས་ལི་ཐོ་སོགས་བརྩམས་ཏེ་རྩིས་རིག་འདི་དར་སྤེལ་བཏང་ནས། གནམ་གཤིས་ཀྱི་འགྱུར་ལྡོག་དང་། གཟའ་སྐར་འཕྲོད་སྦྱོར་སོགས་ལ་མི་རྨོངས་པར་བྱས་པ་སྟེ། དེ་ནི་སྨེ་བ་དགུ་དང་། སྤར་ཁ་བརྒྱད། ལོ་སྐོར་བཅུ་གཉིས། ཀེག་རྩིས། ཚེ་རབས་ལུས་རྩིས། བག་རྩིས། གཤིན་རྩིས། གླང་རྩིས་སོགས་ཏེ། ཕལ་མོ་ཆེར་འབྱུང་བ་བཞི་དང་སྦྱར་ནས་མ་བུ་དགྲ་གྲོགས་ལ་བརྟེན་ཏེ་བརྩི་དགོས་པ་ཞིག་ཡིན་ནོ། །

ལེའུ་དྲུག་པ། སྔོན་འགྲོ་ཁྲིད་ཆེན་བཅུ།

སྔོན་འགྲོ་སྤྱིར་བཤད་པ།

ས་དགེ་ཀར་རྙིང་ཀུན་གྱི་ཆོས་པ་ཚོས་སྔོན་འགྲོ་གཏོང་བ་ཞེས་པ་ནི། དོན་སྙིང་གནད་དུ་འབབ་ས་གང་ཡིན་ཞེ་ན། ལུང་རྟོགས་ཀྱི་ལྷ་ཆོས་རྣལ་མ་ཞིག་རང་རྒྱུད་ལ་འབྱོར་བ་ལ། སྔོན་དུ་མཐུན་རྐྱེན་ཚོགས་བསགས་པ་དང་། འགལ་རྐྱེན་སྒྲིབ་པ་སྦྱངས་ཏེ། རྟོགས་པ་ཡ་ཚད་པ་ཞིག་སེམས་རྒྱུད་དུ་སྐྱེས་རུང་རུང་བྱ་བ་ཡིན། དཔེར་ན། ཞིང་ས་ལྟ་བུར་མཚོན་ན་ལོ་ཏོག་སྐྱེ་བ་ལ། མཐུན་རྐྱེན་ཆུ་ལུད་དྲོད་གཤེར་དང་། འགལ་རྐྱེན་ལྡུམ་ཡུག་རྡོ་གསེག་སོགས་བསལ་ཏེ། ས་བོན་ཅི་བཏབ་སྐྱེ་རུང་བའི་ཞིང་ས་གཤིན་པོར་བཟོས་པ་དང་གཅིག་མཚུངས་ཡིན། ཡང་དཔེ་གཞན་ཞིག་གི་སྟེང་ནས་བཤད་ན། མཁར་རྫོང་བརྟན་པོ་ཞིག་བཟོ་བ་ལ། རྨང་བརྟན་པོ་འདིང་བ་དང་འདྲ། རྨང་གཞི་བརྟན་པོ་ཞིག་མེད་ན་འཁྱག་ཐོག་ཏུ་མཁར་བརྩིགས་པ་ལྟར། དཔྱིད་ཀར་དྲོད་བབས་ཚེ་ཆུ་ནང་དུ་ནུབ་སྟེ་འགྲོ་བ་བཞིན། རྟོགས་པ་ཞིག་སྐྱེས་ལོ་བྱས་ཀྱང་རྐྱེན་དང་འཕྲད་ཚེ་གར་སོང་ཆ་མེད་དུ་འགྲོ་བ་ཡིན། དེ་བས་སྔོན་བྱོན་དམ་པ་རྣམས་ཀྱིས་ཆོས་ཀྱི་གནད་འདི་མཁྱེན་ནས། ཉིན་ལས་ཉིན་ཐུང་བ་དང་མཚན་ལས་མཚན་ཐུང་བའི་སྔོན་འགྲོ་ལ་འབད་པའི་རྣམ་ཐར་འདི་བྱུང་བ་ཡིན། དེས་ན་སྔོན་འགྲོ་གཏོང་ཚུལ་ལ་གྲུབ་མཐའ་ཁག་གིས་གྲངས་དང་གཏོང་ཚུལ་གྱི་ཕྱག་ལེན་མང་ནའང་། འདིར་དགེ་ལུགས་པའི་སྔོན་འགྲོ་ཁྲིད་ཆེན་བཞི་ཞེས་གྲགས་པ་ནི། གུང་ཐང་བསྟན་པའི་སྒྲོན་མེས། བླ་མ་གོང་མ་རྣམས་གདམས་པ་ཟབ་མོ་ཕལ་ཆེར་ཉམས་སུ་ལེན་པའི་སྔོན་འགྲོ་ལ། ༡ བསྟན་པ་སྤྱིའི་འཇུག་སྒོ་སྐྱབས་འགྲོ་དང་། ཐེག་ཆེན་ལམ་གྱི་འཇུག་སྒོ་སེམས་བསྐྱེད་ཕྱོགས་གཅིག་ཏུ་བསྡོམས་པ་སྐྱབས་འགྲོ་སེམས་བསྐྱེད་ཀྱི་ཁྲིད། ༢ སྡིག་པ་སྦྱོང་བ་རྡོར་སེམས་སྒོམ་བཟླས་ཀྱི་ཁྲིད། ༣ ཚོགས་གསོག་པ་མཎྜལ་གྱི་ཁྲིད། ༤ བྱིན་རླབས་འཇུག་པ་བླ་མའི་རྣལ་འབྱོར་གྱི་ཁྲིད་བཞི་ལ་སྔོན་འགྲོ་ཁྲིད་ཆེན་བཞི་འམ། སྔོན་འགྲོ་འབྲེལ་བ་ཅན་བཞིར་གྲགས་ཞེས་གསུངས་པའི་སྟེང་། ༥ དམ་ཚིག་རྡོ་རྗེ་བཟླས་པ། ༦ ཟ་བྱེད་མཁའ་འགྲོའི་སྦྱིན་སྲེག ༧ མཆོད་པ་ཕུལ་བ། ༨ བསྐོར་བ་བྱེད་པ། ༩ ཕྱག་འཚལ་བ། ༡༠ སཙྪ་འདེབས་པ་སོགས་བསྣན་ན་སྔོན་འགྲོ་ཁྲིད་ཆེན་བཅུ་ཞེས་གྲངས་བཅད་ཡོད་དོ། །རང་རང་གི་འཇོན་ནུས་དང་བསྟུན་ཏེ་སྔོན་འགྲོ་ཁྲིད་ཆེན་བཞི་འམ་བཅུ་བསྒྲུབས་ན། དལ་འབྱོར་དོན་ལྡན་དུ་འགྱུར་ལ། ཁྱད་པར་དུ་འཇིགས་བྱེད་བསྙེན་ཆེན་སོགས་བཞུགས་པའི་སྔོན་འགྲོ་སོགས་ལ། ཁྲིད་ཆེན་བཅུ་བོ་ངེས་པར་དུ་བསྒྲུབ་དགོས་སོ། །

སྐྱབས་སེམས་དཀྱུས་གཅིག་ཏུ་བཤད་པ།

བསྟན་པའི་འཇུག་སྒོ་སྐྱབས་འགྲོ།

༡ སྐྱབས་འགྲོའི་རྒྱུ། ༡ དེ་ཡང་བསྟན་པའི་འཇུག་སྒོ་སྐྱབས་འགྲོ་ཡིན་ལ། ཐོག་མར་སྐྱབས་འགྲོའི་རྒྱུ་ནི་འཇིགས་དད་གཉིས་ཡིན་པས། འཇིགས་པ་མ་ཡོང་ན་སྒྲོལ་མ་མི་དྲན་ཟེར་བ་ལྟར། རང་ཉིད་བྱེས་སུ་འགྲོ་བའི་ལམ་འགག་ཅིག་ལ་བགྲོད་པའི་ཚེ། ལམ་བར་ཞིག་ན་མི་ཤ་ཡོད་པའི་ལག་དམར་ཞིག་གིས་སྒུག་འདུག་པ་གོ་ན། ཤེས་པ་འཚུབ་ལང་ངེ་། ཡིད་སེམས་འཇིགས་ཡེར་རེ་སོང་ནས། སྐྱེལ་མ་དཔའ་བོ་ཞིག་ལ་བློ་སྙིང་ལིངས་ཀྱིས་གཏད་དེ། ངའི་ལེགས་ཉེས་སྐྱིད་སྡུག་ཁྱེད་མཁྱེན་ཟེར་ནས་བགྲོད་པ་བཞིན། རང་ཉིད་ཤི་ན་གསོན་ན། སྐྱིད་ན་སྡུག་ན། ལེགས་ན་ཉེས་ན། མཐོ་ན་དམའ་ན། འཁོར་བ་དང་ངན་སོང་གི་འཇིགས་པ་ཐམས་ཅད་ལས་སྒྲོལ་བ་ལ་བླ་མ་དཀོན་མཆོག་ཁྱེད་མཁྱེན་སྙམ་ནས་བློ་སྙིང་ཆུས་བཤལ་འདྲ་ཞིག་བྱས་ཏེ། བྱིས་པ་བསམ་མ་ཤེས་པ་ཞིག་གིས་རང་གི་མ་ལ་བློ་རྩེ་གཏོད་པ་ལས་བརྒྱ་འགྱུར་གྱིས་བློ་སྙིང་བྲང་གསུམ་གཏོད་པ་ཞིག་དགོས་སོ། །

དད་པ་ཡང་། མདོར་ན་སྙིང་ཁོང་རུས་པའི་གཏིང་ནས་གནས་སྐབས་དང་མཐར་ཐུག་གི་སྐྱིད་སྡུག་ལེགས་ཉེས་ཐམས་ཅད། སྐྱིད་ན་སྡུག་ན། ཤི་ན་གསོན་ན་བསླུ་མེད་དཀོན་མཆོག་ཁྱེད་རྣམ་པ་མཁྱེན་སྙམ་སྟེ་བློ་སྙིང་བྲང་གསུམ་གཏོད་ཐུབ་པ་ལ་ཟེར།

༢ སྐྱབས་ཡུལ་ངོས་བཟུང་བ། འོ་ན། སྐྱབས་ཡུལ་གང་ཡིན་ཞེ་ན། སྐྱབས་འགྲོ་བདུན་ཅུ་བ་ལས། སངས་རྒྱས་ཆོས་དང་དགེ་འདུན་ནི། །ཐར་བ་འདོད་པ་རྣམས་ཀྱི་སྐྱབས། །ཞེས་པ་ལྟར། རང་ཅག་གིས་སྐྱབས་ཡུལ་དཀོན་མཆོག་རིན་པོ་ཆེ་རྣམ་གསུམ་ལ་བློ་གཏོད་པ་ལས། ཚངས་པ་དང་བརྒྱ་བྱིན། ཡུལ་ལྷ་གཞི་བདག་སོགས་སྐྱབས་སུ་བསྟེན་ན། འདམ་ནང་དུ་ལྷུང་བའི་མིས་འདམ་ནང་གི་མི་ལ་སྐྱོབ་པར་རེ་བ་བཅའ་བ་དང་མཚུངས།

འོ་ན་དཀོན་མཆོག་གསུམ་གྱིས་ང་ཚོ་ཇི་ལྟར་སྐྱོབ་པ་ཡིན་ཞེ་ན། སྟོན་པ་སངས་རྒྱས་ཀྱིས་ཆོས་སྒྲུབ་པའི་ཐབས་ལམ་སྟོན་པ་དང་། རང་ཅག་གིས་ཐབས་ལམ་དེ་ཉམས་སུ་བླངས་པས་སྐྱོབ་པ་ཡིན། དེ་ཉམས་སུ་ལེན་པ་ལ་དགེ་འདུན་གྱིས་གྲོགས་བྱེད་པ་ཡིན་པས། སངས་རྒྱས་སྐྱབས་སྟོན་པ་པོ། ཆོས་སྐྱབས་དངོས། དགེ་འདུན་སྐྱབས་སྒྲུབ་པའི་ཟླ་གྲོགས་ཟེར་རོ། །ཡང་དཔེར་ན། སངས་རྒྱས་སྨན་པ་དང་། ཆོས་སྨན། དགེ་འདུན་ནད་གཡོག་ལྟ་བུ་སྟེ། ནད་པས་དེ་གསུམ་ལ་རེ་བ་བཅོལ་ལུགས་མི་འདྲ་བ་གསུམ་འབྱུང་བ་ལྟར་རོ། །

༣ སྐྱབས་འགྲོ་སྒོམ་པའི་དམིགས་རིམ། སྐྱབས་འགྲོ་ཇི་ལྟར་ལག་ཏུ་བསྟར་ཚུལ་ནི། གནས་ཁང་བྱི་དོར་གཙང་སང་ངེ་བ་ཞིག་བྱས་ཏེ། ཆག་ཆག་ལེགས་པར་བཏབ། བདུག་སྤོས་བསུང་ཆིལ་ལེ་ཞིག་སྒྲོན་ཏེ། སྟེགས་བཟང་བོ་ལ་སྐུའི་རྟེན་སྐྱབས་འགྲོའི་ཚོགས་ཞིང་ཞིག་ཡོད་ན་རབ། མེད་ཀྱང་སངས་རྒྱས་བྱང་སེམས་ཀྱི་སྐུ་བརྙན་བྲིས་འབུར་ཅི་རིགས་དང་། གསུང་གི་རྟེན་ལ་ལམ་སྔགས། ཐུགས་ཀྱི་རྟེན་ལ་བྱང་ཆུབ་མཆོད་རྟེན་སོགས་གང་འཛོམས་བཞུགས་སུ་གསོལ། ཅི་འབྱོར་བའི་མཆོད་པ་གཡོ་མེད་ཅིང་བཀོད་པ་མཛེས་པར་བཤམས། བདེ་བའི་སྟན་ལ་སྤྱོད་ལམ་ཚུལ་མཐུན་གྱིས་འཁོད་དེ། རང་རྒྱུད་ལ་བརྟག་ནས། ག་རེ་བདག་ངན་སོང་ལས་འཁྱམས་འཁྱམས་ནས། ད་རེབ་ཙམ་ལ་རྙེད་དཀའ་ཞིང་དོན་ཆེ་བའི་མི་ལུས་རིན་པོ་ཆེ་ཞིག་འཐོབ་ཀྱང་། དོན་ལྡན་གྱི་སྙིང་བོ་ཅི་བླངས། ནམ་ཞིག་འཆི་བ་མི་རྟག་པ་བསམ་དབང་དྲན་དབང་མེད་པར་གནམ་ལྕགས་ཀྱི་ཐོག་བཞིན་ལྟར་རང་སྟེང་དུ་བབས་ན། དགེ་བ་བསགས་པ་མང་ངམ། སྡིག་པ་བསགས་པ་མང་། ཞེས་རང་གིས་རང་ལ་ཕྲ་མ་རྒྱོབ། རང་ལྟ་བུ་ལ་བསམ་ན་དགེ་བ་ནི་ཡུངས་དཀར་ལས་ཀྱང་ཉམ་ཆུང་། མི་དགེ་བ་ནི་རི་རབ་ལས་ཀྱང་དཔངས་མཐོ། དེས་ན་དབུགས་རྟ་རྔ་འདྲ་བོ་འདི་ཆད་དེ་ངན་སོང་ལས་སྐྱེས་ཚེ། དམྱལ་བར་ཚ་གྲང་། ཡི་དྭགས་བཀྲེས་སྐོམ། དུད་འགྲོར་བླུན་ཞིང་བཀོལ་སྤྱོད་སོགས་སྡུག་བསྔལ་བཟོད་གླགས་མེད་པ་མྱོང་དགོས་པར་མ་ཟད། ད་དུང་ལས་ངན་མ་ཟད་བར་དུ་ཐར་བའི་རེ་བ་མེད་པས། ཧོན་འཐོར་བ་ལྟ་བུ་འཇིགས་སྐྲག་ཅི་སྐྱེས་བྱ། དེས་ན་དེ་ལས་སྐྱབས་དང་སྐྱོབ་པ་དཔུང་གཉེན་མཐར་ཐུག་པ་ནི། དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ཁོ་ན་ཡིན་པས། ད་ལྟ་ཉིད་ནས་བློ་སྙིང་བྲང་གསུམ་དཀོན་མཆོག་ལ་གཏད་དེ་སྐྱབས་འགྲོ་རྣལ་མ་ཞིག་བྱ་སྙམ་ནས།

རང་གི་གཡས་སུ་ཕ། གཡོན་དུ་མ། མདུན་དུ་དགྲ་དང་བགེགས། རྒྱབ་ཏུ་གཉེན། མཐའ་འཁོར་དུ་རིགས་དྲུག་གི་འགྲོ་བ་རྣམས་ཀྱིས་བསྐོར་བ། དེ་དག་ཐམས་ཅད་ཀྱང་ཚེ་རབས་སྔོན་མ་རྣམས་སུ་རང་གི་མར་གྱུར་ཚེ། ད་ལྟའི་མ་བཞིན་དྲིན་མོ་ཆེ་ཤ་སྟག་ཡིན་ཚུལ་བསམ་ནས་སྙིང་རྗེ་དུངས་དུངས་པ་ཞིག་སྐྱེས་ཏེ། འདི་དག་ཐམས་ཅད་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་འདོད་ཀྱི་དགེ་སེམས་ཁྱད་པར་ཅན་གྱིས་ཀུན་ནས་བསླངས་ཏེ། སྐྱབས་འགྲོའི་ཚོགས་ཞིང་གསལ་གདབ་པ་ནི།

རང་གི་སྨིན་མཚམས་ཀྱི་དྲང་ཐད་དུ་སེང་ཆེན་བརྒྱད་ཀྱིས་བཏེགས་པའི་ཁྲི་སྟེང་དུ་པད་ཟླ་ཉི་མའི་དཀྱིལ་འཁོར་གྱི་གདན་ལ་ངོ་བོ་རང་གི་རྩ་བའི་བླ་མ་ཡིན་པ་ལ། རྣམ་པ་རྒྱལ་བ་ཤཱཀྱ་ཐུབ་པ་ཡིན་པར་གསལ་བཏབ། དེའི་ཐུགས་ཀར་རྒྱལ་བ་རྡོ་རྗེ་འཆང་། དེའི་ཐུགས་ཀར་ཧཱུཾ་ཡིག་སྔོན་པོ་འོད་ཟེར་འཕྲོ་བ། སྟོན་པའི་རྒྱབ་ངོས་ཀྱི་སྟེང་དུ་སེང་ཁྲི་པད་ཟླ་ཉི་མའི་གདན་ལ་རྒྱལ་བ་རྡོ་རྗེ་འཆང་ལ་ཉམས་ལེན་བྱིན་རླབས་བརྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར་བ། གཡས་སུ་རྗེ་བཙུན་བྱམས་པ་མགོན་པོ་ལ་རྒྱ་ཆེན་སྤྱོད་བརྒྱུད་ཀྱི་བླ་མ་རྣམས་ཀྱིས་བསྐོར་བ། གཡོན་དུ་རྗེ་བཙུན་འཇམ་དབྱངས་ལ་ཟབ་མོ་ལྟ་བརྒྱུད་ཀྱི་བླ་མ་རྣམས་ཀྱིས་བསྐོར་བ། མདུན་དུ་ཆོས་འབྲེལ་ཅན་གྱི་བླ་མ་རྣམས་ཀྱིས་བསྐོར་བ། དེ་དག་གི་མཐའ་འཁོར་དུ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་དཔའ་མོ་ཉན་རང་ཆོས་སྐྱོང་སོགས་ཀྱིས་བསྐོར་བ། དེ་སོ་སོའི་མདུན་ན་སྟེགས་མཐོན་པོ་ལ་རང་རང་གིས་གསུངས་པའི་འོད་ཀྱི་རང་བཞིན་ཅན་གྱི་པོ་ཏིའི་རང་སྒྲ་ལྷང་ལྷང་སྒྲོགས་པ། དེ་དག་གི་ཕྱི་ལོགས་སུ་ཁོར་ཡུག་མཛེས་ཤིང་སྡུག་པ་མཁོ་རྒུ་མ་ཚང་བ་མེད་པ། ཐམས་ཅད་ཀྱང་རང་ལ་དགྱེས་པའི་ཉམས་ཅན་དུ་བསམ་མོ། །

དེ་ནས་རང་དབུ་མཛད་ཀྱི་ཚུལ་དུ་སེམས་ཅན་ཐམས་ཅད་ཀྱི་མགྲིན་གཅིག་དབྱངས་གཅིག་གིས་སྐྱབས་འགྲོ་བཞི་སྐོར་འདོན་པར་བྱ་སྟེ། ཡབ་རྗེ་བླ་མའི་སྐྱབས་ཁྲིད་ལས། བདག་གི་དྲིན་ཅན་ཕ་མའི་ཐོག་དྲངས་ནས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་ད་ནས་བཟུང་སྟེ་བྱང་ཆུབ་སྙིང་བོ་ལ་མཆིས་ཀྱི་བར་དུ་བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །ཞེས་བརྒྱ་སྟོང་ཁྲི་འབུམ་བརྗོད། དམིགས་པ་ནི། སྐྱབས་ཡུལ་རྣམས་ལས་བདུད་རྩི་འོད་ཟེར་དང་བཅས་པ་བྱུང་ནས། རང་དང་སེམས་ཅན་ལ་ཐིམ། ཚེ་དང་བསོད་ནམས་ལུང་རྟོགས་ཀྱི་ཡོན་ཏན་སོགས་འཕེལ་ཞིང་རྒྱས། བླ་མ་མཆོག་གསུམ་གྱི་བྱིན་རླབས་ཞུགས། བདག་དང་མ་སེམས་ཅན་ཐམས་ཅད་འཁོར་བ་དང་ངན་སོང་གསུམ་གྱི་སྡུག་བསྔལ་ཐམས་ཅད་ལས་བསྐྱབས་བྱུང་སྙམ་པའི་མོས་པར་བྱའོ། །གསུངས་པ་ལྟར་རོ། །

ཐུན་བསྡུ་བའི་ཚེ། བླ་མ་ཐུབ་དབང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པ་ཚོགས་ཞིང་རྣམས་ལ་ཕོག་པས། ཐམས་ཅད་འོད་དུ་ཞུ་ནས་ཐུབ་དབང་ལ་ཐིམ། ཐུབ་དབང་རང་གི་སྨིན་མཚམས་སུ་ཐིམ་པས་རང་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་བྱའོ། །མཇུག་ཏུ་དགེ་བ་རྣམས་འདུན་པ་དྲག་པོས་བསྔོ་བར་བྱའོ། །

༤ བསླབ་པར་བྱ་བའི་རིམ་པ། བདག་ཉིད་དེ་རིང་ནས་དཀོན་མཆོག་གསུམ་གྱི་སྐྱབས་འོག་ཏུ་འཛུལ་ཟེར་བ་ཙམ་གྱིས་མི་ཆོག་པར། སྐྱབས་འགྲོའི་བསླབ་བྱ་བསྲུང་དགོས། མ་བསྲུང་ན། ཁ་སྟོང་ནང་གི་ཚིག་སྟོང་དང་། ཕྱག་སྟོང་ནང་གི་ཕྱག་རྒྱ་ལས་མ་འདས་པས། ཕན་ཡོན་ཕར་ཞོག ནང་བ་སངས་རྒྱས་པའི་གྲས་སུའང་མི་ཆུད་པས། སྐྱབས་འགྲོའི་བསླབ་བྱ་བརྗོད་པ་ལ། འདིར་ནང་ཚན་དགར་རྒྱུ་མང་ཡང་། ལས་དང་བོ་བར་རྟོགས་སླ་བའི་ཆེད་དུ་སྐྱབས་འགྲོའི་བསླབ་བྱ་ཉི་ཤུ་དཀྱུས་གཅིག་ཏུ་བཀོད་ན།

༡ དགེ་བའི་བཤེས་གཉེན་ལ་བརྟེན་པ། ༢ དམ་པའི་ཆོས་ལ་ཉན་པ། ༣ ཚུལ་བཞིན་ཡིད་ལ་བྱེད་པ། ༤ ཆོས་མཐུན་སྒྲུབ་པ་སྟེ་དགེ་འདུན་ལ་ཆོས་སྒྲུབ་པའི་ཟླ་གྲོགས་སུ་འཛིན་པ། ༥ མིག་རྣ་སོགས་དབང་བོ་ལྔ་བོ་ཉོན་མོངས་ལ་མི་ཕྱོགས་པར་ཞི་ཞིང་དུལ་བ། ༦ རང་གི་རྒྱུད་ཚོད་དང་བསྟུན་ཏེ་བསླབ་སྡོམ་ལེན་པ། ༧ སེམས་ཅན་གྲོག་སྦུར་ཚུན་ཆད་མི་བསོད་པར་སེམས་ཅན་ལ་སྙིང་བརྩེ་བ། ༨ རང་མཁོས་དང་བསྟུན་ནས་དཀོན་མཆོག་མཆོད་པ་ལ་བརྩོན་པ། ༩ སངས་རྒྱས་ལ་སྐྱབས་སུ་སོང་ནས་འཇིག་རྟེན་ཀྱི་ལྷ་འདྲེ་སོགས་ལ་སྐྱབས་མི་བཅོལ་བ། ༡༠ ཆོས་ལ་སྐྱབས་སུ་སོང་ནས་སེམས་ཅན་གཞན་ལ་གནོད་འཚེ་མི་བྱེདཔ། ༡༡ དགེ་འདུན་ལ་སྐྱབས་སུ་སོང་ནས་ཆོས་ལུགས་དང་ལྟ་བ་མི་མཐུན་པ་ལ་བློ་གཏད་མི་བྱ་བ། ༡༢ སངས་རྒྱས་ལ་སྐྱབས་སུ་སོང་ནས་སངས་རྒྱས་ཀྱི་སྐུ་གཟུགས་རྒྱུ་ཆ་ངན་པ་ས་འདམ་ལས་བྱས་པ་དང་། བཟོ་དབྱིབས་ངན་པ། ཞིག་རལ་ཏུ་གྱུར་བའི་སྐུ་གཟུགས་ཚུན་ཆད་ལ་སངས་རྒྱས་ཀྱི་འདུ་ཤེས་འཛིན་པ། ༡༣ ཆོས་ལ་སྐྱབས་སུ་སོང་བས་ཆོས་ཀྱི་ནང་དོན་ལྡན་པའི་ཡིག་འབྲུ་གཅིག་ཚུན་ཆད་ལའང་ཆོས་དཀོན་མཆོག་གི་འདུ་ཤེས་འཇོག་པ། ༡༤ དགེ་འདུན་ལ་སྐྱབས་སུ་སོང་བས་དགེ་འདུན་གྱི་རྟགས་ཙམ་འཛིན་པ་ཚུན་ཆད་ལ་མ་གུས་པ་སྤང་བ། ༡༥ མཆོག་གསུམ་གྱི་ཁྱད་པར་དང་ཡོན་ཏན་དྲན་ནས་ཡང་དང་ཡང་དུ་སྐྱབས་སུ་འགྲོ་བ། ༡༦ མཆོག་གསུམ་གྱི་བཀའ་དྲིན་དྲན་པས་རྟག་ཏུ་བཟའ་བཅའི་ཕུད་དབུལ་ཏེ་མཆོད་པ་ལ་བརྩོན་པ། ༡༧ ཐུགས་བརྩེ་བའི་སྒོ་ནས་འགྲོ་བ་གཞན་ཡང་སྐྱབས་འགྲོ་ལ་འགོད་པ། ༡༨ བྱ་ལས་གང་དང་དགོས་པ་ཅི་ཡོད་ཀྱང་དཀོན་མཆོག་ལ་མཆོད་ནས་གསོལ་བ་འདེབས་ཤིང་འཇིག་རྟེན་གྱི་ཐབས་གཞན་སྤོང་བ། ༡༩ སྔར་བཤད་པའི་སྐྱབས་འགྲོའི་ཕན་ཡོན་རྣམས་བསམས་ཏེ་ཉིན་མཚན་དུས་དྲུག་ཏུ་སྐྱབས་སུ་འགྲོ་བ། ༢༠ བཞད་གད་ཀྱི་ཕྱིར་རམ་སྲོག་གི་ཕྱིར་ཡང་དཀོན་མཆོག་གསུམ་མི་གཏང་བའོ། །རང་ཉིད་ནང་བར་ཚུད་མི་ཚུད་ནི། མཐར་གཏུགས་ན་བསླབ་བྱ་ཉི་ཤུ་བོ་འདི་རང་རྒྱུད་ན་ཡོད་མེད་ལ་ཐུག་འདུག་སྟེ། དེ་མིན། གླ་བྲག་ནང་དུ་བཞག་ནས། གླ་རྩི་རྒྱ་ནང་དུ་གཏམས་པ་དང་འདྲའོ། །

༥ སྐྱབས་སུ་སོང་བའི་ཕན་ཡོན། སྐྱབས་འགྲོའི་ཕན་ཡོན་ལ། ལམ་རིམ་ཆེན་མོར། བསྡུ་བ་ལས་བྱུང་བ་བརྒྱད་དང་། མན་ངག་ལས་འབྱུང་བ་བརྒྱད་གསུངས་ཀྱང་། འདིར་མན་ངག་ལས་འབྱུང་བ་བརྒྱད་བཤད་ན།

༡ ནང་བ་སངས་རྒྱས་པར་ཆུད་པ་ནི། སྙིང་ཁོང་རུས་པའི་གཏིང་ནས་མཆོག་གསུམ་ལ་བློ་སྙིང་གཏོད་པ་ཞིག་མ་བྱུང་ན། ཡབ་རྗེ་བླ་མས། ཁེ་རྒྱལ་ཁ་ཙམ་གྱི་དོན་ཆེད་དུ། །ཕ་བླ་མ་དཀོན་མཆོག་ཀུན་འདོར་ཡང་། །མིག་ཟིམ་ཟིམ་སྐྱབས་འགྲོ་གསོལ་འདེབས་པ། །བློས་དཔྱད་ཚེ་གད་མོ་འཆོར་བའི་རྒྱུ། །གསུངས་པ་ལྟར། རྒྱུད་ན་སྐྱབས་འགྲོ་མེད་ན། བཀའ་རབ་འབྱམས་པར་ཐོས་བསམ་གྱིས་སྒྲོ་འདོགས་བཅད་ཀྱང་རུང་། བསྐྱེད་རྫོགས་སྒོམ་ཁུལ་བྱས་ཏེ་ས་ལ་འཛུལ་ཞིང་གནམ་དུ་འཕུར་ཀྱང་རུང། ནང་བ་སངས་རྒྱས་ཀྱི་གྲས་སུ་མི་ཚུད་པས། བཀའ་གདམས་གོང་མས། གནས་བརྟན་ཞལ་མར་གཟིགས་ཅིག་འདུག་པ་ལ། ད་དུང་ནང་བ་སངས་རྒྱས་ཀྱི་གྲས་སུ་ཚུད་མེད་པའང་མང་། གསུངས་པས། དམ་ཆོས་རྣལ་མ་ཞིག་བསྒྲུབ་རྒྱུ་ཡིན་ཕྱིན། ཐོག་མར་བསྟན་པའི་འཇུག་སྒོ་སྐྱབས་འགྲོ་གནད་དུ་ཁེལ་བ་ཞིག་རང་རྒྱུད་ལས་སྐྱེས་པ་གལ་ཆེའོ། །

༢ སྡོམ་པ་ཐམས་ཅད་ཀྱི་རྟེན་དུ་གྱུར་བ་ནི། སྐྱབས་འགྲོ་བདུན་ཅུ་བ་ལས། སྡོམ་པ་ཀུན་ལ་ཡོད་མོད་ཀྱང་། །སྐྱབས་སུ་མ་སོང་བ་ལ་མེད། །ཅེས་པ་ལྟར། སོ་ཐར་དང་བྱང་སེམས། གསང་བ་སྔགས་ཀྱི་སྡོམ་པ་གང་ཡིན་ཀྱང་སྐྱབས་འགྲོའི་རྟེན་གཞི་མེད་ན། རྒྱ་མཚོ་ལ་ཁ་བ་བབས་པ་བཞིན་རྟེན་མེད་དུ་གྱུར་ནས། ཐ་ན་ཉིན་གཅིག་ལ་གསོ་སྦྱོང་ཞིག་ལེན་པའམ། ཁ་ཏོན་ཅིག་འདོན་པ། ཆོ་ག་ཞིག་གྱེར་བ་ཚུན་ཆད་ལའང་སྐྱབས་འགྲོའི་རྨང་གཞི་དགོས་སོ། །

༣ སྔར་བསགས་པའི་ལས་སྒྲིབ་བསྲབས་ཤིང་འཛད་པ་ནི། རྒྱལ་བོ་མ་སྐྱེས་དགྲས་ལྷས་བྱིན་གྱི་ཁ་ལ་ཉན་ཏེ་རང་གི་ཕ་གཟུགས་ཅན་སྙིང་བོ་བསད་པ་དང་། སྟོན་པ་དང་དགེ་འདུན་ལ་མི་འོས་པའི་ལས་ངན་ཚབས་པོ་མང་དུ་བྱས་པས། ཚེ་སྨད་ལ་འབྲུམ་བུ་མེ་དབལ་ནག་པོའི་ནད་བྱུང་ནས། ཁོ་འུ་ཐུག་ཐབས་ཟད་དེ་འཕགས་པ་འཆར་ཀ་སྤྱན་དྲངས་པས། འཆར་ཀས་རྒྱལ་བོ་ཆེན་པོ་རང་གིས་ནུས་ན་སངས་རྒྱས་ལ་ཕྱག་གསུམ་འཚལ་ཏེ་སྐྱབས་སུ་སོང་ཞིག ཅེས་གདམས་པས། མ་སྐྱེས་དགྲས་ཁོ་བྲན་གཡོག་རྣམས་ལ་སློང་བཅུག་པས། ལག་པ་སོགས་གང་ལས་འཐེན་པ་དེ་ནས་ཤ་ཐམས་ཅད་བུལ་འགྲོ་བའི་སྡུག་བསྔལ་བྱུང་ཡང་། བསྲན་ཚུགས་ཏེ་ཕྱག་གསུམ་འཚལ་ནས་སངས་རྒྱས་ཁོ་ནར་སྐྱབས་སུ་སོང་བས། སྔོན་བསགས་ཀྱི་ལས་ངན་ཐམས་ཅད་ཟད་ནས་དགྲ་བཅོམ་འཐོབ་པ་ཡིན། རྒྱལ་བོ་འདི་སྐུ་ཚེ་གཅིག་ལ་མིང་གསུམ་ཐོགས་པ་ཡིན་ཏེ། དང་བོ་རྒྱལ་བོ་མ་སྐྱེས་དགྲ། བར་དུ་སྡིག་ཅན་མ་སྐྱེས་དགྲ། ཐ་མར་དགྲ་བཅོམ་མ་སྐྱེས་དགྲ་ཟེར་རོ། །

ཡང་བདུད་ལྷས་བྱིན་གྱིས་མི་ཚེ་གང་བོ་སངས་རྒྱས་ལ་འགྲན་ཟླ་དང་། མཚམས་མེད་ཀྱི་ལས་སོགས་ལོག་ལྟ་དང་མི་དགེ་བ་བགྲང་ལས་འདས་པ་བསགས་ཏེ། ས་གས་ནས་དམྱལ་བའི་མེ་འཕྱུར་ཏེ་གསོན་སྲེག་མཛད་སྐབས། སངས་རྒྱས་ཀྱི་གསུང་ལ་ཡིད་ཆེས་ནས། ད་ནི་རུས་པའི་གཏིང་ནས་སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཞེས་བརྗོད་པས་མ་འོངས་པ་ན་སངས་རྒྱས་རུས་པ་ཅན་བྱ་བར་འགྱུར་བར་ལུང་བསྟན་པ་དང་།

ཡང་ཞབས་དཀར་བས། སྔོན་དབུས་ཕྱོགས་ཀྱི་བླ་མ་ཞིག་རྒྱལ་གདོན་གྱིས་ན་བའི་རྐྱེན་བྱས། ཐུགས་དམ་གྱི་གཙོ་བོ་དམིགས་བརྩེ་མ་ལ་བྱས་པས་རྒྱལ་ནད་དྲག མཚན་མོ་རྨི་ལམ་ཞིག་ཏུ། རྗེ་རིན་པོ་ཆེར་མཇལ། ཁྱོད་ལོ་འདི་ལྟ་བུ་ཞིག་ལ་དགའ་ལྡན་དུ་འོང་དགོས་གསུངས་པ་རྨིས་པ་སློབ་མ་འགའ་རེར་བཤད། ཕྱིས་ལོ་དེའི་ནང་ལ་སྐུ་གཤེགས། གདུང་བཞུ་བའི་དུས། སྟེང་ཕྱོགས་ནས་སྤྲིན་དཀར་བོ་ཞིག་གདུང་སྟེང་དུ་འཐེན། གདུང་བཞུས་པས་རྒལ་ཚིགས་ཀྱི་རུས་པ་སོགས་ཀྱི་སྟེང་དུ། དམིགས་བརྩེ་མའི་ཡི་གེ་རང་བྱོན་དུ་བྱུང་སྐད་གསུངས་པ་ལྟ་བུའོ། །

༤ བསོད་ནམས་རྒྱ་ཆེན་པོ་འཐོབ་པ་ནི། དྲི་མ་མེད་པའི་མདོ་ལས། སྐྱབས་སུ་སོང་བའི་བསོད་ནམས་གང་། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་ནས། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་གསུངས་པ་ལྟར། སྔོན་རྫ་མཁན་ཁྱེའུ་སྣང་བྱེད་བྱ་བ་བསོད་ནམས་དམན་པའི་དབང་གིས། རྫ་གང་བཟོས་པ་མྱུར་དུ་ཆག་པའམ། ཉོ་མཁན་མ་རྙེད་པས། ཐབས་རྡུགས་ཏེ་སངས་རྒྱས་ལ་ཞུས་པས། རེ་ཞིག་ཁྱེད་ཀྱིས་རྫ་བཟོ་རྒྱུ་བསྐྱུར་ལ། རྒྱལ་བྱེད་ཚལ་དུ་ཕྱགས་དར་དང་། མཆོག་གསུམ་ལ་སྐྱབས་འགྲོ་གྱིས་ཤིག་ཅེས་གདམས་པས། རྗེས་སུ་ཁོ་རང་ཕྱུག་པོར་ཆགས་ཏེ། སྟོན་པ་ཐུགས་རྗེ་ཅན་གྱི་བཀའ་དྲིན་དྲན་ནས། སངས་རྒྱས་ལ་གདུགས་ཚོད་མ་ཆག་པར་དྲངས་ཤིང་། དུས་གསུམ་གསུམ་དུ་དགེ་འདུན་ལ་ན་བཟའ་ཕུལ་བའི་སྦྱིན་བདག་ཆེན་པོ་ཞིག་ཏུ་གྱུར་བ་དང་། ཡང་དགེ་བཤེས་སྤྱན་སྔ་བ་མི་སྐྱའི་དུས་གསེར་ཁར་ལན་གཉིས་ཕྱིན་ཀྱང་རེས་གཅིག་ཡེ་མི་རྙེད། ཐང་གཅིག་བཞི་ཙམ་རྙེད། ཕྱིས་གློ་སྙིང་བྲང་གསུམ་དཀོན་མཆོག་ལ་གཏད་ཅིང་ལམ་རིམ་བསྒོམས་པས་མཐོང་ཆོས་སུ་བསོད་ནམས་མངོན་དུ་གྱུར་ཏེ། གསེར་ཡང་སྲང་བདུན་སྟོང་སྦྱིན་པ་བཏང་བ་ལྟ་བུའོ། །ཚུལ་འདི་ལ་དགོངས་ནས་པོ་ཏོ་བའི་ཞལ་ལས། ཡུང་བའི་དགེ་བཤེས་ཤཱཀྱ་ཡོན་ཏན་གྱིས་དཀོན་མཆོག་གསུམ་ལ་བློ་བཀལ་ནས་ཆོས་ཉམས་སུ་བཞེས་པས། ད་ལྟ་ཡུང་བ་ཙམ་ན་ཁོང་ལ་བདེ་སྐྱིད་ཆེ། གསུངས་པ་ལྟར་རོ། །

༥ ངན་འགྲོར་མི་ལྟུང་བ་ནི། སྔོན་ལྷ་ཞིག་འཆི་ལྟས་ཀྱིས་ཐེབས་ཏེ་ཞག་བདུན་ནས་ཕག་ཏུ་སྐྱེས་པར་མཐོང་བས་སྨེ་སྔགས་བཏོན་པ་ན། བརྒྱ་བྱིན་གྱིས་བྱིན་གྱིས་བརླབས་ཏེ་སངས་རྒྱས་ལ་སྐྱབས་སུ་འགྲོར་བཅུག་པས། དགའ་ལྡན་གྱི་ལྷའི་རིས་སུ་སྐྱེས་པ་དང་། ཡང་རྒྱ་གར་དུ་གནས་བརྟན་ཞིག་ལ་ཕམ་པ་བྱུང་བས། ཁོ་འགྱོད་དེ་སྐྱབས་འགྲོ་ཁོ་ན་བྱེད་བཞིན་པའི་འཕྲོར་ཚེ་འཕོས། ཤི་མ་ཐག་དམྱལ་བར་སྐྱེས་ཏེ་གཤིན་རྗེ་ལས་མཁན་རྣམས་ཀྱིས་སོད་སོད་རྒྱོབ་རྒྱོབ་ཀྱིས་འཇིགས་སྣང་བསྐུལ་བས། ཁོ་ཤིན་ཏུ་སྐྲག་ཏེ་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་ཚེ། ལས་མཁན་དག་གིས་མཚོན་རུབ་བྱས་ནས་བསད་པས། དམྱལ་བའི་སྡུག་བསྔལ་ཡུད་ཙམ་པ་དེ་ལས་མ་མྱང་བར་སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེས་པ་ལྟ་བུའོ། །

༦ མི་དང་མི་མིན་གྱི་བར་ཆད་ཀྱིས་མི་ཚུགས་པ་ནི། རྒྱ་གར་དུ་མི་ཞིག་ལ་རྒྱལ་བོའི་ཁྲིམས་ཆད་ཕོག་པས་དུར་ཁྲོད་དུ་བོར། དེར་བསྐྱལ་ཚད་ཀྱི་ཤ་ཟས་སུ་ཟ་བ་ལ། ཁོས་དགེ་འདུན་གྱི་ཚུལ་བུ་ཞིག་སྤྱི་བོར་བཞག་ནས་སྐྱབས་འགྲོ་བྱས་པས། གནོད་པས་མ་ཚུགས་པ་དང་། ཡང་སྔོན་མི་ཞིག་དྲེད་ཀྱིས་བཟུང་ནས་ཤི་ལ་ཁད་དུ་གཏུགས། ཕྱིས་བླ་མ་ཞིག་གིས་ཁོ་ལ་སྐྱབས་འགྲོའི་མན་ངག་བསྟན་པས། ཡང་བསྐྱར་དྲེད་དང་ཐུག་སྐབས། ཁོས་སྐྱབས་འགྲོ་བྱས་པས། དྲེད་ཀྱིས་སྣས་སྣོམ་ཙམ་བྱ་བ་ལ་མིའི་དྲི་ཙམ་མ་ཚོར་བར་སོང་བ་དང་། ཡང་དགེ་སློང་ཞིག་གི་གྲྭ་ཤག་ཏུ་རྐུན་མ་འཛུལ་བ་བཟུང་སྟེ། དཀོན་མཆོག་གསུམ་གྱི་མཚན་ནས་སྒྲོགས་ཏེ་དབྱུག་པས་ལན་གསུམ་བཞུས་པས། དེ་བྲོས་ཏེ་མི་མ་ཡིན་རྒྱུ་བའི་ཟམ་འོག་ཅིག་ནས་དེ་བསྐྱར་གྱིན། དེ་གསུམ་ལས་མེད་པ་ལེགས། དེ་ལས་མང་ན་ཁོ་བོ་གསོད་འདུག་ཅེས་ཆིག་ལབ་བརྒྱབ་པས། དེའི་ནུབ་མོར་ཟམ་སྟེང་དུ་མི་མ་ཡིན་འགྲོ་མ་ཐུབ་པར་བཤད་དོ། །

༧ ཅི་བསམ་པ་ཐམས་ཅད་འགྲུབ་པ་ནི། བོད་དུ་ནང་ཆོས་མ་དར་བའི་སྔོན་དུ། རང་སངས་རྒྱས་གསུམ་བྱོན་ནས་སྐྱབས་འགྲོ་ཁོ་ན་མཛད་དེ། མཐའ་འཁོབ་འདིར་རྒྱལ་བསྟན་དར་བའི་རྟེན་འབྲེལ་བསྒྲིགས། དེ་དུས་སོ་སོའི་རྫུ་འཕྲུལ་སྟོན་པར་དགོངས་ནས། མཛུབ་མོ་རི་འབིག་གིས། རི་བོ་མཛུབ་མོས་ཕིག་པས། ཀུན་ཡ་མཚར་ནས་རྒྱུ་མཚན་དྲིས་པས། སངས་རྒྱས་ལ་སྐྱབས་སུ་སོང་བའི་ནུས་མཐུ་ཡིན་གསུངས། རྦབ་སོ་འཛིན་གྱིས། རྦབ་ཆེན་པོ་འགྲིལ་བ་སོས་བཟུང་བས། ཅི་ཡིན་ཞུས་པས། ཆོས་ལ་སྐྱབས་སུ་སོང་བའི་ནུས་མཐུ་ཡིན་གསུངས། དཔུང་བ་རི་འགུལ་གྱིས། དཔུང་ཤེད་ཀྱིས་རི་ཆེན་པོ་སྒུལ་བས། ཅི་ཡིན་ཞུས་པས། དགེ་འདུན་ལ་སྐྱབས་སུ་སོང་བའི་ནུས་མཐུ་ཡིན་གསུངས་པ་ལྟར་དང་། ཡང་བཞི་བརྒྱ་བ་ལས། བསམ་པ་བཟང་བོས་མཆིལ་ལྷམ་ཞིག། ཐུབ་པའི་དབུ་ལ་བཞག་པ་དང་། །གཞན་གྱིས་དེ་ཉིད་བསལ་བྱས་པ། །གཉིས་ཀས་རྒྱལ་སྲིད་འཐོབ་པར་འགྱུར། །ཞེས་པ་ལྟར། སྔོན་ལམ་ཁ་ཞིག་ན་སཙྪ་ཞིག་ཡོད་པ་མི་ཞིག་གིས་མཐོང་བས། འདི་ནི་ཆར་བའི་མྱུར་དུ་འཇིག་ཉེན་ཆེ་བསམ་ནས། ལོགས་སུ་ལྷམ་ཀྲད་ཞིག་ཡོད་པ་སྟེང་དུ་བཀབ་པ་དང་། གཞན་ཞིག་གིས། ཨ་ཙ་མ། སཙྪའི་སྟེང་དུ་མི་གཙང་བའི་ལྷམ་ཀྲད་བཀབ་པ་མ་ལེགས་སོ་ཟེར་ནས། དེ་མ་ཐག་དོར་བས། ལྷམ་འགེབས་པ་པོ་དང་འདོར་བ་བོ་གཉིས་ཀའི་བསམ་པ་བཟང་བས། གནས་སྐབས་རྒྱལ་སྲིད་སོགས་མངོན་མཐོ་འཐོབ་ཅིང་། མཐར་ཐུག་ཐར་བའི་ས་བོན་ཐེབས་པ་ཡིན་ནོ། །

༨ མྱུར་དུ་འཚང་རྒྱ་བའི་ཕན་ཡོན་ནི། དམ་ཆོས་པད་དཀར་ལས། བདེར་གཤེགས་སྐུ་གཟུགས་རྩིག་ངོར་བྲིས་པ་ལ། །འཁྲུགས་བཞིན་པ་ཡི་སེམས་ཀྱིས་བལྟས་ན་ཡང་། །དེ་དག་རིམ་གྱིས་སངས་རྒྱས་བྱེ་བ་མཐོང་། །གཡེང་བའི་སེམས་ཀྱིས་སངས་རྒྱས་ཕྱག་འཚལ་ཞེས། །ཚིགས་གཅིག་ལན་འགའ་བརྗོད་པར་བྱས་ནའང་། །དེ་དག་ཀུན་གྱིས་བྱང་ཆུབ་མཆོག་འདི་འཐོབ། །གསུངས་པ་ལྟར་རོ། །

ཐེག་ཆེན་གྱི་འཇུག་སྒོ་སེམས་བསྐྱེད།

༡ བྱང་ཆུབ་ཀྱི་སེམས་བསྐྱེད་དགོས་པ། ཇོ་བོ་ཆེན་པོ་རྡོ་རྗེ་གདན་ལ་བསྐོར་བ་མཛད་ནས། ཇི་ལྟར་བྱས་ན་མྱུར་དུ་རྫོགས་པའི་བྱང་ཆུབ་འཐོབ་སྙམ་དུ་དགོངས་པ་ན། སྐུ་གཟུགས་ཆུང་བ་རྣམས་བཞེངས་ནས་ཆེ་བ་རྣམས་ལ། མྱུར་དུ་འཚང་རྒྱ་བར་འདོད་པས་གང་ལ་བསླབ་པར་བྱ་ཞེས་དྲིས་པ་ན། བྱང་ཆུབ་ཀྱི་སེམས་ལ་བསླབ་པར་བྱའོ། །ཞེས་གསུངས་པ་ལྟར། བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་མཛོད་ལས་གཅེས་ནོར་དཀར་བོ་ཆིག་ཐུབ་ལྟ་བུ་ཡིན། བྱང་ཆུབ་སེམས་ཀྱིས་རྩིས་མ་ཟིན་ན། རྩ་རླུང་སྒོམ་པ་དང་སྦུད་པ་རླུང་གིས་འགེངས་པ་ལ་ཁྱད་མེད། བསྐྱེད་རྫོགས་ཀྱི་བཟོ་འདྲ་བོ་བསྒོམས་ཀྱང་། དེ་མུ་སྟེགས་པ་ལའང་ཡོད། དེ་བས་དགེ་བཤེས་སྟོན་པ་ལ་རྣལ་འབྱོར་བ་ཆེན་པོས། ཁོ་བོ་ལ་རླུང་མཉམ་འཇུག་ལ་སོགས་པའི་ཏིང་ངེ་འཛིན་འདི་དང་འདི་ཡོད་བྱས་པས། ཁྱོད་ལ་རྣ་རྩར་རྔ་བོ་ཆེ་བརྡུངས་ཀྱང་མི་ཤིགས་པའི་སྒོམ་ཡོད་ཀྱང་། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་མེད་ན། ཉིན་མཚན་དུ་བཤགས་པ་བྱ་དགོས་པའི་སར་སྐྱེས་པ་ཡིན་ནོ་གསུངས། ཚུལ་འདི་ལ་དགོངས་ནས། སྤྱོད་འཇུག་ལས། བསྐལ་བ་དུ་མར་རབ་དགོངས་མཛད་པ་ཡི། །ཐུབ་དབང་རྣམས་ཀྱིས་འདི་ཉིད་ཕན་པར་གཟིགས། །གསུངས་སོ། །

༢ སེམས་དེ་སྦྱངས་པའི་རིམ་པ། བྱང་ཆུབ་ཀྱི་སེམས་སྦྱངས་ལུགས་ལ་གཉིས་ཏེ། ཇོ་བོ་རྗེ་ནས་བརྒྱུད་པའི་རྒྱུ་འབྲས་མན་ངག་བདུན་མ་དང་། ཞི་བ་ལྷའི་གཞུང་ལས་འབྱུང་བའི་བདག་གཞན་མཉམ་བརྗེས་སོ། །ལས་དང་བོ་བར་རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་བློ་སྦྱངས་ན་སྐྱེས་ཚབས་ཆེ་བས་འདི་ལྟར། ཐོག་མར་དགྲ་གཉེན་བར་མའི་སེམས་ཅན་ཐམས་ཅད་ལ་བཏང་སྙོམས་སྒོམ། དེ་ནས་མར་ཤེས། དྲིན་དྲན། དྲིན་གཟོ། ཡིད་འོང་གི་བྱམས་པ། སྙིང་རྗེ་ཆེན་པོ། ལྷག་བསམ་རྣམ་དག་བཅས་བསྒོམས་དགོས་ལ། དང་བོ་བཏང་སྙོམས་ནས་ཡིད་འོང་གི་བྱམས་པའི་བར་ལྔ་བོ་ནི་རྒྱུ་དང་། རྒྱུ་དེ་ལ་བརྟེན་ནས་འབྲས་བུ་སྙིང་རྗེ་ཆེན་པོ་དང་ལྷག་བསམ་རྣམ་དག་གཉིས་འབྱུང་ཞིང་། དེ་ལ་བརྟེན་ནས་བྱང་ཆུབ་ཀྱི་སེམས་འབྱུང་བའི་རྒྱུ་མཚན་གྱིས་རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཚུལ་ཞེས་བརྗོད་དོ། །

༣ སེམས་བསྐྱེད་ཀྱི་དབྱེ་བ། བློ་སྟོབས་ཀྱི་སྒོ་ནས་དབྱེ་ན་གསུམ་ཡོད། དེ་ཡང་རྒྱལ་བོ་རྣམས་ཕས་རྒོལ་ཟིལ་མནོན་དང་རང་སྡེ་དཔུང་བསྟོད་ཀྱིས། ཐོག་མར་རང་ཉིད་རྒྱལ་བོར་བཞུགས་ཏེ་མངའ་རིས་སྐྱོང་བ་བཞིན་དུ། ཐོག་མར་རང་ཉིད་སངས་རྒྱས་ཀྱི་གོ་འཕང་བརྙེས་ཏེ། ཕྱིས་སུ་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་འགོད་པ་ནི་རྒྱལ་བོ་ལྟ་བུའི་སེམས་བསྐྱེད་དེ་བློ་སྟོབས་ཞན་པ་ཡིན། དཔེར་ན། སངས་རྒྱས་ཤཱཀྱ་ཐུབ་པ་ལྟ་བུ་ཡིན།

མཉན་པ་རྣམས་རང་ཉིད་གྲུ་བོ་ཆེར་ཁ་ལོར་བསྒྱུར་ཏེ་མགྲོན་པོ་རྣམས་དང་མཉམ་དུ་ཆུའི་ཕ་རོལ་ཏུ་སྒྲོལ་བ་ལྟར། རང་གཞན་ཐམས་ཅད་ལྷན་ཅིག་ཏུ་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པ་ནི། མཉན་པ་འམ་གྲུ་བ་ལྟ་བུའི་སེམས་བསྐྱེད་པ་དེ། བློ་སྟོབས་འབྲིང་ཡིན་ལ། དཔེར་ན། རྗེ་བཙུན་བྱམས་པ་ལྟ་བུའི་སེམས་བསྐྱེད་ཡིན།

ཕྱུགས་རྫི་རྣམས་རྩྭ་ཆུ་གང་བཟང་དུ་ནོར་ལུག་རྣམས་སྔོན་དུ་དེད་ནས་རང་ཉིད་ཕྱི་བཞིན་དུ་འབྲངས་པ་ལྟར། སྔོན་དུ་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་བཀོད་དེ་ཕྱི་ནས་རང་ཉིད་འཚང་རྒྱ་བར་འདོད་པ་ནི་ཕྱུགས་རྫི་ལྟ་བུའི་སེམས་བསྐྱེད་དེ་བློ་སྟོབས་ཆེན་པོ་ཡིན་ལ། དཔེར་ན། རྗེ་བཙུན་འཇམ་དབྱངས་ཀྱི་སེམས་བསྐྱེད་ལྟ་བུ་ཡིན་ནོ། །

༤ སྨོན་འཇུག་གི་བསླབ་བྱ་གཟུང་ཚུལ། སྨོན་པའི་བསླབ་བྱ་ནི། བདག་གཞན་མཉམ་པ། བརྗེ་བ། བདག་པས་གཞན་གཅེས་སྒོམ་པ་དང་གསུམ་དང་། འཇུག་པའི་བསླབ་བྱ་ནི། སྦྱིན་པ། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ་བོ། །

༥ བྱང་ཆུབ་སེམས་ཀྱི་ཕན་ཡོན། འཁོར་བའི་བཙོན་ར་ལྟ་བུར་ལྷུང་བའི་ཉམ་ཐག་གི་འགྲོ་བ་སུ་ཞིག་ཡིན་རུང་བྱང་ཆུབ་ཀྱི་སེམས་འདི་སྐྱེས་མ་ཐག་རྒྱལ་བའི་སྲས་བོ་ཞེས་བཀུར་འོས་པའི་ཞིང་དམ་པ་སྟེ། སྤྱོད་འཇུག་ལས། བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་གིས། །འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་། །འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར། །ཞེས་པ་ལྟར། ཤར་རི་སྡེ་བའི་ལུང་ལས་ཀྱང་། སྤྱིར་མི་ལུས་འདི་མི་གཙང་བའི་རྫས་སོ་དྲུག་སོགས་ཀྱི་རྐྱལ་བ་ཞིག་ཡིན་ཡང་བྱང་ཆུབ་ཀྱི་སེམས་དེ་ཡོད་ན་རིན་ཐང་གཞལ་དུ་མེད་པའི་རྒྱལ་བའི་སྐུར་བསྒྱུར་ནུས་པ་དང་། དགེ་བ་གཞན་ཀུན་ཆུ་ཤིང་བཞིན་དུ་འབྲས་བུ་བསྐྱེད་ནས་ཟད་ཅིང་། བྱང་ཆུབ་སེམས་ཀྱི་ལྗོན་པའི་འབྲས་བུ་ལ་ཟད་པ་མེད་པར་འཕེལ་བར་འགྱུར་རོ། །བྱང་ཆུབ་ཀྱི་སེམས་རྒྱུད་ལྡན་གྱི་གང་ཟག་དེ་མིའམ་དུད་འགྲོ་གང་ཡིན་རུང་དགེ་བ་གཞན་མ་བྱས་བར། གཉིད་ལོག་པའམ་བག་མེད་ར་རོའི་ངང་ནས་བཞུགས་ཀྱང་། ནམ་མཁའ་དང་མཉམ་པའི་དགེ་རྩ་རྟག་ཏུ་འབྱུང་བར་མ་ཟད། འཁོར་ལོ་སྒྱུར་རྒྱལ་སྲུང་བའི་སྲུང་མ་ཉིས་འགྱུར་གྱིས་སྲུང་བའོ། །ཞེས་གསུངས་སོ། །

བྱང་ཆུབ་ཀྱི་སེམས་འདི་སྡིག་པ་འཇོམས་པའི་ཡང་མཆོག་ཏུ་བསྔགས་ཏེ། སྡོང་བོ་བཀོད་པའི་མདོ་ལས། ཉེས་བྱས་ཐམས་ཅད་སྲེག་པའི་བསྐལ་བའི་མེ་ལྟ་བུའོ། །གསུངས་པ་ལྟར། སྤྱོད་འཇུག་ལས། སྡིག་པ་ཤིན་ཏུ་མི་བཟད་བྱས་ནའང་། །དཔའ་ལ་བརྟེན་ནས་འཇིགས་པ་ཆེན་པོ་ལྟར། །གང་ལ་བརྟེན་ནས་ཡུད་ཀྱིས་སྒྲོལ་འགྱུར་བ། །དེ་ལ་བག་ཅན་རྣམས་ཀྱིས་ཅིས་མི་བརྟེན། །དེ་ནི་དུས་མཐའི་མེ་བཞིན་སྡིག་ཆེན་རྣམས། །སྐད་ཅིག་གཅིག་གིས་ངེས་པར་སྲེག་པར་བྱེད། །ཅེས་སོ། །

གཞན་ཡང་། བྱང་ཆུབ་ཀྱི་སེམས་མངའ་བའི་རྒྱལ་སྲས་རྣམས་ལ་བཟང་འབྲེལ་ལྟ་ཅི། ངན་འབྲེལ་བྱས་པས་ཀྱང་སེམས་དཔའ་དེས་སྨོན་ལམ་གྱི་སྟོབས་ཀྱིས་བདེ་བ་འདྲེན་པར་བྱེད་དེ། སྟོན་པ་སློབ་པ་ལམ་གྱི་གནས་སྐབས་སུ་རྒྱལ་བོ་བྱམས་པའི་སྟོབས་སུ་གྱུར་བའི་ཚེ་གནོད་སྦྱིན་ལྔ་ལ་ཤ་ཁྲག་དྲོན་མོ་སྦྱིན་ཏེ། བདག་སངས་རྒྱས་པའི་ཚེ་ན་ཆོས་ཀྱི་བདུད་རྩིའི་ཐོག་མ་ཁྱེད་ཅག་རྣམས་ལ་སྦྱིན་པར་ཤོག་ཅེས་སྨོན་ལམ་བཏབ་པས། གནོད་སྦྱིན་ལྔ་བོ་འཁོར་ལྔ་སྡེར་གྱུར་བ་དང་། ཡང་ཐུབ་པ་འདི་ཉིད་རྒྱལ་བོ་པདྨའི་སྐྱེ་བ་བཞེས་དུས་ཁོང་གི་མངའ་རིས་ལ་ནད་ཡམས་ཆེན་པོ་ཞིག་བྱུང་བས་མི་མང་བོ་ཤི་བས། སྨན་པས་ཉ་རོ་ཧི་ཏའི་ཤས་ཕན་གྱི། གཞན་གང་གིས་ཀྱང་མི་ཕན་པར་ཞུས་པས། རྒྱལ་བོས་དུས་བཟང་ཞིག་ལ་དེར་སྐྱེས་པའི་གསོལ་བ་དྲག་ཏུ་བཏབ་ནས། ཁང་བཟང་ཁྲུ་སྟོང་ཡོད་པའི་ཁར་མཆོངས་སོ། །དེ་མ་ཐག་ཉ་རོ་ཧི་ཏར་སྐྱེས་ནས། མིའི་སྐད་དུ་ངའི་ཤ་ལས་ཟོ་ཤིག གཞོགས་གཅིག་ལས་ཟད་ཙ་ན་གཅིག་སོབ་སྟེ་ཀུན་ལ་ཕན་ནོ། །ང་ཁྱེད་ཅག་གི་རྒྱལ་བོ་པདྨ་ཡིན་ཏེ། ཁྱེད་རྣམས་ནད་ལས་སྐྱོབ་ཆེད་སྐུ་ཚེ་འདུ་བྱེད་བཏང་བ་ཡིན། ཁ་ལ་ཉན་ན་དྲིན་དུ་སྡིག་སྤོང་དགེ་སྒྲུབ་བྱོས་ཤིག་གསུངས་པས། དེ་དག་གིས་ཀྱང་བཀའ་བཞིན་བསྒྲུབས་པས། དེ་ནས་བཟུང་དེར་ཐམས་ཅད་དུ་ངན་སོང་དུ་མ་ལྟུང་བ་ལྟ་བུ་དང་།

ཡང་། བྱང་ཆུབ་ཀྱི་སེམས་རྒྱུད་ལྡན་གྱི་གང་ཟག་གིས་སྨོན་ལམ་དང་བདེན་ཚིག་ཅི་བཏབ་འགྲུབ་སྟེ། དྲང་སྲོང་བཟོད་པ་སྨྲ་བའི་སྤྱན་སྔར་རྒྱལ་བོ་རྩོད་བྱུང་གི་བཙུན་མོས་ཆོས་ཉན་པར་ཕྲག་དོག་དང་སྡང་སེམས་སྐྱེས་ནས། རྒྱལ་བོ་དེས་དྲང་སྲོང་གི་ཡན་ལག་དང་ཉིང་ལག་བཅད་དེ། ཁྱོད་སུ་ཡིན་ཅེས་དྲིས་ཀྱང་། ད་དུང་བདག་དྲང་སྲོང་བཟོད་པ་སྨྲ་བའོ་ཞེས་རང་ཚུགས་མ་ཤོར་ལ། རྒྱལ་བོ་དེས་འོ་ན་ཁྱོད་བཟོད་པ་ཅན་དུ་ཅིའི་ཕྱིར་ཡིད་ཆེས་པར་འགྱུར་སྨྲས་པས། བདག་བཟོད་པ་ཅན་དུ་བདེན་ན་ཁྲག་འོ་མར་འགྱུར་ཞིང་། ཡན་ལག་བཅད་པ་ཡང་སྔར་ལྟར་སོས་པར་གྱུར་ཅིག་ཅེས་བདེན་ཚིག་བརྗོད་མ་ཐག་སྔར་བཞིན་གྱུར་བ་ལྟ་བུའོ། །

དེ་ལས་གཞན། བྱང་ཆུབ་ཀྱི་སེམས་མངའ་བའི་སེམས་དཔའ་དེའི་དྲུང་དུ་བྱ་དང་གཅན་གཟན་རི་དྭགས་ཚུན་ཆད་འཁོར་ཞིང་གཅིག་གིས་གཅིག་ལ་གནོད་འཚེ་མི་བྱེད་དེ། དཔེར་ན། རྒྱལ་སྲས་ཐོགས་མེད་ཀྱི་དྲུང་དུ་སྤྱང་ཀི་ཞིག་ཡོད་པས་གཞན་ལ་མི་གནོད་པ་དང་། གྲྭ་ནང་གི་འབུ་སྦྲང་ཚུན་ཆད་གཅིག་གིས་གཅིག་ལ་མི་འཚེ་བར་གསུངས་པ་དང་། བླ་མ་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་འཇིག་རྟེན་ན་བཞུགས་དུས་སུ། ཁོང་ལ་བྱང་ཆུབ་ཀྱི་སེམས་མངའ་བས། ས་དེར་སྤྱང་ཀིས་ལུག་མི་གསོད་པ་དང་། ལུག་ཡང་སྤྱང་ཀིར་སྐྲག་སྣང་མེད་པ་ལྟ་བུ་བྱུང་། མཚམས་ཞིག་ས་དེར་སྤྱང་ཀིས་ལུག་གསོད་པ་བྱུང་བས། ཐམས་ཅད་ཀྱིས་ཁོང་མྱ་ངན་ལས་འདས་པར་ཤེས་པ་ལྟ་བུ་དང་། སྔོན་རྒྱ་གར་ན་བླ་མ་བྱམས་པའི་རྣལ་འབྱོར་བ་བྱང་ཆུབ་ཀྱི་སེམས་བསྒོམས་ནས་ནགས་གསེང་ན་བཞུགས་དུས། གཅན་གཟན་ཚུན་ཆད་ཀྱི་གཞན་ལ་མི་འཚེ་བར་བསྐོར་བ་བྱེད་པ་དང་། ནམ་མཁའི་བྱ་ཚུན་ཆད་འཕུར་མཚམས་བཞག་ནས་ཆོས་ལ་ཉན་པ་སོགས་བྱུང་བ་དང་། སྐྱེས་རབས་ལས་ཀྱང་། དེ་ཡི་རང་བཞིན་སྙིང་རྗེ་བདག་ཉིད་ཀྱིས། །རྣམ་པར་བརླན་པ་བཞིན་དུ་བརླན་གྱུར་ན། །ཕན་ཚུན་གནོད་པ་མེད་པའི་ཡིད་གྱུར་ཏེ། །དཀའ་ཐུབ་ཅན་བཞིན་གཅན་གཟན་ཁྲོ་བོའང་སྤྱོད། །ཅེས་པ་ལྟར། དེད་དཔོན་སེང་གེ་སོགས་སེམས་བསྲུངས་པས་སྲིན་མོ་ཐུལ་བ་དང་། གྲུབ་པ་འཐོབ་པའི་སྐྱེས་བུ་རྣམས་སྟག་དང་སེང་གེ་སོགས་བཞོན་པ་དང་དུག་སྦྲུལ་སོགས་ཕྱག་ཏུ་ཐོགས་པ་ལྟ་བུའོ། །

གཞན་ཡང་། རྗེ་མི་ལ་རས་པ་དེ་ཉིད་བལ་བོད་གཉིས་ཀྱི་སོ་མཚམས་དབེན་གནས་གཉི་ཤང་འགུར་རྟ་བྱ་བར་བཞུགས་དུས། ནམ་ཞིག་གི་ཚེ་གནས་དེའི་ཕུར་ཁྱི་སྐད་ལྷང་ལྷང་བ་དང་། དེ་རྗེས་ཐུག་སྒྲ་ཆེན་པོ་ཞིག་བྱུང་བས། ད་ལམ་བར་ཆད་ཅིག་མིན་ལས་ཆེ་བསམས་ནས། ལུང་མདོའི་ཕ་བོང་ཞིག་གི་ཁར་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོའི་ངང་ལ་བཞུགས་ཚེ། ཁྱི་ར་བ་མགོན་པོ་རྡོ་རྗེས་ཤྭ་བ་བདའ་བྱུང་བ་ལ། རྗེ་བཙུན་གྱིས་མགུར་བཞེངས་ནས་ཤྭ་བའི་འཇིགས་སྐྲག་ཞི་ནས་མཆི་མ་ཕྲུལ་ཞིང་ན་བཟའ་ལ་ལྡག་སྟེ་རྗེ་བཙུན་གྱི་གཡོན་ཕྱོགས་སུ་བག་ཕེབས་ནས་ཉལ་བསྡད་པ་དང་། དེའི་རྗེས་ཁྱི་མོ་གློག་སྤྱང་དམར་མོ་བྱ་བ་ལྕེ་དར་ཡུག་ཙམ་རྐྱོང་བ། སྡེ་བཞི་ཐམས་ཅད་བྲག་གིས་གཤགས་པ། འདི་ཕྱི་སྣང་བའི་དངོས་བོ་ཐམས་ཅད་དགྲར་མཐོང་བ། གནོད་སེམས་དང་ཞེ་སྡང་གི་ཁྱི་སྐད་འདོན་པ་དེ་ཡང་ཆོས་གསུངས་ནས། ཞེ་སྡང་ཞི་ནས་སྐད་སྣ་ནས་འདོན་ཞིང་། རྗེ་བཙུན་ལ་མཇུག་མ་བསྒྲིལ་ཏེ་ན་བཟའ་ལྡག་ནས་གུས་གུས་བྱེད་ཅིང་། རྗེ་བཙུན་གྱི་གཡས་ཕྱོགས་སུ་མིག་མཆི་མ་ཉིལ་ལེ་ལག་པ་གཉིས་ཀྱི་བར་དུ་མཚུལ་བ་བཅུག་ནས། ཤྭ་བ་དང་དང་མ་བུའི་ཚུལ་དུ་ཉལ་བ་དང་། དེའི་རྗེས་མི་ངམ་གནག་མིག་རྩ་འཁྲུག་པ། སྐྲ་ཐམས་ཅད་སྤྱི་བོར་བཅིངས་པ། ཐུ་བ་གཡས་གཟེད་གཡོན་གཟེད་བྱས་པ། དགོ་སློག་ཞགས་པ་ལ་བརྒྱུས་ནས་ག་ཤ་ལ་དྲངས་པ། ལག་ན་མདའ་གཞུ་ཐོགས་ཤིང་དབུགས་ཁར་འཚངས་པ། རྔུལ་ནག་ཁྲག་ཏུ་ཤམ་མེ་བ་ཞིག་སླེབས་པའི་ཁྱི་ར་བ་མགོན་པོ་རྡོ་རྗེ་དེ་ཡང་ཆོས་གསུངས་ནས། ལྷ་ཆོས་རྣལ་མ་བསྒྲུབས་པས་ཉམས་རྟོགས་མཐར་ཕྱིན་པའི་ཐུགས་སྲས་ཁྱི་ར་རས་པ་ཞེས་པར་གྱུར་བ་དང་། ཁྱི་དང་ཤྭ་བ་ཡང་དེ་ནས་བཟུང་སྟེ་ངན་སོང་གི་སྡུག་བསྔལ་ལས་གྲོལ་བ་དང་།

ཨ་ཏི་ཤ་ཕྱག་སྙུང་བ་ལ་འབྲོམ་གྱི་པང་དུ་བཞག་ནས་འདི་ལ་ཁྱོད་ཀྱིས་བྱིན་རླབས་གྱིས་དང་། ཁྱོད་ལ་བསམ་པ་བཟང་བོ་ཡོད་པ་ཡིན་གསུངས་པ་དང་། དེ་བས། ཇོ་བོ་བླ་མ་མང་ཡང་བླ་མ་གསེར་གླིང་བ་སེམས་ཙམ་རྣམ་བདེན་གྱི་ལྟ་བ་དང་། ཁོང་དབུ་མའི་ལྟ་བ་འཛིན་པ་ཡིན་ཀྱང་། བྱང་ཆུབ་ཀྱི་སེམས་གསེར་གླིང་བར་བརྟེན་ནས་འཁྲུངས་པས། སྐུ་དྲིན་ཆེ་ཤོས་དང་འགྲན་གྱི་དོ་མེད་ཀྱི་རྩ་བའི་བླ་མ་ཉག་གཅིག་ཏུ་འཛིན་པ་ཡིན་ནོ། །

བསམ་པ་བཟང་ངན་གྱི་དབང་གིས་ལས་དཀར་ནག་དང་སྟོབས་ཆེ་ཆུང་འགྱུར་བ་ཡིན་ཏེ། རྗེ་ཐམས་ཅད་མཁྱེན་པས། བསམ་པ་བཟང་ན་ས་དང་ལམ་ཡང་བཟང་། །བསམ་པ་ངན་ན་ས་དང་ལམ་ཡང་ངན། །ཐམས་ཅད་བསམ་པ་དག་ལ་རག་ལས་པས། །ཞེས་པ་ལྟར། དམ་ཆོས་ཐེག་པ་ཆེན་པོའི་མདོ་ལས།  སེམས་གཅིག་སྨེ་ན་ནི་ཆོས་སོ་ཅོག་སྨེའོ། །སྨེ་བའི་དྲི་མ་ནི་སྡིག་པ་ཡིན་ནོ། །ཞེསདང་། རིན་པོ་ཆེའི་ཕུང་བོའི་མདོ་ལས་ཀྱང་། སྟོང་གསུམ་གྱི་སེམས་ཅན་ཐམས་ཅད་སོ་སོ་ནས་སངས་རྒྱས་ཀྱི་མཆོད་རྟེན་རི་རབ་ཙམ་བྱེད་ལ། དེ་དག་ལའང་བསྐལ་བ་བྱེ་བ་སྙེད་དུ་བསྟི་སྟང་དུ་བྱ་བ་ཐམས་ཅད་ཀྱིས་བསྟི་སྟང་བྱེད་པ་ལས། བྱང་སེམས་ཀྱིས་ཐམས་ཅད་མཁྱེན་པའི་སེམས་དང་མ་བྲལ་བས་མེ་ཏོག་གཅིག་ཙམ་དོར་བ་བསོད་ནམས་མང་བར་གསུངས་སོ། །གཞན་ཡང་། སྔོན་རྒན་མོ་མ་བུ་གཉིས་ལག་སྦྲེལ་བྱས་ནས་ཆུས་འཁྱེར་བ་ལ། མས་བསམ་པར་བུ་མོ་འདི་ཆུས་མ་འཁྱེར་བ་ཞིག་བྱུང་ན་ང་རང་འཁྱེར་ཡང་ཅི་སྐྱོན་སྙམ་པ་དང་། བུ་མོས་ཨ་མ་ཆུས་འཁྱེར་བ་ལས་རང་འཁྱེར་ན་སྙམ་པས། གཉིས་ཀ་ཤི་ནས་ཚངས་པའི་འཇིག་རྟེན་དུ་སྐྱེས་པ་ཡིན། མདོར་ན། དཔས་བྱིན་གྱིས་ཞུས་པ་ལས། རིན་ཆེན་སེམས་ཀྱི་བསོད་ནམས་གང་། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་སྟེ། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་སོ། །

དེ་ལྟ་བས་ན། མན་ངག་ཐམས་ཅད་ཀྱི་སྙིང་བོ། དངོས་གྲུབ་ཀུན་གྱི་གཏེར། ཐེག་དམན་ལས་འབྱེད་པའི་ཆོས་གཅིག་པུ། རྒྱལ་སྲས་བྱང་ཆུབ་སེམས་དཔའི་ཁྱད་ནོར། མྱུར་དུ་འཚང་རྒྱ་བའི་གདམས་པ་ཟབ་མོ། རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་ལ་སྐུལ་བའི་རྟེན་དམ་པ་ནི་བྱང་ཆུབ་ཀྱི་སེམས་སུ་ཤེས་པར་བྱོས་ནས། རུས་ཤིང་དང་བཅས་ཏེ་སྐོམ་པས་ཆུ་འདོད་པ་ལྟར་བཙལ་ཞིང་སྒོམ་པར་བྱའོ། །

རྡོར་སེམས་སྒོམ་བཟླས།

༡ རྡོར་སེམས་སྒོམ་བཟླས་གལ་ཆེ་ཚུལ། རང་ཅག་སྐྱེ་བ་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་སྡིག་ལྟུང་ཆར་བ་བབས་པ་བཞིན་བྱུང་བས། ད་ལྟ་ཤེས་རྒྱུད་ནག་ཐོམ་མེར་གྱུར་ཏེ། ས་ལམ་གྱི་མངོན་རྟོགས་འཁྲུངས་པ་ལྟ་ཅི། བསམ་བློ་ཡག་པོ་ཞིག་ཀྱང་མི་འབྱུང་བ་སྡིག་སྒྲིབ་ཀྱིས་ལན་པ་ཡིན། རྗེ་བཙུན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས། སེམས་ཀྱི་ཆོས་ཉིད་མཐོང་བ་ཡང་། །ཚོགས་བསགས་སྒྲིབ་སྦྱོང་ལ་ལྟོས་པས། །ཡིག་བརྒྱ་འབུམ་ཙམ་ལྟུང་བཤགས་ནི། །བརྒྱ་ཕྲག་གང་མང་སྔོན་བཏང་ནས། །གསུངས་ལ། དཔེར་ན་སེམས་ནི་མེ་ལོང་ལྟ་བུ་དང་། མངོན་རྟོགས་ཀྱི་རིམ་པ་ནི་གཟུགས་བརྙན་འཆར་བ་ལྟ་བུ་ལགས་པས། མེ་ལོང་ལ་ས་རྡུལ་དང་འབག་བཙོག་གིས་བསྒོས་ན་མངོན་རྟོགས་ཀྱི་གཟུགས་བརྙན་མི་འཆར་བས། སྡིག་སྦྱངས་བྱེད་པ་གལ་ཆེ། སྤྱིར་སྡིག་སྒྲིབ་སྦྱོང་བའི་ཐབས་མང་དུ་ཡོད་ཀྱང་། རྗེ་སྒྲུབ་ཁང་བས། ཁྱེད་ཚོ་ལམ་གྱི་རྟོགས་པ་ཞིག་རྒྱུད་ལ་སྐྱེས་འདོད་པ་ཡིན་ན་ཡིག་བརྒྱ་འབུམ་ཐེར་རེའི་བསྙེན་པ་གྱིས། གསུངས་པ་ལྟར། སྡིག་ལྟུང་སྦྱངས་ཚུལ་གཞན་ལས་ཀྱང་མཆོག་ཏུ་གྱུར་བ་ནི། རྡོར་སེམས་སྒོམ་བཟླས་ལ་བརྟེན་ནས་སྡིག་ལྟུང་སྦྱངས་པ་འདི་བསྔགས་པ་ཡིན། རང་ཅག་སྐྱེ་བ་ཐོག་མེད་ནས་བག་མེད་དང་ལེ་ལོའི་ངང་ལུས་ངག་ཡིད་གསུམ་གྱི་སྡིག་ལྟུང་ཆར་བ་འབབ་པ་ལྟར་བསགས་ཡོད་པ་ཕར་ཞོག ཉེས་པ་ཕྲ་མོ་རེས་ཀྱང་། དུག་སྦྲུལ་གྱིས་སོ་བཏབ་པ་བཞིན་དུག་འཕེལ་བར་འགྱུར་བར་མ་ཟད། དགེ་རྩ་ཐམས་ཅད་ཆད་ནས་འགྱོད་བཞིན་དུ་ངན་འགྲོ་སྐྱེ་དགོས་པ་ཡིན་པས། ཡབ་རྗེ་སྐལ་ལྡན་རྒྱ་མཚོས། ཉིན་བཞིན་དུ་ལུས་ངག་ཡིད་གསུམ་པོ། །སྡིག་མི་དགེའི་སྐྱོན་གྱིས་ཆེར་སྦགས་པས། །རྒྱུད་ལས་སུ་རུང་བའི་འགལ་རྐྱེན་བྱེད། །གསུངས་ལ། དེ་བས་ན་བཤགས་སྡོམ་བྱེད་པ་གནད་དུ་ཆེ་ལ། འཆི་ཁ་ཚུན་ཆད་དུ་བཤགས་སྡོམ་མ་བྱས་ན། ངན་འགྲོར་སྡུག་བསྔལ་བཟོད་གླགས་མེད་པ་མྱོང་ངེས་པས། དེ་མི་འདོད་ན་སྡིག་ལྟུང་བཤགས་སྡོམ་བྱེད་པ་ལས་ཐབས་གཞན་མེད་པས། དགེ་སྦྱོར་གཞན་རྣམས་བཞག་སྟེ་བཤགས་སྡོམ་ལ་འབད་དགོས། དེ་ཡང་ད་ལྟ་ངན་འགྲོའི་རྒྱུ་སྡིག་ལྟུང་བཤགས་སྦྱངས་བྱེད་པ་དང་། སྡིག་ལྟུང་གི་འབྲས་བུ་ངན་འགྲོའི་སྡུག་བསྔལ་བཟོད་དཀའ་བ་མྱོང་བ་གཉིས་ཀྱི་གདམ་ཀ་རང་ལ་ཡོད་པས། གནད་ཀ་མ་འཕྱུགས་པར་བྱ་དགོས། ཁྱད་པར་དུ་རང་ཅག་བོད་མི་རྣམས། སྙིང་རུས་ཆུང་ལ་དཔའ་རྔམ་ཆེ་བས། དབང་རེ་མ་ཉན་པ་མེད་པའི་ཚོད་དུ་འདུག གསང་སྔགས་ཀྱི་སྒོ་ཞུགས་ནས་དམ་ཚིག་མ་བསྲུང་ན་དམྱལ་བ་དང་། བསྲུངས་ན་སངས་རྒྱས་ཀྱི་གོ་འཕང་འཐོབ་པ་ལས་འགྲོ་ས་གཞན་མེད་ཚོད་ཡིན། ཆོས་ལ་མ་ཉན་པ་གཅིག་ཀྱང་མེད་ལ། སྲུང་བ་སྣ་གཅིག་ཀྱང་མེད་པས། ད་ལྟ་དམ་ཉམས་ས་སྟེང་བཀང་བའི་ཚོད་དུ་འདུག ཚོགས་གྲལ་དུ་དམ་ཉམས་གཅིག་ཕྱིན་ན་ཉམས་གྲིབ་ཀྱིས་དམ་ལྡན་ཁྲི་འབུམ་གྱི་སྒྲུབ་པ་ལ་འབྲས་བུ་མི་འབྱིན་པ། དཔེར་ན། འོ་མ་གཙང་མ་ཟངས་མོ་ཆེ་གང་ལ་འོ་རུལ་ཐིགས་པ་གཅིག་ལྷུང་སྟེ་རུལ་བར་བྱེད་པ་དང་འདྲ། དམ་ཉམས་དེའི་ཉེས་པ་ཡང་། རྒྱུད་ལས། རྡོ་རྗེ་སྲིན་པོས་སྙིང་ཁྲག་འཐུང་བ་དང་། །ཚེ་ཐུང་ནད་མང་ནོར་ཡལ་དགྲས་འཇིགས་དང་། །མནར་མེད་དམྱལ་བ་ཤིན་ཏུ་སྐྱི་གཡའ་བ། །སྡུག་བསྔལ་མི་བཟད་ཡུན་རིང་གནས་པར་འགྱུར། །ཞེས་གསུངས་པ་ལྟར་ཡིན་པས། དང་བོ་ནས་ཆོས་གཞན་གང་ལས་ཀྱང་ཐོག་མར་སྡིག་ལྟུང་སྦྱངས་པ་གལ་ཆེ།

༢ མི་མཐུན་ཕྱོགས་སྤང་སྟེ་མཐུན་ཕྱོགས་སྒྲུབ་དགོས་པ། དེ་ཡང་དམིགས་རྣམ་གྱི་གསལ་འདེབས་ཅི་ཡང་མེད་པར། ངག་བཀྱལ་གྱི་གཏེར་ཁ་བརྡོལ། ཕུ་མདའ་བར་གསུམ་གྱི་བླ་བཙག་ཕྱི་བརྡུང་གི་འཆལ་གཏམ་གྱི་སྒོ་མོ་ཕྱེས་ཏེ། བགྲང་ཕྲེང་རྒྱུ་ནག་འདེད་འདེད་བྱས་པས་གར་ཡང་མི་ཕྱིན་ཏེ། སྤྱོད་འཇུག་ལས། བཟླས་བརྗོད་དང་ནི་དཀའ་ཐུབ་ཀུན། །ཡུན་རིང་དུས་སུ་སྤྱད་བྱས་ཀྱང་། །སེམས་གཞན་གཡེང་བས་བྱས་པ་ནི། །དེ་ཉིད་རིག་པས་དོན་མེད་གསུངས། །ཞེས་བཟླས་བརྗོད་བྱེད་ཚེ་ཡང་། སེམས་རྣལ་དུ་མི་གནས་པར་གཡེང་ནས་བཏོན་ན་དགོས་པ་ཆུང་བར་གསུངས་པ་དང་། དེར་མ་ཟད། ཀློག་ཚུལ་དག་པའང་གལ་ཆེ་སྟེ། བྱིས་འཇུག་ལས། གང་གིས་བཀླག་ཐབས་མི་ཤེས་པ། །རིག་སྔགས་ལོག་པར་བཟླས་གྱུར་ན། །དད་མེད་རྣམས་ལ་དོན་མེད་འགྱུར། །དད་པ་ཡོད་ཀྱང་དངོས་གྲུབ་རིང་། །ཞེས་སོ། །

འོ་ན་ཇི་ལྟར་བྱ་ཟེར་ན། དཔུང་བཟང་གིས་ཞུས་པ་ལས། བཟླས་བརྗོད་བྱེད་ཚེ་མི་མྱུར་མི་དལ་ཞིང་། །སྒྲ་ཆེར་མི་བྱ་ཧ་ཅང་ཆུང་བ་མིན། །སྨྲ་ཞིང་མ་ཡིན་གཞན་དུ་གཡེང་བཞིན་མིན། །གུག་བསྐྱེད་ཀླད་ཀོར་ཚེག་རྣམས་ཉམས་པ་མིན། །ཅེས་པ་ལྟར་དམིགས་པ་གཞན་དུ་མ་གཡེང་བར་མི་མྱུར་མི་དལ། མི་ཆེ་མི་ཆུང་བར་བཟླས་ཏེ་སྨྲ་བ་གཞན་བཅད་ནས་དག་འདོན་བྱས་ན། དུས་གཅིག་ལ་ཡིག་བརྒྱ་ལན་བརྒྱ་རྩ་བརྒྱད་བཟླས་ནའང་སྡིག་སྒྲིབ་དང་དམ་ཚིག་ཉམས་ཆག་དག་པ་བླ་མ་རྡོ་རྗེ་སེམས་དཔའི་ཞལ་གྱིས་བཞེས་པ་ཡིན་ནོ། །

ཨོཾ་བཛྲ་ས་ཏྭ་ས་མ་ཡ་སོགས་ཀྱི་སྔགས་དོན་རགས་བསྡུས་ནི། རྡོ་རྗེ་སེམས་དཔའ་ཞེས་མཚན་ནས་བོས་ཏེ། སྔོན་ཚེ་ཐུགས་བསྐྱེད་པའི་དུས། སེམས་ཅན་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་དམ་བཅས་པ་དེ་དྲན་པར་མཛོད་ལ། དམ་ཚིག་རྗེས་སུ་སྐྱོང་བའི་ཆེད་དུ། རྡོ་རྗེ་སེམས་དཔའ་ཉིད་ཉེ་བར་གནས་པའོ། །བདག་ལ་བསྟན་པར་མཛད་དུ་གསོལ། བདག་ལ་ལེགས་པར་དགྱེས་པར་མཛོད། བདག་ལ་ཤིན་ཏུ་རྒྱས་པར་མཛོད། བདག་ལ་རྗེས་སུ་ཆགས་པར་མཛོད། བདག་གི་དགེ་བའི་རྩ་བ་རྣམས་བརྟན་པར་མཛོད། བདག་ཉོན་མོངས་པའི་དབང་དུ་སོང་བ་ལ་མི་དགྱེས་པ་མེད་པར་རྗེས་སུ་ཟུངས། བདག་གི་ལུང་རྟོགས་ཀྱི་ཡོན་ཏན་རྒྱས་པར་མཛོད། བྱང་ཆུབ་མ་འཐོབ་བར་དུ་བརྩེ་བའི་མ་འདོར་ཞིག དངོས་གྲུབ་ཐམས་ཅད་བདག་ལ་སྩོལ། བདག་གི་ལས་ཐམས་ཅད་ལའང་སེམས་ལ་ཕན་པའི་དཔལ་དུ་མཛོད། དངོས་གྲུབ་ཀྱི་དཔལ་གང་ཞེ་ན། ཡེ་ཤེས་ལྔ་དང་། དེ་ཀུན་གཅིག་ཏུ་འདུས་པ་རྡོ་རྗེ་བདེ་སྟོང་དབྱེར་མེད་ཀྱི་ས་བོན་ནོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཅན་གྱི་རང་བཞིན་གྱི་སེམས་དཔའ་ཆེན་པོས་བདག་ལ་དམ་ཚིག་བཞིན་དུ་མ་བཏང་བར་གྲོལ་བར་མཛོད་ཅེས་པའོ། །ཨཱཿགསུང་རྡོ་རྗེ་དང་སྟོང་ཉིད་རྟོགས་པའི་ཡེ་ཤེས། ཧཱུཾ་བདེ་ཆེན་གྱི་ཡེ་ཤེས། ཕཊ་ཀྱིས་དེ་གཉིས་དབྱེར་མེད་མཚོན་པར་གསུངས་སོ། །

རྡོར་སེམས་སྒོམ་བཟླས་སྐབས་ཅི་ནས་ཀྱང་ཚང་དགོས་པ་ནི། སྟོབས་བཞི་སྟེ། རྟེན་གྱི་སྟོབས་ནི། རྡོ་རྗེ་སེམས་དཔའ་ལ་སྐྱབས་སུ་བཟུང་ནས་སྨོན་འཇུག་གི་བྱང་སེམས་དང་ལྡན་པ་དང་། རྣམ་པར་སུན་འབྱིན་པའི་སྟོབས་ནི། སྔར་བྱས་ཀྱི་སྡིག་པ་མི་དགེ་བ་ཁོག་ཏུ་དུག་སོང་བ་ལྟར་འགྱོད་པ་དང་འཇིགས་སྐྲག་སྐྱེས་པ་དང་། ཉེས་པ་ལས་སླར་ལྡོག་པའི་སྟོབས་ནི། སྔར་བྱས་ཀྱི་སྡིག་ལས་དྲན་ཏེ་ཕྱིན་ཆད་སྲོག་ལ་བབ་ཀྱང་མི་བྱེད་པའི་དམ་བཅའ་བརྟན་པ། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ནི། སྡིག་པ་འདག་པའི་ཆེད་དུ་དགེ་བ་བྱས་ཚད་ཐམས་ཅད་ལ་ཟེར་རོ། །

སྤྱིར་སྡིག་པ་ལ་ཡོན་ཏན་ཞིག་ག་ན་མཆིས་ཀྱང་། བཤགས་པས་འདག་པ་འདི་སྡིག་པའི་ཡོན་ཏན་དུ་བརྩི། རྡོར་སེམས་སྒོམ་བཟླས་གནད་དུ་སོང་ན་སྡིག་པ་ཚབས་པོ་ཆེ་རི་རབ་ཙམ་ཞིག་བསགས་ཀྱང་། དུང་དཀར་གྱི་སྟེང་གི་རྡུལ་ཕྱིས་པ་ལྟར་དག་འགྲོ་བ་ཡིན། དཔེར་ན། རྗེ་མི་ལས་སྐུ་ཚེ་དེར་མི་རྟ་སོ་ལྔ་བསད་ཀྱང་སྡིག་སྒྲིབ་དག་ཏེ་ཟུང་འཇུག་གི་གོ་འཕང་འཐོབ་པ་ལྟ་བུ་ཡིན་ནོ། །

༣ དམིགས་རྣམ་གསལ་འདེབས་ཚུལ། དེ་ཡང་ལག་ཏུ་ལེན་ཚུལ་མདོར་བསྡུས་ཤིག་བརྗོད་ན། རང་གི་སྤྱི་བོར་མདའ་གང་ཙམ་གྱི་སྟེང་དུ་རྡོ་རྗེ་སེམས་དཔའ་དཀར་བོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པ། ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་པ་འཛིན་པས་འཁྱུད་པ། གཉིས་ཀའང་ན་བཟའ་དང་རིན་པོ་ཆེས་བརྒྱན་པ། ཡབ་རྡོ་རྗེ་དཀྱིལ་ཀྲུང་གིས་བཞུགས་པ། དེའི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུཾ་ཡིག་དཀར་བོ། མཐར་ཡི་གེ་བརྒྱ་བའི་སྔགས་ཕྲེང་དཀར་བོ་མགོ་ཕྱིར་བསྟན་ནས་བསྐོར་བ། དེ་ལས་འོད་ཟེར་འཕྲོས་ཏེ་རང་འདྲའི་ཡེ་ཤེས་པ་སྤྱན་དྲངས། གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། དབང་ལྷས་དབང་བསྐུར་བ་ལྟར་བརྗོད་དེ། ཡབ་ཡུམ་གྱི་སྤྱི་བོ་ནས་བྱང་སེམས་ཀྱི་བདུད་རྩིའི་དབང་བསྐུར་བས། སྐུ་གང་། དྲི་མ་དག བདུད་རྩིའི་ཆུའི་ལྷག་མ་སྤྱི་བོར་ལུད་པ་ལས་མི་བསྐྱོད་པའི་དབུ་བརྒྱན་པར་གྱུར་བར་བསམ། རང་གི་སྙིང་ཀའི་ཟླ་བའི་སྟེང་དུ་རང་ཐ་མལ་བའི་རྣམ་པ་ཅན། དེའི་མདུན་དུ་ཕ་མ། གཡས་སུ་སྤུན་ཟླ། གཡོན་དུ་གྲོགས་མཆེད། རྒྱབ་ཏུ་གཉེན། མཐའ་བསྐོར་དུ་སེམས་ཅན་ཐམས་ཅད་འཁོད་པར་མོས་ཏེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དང་། དམ་ཚིག་ཉམས་ཆག་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། སངས་རྒྱས་སྲས་བཅས་ལ་མཉེས་པའི་མཆོད་པ་འབུལ། དེ་རྣམས་ཀྱི་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་ཐམས་ཅད་འོད་ཀྱི་རྣམ་པར་བསྡུས་ནས་ཐུགས་ཀའི་ཧཱུཾ་ལ་ཐིམ་པའི་གཟི་བརྗིད་དང་མཐུ་སྟོབས་ནུས་པ་ཕུན་སུམ་ཚོགས་པར་བསམ་པ་འདི་དམིགས་པ་མདོར་བསྟན་དང་།

དེ་ནས་རྡོ་རྗེ་སེམས་དཔའི་སྤྱན་སྔར། རང་གི་ཚེ་རབས་ཐོག་མེད་ནས་ད་ལྟའི་བར་དུ་ལུས་ངག་ཡིད་གསུམ་གྱི་སྡིག་པ་མི་དགེ་བ་བཅུ། མཚམས་མེད་ལྔ། སོ་སོ་ཐར་བའི་སྡོམ་པ་དང་འགལ་བ། བྱང་ཆུབ་སེམས་དཔའི་བསླབ་པ་དང་འགལ་བ། གསང་སྔགས་ཀྱི་དམ་ཚིག་དང་འགལ་བ། རྫུན་དང་ཕྲ་མ་བརྒྱབ་པ། ཁྲེལ་དང་ངོ་ཚ་བོར་བ་ལ་སོགས་པའི་མི་དགེ་བ་བསགས་ཚད་སེམས་ཐོག་ལ་དྲན་པར་བྱས་ཏེ། ཤ་ཟིང་སྤུ་ཟིང་གི་དངངས་སྐྲག་དང་བཅས་མཐོལ་ཞིང་བཤགས་སོ། །མི་འཆབ་བོ། མི་སྦེད་དོ། །སླད་ཆད་ཀྱང་གཅོད་ཀྱང་སྡོམ་པར་འགྱུར་ལགས་སོ། །ཞེས་ཡིག་བརྒྱ་བཟླས་པས། ཡིག་འབྲུ་རྣམས་ལས་བདུད་རྩིའི་རྒྱུན་བབས་ཏེ་ཡབ་ཡུམ་གྱི་སྦྱོར་མཚམས་ནས་ཐོན། རང་གི་སྤྱི་གཙུག་ནས་ཞུགས་པས། ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་དུད་ཁུ་དང་སོལ་ཁུ། དེས་བསྐྱེད་པའི་ནད་རིམས་ཐམས་ཅད་རྣག་ཁྲག གདོན་བགེགས་ཐམས་ཅད་སྡོམ་སྡིག་སྦལ་ལྕོང་ལ་སོགས་ཀྱི་རྣམ་པར་བདུད་རྩིའི་རྒྱུན་གྱིས་དེད་དེ། རྐང་མཐིལ་འོག་སྒོ་བ་སྤུའི་བུ་ག་རྣམས་ནས་ནག་ཉིལ་ཉིལ་གྱིས་ཕྱིར་ཐོན། རང་གི་འོག་ཏུ་ས་གས་པའི་མར་ཞབས་ན། ལས་ཀྱི་གཤིན་རྗེ་ལ་ལན་ཆགས་བུ་ལོན་ཤ་འཁོན་གཉེར་བ་མང་བོས་བསྐོར་ཏེ། ཁ་ལག་སྤར་གསུམ་བཟེད་ནས་ཡོད་པའི་ནང་དུ་སོང་ཏེ་དེ་དག་ངོམས་ཤིང་ཚིམ། ལན་ཆགས་དག བུ་ལོན་འཇལ། ཤ་འཁོན་བྱང་། སྡིག་སྒྲིབ་ཟད་དེ་གནོད་འཚེ་བསམ་སྦྱོར་ངན་པ་ཞི་ནས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཏེ། དེ་རྣམས་ཀྱི་ཁ་ལག་སྤར་གསུམ་ཟུམ། ས་གས་པ་ཡང་སུབ། རང་ལུས་ཤེལ་བུམ་དུ་མར་མེ་སྦར་བ་ལྟར་ཕྱི་གསལ་ནང་གསལ་འོད་ཀྱི་རང་བཞིན་དུ་གྱུར་བའི་མོས་པ་བྱེད་པ་གོང་ནས་མར་དེད་པས་ཡས་དེད་དང་། ཡང་སྔར་ལྟར་བདུད་རྩི་རྐང་མཐིལ་ནས་སྤྱི་གཙུག་བར་དུ་སྣོད་ཆུས་བཀང་སྟེ་ཕྱིར་འཕོ་བ་ལྟར་མིག་གཉིས་དང་། ཁ་སྣའི་བུ་ག་དང་བ་སྤུ་སོགས་ཀྱི་སྒོ་ནས་ནག་ནར་ནར་ཐོན་ཏེ་ལྷག་མེད་དུ་དག་པར་བསམ་པ། མས་ནས་ཡར་དེད་པས་མས་དེད་ཟེར་བ་དང་། ཡང་སྡིག་སྒྲིབ་དམ་ཚིག་ཉམས་ཆག་ཐམས་ཅད་ཐལ་བའི་ཕུང་བོ་ལྟར་སྙིང་ཀར་ནག་སྤུངས་སེ་ཡོད་པ་ལ། སྔར་ལྟར་བདུད་རྩིའི་རྒྱུན་བབས་པས། ལུས་ཀྱི་སྟེང་འོག་བར་གསུམ་དང་བ་སྤུའི་བུ་ག་ཐམས་ཅད་ནས་ཐོན་ཏེ། སྡིག་སྒྲིབ་བག་ཆགས་དང་བཅས་པ་འབབ་ཆུའི་གད་པ་ཆད་པ་ལྟར་ཐོན་ནས། ལུས་ཤེལ་གོང་གཡའ་དག་པ་ལྟར་བསམ་པ་ལ་ཕུང་དེད་ཀྱི་དམིགས་པ་ཞེས་བྱའོ། །དེ་བཞིན་མཐའ་བསྐོར་གྱི་སེམས་ཅན་རྣམས་ཀྱི་སྤྱི་བོར་ཡང་འོད་ཟེར་གྱི་སྣེ་ལ་རྡོར་སེམས་ཡབ་ཡུམ་ཟུང་རེ་སྤྲོས་པའི་སྦྱོར་མཚམས་ནས་བདུད་རྩིའི་རྒྱུན་བབས་པས་སྡིག་སྒྲིབ་སྦྱངས་ཚུལ་སྔར་ལྟར་རོ། །དེ་ནས། བདག་ནི་མི་ཤེས་རྨོངས་པ་ཡིས། །ཞེས་པ་ནས། འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །ཞེས་པའི་བར་དལ་བུས་བཏོན་ཏེ་གསོལ་བ་རྩེ་གཅིག་ཏུ་བཏབ་པས། བླ་མ་དང་དབྱེར་མེད་པའི་རྡོར་སེམས་ཡབ་ཡུམ་ཐུགས་ཤིན་ཏུ་དགྱེས་ཏེ། རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་དང་དམ་ཚིག་ཉམས་ཆག་ཐམས་ཅད་བྱང་ཞིང་དག་གོ ། ཞེས་གསུངས་ནས་འོད་དུ་ཞུ་སྟེ་རང་ལ་ཐིམ་པས། རང་གི་སྒོ་གསུམ་དང་རྡོ་རྗེའི་སེམས་དཔའི་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པར་གྱུར་པར་བསམ་དགོས་སོ། །མཐར་བསྔོ་སྨོན་གྱིས་རྒྱས་འདེབས་པར་བྱའོ། །

༤ རྡོར་སེམས་སྒོམ་བཟླས་ཀྱི་ཕན་ཡོན། ཇོ་བོ་ཆེན་པོས། སྔགས་ལ་ལྟུང་བ་འབྱུང་བའི་སྒོ་བསམ་གྱིས་མི་ཁྱབ་སྟེ། བུམ་པ་ལྟ་བུ་ཞིག་ལའང་དངོས་བོར་ཐ་མལ་བར་བལྟས་ན་ལྟུང་བར་འགྱུར་བ་ས་ཕྱོགས་རྡུལ་ཆེ་བ་ཞིག་ཏུ་མཎྚལ་ཞིག་ཕྱིས་ཏེ་བཞག་ན། དེ་མ་ཐག་རྡུལ་ཆགས་ནས་འོང་བ་དང་འདྲ་གསུངས། འོ་ན་དེ་ལ་བརྟེན་ནས་སངས་རྒྱས་མྱུར་དུ་འགྲུབ་དཀའ་འམ་ཞུས་པས། ལྟུང་བ་སྦྱངས་པའི་ཐབས་བྱ་བརྒྱ་འུར་རྡོ་གཅིག་གིས་འདེད་པ་ལྟ་བུའི་གདམས་པ་ཟབ་མོ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་བྱ་བ་སྔགས་ལ་ཡོད། གསུངས་པ་ལྟར་དང་། དཔེར་ན། རིན་པོ་ཆེའི་ཉེར་སྤྱད་ཆག་ཀྱང་མགར་བ་མཁས་པ་ལ་བརྟེན་ནས་བཅོས་སུ་ཡོད་པ་ལྟ་བུ་ཡིན། དེ་བས་ཉིན་རེ་བཞིན་རྡོ་རྗེ་སེམས་དཔའ་བསྒོམས་ཏེ་ཡི་གེ་བརྒྱ་བ་ཉེར་གཅིག་བཟླས་ན། ལྟུང་བ་བྱིན་གྱིས་བརླབས་པ་ཞེས་བྱ་སྟེ། ལྟུང་བའི་འཕེལ་ཁ་ཆོད་པ་དང་། འབུམ་ཕྲག་གཅིག་བཟླས་ན་མཚམས་མེད་ཀྱི་ལས་ཀྱང་འདག་པར་གསུངས་པས་ན། རྡོར་སེམས་སྒོམ་བཟླས་ལ་བརྩོན་དགོས། གཞན་ཡང་། གསང་སྔགས་ཀྱི་ལྷ་སོགས་སྒྲུབ་པ་ལའང་འདི་ལས་ལྷག་པ་མེད་དེ། ཀུན་མཁྱེན་འཇམ་དབྱངས་བཞད་པས། དངོས་གྲུབ་བརྟན་པ་དང་ལྷའི་དངོས་གྲུབ་ཉེ་བ་དང་། ལྷ་རང་ལ་ཉེ་བར་འདོད་པས་ཡི་གེ་བརྒྱ་བ་མན་ངག་ལྟར་འབད་པར་བྱ་བ་གནད་དུ་ཆེའོ་གསུངས་པ་དང་།

སྔོན་བློ་གསལ་གླིང་གི་དགེ་བཤེས་དོམ་འབྲུག་ཅེས་གྲགས་སྐད་ཅན་གཉིས་ཡོད་པའི་ནང་ཚན། འབྲུག་སྟག་ངག་དབང་དཔལ་བཟང་གིས་སྔགས་ཀྱི་རྩ་ལྟུང་བྱུང་ན་མནར་མེད་དུ་འཕེན་པས། དེའི་ཚེ་ཚད་རྫོགས་པའི་བར་དུ་ཕར་ཕྱིན་ཐེག་པའི་དབང་རྣོན་འཚང་རྒྱ་གསུངས་པ་ལ། ཀུན་མཁྱེན་འཇམ་དབྱངས་བཞད་པས། དེ་གཡག་ཞར་གྱིས་རྩྭ་ཟོས་པ་དང་འདྲ། རྡོར་སེམས་ཡུམ་བཅས་ཀྱི་སྒོས་ཡིག་བརྒྱ་འབུམ་གྱིས་རྩ་ལྟུང་འདག་པ་ལྟ་བུའི་ཐབས་མཁས་ཀྱི་ཆེ་བ་མ་ཤེས་པས་ལན། གསུངས་པ་ལྟ་བུ་དང་། ཚུལ་འདི་ལ་དགོངས་ནས། མཁས་པའི་སྡིག་པ་ལྕི་ཡང་ཡང་། །བླུན་པོའི་སྡིག་པ་ཡང་ཡང་ལྕི། །ཞེས་པའང་བཤགས་པ་བྱ་ཚུལ་ལ་མཁས་མི་མཁས་ལས་བྱུང་བ་ཡིན། བཤགས་སྡོམ་ལ་བརྟེན་ནས་སྡིག་པ་དག་ཟིན་པ་ཡང་། བཤེས་སྤྲིངས་ལས། གང་ཞིག་སྔོན་ཆད་བག་མེད་གྱུར་བ་ལ། །ཕྱིས་ནས་བག་དང་ལྡན་པར་གྱུར་དེ་ཡང་། །ཟླ་བ་སྤྲིན་བྲལ་ལྟ་བུར་རྣམ་མཛེས་ཏེ། །དགའ་བོ་སོར་ཕྲེང་མཐོང་ལྡན་བདེ་བྱེད་བཞིན། །ཞེས་གསུངས་པ་ལྟར། སྟོན་པའི་གཅུང་དགའ་བོ་བྱ་བ་འདོད་ཆགས་ཆེ་བས་རང་གི་ཆུང་མ་དང་སྐད་ཅིག་ཙམ་ཡང་འབྲལ་མི་ཕོད་པ་དང་། སོར་མོའི་ཕྲེང་བ་བྱ་བ་སློབ་དཔོན་ངན་པས་བསླུས་ནས། ཞག་བདུན་གྱི་ནང་མི་དགུ་བརྒྱ་གོ་དགུ་བསད་པ་དང་། མཐོང་ལྡན་ཏེ་རྒྱལ་བོ་མ་སྐྱེས་དགྲས་རང་གི་ཕ་གཟུགས་ཅན་སྙིང་བོ་བཙོན་ཏུ་བཅུག་སྟེ་ལྟོ་བཀག་ནས་གྲོངས་པ་དང་། ཁྱེའུ་བདེ་བྱེད་ནམ་རྒྱུན་གཞན་གྱི་བུད་མེད་ལ་ལོག་གཡེམ་བྱེད་དུ་འགྲོ་བ་ཨ་མས་ཤེས་ཏེ་བཀག་པས། ཨ་མ་ལ་གྲིས་བསྣུན་ཏེ་བསད་པ་སོགས་སྡིག་པ་ཚབས་པོ་ཆེ་དེ་འདྲ་བསགས་ནའང་། ཕྱིས་སུ་སངས་རྒྱས་དང་མཇལ་ནས་སྡིག་སྦྱངས་བྱས་པས། སྔ་མ་གཉིས་དམྱལ་བར་མ་སྐྱེས་པ་དང་། ཕྱི་མ་གཉིས་ཡུད་ཙམ་སྐྱེས་ཀྱང་མྱུར་དུ་ཐར་བ་བཞིན་ནོ། །

གཞན་ཡང་། བཤགས་བྱ་ལ་ལྟུང་བ་དང་སྡིག་པ་གཉིས་ལས། ལྟུང་བས་ལས་ལ་བསྒྲིབས། སྡིག་པས་རྣམ་སྨིན་མྱོང་བས། ལྟུང་བ་ཕྱིར་བཅོས་དང་། སྡིག་པ་སྟོབས་བཞིས་སྦྱངས་དགོས། ལྟུང་བ་ཕྱིར་བཅོས་ཚུལ་ཡང་། བྱང་ཆུབ་ལམ་རིམ་གྱི་སྐབས་འདིར་སྟོབས་བཞི་ཚང་བའི་སྒོ་ནས་ཉན་རང་རྣམས་ལ་གཙོ་བོར་དམིགས་ནས་སོ་ཐར་གྱི་བཤགས་པ་དང་། སངས་རྒྱས་བྱང་སེམས་ལ་གཙོ་བོར་དམིགས་ནས་བྱང་སེམས་ཀྱི་བཤགས་པ་དང་། ཆོས་སྲུང་སོགས་ལ་དམིགས་ནས་སྔགས་ཀྱི་བཤགས་པ་བྱོས་ལ། མཐོང་སྡོམ་དྲིས་ལན་དངོས་སུ་རང་གིས་བརྗོད་ཅིང་། ཡིད་ཀྱིས་མདོ་ཕྱོགས་ཀྱི་དྲི་བ་ཐུབ་དབང་དང་། སྔགས་ཕྱོགས་ཀྱི་དྲི་བ་རྡོ་རྗེ་འཆང་དང་བླ་མ་དབྱེར་མེད་པས་མཛད་པར་བསམས་ལ། མཐོང་ལགས། ཞེས་སོགས་ཀྱི་ལན་བྱའོ། །

གཞན་ཡང་རྡོ་རྗེ་སེམས་དཔའི་སྒོ་ནས་ནད་སྦྱོང་བ་དང་། ཤེས་རབ་སྤེལ་བ། ཚེ་སྒྲུབ་སོགས་སྙན་བརྒྱུད་ཀྱི་མན་ངག་ཇི་སྙེད་ཅིག་ཀྱང་ཡོད་དོ། །

༥ ཕུང་བོ་གསུམ་པའི་སྡིག་བཤགས་བྱེ་བྲག་ཏུ་བཤད་པ། རྗེ་བདག་ཉིད་ཆེན་པོས་ཕུང་བོ་གསུམ་པའི་མདོ་ཕྱག་དང་སྦྲགས་ཏེ་བཤགས་སྡོམ་མཛད་པའི་རྣམ་ཐར་དྲི་མ་མེད་པ་མཆིས་པ་བཞིན། རང་ཅག་གིས་ཀྱང་དེ་ལྟར་མཛད་ན་རྟེན་འབྲེལ་གྱི་གནད་ཆེ་བ་ཡིན། ཕུང་བོ་གསུམ་པའི་མདོ་ལ་སྟོབས་བཞིས་བཤགས་སྡོམ་གྱི་གནད་དྲིལ་བ་ཡིན། རྣམ་པར་སུན་འབྱིན་པའི་སྟོབས་ཀྱིས་སྡིག་པའི་འཕེལ་འཕྲོ་གཅོད། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཀྱིས་སྡིག་པ་ཉམས་དམའ་བར་བྱེད། ཉེས་པ་ལས་སླར་ལྡོག་པའི་སྟོབས་ཀྱིས་སྡིག་པ་རྩ་བ་ནས་འདོན་པར་བྱེད། རྟེན་གྱི་སྟོབས་ཀྱིས་སྡིག་འབྲས་སྡུག་བསྔལ་ལས་སྐྱོབ་པར་བྱེད་དོ། །འོ་ན། ཕུང་བོ་གསུམ་པའི་མདོའི་ནང་སྟོབས་བཞི་ཅི་ལྟར་ཚང་ཞེ་ན། བླ་མ་ལ་སྐྱབས་སུ་མཆིའོ་ནས་དགེ་འདུན་ལ་སྐྱབས་སུ་མཆི་ཞེས་པའི་བར་རྟེན་གྱི་སྟོབས། བཅོམ་ལྡན་འདས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ་ནས་རིན་པོ་ཆེ་དང་རི་དབང་གི་རྒྱལ་བོ་ལ་ཕྱག་འཚལ་ལོ་ཞེས་པའི་བར་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས། དེ་དག་ལ་སོགས་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་མི་འཆབ་བོ། །མི་སྦེད་དོ། །ཞེས་པའི་བར་རྣམ་པར་སུན་འབྱིན་པའི་སྟོབས། སླད་ཆད་ཀྱང་སྡོམ་པར་མི་འགྱུར་བ་ལགས་སོ། །ཞེས་པའི་བར་ཉེས་པ་ལས་སླར་ལྡོག་པའི་སྟོབས་ཚང་ངོ་། །

ཕན་ཡོན་ནི། བྱང་ཆུབ་སེམས་དཔའི་ལྟུང་བ་བཤགས་པའི་ཕན་ཡོན་ལས། སངས་རྒྱས་གཅིག་གི་མཚན་བརྗོད་ན་ཡོན་ཏན་དཔག་ཏུ་མེད་པར་འགྱུར་རོ། །སངས་རྒྱས་སོ་ལྔའི་མཚན་ནས་ལན་གཅིག་བརྗོད་ན། སེམས་ཅན་གང་ཞིག་གི་རྣ་ལམ་དུ་གྲག་པ་དེ་ངན་སོང་དུ་མི་སྐྱེ་ཞིང་དེའི་ཡོན་ཏན་ནི་རྒྱལ་བ་རྣམས་ཀྱིས་བགྲང་བར་མི་ནུས་སོ། །ཞེས་དང་། འདུལ་བ་ལུང་ལས་ཀྱང་། བཀའ་ཡི་ཚེ་དང་ལྡན་པ་རྣམས་ཉོན་ཅིག མ་འོངས་པའི་དུས་ལྔ་བརྒྱའི་ཐ་མ་ལ། སེམས་ཅན་ཉོན་མོངས་པའི་སྒྲིབ་པ་ཅན་རྣམས་ལ་ཕན་བཏགས་པའི་ཕྱིར། འཕགས་པ་ཕུང་བོ་གསུམ་པའི་མདོ་འདིས་དཀོར་གྱི་ཕུང་བོ་རི་རབ་ཙམ་ཡང་བྱང་སྟེ་སེམས་ཅན་འཆི་ཁ་རྣ་ལམ་དུ་བསྒྲགས་པར་འགྱུར་ན། ངན་སོང་དུ་མའི་སྐྱེ་སྒོ་གཅོད་པར་འགྱུར་རོ། །གསུངས་པ་ལྟར། དཔེར་ན། བྱ་བརྒྱ་འུར་རྡོ་གཅིག་གིས་འདེད་པ་ལྟ་བུའོ། །ཚུལ་འདི་ལ་དགོངས་ནས་ཡབ་རྗེ་སྐལ་ལྡན་རྒྱ་མཚོས། སྟོབས་རྣམ་བཞིས་སྡིག་ལྟུང་སྦྱོང་བྱེད་པའི། །མི་དེ་ལ་མཐོ་རིས་ཅི་བདེར་ཡོད། །ཅེས་དང་། ལས་དགེ་སྡིག་མི་བསླུ་ཕྱི་བཞིན་འབྲང་། །སྡིག་ཉེས་ལྟུང་སྟོབས་བཞིས་སྦྱངས་ན་ལེགས། །གསུངས་སོ། །

དེ་ལྟར་ཉམས་ལེན་གནད་དུ་སོང་ན་སྡིག་ལྟུང་དག་པ་ལ་རྨི་ལྟས་ཇི་ལྟར་བྱུང་ཅེ་ན། རྨི་ལམ་དུ་ཟས་ངན་སྐྱུགས་པ་དང་། ཞོ་དང་འོ་མ་ལ་སོགས་འཐུང་བ་དང་། ཉི་མ་དང་ཟླ་བ་མཐོང་བ་དང་། ནམ་མཁའ་ལ་འགྲོ་བ་དང་། མེ་འབར་བ་དང་། མ་ཧེ་དང་མི་ནག་པོ་ཐུབ་པ་དང་། དགེ་སློང་དང་དགེ་སློང་མའི་དགེ་འདུན་མཐོང་བ་དང་། འོ་མ་འབྱུང་བའི་ཤིང་དང་། གླང་བོ་ཆེ་དང་། ཁྱུ་མཆོག་དང་། རི་དང་། སེང་གེའི་ཁྲི་དང་། ཁང་བ་བཟང་བོའི་སྟེང་དུ་འཛེགས་པ་དང་། ཆོས་ཉན་པ་སོགས་རྨིས་ན་སྡིག་པ་དག་པའི་རྟགས་སུ་བསྐུལ་བྱེད་ཀྱི་གཟུངས་ལས་གསུངས་པ་དང་། ར་ག་ཨ་སེའི་གྲུབ་རྟགས་ཚོད་འཛིན་ལས། ཁྲུས་བྱེད་གོས་དཀར་གྱོན་དང་གངས་རིར་འཛེགས། །ནམ་ལངས་ཤེལ་རྙིང་མཆོད་རྟེན་བསྐོར་བ་བྱེད། །དེ་དག་སྒྲིབ་པ་དག་པའི་རྟགས་སུ་གསུངས། །ཞེས་ཀྱང་གསུངས་སོ། །

མཎྜལ།

༡ མཎྜལ་གྱི་ཁུངས་དང་དགོས་པ། མཎྜལ་ཞེས་པ་སྙིང་བོ་ལེན་པའི་དོན་དུ་འཇུག་པས་ན། དེ་ཡང་བསོད་ནམས་དང་ཉམས་རྟོགས་ཀྱི་སྙིང་བོ་རང་ཅག་གིས་ལེན་དགོས་པ་ཡིན། མཎྜལ་འབུལ་ཚུལ་ནི། དཀོན་མཆོག་སྤྲིན་སོགས་ལས་མེ་ཏོག་དང་འབྲས་བུ། དཔག་བསམ་གྱི་ཤིང་སོགས་བདག་གིར་འཛིན་པ་མེད་པར་ཉིན་ལན་གསུམ་མཚན་ལན་གསུམ་དུ་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ལ་འབུལ་བ་དེ་ཡིན། དེ་ཡང་ཆོས་པ་རྣམས་ཀྱིས་དཀོན་མཆོག་མཆོད་པ་དང་། ཚོགས་བསགས་སྒྲིབ་སྦྱོང་། ཆོས་འཆད་ཉན་གྱི་སྐབས་སུ་བེད་སྤྱོད་གཏོང་བ་ཡིན་ལ། འདུས་པའི་རྩ་རྒྱུད་ལས། ཞིང་འདིར་རིན་ཆེན་སྣ་བདུན་གྱིས། །མཁས་པ་དག་གིས་ཡོངས་བཀང་ནས། །དངོས་གྲུབ་འདོད་པ་སྦྱིན་པའི་ཕྱིར། །ཉིན་རེར་ཤེས་རབ་ཅན་གྱིས་དབུལ། །ཞེས་གསུངས་པ་ལྟར། རང་ཅག་གིས་ཀྱང་སྔོན་བྱོན་དམ་པའི་རྣམ་ཐར། རྗེས་འཇུག་གདུལ་བྱའི་ཉམས་ལེན་དུ་འཁྱེར་ནས། དཀར་བོ་དགེ་ཕྱོགས་ལ། ཡོད་གི་ཁ་གསོག་འདོད་བྱེད་པ་ལས། མེད་གི་ཕོར་བ་གཡུགས་འདོད་མི་སྐྱེས་པ་གལ་ཆེའོ། །འདིར་སྐབས་སུ་བབ་པ་ནི། ཚོགས་བསགས་པ་མཎྜལ་གྱི་ཁྲིད་ཡིན།

༢ མཎྜལ་གྱི་དབྱེ་བ། ཕྱི། ནང་། གསང་བ། དེ་ཁོ་ན་ཉིད་བཅས་ཀྱི་མཎྜལ་ཡོད་ལ།

༡ ཕྱིའི་མཎྜལ་ལ། མཎྜལ་གྱི་ས་གཞི་རབ་ཡིན་ན། གསེར་དངུལ་སོགས་རིན་པོ་ཆེའི་རིགས་དང་། འབྲིང་ལི་ཟངས་དང་། ཐ་མ་ཤིང་རྡོ་སོགས་ཀྱང་ཆོག རྗེ་བདག་ཉིད་ཆེན་པོས་ཀྱང་རྡོའི་མཎྜལ་ལ་བརྟེན་ནས་ཕྱག་ངར་བརྡོལ་བ་སོགས་རྣམ་ཐར་ན་གསལ་བ་དང་། ད་ལྟ་ཡང་འོལ་ཁ་ཆོས་གླིང་ན་མཎྜལ་འབུལ་བྱེད་ཀྱི་རྡོ་ལ་མཇལ་རྒྱུ་ཡོད། མཎྜལ་གྱི་དབྱིབས་ཟླུམ་པོ། ཁ་དོག་མ་ངེས་པ། ཆེ་ཚད་ལ་ཚད་མེད་ཅིང་། ཆུང་མཐའ་ལ་ཕོར་བ་ལས་མ་ཆུང་བ། བང་རིམ་ལ་གསུམ་དང་བཞི་གང་རུང་ཆོག་ལ། ཚོམ་བུ་ཡང་རབ་རིན་པོ་ཆེའི་རིགས། འབྲིང་དུང་དང་མགྲོན་བུ་སོགས། ཐ་མ་འབྲུའི་རིགས་དང་། མ་འབྱོར་ན་བྱེ་མ་དང་ས་རྡོ་སོགས་ཀྱང་རུང་ལ། འབྱོར་བ་ཡོད་བཞིན་དུ་རྒྱུ་གང་ངན་ལ་མཆོད་པ་བྱ་བ་ནི། རང་གི་བསོད་ནམས་ཉམས་པའི་རྒྱུ་ཡིན་པས། དམུས་ལོང་གིས་མིག་ལྡན་ལ་མགོ་བསྐོར་གཏོང་བ་དང་འདྲ་བར་པོ་ཏོ་བས་གསུངས་སོ། །མཎྜལ་འབུལ་བ་ནི། དཔེར་ན། རྒྱལ་བོ་ཆེན་པོ་ཞིག་ལ་བྱ་བ་གལ་ཆེན་ཞིག་ཞུ་ན། འབུལ་བ་གཏོས་ཆེ་བ་ཞིག་སྔོན་དུ་ཕུལ་ནས་ཞུ་དགོས་པ་ལྟར། རང་རེ་ཀུན་ཚོགས་ཞིང་ལ་དོན་གལ་ཆེན་ཞིག་ཞུ་ན། དེའི་དོན་དུ་མཎྜལ་འབུལ་བ་ཡིན།

མཎྜལ་འབུལ་ཚུལ་ནི། མཆོད་འབུལ་གྱི་སྐབས། ཤར་ཚོགས་ཞིང་ལ་འཁོར་བ་དང་། གསོལ་འདེབས་ཀྱི་སྐབས་ཤར་རང་ལ་འཁོར་བའི་ཁྱད་པར་ཤེས་དགོས། མཎྜལ་གྱི་ས་གཞི་ལག་གཡོན་གྱིས་ཚོམ་བུ་ཕྲན་ཙམ་དང་བཅས་འཛིན་ཅིང་། ཕྱག་གཡས་ཀྱི་ལག་ངར་ལ་མངོན་ཤེས་འཆར་བའི་རྩ་ཡོད་པས། དེས་ཕྱིས་ན་མངོན་ཤེས་འཐོབ་པ་དང་། ཕྱིར་ལན་གསུམ་ཕྱིས་ཏེ་ཐོག་མེད་ནས་རང་གཞན་གྱིས་བསགས་པའི་སྡིག་སྒྲིབ་དག་པའི་མོས་པ་བྱེད། ནང་དུ་ལན་གསུམ་ཕྱིས་ཏེ་ཚོགས་ཞིང་གི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་འཐོབ་པར་བསམ་དགོས།

མཎྜལ་གྱི་ཚོམ་བུ་འགོད་ཚུལ་ལ་རྣམ་གྲངས་མང་ཡང་། འགྲོ་མགོན་ཆོས་རྒྱལ་འཕགས་པས་སྲོལ་ཕྱེས་པའི་ཚོམ་བུ་སོ་བདུན་མ་ནི་ཁྱབ་ཆེ་བས། སོ་བདུན་མ་ལྟར་ན། དབང་ཆེན་གསེར་གྱི་ས་གཞི་ནས་ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་བར་ཚོམ་བུ་བཀོད་དེ་མཐར་ཏོག་གཟུགས་དགོས། སྣོད་བཅུད་འཇིག་རྟེན་ཁམས་འདི་རང་གི་ལག་པས་བཀྱགས་ཏེ། ཞིང་དམ་པ་རྣམས་ལ་དབུལ་བར་བགྱིའོ། །རིམ་གྱིས་དམིགས་པ་ཇེ་རྒྱས་སུ་བཏང་ནས། དེ་འདྲ་བ་གཅིག་ཙམ་མ་ཡིན་པར་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་གསལ་བཏབ་ནས་དབུལ་དགོས་སོ། །

འོ་ན། མཎྜལ་གྱི་ས་གཞི་ཆུང་ངུའི་སྟེང་དུ་སྣོད་བཅུད་དེ་དག་ཤོང་ངམ་ཞེ་ན། གཡག་རྭའི་ནང་དུ་མི་ལའི་སྐུ་ཆུང་ངུར་མ་སོང་བར་བཞུགས་པ་དང་། ཇོ་བོས་སྐུ་ལུས་ཡོངས་རྫོགས་ས་ཙྪའི་རྐོས་ཕོར་ཆུང་ངུ་ཞིག་གི་ནང་དུ་བཅུག་པ་སོགས་རྫུ་འཕྲུལ་སྣ་ཚོགས་ཞིག་བསྟན་པའི་མཐར། དེ་རིང་འོ་ཅག་གིས་གང་བྱས་པ་འདི་ཀུན། རིགས་པ་སྨྲ་བའི་རྟོག་གེ་བ་རྣམས་ཀྱིས་འགལ་བར་བརྩི། འོ་ན་བརྩི་ནའང་བརྩིར་ཆུག ཆོས་ཀྱི་གནས་ལུགས་འདི་འདྲ་ཞིག་མིན་རེ་ཞེས་རྒྱ་བོད་གཉིས་ཀ་འགྲིམས་ནས་མནའ་བསྐྱལ་ཡང་ཆོག་གསུངས་པ་ལྟར་ལགས་སོ། །

དེ་ནས་གསོལ་བ་འདེབས་པ་ལ། དོན་ཆེན་པོ་གསུམ་དང་། ལམ་མཆོག་སྒོ་འབྱེད། བྱིན་རླབས་སྤུངས་ཞུས། ཕུར་ཚུགས་སུ་གསོལ་བ་འདེབས་པ་སོགས་གང་རུང་གིས་འདོད་དོན་ལ་གསོལ་བ་གདབ་བོ། །

གྲངས་ཇི་ལྟར་གསོག་ཚུལ་ནི། ས་གཞི་སྤོས་ཀྱིས་བྱུགས་ཤིང་མེ་ཏོག་བཀྲམས། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག། ཨི་དམ་གུ་རུ་རཏ་ན་མཎྜ་ལ་ཁམ་ནི་ཪྻཱ་ད་ཡ་མི། ཞེས་འབུམ་ཕྲག་བཟླ། མཇུག་བསྔོ་སྨོན་གྱིས་རྒྱས་གདབ་པར་བྱའོ། །

༢ ནང་གི་མཎྜལ་འབུལ་སྟངས་ནི། རང་གི་ལུས་ཀྱི་ཡན་ལག་རྣམས་མཎྜལ་དུ་བསྒྱུར་ནས་འབུལ་བ་ཡིན། ལུས་ཀྱི་པགས་པ་གསེར་གྱི་ས་གཞི་དང་། ཁྲག་གིས་ཆག་ཆག་དང་། ཡན་ལག་གླིང་བཞི་དང་། ཉིང་ལག་གླིང་ཕྲན་བརྒྱད། ཁོག་པ་རི་རབ། མགོ་བོ་རྣམ་པར་རྒྱལ་བའི་ཁང་བཟང་། མིག་གཉིས་ཉི་ཟླ། སྙིང་ནོར་བུ། དབང་བོ་ནང་ཁྲོལ་རྣམས་ལྷ་མིའི་དཔལ་འབྱོར་དུ་བསྒྱུར་ནས་འབུལ་བ་ཡིན། རྗེ་བཙུན་བློ་བཟང་ཆོས་རྒྱན་གྱི་གཅོད་གཞུང་དུ། དག་པ་རབ་མཛེས་སོགས་ལྟར་དང་། ཕྱག་ལེན་འདི་བྱ་བྲལ་གྱི་རྣལ་འབྱོར་བ་ལ་ཧ་ཅང་མཁོ་བ་ཡིན།

༣ གསང་བའི་མཎྜལ་ནི། རྒྱལ་མཆོག་བདུན་པས། ཐབས་མཆོག་བདེ་ཆེན་རོལ་རྩེད་ཀྱིས། །ཞེས་སོགས་ཀྱིས་བདེ་སྟོང་གི་ཡེ་ཤེས་ཧཱུཾ་ཡིག་ཏུ་སྤྲོས་པ་ཡོངས་སུ་གྱུར་བ་ལས་རི་གླིང་སོགས་སུ་ཤར་བ་དག་པའི་སྣོད་བཅུད་དུ་དམིགས་ཏེ་ཚོམ་བུ་སོ་སོར་བཀོད་ནས་དབུལ་བའོ། །

༤ དེ་ཁོ་ན་ཉིད་ཀྱི་མཎྜལ་ནི། རྒྱལ་མཆོག་བདུན་པས། བདེ་ཆེན་ཀུན་ཏུ་བཟང་བོའི་རྣམ་རོལ་གྱིས། །ཞེས་སོགས་སྐུ་དག་པ་སྒྱུ་མའི་སྐུ་དང་། ཐུགས་དག་པ་དོན་གྱི་འོད་གསལ་ཟུང་དུ་འཇུག་པ་སོགས་ཧཱུཾ་ཡིག་གི་རྣམ་པར་སྤྲོས་པ་རི་གླིང་སོགས་སུ་ཤར་བ་དག་པའི་སྣོད་བཅུད་དུ་དམིགས་ཏེ་ཚོམ་བུ་སོ་སོར་བཀོད་ནས་དབུལ་ལོ། །

༣ མཎྜལ་ཕུལ་བའི་ཕན་ཡོན། ཟ་མ་ཏོག་ལྟ་བུའི་གཏམ་ལས། བདེ་བར་གཤེགས་པ་མཆོག་རྣམས་ཀྱི། །ཕོ་བྲང་མཆོག་ནི་བརྒྱན་བྱེད་པ། །གསེར་གྱི་མདོག་ལྟར་ལྡན་འགྱུར་ཞིང་། །ནད་རྣམས་ཀུན་ནས་གྲོལ་བར་འགྱུར། །ལྷ་དང་མི་ལས་ཁྱད་འཕགས་ཤིང་། །ཉི་མའི་འཁོར་ལོ་ལྟ་བུར་མཛེས། །ནོར་དང་གསེར་ནི་མང་བ་དང་། །རྒྱལ་བོའི་རིགས་ཀྱིས་རྒྱལ་བར་འགྱུར། །འཇིག་རྟེན་གསུམ་གྱིས་མཆོད་པ་ཡི། །སངས་རྒྱས་ལ་ནི་གང་ཞིག་འདིར། །མཎྜལ་མེ་ཏོག་བཅས་བྱེད་པ། །འགྲོ་བའི་བདག་པོ་ཚེ་རིང་ཞིང་། །སྣ་ཚོགས་ནད་ཀྱི་འཇིགས་ལས་གྲོལ། །གང་ཡིན་དེ་ཡིས་སྐད་ཅིག་ཐོབ། །བདེ་གཤེགས་མཎྜལ་བྱེད་དེ་དག། ཕ་རོལ་ཕྱིན་དྲུག་ཐོབ་འགྱུར་ཏེ། །ཆུ་དང་ས་བསྲེས་བཏང་སྦྱིན་པ། །གྲོག་མོ་སོགས་སེལ་ཚུལ་ཁྲིམས་ཏེ། །བསྲེས་ནས་ཉེད་པ་བཟོད་པ་ཡིན། །འབད་པ་བྱེད་པ་བརྩོན་འགྲུས་ཡིན། །སྐད་ཅིག་དེ་ལ་རྩེ་གཅིག་ཏུ། །སེམས་འཛིན་བྱེད་པ་བསམ་གཏན་ཡིན། །ལེགས་པར་གཟོབ་པ་ཤེས་རབ་བོ། །སྣ་ཚོགས་བསོད་ནམས་ཀྱིས་བརྒྱན་པ། །ས་གཞི་བྲིས་པ་འབུལ་བྱེད་པ། །ལྷ་ཡི་བདེ་བ་ཐམས་ཅད་དང་། །ལོངས་སྤྱོད་མཆོག་དང་ལྡན་འགྱུར་ཞིང་། །མིར་སྐྱེས་གསེར་ལས་ལྷག་པ་ཡི། །ཁ་དོག་དང་ལྡན་མཛེས་པ་དང་། །པདྨའི་མདོག་ལྟར་ཡན་ལག་ཚང་། །མིག་ནི་དཀྱུས་རིང་མཛེས་པར་འགྱུར། །ཞེས་སོ། །གཞན་ཡང་མཎྜལ་གྱི་མདོ་ལས། ཐུབ་པས་མཎྜལ་བྱས་པ་ཡིས། །ཕ་རོལ་ཕྱིན་པ་འདི་དྲུག་ཐོབ། །ཞེས་གསུངས་པ་ལྟར་མཎྜལ་ཕུལ་བ་འདི་ལ་ཕར་ཕྱིན་དྲུག་ཚང་སྟེ། དེ་ཉིད་ལས། ཆུ་བཅས་ལྕི་བ་སྦྱིན་པ་སྟེ། །ལེགས་པར་ཉུག་པར་བྱེད་པ་ཚུལ་ཁྲིམས་སོ། །སྲིན་དང་གྲོག་སྦུར་བསལ་བ་བཟོད་པ་ཡིན། །བྱ་བ་ལ་ནི་ཉེར་ཞུགས་བརྩོན་འགྲུས་ཏེ། །དེ་ལ་སྐད་ཅིག་སེམས་ནི་གཅིག་བྱེད་པ། །བསམ་གཏན་ཤེས་རབ་རི་མོ་གསལ་བའོ། །ཞེས་པ་ལྟར་བ་བྱུང་ལྔ་སྟེ་གཅི་ཞོ་འོ་མ་མར་བཅས་ལྔས་བྱུགས་པ་སྦྱིན་པ་དང་། མཎྜལ་ཁོད་སྙོམས་སུ་ཉུག་པ་ཚུལ་ཁྲིམས། མཎྜལ་ལ་གནས་པའི་སྲིན་བུ་གྲོག་སྦུར་སོགས་བསལ་བ་བཟོད་པ། མཎྜལ་གྱི་བྱ་བ་ལ་ཉེ་བར་ཞུགས་པ་བརྩོན་འགྲུས། མཎྜལ་གྱི་དམིགས་པ་རྩེ་གཅིག་གཏོད་པ་བསམ་གཏན། མཎྜལ་ཚོམ་བུ་བཀྲ་བར་བཀོད་པ་ཤེས་རབ་བོ། །དེ་ལྟར་མཎྜལ་ཕུལ་བ་ལ་བརྟེན་ནས། དགེ་སློང་མ་དཔལ་མོས་ཐུགས་རྗེ་ཆེན་པོ་ཞལ་གཟིགས་པ་དང་། རྣལ་འབྱོར་དབང་ཕྱུག་དཔལ་ལྡན་དགོན་པ་བས། དུས་རྒྱུན་མཎྜལ་འབུལ་གིན་ཡོད་ཀྱང་། ཚེ་ཞིག་ཏིང་འཛིན་ལ་ཞག་བདུན་མཉམ་པར་བཞག་པ་འབྲོམ་གྱིས་མཁྱེན་ནས། ཁྱེད་ལས་ལྷག་པ་ཇོ་བོ་ཙམ་ཡིན་ཏེ། མཎྜལ་དུས་དྲུག་རེ་མ་ཆག་པར་འབུལ་བ་ཡིན་ཞེས་བཀའ་བཀྱོན་གནང་བ་ཡིན། དེ་ནས་མཎྜལ་ལ་འབུངས་པས་སངས་རྒྱས་ཀྱི་ཞིང་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པ་ཁྲ་ལམ་མེར་གཟིགས་པ་ཡིན། གཞན་ཡང་། ཇོ་བོས་མུ་སྟེགས་པ་དང་རྩོད་པ་མཛད་པའི་ཚེ་མུ་སྟེགས་པས་སྒྲའི་དཀའ་གནས་ཤིན་ཏུ་ཕྲ་བ་ཞིག་དྲིས་པས། ཇོ་བོས་མ་དགོངས་པ་ན། ཆབ་གསང་ལ་འབྱོན་ཁུལ་མཛད་ནས་ནང་དུ་བྱོན། ཇོ་བོས་རང་གི་ཐུགས་དམ་གྱི་རྟེན་དུ་གྱུར་བ་ཇོ་མོ་སྒྲོལ་མར་མཎྜལ་ཕུལ་ནས་གསོལ་བ་དྲག་ཏུ་བཏབ་པས། སྒྲའི་དཀའ་གནད་དེ་ཐུགས་ལ་ཝལ་གྱིས་ཤར་ནས་མུ་སྟེགས་པ་ལ་ལན་མཛད་པ་ན། ཇོ་བོ་རྒྱལ་ཏེ་སངས་རྒྱས་ཀྱི་བསྟན་པ་རྒྱས་པར་གྱུར་བ་ལྟ་བུ་ཡིན་ནོ། །དེ་བཞིན་རྗེ་བདག་ཉིད་ཆེན་པོས་ཀྱང་འོལ་ཁར་ཕེབས་ཏེ་མཎྜལ་རྒྱུན་མ་ཆད་པར་ཕུལ་བས། སངས་རྒྱས་སོ་ལྔའི་ཞལ་གཟིགས་པ་ཡིན་ནོ། །

བླ་མའི་རྣལ་འབྱོར།

༡ བླ་མ་ཉིད་བྱིན་རླབས་ཀྱི་འཇུག་སྒོར་བསྟན་པ། རང་རྒྱུད་ལ་བྱིན་རླབས་འཇུག་པ་ལ། བླ་མའི་རྣལ་འབྱོར་ལ་བསྟེན་དགོས། དམིགས་བརྩེ་མ་དང་འབྲེལ་བའི་བླ་མའི་རྣལ་འབྱོར་ལ་གཉིས་ཡོད་ལ། སྲད་རྒྱུད་ལུགས་ཀྱི་བླ་མའི་རྣལ་འབྱོར་དགའ་ལྡན་ལྷ་བརྒྱ་མ་དང་། དབེན་ས་ལུགས་ཀྱི་བླ་མའི་རྣལ་འབྱོར་བླ་མཆོད་ཡིན། ཐེག་པ་ཆེ་ཆུང་གི་ཡོན་ཏན་ཆེ་སྐྱེས་ཆུང་སྐྱེས་ཐམས་ཅད་བླ་མ་ལ་རག་པ་ཡིན། བླ་མ་ནི་མཆོག་གསུམ་གྱི་སྤྱི་གཟུགས་ཡིན་པས། རྒྱུད་ལས། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱི་བྱེད་པོ་བླ་མ་ཡིན། །ཞེས་གསུངས་པ་ལྟར་སྐྱབས་གསུམ་ཀུན་འདུས་ཀྱི་ངོ་བོར་མོས་ནས་བླ་མའི་རྣལ་འབྱོར་བསྒོམས་ན། བསྐྱེད་རྫོགས་སྒོམ་པ་དང་བཟླས་བརྗོད་བྱས་པ་སོགས་ལས་ཁྱད་པར་དུ་འཕགས་པ་ཡིན་ཏེ། སམྦུ་ཊའི་རྒྱུད་ལས། བསྐྱེད་རིམ་བསྒོམ་པ་མང་ལགས་ཏེ། །བླ་མ་བསྒོམ་པའི་གོང་ན་མེད། །བཟླས་བརྗོད་བྱེད་པ་མང་ལགས་ཏེ། །གསོལ་བ་འདེབས་པའི་གོང་ན་མེད། །རྒྱུན་ཏུ་གསོལ་བ་བཏབ་པ་ན། །འབྲལ་མེད་ཉམས་མྱོང་འོང་བར་ངེས། །ཞེས་སོ། །

ལྷག་པར་དུ་ཉི་མའི་འོད་ཟེར་མེ་ཤེལ་ལ་དྲངས་ཏེ་བུད་ཤིང་སྟེང་དུ་བབས་ན་མེ་འབར་བ་ལྟར། བླ་མ་དང་སངས་རྒྱས་དབྱེར་མེད་དུ་སྒོམ་ན། བྱིན་རླབས་ཀྱི་ཚན་ཁ་གཞན་ལས་ཆེ་བ་ཡིན། ས་སྐྱ་པཎ་ཆེན་གྱིས། ཉི་མའི་འོད་ཟེར་རབ་ཚ་ཡང་། །མེ་ཤེལ་མེད་པར་མེ་མི་འབྱུང་། །དེ་བཞིན་སངས་རྒྱས་བྱིན་རླབས་ཀྱང་། །བླ་མ་མེད་པར་འཇུག་མི་ནུས། །ཞེས་དང་། རྒྱུད་ལས། དྲིན་དང་ལྡན་པའི་བླ་མ་དེ། །ལག་པའི་མཐིལ་ལམ་སྙིང་གི་དཀྱིལ། །ལུས་ཀྱི་ཆ་ཤས་གར་བསྒོམས་ཀྱང་། །སངས་རྒྱས་སྟོང་གི་བྱིན་རླབས་ཀྱང་། །གང་ཟག་དེ་ཡིས་སྡུད་པར་བྱེད། །ཅེས་པ་ལྟར་བླ་མའི་རྣལ་འབྱོར་བསྒོམས་པས་སངས་རྒྱས་སྟོང་གིས་བྱིན་རླབས་འཇུག་ནུས་པར་མདོ་རྒྱུད་དུ་མར་གསུངས་ཡོད་པས། སྔོན་བྱོན་དམ་པ་རྣམས་ཀྱིས་ཉམས་ལེན་གྱི་མཐིལ་དུ་འཛིན་པ་ཡིན་ཏེ། རྨོག་ལྕོག་པས། ཀྱེ་རྡོ་རྗེ་རང་དམར་ན་དམར། ཐུགས་རྗེ་ཆེན་པོ་རང་དཀར་ན་དཀར། རྗེ་བཙུན་སྒྲོལ་མ་རང་སྔོ་ན་སྔོ། ང་ནི་གང་དུ་བསྡད་ཀྱང་བླ་མའི་སྣང་བ་དང་འབྲལ་མ་མྱོང་། ཚེ་གཅིག་གིས་སངས་རྒྱས་སམ་དེ་ཡོང་ཡོང་འདྲ་གསུངས་པ་དང་། དེ་བས་ན། བླ་མ་མཚན་ཉིད་དང་ལྡན་པ་ཞིག་དང་། སློབ་མ་བསོད་ནམས་ཀྱི་བསགས་རྒྱབ་ཅན་གཉིས་འཛོམས་ནས། བླ་མའི་རྣལ་འབྱོར་གནད་དུ་སོང་ན། སངས་རྒྱས་ལག་པས་བཟོས་པ་འདྲ་བ་ཞིག་བྱེད་རྒྱུ་ཡོད་པར་བཀའ་གདམས་པ་གཙང་བ་ནམ་མཁའ་རིན་ཆེན་གྱིས་གསུངས་ལ། ཕ་དམ་པས་ཀྱང་། བླ་མས་བསྐྱལ་ན་གང་འདོད་གནས་སུ་སླེབས། །རྐང་གླར་མོས་གུས་ཕུལ་ཅིག་དིང་རི་བ། །ཞེས་གསུངས་སོ། །

དེ་བས་འདིར་ངོ་བོ་རང་གི་དྲིན་ཅན་རྩ་བའི་བླ་མ་ཡིན་པ་ལ་རྣམ་པ་ཁམས་གསུམ་ཆོས་ཀྱི་རྒྱལ་བོ་ཙོང་ཁ་པར་དམིགས་ནས། དམིགས་བརྩེ་མ་བཟླས་བརྗོད་བྱེད་པ་ཡིན། དམིགས་བརྩེ་མ་ནི། རྗེ་གསུང་ཐོར་བུ་ལས། དྲི་མེད་མཁྱེན་པའི་དབང་བོ་འཇམ་པའི་དབྱངས། །ཚད་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །གངས་ཅན་མཁས་པའི་གཙུག་རྒྱན་རེད་མདའ་བ། །གཞོན་ནུ་བློ་གྲོས་ཞབས་ཀྱི་པད་མོར་འདུད། །ཐར་འདོད་བུང་བ་བདག་ཀྱང་བསྐྱང་དུ་གསོལ། །ཞེས་རྗེ་བདག་ཉིད་ཆེན་པོས་རེད་མདའ་བའི་ཞབས་ལ་ཕུལ་ཀྱང་། རེད་མདའ་བས། གསོལ་འདེབས་འདི་བདག་ལ་མི་འོས། ཁྱེད་རང་ལ་འོས་ཞེས་ད་ལྟའི་ཚིག་འདི་ལྟར་ཁ་བསྒྱུར་ནས་རྗེའི་ཞབས་ལ་ཕུལ་ཏེ་རྗེར་གསོལ་འདེབས་གནང་བ་དང་། ངེས་དོན་རྗེ་བཙུན་འཇམ་དབྱངས་ཀྱི་གསུང་གི་ཆ་ཤས་སུ་ཤར་བ་སྟེ། བཀའ་གདམས་ལྒིགས་བམ་ལས། བདག་གི་སྤྲུལ་བ་དམ་པ་ཞིག །རེ་འགའ་དགེ་སློང་ཉིད་དུ་སྤྲུལ། །ཞེས་པས་རྗེ་ཐམས་ཅད་མཁྱེན་པ་བསྟན་པ་དང་། རེས་འགའ་གསོལ་འདེབས་དབྱངས་ཀྱི་གཟུགས། །ཞེས་པས་དམིགས་བརྩེ་མ་བསྟན་ཅེས་དམ་པའི་གསུང་རྒྱུན་ཡང་ཡོད་དོ། །

༢ དམིགས་བརྩེ་མའི་དམིགས་རིམ། བླ་མའི་རྣལ་འབྱོར་ལག་ཏུ་བསྟར་ཚུལ་ནི། རྗེ་བླ་མའི་སྐུ་བརྙན་བྲིས་འབུར་གཙོ་བོར་བྱས་ཏེ་རྟེན་གསུམ་ལེགས་པར་བཀྲམ། མདུན་དུ་མཆོད་པ་གཡོ་མེད་ཅིང་བཀོད་པ་མཛེས་པར་བཤམས། སྟན་བདེ་བ་ལ་སྤྱོད་ལམ་ཚུལ་མཐུན་གྱིས་འཁོད་དེ། སྐྱབས་སེམས་དང་ཚད་མེད་བཞི་སྔོན་དུ་བཏང་ནས། ཆོས་ཐམས་ཅད་རང་བཞིན་མེད་རྟོགས་ཀྱི་བློ་ཤུགས་དྲག་པོ་བསྐྱེད་དེ། སྭ་བྷ་ཝ་ངག་ཏུ་བརྗོད་ཅིང་སྔགས་དོན་ལ་མཉམ་པར་བཞག འཁོར་འདས་ཀྱི་ཆོས་ཐམས་ཅད་སྟོང་བ་ཉིད་དུ་གྱུར། སྟོང་བའི་ངང་ལས་རང་གི་སྤྱི་བོ་རིན་པོ་ཆེའི་ཁྲི་ལ་པད་ཉི་ཟླ་བའི་གདན་བརྩེགས་ཀྱི་སྟེང་དུ། ངོ་བོ་རང་གི་རྩ་བའི་བླ་མ་ཡིན་པ་ལ་རྣམ་པ་ཁམས་གསུམ་ཆོས་ཀྱི་རྒྱལ་བོ་ཙོང་ཁ་པ་དགེ་སློང་གི་ཆ་བྱད་ཅན། དེའི་སྤྱི་བོར་རྗེ་བཙུན་འཇམ་པའི་དབྱངས་དམར་སེར་ལྒིགས་བམ་དང་རལ་གྲི་འཛིན་པ། མགྲིན་པར་སྤྱན་རས་གཟིགས་ཕྱག་བཞི་བ། ཕྱག་དང་བོ་གཉིས་ཐལ་མོ་སྦྱོར་ཞིང་། གཡས་འོག་མས་ཤེལ་ཕྲེང་དང་། གཡོན་འོག་མས་པད་དཀར་འཛིན་པ། ཐུགས་ཀར་ཕྱག་ན་རྡོ་རྗེ། གཡས་རྡོ་རྗེ་དང་། གཡོན་ཐུགས་ཀར་སྡིགས་མཛུབ་མཛད་པ། ཞབས་གཡས་བསྐུམས་གཡོན་བརྐྱང་གིས་བཞུགས་པ། འཇམ་དབྱངས་ཀྱི་ཐུགས་ཀར་ཨོཾ་དཀར་བོ། སྤྱན་རས་གཟིགས་ཀྱི་ཐུགས་ཀར་ཨཱཿདམར་བོ། ཕྱག་རྡོར་གྱི་ཐུགས་ཀར་ཧཱུཾ་སྔོན་པོ། དེ་གསུམ་ལས་འོད་ཟེར་འཕྲོས་པས། རྩ་བརྒྱུད་ཀྱི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་སོགས་སྐྱབས་གནས་ཐམས་ཅད་སྤྱན་དྲངས་ཏེ། རྡོ་མཚན་ལ་ཁ་བ་བབས་པ་བཞིན་ཐིམ་པས་སྐྱབས་གནས་ཀུན་འདུས་ཀྱི་བདག་ཉིད་དུ་གྱུར། དེ་ནས་ཇི་སྙེད་སུ་དག་ཞེས་སོགས་ཡན་ལག་བདུན་པ་འབུལ་དང་མཎྜལ་ཕུལ། དེ་ནས་རྗེ་བླ་མ་དེ་ཉིད་སངས་རྒྱས་ཀུན་འདུས། ཆོས་ཀུན་འདུས། དགེ་འདུན་ཀུན་འདུས། བླ་མ་ཀུན་འདུས། ཡི་དམ་ཀུན་འདུས། ཆོས་སྐྱོང་ཀུན་འདུས་ཀྱི་ངེས་ཤེས་ཤུགས་དྲགས་པོས་དྲངས་ཏེ། དུས་འདི་ནས་བཟུང་སྟེ་བྱང་ཆུབ་མ་འཐོབ་བར་དུ། སྐྱིད་ན་སྡུག་ན། ཤི་ན་གསོན་ན། ལེགས་ན་ཉེས་ན། རེ་ས་ཁྱེད་ལས་མེད་དོ་སྙམ་ནས་བློ་སྙིང་བྲང་གསུམ་ལིངས་ཀྱིས་བཀལ་ནས། མོས་གུས་དྲག་པོས་སེམས་རྩེ་གཅིག་གིས། དམིགས་བརྩེ་མ་ཅི་འགྲུབ་བཟླ། དེ་ལྟར་རྗེ་བཙུན་ཙོང་ཁ་པ་ཆེན་པོ་ལ་གསོལ་བ་དྲག་ཏུ་བཏབ་པས། སྐུ་ལས་འོད་ཟེར་དཀར་དམར་མཐིང་ཀ་གསུམ་བབས་ནས། སྒྲིབ་གཉིས་བག་ཆགས་དང་བཅས་པ་སྦྱངས་ཏེ་ས་ལམ་གྱི་རྟོགས་པ་ཁྱད་པར་རྒྱུད་ལ་འཁྲུངས། སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་རྗེ་བླ་མས་དགྱེས་བཞིན་དུ་རྗེས་སུ་བཟུང་ནས། གསུང་གི་བདུད་རྩི་ངོམ་པ་མེད་པར་འཐུང་ནས་རྒྱལ་སྲས་ཀྱི་སྤྱོད་པ་ལ་ལེགས་པར་བསླབ་སྟེ། སྐུ་བཞིའི་བདག་ཉིད་འཐོབ་པར་བྱིན་གྱིས་བརླབས་སོང་སྙམ་པའི་མོས་པ་བྱ། ཐུན་བསྡུ་བའི་ཚེ། སྤྱི་བོའི་བླ་མ་དེ་ཉིད་འཐེབ་སོར་གྱི་ཚད་ཙམ་དུ་གྱུར་ནས་སྤྱི་བོའི་རྩ་དབུ་མར་བརྒྱུད་དེ་རང་གི་སྙིང་ཀ་པདྨ་འདབ་བརྒྱད་དུ་བྱོན་ནས་བྱང་ཆུབ་མ་འཐོབ་བར་འབྲལ་བ་མེད་པར་བཞུགས་པར་བསམ་མོ། །མཇུག་ཏུ། ཚེ་རབས་ཀུན་ཏུ་རྒྱལ་བ་ཙོང་ཁ་པས། །སོགས་དང་། འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཞེས་སོགས་བསྔོ་སྨོན་གྱིས་རྒྱས་འདེབས་པར་བྱའོ། །

༣ དམིགས་བརྩེ་མ་སྐོར་བདུན་གྱིས་གསོལ་བ་འདེབས་ཚུལ། དམ་ཚིག་གསུམ་བཀོད་ཀྱི་རྒྱུད་ལས། མཚན་དང་དཔེ་བྱད་འབར་བའི་ལྷ། །བསྐལ་བ་འབུམ་དུ་བསྒོམ་པ་ལས། །བླ་མ་དྲན་པའི་འབུམ་ཆར་མིན། །བསྙེན་སྒྲུབ་བཟླས་བརྗོད་ས་ཡ་བས། །བླ་མའི་གསོལ་ཚིག་ལན་གཅིག་མཆོག །ཅེས་གསུངས་པ་ལྟར་དམིགས་བརྩེ་མའི་གསོལ་འདེབས་འདི་ལ་སྐོར་བདུན་ཡོད་པ་ལས།

དམིགས་བརྩེ་མ་སུམ་སྐོར་ནི། རྗེ་བདག་ཉིད་ཆེན་པོ་བརྩེ་བ་འཕགས་མཆོག་སྤྱན་རས་གཟིགས་དང་། མཁྱེན་པ་རྗེ་བཙུན་འཇམ་པའི་དབྱངས་དང་མཉམ་པར་མ་ཟད། རྗེ་བླ་མ་དང་དེ་གཉིས་ཀྱི་སྤང་རྟོགས་ཀྱི་ཡོན་ཏན་སོགས་ཆ་ཐམས་ཅད་ནས་འདྲ་བ་དང་། ཡང་ན། རྗེ་བླ་མའི་སྤྱི་བོར་འཇམ་དབྱངས། མགྲིན་པར་སྤྱན་རས་གཟིགས་ཕྱག་བཞི་བ་སྒོམ་ནས། ཁོང་རྣམ་པ་གསུམ་དབྱེར་མེད་དུ་དམིགས་ནས་གསོལ་བ་འདེབས་པ་སྟེ། དམིགས་མེད××། །དྲི་མེད××། །གངས་ཅན××། །བློ་བཟང××གསོལ་བ་འདེབས། །ཞེས་ཚིག་རྐང་བཞི་བོ་འདི་དང་།

བཞི་སྐོར་ནི། རྒྱལ་བ་ཀུན་གྱི་མཁྱེན་བརྩེ་ནུས་གསུམ་ལྷ་སྐུ་བཞིན་ལག་གི་ངོ་བོར་ཤར་བ་རིགས་གསུམ་མགོན་པོ་དང་། དེ་གསུམ་བླ་མ་དགེ་བའི་བཤེས་གཉེན་གྱི་རྣམ་པར་ཤར་བ་རྗེ་བདག་ཉིད་ཆེན་པོ་ལགས་པར་མོས་ནས། རྗེ་བླ་མའི་སྤྱི་བོར་འཇམ་དབྱངས། མགྲིན་པར་སྤྱན་རས་གཟིགས། ཐུགས་ཀར་ཕྱག་ན་རྡོ་རྗེ་སྒོམ་ནས། དེ་བཞི་དབྱེར་མེད་དུ་གསོལ་བ་འདེབས་པ་སྟེ། དམིགས་མེད××། །དྲི་མེད××། །བདུད་དཔུང××། །གངས་ཅན××། །བློ་བཟང××། །ཞེས་ཚིག་རྐང་ལྔ་དང་། ཡང་རྗེ་བླ་མའི་གནས་གསུམ་དུ་རིགས་གསུམ་བཀོད་ནས་གསོལ་བ་འདེབས་ཞིང་དངོས་གྲུབ་ཞུ་བ་དང་།

ལྔ་སྐོར་ནི། རྗེ་བླ་མའི་གནས་གསུམ་དུ་རིགས་གསུམ་མགོན་པོ། ལྟེ་བར་རྒྱལ་བ་ཤཱཀྱ་ཐུབ་པ་སྒོམ་ནས། དེ་རྣམས་དབྱེར་མེད་དུ་གསོལ་བ་འདེབས་པ་སྟེ། བསྟན་པའི་བདག་པོ་སྟོན་པ་བཅོམ་ལྡན་འདས། །དམིགས་མེད××། །དྲི་མེད××། །བདུད་དཔུང××། །གངས་ཅན××། །བློ་བཟང××། །ཞེས་ཚིག་རྐང་དྲུག་དང་།

དྲུག་སྐོར་ནི། རྗེའི་གནས་གསུམ་དུ་རིགས་གསུམ་མགོན་པོ། ཕྱག་རྡོར་གྱི་ཐུགས་ཀར་རྒྱལ་བ་རྡོ་རྗེ་འཆང་། ལྟེ་བར་ཐུབ་དབང་བཀོད་ནས། དེ་རྣམས་ངོ་བོ་དབྱེར་མེད་དུ་བྱས་ནས་གསོལ་བ་འདེབས་པ་སྟེ། རིགས་ཀུན་ངོ་བོ་ཁྱབ་བདག་རྡོ་རྗེ་འཆང་། །བསྟན་པའི་བདག་པོ××། །དམིགས་མེད××། །དྲི་མེད××། །བདུད་དཔུང××། །གངས་ཅན××། །བློ་བཟང××། །ཞེས་ཚིག་རྐང་བདུན་པོ་འདི་སྲད་རྒྱུད་ལུགས་ཀྱི་དམིགས་བརྩེ་མ་དྲུག་སྐོར་དང་། དབེན་ས་བ་ལྟར་ན། དངོས་གྲུབ་ཀུན་འབྱུང་ཐུབ་དབང་རྡོ་རྗེ་འཆང་། དམིགས་མེད××། །དྲི་མེད××། །བདུད་དཔུང××། །གངས་ཅན་མཁས་པའི་གཙུག་རྒྱན་བློ་བཟང་གྲགས། །སྐྱབས་གསུམ་ཀུན་འདུས་བླ་མ་སངས་རྒྱས་ལ། །སྒོ་གསུམ་གུས་པའི་སྒོ་ནས་གསོལ་བ་འདེབས། །རང་གཞན་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །ཞེས་ཚིག་རྐང་དགུ་འདོན་ཞིང་ལྷ་འགོད་ཚུལ་ལ་ཁྱད་པར་མེད་ལ། ཡང་རྗེའི་ཐུགས་ཀར་འཇིགས་བྱེད་བཀོད་ནས། འཇམ་དཔལ་ཁྲོས་པའི་ཟློས་གར་གཤིན་རྗེ་གཤེད། །ཅེས་ཀྱང་སྦྱར་ཆོག་གོ།

བདུན་སྐོར་ནི། རྗེ་བླ་མའི་གནས་གསུམ་དུ་རིགས་གསུམ་མགོན་པོ། ཕྱག་རྡོར་གྱི་ཐུགས་ཀར་རྒྱལ་བ་རྡོ་རྗེ་འཆང་། ལྟེ་བར་ཐུབ་དབང་། གསང་གནས་སུ་རྗེ་བཙུན་སྒྲོལ་མ་བཀོད་ནས། དེ་རྣམས་ངོ་བོ་དབྱེར་མེད་དུ་གསོལ་བ་འདེབས་པ་སྟེ། འཕྲིན་ལས་ཀུན་འགྲུབ་རྗེ་བཙུན་སྒྲོལ་མ་ཡིན། །དངོས་གྲུབ་ཀུན་འབྱུང་ཐུབ་དབང་རྡོ་རྗེ་འཆང་། དམིགས་མེད××། །དྲི་མེད××། །བདུད་དཔུང××། །གངས་ཅན××། །བློ་བཟང××། །ཞེས་ཚིག་རྐང་བདུན་དང་།

དམིགས་བརྩེ་མ་བརྒྱད་སྐོར་ནི། རྗེ་བླ་མའི་གནས་གསུམ་དུ་རིགས་གསུམ་མགོན་པོ། སྤྱི་བོའི་འཇིགས་བྱེད་ཀྱི་ཐུགས་ཀར་འཇམ་དབྱངས། ཕྱག་རྡོར་གྱི་ཐུགས་ཀར་རྡོ་རྗེ་འཆང་། ལྟེ་བར་ཐུབ་དབང། གསང་གནས་སུ་སྒྲོལ་མ་བཀོད་ནས། དེ་རྣམས་ངོ་བོ་དབྱེར་མེད་དུ་གསོལ་བ་འདེབས་པ་སྟེ། འཇམ་དཔལ་ཁྲོས་པའི་ཟློས་གར་གཤིན་རྗེ་གཤེད། །འཕྲིན་ལས་ཀུན་འགྲུབ་རྗེ་བཙུན་སྒྲོལ་མ་ཡིན། །དངོས་གྲུབ་ཀུན་འབྱུང་ཐུབ་དབང་རྡོ་རྗེ་འཆང་། དམིགས་མེད××། །དྲི་མེད××། །བདུད་དཔུང××། །གངས་ཅན××། །བློ་བཟང××། །ཞེས་ཚིག་རྐང་བརྒྱད་དང།

དམིགས་བརྩེ་མ་དགུ་སྐོར་ནི། རྗེ་བླ་མའི་སྤྱི་བོར་འཕགས་པ་སྤྱན་རས་གཟིགས་ཕྱི་ནང་གསང་གསུམ་སྒོམ་པ་སྟེ། རྗེ་བླ་མའི་སྤྱི་བོར་སྤྱན་རས་གཟིགས་ཕྱག་བཞི་བ། དེའི་ཐུགས་ཀར་སྤྱན་རས་གཟིགས་རྡོ་རྗེ་ཆོས། དེའི་ཐུགས་ཀར་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོ་སྒོམ་པ་དང་། ཡང་རྗེ་བླ་མའི་མགྲིན་པར་རྗེ་བཙུན་འཇམ་པའི་དབྱངས་ཕྱི་ནང་གསང་གསུམ་སྒོམ་པ་སྟེ། ཕྱི་སྒྲུབ་འཇམ་དབྱངས་དཔའ་བོ་གཅིག་གྲུབ། ནང་སྒྲུབ་དབྱངས་ཅན་མ་དམར་མོར་འཁྱུད་པ། གསང་སྒྲུབ་འཇམ་དབྱངས་ཡབ་ཡུམ་འཁྱུད་པ་སྒོམ་པའོ། །

ཡང་རྗེ་བླ་མའི་ཐུགས་ཀར་གསང་བདག་ཕྱག་ན་རྡོ་རྗེ་ཕྱི་ནང་གསང་གསུམ་སྒོམ་པ་སྟེ། ཕྱི་སྒྲུབ་གསང་བདག་གོས་སྔོན་ཅན། ནང་སྒྲུབ་གསང་བདག་འབྱུང་འདུལ། གསང་སྒྲུབ་གསང་བདག་འཁོར་ཆེན་ཏེ། རྗེ་བླ་མ་དང་རིགས་གསུམ་མགོན་པོ་ཕྱི་ནང་གསང་གསུམ་དགུ་བོ་ངོ་བོ་དབྱེར་དུ་གསོལ་བ་འདེབས་པ་ལ་དམིགས་བརྩེ་མ་དགུ་སྐོར་ཟེར་ལ།

ཡང་དམིགས་བརྩེ་མ་དགུ་སྐོར་ལ། རྗེ་བླ་མའི་སྤྱི་བོར་སྤྱན་རས་གཟིགས་ཕྱག་བཞི་བ། དེའི་ཐུགས་ཀར་པདྨ་དང་ཧྲཱྀ་ཡིག མགྲིན་པར་འཇམ་དབྱངས། དེའི་ཐུགས་ཀར་རལ་གྲི་དང་དྷཱིས་མཚན་པ། ཐུགས་ཀར་ཕྱག་ན་རྡོ་རྗེ་གོས་སྔོན་ཅན། དེའི་ཐུགས་ཀར་རྡོ་རྗེ་དང་ཧཱུཾ་གིས་མཚན་པ་སྟེ་གསུམ་ཀའང་སེམས་དཔའ་སུམ་བརྩེགས་སུ་བསྒོམས་ནས་རྗེ་བླ་མའི་སྐུ་གསུང་ཐུགས་དང་རྣམ་གསུམ་ངོ་བོར་དབྱེར་མེད་དུ་གསོལ་བ་འདེབས་པའོ། །འདོན་པ་དམིགས་བརྩེ་མ་བཞི་སྐོར་ལས་ཡན་གར་བ་མེད་དེ། དམིགས་མེད་བརྩེ་བའི××། །དྲི་མེད××། །བདུད་དཔུང××། །གངས་ཅན××། །བློ་བཟང××། །ཞེས་ཚིག་རྐང་ལྔའོ། །

སྤྱིར་ན། དམིགས་བརྩེ་མ་ལ་སྐོར་བདུན་ཡོད་ཀྱང་། རྒྱུན་འདོན་དུ་བཞི་སྐོར་འདི་བཏོན་ན་བྱིན་རླབས་ཀྱི་ཚན་ཁ་གཞན་ལས་ཆེ་བར་བཤད་ལ། དམིགས་བརྩེ་མ་བཞི་སྐོར་སྐབས་རྗེ་བླ་མར་གསོལ་བ་འདེབས་ཚེ།

ཕྱི་མཚུངས་པ་གསལ་བྱེད་ཀྱི་སྒོ་ནས་གསོལ་བ་འདེབས་པ་ནི། རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་གསུམ་ལྷ་སྐུ་བཞིན་ལག་གི་ངོ་བོར་ཤར་བ་རིགས་གསུམ་མགོན་པོ་ཡིན་ལ། རིགས་གསུམ་མགོན་པའི་མཁྱེན་བརྩེ་ནུས་གསུམ་དེ་མཚུངས་སུ་རྗེ་བླ་མ་ལ་ཡོད་པར་མོས་ཏེ་གསོལ་བ་འདེབས་པ། རྗེ་བླ་མ་ཕྱི་སྒྲུབ་དང་། གསོལ་འདེབས་ནི། དམིགས་མེད××། །དྲི་མེད××། །བདུད་དཔུང××། །གངས་ཅན××། །བློ་བཟང××། །མཁས་པ་ཡོན་ཏན་ཀུན་ལྡན་པ། །བདག་ཀྱང་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །ཞེས་དང་།

ནང་ཡོན་ཏན་དེ་ལྡན་གྱི་སྒོ་ནས་གསོལ་བ་འདེབས་པ་ནི། སྤྱན་རས་གཟིགས་ལ་སྙིང་རྗེ་ཆེན་པོས་མཚོན་པའི་ཡོན་ཏན་ཇི་སྙེད་ཅིག་དང་། འཇམ་པའི་དབྱངས་ལ་ཤེས་རབ་ཀྱིས་མཚོན་པས་ཡོན་ཏན་ཇི་སྙེད་དང་། ཕྱག་ན་རྡོ་རྗེ་ལ་མཐུ་སྟོབས་ཀྱིས་མཚོན་པའི་ཡོན་ཏན་ཇི་སྙེད་ཅིག་ཡོད་པ་དེ་མཚུངས་སུ། རྗེའི་ཐུགས་རྒྱུད་ན་མངའ་བར་མོས་ཏེ་གསོལ་བ་འདེབས་པ་རྗེ་བླ་མ་ནང་སྒྲུབ་དང་། གསོལ་འདེབས་ནི། དམིགས་མེད××། །དྲི་མེད××། །བདུད་དཔུང××། །གངས་ཅན××། །བློ་བཟང××། །གྲུབ་པ་རྟོགས་པའི་ཡོན་ཏན་ཀུན་ལྡན་པ། །བདག་ཀྱང་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །ཞེས་དང་།

གསང་བ་ལྷག་པའི་ལྷ་དང་དབྱེར་མེད་ཀྱི་སྒོ་ནས་གསོལ་བ་འདེབས་པ་ནི། རྒྱལ་བ་སྲས་བཅས་ཀྱི་མཁྱེན་བརྩེ་ནུས་གསུམ་ལྷའི་རྣམ་པར་ཤར་བ་རིགས་གསུམ་མགོན་པོ་དང་། དེ་གསུམ་གཅིག་ཏུ་བསྡུས་ནས་མིའི་ཟློས་གར་དུ་རོལ་བ་རྗེ་བླ་མ་ཉིད་དུ་ཤེས་པའི་སྒོ་ནས་གསོལ་བ་འདེབས་པ་རྗེ་བླ་མ་གསང་སྒྲུབ་དང་། གསོལ་འདེབས་ནི། དམིགས་མེད××། །དྲི་མེད××། །བདུད་དཔུང××། །གངས་ཅན××། །བློ་བཟང××། །རིགས་གསུམ་ངོ་བོ་གསང་གསུམ་རྡོ་རྗེ་སྐུ། །བདག་ཀྱང་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །ཞེས་སོ། །

ཡང་དམིགས་བརྩེ་མའི་སྒོ་ནས་དངོས་གྲུབ་ཞུ་བ་ལ། མ་དག་པ་འཁྲུ་བ། མི་ཤེས་པ་གསལ་བ། ལས་ཚོགས་གཞན་སྒྲུབ་ཚུལ་ཡོད་ལ།

མ་དག་པ་འཁྲུ་བ་ནི། རྗེ་ཡབ་སྲས་གསུམ་གྱི་ཐུགས་ཀ་ནས་འོད་ཀྱི་སྦུ་གུ་ལྟ་བུ་གསུམ་བྱུང་ནས་རྩ་བ་གཅིག་ཏུ་གྲིལ་ཏེ་རང་གི་སྤྱི་བོ་ནས་ཞུགས། ནད་གདོན་སྡིག་སྒྲིབ་དང་མ་དག་པའི་དྲི་མ་ཐམས་ཅད་ནག་འདུར་འདུར་དེད་ནས་བཀྲུས། ལུས་དྭངས་གསལ་ཤེལ་གོང་གི་རང་བཞིན་དུ་གྱུར་བར་བསམ་པ་དང་།

མི་ཤེས་པ་གསལ་བ་ནི། སྐུ་ཡི་ཆེ་དང་གསུང་གི་གསལ། །ས་བོན་མྱུར་བ་ཕྱག་མཚན་ཟབ། །ལྒིགས་བམ་རལ་གྲི་ལྒིགས་རལ་གྱིས། །འཆད་དང་རྩོད་དང་རྩོམ་པའོ། །ཞེས་པ་ལྟར། རྗེ་བླ་མ་ལ་བརྟེན་ནས་ཤེས་རབ་སྒྲུབ་ཚུལ་བདུན་ལས།

གསོལ་བ་འདེབས་པ་སྔོན་དུ་སོང་སྟེ་རྗེ་ཡབ་སྲས་གསུམ་གྱི་ཐུགས་ཀ་ནས་བདུད་རྩི་དམར་སེར་རྒྱ་མཚོ་ལ་ཁ་བ་བབས་པ་བཞིན་སིམ་ནས་ལུས་ཀྱི་ནང་ཐམས་ཅད་གང་། བདུད་རྩིའི་རྡུལ་ཕྲ་རབ་རེ་རེ་འཇམ་དཔལ་དབྱངས་ཀྱི་སྐུའི་རྣམ་པར་སྒོམ་སྟེ་སྐུའི་སྒོ་ནས་ཤེས་རབ་ཆེ་བ་སྒྲུབ་པ་དང་། དེ་བཞིན་དུ་བདུད་རྩིའི་རྡུལ་ཕྲ་རབ་རེ་རེ་དམིགས་བརྩེ་མ་དང་ཨ་ར་པ་ཙའི་ཡིག་འབྲུར་བསྒོམས་སྟེ་གསུང་གི་སྒོ་ནས་ཤེས་རབ་གསལ་བ་སྒྲུབ་པ་དང་། ཡང་རྡུལ་ཕྲ་རབ་རེ་རེ་དྷཱི་ཡིག་གི་རྣམ་པར་བསྒོམས་པས་ས་བོན་གྱི་སྒོ་ནས་ཤེས་རབ་མྱུར་བ་སྒྲུབ་པ་དང་། ཡང་རྡུལ་ཕྲ་རབ་རེ་རེ་ཕྱག་མཚན་གྱི་རྣམ་པར་བསྒོམས་པས་ཟབ་པའི་ཤེས་རབ་སྒྲུབ་པ་དང་། ཡང་རྡུལ་ཕྲ་རབ་རེ་རེ་ལྒིགས་བམ་དང་རལ་གྲི་དང་ལྒིགས་རལ་གསུམ་དུ་བསྒོམས་པས་འཆད་རྩོད་རྩོམ་གསུམ་སྒྲུབ་པའོ། །

ལས་ཚོགས་གཞན་སྒྲུབ་ཚུལ་ནི། རྗེ་ཡབ་སྲས་གསུམ་གྱི་ཐུགས་ཀ་ནས་བདུད་རྩི་དཀར་བོ་བབས་པས་སྡིག་ལྟུང་ཉེས་ཚོགས་ནད་གདོན་སོགས་དག་པར་མོས་པ་ཞི་བའི་དངོས་གྲུབ་སྒྲུབ་ཚུལ་དང་། དེ་བཞིན་འཆི་བ་མེད་པའི་ཚེའི་བདུད་རྩིའི་ངོ་བོར་བབས་པས་ཚེ་བསོད་སོགས་འཕེལ་བར་མོས་པ་རྒྱས་པའི་དངོས་གྲུབ་སྒྲུབ་ཚུལ་དང་། ཡང་བདུད་རྩི་དམར་བོའི་རྒྱུན་བབས་པས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་དབང་དུ་གྱུར་བར་མོས་པས་དབང་གི་དངོས་གྲུབ་སྒྲུབ་ཚུལ་དང་། ཡང་བདུད་རྩིའི་རྒྱུན་རྡུལ་ཕྲ་རབ་ཀྱི་རྣམ་པར་བབས་པས་གདོན་བགེགས་བར་ཆད་གང་གིས་ཀྱང་མི་ཚུགས་པར་བསྲུང་བ་ཆེན་པོ་གྱུར་བར་མོས་པས་དྲག་པོའི་དངོས་གྲུབ་སྒྲུབ་ཚུལ་ལོ། །

༤ དམིགས་བརྩེ་མ་དང་འབྲེལ་བའི་བླ་མའི་རྣལ་འབྱོར་གྱི་ཕན་ཡོན། སྔོན་སྲད་ཀྱི་གཡག་ཤུལ་ལུང་བའི་མདའ་ན་ཁྱིམ་ཚང་ཕྱུག་པོ་ཞིག་ཡོད་པ་ལ། རྒྱལ་བོ་པེ་ཧར་གྱིས་གནོད་པ་བཏང་སྟེ་མི་མང་བོ་གུམ། ཚེ་ཞིག་ཁྱིམ་དེའི་གཅེས་ཕྲུག་ལ་རྒྱལ་གདོན་ཞུགས་ཤིང་། སྨན་དཔྱད་དང་མདོས་གླུད་སོགས་ཀྱིས་རིམ་གྲོ་ཇི་ལྟར་བསྒྲུབས་ཀྱང་མ་ཕན་པར་འཆི་ལ་ཐུག་ཙ་ན། ཕྱུགས་རྫི་ཞིག་གིས་ཁྱིམ་བདག་ལ། གཡག་ཤུལ་ལུང་བའི་ཕུ་འདིར་གྲུབ་ཆེན་པ་ཞིག་འདུག་ལ། མཚམས་ལན་རེར་ཁྲོ་བོ་འཇིགས་རུང་ཞིག་གི་སྐུར་བཞེངས་པ་དང་། ལན་རེར་གཡག་ཆེན་པོ་ཞིག་གི་རྣམ་པ་དང་། མཚམས་རེར་དགེ་སློང་གི་རྣམ་པར་བཞུགས་པ་ཞིག་ཡོད་པས། ཁོང་ཞུས་ན་ཐབས་རེ་ཨེ་ཡོད་ཅེས་གྲོས་བཏབ་པ་བཞིན། འདུལ་ནག་པ་དཔལ་ལྡན་བཟང་བོ་ཞུས་ཀྱང་། དང་བོ་ཁོང་གིས་བདག་བཙུན་རྒན་ཕལ་བ་ཞིག་ཡིན་པས། རྒྱལ་གདོན་དེ་འདུལ་ག་ན་ཐུབ་ཅེས་ཞལ་གྱིས་མ་བཞེས། ནན་གྱིས་ཞུས་པས་སྲད་རྒྱུད་འདེབས་པའི་དུས་ལ་བབ་པའི་སྔ་ལྟས་སུ་གཟིགས་ཏེ། འོ་ན་ཕན་མི་ཕན་བརྟག་པ་བྱ་དགོས་པས། ཐོག་མར་བྱིས་པའི་ཁོག་ཏུ་རྒྱལ་གདོན་ཞུགས་ཚེ། གདིང་བ་འདིས་སྐར་ཁུང་གཡོགས། ལྷམ་གཉིས་སྒོའི་གཡས་གཡོན་དུ་ཞོག ཕྲེང་བ་རེ་རེ་ཁྱིམ་དེའི་བུ་ག་གང་ཡོད་དུ་ཞོག་དང་། རྒྱལ་གདོན་དེའི་སྐད་ངན་འདོན་པའི་ཚེ་ང་རང་སླེབས་གྱིས། དེར་མ་འཇིགས་ན་ངེད་ཀྱིས་ཕན་མི་ཐོགས་གསུངས་ནས་བཏང་། ཁྱིམ་བདག་གིས་བླ་མས་ཐུགས་བཀོད་ལྟར་བསྒྲུབས་པས། གདོན་དེ་དངངས་སྐྲག་སྐྱེས་ཏེ་འདིར་ཅི་ལ་ཡོང་། སྐར་ཁུང་དུ་བྲོས་པས་ཁྲོ་བོ་གཤིན་རྗེ་གཤེད་འཇིགས་སུ་རུང་བ་ཞིག་གིས་བཀག་འདུག སྒོར་བྲོས་པས་གཤིན་རྗེ་རལ་གྲི་ཐོགས་པ་གཉིས་ཀྱིས་སྲུང་འདུག བུ་ག་ཐམས་ཅད་བཙུན་པའི་དམག་གིས་བསྐོར་འདུག ད་གང་དུ་འགྲོ་ཞེས་སྨེ་སྔགས་བཏོན་པ་ན། འདུལ་ནག་པ་མྱུར་མོར་ཕེབས་ནས་དམ་ལ་བཏགས་ཏེ། ད་ནས་བཟུང་རྒྱལ་གདོན་ཁྱོད་ཀྱིས་སྐྱེ་འགྲོ་ཀུན་ལ་གནོད་པ་མི་བྱེད་པར་དམ་བཅའ་གྱིས། དེ་མིན་བརླག་པར་བྱའོ་གསུངས་པས། གདོན་ན་རེ། ངེད་ཅག་གི་ཁ་ཟས་ནི་ཤ་ཁྲག་གིས་འཚོ་བ་ལ། ཟས་སྐོམ་མི་རྙེད་པས། བླ་མས་སྙིང་རྗེ་རེ་གཟིགས་ཞུས་པས། འོ་ན་དམིགས་བརྩེ་མ་འདོན་མཁན་ལ་མི་གནོད་པར་དམ་བཅའ་གྱིས། དེ་མིན་བརླག་གོ་གསུངས་པས། སྟོད་ཛ་ཏིའི་མེ་ཏོག་སྐྱེ་ས་ནས། ཤར་རྒྱ་མཚོའི་མཐའི་བར་དུ་དམིགས་བརྩེ་མས་མ་ཁྱབ་པ་མེད་པས། ངེད་གང་དུ་འགྲོ། དེ་ཡང་ཐུགས་རྗེ་གཟིགས་པར་ཞུ་ཞུས་པས། འོ་ན། དགའ་ལྡན་ལྷ་བརྒྱ་མའི་སྒོ་ནས་དམིགས་བརྩེ་མ་བགྲང་མཁན་གར་ཡོད་ལ་གནོད་པ་མི་བྱེད་པའི་དམ་བཅའ་གྱིས། དེ་མིན་བརླག་པར་བྱའོ་ཞེས་བཀའ་བསྒོས་པས། རྒྱལ་བོ་བེ་ཧར་གྱིས་ཁས་བླངས་ཤིང་བྲོ་བོར་བ་ལྟ་བུ་དང་།

ཡང་འདུལ་ནག་པས་རླུང་བུམ་པ་ཅན་བཟུང་ནས་མཁའ་ལ་གཤེགས་ཏེ་མདུང་རྩེར་དཀྱིལ་ཀྲུང་གིས་འཁོད་པས་མདུང་རྩེ་རས་པར་གྲགས་ལ། ཁོང་གིས་སྐྱེ་འགྲོ་ཀུན་ལ་དམིགས་བརྩེ་མ་འདོན་པར་སྐུལ་ཏེ། མ་བཏོན་པའི་ཁ་ལ་གཟའ་ནད་བཏང་ཡོང་གསུངས་ཀྱང་། སྡེ་བ་རིན་སྤུངས་པས་མ་བཏོན་པར་ཁ་ཡོ་སོང་བས། བཅོས་ཐབས་གང་གིས་ཀྱང་མ་ཕན་པས། འདུལ་ནག་པ་སྤྱན་དྲངས་ཏེ། ཁོང་གིས་དམིགས་བརྩེ་མ་འདོན་བཅུག་པས་མྱུར་མོར་སོར་ཆུད་པ་དང་།

ཡང་སློབ་དཔོན་བྱམས་པས་ཀྱང་རྒྱུན་འདོན་ལ་དམིགས་བརྩེ་མ་གནང་ཞིང་། སྐུ་འདའ་ཁར་ཡང་ཁྲི་ནམ་བཟང་ལ་ང་ལ་འདས་མཆོད་ཀྱི་ཆོ་ག་གཞན་མི་དགོས། ཞེ་དགུ་ལ་དམིགས་བརྩེ་མ་བགྲོང་ཞེས་ཐུགས་བཀོད་གནང་བ་དང་།

དམིགས་བརྩེ་མའི་སྒོ་ནས་བླ་མའི་རྣལ་འབྱོར་ལས་གཞན། ཆར་འབེབས། སད་སྲུང་། སྲུང་འཁོར། ཚེ་སྒྲུབ། རིལ་སྒྲུབ། མཚོན་སྲུང་། གྲིབ་སེལ། སྲོག་རླུང་བཅོས་ཐབས། ཟ་ཡིག ཇག་འཆིང་། ཞིང་གི་རྩ་འདོན། ཁ་ཟས་ཡོང་ཐབས། ཤྭ་འོད་ཆུ་བསྒྱུར་གྱི་ཆོ་ག བར་ཆད་སེལ་ཐབས། ས་བཅུད་སྒྲུབ་ཐབས། བསྙེན་པ་གཏོང་ཐབས། སྦྱིན་སྲེག རྒྱལ་མཚན་འཛུགས་ཆོག དབང་སྡུད། དགེ་འདུན་འདུ་བའི་འཁོར་ལོ་སྒྲུབ་ཚུལ། སྡིག་སྦྱངས། སེར་འགོག རིམས་ནད་བསྲུང་བ། བགེགས་བསྐྲད། བཀྲུ་བྱབས། རི་ཁྲུས་བྱ་ཚུལ་སོགས། ལས་ཚོགས་བརྒྱ་རྩ་བརྒྱད་ཡོད་པ་དང་། བཅུ་གཅིག་ཙམ་གྱི་རྒྱུན་དེང་སང་ཡང་ཡོད།

གཞན་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་བསྡུས་ན་སངས་རྒྱས་རང་རྒྱུད་ཀྱི་མཁྱེན་བརྩེ་ནུས་གསུམ་དུ་འདུ་ལ། དེ་གསུམ་ལྷ་སྐུ་བཞིན་ལག་གི་རྣམ་པར་ཤར་བ་རྗེ་བཙུན་འཇམ་པའི་དབྱངས། འཕགས་པ་སྤྱན་རས་གཟིགས། གསང་བདག་ཕྱག་ན་རྡོ་རྗེ་གསུམ་ལགས་ལ། དེ་གསུམ་གཅིག་བསྡུས་ཀྱི་ངོ་བོ་འཇམ་མགོན་རྒྱལ་བ་བློ་བཟང་གྲགས་པ་ཡིན་པས། རྗེ་བླ་མ་ལ་གསོལ་བ་བཏབ་པ་དང་མཆོད་པ་ཕུལ་ན། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པར་གསོལ་བ་བཏབ་པ་དང་མཆོད་པ་ཕུལ་བར་འགྱུར་ཞིང་། དམིགས་བརྩེ་མ་ནི་དེ་དག་གི་གསོལ་འདེབས་དབྱངས་སུ་ཤར་བ་ཡིན་པས། རྒྱལ་བ་སྲས་བཅས་ཀྱི་སྙིང་བོ་དང་ཉེ་སྙིང་བགྲང་བའི་ཕན་ཡོན་ཡང་འབྱུང་ངོ་། །མདོར་ན། རྗེ་བླ་མར་གསོལ་བ་བཏབ་ཅིང་དམིགས་བརྩེ་མ་བགྲང་ན། འདི་ཕྱིའི་ལེགས་ཚོགས་ཀྱི་རྩ་བ་ཚུགས་ཤིང་། ཐོས་བསམ་སྒོམ་གསུམ་རྣལ་དུ་འགྲོ་ལ། གདོན་བགེགས་བར་ཆད་ཀྱིས་མི་ཚུགས་པར་མ་ཟད། ཟབ་གསལ་མྱུར་གསུམ་གྱི་ཤེས་རབ་སོགས་འགྲུབ་སླ་ཞིང་། ཚེ་རབས་ཀུན་ཏུ་རྗེ་བླ་མའི་བསྟན་པ་དང་འཇལ་ཏེ། དགའ་ལྡན་དུ་སྐྱེས་པ་སོགས་ཕན་ཡོན་མཐའ་ཡས་པ་འབྱུང་ངོ་། །

དམ་ཚིག་རྡོ་རྗེ་བཟླས་པ།

༡ དམ་ཚིག་རྡོ་རྗེ་བཟླས་པ་གལ་ཆེ་ཚུལ། སྔགས་བླ་མེད་ཀྱི་ལམ་ཉམས་སུ་ལེན་པ་ལ། དམ་སྡོམ་སྲུང་བ་གལ་ཆེ། ཅི་སྟེ་དངོས་གྲུབ་མཆོག་འདོད་ན། །སྲོག་ནི་ཡོངས་སུ་གཏོང་ཡང་བླ། །འཆི་བའི་དུས་ལ་བབ་ཀྱང་བླ། །དམ་ཚིག་རྟག་ཏུ་བསྲུང་བར་བྱ། །ཞེས་པ་ལྟར། དམ་ཚིག་སྲུང་ཞིང་ལམ་སྒོམ་པ་གནད་དུ་སོང་ན། རྣམ་གྲོལ་ཟླ་བས། མ་བསྒོམས་གྱུར་ཀྱང་ལྟུང་མེད་ན། །སྐྱེ་བ་བཅུ་དྲུག་དག་ན་འགྲུབ། །ཅེས་ཟུང་འཇུག་གི་གོ་འཕང་མྱུར་བ་མྱུར་བར་འཐོབ་ལ། དམ་ཚིག་མ་བསྲུང་ན་དམྱལ་བ་མ་གཏོགས་ཐོ་མེད་དེ། རྡོ་རྗེ་རྩེ་མོ་ལས། གཞན་དུ་དམ་ཚིག་ལས་ཉམས་ན། །ཉམས་པ་བདུད་ཀྱིས་གཟུང་བར་འགྱུར། །འདི་དང་ཕ་རོལ་ཏུ་ནི་ཕུང་། །བསྟིར་མེད་སྤྱིའུ་ཚུགས་དམྱལ་བར་འགྲོ། །ཞེས་པ་ལས་མ་འདས་ལ། ཁྱད་པར་དུ། དེང་སང་སྔོན་འགྲོ་དང་མདོ་ལ་མ་བརྟེན་པར། གསང་སྔགས་ཟབ་མོའི་མྱུར་ལམ་ཞེས་ཐམས་ཅད་ཀྱི་རྣ་བ་ཀྲོག་ཀྲོག་བྱེད་ཀྱང་། སུ་ཐོད་ཐོད་ལ་མི་ཉེ་བ་ཡིན། སྐྱེ་བ་སྔོན་མ་ནས་སྦྱངས་སྦྱངས་པའི་སྐལ་ལྡན་གྱི་སྐྱེ་བོ་དབང་བོ་ཡང་རབ་ཅིག་ལ་ཉེ་བ་མ་གཏོགས། ཐུན་མོང་ལམ་སྦྱངས་དང་སྔོན་སྦྱངས་ཀྱི་བག་ཆགས་མེད་པར། ཁྱི་དང་གློ་བ་འཕྲད་པ་བཞིན་གསང་སྔགས་ལ་དམར་འཇུ་བྱས་ན། སྔགས་ལ་སྤྱད་སྲུང་གི་དམ་ཚིག་བགྲང་ལས་འདས་པ་ཡོད་པས། དེའི་ཟུར་གཅིག་ཉམས་ནའང་དམྱལ་བ་འགྲོ་བ་ལས་འོས་མེད། དེ་བས། སྔགས་ལ་ཞུགས་པའི་སྐྱེས་བུ་ངན་སོང་དང་། །སངས་རྒྱས་གཉིས་ལས་འགྲོ་ས་གསུམ་པ་མེད། །གསུངས་ལ། ཁྱད་པར་དུ་གསང་སྔགས་ཀྱི་དམ་ཚིག་ནི་ཕྲ་ཞིང་ཞིབ་ལ། གྲངས་མང་ཞིང་སྲུང་དཀའ་བ་ཡིན་ཏེ། དཔེ་ཆོས་ལས། སྔགས་ཀྱི་རྡུལ་ཚོན་དཀྱིལ་འཁོར་བྲི་བའི་དུས་སུ་ཡང་། དང་བོ་ཐིག་བག་ཙམ་ཞིག་འགྲུས་ཀྱང་། ཉན་ཐོས་ཀྱི་ཕས་ཕམ་གྱིས་དོ་མ་ཡིན་གསུངས་ན། དམ་ཚིག་གཞན་ལྟ་ཅི་སྨོས། སྔགས་ཀྱི་སྤྱད་སྲུང་གི་དམ་ཚིག་ས་མ་ཡ་འབུམ་སྡེ་ཡོད་པས། དེ་རྣམས་འོ་སྐོལ་གྱིས་ཉམས་འོག་ཏུ་ཚུད་པར་དཀའ། གསུངས་ལ། ཨ་ཏི་ཤ་ལྟ་བུ་ཡང་སྔགས་ལ་ཞུགས་དུས་ཉེས་པ་ཅར་རྒྱག་ཉར་རྒྱག་བྱུང་གསུངས་ན། རང་ཅག་ཐ་མལ་བ་དྲན་ཤེས་ནི་མཐུ་ཆུང་། གཉེན་པོ་བརྟེན་པ་ནི་དེ་བས་ཀྱང་དཀའ། ཐ་ན་རྩ་ལྟུང་གི་གྲངས་འདྲེན་ཙམ་་ཡང་བློ་ངོ་ན་མེད་པས། ཡ་གིའི་བླ་མའི་དབང་མོ་ཆེ་འདི་དང་འདི་གསུངས་ཟེར་ནས་དེར་རྒྱུགས། མ་གིའི་མཁན་པོའི་ཆོས་ཟབ་མོ་འདི་དང་འདི་གསུངས་ཟེར་ནས་དེར་རྒྱུགས་ཏེ། ཁྱི་རྒན་བཞིན་དུ་གཏུགས་གཏད་མེད་པར་ལྡོམ་ནས། ཆོས་ལ་མ་ཉན་བྱ་བ་གཅིག་ཀྱང་མེད་ཚོད་ཡིན། འོན་ཀྱང་། གསང་སྔགས་ལ་ཞུགས་ན་དམ་ཚིག་དང་སྡོམ་པ་ཁས་ལེན་དགོས་པ་ནི་ཡིད་ཀྱི་དགུ་ལའང་མ་དྲན་པར། རྡོ་རྗེ་མནའ་ཆུ་སྐོམ་པས་ཆུ་འདོད་པ་བཞིན་དུ་འཐུང་། དམ་ཚིག་དང་སྡོམ་པ་ལམ་ཁའི་རྡོ་བཞིན་དུ་བསྐྱུར་ཏེ་འགྲོ་བ་ནི་སྡིག་ལྟུང་ཆར་བ་ལྟར་ཕབ་ནས་རང་ཉིད་དམྱལ་བར་བརྫངས་པའི་སྔ་ལྟས་ཏེ། འདི་ནི་ཁྱེད་ཀྱི་དམྱལ་བའི་ཆུ། །དམ་ཚིག་ཉམས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་སྟེ། །རྡོ་རྗེའི་བདུད་རྩིའི་ཆུ་འཐུང་ཤིག། ཅེས་སོགས་དུས་འཁོར་བདག་འཇུག་སོགས་ལས་གསུངས་པ་དང་། རེ་ཞིག་དམ་ཚིག་ཉམས་པ་ན། །དངོས་གྲུབ་འཐོབ་པ་ལྟ་ཞོག་གི། མི་ཡི་སྐྱེ་བའང་རྙེད་པར་དཀའ། །ཞེས་དང་། གཞན་ཡང་། དེ་རིང་རྡོ་རྗེ་སེམས་དཔའ་རང་། །ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཞེས་པ་ལྟར། དམ་ཚིག་ལས་འདས་ན། ཉེས་དམིགས་འདི་དག་གིས་མཚོན་པའི་ཉེས་ལྟུང་མང་དུ་འབྱུང་། གལ་ཏེ་རང་ངོས་ནས་དམ་ཚིག་ཉམས་པའི་དྲི་མས་མ་གོས་ཀྱང་། རྡོ་རྗེ་སྤུན་གྲོགས་སུ་གྱུར་བའི་དམ་ཉམས་ཤིག་ཚོགས་གྲལ་དུ་ཐོན་ན། དེའི་ཉམས་གྲིབ་ཀྱིས་དམ་ལྡན་ཁྲི་འབུམ་མང་བའི་སྒྲུབ་པ་ལ་འབྲས་བུ་མི་འབྱུང་བར་མ་ཟད། དཔེར་ན་སྦལ་བ་ཁྲག་ཅན་གཅིག་གིས་སྦལ་བ་ཐམས་ཅད་རྨ་ཅན་དུ་བསྒྱུར་ཏེ་རུལ་ཏུ་བཅུག་པ་དང་མཚུངས། དེ་ལས་གཞན་དམ་ཉམས་དེ་དང་གཏམ་བསྲེ་བ། སྤྱོད་ལམ་འདྲེས་པ། ཐ་ན་ལུང་བ་གཅིག་གི་མགོ་སྔ་ནས་ཆུ་འཐུང་ནའང་ཟླས་ཉམས་དང་ཞོར་ཉམས་བྱུང་བ་ཡིན། དཔེར་ན། བེའུ་སྦྲེལ་གཡང་དུ་ལྷུང་བ་བཞིན་བླ་མ་དང་མཆེད་གྲོགས་ཚུན་ཆད་རྡོ་རྗེ་དམྱལ་བར་ལྷུང་བ་ཡིན་ཏེ། དེར་ལྷུང་ན་ཚེ་ཚད་ནི། འཇམ་དཔལ་རྩ་རྒྱུད་ལས། ཕྱིའི་རྒྱ་མཚོ་ཆེན་པོ་ལ་སྐྲ་ཉག་མ་གཅིག་གི་རྩེ་མོས་ཆུ་གཏོར་བས་མ་ཟད་ཀྱི་བར་དུ་སྡུག་བསྔལ་ཆེན་པོ་མྱོང་བར་གསུངས་སོ། །འོ་ན། དམ་ཚིག་ཉམས་པ་བྱུང་ན་ཇི་ལྟར་བྱ་ཟེར་ན། སྤྱིར་དང་བོ་སྡིག་ལྟུང་གིས་མ་གོས་པ་ཞིག་དང་། གལ་ཏེ་གོས་ན་བཤགས་སྡོམ་བྱ་བ་འདི་གནད་དུ་ཆེ། དེ་ཡང་གསང་སྔགས་ཀྱི་དམ་ཚིག་ཉམས་པ་འདི་བཤགས་པས་འདག་སླ་བ་ཡིན་ཏེ། ཉན་ཐོས་ལུགས་ཀྱི་རྩ་ལྟུང་སྐོར་ཅིག་རྫ་ཆག་པ་ལྟར་སླར་གསོ་ཐབས་མེད་པ་དང་། བྱང་སེམས་ཀྱི་བསླབ་སྡོམ་ཉེར་སྤྱད་ཆག་པ་དང་འདྲ་བས་མགར་བ་མཁས་པས་སླར་བཅོས་སུ་ཡོད་པ་ལྟར། གཞན་རྐྱེན་དགེ་བའི་བཤེས་གཉེན་ལ་བརྟེན་ནས་གསོར་རུང་བ་དང་། གསང་སྔགས་ཀྱི་དམ་ཚིག་ཉམས་པ་ནི་རིན་པོ་ཆེའི་ཉེར་སྤྱད་ཅུང་ཟད་ཞོམ་པ་དང་མཚུངས་པས། རང་ཉིད་ཀྱིས་ཀྱང་ལྷ་སྔགས་ཏིང་འཛིན་ལ་བརྟེན་ནས་བཤགས་ཀྱང་ལྷག་མེད་དུ་དག་པར་གསུངས་པས་ན། མྱུར་བ་མྱུར་དུ་དམ་ཚིག་ཉམས་པ་གསོ་བ་གལ་བོ་ཆེར་འཛིན་པ་དང་། དེ་ཡང་བཞི་བརྒྱ་ལྔ་བཅུ་བ་ལས། དམ་ཚིག་ཉམས་ལས་བསླང་བ་ནི། །དོན་ཡོད་རྡོ་རྗེ་འཁོར་ལོ་བཟང་། །ཞེས་པ་ལྟར། དམ་ཚིག་ཉམས་ཆག་སྦྱོང་བ་ལ་དོན་ཡོད་རྡོ་རྗེ་ཞབས་ལ་བརྟེན་ན། དེ་བཞིན་གཤེགས་པ་དོན་ཡོན་གྲུབ་པ་ལ་དམ་ཚིག་རྡོ་རྗེ་ལྷ་དང་། དམ་ཚིག་འགུགས་པའི་ལྷ་དང་། དམ་ཚིག་གྲུབ་པ་གདོན་མི་ཟ་བས་ལྷ་གཞན་ལས་ཁྱད་དུ་འཕགས་པ་ཡིན་པས། འདི་ཉིད་ཡི་དམ་དུ་བཟུང་ནས། དམ་ཚིག་རྡོ་རྗེ་བཟླས་པའི་རྣལ་འབྱོར་ཉམས་སུ་ལེན་པ་གལ་ཆེའོ། །ཨོཾ་ཨཱཿཔྲཛྙདྷྲྀཀ་ཧ་ཧཱུཾ། ཞེས་པའི་སྔགས་དོན་ནི། ཉམ་ཆུང་བའི་བུ་ཆུང་གིས་མ་ལ་བློ་རྩེ་གཏད་དེ་ལིང་ལིང་གིས་འབོད་པ་བཞིན། པྲཛྙ་དྷྲྀཀ་ཞེས་ཤེས་རབ་འཆང་བ་ཞེས་བོས་ཏེ། ས་བོན་ཧ་ཡིག་གིས་སྔོན་གྱི་ཐུགས་བསྐྱེད་དྲན་པར་མཛོད་ཅིག་ཅེས་བསྐུལ་ནས། སེམས་ཅན་ཐམས་ཅད་ཀྱིས་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཉམས་ཆག་དང་། དེས་བསྐྱེད་པའི་སྲིད་ཞིའི་རྒུད་པ་ཕྲ་རགས་ལས་སྒྲོལ་ལ། ཨོཾ་ཨཱཿཧཱུཾ་གསུམ་གྱིས་མཚོན་པའི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་དངོས་གྲུབ་ད་ལྟ་ཉིད་དུ་སྩོལ་ཅིག་ཅེས་པའོ། །

༢ དམིགས་རྣམ་གསལ་འདེབས་ཚུལ། དམིགས་པ་སྐྱོང་ཚུལ་ནི། བླ་བྲང་ཨ་ཁུ་ཤེས་རབ་རྒྱ་མཚོ་དང་ཁྲི་རྒན་འཇམ་པའི་དབྱངས་སོགས་ཀྱིས། ཡབ་རྗེ་བླ་མ་སྐལ་ལྡན་རྒྱ་མཚོའི་མཛད་པ་འདི་གོ་བདེ་བར་བསྔགས་པས་ན། དེའི་རྨང་གཞིའི་སྟེང་ནས་འཆད་པ་ལ། སྐྱབས་སེམས་སྔོན་དུ་བཏང་སྟེ། རང་གི་ཐུགས་ཀར་པདྨ་འདབ་བརྒྱད་ཅིག་གསལ་བཏབ། དེའི་ལྟེ་བར་རང་གི་སེམས་ཉིད་ཧ་ལྗང་ཁུ་དེ་ཡོངས་སུ་གྱུར་བ་ལས། རལ་གྲི་ཕྲ་མོའི་ལྟེ་བ་ལ་ཧས་མཚན་པ་ཞིག་སྒོམ། དེ་ལས་འོད་འཕྲོས་རྒྱལ་བ་སྲས་བཅས་ལ་མཆོད་པ་ཕུལ། སེམས་ཅན་ཐམས་ཅད་དམ་ཚིག་ཉམས་ཆག་དང་སྡིག་སྒྲིབ་མ་ལུས་པ་སྦྱངས་ཏེ། དམ་ཚིག་རྡོ་རྗེའི་གོ་འཕང་ལ་བཀོད། འོད་ཟེར་སླར་བཀུགས་ཏེ་ཕྱག་མཚན་ས་བོན་དང་བཅས་པ་ལ་ཐིམ། དེ་ཡོངས་སུ་གྱུར་བ་ལས་དོན་ཡོད་རྡོ་རྗེ་ལྗང་ཁུ་ཞལ་གསུམ་ཕྱག་དྲུག་པ། རྩ་ཞལ་ལྗང་། གཡས་ཞལ་སྔོ་ལ་གཡོན་ཞལ་དཀར་བ། ཕྱག་དང་བོ་གཉིས་ཀྱིས་ཡུམ་ལ་འཁྱུད་ཅིང་། གཡས་གཉིས་རྡོ་རྗེ་དང་རལ་གྲི གཡོན་གཉིས་དྲིལ་བུ་དང་པདྨ་འཛིན་པ། ཡབ་ཡུམ་གཉིས་ཀའང་དར་རིན་པོ་ཆེས་བརྒྱན་པ། གཉིས་ཀའི་སྤྱི་བོ་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་དམ་ཚིག་རྡོ་རྗེ་ཡེ་ཤེས་པ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ། དམ་ཚིག་རྡོ་རྗེ་ཡབ་ཡུམ་ལ་ཐིམ་ནས་གཉིས་སུ་མེད་པར་གྱུར། དབང་ལྷས་དབང་བསྐུར། ཡབ་ལ་མི་བསྐྱོད་པ་དང་ཡུམ་ལ་དོན་ཡོད་གྲུབ་པའི་དབུ་བརྒྱན་པར་གྱུར། དེ་ནས་རང་གི་སྙིང་ཀར་ཟླ་གདན་གྱི་སྟེང་དུ་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཧ་ལྗང་ཁུ། དེའི་མཐའ་འཁོར་གྱི་སྔགས་ཕྲེང་འོད་ཟེར་དང་བཅས་པ་ལས། བདུད་རྩིའི་རྒྱུན་བྱུང་སྟེ་ལུས་གང་། བདེ་བ་མྱོང་། རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་ཐམས་ཅད་ནག་ཉིལ་ཉིལ་དང་། ནད་རིགས་སོགས་རྣག་ཁྲག་ཆུ་སེར་ལྗན་ལྗིན་གྱི་རྣམ་པ་དང་། གདོན་བགེགས་རྣམས་སྡོམ་སྡིག་སྦལ་ལྕོང་སོགས་སྲོག་ཆགས་མི་སྡུག་པའི་རྣམ་པར་དབང་བོའི་སྒོ་དང་བ་སྤུའི་བུ་ག་སོགས་ནས་ཐོན་ཏེ། དབང་ཆེན་གསེར་གྱི་ས་གཞིའི་འོག་ཏུ་ལས་ཀྱི་གཤིན་རྗེ་ཁ་ནང་དུ་སོང་སྟེ་ངོམས་ཤིང་ཚིམས། གནོད་འཚེ་དང་བསམ་སྦྱོར་ངན་རྩུབ་ཐམས་ཅད་ཞི་ཞིང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་བྱས། བདུད་རྩིའི་ལྷག་མ་གསེར་གྱི་རྒྱ་གྲམ་དུ་གྱུར་ཏེ་ས་གས་པའི་ཁ་བཅད། རང་གཞན་གྱི་སྡིག་སྒྲིབ་བག་ཆགས་དང་བཅས་པ་མུན་ཁུང་ལ་སྒྲོན་མེ་སྦར་བ་བཞིན་སངས་ཏེ་དག་པར་བསམ། དེ་ནས་རང་གིས་སྔར་བྱས་ཀྱི་དམ་ཚིག་ཉམས་ཆག་ཐམས་ཅད་འགྱོད་གདུང་དྲག་པོས། ཨོཾ་ཨཱཿཔྲཛྙདྷྲྀཀ་ཧ་ཧཱུཾ། ཞེས་མང་དུ་བཟླ་བར་བྱའོ། །དེ་ནས་བདག་ནི་མི་ཤེས་ཞེས་སོགས་ཀྱིས་གསོལ་བ་རྩེ་གཅིག་ཏུ་བཏབ་པས། དོན་ཡོད་རྡོ་རྗེའི་ཞལ་ནས་རིགས་ཀྱི་བུ་ཁྱོད་ཀྱིས་སྡིག་སྒྲིབ་དང་དམ་ཚིག་ཉམས་ཆག་བྱང་ཞིང་དག་གོ ། ཞེས་གསུངས་ནས། དོན་ཡོད་རྡོ་རྗེ་ཡབ་ཡུམ་རང་ལ་ཐིམ་ནས་རང་དང་དོན་ཡོད་རྡོ་རྗེ་དབྱེར་མེད་དུ་གྱུར་བར་བསམ་མོ། །འདི་ལའང་རྡོ་སེམས་སྒོམ་བཟླས་བཞིན། ཡས་དེད་དང་། ཕུང་དེད་སོགས་ཀྱི་དམིགས་པའང་སྦྱར་ཆོག་གོ །  

གཞན་དོན་དུ་དམིགས་པའི་སྐབས་ཡིན་ན། ཁྲི་རྒན་འཇམ་པའི་དབྱངས་ཀྱིས། རང་གི་སྙིང་ཀར་དོན་ཡོད་རྡོ་རྗེ་ཡབ་ཡུམ་བཞུགས་པའི་འོག་ཙམ་དུ་ཟླ་བའི་སྟེང་དུ། དབུས་སུ་རང་ཉིད་ཐ་མལ་བའི་རྣམ་པ་ཅན་དང་། དེའི་མདུན་དུ་ཕ་མ། གཡས་སུ་སྤུན་ཟླ། གཡོན་དུ་ཉེ་དུ་དང་གྲོགས་མཆེད། རྒྱབ་ཏུ་གདོན་བགེགས། མཐའ་བསྐོར་དུ་མཁའ་ཁྱབ་ཀྱི་སེམས་ཅན་གསལ་བཏབ་སྟེ་བདུད་རྩི་འབེབས་སྦྱངས་ཀྱི་དམིགས་པ་བྱེད་ཅིང་། སྔགས་བཟླ་བའི་ཚེ་ཐམས་ཅད་ཀྱིས་འུར་ཆེམ་ཆེམ་གདུང་ཤུགས་དྲག་པོས་སྒོ་ནས་བསམ་དགོས་པར་གསུངས་སོ། །

༣ དམ་ཚིག་རྡོ་རྗེ་བཟླས་པའི་ཕན་ཡོན། རྩ་ལྟུང་རྣམ་བཤད་ལས། དོན་ཡོད་གྲུབ་པ་ནི་དམ་ཚིག་རྡོ་རྗེ་ཞེས་ཀྱང་གསུངས་ལ། དེ་ནི་ལྷག་པར་དམ་ཚིག་ཉམས་པ་རྣམ་པར་དག་པར་བྱེད་པའི་ལྷར་གསུངས་པས། ཞེས་པ་ལྟར། ལྷ་མཆོག་འདི་ཉིད་ཀྱིས་སྔོན་སློབ་པ་ལམ་གྱི་གནས་སྐབས་ན། བདག་སངས་རྒྱས་པའི་ཚེ་སྡིག་སྒྲིབ་སྦྱོང་བ་ལ་ཐོགས་པ་མེད་པའི་མཐུ་ཅན་དུ་གྱུར་ཅིག་ཅེས་ཐུགས་བསྐྱེད་དེ་སྨོན་ལམ་གྱི་སྟོབས་གྲུབ་པ་ལགས་པས། རང་ཅག་གིས་བློ་སྙིང་བྲང་གསུམ་གཏད་དེ། ཁ་ཞེ་གཉིས་མེད་ཀྱིས་དམ་ཚིག་ཉམས་ཆག་བྱུང་བ་ལ། ཁོང་དུ་དུག་སོང་བ་ལྟར། སྔར་བྱས་ལ་འགྱོད་སེམས་དང་ཕྱིན་ཆད་མི་བྱེད་པའི་སྡོམ་སེམས་བསྟེན་ཏེ། བཤགས་སྦྱངས་བྱས་ན། དེ་ལས་ལྷག་པའི་ཉམས་ལེན་ཞིག་མེད་ཚོད་དུ་གདའ་བས། སྤྱིར་ན་དམ་སྡོམ་ལ་སེལ་མ་ཞུགས་པ་ཞིག་དང་། གལ་ཏེ་དམ་ཚིག་ཉམས་པ་བྱུང་ན། ལེགས་གྲུབ་ཀྱི་རྒྱུད་ལས། ཉིན་པར་བག་མེད་བྱས་པ་དག །མཚན་མོ་སོ་སོར་བཤགས་པར་བྱ། །ནུབ་མོ་བྱས་པ་ནངས་པར་བཤགས། །ལེགས་པར་བྱས་ལ་མངོན་དགར་བྱ། །ཞེས་པ་ལྟར། ལག་ལེན་དུ་བསྟར་ཏེ་མདོ་ཕྱོགས་ཀྱི་རྨང་བརྟན་པོ་གདིང་སྟེ། གསང་སྔགས་ཟབ་མོའི་མྱུར་ལམ་ལ་ཞུགས་ན། སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ལག་པས་བཟོས་པ་ལྟ་བུ་ཞིག་ཡོང་བ་གདོན་མི་ཟའོ། །

ཟ་བྱེད་མཁའ་འགྲོའི་སྦྱིན་སྲེག

༡ ཟ་བྱེད་མཁའ་འགྲོའི་སྦྱིན་སྲེག་གི་སྔོན་འགྲོ། སྲེག་སྣོད་ཀྱི་ནང་དུ་མེ་ཚགས་སུ་ཆུད་པར་བྱས་ནས། སྣོད་གཙང་དུ་ཐུན་གཅིག་ལ་སྲེག་རྫས་ཅི་ཙམ་འཛད་ཚོད་ཀྱི་ཏིལ་རྫས་བླངས། ཆུ་གཉིས་ཉེར་སྤྱོད་བཤམས། ཀུན་སློང་དག་པ་སྔོན་དུ་བཏང་ནས། སྨིན་མཚམས་ཀྱི་ཐད་དུ་སེང་གེས་བཏེགས་པའི་ཁྲི་འཕང་དུ། རྩ་བའི་བླ་མ་རྡོ་རྗེ་མཁའ་འགྲོ སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། རྡོ་རྗེ་དང་དྲིལ་བུ་འཛིན་པ། ཧཱུཾ་མཛད་ཀྱི་ཕྱག་རྒྱ་མཛད་ཅིང་ཞལ་གདངས་པ། མཆེ་བ་རྣོན་པོ་བཞི་གཙིགས་པ། ཐོད་སྐམ་ལྔས་དབུ་བརྒྱན་དང་། སྟག་ལྤགས་ཀྱི་ཤམ་ཐབས་ཅན། རློན་པ་ལྔ་བཅུའི་དོ་ཤལ་ཅན། ཁྲོ་བོའི་ཉམས་ཐམས་ཅད་རྫོགས་པ། སྐྱབས་གནས་དཀོན་མཆོག་གསུམ་གྱིས་བསྐོར་བའི་རྣམ་པ་ཅན་གསལ་གདབ་ལ། རང་གི་མཐའ་འཁོར་དུ་སེམས་ཅན་ཐམས་ཅད་བཞུགས་པར་མོས། སེམས་ཅན་དེ་རྣམས་འཁོར་བ་དང་ངན་སོང་གི་སྡུག་བསྔལ་དང་། སྡིག་ལྟུང་སྤྱི་བྱེ་བྲག་ལ་འཇིགས་ཤིང་སྐྲག་པའི་བློ་སྣ་ཤུགས་དྲག་པོ་དང་བཅས། སྡིག་ལྟུང་སྦྱོང་བ་ལ་སྐྱབས་ཡུལ་དེ་རྣམས་ལ་ནུས་པ་ཡོད་པར་ཡིད་ཆེས་ཀྱི་དད་པ་སྒོམ་སྟེ། སྐྱབས་འགྲོ་སེམས་བསྐྱེད་དང་བདུད་རྩི་འབེབས་སྦྱངས་བྱ། དེ་ནས་མ་རྒན་སེམས་ཅན་སངས་རྒྱས་ཀྱི་གོ་འཕང་དུ་འགོད་ལ། རྡོ་རྗེའི་མཁའ་འགྲོའི་སྦྱིན་སྲེག་ལ་འཇུག་པར་བགྱིའོ་སྙམ་པས། སྐྱབས་ཡུལ་རྣམས་འོད་སྔོན་པོའི་རྣམ་པར་རང་གི་སྨིན་མཚམས་སུ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམ་མོ། །

༢ སྦྱིན་སྲེག་གི་དངོས་གཞི། ༡ གང་ལ་སྲེག་པའི་མེ་ལྷ་བསྐྱེད་པ་ལ། ༡ མེའི་བགེགས་བསང་བ་ནི། སྔགས་ལ། ཨོཾ་བཛྲ་ཨ་མྲི་ཏ་ཀུཎྚལི་ཧ་ན་ཧ་ན་ཧཱུཾ་ཕཊ་ཞེས་པ་སྟེ། དོན་ནི་རྡོ་རྗེའི་བདུད་རྩི་འཁྱིལ་བ་སྣུན་སྣུན་ཞེས་བརྗོད་པས། རང་གི་ཐུགས་ཀ་ནས་ཁྲོ་བོ་བདུད་རྩི་འཁྱིལ་བ་དཔག་མེད་འཕྲོས་ཏེ། མེ་ལ་གནས་པའི་བགེགས་རྣམས་རྒྱ་མཚོའི་ཕར་འགྲམ་དུ་བསྐྲད་པར་བསམ། ༢ མེས་སྟོང་བར་སྦྱངས་པ་ནི། སྭ་བྷ་ཝས་སྦྱངས་ལ། མེ་སྣོད་དང་བཅས་པ་འོད་དུ་ཞུ་ནས་སྣང་ངོར་མ་དག་པའི་སྣང་བ་དང་། ངེས་ངོར་བདེན་འཛིན་གྱི་ཞེན་པ་གཉིས་ཀྱིས་སྟོང་བ་དྲན་པར་བྱའོ། །༣ མེ་ལྷ་བསྐྱེད་པ་ལ། བསྙེན་པའི་ཡན་ལག་གནས་གསུམ་བྱིན་གྱིས་རླབས་པ་དང་། སྒྲུབ་པའི་ཡན་ལག་ཡེ་ཤེས་པ་གཞུག་པ། སྒྲུབ་ཆེན་གྱི་ཡན་ལག་དབང་བསྐུར་ཞིང་རྒྱས་གདབ་ལ། དེ་ནས་མཆོད་བསྟོད་བྱ་དགོས་སོ། །

༢ གང་བསྲེག་པའི་ཏིལ་ལ་སྡིག་སྒྲིབ་བསྟིམ་པ་ནི། རང་གི་ལུས་སྤྱི་གཙུག་ནས་རྐང་མཐིལ་བར་དྭངས་ཤིང་གསལ་བའི་སྙིང་གར་སྡིག་པའི་ས་བོན་བཾ་ནག་པོ། ལྟེ་བའི་དབུས་སུ་མེའི་ས་བོན་རཾ་དམར་པོ་ལས་མེའི་དཀྱིལ་འཁོར་ཟུར་གསུམ་པ་ཟུར་གཅིག་མདུན་དུ་བསྟན་པ། རང་ལངས་སྟབས་སུ་གནས་པའི་རྐང་མཐིལ་གཉིས་ཀྱི་འོག་ཏུ་རླུང་གི་ས་བོན་ཡཾ་ཡིག་སྔོན་པོ་ལས་ཟླ་གམ་བཅད་ཁ་མདུན་དུ་བསྟན་པ་རྣམས་གསལ་བཏབ། དེ་ནས་སྙིང་གའི་བཾ་འོད་ཟེར་དམར་ནག་ལྕགས་ཀྱུ་ལྟ་བུ་ལུས་ཀྱི་སྟོད་སྨད་ཀུན་ལ་ཁྱབ་པར་འཕྲོས། བ་སྤུའི་བུ་ག་ནས་ཐོན་ཏེ་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་བག་ཆགས་དང་བཅས་པ། འོད་ཟེར་ནག་པོའི་རྣམ་པར་བཀུག་སྟེ་སྙིང་གའི་བཾ་ཡིག་ལ་ཐིམ། དེ་ནས་རྐང་འོག་གི་རླུང་དཀྱིལ་གཡོས་ཏེ་ལུས་ཀྱི་ནང་དུ་ཞུགས་ནས། ལྟེ་བའི་མེ་ཆེས་ཆེར་སྦར་ཏེ་མེའི་འོད་ཟེར་ཀྱིས་བཾ་ཡིག་ནག་པོ་དེད་ནས། སྣ་བུག་གཡས་པ་ནས་ཐོན་པས་སྡིག་པ་རྭ་ཅན་གྱི་རྣམ་པར་སྣོད་ནང་གི་ཏིལ་ལ་ཐིམ་ཞིང་། ཏིལ་ཁྲོ་བོའི་ཞལ་དུ་གསོལ་བར་བསམ་དགོས་སོ། །

༣ ཇི་ལྟར་སྲེག་པའི་ཚུལ་ནི། སྔགས་རེ་བཟླས་པ་དང་ཏིལ་རྫས་རེ་ཁྲོ་བོའི་ཞལ་དུ་ཕུལ་བས་ཐུགས་རྒྱུད་ལ་ཟག་མེད་ཀྱི་བདེ་བ་ཁྱད་པར་ཅན་འཁྲུངས་པར་བསམ་ལ། སྦྱིན་སྲེག་འབུལ་བ་བོ་དང་། འབུལ་ཡུལ། སྲེག་རྫས་རྣམས་སྣང་བཞིན་སྟོང་ལ། སྟོང་བཞིན་སྣང་བའི་སྣང་སྟོང་གཉིས་ཚོགས་སྒྱུ་མའི་རང་བཞིན་དུ་ཤར་བས། རང་གཞན་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ལྷག་མེད་དུ་དག་པར་བསམ་མོ། །འབུལ་སྔགས་ནི། ཨོཾ་བཛྲ་ཌཱ་ཀ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་པཱ་པཾ་ད་ཧ་ན་བྷསྨི་ཀུ་རུ་སྭཱ་ཧཱ་ཞེས་པ་སྟེ། དོན་ནི། ཨོཾ་ནི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་ས་བོན། བཛྲ་ཌཱ་ཀ་རྡོ་རྗེ་མཁའ་འགྲོ། ཁ་ཁ་ཟོ་ཟོ། ཁཱ་ཧི་ཁཱ་ཧི་ཟོ་ཤིག་ཟོ་ཤིག སརྦ་པཱ་པཾ་སྡིག་པ་ཐམས་ཅད། ད་ཧ་ན་བསྲེགས། བྷ་སྨི་ཀུ་རུ་ཐལ་བར་མཛོད། སྭཱ་ཧཱ་གཞི་ཚུགས་ཞེས་པའོ། །སྤེལ་ཚིག་ནི། བདག་གིས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་དང་དམ་ཚིག་ཉམས་ཆགས་ཐམས་ཅད་ཤིནྟཾ་ཀུ་རུ་སྭཱ་ཧཱ་ཞེས་པའོ། །ཤིནྟཾ་ཀུ་རུ་ནེ་ནི་ཞི་བར་མཛོད་ཅིག་ཅེས་པའི་དོན་ནོ། །ཚེ་འདས་དང་ཤི་འདྲེའི་གནོད་པ་སོགས་ཡིན་ན། བསྒྲུབ་བྱ་དེའི་མིང་སྨོས་པའི་སྤེལ་ཚིག་སྦྱོར་དགོས་པར་སྦྱོང་རྒྱུད་ལས་གསུངས་སོ། །

༣ མཇུག་གི་རིམ་པ། གོང་གི་དམིགས་རིམ་དང་མཆོད་བསྟོད། རྡོ་རྗེ་མཁའ་འགྲོའི་སྤྱི་བོའི་རིགས་བདག་མི་བསྐྱོད་པའི་ཐུགས་ཀར་ཟླ་གདན་གྱི་སྟེང་དུ་ས་བོན་གྱི་མཐར་ཡི་གེ་བརྒྱ་བས་བསྐོར་བ་ལས་བདུད་རྩི་འོ་མའི་རྒྱུན་ལྟར་སྐྱ་ཆིལ་ཆིལ་དུ་བབས། ལྷའི་ཚངས་བུག་ནས་ཞུགས། སྐུ་ལུས་ཐམས་ཅད་ཁྱབ་པས་སྲེག་རྫས་མ་དག་པ་དང་། དམིགས་པ་མ་བརྟན་པ། ཆོ་ག་ཆད་ལྷག་སོགས་ལྷག་མེད་དུ་དག་པར་བསམ་སྟེ། གཟོད་གསོལ་ཞུས། དེ་ནས་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས་ཤིང་། དམ་ཚིག་པ་མེ་འབར་བའི་རྣམ་པར་བསམ་དགོས་སོ། །

མེ་མ་ཤི་བར་དུ་ཐལ་བ་ལ་རེག་པའམ་འགོམ་ཡུག་མི་ཤོར་བ་བྱ་དགོས་ཤིང་། གལ་ཏེ་གཞིལ་དགོས་བྱུང་ན། འོ་མ་དང་ཆུ་དཀར་གྱིས་གཞིལ་བར་བྱས། བཅིལ་རྗེས་ཐལ་བ་ཆུ་གཙང་དུ་ཕྱགས་པའམ། རི་རྩེ་སོགས་གཙང་སར་སྐྱེལ་ཏེ། སྨོན་ལམ་དང་ཤིས་བརྗོད་ཀྱི་མཐའ་བརྒྱན་པར་བྱའོ། །ཟ་བྱེད་མཁའ་འགྲོའི་སྦྱིན་སྲེག་འདི་ནི་སྡིག་སྒྲིབ་སྦྱོང་བ། ཉམས་ཆགས་སྐོང་བ། བར་ཆད་བཟློག་པ་སོགས་ཀྱི་ཕན་ཡོན་ཡོད་དེ། དངུལ་ཆུ་དྷ་རྨ་བྷ་དྲས་ཀྱང་། འདི་ནི་སྡིག་སྒྲིབ་མུན་སེལ་ཉི་མའི་འོད། །ཉམས་ཆགས་དྲི་མ་ཀུན་འཁྲུད་གང་གཱའི་རྒྱུན། །བར་གཅོད་ནད་གདོན་སྤྲིན་འཇོམས་འཐོར་རླུང་སྟེ། །ཀྭ་ཡེ་དེ་ཕྱིར་འདིར་འབད་སྐལ་བ་བཟང་། །ཞེས་གསུངས་སོ། །

མཆོད་པ།

༡ མཆོད་པའི་ཁུངས། རང་རེའི་གངས་ཅན་གྱི་ལྗོངས་འདིར་ཆུ་མཆོད་འབུལ་སྲོལ་ནི། བོད་ཀྱི་མཁས་པ་རྣམས་ཀྱིས་ཇོ་བོ་རྗེ་བོད་ལ་ཕེབས་ནས། རང་ཅག་གི་དྭངས་བསིལ་ཡན་ལག་བརྒྱད་ལྡན་གྱི་རྫ་ཆུ་བསིལ་མ་འདིས་ཐུགས་འཕྲོག་ནས། གསར་གཏོད་བྱས་པར་གསུངས་ཀྱང་། གཏམ་རྒྱུད་གསེར་ཐང་ལས། བྷར་མའི་ཡུལ་ཆོས་བཤད་སྐབས། གཙུག་ལག་ཁང་རྣམས་སུ་ཉིན་བཞིན་ཏིང་བརྒྱ་ཕྲག་རེ་གཉིས་ཀྱི་ནང་དུ་ཆུའི་མཆོད་པ་བོད་བཞིན་དུ་འབུལ་བའི་སྲོལ་མཆིས། འདི་ནི་སིང་ག་ལ་སོགས་ཉེ་བའི་ཡུལ་གང་ནའང་མེད་པས། སྔོན་ཐེག་ཆེན་པའི་དུས་སུ་དར་བ་ཞིག་ཡིན། རང་རེ་རྣམས་ཀྱིས་ཡོན་ཆབ་ཀྱི་སྲོལ་ཇོ་བོ་བྱོན་ནས་བོད་ཀྱི་ཆུ་གཟིགས་ཏེ། གསར་དུ་མཛད་པ་འདྲ་བ་ཞིག་བཤད་མོད། དོན་ལ་རྒྱ་གར་ལ་སྔ་མོ་ནས་དར་བར་མངོན། བྷར་མ་དང་བོད་གཉིས་ལོ་སྟོང་ཕྲག་དུ་མའི་བར་ལ་ཕན་ཚུན་རྒྱུ་འགྲུལ་སོགས་ཀྱི་འབྲེལ་ཅི་ཡང་མེད་པས། སྲོལ་དེ་ཡང་། རྒྱ་གར་བྷང་ག་ལ་ནས་མཆེད་པར་སེམས། ཞེས་གསུངས་པ་ལས་ཤེས་སོ། །དེ་ལྟར་རིམ་གྱིས། མཆོད་པ་ཆེན་པོ་བཞི་སོགས་དར་ཁྱབ་བྱུང་བ་སྟེ། མུ་ནེ་བཙན་པོའི་སྐབས་ལྷ་སར་འདུལ་བའི་མཆོད་པ། ཁྲ་འབྲུག་ལ་མངོན་པའི་མཆོད་པ། བསམ་ཡས་ལ་མདོ་སྡེའི་མཆོད་པ། བྱང་ཆུབ་མཆོད་པ་ཆེན་པོའོ། །

ཡོན་ཆབ་འབུལ་ཚེ། ཏིང་ཕོར་གྱི་ཚད་ལ་ངེས་བཟུང་མེད་པར་མང་ན་ལེགས་ལ། ཕལ་མོ་ཆེའི་ཏིང་བདུན་རེ་བྱེད་པ་ནི། འདོན་ཆོག་མང་བོར་གསལ་བ་ལྟར། མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས་བཅས་རྣམ་གྲངས་བདུན་འབུལ་སྲོལ་ཡོད་པ་དང་བསྟུན་པ་ཡིན་ནོ། །

༢ མཆོད་པ་འབུལ་ལུགས་ནི། ཏིང་ཕོར་དར་གཙང་མས་འོད་འཕྱར་བ། ཕྱག་མཛུབ་ཀྱི་རྗེས་མ་ཕབ་པར་ཕྱིས། བར་ཐག་རིང་ན་བླ་མ་དང་འབྲལ། ཐོ་གཏུགས་ན་དབང་བོ་རྟུལ། སྒྲ་འབྱིན་ན་སྨྱོ་བ་སོགས་འབྱུང་། ཡ་ཡོ་བྱུང་བས། དགེ་སྦྱོར་འཕྲིགས་སུ་མི་འོང་བ་སོགས་འབྱུང་བས་དེ་ལ་གཟབ་དགོས་ཤིང་། མཆོད་འབུལ་གྱི་སྐབས་འཇིག་རྟེན་པ་དང་སྒོ་བསྟུན་པའི་དབང་གིས་འཕགས་ཡུལ་དུ་རྒྱལ་བོ་དང་། ཡུལ་དམ་པ་མགྲོན་དུ་བོས་ཚེ། ཆུ་གཙང་གིས་ཞབས་བཀྲུ་བ་དང་། དྲི་ཞིམ་གྱི་ཆུ་ཞལ་དུ་འབུལ་བ་དང་། སྐུ་ལ་འཐོར་བ་དང་། མེ་ཏོག་སོགས་ཀྱི་རྒྱན་འདོགས་པ་དང་། སྤོས་མེས་གདུག་པ་དང་བཅས་ཏེ། བཟའ་བ་དང་། བཏུང་བའི་དངོས་བོ་འདྲེན་པ་བཞིན་དུ། མཆོད་པ་ནམ་ཕུལ་གྱི་སྐབས་ཐམས་ཅད་དུ་ཡང་དེ་ལྟར་བྱའོ། །

དེ་མིན། ཏིང་ཕོར་བཤམས་ཏེ་ཡུན་རིང་འགྱངས་ཆེ་ན། དྲི་ཟ་རྣམས་གཟུགས་ལ་ཆགས་པས། ཏིང་ཕོར་འོད་འཆར་བའི་ནང་དྲི་ཟའི་གྲོང་ཁྱེར་ཆགས་པར་བཤད་པས། ཆུ་རྒྱུན་སྦྲེངས་ཚེ་དྲི་ཟའི་གྲོང་ཁྱེར་འཇིག་པའི་ཉེས་པ་ཡོད་པ་དང་། ཡང་ཡོན་ཆབ་འབུལ་ཚེ། བྲི། གང་། རེག རིང་། གཡོ། ཆུ་འཁྱར་ཞེས་སྐྱོན་དྲུག་དང་བྲལ་ཏེ་ཡོན་ཆབ་ཕུལ་ན་ཡོན་ཏན་དྲུག་འཐོབ་པར་འགྱུར་ལ། སྐྱོན་དྲུག་གིས་གོས་ན་ཉེས་སྐྱོན་དྲུག་འབྱུང་སྟེ། ༡ ཡོན་ཆབ་བྲི་ཆེས་པས། རང་རྒྱུད་ཡོན་ཏན་གྱིས་མི་གང་བ་དང་། ༢ གང་ཆེས་པས། རང་རྒྱུད་ལས་སྒྲིབ་ཀྱིས་ཁ་གང་བ་དང་། ༣ མཆོད་ཏིང་གཅིག་ལ་གཅིག་རེག་པས། སྡིག་གྲོགས་དང་འཕྲད་པར་འགྱུར་བ་དང་། ༤ ཏིང་ཕོར་རིང་ཆེས་པས། བཤེས་གཉེན་དང་མཐུན་གྲོགས་རིང་དུ་བཀྱེད་པ་དང་། ༥ གྲལ་བསྒྲིགས་པ་གཡོ་བས། ཚེ་རབས་ཀུན་ཏུ་ལུས་དང་སེམས་མི་དྲང་བ་དང་། ༦ ཏིང་ཕོར་ལས་ཆུ་འཕོས་ཏེ་ཕྱི་ལོགས་སུ་འཁྱར་བས། ཚེ་རབས་སུ་མིག་མི་གསལ་ཞིང་མིག་ཆུ་ཤོར་བའི་སྐྱོན་འབྱུང་བར་བཤད་པས། དེ་དག་གཟབ་པར་འཚལ་ལོ། །

ཡོན་ཆབ་ལྡུགས་དུས་ཐོག་མཐའ་གཉིས་ཕྲ་ལ་དཀྱིལ་སྦོམ་པོར་སྦྲེངས་ཏེ། ངག་ཏུ། ཨོཾ་ཨཱཿཧཱུཾ། ཞེས་འབྲུ་གསུམ་གྱིས་བྱིན་གྱིས་བརླབས་ཏེ་འབུལ། དེ་ཡང་ཡིག་འབྲུ་གསུམ་པོ་དེས་རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་འབྲུ་གསུམ་ལ་ཞུགས་ཏེ་མཆོད་པར་ཐིམ་ཞིང་། ཧཱུཾ་གྱིས་མི་གཙང་བ་ཐམས་ཅད་དག ཨཱསཿདག་གཙང་བདུད་རྩིའི་རང་བཞིན་ཅན་དུ་གྱུར། ཨོཾ་གྱིས་འབྱམས་ཀླས་པ་སྤེལ་བར་སེམས་དགོས་སོ། །

༣ ཡོན་ཆབ་གྱི་ཚད་ནི། ཆབ་ཕྱིར་འཕོས་ན་ཚུལ་ཁྲིམས་འཆལ་ཞིང་འཁོར་མི་འདུ། དམའ་ཆེས་ན་ལོངས་སྤྱོད་ཀྱིས་དབུལ་བས། ཏིང་ཕོར་གྱི་བར་ཐག་དང་ཁ་ཕུད་ལ་འབྲུའི་ཚོད་ཙམ་བཞག་སྟེ། མི་ཆེན་ལ་གསོལ་ཇ་འདྲེན་པའི་ཚོད་ཀྱིས་འབུལ་དགོས་ལ། མཆོད་པ་རྒྱ་ཆེར་འགྲོ་ཕྱིར་མཆོད་གཟུངས་བཏོན་ཏེ་ཕུལ་ན་ཆོད་ཆེའོ། །

༤ མཆོད་པའི་ཕན་ཡོན་ནི། ཡོན་ཆབ་ནི། ཕྱིའི་དངོས་བོ་ལ་མ་ཐོགས་ནང་དད་པ་ལ་ཐོགས་གསུངས་པ་ལྟར། དེ་བས་མཆོད་པའི་རྫས་ལ་སུ་ཡང་ལག་ཐོགས་པ་མེད། ཇོ་བོས་ཀྱང་། བོད་ཀྱི་ཆུ་འདི་ཐམས་ཅད་ཡན་ལག་བརྒྱད་ལྡན་ཡིན་པས། བོད་ན་མཆོད་པ་ཡོན་ཆབ་གཅིག་པུས་ཆོག་འདུག གསུངས་པ་ལྟར། ཆུ་བསིལ་བ་ཕུལ་བས་དཀོར་གྱི་ཉེས་དམིགས་འདག་ཅིང་ཚུལ་ཁྲིམས་དག་པ་དང་། ཆུ་ཞིམ་པས་ཟས་མཆོག་རྙེད་པ་དང་། ཆུ་ཡང་བས་ལུས་སེམས་ལས་སུ་རུང་བ་དང་། ཆུ་འཇམ་པས་ཤེས་རྒྱུད་འཇམ་པ་དང་། ཆུ་དྭངས་པས་རིག་པ་དྭངས་ཤིང་བྱམས་དང་སྙིང་རྗེ་སྐྱེས། ཆུ་དྲི་མི་ང་བས་སྒྲིབ་པ་སྦྱོང་བ་དང་། ཆུ་ལྟོ་བ་ལ་མི་གནོད་པས་ནད་མི་འབྱུང་བ། ཆུ་མགྲིན་པ་ལ་མི་གནོད་པས་ངག་སྙན་པ་བཅས་ཕན་ཡོན་བརྒྱད་འབྱུང་ངོ་། །

ཟ་མ་ཏོག་ལྟ་བུའི་གཏམ་ལས། གཡོ་ཞིང་ཨུད་དཔལ་གྱིས་བསྒོས་པ། །དྲི་མེད་པདྨ་རཱ་ག་བཞིན། །ཡིད་འོང་གསེར་གྱི་སྣོད་དུ་བླུགས། །དྲི་ཞིམ་ཙན་དན་གྱིས་བསྐོས་མངར། །ཡིད་དུ་འོང་དང་བདའ་ཞིང་འཐུང་། །ཅུང་ཟད་མིག་ནི་ཟངས་མདོག་འདྲ། །གླུ་ལེན་སྒྲ་དང་ངེས་ལྡན་པའི། །མི་མཆོག་དེ་དག་སྐོམ་རྣམས་ནི། །སྦྱིན་པ་སྦྱིན་པའི་འབྲས་བུ་ཡིན། །ཨིནྡྲ་ནི་ལ་བཻཌཱུརྱ། །རིན་ཆེན་མཆོག་རྣམས་ཀྱིས་སྤྲས་པའི། །གསེར་གྱི་སྣོད་ནི་གང་ཡིན་པར། །ལྷ་གང་ལྷ་ཡི་བུ་མོ་ནི། །བྲང་གི་དཀྱིལ་ན་ནུ་མ་ནི། །བུམ་པ་ལྟ་བུའི་འབུར་ལྡན་པའི། །རབ་མཛེས་གཅུགས་དང་ལྷན་ཅིག་ཏུ། །སྦྲང་རྩི་ལྟར་མངར་བཏུང་འཐུང་བ། །ཡོན་ཏན་ལྡན་པའི་ཚོགས་ལ་ནི། །བཏུང་བ་ཡིད་འོང་བྱིན་པ་ཡི། །འབྲས་བུ་ཡིན་པར་མཁས་རྣམས་གསུངས། །གང་ཞིག་ཁ་དོག་དྲི་ཞིམ་སོགས། །ཚོགས་ལྡན་སྐོམ་པའི་གདུང་བ་སེལ། །བད་ཀན་རླུང་དྲག་རབ་ཞི་བྱེད། །ཁ་ར་པི་པི་ལིང་བསྲེས་ཚོར། །ཙན་དན་ལྟ་བུར་ཚ་བ་སེལ། །ཟླ་བའི་འོད་ཟེར་དང་ལྡན་པའི། །སྣོད་དུ་བླུགས་ནས་དེ་དག་གིས། །གུས་པར་དགེ་འདུན་ལ་ཕུལ་བས། །ཕ་རོལ་གྱི་ནི་སྐྱེ་གནས་སུ། །ལྷ་ཡི་བཏུང་བ་འཐོབ་པར་འགྱུར། །མངར་ཞིང་མངར་མཆོག་གུས་པ་ཡི། །བཏུང་བ་སྣ་ཚོགས་མཆོག་ལ་ཕུལ། །ལྷ་དང་མི་ཡི་གནས་རྣམས་སུ། །ལྷ་ཡི་བུ་མོ་མཆོག་རྣམས་དང་། །ཡུན་རིང་བཏུང་བ་ལྷན་ཅིག་འཐུང་། །གང་ཞིག་ས་གནས་མི་རྣམས་ཀྱིས། །དང་བའི་དད་པའི་ཡིད་ཀྱིས་ནི། །དགེ་འདུན་ལ་ནི་བཏུང་བ་མཆོག། དུས་ལས་བབ་པར་དྲངས་པ་ཡིས། །འཁོར་བའི་རི་ཁྲོད་གནས་པ་ན། །རྟག་ཏུ་བཏུང་བའང་ཞིམ་བཟང་འཐོབ། །ཅེས་སོ། །

ཡོན་ཆབ་འདི་མཆོད་རྫས་མ་འཛོམས་ཀྱང་། དབུལ་ཕོངས་རྣམས་ཀྱིས་ཀྱང་འབུལ་ཐུབ་པ་ཡིན་པས། ཕུལ་ན་ཕན་ཡོན་བསམ་གྱིས་མི་ཁྱབ། ཏིང་ཕོར་ཙམ་མ་འབྱོར་ཡང་། མཆོད་པ་འདི་སྔོན་བྱོན་སྐྱེས་བུ་དམ་པའི་ཕྱག་ལེན་དུ་བསྟར་བའི་རྣམ་ཐར་ཡོད་དེ། རྗེ་སྒྲུབ་ཁང་དགེ་ལེགས་རྒྱ་མཚོ་སེ་ར་རྩེ་རི་ཁྲོད་ན་བཞུགས་སྐབས། ཡོ་བྱད་ཧ་ཅང་བཀྲེན་པས། ཡོན་ཆབ་འབུལ་སྐབས་ཁོང་གི་བཞེས་ཕོར་ཡག་པོར་བཀྲུས་ནས་ཡོན་ཆབ་ཕུལ་བ་དང་། གསོལ་རས་བཞེས་སྐབས་དཀོན་མཆོག་རིན་པོ་ཆེར་གཡར་བོར་མཛད་པ་ལྟར་རོ། །དེ་ལས་གཞན། བདག་པོས་མ་བཟུང་བ་ཀུན་ཀྱང་མཆོད་པ་འབུལ་ཆོག་སྟེ། སྤྱོད་འཇུག་ལས། ནམ་མཁའ་རབ་འབྱམས་ཁམས་ཀྱི་མཐས་གཏུགས་པར། །ཡོངས་སུ་བཟུང་བ་མེད་པ་དེ་དག་ཀུན། །བློ་ཡིས་བླངས་ནས་ཐུབ་དབང་སྐྱེས་ཀྱི་མཆོག །སྲས་དང་བཅས་པ་རྣམས་ལ་ལེགས་འབུལ་ན། །གསུངས་སོ། །

ཡང་། མཆོད་པ་ལ། ཕྱིའི་མཆོད་པ། ནང་གི་མཆོད་པ། གསང་བའི་མཆོད་པ། དེ་ཁོ་ན་ཉིད་ཀྱི་མཆོད་པ། སྨན་གཏོར་རཀྟའི་མཆོད་པ་ལྔར་ཡང་ཕྱེས་ཏེ། ༡ ཕྱིའི་མཆོད་པ་ལ། མཆོད་ཡོན་ཞལ། ཞབས་བསིལ་ཕྱག་ཞབས། མེ་ཏོག་དབུ། བདུག་སྤོས་ཤངས། མར་མེ་སྤྱན། དྲི་ཆབ་སྐུ། ཞལ་ཟས་ལྗགས། རོལ་མོ་སྙན་ལ་ཕུལ་བ་སོགས་སྔར་བཤད་ཟིན་པ་དང་། ༢ ནང་གི་མཆོད་པ་ནི། སྔགས་ལུགས་ལ། བམ་གཙང་མ་ལ་རང་བྱུང་དུ་གནས་པའི་ཁྲག་གི་མཆོད་ཡོན་དང་ཞབས་བསིལ། མིག་ལྕེ་རྣ་བ་སྣ་སྙིང་སོགས་འབུལ་བ་ནི། བླ་མེད་ཀྱི་ཁྱད་ཆོས་སུ་གྲུབ་པས། གསང་འདུས་ལས། གཙང་མ་ལྷ་ཡི་རིས་ལ་དྲི་ཆེན་དང་། །དྲི་ཆུ་ཁ་ཆུ་ཁྲག་གི་མཆོད་ཕུལ་བས། །རོ་མྱགས་འདམ་དུ་སྐྱེ་བ་སྙིང་རེ་རྗེ། །ཞེས་དང་། མགོན་པོའི་ཆོ་ག་ལས། གསར་སྙིང་ཁྲག་དང་ག་བུར་སྦྱར་བ་ལ། །བདུད་རྩི་ལྔ་ཡིས་སྦགས་ཤིང་བྱིན་རླབས་པ། །ཞག་ཆེན་སྤྲིས་མ་ཆགས་པའི་དྲི་ཆབ་འདིས། །མྱུར་མཛད་ཡེ་ཤེས་མགོན་པོའི་ཐུགས་དམ་བསྐང་། །ཞེས་སོགས་དང་། ༣ གསང་བའི་མཆོད་པ་ནི། རྒྱུའི་དུས་ན་འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་སོགས་དུག་ལྔ་དང་། དུག་གསུམ་ཐམས་ཅད་ཡེ་ཤེས་ལྔ་དང་། རྡོ་རྗེ་གསུམ་གྱི་རྣམ་རོལ་ཏུ་རང་ཤར་རང་གྲོལ་དུ་སྤྱོད་པ་གསང་བའི་མཆོད་པའོ། །༤ དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི། འདི་ནི་དེ་ཁོ་ན་ཉིད་བདེ་སྟོང་གཉིས་སུ་མེད་པའི་མཆོད་པ་སྟེ། ལྷ་ཚོགས་རྣམས་རང་རང་གི་ཡུམ་དང་སྦྱར་བའི་སྲུབ་སྦྱོར་གྱི་རྐྱེན་ལས་དྷུ་ཏིའི་མར་སྣེ་ཁ་ཕྱེ་ནས་དྭངས་མའི་རཀྟ་ཡེ་ཤེས་ཀྱི་མེར་འགྱུར་ཏེ། གཏུམ་མོའི་ཤུགས་ཀྱིས་སྦར་བས་སྤྱི་བོ་བདེ་ཆེན་འཁོར་ལོའི་དབུས་སུ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཞུ་བས་དགའ་བ། དེ་ལས་ལོངས་སྤྱོད་ཀྱི་འཁོར་ལོར་བབས་པས་ཁྱད་པར་གྱི་དགའ་བ། དེ་ལས་བདེ་སྐྱོང་གི་འཁོར་ལོར་བབས་ཏེ་རྗེས་ཆགས་ལྷག་པར་རྒྱས་པས་ལྷན་སྐྱེས་ཀྱི་དགའ་བ། དེའི་ཚེ་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་འོད་གསལ་གྱི་ངོ་བོར་བཞུགས་པས་ཆགས་སྡང་གི་གཉིས་རྟོག་ཐམས་ཅད་དབྱིངས་རིག་དབྱེར་མེད་ཀྱི་ངོ་བོ་ལ་བཟླ་བ་ནི་དེ་ཁོ་ན་ཉིད་ཀྱི་མཆོད་པའོ། །༤ སྨན་གཏོར་རཀྟའི་མཆོད་པ་ནི། སྨན་གྱི་མཆོད་པ། རཀྟའི་མཆོད་པ། གཏོར་མའི་མཆོད་པ་དང་གསུམ་ལས། དང་བོ་སྨན་གྱི་མཆོད་པ་ལ། ཕྱི་ཀུན་རྫོབ་ཀྱི་སྨན། ནང་དོན་དམ་གྱི་སྨན། གསང་བ་འཁོར་འདས་གཉིས་མེད་ཀྱི་སྨན་གསུམ་དང་། རཀྟའི་མཆོད་པ་ལའང་། དངོས་སུ་བཤམས་པའི་རཀྟ་སྔར་བྱིན་གྱིས་རླབས་པ་དང་། འདོད་ཆགས་ཀྱི་རྟོག་པ་ཐམས་ཅད་བདེ་སྟོང་གི་ངང་དུ་འབུར་འཇོམས་སུ་སྒྲོལ་བ་དང་། སྣང་བ་ཡབ་ཀྱི་རྡོ་རྗེ་སྟོང་བ་ཡུམ་གྱི་མཁའ་གསང་དུ་རོལ་བ་ལས་བྱུང་བའི་ཟུང་འཇུག་ཁྲག་ཆེན་གྱི་དྭངས་བཅུད་ཁྱབ་གདལ་དུ་འབར་བ་གསུམ་མོ། །གཏོར་མའི་མཆོད་པ་ལའང་། ཕྱི་ནང་གསང་གསུམ་དེ་ཁོ་ན་ཉིད་བཞི་ལས། ཕྱིའི་གཏོར་མ་ནི། དངོས་བཤམས་ཀྱི་གཏོར་མ་རྫས་དང་བཅས་པ་འདོད་ཡོན་གྱི་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པར་སྦར་བ་དང་། ནང་གི་གཏོར་མ་ནི། རང་ལུས་ཕུང་ཁམས་སྐྱེ་མཆེད་ཀྱི་དྭངས་བཅུད་ཐམས་ཅད་འཛད་མེད་ཀྱི་བདུད་རྩིའི་རང་བཞིན་དུ་སྦར་བ་དང་། གསང་བའི་གཏོར་མ་ནི། སངས་རྒྱས་རྣམས་ཀྱི་ཐུགས་དབྱིངས་ཀྱི་རང་བཞིན་ཁྱབ་གདལ་ཆེན་པོ་ལ་མའི་བརྡ་ཆད་བཞག་པ་དང་། མ་དེ་ལས་གཉིས་སྣང་གི་ཞེན་པ་ཕྲ་མོའི་རྐྱེན་གྱིས་སེམས་ཅན་གྱི་རིག་པ་དུམ་བུར་ཆད་པ་ལྟ་བུའི་སྣང་ཚུལ་ཤར་བ་ལས། དབྱིངས་རིག་ཐ་དད་དུ་གྱུར་བས་འཁོར་འདས་སུ་ཕྱེ་བའི་གཉིས་འཛིན་གྱི་བྱུར་འདྲེ་ཐམས་ཅད་འཁོར་གསུམ་མི་དམིགས་པའི་ཀློང་དུ་བསྒྲལ་ནས། ཐ་མལ་སྣང་ཞེན་གྱི་གཏོར་མ་ཟག་མེད་བདུད་རྩིར་སྦར་ཏེ་ཕུལ་བའོ། །དེ་ཁོ་ན་ཉིད་ཀྱི་གཏོར་མ་ནི། མཆོད་རྫས་ཐམས་ཅད་ཀྱང་འཁོར་གསུམ་ཀ་དག་ཐིག་ལེ་ཉག་གཅིག་གི་ངོ་བོར་རྩལ་རྫོགས་པས་མཆོད་བྱ་མཆོད་བྱེད་མཆོད་ཡུལ་ཐམས་ཅད་སྤྲོས་བྲལ་ཆེན་པོའི་རྣམ་རོལ་ཏུ་བལྟས་ནས་མཆོད་པའོ། །འདི་དག་ནི་གསང་སྔགས་བླ་མེད་ལུགས་ཀྱི་སྒོས་ཆོས་སུ་གྲུབ་པས་ཆེར་མི་སྤྲོ་ལ། འདི་སྐབས་སུ་བབ་པ་ནི་མདོ་ལུགས་ཀྱི་མཆོད་པ་ཕུལ་སྲོལ་ཡིན་པས་སོ། །

བསྐོར་བ།

༡ བསྐོར་བའི་ཁུངས་ནི། སྙིང་རྗེ་པདྨ་དཀར་བོའི་སྨོན་ལམ་ལྔ་བརྒྱ་བ་ལས། འཇིག་རྟེན་མགོན་གྱི་མཆོད་རྟེན་ལ། །སུ་ཞིག་བསྐོར་བ་བྱེད་པ་ནི། །ཚེ་རབས་དག་ནི་ཐམས་ཅད་དུ། །བྱང་ཆུབ་སྤྱད་པ་སྤྱོད་པའི་ཚེ། །དྲན་དང་ལྡན་ཞིང་བློ་གྲོས་ལྡན། །བསོད་ནམས་ལྡན་ཞིང་འཇིགས་མེད་འགྱུར། །ཞེས་དང་། ལུང་གཞི་ལས། མཁས་པ་གང་ཞིག་རབ་ཏུ་སེམས་དད་པས། །སངས་རྒྱས་མཆོད་རྟེན་ལ་ནི་གོམ་འདོར་བ། །འཛམ་བུ་ཆུ་བོའི་གསེར་གྱི་ཞེང་ཚད་ནི། །སྟོང་ཕྲག་བརྒྱ་ཡང་དེ་དང་མཉམ་པ་མིན། །ཞེས་སོགས་མཆོད་རྟེན་བསྐོར་བའི་ཚིགས་སུ་བཅད་པའི་མདོ་དང་། གསལ་རྒྱལ་གྱི་ཚིགས་བཅད་སོགས་ལས་ཀྱང་གསུངས་སོ། །

༢ བསྐོར་བ་བྱ་ཚུལ་ནི། སྤྱིར་བསྐོར་བ་གཡས་ཕྱོགས་སུ་འགྲོ་བའི་དོན་ཡང་། སངས་རྒྱས་ཀྱི་མཚན་དཔེ་བཤད་སྐབས་ལམ་གྱི་བསྐོར་ཕྱོགས་དང་མཐུན་པར་གཤེགས་པ། ཞེས་འབྱུང་པ་ལྟར། གཡས་ཕྱོགས་ནི་ལམ་ཡང་དག་པ་ཡིན་པས་སོ། །འཇིག་རྟེན་གྲགས་ཚོད་ལའང་། གཡས་ཕྱོགས་ནི་ལམ་ཡང་དག་པ་དང་། གཡོན་ཕྱོགས་ནི་ལོག་ལམ་ཏུ་ངོས་འཛིན་པས། ལོག་ལམ་དུ་ཕྱིན་པ་ལ་གཡོན་ལྷུང་གི་ལྟ་བ་ཟེར་བ་དང་། ལག་པ་ལྟ་བུར་མཚོན་ནའང་། རྒྱ་གར་གྱི་ཡུལ་ཆོས་སུ་གཡས་ལག་གཙང་མ་དང་། གཡོན་ལག་མི་གཙང་བར་བརྩི་སྲོལ་ཡོད་ལ། ཐ་ན་ལམ་ཞིག་སྟོན་ཚེ་ཡང་། ལག་པ་གཡས་པས་བསྟན་ན་གུས་ཉམས་མཚོན་བྱེད་དུ་འགྲོ་སྟེ། སྤྱོད་འཇུག་ལས། གུས་དང་བཅས་པར་གཡས་པ་ཡིས། །ལག་པ་དག་ནི་ཀུན་གྱིས་ཀྱང་། །ལམ་ཡང་དེ་ལྟར་བསྟན་པར་བྱ། །གསུངས་པས་ཀྱང་། གཡས་ཕྱོགས་ནི་ལམ་ཡང་དག་ཡིན་པར་རིགས་པས་གྲུབ་པར་སྙམ་མོ། །

གཞན་ཡང་། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་ལས། བསྐོར་བ་སོགས་ལ་གཡས་སུ་བསྐོར་བ་ཕྱག་རྒྱ་ཆེན་པོ། གཡོན་དུ་བསྐོར་བ་རྫོགས་པ་ཆེན་པོ། ཞེས་ཀྱང་གསུངས་སོ། །ལམ་རིམ་ཆེན་མོ་སོགས་ལས། ཕྱག་དང་སྔགས་བཟླ་ཚེ་ལུས་དང་ལྕེ་གྲངས་མེད་ཀྱིས་བཟླས་ན་འགྱུར་ཁྱད་ཆེ་བར་གསུངས་པ་ལྟར། བསྐོར་བའི་ཚེ་ཡང་། རང་གཞན་ཐམས་ཅད་ཀྱིས་བསྐོར་བ་བྱེད་པར་མོས་ཏེ་། ཁ་བཏོན་ཡང་ཡིག་བརྒྱ་དང་ལྟུང་བཤགས་སོགས་རང་གང་མོས་ཀྱིས་འགྱུར་ཆེ་བར་གསུངས་ན་དགོས་པ་ཆེའོ། །རྒྱལ་བའི་བཀའ་འབུམ་གྱི་སྒྲུབ་ཐབས་ལས། རྟེན་ལས་འོད་བྱུང་ནས་རང་ལ་ཕོག་པས། སྒྲིབ་པ་ཐམས་ཅད་བྱང་བར་བསམ་ལ་བསྐོར་བ་བྱའོ། །ཞེས་ཀྱང་གསུངས་སོ། །

གཡུང་དྲུང་བོན་གྱིས་ཀྱང་། ཚད་ལྡན་གྱི་གཞུང་མང་བོར། གཡས་བསྐོར་ཕྱག་རྒྱ་ཆེན་པོ་དང་། གཡོན་བསྐོར་རྫོགས་པ་ཆེན་པོ་ཞེས་ཟེར་ཡང་། མདོ་དྲི་མེད་ལས། གཡུང་དྲུང་ཞབས་ནི་གཡས་བསྐོར་རོ། །ཞེས་དང་། བྱ་ངང་བའི་འགྲོས་ལྟར་འགྱིང་ཡང་མི་འགྱིང་། བྲེལ་ཡང་མི་བྲེལ་བར། དལ་འགྲོས་དང་ལྡན་པར་བྱས་ལ་གཡས་བསྐོར་དུ་གཤེགས། ཞེས་གསུངས་ཀྱང་། དེང་སང་བོན་པོ་མང་བོ་དེ་ལས་ལྡོག་ཏེ་འགྲོ་བ་དང་། མི་ལ་དང་ན་རོ་བན་ཆུང་གཉིས་ཀྱང་ཏི་སེའི་གངས་བསྐོར་ལ་གཡས་གཡོན་བརྩད་པའི་རྣམ་ཐར་ཡང་ཡོད་དོ། །

༣ བསྐོར་བའི་གྲངས་ཚད་ནི། སྤྱིར་བསྐོར་བའི་གྲངས་ཚད་ལ་འདི་ཙམ་ཞེས་གྲངས་བཟུང་མེད་པར། ཇི་ཙམ་སོང་ན་དེ་ཙམ་བཟང་ལ། འདིར་སྔོན་འགྲོ་ཁྲིད་བཞི་འམ་ཁྲིད་བཅུ་ཞེས་པའི་སྐབས་དང་བསྟུན་ནས་འབུམ་དུ་གྲགས་པ་ལྟར་གཞལ་ན། གུང་ཐང་བསྟན་པའི་སྒྲོན་མེས། རྟེན་གཙོ་གང་ལ་གཞལ་བ་དེར་གྲངས་འབུམ་ཕྲག་གཅིག་འགྲོ་བའི་ཚོད་ལ་བསྐོར་ཚད་དུ་གྲགས་པ་ལྟར་ན། རྟེན་གཙོ་འོད་དཔག་མེད་ཀྱི་པད་གདན་ལ་གཞལ་ཏེ། དེ་ཉེར་ལྔའི་འགྱུར་གྱིས་སེང་ཁྲིའི་འགབ་འཁོར་བས། མཆོད་རྟེན་རང་ལ་བསྐོར་བ་བཞི་སྟོང་བྱས་ཚེ། གཙོ་བོ་ལ་འབུམ་ཕྲག་གཅིག་གི་ཚོད་འཁྲོལ་དང་བཅས་ཏེ་འགྲོའོ། །ཞེས་དང་། ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱིས། དེ་ཡང་དགོན་སྡེ་གང་ཡིན་ཡང་རང་རང་གི་རྟེན་གྱི་གཙོ་བོ་གང་ལ་བྱེད་པ་དེའི་བཞུགས་ཁྲི་འམ། པད་གདན་ནམ། སྐྱིལ་ཀྲུང་ལྟ་བུའི་མཐར་མཐོ་ཚད་ཀྱིས་གཞལ་བར་བྱས་ནས། མཐོ་ཚད་དང་འདོམ་ཚད་གང་ལོངས་ཀྱང་། མཐར་དཀྲིས་གཅིག་འཁོར་བའི་ཚད་དེ། བསྐོར་ལམ་དུ་ཅི་ཙམ་ཞིག་འཁོར་ནས་འབུམ་ལོངས་པ་ན། བསྐོར་ཚད་རེ་རྫོགས་པར་འཇོག དེ་ནི་རྟེན་གྱི་གཙོ་བོ་གང་ཡིན་དེ་ལ་བསྐོར་བ་འབུམ་སོང་བའི་དབང་དུ་བཏང་ཡང་། དེར་མ་ཟད་རྟེན་གྱི་གཙོ་བོ་དེ་དང་ཚད་མཉམ་པ་རྣམས་སོ་སོ་ལའང་འབུམ་རེ་འགྲོ་ཞིང་། གཙོ་བོ་ལས་ཆུང་བ་རྣམས་ལ་ནི་གྲངས་དེ་ལས་མང་བར་འགྲོའོ། །གསུངས་པ་ལྟར་རོ། །དེ་ཡང་རྟེན་གཙོ་ཆེ་ན་བསྐོར་གྲངས་མང་ལ་ཆུང་ན་བསྐོར་གྲངས་ཉུང་བ་ཡིན་ནོ། །བསྐོར་བ་བྱེད་ཚེ་བསྐོར་བའི་འགྱུར་སྔགས་ནི། ན་མོ་བྷ་ག་ཝ་ཏེ། རཱཏྣ་ཀེ་ཏུ་རཱ་ཛཱ་ཡ། ཏ་ཐ་ག་ཏཱ་ཡ། ཨཪྷ་ཏེ་སམྱ་ཀྶཾ་བུད་དྷཱ་ཡ། ཏ་ཏྱ་ཐཱ། ཨོཾ་རཏྣེ་རཏྣེ་མ་ཧཱ་རཏྣེ་རཏྣེ་བི་ཛ་ཡ་སྭཱ་ཧཱ། ཞེས་དང་། ཡང་ན། ན་མཿཔྲ་དཀྵྲ་སུ་པྲ་དཀྵྲ་སརྦ་པཱ་བཾ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་པ་འདི་འདོན་བཞིན་བགྲོད་ན་ཕན་ཡོན་ཆེ་ལ། རྟེན་གྱི་གྲིབ་མ་ལ་འགོམས་དགོས་བྱུང་ན། ཨོཾ་བཛྲ་བེ་ག་ཨ་ཀྲ་མ་ཧཱུཾ། ཞེས་པ་འདི་བཏོན་ཏེ་གྲིབ་མའི་འོག་ཏུ་འཛུལ་བར་མོས་ན་ཉེས་པ་མེད་དོ། །

༤ བསྐོར་བའི་ཕན་ཡོན་ནི། འཕགས་པ་སྤྱན་རས་གཟིགས་ཀྱི་མདོ་ལས། མཆོད་རྟེན་བསྐོར་བ་བྱས་ན་ནི། །སྐྱེ་བ་ཐམས་ཅད་ཀུན་ཏུ་ཡང་། །དབང་ཆེར་གྲགས་པའི་ཁྱིམ་བདག་དང་། །དཔལ་དང་གཟི་བརྗིད་ལྡན་པར་འགྱུར། །བྲམ་ཟེ་སཱ་ལ་ཆེ་འདྲ་དང་། །ཚུལ་ཁྲིམས་ལྡན་ཞིང་མང་ཐོས་དང་། །རྒྱལ་རིགས་སཱ་ལ་ཆེ་འདྲ་དང་། །ཕྱུག་ཅིང་ནོར་ཆེར་ལྡན་པར་འགྱུར། །ཞེས་སོགས་རྒྱ་ཆེར་གསུངས་ལ། གསལ་རྒྱལ་གྱི་ཚིགས་བཅད་ལས། སུ་ཞིག་དད་པས་ཐུབ་པའི་མཆོད་རྟེན་ནམ། །སྐུ་གཟུགས་དག་ལ་བསྐོར་བ་བྱེད་པ་དེ། །ཕྱི་མའི་ཚེ་ལ་དགྲ་ཆེན་རྣམས་ཀྱིས་བཏུད། །བཟང་བོའི་སྣོད་འགྱུར་ཡོན་ཏན་རྣམས་དང་ལྡན། །མི་རྣམས་སུ་དག་དགའ་བཞིན་གུས་པ་ཡིས། །བླ་མེད་མཆོད་རྟེན་རྣམས་དང་སྐུ་གཟུགས་ལ། །ལུས་ཀྱི་ལས་རྣམས་བྱེད་པ་དེ་དག་ནི། །སྲིད་པ་ཀུན་ཏུ་མཛོད་རྣམས་ཤིན་ཏུ་རྒྱས། །ཞེས་དང་། འདུལ་བ་ལུང་ལས། གང་ཞིག་དད་ཅིང་མོས་པའི་སེམས་ཀྱིས་སུ། །སངས་རྒྱས་མཆོད་རྟེན་ལ་ནི་གོམ་འདོར་ན། །འཛམ་བུ་ཆུ་བོའི་གསེར་གྱི་གྲངས་ཚད་ནི། །སྟོང་ཕྲག་བརྒྱ་ཡང་དེ་དང་མཉམ་པ་མིན། །ཞེས་དང་། མཆོད་རྟེན་བསྐོར་བའི་ཚིགས་སུ་བཅད་པའི་མདོ་ལས། དལ་འབྱོར་འཐོབ་ཅིང་། དྲན་དང་། བློ་གྲོས་དང་ཁ་དོག་ལྡན་ཞིང་མཛངས་པར་འགྱུར་བ། ཚེ་དང་ལོངས་སྤྱོད། སྙན་གྲགས་དང་དབང་ཐང་། སྟོབས་དང་བརྩོན་འགྲུས། རྫུ་འཕྲུལ་འཐོབ་པ། མའི་ལྟོར་བདེ་ཞིང་བུ་ཕྲུག་བདེ་བར་བཙའ་བ་སོགས་ཕན་ཡོན་མང་དུ་གསུངས་པ་དང་།

སྔོན་བྱུང་དང་སྦྱར་ནའང་། ཁྱིམ་བདག་དཔལ་སྐྱེས་སྔོན་གྱི་ཚེ་ཕག་གི་སྐྱེས་པ་བླངས་པའི་དུས། ཁྱིས་བདས་ཏེ་ལྟས་དབང་གིས་་མཆོད་རྟེན་ལ་བསྐོར་བ་བྱས་པས། རྒྱུད་ལ་དགེ་བའི་ས་བོན་ཐེབས་པ་བཅོམ་ལྡན་འདས་ཀྱིས་གཟིགས་ཏེ། རབ་ཏུ་བྱུང་བར་གནང་བ་དང་། གཞན་ཡང་། ལུང་གཞི་སོགས་མདོ་ཚད་མ་དང་། རྒྱལ་བོའི་བཀའ་འབུམ་སོགས་སྒྲུབ་ཐབས་ཚད་མ་ལས་ཀྱང་མང་དུ་གསུངས་པ་ལས་གཞན། ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་ཕྱག་མཆོད་བསྐོར་བའི་ཕན་ཡོན་ལས་ཀྱང་གསུངས་སོ། །

ཕྱག་འཚལ་བ།

༡ ཕྱག་འཚལ་སྟངས། སྤྱིར་ཕྱག་ནི། ལུས་ཀྱི་རྣམ་འགྱུར་ལ་སོགས་པའི་ཆ་ནས་བཞག་པའི་ཕུང་བོ་ལྔ་བ་ཅན་ཞིག་ལ་ཕྱག་ཟེར། ལུས་ངག་ཡིད་གསུམ་གྱི་ཕྱག་ཡོད་ཀྱང་། འདིར་སྐབས་སུ་བབ་པ་ལུས་ཀྱི་ཕྱག་ལ། སྡོང་བཀོད་ལས། ལུས་ཐམས་ཅད་ས་ལ་ཕབ་པའི་བརྐྱངས་ཕྱག་དང་། སྡོང་བོ་འགྱེལ་བ་ལྟ་བུའི་ལུས་ཐམས་ཅད་ས་ལ་ཕབ་པའི་ཕྱག་འདིས། སྡིག་པ་ལ་འགྱོད་པ་དྲག་པོ་ཡོད་པའི་རྣམ་འགྱུར་དང་། ང་རྒྱལ་གྱི་རི་བོ་ས་ལ་བསྙིལ་བ་ལྟ་བུ་མཚོན་པར་ཡང་བཤད་དོ། །

མདོ་རྩར། ཡན་ལག་ལྔ་ཕྱག་སྟེ། མགོ་དང་། ལག་མཐིལ་གཉིས། པུས་མོའི་སླ་ང་གཉིས་བཅས། ལུས་ཀྱི་མ་ལྔ་ས་ལ་གཏུགས་ཏེ་ཕྱག་འཚལ་བས་ཉོན་མོངས་དུག་ལྔའི་སྒྲིབ་པ་འདག་པ་དང་། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔའི་བྱིན་རླབས་ཞུགས་པའི་དགོས་པ་ཡོད་པར་བཤད་པ་ལས་གཞན། ལུས་ཀྱི་མ་ལྔ་ས་ལ་གཏུགས་པའི་བསྐུམ་ཕྱག་གི་དགོས་པ། ཕུང་བོ་གསུམ་པའི་མདོ་ལས། བྱང་ཆུབ་སེམས་དཔའ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཆོས་མཉམ་པ་ཉིད་ལ་འཇུག་ཅིང་ཡན་ལག་ལྔ་ས་ལ་གཏུགས་པར་བྱ་སྟེ། པུས་མོ་གཡས་པ་ས་ལ་འཛུགས་པའི་ཚེ། སེམས་ཅན་ཐམས་ཅད་གཡས་ཕྱོགས་ཀྱི་ལམ་ལ་འཇུག་པར་གྱུར་ཅིག་ཅེས་བརྗོད་དོ། །གཡོན་པ་འཛུགས་པའི་ཚེ། སེམས་ཅན་སུ་དག་གཡོན་ཕྱོགས་ཀྱི་ལམ་ལ་གནས་པ་དེ་ཐམས་ཅད་འཕགས་པའི་ལམ་ལ་གནས་ཤིང་ཡང་དག་པའི་ལམ་ལ་གནས་པར་གྱུར་ཅིག ཅེས་སོ། །ལག་པ་གཡས་པ་ས་ལ་འཛུགས་པའི་ཚེ། ཇི་ལྟར་སངས་རྒྱས་བྱང་ཆུབ་ཀྱི་སྙིང་བོ་མཆོག་དམ་པར་བཞུགས་པ་དགེ་བའི་ཆོས་ཐམས་ཅད་དང་ལྡན་པས་དབུ་དང་སྐུ་སྐྱིལ་མོ་ཀྲུང་ལ་བཞུགས་ཏེ། ཕྱག་གཡས་པ་ས་ལ་བསྣུན་ནས་བདུད་དཔུང་དང་བཅས་པ་བཏུལ་ཞིང་། བྱང་ཆུབ་བརྙེས་པ་ལྟར་སེམས་ཅན་འདི་དག་གིས་ཀྱང་བདུད་ཕྱིར་རྒོལ་བ་ཆོམས་པར་གྱུར་ཅིག བྱང་ཆུབ་སྙིང་བོ་ལ་འདུག་ཅིང་ས་ལ་བསྣུན་ཏེ་སངས་རྒྱས་ཀྱི་ཡེ་ཤེས་ཐོབ་པར་གྱུར་ཅིག ལག་གཡོན་ས་ལ་འཛུགས་པའི་ཚེ། སེམས་ཅན་སུ་དག་བྱིས་པའི་ཆོས་ལ་གནས་ཏེ་གཡོན་ཕྱོགས་སུ་འཛིན་པ། གདུལ་དཀའ་བ་དེ་ཐམས་ཅད་བསྡུ་བའི་དངོས་བོ་བཞིས་ཤིན་ཏུ་སྡུད་པར་གྱུར་ཅིག གདོང་བ་དང་དཔྲལ་བ་ས་ལ་གཏུགས་པའི་ཚེ། སེམས་ཅན་ཐམས་ཅད་ང་རྒྱལ་མ་མཆིས་པས་བླ་མ་རྣམས་ལ་རིམ་འགྲོ་བགྱིད་ཅིང་སྤྱི་གཙུག་ལྟར་མི་མཐོང་བ་དང་། དགེ་བའི་ཆོས་ཐམས་ཅད་ཀྱིས་འཕགས་པར་གྱུར་ཅིག དེ་ལྟར་བདག་གིས་ཡན་ལག་ལྔས་ཕྱག་འཚལ་བ་འདིས། སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་ལྔ་སེལ་བར་གྱུར་ཅིག དབང་བོ་ལྔ་ཡོངས་སུ་རྫོགས་པར་གྱུར་ཅིག མིག་ལྔ་ཡོངས་སུ་དག་པར་གྱུར་ཅིག ཅེས་པས་ཤེས་སོ། །

གཞན་ཡང་། སྒྱིད་པ་འཁྱུད་པའི་ཕྱག་དང་། དམ་ཆོས་པད་དཀར་ལས། ཐལ་མོ་ཡ་གཅིག་གི་ཕྱག་དང་། ལུས་དུད་པ་ཙམ་ཀྱི་ཕྱག་ཀྱང་གསུངས་ལ། གང་ལྟར་ཡིད་དང་བའི་སྒོ་ནས་གུས་པའི་ཉམས་འགྱུར་ཐམས་ཅད་ལ་ཕྱག་ཟེར། དེ་ཡང་། ཞིང་རྡུལ་མཉམ་པའི་སྒོ་གསུམ་རབ་བཏུད་ནས། །བླ་མ་རྒྱལ་བ་སྲས་བཅས་ལ་ཕྱག་འཚལ། །གསུངས་པ་ལྟར་ཕྱག་འཚལ་བ་སྟེ། ཐར་བ་ཆེན་པོའི་མདོ་ལས་ཀྱང་། པདྨ་ཁ་འབུས་ཕྱེ་འདྲ་བ། །ལག་གཉིས་སྤྱི་བོར་ཐལ་སྦྱར་ཏེ། །ལུས་དཔག་མེད་པའི་སྤྲིན་ཚོགས་ཀྱིས། །ཕྱོགས་བཅུའི་སངས་རྒྱས་ལ་ཕྱག་འཚལ། །ཞེས་སོ། །

ཐལ་མོ་སྦྱོར་སྟངས་ཡང་། མུ་སྟེགས་པའི་ཐལ་མོ་བཅར་ལེབ་དང་། ནང་བའི་ཐལ་མོ་ཁོང་སྟོང་མཐེ་བོང་ནང་དུ་བཅུག་ནས། ནོར་བུའི་དབྱིབས་ལྟ་བུ་སྟེ། བདག་གིས་སྟོང་བའི་མཚོན་བྱེད་ཡིན། མཐེ་བོང་གཉིས་ཅུང་ཟད་ནང་དུ་འོང་བར་བྱས་ཏེ། ནོར་བུ་འཛིན་པའི་ཕྱག་རྒྱས་ལག་གཉིས་ཀྱིས་ནོར་བུ་ཐོགས་པར་མོས། ནོར་བུ་དེ་ལས་ཀུན་ཏུ་བཟང་བོའི་མཆོད་སྤྲིན་ནམ་མཁའི་ཁམས་སྤྲོས་ཏེ། མཆོད་པ་འབུལ་བར་བསམ་པའང་ཡོད། ཡང་ན། ཐལ་མོ་སྦྱོར་བའི་གཟུགས་ཀྱིས་གཟུགས་སྐུ། ཡ་གཉིས་ཀྱིས་ཐབས་ཤེས་ཟུང་འབྲེལ་བྱས་པས། ལམ་མ་སྐྱེས་པ་སྐྱེས་པ། སྐྱེས་པ་གནས་པ། གནས་པ་གོང་འཕེལ་ལ་འགྲོ་བའི་རྟེན་འབྲེལ་སྒྲིག་པ་དང་། ཐལ་མོ་སྤྱི་བོར་སྦྱར་བས་སྙིང་གའི་རྩ་མདུད་གྲོལ། ཁྱད་པར་དུ་སངས་རྒྱས་ཀྱི་གཙུག་ཏོར་འགྲུབ། སྨིན་མཚམས་སུ་སྦྱར་བས་མཛོད་སྤུ། མགྲིན་པར་སྦྱར་པས་མགྲིན་པའི་རྩ་མདུད་གྲོལ། ཁྱད་པར་དུ་གསུང་དབྱངས་ཡན་ལག་དྲུག་ཅུ་འགྲུབ། སྙིང་གར་སྦྱར་པས། སྙིང་གའི་རྩ་མདུད་གྲོལ། ཁྱད་པར་དུ་ཐུགས་རྣམ་པ་ཐམས་ཅད་མཁྱེན་པ་འགྲུབ་པའི་ནུས་པ་འཇོག་ཅིང་། འདིས་བསགས་སྦྱངས་གཉིས་ཀ་འབྱུང་བས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་འདག ལུས་ས་ལ་ཕབ་པ་དང་ལྡང་བའི་སྐབས། སོར་མོ་རྣམས་གཤིབ་སྟེ་ས་ལ་བཀྲམས་པས། ཕྱག་ཞབས་ཀྱི་སོར་མོ་དྲ་བས་འབྲེལ་བ་འགྲུབ་ལ། ལག་པ་དང་དཔྲལ་བ་སར་གཏུགས་ཏེ་མར་ལྡང་སྐབས། འཁོར་བ་ལས་མྱུར་དུ་ལྡང་བའི་རྟེན་འབྲེལ་ཡོད།

ཡང་ཕྱག་ལ་དབྱེ་ན་བརྒྱད་དུ་ཕྱེ་ཚུལ་ཡང་ཡོད་དེ། རྟོགས་པ་ཆོས་ཉིད་ཀྱི་ཕྱག དགུ་ཕྲུགས། གཟིགས་ཕྱག བྱེ་གཤོག བཞེངས་ཕྱག རྒྱལ་ཕྱག དཔྲལ་སྡེབས། སྒུམ་མཐུན་ནོ། །༡ རྟོགས་པ་ཆོས་ཉིད་ཀྱི་ཕྱག་ནི། ཕྱག་འཚལ་བའི་ཡུལ། འཚལ་བ་བོ། ཚུལ་བའི་ཚུལ་ཐམས་ཅད་རང་སེམས་སྐད་ཅིག་མའི་བྱེད་ལས་ཀྱིས་སྒྲོ་བཏགས་པ་ལས། དོན་ལ་ཕྱག་འཚལ་ཡུལ་དང་འཚལ་བྱ་གཉིས་སུ་མ་གྲུབ་པའི་ཡེ་ཤེས་ལ་ངེས་པ་རྙེད་པ་སྟེ། རིམ་པ་ལྔ་བ་ལས། ཇི་ལྟར་ཆུ་ལ་ཆུ་བཞག་ལྟར། །ཇི་ལྟར་མར་ལ་མར་བཞིན་དུ། །རང་གིས་རང་གི་ཡེ་ཤེས་ནི། །ལེགས་མཐོང་གང་ཡིན་འདིར་ཕྱག་ཡིན། །གསུངས་པ་ལྟར་རོ། །༢ དགུ་ཕྲུགས་ནི། དབང་བསྐུར་བ། རྒྱུད་བཤད་པ། མན་ངག་གནང་བའི་བཀའ་དྲིན་སུམ་ལྡན་གྱི་བླ་མ་ལ་ཕྱག་དགུ་ཕྲུགས་འཚལ་བའོ། །༣ གཟིགས་ཕྱག་ནི། བཀུར་འོས་རྣམས་མཐོང་ནས་གཟིགས་ཕྱག་གནང་སྟེ་ཞེ་ས་འབུལ་བ་འོ། །༤ བྱེ་གཤོག་ནི། བཙད་པོ་རབ་བྱུང་སྔགས་པ་གསུམ་འཛོམས་ན་བྱའོ། །༥ བཞེངས་ཕྱག་ནི། ཕྱག་ཡུལ་རྣམས་མཐོང་ན་ཡར་བཞེངས་ཤིང་ཐལ་མོ་སྦྱོར་བའོ། །༦ རྒྱལ་ཕྱག་ནི། རྒྱལ་བོའི་ཕྱག་ལ་གསུམ། འདུན་ཚུགས། སུམ་ཁུགས། རྒྱལ་ཕྱག་ཉི་ཤུ་རྩ་གཅིག་པའོ། །༧ དཔྲལ་སྡེབས་ནི། ཉན་ཐོས་རབ་བྱུང་གི་ཕྱག་གོ། ༨ མོས་ཕྱག་ནི། དཀོན་མཆོག་གི་རྟེན་མཐོང་བའི་ཕྱག་སྟེ། ལན་གསུམ་འཚལ་བའོ། །

༢ ཕྱག་འཚལ་བའི་དམིགས་པ། སྐྱབས་ཡུལ་དམ་པ་ལ་སྙིང་ཁོང་རུས་པའི་གཏིང་ནས་གུས་ཏེ། བདག་གི་སྒོ་གསུམ་གྱི་དབང་ཆ་ཡོངས་རྫོགས་ཁྱེད་རང་གི་ཕྱག་ཏུ་བཞག་ན། འཕྲལ་ཕུགས་ཀྱི་སྐྱིད་སྡུག་ལེགས་ཉེས་ཐམས་ཅད་ཁྱེད་མཁྱེན་སྙམ་པའམ། ཡང་ན། ཕྱག་ཅེས་པ་བྱང་བ་དང་། འཚལ་ཞེས་པ་ཡོན་ཏན་འདོད་པའི་དོན་དུ་གོ་བ་བླངས་ན། སྒོ་གསུམ་གྱི་སྡིག་སྒྲིབ་བྱང་ཞིང་དག་པ་དང་། བསླབ་གསུམ་གྱི་ཡོན་ཏན་སྐྱེས་ཤིང་འཕེལ་བར་བྱིན་གྱིས་བརླབ་ཏུ་གསོལ་ཞེས་བསམ་ཞིང་སྨོན་པ་དང་། ཡང་ལམ་རིམ་ཆེན་མོར། འཇིག་རྟེན་གྱི་ཁམས་ཕྱོགས་རེ་བ་དང་དུས་རེ་རེའི་སངས་རྒྱས་མ་ཡིན་གྱི། ཕྱོགས་བཅུ་ཁ་ན་བཞུགས་པ་དང་སྔར་བྱོན་ཟིན་པ་དང་མ་འོངས་པ་ན་འབྱོན་པར་འགྱུར་བ་དང་། ད་ལྟར་བྱུང་བའི་རྒྱལ་བ་ཐམས་ཅད་ལ་དམིགས་ནས་གཞན་གྱི་གཡམ་ལ་རྒྱུགས་ལྟ་བུ་མིན་པར་བསམ་པ་ཐག་པ་ནས་སྒོ་གསུམ་གུས་པའི་ཕྱག་འཚལ་བའོ། །དེ་ཡང་སངས་རྒྱས་གཅིག་ལ་ཕྱག་འཚལ་ནའང་བསོད་ནམས་དཔག་ཏུ་མེད་པ་ལ་སངས་རྒྱས་དེ་ཙམ་ལ་དམིགས་ནས་ཕྱག་འཚལ་ན་ལྟ་ཅི་སྨོས་ཞེས་སློབ་དཔོན་ཡེ་ཤེས་སྡེས་བཤད་པར་གསུངས་སོ། །ཡང་སྒོ་གསུམ་སོ་སོའི་ཕྱག་འཚལ་སྐབས་དམིགས་རྣམ་ནི། སློབ་དཔོན་ཡེ་ཤེས་སྡེས་འདི་ལྟར་གསུངས་ཏེ། ལུས་ཀྱི་ཕྱག་ནི། རྒྱལ་བ་ཕྱོགས་དང་དུས་ཀྱིས་བསྡུས་པ་ཐམས་ཅད་ཡིད་ཀྱི་ཡུལ་དུ་མངོན་སུམ་པ་ལྟར་དམིགས་ལ་རང་གི་ལུས་ཞིང་རྣམས་ཀྱི་རྡུལ་ཕྲ་རབ་དང་གྲངས་མཉམ་པར་སྤྲུལ་ལ་ཕྱག་བྱའོ། །དེ་ཡང་ཡུལ་རྣམས་ཀྱིས་བཟང་བོ་སྤྱོད་པ་ལ་རབ་ཏུ་དད་པའི་སྟོབས་བསྐྱེད་དེ་དེས་ཀུན་ནས་བསླངས་ཏེའོ། །ལུས་གཅིག་གིས་ཕྱག་བྱས་པའང་བསོད་ནམས་ཆེ་ན་ལུས་དེ་ཙམ་གྱིས་ཕྱག་བྱས་པ་ནི་བསོད་ནམས་ཤིན་ཏུ་ཆེའོ། །ཡིད་ཀྱི་ཕྱག་ནི། རྡུལ་ཕྲ་རབ་རེ་རེའི་སྟེང་ནའང་རྡུལ་ཐམས་ཅད་ཀྱི་གྲངས་དང་མཉམ་པའི་སངས་རྒྱས་འཁོར་བྱང་སེམས་ཀྱིས་བསྐོར་བའི་དབུས་ན་བཞུགས་པ་ལ་དེ་དག་གི་ཡོན་ཏན་རྗེས་སུ་དྲན་པའི་མོས་པ་བསྐྱེད་པའོ། །ངག་གི་ཕྱག་ནི། ཡུལ་རྣམས་ཀྱི་ཡོན་ཏན་བསྔགས་པ་ཟད་མི་ཤེས་པ་རྣམས་ལུས་རེ་རེ་ལ་མགོ་བོ་དཔག་ཏུ་མེད་པ་དང་། མགོ་བོ་རེ་རེ་ལ་ལྕེ་དཔག་ཏུ་མེད་པར་གསུངས་པ་ལྟར་བྱས་ནས་སྙན་པའི་དབྱངས་ཀྱིས་བརྗོད་པའོ། །

༣ ཕྱག་གི་མཚོན་དོན། འདིར་ས་པཎ་གྱིས་ཕྱག་གི་མཚོན་དོན་དང་སྦྱར་ཏེ་ཕན་ཡོན་ཞིག་གསུངས་པ། གོ་བདེ་ཞིང་ཕན་སླེབས་ཆེ་བས་ཚེགས་སུ་མ་ལྟོས་པར། འདིར་ཆ་ཚང་དྲངས་ན། ན་མོ་གུ་རུ་བྷྱཿ ན་མོ་བུད་དྷ་ཡ། ན་མོ་དྷ་ཪྨ་ཡ། ན་མཿསང་གྷ་ཡ། བདག་གིས་མཆོག་གསུམ་དམ་པར་ཕྱག་འཚལ་ནས། །བདག་ཅག་འགྲོ་ཀུན་སྡིག་སྒྲིབ་འདག་པར་ཤོག། ལག་གཉིས་མཉམ་པར་ཐལ་མོ་སྦྱར་བ་ཡིས། །ཐབས་དང་ཤེས་རབ་ཟུང་འཇུག་འཐོབ་པར་ཤོག། ཐལ་མོ་སྤྱི་བོའི་གཙུག་ཏུ་སྦྱར་བ་ཡིས། །ཞིང་མཆོག་བདེ་བ་ཅན་དུ་སྐྱེ་བར་ཤོག། ཐལ་མོ་སྨིན་མཚམས་དཔྲལ་བར་སྦྱར་བ་ཡིས། །ལུས་ཀྱི་སྡིག་སྒྲིབ་ཐམས་ཅད་འདག་པར་ཤོག། ཐལ་མོ་མགྲིན་པའི་ཐད་དུ་སྦྱར་བ་ཡིས། །ངག་གི་སྡིག་སྒྲིབ་ཐམས་ཅད་འདག་པར་ཤོག། ཐལ་མོ་སྙིང་གི་ཐད་དུ་སྦྱར་བ་ཡིས། །ཡིད་ཀྱི་སྡིག་སྒྲིབ་ཐམས་ཅད་འདག་པར་ཤོག །ཐལ་མོ་སྦྱར་བ་སོ་སོར་ཕྱེས་པ་ཡིས། །གཟུགས་སྐུ་གཉིས་ཀྱིས་འགྲོ་དོན་བྱེད་པར་ཤོག །རྐང་གཉིས་པུས་མོ་ས་ལ་བཙུགས་པ་ཡིས། །འཁོར་བ་ངན་སོང་གནས་ལས་ཐར་བར་ཤོག །ལག་གཉིས་སོར་བཅུ་ས་ལ་བཙུགས་པ་ཡིས། །ས་བཅུ་ལམ་ལྔ་རིམ་གྱིས་བགྲོད་པར་ཤོག །མགོ་བོའི་དཔྲལ་བ་ས་ལ་བཙུགས་པ་ཡིས། །བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་འཐོབ་ཤོག །ཡན་ལག་བཞི་བོ་བརྐྱངས་བསྐུམས་བྱས་པ་ཡིས། །འཕྲིན་ལས་རྣམ་བཞི་ལྷུན་གྱིས་འགྲུབ་པར་ཤོག །རྩ་རྒྱུས་ཐམས་ཅད་བརྐྱངས་བསྐུམས་བྱས་པ་ཡིས། །རྩ་མདུད་ཐམས་ཅད་མ་ལུས་དགྲོལ་བར་ཤོག །སྒལ་ཚིགས་དབུ་མ་དགྱེ་སྒུར་བྱས་པ་ཡིས། །རླུང་རྣམས་མ་ལུས་དབུ་མར་ཚུད་པར་ཤོག །ས་ལ་ཐུག་ནས་ཡར་ལ་ལྡང་བ་ཡིས། །འཁོར་བར་མི་གནས་ཐར་ལམ་བགྲོད་པར་ཤོག། བདག་གིས་བརྐྱངས་ཕྱག་ཕུལ་བའི་དགེ་བའི་མཐུས། །གནས་སྐབས་ཚེ་རིང་ནད་མེད་ཕུན་སུམ་ཚོགས། །འཆི་ཚེ་བདེ་བ་ཅན་དུ་སྐྱེས་ནས་ཀྱང་། །རྫོགས་པའི་སངས་རྒྱས་གོ་འཕང་འཐོབ་པར་ཤོག། དགེ་འདིས་དུས་གསུམ་ཕྱོགས་བཅུའི་སངས་རྒྱས་དང་། །བློ་ཆེན་རྒྱལ་སྲས་སེམས་དཔའ་ཐམས་ཅད་ཀྱིས། །མཛད་པ་སྨོན་ལམ་རླབས་ཆེན་ཇི་སྙེད་པ། །མཐའ་དག་བདག་ཉིད་གཅིག་པུས་འགྲུབ་གྱུར་ཅིག །ཅེས་སོ། །

༤ ཕྱག་འཚལ་ལུགས་ནོར་བའི་ཉེས་པ། ཉེས་དམིགས་ཇི་ལྟར་ཡོད་ཚུལ་ནི། ལུས་ས་ལ་ཕབ་པ་དང་ལྡང་བའི་སྐབས། མཛུབ་མོ་བསྐུམས་ན། དུད་འགྲོ་རྨིག་རྡུམ་དང་། ལུས་ས་ལ་ཕབ་ནས་ཧ་ཅང་འགྱངས་ཆེ་བས། ལྟོ་འཕྱེ་དང་སྦྲུལ་གྱི་རིགས་སུ་སྐྱེས་པ་དང་། ཕྱག་སྔ་ཕྱིའི་བར་ལུས་སྒུར་ཙམ་སྒུར་ཙམ་བྱས་པས། དུད་འགྲོ་ལྟ་བུ་སྒུར་བོ་དང་། དཔྲལ་བ་ས་ལ་མ་གཏུགས་པས། དམྱལ་བ་མགོ་འཕྱང་དང་། ཡང་ན་དམྱལ་བ་སྤྱིའུ་ཚུགས་སུ་སྐྱེས། ལག་པ་གཡུགས་པ་དང་། རྒྱབ་མདུན་བསྣོལ་བ་སོགས་ཀྱིས། དམྱལ་བར་སྐྱེས་པ་དང་། ཐར་ན་ཡང་ཉེས་པ་མེད་པར་གྱོད་ལ་སྦྱོར་བ་སོགས་འགྱུར་བས། ཕྱག་འཚལ་ལུགས་ལ་གཟབ་དགོས་པ་ཡིན་ནོ། །

༥ ཕྱག་འཚལ་བའི་ཕན་ཡོན། འཕགས་པ་ཐམས་ཅད་ཡོད་པར་སྨྲ་བའི་གཞུང་ལས། དགེ་སློང་དག དགེ་སློང་གིས་འདི་ལྟར། སྐྲ་དང་སེན་མོའི་མཆོད་རྟེན་ལ་ཡན་ལག་ཐམས་ཅད་ཀྱིས་ཕྱག་འཚལ་ཏེ། སེམས་དང་བར་བྱེད་པ་ལ་ལྟོས། བཙུན་པ་དེ་ལྟར་ལགས་སོ། །དགེ་སློང་དག་འདིས་ས་ཇི་ཙམ་མནོན་པའི་འོག་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ན་གསེར་གྱི་འཁོར་ལོ་རྣམས་ལ་ཐུག་པའི་བར་ན། བྱེ་མ་ཇི་སྙེད་ཡོད་པ་དེ་སྙེད་དུ་དགེ་སློང་འདིས་འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་སྟོང་འགྱུར་དུ་ལོངས་སྤྱོད་པར་འགྱུར་རོ། །ཞེས་དང་། མདོ་ལས་ཀྱང་། བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏོར་མི་མངོན་པ་ནི། བླ་མར་བྱ་བའི་སྐྱེ་བོ་ལ་གུས་པར་བཏུད་དེ་ཕྱག་འཚལ་བ་ལས་བྱུང་ངོ་། །ཞེས་དང་། དཀོན་མཆོག་ཏ་ལ་ལ་ལས། རྒྱལ་བ་རྣམས་དང་རྒྱལ་བའི་མཆོད་རྟེན་ལ། །ལུས་གཏུགས་ནས་ནི་ལུས་ནི་སྦྱང་བ་འཐོབ། །སེམས་ཅན་སྦྱོང་བའི་འོད་ཟེར་རབ་གཏོང་ཞིང་། །མྱོས་པ་ཐམས་ཅད་སེམས་དང་ལྡན་པར་འགྱུར། །ཞེས་དང་། དམ་ཆོས་པད་དཀར་ལས་ཀྱང་། མཆོད་རྟེན་དེ་ལ་གང་གིས་ཐལ་མོ་སྦྱར། །ཡོངས་སུ་ཚང་བའམ་ཐལ་མོ་ཡ་གཅིག་གམ། །ཡང་ན་མགོ་བོ་སྐད་ཅིག་བཏུད་པ་དང་། །གང་གི་རིང་བསྲེལ་གནས་པ་དེ་དག་ལ། །གཡེང་བའི་སེམས་ཀྱིས་ཕྱག་འཚལ་སངས་རྒྱས་ཞེས། །ཚིག་གཅིག་ལན་འགའ་བརྗོད་པར་བྱས་པ་ཡང་། །དེ་དག་ཀུན་གྱིས་བྱང་ཆུབ་མཆོག་འདི་འཐོབ། །ཞེས་སོགས་སྤྱན་རས་གཟིགས་ཀྱི་མདོ། སྨན་མདོ་བརྒྱད་བརྒྱ་བ་སོགས་ལས་ཀྱང་མང་དུ་གསུངས་སོ། །

སཙྪ་འདེབས་སྲོལ།

༡ སཙྪ་འདེབས་སྲོལ་གྱི་ཁུངས། རང་ཅག་བོད་འདིར་ཆོས་ལུགས་ཀྱི་སྒྲུབ་སྟངས་འདྲ་མིན་དར་བ་ལས། སཙྪ་འདེབས་སྟངས་འདི་ཡང་། དེའི་གྲས་ཀྱི་ཆོས་སྲོལ་ཅིག་ཡིན། སཙྪའི་སྐད་དོད་ལ་བོད་སྐད་དུ་འདྲ་གཟུགས་ཟེར། དེའི་ཁུངས་ནི་ཤེས་པ་ཐམས་ཅད་མཐར་ཕྱིན་པར་གྲུབ་པའི་མཆོད་རྟེན་གྱི་གཟུངས་ལས། འབྱུང་བ་ཆེན་པོ་གང་ལ་མཆོད་རྟེན་བཏབ་ཀྱང་། བསྐལ་བ་དཔག་ཏུ་མེད་པ་ཐམས་ཅད་ཀྱི་སྒྲིབ་པའི་དྲི་མ་དག་ནས། ཁྱིམ་བདག་གི་རིགས་སཱ་ལ་ཆེན་པོ་ལྟ་བུར་སྐྱེས་ཏེ། ཕྱིར་མི་ལྡོག་པའི་ས་འཐོབ་པར་འགྱུར་རོ། །ཞེས་དང་། ལས་ཐམས་ཅད་པའི་རྒྱུད་དང་སྒྱུ་འཕྲུལ་དྲྭ་བའི་དགོངས་པ་བཞིན་རོང་ཟོམ་ཆོས་བཟང་གིས་གསུངས་བར་གཞི་བྱས་ཏེ་འཇུ་མི་ཕམ་པས་ཀྱང་གསུངས་ཡོད་པ་དང་། དཔུང་བཟང་གིས་ཞུས་པའི་རྒྱུད་ལས། བདེ་གཤེགས་མཆོད་རྟེན་རྟེན་འབྲེལ་སྙིང་བོ་ཅན། །སྡིག་པ་དག་ཕྱིར་རྟག་ཏུ་གདབ་པར་བྱ། །ཞེས་དང་། གུང་ཐང་བསྟན་པའི་སྒྲོན་མེས། བསོད་ནམས་འབྲས་བུ་གཟུགས་སུ་ཤར་བ་བདེ་བར་གཤེགས་པའི་མཆོད་རྟེན་བརྒྱད། །བསོད་ནམས་ཞིང་སར་གཅིག་ཏུ་སྡུད་པའི་རྨད་བྱུང་ཐབས་མཁས་བླ་ན་མེད། །ཅེས་དང་། བསྒྲུབ་པར་སླ་ཞིང་ཤིན་ཏུ་དོན་ཆེ་བ། །སྔོན་རབས་དམ་པ་མང་བོའི་ཐུགས་དམ་མཐིལ། །སཙྪའི་གདམས་པ། ཞེས་པ་ལྟར། སཙྪ་ནི་ཚ་རྐོང་ལས་བྱུང་བའི་མཆོད་རྟེན་ཆུང་ངུའི་རིགས་ཏེ། འདི་ཐུགས་རྟེན་གྱི་ཁུངས་སུ་གཏོགས་མོད་ཀྱང་། མི་འཁྲུགས་པ་དང་། སྨན་བླ་སོགས་དང་། ལྟུང་བཤགས་ཀྱི་ལྷ་སོ་ལྔ། མདོ་སྡེ་བསྐལ་བཟང་ལས་བྱུང་བའི་སངས་རྒྱས་སྟོང་སོགས་ཀྱི་སྣང་བརྙན་གྱི་སཙྪ་ནི་སྐུ་རྟེན་དང་། ད་ལྟ་གཟུངས་སྔགས་སོགས་ཀྱི་ཚ་རྐོང་མ་བྱུང་ཡང་། དེ་ཡང་བྱུང་ན་ཤིན་ཏུ་ལེགས་པར་སྙམ་ལ། ཕྱིས་སུ་དེ་དག་བྱུང་ན་གསུང་གི་རྟེན་གྱི་ཁུངས་སུ་གཏོགས་སོ། །

ཡང་ར་ག་ཨ་སེའི་སཙྪའི་ཕན་ཡོན་རིན་ཆེན་ཕུང་བོ་ལས་སཙྪ་ནི་ཆོས་ལོངས་སྤྲུལ་གསུམ་གྱི་སྐུ་ལས་ཆོས་སྐུའི་རྟེན་དང་། ཆོས་སྐུའི་རྟེན་དེ་ཡང་ལྷུང་བཟེད་ཁ་སྦུབ་པ་དང་། ཁང་བུ་ལྟར་དང་། རྒྱལ་མཚན་ལྟར་བརྩེགས་པ་གསུམ་ལས། སཙྪ་ནི་རྒྱལ་མཚན་ལྟར་གྲགས་པ་དེ་ཡིན་པར་བཤད་ཡོད་ལ། དེ་ལའང་བདེ་གཤེགས་མཆོད་རྟེན་བརྒྱད་ཚང་བར་གསུངས་ཏེ། པདྨའི་འདབ་མ་ཅན་ནི་པདྨ་ཅན་ཏེ་སྐུ་བལྟམས་པའི་མཆོད་རྟེན། བང་རིམ་བཞི་པ་ནི་རྡོ་རྗེ་གདན་དུ་བྱང་ཆུབ་པའི་མཆོད་རྟེན། བཀྲ་ཤིས་སྒོ་མང་གི་མཆོད་རྟེན་ནི་ཆོས་ཀྱི་འཁོར་ལོ་བསྐོར་བའི་མཆོད་རྟེན། ཕྱོགས་བཞིར་འབུར་ཡོད་པ་ནི་ཆོ་འཕྲུལ་ཆེན་པོ་བསྟན་ནས་མུ་སྟེགས་ཕམ་བྱེད་མཆོད་རྟེན། སྐས་ཡོད་པ་ནི་ལྷ་བབས་མཆོད་རྟེན། བང་རིམ་བཞིའི་ཟུར་བཅད་པ་ནི་དགེ་འདུན་དབྱེན་ཟླུམ་མཆོད་རྟེན། བང་རིམ་གསུམ་པོ་ཟླུམ་པ་ནི་སྐུ་ཚེ་བྱིན་གྱིས་བརླབས་པའི་མཆོད་རྟེན། མགུལ་ཆུ་མན་ཆད་བཞུགས་པ་ནི་མྱ་ངན་ལས་འདས་པའི་མཆོད་རྟེན་ཞེས་གསུངས་ནི་ཞིབ་ཆ་བཏོད་པ་ཙམ་ལས། སཙྪའི་སྐད་དོད་དུ་འདྲ་གཟུགས་སུ་གསུངས་པས་ན་མཆོད་རྟེན་དང་སྐུ་གཟུགས་གང་ཡིན་ཀྱི་འདྲ་ལ་གོ་དགོས་པར་སྙམ་མོ། །

གཡུང་དྲུང་བོན་གྱི་ལུགས་ལའང་གཟན་དཔར་ཆེ་ཆུང་སྣ་ཚོགས་ཡོད་ཅིང་། དེ་དག་གི་སྟེང་དུ་མཆོད་ལྷ་བརྒྱད་དང་། འདོད་ཡོན་ལྔ། སེང་གླང་རྟ་འབྲུག་ཁྱུང་། བཀྲ་ཤིས་རྟགས་བརྒྱད་དང་རྫས་བརྒྱད། གོ་ཁྲབ་མཚོན་གསུམ་སོགས་ཀྱི་རི་མོ་རྣམས་ཤིང་སྟེང་དུ་འབུར་བརྐོས་བྱས་པ་དེ་རྣམས་ཆོ་ག་དང་བསྟུན་ཏེ་དཔར་བརྒྱབ་ནས་བེད་སྤྱོད་གཏོང་སྲོལ་ཡོད་དོ། །གཟན་དཔར་དེ་དག་ནི་འདྲ་གཟུགས་ཞེས་མིང་བཏགས་ཆོག་ཀྱང་། མཆོད་རྟེན་གྱི་སཙྪའི་མིང་མི་ཐོགས་སོ། །

༢ སཙྪ་རྐོས་ཕོར་བོད་ལ་དར་བའི་དུས་རིམ། སཙྪ་བོད་དུ་དར་བའི་དུས་རིམ་ནི། བོད་ཀྱི་རྒྱལ་རབས་ཉེར་བདུན་པ་ལྷ་ཐོ་ཐོ་རི་སྙན་ཤལ་གྱི་དུས་སུ། པཎྜི་ཏ་བློ་སེམས་འཚོ་དང་། ལོ་ཙཱ་བ་ལི་ཐེ་སེ་ཟུང་གིས་མདོ་སྡེ་ཟ་མ་ཏོག་སོགས་རྒྱལ་བོར་ཕུལ་ཏེ། དམ་པ་ཆོས་ཀྱི་དབུ་བརྙེས་སྐབས། རིན་པོ་ཆེའི་བརྐོས་ཕོར་དྲུག་ཡོད་པར་གསུངས་པས་ན། དེ་དུས་ནས་དབུ་ཚུགས་པ་ཡིན་ཞེས་བཤད་ན་འགལ་བ་མེད་པར་སེམས། བསྟན་པ་ཕྱི་དར་གྱི་དུས་སུ། སྨྲི་ཏིའི་སྐྱེད་ཡུམ་གཙང་རྟ་ནག་གི་དུད་ཁྱིམ་ཞིག་གི་ཐབ་རྩར་འབུ་སྲིན་ཞིག་གི་སྐྱེས་པ་བླངས་ཡོད་པ་ཤེས་པས། ཁོང་གིས་ཚ་རྐོང་བསྣམས་ཏེ། ཁྱིམ་ཚང་དེའི་ཐབ་ས་བླངས་ནས་སཙྪ་བཏབ་པའི་ལོ་རྒྱུས་ཡོད་པ་དང་། གཞན་ཡང་། ཇོ་བོ་རྗེ་དང་མི་ལ། འཇམ་མགོན་རྒྱལ་བ་བློ་བཟང་གྲགས་པའི་དཔལ་སོགས་ཀྱིས་སཙྪ་བཏབ་པ་སོ་སོའི་རྣམ་ཐར་ན་གསལ་བ་ལྟར། དམ་པ་དེ་ཚོའི་ཕྱག་ལེན་རིམ་བརྒྱུད་ཀྱིས་སཙྪ་བཏབ་སྟེ་ད་ལྟ་ཡང་རང་ཅག་གིས་ལག་ལེན་དུ་འདེབས་པ་འདིའོ། །

༣ སཙྪའི་མཚོན་དོན་དང་རྒྱུ། སཙྪའི་མཚོན་དོན་ནི། ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་རྒྱུད་ལས། དེ་ནས་ཚོགས་ཆེན་བསག་པའི་ཕྱིར། །སཙྪའི་རིམ་པ་བཤད་པར་བྱ། །ས་བཟང་རིན་ཆེན་བརྡར་བ་ལ། །ཡིག་འབྲུ་བཟླ་ཞིང་འབི་འབི་བྱ། །རང་ཉིད་ཡི་དམ་ལྷར་གསལ་བས། །སྐུ་པར་སྟོང་བ་ཆོས་སྐུ་ལ། །འབི་འབི་ལོངས་སྤྱོད་རྫོགས་པའི་སྐུ། །སཙྪ་སྤྲུལ་སྐུ་འགྲོ་བའི་དོན། །ཐུགས་རྗེ་ཆེན་པོར་ལམ་ལམ་བྱོན། །ཞེས་སོ། །

སཙྪའི་རྒྱུ་ལ་ས་ཆུ་གཉིས་ཏེ། ཇོ་བོ་རྗེས་མཛད་པའི་ཚ་དགུ་མ་ལས། ས་ཆུ་སྲོག་ཆགས་མེད་པ་ལ། །ཞེས་དང་། འདུལ་བའི་མདོར། སྐྱེས་པ་ཕྲ་མོའི་གནས་དང་ལྡན་པ་སྤོངས་དགོས་པར་གསུངས་པས། འབུ་སྲིན་ཕྲ་མོ་ཡོད་མེད་ལ་བརྟགས་ཏེ་སྲོག་ཆགས་མེད་པའི་གཞི་ལས་བླངས་པའམ། ཡང་ན་སྲོག་ཆགས་ཕྲ་མོ་རྣམས་ས་ཚགས་དང་ཆུ་ཚགས་ཀྱིས་བསལ་དགོས་པ་དང་། ས་ཆུ་དེ་མཆོད་རྟེན་གྱི་རྒྱུ་ཆ་ཡིན་སྟབས་ལམ་འོག་དང་། གད་སྙིགས་འདོར་ཡུལ་སོགས་ནས་བླངས་པ་མ་ཡིན་པར་ས་ཆུ་གཙང་ས་ནས་ལེན་དགོས། སའི་རྒྱུ་རབ་ནི་ས་དམར་གྱི་རིགས་འབྱར་བག་ཅན་ཡིན་མོད། མ་འབྱོར་ན་སྤྱིར་བཏང་གི་ས་ཡིན་ཡང་ཆོག དེ་ཡང་རྩྭ་སྔོན་མི་སྐྱེས་པའི་སའམ། ཡང་སའི་ཁ་ཤུན་བཀོག་ནས། བྱེ་མ་སོགས་མི་འདྲེས་པའི་ས་གཙང་ལེན་དགོས།

༤ སཙྪ་ལག་ལེན་ལ་འདེབས་སྟངས། སཙྪ་འདེབས་པའི་རིམ་པ་ལ། ཐོག་མར་ས་སྦྱིན་པོ་ཡོད་ཅིང་གདོན་དྲག་པོ་མེད་པའི་སར། ས་ཆོག་རྒྱས་པར་བྱས་ནས་བསླངས་ན་རབ། འབྲིང་ཡིན་ན་ས་བདག་ལ་གཏོར་མ་བཏང་ནས་སློང་། མ་མཐའ་འང་ཁྱིམ་ནས་གནས་དེའི་ས་བདག་ལ་གཏོར་མ་བཏང་ནས་སློང་ངོ་། །དེ་མ་བྱུང་ན་སའི་ལྷ་མོ་བརྟན་མ་དང་ལྟོ་འཕྱེ། ཡང་ན། ས་བདག་བྱེ་བྲག་པ་རེ་ཡོད་པས། མ་བྱིན་ལེན་གྱི་ཉེས་པ་འབྱུང་བར་གསུངས་སོ། །ས་རྐོ་བའི་དུས་ནི། ར་ག་ཨ་སེའི་སཙྪ་སྤྱི་འགྲོས་ཕྱག་ལེན་ལས། དེ་ནས་སྐག་ལེ་ཐོགས་ཏེ་ས་རྐོ་བ། །དཔྱིད་ཟླ་གསུམ་ལ་བྱང་དུ་ཁ་གྱུ﹙འཇོར་གྱི་ཁ་འཁོར་ཕྱོགས﹚རྐོ། །དབྱར་ཟླ་གསུམ་ལ་ཤར་དུ་ཁ་གྱུ་རྐོ། །སྟོན་ཟླ་གསུམ་ལ་ལྷོ་རུ་ཁ་གྱུ་རྐོ། །དགུན་ཟླ་གསུམ་ལ་ནུབ་ཏུ་ཁ་གྱུ་རྐོ། །དེ་ལྟར་ལྟོ་འཕྱེ་མ་བརྩིས་ཉེས་སྐྱོན་འབྱུང་། །ཚེས་པ་བཅུ་གཉིས་ནམ་ཡང་ས་མི་རྐོ། །གྲུ་རེ་བརྐོས་ན་མི་རེ་འཆི་བར་བཤད། །དེ་ནི་ས་བདག་ཐེ་སེ་སྤྲེལ་ཁོག་ཟེར། །ཞེས་གསུངས་ལ། དེ་ལྟར་ཁ་གྱུ་ཕྱོགས་མ་ནོར་བར་བརྐོས་ན། ལྟོ་འཕྱེའི་ལྟོ་ཚིལ་ལོན་པར་མ་ཟད། ས་དེ་རིན་ཆེན་སྣ་ལྔའི་གཏེར་ཁ་སྟེ་ས་གཡང་དངོས་གྲུབ་འཐོབ་པར་བཤད་དོ། །ས་སློང་གི་ཚིག་ཀྱང་། ས་བདག་ལྟོ་འཕྱེ་ཆེན་པོ་དང་། །ས་ཡི་ལྷ་མོ་བརྟན་མ་དང་། །སྲས་པོ་ས་འཛིན་ལག་པ་ཆེ། །ཡུལ་རིས་འདི་ལ་གནས་པ་དང་། །ཁྱད་པར་ས་སྦྱིན་ལེན་པ་དང་། །གནས་པའི་ས་བདག་ཐམས་ཅད་ཀུན། །བདུད་རྩི་གཏོར་མ་འདི་བཞེས་ལ། །བདེ་གཤེགས་མཆོད་རྟེན་བཞེངས་པའི་ཕྱིར། །ས་འདི་བདག་ལ་གནང་བར་མཛོད། །ཅེས་དང་། སཙྪའི་ཆོ་ག་བསོད་ནམས་རི་བོ་ལས། བདག་གིས་མཆོད་རྟེན་མང་བཞེངས་པའི། །དགེ་བའི་ཆ་ཤས་ཁྱེད་ལ་བྱིན། །དེ་ཕྱིར་དགེ་ཞིང་བྱང་སེམས་ཀྱིས། །ས་འདི་བཀྲ་ཤིས་མཛད་དུ་གསོལ། །བརྗོད་པས་བརྟན་མ་ལ་སོགས་དགྱེས། །ས་འདི་གནང་བས་འགྲོ་དོན་སྤྱོད། །གསུངས་ནས་བརྟན་མ་ས་ལ་ཐིམ། །ས་བདག་གཞན་རྣམས་བྱེར་བར་གྱུར། །ཞེས་པ་བརྗོད་དེ་ས་དེ་ས་བདག་གིས་བྱིན་གྱིས་བརླབས་པའི་དངོས་གྲུབ་ཆེན་པོར་སྒོམ་ལ་ཁྱིམ་དུ་འཁྱེར་ཏེ་རིན་ཆེན་བརྡར་ཞིང་སྤོས་ཆུས་བྲན་པར་བྱ། དེ་ནས་འབྲུ་གཙང་མ་ལ་རྟེན་འབྲེལ་སྙིང་བོ་དང་གཟུངས་སྔགས་བཟླས་པའི་གཟུངས་གཞུག་སོགས་སྟ་གོན་བྱ། གཙང་སྦྲ་དང་ལྡན་པའི་ངང་ནས་མི་འཁྲུགས་པའི་གཟུངས་དང་། ངན་སོང་སྦྱོང་རྒྱུད་ཀྱི་གཟུངས་བསྔོ་སྨོན་རྣམ་དག་སོགས་སྔོན་དུ་བཏང་ནས། སཙྪ་འདེབས་པའི་སྔགས་འདི་རྣམས་སོ་སོར་བརྗོད་དགོས་ཏེ། འཇིམ་པ་བླངས་པའི་སྔགས། ཨོཾ་ན་མཿས་མནྟ་བུདྡྷ་ནན་ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། བཟླས་ཏེ། འཇིམ་གཙང་བླངས་ནས། ཚེ་འདས་ཡིན་ན་སྐྲ་དང་། རུས་པ་ཕྱེ་མར་བཏང་སྟེ་འཇིམ་པར་བསྲེས་དགོས་སོ། །དེ་ཡང་སཙྪའི་ཆོ་ག་བསོད་ནམས་རི་བོ་ལས། སྡིག་ཅན་མིན་ཞིང་ཉེ་དུ་མིན་པས་ནི། །རུས་པ་ཞིབ་པར་བརྡུང་ལ་ཆུ་ལ་སྦྱང་། །སེ་གཅིག་མེད་ཅིང་ཆུ་མདོག་འགྱུར་ཙམ་བྱ། །དེ་ཡི་ས་ཡིས་སྦྲུ་བར་བྱ་བ་སྟེ། །གསོན་པོའི་སོ་དང་སྐྲ་སེན་དེ་དང་མཚུངས། །གསུངས་སོ། །འབི་འབི་བྱ་བའི་སྔགས། ཨོཾ་བཛྲོ་དྡྷ་ཝྭཱ་ཡེ་སྭཱ་ཧཱ། སྣུམ་བྱུགས་པའི་སྔགས། ཨོཾ་ཨ་ར་ཛེ་བི་ར་ཛེ་སྭཱ་ཧཱ། སྐུ་སྤར་དུ་འཇུག་པའི་སྔགས། ཨོཾ་ངྷ་ཪྨཱ་དྷཱ་ཏུ་གརྦྷེསྭཱ་ཧཱ། གཟུངས་གཞུག་པའི་སྔགས། ཨོཾ་བཛྲ་དྷཱ་ཏུ་གརྦྷེ་སྭཱ་ཧཱ། བརྐོས་པོར་ལས་མ་བཏོན་གོང་དུ་འབྲུའི་གཟུངས་གཞུག་ན་སྟབས་བདེའོ། །ར་ག་ཨ་སེས་སྡིག་སྒྲིབ་དག་པར་ཨོ་ཨཿཧཱུཾ་དང་། ཡིག་བརྒྱ། རྟེན་འབྲེལ་སྙིང་བོའི་སྔགས་ནང་གཞུག་བྱེད་པར་ཡང་གསུངས་སོ། །འཇིམ་པ་བཅད་པའི་སྔགས། ཨོཾ་བྷ་ཡུ་ཏེ་སྭཱ་ཧཱ། བརྡུང་བའི་སྔགས། ཨོཾ་བཛྲ་མུངྒ་ར་ཨཱ་ཀོ་ཊྚ་ཡ་ཨཱ་ཀོ་ཊྚ་ཡ་ཧཱུཾ། བརྐོས་ཕོར་ལས་བཏོན་ཏེ་ཉི་མ་བསྐམ་པའམ། རབ་ཡིན་ན་སོར་བཏང་ན་ལེགས་པར་གསུངས་སོ། །རྟེན་འབྲེལ་སྙིང་བོའི་གཟུངས་སྔགས་ནི། ཡེ་དྷ་རྨ་སོགས་དང་། ས་དཀར་གསོལ་བའི་སྔགས་ནི། ཨོཾ་བཛྲ་ཨ་ར་ཛེ་བི་ར་ཛེ་སྭཱ་ཧཱ། མཐར་རབ་གནས་རྒྱས་བསྡུས་གང་རུང་བྱས་ཏེ། བསྔོ་སྨོན་སོགས་ཀྱིས་རྒྱས་འདེབས་པར་བྱའོ། །

ཡང་ན། སཙྪ་གདབ་སྐབས། ཚེ་འདས་ཀྱི་དོན་དུ་ཡིན་ན་རྩ་རིག་དང་ཀམ་ཀ་ནིའམ་མ་ཎི་བཟླ་ལ། སྒྲིབ་པ་དག་པར་འདོད་ན་ཡིག་བརྒྱ་དང་། ཚེ་རིང་བ་ལ་ཚེ་གཟུངས། ནད་ཞི་བ་ལ་སྨན་བླའི་སྔགས། སྲི་བཟློག་ལ་སོ་འབྲང་མ། ལོངས་སྤྱོད་རྒྱས་པར་ཛམ་ལྷའི་སྔགས་སོགས་བཟླའོ། །ཡང་དགེ་སློང་མ་དཔལ་མོའི་ལུགས་ཀྱི་ཐུགས་རྗེ་ཆེན་པོ་དམར་ཁྲིད་ལས། ས་བརྐོ་བ། ས་བྱིན་གྱིས་བརླབས་པ། འབི་འབིའི་སྔགས། འདེབས་པའི་སྔགས། ཕྱུང་བའི་སྔགས། བཞུགས་གསོལ་སྔགས། ཡེ་ཤེས་པ་བསྟིམ་སྔགས། རབ་གནས་སྔགས་སོགས་མ་ཎི་བཏོན་པའི་ཆོག་པར་གསུངས་པ་ནི། ཐུགས་རྗེ་ཆེན་པོ་ཡང་སྙིང་བསྡུས་པ་དང་། ཐུགས་རྗེ་ཆེན་པོ་གསང་འདུས་རྒྱུད་གཞུང་ལས། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱྀཿབཟླ་ཞིང་བཏབ་པས་ཆོག སྔགས་གཞན་མི་དགོས་པར་གསུངས་པའི་དགོངས་པའོ། །

མདོག་གི་ཁྱད་པར་ཡང་། སཙྪ་ཆོ་ག་བསོད་ནམས་རི་བོ་ལས། ཡིག་དྲུག་ནང་གཞུག་ཅན་རྣམས་སེར་བོ་བྱ། །མགོན་པོ་སྔགས་ཅན་ཉི་ཤུ་སྔོན་པོ་བྱ། །འབྲུ་གསུམ་ནང་གཞུག་ཅན་རྣམས་སེར་བོ་བྱ། །གཞན་པ་ཀུན་ལ་དཀར་རྩི་གསོལ་ན་ལེགས། །གསུངས་སོ། །

དེ་ལྟར་སཙྪ་གྲུབ་ཟིན་པ་དེ་ཇི་ལྟར་བྱ་ཞེ་ན། ར་ག་ཨ་སེའི་སཙྪ་སྤྱི་འགྲོས་ཕྱག་ལེན་ལས། ས་གཙང་སཙྪ་བཞི་མདོ་ཡི། །བསྐོར་བ་འཕེལ་བར་ཚ་ཁང་བྱ། །རུས་ཚ་བྲག་ཕུག་དབེན་པར་བཞུགས། །ཞེས་དང་། ལས་ཀྱི་སྒྲིབ་པ་རྣམས་སྦྱོང་བའི་གཟུངས་ལས། མཆོད་རྟེན་འབུམ་ལས་བྱས་ལ། གདུགས་དང་། རྒྱལ་མཚན་དང་། བ་དན་ལ་སོགས་པས་ལེགས་པར་མཆོད་ནས་རྒྱ་མཚོ་ཆེན་པོའམ། ཡང་ན། ཆུ་ཀླུང་དུ་བཤགས་ན། དེས་སེམས་ཅན་དམྱལ་བ་སོགས་ལས་ཐར་བར་འགྱུར་རོ། །ཞེས་དང་། བུ་སྟོན་རིན་པོ་ཆེས་ཀྱང་། གཤིན་པོ་རྗེས་འཛིན་གྱི་ཆེད་དུ་ཡང་སཙྪ་བྱས་རྗེས་ཆུ་ཀླུང་དུ་གཏོང་བའམ། ཡང་ན། ལམ་གྱི་བཞི་མདོར་མཆོད་རྟེན་བྱ་བ་གཉིས་སུ་གསུངས་པ་དང་།

ཡང་བསམ་དགོས་པ་ཞིག་ལ། པོ་ཏོ་བའི་གསུང་སྒྲོས་སུ། སཙྪ་ཆུ་ནང་དུ་བསྐྱུར་བའམ། ཡང་ན་ཆུ་འགྲམ་དུ་འཇོག་པ་ནི་མཆོད་རྟེན་འཇིག་པ་ཡིན་པས། ཉེ་བའི་མཚམས་མེད་དུ་འགྱུར་ཞེས་གསུངས་ཀྱང་། དེའི་དགོངས་པ་ནི། རང་གི་གནས་སོགས་སུ་འཇོག་མི་བདེ་བར་བསམ་ནས་ཆུ་ནང་དུ་བསྐྱུར་བ་སོགས་ལ་དགོངས་པ་ཡིན། ཞེས་གུང་ཐང་བསྟན་སྒྲོན་གྱིས་ཞིབ་ཆ་གཏོད་ཡོད་དོ། །

འོན་ཀྱང་། སྒྲིབ་པ་རྣམ་སྦྱོང་གི་གཟུངས་ལས། དེའི་མིང་བྲིས་པ་གཟུངས་སྔགས་བཟླས་བརྗོད་བྱེད་ཅིང་མཆོད་རྟེན་འབུམ་བྱས་པར་གདུགས་དང་། རྒྱལ་མཚན་དང་། བ་དན་ལ་སོགས་པས་ལེགས་པར་མཆོད་ནས་རྒྱ་མཚོ་ཆེན་པོའམ། ཡང་ན། ཆུ་ཀླུང་དུ་བཏང་ན། དེས་ནི་སེམས་ཅན་དམྱལ་བ་ལ་སོགས་པ་ལས་ཐར་བར་འགྱུར་རོ། །ཞེས་གསུངས་པ་ནི། ཚེ་འདས་ཀྱི་མིང་བྱང་བཅུག་པའམ་རུས་སྐྲ་སོགས་འདྲེས་ཏེ་མི་འཁྲུགས་པའི་རུས་ཆོག་བྱས་པ་ནི་ཆུར་གཤེགས་པར་བཤད་པ་ལས། སཙྪ་གཞན་རྣམས་ཆུར་དོར་མི་རུང་ཞེས་ཆོས་ཀྱི་དབང་ཕྱུག་དང་། དཀོན་མཆོག་འབངས། སྟག་ཚང་ལོ་ཙཱ་བ་སོགས་ཀྱིས་གསུངས་ལ། ར་ག་ཨ་སེས། སཙྪའི་ནང་མིང་བཅུག་པའམ། རུས་པ་སྐྲ་སོགས་འདྲེས་པ་ནི། བསྐོར་བ་མི་ཕོག་སར་བཞག་དགོས་ཀྱི། གལ་ཏེ་དེ་ལ་བསོད་ནམས་དང་ཡོན་ཏན་ཆེ་བས་བསྐོར་ན། ཚེ་འདས་ལ་གནོད་པ་འོད་སྲུང་རྫོགས་བྱེད་ཀྱི་གཏམ་རྒྱུད་དུ་སྦྱོར་ཀྱང། དེ་ནི་སེམས་དཔའ་སོགས་མ་ཡིན་པའི་ཕལ་བའི་རུས་སྐྲ་དང་། རུས་ཆོག་བྱེད་པ་པོ་ཐ་མལ་བ་ལ་དགོངས་པར་སྙམ་མོ། །སཙྪ་ཆུ་ཀླུང་དུ་གཤེགས་སྐབས། པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་གསུང་བཞིན་རྒྱལ་སྲས་ཀྱིས་མཛད་པའི་ཆུ་གཤེགས་ཀྱི་ཆོ་ག་ཡོད་དོ། །

དེ་ལས་གཞན་གནས་ཀྱི་ཁྱད་པར་ནི། སཙྪའི་ཆོ་ག་བསོད་ནམས་རི་བོ་ལས། གཤིན་པོའི་རུས་ཆོག་གསོན་པོའི་སྐྲ་ཚ་ནི། །བསྐོར་བ་མི་ཁྱག་བསོད་ནམས་ཉམས་འགྱུར་ཕྱིར། །གནས་བདག་གདུག་པ་ཅན་ནི་མི་གནས་ཤིང་། །ས་དཔལ་བཟང་ཞིང་ས་དགྲ་མེད་པའི་ས། །འོག་ཏུ་བརླན་མེད་ཆར་བ་ཁེབས་པ་ཡི། །བྲག་ཕུག་ས་ཕུག་སོགས་སུ་སྦས་བྱས་ཏེ། །གནས་བདག་དེ་ལ་དཀར་གཏོར་ཕུལ་བར་བྱ། །དགོན་པ་གྲོང་བ་རི་ཁྲོད་གང་རུང་གི ། ཤར་དུ་ཚ་ཁང་བྱས་ན་བཀྲ་མི་ཤིས། །ཤར་ལྷོ་མཚམས་སུ་བྱས་ན་ཟ་ཁ་འགགས། །ལྷོ་རུ་བྱས་ན་ནོར་དང་ལོངས་སྤྱོད་ཉམས། །ལྷོ་ནུབ་མཚམས་བྱས་བྱི་ཕག་ལོ་ལ་ངན། །ནུབ་ཏུ་བྱས་ན་ནད་ཉུང་རིམ་གྲོ་མཆོག །ནུབ་བྱང་མཚམས་སུ་བྱས་ན་སད་སེར་ཉུང་། །བྱང་དུ་བྱས་ན་དགྲ་དང་ཁ་མཆུ་ཉུང་། །བྱང་ཤར་མཚམས་བྱས་ཆུ་ཁམས་པ་ལ་ངན། །ལྟག་ཏུ་བྱས་ན་གཉའ་གནོན་མར་འགྲོ་ཆེ། །འོག་ཏུ་བྱས་ན་མལ་ས་ནོན་པ་ཡིན། །ཁྱིམ་གྱི་ནང་དུ་བླུགས་ཀྱང་ཕྱོགས་དེར་བརྩི། །ཁྱིམ་ནང་གང་དུ་ཚ་ཁང་བྱས་པ་ཡིས། །ས་རྒོད་གཉན་པོ་ཡིན་ཀྱང་ངེས་པར་ནོན། །སྐྲ་རྒན་གཡང་ཅན་རུས་ཚ་ཁྱིམ་བཞག་ན། །མི་གཡང་མི་ཉམས་བཀྲ་ཤིས་དགེ་བ་ཡིན། །འཆི་ལུགས་ངན་དང་གཞོན་ཤི་རུས་ཚ་ནི། །ཁྱིམ་དུ་མི་ཉལ་རི་ལ་བསྐྱལ་བ་ལེགས། །གསོན་པོའི་སྐྲ་སོའི་སཙྪ་ཁྱིམ་དུ་རུང་། །དེ་མིན་སཙྪ་གཙང་མ་ཚ་ཁང་གི། །གང་དུ་བྱ་སར་ས་འདེབས་རྒྱས་པར་བྱ། །དེ་མ་བྱས་ན་ལྷ་འདྲེའི་ཕོག་ཐུག་འོང་། །ཞེས་སོ། །

༥ སཙྪའི་དབྱེ་བ། ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་རྒྱུད་ལས། དེ་ནས་སཙྪ་རྣལ་འབྱོར་བཤད། །ས་ཆུ་མེ་རླུང་འབྱུང་བཞི་ལ། །ཡང་སྙིང་བཟླ་ཞིང་བརྐོས་ཕོར་གདབ། །ཅེས་དང་། དེའི་འགྲེལ་བ་སློབ་དཔོན་པདྨས་མཛད་པ་ལས། འབྱུང་བ་མེ་ཆུ་རླུང་གསུམ་ལ་བརྐོས་ཕོར་བསྟན་ཞིང་ཡང་སྙིང་བརྗོད་ཅིང་བཏབ་པས་འཕགས་པའི་སྐུ་ཝལ་ཝལ་བསམ་སྟེ། འཇིག་རྟེན་སྐྱོང་ཞིང་འགྲོ་དོན་མཛད་པར་བསམ་མོ། །ཞེས་དང་། ཤེས་པ་ཐམས་ཅད་མཐར་ཕྱིན་པར་གྲུབ་པའི་མཆོད་རྟེན་གྱི་གཟུངས་ལས་འབྱུང་བ་ཆེན་པོ་བཞི་ལ་མཆོད་རྟེན་གདབ་པར་གསུངས་པ་བཞིན། སར་གདབ་ཚུལ་ནི་སྔར་བཤད་ཟིན་པ་དང་། ཆུར་གདབ་སྐབས་ཆུ་རྒྱུན་དྭངས་གཙང་ལ་བརྐོས་ཕོར་ཡང་དང་ཡང་དུ་ཆུར་གདབ་པ་དང་། མེར་གདབ་ལ་དྲི་བཟང་གི་ཤིང་གི་མེ་ལྕེའི་སྟེང་དུ་གདབ་དགོས་པ་དང་། རླུང་ལ་ཡང་ཤར་ནས་ནུབ་ཏུ་རྒྱུ་བའི་རྫི་ཕྱོགས་སུ་གདབ་དགོས་པ་ཡིན། གཞན་ཡང་འབྱོར་ན་གསེར་དངུལ་དུ་གདབ་པའང་མཐོང་རྒྱུ་ཡོད།

ཡང་འཇུ་མི་ཕམ་གྱི་འཇམ་དཔལ་གྱི་སཙྪའི་ལས་ཚོགས་ལས་ས་ཆུ་མེ་རླུང་ནམ་མཁའ་ཆོས་ཉིད་ལ་གདབ་པ་དྲུག་གི་སྒོ་ནས་གདབ་པར་གསུངས་ཏེ། དེ་ཡང་། ཆོས་ཉིད་ལ་གདབ་པ་ནི། ཆོས་ཐམས་ཅད་སེམས་ཀྱི་སྣང་བ་ཙམ་ཡིན་ལ། སེམས་ནི་ངོ་བོ་ཉིད་ཀྱིས་སྟོང་བས་ཆོས་ཀྱི་དབྱིངས་ཡིན་ནོ། །ཆོས་དབྱིངས་དེའི་ངང་ལས་སྣང་བའི་ཆོས་ཐམས་ཅད་ཡེ་ཤེས་ཀྱི་རྣམ་པར་འཕྲུལ་བའི་ཆོས་ཀྱི་སྐུའི་མཆོད་རྟེན་དུ་མ་གྱུར་བ་གཅིག་ཀྱང་མེད་པར་བསམ་པས་གདབ་བོ། །ནམ་མཁའ་ལ་གདབ་པ་ནི། ནམ་མཁའ་ཐམས་ཅད་དུ་མཆོད་རྟེན་བཏབ་པར་བསྒོམས་ནས་རྐོས་ཕོར་ལག་ཏུ་ཐོགས་ཏེ། ལག་པའི་འདུ་བྱེད་ཀྱིས་བཏབ་པའི་ཚུལ་བྱའོ། །རླུང་འབྱུང་བ་ན་དེ་ལ་བཏབ་སྟེ་དེ་བཞིན་བསྒོམ། མེ་འབར་བ་ལ་བཏབ་པ་དང་། ཆུ་འགྲམ་དུ་ཆུ་ལ་བཏབ་སྟེ་ཆུ་ཡི་རྒྱུན་ཐམས་ཅད་མཆོད་རྟེན་ནམ་ཆུའི་རྡུལ་ཕྲན་རེ་རེ་མཆོད་རྟེན་དུ་གྱུར་བར་བསམ་པ་ནི་ཀུན་དང་འདྲའོ། །ཚུལ་འདི་ལ་དགོངས་ནས། ར་ག་ཨ་སེའི་སཙྪ་སྤྱི་འགྲོས་ཕྱག་ལེན་ལས། དེ་བཞིན་མེ་ཆུ་རླུང་ལ་ཡང་། །སྔགས་བཟླས་བརྐོས་ཕོར་གཡུག་པ་དང་། །དམིགས་པ་བསྒོམ་ན་ས་དང་འདྲ། །གསུངས་སོ། །

ས་ལ་ནི་རིན་པོ་ཆེའམ་གཞན་དངོས་བོ་གང་རུང་ལས་སྐུ་འམ་མཆོད་རྟེན་བྱ་བའམ། ཡང་ན་འཇིམ་པ་བཟང་བོ་ལ་བཏབ་པར་བྱ་སྟེ། དངོས་བོ་གང་ལའང་བཏབ་པས་ཆོག་གོ ། ཞེས་དང་། སྤྲོས་མེད་སྙིང་བོའི་ཚུལ་དུ་འདེབས་ན་ནམ་མཁའ་སོགས་ལ་བརྐོས་ཕོར་བཏབ་སྟེ་ཨོ་ཨཱ་ཿཧཱུཾ་འབའ་ཞིག་བརྗོད་པས་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཆོས་སྐུའི་གཟུགས་བརྙན་གསང་གསུམ་མི་ཟད་པའི་བྱིན་རླབས་དང་ལྡན་པ་རེ་རེ་ལམ་ལམ་བྱུང་སྟེ། འཁོར་བ་སྲིད་དུ་གནས་པ་དང་། དེའི་ཚུལ་ནམ་མཁའ་སོགས་འབྱུང་བ་དེས་གར་ཁྱབ་དེ་ལྟར་གྱུར་བར་བསམས་པར་གསུངས་སོ། །སཙྪ་གདབ་པའི་དམིགས་ཡུལ་གྱི་དབང་དུ་བཏང་ན་ཇོ་བོ་རྗེས་རྣམ་པ་དགུ་གསུངས་ཏེ། དགེ་བའི་བཤེས་གཉེན་གྱི་ཐུགས་དགོངས་རྫོགས་པའི་དོན་དུ་གདབ་པ། ཕ་མའི་དོན་དུ་གདབ་པ། བསླབ་བྱ་དང་འགལ་བ་བཤགས་པའི་དོན་དུ་གདབ་པ། སྡིག་པ་ལྕི་བ་བྱང་བའི་དོན་དུ་གདབ་པ། ལོག་པའི་བཤེས་གཉེན་དང་སྡིག་གྲོགས་ཀྱི་དབང་དུ་མི་འགྲོ་བའི་དོན་དུ་གདབ་པ། འགྲོ་བ་མཐའ་དག་གི་དོན་དུ་གདབ་པ། འཆི་ཁ་མའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་གདབ་པ། བར་དོའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་གདབ་པ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་གདབ་པ་བཅས་སོ། །

ཡང་། དོན་དམ་ནང་དང་གསང་བའི་སཙྪ་ནི། སཙྪའི་ཕན་ཡོན་རིན་ཆེན་ཕུང་བོ་ལས། དོན་དམ་ནང་དང་གསང་བའི་སཙྪ་ནི། །ཡང་སྙིང་འདུས་པའི་རྒྱུད་ལས་འདི་སྐད་གསུངས། །རང་ལུས་གཞལ་ཡས་མཆོད་རྟེན་ཁང་། །རྟོག་ཚོགས་ལྷར་གསལ་སཙྪ་དེ། །ཆོས་དབྱིངས་སྟོང་བའི་བརྐོས་ཕོར་དུ། །རིག་པ་ཡེ་ཤེས་མཆོད་རྟེན་གཞུག། མཆོད་རྟེན་མཆོག་ཏུ་བདག་འགྱུར་ངེས། །ཐབས་ཤེས་རྒྱུ་རྐྱེན་བརྐོས་ཕོར་དུ། །རང་ལུས་མཆོད་རྟེན་རང་སེམས་ནི། །ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ཡིན། །ཆོས་དབྱིངས་སྟོང་བའི་བརྐོས་ཕོར་དུ། །སྣང་སྟོང་དབྱེར་མེད་མཆོད་རྟེན་ཏེ། །དེ་ལྟར་རྟོགས་པ་མཐར་ཕྱིན་ན། །རང་ཉིད་མཆོད་རྟེན་མཆོག་ཏུ་འགྱུར། །ནང་དང་གསང་བའི་སཙྪ་ཡིན། །ཞེས་གསུངས་སོ། །

༦ སཙྪ་བཏབ་པའི་ཕན་ཡོན། ཐུགས་རྗེ་ཆེན་པོ་གསང་འདུས་རྒྱུད་ལས། དེ་ནས་ཚོགས་ཆེན་གསག་པའི་ཕྱིར། །སཙྪའི་རིམ་པ་བཤད་པར་བྱ། །ས་བཟང་རིན་ཆེན་བརྡར་བ་ལ། །ཞེས་པ་ནས། ཡོན་ཏན་མཐའ་ཡས་བསམ་པ་འགྲུབ། །ཅེས་དང་། ཁྱད་པར་ཚེ་འདས་ཀྱི་ཆེད་དུ་སཙྪ་བཏབ་ན་ངན་སོང་ལས་སྦྱོང་བའི་གདམས་པ་ཟབ་མོ་སྟེ། འཇམ་དཔལ་ཆོ་ག་འདུས་པའི་རྒྱུད་ལས། གང་ཟག་ཚེ་ཡི་དུས་བྱས་པའི། །ངན་སོང་སྦྱོང་བའི་ཐབས་ཆེན་པོ། །རུས་པ་གོས་སམ་མིང་ལ་ནི། །ཡེ་ཤེས་སྐུ་ཡི་སྔགས་ཀྱིས་གདབ། །རྫས་རྣམས་ཀུན་དང་བསྲེས་ཏེ་འབྱུང་། །འཇིམ་པའི་ཕུང་བོ་རིན་ཆེན་ལྔ། །སྔགས་པ་རྣལ་འབྱོར་ལྡན་པ་ཡིས། །སཙྪ་ཕུང་བོ་དཔག་མེད་བྱ། །ནམ་མཁའི་ལྷ་རྣམས་སྤྱན་དྲངས་ལ། །གཉིས་སུ་མེད་པར་མཆོད་པས་མཆོད། །རབ་ཏུ་གནས་པ་ཚུལ་བཞིན་བྱ། །ཞེས་དང་། ངན་སོང་སྦྱོང་རྒྱུད་ལས། ཡང་ན་མེད་པར་གྱུར་ནའང་། །བཟླ་ཞིང་སྒོམ་པའི་ཚུལ་གྱིས་ནི། །མིང་ཙམ་ལེགས་པར་བྲིས་ནས་ཀྱང་། །མཆོད་རྟེན་ཕྲེང་བ་བྱ་བ་དང་། །ཡང་ན་གཟུགས་སུ་བྱས་ཀྱང་རུང་། །སྦྱིན་སྲེག་མངོན་པར་དབང་བསྐུར་ན། །གདོན་མི་ཟ་བར་བདེ་འགྲོར་སྐྱེ། །ཞེས་དང་། དེ་ཡི་མིང་གི་སྨོས་ནས་ནི། །གུར་གུམ་བཟང་བོས་སྔགས་བྲིས་ལ། །རིམ་གྱིས་འབུམ་གྱི་ཚད་ཙམ་དུ། །མཆོད་རྟེན་ལས་ནི་རབ་ཏུ་བྱ། །སྡིག་ཅན་སྡིག་ནི་ཟད་བྱའི་ཕྱིར། །བྱེ་བ་སྙེད་ནི་ཚང་བར་བྱ། །དེས་ནི་ངེས་པར་དམྱལ་གནས་ལ། །འདི་བྱས་པས་ནི་གྲོལ་བར་འགྱུར། །ཡི་དྭགས་བྱོལ་སོང་སྡུག་བསྔལ་ལས། །གྲོལ་ཏེ་ལྷ་ཡི་གནས་སུ་སྐྱེ། །ཞེས་དང་། འཆི་བླུའི་མན་ངག་ལས། བྱེ་མའི་མཆོད་རྟེན་བྱེད་པ་དང་། །དེ་བཞིན་སཙྪ་འདེབས་པ་དང་། །མཆོད་རྟེན་ལ་སོགས་ཕྱག་བྱས་པས། །ཚེ་ནི་ངེས་པར་འཕེལ་བར་འགྱུར། །ཞེས་དང་། སཙྪ་གདབ་པའི་ཆོ་ག་ལས། མཆོད་རྟེན་ལ་རྡུལ་ཕྲ་རབ་ཇི་སྙེད་ཅིག་ཡོད་པ་དེ་སྙེད་ཀྱིས་བྱེ་བ་བྱས་པར་འགྱུར་རོ། །རྡུལ་ཕྲ་རབ་ཀྱི་གྲངས་ཇི་སྙེད་ཀྱི་ལྷ་དང་མི་རྣམས་ཀྱི་སྐྱེ་བ་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར་རོ། །གང་དང་གང་དུ་སྐྱེས་པ་ན་སྐྱེ་བ་དྲན་པར་འགྱུར་རོ། །མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བ་ཡིན་ནོ། །ཞེས་གསུངས་སོ། །

ཡང་། སྒྲིབ་པ་སྦྱངས་པ་ལའང་སཙྪ་འདེབས་པ་ཕན་ཡོན་ཆེ་སྟེ། སྔོན་ཇོ་བོ་རྗེས་མངའ་བདག་མེ་ཏྲི་བ་གནས་དབྱུང་བཏང་བའི་རྣམ་སྨིན་གྱིས། རི་རབ་ལ་བསྐོར་བ་གསུམ་ཕོག་པའི་སེམས་ཅན་ཆེན་པོ་ཞིག་གི་སྐྱེ་བ་བླངས་ཏེ། བྱ་སྣ་ཚོགས་ཀྱིས་ཟ་བའི་སྡུག་བསྔལ་མྱོང་བར་འགྱུར་རོ་ཞེས། རྗེ་བཙུན་སྒྲོལ་མས་ལུང་དུ་བསྟན་པས། ཇོ་བོས་དེའི་སྒྲིབ་པ་སྦྱོང་བར་ཞུས་པས། ཁ་བ་ཅན་དུ་སོང་ལ་སངས་རྒྱས་ཀྱི་བསྟན་པ་དར་བར་གྱིས། ཉིན་རེ་བཞིན་སཙྪ་བདུན་བདུན་ཕྱག་བཏབ་ཚུལ་བཀའ་གདམས་པའི་གཞུང་ལས་གསུངས་པ་དང་། དེ་དང་མཐུན་པར་ར་ག་ཨ་སེའི་སཙྪ་སྤྱི་འགྲོས་ཕྱག་ལེན་ལས། པད་ཉི་ཟླ་སྟེང་སཙྪ་རྣམས། །རིན་ཆེན་མཆོད་རྟེན་དཔག་མེད་ནང་། །རྩ་གསུམ་རྒྱལ་བ་སྲས་བཅས་བཞུགས། །འོད་འཕྲོས་བདག་གཞན་སྒྲིབ་པ་སྦྱངས། །འགྲོ་དོན་དཔག་མེད་མཛད་པར་གྱུར། །ཞེས་པ་དང་མཐུན་ལ། ཡང་མི་ལས་མ་ཡུམ་གྱི་རུས་པས་སཙྪ་བཏབ་པ་དང་། དེ་བཞིན་རྗེ་བདག་ཉིད་ཆེན་པོ་སོགས་ཀྱིས་སཙྪ་འདེབས་པ་འདི་ཐུགས་དམ་ཀྱི་དཀྱིལ་དུ་བཟུང་ཚུལ་གུང་ཐང་བསྟན་སྒྲོན་གྱིས་གསུངས་པ་དང་། མདོར་ན། བདེ་བར་གཤེགས་པའི་རྟེན་གསུམ་གང་བཞེངས་ཀྱི་ཕན་ཡོན་ཅི་ཡོད། སཙྪ་ཆུང་ངུ་ཞིག་ལ་འང་ཡོད་པས་ཚེགས་ཆུང་ལ་དོན་ཆེ་བའི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡོད་དོ། །

ཡང་། སྐྱེས་ཆེན་ཁག་གིས་དད་ལྡན་ཀྱི་རེ་བ་སྐོང་སླད་སཙྪའི་ངོས་ཕྱག་ཐེལ་བཏབ་པའི་ཕྱག་ཚ་ནི་མཚོན་སྲུང་གདོན་ལ་སོགས་སྲུང་བའི་བྱེད་ནུས་ཡོད་པར་བཤད་དོ། །

གཞན་ཡང་། ར་ག་ཨ་སེའི་སཙྪའི་ཕན་ཡོན་རིན་པོ་ཆེའི་ཕུང་བོ་ལས་མང་དུ་གསུངས་ལ། དེ་ལས་མདོར་དྲིལ་ཏེ་བཤད་ན། ཚེ་འདིར་མངོན་ཤེས་ལྔ་འཐོབ་ཅིང་སྐྱེ་བ་ཀུན་ཏུ་རྒྱལ་བོར་སྐྱེས་པ། སྐྱེ་བ་དྲན་ཞིང་ཐོས་པ་མང་བ། རིམ་གྲོའི་རྒྱབ་རྟེན་དུ་འགྱུར་ཞིང་དངོས་གྲུབ་འཐོབ་པ་མྱུར་བ། འཕྲིན་ལས་འགྲུབ་ཅིང་སྡིག་ལྟུང་སྦྱང་བ། བར་ཆད་ཞི་ཞིང་སེམས་ཆོས་ལ་འཁོར་བ། བར་དོའི་འཇིགས་སྐྲག་ཞི་ཞིང་ངན་སོང་གི་སྐྱེ་སྒོ་འགོག་པ་སོགས་མང་དུ་གསུངས་སོ། །

སཙྪའི་རིག་གནས་ཀྱི་སྐོར་རྒྱས་པར་ཤེས་འདོད་པ་དག་གིས། དགེ་ལུགས་པའི་ཆོ་གར་མཚོན་ནའང་། རྒྱལ་དབང་ལྔ་བའི་སཙྪ་འདེབས་པའི་གསལ་བྱེད་ལེགས་ཚོགས་ལྷུན་གྲུབ། ཐུའུ་བཀྭན་ཆོས་ཀྱི་ཉི་མའི་འབྱུང་བ་ཆུ་ལ་སཙྪ་གདབ་པའི་ཚུལ། འཇོག་རི་ངག་དབང་བསྟན་འཛིན་འཕྲིན་ལས་ཀྱི་ཚེ་འདིར་སཙྪ་སོགས་ཆབ་འདྲེན་གྱི་ཆོ་ག ཁྲི་རྒན་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོའི་གྲུབ་དབང་གཉན་ཚེམ་བུ་བའི་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་རྣལ་འབྱོར་དང་འབྲེལ་བར་སཙྪ་འདེབས་ཚུལ་ལེགས་ཚོགས་ལྷུན་གྲུབ་སོགས་ལ་གཟིགས་པར་ཞུ།

དེ་ལྟར་རྣམ་གྲོལ་རྒྱལ་བའི་ཁྲི་འཕང་དུ་བགྲོད་པའི་ཐེས་སྐས་དུ་གྱུར་བ་ནི། སྔོན་འགྲོ་ཁྲིད་ཆེན་བཅུ་སྟེ། རང་ལེགས་སུ་རེ་བ་དག་གིས་ཐེག་པ་ལ་མཐོ་བསྙེགས་མི་བྱེད་པར། གདམས་པའི་སྙིང་ནོར་དུ་གྱུར་བའི་སྔོན་འགྲོ་ཁྲིད་ཆེན་བཅུ་ཉམས་སུ་བསྟར་ན། སངས་རྒྱས་ཀྱི་གོ་འཕང་ཟན་དྲོན་མོ་ལག་པས་བཟོས་པ་ལྟ་བུ་ཡོང་ལ། དེ་མིན། མི་ཚེ་ཐོས་བསམ་ལ་གཞོལ་བའི་རྟོག་གེ་མགོ་མཁྲེགས་ལ་སྐྱབས་སུ་རེ་ནས། སྔོན་འགྲོའི་བསགས་རྒྱབ་ཀྱི་གདམས་པ་མ་བསྟེན་ན། དཔེར་ན། སྐོམ་གྱིས་གདུང་བ་ཆོས་ཀྱི་ཆུ་ཀླུང་དུ་འཁྱེར་ཏེ་སྐོམ་པ་སེལ་མི་ནུས་པ་ལྟར། འཁོར་བ་ལས་སོར་གང་འཕགས་མི་ཐུབ་པར་མ་ཟད། ད་དུང་ལམ་དམན་ནས་དམན་པར་འགྲོ་བ་མང་བས། གདམས་པའི་མཆོག་གྱུར་སྔོན་འགྲོ་ཁྲིད་ཆེན་བཅུ། རང་གཞན་ཀུན་གྱིས་ཉམས་སུ་ལེགས་པར་བསྟར་ན། ཀུན་མཁྱེན་རྒྱལ་བ་དགྱེས་པའི་ལམ་པོ་ཆེར་བགྲོད་པའི་རྐང་སྟེགས་ཉིད་དུ་འགྱུར་བ་ནི་གདོན་མི་ཟའོ། །

ལེའུ་བདུན་པ། ཆོས་སྤྱོད་ཀྱི་སྐོར།

མར་མེ།

༡ མར་མེ་འབུལ་བའི་ཁུངས་ནི། འཕགས་པ་གྲོང་ཁྱེར་འཚོ་བའི་མདོ་ལས། རྒྱལ་བོ་གསལ་རྒྱལ་གྱིས་དེ་བཞིན་གཤེགས་པ་མཆོད་ཕྱིར་སྟོན་ཐ་ཆུང་ཉ་བའི་ཚེས་བཅོ་ལྔ་ལ། འབྲུ་མར་ཟངས་བོ་ཆེ་སྟོང་བཀང་སྟེ་དངར་ནས་མར་མེ་སྦར་བའི་འོད་ཀྱིས་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་བཞིར་སྣང་བས་ཁྱབ་པར་བྱས་སོ། །ཞེས་དང་། སྤྱན་རས་གཟིགས་ཀྱི་མདོ་ལས། སངས་རྒྱས་མཆོད་རྟེན་མར་མེ་གཅིག་ཕུལ་ན། །འདི་ནས་བཟུང་སྟེ་སྲིད་པའི་རྩེ་མོའི་བར། །སངས་རྒྱས་ཞིང་ནི་འཛམ་གླིང་གསེར་གྱིས་བཀང་། །དེ་འདྲའི་དཔལ་དེ་ཟད་པར་བྱ་མི་ནུས། །བཅོམ་ལྡན་མཆོད་རྟེན་མར་མེ་ཕུལ་བྱས་ན། །དེ་ཡི་ལུས་ནི་མདོག་ངན་ཡོང་མི་འགྱུར། །ཞེས་དང་། དཀོན་མཆོག་ཏ་ལ་ལ་ལས། མིག་རྣམས་སྦྱོང་བའི་འོད་ཟེར་རབ་གཏོང་ཞིང་། །དེ་ཚེ་ལོང་བས་སྣ་ཚོགས་གཟུགས་རྣམས་མཐོང་། །རྒྱལ་བ་དག་དང་རྒྱལ་བའི་མཆོད་རྟེན་ལ། །མར་མེ་ཕུལ་བས་མིག་སྦྱོང་འོད་ཟེར་འཐོབ། །ཅེས་དང་། འབྲུ་མར་མར་མེ་མར་གྱི་མར་མེ་དང་། །རྩྭ་ཤིང་འདམ་བུ་འོད་མའི་སྒྲོན་མ་དང་། །སྤོས་དང་བཅུད་ལེན་རིན་ཆེན་སྒྲོན་མ་དང་། །རྒྱལ་བ་རྣམས་ལ་ཕུལ་བའི་འོད་ཟེར་འཐོབ། །སྒྲོན་ཞེས་བྱ་བའི་འོད་ཟེར་རབ་གཏོང་ཞིང་། །སེམས་ཅན་གང་དག་འོད་དེས་བསྐུལ་བྱས་པ། །དེ་དག་སྲེད་སྤངས་སྲིད་པའི་རྒྱ་མཚོ་ལས། །སེམས་ཅན་བསྒྲལ་བའི་དོན་དུ་གོ་ཆ་གྱོན། །ཞེས་དང་། གཞན་ཡང་ལས་རྣམ་འབྱེད་ཀྱི་མདོ་སོགས་ལས་མང་དུ་གསུངས་པ་དེའོ། །

༢ མར་མེའི་སྣོད་ནི། ལེགས་གྲུབ་ལས། གསེར་རམ་དངུལ་ལམ་ཟངས་མ་འམ། །ལྕགས་སམ་ཡང་ན་ཁམ་པ་ལས། །མར་མེ་བླུགས་པའི་སྣོད་བྱས་ན། །གསང་སྔགས་ཡོངས་སུ་མཉེས་པར་འགྱུར། །ཞེས་དང་། རྣམ་སྣང་མངོན་བྱང་ལས། མར་མེ་སྣོད་ཀྱི་གསེར་གྱི་བཟང་། །ཡང་ན་ཁམ་པའི་སེར་བོ་འང་རུང་། །བྱེ་བྲག་ཏུ། ཞི་བར་དངུལ་སོགས་དཀར་བོ། རྒྱས་པར་གསེར་སོགས་སེར་བོ། དབང་ལ་ཟངས་མ་སོགས་དམར་བོ། དྲག་པོར་ལྕགས་སོགས་ནག་པོའི་སྣོད་དགོས་པར་ཡང་གསུངས་སོ། །

༣ མར་མེ་ལག་ལེན་བྱེད་སྟངས་ནི། མར་མེ་ནི་གཟུགས་ཀྱི་མཆོད་པ་བླ་ན་མེད་པ་ཡིན་ལ། ཚོགས་བསགས་ཀྱི་དགེ་བ་སྟོབས་ཆེན་ཞིག་ཀྱང་ཡིན། ལག་ལེན་ནི། སྡོང་བུ་ལ་གསེར་དངུལ་ལས་བྱེད་པའམ། ཤེས་རབ་རྣོན་པོ་ཡོང་ཆེད་རྒྱ་ཁབ་ཀྱི་སྟེང་ལ་རས་བལ་གྱིས་དཀྲི་བ་འང་ཡོད། གཞན་དྲི་བཟང་ཅན་གྱི་རྩི་ཤིང་དང་ཤུག་པ་སོགས་སྦོམ་ཕྲ་རན་པར་བྱས་ཏེ། རྩ་བ་བརྟན་ལ་དྲང་ཞིང་རྩེ་མོ་རྣོ་བ་ལ། སྡོང་བུ་དཀྲི་བྱེད་དུ། མངོན་བྱང་ལས། ཤིང་བལ་དང་ནི་རས་གསར་དང་། །དུ་གུ་ལ་དང་གསོ་རས་དང་། །དེ་ལ་སོགས་པའི་སྙིང་བོ་བྱ། །ཞེས་དང་། དེ་ཡང་ལས་ཀྱི་བྱེ་བྲག་གིས། ཞི་བར་དཀར་བོ། རྒྱས་པར་སེར་བོ། དབང་ལ་དམར་བོ། དྲག་པོར་སྔོན་པོ་འམ་ནག་པོ་དཀྲི་བར་བཤད་ལ། དེ་ལྟར་རས་བལ་སོགས་ཀྱིས་ལན་གསུམ་དཀྲིས། རིང་ཐུང་རྐོང་བུའི་ཚད་ལ་དཔག་པར་བྱ། དེ་ནས་རྐོང་བུ་བྱི་བདར་ལེགས་པར་བགྱིས་ཏེ་སྡོང་བུ་བཙུགས་ནས། མར་གཙང་མ་བཙགས་ཐག་ཆོད་པར་བྱས་ཏེ། ཚགས་ཀྱི་ནང་ལྡུགས་བཞིན་ངག་ཏུ། ཨོཾ་ཨཱཿཧཱུཾ ཞེས་འདོན་བཞིན་བླུགས་ན་བགེགས་མི་ཞུགས་པར་གསུངས།

ཡང་། རྣམ་གྲོལ་ལག་བཅངས་ལས། མར་མེ་འོད་ཕུལ་བ་ཡིན་གྱི། མར་ཁུ་ཕུལ་བ་མིན་པས་ཅུང་ཟད་ཁ་ཚ་ཙམ་ཡོད་ཀྱང་ཆོག་པར་ཡང་གསུངས། བྱེ་བྲག་ཏུ། ལས་བཞི་འགྲུབ་པ་ལ་མར་ཁུའི་ཁྱད་པར་ཡང་བསྟན་དུ་ཡོད་དེ། ལེགས་གྲུབ་ལས། ཞི་བ་ལ་སོགས་བྱེ་བྲག་གིས། །དེ་ཡི་མར་ནི་དྲི་ཞིམ་པ། །འབྲུ་མར་བསུང་ཅན་ཡིད་འོང་བའམ། །ཡང་ན་དྲི་ཞིམ་མར་གྱིས་བྱ། །དྲི་ཞིམ་ཤིང་ལས་བྱུང་བའི་མར། །ཞི་བའི་ལས་ལ་ཤིས་པར་བྱ། །ཏིལ་མར་གྱིས་ནི་རྒྱས་པ་ལ། །དྲག་པོ་ལ་ནི་ཡུངས་མར་ཤིས། །རིགས་སྔགས་ཀུན་ལ་ཟར་མའི་མར། །འབྲས་བུ་ལས་བྱུང་གསང་སྔགས་ལ། །ཞེས་དང་། སྨན་རྣམས་ལས་ནི་བྱུང་བའི་མར། །དེ་ཀུན་རྒྱས་པའི་ལས་ལ་གསུངས། །དྲི་ཞིམ་ཐམས་ཅད་ཞི་བ་ལ། །དྲག་སྤྱོད་ལ་ནི་དྲི་ངད་རྣམས། །ཞེས་དང་། གཞན་ཡང་ལེགས་གྲུབ་ལས། ལས་རྣམས་དག་ནི་ཐམས་ཅད་ལ། །དམར་སེར་བ་མར་མཆོག་ཏུ་གསུངས། །ཞེས་དང་། ཁ་བའི་ཤིང་ལས་བྱུང་བའི་མར། །ཕལ་བ་རྣམས་ལ་ཡོངས་སུ་བསྒྲགས། །ཤ་ཟ་རྣམས་ལ་ཉ་ཡི་མར། །གནོད་སྦྱིན་རྣམས་ལ་ཚིལ་བུར་བཤད། །ཤིན་ཏུ་དམན་པ་གཞན་རྣམས་ལ། །བྷ་ལ་ཏ་ཀ་ལ་སོགས་མར། །དུར་ཁྲོད་པ་ནི་ཐམས་ཅད་དང་། །རོ་ལངས་ལ་སོགས་དངོས་གྲུབ་ལ། །ཁྱད་པར་དུ་ནི་ཚིལ་ཆེན་གྱི། །སྣུམ་ནི་རྗེས་སུ་མཐུན་པ་ཡིན། །ཞེས་གསུངས་པ་ལྟར། མགོན་པོའི་ཆོ་ག་ལས། གདུག་པའི་དགྲ་བགེགས་རྣམས་ཀྱི་ཞུན་ཆེན་པོ། །སྐྲ་ཡི་རས་ཀྱི་སྡོང་བུར་བཅས་པ་ལ། །ཡི་དྭགས་མེ་ཡིས་སྦར་བའི་སྒྲོན་མེ་འདིས། །མྱུར་མཛད་ཡེ་ཤེས་མགོན་པོའི་ཐུགས་དམ་བསྐང་། །ཞེས་སོགས་གསུངས་པ་ནི། སྔགས་བླ་མེད་ཀྱི་རྟོགས་པ་ཡ་ཚད་པ་ཞིག་ལ་གསུངས་ཀྱི། རང་ག་བས་མ་ཡིན་ནོ། །

༤ མར་མེ་སྦར་ཚུལ་དང་འདོན་ཆོག མེ་མ་ཤི་ཙམ་པའི་འོད་ཀྱིས་རྒྱུན་རིང་བོར་བྱེད་པས། ཚེ་རིང་བའི་རྟེན་འབྲེལ་ཡོད་པ་དང་། སྡོང་བུ་ཧ་ཅང་སྦོམ་པའི་མྱུར་དུ་སྦར་བར་མི་བྱེད་པར་འོད་གསལ་བའི་སྟེང་ནས། དལ་འབར་བྱས་ན་ལེགས་པར་བསྟན་རིམ་ལས་གསུངས་སོ། །

མར་མེ་སྒྲོན་ཚེ་ངག་ཏུ། མར་ཁུ་རྒྱ་མཚོ་ཡོངས་སུ་འཁྱིལ་བའི་རྐོང་། །ཕུན་ཚོགས་འོད་སྟོང་འབར་བའི་སྒྲོན་མེ་འདིས། །མུན་པའི་བསྐལ་བ་ཡོངས་སུ་སངས་བྱས་ནས། །འགྲོ་རྣམས་སངས་རྒྱས་མངོན་སུམ་མཐོང་བར་ཤོག། ཅེས་དང་། ཡང་ན། ཇོ་བོ་རྗེ་དབུས་གཙང་གི་གཙུག་ལག་ཁང་ཁག་གི་མཆོད་མཇལ་སྐབས། དཔོན་སློབ་བཅོ་བརྒྱད་ཀྱིས་མགྲིན་གཅིག་ཏུ་གསུངས་པའི་མར་མེའི་འདོན་ཆོག་ནི། འདི་ལྟར། ཨོཾ་ཨཱཿཧཱུཾ ། མར་མེའི་སྣོད་ནི་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་ཀྱི་ཁོར་ཡུག་དང་མཉམ་པར་གྱུར་ཅིག མར་མེའི་སྡོང་བུ་ནི་རི་ཡི་རྒྱལ་བོ་རི་རབ་ཙམ་དུ་གྱུར་ཅིག མར་ཁུ་ནི་མཐའི་རྒྱ་མཚོ་ཙམ་དུ་གྱུར་ཅིག གྲངས་ནི་སངས་རྒྱས་རེ་རེའི་མདུན་དུ་དུང་ཕྱུར་རེ་རེ་གསལ་བར་གྱུར་ཅིག འོད་ཀྱིས་སྲིད་པ་རྩེ་མོའི་མན་ཆད་དང་མནར་མེད་པའི་དམྱལ་ཁམས་ཡན་ཆད་ཀྱི་སེམས་ཅན་ཐམས་ཅད་ཀྱི་མ་རིག་པའི་མུན་པ་བསལ་ནས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཞིང་མངོན་སུམ་དུ་མཐོང་ཞིང་གསལ་བར་གྱུར་ཅིག ཨོཾ་བཛྲ་དྷ་རྨ་ཨཱ་ལོ་ཀེ་ཨཱཿཧཱུཾ། ཨེ་མ་ཧོ། ངོ་མཚར་རྨད་བྱུང་སྣང་གསལ་སྒྲོན་མེ་འདི། །བསྐལ་བཟང་སངས་རྒྱས་སྟོང་རྩ་ལ་སོགས་པའི། །རབ་འབྱམས་ཕྱོགས་བཅུའི་ཞིང་ཁམས་མ་ལུས་པའི། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང་། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ་བར་བགྱི། །ཕ་མའི་གཙོ་བྱས་སེམས་ཅན་ཐམས་ཅད་ཀྱི། །ཚེ་རབས་འདི་དང་སྐྱེ་གནས་ཐམས་ཅད་དུ། །རྫོགས་སངས་རྒྱས་པའི་ཞིང་ཁམས་མངོན་མཐོང་ནས། །འོད་དཔག་མེད་མགོན་ཉིད་དང་དབྱེར་མེད་ཤོག །དཀོན་མཆོག་གསུམ་དང་རྩ་གསུམ་ལྷ་ཚོགས་ཀྱིས། །བདེན་པའི་མཐུ་ཡིས་སྨོན་ལམ་ཅི་བཏབ་པ། །མྱུར་ཏུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །ཏ་དྱཐཱ། པཙྙ་ནྡྲྀ་ཡ་ཨཱ་བ་བོ་དྷཱ་ན་ཡེ་སྭཱ་ཧཱ། ཞེས་སོ། །

གཞན་ཡང་། མཆོད་མེ་སྦར་སྐབས་མཆོད་པའི་འགྱུར་སྔགས་དང་། མར་མེ་འདི་ཡིས་བསོད་ནམས་ཀྱིས། །མ་རིག་མུན་པ་སེལ་བར་ཤོག །ཡེ་ཤེས་སྤྱན་དང་ལྡན་པར་ཤོག །ཤེས་རབ་རྩ་ཁ་དབྱེ་བར་ཤོག །སོགས་སྐབས་བབ་མར་མེ་དང་འབྲེལ་བའི་སྨོན་ལམ་སྣ་ཚོགས་བཏོན་ན་ཕན་ཡོན་ཆེའོ། །གཞན་ཡང་། ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་མར་མེ་འབུལ་ཚུལ་སྨོན་ལམ་དང་བཅས་པ་ཞེས་པར་ཡང་གསལ་ལོ། །

༥ མར་མེའི་མཚོན་དོན་ནི། སྡོང་ཤིང་གི་རྩེ་མོ་རྣོ་བའི་ཤེས་རབ་རྣོ་བ། སྡོང་བུའི་རྩ་བ་བརྟན་པས་བསམ་གཏན་གྱི་རྩ་བ་བརྟན་པ། སྡོང་བལ་རིམ་པ་གསུམ་དུ་དཀྲིས་བས་ཚུལ་ཁྲིམས་དང་། བཟོད་པ། བརྩོན་འགྲུས་གསུམ། མར་ཁུ་མེར་གྱིས་བཀང་བས་སྦྱིན་པ་སྟེ་ཕར་ཕྱིན་དྲུག་མཚོན། ཡང་འཇུ་མི་ཕམ་གྱིས། སྣོད་ཀོང་བུ། བཅུད་མར་ཁུ། རྒྱུད་རྣམ་ཤེས་མར་མེ། སྟོང་བ་སྣོད། གསལ་བ་མར་ཁུ། ཟུང་འཇུག་མར་མེ། ལུས་རྩ་ཡི་རྐོང་བུ། དྭངས་མ་ལྔ་མར་ཁུ། མི་ཤིགས་ཏིལ་ཀ་མར་མེ་སོགས་གཞི་ལམ་འབྲས་བུའི་མཚོན་དོན་ཁྱད་པར་ཅན་ཡོད་པར་གསུངས་སོ། །

༥ ཕན་ཡོན་ནི། མདོ་སྡེ﹝ཚ﹞དུམ་པ་ལས། འཕགས་པ་མར་མེ་འབུལ་བ་ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོ་ལས། སྦྱོར་བ་ཕུན་སུམ་ཚོགས་པས་ཐ་ན་མར་མེ་སྙིང་བོ་ཆུང་ངུ་འམ་ངན་པ་ཞིག་འབྲུ་མར་གྱིས་བསྐུས་སམ། མར་གྱིས་བསྐུས་ཏེ་འབུལ་ལམ། ངེས་པར་འབུལ་ལམ། འཇོག་པར་བྱེད་པ་དང་། དགེ་བ་དོན་དུ་གཉེར་བས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཕྱི་མའི་མཐའི་སྐྱེ་བའི་འཁོར་བ་སྤངས་པ། དེ་ལྟར་བྱུང་ན། ཚུལ་ཁྲིམས་དང་། ཏིང་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་སོགས་རྒྱ་ཆེར་གསུངས་སོ། །གཞན་ཡང་སེམས་ཀྱི་ངེས་པར་སེམས་པ་གསུམ། འཆི་བའི་དུས་ཀྱི་སྣང་བ་གསུམ་མམ་བཞི། ཟང་ཟིང་མེད་པའི་དགའ་བ་བཞི། འདུན་པ་བཞི། ཡོངས་སུ་དག་པ་བཞི། ཆོས་ཀྱི་མཆོག་བརྒྱད། སོ་སོ་ཡང་དག་བཞི་སོགས་འཐོབ་པར་གསུངས་སོ། །མར་མེ་ཕུལ་བས་མངོན་ཤེས་འགྲུབ་པ་དང་། ཆོས་ཀྱི་མིག་རྣམ་པར་དག་པ་འཐོབ་པ། ཁྱད་པར་དུ་མ་རྒྱུད་ཀྱི་གཏུམ་མོའི་རྣལ་འབྱོར་ལ་བརྟེན་ནས། བདེ་ཆེན་འོད་གསལ་གྱི་ཡེ་ཤེས་འདྲེན་པ། གཟུགས་མཛེས་པར་འོང་བ། ལུས་ལ་འོད་སྣང་རྒྱས་པ། ཞེས་དང་། རིན་ཆེན་ཕྲེང་བར། མཆོད་རྟེན་མར་མེ་ཕྲེང་བ་དང་། །མུན་ཁུང་དག་ཏུ་སྒྲོན་མེ་དང་། །མར་མེ་འབྲུ་མར་བྱིན་པ་ཡིས། །ལྷ་ཡི་མིག་ནི་འཐོབ་པར་འགྱུར། །ཞེས་དང་། གཞན་ཡང་། ལས་རྣམ་འབྱེད་ཀྱི་མདོ་ལས། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མར་མེ་ཕུལ་བའི་ཕན་ཡོན་བཅུ་གསུངས་སོ། །

མདོ་ལས། མར་མེ་ཅུང་ཟད་ཞིག་ཕུལ་བ་དེའི་བསོད་ནམས་སངས་རྒྱས་བཅོམ་ལྡན་འདས་ཁོ་ན་མ་གཏོགས། འཇིག་རྟེན་ན་སུས་ཀྱང་བསྟན་མི་ནུས་པར་གསུངས་པ་བཞིན། འདིར་མར་མེ་ཕན་ཡོན་ལ་མཁོ་བའི་སྔོན་གྱི་བྱུང་བ་ཞིག་བཀོད་ན། སངས་རྒྱས་མཉན་ཡོད་དུ་བཞུགས་པའི་ཚེ། དགེ་སློང་གི་དགེ་འདུན་རྣམས་ལ་མཆོད་པ་རྣམ་པ་སྣ་ཚོགས་ཀྱིས་རབ་ཏུ་མཆོད་དོ། །དེའི་ཚེ་ཡུལ་དེ་ན། དབུལ་མོ་བསྙེན་དགའ་མོ་བྱ་བའི་བུད་མེད་ཅི་ཡང་མི་བདོག་པ་ཞིག་མཆིས་པ་ལས། རྒྱལ་བོ་དང་བློན་པོ་སོགས་ཀྱིས། བཅོམ་ལྡན་འདས་དང་དགེ་སློང་གི་དགེ་འདུན་རྣམས་ལ། མཆོད་པ་རྣམ་པ་སྣ་ཚོགས་ཀྱིས་མཆོད་པར་མཐོང་ནས་འདི་སྙམ་དུ། ཀྱེ་མ་ངས་མི་དགེ་བའི་ལས་ཅི་ཞིག་བྱས་པས་འདི་ལྟར་དབུལ་ཞིང་རིགས་ངན་དུ་སྐྱེས་པར་གྱུར། ད་བསོད་ནམས་ཀྱི་ཞིང་ཕུན་སུམ་ཚོགས་པ་དང་འཕྲད་ཀྱང་། བདག་ལ་ནི་བསོད་ནམས་གསོག་པའི་དངོས་བོ་ཅི་ཡང་མེད་དོ་སྙམ་ནས། ཤིན་ཏུ་ཡི་མུག་ཅིང་། ཉི་མ་གཅིག་གི་རིང་སློང་མོ་བྱས་ཀྱང་དོང་ཙེ་གཅིག་ལས་མ་རྙེད་དོ། །དེ་ནས་བསྙེན་དགའ་མོ་མར་འཚོང་ཁང་ཞིག་གི་ཁྱིམ་དུ་སོང་སྟེ། དོང་ཙེ་གཅིག་པུས་མར་ཉོས་པས། མར་འཚོང་བའི་ཁྱིམ་བདག་གིས་སྨྲས་པ། དོང་ཙེ་གཅིག་གིས་མར་ཉོ་བ་ནི་ཧ་ཅང་ཉུངས་ཆེས་པས། ཁྱོད་ལ་འདི་ལྟ་བུའི་མར་ཉུང་ངུ་ཞིག་གིས་ཅི་ཞིག་བྱ། བསྙེན་དགའ་མོས་སྨྲས་པ། རྒྱལ་བོ་དང་བློན་པོ། ཁྱིམ་བདག་དད་པ་ཅན་རྣམས་ཀྱིས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པ་ལ་མཆོད་པ་རྣམ་པ་སྣ་ཚོགས་ཀྱིས་མཆོད་ཅིང་ཚོགས་རྒྱ་ཆེན་པོ་གསོག་པར་བྱེད་དོ། །ཁོ་མོ་ནི་འདི་ལྟར་དབུལ་ཞིང་ཕོངས་ཆེ་བས། བསོད་ནམས་བྱ་བའི་དངོས་བོ་གཞན་ཅི་ཡང་མེད་པས། ཉི་མ་གཅིག་ལ་སློང་མོ་བྱས་པ་ལས་ཐོབ་པའི་དོང་ཙེ་གཅིག་པོ་འདིས། སངས་རྒྱས་དང་དགེ་འདུན་ལ་མཆོད་པའི་ཕྱིར་མར་ཉོ་བ་ཡིན་ནོ། །ཞེས་སྨྲས་པ་དང་། ཁྱིམ་བདག་གིས་ཀྱང་སྙིང་རྗེ་ནས་མར་ལྷག་པར་བྱིན་ནོ། །དེ་ནས་བསྙེན་དགའ་མོས་མར་དེ་ཐོབ་པར་རབ་ཏུ་དགའ་ནས་གཙུག་ལག་ཁང་དུ་སོང་སྟེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་མར་མེ་ཆུང་ངུ་ཞིག་བཙུགས་ནས། བདག་ད་ལྟ་དབུལ་ཞིང་ཕོངས་པས། མར་མེ་ཆུང་ངུ་འདིས་སངས་རྒྱས་ལ་མཆོད་དོ། །བསོད་ནམས་འདིས་མ་འོངས་པའི་དུས་ན་བདག་ཤེས་རབ་གྱི་མར་མེ་དང་ལྡན་ནས། སེམས་ཅན་ཐམས་ཅད་ཀྱི་མུན་པའི་དྲི་མ་བསལ་བར་ཤོག་ཅིག ཅེས་སྨོན་ལམ་བཏབ་ནས་རང་གི་གནས་སུ་སོང་ངོ་། །དེའི་ཚེ་འཕགས་པ་མོའུ་འགལ་གྱི་བུ་ཆེན་པོ་དུས་འཛིན་པའི་རེས་ལ་བབ་པས། ནངས་སྔ་མོར་གཟིམ་ལས་ལྡང་བ་ན། མར་མེ་གཞན་རྣམས་ནི་ཤི་ཟིན་ཀྱང་། བསྙེན་དགའ་མོའི་མར་མེ་གཅིག་པུ་ནི་ལྷག་པར་གསལ་ཞིང་། མར་དང་སྙིང་བོ་ཡང་མ་ཉམས་པར་གསར་དུ་བཙུགས་མ་ཐག་པ་ཞིག་དང་འདྲ་བས། ད་ནི་ནམ་ལངས་ཟིན་པའི་ཉིན་པར་མར་མེ་བཙུགས་ཀྱང་ཕན་པ་མེད་དོ་སྙམ་ནས་གསད་པར་གཟས་བས་མ་སོད་དོ། །དེ་ནས་ལག་པས་གསད་པར་གཟས་ནའང་མ་སོད་དོ། །དེ་ནས་གོས་ཀྱིས་གསད་པར་གཟས་ནའང་མ་སོད་པ་བཅོམ་ལྡན་འདས་ཀྱིས་གཟིགས་ནས། བཀའ་བསྩལ་བ། ཁྱོད་ཀྱིས་མར་མེ་འདི་གསོད་པར་གཟས་ཀྱང་མར་མེ་འདི་ནི་ཁྱོད་ཀྱིས་མི་སོད་དོ། །ཁྱོད་ཉན་ཐོས་རྣམས་ཀྱིས་བསྒུལ་ཞིང་བསྐྱོད་པར་ནུས་པའང་མ་ཡིན་ནོ། །གལ་ཏེ་ཁྱོད་ཀྱིས་རྒྱ་མཚོ་ཆེན་པོ་བཞིའི་ཆུ་ཕབ་བམ་རྫི་རླུང་གཡུག་པས་ཀྱང་སོད་པར་མི་འགྱུར་རོ། །མར་མེ་འདི་ལྷག་པའི་བསམ་པ་རྒྱ་ཆེན་པོ་བསྐྱེད་ནས་ཕུལ་བ་ཡིན་པས། མར་མེ་འདི་ལ་བསོད་ནམས་དཔག་ཏུ་མེད་པ་འབྱུང་བར་འགྱུར་རོ། །ཞེས་བཅོམ་ལྡན་འདས་ཀྱིས་མར་མེ་ཆུང་ངུ་དེའི་བསྔགས་པ་བརྗོད་པ་བསྙེན་དགའ་མོས་ཐོས་ནས། བཅོམ་ལྡན་འདས་ཀྱི་དྲུང་དུ་འོང་སྟེ། ཞབས་ལ་སྤྱི་བོས་ཕྱག་འཚལ་བ་དང་། བཅོམ་ལྡན་འདས་ཀྱིས་ཁྱོད་མ་འོངས་པའི་དུས་བསྐལ་བ་གྲངས་མེད་པ་གཉིས་འདས་ནས་མངོན་པར་རྫོགས་པའི་སངས་རྒྱས་ཏེ། མཚན་ཡང་མར་མེ་འོད་ཅེས་བྱ་བར་འགྱུར་རོ། །ཞེས་ལུང་བསྟན་ཏོ། །དེ་ལྟར་དབུལ་མོ་བསྙེན་དགའ་མོས་མར་མེ་གཅིག་ཕུལ་བའི་སངས་རྒྱས་སུ་ལུང་བསྟན་ཏོ་ཞེས་ཀུན་ལ་གྲགས་པས། ཡུལ་མི་ཀུན་གྱིས་མཆོད་མེ་ཕུལ་ཏེ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཡོངས་སུ་གང་བར་གྱུར་ཏེ། མཚན་མོ་ཡང་ཉིན་མོ་ལྟར་གྱུར་ནས་ཞག་བདུན་ལ་ཕུལ་ཏོ། །དེ་ནས་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱིས་སྔོན་ལས་ཅི་ཞིག་བགྱིས་ནས་འདི་ལྟ་བུའི་མར་མེ་ཕུལ་བ་དང་ལྡན་པར་གྱུར་ཞེས་གསོལ་བ་དང། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་བ། སྔོན་དེ་བཞིན་གཤེགས་པ་རིན་ཆེན་གཙུག་ཕུད་ཅན་ཞེས་བྱ་བ་འཇིག་རྟེན་དུ་འཚོ་ཞིང་བཞེས་པའི་ཚེ། དགེ་སློང་འཕགས་པའི་གཉེན་ཞེས་བྱ་བ་ཞིག་གིས་ཟླ་བ་གསུམ་ལ་མར་མེ་ཕུལ་བའི་ཡོན་བདག་ཏུ་ཁས་བླངས་ནས། ཚོང་དཔོན་དང་། ཁྱིམ་བདག་དང་། མི་མང་བོ་ལས་མར་དང་། འབྲུ་མར་དང་། མར་མེའི་སྙིང་བོ་བསླངས་སོ། །དེའི་ཚེ་རྒྱལ་བོའི་བུ་མོ་ཐུབ་པ་ཞེས་བྱ་བས། དགེ་སློང་དེ་ཉི་མ་རེ་རེ་བཞིན་གྲོང་དུ་རྒྱུ་ཞིང་དཀའ་ལས་མང་བོ་བྱེད་པ་མཐོང་ནས། བཙུན་པ་ཁྱེད་ཀྱིས་ཅི་ཞིག་སྒྲུབ་ན། རྟག་པར་འདི་ལྟ་བུའི་བྲེལ་བ་ཆེ་བར་འགྱུར་ཞེས་དྲིས་པས། འཕགས་པའི་གཉེན་གྱིས་ཇི་ལྟར་གྱུར་བའི་གཏམ་རྒྱས་པར་བཤད་དོ། །བུ་མོས་སྨྲས་པ། དེང་ཕྱིན་ཆད་ཁྱོད་ཀྱིས་དེ་ལྟར་འབད་པས་འཚོལ་མི་དགོས་ཀྱི། ཅི་འདོད་པའི་ཡོ་བྱད་ཁོ་མོས་སྦྱོར་རོ་ཞེས་ཞུས་སོ། །དེ་ནས་ཟླ་བ་དྲུག་ཚང་བར་གྱུར་བའི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་འཕགས་པའི་གཉེན་བསྐལ་བ་གྲངས་མེད་པ་གཅིག་འདས་ནས་མར་མེ་མཛད་ཅེས་བྱ་བར་སངས་རྒྱས་པར་ལུང་བསྟན་པས། རྒྱལ་བོའི་བུ་མོའི་བསམ་པར། དགེ་སློང་འདི་ནི་མ་འོངས་པར་སངས་རྒྱས་མར་མེ་མཛད་དུ་ལུང་དུ་བསྟན་ན། ཡོ་བྱད་ཁོ་མོས་སྦྱར་ཡང་ང་ནི་ལུང་མ་བསྟན་ཏོ་སྙམ་མོ། །བཅོམ་ལྡན་འདས་ཀྱིས་བུ་མོ་དེའི་བསམ་པ་མཁྱེན་ནས། བུ་མོ་ཁྱོད་མ་འོངས་པའི་དུས་བསྐལ་བ་གྲངས་མེད་པ་དགུ་བཅུ་རྩ་གཅིག་འདས་པ་ན། མངོན་པར་རྫོགས་པར་འཚང་རྒྱ་སྟེ། མཚན་ཡང་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་པ་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་བོ། །

༦ ལག་ལེན་མ་དག་པའི་ཉེས་པ་ནི། སྣོད་གཙང་མར་མ་ཕྱིས་པས་ཕྱི་མར་གཟུགས་མི་སྡུག་པར་སྐྱེས། སེར་སྣ་ཤོར་བས་ཡི་དྭགས་སུ་སྐྱེས། མར་ཁུ་རུལ་སྙིགས་དང་ས་རྡུལ་གྱིས་སྦགས་པས་དུད་འགྲོར་སྐྱེས་པ་སོགས་སོ། །

གཞན་ཡང་། མར་མེ་ལ་འོད་ཁང་ལྕགས་དྲས་གཡོགས་པ་སོགས་ཐབས་ཤེས་མ་བསྟེན་པར། ཕྱེ་ལེབ་སོགས་སེམས་ཅན་མང་བོ་འཚེད་པ་ནི་ཕན་ཡོན་ལས་ཉེས་དམིགས་ཆེ་བས། དཀོན་མཆོག་མཉེས་པ་ལས་ལྡོག་པ་སྟེ། མཁས་དབང་ངག་དབང་བློ་བཟང་མཁས་གྲུབ་ཀྱི་མཆོད་གཏོར་བཤམས་ཚུལ་བསོད་ནམས་སྒོ་འབྱེད་ལས། དེང་སང་ཕལ་མོ་ཆེས་དབྱར་དུས་སུ་རྟེན་གྱི་དྲུང་དུ་མར་མེ་ཆེ་ཆུང་རྣམས་འོད་ཁང་མེད་པར་བཞག་པ་དེའི་ནང་དུ་ཕྱེ་ལེབ་སོགས་སྲོག་ཆགས་ཕྲ་མོ་བརྒྱ་སྟོང་དུ་མ་པད་མོའི་མཚོ་ལ་ངང་བའི་ཁྱུ་བཞིན་འཁོར་ཞིང་འོང་ནས་ལྷུང་ཞིང་འཚེད་པ་ནི། ཇི་ལྟར་དམྱལ་བའི་ཟངས་ཞུན་བསྐོལ་བར་དེའི་སེམས་ཅན་ཆར་བཞིན་དུ་བབས་ཤིང་འཇུག་པའི་ངང་ཚུལ་ལྟར་གྱུར་བས་ན། རྟེན་གྱི་དྲུང་དུ་སེམས་ཅན་མང་བོ་གསོད་པའི་སྟ་གོན་ཤེས་བཞིན་དུ་བཤམས་ནས། ཤི་རོ་དུ་མས་མཆོད་མེ་རྨེ་བར་བྱེད་པ་སོགས་ལ་ཅི་ཡང་མི་སེམས་པར། ད་དུང་སྲོག་ཆགས་དེ་རྣམས་ལ་ཚིག་པ་ཟོས་ནས་སེམས་ཅན་ལས་ཀྱིས་ཤི་བ་ཐབས་ཅི་ཡོད་སྙམ་དུ་སེམས་ཤིང་སྨྲ་བར་བྱེད་པ་དག་གིས། ཕྱུགས་བསད་མཆོད་སྦྱིན་གྱི་གཟུགས་བརྙན་ལྟ་བུའི་མཆོད་མེ་སྦར་བ་ལས་ཕན་ཡོན་ཆེན་པོ་མི་འཐོབ་ཀྱི། སེམས་ཅན་གྱི་སྲོག་ཡལ་བར་དོར་བའི་བསམ་པ་དང་། སངས་རྒྱས་ཀྱི་བཅས་པ་འོད་ཁང་མེད་པར་མར་མེ་བཞག་མི་རུང་བར་གསུངས་པའི་བཀའ་ལ་བསམ་བཞིན་ཁྱད་དུ་བསད་པའི་མི་དགེ་བ་ཆེན་པོ་གསོག་པར་འགྱུར་རོ། །མདོར་ན། ཕྱི་ནང་གི་གཙང་སྦྲ་གང་ཐོན་གྱི་ངོས་ནས་མཆོད་གཏོར་རྣམས་ཚུལ་བཞིན་དུ་བཤམས་འཕྲལ། ཆབ་ཀྱིས་བྲན་ལ་བསངས་ཀྱིས་བདུག གྲིབ་སྲུང་གི་རྫས་ཀུ་ཤ་དང་རྨ་བྱའི་སྒྲོ་སོགས་ཉེ་འཁོར་དུ་བཞག བགེགས་མི་འཇུག་པའི་ཆེད་དུ་མདོ་སྔགས་གང་རིགས་ཀྱིས་བྱིན་རླབས་བྱ། ཞེས་གསུངས་སོ། །

༧ གློག་མཆོད་དང་འོད་སྣང་འབུལ་ཚུལ། ལམ་རིམ་ཆེན་མོ་ལས། མར་མེ་ནི་སྤོས་མར་ལ་སོགས་པའི་དྲི་ཞིམ་ཞིང་འོད་གསལ་བ་དང་། རིན་ཆེ་བའི་ནོར་བུའི་འོད་གསལ་བའོ། །ཞེས་ཡང་སྙིང་སྨྲས་ན་འོད་འབུལ་བ་ལགས་པས། ཉི་ཟླ་སྐར་གསུམ་དང་། ནོར་བུ་འོད་ཅན། གློག་སྒྲོན་སྣ་ཚོགས་སྟེ། མདོར་ན། འོད་ཅན་གྱི་རྫས་ཇི་སྙེད་མཆིས་པ་ཀུན། སྣང་གསལ་གྱི་མཆོད་པར་འགྲོ་བས། དཀོན་མཆོག་གི་ཞིང་དུ་ཕུལ་ན། ཕན་ཡོན་ཆེན་པོ་འབྱུང་ངོ་། །གློག་འོད་འབུལ་དུས། གུང་ཐང་བསྟན་པའི་དབང་ཕྱུག་གིས། ཉི་ཟླའི་འོད་ལྟར་གསལ་ལ་མུན་སེལ་ཞིང་། །ཚིག་པའི་དྲི་དང་དུ་བས་བསྣོགས་པ་མེད། །གཙང་ཞིང་ཡིད་འོང་གློག་གི་སྒྲོན་མེ་འདི། །རྒྱལ་བ་སྲས་དང་བཅས་ལ་གུས་པས་འབུལ། །སྟོང་གསལ་ཆོས་དབྱིངས་མཁའ་ལས་བྱུང་བ་ཡི། །དྭངས་གསལ་མ་འདྲེས་ཡེ་ཤེས་འོད་འབར་བ། །ཏིང་འཛིན་འཕྲུལ་གྱིས་བཀུགས་པའི་གློག་འོད་འདིས། །མ་རིག་འཁོར་བའི་རྩ་བ་གཞོམ་གྱུར་ཅིག། ཅེས་སྨོན་ཚིག་འདོན་པ་འམ། ཡང་ན། ཕྱོགས་བཅུའི་སངས་རྒྱས་ལ་མཆོད་པའི་མོས་པ་དང་བཅས། ཨོཾ་བཛྲ་དྷ་རྨ་ཨཱ་ལོ་ཀེ་ཨཱཿཧཱུཾ། བཏོན་ན་ལེགས་སོ། །

༨ མར་མེ་བརྟག་ཐབས། མར་མེ་བརྟག་ཐབས་ལ་རྒྱུད་དང་མན་ངག་གི་བརྟག་པ་རེ་ཟུང་། པ་རི་ལོ་ཙཱས་བསྒྱུར་བའི་མར་མེའི་བརྟག་པ་ཉུང་ངུའང་མཆིས་ལ། དར་མོ་སྨན་རམས་པའི་གདམས་ངག་བཀའ་རྒྱ་མ་ལས་འབྱུང་བ་འདིར་ཆ་ཚང་བཀོད་ན། ཨོཾ་ཨ་ཐཿ འགྲོ་བ་རྨོངས་པའི་མུན་སེལ་བའིཿ མར་མེ་མཛད་དཔལ་ཞབས་ལ་འདུདཿ མར་མེའི་བརྟགས་ཐབས་བསྟན་པ་ལཿ དང་པོ་གདམས་པ་ཆིག་རྒྱུད་རྒྱཿ མར་ཀོང་སྡོང་རས་གསུམ་པོ་ལཿ སྔགས་འདི་བརྒྱ་རྩ་བརྒྱད་བཏབ་སྟེཿ ཨོཾ་བྷ་ན་རི་མེ་ཐཱ་ཧཱཿ གཙང་སྦྲ་ལྡན་པ་ཕུལ་ན་ནིཿ རང་གི་འདོད་ཡོན་གང་ཡིན་གྱིཿ བཟང་ངན་རྟགས་རྣམས་སྟོན་དུ་གསོལཿ ཞེས་བརྗོདཿབཟང་བའི་རྟགས་དྲུག་ལཿ ཕྲ་ཞིང་དཀར་ལ་ལྡེམ་པ་ནིཿ མི་ནུབ་རྒྱལ་མཚན་ཐོབ་པའི་རྟགསཿ དཀར་གསལ་རྩེ་མོ་གསུམ་པ་ནིཿ མི་འགྱུར་གཡུང་དྲུང་ཐོབ་པའི་རྟགསཿ གསལ་ཞིང་ཟླུམ་པ་པདྨ་འདྲཿ ཆོས་སྐུ་མི་འགྱུར་ཐོབ་པའི་རྟགསཿ གསལ་ཞིང་རྒྱལ་མཚན་དབྱིབས་འདྲ་ནཿ དཔལ་དང་བཀྲ་ཤིས་ཐོབ་པའི་རྟགསཿ དཀར་ཞིང་ལྡེམ་པ་གསལ་བ་ནིཿ ཆོས་དབྱིངས་མི་གཡོ་ཐོབ་པའི་རྟགསཿ མར་མེ་དམར་ཞིང་པདྨ་འདྲཿ ཚེ་དང་བསོད་ནམས་འཕེལ་བའི་རྟགསཿ དེ་རྣམས་བྱུང་ན་བཟང་པོ་ཡིནཿ

ངན་པའི་རྟགས་ནི་འདི་ལྟར་རོཿ དུ་བ་ཆེ་ཞིང་མི་གསལ་ནཿ ལས་སྒྲིབ་ཆེན་པོ་ཡོད་པའི་རྟགསཿ བཤགས་པ་བྱ་ཞིང་དགེ་ལ་འབདཿ ཚག་སྒྲ་ཆེ་ཞིང་མེ་སྟག་འཕྲོཿ ཕུགས་སུ་གདོན་བགེགས་ཞུགས་པའི་རྟགསཿ བསྙེན་སྒྲུབ་བྱེད་ཅིང་བཟློག་པ་བྱཿ མེ་ལྕེ་དུམ་བུར་ཆད་པ་ནིཿ རྐྱེན་ངན་བར་ཆད་འོང་བའི་རྟགསཿ ཚེ་སྒྲུབ་ཚེ་དབང་སྤངས་དག་གཏོངཿ མེ་ལྕེ་ལྷབ་ལྷུབ་འབར་བ་ནིཿ དགྲ་རྐུན་མྱུར་དུ་འོང་བའི་རྟགསཿ བཟློག་པ་སྟོབས་པོ་ཆེ་ལ་འབདཿ འོད་མེད་སྡོང་རོ་ཆེ་བ་ནིཿ ནད་པ་འཆིའམ་རིམས་ནད་འབྱུང་ཿ འཆི་ངོས་སྲོག་བླུ་ཉེའུ་འདོན་བྱཿ མར་མེ་སྤུང་སྤུང་བསྐྱིལ་བ་ནིཿ གོད་ཁ་གཏོར་བརླག་ཡོང་བའི་རྟགསཿ མགོ་ཚིག་སྟོར་བའི་ངོ་ཡིན་པསཿ རིམ་གྲོར་བཟློག་པ་གང་མང་བྱཿ དེ་ལྟར་མར་མེ་བརྟགས་ཚུལ་ནིཿ མདོར་བསྡུས་ཙམ་བྲིས་དགེ་བ་འདིསཿ མི་ཤེས་མུན་འཐིབ་འགྲོ་བའི་བློཿ ཤེས་རབ་འོད་ཀྱིས་གསལ་བར་ཤོགཿ མཐའ་མ་དམ་ལྡན་སློབ་བུས་རྒྱཿ དར་མོ་སྨན་རམས་པའི་གདམས་ངག་བཀའ་རྒྱ་མ་ལགས་སོཿ བཀྲ་ཤིསཿ ཞེས་འབྱུང་ངོ་། །

གཞན་ཡང་མར་མེ་བརྟག་པ་བྱ་ཚུལ་གཏེར་སྟོན་སངས་རྒྱས་གླིང་བའི་གཏེར་བྱོན་མར་མེ་པྲ་བརྟག་དང་། འཇུ་མི་ཕམ་གྱི་བརྟག་པ་སྣ་ཚོགས་ཀྱི་སྐོར་ནོར་བུའི་མེ་ལོང་ལས་རི་མོ་དང་བཅས﹙ལྕགས་པར་དེབ་གྲངས་བཅུ་དགུ་ཤོག་ངོས༢༩༢ནས༣༠༠ བར﹚པ་གསལ་བར་བཀོད་ཡོད་པས། ཤེས་འདོད་པ་དག་གིས་དེ་དག་ཏུ་གཟིགས་པ་ལས། འདིར་ཡི་གེ་མང་དུ་འཇིགས་ནས་མ་བཀོད་ལ། འདིར་བསྡུས་ཙམ་ཁོལ་དུ་ཕྱུང་ནས་བཀོད་ན། འོད་གསལ་ན་ནད་མེད། མི་གསལ་ན་ནད་ངོ་དང་གྲིབ་ངོ་ཡིན། རླུང་དང་རྐྱེན་མེད་སར་མར་མེ་ཤི་ན་ངེས་པར་ཤི་ཆད་འོང་། ཆུ་སོང་བ་ལྟར་ཚག་སྒྲ་དང་བཅས་འབར་དཀའ་ན་བར་ཆད་ཆེ། ཕྱོགས་སུ་རླུང་དྲག་པོས་བཏབ་པ་ལྟར་མེ་ལྕེ་ཆད་ཅིང་བསྐྱོད་ན། འཚུབ་ཆེ་བས་རིམ་གྲོར་འབད། འུར་ཟིང་གི་ངོ་ཡང་ཆེ། རྩེ་མོ་བཅད་པ་ལྟ་བུ་མི་གསལ་ཞིང་ཐུང་ན་ཕོ་ལྷ་མནོལ། ངོ་སོ་དམའ། དབྱིབས་རྩེ་རྣོ་ཞིང་རིང་ལ་མཛེས་པ་དང་། རྒྱལ་མཚན་དང་བཀྲ་ཤིས་པའི་རྫས་འདྲ་ན་ཤིན་ཏུ་བཟང་། དཀར་བོ་སོགས་ཀྱི་མདངས་ལྡན་གསལ་ན་ཞི་སོགས་ལས་འགྲུབ། འབར་ཡུན་རིང་ན་སྲིས་སྨེ་ཞིང་བཟང་། དཀྱིལ་སྔོ་ནག་ལ་སྡོང་བུ་རྩེ་མོ་དམར་བར་ནག་ཐིང་ངེ་འདུག་ན་བློ་འགྱོད་ཆེ། མེ་སྟག་དམར་ཚིག་གེ་བ་མི་གསལ་ན་ན་ངོ་དང་གྱོད་ངོ་ཡིན། རྩེ་མོ་ཐུར་དུ་གུག་ཉམས་ལྟར་མི་གསལ་ན་མནན་པ་སོགས་གཉའ་ནོན་ཡོད། སྟབ་སྟབ་ཟེར་ཞིང་འོད་ཤིན་ཏུ་བཟང་ལ་ཡིད་དུ་འོང་བར་འབར་ན་བཀྲ་ཤིས་འཕེལ། དེ་ལ་མེ་ཏོག་ཆགས་ཤིང་འོད་གསལ་ན་དགེ་མཚན་གྱི་ངོ་ཡིན། ཞེས་གསུངས་སོ། །

མ་ཎི་འཁོར་ལོ།

༡ མ་ཎི་འཁོར་ལོའི་ཁུངས། དམ་ཆོས་པད་དཀར་ལས། གསང་སྔགས་རིག་སྔགས་གཟུངས་སྔགས་ཀུན། །བཟླས་བརྗོད་གཙོ་བོར་མ་བྱས་ཀྱང་། །འཁོར་ལོ་བསྐོར་བའི་ལས་སྦྱོར་དག། ཕུན་སུམ་ཚོགས་པས་འགྲུབ་པར་འགྱུར། །གསང་སྔགས་ཡིག་འབྲུར་བྲིས་པ་ནི། །བཏོན་པ་ལས་ཀྱང་བསྐོར་བ་མཆོག། གང་གང་བྲིས་པ་དེ་དག་ནི། །ཚེགས་མེད་ཉིད་དུ་འགྲུབ་པར་འགྱུར། །ཞེས་དང་། པད་ཕྲེང་གི་རྒྱུད་ལས། འཁོར་ལོ་འདི་ཡིས་དགོས་ཆེད་ནི། །གང་ཞིག་བརྩོན་འགྲུས་མི་ལྡན་པའི། །ཅི་བདེར་གནས་པའི་གང་ཟག་ལ། །འཁོར་ལོའི་མན་ངག་ཤིན་ཏུ་གཅེས། །གཞན་ཡང་། སངས་རྒྱས་པད་མོ་མཆོག་གིས་སྒྲིབ་པ་རྣམ་སེལ་ལ། ཕ་རོལ་ཕྱིན་པ་བཅུ་དང་ནི། །སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི། །བསྐལ་བའི་བར་དུ་འཆད་ཉན་ལས། །ཆོས་འཁོར་ལན་གཅིག་བསྐོར་བ་མཆོག །ཞེས་དང་། གཞན་རྒྱལ་བ་དགོངས་འདུས་སོགས་སུའང་གསུངས་པ་རྣམས་མ་ཎི་འཁོར་ལོའི་ཁུངས་ཡིན་ནོ། །

གཞན་ཡང་། གུང་ཐང་བསྟན་པའི་སྒྲོན་མེས། འདིའི་ཁུངས་ནི་རྒྱུད་སྡེ་བཞི་ཀ་ནས་ལྷ་རང་རང་གི་སྔགས་བགྲང་བ་དང་། སྔགས་འཁོར་ལོ་ལ་བྲིས་ཏེ་ཕྱིའི་འབྱུང་བ་དང་། རང་གི་ལག་པས་བསྐོར་བ་ལ་བརྟེན་ནས་ཞི་རྒྱས་དབང་དྲག་གི་ལས་མཐའ་ཡས་པ་འགྲུབ་པར་གསུངས་པ་ལ་བརྟེན་ནས། རྒྱ་བོད་ཀྱི་མཁས་གྲུབ་མཐའ་དག་གིས་རང་གི་ཕྱག་དང་མདུན་དུ་བཞག་པ་སོགས་ཀྱིས་བསྐོར་བ་དང་། དགོན་གྲོང་ཐམས་ཅད་དུ་མ་ཎི་བཞུགས་ཡུལ་གྱི་གཙུག་ལག་ཁང་བཞེངས་པ། མཁས་བླུན་སྐྱེ་བོ་མཐའ་དག་ལ་ཕན་པའི་ཐབས་བསམ་གྱིས་མི་ཁྱབ་པ་ཡིན་པར་གསུངས་སོ། །

༢ མ་ཎི་བོད་ཀྱི་ཆོས་སྐལ་དུ་གྱུར་ཚུལ། འཕགས་མཆོག་སྤྱན་རས་གཟིགས་དབང་གིས་སངས་རྒྱས་འོད་མཛད་ཡེ་ཤེས་ཏོག་གི་སྤྱན་སྔར་ཐུགས་བསྐྱེད། སངས་རྒྱས་འོད་དཔག་མེད་ཀྱི་སྤྱན་སྔར་དམ་བཅས་ཤིང་སྨོན་ལམ་ཆེན་པོ་གྲངས་མེད་བཏབ་པ་དང་། ཁྱད་པར་དུ་སྟོན་པ་འདིའི་སྤྱན་སྔར་འདས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་མ་ཐུལ། མ་འོངས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་གདུལ་བར་མི་འགྱུར་བའི་མཐའ་འཁོབ་བོད་ཁ་བ་ཅན་གྱི་སེམས་ཅན་རྣམས་འདུལ་བའི་དམ་བཅས་པར་བརྟེན། འཕགས་པ་ཐུགས་རྗེ་ཆེན་པོ་བོད་ཀྱི་ལྷ་སྐལ་དང་། མ་ཎི་ཡི་གེ་དྲུག་མ་བོད་ཀྱི་ཆོས་སྐལ་དུ་གྲགས་པའི་གནད་ཀྱང་འདི་ལ་ཐུག་ཡོད། འཕགས་མཆོག་འདིའི་སྨོན་ལམ་གྱི་དབང་གིས། རང་ཅག་ལ་ལྷ་གཞན་ལས་བྱིན་རླབས་མྱུར་བ་དང་། གཟུངས་སྔགས་གཞན་ལས་ཡི་གེ་དྲུག་མ་འདི་ཉིད་འགྲུབ་སླ་བ་ཡིན། ཚུལ་འདི་ལ་དགོངས་ནས་ཡབ་རྗེ་བླ་མས། གསུང་ཡི་གེ་དྲུག་མ་ནུས་མཐུ་ཆེ། །ངག་དལ་བ་མེད་པར་འདྲེན་པ་གཅེས། །གསུངས་ལ། གུང་ཐང་བསྟན་པའི་སྒྲོན་མེས་ཀྱང་། གཟུངས་ཡིག་དྲུག་ཚར་གཅིག་བཏོན་ན་ཡང་། །དེ་འཇིག་རྟེན་ཕྱི་མའི་ལམ་རྒྱགས་ཡིན། །ཆོས་གཅིག་ལ་བྱིན་རླབས་ཆེ་བ་དེ། །སྔགས་གཟུངས་མཆོག་ཡི་གེ་དྲུག་མ་ཡིན། །ཁོང་བྱིས་པ་ཚུན་ཆད་ཤེས་པ་དེ། །ངེད་བོད་ཀྱི་ཆོས་སྐལ་ཡིན་པའི་རྟགས། །ཞེས་དང་། འབྲི་གུང་གྲུབ་ཐོབ་གངས་རི་རྡོར་འཛིན་ཀུན་དགའ་གྲགས་པ་མ་ཕམ་གྱི་མཚོ་འགྲམ་དུ་ཕེབས་ནས་མཚོ་བདག་དམ་ལ་བཏགས་ནས། མཚོའི་ནང་ནས་རྡེའུ་ཕྱག་གང་བླངས་པའི་ནང་དུ་རྡོ་ནག་པོའི་ལྡེབས་ལ་རྡོ་དཀར་གྱི་ཡིག་དྲུག་རང་བྱོན་བཟོ་བོ་མཁས་པས་བསྐྲུན་པ་ལྟ་བུ་ཕྱག་ཏུ་བྱུང་བ་དེ་ཀླུ་རྒྱལ་མ་དྲོས་པས་ཕུལ་བར་གྲགས་པ། ད་ལྟ་ལ་དྭགས་སྒང་སྔོན་གྱི་ནང་རྟེན་དུ་བཞུགས་པ་སོགས་ཆོས་སྐལ་དུ་སྨིན་པ་མང་དུ་ཡོད། ཨོཾ་མ་ཎི་པདྨེ་ཧཱུཾ་ཞེས་པ་འདི་དོན་བསྒྱུར་བྱས་ན། ཀྱེ་ནོར་བུ་པདྨ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ་ཞེས་པ་སྟེ། འཕགས་པ་སྤྱན་རས་གཟིགས་ལ་ཉེ་ཚིག་གིས་བོས་ཏེ་དངོས་གྲུབ་ཞུ་བའོ། །

༣ གཟུངས་སྔགས་འདི་བརྒྱུད་ཚུལ། རིག་སྔགས་ཀྱི་རྒྱལ་པོ་འདི་སངས་རྒྱས་སྣང་བ་མཐའ་ཡས་ཀྱིས་འཕགས་པ་ཐུགས་རྗེ་ཆེན་པོ་ལ་གནང་ཞིང་། དེས་སངས་རྒྱས་པདྨའི་མཆོག་དང་། དེ་ལས་སྟོན་པ་ཐུགས་རྗེ་ཅན་ལ་བརྒྱུད་ཅིང་། སྟོན་པ་ཁོང་ཉིད་ཀྱིས་རྡོ་རྗེ་གདན་དང་། བྱ་རྒོད་ཕུང་པོའི་རི། པོ་ཏ་ལ་རྣམས་སུ་འཁོར་འདུས་པ་མང་བོར་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་མན་ངག་དང་བཅས་པ་གསུངས་ཤིང་། རང་རེའི་ལྗོངས་འདིར་ཡང་ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོས་དམ་པའི་ཆོས་ཀྱི་སྲོལ་གཏོད་དེ་མདོ་སྡེ་དཀོན་མཆོག་སྤྲིན་དང་། ཐུགས་རྗེ་ཆེན་པོའི་མདོ་རྒྱུད་ཉེར་གཅིག གཉན་པོ་གསང་བ་སོགས་བསྒྱུར་ནས་གཟུངས་འདིའི་འཕྲིན་ལས་རྒྱ་ཆེར་དར་རོ། །

དེ་ལྟར། བོད་མི་རྩམ་གཟན་ནམ་ཕྲེང་བཟུང་གི་ལུང་བ་འདིར། རྒྱལ་བློན་ལོ་པཎ་ཕལ་ཆེར་འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་གྱིས་ཆོས་སྲིད་བསྐྱངས་ཤིང་། ཐ་ན་ངག་གི་རྒྱན་དང་སྐད་ཆའི་ཁུགས། སྐྱིད་པའི་གླུ་དང་སྡུག་པའི་སྨྲེང་གཏམ་ཚུན་ཆད་དུ་མ་ཎི་ཡིག་དྲུག་གི་མ་ཁྱབ་པ་མེད་པས། ཁ་དཔེར་ཡང་། ཐུགས་རྗེ་ཆེན་པོ་མ་གཏོགས་ལྷ་མེད། ཡི་གེ་དྲུག་མ་མ་གཏོགས་ཆོས་མེད། ལྷ་སྐལ་ཐུགས་རྗེ་ཆེན་པོ་ཡིན། ཆོས་སྐལ་ཡི་གེ་དྲུག་མ་ཡིན། འདུག་ས་ཁ་བ་ཅན་པ་ཡིན། འགྲོ་ས་བདེ་བ་ཅན་པ་ཡིན། ཞེས་སྣོད་བཅུད་ཀྱི་རྒྱན་དུ་གྱུར་བ་ཡིན།

གཞན་ཡང་། སློབ་དཔོན་ཀླུ་སྒྲུབ་སྙིང་བོ་ལ། །འཕགས་པ་སྤྱན་རས་གཟིགས་དབང་གིས། །འདི་ལྟར་ལུང་བསྟན་མཛད་པ་ནི། །ཀླུ་ཡི་ཡུལ་གྱི་ཕོ་བྲང་ན། །ཀླུ་རྒྱལ་བྱང་ཆུབ་སེམས་དཔའ་ལ། །ཆོས་ཀྱི་འཁོར་ལོ་མཐོང་ཐོས་དང་། །དྲན་ཅིང་རེག་པ་ཙམ་གྱིས་ཀྱང་། །ངན་སོང་གསུམ་གྱི་སྡུག་བསྔལ་ལས། །མྱུར་ཏུ་སྒྲོལ་བར་བྱེད་པ་ཡི། །ཟབ་མོའི་ཆོས་འཁོར་གཅིག་འདུག་པ། །ཁྱོད་ཀྱིས་ལོངས་དང་སེམས་ཅན་གྱི། །དོན་གྱི་རྒྱ་ཆེན་འབྱུང་བར་འགྱུར། །ཞེས་གསུངས་ནས་ལུང་བསྟན་མཛད་པ་ལྟར། །སློབ་དཔོན་ཀླུ་སྒྲུབ་ཀླུ་ཡུལ་དུ་བྱོན་ནས། ཀླུའི་རྒྱལ་བོ་བྱང་ཆུབ་སེམས་དཔའ་ལ་འདི་སྐད་ཅེས་ཞུས་སོ། །ཀླུའི་རྒྱལ་བོ་བྱང་ཆུབ་སེམས་དཔའ་གསན་དུ་གསོལ། འཕགས་པ་སྤྱན་རས་གཟིགས་དབང་གིས། །བདག་ལ་ལུང་བསྟན་མཛད་བྱུང་བ། །ཀླུ་ཡི་ཡུལ་དུ་ཁྱོད་སོང་ལ། །ཀླུ་རྒྱལ་བྱང་ཆུབ་སེམས་དཔའ་ལ། །ཆོས་འཁོར་མཐོང་ཐོས་དྲན་རེག་པས། །ངན་སོང་སྡུག་བསྔལ་ཀུན་གྲོལ་བའི། །ཟབ་མོའི་ཆོས་འཁོར་གཅིག་འདུག་པ། །བདག་ལ་ཞུས་ཤོག་གསུངས་ནས་འོང་། །ཆོས་འཁོར་ཐུགས་རྗེས་གནང་དུ་གསོལ། །ཞེས་ཞུས་པས། ཀླུའི་རྒྱལ་བོ་བྱང་ཆུབ་སེམས་དཔའི་ཞལ་ནས། ངའི་ཆོས་ཀྱི་འཁོར་ལོ་ཟབ་མོ་མཐོང་ཐོས་དྲན་པ་དང་རེག་པ་ཙམ་གྱིས། འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ངན་སོང་གི་སྡུག་བསྔལ་ཆེན་པོ་ལས་མྱུར་དུ་གྲོལ་བར་བྱེད་པའི་འཁོར་ལོ་འདི་སྔོན་འདས་པའི་སངས་རྒྱས་མར་མེ་མཛད་ཀྱིས་ངེད་ཀླུ་རྣམས་ལ་གནང་ནས་ཀླུ་རྣམས་བདེ་བ་དང་ལྡན་ཞིང་སངས་རྒྱས་ཀྱི་ས་ལམ་བགྲོད་པ་ཡང་མང་བོ་བྱུང་བ་ཡིན་ནོ། །ཆོས་འཁོར་ཟབ་མོ་འདིར་འཕགས་པ་སྤྱན་རས་གཟིགས་ཀྱིས་སངས་རྒྱས་རྣམས་ལ་ཞུས་པའི་གཟུངས་སྔགས་ཀྱི་སྙིང་བོ་ཨོཾ་མ་ཎི་པདྨེ་ཧཱུཾ་ཞེས་པ་འདི་སངས་རྒྱས་ཐམས་ཅད་གཅིག་ཏུ་བསྡུས་པའི་གཟུངས་སྔགས་ཀྱི་འཁོར་ལོ་ཡིན་པས་ཁྱོད་ལ་སྟེར་རོ། །ཁྱོད་ཀྱིས་ཀྱང་འཁོར་ལོ་ཟབ་མོ་འདི་ས་ཆུ་མེ་རླུང་ལའང་ཚུགས་ལ། སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་གྱི་དོན་གྱིས་ཤིག་གསུངས་ནས། ཕྱག་ལེན་དང་བཅས་པ་གནང་ངོ་། །དེ་ནས་འཕགས་པ་ཀླུ་སྒྲུབ་ཀྱིས་རྒྱ་གར་ཡུལ་དུ་གདན་དྲངས་ནས་མཁའ་འགྲོ་མ་སེང་གེ་གདོང་ཅན་ལ་གནང་། དེས་ཏེ་ལོ་བ། དེས་ན་རོ་བ། དེས་མར་བ་ལ་གནང་ནས་བོད་དུ་གདན་དྲངས་སོ། །དེས་མི་ལ་ལ་གནང་། དེས་དྭགས་པོ་ལྷ་རྗེ་ལ། དེས་ཁམས་པ་ཨུ་སེ་ལ་གནང་ནས་རིམ་པར་བརྒྱུད་པ་སོགས་གྲུབ་ཐོབ་ཀརྨ་དཔའ་ཤིའི་གསུང་འབུམ་གྱི་ནང་ན་འཁོར་ལོ་འདིའི་ཕན་ཡོན་དང་བཅས་པ་མང་དུ་བཞུགས་སོ། །

༤ མ་ཎི་འཁོར་ལོའི་མཚོན་དོན། ཆུ་ཀླུང་ཆེན་པོ་བསྐོར་བའི་མདོ་ལས། རྩ་བ་བྱང་ཆུབ་ཤིང་ལས་བྱས། །བྱང་ཆུབ་སེམས་ནི་ངང་གིས་བསྐྱེད། །སྲོག་ཤིང་སྲ་བའི་ལྕགས་ལས་བྱས། །རྣལ་འབྱོར་ཚེ་སྲོག་སྲ་ཤིང་བརྟན། །མ་ནི་ཧཱུཾ་གི་རྩ་བར་གཏད། །ཨོཾ་ནི་ཕྱི་ལ་དར་སྣས་དྲིལ། །བསོད་ནམས་ལོངས་སྤྱོད་དཔལ་འབྱོར་རྒྱས། །རྩེ་ལ་ཏོག་གཅིག་བསྐོར་བ་དེ། །ཆོས་སྐུ་སྣང་བ་མཐའ་ཡས་མཚོན། །ཆོས་སྐུའི་གོ་འཕང་འཐོབ་པའི་རྟགས། །བར་དུ་འཁོར་ལོ་བསྐོར་བ་ནི། །ལོངས་སྐུ་ཐུགས་རྗེ་ཆེན་པོ་མཚོན། །བདེན་གཉིས་ཟུང་དུ་ཆུད་པའི་རྟགས། །དེ་ལ་ཤམ་བུ་བསྐོར་བ་ནི། །སྤྲུལ་སྐུ་འགྲོ་དོན་བྱེད་པའི་རྟགས། །སྐོར་རྡོ་ལྟ་བུ་དུང་བཏགས་པ། །གདུལ་བྱ་འཕྲིན་ལས་རྒྱས་པའི་རྟགས། །དབུ་ལ་གདུགས་ཆེན་བསྐོར་བ་དེ། །ས་ལམ་མ་ལུས་ཡོངས་རྫོགས་ནས། །སྤངས་རྟོགས་སྟོང་ཉིད་མཐར་ཕྱིན་ཤོག །གསུངས་སོ། །

གཞན་ཡང་། ཡི་གེ་མ་ཎི་དྲུག་མ་འདི་སངས་རྒྱས་ཐམས་ཅད་ཀྱི་སྙིང་བོ་ཡིན་ཏེ། མ་ཎི་དང་པདྨ་གཉིས་ཀྱིས་ཐབས་ཤེས་སོ་སོར་བསྟན་ཅིང་། དེ་གཉིས་ཨོཾ་སོགས་ལ་སྦྱར་པས། ཐབས་ཤེས་དབྱེར་མེད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་སྟོན། ཧྲཱྀ་ནི་སྤྱིར་སངས་རྒྱས་ཐམས་ཅད་ཀྱི་སྙིང་བོ་དང་། ཁྱད་པར་དུ་འཕགས་པ་སྤྱན་རས་གཟིགས་ཀྱིས་ས་བོན་ཡིན་ནོ། །

ཡང་། ཁ་ཅིག་གིས་མཚོན་དོན་ལ། ཨོཾ་ཡིག་གིས་སྦྱིན་པའི་ཕར་ཕྱིན་རྫོགས་པར་མཚོན་པ་སྟེ། གནས་སྐབས་ཀྱི་ཟས་གོས་དང་། གནས་མལ་གྱི་བདེ་བ་ཙམ་མ་ཡིན་པར་འཁོར་བ་སྤྱི་དང་བྱེ་བྲག་གི་སྡུག་བསྔལ་ཕྲ་རགས་ལས་ཐར་བའི་གཏན་གྱི་བདེ་བ་ལྷུན་གྱིས་གྲུབ་པར་སྟོན་ལ། དེ་ཡང་ཨ་ཨུ་ཨོ་གསུམ་གཅིག་ཏུ་འདུས་པའི་ཆ་ནས་སྐྱེ་འཆི་བར་དོ་བཅོམ་པའི་སྐུ་གསུམ་སོ་སོ་དངོས་ཟིན་པའང་མཚོན་པ་ཡིན། དེ་བཞིན་མ་ཡིག་གིས་བཟོད་པའི་ཕར་ཕྱིན་མཚོན་ཏེ། འཕགས་པ་སྤྱན་རས་གཟིགས་ཀྱིས་སངས་རྒྱས་འོད་དཔག་མེད་པའི་དྲུང་དུ་ཐུགས་བསྐྱེད་སྨོན་ལམ་གྱི་གཡར་དམ་མཛད་པའི་བྱུང་བ་བཞིན། གདུལ་དཀའ་སེམས་ཅན་རྣམས་བླ་ན་མེད་པའི་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐད་ཅིག་ཙམ་ལའང་བསྲན་དཀའ་བའི་མེ་ཡི་ནང་དུ་བསྐལ་བ་རྒྱ་མཚོར་གནས་དགོས་ཀྱང་། གཞན་དོན་མི་འདོར་བའི་བཟོད་པ་བསྐྱེད་པའི་སྒོ་ནས་སྐྱེ་རྒུ་ཀུན་གྱི་མ་ལྟར་བརྩེ་བས་བསྐྱངས་པར་སྟོན་པའོ། །ཎི་ཡིས་འགྲོ་དྲུག་འདྲེན་པར་བྱེད། གསུངས་པ་བཞིན་སྙིགས་དུས་ཀྱི་འགྲོ་བ་རྣམས་ང་རྒྱལ། ཁོང་ཁྲོ། ཕྲག་དོག་བཅས་ཀྱིས་དུས་འདའ་ཞིང་། དགེ་བར་གཞོལ་བའི་སེམས་བག་ལ་ཉལ། བྱིང་རྒོད་ཀྱི་འཐོར་རླུང་གིས་གཡེང་བའི་ཤིང་བལ་བཞིན་འཕྱན་པ་རྣམས་ཐར་ལམ་དུ་འདྲེན་པར་བྱེད་པ་སྟོན་པ་དང་། གཞི་ཀུན་རྫོབ་ཙམ་དུ་རྒྱུ་འབྲས་རྟེན་འབྱུང་སོགས་བྱ་བྱེད་རྣམ་བཞག་ཡོངས་རྫོགས་ཀྱི་རང་གཤིས་གསལ་རྗེན་དུ་མཚོན་པའོ། །པད་ཅེས་པས་མི་འདོད་པའི་སྡུག་བསྔལ་ཕྲ་རགས་ཀྱི་རྩ་བ་དྲུང་ནས་འབྱིན་པར་སྟོན་པ་ཡིན་ལ། དེ་ལྟར་འབྱིན་པ་ལའང་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་ནམ་བསམ་གཏན་གྱི་ཏིང་ངེ་འཛིན་ལ་རག་ལས་པས། བསམ་གཏན་གྱི་ཕར་ཕྱིན་མཚོན་པ་ཡིན་ནོ། །མེ་ཡིས་བུད་ཤིང་ཐམས་ཅད་སྲེག་པར་བྱེད་པ་བཞིན་རྣམ་དཀར་གྱི་དགེ་བའི་ལས་ལམ་དུ་འཇུག་པའི་བརྩོན་འགྲུས་ཀྱི་མེ་ཡིས་སྒྲིབ་གཉིས་བག་ཆགས་དང་བཅས་པའི་དྲི་མའི་བུད་ཤིང་མ་ལུས་པ་བསྲེགས་ཞིང་། གནས་སྐབས་དང་མཐར་ཐུག་གི་ཕན་བདེ་མ་ལུས་འབད་མེད་དུ་སྟེར་བས་ན། བརྩོན་འགྲུས་ཀྱི་ཕར་ཕྱིན་མཚོན་པ་ཡིན། ཧཱུཾ་ཡིག་གིས་དོན་དམ་པར་རང་བཞིན་གྱིས་གྲུབ་པར་འཛིན་པའི་བདེན་འཛིན་གྱི་དམིགས་པའི་གཏད་སོ་བྲལ་བའི་སྟོང་བ་ཉིད་དང་། རྒྱུ་འབྲས་རྟེན་འབྲེལ་སོགས་བྱ་བྱེད་ཀྱི་ཆོས་ཀུན། ཀུན་རྫོབ་ཙམ་དུ་འཐད་པའི་རྟེན་འབྱུང་གཉིས་འགལ་མེད་གྲོགས་སུ་འཁྱེར་བའི་ཤེས་རབ་ཀྱི་ཡུལ་དང་བཅས་པ་སྟོན་པར་མ་ཟད། གོང་གི་མ་ཎི་པདྨེ་ཞེས་སྤྱན་རས་གཟིགས་ཀྱི་མཚན་སྨོས་ཏེ་ཧཱུཾ་ཞེས་པས་ནི་བརྩེ་བ་སྙིང་རྗེ་ཆེན་པོའི་བདག་ཉིད་ཅན། ཁྱོད་ཀྱིས་བདག་སོགས་བྱང་ཆུབ་མ་ཐོབ་བར་དུ་རྗེས་སུ་ཟུངས་ཤིག ཐར་བ་བླ་ན་མེད་པའི་ལམ་བཟང་མྱུར་དུ་འཐོབ་པར་མཛོད་ཅིག་ཅེས་གསོལ་བ་འདེབས་པའི་ཚུལ་མཚོན་པ་བཅས་སོ། །

༥ མ་ཎི་འཁོར་ལོའི་རྣམ་གྲངས། སྤྱིར་འཁོར་ལོ་ལ། བསྒོམ་པའི་འཁོར་ལོ། བསྲུང་བཟློག་གསད་གསུམ་གྱི་འཁོར་ལོ། འཁོར་བའི་འཁོར་ལོ། གཅོད་པའི་འཁོར་ལོ། འཕྲོ་བའི་འཁོར་ལོ། བཀྲ་ཤིས་ཚེ་རིང་གི་འཁོར་ལོ། ལས་ཐམས་ཅད་ལྷུན་འགྲུབ་གྱི་འཁོར་ལོ། བསྐོར་པའི་འཁོར་ལོ་དང་བཅུ་གཅིག་ཡོད་པར་བཤད། དེའི་ནང་གསེས་སྐབས་སུ་བབ་པ་བསྐོར་པའི་འཁོར་ལོ་ལ། ཆུ་འཁོར། རླུང་འཁོར། མེ་འཁོར། ས་འཁོར། ལག་འཁོར་དང་ལྔའོ། །གཞན་ཡང་། རྣལ་འབྱོར་བས་དགྲ་བགེགས་ཚར་བཅད་པའི་ཆེད་དུ་རླུང་འཁོར། སེལ་ཕུང་། ཉེ་འབྱེད། འགོ་མཆོག་སོགས་དྲག་པོའི་ལས་ཀྱི་འཁོར་ལོའི་རིགས་བྲིས་སྒྲུབ་བགྱིས་པ་སོགས་ཐུའུ་བཀྭན་རིན་པོ་ཆེའི་རྟ་མགྲིན་ལས་ཚོགས་ན་གསལ་ལོ། །

༦ བྲི་བའི་རྫས་ནི། རབ་གསེར་དང་དངུལ་མཚལ་གསུམ། འབྲིང་གཡུ་དང་དུང་། ཐ་མ་སྣག་ཚའོ། །དེ་ཡང་སྣག་ཚའི་ཤིང་པར་དང་ལྕགས་པར་འདི་རྒྱུགས་ཆེ་ལ། དེ་ཡང་རིན་ཆེན་སྣ་ལྔ་དང་སྨན་དྲི་བཟང་སོགས་སྣག་ཚ་བསྲེས་ཏེ་བཞེངས་ལ། མཚན་ལྡན་བླ་མས་རབ་གནས་དང་བཀྲ་ཤིས་སྨོན་ལམ་གྱིས་མཚམས་སྦྱར་ཏེ། རིན་ཆེན་དང་གོས་དར་གང་འཛོམས་ཀྱིས་མཛེས་པར་སྤུད་པར་བྱའོ། །མ་ཎི་རྡོ་བརྐོས་ལྟ་བུར་མཚོན་ན། ཡིག་དྲུག་གི་མདོག་གི་ཁྱད་པར་གྱིས་ཁྱད་ནུས་མི་འདྲ་བ་ཐོན་པར་ཡང་བཤད་དེ། ཨོཾ་དཀར་བོས་ལྷའི་སྐྱེས་སྒོ་གཅོད། མ་ལྗང་ཁུས་ལྷ་མིན་གྱི་སྐྱེ་སྒོ་གཅོད། ཎི་སེར་བས་མིའི་སྐྱེ་སྒོ་གཅོད། པད་མཐིང་གས་དུད་འགྲོའི་སྐྱེ་སྒོ་གཅོད། མེ་དམར་བས་ཡི་དྭགས་ཀྱི་སྐྱེ་སྒོ་གཅོད། ཧཱུཾ་མཐིང་ནག་གིས་དམྱལ་བའི་སྐྱེ་སྒོ་གཅོད་པར་ཡང་གསུངས་སོ། །

༧ མ་ཎི་འཁོར་ལོ་ལག་ལས་བྱེད་ཚུལ། ཆོས་ཀྱི་འཁོར་ལོ་རྒྱུན་མི་ཆད་པའི་རྒྱུད་ལས། ཆོས་ཀྱི་འཁོར་ལོ་ཆེན་པོ་འདི། །ས་ཆུ་མེ་རླུང་འཁོར་ལོ་དང་། །འདུ་བྱེད་ལག་པའི་འཁོར་ལོ་སོགས། །མཐོང་བ་བརྒྱུད་པའི་ཕྱག་ལེན་ལྟར། །ས་བལྟ་གནམ་བལྟ་མ་ནོར་བར། །སྐྱོན་མེད་ཤིན་ཏུ་དག་པར་བྱ། །ཞེས་པ་ལྟར། འཁོར་ལོའི་དབུ་ཏུབ་དང་གནམ་ལ་བསྟན་པ་དང་། ཞབས་ཏུབ་ས་ལ་བསྟན་པར་བྱའོ། །འཁོར་ལོ་དེ་གཉིས་ཁ་སྦྱར་ལ། མང་དུ་བརྩེགས་པ་སོགས་ཆེ་ཆུང་གི་ཚད་དང་བསྟུན་པར་བྱ། གཟུངས་སྔགས་དཀྲི་ཚུལ་ནི། ཆོས་ཀྱི་འཁོར་ལོ་རྒྱུན་མི་ཆད་པའི་རྒྱུད་ལས། ཨོཾ་ནི་སྲོག་ཤིང་སྨྱུག་མར་འཇུས། །ཧཱུཾ་ནི་མཇུག་ནས་ཡོད་པར་བྱ། །ཞེས་པ་ལྟར་ཡི་གེ་ནང་ལ་བསྟན་ཏེ་མཇུག་ནས་སྒྲིལ་བར་བྱ་ཞིང་། དམ་ལྷོད་ཡང་རན་པར་བྱ་དགོས་ཏེ། དམ་དྲགས་ན་གཟུངས་སྔགས་བྲག་གི་བར་དུ་བཙིར་བ་ལྟ་བའི་ཉེས་པ་དང་། ལྷོད་དྲགས་ན་རྒྱུ་མ་ལུགས་པ་ལྟ་བུའི་ཉེས་པ་ཡོད་པས། དམ་ལྷོད་རན་པར་བྱའོ། །

༨ མ་ཎི་བསྐོར་དུས་ཀྱི་དམིགས་རིམ། དམིགས་རྣམ་སྐྱོང་ལུགས་ནི། གཟུངས་གཞུག་ལས་འོད་ཟེར་དཔག་མེད་འཕྲོས་ཏེ། མཆོད་པའི་སྤྲིན་གྱིས་ཞིང་ཁམས་ལས་ཐམས་ཅད་འགེངས། རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་ནུས་མཐུ་ཐམས་ཅད་བསྡུས་ནས་མ་ཎི་འཁོར་ལོ་ལ་ཐིམ། དེ་ལས་འོད་འཕྲོས་ཏེ་སེམས་ཅན་ཐམས་ཅད་ལ་ཕོག་པས། སྡིག་སྒྲིབ་བྱང་ཞིང་མཆོག་ཐུན་གྱི་དངོས་གྲུབ་ཐོབ། སླར་འོད་དང་དཀྱིལ་འཁོར་ལྷ་ཚོགས་ནམ་མཁའ་ཀུན་ཏུ་ཁྱབ་ནས། མ་གྱུར་སེམས་ཅན་ཐམས་ཅད་ཀྱི་དགེ་རྩ་དང་ལྷན་ཅིག་ཏུ་འཕྲོས་ཏེ། རིགས་དྲུག་གི་སྡུག་བསྔལ་དག་ཅིང་། སྣོད་བཅུད་རྣམ་པའི་རང་གཞན་གཟུངས་སྔགས་ཀྱི་རང་སྒྲ་སྒྲོགས་པ་དང་། སེམས་བདེ་སྟོང་དབྱེར་མེད་ཀྱི་ངང་ལ་འབྱམས་པར་བསམ་དགོས་སོ། །

གཞན་ཡང་། རྒྱལ་མཁན་ཆེན་གྲགས་པ་རྒྱལ་མཚན་གྱིས། རང་ཉིད་ཐུགས་རྗེ་ཆེན་པོ་གསལ་བ་ལས་རིགས་དྲུག་གི་འགྲོ་བའི་གྲངས་དང་མཉམ་པའི་ཐུགས་རྗེ་ཆེན་པོ་སྤྲོས་ཏེ། དེ་དག་གི་སྒྲིབ་པ་སྦྱངས། སྤྱན་རས་གཟིགས་ཀྱི་གོ་འཕང་ལ་བཀོད་པ་དང་། རང་རང་གི་ཐུགས་ཀ་ནས་ཀུན་ཏུ་བཟང་བའི་མཆོད་པའི་སྤྲིན་གྱི་ཕུང་བོ་སྤྲོས་ཏེ། ཕྱི་ནང་གསང་བའི་མཆོད་པས་མཆོད། རྒྱལ་བ་སྲས་བཅས་ཐམས་ཅད་སྤྱན་རས་གཟིགས་ཀྱི་རྣམ་པར་སྤྱན་དྲངས་པ་ནམ་མཁའི་ཁྱོན་ཐམས་ཅད་ཏིལ་གྱི་གང་བུ་ལྟར། བར་མཚམས་མེད་པར་གང་བ་ལ་དམིགས་ཏེ་མ་ཎི་བགྲང་བའི་ཚེ། རང་གིས་དུས་གསུམ་དུ་བསགས་པའི་དགེ་ཚོགས་མཐའ་དག་དང་། རྒྱལ་བ་སྲས་བཅས་ཀྱི་ཡོན་ཏན་ཐམས་ཅད་གཅིག་ཏུ་འདྲེས་ཏེ། དེ་ལས་བདུད་རྩིའི་རྒྱུན་དང་། འོད་སྣ་ལྔ་ལ་སོགས་པ་བྱུང་སྟེ་ཚ་དམྱལ་བརྒྱད་དང་། གྲང་དམྱལ་བརྒྱད་ཀྱི་སྡུག་བསྔལ་དང་། བྱིངས་དང་ཁ་འཐོར་ན་གནས་པའི་དུད་འགྲོའི་སྡུག་བསྔལ། སེར་སྐྱ་མིའི་ཡུལ་སོགས་ན་གནས་པའི་ཡི་དྭགས་བཀྲེས་སྐོམ་གྱི་སྡུག་བསྔལ། ལྷ་མ་ཡིན་གྱི་ཕྲག་དོག ལྷའི་འཆི་འཕོ་འོག་ལྟུང་། མིའི་སྐྱེ་རྒ་ན་འཆི་སོགས་སྡུག་བསྔལ་མཐའ་དག་བསལ་ཏེ། སྐད་ཅིག་མ་གཅིག་ལ་རྫོགས་སྨིན་སྦྱངས་གསུམ་མཐར་ཕྱིན་ནས། ས་བཅུ་བ་དང་རྒྱུན་མཐའ་ལྟ་བུའི་དབང་རྣོན་དུ་གྱུར་བ་དེ་ཉིད། རང་གི་བླ་མ་ལ་ཕུལ་ནས་གདུལ་བྱར་གྱུར་བར་མོས་ཏེ། འཁོར་ལོ་བསྐོར་བར་གསུངས་སོ། །

གཞན་ཡང་། ཆོས་ཀྱི་འཁོར་ལོ་ཆེན་པོ་ལས། །འོད་འཕྲོས་སེམས་ཅན་ཐམས་ཅད་ཀྱི། །ཉོན་མོངས་མ་ལུས་དུཿཁ་དང་། །རིགས་དྲུག་བག་ཆགས་ས་བོན་རྣམས། །རབ་འདུས་ཡིག་དྲུག་འཁོར་ལོར་ཐིམ། །ཉོན་མོངས་ལས་དང་ས་བོན་དང་། །རིགས་དྲུག་བག་ཆགས་ས་བོན་རྣམས། །བསྲེག་དང་བཅོམ་དང་དག་པར་བསམ། །མན་ངག་དེ་དང་ལྡན་གྱུར་ན། །འཁོར་བའི་རྒྱུ་རྐྱེན་འབྲས་བུ་དང་། །ཉོན་མོངས་ལས་དང་སྡིག་སྒྲིབ་ཀུན། །མ་ལུས་པ་ནི་གྲོལ་བར་འགྱུར། །འཁོར་བའི་རྩ་གཅོད་འཁོར་ལོ་ཡིན། །ཤིན་ཏུ་གསང་ལ་ཉམས་ལེན་གཅེས། །ལས་སྦྱོར་འཁོར་ལོ་རིན་ཆེན་གྱི། །སྔགས་ལས་འོད་ཟེར་འཕྲོས་གྱུར་བས། །འགྲོ་བ་རྣམས་ལ་ཕོག་པ་ཡིས། །བྱམས་དང་སྙིང་རྗེ་དགའ་བ་དང་། །བཏང་སྙོམས་དང་ནི་ཚད་མེད་བཞི། །རྒྱུད་ལ་ལྷུན་གྱིས་འགྲུབ་པར་འགྱུར། །སྦྱིན་པ་ཚུལ་ཁྲིམས་བཟོད་པ་དང་། བརྩོན་འགྲུས་བསམ་གཏན་ཤེས་རབ་སྟེ། །ཕ་རོལ་ཕྱིན་དྲུག་རྫོགས་པར་འགྱུར། །ཞེས་གསུངས་སོ། །

༩ མ་ཎི་སྐོར་བྱེད་ཀྱི་རྒྱུ་འབྱོར་མ་དག་པའི་ཉེས་པ། མ་ཎི་འཁོར་ལོའི་རྒྱུ་འབྱོར་ལོག་འཚོས་གོས་པ་སོགས་མ་དག་ཡིན་ན། ཕན་ཡོན་མེད་པར་མ་ཟད། ཉེས་དམིགས་ཧ་ཅང་ཆེ། ཁྱད་པར་དུ་སེམས་ཅན་མང་བོའི་སྲོག་བཅད་དེ། མ་ཎི་བསྐོར་བ་ཆོས་སུ་རློམ་པ་ནི། ཁྲག་མཚོ་དང་རྣག་མཚོའི་དཀྱིལ་ནས་ཡི་གེ་བྲིས་པ་སྟེ། གསུང་རབ་ཁྱད་དུ་གསད་པ་མ་ཡིན་ཡང་། གོ་བ་ལོག་པར་སོང་བས། སྡིག་འབྲས་ཆེས་ལྕི་བའི་ཕྱིར་རོ། །

༡༠ བསྐོར་ཚུལ་ལོག་པའི་ཉེས་དམིགས། ཇི་སྐད་དུ། ཏབ་ཏབ་ཏུ་ནི་བསྐོར་བ་ན། །དམན་པའི་ལུས་སུ་སྐྱེ་བར་འགྱུར། །འཁོར་ལོ་འཕྲེད་ལ་བསྐོར་བ་ན། །དུད་འགྲོ་སྒུར་བོའི་ལུས་སུ་སྐྱེ། །མགོ་མཇུག་ལོག་ནས་བསྐོར་བ་ན། །སེམས་ཅན་ཞ་བོའི་ལུས་སུ་སྐྱེ། །འཁོར་ལོ་གསལ་བར་མ་བཞེངས་ན། །དམུས་ལོང་ཅན་གྱིས་ལུས་སུ་སྐྱེ། །འཁོར་ལོ་སྒྲ་སྐད་ལོག་བལྟས་ན། །རྣ་བ་འོན་པའི་ལུས་སུ་སྐྱེ། །འཁོར་ལོ་སྐུར་བ་བཏབ་པ་ན། །ལྒིན་ཞིང་ལྐུགས་པའི་ལུས་སུ་སྐྱེ། །ཞེས་དང་། གཞན་ཡང་མགོ་མཇུག་ལྡོག་པ། སར་འཕངས་པ་སོགས་གསང་སྔགས་བཟླས་པའི་འཕྲུལ་འཁོར་བཤིགས་པ་ལྟར་རྣམ་སྨིན་ལྕི་བ་དང་། འགབ་ཡུག་ཤོར་བ་དང་། བརྙས་བཅོས་བྱས་ན། སྨྱོ་བ་དང་། བརྒྱལ་བ་དང་། དགྲ་རྐུན་ཇག་གསུམ་དང་། གོད་ཁ་རྒྱུན་མི་ཆད་པར་འོང་ཞིང་། དབུལ་ཕོངས་དང་ཤི་ཆད་། བཀྲ་མི་ཤིས་པ་མང་བོ་བྱུང་སྟེ། དམྱལ་བར་འགྲོ་བ་མདོ་རྒྱུད་རྣམས་སུ་གསུངས་པ་དང་། འཁོར་ལོ་བསྐོར་དུས་སུ་ཙེར་ཙེར་ཟེར་ན་སྲོག་ལ་གནོད། ཏྲག་ཏྲག་ཟེར་ན་འཁོར་ལ་གནོད་པས། སྐད་མེད་ཆུ་བོའི་རྒྱུན་བཞིན་བསྐོར་བ་གལ་ཆེའོ། །

༡༡ བསྐོར་ཚུལ་ལེགས་པའི་ཕན་ཡོན། གདུགས་ལྟར་བསྐོར་ན་གཟུགས་བཟང་ཞིང་། །སྐྱེ་མཆེད་ལེགས་ཤིང་ཚང་བར་སྐྱེ། །དེས་ན་སྐལ་ལྡན་སྐྱེས་བུ་ཡིས། །ཆོས་ཀྱི་འཁོར་ལོ་ཆེན་པོ་འདི། །ཐད་ཀར་དྲང་ཞིང་བསྐོར་བ་ན། །དབང་བོ་ཡ་རབས་སངས་རྒྱས་འཐོབ། །འགྲོ་བ་སེམས་ཅན་དོན་བྱེད་འགྱུར། །དབང་བོ་འབྲིང་རྣམས་མི་ལུས་འཐོབ། །སྡིག་སྤོང་དགེ་ལ་བརྩོན་པར་འགྱུར། །ཞེས་དང་། སངས་རྒྱས་སྣང་བ་མཐའ་ཡས་ཀྱིས། །སྙིགས་མའི་སེམས་ཅན་དོན་ཕྱིར་དུ། །ཡི་གེ་དྲུག་པའི་ཕན་ཡོན་བཤད། །ཡིག་དྲུག་འདྲེན་དང་ཆོས་འཁོར་བསྐོར། །དུས་གཅིག་ཉམས་སུ་ལེན་བྱེད་པ། །སངས་རྒྱས་སྟོང་དང་སྐལ་བ་མཉམ། །ཞེས་དང་། ཤཱཀྱའི་རྒྱལ་བོས། སྒྲིབ་པ་རྣམ་སེལ་ལེགས་པརཉོན། །སྙིང་བོ་དོན་གྱི་རྣལ་འབྱོར་མཆོག། སྒྲུབ་པ་ལོ་གཅིག་བྱས་པ་པས། །དབྱུག་རྡོ་ལན་གཅིག་བསྐོར་བ་མཆོག། སྙིང་བོ་དོན་བསྒོམ་འབྲིང་གིས་ཀྱང་། །སྒྲུབ་པ་ལོ་བདུན་བྱས་པ་ལས། །ཆོས་འཁོར་ལན་གཅིག་བསྐོར་བ་མཆོག། སྙིང་བོ་དོན་བསྒོམ་ཐ་མས་ཀྱང་། །སྒྲུབ་པ་ལོ་དགུ་བྱས་པ་བས། །ཆོས་འཁོར་ལན་གཅིག་བསྐོར་བ་མཆོག། ཐོས་བསམ་སྒོམ་གསུམ་བསྐལ་བ་བས། །ཆོས་འཁོར་ལན་གཅིག་བསྐོར་བ་མཆོག །ཅེས་གསུངས་པ་དང་། །འཇམ་དཔལ་གྱིས། རྒྱལ་ཆེན་བཞི་དང་ཕྱོགས་སྐྱོང་བཅུས། །ཕྱོགས་དང་ཕྱོགས་མཚམས་ཐམས་ཅད་ཀྱི། །བར་ཆད་ཐམས་ཅད་སྲུང་བར་བྱེད། །མཚམས་མེད་ལྔ་དང་མི་དགེ་བཅུ། །ངན་སོང་ལས་རྣམས་འདི་ཡིས་སྦྱོངས། །སངས་རྒྱས་ཞིང་ནས་ཞིང་དུ་འགྲོ། །བདེ་བ་ཅན་གྱི་ཞིང་ཁམས་སུ། །པདྨའི་སྙིང་བོ་ཟེའུ་འབྲུ་ལ། །བརྫུས་ཏེ་སྐྱེ་བ་ལེན་པར་འགྱུར། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི། །འཕྲིན་ལས་ཕྱོགས་བཅུར་རྒྱས་པར་འགྱུར། །ཞེས་གསུངས་པ་དང་། མགོན་པོ་བྱམས་པའི་ཞལ་ལས། ཆོས་ཀྱི་འཁོར་ལོ་ཟབ་མོ་ལ། །ན་བཟའ་ལེགས་པར་ཕུལ་བ་ན། །སྐྱེ་བ་ལྔ་བརྒྱར་གོས་བཟང་འགྱུར། །འགྲོ་བ་ཡོངས་ཀྱི་མགོན་དུ་འགྱུར། །གྲིབ་མ་ཕོག་པའི་སེམས་ཅན་རྣམས། །ངན་སོང་གནས་ལས་ཐར་བར་འགྱུར། །གནས་སྐབས་བསྐོར་བའི་ཕན་ཡོན་ནི། །འགོ་ནད་རིམས་ནད་ཐམས་ཅད་ཐུབ། །གྲིབ་དང་མི་གཙང་ཐམས་ཅད་འཇོམས། །བདུད་དང་བགེགས་ཀྱི་དཔུང་རྣམས་འཇོམས། །ཞེས་དང་། ཕྱག་ན་རྡོ་རྗེས། ཆོས་ཀྱི་འཁོར་ལོ་ཆེན་པོ་འདིས། །སྟེང་གདོན་གཟའ་དང་འོག་གདོན་ཀླུ། །བར་གྱི་བཙན་དང་འབྱུང་བོའི་ཚོགས། །གནོད་བྱེད་ཐམས་ཅད་འདི་ཡིས་ཐུབ། །དེ་ལྟར་ཐུབ་པ་ཅིའི་ཕྱིར་ན། །རྒྱལ་བ་རིགས་ལྔ་སྟེང་ཕྱོགས་ཀྱི། །སངས་རྒྱས་མཐུ་སྟོབས་རྒྱལ་བོ་སོགས། །སྙིང་བོ་རེ་རེ་བསྡུས་པ་ཡི། །གཟུངས་སྔགས་འཁོར་ལོ་ཡིན་ཕྱིར་རོ། །ཞེས་དང་། འཕགས་པ་སྤྱན་རས་གཟིགས་ཀྱིས། གཟུངས་སྔགས་འཁོར་ལོ་ཆེན་པོ་འདི། །འཁོར་ལོ་གཞན་ལས་ཁྱད་པར་འཕགས། །སྐལ་བ་ལྡན་པའི་འགྲོ་བ་རྣམས། །ཆོས་འཁོར་འདི་ལ་བློ་གཏད་ནས། །བསྐོར་ཞིང་གསོལ་བ་བཏབ་པ་ནི། །འདི་ཕྱིའི་སྐྱབས་མགོན་མཆོག་ཡིན་ནོ། །ཞེས་གསུངས་པ་དང་། སློབ་དཔོན་པདྨས་མཛད་པའི་རླུང་འཁོར་ལས། ཙཀྲ་འདི་ཡི་དགོངས་པ་ནི། །མན་ངག་བརྩོན་འགྲུས་མི་ལྡན་པར། །ཅི་བདེར་གནས་པའི་གང་ཟག་གིས། །སི་དྷི་འཐོབ་པར་བྱ་བ་དང་། །བརྩོན་འགྲུས་ལྡན་པའི་གང་ཟག་གི ། བཟླས་བརྗོད་དག་ནི་གྲོགས་སུ་འགྱུར། །སྡིག་པ་དཔག་ཏུ་མེད་པ་ཡང་། །འབད་པ་མེད་པར་བྱང་བར་འགྱུར། །ཡི་དམ་འདོད་ལྷ་མང་བོ་ཡང་། །ཅིག་ཅར་ཉིད་དུ་འགྲུབ་པར་འགྱུར། །གང་གི་མིང་སྤེལ་བྲིས་པ་ན། །རང་ལ་འདུན་པ་མེད་པ་ཡང་། །སྐྱོན་དག་ཡོན་ཏན་རྫོགས་པར་འགྱུར། །མི་ཁོམ་བརྒྱད་ཀྱི་འགྲོ་བ་རྣམས། །ཙཀྲའི་གྲིབ་མ་ཕོག་པས་གྲོལ། །ཙཀྲ་ཕོག་པའི་འབྱུང་བ་བཞི། །ཕོག་པ་ཙམ་གྱིས་ངན་སོང་ལས། །གྲོལ་བར་འགྱུར་ཞེས་རྒྱལ་བའི་གསུངས། །མདོར་ན་ཉེས་སྐྱོན་མང་བོ་ཡང་། །འབད་པ་མེད་པར་བྱང་བར་འགྱུར། །ཙཀྲ་ལན་གཅིག་རེག་པ་ན། །རེག་པ་ཙམ་གྱིས་གྲོལ་བ་དང་། །བདེ་ལེགས་ཡོན་ཏན་མང་བོ་ཡང་། །འབད་པ་མེད་པར་འཐོབ་པར་འགྱུར། །ཞེས་དང། སློབ་དཔོན་ཀླུ་སྒྲུབ་ཀྱི་རླུང་འཁོར་ལས། འཁོར་ལོའི་རླུང་རྒྱུན་ཕོག་པའམ། །གྲིབ་མ་ཕོག་པའི་སེམས་ཅན་རྣམས། །དེ་དང་དེ་དག་གྲོལ་བར་འགྱུར། །ཞེས་དང་། ཨོཾ་མ་ཎི་པདྨེ་ཧཱུཾ་ཞེས་པའི་འཁོར་ལོ་ཆེན་པོ་འདི། སྟེང་དུ་རླུང་ལ་བཙུགས་པ་ན། །རླུང་ཟེར་ཕོག་པའི་སེམས་ཅན་དང་། །རླུང་ཕྱོགས་གནས་པའི་འགྲོ་བ་རྣམས། །ངན་སོང་སྡུག་བསྔལ་ལས་གྲོལ་ལོ། །འོག་ཏུ་མེ་ལ་བཙུགས་པ་ན། །དུ་དྲི་ཚོར་ཚད་སེམས་ཅན་དང་། །མེ་འོད་ཕོག་པའི་སེམས་ཅན་རྣམས། །ངན་སོང་སྡུག་བསྔལ་ལས་གྲོལ་ལོ། །ས་ལ་འཁོར་ལོ་བཙུགས་པ་ན། །ས་དེར་གནས་པའི་སེམས་ཅན་རྣམས། །ས་རྡུལ་ཕོག་པའི་འགྲོ་བ་རྣམས། །ངན་སོང་སྡུག་བསྔལ་ལས་གྲོལ་ལོ། །ཆུ་ལ་འཁོར་ལོ་བཙུགས་པ་ན། །ཆུ་ནང་གནས་པའི་སེམས་ཅན་རྣམས། །ཆུ་དེ་འཐུང་བའི་འགྲོ་བ་རྣམས། །ངན་སོང་སྡུག་བསྔལ་ལས་གྲོལ་ལོ། །ཨོཾ་མ་ཎི་པདྨེ་ཧཱུཾ་ཞེས་པའི་འཁོར་ལོ་འདི་ལ་གང་ལ་གང་མཁོའི་ཡོ་བྱད་སྣ་ཚོགས་དང་། མར་མེ་ཞལ་ཟས་ལ་སོགས་པའི་མཆོད་པ་ཕུལ་ན། སྟོང་འཁོར་ལོའི་སྒྱུར་བའི་རྒྱལ་བོར་འགྱུར་ཞིང་། གང་ལ་གང་འདོད་ཅི་ལ་ཅི་འདོད་པའི་ལོངས་སྤྱོད་སྣ་ཚོགས་ལ་ལོངས་སྤྱོད་ཅིང་། མཐར་འཕགས་པ་སྤྱན་རས་གཟིགས་ཀྱི་གོ་འཕང་འཐོབ་པར་འགྱུར་རོ། །སྐལ་བ་དང་ལྡན་པའི་སྐྱེས་བུ་རྣམས་ཀྱིས། ཨོཾ་མ་ཎི་པདྨེ་ཧཱུཾ་ཞེས་པའི་འཁོར་ལོ་འདི་གཞན་ལའང་སྟོན་ཅིག ཤོད་ཅིག སྒྲོགས་ཤིག འཁོར་ལོ་འདིས་བསྟན་པ་སྤེལ་ཞིག སངས་རྒྱས་ཀྱི་བསྟན་པ་སྤེལ་སྐྱོང་བྱས་པ་དང་འདྲ་བར་འགྱུར་རོ། །

མ་ཎི་འཁོར་ལོ་འདི་མེ་ལ་བསྐོར་ན། དུད་པའི་གར་ཁྱབ་ལ་ཐར་བའི་ས་བོན་ཐེབས་པར་འགྱུར་རོ། །ཆུ་དང་རླུང་ལ་བསྐོར་ན། ཆུ་དང་རླུང་གིས་གར་ཁྱབ་པའི་སེམས་ཅན་ཐམས་ཅད་བྱང་ཆུབ་འཐོབ་པར་གསུངས་ལ། ལག་པས་བསྐོར་ན། མི་དང་འཁོར་ལོ་དེ་གཉིས་མཐོང་ཐོས་དྲན་རེག་གིས། སེམས་ཅན་ཐམས་ཅད་རྣམ་དཀར་གྱི་ཆོས་ལ་འགོད་པར་གསུངས། ཟམ་པའི་སྟེང་དུ་བསྐོར་ན་མཐོང་བའི་སེམས་ཅན་ངན་སོང་ལས་ཐར། ཁྱིམ་དུ་བཙུགས་ན་ཁྱིམ་དེ་གཞལ་ཡས་ཁང་དུ་འགྱུར། ཐ་ན་མ་ཎི་འཁོར་ལོ་ལག་ཏུ་འཁྱེར་བའི་མི་དང་འཕྲད་ནའང་ཕ་མ་བསད་པའི་སྡིག་པ་ཡང་དག་སྟེ་ངན་སོང་ལས་ཐར་བར་བཤད་དོ། །

གཞན་ཡང་། ཁ་རྗེ་དབང་ཐང་། དབང་སྡུད་ནོར་སྒྲུབ། སྟོབས་དང་ཚེ་སྒྲུབ། སྲུང་འཁོར་དང་ལོངས་སྤྱོད། དཔལ་དང་གཟི་བརྗིད། ཤེས་རབ་དང་སྙིང་རྗེ་བསྐྱེད་པར་མ་ཟད། ནད་གདོན་བར་ཆད། བྱད་གཏད་མནན་གསུམ་དང་། དུག་དང་འབྱུང་གཞི། དུཿཁ་དང་མུ་གེ གོད་ཁ་དང་ནད་ཡམས། མི་དང་མི་མིན་གྱི་འཇིགས་པ་སོགས་བཟློག་པ་དང་། རྒྱལ་བའི་ཆད་པ་ལས་ཐར་བར་འགྱུར་རོ། །འཁོར་ལོ་བསྐོར་བས། ལུས་རྟེན་གཙང་མ་འཐོབ་ནས། དགེ་བའི་བཤེས་གཉེན་དང་ཞལ་མཇལ་ཏེ། ཆོས་སྤྱོད་ཀྱི་སྐལ་བ་ལྡན་ཞིང་། ཆོས་ཀྱི་མངའ་བདག་ཏུ་གྱུར་ཏེ། མི་བརྗེད་པའི་གཟུངས་འཐོབ་ནས། འཆད་རྩོད་རྩོམ་གསུམ་ལ་ཐོགས་པ་མེད་པར་འགྱུར་རོ། །འཁོར་ལོ་འདིས་ཕྱི་མ་དང་བར་དོ་ནས། མཆོད་པའི་རྫས་མང་བོས་ཕྱོགས་བཞིའི་སངས་རྒྱས་ལ་མཆོད་པར་མཛད་ཅིང་། ཆོས་ཉན་པའི་སྐལ་བ་དང་ལྡན་ལ། སེམས་ཅན་དཔག་ཏུ་མེད་པའི་དོན་བྱེད་དོ། །འཁོར་ལོ་འདིས་ངན་སོང་གི་སྐྱེ་རྒྱུན་གཅོད་ཅིང། མི་དགེ་བཅུ། མཚམས་མེད་ལྔ། སོ་བྱང་སྔགས་གསུམ་གྱི་དམ་སྡོམ་ཉམས་ཆག་དང་། ལུས་ངག་ཡིད་གསུམ་གྱི་སྡིག་པ་ཐམས་ཅད་འགྱོད་པ་དྲག་པོས་བཤགས་ན་འབྱང་བར་འགྱུར་བ། མཁའ་འགྲོ་མ་ཨ་ར་ལི་ལ་ཐུབ་པ་ཆེན་པོས་གསུངས་སོ། །སློབ་དཔོན་པད་འབྱུང་གི་མ་འོངས་ལུང་བསྟན་ལས་ཀྱང་། ལྷོ་ནུབ་ཏུ་འབྱོན་ཁར། ངས་སྲིན་པོ་ཐམས་ཅད་ཐུལ་བའི་རྟགས་ལ། ས་ཡི་མཐར་ཡི་གེ་དྲུག་མའི་འཁོར་ལོ་དར་ནས་ཡོང་སྟེ། དེ་དུས་འཁོར་ལོ་བསྐོར་བ་དང་། མཐོང་ཐོས་དྲན་རེག དེའི་རླུང་ཕོག་ཚད་ཐམས་ཅད། བཀྲ་ཤིས་དོན་འགྲུབ། སྒྲིབ་པ་དག མཐར་བྱང་ཆུབ་འཐོབ་པ་སོགས་ཕན་ཡོན་དཔག་ཏུ་མེད་པར་མ་ཟད། རྒྱ་གར་ནས་བོད་དུ་འགྱུར་ཚད་ཀྱི་ཆོས་ལུས་ངག་གི་དགེ་སྦྱོར་བྱ་ཐབས་ལ། ཡི་གེ་དྲུག་པའི་འཁོར་ལོ་འདི་བས་ཕན་པ་དང་ཡོན་ཏན་ཆེ་བ་མེད་པར་གསུངས་སོ། །དེ་ལྟར་མདོ་རྒྱུད་གཉིས་ལས་མང་དུ་གསུངས་ལ། ཡང་། འདིར་རྒྱུད་ལས་གསུངས་ཚུལ་འགའ་བཀོད་ན། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་རྒྱུད་ལས། གང་ཞིག་བྱང་སེམས་ལྡན་པ་ཡིས། །སྐྱེས་བུ་བློ་གྲོས་སྟོབས་ལྡན་གྱིས། །ཡིག་དྲུག་ལྒིགས་བམ་ཆེན་པོ་བཞེངས། །བསྐྱེད་རིམ་རབ་གནས་མངའ་གསོལ་ནས། །ཆུ་འམ་རླུང་ངམ་ལག་པས་བསྐོར། །ངེས་པར་འཁོར་བ་ཕྱིར་བསྙིལ་ཞིང་། །ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ། །དེ་ཡི་ཡོན་ཏན་བརྗོད་མི་ལང་། །ཞེས་དང་། ཐུགས་རྗེ་འགྲོ་དོན་བྱེད་འདོད་ན། །རིན་ཆེན་སྣ་ལྔའི་ལྒིགས་བམ་འབྲི། །རྒྱུན་འབབ་ཆུ་ལ་བསྐོར་ན་ནི། །དེ་ཡི་ལས་སྒྲིབ་མྱུར་དུ་འདག། མཐོ་རིས་ཐར་བའི་ཐེམ་སྐས་འཛུགས། །ཞེས་དང་། ཐུགས་རྗེ་ཆེན་པོའི་མུན་སེལ་སྒྲོན་མེའི་རྒྱུད་ལས། བྱང་སེམས་སྐྱེས་བུ་གང་དག་གིས། །ཡིག་བདུན་འཁོར་ལོ་མང་བཞེངས་ནས། །འབྱུང་བ་བཞི་ལ་བསྐོར་བ་ན། །ཕྲིན་ལས་གང་འདོད་མྱུར་དུ་འགྲུབ། །ཁྱད་པར་རྒྱུན་ཆད་མེད་པ་ཡི། །ལུས་ལ་བསྐོར་ན་ཡང་དག་འགྲུབ། །ཅེས་དང་། རྩ་བའི་རྒྱུད་ལས། གཞི་ལ་འགྲོ་བ་རིགས་དྲུག་གི་སྐྱེ་སྒོ་གཅོད་པ་དང་། ལམ་ལ་ཕར་ཕྱིན་དྲུག་གི་ཚོགས་རྫོགས་པ། འབྲས་བུ་ལ་རིགས་དྲུག་པ་རྒྱལ་བ་རྡོ་རྗེ་འཆང་གི་གོ་འཕང་འགྲུབ་པའི་ཕན་ཡོན་ཡོད། གུང་ཐང་བསྟན་པའི་སྒྲོན་མེས། དེ་དག་རང་རང་གི་ཀློག་པ་ལ་ཕན་ཡོན་ཇི་སྙེད་ཅིག་གསུངས་པ་ཐམས་ཅད་འབྱུང་སྟེ། སྔགས་རེ་གཉིས་ཤིང་བྱང་ལ་བྲིས་ཏེ་ཐེངས་འགའ་བསྐོར་བས། ནད་རིམས་སད་སེར་སོགས་ཞི་བ་མངོན་སུམ་དུ་གྲུབ་པ་ན། བསམ་པ་རྣམ་པར་དག་པས་གཟུངས་ཁྱད་པར་ཅན་དུ་མ་བསྐོར་བ་ལ་ཕན་ཡོན་བསམ་གྱིས་མི་ཁྱབ་སྟེ། དེ་འདྲ་ལ་རེག་པའི་རླུང་གིས་ཕོག་པ་ཙམ་གྱིས་ཀྱང་སྡིག་སྒྲིབ་ཚན་པོ་ཆེ་བྱང་ཞིང་། ཐར་བའི་ས་བོན་བསྐྲུན་པར་གསུངས་ཤིང་། མ་ཎི་བཏོན་པ་དང་བསྐོར་བའི་ཕན་ཡོན་མཉམ་པར་བཤད་དེ།

བཏོན་པའི་ཕན་ཡོན་ནི། ཟ་མ་ཏོག་བཀོད་པའི་མདོ་ལས། ཡི་གེ་དྲུག་པ་འདི་ལག་གིས་བྲག་དང་རྩིག་པ་ལ་བྲིས་ནས་ལག་པས་རེག་པ་དང་ཞེས་སོགས་ནས་མཐོང་བ་ཙམ་གྱིས་སྲིད་པ་ཐ་མའི་བྱང་ཆུབ་སེམས་དཔར་འགྱུར་རོ། །སྐྱེ་རྒ་ན་འཆི་དང་། མི་སྡུག་པ་དང་འཕྲད་པ་དང་། སྡུག་པ་དང་བྲལ་བའི་སྡུག་བསྔལ་མེད་པར་འགྱུར་རོ། །ཞེས་གསུངས་སོ། །མདོར་ན། ལྷ་ཐུགས་རྗེ་ཆེན་པོར་སྙིང་ཁུང་རུས་པའི་གཏིང་ནས་གསོལ་བ་བཏབ་ནས། འདི་ཁོ་ནར་སྒོ་གསུམ་ཆིག་དྲིལ་དུ་བརྩོན་ན། བྱས་པ་དོན་ལྡན། ངལ་བ་འབྲས་བཅས། བསམ་པ་གཅིག་ཆོག འབྲེལ་ཚད་དོན་ལྡན་དུ་གྱུར་བ་དང་། མ་ཎི་ཁོ་ན་ཡི་དམ་དུ་བྱེད་པ་འདི་ལ། ཆོས་སྒོ་ཐམས་ཅད་ཀྱི་གནད་འདུ། བྱིན་རླབས་མྱུར། ཉམས་རྟོགས་ཤུགས་ལ་སྐྱེས། བསྒྲུབ་ཐག་ཉེ། རབ་ཚེ་འདི། འབྲིང་འཆི་ཁ། ཐ་མའང་ལུས་སེམས་བྲལ་མ་ཐག་འཕགས་པ་ཐུགས་རྗེ་ཆེན་པོས་བདེ་བ་ཅན་དུ་ཁྲིད་དེ་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་གདོན་མི་ཟའོ། །

མ་ཎིའི་ཕན་ཡོན་ཞིབ་ཏུ་ཛ་ཡ་བློ་བཟང་འཕྲིན་ལས་ཀྱི་མ་ཎིའི་ཕན་ཡོན་སྟོན་པའི་བྱིན་རླབས་མྱུར་འཇུག་དང་། གཙང་རྒན་བློ་བཟང་ངག་དབང་འཕྲིན་ལས་རྒྱ་མཚོའི་མ་ཎིའི་ཕན་ཡོན་ཀུན་དགའི་དཔལ་སྟེར་སོགས་སུ་གཟིགས་པར་བྱའོ། །

སྦྱིན་སྲེག

༡ སྦྱིན་སྲེག་གི་ངོ་བོ། སྦྱིན་སྲེག་གི་སྒྲ་བཤད་ལ། དུང་དཀར་ཚིག་མཛོད་ལས། སྦྱིན་ནི་དགའ་བའི་ལྷ་ལ་སྦྱིན་པ་གཏོང་བ་དང་། སྲེག་ནི་རང་ལ་གནོད་བྱེད་མཁན་གདོན་འདྲེ་མཐའ་དག་སྲེག་པའི་དོན་དུ་གསུངས། ཕྱི་བའི་ལུགས་ལ་ཕྱུགས་ཀྱི་སྦྱིན་སྲེག་དང་། རྟ་གཙང་གི་སྦྱིན་སྲེག་སོགས་ཡོད་པར་བཤད་ཀྱང་། རང་ཅག་ནང་བའི་ལུགས་ལ་སྲོག་ཆགས་མེར་བསྲེགས་པའི་ལུགས་ངན་འདི་མེད་ལ། འབྲུ་དང་སྨན་སོགས་སྦྱིན་སྲེག་བྱེད་ལ། དེ་ནི་ཐབ་ཀྱི་ནང་དུ་མེ་ལྷ་དང་། རང་གི་ཡི་དམ་དངོས་སུ་བཞུགས་པར་མོས་ནས། དེའི་ནང་མར་ཁུ་དང་འབྲུ་རིགས་སོགས་སྲེག་ཏེ་ལྷས་བཞེས་པར་མོས་པའི་སྔགས་ཆོག་ཞིག་ཏུ་འདོད་དོ། །སྦྱིན་སྲེག་གི་ཆོ་ག་ནི། གྲུབ་མཐའ་སོ་སོའི་མཁས་དབང་རྣམས་ཀྱིས་མཛད་པའི་རང་རང་གི་ལྷ་ལ་བསྟེན་པའི་ཆོ་ག་སྣ་ཚོགས་ཡོད་དོ། །

༢ སྦྱིན་སྲེག་གི་སྔོན་འགྲོ། སྦྱིན་སྲེག་གི་སྔོན་འགྲོའི་ཆོ་ག་ལ། ས་གཞི་བྱིན་གྱིས་བརླབས་པ་སྤྱི་དང་། བྱེ་བྲག་ཏུ་ཞི་བར་མེ་ཐབ་དཀར་བོ་ཟླུམ་པོ་དང་། ཡམ་ཤིང་བདུད་རྩི་ཅན་གྱི་ཤིང་གི་གཞོག་པ། རྒྱས་པར་མེ་ཐབ་སེར་བོ་གྲུ་བཞི། ཡམ་ཤིང་འབྲས་བུ་ཅན་གྱི་ཤིང་གི་གཞོག་པ། དབང་ལ་མེ་ཐབ་དམར་བོ་ཟླ་གམ་དང་། ཡམ་ཤིང་ཙན་དན་སོགས་ཀྱིས་གཞོག་པ། དྲག་པོར་མེ་ཐབ་ནག་པོ་གྲུ་གསུམ་དང་། ཡམ་ཤིང་ཚེར་མ་ཅན་གྱི་ཤིང་གིས་གཞོག་པ། ཞི་རྒྱས་དབང་དྲག་གི་སྦྱིན་སྲེག་གང་ཡིན་ཡང་། རང་རང་དང་མཐུན་པའི་སྲེག་རྫས་རྣམས་གཙང་མར་བཤམས་པ་དང་། སློབ་དཔོན་གྱིས་ལས་བཞི་གང་བྱེད་ཀྱི་རིགས་མཐུན་ཆོས་གོས་གསོལ་བའོ། །

༣ སྦྱིན་སྲེག་གི་རྫས་ཀྱི་རྣམ་གྲངས། ཡོངས་གྲགས་རྫས་ཆེན་བཅུ་གཉིས་ནི། ༡ ཡམ་ཤིང་། ༢ མར་ཁུ། ༣ ཏིལ། ༤ རམ་པ། ༥ འབྲས། ༦ ཞོ་ཟན། ﹙ཞོ་དང་མར་ཁུ་མངར་གསུམ་བསྲེས་པ﹚༧ ཀུ་ཤ ༨ ཡུངས་དཀར། ༩ སོ་བ། ༡༠ ནས། ༡༡ སྲན་མ། ༡༢ གྲོ་བཅས་སོ། །

༤ སྦྱིན་སྲེག་གི་དངོས་གཞི། དངོས་གཞི་ནི། རྡོར་དྲིལ་ཕྱག་ཏུ་བཟུང་ཞིང་། དགང་གཟར་བླུགས་དང་། རྫས་བྱིན་གྱིས་བརླབས་པ། མེ་སྦར་ཞིང་ཀུ་ཤ་བཀྲམ་པ། ལས་བཞི་གང་ཡིན་གྱི་ཕྱག་རྒྱ་དང་བཅས་པའི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་རྣམས་ཀྱི་གཟུངས་སྔགས་བཟླ་བཞིན་སྲེག་རྫས་འབུལ་ཞིང་། ལས་བཞི་ལྷུན་གྱིས་གྲུབ་པ་སོགས་ཀྱི་དམིགས་པ་བཟུང་བ་དང་། འཕྲིན་བཅོལ། མཆོད་བསྟོད། བཟོད་གསོལ། གཤེགས་བསྡུ་བྱ་བ་སོགས་ཡིན་ཞིང་། རྒྱས་པར་ནི་རང་རང་གི་ཆོ་ག་རྣམས་སུ་གསལ་བས། ཞིབ་ཏུ་དེར་གཟིགས་པར་བྱའོ། །

༥ སྦྱིན་སྲེག་གི་རྗེས་ཀྱི་བྱ་བ། རྗེས་ཀྱི་བྱ་བ་ནི། སྦྱིན་སྲེག་གི་དགེ་བསྔོ་དང་། ཤིས་བརྗོད། ལས་ཀྱི་རྗེས་བསྡུ་བྱེད་པ་རྣམས་ཡིན་ཞིང་། ལས་ཀྱི་རྗེས་བསྡུ་ནི། ཞི་བའི་སྦྱིན་སྲེག་ཡིན་ན་མེ་རང་ཞི་འཇོག་པའམ། ཡང་ན་འོ་ཆབ་ཀྱིས་གཞིལ་ཞིང་། ཐབ་སོལ་ཆུ་བོའི་ནང་དུ་འདོར་བ་དང། རྒྱས་པ་ཡིན་ན་གོང་ལྟར་མེ་རང་ཞིར་འཇོག་པའམ། ཡང་ན་དྲི་བཟང་གིས་ཆུས་གཞིལ་ཞིང་ཐལ་སོལ་བང་མཛོད་དམ་རི་ལ་སྦ་བ་དང་། དབང་གི་སྦྱིན་སྲེག་ཡིན་ན་མེ་རང་ཞིར་འཇོག་པ་གོང་ལྟར་རམ། ཡང་། ཆང་གིས་གཞིལ་ཞིང་ཐབ་སོལ་རི་བོའི་རྩེ་རུ་འཕྱར་བ་དང་། དྲག་པོ་ཡིན་ན་མེ་རང་ཞིར་མི་འཇོག་པར་དམོད་མོ་དང་བཅས་ཏེ་གསོད་པའམ། ཡང་ན་དུག་ཆུས་གཞིལ་ཞིང་ཐལ་བ་རྒྱ་གྲམ་དོད་པའི་ལམ་དང་། མཆོད་རྟེན་གྱི་འོག་ཏུ་མནོན་པ་སོགས་ཡིན་ནོ། །

༦ སྦྱིན་སྲེག་གི་ཕན་ཡོན། ཕན་ཡོན་ནི། ཞི་བའི་སྦྱིན་སྲེག་གིས། དེ་ཡིས་སྐལ་བ་ངན་པ་དང་། །སྒྲིབ་པའི་བར་ཆད་ཐམས་ཅད་ཞི། །དམ་ཚིག་ཉམས་ཆག་ཉེས་ལྟུང་དང་། །ལས་ཀྱི་སྒྲིབ་པ་ཐམས་ཅད་ཟད། །སྨྱོ་འབོག་གདོན་ཆེན་ནད་ཡམས་གཅོད། །ནད་དང་འགལ་རྐྱེན་མ་ལུས་ཞི། །ཞེས་དང་། རྒྱས་པའི་སྦྱིན་སྲེག་གིས། སྨོན་པའི་ལེགས་ཚོགས་ཐམས་ཅད་ཀུན། །བསམ་པ་ཡིད་བཞིན་འགྲུབ་པར་འགྱུར། །ཞེས་དང་། དབང་གི་སྦྱིན་སྲེག་གིས། འཕྲིན་ལས་སྒྲུབ་འདོད་འདི་ལ་བརྩོན། །གང་བསམ་ཐོགས་མེད་ལྷུན་གྱིས་གྲུབ། །ཅེས་དང་། དྲག་པོའི་སྦྱིན་སྲེག་གིས། གཟུང་འཛིན་འཁྲུལ་བའི་དགྲ་གདོན་བགེགས། །ཐམས་ཅད་མ་ལུས་རབ་ཏུ་འཇོམས། །ཞེས་སོགས་དང་། གཞན་ཡང་རྡོ་རྗེ་རྣམ་འཇོམས་ལ་བརྟེན་ནས་མི་གཙང་བའི་གྲིབ་རིགས་སེལ་བ་དང་། ངན་སོང་སྦྱོང་རྒྱུད་ལ་བརྟེན་ནས་ངན་སོང་གི་སྡུག་བསྔལ་ཞི་བ་སོགས་ཕན་ཡོན་མཐའ་ཡས་པ་ཡོད་དོ། །

རབ་གནས།

༡ རབ་གནས་བྱ་དགོས་པའི་རྒྱུ་མཚན། སྤྱིར་རྟེན་གསུམ་གྲུབ་ཙམ་ནས་རབ་གནས་མ་བྱས་ཀྱང་། ཕྱག་མཆོད་ཀྱི་ཡུལ་དུ་འོས་པ་ནི། མགོན་པོ་ཀླུ་སྒྲུབ་ཀྱིས། ཇི་ལྟར་བདེ་གཤེགས་སྐུ་གཟུགས་ཤིང་ལས་ཀྱང་། །བགྱིས་པ་ཇི་འདྲ་འང་རུང་མཁས་པས་མཆོད། །ཅེས་གསུངས་ལ། འོ་ན། རབ་གནས་བྱ་དགོས་པ་གང་ཡིན་ཞེ་ན། རྒྱུད་སྡེ་ལས། སྦྱིན་བདག་གི་བསོད་ནམས་མཐའ་ཡས་པ་སྤེལ་བ། རྟེན་དེ་ཡུལ་གང་དུ་གནས་པ་དེར་བཀྲ་ཤིས་པ་སོགས་ཀྱི་ཆེད་དུ་རབ་གནས་གསུངས་པ་ལྟར། དགོས་པ་དེ་དག་གི་ཆེད་དུ་རབ་གནས་དགོས་ཏེ། རབ་གནས་ཀྱི་རྒྱུད་ལས། སྐྱེ་བོ་རབ་ཏུ་དང་བ་ཡིས། །བརྗོད་པའི་དགེ་བ་སྤེལ་བའི་ཕྱིར། །རབ་གནས་བསྟན་བཅོས་ལས་གསུངས་པ། །ཐ་སྙད་ཙམ་དུ་བྱས་པ་ཡིན། །ཞེས་པ་ལྟར། ཆོས་དབྱིངས་དོན་དམ་པར་བྱང་སེམས་རྣམས་ནི་གཡོ་མེད་ཀུན་ཏུ་ཁྱབ་པས་གཤེགས་བཞུགས་རབ་གནས་བགྱིར་མེད་ཀྱང་། ཀུན་རྫོབ་ཐ་སྙད་ཙམ་དུ་རབ་གནས་མ་བྱས་པར་ཡུན་རིང་ལུས་ན། བཀྲ་མི་ཤིས་པ་དང་མཆོད་པའི་འོས་སུ་མི་འགྱུར་བ་སོགས་ཏེ། རབ་གནས་ཀྱི་རྒྱུད་ལས། གང་དུ་སྐུ་གཟུགས་རྫོགས་པ་ལ། །བྱིན་མ་རླབས་པར་རིང་གནས་ན། །དེ་ལ་བཀྲ་མི་ཤིས་འབྱུང་ཞིང་། །ཇི་སྲིད་མཆོད་པ་དེར་མི་འོས། །དཔེར་ན་སྐྱེས་བུ་ལ་ལ་ཞིག། རིག་པའི་མཚན་ཉིད་སྤངས་པ་ན། །འཇིག་རྟེན་ཀུན་གྱིས་མཆོད་མི་བྱེད། །དེ་དེ་བཞིན་དུ་གཟུགས་བརྙན་དེ། །རབ་གནས་མ་བྱས་གཟུགས་བརྙན་ལ། །གང་གིས་མཆོད་ཅིང་ཕྱག་བྱེད་པ། །དམ་ཚིག་བྲལ་ཞིང་སྔགས་དམན་པས། །སྦྱིན་སྲེག་ཐལ་བ་འབྲས་མེད་མཚུངས། །ཞེས་སོ། །དེ་བས། རབ་གནས་ཀྱི་གོ་དོན་ཡང་། ཀུན་མཁྱེན་འཇམ་བཞད་ཀྱིས། དོན་དམ་པར་རབ་ཏུ་གནས་བྱ་གནས་བྱེད་སོགས་ཆོས་ཐམས་ཅད་བདེན་པར་མ་གྲུབ་པ་ནམ་མཁའ་ལྟ་བུ་ཞིག་ཡིན་ཀྱང་། ཐ་སྙད་དུ་རྫས་སྔགས་ཏིང་འཛིན་སོགས་རྟེན་ཅིང་འབྲེལ་བར་འབྱུང་བ་རྣམས་ཚོགས་པ་དང་། རྒྱལ་བ་རང་ཉིད་ཀྱི་གསུང་ལྟར་ཐུགས་དམ་བསྐུལ་བ་ལ་བརྟེན་ནས། ཡེ་ཤེས་པའི་ཚོགས་གདུལ་བྱའི་མོས་ངོ་དང་བསྟུན་པར་དམ་ཚིག་པ་ལ་རབ་ཏུ་གནས་པ་ལ་གསུངས་སོ། །ངེས་ཚིག་ནི། དངོས་བོ་ཕལ་བ་ཡེ་ཤེས་སེམས་དཔའི་དངོས་བོར་གྲུབ་སྟེ་གནས་པར་བྱེད་པ་ལ་ཟེར་རོ། །

དེ་བས། རབ་གནས་ནི་གསར་བཞེངས་ཀྱི་སྐུ་གསུང་ཐུགས་རྟེན་སོགས་ལ་ངོ་བོ་དངོས་མའི་བྱིན་རླབས་རབ་ཏུ་གནས་པར་བྱས་པ་ལ་བྱ་ཞིང་། འདི་ཡང་ཆོས་ལུགས་ཀྱི་བྱེད་སྒོ་ཆེ་གྲས་སུ་གཏོགས། དེ་ཡང་སྐུ་གསུང་ཐུགས་རྟེན་གསར་དུ་བཞེངས་གྲུབ་བྱུང་རྗེས། བགེགས་བསྐྲད་དང་རབ་གནས་མ་བྱས་ན། གནོད་བྱེད་འདྲེ་གདོན་སོགས་ཀྱིས་རྟེན་དེ་ལ་གནས་བཅས་ཏེ། བདག་ཏུ་བཟུང་ནས་གནོད་འཚེ་གཏོང་བས། དེ་ལ་བགེགས་བསྐྲད་དང་ཡེ་ཤེས་པ་བསྟིམས་དགོས་པ་ཡིན་པས། རབ་གནས་ཆེན་མོ་སོགས་རྒྱས་འབྲིང་བསྡུས་གསུམ་བྱེད་ཚུལ་ཡོད་པ་གྲུབ་མཐའ་ཁག་གི་བླ་མ་གོང་མ་རྣམས་ཀྱིས་ཆོ་ག་མང་དུ་མཛད་པ་ཡོད། །

༢ རབ་གནས་བྱེད་པའི་སློབ་དཔོན། རབ་གནས་བྱེད་པའི་སློབ་དཔོན་གྱི་མཚན་ཉིད་ལ་ཐེག་པ་རང་རང་གི་སྐབས་སུ་འབྱུང་ལ། ཐེག་པ་འོག་མ་འདུལ་བའི་སྐབས་སུ་མཁན་སོགས་གསུམ་འོས་པའི་མཚན་ཉིད་བསྡུས་ན་བརྟན་མཁས་ཀྱི་ཡོན་ཏན་གཉིས་དང་ཕྱེ་བ་ལྔ་ཕྲུགས་ཉེར་གཅིག་སོགས་དང་ལྡན་པ་དགོས། ཐེག་ཆེན་ལ་མདོ་ལུགས་ཀྱི་སྐབས་སུ་མཚན་ཉིད་ལྔ་ལྡན་སོགས་བཤད་ལ། སྔགས་ཀྱི་ཐེག་པར་ཆོ་ག་ཉི་ཤུ་སོགས་མང་བོ་ཞིག་བཤད་པ་ལས། འདིར་ནི་དུལ་སོགས་ཀྱི་མཚན་ཉིད་དང་ལྡན་ཞིང་། དེ་ཉིད་བཅུ་ཤེས་པ་ཞིག་དགོས་ཏེ། རྟེན་བརྟེན་པའི་དཀྱིལ་འཁོར་བྱེད་པ། ཏིང་འཛིན་གྱིས་ཉེས་ཚོགས་མནོན་ཅིང་ལེགས་ཚོགས་བསྐྱེད་པ། ཕྱག་རྒྱ་དང་གར་གྱི་སྟངས་སྟབས་ལ་མཁས་པ། གདན་ཁྲི་བཤམས་པ། བཟླས་བརྗོད་བྱེད་པ། སྦྱིན་སྲེག མཆོད་པ་འབུལ་བ། ལས་ཀྱི་སྦྱོར་བ་ཉེ་བར་བསྡུ་བ་རྣམས་ཀྱི་ཚུལ་ཤེས་ཤིང་། སྔགས་ཀྱི་དམ་སྡོམ་དག་པ། མཐོང་བ་བརྒྱུད་པའི་ཕྱག་བཞེས་ཀྱི་སྒོ་ནས་རབ་གནས་ཆོ་ག་ལ་མཁས་པ་ཞིག་དགོས་ཀྱི། སུ་ཐོད་ཐོད་ཀྱིས་མི་རུང་ངོ་། །དེ་ཉིད་བཅུ་ཤེས་པའི་སློབ་དཔོན་ལའང་། དམན་འབྲིང་མཆོག་གསུམ་ཡོད་པ་ནི། འགྲེལ་ཆེན་དྲི་མེད་འོད་ལས། དེ་ཉིད་བཅུ་ནི་ཡོངས་ཤེས་པ། །གསུམ་ལས་དགེ་སློང་མཆོག་ཡིན་འབྲིང་། །དགེ་ཚུལ་ཞེས་བྱ་དེ་དག་ལས། །ཁྱིམ་ན་གནས་པ་ཐ་མའོ། །ཡང་གནས་གཅིག་ཏུ་དེ་གསུམ་ཡོད་ཚེ་རབ་བྱུང་གཉིས་གང་རུང་གིས་བྱེད་དགོས་ཀྱི། ཁྱིམ་པས་བྱེད་མི་རུང་པ་ནི། དུས་འཁོར་རྩ་རྒྱུད་ལས། ལྷ་ཁང་ལ་སོགས་རབ་གནས་པོ། །རྟགས་ཅན་གྱིས་ནི་རྟག་ཏུ་བྱ། །གནས་གཅིག་དག་ཏུ་གསུམ་ཡོད་ན། །ཁྱིམ་པ་གོས་དཀར་ལྡན་པས་མིན། །

༣ རབ་གནས་ཀྱི་ཡུལ་དང་གནས། རབ་ཏུ་གནས་པའི་ཡུལ་ནི། སྐུ་གདུང་ཐུགས་རྟེན་གྱི་རིགས་བརྡུང་བ་དང་། བྲིས་པ། བླུགས་འབུར་ཅི་རིགས། གཙུག་ལག་ཁང་དང་རྡོ་དྲིལ་སོགས་གསར་བཞེངས་དང་། ཨར་ལྕོག་བྱས་ཏེ་བསྐྱར་བཞེངས་ཅི་རིགས་སོ། །ཀུན་མཁྱེན་འཇམ་བཞད་ཀྱིས། རབ་ཏུ་གནས་བྱའི་རྟེན་ནི། མཆོག་སྐུ་གསུང་ཐུགས་ཀྱི་རྟེན་དང་། དགེ་འདུན་གྱི་ཀུན་དགའ་ར་བ་རྡོ་རྗེ་དྲིལ་བུ་བགྲང་ཕྲེང་རྒྱན་དྲུག་སོགས་སོ། །ཕལ་བ་ནི་ཁང་བ་ཁང་བཟང་སྐྱེད་ཚལ་ཁྲོན་པ་ཆུ་མིག་སོགས་ཡིན་གསུངས་སོ། །

གནས་ནི། དུས་འཁོར་རྩ་རྒྱུད་ལས། གང་ན་ས་སྐྱོང་ཆོས་ལྡན་ཞིང་། །གང་ཞིག་ཁོ་ནར་སྐྱེ་དགུ་རྣམས། །བདེར་གནས་ས་འཛིན་རྩོད་མེད་པའི། །གནས་དེར་རྣལ་འབྱོར་བརྩམ་པར་བྱ། །ཞེས་དང་། སྤྱི་རྒྱུད་ལས། མཆོད་ན་ཆེན་པོ་ཉམས་དགའ་དང་། །དབེན་པ་ཡི་ནི་གནས་དག་ཏུ། །རི་ཡི་རྩེ་མོ་རྒྱ་ཆེན་དུ། །དངོས་གྲུབ་དཀྱིལ་འཁོར་བྲི་བར་བྱ། །ཞེས་དང་། གཞན་ཡང་། གནས་ནི་ཉམས་དགའ་འདུ་འཛི་མེད། །ཉེས་པ་ཐམས་ཅད་རྣམ་སྤང་ལ། །ཞེས་པ་ལྟར། ཉེས་པ་ཐམས་ཅད་ཅེས་པ་བཤན་པ་དང་སྨད་འཚོང་མ་དང་། སྦལ་སྦྲུལ་སྡོམ་སྡིག་སོགས་གནས་པའི་གཞི་དང་། གད་སྙིགས་དང་འདམ་རྫོབ་སོགས་ཀྱི་གནས་སྤང་དགོས་སོ། །

༤ རབ་གནས་བྱེད་པའི་དུས་ནི། རབ་གནས་ཀྱི་རྒྱུད་ལས། དཔྱིད་ཟླ་ར་བའམ་དཔྱིད་ཟླ་འབྲིང་། །དགུན་དང་དཔྱིད་ཀྱི་ཐ་ཆུང་ངམ། །དབྱར་ར་དེ་བཞིན་དབྱར་འབྲིང་བོ། །ཉི་མ་བྱང་དུ་གནས་པ་ཡི། །དཀར་བོའི་ཕྱོགས་ཀྱི་གཉིས་པ་འམ། །དེ་བཞིན་དེ་ལྟར་གསུམ་པ་དང་། །གང་ཚེ་གཟའ་ཚེས་དང་བསྟུན་ནས། །ནག་པོའི་ཕྱོགས་ལའང་བརྩམས་པར་བྱ། །ཞེས་སོགས་དང་། དུས་ཚེས་དེ་དག་ཏུ་རབ་གནས་བགྱིས་པའི་འབྲས་རྟགས་ཀྱང་། བདེ་མཆོག་དཀྱིལ་ཆོག་ལས། དབྱར་དུས་རབ་གནས་གྲུབ་པའོ། །སྟོན་ནི་བདེ་བ་སྟེར་བར་འགྱུར། །དགུན་སྟོད་ཡེ་ཤེས་འཕེལ་བ་སྟེ། །དགུན་སྨད་དབང་ཕྱུག་ཐམས་ཅད་འབྱུང་། །དཔྱིད་ཀ་དཔལ་ནི་རབ་ཏུ་སྦྱིན། །སོས་ཀ་རྒྱལ་དང་ཞི་བ་སྟེར། །རབ་གནས་དུས་ནི་ཐམས་ཅད་དུ། །སངས་རྒྱས་བཞུགས་སུ་འཇུག་པར་བཞེད། །ཅེས་དང་། ཐམས་ཅད་དུ་ནི་ཆུ་སྟོད་དང་། །སྣར་མ་གྲོ་བཞིན་དེ་བཞིན་དབོ། །ལག་པ་སྣུབས་དང་སྣྲོན་དང་ནི། །རྒྱལ་དང་ཆུ་སྨད་དེ་བཞིན་ནོ། །ཁྲུམས་སྨད་དག་ཀྱང་དེ་བཞིན་དུ། །རྒྱུ་སྐར་འདི་དག་ཐམས་ཅད་དུ། །རབ་ཏུ་གནས་པ་མཆོག་ཏུ་བཤད། །ཞེས་སོགས་ཟླ་བ་དྲུག་དང་། གཟའ་བཞི། སྐར་མ་བཅུ་བཞི་སོགས་ལ་རབ་གནས་བྱ་བར་གསུངས་ཏེ། ཞིབ་ཏུ་རྗེའི་རབ་གནས་རྒྱས་པའི་ཟིན་བྲིས་སོགས་ལས་ཤེས་པར་བྱ་ཞིང་། ཁྱད་པར་དུ་དགུན་ཟླ་འབྲིང་བོ་དང་། དཔྱིད་ཟླ་འབྲིང་བོ་ནི་འཁོར་ལོའི་སྒྱུར་རྒྱལ་དང་། སངས་རྒྱས་ཀྱིས་དབང་བསྐུར་བའི་དུས་ཆེན་ཡིན་པས། མཆོག་ཏུ་བཀྲ་ཤིས་པར་གསུངས། དེ་ལས་གཞན། ཚེས་གྲངས་ངན་དང་དུས་མིན་དང་། །གནས་མིན་ཆོ་ག་མི་ལྡན་པར། །མཁས་པས་དཀྱིལ་འཁོར་མི་འབྲིའོ། །བྲིས་ན་གདོན་མི་ཟ་བར་ཤི། ཞེས་གསུངས་ལ།

འོན་ཀྱང་། སློབ་དཔོན་ཏིང་འཛིན་མཆོག་དང་ལྡན་ཞིང་། མི་མཐུན་ཕྱོགས་ཟིལ་གྱིས་མནོན་པར་ནུས་ན་ནི་དུས་ཚོད་དགག་བྱ་ཅི་ཡང་མེད་པར་མ་ཟད། གྲུབ་ཆེན་འགའ་ཟུང་གིས་རབ་གནས་ཀྱི་ཆོ་ག་སོགས་ཅི་ཡང་མི་བརྟེན་པར། འཇིག་རྟེན་པར་ཞེན་ལོག་བྱུང་བ་ལྟ་བུའི་རབ་གནས་བགྱིད་པའང་རེ་གཉིས་སྲིད་དེ། དཔེར་ན། འབྲུག་པ་ཀུན་ལེགས་ཀྱི་རྣམ་ཐར་ལས། དེ་ནས་ངས་ར་ལུང་དུ་ཕྱིན་པའི་ཚེ་ལམ་བར་བ་རྣམས་ཞོལ་ནས་བརྒྱུད་ཡོང་། རྒད་གསུམ་དར་ཞེས་པ་ལོ་བརྒྱད་ཅུ་ལོན་པ་ཞིག་གིས་བཀའ་བརྒྱུད་གསེར་ཐང་གི་ཞལ་ཐང་རི་མོ་ཅན་ཤིན་ཏུ་ལེགས་པ་ལ། གསེར་བྲིས་མེད་པ་ཞིག་རྒྱབ་ཏུ་འཁུར་ཏེ་འགྲོ་བ་དང་འཕྲད་བྱུང་། རྒད་པུ་གར་འགྲོ་ཞེས་བྱས་པས་ང་ར་ལུང་དུ་ངག་དབང་ཆོས་རྒྱལ་གྱི་དྲུང་དུ་སྐུ་ཐང་རབ་གནས་ཤིག་ཞུ་བ་ལ་འགྲོ་རྒྱུ་ཡིན་ཟེར་བས། རྒད་པུ་ཁྱེད་ཀྱི་སྐུ་ཐང་དེ་ང་ལ་སྟོན་དང་བྱས་པས། ཁྱོད་ལ་མི་སྟོན་ངག་དབང་ཆོས་རྒྱལ་ལ་སྟོན་རྒྱུ་ཡིན་ཟེར། ཅིས་ཀྱང་ང་ལ་སྟོན་དང་བྱས། རྒྱ་བཤིག་ནས་བལྟས་པས་རྒད་པུས་དགའ་མོ་ཨེ་འདུག་ཟེར། ངས་ཀྱང་དགའ་མོ་རང་འདུག་སྟེ། འདི་ཞིག་དགོས་རྒྱུ་ཡིན་གསུངས་ནས་ཕྱག་མཇེ་ལ་འཇུས་ནས་ཕར་གཡུག་ཚུར་གཡུག་མཛད་ཅིང་སྐུ་ཐང་གི་སྟེང་དུ་ཆུ་ཐེ་རེ་རེ་བཏང་བས། རྒད་པུ་ནི་དབུགས་ཁ་ཤོང་ཚད་བཏོན་ཏེ། ཨ་ཧོ་ཧོ། ཨ་ཕུའུ། ཨའུ། སྨྱོན་པ་ཁོ་དེ་འདྲ་མ་བྱེད་ཟེར། རྒད་པུ་ངུ་ཞིང་འདུག ངས་ཀྱང་རྒད་པུ་མ་ངུ་ཟེར་ནས་ཞལ་ཐང་རློན་པ་དེ་བསྒྲིལ་ནས་རྒད་པུ་རང་ལ་བསྐུར། ད་རབ་གནས་ཞུ་རུ་ཕྱིན་པས་ཆོག་ཟེར་རྒད་པུ་བརྫངས་པས། རྒད་པུ་ར་ལུང་དུ་སླེབས་ངག་དབང་ཆོས་རྒྱལ་མཇལ་ཚེ། ང་ཡི་བསོད་ནམས་བསག་པའི་རྟེན་བཀའ་བརྒྱུད་གསེར་འཕྲེང་ཞིག་བཞེངས་པ་འདི་རུ་ཕྱག་ནས་ཞུ་རུ་ཡོང་བའི་ལམ་དུ་སྨྱོན་པ་ཞིག་དང་འཕྲད་བྱུང་། ངའི་སྐུ་ཐང་གི་སྟེང་དུ་ཆུ་བྱས་ནས་མེད་པ་ལགས། འདི་ལ་གཙང་བྱས་ནས་ཆོག་མི་ཆོག་ད་དུང་ཨེ་ཡོད་གཟིགས་དང་ཞུས་པས། རྒྱ་བཤིག་ནས་གཟིགས་པའི་ཆབ་གང་སླེབས་ཐམས་ཅད་གསེར་གྱི་དྲ་བ་དྲ་ཕྱེད་མུ་ཁྱུད་ཀྱི་འོད་ཟེར་ཕྲ་ཕུང་ངེ་བར་སོང་འདུག་པས། བླ་མས་ཀྱང་རབ་གནས་བྱེད་མི་དགོས་པར་འགྲུབ་འདུག་གསུངས། རྒད་པུ་བླ་ན་མེད་པའི་དད་པ་ཐོབ་སྟེ། ལེགས་སོ་བཀའ་དྲིན་ཆེ་ལགས། རྒད་པུ་ཁྱོད་ལམ་དུ་སྨྱོན་པ་གཅིག་དང་འཕྲད་པ་དེ་གྲུབ་ཐོབ་འབྲུག་སྨྱོན་ཆེན་པོ་ལགས་པས་རབ་གནས་མི་དགོས་གསུངས། རྒད་པུས་ངའི་ཐང་སྐུ་འདི་ཡང་ཀུན་ལེགས་དངོས་དང་ཁྱད་པར་མེད་པའི་བྱིན་རླབས་སྩོལ་ཅིག་ཟེར། སྐུ་ཐང་དེ་དེང་སང་ཡང་ཐིང་ཡུལ་རྡོར་རྟ་མགོའི་མཆོད་ཁང་ན་བཞུགས་ཡོད་དོ་གསུངས་པ་ལྟ་བུ་ལགས་ལ། དེ་ནི་ཆོ་ག་ལ་མ་བལྟོས་པའི་དོན་དམ་སྤྲོས་བྲལ་གྱི་རབ་གནས་ཞེས་བྱ་སྟེ། དེ་ཡང་ཆོས་ཉིད་ཟབ་མོའི་དོན་ལ་དབང་འབྱོར་བའི་སྐྱེས་བུ་ཆེན་པོ་རྣམས་ཀྱིས་ནི་དགོངས་པ་གཏད་པ་ཙམ་གྱིས་རི་བྲག་སོགས་རང་བྱུང་དང་བཅོས་པའི་རྟེན་གང་ཡིན་ཀྱང་ཡེ་ཤེས་ཆེན་པོའི་འཁོར་ལོར་བྱིན་གྱིས་རློབས་ནུས་པ་ཡིན་ནོ། །

༥ ཆོ་ག་དམན་པའམ་རབ་གནས་མ་བྱས་པའི་ཉེས་པ་ནི། རབ་གནས་ཀྱི་རྒྱུད་ལས། གང་དུ་སྐུ་གཟུགས་རྫོགས་པ་དང་། བྱིན་མ་བརླབས་པར་རིང་གནས་ན། །དེ་ལ་བཀྲ་མི་ཤིས་འབྱུང་ཞིང་། །ཇི་སྲིད་མཆོད་པ་དེ་མི་འོས། །དཔེར་ན་སྐྱེས་བུ་ལ་ལ་ཞིག །རིག་པའི་མཚན་ཉིད་སྤངས་པ་ལ། །འཇིག་རྟེན་ཀུན་གྱིས་མཆོད་མི་བྱེད། །དེ་དེ་བཞིན་དུ་གཟུགས་བརྙན་དེ། །རབ་གནས་མ་བྱས་གཟུགས་བརྙན་ལ། །གང་གིས་མཆོད་ཅིང་ཕྱག་བྱེད་པ། །དམ་ཚིག་བྲལ་ཞིང་སྔགས་དམན་པས། །སྦྱིན་སྲེག་ཐལ་བ་འབྲས་མེད་མཚུངས། །ཞེས་དང་། ཆོ་ག་དམན་པས་མི་བྱ་སྟེ། །རབ་གནས་རྟག་པར་བཀྲ་མི་ཤིས། །འཇིག་རྟེན་འདིར་ཡང་སྡུག་བསྔལ་ལ། །འཇིག་རྟེན་ཕ་རོལ་འཇིགས་པ་ཆེ། །དེ་བས་འབད་པ་ཐམས་ཅད་ཀྱིས། །དངོས་གྲུབ་འདོད་པས་ནན་ཏན་བྱ། །ཞེས་སོ། །

༦ རབ་གནས་ཀྱི་ཕན་ཡོན། རབ་གནས་ཀྱི་རྒྱུད་ལས། ཆོ་ག་འདི་ཉིད་ནུས་པ་ཡིས། །རྟོག་པ་ལས་གསུངས་ཚུལ་ལེགས་པ། །དེ་བྱས་བསོད་ནམས་ཆེ་བ་ནི། །མཐོང་དང་མ་མཐོང་འབྲས་བུ་སྐྱེ། །སྐུ་གཟུགས་ཀྱི་ནི་མཚན་ཉིད་ཀྱིས། །དེ་ལ་བྱིན་རླབས་འཇུག་པར་འགྱུར། །ཞེས་དང་། དེ་བཞིན་དུ་ཡང་སྔགས་གནས་པས། །མཆོད་ལྡན་མཆོད་པ་བྱེད་པ་དང་། །དེ་ཡི་ལས་ཀྱི་རྣམ་སྨིན་གྱིས། །སྐྱེ་བ་རུ་ནི་མཆོད་པར་འགྱུར། །ཞེས་དང་། བདེ་མཆོག་སྡོམ་འབྱུང་ལས། ཇི་ལྟར་རབ་ཏུ་གནས་བྱའི་ལྷ། །རབ་ཏུ་གནས་པར་བྱ་བར་ནུས། །སློབ་མ་དད་པའི་གསོལ་བཏབ་པའི། །བསོད་ནམས་ཕྱིར་ནི་བྱ་བ་ཡིན། །ཞེས་དང་། ཇོ་བོ་རྗེས། རབ་གནས་ཚད་ལྡན་སུས་བྱས་པ། །བསམ་པ་ཐམས་ཅད་ཡོངས་རྫོགས་ཤིང་། །འཁོར་ལོས་སྒྱུར་རྒྱལ་དབང་ཕྱུག་ནི། །འཐོབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་སོ། །

རྒྱས་པར་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རབ་གནས་ཀྱི་ཆོ་ག་ཀླག་པའི་དོན་གྲུབ་དགེ་ལེགས་ཀྱི་གཏེར་ཆེན་བཀྲ་ཤིས་རབ་རྒྱས་ཞེས་པར། རབ་གནས་བྱེད་དགོས་མི་དགོས་ཀྱི་ཁྱད་པར། ཆོ་ག་དག་མ་དག་གི་སྐྱོན་ཡོན། སློབ་དཔོན་གྱི་མཚན་ཉིད། གནས་དང་དུས། རྟེན་གྱི་ཁྱད་པར། དོན་དང་སྒྲ་བཤད། ལྷ་གང་གི་སྒོ་ནས་བྱེད་པ། ཆོ་གའི་ཁྱད་པར་བཅས་བཅུའི་སྒོ་ནས་གསུངས་ཡོད་པས་དེ་དག་ཏུ་གཟིགས་པར་བྱའོ། །

རྟེན་ལ་ནང་གཞུག་འབུལ་ཚུལ།

རྟེན་ལ་ནང་གཞུག་དགོས་པའི་ཁུངས་ནི། མདོ་ལས་རིང་བསྲེལ་ཡུངས་འབྲུ་ཙམ་བཞུགས་པའི་མཆོད་རྟེན་ལ། ཞེས་དང་། ཡང་། རིང་བསྲེལ་ཡུངས་འབྲུ་ཙམ་མཆོད་རྟེན་སྐྱུ་རི་རའི་འབྲུ་ཙམ་གྱི་ནང་དུ་བཅུག་སྟེ་སྲོག་ཤིང་ཤིང་ཁབ་ཙམ་གཟུག་ཅིང་གདུགས་རྒྱ་ཤུག་ལོ་མ་ཙམ་གྱིས་འགེབས་ཞེས་སོགས་ཀྱིས་འགྲུབ་ཞིང་། དེ་ཡང་སོ་སྐྱེས་ཀུན་རྫོབ་ཀྱི་སྣང་ངོར་། རྟེན་ལ་ནང་གཞུག་དགོས་ཏེ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས། བསྟན་འགྲོའི་ཕུན་ཚོགས་རྒྱལ་བའི་རྟེན་ལས་བྱུང་། །དེ་ཡི་ནང་གཞུག་མི་ལ་སྲོག་བཞིན་གཅེས། །གསུངས་ལ། དེ་ལེགས་པར་མ་བསྒྲུབ་ན་མི་ལ་རྣམ་ཤེས་མ་ཞུགས་པ་ནང་བཞིན། གཟུགས་བེམ་དེ་ལ་གདོན་བགེགས་ཅི་རིགས་ཞུགས་ཏེ། བསྟན་འགྲོར་གནོད་ཅིང་། རྒྱུ་ནོར་ཆུད་གཟན་པ་ལས་མེད། རྐྱེན་དབང་གིས་ནང་གཞུག་སོགས་མ་གྲུབ་པ་ཡིན་ན། གནས་སྐབས་ཞལ་ཕྱེས་ནས་མི་འཇོག་པར། ལྷ་བཟོའི་ལག་ཆ་རྟེན་དང་ལྷན་དུ་འཇོག་པ་འམ། བྱིན་ཅན་གྱི་དམ་རྫས་སམ་ས་ཙྪ། ལྷ་རང་རང་གི་སྙིང་བོ་སོགས་འཇོག་དགོས། ནང་གཞུག་དང་རབ་གནས་ལེགས་པར་གྲུབ་ན། བསོད་ནམས་བསགས་པའི་ཞིང་སར་གྱུར་བར་མདོ་རྒྱུད་དུ་མར་གསུངས་སོ། །

གཟུངས་གཞུག་འབུལ་ཡུལ་ནི། སྐུ་གསུང་ཐུགས་གསུམ་ལས། གཙོ་བོ་སྐུ་གཟུགས་གཉིས་ཡིན་ལ། གསུང་རྟེན་རང་ཉིད་ཆོས་ཀྱི་རང་བསྲེལ་ལགས་པས། ནང་གཞུག་མི་དགོས་པར་གསུངས་པ་དང་། ཁ་ཅིག་ལྒིགས་བམ་གྱི་མཇུག་ཏུ་རྟེན་འབྲེལ་སྙིང་བོ་འབྲི་སྲོལ་ཡོད་ཡང་ཟེར།

འབུལ་བྱ་གཟུངས་གཞུག་གམ་རིང་བསྲེལ་ནི། བྱང་ཆུབ་སྙིང་བོ་རྒྱན་གྱི་གཟུངས་ཀྱི་ཆོ་ག་ཞིབ་མོ་ལས་གསུངས་པ་བཞིན། ནང་གཞུག་རིང་བསྲེལ་ལ་ལྔ་ལས། ༡ ས་ཙྪ་དང་མཆོད་རྟེན་སོགས་ནི་ཆོས་སྐུའི་རིང་བསྲེལ་དང་། ༢ གཟུངས་ཆེན་སྡེ་ལྔ་དང་ལྒིགས་བམ་སོགས་ཆོས་ཀྱི་རིང་བསྲེལ། ༣ སངས་རྒྱས་བྱང་སེམས་ཀྱི་གདུང་རུས་སོགས་སྐུ་གདུང་རིང་བསྲེལ། ༤ སངས་རྒྱས་བྱང་སེམས་ཀྱི་དབུ་སྐྲ་དང་སེན་མོ། ན་བཟའ་སོགས་སྐུ་བལ་གྱི་རིང་བསྲེལ། ༥ སངས་རྒྱས་དང་དམ་པའི་སྐྱེས་བུ་སོགས་ཀྱི་འཕེལ་གདུང་སྟེ་ཡུངས་འབྲུའི་རིང་བསྲེལ་ལོ། །གཟུངས་སྔགས་ཀྱི་རིགས་ནི། སྟོན་པ་ཐུགས་རྗེ་ཅན་ཁོང་རང་ཉིད་ཀྱིས་ཆེད་དུ་བསྔགས་པ་གཙུག་ཏོར་རྣམ་རྒྱལ། གཙུག་ཏོར་དྲི་མེད། གསང་བ་རང་བསྲེལ། བྱང་ཆུབ་རྒྱན་འབུམ། རྟེན་འབྲེལ་སྙིང་བོ་སྟེ་རྩ་བའི་གཟུངས་ཆེན་སྡེ་ལྔ་ཡོངས་རྫོགས་དང་། ལྷ་རང་རང་གི་སྙིང་བོ་དང་ཉེ་སྙིང་གཙོ་བོ་བྱ། ཆུང་ན་དེ་དག་གི་སྙིང་བོ་དང་མཆོད་རྟེན་ལ་ནི་དེ་དག་དང་འོད་ཟེར་དྲི་མེད་གྱི་སྙིང་བོ་ཙམ་ལས་གཞན་མ་འཛོམས་ཀྱང་ཆོག

བསྒྲིལ་ལུགས་ནི། བུ་སྟོན་སོགས་ཀྱིས་མཇུག་ནས་བསྒྲིལ་བ་དང་། ངོར་ཆེན་སོགས་ཀྱིས་དབུ་ནས་དྲིལ་བའི་ལུགས་གཉིས་ཡོད་ཀྱང་། གང་ལྟར་དམ་པོར་སྒྲིལ་དགོས།

མཆོད་རྟེན་དང་ས་ཙྪ་བྱིན་ཅན་བཞག་ན། གདོན་བགེགས་མི་འཇུག་ཅིང་། རབ་གནས་མ་གྲུབ་ཀྱང་བྱིན་བརླབས་ཆགས་པར་གསུངས་སོ། །

ཡང་བསྟན་འཛིན་གྱི་སྐྱེས་བུར་རློམ་པའི་དམ་ཚིག་ཉམས་ཆག་བྱུང་བའི་བླ་གཟུགས་ཀྱི་ཡོ་བྱད་དང་། གསུང་རྟེན་འདྲ་མིན། འཇིག་རྟེན་པའི་ལྷ་སྐུའི་རིགས་ལ་ཤིན་ཏུ་འཛེམ་དགོས། ལམ་ཞུགས་སོ་སྐྱེས་བསླབ་པ་གསུམ་ལྡན་གྱི་རུས་པ་ནང་གཞུག་ཏུ་རུང་ཡང་། དེ་དང་རྒྱུད་ཚོད་མཐོ་བས་ཕྱག་བྱས་ན་ཕྱག་ཡུལ་ལ་གནོད་པར་འགྱུར་ན། ཐ་མལ་བའི་རུས་བུ་གཏན་དུ་ནང་དུ་གཞུག་མི་རུང་བ། འོད་སྲུངས་རྫོགས་བྱེད་ཀྱི་གཏམ་རྒྱུད་ལས་ཤེས་སོ། །

འོན་ཀྱང་། སྦྱོང་རྒྱུད་ལས། དེ་ནས་རྣལ་འབྱོར་ཅན་གྱི་ནི། །སྔགས་དང་ཕྱག་རྒྱས་དེ་དབང་བསྐུར། །ལྷ་ཡི་གཟུགས་སུ་བརྟག་ནས་ཀྱང་། །མཆོད་རྟེན་དབུས་སུ་བཞག་པར་བྱ། །ཞེས་གསུངས་པ་ཡང་། དཀོན་མཆོག་གསུམ་གྱི་བདེན་པ་དང་། བླ་མ་ཐུགས་རྗེ་ཅན་གྱི་བྱིན་རླབས་དང་། རིག་སྔགས་ཏིང་འཛིན་གྱི་མཐུ་སྟོབས་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་བསམ་གྱིས་མི་ཁྱབ་པའི་ནུས་མཐུ་ལ་བརྟེན་ཏེ། རྟོགས་ལྡན་ཞིག་དང་དེ་འབྲེལ་སྔོན་ལས་ཀྱི་བསགས་རྒྱབ་ཅན་ཞིག་དང་འཕྲད་ན་དེ་འདྲ་སྲིད་པ་མ་གཏོགས། དེ་འདྲ་ཅི་ཡང་མེད་པར་རུས་ཆོག་བྱས་ལོ་ཙམ་གྱིས་ནང་རྟེན་ཏུ་རློམ་པ་ནི། གཤིན་པོ་ལ་གནོད་སྐྱེལ་བ་ལས་གཞན་གང་ཡང་མེད་དོ། །

ནང་གཞུག་འབུལ་བ་བོ་ནི། རབ་དགེ་སློང་རྡོ་རྗེ་འཛིན་པ། འབྲིང་དགེ་ཚུལ། ཐ་མ་དགེ་བསྙེན་ནམ་ཁྱིམ་པ་སོགས་ཀྱིས་གསོ་སྦྱོང་བླངས་ཏེ། ཤ་ཆང་སྒོག་ཙོང་སོགས་སྤངས་ནས། སྤྱོད་ལམ་ཡང་དག་དང་ཕྱག་ལེན་ཞིབ་ཚགས་ཀྱིས་དབུལ་བ་གལ་ཆེའོ། །

རྟེན་གྱི་སྲོག་ཤིང་གི་རྒྱུ། ཙན་དན་དང་ཨ་གར་ཤུག་པ་སོགས་དགོས་ལ། དེ་ཡང་གནས་གཙང་དང་ས་མིང་ཡག་ས་ནས། གནས་བདག་གི་མི་དང་། མི་མ་ཡིན་པའི་གཞི་བདག་ལ་མཆོད་གཏོར་ཕུལ་ཏེ་སློང་ཞིང་། ཡར་ངོ་གཟའ་སྐར་འཕྲོད་སྦྱོར་བཟང་བའི་ཉིན་ཞིག ཤར་ཕྱོགས་མི་ནོར་བའི་མཚན་མ་བཏབ་སྟེ། དབྱིབས་གྲུ་བཞི་རྩ་རྩེའི་རྣམ་པ་ཅན། རིང་ཐུང་དང་ཆེ་ཆུང་རྟེན་གྱི་བབ་དང་བསྟུན་ནས། ཤར་ངོས་ཀྱི་རྩེར་རྣམ་རྒྱལ་མཆོད་རྟེན། མི་ཤོང་ན་བྷྲུཾ་ཡིག་བྲིས་ཀྱང་ཆོག ཞབས་མཐིལ་གྱི་ལྟེ་བ་དང་ཕྱོགས་བཞིར་པད་འདབ་རྭ་དང་བཅས་པས་སྲོག་ཤིང་གི་ཞབས་བཏུམས་ལ། སྐུ་གཟུགས་ཀྱི་སྲོག་ཤིང་ཡིན་ན་ཤར་ངོས་སུ། སྤྱི་བོ་ཨོཾ། མགྲིན་པར་ཨཱ། ཐུགས་ཀར་ཧཱུཾ། ལྟེ་བར་ཏྲཾ། གསང་གནས་སུ་ཧྲཱྀ་ཡིག་འབྲི། སྤྱི་བོའི་ཨོཾ་གྱི་མཐའ་བསྐོར་དུ་རིག་པ་ཆེན་པོའི་གཟུངས། ཨོཾ་སརྦ་བིངྱཱ་སྭཱ་ཧཱ། ཞེས་དང་། མགྲིན་པའི་ཨཱའི་མཐའ་བསྐོར་དུ། ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷྲ་ཎ། ཏ་ཐ་ད་ངྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵཿ ཞེས་དབྱངས་གསལ་དང་། ཐུགས་ཀར་ཧཱུཾ་གྱི་མཐའ་བསྐོར་དུ། ཨོཾ་བཛྲ་ཨ་ཡུ་ཥེ་སྭཱ་ཧཱ། ཞེས་དང་། ལྷ་རང་རང་གི་སྙིང་བོ། ལྟེ་བར་ཏྲཾ་གི་འོག་ནས་ཤར་ངོས་སུ་གཙུག་ཏོར་རྣམ་རྒྱལ་གྱི་གཟུངས། ཨོཾ་བྷྲཱུཾ་སྭཱ་ཧཱ། ཨོཾ་ཨ་མྲྀ་ཏ་ཨ་ཡུ་རྡ་དེ་སྭཱ་ཧཱ། ཞེས་དང་། ཏྲཾ་གི་འོག་ནས་ལྷོར་གཙུག་ཏོར་དྲི་མེད་ཀྱི་གཟུངས། ཨོཾ་ན་མ་སྟྲཻ་ཡ་དྷི་ཀ་ནྡཾ། སརྦ་ཏ་ཐ་ག་ཏ་ཧྲི་ད་ཡ་གརྦྷེ་ཛྭ་ལ་ཛྭ་ལ། དྷ་རྨྨ་དྷྱ་ཏུ་གརྦྷེ་སཾ་བྷ་ར་མ་མ། ཨ་ཡུཿསཾ་ཤོ་དྷ་ཡ་སཾ་ཤོ་དྷ་ཡ། མ་མ་སརྦ་པ་བཾ། སརྦ་ཏ་ཐ་ག་ཏ་ས་མནྟོ་ཤྟི་ཥ་བི་མ་ལེ་ཤུད་དྷི་ཧཱུཾ་ཧཱུཾ་ཧཱུཾ། ཨཾ་བཾ་སཾ་ཛ་སྭཱ་ཧཱ། ཞེས་དང་། ཏྲཾ་གི་འོག་ནས་ནུབ་ཏུ་གསང་བ་རིང་བསྲེལ་གྱི་གཟུངས། ཨོཾ་སརྦ་ཏ་ཐ་ག་ཏ་ཨུཥྞི་ཥ་དྷ་དུ་མུ་དྲཱ་ན་སྭཱ་ཧཱ། སརྦ་ཏ་ཐ་ག་ཏ་སྭཱ་དྷཱ་ཏུ་བི་བྷུ་ཥི་ཏ་ཨ་དྷི་ཥྛི་ཏེ་ཧུ་རུ་ཧུ་རུ་ཧཱུཾ་ཧཱུཾ་སྭཱ་ཧཱ། ཏྲཾ་གི་འོག་ནས་བྱང་དུ་བྱང་ཆུབ་རྒྱན་འབུམ་གྱི་གཟུངས། ཨོཾ་སརྦ་ཏ་ཐ་ག་ཏ་བྱཱ་བ་ལོ་ཀི་ཏེ། ཛ་ཡ་ཛ་ཡ་སྭཱ་ཧཱ། ཧྲི་ད་ཡཾ། ཨོཾ་ཧུ་རུ་ཧུ་རུ། ཛ་ཡ་མུ་ཥེ་སྭཱ་ཧཱ། ཨུ་བ་ཧྲི་ད་ཡཾ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཞེས་སོགས་ཀྱི་གཟུངས་འབྲི། གསང་གནས་སུ་ཧྲཱྀ་ཡིག་གི་ཐད་དུ། ཨོཾ་སུ་པྲ་ཏི་ཥྛ་བཛྲ་ཡེ་སྭཱ་ཧཱ། དེ་ནས། ཡེ་དྷ་ཪྨཱ་ཧེ་ཏུ་པྲ་བྷ་པཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བད་ཏ་ཏེ་ཥཙྙ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿཡེ་སྭཱ་ཧཱ། ཞེས་དང་། བཞི་ཀའི་གཤམ་དུ་ཤིས་བརྗོད་འདོད་གསོལ་སྨོན་ལམ་ཅི་རིགས་ཀྱིས་བརྒྱན་ཏེ། ལྷ་སོ་སོའི་མདོག་མཚུངས་ཀྱི་ན་བཟའ་འམ། ལས་བཞི་ལྷུན་གྲུབ་ཀྱི་མདོག་དར་གོས་ཀྱིས་དྲིལ་བར་བྱའོ། །

དེ་ནས་སྲོག་ཤིང་གཟུགས་ཏེ་རྟེན་གསུམ་རིམ་པ་མ་འཆོལ་བར་ཕུལ་ཏེ། བར་སྟོང་དུ་ཤུག་པ་དང་བ་ལུ་སོགས་དྲི་ལྡན་གྱི་སྨན་ཕྱེ། རིན་ཆེན་རིགས། འབྲས་བུ་གསུམ། བཟང་དྲུག རྩ་བ་ལྔ། འབྲུ་ནག་མིན་པའི་འབྲུ་སྣ། དཀར་གསུམ་མངར་གསུམ་སོགས་ལྟིར་གྱིས་གང་ནས། མཐུན་རྐྱེན་ལེགས་ཚོགས་གོང་འཕེལ་དུ་གནོད་སྦྱིན་ཕོ་མོ། གནོད་སྦྱིན་བང་མཛོད། དབུལ་བའི་བསྐལ་བ་སེལ་ཕྱིར་རིན་པོ་ཆེའི་རིགས། ནད་ཀྱི་བསྐལ་བ་སེལ་ཕྱིར་སྨན་སྣ། མཚོན་གྱི་བསྐལ་བ་སེལ་ཕྱིར་མཚོན་ཆའི་རིགས་ཕུལ་ཏེ་མཐར་རྒྱ་གྲམ་གྱིས་གཅད་པར་བྱའོ། །

བྲིས་ཐང་ཡིན་ན། རྒྱབ་ཏུ་གནས་གསུམ་དུ་ཡིག་འབྲུ་གསུམ་མམ་གནས་ལྔ་སྐྱེ་མཆེད་བྱིན་རླབས། ལྷ་སོ་སོའི་མཚན་སྔགས་དང་གཟུངས། སརྦ་བིངྱཱ། བཛྲ་ཨ་ཡུ། རྟེན་སྙིང་། གསོ་སྦྱོང་དང་བཀྲ་ཤིས་སོགས་འབྲི་ལ། ཧ་ཅང་ཆུང་ན་འབྲུ་གསུམ་གྱིས་ཀྱང་ཆོག་གོ །

ཕྭ་གཡང་།

༡ ཕྭ་གཡང་གི་གོ་དོན། སྤྱིར་གཡང་ཟེར་བ་ནི། ཚེ་དང་བསོད་ནམས། དཔལ་དང་འབྱོར་བ། སྙན་གྲགས་དང་རིགས་རྒྱུད། ཆོས་སྲིད་ཀྱི་ལེགས་པའི་ཆ་ཐམས་ཅད་ཚང་བ་ལ་གཡང་དང་། དེ་མ་ཚང་བ་མེད་པར་འགུགས་ཐབས་ཀྱི་ཆོ་ག་ལ་བརྟེན་ནས་ཚུར་སྡུད་པ་ལ་ཕྭ་གཡང་འགུགས་ཟེར།

ཡང་ཐུའུ་བཀྭན་ཆོས་ཉིས། གཡང་དང་བཅུད་དོན་གཅིག་པས། སྲིད་ཞིའི་བཅུད་འགུགས་པ་ལ་གཡང་འགུགས་པ་ཞེས་བཏགས་པ་སྟེ། གཡང་ཞེས་པའི་ཐ་སྙད་རྒྱུད་རྡོ་རྗེ་རྩེ་མོ་ལས་ཀྱང་། མཆོག་དང་ནོར་སྟེར་དཔལ་དང་གཡང་། །ཞེས་འབྱུང་བས་གཡང་འབོད་བྱེད་པ་བོད་ཀྱི་རྟོག་བཟོ་ཙམ་མ་ཡིན་ནོ། །གསུངས་སོ། །

ཡང་བོན་ཀྱི་ཡིག་རྙིང་ཁག་གཅིག་ལས། ཕྭ་ནི་འཇིག་རྟེན་སྐྲུན་མཁན་གྱི་ཡབ་མེས་ཤིག་ཏུ་འདོད་ཕྱིར། ཕྭ་གཡང་འགུགས་པ་ཞེས་པའང་འགྲོ་བ་མིའི་མེས་པོ་ཕྭ་ཞེས་པ་གདན་དྲངས་ནས་བཅུད་དང་ལེགས་ཚོགས་འགུགས་པར་འགྲེལ་ནའང་མི་ཆོག་པ་མེད་སྙམ་མོ། །

༢ ཕྭ་གཡང་གི་ཁུངས། བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱིས། ལྷ་ཀླུ་མི་གསུམ་སོགས་གདུལ་བྱ་གྲངས་ཀྱིས་མི་ཟིན་པར། བྱ་རྒོད་ཕུང་བོའི་རི་ནས་གསེར་འོད་གཡང་སྐྱབས་གསུངས་པ་ནི། ད་ལྟ་ཡང་དངོས་སུ་མཇལ་རྒྱུ་ཡོད་པ་དེའོ། །གསེར་འོད་གཡང་སྐྱབས་འདི་ལ་ཡང་། ཐུའུ་བཀྭན་ཆོས་ཉིས། གསེར་འོད་གཡང་སྐྱབས་སོགས་རྒྱ་གར་ནས་མ་ཡིན་པར་ཡུལ་གཞན་ནས་རྙེད་པ་ཡིན་འདུག་པའི་བརྡ་ཆད་སྣ་ཚོགས་སྣང་ལ། སངས་རྒྱས་ཀྱི་ཞལ་ནས་གསུངས་པའི་མདོ་ཡིན་མིན་ཐེ་ཚོམ་ཟ་ཡང་། བྱིན་གྱིས་བརླབས་པའམ་རྗེས་སུ་གནང་བའི་བཀའ་གང་རུང་ཡིན་དུ་རུང་ངམ་སྙམ་མོ་གསུངས་སོ། །

བཤད་ཚུལ་གཞན་ལ། ཕྭ་གཡང་ཞེས་པ་འདི་བོན་གྱི་ཆོས་སྐད་ཅིག་ཡིན་ལ། ད་ལྟའི་གཡང་འབོད་ཀྱི་ཆོ་ག་འདི། བོད་རྒྱལ་ཐོག་མ་གཉའ་ཁྲིའི་སྔོན་ནས། བོན་ཤེས་པ་ཅན་བཅུ་གཉིས་ཀྱི་ནང་ཚན་གཡང་ཤེས་ཕྭ་བོན་གྱིས་གཡང་སྒྲུབ་བྱེད་པའི་སྲོལ་ཡོད་པ་སྟེ། ལུག་དམར་གྱི་ལག་ཤ་དང་། ཚིགས་གསུམ་ཅན་གྱི་མདའ་ལ་དར་ཚོན་སྣ་ལྔ་དང་། གཟི། སྤོས་ཤེལ། བྱུ་རུ། གཡུ། མེ་ལོང་བཅས་ཀྱིས་བརྒྱན་པའི་མདའ་དར་རྩེ་ལྔ་སྒྲོ་དང་ལྡན་པ་ལག་ཏུ་ཐོགས་ཏེ་ཚེ་བསོད་འགུགས་པའི་ཆོ་ག་བྱེད་སྲོལ་ཡོད་ལ། ལ་ལས་ད་དུང་ཕྱེ་མར་ཆང་ཕུད་སོགས་འཁྱེར་བའི་མི་གཅིག་གིས་ཁང་ཐོག་ནས་ཕྭ་གཡང་འགུགས་ཞེས་ཕྱག་རྒྱ་དང་བཅས་སྐད་རྒྱག་སྲོལ་ཡང་ཡོད་དོ། །

པདྨ་བཀའ་ཐང་ལས། འཇིག་རྟེན་འཕྲལ་རྐྱེན་བཟློག་པ་ཙམ་གྱི་བོནཿ ཤ་བ་ཤིང་མགོ་རྭ་རྒྱས་བྱེད་པ་དངཿ གཡག་ལུག་ཟན་ལ་གཟུགས་བརྙན་བྱེད་དུ་བཅུགཿ ལྷ་གཡང་སྐོར་གསུམ་མིན་པ་ཐམས་ཅད་བསྣུབསཿ དེ་ལྟར་རྒྱལ་བོ་ཁྲི་སྲོང་ལྡེ་བཙུན་གྱིས་བོན་ཆོས་བསྣུབས་པའི་སྐབས་སུ། གཡང་ཆོག་སོགས་སྤྱི་ཚོགས་ལ་ཕན་ཐོགས་པའི་བོན་ཆོས་འགའ་མ་བསྣུབས་པར་བཞག་ལ། ཕྱིས་སུ་སངས་རྒྱས་ཆོས་ལུགས་པས་བོན་ཆོག་གི་རྣམ་པ་རང་སོར་བཞག་ནས། ནང་དོན་གྱི་ཆ་ནས་ནང་བསྟན་དང་མཐུན་པར་བཅོས་པར་གྲགས་ལ། གང་ལྟར་ཆོས་ལུགས་གཉིས་ཀ་ན་ཁུངས་གཏུགས་ས་ཡོད་དོ། །ཚུལ་འདི་ལ་དགོངས་ནས། ཐུའུ་བཀྭན་ཆོས་ཀྱི་ཉི་མས། ཆོས་དང་བོན་ཞེས་འགལ་བའི་མཚང་བྱེད་དང་། །ཆོས་ལ་བོན་འདྲེས་བོན་ལ་ཆོས་འདྲེས་པས། །ཆོས་མིག་རྡུལ་བྲལ་མི་ལྡན་བདག་ལྟ་བུས། །ཆོས་བོན་རྣམ་དབྱེ་འབྱེད་ལ་སྒྱིད་ལུག་འགྱུར། །གསུངས་པའང་འདི་ལྟ་བུ་ལ་དགོངས་པ་ཡིན་ནོ། །

༣ གཡང་སྒྲུབ་ལ་མཁོ་བའི་རྫས། གསེར་འོད་གཡང་སྐྱབས་ལས། ཤིན་ཏུ་དབེན་ཞིང་ཉམས་དགའ་བར། །གཞི་མ་དཀར་གཙང་སྟེང་དུ་ནི། །དཀོན་མཆོག་མཆོད་པ་རྒྱ་ཆེར་བཤམས། །མདའ་དར་ཕྱེ་མར་གསེར་སྐྱེམས་མཆོད། །རིན་ཆེན་བུམ་པ་མར་ཁུས་བཀང་། །སྦ་སྨྱུག་རིན་ཆེན་གསེར་གཡུ་དང་། །གཡང་གི་ར་བ་རིན་ཆེན་མར་གྱིས་བཀང་། །མར་ལུག་དུང་ཤ་ཆང་ཕུད་སོགས། །ཕྱག་རྒྱ་སྔགས་ཀྱིས་བྱིན་བརླབས་ཏེ། །ཞེས་པ་ལྟར། བཟང་དྲུག་སོགས་སྨན་སྣ་དང་འབྲུ་སོགས་བྱུར་བུར་སྤུངས་ལ། ནོར་ལྷའི་གཟུངས་སྔགས་དང་། སྤེལ་ཚིག་དག་བྲིས་ཏེ། ཤོག་དྲིལ་བྱས་པ་རིན་ཆེན་གྱི་སྦུ་གུར་བཅུག་ནས། གཡང་རྫས་ཀྱི་ནང་ལ་བཞག་སྟེ་སྒྲུབ་རྟེན་བྱ། མདུན་དུ་མཆོད་པ་ཅི་འབྱོར་བཤམས། འགུགས་བྱེད་རྟེན་འབྲེལ་མཚོན་བྱེད་ཡང་། གསེར་འོད་གཡང་སྐྱབས་ལས། བྱང་ཕྱོགས་དཔལ་གྱི་ལྷུན་པོ་ལ། །དཔལ་གྱི་སྦ་སྨྱུག་ལྡེམ་པ་སྐྱེས། །ཚིགས་བདུན་ཚིགས་དགུ་བཅུ་གསུམ་པ། །འཁོར་ལོ་བསྒྱུར་བའི་གཡང་རྟེན་ལགས། །དེ་ལྟར་ལོངས་སྤྱོད་རྒྱས་པ་ཡང་། །བཀྲ་ཤིས་སྦ་སྨྱུག་རྒྱས་པ་དེ། །འཁོར་ལོ་བསྒྱུར་བའི་གཡང་ཕུར་བྱས། །རྒྱལ་བོ་ལོངས་སྤྱོད་རྒྱས་པ་ལྟར། །དེ་རིང་སྨྱུག་རྒོད་ཚིགས་གསུམ་པ། །ཡོན་བདག་འདི་ཡི་ཕྭ་གཡང་ལགས། །ཞེས་པ་ལྟར། ཚིགས་གསུམ་ཅན་གྱི་མདའ་ལ་དར་ཚོན་སྣ་ལྔ་དང་། གཟི། སྤོས་ཤེལ། བྱུ་རུ། གཡུ། མེ་ལོང་བཅས་བཏགས་པའི་མདའ་དར་བཅས་དགོས་ལ།

ཁྱད་པར་དུ། གཡང་མདའ་འདི་ཕྭ་གཡང་གི་ཡོ་བྱད་གཙོ་བོ་བརྩི་བ་ནི་ཅི་ཡིན་ཞེ་ན། གདོད་མའི་སྤྱི་ཚོགས་ནང་ཁང་བའི་ཚད་འཇལ་ལ་ཕྱོགས་བཞི་ནས་མདའ་འཕངས﹙བསམ་ཡས་གཙུག་ལག་ཁང་གི་རྒྱ་ཁྱོན་ཀྱང་མདའ་འཕངས་ཏེ་གཞལ་བ་ལོ་རྒྱུས་དག་ན་གསལ། ﹚ཏེ་ས་ཁྱོན་འཇལ་བ་དང་། གཉེན་རྟགས་དང་གཡང་རྟེན་དུ་མཁོ་བ་དང་། རྔོན་ལས་དང་གཡུལ་འགྱེད་སྐབས་ཀྱི་མཚོན་ཆ་གཙོ་བོ་དང་། མངའ་ཐང་དབང་སྡུད་སོགས་མདའ་རྩལ་ལ་བརྟེན་དགོས་སྟབས། མདའ་མོ་ལ་མངའ་ཐང་དང་རྒྱུ་འབྱོར། །དབང་སྡུད་སོགས་བདག་གིར་བཞེས་པའི་ཁྱད་ནུས་ལྡན་ཕྱིར། གདོད་མིའི་མི་རྣམས་ཀྱིས་རེ་སྨོན་དང་སེམས་འདུན་དམིགས་ཡུལ་བཅོལ་ཡུལ་གྱི་གཡང་རྟེན་གྱི་གཙོ་བོར་བཞག་པ་རེད། དེ་བས་མི་སྲོག་མདའ་དང་མདའ་སྲོག་ལྷ་ལ་བཅོལ་བའི་ལྟ་བ་ཞིག་ཐོན་ཡོད་པ་སྟེ། ཀརྨ་ཆགས་མེད་ཀྱིས། མི་སྲོག་འདི་ནི་མདའ་ལ་བརྟེན། །མདའ་སྲོག་འདི་ནི་ལྷ་ལ་བཅོལ། །ལྷ་སྲུང་གཉན་པོས་བསྲུང་དུ་གསོལ། །ཕྭ་གཡང་ནོར་གཡང་སྲུང་དུ་གསོལ། །ཞེས་སོ། །

མདའ་སྨྱུག་དེ་སྐྱེ་ཡུལ་དང་རྣམ་པ། བྱིན་གྱིས་བརླབས་ཚུལ་ནི། པདྨ་གཡང་འབུམ་ལས། རི་རབ་རི་ཡི་ལྷོ་ཕྱོགས་ན། །དབང་བོའི་ཡུལ་གྱི་ཕ་རོལ་ན། །བཀྲ་ཤིས་ནགས་ཚལ་ཆེན་པོ་ན། །སྦ་རྒོད་སྙུག་རྒོད་ལྡེམས་སེ་ལྡེམས། །ཕྱི་ཤུན་སྔོན་པོའི་མདངས་དང་འདྲ། །འདམ་ནས་དར་བས་རབ་ཏུ་འཇམ། །རྩེ་མོ་ནམ་མཁའི་དབྱིངས་སུ་བསླེབས། །ལོ་མ་འབྲས་བུ་ཐིབས་སེ་ཐིབས། །རྒྱལ་བོ་ཆེན་པོ་སྡེ་བཞི་དང་། །ལྕགས་ཀྱི་ཟོར་བས་བྲེགས་པ་ཡིན། །སློབ་དཔོན་པདྨ་འབྱུང་གནས་ཀྱིས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །བཤུད་ཤད་མཚན་ལྡན་མདའ་དར་བྱས། །བྱ་རྒོད་གཤོག་པའི་སྒྲོ་ཡིས་བསྐྱོན། །དར་ཚོན་སྣ་ལྔའི་ན་བཟའ་གསོལ། །ཡ་མཚན་རྨད་དུ་བྱུང་བའི་མདའ། །དར་ཚོན་སྣ་ལྔ་ཤ་ར་ར། །ཕ་ནི་གནམ་ལ་མ་ནི་ས། །བུ་ནི་སྦ་སྙུག་ལྡེམས་སེ་ལྡེམས། །ཚིགས་གསུམ་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས། །ཁོང་གསེང་བྱང་ཆུབ་སེམས་དཔས་བྱིན་གྱིས་བརླབས། །མེ་ཏོག་གཡུ་ལོ་རབ་ཏུ་འབར། །དེ་འདྲའི་ཡོན་ཏན་ལྡན་པའི་མདའ། །མཛེས་པའི་ཡོན་ཏན་ལྔ་ཡིས་བརྒྱན། །གཡང་ལྷ་འཁོར་དང་བཅས་ལ་འབུལ། །སྐུ་ཡི་རྟེན་དུ་མདའ་དར་འབུལ། །གསུང་གི་རྟེན་དུ་མདའ་དར་འབུལ། །ཐུགས་ཀྱི་རྟེན་དུ་མདའ་དར་འབུལ། །གཡང་ལྷ་རྣམས་ལ་མདའ་དར་འབུལ། །ཞེས་སོ། །

ཡང་། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་བོད་རྣམས་ཀྱི་དབུལ་བ་སེལ་ཕྱིར། བུམ་པ་སྦྲང་ཆང་གིས་བཀང་སྟེ། སློབ་དཔོན་པད་འབྱུང་ལ་ཞུས་པའི་ཆོ་ག་པདྨ་གཡང་འབུམ་ལས། ཞལ་ཟས་བཟང་བོ་དང་། དཔག་བསམ་ལྗོན་ཤིང་དང་། མེ་ཏོག་པདྨ་དང་། བཀྲ་ཤིས་དཔལ་ཐོགས་བྲིས། སྟེང་དུ་གཡང་གི་དཔལ་བཤོས་བཤམས། མདའ་བྱ་རྒོད་ལ་རིན་ཆེན་སྣ་ལྔ་དང་རྔ་མ་དཀར་ནག་དང་། གཡང་གི་སྙིང་བོ་བྲིས་པ་བཏགས། ཚེ་རིང་བའི་རྟེན་བཤམས། སྟག་རས་གཟིག་རས་དང་། ཁྲབ་བྱང་དང་དེ་རྣམས་བཏགས་ལ་རྟེན་དུ་བཙུགས། ཤུག་པ་ལ་གཡང་གི་ཕུར་བ་སོར་བརྒྱད་གཅིག་ལ་དཔལ་བཤོས། དེ་ཡང་རིན་ཆེན་དར་དང་བ་དན་དང་རྔ་མ་དཀར་ནག་དང་། དུང་དང་། པི་ཝང་དང་། དྲིལ་བུ་དང་། སྒྲ་སྙན་པ་ཐམས་ཅད་བཞག འབྲུ་སྣ་ཚོགས་དང་ཕྱེ་དང་ཞོ་དང་ཕྱེ་མར་དང་། བུ་རམ་དང་མར་དང་ཐུད་དང་། གཡག་ལུག་གི་ཤ་དང་མར་ཁུ་དང་སྦྲང་དང་ཆང་དང་འོ་མ་དང་། འབྱོར་ཚད་སྣ་ཚོགས་བཤམས། གཏོར་མ་ཆ་གསུམ་དང་བཅས། མཆོད་པ་རྣམ་ལྔ་འབུལ། གོས་ཀྱི་དངོས་གྲུབ་འཐོབ་ཕྱིར། རས་ཕྲུག་དར་གསུམ་བཞག རི་རྩེ་ཤར་དུ་ཚངས་པའི་ནེའུ་ལེ་རྐྱལ་བ་གཅིག་ནང་དུ་རིན་ཆེན་སྣ་ཚོགས། འབྲུ་སྣ་ཚོགས། རྒྱན་སྣ་ཚོགས་ཀྱི་སྙིང་བོ་དང་། ནོར་ལྷ་མཆེད་ཀྱི་སྙིང་བོ་དང་། རྨང་དང་ཞིང་བཟང་བོ་དང་ཕྱུག་པོའི་ནོར་རྫས་སྣ་ཚོགས་ཀྱི་སྤུ་དང་། ཤོག་གུ་ལ་ནོར་ལྷའི་སྙིང་བོ་བྲིས་ལ་བཞག དེ་གཡང་ཕུར་ལ་བཏགས། དེ་ནས་བགེགས་གཏོར་བཤམས་ལ་བཙོད་ཚུར་རམ་གསུམ་ཚ་སྒོག་རྣམས་བསགས་དགོས་པར་གསུངས་ཡོད་དོ། །

༤ མདའ་དར་སོགས་ཀྱི་མཚོན་དོན། སྨྱུག་རྒོད་ལ་ཚིགས་གསུམ་ཡོད་པས་ཐེག་པ་གསུམ། དར་སྣ་ལྔས་མཁའ་འགྲོ་དང་ཡེ་ཤེས་ལྔ་དང་འཕྲིན་ལས་ལྔ། རྒོད་སྒྲོས་གནས་ལུགས་ཀྱི་ཡང་རྩེ་རྟོགས་ཤིང་ཕས་རྒོལ་གྱིས་གླགས་མི་རྙེད་པ། མེ་ལོང་གིས་སྣོད་བཅུད་ཐམས་ཅད་གསལ་ལེར་འཆར་བ། གཡུ་ནི་མི་ཡི་བླ་རྡོར་གྲགས་པས། བླ་ཚེ་འཁྱམས་པ་སྐད་ཅིག་ལ་འགུགས་ནུས་པ། རྩ་བ་མདུང་ཚུགས་སུ་གནས་པས་ཚེ་སྲོག་འགྱུར་བ་མེད་པ། སྦ་སྨྱུག་དྲང་བས་དགེ་བཅུའི་ལམ་དང་ལས་འབྲས་ལ་བློ་ཁ་དྲང་བ་སོགས་མཚོན་པར་བཤད་དོ། །གཞན་ཡང་། ཆོ་ག་དག་ལས། མདའ་ལ་ཡོན་ཏན་བསམ་མི་ཁྱབ། །མདའ་མོ་དར་གྱིས་བརྒྱན་པ་འདི། །མོ་སྲིད་ཕོ་རུ་འཕེལ་བ་ཡིན། །མདའ་ལྟོང་གནམ་ལ་བསྟན་པ་འདི། །ཁ་རྗེ་དགུང་དང་མཉམ་པ་ཡིན། །སྨྱུག་མ་ཚིགས་གསུམ་ཡོད་པ་འདི། །ལུས་ངག་ཡིད་དང་གསུམ་པོའི་དོན། །མདེའུ་ལྕགས་ལས་བྱས་པ་འདིས། །མི་ཁ་འགོང་བོ་ཐུབ་པ་ཡིན། །ཁབ་དང་སྐུད་པས་བརྒྱན་པ་འདི། །ཕར་བཏང་ཚུར་མི་ལྡོག་པའི་དོན། །ཞེས་གསུངས་སོ། །

གཞན་ཡང་། མདའ་སྒྲོའི་འགབ་ཀྱི་ཕྱོགས་བཞི་ལ་གཡང་གི་ར་བ་སྒོ་བཞི་འབྲི་བ་ཡང་རྒྱུ་མཚན་འདི་ལྟར་སྟེ། གླིང་སྒྲུང་འཁྲུངས་སྐོར་ལས། དེ་ནས་རྒྱ་བཟས(རྒྱ་བཟའ་ལྷ་དཀར་སྒྲོལ་མ)རྒོད་མ་གཅིག་དང་། མ་མོ་གཅིག འབྲི་མོ་གཅིག ར་མ་གཅིག་བཅས་བཞི་བྱིན་ཏེ་བུ་མོས(འགོག་བཟའ་ལྷ་དཀར)གཞི་ཟིན་པའི་རྟེན་འབྲེལ་དུ་གཡང་གི་ར་བ་སྒོ་བཞི་ཟེར་བའི་གཏམ་རྒྱུད་བྱུང་། ཞེས་པར་གཞིགས་ན་དེ་བཞི་ནི་སྒོ་ཟོག་གི་གཅེས་ནོར་དུ་བརྩི་བས། ཕྱིས་སུ་གཡང་མདའ་བརྒྱན་པའི་རི་མོ་དང་། ཕྱུགས་གཡང་འགུགས་པའི་མཚོན་དོན་དུ་བཞག་གོ། དེར་མ་ཟད་རྒྱལ་ལོའི་སྟ་གོན་དུ་སྣུམ་འཁུར་བཙོས་རྗེས་སུ་གཡང་གི་ར་བ་སྒོ་བཞི་བཙོས་ཏེ་ཚེས་གཅིག་ལ་མཆོད་སྟེགས་སུ་བཤམས་སྲོལ་ཡང་ཡོད།

༥ གཡང་འགུགས་ཇི་ལྟར་བྱ་ཚུལ། གཡང་འགུགས་བྱེད་པ་པོ་རབ་འབྲིང་ཐ་གསུམ་ཡོད་པ་ལས། རབ་ཆོས་ཐམས་ཅད་མཉམ་ཉིད་དུ་རྟོགས་པའི་རྣལ་འབྱོར་བ་ཞིག་དང་། འབྲིང་བསྐྱེད་རྫོགས་ཀྱི་རྟོགས་ལྡན་པ། ཐ་མ་ཡང་ཆོ་ག་ལ་བརྟེན་ཏེ་རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་དང་། སྲིད་གསུམ་གྱི་བདེ་སྐྱིད་དཔལ་འབྱོར་ཇི་སྙེད་ཅིག་མཆིས་པ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པའི་དམིགས་པ་དང་བཅས། ཕྱག་ཏུ་གཡང་དར་ཐོགས། ཞལ་ལས་བཀྲ་ཤིས་གཡང་འགུགས་ཀྱི་སྤེལ་ཚིག་གསུངས་བཞིན་མདའ་དར་གྱིས་གཡབ་མོ་བྱེད་པ་ཡིན། ས་སྐྱ་བ་དང་། དགེ་ལུགས་པ་སོགས་ཀྱི་ངོས་ནས་བརྗོད་ན། རྣམ་སྲས་མགོན་དཀར། སྒྲོལ་མ་སོགས་ཀྱི་གཡང་འགུགས་རྒྱས་པར་ཡོད། གཞན་གྲུབ་མཐའ་སོ་སོའི་གཡང་འགུགས་ཀྱི་ཆོ་ག གཏོང་སྟངས་དང་གོ་རིམ། གཡང་རྫས། ཕྱག་ལེན་མི་འདྲ་བ་ཡོད་པ་ལས་གཞན། དམངས་ཁྲོད་ཀྱི་ལུགས་སྲོལ་མི་འདྲ་བ་མང་བོ་ཡོད་དོ། །དེ་ལས་གཞན་བརྡ་རགས་པའི་དབང་དུ་བཏང་ན། བྱ་བ་ལམ་འགྲོ་ཡོང་བའི་ཚིག་ཅིག་བརྗོད་པ་ལའང་ཁ་གཡང་བོས་ཟེར། ཁྱད་པར་ཡུལ་ལུང་འགའ་ཤས་ནས་བུ་མོ་གནས་ལ་འགྲོ་སྐབས། ཨ་མའི་ཕྲ་ལ་རིང་བའི་སྐད་དབྱངས་དང་བཅས། བཟང་ཡོད་ན་གནས་ལ་འཁྱེར། འཕྲོ་ཡོད་ན་ཡུལ་ལ་ཞོག ཅེས་དང་། མི་གཡང་མི་ལ་མ་འཁྱེར་ཨ་མར་ཞོག སྐྱིད་ཉི་མ་གཉིས་ཀ་ཁྱོད་ཀྱིས་འཁྱེར། ཞེས་སོགས་གཡང་འབོད་གཏོང་བ་ནི། གཉེན་ཚན་གཉིས་ཀར་མི་འགལ་བའི་གཡང་བགོ་ལུགས་ཀྱི་རྟེན་འབྲེལ་ཞིག་རེད་བསམ་མོ། །དེ་བཞིན་ཡུལ་ལུང་འགར་སྒོར་མོ་ཕར་སྟེར་དུས། དངུལ་སྒོར་ཁྱེད་ལ་བྱིན་ཆོག་ཀྱང་། དངུལ་གཡང་ང་ལ་བསྐྱུར་དགོས་ཞེས་རང་ལུས་སུ་བྱིལ་བྱིལ་འགར་བྱས་ནས་སྟེར་བ་ཡང་། བོད་མི་རྣམས་གཡང་གི་ཚོར་འདུ་ཤུགས་དྲག་ཡོད་པ་ལས་བྱུང་བ་ཡིན་ནོ། །

༦ གཡང་འགུགས་ཀྱི་འཛེམ་བྱ། གསེར་འོད་གཡང་སྐྱབས་ལས། ཕྱི་མི་སྐྱ་བོ་ནང་ལ་མ་གཏོང་ཞིག། ནང་མི་སྨུག་པོ་ཕྱི་རུ་མ་འབུད་ཅིག། ལྷ་ལུག་ཐང་ལ་མ་འབུད་ཅིག །སྲིད་ཀྱི་གླང་ཆེན་ནང་ལ་མ་གཏོང་ཞིག། ཅེས་གསུངས་པ་ལས་གཞན། གཡང་ཁ་བསྡམས་རྗེས་ཅ་ལག་ཕན་ཚུན་ལ་མི་གཏོང་བ་སོགས་བྱེད་དོ། །

རིལ་སྒྲུབ།

༡ རིལ་སྒྲུབ་ཀྱི་ཆོ་ག་དང་སྒྲུབ་ཚུལ། དགེ་ལུགས་པའི་མ་ཎི་རིལ་སྒྲུབ་གཅིག་པུར་མཚོན་ནའང་། རྒྱལ་དབང་ལྔ་བ་བློ་བཟང་རྒྱ་མཚོ། ལྕང་སྐྱ་ངག་དབང་བློ་བཟང་ཆོས་ལྡན། བཀའ་འགྱུར་བ་བློ་བཟང་ཚུལ་ཁྲིམས། ཀི་རྟི་བློ་བཟང་འཕྲིན་ལས་སོགས་ཀྱི་རིལ་སྒྲུབ་དང་། དམིགས་བརྩེ་མའི་རིལ་སྒྲུབ་ཡང་། ཅོ་ནེ་གྲགས་པ་བཤད་སྒྲུབ། ཞོགས་དོན་ཡོད་མཁས་གྲུབ། ཀུན་མཁྱེན་འཇིགས་མེད་དབང་བོ་སོགས་ཀྱི་རིལ་སྒྲུབ་དང་། དཀོན་མཆོག་རྒྱལ་མཚན་གྱི་མ་ཎི་རིལ་སྒྲུབ་དང་། རྗེ་དོན་ཡོད་མཁས་གྲུབ་ཀྱིས་གསང་བ་ཡེ་ཤེས་མཁའ་འགྲོའི་རིལ་སྒྲུབ་སོགས་བཞུགས་པ་ལྟར། གྲུབ་མཐའ་སོ་སོའི་མཁས་པས་མཛད་པའང་མང་ངོ་། །

རིལ་སྒྲུབ་ནི་བསྒྲུབ་བྱ་དང་མཐུན་པའི་རྫས་རྣམས་ཞིབ་མོར་བྱས་ཏེ་རིལ་བུར་ཕབ་ནས། ཆོ་ག་ཆད་ལྷག་མེད་པའི་སྒོ་ནས་རིལ་བུ་བྱིན་ཅན་བཟོས་པ་ལ་བྱ་ཞིང་། དབྱེ་བ་ཡང་། སྒྲུབ་ཐབས་ཀྱི་སྒོ་ནས་ཚད་བཟུང་མི་ནུས་ཀྱང་། ངོ་བོའི་སྒོ་ནས་ཞི་རྒྱས་དབང་དྲག་གི་རིལ་སྒྲུབ་བཞི་ལས་མ་འདས་ལ། མདོག་གི་དབང་དུ་བཏང་ན། ཤེས་རབ་འཕེལ་བར་སེར་བོ། ཞི་བར་དཀར་བོ། རྒྱས་པར་སེར་བོ། དབང་སྡུད་ལ་དམར་བོ། དབྱིབས་ཀྱི་དབང་དུ་བཏང་ན། ཞི་བར་ཟླུམ་ལེབ། དབང་ལ་ཟླ་གམ། རྒྱས་པར་གྲུ་བཞི་བྱ། སྒྲུབ་དུས་ནི། རྒྱུ་སྐར་རྒྱལ་དང་ཁྲུམས་སྟོད་ཁྲུམས་སྨད་ནམ་གྲུ་དང་། གཟའ་ཕུར་ལྷག་ཟླ་བ་པ་སངས་རྣམས་སུ་བསྒྲུབ་པར་བྱའོ། །

༢ རིལ་བའི་རྒྱུ། རིལ་བུའི་རྒྱུ་ལ། ཀུན་མཁྱེན་འཇིགས་མེད་དབང་པོས་མཛད་པའི་དགེ་འདུན་རིལ་སྒྲུབ་བྱ་ཚུལ་ལས། སངས་རྒྱས་ཀྱི་འཕེལ་གདུང་། མཁས་ཤིང་གྲུབ་པ་བརྙེས་པའི་དམ་པ་གོང་མ་རྣམས་ཀྱི་གདུང་རུས། བླ་མ་དང་དགེ་འདུན་གྱི་སྡེ་ཁྱད་པར་ཅན་གྱི་བསྒྲུབས་པའི་མ་ཎི་རིལ་བུ། བླ་མ་གོང་མ་རྣམས་ཀྱི་ན་བཟའ་དང་དབུ་སྐྲ་ལྟ་བུ་ནུས་ལྡན་བསྲེགས་པའི་བྱེ་མ་རྣམས་ཞིབ་མོར་བརྡུང་བ་ཞེས་སོགས་དང་། རྗེ་བཙུན་དམ་ཆོས་རྒྱ་མཚོས་མཛད་པའི་འཕགས་མ་མཚོ་ལྡན་མའི་རིལ་སྒྲུབ་བྱ་ཚུལ་ལས། ཨ་རུ་གསེར་མདོག བ་རུ། སྒྲོན་ཤིང་། གོ་སྙོད་ཀྱི་འབྲས་བུ། དུག་མོ་ཉུང་། ལུག་རུ་དཀར་སེར་དམར་གསུམ། སྤང་རྒྱན་དཀར་བོ། ཤིང་མངར་བཅས་ཆ་སྙོམས་པ་ཞིབ་ཏུ་བཏགས་ནས་ཞེས་གསུངས་པ་སོགས་སྒྲུབ་ཐབས་སོ་སོ་ལས་རིལ་བའི་རྒྱུ་མི་འདྲ་བ་མང་དུ་གསུངས་ཤིང། བསྒྲུབ་བྱ་རྩ་བ་གསུམ་མམ། ཡང་ན། ཞི་རྒྱས་དབང་དྲག་གི་ལས་གང་ཞིག་ལ། སྒྲུབ་ཐབས་གང་གིས་རིལ་སྒྲུབ་བྱས་ཀྱང་། གཞན་གྱི་ཁ་ཟས་མི་སྤྱོད་པ། འཆལ་གཏམ་མི་སྨྲ་བ། རིལ་བའི་རྒྱུར་འགོམ་ཡུག་དང་། བཙོག་གྲིབ་ཤོར་བ། དམ་ཉམས་ཀྱི་ལག་ནས་ཐོན་པ་མ་ཡིན་པར་ངོས་གཙང་དགོས་སོ། །

༣ རིལ་སྒྲུབ་བྱ་ཚུལ། རིལ་བུ་བཟོས་རྗེས་མཚལ་དང་གུར་ཀུམ་སོགས་ཀྱིས་ཁ་བསྒྱུར་ཅིང་། བུམ་པ་སོགས་སུ་བླུགས་ལ། སྒྲུབ་པ་པོས་ཤ་ཆང་སྒོག་ཙོང་སོགས་སྤངས་ཏེ། རང་ཉིད་ལྷ་དང་བླ་མ་གང་རུང་ལ་གསལ་བཏབ་ནས། ཐུགས་ཀ་ནས་འོད་ཟེར་འཕྲོས་པས། སངས་རྒྱས་བྱང་སེམས་རྣམས་ཀྱི་བྱིན་རླབས་དང་ནུས་མཐུ་ཐམས་ཅད་གཅིག་བསྡུས་ཀྱིས་རིལ་བུར་ཐིམ་པ་སོགས་ཆོ་ག་ལྟར་སྒྲུབ་པར་བྱོས་ལ། མངོན་སུམ་དང་རྨི་ལམ་གང་རུང་ལ། འགྲུབ་པའི་རྟགས་མ་བྱུང་གི་བར་དུ་བསྒྲུབ་དགོས། མ་མཐའ་ཡང་གྲངས་དང་བསྙེན་ཚད་ཙམ་ངེས་པར་དུ་འགྲོ་དགོས་སོ། །

༤ རིལ་སྒྲུབ་ཀྱི་ཕན་ཡོན། འཕགས་མ་མཚོ་ལྡན་མའི་རིལ་སྒྲུབ་ལས། ཞག་བདུན་ཟོས་པས་དིག་པ་དང་། །ལྐུགས་པ་ལྒིན་པ་དག་ཀྱང་འཚོ། །བཅུ་གཅིག་སྐད་བཟང་མགྲིན་པ་བདེ། །ཉི་ཤུས་མི་བརྗེད་གཟུངས་འཐོབ་འགྱུར། །ཟླ་བ་གཅིག་ཏུ་ཟོས་གྱུར་ན། །བློ་ནི་མེ་དང་འདྲ་བར་འགྱུར། །རབ་ཏུ་བསྟེན་ན་ཚེ་རིང་ཞིང་། །རྒས་པའི་སྐྱོན་གྱིས་གོས་པ་མེད། །ཅེས་དང་། གཞན་ཡང་། མི་འཁྲུགས་པའི་རིལ་སྒྲུབ་ཚད་ལྡན་བྱས་པ་ཟོས་ན་ངན་སོང་གི་སྒོ་ཁེགས་པ་དང་། འཇམ་དབྱངས་ཀྱི་རིལ་སྒྲུབ་ཟོས་ན་ཤེས་རབ་འཕེལ་བ། ཚེ་དཔག་མེད་ཀྱིས་ཚེ་རིང་བ། སྨན་བླས་ནད་འཇོམས་པ། དམིགས་བརྩེ་མས་རྒྱུད་ལ་བྱིན་རླབས་འབྱུང་བ་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ། འཇུ་མི་ཕམ་གྱིས་ཀྱང་རིལ་བུ་མགུལ་དུ་འདོགས་པའམ། ནངས་མ་རེ་ལ་རིལ་བུ་ཟོས་ན། བརྒྱ་ཡིས་མི་བརྗེད་གཟུངས་ཐོབ་པ་དང་། རྫས་ཀྱི་བཅུད་ལེན་སོགས་ཀྱི་དགོས་པ་དང་། དབང་སྡུད་མངོན་ཤེས་སོགས་འགྲུབ་པར་གསུངས་སོ། །དབྱངས་ཅན་མའི་རིལ་སྒྲུབ་ཀྱི་ཕན་ཡོན་ནི། དམ་པའི་རྒྱ་གཞུང་ལས། རིལ་བུ་རྒྱ་ཆེན་བཞིར་མཐོང་ནས། །ཤེས་རབ་འཇམ་དཔལ་རྡོ་རྗེ་དང་། །སངས་རྒྱས་ཀུན་དང་མཉམ་པར་འགྱུར། །རིལ་བུ་དབྱངས་ཅན་མར་མཐོང་ནས། །སངས་རྒྱས་ཞིང་དུ་འགྲོ་བར་འགྱུར། །རིལ་བུ་ཉི་ཟླར་མཐོང་གྱུར་ནས། །སྔོན་གྱི་སྐྱེ་བ་དྲན་པར་འགྱུར། །རིལ་བུ་འོད་དུ་མཐོང་གྱུར་ནས། །སྒྲ་བཞི་དག་ལ་མཁས་པར་འགྱུར། །འོད་དང་དུ་བ་རྔ་སྒྲ་དང་། །དུང་འབུད་ཉི་ཟླ་ཤར་བ་དང་། །མེ་ཏོག་འཛུགས་དང་ཞིང་རྨོ་དང་། །སྣག་ཚ་འཐུང་དང་ཉམས་དགའ་དང་། །ཡི་གེ་འབྲི་ཀློག་མཐོང་བ་དང་། །མངོན་པར་ཤེས་པ་འཆར་བ་རྣམས། །ཤེས་རབ་འཕེལ་བའི་རྟགས་སུ་འདོད། །ཅེས་སོ། །

འཕོ་བ་འདེབས་སྟངས།

༡ འཕོ་བའི་ཁུངས། སྤྱིར་ན་འཕོ་བ་ཟེར་བ་ནི། ནཱ་རོ་བས། རླུང་གི་གཞུ་ལ་སེམས་ཀྱི་མདའ། །ཧིག་གི་སྒྲ་ཡིས་རབ་བསྐུལ་ནས། །རྣམ་པར་ཤེས་པའི་ཆོས་ཉིད་འདས། །མིང་ཡང་འཕོ་བའི་གདམས་ངག་ཟེར། །གསུངས་པ་ལྟར་ལགས་ལ། འཕོ་བ་ཞེས་པའི་གདམས་ངག་ཁྱད་པར་ཅན་འདི་ཉིད། སྔགས་བླ་མེད་ཀྱི་ཕ་རྒྱུད་མ་རྒྱུད་གཉིས་ལས་གསུངས་ཀྱང་། གཙོ་བོ་མ་རྒྱུད་གདན་བཞི་དང་། སམྦུ་ཊ། བདེ་མཆོག་སྡོམ་འབྱུང་སོགས་ལས་གསུངས་ཏེ། གདན་གཞི་ལས། ཐམས་ཅད་ལུས་ལ་གནས་པ་ཡི། །ཡེ་ཤེས་ཀྱིས་ནི་ཡེ་ཤེས་མཆོག། སྟེང་དུ་ཚངས་པའི་སྒོ་འདི་ནི། །མདོ་ལས་འཕོ་བའི་མིང་དུ་བཤད། །ཅེས་སོགས་དང་། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས། ཚུལ་འདི་སྡིག་ཅན་བཙན་ཐབས་འཚང་རྒྱའི་ཐབས། །མ་བསྒོམ་འཚང་རྒྱ་འཕོ་བའི་མན་ངག་ཅེས། །བླ་མེད་རྒྱུད་སྡེའི་སྙིང་བོ་བསྡུས་པ་ཡིན། །ཞེས་དང་། བླ་མཆོད་ལས། ལམ་སྣ་མ་ཟིན་འཆི་བའི་དུས་བྱེད་ན། །བཙན་ཐབས་འཚང་རྒྱ་བླ་མའི་འཕོ་བ་ནི། །སྟོབས་ལྔ་ཡང་དག་སྦྱར་བའི་གདམས་ངག་གིས། །དག་པའི་ཞིང་དུ་བགྲོད་པར་བྱིན་གྱིས་རློབས། །ཞེས་པ་འདི་དག་གོ །  

དགེ་ལུགས་པར་མཚོན་ན་སྲད་རྒྱུད་ལུགས་ཀྱི་དགའ་ལྡན་འཕོ་ཁྲིད་ཐུན་མོང་མ་ཡིན་པའི་དམིགས་བརྩེ་མ་འབུམ་གྱི་བཀའ་རྒྱ་ཅན་འདི་འཇམ་དབྱངས་བཞད་པའི་རྡོ་རྗེ་ཡན་ཆད་ལ་ཡི་གེ་མེད་པའི་སྙན་བརྒྱུད་དུ་བཞུགས་པ་ལས། དེའི་དྲུང་དུ་ཐུགས་སྲས་འཇམ་དབྱངས་བདེ་བའི་རྡོ་རྗེས་གསན་ཏེ། ཟིན་བྲིས་བཏབ་པ་ནས་ཡིག་ཐོག་ནས་དར་ཁྱབ་བྱུང་ལ། འདིའི་ཁྲིད་འཐོབ་པ་ལ་དམིགས་བརྩེ་མ་སུམ་འབུམ་མམ། མ་མཐའ་འབུམ་གཅིག་ངེས་པར་དུ་གསུངས་དགོས་སོ། །གཞན་ཡང་། གསར་མའི་ལུགས་སུ་འཕོ་བ་མཁའ་སྤྱོད་མ་དང་འཕོ་བ་སྐར་ཁུང་སོགས་དང་། རྙིང་ལུགས་སུ་པདྨ་འོད་འབར་གྱི་འཕོ་བ་དང་། ཉི་ཟླ་སངས་རྒྱས་ཀྱི་འཕོ་བ་འཇག་བཙུགས་མ། ཀརྨ་གླིང་བའི་ཞི་ཁྲོའི་འཕོ་བ་དྲན་པ་རང་གྲོལ་སོགས་ཡོད་དོ། །

༢ འཕོ་བའི་དབྱེ་བ། སྤྱིར་འཕོ་བ་ལ་དབྱེ་ན་བཅུ་གཅིག་ཡོད་དེ། སྦྱངས་ཏེ་འཕོ་བ་ཏིང་ངེ་འཛིན། སྲོག་དང་རྩོལ་བའི་འཕོ་བ། རྣམ་ཤེས་བླ་མར་འཕོ་བ། བཙན་ཐབས་དག་ཏུ་འཕོ་བ། སྤྲོས་མེད་ཆོས་སྐུའི་འཕོ་བ། སྤྲོས་བཅས་གཟུགས་སྐུའི་འཕོ་བ། ལོངས་སྤྱོད་རྫོགས་སྐུའི་འཕོ་བ། སྤྲུལ་བ་སྐུ་ཡི་འཕོ་བ། ཡིད་འོང་མཁའ་འགྲོའི་འཕོ་བ་དང་། གཞན་ཡང་། འཕོ་བ་ལ་དྲུག་ཏུ་ཡང་བཤད་དེ། ༡ རབ་ཆོས་སྐུའི་འཕོ་བ་ནི། ཚེ་འདིར་གནས་ལུགས་མ་བཅོས་པའི་ལྟ་བ་མ་ནོར་བ་རྒྱུད་ལ་སྐྱེས་ཤིང་གོམས་འདྲིས་ཡོད་པ་རྣམས། འཆི་ཁའི་ཚེ་ཀ་དག་མཁྲེགས་ཆོད་ཀྱི་གསང་ལམ་ནས་དབྱིངས་རིག་གི་གནད་ལ་བརྟེན་ཏེ་ཆོས་སྐུའི་ཀློང་དུ་འཕོ་བ་དེ་ཡིན། འཕོ་བ་ཐེབས་པའི་ཕྱི་རྟགས་སུ་ནམ་མཁའ་གཡའ་དག་པ་དང་། ནང་རྟགས་སུ་ཕུང་བོ་ཡུན་རིང་བཀྲག་མི་ཡལ་བ་དང་། གསང་རྟགས་སུ་ཨ་དཀར་བོ་དང་ཧཱུཾ་མཐིང་ག་སོགས་འབྱོན་ནོ། །

༢ འབྲིང་ལོངས་སྐུའི་འཕོ་བ་ནི། བསྐྱེད་རྫོགས་ཀྱི་རྣལ་འབྱོར་ལ་གོམས་འདྲིས་བྱས་ཤིང་སྒྱུ་མ་ལྟ་བུའི་ལྷ་སྐུ་ལ་རྩལ་འབྱོངས་པ་དག་འཆི་ཁའི་ཚེ། བར་དོའི་འཁྲུལ་སྣང་འཆར་བ་དང་མཉམ་དུ་ཟུང་འཇུག་ཡེ་ཤེས་ཀྱི་སྐུར་འཕོ་བ་དེ་ཡིན། ལོངས་སྐུའི་འཕོ་བ་ཐེབས་ན། ཕྱི་རྟགས་སུ་ནམ་མཁའ་འཇའ་དང་འོད་ཀྱིས་གང་བ་དང་། ནང་རྟགས་སུ་སྤྱི་བོའི་ཚངས་བུག་ཏུ་ཁྲག་དང་ཆུ་སེར་ཐོན་པ་དང་། ཟིལ་བ་ཁྲོམ་པ། སྐྲངས་པ་སོགས་འབྱུང་། གསང་རྟགས་སུ་གདུང་རིགས་རྣམ་པ་ལྔའམ་གང་རུང་དང་ལྷ་སྐུ་འམ་ཕྱག་མཚན་སོགས་འབྱོན་ནོ། །

༣ ཐ་མ་སྤྲུལ་སྐུའི་འཕོ་བ་ནི། གསང་སྔགས་སྨིན་བྱེད་ཀྱི་དབང་ཐོབ་ཅིང་། དམ་ཚིག་ལ་སྐྱོན་མ་ཞུགས་པར་བར་དོའི་གདམས་ངག་དང་ལྡན་ཞིང་། སྐྱེ་བ་སྤྲུལ་བའི་ལམ་འཁྱེར་ལ་བརྟེན་ནས་ཞིང་དག་པའི་གནས་སུ་འཕོ་བ་ཡིན། ཕྱི་རྟགས་སུ་འཇའ་སྤྲིན་དང་མེ་ཏོག་གི་ཆར་འབབ་པ་དང་། ནང་རྟགས་སུ་སྣ་བུག་གཡོན་དུ་ཁྲག་གམ་ཆུ་སེར། ཡང་ན་བྱང་སེམས་ཐོན་པའོ། །གསང་རྟགས་སུ་རིང་བསྲེལ་ལམ་དབུ་ཐོད་བུམ་ཧྲིལ་དང་། ཕྱག་མཚན་སོགས་འབྱོན་ནོ། །༤ ཐ་མལ་འདུ་ཤེས་གསུམ་ལྡན་གྱི་འཕོ་བ་ནི། རྩ་དབུ་མ་ལ་ལམ་གྱི་འདུ་ཤེས། སེམས་རྣམ་ཤེས་ལ་མགྲོན་པོའི་འདུ་ཤེས། གནས་བདེ་ཆེན་དག་ཞིང་ལ་འགྲོ་སའི་འདུ་ཤེས་བཞག་སྟེ་འཕོ་བ་དང་། ༥ སྐད་ཅིག་མའི་འཕོ་བ་ནི། མེ་ཆེན་པོའི་ནང་དུ་ཧྲིལ་གྱིས་ཐིམ་པ་དང་། ཆུ་ཆེན་པོའི་ནང་དུ་བུབ་ཀྱིས་འཁྱེར་བ། གཡང་གཟར་དུ་འཚུབ་བེ་ལྷུང་བ། མགོ་ལ་ཐོག་བརྒྱབ་པའམ། སྙིང་ལ་མདའ་གྲིས་བསྣུན་པ། གཟའ་གདོང་ཐུག་བརྒྱབ་པ་ལྟ་བུ་བྱུང་དུས། རིག་པ་སྤྱི་བོའི་བླ་མ་འོད་དཔག་མེད་ལ་གཏད་པའོ། །༦ གཤིན་པོ་རྗེས་འཛིན་གྱི་འཕོ་བ་ནི། རྟོགས་པ་ཚད་ལྡན་གྱི་དམ་པ་སྣང་སེམས་ལས་སུ་རུང་བ། བར་དོའི་རྒྱུད་མཁྱེན་པའི་རྣལ་འབྱོར་བས། གཞན་འཆི་ཁ་མའམ། བར་དོ་ན་ཡོད་པར་འཕོ་བ་འདེབས་པ་དེ་ཡིན། སྐབས་འདིར་འཆད་བྱའི་འཕོ་བ་ནི་འདི་ཉིད་དོ། །

༣ འཕོ་སྦྱོང་བྱེད་སྟངས། ཐོག་མར་ཚད་ལྡན་བླ་མ་དམ་པའི་དྲུང་ནས། འཕོ་བ་ལུང་རྐྱང་ཙམ་མ་ཡིན་པར། བླ་སློབ་ཟུང་གིས་དམིགས་རིམ་དང་ལྡན་པའི་སྒོ་ནས། ལུང་ཁྲིད་སོགས་ཁུངས་བཙན་མནོས་རྗེས། དབེན་གནས་སུ་འཕོ་སྦྱང་བྱས་ཏེ། འཕོ་རྟགས་ཐོན་རེག་བར་དུ་སྦྱངས་དགོས་ལ། ཐོན་རྗེས་བླ་མས་གཞན་ལ་འཕོ་བ་འདེབས་པའི་གསུང་གི་གནང་བ་འཐོབ་པ་ན། རང་ཉིད་དམ་སྡོམ་ལ་གནས་པའི་སྒོ་ནས་འཕོ་བ་འདེབས་པ་ཡིན་ནོ། །རྣམ་ཤེས་འཕོ་བའི་སྒོ་ཡང་། རྡོ་རྗེ་གདན་བཞི་རྒྱུད་ཆེན་པོ་ལས། ལམ་བཟང་བོ་ནི་མཛེས་པའི་གནས། །ལམ་ངན་སྲིད་པའི་སྐྱོན་གྱིས་གོས། །ཐིག་ལེ་ལྟེ་བ་སྤྱི་གཙུག་དང་། །མིག་དང་སྣ་དང་རྣ་བ་དང་། །ཆུ་དང་ཆུ་མིག་སྒོ་ཡིན་ཏེ། །སྒོ་དགུ་ཡི་ནི་མཚན་ཉིད་ཡིན། །ལྟེ་བ་འདོད་ཅན་མཐོ་རིས་ཏེ། །ཐིག་ལེ་གཟུགས་ཀྱི་ལུས་ཅན་ནོ། །སྟེང་ནས་སྟེང་གི་གནས་ཡིན་ཏེ། །མི་གདུགས་ལ་སོགས་དེ་རུ་འགྲོ། །རྣ་ནས་གནོད་སྦྱིན་གནས་སུ་འགྲོ། །རྣ་བ་དག་ནི་གྲུལ་བུམ་ལྷ། །གལ་ཏེ་མིག་ལས་ཡེ་ཤེས་འགྲོ། །མི་རྣམས་ཀྱིས་ནི་བདག་པོར་འགྱུར། །སྲིད་པའི་སྒོ་ནི་ཡི་དྭགས་ཏེ། །དེ་ནི་ལྕི་བས་དུད་འགྲོའོ། །ཆུ་མིག་རྣམ་ཤེས་མྱུར་བ་རུ། །དམྱལ་བ་བརྒྱད་དུ་ཤེས་པར་བྱ། །སྒོ་རྣམས་ཀྱི་ནི་བྱེ་བྲག་གི ། འཁོར་བའི་བྱེ་བྲག་འབྱུང་བ་ཡིན། །དེ་བས་སྒོ་ནི་བྱེ་བྲག་ལས། །སྒྲུབ་པ་པོས་ནི་ལམ་བཟང་བསྟེན། །ཅེས་དང་། ནཱ་རོ་པཎ་ཆེན་གྱིས། སྒོ་བརྒྱད་འཁོར་བའི་སྐར་ཁུང་ཅན། །སྒོ་གཅིག་ཕྱག་རྒྱ་ཆེན་པོའི་ལམ། །སྒོ་བརྒྱད་བཅད་ནས་སྒོ་གཅིག་དབྱེ། །ཞེས་དང་། ཡང་བཤང་སྒོར་ཐོན་ན་དམྱལ་བར་མཆི་སྟེ། མཁའ་འགྲོ་མ་ཀུ་རུ་ཀུ་ལེའི་རྒྱུད་ལས། རྣམ་ཤེས་རླུང་ལ་ཞོན་ནས་ནི། །འོག་གི་གནས་སུ་འཕོས་གྱུར་ན། །ཆོས་ལ་གོམས་པའི་གང་ཟག་ཀྱང་། །ངན་སོང་རྒྱུད་དུ་སྐྱེ་འགྱུར་ཏེ། །མགྲོན་པོ་ལམ་དུ་ཞུགས་པའི་མི། །གྲོགས་ཀྱིས་བསྒྱུར་བ་ཇི་བཞིན་ནོ། །གསུངས་པ་དང་། ཁ་ནས་ཐོན་ན་ཡི་དྭགས། ཆུ་ལམ་ནས་ཐོན་ན་དུད་འགྲོ། མིག་ནས་ཐོན་ན་མི། རྣ་བར་ཐོན་ན་ལྷ་མིན། ལྟེ་བར་ཐོན་ན་འདོད་ལྷ། སྣ་ནས་ཐོན་ན་གནོད་སྦྱིན། མིག་དབུས་སྨིན་མཚམས་ནས་ཐོན་ན་གཟུགས་ཁམས་སུ་སྐྱེ་བར་གསུངས་པས་སྒོ་གཞན་བརྒྱད་བཅད་དེ། སྤྱི་གཙུག་གསེར་གྱི་སྒོ་ནས་ཐོན་དགོས་པར་ཁྲི་བློ་བཟང་རྒྱལ་མཚན་སེང་གེས་གསུངས་ལ། སྤྱི་གཙུག་ཚངས་བུག་ནི་དག་པ་མཁའ་སྤྱོད་དུ་འགྲོ་བའི་ལམ་ཡིན་པས་དེ་ལས་རྣམ་ཤེས་ཐོན་ན་ཐར་བ་འཐོབ་པར་འགྱུར་བས། དེར་འདུན་པ་གཏད་པ་གལ་ཆེའོ། །

༤ འཕོ་བ་འདེབས་སྐབས་ཀྱི་སྦྱོར་བ། རང་ཉིད་འཕོ་འདེབས་ཀྱི་གནས་སུ་མ་སླེབས་གོང་ནས། ཡི་དམ་རྡོ་རྗེ་འཇིགས་བྱེད་ལྟ་བུ་ཡིན་ན། དེའི་ང་རྒྱལ་ལ་གནས་པའི་ཐུགས་ཀའི་ས་བོན་ཧཱུཾ་ཡིག་ལས་ཁྲོ་བོའི་ཚོགས་དཔག་མེད་སྤྲོས་ཏེ། རོ་རྩར་སླེབས་ཚེ་གཤིན་འདྲེ་ལ་སོགས་པ་ལ་ཕན་སེམས་ཀྱི་སྒོ་ནས་གསུར་དང་གཏོར་མ་བཏང་། འདིའི་རྣམ་ཤེས་དང་ཉེ་འབྲེལ་ལ་མ་གནོད་པར་སོང་ཞིག་ཅེས་བརྗོད་ལ། གལ་ཏེ་གནོད་འདྲེ་རྣམས་མི་འགྲོ་བར་གླགས་འཚོལ་བར་སེམས་ན། སྙིང་ཀ་ནས་ཁྲོ་ཚོགས་དཔག་ཏུ་མེད་པ་འཕྲོས་ཏེ། གཤིན་རྗེ་དེ་དག་རྒྱ་མཚོའི་ཕར་འགྲམ་དུ་བསྐྲད་ཅིང་བརླག་པར་བསམས་ལ། སྔགས་དང་གུ་གུལ་བདུག ཡུངས་དཀར་ལ་ཡི་དམ་གྱི་སྙིང་བོ་སོགས་བཟླས་ནས་བྲབས་པར་བྱའོ། །

༥ འཕོ་བ་འདེབས་ཚུལ་དངོས། འཕོ་བ་འདེབས་ཀྱི་ཚེ། དང་བོ་རྫས་ཀྱི་འཕོ་བ་སྟེ། དེ་བཞིན་གཤེགས་པའི་འཕེལ་གདུང་ངམ། སྐྱེས་ཆེན་དམ་པའི་གདུང་རུས། ཡང་ན། སྒྲུབ་མཆོད་སྐབས་ཀྱི་རྡུལ་ཚོན། མགྲོན་བུ་མེར་བསྲེག་པའི་ཐལ་བ། ཁབ་ལེན་རྡོ་རྣམས་ཕྱེ་མར་འཐག་པ། སྦྲང་རྒོད་དང་མར་སྦྱར་བའི་ལྡེ་གུ སྤྱི་གཙུག་ཏུ་སྲབ་མཐུག་ཀོ་བ་ཙམ་བྱུགས། དེ་ཡང་ཕྱི་དབུགས་ཆད་མ་ཐག་ནས་ལུས་ཀྱི་དྲོད་ཕལ་ཆེར་བསྡུས་ཤིང་། སྙིང་ཀའི་ཐད་དུ་དྲོད་ཅུང་ཟད་ཡོད་པའི་སྐབས་དེར་འཕོ་བ་འདེབས་དགོས། ཚེ་འདས་དེ་ཉིད་ཤི་ནས་ཞག་ཁ་ཡར་སོང་བ་ལྟ་བུ་ཡིན་ན་རྣམ་ཤེས་འགུག་གཞུག་བྱ་དགོས། རོ་མེད་ན་གོས་སམ་མིང་བྱང་སོགས་ཐ་མལ་བའི་ཆ་བྱད་ཅན་ཙོག་པུར་ཐལ་མོ་སྦྱར་ནས་འདུག་པར་བསམ་ལ། སྐྱབས་འགྲོ་སེམས་བསྐྱེད་དང་། ཚད་མེད་བཞི་སྒོམ་སྟེ། མགོན་པོ་འོད་དཔག་མེད་འཁོར་དང་བཅས་པ་སྤྱན་དྲངས། ཚེ་འདས་ཀྱི་རྣམ་ཤེས་ཁ་དོག་དམར་ཞིང་གསལ་ལ་ཨ་ཐུང་གི་གཟུགས་ཅན་དུ་བཀུག་སྟེ། སྤྱི་གཙུག་ནས་སྙིང་ཀར་ཐིམ་པར། བདེན་ཚིག་བརྗོད་དེ་བགེགས་བསྐྲད་བྱས། དེ་ནས། བར་དོ་ངོ་སྤྲོད་དང་བཅས་ཕྱག་ཐལ་མོ་སྦྱར་ནས་འོད་དཔག་མེད་ལ་གསོལ་བ་རྩེ་གཅིག་ཏུ་བཏབ་སྟེ། བླ་མ་སྟོན་པ་འོད་དཔག་མེད་ཀྱི་མཚན་བརྗོད་པ་ཉེར་གཅིག་བྱ། དེ་ནས་ཚེ་འདིའི་ལུས་ལོངས་སྤྱོད་གཉེན་ཉེ་གང་ལའང་མ་ཆགས་པར་འོད་དཔག་མེད་ལ་གསོལ་བ་རྩེ་གཅིག་ཏུ་འདེབས་དགོས་པའི་གསལ་འདེབས་དང་། ལུས་རྙིང་བ་ཙོག་པུར་ཡོད་པའི་དབུས་སུ་རྩ་དབུ་མ་སྦོམ་ཕྲ་མདའ་སྨྱུག་ཙམ་ཡོད་པའི་མར་སྣེའི་ལྟེ་བ་དང་། ཡར་སྣེ་ཚངས་བུག་ཏུ་ཟུག་པའི་མར་སྣེ་ཁ་ཟུམ་ཞིང་། ཡར་སྣེ་སྐར་ཁུང་ཁ་ཕྱེ་བ་ལྟ་བུར་གྱུར་བའི་མར་སྣེའི་ནང་དུ། རྣམ་ཤེས་ཀྱི་ངོ་བོ་ཐིག་ལེ་དཀར་ལ་དམར་བའི་མདངས་ཅན་རྒྱ་སྲན་ཙམ་ཡང་ཞིང་གཡོ་བ་འཕུར་ལ་ཁད་ཀྱི་རྣམ་པར་གསལ་བཏབ་སྟེ། དེ་ལ་དམིགས་པ་བཟུང་ནས། རང་གི་སྙིང་ཀ་ནས་རླུང་ཅུང་ཟད་སྤྲོས་ཏེ། ཚེ་འདས་ཀྱི་སྙིང་གི་ཐིག་ལེ་འོག་ཏུ་གནས་པ་ཆེར་འཕེལ་ཏེ། ཐིག་ལེ་བསྐྱོད་པར་ནུས་པ་དང་ལྡན་པར་བསམ་ལ། ཚེ་འདས་ཀྱིས་ཀྱང་གསོལ་བ་གདབ་པར་མོས་ཏེ། རང་ཉིད་ཀྱིས་སྐད་སྙན་མོས་མགོན་པོ་འོད་དཔག་མེད་ལ་གདུང་ཤུགས་དྲག་པོས་གསོལ་བ་ལན་གསུམ་བཏབ་པས། འོད་དཔག་མེད་ཀྱི་ཐུགས་ཀ་ནས་འོད་ཀྱི་སྦུ་གུ་ཕུ་ཐུང་བརྐྱངས་པ་ལྟ་བུ་ཞིག་བྱུང་སྟེ་ཚངས་བུག་ལ་ཟུག དེའི་ནང་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་བྱུང་བ་དབུ་མའི་ནང་བརྒྱུད། ཚེ་འདས་ཀྱི་རྣམ་ཤེས་ཐིག་ལེར་གསལ་བཏབ། རང་གི་སྙིང་ག་ནས་སྤྲོས་པའི་ཐིག་ལེ་འོག་ཏུ་གནས་པ་ཆེར་འཕེལ་བ་དེས་བསྐྱོད་པར་བསམ་ལ། སྐད་གསང་མཐོན་པོས[ཧིག] གསུམ་དང[ཕཊ]གཅིག་བརྒྱབ། [ཧིག]དང་བོའི་སྐབས་སུ་ཚེ་འདས་ཀྱི་རྣམ་ཤེས་དེ་སྙིང་ག་ནས་མགྲིན་པར་དྲངས། གཉིས་པས་མགྲིན་པ་ནས་ཚངས་བུག གསུམ་པས་ཚངས་བུག་ནས་སྤྱི་བོ་བླ་མ་འོད་དཔག་མེད་ཀྱི་ཐུགས་ཀའི་ཧྲཱྀ་ཡིག་ལ་ཐིམ། མཐར[ཕཊ]དྲག་པོ་ཞིག་བརྗོད་ཚེ་དཔའ་ཆེན་གྱི་མདའ་འཕངས་པ་བཞིན་བདེ་བ་ཅན་གྱི་སྤྲུལ་གཞི་ལ་ཐིམ། དེའི་ཐུགས་ཀ་ནས་སླར་ཡང་རང་སེམས་ཚུར་འོང། གཤིན་པོའི་རྣམ་ཤེས་ཐིག་ལེའི་རྣམ་ཅན་སྐར་མདའ་མཆེད་པ་བཞིན་འདབ་སྟོང་པདྨའི་སྦུབས་སུ་ཐེག་ཆེན་གྱི་རིགས་ཅན་དབང་རྣོན་དུ་སྐྱེས། སངས་རྒྱས་ཀྱི་ཞལ་མཐོང་ཞིང་། ཆོས་མཐའ་ཡས་པའི་ཡོན་ཏན་བརྙེས་པས། རྒྱལ་བ་འཁོར་བཅས་མཉེས་ཏེ་བླ་ན་མེད་པའི་བྱང་ཆུབ་འཐོབ་པར་ལུང་བསྟན། སངས་རྒྱས་ཀྱི་ཞིང་གྲངས་མེད་དུ་བགྲོད་ནས། ཐེག་ཆེན་གྱི་ཆོས་ཉན་ཞིང་། མ་དག་པའི་འགྲོ་བ་སྒྲོལ་ནུས་པའི་མོས་པ་བྱས་ལ། རྗེས་སུ་བཟང་སྤྱོད་སོགས་སྨོན་ལམ་གྱིས་མཐའ་བརྒྱན་པར་བྱའོ། །ཞིབ་པར་ངག་དབང་འཇམ་དབྱངས་བློ་གྲོས་ཀྱི་འཕོ་ཁྲིད་དགའ་ལྡན་ཞིང་དུ་བགྲོད་པའི་མྱུར་ལམ་སོགས་ལས་ཤེས་པར་བྱའོ། །

ཡང་རྡོ་རྗེའི་གདན་བཞིའི་རྒྱུད་ལས། རིམས་ལ་སོགས་པ་མ་ཕོག་པར། །གོང་དུ་འཕོ་བའི་སྦྱོར་བ་མཆོག། སྔོན་དུ་བུམ་པ་བརྩམས་པ་ཡིན། །སྒོ་རྣམས་ཐམས་ཅད་བཅིང་བར་བྱ། །རྒྱལ་བ་ལྔ་ཡི་མཆོད་རྟེན་གྱི། །སྒོ་ནི་དགག་པར་བསྒོམ་བྱ་སྟེ། །དེ་ལ་འོག་གི་སྒོ་རུ་ནི། །ཆུ་ཡི་ས་བོན་དཀར་བོ་བསམ། །ཆུ་དང་ཆུ་མིག་སྒོ་ལ་ནི། །མེ་ཡི་ས་བོན་འབར་བ་སྟེ། །དེ་ལ་ཤིན་ཏུ་མཉམ་བཞག་པས། །དབུགས་ནི་བུམ་པ་ཅན་དུ་བསྒོམ། །ཞེས་རླུང་སྦྱོར་དང་བཅས་པ་སྒོམ་པར་གསུངས་ནའང། །རྙིང་ལུགས་ལྟར་ཞི་ཁྲོ་འཕོ་བ་རང་གྲོལ་གྱི་སྒོམ་ལུགས་ནི། མཁས་གྲུབ་ཀརྨ་ཆགས་མེད་ཀྱིས། བདེ་བའི་གནས་ལ་སེམས་དཔའི་སྐྱིལ་ཀྲུང་གིས་འདུག་ལ་འཁོར་བའི་སྒོ་དགག་པ་ནི། ལུས་དྲང་བོར་བསྲངས། ལག་པ་གཉིས་ས་ནོན་གྱི་ཕྱག་རྒྱས་པུས་མོ་གཉིས་བཀབ། དཔུང་བ་གཉིས་བརྒྱངས། དེ་ནས་རང་གི་སྙིང་གར་ཡི་གེ་ཧཱུཾ་མཐིང་ནག་འོད་དུ་འབར་བ་གཅིག ཧཱུཾ་གཅིག་ཆད་པས་བཤང་ལམ་དུ་སོང་། དམྱལ་བའི་སྒོ་ཁྲིག་གེར་བཀག དེ་ནས་ཧཱུཾ་གཅིག་ཆད། སྲིད་པའི་སྒོར་སོང་། ཡི་དྭགས་ཀྱི་སྒོ་བཀག དེ་བཞིན་དུ་ཧཱུཾ་གཅིག་གིས་ཆུ་ལམ་དུད་འགྲོའི་སྒོ་བཀག དེ་ནས་སྣ་བུག་གཉིས། དེ་ནས་རྣ་བའི་བུ་ག་གཉིས་ཧཱུཾ་འོད་དང་ལྡན་པ་རེ་རེས་བཀག་པར་བསམ། སྤྱི་བོ་ཚངས་པའི་བུ་ག་ནས་རྔྷི་མགོ་ཐུར་དུ་བསྟན་པས་བཀག་པར་བསམ། ལུས་ཀྱི་དབུས་རྩ་དབུ་མ་ལུག་རྒྱུད་ཀྱི་རྒྱུ་མ་ཕུས་བཏབ་པ་ལྟར། མར་སྣེ་ལྟེ་འོག་ཏུ་ཟུག་པ། ཡར་སྣེ་ཚངས་བུག་ཏུ་ཟུག་པ། དཀར་ལ་འཚེར་བའི་མདངས་དང་ལྡན་པ། ལུས་ཀྱི་དབུས་སུ་དྲང་བོར་ཁྲང་ངེ་ཡོད་པའི་མར་སྣེ་ལྟེ་འོག་རྩ་གསུམ་འདུས་མདོར་རིག་པའི་ངོ་བོ་ཐིག་ལེ་དཀར་ལ་འཚེར་བ་གསལ་ལ་དྭངས་པ། དབུགས་ཀྱི་སྐྱིབ་སྐྱིབ་འཕར་ལྷབ་ལྷབ་ཡར་ལ་ཁད་པ་ཡོད་པར་བསམ། སྤྱི་བོའི་སྟེང་གི་ནམ་མཁར་བླ་མ་དེ་འོད་དཔག་མེད་ཀྱི་ཆ་ལུགས་འཛུམ་དམུལ་ལེར་བཞུགས་པར་བསམ། ལུས་ཤེད་སྟེང་དུ་སྤུག་ལ་སྒྲིམ། བཤང་ལམ་དུ་དྲག་ཏུ་བསྡམས། མིག་གྱེན་དུ་ལྡོག ལྕེ་ཡ་རྐན་ལ་སྦྱར། ལག་པའི་མཐེ་བོང་གཉིས་ཀྱིས་སྲིན་རྩ་མནན་པའི་ཁུ་ཚུར་དྲག་ཏུ་བཅང་ཞིང་ལྟེ་འོག་ནས་ཡར་དྲག་ཏུ་འཐེན་ཅིང་། ངག་ཏུ﹝ཧིག﹞﹝ཧིག﹞ཅེས་ཁོང་ཤེད་དང་ལྡན་པས་དྲངས། འོག་རླུང་གི་ཤུགས་ཀྱིས་ཐིག་ལེ་དེ་རང་དབང་མེད་པར་དབུ་མའི་ནང་ནས་ཡར་ངང་ཧྲིལ་ལེ་དྲངས་པ། ﹝ཧི﹞བདུན་གྱིས་ལྟེ་བར་དྲངས། དེ་ནས་བདུན་གྱིས་སྙིང་གར། དེ་ནས་བདུན་གྱིས་མགྲིན་པར། དེ་ནས་བདུན་གྱིས་སྨིན་མཚམས་སུ། དེ་ནས﹝ཧིག﹞ཅེས་ཚངས་བུག་གི་རྔྷི་དེ་ལ་གཏུགས། ཐུག་པ་དང་ཀ་ཞེས་ཡང་ཐིག་ལེ་དེ་མར་བབས་པ་སྟེ། ལྟེ་འོག་ཏུ་ངང་ཀྱི་ལེར་གནས་པར་བསམ། དེའི་བར་ལ་ཅུང་ཟད་ངལ་གསོ། ཡང་སྔོན་ལྟར་སྦྱངས། ཐིག་ལེ་རིམ་པར་སྤར་བར་གསུངས་ལ།

ཡང་འཇག་བཙུགས་པའི་འཕོ་བ་སྦྱང་ལུགས་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གིས་འཕོ་བ་སྦྱང་བར་བྱའོ་སྙམ་དུ་སེམས་བསྐྱེད་ནས། རང་ཉིད་ཡི་དམ་རྡོ་རྗེ་རྣལ་མའི་སྐུ་ཕྲུ་མ་ཕུས་བཏབ་པ་ལྟ་བུ་ཁོག་པ་སྟོང་སང་ངེ་བར་བསམ་པའི་སྤྱི་བོར་བླ་མའི་ངོ་བོ་སངས་རྒྱས་འོད་དཔག་མེད་སྐུ་མདོག་དམར་བོ་ཞལ་གཅིག་ཕྱག་གཉིས་མཉམ་བཞག་གི་ཕྱག་རྒྱར་མཛད་པ་ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པར་བསམ། རང་གི་ལུས་ཀྱི་དབུས་ནས་ཡར་རྩ་དབུ་མ་ཕྱི་དཀར་ལ་ནང་དམར་བ། སྤྱི་གཙུག་ནས་ལྟེ་འོག་སོར་བཞིའི་བར་སླེབས་པ་ཕྲ་སྦོམ་སྦ་ལྕག་འབྲིང་བོ་ཙམ་བསམ་པའི་ཚངས་བུག་ཏུ་རྔྷི་ཡིག་དཀར་བོ་མགོ་ཐུར་དུ་བསྟན་པ། དེ་ནས་རང་གི་དབུ་མའི་ནང་གི་སྙིང་ཐད་དུ་པདྨ་དམར་བོ་འདབ་མ་བརྒྱད་པའི་ལྟེ་བར་རམ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་རྣམ་པར་ཤེས་པའི་ངོ་བོ་ཐིག་ལེ་དཀར་ལ་འཚེར་བ། སྣུམ་ཞིང་འགྲིལ་བ། སྲན་མའི་རྡོག་པོ་ཙམ། འཕར་འདར་ལིང་ལིང་བ་ཞིག་བསམས་ལ། ལུས་ཐ་མལ་བའི་སྐྱིལ་ཀྲུང་སོར་མོ་རྣམས་བསྐུམས། ཉྭ་བཞི་བསྒྲིམས། ལག་པ་རྡོ་རྗེ་ཁུ་ཚུར་བསྡམས། བྲང་གི་སྒྲོག་རུས་གཡས་གཡོན་ནོན་ཙམ་བྱ། མགྲིན་པ་འགུགས། ལྕེ་ཡ་རྐན་ལ་སྦྱར། མིག་གྱེན་ལ་ལྡོག གསུས་པ་སྟོད་དུ་ཡར་སྤུངས་ནས། ངག་ཏུ﹝ཧིག﹞ཞེས་པས་ཐིག་ལེ་སེན་རྡེལ་འཕངས་པ་ལྟར་སྤྱི་བོའི་རྔྷི་ལ་ཕོག་པར་བསམ། ཀ་ཞེས་པས་སྐར་མདའ་ལྷུང་བ་ལྟར་ཧྲིལ་གྱིས་ལྷུང་བར་བསམ། དེ་ལྟ་བུ་ཡར་འཕོ་མར་ཕབ། རྟགས་མ་ཐོན་གྱི་བར་དུ་འབད་དགོས་པར་གསུངས་སོ། །རྟགས་ནི་འཇག་བཙུགས་མའི་གཞུང་ལས། རྟགས་ནི་སྤྱི་བོ་ཟ་བ་དང་། ཚ་ཚག་དང་། སྦྲིད་པ། སྐྲངས་པ། བེམ་པ། གཡའ་བ། སྤྱི་གཙུག་ཏུ་ཆུ་སེར་དང་ཁྲག་ཐོན་པ། འབུར་བ་དང་། འབུག་པོ་ཡིན། ལུས་ཀྱང་ཟོ་མདོག་བདེ། དྲོད་སྐྱེས། ཟས་འཇུ་བ་སོགས་འབྱུང་ངོ་། །

༦ འཕོ་བ་ཐེབས་པའི་ཕན་ཡོན། གདན་གཞི་ལས། ཉེས་པ་ཀུན་གྱིས་གོས་པ་ནི། །འཕོ་བའི་སྦྱོར་བ་སྦྱར་བས་གྲོལ། །ཉིན་རེར་བྲམ་ཟེ་གསོད་པ་དང་། །མཚམས་མེད་ལྔ་བོ་བྱེད་པ་དང་། །རྐུ་འཕྲོག་འདོད་ལོག་སྤྱད་པ་ཡང་། །ལམ་འདི་ཡིས་ནི་དག་གྱུར་ཏེ། །སྡིག་པས་གོས་པར་མི་འགྱུར་ཞིང་། །སྲིད་པའི་སྐྱེན་ལས་རིང་དུ་འགྲོ། །ཇི་ལྟར་འདམ་སྐྱེས་པདྨ་ནི། །འདམ་གྱིས་གོས་པར་མ་གྱུར་ལྟར། །ཞེས་དང་། སྒྲོལ་མ་རིག་བྱེད་མའི་རྒྱུད་ལས། རྣམ་ཤེས་རླུང་ལ་ཞོན་པ་ནི། །སྟེང་གི་ལམ་ནས་འཕོས་ན་ནི། །སྡིག་ལ་གོམས་པའི་གང་ཟག་ཀྱང་། །མཐོ་རིས་དག་ཏུ་སྐྱེ་བར་འགྱུར། །མགྲོན་པོ་ལམ་དུ་ཞུགས་པ་ལ། །གྲོགས་ཀྱིས་བསྒྱུར་བ་ཇི་བཞིན་ནོ། །ཞེས་དང་།

ཡང་། སྔོན་ཁྲི་སྲོང་ལྡེ་བཙན་གྱི་བློན་པོ་ཉི་མ་བྱ་བས་མེ་མཆེད་ཤོར་ཚེ་བླ་མཆོད་དང་ཕ་མ་གཉིས་མི་ཟོག་སུམ་བརྒྱ་ཙམ་ཚིག་སྟེ་དམྱལ་བར་སྐྱེས། བློན་པོ་སེམས་ཁོང་དུ་ཆུད་ནས་ཟས་ཀྱང་མ་ཟོས་པར་མུན་ཁུང་དུ་ཞུགས་ནས་འཆི་ལ་ཉེ་སྐབས། རྒྱལ་བོས། སློབ་དཔོན་པདྨ་འབྱུང་གནས་ལ་ཞུས་པས། སློབ་དཔོན་གྱིས་ཟབ་བེར་གྱིས་དབུ་བཏུམ་ནས་སྐད་ཅིག་གིས་བདེ་བ་ཅན་དུ་བྱོན་ནས། ཚོགས་འཁོར་བསྐོར་ནས་སངས་རྒྱས་བྱང་སེམས་ཐམས་ཅད་སྤྱན་དྲངས་ནས། ཨོ་རྒྱན་གྱི་ཐུགས་ཀར་བསྟིམས་ནས་བཀའ་བསྒོ་མཛད། འཕོ་བའི་གདམས་པ་བླངས་ཏེ་ཚུར་བྱོན་ནས་བློན་པོ་མུན་ཁུང་ལས་བཏོན་ཏེ། བློན་པོ་ཉི་མ་ལ་ཆིག་བརྒྱུད་དུ་བསྩལ། བློན་པོ་ཉི་མས་བསྒོམས་པས་ཞག་གསུམ་ནས་སྡུག་བསྔལ་སངས། ཞག་ལྔ་ནས་ཚེ་འདས་རྣམས་སངས་རྒྱས་འཐོབ་པ་ཀུན་གྱིས་མཐོང་། བློན་པོ་འཇའ་གུར་གྱི་ཀློང་དུ་འཕོ་བ་སྦྱངས་པ་དང་ལྷ་དང་ལྷ་མོ་ཡང་ཞལ་གཟིགས་བྱུང་ངོ་། །

༧ འཕོ་བ་མ་ཐེབས་པའི་ཉེས་སྐྱོན། འཆི་ཁ་མར་རྩ་བའི་བླ་མ་དྲན་པ་སོགས་རང་ལ་ནུས་པ་ཡོད་ན་གཞན་གྱི་འཕོ་བ་འདེབས་མི་དགོས་པར། དག་ཞིང་སོགས་སུ་བགྲོད་པའི་མཆོག་སྟེ། དཔུང་བཟང་གིས་ཞུས་པའི་རྒྱུད་ལས། སྐྱེས་བུ་གང་ཞིག་འཆི་བའི་ཚེ། །བླ་མ་སྐད་ཅིག་དྲན་གྱུར་ན། །འཕོ་བ་རྣམས་ཀྱི་མཆོག་ཏུ་འགྱུར། །སྐྱེས་བུ་དེ་ནི་མངོན་སངས་རྒྱས། །ཞེས་གསུངས་ལ། འཕོ་བ་བཏབ་ཀྱང་འདེབས་མཁན་དེའི་བསམ་སྦྱོར་མ་དག་ན། རང་གཞན་ཕུང་ལ་སྦྱོར་བ་སྟེ། རྡོ་རྗེ་མཁའ་འགྲོ་ལས། དུས་ལ་བབ་ན་འཕོ་བྱ་སྟེ། །དུས་མིན་ལྷ་རྣམས་གསོད་པར་འགྱུར། །ལྷ་རྣམས་བསད་པ་ཙམ་གྱིས་ནི། །དམྱལ་བར་ངེས་པར་སྲེག་པར་འགྱུར། །དེ་བས་འཆི་བའི་མཚན་མ་རྣམས། །མཁས་པས་འབད་དེ་ཤེས་པར་བྱ། །ཞེས་གསུངས་ལ། འཕོ་ཁྲིད་མི་ཕམ་བླ་མའི་ཞལ་ལུང་ལས། ལས་སྦྱོར་གྱི་ཞལ་ཤེས་ཀྱང་འཆི་ལྟས་བྱུང་ན་བཟློག་ཐབས་མ་བྱས་པར་བཙན་ཐབས་ཀྱིས་འཕོས་ན་ལུས་ལ་དམ་པ་རིགས་བརྒྱ་གནས་པས་ལྷ་བསད་པའི་ཉེས་པ་འབྱུང་བར་གསུང་རྒྱུན་ལས་བྱུང་། ཚེ་འདིའི་ཆགས་ཞེན་ཆེ་ན་འཕོ་རྟགས་ཐོན་ཡང་དག་ཞིང་དུ་འཕོ་དཀའ་བ། བྱ་ནམ་མཁར་འཕུར་ཀྱང་གཤོག་པ་ལ་རྡོ་བཏགས་པ་ལྟ་བུ་ཡིན་གསུངས་པ་དང་ཡང་མཐུན་ནོ། །

རྗེ་བཙུན་མི་ལས། མི་ཤི་བའི་རོ་ཡི་སྔས་མགོ་ལ། །ནོར་ལེན་འདོད་ཀྱི་བན་བོན་ཅ་ཅོ་འདོན། །ཞེས་པ་ལྟར། འཕོ་བའི་སྐབས་ལོངས་སྤྱོད་འཐོབ་འདོད་ཀྱི་བརྣབ་སེམས་དང་། ཡིད་དུང་དུང་དང་། མིག་ཟུམ་ཟུམ། སྨིན་མ་ཟེང་ཟེང་གིས་གཤིན་བསླུས་མཛའ་མགུ་འབའ་ཞིག་ལྷུར་ལེན་པ་ནི། རང་ཉིད་ད་ལྟ་ཉིད་ནས་རྡོ་རྗེ་དམྱལ་བར་མིང་རྟགས་འགོད་པར་གསུངས་ལ། གཞན་ཡང་། གཤིན་དོན་དུ་ངན་སོང་སྦྱོང་བའི་ཆོ་ག་དང་། གཟུངས་སྔགས་བཟླ་བ། འཕོ་བ་སོགས་བྱས་པ་དེ་མ་དག་པ་དང་། བྱིང་རྒོད་ཀྱི་དབང་དང་། དམ་ཚིག་མི་གཙང་བ་སོགས་ཀྱི་དབང་དུ་བཏང་ན། བར་དོ་བ་དེས་མངོན་ཤེས་ཕྲ་མོས་མཐོང་ནས། ཀྱེ་མ་འདི་རྣམས་ཀྱིས་བདག་བསླུས་སོ་སྙམ་ནས་ཡི་མུག་སོགས་ཀྱིས་རྐྱེན་བྱས་ཏེ། ངན་སོང་དུ་འགྲོ་བའི་རྐྱེན་དུ་འང་འགྱུར་བར་གསུངས་སོ། །

སྨྱུང་གནས།

༡ སྨྱུང་གནས་ཀྱི་བརྒྱུད་རིམ། སྔོན་འཇིག་རྟེན་གྱི་ཁམས་རིན་པོ་ཆེའི་བརྒྱན་པ་ཞེས་བྱ་བ་ཞིག་ན། སངས་རྒྱས་ལེགས་མཐོང་ཞེས་བྱ་བའི་ཆོས་འཁོར་བསྐོར་ཞིང་། ཐམས་ཅད་གསོ་སྦྱོང་ཡན་ལག་བརྒྱད་པའི་ཁྲིམས་ལ་གནས་བཅུག་ནས། གནས་སྐབས་དང་མཐར་ཐུག་གི་བདེ་བར་བཀོད་ཚེ། འཁོར་སྒྱུར་གསོ་སྦྱོང་འཕགས་ཞེས་བྱ་བས་ཀྱང་དེ་བཞིན་གཤེགས་པ་དེ་ལས། གསོ་སྦྱོང་ཡང་དག་པར་བླངས་ཏེ། ནམ་མཁར་འཕགས་ནས། སྐྱེ་བོ་མང་བོ་སྨྱུང་གནས་ཡན་ལག་བརྒྱད་པ་ལ་བཀོད་ནས། མི་དང་ལྷ་གནས་སུ་སྐྱེས་སོ། །

ཡང་། སྔོན་བསྐལ་བ་དཔག་ཏུ་མེད་པའི་སྔ་རོལ་ཏུ་སངས་རྒྱས་གཟི་བརྗིད་སྟོབས་ཞེས་པ་འཇིག་རྟེན་དུ་བྱོན་ནས་སེམས་ཅན་མང་བོ་སྨྱུང་གནས་ལ་བཀོད་དེ། ལ་ལ་དག་བྱང་ཆུབ་སེམས་དཔའ་དང་། ཐ་མ་རྣམས་ཀྱང་ལྷ་མིའི་གོ་འཕང་འཐོབ་བོ། །

དེ་ནས་སངས་རྒྱས་འོད་སྲུངས་མྱ་ངན་ལས་འདས་ནས་དམ་ཆོས་འཇིག་ལ་ཉེ་བ་ན། བྲམ་ཟེ་གཉིས་ཀྱིས་གསོ་སྦྱོང་ཡན་ལག་བརྒྱད་པ་བླངས་པས། གཅིག་གིས་ཚུལ་ཁྲིམས་རྣམ་དག་བསྲུངས་པས་རྒྱལ་བོར་སྐྱེས་པ་དང་། ཅིག་ཤོས་ཀྱིས་ཕྱི་དྲོའི་ཁ་ཟས་ཟོས་པས་ཀླུར་སྐྱེས་པས། ཀླུར་སྐྱེས་པ་དེས་རྒྱལ་བོའི་ར་བ་སྲུང་མཁན་བརྒྱུད་དེ། ཉིན་ཞག་གཅིག་གི་ཁྲིམས་ཀྱི་ཆོ་ག་བདག་ལ་བསྩལ་ཏུ་གསོལ། མ་གནང་ན་རྒྱལ་བོའི་ཡུལ་ཡང་རྒྱ་མཚོར་བསྒྱུར་རོ་ཞེས་འཕྲིན་སྤྲིངས་པས། རྒྱལ་བོ་ཤིན་ཏུ་མི་དགའ་ནས། བློན་པོ་མཆོག་གཅིག་མཆིས་པ་དེ་ལ་ཁྱོད་ཀྱིས་དཔེ་ཆ་དེ་མ་རྙེད་ན་གསོད་དོ། །ཞེས་བཀའ་ཕབ། བློན་པོ་ཨུ་ཐུག་ཏེ་ཕ་རྒན་ལ་སྨྲས་པས། ཕ་རྒན་གྱིས། རང་ཅག་གི་ཁྱིམ་ན་ཀ་བ་ཞིག་ལ་རྟག་ཏུ་འོད་འབྱུང་སྟེ། དེའི་ནང་ན་ཅི་ཡོད་ལྟོས་ཤིག་ཅེས་བསྒོས་པ་ལྟར། ཀ་བ་གཤགས་ཏེ་བལྟས་པས། རྟེན་འབྲེལ་བཅུ་གཉིས་ཀྱི་མདོ་དང་ཉིན་ཞག་གཅིག་པའི་ཁྲིམས་བརྒྱད་ཀྱི་དཔེ་བྱུང་བ་རྒྱལ་བོར་ཕུལ་བས། ཀླུ་དང་མིའི་ཡུལ་དུ་གསོ་སྦྱོང་ཡན་ལག་བརྒྱད་པ་དར་བར་མཛད་པ། མཛངས་བླུན་མདོ་ལས་ཀུན་ཏུ་རྒྱུས་ཚུལ་ཁྲིམས་བསྲུངས་པའི་ལེའུར་གསུངས་པ﹙བཤད་ཚུལ་འདི་དང་ཅུང་ཟད་མི་མཐུན་པ་བྲག་དཀར་སྤྲུལ་སྐུ་དང་བློ་བཟང་ལུང་རིགས་རྒྱ་མཚོའི་སྨྱུང་གནས་ཀྱི་ཆོ་གའི་ཟུར་བརྒྱན་ལས་གསུངས་པའི་ཁུངས་འཚོལ། ﹚དང་།

འོ་ན། ད་ལྟའི་སྨྱུང་གནས་ཀྱི་རྣལ་འབྱོར་ལ་བརྩོན་པ་འདི་གང་ལས་བརྒྱུད་ཅེ་ན། རྣམ་འདྲེན་བཞི་བ་སྟོན་པ་ཤཱཀྱ་ཐུབ་པས། ཐུགས་རྗེ་ཆེན་པོའི་རྒྱུད་རྣམས་འཕགས་པ་སྤྱན་རས་གཟིགས་དང་། འཇམ་དཔལ་དབྱངས། ཕྱག་ན་རྡོ་རྗེ་སོགས་ལ་གནང་། དེ་ལས་མགོན་པོ་ཀླུ་སྒྲུབ་ཡབ་སྲས་དང་། སློབ་དཔོན་ཛེ་ཏ་རི་དང་། རྡོ་རྗེ་གདན་པ་ཡབ་སྲས་བརྒྱུད་ཚུལ་དང་། ཡང་དགེ་སློང་མ་དཔལ་མོས་ཀྱང་གྲུབ་ཆེན་ཕག་ཚད་པ་སོགས་མཁས་གྲུབ་མང་དུ་བསྟེན་པ་སོགས་བརྒྱུད་རིམ་མང་དུ་སྣང་ཡང་། དེང་སང་ཡོངས་གྲགས་ལ་ཐུགས་རྗེ་ཆེན་པོ་ནས་དགེ་སློང་མ་དཔལ་མོར་བརྒྱུད་པ་འདི་གཙིགས་ཆེ། དེ་ཡང་དགེ་སློང་མ་དཔལ་མོས་ཐུགས་རྗེ་ཆེན་པོ་ཞལ་གཟིགས་ཤིང་། དབང་དང་གདམས་པ་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་གནང་བ་འདི། བྱིན་རླབས་ཉེ་བརྒྱུད་ཀྱི་དབང་དུ་བྱས་པ་ཡིན། དགེ་སློང་མ་དཔལ་མོ་ནས་རང་གི་དྲིན་ཆེན་རྩ་བའི་བླ་མའི་བར། རྡོ་ལག་རྒྱུན་དང་ཆུ་བུམ་རྒྱུན་གྱི་དཔེ་བཞིན་བརྒྱུད་པ་ནི། དགེ་སློང་མ་དཔལ་མོ་ནས་རིམ་བཞིན་པཎྚྀ་ཏ་ཟླ་བ་གཞོན་ནུ། མཁས་པ་ཡེ་ཤེས་བཟང་བོ། བལ་བོ་བེ་ཉ་བ། བྱང་སེམས་ཟླ་བ་རྒྱལ་མཚན། ཉི་ཕུག་པ་ཆོས་ཀྱི་གྲགས་པ། སྤྲུ་བ་རྡོ་རྗེ་རྒྱལ་བོ། ཞང་སྟོན་དགྲ་འཇིགས། རྩེ་འདུལ་ཐུགས་རྗེ་བྱང་ཆུབ། མཁན་ཆེན་བདེ་བ་ཅན་པ། ཆུ་བཟང་བྱང་ཆུབ་འབར། རིན་པོ་ཆེ་ཤེས་རབ་འབུམ། རྒྱལ་སྲས་ཐོགས་མེད་བཟང་བོ། ཀུན་མཁྱེན་ཤེས་རབ་དཔལ། ཞལ་སྔ་ནས་ཚུལ་ཁྲིམས་རྒྱལ་མཚན། རྗེ་ཡོན་ཏན་རིན་ཆེན། རྗེ་སངས་རྒྱས་རྒྱ་མཚོ། སྐྱབས་མཆོག་དཔལ་བཟང་། རྒྱལ་བ་བློ་བཟང་དོན་འགྲུབ། མཁས་གྲུབ་སངས་རྒྱས་ཡེ་ཤེས། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན། དྲུང་བ་རྟ་ཕུག་པ་དམ་ཆོས་རྒྱལ་མཚན། སྒྲུབ་ཁང་དགེ་ལེགས་རྒྱ་མཚོ། ཕུར་ལྕོག་ངག་དབང་བྱམས་པ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན། གྲུབ་དབང་བསྐལ་བཟང་བསྟན་འཛིན་སོགས་བརྒྱུད་པ་ཡིན་ལ། སྨྱུང་གནས་བླ་མ་བརྒྱུད་པའི་རྣམ་ཐར་ཅུང་ཟད་རེ་བྲག་དཀར་སྤྲུལ་སྐུའི་སྨྱུང་གནས་བླ་མ་བརྒྱུད་པའི་རྣམ་ཐར་དང་ཕན་ཡོན་ན་གསལ་བས། དེར་གཟིགས་པར་བྱ་ལ།

འདིར་དགེ་སློང་མ་དཔལ་མོའི་རྣམ་ཐར་མདོར་བསྡུས་ཤིག་བཀོད་ན། རྒྱལ་སྲས་ཐོགས་མེད་བཟང་བོ་དཔལ་གྱིས། ཨིནྡྲ་བྷུ་ཏིས་ལུང་བསྟན་འཕགས་པ་བསྒྲུབས། །ཤིང་འཕེལ་གནས་སུ་མཆོག་གི་དངོས་གྲུབ་འཐོབ། །ཁ་སར་བ་ཎིར་ཆོ་འཕྲུལ་ཆེན་པོ་བསྟན། །དཔལ་ལྡན་དཔལ་མོའི་ཞབས་ལ་གསོལ་བ་འདེབས། །ཞེས་དང་། རྒྱལ་མཆོག་སྐལ་བཟང་རྒྱ་མཚོས། རྣམ་གྲོལ་མཆོག་གི་སར་གཤེགས་དཔལ་མོའི་ཞབས། །ཞེས་བསྔགས་པའི་དགེ་སློང་མ་དཔལ་མོ་ནི། རྒྱལ་བོ་ཨིནྡྲ་བྷུ་ཏིའི་སྲས་མོར་འཁྲུངས། སྐྱེད་བསྲིངས་ནས་རྒྱ་གར་ཉི་འོག་གི་རྒྱལ་བོ་སྡིག་སྤྱོད་ལ་དགའ་བ་ཞིག་ལ་ཆུང་མར་བརྫངས་ཀྱང་། དེར་མ་སླེབས་ཙམ་དུ་འཁོར་བ་ལ་ཞེན་ལོག་འཁྲུངས་ཏེ། སྨྱོ་རྫུ་གནང་ནས། དགེ་སློང་མའི་སྡོམ་པ་བླངས་ཤིང་། གྲུབ་ཆེན་ཕག་ཚད་པ་སོགས་མཁས་གྲུབ་མང་དུ་བསྟེན་ནས་རིག་པའི་གནས་ལྔ་དང་། ཁྱད་པར་དུ་གསང་སྔགས་ཀྱི་ཉམས་ལེན་ལ་བརྩོན་པ་མཛད། ནམ་ཞིག་གི་ཚེ། དགེ་སྦྱོར་གནད་དུ་སྨིན་ཏེ་སྒྲུབ་པ་ལ་སྐུལ་བའི་ཆེད་དུ། སྐུ་ལུས་ལ་མཛེ་ནད་བཞེས་ཏེ་སྣག་ཁྲག་བྱུང་ནས་ཟུག་གཟེར་གཟོད་དཀའ་བ་བྱུང་སྟེ། ཕྱག་གཡས་པའི་མཁྲིག་མ་ནས་ཆད་པས། བཟའ་བཏུང་ཡང་སྤྱོད་དཀའ་བ་བྱུང་སྟེ། དུད་འགྲོ་ལྟར་ཁ་སྦུབ་ཏུ་ཟ་དགོས་པ་བྱུང་བས། འཁོར་རྣམས་ཀྱིས་རྩའི་སྤྱིལ་བུ་ཞིག་ཏུ་བསྐྱལ། དེར་ཐུགས་ཧ་ཅང་སྐྱོ་བས་བཤུམ་གྱིན་བཞུགས་པའི་ཚེ། མཚན་ལམ་དུ་ཡབ་རྒྱལ་བོ་ཨིནྡྲ་བྷུ་ཏི་བྱོན་ནས། ཁྱོད་ལི་ཁ་ར་ཤིང་འཕེལ་དུ་བྱོན་ལ་ཐུགས་རྗེ་ཆེན་པོ་སྒྲུབས་ཤིག་ཅེས་ལུང་བསྟན་པ་བཞིན། དེར་ཕེབས་ཏེ་བཅུ་གཅིག་ཞལ་གྱི་དྲུང་དུ་བཞུགས་ནས། མཆོག་གི་དངོས་གྲུབ་མ་འཐོབ་བར་དུ་གཞན་དུ་མི་འགྲོ་བའི་དབུ་མནའ་བཞེས་ཏེ། ཐུགས་དམ་ལ་དམར་བས། ནད་ཐམས་ཅད་སྦྲུལ་ཤུན་ལྟར་ཕུད་ཅིང་། ཕྱག་གཡས་པ་ཡང་སོར་ཆུད་པས། སྐུ་ལུས་སྔར་བས་ཀྱང་ཡིད་འོང་དུ་གྱུར་ཏེ། ས་ལམ་གྱི་རྟོགས་པ་ཁྱད་པར་ཅན་ཐུགས་རྒྱུད་ལ་འཁྲུངས་ཤིང་། ལྷ་ཀླུ་བཙན་གསུམ་བྲན་ཏུ་འཁོལ་བར་མ་ཟད། རྗེ་བཙུན་སྒྲོལ་མ་དང་། དོན་ཞགས་ལྷ་ལྔ་སོགས་ཞལ་གཟིགས་ཤིང་། ཁྱད་པར་དུ་ས་ག་ཟླ་བའི་ཚེས་བཅོ་ལྔའི་ཉིན་ཐུགས་རྗེ་ཆེན་པོ་དངོས་སུ་ཞལ་གཟིགས་ཏེ། དབང་དང་གདམས་པ་བུམ་པ་གང་བྱོའི་ཚུལ་དུ་གསན། དེ་ནས་སེམས་ཅན་གྱི་དོན་དུ་སྨྱུང་གནས་ཟླ་གསུམ་དུ་སྲུང་མཐར། ཡུལ་དབུས་སུ་བྱོན་པས་ཐམས་ཅད་ཀྱི་སྐུ་ལུས་ཉ་ཟླ་ལྟར་དྭངས་པ་མཐོང་བས། དགེ་སློང་མ་འདིས་བསླབ་སྡོམ་ལ་ཅུང་ཟད་གཡེལ་ལམ་ཞེས་ཟེར་བས། གཞན་མ་དད་པ་ལྡོག་པའི་ཕྱིར། ཁ་སར་བ་ཎིའི་དུས་མཆོད་ཀྱི་ཁྲོམ་གསེབ་ཏུ་བྱོན་ཏེ་རང་གི་དབུ་བཅད་ནས། མཁར་གསིལ་གྱི་རྩེ་མོར་བཏགས་ཏེ། གར་བྱེད་པ་སོགས་ཆོ་འཕྲུལ་མང་དུ་བསྟན་ནས། ཁོ་ལ་ཕམ་པ་བྱུང་ན་མགོ་བོ་འབྱར་དུ་མི་བཏུབ། མ་བྱུང་ན་སླར་འབྱར་བའི་བདེན་སྟོབས་བརྗོད་པས། སླར་འབྱར་ཏེ་ཐམས་ཅད་ཀྱི་ལོག་ལྟ་ཞི་ཞིང་དད་པའི་ས་ལ་བཀོད་དེ། དབང་དང་བྱིན་རླབས་གནང་བས་གྲུབ་པ་འཐོབ་པའི་བུ་སློབ་མང་དུ་བྱུང་ངོ་། །

༢ བསྙེན་གནས་དང་ཐེག་ཆེན་གསོ་སྦྱོང་གི་མི་འདྲ་བའི་ཁྱད་པར། བསྙེན་གནས་དང་ཐེག་ཆེན་གསོ་སྦྱོང་གཉིས་སྤང་བྱ་བརྒྱད་སྤོང་བ་ཙམ་དུ་མཚུངས་ཀྱང་། མི་འདྲ་ས་གཞན་མང་སྟེ། ༡ གང་ནས་གསུངས་པའི་ཁུངས་མི་འདྲ་བ་ནི། བསྙེན་གནས་ཀྱི་ཆོ་ག་བྲམ་ཟེ་གནས་འཇོག་གི་མདོ་དང་། ཐེག་ཆེན་གསོ་སྦྱོང་ནི་དོན་ཞགས་ཞིབ་མོའི་རྒྱུད་ལས་གསུངས་པ་ཡིན། ༢ སྡོམ་པ་ལེན་པའི་རྟེན་མི་འདྲ་བ་ནི། བསྙེན་གནས་ནི་རབ་བྱུང་གིས་ལེན་དུ་མི་རུང་ལ། གསོ་སྦྱོང་ནི་དགེ་སློང་རྡོ་རྗེ་འཛིན་པས་ཀྱང་བླངས་ཆོག་པ་ཡིན། ༣ ལེན་པའི་ཀུན་སློང་མི་འདྲ་བ་ནི། བསྙེན་གནས་ནི་རང་དོན་ཁོ་ནར་མྱང་འདས་འཐོབ་འདོད་ཀྱི་བསམ་པ་ཙམ་ལ་བརྟེན་ནས་སྐྱེས་ལ། ཐེག་ཆེན་གསོ་སྦྱོང་ནི་གཞན་དོན་དུ་སངས་རྒྱས་འཐོབ་འདོད་དགོས་པ་ཡིན་ནོ། །༤ ཆོ་ག་མི་འདྲ་བ་ནི། བསྙེན་གནས་ནི་དགོངས་གསོལ་སྐྱབས་འགྲོ་སྔོན་དུ་བཏང་སྟེ་ལེན་དགོས་ལ། གསོ་སྦྱོང་ནི་ཕྱོགས་བཅུའི་སངས་རྒྱས་དང་བྱང་སེམས་ལ་དགོངས་གསོལ་སྔོན་དུ་བཏང་ནས། སྔོན་བྱོན་གྱི་རྒྱལ་བ་རྣམས་དང་ཚུལ་མཚུངས་པར་ཁས་ལེན་ལན་གསུམ་དུ་བྱས་ཏེ་ལེན་དགོས། ༥ འཐོབ་བྱའི་འབྲས་བུ་མི་འདྲ་བ་ནི། བསྙེན་གནས་ལ་སེམས་བསྐྱེད་པ་ལྟར་ཐེག་པ་ཆེ་ཆུང་གི་མྱང་འདས་གཉིས་ཀ་འབྱུང་ལ། གསོ་སྦྱོང་ལ་ནི་མ་ཉམས་ན་རྫོགས་པའི་བྱང་ཆུབ་ཀྱི་འབྲས་བུ་འབྱུང་བའི་ཕྱིར་རོ། །དེ་ལྟར་མི་འདྲ་བའི་ཁྱད་པར་མང་དུ་ཡོད་ཀྱང་། སྔོན་བྱོན་དམ་པ་རྣམས་ཀྱི་ལྔར་བསྡུས་ཏེ་གསུངས་པ་ལྟར། འདིར་ཡང་དེ་ལྟར་བཀོད་དོ། །

༣ ཐེག་ཆེན་གསོ་སྦྱོང་གི་སྡོམ་པ་ལེན་པའི་ཚུལ། སྡོམ་པ་མ་བླངས་པའི་སྔོན་འགྲོ་ལ་ཐ་མ་ཁ་དང་ཆང་། སྒོག་ཙོང་། ཟྭ་ཚོད་སོགས་ཉིན་འགའི་སྔོན་ལ་འཛེམ་དགོས་སྟེ། རནྟའི་ལུང་བསྟན་ལས། རྟེན་གྱི་སྐུ་ལ་དུ་བ་ཕོག་པ་ཡིས། །ལྷན་ཅིག་སྐྱེས་པའི་ལྷ་ནི་བྲོས་པ་དང་། །འཐུང་བའི་མོད་ལ་བྱང་ཆུབ་སེམས་རྩ་སྐེམ། །སྲོག་རྩར་གདོན་ཞུགས་ཚེ་ཐུང་དབུགས་ཀྱང་འཚང་། །བཞི་བརྒྱ་རྩ་བཞིའི་ནད་རྣམས་སྣ་འདྲེན་བྱེད། །ཅེས་དང་། འཐུང་བའི་མི་རྣམས་ཡི་དམ་ལྷ་བསྒྲུབ་ཀྱང་། །ལྷ་ཞལ་མི་སྟོན་ཚུར་ལ་གདོན་ཞལ་མཐོང་། །བསྐལ་བར་བསྒྲུབས་ཀྱང་མི་འགྲུབ་བར་ཆད་འབྱུང་། །ཞེས་དང་། ཆང་ལའང་འདུལ་བ་ལུང་ལས། ཆང་འཐུང་དམྱལ་བ་ངུ་འབོད་སྐྱེ། །སྦྱིན་མཁན་དེ་ཡི་འཁོར་དུ་སྐྱེ། །ཞེས་དང་། ཙོང་སྒོག་སོགས། འདུལ་བ་མདོ་རྩར། སྒོག་སྐྱ་ཞག་བདུན། ཀུན་དོང་ནི་ཞག་གསུམ། ཀེའུ་ནི་ཞག་གཅིག་མ་ལོན་པར་གཙུག་ལག་ཁང་དུ་འཇུག་པར་མི་བྱའོ། །ཞེས་སོ། །

སྡོམ་པ་ལེན་པའི་རྟེན་ལ། ཡོད་ན་རྟེན་དང་གང་ཟག མེད་ན་རྟེན་གསུམ་ལས་ཀྱང་ལེན་རུང་ལ། རབ་དགེ་སློང་ཁྲིམས་ལྡན་དང་། མིན་ན། ཁྱིམ་པ་གསོ་སྦྱོང་ལ་གནས་པ་ལས་ཀྱང་ངོ་། །སྡོམ་པ་ལེན་པ་དེ་ཡང་། སྐྱབས་གསུམ་སྔོན་དུ་བཏང་སྟེ། སྡོམ་པ་ཞུ་བའི་དོན་དུ་མཎྜལ་དབུལ། དེ་ནས་བྱང་ཆུབ་སེམས་ཀྱི་ཀུན་སློང་གསལ་བཏབ་ནས། ཕྱོགས་བཅུ་ན་བཞུགས་པའི་ཞེས་སོགས་དགོངས་གསོལ་སྔོན་དུ་བཏང་སྟེ། དངོས་གཞི་ལ། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་ཞེས་པ་ནས། གསོ་སྦྱོང་ཡང་དག་པར་བླང་བར་བགྱིའོ། །ཞེས་པའི་བར་བླ་མ་ལ་ཐུགས་རྗེ་ཆེན་པོའི་འདུ་ཤེས་བཞག་ནས། རྗེས་ཟློས་ལན་གསུམ་རྫོགས་པ་དང་ལྷན་དུ་སྡོམ་པ་མནོས་པའི་ཐོབ་བློ་བྱས་ཏེ། དགའ་བ་སྒོམ་པ་གལ་ཆེ། ཐབས་ལགས་ཀྱང་བྱ། དེ་ནས་ཚུལ་ཁྲིམས་སྔར་ཉམས་པ་སོས་ཤིང་། སླར་རྣམ་དག་འབྱུང་ཕྱིར་ཚུལ་ཁྲིམས་རྣམ་དག་གི་གཟུངས་ཉེར་གཅིག་བཟླ་ལ། ཁྲིམས་ཀྱི་ཚུལ་ཁྲིམས་སྐྱོན་མེད་ཅིང་། །སོགས་བཏོན་ཏེ་ཚུལ་ཁྲིམས་རྣམ་དག་གིས་མཐར་བརྒྱན་པར་བྱའོ། །

རྟེན་གྱི་དྲུང་དུ་ལེན་ཚེ། རྟེན་ལ་ཐུགས་རྗེ་ཆེན་པོ་དངོས་ཀྱི་འདུ་ཤེས་བཞག དགོངས་གསོལ་དང་། ཐབས་ལགས་འདོར་བ་མ་གཏོགས། གཞན་རྣམས་སྔར་ཇི་ལྟ་བ་བཞིན་ནོ། །

༤ ཐེག་ཆེན་གསོ་སྦྱོང་གི་བསྲུང་བྱ་ཡན་ལག་བརྒྱད། བཤེས་སྤྲིངས་ལས། འཚེ་དང་ཆོམ་རྐུན་འཁྲིག་པ་རྫུན་དང་ནི། །ཆང་དང་དུས་མིན་ཟས་ལ་ཆགས་པ་དང་། །མལ་སྟན་མཐོ་ལ་དགའ་དང་གླུ་དག་དང་། །གར་དང་ཕྲེང་བའི་ཁྱད་པར་རྣམ་སྤོང་ཞིང་། །ཞེས་དང་། ཐེག་ཆེན་གསོ་སྦྱོང་གི་ཆོ་ག་ལས། དེང་ནས་སྲོག་གཅོད་མི་བྱ་ཞིང་། །གཞན་གྱི་ནོར་ནི་བླང་མི་བྱ། །འཁྲིག་པའི་ཆོས་ཀྱང་མི་སྤྱད་ཀྱང་། །རྫུན་གྱི་ཚིག་ཀྱང་མི་སྨྲའོ། །སྐྱོན་ནི་མང་བོ་ཉེར་བསྟེན་པའི། །ཆང་ནི་ཡོངས་སུ་སྤང་བར་བྱ། །ཁྲི་སྟན་ཆེ་མཐོ་མི་བྱ་ཞིང་། །དེ་བཞིན་དུས་མ་ཡིན་པའི་ཟས། །དྲི་དང་ཕྲེང་བ་དང་ནི་རྒྱན། །གར་དང་གླུ་སོགས་སྤང་བར་བྱ། །ཞེས་སོ། །

དེ་ཡང་སྡོམ་པ་འཐོབ་པ་ཙམ་གྱི་མི་ཆོག་པར་ཚུལ་བཞིན་སྲུང་བ་འདི་ཤིན་ཏུ་ནས་ཀྱང་གལ་ཆེ་སྟེ། བྱམས་པའི་ལུང་བསྟན་པའི་མདོ་ལས། ཤཱཀྱ་སེང་གེ་བསྟན་པ་ལ། །བསླབ་གཞི་ཡང་དག་བླངས་ནས་སུ། །ཇི་ལྟར་སྲུང་བཞིན་བསྒྲུབས་པ་ནི། །ང་ཡི་བསྟན་ལ་ལྷགས་པ་ཡིན། །ཞེས་སོ། །སྐབས་འདིར་བསླབ་གཞི་གང་ཞེ་ན། རྩ་བ་བཞི་དང་ཡན་ལག་བཞི་སྤོང་བ་སྟེ། མངོན་པ་མཛོད་ལས། ཚུལ་ཁྲིམས་ཡན་ལག་བག་ཡོད་པའི། །ཡན་ལག་བརྟུལ་ཞུགས་ཡན་ལག་སྟེ། །བཞི་གཅིག་གསུམ་རིམ་གོ་རིམ་བཞིན། །ཞེས་པ་ལྟར། དང་བོ་བཞི་ཚུལ་ཁྲིམས་ཀྱི་ཡན་ལག་དང་། ཆང་སྤོང་བ་བག་ཡོད་ཀྱི་ཡན་ལག ལྷག་མ་གསུམ་བརྟུལ་ཞུགས་ཀྱི་ཡན་ལག་ཏུ་འདུའོ། །ཇོ་བོ་རྗེས་དེའི་སྟེང་གུང་ཚིགས་དཀར་གསུམ་ཁོ་ནར་སྤྱོད་པ་དང་། བག་ཡོད་ཀྱི་སླད་དུ་ཆབ་ལེན་པ་གཉིས་བསྣན་པའོ། །སྲུང་དུས་ཀྱང་། ལུས་དཀའ་ཐུབ། ངག་སྨྲ་བཅད། ཡིད་རྣམ་རྟོག་གིས་མ་བསླད་པར། གཙང་སྦྲ་དང་ལྡན་པའི་སྒོ་ནས་དགེ་སྦྱོར་ལ་བརྩོན་པར་བྱ་ལ། ཐ་ན་གཉིད་དང་གླལ་བ། འོག་རླུང་སོགས་ཀྱང་བསྡམས་ཞིང་། གལ་ཏེ་ཤོར་ན་གཟུངས་ཆུས་བཀྲུ་བར་བྱའོ། །ནངས་སྔ་མོའི་ཐོ་ཐུག་ཀྱང་ལུས་ལ་གནས་པའི་སྲིན་འབུ་རྣམས་གསོ་ཆེད་ཡིན་པས། འབག་ཐང་ཙམ་གྱིས་འཐུས་པར་བྱའོ། །

༥ སྨྱུང་གནས་སྲུང་བའི་དུས། སྨྱུང་གནས་སྲུང་བའི་དུས་ནི། ལྷའི་དབང་བོས་ཞུས་པའི་མདོ་ལས། ཚེས་བརྒྱད་དག་དང་བཅོ་ལྔ་དང་། །ཆོ་འཕྲུལ་ཆེན་པོའི་ཟླ་བ་ལ། །བསྙེན་གནས་ཡན་ལག་བརྒྱད་སྲུང་བས། །དེ་ནི་སངས་རྒྱས་ཉིད་དུ་འགྱུར། །ཞེས་དང་། བྱམས་པའི་ལུང་བསྟན་པའི་མདོ་ལས། ཟླ་ཕྱེད་ཀྱི་ནི་བཅུ་བཞི་དང་། །བཅོ་ལྔ་དེ་བཞིན་ཚེས་བརྒྱད་དང་། །ཆོ་འཕྲུལ་གྱི་ནི་ཟླ་ཕྱེད་ལ། །ཡན་ལག་བརྒྱད་ལ་ལེགས་གནས་པའི། །བསྙེན་གནས་གསོ་སྦྱོང་བྱས་པས་ནི། །ང་ཡི་བསྟན་ལ་ལྷགས་སོ་གསུངས། །ཞེས་དང་། ཞབས་དཀར་ཚོགས་དྲུག་རང་གྲོལ་གྱིས། ཚེས་གྲངས་བརྒྱད་ལ་བསྙེན་གནས་ཀྱི། །སྡོམ་པ་ཚུལ་བཞིན་བསྲུངས་གྱུར་ན། །གཅོད་གཏུབ་དམྱལ་བ་ལས་ཐར་ནས། །བསྐལ་བ་སུམ་ཅུའི་སྒྲིབ་པ་བྱང་། །བཅོ་ལྔའི་ཉིན་པར་བསྙེན་གནས་ཀྱི། །སྡོམ་པ་ཚུལ་བཞིན་བསྲུང་གྱུར་ན། །གྲང་བའི་དམྱལ་བ་ལས་ཐར་ནས། །བསྐལ་བ་སུམ་ཅུའི་སྡིག་པ་བྱང་། །གནམ་སྟོང་ཉིན་པར་བསྙེན་གནས་ཀྱི། །སྡོམ་པ་ཚུལ་བཞིན་སྲུང་གྱུར་ན། །ཚ་བའི་དམྱལ་བ་ལས་ཐར་ནས། །བསྐལ་བ་བརྒྱ་ཡི་སྡིག་པ་བྱང་། །དེ་ཕྱིར་ཁྱིམ་པ་དད་ལྡན་ཚོ། །བསྙེན་གནས་སྡོམ་པ་ཅི་ཐུབ་སྲུང་། །ཞེས་སོ། །འདི་དག་ནི་དུས་འགྱུར་གྱི་དགེ་རྩར་དམིགས་ནས་གསུངས་པ་ཡིན་ལ། གཞན་དུ་ཆོས་སེམས་འཁྲུངས་ཤིང་མཐུན་རྐྱེན་འཛོམས་ན་དེ་ཉིད་དུ་རུང་སྟེ། ཚེ་ལ་ངེས་པ་མེད་པའི་ཕྱིར་རོ། །རྒྱལ་བུ་སྙིང་རྗེ་ཆེར་སེམས་ཀྱིས་ཇི་སྲིད་འཚོའི་བར་དུ་སྡོམ་པ་བླངས་པ་དཀོན་བརྩེགས་ལས་གསུངས་པ་ལྟར་རོ། །

༦ ཚུལ་ཁྲིམས་རལ་བའི་ཉེས་དམིགས་བཤད་པ། འདུལ་བ་ལུང་ལས། འདི་ན་ལ་ལས་རྒྱལ་བོའི་ཚིག་ཆེན་ལས། །ལན་འགར་འདས་ཀྱང་ཆད་པ་འཐོབ་མི་འགྱུར། །ཐུབ་པའི་བཀའ་ལུང་ཚུལ་མིན་འདའ་བྱེད་ན། །དུད་འགྲོ་འགྲོ་འགྱུར་ཨེ་ལའི་འདབ་ཀླུ་བཞིན། །ཞེས་པ་ལྟར། ཀླུ་ཨེ་ལའི་འདབ་ཅེས་པ་སངས་རྒྱས་འོད་སྲུང་གི་བསྟན་པ་ལ། བཅས་པ་ཁྱད་དུ་བསད་དེ། ཤིང་ཨེ་ལའི་འདབ་མ་ཞིག་ཞེ་སྡང་གིས་བཅད་པས། དེའི་རྣམ་སྨིན་གྱིས། ད་ལྟ་ཡང་ཀླུ་ཨེ་ལའི་འདབ་ཞེས་བྱ་བ་མགོ་བོ་བདུན་ཡོད་པ། མགོ་བོ་རེ་རེ་ལ་ཨེ་ལའི་སྡོང་བོ་སྐྱེས་པ། སྲིན་འབུའི་རིགས་བརྒྱ་ཕྲག་དུ་མས་གང་བ། སྦྲང་བུའི་ཚོགས་དུ་མ་ལྡིང་ཞིང་སྣག་ཁྲག་འཛག་ཅིང་དྲི་ང་བ་ཞིག་ཏུ་སྐྱེས་པ་དང་།

ཡང་། སྨྱུང་གནས་ཀྱི་སྐབས། ཡན་ལག་རེ་རེ་མ་བསྲུངས་པའི་ཉེས་དམིགས་ནི། ༡ སྲོག་བཅད་ན། བསད་པས་ཚེ་ཐུང་ཞེས་པ་ལས་གཞན། དམྱལ་བ་ལས་སྐྱེས་ཏེ་སྡུག་བསྔལ་བཟོད་གླགས་མེད་པར་མྱངས་དགོས་པར་མ་ཟད། སྲོག་རེ་རེ་བཅད་པས། སྲོག་ལན་དགུ་བརྒྱ་གོ་དགུ་ནས་སུམ་བརྒྱའི་བར་མཆོག་དམན་ལ་ལྟོས་ནས་འཇལ་དགོས་པ་དང་། ༢ མ་བྱིན་པར་བླངས་པས། དམྱལ་བ་ངུ་འབོད་དུ་སྐྱེས་ལ། མིར་སྐྱེས་ཀྱང་ལོངས་སྤྱོད་དབུལ་ཞིང་གཞན་གྱིས་སྡང་བ། ༣ འཁྲིག་ཆོས་བརྟེན་པས། ངུ་འབོད་ཆེན་པོར་སྐྱེས་ལ། སྐྱེ་བ་ལྔ་བརྒྱར་མཛེ་མོ་དང་དབང་བོ་མི་ཚང་བ་སོགས་སུ་སྐྱེ། ༤ རྫུན་གྱིས་ནི། ཐིག་ནག་ཏུ་སྐྱེས་ལ། མིར་སྐྱེས་ཀྱང་ངག་ལྐུགས་པ་དང་། ཕྲག་དོག་ཆེ་བ། ཆོས་སྐད་མི་གོ་བར་སྐྱེ། ༥ ཆང་འཐུང་བས། ཟངས་ཞུན་ཁོལ་མ་འཐུང་བའི་ཚ་དམྱལ་དུ་སྐྱེས་ལ། མིར་སྐྱེས་ནའང་། གཏི་མུག་དང་བརྗེད་ངས་ཆེ་བ། ཁྲེལ་དང་ངོ་ཚ་མེད་པ། གནོད་སྦྱིན་དང་ཁྱི་དང་སྨྱོན་པ་རྣམས་ཀྱི་སྐྱེ་བ་ལྔ་བརྒྱ་རེ་ལེན་པ་དང་། ༦ ཁྲི་སྟན་ཆེ་མཐོ་ལ་བསྡད་པས། མལ་སྟན་མི་འབྱོར་ཞིང་། གཞན་གྱིས་གུས་བཀུར་མི་འཐོབ་པ་དང་། ཁྲི་སྟན་ཆེ་མཐོ་བསྡད་དེ་ཚུལ་ཁྲིམས་ཉམས་པས་ལན་ཆགས་ཤ་འཁོན་གཉེར་བའི་ལོ་རྒྱུས་ཤིག་ལ། སྔོན་རྒྱ་ནག་གི་ཡུལ་དུ་ཧྭ་ཤང་གི་སློབ་དཔོན་ཊི་ཥ་ན་བྱ་བ་འདུལ་ཁྲིམས་མིག་འབྲས་བཞིན་བསྲུང་བ་ཞིག་གིས། རྒྱལ་བོས་གནང་བའི་ཨ་ཀ་རུ་ནག་པོའི་ཁྲི་རིན་པོ་ཆེས་སྤྲས་པ་ཞིག་ལ་རྒྱལ་བོའི་བཀའ་ནན་ཆེ་བས་དབང་མེད་དུ་ལན་འགའི་བར་ལོངས་སྤྱད། མི་རིང་བར་པུས་མོའི་ལྷ་ང་ལ་ཕོལ་མིག་ཕོར་ཚད་ཙམ་མིག་གཉིས། སྨིན་མ་ཁ་སྣ་ཐམས་ཅད་ཚང་བ། ཁར་ཟས་བཅུག་ན་ཟ་བ། ན་ཚ་ཟུག་ཟེར་བཟོད་གླགས་མེད་པ་ཞིག་བྱུང་ནས་ཤིན་ཏུ་གདུངས་པ་ན། སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་ཧྭ་ཤང་ཞིག་དང་མཇལ་བས་དེས་ཆུ་མིག་ཞིག་གི་འགྲམ་དུ་ཁྲིད་ནས། ཕོལ་མིག་ཆུས་འཁྲུ་ཞིང་རྔ་ཡབ་ཀྱིས་བྱབས་བཞིན། དགེ་བཤེས་ཁྱོད་སྔོན་ཧཱན་གུར་གྱི་རྒྱལ་བོ་གིང་དྷིའི་ནང་བློན་ཡུའང་ཨང་དང་། ཕོལ་མིག་ཁྱོད་བློན་པོ་བཞོའུ་ཚོར་གྱུར་བ་ཨེ་དྲན། ཡུའང་ཨང་གིས་རྒྱལ་བོ་ལ་ཕྲ་མ་བཅུག་ནས་བཞོའུ་ཚོར་བསད་པ་ཨེ་དྲན། དེ་ནས་ཡུའང་ཨང་འགྱོད་པ་སྐྱེས་ནས་རབ་ཏུ་བྱུང་། ཡང་སྲིད་ཕྱི་མ་ནས་ད་ལྟའི་བར་མཐར་ཆགས་སུ་ཚུལ་ཁྲིམས་སྲོག་ལྟར་བསྲུངས་པས། བཞོའུ་ཚོ་ཁྱོད་ཀྱིས་ཤ་འཁོན་གཉེར་ནས་ཁོའི་སྐྱེ་བ་བཅུའི་བར་དུ་འབྲངས་ཀྱང་། ཚུལ་ཁྲིམས་བསྲུང་བའི་སྟོབས་ཀྱིས་གླགས་མ་རྙེད་པ་ཨེ་དྲན། ཞེས་གསུངས་པ་རྣམས་ལ་ཕོལ་མིག་གིས་ཀྱང་། ཨང་ཞེས་ལན་རེ་བཏབ། ཡུའང་ཨང་གི་སྐྱེ་བ་འདིར་དེ་ཉིན་ཁྲི་རིན་ཐང་ཅན་ལ་ལོངས་སྦྱད་པས་བཅས་འགལ་བྱུང་སྟེ། ཁྱོད་ཀྱིས་གླགས་རྙེད་ནས་གནོད་པ་བྱེད་ཐུབ་འདུག་ཀྱང་། ཁྱོད་ལའང་སླར་ལས་འདིའི་རྣམ་སྨིན་འབྱུང་བར་ངེས་པས། ད་རེས་ངེད་ཀྱིས་ཁྱེད་གཉིས་འདུམ་པར་བྱ་ཡི་ཐོངས་ཤིག་ཅེས་གསུངས་པས། ཕོལ་མིག་དེ་འབག་དོར་བ་བཞིན་དུ་ལྷུང་ཞེས་རྒྱ་ནག་ཆོས་འབྱུང་ལས་གསུངས་སོ། །༧ དུས་མིན་གྱི་ཟས་ཟོས་པས། སྔོན་སངས་རྒྱས་འོད་སྲུང་གི་བསྟན་པ་ལ། བྲམ་ཟེ་གཉིས་ཀྱིས་ཐེག་ཆེན་གསོ་སྦྱོང་གི་སྡོམ་པ་བླངས། གཅིག་གིས་ཕྱི་དྲོའི་ཁ་ཟས་ཟོས་པས། ཀླུར་སྐྱེས་པ་མཛངས་བླུན་མདོ་ན་གསུངས་པ་དང་།

ཡང་བྲམ་ཟེ་སྤྲང་བོ་ཞིག་གིས་གསོ་སྦྱོང་བླངས་ཏེ་སོང་བས། རི་བྲག་ཅིག་ཏུ་སླེབས་པ་ན་མུན་རུབ་པས། གནས་ཚང་གཡར་ཏེ་ཁ་ཟས་མ་ཟོས་པས། གནས་བདག་གིས་ཁྱེད་ཀྱིས་མི་ཟ་ན། ངེད་ཀྱི་ཁྱིམ་དུ་མ་འདུག་ཅིག་ཅེས་སྤྲད་པས། ཁོ་སྐྲག་ཏེ་ཁ་ཟས་ཟོས་པས། ཚེ་འཕོས་ནས་རྒྱལ་ཆེན་རིགས་བཞི་ལས་ལྷའི་བུ་གསོ་སྦྱོང་རལ་ཞེས་མིང་ངན་ཐོགས་ཏེ། ལོངས་སྤྱོད་དང་གཟི་བརྗིད་ལྷ་གཞན་ལས་དམན་པ་ཞིག་ཏུ་སྐྱེས་པ་དང་། ཡང་རྒན་མོ་སྡིག་རྒན་མ་མི་བཅུ་བསད་པ་ཞིག་སྨྱུང་གནས་ཐེངས་གསུམ་བསྲུངས་པས། ཐེངས་གཅིག་ཁ་ཟས་ཅུང་ཙམ་ཟོས། ཐེངས་གཅིག་ཆུ་འཐུང་། ཐེངས་གཅིག་ལེགས་པར་བསྲུངས་ནས་ཚེ་འཕོས་པས། རྒྱལ་སྲས་ཤིག་ཏུ་འཁྲུངས་ཀྱང་། ཟས་ཟོས་པས་མདོག་ངན་པ་དང་། ཆུ་འཐུང་བས་སེམས་རྣལ་ཏུ་མི་གནས་པའི་སྨྱོན་པ་ཞིག་ཏུ་སྐྱེས་པ་ལྟ་བུའོ། །འོན་ཀྱང་ཞབས་དཀར་བས། ན་ན་བསྙེན་གནས་སྡོམ་པ་སྲུང་། །མ་ཐུབ་བཞག་ན་འཆོར་བ་མིན། །ན་བ་སོས་ནས་མ་བསྲུང་ན། །སྡོམ་པ་འཆོར་བའི་སྲུང་བར་གྱིས། །བརྗེད་ནས་རྩམ་པ་སོགས་ཟོས་ཀྱང་། །བཤགས་ཏེ་བསྲུངས་ན་ཉེས་པ་མེད། །ཚོགས་ཀྱི་འཁོར་ལོ་བསྐོར་བའི་ཚེ། །ཟོས་ན་སྡོམ་པ་འཆོར་བ་མིན། །ཟོས་རྗེས་སྔར་ལྟར་མ་བསྲུང་ན། །སྡོམ་པ་འཆོར་བས་སྲུང་བར་མཛོད། །ཅེས་ཀྱང་གསུངས་སོ། །༨ ཆགས་སེམས་ཀྱིས་དྲི་བྱུགས་པས། ཚེ་འཕོས་ནས་དྲི་ངན་བྲོ་བ་དང་། མཚན་བཟང་མི་ལྡན་པ། གླུ་གར་གྱི་རྩེད་འཇོར་རོལ་བས། ཚེ་རབས་ཀུན་ཏུ་ཤེས་རྒྱུད་རྒོད་པ་དང་། ངག་ལ་ཆོས་ཀྱི་སྒྲ་མི་འཁྱོངས་པའོ། །

༧ གསོ་སྦྱོང་ཡན་ལག་བརྒྱད་པའི་ཕན་ཡོན་བཤད་པ། དང་བོ། ཡན་ལག་བརྒྱད་པ་སྤྱིའི་ཕན་ཡོན། ༡ དུས་ཀྱི་སྒོ་ནས་ཕན་ཡོན་ཆེ་བ་ནི། ཏིང་འཛིན་རྒྱལ་བོའི་མདོ་ལས། བསྐལ་བ་བྱེ་བ་གང་གཱའི་བྱེ་སྙེད་ཀྱི། །དང་བའི་སེམས་ཀྱིས་ཟས་དང་སྐོམ་རྣམས་དང་། །གདུགས་དང་བ་དན་མར་མེ་ཕྲེང་བ་ཡིས། །སངས་རྒྱས་བྱེ་བ་ཁྲི་ཕྲག་རིམ་གྲོ་བྱས། །གང་གི་དམ་ཆོས་རབ་ཏུ་འཇིག་པ་དང་། །བདེ་གཤེགས་བསྟན་པ་འགག་པར་གྱུར་བའི་ཚེ། །ཉིན་མཚན་དུ་ནི་བསླབ་པ་གཅིག་སྤྱོད་པ། །བསོད་ནམས་འདི་ནི་དེ་བས་བྱེ་བྲག་འཕགས། །ཞེས་བསྐལ་བ་གྲངས་མེད་དུ། དང་བའི་སེམས་ཀྱིས་མཆོད་པའི་རྣམ་གྲངས་ཇི་སྙེད་ཅིག་གིས། སངས་རྒྱས་འབྱམས་ཀླས་པར་རིམ་གྲོ་བྱས་པ་ལས། བསྟན་པའི་དུས་མཐའ་འདིར་བསླབ་པ་སྣ་གཅིག་སྲུང་ན་ཕན་ཡོན་ཆེ་བར་བསྟན་པའི་ཤུགས་ལས། གསོ་སྦྱོང་གི་སྡོམ་པ་ལན་གཅིག་སྲུང་ན་ཕན་ཡོན་ཆེ་བ་གཏོགས་ཐུབ། བྱམས་པ་རང་གི་གསུངས་ལས་ཀྱང་། ཤཱཀྱ་ཐུབ་པའི་བསྟན་པ་ལ། །དད་པས་གང་གིས་ཆོས་ཉན་ཅིང་། །བསྙེན་གནས་ཡན་ལག་བརྒྱད་བསྲུངས་པ། །དེ་ཡི་འཁོར་དུ་སྐྱེ་བར་འགྱུར། །ཞེས་དང་། དབྱིག་གཉེན་གྱིས། གང་གི་དད་པའི་སེམས་ཀྱིས་ནི། །ལོ་བརྒྱར་སྦྱིན་པ་བྱིན་པ་བས། །གང་གི་ཉིན་གཅིག་ཚུལ་ཁྲིམས་ནི། །བསྲུངས་པའི་བསོད་ནམས་ཁྱད་པར་འཕགས། །ཞེས་སོ། །༢ ཡུལ་གྱི་སྒོ་ནས་ཕན་ཡོན་ཆེ་བ་ནི། དག་ཞིང་རྣམས་སུ་དགེ་བ་རྣམ་དག་བསྐལ་བར་བསྒྲུབས་པ་ལས། མ་དག་པའི་ཞིང་ཁམས་འདིར་དགེ་བ་སྣ་གཅིག་སེ་གོལ་གཏོགས་པའི་ཡུན་ཙམ་དུ་བསྒྲུབས་ན། བསོད་ནམས་ཁྱད་དུ་འཕགས་པར་གསུངས་སོ། །ཚུལ་འདི་ལ་དགོངས་ནས། ཡབ་རྗེ་བླ་མས་ཀྱང་། ལྷ་སྤྱན་རས་གཟིགས་ལས་མྱུར་བ་མེད། །ཆོས་ཡི་གེ་དྲུག་མས་ཟབ་པ་མེད། །སྡིག་སྦྱོང་ཐབས་བསྙུང་གནས་ལས་ལྷག་མེད། །འགག་ཉག་ག་མ་ནོར་རི་ཁྲོད་པ། །གསུངས་སོ། །༣ མི་མིན་གྱི་བར་ཆད་ཀྱིས་མི་ཚུགས་པ་ནི། ཚུལ་ཁྲིམས་ཡང་དག་པར་ལྡན་པའི་མདོ་ལས། ཇི་ལྟར་སྦྲུལ་གདུག་ཀླུ་ཆེན་ནག་པོ་ཡང་། །ཚུལ་ཁྲིམས་ལྡན་ལ་གནོད་མེད་གཞན་ཅི་སྨོས། །ཞེས་པ་ལྟར། སྔོན་རྒན་མོ་ཞིག་ཡན་ལག་བརྒྱད་པའི་གསོ་སྦྱོང་བླངས་ཏེ། ནམ་ཕྱེད་ཙམ་ན། རྒྱལ་བོ་གསལ་རྒྱལ་གྱིས། མི་ནག་ཆེན་ཞིག་ལ་ལྟོ་བསྐྱལ་བར་བང་ཆེན་དུ་མངགས་པས། ལམ་བར་དུ་མི་མ་ཡིན་ཁག་གསུམ་དང་འཕྲད་ཀྱང་། དེ་དག་གིས་གནོད་པའི་གླགས་མ་རྙེད་པའི་ལོ་རྒྱུས་འདུལ་བ་ལུང་ལས་གསུངས་པ་དང་། ༤ རྟེན་གྱི་སྒོ་ནས་ཕན་ཡོན་ཆེ་བ་ནི། དཔུང་བཟང་གིས་ཞུས་པའི་རྒྱུད་ལས། ཇི་ལྟར་ལོ་ཏོག་ཐམས་ཅད་ས་ལ་ནི། །བརྟེན་ནས་སྐྱོན་མེད་པར་ནི་སྐྱེས་པ་ལྟར། །དེ་བཞིན་ཚུལ་ཁྲིམས་བརྟེན་ནས་ཆོས་དཀར་མཆོག། སྙིང་རྗེའི་ཆུས་བརླན་པས་ནི་རྣམ་པར་སྐྱེ། །ཞེས་པ་ལྟར། ཚུལ་ཁྲིམས་ནི་ཡོན་ཏན་ཆེ་སྐྱེས་ཆུང་སྐྱེས་ཐམས་ཅད་ཀྱི་གཞི་རྟེན་ཡིན་པར་མ་ཟད། ཆོས་སྒྲུབ་པ་ལ་ས་ཆོད་གཞན་ལས་ཆེ་སྟེ། ཞབས་དཀར་བས། བསྙེན་གནས་མ་བསྲུངས་གནས་སྐབས་སུ། །མར་ཁུ་རྒྱ་མཚོ་ཙམ་ཞིག་ལ། །སྡོང་བུ་རི་རབ་ཙམ་པ་ཞིག །བཙུགས་ནས་མར་མེ་ཕུལ་བ་བས། །སྡོམ་པ་བསྲུངས་པའི་ཉི་མ་དེར། །མར་ཁུ་ཐིགས་པ་ཙམ་ཞིག་ལ། །སྡོང་བུ་ཁབ་རྩེ་ཙམ་པ་ཞིག །བཙུགས་ནས་མར་མེ་ཕུལ་བ་དེ། །ཕན་ཡོན་ཤིན་ཏུ་ཆེ་བ་ཡིན། །བསྙེན་གནས་བསྲུང་བའི་ཉི་མ་དེར། །ཚོགས་བསགས་རྒྱ་ཆེན་བྱས་གྱུར་ན། །ཕྱི་མ་འདོད་ཁམས་ལྷ་རུ་སྐྱེ། །ཚོགས་བསགས་འབྲིང་ཙམ་བྱས་གྱུར་ན། །རབ་ཏུ་བྱུང་བའི་མི་རུ་སྐྱེ། །ཚོགས་བསགས་ཅུང་ཟད་བྱས་ན་ཡང་། །ཕྱི་མ་མི་ལུས་གཙང་མ་འཐོབ། །དེ་ཕྱིར་སྡོམ་པ་སྲུང་བའི་ཉིན། །ཚོགས་བསགས་གྱིས་ཤིག་དད་ཅན་ཚོ། །ཞེས་སོ། །ཡིག་དྲུག་གི་ཕན་ཡོན་བརྗོད་པ་པད་དཀར་ཆུན་པོ་ལས་ཀྱང་། སྨྱུང་གནས་བྱས་པའི་ནངས་པར་སྔ་དྲོ་དེ་དག་ལ་བཤོས་དྲངས་ན། ས་བརྒྱད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དྲངས་པ་དང་བསོད་ནམས་མཉམ་པ་དང་། གསོ་སྦྱོང་བླངས་པ་ཙམ་ལ་དྲངས་ན་དགྲ་བཅོམ་པ་ལ་དྲངས་པ་དང་བསོད་ནམས་མཉམ་པར་གསུངས་སོ། །༥ སྨྱུང་བར་གནས་པའི་གཏམ་རྒྱུད་དང་སྦྱར་ཏེ་ཕན་ཡོན་འགའ་བཤད་ན། མི་གཅིག་གིས་ཕ་མ་ཤི་སྟེ་ཆོས་བྱེད་རྒྱུ་མེད་པས་སྡུག་བསྔལ་ཤིན་ཏུ་ཆེ་སྐབས། བླ་མ་རིན་པོ་ཆེ་ཐོགས་མེད་ཀྱིས་དགོངས་ནས། ཁྱེད་ཀྱིས་ཕ་མའི་དྲིན་ལན་བསབ་ན་སྨྱུང་གནས་གྱིས། གསུངས་པ་བཞིན། གདན་གཅིག་སོ་ལྔ་བྱས་པས། ཕ་མ་གཉིས་ཐར་བ་འཐོབ་ལ། ཁོ་ཡང་དགྲ་བཅོམ་འཐོབ་པར་གསུངས་སོ། །

ཡང་། གནོད་སྦྱིན་ཤ་ཟ་ལྔས་རྒྱལ་བོ་བྱམས་པའི་སྟོབས་ལ་ཤ་ཁྲག་དྲོན་མོ་བསླངས་པས། རྒྱལ་བོས་སྐུ་ཤ་བཅད་དེ་བྱིན་པས། དེ་དག་གིས་ཁ་ཟས་ཀྱི་ཆེད་དུ་སྐུ་ཉིད་ལ་གནོད་པ་བྱས་པ་གཟོད་པར་འཚལ་ཞུས་པས། རྒྱལ་བོས་དེ་དག་གསོ་སྦྱོང་ཡན་ལག་བརྒྱད་པར་བཀོད་པས། དེའི་ཕན་ཡོན་གྱིས། བཅོམ་ལྡན་འདས་ཀྱི་སྤྱད་པ་སྤྱོད་པའི་ཚེ་འཁོར་ཤ་སྟག་ཏུ་སྐྱེས་ཤིང་། མཐར་སངས་རྒྱས་པའི་ཚེ་ཡང་འཁོར་གྱི་ཐོག་མ་ལྔ་སྡེར་འཁྲུངས་ཏེ་དགྲ་བཅོམ་འཐོབ་པ་ཡིན།

ཡང་། གྲུབ་ཆེན་ཉི་མ་སྦས་པའི་ཞལ་ལས། བུད་མེད་ཅིག་བུ་གཅིག་དང་། དུད་འགྲོ་ཡང་མང་བོ་ལག་ཉེས་ལ་སོང་བ་ཞིག ཕྱིས་སུ་བླ་མ་བཟང་བོ་ཞིག་དང་འཕྲད་པས། སྔར་བྱས་ལ་འགྱོད་པ་དྲག་པོ་འཁྲུངས་ཏེ་སྨྱུང་གནས་བརྒྱ་དང་བརྒྱད་བསྲུངས་པས། ཚེ་འཕོས་ནས་ལྷོ་ཕྱོགས་དཔལ་གྱི་རི་ལ་འགྲོ་དོན་བྱེད་ནུས་པའི་བླ་མ་བསོད་ནམས་འབྱུང་གནས་ཞེས་པར་འཁྲུངས།

ཡང་། མ་ཇོ་ཆོས་སྐྱིད་བྱ་བས་སྨྱུང་གནས་མང་དུ་བསྲུངས་པས། མོ་ཤི་བའི་དུས་སུ་རུས་པ་དུར་ཁྲོད་དུ་བསྐྱལ་བ་བྱ་རོག་གིས་རུས་པའི་དུམ་བུ་འཁྱེར་བ་རིང་བསྲེལ་དུ་སོང་བ་དང་།

དེ་མིན། སྨྱུང་གནས་གཅིག་སྲུང་ཡང་བསྐལ་བ་བཞི་ཁྲིའི་འཁོར་བ་ཕྱིར་བསྙིལ་བར་འགྱུར། བརྒྱ་རྩ་བརྒྱད་བསྲུང་ན། མི་དེ་རི་མགོར་སོང་ན་དེ་ཕྱོགས་ཀྱི་རླུང་ཕོག་ཚད་ཀྱི་སེམས་ཅན་ལ་ངན་འགྲོ་མེད་གསུངས། ཆུ་ལ་བརྒལ་ན། ཆུ་དེ་འཐུང་ཚད་ཀྱི་སེམས་ཅན་ལ་ངན་འགྲོ་མེད། མཐོང་ཐོས་དྲན་རེག་ལུས་ཀྱི་གྲིབ་མ་ཕོག་ཚད་ཡན་ཆད་ལ་ངན་འགྲོ་མེད་ཅེས་རྒྱུད་ནས་གསུངས་སོ། །དེ་ལས་གཞན་སྨྱུང་གནས་སྲུང་བའི་ཕན་ཡོན་གཏམ་རྒྱུད་མང་བོ་སྨྱུང་གནས་ཀྱི་ཆོ་ག་ཐར་བའི་ཐེམ་སྐས་ལས་གསལ་བས་དེར་གཟིགས་པར་བྱའོ། །

གཉིས་པ། གསོ་སྦྱོང་ཡན་ལག་བརྒྱད་པོ་སོ་སོའི་ཕན་ཡོན། ༡ སྲོག་གཅོད་སྤངས་པས་ཚེ་རིང་ནད་མེད་དང་། གཟི་བརྗིད་ཆེ་བ། ༢ མ་བྱིན་ལེན་སྤངས་པས། ཚེ་རབས་ཀུན་ཏུ་ལོངས་སྤྱོད་ཆེ་ཞིང་། རང་གི་ལོངས་སྤྱོད་ལ་གཞན་གྱིས་གནོད་པ་མེད་པར་རང་དབང་དུ་འདུ་བ། ༣ འཁྲིག་སྤྱོད་སྤངས་པས། གཟུགས་མཛེས་ཤིང་ཤ་མཚག་ལེགས་ལ། དབང་བོ་ཡོངས་སུ་ཚང་བ། ༤ རྫུན་སྤངས་པས། གཞན་གྱི་བསླུ་བྲིད་ཀྱིས་མི་ཐུབ་ཅིང་། ངག་ལ་བརྩི་མཐོང་ཆེ་བ། ༥ ཆང་སྤངས་པས། ཚེ་རབས་ཀུན་ཏུ་དྲན་ཤེས་བརྟན་ཞིང་ཤེས་རབ་ཕུན་སུམ་ཚོགས་པ། ༦ ཁྲི་སྟན་ཆེ་མཐོ་སྤངས་པས། གཞན་གྱིས་བསྟོད་བཀུར་འཐོབ་ཅིང་། མལ་སྟན་བཟང་ཞིང་བཞོན་པ་མང་བར་འགྱུར་རོ། །༧ དུས་མིན་གྱི་ཟས་སྤངས་པས། བཟའ་བ་དང་ལོ་ལེགས་ཀྱིས་ཕྱུག་པ། ༨ དྲི་དང་ཕྲེང་བ་སྤངས་པས། ཚེ་རབས་ཀུན་ཏུ་ལུས་དྲི་ཞིམ་པོ་དང་། མདོག་དབྱིབས་མཛེས་ལ་མཚན་བཟང་དུ་མ་དང་ལྡན་པ། གླུ་གར་སོགས་སྤངས་པས། ཚེ་རབས་ཀུན་ཏུ་ལུས་དང་ཤེས་རྒྱུད་དུལ་བ་དང་། ངག་ལས་ཆོས་ཀྱི་སྒྲ་དབྱངས་མི་ཆད་པར་སྒྲོགས་པ་བཅས་སོ། །

མདོར་ན། གུང་ཐང་བསྟན་པའི་སྒྲོན་མེས། མི་སྡིག་ཅན་བཙན་ཐབས་འཚང་རྒྱའི་ཆོས། །དཀོར་བག་ཆགས་ངན་པ་སྦྱོང་བ་ལ། །ཆེས་ཟབ་པའི་མཐར་ཐུག་སྨྱུང་གནས་ཡིན། །འདིའི་ཕན་ཡོན་ནམ་མཁའི་མཐའ་དང་མཉམ། །དུས་དེང་སང་ངན་པ་མགོ་མཐོ་ཡང་། །ལམ་བར་དོའི་འཕྲང་རིང་བརྒལ་བའི་ཉིན། །དགྲ་གཤིན་རྗེ་དམག་གིས་བསྐོར་བའི་ཚེ། །ཆོས་ཚུལ་བཞིན་བྱས་པའི་མི་དེ་སྐྱིད། །འཕྲང་ཡ་ངའི་འཇིགས་པ་སེལ་འདོད་ཅིང་། །མར་ངན་སོང་སྐྱེ་སྒོ་གཅོད་འདོད་ན། །ལྷ་ཐུགས་རྗེ་ཆེན་པའི་ཞབས་ལ་འཇུས། །ཞེས་གསུངས་སོ། །

སྨྱུང་གནས་ཀྱི་ཕན་ཡོན་རྒྱས་པར་བཀའ་འགྱུར་བ་བློ་བཟང་ཚུལ་ཁྲིམས་ཀྱི་དགེ་སློང་མ་དཔལ་མོའི་ལུགས་སྨྱུང་གནས་ཀྱི་ཕན་ཡོན་དང་། བཀྲ་ཐང་བློ་བཟང་ཆོས་ཀྱི་ཉི་མའི་སྨྱུང་གནས་ཕན་ཡོན་དགེ་སྐུལ་སྙན་པའི་གླུ་དབྱངས་སོགས་སུ་གཟིགས་པར་འཚལ་ལོ། །

གླིང་མེ།

གླིང་མེ་ནི། དགོན་པའི་གླིང་བར་དང་སྒེའུ་ཁུང་། གཙུག་ལག་ཁང་གི་ཡང་སྟེང་སོགས་སུ་སྒྲོན་ཏེ། མར་མེ་འོད་སྣང་གླིང་བར་ཁོར་ཡུག་ཀུན་ཏུ་ཁྱབ་པའི་ཆ་ནས་གླིང་མེ་དང་། ཡང་རྣམ་འདྲེན་ལྔ་བ་རྗེ་བཙུན་བྱམས་པ་མྱུར་མོ་འབྱོན་འགྱུར་གྱི་རྟེན་འབྲེལ་ལ། བྱམས་པའི་སྐུ་གཟུགས་གླིང་བར་དུ་གདན་འདྲེན་པ་ལ་བྱམས་པ་གླིང་བསྐོར། ཞེས་པའང་གླིང་མེ་ཞེས་པའི་ཐ་སྙད་འདྲ་ཁུངས་གཅིག་གི་སྒོ་ནས་མིང་བཏགས་པའོ། །གླིང་མེ་ནི་དགའ་ལྡན་ལྔ་མཆོད་ཀྱི་མཆོད་པའི་ཆ་ཤས་ཤིག་སྟེ། དེ་ཡང་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་ས་ཕག﹙སྤྱི་ལོ༡༤༡༩﹚ལོར་དགའ་ལྡན་དུ་ཕེབས་ནས། སྐུ་བེར་དང་དབུ་ཞྭ་སྲས་ཀྱི་ཐུ་བོ་དར་མ་རིན་ཆེན་ལ་གནང་སྟེ། རྒྱལ་ཚབ་ཏུ་བསྐོ་བཞག་མཛད་ནས་བཅུ་བའི་ཚེས་ཉེར་ལྔ་ལ། གཟིམ་ཁང་འོད་དཔག་སྦུག་ཏུ་སྐུ་གཤེགས། དེའི་ཕྱི་ལོར་དགའ་ལྡན་དུ་རྡོ་རྗེ་སློབ་དཔོན་བརྒྱ་ཕྲག་དུ་མས། གསང་སྡེ་འཇིགས་གསུམ། ཀྱེ་རྡོར། དུས་འཁོར། ཚེ་དཔག་མེད། ཀུན་རིག་སོགས་ཀྱི་དཀྱིལ་འཁོར་ལ་བརྟེན་པའི་དགོངས་རྫོགས་སྒྲུབ་མཆོད་རྒྱ་ཆེར་མཛད་པ་དང་། ཡང་། སྣེའུ་གདོང་དཔོན་ནམ་མཁའ་བཟང་ཁུ་དབོན་གྱིས་ཡོན་སྦྱར་ཏེ། ཆོས་རྗེ་ཤཱཀྱ་ཡེ་ཤེས་ར་ཁ་བྲག་ཏུ་སྤྱན་དྲངས་ཏེ། དགེ་འདུན་མང་བོར་མཆོད་འབུལ་དང་། དགོངས་རྫོགས་བཏང་བ་ནས་བཟུང་། དེང་སང་ཡང་། དགའ་ལྡན་ལྔ་མཆོད་ཆེན་མོ་ཞེས། གྲུབ་མཐའ་རིས་མེད་དང་། རྒྱ་བོད་ཧོར་སོག་གི་དད་ལྡན་སེར་སྐྱ་ཕོ་མོ་ཇི་སྙེད་པས་ཉིན་དེར་རྣམ་དཀར་ལས་ལ་བརྩོན་ཞིང་། དེ་ཉིན་གོང་ས་མཆོག་དང་ཡོངས་འཛིན་རྣམ་གཉིས་སོགས་གཞུང་ཞབས་སེར་སྐྱ་མང་བོ། རྩེ་ཕོ་བྲང་གི་རྟེན་གཙོ་འཕགས་པ་ལོ་ཀེ་ཤྭ་ར་སོགས་མཆོད་འབུལ་གཟབ་རྒྱས་གནང་སྲོལ་ཡོད་པ་དང་། དགུང་མོར་སེར་འབྲས་དགའ་གསུམ་དང་། རྩེ་པོ་ཏ་ལའི་ཡས་མས་ལྷ་ཞོལ་དགོན་ཁག མདོར་ན་གྲུབ་མཐའ་རིས་མེད་ཀྱི་དགོན་གྲོང་སེར་སྐྱ་ཚང་མས་གླིང་མེའི་མཆོད་པ་རྒྱ་ཆེར་འབུལ་ཞིང་། དགོན་སྡེ་དག་ལས། གཙུག་ལག་ཁང་གི་ཡང་སྟེང་དུ་མར་མེ་བཞག་སྟེ། མཆོད་པའི་རོལ་མོ་དང་། གདུང་དབྱངས་དང་བཅས་དམིགས་བརྩེ་མ་གདངས་སྙན་མོ་འཐེན་པ་དང་། གྲྭ་ཤག་དང་དུད་ཁྱིམ་རྣམས་ཀྱིས་སྒེའུ་ཁུང་ལས་མར་མེ་ཕྲེང་བ་རྒྱ་ཆེར་མཆོད་པ་དང་། ཨ་མདོ་སོགས་སུ་ཁང་བའི་སྟེང་འོག་ཀུན་ཏུ། གཞོང་བ་ཆེན་པོའི་ནང་དུ་མར་མེའི་བསྟར་ཕྲེང་བསྒྲིགས་ཏེ། དམིགས་བརྩེ་མ་གདངས་དབྱངས་སྙན་མོས་གསུང་བཞིན། ཁང་བའི་སྟེང་འོག་ཀུན་ཏུ་འཁྱེར་སྲོལ་ཡོད། ཚུལ་འདི་ལ་དགོངས་ནས། མཁས་གྲུབ་རྗེས། མདོར་ན་མྱ་ངན་ལས་འདས་པའི་མཛད་པ་བསྟན་པའི་རྗེས་སུ་ཡང་། ཉིད་ཀྱིས་ངོ་མཚར་བའི་མཛད་པ་དག་གིས་གདུལ་བྱ་དཔག་ཏུ་མེད་པ་སྨིན་གྲོལ་གྱི་ལམ་ལ་འཇོག་པར་མཛད་དོ། །ཞེས་དང་། འབྲུག་རྒྱལ་དབང་ཆོས་རྗེས། དེང་སང་གི་བར་དུ་འང་དགའ་ལྡན་ལྔ་མཆོད་ཆེན་མོ་ཞེས་ཧོར་ཟླ་བཅུ་བའི་ཚེས་ཉེར་ལྔ་ལ་རྒྱ་བོད་ཧོར་སོག་སྐྱ་སེར་གྲུབ་མཐའ་རིས་སུ་མ་ཆད་པ་ཐམས་ཅད་ཀྱིས་གླིང་མེ་སྦར་བ་སོགས་རྣམ་དཀར་ལས་ལ་བརྩོན་པ་རྒྱུན་མི་ཆད་པ་འདི་དག་ཀྱང་རྗེ་ཐམས་ཅད་མཁྱེན་པ་ཉིད་ཀྱི་འཕྲིན་ལས་ཁོ་ན་སྟེ་གསུངས་པ་ནི། དེ་ཁོ་ན་ཉིད་ལགས་ལ། མཁས་དབངདགེ་ཆོས་ཀྱིས་ཀྱང་། ལྔ་མཆོད་ཀྱི་གླིང་མེ་འདི་ལ་ཐུགས་གཞིགས་ལེགས་པར་བཏང་སྟེ། ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་ཞི་བར་གཞོལ་ནས། ལོ་དྲུག་བརྒྱ་ལྷག་ཕྱིན་ཡང་བོད་མི་དམངས་ཀྱི་སེམས་ཁོང་ན་དད་གདུང་དང་དྲན་གསོ། གླིང་མེར་འཕོས་ཏེ་ནམ་མཁའི་སྐར་ཚོགས་ས་ལ་བབས་འདྲའི་འོད་ཆེམ་ཆེམ་འབར་བ་འདི་མཐོང་ན། ང་ཚོ་ཨ་མདོ་ནས་ཇི་འདྲའི་བླ་རྒན་རླབས་ཆེན་ཞིག་འཁྲུངས་པ་རེད་ཨང་། ཞེས་མཚམས་ཆོད་དཀའ་བའི་མིག་ཆུ་བཏོན་པའང་གཟུར་གནས་མཁས་པས་ཤེས་ནས་དད་གདུང་འཁྲུངས་པའི་རྟགས་ཡང་དག་གོ།

གཞན་ད་ལྟ་ཨ་མདོ་ཕྱོགས་ཀྱི་དགོན་སྡེ་ཁག་ན། དགོན་བདག་དང་སྐྱེས་ཆེན་དམ་པ་ཞི་བར་གཞོལ་བའི་དུས་སྐར་ལ། གོང་ལྟར་གླིང་མེ་སྒྲོན་པའི་ཕྱག་སྲོལ་ཡོད་ཅིང་། ཞལ་ངོ་དང་ཆབ་རིལ་སོགས་གྲྭ་ཤག་ཡོངས་སུ་གླིང་མེ་བཞག་ཡོད་མེད་ལ་གཟིགས་བསྐོར་དུ་ཕེབས་པའི་སྒྲིག་སྲོལ་ཡང་ཡོད་དོ། །ཡང་ལྷ་སའི་ཕྱོགས་སུ་རྗེ་བདག་ཉིད་ཆེན་པོ་དྲན་གསོའི་ཕྱིར་དུ་མྱང་ཐུག་ཅེས་པའི་བག་ཐུག་ཀྱང་འཐུང་སྲོལ་ཡོད་པར་གྲགས་སོ། །མདོར་ན་གླིང་མེ་འདི། བོད་མི་དམངས་ཡོངས་ཁྱབ་ཀྱིས་རྗེ་ཙོང་ཁ་པའི་མཛད་འཕྲིན་ལ་རྗེས་དྲན་དང་། དགོངས་རྫོགས་ལ་མར་མེ་མཆོད་པ་འབུལ་བ་ཡིན་ནོ། །

ཆོས་བསྐོར།

ལོ་རེའི་དབྱར་ཟླ་ལྔ་བ་འམ་དྲུག་པའི་ནང་། སོ་ནམ་པ་རྣམས་ཀྱིས་ཆོས་བསྐོར﹙ཕྲག་རྒྱབ་ཏུ་ཆོས་ཀྱི་ལྒིགས་བམ་འཁུར་ཏེ་ཞིང་ཁར་བསྐོར་བ་རྒྱག་པ﹚རྒྱག་པ་འདི་ལ། དབུས་གཙང་སོགས་སུ་འོང་བསྐོར་ཟེར། འོང་བསྐོར་ཞེས་པ་དེའི་གོ་དོན་ཡང་། འོང་ནི་འོང་ཁ་སྟེ། སྟོན་ཐོག་དང་ལྡན་པའི་ཞིང་ས་ངོས་འཛིན་ལ། བསྐོར་ནི་ཞིང་ཁ་ལ་བསྐོར་བ་བརྒྱབ་པའི་དོན་དུ་བཤད། ཡང་། ཡུལ་འགར། ཞིང་བསྐོར་དང་། ཆོས་ཁུར་རྒྱག་པ། སེར་བཟློག་ལྷ་འཁྱེར་ཡང་ཟེར།

ཆོས་བསྐོར་རྒྱག་སྲོལ་འདིའི་ཁུངས་ནི། བོད་རྒྱལ་དགུ་བ་པུ་དེ་གུང་རྒྱལ་གྱི་དུས་སུ། མཛངས་བློན་རུ་ལས་སྐྱེས་ཀྱིས་ཞིང་ལས་ཐོན་སྐྱེད་ལ་བརྩི་མཐོང་ཆེར་གནང་སྟེ། ཞིང་ལས་གོང་འཕེལ་གནང་སྐབས། བོན་པོ་རྣམས་ཀྱིས་ཕྱག་དཔེ་བསྣམས་ནས་ཞིང་ཁ་བསྐོར་བ་བརྒྱབ་སྟེ། སྟོན་ཐོག་བཟང་བོ་སྨིན་པའི་གསོལ་འདེབས་དང་། ཕྭ་གཡང་གི་ཆོ་ག་སྤེལ་སྲོལ་ཡོད་པ་དེ་ཡིན། རིམ་གྱིས་ངལ་རྩོལ་མི་དམངས་རྣམས་ཀྱིས་ངལ་འབྲས་དོན་སྨིན་དུ། ལོ་ལེགས་ཡོང་བར་སྐྱབས་བཅོལ་དུས་ཆེན་ཞིག་ཏུ་གྱུར་བ་ཞིག་ཡིན་པར་སེམས་ཏེ། ལྷ་སར་ལོ་རེའི་ཟླ་བདུན་པའི་ཚེས་གང་བཟང་རེ་བདམས་ནས། བོད་ས་གནས་སྲིད་གཞུང་གི་སྐབས། ལྷ་སའི་མི་དཔོན་གཉིས་དང་། ལྷ་ས་གཉེར་ཚང་བ། དཀོར་གཉེར་དཔོན་སོགས་ཀྱིས་དབུ་ཁྲིད་ནས། ཇོ་བོ་རིན་པོ་ཆེའི་ན་བཟའ་གདན་ཞུས་ཀྱིས་ཞིང་བསྐོར་ཉིན་མོར། སོ་ནམ་པ་རྣམས་གོས་རྒྱན་ལེགས་པར་སྤྲོས་ཏེ། སེར་སྲུང་ལག་སྟོད་པས། རྟ་ཧྲག་གི་སྣེ་ཁྲིད་གནང་ནས་སྲིད་པ་ཧོར་འཁྱེར། ཕ་མ་གཉིས་འཛོམས་ཀྱི་ཕོ་མོ་གཉིས་རྟར་ཞོན་ཏེ། ལག་ཏུ་མདའ་དར་འཁྱེར་ནས། བཀའ་བསྟན་གྱི་པོ་ཏི་རྒྱབ་ཏུ་བསྣམས་ནས། བསྟར་ཕྲེང་བསྒྲིགས་ཏེ་ཞིང་བསྐོར་ཉིན་གུང་བར་གྲུབ་པར་བྱས་རྗེས། ཞིང་འགྲམ་གྱི་སྤང་ཐང་དུ་རས་གུར་ཕིབ་ནས། ས་མ་རུབ་བར་དུ་བཟའ་བཏུང་རྩེད་འཇོར་རོལ་ཞིང་ལྷ་བསང་བཏང་སྟེ། ཀི་སྭོ་ལྷ་རྒྱལ་དང་བཅས་མཇུག་གྲུབ་པ་ཡིན། ཕྱི་ཉིན་ལྷ་སའི་མི་དཔོན་སོགས་ནོར་གླིང་དུ་ཕེབས་ནས་ལོ་ཕུད་འབུལ་སྲོལ་ཆགས་ཡོད།

ཨ་མདོའི་ཕྱོགས་སུ་ཕོ་མོ་གཞོན་གྲས་རྣམས་ཀྱིས་པོ་ཏི་སྣ་ཚོགས་ཕྲག་རྒྱབ་ཏུ་འཁུར་ཏེ། ས་ཚིགས་བཀས་བཅད་ཀྱིས་ངལ་གསོ་གནང་སྐབས། ལྷ་བསང་ཕུད་པ་དང་། ངག་ལས་མ་ཎི་དང་མགུར་གང་རུང་དབྱངས་སུ་གྱེར་ནས་བཞུད་དོ། །

དགོས་པ་ཡང་། ལོ་གཅིག་གི་སྟོན་ཐོག་ལ་སད་དང་སེར་བ། བཙའ་དང་ཐན་པ། ཤྭ་འོད་དང་འབུ་སྲིན་སོགས་ཀྱིས་གནོད་འཚེ་མེད་པར། སྟོན་འབྲས་ལེགས་པར་འགྲུབ་པའི་རེ་བ་ཟབ་མོ་བཅངས་ཡོད་དོ། །

གཏོར་མ།

༡ གཏོར་མའི་ཁུངས་ནི། སྔོན་འཕགས་ཡུལ་སེར་སྐྱའི་ནགས་ཚལ་དུ། སྟོན་པའི་སྐུ་གཅུང་དགའ་བོས་ཆོས་བྱེད་ཅིང་མཆིས་པར། ནམ་གྱི་སྨད་ཆ་ལ་ཡི་དྭགས་ཁ་ལ་མེ་འབར་འཇིགས་ཤིང་སྐྱི་གཡའ་བ་ཞིག་བྱུང་ནས། ཁྱོད་ད་སྟེ་ཞག་བདུན་ནས་འཆི་བ་ཡོང་། ངའི་ཟས་སྐལ་ཡིན་ཟེར་བས། དགའ་བོ་བྲེད་ནས་སངས་རྒྱས་ལ་ཞུས་པས། སྟོན་པས་གཟུངས་སྔགས་གཟི་བརྗིད་ཚད་མེད་པའི་གཏོར་མ་འདི་གཏོང་དགོས་པར་གདམས་པས། དུས་ཚེ་དགའ་བོས་གཏོར་མ་བཏང་བས་འཆི་བ་ལས་གྲོལ་བར་གསུངས། དེ་ནས་གཅུང་དགའ་བོ་ནས་རིམ་བཞིན་དགེ་སློང་མ་དཔལ་མོ། གྲགས་འཛིན་མ། ཉེ་གནས་མ་དགྲ་བཅོམ་པ། ཨཱ་ནན་ད་བཛྲ། རྡོ་རྗེ་གདན་པ། གསེར་གླིང་བ། མཉམ་མེད་ཇོ་བོ་རྗེ་སོགས་བརྒྱུད་དེ། ད་ལྟའི་བར་ཕྱག་ལེན་ཟམ་མ་ཆད་པར་བྱུང་བ་འདིའོ། །

ཡང་། བདུད་རྩི་འབྱུང་བའི་གཟུངས་ཞེས་བྱ་བ་ཆབ་གཏོར་གྱི་རྒྱུད་ནི། སྟོན་པ་རྒྱལ་བའི་ཁབ་ན་བཞུགས་ཚེ། ཁྱིམ་བདག་བཟང་སྐྱོང་གིས་སྤོས་ཆུ་ལ་སྨན་དང་མེ་ཏོག་སྣ་ཚོགས་བཏབ་པ་ཞིག་འཁྱེར་ནས་བཅོམ་ལྡན་འདས་ལ། སངས་རྒྱས་བྱང་སེམས་རིགས་དྲུག་ལ་ཕུལ་བའི་ཕན་ཡོན་ཆེན་པོ་འབྱུང་བར་བྱིན་གྱིས་བརླབ་ཏུ་གསོལ་ཞེས་ཞུས་པས། བདུད་རྩི་འབྱུང་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སྔགས་དྲུག་ཏིང་ངེ་འཛིན་དྲུག་གསུངས་ཏེ། གཏོར་མའི་ལས་བྱས་ནས་སྦྱངས་པ་རྣམ་པ་དྲུག་སོགས་གནང་བའོ། །

ཡང་། སྟོན་པ་རྒྱལ་བྱེད་ཚལ་དུ་བཞུགས་པ་ལ། མ་ག་དྷར་ཁྱིམ་བདག་ཕྱུག་པོ་དགེ་ཞེས་པས། སངས་རྒྱས་འཁོར་བཅས་ལ་ཆོས་སྟོན་དྲངས་པས། ཕྱི་ལོ་ཁྱིམ་བདག་དབུལ་བོར་གྱུར་ཏེ་སྟོན་པར་ཞུས་པས། སངས་རྒྱས་ཀྱིས་སྤྱན་རས་གཟིགས་ལ་ཞུ་དགོས་པའི་བཀའ་བསྩལ་བ་བཞིན། སྤྱན་རས་གཟིགས་ཀྱིས་ཁྱིམ་བདག་ཁྱོད་ཀྱིས་སྔར་མཆོད་པའི་ཡི་དྭགས་འབྱུང་བོ་སྐལ་བ་བཅད་པས། ད་ནས་མཆོད་ཅིག་ཅེས་འབྱུང་གཏོར་གསུངས་ཞིང་སླར་མཆོད་པས། ཁྱིམ་བདག་སྔར་ལྟར་འབྱོར་བ་དང་ལྡན་པར་གྱུར་བ་དང་།

ཡང་། ཆོས་འབྱུང་མཁས་དགའ་ལས། པདྨ་སམ་བྷ་བའི་ཞལ་ནས་སང་གི་གྲོ་ལམ་ན་ཉི་ཚེ་བའི་དམྱལ་ཁམས་ཤིག་ཡོད་པས་སྙིང་རྗེ་བྱ་དགོས་གསུངས་ནས་གཟིངས་ལས་བབས་ཏེ་འུ་ཡུག་ཏུ་གཏོང་མ་དང་དགོངས་པ་མཛད་ཅེས་གསུངས་ལ། དེ་བས་བདག་འཛིན་གྱི་འཆིང་བ་བཅད་དེ་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པ་ལ། ཐབས་ཤེས་ཟུང་འབྲེལ་བྱ་དགོས་ཤིང་། དེ་ཡང་ཐབས་ཀྱི་ཆ་བསོད་ནམས་བསགས་པ་ལ། སྟོན་པའི་གསུང་རབ་ཀྱི་ཁུངས་དང་འབྲེལ། གྲུབ་པའི་མན་ངག་གིས་ཟུར་བརྒྱན་ཏེ། ཆོག་བསྒྲིགས་ཤིག་ལ་མ་བརྟེན་ན་མི་བཏུབ་པས། སྔོན་གྱི་དམ་པ་བྱང་སེམས་རྒྱལ་མཚན། རྗེ་བཙུན་གྲགས་པ་རྒྱལ་མཚན། རྒྱལ་སྲས་ཐོགས་མེད་བཟང་བོ་རྣམས་ཀྱིས། ཡི་དྭགས་མོ་ཁ་འབར་མ་དབུགས་དབྱུང་བའི་གཏོར་མའི་ཆོ་ག་སོགས་ཀྱི་ཁུངས་དང་འབྲེལ་དར་སྤེལ་གནང་བ་ཡིན་ནོ། །

༢ གཏོར་མའི་ངོ་བོ་སོགས། ཕྱི་སྣོད་ཀྱི་འཇིག་རྟེན་རྣམ་པར་དག་པའི་རང་བཞིན་ཆོས་ཀྱི་དབྱིངས་དང་། ནང་བཅུད་ཀྱི་སེམས་ཅན་རྣམ་པར་དག་པའི་རང་བཞིན་རིག་པ་ཡེ་ཤེས་ཀྱིས་མཚོན་ཏེ། ཡུལ་སྟོང་བ་ཉིད་ཡུལ་ཅན་ཡེ་ཤེས་གཉིས་དབྱེར་མེད་པ་གཏོར་མའི་ངོ་བོར་བཤད། ངེས་ཚིག་ལ། འཛིན་རྟོག་མཚན་མ་གཏོར་བས་གཏོར་དང་། རིག་པ་ཡེ་ཤེས་བསྐྱེད་པའི་མ་ཞེས་བྱའོ། །ཞང་བོད་ཏི་སེའི་འོད་ཅེས་པར། དེ་དག་གིས་དམར་མཆོད་བྱེད་སྲོལ་ཡོད་པ་ལ། གཤེན་རབ་མི་བོ་ཆེ་མ་དགྱེས་ནས། བདུད་བོན་དང་གདོད་བོན་རྣམས་ཆམ་ལ་ཕབ། དེ་དག་གི་སྤྱོད་ཚུལ་དུ་སེམས་ཅན་གྱི་རིགས་གང་ཞིག་བསད་ནས་ཤ་རུས་ཀྱིས་མཆོད་པ་བྱེད་སྲོལ་ཡོད་པ་དེདག་གི་ཚབ་ཏུ་འབྲུ་དཀར་གྱི་གཏོར་མས་འཐུས་པར་བྱས་པ་དང་། ཤེ་ཚུ་སྟེ་ཁྲག་གི་སྐྱེམས་འབུལ་སྲོལ་ཡོད་པ་དེའི་ཚབ་ཏུ་ཡུ་ཏི་སྟེ་འབྲུ་ཆང་གིས་འཐུས་པར་བྱས་པའི་མདོས་ཆོག་གི་སྲོལ་གསར་དུ་བཏོད། ཅེས་ཀྱང་འབྱུང་ངོ་། །

༣ གཏོར་མ་ལ་དབྱེ་ན། ཕྱི་ནང་གསང་གསུམ་གྱི་གཏོར་མ། བསམ་གཏན་དང་། མཚོན་པའི་གཏོར་མ་སོགས་ལས། འདིར་བཤད་པ་ནི་དང་བོ་ཡིན། གཏོར་མ་འདི་སྐྱ་སེར་སུས་ཀྱང་བཏང་ཆོག་ལ། བསོད་ནམས་ཆེ་ཆུང་ཡོད། རབ་ཀྱིས་མགྲོན་སོ་སོའི་སྤྱན་ལམ་དུ་ཇི་འདོད་བཞིན་སྤྲུལ་ནུས་ལ། དེ་ལྟར་མི་ནུས་ཀྱང་། ཆོ་ག་དང་བསྟུན་ཏེ་བྱིན་གྱིས་བརླབས་ནས་བཏང་ན་ཕན་ཡོན་འབྱུང་བ་གདོན་མི་ཟ།

སྔགས་འཆང་རྒྱན་མེ་ལས། གཏོར་མའི་གཟུགས་རྣམ་པ་གཉིས་སུ་གསུངས་ཀྱང་། འདིར་ངེས་པ་ཅན་ཏེ་རྣམ་པ་དྲུག་ལས། བྱིན་རླབས་བླ་མའི་གཏོར་མ། དངོས་གྲུབ་ཡི་དམ་གཏོར་མ། འཕྲིན་ལས་མགྲོན་པོའི་གཏོར་མ། དམ་ཅན་ཆོས་སྐྱོང་གཏོར་མ། དྲེགས་པ་སྡེ་བརྒྱད་གཏོར་མ། ཐམས་ཅད་འདུས་པའི་གཏོར་མ་སྟེ། དེ་དག་གི་བཟོ་དབྱིབས་དང་། ཞི་རྒྱས་དབང་དྲག་གི་དབྱེ་བ། གྲངས། གཙོ་གཏོར་དང་གཏོར་ཕྲན་སོགས་དེ་ཉིད་དུ་ཞིབ་བརྗོད་གནང་ཡོད་ལ།

མ་ཎི་བཀའ་འབུམ་ལས་གཏོར་མ་ལ་དབྱེ་བ་དྲུག་ཕྱེས་ཡོད་ལ། ༡ ཕྱིའི་གཏོར་མ་ནི། གཏོར་སྣོད་རིན་པོ་ཆེ་རྒྱ་ཆེན་པོར་བསམ། གཏོར་མ་བདུད་རྩིའི་རྒྱ་མཚོར་དཀར་མེར་གྱིས་ཁེངས་པར་བསམ། བླ་མ་ཡི་དམ་མཁའ་འགྲོ་མདུན་གྱི་ནམ་མཁར་བཞུགས་པར་བསམ་ལ། ཨོཾ་མ་ཎི་པདྨེ་ཧཱུཾ། ཞེས་འབུལ་ལོ། །༢ ནང་གི་གཏོར་མ་ནི། ཆུ་ཐམས་ཅད་རཀྟ། ས་ཐམས་ཅད་ཤ་ཆེན། བྲག་དང་རྡོ་ཐམས་ཅད་རུས་པར་བསམ་ལ་འབུལ་ལོ། །༣ གསང་བའི་གཏོར་མ་ནི། རང་ལུས་ཀྱི་ཤ་ཁྲག་རུས་པ་ཐམས་ཅད་གཏོར་མར་བསམ་ནས། བླ་མ་ཡི་དམ་མཁའ་འགྲོ་དང་། རིགས་དྲུག་སེམས་ཅན་དང་། ལན་ཆགས་ཀྱི་བགེགས་རྣམས་ལ་ཆགས་པ་དང་ཞེན་པ་མེད་པར་དབུལ་ལོ། །༤ དོན་གྱི་གཏོར་མ་ནི། བློས་བླངས་པའི་ཆོས་ཐམས་ཅད་ཆགས་པ་དང་ཞེན་པ་མེད་པར་འཁྲི་བ་ཆོད་ན་གཏོར་མ་ཐེབས་པ་ཡིན་ནོ། །༥ རྟགས་ཀྱི་གཏོར་མ་ནི། རིག་པ་རང་ངོ་ཤེས་ནས་རང་ཤར་གྲོལ་ཙ་ན་གཏོར་མ་ཐེབས་པ་ཡིན་ནོ། །༦ མཚོན་པའི་གཏོར་མ་ནི། ཅི་ཟ་ཅི་འཐུང་གིས་བླ་མ་དཀོན་མཆོག་མཆོད་དོ། །ཞེས་གསུངས་སོ། །

༤ གཏོར་མགྲོན་ལ་དབྱེ་ན། མཆོད་པར་བྱ་བ་དང་། སྦྱིན་པར་བྱ་བ་གཉིས་སུ་འདུ་བས། མཆོད་བྱའི་ཡུལ་བཞི་སྟེ། མཆོག་ཐུན་གྱི་དངོས་གྲུབ་སྩོལ་ཕྱིར་བླ་མ་མཆོག་གསུམ་དང་། བར་ཆད་སེལ་ཕྱིར་མཁའ་འགྲོ་ཆོས་སྐྱོང་དང་། སྨོན་ལམ་བཟང་བོ་གདབ་ཕྱིར་དགེ་སྦྱོང་བྲམ་ཟེ། འབྱོར་བ་རྒྱས་ཕྱིར་ནོར་ལྷ་ལྷན་སྐྱེས་རྣམས་ལ་འབུལ་བ་ཡིན་ནོ། །སྦྱིན་པར་བྱ་བའི་ཡུལ་ལ་འཇིག་རྟེན་པའི་ལྷ་ཀླུ་གདོན་བགེགས་སོགས་སོ། །གཞན་ཡང་། དཀོན་མཆོག་མཆོད་པའི་མགྲོན། དཔལ་མགོན་ཡོན་ཏན་གྱི་མགྲོན། རིགས་དྲུག་སྙིང་རྗེའི་མགྲོན། གདོན་བགེགས་ལན་ཆགས་ཀྱི་མགྲོན་བཞིའོ། །དེ་ཡང་དཀོན་མཆོག་ལ་རྒྱལ་བོར་དཔྱ་ཁྲལ་འབུལ་བའི་ཚུལ་གྱིས་ཕུལ་ན་ཚོགས་རྒྱ་ཆེན་རྫོགས་ཤིང་། ཐུགས་རྗེ་གཡེལ་བ་མེད་པར་སྐྱོབ། ཡོན་ཏན་གྱི་མགྲོན་རྣམས་ལ་གྲོགས་ལ་མགྲོན་བྱེད་པའི་ཚུལ་གྱིས་ཕུལ་བས། ཕན་པ་སྒྲུབ་ཅིང་བར་ཆད་ལས་སྲུང་བར་འགྱུར། སྙིང་རྗེའི་མགྲོན་རྣམས་ལ་སྟོན་མོའི་ཚུལ་དུ་ཕུལ་བས། གཞན་དོན་འགྲུབ་ཅིང་ཐེག་ཆེན་པར་འགྱུར། ལན་ཆགས་ཀྱི་མགྲོན་རྣམས་ལ་བུ་ལོན་གྱི་ཚུལ་དུ་ཕུལ་བས། ཤ་འཁོན་བྱང་ཞིང་ཕྱིས་མི་འཚེ་བར་འགྱུར། འཇུར་འགགས་ཅན་གྱི་ཡི་དྭགས་ནི་ཁ་ཟས་ལ་སྤྱོད་དབང་མེད་པའི་ལས་ངན་ཡིན་ཕྱིར། ཟུར་དུ་མ་བསྔོས་ན་མི་འཐོབ་པས། ཐོག་མཐའ་གཉིས་སུ་བསྔོ་བར་མཛད་པའང་། དང་བོ་སླེབས་པ་དང་། རྗེས་སུ་གློ་བུར་དུ་ལྷགས་པའི་རིགས་ཅན་གཉིས་སུ་དགོངས་པའོ། །སྤྱིར་སྦྱིན་ཡུལ་མཐར་ཐུག་དབུལ་ཕོངས་ཡིན་ཞིང་། དབུལ་ཕོངས་ཀྱི་མཐར་ཐུག་ཡི་དྭགས་ཡིན་ལ། ཡི་དྭགས་ཀྱི་མཐར་ཐུག་འཇུར་འགགས་ཡིན་པས་སྔ་མ་ལས་ཕྱི་མ་རིམ་བཞིན་བསོད་ནམས་རྒྱ་ཆེ་བར་སྟོན་པས་ཞལ་གྱིས་བཞེས་སོ། །

ཛམ་ལྷར་དམིགས་སུ་དཀར་ནས་ཆུ་འབུལ་བ་ནི། རྒྱུད་ལས། ཛམ་བྷ་ལ་ལ་ཆུ་སྦྱིན་བྱ། །ཞེས་གསུངས་ལ། དེ་ཡང་ཆོས་མཐུན་གྱི་འཚོ་བའི་མི་ཕོངས་ཤིང་བསྒྲུབ་བྱའི་ཆོས་བཅུ་བདུན་གྱི་ནང་ཚན་དང་མི་འགལ་བའི་ཕྱིར་རོ། །འབུལ་ཚེ་ཡང་སྣོད་དེ་དག་ཆུ་གཙང་མ་སོགས་སྲོག་ཆགས་མེད་པས་ཁེངས་པར་འགེངས་ཤིང་། ཡ་ཡོ་མེད་པ་དང་གཏོར་མའི་རྫས་ཀྱང་ཤིན་ཏུ་གཙང་བ་དང་། ཉམས་པས་མ་འབགས་པ་དགོས་ཏེ། མགྲོན་དེ་དག་ཕལ་ཆེར་གཙང་སྦྲ་ལ་དགའ་བ་དང་། ཕལ་ཆེར་དམིགས་པས་ཚིམ་པ་དང་། ལ་ལ་བཤམས་པས་ཚིམ་པ་དང་། འགའ་ཞིག་བསྔོས་པས་ཚིམ་པ་དང་། ཁ་ཅིག་རེག་པས་ཚིམ་པ་དང་། གཞན་དག་རྫས་ཀྱིས་ཚིམ་པ་སོགས་ཡོད་པས་ཕྱིར་རོ། །

༥ གཏོར་མགྲོན་འབྱོན་མི་འབྱོན་གྱི་ཁྱད་པར། མཆོད་སྦྱིན་གཏོར་མའི་རྣམ་བཤད་དགེ་བའི་ཉི་མ་ལས། ༡ སངས་རྒྱས་བྱང་སེམས་ཉན་རང་ཆོས་སྐྱོང་ཐམས་ཅད་ནི། མོས་གུས་དང་གདུང་ཤུགས་ཀྱིས་སྤྱན་དྲངས་ན། དེའི་ཕྱོགས་སུ་སྐད་ཅིག་གིས་འབྱོན་པ་ཡིན་ཏེ། ཐུགས་རྗེ་རྫུ་འཕྲུལ་གྱི་མཐུ་མངའ་བའི་ཕྱིར། སྤྱན་དྲངས་ན་འབྱོན་པའི་མགྲོན་ཞེས་བྱའོ། །༢ གནོད་སྦྱིན་ལག་རིང་རི་རབ་འགྱེལ་དོགས་ཀྱིས་དེ་ལ་འཁྱུད་པ་དང་། ལག་ན་གཞོང་ཐོགས་ཁང་བ་ཆུས་འཁྱེར་དོགས་ཀྱིས་དེ་ཆགས་པ་དང་། རྟག་མྱོས་འདོད་ཡོན་གྱིས་མྱོས་པས་འོང་བའི་སྐབས་མེད་པ་དང་། གནོད་སྦྱིན་རྩེ་སྐན་རི་རབ་རྩེ་ནས་གླིང་བཞིར་དགྲ་བྱུང་མིན་བལྟ་བས་འོང་སྐབས་མེད་པ་སྟེ། དེ་བཞི་ནི་སྤྱན་དྲངས་ཀྱང་མི་འབྱོན་པའི་མགྲོན་ཞེས་བྱའོ། །༣ ཡི་དྭགས་མཁའ་ལ་རྒྱུ་བ་དང་། བྱིངས་ན་གནས་པ་གཉིས། དྲི་ཟ་མཁའ་ལ་རྒྱུ་བ་དང་། ཀླུང་ན་གནས་པ་གཉིས་ཏེ་བཞི་ནི། མཆོད་སྦྱིན་གང་བྱེད་ཀྱི་ཕྱོགས་སུ་ངང་གིས་འདུ་བ་ཡིན་པས། དེ་ལ་སྤྱན་མ་དྲངས་ནའང་འབྱོན་པའི་མགྲོན་ཞེས་བྱའོ། །༤ ས་བདག་སྟོབས་པོ་ཆེ་མགྲོན་དུ་བོས་ན་ཁོ་རི་རབ་ཀྱི་འོག་ཏུ་གནས་པས་འོག་གཞི་རླུང་དཀྲུགས་ནས་འཇིག་རྟེན་ཁམས་སུ་ས་ཡོམ་འོང་ཉེན་ཡོད་པ་དང་། ཡི་དྭགས་གཏེར་སྲུང་བོས་ན། གཏེར་བུམ་གཞན་གྱིས་འཁྱེར་ནས་འཇིག་རྟེན་ཁམས་སུ་མུ་གེ་འབྱུང་ཉེན་ཡོད་པ་དང་། ས་བདག་ཤྲྀ་པ་ཏྲ་བོས་ན། ལག་ཏུ་ནད་རྐྱལ་ཡོད་པས་མི་ནད་ཕྱུགས་ནད་འབྱུང་ཉེན་ཡོད་པ་དང་། ཀླུ་ཧོང་ཕན་བོས་ན། ཁོ་ལ་མཐོང་དུག་ཡོད་པས་ཀླུ་ནད་སྣ་ཚོགས་འབྱུང་ཉེན་ཡོད་པ་སྟེ། དེ་བཞི་ལ་སྤྱན་དྲང་དུ་མི་རུང་བའི་མགྲོན་ཞེས་བྱའོ། །

༦ གཏོར་འབུལ་གྱི་ཚེ་སྔགས་ནུས་ནི། ཨོཾ་ཨཱཿཧཱུཾ་གིས་བྱིན་གྱིས་བརླབས་པ་ནི། རྒྱུད་ལས། ཨོཾ་གྱིས་འབྱུང་བོ་དབང་དུ་སྡུད། །ཨཱཿཡིས་རྫས་སོགས་དག་པར་བྱེད། །ཧཱུཾ་གིས་འབྲེལ་དང་ཁྱབ་པར་སྦྱིན། །གསུངས་ལ། ན་མཿ་སརྦ་ཏ་ཐཱ་ག་ཏ་ཨཱ་ཝ་ལོ་ཀི་ནི་ཨོཾ་སམ་བྷ་ར་སམ་བྷ་ར་ནི་ཧཱུཾ། ཞེས་པ་དོན་འགྱུར་གྱི་དབང་དུ་བཏང་ན། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །སྐུ་གསུང་ཐུགས་ཀྱི་བདུད་རྩིས་འཇིག་རྟེན་ཁམས་ཀྱི་སེམས་ཅན་ཐམས་ཅད་སྐྱེ་བ་མེད་པའི་བདེ་བའི་མཆོག་ཏུ་མཛོད་ཅིག བདེ་བའི་མཆོག་ཏུ་མཛོད་ཅིག ཅེས་པ་ལགས་ལ། གཟུངས་སྔགས་ཟབ་མོ་འདིའི་སྟོབས་ཁོ་ནས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཁམས་མ་ལུས་པའི་དཀོན་མཆོག་བཞུགས་སོ་འཚལ་ལ་མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པས་མཆོད་པར་འགྱུར་རོ། །བྲམ་ཟེ་དང་དྲང་སྲོང་དང་། ཡི་དྭགས་གང་གཱའི་ཀླུང་གི་བྱེ་མའི་གྲངས་དང་མཉམ་པ་རྣམས་ལ་སོ་སོར་ནས་ལྷའི་ཞལ་ཟས་མཆོག་ཏུ་གྱུར་བ། ཡུལ་མ་ག་དྷའི་བྲེ་བོ་ཆེས་འཇལ་བའི་བྲེ་བདུན་རེ་འཐོབ་པར་གསུངས་སོ། །

སྦྱིན་ཡུལ་གྱི་སྐབས། དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད་པའི་རྒྱུ་མཚན་ཡང་། མདོ་ལས། རིན་ཆེན་མང་གི་མཚན་བརྗོད་པའི་བྱིན་རླབས་ཀྱིས་ཡི་དྭགས་ཐམས་ཅད་ཀྱི་སྐྱེ་བ་མང་བོ་སེར་སྣ་བྱས་པའི་མི་དགེ་བའི་ལས་བཅོམ་ཞིང་བསོད་ནམས་ཡོངས་སུ་རྫོགས་པར་འགྱུར་རོ། །གཟུགས་དམ་པའི་མཚན་ནས་བརྗོད་པས་ཡི་དྭགས་མང་བོའི་བྱད་གཟུགས་མི་སྡུག་པ་བཅོམ་ཞིང་གཟུགས་དང་མཚན་ཕུན་སུམ་ཚོགས་པར་འགྱུར་རོ། །སྐུ་འབྱམས་ཀླས་ཀྱི་མཚན་ནས་བརྗོད་པས་ཡི་དྭགས་མང་བོའི་སྐོམ་པ་སྤངས་ཤིང་ཚིམ་པར་གྱུར་ཏེ། སྦྱིན་པའི་གནས་སུ་ཡིད་བཞིན་དུ་ཟ་བ་དང་ཆོག་ཀྱང་འདྲོངས་པར་འགྱུར་རོ། །འཇིགས་པ་དང་བྲལ་བའི་མཚན་བརྗོད་པས་ཡི་དྭགས་མང་བོའི་འཇིགས་པ་ཐམས་ཅད་དང་བྲལ་ཏེ། ཡི་དྭགས་ཀྱི་ཁམས་ཞི་བར་འགྱུར་རོ། །ཞེས་གསུངས་སོ། །

༧ གཏོར་སྣོད་ནི། སྤྱིར་ན། ཕྱིའི་གཏོར་སྣོད་རིན་ཆེན་སྣ་ལྔ། ནང་གི་གཏོར་སྣོད་མཚན་ལྡན་ཀཱ་པ་ལ། གསང་བའི་གཏོར་སྣོད་རུས་སྦལ་གྱི་ཁོག་པ། དོན་གྱི་གཏོར་སྣོད་ནམ་མཁའ་ཡངས་པ། རྟགས་ཀྱི་གཏོར་སྣོད་ཕྱི་སྣོད་ཀྱི་འཇིག་རྟེན། མཚན་མའི་གཏོར་སྣོད་གང་འབྱོར་སྣོད་ལ་བྱའོ། །བྱེ་བྲག་ཏུ། གཏོར་འབུལ་གྱི་སྐབས་སུ། སྣོད་གཙང་མ། ཆུ་གཙང་མ། རྫས་གཙང་མ་གསུམ་གལ་ཆེ་ལ། སྣོད་ནི། ཆུང་བ་དང་། མ་དག་པ་དང་། ཁ་ཆག་ཞབས་བརྡོལ་དང་། བསེ་དང་། རྭ་དང་། ཐོད་པ་དང་། ལི་དང་། འཁར་བ་དང་། ལྕགས་ཀྱི་སྣོད་བརྒྱད་དང་། རུས་པ། དུག་གཟེར་ཅན་ནི་མི་རུང་བས་སྤང་བྱ་སྟེ། རུས་པ་དང་པགས་པ་ལས་བྱས་པ་ནི་ཡི་དྭགས་སྐྲག་ཅིང་། གཙང་སྦྲ་ཅན་མི་འཁོར། ལྕགས་ནི་མཚོན་ཆའི་རྒྱུ་ཡིན་པས་གོ་མཚོན་སོགས་སུ་མཐོང་ནས་སྐྲག་པར་འགྱུར། ཁ་ཆག་ཞབས་བརྡོལ་ནི་མི་ཤིས་པའི་སྣོད་ཡིན་པས་བྱིན་རླབས་མི་ཆགས་ཞེས་པཎ་ཆེན་གྱི་གསུང་གྲུབ་ཆེན་སྙིང་སྟོབས་རྒྱ་མཚོ་ལས་ཐོས་པའི་གསུང་དང་། འཇིམ་ལོའི་གསུང་ལས། ཀ་པཱ་ལ་ལ་ཡི་དྭགས་ཕྲ་མོ་འཇིགས་པ་དང་། ཏིང་ནི་ལྷ་མ་ཡིན་གྱིས་ཐོད་པར་མཐོང་བའོ། །ལྕགས་ནི་དྲག་པོའི་རྫས་མཚོན་ཆའི་རྒྱུ་ཡིན་པས་ཡི་དྭགས་ཐམས་ཅད་འཇིགས་པའོ། །རུང་བའི་སྣོད་ནི། གསེར་གཞོང་། དངུལ་གཞོང་། ཟངས་གཞོང་། རག་གཞོང་། ཤིང་གཞོང་། རྫ་གཞོང་དྲུག་གོ། ཆེ་ཆུང་ཡང་ཆུང་བ་ཕུལ་གང་ཤོང་བ་ནས། ཆེ་བ་ཚད་མེད་པའི་བར་ལ་ཏི་ཚ། ལ་ཆ། གཤའ་རྩི་མེད་པ་དང་། དབྱིབས་ལ་རྒྱ་ཆེ་བ་ལ། ཁ་གཡེལ་བ་ཞིག་དགོས་པར་བཤད།

ཆུ་ནི། མི་གཙང་བས་གོས་པ་དང་། དམར་སྐྱུར་གྱིས་སྦགས་པ་སྤངས་ནས་གཙང་ཞིང་དག་པར་བྱའོ། །

༨ གཏོར་མའི་རྫས་ནི། གས་ཆག་དང་ནག་ནོག་གི་དྲི་མས་མ་གོས་པའི་སྣོད་དྭངས་ཤིང་འོད་འཚེར་བ་སོགས་ཀྱི་ནང་དུ། གཙོ་བོ་རྣམ་པ་དགུ། དཀར་གསུམ་མངར་གསུམ། ཤ་ཆེན་རྣམ་གསུམ་ལས། ཕྱིའི་དཀར་གསུམ་ནི། མར་ཁུ་འོ་མ་ཞོ། མངར་གསུམ་ཀ་ར་བུ་རམ་སྦྲང་རྩི། གཞན་ཡང་། འབྲུའི་དངོས་བོ་ཕྱེ་ཟན། རིན་པོ་ཆེའི་མེ་ཏོག་སྣ་ཚོགས་གཙང་མ་རྣམས་སོ། །རྫས་དེ་རྣམས་ཀྱང་རང་ཅག་ལྷ་བཤོས་ཀྱི་སྐབས། དཀར་གསུམ་མངར་གསུམ་དང་དྲི་བཟང་སོགས་སྤྲུས་ཏེ་སྦྱོར་བ་ནི། ཇི་འདྲ་ཞིག་ཏུ་འགྱུར་སྙམ་སྟེ། གཏམ་རྒྱུད་གསེར་ཐང་ལས། རྒྱ་གར་བ་རྣམས་ཟས་ཟ་ཚུལ་གསུངས་སྐབས། ལི་སྡེར་ཆེན་པོ་ཞིག་གི་ནང་དུ་ངོས་གཅིག་ལ་འབྲས་ཆན་དང་། ངོས་གཅིག་ལ་ཚོད་མ་ཚོམ་བུ་དུ་མ་བཀོད། གཞན་ན་སྣོད་ཆུང་མང་བོར་ཞོ་དང་འོ་མ་སོགས་སྣ་མང་བོ་བླུགས་ཏེ། གཅིག་ཟོས་པའི་མཇུག་ཏུ་སྣ་གཞན་འཁྱེར་ཏེ་འོང་ཞིང་། མགྲོན་བཟང་བོ་ཚོ་ལ་ཆུ་ཚོད་ལྷག་ཙམ་ཟས་མཇུག་མི་རྫོགས། ཞལ་ཟས་རོ་བརྒྱ་འབུལ་ཚུལ་སོགས་ཀྱང་འདི་ལྟར་བསམ་དགོས་ཀྱི། རང་རེའི་དཀར་གསུམ་མངར་གསུམ་ལྷ་བཤོས་ལ་བསྲེས་པ་བཞིན། ཐམས་ཅད་འདྲེས་ན་རོ་ངན་པའི་མཐར་ཐུག་ཅིག་འོང་སྙམ་པ་སོགས་གོ་བ་ནོར་བ་ཡིན། ཞེས་གསུངས་པ་དེ་ག་རང་ལགས་པས། གཏོར་རྫས་རྣམས་མ་འདྲེས་པའམ། སོ་སོར་མཐུན་པར་སྦྱར་ཏེ། རང་གི་ནུས་ཚོད་དང་བསྟུན་ནས། བློས་དམིགས་པ་བཟའ་བ་རི་རབ་ཙམ། བཏུང་བ་རྒྱ་མཚོ་ཙམ་དུ་སྤྲུལ་ཏེ་འབུལ་ལ། མ་འབྱོར་ན་འབྲུ་རྡོག་གཅིག་གམ། ཟས་ཁམ་གང་། ཆུ་ཕུལ་གང་ཙམ་ཡང་གཏོང་བ་སྟེ། སྔགས་འཆང་རྒྱན་མེ་ལས། བསོད་ནམས་ཚོགས་ཆེན་སྤེལ་བའི་ཕྱིར། །ཅི་འབྱོར་གཏོར་མ་ཆེ་བར་བསྐྱེད། །མ་འབྱོར་གང་བཤམས་དམིགས་པས་བསྐྱེད། །ཅེས་དང་། རྒྱལ་བའི་སྡེ་སོགས་ཀྱིས་ཀྱང་། རབ་འབྱོར་ན་སྨན་ལྔ་དང་། དྲི་ལྔ་དང་། རིན་པོ་ཆེ་ལྔ་དང་། འབྲུ་ལྔ་དང་། སྙིང་བོ་ལྔ་དང་། སྤོས་དང་། མེ་ཏོག་དང་། དཀར་གསུམ་མངར་གསུམ་དང་འབྲས་སོགས་ཀྱི་ཆན་པ་དང་། འཁུར་བ་སོགས་དང་། མ་འབྱོར་ན་ཆུ་ལ་ཟན་ནམ་ཕྱེ་གང་རུང་ལྟ་བུ་ཅི་ཙམ་འབྱོར་བ་བཤམས་པས་ཆོག་པར་གསུངས་པའི་ཕྱིར།

༩ གང་གིས་གཏོང་བའི་གང་ཟག་ནི། རབ་དགེ་ཚུལ་སློང་དང་དགེ་བསྙེན། མ་མཐའ་ཆོག་ཤེས་པ་ཅིག་གིས་གཏང་ཡང་རུང་བར་བཤད་དོ། །དེ་ཡང་དབང་བོ་རབ་ཀྱིས་བདེན་མེད་ཀྱི་ལྟ་བ་དང་འབྲེལ་བའི་ཐབས་ཤེས་ཟུང་འཇུག་གི་བསམ་པས་གཏོང་བ་དང་། འབྲིང་གིས་སྔགས་དང་བསམ་པའི་ཁྱད་པར་ཟུང་འབྲེལ་གྱིས་གཏོང་བ་དང་། ཐ་མས་སྔགས་ཀྱི་སྟོབས་ཁོ་ནར་ཡིད་ཆེས་ཀྱིས་གཏོང་ངོ་། །དེ་ཡང་མཐར་གཏུགས་ན་བསམ་པ་རྒྱ་ཆེ་ཆུང་ལ་རག་ལས་ཏེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། སྦྱིན་པ་པོ་རྫས་ཀྱི་དངོས་བོ་རྒྱ་ཆུང་ཡང་། བསམ་པ་རྒྱ་ཆེ་བ་ནི་མཆོག་ཡིན། དངོས་བོ་རྒྱ་ཆེ་ཡང་། བསམ་པ་རྒྱ་ཆུང་བ་ནི་དེ་ལྟར་མ་ཡིན་ནོ། །མཁས་པས་སྦྱིན་པ་ཆུང་ཡང་མང་བོར་བྱེད་པ། ཡེ་ཤེས་ཀྱི་སྟོབས་ཀྱིས་ལྷག་པར་བྱེད་པ། ཤེས་རབ་ཀྱི་སྟོབས་ཀྱིས་རྒྱས་པར་བྱེད་པ། སྨོན་ལམ་གྱི་སྟོབས་ཀྱིས་དཔག་ཏུ་མེད་པར་བྱེད་དོ། །ཞེས་སོ། །

༡༠ གང་དུ་གཏོང་བའི་གནས་ནི། སྐྱེ་བོའི་རྒྱུ་འགྲུལ་དང་ཅ་ཅོ་ཆེ་བ། སྡིག་སྤྱོད་དང་མི་གཙང་བའི་གནས་སྤངས་ནས། བདེ་ཞིང་མཐོང་གསལ་ཆེ་བ། གཙང་ཞིང་ཡིད་དུ་འོང་བའི་གནས་སུ་ལས་དང་བོ་བས་གཏང་བར་བྱའོ། །

དུས་གང་གི་ཚེ་གཏང་བ་ནི། སྤྱིའི་དུས་ནི། སྔ་དྲོ་དང་། ཕྱི་དྲོ་དང་། ཉིན་གུང་དང་། མཚན་མོའི་སྐབས་གང་ཡང་རུང་ཞིང་། ཁྱད་པར་གྱི་དུས་ནི། ས་རུབ་ཁ་ཟས་མ་ཟོས་གོང་དུ་མ་བཏང་ན་ཟས་དྲི་ཚོར་བ་ཙམ་གྱིས་སྐྲག་པ་སྐྱེ་བས་དེའི་དུས་སུ་བཏང་བའམ། ཕྲག་དོག་གིས་སེམས་རྒྱུད་འཁྲུགས་ནས་གླགས་ལྟ་བར་བྱེད་པས། དེའི་ཉེས་པ་སྐྱོབ་ཕྱིར་སྔ་མོ་ཉིད་ནས་བཏང་བའོ། །གཏོར་མ་གཞན་ཡང་འཛམ་གླིང་དུ་ཉི་ཤར་གྱི་ཚེ་བཀྲ་ཤིས་པའི་དུས་ཡིན་པས་བསོད་ནམས་ཆེ་ཞིང་། སྲོད་དང་མཚན་མོ་འབྱུང་བོ་དང་ཡི་དྭགས་མཐུ་བོ་ཆེ་རྣམས་ཀྱི་གཞན་ལ་འཚེ་བའི་དུས་ཡིན་པས་བགེགས་ཞི་བར་འགྱུར་རོ། །

༡༡ གཏོར་མའི་དམ་ཚིག་ལ། གཏོར་མ་གཏོང་མཁན་གྱི་ཤ་ཆང་སྒོག་ཙོང་སོགས་སྤངས་ཏེ། གཏང་བྱའི་སྣོད་ཆུ་རྫས་གསུམ་དྭངས་གཙང་གི་ངོས་ནས། བཀོད་པ་མཛེས་པར་བཤམས་ཏེ། ཆོ་ག་ཆད་ལྷག་མེད་པའི་སྒོ་ནས་དམིགས་རྣམས་རྒྱ་ཆེན་པོ་བསྐྱེད་དེ་གཏོང་དགོས་སོ། །གཏོར་མ་གྲུབ་པའི་རྟགས་སུ། དགུན་གྱི་གྲང་སྒང་ལ་གཏོར་མ་མི་འཁྱག་པ། གཏོར་མ་ཞུ་བ་དང་བདུད་རྩི་འབབ་པ་སོགས་གཏོར་མ་གྲུབ་རྟགས་སུ་བཤད་ཀྱང་། སྐབས་འགར་དེ་ལྟ་བུ་བར་ཆད་དུ་གྱུར་བའང་བཤད་དོ། །

༡༢ གཏོར་མའི་བཟོ་དབྱིབས་ནི། བཀའ་བསྟན་རྣམས་སུ། གཏོར་མ་ཆ་གསུམ་དང་ཆ་བཞི་སོགས་ཙམ་ལས་མི་སྣང་ལ། གཏོར་མ་བརྒྱ་རྩ་སོགས་བཟོ་ཚུགས་མི་འདྲ་བ་མང་བོ། རང་རེའི་གངས་ཅན་པའི་ཕྱག་སྲོལ་དུ་སྣང་། རྒྱ་གར་རྒྱལ་བོ་ཨག་བྷར་ལ་ཡང་། བོད་ནས་ཡོང་བའི་རྒྱ་གར་བ་ཞིག་གིས་གཡག་ཅེས་བྱ་བའི་སྲོག་ཆགས་ཤིག་དང་། བོད་སྟོན་རྣམས་ཀྱིས་ཟན་དང་མར་ལས་བྱས་པའི་གཏོར་མ་བྱ་བ་ངོ་མཚར་བའི་ལྟད་མོ་གཉིས་མཐོང་བ་ཞུས་ཚུལ་གྱིས་ཀྱང་། རང་རེའི་ཕྱག་སྲོལ་ཡིན་པ་རྟོགས། ཡང་གསེར་ཐང་ལས། གཏོར་མ་ནི་འབྲས་དང་འཁུར་བ་སོགས་མིའི་ཟ་ལུགས་དེ་ལྟར་བྱས་ཏེ་ཕུལ་བ་ལས། རང་རེ་བཞིན་རྩེ་མོ་རིང་བོ་སོགས་དབྱིབས་སྣ་ཚོགས་པར་བྱེད་པ་མེད། དེ་འདྲ་བྱེད་པ་སྔོན་གྱི་ཆོ་ག་སོགས་ནའང་མེད་ཟེར་བས། བོད་རང་གི་སྲོལ་ཡིན་པར་སེམས། བླ་མ་སོག་བཟློག་པས། རྒྱ་བྲིས་ཀྱི་ཐང་ག་ལ་གཏོར་མ་འདུག་བྱ་བ། མཆོད་རྫས་གཞན་ཞིག་ལ་ནོར་བའམ། ཐང་ག་དེ་བལ་བོ་ཞིག་གིས་བོད་དུ་བྲིས་པ་ཡིན་མཆི། བོད་ཀྱི་ཕ་མེས་རྣམས་གངས་རི་ལ་བརྩི་བས་ཞྭ་མོ་དང་། གཏོར་མ་ལྷ་རྟེན་སོགས་ཀྱི་རྩེ་མོ་རྣོ་རྩེ་རེ་ཡོད་པ་ཞིག་ལ་དགའ་བ་ཡིན། ཡང་དག་པར་དུ་ན་གཡུང་དྲུང་བོན་གྱི་ཕྱག་ལེན་དུ་སེམས་གསུངས་པ་ལྟ་བུ་དང་། ཆང་གི་དཀར་གསུམ་ནི། རྩི་ཞག་རུས་པ། མངར་གསུམ་ནི་དྲི་ཆེན། ཚིལ་ཆེན། གསུར་ཆེན་ནོ། །གཞན་དྲི་ཆུ། ཨ་མྲི་ཏ། མང་ས། ཤ་ཆེན། ཞལ་ཟས་སྣ་ཚོགས་སོ། །གསང་བའི་དཀར་གསུམ་ནི། རྐང་ཀླད་བྱང་སེམས་དང་། མངར་གསུམ་བུད་མེད་རྩི་ཆེན། མཚལ་ཆེན་དྭངས་མའོ། །གང་ལྟར་བོད་ཀྱི་གཏོར་མ་བཟོ་སྟངས་ལ། གཏོར་མ་གཏོང་ཡུལ་དང་། གྲུབ་མཐའ་སོ་སོའི་བླ་མའི་ཕྱག་བཞེས་བཞིན། སྣ་སྒོ་མོ་མཆིས་ཀྱང་། ཁ་དོག་གི་ཆ་ལ། དཀར་གཏོར་དང་དམར་གཏོར་གཉིས་ཡོད། མར་ཁུ་བྱུགས་པའི་དཀར་གཏོར་དེ་ཞི་བའི་ལྷ་རྣམས་ལ་འབུལ་བའི་གཏོར་མ་དང་། དམར་གཏོར་དེ་དྲག་པོའི་ལྷ་རྣམས་ལ་འབུལ་བའི་གཏོར་མ་ཡིན།

༡༣ གཏོར་མའི་བྱེད་ནུས། སྐབས་འགར་དམར་ཟོར་ནི། བོན་པོའི་རྟ་ཟོར་འཕེན་པ་བཟློག། ཅེས་པའི་ཚིག་དེ་ལ་བལྟས་ན། དང་བོ་བོན་པོའི་དྲག་སྦྱོར་བྱེད་ཚུལ་ཞིག་ཡིན་པར་མངོན་ཞེས་དུང་དཀར་རིན་པོ་ཆེས་གསུངས་ལ། བཀའ་བརྒྱུད་རྣམ་བཤད་དང་སྤྱི་དོན་འོད་གསལ་སྙིང་བོ་ཡང་དག་གྲུབ་པའི་ཚིག་འགྲེལ་ལས་ཀྱང་འཕྲིན་ལས་ཀྱི་གཟེར་ཆེན་ལྔ་བགྲང་བའི་ཚེ་འཁོར་ལོ་ལ་བརྟེན་ཏེ་སྲུང་བའི་གཟེར། གཏོར་མ་ལ་བརྟེན་ཏེ་བཟློག་པའི་གཟེར། ཞེས་གཏོར་མའི་ནུས་པ་ནི་དགྲ་བགེགས་བཟློག་པའི་བྱེད་ལས་ཅན་དུ་གསུངས་ཡོད། དེ་ཡང་གཏོར་ཟོར་ལ་ཕྱི་ལྟར་ན་གཏོར་མའི་ཕུང་བོ་དང་། ནང་ལྟར་ན་ལྷ་ཚོགས་ཀྱི་རང་གཟུགས། གསང་བ་ལྟར་ན་དྲག་པོའི་མཚོན་ཆར་གསུངས་པས། གྲུབ་པའི་རྣལ་འབྱོར་བས་གཏོར་ཟོར་འཕེན་པའི་དམིགས་རིམ་ཁྲོད། དྲག་གཏོར་དེ་ཐོག་མར་ཡི་དམ་གྱི་ལྷར་སྒོམ་པ་དང་། བར་དུ་ལྷ་དེའི་ཞལ་ཟས་སུ་སྒོམ་པ། མཐའ་མར་དྲག་པོའི་མཚོན་ཆར་བསྐྱེད་ནས་ཞིང་བཅུ་ཚང་བའི་དགྲ་བགེགས་ཕྱོགས་སུ་བརྫངས་པ་ཡིན་ནོ། །

དུང་དཀར་གྲུབ་མཐའ་ལས། གཏོར་ཟོར་འཕེན་པ་ཟེར་བ་ནི། གཏོར་མ་ཟུར་གསུམ་ཆེན་པོ་དེ་འདྲ་བཞེངས་ཐོག ཚེ་ཟོར་ཞེས་གཏོར་མའི་སྟེང་དུ་གང་སར་པད་ཁའི་གང་བུ་འཛུགས་པ་དང་། ཡུམ་ཟོར་ཞེས་ཤིང་ཀྱེར་པ་རིང་ཐུང་ལི་རྨི་གསུམ་ཙམ་ལ་གཞོགས་བརྒྱབ་ནས་རྩེ་རྣོ་བོ་བཟོས་ཏེ་འཛུགས་སྲོལ་ཡོད། གཏོར་མ་གཡུགས་སྟངས་ལ། གཏོར་མ་དེ་ལྷ་ཡིན་བསམ་པ་བྱས་ཏེ་གཡུགས་སྲོལ་ཞིག་དང་། ལྷ་ལ་ཕུལ་བའི་དམིགས་པ་བྱས་ཏེ་གཡུགས་སྲོལ་ཞིག་གཉིས་ཡོད། གཏོར་མ་དེ་ལྷ་ཡིན་བསམ་པའི་དམིགས་པའི་གཡུགས་སྟངས་དེ་ཧ་ཅང་ཉེན་ཁ་ཆེན་པོར་བརྩི་གི་ཡོད། ཅེས་དང་། མཁས་གྲུབ་ར་ག་ཨ་སེས། བསྟན་ལ་ཐུག་པའི་དགྲ་བོ་བྱུང་སྲིད་ན། །ཟོར་དུ་འཕངས་ན་ཧུར་ཐུམ་འགྲོ་བར་བཤད། །རང་ཉིད་ཡི་དམ་ང་རྒྱལ་བརྟན་པོ་ཡི། །ལྷ་ཉིད་གདན་དང་བཅས་ཏེ་འཕངས་བསྒོམས་པས། །ཕ་རོལ་རྡུལ་དུ་བརླག་པར་གདོན་མི་ཟ། །ནུས་པ་ཆུང་ན་རང་ལ་ལྡོག་དོགས་ཆེ། །བསྐུལ་བ་བཏོན་ནས་ལྷ་དེ་ནམ་མཁར་བཏེགས། །སེར་སྤྲིན་བཞིན་དུ་འུར་ཆེམ་བཅས་ཏེ་སོང་། །གཏོར་མ་མེ་དཔུང་མཚོན་ཆར་དམིགས་ཏེ་འཕངས། །དེ་ཡིས་རང་ལ་ལྡོག་དོགས་ཡོད་པ་མིན། །གསུངས་སོ། །གཏོར་མ་བཏང་ནས་སླར་འཁོར་ཚེ། གཏོར་སྣོད་ཁ་ཕྱིར་བསྟན་ན་དངོས་གྲུབ་ཡོལ་ཞིང་། ཁ་ནང་དུ་བསྟན་ནས་འཁྱེར་ཡོང་ན་དངོས་གྲུབ་འདུ་བར་གསུངས་སོ། །

ཡང་། ར་ག་ཨ་སེའི་གཏོར་མའི་ཡིག་སྣ་ལྷ་ཡི་ནོར་བུ་ལས། གཏོར་མ་བཅའ་ཐབས་ཤིག་ལ། གཏོར་ཆེན་བཟོ་ན་སྟོད་སྨད་རྣམ་པ་ལྔར་སོ་སོར་ཤོག་དྲིལ་འཇུག་པར་བཤད་དེ། སྟོད་དུ་བླ་མའི་མཚན་སྔགས། དེའི་འོག་ཡི་དམ་གང་ཡིན་གྱི་སྙིང་བོ། དེའི་འོག་བསྙེན་སྔགས་དང་འབོད་སྔགས་བཅུག སྐེད་པར་སྒྲུབ་སྔགས་དང་རྦད་སྔགས། རྩ་བར་གསང་སྔགས་འཇུག་པར་བཤད་པ་དང་། གཏོར་མ་ཆུང་ན་ཟངས་སྦུག་གམ་སྨྱུག་ཚིགས་ཀྱི་ནང་དུ་སྔགས་ལྔ་བོ་བྲིས་ཏེ་གཏོར་མའི་སྲོག་ཤིང་དུ་བྱས་ཀྱང་འཐུས་པར་བཤད་དོ། །ཡང་འཇིག་རྟེན་པའི་ལྷ་ལ་བླ་མའི་མཚན་མི་འཇུག་པར་གོང་ནོན་གཉེན་པོའི་ལྷ་ཡིས་སྔགས་ཀྱི་ཆོག་ལ། གཏོར་མའི་དབུས་སུ་རིན་ཆེན་སྣ་ཚོགས་བཅུག་ན་ལོངས་སྤྱོད་འཕེལ་བ། སྨན་སྣ་བཅུག་ན་ནད་སེལ་བའི་རྟེན་འབྲེལ་དང་། གསེར་དང་གསེར་ཤོག་མང་དུ་བཅུག་པ་ལ་གསེར་གཏོར་ཞེས་ཁམས་ཆེན་དུ་བརྩི་བ་དང་། ཡང་ཕྱག་ལེན་ཞིག་ལ་གོས་ཆེན་གཏོར་དབྱིབས་སུ་བཟོས་ནས། ནང་དུ་འབྲུ་སྨན་དང་རིན་ཆེན་ཤོག་དྲིལ་བཀང་། དངུལ་གྱི་མར་རྒྱན་འདོགས་པ་སོགས་གཏོར་བཟོ་མང་དུ་བཤད་ལ།

ཡང་། དགྲ་བགེགས་བསྒྲལ་ལུགས་ལ། ལྕགས་མཁར་སྲེག་པ་ཞེས་དྲག་ལས་བྱེད་སྲོལ་ཞིག་ཡོད། དེ་ནི་སླ་ང་ཆེན་པོའི་ནང་སྣུམ་ཁོལ་ཐག་ཆོད་པའི་སྐབས་སུ། དགྲ་བགེགས་སྒྲོལ་བ་བོ་དེས་གནོད་བྱེད་དེའི་གཟུགས་བརྙན་བྲིས་ཐོག སྙིང་ཁར་དགྲ་བགེགས་དེའི་མིང་བྱང་བྲིས་ཏེ། རྫས་ངན་མང་བསྲེས་བྱུགས་པའི་ཤོག་ལྷེ་ཞིག་དབྱུག་པའི་རྩེར་བསྐོན་ནས་འཁྱེར་ཐོག ཨ་རག་སྤུས་ལེགས་ཀ་ལི་གང་འཁྱེར་ནས་འཆམ་རྒྱག་བཞིན། མེ་ལ་བསྐོར་བ་གསུམ་བརྒྱབ་ནས་ཨ་རག་དེ་སྣུམ་ཐོག་ཏུ་བླུགས་ནས། མེ་ལྕེ་དྲག་ཏུ་འབར་བ་དང་ཆབས་ཅིག་དགྲ་གཟུགས་ཀྱི་ཤོག་ལྷེ་དེ་མེའི་ནང་དུ་སྲེག་སྲོལ་ཡོད་པ་དེའོ། །

༡༤ གཏོར་མའི་མཚོན་དོན། གཏོར་མ་གཏོང་བ་འདི་ལ། ཕྱིན་དྲུག་དང་བསྡུ་བཞི། སྡོམ་གསུམ་ཚང་བར་མཁས་པ་སྔ་མ་དག་གིས་གསུངས་ཏེ། གཏོར་རྫས་བཏང་བས་སྦྱིན་པ། གཙང་ཞིང་གནོད་འཚེ་སྤངས་པས་ཚུལ་ཁྲིམས། མི་འཚེ་ཞིང་དཀའ་བ་དང་དུ་བླངས་པས་བཟོད་པ། གཏོང་ཕོད་ཆེ་ཞིང་ལེ་ལོ་བྲལ་བས་བརྩོན་འགྲུས། གཏོང་བའི་དུས་སུ་སེམས་གཞན་དུ་མི་གཡེངས་བས་བསམ་གཏན། འཁོར་གསུམ་ཡོངས་སུ་དག་པར་རྟོགས་པས་ཤེས་རབ་ཚང་ངོ་། །བསྡུ་བཞི་ཚང་བ་ནི། མགྲོན་སོ་སོར་བསྔོས་པའི་སྦྱིན་པ། མགྲོན་སོ་སོར་བསྔགས་པ་བརྗོད་པས་སྙན་སྨྲ། འདོད་དོན་ཞུ་བས་དོན་སྤྱོད་པ། འཁོར་གསུམ་དག་པར་བསྔོས་པས་དོན་མཐུན་པ་ཚང་བའོ། །སྡོམ་གསུམ་ཚང་བ་ནི། གཏོར་མ་གཏོང་དུས་གཙང་ཞིང་མི་འཚེ་བ་སོགས་མི་དགེ་སྤངས་པས་སོ་ཐར་གྱི་སྡོམ་པ། གཞན་དོན་དུ་གཏོང་བའི་བྱང་སེམས་ཀྱི་སྡོམ་པ། ལྷ་སྒོམ་ཞིང་གཟུངས་སྔགས་བཟླས་ཏེ་གཏོང་བས་གསང་སྔགས་ཀྱི་སྡོམ་པ་ཚང་ངོ་། །ཡང་གཏོར་མ་ལ་གཞི་ལམ་འབྲས་གསུམ་གྱི་གནས་སྐབས་དང་སྦྱར་ན། སྦྱངས་གཞི་ལུས་ངག་ཡིད་གསུམ་དང་ཁུ་ཁྲག་རླུང་གསུམ་གྱི་སྦྱར་བྱ་ཤིན་ཏུ་ཕྲ་བའི་བག་ཆགས་གསུམ་དང་། དུག་གསུམ། སྒོ་གསུམ་གྱི་སྐྱོན་རྣམས་སྦྱངས་ཏེ་སྦྱོང་བྱེད་རྡོ་རྗེ་གསུམ་མཐར་ཕྱིན་པ་དང་། སྦྱང་འབྲས་སྐུ་གསུང་ཐུགས་རྡོ་རྗེ་འགྲུབ་པའི་རྒྱུ་སྨིན་བྱེད་དུ་འགྱུར་བའི་ཆེད་དུ་སྨན་རག་གཏོར་མ་འབུལ་བ་ཡིན་ནོ། །

ཡང་སྙིང་ཐིག་གཏོར་མའི་རེག་ཟིག་ལས། དང་བོ་བླ་མ་མཆོད་པ་དང་ཡང་གསང་བླ་སྒྲུབ་འདྲ་བར་ཟླུམ་གཏོར་དམར་བོ་པདྨ་འདབ་བཞི་བ། ནང་སྒྲུབ་རིག་འཛིན་འདུས་པ་ལ། བང་རིམ་དམར་བོ་གསུམ་གྱི་འོག་མ་ལ་འཁོར་ཚོགས་སྤྱི་འདུས་སུ་འཐེབ་ཀྱུ་ཅི་མང་། བར་མ་ལ་རྗེ་འབངས་ཉེར་ལྔ་མཚོན་བྱེད་མར་གྱི་ནོར་བུ་ཉེར་ལྔ། སྟེང་མ་ལ་རིག་འཛིན་བརྒྱད་མཚོན་བྱེད་རིན་ཆེན་ཟུར་བརྒྱད་པ་སེར་བོ། དེའི་སྟེང་བདེ་སྟོང་གཉིས་ཀྱི་མཚོན་བྱེད་ཉི་ཟླ་གཉིས་ཀྱི་སྟེང་འཁོར་བའི་སྐྱོན་གྱིས་མ་གོས་པའི་རྟགས་པདྨ་འདབ་བཞིའི་མཛེས་ཚོན་ཅན་གྱི་དབུས་སུ་ཟླུམ་གཏོར་བརྗིད་ལྡན། ཞེས་གསུངས་སོ། །

༡༥ གཏོར་མ་བཏང་བའི་ཕན་ཡོན་ནི། གཏོར་མ་ལས་རྣམས་ཀྱི་སྔོན་དུ་འགྲོ་བ། འཕྲིན་ལས་མ་ཚང་བ་ཁ་སྐོང་བ། ཚེ་བསྲིངས་ཤིང་བར་ཆད་སེལ་བ། མདངས་དང་ལྡན་པར་འགྱུར་བ། ལོངས་སྤྱོད་འཕེལ་བ། གཟི་བརྗིད་དང་མཐུ་སྟོབས་ཆེ་བ། གནས་སྐབས་བདེ་འགྲོ་དང་། མཐར་ཐུག་སངས་རྒྱས་འཐོབ་པའི་ཕན་ཡོན་སོགས་བརྗོད་ལས་འདས་སོ། །གཏོར་མའི་ཡིག་སྣ་ལྷའི་ནོར་བུ་ལས། གཏོར་མ་མེད་ན་བར་ཆད་སེལ་བ་མེད། །གཏོར་མར་བརྩོན་ན་བར་ཆད་མི་ཚུགས་ཤིང་། །མཆོག་ཐུན་དངོས་གྲུབ་སྒྲུབ་པའི་མཆོག་ཏུ་གསུངས། །

ཡང་ཀྲི་ཡ་དཔུང་བཟང་གི་རྒྱུད་ལས། ནད་ཀྱི་བསྐལ་བ་བསལ་བའི་ཕྱིར། །སྨན་སྣ་ལྔ་ནི་བུམ་པར་བླུགས། །ཚུལ་ཁྲིམས་རྣམ་པར་དག་བྱའི་ཕྱིར། །དྲི་སྣ་ལྔ་ཡང་བུམ་པར་བླུགས། །དགོས་འདོད་རེ་བ་བསྐང་བ་དང་། །མཚོན་གྱི་བསྐལ་བ་བསལ་བའི་ཕྱིར། །རིན་ཆེན་ལྔ་ཡང་བུམ་པར་བླུགས། །ཀུན་གྱི་སྙིང་བོར་གྱུར་བ་དང་། །དགོས་འདོད་རེ་བ་བསྒྲུབ་བྱའི་ཕྱིར། །སྙིང་བོ་ལྔ་ཡང་བུམ་པར་བླུགས། །ཞེས་སོ། །

ཡང་མཁས་པ་མང་བོ་ཞིག ཇོ་བོའི་ཞལ་ལས། བོད་ཕྱུག་པོ་མི་འོང་། གཏོར་ཟན་སླ་མོ་བྱེད། གཏོར་མ་མཐེབ་ཀྱུ་བྱེད་པར་འདུག་གསུངས་ལ། ཀུན་མཁྱེན་འཇམ་དབྱངས་བཞད་པས། གཏོར་མའི་རྣམ་བཤད་མང་བོར་དེ་ལྟར་མི་སྣང་བས་ཇོ་བོས་དེ་ལྟར་བཤད་པ་མི་བདེན་པར་ཡང་གསུངས་སོ། །

བྷ་ལིང་ཨཱ་ཙརྱའི་ཆོས་སྐྱོང་ཐམས་ཅད་ཀྱི་གཏོར་ཆོག་ལས། བསོད་ནམས་ཀྱི་ཚོགས་གསོག་པ་དང་། གཏོར་མས་བར་ཆད་ཐམས་ཅད་ཞི་བ་དང་། གཏོར་མས་འཕྲིན་ལས་རྣམ་བཞི་འགྲུབ་པ་དང་། གཏོར་མ་ནི་ལྷ་སྒོམ་པ་དང་། རབ་གནས་དང་། སྦྱིན་སྲེག་དང་། ལས་ཚོགས་ཀུན་ལ་སྔོན་དུ་འགྲོ་བ་དང་། གཏོར་མས་སངས་རྒྱས་ཐམས་ཅད་ཀྱིས་དགོངས་ཤིང་། ལྷ་རྣམས་ཀྱིས་སྲུང་ཞིང་སྐྱོབ་པ་དང་། སྦྱིན་པའི་ཕར་ཕྱིན་ཡོངས་སུ་རྫོགས་པར་འགྱུར་བ་དང་། གཏོར་མས་ཚེ་རིང་ཞིང་བསོད་ནམས་ཚད་མེད་པ་བསྐྱེད་ཅིང་འཕེལ་བ་དང་། སྦྱིན་པའི་ཕར་ཕྱིན་མྱུར་དུ་རྫོགས་པར་བྱེད་ཅིང་། གཏོར་མས་བསོད་ནམས་དང་ཚེའི་ཚད་ཀྱང་འཕེལ་ཞིང་སྐྱེ་བར་བྱེད་པ་དང་། གཏོར་མས་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་སྙེད་མཆོད་པའི་བསོད་ནམས་འཐོབ་པས། ཚེ་རིང་བ་དང་། བསོད་ནམས་དང་། མདངས་དང་། སྟོབས་སྐྱེ་ཞིང་འཕེལ་བ་དང་། དགེ་བའི་རྩ་བ་ཡོངས་སུ་རྫོགས་པ་དང་། མི་དང་མི་མ་ཡིན་པ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ཡི་དྭགས་མ་རུངས་པ་ཐམས་ཅད་ཀྱིས་འཚེ་ཞིང་གནོད་པ་བྱེད་མི་ནུས་པ་དང་། དེ་དག་སོགས་གཞན་ལ་གཟི་བརྗིད་ཚད་མེད་པ་དང་ལྡན་པར་འགྱུར་བ་སོགས་མཐའ་ཡས་པའི་ཕྱིར་གསུངས་སོ། །དཔེར་ན། གཏོར་མ་བཏང་བས་ཚེ་རིང་བ་དང་བསོད་ནམས་འཐོབ་པ་གྲུབ་ཆེན་ལྕེ་སྒོམ་ལྟ་བུ་སྟེ། ལྕེ་སྒོམ་པ་ལོ་བརྒྱད་ཅུ་རྩ་གྲངས་བཞུགས་པ་གཏོར་མའི་བྱིན་རླབས་ཡིན་གསུངས་པ་དང་། ཡང་ལྕེ་སྒོམ་པའི་ཞལ་ལས། ང་ལ་དང་བོ་རྒྱགས་སུ་ཞོག་གཅིག་ལས་མེད་དེ། ད་ལྟ་ལོངས་སྤྱོད་ཆེ་བ་གཏོར་མའི་དོན་ཡིན་པར་འདུག་གསུངས་པ་དང་། ཆོས་པ་ལྟོ་གོས་ཀྱིས་ཕོངས་པ་མཐོང་ཙ་ན། གཏོར་མ་མ་ཐོངས་པ་ཡིན་གསུངས་ལ། སྐབས་ཤིག་བླ་མའི་རྒྱགས་ཆད་ནས་ཕྱེ་ཕད་སྤྲུགས་པས་རྩམ་པ་བྲེ་བཞི་བྱུང་བ་གཏོར་མ་བཏང་བས། ཉིན་ཕྱེད་ནས་ཡོན་བདག་འགས་ནས་མང་བོ་དང་ཆོས་སྟོན་བཟང་བོ་ཁྱེར་ནས་བྱུང་བས། བླ་མས་ཉེ་གནས་ལ་ཞིང་གི་སྟོན་ཐོག་ལས་མི་མགྱོགས་སམ་གསུངས་པ་ལྟར་རོ། །

མདོར་ན། མཆོད་གཏོར་གྱི་སྐབས་སུ་གཅེས་པར་འཛིན་པ་དང་། ལྡན་དགོས་པ། འབྲས་བུ་ཇི་ལྟར་འཐོབ་པ་ནི། མཆོད་སྦྱིན་གཏོར་མའི་རྣམ་བཤད་དགེ་བའི་ཉི་མ་ལས། སྦྱོར་བའི་སྐབས་སུ་སེམས་བསྐྱེད་དམ་པ་གཅེས། །དངོས་གཞི་འཁོར་གསུམ་བདེན་མེད་ཤེས་པ་གཅེས། །རྗེས་སུ་འདུན་པ་བྱང་ཆེན་རྒྱུར་བསྒྱུར་གཅེས། །གཅེས་པ་རྣམ་གསུམ་ལམ་གྱི་སྲོག་ཤིང་ཡིན། །དང་བོ་གཏང་བྱའི་རྫས་ལ་གཙང་སྦྲ་དགོས། །བར་དུ་ཆོ་གའི་ལས་ལ་འཁྲུལ་མེད་དགོས། །ཐ་མར་རང་གཞན་ཡིད་ཆེས་ལྡན་པ་དགོས། །དགོས་པ་རྣམ་གསུམ་བརྗོད་བྱའི་སྙིང་བོ་ཡིན། །དཀོན་མཆོག་མཆོད་པས་བསོད་ནམས་ཚོགས་ཆེན་རྫོགས། །རིགས་དྲུག་སྦྱིན་པས་ལམ་གྱི་ཡན་ལག་རྫོགས། །ཐབས་ཤེས་འབྲེལ་བས་ཚོགས་གཉིས་ཟུང་འཇུག་རྫོགས། །རྫོགས་པ་རྣམ་གསུམ་འདི་ཡི་འབྲས་བུ་ཡིན། །ཞེས་སོ། །

གཏོར་མའི་སྐོར་རྒྱས་པར་དགེ་ལུགས་པར་མཚོན་ནའང་། དེ་མོ་ངག་དབང་དགེ་ལེགས་རྒྱལ་མཚན་གྱི་གཏོར་མའི་དེ་ཉིད་གསལ་བར་སྟོན་པ་ནོར་བུའི་མེ་ལོང་དང་། ཞབས་དྲུང་ཆོས་རྗེ་ངག་དབང་ཚེ་རིང་གི་གཏོར་མའི་རྣམ་བཞག་གདོན་གྲོལ་ཉེར་མཁོ། རོང་ཐ་བློ་བཟང་དམ་ཆོས་རྒྱ་མཚོའི་གཏོར་མའི་རིམ་པ་སྣ་ཚོགས་དང་། གཞན་ཡང་། མཆོད་སྦྱིན་གཏོར་མའི་རྣམ་བཤད་དགེ་བའི་ཉི་མ་ལས། གཏོར་མའི་སྔོན་འགྲོ། དངོས་གཞི། རྗེས་ཀྱི་རིམ་པ་བཅས་གསུངས་ཡོད་པ་དང་། གཡུ་ཐོག་རྙིང་ཐིག་གི་གཏོར་མའི་དཔེ་རིས་དང་བཅས་པ་སྡེ་དགེ་པར་ཁང་དུ་ཡོད་པ་དང་། རྫོགས་ཆེན་གྱི་གཏོར་མའི་དཔེ་རིས་ཀྱང་གྲོང་ཆོག་པ་རྣམས་ཀྱི་ལག་ན་མང་དུ་གདའ་བས། ཞིབ་ཏུ་དེ་དག་ལ་གཟིགས་པར་ཞུ།

ཞལ་ཟས་རྒྱ་མཚོ།

ཞལ་ཟས་ཀྱི་གཏོར་མ་ཇི་ལྟར་བྱུང་བ་དང་། དར་ཚུལ་གྱི་བརྒྱུད་རིམ་སོགས། གཏོར་མའི་རྣམ་བཤད་སྐབས་སུ་བཤད་ཟིན་ལ། འདིར་སྐབས་སུ་བབ་པ་མཆོད་པའི་བྱེ་བྲག་ཞལ་ཟས་རྒྱ་མཚོ་བཟོ་སྲོལ་ཇི་ལྟར་བྱུང་ཚུལ་བརྗོད་ན། རྗེ་བདག་ཉིད་ཆེན་པོ་དགུང་ལོ་ང་གསུམ་གྱི་ཚེ། ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དུས་མཆོད་བཙུགས་སྐབས། ཇོ་བོ་རྣམ་གཉིས་གཙོས་སངས་རྒྱས་བྱང་སེམས་རྣམས་ལ་རྒྱན་དང་ན་བཟའ་ཕུལ། མཆོད་ཚོགས་རྒྱ་མཚོའི་སྤྲིན་ལྟར་ཕུལ་དུས། ཞལ་ཟས་རྒྱ་མཚོ་འདི་གསར་དུ་བཞེངས་པ་སྟེ། རྗེའི་རྣམ་ཐར་དད་པའི་འཇུག་ངོགས་ལས། ཞལ་ཟས་མདའ་ཚད་ཙམ་ལྷག་ཙམ་ལ་མར་གྱི་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་ལ་སོགས་པའི་རྒྱན་ཡིད་འཕྲོག་པས་བརྒྱན་པ་བརྒྱ་རྩ་བརྒྱད་རེ་ཉིན་རེར་ཞིང་གསར་བ་ཕུལ་ཞིང་། ཀོང་བུ་ཆེན་པོའི་གཡས་གཡོན་དུ་ས་སྟེགས་ལ། རྩམ་པ་ཁལ་བཞི་བརྒྱ་རེ་ལས་བྱས་པའི་ལྷ་བཤོས་རྒྱན་བཟང་བོ་དཔག་ཏུ་མེད་པས་སྤྲས་པ། འཕྱར་དར་བཙུགས་པ་དང་། བཅས་པ་མངོན་པར་བཤམས་པའི་ཞལ་ཟས་རྙིང་བ་རྣམས་ནི་བདག་གིར་བྱེད་པ་མེད་པར་སྐྱེ་བོ་ཕོངས་པ་སྤྲང་བོའི་ཚོགས་ལ་ལྟོས་པ་མེད་པར་བྱིན་པས། ཕོངས་པ་དག་ཀྱང་བཀྲེན་པའི་འདུ་ཤེས་ཀྱི་འཆང་བ་ལས་གྲོལ་ནས་བཟའ་བཏུང་གིས་ཚིམ་པ་ལྷག་པར་འཐོབ་པས། སླར་བཟའ་བ་ཡིད་ལ་མི་བྱེད་པ་ལྟ་བུར་གྱུར་ཏོ། །ཞེས་པ་ལྟར། སྐབས་དེར་རྨང་གཞི་རྩམ་གཏོར་ཆེན་པོའི་སྟེང་དུ། མར་ཚོན་ལས་བཞེངས་པའི་རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྟགས་བརྒྱད། རྫས་བརྒྱད་སོགས་བཟོ་བཀོད་ཕུན་སུམ་ཚོགས་པ་བཤམས་པ་ལས། ཕྱིས་སུ་སྤྱི་ལོ ༡༥༨༣ ལོར་རྒྱལ་དབང་སྐུ་ཕྲེང་གསུམ་པ་སྐུ་འབུམ་དུ་གདན་དྲངས་སྐབས། སྐུ་འབུམ་དགོན་པའི་མཁན་པོ་བརྩོན་འགྲུས་བཟང་བོས་ལྷ་ལྡན་སྨོན་ལམ་ཆེན་མོ་ཇི་བཞིན་སྨོན་ལམ་སྐབས་སུ་མར་རྒྱན་གྱི་མེ་ཏོག་མཆོད་པ་སྣ་ཚོགས་བཤམས་པ། ད་ལྟའི་མིང་དུ་གྲགས་པའི་སྐུ་འབུམ་དགོན་པའི་མེ་ཏོག་མཆོད་པ་འདི་དར་བས། སྔོན་ཆད་ཀྱི་བཟོ་ཚུལ་ལ་འགྱུར་བ་ཆེན་པོ་ཐེབས་ཡོད། དེ་ནི་རྨང་གཞི་རྩམ་གཏོར་བཏང་སྟེ། མར་ཚོན་གྱི་ཕྱག་རྩལ་འབུར་དུ་ཐོན་པར་བྱས་ནས། མར་བཟོས་རྒྱན་མཆོད་དང་འབྲེལ། ལོ་རེ་བཞིན་རྒྱལ་ལོ་ཚེས་བཅོ་ལྔ་ཉིན་མཆོད་ཚོགས་དང་བཅས་པའི་དུས་མཆོད་ཅིག་ཡིན། དེ་ལ་རྟེན་གཙོ་འཇམ་དབྱངས་ཀུན་གཟིགས། སྟོན་པ་ཤཱཀྱ་ཐུབ་པའི་འཁྲུངས་རབས་ཁག་གཅིག ཆོས་རྒྱལ་སྲོང་བཙན་གྱིས་རྒྱ་བཟའ་ཀོང་ཇོ་བོད་དུ་གདན་དྲངས་ཚུལ་གྱི་བརྒྱུད་རིམ་མདོར་བསྡུས། དེ་མིན་མེ་ཏོག་དང་ཁང་བཟང་། སྲོག་ཆགས་མང་བོའི་མར་བཟོས་སྣང་བརྙན་སོགས་བཞེངས་ཏེ། སྐུ་འབུམ་མར་བཟོས་རྒྱན་མཆོད་ཅེས་ཡོངས་སུ་གྲགས་པ་དང་།

གཞན་ཡང་། མདོ་དབུས་ཁམས་གསུམ་གྱི་དགོན་སྡེ་མང་བོས་ལོ་རེར་བཞིན། ཞལ་ཟས་རྒྱ་མཚོའི་མཆོད་གཏོར་ལ་སྲོག་ཆགས་དང་། མེ་ཏོག་སྣ་ཚོགས་ཀྱི་མར་རྒྱན་སྣ་མང་བཟོས་ཏེ། གཙུག་ལག་ཁང་དུ་འབུལ་སྲོལ་དར་བ་ལས་གཞན། སེམས་བསྐྱེད་མཆོད་པ་སོགས་ཀྱི་མཆོད་སྤྲིན་རྒྱ་མཚོ་སྤྲོ་སྐབས། ཞལ་ཟས་རྒྱ་མཚོ་ཇི་སྙེད་ཅིག་བཞེངས་པའི་སྲོལ་རྒྱ་ཆེར་དར་ཡོད་དོ། །

ལྷ་བསང་།

༡ ལྷ་བསང་གི་ཁུངས། ལྷ་བསང་གཏོང་བའི་ཁུངས་དང་བྱུང་རིམ་ནི་མ་གྷ་དྷ་བཟང་མོའི་རྟོགས་བརྗོད་ལས། སངས་རྒྱས་བཅོམ་ལྡན་འདས་བུ་རམ་ཤིང་འཕེལ་དུ་མ་གྷ་དྷ་བཟང་མོས་སྤྱན་འདྲེན་པ་ལ་སྤོས་དང་མེ་ཏོག་ཁྱེར་ནས་ཁང་བཟང་གི་རྩེར་འཛེག་སྟེ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཡང་དག་མཁྱེན་གྱུར་བའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཞེས་གསོལ་བ་བཏབ་སྟེ། སྙིམ་པས་མེ་ཏོག་དཀར་དམར་སྔོ་སེར་གཏོར་བས་བདུག་སྤོས་ཀྱི་དུད་སྤྲིན་དང་། དྲི་བཟང་འཐུལ་ཞིང་ནམ་མཁའ་ལ་དལ་བུས་སོང་བ། སངས་རྒྱས་ཀྱི་ཞབས་པད་ལ་མེ་ཏོག་རྣམས་དང་སྤོས་དང་བཅས་པ་བབས་ཤིང་། ཞུ་བའི་ཚིག་དབྱངས་དང་བཅས་པ་གསན་པ་དེ་དང་། གསེར་འོད་དམ་པ་ལས། བཙུན་པ་བཅོམ་ལྡན་འདས་གསེར་འོད་དམ་པ་མདོ་སྡེ་དབང་བོའི་རྒྱལ་བོ་དེ་ལ་མཆོད་པའི་སླད་དུ་བདུག་པ་སྣ་ཚོགས་ཀྱི་འཁྲི་ཤིང་དག་འབྱུང་བར་འགྱུར་ཏེ། དེ་དག་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ལ། རྒྱལ་བོ་ཆེན་པོ་བདག་ཅག་བཞིའི་རང་རང་གི་ཁང་བའི་སྟེང་གི་བར་སྣང་ལ་སྤོས་དང་བདུག་པ་སྣ་ཚོགས་ཀྱི་འཁྲི་ཤིང་དག་གི་གདུགས་རྣམས་སུ་གནས་པར་འགྱུར། ཞེས་དང་། ཡང་། དེ་ཉིད་ལས། སྤོས་དང་གུ་གུལ་དང་ཙན་དན་དང་། ག་བུར་དང་། དུ་རུ་ཀ་དང་། ཨ་ཀ་རུ་དང་། པོག་དཀར་བོ་ལ་སོགས་པ་འདི་དག་མཉམ་པར་སྦྱོར་བའི་སྔགས་འདི་བཟླས་པའི་རྒྱལ་བོ་ཆེན་པོ་རྣམ་ཐོས་ཀྱི་བུ་སྤྱན་དྲངས་པར་བྱའོ། །ཞེས་དང་། ཐུའུ་བཀྭན་ཆོས་ཉིས། གསང་འདུས་རྩ་རྒྱུད་སོགས་སུ། དྲི་ལ་རྣམ་གསུམ་ཤེས་བྱས་ནས། །ཞེས་པའང་ཁུངས་སུ་བཀོད་དོ། །འདུལ་བ་མེ་ཏོག་ཕྲེང་རྒྱུད<སྡེ་དགེ་བསྟན་འགྱུར﹙﹝ཤུ﹞ ༥༣ ན ༥﹚ལས། སངས་རྒྱས་སྐུ་གཟུགས་གྲོང་སོགས་སུ། །སྤྱན་དྲངས་པ་ནི་གསུངས་པ་བཞིན། །དེར་ནི་ཆག་ཆག་བྱུགས་པ་དང། །སྲང་གི་བཞི་མདོར་ས་གཞི་ལ། །སྣ་ཚོགས་མེ་ཏོག་བཀོད་པ་ཡིས། །རབ་ཏུ་མཛེས་པར་བྱེད་པ་ཡིན། །ཙན་དན་ཨ་གར་བུ་རམ་གྱི། །བདུག་སྤོས་ཀུན་ནས་དབུལ་བར་བྱ། །ཞེས་དང་། ཡང་མཉན་ཡོད་དུ་སངས་རྒྱས་བཞུགས་པའི་སྤྱན་སྔར་མཆོད་པའི་སྤྲིན་ཕུང་འཁྲིགས་པའི་ལོ་རྒྱུས་སོགས་མདོ་ལས་བྱུང་བ་རྣམས་ནི་བསང་གི་ཁུངས་སོ། །

གཞན་ཡང་ཀརྨ་ཆགས་མེད་ཀྱིས། བསང་གི་རྒྱུད་བྱུང་གང་ནས་བྱུང་། །གྲངས་མེད་བསྐལ་བའི་སྔོན་རོལ་དུ། །བཅོམ་ལྡན་ཤཱཀྱ་ཐུབ་པ་ཉིད། །རྒྱལ་བོ་ཆོས་ཀྱི་དབང་ཕྱུག་གྱུར། །དེ་ཡིས་སངས་རྒྱས་མཆོད་པའི་ཕྱིར། །སྤོས་ཀྱི་རིལ་བུ་གཅིག་བསྲེགས་ནས། །སིལ་སྙན་དཀྲོལ་ཞིང་བསང་མཆོད་མཛད། །སྤོས་སྤྲིན་ན་བུན་ཆེན་པོ་ཡིས། །ཞག་བདུན་བར་དུ་འཛམ་གླིང་ཁྱབ། །དེ་ནས་བསང་བྱུང་གང་ནས་བྱུང་། །སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས། །འཛམ་གླིང་སྤྱི་བསང་བསྡུས་པ་བརྩམས། །རྒྱ་གར་ལྷ་འདྲེ་ཐམས་ཅད་མཉེས། །རྡོ་རྗེ་གདན་གྱི་གཙུག་ལག་གྲུབ། །དེ་རྗེས་སློབ་དཔོན་པདྨ་ཡིས། །ཞི་བརྔན་བསང་གསུམ་ཆོ་ག་མཛད། །བོད་ཀྱི་ལྷ་འདྲེ་ཐམས་ཅད་མགུ། །དཔལ་གྱི་བསམ་ཡས་གཙུག་ལག་གྲུབ། །དེ་རྗེས་རང་བྱུང་རྒྱལ་བ་ཡིས། །འཛམ་གླིང་སྤྱི་བསང་རྒྱས་པ་མཛད། །ཁམས་སོགས་ས་བདག་ཀླུ་གཉན་དགའ། །སོག་གི་ཆུ་ལ་ཟམ་པ་བཙུགས། །སྔོན་གྱི་སྲིད་པ་དེ་བཞིན་དུ། །ད་ལྟ་རྣལ་འབྱོར་བདག་ཅག་གི། །བཟང་ཤིང་སྣ་ཚོགས་བསྲེགས་པ་ཡི། །འབྲུ་སྣ་ཕྱེ་མར་ཟས་ཕུད་མཆོད། །ཇ་ཆང་འོ་ཞོའི་ཕུད་ཀྱིས་མཆོད། །ཅེས་དང་།

ཡང་། སྔགས་འཆང་ཆོས་རྗེ་བས། དུག་ཁྲག་ཡུངས་ཀར་གུ་གུལ་ནག་པོ་སོགས། །དྲག་པོའི་རྫས་མཆོག་སྦྱར་བའི་མཐུན་པའི་སྤོས། །རོ་སོལ་མེ་ཡིས་བསྲེགས་པའི་དུད་སྤྲིན་འདིས། །ཞེས་དང་། རེ་མ་ཏིའི་དམག་ཟོར་གྱི་མན་ངག་ལས། གསུར་ཆེན་མ་མོ་མཉེས་པར་བྱ། །སོགས་དམར་བསང་དང་ཆ་འདྲ་བ་ཞིག་ཆོ་ག་མང་བོ་ལས་གསུངས་པ་ནི། རྒྱུད་ལས་གསུངས་པའི་སྔགས་ཀྱི་ཞལ་ཤེས་ལས་རྟོགས་པ་མ་གཏོགས་འདིར་སྐབས་སུ་མ་བབས་སོ། །

གཞན་ཡང་། རྒྱལ་དབང་ལྔ་བས་ཞང་ཞུང་ཤེས་རབ་མེས་པོའི་གཡུང་དྲུང་བོན་གྱིས་སྲོལ་བཏོད་པར་བཞེད་དེ། གངས་རིའི་དཔལ་ལྡན་སཱ་ལའི་ལྗོངས་ཆེན་པོའི། །ལྷ་ཀླུ་གཞི་བདག་དགའ་བར་བྱེད་པའི་བསང་། །ཞང་ཞུང་གཤེན་རབ་མེས་པོའི་རྗེས་འབྲང་བའི། །གཡུང་དྲུང་བོན་གྱིས་སྲོལ་བཏོད་ཐོག་མར་དར། །ཞེས་པ་ལྟར། དུས་གསུམ་གཤེན་རབ་ཀྱི་འབྱུང་ཁུངས་དང་མཛད་པའི་རྒྱུད་འདུས་པ་རིན་པོ་ཆེ་གཟེར་མིག་གི་མདོ་ལས། འཁོར་མང་བོས་ཀྱང་། ལ་ལ་ནི་སེལ་བཏབ། ལ་ལ་ནི་ཁྲུས་གསོལ་ཞེས་འབྱུང་པ་ལྟར། སེལ་གྱི་ཆོ་ག་འདི་སྟོན་པ་གཤེན་རབ་མ་བྱོན་པའི་ཡར་སྔོན་དུ་ཡོད་པ་ཡིན་ལ། སྤྱིར་བཏང་སེལ་གྱི་གཞུང་ལ་རྩ་དཀར་འཕེལ་བའི་ཡར་སེལ་བཞི། རྩ་ནག་འགྲིབ་པའི་མར་སེལ་བཞི། མཉམ་གཉིས་བསོར་བའི་བར་སེལ་བཞི་བཅས། དབྱེ་བ་ཆེན་པོ་བཅུ་གཉིས་ཡོད། དེ་དག་ལ་ཡང་སེལ་དཀར། སེལ་ནག སེལ་ཁུ་བཅས་ཀྱི་དབྱེ་བ་ཡོད་ཅིང་། དེ་རེ་རེ་ལ་དབྱེ་སྒོ་བརྒྱ་དང་ཉི་ཤུ་རེ་ཕྱེས་པས། སྲིད་པ་རྨང་ཆེན་སེལ་གྱི་སྒོ་སུམ་བརྒྱ་དྲུག་ཅུར་གྲུབ་པ་སོགས་བོན་གྱི་དྲི་མེད་གཟི་བརྗིད་དང་། དུག་དབྱུང་འབར་བ་ནག་པོ། ཀུན་བཟང་བསང་ནག་སོགས་ལས་ཤེས་ལ། མདོར་ན། བསང་གི་ངོ་བོ་ཡང་མནོལ་གྲིབ་མི་གཙང་བའི་རིགས་རྣམས་བསང་བའམ་དག་པར་བྱེད་པ་སྟེ། གཉའ་ཁྲི་ལྷ་ཡུལ་ནས་ཕེབས་ཚུལ་གསུངས་སྐབས་ཀྱང་ཡབ་ཀྱི་ཞལ་ལས། གནམ་ལྷ་དོག་ལ་གཤེགས་པ་ན། མི་ཡུལ་བཙོག་དང་མནོལ་ཆེ་བས། ཡ་ངལ་གྱིས་སྣ་དྲོངས་ཤིག མཚེ་མིའི་སྐུ་ཡི་གཡས་རྟེན་ཅིག ཙོ་མིས་སྐུ་ཡི་གཡོན་རྟེན་ཅིག ཡ་ངལ་གྱིས་སེལ་དང་སངས་ཀྱིས། གསུངས་པ་ལས་ཤེས་ལ། ཡང་བོད་རྗེ་འཚོལ་བའི་ཤེས་པ་ཅན་མི་བཅུ་གཉིས་ཀྱི་གྲས་སུ་གཙང་ཤེས་སེལ་འདེབས་ཡོད་པར་གཞིགས་ན། དེའི་ཡར་སྔོན་ནས་བསང་གི་ཆོ་ག་ཡོད་པར་རྟོགས་ནུས། འདི་ལ་ཡང་དཔྱད་གཞི་ཧ་ཅང་ཆེ་བར་སེམས་ཏེ། གནའ་རྫས་རྟོག་ཞིབ་པས་ཆབ་མདོའི་ཁ་རུབ་ནས་རྡོ་བརྩིགས་སྒོ་མོ་གཉིས་རྙེད་དེ། བསང་ཁྲི་ཡིན་པར་ངོས་བཟུང་བར་མ་ཟད། ལོ་ངོ་ལྔ་སྟོང་ལྷག་གི་སྔོན་དུ་བོད་ལ་ལྷ་བསང་ཕུད་སྲོལ་པར་བཤད་དོ། །

གཞན་ཡང་། བོད་རྒྱལ་སྲོང་བཙན་སྒམ་པོའི་དུས་སུ། དགྲ་སླེབས་ཚེ་མེ་སྦར་ནས་ཕན་ཚུན་བརྡ་གཏོང་ཞེས་པ་ལྟར། བཙན་པོའི་སྐབས་སུ་དུས་ཟིང་གི་འགྱུར་ལྡོག་གང་འདྲ་ཞིག་ལ་འཕྲད་ཀྱང་། མེ་དང་དུ་བ་ལ་བརྟག་ནས་ཆབ་སྲིད་ཀྱི་བྱ་བ་མཛད་སྲོལ་ཡོད་པས། རིམ་གྱིས་འགྱུར་ནས་ཛ་དྲག་གི་སྐབས་དེར་ལྷ་འབོད་ཀླུ་འབོད་བཏང་ནས་དཀར་བསང་དམར་བསང་ཕུད་སྲོལ་འདི་བྱུང་བར་ཡང་མངོན་ཏེ། དེབ་དཀར་ལས་བཙན་པོ་རྗེ་བློན་རྣམས་ལོ་ལྟར་མནའ་སྐྱེལ་ཞིང་། དེ་དུས་ལུག་ཁྱི་སྤྲེའུ་གསུམ་དམར་མཆོད་དུ་འབུལ། ལོ་གསུམ་རེ་ན་མནའ་ཆེན་སྐྱེལ་ཞིང་། མཚན་གྱི་དགུང་ལ་རྟ་ཕྱུགས་བོང་བུ་རྣམས་དམར་མཆོད་བྱེད། སྲོག་ཆགས་རྣམས་ཀྱི་རྐང་ལག་བཅད་ཅིང་དོན་སྣོད་མདུན་དུ་སྤངས་ཏེ། བན་དྷི་ཞིག་གིས་ཆོ་ག་གཏོང་ཞེས་པ་འདི་ཡང་སྔོན་གྱི་ཚེ་བོད་དུ་ལྷ་བསང་གཏོང་བའི་ཁུངས་ཡིན་པར་དཔྱད་གཞི་ཅུང་ཆེ་བར་སེམས་སོ། །

ཚུལ་དེ་ལྟ་བུའི་ཤན་ཞུགས་ཐེབས་ནས་གླིང་སྒྲུང་འཛམ་གླིང་སྤྱི་བསང་ལས། ཀོང་བོའི་བོན་རི་མཐོན་པོའི་གཡོན་ཕྱོགས། རི་ནག་པོ་དགུ་བརྩེགས་ཀྱི་མདུན་ངོས་སུ། མི་མགོའི་ལབ་ཙེ་རྔམ་པ། པགས་པའི་རླུང་རྟ་གཡོ་བ། རྒྱུ་མ་རློན་པའི་རྨུ་ཐག་འཐེན་པ། ཚིལ་བའི་ཅོད་པན་འཕྱང་བ་ཞིག་བྱས་ཏེ་བདུད་སྲིན་རྣམས་མཆོད། ཅེས་ནག་ཕྱོགས་པ་ལ་སེམས་ཅན་བསད་ནས་དམར་མཆོད་བྱེད་སྲོལ་དར་ལ། དེ་ལས་ལྡོག་སྟེ་གཡུལ་འགྱེད་ཀྱི་ཛ་དྲག་སྐབས། དཀར་ཕྱོགས་པ་མཆོད་ཚུལ་ཡང་ཧོར་གླིང་གཡུལ་འགྱེད་ལས། འདན་མས་ཧོར་དམར་ནག་བཅུ་གཉིས་ཀྱི་ལས་དམག་དེ་ལྟ་བ་མིག་གིས་མི་བཟོད་པ་ཞིག་བྱས་ནས་གླིང་ལ་གཏད་ཡོད་པ་མཐོང་ནས། དེ་རིང་དཔའ་དེ་བྱས་ཅིག་གི་རྟིང་མ་མ་བླངས་ན། ཕོ་ཤི་ལེ་དགུ་བས་མཐུ་བསམས་ནས། ཉིན་རི་ངོས་ནས་བ་ལུ་བཏུས། སྲིབ་རི་ངོས་ནས་ཤུག་པ་བཏུས། ཉིན་སྲིབ་བར་ནས་མཁན་པ་བཏུས་ནས། ལྷ་བསང་སྤྲིན་དཀར་ལངས་འདྲ་ཞིག་བཏང་ནས་དགྲ་ལྷ་དཔངས་བསྟོད་བྱས། ཞེས་པ་ལས་འཚུབ་ཆེ་བའི་སྐབས་སུ་ཅི་འབྱོར་གྱི་དཀར་བསང་ཕུད་སྲོལ་གྱི་རྣམ་པ་ཞིག་མཐོང་ངོ་། །

འོན་ཀྱང་། སློབ་དཔོན་པདྨ་འབྱུང་གནས་ཀྱིས་བསང་རྫས་ལ་དག་ཐེར་དང་། ལྷ་མཆོད་འདྲེ་བཀར་གྱི་མཛད་འཕྲིན་གནང་སྟེ། བསམ་ཡས་ཆོས་འཁོར་བཞེངས་པའི་སྔོན་འགྲོ་སོགས་སུ་བསང་མཆོད་མཛད་དེ་དར་སྤེལ་བཏང་བས། ད་ལྟ་བོད་ཀྱི་སྐྱ་སེར་ཕོ་མོ་ཀུན་གྱིས་ལྷ་བསང་གཏོང་སྲོལ་འདི་བྱུང་བ་ཡིན།

༢ བསང་རྫས། བསང་མེ་ལའང་ཐུའུ་བཀྭན་ཆོས་ཉིས། མེ་ཡང་རྡོ་སོལ་གྱི་མེ་མི་རུང་ཞིང་བ་ལྕི་དང་ཤིང་སོལ་སོགས་ཀྱི་མེ་གཙང་མ་སྟ་གོན་བྱའོ། །ཁྱད་པར་དུ་གཙང་ཕུད་ཡིན་པ་གལ་ཆེ་སྟེ། རྒྱལ་སྲས་འཇིགས་གྲགས་ཀྱིས། མགྲོན་རིགས་དགྱེས་པའི་མཐུན་རྫས་འབྱོར་བཞིན་དུ། །སླ་ཆོས་ཀྱིས་དོར་ཕྱེ་མར་ཅུང་ཟད་ཀྱང་། །རང་ཉིད་ཟ་ཞིང་འཁྱེར་འདོད་ཀྱིས་ཟིན་པས། །མགྲོན་རིགས་དགྱེས་པའི་ལྷ་བསང་འབྱུང་བ་དཀའ། །གསུངས་པས་ཤེས་ལ། ཡོངས་གྲགས་སུ་བསང་རྫས་ལ། རིན་ཆེན་སྣ་ཚོགས་དང་དར་ཟབ་འབྲུ་སྣ། སྨན་སྣ། ཤུག་པ། སྤ་མ། ཙན་དན། ཨ་གར། ཀུར་གུམ། སྤང་སྤོས། རྒྱ་སྤོས། བྲག་སྤོས། ཞོ་ཤ་གསུམ། གེ་སར་གསུམ། འབྲས་བུ་གསུམ། མཁན་པ་རིགས་གསུམ། ད་ལི། སྒྲོན་ཤིང་། སྤེན་དཀར་སོགས་རི་བཟང་བོའི་རྩི་སྔོན་སྣ་ཚོགས་དང་། མར་གྱིས་སྤྲུས་པའི་བསང་རྩམ་དང་། དཀར་གསུམ་མངར་གསུམ་སོགས་ཟས་སྣ་ཚོགས་གཙང་མ་མེར་བསྲེགས་ཏེ། སྤྱན་གཟིགས་མདའ་མདུང་རལ་གྲི་ངར་ཆེན། དར་ཚོན་མདའ་དར། འཕྱར་དར་སྣ་ཚོགས། གོ་ཁྲབ་སོགས་བཤམས། རོལ་མོ་རྔ་དུང་སིལ་སྙན་སྣ་ཚོགས་དཀྲོལ་ཏེ། སྔགས་དང་ཏིང་འཛིན་གྱིས་བྱིན་གྱིས་བརླབས་ནས་འདོད་ཡོན་ཉེར་སྤྱོད་ཀྱི་མཆོད་པ་དང་བཅས་འབུལ་བའོ། །དེ་མཚུངས་སུ་གླིང་སྒྲུང་འཛམ་གླིང་སྤྱི་བསང་ལས། དེའི་དུས་སུ་གླིང་གི་ལྷ་བསང་བ་རྣམས་རྨ་ཀུ་རའི་ལྷ་རི་ཁྱུང་རྩེར་འཚོགས་ཏེ། བསང་མཆོད་བྱས་ཤིང་ཕུན་སུམ་ཚོགས་པའི་བསང་རྫས་ཡངས་ཤིང་རྒྱ་ཆེ་བ་གསོས་ཁར། ཁ་དོག་སྣ་ལྔའི་དར་ཕྲེང་། གཞན་ཡང་མཛེས་སྡུག་གཟུགས་ཀྱི་བྱེ་བྲག སྙན་འཇེབས་རོལ་མོའི་སྒྲ་དབྱངས། རེག་འཇམ་ལྷ་རྫས་ཀྱི་གོས་བཏགས། གྱ་ནོམ་པའི་འདོད་ཡོན་གྱི་རྣམ་པ་འབུམ་ཕྲག་མང་བོས་མཆོད་ཅིང་། གླིང་དཀར་བསང་བ་རྣམས་ཀྱིས་སྐྱིད་པའི་གླུ་བླངས། སྤྲོ་བའི་དར་འཕྱར། སྙན་པའི་དུང་བུས། གསེར་གྱི་རྔ་ཆེན་བརྡུངས་ཤིང་། ཀི་སྭོ་ལྷ་རྒྱལ་གྱི་སྒྲ་སྐད་ལྡིར་ཞིང་མཆོད། ཅེས་བཤད་དོ། །

ཡང་། བྱེ་བྲག་ཏུ་འཕྲིན་ལས་བཞིའི་བསང་ཤིང་གི་དབང་དུ་བཏང་ན། ཀརྨ་ཆགས་མེད་ཀྱིས། སུར་དཀར་དུང་ལོ་ཞི་བའི་ཤིང་། །སྟག་པ་གསེར་ལོ་རྒྱས་པའི་ཤིང་། །ཤུག་པ་ཙན་དན་དབང་གི་ཤིང་། །ཨ་གར་དྲི་དང་དྲག་པོའི་ཤིང་། །ཞེས་དང་། འབུལ་ཡུལ་གྱི་དབང་དུ་བཏང་ན། དེ་ཉིད་ཀྱིས། བ་ལུ་དཀར་བོ་ལྷ་ཡི་ཤིང་། །འོམ་བུ་ཀླུ་ཤིང་སྨན་གྱི་མཆོག། སྟག་པ་སེར་བོ་གཉན་གྱི་ཤིང་། །སྤེན་མ་དངོས་གྲུབ་གཡུང་དྲུང་ཤིང་། །ཉ་བྲིད་ས་བདག་དགའ་བའི་ཤིང་། །ཞེས་ཀྱང་གསུངས་སོ། །དེ་ཡང་མཆོད་གཏོར་བཅའ་ཚུལ་དང་། བསང་བསྔོའི་སྔགས་འགྲེལ། བསང་རྫས། ཡས་མགྲོན་དང་མས་མགྲོན་གྱི་ཁྱད་པར། བསང་གི་དག་སྦྱོར། མཆོད་ཚུལ། མཇུག་ཏུ་གསེར་སྐྱེམས་འབུལ་བ་དང་། གཡང་འགུགས་དང་བཟོད་གསོལ་སོགས་ཞིབ་པར་ཐུའུ་བཀྭན་ཆོས་ཉིའི་བསང་ཆོག་བཀྲ་ཤིས་དབྱངས་སྙན་གྱི་ལྷན་ཐབས་བཀྲ་ཤིས་སྒོ་བརྒྱ་འབྱེད་པའི་ལྡེ་མིག་ལས་རྟོགས་པར་གྱིས་ཤིག

གཞན་ཡང་། ཆོས་སྲུང་དང་ཡུལ་ལྷ་རེ་རེ་ལ་གཏོར་མ་མི་འདྲ་བ་བཅའ་སྟངས་དང་། བསང་རྫས་ལ་ཡུལ་ལུགས་སོ་སོའི་ཁྱད་ཆོས་རེར་ཡང་ཡོད་ལ། ད་ལྟ་ལྟ་ངན་རེའི་ཤན་ཞུགས་ཐེབས་ཏེ། སེམས་ཅན་གྱི་གསོན་སྙིང་དམར་འདོན་བྱེད་པའམ། གསོལ་བ་བོའི་ལུས་ཀྱི་ཁྲག་གཏར་སྟེ་དམར་མཆོད་བྱེད་པ་ནི། ནང་བསྟན་ཆོས་ལུགས་དང་རྒྱབ་འགལ་ཏུ་གྱུར་བར་མ་ཟད། ད་ལྟའི་དུས་རབས་འདིར་འཇིག་རྟེན་མི་ཆོས་དང་ལྟག་སྤྲོད་ཏུ་སོང་བས་དགག་བྱ་ཁོ་ནའོ། །

ཡང་། ཞང་བོད་ཏི་སེའི་འོད་ཅེས་པར། ཤེ་ཚུ་སྟེ་ཁྲག་གི་སྐྱེམས་འབུལ་སྲོལ་ཡོད་པ་དེའི་ཚབ་ཏུ་ཡུ་ཏི་སྟེ་འབྲུ་ཆང་གིས་འཐུས་པར་བྱས་པའི་མདོས་ཆོག་གི་སྲོལ་གསར་དུ་བཏོད། ཅེས་འབྱུང་བར་གཞིགས་ན། ད་ལྟའི་བསང་རྫས་སུ། ནས་བརྔོས་པ་ལ་ཨ་མདོའི་སྐད་དུ་ཤེར་རྩིག་ཏུ་འབོད་པ་འདི་ཁྲག་གི་སྐད་དོད་ཤེ་ཚུ་བྱ་བ་དེ་བརྡ་ཟུར་ཅུང་ཟད་མ་གཏོགས་མ་འགྱུར་བར་ཡོད་ལ། སྔོན་གྱི་བག་ཆགས་ཀྱི་དབང་གིས་ནས་བརྔོས་ཚེ་མདོག་དམར་ནག་ཏུ་གྱུར་བའི་ཆ་ནས་ཁྲག་ཚབ་ཏུ་ལྷ་སྲུང་ལ་ཕུལ་བར་འདོད་དོ། །དེའི་ཤེས་བྱེད་ནི་ཀརྨ་ཆགས་མེད་ཀྱིས། ཤེལ་ཚིག་ཁྲི་དཀར་སྟོང་ནག་འདི། །རྟ་ནོར་ལུག་གསུམ་ཁྱུ་རུ་དམིགས། །ཞེས་དང་། ཤེལ་ཚིག་ཁྲི་དཀར་སྟོང་ནག་འདི། །ཁྲ་བོ་ཀུ་རུ་རྟ་བརྒྱ་ཡིན། །ཁམ་པ་འགྱིང་བ་གཡག་བརྒྱ་ཡིན། །ཟིལ་ཆུང་ཐུ་ལེ་འབྲི་བརྒྱ་ཡིན། །དཀར་བ་གཡང་མོ་ལུག་བརྒྱ་ཡིན། །གཡུ་ར་བརྒྱ་དང་ཤེལ་ར་སྟོང་། །བ་ཟོག་བརྒྱ་དང་བེའུ་ཁྲི་སྟོང་། །ས་བདག་ཀླུ་གཉན་རྣམས་ལ་འབུལ། །ཞེས་དང་། ཨ་ལགས་རྒྱལ་བོའི་ལབ་བསྟོད་དུའང་། ཀྱེ་ཀྱེ། ཤེལ་ཚིག་ཁྲི་དཀར་སྟོང་ནག་འདི་དག་ནི། །དཀར་མོ་ལུག་བརྒྱའི་འབའ་སྒྲ་འུ་རུ་རུ། །ནག་མོ་འབྲི་བརྒྱའི་ངུར་སྒྲ་ཏོངས་སེ་ཏོང་། །ཁྲ་བོ་རྟ་བརྒྱའི་འཚེར་སྐད་སི་ལི་ལི། །ཞུར་བོ་ར་བརྒྱའི་འབའ་སྒྲ་ཙེར་རེ་རེ། །འབུལ་ལོ་ས་བདག་ཀླུ་གཉན་རྣམས་ལ་འབུལ། །ཞེས་དང་། དེ་མིན། ཀརྨ་ཆགས་མེད་ཀྱིས། ཁྱད་པར་རྟ་གླང་ར་ལུག་དང་། །མཛོ་གཡག་སྦལ་སྦྲུལ་ལ་སོགས་དང་། །ཞེས་སྦལ་སྦྲུལ་སོགས་ཀྱང་བསང་རྫས་སུ་བཤད་ཀྱང་དེ་ནི་བོད་སྲོལ་དུ་མ་དར་བ་ཞིག་གོ།

༣ བསང་རྫས་མ་དག་པའི་ཉེས་དམིགས། བསང་རྫས་མ་དག་ན་ཇི་སྐད་དུ། རྒྱལ་སྲས་འཇིགས་མེད་ཡེ་ཤེས་གྲགས་པའི་གསུང་ལས། གཙང་མིན་དབྱེ་བ་མེད་པའི་གང་བྱུང་ནས། །རྣམ་རྟོག་རྩིང་བོས་བསྒྲུབས་པའི་བསང་ཤིང་རྣམས། །གང་བྱུང་གནས་སུ་འོང་བའི་མི་གཙང་བ། །འབུ་སྲིན་མང་བོ་བཅས་ཏེ་བསྲེགས་པ་མཐོང་། །མི་གཙང་གིས་བགོས་རྡོག་པས་བརྫིས་པ་ཡི། །བསང་ཤིང་དུད་པས་སླར་ཡང་འབག་བཙོག་འགྱུར། །འབུ་སྲིན་མང་བོར་བཅས་ཏེ་བསྲེགས་པ་ཡིས། །གཞོབ་དང་སྡིག་ཚོགས་སྒྲུབ་པའི་བསང་དེ་དོར། །ཞེས་དང་། ར་ག་ཨ་སེས་མདོ་སྡེ་བཀའ་གཏེར་གཉིས་པ་ལས་བསྡུས་པ་བསང་ཤེས་པའི་ཕན་ཡོན་དང་མ་ཤེས་པའི་ཉེས་དམིགས་གསལ་བར་བཀོད་པ་ལས། བསང་དང་ཆབ་གཏོར་ལའང་མ་ཚར་བར་དུ་ཤ་ཁྲག་དང་། ཆང་སྒོག་སོགས་བཟའ་བ་དང་བཏུང་བ་སོགས་བྱས་ན་གཞི་བདག་ཐམས་ཅད་བརྒྱལ་ནས་འགྲོ་བས་མི་རུང་། བསང་རྫས་རྣམས་ལ་དམེ་ཕོ་སྡིག་ཅན་གྱིས་བསང་ཤིང་ཐུ་བ་དང་། ཡུགས་ས་མས་ཕྱེ་ཕུད་འཐག་པ་དང་། སེར་སྣས་འབག་པ་དང་། མི་གཙང་བའི་རྫས་དང་། ཚེར་མ་ལ་སོགས་པ་དུག་ཤིང་ལ་འཛེམ། ཆོ་ག་གཞན་མ་ཤེས་པ་ལ་སྐྱོན་འགལ་ཆུང་། བསང་མ་ཤེས་ན་འཇིག་རྟེན་ཁམས་ཀྱི་གཞི་བདག་ཕྲག་དོག་ཆེ། ཀླུ་དང་ས་བདག་གཉན་རྣམས་ལ་མཐོང་དུག་དང་། བལྟས་དུག ཁ་རླངས་ཀྱི་དུག་སོགས་ཡོད་པས་དམིགས་རིམ་དང་ཆོ་ག་ཤེས་པ་གལ་ཆེ། གཞན་ཡང་། ར་ག་ཨ་སེའི་བསང་བཤད་དེར། ཉིན་ཞིག་ཁོའི་ཉམས་སྣང་ལ་གཞི་བདག་མང་བོས་འོ་དོད་བོས་ཏེ། བརྒྱལ་བ་དང་། ན་བ། ཞ་བ་དང་། ལོང་བ། ལུས་ལ་རྣག་ཁྲག་ཆུ་སེར་བབས་ནས་ངུ་འབོད་བྱེད་པ་མཐོང་བར། རྒྱུ་མཚན་དྲིས་པས། ཁོ་ཚོ་དམ་ཉམས་སྔགས་པ་ཞིག་གིས་བསང་མགྲོན་དུ་བཀུགས་པས། དམེ་ཅན་ཞིག་གིས་བསང་ཤིང་འཐུས་པ་དང་། རྩི་བཅུད་འོ་ཞོ་ལ་མི་དང་ཁྱི་དམར་ཞིག་གིས་འཐུང་འཕྲོ་དང་། མར་ལ་བུད་མེད་ཅིག་གིས་མཚན་མར་རེག་ནས་ལག་པ་མ་བཀྲུས་པ་སོགས་ཀྱི་རྐྱེན་འགའ་ལས་ཉེས་ཚུལ་གསུངས་པ་ལྟ་བུའོ། །ཁྱད་པར་དུ་ཀླུ་དང་ས་བདག་ལ་དཀར་མཆོད་ཡིན་པས། མཆོད་པ་པོས་དཀར་ཟས་ལ་རོལ་ནས། གཙང་སྦྲ་སྔོན་དུ་བཏང་ནས་ཁྲུས་དང་གོས་དཀར་བོ་གྱོན་ནས་དཀར་མཆོད་བྱེད་པ་ལས། ཤ་ཆང་སྒོག་ཙོང་སོགས་ཀྱིས་སྦགས་ཏེ་ཀླུ་བསང་གཏོང་བ་མི་རུང་ངོ་། །

༤ བསང་གི་དབྱེ་བ། ཡུལ་སྲོལ་འདྲ་མིན་གྱི་དབང་གིས་བསང་གི་དབྱེ་བ་ལ་སྣ་ཚོགས་མཐོང་སྟེ། རི་བསང་དང་། གྲོང་བསང་། ཐབ་བསང་། ལམ་བསང་། ཐོག་བསང་རྣམས་སུ་མ་འདུས་པ་མེད། ༡ རི་བསང་ནི། རི་མཐོ་ས་གཙང་ངམ་ཁ་དབུགས་དྭངས་པའི་ཡུལ་ལྷ་གཞི་བདག་གི་གནས་རིར་བསང་མཆོད་ཀྱི་ཆོ་ག་བྱེད་སྲོལ་ཡོད་པ་དེ་ཡིན། ༢ གྲོང་བསང་ནི། གྲོང་དང་གྲོང་ཁྱེར་གྱི་ལྷ་ཁང་མདུན་ནས་བསང་མཆོད་བྱེད་སྲོལ་ཡོད་པ་དེ་ཡིན་ལ། དཔེར་ན། ལྷ་སའི་ཇོ་ཁང་གི་མདུན་ནས་བསང་མཆོད་བྱེད་པ་ལྟ་བུའོ། །༣ ཐབ་བསང་ནི། གནས་མཇལ་བ་དང། ཚོང་འགྲུལ། ཇག་ལས་བྱེད་པ་སོགས་ཀྱིས་ལག་ལེན་དུ་བསྟར་བ་སྟེ། ཇ་བསྐོལ་རྗེས། སུམ་ཚུགས་ཐབ་རྡོའི་བར་དུ་བསང་རྩི་གཞན་འབྱོར་ན་རབ། མ་འབྱོར་ན་རྩམ་པ་ཉུང་ཤས་ཀྱིས་བསང་གསོལ་གཏོང་སྟངས་དེའོ། །༤ ལམ་བསང་ནི། སྐུ་གསུང་ཐུགས་རྟེན་གདན་འདྲེན་པ་འམ། ཡང་ན་བླ་དཔོན་བསུ་སྐྱེལ་སྐབས་ཕེབས་ལམ་དུ་བསང་གསོལ་གཏོང་བ་དེའོ། །༥ ཐོག་བསང་ནི། ཁང་ཐོག་ནས་བསང་མཆོད་བྱེད་པ་དེའོ། །

༥ ལྷ་བསང་གཏོང་ཡུལ་དང་དགེ་མཚན། ལྷ་བསང་གཏོང་ཡུལ་ལ། རྒྱལ་དབང་ལྔ་བས། སྤངས་རྟོགས་ཡོན་ཏན་ཕ་མཐའ་གཞལ་དཀའ་ཡང་། །ཡེ་ཤེས་ལྷ་ཡི་ཚད་བཟུང་ག་ལ་ནུས། །གྱ་གྱུའི་སེམས་ཀྱི་རོལ་བ་མཐའ་ཀླས་པས། །འཇིག་རྟེན་ལྷ་འདྲེའི་གྲངས་ཀྱང་ག་ལ་གཞལ། །ཞེས་གསུངས་ལ། སྡོམ་དུ་བསྡུས་ནས་སྨྲས་ན། དཀོན་མཆོག་སྲི་ཞུའི་མགྲོན། མགོན་པོ་ཡོན་ཏན་གྱི་མགྲོན། རིགས་དྲུག་སྙིང་རྗེའི་མགྲོན། གདོན་བགེགས་ལན་ཆགས་ཀྱི་མགྲོན་ཏེ་བཞིར་འདུས་ལ། དེ་ཡང་མཆོག་ལ་མཆོད་པ་དང་། དམན་པར་སྦྱིན་པ་གཏོང་བ་ཡིན། མགྲོན་ཡུལ་གྱི་ཁྱད་པར་ཞིབ་རྒྱས་ཐུའུ་བཀྭན་བསང་ཆོག་ལས་གསལ་ལ། དེ་དག་ལས་གང་གཙོ་བྱེད་པ་ནི། རྒྱལ་དབང་ལྔ་བས། དེང་དུས་ལྷ་ཀླུ་ཞར་བྱུང་ཙམ་བྱས་ནས། །བླ་མ་ཡི་དམ་གཙོར་བཏོན་བསང་ཡིག་རྣམས། །དགོས་དོན་མ་རྟོགས་གྱ་ཚོམ་སྨྲ་བའི་ཚིག །མཆོད་རྟེན་ནག་འཇམ་བྲག་ལ་དཀར་རྩི་བཞིན། །ཞེས་ཀྱང་གསུངས་སོ། །དེ་ལས་གཞན་ལྷ་བསང་གཏོང་བ་ནི། མཁས་གྲུབ་ཀརྨ་ཆགས་མེད་ཀྱིས། དེ་ཡང་ཕྱི་རབས་རྣལ་འབྱོར་བས། །གང་འདོད་འཕྲིན་ལས་བསྒྲུབ་པ་དང་། །སངས་རྒྱས་བསྟན་པ་བསྲུང་བ་དང་། །སྒྲུབ་པའི་བར་ཆད་སེལ་བ་དང་། །འཁོར་སྲུང་རྐྱེན་བཟློག་གྲགས་པ་སྤེལ། །ལྷ་ཁང་བཞེངས་དང་མཆོད་རྟེན་བརྩིགས། །མི་ནད་ཡམས་ནད་བཅད་པ་དང་། །མཁར་ལས་བྱེད་དང་བཀྲ་ཤིས་འདོད། །ཐག་རིང་མགྲོན་ལ་འགྲོ་བ་དང་། །ཆུ་ཆེན་གྲུ་ལ་འགྲོ་བ་དང་། །ལམ་འཕྲང་བསྒྲོད་དང་དམག་ལ་འགྲོ། །ལྷོ་བལ་སྦས་ཡུལ་འགྲོ་བ་དང་། །ཆེ་དྲག་བྱ་བ་ཐམས་ཅད་ལ། །སྔོན་དུ་བརྔན་འདི་བྱས་པས་འགྲུབ། །ཅེས་སོ། །

༦ བསང་ཡུལ་སྤྱན་འདྲེན་པའི་ཚུལ། བསང་མགྲོན་ཐམས་ཅད་སྤྱན་དྲངས་པ་དང་དུས་མཚུངས་སུ། འཁོར་འདས་ཀྱི་མགྲོན་ཐམས་ཅད་སྟེང་ནས་སྤྲིན་འཐིབས་པ་དང་ཁ་བ་བུ་ཡུག་འཚུབ་པ་ལྟ་བུ། འོག་ནས་ས་ཆེན་པོའི་རླངས་པ་ཐོན་པ་ལྟ་བུ་འུར་གྱིས་བྱོན་པའི་མོས་པ་དང་། འཇིག་རྟེན་པ་རྣམས་ཀྱང་གདུག་རྩུབ་ཀྱི་སེམས་ཞི་ནས་རང་ལ་དགའ་ཞིང་དགུ་བའི་རྣམ་པར་བསམ་པ་དང་། དེ་ཡང་སྟེང་གི་ཆ་ལ་བླ་མ། དེའི་འོག་ཏུ་ཡི་དམ་རྣམས་རྒྱུད་སྡེ་གོ་རིམ་བཞིན་དང་། དེའི་འོག་ཏུ་ལོངས་སྤྲུལ་གྱི་སངས་རྒྱས་རྣམས། དེའི་འོག་ཏུ་བྱང་སེམས་རང་རྒྱལ་ཉན་ཐོས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས། དེ་དག་གི་འོག་ཏུ་དཔལ་མགོན་དོན་ལྔ། སྡེ་བརྒྱད། འགོ་བའི་ལྷ་ལྔ་སོགས་དང་། ལོ་ཟླ་ཞག་དུས་སྤར་སྨེ། ས་བདག་ཡུལ་ལྷ་གཞི་བདག་རྣམས་དང་། འོག་གི་ས་གཞི་ལ་རིགས་དྲུག་གདོན་བགེགས་ལན་ཆགས་ཤ་འཁོན་གཉེར་བ་ཐམས་ཅད་ནག་མེར་གྱིས་འཁོད་པར་བསམ་པ་དང་།

ཡང་ན། གཏེར་མའི་ཆོག་བསྒྲིགས་རྣམས་སུ། སྤྱན་རས་གཟིགས་ཨ་རོ་ལི་ཀ་ཁ་སརྦ་ནི་ལྟ་བུ་སྐུ་ཤིན་ཏུ་ཆེ་བ་རྣམ་སྣང་གངས་ཅན་མཚོ་འདྲ་བའི་གཙུག་ཏོར་ནས་མགྲིན་པའི་བར་ལ་དཀོན་མཆོག་སྲི་ཞུའི་མགྲོན། ཐུགས་ཀ་ནས་ལྟེ་བའི་བར་ལ་མགོན་པོ་ཡོན་ཏན་གྱི་མགྲོན། སྐུ་སྨད་ཀྱི་ཆ་ལ་རིགས་དྲུག་སྙིང་རྗེའི་མགྲོན། པད་གདན་གྱི་ཆ་ལ་བགེགས་རིགས་ལན་ཆགས་ཀྱི་མགྲོན་རྣམས་འཁོད་པར་བསམ་པ་ཡང་བཤད་དོ། །

༧ བསང་གི་དག་སྦྱོར། ལྕང་སྐྱ་རོལ་བའི་རྡོ་རྗེས་མཛད་པའི་བསང་མཆོག་ཡིད་བཞིན་དབང་རྒྱལ་ལས། ཐབས་དང་ཤེས་རབ་ཡེ་ཤེས་མེར། །སྒྲིབ་གཉིས་བསང་རྫས་བསྲེགས་པ་ལས། །ལྷན་ཅིག་སྐྱེས་དགའི་དུད་སྤྲིན་གྱིས། །མ་དག་དྲི་མ་སངས་ཕྱིར་དུ། །སྤྱན་སོགས་ལྔ་ཡི་རང་བཞིན་ཉིད། །འབྱུང་བ་ལྔ་ཡི་དྭངས་མ་ལས། །འཆི་མེད་བདུད་རྩིའི་དཔལ་རབ་སྟེར། །དྲི་ཞིམ་སྨན་གྱི་དངོས་གྱུར་བ། །རྩི་ཤིང་ནགས་ཚལ་སྣ་ཚོགས་འཁྲུངས། །ཁ་དོག་དྲི་རོ་མཐའ་ཡས་ཀྱིས། །ནད་རིགས་བཞི་བརྒྱ་རྩ་བཞི་སེལ། །གསེར་ཞུན་འཁྱིལ་འདྲའི་མེ་ལྕེ་ཡིས། །གཏི་མུག་མུན་པའི་ཚོགས་ཀུན་འཇོམས། །དུད་སྤྲིན་འཆི་མེད་ལམ་ཆགས་པས། །སྡུག་བསྔལ་གསུམ་གྱི་ཚ་གདུང་སྐྱོབ། །ཅེས་གསུངས་སོ། །

༨ ལྷ་བསང་གཏོང་བའི་གཟའ་སྐར། ལྷ་བསང་གི་སྐར་མ་ནི། མོན་གྲེ མེ་བཞི། མོན་གྲུ། མགོ མཆུ། ལྷ་མཚམས། ཆུ་སྟོད། ཆུ་སྨད། དབོ། ས་རི། ནམ་གྲུ། སྣར་མ། རྒྱལ། བྱི་བཞིན། ཁྲིམས་སྨད། སྨིན་དྲུག་རྣམས་ལ་བཟང་། དེ་ལྟར་བཀྲ་ཤིས་པའི་ཉི་མ་དང་འགྲུབ་པའི་སྦྱོར་བ། ཡར་ཚེས་དང་དུས་ཆེན་བརྒྱད་ལ་ཐེབས་ཡོད་པས་ལྷ་མཆོད་བཟང་། གཞན་ཡང་། ར་ག་ཨ་སེས། ཉི་ནག་བསང་བྱས་ཁྱི་ཡིས་གཡབ། །ཤར་ཕྱོགས་དམག་དྲངས་བསྟན་ལ་གནོད། །ཅེས་དང་། ཉི་མ་ནག་པོར་བསང་བྱས་ན། །ལྷ་འདྲེ་ཐམས་ཅད་འཁྲུག་པའི་གཞི། །སྟག་གི་ཉི་མར་བསང་བྱས་ན། །ལྷ་འདྲེ་ཁྲོས་ནས་ན་ཤི་དུར་གསུམ་འོང་། །ལྷ་ཀླུ་སྡེ་བརྒྱད་ལྡོག་ནས་ཕན་གནོད་མེད། །དེ་སོགས་རིགས་པས་དཔྱད་ལ་བྱོལ་བར་བྱ། །ཞེས་དང་། བསང་མི་རུང་བ་མེ་དུད་སོལ་གསུམ་ཡིན། །བསང་བྱས་བར་སྣང་ལྷ་སྲིན་ཐམས་ཅད་ལ། །མེ་ཆེན་སྣང་བ་འབྱུང་ལ་ཉེས་པ་ཆེ། །ཚེས་གཅིག་བསང་བྱས་དམེ་ངོ་ཁྲག་ངོ་གྲི་ངོ་ལྡང་། །ཚེས་དྲུག་བཅུ་དྲུག་ཉི་ཤུ་དྲུག་རྣམས་ལ། །རི་མགོར་བསང་བྱས་ལྷ་རྣམས་མི་དགའ་བས། །ལོ་ཐོག་མི་ལེགས་རྐྱེན་དུ་འགྱུར་བ་ཡིན། །ཞེས་གསུངས་ལ། རྒྱུན་བསང་ལ་ནི། ར་ག་ཨ་སེས། རྒྱུན་བསང་ཆག་མེད་ལ་ནི་བརྩི་སྲོལ་མེད། །བསང་བརྒྱ་བཏང་བ་རྒྱུན་བསང་དབུ་འཛུགས་ལ། །སྐར་སྐྱོན་མེད་ཅིང་གཟའ་སྐར་བཟང་བ་གཅེས། །གསུངས་སོ། །

༩ ལྷ་བསང་གི་ཕན་ཡོན། བསང་གི་ལྷ་མོ་སྔོན་མོས་གཡས་བདུད་རྩིའི་བུམ་པ་དང་། གཡོན་གྱི་སྨན་གཞོང་འཛིན་པའི་བུམ་པ་ནས་བདུད་རྩིའི་ཆབ་རྒྱུན་གཏོར་ཏེ། མི་གཙང་བ་སངས་ཞིང་དག་ནས། མཆོད་པའི་སྤྲིན་ཕུང་གི་དྲི་བཟང་ཕྱོགས་ཐམས་ཅད་དུ་ཁྱབ་ནས་བསང་ཡུལ་བླ་མ་ཡི་དམ་དང་། སངས་རྒྱས་བྱང་སེམས། དཔའ་བོ་མཁའ་འགྲོ། ཆོས་སྐྱོང་སྲུང་མ། ཡུལ་ལྷ་གཞི་བདག་ཐུགས་དགྱེས་པ་ཆེན་པོས་སྡོང་གྲོགས་དང་ཕན་པ་རྒྱ་ཆེན་སྩོལ་བ་དང་། སྤྱིར་ཉེས་སྐྱོན་དང་ཁྱད་པར་དུ་གྲིབ་དང་མི་གཙང་བའི་རིགས་དག་སེལ་བྱེད་ནུས་པ་སྟེ། ཀུན་བཟང་བསང་ནག་ལས། དམེ་རྨུགས་ནད་འཚེ་མཛེ་ཡུག་དང་། །གསོན་གྱི་བང་དམེ་ཁྲག་རླངས་དང་། །གཤིན་གྱི་རོ་དུད་རོ་ལངས་སོགས། །མི་གཙང་དམེ་དགུ་ཅི་ཡང་ཤར། །འབྱུང་བ་དུག་སེལ་འདི་ཡིས་ཐུར་དུ་མནན། །ཞེས་དང་། བསང་རྒྱུད་ལེའུ་བཅོ་བརྒྱད་ལས། སྔགས་དང་ཆོ་ག་དག་ན་ལྷ་དང་བླ་མ་མཉེས་ནས་བྱིན་རླབས་འཇུག ཡི་དམ་མཉེས་ནས་དངོས་གྲུབ་འབྱུང། ཆོས་སྐྱོང་དམ་ཅན་མཉེས་ནས་ལས་བཞི་འགྲུབ། ནོར་ལྷ་གནོད་སྦྱིན་མཉེས་ནས་བཅུད་སྟོབས་རྒྱས། རིགས་དྲུག་སེམས་ཅན་ཚིམ་པས་བུ་ལོན་ལན་ཆགས་བྱང་། ཞེས་དང་། སེམས་བསྐྱེད་དམིགས་པ་གསལ་ན་ལེགས་ཚོགས་ཡོན་ཏན་འགྲུབ། །ཉེས་ཚོགས་དག་ནས་རྣམ་མཁྱེན་སངས་རྒྱས་འཐོབ། །འབྱོར་བ་ལོངས་སྤྱོད་རྒྱུན་མི་ཆད་པར་འཕེལ། །སྔགས་དང་མཆོད་རྫས་གཙང་ན་བསོད་ནམས་ཀྱི། །གཞི་མ་ཚོགས་གཉིས་རྫོགས་ནས་སྒྲིབ་པ་བྱང་། །ཕར་ཕྱིན་དྲུག་རྫོགས་མདངས་དང་གཟི་བརྗིད་རྒྱས། །འཐབ་རྩོད་དང་བྲལ་མི་ནད་ཕྱུགས་ནད་ཆད། །བཙའ་སད་སེར་བ་ཐན་པ་ལོ་ཉེས་ཞི། །རྩྭ་དང་ལྗང་བུ་ལེགས་ཤིང་ལོ་འབྲས་འཕེལ། །བཀྲ་ཤིས་དོན་འགྲུབ་དགྲ་གདོན་ཐུལ་བ་དང་། །ཚོང་དང་ཁེ་སྤོགས་དམག་ཇག་དགྲ་ལས་རྒྱལ། །འགྲོ་དོན་རྒྱ་ཆེན་འགྲུབ་པ་བསམ་འཕེལ་ནོར་བུ་འདྲ། །ཞེས་དང་། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱིས་ཀྱང་། དག་བྱེད་དྲི་ཞིམ་ཆོ་ག་གང་ཞིག ཉེས་སྐྱོན་སྒྲིབ་བྱེད་ཐམས་ཅད་བྱང་ཞིང་། བདེ་ལེགས་སྟེར་བའི་ནུས་པ་དང་ལྡན་པ། བསང་གི་མཚན་ཉིད་དུ་བཞག་པ་དེའོ། །ཞེས་དང་། འཇུ་མི་ཕམ་གྱིས། འདི་ཡིས་རླུང་རྟ་རྒུད་པ་གསོ། །དགེ་མཚན་རྟེན་འབྲེལ་ཕྱོགས་མེད་རྒྱས། །སྙན་གྲགས་རྒྱལ་མཚན་སྲིད་ན་མཐོ། །མཆོག་ཐུན་དངོས་གྲུབ་ཡིད་བཞིན་འགྲུབ། །ཅེས་ཀྱང་གསུངས་ལ། གཞན་བསང་མཆོད་འགའ་ཞིག་ཏུ། རྣལ་འབྱོར་བའི་རྟོགས་པ་ལ་བག་ཐོན་པའི་ཐབས་སུ་འང་གསུངས་སྟེ། ཡོངས་གྲུབ་བདེ་གཤེགས་སྙིང་བོ་ལ། །ཀུན་བཏགས་གྲིབ་ཀྱིས་ཕོག་པ་བསང་། །འཁོར་འདས་བདེ་བ་ཆེན་པོ་ལ། །གཟུགས་འཛིན་གྲིབ་ཀྱིས་ཕོག་པ་བསང་། །ཞེས་དང་། བསང་ཤིང་ཤུག་པ། མཁན་པ། བ་ལུ་གསུམ་སྲེག་པའི་ཕན་ཡོན་ཡང་། ཐུའུ་བཀྭན་བསང་ཆོག་ལས། འཆི་བ་མེད་པའི་ཡོན་ཏན་བདུད་རྩིའི་ཤིང་། །དྲི་ཞིམ་སྤོས་ངད་དུད་སྤྲིན་ནམ་མཁར་འཁྲིགས། །ལྷ་འདྲེ་མི་གསུམ་རྨུགས་ཤིང་འཐིབ་པ་སེལ། །འོད་གསལ་མེ་ལྕེའི་འོད་གསལ་ཕྲེང་བར་འཕྲོ། །མ་རིག་རྨོངས་པའི་མུན་ནག་ཐམས་ཅད་སེལ། །མེ་སྟག་ཚ་ཞིང་བསྲེག་པའི་ངར་ལྡན་པས། །མནོལ་ནག་མི་གཙང་ལྗིན་ལྗིན་སྲེག་པར་བྱེད། །དེ་ལྟར་ཡོན་ཏན་ཁྱད་འཕགས་ཤིང་གསུམ་འདི། །ཞེས་དང་། བསང་ཤེས་པའི་ཕན་ཡོན་དང་མ་ཤེས་པའི་ཉེས་དམིགས་གསལ་བར་བཀོད་པ་ལས་ཁོང་གི་ཉམས་སྣང་ལ་ཆབ་མདོའི་ཕོ་བྲང་གི་དབུས་ནས་བསང་དུད་བཏང་བས། མཐོ་སྲིད་པའི་རྩེ་མོ་ནས་འོག་དམྱལ་ཁམས་བཅོ་བརྒྱད་རིགས་དྲུག་གི་སྡུག་བསྔལ་སེལ་བ་དང་། ཅི་འདོད་འཐོབ་ཚུལ་དང་། བསང་གི་དྲི་ཚོར་བ་ཙམ་གྱིས་ན་བ་སོས། ཞ་བ་དྲག འོན་པས་ཐོས། ལོང་བས་རིག ལྐུགས་པས་སྨྲ་ཤེས་ཚུལ་སོགས་རྒྱ་ཆེར་བསྟན་ཡོད།

སྤྱིར་ན་དེང་སང་བསང་མཆོད་འདི་བོད་མིའི་ཡུལ་སྲོལ་ཞིག་ཏུ་འཛིན་པ་ཤས་ཆེ་ཡང་། དེ་ལས་ཀྱང་གལ་ཆེ་བ་ནི་ལུས་ངག་ཡིད་གསུམ་གྱི་ལས་འབྲས་ཀྱི་རྟེན་འབྲེལ་ཚད་ལྡན་བྱེད་པ་འདི་གལ་ཆེ་སྟེ། ཇི་སྐད་དུ། སྣང་སྲིད་ལྷ་འདྲེ་སྡེ་བརྒྱད་ཀུན། །རང་སེམས་ཡིན་པར་ཐག་ཆོད་ཀྱང་། །བསང་མཆོད་དཀར་གཏོར་བསྔོ་བ་སོགས། །རྟེན་འབྲེལ་ཁྱད་དུ་མི་གསོད་པ། །འདི་ཡང་རྒྱུད་ཀྱི་དགོངས་པ་ཡིན། །ཞེས་གསུངས་པ་ལྟར། མཚན་ཡིག་རྣམས་སུའང་། ཆོས་ཀྱི་ལས་དང་འགལ་བའི་སྤྱོད་པ་དག། ལྷ་ལ་གསོལ་མཆོད་བགྱིས་པའི་ཅི་ལ་ཕན། །ལུས་ངག་ཡིད་ཀྱི་སྤྱོད་པ་ཚད་ལྡན་ན། །མཆོད་གསོལ་སྨོན་པའི་སྦྱོར་བ་དེ་ཡིས་འཐུས། །ཞེས་དང་། ཁྱད་པར་དུ་ཆོས་པ་ཚད་ལྡན་ཞིག་ཡིན་ན། ལྷ་བསང་ལ་དེ་འདྲའི་དོ་སྣང་མི་བྱེད་དེ། དཔེར་ན། བཀའ་གདམས་གོང་མ་རྣམས་དང་རྗེ་ཡབ་སྲས་རྣམས་ཀྱིས་བསང་ཆོག་ཕྱག་བཞེས་མཛད་མི་འདུག་ཅིང། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས། ཚོགས་ཀྱི་ཞིང་མཆོག་བླ་མ་ཡི་དམ་ལ། །གཙོ་བོར་མི་བྱེད་འཇིག་རྟེན་དྲེགས་པ་ཡི། །མིང་སྤེལ་དོ་ཤལ་རིང་བོས་མགྲིན་འཁྱུད་པ། །དེ་དག་གཤེན་རབ་བོན་པོའི་རྣམ་ཐར་ཡིན། །ཞེས་ཀྱང་གསུངས་སོ། །

༩ བསང་ལ་བརྟག་ཚུལ། ལྷ་བསང་ལ་བརྟག་ཚུལ་ཞིག་འཇུ་མི་ཕམ་གྱིས﹙ལྕགས་པར་དེབ་གྲངས་བཅུ་དགུ་ཤོག་ངོས༣༨༠ནས༣༨༡ བར﹚གསུངས་པ་འདིར་བཀོད་ན། དེ་ཡང་བསང་ཕོར་གྱི་ནང་དུ་བདུད་རྩི་ཅན་གྱི་ཤིང་གསུམ་ཧ་ཅང་མི་མང་ཧ་ཅང་མི་ཉུང་བ་དང་འོ་སྐོལ་བསྲེགས་ལ་ཆབ་བྲན་ནས་བཞག་པས། དུ་བ་ལེགས་པར་འཐུལ་ཞིང་འབར་སྐྱེན་ན་རླུང་རྟ་དར། དོན་འགྲུབ་པ་ལ་ཚེགས་མེད། ཤིན་ཏུ་འབར་དཀའ་ན་དོན་མི་འགྲུབ། དུ་བ་གྱེན་དུ་དྲང་ཐལ་ལེ་འགྲོ་བ་རླུང་རྟ་དར་བའི་རྟགས། གཡས་སུ་འཁྱིལ་ཞིང་ཕྱུར་ཕྱུར་འགྲོ་ན་ཕོ་ལྷ་དར། གཡོན་དུ་འཁྱིལ་ཞིང་དལ་བ་མཛེས་ན་ཕུག་ལྷ་ལྷ་མོ་དགྱེས། ཁ་དོག་དཀར་ན་ལྷ་ལ་མནོལ་བག་མེད་པས་ངོ་སོ་མཐོ། སྔོན་པོ་མཐིང་འོད་འཚེར་ན་བཟང་། སྔོ་དམར་བྱུང་ན་ལྷ་འཁྲུགས་ངོ་། དབྱིབས་བཀྲ་ཤིས་པའི་རྫས་དང་། དཔག་བསམ་ཤིང་། སྤྲིན་རིས། འབྲུག་ལྟ་བུ་བཟང་། ཚུབ་ཚུབ་པོ་ཧོར་ཆོད་ཅན་བར་ཆད་ཆེ། གནམ་རྡོ་ལྷུང་བ་དང་། རྦབ་འདྲིལ་བ་དང་། ཕད་རྩེ་ནག་པོ་དང་། བ་ལང་གི་མགོ་དང་། སྲིན་པོའི་གདོང་ལྟ་བུ་སོགས་ཡིད་དུ་མི་འོང་བ་བཀྲ་མི་ཤིས་པའི་ངོ་། དྲི་ཞིམ་ཞིང་གཙང་ལ་མདོག་དབྱིབས་ཡིད་དུ་འོང་ན་དོན་འགྲུབ། དེ་ལས་ལྡོག་ན་མི་དགེ་ཞིང་ངན། ཕྱིས་བཟང་དུ་བྱུང་ན། རིམ་འགྲོས་འགྱུར་ཏེ། དང་བོ་བཟང་། ཕྱིས་ངན་དུ་སོང་ན་བར་ཆད་ཆེ་བས་གཟབ། དུ་བ་ལྷ་གཞི་དང་རྣལ་འབྱོར་ལ་འཁྱིལ་ཞིང་གྱེན་དུ་འགྲོ་ན་ལྷས་མགོན་པས་བཟང་། ཞེས་དང་།

མཁས་གྲུབ་ཀརྨ་ཆགས་མེད་ཀྱིས་བསང་དུད་ལ་བརྟགས་ཏེ། ངན་ན་སྲུང་བཟློག་བྱ་ཚུལ་བསྟན་པ་ནི། དུ་བ་དཀར་བོས་ལྷ་དགྱེས་ཞི་བའི་ལས་འགྲུབ། ནག་པོས་བདུད་རྨུགས་གྲིབ་ཀྱི་ངོ་ཁྲུས་དང་གྲིབ་སེལ་བྱ། དམར་པོས་བཙན་དང་ས་བདག་གདོན། ས་བདག་འཁྲུགས་བཅོས་བྱེད། དཀར་ནག་འདྲེས་ན་བྱད་ཀས་གདོན། བྱད་ཟློག་བསྲུང་བ་བཟློག་པ་གསུམ། སེར་བོས་ཡུལ་ལྷ་གཞི་བདག་གནོད། བུམ་གཏེར་གཞུག་ཅིང་ཡུལ་ལྷ་མཆོད། སྦལ་སྦྲུལ་འདྲ་བ་ཀླུ་ཡིས་གདོན། །ཀླུ་མཆོད་ཀླུ་ཆོག་བུམ་གཏེར་སྦ། །སྤྲིན་ཕུང་འདྲ་ན་ལོངས་སྤྱོད་རྒྱས། །གཡས་གཡོན་དུ་ནི་མ་སོང་ནས། །དུ་བ་གནམ་དུ་ཤ་ལེར་སོང་། །གནམ་སྒོ་གཅོད་ཅིང་གནམ་ཐིལ་བཀལ། །ས་ལ་འཁྱིལ་ཞིང་གྲམ་པ་ནི། །ས་སྒོ་བྱེ་བས་ས་སྒོ་བཅད། །འགུགས་ཤིང་བན་བུན་སོང་བ་ན། །བསེ་རག་འགོང་བོ་རྒྱལ་བོའི་གདོན། །ཚག་སྒྲ་ཆེ་ཞིང་དུ་བ་འཐོར། །དགྲ་དང་ཆོམ་རྐུན་འུར་ཟིང་འོང་། །དང་བོའི་དུས་སུ་མེ་འབར་དང་། །རྗེས་ནས་མེ་ནི་འབར་ན་བཟང་། །ཐལ་བ་དཀར་དང་ཁམ་པ་རྣམས། །དངོས་གྲུབ་འབྱུང་དང་ན་ཚ་མེད། །ནག་དང་རྨུགས་ན་མནོལ་གྲིབ་འོང་། །དུ་བ་འཁྲུགས་ཤིང་འཐིབས་པ་ན། །ན་ཚ་སྡུག་བསྔལ་མྱ་ངན་འོང་། །དྭངས་ཤིང་དགུང་དུ་འཁྲིགས་ན་བཟང་། །གཞན་ཡང་ཤར་འབར་བཀྲ་ཤིས་ཤིང་། །དོན་གྲུབ་ལྷ་མཉེས་བདེ་སྐྱིད་ལྡན། །ལྷོར་འབར་ལས་བཞིའི་ཕྲིན་ལས་འགྲུབ། །ནུབ་འབར་ནད་ངོ་གྲིབ་ངོ་ཆེ། །བྱང་འབར་ཆོམ་རྐུན་དགྲ་ངོ་ཡོད། །ཤར་ལྷོར་ཞི་བའི་ལས། ལྷོ་ནུབ་རྒྱས་པའི་ལས། ནུབ་བྱང་དབང་གི་ལས། བྱང་ཤར་ནས་འབར་ན་ལོངས་སྤྱོད་ལས་རྣམས་འགྲུབ། དབུས་ནས་འབར་ན་ཡོན་མཆོད་ཀུན། བསམ་པ་འགྲུབ་ཅིང་བདེ་སྐྱིད་ལྡན། མི་ཕྱུགས་ནད་མེད་སྲུང་སྒབ་དྲོ། ཞེས་གསུངས་སོ། །

འཛམ་གླིང་སྤྱི་བསང་།

བོད་ཟླ་ལྔ་བའི་ཚེས་བཅོ་ལྔར་དབུས་གཙང་ཁུལ་དུ་འཛམ་གླིང་སྤྱི་བསང་ཞེས་པའི་དུས་སྟོན་གཏོང་སྲོལ་ཡོད། དེ་ཇི་ལྟར་དར་བའི་ཁུངས་ནི། ཉིན་དེར་གུ་རུ་མཚོ་སྐྱེས་རྡོ་རྗེས་བོད་ཀྱི་ལྷ་སྲིན་གདུག་པ་ཅན་ཐམས་ཅད་བཀའ་བཞག་དམ་འདོགས་དང་། རྣམ་དཀར་འཕྲིན་ལས་སྒྲུབ་པར་གཉེར་གཏད་དེ། བསམ་ཡས་གཙུག་ལག་ཁང་ལེགས་གྲུབ་བྱུང་བས། དེ་དག་ལ་བཏང་རག་མཚོན་བྱེད་དུ་ཧད་པོ་རིའི་རྩེ་མོར། རྒྱགས་རྔན་ལྷ་བསང་གི་འདོན་ཆོས་བརྩམས་ཏེ། བསང་མཆོད་རྒྱ་ཆེན་གནང་བ་འདི་ཡིན།

གཞན་ཡང་། རྒྱལ་བོ་མུ་ནེ་བཙན་པོས། ལྷ་ས། ཁྲ་འབྲུག བསམ་ཡས་ཆོས་འཁོར་གསུམ་ལ། སྡེ་སྣོད་གསུམ་གྱི་མཆོད་རྒྱུན་བཙུགས་པའི་ཡ་གྱལ་ལྷ་ས་འདུལ་བའི་མཆོད་པ་ཞེས་གྲགས་པའི་ལམ་སྲོལ་འཛིན་པའི་རྗེས་དྲན་གྱི་ཟླ་བ་དེའི་ཡར་ངོའི་ཚེས་བཟང་ཞིག་ལ། གཞུང་ཕྱོགས་ནས་ཀྱང་དབྱར་གསོལ་ཞེས། གནས་ཆུང། དགའ་བ་གདོང་སོགས་གཞུང་བསྟེན་སྲུང་མ་རྣམས་ལ་གསོལ་མཆོད་རྒྱ་ཆེར་བཏང་སྟེ། ལྷ་འབེབས་གནང་ནས། རྒྱལ་བསྟན་ཆབ་སྲིད་སྐོར་བཀའ་ལུང་ཞུས་པ་དང་། དབྱར་གསོལ་གྲོལ་རྗེས་སྡེ་བ་གཞུང་གི་ལས་གཉེར་ཁག་སྐྱོ་སངས་ཉིན་འགར་གཏོང་བར་མ་ཟད། ལྷ་བ་རྣམས་ཀྱིས་གཟབ་འཆོར་གང་ལེགས་སྤྲས་ཏེ། དཔལ་ལྷ་ཅོག་དང་། གཙང་བོའི་འགྲམ། གླིང་བསྐོར། རི་རྩེ་སོགས་སུ་ལྷ་སྲུང་སྤྱི་ལ་གསོལ་མཆོད་གཟབ་རྒྱས་གཏོང་། གཞུང་འབྲེལ་མ་ཡིན་པའི་ལྷ་འབེབས་གནང་བ་དང་། ས་ཆ་འགར་འཆམ་རྒྱག་སྲོལ་ཡང་ཡོད།

གཞན་གླིང་སྒྲུང་འཛམ་གླིང་སྤྱི་བསང་ལས། ཛམ་གླིང་གེ་སར་རྒྱལ་བོས་རྟ་རྒྱུགས་སྐུགས་སུ་བཞག་ནས། གླིང་དཀར་སྟོད་ཀྱི་གསེར་ཁྲི་དང་། སྒ་སྐྱ་ལོའི་འབྲུག་མོའི་སྐྲ་བདག་བླངས་རྗེས། ཟླ་ལྔ་བའི་ཚེས་བཅུ་གསུམ་ཉིན་རྨ་རྒྱལ་སྦོམ་རའི་ལབ་བསྟོད་དུ་རྒྱལ་བློན་ཧྲག་བསྡུས་ཀྱིས་རྨ་ཀུ་རའི་ལྷ་རི་ཁྱུང་རྩེར་འཚོགས་ཏེ། འཛམ་གླིང་སྤྱི་བསང་ཞིག་བཏང་བའི་རྣམ་པ་འཁོད་པ་ནི། འདིར་འབྲེལ་ཆེ་བས་འདི་ལྟར། ཕུན་སུམ་ཚོགས་པའི་བསང་རྫས་ཡངས་ཤིང་རྒྱ་ཆེ་བ་གསོས་ཁར། ཁ་དོག་སྣ་ལྔའི་དར་ཕྲེང་། གཞན་ཡང་། མཛེས་སྡུག་གཟུགས་ཀྱི་བྱེ་བྲག་སྙན་འཇེབས་རོལ་མོའི་སྒྲ་དབྱངས། རེག་འཇམ་ལྷ་རྫས་ཀྱི་གོས་བཏགས། གྱ་ནོམ་པའི་འདོད་ཡོན་གྱི་རྣམ་པ་འབུམ་ཕྲག་མང་བོས་མཆོད་ཅིང་། དེའི་སྐབས་སུ་མཁའི་སྤྲིན་སྔོན་གྱི་བླ་བྲེ། བར་སྣང་འཇའ་ཚོན་གྱི་ཀ་བ། ས་གཞི་མེ་ཏོག་གི་ཆར་བ། སྔར་མེད་པའི་དགེ་མཚན་གྱི་སྣང་བ་འབུམ་ཕྲག་གསར་དུ་བརྡོལ་ཞིང་། གླིང་དཀར་ལྷ་བསང་བ་རྣམས་ཀྱིས་སྐྱིད་པའི་གླུ་བླངས། སྤྲོ་བའི་དར་འཕྱར། སྙན་པའི་དུང་བུས། གསེར་གྱི་རྔ་ཆེན་བརྡུང་ཞིང་ཀི་སྭོ་ལྷ་རྒྱལ་གྱི་སྒྲ་སྐད་ལྡིར་ཞིང་མཆོད་པའི་ཚེ། རྩ་གསུམ་དམ་ཅན་སྲུང་མ།  དཀར་ཕྱོགས་ཡུལ་ལྷ་གཞི་བདག་མང་བོས་དགྱེས་པའི་ཞལ་བསྟན། འཛུམ་པའི་མདངས་བྱུང་། སྙན་པའི་གསུང་ཐོས། མགོན་སྐྱབས་དང་སྡོངས་གྲོགས་མཛད་པར་ཞལ་གྱིས་བཞེས་ཤིང་། དེ་ནས་རྒྱལ་བློན་རྣམས་ཀྱིས་ཇ་ཆང་གི་ཕུད་སྐྱེམས། ཤ་ཐུད་ཀྱི་གསོལ་འདྲེན། ཕྱེ་མར་གྱི་སྡེར་ཁ་བསྒྲིགས། དཔའ་ཐུལ་ལ་ལས་རྟ་རྒྱུགས་དང་མདའ་འགྲན་བཅས་དགའ་སྤྲོ་ཁོལ་བའི་ངང་གནས་དེ་ནས་ཞག་མལ་གནང་སྟེ་ཕྱིར་ཕེབས། ཞེས་སོ། །

ཚ་གསུར།

༡ ཚ་གསུར་གྱི་ཁུངས་དང་སྣོད་རྫས། ཚེ་འཕོས་པ་ཇི་ལྟར་འགྱུར་བའི་མདོ་﹙བཀའ་འགྱུར་མདོ་╜ལ╝དུམ་པ ༢༣༡ ན ༢﹚ལས ། ཚེ་འཕོས་པ་སྐྱེ་བ་མི་ལེན་པར་གཤིན་པོ་འཇིག་རྟེན་ན་ཡོད་ན། བཟའ་བཏུང་དང་ཞོན་པ་དང་གོས་དང་རྒྱན་དག་བདག་པོར་བྱེད་པ་ནི་མ་ཡིན་ནོ། །ཞེས་དང་། རྒྱལ་བོ་ལ་གདམས་པའི་མདོ﹙╜ལ╝དུམ་པ ༢༣༠ ན ༧﹚ལས། ཀྱེ་རྒྱལ་བོ་ཆེན་པོ་ཚེ་འཕོས་པའི་ཕ་སྤད་དང་སྤུན་གཅིག་ལ་ཉེ་འབྲེལ་འཛིན་པ་ཕན་པར་འདོད་པ་རྣམས་ད་ལྟ་མ་ཤི་བ་ལུས་དང་ལྡན་པ་ཡང་གཅིག་ཡུལ་གཞན་དུ་སོང་ན། དེ་ལ་ཕའམ་མའམ་བུའམ་སྤུན་གང་ཡང་རུང་བས་ཟས་སྐོམ་མང་བོ་སྦྱིན་ནོ་གསོལ་ལོ་ཞེས་བསྔོས་པ་ཡང་། ཡུལ་གཞན་དུ་སོང་བའི་རྨི་ལམ་དུ་ཡང་མི་འབྱུང་ན་དངོས་སུ་ཟ་ཞིང་འཐུང་བ་ལྟ་ག་ལ་ཡོད། ཚེ་འཕོས་ནས་ལུས་དང་བྲལ་བ་ལ་བསྔོས་ཤིང་གཏད་པ་ཟ་ཞིང་འཐུང་བ་ལྟ་ག་ལ་ཡོད། ཅེས་གསུངས་པ་རྣམས་ལ་དགོངས་ནས་མེ་ལ་རྫས་བཏབ་སྟེ་གསུར་ཕུད་སྲོལ་འདི། བུ་སྟོན་སོགས་ཀྱིས་ཁུངས་མ་མཐོང་བར་གསུངས་ལ། ཁྱད་པར་དུ་རྒྱལ་དབང་ལྔ་བས། ཚ་གསུར་གྱི་ཆོ་གའི་རིམ་པ་ཡིད་བཞིན་འདོད་འཇོ་ལས། མེ་ལ་རྫས་བཏབ་པའི་གསུར་འདི་བསྟན་པ་ཕྱི་དར་གྱི་མདོ་རྒྱུད་མན་ངག་ཏུ་གསལ་བ་ཡོད་མེད་རང་གིས་བརྟགས་ཤིང་། མང་དུ་ཐོས་པའི་རིགས་དུ་མར་དྲིས་ཀྱང་ཁུངས་རྙེད་ས་མེད་པ་འདྲ། གསང་སྔགས་རྙིང་མའི་ཕྱོགས་ལ་ཡོད་དོ་ཞེས་ཐམས་ཅད་མགྲིན་པ་བཏེག་ནས་སྨྲ་ནའང་། རྙིང་མའི་རྒྱུད་འབུམ་དུ་ངོ་སྤྲོད་པ་མ་བྱུང་། བླ་མ་དགོངས་འདུས་སུ་ཡོད་ཟེར་ཡང་ལྒིགས་བམ་དང་ཐོབ་ཡིག་བསྡུར་ནས་བཙལ་ཀྱང་མ་རྙེད། གཏེར་ཁ་གོང་འོག་གི་ཡིན་ཟེར་བའི་དཔེ་འཁྱར་འདྲ་མཐོང་ཡང་། གཏེར་གཞུང་ཚད་མ་ཡིད་ཆེས་ཀྱི་ཡི་གེར་མི་འདུག་ཅིང་། ཁོ་བོས་གཏེར་ཁ་དེ་གཉིས་གཙོ་བོར་གྱུར་བའི་གཏེར་སྟོན་བརྒྱད་ཅུར་ཉེ་བའི་ཆོས་ཁ་མནོས་རུང་དེའི་ཁྲོད་དུ་ཡེ་མ་བྱུང་བ། སྔགས་རྙིང་མའི་ལུགས་ལ་ཡོད་ཅེས་མགྲིན་པ་བཏེག་ནས་སྨྲ་བར་མི་ནུས་མོད། ཅེས་དང་། ཡང་ཁོང་གིས་སྡེ་བ་བློ་བཟང་མཐུ་སྟོབས་ཀྱི་ཉམས་ལེན་ལ་གནང་བའི་གསུར་ཆོག་དང་དཀར་ཆ་བཞིའི་ངག་འདོན་ཕན་བདེའི་འདོད་འཇོ་ལས་ཀྱང་དེ་ལུགས་སུ་གསུངས་སོ། །

ཡིན་ནའང་། བསྟན་དར་ལྷ་རམས་པས། ལྔ་བ་ཆེན་པོས་ཚ་གསུར་ལ་ཁུངས་མེད་དུ་བཞེད་པ་མ་ཡིན་པར། རྒྱུད་སྡེ་ཉེར་སྤྱོད་ཀྱི་མཆོད་པའི་ནང་གི་བདུག་སྤོས་ཕུལ་བའི་ཚིག་ཇི་སྙེད་པ་དང་། འདོད་ཡོན་ལྔའི་དྲི་ཕུལ་བའི་ཚིག་ཇི་སྙེད་བྱུང་བ་ཐམས་ཅད་ཁུངས་སུ་བཞེད་ལ། དེ་ལྟར་ན། ངན་སོང་སྦྱོང་རྒྱུད﹙རྒྱུད་╜ཇ╝དུམ་པ་༤༨༧ བ ༤﹚ལས། ངན་སོང་གི་དཀྱིལ་འཁོར་གྱི་ལམ་དུ་ཇི་ལྟར་གནས་པའི་བདེ་བའི་བདག་ཉིད་གནས་སྐབས་ཅན་དེ་དག་ཀྱང་དགའ་བ་དང་མགུ་བ་དམ་པ་དང་བདེ་བ་དང་ཡིད་བདེ་བ་མྱོང་བར་བགྱི་བ་དང་། ངན་སོང་གི་རྒྱུད་ཐམས་ཅད་དུ་འཇུག་པར་ཁ་བལྟས་པའི་ལམ་ལས་བཟློག་པར་བགྱི་བའི་སླད་དུ། རྡོ་རྗེ་ཧཱུཾ་མཛད་ཀྱི་དཀྱིལ་འཁོར་དུ་འཇུག་པར་རུང་ངོ་། །ཞེས་དང་། བཟང་སྤྱོད་སྨོན་ལམ་ལས། བདུག་སྤོས་དམ་པ་ཡིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །ཞེས་དང་། སྤྱོད་འཇུག་ལས། སྤོས་མཆོག་ཡིད་འོང་དྲི་ངད་ཁྱབ་པ་ཡི། །བདུག་པའི་སྤྲིན་ཚོགས་རྣམས་ཀྱང་དེ་ལ་འབུལ། །ཞེས་དང་། དཔེ་ཆོས་ལས། དཔེར་ན། མི་ཆུས་འཁྱེར་བ་ལ་ནུས་པ་ཅི་ཡང་མེད་པ་ལ། སྐམ་ས་ན་ཡོད་པའི་མིས་སྐྲ་འམ་གོས་ལ་སོགས་པ་གང་ནས་འཐེན་ཀྱང་སྐམ་སར་ནར་གྱིས་འདྲོངས་པ་ལྟར། སེམས་ཅན་ཤི་བ་རྣམས་ལས་ཀྱི་རླུང་གིས་དེད་ནས་གར་སྐྱེ་རང་དབང་མེད་ཅིང་། བདེ་སྡུག་གི་འདམ་ཁ་བྱ་དབང་མེད་པ་ལ། ཤུལ་ན་འདུག་པའི་ཉེ་དུའི་འབྲེལ་བ་རྣམས་ཀྱིས་ཤི་བ་དེའི་དོན་དུ་སྡིག་པ་དང་མ་འདྲེས་པའི་དགེ་བ་ལ་འབད་ཅིང་དེའི་དོན་དུ་སྨོན་ལམ་བཏབ་ན། དགེ་བའི་རྩ་བ་དེ་དག་ཕྱི་བཞིན་དུ་རྗེས་སུ་འབྲང་ཞིང་དེ་སྡུག་བསྔལ་གང་ཡིན་པ་ལས་ཐར་ངེས། ཞེས་དང་། ཡང་། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་ཚ་གསུར་ན་མགྲོན་ཚན་བཞི་ཕྱེས་པ་ལས། དཀོན་མཆོག་སྲི་ཞུའི་མགྲོན་གྱི་དབང་དུ་བཏང་ན། ཐམས་ཅད་གསང་བ་ཞེས་བྱ་བའི་རྒྱུད་ལས། དེ་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་དུ་རུ་ཀའི་བདུག་པའམ། ཅི་བདོག་པས་གསོལ་ཏོ། །ཞེས་དང། ནག་པོ་ཆེན་པོའི་སྒྲུབ་ཐབས་ལས། དུག་དང་ཁྲག་དང་སྒོག་པ་དང་ཡུངས་དཀར་རྣམས་ཀྱིས་ནག་པོ་ཆེན་པོ་ལ་སྤོས་ཕུལ་ནས་དང་། གསང་བ་འདུས་པའི་རྩ་རྒྱུད་ལས་ཀྱང་། དྲི་ལ་རྣམ་གསུམ་ཤེས་བྱས་ནས་དང་། མདོ་སྡེར་གཏོགས་པའི་ལུང་ཡང་། སྤྱོད་འཇུག་ལས། བདུག་སྤོས་ཡིད་འཕྲོག་དྲི་ངད་ཁྱབ་པ་ཡི། །བདུག་པའི་སྤྲིན་ཚོགས་རྣམས་ཀྱང་དེ་ལ་འབུལ། །ཞེས་སོགས་མདོ་རྒྱུད་དང་རྒྱ་གཞུང་ཇི་སྙེད་ཅིག་གསུངས་པ་ཡང་ཚ་གསུར་གྱི་ཁུངས་སུ་འགྲོ་སྟེ། ཚུལ་འདི་ལ་དགོངས་ནས། ཀུན་གཟིགས་ལྔ་བ་ཆེན་པོས་ཀྱང་ཚ་གསུར་འདི་ཡུལ་གོང་མ་རྣམས་ལ་ཉེར་སྤྱོད་ཀྱི་ནང་གི་བདུག་སྤོས་ཕུལ་བ་དང་ཕྱོགས་མཚུངས་གསུངས་པའང་དོན་ལ་གནས་སོ། །

ཚ་གསུར་གྱི་སྣོད་ནི། གས་ཆག་ཅན་དང་། ལག་པ་ཁྲུས་པ། ཡང་ན། ཚེ་འདས་དེ་ཉིད་ཀྱི་ཟས་ལྷག་གོས་རྙིང་ཤ་ཆང་སྒོག་ཙོང་སོགས་བསྲེ་བ། འོད་ཅན་སོགས་གཏན་ནས་མི་རུང་ངོ་། །སྣོད་བསྐྱེད་པ་ནི། སྟོང་བའི་ངང་ལས་བྷྲཱུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས། ཞེས་རྣམས་ཞེས་མང་ཚིག་གསུངས་པ་ནི་མགྲོན་ཚན་རེ་ལ་སྣོད་རེ་བསྐྱེད་པ་སྟེ། པཎ་ཆེན་གྱི་ཚ་གསུར་ཡིད་ལ་འདོད་འཇོ་ན་གསལ་ལོ། །

རྫས་ནི་ཟས་སྣ་ལོངས་མ་སྤྱད་པ་གང་བཟང་དང་། དར་གོས་སྣམ་སོགས་གཙང་མ་དང་། འབྲུ་སྨན། དྲི་རྙིང་རིན་པོ་ཆེ་སོགས་ཕྱེ་མ་སོགས་རུང་ངོ་། །རང་བྱུང་རྡོ་རྗེའི་དཀར་གསུར་ཞིང་ཁམས་ཀུན་ཁྱབ་ལས། དཀར་ཕྱེ་གཙང་མ་མར་གྱི་ཁུ་བས་སྦགས་པ་སྣུམ་བག་ཅན་གྱི་ཁྲོད། ཤིང་ཏོག་དཀར་གསུམ། མངར་གསུམ། རིན་པོ་ཆེ། བདུད་རྩིའི་ཕུར་མ་སོགས་ཀྱང་བཏགས་ནས་འདྲེས་པར་བྱས་པ་སོལ་མེ་དང་། སོ་ཏོག་ལ་སོགས་མ་ཡིན་པའི་མེ་ཐལ་འཇམ་པོ་ལ་བཏབ། ཆུ་གཙང་ཁོ་ནས་བྲན། ཞེས་སོ། །

༢ ཚ་གསུར་གཏོང་ཡུལ་ནི། གདུགས་དཀར་མཆོག་གྲུབ་མ་ལས། ཟས་སུ་དྲི་ཟ་བ་དང་། ཟས་སུ་བདུག་པ་ཟ་བ་དང་། ཟས་སུ་སྦྱིན་སྲེག་ཟ་བ་སོགས་འབྱུང་བ་ལྟར། དྲི་ཟ་སྤྱི་དང་། ཁྱད་པར་དུ་བསད་ལྕེབས་གཡང་ལ་ལྷུང་བ་དང་། བར་དོ་འཁྱམས་པའི་སེམས་ཅན་སོགས་ལ་སྦྱིན་པ་གཏོང་བ་སྟེ། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་མཛད་པའི་ཚ་གསུར་གཏོང་ཚུལ་ལས། དྲི་མཆོག་འདོད་ཡོན་ལྔ་ལྡན་པའི། །ཟག་མེད་གསུར་གྱི་མཆོད་པ་འདི། །བླ་མ་ཡི་དམ་དཀོན་མཆོག་གསུམ། །མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་དང་། །དྲི་ཟའི་རྒྱལ་བོ་རབ་དགའ་དང། །དྲི་ཟའི་ཚོགས་རྣམས་མ་ལུས་དང་། །མར་གྱུར་རིགས་དྲུག་སེམས་ཅན་དང་། །ཡུལ་ལྷ་གཞི་བདག་ཚོགས་རྣམས་དང་། །གསུངས་པ་ལས། གསུར་ཡུལ་དུ་བླ་མ་ཡི་དམ་དང་། མཁའ་འགྲོ་ཆོས་སྐྱོང་སོགས་ཀྱང་འགྲོ་བ་གསལ་ལ། འདིར་ལྷ་བསང་དང་མི་འདྲ་ས་ནི། མཛོད་ལས། དྲི་ཟ་སེམས་ཅན་བར་མའོ། །གསུངས་པ་ལྟར། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས། ཁྱད་པར་ཁ་སང་དེ་རིང་བར། །བསད་ལྕེབས་ཤི་ནས་སྔ་ལུས་བོར། །ཕྱི་ལུས་མ་རྙེད་བར་དོ་ཡི། །ཇི་སྙེད་སེམས་ཅན་ཐམས་ཅད་ལ། །ཞེས་བར་དོ་འཁྱམས་པའི་སེམས་ཅན་ལ། འཇིགས་སྐྲག་འཁྲུལ་སྣང་དང་། ངན་འགྲོའི་སྡུག་བསྔལ་ལས་གྲོལ་ཏེ། དལ་འབྱོར་གྱི་རྟེན་བཟང་འཐོབ་པ། ས་ལམ་རིམ་བགྲོད་ཀྱིས་རྫོགས་བྱང་གི་གོ་འཕང་འཐོབ་པར་གསུངས་པ་ནི་ཚ་གསུར་གྱི་ཆེད་དམིགས་ཡིན་ལ། དེ་བས་གཙོ་ཆེར་ལྷ་བསང་ནི་ཡས་མགྲོན་དང་འཇིག་རྟེན་པའི་ལྷ་ཐུ་བོ་ཆེ་རྣམས་ལ་འཕྲིན་བཅོལ་དང་ཚོགས་གསོག་བྱ་ཚུལ་ཞིག་དང་། ཚ་གསུར་ནི་དེ་དག་ལས་གཞན། ཡི་དྭགས་དང་བར་དོ་བ་སོགས་ཉམ་ཐག་འགྲོ་བ་ལ་སྙིང་རྗེས་ཕུལ་ཏེ་བཀྲེས་སྐོམ་སེལ་བར་ཆེད་དམིགས་ཀྱིས་ཚོགས་གསོག་བྱ་ཚུལ་ཞིག་ཡིན་ནོ། །

སྤྱིར་ན། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་ཚ་གསུར་གྱི་ཡུལ་ལ་མགྲོན་ཚན་བཞིར་ཕྱེས་ཡོད་པ་ནི། ༡ དཀོན་མཆོག་སྲི་ཞུའི་མགྲོན་དུ་སྤྱན་འདྲེན་པ་ནི། མཉམ་མེད་ཤཱཀྱའི་རྒྱལ་བོ་ལ། དྲིན་ཆེན་རྩ་བརྒྱུད་བླ་མ་དང་། །རྒྱུད་སྡེ་བཞི་འབྲེལ་ལྷ་ཚོགས་དང་། །དུས་གསུམ་བདེ་གཤེགས་དམ་པའི་ཆོས། །ཚོགས་བཅས་དཀོན་མཆོག་གསུམ། ཞེས་མཆོག་ཐུན་གྱི་དངོས་གྲུབ་སྩོལ་ཕྱིར་འདྲེན་པ་དང་། ༢ ཡི་དམ་ཆོས་སྐྱོང་ཡོན་ཏན་གྱི་མགྲོན་དུ་སྤྱན་འདྲེན་པ་ནི། ཕྱག་ན་རྡོ་རྗེ་ལ། མྱུར་མཛད་མགོན་པོ་འཁོར་བཅས་དང་། །ཆོས་ཀྱི་རྒྱལ་བོ་རྣམ་ཐོས་སྲས། །གུར་མགོན་ཞལ་དང་ཕྱག་བཞི་བ། །དམག་ཟོར་དྲེགས་པ་ལྕམ་སྲིང་དང་། །གཙང་མའི་རིས་ཀྱི་མགོན་པོ་སོགས། །ཆོས་བཞིན་སྐྱོང་བ་ཐམས་ཅད་དང་། །གནས་གསུམ་དག་ན་བཞུགས་པ་ཡི། །དཔའ་བོ་མཁའ་འགྲོའི་ཚོགས། ཞེས་བར་ཆད་སེལ་ཕྱིར་དུ་འདྲེན་པ་དང་། ༣ རིགས་དྲུག་སྙིང་རྗེའི་མགྲོན་དུ་སྤྱན་འདྲེན་པ་ནི། འཕགས་པ་སྤྱན་རས་གཟིགས་ལ། འགྲོ་བ་རིགས་དྲུག་ལམ་རྒྱུད་ལྔ། །སྐྱེ་གནས་རྣམ་པ་བཞིས་བསྡུས་པའི། །དྲིན་ཅན་ཕ་མར་གྱུར་བ་ཡི། །མཁའ་མཉམ་འགྲོ་བའི་ཚོགས་ཞེས། སྦྱིན་པའི་ཡུལ་དུ་འདྲེན་པ་དང་། ༤ གདོན་བགེགས་རྣམས་ལན་ཆགས་བུ་ལོན་བྱང་ཕྱིར་སྤྱན་འདྲེན་པ་ནི། རྟ་མགྲིན་དབང་བོ་ལ། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་། །གདོན་རིགས་སུམ་བརྒྱ་དྲུག་ཅུ་དང་། །བྱིས་པའི་གདོན་ཆེན་བཅོ་ལྔ་སོགས། །སྟེང་འོག་བར་གསུམ་དབྱེ་བ་ཡི། །གདོན་བགེགས་འབྱུང་བོ། ཞེས་དང་། ཐོག་མེད་དུས་ནས་ད་ལྟའི་བར། །བསད་དང་བཅིངས་དང་བརྡེག་པ་དང་། །འཕྲོག་དང་བརྐུས་ལ་སོགས་པ་ཡིས། །ལན་ཆགས་ཤ་འཁོན་གཉེར་བ་དང་། །བུ་ལོན་ཆགས་པ་རྣམས། ཞེས་སྡིག་སྒྲིབ་བྱང་ཕྱིར་འདྲེན་པའོ། །དེ་ལྟར་མགྲོན་ཚན་བཞི་བོ་སྒྲུབ་པ་པོའི་མདུན་གྱི་ནམ་མཁར་ཁྲ་ལམ་མེར་སྤྱན་དྲངས་ཏེ་སྟེང་འོག་དང་། འོག་མའི་གཡས་གཡོན་སུ་གསལ་བཏབ་སྟེ་གོ་རིམ་བཞིན་བཞུགས་པའི་མོས་པ་བྱའོ། །མགྲོན་ཚན་བཞི་བོ་ལ་གསུར་འབུལ་ཚུལ་ཡང་། རིམ་པ་བཞིན། རྒྱལ་བོ་ལ་དཔྱ་ཁྲལ་འབུལ་བ་དང་། གྲོགས་མཆེད་ལ་སྟོན་མོ་འགྱེད་པ། ངན་སློང་ལ་སྦྱིན་པ་གཏོང་བ་དང་། བུན་བདག་ལ་བུ་ལོན་འཇལ་བའི་ཚུལ་དུ་བསྔོ་ཞིང་། ལྷག་པར་མཆོད་སྦྱིན་གྱི་འཁོར་གསུམ་པོ་རང་བཞིན་མེད་བཞིན་དུ་སྣང་བ་སྒྱུ་མ་ལྟ་བུའི་ངང་ནས། ཡས་མགྲོན་ལ་དད་པས་ཕུལ་བས་ཟག་མེད་བདེ་སྟོང་གསར་དུ་འཁྲུངས་ཏེ་དགྱེས་པར་བསམ་པ་དང་། མས་མགྲོན་ལ་སྙིང་རྗེས་བསྔོས་པས་ལུས་སེམས་ཚིམ་ཞིང་མགུ་ནས་ཐབས་ཤེས་ཀྱི་རྟོགས་པ་ཁྱད་པར་ཅན་འཁྲུངས་པའི་དམིགས་པ་འཛིན་དགོས་སོ། །

ཡང་མི་ཕམ་པས། རིགས་དྲུག་སྙིང་རྗེའི་མགྲོན་རྣམས་དང་། །ཁྱད་པར་ཕྱོགས་འདིར་རྒྱུ་བ་ཡི། །བགེགས་རིགས་ལན་ཆགས་ཤ་འཁོན་ཅན། །ཟ་འདྲེ་ཤི་གཤེད་གྲེ་ཕོ་མོ། །ནད་བདག་རིམས་བདག་གོད་ཁའི་བདག། ཡུལ་འདྲེ་རྦད་འདྲེ་ཉེ་དུའི་འདྲེ། །ཆགས་དང་འཇུངས་པའི་འདུ་ཤེས་ཀྱིས། །མི་དང་ནོར་ཕྱིར་འབྲང་བ་འམ། །ཕྲག་དོག་སྡང་བའི་བསམ་པ་ཡིས། །གནོད་པ་རྩོམ་པའི་རིགས་ཀུན་དང་། །དྲི་ཟ་སྲིད་པ་བར་མའི་འགྲོ། །ལྟོགས་འགོང་བསེ་རག་ཡི་དྭགས་རིགས། །སྲིད་པར་ལས་ཀྱི་དབང་སོང་བའི། །སྣ་ཚོགས་གཟུགས་ཅན་ཀུན་ཏུ་རྒྱུ། །སྣ་ཚོགས་ཟས་ཅན་ཡོངས་འཚོལ་ཅན། །བསམ་སྦྱོར་སྣ་ཚོགས་མི་འདྲ་བ། །གནོད་པ་སྣ་ཚོགས་ཀུན་ཏུ་སྦྱོར། །དབང་ཆེན་དབང་ཆུང་སྣ་ཚོགས་པའི། །གདོན་བགེགས་འབྱུང་བོ་ཐམས་ཅད་ལ། །ཕམ་རྒྱལ་ཕྱོགས་ལྷུང་མེད་པ་ཡི། །འདོད་དགུ་མི་ཟད་གཏེར་དུ་བསྔོ། །ཞེས་དང་། རང་བྱུང་རྡོ་རྗེའི་དཀར་གསུར་ཞིང་ཁམས་ཀུན་ཁྱབ་ལས་ཚ་གསུར་གཏོང་ཡུལ་ལ་མང་དུ་གསུངས་སོ། །གཞན་ཡང་། ཚ་གསུར་མཐོ་དམན་བར་གསུམ་དུ་གཏོང་ཡུལ་གྱི་སྐོར། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་རྫ་དཔལ་སྤྲུལ་གྱི་གསུང་འབུམ﹝ཉ﹞དུམ་པའི་ཤོག་གྲངས ༨༩ ནས་༡༠༡ བར་གསུར་མཆོད་ཉེར་མཁོ་སྤྱི་དང་དམིགས་བསལ་﹝བ﹞ལེ་ཚན་གྱི་སྐོར་ཞེས་པར་ཁ་གསལ་ཞིང་དོན་ལ་འབྱོར་བ་མང་དུ་གསུངས་ཡོད་ཀྱང་འདིར་ཡི་གེ་མང་དུ་འཇིགས་ནས་མ་བཀོད་དོ། །

ཁ་ཅིག ཚེ་འཕོས་པ་ཇི་ལྟར་འགྱུར་བ་ལུང་བསྟན་པའི་མདོ་ལས། ཚེ་འཕོས་པ་སྐྱེ་བ་མ་བླངས་པར་གཤིན་པོའི་འཇིག་རྟེན་དུ་ཡོད་ན། བཟའ་བཏུང་དང་ཞོན་པ་དང་གོས་དང་རྒྱན་དག་བདག་པོར་བྱེད་པ་མ་ཡིན་ནོ། །ཞེས་དང་། རྒྱལ་བོ་ལ་གདམས་པའི་མདོར་བར་དོ་ལ་ཟས་སྐོམ་ཅི་བསྔོས་ཀྱང་མི་ཐོབ་པར་གསུངས་པ་དང་། རྒྱལ་དབང་ལྔ་བས། མེ་ལ་རྫས་བཏབ་པའི་གསུར། སྔགས་གསར་རྙིང་དང་མདོ་ཕྱོགས་གང་ནས་ཀྱང་བཤད་པ་མ་མཐོང་བར་མ་ཟད། བར་དོ་ལ་བསྔོ་བ་དོན་ལ་མི་གནས་པར་ཐམས་ཅད་མཁྱེན་པ་བུ་སོགས་བཞེད་ཅིང་། ཞེས་སོགས་གསུངས་པའི་ཚིག་ཟིན་ཙམ་ལ་བརྟེན་ནས། འགའ་ཞིག་བར་དོ་བ་དེའི་ཆེད་དུ་ཚ་གསུར་བཏང་བ་དགོས་པ་མེད་དོ་སྙམ་དུ་རྟོག་པ་འཆར་ཡང་། ཚེ་འཕོས་པ་ཇི་ལྟར་འགྱུར་བའི་མདོ་ལས་གཤིན་པོར་བཟའ་བཏུང་སོགས་བསྔོས་ཀྱང་གཤིན་པོར་མི་འཐོབ་པར་གསུངས་པ་ནི། སྔགས་དང་ཏིང་འཛིན་ཕྱག་རྒྱ་སོགས་ནུས་མཐུ་བསམ་གྱིས་མི་ཁྱབ་པས་ཐབས་མཁས་ཁྱད་པར་ཅན་གྱིས་མ་ཟིན་པར། འཇིག་རྟེན་པ་དག་རང་གར་དུར་ཐོག་དུ་བཟའ་བཏུང་བསྒྲིགས་ནས། གཤིན་པོ་དེར་འཐོབ་པའི་རེ་བ་རྒྱག་པ་ནི། དོན་ལ་མི་གནས་པ་སོགས་ཞིབ་ཆ་འབྱེད་དགོས་པ་ཡིན།

ཚུལ་འདི་ལ་དགོངས་ནས། རྟ་ཚག་ཡེ་ཤེས་བློ་བཟང་བསྟན་པའི་མགོན་པོས་རག་ར་སྤྲུལ་སྐུའི་དྲིས་ལན་དུ། གཤིན་པོ་ལ་ཟས་བསྔོས་པས་མི་འཐོབ་པར་གསུངས་པ་ནི། དེང་སང་རྒྱ་གར་ནག་སོགས་སུ་གཤིན་པོའི་རོ་དང་དུར་སར་ཟས་ཀྱི་རྣམ་གྲངས་མང་བོ་བསྒྲིགས་ནས་མཆོད་པ་བྱེད་པ་དར་བས། དེ་འདྲ་བ་དེ་གཤིན་པོ་སྐྱེ་གནས་གཞན་དང་བར་དོར་འཕོས་ཟིན་ནས་འགྲོ་བ་རིས་མི་གཅིག་པས་མི་ཐོབ་པར་གསུངས་པ་ནི། འཆི་འཕོ་བ་ཇི་ལྟར་འགྱུར་བའི་མདོ་ལས་ཀྱང་རྒྱས་པར་གསུངས་པ་དོན་ལ་གནས་ཀྱང་། གསུར་ལྟ་བུ་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བྱིན་གྱིས་བརླབས་ནས་བསྔོས་ན་མི་ཐོབ་པ་ཡང་མ་ཡིན་ཞིང་། དཔེར་ན། ཡི་དྭགས་ལ་ཟས་རང་གར་སྦྱིན་ཡང་མི་ཐོབ་ལ། འཇུར་འགེགས་ལ་ཆུ་སྦྱིན་གྱི་སྔགས་ཀྱིས་བསྔོས་ན་ཐོབ་པར་གསུངས་པས། གསང་སྔགས་ཀྱི་བྱིན་རླབས་བསམ་གྱིས་མི་ཁྱབ་པའི་ཕྱིར། བར་དོ་ལ་མདོ་རྒྱུད་ཁུངས་མ་ནས་དྲི་ཟ་ཞེས་བྱུང་བས། དྲི་ལ་ལོངས་སྤྱོད་པ་ལས། ཟས་རགས་པ་གཞན་མེད་འདྲ། དབང་བོ་ཀུན་ཚང་ཡིན་ཡང་ཟས་མི་དགོས་པ་ནི། བསྐལ་བ་དང་བོའི་མི་ལའང་ཡོད་པས། ཞེས་དང་། ཡང་ཨ་ལ་ཤས། བར་སྲིད་པས་དྲི་ཟ་ཚུལ་ལ་རིགས་པས་སྒྲུབ་ཡོད་པ་ནི། བར་སྲིད་པ་དེ་གསུར་ལ་སོགས་པའི་དྲི་དོན་དུ་གཉེར་བའི་གང་ཟག་ཡིན་ཏེ། ཟས་སུ་དྲི་ཟ་མཁན་ཡིན་པས་ཕྱིར། མཛོད་ལས། དྲི་ཟ་སེམས་ཅན་བར་མའོ། །ཞེས་གསུངས་སོ། །དེས་ཀྱང་གསུར་ལ་སོགས་པའི་དྲི་ལ་དངོས་སུ་སྤྱོད་ནུས་པ་ཡིན་ཏེ། དེ་ལ་དྲི་ཚོར་བའི་དབང་བོ་དང་དབང་ཤེས་དག་ཀྱང་མ་ཉམས་པར་ཡོད་པའི་ཕྱིར། དེ་ཉིད་ལས། དབང་བོ་ཀུན་ཚང་ཐོགས་མེད་རྒྱུ། །ཞེས་གསུངས་སོ། །གསུར་དྲི་བཏང་བ་དང་མཉམ་དུ་གནས་དེར་སླེབས་ནུས་ཏེ། རྫུ་འཕྲུལ་གྱིས་འགྲོ་བའི་ཤུགས་དང་ལྡན་པ་ཡིན་པའི་ཕྱིར། དེ་ཉིད་ལས། ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། །ཞེས་རིགས་ལམ་བཏང་ཡོད་པ་དང་། བར་སྲིད་པའི་དྲི་ལོངས་སུ་སྤྱོད་ཚུལ་ནི། བར་དོ་བ་དེ་ཆོ་ག་བྱེད་སར་འོང་ནས་རང་ལ་བསྔོས་པའི་གསུར་དྲི་དང་གྲོགས་སོགས་ལ་རྨི་ལམ་རྨིས་པ་བཞིན་དུ་ལོངས་སྤྱོད་པར་ཆོས་མངོན་པར་གསུངས་སོ། །

རྒྱལ་བོ་ལ་གདམས་པའི་མདོ﹙╜ལ╝དུམ་པ༢༣༠ན༧﹚རང་ལས་ཀྱང་། ཀྱེ་རྒྱལ་བོ་ཆེན་པོ་ཚེ་འཕོས་པའི་ཕ་སྤད་དང་སྤུན་གཅིག་ལ་ཉེ་འབྲེལ་འཛིན་པ་ཕན་པར་འདོད་པ་སོགས་ཞེས་སྔར་དྲངས་ཟིན་པ་དེས་གྲུབ་ལ། དེ་ལ་རིགས་པས་ཀྱང་རྟོགས་ནུས་པ་ཨ་ལ་ཤའི་ཚ་གསུར་དོགས་གཅོད་ལས། བར་དོ་བ་དེ་དྲི་ཁོ་ནས་འཚོ་བ་ཡིན་པས། བཟའ་བ་དང་བཏུང་བ་གཞན་གྱི་དགོས་པ་མེད། རྫུ་འཕྲུལ་ཁོ་ནས་འགྲོ་བ་ཡིན་པས་ཞོན་པ་མི་དགོས། ཤིན་ཏུ་དྭངས་པའི་ལུས་ཅན་ཡིན་པས་གོས་དང་རྒྱན་སོགས་ཀྱི་དགོས་པ་མེད་པའི་ཕྱིར་རོ། །ཞེས་བར་དོ་དེར་དྲི་ལས་གཞན་པའི་དགོས་པ་མེད་ཚུལ་རིགས་པས་དཔྱད་ན་དེ་འདྲ་ཡིན་མཆི་ཡང་། ཁྲུས་ཆོག་སོགས་ལས་སྔགས་ཀྱི་རྣལ་འབྱོར་དང་འབྲེལ་ཏེ་ཚེ་འདས་ལྟར་བསྐྱེད་ནས་ལོག་འཚོས་མ་སླད་པའི་འདོད་ཡོན་ལྔ་ལྡན་གྱི་མཆོད་པར་བྱིན་གྱིས་བརླབས་ཏེ་དཀོན་མཆོག་གསུམ་གྱི་བདེན་པ་དང་། རིག་སྔགས་ཏིང་འཛིན་གྱི་མཐུ་སྟོབས་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་བསམ་གྱིས་མི་ཁྱབ་པའི་ནུས་མཐུ་ལ་བརྟེན་ནས་བསྔོ་བ་བྱས་ན། ཕན་ཡོན་ཆེ་བར་མཁས་གྲུབ་དམ་པ་རྣམས་མགྲིན་གཅིག་དུ་གསུངས་པ་དང་། ཁ་ཅིག་གཤིན་པོའི་དོན་དུ་ཆོ་ག་བསྒྲུབས་ཚེ། རྣམ་ཤེས་དངོས་སུ་འགུགས་མི་ནུས་ཏེ། གལ་ཏེ་ཁུགས་ན་རོ་ལ་རྣམ་ཤེས་བཀུགས་ཏེ་གསོན་པོར་བསྒྱུར་ནུས་ཞེ་ན། མི་སྐྱོན་ཏེ། ཀུན་རིག་ཊྲཱྀཀ་ཆེན་རིག་པའི་རྣམ་བཤད་ལེགས་བཤད་ཐམས་ཅད་ཀྱི་སྙིང་བོ་ལས། སྟོད་ལུགས་པ་ཁ་ཅིག་ན་རེ། གཤིན་པོའི་དོན་དུ་དམིགས་ནས་ཆོ་ག་བྱས་པས་ཆོག་གི རྣམ་ཤེས་དགུག་མི་དགོས་ཏེ། བཀུགས་ཀྱང་མི་ཁུགས་པའི་ཕྱིར། གལ་ཏེ་ཁུགས་ན་རོ་ལ་རྣམ་ཤེས་ཁུགས་པས་གསོན་པོར་བྱེད་ནུས་པར་འགྱུར་རོ་སྙམ་ན། སྐྱོན་མེད་དེ། རྣམ་ཤེས་བར་དོ་ན་གནས་པ་ཁུགས་ནས་གསོན་པོར་འགྱུར་སྲིད་པ། དུས་འཁོར་གྱི་མཆོག་མི་འགྱུར་གྱི་སྐབས་ནས་ཤི་ལོག་དཔེར་བརྗོད་པའི་སྐབས་ཀྱིས་ཀྱང་འགྲུབ་ལ་ཞེས་གསུངས་པའི་ཕྱིར། ཞེས་གསུངས་སོ། །

༣ དམར་གསུར་གཏོང་སྲོལ། ཡང་། དམར་གསུར་ཕུད་སྲོལ་གྲུབ་མཐའ་གཞན་དུ་གསུངས་ཡོད་དེ། མཁྱེན་བརྩེ་ལྷས་དམར་གསུར་ལ་བརྟེན་ནས་རང་གཞན་གྱི་འཆི་བ་བླུ་བ་ལས། སྤྱིར་དུས་ལ་ངེས་པ་མེད་ཅིང་ཁྱད་པར་མུན་སྲོད་ལ་གནོད་སྦྱིན་རྣམས་གཞན་གྱི་སྲོག་ལ་འཚེ་བའི་སླད་དུ་རྒྱུ་བ་ཡིན་པས། དེའི་ཚེ་དམར་གསུར་སྦྱིན་ཞིང་རང་གི་རྒྱུད་ལ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་། ཆོས་དང་ཟང་ཟིང་གི་སྦྱིན་པ་ཐུན་མོང་དུ་འགྱུར་བ་འདི་བྱས་ན་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡིན་ནོ། །ཞེས་དང་། གཏོང་ཡུལ་ནི། སོ་སོའི་ཡིད་ལ་གང་འདོད་པའི། །ཟད་མི་ཤེས་པའི་ལོངས་སྤྱོད་དུ། །གྱུར་ནས་ཤ་འཁོན་བུ་ལོན་བྱང་། །གནོད་སེམས་འཁོན་འཛིན་དག་པར་ཤོག །ཁྱད་པར་གཞན་གྱི་ལུས་སྲོག་ལ། །རྣམ་པར་སྡང་བའི་གནོད་སྦྱིན་དང་། །ཤ་ཟ་སྲིན་པོ་འབྱུང་བོའི་གདོན། །ཚེ་སྐུ་མདངས་འཕྲོག་སྲོག་ལེན་ཞིང་། །ཤ་དང་ཁྲག་ལ་གདུང་བ་རྣམས། །དམར་གསུར་འདོད་ཡོན་ཀུན་ཁྱབ་འདིས། །ངོམས་ཤིང་ཚིམས་ལ་མཐུན་གྱུར་ཅིག །ཁྲོ་ཞིང་གཏུམ་པའི་སེམས་བོར་ནས། །བྱང་ཆུབ་སེམས་དང་ལྡན་པར་ཤོག །ཅེས་དང་།

བཀའ་བརྒྱུད་པའི་ཞལ་འདོན་ཕྱོགས་བསྒྲིགས་ལས། ཤ་ཁྲག་འབྲུ་སྨན་སྦྱར་བ་ཡི། །གསུར་མཆོད་འདོད་ཡོན་ལྔ་ལྡན་འདི། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ཚེ་དང་སྲོག་ལ་བར་གཅོད་པའི། །འཆི་བདག་གཤིན་རྗེ་མ་མོའི་སྡེ། །འབྱུང་བོ་ཤ་ཟ་གནོད་སྦྱིན་ཚོགས། །སྲིན་པོ་དྲི་ཟ་ཡི་དྭགས་ཚོགས། །མ་རུངས་གདུག་པའི་སེམས་འཆང་བ། །འཁོར་དང་བཅས་པ་ཀུན་ལ་བསྔོ། །ཞེས་གསུངས་པ་དང་།

གསུར་མཆོད་འདོད་ཡོན་སྤྲིན་ཕུང་ལས། དམར་གསུར་བྱེད་ན། སྲོད་ཀྱི་དུས་སུ་ཚིལ་གྱིས་སྤྲུས་པའི་ཕྱེ་མར་ལ་བྱིན་རྟེན་གང་འཛོམས་བསྲེ་ཞིང་། གསུངས་པ་དང་། བསྔོ་ཡུལ་ཡང་། དམར་གསུར་འདོད་པའི་ཡོན་ཏན་ལྔ་ཚང་བས། །ཧེ་རུ་ཀ་དཔལ་གནས་གསུམ་མཁའ་འགྲོའི་ཚོགས། །དཔལ་མགོན་ལྕམ་དྲལ་དམ་ཅན་རྒྱ་མཚོ་བཅས། །དགྱེས་ཤིང་ཚིམ་ནས་འདོད་དོན་གང་བཅོལ་སྒྲུབས། །གཞན་ཡང་འགྲོ་བའི་ཤ་ཁྲག་སྲོག་དབུགས་ལ། །རྔམ་པའི་འབྱུང་བོའི་ཚོགས་ཀུན་རབ་ཚིམ་ནས། །གནོད་འཚེ་བསམ་སྦྱོར་སྤོངས་ལ་བྱམས་སེམས་བསྐྱེད། །འཇིག་རྟེན་ཀུན་ཏུ་བདེ་ལེགས་རྒྱ་ཆེན་སྒྲུབས། །སྔོན་ཚེ་རང་དོན་ལ་ཞེན་གཏི་མུག་པས། །གཞན་ལ་བསད་བརྡུང་འཕྲོག་བཅོམ་ལས་བསགས་པའི། །འཁོན་འགྲས་ཞི་ཞིང་བུ་ལོན་ལན་ཆགས་འཁྱེར། །ཀུན་ཀྱང་ཕན་བདེའི་དཔལ་ལ་སྤྱོད་གྱུར་ཅིག །ཅེས་སོ། །

ཁྱད་པར་དུ་རྫ་དཔལ་སྤྲུལ་གྱིས་ཕྱུགས་ཀྱི་ནད་ཡམས་གཅོད་ཕྱིར། དམར་གསུར་གཏོང་ཡུལ་ཁ་གསལ་བ་ཞིག་གསུངས་ཡོད་པ་ནི། འབྱུང་བོ་མི་མ་ཡིན་ཤ་ཟ་ཚེ་ལ་རྐུ་བ་མདངས་འཕྲོག་པ། སེམས་ཅན་གཞན་གྱི་དབུགས་ལ་རྔམ་པ། སྡང་བ་དང་སྡུག་པའི་བསམ་སྦྱོར་ཅན་མི་ཡི་ནད་བདག གནག་ཕྱུགས་ཀྱི་གོད་བདག་ལ་སོགས་པ་རྒྱ་འདྲེ་འགོང་བོའི་རིགས་ཆེ་ཆུང་ཇི་སྙེད་མཆིས་པ་མཁོ་རྒུའི་འདོད་ཡོན་ཟད་མི་ཤེས་པའི་ལོངས་སྤྱོད་ཆེན་པོ། བཟའ་བཏུང་གནས་མལ། ཤ་ཡི་རི་བོ། ཁྲག་གི་རྒྱ་མཚོ། རུས་པའི་གྲམ་ཁྲོད། པགས་རློན་དང་སྐྲ་ཡི་བསྒོ་བ། རྐང་ཀླད་ཞག་གི་གྲུ་ཆར་ལ་སོགས་པ་རང་རང་ཅི་འདོད་ཀྱི་དངོས་བོ་བཟའ་བས་མི་ཟད་པ། བཏུང་བས་མི་བྲི་བ། བསྒོས་པའི་མི་རྙིང་བ། རི་བོ་བས་འཕང་མཐོ་བ། རྒྱ་མཚོ་བས་གཏིང་ཟབ་པ། ཆུ་ཀླུང་བས་རྒྱུན་རིང་བ། ནད་ཀུན་སེལ་བའི་སྨན་མཆོག འཆི་བ་གསོ་བའི་བདུད་རྩི། སྡུག་བསྔལ་སེལ་བའི་རྩི་ཆེན་དུ་དམིགས་ཏེ་འབུལ་ལོ། །སྦྱིན་ནོ། །བསྔོའོ། །དེ་རྣམས་ཀྱི་འདོད་པ་ཚིམ་ནས། སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་དང་། སྙིང་རྗེའི་སེམས་དང་། སྙིང་ཉེ་བའི་སེམས་དང་ལྡན་ནས་མི་དང་གནག་ཕྱུགས་ལ་གནོད་པའི་འཚེ་བ་སྤངས་ཏེ་འགྲོ་བ་མང་བོ་སྲོག་གི་འཇིགས་པ་ལས་ཐར་བར་གྱུར་ཅིག ཅེས་སོ། །

ཡང་། ཐུའུ་བཀྭན་ཆོས་ཉིའི་རྟ་མགྲིན་གསང་སྒྲུབ་ཀྱི་ཆོས་སྐོར་ལས་རྡོར་ལེགས་ལ་གསུར་མཆོད་བྱེད་ཚུལ་ལས་ར་སྐྱེས་ཁམ་པའི་བམ་གྱི་རྭ་དང་རྨིག་བཞིའི་རྩིད་སྤུ་རྣམས་དོར་ཞིང་། གྲོད་པ་དང་རྒྱུ་མ་སོགས་ཀྱི་མི་གཙང་བ་རྣམས་ལེགས་པར་བསལ་ལ། དོན་སྙིང་དབང་བོ་ནང་ཁྲོལ་ཤ་ཚིལ་རུས་པ་པགས་པ་དང་བཅས་པ་ཞིབ་མོར་གཏུབ་ཏེ་གཙང་མར་བསྐམས་ནས། སྤོས་དཀར་དང་ཙན་དན་ཤུག་པ་སོགས་སྨན་སྤོས་བཟང་བོ་བསྲེས་ནས་ཕྱེ་གཙང་དང་སྦྱར་བའི་གསུར་རྫས་དང་། མ་འབྱོར་ན་ར་ཚིལ་སྤོས་དཀར་འབྲུ་ཕྱེ་སྦྱར་བ་ཙམ་ཡང་རུང་ལ། གསུར་རྫས་དུ་བ་མ་ཡལ་བར་མི་སྒུལ་བར་གསུངས་པ་དང་། ཡང་། དེ་ཉིད་ལས། དེང་སང་འགའ་ཞིག་གིས་ར་ལུག་སོགས་གསོན་པོར་མེར་བསྲེག་ནས་དམ་ཅན་དང་ཁྱབ་འཇུག་སོགས་ལ་གསུར་གཏོང་ཁུལ་བྱེད་པ་མུ་སྟེགས་ཀྱི་ལུགས་སྲོལ་རང་ཉིད་འཇིག་རྟེན་ཕྱི་མར་དམྱལ་བའི་མེར་བསྲེག་པའི་རྒྱུ་འབའ་ཞིག་སྒྲུབ་པར་ཟད་ཀྱི། སྲུང་མ་དགྱེས་པའི་ཐབས་སུ་འགྱུར་མི་སྲིད་པས་བློ་ལྡན་རྣམས་ཀྱིས་ངན་སྐྱུགས་ལྟར་དོར་བར་བྱོས་ཤིག་ཅེས་གདམས་ཡོད་དོ། །

༤ ཚ་གསུར་གྱི་ཕན་ཡོན། གསུང་རྒྱུན་ལ་དགྲ་བཅོམ་པ་ལྔ་བརྒྱར་ཞལ་ཟས་དྲངས་པ་དང་། ཚ་གསུར་བཏང་བ་ཕན་ཡོན་མཉམ་པར་བཤད་པ་དང་། ཐ་ན་ཨ་མདོའི་དམངས་གཞས་ལས་ཀྱང་། དམྱལ་བའི་འཕྲང་ལམ་བར་མ་ནས། །ཞིམ་པོའི་ཟས་ཞིག་ཟོས་ནི་མེད། །ཞིམ་པོའི་ཟས་ཞིག་ཟོས་ནོ་འདི། །སྔས་མགོ་བླ་མའི་ཚ་གསུར་རེད། །ཞེས་གསུངས་པ་ལས་ཀྱང་དམངས་ཁྲོད་དུ་ཚ་གསུར་དར་ཁྱབ་ཇི་ལྟར་ཆེ་བ་རྟོགས་ཐུབ་པ་དང་། གཞན་ཡང་། ཚེ་ལྡན་རྣམས་ཀྱང་གནས་སྐབས་སུ་བར་ཆད་སེལ་ཞིང་། བདེ་བ་ཅན་དུ་སྐྱེ་བ་སོགས་ཆོས་མཐུན་གྱི་བསམ་དོན་འགྲུབ་པ་དང་། མཐར་ཐུག་ཚོགས་གཉིས་རྫོགས་ཏེ་འཚང་རྒྱ་བར་འགྱུར་རོ། །ཞེས་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་གསུངས་སོ། །

ཡང་། མི་ཕམ་པས། འདི་ནི་སྦྱིན་པའི་ཕར་ཕྱིན་རྫོགས་པ་དང་། བར་ཆད་ཞི་བའི་ཐབས་ཁྱད་པར་ཅན་ཡིན་པས། སུས་ཡང་ཉམས་སུ་བླང་བར་བྱ་ལ། ལྷག་པར་དུ་དུས་ངན་གྱི་སེམས་ཅན་རྣམས་བརྣབ་སེམས་དང་བརྐམ་ཆགས་འཕེལ་བའི་སྐབས་སུ། ཟ་འདྲེ་འགོང་བོ་མང་ཞིང་མི་ཕྱུགས་ལ་འཚེ་བ་དང་། ལོངས་སྤྱོད་ལ་གནོད་པ་མང་བའི་དུས་དང་། ཟས་ནོར་གྱི་ཕྱིར་ཡུལ་སྣ་ཚོགས་སུ་རྒྱུ་བའི་སྐབས་དང་། གཅན་སྤྱང་བྱི་བ་སོགས་ཀྱིས་གནོད་པ་དང་། འདྲེ་གནོད་དང་འདྲེ་དོགས་ཆེ་བའི་སྐབས་སོགས་སུ་སྙིང་རྗེས་ཀུན་ནས་བསླང་སྟེ་བྱས་ན་འཆི་བ་བསླུ། ནད་གདོན་བྲལ། སྲིས་རྨེ། མཐུན་རྐྱེན་འཕེལ། ཚོགས་རྫོགས་པ་སོགས་རང་གཞན་ལ་འཕྲལ་དང་ཡུན་གྱི་ཕན་པའི་དགོས་པ་དུ་མ་ཡོད་པ་ནི། སྨོས་མ་དགོས་པར་ནན་ཏན་བྱའོ། །ཞེས་དང་།

ཡང་། ཀུན་བཟང་བླ་མའི་ཞལ་ལུང་ལས། དཀར་གསུར་དམར་གསུར་ལ་སོགས་པ་འདི་དག་ཀྱང་མཁའ་ལ་རྒྱུ་བའི་ཡི་དྭགས་ཀྱི་རིགས་ལ་ཕན་ལྷག་པར་ཆེ་ཞིང་། དེ་ལ་བརྟེན་ནས་སེམས་ཅན་གྱི་སྲོག་ལ་ཟ་བའི་འབྱུང་བོ་མི་མ་ཡིན་པ་རྣམས། གནས་སྐབས་དྲི་གསུར་གྱི་ཟས་ཀྱིས་ཚིམ་པ་དང་། ཆོས་ཀྱི་སྦྱིན་པས་རྒྱུད་གྲོལ་བ་སོགས་ལ་བརྟེན་ནས་སེམས་ཅན་གྱི་སྲོག་ལ་མི་འཚེ་བས་སེམས་ཅན་མང་པོ་འཆི་བའི་འཇིགས་པ་ལས་སྐྱོབ་པས། སྐྱབས་ཀྱི་སྦྱིན་པའང་ཡིན་ཏེ། དོན་དུ་སྦྱིན་པ་རྣམ་པ་གསུམ་ག་ཚང་། ཞེས་ཀྱང་གསུངས་སོ། །

གཞན་སྟོན་པ་ཞལ་བཞུགས་དུས། ཕག་རྫི་མོའི་བུ་སྐྱེ་བ་སྔོན་གྱི་དྷ་སུའི་སྐབས་ཀྱི་ཉེས་པའི་རྣམ་སྨིན་གྱིས། ཁ་མེད་པ་ཞིག་ཏུ་སྐྱེས་པ་ལ། འཆི་ལ་ཐུག་པའི་ཚེ། ཕ་མ་ཅི་བྱ་གཏོལ་མེད་དུ་གྱུར་ཏེ། ཟས་སུ་གསུར་བཏང་བས་ཁོས་ལྟོ་བ་འགྲང་ནས། ཕྱིས་སུ་ཆོས་སྒོར་ཞུགས་པ། འབྲུག་པ་ཀུན་ལེགས་ཀྱི་རྣམ་ཐར་ན་ཡོད་པ་དང་།

ཡང་། རྗེ་བཙུན་མི་ལ་རས་པས་གཉའ་ནང་བདུད་འདུལ་ཕུག་ཏུ་སྒོམ་སྒྲུབ་མཛད་སྐབས། ཉིན་མཚན་བཅོ་བརྒྱད་དུ་ཁ་བ་བབས་པས། ཟླ་དྲུག་ལ་འགྲུལ་ལམ་ཁ་བས་བཀག་དུས། ཡོན་བདག་རྣམས་ཀྱིས་རྗེ་བཙུན་མུ་གེས་གྲོངས་པར་ཐག་བཅད་ནས་དགོངས་རྫོགས་བསྒྲུབས་ཏེ། སྐུ་གདུང་གདན་འདྲེན་དུ་ཕྱིན་དུས། ཁོང་སྔར་བས་གཟི་མདངས་ཆེ་བར་མཐོང་ནས། རྒྱུ་མཚན་ཞུས་ཙ་ན། རྗེ་བཙུན་གྱི་ཞལ་ནས། ང་ཕལ་ཆེར་ཏིང་ངེ་འཛིན་གྱི་ཟས་དང་མཁའ་འགྲོའི་ཚོགས་སྐལ་སོགས་དང་། ཁྱད་དུ་ཁ་རྩང་རྟའི་ཟླ་བའི་སྨད་ལ་ཁྱེད་བུ་སློབ་རྣམས་ཀྱིས་བཟའ་བཏུང་མང་བོ་སྟེར་བྱུང་བའི་ཉམས་ཤིག་ཤར་བ་ནས་ཟ་མ་ཟ་སྙིང་ཡེ་མི་འདོད་པ་ཞིག་བྱུང་བས། དེ་དུས་ཁྱེད་ཚོས་ཅི་བྱས་པ་ཡིན་གསུངས་པར། ཁོང་ཚོས་དགོངས་རྫོགས་སུ་མཆོད་པ་ཕུལ་ཚུལ་ཞུས་པས། རྗེ་བཙུན་གྱི་ཞལ་ནས། འཇིག་རྟེན་པ་རྣམས་ཀྱིས་དགེ་རྩ་བགྱིས་པ་བར་དོ་བ་ལ་ཕན་པར་འདུག་གོ ། ཞེས་སོ། །

ཡང་། བར་སྲིད་པ་ཞིག་མིའི་ཁོག་ཏུ་ཞུགས་ཏེ། འོད་སྣང་ཡོད་སར་སྡོད་མི་ཚུགས་པར་མུན་ཁམས་ནས་ང་ལ་ཟ་རྒྱུ་མེད། འཐུང་རྒྱུ་མེད། གྲོད་ཁོག་ལྟོགས་ཀྱི་འདུག་ཟེར་མཁན་ཞིག་ཁྲི་བྱང་རིན་པོ་ཆེའི་མདུན་དུ་ཡོང་བར། ཁོང་གིས་གསུར་བཏང་ཀྱང་། སྣ་ཤེས་ལ་ཚོར་བ་མེད་སྙམ་དུ་འདུག་པ་ལ། ཁྲི་བྱང་རིན་པོ་ཆེས་སྔགས་དྲུག་ཕྱག་དྲུག་ཅེས་གསུར་བསྔོས་གནང་བས། བར་སྲིད་ཁོག་ཞུགས་དེ་གསུར་ལ་ཆོབ་ཆོབ་ཅེས་ཟ་རྒྱུ་དང་ངོམས་རྒྱུ་ཡོད་པ་ལྟར་བྱས་ནས། ད་ང་གྲོད་ཁོག་རྒྱགས་སོང་། ཞེས་བརྗོད་པའི་ལོ་རྒྱུས་རྒྱལ་དབང་བཅུ་བཞི་བའི་ནང་ཆོས་ངོ་སྤྲོད་ལས་གསུངས་པ་དང་།

ཡང་། སྤྱི་ཚོགས་རྙིང་བའི་ནང། བོད་མི་མང་བོར་མ་ཉེས་ཁ་གཡོག་ཐེབས་ཏེ་འཛིན་བཟུང་བྱས་ནས། ཉིན་ཞག་མང་བོར་ཟས་བཅད་བཏང་སྟེ། མུན་ནག་ཏུ་བཀག་ཉར་བྱས་པས། ཡུལ་མི་ཀུན་གྱིས་ཕལ་ཆེར་གྲོངས་ཡོད་ལས་ཆེ་སྙམ་ནས་ཚ་གསུར་བཏང་བས། དུས་ཚོད་འཁྲུལ་མེད་དུ་སྣ་ལམ་ལ་རྩམ་དྲི་འཐུལ་བའི་རྒྱུ་མཚན་ད་ལྟ་ཡང་དངོས་སུ་བཤད་རྒྱུ་ཡོད་དོ། །གོང་གསལ་འདི་དག་ལ་གཞིགས་ན། གསོན་པོ་ཁ་ཅིག་ལའང་གསུར་གྱིས་ཕན་ཐོགས་པར་གདོན་མི་ཟའོ། །དེ་ཡང་ཚ་གསུར་གྱི་སྐོར་ཞིབ་ཏུ་རྟོགས་འདོད་པ་དག་གིས། མ་མཐའ་ཡང་། ཁྲི་སྤྲུལ་བློ་བཟང་རྒྱལ་མཚན་སེང་གེ བསྟན་དར་ལྷ་རམས་པ། བཀྲ་ཐང་བློ་བཟང་ཆོས་ཀྱི་ཉི་མ། ཆེ་ཤོས་ངག་དབང་བཤད་སྒྲུབ་བསྟན་པའི་ཉི་མ་སོགས་ཀྱི་ཚ་གསུར་གྱི་ཆོ་ག་ལ་བལྟ་བར་བྱའོ། །

དཀར་ཟས།

༡ སྲོག་གཅོད་ཀྱི་ལས་ངོས་བཟུང་བ། རྗེ་བཙུན་མི་ལ་སྐུ་མྱ་ངན་ལས་འདའ་ཁར། མདོར་ན། ཆོས་ཐམས་ཅད་ཀྱི་རྩ་བ། ལས་འབྲས་ལ་ཡིད་ཆེས་ཀྱི་དད་པ་འདི་ཁོ་ན་ཡིན་པས། ཞེས་བཀའ་བསྩལ་བ་བཞིན། དེའི་ཚུལ་ཡང་། མདོ་སྡེ་ལས་བརྒྱ་བ་ལས། ལུས་ཅན་རྣམས་ཀྱི་བདེ་སྡུག་ནི། །ལས་རྣམས་ཡིན་པར་ཐུབ་པས་གསུངས། །ལས་རྣམས་ཀྱང་ནི་སྣ་ཚོགས་ལ། །དེ་ཡིས་འགྲོ་འདི་སྣ་ཚོགས་བྱས། །ཞེས་པ་ལྟར། སྤྱིར་བདེ་སྡུག་ཐམས་ཅད་ལས་ཀྱི་རྣམ་སྨིན་ལས་འབྱུང་ལ། འདིར་ལས་ལམ་བཅུའི་བྱེ་བྲག་སྲོག་གཅོད་པའི་ལས་ཀྱི་ངོ་བོ་ནི། ཡུལ་ཕ་རོལ་བོ་དུད་འགྲོ་སོགས་གང་ཡིན་ཡང་། དེ་ཉིད་གསོད་འདོད་ཀྱིས། གསོད་པའི་སྦྱོར་བ་དངོས་སུ་བརྩམས་ཏེ། དེའི་སྲོག་གི་དབང་བོ་འགག་པར་བྱེད་པའོ། །དེ་ཡང་སེམས་ཅན་ཕྱུགས་ལྟ་བུ་ལ་མཚོན་ན། གསོད་མཁན་གྱིས་ཡ་ང་བག་ཚ་མེད་པར་སུག་བཞི་བཀྱིགས། མཆུ་བསྡམས། ཁྲག་རྩ་བཅད། སྙིང་ཁྲག་དྲོན་མོ་རྒྱང་ངེ་ཐོན། ཧར་སྒྲ་འབྱིན། མིག་ཀླད་ལ་ལྡོག་པ་དང་། ཡང་ན། སྐེ་བྲེག་པ། གསོན་བཞིན་ཐབ་ཏུ་བསྲེགས་པ། འགྲོ་ལྡོག་བྱེད་བཞིན་ལྟོ་བ་བཤགས་ཏེ་ནང་ཁྲོལ་ཕྱུང་བ་སོགས། འཇིགས་ཤིང་སྐྱི་བུང་བའི་གསོད་ལུགས་དྲག་པོས། ཙེར་སྐད་ལྷང་ངེ། བཤང་གཅི་ཐར་རེ། མཆི་མ་ཤར་རེ། འཕག་འཚག་ལྷང་ངེ་དབུགས་ཀྱི་རྒྱུ་བ་གཅོད་པ་ནི། ཡ་རབས་དམ་པས་བལྟར་མི་བཟོད་པ་དང་། མ་རབས་ཐ་ཤལ་ཅིག་ཡིན་ཡང་། ཡིད་འགྱུར་ཐེབས་པ་འདི་དག་ནི་སྲོག་གཅོད་ཀྱི་ངོ་བོའོ། །ཞིབ་ཏུ་གཞི། བསམ་པ། སྦྱོར་བ། མཐར་ཐུག་བཅས་དངོས་གཞི་ཚང་མ་ཚང་སོགས་གཞུང་ལུགས་གཞན་ལས་ཤེས་པར་བྱའོ། །

༢ སྲོག་གཅོད་དང་དམར་ཟས་བསྟེན་པའི་ཉེས་དམིགས། སྲོག་གཅོད་ལ་ཉེས་དམིགས་ཆེ་བའི་རྒྱུ་མཚན་ནི། དམ་པ་ལྷ་ཆོས་ལྟ་ཅི། འཇིག་རྟེན་མི་ཆོས་ཀྱི་དྲང་ཐད་ནས་བཤད་ནའང་། རང་སྲོག་ལ་མི་གཅེས་པའམ། འཆི་བ་ལ་མི་འཚེར་བ་གཅིག་ཀྱང་མེད། ཁ་དཔེར་ཡང་། མི་བསྡད་སར་རང་སྡོད། ཟེར་བ་བཞིན། བདག་བཞན་བརྗེ་སྤོར་བརྒྱབ་སྟེ་བསམ་བློ་བཏང་ན། དེ་ལ་ཞེ་མི་འཚེར་བའམ་སྙིང་མི་རྗེ་བའི་རང་དབང་ག་ན་ཡོད། མི་སྐད་ཤེས་པ་དང་འཕྲལ་གྱི་ཀླད་པ་མྱུར་བུལ་གྱི་ཁྱད་པར་མ་གཏོགས་པ་སྡུག་བསྔལ་གྱི་ཚོར་བ་གཅིག་མཚུངས་ཡིན་པ་མཐོང་ཆོས་སུ་སྣང་སྟེ། སེམས་ཅན་དེ་དག་གསོད་ཚེ། སྲོག་གཅེས་ཀྱི་རྒྱུ་མ་དྲུད་ནས་བྱེར་བ། སྐད་ངན་མི་བཟད་པ་འདོན་པ། འཕག་འཚག་དང་། དངངས་སྐྲག་གི་རྣམ་འགྱུར་འདྲ་མིན་སྟོན་པ་སོགས་མངོན་སུམ་དུ་སྣང་བ་དེའོ། །འདི་ནི། ཚོམས་ལས། འཆི་བའི་མི་འཇིགས་གང་ཡང་མེད། །འཚོ་བའི་སྲོག་ལ་ཀུན་ཀྱང་འཛེམས། །རང་གི་ལུས་ལ་དཔེར་ལོངས་ལ། །གཞན་ལ་གནོད་པ་མ་བྱེད་ཅིག། ཞེས་པ་དང་མཐུན་སྣང་དུ་གྲུབ་བོ། །ཁྱད་པར་དུ། ཚེ་འདིའི་དབང་དུ་བཏང་ན་དམར་ཟས་ལ་བསྟེན་པའི་ཉེས་དམིགས་ཤིན་ཏུ་ཆེ་སྟེ། སྙིང་ནད་དང་ཁྲག་ཤེད་མཐོ་བ། ཁྲག་གར་མོར་གྱུར་ཏེ་ཁྲག་རྩའི་ནང་དུ་འཚངས་པ། ཤའི་ནང་གི་སྲིན་འབུ་ཕྲ་མོ་ལུས་ལ་ཞུགས་ཏེ་ནད་སྣ་ཚོགས་བསྐྱེད་པ། མི་ནི་གཅན་གཟན་ལས་རྒྱུ་མ་རིང་བས། ཤ་མི་འཇུ་བར་རྒྱུ་མ་ལ་ཡུན་རིང་གནས་པ་དུག་ཏུ་གྱུར་ཏེ། མཆིན་པའི་ཁུར་ལྗི་རུ་གྱུར་ནས། ཁྲག་ནད་བསྐྱེད་པ། རྒྱུད་དམུ་རྒོད་པོ། ཡ་ང་བ་མེད་པ། སེམས་དུག་ལྡན་པ། གཏུམ་དྲག་ཅན། ཅུང་ཟད་འགུལ་བསྐྱོད་བྱས་ཀྱང་ཐང་ཆད་པ། གཉིད་ཆེ་ཞིང་རིག་པ་མི་གསལ་བ་སོགས། རིག་གསར་ཚན་རིག་གིས་དཔྱད་བརྡར་ཞིབ་ཏུ་བཏང་སྟེ། ཚགས་པར་དང་བརྙན་འཕྲིན་ཁག་ལས་བརྒྱུད་སྒྲོགས་གནང་བ་མཐའ་ཡས་པས། དེ་དག་ལ་ཞིབ་ཏུ་གཟིགས་ན་ངེས་ཤེས་འདྲོངས་པར་འགྱུར་རོ། །

དམ་པ་ལྷ་ཆོས་ཀྱི་ཕྱོགས་ལས་བཤད་ནའང་། ལང་ཀར་གཤེགས་པའི་མདོ་ལས། བློ་གྲོས་ཆེན་པོ། སྲོག་ཆགས་ཡུན་རིང་བོ་ནས་འཁོར་བ་རྣམས་ལ། གང་ཕ་འམ། མ་འམ། སྤུན་ནམ། སྲིང་མོ་འམ། བུ་འམ། བུ་མོ་འམ། གཉེན་བཤེས་སམ། གཉེན་དང་གཉེན་ལྟ་བུར་གང་ཡང་རུང་བར་མ་གྱུར་བའི་སེམས་ཅན་དེ་ནི། རྙེད་པར་སླ་བའི་རྣམ་པ་གང་ཡང་མེད་དོ། །གཉེན་དང་གཉེན་ལྟ་བུར་གྱུར་བ་དེ་དག་ཚེ་གཞན་དུ་ལུས་བརྗེས་པ་རི་དྭགས་དང་། ཕྱུགས་དང་། བྱའི་སྐྱེ་གནས་གང་ཡང་རུང་བར་གྱུར་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཆོས་འདོད་པ། འབྱུང་བོ་ཐམས་ཅད་བདག་དང་འདྲ་བ་གྱུར་བར་འདོད་པས། སྐྱེ་བོ་སྲོག་ཆགས་སུ་གྱུར་བ་ཐམས་ཅད་ལས་བྱུང་བའི་ཤ་ཇི་སྐད་དུ་བཟའ་བར་བྱ། ཞེས་དང་། གཞན་ཡང་། སྟོན་པ་བཅོམ་ལྡན་འདས་ཀྱིས་འདུལ་བ་ལས། རྣམ་གསུམ་དག་པའི་ཤ་དེ་ཡང་། གནས་སྐབས་ཐབས་ལ་མཁས་པས་གནང་བ་ཙམ་མ་གཏོགས། དགོངས་གཞི་དོན་གྱིས་གནང་བ་མིན་ཏེ། མྱང་འདས་ལས། དེ་བཞིན་གཤེགས་པས་ཅིའི་ཕྱིར་ཤ་བཟའ་བར་མ་གནང་བ་ཡིན། བཀའ་བསྩལ་བ། ཤ་བཟའ་བའི་མིར་སྙིང་རྗེ་ཆེན་པོའི་ས་བོན་མེད་དེ། འོད་སྲུང་གིས་ཅིའི་ཕྱིར་རྣམ་གསུམ﹙མཐོང་ཐོས་དོགས་གསུམ་དང་བྲལ་བའི་ཤ﹚དག་པའི་ཤ་གནང་པ་ཡིན། བཀའ་བསྩལ་བ། འོད་སྲུང་དེ་ནི་ངས་ཁོང་ཚོས་ལམ་སེང་ཤ་ཟས་གཅོད་མི་ཐུབ་པར་འཇིགས་པ་བྱེད་པ་ཡིན་པས། གནས་སྐབས་ཙམ་སྟབས་བདེ་སླད་གནང་བ་ཡིན་ཏེ། དེ་ནི་ལས་དང་བོ་རྣམས་རིམ་བཞིན་ཤ་གཅོད་དུ་འཇུག་པའི་སླད་ཡིན་པས། རིམ་བཞིན་ཤ་གཅོད་དུ་འཇུག་པའི་ཆེད་དུའོ། །འོད་སྲུང། ངས་དུས་ད་ནས་བཟུང་གཏན་ལ་འབེབས་ཏེ། སངས་རྒྱས་ཀྱི་སློབ་མ་ཐམས་ཅད་ཀྱིས་འགྲོ་བ་སེམས་ཅན་གང་གིས་ཀྱང་ཤ་བཟའ་མི་ཆོག་གོ། ཞེས་ནང་བ་སངས་རྒྱས་པ་ཞིག་ཡིན་ཕྱིན་ཤ་བཟའ་བ་གཏན་གཅོད་བྱས་ཡོད་དོ། །

དེ་ལས་གཞན་མདོ་ལས། ང་མྱ་ངན་ལས་འདས་པའི་རྗེས་ཆོས་ཀྱི་སྙིགས་མའི་དུས་སུ། ལྷ་འདྲེ་འདི་དག་འཇིག་རྟེན་དུ་འུར་ཞིང་དར་ནས། དེ་དག་གིས་ཤ་ཟོས་པས་བྱང་ཆུབ་ཀྱི་གོ་འཕང་འཐོབ་བོ་ཞེས་འཆད་དོ། །ཀུན་དགའ་བོ་ངས་དགེ་སློང་རྣམས་ལ་རྣམ་པར་དག་པའི་ཤ་ལྔ་ཟ་བར་གནང་བ་ནི། ཤ་འདི་དག་ངའི་རྫུ་འཕྲུལ་གྱིས་བསྐྱེད་པ་ཡིན་གྱི། སྲོག་དང་འབྲེལ་བ་མ་ཡིན་ནོ། །ཁྱེད་ཅག་བྲམ་ཟེའི་གནས་དྲོད་གཤེར་དང་ལྡན་པའི་སྟེང་དུ་རྡོ་བ་དང་བྱེ་མ་དང་བཅས་པའི་རྩྭ་དང་ལོ་མ་མི་སྐྱེ་བས། ངས་སྙིང་རྗེ་ཆེན་པོ་དང་རྫུ་འཕྲུལ་གྱིས་བྱིན་གྱིས་བརླབས་ནས། འདི་ལྟ་བུས་བྱམས་སྙིང་རྗེ་ཆེན་པོས་རྫུན་པའི་ཤ་ཞེས་མིང་དུ་བཏགས་ནས་ཁྱེད་ཅག་གིས་རོ་མྱོང་བར་གྱུར་ཏོ། །དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པའི་རྗེས་སུ། སེམས་ཅན་གྱི་ཤ་ཟ་བཞིན་དུ་ཇི་ལྟར་ཤཱཀྱའི་སྲས་ཞེས་བྱ། ཁྱེད་ཅག་ཤེས་པར་གྱིས་ཤིག སྐྱེ་བོ་ཤ་ཟ་བ་འདི་དག་བློ་སད་ནས་བསམ་གཏན་འཐོབ་པར་གྱུར་ན་ཡང་། དེ་དག་ཐམས་ཅད་སྲིན་པོར་གྱུར་ནས། ལས་ཀྱི་འབྲས་བུ་རྫོགས་ཏེ་ངེས་པར་སྐྱེ་འཆིའི་སྡུག་བསྔལ་གྱི་རྒྱ་མཚོར་ལྟུང་ངོ་། །དེ་བཞིན་གཤེགས་པའི་སློབ་མ་ཡིན་པའི་སྐྱེ་བོ་འདི་དག་ཕན་ཚུན་གསོད་པ་དང་། མིད་པ་དང་། ཟ་བ་དག་རྒྱུན་མི་ཆད་པ་འདི་དག་ཁམས་གསུམ་ལས་ཇི་ལྟར་འབྱུང་བར་འགྱུར། ཁྱོད་ཀྱིས་འཇིག་རྟེན་གྱི་སྐྱེ་བོ་དག་ཏིང་ངེ་འཛིན་ལ་སློབ་ཏུ་འཇུག་པས་ན། གཞན་གསོད་པའི་རྒྱུན་ཆོད་ཅིག་དང་། འདི་ལ་དེ་བཞིན་གཤེགས་པའི་སྔོན་གྱི་བཅོམ་ལྡན་གྱི་ཡང་དག་པའི་རྣམ་པར་དག་པ་རྨད་དུ་བྱུང་བའི་བསླབ་པ་གཉིས་པ་ཞེས་གསུངས་སོ། །ཞེས་དང་།

གཞན་ཡང་། ལང་གཤེགས་ལས། སྔོན་གྱི་དྲང་སྲོང་གི་ཟས་བོར་ནས་ཤ་གཟན་བཞིན་དུ་ཤའི་ཟས་ཀྱིས་ལྟོ་གང་ཞིང། ནམ་མཁའ་དང་། ས་དང་། ཆུ་ལ་གནས་པའི་འགྲོ་བ་ཕྲ་མོ་སྐྲག་པར་བྱེད་པ་རྣམས། འཇིག་རྟེན་འདི་དག་ཀུན་ཏུ་རྒྱུའོ། །འདི་དག་གིས་དགེ་སྦྱོང་ཉིད་ཉམས་སོ། །ཞེས་དང་། མྱང་འདས་ལས། ཤ་ཟ་བ་ནི་འགྲོ་ཡང་རུང་འདུག་ཀྱང་རུང་སྟེ། སྲོག་ཆགས་ཐམས་ཅད་དེའི་དྲི་ཚོར་ནས། དེས་འཇིགས་ཏེ། དཔེར་ན། མིས་ཤིང་ཀུན་ནམ་སྒོག་སྐྱ་ཟོས་ན། མིའོ་ཅོག་གི་སེམས་མ་དད་པར་འགྱུར་ཞིང་། མི་མཐུན་པར་འགྱུར་ལ། མི་མང་བོ་ཚོགས་པའང་སྐྱེ་བོ་མང་བོས་གང་བའི་ནང་དུ། སེམས་ཅན་དེ་དག་གིས་ཆེ་གེ་མོ་ཞིག་གིས་ཟོས་སོ། །ཞེས་པ་སོགས་མྱང་འདས་དང་། སྤྲིན་ཆེན། སོར་ཕྲེང་གི་མདོ་ལས་གསལ་བསྒྲགས་བྱས་ཡོད་པས། ཞིབ་ཏུ་དེ་དག་ཏུ་གཟིགས་པར་བྱའོ། །

བོད་ཀྱི་གཤིན་ཆོས་བྱེད་སྟངས།

༡ བར་དོ་འགྲུབ་ལུགས། འཆི་ལྟས་ལ་མདོ་རྒྱུད་སོགས་ལས་མང་དུ་བཤད་ཀྱང་། གསོ་རིག་རྒྱུད་བཞི་ལས། ལུས་ཀྱི་འཇིག་ལྟས་རྣམ་པ་བཞི་ཡིན་ཏེ། རིང་དང་ཉེ་བ་མ་ངེས་ངེས་པའོ། །ཞེས་མན་ངག་རྒྱུད་ཀྱི་ལེའུ་བདུན་པར་གསལ་ཞིང་རྒྱས་པར་གསུངས་པ་བཞིན། འཆི་ལྟས་ཀྱི་མཇུག་ཏུ་རྣམ་ཤེས་འཕོ་བ་སྟེ། དེ་ཡང་མིའི་ལུས་ལ་རྩ་དབུ་རྐྱང་རོ་གསུམ་ཡོད་པ་ལས། དབུས་ཀྱི་རྩ་དབུ་མའི་ནང་སྙིང་ཀའི་ཐད་ཀྱི་རྩ་མདུད་གསུམ་ཡོད་པའི་ནང་དུ། རྣམ་ཤེས་དང་བོ་གང་དུ་ཆགས་པའི་གནས་མི་ཤིགས་པའི་ཐིག་ལེ་རྒྱ་སྲན་ཙམ་ཡོད་པ་དང་། འཆི་བའི་དུས་ཀྱང་རྣམ་ཤེས་རགས་པ་རྣམས་རིམ་གྱིས་བསྡུས་ཏེ། ལུས་ཀྱི་འབྱུང་བ་རྣམས་ཐིམ་ཚར་རྗེས། རྣམ་ཤེས་ཤིན་ཏུ་ཕྲ་བ་དེ་ཉིད་མི་ཤིགས་པའི་ཐིག་ལེའི་དཀྱིལ་ནས་ཐོན་པ་དང་། ལུས་སེམས་ཀྱི་འབྲེལ་བ་ཆད་པ་སྟེ། འཆི་སྲིད་འགག་པ་དང་དུས་མཉམ་དུ་སྲང་མདའི་མཐོ་དམན་བཞིན་བར་དོ་གྲུབ་ལ། དེ་ཡང་སྐྱེ་བ་ཕྱི་མའི་བྱད་གཟུགས་བཞིན། བར་དོ་བ་དེ་དབང་བོ་ཀུན་ཚང་མངོན་ཤེས་ཡོད་པ། ལས་ཀྱི་རྫུ་འཕྲུལ་ཅན། སྐྱེ་གནས་དང་རྟེན་བྱིན་ཅན་མ་གཏོགས་གང་ལ་འང་ཐོགས་པ་མེད་པ། རིས་མཐུན་ལྷ་མིག་དག་པས་མཐོང་བའོ། །ཐ་མལ་བ་ཤི་བའི་རྗེས་སུ་རྣམ་ཤེས་ཁ་བྲལ་ཏེ་བར་དོ་གྲུབ་རྗེས་ཞག་ཞེ་དགུའི་ཚུན་ཆད་དུ་སྐྱེ་བ་ངེས་པར་ལེན་དགོས་ཏེ། ལམ་རིམ་ཆེན་མོར། ཚེ་ཚད་ནི་སྐྱེ་བའི་རྐྱེན་མི་རྙེད་ན། རེ་ལྟར་ཐོགས་ནའང་ཞག་བདུན་དུ་གནས་སོ། །རྐྱེན་རྙེད་ན་ནི་ངེས་པ་མེད་དོ། །མ་རྙེད་ན་ཡང་ལུས་བརྗེས་ནས་ཞག་བདུན་ཕྲག་བདུན་ཚུན་ཆད་དུ་གནས་ཀྱི། དེ་ཚུན་ཆད་དུ་ངེས་པར་སྐྱེ་བའི་རྐྱེན་རྙེད་པས་དེ་ཕན་ཆད་དུ་མི་གནས་སོ། །གཞུང་ཁུངས་མ་གང་ནས་ཀྱང་དེ་ལས་རིང་བ་མ་བཤད་པས། དེ་ལས་རིང་བར་འདོད་པ་ནི་མི་རིགས་སོ། །ཞེས་པའི་ལུང་འདིས་གྲུབ་ལ། ཡང་བཙུན་པ་དཔལ་ཆེན་གྱིས། ཇི་སྲིད་སྐྱེ་བའི་ཚོགས་པ་མ་རྙེད་བར་དུ་གནས་པས་ཚེ་ཚད་མཐའ་གཅིག་ཏུ་མ་ངེས་ཏེ། བར་སྲིད་ཚེ་རིང་ཐུང་གིས་དབང་གིས་དེའི་སྔོན་དུས་ཀྱི་སྲིད་པ་ཚེ་རིང་ཐུང་དུ་གྱུར་བའི་ཕྱིར་ཏེ། མདོ་མྱང་འདས་ལས། སངས་རྒྱས་འོད་སྲུངས་འཇིག་རྟེན་དུ་བྱོན་དུས། རྒྱལ་བོ་འོད་མཛེས་ཀྱི་སྲས་རྒྱལ་བུ་གཞོན་ནུ་ཤི རྒྱལ་བོ་བཙུན་མོ་འཁོར་དང་བཅས་པའི་མྱ་ངན་གྱིས་དབང་གིས་ལོ་གསུམ་ལ་བར་དོར་གནས་ཞེས་ཀྱང་གསུངས་ལ་བརྟག་པར་བྱའོ། །

ཡང་། ཀརྨ་ཆགས་མེད་ཀྱི་ལྷོ་སྒོའི་དམིགས་རིམ་ཐར་བའི་ལམ་སྟོན་ལས། སེམས་ཅན་གྱི་སྲོག་དང་དབུགས་ལེན་པ་པོ་ཐ་དད་དུ་ཕྱེས་ནས། སྤྱིར་ནི་སྦྱོར་བ་བྱེད་ལུགས་ངོས་བཟུང་བ། །དུས་གསུམ་སངས་རྒྱས་མན་ནས་སྲིན་བུ་ཡན། །སྲོག་གཅོད་གཤེད་ནི་ལས་ཀྱི་གཤིན་རྗེར་གསུངས། །འགྲོ་བ་ཀུན་གྱི་དབུགས་ནི་ལེན་པ་པོ། །དཔལ་ལྡན་ལྷ་མོ་ཡིན་པར་རྒྱུད་ལས་གསུངས། །ཞེས་ཀྱང་གསུངས་ལ། བར་དོ་བའི་གནས་ཚད་ཀྱང་། ཀརྨ་ཆགས་མེད་ཀྱི་མཚུན་བཅོས་ལས། ལ་ལ་ནི་མི་རབས་མང་བོར་ལུས་མི་ལེན་པར་བར་དོར་འདུག་དགོས་པའང་ཡོད་ཅེས་བཤད་པ་ནི་ནང་བསྟན་སྤྱིའི་ལུགས་ལྟར་ན་དོན་ལ་མི་གནས་པའི་གཏམ་མོ། །

བར་དོ་སྣང་ཚུལ་གྱི་ཁ་དོག་གི་ཁྱད་པར་ནི། མངལ་དུ་འཇུག་པ་ལས། དམྱལ་བའི་བར་དོ་ནི་སྡོང་དུམ་ཚིག་པ་ལྟ་བུ། ཡི་དྭགས་ཀྱི་བར་དོ་ཆུ་ལྟ་བུ། འདོད་པའི་ལྷ་དང་མིའི་བར་དོ་གསེར་ལྟ་བུ་དང། གཟུགས་ཁམས་པའི་བར་དོ་དཀར་བོར་གསུངས་སོ། །གཞན་ཡང་། སྲིད་པ་བར་དོའི་སྐབས་སུ་མ་ངེས་པའི་རྟགས་དྲུག་ཀྱང་སྣང་དུ་ཡོད་དེ། གནས་ངེས་མེད་རི་རྩེ་ཐང་སྟོང་ལ་སོགས་པར་ཡུད་ཙམ་རེ་སྡོད། རྟེན་ངེས་མེད་ཟམ་པ་མཆོད་རྟེན་ལ་སོགས་པར་ཡུད་ཙམ་རེ་བརྟེན། སྤྱོད་པ་ངེས་མེད་སྐད་ཅིག་རེ་ལ་སྣ་ཚོགས་རེ་བྱེད། ཟས་ངེས་མེད་རིགས་དྲུག་གི་ཟས་སྣ་ཚོགས་མཐོང་ཡང་མི་འཐོབ་པ། གྲོགས་ངེས་མེད་ལྷ་དང་འདྲེ་སྲིན་བར་དོའི་འགྲོ་བ་སྣ་ཚོགས་དང་ཡུད་ཙམ་རེ་འགྲོགས། སྣང་ཚུལ་ངེས་མེད་འཆར་སྒོ་བདེ་སྡུག་སྣ་ཚོགས་སྐད་ཅིག་ལ་འགྱུར་ལྡོག་བྱེད་པའི་སྣང་བ་འཆར་བ་སོགས་སོ། །

ཁ་ཅིག་གཤིན་པོ་དེ་གསོན་པའི་སྐབས་ཀྱི་རྣམ་པ་དང་ཆ་བྱད་ཇི་འདྲ་བ་ཡོད་པ་བར་དོ་ལ་བསྡད་འདུག་པས། འཕྲིན་དང་ལན་བསྐུར་ཚུལ་སོགས་ཟོག་རྫུན་ཡིན། དེ་འདྲ་རེ་གཉིས་སྲིད་ཀྱང་ཕལ་མོ་ཆེར་མི་མ་ཡིན་གྱིས་གཤིན་པོའི་གཟུགས་སུ་བསྒྱུར་བ་སྟེ། མདོ་ལས། དྲི་ཟ་ཁྱབ་བྱེད་དང་། གནོད་སྦྱིན་སྨྲ་འདོད། དྲི་ཟ་འཆི་ཁའི་སེམས་ལ་ཉེ་བར་འཇུག་པ་རྣམས་ཀྱིས་ཟས་འཚོལ་ཕྱིར་ཚེ་འདས་ཀྱི་གཟུགས་ཇི་ལྟ་བ་བཞིན་གཤིན་པོའི་དབྱིབས་བྱད་ཅན་མངོན་སུམ་དུ་མཐོང་བ་དང་། མིའི་ཁོག་ཏུ་བརླམས་ནས་དན་རྟགས་མང་བོ་སྨྲ་བ་ལྟ་བུས་འཇིག་རྟེན་པ་བསླུ་བར་བྱེད་པ་ཡིན། ཞེས་དང་། ཀརྨ་ཆགས་མེད་ཀྱིས། ཕ་མཚུན་དགྲ་བླ་ཀུན་གྱི་རྗེས་འབྲང་བའི། །ཡེ་ངམ་ནག་པོ་དྲིལ་ནག་སྤུང་སྐྲ་ཅན། །དམ་སྲི་བསེ་རག་ལྟོགས་འགོང་དབུལ་སྲི་དང་། །མཚུན་མིན་མཚུན་དུ་བརྫུ་བའི་བསེ་རག་རྣམས། །ཞེས་དང་། གཞན་ཡང་དྲི་ཟ་ཀུན་ཏུ་ཁྱབ་བྱེད་དང་། །གནོད་སྦྱིན་རྟོགས་འདོད་འབྱུང་བོ་བ་ར་ཧི། །དེ་སོགས་ནག་ཕྱོགས་བདུད་རིགས་མང་བོ་ཡིས། །འཆི་ཁར་དབུགས་ལེན་ཕུང་བོ་བདག་ཏུ་འཛིན། །ཚེ་འདས་གཟུགས་བཟུང་གསོན་པོ་རྣམས་ལ་གནོད། །ཚེ་འདས་ལ་བསྔོས་ཟས་སྐོམ་བར་ནས་འཇོམས། །ཚེ་འདས་ཡིན་པར་བརྫུས་ནས་ཆ་འཕྲིན་བསྐུར། །དེ་འདྲ་དཔག་ཏུ་མེད་པ་ཡོད་པའི་ཚུལ། །ཚེ་འཕོ་ཇི་ལྟར་འགྱུར་བའི་མདོ་ལས་གསུངས། །དེ་དག་རྣམས་དང་ཕྱེ་བར་མ་བྱས་ན། །གསོན་པོ་རྣམས་ལ་གནོད་པའི་གསོན་བདུད་ཟེར། །ཞེས་གསུངས་པར་མ་ཟད། དེ་བཟློག་ཚུལ་དང་བཅས་པ་བསྟན་ཡོད་དོ། །

དེའི་ཤེས་བྱེད་ནི། སྔོན་ཤཱཀྱ་དགའ་བྱེད་ཟེར་བ་ཤི་ནས། ཀུན་ཏུ་རྒྱུ་རྣམས་ཀྱིས་གཤིན་ཆོས་བྱེད་སྐབས། གཤིན་པོ་དེ་ཀུན་ནས་གཟུགས་དངོས་སུ་སྟོན་པ་ལ་བཟའ་བཏུང་སྟེར་བ་སོགས་བྱ་སྲོལ་ཡོད་པ་དེ་བཞིན་བྱས་ཏེ། ཉེ་དུ་རྣམས་ཀྱིས་དེ་ཤཱཀྱ་དགའ་བྱེད་དངོས་ཡིན་བསམ་པ་ན། སྟོན་པས་དྲི་ཟ་ཁྱབ་བྱེད་དང་། གནོད་སྦྱིན་གཏོགས་འདོད་སོགས་ཀྱིས་གཤིན་པོར་བརྫུས་པ་ཡིན་གསུངས་པ་ལ། དེ་དག་ཡིད་མ་ཆེས་པར། སྟོན་པས་ཤཱཀྱ་བ་རྣམས་ལ་འབྲུའི་ཐུམ་པོར་ཁྱིམ་སོ་སོའི་མིང་བྱང་བཅུག་པ་རེ་ཁྱེར་ཤོག་གསུངས་པས། ཤཱཀྱའི་མི་ཁྱིམ་ཧ་ཅང་མང་བོ་ཞིག་གིས་དེ་ལྟར་ཕུལ་བས། འབྲུའི་ཕུང་བོ་གླང་ཆེན་གྱི་རྒྱབ་ཁབ་ལོངས་པ་ཙམ་བྱུང་བ་རྣམས། སངས་རྒྱས་ཀྱིས་འདི་དང་འདིའི་ཡིན་ཞེས་གཅིག་ཀྱང་མ་ནོར་བར་ངོས་འཛིན་མཛད་པས་ཡིད་ཆེས་པ་བྱུང་། ཞེས་དང་། གཞན་ཡང་། རྗེ་མི་ལས་བོན་གྱི་ཁྱིམ་ཚང་ཞིག་ནས་མི་མ་ཡིན་གཤིན་པོར་བརྫུས་པ་དེ་མཐར་སྤྱུགས་བཏང་བའི་ལོ་རྒྱུས་ཡོད་པ་ལས་རྟོགས་ཐུབ་སྟེ། དེ་ནི་མི་ལའི་རྣམ་མགུར་གཤིན་དོན་ཐུགས་རྗེ་ལྕགས་ཀྱུ་ལས། རྗེ་མི་ལ་རས་པ་གཉའ་ནང་གྲོད་ཕུག་ན་བཞུགས་དུས། ལ་ཞིང་ཞེས་པའི་ས་ཆར་མི་ལའི་སློབ་མ་བོན་པོ་ཞིག་མཆིས་པ། འཆི་ཁར་གཤིན་དོན་དུ་མི་ལ་ཞུ་དགོས་པའི་ཁ་ཆེམས་ལྟར། རྗེ་བཙུན་ཞུས་དུས། རྗེ་བཙུན་དཔོན་སློབ་སྟེང་ཁང་དུ་བཞུགས། བོན་པོ་རྣམས་འོག་ཏུ་ཆོ་ག་བྱས་པས། དཀྱིལ་འཁོར་གྱི་རྩ་ན་སྔར་ཤི་བའི་བོན་པོ་དེ་སྔོ་ཐུལ་ཞོལ་ལེ་ཆང་འཐུང་ཞིང་འདུག་པ་པེ་ཏས་མཐོང་བ་དང་། པེ་ཏ་ལ་བོན་པོ་རྣམས་ན་རེ། མི་ལ་རས་པ་དག་ངེད་ཚོ་ལ་འཐབ་སྟེ། ངེད་ཀྱི་ཆོས་གཤིན་པོ་མངོན་སུམ་དུ་ཁུགས་པ་འདི་འདྲ་ཁོ་ལ་མེད་བཤད་པས། རྗེ་བཙུན་གྱིས་རྫུན་ཁུངས་བརྟོལ་ཕྱིར། ཞི་བ་འོད་བཏང་བས། གཤིན་གཟུགས་དེའི་རྗེ་བཙུན་གྱི་ཟིལ་མ་བཟོད་པར། ང་འགྲོ། ང་བོན་པོའི་བླ་འཁྱེར་མཁན་སྣང་ཡུལ་གྱི་བདུད་ངར་མི་ཟན་ཡིན། བོན་པོའི་ཆོས་ལ་གཏད་སོ་མི་འདུག་པས་རྔན་ཆན་བྱེད་འོང་བ་ཡིན། ཞེས་སྲང་བར་ནས་མར་སྔོ་ཐུལ་ཞོལ་ལེ་སོང་བ་དེད་པས། རི་ལོགས་ཤིག་ཏུ་སྤྱང་ཀིར་སོང་སྐད། དེ་ནས་རྗེ་བཙུན་གྱིས་བོན་པོ་རྣམས་ལ་ཡིད་ཆེས་བསྐྱེད་པའི་ཕྱིར། གཤིན་ད་ལྟ་ལུང་བའི་ཕུ་ཡ་གི་ན་ལྕི་སེར་སྐམ་པོ་ཞིག་གི་འོག་ན་འབུ་ཕྲ་ལ་རིང་བ་ཞིག་ཏུ་སྐྱེས་འདུག་ཅེས་ཐམས་ཅད་དེར་བྱོན་ཏེ། གསང་མཚན་ནས་བོས་ནས། ང་ཁྱོད་རང་གི་བླ་མ་མི་ལ་རས་པ་ཡིན་པས་འདིར་ཤོག་གསུངས་པ་དང་། ལྕི་བའི་འོག་ནས་འབུ་དེ་བྱུང་ནས་རྗེ་བཙུན་གྱི་སྐུ་འཕང་དུ་ཁྱིལ་ཉལ་སོང་བ་ལ། རྗེ་བཙུན་གྱིས་ཆོས་བཤད་དང་། འཕོ་བས་གནས་སྤོར་མཛད། རེ་ཞིག་དགོངས་པ་ལ་ཞུགས་ནས་ལམ་སྟོན་མཛད་པས། རྗེ་བཙུན་རིན་པོ་ཆེ། བདག་ཐར་བའི་བདེ་བ་ལ་བཀོད་པ་བཀའ་དྲིན་ཆེ་ཞེས་བརྗོད་ཅིང་སོང་བ་ཀུན་གྱིས་མཐོང་བས་ཡིད་ཆེས་པ་ལྟ་བུ་དང་། ཁྲུས་ཆོག་ལས་ཀྱང་། ཚེ་ལས་འདས་པའི་ཆ་བྱད་བཟུང་ནས། དེའི་ཉེ་འབྲེལ་དང་། འཇིག་རྟེན་པ་རྣམས་བསླུ་ཞིང་གནོད་པར་བྱེད་པའི་གནོད་སྦྱིན་དང་། ཤ་ཟ་དང་། འབྱུང་བོ་ལ་སོགས་པ་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ལ། གནོད་པ་དང་འཚེ་བའི་བསམ་པ་ངན་པ་ཐམས་ཅད་སྤོང་ལ། ཞེས་གསུངས་པ་ལྟ་བུའོ། །

༢ གཉིས་པ་བེམ་པོ་བཅོས་སྟངས། བོད་ཀྱི་ཡུལ་སྲོལ་དུ་བེམ་པོ་བཅོས་སྟངས་འདྲ་མིན་ཡོད་ཀྱང་། འདིར་ཤེས་ཚོད་ཙམ་ཞིག་ཞུ་ན། སྐྱེས་བུ་དམ་པ་རྟོགས་ལྡན་ཞིག་ཡིན་ན། སློབ་མའམ་གྲོགས་དམ་གཙང་རེ་གཉིས་ཀྱིས་རེག་ནས། སེང་གེ་འགྱིང་སྟབས་ལྟར་བཅོས་པ་སྟེ། སྐུ་ཕུང་གི་དབུ་བྱང་དང་། གདོང་ནུབ། ཞབས་ལྷོར་བསྟན། རྒྱབ་ཤར་དུ་བསྟན་ཏེ། གློ་གཡས་ས་ལ་ཕབ་ནས། ཕྱག་གཡས་པ་འགྲམ་པ་གཡས་པར་བརྟེན། ཞབས་ཀྱི་པུས་མོ་ཟུང་ཅུང་ཟད་བསྐུམ་ནས། སྣ་བུག་གཡས་པ་ནས་ཞེ་སྡང་གི་རླུང་རྒྱུ་བ་འགོག་ཆེད་སྲིང་བལ་གྱིས་བཀག་ཅིང་། སྐུ་ཕུང་སྟེང་ཆོས་གོས་རྣམ་གསུམ་འགེབས་སོ། །

ཡང་། རྟོགས་ལྡན་རེ་ཟུང་ཕྱག་ཐལ་མོ་སྦྱར་ཏེ་རྡོ་རྗེ་སྐྱིལ་ཀྲུང་ལ་བཞུགས་པ་ཡིན་ན། རང་འདོད་ཀྱིས་བསྒྱུར་བཅོས་བྱེད་མི་རུང་བ་དང་། དེར་མ་ཟད་ས་པཎ་གྱི་སྐུ་སྲིང་བཟོད་པ་རིང་མོ་དང་། རྒྱ་ནག་གི་ཧྭ་ཤང་འགའ་རེ་བཞེངས་བཞིན་དུ་འདས་པའང་ཡོད། ཉེ་འཁོར་དུ་སྤོས་བཟང་མི་སྒྲོན། རྒྱུ་མཚན་ནི། ཐུགས་དམ་གྱི་ཚེ་རུས་ཚིགས་ལྷོད་ཉེན་ཆེ། ཐུགས་དམ་དུ་བཞུགས་མེད་ཀྱང་། ལ་ལས་ཁེ་གྲགས་སོགས་ལ་དམིགས་ནས་བཙན་གྱིས་ཙོག་བཞུགས་བཅོས་པ་ཡིན་ན། ཡུལ་དེར་གནོད་རྐྱེན་དུ་འགྲོ་བར་དམ་པ་གོང་མས་ཞལ་ལས་ཐོས་སོ། །སེང་གེ་འགྱིང་སྟབས་དང་སྐྱིལ་ཀྲུང་གང་ལྟར་བཞུགས་རུང་། ལམ་སྔགས་སོགས་ཞལ་ཕྱེས། སྐུ་གདུང་གི་ཉེ་འཁོར་དུ་མཆོག་གསུམ་གྱི་རྟེན་དགྲམ་ཞིང་། ཅི་འབྱོར་བའི་མཆོད་ཚོགས་རྒྱ་ཆེར་བཤམས། དགེ་འདུན་གྱི་སྡེ་ལ་བསྙེན་བཀུར་དང་། སྐྱེ་བོ་མང་ལ་སྦྱིན་གཏོང་། མདོ་རྒྱུད་དང་པོ་ཏི་ལྔའི་རྩ་བ། ལམ་རིམ་དང་སྔགས་རིམ་སོགས་ཀློག་པ། རྒྱུད་སྡེ་བཞིའི་སྒྲུབ་མཆོད་སོགས་ཅི་ནུས་བྱའོ། །ཐུགས་དམ་སོགས་ཉིན་འགར་གསང་རྒྱ་བྱས་པའི་དབང་དུ་བཏང་ན། ཐུགས་དམ་མ་གྲོལ་གོང་དུ་སྐུ་ལ་སྒུལ་བསྐྱོད་མི་བྱེད་པ་དང་། ལམ་སྔགས་རེ་ཀློག་པ་ལས། མི་མང་ཚོགས་ནས་གདུང་ཆོག་མི་འདོན་པ་དང་། ཐུགས་དམ་གྲོལ་ནས་སྐུ་ཁྲུས་འབུལ་བ། གནས་ཡིག་འདོགས་པ་སོགས་བྱས་རྗེས་ཁྲི་ཁར་བཞུགས་སུ་འཇུག་པ་དང་། དེ་ནས་གདུང་མཆོད་ཀྱི་ཆོ་ག་སོགས་གོ་རིམ་ལྟར་བྱེད་དོ། །གདུང་མཇལ་གཏོང་དགོས་པའི་གོ་རིམ་ནི་རྗེ་འཇིགས་མེད་རིགས་པའི་བློ་གྲོས་ཀྱི་རང་རྣམ་དུ་གསལ་བས་དེར་བལྟ་བ་དང་། གཞན་ཡང་། ཞབས་དྲུང་ཆོས་རྗེ་ངག་དབང་ཚེ་རིང་གི་ཤི་བའི་ཕུང་བོ་ཇི་ལྟར་བྱེད་ཚུལ་དང་། དེ་མོ་ངག་དབང་དགེ་ལེགས་རྒྱལ་མཚན་གྱི་འཕོ་བ་དང་ཐུགས་དམ་དག་ལ་ངོ་སྤྲོད་པ་ཡེ་ཤེས་སྒྲོན་མེ་སོགས་ལ་བལྟ་བར་བྱའོ། །

མི་ཕལ་བར་རོ་བཅོས་བྱ་སྟངས་ལ། མའི་མངལ་གྱི་འདུག་སྟངས་ཏེ་ཙོག་པར་འདུག་པའི་སྟངས་ཀ་བྱེད་པ་ནི་བདེན་ཤས་ཆེ་སྟེ། འཇར་པན་གྱི་དམངས་སྲོལ་མཁས་ཅན་ཀྲུང་ཧྲན་སི་ལེས། མངལ་གྱི་འདུག་སྟངས་ལྟར་གཤིན་པོ་རོ་བཅོས་བྱས་པར་དགེ་མཚན་བཞི་གསུངས་ཡོད་དེ། གཅིག་ནས་སྲ་མཁྲེགས་ཀྱི་བྲག་སོགས་ལས་པུར་ཁང་སློག་སྐབས། ངལ་རྩོལ་སྟབས་བདེར་བཟོས་ཡོད་པ་དང་། གཉིས་ནས་དང་ཐོག་མངལ་གྱི་ཚེ། ཙོག་པར་བདེ་བར་གནས་པ་ལྟར། ཐ་མའི་ཚེ་ཡང་དེ་ལྟར་དར་གོས་ཀྱིས་ལྕིབས་ཏེ། མ་ཡུམ་ས་གཞིའི་པང་དུ་ལོག་པ་དང་། གསུམ་ནས་བདེ་བར་ཙོག་པོར་གཉིད་ལ་ཡུར་བའི་ཚུལ་གྱིས་གཤིན་བཅོས་བྱས་པ་དང་། བཞི་ནས་རོ་ལངས་རྒྱག་པ་སོགས་འཇིགས་རུང་གི་སྣང་ཚུལ་འགོག་སླད། འཕག་འགུལ་མི་ནུས་པའི་ཚུལ་གྱིས་བཀྱིགས་པ། ཞེས་གསུངས་པར་ཡང་གོ་རྒྱུ་ཡོད་དོ། །འཛེམ་བྱ་ནི། བེམ་པོ་ཡོད་སར་ཁྱི་དང་བྱི་ལའི་འགྲོ་འདུག་གཏན་འགོག་བྱེད་དགོས། རྒྱུ་མཚན་ནི། སེམས་ཅན་དེ་དག་གི་སྤུ་ལ་གྲ་ཡོད་པས། བེམ་སྟེང་དུ་ལྷུང་ན་རོ་ལངས་རྒྱག་པའི་ཉེན་ཁ་ཡོད་དོ། །

༣ སྤུར་སྦྱོང་ཚུལ། སྤུར་སྦྱོང་ཞེས་པ་ནི། དག་ཡིག་གི་དགོངས་དོན་ལྟར་ན། གཤིན་པོ་དེ་གཙང་བཟོ་བྱས་ཏེ་ཡང་དག་པར་སྦྱང་བ་ལ་བྱ་ཞིང་། བོད་དུ་སྤུར་སྦྱོང་བྱེད་པ་ལ་རིགས་མང་ཡང་བསྡུ་ན། སྤུར་སྦྱངས་བྱ་སྟངས་དྲུག་གི་ནང་དུ་འདུ་བར་སེམས་ཏེ། ༡ མེར་བསྲེགས་པ། ༢ བང་སོར་སྦ་བ། ༣ ཕུང་བོ་གཟན་ལ་བསྒྱུར་བ། ༤ གདུང་རྟེན་བཞེངས་པ། ༥ དམར་གདུང་དུ་འཇོག་པ། ༦ ཆུར་བསྐྱུར་བའོ། །

༡ ཕུང་བོ་མེར་བསྲེགས་པ། ཕུང་བོ་མེར་སྲེག་སྐབས་དུར་གྱི་ས་དཔྱད་ལ་གཞིགས་ཏེ། རུས་མཐོ་བ་དང་ཡོན་ཏན་ལྡན་པ། ཡང་ཚ་མཐོང་བའི་རྒན་པོ་ཡིན་ན། གདན་ཁྲི་ལྟ་བུའི་མཐོ་ས་དང་། རུས་དམན་པ་དང་ཡོན་ཏན་ཆུང་བ། ལོ་ཆུང་དག་དམའ་སར་འཇོག གྲིར་ཤི་དང་མཛེ་ཅན། གདུག་པའི་ནད་ཀྱིས་ཤི་བ་རི་སྣ་དང་བྲག་སྣ་མནོན་པའི་དམའ་ས་ལའོ། །

༡ ཕུང་བོ་སྲེག་སྦྱངས་གཏོང་བའི་དུས་ནི། ལྷ་མོ་བློ་བཟང་ཚུལ་ཁྲིམས་ཀྱི་འབྱུང་རྩིས་དཔག་བསམ་ལྗོན་ཤིང་ལས། ཕུང་བོ་གཏོང་བའི་རིམ་པ་ལ། །ཕྲན་ཚེགས་སོགས་ཀྱི་དགོངས་པ་བཞིན། །ཐུགས་དམ་བཞུགས་པའི་རྣལ་འབྱོར་བ། །མ་གྲོལ་བར་དུ་གཏང་མི་བྱ། །བཤེས་གཉེན་ཡོན་ཏན་ལྡན་པའི་ཚོགས། །ཞག་བདུན་འདས་ནས་གཏོང་བ་གཅེས། །ཐ་མར་རྣམ་ཤེས་ངེས་མེད་ཀྱང་། །ཞག་བཞི་འདས་ནས་གཏོང་བར་བྱ། །མདོར་ན་མཆོག་དམན་གང་ལའང་། །དཀར་དམར་ཁམས་ཀྱི་ཉི་ཟླའི་འགྲོས། །སྟེང་འོག་སྒོར་ཐོན་རྟགས་མེད་པར། །བསྲེག་པ་ལ་སོགས་སྤང་བར་བྱ། །

༢ སྲེག་སྟངས་ནི། གསང་སྔགས་ཀྱི་རྒྱུད་སྡེའི་ལས་གསུངས་པ་ལྟར། རྡོ་རྗེ་སེམས་དཔའ་དང་། མི་འཁྲུགས་པ་། ཀུན་རིག་སྟེ་ངན་སོང་སྦྱོང་བའི་ལྷ་གསུམ་གང་རིགས་ཀྱི་ཆོ་ག་ལྟར། རྫས་ཆེན་བཅུ་གཉིས་དང་སྲེག་ཤིང་ལ་མར་དང་སྣུམ་བྱུགས་ནས། ཚེ་འདས་ཀྱི་ཕུང་བོ་ལྔས་རྒྱལ་བ་རིགས་ལྔ་མཆོད་པའི་སླད་དུ། མེ་སྦར་ཏེ་ཐབ་གྱི་ནང་དུ་སྦྱངས་པ་ཡིན། ཡང་ན། པུར་ཙན་དན་གྱི་སྤུར་སྒྲོམ་མར་ཁུས་བཀང་བའི་ནང་དུ་བཞག་སྟེ། སྲེག་ཐབ་ཀྱི་སྟེང་དུ་བཞག་ལ། མེ་སྒྲོན་ཚུལ་ཡང་། ཀརྨ་ཆགས་མེད་ཀྱི་རོ་སྲེག་ཆོ་ག་ངན་སོང་གནས་འདྲེན་སྡུག་བསྔལ་མཚོ་སྐེམ་ལས། རང་གིས་ཆོས་འབྲེལ་ཞུས་པའམ། །རང་གི་ཉེ་དུ་ཡིན་ན་ནི། །རང་གིས་མེ་ནི་མི་སྦར་བར། །གྲྭ་བ་ཞིག་ལ་སྦར་དུ་བཅུག། ཐ་མལ་ཕུང་བོ་མེ་སྦར་བ། །ཉེས་པ་ཡོད་ཅེས་ལ་ལས་སྨྲ། །མེ་སྦར་མཁན་གཅིག་གླ་སྦྱིན་འཚོལ། །ཚེ་འདས་དེ་ཡི་མིང་ནས་འབོད། །མེ་ཐལ་གྲོས་ཞེས་བརྗོད་པ་ནི། །བླ་དེ་རོ་ལ་གནས་པའི་ཕྱིར། །དེ་ལ་སྐྲག་སྣང་འབྱུང་དོགས་ཟེར། །དེ་འདྲ་ལོག་པ་ཡིན་པའི་ཕྱིར། །དེ་འདྲའི་མིག་ལྟོས་མི་བྱ་བར། །མེ་ནི་སློབ་དཔོན་རང་གིས་སྦར། །ཞེས་གསུངས་ལ། བླ་མ་འམ་སྐྱེས་བུ་དམ་པ་ཞིག་ཡིན་ན། ཆོས་འབྲེལ་མེད་པ་ཞིག་གིས་ཕྱག་གསུམ་བཙལ་བ་ལ་དཔལ་འབར་གཏད་དེ། ཆོ་ག་བ་རྣམས་ཀྱིས་ཕལ་བ་རྣམས་ལ་གསོན་ཤིག་དགོངས་ཤིག་རིགས་ཀྱི་བུ། ཞེས་པའི་ཚབ་ཏུ། དཔལ་ལྡན་བླ་མ་དགོངས་སུ་གསོལ། །ཕུང་བོ་ལྔ་ཡི་བུད་ཤིང་ལ། །རྒྱལ་བ་ལྔ་ཡི་མེ་སྦར་རོ། །འབྱུང་བ་བཞི་ཡི་བུད་ཤིང་ལ། །ལྷ་མོ་བཞི་ཡི་མེ་སྦར་རོ། །དབང་བོ་དྲུག་གི་བུད་ཤིང་ལ། །བྱང་ཆུབ་སེམས་དཔའི་མེ་སྦར་རོ། །ཡུལ་རྣམ་དྲུག་གི་བུད་ཤིང་ལ། །ལྷ་མོ་དྲུག་གི་མེ་སྦར་རོ། །ལུས་ངག་ཡིད་གསུམ་བུད་ཤིང་ལ། །རྒྱལ་བའི་སྐུ་གསུམ་མེ་སྦར་རོ། །སྐུ་གསུམ་ཡེ་ཤེས་ལྔ་ལྡན་དུ། །འགྲོ་བའི་དོན་དུ་འགྲུབ་པར་ཤོག། མེ་སྦར་རོ་ཞེས་སྔ་མ་རྣམས་ལ་སྦོར་བའི་སྟངས་ཀ་རེ་དང་། ཐ་མའི་སྐབས་སུ་དཔལ་འབར་མེ་ཚང་དུ་འཇུག་གོ། འོན་ཀྱང་ཕུང་བོ་ཞུགས་འབུལ་སོགས་ཕྱག་ལེན་གྱི་ཆ་ལ་བན་བོན་གཉིས་འདྲེས་མང་སྟེ། དུང་དཀར་གྲུབ་མཐའ་ལས། སྔོན་མ་ཁྲི་སྲོང་ལྡེ་བཙུན་སྐབས་བོན་ཆོས་བསྣུབས་དུས་བོན་གྱི་ཆོས་བྱེད་སྟངས་ཁག་གཅིག་རང་སོར་བཞག་ཡོད་པ་དཔེར་ན། མདོས་བཞེངས་པ། གླུད་གཏོང་བ། གཡང་སྒྲུབ་བྱེད་པ། གཏོར་ཟོར་འཕེན་པ། ལྕགས་མཁར་སྲེག་པ། རྔ་རྡུང་སྦུབ་དཀྲོལ། ཕུང་བོ་ཞུགས་འབུལ་བྱེད་པ་སོགས་ཡིན། དེ་དག་རང་སོར་འཇོག་དགོས་དོན་ནི། དེ་དག་མང་ཚོགས་ནང་ས་ཁྱབ་རྡོ་ཁྱབ་སོང་ནས་ཚང་མས་ཁས་ལེན་གྱི་ཡོད་པས་ཡིན། ཞེས་གསུངས་པས་སོ། །

དེ་ལྟར་གསང་སྔགས་ཀྱི་ཆོ་ག་ལྟར་བསྲེགས་ན། དུ་བ་ཕོག་པའི་བྱ་དང་རི་དྭགས། ཐལ་བ་ཆུར་འཕོས་ན་ཆུ་དེ་འཐུང་བའི་སེམས་ཅན་ཡོད་ཚད་ལ་ཕན་པ་རྒྱ་ཆེན་པོ་འབྱུང་ལ། ཚེ་འདས་དེས་ཀྱང་རང་གི་དབང་བོ་ལྔས་མཆོད་པ་བྱས་པའི་སྟོབས་ལ་བརྟེན་ནས། བདེ་འགྲོར་སྐྱེས་པར་གསུངས་ལ། དེ་ཡང་། སྒྲུབ་པ་པོ་དང་བསྒྲུབ་ཡུལ་ཚད་ལྡན་དགོས་སོ། །ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་སྐབས་སུ་ཡང་། སློབ་དཔོན་པད་འབྱུང་དང་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་བ་ཟ་བྱེད་རོལ་བའི་རྒྱུད་དང་། དུར་ཁྲོད་ཁུ་བྱུག་རོལ་བའི་མདོ། གཤིན་རྗེ་རོལ་བའི་རྒྱུད་སོགས་དང་། སློབ་དཔོན་པད་མའི་བཀའ་ཐང་དུའང་། སྲེག་སྦྱོང་རོའི་ལས། ཚེ་འདས་གཤིན་གྱི་ལས་སོགས་མཆིས་པ་ལྟར། ཚད་ལྡན་གྱི་གཞུང་དེ་དག་ལ་བརྟེན་ནས་སྲེག་སྦྱོང་གྲུབ་རྗེས། ཐབ་ལས་རུས་པ་ཕྱིར་བཏོན་ཏེ་རུས་ཆོག་བསྐུར་དགོས་པ་སྟེ། དེ་ཡང་ར་ག་ཨ་སེའི་ལྷོ་སྒོའི་དམིགས་རིམ་ཐར་བའི་ལམ་སྟོན་ལས། ཚན་ཆེར་སྔགས་པའི་བྱེ་མ་ཡོད་གྱུར་ན། །མི་དང་དུད་འགྲོའི་རོ་དང་རུས་པ་ལ། །ཕྱིར་ལྡོག་མིན་ཀྱང་འདེབས་རྒྱུར་བསྐུར་ན་ཕན། །དེ་ནས་ཁྲུས་ཀྱི་གོ་བ་ལེན་པ་ནི། །ཐུབ་རྣམས་སྡིག་སྒྲིབ་ཆུ་ཡིས་མི་བཀྲུ་ཞིང་། །འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ཏེ། །འོན་ཀྱང་གདམས་ངག་བསྟན་ནས་སེལ་གསུངས་པ། །སྔགས་དང་ཏིང་འཛིན་མེད་པའི་ཆུ་གཙང་གིས། །ཕ་མའི་རུས་པ་བཀྲུས་ན་ཕན་ནོ་ཞེས། །ཕྱི་རོལ་བ་རྣམས་སྨྲ་བ་དགག་ཕྱིར་ཡིན། །སྔགས་ཅན་ཆུ་ཡིས་རང་བཞིན་ཁྲུས་བྱས་ནས། །ལུས་ཅན་སྡིག་པ་འདག་ཅེས་རྒྱུད་ལས་གསུངས། །ཞེས་པ་ལྟར་རུས་ཆོག་གནང་སྟེ། རུས་པ་ཕྱེ་མར་སྒྲུག་ནས་རི་མཐོ་ས་ལས་རླུང་ལ་བསྐྱོན་པའམ། ཡང་ན། རུས་པ་དང་གཟུངས་ཆུ་ས་དམར་དང་སྦྲུས་ཏེ་མི་འཁྲུགས་པའི་སྐུ་དང་ས་ཙྪ་བཏབ་ནས་རི་མཐོ་སར་སྐྱེལ་བའམ་ཆུ་ཀླུང་དུ་ཕྱགས་པ་ཡིན། ཀརྨ་ཆགས་མེད་ཀྱིས་བཀྲ་རྒན་གྱི་དཀར་རྩི་བླངས་ནས་ཁྱིམ་ཕུག་ཏུ་བཞག་ན་མི་རྒྱུད་ཕྲ་བ་ལ་སྲིད་འཕེལ་ཞིང་རྒུད་པ་དར། གཡང་དང་དཀོར་བདག་འགུགས་པར་བཟང་བར་བཤད་ལ། དཀར་རྩི་མེད་ན་ཤིང་རིས་དང་མདའ་དར་ལུག་མགོ་ཤིང་རྩི་དཀྱིལ་ཀ་ལ་བཅིངས་པར་ཡང་བཤད་དོ། །

༣ རུས་པ་བཏུལ་ཚུལ་ཡང་། ཀརྨ་ཆགས་མེད་ཀྱི་རོ་སྲེག་ཆོ་ག་ངན་སོང་གནས་འདྲེན་སྡུག་བསྔལ་མཚོ་སྐེམ་ལས། ཚེ་འདས་དེ་ཡི་སློབ་མ་དང་། །ཉེ་འབྲེལ་མིན་ཅིང་སྡིག་ཆེན་མིན། །དེ་འདྲ་ཞིག་གི་རུས་པ་བཏུལ། །ཆུས་སྦྱོང་ཕུག་རོན་དང་རུ་ཙམ། །དེ་ཡིས་ས་སྤྲུས་འཇིམ་པ་བྱ། །ཞེས་དང་།

༤ རུས་པ་ཆུར་གཤེགས་པའི་ཕན་ཡོན་ཡང་། ཀརྨ་ཆགས་མེད་ཀྱི་ཞི་ཁྲོའི་སྒོ་ནས་ཕུང་བོ་སྲེག་སྦྱང་ལས། ཐལ་སོལ་ཆུ་ཆེན་ལ་དོར་བས་ཆུ་འཐུང་གི་སེམས་ཅན་སྒྲིབ་པ་དག་པའི་ཆེད་ཡིན་པས་འབྲེལ་ཚད་དོན་ལྡན་དེ་ལྟར་བྱའོ། །ཕལ་བའི་ཐལ་སོལ་ཀླུ་མེད་པའི་ས་བཀྲ་བཟང་སར་བླུགས་པས་བཀྲ་ཤིས་པར་ཡང་བཤད་དོ། །ཆུ་ཀླུང་དུ་གཤེགས་དུས་པཎ་ཆེན་བློ་བཟང་ཆོས་རྒྱན་སོགས་ཀྱི་ས་ཙྪ་ཆུ་གཤེགས་ཞེས་པའི་ཆོ་ག་འང་ཡོད་དོ། །ཕུང་བོ་མེར་སྲེག་སྲོལ་འདི་སྤུར་སྦྱོང་ལས་མཆོག་གྱུར་ཞིག་ཏུ་བཤད་དེ། རྗེ་འཇིགས་མེད་རིགས་པའི་བློ་གྲོས་ཀྱིས། བདག་ཅག་སྟོན་པ་རྣམ་འདྲེན་ཤཱཀྱའི་རྒྱལ་བའི་རིང་ལུགས་པ་ཞིག་ཡིན་ཚེ། ཁོང་གི་མཛད་པ་དང་བསྟུན་ཏེ་རང་ཅག་ལ་ཅི་འདྲས་བཀའ་དྲིན་ཆེ་བའི་བླ་མ་དང་སློབ་དཔོན་ཡིན་ནའང་། རྒྱུད་སྡེ་དང་མཐུན་པར་གདུང་ཞུགས་ལ་ཕུལ་ནས་སྦྱངས་ཆོག་བྱས་པའི་རུས་ཕྱེ་རྣམས་སྨན་འདམ་དང་སྦྱར་ཏེ། སྐུ་འམ་ས་ཙྪ་རེ་བཞེངས་ན་དེ་ལྷག་མེད་ཅེས་བདག་གིས་ཐལ་མོ་སྦྱར་ནས་གསོལ་བ་འདེབས་སོ། །ཞེས་གསུངས་སོ། །

༥ སྲེག་ཆོག་ལྟར་པུར་སྦྱོང་བྱས་པའི་ཕན་ཡོན་ནི། སྦྱོང་རྒྱུད་ལས། དེ་ཡི་མིང་ནས་བརྗོད་ནས་ནི། །མཁས་པ་འབུམ་ཕྲག་བརྒྱ་འམ་ནི། །ཡང་ན་བརྒྱ་ཕྲག་སྟོང་ཉིད་དུ། །སྦྱིན་སྲེག་བྱས་པར་གྱུར་ནས་ནི། །དམྱལ་བ་ཆེན་པོར་ལྟུང་བའི་མི། །སྡིག་པ་དེ་ལས་ཐར་བར་འགྱུར། །ཞེས་དང་། གསང་འདུས་རྒྱུད་ལས། རྣམ་ཤེས་ལྔ་བྲལ་བེམ་པོའི་ལུས། །བག་ཆགས་སྦྱང་བས་ཐར་བ་འཐོབ། །སྦྱང་ཤེས་ཕྱི་དང་ནང་གིས་སོ། །སྦྱོང་བྱེད་འབྱུང་བ་ཡེ་ཤེས་མེ། །འབྱུང་བའི་མེ་ཡིས་བག་ཆགས་སྦྱངས། །ཡེ་ཤེས་མེ་ཡིས་ཉོན་མོངས་བསྲེག །ཅེས་དང་། སློབ་དཔོན་པདྨས། དེ་ལྟར་བྱས་པའི་ཡོན་ཏན་ནི། བླ་མ་གང་ཟག་བཟང་བོ་ཞིག་ཡིན་ན། ཐུགས་ཀྱི་དགོངས་པ་མཐའ་རུ་ཕྱིན་པར་བྱེད། རྣལ་འབྱོར་པ་ཡིན་ན་ཕྱིར་མི་ལྡོག་པའི་ས་འཐོབ། སྐྱེ་བོ་ལ་སོགས་ཕལ་བ་ཡིན་ན། རིགས་དྲུག་གི་སྐྱེ་སྒོ་ཆོད་པའོ། །རང་བྱུང་ཡེ་ཤེས་ཀྱི་མེས་ལས་དང་བག་ཆགས་སྦྱོང་། སྐུ་གསུམ་ཡོངས་སུ་རྫོགས་པར་གསུངས་སོ། །

རྒྱས་པར། བཀའ་འགྱུར་བ་བློ་བཟང་ཚུལ་ཁྲིམས་ཀྱི་རོ་སྲེག་སྡིག་སྦྱོང་མུན་སེལ་སྒྲོན་མེ་ཐར་ལམ་གསལ་བྱེད་དང་། དབལ་མང་དཀོན་མཆོག་རྒྱལ་མཚན་གྱི་གཤིན་པོའི་སྦྱང་ཆོག་གི་བཤད་པ་དྲིས་ལན་དང་བཅས་པ་སོགས་སུ་བལྟ་བར་བྱའོ། །

༢ བང་སོར་སྦ་སྟངས། ༡ བང་སོ་འདེབས་སྟངས་དངོས། མིའི་རིགས་ཀྱི་ཚེ་ཚད་རྫོགས་ཏེ་རྣམ་ཤེས་ཀྱིས་བཏང་བའི་བེམ་པོ་དང་དགོས་ཆས་རྣམས་ཚགས་སུ་ཆུད་པ་ལ་དུར་དང་། དེར་ས་གནས་ཞིག་གཏན་འཁེལ་བྱས་ཏེ་ས་འོག་ཏུ་སྦས་པ་ལ་དུར་སྦས་ཞེས་བརྗོད་པ་ཡིན། དེ་ཡང་མི་ཕལ་བ་ལ་དུར་སྦས་དང་། རླབས་ཆེན་གྱི་མི་སྣ་འཇོག་ས་ལ་བང་སོ་ཞེས་བརྗོད་པ་རེད། མིང་གི་རྣམ་གྲངས་ལ། མཆད་པ། རིང་ཁང་། བམ་ཆེན། མདང་གནས། བང་ཆེན། པུར་ཁང་། དུར་ས། དུར་ཁྲོད། དུར་གནས་བཅས་ཟེར། བང་སོའི་ནང་དུ་སྦས་ནས་དུར་འཇུག་བྱེད་སྟངས་འདི། འཛམ་གླིང་རྒྱལ་ཁབ་ཁག་དང་མི་རིགས་ཕལ་ཆེར་ལ་དར་སོ་ཆེ་ལ། རྒྱུ་མཚན་ནི། དེང་སང་ཕྱོགས་ཡས་མས་ན་བང་སོ་བྲུས་ཏེ་གནའ་རྫས་སྔོག་འདོན་བྱེད་པ་ལས་རྟོགས་ཐུབ། དེ་ཡང་མི་སྣ་རླབས་ཆེན་ལ་དཔལ་འབྱོར་གྱི་འགྲོ་གྲོན་འབོར་ཆེན་བཏང་བ་དང་། མི་ཕལ་བར་རང་བཞིན་གྱིས་ས་དུར་བྱེད་སྲོལ་གཉིས་ཡོད། འདི་ནི་བོན་གྱི་ལུགས་སྲོལ་ཞིག་ཡིན་ཚུལ་བཀའ་ཐང་དང་དེབ་དཀར་ལས་བཤད་ལ། དེ་ཡང་མཚོ་སྔོན་ས་ཁུལ་གྱི་རྡོ་ཆས་གསར་མའི་དུས་རབས་ཀྱི་རིག་གནས་ཤུལ་རྫས་རྙེད་པ་ལས་བྱུང་བའི་དུར་དང་། སྤྱི་ལོ ༡༩༧༤ དང་༧༥ ལོའི་དཔྱིད་ཀའི་བར་སྔ་རྗེས་སུ་ཉིང་ཁྲི་ས་ཁུལ་ནས་རྡོ་ཆས་གསར་མའི་དུས་རབས་ཀྱི་མིའི་རུས་པའི་ལྷག་མ་དང་དུར་ས། ཆུ་གོང་གནའ་ཤུལ། ལྷོ་ཁའི་ལྷུན་རྩེ་རྫོང་། སྣེ་གདོང་རྫོང་། གཞིས་རྩེའི་རིན་སྤུངས་རྫོང་སོགས་ལས། སྔ་རྗེས་སུ་བཙལ་རྙེད་བྱུང་བའི་རྡོ་སྒམ་དུར་རམ་བང་སོ། བྱང་ཐང་དང་སྟོད་མངའ་རིས་སོགས་ལས་རྙེད་པའི་རྡོ་ཕུང་དུར་རམ་བང་སོ་དང་། ཁྱད་པར་དུ་ཆབ་མདོའི་ཁ་རུབ་ནས་རྙེད་པའི་རྡོའི་པུར་སྒམ་ནང་གི་རུས་སྒྲོམ་དང་། རྫ་ཆས་སོགས་རྙེད་པས། ལོ་ངོ་བཞི་སྟོང་ལྔ་སྟོང་ལྷག་གི་སྔོན་ལ་བོད་དུ་གདོད་མའི་ཆོས་ལུགས་ཤིག་ཡོད་པར་ར་སྤྲོད་བྱེད་པ་ཡང་། དོན་དུ་བོན་ཆོས་འདི་ལས་མ་འདས་ལ། བང་སོའི་ནང་དུ་རིན་པོ་ཆེ་དང་དངོས་རྫས་སྣ་ཚོགས་འཇོག་སྲོལ་ཡོད་པ་ལས་གཞན། བོན་གྱི་དུར་ཆོག་རྣམས་སུ། ཉ་ཕག་ར་ཤ་རྒྱུ་མ་འདི། །ཁྱོད་ཀྱི་དུར་རྒྱགས་རྫོངས་སུ་འདེབས། །འདི་ལ་དུར་གྱི་རྒྱགས་སྐལ་གྱིས། །གསོན་གྱི་ཟས་གཡང་མ་རྐུ་ཞིག། ཅེས་ཀྱང་གསུངས་ཡོད་དོ། །

དེ་ཡང་པུ་དེ་གུང་རྒྱལ་གྱི་ཡབ་གྲི་གུམ་བཙན་པོའི་སྤུར་ཟངས་ཆེན་ཁ་སྦྱོར་གྱི་ནང་དུ་བཅུག་སྟེ་གཙང་ཆུའི་གཞུང་ལ་བསྐྱུར་བ་ཀོང་པོར་བུད་པ་དེ། བླུས་ནས་འཕྱང་བ་དར་ཐང་དུ་དུར་བཏབ་པ་འདི། བོད་ཀྱི་ཡིག་ཚང་རྣམས་སུ་བང་སོའི་ཐོག་མ་ཡིན་པར་བཤད་ཀྱང་། ལོ་ངོ་སྟོང་ཕྲག་ལྔ་དྲུག་ཡན་གྱི་སྔོན་ནས་ཡོད་པ་བོད་ཀྱི་ས་གནས་སོ་སོ་ནས་བུད་པའི་དུར་རྫས་རྣམས་ཀྱིས་ར་སྤྲོད་བྱེད་ཐུབ། གྲི་གུམ་གྱི་བང་སོ་ས་ལ་བཏབ་པ་དེ། སྤ་སྟོན་བསྟན་རྒྱལ་བཟང་བོས་གསུངས་པ་བཞིན། རྒྱལ་དུར་ལ་དེ་སྔ་བས། ད་ལྟ་རྗེའི་དུར་ས་བང་སོ་ཁྲོད་བྱ་བ་ཡོད། སྲིད་པའི་བང་སོ་ས་ལ་ཟུག་པ་ཡང་དེ་ལགས་སོ། །ཞེས་པ་ལྟར་བོད་ཀྱི་རྒྱལ་དུར་ལ་སྔ་ཤོས་སུ་བཟུང་ན་འགྲིག་གོ། དེའི་ཕྱིས་སུ། བཀའ་ཐང་སྡེ་ལྔ﹙མི་རིགས་དཔེ་སྐྲུན་ཁང་གི་ལྕགས་པར་ཤོག་གྲངས༡༥༣-༡༥༦ བར་གསལ﹚ལས། རྒྱལ་བོ་ཐོ་རེ་སྙན་ཤལ་སྐུ་རིང་ལ། ཡུམ་བུ་བླ་མཁར་གོང་ཡ་ཚད་བྲག་མཐའི་སྐྱིབས་ན། བང་སོ་དམར་བོ་དང་། རྒྱལ་བོ་འབྲོང་གཉན་ལྡེ་རུའི་བང་སོ་བརྩིགས་ཚུལ་བཀོད་ཡོད་པ་དང་།

ཡིག་ཚང་རྣམས་སུ། རྒྱལ་བོ་སྔོན་མ་རྣམས་ཀྱི་བང་སོའི་དབྱིབས་ས་ཕུང་སྤུངས་པ་ལྟ་བུ་ལས། བཟོ་དབྱིབས་མེད་པ་བོད་རྗེ་གྲི་གུམ་བཙན་པོ་ནས་ཁྲི་གཉན་གཟུགས་བཙན་བར་དུ་གསལ་ལ། འབྲོང་གཉན་ལྡེ་རུ་བང་སོར་གསོན་པོར་བཅུག་སྟབས། གུར་གྱི་དབྱིབས་ལྟ་བུ་ཟླུམ་པོ་ཡིན་པ་དང་། དེའི་རྗེས་གནམ་རི་སྲོང་བཙན་ནས་བང་སོ་གྲུ་བཞི་བརྩིགས་སྲོལ་དར་ཏེ། མངའ་བདག་རལ་བ་ཅན་གྱི་བར་དང་། དེ་ཡང་གྲུ་བཞི་སོག་པའི་རུས་ལེབ་དང་འདྲ་བར་སྒབ་ཆེ་མགོ་ཆུང་ཞིག་ཡོད། ལྷག་པར་ཆོས་རྒྱལ་སྲོང་བཙན་གྱི་བང་སོ་ནི། སྲོང་བཙན་བང་སོའི་དཀར་ཆག་ནང་། སྲོང་བཙན་བང་སོ་ཆུ་བོའི་མདའ་རུ་ཆགས། །ཆེ་ཆུང་ཚད་ནི་དཔའ་ཆེན་མདའ་རྒྱང་གང་། །སྟེང་གི་ཞེང་ནི་ཉག་གི་རྡོ་རྒྱང་གང་། །ནང་དུ་ལྷ་ཁང་ལྔ་ཡི་བཞུགས་སུ་གསོལ། །བང་སོ་ནང་རྒྱན་ཅན་དུ་གྲགས་པ་ཡིན། །གསང་བའི་མཚན་ནི་མུ་རི་སྨུག་པོ་ཞེས། །འཛམ་བུ་གླིང་གི་ནོར་ཕུད་ལན་གསུམ་བསྡུས། །ལྷ་ཀླུ་མི་ཡི་སྐྱེ་འགྲོའི་བདེ་སྐྱིད་བསྐྲུན། །ཞེས་གསུངས་ཡོད་པ་དང་། ཡང་། དེབ་ཐེར་འགར། བང་སོ་འདིར་རེའུ་མིག་དགུ་ཡོད་པའི་དབུས་སུ་བཙན་པོའི་སྐུ་ཕུང་གསེར་གྱི་བཏུམས་པ་བཞུགས་ཤིང་། ནང་གི་རེའུ་མིག་ཐམས་ཅད་ནོར་གྱིས་བཀང་བ། ཕྱིའི་དབྱིབས་གྲུ་བཞི། ནང་དུ་ལྷ་ཁང་ལྔ། དབུས་སུ་རིང་ཚད་ཁྲུ་ཙི་བརྒྱད་ཙམ་ཡོད་པའི་བྱུ་རུའི་སྡོང་བོ་དང་། རྒྱལ་བོ་དང་རྒྱ་བཟའ། བལ་བཟའ་གསུམ་གྱི་འཇིམ་སྐུ་བཞུགས་ཤིང་། ཟུར་བཞིའི་མཆོད་ཁང་ནང་རིན་པོ་ཆེ་སྣ་ཚོགས་ཀྱིས་བཀང་བའི་བང་མཛོད་དང་། ནང་གི་འོག་བཞིར་རྡོ་གཅལ་བཏིང་བ། ཕྱི་སྐྱ་གྱང་ས་མཐུག་པོ་བསླངས་ཤིང་། ནང་སྐྱ་རྡོ་རྩིག་ཅན། བང་སོའི་སྒོ་མོ་ནུབ་ཕྱོགས་སུ་བསྟན་པ། བང་སོའི་ཕྱི་ར་ས་སྨུག་པོ་དང་། རྡོ་ཧྲུག་གིས་བཀབ་ནས་རི་ཆུང་དེའུ་འབུར་ཞིག་དང་འདྲ་བར་གྱུར་བ། དེའི་མཐའ་བསྐོར་དུ་ཞེང་ཚད་གོམ་པ་བརྒྱ་ལྷག་ཙམ་དང་། མཐོ་ཚད་གཞུ་འདོམ་བཅུ་གཉིས། བང་སོའི་རྩེ་མོར་ལྷ་ཁང་ཆུང་ངུ་ཞིག་བཅས་ཡོད་པར་བཤད་དོ། །སྙིགས་མའི་དུས་སུ་ཆུ་བོས་འཇིག་སྟེ། གནམ་སྒོ་ཕྱེ་རྒྱུ་ཡོད་པ་སོགས་བརྗོད་པ་ལྟ་བུ་དང་། ཡང་། རྒྱ་ནག་གི་རྒྱལ་རབས་སུ། རི་མཚམས་བང་སོ་རི་ཆུང་ནང་བཞིན་མང་བོ་ཡོད། བང་སོའི་འཁྲིས་སུ་ཁང་བ་ཆུང་ངུ་རེ་ཡོད། ཁང་བའི་སྟེང་ལ་སྟག་རིས་དཀར་བོ་བྲིས་ཡོད། ཅེས་ཀྱང་འབྱུང་། རྒྱལ་བོ་བཀའི་ཐང་ཡིག་ལས། ཆོས་རྒྱལ་སྲོང་བཙན་སྒམ་པོའི་མཛད་འཕྲོ་བསྡུས་ལུགས་ལ། སངས་རྒྱས་རྣམས་ཀྱིས་སྤྲུལ་བ་བསྡུས་པ། ནང་བློན་རྣམས་ཀྱིས་ལྷ་ལ་ཐིམ་པ། རྒྱལ་བརྒྱུད་རྣམས་ཀྱིས་ཡར་ཀླུང་སྨུག་རིར་བང་སོ་བརྩིགས་ལུགས་གསུམ་དུ་མཐོང་པ་ལས། བང་སོའི་བརྩིགས་ཚུལ། སྲུང་མཁན། མཆོད་ལུགས་སོགས་འཁོད་ཡོད་དོ། །

འདིར་བོད་ཀྱི་རྒྱལ་བོ་རིམ་བྱོན་གྱི་བང་སོ་བརྩིག་ཡུལ་དང་ལོ་ཚིགས་རགས་བསྡུས་ཙམ་བཀོད་ན། གྲི་གུམ་བཙན་པོའི་བང་སོ་སྤྱི་ལོ་དུས་རབས་དང་བོའི་ནང་ཕྱིང་ཡུལ་དར་ཐང་དུ་བཏབ། འདི་ནས་བཟུང་བོད་དུ་རྒྱལ་དུར་ཐོག་མ་དར། བྱ་ཁྲིའི་བང་སོ་དུས་རབས་དང་བོའི་ནང་གཡའ་དང་རྫ་ལ་བཏབ། ལེགས་དྲུག་བང་སོ་དུས་རབས་དང་བོ་ནས་རིམ་བཞིན་དོན་མཁར་གཡའ་སྤང་མཚམས་སུ་བཏབ། ལྡེ་བརྒྱད་བང་སོ་ཆུ་བོའི་གཞུང་ལ་བཏབ། བཙན་བཞིའི་བང་སོ་ཕྱིང་ཡུལ་དར་ཐང་དུ་བཏབ། ལྷ་ཐོ་ཐོ་རིའི་བང་སོ་ཆུ་རྟ༣༧༤ ལོར་ཕྱིང་ཡུལ་དར་ཐང་དུ་བཏབ། ཁྲི་གཉན་གཟུང་བཙན་གྱི་བང་སོ་དོན་མཁར་མདར་བརྩིགས། འབྲོང་གཉན་ལྡེའུ་བང་སོ་ཞང་མདར་བརྩིགས། སྟག་རི་གཉན་གཟིགས་ཀྱི་བང་སོ་ས་ཡོས ༦༡༩ ལོ་དང་གནམ་རི་སྲོང་བཙན་གྱི་བང་སོ་ལྕགས་སྟག ༦༣༠ ལོར་དོན་མཁར་མདར་བརྩིགས། འདིའི་སྔོན་དུ་བང་སོ་ཐམས་ཅད་ཟླུམ་པོ་ཡིན་ཀྱང་། འདི་ནས་བཟུང་བང་སོ་གྲུ་བཞིའི་སྲོལ་དར། སྲོང་བཙན་གྱི་བང་སོ་ལྕགས་ཁྱི ༦༥༠ ལོར་འཕྱོངས་རྒྱས་དང་། རྒྱ་བལ་བཟའི་བང་སོ་འཕྱོངས་རྒྱས་སུ་བརྩིགས། གུང་རི་གུང་བཙན་གྱི་བང་སོ་ཤིང་ཡོས ༦༥༥ ལོར་དོན་མཁར་མདར་བརྩིགས། མང་སྲོང་མང་བཙན་གྱི་བང་སོ་ས་ཡོས ༦༧༩ ལོར་དོན་མཁར་གླང་རིའི་གཡོན་དུ་བརྩིགས། འདུས་སྲོང་མང་རྗེའི་བང་སོ་ཤིང་འབྲུག ༧༠༤ ལོར་དོན་མཁར་དུ་མང་སྲོང་གི་གཡོན་དུ་བརྩིགས། མེས་ཨག་ཚོམ་གྱི་བང་སོ་ཤིང་ལུག ༧༥༥ ལོར་མུ་ར་རིར་བརྩིགས། གྱིམ་ཤིང་ཀོང་ཇོའི་བང་སོ་ས་ཡོས ༧༣༩ ལོར་འཕྱོངས་རྒྱས་ཀྱི་རྒྱབ་རིར་བརྩིགས། འཇང་ཚ་ལྷ་དབོན་གྱི་བང་སོ་ལྕགས་ཁྱི ༧༡༠ ལོར་མུ་ར་རིར་བརྩིགས། ཁྲི་སྲོང་ལྡེ་བཙན་གྱི་བང་སོ་ཤིང་གླང ༧༨༥ལོར་མུ་ར་རིར་བརྩིགས། འདིའི་བང་སོའི་མདུན་དུ་བཙན་པོ་རྣམས་ཀྱི་མཛད་རྗེས་བཀོད་ཡོད། མུ་ནེ་བཙན་པོའི་བང་སོ་མེ་ཡོས ༧༨༧ ལོར་མུ་ར་རིར་བརྩིགས། མུ་ཏིག་བཙན་པོའི་བང་སོ་མེ་བྱ ༨༡༧ ལོར་འཕྲུལ་རྒྱལ་མདུན་དུ་བརྩིགས། ལྷ་རྗེའི་བང་སོ་ཤེལ་གྱི་བྲག་ལ་བཏབ། ཁྲི་གཙུག་ལྡེ་བཙན་གྱི་བང་སོ་དོན་མཁར་མདའི་གཡོན་ཕྱོགས་སུ་བརྩིགས། གླང་དར་མའི་བང་སོ་མེ་སྟག་ལོར་འཕྲུལ་དང་རྒྱལ་ཆེན་བར་བརྩིགས་ཏེ། རྩིག་འཕྲོ་ལུས་ཡོད་སྐད། འོད་སྲུངས་ཀྱི་བང་སོ་འཕྲུལ་རྒྱལ་གྱི་རྒྱབ་ཏུ་བརྩིགས་སོ། །གཞན་དུ་ན་མཚོ་སྔོན་ཏུའུ་ལན་རྫོང་གཅིག་པུར་མཚོན་ནའང་བང་སོ་སྟོང་གཅིག་དང་ཉིས་བརྒྱ་ལྷག་ཡོད་པར་འབྲེལ་ཡོད་ཡིག་ཆ་ཁག་ལས་བཤད་ཡོད། དེ་མཚུངས་སུ་བོད་རྒྱལ་བཙུན་མོ་ཕལ་མོ་ཆེ་བང་སོ་བརྩིགས་པའི་སྲོལ་མེད་ཀྱང་། ཁྲི་སྲོང་ལྡེ་བཙན་གྱི་བཙུན་མོ་འབྲོ་བཟའ་བྱང་ཆུབ་རྗེ་དང་། ཁྲི་རལ་བ་ཅན་གྱི་བཙུན་མོ་ཅོག་རོ་ངང་ཚུལ་མ་སོགས་ལ་བང་སོའི་ཚབ་ཏུ་མཆོད་རྟེན་བརྩིགས་པར་ལོ་རྒྱུས་ཁག་ཏུ་འབྱུང་ལ། དེ་རྣམས་འཕྱོངས་རྒྱས་དོན་མཁར་མདའ་རུ་ཡོད་ཀྱང་། དེར་སང་ངོས་འཛིན་བྱེད་དཀའ་ལ། གང་ལྟར། དེ་རུ་བང་སོའི་ས་ཕུང་ལྟ་བུ་མཇལ་རྒྱུ་མང་ངོ་། །

༢ བེམ་པོ་འཇོག་སྟངས་ཡང་། ཕུང་བོ་གཙང་མར་བཀྲུས་རྗེས་དུར་ས་གཙང་མའི་མཐིལ་དང་། མཐའ་འཁོར་དུ་སོལ་བས་བཏུམས་པའི་དཀྱིལ་དུ་བཞག་སྟེ་མི་རུལ་བ་བྱས་ཐོག བེམ་པོའི་མདུན་དང་མཐའ་འཁོར་དུ་ཟས་གོས་དང་། གཤིན་པོའི་རྒྱུན་སྤྱོད་ཡོ་བྱད་སོགས་བཞག སྟེང་དུ་སས་གཡོགས་པའི་ཐོག ཤིང་སྣ་འདེབས་འཛུགས་བྱེད་པ་སྟེ། ཆོ་ག་རྣམས་སུ་འདས་པོའི་བླ་ནི་དུར་ན་གནས་པར་བཤད་པས། ཤིང་དེ་ལའང་བླ་ཤིང་ཟེར། ཤིང་སྡོང་འཛུགས་པ་འདི་ད་ལྟ་སྔོན་ཐོན་རྒྱལ་ཁབ་ཨ་རི་སོགས་ནའང་འབྱུང་བས། དེ་ཡང་སྔ་སོར་བོད་ཀྱི་སྲོལ་ཡིན་པར་སེམས། ཡང་། དམག་ཐོག་ཏུ་གྲོངས་ན་གནས་དེར་བང་སོ་བརྩིགས་ཤིང་སྟེང་དུ་སྟག་གི་རི་མོ་སོགས་འབྲི་བར་བཤད།

གཞན་ཡང་། རྒྱལ་བློན་བར་དུ་བྲོ་བོར་བའི་མནའ་རྟེན་དུ་རྡོ་དཀར་བོ་ཞིག་བཟུང་སྟེ་མནའ་ཚིག་བརྗོད་རྗེས་གཅིག་ནས་གཅིག་ཏུ་བརྒྱུད་ལ། ཕྱིས་མནའ་འདོར་མཁན་གཙོ་བོ་དེའི་མཆད་པའི་རྨང་དུ་འཇོག་སྲོལ་ཡོད། དེ་ནི་ངག་རྒྱུན་ཏུ་རྡོ་དཀར་མ་མོའི་གྲོད་པུ་ཟེར་བ་དེ་ཡིན་ཚོད་འདུག་ལ། མཆད་ཀྱི་རྨང་དུ་འཇོག་སྲོལ་ལ་གཞིགས་ན་བླ་རྡོ་ཟེར་བའང་འདི་ཡིན་པར་སྣང་། གནམ་རི་སྲོང་བཙན་དང་དབྱི་ཚབ་ཟུང་གིས་མནའ་རྡོ་དེ། ཕྱིས་དབྱི་ཚབ་ཀྱི་མཆད་པའི་རྨང་རྡོ་བྱས་ཚུལ་དང་། བྲོ་བོར་ཚེ་གོར་མ་ལག་ཏུ་ལེན་སྲོལ་དེ་ཉེ་ཆར་ཁམས་དང་འབྲས་ལྗོངས་ན་ཡོད་ཚུལ་དེབ་དཀར་ལས་གསུངས་སོ། །ཡང་། དེབ་དཀར་ལས། གྲོངས་པའི་ཚེ་ཤ་རུས་རྣམས་གསེར་ཕྱེ་དང་མཉམ་དུ་བསྲེས་ནས། ལྕགས་སྣོད་དུ་བཅུག་སྟེ་ས་ལ་སྦ། ཞེས་ཀྱང་གསུངས། དམག་ཐོག་ཏུ་གྲོངས་ན་གནས་དེ་རུ་བང་སོ་བརྩིགས་ཤིང་སྟེང་དུ་སྟག་གི་རི་མོ་སོགས་ཀྱང་འབྲི་བར་བཤད། དེ་ནི་དཔའ་བའི་རྫིག་ཉམས་མཚོན་བྱེད་དང་ཐོབ་རྟགས་ཡིན་པར་སྙམ་ལ། ཐང་ཡིག་ལས་ཀྱང་། མི་ཤི་ཚེ་རོ་དུར་དུ་སྦ། བང་སོར་ཚོས་སྣ་ཚོགས་བྱུག ཞེས་དང་། ཐང་ཡིག་གསར་མ་ལས། བང་སོའི་ལོགས་སུ་ས་ཁང་ཞིག་བརྩིགས་ཏེ་ཚོས་དམར་བོར་བསྒྱུར་ཡོད་ལ། དེའི་ཐོག་ཏུ་སྟག་དཀར་བོ་ཞིག་བྲིས་འདུག དེ་ཚོ་འཚོ་བའི་སྐབས་སུ་སྟག་ལྤགས་གྱོན་ཞིང་། འདས་པའི་རྗེས་སུ་སྟག་གི་གཟུགས་བརྙན་བྲིས་ཏེ་དཔའ་བོའི་རྟགས་སུ་ངོམ་པ་འདྲ། ཞེས་པ་དང་མཐུན་ནོ། །དེ་ལས་གཞན་མུ་ར་རིར་བཏབ་པའི་ཁྲི་གཙུག་ལྡེ་བཙན་གྱི་བང་སོ་སོགས་སུ་རྡོའི་སེང་གེ་བུད་པའང་དེ་དང་འདྲ་བར་སེམས་སོ། །

ཡང་སྦ་བཞེད་དུ། གསལ་སྣང་གི་བུ་མོ་ཤི་བའི་རོ་རྫའི་ནང་དུ་བཅུག་ནས། མའི་མལ་འོག་ཏུ་སྦས་ཚུལ་སོགས་ཀྱང་འབྱུང་བ་ལྟར། ད་ལྟ་བོད་ཁམས་ཀྱི་ས་ཆ་ཕལ་མོ་ཆེར་རྫ་བུམ་ལས་ཀེང་རུས་མང་དུ་འབྱུང་བས། སྔོན་དུས་སྲོལ་དེ་བོད་དུ་ཆེས་ཆེར་དར་བར་གསལ་ལོ། །རྫའི་ནང་དུ་བྱིས་པའི་བེམ་པོ་འཇུག་སྲོལ་ཁ་གསལ་ཞིག་ཡེ་ཤེས་འཕྲིན་ལས་ཀྱིས་བརྩམས་པའི་ཕུང་བོ་དུར་འཇུག་བྱེད་སྟངས་སྐོར་བོད་རིགས་ཀྱི་གོམས་སྲོལ་འགའ་ཞིག་ཅེས་པར་འདི་ལྟར་འབྱུང་སྟེ། ཕུང་བོ་རྫ་མའི་ནང་བཞག་ནས་ཁ་བཀག་པ་སྟེ། དེ་ནི་ཕྲུ་གུ་ཆུང་ངུ་ཤི་བའི་ཕུང་བོ་རྫ་མའི་ནང་བླུགས་ཏེ། ཁམ་སྟར་སོགས་ཤིང་འབྲས་སྐམ་པོ་སྣ་ཚོགས་དང་། ཀ་ར་བུ་རམ་སོགས་མཉམ་བླུགས་ཀྱིས་རྫ་ཁ་རླུང་མ་ཤོར་བར་འདག་པས་བཀག་པའི་རྫ་མ་དེ་རི་མཐོན་པོའི་བྲག་གསེབ་བམ། རི་མཐོ་སར་སྐྱེལ་ཞིང་དེ་ནི་བྲག་རི་མཐོ་སར་སྐྱེལ་བས་གཤིན་པོའི་རྣམ་ཤེས་ཡར་རྒྱུགས་ཏེ་ལྷ་དང་། མིའི་འགྲོ་བར་སྐྱེ་བའི་ཁྱད་ཆོས་ཡོད་ཅེས་ཤོད་སྲོལ་དང་། ཡང་ཕ་མ་ལ་ལར་ཕྲུ་གུ་ཡང་ཡང་ཤི་བ་དང་། ཧ་ཅང་གཅེས་སྤྲས་བྱེད་པའི་ཕྲུ་གུ་ཤི་རྗེས་གོང་བཞིན་རྫ་མའི་ནང་བླུགས་པ་དེ་ཁང་བའི་ཐོག་ཁང་ངམ། ཤོད་མཛོད་ཀྱི་ཕུག་ཏུ་བཀལ་ནས་འཇོག་པའམ། ཡང་ན། ཕ་མ་ཉལ་སའི་འོག་ལ་འཇོག་གི་ཡོད། མོན་གྱི་ས་ཆ་འགའ་ཤས་སམ་མཐའ་མཚམས་ཀྱི་ས་གནས་འགའ་ཤས་སུ་མི་རྒན་པའི་ཕུང་བོ་ཡང་ཤིང་ཟོམ་ནང་བླུག་སྟེ་ཐོག་ཁང་ངམ་ཡང་ན་ཤོད་མཛོད་དུ་འཇོག་པའང་ཡོད། དེ་ནི་གཡང་མི་ཤོར་བའམ་གཤིན་པོའི་རྣམ་ཤེས་ཁྱིམ་དེ་རང་ལ་འཁོར་བས་གཤིན་པོ་རང་ཁྱིམ་དུ་སླར་ཡང་སྐྱེ་བ་ལེན་ཚུལ་གྱི་ཁྱད་ཆོས་ཡོད་ཅེས་ཤོད་སྲོལ་ཡོད་པར་བཀོད་ཡོད་དོ། །

གཞན་ཡང་། དུང་དཀར་ཚིག་མཛོད་ལས། རྒྱལ་བོ་དང་བཙུན་མོ་བློན་པོ་བཅས་ཀྱི་བང་སོ་བརྩིགས་པའི་ནང་དུ་མི་གསོན་པོ་བང་སོའི་ནང་དུ་འཇུག་པའི་སྲོལ་ནི་བོད་ནང་དུ་གཏན་ནས་མ་བྱུང་ཞེས་གསུངས་ཀྱང་། དེ་འདྲ་གནའ་རབས་ཀྱི་ལོ་རྒྱུས་ལས་གསལ་བར་སྣང་སྟེ། བོད་རྒྱལ་ཉེར་དགུ་བ་འབྲོང་གཉན་ལྡེ་རུ་ལ་མཛེ་ནད་ཕོག་པས་རྒྱལ་བོ་དང་མཆིམས་བཟའ་ཀླུ་རྒྱལ། བློན་ཆེན་སྙགས་ཐང་བ་ཡར་རྗེ་དང་བཅས། ཡར་ལུང་ཁང་མདར་བང་སོར་བཅུག་པ་ལ། ས་ཙྪ་དང་གུར་གྱི་བཟོ་དབྱིབས་འདྲ་བས། གསོན་མཆད་ཟླུམ་པོ་ཟེར་བ་ལོ་རྒྱུས་མང་བོ་ན་ཉི་ཤར་སྤར་མོས་མི་ཁེབས་པར་གདའ་ལ། ཆོས་འབྱུང་མཁས་པའི་དགའ་སྟོན་དུའང་། རྗེས་འབངས་གསུམ་ནི་གསོན་བཞིན་བང་སོར་གཤེགས། །ཞང་མདའི་བང་སོ་གསོན་མཆད་ཟླུམ་པོར་གྲགས། །ཞེས་དང་། ཐང་ཡིག་ལས་ཀྱང་རྗེ་བློན་རྣམས་མནའ་མཆེད་བསྒྲིགས། མི་ལྔ་དྲུག་ཙམ་གྱིས་ལྷན་ཅིག་དབུ་སྙུང་། བྲོ་མནའ་བོར། རྗེ་བོ་བཀྲོངས་ཚེ་དེ་རྣམས་ཀྱང་རང་སྲོག་བཅད་དེ་རྗེ་དང་དུར་ཁུང་གཅིག་ཏུ་སྦ། འཚོ་དུས་ཀྱི་གོས་དང་། རྩེད་ཆས། ཆིབས་རྟ་སོགས་གཅེས་ནོར་གང་ཡོད་དུར་དུ་སྦས་ཏེ་བང་སོའི་སྟེང་དུ་ད་དུང་དེའུ་འབུར་འདྲ་བ་ཞིག་བརྩིགས་ནས་ཤིང་སྡོང་སྣ་ཚོགས་བཙུགས་ཏེ་དུར་མཚོད་བྱེད། ཅེས་གསུངས་སོ། །རྒྱའི་ཡིག་ཚང་གཞན་ལས་ཀྱང་། མི་ཤི་ཚེ་དུར་གྲོགས་སུ་རྟ་ནོར་གསོད། བང་སོ་གྲུ་བཞི་འབུར་མར་བརྩིགས་ཤིང་། རྡོ་མང་བོ་བསགས་ནས་བརྩིགས་པ་དང་དབྱིབས་ཁང་ལེབ་དང་འདྲ་སེ་བ་འདུག རྟ་དང་གནག་ཕྱུགས་ཀྱི་མགོ་བཅད་ནས་དེའི་མཐའ་ལ་སྤུངས། བཙན་པོ་དང་འཁོར་བློན་ནི་གྲོགས་ཀྱི་ཚུལ་དུ་བགྱིད། དེར་བྲོ་ལ་གཏོགས་པ་ཟེར་ཞིང་། མི་གྲངས་ནི་ལྔ་ཙམ་ལས་མེད། བཙན་པོ་འདས་པའི་ཉིན་དེར་བཙན་པོའི་བྲོ་ལ་གཏོགས་པ་རྣམས་ཉིན་མཚན་ཀུན་ཏུ་ཆང་འཐུང་། དུར་སྦ་དུས་དེ་དག་གི་རྐང་བ་གཤགས་ཤིང་། ཁྲག་ཕྱུངས་ཏེ་ཤིར་འཇུག དེ་ཡིས་བཙན་པོའི་དུར་གྲོགས་བྱེད། ཡང་ན། གཉེན་ཉེ་དུ་མཆིས་ན་ནི། གྲི་ཡིས་གདོང་གྱེན་དུ་གཤགས་པའམ། དབྱུག་པ་རིང་ཐུང་ཁྲེ་ཙི་བཞི་ཅན། སྦོམ་ཕྲ་མཛུབ་མོ་ལྟ་བུ་ཡོད་པ་ཞིག་གིས་རྩིབ་རུས་འབིགས། ཀུམ་པོ་ནི་བཅུ་ཆ་ལས་ཕྱེད་ཀ་ཙམ་སྲིད། དེའང་དུར་གྲོགས་སུ་སྦ་ཞེས་ཀྱང་ཟེར་རོ། །དེང་སང་དུར་སར་གསུར་གཏོང་བའང་དེའི་དོད་ཡིན་པར་བཤད་ལ། ལྷག་པར་མཉམ་འཆི་མཉམ་གསོན་ཀྱི་བྲོ་བོར་ཚེ་གཅིག་ཤི་ན་ཅིག་ཤོས་ཀྱང་དུར་དུ་སྦ་བའི་ལུགས་མཆིས་ཏེ། དེབ་དཀར་ལས། སྐབས་འགར་རྒྱལ་བོ་དང་མི་ཆེན་རྣམས། མཉམ་འཆི་མཉམ་གསོན་བྱེད་པའི་མནའ་འདོར། དེ་འདྲ་བ་རྣམས་རྒྱལ་བོ་གྲོངས་ཚེ་རང་ཉིད་ཀྱང་ལྕེབས་ཤིང་དུར་ཁུང་གཅིག་ཏུ་སྦ་བ་ཡིན། བཙན་པོའི་རྟ་དང་། གོ་ཁྲབ་གཅེས་ནོར་རྣམས་ཀྱང་དུར་དུ་འཇུག དུར་སྟེང་དུ་རི་དེའུ་འདྲ་བ་ཞིག་བརྩིགས། དེར་ཤིང་སྡོང་འཛུགས་ཤིང་། ལོ་རེ་བཞིན་མཆོད་པ་ཡིན་ནོ། །ཞེས་གསུངས་པ་ལྟར་གསོན་མཆད་འདེབས་པའི་སྲོལ་ག་ཡོད་དོ། །

དེ་ལས་གཞན། དེང་དཔའ་རིས་ཡུལ་ནས་བོད་ཀྱི་དུར་ས་སྔོག་འདོན་བྱས་པ་ལས། མི་ཆེན་གྱི་ཀེང་རུས་ལོགས་སུ་མི་འགའ་རེ་ཕྱི་ལག་ལ་བཀྱིག་ཏེ་དུར་སྦས་བྱས་པ། དེང་སང་ས་དེའི་བཤམས་སྟོན་ཁང་དུ་མཐོང་རྒྱུ་ཡོད་ལ། བང་སོ་དེ་ནི་ལོ་ངོ་བཞི་སྟོང་སྔོན་གྱི་བོད་ཀྱི་དུར་ས་ཡིན་པར། ཚན་རིག་པས་ངོས་འཛིན་གནང་ཡོད་དོ། །དེ་ལས་གཞན་རྒྱལ་བ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་མཚོ་སྔོན་དུ་ཕེབས་དུས། ཁྱོ་ག་ཤི་ཚེ་ཆུང་མ་གསོན་དུར་དུ་འདེབས་པ་མ་བཟོད་པར། སྲོལ་ངན་དེ་བཅད་པ་ཁོང་གི་རྣམ་ཐར་ན་གསལ་ལོ། །

༣ བོད་དུ་དུར་མཆོད་ཡོད་མེད་རགས་ཙམ་བཤད་ན། གཤིན་པོའི་ཉེ་འབྲེལ་རྣམས་དུར་སར་འཛོམས་ནས་དྲན་གསོའི་མཆོད་པ་འབུད་སྲོལ་ཡང་བོད་ཀྱི་ལུགས་ལ་ཡོད་པ་སྟེ། ཀརྨ་ཆགས་མེད་ཀྱིས་རྒྱ་གར་གྱི་མཁན་པོ་ཤི་ལེནྡྲ་བོ་དྷི་དང་། ཤཱཀྱ་པྲ་ཝ། དྷ་ན་ཤཱི་ལ། བོད་ཀྱི་ལོ་ཙཱ་བ་བཻ་རོ་ཙ་ན་དང་། པྲ་ཏི་ཛཱ་ཡ་སེ་དང་། ཛ་ཡ་ར་ཏྲཱི་ཏ་ལ་སོགས་པས་མདོ་རྒྱུད་མང་བོ་ལས་བསྡུས་ཏེ་ཟས་གཏད་བང་སོའི་ཆོ་ག་མཛད་ཡོད་ཚུལ་བཤད་ཡོད། ནང་བསྟན་གྱིས་བན་ལུགས་ཀྱི་མཚུན་བཅོས་འདི་ལ། བོན་ཆོས་སུ་སྲིད་པའི་ལྷ་སྲས་བརྡར་བ་ཞེས་པ་དང་དོན་གཅིག་ཏུ་སྣང་ལ། ཀརྨ་ཆགས་མེད་ཀྱིས་འདིའི་ཁུངས་སུ། མོའུ་འགལ་མདོ་ཉུང་བ་ལས། འཛམ་བུ་གླིང་གི་མི་རྣམས་ཀྱི་ཕ་མ་འདས་པའི་དྲིན་ལན་བསབ་པའི་ཕྱིར། སྟོན་ཟླ་ར་བའི་ཚེས་བཅོ་ལྔའི་དུས་ལ། དཀོན་མཆོག་གསུམ་སྤྱན་དྲངས་ལ་མེ་ཏོག་དང་ཞལ་ཟས་ཀྱི་མཆོད་པ་ཕུལ་ཏེ། དེའི་བསོད་ནམས་ཀྱི་ཚོགས་ཀྱིས་གང་ཞིག་དེའི་ཉི་མ་ལ་གཞོང་པའི་ནང་དུ་ཟན་ཕུལ་ཏེ། འདས་པའི་ཕ་མ་ལ་བསྔོས་ན་ཟས་དེ་དག་ཐམས་ཅད་འཐོབ་པར་འགྱུར་རོ། །ཞེས་དང་། ཕ་མ་སྔར་དུས་ཤི་ལ་ལོ་དུས་བཞིན། །ཟས་བསྔོ་བྱ་ཚུལ་མདོ་ཞིག་མདོ་མང་བཞུགས། །ཞེས་སོགས་འདྲེན་ཡང་། དེ་ནི་དཀོན་མཆོག་ལ་མཆོད་པའི་ཚོགས་བསགས་ཀྱི་སྟོབས་དང་དགེ་རྩ་དེ་དག་བསྔོས་ན་ཚེ་འདས་ལ་ཕན་པའི་དོན་ལགས་ཀྱི། བང་སོ་མཆོད་པའི་ཁུངས་སུ་མི་འགྲོའོ། །དེ་བཞིན་དུ་སྔོན་ཚེ་རྒྱལ་བོ་གཟུགས་ཅན་སྙིང་བོ་ཚེ་ལས་འདས་ཚེ་བུ་མོ་སྣང་བའི་སྒྲོན་མས་ཟས་གཏད་པ་དང་། མ་སྐྱེས་དགྲ་འདས་ནས་ཚ་བོ་ཤཱ་རིའི་བུས་ཟས་གཏད་པ་སོགས་དགེ་བའི་ཕུལ་དུ་གྱུར་བའང་དེ་བཞིན་ནོ། །

ཡང་། བཤད་ཚུལ་དེ་ལས་ལྡོག་སྟེ་ར་ག་ཨ་སེའི་ལྷོ་སྒོའི་དམིགས་རིམ་ཐར་བའི་ལམ་སྟོན་ལས། སྔོན་ཚེ་བོད་འདིར་རྒྱལ་རབས་ཉེར་ལྔ་ལ། །དམ་ཆོས་མ་དར་བོན་ལུགས་དར་ཆེ་བས། །རྒྱལ་བོ་རྣམས་ལ་བང་སོའི་མཆོད་པ་ཟེར། །ཕལ་བ་རྣམས་ལ་ལོ་དུས་ཤི་བའི་ཚོད། །གཏད་ཡར་ཞེས་པ་མཆོད་པ་རྒྱ་ཆེར་དར། །བྱང་བུ་ལ་ནི་རྟ་ཡི་སྲབ་མདའ་གཏད། །བྱང་བུ་རྟ་གོང་བསྐྱོན་ལ་བྱ་རུ་ཟེར། །དེ་བཞིན་ཁལ་མའི་སྣ་ཐག་གོ་ཁྲབ་སོགས། །ཟས་དང་ཆས་ཀ་བྱང་བུ་ལ་བསྔོས་ནས། །དེ་ནས་སློབ་དཔོན་ཉིད་ཀྱིས་འཁྱེར་སྲོལ་བྱུང་། །བནྟེ་ལུགས་ལ་དེ་རྣམས་མེད་པའི་ཕྱིར། །བོད་རྣམས་མ་མགུ་བན་ལ་མ་དད་པས། །ཨོ་རྒྱན་ལ་སོགས་པཎྚི་ཏ་རྣམས་ཀྱིས། །བོན་ལ་དཔེ་བླངས་ཟས་གཏད་ཆོ་ག་ནི། །དཀར་ཆོག་ཞེས་བྱ་ཙཀ་ལི་གཏད་རྒྱུད་མཛད། །ཞེས་བཤད་པ་ནི་ལོ་རྒྱུས་ཀྱི་རྐང་དང་འགྲིག་ལ། དེ་བས་པད་འབྱུང་གི་ལུང་བསྟན་ཞིག་ལས། གཤིན་གྱི་དུར་མཆོད་རྒྱུན་མི་ཆད། །ཆད་ན་མཐའ་རྗེས་ལོངས་སྤྱོད་དབུལ། །དེ་ཕྱིར་བང་སོའི་དུར་མཆོད་བརྩོན། །ཞེས་གསུངས་པ་ནི་རྒྱ་ནག་གི་རྩིས་གཞུང་གི་བཤད་ཚུལ་དང་མཐུན། རྒྱལ་བོའི་ཐང་ཡིག་ལས། མཆོད་པའི་དུས་ནི་གུང་ལ་གཤེགས་པ་ཡི། །རྒྱལ་གྱི་ཉི་མར་སྲོང་གི་བང་སོར་མཆོད། །ཕྱི་རབས་རྒྱལ་བོ་འདས་དུས་གང་ཡིན་ལ། །རྒྱལ་བརྒྱུད་རྒྱལ་འབངས་འཁོར་དང་བཅས་པ་ཡིས། །མཆོད་པའི་ལོངས་སྤྱོད་སྤྱན་གཟིགས་སྣ་ཚོགས་བཏེགས། །ཞེས་དང་། ཡང་དེ་ཉིད་ལས། སང་གི་ཉི་མར་སྲོང་གི་བང་སོར་མཆོད། །གཤིན་པོ་ཐམས་ཅད་བྱེས་ཀྱི་ལུང་བར་སོང་། །དེ་སྐད་སྨྲས་ནས་མཆོད་པ་རྒྱས་པར་བྱེད། །ཕུད་དང་ནོར་དང་གོས་ལ་སོགས་པ་དང་། །རྟ་ཕྱུགས་རྐང་འགྲོས་མཆོད་པའི་རྫས་རྣམས་ཀྱིས། །མཆོད་པ་ཚར་ནས་ལྷག་མ་ཤུལ་དུ་སྤུངས། །གཤིན་པོ་ཤོག་ལ་དེ་ལས་ཟོ་ཞིག་བསྔོ། །ཕྱི་མིག་མི་ལྟ་རང་གི་གནས་སུ་འབྱོན། །ཞེས་གསུངས་པ་ནི། ཚེ་འདས་དེ་དག་ཡི་དྭགས་ཀྱི་རིགས་སུ་གཏོགས་པའི་ཡུལ་ལྷ་གནས་བདག་ཏུ་སྐྱེས་པ་རྣམས་ལ་གསོལ་མཆོད་བྱས་ན་ཕྱི་རབས་པར་མགོན་སྐྱབས་བྱེད་པའི་དོན་དུ་དགོངས་པར་སྙམ་མོ། །

ཡང་། བོན་ལུགས་ཀྱིས་ཚེ་འདས་ཀྱི་བླ་ཚེ་སྲོག་གསུམ་ལས་བླ་དེ་འདས་པོ་དེ་ཉིད་ཀྱི་བྱད་གཟུགས་བཟུང་ནས་དུར་དེར་གནས་པས། དེ་ལ་ཕན་གནོད་གང་བྱས་ན་འབྲས་བུ་དེ་འདྲ་འབྱུང་བར་ཡང་བཤད་ཡོད། དེ་བས་ཀརྨ་ཆགས་མེད་ཀྱི་མཚུན་བཅོས་ལས། འདོན་ཆོག་དང་མཆོད་རྫས་བཤམས་ཚུལ་སོགས་རྒྱས་པར་བཤད་ཡོད།

འོན་ཀྱང་། ནང་ཆོས་ཀྱི་ལུགས་སུ་དེ་ལྟར་བྱེད་པ་ཤིན་ཏུ་མི་རུང་ཚུལ། མཁས་པ་འགའ་ཞིག་གིས་བཀག་པ་དོན་ལ་གནས་པར་སེམས་སོ། །བོད་ཀྱི་ལོ་རྒྱུས་ཁག་ན། བེམ་པོ་གསེར་ཕྱེ་སོགས་རིན་ཆེན་བསྲེས་ཏེ་འཇོག་པའམ་དཀོར་ནོར་རྩ་ཆེན་གྱིས་བཀང་སྟེ་འཇོག་སྟངས་ཡང་། དེབ་དཀར་ལས། བང་སོ་ནང་གི་རེའུ་མིག་དགུའི་དབུས་སུ། བཙན་པོའི་སྐུ་སྤུར་གསེར་གྱིས་བྱུགས་ནས་འཇོག དཀོར་ནོར་གྱིས་བཀང་། ནང་བློན་གང་ཡིན་དེ་དུར་སྲུང་དུ་འཇོག ཁོང་རང་འཁོར་བཅས་གཤིན་པོའི་རྟགས་བཏབ་སྟེ། རྒྱལ་རྒྱུད་གསོན་པ་རྣམས་དང་འཕྲད་མི་ཆོག་པ་ཡིན། བ་ཕྱུགས་སོགས་བང་སོའི་ཉེ་འཁོར་དུ་འཁྱར་ན་ཁོང་རྣམས་ཀྱིས་བཟུང་སྟེ་གཤིན་པོའི་རྟགས་བཏབ་ནས་སླར་བདག་པོ་ལ་མི་སྤྲོད། ལོ་དུས་ཀྱི་མཆོད་པའི་སྐབས་སུ་དུང་བརྡ་བཏང་བ་དང་མཉམ་དུ། ཁོང་རྣམས་ལུང་བ་ཞིག་ཏུ་བྲོས་ནས་ཡིབ་སྟེ་སྡོད། དེ་ནས་བཙན་པོ་འཁོར་བཅས་ཀྱིས་མཆོད་པ་ཕུལ་བའི་རྗེས་སུ་སླར་འཁོར་ནས། མཆོད་པ་རྣམས་བསྡུས་ནས་ལོངས་སྤྱོད་ཚུལ་སོགས་བཤད་པ་ལྟར། ཡང་། སྐབས་ལན་རེར་ནང་བློན་གང་ཡིན་རྒྱལ་བོའི་དུར་སྲུང་དུ་འཇོག་པ་དང་། སྐུ་གླུད་དུ་བརྫངས་པ་ལ་གསོན་པོར་དུར་དུ་བཅུག ཅེས་རགས་བཤད་ཙམ་གྱི་བརྡ་སྦྱར་བ་ཡོད་དེ། བཀའ་ཐང་སྡེ་ལྔ﹙མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་གྲངས ༡༤༦ ན་གསལ། ﹚ལས། ནང་བློན་གང་ཡིན་རྒྱལ་བོའི་བང་སོ་སྲུང་། །གཤིན་པོའི་ཚུལ་བཟུང་པུར་གྱི་འབངས་སུ་བསྔོས། །གསོན་གཤིན་བྱེ་བྱས་མི་ཡི་ཁྱུ་ནས་བུད། །རྒྱལ་བརྒྱུད་གསོན་པོ་རྣམས་དང་མི་འཕྲད་ཅིང་། །མཆོད་པའི་དུས་མིན་བང་སོའི་ཐོ་ཕྱི་རུ། །གསོན་པོའི་མི་དང་རྟ་ཕྱུགས་འཁྱམས་དབང་མེད། །མི་ནོར་བྱུང་ན་དུར་སྲུང་གཤིན་པོས་འཛིན། །དུར་སྲུང་གིས་རེག་གསོན་ཁྱུར་མི་ཚུད་ཅིང་། །གཤིན་པོའི་རྟགས་བཟུང་དུར་སྲུང་བྲན་གཡོག་བྱེད། །གཞན་གྱི་བྱ་བ་གང་ཡང་མི་འབབ་ཅིང་། །ས་ཁུལ་བང་སོའི་པུར་ཁ་ནོར་རྫས་སྲུང་། །ཞེས་དང་། གཞན་ཡང་། ས་ཁྱོན་ཡངས་སར་ལོ་ཏོག་འདེབས་ཞིང་། གཞུང་ལས་སུ་འགྲོ་མི་དགོས་པར་མ་ཟད། དམག་ལའང་འགྲོ་མི་དགོས་པར་བཤད་དོ། །དུང་དཀར་ཚིག་མཛོད﹙ཤོག་གྲངས༡༥༨༩﹚ལས། རྒྱལ་བོ་ཁྲི་སྲོང་ལྡེ་བཙན་སྐུ་ན་ཕྲ་བའི་དུས་ཀྱི་བློན་པོ﹙མ་ཞང་དྲོན་པ་སྐྱེད་དང་ཁྲོན་པ་སྐྱེས་ཞེས་པའང་སྣང﹚འདི་བོན་ལ་དགའ་བས། རྒྱལ་བོ་སྐུ་ནར་མ་སོན་པའི་རིང་འདིས། སུས་ཆོས་བྱེད་པ་ཕོ་རང་དུ་མཐར་སྤྱུག་གོ་ཞེས་ཁྲིམས་བུ་ཆུང་མཛད། བློན་ཆེན་ཆོས་ལ་དགའ་བ་མང་དབལ་གཉིས་ལ་བཀྱོན་ཕབ་སྟེ་བོད་ནག་པོར་བཏང་། སྐབས་དེར་གསེར་གྱི་ལྷ་ཤཱཀྱ་མུ་ནེ་བྱེ་དོང་དུ་སྦས་པ་དང་། མཁར་བྲག་དང་མགྲིན་བཟང་གི་ལྷ་ཁང་སོགས་བཤིག ལྷ་ས་གཙུག་ལག་ཁང་དུ་བཤས་ར་བྱས་པར་གྲགས། མཐར་རྒྱལ་བོ་དང་ཆོས་ལ་དགའ་བའི་བློན་པོ་རྣམས་གྲོས་མཛད་ནས་མ་ཞང་གྲོམ་པ་སྐྱེས་སྟོད་ལུང་དང་། སྟག་ར་ཀླུ་གོང་འཕན་པོར་རྒྱལ་བོའི་སྐུ་གླུད་དུ་བརྫངས་ནས་གསོན་པོར་དུར་དུ་བཅུག་ཅེས་ལོ་རྒྱུས་ཡིག་ཚང་དུ་གསལ། སྐབས་དེའི་གསོན་པོར་དུར་དུ་བཅུག་ཟེར་བ་ནི། མི་གསོན་པོར་སྦས་ཏེ་གསོད་པ་མ་ཡིན་པར། མི་དེ་དུར་རམ་བང་སོར་བསྡད་དེ་གསོན་པོའི་མི་དང་འཕྲད་མི་ཆོག་པ་དང་། དུར་མཆོད་བྱེད་པོ་དང་དུར་དུ་གནས་པ་རྣམས་ལ་ལྟོ་དང་གོས་སོགས་མཁོ་བའི་ཡོ་ཆས་སྐྱེལ་མི་དུར་སར་ཡོང་སྐབས་ཐག་རིང་ནས་དུང་ཞིག་གཏོང་དགོས། དེ་སྐབས་གཤིན་པོའི་མིང་བཏགས་པ་རྣམས་རང་རང་གི་ཁྱིམ་དུ་ཡིབ་ནས་སྡོད་དགོས། ཁོང་ཚོ་ཕྱིར་ལོག་རྗེས་གཤིན་པོའི་མིང་ཅན་རྣམས་ཕྱིར་ཐོན་ནས་རང་རང་ལ་ཐོབ་འོས་པའི་ཟས་གོས་ལ་ལོངས་སུ་སྤྱོད། ཁོང་ཚོའི་སྒོ་ཕྱུགས་སེམས་ཅན་ལ་ཤི་བའི་མཚན་མ་བཏབ་ཡོད་པས། གསོན་པོ་སུས་ཀྱང་བདག་གཉེར་མི་བྱེད། ཅེས་གསུངས་སོ། །

ས་དུར་ལ་འདེབས་སྐབས་ས་ཆོག་བསྡུས་པ་ནི། དུར་ས་ལ་སྟོན་ནས། སའི་ལྷ་མོ་སྤྱན་མ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །སའི་ལས་བཀྲ་ཤིས་པར་མཛད་དུ་གསོལ། ཨོཾ་ཧ་རི་ནི་ས་ཤན་ཏིམ་གུ་ཀུ་སྭཱ་ཧཱ་ཞེས་བཟླས་ཏེ་སྦའོ། །

༤ དུར་རྫས་ཀྱི་རྣམ་གྲངས་བཀོད་ནི། བང་སོའི་ནང་ཁྱད་ནོར་སྦས་ཚུལ་ནི་མི་རིགས་ཕལ་མོ་ཆེའི་ལུགས་སྲོལ་ཞིག་དང་། ལྷག་པར་དུ་གནའ་རབས་སུ་བོད་ཀྱི་གོམས་སྲོལ་ལྟ་བུར་ཆགས་ཡོད། དཔེར་ན། ལྷ་སའི་ཆུ་གོང་གི་རྡོ་ཆས་གསར་མའི་དུས་མཇུག་གི་བང་སོའི་ནང་དུ་གཤིན་པོ་ཚེ་ལས་མ་འདས་གོང་གི་རྒྱུན་སྤྱོད་རྫ་ཆས་ཡོད་པར་མ་ཟད། ཆེད་དམིགས་གཤིན་པོར་བཟོས་པའི་དུར་རྫས་སོགས་ལྷང་ལ་བུད་ཡོད། པུར་རྒྱལ་གྱི་དུས་སྐབས་ལ་སླེབས་དུས་སྔར་གྱི་རྨང་གཞིའི་སྟེང་། གོང་འཕེལ་དང་འཐུས་སྒོ་ཇེ་ཚང་དུ་བཏང་ཡོད། བཀའ་ཐང་སྡེ་ལྔ་ལས། རྒྱལ་བརྒྱུད་རྣམས་ཀྱིས་ཡར་ཀླུང་སྨུག་རི་རུ། །བང་སོ་བརྩིགས་ནས་ཡབ་ཡུམ་གསུམ་གྱི་པུར། །གསེར་གྱིས་བྱུགས་ནས་དངུལ་གྱི་གའུར་བཅུག། བང་སོ་རེའུ་མིག་དབུས་མར་ཁྲི་ལ་བཞུགས། །གསེར་དངུལ་གཡུ་སོགས་བྲེ་ཡི་ཁལ་རེ་དང་། །རྒྱལ་བོའི་དཀོར་ནོར་གང་ཡིན་སྤྱན་སྔར་སྤུངས། །ཞེས་པ་ལྟར། སྲོང་བཙན་ཀྱི་བང་སོའི་ཁྱད་ནོར་བསྡུས་ཚུལ་གོང་དུ་ཟུར་ཙམ་བརྗོད་ཟིན་ལ། གཞན་སྲོང་བཙན་བང་སོའི་ནང་སྦས་པའི་དངོས་རྫས་སྐོར་ལ། འཇིགས་མེད་གླིང་བའི་གསུང་འབུམ་ལས། འཛམ་བུ་གླིང་གི་ནོར་ཕུད་ལན་གསུམ་བསྡུས། །ལྷ་ཡི་རིན་ཆེན་སྣ་ལྔ་དང་། །མི་ཡི་རིན་ཆེན་སྣ་ལྔ་སོགས། །ས་བཅུད་གསོ་ཞིང་སྐྱེ་འགྲོ་བདེ་ཐབས་བསྐྲུན། །དེ་དུས་ས་ནི་འབྲིང་གི་རི་ནས་རྙེད། །དམ་གྱི་ས་ནི་གཉན་གྱི་རི་ནས་བླངས། །སྒོ་ནི་ནུབ་ཕྱོགས་བལ་བོའི་ཡུལ་དུ་བསྟན། །ནང་གི་ཆ་ནི་རྣམ་པ་ལྔ་རུ་བཀོད། །དབུས་སུ་རྡོ་རྗེ་གཙུག་གི་དམ་སྲི་མནན། །དེ་ཡི་སྟེང་དུ་ཙན་དན་ས་མཆོག་གི། ཀ་བ་ཁོར་ཡུག་ཁྲུ་ཚད་བཅོ་བརྒྱད་དང་། །ལྟེ་བ་དེ་རུ་རྒྱལ་བོའི་ན་བཟའ་དང་། །ནོར་བུའི་རིགས་བྱེད་བསམ་གྱིས་མི་ཁྱབ་ཅིང་། །རིན་པོ་ཆེ་ཡི་པྲོག་ཞུ་བྱེ་བ་ཡོད། །དེ་ཡི་སྟེང་དུ་ཙན་དན་སྦྲུལ་སྙིང་གི ། གདུགས་ནི་ཀུན་ལ་ཁྱབ་པར་ཕིབ་ནས་ཡོད། །རྒྱ་ནག་རྒྱལ་བོའི་ནོར་གྱི་སྙིང་ཐོབ་པ། །ཨུགས་ཡ་ན་ལི་ཁྲབ་ཀྱི་བལ་བོ་གཅིག །བྱང་བུ་རེ་ལ་གསེར་སྲང་བྱེ་བ་རེ། །དེ་ནི་ནུབ་ཀྱི་ཕྱོགས་ན་ཚས་བཟང་བ། །རིན་ཆེན་ཟངས་ཀྱིས་བསྒྲིལ་ཏེ་སྦས་ནས་ཡོད། །རི་རྒྱལ་ལྷུན་པོའི་ཕྱོགས་ནས་རྙེད་པ་ཡི། །རྒྱ་ནག་རྒྱལ་བོའི་ནོར་གྱི་སྙིང་ཐོབ་པ། །རིན་ཆེན་བྱུ་རུའི་རྒྱལ་མོ་ལག་གཡས་པ། །ཁྲུ་བརྒྱད་ཡོད་པའི་འོད་ཟེར་འབར་བ་ཞིག །མར་མེའི་ཚུལ་བྱས་བྱང་གི་ཕྱོགས་ན་ཡོད། །རྒྱལ་བོ་རང་གི་ནོར་གྱི་སྙིང་འཐོབ་པའི། །ནོར་བུ་མཆིང་བུའི་ཕུང་བོ་ཁྲུ་གང་བ། །དེ་ནི་དབུས་ཀྱི་ཕྱོགས་སུ་ཚས་བཟང་བ། །ཟ་འོག་དག་གིས་བསྒྲིལ་ཏེ་སྦས་ནས་ཡོད། །ཧོར་གྱི་རྒྱལ་བོའི་ནོར་གྱི་སྙིང་ཐོབ་པའི། །གསེར་གྱི་མི་རྟའི་གཟུགས་སུ་བྱས་པ་དག། ལེབ་བརྒན་འབར་བ་དར་སྣས་གྲིལ་ཏེ་ཡོད། །མི་རྟའི་གཟུགས་དང་མཉམ་པའི་འཁྲུལ་འཁོར་ཅན། །དེ་ནི་ཤར་གྱི་ཕྱོགས་ན་སྦས་ནས་ཡོད། །ཡ་རྩེ་རྒྱལ་བོའི་ཕྱག་ནས་བླངས་པ་ཡི། །མུ་ཏིག་ཁལ་དུ་གཞལ་བའི་སུམ་གཉིས་དག །ཤ་ཕྲུག་རླིད་བུར་བཅུག་ནས་ལྷོ་ཕྱོགས་སྦས། །གཞན་ཡང་ནོར་ནི་རྣམ་པ་སྣ་ཚོགས་པ། །རིན་པོ་ཆེ་ཡི་གདུང་ལ་བཀལ་ནས་ཡོད། །ཅེས་ཞིབ་ཙམ་གསུངས་ཡོད།

བོད་སིལ་བུར་འཐོར་རྗེས། བློན་པོ་ཤུད་པུ་སྟག་རྩེ་གཉགས་སོགས་གྲོས་བྱས་ཏེ། བང་སོ་རྣམས་གཉགས་དང་། ཤུད་པུ། ཁུ། སྙི་བ། འབྲོ། ཅོག་རོ་བཅས་རུས་རྒྱུད་ཚོ་བ་དྲུག་གིས་བགོ་བཤའ་བརྒྱབ་ནས་བྲུས་པ་སྟེ། གཉགས་ཀྱིས་དོན་མཁར་མདའི་སྟག་རི་གཉན་གཟིགས་དང་། གནམ་རི་སྲོང་བཙན་སོགས་ཀྱི་བང་སོ་བྲུས་པ་དང་། ཤུད་པུས་སེང་གེ་ཅན་གྱི་བང་སོ་བྲུས་པ་དང་། ཁུས་འཕྲུལ་རྒྱལ་ཏེ་འདུས་སྲོང་མང་རྗེའི་བང་སོ་བྲུས་པ་དང་། སྙི་བས་མང་སྲོང་མང་བཙན་གྱི་བང་སོ་བྲུས་པ་དང་། འབྲོ་དང་ཅོག་རོས་སྲོང་བཙན་གྱི་བང་སོ་ཕྱོགས་ཁག་གཉིས་སུ་བྲུས་པས་བང་སོའི་ནོར་རྫས་ས་ཁར་ཕུད་པ་དང་།

དེ་མཚུངས་སུ། དུས་རབས་འདིར་བང་སོ་སྔོག་པའི་དུར་རྫས་ཀྱི་རྣམ་གྲངས་ལ། གནའ་བོའི་བོན་གྱི་དུར་མཆོད་ཆོ་གའི་ནང་བེད་སྤྱོད་བྱེད་པའི་དུར་རྫས་ལ། གྲོ ནས། བྲ་བོ་སོགས་འབྲུ་རིགས་དང་། གསེར་ཁུང་གྲོང་གི་བང་སོ་ལས་ཐོན་པའི་འབྲུ་རིགས་ལས་སྣོན་བྱེད་ཆས་གཏུན་བུ་དང་ལག་བསྐོར་དང་། ནས་ཆང་། གྲོ་ཆང་། འབྲས་ཆང་། རྒུན་ཆང་སོགས་བཏུང་བྱའི་རིགས། འོ་ཟས། ཁ་ཏོག མར། ཐུག་པ། སྐྱོ་མ་སོགས་ཟས་རིགས། མཚལ། གླ་རྩི། སྨན་རྩྭ་སོགས་སྨན་རིགས། མིག་མངས། རྡེའུ། རོལ་ཆས། ཉལ་ཆས། གོ་མཚོན། ཕྱིང་བ། སྣམ་བུ། དར་གོས། རུས་ཁབ། སྐུད་པ། ཐག་པ། འུར་ཆ། བརྡར། སྒྱེ་མོ། སྡེར་མ། རྐྱལ་བ། ཐབ་ཆས་སོགས་རྒྱུན་སྤྱོད་རིགས། གཟི། གཡུ། གཡང་ཊི། ལག་གདུབ། སྐྲ་རྒྱན་སོགས་རྒྱན་ཆའི་རིགས། གོ་མཚོན། ལྕགས་གྲི། མདའ། སྒ་ཆས་སོགས་དམག་ཆས་ཀྱི་རིགས། གཞན་གཤིན་པོའི་འཇིམ་གཟུགས་དང་། བོད་ཡིག་གི་ཤིང་བྱང་སོགས་སོ། །

རང་ཅག་གི་གདོད་མའི་སྐབས་སུ་སེམས་ཅན་མང་བོས་ལྷ་ལ་དམར་མཆོད་བྱེད་པའི་ལུགས་སྲོལ་ཡོད་པ་བཞིན། རྒྱལ་བོའམ་རླབས་ཆེན་གྱི་མི་སྣ་ནི་ལྷར་མཐོང་བའི་འདུ་ཤེས་ཟབ་པ་དང་། ལྷག་པར་དུ་གཤིན་པོའི་བླ་ནི་དུར་སར་གནས་པར་བཤད་པས། བང་སོའི་ནང་དུའང་སྲོག་ཆགས་མང་བོ་དུར་སྦས་བྱས་ཏེ་གསོལ་མཆོདབྱེད་པ་ཡིན། དཔེར་ན། སྣེ་གདོང་རྫོང་གི་མཆིམས་ལུང་རྩེ་མོའི་བང་སོའི་ནང་དུ་རྟའི་རུས་སྒྲོམ་ལྔ་ཐོན་པ་དང་། དེ་བཞིན་ལྷོ་བྲག་རྫོང་སྐྱིད་འདུས་བང་སོའི་ནང་རྟ་བོང་གཡག་གསུམ་གྱི་རུས་པ་དང་། གཅན་གཟན་གྱི་རིགས་གང་ཡིན་མི་ཤེས་པའི་རུས་པ་བུད་པ་དང་། ཡང་། གྲ་ནང་རྫོང་རྡོ་སྐུ་རིའི་དུར་ལས་རྫ་མའི་ནང་ལུག་གི་རུས་པ་དང་། ནོར་ཕྱུགས་ཀྱི་མགོ་བཅུ་གསུམ། ཁྱིའི་རུས་སྒྲོམ་བརྒྱད་ཐོན་པ་དང་། གཞན་ཏུན་ཧོང་གཏེར་ཡིག་ལས་དྲི་རྟ་དང་། དྲི་གཡག དྲི་ལུག སྣམ་རྟ། སྣམ་ལུག་ཅེས་འཁོད་པ་ལྟར་ན། སྲོག་ཆགས་དེ་དག་མི་རུལ་བའི་ཐབས་སུ་དྲི་སྣ་ཚོགས་བྱུག་པར་ཡང་གསལ་ལ། ཡང་རྟ་དོ་མ་དང་། གཡག་དོ་མ། རྟ་རྒྱན་ཅན། དོ་མ་སྙིང་དགས། སྐྱིབས་ལུག་ཅེས་པར་གཞིགས་ན། སྒ་རྒྱན་ཁལ་དང་བཅས་པ་དུར་སྦས་བྱེད་སྲོལ་ཡོད་པར་ཡང་རྟོགས་སོ། །ཁྱད་པར་དུ་རྟ་དུར་སྦས་བྱེད་པ་འདི་རྒྱ་ཆེ་བར་བསམ་སྟེ། ཏུན་ཧོང་ཡིག་རྙིང་ལས། བཙན་པོས་བཀའ་སྩལད་པ། དབྱི་ཚབ་གློ་བ་ཉེ་བས། གུམ་ན་མཆད་པྱག་དར་ཏེ་བརྩིགས་པར་གནང་། རྟ་ནི་བརྒྱའ་དགུམ་བར་གནང་། ཞེས་པ་ལས་རྟོགས་སོ། །དེ་ལས་གཞན་མཚོ་སྔོན་གཏེར་ལེན་རྫོང་གི་བང་སོ་ལས་འབྱུང་བའི་རྣམ་གྲངས་ཙམ་བཀོད་ན། ས་འདིར་པུར་རྒྱལ་དུས་ཀྱི་བང་སོ་མི་འདྲ་བ་སྟོང་ལ་ཉེ་བ་ཡོད་ཅིང་། རྒྱ་མཚོའི་ངོས་ལས་སྤྱི་ཁྲེ ༣༤༠༠ ལྷག་གི་སར་བཏབ་ཡོད། དེའི་ནང་ནས་ཆེ་འབྲིང་ཁག་བཞིའི་དུར་རྫས་སྔོག་འདོན་བྱས་པ་ནི། བང་སོ་དེ་དག་གི་ནང་དུར་རྫས་རྐུ་འཁྱེར་བྱས་པའི་ལྷག་འཕྲོ་ལུས་པ། གསེར། དངུལ། ལྕགས་རིགས། ཕ་ལམ། གཡུ་སོགས་ཀྱི་རྒྱན་ཆ་དང་། ཟངས་ཆས། ཤིང་ཆས། ཤིང་བྱང་། སི་བཏགས་དང་། ཚོན་རྩིའི་ཡོ་བྱད། རྫ་ཆས། རྡོ་ཆས། རུས་ཆས། ཀོ་ཆས་སོགས་རིགས་མི་འདྲ་བ་༨༥ ཙམ་ཐོན་ཡོད།

༥ བྱེ་བྲག་དུར་གྱི་ས་ལ་དཔྱད་ཚུལ་ནི། རང་ཅག་བོད་ཀྱི་རིག་གནས་ཁྲོད་ས་དཔྱད་ཆོ་ག་འདི། ལྷ་ཁང་བཞེངས་པ་དང་། གཞི་ཁྱིམ་བརྩིགས་པ། སྒྲུབ་ཁང་འཛིན་པ་སོགས་ལ་མེད་དུ་མི་རུང་གི་གྲུབ་ཆ་གཙོ་ཤོས་ཤིག་ཡིན། ཁྱད་པར་དུ་དུར་གྱི་ས་དཔྱད་ནོར་ན། ཤི་གསོན་གཉིས་ཀ་གནོད་སྐྱོན་འབྱུང་བར་བཤད། འགྲོ་བ་གང་ལ་མཚོན་ནའང་བླ་སྲོག་རྣམ་ཤེས་གསུམ་ལུས་ལ་བརྟེན་ལ། གྲོངས་ཚེ་བླ་ནི་དུར་ལ་གནས་པར་བཤད་པས། དུར་ས་ངན་ན་བླ་དེ་རྒུད་པ་ཡིན་པས། ཤི་གསོན་གཉིས་ཆར་ནས་བྱུར་སྣ་ཚོགས་འབྱུང་བར་བཤད་དེ། ནོར་འཛིན་དཔྱད་པ་ལེགས་ཉེས་འབྱེད་པའི་ལྡེ་མིག་ལས། སྤྱིར་ན་རི་ཁྲོད་ཁང་བ་དང་། །གཏེར་དང་དུར་ས་གང་ལ་ཡང་། །ས་དཔལ་ཐམས་ཅད་བཟང་བར་དགོས། །ཁྱད་པར་དུར་གྱི་ས་མིག་འདི། །ངན་ན་ཤི་གསོན་གཉིས་ཀ་སྡུག། སྲོག་དང་རྣམ་ཤེས་བླ་དང་གསུམ། །སྲོག་དེ་གཤེད་མ་འདྲེ་ཡིས་གཅོད། །རྣམ་ཤེས་ལས་ཀྱི་རྗེས་སུ་འབྲང་། །བླ་ནི་དུར་ལ་གནས་པ་ཡིན། །དུར་ས་བཟང་ན་བླ་ཡང་དར། །བདེ་སྐྱིད་འཛོམས་ནས་གསོན་ལ་ཡང་། །མགོན་སྐྱབས་འཚོལ་དུ་འོང་བ་ཡིན། །ཞེས་དང་། དེ་བཞིན་དུ། ཀརྨ་ཆགས་མེད་ཀྱིས་ཀྱང་། བླ་སྲོག་རྣམ་ཤེས་གསུམ་དུ་སྲིད། །སྲོག་དབུགས་གཤེད་མ་འདྲེ་ཡིས་འཁྱེར། །རྣམ་ཤེས་ལས་ཀྱི་རྗེས་སུ་འབྲང་། །བླ་ནི་དུར་ས་དེ་ལ་གནས། །ཆ་ལུགས་གསོན་དུས་གཟུགས་དང་འདྲ། །དར་ཞིང་ཕྱུག་ན་མགོན་སྐྱབས་བྱེད། །རྒུད་ཅིང་དབུལ་ན་གསོན་པོ་ལ། །ཟ་རེ་འཐུང་སྐོམ་ན་ཚ་ལྡང་། །ཕྱེ་མར་བང་སོ་མཆོད་པའི་ཆོ་ག་དར། །ཞེས་པ་ལྟར། འདིར་སྐབས་སུ་བབ་པ་དུར་གྱི་ས་ལ་བརྟག་ཚུལ་མདོ་ཙམ་བརྗོད་ན། ས་དཔྱད་རིན་ཆེན་ཀུན་འདུས་ལས། དེ་ནས་དུར་གྱི་ས་དཔྱད་ལ། །རུས་ཆེན་ཡོན་ཏན་ཆེ་བ་དང་། །སྦྲ་རྒན་ཡང་ཚ་མཐོང་བ་རྣམས། །གདན་ཁྲི་བང་རིམ་མང་བོ་དང་། །མཐོ་བའི་ས་ལ་བཞག་པར་བྱ། །ལོ་ནི་མང་ཉུང་རུས་ཆེ་ཆུང་། །དེ་དང་མཐུན་པའི་མཐོ་དམན་བྱ། །ཞེས་དང་། ས་དཔྱད་འདོད་འབྱུང་བུམ་བཟང་ལས། རབས་ཆད་གྲི་རོ་མཛེ་ཅན་དང་། །གདུག་པའི་ནད་ཀྱིས་ཤི་བ་རྣམས། །གཉའ་མནོན་ཆེ་ཞིང་དམའ་སར་བཏབ། །གཉའ་མནོན་རི་སྣ་བྲག་སྣ་ལ། །ཅུང་ཟད་གཟུར་བ་མན་ངག་ཡིན། །ཞེས་དང་། ཡང་། བཻ་དཀར་ས་དཔྱད་ལས། ཡང་ན་འདི་ལྟར་ཤེས་པར་བྱ། །ཆོས་དུར་མཆོད་རྟེན་འདྲ་བ་གདབ། །བཙད་པོ་རྒྱལ་བོ་གདན་བཞུགས་འདྲར། །རྗེ་རིགས་རི་ཐོད་བཅིངས་འདྲ་ལ། །བློན་པོ་རི་གྲལ་བསྒྲིགས་འདྲ་ལ། །འབངས་ནི་ཁྱི་ཐོད་མཆོང་འདྲའི་རིར། །བྱིས་པ་པང་ན་བུ་ཐོགས་འདྲར། །བན་བོན་རྡོ་རྗེ་འདྲ་བ་ལ། །རྩིས་མཁན་རུས་སྦལ་ལྟོ་འདྲ་ལ། །སྨན་པ་སྨན་གྱི་པུར་བུ་འདྲར། །ཀློག་མཁན་ཁྱི་མོར་འདྲ་བ་ལ། །ཕྱུག་པོ་རིན་ཆེན་འདྲ་བ་ལ། །སྤྲང་བོ་ཐུ་བ་ཁེངས་འདྲ་ལ། །མི་མགོ་མི་ཐོན་རྒན་རིམ་འཆི། །རི་དམིགས་ཞེས་བྱ་སྟོད་ལ་འདེབས། །དར་མ་གྲིར་འཆི་མང་བ་ན། །རི་སྙིང་ཞེས་བྱ་རི་རྐེད་གདབ། །བྱིས་པ་མ་སོས་ཆུ་སོ་ཞེས། །རི་ཡི་སྨད་ལ་འདེབས་པའོ། །ཞེས་དང་། གཞན་ཡང་། དེ་ཉིད་ལས། འབྱུང་ཁམས་དང་སྦྱར་ཏེ་དུར་འདེབས་ལུགས་ལ། སྤྱི་དང་བྱེ་བྲག་ཏུ་གསུངས་པ་དང་། ཕྱི་ནང་བར་གསུམ་གྱི་དུར་སྲུང་དང་། དུར་བཅོས་སོགས་འཁོད་པས། ཞིབ་ཏུ་ཤེས་འདོད་པ་དག་དེར་བལྟ་བར་བྱའོ། །

ཡང་། དུར་ས་ནོར་བའི་དཔྱད་འབྲས་ནི། ས་དཔྱད་འདོད་འབྱུང་བུམ་བཟང་ལས། རྒས་དུར་དམའ་ཞིང་གཞོན་དུར་མཐོ། །ཤི་རིས་གཞོན་ལ་འབབ་པ་ཡིན། །ཆུང་དུར་གཉའ་མནོན་ཆེ་ཆུང་དེ། །ཤི་གྲངས་མང་ཉུང་དེ་དང་བསྟུན། །གྲི་དུར་ལུང་བའི་ཡངས་དོག་ནི། །མདའ་འཕེན་ཙམ་ལས་ཡངས་མི་རུང་། །དེ་ཡང་ཕར་རི་ཚུར་རི་གཉིས། །བྲག་ཟུར་ཐད་འབབ་དུར་གྲི་ངན། །རྒྱབ་རི་འགྱིང་ཞིང་མདུན་འཇམ་དགོས། །ལོ་སྐོར་བཅུ་གཉིས་ས་མལ་ལ། །ལོ་གཞོན་ས་དགྲ་སྔར་བཞིན་ལ། །རང་རང་ལོ་བར་མི་གནོད་ཚུལ། །རིགས་པས་དཔྱད་དེ་ཤེས་པར་བྱ། །ས་དགྲ་དེ་དང་འཕྲད་གྱུར་ན། །ལོ་གསུམ་རྟགས་འབྱུང་འདིར་ཡང་འདྲ། །ཞེས་དང་། གཞན་ཡང་། ས་དཔྱད་བྱེ་མ་བརྡལ་སྤུངས་ནའང་། དུར་ས་བཟང་ངན་ལས་བྱུང་བའི་ལེགས་ཉེས་མང་དུ་གསུངས་ཡོད་པས། གཞུང་དེ་དག་ལས་གསུངས་པ་ལྟར། ས་བབ་དང་བསྟུན་ནས་ས་དུར་བྱེད་པ་གནད་ཀྱི་དོན་པོའོ། །

༣ ཕུང་བོ་གཟན་བསྒྱུར། ཕུང་བོ་གཟན་བསྒྱུར་ཏེ། བྱ་རྒོད་སོགས་ལ་སྟེར་བ་དེར་རླུང་དུར་ཞེས་ཀྱང་བརྗོད་ལ། བྱ་གཡེང་ལུགས་སྲོལ་འདི་རྒྱ་གར་དང་བོད་གཉིས་ཀར་རང་སྐྱ་ཕེར་བའི་རང་རང་གི་ལུགས་སྲོལ་རེ་ཡོད་པར་སྙམ། ཅིའི་ཕྱིར་ན། ཀླུ་སྒྲུབ་ཀྱི་ཤེར་ཕྱིན་རྣམ་བཤད་ལས། དུར་ཁྲོད་དུ་བྱ་རྒོད་འཕུར་ཡོང་ནས་མི་རོ་ཟ། ཞེས་དང་། ཐང་སན་རྟོགས་བརྗོད་ལས། རྒྱ་གར་དུ་དུར་མཆོད་བྱེད་སྲོལ་གསུམ་སྟེ། བྱར་གཡེང་། སྦྱིན་སྲེག སྙིང་རྗེའི་སྦྱིན་གཏོང་། ཞེས་དང་། སྤྱོད་འཇུག་ལས། ཁྱོད་ཉོན་མོངས་པའི་གདོང་དེ་ནི། །ད་ལྟ་མངོན་སུམ་གྱུར་བ་བཞིན། །བྱ་རྒོད་ཀྱིས་བསལ་བྱས་མཐོང་ནས། །ཞེས་དང་། བདག་གིས་འདི་ལྟར་བསྐྱངས་པ་འམ། །བྱ་རྒོད་སོགས་ཀྱིས་ཟོས་ཀྱང་རུང་། །ཞེས་གསུངས་པ་ལས། ཕུང་བོ་གཟན་བསྒྱུར་འདི་རྒྱ་གར་གྱི་ཡུལ་ཆོས་ཤིག་ཏུ་གྲུབ་ལ། བོད་དུའང་མཁས་པ་ལྡེའུ་མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ་ལས། ངར་ལ་སྐྱེས་ཀྱི་མྱང་རོ་ཤམ་པོ་མཁར་གྱི་ཕ་རོལ་ན་རྒོད་ཚང་ཡོད་པ་ལ་སྙད་བཏགས་ནས། བྱ་རྒོད་ཀྱི་གསོབ་ཏུ་ཞུགས་ཏེ། མྱང་རོ་ཤམ་པོ་རྩེ་ནས་ཕབ། ཞེས་འབྱུང་བའི་ཤུགས་ལས་དེ་དུས་སུ་ཕུང་བོ་བྱ་རྒོད་ལ་འགྱེད་པའི་ལུགས་སྲོལ་རང་རེའི་བོད་དུ་ཡོད་པར་རྟོགས་ཐུབ། ཁྱད་པར་དུ་སློབ་དཔོན་པད་འབྱུང་གི་རྣམ་ཐར་ལས། རྒྱ་གར་གྱིས་གཅན་གཟན་དང་བྱ་རྒོད་ཀྱིས་མི་རོ་ཟ་རུ་འཇུག་པའི་དུར་མཆོད་ཀྱི་སྲོལ་དེ་ནི། བོད་ཀྱི་བྱར་གཡེང་དུར་མཆོད་དང་ཆ་འདྲ། ཞེས་པ་ལས་རྒྱ་གར་ལ་རག་མ་ལས་པའི་བྱ་གཡེང་དུར་སྲོལ་བོད་ལ་ཡོད་པ་རྟོགས་ཐུབ།

ཁ་ཅིག འབྲི་གུང་རིན་ཆེན་དཔལ་ལམ། ཕ་དམ་པ་སངས་རྒྱས་གང་རུང་ནས་བྱར་གཡེང་དུར་མཆོད་འདི་སྲོལ་བཏོད་པར་བཞེད་པ་ཡོད་ཀྱང་། དེ་ནི་སྔར་སྲོལ་གྱི་རྨང་གཞིའི་སྟེང་ཁྱབ་རྒྱ་ཇེ་ཆེར་སྤེལ་བ་ལུང་དེ་དག་གིས་གྲུབ་བོ། །དེ་ལྟར་བྱར་གཡེང་དུར་སྲོལ་ནི་བོད་ལ་གདོད་མ་ནས་ཡོད་ཀྱང་། འབྲི་གུང་གི་དུས་སུ་བྱ་གཡེང་དུར་གནས་གཏན་ཁེལ་བར་གསལ་ཏེ། དུས་རབས་བཅུ་གཅིག་པའི་ནང་འབྲི་གུང་བཀའ་བརྒྱུད་པ་རིན་ཆེན་དཔལ﹙༡༡༤༣ནས༡༢༡༧﹚གྱིས་འབྲི་གུང་རི་ན་སྒོམ་སྒྲུབ་མཛད་སྐབས། ཁོང་གི་ཉམས་སྣང་ལ། གནས་རི་འབྲི་གུང་འདི། སྲིན་མོ་ཞིག་གི་ལུས་སྤྲུལ་ཡིན་པར་མཁྱེན་ཞིང་། དེའི་ཤར་གྱི་ཕྱུག་པོ་རི་སྤྱན་རས་གཟིགས་ཀྱི་ཚུལ་དང་། ལྷོའི་མགོན་པོ་རི་རྣམ་པར་སྣང་མཛད་ཀྱི་ཚུལ་དང་། ནུབ་ཀྱི་རྔ་མོང་རི་གསང་བདག་ཕྱག་རྡོར་གྱི་ཚུལ་དང་། བྱང་རི་འདི་འཇམ་དབྱངས་ཀྱི་འདྲ་དབྱིབས་སུ་མཐོང་ནས། གདན་ས་ཆེན་པོའི་རྒྱབ་རི་རྨོག་པོའི་རིའི་ནུབ་རྒྱུད་འདི་ཁྲོས་མ་ནག་མོ་འགྱིང་བའི་རྣམ་པར་ཡོད་ལ། དུར་ཁྲོད་འདི་ཉིད་ཁྲོས་མའི་ལྟེ་བའི་དབུས་སུ་ཡོད། སྤེན་མའི་ཚོགས་རྣམས་ཆོས་འབྱུང་དང་། ཞབས་གཡས་ཀྱི་མཐིལ་དུ་ལོ་ཆུང་དང་གྲི་ཤིར་ཐེབས་པའི་རོ་གཏོར་ས་ཡོད།

རི་རྩེ་དང་ཁོར་ཡུག་དག་ན་ནགས་ཚལ་ཆེ་ཆུང་བརྒྱད་ཡོད་པ་རྣམས་ཀྱང་། རྒྱ་གར་གྱི་དུར་ཁྲོད་ཆེན་པོ་བརྒྱད་དང་འདྲ་བ། གནས་རི་དང་ནགས་ཚལ་དེ་དག་ཏུ་གནས་པའི་འདྲེ་སྲིན་རྣམས་རིམ་གྱིས་ཞི་ནས་ལྷར་གྱུར་ཏེ། རེ་ཞིག་ནགས་ཚལ་བརྒྱད་ནས་འོད་ཟེར་མི་འདྲ་བ་བརྒྱད་འཕྲོས་ནས། གཅིག་ལ་གཅིག་ཐིམ་གྱིས། ཁ་དོག་སྣ་ལྔའི་འཇའ་གུར་ཆེན་པོ་ཞིག་ཏུ་གྱུར་ཏེ། དེའི་དབུས་ལ་རྡོ་ཆེན་པོ་ཞིག་བྱུང་ནས། ད་ལྟའི་འབྲི་གུང་དུར་ཁྲོད་དུ་ལྷུང་ལ།

ཡང་། བཤད་ཚུལ་གཞན་ལ་རྒྱ་གར་བསིལ་བ་ཚལ་གྱི་དུར་ཁྲོད་ནས་མཁའ་འགྲོ་མ་རྣམས་ཀྱིས་འཇའི་དྲྭ་བ་ལས་དུར་རྡོ་ཞིག་འདིར་སྤྱན་དྲངས་ནས་ཕུལ་ཡང་ཟེར། དུར་ཁྲོད་འདི་དང་བསིལ་བ་ཚལ་གཉིས་སུ་མེད་པའི་རྟགས་སུ། དེ་གཉིས་ཀྱི་བར་དུ་འོད་ཟེར་འཕྲོ་བ་རྒྱུན་མི་ཆད་ཅིང་། ཞིང་སྐྱོང་གི་མཁའ་འགྲོ་དང་། ཁྲ་དང་། བྱ་རྒོད། ཀེང་རུས། རོ་ལངས་དང་དུར་བྱ། དུར་ཕག ཀང་ཀ བཞད་སོགས་ཕན་ཚུན་བར་དུ་རྒྱུ་བ་དག་སྣང་ཅན་གྱིས་རྒྱུན་པར་མཐོང་བར་གྲགས་ལ། དུར་རྡོའི་སྟེང་དུ་མ་ཎི་ཡིག་དྲུག་ཚོན་མདོག་ལྡན་པ་རང་བྱུང་བབས་པས། དུར་རྡོ་འཇའ་ཚོན་མར་ཡང་གྲགས། འོག་ཏུ་སྐྱོབ་པ་རིན་པོ་ཆེས། ངན་སོང་སྦྱོང་བའི་ཞི་ཁྲོའི་དཀྱིལ་འཁོར་བཀོད་ཅིང་། རབ་གནས་མཛད་པར་མ་ཟད། ཁོང་གི་ཐུགས་སུ། གནས་འདིར་དུར་གནས་ཞིག་གཏན་ཁེལ་བྱས་ན། དེར་བསྐྱལ་བའི་འདས་པོ་ཐམས་ཅད་སྤྱན་རས་གཟིགས་ལ་དངོས་སུ་མཇལ་བ་དང་། དམྱལ་བར་ལྷུང་བ་མི་སྲིད་དོ། །ཞེས་བཀའ་ལུང་དྲོན་མོ་བསྩལ་བས། འབྲི་གུང་བྱར་གཡེང་གི་དུར་ཁྲོད་འདི་གནས་ཁམས་ཅན་དུ་བྱས་ཏེ་གཏན་ཁེལ་བྱས་པ་ཡིན། ཡང་། སྐབས་ཤིག་སྐྱོབ་པ་རིན་པོ་ཆེ་བུ་སློབ་སུམ་ཅུ་ཙམ་རྟ་ལྕག་སྟེང་ཀར་ཕེབས་ཏེ། ཁོང་གི་སློབ་མ་ཚོར། དེ་རིང་ཁྱེད་རྣམས་ཀྱིས་གྲུབ་རྟགས་རེ་སྟོན་དགོས་ཞེས་སྐུལ་བས། མགར་དམ་པ་འཇིགས་བྱེད་ཀྱི་སྐུར་སྤྲུལ་བ་དང་། གཉོས་རྒྱལ་བ་ལྷ་ནང་བས་རྒྱ་གར་ནས་ཨ་རུ་ར་རློན་པ་སྐད་ཅིག་གིས་བླངས་པ་དང་། དཔལ་ཆེན་ཆོས་ཡེ་བླ་མའི་སྐུར་གཉིས་མེད་ཐིམ་པ་དང་། ཁ་ཅིག་རྡོ་དྲིལ་བར་སྣང་དུ་བཞག་པ། སྐུ་སྟོད་དུ་མེ་སྦར་བ། སྐུ་སྨད་དུ་ཆུ་བྲུབས་པ་སོགས་བསྟན་པ་དང་། ཐ་ན་ཇ་མ་སྤོ་བོ་བཀྲ་ཤིས་ཀྱིས་ཀྱང་གཟན་དང་གཟར་བུ་ཉི་ཟེར་ལ་བཀལ་བ་སོགས་གནང་བས། ཉེ་གནས་རིན་ཆེན་གྲགས་སྐུ་ན་ཆུང་བས་གྲུབ་རྟགས་སྟོན་མ་སྤོབས་པར་སྐུ་གཤེགས། གདུང་དུར་སྟེང་དུ་དྲངས་ནས་བསིལ་བར་བརྩམས་པ་ན་གྲི་མ་ཟུག་པས་རྗེ་སྐྱོབ་པར་ཞུས་ཚེ། ཁོང་གིས་གདུང་གི་སྙིང་ཀར་སྦ་འཁར་བཙུགས་ཏེ་འཕོ་བའི་མགུར་རྟ་ལྕག་ལྟེང་ཀ་མ་ཞེས་པ་གསུངས་རྗེས། འཇའ་འོད་བཀྲ་ཞིང་། གདུང་ཡུངས་དཀར་གྱི་རྐྱལ་བ་གཤགས་པ་བཞིན་རིང་བསྲེལ་གྱི་ཕུང་བོ་གྱུར་ཏེ་འཐོར་བས། ཕྱགས་མས་འཕྱག་པས་དེ་ཕྱིན་མིང་རྟེན་འཕྱག་སྒང་ཞེས་གྲགས་སོ། །

དེ་ནི་ཕ་དམ་པ་སངས་རྒྱས་བོད་ལ་ཐེངས་ལྔར་ཕེབས་པར་གྲགས་པའི་ཕེབས་ཐེངས་གསུམ་པ་སྟེ། དུས་རབས་བཅུ་གཉིས་པའི་མགོར་ཞི་བྱེད་གཅོད་ཀྱི་གདམས་པ། ཕུང་བོ་གཟན་བསྒྱུར་གཏོང་བའམ་བྱ་རྒོད་སོགས་ལ་སྟེར་བ་འདི་གཅོད་གཞུང་གི་ཆོ་ག་དང་སྦྱར་ཏེ་འཐུས་ཚང་དུ་གྱུར་བ་ཡིན་ལ། དེ་ཡང་། གཅོད་ཀྱི་སྐོར་ལ་ཕོ་གཅོད་དང་མོ་གཅོད་གཉིས་ལས། དང་བོ་ནི། སྨང་ར་སེར་བོ་ནས་བརྒྱུད་པ་དང་། གཉིས་པ་ནི། མ་གཅིག་ལབ་སྒྲོན་ནས་བརྒྱུད་པའོ། །མ་གཅིག་ལབ་སྒྲོན་གྱིས་བརྩམས་པའི་ཕུང་བོ་གཟན་བསྒྱུར་གྱི་གཅོད་གཞུང་ཡང་མང་དུ་སྣང་སྟེ། གཅོད་གཞུང་བཀའ་ཚོམ་ཆེན་མོ། ཡང་རྩོམ། ཉིང་རྩོམ། ལེའུ་ལག གནས་ཐེམ། ཁོང་རྒོལ། གཡང་བ་བརྡ་ཆོས་ལ་བཟླས་སྐོར་གསུམ། གཞི་ལས་སློང་བ། ཁྱད་པར་གྱི་སྨན་ངག་བཅས་བཅུ་ཡོད། དེ་ཡང་། ནང་ཆོས་ལས། རྟ་དང་གླང་བོ་བརྒྱ་འགྱུར་ཡིན། །བུ་དང་ཆུང་མ་སྟོང་འགྱུར་ཡིན། །ལུས་ཀྱི་མཆོད་སྦྱིན་འབུམ་འགྱུར་ཡིན། །ཞེས་གསུངས་པ་སོགས་ལ་ཁུངས་གཏུགས་པ་ཡིན་ནོ། །གཤིན་པོའི་ཕུང་བོ་གཟན་ཏུ་བསྒྱུར་ཚུལ་ལ། དཀོན་མཆོག་སྲི་ཞུའི་མགྲོན་ལ་མཆོད་པའི་ཚུལ་དུ་འབུལ་བ་དང་། མགོན་པོ་ཡོན་ཏན་མགྲོན་ལ་གཏང་རག་གི་ཚུལ་དུ་འབུལ་བ། རིགས་དྲུག་སྙིང་རྗེའི་མགྲོན་ལ་སྦྱིན་པའི་ཚུལ་དུ་གཏོང་བ། གདོན་བགེགས་ལན་ཆགས་ཀྱི་མགྲོན་ལ་བུ་ལོན་གྱི་ཚུལ་དུ་གཏོང་བ་བཅས་དམིགས་རྣམ་བསྐྱངས་ཏེ། དངོས་སུ་བྱ་རྒོད་ལ་སྟེར་བ་ཡིན་ཅིང་། གཤིན་པོ་དུར་ཁྲོད་དུ་བསྐྱལ་ནས་བྱ་གཏོར་བྱེད་མཁན་རྣལ་འབྱོར་རྟོགས་ལྡན་པ་ཡིན་ན་རབ་དང་། མིན་ཡང་སྦྱིན་པ་ཙམ་གྱི་ཕན་ཡོན་ཡོད་དོ། །ཚུལ་འདི་ལ་དགོངས་ནས་གཙང་བ་རྒྱ་རས་པས། བདག་ཤི་བའི་འོག་ཏུ་ཡང་མགོ་དང་། རྐང་ལག་དང་། ཤ་དང་། རུས་པ་དང་། ཡན་ལག་དང་། ཉིང་ལག་དང་། སྐྲ་དང་བ་སྤུ། སོ་དང་སེན་མོ། ཁྲག་དང་ཆུ་སེར། ཞག་དང་ཚིལ་བུ། དབང་བོ་ལྔ་ལ་སོགས་པའི་སྒོ་ནས་ཀྱང་འགྲོ་དོན་དཔག་ཏུ་མེད་པ་འགྲུབ་པར་གྱུར་ཅིག ཅེསགསུངས་སོ། །འོན་ཀྱང་། འགོས་ནད་དང་། ཁྲིམས་ཐོག་ནས་བསད་པ་ཡིན་ན། སར་སྦས་པ་ལས། ཕུང་བོ་གཟན་བསྒྱུར་བྱེད་པ་མེད།

བེམ་པོ་དོ་དམ་བྱེད་སྟངས་ལ། དབུས་གཙང་ལ་མཚོན་ན། ཆེད་བསྐོས་ཀྱི་བདག་གཉེར་མཁན་ཡོད་ལ། དོ་དམ་པས་བེམ་པོ་དུམ་བུར་གསིལ་ཞིང་། རྩམ་གསེས་བརྒྱབ་ནས། བྱ་རྒོད་ལ་ཟར་བཅུག་རྗེས། རུས་ཆེན་རྣམས་བསླངས་ཏེ་ཕུར་བུ་ལ་འདོགས་པ་དང་། མཐར་རུས་པ་རྣམས་ཆུང་ངུར་བཅགས་ཏེ་བྱ་རྒོད་ལ་ཤུལ་ལུས་མེད་པར་ཟར་འཇུག་གོ ། མདོ་སྨད་ལ་ཆ་མཚོན་ན། ཆེད་བསྐོས་དོ་དམ་མི་སྣ་མེད་ཀྱང་། རང་རང་གི་གྲོང་ཚོའི་ཤ་རུས་གང་ཡང་མ་ཉེ་བ་དུ་མ་བདམས་ནས་བྱར་གཡེང་བྱེད་དོ། །དེ་ཡང་བེམ་རོ་དུམ་བུར་བསིལ་ཏེ་བྱ་འབོད་བཏང་ན། བྱ་ཚོགས་ཀྱིས་རུབ་འཛིང་བྱས་ནས་ཁྱུར་མིད་གཏོང་ལ། བེམ་རོ་ལ་ལར་རང་གི་བླ་བྱ་མ་ཐོན་བར་དུ་བྱ་རྒོད་གཞན་གྱིས་ཁ་འཇོག་མི་ཕོད་ལ། བླ་བྱ་དེས་ཤ་རྡོག་གསུམ་བཞི་ཙམ་ཟོས་རྗེས་རུབ་ཟ་བྱས་ཏེ་ལྷག་ལུས་མེད་པར་ཟ་ལ། ཤུལ་དུ་ལུས་པའི་སྐྲ་རུས་གྱོན་པ་སོགས་མེར་སྲེག་བཏང་སྟེ། མཐུན་རྐྱེན་འཛོམས་ན་དགེ་འདུན་སོགས་ཀྱིས་སྐྲ་ཆོག་དང་རུས་ཆོག་བྱེད་དོ། །ཡུལ་གྲུ་གང་ལ་མཚོན་ནའང་། ཐོག་མར་ས་སློང་བ། བྱ་འབོད་ཀྱི་ཆོ་ག་དང་། ཚ་གསུར་ཕུད་སྲོལ་སོགས་གཅིག་མཚུངས་སོ། །

ཕུང་བོ་གཟན་བསྒྱུར་བྱ་སྟངས་ཀྱི་དམིགས་ཡུལ་དང་དགོས་པ་ནི། མི་རྟག་པར་སྐུལ་ལྕག་འདེབས་པའི་ཡང་མཆོག་སྟེ། བཀའ་གདམས་གོང་མ་ཚོས། གསང་སྤྱོད་ཁང་སོགས་སུ། བེམ་པོ་ཝ་ཁྱི་དང་བྱ་རྒོད་སོགས་ཀྱིས་ཟ་བ་འབྲི་སྲོལ་ཡང་ཡོད་དོ། །གཞན་ཚེ་འདས་ཀྱི་ལུས་ཕུང་བྱ་རྒོད་ལ་བཏང་བས་སྦྱིན་པའི་ཕན་ཡོན་དང་། བྱ་རྒོད་ཀྱི་མིང་གི་རྣམ་གྲངས་ལ། རིང་འཕུར་དང་། ནམ་འཕང་བསྟོད་ཟེར་བས། ཕུང་བོ་ཟོས་རྗེས་ཉིན་ཞག་བདུན་ལ་ཨ་སྔོན་བསྟད་ནས་འདུག་པར་གྲགས་པས། གཤིན་པོ་དེའི་རྣམ་ཤེས་མཐོ་རིས་སུ་སྐྱེས་པའི་རྟེན་འབྲེལ་དང་། བེམ་པོ་ཟོས་པའི་བྱ་བྲུན་རི་མཐོ་ས་གཙང་དུ་འདོར་པས་ཁྱད་ཆོས་ལྡན་པ་དང་། བྱ་རྒོད་ཐ་མར་འཆི་ཚེ་ཡང་བྱ་རོ་རླུང་གི་སྤུ་གྲིས་འཐག་སྟེ་ས་ལ་མི་ལྷུང་བ་སོགས་ཡིན།

བྱེ་བྲག་བེམ་པོ་ལ་བྱ་འབོད་གཏོང་ཚུལ་ལ། ལས་སྣ་ཚོགས་ཀྱི་བེའུ་བུམ་ལས་འབྱུང་བ་འདིར་བཀོད་ན། ཨོཾ་རྡོར་གླང་སྭཱ་ཧཱ། ཞེས་པ་འདི་རྡོ་ལེབ་ལ་བྲིས་ཏེ་རོའི་སྙིང་ཀར་བཞག་པས། གཤེད་སོགས་ཕྲལ་བར་བྱེད། སླར་བྱ་འབོད་སྔགས། སརྦ་ཛ་ཡེ་ཀ་ཡ། ཞེས་བརྒྱ་རྩ་བརྒྱད་བཟླས། ཕྱོགས་བཞིར་ཕུས་བཏབ། རྐང་གླིང་དྲག་ཏུ་བུས་བས། བྱ་རྣམས་ཁ་བ་བབས་པ་ལྟར་འདུས་པར་བསམ་པས་ལོན་ནོ། །

ཡང་། བྱ་འབོད་སྔགས་འདི་རྡེའུ་ལ་བརྒྱ་ཚོ་གསུམ་སྔགས། རྡེའུ་རྣམས་བྱ་རྒོད་དུ་བསམ་ལ་གཏོར་བས་བྱ་མི་འོང་བ་མི་སྲིད་དོ། །ཨོཾ་ལིང་ཁུག་ལིང་ཁུག་ཛ། ཟབ་བོ། །

ཡང་། བྱ་འབོད་ན། རང་མཁའ་འགྲོ་མ་དམར་མོ་བྱ་རྒོད་ལ་བཅིབ་པ་བསྒོམ། དང་བོ་བགེགས་བསྐྲད་དེ། དེ་ནས་གསུར་ཆེན་པོ་བཏང་། ལུས་སྦྱིན་ཚར་གཅིག་བཏོན། དེ་ནས་ཚེ་འདས་ཀྱི་ལོ་གྲངས་རྡེའུ་ལ་སྔགས་འདིས་སྔགས་ནས་ཕུང་བོར་བྲབ། ཨོཾ་རྡོར་ལིང་ཕོབ། ལྡིང་ལྡིང་ཕོབ། རྒྱང་རྒྱང་ཕོབ། ཤར་ཤར་ཕོབ། ཐིབ་ཐིབ་ཕོབ། བརྒྱ་རྩ་བརྒྱད་བཟླས་པས་ཆོག་སྟེ། ཕ་དམ་པའི་མན་ངག་གསང་རྒྱ་ཅན་ནོ། །

ཡང་། གཅིག་རྡོ་ལེབ་བཞི་ལ། བྱ་བཞིའི་གཟུགས་ནང་སྔགས་བཞི་བྲིས་ལ། ཕྱོགས་བཞི་འམ་ཕུང་བོའི་སྟེང་དུ་བཞག དེ་ཡང་འཛོམས་ན་བྱ་ལོ་བ་གཅིག་གིས་བཞག རོ་བསང་དང་གསུར་ཆེ་བ་བཏང་། བ་རི་མ་ཤམ་ཤམ། ཞེས་བཟླས་པས་མྱུར་དུ་བྱ་འབབ་པར་འགྱུར་རོ། །

ཡང་། བྱ་འབེབས་ཀྱི་ཆོ་ག་ལས། གཡམ་མ་ལ་རྡོ་རྗེ་རྒྱ་གྲམ་བྲིས་ལ། དེའི་ལྟེ་བ་ལ་ཨོཾ་པ་ཤི་ཤམ་ཤམ་པ་རི་ཤམ་ཤམ་སྭཱ་ཧཱ། ཞེས་པའི་སྔགས་ཡིག་མགོ་ནང་དུ་བསྟན་ཏེ་བྲིས། དེ་ཉིད་རོའི་སྙིང་ཁར་བཞག སྔགས་མང་དུ་བཟླས་ལ། བྱེ་མ་རོའི་ངོ་གདོང་ལ་བྲབ་ཅིང་། དམིགས་པ་ནི། ཕྱོགས་མཚམས་སྟེང་འོག་རྣམས་ནས་བྱའི་ཚོགས་དཔག་ཏུ་མེད་པ་བཀུག་ནས། བྱ་དེ་ཐམས་ཅད་ཀྱིས་རོ་ཧབ་ཐོབ་ཏུ་བཟའ་བར་སྒོམ་ལ་སྔགས་བཟླས་ཤིང་བྲབ་བོ། །

༤ གདུང་རྟེན་བཞེངས་པ། ༡ སྐུ་གདུང་མཆོད་རྟེན་གྱི་ཁུངས་སོགས་ནི། སྔོན་གྱི་ཚེ་མི་རྣམས་ཀྱི་ཚེ་ལོ་བཞི་ཁྲིར་སྤྱོད་པའི་ཚེ་སྟོན་པ་འཁོར་བ་འཇིག་མྱ་ངན་ལས་འདས་ནས། རྒྱལ་བོ་མཛེས་པས་སྐུ་གདུང་ལ་མཆོད་རྟེན་བརྩིགས་ཏེ། བཀུར་སྟི་བགྱིས་པ་མདོ་སྡེ་ལས་བརྒྱའི་བམ་པོ་ཉེར་བརྒྱད་པ་ལས་གསུངས་པ་དང་། ཡང་མྱང་འདས་ཀྱི་བམ་པོ་བཞི་བཅུ་རྩ་གཉིས་པ་ལས་ཀུན་དགའ་བོ། མྱ་ངན་ལས་འདས་ནས་བསྲེགས་ཏེ་འཁོར་རྣམ་བཞིའི་རིང་བསྲེལ་བསྡུས་ནས་རིན་པོ་ཆེ་སྣ་བདུན་བུམ་པར་བཅུག་ལ། མཆོག་གི་གྲོང་ཁྱེར་གྱི་ནང་ལམ་བཞི་མདོ་རིན་པོ་ཆེ་སྣ་བདུན་གྱི་བུམ་པར་བཅུག་ལ། ཞེས་པ་ནས་འཁོར་རྣམ་བཞིས་མཆོད་པར་བྱའོ། །ཞེས་དང་། ཡང་། སངས་རྒྱས་མྱ་ངན་ལས་འདས་ནས་སྐུ་གདུང་ཞུགས་འབུལ་གཏོང་སྐབས། སྡིག་ཅན་ཡུལ་གྱི་གྱད་མི་རྣམས་དང་། རྟོག་གཡོའི་ཡུལ་གྱི་རྒྱལ་རིགས་པུ་ལུ་ཀ་དང་། སྒྲ་སྒྲོགས་ཀྱི་རྒྱལ་བོ་ཀྲོ་དྷ། ཁྱབ་འཇུག་གླིང་དུ་གནས་པའི་བྲམ་ཟེ། གྲོང་ཁྱེར་སེར་སྐྱའི་ཡུལ་གྱི་ཤཱཀྱ། ཡངས་པ་ཅན་དུ་གནས་པའི་ལི་ཙ་བྱི་བཅས་ཁག་བརྒྱད། སྔ་གཞུག་ཏུ་སླེབས་ནས། སྐུ་གདུང་བསྒོ་བའི་རྩོད་ལྒིང་བྱུང་སྐབས། བྲམ་ཟེ་བྲེ་བོ་དང་མཉམ་པའི་སྐུ་གདུང་ཆ་བརྒྱད་དུ་བགོས་ཏེ། མ་གྷ་དྷའི་ཁལ་རེ་རེ་བྱུང་བས། དེ་རང་རང་གི་ཡུལ་དུ་སྤྱན་དྲངས་ཏེ། སྐུ་གདུང་ཡོད་པའི་མཆོད་རྟེན་རེ་བཞེངས་པ་བཅས་ཀྱི་ལོ་རྒྱུས་ཡོད་པ་ལ། ཞེས་གསུངས་པ་དེ་རྣམས་ཡིན་ལ། རང་ཅག་བོད་ལ་མཚོན་ན་ཡང་། རྒྱལ་སྲས་སེམས་དཔའ་འམ་རྟོགས་ལྡན་པ་ཚོའི་སྐུ་གདུང་། མེས་སྦྱངས་པའི་གདུང་རུས་དང་། ཐལ་བ་ལ་རུས་ཆོག་བྱས་ཏེ། ས་ཙྪ་གདབ་པའམ། གདུང་ཐལ་སྣག་ཚ་དང་གསེར་དངུལ་སོགས་སུ་བསྲེས་ཏེ། བཀའ་བསྟན་དང། འབུམ་སོགས་གསུང་རྟེན་བཞེངས་སྲོལ་ཡོད་པ་དང་། ཡང་ན། རིང་བསྲེལ་དང་སྐུ་རུས་ནང་གཞུག་བྱས་ནས་མཆོད་རྟེན་བཞེངས་སྲོལ་ཡོད་དེ། རྒྱལ་བ་པཎ་ཆེན་རྣམ་གཉིས་དང་། གྲུབ་མཐའ་སོ་སོའི་སྐྱེས་ཆེན་དག་གི་སྐུ་གདུང་མཆོད་རྟེན་མང་དུ་བཞུགས་པ་དེའོ། །

དེ་ཡང་། ཞིབ་ཙམ་བཤད་ན། སངས་རྒྱས་བྱང་སེམས་དང་ཆོས་འབྲེལ་དངོས་འཐོབ་ཀྱི་རྩ་བའི་བླ་མ་སོགས་ཀྱི་སྐུ་ཕུང་དེ། དུར་རམ་ས་ཕྱོགས་གཙང་མ་ཞིག་ཏུ་སྤྱན་དྲངས་ཏེ། རྡོ་རྗེ་གུར་དང་ངན་སོང་སྦྱོང་རྒྱུད་ཀྱི་ཆོ་ག་འམ། ཡང་ན། གྲུབ་མཐའ་སོ་སོའི་མཁས་པས་མཛད་པའི་སྦྱངས་ཆོག་ལྟར་ཞུགས་འབུལ་གཏོང་བ་སྟེ། བུ་སྟོན་རིན་པོ་ཆེ་དང། འབྲོང་རྩེ་ལྷ་བཙུན་རིན་ཆེན་རྒྱ་མཚོ་སོགས་ཀྱིས་མཛད་པ་ཡོད་ཀྱང་། དགེ་ལུགས་པར་མཚོན་ན། ཞལ་གསལ་ཞིང་འཇུག་བདེ་བ་ཐུའུ་བཀྭན་ཆོས་ཀྱི་ཉི་མས་མཛད་པའི་རྡོ་རྗེའི་སེམས་དཔའི་སྒོ་ནས་ཡུལ་ཁྱད་པར་ཅན་སྐུ་གདུང་མཆོད་ཅིང་སྦྱང་བའི་ཆོ་ག་རིན་ཆེན་སྒྲོན་མེ་བྱ་བ། ཁོང་གི་གསུང་འབུམ་ལྷ་ས་ཞོལ་པར་མའི་[ང]བའི་ནང་བཞུགས་པ་དེ་ལེགས་ལ། ཆོ་ག་དེར། མྱ་ངན་ལས་འདའ་ཁར་ཐུགས་དམ་གསལ་འདེབས་ཇི་ལྟར་གནང་ཚུལ་དང་། དགོངས་པ་རྫོགས་རྗེས་སྐུ་གདུང་ལྷར་བསྐྱེད་དེ། ཁྲུས་གསོལ་དང་། མཆོད་འབུལ། དགོངས་རྫོགས་ཀྱི་ཆོ་ག ཞུགས་འབུལ་གཏོང་ཚུལ། སྐུ་རུས་གདན་འདྲེན་ཚུལ། སྐུ་རུས་དང་རིང་བསྲེལ་སོགས་བདག་གཅེས་ཞུ་སྟངས། གདུང་སྦྱངས་ཀྱི་གནས་དེར་མཆོད་རྟེན་བཞེངས་ཚུལ་སོགས་ཞིབ་རྒྱས་འཁོད་ཡོད། ཡང་། གདུང་སྦྱངས་དེར་མི་གསལ་བའི་མཐོང་བརྒྱུད་ཕྱག་ལེན་སྐོར། བླ་མ་སྐྱེས་ཆེན་དམ་པ་རྣམས་དགོངས་པ་རྫོགས་རྗེས། སྐུ་གདུང་ལ་ཕྱག་གསུམ་ཕུལ་ཏེ། རས་གཙང་དཀར་བོ་ཞིག་གིས་ཞལ་གྱི་ཨོག་སྐོའི་འོག་ནས་སྐུའི་ཐུགས་ཀ་བར་བཀབ་སྟེ་བཞག་ཐོག ཐུགས་དམ་གྲོལ་བའི་རྟགས་མ་བྱུང་བར་སྐུ་གདུང་ལ་གཡོ་འགུལ་སོགས་མི་གཏོང་། ཐུགས་དམ་གྲོལ་བའི་རྟགས་ཤངས་བུག་གཉིས་ལས་བྱང་སེམས་དཀར་དམར་ཕེབས་པའི་མཚམས། སྐུ་གདུང་ལ་དར་གོས་དཀར་བོ་འམ་དམར་སེར་གང་རུང་གིས་དྲུག་ཆིངས་རྒྱག་པ་སྟེ། དྲུག་ཆིངས་རྒྱག་སྟངས་ནི། མཁས་དབང་ཚེ་ཏན་ཞབས་དྲུང་གི་རང་རྣམ་བདེན་གཏམ་རྣ་བའི་བདུད་རྩི་ལས། དྲུག་ཆིངས་ཞེས་པ་ཐོག་མར་རྡོ་རྗེ་སྐྱིལ་ཀྲུང་མཛད་པའི་ཞབས་གཉིས་ཀྱི་བསྣོལ་མཚམས་སུ་མདུད་པ་གཅིག དེ་ནས་ཕྱག་གཉིས་མཉམ་བཞག་མཛད་པའི་ཕྱག་ངར་ལ་དཀྲིས་བརྒྱབ་ནས་སྐུ་རྒྱབ་ཏུ་མདུད་པ་གཅིག དེ་ནས་ཐུགས་ཀའི་ཐད་དུ་མདུད་པ་གཅིག དེ་ནས་སྐུ་དཔུང་ལ་དཀྲིས་བརྒྱབ་ནས་གཉའ་ལྟག་ཏུ་མདུད་པ་གཅིག དེ་ནས་དཔྲལ་བའི་ཐད་དུ་མདུད་པ་གཅིག དེ་ནས་དབུ་ཐོད་ཀྱི་རྒྱབ་ཏུ་མདུད་པ་གཅིག དེ་ནས་དར་གཉིས་ཀྱི་སྣེ་མོར་དཔྲལ་བ་གཡས་གཡོན་ནས་ཁུགས་ལོ་བྱས་ཏེ་མར་ལ་དཔྱངས་པར་བྱས་པ་ནི་དྲུག་ཆིངས་ཀྱི་ཕྱག་ལེན་ཏེ། འདི་སྐྱེ་བོ་ཐ་མལ་བ་རོ་སྲེག་བྱེད་པ་ལ་ཡང་ལག་ལེན་དུ་འདེབས་རུང་བར་གསུངས་སོ་ཞེས་འཁོད་ཡོད། དེ་ལྟར་དྲུག་ཆིངས་བརྒྱབ་སྟེ། གདུང་སྒྲོམ་ནང་དུ་བཞག་ནས་ཆོས་གོས་རྣམ་གསུམ་སོགས་གསོལ་ཏེ་རབ་བྱུང་གི་ཆས་དང་། དེའི་སྟེང་ལྷའི་ཆོས་འཇུག་སྒྲོན་ཏེ། དགུང་ཞག་ཇི་ཙམ་འཇོག་རིང་གདུང་ཁྲུས་དང་། གདུང་སྒྲུབ། དད་ལྡན་ཁག་གིས་དགོངས་རྫོགས་མཆོད་འབུལ་བཅས་གྲུབ་མཚམས། ས་གཙང་ཞིག་ཏུ་སོ་ཕག་སོགས་ཀྱིས་སྲེག་ཐབ་བཞེངས་ཏེ། དེའི་སྟེང་ཟླུམ་པོའི་སྟེང་དུ་མེ་སྒོ་དོད་པ་ཞིག་གི་ནང་། སྟོད་ཀྱི་ཆར། ལྕགས་ཁྲས་བཀབ་པའི་སྟེང་དུ་སྐུ་གདུང་བཞག་སྟེ། ཤུག་པ་དང་ཙན་དན་སོགས་དྲི་བཟང་གི་ཤིང་ཕྱོགས་བཞི་ནས་བརྩིགས་ཏེ། ཏིལ་སྣུམ་མར་ཁུ་བསྲེས་པ་བླུགས་ནས་སྐུ་རུས་རྣམས་གཙང་མར་མ་ཚིག་གི་བར་དུ། ཆོ་གའི་ནང་གསལ་བ་ལྟར་ཞུགས་འབུལ་དང་། ཉིན་ཤས་སོང་རྗེས་སྤུར་ཁང་ཞལ་ཁ་ཕྱེས་ཏེ། སྐུ་གདུང་གི་ཆ་འགའ་ཞིག་སློབ་མ་དང་ཡོན་བདག་རྣམས་ལ་འགྲེམས་པ་དང་། མངས་ཆེ་བ་སྐུ་གདུང་མཆོད་རྟེན་དུ་འདྲ་སྐུ་བཞེངས་པའི་ནང་གཟུངས་སུ་ཕུལ་དགོས་པ་ཡིན། སྐུ་གདུང་ཞུགས་འབུལ་གཏོང་ཚུལ་གྱི་རིམ་པ་རྗེ་འཇིགས་མེད་རིགས་པའི་བློ་གྲོས་ཀྱི་གདུང་ཆོག་ཕན་བདེའི་འདོད་འཇོ་ལས་ཀྱང་ཞིབ་ཏུ་བརྗོད་ཡོད།

ཡང་། རིང་བསྲེལ་བབས་པ་ཡིན་ན། རིང་བསྲེལ་གསུམ་སྟེ། ཆོས་སྐུའི་རིང་བསྲེལ། སྐྲ་བལ་གྱི་རིང་བསྲེལ། སྐུ་གདུང་གི་རིང་བསྲེལ་ལོ། །དང་བོ་ནི། གཟུགས་ཀྱི་རིགས། གཉིས་པ་ནི། དབུ་སྐྲ་དང་ཕྱག་སེན་གྱི་རིགས། གསུམ་པ་ནི། སྐུ་གདུང་གི་རིང་བསྲེལ་དངོས་སོ། །ཡང་། སྐུ་གདུང་ལ་རིགས་ལྔ་སྟེ། ཤ་རི་རམ། ཆུ་རི་རམ། བ་རི་རམ། ཉ་རི་རམ། པཉྩཱ་རམ་དང་ལྔ་ལྡན་གདུང་རིགས་ལྔའི་གདུང་སྟེ་སྐུ་ཡང་འབྱུང་། དེ་རྣམས་སྐུ་འཐོབ་རྟགས་ཡིན་ཏེ་ཞེས་པས། ཤའི་རྟེན་དུ་ཤ་རི་རམ་དཀར་སེར་རིན་པོ་ཆེའི་གདུང་སྟེ། ཡང་དག་གི་རྟེན་དུ་བཞག་པའོ། །ཁྲག་གི་རྟེན་དུ་ཆུ་རི་རམ་མཐིང་ག་རྡོ་རྗེའི་གདུང་སྟེ། སྲ་ཞིང་མཁྲེགས་པས་རྡོ་རྗེ་གདུང་དུ་བཞག་པའོ། །རུས་པའི་རྟེན་དུ་བ་རི་རམ་སེར་བོ་རིན་པོ་ཆེའི་གདུང་དུ་བྱོན་ཏེ། རྒྱལ་ཚབ་ཉིད་ཀྱི་རྟེན་དུ་བཞག་པའོ། །ཡན་ལག་གི་རྟེན་དུ་ཉ་རི་རམ་ལྗང་ཁུ་ལས་ཀྱི་གདུང་སྟེ། ཤིན་ཏུ་སྲ་ཞིང་མཁྲེགས་པའི་ལས་ཀྱི་གདུང་དུ་བཞག་པའོ། །འབྱུང་བཞིའི་དྭངས་མ་ལ་པཉྩཱ་རམ་འབྱོན་ཏེ་ཁ་དོག་ལྔ་ལྡན་དེ་བཞིན་གཤེགས་པའི་གདུང་དུ་བཞག་པའོ། །ཡང་ཤ་རི་རམ་མགོ་ལས་འབྱུང་། ཆུ་རི་རམ་ཁྲག་ལས་འབྱུང་། བ་རི་རམ་སྒལ་ཚིགས་ལས་འབྱུང་། ཉ་རི་རམ་རྐང་ལས་འབྱུང་། པཉྩཱ་རམ་སྙིང་ལས་འབྱུང་བར་ཡང་གསུངས་སོ། །ཡང་། རྒྱས་པར་ཤེས་འདོད་པ་དག་གིས་ས་པཎ་གྱིས་མཛད་པའི་སྡོམ་གསུམ་རབ་དབྱེའི་ནང་རིང་བསྲེལ་སྐོར་ལ་དོགས་དཔྱོད་དང་དཔྱད་གཏམ་མང་བོ་སྤེལ་གནང་མཛད་ཡོད་པས། དེར་གཟིགས་པར་བྱའོ། །

༢ དམར་གདུང་དུ་འཇོག་པ། སྐྱེས་ཆེན་དམ་པ་ནུས་ལྡན་རྣམས་དགོངས་པ་རྫོགས་རྗེས། ཕྱིས་འབྱུང་གི་དགོས་པ་མང་བོའི་དོན་དུ། སྐུ་གདུང་མ་ཉམས་པར་འཇོག་པར་བཤད་དེ། དཔེར་ན། གཞོན་ནུ་ནུས་ལྡན་གྱིས། སློབ་དཔོན་ཀླུ་སྒྲུབ་ཀྱི་དབུ་རྩྭ་ཀུ་ཤས་བཅད་པའི་ཚེ། སྐུ་ཁྲག་འོ་མའི་རང་བཞིན་དུ་བྱུང་ཞིང་། དབུ་དེའི་ཞལ་ལས། ང་ནི་བདེ་བ་ཅན་གྱི་འཇིག་རྟེན་དུ། །ཕྱིན་ནས་ལུས་འདི་ལ་ཡང་འཇུག་པར་འགྱུར། །ཞེས་པ་ལྟར། ཕྱིས་སུ་དབུ་དང་ལུས་འབྱར་ནས། བསྟན་འགྲོར་ཕན་པ་རྒྱ་ཆེར་སྒྲུབ་པར་གྲགས་པ་དང་། བོད་དུ་ཡང། རྗེ་ཙོང་ཁ་པ་སོགས་ས་དགེ་ཀར་རྙིང་སོགས་སྐྱེས་ཆེན་དམ་པ་སུམ་ཅུ་ལྷག་དམར་གདུང་དུ་ཡོད་པ་དང། འགའ་ཞིག་ལོ་ངོ་ཆིག་སྟོང་ལྷག་དང་། ལོ་ངོ་བདུན་བརྒྱ་ལྷག་གི་ལོ་རྒྱུས་ཡོད་ཀྱང་། རིག་གསར་སྐབས་གཏོར་གཤིག་ཕོག་ནས། ད་ལྟ་ལྷག་མར་གྱུར་བ་བརྒྱད་ཙམ་ཡོད་པ་དུང་དཀར་ཚིག་མཛོད་ལས་གསུངས་པ་དང་། དེ་ཡང་དམར་གདུང་བྱེད་སྟངས་ནི། སྐུ་གདུང་ནང་གི་མི་གཙང་བ་རྣམས་སྨན་སྦྱོར་ལ་བརྟེན་ནས་རྩ་ཆུ་བཤལ་ཏེ། སྐམ་ཐག་མ་ཆོད་ཀྱི་བར་དུ་ཚྭ་ཡི་ནང་དུ་བཞག དེ་ནས་སྨན་སྦྱོར་བསྲེས་པའི་འཇིམ་པས། ཞལ་རས་ལེགས་པར་གསོས་ཏེ་འདྲ་སྐུ་བཞེངས། ཤིང་ཙན་དན་སོགས་ཤིང་སྣ་རྩ་ཆེན་གྱིས་བཟོས་པའི་སྒྲོམ་རིམ་པ་གསུམ་ཡོད་པ། རིམ་པ་རེའི་སྟོང་ཆ་ཡོད་པའི་ནང་། མར་དམར་གདུང་འཇོག་ཅིང་། སྒྲོམ་བར་ཕྱི་གཉིས་ལ་དྲི་བཟང་གི་ཤིང་བསྲེགས་པའི་སོལ་ཕྱེ་དང་སོལ་བས་བཀང་། ཁ་ཁེབས་ལེགས་པར་བཀབ་སྟེ་སྤྲ་ཚིལ་གྱིས་དམ་པོར་བསྡམས་ནས། འབུ་སྐྱོན་དང་རུལ་བསུངས་མི་འབྱུང་བའི་སྔོན་འགོག་བྱ་ཐབས་མཐོང་བརྒྱུད་ཕྱག་ལེན་མང་བོ་ཡོད་དོ། །འོན་ཀྱང་བླ་མ་སྤྲུལ་སྐུར་ཁས་འཆེས་ཏེ། བསྟན་པ་ཕྱི་བཤིག་ནང་གཤིག་བྱེད་པའི་ཐ་ཤལ་བ་འགའ་རེ་ཡང་། དམར་གདུང་དུ་བཞག་སྟེ། ཀུན་གྱིས་མཆོད་པའི་ཞིང་དུ་འཛིན་པ་ནི་མ་རུངས་པ་ཆེན་པོ་སྟེ། རྗེ་འཇིགས་མེད་རིགས་པའི་བློ་གྲོས་ཀྱིས། སྔོན་གྱི་ཕྱག་ལེན་ལ་སྐུ་གདུང་མ་བཞུས་པར་རིལ་བོར་འཇོག་པའང་ཡོད་ཀྱང་། ད་ལྟའི་དུས་ན་དེ་ལྟའི་ལག་ལེན་ཐལ་ཆེ་ན་ལྷ་ཁང་རྣམས་དུར་ཁྲོད་དུ་མི་འགྱུར་བའི་ངེས་པའང་མེད། གསུངས་པ་ལྟར་རོ། །

༥ ཕུང་བོ་ཆུ་ལ་བསྐྱུར་བ། ཕུང་བོ་ཆུ་བསྐྱུར་ལ་ཆུ་དུར་ཞེས་ཀྱང་བརྗོད་ལ། འདི་ནི་སའི་ལྡེ་བརྒྱད་ནས་དར་བ་སྟེ། བོད་ཀྱི་ལོ་རྒྱུས་སྔ་མ་རྣམས་སུ། དེ་རྣམས་ཀྱི་བང་སོ་ཆུ་བོའི་གཞུང་ལ་བཏབ་པར་གསུངས་ལ། ད་ལྟ་ཡང་རྨ་ཆུ་སོགས་ཆུ་ཀླུང་ཆེན་པོར་ཕུང་བོ་འདོར་བ་སྟེ། དེ་ནི་ཉ་སྲམ་སོགས་ཆུར་གནས་སྲོག་ཆགས་ལ་བེམ་པོ་སྦྱིན་པར་གཏོང་བའོ། །འདི་ལའང་ཆུ་ཁའི་ས་སློང་དང་། ས་བབ་ལ་བརྟག་ཏེ་ཆུ་བསྐུར་བྱེད་དོ། །ཡང་། ཆུའི་ལྷ་མོ་ལ་བསྐྱུར་ན། ཆུའི་ལྷ་མོ་མ་མཱ་ཀི་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཆུའི་ལས་བཀྲ་ཤིས་པར་མཛད་དུ་གསོལ། ཨོཾ་ཧ་རི་ནི་ས་ཤན་ཏིམ་གུ་ཀུ་སྭཱ་ཧཱ། ཞེས་བརྗོད་དེ་ཆུ་ལ་བསྐྱུར་རོ། །

ཡང་ཁ་ཅིག སའི་ལྡེ་བརྒྱད་ཀྱི་བང་སོ་ཆུ་ཡི་གཞུང་ལ་བཏབ་པས། ཆུ་ལ་ཁ་བ་བབས་པ་ལྟ་བུ་བྱུང་ཟེར་བ། ལྡེ་བརྒྱད་ཀྱི་སྐུ་གདུང་ཞུགས་ལ་སྦྱངས་ཏེ། རུས་ཐལ་སྐྱ་ཆིལ་ལེ་ཆུ་ཁར་གཡེང་བས་སམ། སྐུ་གདུང་ཁ་བཏགས་སམ་བལ་གྱི་རྫོང་བ་དང་བཅས་ཆུར་ཕྱགས་པས། ཆུ་ལ་ཁ་བ་བབས་པ་ལྟར་ཞེས་འགྲེལ་བརྗོད་གནང་ཡང་བརྟག་དགོས་སོ། །

༤ གཤིན་ཆོས་སྒྲུབ་ལུགས། ༡ དགུང་ཞག་ཞེ་དགུ་འཛིན་པའི་ཁུངས། བོད་ཀྱི་ལུགས་སྲོལ་ལ་དགུང་ཞག་ནང་། དགེ་སློང་བཞི་འམ་བདུན་གང་རུང་ཞུས་ཏེ། ངན་སོང་སྦྱོང་རྒྱུད་ཀུན་རིག་གི་ཆོ་ག་གསུངས་ཏེ་དགུང་ཞག་ཞེ་དགུ་འདི་གཙིགས་སུ་འཛིན་པ་ཡིན། དེ་ནི་སྔོན་སྟོན་པའི་སྐུ་དུས་སུ་ལྷ་ཞིག་ཚེ་འཕོས་ནས། ཕག་ཏུ་སྐྱེས་པ་ལ། བརྒྱ་བྱིན་གྱིས་སྟོན་པར་ཞུས་ནས། ཆེད་དུ་ངན་སོང་སྦྱོང་རྒྱུད་ཀུན་རིག་འདི་གསུངས་པ་ཡིན་པས། ངན་སོང་ལས་ཐར་བ་ལ་བྱིན་རླབས་ཀྱི་ཚན་ཁ་གཞན་ལས་ཆེ་བ་ཡིན། དེར་མ་ཟད། ཀྱེ་རྡོར་གྱི་སྐབས་ཞག་བདུན་ཕྲག་གསུམ་མམ་བདུན་ཕྲག་བདུན་གྱི་བར་དུ་བྱ་བ་ལ་བདུན་ཚིགས་ཞེས་གསུངས་པ་དང་། དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་བརྗོད་པའི་མདོ་ལས་ཀྱང་སངས་རྒྱས་སྨན་བླར་སྐྱབས་སུ་མཆི་ཞིང་། གདུགས་བདུན་ནམ་ཉེར་གཅིག ཡང་ན་གདུགས་ཞེ་དགུ་ལ་མཆོད་པ་སོགས་བགྱིས་ན། རྣམ་ཤེས་སླར་ལྡོག་ཅིང་དྲན་པ་རྙེད་པར་བཤད་པ་དང་། ས་པཎ་གྱིས་དོ་ཀོར་བའི་དྲིས་ལན་དུའང་། ཞེ་དགུའི་བར་དུ་གཤིན་པོ་ལ། །བདུན་ཚིགས་ཆོ་ག་བཤད་པ་དེ། །རྣམ་ཤེས་བཀུགས་ནས་མཛད་པར་གདའ། །ཞེས་དང་། ཡང་། ཆོས་རྒྱལ་འཕགས་པས། ཡུན་ནི་ཕལ་ཆེར་ཞག་བདུན་སྟེ། །བདུན་ཕྲག་བདུན་དུའང་ཡོད་ཅེས་གྲགས། ལོ་དང་བསྐལ་བར་གནས་པའང་ཡོད། །དེས་ན་གཅིག་ཏུ་ངེས་པ་མེད། །ཞེས་བར་དོར་ལོ་དང་བསྐལ་བར་གནས་པའང་བཤད་ཀྱང་རྗེའི་རང་ལུགས་དང་མི་མཐུན་ནོ། །

བདུན་ཚིགས་སྒྲུབ་པ་འདི་ཡང་ཁྲི་སྲོང་ལྡེ་བཙན་གྱི་དུས་ནས་དར་བར་སེམས་ཏེ། གྱིམ་ཤིང་ཀོང་ཇོ་བོད་དུ་ཕེབས་དུས། རྒྱ་བཟའི་ཞལ་ལས། ཁྱེད་བོད་ཀྱི་བློན་པོ་ཤི་ཚད་ལ་ཟས་སྐལ་མེད་པས། ངེད་རྒྱ་ནག་ལ་ཆོས་དར་བས་མི་ཤི་ཚད་ལ་བདུན་ཚིགས་ཡོད། བོད་ལ་ཆོས་མ་དར་བས་བློན་པོ་སྙིང་རེ་རྗེ། ཞེས་སྦ་བཞེད་ལས་གསུངས་ལ། ཡང་དེ་ཉིད་ལས། སྦ་གསལ་སྣང་གི་བུ་མིང་སྲིང་གཉིས་གུམ་པའི་ཚེ། ཧྭ་ཤང་རྒད་པོ་ཞིག་བཀུགས་ནས། ར་མོ་ཆེ་ནས་མིང་སྲིང་གཉིས་ཀྱི་བདུན་ཚིགས་བསྒྲུབས་པར་གསུངས་ཡོད་པས་སོ། །ཞེས་པ་ལྟར། ཞེ་དགུའི་ནང་བདུན་ཚིགས་རེ་གཤིན་ཆོས་སྒྲུབ་པ་དང་། ཁྱད་པར་དུ་སྐྱེ་བོ་ཕལ་མོ་ཆེ་བར་དོ་བདུན་ཕྲག་བཞི་ལས་མི་སྡོད་པར་སྐྱེ་བ་ལེན་པ་ཤས་ཆེ་བས། བདུན་ཚིགས་བཞི་བ་འདི་གལ་ཆེན་དུ་འཛིན་པ་དང་། བདུན་བདུན་ཞེ་དགུ་སྟེ་ཐ་མའི་བདུན་ཚིགས་ལ་བདུན་ཚོགས་སྔོན་མ་ལས་ཀྱང་གཤིན་ཆོས་རྒྱ་ཆེར་སྒྲུབ་བོ། །

ཚེ་འདས་ལ་ཕན་པ་ཆེ་ཆུང་ཡང་། བདུན་ཚིགས་བྱེད་པོ་ཡང་རག་ལས་པ་སྟེ། རབ་ཀྱིས་ལམ་བསྟན་ནས་གྲོལ་ནུས་པ་དང་། འབྲིང་གིས་ངན་སོང་གི་སྐྱེ་སྒོ་གཅོད། ཐ་མས་ཀྱང་ཆོ་ག་ཚུལ་བཞིན་བྱས་པས་གང་འཚམ་ཕན་པར་འགྱུར་བ་ཡིན། དེ་ལྟར་མ་ཡིན་པར་རྙེད་དང་བཀུར་བསྟི་རེ་ནས་རོ་རྫས་ལ་ཟ་རྔམ་ཆེ་ན། ཚེ་འདས་ཀྱི་དོན་དུ་དགུང་ཞག་ཞེ་དགུ་བཟུང་ཚུལ་ལུང་དང་སྦྱར་བ་ཕན་བདེའི་རྔ་ཆེན་ལས། དད་རྫས་དང་གཤིན་རྫས་ལ་སོགས་པ་ལའང་བག་མེད་དུ་ལོངས་སྤྱོད་པར་མི་བྱ་སྟེ། རང་སེམས་དགེ་སྦྱོར་ལས་གཡེང་བར་འགྱུར་བའི་ཕྱིར་དང་། ཚེ་འདས་ཀྱི་བདུན་ཚིགས་བྱེད་པ་ནི་རང་གི་ཚེ་ལ་གནོད་པར་བཤད་པ་དང་། རྒྱུན་དུ་གཤིན་ཆོག་ལ་རྒྱུག་པའི་གང་ཟག་དེ་རབ་གནས་སོགས་བཀྲ་ཤིས་པའི་ལས་ལ་སྤྱན་འདྲེན་མི་རུང་བར་བཤད་པ་དང་། གཤིན་རྫས་ཀྱིས་སྤངས་རྟོགས་ཀྱི་ཡོན་ཏན་སྔར་ཡོད་འགྲིབ་པ་དང་སྔར་མེད་གསར་དུ་མི་སྐྱེ་བར་བཤད་པ་དང་། རོའི་གྲིབ་ལ་སོགས་པས་ཐར་བ་དང་ཐམས་ཅད་མཁྱེན་པའི་ལམ་ལ་ཤིན་ཏུ་བསྒྲིབ་པར་བཤད་པའི་ཕྱིར་རོ། །ཞེས་དང་། ཡང་དེ་ཉིད་ལས། དེ་ལྟ་མིན་པར་ཤུལ་ན་གནས་རྣམས་ལ། །གཞན་གྱིས་འཕྱ་བར་དོགས་ནས་དེ་སྤང་ཕྱིར། །གཉེན་ཚན་ཡིན་པའི་སེར་གཟུགས་འདྲེན་སྟོན་དུ། །བཞག་ནས་ཞེ་དགུའི་བར་དུ་ཤ་དང་ཆང་། །ཟ་འཐུང་སྡིག་གྲོགས་བྱེད་ཅིང་ཡོན་རྫོང་སོགས། །ཉེ་བ་རྣམས་དང་མཉམ་ཟ་མཉམ་འཐུང་བྱེད། །དེ་འདྲའི་དགེ་རྩ་རང་གཞན་ཕུང་བའི་རྒྱུ། །ཐར་འདོད་ཡོན་མཆོད་རྣམས་ཀྱིས་སྤང་བར་བྱ། །ཞེས་སོ། །

༢ གཤིན་ཆོས་སྒྲུབ་ཚུལ་དངོས། འདས་མཆོད་སྒྲུབ་ཚུལ་འདི་ལ། ཡིག་རྙིང་རྣམས་སུ་བོད་རྒྱལ་བརྒྱད་པ་གྲི་གུམ་བཙན་པོའི་དུས་སུ། གྲི་གུམ་བཙན་པོའི་དུར་མཆོད་བོད་ཀྱི་བོན་རྣམས་ཀྱིས་བྱེད་མ་ཤེས་སྟབས། ཁ་ཆེ་དང་། བྲུ་ཤ ཞང་ཞུང་བཅས་ནས་བོན་པོ་མི་གསུམ་གདན་དྲངས་པས། གཅིག་གིས་གེ་གོད་ཁྱུང་དང་མེ་ལྷ་བསྒྲུབས་པ་ལ་བརྟེན་ནས་རྔ་ཞོན་ནས་ནམ་མཁའ་ལ་འགྲོ་བ་དང་། གཏར་བ་ལེན་པ། བྱ་སྒྲོས་ལྕགས་གཅོད་པ་སོགས་ཀྱི་ནུས་པ་བཏོན། གཅིག་གིས་ཇུ་ཏིག་དང་། ལྷ་བཀའ་དང་། སོག་དམར་ལ་སོགས་པ་མོ་བཏབ་ནས་ལེགས་ཉེས་གཏན་ལ་ཕབ། གཅིག་གིས་གཤིན་པོ་འདུར་བ་དང་། གྲི་འདུལ་བ་ལ་སོགས་ཤེད་ཀྱི་བྱེ་བྲག་རྣམས་ཤེས་པས། དེ་རྣམས་ཀྱིས་བསྒྲུབས་པར་བཤད་པ་དང་། འདུར་བཏང་བའི་ཕན་ཡོན་ཡང་། ལེགས་བཤད་རིན་པོ་ཆེའི་མཛོད་ལས། ཀོང་བོ་བྲེ་སྣར་རྒྱལ་གྱི་གྲི་འདུར་མཛད་པས། གསོན་པོ་བཀྲ་ཤིས་ཏེ་སྤུ་ལྡེས་རྒྱལ་ས་ཟིན། གཤིན་པོ་གནས་སླ་སྟེ་གྲི་རུམ་ཐར་བ་ཐོབ་བོ། །ད་ལྟ་ཡང་རྒྱལ་གྲི་རུམ་གྱི་གྲི་འདུར་ཡོག་བར་བ་སུམ་བརྒྱ་དྲུག་ཅུ་བྱ་བ་བཞུགས་སོ། །

འདུར་གཏོང་ཚུལ་ཡང་། འདུར་རྒྱུད་ལས། འདུར་བ་བླ་ཡི་འཇིགས་སྐྲག་འདུར། །སྦྱོང་བ་ཡིད་ཀྱི་བག་ཆགས་སྦྱོང་། །སྤར་བ་སེམས་ཉིད་དབྱིངས་སུ་སྤར། །བླ་ནི་ཡིད་ཐིམ་སེམས་ལ་ཐིམ། །སེམས་ནི་ནམ་མཁའ་འདྲ་སྟེ་སྟོང་། །ཞེས་དང་། ཡང་། བོན་ཤེས་པ་ཅན་བཅུ་གཉིས་ཀྱི་ནང་ཚན་འདུར་ཤེས་སྲིད་གཤེན་གྱིས་འདུར་བཏང་ཚུལ་ཡང་། གསང་བ་བསེན་ཐུབ་རྒྱུད་ལས། གང་ཞིག་གཤེན་རབ་རྩལ་སྟོབས་མི་ལྡན་པས། །ཚེ་འདས་ཐར་བའི་གནས་སུ་སྒྲོལ་འདོད་པ། །རྨོངས་པས་རྨོངས་ཁྲིད་ལག་སྦྲེལ་གཡང་སར་ལྷུང་། །ལས་ཀྱི་དབང་གིས་ལུས་དང་སེམས་བྲལ་ནས། །བླ་ཡིད་སེམས་གསུམ་འཁོར་བཞིར་བར་དོར་འཁྱམས། །རྩལ་གསུམ་ལུས་ལ་རྫོགས་པའི་སྐྱེས་བུ་ཡིས། །དམུ་རྒོད་བཏུལ་ནས་གཡུང་དུ་ཕེབས་པ་བཞིན། །ཤེས་རབ་སྟོབས་ལྡན་སྐྱེས་བུ་གང་ཞིག་གིས། །བླ་དང་སེམས་ཡིད་ཐིག་ལེར་འདྲིལ་ནས་ཀྱང་། །ཐོག་ཆགས་མེད་པའི་མཁའ་ཀློང་དབྱིངས་སུ་བསྒྲལ། །ཞེས་པར་དཔྱད་ན་རགས་ཙམ་རྟོགས་ནུས་སོ། །དེའི་ཕྱིས་ཀྱི་ཡིག་རྙིང་རྣམས་སུ་མདང་བྱ་བའམ་མདད་བཏང་བ་ཞེས་འབྱུང་ལ། དེབ་དཀར་ལས། རྙིང་མའི་ཆོ་ག་འགའ་རེ་ན། མདང་བསྐང་བྱ་བ་ཞིག་འདུག་པ་དེ་ལ། མར་མེ་དང་ཁྲག་དང་གཏོར་མ་རྣམས་རིམ་གྱིས་འབུལ་བར་འདུག་པས། ཕལ་ཆེར་དེ་འདྲ་ཞིག་མིན་ནམ་སྙམ། གསུངས་པ་དང་། ཆོས་ལུགས་ཀྱི་དབང་དུ་བཏང་ནའང་། བན་བོན་གཉིས་ཀྱི་བར་ཆོ་ག་གཏོང་ཚུལ་མི་འདྲ་བའི་དབང་གིས་ལན་རེར་འགལ་བ་ཤོར་བའང་ཡོད་དེ། དཔེར་ན། ཁྲི་སྲོང་ལྡེ་བཙན་གྱི་མདད་གཏོང་བར་བན་བོན་གཉིས་བར་འགལ་བ་ཆེན་པོ་བྱུང་བ་སྟེ། མཆིམས་བཙན་བཞེར་ལེགས་གཟིགས་དང་། སྣ་ནམ་རྒྱལ་ཚ་ལྷ་སྣང་། ངན་ལམ་སྟག་ར་ཀླུ་གོང་ལ་སོགས་ཀྱིས་འཕན་ཡུལ་གྱི་བོན་པོ་ཨ་ཤེན་དང་། བྱི་སྤུ། མཚེ་པོག ཡ་ངལ་ལ་སོགས་པ་མང་བོ་བསྡུས་ཏེ། རྒྱལ་བོའི་མདད་སྒྲུབ་པར་རྩོམ་པ་ན། ཆོས་ལ་སྤྱོད་པར་དགའ་བའི་འཁོན་ཀླུའི་དབང་བོ་དང་། མཁས་པ་རྣ་ཆ་ཅན་གཉིས་ཉིན་ལ་མཚན་དུ་རྒྱུགས་ཏེ། ཚ་བ་ཚ་ཤོད་ཀྱི་རྒྱལ་ཁམས་ནས་པ་གོར་བཻ་རོ་ཙ་ན་དང་རྒྱལ་མོ་གཡུ་སྒྲ་སྙིང་བོ་གཉིས་ཀྱི་སྤྱན་སྔ་ནས་བན་བོན་གཉིས་ཀྱིས་བརྩད་པས་བནྟེ་རྣམས་རྒྱལ་ཏེ་མདད་བཏང་བ། ལོ་རྒྱུས་ཡིག་ཚང་དུ་བཀོད་པ་ལྟར་རོ། །

དེང་སང་ཡོངས་གྲགས་ཀྱི་འདད་གཏོང་ལུགས་ནི། རྗེ་འཇིགས་མེད་རིགས་པའི་བློ་གྲོས་ཀྱིས། བསྟན་པའི་ཁུར་འཛིན་པའི་གང་དད་པའི་ཡུལ་དུ་གྱུར་བ་རྣམས་མྱ་ངན་ལས་འདའ་ཁར་སྐྱེ་བོ་ཐ་མལ་བ་བཞིན་དུ་གཉེན་ཉེ་དུ་སོགས་ངུ་སྐད་འཆོར་བ་ཅན་རྣམས་དྲུང་ནས་འདུག་མི་རུང་། ཆོས་ཀྱི་གནད་ཤེས་པའི་ཆོས་གྲོགས་སམ་སློབ་མ་ནང་གཙང་རེ་གཉིས་ཀྱིས་སངས་རྒྱས་ཆོས་ཚོགས་མ། དམིགས་བརྩེ་མ། ཁོང་བའི་རྩ་བའི་བླ་མའི་གསོལ་འདེབས། འདའ་ཁ་ཡེ་ཤེས། འདུ་ཤེས་བཅུ་གཅིག་བསྟན་པའི་མདོ། བར་དོའི་འཕྲང་སྒྲོལ་གྱི་གསོལ་འདེབས་རྣམས་སྐད་མཐོ་དམའ་རན་ཞིང་སྒྲ་དག་གསལ་གསུམ་གྱིས་དལ་བུའི་སྒོ་ནས་ཚིག་དོན་ལ་བསམ་བློ་གཏོང་ཁོམ་ཡོད་པ་དང་། ཚབ་ཚུབ་དང་ངུ་སྐད་མི་འབྱིན་པ་ཤིན་ཏུ་གལ་ཆེ། ཚར་གཅིག་གམ་ཚར་འགའ་འདོན་པ་སྐབས་དང་བསྟུན། བསྟན་འགྲོར་ཕན་འདོགས་པའི་སྤྲུལ་སྐུ་འཁྲུལ་མེད་རེ་འབྱོན་པའི་དགོས་པ་གལ་ཆེན་ཡོད་ན། དེ་ལུགས་ཀྱི་སྙན་སྐུལ་གནད་འདྲིལ་བ་རེ་ཚིག་སྒྲིག་གམ་ཕལ་སྐད་ཀྱིས་ཞུ། དེ་འདྲའི་དགོས་པ་མེད་ན། དཀོར་གཟན་ཇེ་མང་དུ་བཏང་བ་ལ་དགོས་པ་སྤུ་ཙམ་ཡང་མེད། ཅེས་དང་། ཐུགས་རིག་མི་གསལ་བའི་མགོ་རྩོམ་དུས་སངས་རྒྱས་ཀྱི་འཕེལ་གདུང་ངམ། རྟེན་འདུས་རིལ་བུ། སྐྱེས་བདུན་རིལ་བུ་(སྐྱེས་བདུན་རིལ་བུའི་ནང་ན་བྲམ་ཟེ་སྐྱེ་བ་བདུན་པའི་སྐུ་ཤ་ཡོད་ཅིང་། དེ་ཁར་རེག་ན་སྐྱེ་བ་བདུན་ལ་ངན་སོང་དུ་མི་འགྲོ་བར་གསུངས་ལ། ནམ་མཁའ་ནོར་བུས་བོད་དུ་གྲུབ་ཐོབ་ཨོ་རྒྱན་གླིང་བའི་སྐུ་ཤ་དེ་སྐྱེ་བདུན་གྱི་ཤ་རུ་ངོས་འཛིན་སྲོལ་ཡོད་ཅེས་ཀྱང་བཤད་དོ། །)སོགས་བྱིན་རྟེན་རྩ་ཆེ་འོ་མར་སྦངས་པ་ཞལ་དུ་ངེས་པར་འདྲེན། གསུངས་སོ། །

རང་རེའི་ལས་དང་བོར་བར་དོ་ངོ་སྤྲོད་སོགས་བྱས་ཏེ་སྐྲག་སྣང་འཆར་བ་ཞིག་ཡིན་ན། མ་བྱས་ན་བཟང་། རྣམ་ཤེས་ལུས་ཕུང་ལས་འཕོས་རྗེས། སྐར་མཁན་གྱི་དྲུང་དུ་གཤིན་རྩིས་ལ་བལྟས་ཏེ། སྐར་ཆོས་དང་ཕུད་སྐར། འགྲུབ་སྐར་སོགས་གཏན་འཁེལ་བྱས་ནས། ཤི་སྐར་ཆོད་ལ་ཁེལ་ཚེ་གཡང་འབོད་ཅི་མང་བྱ། འབྲིང་ལ་བཀྲ་བརྩེགས་དང་སྣང་རྒྱལ་སོགས་འདོན། ཤི་མི་རུང་བའི་སྐར་མར་ཁེལ་ཚེ། སྐར་ཆོས་བྱ་ཚུལ་གཤིན་རྩིས་ལས་འབྱུང་བ་ལྟར་དང་། ཡང་ན། སྐྱེས་བུ་དམ་པའི་གདམས་ངག་ལས་འབྱུང་བ་ལྟར་བྱ་དགོས་ཏེ། དཔེར་ན། ལས་སྣ་ཚོགས་ཀྱི་བེའུ་བམ་ལས། གཟའ་སྐར་ངན་པར་མི་ཤི་དང་རོ་འདོན་སོགས་ལ་ངན་པ་ཀུན་ཐུབ་ཀྱི་གདམས་པ་ནི། ཕུག་རོན་གྱི་སྒོ་ང་ལ་བུག་པ་བརྟོལ་བའི་ནང་དུ། ཤོག་བུ་ལ་བོང་བུའི་ཁྲག་གིས་སྔགས་འདི་བྲིས། པྲ་སོད་ཆུ་སོད་མེ་སོད་དུ་ཏྲི་ཆོད་ཁ་ལ་ཛ་ཛ་ཤག་ཤག་རྦད་རྦད་ཆོད་ཆོད། གཟའ་སྐར་སོགས་ངན་པའི་སྐྱོན་ཐམས་ཅད་ཕུང་སྲི་རྔ་མོང་ལ་བཏང་ངོ་། །དགྲ་དང་བགེགས་ལ་སྒྱུརད་ཅིག ཅེས་བྲིས་ལ་གཞུག དེ་བཞིན་ལྟས་ངན་སོགས་ལ་ཁ་བསྒྱུར་བྱས་ཆོག སྒོ་ངའི་ཕྱི་ལ་རྔ་མོང་སྐེ་གཅིག་ལ་མགོ་གསུམ་ཡོད་པ་བྲིས་ནས། ཉེར་དགུ་འམ་གནམ་སྟོང་ལ་དེའི་ཁ་དགྲ་ཕྱོགས་སུ་བསྟན་ཏེ་བསྐྱལ་བས། གཟའ་སྐར་དུས་ཚེས་ངན་པ་དང་། ལྟས་ངན་གྱི་རིགས་ཐམས་ཅད་བཟློག་པའི་ཐབས་མཆོག་ཏུ་གྱུར་བ་ཡིན་ནོ། །ཞེས་པ་ལྟར་བྱ་དགོས།

གཞན་ཡང་། རྗེས་ཤུལ་གྱི་སྐྱེ་འཚུབ་ངོ་བཟློག་ལུགས་ཀྱི་གཏོ་བཅོས་ནི། དཔེར་ན་གཟའ་ཆེན་ཉི་མར་འདས་པ་ཡིན་ན། ཉི་མ་དགུ་ཁྲིད། ཅེས་འཚུབ་ངོ་བཤད་པས། ཆག་སྒོ་བཟློག་ཆེད་སོག་མའི་ཚིགས་དགུ་དང་། ཆུ་བོ་དགུ་ཡི་ཆུ་སྣ་བཅས་ས་འོག་ཏུ་སྦོ་ཞིང་། ཕུད་སྐར་གྱི་ཉིན་བེམ་པོ་དང་མཉམ་དུ་ཟན་གྱི་ངར་མི་དགུ་ཡང་བསྐྱལ་དགོས། དེ་བཞིན་གཟའ་ཆེན་ཉི་མར་སྒྲུབ་པའི་ཚུལ་དུ་ཆུ་གྲང་ཕོར་གང་གི་སྟེང་དུ་གཟའ་ཉི་མའི་རི་མོ་བྲིས་ཏེ་ཁང་ཐོག་ཏུ་འཇོག་པ་དང་། གཞན་གཟའ་ཆེན་ཟླ་བར་འདས་པ་ཡིན་ན་དུར་ཁ་གཅོད་པའི་ཚུལ་དུ་ནས་དང་སྲན་མའི་ཚིགས་མ་དང་། ཉ་གཟུགས་ས་ཙྪ་བེམ་སྟེང་དུ་འཇོག་ཅིང་། ཤི་སྐར་གཟའ་ཆེན་སྤེན་པར་ཁེལ་ཚེ། གཡང་ཁ་མི་ཉམས་པའི་ཚུལ་དུ་བྲ་བོའི་ཟན་གྱི་ངར་མི་ལྔ་ས་འོག་ཏུ་སྦ་བའམ། འདས་པོའི་ཕུང་བོ་དང་མཉམ་དུ་དུར་ཆས་སྐྱེལ་བ་ཡིན་ནོ། །སྐར་ཆོས་དང་གཏོ་བཅོས་སྣ་ཚོགས་ཀྱི་བཅས་སྟངས་རྒྱས་པར་གཤིན་རྩིས་ལས་ཤེས་པར་བྱའོ། །ས་ཆ་ལ་ལར་བེམ་པོ་འཁྱེར་ཤུལ་དུ་གྲོང་བ་ཡིན་ན་ཐོང་ལྕགས་ཀྱི་ཡུ་བའི་ནང་ཤུག་པ་བལ་གྱིས་ལྕིབས་ནས་ཚིལ་རྡོག་དཀར་བོ་གསུམ་གྱི་བར་བསླངས་པ་དང་། ཐོང་ལྕགས་ནི་ས་མནོན་གྱི་རྟེན་འབྲེལ་དུ་བཤད། གྲྭ་བ་ཡིན་ན་གསེར་ཕོར་ནང་ཕྱེ་མར་འཇོག་ལ། ཕྱེ་མར་ཡང་ཚིལ་རྡོག་དཀར་བོ་གསུམ་གྱི་བར་དུ་འཇོག་སྲོལ་ཡོད་དོ། །

དེ་ལས་གཞན། སྤྱི་ཁྱབ་ཀྱིས་བེམ་པོའི་སྔས་མགོ་ལ་ལམ་སྔགས་གཉིས་དང་། མར་མེ་འཇོག་པ་ཡིན། དེ་ནས་རང་རང་གང་ལ་དད་འདུན་ཆེ་བའི་རྟོགས་ལྡན་པ་དང་ཨ་མཆོད་ཞུས་ཏེ། རྟོགས་ལྡན་པས་འཕོ་བ་དང་། ཨ་མཆོད་ཀྱིས་ཐར་མདོ་དང་སྨོན་ལམ་གསུངས་པ་ཡིན། དེ་ཡང་འཕོ་བ་གསུངས་པ་ནི། ཚེ་འདས་ཀྱི་རྣམ་ཤེས་ལ་གསལ་བཏབ་ནས། འཕོ་བའི་དམིགས་རིམ་སྒོམ་དུ་བཅུག་ནས། མན་ངག་ཁྱད་པར་ཅན་འདི་ལ་བརྟེན་ཏེ། འོད་དཔག་མེད་ཀྱི་ཞིང་ཁམས་ལ་འཕོ་བར་བྱེད་པ་དང་། ཐར་མདོ་གསུངས་པ་ནི། ཀུན་སློང་རྣམ་དག་གིས་ཐར་མདོ་འདི་བཏོན་ན། སྡིག་པ་སྟོབས་པོ་ཆེ་ཡང་ལྷག་མེད་དུ་འདག་སྟེ། མདོ་དེ་ལས། དེ་བཞིན་མཐོལ་མཚང་བྱེད་ནུས་ན། །རྩ་བ་བཞི་དང་མཚམས་མེད་ལྔ། །ལོག་སྤྱོད་བར་དུ་སྡིག་བྱང་སྟེ། །སངས་རྒྱས་འགྲུབ་པར་གདོན་མི་ཟ། །གསུངས་སོ། །ཡང་། བདག་འཇུག་བླངས་ཏེ་གཤིན་པོ་ལ་དབང་བསྐུར་ནའང་ཕན་ཏེ། རྡོ་རྗེ་གུར་གྱི་རྒྱུད་ལས། རྡུལ་ཚོན་དཀྱིལ་འཁོར་བྲིས་ནས་ནི། །གཤིན་ལ་གསོན་བཞིན་དབང་བསྐུར་ན། །ངན་སོང་གསུམ་དུ་སྐྱེས་ན་ཡང་། །དེ་ཉིད་ཀྱིས་ནི་ཐར་བར་འགྱུར། །ཞེས་དང་། ཡང་། སྨན་བླའི་མདོ་ལས། སྲོག་འགག་པའི་བེམ་པོའི་སྔས་སུ་ཞག་ཞེ་དགུའི་བར་དུ། བཅོམ་ལྡན་འདས་སྨན་བླ་མཆོད་ཅིང་གསོལ་བ་བཏབ་ན་དེའི་རྣམ་པར་ཤེས་པ་སླར་ལྡོག་པར་གསུངས་པ་དང་།

གཞན་ཡང་། ཁྲུས་ཆོག་བསྐུར་བ་སྟེ། དེ་ལ་དགོས་པ་གཉིས་ཡོད། གསོན་དུས་མིའི་ལུས་དང་སྲོག་ལ་གནོད་པར་བྱེད། ཤི་དུས་ཚེ་ལས་འདས་པའི་མཐོ་རིས་དང་ཐར་བ་ལ་བར་དུ་གཅོད་ཅིང་། ཚེ་ལས་འདས་པ་དེ་ཉིད་ཀྱི་ཆ་བྱད་བཟུང་ནས། འཇིག་རྟེན་པ་རྣམས་བསླུ་བའི་འབྱུང་བོ་མི་མ་ཡིན་པ་དག་དགར་བའི་ཆེད་དུ། ཚེ་ལས་འདས་པ་དེ་ཉིད་ཀྱི་སྡིག་སྒྲིབ་ཐམས་ཅད་སྦྱངས་པ་དྲུག་གི་སྒོ་ནས་སྦྱངས་ཏེ། བདེ་འགྲོའི་ལམ་བཟང་སྙེག་པའི་ཆེད་དུ་ཡིན།

ཕུང་བོ་སྦྱིན་སྲེག་བཏང་རྗེས། མི་འཁྲུགས་པའི་སྒོ་ནས་རུས་ཆོག་བཏང་ན། གཤིན་པོ་དེའི་སྡིག་སྒྲིབ་དག་སྟེ་མཐོ་རིས་དང་ཐར་བ་འཐོབ་ལ། དེ་ལྟར་མ་ལྕོགས་ན་ངན་སོང་སྦྱོང་བའི་གཟུངས་སྡེ་ལྔ་གསུངས་ཏེ། འབྲུ་དང་ཆུ། ཡང་ན། བྱེ་མ་སོགས་ལ་སྔགས་ནས་ཕུ་བཏབ་སྟེ། རུས་པའམ་དུར་སར་གཏོར་ན་ངན་སོང་ལས་ཐར་བར་གསུངས་ཏེ། གཙུག་ཏོར་རྣམ་རྒྱལ་མའི་གཟུངས་ལས། སེམས་ཅན་སྡིག་པ་བྱེད་པ་དེ་དག་ནི་ཤི་བའི་དུས་བྱས་པ་དེ་དག་གི་དོན་དུ་གཟུངས་འདི་ཡུངས་དཀར་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ། དེ་དག་གི་རུས་གོང་རྣམས་ཀྱི་སྟེང་དུ་གཏོར་ན། དེ་དག་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེ་འཇིག་རྟེན་ནམ། ཡི་དྭགས་ཀྱི་ཡུལ་ལས་གཞན་པའི་ངན་འགྲོ་རྣམས་སུ་སྐྱེ་བར་མི་འགྱུར་ཏེ། དེ་དག་གཟུངས་འདིའི་མཐུས་ངན་འགྲོ་དེ་དག་ལས་ཐར་བར་འགྱུར་རོ། །ཞེས་སོ། །

ཡང་། སྔོན་གྱི་ཚེ་མི་ཤི་ཚེ་མྱ་ངན་ནམ་འདུན་བྱེད་སྟངས་ནི། ཐང་ཧྲུའུ་ལས། ཕ་མ་ཤི་ཚེ། སྐྲ་འབྲེག གདོང་ལ་ཚོས་ནག་པོ་འབྱུག གྱོན་པའང་ནག་པོ་བྱེད། དུར་དུ་སྦས་ཟིན་ན་འདུན་ཀྱང་གྲོལ་ཞེས་ཟུར་ཙམ་གསལ་ལོ། །དེང་སང་ཡུལ་ལུང་སོ་སོ་ན་འཇིག་རྟེན་མི་ཆོས་དང་བསྟུན་ཏེ་སྣ་ཚོགས་ཡོད་ཀྱང་། འདིར་ཉུང་ཙམ་སྨྲོས་ན། རང་གི་ཕ་མའམ་གཉེན་ཉེ་གང་རུང་ཞིག་ཚེ་ལས་འདས་ན། ལུས་ངག་གི་སྤྱོད་ལམ་ཐོག་མྱ་ངན་བྱེད་སྟངས་སྣ་ཚོགས་ཡོད། མྱ་ངན་བྱེད་པ་དེ་ལ་འདུན་ཟེར་ལ། ཞེ་དགུའི་ནང་སྐྲ་དང་སྨྲ་ར་ཁ་སྤུ་སོགས་མི་བཞར་བ་དང་། རྒྱན་ཆ་སོགས་མི་འདོགས། བུད་མེད་ཀྱིས་སྐྲ་མི་གཤད་ཅིང་། རྒྱན་ཆ་དཀྲོལ་ལ། ཡུལ་ལ་ལར། སྐྲའི་སྣེ་མོར་བལ་དཀར་འདོགས་པ་དང་། སྐྲ་ལུང་ཕྱིར་སློག་པ་སོགས་ཀྱང་ཡོད། ཕོ་མོ་གཉིས་ཀས་གྱོན་གོས་རྙིང་ཧྲུལ་གྱོན་ལ། སྐ་རགས་མདུན་དུ་བཅིངས་པ་ཡིན། ལོ་གཅིག་གི་ནང་གླུ་གར་སོགས་མི་རྩེ་བར་མ་ཟད། དུས་སྟོན་འདྲ་མིན་དུ་མི་ཞུགས་ལ། ཁང་བའི་དུད་པའང་མི་ལེན་པ་སོགས་ཡུལ་ཁམས་སོ་སོར་འདུན་བྱེད་ཚུལ་མི་འདྲ་བ་སྣ་ཚོགས་ཡོད།

ཡང་། བླ་མ་དགེ་བའི་བཤེས་གཉེན་སོགས་ཡིན་ན། གཙུག་ལག་ཁང་ལ་དཀར་རྩི་མི་བྱུགས་པ་དང་། དར་ལྕོག་ཕབ་པ། གསེར་ཏོག་དང་རྒྱལ་མཚན་རས་ཀྱིས་བཏུམས་པ་སོགས་བྱེད་ཀྱིན་ཡོད། འོན་ཀྱང་། རབ་བྱུང་བས་མྱ་ངན་གྱི་ཚེ་སྐྲ་འཇོག་པ་སོགས་མི་རུང་སྟེ། མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་རྗེ་ཐམས་ཅད་མཁྱེན་པའི་དགོངས་རྫོགས་ལ། དབུས་གཙང་གི་དགེ་འདུན་གྱི་སྡེ་ཆེན་པོ་དུ་མར་ཡང་། མང་ཇ་དང་འབུལ་ནོད་ཕུན་སུམ་ཚོགས་པ་རྒྱ་ཆེར་འགྲུས་ཤིང་དེ་ཡང་ཕྱིས་ཀྱི་རབ་ཏུ་བྱུང་བ་དག་ལ། མཁན་པོ་དང་སློབ་དཔོན་དང་། བླ་མ་དག་འདས་པ་ན། ཐོས་བསམ་སྒོམ་པ་དང་། ཆོས་འཆད་ཉན་ལ་སོགས་པ་དགེ་བའི་སྦྱོར་བ་དག་རྒྱུན་བཅད་དེ། སྐྲ་ཚད་ལས་ལྷག་པར་འཇོག་པ་དང་། གོས་བསྒྱུར་བ་དང་། གཙུག་ལག་ཁང་གི་བ་དན་སྡུད་པ་ལ་སོགས་པ། གྲོང་བའི་ཆོས་ལུགས་དག་ཡོངས་སུ་གྲགས་མོད་ཀྱི། བདག་ཅག་རྣམས་ཀྱིས་ནི་རྗེ་ཉིད་ཀྱི་ཐུགས་ཀྱི་དགོངས་པ་དང་མཐུན་པར་གྲོང་བའི་ཆོས་ལུགས་དེ་དག་རིང་དུ་སྤངས་ཏེ། འདུ་བྱེད་ཐམས་ཅད་ཀྱི་མཚན་ཉིད་ནི་འདི་འདྲའོ་སྙམ་དུ་སྐྱོ་བར་འགྱུར་བའི་མཚན་མ་ཡིད་ལ་བྱེད་པས། སླར་ཡང་འོད་ཀྱི་མཚན་མར་ལོ་གཉིས་ཀྱི་བྱ་བ་ལ་ཞུགས་པར་གྱུར་ཏོ། །ཞེས་གསུངས་པ་ལ་དམ་པ་ལྷ་ཆོས་དང་བསྟུན་ན་གོ་རྒྱུ་ཆེན་པོ་ཡོད་དོ། །

༥ བེམ་པོ་སྐྱེལ་སྟངས། མི་གྲོངས་རྗེས་སྐར་མཁན་གྱི་སར་གཏུགས་ཏེ། སྐར་ཆོས་དང་། ཕུད་སྐར། འགྲུབ་སྐར་རྣམས་གཏན་ཁེལ་བྱས་རྗེས། གཟའ་སྐར་ངན་ན་སྐར་བཅོས་བྱ་ལ། དཔེར་ན། ཕུང་བོ་སྐྱེལ་སྐབས་ཁ་བ་བབས་ན། དུར་ལམ་ཁ་བས་བཅད་ཅེས་ཁྱིམ་ཚང་ལ་གོད་ཆག་འབྱུང་ཉེན་ཡོད་པས། གླུད་རྫོང་དང་བགེགས་བསྐྲད། བཟློག་བསྒྱུར་སོགས་ཀྱི་རིམ་འགྲོས་འཐུས་པར་བྱས་ནས། རུ་སྡེ་ཚང་མ་འཛོམས་ནས་མ་ཎི་དབྱངས་རྟ་དང་བཅས་ཏེ། དུར་དུ་སྐྱེལ་བ་ཡིན་ལ། བེམ་པོ་སྐྱེལ་དུས་སྨེ་སྔགས་བཏོན་ན་གཤིན་པོ་ལ་གནོད་པ་ཡིན་ཏེ། གླིང་བཟའ་ཆོས་སྒྲོན་གྱི་རྣམ་ཐར་ལས། ངུས་པའི་མཆི་མ་རྣམས་རྣག་ཁྲག་གི་ཆར་དུ་འབེབས་པ། གསུངས་པ་ལྟར་བར་དོ་བ་རླུང་ལ་བརྟེན་ནས་རྒྱུ་བ་ཡིན་པས། ངུ་ངག་འདོན་པ་སོགས་གནོད་བྱེད་དུ་འགྲོའོ། །

སྐྱེལ་སྟངས་ལ་འཚོ་གནས་ཀྱི་སྟབས་བདེ་ཁྱད་ཀྱི་ཅུང་ཟད་མི་འདྲ་བར་སྣང་སྟེ། སྐྱེས་བུ་དམ་པ་རྣམས་ཁྱོགས་ཀྱི་ནང་ཆོས་གོས་རྣམ་གསུམ་གྱིས་གཡོགས་ཏེ་ཁ་དར་སྒྲོན་ནས་སྐྱེལ་བ་དང་། གྲོང་མི་ཕལ་བ་རྣམས། བེམ་པོ་གཡག་ཏུ་འགེལ་བ་དང་། ཁྱོགས་ཀྱི་སྟེང་ལ་གདན་དཀར་བཏིང་སྟེ། མི་བཞིས་ཕྲག་པར་འཁུར་ནས། གཞན་ཀྱིས་གཡས་གཡོན་ནས་སྐྱོར་ཏེ་འགྲོ་བ་ཡིན། ཁྱིམ་ནས་བེམ་པོ་ཁ་ནང་དུ་བསྐོར་ཏེ་འཁྱེར་བ་དང་། ཕྱི་ནས་འགྱོགས་ཤིང་གོ་ལྡོག་སྟེ་འཁྱེར་བ་ཡིན། དེས་ནི་རྣམ་ཤེས་ཀྱིས་རང་ཁྱིམ་གྱི་མི་དང་རྒྱུ་ནོར་སོགས་ལ་མི་ཆགས་པར། ཡོད་ཚད་བློས་བཏང་བ་མཚོན། སྐྱེལ་མི་རྣམས་ཁ་ཕྱིར་མི་འཁོར་ལ། ངལ་གསོ་འང་མི་རྒྱག་པ་ཡིན། སྦྱིན་སྲེག་གམ་གཟན་བསྒྱུར་གྲུབ་རྗེས། ཕྱིར་ཁྱིམ་དུ་ཡ་བྱས་ཏེ་ལོག་པ་དང་། སྒོའི་ཕྱི་རོལ་གྱི་མེ་བསྒོངས་སྟེང་འགོམ་སྟེ། ཆུ་དཀར་གྱིས་ལག་པ་བཀྲུས་ནས་རྡོ་སྲེག་གི་སྟེང་དུ་ལག་ཆུ་འཛར་སྲོལ་ཡོད། དབུས་གཙང་ཁུལ་དུ་ཕུང་སྐྱེལ་བ་རྣམས་ཉིན་དེར་ཁྱིམ་ལ་མི་ཡོང་བར། གཞན་དུ་གནས་ཚང་གཡར་ནས་འདུག་སྲོལ་ཡང་ཡོད།

༦ གཤིན་པོ་ཕན་བྱེད་ཀྱི་དགེ་རྩ་གསུམ། བར་དོ་བ་དེ་ལས་ཀྱི་རླུང་གིས་བདས་ནས། གར་སྐྱེས་དང་བདེ་སྡིག་གི་གདམ་ག་བྲལ་བ་ལ། ཤུལ་ན་མཆིས་པའི་ཉེ་འབྲེལ་རྣམས་དགེ་བ་སྒྲུབ་ཅིང་། དགེ་རྩ་བསྔོས་ན་ཕན་ཆེ་སྟེ། དཔེར་ན། ཆུས་འཁྱེར་བ་སྐམ་ས་ན་ཡོད་པའི་མིས་བཏོན་པ་ལྟ་བུ་ཡིན། ཇོ་བོའི་ཞལ་ལས། མི་ཤི་བ་དེའི་མིང་མ་སྟོར་གྱི་བར་དུ་དགེ་བ་བྱས་ཤིང་བསྔོས་ན་ཕན་གསུངས་ལ། ཕ་བཟང་གི་བུ་ཞིག་ཡིན་ན། ལོ་རེ་བཞིན་ཕ་མ་སོགས་ཤི་སྐར་ལ་དུས་རན་ཞེས་རྩིས་མཐོང་གནང་སྟེ། ལྷ་དང་བླ་མ་ལ་མཆོད་པ་དང་། དགེ་འདུན་སྤྱན་དྲངས་ནས་དགེ་སྒྲུབ་གནང་བ་ཡིན། དེ་ལྟར་མ་བྱུང་ན། བུ་ངན་པས་ཕ་མའི་ཤི་སྐར་མི་ཤེས། ཞེས་འཕྱ་སྨོད་བྱེད་པ་ཡིན། དེ་ཡང་། སུ་ཐོད་ཐོད་ཀྱིས་དགེ་རྩ་བསྒྲུབས་ཤིང་བསྔོས་ན་མི་ཕན་སྟེ། རིགས་རྒྱུད་དང་། ལོངས་སྤྱོད་གཅིག་པ། ཆོས་ཀྱི་འབྲེལ་བ་གསུམ་མོ། །དེ་ལྟར་འབྲེལ་བ་གསུམ་དང་ལྡན་ན། ཆུ་ཆེན་ལ་བརྒལ་བའི་ཚེ་སྦྲེལ་ཐག་ཡོད་པ་དང་འདྲ་སྟེ། གཅིག་ཆུར་ནུབ་ཀྱང་གཅིག་གིས་འདྲོངས་ལ། སྦྲེལ་ཐག་མེད་ན་མི་འདྲོངས་པ་ལྟ་བུ་ཡིན།

༡ རིགས་རྒྱུད་དང་འབྲེལ་བའི་དགེ་རྩ་བྱས་ཤིང་བསྔོས་ན་ཕན་པ་ནི། ཇོ་བོའི་ཞལ་ལས། ད་ལྟའི་ལྡོང་གི་རྒྱངས་ལ་སོགས་པའི་དོན་དུ། ད་ལྟའི་ལྡོང་སྟོན་གྱི་མི་འདི་རྣམས་ཀྱིས་དགེ་བ་བྱས་ཤིང་བསྔོས་ན་ཕན་པར་གསུངས་པ་དང་། བཅོམ་ལྡན་འདས་ལ་ཡངས་པ་ཅན་གྱི་མི་རྣམས་ཀྱིས་ཆོས་སྟོན་འདྲེན་སྐབས། ཡངས་པ་ཅན་པའི་ཕ་མེས་མང་བོ་ཡི་དྭགས་སུ་སྐྱེས་པ་རྣམས་ཀྱིས། བཅོམ་ལྡན་འདས་ལ་དགེ་རྩ་དེ་བདག་ཅག་ལ་བསྔོ་བར་ཞུས་པས། དེར་བསྔོས་པས་ཡི་དྭགས་རྣམས་སྐྱེ་བ་འཕོས་ནས་ལྷར་སྐྱེས་པ་ལྟར་རོ། །

༢ ཡོ་བྱད་དམ་ལོངས་སྤྱོད་འབྲེལ་བས་ཕན་ཐོགས་ཚུལ་ནི། འབྲོམ་སྟོན་གྱི་ཞལ་ལས། རྭ་སྒྲེང་གི་དགེ་བསྙེན་ཀུན་ལ། ཡེ། ཁྱེད་རང་ཀུན་ཡོ་བྱད་བསྲེ་དང། གཅིག་ཤི་ཙ་ན་གཅིག་གིས་དགེ་བ་བྱས་ནས་བསྔོས་ན་ཕན་གྱིས། དེ་ཙུག་མེད་ན་བྱེད་མཁན་སོ་སོའི་དགེ་བར་འགྱུར་གསུངས་སོ། །

༣ ཆོས་ཀྱི་འབྲེལ་བའི་ཕན་ཐོགས་ཚུལ་ནི། འཕགས་པ་རྣ་བ་བྱེ་བ་རིས། ཉི་ཚེ་བའི་སེམས་ཅན་དམྱལ་བའི་གནས་སུ་ཕྱིན་སྐབས། སྐྱེ་བ་སྔོན་འཕགས་པ་ཀ་ཏ་ཡ་ན་ལ་ཆོས་འབྲེལ་མཆིས་པའི་ཉི་ཚེ་བའི་དམྱལ་བ་སྐོར་ཞིག་གིས། རྣ་བ་བྱེ་བ་རིར་འཕྲིན་བགྱིས་ཏེ། འཕགས་པ་ཀ་ཏ་ཡ་ནར་ཡོ་བྱད་ཀྱི་འབྲེལ་བཞག་ནས། དགེ་རྩ་བསྔོར་བཅུག་པས། དམྱལ་བ་ལས་ཐར་བའི་ལོ་རྒྱུས་ཡོད་པ་དང་། དགེ་སློབ་གྱིས་དགེ་རྩ་བསྔོ་རེས་བྱས་ན་ཡང་འགྲུབ། དེར་མ་ཟད། མི་ལ་གངས་ལ་ཕྱི་ན་སྒོམ་སྒྲུབ་གནང་ཚེ། ཉིན་ཞག་བཅོ་བརྒྱད་ལ་ཁ་བ་བབས་པས། ཟླ་དྲུག་ལ་ཟ་མ་ཆད། སློབ་འབངས་རྣམས་ཀྱིས་རྗེ་བཙུན་གྲོངས་ཐག་བཅད་དེ། དགོངས་རྫོགས་བསྒྲུབས། ཁ་བ་འབབ་མཚམས་ཆད་དེ་ཁོང་གི་སྐུ་གདུང་གདན་འདྲེན་དུ་ཕྱིན་དུས། མི་ལ་སྔར་ལས་སྐུ་མདངས་རྒྱས་པར་མཐོང་ཚེ། དགོངས་རྫོགས་ཀྱིས་བར་དོ་ཕན་པའི་ཚུལ་གསུངས་པ། མི་ལའི་རྣམ་མགུར་ལས། གཤེན་རྡོར་མས་ཞུས་པ། རྗེ་བཙུན་ན་ནིང་ལས་ཀྱང་སྐུ་མདངས་ཤིན་ཏུ་བཟང་བར་གདའ་བ། ལམ་སྒོ་གཉིས་ནི་ཁ་བས་ཆོད་དེ། མིའི་ཞབས་ཏོག་ནི་མེད། ལྷ་འདྲེའི་ཞབས་ཏོག་བགྱིས་སམ། རི་དྭགས་ཀྱི་ཐེད་རོ་འདྲ་རྙེད་པ་ལགས་སམ། ཇི་ལྟར་ལགས་ཞུས་པས། རྗེ་བཙུན་གྱི་ཞལ་ནས། ང་ཕལ་ཆེར་ཏིང་ངེ་འཛིན་ལ་འབྱམས་ནས་ཟས་ཟ་མ་དགོས། དུས་བཟང་གི་ཚེ་མཁའ་འགྲོ་རྣམས་ཀྱིས། ཚོགས་ཀྱི་འཁོར་ལོའི་སྐལ་བ་ཡང་བསྐྱལ། རེས་ཕྱེ་ཐུར་མགོ་ཙམ་རེ་འགམས། ཁྱད་པར་ཁ་སང་། རྟའི་ཟླ་བའི་སྨད་ལ་ཁྱེད་བུ་སློབ་རྣམས་ཀྱིས། ངའི་མཐའ་འཁོར་ནས་བཟའ་བཏུང་མང་བོ་དྲངས་པའི་ཉམས་ཤིག་ཤར་བ་ལས། ཞག་མང་བོའི་བར་དུ་ཟ་མ་ཟ་སྙིང་ཡེ་མི་འདོད་པ་ཞིག་བྱུང་། དེ་དུས་ཁྱེད་རྣམས་ཀྱིས་ཅི་བྱས་པ་ཡིན་གསུངས། དེར་ཁོང་རྣམས་ཀྱིས་དུས་བརྩིས་པས་ཐུགས་དགོངས་རྫོགས་ཐབས་ཀྱི་མཆོད་པ་ཕུལ་བ་དང་། དུས་མཚུངས་སུ་འདུག་ཚུལ་ཞིབ་རྒྱས་ཕུལ་བས། རྗེ་བཙུན་གྱི་ཞལ་ནས་འཇིག་རྟེན་པ་རྣམས་ཀྱི་དགེ་རྩ་བགྱིས་པ་བར་དོར་ཕན་པར་འདུག་སྟེ། དེ་བས་ཀྱང་ད་ལྟ་བར་དོ་གཅོད་པ་སྟོབས་ཆེ། གསུངས་པ་ལྟ་བུ། དེ་ལྟར་འབྲེལ་བ་གསུམ་གང་རུང་མི་ལྡན་པར་དགེ་རྩ་བསྔོས་ན། བྱེད་མཁན་གྱི་དགེ་བར་འགྱུར་རོ། །ཅིའི་ཕྱིར་ན་སངས་རྒྱས་ཀྱི་ཐུགས་རྗེ་ལ་ཕྱོགས་སུ་མ་ལྷུང་ཡང་། སེམས་ཅན་ཁ་ཅིག་ནི་ཐུལ། ཁ་ཅིག་ནི་མི་ཐུལ་བ་ཡང་། སྔོན་གྱི་ལས་འབྲེལ་མེད་པའི་སྐྱོན་ཡིན། ཡང་། སངས་རྒྱས་ཀྱི་མི་ཐུལ་བ་འཁོར་གྱིས་ཐུལ་བ་ཡང་། སྔོན་གྱི་ལས་འབྲེལ་གྱི་སྟོབས་ཡིན་ནོ། །

ལེའུ་བརྒྱད་པ། མོ་རྒྱག་སྟངས་སྐོར།

མོ་འདེབས།

མོ་འདེབས་ཀྱི་ཁུངས་ནི། གདོད་མ་ནས་རང་ཅག་བོད་ཀྱི་འཚོ་བའི་ཁྲོད་མོ་འདེབས་སྲོལ་འདིས་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་བཟུང་ཡོད། ཐང་ཡིག་ལས་ཀྱང་ལུགས་ལ་འདྲེ་དང་མོ་མ་གཙིགས་སུ་ཆེ་ཞེས་པ་ལས་ཀྱང་ཤེས། སྤྱིར་ན། མོ་ལ་རྣམ་གྲངས་མི་འདྲ་མང་ཡང་། མདོར་དྲིལ་ན། ད་ལྟ་རང་ཅག་གི་བླ་མའམ་གྲུབ་ཐོབ་ཡིན་ཟེར་སྐད་ཚོས། ཤོ་མོ་འམ་ཕྲེང་བ་བཅད་དེ་མོ་འདེབས་པ་འདིའི་ཁུངས་གཏུགས་ས་ནི། དབང་གསུངས་དུས་བླ་མས་སློབ་མ་དཀྱིལ་འཁོར་ལ་གཞུག་པའི་སྐབས་སུ་མེ་ཏོག་དང་། སྟ་གོན་གྱི་སྐབས་སུ་སོ་ཤིང་འདོར་བ་འདི་ཉིད་ཡིན་ཏེ། སྟོད་འགྲེལ་ལས། དེ་ནས་མེ་ཏོག་གི་ཕྲེང་བ་དེ་དོར་ཞིང་ཞེས་བྱ་བ་ནི། ཕྲེང་བ་ཕུལ་བས་ལྷ་རྣམས་ཀྱིས་ཡོངས་སུ་བཟུང་བར་གྱུར་ན་འདིའི་དངོས་གྲུབ་རབ་འབྲིང་ཐ་མ་ཡོངས་སུ་རྫོགས་པར་འགྱུར་བའི་ཕྱིར་ཏེ། གསུངས་པ་ལྟར། རེ་ཁཱའི་ནང་དུ་མེ་ཏོག་ལྷུང་བ་དང་བསྟུན་ནས་རིགས་བརྟག་པ་དང་། ཡང་ན། དཀྱིལ་འཁོར་ན་ལྷའི་དཀྱིལ་འཁོར་ཡོད་ན་ལྷའི་མཛོད་སྤུ་འམ། དབུ་འམ། གཙུག་ཏོར་ལ་ལྷུང་ན་ཕྱག་ཆེན་དང་། སྤྱན་ནམ་ཞལ་ལ་ནི་སྔགས་ཀྱི་དངོས་གྲུབ་དང་། ལུས་སྟོད་དང་། བར་དང་། སྨད་ལ་དངོས་གྲུབ་མཆོག་འབྲིང་དམན་པ་འཐོབ་པར་འགྱུར་བ་འདི་དང་། ཡང་། སྟ་གོན་གྱི་སྐབས་སུ། གྲུ་བཞིའི་ཚད་གྱི་གྲུ་གཞིའི་དཀྱིལ་འཁོར་ལྕི་བ་ལ་སོགས་པའི་བྱུང་པའི་ནང་དུ། པདྨ་འདབ་བརྒྱད་བྲིས་ཏེ་མེ་ཏོག་གི་ཚོམ་བུ་བཀོད་པའི་སྟེང་དུ། ཨ་ཤྭད་ཐ་ཤིང་རབ་དང་། མི་རྙེད་ན་འོ་མ་ཅན་གྱི་ཤིང་ཕྲ་སྦོམ་རན་པ་སྲོག་ཆགས་དང་རྨ་མེད་པ། མགོ་མཇུག་མཉམ་པ། དྲི་བཟང་དང་བདུག་སྤོས་ཀྱིས་བྱུགས་པ་སོར་བཅུ་གཉིས་ཅན། རྩེ་མོར་མེ་ཏོག་གིས་བཅིངས་པ། དོར་བའི་ལྟས་ལ། ཤར་བྱང་ནུབ་ལྷོ་སྟེང་འོག་ཏུ། རྩེ་མོ་མེ་ཏོག་གི་འཆང་དེ་གང་དུ་ཕྱོགས་ན། རིམ་པ་བཞིན། ཞི་རྒྱས་དབང་དྲག་དང་། རིག་འཛིན་དང། ས་འོག་གི་དངོས་གྲུབ་འགྲུབ་ཅིང་། ཕྱི་རོལ་དུ་ལྷུང་ན་དངོས་གྲུབ་མེད་པར་གསུངས་པ་འདི། ནང་བསྟན་ཆོས་ལུགས་ཀྱི་མོ་འདེབས་པའི་ཁུངས་སོ། །

ཡང་། ཀློང་ཆེན་ཆོས་དབྱིངས་སྟོབས་ལྡན་གྱིས་ཤཱ་རིའི་བུས་མཛད་པའི་མོ་ལྟས་མཚན་མ་བརྒྱད་པ་ཞེས་པ་ཞིག་ཀྱང་ཡོད་པར་གསུངས་ཡོད་ལ། དེ་བདེན་མཆི་ན་དེ་ཡང་མོའི་ཁུངས་སུ་གཙིགས་སམ་སྙམ་མོ། །མོ་འདེབས་ཚེ་ཡང་། ཀློང་ཆེན་པས། ཕྱི་ནང་གི་རྟེན་འབྲེལ་གང་ཤར་བ་དང་། རྣལ་འབྱོར་བའི་སེམས་ལ་ལེགས་ཉེས་གང་ཡིན་འཆར་བ་དུས་དེ་ཉིད་དུ་ཐེ་ཚོམ་མེད་པར་བཟང་ངན་གང་ཤར་ཡང་ཐག་རྦད་ཀྱིས་གཅོད་པ་གནད་ཡིན་པས། ཡིད་གཉིས་ཐེ་ཚོམ་ཞུགས་ན་འཆོལ་བར་འགྱུར་བས། རིག་པ་ལ་ཧུར། ཤེས་པ་ལ་ཁྲོལ། དབང་བོ་ལ་གཟིངས་ཕྱུང་སྟེ་ཐག་བཅད་དོ། །གསུངས་སོ། །

ཡང་། གབ་ཙེ་སུམ་ཅུ་སོ་བཞིའི་མོ་དཔེ་བྱ་བའི་དཔེ་འཁྱར་ཞིག་ལས། འཕགས་པ་འཇམ་དཔལ་རི་བོ་རྩེ་ལྔ་ནས། ཟབ་མོ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་བཞུགས་ཏེ། སྐུ་ལས་ཀོང་ཙེ་འཕྲུལ་གྱི་རྒྱལ་བོ་དང་། གསུང་ལས་རྒྱའི་སྨྲར་ཆུར་སྤྲུལ། ཐུགས་ལས་གནོད་སྦྱིན་དུང་ལྷ་དཀར་བོར་སྤྲུལ། དེ་ནས་སྤྲུལ་བ་དེ་གསུམ་ལ་མོའི་ལྷ་བགྱིས་ཏེ། འགྲོ་དོན་བྱེད་དགོས་པར་བཀའ་བསྩལ་ནས། མོ་འདེབས་ལུགས། མོ་ལྷ་བདར་ཚུལ། མོ་རྡེའུ་སོ་བཞི་འབབ་ཚུལ། མོ་འབྲས་སོགས་ཕོག་ནས་མོ་འདེབས་ཚུལ་སོགས་བཤད་ཀྱང་། དེ་ནི་མདོ་རྒྱུད་ཀྱི་ཁུངས་ལུང་མེད་པས། ཡིད་རྟོན་དཀའ་བ་དང་།

གཞན་ཡང་། བོན་ལ་མོ་རིགས་མང་དུ་ཡོད་ཀྱང་ཀུན་གྱི་རྩ་བའམ་ཕྱི་མོར་གྱུར་པ་ནི་ཡེ་སྲིད་འཕྲུལ་གྱི་ཇུ་ཐིག་ཏུ་གྲགས་པ་འདི་ཉིད་ཡིན་པར་བཤད་ལ། དེ་ཡང་དང་པོ་སྟོན་པ་གཤེན་རབ་མི་ཆེ་ལ་སྐལ་ལྡན་ཕྱཱ་གཤེན་ལེགས་རྒྱལ་ཐང་པོ་སོགས་ཀྱིས་ཞུས་པས་སྟོན་པ་གཤེན་རབ་ཀྱིས་བསྟན་པར་གྲགས། དབྱེ་བ་ལ་རྩ་བའི་ཆ་ནས་ཡེ་སྲིད་འཕྲུལ་གྱི་ཇུ་ཐིག ཡེ་མཁྱེན་སྒྲ་བླའི་མངོན་ཤེས﹙འདི་ནི་ཐུགས་ཀར་སྒྲ་ལྷ་དང་ཝེར་མའི་ལྷ་ཚོགས་སྒྲུབ་སྟེ་པྲ་རྟགས་ལ་དཔྱད་པ་ཞིག﹚། ཡེ་རྗེ་སྨོན་པའི་རྨི་ལམ། ཡེ་དབང་ལྷ་ཡི་བཀའ་བབས﹙འདི་ནི་གསོན་གྱི་འདྲེ་གདོན་ཁོག་ཏུ་ཞུགས་པ་འམ་དེས་བྱིན་གྱིས་བརླབས་པ་ལ་མི་ལྟོས་པར་ཡེ་དབང་ལྷ་ཡི་བྱིན་གྱིས་བརླབས་པ་ལ་བརྟེན་ནས་གང་ཟག་གིས་ལུང་དུ་བསྟན་པ་རྣམས་ཡིན﹚ཏེ་བཞི་རུ་འདུ་ཞིང་། དེ་ལས་འཕྲོས་ནས། མོའི་རྣམ་དབྱེ་འམ་ཇུ་ཐིག་གི་གཞུང་དོན་སྟོན་པའི་བསྟན་བཅོས་ཀྱང་མང་པོ་ཡོད་པ། དཔེར་ན། དཔྱད་དོན་སྒྱུ་མ་གསེར་འབུམ། གཏེར་མོ་རིག་པའི་ཁོང་བསྡོང་། བྲམ་ཟེ་གོང་རུལ། བྲམ་ཟེ་ཀླུ་ཡི་བེར་ནག མ་སངས་འཁོར་ལོ་མདོ་ཆེན། འཁྲུག་པའི་སྟོང་ཐུན་དམར་པོ། ནད་མོ་རིག་པའི་མདོ་བདུན། ཏི་ཚང་གཡི་སྒྲོན་གྱི་མན་ངག ཇུ་ཐིག་སྲིད་པའི་རྒྱུད་འབུམ། ཁོག་ཆེན་འཕྲུལ་གྱི་རྒྱལ་པོ། མ་སངས་ཐི་གུ་རང་སྨྲ། མི་སྡེ་སྲིད་པའི་གཞི་འབུམ་སོགས་ཡོད་དོ། །

མོ་རྩིས་གཏོ་དཔྱད་བཞི་ལས་མོ་འདི་སྔ་ཞིང་གཏན་ལ་བབས་ཚུལ་བོན་གྱི་མདོ་ལས་འདི་ལྟར་བཤད་ཡོད་དེ། མོ་རྩིས་གཏོ་དཔྱད་བཞི་བོ་ལས། །ཀུན་གྱི་ཐོག་མར་མོ་ཡི་སྔ། །ཡེ་སྲིད་འཕྲུལ་གྱི་རྒྱལ་བོ་དང་། །ཀུན་ཤེས་འཕྲུལ་གྱི་དྲང་མཁན་གཉིས། །མངོན་ཤེས་ཕྭའུ་གཡང་དཀར་གསུམ། །སྲིད་པའི་པྲ་ལྟས་གཏན་ལ་བབ། །བདེན་རྫུན་ལས་ཀྱི་དྲང་ཤན་ཕྱེས། །མཐོང་དང་མི་མཐོང་བརྟག་ཚད་བབ། །ཞེས་སོ། །དེ་ལས་གཞན། ཏུན་ཧོང་ནས་ཐོན་པའི་མོ་ཡིག་ལ། བྲིས་མ་མི་འདྲ་བ་ཁག་གསུམ་ཡོད་ལ། ཧྥ་རན་སིར་ཉར་ཚགས་བྱས་པའི་མོ་ཡིག་ཁག་གཉིས་དང་། དབྱིན་ཇིར་ཉར་ཚགས་བྱས་པའི་མོ་ཡིག་ཁག་གཅིག་ཡོད་པ་ལས། ཕྱི་མ་ནི་མགུར་གླུའི་རྣམ་པ་ཅན་གྱི་མོ་ཡིག་ཞིག་ཡིན་ལ། ཞིབ་ཏུ་འགོད་པར་ཡིག་ཚོགས་མངས་སུ་འཇིགས་ནས་མ་སྤྲོས་སོ། །

མ་ཎི་ཡིག་དྲུག་གི་མོ།

ཕྱིས་ཀྱི་མོ་ཡིག་ལ། ཡི་གེ་དྲུག་མའི་མོ་ཡིག་བླང་དོར་གསལ་མེ། མ་ཎི་ཡིག་དྲུག་གི་མོ་ཡིག་མངོན་མཐོང་མེ་ལོང་། མ་ཎི་ཡིག་དྲུག་གི་མོ་ཡིག་བླང་དོར་འབྱེད་པའི་ལྡེ་མིག དཔལ་ལྡན་དམག་ཟོར་མའི་སྒོ་ནས་རྣོ་མཐོང་སྒྲུབ་ཚུལ། དཔལ་ལྡན་དམག་ཟོར་མའི་ཕྲེང་མོ་གསལ་སྒྲོན། ཐོད་ཕྲེང་སྡེ་ལྔའི་མོ་ཡིག རྟ་མགྲིན་གསང་སྒྲུབ་ཀྱི་ཕྲེང་མོ། ཇོ་བོའི་རྨི་ལམ་དུ་ཤར་བའི་མོ། དམ་ཅན་ཤོ་མོ། ཡུལ་ལྷའི་མེ་ལོང་སོགས་མང་བོ་ཡོད་ཀྱང་། དེ་དག་གི་སྔ་ཤོས་ནི་ཐུགས་རྗེ་ཆེན་པོའི་ཤོ་མོ་འདི་ཡིན། དེ་ནི་ལྷ་ཐུགས་རྗེ་ཆེན་པོས། རྒྱལ་བོ་སྲོང་བཙན་ལ་བསྟན་པ་ཡིན་པས། ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་གི་སྔོན་ནས་དར་བ་ཡིན།

དེ་ཡང་མོ་ཡིག་ན་གསལ་བ་ལྟར། དུང་ཤོ་གྲུ་བཞིའི་སྟེང་འོག་ཕྱོགས་བཞི་ལ། ཨོཾ་ཡིག་ལ་སོགས་པའི་ཡིག་དྲུག་བཀོད་པའམ་རྡེའུ་སྔོན་ལྔ་དང་དཀར་བོ་གཅིག ཕྲེང་བ་སོགས་མདུད་བྱས་ལ། རས་དཀར་དྲི་མེད་ཀྱི་སྟེང་དུ་དེ་དག་བཞག་ནས། ལྷ་ཐུགས་རྗེ་ཆེན་པོ་ལ་དམིགས་ཏེ་གསོལ་བ་རྩེ་གཅིག་ཏུ་བཏབ་ནས། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱིས་རང་གི་ཐུགས་རྒྱུད་བསྐུལ་ནས། མངོན་ཤེས་གསལ་ཅན་ཐམས་ཅད་འོད་དང་བདུད་རྩིའི་རྣམ་པར་བསྡུས་ནས། དམིགས་རྟེན་རྡེའུ་འམ་ཕྲེང་བ་ལ་སིབ་སིབ་ཐིམ་པར་བསམ་སྟེ། ཐུགས་རྗེ་ཆེན་པོ་དཔང་དུ་བཞག་སྟེ། དེའི་བྱིན་རླབས་ལ་བརྟེན་ནས་ཤོ་རྡེའུ་ལ་ཕུ་བཏབ་ནས། བདེན་པ་བདར་ཞིང་། དཔྲལ་པར་འཁྱེར་ཏེ་འཕངས་པས། དོན་དྲུག་གང་ཁེལ་བར་བལྟ་བ་སྟེ། ཨོཾ་བབས་དུང་གི་རི་བོ་ལ། །གཡོ་འགུལ་མེད་ཅིང་ཤིན་ཏུ་བརྟན། །ལྷ་ངོ་དགུང་ལས་མཐོ་བའི་མོ། །ལྷ་ཆེན་ཚངས་པའི་མོ་ལྷ་ཡིན། །མ་བབས་ཉི་མའི་དཀྱིལ་འཁོར་ཡིན། །འོད་ཀྱིས་མུན་པ་སེལ་ནའང་། །དགྲ་གཅན་གདོང་དང་སྤྲིན་ནག་གིས། །གློ་བུར་གོས་ན་དགེ་བ་ཆུང་། །གནམ་བསྐོས་རྒྱལ་བོའི་མོ་ལྷ་ཡིན། །འོན་ཀྱང་ལྷ་ངོ་ཅུང་ཟད་དམའ། །བསང་དང་གསོལ་ཁ་བྱས་ན་ལེགས། །ཎི་བབས་གཡུ་ཡི་ལྗོན་ཤིང་ཡིན། །དྲི་བཟང་འབྲས་བུ་ཁྱབ་པ་མང་། །འཁོར་ལོས་སྒྱུར་རྒྱལ་མོ་ལྷ་ཡིན། །ལྷ་ངོ་ཅུང་ཟད་མཐོ་ན་འང་། །ལྷ་ལ་གསོལ་ཁ་ཆག་པའི་མོ། །སྲུང་མ་མཆོད་དང་གསོལ་ཁ་བྱ། །སྡེ་བརྒྱད་བརྔན་དང་རླུང་རྟ་ཚུགས། །པད་བབས་རྒྱ་མཚོ་ཆེན་པོ་ཡིན། །རྦ་རླབས་ཀུན་ནས་གཡོ་བར་འགྱུར། །སྲིན་པོའི་རྒྱལ་བོའི་མོ་ལྷ་ཡིན། །ཁྱོད་ཀྱི་ལྷ་ངོ་ཤིན་ཏུ་དམའ། །ལྷ་སྲུང་མནོལ་བཙོག་ཤོར་བ་ཡིན། །མྱུར་དུ་ལྷ་སྲུང་འཁྲུགས་པ་ཡིན། །ལྷ་སྲུང་འཁྲུགས་པའི་གཡང་ལྷ་ཉམས། །གཡང་སྒྲུབ་དང་ནི་ལྷ་སྲུང་མཆོད། །མནོལ་བསང་ལྷ་ཆབ་སྔོན་མོ་ཐོན། །དགྲ་སྒྲུབ་དགྲ་མནན་དགྲ་འཆིང་བྱ། །སེང་གདོང་ལ་སོགས་ཚུལ་ལྡན་དགོས། །མེ་བབས་མེ་རི་འཁྲུགས་པ་ཡིན། །ཆེར་འབར་ཐམས་ཅད་སྲེག་པར་འགྱུར། །ཀླུ་བཙན་རྒྱལ་བོའི་མོ་ལྷ་ཡིན། །ལྷ་ངོ་ཅུད་ཟད་དམའ་བས་ན། །ཁ་ལས་རླུང་རྟ་ཉམས་པའི་མོ། །སྔོན་ལ་ལྷ་སྲུང་བཙན་པོ་མཆོད། །དེང་འདིར་རེ་ཆགས་ཕྲག་དོག་གིས། །མ་བོར་དེ་ལ་མཆོད་བསྟོད་དང་། །བསྐང་བཤགས་འཁྲུགས་བསྐང་ཅི་མང་དགོས། །ཡང་ན་མགྲོན་པོ་ངན་པ་ཞིག། འོང་བས་ཁྱོད་ཀྱི་ལྷ་ཕུག་འཁྲུགས། །མོ་འདྲེ་དགར་དང་དགུ་མདོས་བྱ། །ཧཱུཾ་བབས་སྲ་བརྟན་རྡོ་རྗེ་བྲག། རྡོ་རྗེ་བྲག་ལ་འཕོ་འགྱུར་མེད། །ཁྲི་སྲོང་ལྡེའུ་བཙན་མོ་ལྷ་ཡིན། །ལྷ་ངོ་ལྷུན་པོ་ལས་ཀྱང་མཐོ། །ཞེས་སོགས་སྤྱི་ཁྱབ་ལ་བརྟག་ཚུལ་དང་། དེ་ལྟར་སྤྱི་བཤད་བྱས་ནས་མོ་གསུམ་འདེབས། མོ་གསུམ་བཏབ་པ་ལས། གསུམ་བཟང་མོའི་ཡང་རྩེ། གཉིས་བཟང་འབྲིང་གི་རབ། གསུམ་ངན་ཐ་ཆད། གཉིས་ངན་འབྲིང་གི་ཐ་མ་སོགས་རྣམ་གྲངས་མི་འདྲ་བ་དུ་མ་ཡོད།

དེ་ལྟར་ཤོ་རྡེའི་བབས་པ་ལ་བརྟག་ནས། དེ་རེ་རེ་ལ་ཡང་ཆོས་ཕྭ། གཞི་ཕྭ། ནོར་ཕྭ། དོན་ཕྭ། ནད་ཕྭ། གདོན་ཕྭ་སོགས་ཀྱི་བདེན་རྫུན་གྱི་ཤན་འབྱེད་པ་དང། ལེགས་ཉེས་སྐྱིད་སྡུག གནོད་པའི་བགེགས། གདོན་པའི་རྫས། མིའི་ན་ཚ། ཕྱུགས་ཀྱི་གོད་ཁ་དང་དེའི་བཟློག་ཐབས་སོགས་ཀྱི་དཔྱད་འབྲས་ཡིག་དྲུག་གི་མོ་ཡིག་བླང་དོར་གསལ་མེར་གསལ་ལོ། །

ཡིག་དྲུག་མོ་ཡིག་མངོན་མཐོང་མེ་ལོང་།

འདིར་ལག་ལེན་ལ་འཁྱེར་བདེ་ཕྱིར། ཡིག་དྲུག་གི་མོ་ཡིག་མངོན་མཐོང་མེ་ལོང་ཆ་ཚང་བཀོད་ན།

༡ སྲོག་ཕྭ་བརྟག་པ། ཨོཾ་བབས་མི་འཆི་ངེས་པ་ཡིན། །མ་བབས་རིམ་གྲོ་མང་སྒྲུབ་བཟང་། །ཎི་བབས་སྨན་དཔྱད་གཟབ་པ་གཙོ། །པད་བབས་འཕྲལ་བདེ་ཕུགས་སུ་བདེ། །མེ་བབས་མི་འཚོ་ངེས་པ་ཡིན། །ཧཱུཾ་བབས་ནད་ཡུན་རིང་བར་འགྱུར། །

༢ ནད་ཕྭ་བརྟག་པ། ཨོཾ་བབས་གདུགས་དཀར་སྒྲོལ་མ་ཐོན། །མ་བབས་དགྲ་རྐུན་ཇག་འཆིང་བྱ། །ཎི་བབས་ནོར་སྒྲུབ་ཀླུ་གཏོར་བྱ། །པད་བབས་གསེར་འོད་གཡང་སྐྱབས་བྱ། །མེ་བབས་རྒྱས་འབྲིང་བསྡུས་གསུམ་འདོན། །ཧཱུཾ་བབས་འདོན་ཆོས་ཅི་འགྲུབ་བྱ། །

༣ དགྲ་ཕྭ་བརྟག་པ། ཨོཾ་བབས་དགྲ་རྐུན་ཅི་ཡང་མེད། །མ་བབས་དོགས་ཟོན་བྱེད་དགོས་ཡོད། །ཎི་བབས་དགྲ་རྐུན་མཚོ་ནས་གཟའ། །པད་བབས་དགྲ་རྐུན་རྒྱུན་དེར་སླེབས། །མེ་བབས་ཇག་རྐུན་ནོར་ལ་མཆི། །ཧཱུཾ་བབས་ཡོད་ཀྱང་བརླག་མི་ནུས། །

༤ དོན་ཕྭ་བརྟག་པ། ཨོཾ་བབས་དོན་ནི་མྱུར་དུ་འགྲུབ། །མ་བབས་འབད་ན་འགྲུབ་པ་ཡིན། །ཎི་བབས་གཞན་དང་བསྡོངས་ན་འགྲུབ། །པད་བབས་འཕྲུལ་དང་ཕུགས་སུ་འབྲིང་། །མེ་བབས་གྱོང་ངོ་དོན་མི་འགྲུབ། །ཧཱུཾ་བབས་རེ་ཞིག་དོན་རྣམས་འགྲུབ། །

༥ མགྲོན་ཕྭ་བརྟག་པ། ཨོཾ་བབས་མགྲོན་པོ་མྱུར་དུ་འོང་། །མ་བབས་སྐད་ཆ་མྱུར་དུ་ཐོས། །ཎི་བབས་ཆས་ནས་ལམ་དུ་ཞུགས། །པད་བབས་ཕྱི་དལ་ཆེ་འོང་ཡོད། །མེ་བབས་མི་འོང་ཐག་གིས་ཆོད། །ཧཱུཾ་བབས་ལམ་གྱི་བཤོལ་སྡོད་ཡིན། །

༦ བོར་ཕྭ་བརྟག་པ། ཨོཾ་བབས་མྱུར་དུ་རྙེད་པ་ཡིན། །མ་བབས་བཙལ་ལུགས་ལེགས་ན་རྙེད། །པད་བབས་དགྲ་ཡིས་འཁྱེར་བ་ཡིན། །མེ་བབས་མི་རྙེད་ཁོ་ཐག་ཡིན། །ཧཱུཾ་བབས་ཞག་འགའ་འགོར་ན་རྙེད། །

༧ རྫས་ཕྭ་བརྟག་པ། ཨོཾ་བབས་ཤར་གྱི་ཕྱོགས་ནས་འོང་། །མ་བབས་ལྷོ་ཡི་ཕྱོགས་ནས་འོང་། །ཎི་བབས་ནུབ་ཀྱི་ཕྱོགས་ནས་འོང་། །པད་བབས་བྱང་གི་ཕྱོགས་ནས་འོང་། །མེ་བབས་ཉེ་བ་བརྒྱུད་དེ་ཡོང་། །ཧཱུཾ་བབས་རང་རང་ཕྱོགས་ནས་ཡོང་། །ཞེས་སོ། །

བོན་གྱི་མོའི་སྐོར་ལ་ཅུང་ཟད་བཤད་པ།

བོན་མོ་ལ། ཕྭ་གཤེན་ཇུ་ཐིག་ཅན་ཞེས་པ་དེ་ཁོ་ན་ཡང་། པྲ་ལྟོས་མོ་དང། སྣང་མཐོང་རྩིས། ནད་གསོ་དཔྱད། འཆི་བསླུ་གཏོ་བཅས་བོན་སྒོ་རྣམ་པ་བཞི་ཡོད་ལ། ཐོག་མར་པྲ་ལྟོས་མོ་ནི། བོན་གྱི་མོ་ཡི་བསྟན་བཅོས་ཡིན་ལ། དེ་ཡང་ཡེ་སྲིད་འཕྲུལ་གྱི་ཇུ་ཐིག ཡེ་མཁྱེན་དགྲ་ལྷའི་མངོན་ཤེས། ཡེ་རྗེ་སྨོན་པའི་རྨི་ལམ། ཡེ་དབང་ལྷ་ཡིས་བཀའ་བབས་སོགས་ཡོད། ཇུ་ཐིག་སྲོལ་བཏོད་པ་པོ་ནི། གཤེན་རབ་མི་བོ་ལ་ཕྭ་གཤེན་ལེགས་རྒྱལ་ཐང་བོ་སོགས་ཀྱིས་ཞུས་ཏེ་བསྟན་པར་གྲགས་ལ། འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་གྱིས﹙༡༨༤༦ -- ༡༩༡༢﹚ཇུ་ཐིག་གི་ཡིག་ཆ་པོད་ཆེན་བཅུ་གཅིག་ཙམ་དཔྱད་གཞིའི་རྒྱུ་ཆར་བཀོལ་ནས་སྲིད་པ་འཕྲུལ་གྱི་ཇུ་ཐིག་གི་དཔྱད་དོན་སྣང་གསལ་སྒྲོན་མེ﹙མདུད་པ་རྒྱག་ཚུལ་གྱི་རི་མོ་དང་བཅས་དུམ་པ་གཅིག་ཡོད། ﹚ལས། ཀུན་ལས་སྔ་བ་མོ་འདི་ནི། །ཞང་ཞུང་ཐང་བོ་ཆེ་ཞེས་པར། །ཁྱུང་ལུང་དངུལ་གྱི་མཁར་ནང་དུ། །སྟོན་པའི་སྐུ་ལས་སྤྲུལ་བ་ཡིན། །འཕྲུལ་གཤེན་ཀུན་ཤེས་ཐང་བོས་བསྟན། །དེ་ནས་རིམ་པར་བརྒྱུད་པ་ཡི། །བཀའ་དང་གཏེར་གྱི་ཚུལ་དུ་བྱུང་། །འགྲོ་བའི་བླང་དོར་མིག་ཏུ་གྱུར། །ཞེས་དང་། ཇུ་ཐིག་གི་མོ་འདི་ལ་རྣམ་གྲངས་ཀྱང་བརྗོད་ལས་འདས་པ་སྟེ། བོན་གྱི་བརྟེན་འགྱུར་ཁྲོད་ཀྱི་ཡེ་སྲིད་འཕྲུལ་གྱི་ཇུ་ཐིག་ལས། མདུད་རྫོང་ཁྲ་མོ་ཀུན་གསལ་འདི། །བསྐལ་བ་དང་བོའི་དུས་ཙམ་ན། །མཁྱེན་རབ་རྡུལ་གྱི་གྲངས་ཙམ་བསྟན། །དེ་ལས་ཉེ་བར་བསྡུས་པ་ནི། །དཀར་ནག་ཁྲ་གསུམ་མོ་མདུད་ལ། །སུམ་བརྒྱ་དྲུག་ཅུར་འདུས་པ་ཙམ། །དེ་ལ་རྒྱག་གི་བསྒྱུར་ཙམ་ན། །བདུན་བརྒྱ་ཉི་ཤུར་འགྱུར་བ་སྟེ། །ཡང་རྒྱག་བརྒྱད་ཁྲི་བཞི་སྟོང་དང་། །བྱེ་བྲག་བྱེ་བ་ཕྲག་བརྒྱ་ཡོད། །སེམས་ཅན་བློ་ལ་ངེས་མེད་ཀྱི། །སྣ་ཚོགས་འཆར་བ་དེ་བཞིན་དུ། །མོ་མདུད་སྣ་ཚོགས་བབས་པ་ལ། །བསམ་གྱིས་མི་ཁྱབ་བརྗོད་མི་ལང་། །ཞེས་གསུངས་པ་དང་། ཡེ་སྲིད་འཕྲུལ་གྱི་ཇུ་ཐིག་འདི་ནི། མོ་འདེབས་ཀུན་ལས་མཆོག་གྱུར་ཞིག་ཏུ་འདོད་དེ། དེ་ཉིད་ལས། ཡེ་སྲིད་མོ་ཡི་རྒྱལ་བོ་འདི། །འཕྲུལ་མོ་གཞན་གྱིས་འགྲན་ཟླ་མེད། །དབྱིངས་ཉིད་ནམ་མཁའ་སྟོང་བ་ལ། །ཡེ་ཤེས་ཉི་མ་རང་གསལ་འདྲ། །སྣང་བ་འོད་ལྡན་ཐུགས་ཀྱི་བཅུད། །ཡེ་སྨོན་རྒྱལ་བོའི་སྨོན་ལམ་མཐུ། །ཕྭ་བུ་གཡང་དཀར་མངོན་ཤེས་དཔྱད། །སྟོང་གསུམ་ཐམས་ཅད་གསལ་བའི་མིག །གཤེན་རབ་སྟོན་པའི་གསུང་གི་བཀའ། །ལེགས་རྒྱལ་ཐང་བོས་སྟོན་པའི་ལུང་། །རིག་འཛིན་གྲུབ་པས་མཛད་པའི་སྲོལ། །འདི་ནི་གཞན་ལས་ཁྱད་པར་འཕགས། །ཞེས་སོ། །དེ་ལྟར་ཇུ་ཐིག་གི་མོ་ཡིག་ཏུན་ཧོང་ཡིག་རྙིང་ལས་ཀྱང་མང་དུ་བྱུང་བར་མ་ཟད། མཁན་བློ་བཟང་མདོ་རྒྱུད་ཀྱིས་ཀྱང་། ཞང་ཞུང་གི་མོ་ཡིག་པོད་བཅུ་བདུན་ཙམ་གོ་བསྡུར་ནས། ཇུ་ཐིག་གི་གཞུང་རྒྱུད་ཆེན་དགོངས་པ་རབ་གསལ་ཞེས་པ་ཡང་མཛད་ཡོད་དོ། །

མདུད་པའི་རྣམ་གྲངས་ལ། སྣང་གསལ་སྒྲོན་མེ་ལས། ད་ལྟར་སྲིད་པའི་བླ་མདུད་ལ། །ཞིབ་ཚགས་བྱས་ན་དྲུག་བརྒྱ་ཡོད། །སངས་ཁྲི་ཕྲག་འབུམ་ཞེས་སོགས་བཤད། །བབ་སྐྱེན་པ་བསྡུས་པས་སུམ་བརྒྱ་དྲུག་ཅུ་ཡོད། །བརྒྱག་གི་﹙བརྒྱག་ཅེས་པ་ནི། མདུད་པའི་གཙོ་བོ་གང་འདྲ་ཞིག་བྱུང་བ་དེ་མོ་གདན་གྱི་སྟེང་དུ་བཀོད་པའི་ཚེ། མདུད་པའི་བཀོད་དབྱིབས་དང་། ཁ་ཕྱོགས་ཀྱི་འབྲེལ་བ་སོགས་ལ་ཞིབ་དཔྱད་བྱེད་པའི་རིགས་ལ་ཟེར། ﹚བསྒྱུར་བ་མི་འདྲ་བ་ཁྲི་ཙམ་ཡོད། །བརྒྱག་གཙོ་བོ་བདུན་བརྒྱ་ཉི་ཤུར་འདུས། །ཞེས་དང་། མོ་མདུད་སུམ་བརྒྱ་དྲུག་ཅུ་ལ། །དྭངས་མ་བརྒྱ་དང་ཉི་ཤུ་དེ། །ལྷ་ཁམས་སྲིད་པའི་བླ་གནས་ཡིན། །མཛངས་ལ་བརྒྱ་དང་ཉི་ཤུ་དེ། །མི་ཁམས་སྲིད་པའི་བླ་གནས་ཡིན། །སྙིགས་མ་བརྒྱ་དང་ཉི་ཤུ་དེ། །འདྲེ་ཁམས་སྲིད་པའི་བླ་མདུད་ཡིན། །ཞེས་སོགས་མང་དུ་ཡོད་དོ། །

དེ་ཡང། ཇུ་ཐིག་གི་མོ་མགོ་འབུས་ཙམ་སྨོས་ན། ཇུ་ཐག་གི་རྟེན་འཆའ་པའི་ཚུལ་ཡང་། ལུག་ལ་དར་གྱིས་བརྒྱན་ཏེ་གྱེན་ཏུ་བཏང་། ཁྱི་ལ་བཟློག་གཏོ་བཀལ་ནས་ཐུར་དུ་བཏང་། ཁྱི་ནག་པོ་དཔྱི་དཀར་ལ་དཔུང་རྒྱན་བྱས་ནས་སྲུང་མར་འབུལ། དེ་ནས་རྒྱ་རྩ་བཞིན་བཟང་དང་། དམར་རྩ་མཚལ་ཁ། སྔོན་པོ་ལྕགས་ཁ། ཀ་བ་བང་རིམ་དང་བཞི། མགོན་ར་ཕྱུགས་པ་མིག་སོགས་དབང་པོ་མ་ཉམས་པ་རྣམས་ཀྱི་སོག་བལ་གཡས་གཡོན་ནས་འདབ་མ་གསུམ་རེ་བླངས་པའི་བལ་ལ་གཞི་བྱས་ཏེ། དེའི་ནང་ར་དཀར་མོའི་ཨག་ཚོམ། དྲེད་མོང་གི་སྣ་སྤུ། རི་སྤྱང་གི་རྔ་ལྗགས། འབྲོང་གི་རྩིད་པ། སྟག་གཟིག་གི་སྤུ། ཐང་དཀར་གྱི་སྟག་སྤུ། ཕུང་སྲི་རྔ་མོང་གི་དཔུང་རྩི། རྟ་མཆོག་མཚལ་བུའི་རྔོག་མ། རི་སྤྱང་སྔོན་མོས་བསད་པའི་ལུག་གི་སོག་བལ་བཅུ་གསུམ་སོགས། མཁོ་རྫས་རྣམས་ཚང་བར་བྱས་ནས་བསྲེས་ཏེ་བུ་མོ་ཕ་འཛོམས་མ་འཛོམས་གསུམ་གྱིས་ཇུ་ཐིག་འཁེལ་དགོས་པ་དང་། སྒྲུབ་ཐབས་སོགས་འཇུ་མི་ཕམ་གྱི་གསུང་འབུམ﹝ཇ﹞དུམ་པའི་རྣོ་མཐོང་མོ་ལྷའི་རྒྱལ་བོ་ཞེས་པར་གསལ་བས། ཞིབ་ཏུ་དེར་གཟིགས་པར་བྱའོ། །གཞན་ཡང་། ཇུ་ཐིག་དེ་འཁེལ་སྟངས་ཡང་སྦོམ་ན་བྱ་རྒོད་ཀྱི་སུག་པ། ཕྲ་ན་ཨབ་ཐོང་གི་རྒྱུ་མ་ཙམ་ལ་མོ་རྟའི་མཚམས་སུ་ཁ་བུན་སོགས་དང་། དེར་དངུལ་དཀར་གྱི་མེ་ལོང་བཏགས། གཞན་རིན་པོ་ཆེ་དང་དར་གོས་སྣ་ཚོགས་ཀྱིས་མཛེས་པར་བྱས། དེ་ནས་ཇུ་ཐིག་ཤར་བ་རྐྱ་དྲུག་ཏུ་འབོད་པའི་ཐ་གུ་རིང་ཐུང་དྲུག་ཡོད་པ་དེ་དག་གི་བཅོས་སྟངས། རྫས་སྦྱོར་སོགས་བོན་གྱི་མོ་གཞུང་ན་སྣང་ཞིང་། ཁྱད་པར་དུ་གཞུང་དེ་དག་ན་ཐི་གུ་ལ་མདུད་པ་མདུད་ཚུལ་ལ་བརྟག་ཏེ་ལེགས་ཉེས་དཔྱད་ཚུལ་མང་དུ་སྣང་བ། ཆོས་རྒྱལ་སྲོང་བཙན་གྱི་དུས་སུ་འང་བེད་སྤྱོད་བྱེད་དེ། ཐང་ཡིག་གསར་རྙིང་ལས། རྩིས་བྱེད་ཚེ་ཤིང་བུ་ལ་རྟགས་འདེབས་པ་དང་། སྐུད་པ་ལ་མདུད་པ་བོར་ཏེ་བྱེད། ཅེས་གསུངས་པས་ཤེས་ནུས་ལ། དེ་ཡང་། ཇུ་ཐིག་གི་བསྟན་བཅོས་འདི་རྒྱ་ཆེ་བས། དེ་ལ་བརྟེན་པའི་བསྟན་བཅོས་ཀྱང་མང་བོ་ཡོད། གཞན་ཇུ་ཐིག་ལ་བརྟེན་ནས་མོ་བཏབ་པ་གླིང་སྒྲུང་ཚུན་ནའང་ཡོད་དེ། འདན་མའི་ནས་རྫོང་ལས། ཇོ་རུ་དང་ཁྲོ་ཐུང་གཉིས་ཀ་འདན་ཡུལ་དུ་ཕེབས་ཏེ། འབྲུ་སྔོན་གཡང་གི་གཏེར་སྒོ་ཕྱེས་ནས། ཕྱིར་གླིང་ཡུལ་སླེབས་པའི་ལམ་ཁར་ཧོར་གྱི་ཡུལ་ལ་ཐོན་པ་ན། ཧོར་བླ་རི་བརྒྱ་འཛོམས་ཟེར་བ། ཚེ་འདི་ཕྱི་གཉིས་ཀྱི་སྐྱིད་སྡུག་མཁྱེན་མཁན་ཞིག་ཡོད་པ་དེར། བླ་མ་ཁྱེད་ཀྱིས་ཧོར་གུར་དཀར་རྒྱལ་བོ་དང་ཇོ་རུ་རྒྱལ་བོ་གཉིས་ལས། སུ་བཟང་གི་མོ་ཞིག་གསུང་རོགས་གནང་ཟེར་བར། བླ་མ་དེས་ཇུ་ཐིག་ལ་མདུད་པ་ཞིག་བརྒྱབ་ནས་དེ་ལ་བལྟ་ཡག་ཅིག་བྱས་ཏེ། ཧེ་ཧེ། ལྟས་ངན་འདི་འདྲ་ཞིག་བབས་སོང་ཟེར། ཁོས་ཅི་བབ་ཞུས་པས། ཧོར་གུར་དཀར་རྒྱལ་བོ་ལ་གངས་རི་དཀར་བོ་ཞིག་བབས་ཀྱང་། ཇོ་རུ་ཟེར་བ་དེར་གསེར་གྱི་ཉི་མ་ཞིག་བབས་འདུག གངས་རི་དང་རི་རྒྱལ་འདི་བླ་ཆེན་དང་དཔོན་ཆེན་གྱི་མོ་ཡིན་ཡང་། ཁྲི་གདུགས་ཉི་མ་ཤར་ན་སྔོན་མོ་ཆུ་ལ་འགྱུར་འགྲོ་བས་མི་བཟང་ཟེར། ཡང་། ཁོས་གུར་ནག་རྒྱལ་བོ་དང་ཇོ་རུ་གཉིས་ལས་སུ་བཟང་གི་མོ་ཞིག་གསུངས་ཞུས་པས། ཡང་། ཇུ་ཐིག་ལན་གསུམ་འཕངས་ནས། ཨ་ཨ། ཤི་འདྲེ་ངན་པ་ཞིག་ཅི་ཡིན་ནམ་ཟེར། ཅི་བབ་ཞུས་པས། གུར་ནག་རྒྱལ་བོ་དེ་ལ་རྔམ་བརྗིད་ཀྱི་དྲེད་མོང་ཞིག་བབས་ཀྱང་། ཇོ་རུ་རྒྱལ་བོ་དེ་ལ་གངས་སེང་དཀར་མོ་ཞིག་བབས་འདུག དྲེད་མོང་དེ་མི་ཆག་ཆེན་གྱི་མོ་ཡིན་ལ། གངས་སེང་དཀར་མོའི་ངར་སྒྲ་སྒྲོགས་ཚེ། དྲེད་མོང་བྲོས་ནས་ནགས་ལ་མི་ཆགས། ཟེར་བ་ཡིན་པས་མི་བཟང་འདུག་ཟེར། འོ་ན། གུར་སེར་རྒྱལ་བོ་དང་ཇོ་རུ་རྒྱལ་བོ་གཉིས་ལས་སུ་བཟང་བ་མོ་ཞིག་གསུངས་དང་ཟེར་བར། ཡང་། སྔར་ལྟར་ཇུ་ཐིག་ལ་མདུད་པ་བོར་ནས་ལྟ་ཡག་ཅིག་བྱས་ཏེ། ཨོ་ཧོ་ཧོ། བྱ་བ་ནག་པོ་འདི་འདྲ་བའི་མོ་ངན་ཞིག་བབས་འདུག་ཟེར་བས། ཅི་བབ་ཞུས་པས། གུར་སེར་རྒྱལ་བོ་དུང་གི་ལུ་གུ་དཀར་བོ་ཞིག་བབས་ཀྱང་། ཇོ་རུ་རྒྱལ་བོ་དེ་རི་སྤྱང་སྔོན་མོ་ཞིག་བབས་འདུག རི་སྤྱང་སྔོན་མོའི་བང་ལམ་ནས་གཡང་དཀར་ལུ་གུ་ཁན་འཇོག་བྱེད། ཟེར་བ་ཡིན་པས། མི་བཟང་ཟེར། ཞེས་གསུངས་པས་ཀྱང་ཇུ་ཐིག་གི་མོ་འདི་འདེབས་སྲོལ་ཡོད་པར་ཤེས་ལ།

ཁྱད་པར་དུ། འཇུ་མི་ཕམ་གྱི་གསུང་འབུམ﹝ཇ﹞དུམ་པ་ཡོངས་རྫོགས་ན། ཇུ་ཐིག་གི་མདུད་པ་མདུད་ཚུལ་ཀྱི་དཔེ་རིས་དང་བཅས་པ་ཆ་ཚང་དང་། བོན་གྱི་བརྟེན་འགྱུར་ཁྲོད་ཀྱི་དུམ་གྲངས་རེ་བརྒྱད་པར། ཡེ་སྲིད་འཕྲུལ་གྱི་ཇུ་ཐིག་གི་མོ་བདར་ཆུང་བ་ཉེར་མཁོ་འཁྱེར་བདེ་དང་། ཡེ་སྲིད་འཕྲུལ་གྱི་ཇུ་ཐིག མོ་མཚོ་སྲིད་པའི་སྒྲོན་མ། སྣང་སྲིད་ལེགས་ཉེས་ཀུན་གསལ་སོགས་དུམ་པ་དེར་ལེའུ་བརྒྱ་དང་གཅིག་གིས་ཕྱེ་སྟེ་གསུངས་ཡོད་པས་ཞིབ་ཏུ་རྟོགས་འདོད་པ་རྣམས་ཀྱིས་དེ་དག་དང་། ཡང་ན། གྱང་ལ་དབུ་དཀར་བས་མདུད་རྫོང་ཕྲ་མོ་གཞུང་ཁྲལ་དང་། རྐྱང་དཔྱད་གསལ་བའི་མེ་ལོང་། མདུད་རྫོང་ཁྲ་མོ་གཞུང་འགྲེལ་དང་། འབར་གཅུང་བཀྲ་ཤིས་རྒྱ་མཚོས་མཛད་པའི་མདུད་རྫོང་རྡོ་རྗེ་གསང་བའི་ཐ་རམ་དང་། ཁོག་དབུབ་ཁྱུང་ཆེན་ལྡིང་བ་སོགས་སུ་བལྟ་དགོས་སོ། །

བྱ་དྲུག་ལ་བརྟེན་པའི་མོ།

བྱ་དྲུག་ལ་བརྟེན་ནས་མོ་འདེབས་ཚུལ་འདི་ཡང་། ཇུ་ཐིག་གི་མོ་འདེབས་ཚུལ་གྱི་གྲས་སུ་གཏོགས་པར་བཞེད་ལ། ཕྱིས་སུ་ནང་བསྟན་གྱི་ཤན་ཞུགས་ཐེབས་ཏེ་བྱ་དྲུག་གི་མོ་ཡིག་རྣོ་མཐོང་གསལ་བའི་མེ་ལོང་ཞེས་པའང་ཡོད། དེ་ནི་བྱ་དྲུག་གི་ཚབ་བྱེད་རྡེའུ། ཁུ་བྱུག་སྔོན་པོ། ངང་བ་སེར་བོ། སྐྱ་ཀ་ཁྲ་བོ། གོང་མོ་དམར་བོ། ཐི་བ་དཀར་བོ། ཕོ་རོག་ནག་པོ་བཅས་འཐུས་ཚང་དུ་བསྒྲིགས་ཏེ། མཚན་མོ་སྐར་མ་ཤར་བ་ནས་མོ་བ་རང་ཉིད་དད་འདུན་ཆེ་སའི་ལྷ་དེར་གསོལ་བ་རྩེ་གཅིག་ཏུ་འདེབས་ཞོར། ཡེ་དྷརྨ་དང་རིགས་གསུམ་མགོན་པོའི་གཟུངས་སྔགས་བཟླས་ནས་བདེན་པ་བདར་བ་སྟེ། ཁྱེད་རྣམས་ཀྱིས་མཐུ་དང་མངོན་ཤེས་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པའི་སྒོ་ནས། སྲིད་པའི་བྱ་དྲུག་གི་མོ་འདི་བཟང་བོ་ངན་དུ་མ་སྟོན། ངན་པ་བཟང་དུ་མ་སྟོན། བཟང་ངན་གྱིས་ཤན་ཕྱེས། ལེགས་ཉེས་བདེན་རྫུན་གྱི་གཏིང་ཆོད། རྣོ་མཐོང་མོ་འདི་དྲང་དུ་ཕོབ། གསལ་བོར་སྟོན་ཅིག ཅེས་རྡེའུ་ལ་སྔགས་ནས་ལག་གཡས་པས་རྡེའུ་དཀྲུགས་ཏེ་ལག་མཐིལ་གཡོན་པ་ལ་རིམ་བཞིན་འཕངས་པས། རྡེའུ་ཁ་དོག་ལ་བལྟས་ཏེ། དོན་ཕྭ་དང་། རྫས་ཕུད། ལེགས་ཉེས་ལ་དཔྱད་པ་ཞིག་ཡིན། གཞན་བྱ་དྲུག་པོའི་མཚོན་བྱེད་ལ། ཐ་གུ་འམ་རིལ་མ་མི་འདྲ་བ་དྲུག་གིས་འདེབས་སྲོལ་ཡང་ཡོད་པར་བཤད།

གཤམ་དུ་རྡེའུ་ཁ་དོག་ལ་དཔྱད་པའི་འབྲས་བཤད་ནི། རྡེའུ་སྔོན་པོ་ཁུ་བྱུག་བབས་ན། བསམ་དོན་འགྲུབ། བོར་བ་ཤར་ན་ཡོད། རྫས་དམར་སེར་དཀར་བོ་བཅས་ཡིན། རྡེའུ་ཁྲ་བོ་སྐྱ་ཀ་བབས་ན། དོན་ཕྭ་བཟང་། བོར་བ་ནུབ་བྱང་དུ་ཡོད། རྫས་ལྕགས་རིགས་ཡིན། རྡེའུ་དམར་བོ་གོང་མོ་བབས་ན། དོན་ཕྭ་འགྱུར་ལྡོག་ཆེ། བོར་བ་རྙེད་དཀའ། རྫས་སྣོད་རྐྱལ་རྙིང་ཡིན། རྡེའུ་ནག་པོ་ཕོ་རོག་བབས་ན། དོན་བྱ་གང་ལའང་ངན། བོར་བ་ཤར་ན་ཡོད། རྫས་དམར་བོ་ཡིན་པ་སོགས་མང་ངོ་། །ཞིབ་ཏུ་བྱ་དྲུག་གི་མོ་ཡིག་རྣོ་མཐོང་གསལ་བའི་མེ་ལོང་ལ་གཟིགས་པར་བྱའོ། །

ཡང་། འདི་དང་ཆ་འདྲ་བ་ཀརྨ་ཆགས་མེད་ཀྱི་ལྷ་བརྒྱད་མོ་ཡིག་ཅེས་པ། རྒྱལ་མཚན། ཕོ་རོག སེང་གེ གླང་ཆེན། རྟ་བརྒྱའི་རྟོད་ཕུར། བེར་ག རུས་སྦལ། བྱ་དཀར་བརྒྱད་པོ་གང་རུང་བབས་པ་ལ་བརྟེན་ནས་དོན་ཕྭར་དཔྱད་པའི་མོ་ཡིག་ཞིག་ཀྱང་ཡོད་དོ། །

ཕྲེང་མོ།

ཕྲེང་མོ་འདེབས་སྟངས་འདི། མོ་འདེབས་སྟངས་ཧ་ཅང་སྟབས་བདེ་ཞིག་ཡིན། དེ་ནི་གཙོ་ཆེར་ན་ཚ་དང་། གོད་ཁ། བོར་བརླག རི་དྭགས་རྔོན་རྒྱག དམག་འཁྲུག་སོགས་ལ་གཙིགས་པར་བཤད། ཕྲེང་མོ་རྒྱག་སྐབས་དད་བྱའི་ལྷ་ལ་གསོལ་བ་རྩེ་གཅིག་ཏུ་བཏབ་ནས། ཕྲེང་བ་ལ་ལག་པས་འཕུར་འཕུར་བྱས་ནས། དོན་བྱ་གང་ཡིན་དེར་དམིགས་ནས། ལག་གཡས་གཡོན་གཉིས་ཀྱི་ཕྲེང་སྐོར་གྱི་རྡོག་པོའི་བཅད་མཚམས་ནས། གོང་མཛུབ་དང་མཐེ་བོང་གིས། ཕྲེང་རྡོག་གསུམ་རེ་བསྣུར་ནས། གྲངས་ཀ་མི་འདྲ་བ་ཅི་རིགས་འབྱུང་བས། གྲངས་ཀའི་མང་ཉུང་ལ་བརྟག་ནས་འགྲེལ་བརྗོད་བྱེད་པ་ཞིག་ཡིན།

ཕྲེང་མོའི་དཔྱད་འབྲས་ནི། གཅིག་བབས་ན། ལྷ་ངོ་མཐོ། མགྱོགས་ངོ་ཆེ་ཞེས་དོན་བྱ་མྱུར་འགྲུབ་ཀྱི་རྟགས་དང་། གཉིས་བབས་ན། ཕོ་རོག་ཤ་ཁྱེར་རི་མགོ་རྩེ་ལ་འགྲིམས། །གཏམ་བཟང་ལུང་བའི་སྦུག་ལ་འཁོར། །ཞེས་གྲོགས་བཟང་འཁོར་བའི་རྟགས་དང་། གསུམ་བབས་ན། གཟུགས་པོ་རིང་བས་བལྟས་པ་མཐོང་། །རྟིང་བ་བཀྱག་བཀྱག་བྱས་ན་མཐོང་། །སྐད་འབོད་ཅན་གྱིས་བོས་ན་གོ ། བཙོག་སེ་སོང་ན་ཤར་སེ་ཐུག །ཉེ་བ་དང་མགྱོགས་ངོ་ཆེ་རྟགས་དང་། བཞི་བབས་ན། བྱ་རོག་སྤྱང་མའི་རྒྱུགས་ལམ་ལ། །ཁ་གཡར་སའི་བཙོང་ངོ་ཕྲན་བུ་བསམ། །ཉི་མ་དྲོས་ནས་གླིང་བཞི་བསྐོར། །ཞེས་སྤྱིར་ན་མོ་བཟང་། ཡོང་སྒོ་འགལ་རྐྱེན་ཕྲན་བུ་ཡོད་པའི་རྟགས་སུ་བཤད། ལྔ་བབས་ན། མཛོ་མོ་ལ་དགུ་ལུང་དགུར་བུད། །གྱི་ལིང་རྟ་ཕོས་འགུགས་ནས་བཀུགས། །ཞེས་བོར་བརླག་སོགས་ཀྱི་རྒྱུ་འབྱོར་ལག་སོན་ཡོང་། རྔོན་པར་རི་དྭགས་གསོད་པའི་སྐལ་བ་ཡོད་པ། མགྲོན་པོ་བདེ་བླག་ཏུ་སླེབས་པར་བཤད་པ་དང་། དྲུག་བབས་ན། རྒྱལ་བོ་གསེར་ཁྲིའི་ཐོག་ལ་བཞུགས། །བཙུན་མོ་དངུལ་ཁྲིའི་ཐོག་ལ་བཞུགས། །རྒྱ་རྒྱལ་བོས་བོད་ལ་གནོད་མི་ཐུབ། །མགོ་རྒྱ་གླིང་གིས་བརྡུངས་ཀྱང་དེ་མི་ཤི ། ཞེས་དོན་ཆེ་ཕྲ་འགྲུབ་དཀའ་བའི་རྟགས་དང་། བདུན་བབས་ན། ཨ་མ་མི་ཡི་ཡུལ་དུ་སོང་། །ཁྱོས་མ་རང་གི་ཡུལ་ལ་འཁུར། །ཞེས་གྲོགས་ངོ་ཆེ་བས་དོན་བྱ་འགྲུབ་རྟགས་དང་། བརྒྱད་བབས་ན། རྒྱལ་མཚན་མགོ་ནས་ཉི་མ་ཤར། །ཕོ་སྐྱ་བོ་ཡིན་ན་རང་མགོ་ཐོན། །བན་ཆོས་པ་ཡིན་ན་ཆོས་མགོ་ཐོན། །སྐྱ་བོས་སྐྱ་སྲིད་བསྐྱངས་པས་སྲིད་དོན་འགྲུབ། །བན་བླ་གྲྭས་ཆོས་མགོ་ཐོན་ནས་སྐྱ་མི་འབབ། །ཅེས་ཆོས་སྲིད་ལ་རང་སྐྱ་ཕེར་ཞིང་། དོན་བྱ་འགྲུབ་ཞིང་གཞི་བརྟན་པའི་རྟགས་དང་། དགུ་བབས་ན། རྔ་ནག་འབྲོང་གཅིག་མ་བསད་ན། །མགོ་ཆག་མི་ཞིག་ཐུག་ས་འདུག །ཅེས་དོན་བྱ་གནས་སྐབས་འགྲུབ་དཀའ་ཡང་། ཕྱི་ནས་འགྲུབ་པ་སོགས་ཀྱིས་འགྲེལ་བརྗོད་བྱེད་དོ། །ཞིབ་པར་ཐུའུ་བཀྭན་ཆོས་ཉིའི་རྟ་མགྲིན་གསང་སྒྲུབ་ཀྱི་ཆོས་སྐོར་ལས་ཕྲེང་མོ་འདེབས་ཚུལ་ལྐོག་གྱུར་གསལ་བའི་མེ་ལོང་སོགས་སུ་ཤེས་པར་བྱའོ། །

ཇག་པའི་རྒྱུགས་མོ།

ཇག་པའི་རྒྱུགས་མོ་འདི་ཡང་ཇུ་ཐིག་གི་མོ་འདེབས་ཚུལ་ལས་དར་བར་མངོན་ལ། འདི་སྔོན་ཆད་ཇག་ལས་བྱེད་པའམ། ར་མདར་ཆས་སྐབས་བྲེལ་སྟབས་ཀྱིས་བརྒྱག་པའི་དམངས་སྲོལ་གྱི་མོ་ཞིག་ཡིན། དེ་ཡང་གང་ལ་དད་འདུན་ཆེ་བའི་ལྷ་སྲུང་ངམ་གཞི་བདག་གང་རུང་ལ་གསོལ་བ་བཏབ་སྟེ། སྲབ་མདའ་དང་ལྷམ་སྒྲོག་ལ་མདུད་པ་བརྒྱབ་ནས་ལེགས་ཉེས་འབྱེད་པའི་མོ་ཞིག་ཡིན་ལ། མོ་འདི་ལ་མདུད་པ་མི་འདྲ་བ་བཞི་མདུད་ཚུལ་ཡོད། མཛོ་མོ་གསེར་སྣ་ཞེས་ཐ་གུ་གཅིག་ནང་གཅིག་བརྒྱུས་ནས་ཡོད་ན་བརྟག་བྱའི་དོན་དེ། ལེགས་རབ་ཏུ་བརྩི་བ་དང་། ཐི་གུ་གཉིས་གཤིབ་ཞེས་ཐི་གུ་གཉིས་གཤིབ་ཡོད་ན། འབྲིང་ཤིས། ཤྭ་བོ་སྐེ་གཅུས་ཞེས་མོ་ཐིག་ཟུང་བསྣོལ་མར་ཡོད་ན་འབྲིང་། ད་ལེན་མགོ་རྡུམ་ཞེས་ཐ་གུ་རང་སར་ཡོད་ན་ཐ་མར་བཤད་དོ། །

ཡང་གླིང་སྒྲུང་རྟ་རྒྱུགས་རྒྱལ་འཇོག་ལས། གླིང་མི་རྣམས་རྟ་རྩལ་འགྲན་བཞིན་པའི་སྐབས་དེར། གེ་སར་གྱིས་གསེར་གྱི་པ་ཊ་དང་དར་བཅས། ཀུན་ཤེས་ལ་མོ་ཡོན་དུ་ཕུལ་ནས། མོ་ཞིག་འདེབས་དགོས་ཚུལ་གསུངས་པས། མོ་མས་དེ་རིང་རྟ་རྒྱུགས་འདི་ལ་སྲབ་མདའ་གང་གི་སྔ་ཕྱི། རྣ་མཆོག་གང་གི་མཐོ་དམན་ཡོད་པའི་དུས་དེ་ཙམ་ལ། མོ་བཏབ་ནས་གཞི་བཀོད། རྨུ་གབ་ཕྱེ། མོ་ལྷ་བདར་བ་སོགས་ཁོམ་ལོང་མེད་མོད། འོན་ཀྱང་། ཇོ་རུ་འདིའི་བསམ་པ་རྫོགས་ཆེད་མགྱོགས་མོ་ཞིག་མ་བཏབ་ན་མི་འོས་སྙམ་སྟེ། རུམ་ནས་ཇུ་ཐིག་བླངས་ཏེ་མོ་བདར་བ་ཞེས་སྟབས་བདེའི་མོ་འདེབས་ཚུལ་འདི་ཡང་ཇག་པའི་རྒྱུགས་མོའི་ཁོངས་སུ་གཏོགས་སོ། །

གེ་སར་ཤོ་མོ།

མོ་འདི་གླིང་གི་མེ་བཟའ་འབུམ་སྐྱིད། བདུད་ཀླུ་བཙན་རྒྱལ་བོས་འཕྲོག་ཚེ། གླིང་རྗེ་གེ་སར་བདུད་ཡུལ་དུ་བྱོན་སྐབས། འདེབས་གནང་མཛད་པའི་མོ་ཞིག་ཡིན་པར་གསལ་ཏེ། འཛམ་གླིང་གེ་སར་རྒྱལ་བོ་ནི། །ནག་པོ་བདུད་ཡུལ་བྱོན་པའི་དུས། །མགྱོགས་མོ་འདི་དག་མཛད་པ་སྟེ། །དཀའ་ཚེགས་ཆུང་ཞིང་མངོན་ཤེས་ཆེ། །བདར་མོ་ལག་ཏུ་ལེན་པ་ནི། །ནས་འབྲུ་ཏིལ་འབྲུ་རྡེའུ་སོགས་ལ། །རྡེའུ་དགུ་ནང་ལ་རྟགས་ཅན་གཅིག །གང་འཛོམས་དགུ་བོ་ལག་ཏུ་ཐོགས། །མོ་བདར་རྒྱས་པར་སྤྲོ་ན་ནི། །གེ་སེར་ཧ་འབོད་རིང་མོ་བྱ། །ཞེས་པ་ལྟར། རྡེའུ་དགུ་བསྒྲིགས་ནས་ལྷ་གང་རུང་ལ་གསོལ་བ་བཏབ་ནས་ལེགས་ཉེས་སྟོན་པ་ཞིག་ཡིན། ཞིབ་ཏུ་ཤེས་འདོད་པ་དག་གིས་མོ་དཔེ་ཕྱོགས་བསྒྲིགས་ཀྱི་ཤོག་ངོས༡༥༣ ནས ༡༥༩ བར་གསལ་བས་དེར་གཟིགས་པར་བྱའོ། །གཞན་ཡང་གེ་སར་གྱི་དགྲ་འདུལ་རྣོ་མཐོང་གསལ་མེ་ཞེས་པའང་ཡོད་ལ། ཡི་གེ་མངས་སུ་འཇིགས་ནས་འདིར་མ་བཀོད་ལ། ཞིབ་ཏུ་ཤེས་འདོད་པ་རྣམས་ཀྱིས་དོན་ཀུན་གྲུབ་པས་དག་སྒྲིག་བྱས་པའི་མོ་དཔེ་ཕྱོགས་བསྒྲིགས་ལ་གཟིགས་པར་ཞུ།

མདའ་མོ།

མདའ་མོ་འདེབས་ཚུལ་འདི་ཡང་། གླིང་སྒྲུང་འཁྲུངས་སྐོར་ལས། གླིང་དམག་རྣམས་འགོག་ཡུལ་དུ་སླེབས་པ་དང་། འགོག་ཡུལ་ས་སྟོང་དུ་སོང་བས། དེར་ཞལ་དཀར། སེང་སྟག འདན་མ་སོགས་ཀྱིས་གར་སོང་རྩར་གཅོད་དུ་འགྲོ་ཟེར། ལ་ལས། ད་ཆ་གར་འགྲོ་མི་ཤེས་ཤིང་། དམག་མང་ལ་དཀའ་ཚེགས་གཏད་པ་ལས་མེད། ཕྱིར་ལོག་ན་བཟང་ཟེར། དེ་ནས་སྤྱི་དཔོན་ན་རེ། གླིང་དམག་རྣམས་གར་འགྲོ་གཏོལ་མེད་དུ་བྱེད་ག་ལ་དགོས། སེང་བློན་གྱིས་མོ་ཞིག་ཐོབས་དང་། མོ་བབས་པ་ལྟར་བྱ་ཟེར། སེང་བློན་གྱིས་མདའ་མོ་ཞིག་བཏབ་པས། ད་ཇ་འཐུང་ཚད་ཞིག་ཏུ་སོང་ན། མཛེས་མ་མིག་གི་བདུད་རྩི། འཛད་མེད་བདུད་རྩིའི་བཅུད་ལེན། དགོས་འདོད་ནོར་བུའི་གཏེར་ཟོག་སོགས་གནང་ལ་ལོན། འཛིང་མི་དགོས་རང་ལག་ཏུ་འོང་། མཚོན་གྱི་ཤུབས་ཁ་མ་སྤར། མདའ་གཞུ་སྟེང་དུ་མ་བཞག་ཀྱང་། གཏང་མ་དབང་ཐང་གིས་ཆོད་པ་གདའ་ཟེར་བ་ཞིག་གདའ། ཞེས་པས་མདའ་མོ་འདེབས་ཚུལ་རགས་ཙམ་རྟོགས་ནུས་ལ།

དེ་ཡང་རགས་ཙམ་བཀོད་ན། གནས་གཙང་མར་ལྷ་གཞི་དཀར་བོའི་སྟེང་དུ། ནས་ཀྱི་གཡུང་དྲུང་གཡས་བསྐོར་བྱས། ཁུག་བཞི་དང་ལྟེ་བར་འབྲུའི་ཚོམ་བུ་བཀོད། ལྷ་མདའ་གཉིས་ཀྱི་མགུལ་དུ་སྲུང་སྐུད་དང་དར་དཀར་བཏགས། འདྲེ་མདའ་གཉིས་ལ་ནག་པོ་བཏགས་ཏེ་སོ་སོར་ལྟོང་སྤྲད་ལ་གཡུང་དྲུང་གི་ལྟེ་བར་བཞག མཆོད་པ་ཅི་འབྱོར་བཤམས། མདུན་དུ་གེ་སར་རྒྱལ་བོ་ལ་དཔའ་བོ་མཁའ་འགྲོ་དགྲ་ལྷ་ཝེར་མས་བསྐོར་བ་གསལ་བཏབ། དུས་བཟང་ལ་སྔགས་དང་། བདར་བ། མཆོད་པ་སོགས་ལ་ནན་ཏན་བྱས་ཏེ། ཆོ་ག་ངོས་གཙང་བསྒྲུབས། མི་གཙང་མ་གཉིས་ལ་མདའ་འཇུ་རུ་བཅུག་ནས། མོ་མས་སྔགས་བཏབ་ཏེ་འབྲུ་གཏོར་ནས་ལྷ་མདའ་དང་འདྲེ་མདའ་འཕར་ཚུལ་དང་། ཆག་པ་དང་གས་སྟངས། སྒྲ་གྲག་པ་དང་སྒྲོ་ཕྱི་ཚུལ། ཡོ་འཁྱོག་དང་གྱེན་དུ་ལངས་ཚུལ་སོགས་ལ་བརྟག་ནས་ལེགས་ཉེས་སྟོན་པ་ཞིག་ཡིན། ཞིབ་ཏུ་འཇུ་མི་ཕམ་གྱིས་མཛད་པའི་གེ་སར་མདའ་མོའི་དཔྱད་དོན་རིན་ཆེན་མེ་ལོང་དང་། མདའ་མོའི་ཟུར་རྒྱན་སྣང་གསལ་མེ་ལོང་། མདའ་མོའི་དཔྱད་དོན་གསེར་གྱི་ལྡེ་མིག﹙ལྕགས་པར་དེབ་གྲངས་བཅུ་དགུ་ཤོག་ངོས ༣༥༩ ནས ༣༧༩ བར﹚དང་། ཁང་སར་བསྟན་པའི་དབང་ཕྱུག་གི་མདའ་མོ་སོགས་ལ་བལྟ་བར་བྱའོ། །

དམངས་སྲོལ་གྱི་བྱའི་མོ།

དམངས་སྲོལ་ཀྱི་མོ་འདི། སྤྱི་ཚོགས་ཀྱི་འཚོ་བའི་ཁྲོད་ལེགས་ཉེས་ལ་དཔྱད་པའི་བྱེད་སྒོ་ཞིག་སྟེ། ཆེ་བ་རྒྱལ་ཁབ་གྱི་བདེ་སྡུག་དང་། ཆུང་བ་མི་སྒེར་གྱི་དོན་བྱ་དག་ལ་དཔྱད་པའི་རྒྱུན་མཐོང་གི་འཚོ་བའི་གྲུབ་ཆ་ཞིག་ཡིན། དམངས་སྲོལ་གྱི་མོ་འདེབས་སྟངས་ལ་རྣམ་གྲངས་མང་ལ་ལོ་རྒྱུས་ཀྱང་རིང་། ཐང་ཧྲུའུ་ལས། བོད་ཀྱི་ལོ་རྒྱུས་འཆད་སྐབས། སྲིད་སྐྱོང་བ་ལ་ཡི་གེ་ནི་མེད། ཐག་པ་ལ་མདུད་པ་དང་། ཤིང་ལ་རྟགས་བུ་བཏབ་སྟེ་རྩིས་བྱེད། ཅེས་དང་། ཁོང་རྣམས་ལྷ་འདྲེ་མང་དུ་མཆོད་། ཟླ་བ་བཅུ་གཉིས་པའི་ནང་ལ་རིའི་རྩེ་ལ་མོ་འདེབས་སུ་འགྲོ། དེ་ཡང་མོ་མས་འབྲུ་ཟན་གཏོར་ནས་བྱ་རྣམས་འབོད། དེ་ནས་བྱ་ཟེར་མོ་ལྟ་བུ་ཞིག མོ་བའི་ལག་པར་བཟུང་བ་དང་བསད་ནས་ཁོག་པ་ཕྱེ་ཏེ་ལྟ། བྱའི་ཁོག་ཏུ་འབྲུ་སོགས་བྱུང་ན་ལོ་རྗེས་མར་སྟོན་ཐོག་བཟང་བ་སོགས་ཀྱི་ལྟས་ཡིན། དེ་ལ་བྱའི་མོ་ཟེར། ཞེས་པ་ལྟར། སྔོན་གྱི་ལོ་རྒྱུས་ཡིག་རྙིང་ལས་ཀྱང་འབྱུང་ལ། ད་ལྟ་ཡང་། བྱའི་མོ་འདེབས་སྟངས་དེ་དངོས་སུ་མཐོང་རྒྱུ་ཡོད་དེ། མེ་ཏོག་རྫོང་ལྷོ་བ་ས་ཁུལ་དུ་བྱ་བསད་ནས་མོ་འདེབས་སྲོལ་ཞིག་ཡོད་དེ། བྱ་བསད་ནས་མཆིན་པའི་རྒྱབ་མདུན་གཉིས་ཀྱི་ཚོས་གཞི་དང་། ཁྲག་རྩའི་ལམ་རིས། སྦོམ་ཕྲ་སོགས་ཀྱི་སྒོ་ནས་ལྟས་བཟང་ངན་བརྟག་པར་བཤད་ལ། གལ་ཏེ་ཁྲག་རྩའི་ལམ་རིས་ཟང་ཟིང་དང་གསལ་བོ་མེད་ཚེ། ལྟས་ངན་པར་ངོས་འཛིན་བྱེད་སྲོལ་དང་། དེ་བཞིན་སྒོ་ང་བཙོས་ནས་མོ་འདེབས་སྲོལ་ཡོད་པ་ནི། བཙས་པའི་སྒོང་སྙིང་མུར་ལྡད་བཏང་རྗེས། ཤིང་ལོའི་སྟེང་བླུགས་ནས་སྒོང་སྙིང་གི་རྡོག་རིལ་མང་ཉུང་དང་། ཆེ་ཆུང་སྙོམས་པོར་ཡོད་མེད་ཀྱི་ཐད་ནས་ལེགས་ཉེས་འབྱེད་སྲོལ་ཡོད་དོ། །

གཞན་བྱ་མགོའི་མོ་འདེབས་སྟངས་ཞིག་ལ། བྱ་མགོའི་མོ་འདི་ཡང་བོད་ལ་གདོད་མའི་དུས་སུ་ཡོད་པའི་མོ་རིགས་ཤིག་ཡིན་ལ། མོ་འདི་རྒྱག་སྟངས་ཡང་། བྱ་མགོ་བཅད་པའི་ཁྲག་གི་འཛག་ཚད་དང་། ཁ་དོག ཝུ་བ་ཆགས་ཚུལ། གྲི་ཁར་ཁྲག་ཆགས་ཚུལ། ལྕེ་མཆུ་སོགས་ལ་བརྟག་ནས་བདེ་སྡུག་དང་། བཟང་ངན་བཤད་སྲོལ་ཡོད། ད་ལྟ་ལག་ལེན་དུ་བསྟར་མཁན་ཤིན་ཏུ་དཀོན་ལ། འདི་ལ་རྟགས་མི་འདྲ་བ་བརྒྱ་དང་རྩ་བརྒྱད་ཡོད་པར་བཤད་དོ། །

རྡེའུ་མོ།

རྡེའུ་མོ་འདེབས་སྲོལ་ཞིག་ལ། རྡེའུ་ཆེ་ཆུང་མི་འདྲ་བ་བརྒྱད་སྙིམ་པའི་ནང་དུ་བླུགས་ཏེ། དཀྲུག་དཀྲུག་མང་དུ་བཏང་མཐར། ལག་པ་གཡས་པའི་ནང་དུ་ཅི་ཙམ་ཐོན་པ་ལ་བརྟག་པ་ཞིག་ཡིན། གཅིག་ཐོན་ན། ལྷ་ངོ་མཐོ་ལ་མགྱོགས་པའི་ངོ་ཆེ། གཉིས་ཐོན་ན། ཁ་ཚིག་བཙུན་པའི་མིས་སྐད་ཆ་བཤད་ངོ་དང་། དེ་ཡང་ཆེ་རྡེའུ་རྗེས་སུ་བབས་ན་མཁར་ཀྱི་ཕྱི་ལ་ཐོན་པའི་ངོ་། རྡེའུ་གསུམ་བབས་ཏེ་ཆེ་རྡེའུ་སྔོན་ལ་བབས་ན་ལྷ་ངོ་མཐོ་བ་དང་། བར་དུ་བབས་ན་གྲོག་ངོ་། རྗེས་སུ་བབས་ན་གྲོག་ཕྱི་ལ་ཤོར་བས། བོར་སྟོར་ཡོང་བར་བཤད། བཞི་བབས་ན་ཁ་སོ་ཅན་གྱི་གྱོད་ཁ་ལས་ཐར་ཞེས། ནད་པ་ཡིན་ན་དྲག་བསྐྱེད་ཆེན་པོ་ཐོན་པ་དང་། དེ་ཡང་། ཆེ་རྡེའུ་སྔོན་ལ་བབས་ན་ཁམས་བདེ་བོ་དང་། བར་དུ་བབས་ན་ལམ་སེང་འགྱུར་བ་མི་ཡོང་བ་དང་། རྗེས་སུ་བབས་ན། འབྱོར་ན་ལམ་སེང་འབྱོར་བ་དང་། གལ་ཏེ་མ་འབྱོར་ན་ཡུན་རིང་འགོར་འགྱངས་ཆེ་བའི་ངོ་། །རྡེའུ་ལྔ་བབས་ཏེ་ཆེ་རྡེའུ་སྔོན་དང་བར་དུ་བབས་ན་རི་དྭགས་སོགས་བསད་དེ་དམར་ངོ་ཆེ་བ་དང་། བོར་སྟོར་ཡིན་ན་མགྱོགས་པོར་རྙེད་པ་དང་། ཆེ་རྡེའུ་རྗེས་སུ་བབས་ན་ལམ་ངོ་ཞེས་ཧ་ཅང་ཡག་པོ་བྱུང་བའི་རྟགས། རྡེའུ་དྲུག་བབས་ཏེ་ཆེ་རྡེའུ་སྔ་རྗེས་སུ་བབས་ན་བྱ་ལས་གང་ཡང་ཡག་པོར་བརྩི་བ་དང་། རྡེའུ་བདུན་ནོར་དང་ནག་མོའི་དོན་དུ་བབས་ན་ཡག་པོར་བརྩི། དེ་ཡང་ཆེ་རྡེའུ་སྔོན་དུ་བབས་ན་ལྷ་ངོ་དམའ་བས་ཡག་པོར་མི་བརྩི། རྡེའུ་བརྒྱད་བབས་ན་རྗེས་འདྲེན་ཞེས་ལམ་སེང་མི་སླེབས་པར་འགོར་ངོ་ཡོད་པར་བཤད་དོ། །

ལོ་རྟགས་བཅུ་གཉིས་ཀྱི་མོ།

ཤིང་བྱང་དང་མགྲོན་བུ་ལྟ་བུ་ནག་པོ་བཅུ་གཅིག་དང་། དཀར་བོ་གཅིག་སྟེ་བཅུ་གཉིས་ཚགས་སུ་ཚུད་པར་བྱས་ཏེ། བྱི་བ། གླང་། སྟག ཡོས། འབྲུག སྦྲུལ། རྟ། ལུག སྤྲེའུ། བྱ། ཁྱི། ཕག་བཅས། བྱི་བ་དཀར་བོ་དང་། གཞན་རྣམས་ནག་པོ་བྱས་ཏེ་ལོ་རིས་བཅུ་གཉིས་པོ་བཀོད་ནས། དང་ཐོག་བྱི་བ་ནས་རིམ་བཞིན་ལོ་རྟགས་བཅུ་གཉིས་ཀྱི་མིང་། ངག་ཏུ་གྱེར་ཏེ། འདི་སྐད་དོ། །ལོ་བསྐོར་ཟླ་བ་བཅུ་གཉིས། ཞག་མ་སུམ་བརྒྱ་དྲུག་ཅུ། གླིང་གི་དཔའ་རྟུལ་སུམ་ཅུ། སེང་ཆེན་ནོར་བུ་དགྲ་འདུལ། མོ་ཕོབ་ཞིག མོ་ཕོབ་ཞིག བླ་མ་དཀོན་མཆོག་གིས་མོ་ཕོབ། མི་ནོར་ཕྱུགས་གསུམ་ལྷ་དང་མཉམ། ཡུལ་ཟོག་གོང་ནས་གོང་དུ་སྤེལ། ཡུལ་མི་རླུང་རྟ་ཡར་འགྲོ་ཤོག ཡུལ་ལ་བཀྲ་ཤིས་ཉི་མ་ཤར། ཞེས་དབྱངས་སུ་གྱེར་བཞིན་ཤིང་བྱང་འཕེན་པ་སྟེ། ༡ བྱི་བ་དཀར་བོ་བབས་ན། བྱི་བ་དཀར་བོའི་རང་མགོ་ཐོན། །ལྷ་ཆེན་ཚངས་པས་རྒྱང་སོ་ཚུགས། །རྐང་མི་ཡོང་ནས་ར་བཞི་བསྡུས། །ཞེས་དང་། ༢ གླང་བབས་ན། གླང་བོས་སྐྱིད་པོས་རྐང་ཕར་བརྐྱངས། །དྲོད་ལྡན་ཉི་མ་ཚུར་ལ་ལྡེ། །སྡུག་པའི་བ་མོ་ཕར་ལ་ཞུར། །སྡོད་ཀྱི་ཚེ་གྲོགས་རྐང་ནས་བསུ། །ཞེས་དང་། ༣ སྟག་བབས་ན། སྟག་མི་དམར་རྟ་དམར་བཙན་གྱིས་སྐྱོབས། །སྲུང་མ་རྣམས་ཀྱིས་བདུད་དག་བཏུལ། །ཞེས་དང་། ༤ ཡོས་བབས་ན། ཡོས་ཅོག་སེ་སྡོད་ནས་བཀུག་སེ་བྱས། །འགྲོ་གོམ་པ་འདོད་ན་རླུང་གིས་བསྐྱོད། །འགྲོ་མི་ཐུབ་ཕྱག་ཞབས་ཕྱེ་མས་མནན། །ཞེས་དང་། ༥ འབྲུག་བབས་ན། འབྲུག་ངར་སྐད་ཆེ་ནོ་སྟོང་བ་རེད། །གྲག་ཆེ་ཡང་ཆར་གྱི་དངོས་གྲུབ་མེད། །འཇའ་མཁའ་ལ་ཡོད་ཀྱང་དོན་མི་སྨིན། །ཞེས་དང་། ༦ སྦྲུལ་བབས་ན། སྦྲུལ་ནོར་བུ་ཀླུ་ཡི་སྒོ་ཟོག་ཡིན། །དོན་བྱ་ལས་གང་བྱས་འགྲུབ་པའི་ངོ་། །ཞེས་དང་། ༧ རྟ་བབས་ན། རྟ་བོ་ཡུལ་ཁམས་བསྐོར་བ་འདྲ། །མི་བོ་གཉིད་ལ་ཤོར་བ་འདྲ། །འདབ་ཆགས་ཚང་ལ་ཉལ་བ་འདྲ། །གྲོག་ངོ་ཡིན་ཀྱང་ཞི་ཆེ་བ། །འགོར་འགྱངས་ཡོང་བའི་ངོ་ལ་བལྟ། །ཞེས་དང་། ༨ ལུག་བབས་ན། ལུག་གཡང་དཀར་རྒྱལ་བོ་ཁྲི་ལ་བཞུགས། །ནོར་ཕྭ་གཡང་ཐམས་ཅད་དབང་དུ་འདུ། །མཚན་སྙན་གྲགས་གཏམ་སྙན་རྒྱང་ནས་གོ ། ཞེས་དང་། ༩ སྤྲེའུ་བབས་ན། སྤྲ་དང་སྤྲེའུ་ལུས་རྩལ་ཆེ། །མི་ནོར་ཕྱུགས་གསུམ་ལྷ་དང་མཉམ། །ཞེས་དང་། ༡༠ བྱ་བབས་ན། བྱ་ཁྱུང་ཆེན་རྒོད་པོ་གཤོག་རྩལ་ཆེ། །སྒྲོ་རླུང་གཤོག་ཡངས་པས་ནམ་འཕངགཅོད། །དུས་ཡུན་ཐུང་ཙམ་ལ་མ་འབྱོར་ན། །ད་ཉིན་ཞག་བདུན་ཙམ་འགོར་བའི་ངོ་། །ཞེས་དང་། ༡༡ ཁྱི་བབས་ན། ཁྱི་རྔ་ནག་གཡུགས་ནས་བྱ་ནག་སྲུང་། །ཟན་གཏོར་མ་དམར་བོ་མེ་ལྟར་འབར། །དོན་བྱ་ལས་ཐམས་ཅད་མགྱོགས་པའི་ངོ་། །ཞེས་དང་། ༡༢ ཕག་བབས་ན། ཕག་མཇུག་མ་ཟང་ངེ་ས་བཟང་སློག །བྱས་འབྲས་བཟང་ངོ་མི་ཤར་བས། །བྱ་བ་འགྲུབ་པའི་རེ་བ་མེད། །ཅེས་སོ། །

རིལ་ནག་དགུ་སྐོར།

རིལ་ནག་དགུ་བསྐོར་གྱི་མོ་ནི། ར་ལུག་གི་རིལ་མ་དགུ་ཚགས་སུ་ཚུད་པ་བྱས་ནས། རེ་རེ་བཞིན་གཅིག་ནས་དགུ་བར་རྟགས་བཏབ་ནས། སྙིམ་པས་དཀྲུག་སྟེ་ལེན་དགོས་ལ། དཔྱད་འབྲས་ནི། གཅིག་བབས་ན། རི་བོ་འགྲིམ་ནས་བསྟན་པ་དར། །ཞེས་ཁ་རྗེ་དང་རླུང་རྟ་དར་ཞིང་། གང་བྱས་འགྲུབ་པའི་རྟགས་དང་། གཉིས་བབས་ན། མི་ཧྲེང་ཁ་ནས་གཏམ་བཟང་འཁྱེར། །ཕོ་རོག་ཁ་ལས་ཤ་བཟང་འཁྱེར། །ཞེས་གཏམ་ལ་མགྱོགས་ངོ་ཡོད་པ་དང་གྲོགས་བཟང་ཞིག་འཁོར་གྲབས་ཡོད་པའི་རྟགས། གསུམ་པ་བབས་ན། སེང་གེ་དཀར་མོ་ཁྲི་ལ་བཞུགས། །ཞེས་བདེ་སྐྱིད་ཡོང་བའི་ངོ་དང་། བཞི་བ་བབས་ན། ཉི་མ་དྲོས་ནས་གླིང་བཞི་བསྐོར། །ཞེས་བྱ་ལས་སྒྲུབ་པ་ལ་དཀའ་བ་སྤྱད་ནས་གང་སར་བགྲོད་དགོས་པ་དང་། ལྔ་བ་བབས་ན། ཟླ་བ་ལྟ་བུའི་མུན་པ་སེལ། །ཞེས་ཟླ་གཞོན་ཚེས་པ་ལྟར་ཅི་བྱས་གོང་འཕེལ་སོན་པ་དང་། དྲུག་པ་བབས་ན། ཆུ་འཐུང་ཝ་མོ་རྒ་ལ་ཐེབས། །ཞེས་དོན་བྱ་ལ་བར་ཆད་འཚུབ་ངོ་དང་། བདུན་པ་བབས་ན། ཤ་གཟན་ཕོ་སྤྱང་རི་ལ་འགྲིམས། །ཞེས་བྱ་བར་འབད་རྩོལ་བྱས་ཀྱང་ཕྱིར་ལག་སྟོང་དུ་ཡོང་ངོ་དང་། བརྒྱད་པ་བབས་ན། ཕོ་རོག་གྲོག་ཡག་ཁྱིམ་ལ་འགུགས། །ཞེས་བྱ་ལས་ཆེ་ཕྲ་ཐམས་ཅད་འགྲུབ་ངོ་དང་། དགུ་བ་བབས་ན། མིང་དང་དོན་བྱ་གྲོག་སྐད་འཐོབ། །ཅེས་ཐམས་ཅད་འདོད་བློ་བཞིན་དུ་འགྲུབ་པའི་རྟགས་སོ། །

སོག་མོ།

སོག་མོའི་ཁུངས། སོག་མོ་རྒྱག་སྟངས་འདི་དངོས་གཙོ་རྩོད་སྒྲུབ་རིག་པ་དང་། ཚན་རིག་གི་ལྟ་བ་མཐུན་མི་མཐུན་སྐབས་སུ་བབ་པའི་ལྒིང་བྱ་མ་ཡིན་གྱི། གང་ཞིག་ཉམས་རྒུད་དུ་འགྲོ་བའི་དམངས་སྲོལ་འདི་མྱུར་སྐྱོབ་དང་། དེ་ཉིད་འཕེལ་རྒྱས་ཆེ་བའི་སྤྱི་ཚོགས་འདིའི་རིག་གནས་ལ་གདེང་འཇོག་བྱ་ཕྱིར་འདིར་ཡང་ཅུང་ཟད་བརྗོད་འདོད་པས་སོ། །སོག་མོ་ནི་ལུག་གི་སོག་རུས་སྟེང་ཤ་གཙང་མར་བཤུས་ཏེ། མེར་བསྲེགས་རྗེས། སེར་ཁ་གས་ཕྱོགས་ལ་བརྟག་ཏེ་དོན་བྱ་འགྲེལ་བརྗོད་བྱེད་པ་ཞིག་ཡིན། མོ་འདེབས་སྟངས་འདི་ནི། གཙོ་ཆེར་རི་དྭགས་རྔོན་པ་དང་། དམག་དང་རྐུན་ཇག་རྒྱག་མཁན་ལ་ཧ་ཅང་གཙིགས་པས། དེ་དག་གིས་མཐོང་ཆེན་བྱེད་པ་ཡིན། སོག་མོའི་རྒྱུ་ཆར་ཡང་། ར་མ་དང་ལུག གླ་བ་དང་ཤྭ་བ། རྣ་བ་དང་གཉན་སོགས་ཀྱི་སོག་རུས་དགོས་ལ། འོན་ཀྱང་། སོག་མོ་རྒྱག་སྟངས་འདི་རང་རེའི་བོད་དུ་མ་ཟད། དབྱིན་ཏེ་ཨན་མི་རིགས་ཀྱི་ཤྭ་བའི་སོག་མོ་འདེབས་རྒྱུ་ཡོད་པ་དང་། གནའ་བོའི་རྒྱ་ནག་གི་མིས་རུས་སྦལ་བསྲེགས་ཏེ། དེའི་རི་མོ་ལས་ལྟས་བཟང་ངན་དཔྱད་སྲོལ་ཡོད་པར་མ་ཟད། མེ་གླིང་བྱང་མ་དང་། སོག་པོ། འཇང་རིགས། དབྱི་རིགས་རྣམས་སུའང་སོག་མོ་འདེབས་སྲོལ་ཡོད་པར་བཤད་དོ། །སོག་མོ་འདིའི་ཁུངས་ནི་མ་སངས་འཕྲུལ་གྱི་རྡེལ་མོ་མངོན་ཤེས་རྣོ་གསལ་གྱི་སྒྲོན་མེ་ལས། དེ་དུས་རྣམ་མཁྱེན་གཤེན་རབ་ཀྱིས། །གནས་མཆོག་འོལ་མོ་གླིང་ཆེན་དུ། །ཕྱག་གཤེན་ཐེག་པ་གཏན་ལ་ཕབ། །མ་སངས་ཡུལ་དུ་རྡེལ་མོ་བསྟན། །མེ་ཉག་ཡུལ་དུ་སོག་མོ་བསྟན། །ཞེས་པ་ལྟར། བོན་སྟོན་གཤེན་རབ་མི་བོ་ཆེས་གཏན་ལ་ཕབ་པར་བཤད་ལ། ཞང་བོད་ལོ་རྒྱུས་ཏི་སེའི་འོད་ལས་ཀྱང། གཤེན་རབ་མི་བོ་ཆེའི་སྐུ་དུས་སུ་ཞང་ཞུང་མཐའ་མཚམས་སུ་གནས་པའི་མོ་མ་ལྡང་ང་ལྡང་ལོ་བྱ་བ་ཞིག་གིས་སྲིད་པའི་ཇུ་ཐིག་དང་པྲ་ལྟས་ལྷ་མཐོང་དང་། རྩིས་གཞི་ཡང་མིན་པའི་གཡང་མོ་ལུག་གི་སོག་པ་ལ་མཐོང་ལྟ་བ་ཞིག་བྱུང་ནས་མོ་བཏབ་ཞེས་པར་གཞིགས་ན། མོ་འདི་ནི་གདོད་མའི་དུས་སུ་བོན་ཆོས་ལས་འཕེལ་རྒྱས་བྱུང་བ་ཡིན་ལ། ཕྱིས་སུ་ཤ་ཟ་ཁྲག་འཐུང་དུ་རྔམ་ཞིང་། ཇག་ལས་སུ་སྤྲོ་བའི་མི་རྒོད་ཁྲམ་པ་དག་ལ་སོག་པ་འདི་སྟབས་བདེ་ཁྱད་ཀྱིས། རང་ཉིད་གང་ལ་དད་པའི་ཡུལ་ལྷ་གཞི་བདག་ནག་ཕྱོགས་པར་འཕྲིན་བཅོལ་གནང་ནས། སོག་མོ་འདི་གཙིགས་འཛིན་བྱས་ཏེ། ད་ལྟ་བོད་ཀྱི་དམངས་སྲོལ་ཞིག་ཏུ་གྱུར་བ་ཡིན། དཔེར་ན། སྟག་རོང་ཁྲོ་ཐུང་གིས་སྟག་གཟིག་རྟ་མཆོག་ཅང་ཤེས་གཡོ་ཐབས་ཀྱིས་བརྐུས་དུས། སྟག་གཟིག་གིས་མ་རྙེད་པས། སྟག་གཟིག་གི་བློན་པོ་གཡང་དྲུང་ལྷ་རྒྱལ་གྱིས་སོག་པ་རུམ་ནས་བཏོན་ཏེ་ལྷམ་སྒྲོག་གིས་ཕྱོགས་གསུམ་ནས་བསྡམས་ཏེ་སོག་མོ་བཏབ་པ་ལྟ་བུའོ། །འདིར་སྐབས་སུ་བབ་པ་མངའ་རིའི་བྱང་ཐང་གི་སོག་མོ་རྒྱག་སྟངས་དང་། ཨ་མདོའི་སོག་མོ་རྒྱག་སྟངས་གཉིས་སུ་ཕྱེས་ཏེ་བཤད་པ་ལ།

དང་བོ། མངའ་རིའི་སོག་མོ། ༡ མངའ་རིའི་སོག་མོ་རྒྱག་སྟངས་ནི། སོག་པའི་ཡུ་བ་ལ་ལུག་བལ་དཀར་ནག་གཉིས་ཀྱིས་དཀྲིས་ཤིང་། སོག་རྩེ་ལ་མར་གྱི་ཕྲ་རྒྱན་བཏང་སྟེ། དུ་བ་མེད་པའི་མེ་སྒོང་གི་དཀྱིལ་དུ་བཞག་ནས། གང་འཚམ་ཞིག་སོང་རྗེས། ཚག་སྒྲ་གྲག་སྟེ་སྐྱ་ཐིང་ངེར་སོང་དུས། ཕྱིར་བཏོན་ནས། འཁྱག་ཏུ་འཇུག་པ་དང་། དེ་ནས་ཚིག་རོ་ལ་ལག་པས་གཡབ་མོ་ལན་གསུམ་ཙམ་བྱས་རྗེས། མོ་བའི་ངག་ལས། མོ་ཐུག་མོ་ཐུག་ལྷ་སོག་དཀར་མོའི་མོ་ཐིག ཇུས་རྒྱུགས་ཇུས་རྒྱུགས་བཙན་སོག་དམར་མོའི་ཇུས་རྒྱུགས། བཟང་ངོ་བཟང་ངོ་ཀླུ་སོག་སྔོན་མོའི་བསྐལ་བ་བཟང་། ཞེས་བརྗོད་དེ་ལེགས་ཉེས་བརྟག་པ་ཡིན། ཡང་སོག་མོ་བརྟག་ཚུལ་ལ། ཁ་ཅིག ཉིན་མཚན་སྔ་ཕྱི་གང་ཡིན་ལ་སྲེག་ནས་བརྟག་པ་དང་། ས་རུབ་ལ་བསྲེགས་ཏེ་མཚན་གང་བོར་བཞག་ནས། ཞོགས་པ་སྔ་མོ་ནས་བརྟག་པའང་ཡོད་དོ། །

༢ མངའ་རིས་ཀྱི་སོག་མོའི་དཔྱད་འབྲས། སོག་རུས་ཐོག་རུས་ལེབ་གྱེན་བསླངས་ཀྱི་སྒ་གཤོང་ཆེ་ས་དེར་དགྲ་ས་དང་། གཡོན་གཤོང་ཆུང་ས་དེར་གཞན་ས་ཞེས་བརྗོད། གཞན་སའི་སྟེང་སེར་ག་གས་ཡོད་ན། བྱ་བཞག་གང་ལའང་བཟང་རྟགས་སུ་སྨྲ་ལ། སེར་ག་དགུང་སུམ་དཀྱིལ་ལ་གས་ན་གྲོགས་ངོ་དང་། གཞུང་གཤགས་ལ་གས་ཡོད་ན་མགྱོགས་ངོ་བརྩི་བས། རི་དྭགས་རྔོན་པ་ཡིན་ན་མང་བོ་གསོད་ཐུབ་པ་དང་། དམག་འཐབ་ཡིན་ན་རྒྱལ་རྟགས་ཀྱི་མཚོན་དོན་སོགས། བྱ་ལས་གང་ཡང་ལེགས་འགྲུབ་ཀྱི་རྟགས་སུ་བརྩི། དེ་མིན་སོག་རུས་ཀྱི་ཡུ་རྩེའི་ནང་སྣུམ་ཞག་དང་ཝུ་བས་ཁེངས་ཡོད་ན། བང་མཛོད་ནོར་གྱིས་བཀང་ཞེས་ཕྱུག་པོ་ཆགས་པའི་ལྟས་སུ་བཤད། རྔོན་པ་ཡིན་ན་རི་དྭགས་མང་ཙམ་གསོད་ཐུབ་པའི་རྟགས་སུ་བཤད། སོག་རྩེའི་སྐེད་ལ་འཕྲད་དུ་གས་ཡོད་ན། ཚེ་མཇུག་དབུལ་བའི་རྟགས་དང་། སྐེད་ནས་གཞུང་དུ་རང་སར་ཡོད་ན། ཚེ་བསྲིངས་པའི་རྟགས་དང་། ཡུ་བར་གས་ཡོད་ན་མུ་གེ་སྒྲོག་ཐག་བཅད་ཅེས། དོན་བྱ་གང་ཡང་སྒྲུབ་མི་ཐུབ་པར་བཤད། རུས་ལེབ་ཀྱི་སྒ་གཞུང་དེའི་སྐེད་ཆོད་དུ་གས་ཡོད་ན། དོན་བྱ་གང་ཡིན་འགྲུབ་རྟགས་དང་། གཞན་ཡང་། སེར་ག་གས་སྟངས་ཀྱི་མཚན་མར་དཔྱད་དེ། དོན་མཚོན་སྣ་ཚོགས་འགྲེལ་བརྗོད་གནང་རྒྱུ་ཡོད་དོ། །

ཨ་མདོའི་སོག་མོ

གཉིས་པ། ཨ་མདོའི་སོག་མོ། ༡ སོག་མོའི་རྟེན་བཅའ་བ་ནི། མོ་པྲ་བརྟག་པའི་ཐོག་མར་གཞི་ཁེབས་ཕྱིང་དཀར་གྱི་སྟེང་དུ་འབྲུའི་ཚོམ་བུ་གཡུང་དྲུང་རིས་སུ་བཀོད་པའི་ཐོག་ཏུ་མདའ་དར་བཙུགས། དེའི་མདུན་དུ་སྒྲ་ལྷ་ཝེར་མའི་སྐུ་བཤམས། གཡས་སུ་ཕྱེ་མར་དང་། གཡོན་དུ་ཆང་ཕུད་བཤམས། སྒྲོན་མེ་སྦར། བདུད་རྩི་ཤིང་གི་དུད་པ་སྦྲེང་། དྲི་ཞིམ་གྱི་ཡོས་བཏུལ། བདུད་རྩིའི་སྐྱེམས་སོགས་ཀྱིས་མཆོད་དགོས་སོ། །

༢ སོག་མོའི་སྔོན་འགྲོའི་རིམ་པ་ལ། བགེགས་བསྐྲད། དུག་དབྱུང་། ཁྲུས་བྱ་བ། བསང་གཏོང་བ། སྨྲང་གྱེར་ཞིང་མོ་ལྷ་སྤྱན་འདྲེན་པ། མོ་བདར་བ་བཅས་དྲུག་ཡོད་པ་ལས། ༡ བགེགས་བསྐྲད་པ་ནི། མོ་ལྷར་དགོངས་གསོལ་བཏང་སྟེ། མོ་པྲ་ལ་བར་དུ་གཅོད་པའི་གདོན་བགེགས་དང་མོ་ཡི་དམུ་གབ་རྣམས་ཐལ་བའི་རྡུལ་དུ་རློག་པའི་འཕྲིན་ལས་བཅོལ་བའོ། །

༢ དུག་དབྱུང་ནི། དུག་བྱབས་ཀྱི་རྫས་བསེ་ཤིང་། རེ་ལྕག ཐར་ནུ། ཐང་ཁྲོམ། བོང་བ། མུ་ཟི། སྒོག་པ། བཙའ་ཆུ། ཤུ་དག་རྣམས་སོག་པའི་དགྲ་སའི་ཐོག་ཏུ་བཞག་ཏེ་ཆོ་ག་གྱེར་ནས་མོ་ལྷ་སྤྱན་དྲངས་ཏེ་སེམས་ཅན་རྣམས་ཀྱི་དུག་དང་གྲིབ་ཕྱུང་ཆབ་གྱིས་བསལ་ཏེ། དུག་སྣ་མེར་བསྲེགས་ནས་ལྷ་གཞི་ལ་ཕྱི་བསྐོར་བྱས་ནས་ཕྱིར་བོར་བའོ། །

༣ ཁྲུས་བྱ་བ་ནི། ཁྲུས་ཀྱི་རྫས་ལ་ག་བུར། རྒྱ་མཚོའི་ཝུ་བ། གུར་གུམ། ཅོང་ཞི། བྲག་ཞུན། གླ་རྩི། གི་ཝང་། ཏི་སེའི་གངས། མ་པང་མཚོ་ཆུ། ཚན་གྱི་ལྗག་ནི་ལྷ་བྱ་གོང་མོའི་གཤོག་གཡས་ཀྱིས་གཏོར་ཏེ། ཆོ་ག་གྱེར་ནས་མི་གཙང་དྲི་མ་གང་མཆིས་པ་ཐམས་ཅད་གཙང་ཆབ་ཀྱིས་བཀྲུས་ནས། སྡིག་སྒྲིབ་བག་ཆགས་བྱང་བར་བྱེད་པའོ། །

༤ བསང་ནི། བསང་རྫས་ལ་ཨ་ཀྲོང་། སྲོ་ལོ། ཨ་བ། སྤྲ་བ་ཐོད་དཀར། འཁན་པ། གསེར་ལོ། ཤུག་པ། བ་ལུ། ཙན་དན་སོགས་དར་ཅིག་སོག་པའི་རང་སའི་སྟེང་དུ་སྤུངས་ཏེ་ཆོ་ག་གྱེར་བཞིན། བསང་རྫས་མེར་བསྲེགས་ནས་རྣོ་མཐོང་སྟོན་པའི་ལྷ་རྣམས་བསང་ངོ་། །

༥ སྨྲང་གྱེར་པ་ནི། གཟའ་སྐར་འཕྲོད་སྦྱོར་བཟང་བའི་ཉིན་མདའ་དར་ཕྱག་གིས་གཡབ་སྟེ་རིགས་ཀྱི་ལྷ་བདར། ཚིག་གི་སྨྲང་གྱེར་ནས་སྒྲུབ་གཤིན་ལ་བྱིན་གྱིས་བརླབ་པ་དང་། མོ་རྟེན་སོག་པར་དབང་བསྐུར་བ། སྲིད་པ་རྣམས་ལ་གྲོས་བཏབ་སྟེ་འབྱུང་འགྱུར་ལེགས་ཉེས་ཀྱི་རྗེན་པར་སྟོན་པའི་དངོས་གྲུབ་ཞུ་བའོ། །

༦ མོ་བདར་བ་ནི། རྣོ་མཐོང་མོ་ཡི་ལྷ་ཚོགས་ལྷང་ལྷང་དུ་འབོད་པ། ཡུག་ཡུག་རྒྱུགས་པ། དག་དག་ཏུ་སྨྲ་བ། གསལ་གསལ་དུ་སྟོན་པ། མདངས་ལ་བལྟས་པས་ཁམས་གསལ་བ། སྐད་ལ་ཉན་པས་སྲིད་གསུམ་གོ་བ། ཡིད་ལ་བསམ་པའི་དུས་གསུམ་རྟོགས་པ་རྣམས་བདར་ཏེ། འདོད་དོན་ཞུ་བ་ནི། བདག་གི་མི་ཤེས་པའི་དྲི་བ་འདི་ལ། ཐུགས་ཀྱིས་དགོངས། སྙན་གྱིས་གསོན། སྤྱན་གྱིས་གཟིགས། བཟང་ངན་གྱི་ཤན་ཕྱེས། ལེགས་ཉེས་ཀྱི་ལྟང་ཆོད། དཀར་ནག་གི་ཐིག་ཐོབས། ལས་ལ་བརྐོས་པ་གང་ཡོད། མོ་ལ་མངོན་ཤེས་བཞིན་དུ་ཕོབས། བཟང་ངན་མ་བསྲེ། ཡག་ཉེས་མ་བསྣོལ། མགོ་མ་གཡོགས། དིག་མ་བསྐོར། དྲང་དུ་ཕོབས། དྲང་དུ་སྨྲོས། རྣོ་རུ་སྟོན། གསལ་བར་སྟོན། ཞེས་བརྗོད་དེ། བསྭོ་མུ་སྤྲོས་འབར་གསལ་ཟེར་ཕྱོད་ལམ་གསལ། ངད་གྱེར་ཨ་དཀར་འོད་ལམ་ཕྱོད། མ་མིག་རྐོ་ཡེ་ས་ལེ་ཤག་སལ་སལ། ཞེས་དང་། བསྭོ་ཐ་ཐ་ཡེ་ཡེ་པྲ་མོ་ཡེ། པྲ་ཉོས་ན། པྲ་མོ་ཕོབས། ལྟོ་ཚང་ཅི་ཧོ་ཡ། པྲ་མོ་སྟོན། མོ་རྣོ་བའི་སྔགས་འདི་ཅི་མང་བཟླས་ཏེ། མེ་འཇམ་པོའི་ནང་དུ་སོག་པ་སྲེག་གོ།

༣ སྔོན་འགྲོའི་བཤད་ཚུལ་འགོད་པ། སོག་མོ་འདེབས་པ་ལ། ཐོག་མར་སོག་པའི་ཆ་ཤས་ཀྱི་མིང་བརྡ་ངོས་ཟིན་པ་གལ་ཆེ་སྟེ། སོག་དཀྱིལ་གྱི་སྒ་གཞོང་དེར་མཛོ་གདོང་དང་། མཛོ་གདོང་གིས་ཕྱེས་པའི་རུས་ལེབ་ཆེ་བ་དེར་ཕྱི་ས་འམ་དགྲ་ས། ཆུང་ས་དེར་རང་ས་འམ་ལྷ་ས་དང་། སོག་ལེབ་ཀྱི་སྟོད་ཆ་དེར་བློ་ཕུག་དང་། དེའི་ཞོལ་གྱི་ཁ་གདོང་དེར་ལམ་དང་། ཡུ་བའི་ཀོང་ཀོང་དེར་སླ་ང་། མཛོ་གདོང་མེད་ས་དེར་སོག་རྒྱབ་ཟེར། ཁྱད་པར་དུ་སོག་མོའི་གཞི་རྩར་གྱུར་བ་ནི། བློ་ལམ་རྩེ་གསུམ་ཡིན་པར་བཤད་དེ། དངུལ་དཀར་མེ་ལོང་ལས། ལྷག་པར་སོག་མོའི་བརྟག་གཞི་ནི། །བློ་དང་ལམ་དང་རྩེ་གསུམ་ཡིན། །བློ་ནི་མོ་ཡི་སྙིང་ཡིན་ལ། །འདི་མེད་མོ་ལ་སྙིང་མེད་པས། །བཟང་ངན་ལུང་སྟོན་ནུས་པ་མིན། །ལམ་ནི་འགྲོ་བའི་གཞི་ཡིན་པས། །བདེ་དང་མི་བདེ་བལྟ་བའི་གཞི། །ལྷག་པར་འགྲུལ་བའི་བལྟ་ས་ཡིན། །རྩེ་ནི་ཟ་ཁ་གྲོགས་ཁ་དང་། །ལྷ་ངོ་མཐོ་དམན་བལྟ་ས་ཡིན། །ཞེས་སོ། །

སོག་པ་ལ། རབ་ལྷ་ལུག་གྲོ་མོའི་སོག་པ་གཡས་པ་དང་། མ་འབྱོར་ན་ལུག་གང་རུང་གི་སོག་གཙང་ཆུར་བཀྲུས་ནས་ཤུག་པས་འཕུར་བྱུགས་བྱས་རྗེས། དད་བྱའི་ཡུལ་ལྷ་ལ་སྐྱབས་འཇུག་བྱས་ཏེ། ཡེ་་་་་་་་་འདི་ར་སོག་མིན། ཕག་སོག་མིན། རེའུ་སོག་མིན། དུང་གི་ལྷ་སོག་དཀར་མོ་ཡིན། མ་མོ་གྱོ་མོའི་གཡས་སོག་ཡིན། བཟང་ངན་གཉིས་ཀ་ཆ་འགྲིག་མ་བྱ། བདེན་རྫུན་གཉིས་ཀ་ཆར་འབེབས་བྱ། བཟང་ན་བཟང་ཐག་ཆོད། ངན་ན་ངན་ཐག་ཆོད། སྟོད་ཀྱི་ཆུ་ཆེན་བྲུག་ལ་མ་བལྟ། སྨད་ཀྱི་ཟམ་ཆེན་ཁུར་ལ་མ་བལྟ། བརྒྱ་ཕར་འགྲོ་ལ་མ་བལྟ། སྟོང་ཚུར་ཡོང་ལ་མ་བལྟ། ཇག་པ་རྟ་འདེད་ལ་མ་བལྟ། ཁེ་བ་མཛོ་འདེད་ལ་མ་བལྟ། བུ་ཡུག་གི་རྒྱུ་ལ་མ་བལྟ། མ་ཡག་གི་ངོ་ལ་མ་བལྟ། དཔྱད་པ་ཚུགས་ནི་ཞིག གོ་བ་འདུ་ནི་ཞིག བུ་རིག་པ་ཅན་ལ་རིག་རྒྱུ་ཡོད་ནི་ཞིག ཡིག་རྩལ་ཅན་ལ་འདོན་རྒྱུ་ཡོད་ནི་ཞིག མ་འཕྱུག མ་ནོར། དུང་གི་ལྷ་སོག་དཀར་བོ་འདིའི་སྟེང་དུ། ཤོག་བུ་དཀར་དཀར་ཞིག་དང་། སྣག་ཚ་ནག་ནག་ཅིག་བྱེད་དགོས། གསེར་གྱི་ཀ་བ་ས་ལ་ཟུག་དགོས། དངུལ་གྱི་ཀ་རྡོ་རྒྱུན་དུ་བརྟན་དགོས། སེང་གེ་དཀར་མོའི་གདོང་གི་འཛུམ་དགོས། དམར་ཡག་སྟག་གི་མཆེ་བར་ནས་ཤོར་དགོས། བཅུ་གསུམ་གྱི་རྩེ་དགོས། ལག་ཡོང་གི་ནོམ་དགོས། བསམ་ཐོག་གི་རྟ་དགོས། འདོད་ཐོག་གི་ཆར་དགོས། གསེར་གྱི་རྡབ་བུ་གཉིས་གཤིབ། དུང་གི་ངང་དཀར་གཉིས་འགྲོགས། སོག་པའི་ཁ་ཁྱིམ་ཕྱི་ས་ལ། རྩྭ་རྡུལ་དང་ཁྱི་ལུད་ཀྱི་ནོངས་ཕབ་ན། ཕྱི་ས་འདི་བཙའ་ཆགས་ཆགས། ཤིང་ཉེས་ཉེས་བྱ་དགོས། སོག་པའི་རང་ས་བཀའ་དྲིན་ཅན་ལ། འབྲུ་ཤུག་སྔོན་མོའི་ཁ་རྒྱན་ཞིག་འཐེན་ན། བཟང་བཟང་ཐམས་ཅད་རང་སར་འབབ་དགོས། རྒྱན་རྒྱན་ཐམས་ཅད་རང་གིས་ལེན་དགོས། རང་སར་བདེ་སྐྱིད་ལོངས་སྤྱོད་འཛོམས་དགོས། སྲེག་པ་ཡག གནས་པ་ཡག གས་པ་ཡག ཡག་གསུམ་ཡག་པ་ཡར་ལ་བསྟོད། ཅེས་སོག་མོའི་བཤད་པ་གྱེར་ཞོར། རང་སར་ཤུག་ལོ་ཞིག་བཞག་ནས། བཟང་ཐམས་ཅད་རང་སར་འབབ་དགོས། བརྒྱན་དགོས། ཕྱི་སའི་སྟེང་ལ་རྩྭ་ཞིག་བཞག་ནས་ངན་ཐམས་ཅད་དགྲ་སར་ཆག་དགོས། ཆོམས་དགོས། ཉོག་དགོས། ཞེས་དང་། ཡང་བློ་ཕུག་སྟེང་ལ་ཤུག་པ་ཞིག་བཞག་ནས། བློ་ཕུག་རྩེ་གཏད་ས་ཡིན་པས། བརྟན་དགོས། རྟག་དགོས་ཟེར་ཞོར། སོག་མགོ་རང་ལ་བསྐོར་ནས་མེར་སྲེག་ཏེ། དུས་ཡུན་ངེས་ཅན་ཞིག་འགོར་ནས། གས་སྟངས་ལ་བལྟས་ཏེ་དཔྱད་དགོས་སོ། །

༤ སོག་རུས་གས་སྟངས་ཀྱི་དཔྱད་འབྲས། ༡ དགྲ་སར་བརྟག་པ། ཕྱི་སའི་གཞུང་ཆེ་ཆུང་མེད་པར་གས་ན་ཕྱི་སའི་བློ་གཞུང་དྲང་། དཔྱད་འབྲས་དགྲ་ཕྱོགས་ནས་གྲོགས་བྱེད་པ་དང་། སྐྱོན་ངེས་ལེན་གྱི་ངོ་ཡིན། ཕྱི་སའི་གོར་གས་ས་གོར་རྡིབ་བྱུང་ན། ཕྱི་སའི་ལྷས་ལྷུང་བ་ཟེར། ཕྱི་སའི་ལྷའི་རྒན་སྐྱ་ལྡང་ལྷུང་ན། རྒོད་གཞུ་མོ་མ་རྟེའུ་གྱེག་གེ་འདེད་ཞེས། ཕྱི་ས་ན་ལག་ཡོང་བཟང་བས་ངོ་། ཕྱི་ས་ནས་གས་ག་ཕྲ་མོ་རང་སར་ཟུག་ན། ཕྱི་སའི་ལྕེ་རྣ་ཞེས། གྱོད་ཡའི་བཤད་ཟླ་ཡོང་དཀའ་བའི་ངོ་། ཕྱི་སའི་བློ་ཕུག་གི་གཤམ་ནས་གས་ཆག་འཕྲེད་དུ་དགྲ་དཔུང་ཆད་པ་ཞེས། དགྲ་ཕམ་རང་རྒྱལ་གྱི་ངོ་། ཡང་། དེ་ན་སེར་གོར་མོར་མཆིས་ན། བློ་རང་སར་དཀྱུས་པ་ཞེས་བཟང་ཞིང་། དྲང་གས་བྱུང་ན་བློ་ཕྱི་ཤོར་ངན་པའི་ངོ་། མཐེབ་ཀྱི་དཀྱིལ་ནས་མགུལ་དཀྲིས་ཞེས་ཕྱི་སའི་ཕྱོགས་སར་གས་ན་དགྲ་བོ་མུ་གབ་འོང་བའི་ངོ་། ཕྱི་སའི་གྲུ་སྣེ་གས་ན། ཕྱི་སའི་རྣ་འུར་བའི་ངོའོ། །

༢ རང་སར་བརྟག་པ། རང་སའི་ལྷས་ལྷུང་ན་གོད་ཁ་འབྱུང་། ལྕེ་རང་ས་ནས་ཕྱི་ས་ཟུག་ན་བཟང་བར་སྨྲ་ལ། རང་སའི་ལྕེ་གཏིང་འཁོར་ན་ཕྱི་ཟླ་བཤད་ཟླ་བཟློག་པའི་ངོ་། རང་སའི་གྲུ་སྣེ་གས་ན་རང་སའི་རྣ་འུར་བ་ཞེས། སྐད་ཆ་འདྲ་མིན་སྣ་ཚོགས་གོ་བ། རང་སའི་མི་ས་རྟ་ས་གས་ན། མི་ས་རྟ་ས་ལྕགས་ཡིན་ཞེས། ཇག་ཕར་འགྲོ་བཟང་། རང་སར་ངོ་གཞོགས་རྒྱུག་ན་རང་ཕྱོགས་མི་ཤི་རྟ་འགྱེལ་འོང་བར་བཤད་དོ། །

༣ མཛོ་གདོང་ལ་བརྟག་པ། མཛོ་གདོང་གི་དམའ་ས་ནས་གྱེན་དུ་དྲང་མོར་གས་ན། འཛུམ་ཐོད་ར་གཅིག་གིས་རྟ་བརྒྱ་འགུགས་ཞེས། ཇག་ཕར་སོང་ལ་ལག་ཡོང་ཆེ་བའི་ངོ་། ཡང་། མཛོ་གདོང་གི་མཐོ་སྣེ་ནས་གྱེན་དུ་གས་ན། རྨེད་ཨ་འཛུགས་གཅིག་གིས་རྟ་བརྒྱ་འགུགས་ཅེས་གོང་དང་གཅིག་མཚུངས་ཡིན། མཛོ་གདོང་ཡས་སྣེ་རྟིང་བ་འཕྲེད་དུ་གས་ན། རྨེད་བརྒྱུས་པ་ཞེས་ཕར་སོང་ལམ་ལ་ཆས་པའི་ངོ་། མཛོ་གདོང་མཐོ་སྣེ་ནས་མར་སོར་དོའི་མཚམས་སུ་གས་ན། སྒ་གཅིག་བསྟད་ཟེར་ཏེ་དོན་ཕྭ་བཟང་བའི་ངོ་། དེ་ལྟར་རིམ་པ་གསུམ་གས་ན། སྒ་གསུམ་བསྟད་སོག་པ་དཔྱད་རྒྱུ་མེད། །དེར་ཁ་ཞིག་བསྐུས﹙མར་ཉུང་ཙམ་གྱིས་བརྒྱན་པ﹚ཏེ་ཡར་ལ་ཞོག། ཅེས་དོན་བྱ་ཧ་ཅང་བཟང་ངོ་འབྱུང་བའི་རྟགས། དེའི་གཤམ་སོར་དོའི་མཚམས་སུ་གས་ན། མིག་མར་འཁོར་ཞེས་པ་སྟེ། བྱ་ལས་གང་ཡང་རྒྱུས་ལོན་པའི་ངོ་། རང་ཕྱི་གང་གི་སྟེང་ནས་འཕྲེད་དུ་གས་ཏེ་མིག་དང་འདྲེས་ན་སྣ་ཐིག་དང་སྲབ་མདའ་མིག་འོག་ལ་དྲངས་ཟེར། ཕྱི་ས་གས་ན་རང་ལ་ལེགས། རང་ས་གས་ན་དགྲ་ལ་དོགས་ཟོན་དགོས། དེའི་འགབ་ནས་གས་ན་མིག་ཀླད་འཁོར་ཞེས། དགྲའི་དམུ་གབ་ཀྱི་མོ། མཛོ་གདོང་རྟིང་བར་ཐུར་དུ་གས་ཁ་ཆེན་པོར་སོང་ན། སྒ་ཁོག་བཀྱགས་ཞེས། ལེགས་ཀྱང་གནོན་དཀའ་བར་བཤད་དོ། །

༤ ལམ་ལ་བརྟག་པ། ལམ་དྲང་ན་བཟང་ཞིང་ཆད་ན་ངན་པའི་ངོ་། ལམ་ནང་ན་གསེག་གས་ཡོད་ན་ལམ་ནང་མྱི་བོ་ཀེག་ལངས་ཞེས། ཇག་ལམ་རྩུབ་པ་འབྱུང་། ལམ་ཐོག་ནས་དྲང་མོར་གས་ཏེ་ལམ་དང་འདྲེས་ཡོད་ན། ལམ་ཐོག་རྟ་བོ་ཆོལ་ཅན་ཞེས། བཟང་རྟགས་དང་། ལམ་འོག་ནས་དྲང་མོར་གས་ནས་ལམ་དང་འདྲེས་ན། ལམ་འོག་འབྲི་མོ་བེའུ་ཁྲིད་ཅེས་བཟང་ངོ་དང་། ལམ་སྣེ་འཐེབ་ཐོག་ལ་བུད་ནའང་བཟང་བར་བཤད་དོ། །

༥ སླ་ང་དང་མཐེབ་ལ་བརྟག་པ། སླ་ངའི་གྲུ་རྩེ་ནས་གཡོན་སར་གས་ན་རྒྱ་འཐེབ་དང་། གཡས་སར་བྱུང་ན་དགྲ་འཐེབ་ཡིན། སླ་ངའི་ཁར་གས་ཁ་མཆིས་ན་རྟ་རྨིག་ལྷུང་བ་ཞེས། ཚེགས་ངོ་ཆེ། སླ་ངའི་ནང་ལྦོས་གས་བྱུང་བ་དང་ཝུ་བ་འཕྱུར་ཡོད་ན། ཡོང་སྒོ་ཆེ་བའི་ངོ་།

༦ སོག་རྒྱབ་ལ་བརྟག་པ། མཛོ་གདོང་དྲང་ཐད་ཀྱི་རྒྱབ་ངོས་གས་ན་སྙིང་སྒོར་ཟེར། གས་ཁ་ཁར་བུད་ན། སྙིང་སྒ་ཁར་བུད་པ་ཟེར། དེ་གཉིས་གང་ཡང་བཟང་བའི་ངོ་། མཛོ་གདོང་དྲང་ཐད་ཀྱི་སོག་ཡུ་གྱེན་གས་བྱུང་ན། ཧ་ཅང་བཟང་། གསེར་གྱི་བག་གེ་ས་ཟུག་གས་ན། ཇག་རབས་གསུམ་ལ་མོ་མི་འདེབས་ཟེར། ཕྱི་ས་དང་རང་ས་གང་གི་ཐད་ནས་ངོ་གཞོགས་ལྷུང་ན། དེར་མི་ཤི་རྟ་འགྱེལ་འོང་བའི་རྟགས་ཡིན། གཞན་སོག་པའི་མཐའ་གང་ལའང་སེར་ཞིབ་མང་དུ་གས་ན་འགོང་ཤ་ཡིན། མོ་ལྟས་མི་བཟང་བར་བཤད་དོ། །

༧ མཚར་བའི་གས་ཆག་གསུམ། སྟག་མོ་ཁ་གདངས། སྦྲུལ་ནག་ཐུར་རྒྱུགས། རྔ་མོང་རྐེ་ཆད་དོ། །

༥ སོག་པའི་ཁ་དོག་ལ་བརྟག་པ། སོག་པ་མེར་བསྲེག་རྗེས་ཁ་དོག་ནག་པོ་དང་། ཁྲ་བོ། དཀར་བོ་གསུམ་གང་རུང་འབྱུང་ལ། གོས་ཆག་གསུམ་དང་ཁ་དོག་གི་ཁྱད་པར་ཀྱི་དཔྱད་འབྲས་ཁྲོམ་བཤད་བྱས་ན་ཕན་ཚུན་བར་ལ་གོད་ཆག་འབྱུང་བར་ཉེན་ཆེ་བས་གཏེར་དུ་སྦས་པར་བཤད་དོ། །

༦ བསྟན་རྣམ་པའི་སོག་མོའི་རྣམ་བཤད་ལས་ཉེར་མཁོ་ཟུར་དུ་ཕྱུང་བའི་རེའུ་མིག

ཨང

དཔེ་རིས

མིང་བརྡ

འབྲས་བཤད

བློ་ཟུར་སྟོད་གས།

འགྱོད་པ་ཆེ་ཞིང་ཤུགས་རིང་འཐེན་པ། ནད་པ་དང་དོན་ཆེན་གྱི་རིགས་ལ་རིམ་གྲོས་བཟློག

རང་སའི་རྩེ་གས།

སྐུང་ས་བཙལ་དགོས། རང་ས་འཆོར་བའི་རྟགས། ནད་པ་ཡིན་ན་འཚོ་དཀའ། གྲོགས་ངོ་ཆུང་།

རང་སའི་རྩེ་གས།

ནང་འཁྲུག་ཆེ་ལ་འུར་ཟིང་གི་ངོ་།

ཕྱི་སའི་རྐེད་གས།

རྐུན་མ་ཡིན་ན་ར་མདའ་མྱུར་མོར་འོང་། གབ་པ་དང་བྲོས་ན་བཟང་། ཡང་ན་ངོ་ལེན་བྱས་ན་བཟང་། ནད་པ་ཡིན་ན་འཆི་བསླུ་བྱ། གྲོགས་ཕྭ་ལ་གཡང་སྒྲུབ་གནད་དུ་ཆེ།

བློ་ཁ་ཕྱིར་འཁོར།

བསམ་དོན་མི་འགྲུབ། བར་ཆད་ཆེ། རིམ་གྲོ་བསྒྲུབ་པ་གནད་དུ་ཆེ།

རྩེ་སུམ་ཐོག

དོན་ཕྭ་གང་ཡིན་ཡང་སྐབས་བབ་དང་བསྟུན་ཏེ་ལུང་བསྟན་བྱ།

བློ་ནང་འཁོར

གྲོས་བརྡར་མི་དགོས་པར་ཐམས་ཅད་བློ་ཁ་ནང་དུ་འཁོར་ལ། དོན་བྱ་གང་ཡིན་འགྲུབ་པའི་ངོ་།

མཛོ་ཐོད་དཀར།

མཛོ་ཐོད་དཀར་ཅན་གྱིས་རྟ་བརྒྱ་འགུགས། ཟེར་བས། གྲོག་ངོ་ཡིན་པས་ཁ་གྲོག་ཆེན་པོ་འཐོབ།

དགའ་ངོ་།

དོན་ཕྭ་ཀུན་ལའང་ཧ་ཅང་དགའ་ངོ་ཆེ།

༡༠

ནག་ལོང་།

དགྲ་རྐུན་གྱི་ངོ་ཆེ་བས། དོགས་ཟོན་དང་མེལ་ཚེ་བྱེད་པ་གལ་ཆེ།

༡༡

བློ་ནང་ཤོར།

ཕྱི་སྐད་ནང་དུ་ཤོར་བས། ནང་གི་གྲོས་ཁ་མཐུན་པའི་རྟགས་ཡིན། གྲོགས་དང་ཕྭ་གཡང་ནང་དུ་ཁུགས། ནད་པ་ཡིན་ན་རིང་དུ་འཚོ།

༡༢

དགྲས་ཚུར་རྒོལ།

རང་ཕམ་གཞན་རྒྱལ་གྱི་ངོ་། ནད་པ་ཡིན་ན་བླ་ཚེ་སྟོར། རིམ་གྲོར་དགྲ་སྒྲུབ་ཚེ་སྒྲུབ་སོགས་བྱ།

དགྲར་རྒོལ།

རང་རྒྱལ་གཞན་ཕམ་གྱི་ངོ་།

བློ་ཁ་ཕྱིར་ཤོར།

ངན་པས་ནང་ནས་བློ་ཁ་ཕྱིར་ཤོར་བ་ཡིན་པས། ཤོར་བ་ཕྱིར་མི་ཁུགས་པའི་རྟགས།

༡༥

བློ་ཁ་ཕྱི་ཤོར་ནང་ཤོར།

བློ་ཁ་ཕྱི་ནང་གཉིས་ཀར་ཤོར་བས། དོན་ཕྭ་འབྲིང་ཡིན། འཐོབ་ཤོར་གཉིས་ཀ་ཕན་ཚུན་མཉམ། ནད་ཕྭ་ཡིན་ན་ལྷ་འདྲེས་གཅོད། རིམ་གྲོར་གནད།

༡༦

གསེར་ཀྱི་ཟླ་བ་གཉིས་རྐྱ

རྐུ་དང་ཇག་ལ་བཟང་། གྲོགས་ངོ་ཆེ། ཕྭ་གཡང་དང་ནོར་སྒྲུབ། དོན་ཆེན་འགྲུབ།

༡༧

མོ་ཡི་མཆོག

འདི་གོང་ན་མེད་པའི་མོ་ཡིན་པས་འབྱོར་བ་རབ། བྱ་བ་ཀུན་ཧ་ཅང་བཟང་།

༡༨

གྲོགས་ངོ་ཆེ་བའི་མོ།

དགྲ་རྐུན་ཇག་པ་ལ་བཟང་། རྒྱུ་ནོར་གང་འདོད་ལག་ཏུ་ལོན་པར་མ་ཟད། ལོན་རྟིང་ཕྱིར་མི་ཤོར་བ་ཡིན། ནད་ཕྭ་དང་སྲོག་ཕྭ་བརྟན།

༡༩

བློ་ལ་མགོ་ར་ཐེབས་པ།

རང་གི་ད་ལྟའི་འདུན་མ་ལ་མགོ་བསྐོར་ཐེབས་ཏེ། དགྲ་བོའི་ལག་ཏུ་འཆོར་ཉེན་ཆེ། དགྲ་ཇག་རྐུན་མས་སྔོན་དུ་སྒུག་པའི་ངོ་། སྤྱང་གྲུང་འཛོམས་པ་གལ་ཆེ། ནད་ཕྭ་ཡིན་ན་ངན་པ་ཡིན།

༢༠

ཉ་ལོང་དུས་ལ་རན་པའི་མོ།

དགྲ་དང་རྐུན་མ་སོགས་ལ་ར་མདའ་འགྲོ་བའི་དུས་སུ་བབ་པ་ཡིན་པས། ཟ་ཁ་འཐུང་ཁ་ཕྱེས་པ་ཡིན། བདག་མེད་ཀྱི་ནོར་རྟ་འཕྲད་ངོ་ཡིན། མ་འདུག་ཟ་ཚོད་འགྲོ་བར་སོང་ན་བཟང་ངོ་། །

༢༡

བློ་ཕྱིར་བསྐོར།

རྒྱུ་ནོར་ལ་མྱུར་དུ་འཕྲད། དོན་གཞན་གང་ལ་བཟང་། ཁྱད་པར་དུ་གྲོགས་ངོ་ཡོད་པའི་རྟགས་སོ། །

༢༢

མི་ས་རྒན་གཞོན་བྱིས་པའི་ས། རྟ་ས་རབ་འབྲིང་ཐ་གསུམ།

སྣེ་ནས་མཐེབ་གང་ཡར་འཇལ་བ། །མི་ཡི་ས་ཡིན་དེ་ལ་ཡང་། །སྲིད་པ་གསུམ་གྱི་རྒན་རབས་དང་། །གཞོན་པ་བྱིས་པའི་ས་ཡིན་པས། །སོ་སོའི་ས་རུ་རིམ་པར་བརྟག། དེའི་སྟེང་མཐེབ་གང་མདོ་བ་རྟ། །ས་ཡིན་དེ་ལའང་རིམ་གསུམ་གྱི། །རྟ་ཡི་རབ་འབྲིང་ཐ་མའི་ས། །སོ་སོའི་ས་རུ་གས་པ་དང་། །ཐིག་ལེ་ལ་སོགས་ལྟས་ལ་བརྟག །མ་ནོར་ཁ་དམར་ཞིབ་བཤད་བྱ། །

༢༣

ལམ་ས་གས་པ།

ལམ་ནས་གས་སྲུབ་སོག་པ་ཡི་མིག་གི་མཚམས་ནས་སྟེང་དུ་སོང་ན། དྲང་ལམ་ཡིན་པས། དཀའ་ལས་མེད། དགྲ་ཇག་གིས་གནོད་མི་ཚུགས། གང་བསམ་ས་རུ་བདེ་བར་འབྱོར་རོ། །

༢༤

ལམ་ངན།

རྐུན་ཇག་གི་འགལ་རྐྱེན་འཕྲད་པས། བགྲོད་དཀའ་ལ། དེ་མིན་ཁ་ཆར་བུ་ཡུག་འཚུབ་པས་ལམ་འགྲོ་དཀའ་ལས་ཆེའོ། །

༢༥

དུམ་གཅིག་ཆག་པ།

རང་ཉིད་དགྲས་གསོད་པར་མ་ཟད། མོ་བདག་ལ་ངན་ཞིབ་བར་ཆད་འབྱུང་ངོ་ཆེ། གཞན་དོན་ཕྭ་གང་ལའང་མི་བཟང་ངོ་། །

༢༦

སྒ་རུ་ཐོད་ཐུག

འཕྲད་དགོས་པ་དང་གོ་དགོས་པ་ཡོད་ན་འཕྲད་ཅིང་གོ་བ་ཡིན།

༢༧

བློ་མེད་གས་པ།

དགྲ་ངོ་ཆེ་ཞིང་བྱ་བ་གཞན་གང་ལའང་ངན་ནོ། །

༢༨

ཐིག་ལེ་དགུ་རིས།

འདི་ནི་ཤིན་ཏུ་ངན་པའི་མོ་ཡིན། མགོན་སྐྱབས་བྱེད་པའི་ལྷ་བདུད་ཀྱིས་བརླམས་ནས། དམེ་གྱོད་ཀྱིས་རོ་དགུ་འབྱུང་། རྒྱལ་བོ་གདན་དང་བྲལ། རྒྱལ་མཁར་རྨང་ནས་འགྱེལ། རྒྱལ་བརྒྱུད་རྩ་ནས་ཆད། རྒྱལ་ས་འབངས་ཀྱིས་འཛིན། གྱོད་མགོ་རི་བོའི་དཔངས་ལས་ལྗིད། གྱོད་རྔ་ཆུ་བོའི་གཞུང་ལས་རིང་། གྱོད་འབྱུང་སྐད་ཅིག་གློག་ལས་མྱུར་རོ། །

༢༩

རྒྱབ་ནས་དུམ་གཅིག་ལྷུང་བ།

མོ་འདི་ཤིན་ཏུ་ངན་པ་ཡིན་ནོ། །དེ་མིན་སོག་པའི་མདུན་དུ་མ་གཏོགས་རྒྱབ་ཏུ་བརྟག་གཞི་མེད་དོ། །

པྲ་ཕབ།

པྲ་ཕབ་ཚུལ་འདི། བོན་ལུགས་ཀྱི་བཤད་ཚུལ﹙ནམ་མཁའི་ནོར་བུ་སོགས﹚ལ། སྣང་སྲིད་པྲ་ཡི་ལུགས་འདི་ནི། ཕྱཱ་གཤེན་པའི་ལུགས་ཀྱི་དབང་ལྷའི་བཀའ་བབས་ཞེས་བྱ་བའི་བོན་གྱི་བྱེ་བྲག་ཅིག་ཡིན་ཞིང་། དེ་ལའང་། པྲ་རྟེན་ཕོ་མོ་སུ་ཡང་རུང་བའི་མིག་གི་སྣང་ཆ་ལ་བབས་པའི་པྲ་ཞིག་དང་། རྣ་བའི་སྒྲའི་སྣང་ཆ་ལ་བབས་པའི་པྲ་ཞིག་བཅས་སྐྱེས་བུའི་ལུས་ངག་ཡིད་གསུམ་དང་འབྲེལ་བའི་པྲའི་ཚུལ་ལུགས་དུ་མ་སྲིད་པ་ཡིན། ཞེས་གསུངས་ཀྱང་། འདི་ལ་ནང་བསྟན་གྱི་ཁུངས་ཡང་ཚད་ལྡན་ཡོད་དེ། ཀྱེ་རྡོ་རྗེའི་རྒྱུད་ཀྱི་སྔགས་ལེའུ་ལས། ཨོཾ་ན་གྲྭ་ན་གྲྭ་ཞེས་པའི་སྔགས་ཀྱི་མཐེ་བོང་ལ་པྲ་ཕབ་ནས་རྫས་སོགས་སུས་ཁྱེར་ཤེས་པ་དང་། ཞེས་དང་། བདེ་མཆོག་ཉུང་ངུའི་རྒྱུད་ལས། དེ་བཞིན་སྔགས་བཟླས་རལ་གྲི་ཆུ། །མཐེ་བོང་མར་མེ་མེ་ལོང་ལ། །སྔགས་པ་བདག་ཉིད་རྟག་རྣལ་འབྱོར། །པྲ་སེ་ན་ནི་འབེབ་པར་བྱ། །ཞེས་གསུངས་པ་ནི། པྲ་ཕབ་གྱི་ཁུངས་སུ་མི་འགྲོ་ཞེས་སུ་ཞིག་གིས་སྨྲ་བར་མི་སྤོབས་ལ། དེ་བས་པྲ་འབེབས་ཀྱི་ཆོ་ག་འདི། རྒྱལ་བ་རྡོ་རྗེ་འཆང་གིས་མངོན་ཤེས་མེད་པའི་གང་ཟག་རྣམས་ལ། ལྷ་སྔགས་རྫས་དང་། ཏིང་འཛིན་གྱི་འཕྲུལ་འཁོར་མི་འདྲ་བ་བརྟེན་ནས་འབྱུང་འགྱུར་ལུང་དུ་སྟོན་པར་གནང་བ་ཡིན་ཏེ། འཇུ་མི་ཕམ་གྱིས། རྡོ་རྗེ་འཆང་གི་བཀའ་བཞིན་དུ་ལྷག་པའི་ལྷ་ལ་བརྟེན་ནས་རྫས་སྔགས་ཏིང་འཛིན་གྱི་ནུས་པས་བླང་དོར་གསལ་བའི་པྲ་ཕབ་སྟེ། དེ་ལ་ཇི་ལྟར་ཤར་བ་ལྟར་བསྟན་པ་ནི། སངས་རྒྱས་ཀྱིས་མངོན་ཤེས་མེད་པའི་གང་ཟག་རྣམས་ལ་ཆེད་དུ་གནང་བ་ཡིན་པར་གསུངས་སོ། །

པྲ་ཞེས་པའི་ཐ་སྙད་འདི་ལའང་། བོན་ལུགས་སུ་པྲ་ལྟས་མོ་སྟེ་བཟང་ངན་གྱི་རྟགས་མཚན་དེ་ལ་པྲ་ཟེར་ལ། ལེགས་སྦྱར་སྐད་དུ་པྲ་སེ་ནམ་པ་ཏ་སྟེ། པྲ་སེ་ནམ་གསལ་བར་སྟོན་པའི་དོན་དང་། པ་ཏ་ཤེལ་བའི་ཤེལ་ལ་འཇུག་པའི་སྐབས་ཡོད་དོ། །དེའི་མན་ངག་ཀྱང་། སློབ་དཔོན་ཀླུ་སྒྲུབ་ཀྱི་ཙུན་དའི་པྲ་ཕབ་ཀྱི་གཞུང་སོགས་རྒྱ་བོད་ཀྱི་མཁས་པས་བརྩམས་པ་མང་དུ་ཡོད་པར་འཇུ་མི་ཕམ་གྱིས་གསུངས་པ་དང་། འདི་ཉིད་ལ་གཞི་བཅོལ་ནས་སློབ་དཔོན་པད་འབྱུང་གིས་བོད་དུ་བསྟན་པ་སྤེལ་བའི་ཐོག་མར་འོད་ཟེར་ཅན་གྱི་པྲ་ཕབ་ནས་ཁྱེའུ་རྣམས་ལ་བསྟན་པས། ལྷ་འདྲེ་རྣམས་ཀྱི་གྲོས་དང་འདུན་མ་ཇི་ལྟ་བར་ཤེས་ནས། ལྷ་འདྲེ་མ་རུངས་རྣམས་བཏུལ་ནས་བསྟན་པའི་རྐང་ཚུགས་པ་དང་། ཇོ་བོ་རྗེ་ཨ་ཏི་ཤས་ཀྱང་། ཙུན་ད་ལ་བརྟེན་པའི་པྲ་ཕབ་པ་བཀའ་གདམས་ཕ་ཆོས་སུ་གསལ་ལོ། །

ལེགས་ཉེས་སྟོན་ཚུལ་ཡང་འཇུ་མི་ཕམ་གྱིས། པྲ་རབ་ཞིག་ཕེབས་ན། བླང་དོར་མངོན་སུམ་དུ་ཡིད་ལ་གསལ་བ་དང་། འབྲིང་ཕེབས་ན། ལྷས་དངོས་སུ་ལུང་སྟོན་པ་དང་། ཐ་མའང་། བརྡའ་དང་གཟུགས་བརྙན་གྱི་ཚུལ་དུ་འཆར་བས་རང་དོན་དུ་ཆོས་དང་སྲིད་ཀྱི་བྱ་བ་ལྐོག་གྱུར་གྱི་གནས་ལ་འཇུག་ལྡོག་གི་མིག་ཕྱེ་བར་གསུངས་སོ། །

ཞིབ་ཏུ་འཇུ་མི་ཕམ་གྱི་པྲ་ལ་སྨོད་པ་འགོག་པའི་གཏམ་དྲང་སྲོང་རྣ་རྒྱན་﹙ལྕགས་པར་དེབ་གྲངས་བཅུ་དགུ་ཤོག་ངོས ༣༤༡ ﹚དུ་གསལ་བས་དེར་བལྟ་བར་བྱའོ། །

དེ་ལྟར་མིག་གི་སྣང་ངོར་མཐོང་རྒྱུ་ཡོད་པའི་པྲ་འབེབས་སྲོལ་འདི་ལ། བོད་དམངས་ཁྲོད་དུ་དེང་སང་ཡང་མེ་ལོང་པྲ་ཕབ་ཞེས་འབོད་སྲོལ་ཡོད་པ་དང་། རྣ་བའི་ཡུལ་དུ་ཐོས་རྒྱུ་ཡོད་པའི་སྒྲའི་ཆ་ཡི་པྲ་འབེབས་སྲོལ་འདི་སྨན་གཞུང་བདུད་རྩིའི་སྙིང་པོ་སོགས་ཀྱི་ཆ་ལག་ཏུ་རན་པའི་ཚུལ་གསལ་བོར་ཤེས་ཐུབ་པའི་སྐོར་གསལ་པོར་བསྟན་ཡོད་པ་དེ་དག་དང་། དེ་བཞིན། ཀུན་རྟོག་ཡིད་ཀྱི་སྣང་ངོར་འཆར་རྒྱུ་ཡོད་པའི་པྲ་འབེབས་སྲོལ་ནི། ཞང་ཞུང་བོན་གྱི་གནའ་ལུགས་སུ་ཕུར་ཝེར་སྲོག་ཕྱཱའི་ལྷའམ། ཡང་ན། ཤིན་ཏུ་བཀའ་གཉན་པའི་ལྷ། ཞང་ཞུང་མགོན་པོ་རྣམ་གསུམ་གྱིས་གཙོས་པའི་ལྷ་གང་ཡང་རུང་བ་ཞིག་མིར་བབས་ནས་ལེགས་ཉེས་ཀྱི་སྐོར་ལུང་སྟོན་པ་འདི་ཡང་པྲའི་ཁོངས་གཏོགས་ཡིན་པར་སེམས་སོ། །

དེ་ལྟར་སྤྱི་ཚོགས་རིམ་བརྒྱུད་ཀྱིས། པྲ་འབེབས་སྲོལ་ཡང་འགྱུར་བ་ཐེབས་ཏེ། ད་ལྟའི་པྲ་འབེབས་སྲོལ་འདི་སྔགས་རྫས་ལ་བརྟེན་ནས་ལྐོག་གྱུར་གྱི་དོན་དེ་གཟུགས་བརྙན་དུ་འཆར་བ་འམ། སྐད་ཆའི་བརྡ་ལས་སྟོན་པ་ཞིག་ཡིན། སྒྲུབ་ཐབས་སུ། ཉིན་པར་མི་བྱ་བར་མཚན་མོ་བྱ་བ་དང་། ལུང་རྒྱུན་འཐོབ་པའི་གང་ཟག་ལ་མ་གཏོགས་མི་བྱ་བར་གསང་བའི་གདམས་ངག་ཞིག་ཡིན།

པྲ་ཕབ་ཀྱི་དབྱེ་བ་ལ། དཔུང་བཟང་གི་ཞུས་པའི་རྒྱུད་ལས། མཐེ་བོང་མེ་ལོང་རལ་གྲི་ཆུ་དང་ཤེལ། །མར་མེ་ས་གཞི་ལྕགས་དང་ནམ་མཁའ་དང་། །ལྷུང་བཟེད་ནོར་བུ་དག་དང་མེ་འབར་བ། །འདི་ལ་གསལ་བོར་སྟོན་པ་དྲག་ཏུ་འབྱུང་། །ཞེས་གསུངས་པ་ལྟར། འདིར་རེ་ཟུང་བརྗོད་ན། མེ་ལོང་པྲ་ཕབ་སྐབས། ས་གཙང་དབེན་གནས་སུ་ལེབ་ཕྱིང་དཀར་བོ་གཙང་མའི་སྟེང་དུ། མེ་ལོང་སོགས་རྫས་མ་ཚང་བ་མེད་པར་བཤམས་ནས། པྲ་སྒྲུབ་ཀྱི་ཆོ་ག་ངོས་གཙང་ལྟར་བསྒྲུབས་ཏེ། རྡོ་རྗེ་གཡུ་སྒྲོན་མའི་པྲ་སྒྲུབ་ལྟ་བུར་མཚོན་ན། པྲ་དབབ་ཁར། ཁྱེད་ལ་དེ་རིང་ཞུ་བ་ནི། །པྲ་གདན་དཀར་བོ་དྲི་མེད་ལ། །འབྲུ་མཆོག་གཙང་མ་གཡུང་དྲུང་རིས། །བཀྲ་ཤིས་ཁྱེའུ་བུ་མོ་གཙང་མ་འདི། །རྣལ་འབྱོར་བདག་ཅག་ཡོན་མཆོད་ཀྱིས། །ཡིད་ལ་བསམ་པའི་དོན་འདི་དང་། །འདས་དང་མ་འོངས་ད་ལྟ་དང་། །ཁམས་གསུམ་མ་ལུས་གསལ་བར་སྟོན། །ལྷ་དང་མི་དང་འདྲེ་ལ་སོགས། །ཕན་བྱེད་གནོད་བྱེད་གསལ་བར་སྟོན། །གཞན་གྱིས་མ་ཤེས་ངེད་ལ་འདྲི། །ང་ཡིས་མི་ཤེས་ཁྱོད་ལ་འདྲི། །མ་ཅིག་རྡོ་རྗེ་གཡུ་སྒྲོན་མ། །ཞེས་བརྗོད་པ་དང་། དེ་ནས་པྲ་མཁན་གྱིས་བལྟ་བ་འམ། ཡང་ན། པྲ་རྟེན་ཁྱེའུ་འམ་བུ་མོ་གྲོང་ཆོས་ཀྱིས་མ་གོས་པ། རིགས་དང་སྐྱེ་མཆེད་གཙང་བ། ཕ་མ་ཚང་ཞིང་མིང་ལེགས་པ་ཞིག་ལ་བལྟར་འཇུག་པའི་རིགས་གཉིས་ཡོད། མེ་ལོང་དུ་བརྟག་བྱའི་གཟུགས་བརྙན་མཐོང་བ་ན། འབྲུ་ཟན་གྱིས་བྲུབས་ཏེ་མི་སྣང་བར་གྱུར་ཚེ། སླར་པྲ་མཁན་གྱིས་ལེགས་ཉེས་དང་རྟགས་མཚན་བརྗོད་པ་ཡིན། ཞིབ་ཏུ་འཇུ་མི་ཕམ་གྱི་རྡོ་རྗེ་གཡུ་སྒྲོན་མའི་པྲ་སྒྲུབ་སྣང་གསལ་མེ་ལོང་﹙ལྕགས་པར་དེབ་གྲངས་བཅུ་དགུ་ཤོག་ངོས༣༢༢ནས༣༣༧ བར﹚དང་། ཀརྨ་ཆགས་མེད་ཀྱི་ཕུར་བའི་པྲ་ཕབ་སོགས་སུ་བལྟ་བར་བྱའོ། །

མཐེ་བོང་པྲ་ཕབ་སྐབས་ཆོ་གའི་ལུགས་ལྟར་མི་གཞན་གསུམ་མམ་ལྔ་སོགས་ཀྱིས་བལྟ་དགོས་ཤིང་། མངས་ཆེ་བས་ཕྱེད་ཙམ་མ་གཏོགས་མི་མཐོང་བར་བཤད།

རྩྭ་པྲ་ནི། ཤིང་སྟག་པའི་བུ་ཆུང་སོར་བཞི་བ་ཞིག་བསྒྲུབས་ནས་རྣ་བ་དང་ཉེ་བར་སྦེད་པས། ལེགས་ཉེས་སྨྲ་བ་ཞིག་ཡིན། དེ་ཡང་། སྨན་བླ་དང་ལྷ་མོ་རྩྭའི་གླིང་བུ་ཐོགས་པ་ལ་བརྟེན་ནས་སྒྲུབ་སྲོལ་ཡོད། བསྙེན་པ་བཏང་སྟེ་རྟགས་ཐོན་རེག་བར་དུ་བསྒྲུབས་ལ། ཁྱད་པར་དུ་རྩྭ་པྲ་འདི་སྨན་པ་དག་གིས་བསྒྲུབས་ན། ནད་བརྟགས་པ་ལ་ཧ་ཅང་མཁོ་བས། ནད་གང་ཡིན་དང་། སྨན་ཅི་ཕན་སོགས་རིམ་གྱིས་འཆར་འོང་། པྲ་མཁན་འདི་འཆི་ཁར་སྟག་པའི་བུ་ཆུང་གིས་མིང་ནས་ཡང་ཡང་བོས་ནས་ཡིད་སེམས་དཀྲུགས་པར་བཤད་པའང་ཡོད།

མར་མེ་པྲ་ཕབ་ནི། མར་མེ་གཙང་སང་ངེ་བ། ནས་ཚོམ་གྱི་སྟེང་དུ་བཞག ལྷ་ཚོགས་བསྐྱེད། འཇག་མ་ཉག་རེ་ལ་གཟུངས་སྔགས་བཟླས་ཏེ་རྐོང་བུའི་ཁ་གདོང་དུ་བཞག བླ་མ་ཡི་དམ་སོགས་ཀྱི་བདེན་པ་བདར་ནས། མར་མེ་བསང་སྦྱངས་དང་བྱིན་གྱིས་བརླབས་ནས། མ་རིག་མུན་སེལ་སྒྲོན་མེ་མཆོག། དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ། །མངོན་ཤེས་རྟགས་དང་མཚན་མ་རྣམས། །སྣང་གསལ་མར་མེས་བསྟན་དུ་གསོལ། །ཞེས་གསོལ་བ་བཏབ་སྟེ། དབྱིབས་དང་མདོག མེ་ལྕེ་ཁ་གྱེས་ཚུལ། འོད་ཀྱི་རིང་ཐུང་། སྡོང་བུ་སྦོམ་ཕྲ་དང་། མེ་ལྕེ་དལ་བྲེལ། དྲི་བཟང་ངན། མེ་སྟག་དང་ཚག་སྒྲ་དུད་པ་ཡོད་མེད། མར་ཁུ་ལ་རི་མོ་ཆགས་ལུགས། ཡུན་རིང་ཐུང་སོགས་ལ་བརྟག་རྒྱུ་ཡོད་པར་འཇུ་མི་ཕམ་གྱི་བརྟག་པ་སྣ་ཚོགས་ཀྱི་སྐོར་ནོར་བུའི་མེ་ལོང་ལས་རི་མོ་དང་བཅས﹙ལྕགས་པར་དེབ་གྲངས་བཅུ་དགུ་ཤོག་ངོས ༢༩༢ ནས ༣༠༠ བར﹚པ་གསལ་བར་བཀོད་ཡོད་པས། ཤེས་འདོད་པ་དག་གིས་དེར་བལྟ་བར་བྱའོ། །

མེ་པྲ་ནི། དཔུང་བཟང་གིས་ཞུས་པ་ལས། མེ་ཡི་མཚན་མ་ཉེ་བར་བརྟག་པ་ནི། །མེ་སྟག་དུ་བ་མེ་ལྕེ་སྒྲ་རྣམས་ལས། །གྲུབ་པ་དང་ནི་མི་འགྲུབ་ཐམས་ཅད་ཀྱང་། །སྔགས་ཀྱིས་བྱིན་རླབས་མེ་ནི་སྟོན་པར་བྱེད། །ཅེས་པ་ལྟར། འདིར་མེ་པྲ་བརྟག་པ་ནི་སྦྱིན་སྲེག་གི་མེ་ཡིན་ལ། སྦྱིན་སྲེག་གི་མེ་ནི་སྔགས་ཀྱི་བྱིན་གྱིས་བརླབས་པའི་མེ་ཡིན་པས། འབྱུང་འགྱུར་གྱི་ལེགས་ཉེས་སྟོན་པ་རྒྱུད་སོགས་ལས་གསུངས་པ་བཞིན་དང་། བརྟག་དུས་ཀྱང་མེ་ལྷ་སྤྱན་དྲངས་ནས་བྱོན་ཏེ་སྐྱེམས་འབུལ་སྐབས་ཡིན་ནོ། །བརྟག་ཚུལ་དངོས་ནི་འཇུ་མི་ཕམ་གྱི་བརྟག་པ་སྣ་ཚོགས་པའི་སྐོར་ནོར་བུའི་མེ་ལོང་ལས﹙ལྕགས་པར་དེབ་གྲངས་བཅུ་དགུ་ཤོག་ངོས ༢༨༨ ནས ༢༩༢ བར﹚ཤེས་པར་བྱའོ། །

གཞན་མེ་ལོང་གི་ནང་དུ་པྲ་སྒྲུང་འབེབས་སྲོལ་ཡང་ཡོད་དེ། དེ་ནི་མེ་ལོང་གི་བཞིན་རས་ལ་ཡུལ་ལྗོངས་ལྟ་ན་སྡུག་པའི་ཁོར་ཡུག་ཏུ། ཁྲབ་མོག་འཁོར་གསུམ་བསྐོར་བའི་དཔའ་རྒོད་རྣམས་ཀྱིས་མཚོན་ཆ་ལག་ཏུ་བཟུང་ནས། རྟ་མདོ་བའི་རྨིག་སྒྲ་ལྡིར་རེ། གླུ་ལེན་དང་གཏམ་ལན་སྣ་ཚོགས་བརྗོད་པ་ཞིག་ཡིན་ཏེ། ད་ལྟ་ཡང་། ཁམས་ཆབ་མདོ་སོགས་ན་པྲ་སྒྲུང་བ་ཡོད་པར། ཡ་མཚན་ཆེ་བའི་གླིང་གེ་སར་སྒྲུང་བའི་གསང་བ་ཞེས་པར་ཞིབ་ཏུ་འཁོད་ཡོད།

གཞན་ཡང་། ཆུ་དང་ནམ་མཁའ་དང་། སེན་མོའི་པྲ་ཕབ། མིག་ལམ་དུ་ཡི་གེ་འཆར་བ་དང་། ཡིད་ངོར་སྣང་བ་སོགས་ཀྱི་པྲ་ཡང་ཡོད། པྲ་མཁན་དེས་དད་དམ་གཙང་མས་པྲ་ལུང་དང་སྔགས་ཀྱི་བསྙེན་པ་རྟགས་ཐོན་རེག་བར་དུ་གཏོང་དགོས་ལ། དེ་ཡང་རྣོ་མཐོང་པྲ་ལྷ་ནི་དཔལ་ལྡན་ལྷ་མོ་དང་། མཐིང་གི་ཞལ་བཟང་མ། རྡོ་རྗེ་གཡུ་སྒྲོན་མའི་པྲ་སྒྲུབ་དང་། པྲ་འབེབས་ལ་བརྟེན་པ་ཡིན་ནོ། །

འདིར་པྲ་འབེབས་སྲོལ་གྱི་མན་ངག་ཐུང་ངུ་འགའ་ཞིག་བཀོད་ན། འཇམ་དཔལ་དཔའ་བོ་གཅིག་གྲུབ་ཀྱི་རྒྱུད་ལས། ཨོཾ་ན་མོཿསབྟ་ནཾ་སམྱ་ཀྶཾ་བུདྡྷ་ཀོ་ཌྲཱྀ་ནཱཾ་ཏ་ངྱ་ཐཱ་ཨོཾ་ཙ་ལེ་ཙུ་ལེ་ཙུནྡ་སྭཱ་ཧཱ། བི་ཏྱ་ས་ཏྱ་བཱ་དི་ནི་པ་ར་དེ་ཀ་ཐ་ཡ་སྭཱ་ཧཱ། ལྷ་མོ་སྐལ་བྱེད་མའི་སྔགས་འདི་བཟླས་ཏེ་སངས་རྒྱས་ཀྱི་སྐུ་འམ་སྐུ་གདུང་གི་སྤྱན་སྔར་མཆོད་པ་ཅི་འབྱོར་ཕུལ་ལ། སྔགས་བརྒྱ་རྩ་བརྒྱད་བཟླས་པའི་ཆུས་གདོང་བཀྲུས་ནས་མི་སྨྲ་བར་ཉལ་ན་རྨི་ལམ་དུ་དགེ་མི་དགེ་སྟོན་པར་འགྱུར་རོ། །ཁྱེའུ་དང་བུ་མོ་གྲོང་ཆོས་ཀྱིས་མ་གོས་པ་ལ་མེ་ལོང་སོགས་ལས་པྲ་དབབ་ན་ཕྱིན་ཅི་མ་ལོག་པའི་དགོས་པ་སྟོན་ནོ། །ཞེས་གསུངས། སྔགས་འདི་ནི་སངས་རྒྱས་བྱེ་བ་ཕྲག་བདུན་གྱིས་བྱིན་གྱིས་བརླབས་པ་མཆོག་གང་འདོད་མྱུར་དུ་སྩོལ་བའི་སྔགས་ཁྱད་པར་ཅན་ནོ། །

ཁྲོས་ནག་ལས། པྲ་དབབ་པར་བུ་མོ་གཙང་མ་ཁྲུས་བྱས། མཁའ་འགྲོ་དམར་མོ་སྤྱན་གསུམ་པ་དཔྲལ་བའི་སྤྱན་གྱིས་ལྷ་འདྲེ་མི་གསུམ་མཐོང་བར་སྒོམ་ལ། ཧ་རི་ནི་སཀཾ་ཁོ་ལེ་ཆུ་བུར་མིག་གི་སྒོ་ཕྱེས་སྟོན། ཞེས་པ་ནས་ལ་སྔགས་ཏེ་གཏོར་ན་ལེགས་ཉེས་ཐམས་ཅད་མཐོང་བ་དང་། སྨྲ་བ་སྟོན་པར་འགྱུར་རོ། །ཞེས་དང།

ནོར་བུ་བཟང་བོའི་རྟོགས་པ་བརྗོད་པ་ལས། ན་མོ་རཏྣ་ཏྲ་ཡཱ་ཡ་རགྷེ་རགྟ་ཨཾ་གུ་ཥྛེ། ཡ་ད་ཀུན་ཙིད་སྭཾ་པྲ་ཏི་ག་ཏཾ་བྷ་བྱཾ་ཏ་ཏ་སརྦ་དཪྴ་ཡ་སྭཱ་ཧཱ། ཁྲི་གཅིག་བསྙེན་ལ། རྒྱ་སྐག་གིས་བསྐུས་པའི་མཐེ་བོང་ལ་མར་མེ་བཅས་ཏེ་པྲ་སེ་ན་དབབ་པས་འགྲུབ་བོ། །

དཔལ་ལྡན་ལྷ་མོའི་པྲ་འབེབས་ལ། ལྷ་མོ་སྤྱན་དྲངས་མཆོད་བསྟོད་དམིགས་བཟླས། དང་བོར། བེ་ཤ་མ་ཤ་ཤིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཉེར་གཅིག་བཟླས་པས་ཆུ་ཁྲུས་བྱ། ལོ་བཅོ་ལྔ་མན་ཆོད་པྲ་རྟེན་ཁྱེའུ་གཙང་མ་དགོས། མཐེ་བོང་ལ་རྒྱ་སྐྱེགས་ཀྱི་ཁུ་བས་བྱུགས། མར་མེའི་སྣུམ་ཡང་བྱུགས། སྔགས་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ཏ་དྱ་ཐཱ། ཀུ་ཏ་ཀུ་ཏ་ནི། ནི་མ་ཀྱི་ཏ་པ། ཀུ་ཤ་ནི། ནི་མ་ནི་རེ་སྭཱ་ཧཱ། སྔགས་སྟོང་ངམ་ཁྲི་ཙམ་བཟླས་ནས་ལས་སྦྱོར་དུས། མར་མེ་སྡོང་བུ་ལ་བདུན། མཐེ་བོང་ལ་བརྒྱ་རྩ་བརྒྱད་བཟླས་ཏེ་བསྟན་པ་པྲ་དབབ་བོ། །མཇུག་ཏུ་ཡིག་བརྒྱས་བཤགས་གསོལ་བྱ། འདི་ཁལ་ཁ་བཟང་བོ་ནས་བརྒྱུད་དེ་དབང་ཆེན་དགྱེས་རབ་རྡོ་རྗེའི་ཞལ་སྔ་ནས་བདག་མི་ཕམ་པས་ཞུས་པ་ལགས་སོ། །ཞེས་གསུངས་སོ། །

ཡང་། འཇིག་རྟེན་དབང་ཕྱུག་གི་རྟོགས་པ་བརྗོད་པ་ལས། ཨོཾ་བི་ལོ་ཀི་ནི་ཨ་བ་ལོ་ཀཱི་ཡེ་སྭཱ་ཧཱ། སྔགས་འདི་སྟོང་ཕྲག་བཅུ་བཟླས་བརྗོད་བྱས་ན། མེ་ལོང་དང་མཐེབ་ཆེན་དང་ནམ་མཁའ་སོགས་ལ་པྲ་དབབ་པས། འགྲུབ་པར་འགྱུར་རོ། །གང་སྔོན་བྱུང་དང་། ད་ལྟ་དང་། ཕྱིས་འོང་བ་དེ་སྟོན་པར་བྱེད་དོ། །ཡང་ན། སོ་ཤིང་ལ་ཉེར་གཅིག་བསྔགས་ཏེ། ནུབ་མོར་ཉལ་ཁར་འཆོས་ནས་མི་སྨྲ་བར་ཉལ་ན། དགོས་པ་གང་ཡིན་པ་རྨི་ལམ་ན་བསླུ་བ་མེད་པར་སྟོན་པར་བྱེད་དོ། །

ཡང་། མཁའ་འགྲོ་མིག་མཐོང་གི་པྲ་དབབ་པར། བྱི་ལ་ཡུགས་པོ་འུག་པ་སྤུ་ཤུད་ཀྱི་མིག་རྣམས་ཁྱེའུ་འཐུང་ནུ་ཞོར་མེ་ལོང་སྟེང་དུ་སྦྱར། རང་ཕག་མོར་སྒོམ་ལ། འབྲུ་གསུམ་དང་དཔའ་བོ་ཕོ་ཐེམ་མོ་ཐེམ་སྔགས་ལ། ཙཀྵུ་ཙཀྵུ་མ་ཧཱ་ཧ་ར་བཛྲ་ཙཀྵུ་པྲ་ཝེ་ཤ་ཡ་ཕཊ། སུམ་སྟོང་བཟླས་ནས་མིག་ལ་བྱུགས་པས་སྲིད་གསུམ་གྱི་ལྷ་འདྲེ་མཐོང་། གཞན་གྱི་མིག་ལ་བྱུགས་ནའང་ལྷ་འདྲེ་དང་ལེགས་ཉེས་ཀུན་མཐོང་ངོ་། །

ལས་སྣ་ཚོགས་ཀྱི་བེའུ་བམ་ནང་བརྟག་པ་སྣ་ཚོགས་ཀྱི་སྐོར་ལས། རྐུན་མ་ངོས་འཛིན་གྱི་པྲ་ཕབ་ལ། རྐུན་མ་ངོས་འཛིན་མེ་ལོང་ལ་སྔགས་འདི་སྟོང་ཕྲག་གཅིག་བཏབ་སྟེ། སུ་དོགས་པ་ལ་བསྟན་པས་དངོས་བོ་རྣམས་གསལ་བར་མཐོང་ངོ་། །ཨོཾ་ཧ་རེ་རྣེ་སྭཱ་ཧཱ། ཤིན་ཏུ་ཟབ། དམ་ཚིག་གཙང་བ་གལ་ཆེའོ། །

ཡང་། རྐུན་མ་ངོས་འཛིན་ལུགས་གཅིག་ལ། ཨོཾ་ཙི་ར་མེ་རཾ་ཡ་སྭ་ཧཱ། སིནྡྷུ་ར་དང་མེ་ལོང་ཞག་བདུན་བསྔགས། བྱིས་པ་ལོ་ལྔ་ནས་བརྒྱད་ཀྱི་བར་གང་རུང་གཅིག་ལ་རྫི་མར་དང་བོར་ཆུ། དེ་ནས་རྫས་དེ་བྱུགས་པས་རྐུན་མ་གང་ཡིན་མཐོང་ནས་སྨྲ་མ་སྨྲ་ན་ཚང་རྟིང་རྡོག་ཐོས་བརྡེག དེས་ཀྱང་ཡིད་མ་ཆེས་ན་མེ་ལོང་བསྟན་པས་དེར་རྐུན་མ་འཆར། མི་ཁྱི་གང་ཡང་མེད་སར་སྒྲུབ་དགོས། གཞན་ཡང་། པྲ་ཕབ་ཀྱི་རྣམ་གྲངས་ཧ་ཅང་མང་ཡང་། ཡི་གེ་མང་དུ་འཇིགས་ནས་མ་བཀོད་དོ། །

མངོན་ཤེས་དང་རྣོ་མཐོང་སྒྲུབ་ཚུལ།

ནོར་བུ་བཟང་བོའི་རྟོགས་པ་བརྗོད་པ་ལས། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཨར་ཏེ་སྭཱ་ཧཱ། སྔོན་དུ་ཁྲི་གཅིག་བསྙེན་ལ། འབྲས་ཁུ་ལས་རི་ཁྲོད་མའི་གཟུགས་གཅེར་བུ་སོར་གསུམ་པ་བྱས་ཏེ། ཉི་ཟླ་གཟས་བཟུང་བའི་དུས་ལག་པར་བཞག ཇི་སྲིད་མ་གྲོལ་བར་བཟླས། སྲོད་དུས་བྱིས་པས་མཐོང་བའི་ལམ་དུ་གཟུགས་སྟོན་ཞིང་། མེ་ལོང་སོགས་ལ་དཔལ་ཆེན་མོས་བདེན་པ་སྟོན་ནོ་གསུངས།

ཡང་། སློབ་དཔོན་པད་མའི་མངོན་ཤེས་སྒྲུབ་པ་འདིས། ས་བཅུའི་བྱང་ཆུབ་སེམས་དཔའ་ཡང་མཐོང་ན་འཇིག་རྟེན་པའི་ལྷ་འདྲེ་སྨོས་ཅི་འཚལ། ལྷ་འདྲེ་རྣམས་ཀྱིས་རང་གི་རྣ་བ་ལ་གཏམ་ཚུར་བཤད་དུ་འོང་ངོ་། །རྫས་ལ་བྱ་མོ་ནག་མོའི་སྒོ་ང། སྨན་ལྔ། ཆང་ཕུད། འབྲང་རྒྱས། མདའ་བྱ་རྒོད་མ། དར་དཀར་བོ། མེ་ལོང་དེ་རྣམས་རྟེན་དུ་བཙུགས། ཕྱིང་གཙང་མའི་སྟེང་ནས་ཀྱི་གཡུང་དྲུང་རིས་དང་། རྡོ་རྗེ་རྒྱ་གྲམ་བྲིས་ལ། དེའི་སྟེང་རྟེན་རྣམས་བཞག སྔགས་ནི། ན་མ་རི་རི་ཛ་ཛ་རུཾ་རུཾ་རུཾ། ཞེས་པའི་སྔགས་དེ་ཞག་གསུམ་བཟླས་པས། བུ་མོ་གཞོན་ནུ་གཅིག་མངོན་སུམ་འོང་ནས་ངས་ཅི་བྱ་ཟེར། དེ་ལ་མིང་བོ་ངའི་གྲོགས་གྱིས་ཤིག སྲིད་པ་གསུམ་གྱི་གཏམ་ཤོད། ལྷ་འདྲེ་ཐམས་ཅད་ཀྱི་གཟུགས་སྟོན་ཞེས་བྱས་པས་རང་གི་ཅི་མནོས་པ་སེམས་ལ་སྟོན་པ་གལ་ཆེའོ། །

ཡང་། སློབ་དཔོན་པདྨས་མཛད་པའི་མིག་མཐོང་ཞིག་ལ། རྫས་ནི་བྱི་ལ་ཕོའི་མིག ཁྱི་རྒྱ་བོའི་རྫི་མའམ་མིག བྱ་མོ་ནག་མོའི་སྒོ་ངའི་སེར་བོ། བུ་རམ་བག་ཙམ་ཞིག སག་རམ་རྩི﹙ ནི་ལ་ཐོ་ཋ﹚ དུམ་གཅིག གླ་རྩི་ནས་ཙམ་རྣམས་ཞིབ་བཏགས་ཁྱེའུ་འོ་འཐུང་གི་ནུ་ཞོར་མེ་ལོང་ནང་དུ་སྦར་ལ་སྔགས་འདི་བཏབ། ཨོཾ་བྲ་མོ་ཐུན་པྲ་མོ་ཤག་པྲ་མོ་ཚལ་པྲ་མོ་ཕོབ་པྲ་མོ་སྭཱ་ཧཱ། ཞེས་ཞག་གསུམ﹙དེའི་བར་མིག་བཅིངས་ཏེ་མ་བལྟས་ན་བཟང﹚སྨྲ་བཅད་དེ་བཟླས། དེ་ནས་རྫས་དེ་མར་དཀར་ཅུང་ཟད་དང་བསྲེས་ལ། ཟླ་བ་ཡར་ངོའི་དུས་བཟང་བོར་མིག་ཕྱེ་ནས། བྱུགས་པས་སྣང་སྲིད་ཐམས་ཅད་མེ་ལོང་ལ་བལྟས་པ་བཞིན་དུ་འགྱུར། སྒྲུབ་ཚད་ཞག་གསུམ་ལས་ཧ་ཅང་ཐལ་ན། རང་ལྷ་འདྲེའི་དབང་དུ་འགྲོ་བའི་ཚོད་ཟིན་པར་བྱ། རྫས་མི་ལག་མི་བརྒྱུད་འགོམ་ལམ་དུ་མི་བཞག་ཅེས་གུ་རུའི་མན་ངག་ཟབ་བོ། །

ཡང་། ས་འོག་ས་སྟེང་ཐམས་ཅད་ལྟ་འདོད་ན་ཤིང་གཅིག་པའི་དྲུང་དུ་ཕྱིན་ནས། ཞ་ཉེའི་གོང་བུར་མི་ཞུན་གྱི་མར་ཁུ་བྱས་ལ་མར་མེ་བཏང་། ཐོད་པ་གཅིག་གིས་ཁ་བཅད། ཐོད་པ་གསུམ་ལ་སྒྱེད་པུ་བྱ། རང་རྡོ་རྗེ་ཕག་མོར་བསྒོམ། ཨོཾ་ཨཱཿཧཱུཾ་ཧྲཱྀཿཨ་ཧ་རི་ནི་ས་ར་ཙ་ཧྲི་ཡ་སརྦ་འདིས་སྟོན་ཕེམ་ཕེམ། སྔགས་འདི་ཁྲི་བཟླ། དེ་ནས་མི་རྐང་གི་ནང་ནས་མིག་གིས་བལྟ། དུད་པ་རང་གི་དྲི་ཆུར་སྦྱར་བ་མིག་ལ་བསྐུས་པས། ས་འོག་ས་སྟེང་ས་བླ་ཐམས་ཅད་གསལ་ལེར་མཐོང་ཞིང་མཁྱེན་ཞེས་པད་འབྱུང་གི་གདམས་པའོ། །

ཡང་། པད་འབྱུང་གིས་མཛད་པའི་ལྷ་མོ་སྨན་གཅིག་མའི་མངོན་ཤེས་སྒྲུབ་ཐབས་ལ། ཧ་ལོ་དང་། སྤང་རྒྱན་དཀར་བོ། རང་གི་སྲིན་ལག་གི་ཁྲག་གསུམ་ལ་ཉི་མ་གཅིག་སྔགས། སྔགས་ནི། ཙ་ན་ཁྲིག་ཁྲི་ཁྲི་ཟི་མ་ཟི་མ་ཁྲག་ལ་དུན་དུན། བཟླས་པ་རྫོགས་པ་དང་། མིག་སྔར་བུ་མོ་མཛེས་མ་རྒྱན་ལྡན་ཞིག་ཡུད་ཡུད་བྲེང་བྲེང་འོང་། དེ་ནས་རྫས་གསུམ་པོ་དར་དཀར་དུ་དྲིལ་ལ། རང་ལུས་ལ་བཅིངས་པས་སྲིད་པ་གསུམ་གྱི་གཏམ་བཟླས་པ་དང་། ཅི་དགོས་དྲིས་པས་བཤད་དུ་འོང་ངོ་། །

ཡང་། སློབ་དཔོན་ཀླུ་སྒྲུབ་ཀྱི་མིག་རྣོན་སོགས་ཀྱི་མངོན་ཤེས་ནི། རྡོ་ཕ་ཝང་གི་ངོས་ལ་ཤེས་རབ་མའི་མཚལ་དང་། གི་ཝང་གཉིས་བསྲེས་པ་ཧ་རི་ནི་ས་བྲིས་ལ། དེ་དར་གྱིས་དྲིལ་ནས་ཟངས་མའི་གའུར་བཅུག་པ་གནས་གཙང་མར་མཎྜལ་ཟླུམ་པོའི་དབུས་སུ་བཀོད། མཆོད་པ་ལྔ་དང་གཏོར་མ་གསུམ་བཤམས་ལ། གཏོར་མ་གཅིག་དཀོན་མཆོག་གམ། གཅིག་ཆོས་སྐྱོང་། གཅིག་ཡུལ་དེའི་གཞི་བདག་ལ་ཕུལ། ལས་འགྲུབ་པའི་འཕྲིན་བཅོལ་བྱ། དེ་ནས་སྨྲ་བཅད་ཞག་བདུན་སྔགས་འདི་བཟླས། ཨོཾ་ཀརྨ་ཙི་ཤ་ཆེ་ནི་སྭཱ་ཧཱ། ཞེས་བཟླས་པས། དང་བོ་བུད་མེད་གཞོན་ནུ་མིག་སྔར་འོང་། དེ་ནས་བཟླས་པ་ལ་འབད་པས་ཇེ་ཉེ་ཇེ་ཉེར་འོང་། མཐར་སྲིད་པ་གསུམ་གྱི་གནས་དང་ཅི་དགོས་དྲིས་པ་དང་མ་དྲིས་པ་ཐམས་ཅད་བཤད་འོང་། གྲུབ་ནས་གའུ་མིས་མ་མཐོང་མ་རེག་པར་ལུས་ལ་བཅངས་པར་བྱའོ། །

མངོན་ཤེས་གསལ་བྱེད་རྣ་སྒྲོག་ལ། སྲིན་བྱའི་ཤ་འམ་མཆུ། གསེར་ཐིག་པོ། གཡུ་ཆུང་མིག་མེད། དུང་ཆུང་གཅིག་དང་གསུམ་ཟ་འོག་ཁུག་མར་བཅུག མཆན་འོག་སྦ། རང་གི་ཅི་ཟ་ཅི་འཐུང་གི་ཕུད་རྒྱབ་ཏུ་མཆོད་ལ། སྨྲ་བ་བཅད་དེ་སྔགས་འདི་བཟླ། ཨོཾ་ཨ་ཏྲི་ཁ་ཏྲི་མ་ཏྲི་དྷ་རི་ཡེ་སྭཱ་ཧཱ། འགྲུབ་རྟགས་ལ། རང་གི་ལྟག་ཁུང་གཏམ་སྨྲ་བ་འོང་། སྒྲ་ཇེ་གསལ་དུས་གསུམ་གྱི་གནད་ཐམས་ཅད་སྟོན། བཤད་ཆེས་པས་ཁྱིམ་མཚེས་ཀྱི་བཟའ་བཏུང་བྱེད་པ་སོགས་སྨྲ་བ་མང་བས། དེ་མི་དགོས་པར་འདོད་ན། རྫས་ཁུག་ཆུར་བསྒྱུར། བཛྲ་ཙིཾ་ཏྟ་དུར་ཙི་ཏྟ་ནན། འདི་བཟླས་ན་ཐོས་པ་སྒྲ་སྒྲོགས་འཕྲོ་ཆད་དེ། དེ་མིན་དོན་ཐམས་ཅད་མི་སྨྲ་བ་མེད་དོ། །ཐེ་ཚོམ་མེད་པར་སྒྲུབ་པའི་ཆོག་ཅེས་གར་དབང་གི་གཏེར་མའོ། །མི་ཁྱིའི་སྒྲ་མེད་ཕུག་པ་བྱང་བལྟས་ཞག་ལྔར་བསྒྲུབ་བོ། །

ཡང་། སྟག་གི་བུ་ཆུང་སྒྲུབ་ཐབས་ཤིག་ལ། འདིའི་རྫས་ལ། སྟག་པའི་བུ་ཆུང་སྐྱེ་མཆེད་ཚང་བར་པད་གདན་བཅས་ཚོན་གང་བ་གཅིག ཙན་དན་དཀར་དམར། གུར་ཀུམ། གུ་གུལ། གླ་རྩི། ཅུ་གང་དེ་རྣམས་ཀྱི་ཕྱེ་མ་བུ་ཆུང་དང་བཅས་པ་ཟ་འོག་གི་ཁུག་མར་བཅུག་ལ། མེ་ལོང་གས་ཆག་མེད་ཅིང་མིག་མེད་པ་གཅིག་གི་སྟེང་དུ་བཞག བདག་གི་སྤྱི་བོར་ལྷ་མོ་གསལ་སྒྲོན་མ་དཀར་མོ་གངས་ལ་ཉི་ཤར་འདྲ་བ་ཞལ་གཅིག་ཕྱག་གཉིས། གཡས་ནོར་བུ་རིན་པོ་ཆེ་དང་། གཡོན་མེ་ཏོག་ཨུཏྤལ་འཛིན་པས་བདག་ལ་འདོད་དོན་ཐམས་ཅད་མངོན་སུམ་སྨྲ་བར་བསམ་ལ། ཨ་ཐན་ཕོབ། ནི་ཐན་ཕོབ། མ་ཐན་ཕོབ། ས་ཏིན་དུ་ལོ་ཀ་བྷནྡྷ་ཧཱུཾ་ཕཊ། ཞེས་རབ་འབུམ་ཚོ་གཅིག འབྲིང་ཁྲི་ཚོ་གསུམ། ཐ་མ་ཁྲི་ཚོ་གཅིག་བཟླས་པས་འགྲུབ་རྟགས་འོད་དམར་བོ་འོང་། དེ་ནས་མེ་ལོང་སྟེང་གི་གཟུགས་དེའི་བདག་གི་སྐྱེ་འཆི་སོགས་སྐྱོན་ཡོན་ཅི་ཡོད་ཀྱི་སྒྲ་སྐད་བཟློ་བར་བྱེད་དོ། །དེ་ནས་རྟེན་དེ་རྣམས་རང་གི་གོང་ཁུག་ཏུ་བཅུག་པས། རྟེན་དེས་འཇིགས་སྐྲག་སོགས་ཅི་འོང་། ཚོང་རྒྱལ་ཕམ། བོར་སྟོར་རྐུན་མ་སོགས་སྲིད་པ་གསུམ་གྱི་སྔ་ལྟས་ཕྱི་ལྟས་ཐམས་ཅད་བཟློ་བར་བྱེད་དོ། །

ཡང་། ཚེ་རིང་མའི་མངོན་ཤེས་སྒྲུབ་ན། གནས་གཙང་མར་གཏོར་མ་གཙང་མར་སྨན་བཟང་དྲུག་གིས་སྤོད་བཏབ། དཀར་གསུམ་མངར་གསུམ་གྱིས་བརྒྱན་པ་སྟེགས་བུར་བཤམས་ལ་བྱིན་རླབས་བྱ། འདས་མ་འདས་ཀྱི་མཁའ་འགྲོ་མའི་མགྲོན་ལ་བསྔོ་ཞིང་ཆང་ཕུད་དང་། ཟས་སྣས་མཆོད། རང་ལ་མངོན་ཤེས་གསལ་བའི་འཕྲིན་བཅོལ་བྱ། དེ་ནས་མཁའ་འགྲོའི་སྲོག་སྙིང་ཡང་ཟབ་གསང་སྔགས་འདི་ཞག་གསུམ་སྨྲ་བ་བཅད་དེ་རྒྱུན་མ་ཆད་པར་བཟླའོ། །ཨོཾ་པྲ་ཧེ་སྟོན་སྟོན། མ་ཤུ་སྟོན་སྟོན། མུ་ཤག་སྟོན་སྟོན། པྲ་ཤ་མ་ནི་སྟོན་སྟོན། དྷ་ཤ་མ་ནི་སྟོན་སྟོན། པྲ་མུན་སྟོན་སྟོན། ཤོ་མུན་སྟོན་སྟོན། ནི་མ་ཀ་ར་སར་སར། ཤག་ཤག་ནུར་ནུར། བསྡུས་བསྡུས། པ་ཕོབ་པྲ་ཕོབ་སྟོན་ཡཱ། ཞེས་སོ། །དམིགས་པ་རང་གི་རྣ་བ་ནས་བུ་མོ་དཀར་སེར་དམར་སྔོ་ནག་མོ་རྣམས་ཀྱིས་གཏམ་སྨྲ་བཤད་པར་བསམ་ལ། གཉིད་མ་ལོག་པར་དྲག་ཏུ་བཟླའོ། །དེས་ཞག་དང་བོ་རྨི་ལམ་འོང་། གཉིས་པར་རྣ་བར་གཏམ་སྨྲ། གསུམ་ནས་སྣང་སྲིད་གསལ་བའི་མངོན་ཤེས་ཐེ་ཚོམ་མེད་པར་འགྲུབ་བོ། །གཞན་ཡང་། འདི་ནི་མི་ནོར་ཟས་གསུམ་ཐམས་ཅད་དབང་དུ་འདུ་བའི་མཁའ་འགྲོའི་དབང་སྡུད་ཆེན་མོ་ཤིན་ཏུ་གསང་བ་ཡིན་ནོ། །

ཡང་། དམ་ཚིག་མཁའ་འགྲོའི་མངོན་ཤེས་སྒྲུབ་པ་ནི། རང་ཉིད་དམ་ཚིག་མཁའ་འགྲོ་དཀར་མོ་རབ་ཏུ་མཛེས་པ་ཕྱག་གཡས་འཕྲུལ་གྱི་མེ་ལོང་བསྣམས་པ། ཞབས་གཉིས་གར་སྟབས་མཛད་ཅིང་པད་མའི་གདན་ལ་བཞུགས་པ། གཅེར་བུ་རུས་རྒྱན་ཅན་གྱི་ཐུགས་ཀར་པདྨ་འདབ་བཞིར་ཧ་རི་ནི་ས་བསྒོམ། ཨོཾ་ས་མ་ཡ་ཊཱཀི་ནི་ཧ་རི་ནི་ས། རུ་ཊ་རུ་ཊ། མུ་མུ། ཕྱེ་ཕྱེ། སྟོན་སྟོན། སྨན་སྤོས་ཆུ་ཡིས་ཁྲུས་བྱས་བཟླས། རབ་དངོས། འབྲིང་ཉམས། ཐ་མ་རྨི་ལམ་དུ་ལེགས་ཉེས་ཐམས་ཅད་སྟོན་པར་འགྱུར་ཞེས་མངའ་བདག་མྱང་གི་ཁྲོས་ནག་ལས་སོ། །

ལེའུ་དགུ་བ། ཚེ་སྲོག་དང་རྣམ་ཤེས་བླ་སོགས་ཀྱི་སྐོར།

སྲོག་བཤད་པ།

མི་དང་འགྲོ་བ་གཞན་དག་གང་ཡིན་རུང་བླ་ཚེ་སྲོག་གསུམ་ལ་བརྟེན་ནས་འཚོ་ཞིང་བཞེས་ཡོད་ལ། དེ་རྣམས་མིའི་ལུས་སྟེང་ནས་ཡལ་སོང་ན། འགྲོ་བ་དེ་ཤི་ཚར་ཏེ་ལུས་དེ་ལ་བེམ་པོ་ཞེས་བརྗོད་པ་ཡིན་ཏེ། ཆོས་སྦྱིན་མའི་མདོ་ལས། ཚེ་དང་དྲོད་དང་རྣམ་ཤེས་ནི། །གང་ཚེ་ལུས་འདི་འདོར་བྱེད་ཅིང་། །བོར་ནས་དེ་ཚེ་འདུག་པ་ནི། །སེམས་མེད་ཇི་ལྟར་ཤི་བཞིན་ནོ། །གསུངས་པ་ལྟར་རོ། །འོ་ན། བླ་ཚེ་སྲོག་སོགས་ཇི་ལྟར་གནས་པ་དང་། ངོས་འཛིན་པ་ཡིན་ཞེ་ན། དེ་ནི་བདག་ལྟ་བུའི་ཆུ་བུར་མིག་གིས་མཐོང་དཀའ་ཞིང་བློ་གྲོས་ཕྲ་མོས་དཔྱད་པར་དཀའ་ནའང་། རྨོངས་བློར་ཤར་ཚོད་ཅིག་ཞུས་ན།

སྲོགཅེས་པ་ནི། གནའ་དེང་གི་གསར་རྙིང་རིག་གནས་མཁས་ཅན་རྣམས་ལ་ལྟ་ཚུལ་སྣ་ཚོགས་ཡོད་པ་རེད། འོན་ཀྱང་། དེ་རྣམས་ལས་ཁྱད་ནུས་བཏོན་ཏེ་འདི་དག་ཞིབ་འཇུག་བྱེད་པ་ནི། ཆོས་ལུགས་གྲུབ་མཐའ་ཁག་དང་། སྐྱེ་ཁམས་རིག་པ། གསོ་རིག་སོགས་ཀྱི་ཚན་ཁག་ཡིན། མདོ་རྒྱུད་བསྟན་བཅོས་གང་མང་ཞིག་ཏུསྲོགཅེས་པ་རླུང་སེམས་དབྱེར་མེད་ཀྱི་ཆ་ཞིག་ལ་ངོས་འཛིན་གནང་ཡོད་ལ། སྲོག་ཆགས་རིག་པ་པ་དང་གསོ་རིག་ལས། སྲོགནི་ཁམས་རང་གི་རྟེན་ནམ་འཚོ་ཞིང་འཛིན་པར་བྱེད་པ་ཞིག་ཏུ་ངོས་བཟུང་ཡོད། འདུལ་བ་དང་མངོན་པ་ལྟར་ན་ལུས་ཅན་གྱི་དྲོད་དང་རྣམ་ཤེས་ཀྱི་རྟེན་དུ་གྱུར་བའི་དབང་བོ་དང་། ཡང་། གསོ་རིག་ལས། སྲོགཅེས་པ་ནི། མདངས་དང་བླ་ཁྲག་དང་དྲོད་སོགས་སུ་ངོས་བཟུང་བ་ནི་ཧ་ཅང་རྩིང་ངོ་། །ནང་ཆོས་གཞན་དག་ལས་སེམས་ཅན་གསོན་པོར་འཚོ་ཞིང་གནས་ཐུབ་པའི་ནུས་པ་དབུགས་དང་བཅས་པ་ལ་སྲོག་ཏུ་བཞེད་དོ། །གང་ལྟར་སྲོག་ནི་དྲོད་དང་རྣམ་ཤེས་གཉིས་ཀྱི་རྟེན་གཞིར་གྱུར་བ་དང་དེ་ཀ་གཉིས་གནས་ཐུབ་པའི་སྲོག་འཛིན་གྱི་རླུང་ལ་ཟེར་བས། སྲོག་འཛིན་གྱི་རླུང་དེ་ཡང་སྙིང་ག་ལ་གནས་པ་དང་། རླུང་དེ་དང་ལྟེ་བར་གནས་པའི་མེ་རླུང་གཉིས་ཁ་སྦྱོར་བྱས་ཏེ་རླུང་བཟུང་ནུས་ན་ཚེ་རིང་བོ་སྡོད་ཐུབ་པ་ཞིག་ཡིན།

སྲོགནི་གཙོ་བོ་རླུང་གིས་འགུལ་བསྐྱོད་ལ་རག་ལས་པས། རླུང་དེ་ཡང་རྒྱུ་ས་གཙོ་བོ་སྲོག་རྩ་དཀར་ནག་གཉིས་སུ་ངེས་ཏེ། སྲོག་རྩ་དཀར་ནག་ཅེས་པ་ཡང་། སྙིང་དང་འབྲེལ་ཞིང་ཁྲག་རྒྱུ་བའི་སྲོག་རྩ་ནག་པོ་དང་། ཀླད་པ་དང་འབྲེལ་ཞིང་རླུང་རྒྱུ་བའི་སྲོག་རྩ་དཀར་བོ་གཉིས་སུ་ངེས་ལ། དེ་བས་རླུང་གི་རྒྱུ་བ་མ་སྙོམས་ན་སྲོག་རླུང་ཞུགས་ཏེ་སེམས་འཕྱོ་བ་དང་། གཉིད་ཡུར་བ། བརྒྱལ་བ་དང་བོག་པ་སོགས་འབྱུང་བ་བཞིན་ནོ། །དེ་བས་ཀུན་བཏུས་རང་འགྲེལ་ལས། སྲོག་ཅེས་བྱ་བ་ནི། ལུས་དང་སེམས་ལ་བརྟེན་ནས་འཇུག་པ་དེ་ལྟ་བུའི་རླུང་ཡིན། གསུངས་སོ། །ཚེ་འཚོ་བ་ལ་སྲོག་འཛིན་གྱི་རླུང་དེ་གལ་ཆེ་བས། སྒྲ་སྦྱོར་བམ་གཉིས་ལས། ལེགས་སྦྱར་སྐད་དུ་ཛི་ཝ་ཞེས་པ་ནི་འཚོ་བའི་དོན་དུ་འཇུག་སྟེ། ཛི་ཝ་ནི་ཇི་སྲིད་དུ་ལུས་འཚོ་བ་སྟེ་དེ་ཙམ་དུསྲོགཅེས་པའི་བདག་དེ་ལུས་ལ་གནས་ལ། ཞེས་གསུངས་སོ། །ཡང་། ཚེ་ལས་འདས་དུསསྲོགསོགས་འཁྱེར་ཚུལ་ཀྱང་། ཆོ་ག་རྣམས་སུ་མི་གཅིག་པར་བཤད་དེ། རྒྱུད་རྣམས་སུ་སྲོག་ནི་གཤེད་འདྲེས་འཁྱེར་བ་དང་། ལྷ་མོའི་ཆོ་ག་ལས། ཁམས་གསུམ་ཀུན་གྱི་དབུགས་ལེན་མ། །ཞེས་དབུགས་ནི་དཔལ་ལྡན་ལྷ་མོས་འཁྱེར་བར་བཤད་པ་དང་། ཡང་། སྲིད་པ་སྤྱི་མདོས་ལས། བཙན་རྗེ་ནི་ཅི་ལ་དགྱེས། །ཟ་བ་ནི་ཤ་ལ་རྔམ། །འཐུང་བ་ནི་ཁྲག་ལ་ཧབ། །ལེན་པ་ནི་སྲོག་དབུགས་ལེན། །ཞེས་བཤད་དོ། །རྣམ་ཤེས་ནི་མི་ཤིགས་པའི་རྩ་མདུད་ཕྲ་མོ་ལས་འཕོས་ཏེ་ལས་ཀྱི་རྗེས་སུ་འབྲང་བ་དང་། བླ་ནི་གསོན་དུས་ཀྱི་ཆ་ལུགས་དང་འདྲ་བར་དུར་ལ་གནས་པར་བཤད་དོ། །ཕུང་བོ་ནི་དྲི་ཟ་ཁྱབ་བྱེད་སོགས་ཀྱིས་བདག་ཏུ་འཛིན་པར་ཡང་བཤད་དོ། །

ཚེ་བཤད་པ།

ཚེཞེས་པ་ནི། ནང་ཆོས་ཀྱི་གཞུང་ལུགས་མང་བོར་ཚེ་དང་སྲོག་གཉིས་དོན་གཅིག་མིང་གི་རྣམ་གྲངས་སུ་གསུངས་ཡོད་དེ། སློབ་དཔོན་དབྱིག་གཉེན་གྱིས། སྲོག་ནི་ཚེཡིན། ཞེས་དང་། གདགས་པའི་བསྟན་བཅོས་ལས་ཀྱང་། སྲོག་གི་དབང་བོ་ནི་གང་ཞེ་ན། ཁམས་གསུམ་གྱིཚེའོཞེས་གསུངས་ཀྱང་། སེམས་ཅན་རྣམས་ཀྱི་རྟེན་གྱི་དབང་བོ་འཚོ་བར་བྱེད་པའི་རྐྱེན་གསུམ་ལ། ཚེ་སྲོག་བླ་མའི་དཔེ་གསུམ་ཡང་ཟེར་ལ། དེ་ལྟར་ན། མར་མེ་དང་འདྲ་བའི་ཚེ། སྡོང་བོ་དང་འདྲ་བའི་སྲོག མེ་ལྕེ་དང་འདྲ་བའི་བླ་ཞེས་ཟེར་རོ། །དེ་བསཚེནི། སྡོང་བོ་དང་འདྲ་བའི་སྲོག་ལ་སྣུམ་བགོ་བྱེད་ཀྱི་མར་ཁུ་དང་འདྲ་སྟེ། སྤྱོད་འཇུག་ལས། ཉིན་མཚན་སྡོད་པ་ཡོང་མེད་པ། །ཚེ་འདི་རྟག་ཏུ་གོད་འགྱུར་ཞིང་། །ཞེས་པ་ལྟར་སྲོག་གི་སྡོང་བོ་ཡུན་རིང་འཚོ་བ་ལ་མར་ཁུ་ལྟ་བུའིཚེདེ་ངེས་པར་དུ་དགོས་པས་མཚོན་ནུས་པ་དང་། ཚེ་ཞེས་པ་རྩ་ལམ་དུ་རྒྱུ་ཚུལ་ལའང་གསུམ་དུ་བཤད་ཡོད་དེ། དཔྱད་འབུམ་ཁྲ་བོ་ལས། མི་ལ་ཚེ་ཡི་རྩ་ནི་གསུམ་ཡོད་དེ། །གཅིག་ནི་མགོ་ལུས་ཐམས་ཅད་ཁྱབ་པར་གནས། །གཅིག་ནི་དབུགས་དང་འགྲོགས་ནས་རྒྱུ་བ་ཡིན། །གཅིག་ནི་བླ་དང་འདྲ་སྟེ་འཁྱམས་པ་ཡིན། །ཞེས་ཀྱང་གསུངས་སོ། །

གཞན་ཡང་། སྐྱེས་བུ་དམ་པ་ཚོས། ལྷ་དང་དྲང་སོང་བརྟན་གཡོའི་ཚེ་བཅུད་ཐམས་ཅད་བསྡུས་ནས་མི་ལ་བསྟིམས་ཏེ། མི་ཚེ་བསྲིངས་པའི་ཆོ་ག་དང་། ཚེ་འགུགས་སོགས་མཛད་ཡོད་པ་དང་། ཚེ་ལྷ་བསྟེན་པ་དང་ཚེ་གཟུངས་གསུངས་པ་སོགས་གནང་ལ། དཔེར་ན། སློབ་དཔོན་ཀླུ་སྒྲུབ་ལ་བྲམ་ཟེ་མཚན་མཁན་ཞིག་གིས། མང་ན་ལོ་བདུན་གྱི་ཚེ་ལས་མེད་པར་ལུང་བསྟན་པ་ལ། སློབ་དཔོན་ས་ར་ཧཱས་ཚེ་དཔག་མེད་ཀྱི་དབང་བསྐུར་ནས་ཚེ་ལོ་དྲུག་བརྒྱ་བཞུགས་པ་ལྟ་བུ་ཡིན། ཡངཚེནི་ཆོ་ག་རྣམས་སུ་བླ་བཞིན་འཁྱམས་ཏེ་འགྲོ་བ་ཞིག་ཏུའང་ངོས་བཟུང་ཡོད་དེ། རྟོགས་ལྡན་པས་བདེན་སྟོབས་བརྗོད་ནས། སྦྱིན་བདག་གི་བླ་ཚེ་ཡར་བ་འཐོར་བ་འཁྱེར་བ་ཉམས་པ་བརྐུས་པ་འཕྲོག་པ། རང་དབང་མེད་པར་བཀུགས་ཏེ། ཞེས་ཚེ་འགུགས་བྱས་ཏེ་མི་དེ་ལ་བསྟིམ་པར་ཡང་བཤད་ཡོད་དོ། །

གང་ལྟར། བླ་ཚེ་སྲོག་གསུམ་སོགས་གཅིག་ལ་གཅིག་བརྟེན་གྱིས་མེད་མི་རུང་བ་ཡིན་པ་མ་གཏོགས། ཚེ་སྲོག་གཉིས་གཅིག་མ་ཡིན་པ་ནི། ཚེ་དབང་དང་། ཚེ་འགུགས་དང་། ཚེ་སྒྲུབ། ཚེ་གཟུངས་སོགས་ཆོས་དཔེ་ཡོད་ལ། སྲོག་དབང་དང་། སྲོག་འགུགས་སོགས་མེད་པས་ཀྱང་ཤེས་ནུས་སོ། །

རྣམ་ཤེས་བཤད་པ།

རྣམ་ཤེས་ནི། མདོ་ལས་རྣམ་ཤེས་ཚོགས་དྲུག་ལ་གསུངས་ཀྱང་། འདིར་ཀུན་གཞི་ཁས་ལེན་པ་རྣམས་ཀྱིས་ཀུན་གཞི་དང་། ཁས་མི་ལེན་པ་རྣམས་ཀྱིས་ཡིད་ཀྱི་རྣམ་པར་ཤེས་པ་ལ་བཤད། དེ་ནི་སྐྱེ་བ་སྔ་ཕྱི་བར་གསུམ་དུ་འཕོ་བའི་རྣམ་པ་ཅན་ཞིག་ཡིན་ལ། དང་ཐོག་མངལ་དུ་ཕ་མ་གཉིས་ཀྱི་ཁུ་ཁྲག་གི་ཐིགས་པ་གཉིས་འདྲེས་ཏེ་འོ་མ་བསྐོལ་བའི་སྤྲིས་མ་བཞིན་དུ་ཆགས་པར་གྱུར་དུས། བར་སྲིད་པ་དེ་འཆི་འཕོ་ཞིང་ཉིང་མཚམས་སྦྱོར་བར་བཤད་ལ། ཐ་མར་འཆི་དུས་ཡང་། རྣམ་ཤེས་རགས་པ་རྣམས་རིམ་གྱིས་བསྡུས་ཏེ། ལུས་ཀྱི་འབྱུང་བ་རྣམས་ཐིམ་ཚར་རྗེས། རྣམ་ཤེས་ཤིན་ཏུ་ཕྲ་བ་དེ་ཉིད་མིའི་ལུས་ལ་རྩ་དབུ་རྐྱང་རོ་གསུམ་ཡོད་པ་ལས། རྩ་དབུ་མའི་ནང་སྙིང་ཀའི་ཐད་ཀྱི་རྩ་མདུད་གསུམ་ཡོད་པའི་ནང་དུ་རྣམ་ཤེས་དང་བོ་གང་དུ་ཆགས་པའི་གནས་མི་ཤིགས་པའི་ཐིག་ལེ་རྒྱ་སྲན་ཙམ་ཡོད་པ་དེའི་དཀྱིལ་ནས་ཐོན་ཚེ། ལུས་སེམས་ཀྱི་འབྲེལ་བ་ཆད་པར་བཤད་ཀྱང་། རྣམ་ཤེས་ཀྱི་རྒྱུན་ལ་ཆད་པ་མེད་པས། མདོ་ལས། སེམས་ཅན་རྣམས་ཀྱི་རྣམ་པར་ཤེས་པ་ནི་རྒྱུན་རེ་རེ་བའོ། །གསུངས་པ་རེད། དེ་བས་ཤི་རྗེས་སུ་རྣམ་ཤེས་འདིའོ་ཞེས་ཐུན་སྣང་དུ་སྟོན་རྒྱུ་ཞིག་དཀའ་མོད། སྔོན་གནས་རྗེས་དྲན་གྱི་གནས་ཚུལ་མང་བོ་འཇོག་རྒྱུ་ཡོད་པ་འདིས། བདག་ཅག་ལྟ་བུ་ལའང་དཔང་རྟགས་ཤིག་བཀོད་ཡོད་པ་རེད། རྣམ་ཤེས་དེ་ལ་ཐོག་མ་མེད་པའི་སྟེང་ནས། སྐྱེ་བ་སྔ་ཕྱི་དང་། དགེ་སྡིག་གི་བག་ཆགས། རྣམ་སྨིན་ཀྱི་ལས་སོགས་ཉོག་འཛིང་ཅན་མང་བོ་ཞིག་གི་གཞི་ཚུགས་ས་ཞིག་ཀྱང་ཡིན། དེར་བརྟེན་སྐྱེས་པ་སྔོན་གནས་རྗེས་དྲན་གྱི་གཏམ་སྣ་ཚོགས་ཤིག་དང་། ཐ་ན་རང་ཉིད་ཀྱང་ངོ་མཚར་གསང་བའི་འཕྲུལ་འཁོར་ཞིག་གྱུར་ཟིན་ཀྱང་། རང་གིས་ཀྱང་མི་ཚོར་བའི་ཞེད་སྣང་ལྟ་བུར་ཡོང་གི་ཡོད་པ་རེད། དེ་བས་ནང་ཆོས་ལས་བསྟན་པའིརྣམ་ཤེསཡོད་པ་ལ་ངེས་པ་རྙེད་པའི་སྐྱེས་བུ་རྣམས་ཀྱིས། འཆི་བ་མི་རྟག་པ་ནི་ཀུན་གྱི་ཐ་མའི་བགྲོད་ལམ་ཉག་གཅིག་ཏུ་ཁས་ལེན་ཀྱང་། ཡོད་ཚད་ཀྱི་མཇུག་རྫོགས་པའི་མཐའ་སྡོམ་གྱི་ལྟ་ཚུལ་དེ་ལ་ཤིན་ཏུ་ནས་ཀྱང་མི་འཐད་པ་རེད། རྣམ་ཤེསནི་མགྲོན་པོ་དང་ལུས་ནི་མགྲོན་ཁང་དང་འདྲ་བས། མགྲོན་པོ་དེ་སྔོན་གྱི་མགྲོན་ཁང་དུ་ཕྱིར་སླེབས་ཀྱང་ཆོག་ལ། སྔ་མའི་མགྲོན་ཁང་བོར་ནས་མགྲོན་ཁང་གསར་བ་ཞིག་ཏུ་ཞག་སྡོད་བྱས་ནའང་ཆོག དེ་ཡང་བཅོམ་ལྡན་འདས་ཀྱིས་བཟང་སྐྱོང་གིས་ཞུས་པའི་མདོ་ལས། སྤྱིར་ན། སྐྲ་བཅད་དེ་བོར་བ་རྣམས་མགོ་ལ་སླར་མི་སྐྱེ་བ་བཞིན་དུ་མི་ཤི་ནས་སྔར་གྱི་ལུས་དེ་སླར་མི་ལེན་པར་གསུངས་མོད། དམིགས་གསལ་དུ། སྨན་མདོ་བརྒྱད་བརྒྱ་བ་ལས། མི་ཤི་བའི་འོག་ཏུ་སླར་གསོན་རུང་བར་བཤད་པ་ནི། དེ་རང་ཅག་གིས་འདས་ལོག་ཟེར་བ་དེ་ཡིན་ལ། དེ་ནི་ལུས་བོརྣམ་ཤེས་ཀྱིས་བཏང་སྟེ་ཉིན་འགའི་རྗེས་སུ་རྣམ་ཤེས་སླར་ལུས་ཕུང་ལ་ཞུགས་པ་སྟེ། ཤི་གསོན་བར་གྱི་འཕྲིན་སོགས་ཀྱང་བྱེད་པ་དེ་ཡིན། དཔེར་ན། བླ་མ་བྱམས་པ་བདེ་ལེགས། བྱམས་པ་ཨ་ཀྲུང་། ཀརྨ་དབང་འཛིན། ཀུན་བཟང་ཆོས་སྒྲོན་དང་། དག་པོ་རྣམ་རྒྱལ། གླིང་བཟའ་ཆོས་སྒྲོན། ལྷ་མོ་ལྷམ་གཅུང་སོགས་འདས་ལོག་གནང་བ་ལྟ་བུ་ཡིན་ལ། དེ་དག་རེ་རེའི་ལོ་རྒྱུས་ལྒིགས་བམ་བྱས་ཏེ་བཀོད་པ་ལྟར་རོ། །དེ་ནི་མགྲོན་པོ་དེ་སྔོན་གྱི་མགྲོན་ཁང་དུ་ཕྱིར་སླེབས་ཀྱང་ཆོག་པ་ལྟ་བུ་ཡིན། ཡང་། སྔ་མའི་མགྲོན་ཁང་བོར་ནས་མགྲོན་ཁང་གསར་བ་ཞིག་ཏུ་ཞག་སྡོད་བྱེད་པ་ལྟ་བུ་ལ། བར་དོ་བརྒྱུད་པ་དང་མ་བརྒྱུད་པ་གཉིས་སུ་ཡོད་པར་སྙམ་ལ། བར་དོ་བརྒྱུད་དགོས་པ་ནི་ཡོངས་གྲགས་ལྟར་དང་། མ་བརྒྱུད་པ་ནི་འཕོ་བ་གྲོང་འཇུག་བྱེད་པ་སྟེ། དཔེར་ན། རྒྱལ་བུ་ཆོས་ཀྱི་དགའ་བ་བྱ་མགྲིན་སྔོན་ཟླ་བར་གྲོང་འཇུག་བྱས་པ་དང་། སྲས་དར་མ་མདོ་སྡེ་བཅིབ་རྟས་བརྡབས་ཏེ་དབུ་ཚལ་བ་བརྒྱད་དུ་སོང་སྐབས། ཕུག་རོན་གྱི་རོ་ཞིག་ལས་མ་རྙེད་པས། དེ་ལ་རྣམ་ཤེས་འཕོས་ཏེ་རྒྱ་གར་གྱི་དུར་ཁྲོད་ཞིག་ཏུ་གཞོན་ནུའི་རོ་ཞིག་སྐྱེལ་བ་མཐོང་བས་དེ་ལརྣམ་ཤེསསྤར་ནས། ཕྱིས་མཁས་པ་ཆེན་པོ་ཏི་ཕུ་གསང་སྔགས་སྡོང་བོ་ཞེས་པར་གྱུར་ནས། རས་ཆུང་བས་ཆོས་གསན་པའི་ལོ་རྒྱུས་ཡོད་པ་དང་། དེ་མཚུངས་སུ་སྟོང་འཁོར་མདོ་རྒྱུད་རྒྱ་མཚོ་ཡང་དུར་ཁྲོད་དུ་བོར་བའི་བྱིས་པ་ལོ་བརྒྱད་ཅན་ཞིག་ལ་གྲོང་འཇུག་བྱས་པ་ཡིན་ནོ། །དེ་ནི་རང་ག་བ་ཞིག་གིས་མི་འོང་བར་སྔགས་བླ་མེད་ཀྱི་ཚད་ངེས་ཅན་ཞིག་ལ་སླེབས་ཏེ། རླུང་སེམས་ལ་དབང་འབྱོར་སྐབས་སྒོམ་སྟོབས་ཀྱིས་བྱེད་ནུས་པ་ཞིག་ཡིན་པར་གསུངས་སོ། །ཡང་། པྲ་རྟེན་དུ་ཡུལ་ལྷ་སོགས་ཀྱིས་དབང་བསྒྱུར་བྱེད་པའང་མི་དེའི་ཁོག་ཏུ་གཞན་ཞིག་གིསརྣམ་ཤེསཞུགས་པ་ཧ་ཅང་གསལ་ལོ། །རྗེ་ཐམས་ཅད་མཁྱེན་པས། རྨི་ལམ་གྱི་གནད་གཞན་འགའ་ཞིག་དང་། རླུང་གིས་བྱེད་པའི་གནད་འགའ་ཞིག་ལ་བརྟེན་པས་མི་འཁྲུལ་བར་བྱ་བར་ལུང་སྟོན་ཚུལ་ཡོད་པར་གསུངས་པ་བཞིན། རྨི་ལམ་ལ་བརྟེན་ནས་སྲིད་པ་ཕྱིར་ལྡོག་གི་སྒྲུབ་ཐབས་ཇོ་བོ་རྗེ་སོགས་ཀྱིས་གསུངས་པ་དུ་མ་ཡོད་ལ། སྒྲུབ་ཐབས་དེ་དག་ལ་བརྟེན་ནས། གདོས་བཅས་ཀྱི་ལུས་ཕུང་བཞག་སྟེ་རྨི་ལམ་དུརྣམ་ཤེསརི་གླིང་བྱེ་བས་ཆོད་པར་རྒྱུ་བ་དང་། རྣམ་ཤེསགསལ་ཆ་ཇེ་ཆེར་གྱུར་ཏེ་སྔོན་གནས་རྗེས་སུ་དྲན་པའི་སྐྱེས་བོ་དུ་མ་ཡང་ཡོད་དོ། །དེ་ནི་མངོན་པ་ལས་གསུངས་པའི་སྔོན་གནས་རྗེས་དྲན་གྱི་མངོན་ཤེས་སྒྲུབ་ཚུལ་གྱི་རྣམ་གནས་ཡིད་བྱེད་དེ་དང་ཕྱོགས་མཚུངས་ཡིན་ནོ། །དེ་ནི་ཐོག་མེད་ནས་ལས་གང་བྱས་ཀྱི་བག་ཆགས་ཀུན་གཞིརྣམ་ཤེསཀྱི་སྟེང་དུ་བསགས་པ་དེ། ད་ལྟ་རྐྱེན་གྱིས་བསླངས་པའི་ཚེ་ན་སད་ནས་སླར་དྲན་འོང་བ་ཡིན་ནོ། །

བླ་བཤད་པ།

བླཞེས་པ་ནི། ཁ་ཅིག རང་གི་གྲིབ་མ་དེ་རང་གི་བླ་ཡིན་པར་འདོད་པས། གྲིབ་མའི་ཐོག་ཏུ་འང་བསྲུང་བྱ་མི་ཉུང་བ་ཞིག་ཡོད་པ་དང་། འགའ་ཞིག་རང་གི་ལུས་ཐོག་ཏུ་ཡོད་པའི་འབུ་ཆུང་ངུའི་རྣམ་པ་མཐེ་བོང་ཙམ་གྱི་གཟུགས་ཤིག་ལ་ངོས་འཛིན་པ་དང་། དོན་དུ་ན་བླ་ནི། འགྲོ་བ་གང་ལ་མཚོན་ནའངབླདང་། ཚེ་སྲོག་རྣམ་ཤེས་སོགས་ལ་བརྟེན་ནས་ལུས་གནས་ལ། བླནི་མི་གསོན་བཞིན་དུ་བྱ་བྱད་ཀྱིས་འཁྱེར་འགྲོ་བ་དང་། ལུས་པོ་ལས་རིང་དུ་འཁྱར་འགྲོ་བའང་ཡོད་ལ། སྐྱེ་བོ་སུ་ཞིག་གི་བླ་འཁྱམས་སོང་བ་ན། ནད་བྱུང་བ། ཤེས་པ་རྡིབ་པ། གཉིད་མི་ཁུག་པ། གཟར་བ། ཧོན་ཐོར་བ། སྐྲག་སྣང་འཆར་བ། ཁ་རྗེ་དབང་ཐང་ཉམས་པ་སོགས་ཀྱི་མངོན་རྟགས་ཡོད་ལ། དེ་ཚེ་བླ་དེ་བཀུགས་ནས་སླར་བསྟིམ་ཏུའང་རུང་བར་བཤད་ཡོད། བླ་འགུགས་ཀྱི་རིག་གནས་འདི་རང་ཅག་ལ་གདོད་མའི་དུས་ནས་ཡོད་དེ། འདུར་ཤེས་སྲིད་གཤེན་གྱིས་འདུར་ལ་བརྟེན་ནས་གསོན་པོར་བླ་འགུགས་དང་། ཤི་བོའི་བླར་བརྫུས་ཏེ་གསོན་པོར་བསླུ་ཞིང་འཚེ་བར་བྱེད་པ་ཐེར་འདོན་གནང་སྟེ་བདེ་ལ་འཁོད་པས། བོན་ཤེས་པ་ཅན་བཅུ་གཉིས་ཀྱི་ནང་གསེས་སུ་བགྲང་བ་དང་། དེ་ལས་གཞན། བན་བོན་གཉིས་ཀྱི་གཏོ་ཆོག་སོགས་སུ། བླའགུགས་སྒྲུབ་སྐབས་ཕུར་བུའི་ནང་བླ་ལུག་ཕོ་མོ་གང་ཡིན་རྟགས་དང་ལྡན་པ་ཚོན་གྱིས་བརྒྱན་ཏེ། བཤམས་པ་དང་། ཁྱད་པར་དུ་བླ་ལུག་དངོས་མདུན་དུ་བཏགས་ནས། བདེན་སྟོབས་ཀྱིས་སྦྱིན་བདག་གིབླཚེ་ཡར་བ་འཐོར་བ་འཁྱེར་བ་ཉམས་པ་བརྐུས་པ་འཕྲོག་པ། རང་དབང་མེད་པར་བཀུགས་ཏེ། མདུན་གྱི་བླ་རྟེན་ལ་བསྟིམ་ནས། ཀྱེ། བླ་ཡི་ལུ་གུ་དཀར་བོ་ལ། །ཡ་མཚན་ཅན་གྱི་དར་སྣས་བརྒྱན། །བླ་ཡི་རྟེན་དུ་ཁྱེད་ལ་འབུལ། །བླ་རྐང་གཡས་པ་བླ་ཡི་རྟེན། །བླ་རྐང་འདི་ལ་བླ་ཁུགས་ཅིག། ཅེས་བླ་རྟེན་དུ་ལུག་ཕུལ་དེ་ཚེ་ཐར་དུ་བཏང་ནསབླའཁྱར་བ་དེ་སླར་མི་དེ་ལ་བསྟིམས་པའི་ཆོ་ག་ཡོད་པ་དང་། དེ་བས། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོའི་རིང་འཚོའི་ཆོ་ག་ཚེ་དབང་དགའ་འཁྱིལ་ལས། སྲོག་གམ་ཚེ་གནས་པའི་རྟེན་ངོ་བོ་ཚེ་སྲོག་གི་དྲིས་བགོས་པ་བླ་རྩའི་ནང་ནས་སྲིན་ལག་བརྒྱུད་དེ་ཕྱི་རོལ་ཏུ་འཁྱམས་པ་ལས། མི་དབང་ཐང་ཞན་ན་མཚན་མོ་རྒྱུ་བའི་འབྱུང་བོ་རྣམས་ཀྱིས་བདག་ཏུ་བཟུང་ནས་ལོངས་སྤྱོད་པ་ལས་བླ་འཁྱམས་པ་དང་འཕྲོག་པ་བརྐུས་པ་སོགས་ཟེར་གསུངས་པ་ལྟ་བུའོ། །བླ་འཁྱམས་ཚུལ་ཡང་བླ་རྩའི་ནང་ནས་སྲིན་མཛུབ་བརྒྱུད་དེ་འཁྱམས་པར་བཤད་དོ། །

དེར་མ་ཟད། བླནི་མི་དེ་དང་ཡན་གར་གནས་རུང་བ་ཞིག་ཀྱང་བཤད་ཡོད་ལ། ཆོ་ག་དང་སྒྲུང་གཏམ་མང་བོར། བླ་སྡོང་དང་། བླ་འབྲོང་། བླ་གཡུ་ཞེས་བླ་དེ་ཕྱི་རོལ་ཀྱི་དངོས་བོ་དེ་དག་ལ་གནས་པས། དེ་དག་ལ་གནོད་འཚེ་ཐེབས་ན། མི་དེ་དྲན་པ་མི་གསལ་བའམ་ཧོར་ཐོར་བ་སོགས་འགྲེལ་བརྗོད་གང་མང་བྱས་ཡོད། དཔེར་ན། གེ་སར་གྱིས་བདུད་ཀླུ་བཙན་རྒྱལ་བོ་འདུལ་བའི་ཚེ་ནའང་། ཐོག་མར་བླ་འབྲོང་བསད། བླ་ཤིང་བཅག བླ་མཚོ་བསྐམས་པར་བྱས་ཏེ། བདུད་རྒན་ལ་འཆར་སྒོ་མེད་པར་ཧོན་ཐོར་བ་བྱས་རྗེས། བདེ་བླག་ངང་ཆམ་ལ་འབེབས་ཐུབ་པ་བཤད་ཡོད། དེ་བཞིན། གེ་སར་གྱི་བླ་རི་རྨ་རྒྱལ་སྦོམ་ར་དང་། སེང་ལྕམ་འབྲུག་མོའི་བླ་གནས་མཚོ་སྐྱ་རེངས། བཤན་པ་རྨེ་རུ་རྩེའི་བླ་གནས་འབྲོང་གཡག་དམར་བོ། གུར་དཀར་ནག་སེར་གསུམ་གྱི་བླ་གནས། འབྲོང་གཡག་དཀར་ནག་སེར་གསུམ་དང་། ཡང་། གུར་དཀར་རྒྱལ་བོའི་བླ་ལྕགས་སྲ་མཁྲེགས་ཀྱི་ཐེའུ་རང་། མོན་ཤིང་ཁྲི་རྒྱལ་བོའི་བླ་གནས་སྡིག་སྲིན་མགོ་དགུ་ཞིག་དང་། གྲུ་གུ་རྒྱལ་བོའི་བླ་གནས་འཇིགས་རུང་དོམ་ནག་ཞིག་དང་འུག་པ་མགོ་དགུ་སོགས་བཤད་ཡོད་པ་དང་།

ལྗོན་ཤིང་ལ་བླ་གནས་པར་མཚོན་ནའང་། སྟོན་པ་གཤེན་རབ་ཀྱིས་ཕྱག་བསྟར་ནས་བཙུགས་པ་ལ། ལོ་རྒྱུས་ཁག་ཏུཤིང་གི་རྒྱལ་བོ་ཀོང་བོའི་སྐུ་ཤུགཅེས་པ་མི་ལོ་སུམ་སྟོང་ལྷག་གི་ལོ་རྒྱུས་ལྡན་པ། གཤེན་རབ་མི་བོ་ཆེའི་བླ་ཤིང་དུ་གྲགས་པ་དང་། ཡང་། རྭ་སྒྲེང་དུ་མཁའ་འགྲོ་བྱེ་བ་འབུམ་ཕྲག་གི་དབུ་སྐྲ་ལས་གྲུབ་པའི་ལྷ་ཤུག་མང་དུ་ཡོད་པམཁའ་འགྲོའི་བླ་ཤིངདང་། དེར་མ་ཟད་འབྲོམ་སྟོན་པའི བླ་ཤིང་ཆུ་མིག་རིང་བོཞེས་དངོས་སུ་མཇལ་རྒྱུ་ཡོད་པ་དང་། ཡང་། ཡར་འབྲོག་གཡུ་མཚོའི་མཚོ་སྙིང་ནརྗེ་འབངས་ཉེར་ལྔའི་བླ་ཤིངཞེས་ཤུག་སྡོང་ཆེན་པོ་ཉེར་ལྔ་ཡོད་པ་སོགས་ཀྱིས་མཚོན་ལ། གདོད་མའི་འདོན་ཆོག་རྣམས་སུའང་། འགྲོ་བའི་རིགས་སོ་སོའི་བླ་གནས་མི་འདྲ་བ་ཇི་སྙེད་ཅིག་བཤད་ཡོད་པ་བརྗོད་ཀྱིས་མི་ལང་ལ། ལྗོན་ཤིང་གཅིག་པུརབླགནས་པ་བཤད་ནའང་། ཤུག་པ་ལྷ་ཡི་བླ་ཤིང་། ཙན་དན་ཕོ་ལྷའི་བླ་ཤིང་། སུར་དཀར་མཚུན་གྱི་བླ་ཤིང་། སྟག་པ་གཉན་གྱི་བླ་ཤིང་། འོམ་བུ་ཀླུའི་བླ་ཤིང་། ཚར་བུ་གཏོད་ཀྱི་བླ་ཤིང་། དབྱར་བ་ས་བདག་བླ་ཤིང་། ཉ་བྲིད་ཡུལ་ལྷའི་བླ་ཤིང་། སྤ་མ་དགྲ་ལྷའི་བླ་ཤིང་། འབོ་དཀར་མིའི་བླ་ཤིང་། གླང་མ་བུད་མེད་བླ་ཤིང་ཞེས་མང་དུ་འཕྲོས་ཡོད་པ་རེད།

དེ་བཞིན་དུར་ས་སྤོ་ཚུལ་ཆ་ལག་ཚང་བ་བདེ་སྐྱིད་ཀུན་འབྱུང་ལས། ཁྲག་གི་བླ་ནི་ཚུར་ལ་བླུ། །དབུགས་ཀྱི་བླ་ནི་ཚུར་ལ་བླུ། །ཤ་ཡི་བླ་ནི་ཚུར་ལ་བླུ། །མེ་ཡི་བླ་ནི་ཚུར་ལ་བླུ། །ཆུ་ཡི་བླ་ནི་ཚུར་ལ་བླུ། །རླུང་གི་བླ་ནི་ཚུར་ལ་བླུ། །ས་ཡི་བླ་ནི་ཚུར་ལ་བླུ། །ནམ་མཁའི་བླ་ནི་ཚུར་ལ་བླུ། །ཕོ་ལྷའི་བླ་ནི་ཚུར་ལ་བླུ། །མོ་ལྷའི་བླ་ནི་ཚུར་ལ་བླུ། །དགྲ་ལྷའི་བླ་ནི་ཚུར་ལ་བླུ། །སྲོག་ལྷའི་བླ་ནི་ཚུར་ལ་བླུ། །ཞིང་ལྷའི་བླ་ནི་ཚུར་ལ་བླུ། །ཞེས་སྣོད་བཅུད་ཐམས་ཅད་ཕལ་ཆེར་བླའི་མ་ཁྱབ་པ་མེད་པར་བསམ་པ་ནི་གདོད་མའི་རིག་གནས་ཤིག་ཏུ་གྲུབ་བོ། །

ཁྱད་པར་དུ། མི་གྲོངས་པའི་རྗེས་སུབླནི་དུར་ལ་གནས་པར་བཤད་པས། དུར་ས་ངན་ན་བླ་དེ་རྒུད་པ་ཡིན་པས། ཤི་གསོན་གཉིས་ཆར་ནས་བྱུར་སྣ་ཚོགས་འབྱུང་བར་བཤད་དེ། ནོར་འཛིན་དཔྱད་པ་ལེགས་ཉེས་འབྱེད་པའི་ལྡེ་མིག་ལས། སྤྱིར་ན་རི་ཁྲོད་ཁང་བ་དང་། །གཏེར་དང་དུར་ས་གང་ལ་ཡང་། །ས་དཔལ་ཐམས་ཅད་བཟང་བར་དགོས། །ཁྱད་པར་དུར་གྱི་ས་མིག་འདི། །ངན་ན་ཤི་གསོན་གཉིས་ཀ་སྡུག། སྲོག་དང་རྣམ་ཤེས་བླ་དང་གསུམ། །སྲོག་དེ་གཤེད་མ་འདྲེ་ཡིས་གཅོད། །རྣམ་ཤེས་ལས་ཀྱི་རྗེས་སུ་འབྲང་། །བླ་ནི་དུར་ལ་གནས་པ་ཡིན། །དུར་ས་བཟང་ན་བླ་ཡང་དར། །བདེ་སྐྱིད་འཛོམས་ནས་གསོན་ལ་ཡང་། །མགོན་སྐྱབས་འཚོལ་དུ་འོང་བ་ཡིན། །ཞེས་དང་། ཀརྨ་ཆགས་མེད་ཀྱིས་ཀྱང་། ཡང་བོན་ལུགས་ཀྱིས་ཚེ་འདས་ཀྱི་བླ་ཚེ་སྲོག་གསུམ་ལསབླདེ་འདས་པོ་དེ་ཉིད་ཀྱི་བྱད་གཟུགས་བཟུང་ནས་དུར་དེར་གནས་པས། དེ་ལ་ཕན་གནོད་གང་བྱས་ན་འབྲས་བུ་དེ་འདྲ་འབྱུང་བར་ཡང་བཤད་ཡོད། དེ་བས། ཀརྨ་ཆགས་མེད་ཀྱི་མཚུན་བཅོས་ལས། འདོན་ཆོག་དང་མཆོད་རྫས་བཤམས་ཚུལ་སོགས་རྒྱས་པར་བཤད་ཡོད། བླནི་དུར་སར་གནས་པར་བཤད་པས། བང་སོའི་ནང་དུའང་སྲོག་ཆགས་དང་སྙིང་ནོར་མང་བོ་དུར་སྦས་བྱས་ཏེ་གསོལ་མཆོད་བྱེད་པའང་དེ་ཡིན་ནོ། །

དེ་ལས་གཞན། སེམས་ཡིད་བླ་གསུམ་གྱི་ཁྱད་པར་ཡང་། གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས་ལས། སེམས་ནི་ཀུན་ཁྱབ་མ་འགགས་རང་བཞིན་ཏེ། །ཤུགས་འབྱུང་རྩལ་ལྡན་བཟང་ངན་འཆར་བའི་བདག། ལུས་ཅན་ཡོངས་ཁྱབ་དོན་རྟོགས་ངོ་བོ་ཉིད། །དཔེར་ན་མི་ཡི་སྙིང་བོ་ལྟ་བུ་དང་། །སྣང་རྐྱེན་གང་འཕྲད་དེ་བཞིན་ཆེ་ཆུང་སྐྱེ། །ཞེས་དང་། ཡིད་ནི་ཡུལ་སྣང་བཟང་ངན་རྟོག་དཔྱོད་ཅན། །སྒོ་ལྔའི་ལམ་ནས་ཡུལ་དྲུག་ཚོགས་ལ་སྤྱོད། །སེམས་ལས་རང་འཆར་འཕྲུལ་བའི་རང་བཞིན་ཏེ། །དཔེར་ན་མེ་འབར་འོད་དང་ལྕེ་ཕྲེང་བཞིན། །རྐྱེན་ལ་བལྟོས་པའི་ཕྲ་རགས་རྟོག་ཆོག་འགྱུ། །ཞེས་དང་། བླ་ནི་དེ་དག་ལས་འཕོས་མཆེད་པ་ཡིས། །སེམས་ཡིད་འབྲེལ་བའི་ན་ཤས་གཏད་མེད་དུ། །སྣང་བ་གང་འཕྲད་དང་འགྲོགས་ཡན་པར་འཁྱམས། །དཔེར་ན་མེ་ལས་བྱུང་བའི་དུ་བ་བཞིན། །ཡིད་སེམས་ལས་སྐྱེ་དེ་ཡི་སྲོག་ལྡན་ནོ། །ཞེས་སེམས་ནི་མེ་ཡི་སྙིང་བོ་ལྟ་བུ་དང་། ཡིད་ནི་མེ་ལྕེ་ལྟ་བུ་དང་། བླ་ནི་དུ་བ་ལྟ་བུར་ཡང་གསུངས་པ་དང་།

དེ་བས། བོན་གཞུང་རྣམས་ལས་ཚེ་འདས་ཀྱི་བླ་ཡིད་སེམས་གསུམ་གཅིག་ཏུ་དྲིལ་ནས། བོན་གཤེན་གྱིས་བདེ་ལ་འགོད་པར་བཤད་པ་དེ་ལ་འདུར་གྱི་ཆོ་ག་ཟེར་ལ། གསང་བ་བསེན་ཐུབ་རྒྱུད་ལས། ལས་ཀྱི་དབང་གིས་ལུས་དང་སེམས་བྲལ་ནས། །བླ་ཡིད་སེམས་གསུམ་འཁོར་བཞིར་བར་དོར་འཁྱམས། །རྩལ་གསུམ་ལུས་ལ་རྫོགས་པའི་སྐྱེས་བུ་ཡིས། །དམུ་རྒོལ་བཏུལ་ནས་གཡུང་དུ་ཕེབས་པ་བཞིན། །ཤེས་རབ་སྟོབས་ལྡན་སྐྱེས་བུ་གང་ཞིག་གིས། །བླ་དང་སེམས་ཡིད་ཐིག་ལེར་དྲིལ་ནས་ཀྱང་། །ཐོགས་ཆགས་མེད་པའི་མཁའ་ཀློང་དབྱིངས་སུ་བསྒྲལ། །ཞེས་ཟེར་ལ། བོན་ཤེས་པ་ཅན་བཅུ་གཉིས་ཀྱི་ནང་གསེས་འདུར་ཤེས་སྲིད་གཤིན་བྱ་བ་དེ་ཡང་། གཤིན་པོའི་བླ་འཁྱེར་མཁན་ལ་རྒོལ་ཏེ་བླ་འགུགས་ཞིང་། གཤིན་པོའི་བླར་རྫུས་ཏེ་གསོན་པོ་རྣམས་བསླུ་ཞིང་འཚེ་བར་བྱེད་པ་འདུར་གྱི་ཆོ་ག་ལ་བརྟེན་ནས་ཤི་གསོན་ཐམས་ཅད་བདེ་ལ་འགོད་པས། འདུར་ཤེས་སྲིད་གཤིན་ཞེས་མིང་ཐོགས་པ་ཡིན་ནོ། །དེ་ལྟར་བླ་ཚེ་སྲོག་སོགས་ལ་དཔྱད་པ་འདི་ནི། སློབ་བུ་བརྩོན་འགྲུས་རྒྱ་མཚོ་ལགས་དང་ངེད་ཟུང་གིས་དཔྱད་གཞིའི་རྒྱུ་ཆ་བཙལ་ཏེ་བྲིས་པ་ཡིན་ནོ། །

སྲོག་བླུ་ཚེ་ཐར།

༡ སྲོག་བླུ་བྱ་དགོས་པའི་རྒྱུ་མཚན། འཛམ་བུ་གླིང་གི་སྒང་འདིར་ཆོས་ལུགས་འདྲ་མིན་ཡོད་པ་ལས། ལ་ལས་ཤ་ཁྲག་གིས་དམར་མཆོད་བྱེད་པ་ཆོས་ལུགས་སུ་བརྩི། འགའ་ཞིག་གིས་ལས་འབྲས་ཁས་མི་ལེན་པའམ། ཡང་ན་སྣང་ཆུང་དུ་བཞག་སྟེ། དུད་འགྲོ་རྣམས་མཐོང་ཆུང་བྱས་ཏེ་དམར་གསོད་བྱེད་པ་ནི། ཤིན་ཏུ་ནས་ཀྱང་མི་རིགས་ཏེ། ཕར་ཕྱིན་ཐེག་པའི་མདོ་ལས། སྲོག་ཅེས་བྱ་བ་ནི། ཐ་ན་གྲོག་སྦུར་ཚུན་ཆད་ལའང་སྡུག་ཅིང་ཕངས་ལ་ཡིད་དུ་འོང་བ་ཡིན་ཏེ། བདག་ལའང་སྲོག་འདི་སྡུག་ཅིང་ཕངས་ལ་དགའ་ཞིང་ཡིད་དུ་འོང་བ་ཡིན་གྱི། སུ་ཡང་བདག་གསོད་པའམ། གསོད་དུ་འཇུག་པའམ། བསད་པ་ལ་རྗེས་སུ་ཡི་རང་བར་མ་གྱུར་ཅིག བདག་གིས་ཀྱང་སུ་ལའང་གསད་པར་མི་བྱ། གསོད་དུ་ཞུགས་པར་མི་བྱ། གསོད་པ་ལ་རྗེས་སུ་ཡི་རང་བར་མི་བྱའོ། །ཞེས་དང་། བཤེས་སྤྲིངས་ལས། རྒྱལ་བོ་ཁྱོད་ནི་སྲོག་གཅོད་མ་མཛད་ཅིག །སྐྱེ་བོ་ཀུན་ལ་སྲོག་ནི་རབ་ཏུ་ཕངས། །དེ་བས་ཡུན་རིང་ཚེ་བསྲིངས་སུ་འདོད་པས། །ཡིད་ཀྱི་དགུ་ལ་འང་སྲོག་གཅོད་མི་བྱའོ། །ཞེས་དང་། ཚོམས་ལས། ཐམས་ཅད་ལའང་སྲོག་ནི་སྡུག །ཐམས་ཅད་ཆད་པས་འཇིགས་པས་ན། །རང་གི་ཉམས་ལ་དཔག་གྱིས་ཏེ། །བརྡེག་པར་མི་བྱ་བསད་མི་བྱ། །ཞེས་པ་ལྟར། སྲོག་ཆགས་ཡོད་དོ་ཅོག་ལ་སྲོག་ལས་གཅེས་ཤིང་ཕངས་པ་མེད་པས། འཚེ་བ་མེད་པ་དང་སྲོག་གཅོད་སྤང་བ་ནི། ནང་བསྟན་གྱི་སྲོག་ཤིང་ལྟ་བུར་གསུངས་ཡོད། འོན་ཀྱང་། རང་ཅག་དེ་ལས་ལྡོག་ཏེ། གནམ་ལ་འཕུར་བ་དང་། ས་ལ་རྒྱུ་བ། ཆུ་ལ་གནས་པའི་སྲོག་ཆགས་ཇི་སྙེད་ཅིག་ལ། ཤ་ཟིང་སྤུ་ཟིང་གི་འཚེར་སྣང་བསྐྱེད་པ་དང་། སྲོག་གཅོད་པ་ནི་ཐབས་རྡུགས་ཀྱི་གནས་སུ་ཆེ་སྟེ། ཁ་དཔེར། ལུས་ལ་ཆེ་ཆུང་ཡོད་ཀྱང་། །སྲོག་ལ་སྦོམ་ཕྲ་མེད། །ཟེར་ལ། ཉམ་ཐག་དེ་དག་བྲོས་པས་ནི་མི་ཐར། འཛིང་བས་ནི་མི་ཐུབ། སྐྱབས་དང་དཔུང་གཉེན་བཅོལ་ས་མེད་པའི་ངང་ཚུལ་འདི་ལ་དགོངས་ནས། རང་གི་ལུས་ལ་དཔེར་ལོངས་ལ། །གཞན་ལ་གནོད་པ་མ་བྱེད་ཅིག། ཅེས་པ་ལྟར། རང་ཅག་བོད་འདིར་རྒྱལ་བློན་བྱང་ཆུབ་སེམས་དཔའ་རྣམས་དང་། སྐྱེས་ཆེན་དམ་པ་རྣམས་ཀྱིས་འདུས་བྱས་ཀྱི་དགེ་རྩ་ཐམས་ཅད་ལས། སེམས་ཅན་གྱི་སྲོག་སྐྱོབ་པ་ཕན་ཡོན་ཆེ་བར་དམིགས་ནས། ལྷག་པར་དུས་བཟང་དུ་ཚེ་ཐར་དང་སྲོག་བླུ་བྱས་ན། དགེ་རྩ་བརྒྱ་འགྱུར་སོགས་སུ་གསུངས་ནས། དུས་རྒྱུན་གྱི་འཚོ་བའི་ཁྲོད་སྲོག་ཆགས་གྲོག་སྦུར་ཚུན་ཆད་ལ་ཐུགས་བརྩེས་ཁྱབ་སྟེ། སྲོག་སྲུང་བ་དང་། སྐྱབས་འགྲོ་དང་མཚན་སྔགས་སོགས་རྣ་ལམ་དུ་བསྒྲགས་ནས། སྲོག་བླུ་ཚེ་ཐར་གྱི་སྲོལ་བཟང་དར་སྤེལ་བཏང་སྟེ། ཉམ་ཆུང་དུད་འགྲོ་རྣམས་བག་ཕེབས་སོས་དལ་དང་། འཚེ་མེད་བདེ་བ་ལ་འགོད་པའི་དགེ་སྲོལ་འདི་ཚུགས་པ་ཡིན་ནོ། །

༢ སྲོག་བླུའི་ཁུངས། སྔོན་རྒྱ་གར་དུ་མུ་སྟེགས་པའི་རྒྱལ་བོ་འཕྲི་ཅན་བྱ་བ་དེས། ཁ་ཟས་ཤ་ཁྲག་གི་ཆེད་དུ་སེམས་ཅན་ཁྲི་ཕྲག་བསད་པའི་རྣམ་སྨིན་གྱིས་རྡོ་རྗེ་དམྱལ་བར་སྐྱེས་ཏེ། སྡུག་བསྔལ་ཚད་མེད་མྱོང་བ་ཀུན་དགའ་བོས་སངས་རྒྱས་ལ་ཞུས་པས། བཅོམ་ལྡན་འདས་ཀྱིས་དེ་ཤ་ཁྲག་ལ་དགའ་ཞིང་སྲོག་བཅད་པའི་རྣམ་སྨིན་དུ་གསུངས་སོ། །དེ་ནས་ཀུན་དགའ་བོས་ཆོས་ཀྱི་རྒྱལ་བོ་གཤིན་རྗེ་ལ་དེ་ཐར་ཐབས་ཞུས་པས། ཆོས་རྒྱལ་གྱིས་འཇིག་རྟེན་གྱི་ཁམས་སུ་ཚེ་ཐར་བྱའོ་གསུངས་པ་ལྟར། ཀུན་དགའ་བོས་དེའི་དོན་དུ་ཚེ་ཐར་བྱས་པས། རྡོ་རྗེ་དམྱལ་བ་ལས་ཐར་བ་དེ་ཡིན་ནོ། །

༣ སྲོག་བླུ་ལག་ལེན་དུ་བསྟར་ཚུལ། སྲོག་བླུ་ནི། སེམས་ཅན་གང་ཞིག་ཤན་པ་སོགས་ཀྱིས་གསོད་དུ་ཉེ་བ་ན། རྒྱུ་ནོར་སྤྲད་ནས་སྲོག་ཉོ་བའམ། ཡང་ན། མི་འཇིགས་པའི་སྐྱབས་སྦྱིན་ཏེ་ཚེ་ཐར་དུ་བཅུག་པ་ལ་ཟེར། དེ་ཡང་། འབྲི་གཡག་ར་ལུག་དང་། ཉ་སྦྲུལ་སྦལ་ལྕོང་གི་ཚེ་སྲོག་བླུ་བ་སོགས་འདྲ་མིན་ཡོད། སྲོག་བླུ་བྱེད་པའི་དམིགས་ཡུལ་ཡང་། འགའ་ཞིག་བསྟན་འཛིན་གྱི་སྐྱེས་བུ་ཞབས་པད་བརྟན་ཆེད་དང་། ལ་ལས། བསད་པའི་ཚེ་ཐུང་། བརྡུང་བས་ནད་མང་། ཞེས་པར་དགོངས་ནས། ནད་མེད་ཚེ་རིང་ཡོང་ཆེད་དང། འགའ་ཞིག་བལ་རྩིད་བྲེག་པ་དང་འོ་ཞོ་འཐུང་བ། ཁལ་འགེལ་དང་ས་ཞིང་རྨོས་པ་སོགས་ཀྱི་དྲིན་བཟོའི་ཆེད་དང་། ཁ་ཅིག གཤིན་པོའི་དགེ་རྩར་དམིགས་ནས་བདེ་འགྲོ་འཐོབ་ཆེད་དང་། ཡང་། གསད་བྱ་དེ་མཐོང་པ་ན། སྙིང་བརྩེ་བས་སྲོག་བླུ་བྱེད་སྟངས་སོགས་ཡོད། གཞན་ཡང་། ཆོས་སྐྱོང་དང་གཞི་བདག་སོགས་ལ་མཆོད་པའི་ཚུལ་གྱིས་ཚེ་ཐར་གཏོང་བའང་ཡོད་དེ། དེ་ནི་ད་ལྟ་ལྷ་གཡག་དང་། ལྷ་རྟ། ལྷ་ལུག ལྷ་ར་ཞེས་པ་དེ་རྣམས་ཡིན། ཚེ་ཐར་གཏོང་ཚུལ་ཡང་། གཡག་ལུག་སོགས་ལ། རྣམ་འཇོམས་སོགས་ཀྱིས་བུམ་སྒྲུབ་བྱས་པའི་ཆུ་འམ། ཡང་ན། ཆུ་གཙང་ལ་གཟུངས་སྔགས་ཁྱད་པར་ཅན་གང་མང་བཟླས་ཏེ་ཁྲུས་ལེགས་པར་བྱས། རྣ་ཆ་དང་དཔུང་དར་སྣ་ཚོགས་བཏགས་ནས་རྭ་དང་རྨིག་པར་སྣུམ་བྱུགས། ཡང་། ཚེ་སྒྲུབ་འཆི་མེད་སྐུ་གསུམ་རིགས་འདུས་ལས། ཅི་འབྱོར་ཚེ་སྲོག་བླུས་པའི་དཔྲལ་བ་རུ། །ཉི་ཟླའི་རྟགས་གདབ་ཕྱིན་ཆད་སྲོག་མི་གཅོད། །སྲོག་མི་གཅོད་པའི་ཁས་བླངས་སྡོམ་པ་སྦྱིན། །ཞེས་ཚེ་ཉི་ཟླ་དང་མཉམ་པའི་རྟེན་འབྲེལ་དུ་དཔྲལ་བར་མར་གྱིས་ཉི་ཟླའི་གཟུགས་བྲི་བར་ཡང་བཤད་ལ། དེ་ནས་བསང་དུད་ཀྱིས་བདུག སྣ་ཐག་དཀར་བོ་བཏགས། ཀཾ་ཀ་ནི་དང་། དུ་རྒ་ཏེ། རྣམ་རྒྱལ་མ། སྤྱན་རས་གཟིགས་ཀྱི་གཟུངས་སོགས་བརྗོད་དེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །སེམས་ཅན་འདིའི་དུས་མ་ཡིན་པའི་འཆི་བ་འཇོམས་པར་མཛད་དུ་གསོལ། ཚེ་རྣམ་པར་འཕེལ་བར་མཛད་དུ་གསོལ། ལས་ཀྱི་སྒྲིབ་པའི་རྒྱུན་རྣམ་པར་བཅད་དུ་གསོལ། ཐར་བའི་ལམ་ལ་ཡང་དག་པར་བཞག་ཏུ་གསོལ། གསུངས་པ་བཞིན། མེ་ཏོག་འཐོར་བཞིན་འདི་སྐད་དོ། རྟ་མཆོག་ལ། སྐྱེ་མཆེད་ཡུལ་དབང་རབ་ཚང་ཞིང་། །རྫུ་འཕྲུལ་ཤུགས་ལྡན་རྟ་མཆོག﹙རྭ་ལུག་གཡག་ཞོལ་ཡིན་ན་ཆོ་ག་ལྟར་ཁ་བསྒྱུར་དགོས﹚འདི། །བླ་མ་ཡི་དམ་ཚེ་ལྷ་དང་། །﹙དམིགས་ཀྱིས་ཆོས་སྐྱོང་ལ་སྤྱན་གཟིགས་འབུལ་ཚེ﹚ ཁྱད་པར་མྱུར་མཛད་མགོན་པོ﹙གང་དབུལ་རྒྱུའི་ཆོས་སྐྱོང་དང་གཞི་བདག་ལ་ཁ་བསྒྱུར་དགོས﹚དང་། །ཆོས་སྐྱོང་ནོར་ལྷ་ཡུལ་ལྷའི་ཚོགས། །སྐྱེས་ལྷ་ཞང་ལྷ་འགོ་བའི་ལྷ། །དགྲ་ལྷ་ཆེན་པོའི་ཚོགས་རྣམས་ལ། །འབུལ་ལོ་བསྔོའོ་དགྱེས་པར་མཛོད། །ཕྭ་དང་གཡང་གི་རྟེན་དུ་མཛོད། །མགོན་སྐྱབས་དཔུང་གཉེན་རྟེན་དུ་མཛོད། །དགྲ་ལས་རྒྱལ་བའི་རྟེན་དུ་མཛོད། །ཐར་རོ་ཐར་རོ་རྟེན་འདི་དག། དུས་མིན་འཆི་བའི་ནད་ལས་ཐར། །ལས་ངན་སྡུག་པའི་འཕྲང་ལས་ཐར། །མི་ཁོམ་སྐྱོན་གྱི་གནས་ལས་ཐར། །རྒྱལ་ལོ་རྒྱལ་ལོ་ལྷ་རྒྱལ་ལོ། །ཞེས་བརྗོད་དེ་མེ་ཏོག་འཐོར། དེ་ནས་མིང་བྱང་བྱ་ཚུལ་ནི། ཤིང་བྱང་ཆུང་ངུ་ལ། རྟ་ཡིན་ན་དགྲ་འདུལ་རླུང་ཤུགས་དང་། ཞོལ་ཕོ་ལ་སྟོབས་འཕྲོག་བརྗིད་ཞོལ། ཞོལ་མོ་ལ་བདུད་རྩི་ཁུར་ལྡན། ལུག་ལ་གཡང་མོ་འཁྱིལ། རྭ་ལ་ཚེ་ཚེ་སོགས་བརྐོས་ནས་བཏགས་ཏེ། མཇུག་ཏུ་དགེ་རྩ་སེམས་ཅན་ཐམས་ཅད་ཚེ་རིང་ནད་མེད་དང་། ཡང་ན། རྩ་བའི་བླ་མ་ཞབས་པད་བརྟན་པ་སོགས། སྐབས་བབ་གང་ལ་དམིགས་པར་བསྔོས་ཏེ། སྨོན་གནས་མི་འཕྱུགས་པར་བྱའོ། །འདི་ནི་ཉུང་བསྡུས་ཙམ་སྟེ། རྒྱས་པར་སྲོག་བླུའི་ཆོ་ག་དག་ལས་ཤེས་པར་བྱའོ། །

༤ བྱེ་བྲག་གཡག་ཚེ་བླུ་གཏོང་སྟངས། གཡག་ཚེ་ཐར་གཏོང་བ་ལ། གཞིས་རྩེ་ས་ཁུལ་དིང་རི་རྫོང་ཕུ་དགོན་པའི་གཡག་ཚེ་བླུ་གཏོང་སྲོལ་གཞི་བཞག་སྟེང་བཤད་རྒྱུ་ཡིན་ལ། རྒྱུ་མཚན་ནི། ས་ཆ་དེ་ནི་ལྷ་གཡག་གི་ཕ་ས་ལྟ་བུ་ཡིན་ཞེས་བརྗོད་ཆོག་པར་སྙམ་སྟེ། གཞིས་རྩེ་བྲེ་གཤོངས་གྲོང་ཚོའི་ནང་དུ། བྱེ་མའི་གསེབ་ལས་རྙེད་པའི་གཡག་མགོ་ཞིག་ལ། རྭ་བར་གྱི་ཞེང་ཚད་ལི་སྨིད ༩༥ དང་མགོ་རུས་ཀྱི་རིང་ཚད་ལི་སྨིད་༢༩ ཅན་ཞིག་རྙེད་ཡོད་པ། ད་ལྟ་ས་དེ་གར་ཉར་ཚགས་གནང་ཡོད་པ་ལས་ཀྱང་རྟོགས་ཐུབ།

དིང་རི་རྫོང་ཕུ་དགོན་པའི་གཡག་ཚེ་ཐར་གཏོང་བའི་དུས་ཚིགས་ནི། ས་ག་ཟླ་བའི་ཚེ་བཅུ་བདུན་ལ་གཡག་བཤད་དང་བཅས་ཚེ་ཐར་གཏོང་བ་ཡིན། དེ་ཡང་ཐོག་མར་གཡག་མང་བོ་འདེམས་སྒྲིག་གནང་ནས། དེའི་ནང་ལྷ་གཡག་བདུན་འདེམས་པ་སྟེ། གདོང་སུག་དཀར་བ་ལ་ཁད་པ། སྤུ་མདོག་ནག་ཅིང་གདོང་ཁྲ་ཅན་ལ་ཁྲ་བོ་སྦལ་བ། རོག་པོ། སྔོ་དཀར། མགོ་རོག གདོང་བོ། ཁམ་པ་བཅས་སོ། །དེ་དག་ལས་ཆོས་སྐྱོང་བཞིའི་བསྐངས་རྫས་ལ། མགོན་པོ་ཞལ་བཞི་བར་གཡག་རོག་པོ། དུར་ཁྲོད་ལྷ་མོ་ལ་གཡག་ཁམ་པ། ཟུར་ར་ལ་གཡག་གདོང་བོ། བཀྲ་ཤིས་ཚེ་རིང་མར་གཡག་དཀར་བོ་གདམས་ཏེ། གཟུངས་སྔགས་ཀྱི་ནང་དོན་ལྟར་མདོག་མི་འདྲ་བའི་ཚེ་དར་བཏགས་ནས། གཡག་བཤད་བཞིན་ལྷ་གཡག་རྣམས་ཀྱི་ལུས་པོ་ལ་མཚལ་བྱུགས་པ་དང་། མར་རྒྱན་བསྐུས་ཏེ། དགྲ་ལྷ་གསོལ་བ་དང་། ལྷ་སོ་སོར་འཕྲིན་བཅོལ་གནང་ནས་བསང་གསོལ་ཁྲུས་འབུལ་དང་། གཡག་ལ་རྩམ་པ་དང་ཆང་སོགས་བླུད་དེ། ཀི་སྭོ་དང་བཅས་ཚེ་ཐར་དུ་གཏོང་བ་ཡིན་ནོ། །གཡག་བཤད་འདི་ནི། རོང་ཕུ་དགོན་པའི་བླ་མ་རྫ་སྤྲུལ་ངག་དབང་བསྟན་འཛིན་ནོར་བུས་དུས་རབས་བཅོ་ལྔ་བར་སྲོལ་གཏོད་ལ། གཡག་བཤད་འདི་ཡང་ལོ་རྒྱུས་ཀྱི་གོད་ཆག་དང་ཉག་ཕྲ་བའི་ལམ་འཕྲང་ཀྱག་ཀྱོག་བརྒྱུད་དེ། མར་མེ་གཅིག་ལས་གཉིས་ཆད་ཀྱི་དཔེ་བཞིན། ངག་ཐོག་ནས་ངག་ཐོག་བརྒྱུད་དེ། ད་གཟོད་གསོན་ཐུབ་པ་བྱུང་བས། དཀའ་ཚེགས་ལ་མ་འཛེམ་པར་འདིར་ཆ་ཚང་བཀོད་ན་འདི་ལྟར།

བསྭོ་བསྭོ་དེ་རིང་གནམ་ལ་སྐར་མ་བཟང་། །ས་ལ་ཉི་མ་དྲོ། དུས་ཚོད་ཀྱི་ཚེས་གྲངས་འཛོམས་པའི་སྐབས་འདིར། ཡེ་ཤེས་མགོན་པོའི་གཟུགས་པོ་རོག་པོ་འདི་ལ་རྒྱན་འབུལ་ལོ། །རྒྱན་བཞེས་སུ་གསོལ། བརྒྱ་ཁྱུ་ནས་བཙལ། སྟོང་ཁྱུ་ནས་བཀུག དེའང་མགོ་ལ་རྭ་ཚང་། གདོང་ལ་མིག་ཚང་། ཞལ་བ་སོ་ཚང་། རྒྱབ་ལ་སྤུ་ཚང་། མདུན་ལ་ཞོད་ཚང་། ཁུག་ཡེ། ཁུག་ཡེ། ཕྭ་རི་བོ་བཞིན་དུ་ཡོད་ལེ་ཁུག གཡང་རྒྱ་མཚོ་བཞིན་དུ་མེར་ལེ་ཁུག གྱི་ལིང་རྟ་རྣམས་ཀྱི་རྟ་ཁུག གཡང་དཀར་ལུག་རྣམས་ཀྱི་ལུག་ཁུག ཚེར་ཚེར་ར་རྣམས་ཀྱི་ར་ཁུག སེར་ལེ་འབྲི་རྣམས་ཀྱི་འབྲི་ཁུག རྒྱ་གར་ནས་གསེར་ཁུག ཁམས་ནས་དངུལ་ཁུག ལྷོ་ནས་འབྲུ་ཁུག བྱང་ནས་ཚྭ་ཁུག ཁུག་ཡེ། ཁུག་ཡེ། རྩི་ཤིང་རྒྱས་པ་བཞིན་དུ་ཕྭ་གཡང་ཁུག བརྡབ་བོ། བརྡབ་བོ། དཔལ་གྱི་དུང་རྭ་གཡས་པ། སྡང་བར་བྱེད་པའི་དགྲ གནོད་པར་བྱེད་པའི་བགེགས། མཐོ་ན་དགའ་བ་མི་བྱེད། དམའ་ན་དགའ་བར་མི་བྱེད། ཁ་འོ་མ་ལས་འཇམ་པ། སྙིང་ཚེར་མ་ལས་རྣོ་བ་རྣམས་བརྡབ་བོ། །ཁྱད་པར་དུ་རྦད་འདྲེ་རྦོད་གཏོང་། བྱད་ཁ། ཟེར་ཁ། ཕུར་ཁ་ཐམས་ཅད་བརྡབ་བོ། །དཔལ་གྱི་དུང་རྭ་གཡོན་པ་མི་བརྡབ་བོ། །གནག་གདང་གང་བ་མི་བརྡབ་བོ། །ལུག་ལྷས་གང་བ་མི་བརྡབ་བོ། །མི་ཡི་ཚེ་ལ་མི་བརྡབ་བོ། །ཟས་ཀྱི་བཅུད་ལ་མི་བརྡབ་བོ། །གོས་ཀྱི་གདང་ལ་མི་བརྡབ་བོ། །ཡུལ་མི་ཁྱིམ་མཚེས་དགའ་བ་མི་བརྡབ་བོ། །སྤྱིར་སངས་རྒྱས་ཀྱི་བསྟན་པ་མི་བརྡབ་བོ། །དཀོན་མཆོག་གི་དབུ་འཕང་ལ་མི་གདབ་བོ། །དགེ་འདུན་གྱི་སྡེ་ལ་མི་བརྡབ་བོ། །ལག་གཡས་གོང་མ་མི་ཡི་བང་མཛོད་ཡིན། བང་མཛོད་སྟེང་ནས་ཤ་ར་ར། བར་མ་ནོར་གྱི་བང་མཛོད་ཡིན། བང་མཛོད་སྟེང་ནས་ཤ་ར་ར། འོག་མ་ཕྱུགས་ཀྱི་བང་མཛོད་ཡིན། བང་མཛོད་སྟེང་ནས་ཤ་ར་ར། བང་མཛོད་གསུམ་གྱི་སྒོ་ནས་སྐྱོར་རོ། །མི་ཡི་ཚེ་ལ་སྐྱོབས་རོགས། ཟས་ཀྱི་བཅུད་ལ་སྐྱོབས་རོགས། གོས་ཀྱི་རྡང་ལ་སྐྱོབས་རོགས། གསེར་དངུལ་ཟངས་གསུམ་གྱི་སྒོ་ནས་སྐྱོབས་རོགས། གཡུ། བྱུ་རུ། མུ་ཏིག སྤོས་ཤེལ་གྱིས་སྐྱོབས་རོགས། གདོང་ལ་བརྟན་ནོ། །བཀྲ་ཤིས་ལ་བརྟན་ནོ། །དོན་འགྲུབ་པ་ལ་བརྟན་ནོ། །གཡང་ཆགས་པ་ལ་བརྟན་ནོ། །དུང་རྭ་གཡས་པ་ལ་བརྟན་ནོ། །སྡང་བའི་དགྲ་ཐུལ་བ་ལ་བརྟན་ནོ། །རྭ་དཀྱིལ་མི་ཆག་པ་ལ་བརྟན་ནོ། །རྭ་རྩེ་ལེགས་པ་ལ་བརྟན་ནོ། །བྱམས་པའི་གཉེན་སྐྱོང་བ་ལ་བརྟན་ནོ། །ཞལ་ལ་བརྟན་ནོ། །ཞལ་དྲོ་བ་ལ་བརྟན་ནོ། །ཤ་ལ་བརྟན་ནོ། །ཤ་དྲི་ཞིམ་པ་ལ་བརྟན་ནོ། །སྤྱན་ལ་བརྟན་ནོ། །སྤྱན་གྱི་དབང་བོ་གསལ་བ་ལ་བརྟན་ནོ། །སྙན་ལ་བརྟན་ནོ། །སྙན་གསལ་བ་ལ་བརྟན་ནོ། །ལྟག་ཚང་ལ་བརྟན་ནོ། །ལྟག་ཚང་ཕ་སྤུན་བཟང་བ་ལ་བརྟན་ནོ། །གཉའ་ལ་བརྟན་ནོ། །གཉའ་དགྲ་ལག་ཏུ་མི་ཤོར་བ་ལ་བརྟན་ནོ། །ཟེ་བ་ལ་བརྟན་ནོ། །ཟེ་བ་ལྷ་རྒྱལ་འཐེན་པ་ལ་བརྟན་ནོ། །རྒྱབ་ལ་བརྟན་ནོ། །རྒྱབ་རྒྱུད་ཆུ་ལས་རིང་བ་ལ་བརྟན་ནོ། །རྔ་ལ་བརྟན་ནོ། །སྔར་དང་གོང་དུ་འཕེལ་བ་ལ་བརྟན་ནོ། །ཚང་ལ་བརྟན་ནོ། །ཚང་ནས་ལུག་འཕེལ་བ་ལ་བརྟན་ནོ། །སོག་ལ་བརྟན་ནོ། །སོག་པ་ནོར་བསོགས་པ་ལ་བརྟན་ནོ། །དཔུང་བ་བརྟན་ནོ། །མི་ནོར་དཔུང་ཚོགས་ཐུབ་པ་ལ་བརྟན་ནོ། །ཐུགས་ཁ་ལ་བརྟན་ནོ། །ཐུགས་བདེ་བ་ལ་བརྟན་ནོ། །ལྟེ་བ་ལ་བརྟན་ནོ། །ལྟེ་བ་མི་འགྱུར་བ་ལ་བརྟན་ནོ། །མཚེ་རྟིང་ལ་བརྟན་ནོ། །ས་བདག་ཀླུ་གཉན། ལྷ་ཚོགས་རྣམས་ཀྱི་ས་གཞི་ས་འོག་འདུས་པར་བྱེད་པ་ལ་བརྟན་ནོ། །རྨིག་པ་ཁག་བཞིའི་འོག་ཏུ་དགྲ་བཞི་ཐུབ་པ་བརྟན་ནོ། །བརྒྱ་ཁྱུ་ནས་བཙལ། སྟོང་ཁྱུ་ནས་བཀུག ཚང་བ་ལྔ་དང་ལྡན་པའི་ཕྱུགས་གཟུངས་འདི། ཆིབས་ན་ཆིབས་ཁ་འདི་ལས་མགྱོགས་པ་མེད། བཞུགས་ན་བཞུགས་ཁ་འདི་ལས་བཙན་ས་མེད། མི་འཆི་བའི་དོན་ལ་གཟུངས་བཅོས། གཟུངས་འོག་ཏུ་མི་འཆི་རུ་མ་འཇུག་ཅིག མདའ་མ་ཆག་པའི་དོན་ལ་འབེན་བཙུགས། འབེན་འོག་ཏུ་མདའ་ཆག་ཏུ་མ་མཛོད་ཅིག སྤྱན་མིག་གཡས་པའི་འོག་ཏུ་སྡང་བའི་དགྲ་ཐུལ། སྤྱན་མིག་གཡོན་པའི་འོག་ཏུ་བྱམས་པའི་གཉེན་སྐྱོངས། རྒྱལ་བོའི་གདུང་རབས་གྲ་རྒྱས་པ་བཞིན་དུ་བསྭོ་བསྭོ། ཞེས་པ་ལྟར། གཡག་བཤད་འདིའི་ནང་དུ་ལྷ་གཡག་ཚེ་ཐར་དུ་གཏོང་བའི་སྣང་བརྙན་གསོན་པོ་ཞིག་བཞེངས་བསྐྲུན་བྱས་ཡོད་པས། སྲོག་བླུ་ཚེ་ཐར་ཇི་ལྟར་གཏོང་བར་ལེགས་ཆ་ལེན་རྒྱུ་མང་དུ་ཡོད་པར་མ་ཟད། དམ་པའི་ཆོས་དང་འབྲེལ་བའི་བརྗོད་བྱ་ཡང་འདུས་ཡོད་དོ། །

༥ སྲོག་བླུ་བྱས་པའི་ཕན་ཡོན། མི་སྒེར་གྱིས་བདག་ཏུ་བཟུང་བའི་དུད་འགྲོ་རྣམས་སྲོག་ཉེན་ལས་བསྐྱབས་ཏེ། བྱམས་པས་ཚེ་རིང་བ་དང་། བདག་ཏུ་མ་བཟུང་བའི་སྲོག་ཆགས་གསོད་ཉེ་ཚེ་སྲོག་ལས་བསྐྱབས་ཤིང། གང་བདེར་གཏོང་བའི་སྲོག་བླུ་ཞེས་པར་རང་ངམ་གཞན་སྐུལ་བ་དམ་པ་གོང་མ་རྣམས་ཕྱག་བཞེས་མཛད་གནང་ལྟར། དབང་ཡོད་ཚོས་རི་རྒྱ་དང་ལུང་རྒྱ། མཚོ་རྒྱ་སོགས་བསྡམས་ནས་ཁོར་ཡུག་སྲུང་བ། ཡང་ན། འཚེ་བ་ཆོས་སུ་སྨྲ་བའི་སྡིག་རྒྱུན་གཅོད་པ་སོགས་མི་འཇིགས་སྐྱབས་ཀྱི་སྦྱིན་པ་རྣམས་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ཡིན་ཏེ། མདོ་དྲན་པ་ཉེར་བཞག་ལས། ཚུལ་ཁྲིམས་ཀྱི་ནང་ན་མཐོ་རིས་སུ་སྐྱེས་པའི་མཆོག་ནི་འདི་ཡིན་ཏེ། སྲོག་སྦྱིན་པའི་ཚུལ་ཁྲིམས་སོ། །ཞེས་པ་ལྟར། སའི་སྙིང་བོ་འཁོར་ལོ་བཅུ་བའི་མདོ་ལས། གལ་ཏེ་སྲོག་གཅོད་ཡོངས་སྤངས་ན། །ཀུན་གྱིས་བཀུར་ཞིང་བླ་མར་བྱེད། །རྟག་ཏུ་ནད་མེད་ཚེ་ཡང་རིང་། །བདེ་ཞིང་སྐྱིད་ལ་གནོད་པ་མེད། །སྐྱེ་བའི་གནས་ནི་ཐམས་ཅད་དུ། །སངས་རྒྱས་སྤྱོད་ཡུལ་ལམ་ལ་མོས། །སངས་རྒྱས་ཆོས་དང་དགེ་འདུན་མཐོང་། །མྱུར་དུ་བླ་མེད་བྱང་ཆུབ་འཐོབ། །ཅེས་དང་།

ཡང་། སློབ་དཔོན་དབྱིག་གཉེན་གྱིས། གསོད་སར་ཁྲིད་པ་ལེགས་བཏང་ན། །དེ་བཞིན་སྲོག་གི་ཕན་བཏགས་ཤིང་། །སྲོག་ཆགས་འཚེ་བ་ཡོངས་སྤངས་པར། །ཚེ་རིང་བ་ནི་འཐོབ་པར་འགྱུར། །ཞེས་དང་། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས། བྱ་ཉ་རི་དྭགས་རྐུན་མ་དང་། །སྦྲུལ་སོགས་གསད་བྱའི་ཕྱོགས་གྱུར་རྣམས། །སྲོག་བསྐྱབས་པ་ཡིས་འཕྲལ་དུ་ནི། །ཚེ་ཐུང་བ་ཡང་ཚེ་རིང་འགྱུར། །ཞེས་པ་ལྟར། ཚེ་རིང་བར་མ་ཟད། བྱམས་དང་སྙིང་རྗེ། བྱང་ཆུབ་ཀྱི་སེམས་ངང་གིས་སྐྱེས་པ་དང་། སྲོག་ཆགས་ཐམས་ཅད་ཀྱི་གཉེན་དུ་བརྩི་བ། དཀར་ཕྱོགས་པ་དགའ་བ། ཚེ་རབས་ཀུན་ཏུ་སངས་རྒྱས་ཀྱི་བསྟན་པ་དང་འཇལ་ཏེ། མཐར་ཐུག་བླ་མེད་རྫོགས་བྱང་འཐོབ་པར་གསུངས་སོ། །གཞན་ཡང། ཤུག་ཆུང་མཁའ་འགྲོ་མ་འབའ་མོས། ཡང་དག་པའི་ཞིང་ཁམས་ལ་འགྲོ་བའི་མི་རྣམས་ནི། ལ་ལས་། ཚེ་ཐར་གྱིས་བསྐྱལ། ཞེས་དང་། ཚེ་ཐར་དང་སྲོག་བླུ་བྱས་པའི་ཕན་ཡོན་ནི། ཚེ་ཐར་དང་སྲོག་བླུ་རེ་རེས་སྤུ་ཉག་མ་རེ་རེ་ནས་ཚེ་ཐར་དང་། སྲོག་བླུས་སེམས་ཅན་གྲངས་མེད་པ་འཕྲོས་ཏེ། དེ་དག་རེ་རེས་སེམས་ཅན་གྲངས་མེད་པ་ཁུར་ནས། བྱའི་རྒྱལ་བོ་ངང་བ་ནམ་མཁའ་ལ་འཕུར་བ་བཞིན། ནམ་མཁའ་རྟེན་མེད་ཀྱི་དབྱིངས་སུ་ཐོགས་མེད་དུ་འཕུར་ཏེ། ཐར་ལམ་ལ་འགྲོའོ། །ཡང་། ཚེ་ཐར་བཏང་ན་ཚེ་བསྲིངས། ནད་ཉུང། འབྱོར་བ་རྒྱས། ངན་སོང་མེད། ཐར་ལམ་འཐོབ་པ་སོགས་ཕན་ཡོན་མཐའ་ཡས་སོ། །ཞེས་གསུངས་སོ། །

ལེའུ་བཅུ་བ། མདོས་གླུད་གཏོ་གསུམ་གྱི་སྐོར།

མདོས།

མདོས་ཀྱི་ཁུངས་ནི། སྲིད་མདོས་ལས། བཙན་རྗེ་ནི་ཅི་ལ་དགྱེས། ཟ་བ་ནི་ཤ་ལ་རྔམ། འཐུང་བ་ནི་ཁྲག་ལ་ཧབ། ལེན་པ་ནི་སྲོག་དབུགས་ལེན། སྡོངས་པ་ནི་བགེགས་དང་སྡོངས། འགྲོགས་པ་ནི་གཉན་དང་འགྲོགས། མགོན་པ་ནི་བཙན་བོན་མགོན། འཚེ་བ་ནི་གསས་ལ་འཚེ། ཞེས་པ་ལྟར། གདོད་མའི་བཙན་བོན་སོགས་ཀྱིས་དམར་མཆོད་བྱེད་པ་དེ་གཤིན་རབ་མི་བོ་ཆེས་ཐུགས་ལ་མ་བབས་པར། དཀར་མཆོད་དུ་བསྒྱུར་བ་ཡིན་ཏེ། སྲིད་པ་སྤྱི་མདོས་ལས། བདུད་བོན་གྱི་དམར་ཐབས་ལ། །གཤེན་རབ་ནི་ཅི་དགྱེས་ཏེ། །ཁྱབ་པ་ནི་ཆམ་ལ་ཕབ། །འབྲུ་དཀར་ནི་གཏོར་མས་མཆོད། །དམར་ཐབས་ནི་འདྲེས་བྱུང་ན། །གཤེན་རབ་ནི་ཅི་དགྱེས་ཏེ། །གདོན་འདྲེ་ནི་ཆམ་ལ་ཕབ། །འབྲུ་དཀར་གྱི་ཡུ་རིས་མཆོད། །ཤེ་ཚུ་ཡི་འདྲེས་བྱུང་ན། །གཤེན་ལྷ་ལ་ནོངས་པ་མཐོལ། །ཞེས་པ་ལྟར། གཤེན་རབ་མི་བོ་ཆེ་དམར་མཆོད་ལ་ཐུགས་མ་དགྱེས་པས་དཀར་མཆོད་དུ་བསྒྱུར་བར་བཤད་ཡོད་ལ། ཁྱད་པར་དུ། ཞང་བོད་ཏི་སེའི་འོད་ཅེས་པར། དེ་དག་གིས་དམར་མཆོད་བྱེད་སྲོལ་ཡོད་པ་ལ། གཤིན་རབ་མི་བོ་ཆེ་མ་དགྱེས་ནས། བདུད་བོན་དང་གདོན་བོན་རྣམས་ཆམ་ལ་ཕབ། དེ་དག་གི་སྤྱོད་ཚུལ་དུ་སེམས་ཅན་གྱི་རིགས་གང་ཞིག་བསད་ནས་ཤ་རུས་ཀྱི་མཆོད་པ་བྱེད་སྲོལ་ཡོད་པ་དེ་དག་གི་ཚབ་ཏུ། འབྲུ་དཀར་གྱི་གཏོར་མས་འཐུས་པར་བྱས་པ་དང་། ཤེ་ཚུ་སྟེ་ཁྲག་གི་སྐྱེམས་འབུལ་སྲོལ་ཡོད་པ་དེའི་ཚབ་ཏུ་ཡུ་ཏི་སྟེ་འབྲུ་ཆང་གིས་འཐུས་པར་བྱས་པའི་མདོས་ཆོག་གི་སྲོལ་གསར་དུ་བཏོད། ཅེས་གསུངས་པ་ལྟར་རོ། །

བོན་ཤེས་པ་ཅན་མི་བཅུ་གཉིས་ཀྱི་ནང་གསེས་ལྡིང་ཤེས་ཤྭ་བ་བྱ་བ་ཡང་། ཤྭ་བ་རུས་རྒྱས་ཀྱི་མདོས་ཆོག་ལ་མཁས་པ་ཞིག་སྟེ། དེ་ཡང་། ས་ཡི་སྙིང་བོ་ལ་རིན་ཆེན་བདར་ཏེ། ཤྭ་བའི་གཟུགས་བརྙན་བཟོས། གཞོགས་གཡས་སྟོད་དུ་དཀར་བོ། སྨད་དམར་བོ། གཞོགས་གཡོན་སྟོད་དུ་སྔོན་པོ། སྨད་སེར་བོ། མཇུག་མ་ནག་པོ། འཕོངས་དཀར་བོ། སྒབ་སེར་བོའི་ཚོན་གྱིས་བསྒྱུར། རྭ་གཡས་པ་ཕོ་ཤིང་། གཡོན་པ་མོ་ཤིང་། བྱ་ངན་སྣ་ཚོགས་ཀྱིས་སྒྲོ་སྤུ་བཙུགས། སྐུད་པ་ནག་པོའི་རྒྱུད་ཁ་དར་ལ་བཏགས་པའི་རྟེན་ཞིག་བཟོ་དགོས་ལ། བོན་གཤིན་རྣམས་ཀྱིས་སྒྲུབ་རྟགས་ཐོན་ཚེ། ཤྭ་བ་དེ་མདོས་གཞིའི་སྟེང་དུ་ལྡིང་ཐུབ་པའི་ནུས་མཐུ་ཡོད་པས་ལྡིང་ཤེས་ཤྭ་བ་ཟེར་རོ། །

བོད་ཀྱི་ལོ་རྒྱུས་འགར། རྒྱལ་བོ་པུ་དེ་གུང་རྒྱལ་གྱི་དུས་སུ་འབྲས་བུའི་བོན་རིགས་ལྔ་དང་རྒྱུའི་བོན་རིགས་བཞི་དར་བའི་ནང་ནས། འཕྲུལ་གཤེན་བལ་ཚོན་ཅན་གྱིས་མི་ཕྱུགས་ཀྱི་སྲོག་ཚབ་ཏུ་བལ་སྐུད་ལྔ་ལས་སླེས་པའི་ཁང་བཟང་གི་ནང་དུ་བག་ཟན་ལས་བཟོས་པའི་གླུད་ལ་ཆས་གོས་གཡོགས་ཏེ། གདོན་བགེགས་ཀྱི་གནོད་པ་སེལ་ཐབས་སུ་སྲོལ་གཏོད་པར་བཤད་ཀྱང་། དེ་ནི་ཆོ་གའི་རྣམ་པ་ཇེ་རྒྱས་སུ་བཏང་བ་ལས་སྲོལ་ཕྱེས་པར་མི་སེམས་སོ། །ཕྱིས་སུ་རྣམ་པ་སོར་བཞག་གིས་ནང་དོན་གྱི་ཆ་ལ་སོ་སོའི་ཆོས་ལུགས་དང་མཐུན་པར་མདོས་ཆོག་བྱེད་སྲོལ་དར་བ་ཡིན་ནོ། །

རྣམ་པ་གཞན་དུ་ན། འགའ་ཞིག་རྟོག་གེའི་རིགས་པས་མདོས་ཀྱི་རྣམ་བཞག་ཅི་ཡང་མེད་པར་བརྒྱ་བཞི་དང་། ཁ་འབར་མའི་ཆོ་ག་སོགས་ལ་དཔེ་བླངས་པའི་རང་བཟོའི་ཆོག་བསྒྲིགས་བྱས་པས་སྙིང་བོ་ཅི་ཡང་མེད་པར་འདོད་ལ། ནང་བ་ཁ་ཅིག་མདོས་ཀྱི་མ་ཁུངས་སྟོན་པའི་མདོས་ཆེན་རྣམ་བཞི﹙ཤེར་སྙིང་བདུད་བཟློག བརྒྱ་བཞི། འབར་མ སྒྲོལ་མའི་གཡུལ་བཟློག་བཞིའོ། །﹚ལས་དར་སྤེལ་བྱུང་བར་ཡང་འདོད་ལ།

ཤེར་སྙིང་བདུད་བཟློག་ལྟ་བུར་མཚོན་ནའང་། སྟོན་པ་སངས་རྒྱས་ནས་བརྒྱུད་དེ། རྒྱ་གར་མཁས་གྲུབ་རྣམས་ཀྱི་ཐུགས་བཅུད། དཔལ་ལྡན་ཨ་ཏི་ཤའི་ཡི་དམ། ཁྱད་པར་དུ་གྱི་ལྗང་ལོ་ཙཱ་བའི་ཕྱག་ལེན་མཛད་པ་ཡིན། དེ་ཡང་། ཀུ་ལོར་ཞེས་པས་གཤིན་རྗེ་དམར་ནག་དང་མུན་པ་དམར་ནག་སོགས་ཀྱིས་མངོན་སྤྱོད་གནང་སྟེ་སེམས་ཅན་མང་བོ་མཐུས་སྒྲོལ་བ། ཀྱི་ལྗང་དབུ་དཀར་བས་མ་བཟོད་པར་ཉིན་གཅིག་ཀུ་ལོར་སྐྱེམས་དྲངས། གོས་སྐོན་ཏེ། ཁྱེད་ལ་མཐུ་མྱུར་བོ་ཞིག་བདོག་ཀྱང་། ཕྱི་མར་རྣམ་སྨིན་ལྕི་ཚུལ་སོགས་ཞུས་པས། ཀུ་ལོར་ཁྲོས་ཏེ། ཁྱེད་ཞག་བདུན་ཕན་དུ་མི་བཞག་ཅེས་མནའ་བོར་ཏེ་སོང་། དེ་ནས་དབུ་དཀར་བས་མདོས་འདི་བསྒྲུབས་པས། ཞག་བདུན་ན་ཀུ་ལོར་རང་ཐུ་རང་ལ་ཕོག་སྟེ་གྲོངས་པ་དང་། ཡང་། རྒྱ་ནག་གི་ཕ་འཚོ་བྱ་བ་ཞིག་ལ་རྒྱལ་བོས་གནོད་པས། རྩིས་མཁན་གྱི་ངག་བཀོད་བཞིན་བུ་ཆུང་གི་རོ་ལ་གཏོ་བྱས་ནས་ཇ་སིག་ཅིག་གི་ནང་བཅུག་ནས་དབུས་སུ་སྤྱུགས། ཇ་སིག་དེ་འཕན་ཡུལ་དུ་དགེ་སེར་གྱིས་ཉོས་པ་ལ། རྒྱལ་བོས་དགེ་སེར་ལ་གནོད་ནས་རྟ་བོང་ཐམས་ཅད་མེད་པར་བྱས་པར་མ་ཟད། རྒྱལ་བོ་དངོས་སུ་སྣང་རྒྱུ་ཡོད་པ་ཞིག་ཏུ་གྱུར། དགེ་སེར་གྱིས་ཁྱེད་ཅི་ལ་འཇིགས་ཞེས་དྲིས་པས། ང་ཀྱི་ལྗང་དབུ་དཀར་བར་འཇིགས་ཟེར། དགེ་སེར་གྱིས་དེ་ཡོད་སའི་ལམ་རྒྱུས་སོགས་ང་ལ་ཤོད་དང་དབུ་དཀར་བ་གསད་དེ་ཁྱེད་ལ་འཇིགས་པ་མེད་པ་བྱ་ཞེས་བསླུས་ནས། སྒྲུབ་ཐབས་དང་གདམས་པ་བླངས་ཏེ་བདུད་བཟློག་འདིས་རྒྱལ་བོ་བསྐྲད་ཚུལ་དང་། གནོད་པ་བཟློག་ཚུལ་སོགས་ཡོན་ཏན་རྒྱ་མཚོ་མཐའ་ཡས་སྡེའི་ཤེར་སྙིང་བདུད་བཟློག་སོགས་ན་བཤད་ཡོད་པ་དང་།

བཅས་ཐབས་ལ། གཞི་མ་དཀར་བོའི་དབུས་སུ་ཐུབ་དབང་གི་སྐུ་བྲིས་འབུར་གང་རུང་བཞུགས་སུ་གསོལ། མདུན་དུ་ཉེར་སྤྱོད་བཤམས། གཞི་དེའི་ཤར་དུ་ལྷའི་བདུད་མི་དཀར་རྟ་དཀར་ཅན། གཡས་མེ་ཏོག་དང་གཡོན་ཞགས་པ་བཟུང་བ་བདུན། ཁལ་མ། ཁྱི། ཆངས་བུ། ཤ་ཏིག མཐེབ་ཀྱུ་སོགས་ཀྱང་བདུན་རེ། དེ་བཞིན། ལྷོར་ཉོན་མོངས་པའི་བདུད་མི་སེར་རྟ་སེར་ཅན། གཡས་རལ་གྲི་དང་གཡོན་ཞགས་པ་འཛིན་པ་བདུན། ནུབ་ཏུ་ཕུང་བོའི་བདུད་མི་དམར་རྟ་དམར་ཅན། གཡས་མདུང་དང་གཡོན་ཞགས་པ་འཛིན་པ་བདུན། བྱང་དུ་འཆི་བདག་གི་བདུད་མི་ནག་རྟ་ནག་ཅན། གཡས་ཁྲམ་ཤིང་དང་གཡོན་ཞགས་པ་འཛིན་པ་བདུན་བཀོད་དོ། །གཞན་ཁལ་མ་སོགས་གོང་དང་འདྲ་ལ། དེ་རྣམས་མལ་གཞི་ནག་པོ་བཏང་ལ་དར་བཞག ཡང་སྣོད་སོ་སོར་ཞལ་ཟས་གཅིག གཏོར་མ་མེ་ཏོག་དབྱིབས་ཅན་དམར་བོ་གཅིག དཀར་གཏོར་གཅིག དམར་གཏོར་གཅིག་དང་བཞི་བཤམས། ངར་མི་རྒྱན་ཅན་ཞིག་ཁ་ཕར་ལ་བསྟན། ཐུབ་དབང་གི་སྐུ་སོགས་ཞལ་རང་ལ་སྟོན་དགོས་ལ། །སྒྲུབ་ཐབས་སོགས་ཆོ་ག་ན་གསལ་ལོ། །

མདོས་རྫས་བསྐྱལ་ཕྱོགས་ཀྱང་། ནད་པའི་ཆེད་ཡིན་ན་དུར་ཆེན་ནམ་རི་ཐོག མཐུ་བྱེད་ན་དགྲ་ཕྱོགས། སྤར་ཁ་བཅོས་པ་ཡིན་ན་གཞི། གཤེད་དང་བདུན་ཟུར་དགྲ་ཐོག་གམ་གནོད་ཕྱོགས། རིམས་ནད་བཟློག་ན་ལམ་མདོ། རྒྱལ་བོའི་གནོད་པ་ཡིན་ན། ལྷ་ཁང་ངམ་མཆོད་རྟེན་རྩར། འདྲེས་གནོད་ན་གྲོང་མདོ་འམ་ལུང་གསུམ་མདོ། ཆར་འབོད་དམ་ཀླུས་གནོད་ན་ཆུ་མིག་དང་། མདོར་ན་གང་དང་གང་གིས་གནོད་ན་དེ་དང་དེར་བསྐྱལ་དགོས་སོ། །

བརྒྱ་བཞིའི་ཆོ་ག་འདི་ཡང་། སྟོན་པ་སངས་རྒྱས་ནས་བརྒྱུད་པར་བཤད་དེ། འགྱུར་མེད་རྡོ་རྗེའི་བརྒྱ་བཞིའི་ཆོ་ག་འདོད་དོན་ལྷུན་གྲུབ་ལས། སྔོན་ལྷའི་དབང་བོ་བརྒྱ་བྱིན་བསྙུན་གྱིས་ཟིན་པ་ན། སྟོན་པ་བཅོམ་ལྡན་འདས་ལ་གསོལ་བ་བཏབ་པས་བཅོམ་ལྡན་འདས་ཀྱིས་བདུད་བཞིས་ཟིན་པར་མཁྱེན་ནས། བརྒྱ་བཞི་ཆོ་ག་འདི་མཛད་པས། བརྒྱ་བྱིན་བསྙུན་ལས་ཐར་ནས་བདེ་བ་ལ་བཀོད། དེ་ལྟར་ཕན་ཡོན་ཆེན་པོ་དང་ལྡན་པའི་ཆོ་གའི་རྫས་ལས་བརྒྱ་བཞི་མཚན་དུ་གྲགས་པ་དེ་ཉིད། འཕགས་པ་ཀླུ་སྒྲུབ་ཀྱི་ཕྱག་ཏུ་བབས་པས། རྡོ་རྗེ་གདན་གྱི་ཀ་གདན་སྤྲེའུ་འདྲ་བ་ལ་གཏེར་དུ་སྦས་པ་པཎྚིཏ་ལྔ་བརྒྱས་བཏོན་ནས་གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་ལ་བསྩལ། དེས་བོད་དུ་བསྣམས་ནས་གཞན་ཕན་འཕྲིན་ལས་རྒྱ་ཆེན་པོ་མཛད་པའོ། །ཆོ་ག་དེ་ལའང་། མདོ་ལུགས་དང་སྔགས་ལུགས་ཞེས་ཐ་དད་དུ་ཡོད་པ་ལས། འདི་ཉིད་མདོ་ལྟར་དུ་གྲགས་པའི་ལུགས་སོ། །གཞན་སྔགས་ལུགས་གཤིན་རྗེ་ནག་པོའི་རྒྱུད་ལས་བཏུས་པ། རྡོ་རྗེ་གདན་ནས་བཏོན་ཏེ་ཨོ་རྒྱན་ཆེན་པོ་སོགས་བརྒྱུད་པར་གྲགས་པའི་ཡི་གེ་ཟུར་བའི་བླ་མ་གོང་མ་རྣམས་ཀྱིས་ཕྱག་ལེན་དུ་མཛད་པ་ཞིག་སྣང་བ་ནི། ཡི་གེ་རྙིང་བ་ན་གསལ་བར་འདུག་པ་ལས་ཤེས་སོ། །བརྒྱ་བཞི་ཉམས་སུ་བླངས་པའི་ཐབས་ལ། ས་ཕྱོགས་གཙང་མར་མཎྜལ་པདྨ་འདབ་བརྒྱད་ཀྱི་ལྟེ་བར་མཆོད་སྦྱིན་གྱི་ཕྱག་གཡས་འབྲི། དེ་ཡང་མཆོད་རྟེན་ལྟར་བྱེད་ན། ཕྱོགས་བཞིར་ས་ཙྪ་ཉེར་ལྔ་བང་རིམ་སོགས་ལ་བཀོད། དབུས་སུ་མཉྫུའི་སྟེང་དུ་ཐུབ་དབང་གི་སྐུ། སྦྱིན་བདག་གི་གླུད་ཆེ་བ་མཉྫུའི་འོག་ཏུ་ཆུང་ཙམ་གཅིག་ལ་གོས་རས་གླུད་དང་རྫས་དང་ཁྲམ་ཤིང་གཟུགས། མཆོད་པ་རྣམ་ལྔ་དང་གཏོར་ཚོགས། འབྲིང་རྒྱས། རིན་ཆེན་ཕྱེ་མ་སོགས་བཤམས། ཕུང་བོའི་བདུད་སེལ་བ་ལ་སྐུ་གདུང་གི་མཆོད་རྟེན་བརྒྱ། ཉོན་མོངས་པའི་བདུད་སེལ་བ་ལ་མར་མེ་བརྒྱ། ལྷའི་བུའི་བདུད་སེལ་བ་ལ་ལྷ་བཤོས་བརྒྱ། འཆི་བདག་གི་བདུད་སེལ་བ་ལ་ངར་གླུད་བརྒྱ། མར་མེ་བརྒྱ་ནི། མཐོང་ལམ་རྙེད་པ་ལ་བརྟེན་ནས་བྱམས་པའི་སྦྱིན་པ། ས་ཙྪ་བརྒྱ་ནི། ཚོགས་ལམ་རྙེད་པ་ལ་བརྟེན་ནས་སྐྱབས་སྦྱིན་པ། གཏོར་མ་བརྒྱ་ནི། སྦྱོར་ལམ་རྙེད་པ་ལ་བརྟེན་ནས་ཟང་ཟིང་གི་སྦྱིན་པ། ངར་གླུད་བརྒྱ་ནི། སྒོམ་ལམ་རྙེད་པ་ལ་བརྟེན་ནས་སྲོག་གི་ལན་ཆགས་སྦྱོང་བས་ཆོས་ཀྱི་སྦྱིན་པའོ། །

དེ་ལྟ་བུའི་ཆོ་ག་འདི་ཡར་གྱི་ལྷ་རྒན་མཆོད་ཅིང། མར་གྱི་འདྲེ་སྲི་བཀར་བ། བར་གྱི་ཁྱིམ་ཐབ་འདོན་པ་གནད་དུ་བཟུང་བ་ལས་གཞན། དགེ་འདུན་གྱི་མདོ་སྒྲུབ་པ། འཕྲིན་ལས་རྣམ་བཞི་སྒྲུབ་པ། སྐྱེ་བོའི་ཡམ་ག་དར་བ་དང་། རྦོད་གཏོང་གནོད་པ། མི་ཁ་བྱ་བ། བན་བོན་གྱི་ཕུར་ཁ་ཟུག་པ་དང་། གཏད་ཆུད་པ་དང་། དགྲ་རྐུན་མང་བ་དང་། སྐྱེ་བོའི་ཡ་ག་ངན་པ་དང་། མིའི་ཤི་ཁ་བྱེད་པ་དང་། ཕྱུགས་ནད་གོད་ཁ་བྱུང་བ། ཡུལ་དུ་ནད་རིགས་དར་བ་དང་། ཁྱད་པར་རྒྱལ་འགོང་དང་ཡི་དྭགས་ཞུགས་པ་དང་། གཟའ་སྐར་ངན་པ་ལ་ཤི་བ་དང་། ལུས་སྲོག་དབང་ཐང་རྒུད་པ་དང་། རླུང་རྟ་ལ་དགྲ་དར་བ་དང་། ཀེག་ཆགས་ཆེ་བ། སྲིའུ་དང་ནད་པ་ཅིས་ཀྱང་མ་གསོས་པ་སོགས། མདོར་ན་མི་མཐུན་པའི་འགལ་རྐྱེན་སེལ་བ་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་ཡིན་ནོ། །ཞེས་གསུངས་ལ།

གང་ལྟར་བན་བོན་གཉིས་འདྲེས་ཀྱི་མདོས་ཆོག་འདིའི་རིགས་ཆུ་ལ་ཆུ་བཞག་གི་ཚུལ་དུ་སིམ་ཡོད་ལ། རྙིང་མ་བར་མཚོན་ནའང་། སློབ་དཔོན་གྱིས་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་ལ་གནང་སྟེ་འབུམ་ཐང་དུ་གཏེར་དུ་སྦས་པ་གཏེར་སྟོན་རྒྱལ་མཚན་པས་བཏོན་པའི་མདོས་ཆོག་འཕྲུལ་མིག་གསུམ་པ་སོགས་མདོ་ཁམས་ཕྱོགས་སུ་དར་རྒྱས་ཆེ་ཞིང། མདོས་མང་བོ་ཞིག་གཏེར་ཆོས་སུ་སོང་གཤིས་དཀྲུགས་སྡེབ་ཏུ་གྱུར་བ་དང་། གྲོང་སྔགས་བླུན་པོ་འགའ་ཞིག་གིས་རང་བཟོ་བསྡེབས་པ་དང་། ཡིག་རྒྱུན་མ་དག་པ། ཆད་ལྷག་དང་སླད་སྐྱོན་བྱུང་བ་སོགས་ཀྱང་མང་དུ་སྣང་ངོ་། །

ཁ་འབར་མ་ཡང་། སྤྱིར་ན་ཁ་འབར་མ་འདི། དཔལ་ལྡན་ལྷ་མོའི་རྒྱུད་རྣམས་ལས། ནག་མོ་ཆེན་མོ་ཁ་འབར་མ། །ཞེས་ངོ་བོ་དཔལ་ལྡན་ལྷ་མོ་དང་དབྱེར་མེད་པར་བཤད་ཀྱང་། རྣམ་པ་ཡི་དྭགས་ཀྱི་ཚུལ་བཟུང་ནས་བགེགས་རིགས་ཐམས་ཅད་ལ་དབང་བསྒྱུར་བའི་རྒྱལ་མོ་རྡོ་རྗེ་གདན་གྱི་ཆོས་སྐྱོང་དྲག་རྩལ་ཅན་ཡིན་པས། སྟོན་པའི་ཞལ་ནས། ང་ལ་སྟོན་པར་ཁས་ལེན་ན། འཕྲོག་མ་བུ་ལ་ཆངས་བུ་བྱིན། ཞེས་གསུངས་པ་ལྟར། ཁ་འབར་མར་གཏོར་མ་བཏང་ནས་ཚོགས་བསགས་པ་དང་། འཆི་བ་ཟློག་པ། བྱད་དང་དགྲ་ཟློག་པ། ལན་ཆགས་སྦྱོང་བ་སོགས་ཡོད་ལ། བཅའ་ཐབས་ཡང་། ལྕགས་གཟེར་མེད་པའི་གཞོང་བའི་ནང་དུ། ཁྲོ་ཞལ་ཁ་གདངས་པ། ཁ་སྣ་གཉིས་ལས་དུ་བ་འཐུལ་བ། ནུ་མ་རྐྱལ་བ་འདྲ་བ། ལྟོ་བ་ཆེ་ཞིང་གཉེར་མའི་གང་བ། རྐང་ལག་ཕྲ་ཞིང་མོ་མཚན་རྒྱས་པ། སོ་གཅིག་པ། ལག་གཡས་ཀྱིས་ཆངས་བུ་ལེན་པ། གཡོན་དུ་མར་མེ་ཐོགས་པ། རྐང་བ་ཕྱེད་སྐྱིལ་དང་། དེའི་མདུན་དུ་ཡོན་བདག་གི་གཟུགས་གླུད་དང་བཅས་པ། ཕྲག་གཡས་སུ་ཡོན་བདག་གི་ལོ་གྲངས་རི་མོ་བྲིས་ལ་གཟུགས། དྲི་གླུད་ཀྱིས་བསྐོར་བ། རྒྱབ་ཏུ་ས་གཞོང་གཙང་མ་ལ་ཆངས་བུ་དང་འབྲས་ཆན་ཆུ་དཀར་གྱིས་གང་བ་བཤམས་པ་སོགས་ཁ་འབར་མའི་གཏོར་མ་གཏོང་ཚུལ་རྒྱས་པར། ཀརྨ་ཆགས་མེད་ཀྱི་ཁ་འབར་མའི་ཟིན་བྲིས་སོགས་ལས་ཤེས་པར་བྱའོ། །དེ་ལས་གཞན། ཁ་འབར་མའི་གཏོར་མ་གཏོང་ཚུལ་དང་བཅའ་ཐབས་སོགས་མང་དུ་ཡོད་དེ། སྔོན་དབུས་གཙང་དུ་ཁ་འབར་མའི་དཔེ་རིགས་མི་འདྲ་བ་བསྡུ་སྒྲིག་བྱས་པ་སྒྲོམ་གང་ཡོད་པའི་ལོ་རྒྱུས་ཡང་འདུག་གོ །

སྒྲོལ་མའི་གཡུལ་བཟློག་ཡང་། རྒྱལ་བས་ལུང་བསྟན་ཅིང་སྒྲོལ་མའི་རྒྱུད་ལ་བརྟེན་ནས་གྲུབ་པ་འཐོབ་པ་ཀླུ་སྒྲུབ་ཀྱིས་མཛད་ནས། སྐལ་ལྡན་རྣམས་ལ་གནང་བ་བརྒྱུད་དེ་ཨ་ཏི་ཤས་བོད་དུ་བསྣམས་ནས་ཕེབས། ཇོ་བོ་མྱ་ངན་ལས་འདའ་ཁར་ན་བཟའི་གསེབ་ལས་བཏོན་ཏེ་འབྲོམ་སྟོན་ལ་གནང་ནས་དར་སྤེལ་བྱུང་བ་ཡིན།

དེ་ཡང་། སྔོན་རྒྱ་གར་ཤར་ཕྱོགས་ཀྱི་རྒྱལ་བོ་ཞིག་གིས། མུ་སྟེགས་སྐད་ཆེན་གྱི་བུ་བསད་པས། མུ་སྟེགས་པས་རྒྱལ་བོ་འཁོར་བཅས་ཀླུ་ལ་གཏད། སང་ནུབ་ཕོ་བྲང་དུ་ཀླུ་སྦྲུལ་ཆེན་པོ་ཧ་ཧ་ཟེར་བ་བྱུང་བས། རྒྱལ་འབངས་འཁོར་བཅས་བརྒྱལ་ཞིང་འཆི་ལ་ཐུག་པའི་ཚེ། པཎྚིཏ་ཞིག་གིས་མདོས་ཆོག་འདི་བསྒྲུབས་པས། མུ་སྟེགས་པའི་སྤྱི་བོ་མཆུས་གཞིབ་སྟེ་ཤི་བ་དང་། ཡང་། ཟ་ཧོར་གྱི་རྒྱལ་བོ་ཞིག་གིས་སྡེ་བརྒྱད་དྲག་ཤུལ་ཅན་ཐམས་ཅད་ཁྱད་དུ་གསད། མི་དགེ་བའི་སྤྱོད་པ་སྣ་ཚོགས་བྱས་པས། ལྷ་འདྲེ་ཐམས་ཅད་ཁྲོས་ཏེ། ཐབས་གང་གིས་ཀྱང་མ་ཕན་པས། མདོས་ཆོག་འདི་བྱས་པས་མི་ནོར་སོགས་རྒྱས་པའི་ལོ་རྒྱུས་ཀྱང་ཡོད།

བཅས་ཐབས་ཀྱང་། གནས་ཁང་གི་གོང་དུ་པད་འདབ་ཀྱི་སྟེང་སྒྲོལ་མའི་སྐུ་བྱིན་ཅན་བཞུགས་སུ་གསོལ། ཉེར་སྤྱོད་འདོད་ཡོན་དང་བཅས་པའི་མཆོད་པ་གང་བཟང་དང་གཏོར་མ་གསུམ་བཤམས། སྒྲོལ་མའི་དབུ་ལ་དར་དཀར་གྱི་གུར་ཕིབ། རིན་ཆེན་བརྡར་བའི་འཇིམ་པ་ལ་སྤེའུ་ལྕགས་རི་དང་བཅས་པ་ཇི་ལྟར་འཚམ་པའི་ནང་། ངར་མི་མཐོ་གང་བ་གསེར་གཡུས་བརྒྱན་པ་རྟ་ལ་བསྐྱོན། གཡོན་དུ་ནམ་མཁའ་དང་རྒྱངས་བུ་གསུམ་གསུམ། ཕོ་གདོང་མོ་གདོང་། མདའ་ཁྲ་འཕང་ཁྲ་དང་བཅས་པའང་གསུམ་གསུམ་ལས་མི་ཉུང་བ་གཟུགས། རིན་ཆེན་བརྡར་བའི་ཟན་ལ་ངར་མི་སུམ་ཅུ། མཛོ་རྟ་གཡག་ལུག་རི་དྭགས་སོགས། ས་ལ་འཛུལ་དགུ། གནམ་ལ་འཕུར་དགུ བར་ལ་འགྲིམ་དགུའོ། །ས་ལ་འཛུལ་དགུ་ནི། ༡ ཤེས་བྱ་ཀུན་མཁས་སྐྱེ་འགྲོ་མི། ༢ ཤུགས་ཆེན་བཀྲ་ཤིས་རྫས་གྱུར་དུང་དཀར། ༣ དུས་འཁོར་ཆགས་ཚུལ་ལྡན་པའི་རུས་སྦལ། ༤ རྐང་ལག་ནང་སྦས་འགྲོ་ཤེས་སྦྲུལ་ནག ༥ དགུན་དུ་ཉལ་ཆོག་སྒོམ་ལྡན་འཕྱི་བ། ༦ མི་གཙང་གྲིབ་སེལ་ཚངས་ལྡན་གྲིམ་པ། ༧ རིག་རྣོ་གཞན་སེལ་ཤེས་པའི་སྲེ་མོང་། ༨ ཀུན་ཤེས་ཚོད་ལ་མཁས་པའི་ཅོ་ག ༩ ལུས་རྐེད་ཕྲ་ཡང་རྩལ་ཆེན་གྲོག་མའོ། །གནམ་ལ་འཕུར་དགུ ༡ ཀུན་ཟིལ་ནོན་པའི་བྱ་རྒྱལ་ཁྱུང་ཆེན། ༢ དབྱར་དགུན་མཚམས་འབྱེད་སྒྲ་བརྒྱའི་གཡུ་འབྲུག ༣ འཕུར་རྩལ་ནམ་འཕང་གཅོད་པའི་རྒོད་པོ། ༤ སྐད་སྙན་དུས་ཀྱི་ཚོད་འཛིན་ཁུ་བྱུག ༥ དུག་འཇོམས་སྒྲོ་མཛེས་རྨ་བྱ། ༦ དྲན་གསལ་མི་སྐད་སྨྲ་བའི་ནེ་ཙོ། ༧ ཉིན་ཞག་དུས་ཤེས་ཁྱིམ་བྱ། ༨ ལྷ་མིའི་འཕྲིན་སྐྱེལ་ལྕེ་བདེ་ཕ་ཝང་། ༩ ཐོགས་མེད་འཕུར་ཤེས་རྫི་བྱའོ། །དེ་ལས་གཞན། གཟུགས་དང་། འབྲུ་སྣ། ཟས་སྣ། རིན་པོ་ཆེ། ཇ་གོས་སོགས་ལྕགས་རིའི་ནང་བཀང་བར་བྱས། ལ་དགུ་ལུང་དགུའི་ས་སྣ་ཆུ་སྣ། ངར་མིའི་སྟེང་དུའང་དར་དཀར་གྱི་གུར་དང་། མདའ་དར་གཟུགས་སོ། །

ད་ལྟའི་མདོས་ཀྱི་རྣམ་པ་མང་ཆེ་ཤོས་ནི། དར་སྐུད་ཚོས་གཞི་སྣ་ཚོགས་ཀྱིས་ལྷས་བཏགས་བྱས་པའི་ཁང་བཟང་གི་ནང་དུ། རྒྱལ་གཟུགས་དང་མི་ཕྱུགས་ནད་པ་སོགས་ཀྱི་གཟུགས་བརྙན་དང་། མཐའ་བསྐོར་དུ་ཤིང་བྱང་སྣ་ཚོགས་ཀྱི་ངོས་སུ། གནམ་ལ་འཕུར་དགུ། ས་ལ་འཛུལ་དགུ། རི་དྭགས་འཕྱོ་དགུ གཅན་གཟན་སྡེར་དགུ་བཅས་ཀྱི་གཟུགས་བརྙན་བྲིས་པ་བཙུགས། དེ་ཡང་། དགུ་རྫས་འདི་མདོས་ཆོག་ཏུ་མང་དུ་འབྱུང་སྟེ། དཔེར་ན། ཀརྨ་ཆགས་མེད་ཀྱི་འདྲེ་མོ་རྫ་མདོས་ལས། རྫ་མ་ཁ་དགུ་ལུང་དགུ་བཞེས། །འབྲུ་སྣ་དགུ་ལ་གཤེད་དེ་གཤེགས། །ནམ་མཁའ་དགུ་ལ་གཟིགས་ཏེ་གཤེགས། །རྒྱངས་བུ་དགུ་ལ་བལྟས་ཏེ་གཤེགས། །མདའ་བཀྲ་དགུ་ལ་གསོར་ཏེ་གཤེགས། །འཕང་བཀྲ་དགུ་ལ་གཤེད་དེ་གཤེགས། །སྲེ་ལོང་དགུ་ལ་ཞོན་ཏེ་གཤེགས། །ལྟག་རུས་དགུ་ལ་བསྐོར་ཏེ་གཤེགས། །ཐོད་རུས་དགུ་ལ་བསྣམས་ཏེ་གཤེགས། །འགལ་བ་དགུ་ལ་བབ་སྟེ་གཤེགས། །འབྲང་རྒྱས་དགུ་ལ་གསོལ་ཏེ་གཤེགས། །མར་མེ་དགུ་ལ་བཤུས་ཏེ་གཤེགས། །ར་དགུ་ཁྱི་དགུ་ཕག་དགུ་དང་། །བ་དགུ་མཛོ་དགུ་རྟོལ་བུ་དགུ། །སྦྲུལ་དང་སྦལ་བ་ལྕོང་མོ་དང་། །དགུ་དགུ་འདུས་པའི་ཡས་སྟགས་རྣམས། །ཞེས་པ་ལྟ་བུ་དང་། དེའི་མཐའ་བསྐོར་དུ་ཟས་སྣ། གོས་སྣ། དར་སྣ། འབྲུ་སྣ། རིན་ཆེན་སྣ་ལྔ། བཤོས་བུ། ཏིང་ལོ། ཆིངས་བུ། མཐེབ་ཀྱུ། ཤ་མར་ཇ་ཆང་སོགས་བཟའ་བཏུང་གི་རིགས། གོས་དར། རས་སྣམ། པགས་རིགས། ལ་དགུ་ལུང་དགུའི་ས་སྣ་ཆུ་སྣ། མདའ་ཁྲ། འཕང་ཁྲ། ཕོ་གདོང་མོ་གདོང་སོགས་ལྷ་འདྲེ་མགུ་བའི་རྫས་རྫོང་སྣ་མང་ཡོད་པ་ཞིག་ཡིན། ཆེ་ཆུང་གི་ཚད་འབྱོར་འཁོས་དང་བསྟུན་ཏེ་འཐུས་ཚང་མི་ཚང་སྣ་ཚོགས་ཡོད་ལ། ཧ་ཅང་སྟབས་བདེ་བོའི་སྒོ་ནས་འཕེན་པའི་མདོས་ཀྱང་ཡོད་དོ། །

མདོས་ཆོག་གི་རྫས་ལ། ཡ་སྟགས་ཞེས་ཀྱང་བརྗོད་ལ། ཨ་ཀྱཱ་ཡོངས་འཛིན་གྱི་བརྡ་བཀྲོལ་དུ་དེ་ནི་བོན་ཆོག་ལ་དགོས་པའི་རྫས་ཀྱི་མིང་དུ་འགྲེལ་ཡོད། དེ་ཡང་། ཞིབ་ཆ་བཀར་ན། སྟེང་མ་ལྷ་སོགས་ཀྱི་མཆོད་རྫས་ལ་ཡས་སྟགས་དང་། འོག་མ་གདོན་བགེགས་འགོང་བོ་སོགས་ལ་སྦྱིན་པ་ལ་མས་སྟགས་ཟེར་རོ། །ཡས་སྟགས་ཀྱི་རྫས་ཡང་གང་བྱུང་དུ་མི་ཆོག་སྟེ། རིག་སྔགས་འཆང་བ་རྣམས་ཀྱིས་སྔགས་དང་། བསམ་པའི་ཁྱད་པར་གྱིས་གདོན་བགེགས་སོགས་ཚིམ་པའི་ཕྱིར་བྱིན་གྱིས་བརླབས་པའམ་ནུས་མཐུས་བསྒྱུར་པ། དེ་ཡང་མང་དུ་སྤེལ་བ་ནི། ལྷ་འདྲེ་དེ་དང་དེའི་མཐུན་རྫས་ཡིན་ནོ། །

མདོས་འབུལ་ཡུལ་ཡང། ཨ་པང་གཏེར་ཆེན་གྱི་ཤེར་སྙིང་བདུད་བཟློག་ལས། འདོད་པའི་ཡོན་ཏན་རྒྱ་ཆེ་རྒྱུན་རིང་བ། །འཛད་མེད་ནམ་མཁའ་མཛོད་ཀྱི་གཏེར་ཆེན་པོ། །སྣང་ཞིང་སྲིད་པའི་ལྷ་འདྲེ་ཡོངས་ལ་འབུལ། །ཁྱད་པར་བདུད་ཀྱི་རྒྱལ་བོ་མདོས་ལ་གཤེགས། །ལྷ་ཀླུ་གཟའ་བཙན་མ་མོ་མདོས་ལ་གཤེགས། །ཡུལ་ལྷ་གཞི་བདག་གཉན་པོ་མདོས་ལ་གཤེགས། །སྣང་སྲིད་ལྷ་འདྲེ་མ་ལུས་མདོས་ལ་གཤེགས། །ཞེ་སྡང་ལས་གྱུར་རྒྱལ་བོ་མདོས་ལ་གཤེགས། །འདོད་ཆགས་ལས་བྱུང་བསེན་མོ་མདོས་ལ་གཤེགས། །གཏི་མུག་ལས་བྱུང་ས་བདག་མདོས་ལ་གཤེགས། །སྔོན་གྱི་ལན་ཆགས་བདག་པོ་མདོས་ལ་གཤེགས། །འཕྲལ་གྱི་བུ་ལོན་བདག་པོ་མདོས་ལ་གཤེགས། །མ་འོངས་ཤ་འཁོན་བདག་པོ་མདོས་ལ་གཤེགས། །ཕྱི་ཡི་དགྲ་འདྲེ་རྐྱེན་གསུམ་མདོས་ལ་གཤེགས། །ནང་གི་ནད་གདོན་བར་ཆད་མདོས་ལ་གཤེགས། །གསང་བ་དུག་ལྔའི་ལྷ་འདྲེ་མདོས་ལ་གཤེགས། །མདོས་རྫས་དཀོར་ཆས་རྣམས་ཀྱིས་ཐུགས་དམ་བསྐང་། །ཞེས་དང་། ཀརྨ་ཆགས་མེད་ཀྱི་སྡོང་བོ་རྒྱན་མདོས་ལས་ཤ་གླུད་ས་ལ་གནས་པའི་ལྷ་འདྲེ་དང་། ཁྲག་གླུད་ཆུའི་ལྷ་འདྲེ་དང་། དྲོད་གླུད་མེ་ལ་གནས་པའི་ལྷ་འདྲེ་དང་། དབུགས་གླུད་རླུང་ལ་གནས་པའི་ལྷ་འདྲེ་དང་། རུས་གླུད་བྲག་ལ་གནས་པའི་ལྷ་འདྲེ་དང་། རྩ་རྒྱུས་གླུད་ཤིང་ལ་གནས་པའི་ལྷ་འདྲེ་དང་། པགས་གླུད་ཐང་ལ་གནས་པའི་ལྷ་འདྲེ་དང་། སེམས་ཉིད་ཀྱི་གླུད་མཁའ་ལ་གནས་པའི་ལྷ་འདྲེ་ལ་འབུལ་བར་བཤད་དོ། །

མདོས་ཀྱི་དབྱེ་བ་ལ། པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱི་གཏེར་གཞུང་ལས། དབྱེ་བ་ཞི་རྒྱས་དབང་དྲག་ལས། །ནད་དང་གནོད་པ་ཞི་བའི་མདོས། །ཚེ་དང་བསོད་ནམས་རྒྱས་པའི་མདོས། །སྣོད་བཅུད་དབང་དུ་བསྡུས་པའི་མདོས། །ཕྱི་ནང་བར་ཆད་བསྲུང་བའི་མདོས། །ཆག་ཆེ་ཉམ་ང་བཟློག་པའི་མདོས། །ཞིང་བཅུའི་དགྲ་བགེགས་བསད་པའི་མདོས། །བསྐང་བའི་མདོས་དང་བཤགས་པའི་མདོས། །སྤྱི་ཡི་མདོས་དང་སྒོས་ཀྱི་མདོས། །ཕོ་མོ་དང་ནི་མ་ནིང་མདོས། །དེ་ལ་བྱེ་བྲག་བསམ་མི་ཁྱབ། །ཅེས་སོ། །

ཡང་། ཐུའུ་བཀྭན་ཆོས་ཉིས་མདོས་གླུད་ནི། འཇིག་རྟེན་པ་ཁོ་ནས་མཆོད་པ་ཡིན་ཀྱང་། དེ་ལག་ལེན་དུ་བགྱིས་པ་སོགས་བྱས་ན་སྐྱབས་འགྲོའི་བསླབ་བྱ་དང་འགལ་བའི་ཉེན་ཡོད་མོད་ཀྱང་། འཇིག་རྟེན་པ་དེ་དག་ལ་དགའ་བའི་རྫས་སོགས་བྱིན་ནས་གནས་སྐབས་ཀྱི་གྲོགས་བཅོལ་བ་ཙམ་ཡིན་པས་བསླབ་བྱ་དང་མི་འགལ་བར་གསུངས་སོ། །

རྣམ་གྲངས་ལ། རྒྱལ་མདོས། ཀླུ་མདོས། བཙན་མདོས། སྤར་ཁའི་སྤྱི་མདོས། སྡོང་བོ་རྒྱན་མདོས། སྡེ་བརྒྱད་ཁང་མདོས། ཤེར་སྙིང་བཟློག་མདོས། ཁ་འབར་མའི་མདོས། ས་བདག་མདོས། གཤེད་མདོས། ས་སྒོ་དང་ནམ་སྒོ་གཅོད་པའི་མདོས། རི་སྒོ་དང་རླུང་སྒོ་གཅོད་པའི་མདོས། གླིང་བཞི་སྤྱི་མདོས། དྲི་ཟ་བཟློག་མདོས། གཤིན་རྗེ་གདོན་མདོས། མ་མོའི་ཁྲག་མདོས། དམ་སྲི་གླུད་མདོས། སྡེ་བརྒྱད་ཁེངས་མདོས། ཐེའུ་རང་དཀར་མདོས། འགོང་བོ་དཀར་མདོས། ཕྱུགས་གླུད་དཀར་མདོས། ཆོམ་རྐུན་བཟློག་མདོས། མི་ཁ་དགྲ་མདོས། མྱ་ངན་དགུ་མདོས། ཐན་ལྟས་བཟློག་མདོས། དུར་སྒོ་བཟློག་མདོས། ཤི་འདྲེ་གླུད་མདོས། བྱིས་པའི་ཆུང་སྲི་མདོས། རྨི་ལམ་འཁྲུགས་མདོས། རྟ་ནད་གཅོད་མདོས། ལུག་ནད་གཅོད་མདོས། གྲིབ་མདོས། ཁ་ཚེ་བཟློག་མདོས། མཚོ་སྨན་དགུ་མདོས། བདུད་བཞི་གཡུལ་མདོས། ཚེ་བདུད་བཟློག་མདོས། མདོས་གཞུང་བཀྲ་ཤིས་འཁྱིལ་བ། དམ་སྲིའི་གླུད་མདོས་སོགས་མང་དུ་ཡོད་དོ། །ཡང་གཟི་བརྗིད་སྣང་གཤེན་ཐེག་པའི་མདོ་ལས། མདོས་ལ་རྣམ་པ་གསུམ་ཡིན་ཏེ། །ཕྱི་མདོས་ནང་མདོས་གསང་མདོས་གསུམ། །ཕྱི་མདོས་སོག་ཁྲིག་ལག་ལེན་རྫས། །ནང་མདོས་གླུད་ཡས་གྱེར་དང་སྨང་། །གསང་མདོས་ཏིང་འཛིན་དགོངས་པའི་རྫས། །གསུམ་ཀ་ཟུང་འབྲེལ་འགྲོ་བ་སྐྱོབ། །དང་བོ་ཕྱི་མདོས་སོག་ཁྲིག་ལག་ལེན་ལ། །རྒྱས་འབྲིང་བསྡུས་གསུམ་སྐབས་དང་སྦྱར། །རྒྱས་པ་དག་ལ་ཁྲི་འགྱུར་འབུམ། །འབྲིང་བོ་དག་ལ་སྟོང་འགྱུར་བཅུ། །ཐ་མ་དག་ལ་བརྒྱ་འགྱུར་འབུམ། །ཡང་ཐ་དག་ལ་བཅུ་འགྱུར་བཅུ། །ཞེས་ཀྱང་བཤད་དོ། །

བྱེ་བྲག་ལྷ་འདྲེ་སོ་སོའི་མདོས་བསྐྱལ་ཕྱོགས་དང་ཕན་ཡོན་ནི། ཀརྨ་ཆགས་མེད་ཀྱིས་སྡེ་བརྒྱད་ཁེངས་མདོས་ལས། གཟའ་མདོས་དེ་ཕུལ་བ། ཕུག་པ་བྱང་གྱུ་འམ། དུར་ཁྲོད་དམ། རི་མཐོན་པོའི་རྩེ་ལ་བཞག དེས་གཟའ་ནད་མི་འབྱུང་། ཐོག་སེར་མི་འོང་བསམ་པ་འགྲུབ་བོ། །ཐེའུ་རང་མདོས་ནི། ས་ཕུག་སྟོང་བའམ་གད་པ་སྟོང་བར་བསྐྱལ་ལོ། །དེ་ལྟར་བྱས་པས་ཕོ་ནད་ཞི། ར་ལུག་འཕེལ་ལོ། །ལྷའི་མདོས་དེ་ས་མཐོ་སར་བཞག་གོ ། དེ་ལྟར་བྱས་པས་ནོར་གོད་ཆད། གནག་ཕྱུགས་འཕེལ་ལོ། །གཤིན་རྗེ་མདོས་དེ། ནགས་ཚལ་ལམ། ཤིང་གཅིག་སོགས་སུ་བཞག་གོ ། དེ་ལྟར་བྱས་པས་དུས་མིན་འཆི་བ་བཟློག་ཅིང་ཚེ་རིང་ངོ་། །མ་མོའི་མདོས་དེ། བྲག་གི་སྐར་ཁུང་ངམ། དེའི་ཐད་དུ་འབུལ། བྲག་གམ་རིའི་གནམ་སྒྲོན་གཤིན་རྗེའི་མཆེ་ཟུར་མཐོང་ས། དེ་མ་རྙེད་ན་རི་གཉིས་གཤིབ་པའི་བར་དུ་བཞག་གོ། དེས་རིམས་ནད་དང་ཡམས་ནད་ཆད་ཅིང་མི་འབྱུང་ངོ་། །ཐན་པ་དང་ལོ་ཉེས་མི་འབྱུང་ངོ་། །བདུད་ཀྱི་མདོས་དེ། བྲག་ནག་གམ། རི་ནག་ཕ་བོང་ནག་པོའམ། གད་པ་ནག་པོའི་རྩར་བཞག་གོ། དེས་མི་ལ་ཤི་ཆད་ཉུང་། དགྲ་མི་འབྱུང་ངོ་། །བཙན་མདོས་ནི། བྲག་དམར་བོ་ཡི་རྩ་བའམ། རིའམ་དེའུ་དམར་བོ། རྒྱ་ལམ་དམར་བོའམ། ལ་བཙས་སོགས་ཀྱི་དྲུང་དུ་བཞག་པར་བྱའོ། །དེས་རྟ་ནད་དང་རྟ་གོད་ཆད། འཐབ་རྩོད་དང་གྲི་འཁྲུག་ཞིའོ། །རྒྱལ་བོའི་མདོས་དེ། ཚྭ་ཁང་ངམ། མཆོད་རྟེན་ནམ། གྱང་རལ་ལམ། མ་ཎི་བརྒྱ་མཁར་སོགས་སུ་བཞག་གོ ། དེས་སངས་རྒྱས་ཀྱི་བསྟན་པ་དར། དགོན་གནས་ཡུལ་གྲོང་བརྟན། སྨྱོ་འབོག་ཞིའོ། །གནོད་སྦྱིན་མདོས་དེ། སྣང་གཡེར་ཆེ་སར་བཞག་གོ ། དེས་ལྷོག་པ་སོགས་ནོར་ནད་ཐམས་ཅད་ཆད་དོ། །འབྲུ་འཕེལ་ལོ། །ཀླུའི་མདོས་དེ། ཆུ་མིག་ཏུ་བསྐྱལ་ལོ། །དེས་མཐའ་དམག་དང་དུས་འཁྲུག་ཐོག་སེར་ཀླུ་ནད་ཞིའོ། །ཞེས་གསུངས་སོ། །

ཡང་། སྤར་སྨེའི་སོགས་གེགས་རྩུབ་ལ་བལྟས་ཏེ་མདོས་གང་གཏོང་ནི། སྡེ་བརྒྱད་ཁེངས་མདོས་ལས། ལི་ལ་བཙན་མདོས་ཁོན་ལ་མ་མོའི་མདོས། །དྭ་ནི་སྐྱེས་ཕྲན་ཐེའུ་རང་སྐྱེས་བུའི་མདོས། །ཁེན་ནི་གནམ་ལྷ་ཡིན་ཕྱིར་གཟའ་མདོས་བྱ། །ཁམ་ནི་མི་ནག་རལ་ཆེན་བདུད་ཀྱི་མདོས། །གིན་ལ་དཀོར་བདག་རྒྱལ་བོའི་མདོས་བྱའོ། །ཟིན་ནི་ལྗང་གུ་གནོད་སྦྱིན་མདོས་བྱའོ། །རི་རབ་ཡོད་ཕྱིར་རི་རབ་བརྩེགས་མདོས་ཚང་། །ཟོན་ནི་གཤེད་སྒོ་ཡིན་ཕྱིར་གཤིན་རྗེའི་མདོས། །སྨེ་བ་གཅིག་དཀར་དྲུག་དཀར་ལྷ་ཡི་མདོས། །གཉིས་ནག་བདུད་དང་གསུམ་མཐིང་དམུ་བདུད་དེ། །གཉིས་ཀ་ལ་ཡང་བདུད་ཀྱི་མདོས་བྱའོ། །ཀླུ་ནི་གཙོ་བོ་ཡིན་ཕྱིར་ས་བདག་དེ་ཡི་འཁོར། །བཞི་ལྗང་ཀླུ་ཡིན་ལྔ་སེར་ས་བདག་སྟེ། །གཉིས་ཀ་ལ་ཡང་ཀླུ་ཡི་མདོས་བྱའོ། །བདུན་དམར་དགུ་དམར་ལ་ཡང་བཙན་གྱི་མདོས། །བརྒྱད་དཀར་དགྲ་ལྷའི་རྒྱལ་བོ་བེ་དཀར་མདོས། །སྤར་ཁ་གང་དང་སྨེ་བ་གང་ལ་རྩུབ། །ལེགས་པར་རྩིས་ལ་དེ་ཡི་མདོས་བྱའོ། །དེ་བཞིན་གཟའ་ནད་ཅན་ལ་གཟའ་ཡི་མདོས། །ཕོ་ལྷོག་གླང་ཐབས་དུག་ཏུ་མཁྲིས་པའི་ནད། །དེ་ལ་ཐེའུ་རང་མདོས་ཀྱིས་ཕན་པའོ། །གཞི་བདག་ཕོག་ཐུག་ཤོར་ན་ལྷ་མདོས་བཅའ། །ཤི་ཆད་མང་ན་གཤིན་རྗེ་མདོས་ཀྱིས་ཕན། །རིམས་ནད་ནོར་ནད་གཅོད་ལ་མ་མོའི་མདོས། །ན་ཚ་རྒོད་དང་གང་བསམ་ལོག་པར་འགྲོ། །དེ་ལ་བདུད་མདོས་བྱས་ན་ཕན་པའོ། །ཁྲག་སྐྱུག་རྟ་གོད་རྨ་ངོ་བཙན་མདོས་བྱ། །རྒྱལ་འགོང་གནོད་པ་ཆེ་ན་རྒྱལ་མདོས་བྱ། །གོད་ཁ་ཆེ་ཞིང་ལྟོགས་འགོང་ཞུགས་པ་ན། །གཏེར་བདག་གནོད་སྦྱིན་མདོས་ཀྱིས་ཕན་པའོ། །སྤྱི་མདོས་བཅས་པ་དེ་དག་ཀུན་ལ་ཕན། །གསུངས་སོ། །

གླུད།

གླུད་ནི་འཐུས་སམ་ཚབ་ཀྱི་དོན་ཡིན་ལ། བོན་ལུགས་ལ་མིའི་སྲོག་ཚབ་ཏུ་གནག་ཕྱུགས་སོགས་སེམས་ཅན་མང་བོ་གསོད་པ་དེ། གཤེན་རབ་མི་བོ་ཆེས་རྒྱུན་བཅད་དེ། སྲོག་ཚབ་ཏུ་སེམས་ཅན་དེ་འདྲའི་འདྲ་གཟུགས་སྔགས་དང་སྨོན་ལམ་བཏབ་སྟེ་གཏོང་སྲོལ་ཡོད་པ་དེ་ཡིན།

ཡང་། ཕྱིས་སུ་བོན་གྱི་གོམས་གཤིས་དེ་དང་འདྲ་བར། ལོ་ངམ་རྟ་རྫིས་གྲི་གུམ་བཙན་པོ་གྲོངས་ཏེ་སྐུ་ཕུང་ཉང་ཆུའི་ནང་དབྱུགས་པ་ཀླུ་ཞིག་གིས་ཉར་འཛིན་བྱས་པར། བོད་ཁམས་སུ་ནད་རིམས་སྣ་ཚོགས་དང་། བཙའ་སད་སེར་བ་སོགས་ངན་ལྟས་མང་དུ་བྱུང་བས། ལྷ་སྲས་གཉིས་ཀྱིས་སྤུར་ཚུར་ལེན་ཐབས་བྱ་སྐབས། ཀླུ་སྲིན་དེས་འདོད་པ་ལྟར་བུ་མོ་བྱ་མིག་མ་ཞིག་སྟེ། མིག་ཡས་འགབ་ཏུ་ཡོད་པ་སོགས་བརྫངས་པ་རྒྱ་བོད་ཡིག་ཚང་མཁས་པ་དགའ་སྐྱེད་ལས་འབྱུང་བ་དང་། དེ་ཡང་། ཞིབ་ཏུ་སྤ་སྟོན་བསྟན་རྒྱལ་བཟང་བོས་བརྩམས་པའི་བསྟན་པའི་རྣམ་བཤད་དར་རྒྱས་གསལ་སྒྲོན་ལས། རེ་ཞིག་ན་ཉང་སྟོད་སྟག་ཚལ་དུ་རྩིས་མཁན་མཁས་པ་ཞིག་ལ་རྩིས་བྱས་པས། རྒྱལ་བོའི་སྤུར་ནི་ཀླུ་ལྕམ་ཁོད་དེ་རིང་མོ་བྱ་བས་བསྡམས་འདུག་པས། དེ་སླུ་བའི་ཐབས་ལ་ཁྱེའུ་ངར་ལ་ངར་སོ་བྱ་བ། ཤ་རྩ་དམར་ཞིང་སྐྲ་ཁམ་པ། ལོ་བྱ་ལོ་བ། མིག་བྱ་ལྟར་མས་ཡས་འགེབས་པ། ལག་པ་ཆུ་བྱ་ལྟར་འབྲེལ་བ་ཞིག་གླུད་དུ་བཏང་ན་རྙེད་ཟེར་ནས། རུ་ལས་སྐྱེས་དཔོན་གཡོག་གིས་ཕྱོགས་ཀུན་ཏུ་བཙལ་ཀྱང་མ་རྙེད་པར། ལོག་ནས་ཡུལ་ཡར་ལུང་སོག་ཁའི་གཡིའི་གང་བ་བྱ་བར་སླེབས། དེར་རུ་ལས་སྐྱེས་ཞབས་གཅིག་ན་གཟིམས་ནས་ཡོད་ཙམ་ན། ཞིང་ཞིག་གི་སྟེང་ན་བུད་མེད་འདྲ་ཡུར་མ་བྱེད་པའི་འགྲམ་ན། བུ་ཙ་ཞིག་ཙེར་ཙེར་ངུ་ཡིན་འདུག་པས། དེའི་མ་ན་རེ། མུག་ཕྲུག་ལྷ་འདྲེས་འཁྱེར་འཁྱེར་བ། ལྟས་ངན་གྱི་ཕྲུ་གུ་ལོ་ཡང་བྱ་ལོ་ལ་སྐྱེས། མིག་ཀྱང་བྱ་མིག་བཞིན་མས་ཡར་འགེབས་པ། ལག་པ་ཡང་ཆུ་བྱའི་སྡེར་མོ་བཞིན་འབྲེལ་བ། ཤི་རུ་ནི་མི་འདོད། གསོད་དུ་ནི་མི་ཕོད། བསྐྱུར་དུ་མིས་འཕྱ་ཞེས་ཟེར་རོ། །དེར་བུད་མེད་དེའི་གམ་དུ་བྱོན་ཏེ། ཁྱོད་ཅི་འདོད་བྱིན་གྱིས། བུ་འདི་ང་ལ་བྱིན་བྱས་པས་དེ་ལྟར་ན་སྣོམས་ཤིག་ཟེར་ཏེ་བུ་འཁྱེར་ནས་ཆུ་ཁར་བྱིན་པས་ཀླུ་ལྕམ་ཁོད་དེ་རིང་མོ། ཁྱེད་འདོད་པའི་ཁྱེའུ་ངར་ལ་ངར་སོ་ཡོད་དོ། །རྒྱལ་བོའི་སྤུར་ཐོངས་བྱས་ནས་ཁྱེའུ་ཆུ་ལ་འཕངས་པས། དེ་སྟེང་དུ་སླེབས་ཙམ་ན་སྤུར་ཆུ་ཁར་ཐོན་ནས་བྱུང་། དེར་ཡར་ལུང་གི་དྲང་མོ་དྲང་ཆུང་གི་གཡའ་ལ་བང་སོ་བཏབ། ཅེས་དང་།

དེ་བཞིན་སྲས་དོན་ཡོད་དོན་འགྲུབ་སོགས་རྣམ་ཐར་འགའ་རེའི་ནང་དུ་བུ་ཆུང་འབྲུག་ལོ་བ་དང་སྟག་ལོ་བ་སོགས་མཚོ་མཆོད་བྱེད་པ་སོགས་ཀྱང་གོང་གསལ་གཏམ་རྒྱུད་འདི་དག་ལ་ཁུངས་གཏུགས་ཏེ་བྱུང་བ་གོར་མ་ཆག་གོ །

ཡང་། གླང་ནག་ཐུར་སེལ་ཞེས་པའི་དཔེ་ཆའི་ནང་གླང་ཁམ་པ་ཞིག་ལ་ཡས་བཏགས་དང་ཕོ་གླད་མོ་གླད་བཀལ་ནས། དེའི་སྟེང་དུ་བུ་ཆུང་ལོ་བཅོ་ལྔ་ལོན་པ། དུང་སོ་འཁོར་ནས་སོ་བར་མེད་པ་ལག་པ་ཆུ་བྱ་ལྟར་དྲ་བས་སྦྲེལ་བ། མགོ་བར་པུའི་དབྱིབས་སུ་ཡོད་པ། སྐྲ་སུ་ལི་ཅན་གྱི་གལ་བུ་ཞིག་བསྐྱོན་ཏེ་བོན་རུས་མི་གཅིག་པ་བཅོ་བརྒྱད་བསྡུས་ནས་ཉི་མ་ལྷོ་ནུབ་མཚམས་སུ་གླུད་དུ་བརྫངས་པར་བཤད་ཡོད། གོང་གསལ་ལོ་རྒྱུས་འདི་གཉིས་ལ་མཚོན་ན་བུ་མོ་བྱ་མིག་མ་དང་ནལ་བུ་དེ་གཉིས་ནད་ཡམས་སོགས་འཁྱེར་ཡོང་བའི་སྣ་ནག་མར་ངོས་འཛིན་གནང་སྟེ་མཐར་སྤྱུགས་གནང་བ་མངོན་གསལ་དོད་པོར་ཐོན་ཡོད། ཡང་། དུས་རབས་བརྒྱད་པའི་ནང་བཻ་རོ་ཙ་ནས། རྒྱ་གར་དུ་ངན་སྔགས་བསྒྲུབས་པ་དང་། བློན་པོ་འགའ་ཞིག་གིས། ཁྲི་སྲོང་ལྡེ་བཙན་གྱི་བཙུན་མོ་གབ་མཐུན་ལ་སྙད་འདོགས་དང་། ཚེ་སྤོང་བཟས་ཛ་དྲག་གི་འཐབ་རྩོད་ཀྱིས་བཻ་རོ་ཙ་ན་གྲོངས་དགོས་པའི་ཁ་ཆད་བྱས་ཚེ། རྒྱལ་བོ་འཆལ་གཏམ་དེ་དག་ལ་ཡིད་མ་ཆེས་ནའང་། ཨུ་ཐུག་ཐབས་ཟད་ཀྱིས་བཻ་རོ་ཙ་ན་དང་ངོ་རིས་འདྲ་བ་ཞིག་གཙང་ཆུར་གཡུགས་ནས། ལོ་ཙཱ་བ་བསམ་ཡས་དགོན་པའི་གདུང་གསེབ་ཏུ་གསང་རྒྱ་བསྡམས་ཏེ་བཞུགས་པ་བཻ་རོའི་འདྲ་འབག་ལས་གསུངས་པ་དེ། མཁར་རྨེའུས་གླུད་ཚབ་ཏུ་བཏང་བ་འདྲ་ཞིག་བཤད་ཀྱང་། དེ་ནི་ཆབ་སྲིད་ཀྱི་གཡོ་ཇུས་ཡིན་པ་ལས། གླུད་ཀྱི་ཆོ་གའི་ཕྱོགས་གཏོགས་ཙམ་མ་ཡིན་ནོ། །

བོད་ཀྱི་ལོ་རྒྱུས་ཁྲོད་སྐུ་གླུད་དུ་བཏང་ཞེས་འབྱུང་བ་ནི། རྒྱལ་བོའི་སྐུ་ཚེ་དང་གོད་ཆག་བཟློག་ཆེད་ཡུལ་སྤྱུགས་བཏང་བར་ཟེར་ལ། བོན་དཔེ་ཞིག་ལས། མུ་ཁྲི་བཙན་པོ་ལ་སྐུ་བོན་འགའ་ཡོད་པའི་ཁྲོད་ན་སྐུ་གླུད་ཀྱི་ཆོ་ག་སྤེལ་མཁན་ཞིག་ཡོད་པར་གཞིགས་ན། རྒྱལ་བོའི་སྐུ་གླུད་ཀྱི་ཆོ་ག་སྤེལ་སྲོལ་གདོད་མ་ནས་ཡོད་པར་སེམས།

དཔེར་ན། ཆོས་བློན་རྣམས་ཀྱིས་གྲོས་མཛད་ནས་མ་ཞང་གྲོམ་པ་སྐྱེས་སྟོད་ལུང་དང་། སྟག་ར་ཀླུ་གོང་འཕན་པོར་རྒྱལ་བོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་གླུད་དུ་བརྫངས་པ་ལྟ་བུ་ཡིན།

དེ་ལས་གཞན། མི་གསོན་པོ་གླུད་དུ་བརྫངས་པའི་སྲོལ་དེ། བོད་ས་གནས་སྲིད་གཞུང་གིས་སྲིད་དབང་བཟུང་བའི་སྐབས་སུ། ཚོགས་མཆོད་གཏོར་རྒྱག་བྱེད་སྐབས། མི་མང་གི་འཐུས་ཚབ་ཏུ་གླུད་འགོང་རྒྱལ་བོ་ཟེར་བ་མི་གཉིས་གླས་ཏེ། གཏོར་སྒྲུབ་ཟོར་འཕེན་དང་བཅས་ནས། ཁ་ཕྱིར་བལྟས་ཙམ་ཡང་སློག་མི་ཆོག་པར། གཅིག་བསམ་ཡས་པེ་ཧར་ལྕོག་དང་། གཅིག་འཕན་པོ་རྒྱལ་ཁང་དུ་སྤྱུགས་སྲོལ་ཡོད། གསོན་གླུད་དེའི་རྣམ་པ་ནི། ཆས་གོས་འགོ་སྣམ་སྔོན་པའི་ཚལ་ཕྱུ་མ་དང་། དེའི་སྟེང་རྭ་པགས་དཀར་བོ་ཕྱི་ནང་སློག་པའི་མགོ་ཤུབས། སྨྱུག་མའི་ཞྭ་མོའི་རྩེ་ལ་དར་ལྕོག་ནག་པོ་ཡོད་པ་ཞིག་གྱོན། ངོ་གདོང་ཕྱེད་ཀ་དཀར་བོ་དང་ཕྱེད་ཀ་ནག་པོ་བཟོས། སྐེད་པར་ཤོག་བུས་བཟོས་པའི་འབོ་དང་། བྲེ། ཉག་ག ཤོ་བཅས་བཏགས། ལག་ཏུ་གཡག་གི་རྔ་ནག་ཐོགས་པ། རས་དཀར་གྱི་ཞྭ་ཙོག་རྩེ་རིང་ལ་རྔ་ནག་གི་ཏོག་དང་། རས་ནག་གི་ལྕོག་དར་ཅན། གླུད་འགོང་རྒྱལ་བོའི་གཟུགས་སུ་བྱས་པའོ། །

གླུད་འགོང་དེ་གཏོང་སྲོལ་ནི། གླུད་འགོང་དེ་གཉིས་ལྷ་ལྡན་གཙུག་ལག་ཁང་གི་ཁྱམས་རའི་སྒོ་འཕྱོར་འོག་ཏུ། ཆུ་ཤུལ་གྱི་རྙིང་དགོན་བྱང་ཆུབ་གླིང་གི་གྲྭ་བ་རྣམས་ཀྱིས་ཆོ་ག་བཏང་རྗེས། སློབ་དཔོན་གྱིས་ཞྭ་ནག་གི་ཆས﹙ཞྭ་ནག་གི་ཆས་ནི་ཕྱུ་བ་ཕུ་ཐུང་ཆེན་པོ་ཞིག་དང་ཞྭ་མཐའ་ལ་པགས་པ་དང་། སྟེང་ལ་རྨ་བྱའི་སྒྲོ་མདོངས། སྟེང་དུ་སྲོག་ཆགས་སྒང་གི་གཟུགས་བརྙན་སྒྲོ་གཟེངས་སེ་བ་ཞིག་བྲིས་པ་དེའོ། །﹚སྤྲས་ཏེ། གླུད་འགོང་གཉིས་ལ་ཤོ་རྒྱག་དགོས་པ་དང་། ཤོ་རྒྱག་སྐབས་ཏཱ་ལའི་བླ་མའི་ཆས་ལྟར་སྤྲས་པའི་གྲྭ་བ་ཞིག་གིས། ཁོང་གི་སྐུ་ཚབ་ཡིན་ཁུལ་གྱིས་དེར་ཡོང་དགོས། གླུད་འགོང་གཉིས﹙དུང་དཀར་བློ་འཕྲིན་གྱིས་གླུད་འགོང་དེ་གཉིས་ལྷ་ས་ཞོལ་གྱི་ཁྱིམ་ཚང་གཉིས་ནས་རེས་མོས་སུ་གཏོང་བར་གསུངས་པ་དང་། ཡང་ལ་ལས། འཕན་ཡུལ་དུ་གཏོང་བའི་གླུད་འགོང་ལྷ་ས་ཀུན་བདེ་གླིང་དགོན་ནས་གཏོང་དགོས་པར་བཤད་པ་དང་། ཏཱ་ལའི་སྐུ་ཕྲེང་བཅུ་གསུམ་པའི་རྣམ་ཐར་ལས་གླུད་འགོང་དེ་འབྲི་གུང་གི་ཁྱིམ་ཚང་ཞིག་ནས་གཏོང་དགོས་པར་བཤད་ཡོད﹚གཏོང་ཁར་སྡེ་བ་གཞུང་ནས་ཤ་མར་དང་། འབྲས། ཚྭ་བུལ་སོགས་ལམ་རྒྱགས་གྱ་ནོམ་པ་སྤྲད་རྗེས། བསམ་ཡས་ལ་འགྲོ་མཁན་དེ་ལྷ་ས་ནས་ཐོན་ཏེ་བསམ་ཡས་བེ་ཧར་ལྕོག་ཏུ་རྒྱལ་བོའི་དབུགས་ཁང་གི་སྒོ་འགྲམ་དུ་ཞག་གཅིག་ཉལ་དགོས་ཀྱི་ཡོད། རྒྱལ་བོའི་དབུགས་ཁང་ཟེར་བ་དེ་ལོ་ཧྲིལ་བོ་སྒོ་ཐེངས་རེ་ལས་ཕྱེ་སྲོལ་མེད་པ་དང་། ལོ་ལྟར་སྒེའུ་ཁུང་ལས་ཤ་གཙབ་བྱེད་ཀྱི་ཨན་རྡར་དང་གྲི་རེ་འཕེན་ལ། ལོ་འཁོར་གཅིག་གི་རྗེས་སུ་ཨན་རྡར་གྱི་ཞབས་བརྡོལ་བར་མ་ཟད། གྲི་ཡང་རྩེ་ཚང་མ་ཆག་པ་སོགས་མཐོང་རྒྱུ་ཡོད་ཟེར། གླུད་འགོང་དེ་ཞག་གཅིག་སྒོ་ཁ་དེར་ཉལ་རྗེས། རང་གི་འདྲ་གཟུགས་བཟོས་ནས་དབུགས་ཁང་དུ་བསྐྱལ་རྗེས། དྲུང་འཁོར་དཀྱུས་མའི་ཆས་སྤྲས་ཏེ་གླུད་རྫོང་གི་ཟས་གོས་སོགས་ལྷོ་ཁ་ཁུལ་དུ་བཙོང་ནས་ཚུར་ལོག་པར་བཤད་དོ། །གླུད་འགོང་རྒྱལ་བོའི་ཆོ་ག་གཏོང་སྲོལ་འདི་རྒྱལ་དབང་ལྔ་བའི་སྐུ་དུས་ནས་ཡོད་པར་འདོད་དེ། ལྔ་བ་ཆེན་པོའི་རང་རྣམ་ལས། སྤྱི་ལོ༡༦༨༠ ལོར་སྡེ་སྲིད་སངས་རྒྱས་རྒྱ་མཚོར་སྙུན་གཞི་ཕོག་ཅིང་། ཞོལ་དུ་སྔགས་འཆང་ཆུ་སྤེ་སྟེང་བས་སྒྲུབ་བཞག་དགུ་སྔོན་དུ་བཏང་སྟེ། རྒྱལ་བོ་རྩེ་མདོས་ཕྱིར་ཐོན་པ་དང་གློ་བུར་དུ་འཚུབས་ཤིང་འཆམས་དང་བཅས་འགོང་བོ་འགྲོལ་ཕྱོགས་སུ་རླུང་རྣམས་བརྒྱུགས་པའི་ལྷོངས་རྟགས་ཤིན་ཏུ་ཆེ་བ་ལྟར་སྡེ་བའི་ཁམས་ཀྱང་རིམ་བདེར་སོང་བའི་འཕྲོད་ངོ་ཆེ། ཞེས་པ་ལས་རྟོགས་ནུས་སོ། །

གླུད་འགོང་རྒྱལ་བོའི་ཆོ་ག་དེ་རིགས་ཉེ་ཆར་ཡང་། རྒྱལ་རོང་དང་སོག་ཡུལ་དུའང་སྤེལ་སྲོལ་ཡོད་པར་བཤད་དོ། །

ཡང་། གྲོང་ཚོ་འགའ་ཞིག་ཏུ། ལོ་མཇུག་གི་ཚེས་ཉེར་དགུའི་དགུ་ཐུག་གི་རྗེས་སུ། མི་གཅིག་གིས་གྲོང་ཚོའི་ནང་གི་ཐེམ་དུད་ཚང་མའི་ཚབ་བྱས་ཏེ། གྱོན་པ་ནག་པོ་གོན། གདོང་ལ་ཀྲེ་ནག་བྱུགས། མགོ་བོར་སྨྱུག་ཞྭ་རྩེ་ལ་དར་ལྕོག་ནག་པོ་བཙུགས་པ་ཞིག་གྱོན། མི་གཞན་ཞིག་གིས་དཔལ་འབར་འཁྱེར། ཡང་། གཞན་མི་ཞིག་དཔལ་འབར་གྱི་སྟེང་དུ་གམ་པ་བཏབ་སྟེ་མེ་འབར་ཤུགས་ཆེ་རུ་བཏང་ནས། གདོན་འདྲེའི་ཆས་སྤྲས་པའི་མི་དེའི་རྗེས་དེད་ནས། ལོ་གཅིག་ཟླ་བ་བཅུ་གཉིས་ཞག་མ་སུམ་བརྒྱ་དྲུག་ཅུའི་གེགས་བར་ཆད་ཐམས་ཅད་ཁྱོད་ཀྱིས་འཁྱེར་ཅིག ཅེས་གདོན་འདྲེ་བསྐྲད་ཐོག གླུད་དེ་ཐག་རིང་གི་སུམ་མདོ་འམ་བཞི་མདོ་སླེབས་ཚེ། གདོང་གཙང་བཀྲུ་དང་གླུད་ཆས་བརྗེས་སྤོར་གནང་སྟེ། ཕྱིར་བལྟས་ཙམ་ཡང་མ་སློག་པར་ཚུར་གྲོང་ཚོའི་ནང་དུ་སླེབས་ནས། གྲོང་ཚོའི་དུད་ཁྱིམ་ཚང་མས་ཁོ་ལ་ཇ་ཐུག་ལྡུད་པ་དང་། གསོལ་རས་སྤྲོད་སྲོལ་ཡོད།

དེ་བཞིན་དུ། རེབ་གོང་གཉན་ཐོག་ལ་མཚོན་ནའང་། གསོན་གླུད་དེ་དགུན་གྲང་ངར་གྱི་སྒང་ལ་ཤ་རྗེན་སྟེང་སྟག་རིས་བྲིས་ཏེ། ལག་ཏུ་དབྱུག་པ་རིང་བོ་ཞིག་ལ་འཁུར་བ་མང་བོ་རྒྱུན་ཏེ། ཁ་ནང་དུ་ཤ་དུམ་ཞིག་བཟུང་ནས། གྲོང་ཚོའི་དུད་ཁྱིམ་གྱི་སྟེང་འོག་ཀུན་ཏུ་རྒྱུགས་ཏེ་ཁ་ཟས་ཇི་ཡོད་ཟ་ཞོར་དང་འགྲོ་ཞོར་བྱས་ནས། རྗེས་སུ་ཆོ་ག་སྔགས་ཏེ་དེད་ནས། སྡེ་འདབས་ཀྱི་ཆུ་འགྲམ་དུ་ཕྱིན་རྗེས་གཙང་བཀྲུ་བྱེད་སྲོལ་ཡོད་པ་དང་།

གང་ལྟར། དེང་སང་གྲོང་ཆོག་པ་ཀུན་གྱི་གཏོང་བའི་གླུད་ནི་ཡོན་བདག་གི་ནད་གདོན་སྡིག་སྒྲིབ་དང་། ཆག་ཆེན་ཉམས་ང་སེལ་བྱེད་དུ་སྲོག་ཚབ་ཏུ་ཟན་གླུད་གཏོང་བ་འདི་ཡིན་ཏེ། དེ་ཡང་། རྩམ་པའི་གླུད་ལྟ་བུ་ལ་ཤ་ཁྲག་དྲོད་དབུགས་བླ་དང་ནད་དང་བགེགས་སོགས་ཀྱིས་ཟིན་པ་མེད་ཀྱང་། རིག་སྔགས་འཆང་བ་རྣམས་ཀྱིས་སྔགས་དང་། བསམ་པའི་ཁྱད་པར་གྱིས་གདོན་བགེགས་སོགས་ཚིམ་པའི་ཕྱིར་བསྒྲུབ་བྱ་དེའི་འཐུས་ཚབ་ཏུ་བྱིན་གྱིས་བརླབས་པའམ་ནུས་མཐུས་བསྒྱུར་བས། ལྷ་འདྲེ་དེའི་སྣང་ངོར་དངོས་སུ་རིག་རྒྱུ་ཡོད་པར་བྱས་ནས་རྫོང་འདེབས་དང་བཅས། རྒྱ་མཚོའི་ཕར་འགྲམ་ལྟ་བུར་བསྐྲད་དེ་བསྒྲུབ་བྱ་དེ་གདོན་བགེགས་དང་ནད་སོགས་ཐར་བར་བྱས་པའོ། །གཟི་བརྗིད་ལས། ཆབ་ནག་སྲིད་པའི་བོན་པོ་ཡིས། །སེམས་ཅན་འགྲོ་ལ་ཕན་གདགས་ཕྱིར། །མཉམ་གཉིས་བརྗེ་ལ་གླུད་རེ་བཟང་། །ཞེས་དང་། བླ་ཆེན་དྲན་པ་ནམ་མཁས། རྣམ་སྨིན་ཐ་སྙད་མི་དགོས་པར། །ན་བ་ཐམས་ཅད་གླུད་ཀྱིས་གསོ། །ཞེས་པ་ལྟར། ཕོ་གླུད་དང་མོ་གླུད། བྱིས་གླུད་སོགས་ལ་རང་གཟུགས་ལྟར་བཅའ་བ་ནི། ཚེའི་གཡུང་དྲུང་ལས། ཕོ་གླུད་སྐྱེས་པ་སྟག་རིས་ཅན། །གོ་མཚོན་སྣ་དགུའི་རྒྱན་གྱིས་བརྒྱན། །མོ་གླུད་བཙུན་མོ་བག་ཆས་ཅན། །རིན་ཆེན་སྣ་ལྔའི་རྒྱན་གྱིས་བརྒྱན། །ཆུང་གླུད་བྱིས་པ་ལྟ་ན་མཛེས། །མཚར་སྡུག་དར་ཚོན་སྣ་ཚོགས་ལྷུབས། །ཞེས་དང་། དེ་ཡང་། མི་ལ་ཅི་ཚང་ཟན་གླུད་ལ་ཚང་བར་བསྔོ་བ་སྟེ། ཐུའུ་བཀྭན་རིན་པོ་ཆེའི་ནད་བདག་འཇོམས་བྱེད་ཀྱི་ཆོ་ག་འཁྱེར་བདེ་ལས། ངར་གྱི་གླུད་བཟང་རིན་ཆེན་འདི། །ལུས་ངག་ཡིད་གསུམ་འདི་ལ་ཚང་། །དབང་བོའི་སྒོ་ལྔ་འདི་ལ་ཚང་། །སྐྱེ་མཆེད་བཅུ་གཉིས་འདི་ལ་ཚང་། །ཕུང་བོ་རྣམ་ལྔ་འདི་ལ་ཚང་། །རྣམ་ཤེས་ཚོགས་བརྒྱད་འདི་ལ་ཚང་། །ཞེས་དང་། དེ་མ་ཟད་ཡོན་བདག་གི་ཤ་རུས་ཁྲག་སོགས་ཀྱང་། ཟན་གླུད་དུ་བསྟིམས་ནས་བསྔོ་བ་སྟེ། བླ་བླུའི་ཆོ་ག་རིན་ཆེན་སྲོག་གི་ཆད་མཐུད་ལས། རྒྱུ་འབྱོར་ཡོན་གྱི་བདག་པོ་ཡི། །རྣམ་ཤེས་གླུད་དང་རུས་པའི་གླུད། །ཤ་ཡི་གླུད་དང་ཁྲག་གི་གླུད། །དྲོད་ཀྱི་གླུད་དང་དབུགས་ཀྱི་གླུད། །གནོད་བྱེད་ལྷ་འདྲེ་ཡོངས་ལ་བསྔོ། །ཞེས་དང་། དེ་ཡང་། དབང་བོ་སོགས་རྫས་ཀྱི་འཐུས་ཚབ་བྱེད་པ་ནི། ཏུན་ཧོང་ལས་ཐོན་པའི་གླུད་དཔེ་ལས། ངར་ཟན་ངར་གླུད་འཕད་དུ་བགྱིས། །མི་རུ་བགྱིས་པ་ཞལ་རེ་ལེགས། །རྟ་རུ་བགྱིས་པ་བང་རེ་མགྱོགས། །ངར་གླུད་མགོ་ལ་སྐྲ་མེད་ན། །རྦབ་སེར་བྱ་སྤུ་མགོ་ཡི་སྐྲ། །ངར་གླུད་དཔྲལ་ན་མིག་མེད་ན། །སྤུ་གཟི་ཁྲ་བོ་བལྟ་བའི་མིག། འགྲོན་བུའི་འཐོང་བཤད་ཚེམས་སུ་བགྱིས། །ལེབ་རྒན་དམར་བོ་ལྗགས་སུ་བགྱིས། །ངར་གླུད་ནང་ན་དྲོད་མེད་ན། །སྣང་མ་སྒྲོན་ཤིང་དྲོད་དུ་བགྱིས། །སླས་མེ་དྲི་ཞིམ་སྙིང་དུ་བགྱིས། །སེ་མོ་ལོ་དྲོས་ཤ་རུ་བགྱིས། །མཚལ་ཆེན་ལྕོག་ལ་ཁྲག་ཏུ་བགྱིས། །རྨ་བྱའི་གདོངས་ཆེན་ཞལ་དུ་བགྱིས། །ཞེས་གསུངས་ལ། ཡང་། གླུད་ཀྱི་འཐུས་ཚབ་ཀྱི་རྫས་གང་དགོས་པ་བརྒྱ་བཞིའི་ཆོ་ག་འདོད་དོན་ལྷུན་གྲུབ་དང་། འཆི་བདག་དཔུང་བཟློག་ལས་འབྱུང་བ་ཞིབ་ཚགས་སུ་བརྗོད་ན། སེམས་ནམ་མཁའ། སྙིང་ཞོ་ཤ གློ་བ་གླ་གོར་ཞོ་ཤ མཆིན་པ་མཆིན་པ་ཞོ་ཤ ཚེར་བ་མཁལ་སྲིན་བྱིའུ། མཁལ་མ་མཁལ་མ་ཞོ་ཤ མཁྲིས་པ་ཏིག་ཏ། རྒྱུས་པ་བྱ་རྒོད་ཀྱི་རྒྱུས་པ། རུས་པ་དུང་དཀར། ཤ་བསེ་རུའི་ཤ ཁྲག་ཚོས་དམར་བོ། ལྤགས་པ་སྲོག་ཆགས་གྲུམ་པའི་ལྤགས་པ། སྤུ་པུ་ཤེལ་རྩི། དྲོད་མེ། དབུགས་རླུང་། ཆུའི་ཁམས་ཆུ། མགོ་ཀ་བད། སྐྲ་ཟེར་མོ། ཀླད་པ་མུ་ཏིག ཞལ་རྨ་བྱའི་མདོངས་སམ་རྩི་ཤིང་ཞིག སྣ་ཟངས་ཀྱི་ཊམ་ཀ མིག་ལུང་ཐང་། རྣ་ཤིང་སྟག་པའི་གྲོ་ག སོ་མགྲོན་བུ། ལྕེ་ལེབ་བརྒན། ལག་པ་དབང་བོའི་ལག་པ། རྐང་ལྕགས། གོས་དར﹙ཚབ་མཚོན་གྱི་རྫས་དེ་རིགས་ཀྱི་འགྲེལ་བཤད་དྲི་མེད་ཤེལ་ཕྲེང་དང་མཛེས་མཚར་མིག་རྒྱན་ལས་གསལ་ལོ། །﹚བཅས་ཀྱིས་མཚོན་པར་བྱེད་དོ། །

གླུད་རྫོང་ལ། སྲིད་པ་སྤྱི་མདོས་ལས། ཟས་གླུད་ལ་གཏོར་མས་བརྔན། །སྐྱེམས་གླུད་ལ་ཡུ་ཏིས་བརྔན། །གོས་གླུད་ལ་དར་སྣས་བརྔན། །ཞེས་པ་ལས་གཞན། ཕྱུགས་ཟོག་ལ་འབྱུང་བོས་གནོད་འཚེ་ཐེབས་ནའང་། ཕྱུགས་ཚབ་ཏུ་ཟན་གླུད་གཏོང་བ་ནི། ཐུའུ་བཀྭན་ཆོས་ཉིའི་ཕྱུགས་གླུད་གཏོང་ཐབས་འབྱུང་བོ་ཚིམ་བྱེད་ལས། ཁམ་ས་ལ་ནི་ཕྱུགས་ལྷས་ས། །བསྲེས་ཏེ་ར་བ་གྲུ་བཞི་བྱ། །ཁམ་ས་བཟང་བོ་རིན་ཆེན་བསྲེས། །དྲི་བཟང་ཆུས་སྤྲུས་འཇིམ་པ་ལ། །རྟ་དྲེལ་མཛོ་འབྲི་བ་གླང་དང་། །ར་ལུག་ལ་སོགས་གཟུགས་སྣ་ཚོགས། །རང་རང་སྤུས་བརྒྱན་ཁ་དོག་བསྒྱུར། །མཚེ་ཡི་རུས་པ་ཡུངས་མོའི་རྐང། །གླ་སྒང་ནང་ཁྲོལ་ལྡན་པར་བྱ། །དབང་བོ་ཚང་ཞིང་ཉམས་དོད་པ། །བཟོས་ལ་ར་བའི་ནང་དགང་བྱ། །ཞེས་ཟན་གླུད་བཅོས་ཐབས་བསྟན་པ་དང་།

ཕྱུགས་གླུད་འབུལ་ཚུལ་ནི། ཁམ་སའི་རྟ་ནི་བང་རེ་མགྱོགས། །ཁམ་སའི་འབྲུ་ནི་ཞོ་རེ་ཆེ། །ཁམ་སའི་ལུག་ནི་བལ་རེ་ཆེ། །ཁམ་སའི་མཛོ་ནི་ཐེག་རེ་ཆེ། །ཁམ་སའི་གླང་ནི་རྨོ་རེ་བཟང་། །ཁམ་སའི་ར་ནི་འོ་རེ་ཆེ། །ཁམ་སའི་མཁར་ནི་གནས་རེ་བཟང་། །ཕྱི་ནས་བལྟས་ན་ཁམ་ལགས་ཀྱང་། །ནང་ནི་རིན་ཆེན་སྣ་དགུ་ཉིད། །རང་རང་མཚན་པ་སྤུ་ཡི་གླུད། །ཤ་ལྷུ་བཅུ་གཉིས་ལུས་ཀྱི་གླུད། །མཚེ་མ་ཉག་གཅིག་རུས་ཀྱི་གླུད། །ཡུངས་མོ་རྐང་བཟང་དོན་སྙིང་གླུད། །མོན་ལུག་གླ་སྒང་ནང་ཁྲོལ་གླུད། །འདི་འདྲའི་ཕྱུགས་གླུད་ཡ་མཚན་ཅན། །ལྷ་བདུད་ཆེན་པོའི་ཕྱག་ཏུ་འབུལ། །ཞེས་ཟེར་ལ།

གླུད་ཀྱི་ལམ་བསྟན་པ་ཡང་། མདོས་ཆོག་རྣམས་སུ། ད་ནི་གླུད་ཀྱི་ལམ་བསྟན་ནོ། །རི་གསུམ་རྩེ་དང་ལུང་གསུམ་མདོ། །རྒྱ་གྲམ་ལམ་དང་འབབ་ཆུའི་གཞུང་། །ཉི་ཟླ་གྲིབ་སོ་གླུད་ཀྱི་ལམ། །འདྲེ་ལྔ་བདུད་གཅོད་གླུད་ཀྱི་ལམ། །ལམ་དེར་ཞུགས་ལ་ཕྱོགས་དེར་སོང་། །ལན་ཆགས་བུ་ལོན་ཁྱེར་གྱུར་ཅིག། ཅེས་གསུངས་ཡོད་དོ། །ཞེས་པ་སོགས་ལ་དབྱེ་ཞིབ་གནང་ན་གླུད་ཅེས་པ་མདོས་ཆོག་ལས་ཆེད་དམིགས་སྲོག་ཚབ་གཏོང་བ་གསལ་ལོ། །

ཕན་ནུས་ཡང་། ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ལ། །ངར་གླུད་བརྒྱ་ཡི་གླུད་འབུལ་ལོ། །སྲིད་པའི་ལྷ་འདྲེ་ཀུན་མཉེས་ནས། །ནད་དང་གནོད་པ་ཀུན་ཞི་ནས། །ལྷ་འདྲེ་ཞལ་ཁ་བསྒྱུར་དུ་གསོལ། །ཞེས་སོ། །དེ་ལ་རྒྱལ་གླུད་དང་བླ་གླུད། ཐ་ན་རྟ་གླུད་དང་ཕྱུགས་གླུད་ཚུན་ཆད་ཡོད་དོ། །

གཏོ།

༡ གཏོ་ཞེས་པའི་ཐ་སྙད་དང་བྱུང་ཚུལ། གཏོ་ནི། འཇུ་མི་ཕམ་གྱི་གཏོ་ཆོག་བཀྲ་ཤིས་འདོད་འཇོ་ལས། གཏོ་ཞེས་པ་ཉེས་པ་ལེགས་པར་འཆོས་པའི་ཐབས་རྣམས་ཀྱི་མིང་དུ་གསུངས་པ་བམ་བཤད་དུ་སོང་ལ། ཡིན་རྒྱུ་ནི། བོན་སྒོ་བཞིའི་ནང་ཚན་གཏོ་བཅོས་ཞེས་པ་དེ་ཡིན། དེ་ཡང་བོན་གཞུང་ལྟར་ན། གཏོ་ཞེས་པའི་ཐ་སྙད་དེའི་མ་ཁུངས་ནི་གཏོད་ཅེས་པའི་སེམས་ཅན་ཞིག་གི་སྒྲ་ཟུར་ཆགས་ནས་གཏོ་བཏགས་པར་གྲུབ་ལ། སེམས་ཅན་དེ་ནི་གཤིས་ཀ་མི་བརྟན་པར་དགའ་སྡུག་འགྱུར་སླ་བ། འཁོན་འཛིན་ཤིན་ཏུ་ཆེ་བ་ཞིག་ལ་ངོས་བཟུང་ཡོད་ལ། སུ་ཞིག་གིས་གཏོད་རིགས་ལ་ཕོག་ཐུག་བཟོས་ཚེ། བྱད་མ་འམ་དགྲ་རུ་བཟུང་ནས་བྱུར་གཏོང་བ་ཡིན། རང་ཅག་གི་ཆོ་ག་རྣམས་སུགཏད་འོག་ཏུ་བཅུགཟེར་བ་ཡང་། གཏད་རྫས་རྣམས་ཚགས་སུ་ཆུད་པར་བྱས་ནས། ཀླུ་དང་ས་བདག་གནས་སའི་གཉན་སར་སྦས་ཏེ། སེམས་ཅན་གཏད་རིགས་དེ་གཏོད་པ་ཡིན་ན། མི་སྒེར་དང་ཡུལ་སྡེ་དེ་ལ་གོད་ཆག་དང་བཀྲ་མི་ཤིས་པའི་མཚན་མ་སྣ་ཚོགས་འབྱུང་སྟབས། གཏད་རྫས་ཕྱིར་འདོན་དང་། གཏད་རུལ་གྱི་ཆོ་ག་ལ་བརྟེན་ནས་གཏད་ཁ་ལས་དགྲོལ་དགོས་པ་ཡིན་ནོ། །

དེ་བས། སེམས་ཅན་དེའི་གནོད་པ་འགོག་པའི་ཐབས་ལ་མཁས་པ་ལ་གཏོ་བའམ་གཏོ་བུ་བྱ་བ་ཟེར། ཕྱིས་སུ་སྟོན་པ་གཤེན་རབ་གྱིས་གཏོ་བཅོས་ཀྱི་ལུང་དང་ཆོ་ག་རྣམས་སྲས་ཆེ་བ་འབུམ་སངས་ལ་གནང་སྟེ་སྲས་འདི་གཏོ་བཅོས་ལ་མཁས་པས། གཏོ་བུ་འབུམ་སངས་ཟེར་ལ། དེས་གཏོ་བཅོས་ཀྱི་ཆོ་ག་ལ་བརྟེན་ནས་སེམས་ཅན་མང་བོ་སྡུག་བསྔལ་ལས་གྲོལ། ཡང་། མུ་ཁྲི་བཙན་པོས་སྤྱི་སྤུངས་བོན་གྱི་ཆོས་རྣམས་བསེ་སྒྲོམ་བུར་སྦས་ནས། མི་རབས་གསུམ་དུ་མ་སྤེལ་བར་རྒྱལ་བོ་ལ་དམུ་བདུད་བཙན་གསུམ་གྱིས་དལ་ཡམས་བཏང་སྟེ་སྐུ་མ་བདེ་བས། སྐུ་གཤེན་མཚེ་གཉིས་སོགས་ཀྱིས་གཏོ་བཏང་བས་རྗེའི་མངའ་ཐང་དགུང་དང་མཉམ་པར་བླ་ཆེན་དྲན་པ་ནམ་མཁས་བསྒྲགས་པ་རིན་ཆེན་གླིང་གྲགས་ལས་བཤད་ཡོད། ཡང་། ཞང་ཞུང་མལ་གྲོས་བྱ་བར་དེད་དཔོན་ཟླ་བ་བཟང་བོས་ས་རྐོ་རྡོ་སློག་དང་། གཏེར་རྔོག་ནགས་སྲེག་བྱས་པས། ཡུལ་མི་ཐམས་ཅད་ལ་ནད་ཡམས་བྱུང་། དེད་དཔོན་གྱིས་ཤེལ་དཀར་གྱི་ཟོ་བ་ཞོས་བཀང་སྟེ་སྟོན་པ་གཤེན་རབ་ལ་ཕུལ་ནས་བཅོས་ཐབས་ཞུས་པས། སྟོན་པའི་ཞལ་ནས། རྐྱེན་ངན་ཐམས་ཅད་ས་བདག་གཏོད་ཀྱི་ཆོ་འཕྲུལ་ཡིན་གསུངས་ཏེ། ནད་ཡམས་ཞི་བའི་གཟུངས་གནང་བ་ས་བདག་སྤང་སྐོང་ལས་གསུངས་སོ། །དེ་བས། གདོད་མའི་ཆོས་ལུགས་ཀྱི་བག་ཆགས་དབང་གིས་གཏོད་འདི་རྡོ་བྲག་རི་སོགས་ལ་གནས་པར་ཡང་འདོད་དེ། གཏོ་ཆོག་རྣམས་སུ། རྡོ་ལ་གནས་པའི་གཏོད་རིགས་རྣམས། །གཏོད་དང་འགྲས་པ་བཅོས་སླད་དུ། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །བྱམས་པའི་སེམས་ཀྱིས་གཤེགས་སུ་གསོལ། །གཏོད་ཀྱི་འཁྲུགས་པ་སེལ་བར་མཛོད། །གསུངས་སོ། །

ཡང་། ཀརྨ་ཆགས་མེད་ཀྱིས་གཏོ་འབོད་གསང་བ་ཀུན་འདུས་ལས། གཏོ་འདི་དང་བོ་སུས་མཛད་ན། །སྔོན་གྱི་བསྐལ་བ་དང་བོ་ལ། །འོག་མིན་ཆོས་ཀྱི་ཕོ་བྲང་ནས། །སྔོན་གྱི་བསྐལ་བ་དང་བོ་ལ། །འཕགས་པ་འཇམ་དཔལ་གཞོན་ནུས་མཛད། །བར་གྱི་བསྐལ་བ་དབུས་མ་ལ། །དགའ་ལྡན་ལྷ་ཡི་ཕོ་བྲང་ནས། །རྣམ་པར་རྒྱལ་བའི་ཁང་བཟང་དུ། །ལྷ་ཡི་རྒྱལ་བོ་ཚངས་པས་མཛད། །དེ་ནས་བསྐལ་བ་ཐ་མ་ལ། །རི་བོ་མཆོག་རབ་སྟེང་ཤོད་ནས། །ཀླུ་ཤིང་ཏ་ལའི་ལོ་མ་ལ། །ལྷ་མོ་རྣམ་རྒྱལ་མ་ཡིས་མཛད། །དེ་ནས་གཏོ་འདི་སུས་མཛད་ན། །རི་བོ་མཆོག་རབ་རྐེད་པ་ནས། །རྒྱལ་ཆེན་རིགས་བཞི་ལྷ་ཡིས་མཛད། །དེ་ནས་གཏོ་འདི་སུས་མཛད་ན། །རི་བོ་མཆོག་རབ་རྩ་བ་རུ། །ཀོང་ཙེ་འཕྲུལ་གྱི་རྒྱལ་བོས་མཛད། །དེ་ནས་གཏོ་འདི་སུས་མཛད་ན། །རྒྱ་མངོན་པར་ཤེས་པ་མི་བཞིས་མཛད། །ཅེས་དང་། ཡང་དེ་ཉིད་ཀྱིས་མི་ཁའི་གཏོ་ལས་རྒྱལ་བུ་དོན་གྲུབ་ལ་ལྷས་སྦྱིན་གྱིས་མི་ཁ་བྱུང་བས་འཇམ་དཔལ་གྱིས་ཡས་བསགས་ཏེ། གཏོ་བཅོས་བྱས་པས་མི་ཁ་ལས་ཐར་བ་སོགས་བཤད་པ་ནི་ནང་བསྟན་གྱི་ཞེན་ཁོག་ལས་གསུངས་པ་མ་གཏོགས། ད་ལྟའི་གཏོ་ཆོག་དང་བཅས་ཐབས་འདི་ལྟ་བུའི་མདོ་རྒྱུད་ཀྱི་ཁུངས་མ་མཐོང་ངོ་། །

༢ གཏོའི་རྣམ་གྲངས། འཇུ་མི་ཕམ་གྱི་གཏོ་ཆོག་བཀྲ་ཤིས་འདོད་འཇོ་ལས། གཏོ་དེ་ལ་དཀར་ནག་ཁྲ་གསུམ་དང་། གཏོ་ཐབས་སུམ་བརྒྱ་དྲུག་ཅུ་སོགས་རྣམ་གྲངས་མཐའ་ཡས་པ་ཡོད་ཅིང་། དོན་བསྡུས་ན། ཕན་བྱེད་ཀྱི་གཏོ་དང་གནོད་བྱེད་ཀྱི་གཏོ་གཉིས་སུ་འདུ་བར་བཤད། གཏོ་ཆོག་དེ་ལས་ལྷ་ཆེན་ཚངས་པ་སོགས་འཁོར་མང་བོས་འཕགས་པ་འཇམ་དཔལ་ལ་ཞུས་པའི་གཏོ་སྒྲོམ་འབུམ་ཏིག་ལས། ཕན་བྱེད་གཏོ་སྨན་གྱི་ནགས་ཚལ་ལྟ་བུའི་སྐོར་དང་། གནོད་བྱེད་ཀྱི་གཏོ་དུག་གི་སྡོང་བོའི་ལྟ་བུའི་སྐོར་ཚོ་གཉིས་བསྟན་པར་གསུངས་ཡོད་ལ། དེ་ལྟར་ན། བོན་ཆོས་ལ་རག་མ་ལས་བར་ནང་བསྟན་དུ་རང་རྐྱ་ཕེར་བའི་གཏོ་ཆོག་ཅིག་ཡོད་དམ། གང་ལྟར་མི་ཕམ་གྱིས། སྔ་མའི་སྐོར་ཚོ་དེ་ཁོལ་དུ་ཕྱུང་ནས་རྣམ་གྲངས་འདི་ལྟར་དགར་ཡོད་དེ། བསྒྱུར་ཐབས་རྣམ་པ་ལྔའི་གཏོ་ནི། རྒྱལ་མོ་ཁྲོམ་བསྒྱུར། གླང་ཆེན་སྣ་བསྒྱུར། གྲི་ཁ་མཚོན་བསྒྱུར། འབྱུང་བའི་དལ་བསྒྱུར། སྲིད་པ་ལྟེ་བསྒྱུར་ལྔ་སོ་སོའི་ནང་གསེས་དང་བཅས་པ་དང་། བསྒྲལ་ཐབས་རྣམ་པ་གསུམ་གྱི་གཏོ་ནི། ཤི་འདྲེ་ལྷས་སྒྲོལ། གཤིན་རྗེ་གྲུ་སྒྲོལ། ས་བདག་འཕྲང་སྒྲོལ་གསུམ་དང་། ཁ་ཆིངས་རྣམ་པ་ལྔའི་གཏོ་ནི། ཕུང་སྲི་ཁ་ཆིངས། ཆུང་སྲི་ཁ་ཆིངས། དམ་སྲི་ཁ་ཆིངས། རྒྱལ་འགོང་ཁ་ཆིངས། ས་བདག་ཁ་ཆིངས་སོ། །གདབ་ཐབས་རྣམ་པ་ལྔའི་གཏོ་ནི། བླ་ཕུར་དང་། སྲོག་ཕུར། སྲིད་ཕུར། ཚེ་ཕུར། དཔལ་ཕུར་གདབ་པ་ལྔ་དང་། དེའི་ཡན་ལག་གེགས་ཕུར་གདབ་པ་དང་བཅས་པའོ། །བཅད་ཐབས་གསུམ་གྱི་གཏོ་ནི། སྐྱེ་འཕྲོ་དང་། ཤི་རྒབ་དང། གོད་ཁ་གཅོད་པའོ། །དབྱེ་ཐབས་གསུམ་གྱི་གཏོ་ནི། ཕ་སྤུན་དབྱེ་བ། སྤུན་དང་ཕ་སྤད་དབྱེ་བ་དང་། བཟའ་མི་དབྱེ་བ་གསུམ། འདུན་གྲོས་ངན་པ་དབྱེ་བ་དང་བཅས་པའོ། །བསྐྱེད་ཐབས་རྣམ་པ་བཞི་ནི། སྲོག་ལུས་དབང་ཐང་བསྐྱེད་པའོ། །བཟློག་ཐབས་གསུམ་ནི། འབྱུང་བ་གཡུལ་བཟློག བྱིས་པ་ཀླུང་ལོག་བཟློག་པ། ཕྱོགས་ངན་བཟློག་པ་གསུམ་མོ། །ཡང་བཟློག་ཐབས་གསུམ་མམ་དྲིལ་ཐབས་རྣམ་པ་གསུམ་ནི། བྱད་ཁ་ཕུར་དྲིལ། མི་ཁ་རྡོག་དྲིལ། ཐུབ་ཆོད་ཀུན་དྲིལ་གསུམ། གེགས་བསྒྱུར་རྣམ་པ་བཞི་ནི། སྲོག་ལུས་དབང་རླུང་ལ་དགྲ་དར་བའི་གེགས་བཟློག་པའི་ཐབས་བཞིའོ། །ཆིངས་ཐབས་གསུམ་ནི། མི་རྒོད་ཇག་ཆིངས། རྟ་ཆིངས། ཆིངས་གསུམ་གནད་ཀྱི་གདམས་པ་གསུམ་མོ། །ཉེས་པ་གསུམ་བཅོས་པའི་གཏོ་ནི། བག་མ་བླངས་ཉེས་པ། ཁང་བ་བརྩིགས་ཉེས་པ། དུར་གདབ་ཉེས་པ་དང་གསུམ་མོ། །མི་རིགས་བདུན་གྱི་གཏོ་ནི། རྒྱལ་བོ། བན་ཏེ། བོན་པོ། ཞང་བློན། དམངས། བུད་མེད། བྱིས་པ་བདུན་གྱི་གཏོའོ། །གཞུག་ཐབས་གཉིས་ནི། ས་གཏེར་དང་བར་གཏེར་རོ། །ཞེས་སོགས་རྣམ་གྲངས་མང་དུ་གསུངས་ལ། ཞིབ་ཏུ་ཤེས་འདོད་པ་དག་གིས་གཏོ་ཆོག་བཀྲ་ཤིས་འདོད་འཇོ་ན་གསལ་ལོ། །

གཞན་ཡང་། གཏོའི་རྣམ་གྲངས་ལ་ཀརྨ་ཆགས་མེད་ཀྱི་འདི་ལྟར་གསུངས་ཏེ། གཏོ་བསྒྱུར་སུམ་བརྒྱ་དྲུག་ཅུ་ལ། །སུམ་བརྒྱ་སྣོད་ལ་ཞུག་ལ་བཞུས། །སླད་ནས་དྲུག་ཅུ་མཆིས་པ་ལ། །སྤྱི་བསར་སྒོ་བརྒྱག་རྒྱ་གར་གཏོ། །སུམ་བརྒྱ་ཐ་རམ་དྲུག་ཅུ་སྟག་གཟིག་གཏོ། །འགྲེང་བཙན་དགུ་བདུན་སོག་པོའི་གཏོ། །རྨང་བྱེད་ཁ་སྦྱོར་ཧོར་གྱི་གཏོ། །དམུ་བདུད་མདའ་འཕེན་གེ་སར་གཏོ། །ཟོར་ཤིང་ཚེ་ཕུར་མེ་ཉག་གཏོ། །དེ་ལ་མ་གཏོགས་གཏོ་རྣམས་ནི། །ར་ཐོམ་ཐུག་གཏོང་འོད་འབར་བོད་ཀྱི་གཏོ། །ཟོར་མདའ་ནག་པོ་གཏོང་བ་བོད་ཀྱི་གཏོ། །མཉམ་གཉིས་བརྗེ་བ་བོད་ཀྱི་གཏོ། །གླུད་ཟན་བསྔོ་བ་བོད་ཀྱི་གཏོ། །བྱེ་བྲལ་ལ་བརྒལ་བོད་ཀྱི་གཏོ། །གཉན་བཅོས་བྱ་གཏོང་བོད་ཀྱི་གཏོ། །ཤིང་བཙན་གཏོར་སྐུ་བཙུགས་པ་བོད་ཀྱི་གཏོ། །ས་བཅོས་རྡོ་བརྩིགས་བོད་ཀྱི་གཏོ། །ཤི་འགབ་རྡོ་བསམ་བོད་ཀྱི་གཏོ། །དེ་ལ་མ་གཏོགས་གཏོ་རྣམས་ནི། །ཀོང་ཙེ་ཁ་རྒྱང་གཏོ་འདི་ལ། །འགྲིང་བཙན་ཡེ་ཕུར་བསྒྱུར་བ་ཀོང་ཙེའི་གཏོ། །ལོ་ཤིང་ཚེ་ཕུར་འཇུག་པ་ཀོང་ཙེའི་གཏོ། །རྒྱ་ཆད་སྲུང་ལམ་ཀོང་ཙེའི་གཏོ། །ཟོར་ཤིང་ཐར་ཆ་ཀོང་ཙེའི་གཏོ། །གཏོ་བསྒྱུར་སྣ་ཚོགས་གཏོང་བ་ཀོང་ཙེའི་གཏོ། །ཞེས་ཀྱང་གསུངས་སོ། །

གཏོ་གཞུང་ལ་མཚོན་ནའང་། བོན་གཞུང་དུ་གཏོ་འབུམ་ནག་པོ་དང་། གཏོ་ཐབས་སུམ་བརྒྱ་དྲུག་ཅུ་སོགས་ཡོད། གཞན་ཡང་། ར་ག་ཨ་སེ་མཛད་པའི་གཏོ་འབུམ་སོགས་ཀྱང་ཡོད། བྱེ་བྲག་ཏུ། སྤར་ཁ་བྲལ་བའི་གཏོ་བཅོས། རོ་བྱུང་ནག་པོའི་གཏོ། དུ་ཧ་ར་ལུགས་ཀྱི་གྱེར་གཏོ། དུར་མིག་ནས་བཏོན་པའི་གཏོ། གསོན་གཤིན་ལག་སྦྲེལ་བྲལ་བའི་གཏོ་བཅོས། མི་ཁའི་གཏོ། ཆུང་གླུད་བཅུ་གསུམ་གྱི་གཏོ་བཅོས། གཏོ་ནག་མགོ་གསུམ་གྱི་ཆོ་ག མཐུན་གསུམ་གྱི་གཏོ་བཅོས། བསྐྱེད་པ་བཞི་ལྡན་གྱི་གཏོ་ཆོག དབང་ཐང་བསྐྱེད་པའི་གཏོ། རླུང་རྟ་བསྐྱེད་གཏོ། དྲུག་ཅུའི་ལོ་བསྒྱུར་གྱི་གཏོ། ལོ་ཟླ་ཟ་མ་དུས་ཚོད་ངན་པ་སོགས་བསྒྱུར་བའི་གཏོ་སོགས་ཡོད་དོ། །

༣ གཏོ་གཏོང་ཡུལ་ནི། འགྲོ་བ་དམའ་རིམ་དུ་གཏོགས་པས། ཀརྨ་ཆགས་མེད་ཀྱིས་གཏོ་དབྱིབས་ཀྱང་ཀོང་ཙེའི་སྒོག་གཏོ་འདི་ལ་འབག་དང་འདྲ་བའི་ཁ་མིག་བཏོད་དེ་གླུད་ཀྱི་ནང་དུ་བཞག་ནས་ལམ་མདོར་འཕེན་པ་ནི་སྙིགས་མའི་རང་མཚང་དང་ན་ཚ་སོགས་རྒོད་པའི་རྐྱེན་དུ་འགྱུར་བར་བཤད་དོ། །

༤ གཏོའི་རྣམ་པ་དང་ཡས་སྟགས། གཏོའི་རྣམ་པ་དང་ཡས་བསགས་ཚུལ་འགའ་མདོར་བསྡུས་ཤིག་བརྗོད་ན། འདྲེ་དགུ་སྐྱས་འདེབས་ལས། མི་ལ་ལ། དང་བོ་ཀེང་རུས་ཀྱི་མི། ཁྱི་གུ། ཕེ་གུ རེའུ་ཚེ། ལུ་གུ བྱིའུ་ཆུང་། སྐྱ་ཀ སྦལ་བ། རྨོང་ཙི། སྲེ་མོང་དང་དགུའི་གཟུགས་བྱ། རྫོང་ལ་བྱི་ལ། སྲེ་མོང་། ཁྱི། དབྲེ་སྐྱེ་མ་སྨིན་ཟས་གླུད་རྫོང་། བསེ་རག་བཀར་བ་ནི། མི་ལུས་ལག་ན་ཁྱི་སྤྱང་བཟུང་བ་གཅིག ཁྱིམ་བྱ་འཇོལ་མོ་ལ་བསྐྱོན། སྐྱ་ཀ་རོལ་དུ་ཁྲིད་པར་བྱ། ཡས་ནི་འབུ་སྐོགས། བྱ་ཐོད་རུས་བསྐྲེན་རྣམས་བསགས། འགོང་བོའི་ཡས་ནི། མི་ལུས་རི་བོང་ལ་ཞོན་པ་གཅིག་བྱ། གླ་བ་རོལ་ཏུ་ཁྲིད་པ་གཅིག་བྱ། ཡས་ནི་གླ་བའི་རིལ་མ། རྒྱལ་རོང་། ཟོམ་སྟོང་། འགོང་ཡས་བསགས། གྲི་བོ་བཀར་བ་ནི། གྲི་བོ་བཀར་བ་ཤ་ཕོ་རུ་བཅུ་ལ་ཞོན་པ། ཕག་ནག་རོལ་ཏུ་ཁྲིད་པ། གྲི་བྱ་ཕོ་རོག་ཀླད་ན་ལྡིང་བ། གྲི་ཁྱི་སྤྱང་ཀི་རོལ་དུ་ཁྲིད་པ། ཡས་ནི་ཕག ཕོ་རོག ཤ་རུ། མདའ་ཆག གཞུ་ཆག ཕུབ་རྣམས་རྫོང་བར་བྱ། གོད་འདྲེ་བཀར་ན། གཅན་གཟན་འཕར་སྤྱང་ཝའི་མགོ་ཅན། ཕག་ནག་ལ་ཞོན་པ། ཕོ་ཁའི་སུ་ལུ་ཞྭ། གོད་ཀོ་ཡི་གསོ། རྒྱུ་མའི་སྐེ་རགས། གཡས་བཤའ་གྲི གཡོན་གོད་སྒྱེ་བསྣམས་པ་གཅིག་བྱ། ཡས་ནི་རྡང་དུམ། ཁེབས་ཐག སྣ་གཅུ། ཤ་ཁྲག་རུས་གསུམ། བཙོག་ཆངས་རྫོང་། ནད་འདྲེ་བཀར་བ་ལ། མི་གཟུགས་འུག་པ་ཞོན་པ། གཟེ་མོ་རྐང་རིང་རོལ་དུ་ཁྲིད་པ་བྱ། ཡས་ལ་ངར་གླུད། ཞྭ་གོས་ལྷམ་གསུམ། ཤ་ཁྲག་རུས་གསུམ་རྫོང་། མུག་འདྲེ་བཀར་བ་ནི། མི་ལུས་མཛོ་དྲེལ་གླ་བའི་མགོ་ཅན། སྲིན་བྱ་ཁུ་བྱུག་ལ་བསྐྱོན། ར་ཡུ་ལུག་ཡུ་རོལ་དུ་ཁྲིད་པ་གཅིག་བྱ། ཡས་ནི། སྤྲེལ། གྲུམ་པ། བྱ་མ་བྱིའུ། ངར་གླུད་རྣམས་རྫོང་། ཐེའུ་རང་བཀར་བ་ནི། སྐྱེས་བུ་མིག་གཅིག ལག་པ་གཅིག རལ་བ་གཅིག ནུ་མ་གཅིག ར་རྒན་རུ་གཅིག་ལ་ཞོན་པ། ཡས་ནི་རའི་ཤ་ཁྲག་རུས་གསུམ། ཆོ་ལོ་དུང་ཤོ དར་ཟབ་སྣ་ཚོགས་རྫོང་། མི་ཁ་བཀར་བ་ནི། མི་ཁ་བ་རུ་བྲ་བ་ལ་ཞོན་པ། སྲེ་མོང་རོལ་དུ་ཁྲིད་པ། ལྕམ་པ་གཡེར་མ་ཚྭ་སྒོག་རམ་རུག་ཐུམ་པོ་ཁུར་དུ་བཅུག ཤང་ཤང་བྲ་མཆུ། མི་ཁའི་ཡས་དང་བྲ་བ་རྫོང་བའོ། །

དེ་བས། འགྲོ་བ་དམའ་རིམ་དེ་དག་གི་གཏོ་རྫས་ལ་སླ་ངའི་ནག་དྲེག་དང་། ཐལ་སྐྱ། རུས་གོག སྣོད་སྟོང་དབྲད་པའི་ཟས། ཟས་ལྷག་འཐུང་ལྷག ཤ་ཆང་སྒོག་ཙོང། ལ་ཕུག ཚ་སྒོག་གཡེར་གསུམ། ནས་སྙིགས་དང་སྦང་རམ། ཞོ་ལད་ཆང་ལད། ཤ་རོ་ཚུན་ཆད་ཀྱང་དགོས་པ་ལས་གཞན། ཤེར་སྙིང་བདུད་བཟློག་ལས་རྒྱ་ནག་གི་ཕ་ཇོ་ཞིག་ལ་རྒྱལ་བོས་གནོད་པ་ལ། རྩིས་མཁན་གྱིས་རྩིས་བྱས་པས། བུ་ཆུང་གི་རོ་ལ་གཏོ་བྱས་ཏེ་ཇ་སིག་གཅིག་གི་ནང་དུ་བཅུག་ནས་དབུས་སུ་བསྐུར་ཚུལ་ཡང་བཤད་ཡོད་དོ། །

༥ གདོན་བགེགས་འདུལ་ཐབས། དེ་ཡང་གདོན་བགེགས་འབྱུང་བོའི་ཚོགས་ལ་གདོས་གླུད་གཏོ་གསུམ་རྫོང་འདེབས་དང་བཅས་ཏེ་བསྒྲུབ་བྱ་ལ་ཕན་གང་ཐོགས་བྱེད་པ་ནི། ཐོག་མར་ཞི་བའི་སྒོ་ནས་ལས་བྱེད་པ་ཡིན་ཏེ། ལག་ན་རྡོ་རྗེའི་དབང་བསྐུར་བའི་རྒྱུད་ལས། ཉེས་པ་ཅུང་ཟད་ཙམ་གྱི་ཕྱིར། །བགེགས་རྣམས་ལ་ཡང་གནོད་མི་བྱ། །ཞེས་གསུངས་པའི་དགོངས་པ་དང་བསྟུན་ལ། གལ་ཏེ་ཞི་བའི་མི་ཐུལ་ན་སྙིང་རྗེ་དང་ཐབས་ཀྱི་རྒྱུ་ལས་ངོ་བོ་ཡེ་ཤེས་ཁྲོས་པའི་དྲག་པོ་མངོན་སྤྱོད་ཀྱིས་འདུལ་བར་བྱ་སྟེ། རྒྱུད་དེ་ཉིད་ལས། བདེན་པའི་བཀའ་ལ་མི་ཉན་ཞིང་། །རྒྱུ་འབྲས་ཚུལ་ལ་མི་སེམས་པའི། །མི་སྲུན་བགེགས་ཀྱི་ད་དུང་ཡང་། །བདག་ཅག་གཏོང་བར་མི་བྱེད་ན། །ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དང་། །འཇིག་རྟེན་སྐྱོང་བ་ཐུ་བོ་ཆེ། །མངོན་ཤེས་དྲང་མཁན་གྱུར་བ་རྣམས། །བདག་གིས་མ་ནོངས་དཔང་བྱས་ཏེ། །བདག་གིས་བགེགས་འདིར་ཆད་པའི་ལས། །སྣ་ཚོགས་རྣམ་པར་སྦྱར་བར་བྱ། །སྲོག་ལ་འཁོར་ལོ་བསྐོར་བ་དང་། །སྔགས་ཀྱི་མེ་ཡིས་བསྲེག་པ་དང་། །དུག་གསུམ་ཁུང་བུར་མནན་པ་སོགས། །སྡུག་བསྔལ་སྣ་ཚོགས་མྱོང་བར་བྱ། །ཞེས་གསུངས་སོ། །

༦ གཏོ་བཅོས་ཀྱི་ཕན་ནུས་ནི། ཕྭ་གཤེན་ཐེག་པའི་མདོ་ལས། ན་བར་གྱུར་བ་གཏོ་ཡིས་གསོ། །ཞེས་དང་། བར་དུ་གསོ་རྐྱེན་གཏོ་ཡིས་བྱེད། །ཅེས་པ་ལྟར། ནམ་མཁའ་ནོར་བུས། བོན་གནའ་ལུགས་སུ་གྲགས་པའི་གཏོ་ནི་གསོན་པོ་བདེ་བ་དང་ནད་པ་གསོ་བ། འགལ་རྐྱེན་བཟློག་པ། འཆི་བ་བསླུ་བ་ལ་སོགས་པའི་དགོས་དོན་དུ་མ་ལ་བརྟེན་པའི་དཔྱད་ཀྱི་བྱེ་བྲག་ཅིག་ཡིན་གསུངས་པ་དང་མཐུན་ནོ། །

གཞན་ཡང་། གཏོ་བ་རྣམས་ཀྱིས་གཙུག་ལག་གཏོ་ཡིས་གསོ་མི་ཐུབ་པ་གཅིག་ཀྱང་མེད་པར་སེམས་པ་སྟེ། ཀརྨ་ཆགས་མེད་ཀྱི་གཏོ་གཞུང་ལས། ཀོང་ཙེའི་གཏོ་ཡིས་མི་འགྱུར་གཅིག་ཀྱང་མེད། །འབྱུང་བ་ལྔ་ལ་མི་བརྟེན་གང་ཡང་མེད། །ལྷ་འདྲེ་དམ་ལ་མི་གནས་གང་ཡང་མེད། །ཟོར་མོ་མདའ་ཡིས་མི་ཕུག་གང་ཡང་མེད། །རྣོ་བའི་མཚོན་ཆས་མི་འཇིགས་གང་ཡང་མེད། །སྲིད་པའི་ཆུ་ལ་མི་འཐུང་གང་ཡང་མེད། །གཙུག་ལག་གཏོ་ཡིས་མི་འགྱུར་གང་ཡང་མེད། །ཅེས་སོ། །ཁྱད་པར་དུ་གཏོ་རྩིས་གཉིས་གཅིག་ལ་གཅིག་བརྟེན་གྱི་ཚུལ་དུ་གནས་པ་སྟེ། ཀ་རྨ་ཆགས་མེད་ཀྱིས། ལར་ནི་གཏོ་ཕུག་རྩིས་ཡིན་རྩིས་ཕུག་གཏོ། །རྩིས་མ་བྱས་པར་གཏོ་ནི་བཅའ་དགོས་མེད། །གཏོ་དེ་མ་དར་རྩིས་དེ་དགོས་པ་མེད། །ཐུབ་པས་གསུངས་པའི་ཆོས་ཚོ་རྩིས་ལ་འོང་། །ཀོང་ཙེས་མཛད་པའི་གཏོ་ཚོ་རྩིས་ལ་འོང་། །རྩིས་འདི་དགེ་སྐུལ་ཆེན་པོ་འོང་བ་ཡིན། །ཞེས་གསུངས་སོ། །

ལེའུ་བཅུ་གཅིག་པ། དུས་ཆེན་གྱི་སྐོར།

ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཆོ་འཕྲུལ་སྨོན་ལམ་ཆེན་མོ་ནི། སྤྱི་ལོ་སྔོན་གྱི ༥༡༡ ལོར་མེ་འབྲུག་ཟླ ༡ ཚེས ༡ ནས ༡༥ བར་སྟོན་པ་སངས་རྒྱས་ཀྱིས་མུ་སྟེགས་པའི་སྟོན་པ་དྲུག་འཁོར་དང་བཅས་ལ་རྫུ་འཕྲུལ་འགྲན་པ་དང་། ཁྱད་པར་དུ་ཚེས་བརྒྱད་ཉིན་རྫུ་འཕྲུལ་གྱི་དངོས་གཞི་ཚུགས་ནས། གདུལ་བྱ་རྒྱ་མཚོའི་མིག་སྔར་མུ་སྟེགས་སྟོན་པ་དྲུག་པོ་ཚར་བཅད་དེ། སྟོན་པ་ཐུབ་པའི་དབང་བོ་རྣམ་པར་རྒྱལ་བ་དེར། ཆོས་རྒྱལ་མྱ་ངན་མེད་ཀྱིས་དྲན་གསོ་ཞུ་ཆེད། ཆོ་འཕྲུལ་མཆོད་པའི་དུས་ཆེན་འཛུགས་གནང་མཛད་པ་ནས་བཟུང་། ཡུལ་ལུང་ཀུན་དུ་བཀྲ་ཤིས་ལོ་ལེགས་དང་། དུས་བདེ་ཞོད་འཇགས་སུ་བྱུང་བར་གྲགས་པ་དང་།

དེར་མཚུངས་སུ། རབ་བྱུང་བདུན་པའི་ས་གླང་ལོར ༡༤༠༩ ལོར་རྗེ་བླ་མ་ཙོང་ཁ་པ་ཆེན་པོས། སྣེ་གདོང་མི་དབང་གྲགས་པ་རྒྱལ་མཚན་དང་། སྣེའུ་རྫོང་དཔོན་ནམ་མཁའ་བཟང་བོར་སློབ་སྟོན་མཛད་ནས། དད་ལྡན་སྦྱིན་བདག་ཁག་ནས། གཙུག་ལག་ཁང་ཞིག་གསོ་དང་། ཇོ་བོ་མ་འོངས་པར་ཀླུ་ཡུལ་དུ་གཤེགས་པར་ལུང་བསྟན་ཡོད་པ། ཕྱིར་བསྲིངས་ཕྱིར་ལོངས་སྐུའི་ཆ་བྱད་དུ་བསྒྱུར་ཞིང་། ཚེས་བརྒྱད་ནས་བཅོ་ལྔ་བར་མཆོད་བཀུར་བློས་མི་ཤོང་བ་མཛད་ཅིང་། ཕྱོགས་སྐྱོང་གི་དར་ཆེན་བཅོ་ལྔ་རང་རང་ཕྱོགས་སུ་བཙུགས་ལ། དགེ་འདུན་ལ་བསྙེན་བཀུར་དང་། རྒྱལ་བསྟན་ཡུན་རིང་རྒྱས་ཆེད་སྨོན་ལམ་གཙོ་བོར་གྱུར་བའི་ཆོས་སྒྲ་བར་མེད་སྒྲོགས་པའི་སྲོལ་བཏོད་པས། ལྷ་ལྡན་སྨོན་ལམ་ཆེན་མོ་ཞེསཡོངས་སུ་གྲགས། ཕྱིས་སུ་གདན་ས་སེ་འབྲས་དགའ་གསུམ་དང་། དགེ་འདུན་བགྲང་ལས་འདས་པ། ལྷ་ལྡན་གཙུག་ལག་ཁང་དུ་འཚོགས་ནས་དགེ་བཤེས་འདེམ་སྒྲིག་གིས་དགེ་འདུན་མང་བོའི་དབུས་སུ་མཚན་ཉིད་དམ་བཅའ་བཞག་སྟེ། སྔ་དྲོ་ཚད་མ་རྣམ་འགྲེལ། ཉིན་གུང་དབུ་མ་དང་ཕར་ཕྱིན། དགོང་དྲོར་འདུལ་བ་དང་མཛོད་བཅས་གཞུང་ལུགས་བཀའ་པོད་ལྔ་བགྲོ་ལྒིང་བྱས་ཏེ། དགེ་བཤེས་ལྷ་རམས་པའི་དམ་བཅའ་བཞག་ནས་ཨང་ཀི་མཐོ་དམན་དང་། བྱ་དགའ་སོགས་སྟེར་སྲོལ་མཆིས་ལ། དགེ་འདུན་མང་ལ། བཞེས་ཐུག ཚ་ར། སྐུ་འགྱེད་སོགས་གཏོང་ལ། སྐྱ་སེར་ཕོ་མོ་མང་བོས་མཇལ་བསྐོར་དང་། ཚོགས་གསོག་བློས་མི་ཤོང་བ་སྒྲུབ་གྱིན་ཡོད། སྨོན་ལམ་འདི་དང་ཐོག་ཆོ་འཕྲུལ་ཟླ་བའི་ཚེས་གཅིག་ནས་བཅོ་ལྔའི་བར་ཡིན་ལ། ཕྱིས་སུ་རྒྱལ་དབང་བློ་བཟང་རྒྱ་མཚོའི་འདས་མཆོད་མགོ་ཚུགས་པ་ནས་བཟུང་། རྒྱལ་བ་རིམ་བྱོན་གྱི་དགོངས་རྫོགས་མཆོད་སྤྲིན་ལ། ལྷ་སའི་སྨོན་ལམ་རིམ་འཕར་གནང་སྟེ། ཧོར་ཟླ་དང་བོའི་ཚེས་བཞི་ནས་མགོ་ཚུགས་ཏེ། ཚེས་ཉེར་བཞི་བར་སྨོན་ལམ་གཏོར་རྒྱག་དང་། ཚེས་ཉེར་ལྔ་ལ་བྱམས་པ་གདན་འདྲེན་གྲུབ་རྗེས་སྨོན་ལམ་གྲོལ་བ་ཡིན། དཔེ་དེ་བཞིན་དུ། ཕྱིས་སུ་བོད་ཀྱི་དགོན་པ་མང་ཆེ་ཤོས་ལ་ཆོ་འཕྲུལ་སྨོན་ལམ་ཆེན་མོ་འདི་དར་རོ། །

ས་ག་ཟླ་བ།

རྒྱུ་སྐར་ས་ག་འཆར་པའི་ཟླ་བ་འདི་ལ་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་ལྕགས་སྤྲུལ་ས་ག་ཟླ་བའི་ཚེ་བདུན་ཉིན་ལུམ་བུའི་ཚལ་དུ་སྐུ་བལྟམས་པ་དང་གཅིག ཤིང་རྟའི་ལྔ་བའི་བཅོ་ལྔའི་སྲོད་ལ་བདུད་བཏུལ་ཏེ། ཐོ་རེངས་མངོན་པར་རྫོགས་པའི་སངས་རྒྱས་པ་དང་གཉིས། ལྕགས་འབྲུག་ས་ཟླའི་ཚེས་བཅོ་ལྔར་རྩྭ་མཆོག་དྲུང་དུ་མྱ་ངན་ལས་འདས་པའི་ཚུལ་བསྟན་པ་གསུམ་བཅས་ཀྱི་དུས་ཆེན་གསུམ་འཛོམས་སམ། ཡང་ན་བདུད་བཏུལ་བ། བྱང་ཆུབ་བརྙེས་པ། མྱ་ངན་ལས་འདས་པའི་དུས་ཆེན་གསུམ་མམ། ལྷུམས་སུ་ཞུགས་པ། སངས་རྒྱས་པ། མྱ་ངན་ལས་འདས་པའི་དུས་ཆེན་ཁྱད་འཕགས་ཅན་འདི་ལ་མཆོད་འབུལ་སོགས་བྱས་ན་དགེ་རྩ་འགྱུར་ཆེ་ལ། དགོན་གྲོང་ཁག་ན་ཡང་བཞི་བ་ཆོས་ཟླ་ཞེས་མཐོང་ཆེན་བྱེད་ཅིང་། ཆོས་ལུགས་ཀྱི་ཆོ་ག་སྣ་ཚོགས་སྤེལ་ལ། མང་ཚོགས་སེར་སྐྱ་མང་བོས་རང་རང་གི་འབྱོར་འཁོས་དང་བསྟུན་ཏེ་མཆོད་འབུལ་དང་སྦྱིན་གཏོང་གི་ལས་དང་། སྨྱུང་གནས་སྲུང་བ་ལ་འབད་ཅིང་། ཁྱད་པར་དུ་ཟླ་འདིར་བོད་མི་ཕལ་ཆེ་བའི་ཤ་ཟ་བ་སྤངས་པ་སོགས་གོམས་གཤིས་བཟང་བོ་ཆགས་ཡོད།

ལྔ་བའི་ལྷ་ཚོད།

ལྔ་བའི་ཚེས་ལྔ་ནི། ཨ་མདོ་སོགས་སུ་ཆེད་དམིགས་ཀྱིས་ལྔ་བའི་ལྷ་ཚོད་ཅེས་ཡུལ་ཁམས་ཀུན་ཏུ་ཀེའུ་ཚོད་ཟ་བའི་དུས་ཚིགས་ཤིག་ཡིན། དེ་ནི་ཁྲུའུ་རྒྱལ་ཁབ་ཀྱི་སྐུ་དྲག་ཆུས་ཡོན་བྱ་བ། རྒྱལ་ཁབ་ཉམས་དམས་སུ་འགྲོ་བར་བློས་མ་བཟོད་པར། ཁོས་ལམ་ལུགས་གསར་བཅོས་མང་བོས་ཐབས་ལམ་སྤྱད་ཀྱང་། མཐར་ཁྲུའུ་རྒྱལ་ཁབ་ཆིན་རྒྱལ་ཁབ་ཀྱིས་དབང་བསྒྱུར་བྱས་པས། ཆུས་ཡོན་སྐྱོ་གདུང་དྲག་པོས་མནར་ནས་ཉི་ལུའི་གཙང་བོར་མཆོངས་ཏེ། རྒྱལ་ཁབ་ཀྱི་ཆེད་དུ་རང་སྲོག་བཏང་། དེ་ལུགས་རྙིང་གི་ཟླ་ལྔ་བའི་ཚེས་ལྔ་ཡིན་པས། ཕྱིས་སུ་རྒྱ་ནག་པ་རྣམས་ཀྱིས། གཙང་བོ་དེར་འབྲུག་དབྱིབས་ཅན་གྱི་གྲུ་བཏང་ནས་རྩེ་བ་དང་། འབྲས་ལོ་བཏུམ་ཟ་བ་སོགས། ཆུ་ཡོན་ལ་དྲན་གསོ་བྱེད་པའི་དུས་ཆེན་དུ་གྱུར། རིམ་གྱིས་བོད་དུའང་ལུགས་སྲོལ་དེ་དར་བར་འདོད་ལ། རྗེ་འཇིགས་མེད་རིགས་པའི་བློ་གྲོས་ཀྱི་བསྟན་རྩིས་ཀུན་བཏུས་ལས། སྤྱི་ལོ་སྔོན་གྱི ༢༧༨ ཆུས་ཡོན་ཆུ་ལ་ལྕེབ། འདི་ལ་རྗེས་དྲན་གྱི་དོན་དུ་ལྔ་བའི་ཡ་ཏུང་ཞེས་སྲོལ་ཆགས་ཞེས་འབྱུང་། གཞན་བོད་ཀྱི་ངག་རྒྱུན་ལ། ལོ་རེའི་ཟླ་ལྔ་བའི་ཚེས་ལྔ་ལ་སངས་རྒྱས་སྨན་བླས། རྩི་ལྗོན་ཆུ་བོ་ཐམས་ཅད་བདུད་རྩི་སྨན་དུ་བྱིན་གྱིས་བརླབས་པའི་དུས་ཆེན་ཞིག་ཏུ་ངོས་འཛིན་པས། ཉིན་དེའི་ཞོགས་པར་ཆུ་གཙང་རང་ཁྱིམ་དུ་ལེན་པ་དང་། ཁྲུས་བྱས་ཏེ་ལུས་གཙང་མར་བྱེད་པ། སྡོང་ལོ་སྔོན་པོ་དང་རི་སྐྱེས་མེ་ཏོག་སོགས་སྒོ་ཁྱིམ་སོགས་སུ་འཛུགས་ལ། ཡུལ་མི་ཐམས་ཅད་ཀྱིས་ཀེའུ་ཚོད་ཟ་བའི་སྲོལ་དང་། སྨན་པ་རྣམས་ཀྱིས་ཀྱང་སྔོ་སྨན་སྣ་ཚོགས་བཏུས་ཏེ། སྨན་སྦྱོར་བྱེད་པའི་ཕྱག་སྲོལ་ཡོད་དོ། །

དྲུག་པའི་ཚེས་བཞི།

དྲུག་པའི་ཚེས་བཞི་ནི་སྟོན་པ་ཤཱཀྱ་ཐུབ་པས་བདེན་བཞིའི་ཆོས་འཁོར་བསྐོར་བའི་དུས་ཆེན་ཡིན། དེ་ཡང་། སྟོན་པ་དགུང་ལོ་སོ་ལྔ་ལ་ཕེབས་པའི་ཧོར་ཟླ་བཞི་བའི་ཚེས་བཅོ་ལྔའི་ཐོ་རེངས་མངོན་པར་རྫོགས་པའི་སངས་རྒྱས་པའི་ཚུལ་བསྟན་ནས། ཞག་ཞེ་དགུའི་རིང་སྐལ་ལྡན་གྱི་གདུལ་བྱ་མ་རྙེད་པར་ཆོས་མི་གསུངས་པར་བཞུགས་ཏེ། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས། །མི་སྨྲ་ནགས་ཀྱི་དབུས་སུ་གནས་པར་བྱ། །ཞེས་གསུངས་ནས་ཐུགས་ལས་ཆུང་བར་བཞུགས་པ་ན། བྱང་ཆུབ་སེམས་དཔའ་དང་། དཀར་ཕྱོགས་ཀྱི་ལྷ་བགྲང་ལས་འདས་པས་ཆོས་སྟོན་པར་གསོལ་བ་བཏབ་ཅིང་། ལྷག་པར་དུ་ཚངས་པ་བརྒྱ་བྱིན་གཉིས་ཀྱིས་གསེར་གྱི་འཁོར་ལོ་དང་། དུང་དཀར་གཡས་འཁྱིལ་ཕུལ་ཏེ་ཆོས་འཁོར་བསྐོར་བར་གསོལ་བ་བཏབ་པ་ལྟར། ཞལ་གྱིས་བཞེས་ཏེ། ཐོག་མར་རིང་འཕུར་དང་ལྷག་སྤྱོད་གཉིས་དབང་བོ་རྣོ་ལ་འདུལ་སླ་བས། ཆོས་སྟོན་པར་དགོངས་ཀྱང་དེ་གཉིས་འདས་ཟིན། དེ་ནས་ཐོག་མར་འདུལ་སླ་བ་དང་། དུག་གསུམ་ཤས་ཆུང་བ་རྣམ་པར་ཤེས་པ་ལྐོག་ཏུ་མ་གྱུར་བའི་འཁོར་ལྔ་སྡེ་འདུལ་བར་དགོངས་ནས། ཝ་ར་ན་སི་ནས་ལེ་བར་བཅུ་ཙམ་ཆོད་པའི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་བྱོན་པ་ན། ལྔ་སྡེ་དག་གིས་རྒྱང་རིང་བོ་ནས་གཤེགས་པ་མཐོངསྟེ། དགེ་སྦྱོང་གཽ་ཏ་མ་མང་དུ་ཟ་བ། སྤོང་བ་ཉམས་པ། འདི་འོང་ཚེ་བདག་ཅག་རྣམས་ཀྱིས་སྨྲ་བར་མི་བྱ། ལྡང་བར་མི་བྱ། ཕྱག་མི་བྱ། སྟན་སྟོབ་པར་མི་བྱ་ཞེས་ཁྲིམས་བཅས་པ་ལ། བཅོམ་ལྡན་འདས་འབབ་ཆུ་གནོན་པ་ཅན་གྱི་འགྲམ་ལྔ་སྡེའི་གནས་སུ་བྱོན་མ་ཐག དེ་དག་སངས་རྒྱས་ཀྱི་གཟི་བརྗིད་མ་བཟོད་དེ། ཐམས་ཅད་སྟན་ལས་ལངས་ནས། ཀཽའུ་དི་ནས་རིམ་གྲོ་བྱས། རྟ་ཐུལ་གྱིས་བསུས་ཏེ་ཆོས་གོས་དང་ལྷུང་བཟེད་བླངས། རླངས་པས་གདན་བཤམས། མིང་ཆེན་གྱིས་ཞབས་སྟན་སྟོབ། བཟང་ལྡན་གྱིས་ཞབས་གསིལ་ཕུལ་ཏེ། ཚེ་དང་ལྡན་པ་གཽ་ཏ་མ་བྱོན་པ་ལེགས་སོ། །བཞུགས་ཤིག ཅེས་གསོལ་བ་ན། བཅོམ་ལྡན་འདས་ཀྱིས་ལྔ་སྡེ་དག་ལ་དགའ་དགུས་གསུང་ལྒིང་མཛད་མཐར། དགེ་སློང་དག ངས་ཁྱེད་ཅག་ལ་ཆོས་བཤད་གྱིས། ཚུར་ཤོག ཉོན་ཅིག ནན་ཏན་གྱིས་ཤིག་ཅེས་ཧོར་ཟླ་དྲུག་པའི་ཚེས་བཞི་ལ་བདེན་བཞིའི་ཆོས་འཁོར་བསྐོར་བས། ལྔ་སྡེ་བཟང་བོ་རིམ་པར་དགྲ་བཅོམ་ཐོབ་པའི་དུས་ཆེན་ཡིན་ནོ། །དེ་ཡང་བཟླས་པ་གསུམ་དང་། རྣམ་གྲངས་བཅུ་གཉིས་ཡོད་དེ། སྡུག་བསྔལ་བདེན་པ། ཀུན་འབྱུང་བདེན་པ། འགོག་བདེན། ལམ་བདེན་བཅས་བདེན་པ་བཞི་བོ་དེར་ངོ་བོ་ལ་བཟླས་པ་བཞི། བྱ་བ་ལ་བཟླས་པ་བཞི། བྱ་བའི་འབྲས་བུ་ལ་བཟླས་པ་བཞི་སྟེ། རྣམ་གྲངས་བཅུ་གཉིས་ཡོད། ཞིབ་ཏུ་ཕར་ཕྱིན་དང་བུ་སྟོན་གྱི་ཆོས་འབྱུང་ན་གསལ་བས་དེར་གཟིགས་པར་བྱའོ། །

ལྷ་བབས་དུས་ཆེན།

བོད་ཟླ་དགུ་པའི་ཚེས་ཉེར་གཉིས་ཉིན་སྟེ། ལྷ་བབས་དུས་ཆེན་ནི། སྔོན་སྟོན་པ་ཐུབ་པའི་དབང་བོའི་སྐྱེད་ཡུམ་སྒྱུ་འཕྲུལ་མ་སྐུ་གཤེགས་ཏེ་ལྷ་གནས་སུམ་ཅུ་རྩ་གསུམ་དུ་སྐྱེས་པས། སྟོན་པ་དེར་ཕེབས་ཏེ་ཆོས་གསུངས་ཤིང་། དབྱར་གནས་པར་ཞལ་གྱིས་བཞེས་ཏེ་བཞུགས་སྐབས། རྒྱལ་བོ་གསལ་རྒྱལ་སོགས་ཀྱིས་སྟོན་པའི་སྐུ་ཡོན་དྲན་དྲགས་པས། མོའུ་འགལ་གྱི་བུ་བརྒྱུད་སྟོན་པ་མི་ཡུལ་དུ་ཕེབས་པར་གསོལ་བ་བཏབ་པ་ལྟར། ཞལ་གྱིས་བཞེས་ཏེ། ལྷ་མི་འཁོར་དང་བཅས་པ་རྫུ་འཕྲུལ་གྱི་འཇའ་ཚོན་གྱི་སྐས་གདང་ལས་འཕགས་ཡུལ་གསལ་ལྡན﹙དགེ་ཆོས་ཀྱིས་དེང་སང་སང་ཁ་ས་ལ་ཞེས་པ་དེ་ཡིན་པར་བཤད﹚དུ་བྱོན་པའི་ཉིན་མོར་ཁེལ་བས། དུས་ཆེན་ཁྱད་པར་ཅན་དུ་བརྩི་བ་ཡིན། རང་རེ་བོད་དུའང་བོད་ཟླ་དགུ་བ་ཚེས་ནས་བཟུང་། པོ་ཏ་ལ་དང་གཙུག་ལག་ཁང་ཆེ་ཆུང་། གྲོང་ཁྱིམ་ཀུན་ལ་རྩིག་པར་ས་དཀར་དང་སྒོ་དང་སྒེའུ་ཁུང་ལ་ནག་རྩི་བྱུགས་ཏེ། ཚེས་ཉེར་གཉིས་གོང་དུ་ཚགས་སུ་ཆུད་པར་བྱས་ནས། ཚེས་བཟང་འདི་ལ་དུས་དྲན་དང་། རྣམ་དཀར་དགེ་ལས་འགྲུབ་པ་སྟེ། ཕྱག་མཆོད་དང་། བསྙེན་བཀུར། སྦྱིན་གཏོང་སོགས་བྱེད་སྲོལ་དང་། བླ་མའི་ཁྲི་སྟོན་དང་། ཆོས་ཀྱི་མཛད་སྒོ་སྣ་ཚོགས་འཚོགས་སྲོལ་ཡོད། ཟླ་དང་བོའི་ཆོ་འཕྲུལ་དང་། བཞི་བ་ས་ག་ཟླ་བ། དྲུག་པའི་ཚེས་བཞི། དགུ་བ་ལྷ་བབས་དུས་ཆེན་བཞི་ལ། སྟོན་པའི་དུས་ཆེན་རྣམ་བཞི་ཡང་ཟེར་རོ། །

ཚེས་བཅུའི་དུས་ཆེན།

༡ ཚེས་བཅུའི་དུས་ཆེན་བྱུང་ཚུལ། རང་རེའི་བོད་འདིར་སློབ་དཔོན་རིན་པོ་ཆེའི་མཛད་འཕྲིན་བསམ་གྱིས་མི་ཁྱབ་པ་མང་དུ་བསྟན་པས། ཟླ་རེའི་ཚེས་བཅུ་ལ་དགེ་སྒྲུབ་དང་ཆོས་ཀྱི་ཆོ་ག་མང་དུ་སྤེལ་བ་ལ། ཚེས་བཅུ་ཞེས་ཀྱང་བྱའོ། །རྒྱུ་མཚན་ནི། རིག་འཛིན་འཇིགས་མེད་གླིང་བའི་ཚེས་བཅུའི་ཕན་ཡོན་གསོལ་འདེབས་ལས། གུ་རུ་ང་བསྒོམ་ང་བསྒྲུབ་ང་རྗེས་སྙོགས། །ང་མཐོང་སངས་རྒྱས་ཀུན་མཐོང་ང་ཉིད་ནི། །བདེ་གཤེགས་འདུས་པའི་ངོ་བོ་ཉིད་ཡིན་པས། །ཚེས་བཅུ་བྱུང་རེས་བོད་དུ་འབྱོན་ཞེས་གསུངས། །ཞེས་དང་། གཞན་ཡང་། དུས་ངན་སྙིགས་མའི་མཐའ་ལ་ཐུག་པའི་ཚེ། །ནངས་རེ་དགོང་རེ་བོད་ཀྱི་དོན་ལ་འབྱོན། །ཉི་ཟེར་འཆར་སྡུད་མདངས་ལ་ཆིབས་ཏེ་འབྱོན། །ཡར་ངོའི་ཚེས་བཅུའི་དུས་སུ་དངོས་སུ་འབྱོན། །ཞེས་པ་ལྟར། སློབ་དཔོན་པད་འབྱུང་ཞབས་ཀྱིས་གུ་རུ་མཚན་བརྒྱད་དང་། པདྨ་ཐོད་ཕྲེང་རིགས་ལྔ། ཡང་སྤྲུལ་ཉེར་ལྔ་སོགས་སྤྲུལ་བའི་རོལ་གར་ཕལ་མོ་ཆེ་ཡར་ངོའི་ཚེས་བཅུ་ལ་བསྟན་པ་དང་། ལྷ་སྲིན་སྡེ་བརྒྱད་རྣམས་བཀའ་བསྒོས་དམ་བཞག་ཀྱང་ཚེས་བཅུ་དང་། རྗེས་འཇུག་བུ་སློབ་རྣམས་ཀྱང་ཚེས་བཅུ་ལ་རྗེས་འཛིན་ཞལ་གྱིས་བཞེས་པས། དུས་ཀྱི་རྒྱལ་བོ་ཚེས་བཅུ་འདི་ལ་རྙིང་མ་བས་གཙིགས་འཛིན་བྱེད་པ་ཡིན་ནོ། །གཞན་ཡང་། ཚེས་བཅུ་ལ་མཁའ་འགྲོ་འདུ་བའི་དུས་ཆེན་ཡང་ཡིན་ནོ། །

༢ བྱེ་བྲག་ཟླ་བ་སོ་སོའི་ཚེས་བཅུ་ངོ་སྤྲོད། ཧོར་ཟླ་བདུན་པའི་ཚེས་བཅུ་ལ་སློབ་དཔོན་སྐུ་འཁྲུངས་པ་དང་། བརྒྱད་པའི་ཚེས་བཅུ་ལ་ཆུ་བོ་གང་གཱ་གྱེན་དུ་ལྡོག་པ། དགུ་བའི་བཅུ་ལ་མུ་སྟེགས་པའི་དུག་ཆུ་དྲངས་ཀྱང་སྐུ་ལ་གཟི་དཔལ་ལྷག་པར་རྒྱས་པ། བཅུ་བའི་བཅུ་ལ་ཧེ་རུ་ཀའི་མཆོག་གི་དངོས་གྲུབ་སྒྲུབ་ཚེ་བྱི་དུར་གློག་མ་སྤྲིན་སོགས་ཀྱི་བར་ཆད་རྡོ་རྗེའི་ཕུར་བུ་གཟིར་མནན་དམ་འདོགས་གནང་བ། བཅུ་གཅིག་པའི་བཅུ་ལ་བོད་ཡུལ་དུ་ཕེབས་ཏེ་ལྷ་སྲིན་དམ་འདོགས་དང་ས་སྟེང་གཏེར་གྱིས་གང་བར་བྱས་པ། བཅུ་གཉིས་པའི་བཅུ་ལ་བོད་ཀྱི་གངས་བཞི་ཡུལ་བརྒྱད་སོགས་བྱིན་གྱིས་བརླབས་ནས་སྲིན་ཡུལ་དུ་གཤེགས་པ། དང་བོའི་བཅུ་ལ་ནུབ་ཕྱོགས་ཨོ་རྒྱན་གྱི་རྒྱལ་སྲིད་བཟུང་བ། གཉིས་པའི་བཅུ་ལ་རྒྱལ་སྲིད་སྤངས་ཏེ་བསིལ་བ་ཚལ་གྱི་དུར་ཁྲོད་དུ་མཁའ་འགྲོ་སྟོང་གི་ཚོགས་དཔོན་མཛད་པ། གསུམ་པའི་བཅུ་ལ་སློབ་དཔོན་པྲ་བྷ་ཧ་སྟི་ལས་ཡོ་གའི་རྒྱུད་གསན་ཏེ། ཡོ་ག་རྡོ་རྗེ་དབྱིངས་ཀྱི་ལྷ་ཞལ་གཟིགས་པ། བཞི་བའི་བཅུ་ལ་ཟ་ཧོར་རྒྱལ་བོ་གཙུག་ལག་འཛིན་གྱིས་མེར་བསྲེགས་ཀྱང་། མེ་དཔུང་མཚོ་རུ་བསྒྱུར་བ། ལྔ་བའི་བཅུ་ལ་ཟ་ཧོར་རྒྱལ་བོས་མེ་ལ་སྦྱངས་ཀྱང་། མེ་དཔུང་མཚོ་རུ་བསྒྱུར་ཏེ་སོལ་བའི་གུར་ཁང་དུ་པདྨའི་སྡོང་བོ་ལ་ཐོད་པའི་ཕྲེང་བ་སྐུ་ལ་གསོལ་ནས་བཞུགས་པ། དྲུག་པའི་བཅུ་ལ་མུ་སྟེགས་པ་རྣམས་གནམ་ལྕགས་ཐོག་གིས་བསྒྲལ་བ་བཅས་སོ། །

༣ ཚེས་བཅུའི་དུས་ཆེན་ལ་མཆོད་བསྙེན་བྱས་པའི་ཕན་ཡོན། རིག་འཛིན་འཇིགས་མེད་གླིང་བའི་ཚེས་བཅུའི་ཕན་ཡོན་གསོལ་འདེབས་ལས། དེ་ཕྱིར་བྱུང་ངོ་ཅོག་གི་ཚེས་བཅུ་ལ། །ཁྱོད་ཀྱི་མཛད་པ་འཕྲིན་ལས་དུས་ཆེན་དང་། །མ་དང་མཁའ་འགྲོ་འདུ་བའི་སྐབས་ཡིན་པས། །ནང་དུ་རྡོ་རྗེའི་ལུས་ལ་རྩ་ཐིག་རླུང་། །འདུ་བ་ངོ་མཚར་ཅན་གྱི་རྟེན་འབྲེལ་ལས། །རྣམ་བཞིའི་འཕྲིན་ལས་ཀུན་ལ་དབང་འབྱོར་ཞིང་། །ཆར་ཆུ་འབེབས་ཤིང་མི་ཕྱུགས་ནད་རིམས་ཞི། །སད་སེར་དབུལ་ཕོངས་དམག་འཁྲུག་གོད་ཁ་སོགས། །འཇིག་རྟེན་དུས་ཀྱི་རྒུད་པ་ཇི་སྙེད་ཀུན། །ཚེས་བཅུའི་དུས་མཆོད་བཟུང་ནས་གསོལ་འདེབས་ཀྱི། །བྱིན་རླབས་ཁོ་ནས་ཞི་བ་མངོན་སུམ་ཕྱིར། །ཞལ་བཞེས་དུས་ལ་བབ་པོ་ཐུགས་རྗེས་གཟིགས། །ཞེས་དང་།

གསང་འདུས་ཞལ་གདམས་ལས། དབང་ཆེན་སྤྲེལ་ཟླའི་ཚེས་བཅུ་དང་། །དུས་ཀྱི་ཚེས་བཅུ་ཐམས་ཅད་ལ། །སྤྲུལ་བའི་འཛམ་གླིང་ཁྱབ་པར་འགྱེད། །མཆོག་ཐུན་དངོས་གྲུབ་ང་ཡིས་སྟེར། །ཞེས་པ་ལྟར། ཟླ་བ་ནམ་ཚེས་ཀྱི་ཚེས་བཅུ་ལ་མཆོད་བསྙེན་བྱས་ན། དགེ་རྩ་ལྡབ་འགྱུར་གྱིས་འཕེལ་བ། ཚད་མའི་བསྟན་བཅོས་དག་ལས་མང་དུ་གསུངས་སོ། །ཡང་ཚེས་བཅུ་ལ་མི་དགེ་བ་སྒྲུབ་ན་རྣམ་སྨིན་ཧ་ཅང་ལྕི་བ་ཆོས་གཞུང་ན་མང་དུ་གསུངས་པས། འདིར་མི་སྤྲོ་ལ། དམངས་ཁྲོད་གཏམ་རྒྱུད་ཚུན་ནའང་ཁྱབ་ཆེ་སྟེ། ཚེས་བཅུ་ལ་ར་རེ་བསད་ན། ཟངས་མདོག་དཔལ་རི་ར་རོས་བསྒྱངས། ཞེས་པ་ལྟ་བུ་སྟེ། དེས་ནི་ཚེས་བཅུར་སེམས་ཅན་སྲོག་གིས་ཟ་རྒྱག་སྤྱོད་གསུམ་བྱས་ན། རྣམ་སྨིན་ཚེས་གྲངས་གཞན་ལས་ཆེ་བ་དང་། ཚེས་བཅུ་ལ་སྡིག་ལས་བྱེད་པ། དམ་པ་ལྷ་ཆོས་དང་མི་མཐུན་པ། རྣག་ཐོག་བཙག་ཁེལ་ལྟར་དགག་རྒྱག་དང་ཐེར་འདོན་བྱས་ཡོད་དོ། །

དགའ་ལྡན་ལྔ་མཆོད།

འབྲོག་རི་བོ་དགའ་ལྡན་དགོན་པ་ནས་རྗེ་ཐམས་ཅད་མཁྱེན་པས། སྐུ་བེར་དང་དབུ་ཞྭ་སྲས་ཀྱི་ཐུ་བོ་དར་མ་རིན་ཆེན་ལ་གནང་སྟེ། རྒྱལ་ཚབ་ལ་བསྐོ་བཞག་མཛད་ནས། ཟླ་བཅུ་བའི་ཚེས་ཉེར་ལྔ་ཉིན་གཟིམ་ཁང་འོད་གསལ་སྦུག་ཏུ་སྐུ་གཤེགས་པའི་ཉིན་མོ་ལ་དགའ་ལྡན་ལྔ་མཆོད་ཟེར། རྗེ་སྐུ་གཤེགས་པའི་ཕྱི་ལོ་དགའ་ལྡན་དུ་དགེ་འདུན་པ་མང་བོས་བདེ་གསང་འཇིགས་གསུམ་དང་། ཀྱེ་རྡོར། དུས་འཁོར། ཚེ་དཔག་མེད། ཀུན་རིག་སོགས་ཀྱི་དཀྱིལ་འཁོར་ལ་བསྟེན་ནས་དགོངས་རྫོགས་ལ་སྒྲུབ་མཆོད་མཛད་པ་དང་། ར་ཁ་བྲག་ཏུ་ཆོས་རྗེ་ཡེ་ཤེས་དབུ་མཛད་དེ། དགེ་འདུན་པ་མང་བོས་སྒྲུབ་མཆོད་རྒྱ་ཆེར་གནང་བ་ནས་བཟུང་། ད་ལྟའི་བར་དགེ་ལྡན་ལྔ་མཆོད་ཆེན་མོ་ཞེས། བོད་རྒྱ་ཆེའི་མི་དམངས་ཀྱི་སེམས་ཁོང་གི་ཉི་མ་ལྟ་བུ་འཇམ་མགོན་བློ་བཟང་གྲགས་པ་ཞི་བར་གཤེགས་པའི་རྗེས་དྲན་དུ་རྣམ་དཀར་གྱི་ལས་ལ་བརྩོན་ཅིང་། ཁྱད་པར་དགོན་སྡེ་ཁག་དང་དུད་ཁྱིམ་ཡོངས་རྫོགས་ཀྱིས་ཁང་བའི་ཡང་སྟེང་དུ་མཆོད་མེ་བསྟར་ཕྲེང་བསྒྲིགས་པའི་གླིང་མེའི་མཆོད་པ་རྒྱ་ཆེར་འབུལ་སྲོལ་ཚུགས་ཤིང་། ཡུལ་ལུང་མང་ཆེ་བར་མར་མེ། གཞིས་ཀའི་སྟེང་འོག་དང་ཁོར་ཡུག་ཀུན་དུ་འཁྱེར་ཏེ། དམིགས་བརྩེ་མ་གདངས་དབྱངས་སྙན་མོས་གྱེར་ཏེ། རྗེ་ཐམས་ཅད་མཁྱེན་པའི་དགོངས་རྫོགས་སྒྲུབ་སྲོལ་ཡོད་པ་འདིར་ས་ཁྱབ་རྡོ་ཁྱབ་ཏུ་སོང་བ་ཡིན་ལ། ཐ་ན་དམངས་གཞས་ཚུན་ནའང་ལེན་སྲོལ་ཡོད་དེ། བོད་ཁ་བ་ཅན་ན་དུས་ཆེན་གསུམ། །གཅིག་དེ་བཅུ་བའི་ལྔ་མཆོད་རེད། །མར་མེའི་འོད་ཀྱིས་མུན་པ་སེལ། །སེམས་དྲན་པ་གསལ་བའི་བཀྲ་ཤིས་ཤོག །ཅེས་སོ། །

རྟ་ལོར་གངས་སྐོར་འགྲོ་དོན།

གངས་རི་ཏི་སེ་ནི་སྟོད་མངའ་རིས་སུ་ཡོད་ལ། དེ་ནི་ཆོས་ལུགས་གྲུབ་མཐའ་ཁག་གིས། སོ་སོའི་བཞེད་ཚུལ་མི་འདྲ་བ་དུ་མ་ཡོད། ནང་བསྟན་པས་དེ་ནི་དཔལ་འཁོར་ལོ་བདེ་མཆོག་དང་། གནས་བརྟན་ཡན་ལག་འབྱུང་སོགས་གནས་བརྟན་མང་བོའི་གནས་རིར་ངོས་འཛིན། མུ་སྟེགས་རིག་བྱེད་སྨྲ་བས་ལྷ་ཆེན་དབང་ཕྱུག་གི་གནས་དང་། གཡུང་དྲུང་བོན་གྱིས་གཤེན་རབ་མི་བོ་ཆེའི་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་རླབས་པའི་གནས་སུ་ངོས་འཛིན་ནོ། །གང་ལྟར་གནས་རི་འདིར་ཆོས་ལུགས་གྲུབ་མཐའ་མང་བོས་ཕྱག་མཆོད་དང་བསྐོར་བ་བྱ་སྲོལ་ཡོད། ཁྱད་པར་དུ་རྟའི་ལོ་བར་རང་ཅག་ནང་བསྟན་པ་རྣམས་གནས་བསྐོར་བྱེད་པའི་རྒྱུ་མཚན་ནི། གྲུབ་པའི་དབང་ཕྱུག་མང་བོས་སྒོམ་སྒྲུབ་བྱེད་པའི་གནས་བྱིན་ཅན་ཞིག་དང་། ཁྱད་པར་དུ་རྗེ་བཙུན་མི་ལ་རས་པའི་གནས་དེར་དཀའ་སྤྱད་དཔེ་མེད་མཛད་མཐར། ན་རོ་བན་ཆུང་དང་རྫུ་འཕྲུལ་འགྲན་ཏེ། ན་རོ་བན་ཆུང་ལ་ཕམ་ཁ་བྱིན་པར་མ་ཟད། ཁོ་གཉིས་ཀྱིས་གཡས་བསྐོར་དང་གཡོན་བསྐོར་གྱི་ཐད་ལ་ཕར་འཐེན་ཚུར་འཐེན་བྱས་པས། ཕ་བོང་སྟེང་དུ་གཉིས་ཀའི་ཞབས་རྗེས་བྱུང་སྟེ། མཐར་རྗེ་བཙུན་གྱི་ཐུགས་དམ་གྱི་ནུས་པས། བོན་པོ་གཡས་བསྐོར་ལ་ཁྲིད་པ་སོགས་ཆོས་ཀྱི་མཛད་འཕྲིན་རྒྱ་ཆེར་སྤེལ་བ། རབ་བྱུང་བཅུ་གཉིས་ལོའི་ལྕགས་རྟ་ལ་ཁེལ་བས། སྐབས་དེའི་དུས་དྲན་དང་གནས་བསྐོར་ཀྱི་ཕན་ཡོན་ལ་དམིགས་ནས། རྟའི་ལོ་ལ་ཆོས་དད་མང་ཚོགས་གནས་བསྐོར་ཏུ་འགྲོ་སྲོལ་རྒྱ་ཆེར་དར་རོ། །

གངས་རིན་པོ་ཆེའི་བསྐོར་ཚད་ནི། རྗེ་བཙུན་གཙང་རྒྱ་རས་ཀྱིས། ཕོ་བྲང་ཆེན་པོ་ཏི་སེ་འདི་ལ་བསྐོར་བ་ལན་གཅིག་བསྐོར་གྱུར་ན། སྐྱེ་བ་གཅིག་གི་སྒྲིབ་པ་འདག དེ་བཞིན་བསྐོར་བ་བཅུ་གཉིས་བསྐོར་ན། བསྐལ་བ་གཅིག་གིས་སྒྲིབ་པ་འདག བསྐོར་བ་བརྒྱ་རྩ་སོང་བ་ན། ཕྲག་བཅུའི་ཡོན་ཏན་བརྒྱད་རྫོགས་ནས། ཚེ་གཅིག་སངས་རྒྱས་འཐོབ་པར་གསུངས་པ་བསྐོར་ཚད་དངོས་ཡིན་ནོ། །

ཡང་། ངག་རྒྱུན་ལ། བསྐོར་ཚད་བཅུ་གསུམ་ཡིན་པར་བཤད་དེ། དེ་ཡང་སྒྲོལ་ལའི་སྟེང་གི་མཚོ་ཆུང་དེར་སྔོན་གནས་བསྐོར་ཁམས་མོ་ཞིག་གིས་བུ་ཚ་རྒྱབ་ཏུ་འཁུར་ནས། ལུས་སྒུར་ཏེ་ཆུ་བཏུངས་པས། བུ་ཚ་ཆུར་ལྷུང་བས། མཚོ་ཞལ་ཁ་མ་ཕྱེས་པ་ཡིན་སྐད་དང་། ཁམས་མོས་བུ་ཚ་བསད་པའི་སྡིག་བཤགས་ལ། བསྐོར་བ་བཅུ་གསུམ་སོང་སྐབས། སྡིག་སྒྲིབ་དག་པའི་རྟགས་སུ། རྡོ་ལ་ཕྱག་ཞབས་རྗེས་བྱུང་ཞིང་། འཇའ་ལུས་བརྙེས་ཏེ་མཁའ་སྤྱོད་དུ་གཤེགས་པར་བཤད་པས། བསྐོར་ཚད་བཅུ་གསུམ་ཡིན་ཞེས་གནས་འཛིན་པ་དག་སྨྲའོ། །

ཞོ་སྟོན།

ཞོ་སྟོན་དུས་ཆེན་འདི་ཇི་ལྟར་བྱུང་ཞེ་ན། སྔོན་འཕགས་ཡུལ་དུ་དབྱར་གནས་སྐབས། དབྱར་བཞུགས་པ་རྣམས་ལ། འོ་མ་དང་ཞོའི་སྟོན་མོ་ཐེངས་འགར་དྲངས་སྲོལ་ཡོད་པ་ལྟར། བོད་ལ་ཡང་དགོན་སྡེ་ཁག་ནས་རིམ་བཞིན་བརྒྱུད་དེ། རྒྱལ་དབང་བདུན་པ་སྐལ་བཟང་རྒྱ་མཚོའི་དུས། ནོར་གླིང་དུ་སྐལ་བཟང་ཕོ་བྲང་གསར་བཞེངས་ལེགས་གྲུབ་བྱུང་བས། ལས་བཟོ་བ་དང་གླ་དཔོན། འབངས་མི་སེར་རྣམས་ཀྱིས་ཞོ་སྟོན་བཏང་བ་ནས་བཟུང་། དུས་ཆེན་འདི་དབུ་ཚུགས་པར་བཤད། དེ་ཡང་། བོད་ཟླ་དྲུག་པའི་གནམ་གང་ལ། འབྲས་སྤུངས་ནུབ་རིའི་ལྡེབས་སུ། སྟོན་པའི་གོས་སྐུ་ཞལ་འབྱེད་སྐབས། ལུང་པ་སོ་སོ་ནས་དེར་ཕེབས་ནས་ལྷ་མོ་འཁྲབ་སྲོལ་ཡོད་ལ། ཞོ་སྟོན་གྱི་དངོས་གཞི་བོད་ཟླ་བདུན་པའི་ཚེས་གཅིག་གཉིས་ནས་ཡིན། ཕྱོགས་ཡས་མས་ནས་ཐོན་པའི་ཞོ་སྟོན་གྱི་གཟིགས་མོ་བ་རྣམས་གླིང་ག་གཏོང་ཞིང། རིག་རྩལ་ཚོགས་པ་གཞན་རྣམས་ཀྱང་སྐབས་དེར། འཁྲབ་སྟོན་སྣ་ཚོགས་བྱ་རྒྱུ་ཡོད་ལ། དེ་དང་སྒོ་བསྟུན་ཏེ་ཁེ་ལས་པ་རྣམས་ཀྱིས་ཚོང་རྫས་མང་དུ་བཤམས་པས། ཚོང་འདུས་ཀྱི་ཁྲོམ་ཚོགས་ཀྱང་ཆེ། གཞན་རྒྱལ་ཁབ་ཕྱི་ནང་གི་ལྗོངས་རྒྱུ་བ་རྣམས་ཀྱང་བོད་ལ་ཕེབས་ཏེ། དགའ་སྐྱིད་ཀྱི་དཔལ་ལ་རོལ་ཏོ། །

སྐར་མ་རི་ཥི།

བོད་ཀྱི་ཁ་དཔེར་དཔྱིད་ཆུ་ངན། སྟོན་ཆུ་བཟང་ཞེས་པའང་བརྒྱད་པའི་ཆུ་སྐར་ཞེས་སྐར་མ་རི་ཥིའི་རྩི་སྦྱོར་ལ་བསྟེན་ནས་ཆུ་བོ་ཐམས་ཅད་ཡན་ལག་བརྒྱད་ལྡན་དུ་གྱུར་བ་དེ་ཡིན། བོད་ཀྱི་སྐར་རྩིས་རིག་པ་སྨྲ་བ་རྣམས་ཀྱིས་དུས་ཚིགས་ངེས་ཅན་ཞིག་རྟགས་སུ་བཀོད་ནས་སྐར་འབྲས་ལ་བསྟེན་ཏེ་ཆུའི་བཟང་ངན་འབྱེད་པ་ཡིན། དཔེར་ན། སྐར་མ་མཆུ་དང་དབོ་ཡིས་ནམ་སྐྱེལ་བའི་དཔྱིད་དུས་སུ་ཁ་རུལ་དང་མི་གཙང་བ་རྣམས་སོས་ཀའི་མཁའ་རླུང་དང་འཐབ་པས་ཆུ་ལྕི་བ་དང་། རྩུབ་པ་དང་དྲི་ང་བ་སོགས་འབྱུང་ལ། ཁྱད་པར་ཉི་མ་འཁྲིག་ཁྱིམ་དུ་སླེབས་ནས་ཞག་བཅུ་བདུན་འདས་ནས་ཞག་བདུན་གྱི་བར་ལྷོ་འཛམ་བུ་བྲི་ཀྵའི་ཤིང་ལ་དུད་ཞག་འཛེག་པས། ཆར་བབས་དུག་ཏུ་འགྱུར་བས་སྨན་དཔྱད་ཆུ་ཡི་ལས་ལ་འཛེམ་པར་བཤད། སྐར་མ་སྣྲོན་དང་སྣུབས་ཀྱིས་ནམ་སྐྱེལ་བའི་དབྱར་དུས་དྲག་ཆར་བབས་རྗེས་ཆུ་རྙོག་པ་ཡིན་པས། ཆུ་ལ་བརྒལ་མི་ཉན་པ་དང་། སྐར་མ་མགོ་དང་རྒྱལ་གྱིས་ནམ་སྐྱེལ་བའི་དགུན་ཉི་ལྡོག་གི་དུས་ཀྱི་ཆུ་ཤིན་ཏུ་གྲང་བས་ཆུ་ལ་བརྒལ་མི་ཉན་པ་དང་། སྟོན་ཟླ་འབྲིང་བོའི་ནང་དུ་ལྷོ་རིའི་རྩེ་ནས་སྐར་མ་རི་ཥི། ཐོ་རེངས་དུས་སུ་བརྒྱད་པའི་ཆུ་སྐར་ཤར་བར་བཤད་ལ། དེ་ཡང་། རྩིས་གཞུང་ལས། བརྒྱད་པའི་དབུགས་ཐོབ་ཉིན་དེ་ནས་ཞག་བདུན་པར་སྐར་མ་རི་ཥི་འཆར་ཞིང་ཆུ་ཀུན་བདུད་རྩིར་འགྱུར་བས་ཆུར་ཞུགས་ན་ནད་དང་སྡིག་སྒྲིབ་འདག་ཐུབ་ཟེར་ལ། བཻ་སྔོན་ལས་ཀྱང་། རི་བྱི་ཤར་བས་དུག་མེད་པ། །ཉིན་མཚན་གཉིས་ཀ་སྦྱངས་ཆུ་འཐུང་། །དྭངས་པ་དྲི་མེད་ཆུ་ཞེས་པ། །དྲི་མེད་དྲི་མ་སེལ་གྱུར་བ། །མི་འགྲུབ་རྩུབ་པ་མ་ཡིན་པ། །བཏུང་བ་ལ་སོགས་བདུད་རྩིར་མཚུངས། །ཞེས་དང་། ཁྱིམ་ཞག་ཉི་བར་གྱི་ཚད༡༠ ༤༣ ༣༠ ༠ ཡིན། ཡང་བཻ་དཀར་ལས། དྲང་སྲོང་རི་ཥི་ཞེས་པ་ནི། །གོ་ལའི་གདུགས་ཀྱི་ཤམ་བུའི་ཚུལ། །ཟླ་དྲུག་མཚན་འཆར་ཟླ་དྲུག་ཉིན། །འཆར་བ་རྒྱུ་སྐར་སྤྱི་འགྲེ་བཞིན། །ཉིན་མོར་ཞུགས་ནས་ཐོ་རངས་ལ། །ཐོག་མར་དོན་པ་དེ་ཉིད་ཀྱང་། །གདགས་རི་མཐོ་བ་ལ་སོགས་ནས། །སྲིབ་རིའི་ལྡེབས་ནས་མཐོང་བའི་བར། །ཟླ་བ་ཕྱེད་གཉིས་ལྷག་བཅས་འགོར། །དེ་ཕྱིར་མིག་མཐོང་འཆར་བ་ཡི། །ཚད་བཟུང་ངེས་པར་དཀའ་ནའང་། །ཞག་བདུན་ཡན་ལག་བརྒྱད་པའི་ཆུར། །འགྱུར་བར་དྲང་སྲོང་དམོད་པ་དང་། །སྐར་མ་དེ་ཡི་གཞལ་ཡས་ཁང་། །ཀེ་ཏ་ཀ་ལས་གྲུབ་པ་སོགས། །སྔོན་གྱི་མཁས་པ་ཕལ་ཆེར་གྱིས། །འཁྲུལ་བ་མེད་པར་ཚད་འཛིན་ཞིང་། །དེ་ཡང་རབ་བརྒྱད་ཐོག་མ་རུ། །བྱེད་པར་དྲག་པོ་རྐང་བྲལ་ལ། །རི་ཥི་འཆར་བར་ཕུག་པ་བ། །མཁས་དབང་ལྷུན་གྲུབ་རྒྱ་མཚོས་མཛད། །ཅེས་ཀྱང་གསུངས་སོ། །

དུས་དེར་བོད་མི་རྣམས་ཀྱིས་དྭངས་གཙང་ཡན་ལག་བརྒྱད་ལྡན་གྱི་ཆབ་ལ་ཁྲུས་བྱེད་སྲོལ་ཡོད་ཅིང་། དབུས་གཙང་སོགས་སུ་སྐབས་དེར་སྐར་མ་རི་ཥིའི་ཆབ་བཞེས་ཀྱི་སྐྱོ་སངས་ཚུགས་པ་དང་། དགོན་སྡེ་ཁག་གི་ཆབ་ཞུགས་ལ་ལྷ་མོ་འཁྲབ་པ། ན་གཞོན་ཚོས་བྱ་འཕུར་གཏོང་སྲོལ་ཡོད། ཁྱད་པར་དུ་སྐར་མ་རི་ཥི་འདི་ནོར་བུ་ཀེ་ཏ་ཀ་ལས་གྲུབ་པའི་སྐར་ཁྱིམ་ཡིན་སྟབས། དེའི་འོད་ཟེར་ཆུ་དང་རྩྭ་ལ་ཕོག་པས་ཆུ་བོ་ཡན་ལག་བརྒྱད་ལྡན་དང་། རྩྭ་བཅུད་བཟང་བོར་གྱུར་བས་མི་རྣམས་ཆབ་ལ་ཁྲུས་བྱས་ན་གྲིབ་དང་འབག་བརྩོག་སེལ་བ་དང་། ཕྱུགས་རྣམས་རྩྭ་ལ་ལོངས་སུ་སྤྱད་ན་རྩྭ་བཅུད་ཕུན་སུམ་ཚོགས་པར་བཤད། དམངས་གཞས་ལས་ཀྱང་། ལྷོ་ཡི་སྐར་མ་རི་ཥི། །སྐར་མའི་ནང་གི་ནོར་བུ། །རྒྱ་མཚོའི་རླབས་ཀྱི་ཆུ་མོ། །བཟང་དྲུག་སྨན་ལ་འགྱུར་ཆོག །ཅེས་དང་། སྐར་མ་རི་བྱི་ཤར་སོང་། །སྨན་པ་དགོས་པ་མི་འདུག །ཅེས་ཟེར་རོ། །

གཞན་ཡང་། ངག་རྒྱུན་དུ་དབུས་གཙང་དུ་ཆབ་ཞུགས་དུས་སྟོན་གྱི་བྱུང་བ་ལ། སྔོན་གྱི་ཚེ་བོད་ཁམས་སུ་མི་ཤི་དོན་རྐྱེན་གྱི་བྱུར་ཆེན་པོ་ཞིག་བྱུང་དུས། འཕགས་པ་སྤྱན་རས་གཟིགས་ཀྱིས་ལྷ་ཆབ་བུམ་པ་བདུན་བཅུས་ཏེ། ལྷ་མོ་བདུན་ལ་གཏད་ནས། མཚོ་རྫིང་གཙང་བོ་རྣམས་སུ་བདུད་རྩི་གཏོར་བར་མངགས། ཉིན་དེའི་མཚན་མོ་གྲྭ་བཙུན་ཡོངས་ཀྱི་རྨི་ལམ་དུ་སྐམ་རིད་ལུས་མཚག་ངན་པའི་བུད་མེད་ཅིག་ཡར་ཀླུང་གཙང་བོར་ཆབ་ཞུགས་བྱས་ཏེ། ཕྱིར་ཐོན་རྗེས། ལང་ཚོ་དར་ལ་བབ་པའི་གཞོན་ནུ་མ་ཞིག་དུ་གྱུར་བར་རྨིས་ལ། ཉིན་དེར་སྐར་མ་རི་ཥི་ཤར་བ་དུས་མཉམ་དུ་སོང་རྐྱེན། ཕྱིས་སུ་ཆབ་ཞུགས་དུས་སྟོན་འདི་དར་བའི་ངག་རྒྱུན་འདྲ་ཆགས་ཞིག་ཀྱང་བཤད་རྒྱུ་ཡོད་དོ། །

ངན་པ་དགུ་འཛོམས།

དབུས་གཙང་གི་ས་ཁུལ་མང་ཆེ་བར་ལོ་ལྟར། བོད་ཟླ་བཅུ་གཅིག་པའི་ཚེས་དྲུག་གི་ཉིན་ཕྱེད་ནས་ཚེས་བདུན་གྱི་ཉིན་ཕྱེད་བར་ངན་པ་དགུ་འཛོམས་ཀྱི་དུས་སྐར་ལ་ཁེལ་བས། བོད་མི་རྣམས་ཀྱི་དུས་རྒྱུན་གྱི་འཚོ་བའི་ཁྲོད་བྱ་ལས་ཆེ་ཕྲ་གང་བྱེད་ཀྱང་། གཟའ་སྐར་འཕྲོད་སྦྱོར་ལ་བརྟགས་ཏེ་སྒྲུབ་སྲོལ་ཡོད། དཔེར་ན། གཅིག་གསུམ་མགྲོན་གྱི་གནམ་སྒོར་མགྲོན་བསུས་ན་གུད་པར་འགྱུར་བ་དང་། གཉིས་གསུམ་ཚོང་གི་གནམ་སྒོར་ཚོང་བྱས་ན་གོད་ཁ་འབྱུང་བ་དང་། གསུམ་གསུམ་བུ་ཆུང་གི་གནམ་སྒོར་བུ་ཆུང་བཙས་ན་བར་ཆད་དང་། བཞི་གསུམ་དམག་སྒོར་དམག་དྲངས་ན་དམག་ཉེས་དང་། ལྔ་གསུམ་གཉེན་སྒོར་གཉེན་བྱས་ན་འགྲས་པ་དང་། དྲུག་གསུམ་མཁར་གྱི་སྒོར་གྱོད་འོང་བ་དང་། བདུན་གསུམ་བག་མའི་སྒོར་བག་མ་བྱས་ན་ཡུགས་སར་འབབ་པ་དང་། བརྒྱད་གསུམ་དུར་སྒོ་དུར་བཏབ་ན་ངན་པ་དང་། དགུ་གསུམ་ཤིད་སྒོ་གཤིན་ལས་བྱས་ན་གྱོད་འོང་བ་དང་། ཟླ་རེའི་བོད་ཚེས ༢ ༨ ༡༤ ༢༠ ༢༦ བཅས་སྐར་མ་ཚུ་ཚགས་ལ་ཁེལ་ཚེ། རྟ་ཤི་ནོར་མེད་ཁ་མཆུ་འོང་བ་དང་། ཡང་། བོད་དབུས་གཙང་གི་ས་གནས་མང་ཆེ་བར་ལོ་ལྟར་བོད་ཟླ་བཅུ་གཅིག་པའི་ཚེས་དྲུག་གི་ཉིན་ཕྱེད་ནས་བདུན་གྱི་ཉིན་ཕྱེད་བར་ས་བདག་ངན་པ་དགུ་འཕྲད་པའི་དུས་ཚོད་ཡིན་པས། ངན་པ་དགུ་འཛོམས་ཟེར། ངན་པ་དགུ་འཛོམས་བརྩི་ཚུལ་ལ། ཁ་ཅིག ཚེ་ཐུང་བ། ནད་འོང་བ། མི་ཁས་ཉེན་པ། ནོར་ཟད་པ། དགྲ་སྡང་བ། འཇིགས་སྐྲག་འོང་བ། དོན་མི་འགྲུབ་པ། རྒྱལ་བོའི་བཀའ་ཆད་ཕོག་པ། བོར་སྟོར་བྱུང་བ་སྟེ་དགུ་ཟེར་ལ། ཉིན་དེར། རྒྱལ་བའི་བཀའ་མི་སྒྲོགས་པ་དང་། ཁ་སྨྲས་ལྒིང་གཞིའི་ཟས་མི་ཟ་བ། རྣམ་དཀར་གྱི་ལས་འཕར་མ་དང་། འཁྲུག་ལོང་མི་བྱེད་ཅིང་། ཁྱོད་ངན་པ་དགུ་འཛོམས་ཡིན་ན། ང་བཟང་བོ་བཅུ་འཛོམས་ཡིན་ཞེས། དེའི་ལྡོག་ཕྱོགས་དགའ་ཉེ་སྤུན་མཆེད་མགྲོན་འབོད་བཏང་སྟེ། ཐུགས་སྤྲོ་སྤྲོའི་གསོལ་སྟོན་གནང་བའི་དུས་སྟོན་ལ་རོལ་ལོ། །

བོད་ཀྱི་དུས་ཆེན་འགའ།

བོད་མི་རིགས་ལ་མཚོནའང་། མི་རིགས་གཞན་དག་བཞིན། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་འཚོ་གནས་དང་སྲོལ་རྒྱུན། ཆོས་ལུགས་སོགས་ཀྱི་འཕེལ་རིམ་ཁྲོད། དམ་པ་ལྷ་ཆོས་དང་། འཇིག་རྟེན་མི་ཆོས་གཉིས་ཀའི་དུས་ཆེན་ལ་རོལ་སྟངས་སྣ་ཚོགས་ཤིག་བྱུང་ཡོད་པ་ལས། གལ་ཆེ་བ་འགའ་གོང་དུ་བརྗོད་ཟིན་ལ། འདིར་དེ་དག་ལ་མ་འདུས་པ་ཆེ་ལོང་ཙམ་བརྗོད་ན།

བོད་ཟླ་དང་བོའི་ཚེས་གཅིག་ལ་མདོ་དབུས་ཁམས་གསུམ་གྱིས་ལོ་སར﹙ལི་ཐོ་བརྩི་ལུགས་མི་འདྲ﹚གྱི་དགའ་སྟོན་ལ་རོལ། དེ་ཡང་། ལུང་བ་རེ་ལ་ཆུ་རེ་དང་། ས་ཆ་རེ་ལ་དཔེ་རེ། ཞེས་པ་བཞིན། གཅིག་གྱུར་གྱི་ལོ་སར་ལུགས་ཤིག་བརྗོད་ཐབས་བྲལ་ཡང་། སྤྱི་བམ་པ་ནི། གྲོ་སོ་ཕྱེ་མར་སོགས་མཆོད་ཤོམ་སྤྲོ་ཞིང་། དཀར་གསུམ་མངར་གསུམ་དང་། ཤ་མར་ཐུད་གསུམ་སོགས་སྡེར་ཁ་བསྒྲིགས། སོ་སོར་འགྲོན་འབོད་བཏང་སྟེ། དགའ་སྟོན་སྣ་ཚོགས་སྤེལ་ནས། གླུ་ལེན་གར་རྩེད་དང་། ཞལ་ཟས་སྣ་ཚོགས་ལ་རོལ་བ་སྟེ། ཁ་དཔེར། ཟས་ཞིམ་པོ་རྒྱལ་ལོ་ཚེས་གཅིག་ཟ། །གོས་ཡག་པ་དྲུག་པའི་ཀླུ་རོལ་གོན་ཟེར་རོ། །

དབུས་གཙང་ལ་མཚོན་ན་བོད་ཟླ་བརྩི་གཞིར་བཟུང་སྟེ།

ཟླ་དང་བོའི་ཚེས་བཅོ་ལྔར་མཆོད་པ།

ཟླ་དང་བོའི་ཚེསབཅོ་བརྒྱད་ལ་ཐོག་མདའ།

ཟླ་དང་བོའི་ཚེས་ཉེར་གཉིས་ལ་ཀླུ་སྦུག་སྒར་སྒྲིག

ཟླ་དང་བོའི་ཚེས་ཉེར་གསུམ་ལ་གྲྭ་བཞི་རྩིས་བཤེར།

ཟླ་དང་བོའི་ཚེས་ཉེར་བཞི་ལ་སྨོན་ལམ་གཏོར་རྒྱག

ཟླ་དང་བོའི་ཚེས་ཉེར་ལྔར་ཇོ་བོ་རགས་གསོ།

ཟླ་དང་བོའི་ཉེར་ལྔ་ལ་བྱམས་པ་གདན་འདྲེན།

ཟླ་དང་བོའི་ཚེས་ཉེར་དྲུག་ལ་རྫོང་རྒྱབ་ཞར་འཕེན།

ཟླ་དང་བོའི་ཉེར་བདུན་ལ་གནམ་མདའ།

ཟླ་གཉིས་པའི་ཚེས་གསུམ་ལ་དགའ་ལྡན་སྒྲུབ་མཆོད།

ཟླ་གཉིས་པའི་ཚེས་བཅོ་བརྒྱད་ལ་ཚོགས་མཆོད་ཆེན་མོ།

ཟླ་གཉིས་པའི་ཚེས་ཉེར་དགུར་གླུད་གཏོང་།

ཟླ་གཉིས་པའི་ཚེས་སུམ་ཅུར་ཚོགས་མཆོད་སེར་སྦྲེང་།

ཟླ་གསུམ་པའི་ཚེས་བརྒྱད་ཉིན་བརྒྱད་གཏོར་མཛད་སྒོ།

ཟླ་བཞི་བའི་ཚེས་བཟང་གང་རུང་ཞིག་ལ་ཆིབས་བསྒྱུར་ཆེན་མོ།

ཟླ་བཞི་བའི་ཚེས་ཉེར་བཞི་ལ་བཞི་མཆོད།

ཟླ་བཞི་བའི་ཚེས་བཅོ་ལྔ་ལ་སྤོ་ཆུ་ལུང་དྲུག་དུས་ཆེན།

ཟླ་ལྔ་བའི་ཚེས་ལྔ་ལ་གོང་ས་མཆོག་གི་འཁྲུངས་སྐར་དུས་ཆེན།

ཟླ་དྲུག་པའི་ཚེས་བཅོ་ལྔར་དགའ་ལྡན་སིའུ་ཐང་།

ཡང་དྲུག་པའི་བཅོ་ལྔ་ལ་རྫ་ཁྲོམ་དུས་ཆེན།

ཟླ་བདུན་པའི་ཚེས་བརྒྱད་ལ་འབྲས་སྤུངས་ཀླུ་འབུམ།

ཟླ་བརྒྱད་པའི་ནང་གཟིམ་ཆུང་ཆབ་ཞུགས་དང་སྐར་མ་རི་ཥི།

ཟླ་བཅུ་བའི་ནང་དཔལ་ལྷའི་རི་ཁྲོད།

ཟླ་བཅུ་གཅིག་པའི་ཚེས་དྲུག་ལ་ངན་པ་དགུ་འཛོམས།

ཟླ་བཅུ་གཉིས་པའི་ཚེས་ཉེར་བདུན་ལ་སེར་བ་ཕུར་མཇལ།

ཟླ་བཅུ་གཉིས་པའི་ཚེས་ཉེར་དགུ་ལ་རྩེ་དགུ་གཏོར།

ཟླ་བཅུ་གཉིས་པའི་ཚེས་སུམ་ཅུ་ལ་ར་ཆེ་སྨོན་ལམ།

གོང་གསལ་དུས་ཆེན་འདི་དག་གི་ཚོགས་ཡུལ་དང་དགོས་པ། གསལ་བཤད་བཅས་ཞིབ་ཕྲ་ཤེས་འདོད་པ་དག་གིས་དུང་དཀར་ཚིག་མཛོད་ལས་ཀ་ཕྲེང་གི་གོ་རིམ་ལྟར་བཀོད་ཡོད་པ་དང་། ཀྲུང་གོའི་ལོ་རྒྱུས་རིག་གནས་གྲགས་ཅན་གྲོང་ཁྱེར་ལྷ་ས་ཞེས་པའི་ཤོག་གྲངས ༤༨༢ ནས ༥༢༠ བར་གཟིགས།

ཨ་མདོ་མཚོན་ན།

གསུམ་པའི་བཅོ་ལྔ་ལ་དུས་འཁོར་སྒྲུབ་ཆེན།

བཞི་བའི་ཚེས་བརྒྱད་ནས་བཞི་བའི་སྨྱུང་གནས།

བདུན་པའི་རིགས་གྲྭ་སོགས་དུས་ཆེན་གཏོང་སྲོལ་མང་དུ་ཡོད་ཀྱང་འདིར་དེ་ཙམ་གྱིས་འཐུས་པར་བྱའོ། །

དུས་ཆེན་ཁག་གི་དགེ་བའི་འགྱུར་ཁྱད།

མདོ་རྒྱ་ཆེར་རོལ་བ་ལས། བསོད་ནམས་རྣམ་སྨིན་བདེ་སྟེར་སྡུག་བསྔལ་ཐམས་ཅད་སེལ། །བསོད་ནམས་ལྡན་པའི་མི་ཡི་བསམ་པ་རྣམས་ཀྱང་འགྲུབ། །ཅེས་པ་ལྟར། རང་ཅག་མིའོ་ཅོག་ནི་བདེ་བ་འདོད་ཅིང་། སྡུག་བསྔལ་མི་འདོད་པ་གཞི་མཐུན་དུ་གྲུབ་པས། དེ་དོན་ཐོག་ཏུ་སྨིན་པ་ལ། བསོད་ནམས་བསགས་པ་ལ་རག་ལས། དེ་ཡང་། བསོད་ནམས་བསགས་པའི་ཐབས་ཚུལ་ཀྱི་རྟེན་འབྲེལ་འགྲིག་ན། འབད་པ་ཆུང་ངུའི་བསོད་ནམས་ཀྱིས་རླབས་ཆེན་གྱི་འབྲས་བུ་མངོན་དུ་མཛད་ཚུལ་མང་དུ་ཡོད། དེ་ཡང་། ཡོན་ཏན་གྱི་ཞིང་ས་དམ་པ་སངས་རྒྱས་བྱང་སེམས་དང་། དྲིན་ཆེ་བའི་ཞིང་ས་དམ་པ་ཕ་མ། ཉམ་ཐག་པའི་ཞིང་ས་དམ་པ་དབུལ་བོ་དང་ནད་པ་དང་། བསམ་པ་བྱང་ཆུབ་ཀྱི་སེམས། སྦྱོར་བ་ཁེངས་དྲེགས་དང་ཁྱད་གསོད་མེད་པར་གུས་ཞབས་དང་བཅས་ཏེ་རང་གི་ལག་བསྟར་ནས་བསྒྲུབས་པ། དུས་ཆེན་གྱི་ཁྱད་པར་ལ་ལྟོས་པ་སྟེ། དཔེར་ན། ཞིང་ས་གཤིན་པོ་ཞིག་ལ་དུས་སུ་སྨིན་ཚེ་ལུས་སེམས་གཉིས་ཆར་ནས་འབད་པ་ཆེན་པོས་ས་བོན་བཏབ་ན། གྲུབ་འབྲས་གཞན་ལས་ཁྱད་འཕགས་ཐོན་པ་ལྟ་བུ་ཡིན། དེ་བས་འདིར་དགེ་རྩ་གང་བྱས་དུས་འགྱུར་ལ་བརྟེན་ཏེ་ཕན་ཡོན་ཆེ་བ་བརྗོད་ན།

ཆུ་མགོ་གངས་དང་། ཆོས་རྒྱུན་སངས་རྒྱས་ལ་ཐུག ཅེས་པ་ལྟར། དུས་ཆེན་ལ་དགེ་རྩ་འགྱུར་ཁྱད་ཆེ་བ་འདི་གང་བྱུང་བྱུང་ལབ་པ་མ་ཡིན་པར་མདོ་རྒྱུད་དང་། སྐྱེས་ཆེན་དམ་པའི་བསྟན་བཅོས་ལས་གསུངས་ཡོད། དེ་ཡང་། མཁའ་འགྲོ་རྒྱ་མཚོ་ལས། ཚེས་བརྒྱད་དང་ནི་ཁྱད་པར་དུ། །བཅོ་ལྔ་དང་ནི་ཚེས་བཅུ་བཞིར། །གྲུབ་འདོད་རྣལ་འབྱོར་རྣམས་ཀྱིས་ནི། །འབད་པས་གཏོར་མ་སྦྱིན་པར་བྱ། །ཞེས་དང་། སྤྱི་རྒྱུད་ལས། ཉི་ཟླ་གཟའ་ཡིས་ཟིན་པ་དང་། །ཡ་མཚན་ཆེ་ལྟས་བྱུང་བ་དང་། །ཆོ་འཕྲུལ་གྱི་ནི་ཟླ་བ་ལ། །མཁས་པས་དཀྱིལ་འཁོར་འབྲི་བར་བྱ། །ཞེས་དང་། འདུལ་བ་མདོ་རྩ་ལས། དེ་ལ་དུས་སྟོན་བྱའོ། །བལྟམས་པ་དང་། གཙུག་ཕུད་དང་། དབུ་སྐྲ་དང་། བྱང་ཆུབ་པའི་དུས་སྟོན་ཀྱང་ངོ་། །གསུངས་པ་ལྟར། དཔེར་ན། སྟོན་པ་རབ་ཏུ་བྱུང་དུས་དབུ་སྐྲ་བསིལ་ཚེ་བརྒྱ་བྱིན་གྱིས་ལྷ་ཡུལ་དུ་འཁྱེར་ནས་དུས་སྟོན་བྱས་པ་དང་། ཡང་། སྟོན་པས་དཀའ་སྤྱད་གྲུབ་ནས་ཁ་ཟས་རགས་པ་གསོལ་བའི་ཡོལ་གོ་ཀླུའི་རྒྱལ་བོ་རྒྱ་མཚོས་མཆོད་རྟེན་དུ་འཁྱེར་སྐབས། བརྒྱ་བྱིན་མཁའ་ལྡིང་དུ་སྤྲུལ་ནས་འཕྲོག་སྟེ་སུམ་ཅུ་རྩ་གསུམ་དུ་འཁྱེར་ནས་ཡོལ་གོའི་དུས་སྟོན་བྱས་པ་དང་། པཎ་ཆེན་ཤཱཀྱ་ཤྲྀས། མངོན་བྱང་ཆུབ་དང་ཆོས་འཁོར་བསྐོར། །ལྷ་བབས་ཆོ་འཕྲུལ་ཆེན་པོ་སྟེ། །དད་ལྡན་བསོད་ནམས་གསོག་བྱེད་པའི། །ཁྱད་པར་ཅན་གྱི་དུས་ཆེན་ཡིན། ཞེས་པ་ལྟར། སྟོན་པ་མྱ་ངན་ལས་འདས་པའི་ཚེ། རྩྭ་ཅན་དང་། སྡིག་པ་ཅན་གྱི་གྱད། ཡུལ་རྟོག་པ་གཡོ་བ། རྒྱལ་བོ་མ་སྐྱེས་དགྲ་སོགས་ཀྱིས་སོ་སོའི་ཡུལ་དུ་དུས་མཆོད་བཙུགས་པ་སོགས་འདུལ་བ་རྒྱ་ཆེར་རོལ་བ་རྣམས་ལས་བཀའ་ཇི་སྙེད་ཅིག་བསྩལ་བ་ནི་དུས་ཆེན་གྱི་ཁུངས་དང་བྱུང་ཚུལ་ལོ། །

ཚུལ་འདི་ལ་དགོངས་ནས་བྱང་ཆུབ་ལམ་རིམ་ལས་ཀྱང་། དུས་རྒྱུན་པར་ནི་དེ་དག་ཅི་རིགས་པར་བྱ་ལ། དུས་བཟང་དང་དུས་ཆེན་གྱི་ཚེ་ན་རང་གི་ནུས་པ་དང་བསྟུན་པའི་མཆོད་པ་བཟང་བོ་རེ་བྱའོ། །གསུངས་སོ། །

བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱི་དུས་ཆེན་རྣམ་བཞི་ནི། ༡ བོད་ཟླ་དང་བོའི་ཚེས་གཅིག་ནས་བཅོ་ལྔ་བར་ཆོ་འཕྲུལ་བསྟན་པའི་དུས་ཆེན། ༢ བཞི་བའི་ཚེས་བདུན་ལ་སྐུ་བལྟམས་པའི་དུས་ཆེན། ༣ ཚེས་བཅོ་ལྔ་ཉིན་ལྷུམས་སུ་ཞུགས་པ་དང་། དེའི་སྐྱ་རེངས་འཆར་ཀར་སངས་རྒྱས་ཀྱི་གོ་འཕང་འཐོབ་པ། སྲོད་ཡོལ་ལ་མྱ་ངན་ལས་འདས་པ་སྟེ་དུས་ཆེན་སུམ་འཛོམས﹙ཡང་ན་བདུད་བཏུལ་བ། བྱང་ཆུབ་བརྙེས་པ། མྱ་ངན་ལས་འདས་པའོ། །﹚ཡིན། ༤ དྲུག་པའི་ཚེས་བཞི་ལ་བདེན་བཞིའི་ཆོས་འཁོར་བསྐོར་བའི་དུས། ༥ དགུ་བའི་ཚེས་བཅོ་ལྔ་ལ་ཞལ་གྱིས་བཞེས་པ་དང་། ཚེས་ཉེར་གཉིས་ལ་དངོས་སུ་ལྷ་ལས་བབས་པའི་དུས་ཆེན་ཡིན། དུས་ཆེན་འདི་དག་ལ་དགེ་བའི་འགྱུར་ཁྱད་ནི། འདུལ་བ་ལུང་རིགས་གཏེར་མཛོད་ལས། དེ་ལྟར་དུས་ཆེན་རྣམ་བཞི་ལ། །དགེ་བ་ཅུང་ཟད་བགྱིས་པ་རྣམས། །ས་ཡ་ཕྲག་བརྒྱའི་འགྱུར་དུ་གསུངས། །དེ་དག་ཞིབ་ཏུ་རྩིས་པ་ན། །ལྷག་བསམ་དག་པས་ནས་ཕུལ་གང་། །སྦྱིན་པ་བཏང་ན་ནས་ཕུལ་དེ། །ས་ཡ་ཕྲག་བརྒྱར་འགྱུར་བའི་ཕྱིར། །ནས་ཁལ་བརྒྱད་འབུམ་སུམ་ཁྲི་དང་། །སུམ་སྟོང་སུམ་བརྒྱ་སུམ་ཅུ་གསུམ། །བྲེ་དྲུག་ཕུལ་བཞིའི་འབྲས་བུ་ནི། །འབྱུང་བ་རྒྱལ་བ་ཉིད་ཀྱིས་གསུངས། །གསུངས་པ་དང་།

དེ་ལས་གཞན། སའི་སྙིང་བོས་ཞུས་པའི་མདོ་ལས། ཚེས་གཅིག་དང་། བརྒྱད། བཅུ་བཞི། བཅོ་ལྔ། ཉེར་གཅིག ཉེར་གསུམ། ཉེར་བཞི། ཉེར་བརྒྱད། ཉེར་དགུ། གནམ་སྟོང་བཅས་དུས་བཅུ་བོ་ལ་ལྷ་དང་གཤིན་རྗེ་འཁོར་བཅས་འཇིག་རྟེན་ན་ཉུལ་དུ་མཆི་བས། གོང་གི་ཚེས་གྲངས་དང་མཐུན་པར་རིམ་བཞིན་སངས་རྒྱས་ཏིང་འཛིན་འོད་ཀྱི་རྒྱལ་བོ། སྨན་བླ། སངས་རྒྱས་སྟོང་རྩ་གཉིས། སྣང་བ་མཐའ་ཡས། སྤྱན་རས་གཟིགས། རྣམ་པར་སྣང་མཛད། སའི་སྙིང་བོ། སྣང་བ་མཐའ་ཡས། སྨན་བླ། སངས་རྒྱས་ཤཱཀྱ་ཐུབ་པ་བཅས་ཀྱི་དུས་ཆེན་ཡིན་པས་དེའི་ཉིན་སངས་རྒྱས་སོ་སོའི་མཚན་ནས་བརྗོད་པ་དང་། ཕྱག་འཚལ་བ་སོགས་བྱས་ན་སྡིག་པ་བྱང་ཞིང་དགེ་བ་གང་བྱས་འགྱུར་ཁྱད་བསམ་གྱིས་མི་ཁྱབ་པ་ཡོད་པར་གསུངས།

ཡང་། དུས་ཆེན་དྲུག་ནི། བཅོ་ལྔ། གནམ་གང། ཚེས་བརྒྱད། ཉེར་དགུ། ཡར་ངོའི་ཚེས་བཅུ། མར་ངོའི་ཉེར་ལྔ་དང་།

ཡང་། དུས་བཟང་བཞི་ནི། ཟླ་བ་བྱུང་ངོ་ཅོག་གི་ཚེས་བརྒྱད་སྨན་བླའི་དུས་ཆེན། ཚེས་བཅུ་མཁའ་འགྲོའི་དུས་ཆེན། ཚེས་བཅོ་ལྔ་སངས་རྒྱས་དུས་ཆེན། གནམ་གང་སངས་རྒྱས་འོད་དཔག་མེད་ཀྱི་དུས་ཆེན་ནོ། །

ཡང་། ཉ་སྟོང་བརྒྱད་གསུམ་ལ་དུས་བཟང་གསུམ་དུ་གྲགས་ཆེ་བ་དང་།

ཡང་། དབྱར་དགུན་གྱི་ཉི་ལྡོག་སྐབས་དགེ་སྡིག་གང་བྱས་བྱེ་བ་འབུམ་འགྱུར་དང་། ཉི་ཟླ་གཟའ་འཛིན་སྐབས་ཀྱང་དགེ་སྡིག་གང་བྱས་ཀྱི་འགྱུར་ཁྱད་ནི། ཉི་འཛིན་སྐབས་དགེ་བ་འབུམ་འགྱུར་དང་། ཟླ་འཛིན་སྐབས་བྱེ་བ་བདུན་འགྱུར་ཏེ། དུས་ཆེན་བཞི་དང་གཟའ་འཛིན་འཛོམས་ཚེ་དེ་བས་ཀྱང་བསོད་ནམས་ཁྱད་པར་དུ་འཕགས་པར་གསུངས་སོ། །

གཞན་ཡང་། འཕགས་བོད་མཁས་གྲུབ་དག་དང་། ཆོས་སྡེ་འདེབས་མཁན། རང་གི་ཆོས་འབྲེལ་དངོས་འཐོབ་ཀྱི་བླ་མ་སྐུ་བལྟམས་པ། མཛད་ཆེན་སྐྱོང་བ་སོགས་དུས་ཆེན་ཁག་ཉེ་བར་བཟུང་ནས་སྒྲུབ་ཅིང་མཆོད་པ་སོགས་ཚོགས་རླབས་ཆེན་སྒྲུབ་ན་དགེ་བ་འགྱུར་ཁྱད་ཆེ་སྟེ། དུས་འཁོར་རྩ་རྒྱུད་ལས། དེ་བཞིན་མོས་གུས་ལྡན་པའི་སློབ་མ་ཡིས། །བླ་མ་འདས་ནས་གདུང་བས་མཆོད་བྱས་ན། །ཐུགས་ཀྱི་དགོངས་པ་གོང་དུ་ཡོངས་རྫོགས་ཤིང་། །སློབ་མས་བླ་མའི་རྣམ་ཐར་སྙོགས་པར་འགྱུར། །བླ་མ་འདས་པའི་ལོ་ཟླ་ཚེས་གྲངས་ནས། །ངེས་པར་བཟུང་སྟེ་མཆོད་པ་བྱས་གྱུར་ན། །བསྐལ་བ་བྱེ་བར་བསགས་པའི་སྡིག་བཅོམ་ནས། །ཤིན་ཏུ་མི་ཟད་གཤིན་རྗེ་གྲོང་ལས་ཐར། །སྟོང་གསུམ་སྐྱེ་བོ་མིག་བྲལ་སྲོག་ཉམས་ལ། །མིག་སྲོག་བྱིན་ཀྱང་དེ་ཡིས་དཔེར་མི་ཕོད། །དེ་སྙེད་སྐྱེ་བོས་དགྲ་བཅོམ་ལ་བཀོད་ནས། །བསྐལ་བར་མཆོད་པའི་དགེ་བས་དཔེར་མི་ཕོད། །བསྐལ་བ་གྲངས་མེད་བསགས་པའི་སྒྲིབ་པ་ཡང་། །མུན་ལ་ཉི་མ་ཇི་བཞིན་མ་ལུས་སེལ། །ཞེས་དང་། བླ་མ་ཉག་གཅིག་མཉེས་བྱས་ན། །བསྐལ་བ་བྱེ་བ་ཐེར་འབུམ་དུ། །བྱས་དང་བྱས་ཀུན་ཡི་རང་བའི། །སྡིག་ཆེན་བཅོམ་ནས་སངས་རྒྱས་འགྱུར། །ཞེས་དང་། བླ་མ་འཕགས་ཚུལ་ཡང་། ས་སྐྱ་པཎྚི་ཏས། ཉི་མའི་འོད་ཟེར་རབ་ཚ་ཡང་། །མེ་ཤེལ་མེད་པར་མེ་མི་འབྱུང་། །དེ་བཞིན་སངས་རྒྱས་འཕྲིན་ལས་ཀྱང་། །བླ་མ་མེད་པར་འབྱུང་མི་འགྱུར། །ཞེས་པས་རྟོགས་ནུས་སོ། །

གཞན་ཡང་། ཨ་ཀྱཱ་ཡོངས་འཛིན་བློ་བཟང་དོན་འགྲུབ་ཀྱིས། ས་ལུག་ས་གའི་བཅོ་ལྔ་ལ། །སྒྱུ་འཕྲུལ་ལྷ་མོའི་ལྷུམས་སུ་ཞུགས། །ཆུ་སྟོད་བཤོལ་བཅས་ལྕགས་སྤྲེལ་གྱི། །མཆུ་ཟླའི་ཡར་ཚེས་བཅོ་ལྔར་བལྟམས། །ཉི་ཤུ་རྩ་དགུ་ཁབ་ཏུ་བཞུགས། །ས་བྱའི་ས་གའི་ཚེས་བརྒྱད་ལ། །ཁབ་ཏུ་བྱུང་སྟེ་རབ་བྱུང་མཛད། །ལོ་དྲུག་དཀའ་བ་སྤྱད་པ་ན། །ཤིང་ཕོ་རྟ་ཡི་ས་གའི་ཚེས། །བཅོ་ལྔའི་ཐོ་རངས་རྫོགས་སངས་རྒྱས། །བདུན་ཕྲག་བདུན་མཐར་ཆུ་སྟོད་ཀྱི། །ཡར་ཚེས་བཞི་ལ་ཆོས་འཁོར་བསྐོར། །ཞེ་དྲུག་གདུལ་བྱའི་དོན་མཛད་ནས། །གྱ་གཅིག་བཞེས་ཚེ་ལྕགས་འབྲུག་གི། ས་གའི་ཉ་ལ་མྱ་ངན་འདས། །དེས་ན་ངོ་མཚར་མཛད་པ་ཡི། །དུས་ཆེན་རྣམས་ནི་འདི་ལྟ་སྟེ། །གཉིས་པའི་ཡར་ངོ་ཆོ་འཕྲུལ་ཆེ། །བཞི་བའི་བཅོ་ལྔ་རྫོགས་སངས་རྒྱས། །དྲུག་པའི་བཞི་ལ་ཆོས་འཁོར་བསྐོར། །དགུ་བའི་ཉེར་གཉིས་ལྷ་ལས་བབས། །ཡོངས་གྲགས་དུས་ཆེན་རྣམ་པ་བཞི། །ས་གའི་ཡར་ཚེས་བཅོ་ལྔ་ལ། །ལྷུམས་ཞུགས་མངོན་པར་བྱང་ཆུབ་དང་། །མྱ་ངན་འདས་པའི་མཛད་པ་སྟེ། །རྣམ་གསུམ་འཛོམས་པའི་དུས་ཆེན་ཡིན། །མཆུ་ཟླའི་དཀར་ཚེས་བཅོ་ལྔ་ལ། །ལུམ་བིའི་ཚལ་དུ་སྐུ་བལྟམས་དུས། །ས་གའི་ཡར་ངོའི་ཚེས་བརྒྱད་ལ། །རབ་ཏུ་བྱུང་བའི་དུས་ཆེན་ཡིན། །ཞེས་གསུངས་སོ། །

དུས་ཆེན་དེ་དག་སངས་རྒྱས་བཅོམ་ལྡན་འདས་ཁོང་རང་ཉིད་ཀྱིས་བྱིན་གྱིས་བརླབས་པའི་དུས་ཁྱད་པར་ཅན་ཡིན་སྟབས། དགེ་བ་གང་བྱས་ཐམས་ཅད་ཕན་ཡོན་ཆེ་ལ། དུས་བཟང་དུ་དགེ་བ་འཕེལ་འགྱུར་ཆེ་བ་དེ་བཞིན་དུ་སྡིག་པ་བྱས་ནའང་ཉེས་པ་ལྷག་པར་ཆེ་བས་གང་ཐུབ་ཀྱིས་མི་དགེ་བའི་ལས་ལ་འཛེམ་དགོས་སོ། །

གཞན་ཡང་། ཚོགས་ཀྱིས་འགྱུར་སྟོབས་ནི། སྒྲུབ་པ་པོ་བརྒྱ་རྩ་ལྷན་ཅིག་ཏུ་འདུས་ཏེ་སྒྲུབ་ན། སྒྲུབ་པ་པོའི་གྲངས་སྙེད་ཀྱི་དགེ་རྩ་རེ་རེ་ལ་འཐོབ་པར་གསུངས་པ་དང་།

སྔགས་ཀྱིས་འགྱུར་སྟོབས་ནི། ཨོཾ་སྨྲ་ར་སྨྲ་ར་བི་མ་ན་སྐ་ར་མ་ཧཱ་ཛ་བ་ཧཱུཾ། སྔགས་འདི་ལན་བདུན་བརྗོད་པས་ཉིན་ཞག་གཅིག་གི་དགེ་བ་གང་བྱས་སྟོང་འཕེལ་ལོ། །

ཨོཾ་སམྦྷ་ར་སམྦྷ་ར་བི་མ་ན་སཱ་ར་མ་ཧཱ་ཛ་ཝ་ཧཱུཾ། སྔགས་འདི་ཚར་གཅིག་བརྗོད་པས་སྔགས་གང་བཟླས་པ་དེ་བརྒྱ་སྟོང་དུ་འགྱུར་རོ། །

ཨོཾ་སྨྲ་ར་སྨྲ་ར་བི་མ་ན་སཱ་ར་མ་ཧཱ་ཛམྦྷ་ཡེ་སྭཱ་ཧཱ། སྔགས་འདི་ལན་བདུན་བརྗོད་པས་དགེ་བ་གང་བྱས་འབུམ་འགྱུར་རོ། །

བྷ་ར་སོ་བྷ་ར་བྷི་མ་ན་ས་ར་མ་ཧཱ་ཛམྦྷ་ཧཱུཾ་ཕཊ། སྔགས་འདི་ལན་གཅིག་བརྗོད་པས་དགེ་བ་གང་བྱས་འབུམ་འགྱུར་རོ། །

ཨོཾ་དྷ་རེ་དྷ་རེ་བྷནྦྷ་རེ་སྭཱ་ཧཱ། སྔགས་འདི་ལན་གཅིག་བརྗོད་པས་དགེ་བ་གང་བྱས་གྲངས་མེད་དོ། །

ཨོཾ་གྷ་དྷ་ར་བི་དྷ་ར་སྭཱ་ཧཱ། རཏྣ་ཤ་ཁོ་ན་ཏ་ཐཱ་ག་ཏཱ་ཡ་ཨ་པྲ་ཏི་ཧ་ཏ་ཤཱ་ས་ན་ནཾ། ཨོཾ་ཁ་ཁ། ཧཱུཾ་ཧཱུཾ། ཛྭ་ལ་ཛྭ་ལ། ཏིཥྠ་ཏིཥྠ། ཕཊ་ཕཊ་སྭ་ཧཱ། སྔགས་འདི་བཏོན་པས་འདོན་པ་འབུམ་འགྱུར་དུ་འགྲོ་བར་བསྔོ་བ་འཁོར་ལོའི་མདོ་ལས་གསུངས་སོ། །

ཨོཾ་སམྦྷ་ར་སམྦྷ་ར་བི་མ་ན་ས་ར་མ་ཧཱ་ཛ་བ་ཧཱུཾ། ཨོཾ་སྨྲ་ར་སྨ་ར་བི་མ་ན་སྐ་ར་མ་ཧཱ་ཛ་བ་ཧཱུཾ། སྔགས་འདི་ལན་བདུན་བཟླས་ན་དགེ་སྦྱོར་འབུམ་འགྱུར་དུ་འགྲོ་བར་ཡོངས་སུ་བསྔོ་བའི་འཁོར་ལོའི་མདོ་ལས་གསུངས་སོ། །

ཨོཾ་རུ་ཙི་ར་མ་ཎི་པྲ་ཝརྟ་ཡ་ཧཱུཾ། སྔགས་འདི་ལན་བདུན་བཟླས་ནས་ཕྲེང་བ་ལ་ཕུ་བཏབ་ན་དེ་བཞིན་གཤེགས་པའི་གསུངས་པའི་གསང་སྔགས་ཐམས་ཅད་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་བཟླས་པར་འགྱུར་བ་ནོར་བུ་རྒྱས་པའི་གཞལ་མེད་ཁང་ལས་གསུངས་སོ། །

ཨོཾ་དྷུ་རུ་དྷུ་རུ་ཛ་ཡ་མུ་ཥེ་ཡེ་སྭཱ་ཧཱ། ཡང་ན། ཨོཾ་མ་ཎི་པདྨེ་ན་ར་དྷ་ཤ་ཧཱུཾ་སོགས་འགྱུར་སྔགས་ལ་བརྟེན་ཏེ་དགེ་རྩ་དུང་ཕྱུར་མང་བོ་འཕེལ་བ་དང་།

ཨོཾ་ན་མོ་མཛྙྲ་ཤྲཱི་ཡེ། ན་མ་སཱུ་ཤྲཱི་ཡེ། ན་མ་ཨུཏྟ་མ་ཤྲཱི་ཡེ་སྭཱ་ཧཱ། སྔགས་འདི་ལན་རེ་བརྗོད་ཅིང་རྐྱང་ཕྱག་ལན་གསུམ་འཚལ་ན། སྡེ་སྣོད་གསུམ་ལ་ཐོས་བསམ་སྒོམ་གསུམ་བྱས་པའི་བསོད་ནམས་འཐོབ་ཅིང་། ཉིན་རེ་རེ་བཞིན་དེ་ལྟར་བྱས་ན། ཚེ་འདི་ལ་མཐོང་ལམ་དང་། ནད་དང་གནོད་པས་མི་ཚུགས་ཤིང་ཕྱག་རེ་རེ་ཡང་སྟོང་འགྱུར་དུ་འགྲོ་བ་སོགས་ཕན་ཡོན་མཐའ་ཡས་པར་གསུངས་སོ། །

གཞན་ཡང་། གཟུངས་སྔགས་དུམ་རེ་བཏོན་པས་པོ་ཏི་མང་བོ་ཀློག་པའི་བྱིན་རླབས་འདྲ་བ་དང་། བསྐལ་བ་གྲངས་མེད་ཀྱི་སྡིག་པ་འབྱང་བ། མངོན་རྟོགས་ཁྱད་པར་ཅན་འཁྲུངས་པ་སོགས་ནང་བསྟན་ལྷ་ཚོགས་ཆེན་མོའི་ལས﹙ཤོག་གྲངས་༡༢༡༤༦ ནས ༡༢༦ བར﹚གཟུངས་སྔགས་བྱིན་ཅན་མང་བོ་གསུངས་ཡོད་དོ། །

ཏིང་འཛིན་གྱི་འགྱུར་སྟོབས་ནི། སྤྱིར་བཟླས་བརྗོད་གང་ཡིན་ངག་བཀྱལ་དང་མ་འདྲེས་ན་ཕན་ཡོན་ཆེ་ཞིང་། ལྷག་པར་དུ་ཏིང་འཛིན་གྱི་འགྱུར་སྟོབས་ནི། ཇི་སྐད་དུ། དག་དང་མ་དག་བརྒྱ་འགྱུར་ལ། །སྨྲ་བ་བཅད་ན་སྟོང་འགྱུར་ཡིན། །ཏིང་འཛིན་ཡོད་ན་འབུམ་འགྱུར་ཡིན། །ཞེས་པ་ལྟར། ཏིང་འཛིན་ལའང་སྤྲོས་བཅས་སྤྲོས་མེད་ཀྱི་ཚུལ་དུ་མ་ཞིག་ཡོད་པ་ལས། མདོར་ན་ལྷ་གང་ཡིན་གྱི་བསྐྱེད་རིམ་ཐུགས་སྲོག་ས་བོན་ལ་སྔགས་ཕྲེང་བསྐོར་བའི་འོད་ཟེར་གྱིས་རྒྱལ་བ་མཆོད་ཅིང་སེམས་ཅན་གྱི་དོན་བྱེད་པའི་སྤྲོ་བསྡུའི་དམིགས་གནད་དང་། སྣང་གྲགས་ལྷ་སྔགས་ཆོས་ཉིད་ཀྱི་འཁོར་ལོར་བཟླ་བ་གནད་ཀྱི་སྙིང་བོར་བཟུང་བས། གྲངས་མེད་དཔག་ཏུ་མེད་པར་འགྱུར་བ་རྡོ་རྗེ་ཐེག་པའི་ཁྱད་ཆོས་སོ། །

ལེའུ་བཅུ་གཉིས་པ། བཟོ་རིག་གི་སྐོར།

ལྷའི་དཀྱིལ་འཁོར།

ཤེས་བྱ་ཀུན་ཁྱབ་ལས། དོན་གཉེར་རྗེས་འཛིན་བཟོ་རིག་མཐའ་ཡས་ཀྱང་། །སྒོ་གསུམ་བཟོ་ལ་ཤེས་བྱ་ཀུན་ཀྱང་འདུ། །ཞེས་པ་ལྟར། བཟོ་རིག་ལ་ལུས་བཟོ། ཡིད་བཟོ། ངག་བཟོ་གསུམ་དུ་ཡོད་ལ། དེ་ཡང་ལུས་བཟོ་ནི་བྲིས་སོགས་ལག་པས་བཅོས་པའི་བཟོ་རིག་དང་། ངག་བཟོ་ནི་བཀའ་བསྟན་དང་། མིང་ཚིག་ཡི་གེའི་བརྗོད་པ་གདངས་དབྱངས་སུ་གྱེར་བ་ཐམས་ཅད་དང་། ཡིད་བཟོ་ནི་ཐོས་བསམ་སྒོམ་གསུམ་དང་ས་བཅུ་ལམ་ལྔའི་རྣམ་བཞག་ཡོད་ཚད་དོ། །འདིར་བཤད་པ་ནི་བྲིས་འབུར་སོགས་ཀྱི་ལུས་བཟོའོ། །

སྐབས་སུ་བབ་པ་དཀྱིལ་འཁོར་ཞེས་པ་ལྷ་གཙོ་འཁོར་རྟེན་དང་བརྟེན་པའི་བཀོད་པ་སྟེ། རྒྱལ་བ་རྡོ་རྗེ་འཆང་གིས་གདུལ་བྱ་དང་འཚམ་པར་རྒྱུད་དེ་དང་དེ་གསུང་སྐབས། ལྷ་དེ་དང་དེའི་དཀྱིལ་འཁོར་གྱི་བཀོད་པ་དངོས་སུ་སྤྲུལ་ཏེ་དབང་སྐུར་ཞིང་རྒྱུད་བསྟན་པ་དེ་ལ་ཟེར་ཏེ། བཀོད་པ་ལྷའི་འཁོར་ལོ་མ་ལུས་པ་རྫོགས་པར་སྣང་བ་ནི་དཀྱིལ་འཁོར་གྱི་ངོ་བོར་གསུངས། སྤྱིར་དཀྱིལ་འཁོར་གྱི་རྣམ་བཞག་ནི། ས་ཐོབ་འཕགས་པ་ཁོ་ནའི་སྤྱོད་ཡུལ་ཏེ། སོ་སྐྱེས་རྣམས་ཀྱིས་བློ་ཡུལ་ལས་འདས་པས། དེའི་རྣམ་བཞག་ནི་འདི་ཙམ་ཞེས་འཇོག་དཀའ་བ་ཞིག་ཡིན་ཡང་། ལོགས་པར་མི་སྒྲུབ་པའི་ཕྱིར། སམྦུ་ཊི་ལས། བཅོས་མ་ཕྱིའི་དཀྱིལ་འཁོར་དང་། གྲུབ་པ་ནང་གི་དཀྱིལ་འཁོར་གཉིས་སུ་གསུངས་པ་དང་། མངོན་བརྗོད་བླ་མ་ལས། ཡི་གེའི་དཀྱིལ་འཁོར་དང་བོ་སྟེ། །གཉིས་པ་མཚན་མའི་དཀྱིལ་འཁོར་ཡིན། །ལས་ཀྱི་ཕྱག་རྒྱ་གསུམ་པ་སྟེ། །གཟུགས་བརྙན་འགོད་པ་བཞི་བའོ། །མེ་ཏོག་བཀྲམས་པ་ལྔ་བ་སྟེ། །དྲུག་པ་ཚོགས་ཀྱི་དཀྱིལ་འཁོར་རོ། །དཀྱིལ་འཁོར་འདི་དག་བྲིས་ནས་ནི། །རྟག་ཏུ་སྒྲུབ་ཞིང་མཆོད་པར་བྱ། །ཞེས་དྲུག་ཏུ་བཤད་པ་དང་། ཡང་། འདུས་པ་ཆེན་པོའི་མདོ་ལྟར་ན། རང་བཞིན་དང། ཏིང་འཛིན། གཟུགས་བརྙན་དང་ཚོགས་དཀྱིལ་གྱི་དཀྱིལ་འཁོར་བཞི་སྟེ། རང་བཞིན་གྱི་དཀྱིལ་འཁོར་ནི། དབྱིངས་སྤྲོས་བྲལ་ཀྱི་ཡེ་ཤེས་ཇི་བཞིན་པའི་དཀྱིལ་འཁོར་དང་། ཏིང་འཛིན་དཀྱིལ་འཁོར་ནི། རང་བཞིན་དཀྱིལ་འཁོར་དང་རྗེས་སུ་མཐུན་པར་སྒོམ་པ་ཞིག་ཡིན། གཟུགས་བརྙན་དཀྱིལ་འཁོར་ནི། རས་སམ་གྲོ་ག ཡང་ན། ཤིང་ཤུན་དང་ཏ་ལའི་ལོ་མ། དུར་ཁྲོད་ཀྱི་རུས་པ་སོགས་ལ་ཕྱག་རྒྱའི་གཟུགས་སུ་བྲིས་པ་ཞིག་ཡིན། ཚོགས་ཀྱི་དཀྱིལ་འཁོར་ནི། ཞི་ཁྲོའི་ལྷ་ཚོགས་ཚོམ་བུའི་དཀྱིལ་འཁོར་རྣམས་ཡིན་ནོ། །ཡང་། འགའ་ཞིག་གིས། རས་བྲིས། རྡུལ་ཚོན། བསམ་གཏན། ལུས་དཀྱིལ། བྷ་ག་ཀུན་རྫོབ། བྱང་སེམས། དོན་དམ་བྱང་སེམས་ཀྱི་དཀྱིལ་འཁོར་སྟེ་བདུན་དུ་བཤད་པ་སོགས་གསུངས་ཚུལ་གཞན་ཡང་མང་།

༡ དཀྱིལ་འཁོར་གྱི་རྣམ་གྲངས། རྡོ་ཕྲེང་ནས་བཤད་པའི་དཀྱིལ་འཁོར་ཞེ་གཉིས། མི་ཏྲ་ཛོ་ཀི་ནས་བརྒྱུད་པའི་མི་ཏྲའི་དཀྱིལ་འཁོར་བརྒྱ་དང་བརྒྱད། དཀྱིལ་ཆོག་ནོར་ཕྲེང་ནས་བཤད་པའི་ཟུར་བཀའི་དཀྱིལ་འཁོར་མི་འདྲ་བ་རེ་དྲུག་དང་། གཞན་ཡང་། ཞང་ཀུན་དགའ་དོན་འགྲུབ་ཀྱིས་རྣལ་འབྱོར་རྒྱུད་ཀྱི་གཞལ་ཡས་ཁང་བཞེངས་སྐབས། བུ་སྟོན་གྱིས་ཐུགས་བཀོད་མཛད་དེ། རྩ་རྒྱུད་ཀྱི་དཀྱིལ་འཁོར་ཉིས་བརྒྱ་བཅུ་གསུམ། བཤད་རྒྱུད་ཀྱི་དཀྱིལ་འཁོར་བརྒྱ་ཉེར་དགུ། དཔལ་མཆོག་གི་དཀྱིལ་འཁོར་བརྒྱད་ཅུ་རྩ་བཞི། སྦྱོང་རྒྱུད་ཀྱི་དཀྱིལ་འཁོར་བཅུ་གཉིས། རྡོ་རྗེ་སྙིང་རྒྱན་གྱི་དཀྱིལ་འཁོར་སོ་བདུན། ཆོས་དབྱིངས་གསུང་གི་དབང་ཕྱུག་གི་དཀྱིལ་འཁོར་ཉེར་བཞི་དང་། གཙུག་ལག་དགུ་ལ་སོགས་ཀྱི་ལྷ་འབུམ་མཛད་པ་དང་། ཡང་། བུ་སྟོན་དཔོན་ཆེན་རྒྱལ་བཟང་གི་ཕྱོགས་སུ་གདན་དྲངས་ཏེ། ཕྱག་རྡོར་དབང་བསྐུར་བའི་དཀྱིལ་འཁོར་བཞི་སོགས་བཞེངས་པ་ནི་བུ་སྟོན་རྣམ་ཐར་ན་གསལ། དེ་ལས་ཕལ་ཆེ་བ་ནི་སློབ་དཔོན་མཚན་ཉིད་དང་ལྡན་པས་དབང་མ་འཐོབ་ན་བཤད་དུ་མི་རུང་བ་དང་། རི་མོའི་ལམ་དུ་བཤད་དུ་རུང་བ་འང་མ་ཡིན་ནོ། །དཀྱིལ་འཁོར་གྱི་རྣམ་བཞག་ལ་བརྟེན་ནས། ཚོགས་གཉིས་སྒྲུབ་ཚུལ་གྱི་མན་ངག་ཞིབ་པར་རྒྱུད་སྡེ་སོ་སོ་ནས་བསྟན་ཡོད། དཀྱིལ་འཁོར་འདི་རང་རེའི་བོད་དུ་དར་ཚུལ་ནི། བོད་རྒྱལ་སོ་གཉིས་པ་ཆོས་རྒྱལ་སྲོང་བཙན་གྱི་དུས་སུ། ར་ས་གཙུག་ལག་ཁང་དུ་འཇམ་དཔལ་དྲག་པོའི་དཀྱིལ་འཁོར་དང་། ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་སོགས་བྲིས་བཞེངས་མཛད་པ་དང་། ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་གསང་སྔགས་ཀྱི་དཀྱིལ་འཁོར་ཆ་ཚང་བཞེངས་པར་མ་ཟད། དེའི་ནང་སློབ་དཔོན་གྱིས་ཕྱག་བྲིས་མཛད་པའང་ཡོད། ཁྱད་པར་དུ་ཕོ་བྲང་པོ་ཏ་ལ་ནི། ཕྱི་རྒྱལ་བའི་ཕོ་བྲང་གི་རྣམ་པ་དང་། ནང་གཙུག་ལག་ཁང་དང་། གསང་བ་བླ་མེད་ཀྱི་དཀྱིལ་འཁོར་གྱི་རྣམ་པར་བཞེངས། དེ་ནས་ས་ཆེན་གོང་མ་ན་རིམ་དང་། བུ་སྟོན་གྱིས་དཀྱིལ་འཁོར་བཞེངས་པ་དང་། ནང་དགོས་སུ། རྗེ་བདག་ཉིད་ཆེན་པོས་བདེ་གསང་འཇིགས་གསུམ་སོགས་ཀྱི་དཀྱིལ་འཁོར་དང་། བློས་བསླངས། བརྒྱུད་ལྡན་བླ་མ་དམ་པའི་ཕྱག་བཞེས་བཞིན་བཞེངས་པ་སོགས་རིམ་གྱིས་དར་བའོ། །

དེ་ཡང་སྔ་སོར་རིན་པོ་ཆེ་དང་། གསེར་དངུལ། ཟངས། མུ་ཏིག ཙན་དན། སའི་རྒྱུ་སྣ་ཚོགས་ཀྱིས་བཞེངས་པ་ཡོད་དེ། དགའ་ལྡན་སྒྲུབ་མཆོད་དུ་གསེར་ཟངས་ལས་གྲུབ་པའི་གསང་འདུས་བློས་བསླངས་ཀྱི་དཀྱིལ་འཁོར་སོགས་དང་། ཀ་ཐོགཿརྡོར་གདན་དུ་སྔོན་གཞི་ཙན་དན་ལ་བ་སོ་རྐོ་དཀྲོལ་ཅན་གྱི་ཟངས་མདོག་དཔའ་རིའི་བློས་བསླངས་དཀྱིལ་འཁོར། པོ་ཏ་ལར་བཙུན་མོ་ཚི་ཤིས་རྒྱལ་དབང་བཅུ་གསུམ་པར་ཕུལ་བའི་མུ་ཏིག་གི་དཀྱིལ་འཁོར། འབྲི་གུང་དུ་རྒྱུ་གསེར་དངུལ་ལས་གྲུབ་པའི་བློས་བསླངས་སོགས་མང་ཡང་། ཕལ་ཆེར་དུས་དབང་གིས་འཇིག་པ་ཡིན། དེ་ཡང་། བློས་བསླངས་ཞེས་པ་བློ་ངོར་སྒོམ་དོན་གྱི་དཀྱིལ་འཁོར་ཏེ། གཟུགས་སུ་བསླངས་པ་དང་། རྡུལ་ཚོན་རིན་ཆེན་བྱེ་མ་སོགས་གང་རུང་གིས་འབུར་ཐོན་དུ་བཀོད་པ་སྟེ། རྡུལ་ཚོན་གྱི་རྒྱུ་ནི། འབྱོར་བ་ཆེ་ཆུང་ལ་བརྟེན་ནས། རབ་རིན་ཆེན་རིགས་ཀྱི་ཕྱེ་མ། འབྲིང་འབྲས་དང་འབྲུ་སྣའི་ཕྱེ་མ། ཐ་མ་མེ་ཏོག་གི་ཕྱེ་མ་དང་ཁམ་ས། བླ་མེད་ལ་དུར་ཁྲོད་ཀྱི་སོལ་བ་དང་། རུས་ཕྱེ་སོགས་ལས་ཀྱང་འབྲི། དེང་སང་ཅོང་ཞི་སྒྲུག་པའི་རྡུལ་ཚོན་འདི་དར་ཁྱབ་ཆེ་ལ། དེ་ཡང་ཅུང་ཞིའི་ཕྱེ་མ་འདི་ཁ་དོག་མི་འགྱུར་བ་དང། སྨན་རྫས་ཁྱད་པར་བ་ཞིག་དང་། མི་རུལ་བ། འབུ་སོགས་ཀྱིས་མི་གནོད་པས་མཆོག་ཏུ་བཤད་དོ། །

རས་བྲིས་ནི། རབ་རིན་ཆེན་གྱི་ཁུ་བས་བྲིས་པ་དང་། ཕལ་བ་ཚོན་དང་སྣག་ཚའི་བར་རོ། །ཀུན་ཀྱང་དཀྱིལ་འཁོར་དངོས་ཀྱི་དོད་ཐུབ་སྟེ། དེ་ཡང་དཀྱིལ་འཁོར་གྱི་ལྷ་ཚོགས་དང་། ས་བོན་ཕྱག་མཚན་སོགས་ཚོམ་བུར་བཀོད་དེ་བཞག་པའོ། །

༢ དཀྱིལ་འཁོར་གྱི་ཚད། སྤྱིར་དཀྱིལ་འཁོར་གྱི་ཆེ་ཆུང་གི་ཚད་ལ། ཇི་སྐད་དུ། རིག་འཛིན་བྱེ་བའི་འབྱུང་གནས་ལས། །དང་པོ་ཚད་ལ་ལྷ་དང་སྦྱིན་བདག་གི ། སྒོ་ནས་བཞག་པ་གཉིས་ཏེ་ཚད་མ་ངེས། །ཁྲུ་གང་ནས་ནི་སྟོང་གི་བར་ཡང་རུང་། །ཞེས་གསུངས་པ་ལྟར། ལྷ་དང་སྦྱིན་བདག་གི་སྒོ་ནས་བཞག་པ་གཉིས་ཡོད་ལ། དང་པོ་ལྷའི་སྒོ་ནས་བཞག་ན། མི་བསྐྱོད་པའི་རིགས་ལ་ཁྲུ་གསུམ་དང་། རྣམ་སྣང་ལ་ཁྲུ་བཞི། རིན་འབྱུང་ཁྲུ་ལྔ། འོད་དཔག་མེད་ལ་ཁྲུ་དྲུག དོན་གྲུབ་བདུན་དུ་བྱ་བར་བཤད་དེ། གུར་ལས། རྡོ་རྗེ་ཅན་གྱི་ཁྲུ་གསུམ་སྟེ། །སངས་རྒྱས་དཀྱིལ་འཁོར་ཁྲུ་བཞི་བ། །ཁྲུ་ལྔ་བ་ནི་སྣང་བྱེད་ལའོ། །གར་དབང་ཕྱུག་གི་ཁྲུ་དྲུག་པ། །རྟ་ཡི་རྒྱལ་བོ་ཁྲུ་བདུན་པ། །ཞེས་གསུངས་སོ། །

གཉིས་པ་སྦྱིན་བདག་གི་སྒོ་ནས་བཞག་ན་འབྱོར་བའི་ཚད་དང་བསྟུན་པ་མ་གཏོགས་ཚད་ལ་ངེས་པ་མེད་པར་གསུངས་ཏེ། མར་མེ་མཛད་ཀྱིས། སེམས་ཅན་བསམ་པ་ལ་བརྟེན་ནས། །ཚད་ལ་སོགས་པ་ངེས་མཛད་ཀྱི། །ཐབས་ཤེས་ལས་བྱུང་དངོས་གྲུབ་ལ། །ཚད་སོགས་ངེས་པས་ཅི་ཞིག་བྱ། །དེ་ནི་ཁྲུ་གཅིག་ནས་བརྩམས་ཏེ། །ཇི་སྲིད་ཁྲུ་སྟོང་བར་དུ་བྱ། །དེ་ལྟར་འཁོར་ལོ་དེ་ཐིག་གདབ། །ཅེས་གསུངས་པ་ལྟར་རོ། །

༣ དཀྱིལ་འཁོར་གྱི་མཚོན་དོན། འདིར་དཀྱིལ་འཁོར་གྱི་མཚོན་དོན་ཅུང་ཟད་བརྗོད་ན། དཀྱིལ་འཁོར་གྱི་སྒོ་བཞི་ནི་ཚད་མེད་བཞི་མཚོན་བྱེད་དང་། རྟ་བབས་བཞི་ནི་དྲན་པ་ཉེར་བཞག་བཞི། རྩིག་པ་ལྔ་ནི་ཡེ་ཤེས་ལྔ། ཀ་བ་བརྒྱད་ནི་འཕགས་ལམ་ཡན་ལག་བརྒྱད། དྲིལ་བུ་དང་ཟ་ར་ཚགས་དང་ཉི་ཟླའི་ཕྲེང་། རྔ་ཡབ་དང་། ནོར་བུ་བཅས་ལྔ་ནི་དབང་བོ་དང་སྟོབས་ལྔ། གདུགས་ནི་ཆོས་ཀྱི་དབྱིངས། འཁོར་ལོ་བཞི་འཕགས་པའི་བདེན་པ་བཞི། ཕ་གུ་ནི་སེམས་ཉིད་མི་འགྱུར་བ། དྲ་ཕྱེད་ནི་བྱང་ཆུབ་བདུན། མདའ་ཡབ་ནི་ཐུགས་རྗེ་ཆེན་པོ། པུ་ཤུ་ནི་བསམ་གྱིས་མི་ཁྱབ་པའི་ཆོས་ཉིད། བུམ་པ་ཟླུམ་པོ་ནི་ཆོས་ཀྱིདབྱིངས་ཀྱི་ཡེ་ཤེས། གློ་འབུར་བཞི་ནི་ཡེ་ཤེས་ལྷག་མ་བཞི། གདན་ལྔ་ནི་དུག་ལྔ་བོ་ངོ་བོ་ཉིད་དུ་དག་པ་སོགས་སོ། །

༤ དཀྱིལ་འཁོར་མེད་པའི་སྐྱོན་དང་མཐོང་བའི་ཕན་ཡོན། ལོ་པཎ་བཀའི་ཐང་ཡིག་ལས། དཀྱིལ་འཁོར་མེད་ན་སྐྱོན་བཞི་ཡོད། །ཕྱི་ཡི་དཀྱིལ་འཁོར་མེད་པའི་སྐྱོན། །གསང་སྔགས་ཐེག་པའི་དོན་ལ་སྒྲིབ། །ནང་གི་དཀྱིལ་འཁོར་མེད་པའི་སྐྱོན། །རྐྱེན་གྱིས་ལོག་པར་སྣང་བ་ཡིན། །གསང་བའི་དཀྱིལ་འཁོར་མེད་པའི་སྐྱོན། །རང་ངོ་མ་ཤེས་སྒྲིབ་དང་བགེགས། །སྟོང་གཟུགས་དཀྱིལ་འཁོར་མེད་པའི་སྐྱོན། །ལམ་ལ་ཕྱོགས་འཛིན་འཕྲེང་དུ་ཚུད། །ཅེས་དང་། ཡང་། དེ་ཉིད་ལས་དཀྱིལ་འཁོར་མཐོང་བའི་ཕན་ཡོན་ནི། མཐོང་བའི་ཕན་ཡོན་བཅུ་བཞི་སྟེ། །གང་ཞིག་རྡུལ་ཚོན་མཐོང་བས་ཀྱང་། །སྐྱེ་ཞིང་སྐྱེ་བར་མཐོ་རིས་འཐོབ། །མ་རིག་སྒྲིབ་པའི་ཚོགས་རྣམས་འདག །རྒྱུ་དང་འབྲས་བུའི་ཚོགས་རྣམས་རྫོགས། །བུམ་དབང་བསོད་ནམས་ཚོགས་ནི་རྫོགས། །ཇི་སྲིད་དུད་འགྲོའི་ལུས་སྐྱེས་ཀྱང་། །དབང་ཆེ་རྩ་ཆུ་འཛོམ་པར་སྐྱེ། །མིར་སྐྱེས་ཁ་དྲག་དབང་ཆེའོ། །བདེ་བར་གཉིད་སད་བདེ་བར་ཉལ། །ནད་མེད་གཟུགས་བཟང་ལོངས་སྤྱོད་ཆེ། །གཟི་བརྗིད་ཆེ་ཞིང་ཚེ་ཡང་རིང་། །རིགས་མཐོ་ཤེས་རབ་གསུམ་དང་ལྡན། །ཕྱི་རུ་མི་ནོར་ཟས་གསུམ་འཕེལ། །ནང་དུ་བུ་ཚ་རིགས་རྒྱུད་འཕེལ། །གསང་བ་ཁམས་གསུམ་དབང་དུ་འདུ། །བླ་ཚེ་ཟད་ཀྱང་བསྲིང་བར་ནུས། །ཞེས་སོགས་རྒྱ་ཆེར﹙མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་བཀའ་ཐང་སྡེ་ལྔ་ཤོག་གྲངས༣༩༧﹚གསུངས་སོ། །

གཞན་ཡང་། སྔགས་རིམ་ཆེན་མོ་ལས། སྔགས་ཀྱི་ལུགས་ཀྱིས་དང་པོར་སྣོད་རུང་དུ་བྱེད་པ་ལའང་དཀྱིལ་འཁོར་དུ་བཅུག་ནས་དབང་བསྐུར་བ་དགོས་ལ། བར་དུ་རིམ་གཉིས་ཀྱི་རྣལ་འབྱོར་བས་ཀྱང་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་རྣལ་འབྱོར་གྱིས་ལམ་བགྲོད་དགོས་ཤིང་། མཐར་འབྲས་བུ་མངོན་དུ་གྱུར་བ་ནའང་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་ཚུལ་གྱིས་འཚང་རྒྱ་བས། དེ་ཐམས་ཅད་ལ་དཀྱིལ་འཁོར་གནད་ཆེ་ཞིང་དེའི་མཚན་ཉིད་ཐིག་གིས་གཏན་ལ་འབེབས་ལ། ཞེས་དང་། །རིག་འཛིན་བྱེ་བའི་འབྱུང་གནས་ལས་ཀྱང་། དབང་བསྐུར་ནས་བཟུང་འཚང་རྒྱའི་བར་དུ་ནི། །དཀྱིལ་འཁོར་གནད་ཆེ། ཞེས་གསུངས་པ་ལྟར་དཀྱིལ་འཁོར་ནི་གཞི་ལམ་འབྲས་གསུམ་གང་གི་སྐབས་སུའང་ཧ་ཅང་གལ་ཆེའོ། །

མཆོད་རྟེན།

༡ མཆོད་རྟེན་གྱི་ཁུངས་དང་རྣམ་གྲངས། མཆོད་རྟེན་ཞེས་པ་ལེགས་སྦྱར་སྐད་དུ། དུ་སྟུས་ཞེས་ཟེར་ལ། གཞན་དུ་སྟུས་ཞེས་པ་རྟེན་མཆོག་དང་བང་སོ་ལ་ཡང་འཇུག རྟེན་མཆོག་ཅེས་པ་དྲན་རྟེན་གྱི་བཟོ་སྐྲུན་ལྟ་བུ་ལ་ཟེར། སྟོན་པ་མ་བྱོན་པའི་གོང་རོལ་ནས་ཀྱང་། རྒྱལ་བོ་སོ་སོའི་བང་སོ་ལ་སྟུས་ཞེས་འབོད་ལ། །རང་ཅག་བོད་ལ་མཚོན་ན་བོན་ཆོས་དར་བ་ནས། ཡུལ་ལྷ་གཞི་བདག་དང་། བཙན་དང་། རྒྱལ་བོའི་རྟེན་མཁར་གྱི་བཟོ་རྩལ་གྱིས་བོད་ཡུལ་གྱི་མཆོད་རྟེན་ལ་ཤན་ཞུགས་ཐེབས་ཡོད་པར་སྣང་། དགེ་ཆོས་ཀྱི་གཏམ་རྒྱུད་གསེར་ཐང་ལས། རང་རེའི་མཆོད་རྟེན་ལའང་བོན་གྱི་དམུ་མཁར་བང་རིམ་ཅན་གྱི་རྩེ་མོ་ལ། གཡག་རྭ་གཉིས་དེའི་བར་དུ་མཁར་གོང་བཞག་པ་དེའི་སྲོལ་མང་དུ་འབྲེལ་བར་སེམས། མཆོད་རྟེན་གྱི་ཐིག་ཚད་རང་རེ་ལ་གྲགས་པ་འདི་ཡང་། རྒྱ་གར་བའི་སྲོལ་ཡིན་མིན་ད་དུང་ཡང་། རྒྱ་གར་མཆོད་རྟེན་ཞིག་རལ་ཏུ་སོང་མ་སོང་འབུམ་ཕྲག་ལས་ལྷག་པ་མཆིས་པས་དེའི་ཁྲོད་ན། རང་རེའི་མཆོད་རྟེན་གྱི་དབྱིབས་ཅན་གཅིག་ཀྱང་མེད་པ་ལ་བལྟས་ན་ཤེས། རྒྱ་གར་བ་རྣམས་ལ་ཝུ་བ་ལྟ་བུའི་མཆོད་རྟེན་དང་། གཙུག་རྒྱན་དང་། དྲིལ་བུ་དང་། འབྲས་སྤུངས་ཏེ། མཆོད་རྟེན་རིགས་བཞི་གྲགས་ཤིང་། ཐམས་ཅད་ཀྱང་བཟོ་དབྱིབས་ཁོ་ན་ལས་མིང་བཏགས་ཞེས་གསུངས་སོ། །

གང་ལྟར་མཆོད་རྟེན་ནི། ཆོས་ལོངས་སྤྲུལ་གསུམ་ལས་ཆོས་སྐུའི་རྟེན་དང་། སྐུ་གསུང་ཐུགས་གསུམ་ལས་ཐུགས་རྟེན་ཡིན་ཏེ། ལུང་ཞུ་བའི་འགྲེལ་བ་ལས། མཆོད་རྟེན་གྱི་གནས་ནི་ཆོས་ཀྱི་སྐུ་སྟེ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་བདག་ཉིད་དྲན་པ་ཉེ་བར་བཞག་པ་དང་། རྫུ་འཕྲུལ་གྱི་རྐང་བ་དང་། དབང་བོ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་དང་། མཁྱེན་པ་དང་། སྟོབས་དང་། ཐུགས་རྗེ་ཆེན་པོ་ལ་སོགས་པའི་ཡོན་ཏན་རྣམས་ཀྱི་གཟུགས་བརྙན་ཉིད་དུ་བསླབ་པ་ཡིན་པའི་ཕྱིར་རོ། །གསུངས་པས་སོ། །

རང་རེའི་ནང་བསྟན་ནས་གསུངས་པའི་ཐུགས་ཀྱི་མཆོད་རྟེན་ལ། རང་བཞིན་ལྷུན་གྲུབ་དང་། བླ་ན་མེད་པ། བྱིན་གྱིས་བརླབས་པ། དངོས་གྲུབ་འབྱུང་བ། ཐེག་པ་སོ་སོའི་མཆོད་རྟེན་ཏེ་ལྔ་ལས། དང་བོ་ནི། རི་རྒྱལ་ལྷུན་པོ་དང་བཅས་པ། གཉིས་པ། བྱམས་པ་རྡོ་རྗེ་བརྩེགས་པ། སྙིང་རྗེ་རིན་ཆེན། དགའ་བ་པདྨ། བཏང་སྙོམས་རྒྱ་གྲམ་བརྩེགས་པ་ཚད་མེད་བཞིའི་ངོ་བོར་གྱུར་བའོ། །གསུམ་པ། སངས་རྒྱས་ཀྱི་སྐུ་གདུང་ཆ་བརྒྱད་དུ་ཕྱེས་པའི་མཆོད་རྟེན་དང་། བུམ་པའི་མཆོད་རྟེན། སོལ་བའི་མཆོད་རྟེན་བཅས་བཅུའོ། །བཞི་བ། ཡུལ་ཆེན་བརྒྱད་ཀྱི་དུར་ཁྲོད་དུ། ཀྱེ་རྡོར་ལྷ་མོ་བརྒྱད་ཀྱི་དངོས་གྲུབ་འབྱུང་བའི་མཆོད་རྟེན་བརྒྱད་དོ། །ལྔ་བ། ཉན་རང་བྱང་སེམས་དང་། སངས་རྒྱས་ཀྱི་གདུང་རྟེན་མཆོད་རྟེན་རྣམས་སོ། །དེ་ལྔའི་ཁུངས་ནི། རང་བཞིན་ལྷུན་གྲུབ་ནི། དྲི་མེད་འོད་ལས། ལྷུན་པོ་དང་འཇིག་རྟེན་གྱི་ཁམས་ནི་མཐའ་དག་རྒྱལ་བའི་སྐུ་སྟེ་མཆོད་རྟེན་དངོས་སོ། །ཞེས་དང་། བླ་ན་མེད་པའི་མཆོད་རྟེན་ནི། ཐིག་ལེ་དབང་གི་རྒྱུད་ལས། ཤར་དུ་བྱམས་པ་རྡོ་རྗེ་བརྩེགས། །ལྷོ་རུ་སྙིང་རྗེ་རིན་ཆེན་བརྩེགས། །ནུབ་ཏུ་དགའ་བ་པདྨ་བརྩེགས། །བྱང་དུ་བཏང་སྙོམས་རྒྱ་གྲམ་བརྩེགས། །ཞེས་དང་། བྱིན་གྱིས་བརླབས་པའི་མཆོད་རྟེན་ནི། འཁོར་ལོ་འབྱུང་བའི་རྒྱུད་ལས། བྱིན་བརླབས་སྐུ་གདུང་ཆ་བརྒྱད་གླིང་བཞིར་སྣང་། །ཞེས་དང་། དངོས་གྲུབ་འབྱུང་བའི་མཆོད་རྟེན་ནི། བདུད་རྩི་ཆེན་པོ་མཆོག་གི་རྒྱུད་ལས་གསུངས་པ་ལྟར། ཡུལ་བརྒྱད་ཀྱི་དུར་ཁྲོད་ཀྱེ་རྡོར་ལྷ་མོ་བརྒྱད་ཀྱི་དངོས་གྲུབ་འབྱུང་བའི་མཆོད་རྟེན་བརྒྱད་གསུངས་པ་དང་། ཐེག་པ་སོ་སོའི་མཆོད་རྟེན་ནི། མདོ་མྱང་འདས་ལས། བང་རིམ་བཅུ་གསུམ་འཕང་ལོ་དང་བཅས་པ། རང་སངས་རྒྱས་ལ་བང་རིམ་བཅུ་གཉིས་སོགས་གསུངས་པ་དེ་རྣམས་སོ། །མདོ་རྩ་ལས། མཆོད་རྟེན་ནི་རྣམ་པ་གཉིས་ཏེ། གཙང་ཁང་ཅན་ཉིད་དང་། ཀ་བ་ལྟ་བུ་ཉིད་དོ། །དེ་རབ་ཏུ་བྱུང་བ་རྣམས་ལ་འོས་པ་ཉིད་དོ། །གལ་ཏེ་དགེ་བ་ཡིན་ནའོ། །སངས་རྒྱས་རྣམས་ཀྱིས་ནི་རྣམ་པ་ཐམས་ཅད་དོ། །རྣམ་པ་ནི་བང་རིམ་བཞི་དང་། འདབ་མ་དང་། བུམ་པ་དང་། པུ་ཤུ་དང་། སྲོག་ཤིང་དང་། གདུགས་བཅུ་གསུམ་དང་། ཆར་ཁེབས་དག་གོ། རང་སངས་རྒྱས་རྣམས་ཀྱི་ནི་ཆར་ཁེབས་མེད་པའོ། །ཉན་ཐོས་རྣམས་ཀྱིས་ནི་འབྲས་བུའི་ཚད་ཀྱིས་དེའི་གདུགས་གཅིག་ལྷག་པའོ། །སོ་སོའི་སྐྱེས་བོ་རྣམས་ཀྱི་ནི་བྱི་བོའོ། །ཞེས་གསུངས་སོ། །

དེ་ཡང་། མཆོད་རྟེན་དང་གདུང་རྟེན་གྱི་དབྱེ་བ་ནི། དུང་དཀར་ཚིག་མཛོད་ལས། དེ་ཡང་། ད་སྐབས་མཆོད་རྟེན་དང་གདུང་རྟེན་གྱི་དབྱེ་བ་དེ་ཙམ་འབྱེད་མི་ཤེས་པ་འང་མང་བས། སྤྱིར་མཆོད་རྟེན་ལ་སྐུ་རུས་སམ་པུར་ཐལ་མེད་པ་དང་ཡོད་པ་གཉིས་ལས། སྐུ་རུས་པུར་ཐལ་ཡོད་པ་ལ་གདུང་རྟེན་ཞེས་འབོད་ན་གོ་བདེ་བ་དང། མཆོད་རྟེན་ཡིན་ན་གདུང་རྟེན་ཡིན་མ་དགོས་ཀྱང་། གདུང་རྟེན་ནི་མཆོད་རྟེན་གྱི་བྱེ་བྲག་གོ། དེ་དག་ལས་ཡོངས་གྲགས་བདེ་གཤེགས་མཆོད་རྟེན་བརྒྱད་ནི།

༢ བྱེ་བྲག་བདེ་གཤེགས་མཆོད་རྟེན་བརྒྱད། ༡ སྟོན་པ་སེར་སྐྱར་སྐུ་བལྟམས་མ་ཐག ཕྱོགས་བཞིར་གོམ་པ་བདུན་བོར་བ་ལས། མེ་ཏོག་པདྨ་བདུན་སྐྱེས་པར། དེའི་རྗེས་དྲན་གྱི་ཚུལ་དུ། ཡབ་རྒྱལ་བོ་སྲས་གཙང་གིས་བཞེངས་པའི་པད་སྤུངས་མཆོད་རྟེན།

༢ སྟོན་པ་རྡོར་གདན་དུ་སངས་རྒྱས་པའི་མཚོན་བྱེད་དམ་དེའི་རྗེས་དྲན་དུ། ཤུན་ཙ་ཏས་བཞེངས་པའི་བྱང་ཆུབ་མཆོད་རྟེན།

༣ བཅོམ་ལྡན་འདས་ཀྱིས་ཡུལ་ཝ་ར་ཎ་སིར་ཆོས་འཁོར་རིམ་གསུམ་བསྐོར་ཚེ། བདེན་བཞི་དང་རྣམ་ཐར་བརྒྱད་མཚོན་བྱེད་དུ་སྒོ་བཅུ་དྲུག་ནས་བརྒྱ་རྩ་བརྒྱད་སོགས་མཆིས་པའི་སྒོ་མང་མཆོད་རྟེན།

༤ སྟོན་པས་གཉན་ཡོད་དུ་རྫུ་འཕྲུལ་བསྟན་ནས། མུ་སྟེགས་པའི་སྟོན་པ་དྲུག་སོགས་རྫུ་འཕྲུལ་གྱིས་ཕམ་པར་མཛད་ཚེ། དེའི་རྗེས་དྲན་གྱི་ཆེད་དུ། རྒྱལ་བོ་གསལ་རྒྱལ་གྱིས་བཞེངས་པའི་གློ་འབུར་ཅན་ཆོ་འཕྲུལ་མཆོད་རྟེན།

༥ སྟོན་པ་བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་ལ་གཤེགས་ཏེ། ཡུམ་སྒྱུ་འཕྲུལ་མ་སོགས་ཀྱི་སར་ཆོས་གསུངས་ཞིང་། དབྱར་ཞལ་བཞེས་ཀྱིས་བཞུགས་པར། མི་ཡུལ་ནས་རྒྱལ་བོ་གསལ་རྒྱལ་དང་འཁོར་རྣམ་བཞིས་སྟོན་པ་དྲན་དྲགས་པས། མོའུ་འགལ་གྱི་བུ་བརྒྱུད་དེ། སྟོན་པ་གདན་དྲངས་ནས། བོད་ཟླ་དགུ་བའི་ཚེས་ཉེར་གཉིས་ཉིན། གསལ་ལྡན་དུ་ལྷ་ལས་བབས་པའི་ཚེ་ན། དེའི་རྗེས་དྲན་དུ། ཨིནྡྲ་ཝརྨིས་བཞེངས་པའི་ལྷ་བབས་མཆོད་རྟེན།

༦ སྟོན་པ་འོད་མའི་ཚལ་དུ་ལྷས་བྱིན་གྱིས། རང་ལ་འཁོར་གྱི་གནང་བར་ཞུས་པ་ལ། སངས་རྒྱས་ཀྱིས་མ་གནང་བས། ཞེ་སྡང་གིས་འཁོར་མང་བསྡུས་ཤིང་། སྟོན་པ་ལྟར་བཞུགས་པ་ལ། དགེ་འདུན་བགྲང་ཡས་བརླག་པར་བརྩམས་པའི་ཚེ། སངས་རྒྱས་ཀྱི་ཐབས་མཁས་ཀྱིས་དབྱེན་ཟླུམ་ཚེ། དེའི་རྗེས་དྲན་དུ། གྱད་བུས་བཞེངས་པའི་དབྱེན་ཟླུམ་མཆོད་རྟེན།

༧ སངས་རྒྱས་ཡངས་པ་ཅན་དུ་བདུད་ལས་རྣམ་པར་རྒྱལ་ནས། སྐུ་ཚེ་བྱིན་གྱིས་བརླབས་ཚེ། དེའི་རྗེས་དྲན་དུ། ལི་ཙི་བྱི་རྣམས་ཀྱིས་བཞེངས་པ་རྣམ་རྒྱལ་མཆོད་རྟེན།

༨ རྩྭ་མཆོག་དྲུང་ནས་སྟོན་པ་མྱ་ངན་ལས་འདས་ཚེ། དེའི་རྗེས་དྲན་དུ། རྒྱལ་བོ་མ་སྐྱེས་དགྲས་བཞེངས་པའི་མྱང་འདས་མཆོད་རྟེན་ཏེ། བདེ་གཤེགས་མཆོད་རྟེན་བརྒྱད་དོ། །

༣ མཆོད་རྟེན་བཞེངས་ཡུལ། གྲོང་དང་གྲོང་ཁྱེར་གྱི་བཞི་མདོ། དགེ་འདུན་གྱི་གནས་མལ། སྐྱེ་བོ་འདུ་ལོང་ཆེ་ས་སོགས་སུ་བཞེངས་པ་སྟེ། འཕགས་པའི་དགེ་བའི་རྩ་བ་ཡོངས་སུ་འཛིན་པའི་མདོ་ལས། ལམ་པོ་ཆེའི་བཞི་མདོ་སྐྱེ་བོ་མང་བོ་འདུ་བའི་སར་མཆོད་རྟེན་དང་ཁང་བ་བརྩེགས་པའམ། རྡོ་བའི་ཀ་བ་འམ། དེ་བཞིན་གཤེགས་པའི་སྐུའམ། དེ་བཞིན་གཤེགས་པའི་ཡོན་ཏན་རྗེས་སུ་དྲན་པ་གང་ཡང་རུང་བ་བྱེད། ཅེས་དང་། ཡང་ན། དཔུང་བཟང་གིས་ཞུས་པའི་རྒྱུད་ལས། གཙང་ཞིང་དབེན་པ་ས་ཡི་ཕྱོགས་སུ་ནི། །འཇིམ་པ་འམ་ནི་བྱེ་མ་ལས་བྱས་པའི། །བདེ་གཤེགས་མཆོད་རྟེན་རྟེན་འབྲེལ་སྙིང་བོ་ཅན། །སྡིག་པ་སྦྱང་བའི་ཕྱིར་ནི་གདབ་པར་བྱ། །ཞེས་དང་། ཡང་། གསང་བ་སྤྱི་རྒྱུད་ལས། མཐོ་དམན་སྙོམས་ཤིང་གཙང་ལ་སྣུམ། །ཟུག་རྔུ་ཉེས་པ་རྣམ་པར་སྤང་། །ཤར་དང་བྱང་དུ་གཞོལ་བ་ཡི། །ས་གཞི་ལས་རྣམས་ཀུན་ལ་ཤིས། །ཞེས་སོ། །

བཞེངས་མི་རུང་བའི་གནས་ནི། མཐོ་དམན་ཅན་དང་ཚེར་མ་ཅན། །གྱོ་མོ་དུམ་བུ་ཅན་དག་དང་། །ངམ་གྲོག་རུས་པ་སྡོང་དུམ་ཅན། །གྲོག་མཁར་ཐལ་བ་ཚྭ་སྒོ་ཅན། །གསེག་མ་རྡོ་དང་རྡུལ་དང་སྐྲ། །སྲིན་བུ་གྲོག་སྦུར་ལ་སོགས་མང་། །དེ་ལྟ་བུ་ཡི་ས་གཞི་ནི། །མཁས་པས་ལས་རྣམས་ཀུན་ལ་སྤངས། །ཞེས་སོ། །

༤ མཆོད་རྟེན་བཞེངས་པ་པོ་སློབ་དཔོན་བཤད་པ། སྐུ་གཟུགས་མཆོད་རྟེན་བཞེངས་པ་ལ། བཞེངས་པ་པོ་སློབ་དཔོན་མཚན་ཉིད་ལྡན་པ་ཞིག་དགོས་ཏེ། རབ་དགེ་སློང་རྡོ་རྗེ་འཛིན་པ། འབྲིང་དགེ་ཚུལ། ཐ་མའང་དགེ་བསྙེན་གྱི་སྡོམ་པ་ལ་གནས་པ་ཞིག་དགོས་ལ། ཁྱད་པར་དུ། དཀྱིལ་འཁོར་འདི་དག་གི་དབང་འཐོབ་ཞིང་། དམ་སྡོམ་ལ་གནས་པ། བསྙེན་པ་སྔོན་དུ་སོང་སྟེ་ཆོ་ག་དང་མཆོད་རྟེན་གྱི་ལག་ལེན་ལ་མཁས་པ་སོགས་དགོས་ཏེ། གསང་བ་སྤྱི་རྒྱུད་ལས། སློབ་དཔོན་བསྟན་བཅོས་ཀུན་ཤེས་པ། །ཚུལ་ཁྲིམས་ལྡན་ཞིང་སྙིང་རྗེ་བདག། དྲང་ཞིང་བཟོད་ལ་གཙང་སྦྲ་ཅན། །དད་དང་དྲང་བདེན་སྙིང་སྟོབས་ལྡན། །སྨྲ་མཁས་མི་འཇིགས་བསྲན་ཐུབ་པ། །སྒྱུ་རྩལ་དག་ལ་མཁས་ཤིང་གསལ། །མཛེས་དང་ལྡན་ཞིང་དེ་བཞིན་དུ། །གུས་ལྡན་དུལ་ལ་ཁོང་བཟོ་བ། །རྟག་ཏུ་དམ་པའི་ཆོས་ལ་དགའ། །ཐེག་པ་ཆེ་ལ་མོས་པ་ཅན། །གསང་སྔགས་སྤྱོད་པ་ལ་བསླབས་ཤིང་། །དཀྱིལ་འཁོར་དག་གི་བྱེ་བྲག་ཤེས། །སློབ་མ་དག་གིས་ཚུལ་ཤེས་ཤིང་། །དེ་བཞིན་གསང་སྔགས་རྒྱུད་ཀྱང་འཛིན། །རྗེས་སུ་གནང་ཞིང་དབང་བསྐུར་བ། །ཆོག་ཤེས་བཟླས་བརྗོད་ལྷུར་ལེན་པ། །སློབ་དཔོན་རིགས་ལ་བསྙེན་བཀུར་བྱས། །དཀྱིལ་འཁོར་ཐམས་ཅད་ཁོང་དུ་ཆུད། །གསང་སྔགས་ཀུན་དང་བླ་མ་དང་། །དེ་བཞིན་གློ་བུར་མགྲོན་མཆོད་བྱེད། །ཕྱག་རྒྱ་ལ་སོགས་བཅིང་བ་དང་། །དཀྱིལ་འཁོར་འབྲི་བའི་ལས་རྣམས་དང་། །གསང་སྔགས་སྤྱོད་པའི་མཆོད་པ་ལ། །སློབ་དཔོན་གྱིས་ནི་མཁས་པར་བྱ། །ཞེས་པ་ལྟར། ཡོན་ཏན་ཀུན་ལྡན་ཞིག་དགོས་ལ། དུས་དབང་གིས་དེ་འདྲ་ཞིག་རྙེད་དཀའ་བས། སྐྱོན་ཡོན་གཉིས་ལས་ཡོན་ཏན་ཤས་ཆེ་བ་ཞིག་ངེས་པར་དགོས་སོ། །

༥ ཐིག་རྩ་ལྟར་བཞེངས་པའི་ཚད་ལྡན་གྱི་མཆོད་རྟེན། མཆོད་རྟེན་ཚད་ལྡན་ཞིག་ལ་མཚོན་ན། བཞུགས་ཁྲི་དང་རྒྱུའི་མཆོད་རྟེན། འབྲས་བུའི་མཆོད་རྟེན་གསུམ་ངེས་པར་དུ་ཚང་དགོས་ཏེ། ས་འཛིན་ནས་བ་གམ་མན་ཆོད་བཞུགས་ཁྲི། བང་རིམ་དང་བོ་ནས་བྲེ་མན་ཆོད་རྒྱུའི་མཆོད་རྟེན། བྲེ་ནས་ཏོག་གི་རྩེ་མོའི་བར་འབྲས་བུའི་མཆོད་རྟེན་ནོ། །མཆོད་རྟེན་གྱི་ཆ་སོ་སོ་ནི། འོག་རིམ་ནས་ས་འཛིན། ཐེམ་སྐས་དང་བོ་ནས་གསུམ་པའི་བར། ཁྲི་གདོང་། གཟུངས་སྣེ། པདྨ་བ་གམ་བཅས་རིམ་པ་བརྒྱད་ནི་ཁྲི་ཡིན། དེའི་སྟེང་དུ་དགེ་བཅུ། བང་རིམ་དང་བོ་ནས་བཞི་བའི་བར། བུམ་རྟེན། བུམ་པ། བྲེ་རྟེན། བྲེ་བཅས་རྒྱུའི་མཆོད་རྟེན་དང་། གདུགས་འདེགས་པདྨ། འཁོར་ལོ་བཅུ་གསུམ། ཐུགས་རྗེ་མདོ་གཟུངས། གདུགས། གདུགས་ཁེབས། ཟླ་བ། ཉི་མ། ནོར་བུའི་ཏོག་བཅས་སོ། །

བདེ་གཤེགས་མཆོད་རྟེན་བརྒྱད་གང་ཡང་རུང་། ས་འཛིན་གྱི་ཟུར་བཞིར་རྡོ་རིང་བསླངས་ཏེ། རྡོ་རིང་ཁ་ཕྱིར་བལྟས་བྱས་ལ། མེ་ཏོག་སོགས་གདུགས་འོག་ནས་དྲངས་ཏེ། རྡོ་སེང་གི་མགུལ་དུ་བཏགས། གཞན་ཡང་། དྲིལ་བུ་དང་། དར་གྱི་ཅོད་པན་དང་གདུགས་རྒྱལ་མཚན་སོགས་ཀྱིས་སྤུད་པར་བྱའོ། །བདེ་གཤེགས་མཆོད་རྟེན་གྱི་ཐིག་རྩ་སྤྱི་ལྟར་བྱ་ལ། བང་རིམ་འགྱུར་བའི་ཁྱད་པར་ཡོད་དེ། སྤྲུལ་སྐུ་ང་ལ་གཟིགས་ཀྱི་མཆོད་རྟེན་ཐིག་རྩ་ལས། དེ་ལྟར་བྱང་ཆུབ་མཆོད་རྟེན་གྱི། །ཐིག་རྩ་དེ་ཉིད་གཞིར་བཞག་ནས། །བང་རིམ་འགྱུར་བའི་ཁྱད་པར་གྱིས། །པདྨ་སྤུངས་པའི་མཆོད་རྟེན་ནི། །བང་རིམ་བཞི་ལྡན་པད་རིས་ཅན། །ཆོས་ཀྱི་འཁོར་ལོའི་མཆོད་རྟེན་ནི། །བང་རིམ་གྲུ་བཞི་སྒོ་མང་ཅན། །ཆོ་འཕྲུལ་ཆེན་པོའི་མཆོད་རྟེན་ནི། །བང་རིམ་སུམ་ཆ་གློ་འབུར་ལྡན། །ལྷ་བབས་མཆོད་རྟེན་ཁྱད་པར་ནི། །གློ་འབུར་སྟེང་དུ་སུམ་སྐས་བཙུགས། །དགེ་འདུན་དབྱེན་འདུམ་བང་རིམ་ནི། །ཟུར་བཞི་བཅད་པའི་ངོས་བརྒྱད་མཉམ། །སྐུ་ཚེ་བྱིན་རླབས་མཆོད་རྟེན་ནི། །བང་རིམ་གསུམ་དང་དགེ་བཅུ་ཟླུམ། །མྱང་འདས་མཆོད་རྟེན་བང་རིམ་མེད། །རྨང་དགེའི་སྟེང་དུ་བུམ་སྟན་བཞག། བུམ་སྨད་རིང་ལ་བུམ་པའི་དབྱིབས། །དྲིལ་བུའི་ཁོག་པ་འདྲ་བ་ལ། །ལྕགས་འཁྱུག་གཉིས་ཀྱིས་བསྡམས་པ་ཡིན། །ཞེས་སོ། །

༦ མཆོད་རྟེན་གྱི་མཚོན་དོན། སྤྲུལ་སྐུ་ང་ལ་གཟིགས་﹙འདི་བ་འཕྲང་ཁ་བ་ཡིན་ལ་སྐབས་ཤིག་དབྱངས་ཅན་མའི་སྐུ་ཞིག་བཞེངས་ཏེ་ཕར་བཞག་པས་དབྱངས་ཅན་མས་སྤྲུལ་སྐུ་ང་ལ་གཟིགས་དང་ཞེས་གསུང་འབྱོན་པས་མཚན་ལ་དེ་ལྟར་ཐོགས། ﹚ ཀྱི་མཆོད་རྟེན་ཐིག་རྩ་ལས། དེ་ལྟར་སངས་རྒྱས་ཐམས་ཅད་ཀྱི། །རྒྱུ་དང་འབྲས་བུའི་མཆོད་རྟེན་ནི། །གཞི་རྨང་དགེ་བ་བཅུ་ཡིན་ནོ། །དེ་ལྟར་བང་རིམ་བཞི་བོ་ཡི། །དང་བོ་དྲན་པ་ཉེར་བཞག་བཞི། །གཉིས་པ་ཡང་དག་སྤོང་བ་བཞི། །གསུམ་པ་རྫུ་འཕྲུལ་རྐང་བ་བཞི། །བཞི་བ་དད་སོགས་དབང་བོ་ལྔ། །བུམ་སྟན་སྟོབས་སུ་གྱུར་བ་ལྔ། །བུམ་པ་བྱང་ཆུབ་ཡན་ལག་བདུན། །བྲེ་ནི་འཕགས་ལམ་ཡན་ལག་བརྒྱད། །དེ་ལྟར་བྱང་ཆུབ་ཕྱོགས་ཀྱི་ཆོས། །སུམ་ཅུ་རྩ་བདུན་རྣམ་པ་ཡིས། །སངས་རྒྱས་ཉིད་དུ་བྱེད་པ་ཡིན། །རྒྱུ་འམ་ལམ་གྱི་མཆོད་རྟེན་ཡིན། །འཁོར་བའི་སྐྱོན་བྲལ་པདྨའི་སྟེང་། །ཆོས་འཁོར་བཅུ་ནི་སྟོབས་བཅུ་སྟེ། །ལྷག་མ་དགོངས་པ་ཉེར་བཞག་གསུམ། །ཐུགས་རྗེ་མདོ་གཟུངས་ཐུགས་རྗེ་དང་། །སྟོང་ཉིད་བཅུ་དྲུག་དབྱེར་མེད་དངོས། །གདུགས་དང་ཆར་ཁེབས་ཐབས་ཤེས་ཏེ། །ཟ་ར་ཚགས་ནི་འཕྲིན་ལས་བཞི། །ཟླ་བ་ཉི་མ་མཁྱེན་པ་གཉིས། །ཏོག་ནི་གཉིས་མེད་ཟུང་འཇུག་སྐུ། །མེ་ཏོག་ཕྲེང་བ་སངས་རྒྱསཀྱི། །མ་འདྲེས་ཆོས་ནི་བཅོ་བརྒྱད་དོ། །རྡོ་རིང་མི་འཇིགས་བཞི་ཡིན་ནོ། །གསེར་དྲིལ་དཀྲོལ་བ་ཚངས་པའི་གསུང་། །བ་དན་བསྟན་པའི་གྲགས་པ་དངོས། །ཤེས་རབ་སྒྲོན་མེ་འཕྲེང་བ་སྟེ། །ཏིང་འཛིན་སྒོ་བརྒྱའི་རྒྱན་ཕྲེང་མཛེས། །དེ་དག་འབྲས་བུས་སངས་རྒྱས་ཀྱི། །ཡོན་ཏན་རིན་ཆེན་མཆོད་རྟེན་ཡིན། །ཞེས་དང་།

སློབ་དཔོན་ཞི་བ་སྙིང་བོའི་མཆོད་རྟེན་གྱི་དོན་བཤད་པ་ལས། བང་རིམ་དང་བོ་དྲན་ཉེ། གཉིས་པ་ཡང་དག་སྤོང་བ། གསུམ་པ་རྫུ་འཕྲུལ་གྱི་རྐང་བ། བཞི་བ་དབང་བོ་ལྔ། བུམ་རྟེན་སྟོབས་ལྔ། བུམ་པ་བྱང་ཆུབ་ཡན་ལག་བདུན། པུ་ཤུ་འཕགས་ལམ་ཡན་ལག་བརྒྱད། སྲོག་ཤིང་ཤེས་པ་བཅུ། འཁོར་ལོ་བཅུ་གསུམ་སྟོབས་བཅུ་དང་མ་འདྲེས་པའི་དྲན་པ་ཉེར་བཞག་གསུམ། ཆར་ཁེབས་སྙིང་རྗེ་ཆེན་པོ་སྟེ་མཆོད་རྟེན་དངོས་ཀྱི་མཚོན་དོན་དང་། རྡོ་རིང་མི་འཇིགས་པ་བཞི། ཐེམ་སྐས་སྲུང་བ་མེད་པ་རྣམ་པ་བཞི། ཆུ་སྲིན་རྒྱལ་མཚན་རྣམས་བདུད་ཀྱི་རྒྱལ་མཚན་བསྙལ་བ། མེ་ཏོག་གི་ཕྲེང་བ་བླ་ན་མེད་པའི་ཚུལ་ཁྲིམས་ཀྱི་ཕུང་བོ། འཇིག་རྟེན་སྐྱོང་བ་རྣམས་འཕགས་པའི་བདེན་པ་བཞི། དྲིལ་བུ་རྣམས་གསུང་ཚངས་པའི་དབྱངས། གདུགས་འགྲོ་བ་རྣམས་ཀྱི་མཆོག་ཏུ་གྱུར་བ། ཟླ་བ་བླ་ན་མེད་པའི་ཡེ་ཤེས་ཀྱི་སྣང་བ། དར་གྱི་ཅོད་པན་བླ་མེད་བྱང་ཆུབ་ཀྱི་ཅོད་པན་ཐོགས་པ། བ་དན་ཆོས་ཀྱི་གྲགས་པ་སྟེ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་རྐྱེན་དུ་འབབ་པའི་ཡོ་བྱད་རྣམས་ཀྱི་མཚོན་དོན་ནོ། །ཞེས་གསུངས་པ་དང་། ཀུན་མཁྱེན་གུ་ཎའི་ཤེས་བྱ་མཛོད་ཀྱི་འགྲེལ་བར་ཡང་མཆོད་རྟེན་གྱི་དག་སྦྱོར་རྒྱས་པར་གསུངས་ཡོད་པས། ཤེས་འདོད་པ་དག་གིས་དེར་བལྟ་བར་བྱ་བ་ལས། འདིར་ཡི་གེ་མང་དུ་འཇིགས་ནས་མ་བྲིས་སོ། །

༧ མཆོད་རྟེན་བཞེངས་པའི་ཕན་ཡོན། དམ་ཆོས་པད་དཀར་ལས། ས་དང་སོ་ཕག་དག་ལ་རྩིག་པ་ཡིས། །རྒྱལ་བའི་མཆོད་རྟེན་འགའ་ཞིག་བྱས་པ་དང་། །དེས་ནི་ས་རྡུལ་ཕུང་བོ་དག་ལས་ཀྱང་། །མྱ་ངམ་དགོན་པ་གང་དུ་བྱས་པ་དང་། །བྱིས་པའི་རྩེད་མོ་དེ་དང་དེ་དག་ཏུ། །གང་གིས་རྒྱལ་བ་དེ་ཕྱིར་མཆོད་རྟེན་འགའ། །བྱེ་མ་ལས་ནི་ཕུང་བོ་བྱས་པ་ཡང་། །དེ་དག་རྣམས་ཀྱང་བྱང་ཆུབ་ཐོབ་པར་འགྱུར། །ཞེས་དང་། ཁྱད་པར་ཏུ་རང་གི་ལག་བསྟར་ནས་མཆོད་རྟེན་བཞེངས་ན་ཕན་ཡོན་ཆེ་སྟེ། འཇམ་དཔལ་རྩ་རྒྱུད་ལས། ལུས་སྦྱང་བར་བྱས་ལ་རང་གི་ལག་གིས་མཆོད་རྟེན་བྱས་ན། མཚམས་མེད་པ་ལྔ་བྱས་པས་ཀྱང་འགྲུབ་བོ། །མཆོད་རྟེན་འབུམ་བྱས་ན་རིག་པ་འཛིན་པའི་འཁོར་ལོས་སྒྱུར་བའི་རྒྱལ་བོར་འགྱུར་ཏེ། བསྟན་པ་དང་ཐམས་ཅད་མངོན་པར་ཤེས་པ་དང་ལྡན་ཞིང་བསྐལ་བར་གནས་ལ་ཤི་ནས་ཀྱང་སྐྱེ་བ་རྣམས་སུ་རྒྱལ་བོ་བྱེད་ཅིང་ངན་སོང་དུ་མི་འགྲོའོ། །ཞེས་དང་། ཡང་། མདོ་ལས། དེ་བཞིན་གཤེགས་པའི་མཆོད་རྟེན་བཞེངས་པའི་ཕན་ཡོན་བཅོ་བརྒྱད་ནི། རྒྱལ་བོ་ཆེན་པོའི་རིགས་སུ་སྐྱེས་པ་དང་། གཟུགས་བཟང་བ། མཛེས་ཤིང་མིག་ཏུ་སྡུག་པ། དབང་ཆེ་བར་གྲགས་པ། གཡོག་འཁོར་རྒྱ་ཆེ་བ། གཡོག་འཁོར་མི་ཕྱེད་པ། ལོངས་སྤྱོད་ཆེ་བ། སྐྱེ་བོ་རྣམས་འཁོར་ཞིང་འདུ་བ། ཀུན་གྱི་རྟེན་དུ་གྱུར་བ། ཕྱོགས་བཅུར་སྙན་པར་གྲགས་པ། ལྷ་དང་མིས་མཆོད་པ། ཕྱུག་ཅིང་ནོར་མང་བོ་དང་ལྡན་པ། འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་འཐོབ་པ། ཚེ་རིང་བ། ལུས་རྡོ་རྗེ་ལྟར་མཁྲེགས་པ། ལུས་མཚན་དང་དཔེ་བྱད་ལྡན་པ། མཐོ་རིས་སུ་སྐྱེ་བ། མྱ་ངན་ལས་འདས་པའོ། །ཞེས་མདོ་རྒྱུད་དུ་མ་ནས་རྒྱ་ཆེར་གསུངས་ཀྱང་མ་སྤྲོས་སོ། །

ཡང་། ཉེ་བར་འབྲེལ་བའི་སྔོན་བྱུང་གི་ལོ་རྒྱུས་འགའ་བརྗོད་ན། སྔོན་ཤཱཀྱའི་ཡུལ་ནས་ཁྱེའུ་དྲི་ཞིམ་ཞེས་པ། ལྟ་སྡུག་པ། ཁ་ནས་ཨུཏྤ་ལའི་དྲི་དང་། ལུས་ལ་ཙན་དན་གྱི་དྲི་བསུང་འཐུལ་ཏེ་གྲོང་ཁྱེར་ཐམས་ཅད་ཁྱབ་པ་ཞིག་སྐྱེས་པས། སངས་རྒྱས་ལ་དེའི་རྒྱུ་ཞུས་པས། སྔོན་ཚེ་སངས་རྒྱས་རྣམ་གཟིགས་ཀྱི་མཆོད་རྟེན་ལ། དད་པས་སྤོས་བྱུག་དང་། མེ་ཏོག་སྣ་ཚོགས་མཆོད་པའི་རྒྱུར་ལུང་བསྟན་པ་དང་། ཡང་། ཁྱེའུ་བྱད་བཟང་ཞེས་པས། སྔོན་གྱི་ཚེ་སངས་རྒྱས་རྣམ་གཟིགས་ཀྱི་མཆོད་རྟེན་ལ་མེ་ཏོག་རྙིང་བ་རྣམས་བླངས་ཏེ་གད་བདར་གཙང་མ་བྱས་ནས། དད་པས་སྨོན་ལམ་བཏབ་པས། བྱད་གཟུགས་ལྟ་ན་སྡུག་པ་ཞིག་ཏུ་འཁྲུངས་པ་དང་། ཡང་། སྔོན་ཕག་ཞིག་གི་ལུས་ཀྱི་འདམ་བག་གིས་མཆོད་རྟེན་ལ་དྲུད་པས། སྟབས་ལེགས་ཏེ་གས་ག་ཟུམ་པས་ལྷ་ཡུལ་དུ་སྐྱེས་པ་སོགས་མང་ངོ་། །

༨ ཞར་ཞུང་མཆོད་རྟེན་ནག་པོ་བརྩིགས་ཚུལ་བརྗོད་པ། མཆོད་རྟེན་ནག་པོ་བཞེངས་པའི་ལོ་རྒྱུས་ནི། སངས་རྒྱས་སྐུ་མྱ་ངན་ལས་འདས་ནས་སྐུ་གདུང་ཆ་ལྔར་བགོས་ཏེ་ལྷ་ཀླུ་མི་སོགས་ཀྱིས་སྤྱན་དྲངས་དུས། འདྲེ་སྲིན་རྣམས་ལ་སྐལ་བ་བཅད་པས། མཆོད་རྟེན་ནག་པོ་འདི་བཞེངས་དགོས་པ་བྱུང་བར་བཤད་པ་སྟེ། ཀརྨ་ཆགས་མེད་ཀྱི་མཆོད་རྟེན་ནག་པོ་གདུག་པ་ཀུན་འདུལ་ཅ་ཏི་ལས། འདྲེ་སྲིན་རྣམས་ལ་སྐལ་བ་བཅད། །སྐུ་གདུང་རིང་བསྲེལ་མ་ཐོབ་པས། །འདྲེ་སྲིན་གདོན་བགེགས་ཐུགས་ཁྲོས་ནས། །མི་ལ་གདུག་པ་སྣ་ཚོགས་བཏང་། །ཁྲོ་ཆུ་ཁོལ་མའི་མདའ་ཡང་འཕངས། །མི་ནད་ཕྱུགས་ནད་སྣ་ཚོགས་འབྱུང་། །སྲིན་ཡུལ་ལིང་ཀ་པུ་རི་ནས། །སྲིན་པོ་མང་བརྒྱ་ཉུང་བཅུ་ཡང་། །རོ་ཡི་གཞོབ་དང་གསུར་ལ་ལངས། །སྲིན་པོ་ཤ་ཟ་མང་བོ་ཡིས། །འཛམ་གླིང་མི་ལ་གདུག་པ་བཏང་། །དེ་ནས་ཉན་ཐོས་མཆོག་བརྒྱད་ཀྱིས། །དགེ་སློང་གཞོན་ནུ་བྱ་བ་དེ། །འདྲེ་སྲིན་ཡུལ་ཁམས་བརྟག་ཏུ་བཏང་། །སྲིན་ཡུལ་ལང་ཀ་པུ་རི་དེ། །དབྱིབས་དང་ཁ་དོག་ཇི་ལྟར་འདྲ། །དེ་ན་གནས་པའི་སྲིན་པོ་ཀུན། །གོས་སུ་ཅི་གྱོན་ཟས་སུ་ཅི་ཟ་རྣམས། །དགེ་སློང་གཞོན་ནུས་བརྟག་པ་ལ། །སྲིན་ཡུལ་ལང་ཀ་པུ་རི་དེ། །མདོག་ནི་ནག་ལ་ཟླ་གམ་འདྲ། །སོལ་ཕྱེ་བཏབ་པའི་རི་བོ་འདྲ། །ཟས་སུ་ཤ་དང་ཁྲག་ལ་དགའ། །གོས་སུ་རེ་བ་ནག་པོ་གྱོན། །དེ་སྐད་ཅིས་ནི་གསུངས་པ་དང་། །དེ་ཚེ་ཉན་ཐོས་མཆོག་བརྒྱད་ཀྱིས། །བྲམ་ཟེ་བི་ན་ཡ་ག་བསྙག །བྲམ་ཟེའི་ཆོས་གོས་ནག་པོ་གྱོན། །ཡུངས་དཀར་ཕོ་ཉ་ཕྱོགས་བཅུར་བཏང་། །སྐུ་གདུང་བསྲེག་པའི་ཐལ་བ་དང་། །སོལ་བ་དང་ནི་ངན་སྙིགས་དང་། །ས་ཚིག་རྡོ་ཚིག་ཕྱེ་ཕྱེ་དང་། །འཁོར་ར་ཡུག་ཡུག་བསྡུས་ནས་ནི། །ལང་ཀ་པུ་རི་མདོག་འདྲ་བའི། །མཆོད་རྟེན་ནག་པོ་བཞེངས་སུ་གསོལ། །མདོག་ནི་ནག་ལ་ཁྲོས་པ་འདྲ། །ལྷ་འདྲེ་འཇིགས་པའི་རི་བོ་བརྩེགས། །སྲིན་པོ་སྔགས་པའི་ཁྲི་འཕང་ཅན། །གདོན་བགེགས་བརྒྱལ་བའི་འོད་ཟེར་ཅན། །དེ་ལ་མིང་དང་མཚན་བཏགས་པ། །གདུག་པ་འདུལ་བའི་མཆོད་རྟེན་ལགས། །ཞེས་གསུངས་སོ། །

མཆོད་རྟེན་ནག་པོ་བཞེངས་པའི་དགོས་པ་ནི། ཡུལ་དུ་ཐན་ལྟས་དང་འཁྲུག་ལོང་བྱུང་བ། མུ་གེ་དང་ནད་ཡམས་མཆེད་པ། བྱད་ཁ་ཕུར་ཁ་བཟློག་པ། གོད་ཁ་དང་ས་དགྲ་བཟློག་པ། མ་རུངས་གདོན་འདྲེ་གནོན་པ་སོགས་ཀྱི་ཆེད་དུ་བརྩིགས་པ་ཡིན།

ཐོག་མར་སྒྲུབ་པའི་ཞག་གྲངས་བསྟན་པ་ནི། བསྙེན་སྒྲུབ་ཚུལ་བཞིན་བྱས་ལ་ཡི་དམ་དང་ཆོས་སྐྱོང་ལ་བསྐང་བ་དང་བསྐུལ་བ་བྱ། རང་མདུན་དུ་ཐུན་ཁུང་ནང་དུ་གཟུགས་བྱ་རྣམས་བཞག་ལ། གང་གནོད་པའི་དགྲ་བགེགས་གདུག་པ་ཅན་རྣམས་བཀུགས་ཏེ། གཟུགས་བྱང་རྣམས་ལ་བསྟིམ། དེ་ནས་ཟོར་དང་ཐུན་གྱིས་བྲབ་ལ། རབ་ནི་ཞག་བདུན་དང་། འབྲིང་གསུམ། མ་མཐའ་ཡང་ཞག་གཅིག་ལ་བསྒྲུབ་དགོས། དེ་ནས་འབྱོར་ན་གཟུགས་བྱང་རྣམས་སཙྪ་ནག་པོའི་ནང་དུ་གཞུག་དགོས་ལ། མ་འབྱོར་ན་རས་ནག་གིས་བཏུམ་ལ། ཤི་སྐྲ་ཚོན་སྐུད་སྣ་ལྔས་རྒྱ་གྲམ་ལྟར་བཅིངས། ཚེར་མའི་ཤིང་གི་བར་དུ་ལྟེམ་ལ་བྲ་མའི་ཤིང་གིས་ཁ་བསྡམས་ཏེ་མནན་པ་བྱའོ། །

མཆོད་རྟེན་ནག་པོའི་ཞབས་སུ་གནོན་རྒྱུའི་རྫས་ནི། ཀརྨ་ཆགས་མེད་ཀྱི་མཆོད་རྟེན་ནག་པོ་གདུག་པ་ཀུན་འདུལ་ཅ་ཏི་བྱ་བ་ལས། སམ་ནག་ཚེར་མ་གདུག་པ་ཅན། །དྲག་པོའི་ཤིང་ལ་སྲོག་ཤིང་བྱས། །འདྲེ་སྲིན་མང་བོའི་བླ་ཡང་བྲིས། །ལང་ཀ་པུ་རིའི་གཉའ་མནོན་བྱས། །འཛམ་བུ་གླིང་གི་མི་རྣམས་ཀྱིས། །གྲོ་ག་ཤ་ཤུན་སྟག་སྡེབ་ལ། །སོལ་ཕྱེ་ནག་པོའི་སྣག་ཚ་དང་། །ཕག་རའི་ཁྲག་གིས་འདྲེ་ལིང་བྲིས། །ལིང་ག་གཟུགས་ཅན་བྲིས་ནས་ནི། །དཀར་ནག་སྐུད་པས་དམ་དུ་བཅིངས། །ཤེལ་ཚིག་རམ་པ་རུག་པ་དང་། །ཟན་དྲུག་དང་ནི་ཡོས་སྙིགས་དང་། །ཙ་སྦྲུལ་ཐོད་དགུ་རུས་བཅུ་དང་། །འདྲེ་སྲིན་གདོན་བགེགས་གནོད་བྱེད་རྣམས། །དཀར་དང་བྲབ་པའི་ཡས་སྟགས་རྣམས། །མཆོད་རྟེན་ནག་པོའི་ཞབས་སུ་བཅུག། ཅེས་གསུངས་པ་ལྟར་རོ། །

མཆོད་རྟེན་ནག་པོ་གདབ་པའི་ས་ནི། ལུང་གསུམ་མདོ་དང་། སྒང་གསུམ་སྣ། ལུང་བ་ངན་པའི་ཁ། ས་ངན་ཐ་མའི་རྟེན་ཕུར། ས་དགྲ་རྩུབ་པའི་གཉའ་ནོན། ཆུ་ཆེན་གྱི་འགྲམ་དང་སྣ་ཁ། བྲག་དམར་སྲེ་མོ་འདྲ་བ། བྲག་ནག་སོག་པོ་ཁྲོས་འདྲ། གཅན་གཟན་གྱི་ཁ་གདངས་པ་ལྟ་བུའི་བྲག་རྩ། ཆུང་སྲི་རྨང་འདྲེ་གོད་འདྲེ་ནོན་པ། བྱད་ཁ་ཕུར་ཁ་གནོན་པ། ཤི་སྒབ་གཅོད་པ། མཆོད་རྟེན་ཐུར་རྒྱུ་ལྟ་བའི་སྣ། ཆུ་སྲིན་ཁ་གདངས་པ་ལྟ་བུ་དང་། སྦྲུལ་ནག་ཐུར་རྒྱུགས་འདྲ་བའི་ཁ། གྲུ་གསུམ་ཕུར་སོ་འདྲ་བ་སོགས་ལ་གདབ་པར་བྱའོ། །

མཆོད་རྟེན་བྱ་བའི་ལས་ཐབས་བསྟན་པ་ནི། སྒྲུབ་པ་པོ་ཡོན་བདག་གི་ལོ་ལྷའི་ཕྱོགས་སུ་རྒྱབ་བརྟེན་ལ་གནོད་ཕྱོགས་སུ་ཁ་བསྟན་ནས། ས་བདག་ལ་སྐྱེམས་དང་གཏོར་བསྔོས་བྱས་ཏེ། བཀའ་བསྒོ་དང་སྡོངས་གྲོགས་བཅོལ་ནས་ས་བསླང་བར་བྱ། དེ་ནས། རང་ཉིད་ཡི་དམ་དུ་བསྐྱེད་དེ་འཆམ་གྱི་སྟངས་སྟབས་དང་བཅས། ས་བདག་དམ་ལ་བཏགས་པའི་ས་འདུལ་དང་གཉེན་པོ་རྫས་ཀྱིས་འདུལ་བའི་ས་འདུལ་བརྒྱབ་ཏེ། སྒྲུབ་པ་པོའི་ཐུ་བ་གཡོན་པ་ས་ལ་ལན་གསུམ་བརྡབས་ནས་སྐག་ལེ་བརྒྱབ་པས། ས་ཁ་དྲུག་ཏུ་གས་ཏེ་འོག་གི་རྒྱ་མཚོ་སྔོ་མེར་མཐོང་ནས་ཆུ་སྲིན་ཁ་གདངས་པའི་གྲེ་བར་གཤིན་རྗེ་གྲོང་ཁྱེར་དུ་དམིགས་ནས་དམར་གཏོར་གཤིན་རྗེ་ཁ་རུ་བརྒྱབ་ཏེ་སྡང་དགྲ་གནོད་བྱེད་གཏད་པའི་ཡོན་དུ་ཕུལ། གཤིན་རྗེ་ལྟོ་བ་ཞབས་མེད་མུན་པའི་འཁོར་ལོ་ཞིག་ཏུ་སྒོམ་ལ། སྦྱིན་བདག་ལ་གནོད་པའི་དམ་སྲི་སོགས་གང་ཡིན་པ་ཆུ་བོ་གྱེན་དུ་ལོག་པ་དང་བསྐལ་བ་ཆགས་འཇིག་མ་བྱུང་བར་དུ་མནན་ཏེ། དྲག་སྔགས་བཟླ་ཞིང་ཐུན་དང་ཟོར་གྱིས་བྲབ་བོ། །དེ་ནས། ཡས་གླུད་རྫོང་འདེབས་རེ་སྒྱེ་ནང་དུ་བླུགས་ཏེ་རྔ་མོང་ག་བར་བཀལ། དེ་སྟེང་ཐོད་དགུ་རུས་གསུམ་བཀྲམས། ཐལ་སོལ་མང་བོས་སྟེང་ནས་དགབ་པར་བྱ། དེའི་སྟེང་རོ་ཡམ་ལ་རོ་སོལ་གྱིས་རྒྱ་གྲམ་བྲིས་ལ་མནན། དེའི་གྲོད་པ་རླུང་གིས་བཀང་ལ་བཞག དེའི་མེ་བླུགས། ས་ཡིས་དགབ། དེའི་སྟེང་ས་ཁོད་རིམ་དགུའི་བར་མཚམས་ལ་རྒྱ་གྲམ་རིམ་བཞིན་དགུ་བྲིས་ཏེ་རྒྱས་གདབ་བོ། །དེ་ནས། བྲོ་ར་བཅའ་ལ་གང་ཤེས་བརྡུང། དེའི་སྟེང་མཆོད་རྟེན་བང་རིམ་གསུམ་པ་བྱ། དེ་ནས། སྲོག་ཤིང་བཙུགས་ལ་སཙྪ་ནག་པོ་བྱས་ལ་རྣམ་སྣང་ནག་པོར་སྒོམ་ཏེ་རྩ་བར་བཞག་ཏེ་བརྩིགས་དགོས་སོ། །

རྗེས་ཀྱི་བྱ་བ་ནི། མཆོད་རྟེན་ནག་པོ་བཞེངས་གྲུབ་བྱུང་ན། ཡོན་བདག་སྔོན་དུ་བཏང་ནས། རང་ཉིད་རྗེས་སུ་ཁྱུང་སྔགས་འདོན་བཞིན་འོང་དགོས་པར་བཤད་ལ། རབ་ཡིན་ན། གནས་དེར་སྦྱིན་སྲེག་དང་ཚོགས་འཁོར། བཀྲ་ཤིས་དགུ་བརྩེགས་དང་བསྐང་གསོ། སཙྪ་དང་ས་བདག་འཁྲུགས་བཅོས་བྱས་ན་ལེགས་པར་བཤད་དོ། །ཞིབ་ཏུ་ཤེས་འདོད་པ་རྣམས་ཀྱིས་ཀརྨ་ཆགས་མེད་ཀྱི་མཆོད་རྟེན་ནག་པོ་གདུག་པ་ཀུན་འདུལ་ཅ་ཏི་དང་། མཆོད་རྟེན་ནག་པོའི་ལྷན་ཐབས་ལ་བལྟ་བར་བྱའོ། །

བོད་ཤོག་བཟོ་ཐབས།

༡ ཤོག་བུ་བཟོ་ཐབས། བོད་ཀྱི་ཤོག་བཟོ་བྱེད་ཐབས་འདི་ལ། རབ་འབྲིང་ཐ་གསུམ་ཡོད། རབ་གྱི་རྒྱུ་ནི། དམ་ཤོག་ལྡུམ་དུང་ལོ་མ་བྱ་བ་དེ་ཡིན། དགེ་མཚན་ནི་སྲབ་མཐུག་སོགས་གང་འདོད་སྒྱུར་ཆོག་ལ། དེ་ཡང་། སྐྱེས་ས་བཟང་ངན་གྱིས་རབ་འབྲིང་ཐ་གསུམ་ཡོད། ས་ནག་དང་ཤུག་པ་རྫ་བྲག་མེད་སར་སྐྱེས་པ་དེ་རབ་དང་། བྱེ་མ་དང་ས་དམར་སོགས་ཀྱི་ནང་དུ་སྐྱེས་པ་དེ་སྲ་ཞིང་ཚོས་དཀའ་ལ། ཁ་དོག་ཀྱང་སེར་བས་འབྲིང་། ཤུན་ལྤགས་མཐུག་ཅིང་འབུ་ཟན་བརྒྱབ་པ་ནི་ཐ་མའོ། །ཤོག་ལྡུམ་བཏུས་ཏེ་ཤུན་ལྐོགས་བཤུ་བ་སོགས། གཙང་བཟོ་ལེགས་པར་བྱས་ནས། སྙིང་བོ་བླངས། བྱ་རྡོ་བསྲེགས་པ་ཆུ་འཁྱག་ཏུ་འཕངས་ནས་དར་བ་ཙམ་ཏུ་བྱས་པ་ཏེ། དེ་ལྕེ་ཐོག་ཏུ་བླངས་ན་ལྕེ་འབིགས་པ་ལྟར་སྣང་བ་ལེགས་རབ་ཡིན། ཚོས་རྗེས་ཟན་ཕྱེ་ལྟར་ཞིབ་པར་བརྡུང་སྟེ་ཆུས་ནང་དུ་བཏབ་ནས་ལེགས་པར་དཀྲུགས། དེ་ནས། ཤིང་གཞོང་གི་མཐིལ་དུ་སེང་རས་ཀྱིས་གཡོགས་པའི་ཚགས་ལྟ་བུ་དེའི་ནང་དུ་བླུགས་ནས། མ་ཡོ་བར་རྫིང་ཆུའི་ནང་དུ་བཙག་དཀྲུག་བྱས་ཟིན་པ་དང་། བླངས་ནས་སྐམ་དུ་འཇུག་དགོས་སོ། །

འབྲིང་གི་རྒྱུ་ནི། ཨ་ག་རུའི་ཤུན་པ་ཡིན། བཙོ་བརྡུང་བྱེད་ཐབས་ནི། དེ་ཤུན་པ་བཤུས་ཏེ་བར་ཤུན་དེ་ཡུད་ཙམ་བཙོས་ནས་ཁུ་བ་འཕོ། གཞན་རྣམས་གོང་ལྟར་ལ། རྒྱུ་འདིའི་ཤོག་གུ་ནི་མཐུག་པོ་ཡིན་པས། ལྒིགས་བམ་གྱི་འབྲི་གཞིར་མཆོག་གོ །

ཐ་མའི་རྒྱུ་ནི། རེའུ་ལྕག་གི་རྩ་བ་ཡིན། བཙོ་བརྡུང་བྱེད་ཐབས་ནི། ཤུན་ལྐོགས་དང་ནང་ཉིང་དོར་བའི་བར་ཤུན་དེ་ཐལ་ཁུའི་ནང་དུ་བཙོས་པས། བལ་ལྟར་ལྷོད་པར་འོང་། དག་འདོན་དུ་ཨ་རུ་ར་ཐུམ་གཅིག་འདེབས་དགོས། གཞན་གོང་ལྟར་ལ། འདི་རྒྱུ་ཐ་མ་ཡིན་ཀྱང་དུག་ཡོད་པས་འབུ་སྲིན་གྱིས་གནོད་པས་མི་ཚུགས་ཀྱང་། ཡུན་དུ་མི་གནས་པར་བྱེད་དོ། །

ཤོག་གུ་སྤུ་གཅོད་དང་སྦག་འདོན་བྱེད་ཐབས་ནི། ཤོག་གུ་བཟོས་ཚར་ནས། རྡོ་དཀར་གྱིས་བྲད་རྡོལ་མ་ཤོར་བར་དབུར་བརྡར་བྱ། བག་ཆུ་ཆུ་ནང་དུ་དཀྲུགས་པའི་ལྦུ་བ་དོར་ཏེ། དྭངས་མ་ཆ་གཉིས་སུ་བགོས་པའི་ཆ་གཅིག་ཚོས་པར་བསྐོལ་ནས་ཕོག་ལ། མ་བསྐོལ་བའི་ཆ་གཅིག་པོ་དེ་ཡང་བསྲེས། དེ་ནས་དར་བག་ཆུའི་བཞི་ཆ་ཙམ་དང་། སྦྱིན་ཆུའི་དྭངས་མ་ཅུང་ཟད་བཏང་། ཚ་ཆེ་ན་ཤོག་གུ་འཚིག གྲང་ཆེ་ན་བག་ཆུ་མི་འགོ་བས་ཤོག་གུ་སྲ་འཐིང་མི་འོང་། དེ་བས་ཚ་དྲོད་རན་པར་བྱ། རྫས་དེ་དག་གི་ཡོན་ཏན་ནི། དར་བས་དཀར་ཞིང་དྭངས། བག་ཆུས་སྲ་ལ་འབོལ་བ་འབྱུང་། སྤྱིན་ཆུས་སྲ་ཤིང་མདངས་ལྡན་ཞིང་ཡི་གེ་མི་འབྱམས་པ་འོང་། དེ་ནས་ཤོག་ཚན་བྱས་ཏེ་སྐམ་རློན་རན་པར་བསྡམས་ནས། རྡོ་མཁྲེགས་ཞིང་འཇམ་པོའི་སྟེང་དུ་གཡག་རྭ་འམ་སྲ་ཤིང་གི་བེར་ག་འཇམ་པོས་དལ་བུར་བརྡུང་ལ་སྐྱོན་མི་འབྱུང་བར་བྱའོ། །ཤོག་བཟོ་ལེགས་རབ་ནི། སྲབ་མཐུག་དང་བུག་རྡོལ་མེད་པ། ནག་དྲེག་དང་བརྡར་ཤུལ་མེད་པ། འབོལ་ཞིང་དཀར་ཤད་ཆེ་བ་དེའོ། །དེ་ལྟར་ཤོག་བཟོ་ལེགས་པར་གྲུབ་རྗེས་ཐིག་རྩ་འདེབས་སྟངས་མཁས་པ་སོ་སོའི་ཕྱག་རྒྱུན་ལྟར་བྱའོ། །

༢ ཤོག་བུར་ཚོས་བྱེད་ཐབས། ཤོག་བུ་ལ་ཚོས་བསྒྱུར་སྟངས་འདི། ད་ལྟའི་དུས་འདིར་ཕལ་ཆེར་ཉམས་དམས་སུ་གྱུར་ལ་ཉེ་ཡང་། རང་ཅག་གི་མེས་པོ་གོང་མའི་ཕྱག་རྒྱུན་ཁྱད་པར་ཅན་ཞིག་ཡོད་པས། འདི་དག་སྲུང་སྐྱོབ་བྱེད་པ་ནི་ཕྱི་རབས་པའི་འོས་འགན་ཡིན་ལ། འདིར་ཅུང་ཟད་ཙམ་བརྗོད་ན།

༡ ཤོག་དམར་ཚོས་བསྒྱུར་བ་ལ། དང་བོར་གཙོད་ཁུ་གར་མོ་སྟེ་སླ་བོ་ཡིན་པ་དྲངས་ནས་སྐེམ་དགོས། དེ་བུལ་ཆུ་འམ་རྡོ་ཞུན་གྱི་དྭངས་མ་སྔོ་སིང་ངེ་བ་ལ་དྲངས། ཡང་ན། རྒྱ་ཚོས་ཚ་ལ་མ་སོང་བའི་ཁུ་བ་ལ་དྲངས། ཡང་ན། འོ་རྐྱལ་ནང་དུ་འོ་ཤིང་བླུགས་ལ་དེའི་ནང་དུ་འབྲི་མོག་གི་རྩ་བ་སྦུན་མ་མང་དུ་བསགས་ལ་བཏབ་ནས་ཁུ་བ་ཞག་གཅིག་བཞག ནངས་པར་ཁ་དམ་པར་བྱས་ལ་ཕྱི་ནས་ལག་ཕུར་ཡང་ཡང་བྱས་པས་ཁུ་བ་བཏོན་པ་ལ་དྲངས།

༢ ཤོག་སེར་ནི། ཞུ་མཁན་བཟང་བོ་ཚ་ལ་བཏབ་ནས་ཁུ་བ་བཏོན། གར་མར་དྲངས་པས་དམར་སེར་འོང་། ཡང་ན། སྔར་བག་སེར་གྱི་ཚོས་དེ་དེར་དྲངས། དེ་རྡོ་ཞོ་དྭངས་མ་ལ་དྲངས་ན་དམར་སེར་འོང་། ཡང་ན། མེ་ཏོག་ལྕང་ཤོག་ཁུ་བར་དྲངས་ནས་སེར་ཚུར་ཅུང་ཟད་བཏབ་པ་ལ་དྲངས། ཤིན་ཏུ་སེར་བོ་དགོས་ན། མྱང་རྩིའི་སྤྲས་ཀྱི་ཁུ་བར་དྲངས་ན་ལེགས་པོ་འོང་ངོ་། །

༣ ཤོག་སྔོན་ནི། ཧོར་ཟླ་ལྔ་བའི་ནང་གི་ཤིང་སཱ་ལ་ཆེན་པོའི་མེ་ཏོག་དམར་ལ་སྔོ་མདངས་ཡོད་པ་ཐོན་དུས་བཏུས་ཏེ། ལྕགས་སྣོད་ཁུ་བ་བཏོན་ལ། ནང་དུ་ལྕགས་བྱང་མ་བཅུག་ལ་ཚི་ཞག་བཅད་ལ་ཕོ་ནས། ཞག་གཉིས་ཙམ་བཞག བུལ་ཏོག་ཅུང་ཟད་བཏབ་བསྲེས་པ་ལ་དྲངས་དགོས།

༤ མོག་སྔོན་བྱ་ཚུལ་ནི། མེ་ཏོག་ཤིང་དྲིལ་བསྐམ་པ་ཆུར་བཏབ། མཛུབ་མོ་ཚུགས་ཙམ་བསྲོས་ལ། ཁུ་བ་ཡང་ཡང་སྔ་ཕྱིར་བྱུང་བ་སྡོམ། ཚིགས་མ་དོར། དེར་ཚ་ལ་ཅུང་ཟད་བཏབ་པ་ལ་དྲངས་པས་འགྲུབ་བོ། །

༥ ཤོག་ལྗང་ནི། བཤད་མ་ཐག་པའི་མེ་ཏོག་ཁུ་བ་འདི་ལ་བུལ་ཏོག་དཀར་བོ་སླད་མེད་བཏབ་པ་ལ་དྲངས་པས་འབྱུང་ངོ་། །

༦ སྣག་ཤོག་ནི། སེམས་ཅན་གང་རུང་གི་ཀླད་པ་བཙོས་ལ། ཁྲག་ཁུ་དོར་ནས་རུལ་དུ་བཅུག་ན་གསེར་དངུལ་མི་གཡའ་བའི་དགོས་པ་ཡོད། ཀླད་སྤྱིན་གྱིས་དམ་སྦྱར་བའི་སྣག་ཚ་འདུལ་ལེགས་སྲབ་མཐུག་མེད་པར་གཟི་མཆོང་གིས་དབུར་རོ། །ཞེས་སོགས་ཤོག་ཚོས་བྱུགས་སྟངས་སྣ་ཚོགས་ཡོད་པས། དོན་དུ་ན་མཐོང་བ་བརྒྱུད་པའི་ལག་ལེན་ལ་ཞུགས་པར་བྱའོ། །

མཐིང་ཤོག་བཟོ་ཐབས།

བོད་འདིར་མཐིང་ཤོག་བཟོ་ཐབས་ནི་གནའ་སྔ་མོ་ནས་དར་བ་སྟེ། སད་ན་ལེགས་མཇིང་ཡོན་གྱི་བཀའ་གཙིགས་ལ། སྲས་ཁྲི་སྲོང་བཙན་གྱི་སྐུ་རིང་ལ། ཤོག་གུ་མཐིང་ག་ལ་གསེར་བྲིས་ཏེ་འཕྲ་མྱེན་གྱི་སྒྲོམ་བུ་བསྩལ་ཞེས་འབྱུང་བ་ལ་ལྟར། གསེར་དང་དངུལ། ཡང་ན། རིན་ཆེན་སྣ་བརྒྱད་གྱི་བྲི་གཞི་ཞིག་གོ། མཐིང་ཤོག་བཟོ་ཐབས་ལ། དང་བོར་ཤོག་གུ་སྦྱར་ག་རྒྱག་བྱེད་ཀྱི་གྲོ་ཞིབ་བསྐོལ་བའི་བག་ཆུ། ཞག་མང་ཙམ་ལ་བཞག་ནས་ལྡུར་དུ་བཅུག དེ་ནས་གཉེར་དང་ཁ་ཁུམ་མ་ཤོར་བར་ཤོག་གུའི་སྲབ་མཐུག་ལ་བལྟས་ཏེ། སྦྱར་དགོས་ལ། སྐམ་ཟིན་ཙམ་ན་ཤོག་གུ་བམ་པོ་རེའི་བར་དུ་འགའ་རེ་སྦངས་ནས། སྤང་ལེབ་ངོས་འཇམ་པོའི་བར་ལ་སྣེམ་ཏེ་མནོན་རྒྱུ་གལ་ཆེ། མཐིང་ཤོག་བཟོ་བའི་སྣག་ཚ་སྒྲོན་མེའི་ཤིང་ཞེས་པ་དེས་བཟོས་པ་ཡིན་ཞིང། སྣག་ཚ་དེའི་ནང་གཡག་ལུག་གི་ཀླད་པ་བསྐོལ་ནས་བསྲེ་རྒྱུ་དང་། དེ་ལག་པས་མཉེད་དེ་དྭངས་བཞུར་བྱས། དེ་ནས་ཤོག་གུའི་ངོས་ལ་ལན་འགར་བྱུགས་དགོས་ཞིང་། ཤོག་མཐའི་ཚད་ལ་དམིགས་ཏེ་དེང་གི་སྨྱུག་ཆུ་སྔོན་པོས་བྱུགས་དགོས། གཞན་ཡང་། མགྲོན་བུ་བསྲེགས་པའི་ཕྱེ་མ། གྲོ་ཆང་དང་ཛཱ་ཏི་བསྲེས་ཏེ་གདུས་པའི་དྭངས་མ་ཤོག་གུར་དྲངས་ན་མཐིང་ཤོག་འབྱུང་ཞིང་། སྐམ་ནས་ཆགས་བྱས་པས་ཨ་རུ་འགའ་ཞིག་བརྡུང་སྟེ་དྭངས་མ་ཚགས་སུ་བཙགས་པ་ཤོག་སྟེང་ལ་བྱུགས་ན་མཐིང་ཤོག་གྲུབ་བོ། །

ཤོག་གུའི་དབུར་རྡོ་ནི། དབུར་རྡོ་དུང་ལས་བྱས་ན་འཇམ་པོར་འོང་ཡང་མདོག་སྔོན་པོར་འགྲོ། རྡོས་དབུར་ན་ཤོག་གུ་ཚིག མཆོང་གིས་རི་མོ་དོད། ཟངས་ལྕགས་ཀྱིས་གཡའ་འབྱུང་། དེ་བས་དབུར་རྡོ་ཐམས་ཅད་ཀྱི་མཆོག་ནི་གཟི་སེར་ཁྲ་ཡིན། དེས་དབུར་ན་འབོལ་ཞིང་འཇམ་ལ། མདོག་ལེགས་པ་འོང་། མ་རྙེད་ན་རྭ་དང་དཀར་ཡོལ། མ་ན་ཧོ་སོགས་རིན་ཆེན་གྱི་རིགས་སྲ་མཁྲེགས་ཅན་རྣམས་བཟང་ངོ་། །

དབུར་གདན་ལ། གས་འཛེར་མེད་པའི་ངོས་འཇམ་པའི་སྲ་ཤིང་གི་སྟེང་ལ། མཐའ་དབུས་མ་ཁྱབ་པ་མེད་པར། ཤེད་ཤུགས་རན་པར་ཡུན་རིང་དབུར། དབུར་ངན་པའི་རྟགས་སུ། དབུར་ངན་དབུར་དང་མཉེད་ངན་གྱི། །དཀྱིལ་ནས་འདུལ་བཞིན་མཐའ་ནས་གྱོང་། །ཞེས་པ་ལྟར་འོང་བས། དེ་ལྟར་མ་ཤོར་བ་གལ་ཆེ། མཐིང་ཤོག་གི་དབུར་རྡོ་དང་དབུར་གདན་འདི་བཞིན་རས་གཞི་ལའང་སྦྱར་ན་འགྲིག་གོ།

ཡང་། རྒྱ་ནག་གི་ལུགས་ལ། མགྲོན་བུ་བསྲེགས་ཏེ་ཞིབ་བཏགས་བྱས། གྲོ་ཆང་དང་ཛཱ་ཏི་བསྲེས་ནས་གདུས་པའི་ཁུ་བར་ཤོག་བཟང་དྲངས་པས་མཐིང་ཤོག་འབྱུང་ཞིང་། བསྐམས་ནས་ཆགས་བྱས་ལ། ཨ་རུ་རའི་ཆུ་གོང་ལྟར་བཏོན་པར་བྱའོ། །

ཤོག་གུའི་ཕང་དུ་ཐིག་རྒྱག་བྱེད་ཀྱང་། གང་བྱུང་གི་སྨྱུ་གུའི་མི་ཆོག་པར། བརྡར་རྡོ་སྨྱུ་གུ་དེ་བཟང་བར་བཤད། ཤོག་གཞི་ལ་ཡི་གེ་ཡང་གོ་རིམ་བཞིན། ཡིག་ཕྲེང་དང་བོ་ལ་གསེར། དེ་ནས་རིམ་བཞིན་དངུལ། བྱུ་རུ། ལྕགས། ཟངས། དུང་བཅས་རིན་ཆེན་སྣ་བདུན་གྱིས་འབྲི་བའི་སྲོལ་ཡོད་ལ། དེང་སང་རྒྱུགས་ཆེ་བ་ནི་གསེར་བྲིས་སོ། །

སྨྱུག་བཟོ་དང་ཡིག་གཟུགས།

༡ ད་ལྟའི་ཡིག་རྒྱུན་གྱི་ཁུངས། བོད་ཡིག་ཁུངས་གཏུགས་ས་ལ་མཁས་པའི་བཞེད་ཚུལ་མང་ཡང་། ལཉྫ་ལ་དཔེ་བྱས་ནས་དབུ་ཅན་དང་། ཝ་རྟུ་ལ་དཔེར་བྱས་ནས་དབུ་མེད་བཟོས་པར་ཀུན་ལ་གྲགས་སོ། །དེ་ཡང་། ཐོན་མིའི་སྐུ་དུས་ནས་དབུ་ཅན་དར་བ་སྟེ། དུས་རབས་བདུན་པའི་སྨད་ཀྱི་ཆར། ཐོན་མིས་ཡི་གེ་གསར་བཏོད་བྱས་ཏེ་སྲོང་བཙན་ལ་ཆེ་བརྗོད་གནང་བ། ལྷ་སའི་ཤར་རྒྱུད་ཛེན་ཁོག་སྣ་རྡོའི་ལྷ་ཁང་གི་བྲག་ལྡེབས་སུ་བརྐོས་ཡོད་པ་དེར། སྦལ་ནག་ན་ལ་བགྲད་འདྲ་གསུངས། དེ་ནས་རིམ་བཞིན། ཆ་ངར་རིན་ཆེན་འབར་གྱིས་བྲིས་པ་སོ་ཕག་ཞིབ་འདྲ། ཆབ་དཀར་བེའུ་ཚེས་བྲིས་པ་བྱ་ཕོ་འཇོལ་འདྲ། གཙང་དགེ་བསྙེན་དཀོན་མཆོག་དབང་གིས་བྲིས་པ་ནས་ནག་བཀྲམས་འདྲ། བྷེ་ཤོ་ཁྲམ་གྱིས་བསམ་ཡས་རྡོ་རིང་ལ་བྲིས་པ་མུ་ཏིག་བསྟར་འདྲ། ཚེ་སྤོང་བྱང་ཆུབ་གྱིས་བྲིས་པ་སྦུར་ནག་བགྲད་འདྲ། འབྲེ་བ་ཡོན་ཏན་གྱིས་བྲིས་པ་ཉ་མོ་ཆུ་ནས་ཕྱུང་འདྲ། གྲ་ཤོད﹙དུང་དཀར་ཚིག་མཛོད་ལས། སྐ་ཅོག་ཟུང་ཡིན་པར་འདྲ་གསུངས﹚རྣམ་གཉིས་ཀྱིས་བྲིས་པ་སེང་གེ་གནམ་དུ་མཆོང་བ་ལྟ་བུ་སྟེ། འདི་རྣམས་བསྟན་པ་སྔ་དར་གྱི་ཡིག་མཁན་དང་། ཕྱི་དར་གྱི་ཚེ། སྒྲོ་ཉ་ཤ་རི་ནས་མཐོང་བ་རྡོ་རྗེ་བར་གཟབ་ཆེན་གྱི་འབྲི་སྲོལ་རིམ་པ་དགུ་བྱུང་། དེའི་རྗེས་ཁྱུང་བོ་གཡུ་ཁྲི་འབར་གྱིས་དཀྱིལ་འཁོར་གྱི་ཆ་ཚད་ལ་དཔེ་བླངས་ཏེ། ཆ་ཆེན་ཆ་ཆུང་གི་སྲོལ་བཏོད་པར་མ་ཟད། སྨྱུ་གུ་དང་སྣག་ཚ་ཤོག་གུ་བཟོ་ཚུལ་སོགས་ཀྱི་བཀའ་རྩོམ་གནང་སྟེ། སློབ་རྒྱུན་བསྐྱངས་ནས་ད་ལྟའི་འབྲི་སྲོལ་འདིའོ། །དབུ་མེད་འདི་ཐོན་མིའི་སྐུ་དུས་སུ་དར་བ་མ་ཡིན་ཡང་། ཡིག་མཁན་ཚོའི་ལག་བྱང་གི་གོ་རིམ་ལས་བྱུང་བར་མངོན། དེ་ཡང་། ཡིག་གཟུགས་འདི་མི་འདྲ་བ་དྲུག་ཏུ་དབྱེ་ཆོག་སྟེ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས། བོད་ཡིག་གཟབ་ཆེན་གཟབ་ཆུང་འབྲུ་ཆེ་ཆུང་། །གཤར་མ་དཀྱུས་ཡིག་དྲུག་ལ་ཐམས་ཅད་འདུ། །གསུངས་པ་ལྟར་རོ། །དབུ་ཅན་ལ་རྗེ་ཙོང་ཁ་བ་ནས་པར་འདེབས་ཀྱི་བྲིན་སྒོ་ཆེ་བས། འགྱུར་བ་ཆེར་མ་སོང་ལ། དབུ་མེད་ལ་དབུས་བྲིས། ཁམས་བྲིས། ཨམ་བྲིས་གསུམ་བྱུང་ཡོད་དོ། །

༢ སྨྱུ་གུ་བཟོ་སྟངས། ཤེས་བྱ་ཀུན་ཁྱབ་ལས། སྨྱུ་གུའི་མཆུ་ལ་མཁས་གྱུར་ན། །ཡི་གེའི་འབྲི་ལ་མཁས་པར་བཤད། །གསུངས་པ་ལྟར། ཡིག་གཟུགས་ལེགས་པོ་ཞིག་འབྲི་བ་ལ། །སྨྱུ་གུ་བཟོ་སྟངས་ལ་མཁས་དགོས། །སྨྱུ་གུའི་རྒྱུར་འོས་པའི་སྨྱུག་མ་ནི། སྦུ་གུ་ཕྲ་ལ་ལྕི་བ། སྨྱུག་ཤ་མཐུག་ཅིང་མ་འཆུས་པ། མདོག་སེར་ལ་འོད་ལྡན་པ། རྩི་འཇམ་ལ་སོས་མནན་ན་འདྲེད་པ་དེ། རིན་ཆེན་སྣ་བརྒྱད་མཚལ་སྣག་གང་འབྲི་བ་ལ་མཆོག་གོ། བྱེ་བྲག་ཏུ་འཇང་སྨྱུག་ནག་པོ་དེ་དཀྱུས་ཡིག་འབྲི་བར་བཟང་། ལྕགས་སྨྱུག་དང་ལྷོ་སྨྱུག་རོང་སྨྱུག་གསུང་རབ་ཆེན་པོ་འབྲི་བར་བཟང་ངོ་། །

སྨྱུག་མ་སྲ་བཅོས་བྱེད་ཐབས་ནི། སྨྱུག་རྣམས་ཡུན་རིང་དུད་ཁང་དུ། །བཏགས་ལ་བ་རྐང་རྙིང་བ་རབ། །མ་རྙེད་རྐང་མར་རྙིང་བ་བྱུགས། །ཡོས་ཚན་ནང་བཅུག་འཇམ་གྱིས་ཕྱིད། །རུས་པ་ལྟ་བུར་མཁྲེགས་པར་འགྱུར། །ཞེས་སོ། །

༣ སྨྱུ་གུ་བཟོ་ཐབས། ཤེས་བྱ་ཀུན་ཁྱབ་ལས། སྨྱུ་གུ་མཐོ་བས་མི་རིང་ཞིང་། །མཛུབ་པས་མི་ཐུང་ཕྲ་སྦོམ་རན། །མཐེབ་མཛུབ་ཚད་སྦྱར་འགྲིམས་བདེར་གཞོགས། །རྩེ་སོར་ཕྱེད་གཉིས་གཞལ་བའི་སར། །སུམ་གཉིས་རྫིང་ལ་སུམ་གཅིག་མཆུ། །གཟོབ་འདོད་གས་ཆུང་མགྱོགས་འདོད་ཚེ། །རྫིང་འདྲ་ཡུར་བ་འདྲ་བ་ཞེས། །རྒྱབ་ནས་བལྟས་ཏེ་གཡས་གཡོན་སྙོམས། །རྫིང་ཆུ་ཧ་ཅང་མ་སྲབ་ལ། །བཅད་ཁ་གྱེན་གསེགས་རིམ་གཅོད་བྱ། །གསུམ་ལྡན་ལྔ་འཛོམས་ཞེས་པའི་དོན། །ཞེས་དང་། ཚེག་བྲིས་འབྲི་ན་མཉམ་པར་བཅད། །ཟླུམ་བྲིས་འབྲི་ན་ཉིས་ཆོད་བྱ། །སྨྱུག་ཁ་ཆིག་ཆོད་བྱས་གྱུར་ན། །ཡི་གེ་ལེགས་པའི་གནད་གཅིག་ཡོད། །སྨྱུག་ཁ་ཉིས་ཆོད་བྱས་གྱུར་ན། །སྨྱུག་ཁ་སྲ་བའི་གནད་ཅིག་ཡོད། །ཅེས་གསུངས་སོ། །དེང་སང་ལྕགས་སྨྱུག་དང་སྨྱུག་ཆུ་སྣ་ཚོགས་ཡོད་ཀྱང་། བོད་ཡིག་ལེགས་པོ་ཞིག་འབྲི་བ་ལ་ཤིང་སྨྱུག་འདི་ཧ་ཅང་བཟང་ངོ་། །

༤ སྨྱུག་གྲི་བཤད་པ། བཟོ་གནས་ལེགས་ཉེས་གྲི་ལ་རག །ཅེས་པ་ལྟར། ལྕགས་རྒྱུ་བཟང་ངན་རན་ཞིང་། ཕོ་ལྕགས་སམ་མོ་ལྕགས་འདྲེས་མ་འམ། མཉེན་ལ་ངར་འཛིན་པའི་རྣོ་ཅན་གྱི་ལྕགས་ལ། མར་དང་བུར་སྦྲང་བསྲེས་ཏེ། ལྕགས་ཞུན་བྱ་དགོས་སོ། །སྨྱུག་གྲིའི་དབྱིབས་ལ། གྲི་རྩེ་གཟོང་ལྟར་མཉམ་པ་སྨྱུ་གུ་བཟོ་བ་ལ་བཟང་། གྲི་རྩེ་ལྟག་སོ་བྱས་པ་རྫིང་དང་ལྟག་རིས་འབྱེད་པར་བཟང་། བལ་ཚིལ་ཁྲག་དང་ཨ་རུ་ར་ངར་ལྡུད་པ་ལ་བཟང་ངོ་། །

༥ སྣག་ཚ་བཟོ་སྟངས། ཀོང་སྤྲུལ་རིན་པོ་ཆེས། སྣག་ཤོག་སྨྱུ་གུ་མི་གཟོབ་པར། །ཡི་གེ་གཟོབ་འདོད་ཡིག་མཁན་འཁྲུལ། །ཞེས་པ་ལྟར། ཡི་གེ་བྲིས་བཟང་ངན་སྣག་ཚ་ལ་རག་ལས། སྔོན་གྱི་ཚེ་སྣག་ཚའི་རྒྱུ་དགུ་ཡོད་པ་ལས། ཆེས་བཟང་བ་ནི། མར་ནག་གི་མེ་ཏོག་དང་། སྒྲོན་ཤིང་། ཉ་སྦྲིད། གྲོ་ག ཐང་ཚིལ་ལྔ། དེ་དག་ལས་རབ་མར་ནག་གི་མེ་ཏོག་དང་སྒྲོན་ཤིང་། འབྲིང་ཉ་སྦྲིད་དང་གྲོ་ག ཐ་མ་ཐང་ཚིལ་ལོ། །སྣག་ཚའི་བཟོ་སྟངས་རྒྱས་པར་བཟོ་གནས་སྐྲ་རྩེ་ཆུ་ཐིགས་ལས་ཤེས་པར་བྱ་ལ། འདིར་དེ་དག་ལས་མ་བཤད་པ་འགའ་བརྗོད་པ་ལ། མེ་ཏོག་གི་བཟོ་ཚུལ་ནི། སྣུམ་གྱི་མར་མེའི་རྩེར་ཆགས་པའི་མེ་ཏོག་གི་སྣུམ་དྲེག་ལ། ཧ་ལོ་ནག་པོ། རྒྱ་ལྕམ་མེ་ཏོག་བཅས་སོ་སོར་སྦངས་ཏེ་ནག་པོར་གྱུར་བ་དང་ལྷན་ཅིག་ཏུ་བསྲེས་པས་གྲུབ། ས་ལས་བྱེད་ཚུལ་ནི། ས་སྨྱུག་གཤིན་པོ་སྦྱིན་ཆ་གསུམ། ཞིབ་ཟན་ཆ་གཅིག་བསྲེས་ཏེ་གོང་ལྟར་བྱ་བས་འཐུས། ཕ་བ་དགོ་དགོ་ལས་བཟོ་ཚུལ་ནི། ཕ་བ་དགོ་དགོ་མེ་ལ་བཙན་བསྲེགས་བྱས་རྗེས། དམར་དྭངས་པ་དེ་ཆུ་ལ་བསྐྱུར། ཡུན་ཙམ་ནས་བཏོན་ཏེ་གཏུན་ཁུང་དུ་མཉེས། སྐམ་ཐག་ཆོད་སྐབས་བསྔོས་ཏེ། སྦྱིན་ཆུ་དང་བཅས་པར་ཡུན་རིང་མཉེས་པས་མདོག་ནག་བོངས་བྱུང་བ་དེ་ཡིན། བའི་ལྕི་བ་ལས་བཟོ་ན། ལྕི་བ་མེར་བསྲེགས་ཏེ་ཆུ་ལ་བསྐྱུར་ནས་འདོན་དགོས་པ་དང་། དེ་ནས་ཞིབ་ཟན་མཐེབ་ཀྱུ་སྐམ་པོ་བསྲེགས་པ་ཆུར་བསྐྱུར་བ་ཉུང་ཙམ་བསྲེས་ན། གཏུན་དུ་བསྒྱུར་ཚུལ་གོང་སྨྲས་ལྟར་དང་། ཡང་། ཙི་ཏྲ་ཀའི་འབྲས་བུ་སྨིན་སྐབས་ཁབ་ཀྱིས་གཙགས་ཏེ་ཁུ་བ་ལྕགས་སྣོད་ཀྱི་ནང་བླུགས་རྗེས། ཉི་མར་དུལ་བས་ཁུ་བ་སྨུག་ནག་འབྱུང་བ་དང་། དེར་ཐར་རྒྱུ་དང་མཚུར་ནག་གི་ཁུ་བའི་དྭངས་མ་བླུགས་ན་མཆིན་མདོག་འབྱུང་ལ། ཡི་གེ་བྲིས་ཚེ་འདྲེན་བདེ་མོ་འབྱུང་ངོ་། །སྣག་ཚ་སྐ་སླ་ནི་བོད་ཡིག་འབྲི་ཚུལ་མཐོང་བ་ཀུན་སྨོན་ལས། སྨྱུག་རྗེས་སྲབ་ཆེ་ན་རེའུ་ཤེད་ངན་ཟེར། མཐུག་ཆེ་ན་ཕག་མོ་ཚིལ་རྐྱལ་ཟེར། སྲབ་མཐུག་མཉམ་ན་ལྕོང་མོ་མགོ་ལྡོག་ཟེར། མཐུག་སྲབ་རན་པར་སྒེག་མོ་ཡིད་འོང་ཟེར་བ་ལྟར་དམ་ལྷོད་ཤེས་དགོས་སོ། །སྣག་ཚ་བཟོ་སྲོལ་ནི་འཇུ་མི་ཕམ་གྱི་བཟོ་རིག་ཉེར་མཁོའི་ཟ་མ་ཏོག་ན་འང་གསལ་ལོ། །

༦ སྨྱུ་གུ་འཛིན་སྟངས། ཡི་གེ་འབྲི་སྐབས་ལུས་བོ་དགྱེ་སྒུར་རན་པར་བྱ་སྟེ། ཧ་ཅང་དགྱེ་ན་ཡི་གེ་མི་འགྲིག སྒུར་ཆེ་ན་ལུས་ཁམས་ལ་གཟན་པས། ལུས་ཕུང་དྲང་བོར་བསྲངས་ཏེ། སྨྱུ་གུ་འཐེབ་མཛུབ་དང་གོང་མཛུབ་གཉིས་ཀྱི་བར་དུ་དམ་ལྷོད་རན་པར་བཟུང་སྟེ། དཀྱིལ་མཛུབ་མན་གྱི་མཛུབ་མོ་རྣམས་དེ་གཉིས་ཀྱི་འོག་ཏུ་ཅུང་ཟད་བསྐུམས་ལ། ལག་པའི་སྤར་ཁྱིམ་དུ་ཕུག་རོན་གྱི་སྒོ་ང་ཙམ་གྱི་སྟོང་ཆ་དང་། ཡི་གེ་ཆེ་ཆུང་ལ་གཞིགས་ཏེ། ཆུང་ན་སྨྱུག་ཁམས་ཡན་ཚོན་གང་ངམ། ཆེ་ན་དེ་མཐོ་བར་འཛིན་དགོས་སོ། །

༧ ཡི་གེ་འབྲི་ཐབས་དངོས། ཡི་གེ་འབྲི་བའི་ཐོག་མར་ཆ་ཚད་དང་དབྱིབས་ལ་བསླབ་པ་གལ་ཆེ་ཞིང་། ཁྱད་པར་དུ། འབྲི་ལུགས་སྣ་ཚོགས་ཀྱི་གཞི་མ་དབུ་ཅན་ལ་གཅེས་པ་བརྒྱད། འདོན་པ་བཅུ། མ་ཆོས་ཉེར་གཅིག བུ་ཆོས་བཅུ་དྲུག སྤྱི་ཆོས་གསུམ་སོགས་ཀྱི་བྲི་ལུགས་ལ་ཕྲ་ཞིང་ཞིབ་པར་ལག་ལེན་ལས་ངེས་པར་བྱས་ཤིང་། ཁྱད་པར་དུ་སྨྱུག་འགྲོས་དང་འཐེན་སྟངས། སྨྱུག་ཁ་བསྐོར་ཚུལ་སོགས་བྱང་ན་གསེར་གཞོང་ལ་མར་ཁུ་བཀང་བ་ལྟར་ཡི་གེ་མཛེས་ཉམས་ལྡན་ལ། གཞན་ཡང་བྲིས་ཀྱི་མན་ངག་ལས། སྤྱིར་ནི་ཡི་གེ་མཉམ་པ་བདུན། །མགོ་མཉམ་མགུལ་མཉམ་དཀར་མཉམ་དང་། །སྣག་མཉམ་ཚེག་མཉམ་ཤད་མཉམ་ལ། །རྐང་མཉམ་བྲིས་ཀྱི་མཉམ་བདུན་ཡིན། །ཞེས་པ་ལྟར། ཡི་གེ་མགོ་རྐང་རིང་ཐུང་གི་ཁྱད་པར་སོགས་ཞིབ་ཕྲ་མཐོང་བ་བརྒྱུད་པའི་ཕྱག་ལེན་ལས་ཤེས་དགོས་སོ། །དེ་ལྟར་ཡིག་གཟུགས་གང་བྲིས་ཀྱང་མཁས་པར་གྱུར་བའི་ཚད་ནི། ས་པཎ་གྱིས། གང་དག་ཡི་གེ་འབྲི་བ་བོ། །སྙོམས་གཙང་འགྲིག་གསུམ་ལྡན་པ་དང་། །ལེགས་མགྱོགས་དག་གསུམ་དྲུག་ཚང་ན། །མཁས་པའི་གོ་ས་འཐོབ་པ་ཡིན། །ཞེས་སོ། །

༨ ཡིག་གཟུགས་སྦྱོང་དགོས་པ། རང་ཅག་གི་ཆོས་སྲིད་ཀྱི་གཙུག་ལག་ཐམས་ཅད་ཀྱི་བརྗོད་བྱ་ཟབ་ལ་རྒྱ་ཆེ་བ་ཇི་སྙེད་པ་ཡིག་གཟུགས་ལ་བརྟེན་ནས་གནས་པ་ཡིན། དེ་བས་སྔ་རབས་མཁས་པས་ཀྱང་འབྲི་ཀློག་གཉིས་ལ་ཡོན་ཏན་ཀུན་གྱི་གཞི་མ་ཟེར་བ་འང་དེ་ཡིན། སྔོན་ནས་ད་ལྟའི་བར་དུ་བྲིས་གཟུགས་ལ་འཕེལ་འགྱུར་ཅུང་ཟད་ཡོད་ཀྱང་། རྩ་བའི་ཆ་ནས་གཅིག་མཚུངས་ཡིན། ཡིག་གཟུགས་འདི་ཉིད་མི་རིགས་ཀྱི་བླ་སྲོག་དང་། གཞུང་ལུགས་ཀྱི་མཛོད་སྒོ་འབྱེད་པའི་ལྡེ་མིག་ཡིན། ཚུལ་འདི་ལ་དགོངས་ནས། བསྟན་དར་ལྷ་རམས་པས་ཀྱང་། རྩོམ་པ་ལེགས་ཀྱང་སུག་བྲིས་མ་འབྱོར་ན། །དཔའ་རྩལ་ཆེ་བའི་དཔའ་བོ་ལག་རྡུམ་འདྲ། །ཞེས་དང་། སློབ་དཔོན་པད་འབྱུང་གིས། ཆོས་ཀློག་འདོན་བྱེད་པའི་ཡོན་མཆོད་རྣམས། །དང་བོ་གཞོན་དུས་འབྲི་ཀློག་ལེགས་པར་སྦྱོང་། །དཀར་ཆ་ཆ་མཉམ་རིང་ཐུང་མེད་པར་བྲིས། །ཞེས་མི་ལོ་སྟོང་དང་ཉིས་བརྒྱ་ལྷག་གི་སྔོན་ནས་གདམས་ཡོད་པ་དང་། འདབ་ཆགས་མི་ཆོས་སུ་བཤད་པ་རིག་པའི་གཏེར་མཛོད་ལས། མཐའ་རྒྱ་ཆོད་ལ་ཡིག་སྣ་སྦྱོངས། །སྨྱུ་གུ་གཟོབས་ལ་ཁྲིགས་སུ་ཆུད། །མཛེས་པ་གཟུགས་ཀྱི་ཁྱད་དུ་ཐོན། །སྟོབས་ཆེན་ཆད་ལྷག་མེད་པར་གྱིས། །འདི་ནི་ཡོན་ཏན་མཆོག་ཏུ་འགྱུར། །ཞེས་དང་། དེ་ལས་ལྡོག་ན། ཁ་དཔེར་ཡང་། བྲིས་ངན་མི་ཡིས་མི་ཤེས། ཞག་གཅིག་འགོར་ན་རང་གིས་མི་ཤེས། ཡིག་འབྲི་ངན་པ་ཤིག་གིས་སྒུལ། ཟེར་ལ། ཁྱད་པར་དུ་མཁས་དབང་ཚེ་ཏན་ཞབས་དྲུང་མཆོག་གིས། ཡིག་གཟུགས་མ་དག་པའི་ཉེས་སྐྱོན་དང་། དག་པའི་དགེ་མཚན་འདི་ལྟར་གསུངས་ཏེ། ཡི་གེ་དག་སྙོམས་མཛེས་གསུམ་ལས། །མ་དག་སྐྱེས་བུ་སྙིང་མེད་འདྲ། །མི་དག་རྐང་ལག་འཁྱོར་བ་འདྲ། །མི་མཛེས་གོས་ངན་གྱོན་པ་འདྲ། །དག་སྙོམས་མཛེས་གསུམ་ཆ་གང་ཡང་། །མི་ལྡན་ལམ་ཁར་བོར་བ་ཡི། །གོས་ཧྲུལ་ངན་པ་སྐྱུག་བྲོ་འདྲ། །དེ་ཕྱིར་སྔ་མ་སྔ་མ་གཙོ། །གསུམ་ག་འཛོམས་ན་བཞིན་མཛེས་པའི། །དཔའ་བོ་ཟ་འོག་གོས་ཀྱིས་བཀླུབས། །ལུས་དང་ཡན་ལག་ལྟ་ན་སྡུག། ཚོགས་པའི་ཁྲོམ་དུ་འགྲིམས་པ་འདྲ། །ཡི་གེ་སྦྱོང་འདོད་ཐོག་མ་རུ། །འདི་འདྲའི་ཚུལ་གྱིས་ལམ་ལ་བཀྲི། །ཞེས་གསུངས་ལ། དེ་ཡང་གཏམ་ཁ་བྱང་། བྲིས་ལག་བྱང་། ཟེར་བ་བཞིན་ལག་ལེན་དུ་ཁེལ་བ་གནད་ཀྱི་དོན་པོ་ལགས། མདོར་ན། སྲིད་འབྱོར་རིག་གསུམ་གང་ལའང་ཡི་གེ་ནི་ལག་ཆ་ལྟ་བུར་སོང་གཤིས། དེ་ཡང་ཡི་གེ་དག་སྙོམས་མཛེས་གསུམ་སོགས་དེ་དག་ལ་ལྕགས་ཐོག་ཏུ་རྣོ་བཞག་པ་ལྟ་བུ་ཡིན་ནོ། །

༩ ཡིག་གཟུགས་འབྲི་བའི་གོ་རིམ། ཡིག་གཟུགས་འབྲི་བའི་གོ་རིམ་གྱི་དབང་དུ་བཏང་ན། མ་དཔེ་གང་ལེགས་བདམས་ཏེ་ཡིག་མཁན་གྱི་དྲུང་དུ། ཐིག་ཁོང་དུ་དྲངས་ན་དགེ་མཚན་ལྡན་ལ། མ་ཡིག་ལྟར་སྨྱུག་ཁའི་ཆ་ཤས་དང་། སྲིད་ཞེང་གི་ཐིག་གང་ནས་འཐེན་སྟངས། སྣག་ལམ་སྦོམ་ཕྲ། ཐིག་རིས་འཕྲོད་མིན། སྣག་ཚ་སྙོམས་ཏེ། སེམས་ཀྱིས་ཚོད་འཛིན། ལག་པའི་རྗེས་སྙེག ཐིག་ཚད་ལྟར་འབྲི་ཞིང་། ལག་རྩལ་བྱང་ན་ཐིག་མ་བཏབ་ཀྱང་། ཡིག་ཚད་ལ་ཆ་རྒྱུས་ལོན། གོ་རིམ་ནི་ཐོག་མར་ཀ་མད་སུམ་ཅུ་ནས་མགོ་བརྩམས། དེ་ནས་དབྱངས་བཞི། མགོ་འདོགས་སྦྱོར་ཚུལ་བྱང་བར་འབྲི་ཞིང་། དེ་ནས་ཡི་གེ་རྣམས་ཆ་སྙོམས་པའི་ཕྱིར། མཁས་པའི་ལེགས་བཤད་གང་རུང་སྤེལ་ཏེ། གྲལ་མཉམ་ཞིང་རགས་ཕྲ་མེད་ཚེ། དབུ་མེད་སྣ་ཚོགས་འབྲི་སྦྱངས་དང་། ཐང་ཡིག་སྣ་ཚོགས་ལེགས་པར་བྱང་ཆུབ་ནས། སྔགས་ཡིག་དང་བརྩེགས་མ། མཐུག་པོ་ལྔ་དང་ལོག་ཡིག་ལྔ། གུག་གུ་ཕྱིར་ལོག་ཅན། གཟབ་གཤར་གཉིས་ཀའི་སྟེང་ལག་རྩལ་བྱང་བ་དང་། དེ་ནས་ལཉྫ་དང་ཝརྟུ་སོགས་ཞིབ་ཏུ་སྦྱངས་དགོས་ལ། དེ་དག་ཐིག་ཚད་འབྲི་བར་ཁྱད་ཆོས་གསུམ་ཡོད་དེ། རིང་ཐུང་དང་ཞེང་ཚད་སྙོམས་པ། མཐོ་དམན་དང་ཆེ་ཆུང་སྙོམས་པ། ཡ་ཡོ་ཁྱ་ཁྱོག་མེད་པའོ། །དེ་ཡང་སྨྱུག་ཁ་སྦོམ་པོ་ནས་ཕྲ་བར་འབྲི་བ་བཟང་སྟེ། ལྷ་ཆེ་དཀའ། ཡི་གེ་ཆུང་དཀའ། ཞེས་པ་ལྟར། ཆེ་འོག་ནས་ཆུང་ཐོན་ཟེར་བའི་རྒྱུ་མཚན་ཡང་དེ་ཡིན་ནོ། །

རིན་ཆེན་སྣ་བརྒྱད་ཀྱི་ཡིག་བྲིས།

ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེ་ལས། སངས་རྒྱས་ཀྱི་སྐུ་ལས་སངས་རྒྱས་ཀྱི་གསུང་གལ་ཆེ་བར་བཤད་པ་དང། ཤེར་ཕྱིན་ཚིགས་བཅད་གཅིག་བྲིས་ན་སངས་རྒྱས་འབུམ་ཕྲག་ལ་མཆོད་བསྟོད་བྱས་པ་ལས་ལྷག་པའི་ཕན་ཡོན་ཆེ་བར་གསུངས་པ་ལྟར། ཁ་བ་ཅན་འདིར་ཐོག་མར་བོད་རྒྱལ་ཉེར་བརྒྱད་པ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐུ་དུས་སུ། ཕོ་བྲང་ཡུམ་བུ་བླ་མཁར་སྟེང། གསེར་ཤོག་ངོས་ལ་བཻ་ཌཱུ་རྱའི་སྤང་སྐོང་ཕྱག་རྒྱ་སོགས་བབས་པ་འདི་ལས་དར་བར་མངོན་ལ། རིམ་གྱིས་དཔོན་རྟགས་མཐོ་དམན་ཡང་རིན་ཆེན་ཡིག་བྲིས་ཀྱིས་འབྱེད་ཚུལ་ཡོད་དེ། ཐང་ཧྲུའུ་ལས། གཡུ་ཡི་ཡི་གེ་བླ་ན་མཐོ། གསེར་གྱི་ཡི་གེ་དེ་ལས་དམན། ཕྲ་མིན་དེ་ལས་དམན། དངུལ་དེ་ལས་ཀྱང་དམན། ཐ་མ་ཟངས་སུ་བྱེད་ཅིང་ཆེ་ཆུང་དབྱེ། དེ་རྣམས་དཔུང་བར་བཏགས་ཏེ་མཐོ་དམན་འབྱེད་པ་ཡིན། དེ་ཡང་། རིན་ཆེན་གྱིས་བཟོས་པའི་བྱང་བུའི་སྟེང་དུ་གོ་གནས་སོགས་འདི་ལྟར་བཀོད་དེ། དགུང་བློན་ཆེན་པོ་ལ་གཡུ་ཡིག དགུང་བློན་འབྲིང་དང་ནང་བློན་ཆེན་པོ་ལ་གཡུ་ཡིག་ཆུང་ངུ་། བཀའ་བློན་ཐ་ཆུང་སོགས་ལ་གསེར་ཡིག་ཆེན་པོ། ནང་བློན་ཐ་ཆུང་དང་བཀའ་བློན་འབྲིང་ལ་གསེར་ཡིག་ཆུང་ངུ་། བཀའ་བློན་ཐ་ཆུང་ལ་ཕྲ་མིན་གྱི་ཡི་གེ གཞན་ཡང་། ཆོས་གྲྭའི་སློབ་དཔོན་དང་། སྐུའི་སྔགས་མཁན་སྟོད་སྨད་ཀྱི་དབང་བློན་རྣམས་ལ་དངུལ་གྱི་ཡིག་ཆེན། སྐུ་འཚོ་བའི་བོན་པོ། གཟིམ་མལ་བརྩིགས་ཁབ། བྱང་ཐང་གི་ས་མཁན། མཐའི་སོ་སྲུང་དང་། སྐུ་མཁར་གྱི་རྩེ་སྲུང་སོགས་ལ་དངུལ་ཡིག་ཆུང་བ། ཡབ་འབངས་རུས་དྲུག་སོགས་ལ་འཁར་བའི་ཡི་གེ སྟོང་དཔོན་རུ་དཔོན་སོགས་ལ་ཟངས་ཡིག གཡུལ་དུ་དཔའ་བ་ལ་ལྕགས་ཡིག ཡང་། ཐ་ཤིང་སྐྱ་ཆུ་རུས་ཀྱི་ཡི་གེ་ནི་འབངས་ཕལ་བ་རྣམས་ལ་གནང་ཚུལ་ཆོས་འབྱུང་མཁས་པའི་དགའ་སྟོན་ལས་གསལ་བ་ལྟར་རོ། །

ཕྱིས་སུ་གསེར་བྲིས་རིམ་བརྒྱུད་ཀྱིས་དུས་རབས་བཅུ་གཅིག་པའི་དུས་དཀྱིལ་དུ་ཇོ་བོ་རྗེ་བོད་དུ་ཕེབས་པའི་སྔ་ཕྱི་ལ། ཆོས་ཕྱོགས་སུ་དར་ཁྱབ་ཧ་ཅང་ཆེ་སྟེ། དཔེ་ཆོས་ལས། ཇོ་བོ་བོད་དུ་མ་བྱོན་ཙ་ན། བོད་ན་གསེར་འབུམ་མང་བོ་བཞུགས། ཞེས་དང་། སྔོན་བྱང་ངམ་རར་གསེར་བརྡོལ་ཙམ་ན་ཐམས་ཅད་ཀྱིས་གསེར་འབུམ་བྲིས་ཏེ། ཉུག་རུམ་པ་ཡང་བྲི་བར་འདོད་པས་ཞེས་གསུངས་པ་ལས་ཤེས་ཐུབ།

དུས་རབས་བཅུ་གསུམ་པའི་ནང་འགྲོ་མགོན་ཆོས་རྒྱལ་འཕགས་པའི་ཐུགས་དམ་གྱི་རྟེན་དུ་རྗེ་བཙུན་སྒྲོལ་མའི་སྤྲུལ་བ་རྒད་མོ་ཞིག་གམ་དགེ་སློང་བཞི་སྡེ་ཞིག་གིས་གསེར་ལྗང་གིས་བཞེངས་པའི་བརྒྱད་སྟོང་བ་སྟེ་པུ་ཏི་ལྕགས་ལུང་མ་ཞེས་པ་སྲིད་ལ་ཀུང་ཁྲི་གཉིས་དང་ཞེང་ལ་ཀུང་ཁྲི་གཅིག་ཡོད་པ། དེང་སང་པུ་ཏི་དེ་ས་སྐྱ་དགོན་པའི་ཆེ་བ་བཞིའི་ཡ་གྱལ་དུ་བརྩི་བར་མ་ཟད། འཛམ་གླིང་དུ་གསུང་རྟེན་ཆེ་ཤོས་སུ་འཇོག་ལ། དབུ་ཤོག་གི་ཡི་གེའི་ཕྲ་སྦོམ་བྱིས་པའི་མཛུབ་མོ་ཙམ་ཡོད། གཞན་འགྲོ་མགོན་ཆོས་རྒྱལ་འཕགས་པའི་ཡུམ་མ་གཅིག་ཀུན་སྐྱིད་ཀྱིས་ཐུགས་དམ་གྱི་རྟེན་དུ་བཞེངས་པའི་བཀའ་འགྱུར་གསེར་ཆོས་ཆེན་མོ་དང་། ཡུམ་མཆོག་བསྟན་འཛིན་བཟང་མོས་ས་སྐྱའི་གདུང་རྒྱུད་འཕེལ་ཆེད་བཞེངས་པའི་བཀའ་འགྱུར་གསེར་ཆོས་ཆེན་མོ། དེ་ལས་གཞན་ས་སྐྱ་ན་གསེར་བྲིས་དང་། དངུལ་བྲིས། གཡུ་བྲིས། དུང་བྲིས་སོགས་མང་དུ་ཡོད་པ་ལ་ཆོས་བརྩིགས་བྲག་རི་མར་འབོད་པས། ཁ་དཔེར་ཡང་། དཔལ་ས་སྐྱའི་འདུ་ཁང་གི་ཕྱིའི་རྩིག་པ་ཞིག་ཀྱང་ནང་གི་ཆོས་བརྩིགས་མི་ཞིག ཅེས་པ་འདི་བྱུང་ངོ་། །

ཕྱིས་སུ་རྒྱལ་དབང་སྐུ་ཕྲེང་ལྔ་བའི་དུས་སུ། ཁོང་གིས་སྡེ་སྲིད་བློ་བཟང་མཐུ་སྟོབས་ལ་བཀའ་བཀོད་གནང་བ་ལྟར། བོད་རབ་བྱུང་བཅུ་གཅིག་པའི་ལྕགས་ཕག་སྤྱི་ལོ ༡༦༧༡ ལོར་བཀའ་འགྱུར་གསེར་ཆོས་གསེར་སྲང་ལྔ་བརྒྱ་བཞི་བཅུ་ལྷག་བཏུལ་ནས་བཞེངས་པར། ཞལ་ཁེབས་ཧོར་གོས་དང་། སྟོང་སྐུད་ཁྲ་ལྷས་ཀྱི་ལྒིགས་ཐག རྒྱ་རག་ཚ་གསེར་མའི་ལྒིགས་ཆབ། ཙན་དན་དམར་བོའི་ལྒིགས་ཤིང་གི་གདོང་ལ་བ་སོ་བརྐོས་མ་བཅས་ཀྱི་སྤུས་ལེགས། རྒྱུ་ཆའི་གསེར་ཕུད་བཟོ་བའི་གླ་ཕོགས་དང་བྱ་དགའ་བཅས་ཀྱི་འགྲོ་གྲོན་ལ་འབྲུ་ཁལ་བརྒྱད་ཁྲི་ལྔ་སྟོང་དྲུག་བརྒྱ་བཅུ་དགུ་ཅན་གྱི་རིན་ཐང་ལྡན་པ། ཡོངས་གྲགས་སུ་བཀའ་འགྱུར་འཛམ་གླིང་གཡས་བཞག་ཏུ་འབོད་པ་དེ་ཡིན་ལ། ད་ལྟ་འབྲས་སྤུངས་འདུ་ཁང་གི་ཡང་སྟེང་བཀའ་འགྱུར་ལྷ་ཁང་དུ་ཆ་ཚང་བར་རང་ཅག་གི་བསོད་ནམས་ཀྱི་དཔལ་དུ་བཞུགས་ཡོད།

ཡང་། རྒྱལ་དབང་ལྔ་བ་སྐུ་གཤེགས་ནས་ལོ་བཅུ་གཉིས་ལ་གསང་རྒྱ་བྱས་རིང་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཁོང་གི་དགོངས་རྫོགས་ལ། རིན་པོ་ཆེའི་སྣ་ལྔའི་བཀའ་འགྱུར་དང་། བསྟན་འགྱུར་སྐྱ་ཆོས﹙སྣག་ཚས་བྲིས་པ﹚བཞེངས་པ་དང་། དེ་བཞེངས་དུས་དང་། མ་དཔེ། བཞེངས་པའི་མི་གྲངས། ཡུན་ཚད། འགྲོ་གྲོན་སོགས་ཀྲུང་གོའི་ལོ་རྒྱུས་རིག་གནས་གྲགས་ཅན་གྲོང་ཁྱེར་ལྷ་ས་ཞེས་པའི་དཔེ་ཆའི་ཤོག་གྲངས ༡༥༩ ན་གསལ་བ་དང་།

བོད་རབ་བྱུང་བཅུ་གསུམ་པའི་ལྕགས་སྤྲེལ་༡༨༠༠ལོར་རྒྱལ་དབང་བརྒྱད་པ་འཇམ་དཔལ་རྒྱ་མཚོའི་སྐུ་དུས་སུ་ལྷ་ལྡན་གཙུག་ལག་ཁང་དུ་རིན་ཆེན་སྣ་བརྒྱད་ཀྱིས་བྲིས་པའི་བསྟན་འགྱུར་རིན་པོ་ཆེ་པོད་ཉིས་བརྒྱ་དང་བརྒྱད། དེ་དང་འདྲ་བར་རྗེ་ཙོང་ཁ་བ་དང་། རྒྱལ་དབང་སྐུ་ཕྲེང་ལྔ་བ་དང་བདུན་པ། པཎ་ཆེན་སྐུ་ཕྲེང་ལྔ་བ་དང་དྲུག་པ་བཅས་ཀྱི་གསུང་འབུམ་པོད་རེ་དགུ་བཅས་གསར་བཞེངས་བྱས་ཚུལ་ལོ་རྒྱུས་རྣམས་སུ་གསལ་ལ། འོན་ཀྱང་། དེ་ལ ༡༩༨༤ ལོར་མེ་སྐྱོན་ཆེན་པོ་བྱུང་ནའང། སླར་ཡང་ཆེད་མཁས་པ་གདན་དྲངས་ནས་བསྐྱར་གསོ་བྱས་ཏེ། པོ་ཏ་ལའི་ཕོ་བྲང་དམར་བོའི་ཤར་རྒྱུད་བྱམས་ཁང་ན་རང་ཅག་གི་བསོད་ནམས་ཀྱི་ཞིང་དུ་བཞུགས་ཡོད་ལ། དེང་སང་དར་ཆེ་བ་ནི་གསེར་བྲིས་སོ། །

གསུང་རབ་དེ་དག་བཞེངས་ཚུལ་ཡང་སྣ་ཚོགས་ཡོད་དེ། བྲི་གཞི་མཐིང་ཤོག་ངོས་སུ་གསེར་ཀྱི་ཕྲ་ཀོང་ནང་གཡུ་བྱུར་མུ་ཏིག་སོགས་ཀྱིས་བསྟར་ནས། ཡིག་གཟུགས་སུ་བཀོད་པ་དང་། ཡང་ན། མཐིང་ཤོག་གམ་ཤོག་ནག་སྟེང། གསེར་དངུལ་ཟངས་ལྕགས་དང་། དུང་དང་མུ་ཏིག གཡུ་བྱུར་གྱི་ཆུས་བྲིས་པ་སོགས་སོ། །གང་ལྟར་རིན་ཆེན་སྣ་བརྒྱད་ཀྱི་རྒྱུ་ཆ་དེ་རྣམས་བཞུ་བཏུལ་བྱེད་སྟངས། ཡི་གེ་འབྲི་སྲོལ་སོགས་མཐོང་བ་བརྒྱུད་པའི་ཕྱག་ལེན་ལྟར་ཉམས་མྱོང་ཚད་ལྡན་གྱིས་འབྲི་དགོས་སོ། །

གསུང་རྟེན་བཞེངས་པའི་ཕན་ཡོན་ནི། འཕགས་པ་སྡུད་པ་ལས། ལ་ལས་གང་གཱའི་ཀླུང་གི་ཇི་སྙེད་ཞིང་རྣམས་ན། །སེམས་ཅན་ཇི་སྙེད་འཁོད་ཀུན་དགྲ་བཅོམ་གྱིས་བཏུལ་བས། །གང་གི་ཤེས་རབ་ཕ་རོལ་ཕྱིན་ཡིག་འདི་བྲིས་ཏེ། །སེམས་ཅན་མཆོག་ལ་ལྒིགས་བྱིན་བསོད་ནམས་ཁྱད་པར་འཕགས། །ཞེས་དང་། བརྒྱད་སྟོང་བ་ལས། དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་པའི་ལྒིགས་བམ་ཆེན་པོ་ལ་ཡི་གེ་གསལ་ཞིང་རབ་ཏུ་གསལ་བ་ལེགས་པར་བྲིས་ཏེ་མེ་ཏོག་དང་། བདུག་པ་དང་། དྲི་དང་། འཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། རོལ་མོ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། དྲིལ་བུ་དང་། བ་དན་དང་། ཁོ་ར་ཁོར་ཡུག་ཏུ་མར་མེ་འཕྲེང་བ་དང་མཆོད་པ་རྣམ་པ་མང་བོ་དག་གིས་བཀུར་སྟི་བྱ། བླ་མར་བྱ། བརྗེད་པར་བྱ། མཆོད་པར་བྱ། རི་མོ་བྱ། བསྙེན་བཀུར་བྱ་སྟེ། ཀུན་དགའ་བོ། འདི་ནི་ངའི་རྗེས་སུ་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་འགྱུར་རོ། །ཞེས་དང་། སྒོ་མཐའ་ཡས་པ་སྒྲུབ་པའི་གཟུངས་ལས། མདོ་སྡེ་ཐོས་ནས་རྗེས་སུ་ཡི་རང་དང་། །ཡི་གེར་བྲིས་དང་བཟུང་དང་བཀླགས་པ་ཡི། །བསོད་ནམས་ཆུ་བོ་ཇི་ཙམ་བསྐྱེད་པ་ནི། །སེམས་ཅན་ཀུན་གྱིས་ཤེས་པར་ཡོངས་མི་ནུས། །དེ་ནི་ཚེ་རབས་ཀུན་ཏུ་རྒྱལ་བ་མཐོང་། །དེ་དག་ལའང་དད་པ་བསམ་ཡས་རྙེད། །མདོ་སྡེ་ཟབ་མོའི་ཚུལ་ཡང་ཤེས་པར་འགྱུར། །དེ་ནི་མྱུར་དུ་བྱང་ཆུབ་མཆོག་འཚང་རྒྱ། །བླ་མེད་བྱང་ཆུབ་མ་རེག་བར་དུ་ཡང་། །དེ་ནི་ཏིང་ངེ་འཛིན་དང་མངོན་ཤེས་དང་། །གཟུངས་རྣམས་དང་ནི་གཟུགས་ཀྱང་ལོངས་སྤྱོད་དང་། །སངས་རྒྱས་མཐོང་ལས་ཉམས་པར་ཡོངས་མི་འགྱུར། །ཞེས་དང་། སྙིང་རྗེ་པད་དཀར་གྱི་བམ་པོ་བཅོ་ལྔ་ལས། མ་འོངས་པའི་དུས་ལྔ་བརྒྱ་བ་ན། ཐ་ན་བྲིས་ཏེ་འཆང་བར་བྱེད་ན། དེ་བསོད་ནམས་ཆེས་མང་དུ་བསྐྱེད་པར་འགྱུར་གྱི། བྱང་ཆུབ་སེམས་དཔའ་གང་དག་བསྐལ་བ་ཆེན་པོ་བཅུའི་བར་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་བསོད་ནམས་ཀྱི་ཕུང་བོ་ནི་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ལྷ་དང་བཅས་པ་དང་། བདུད་དང་བཅས་པ་དང་། ཚངས་པ་དང་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེའི་སྐྱེ་དགུ་དང་བཅས་པ་དང་། གནོད་སྦྱིན་དང་། ཀླུ་དང་། དྲི་ཟ་དང་། གྲུལ་བུམ་དང་། ཡི་དྭགས་དང་། ཤ་ཟ་དང་། མི་འམ་ཅི་དང་། ལྷ་མ་ཡིན་དང་བཅས་པའི་འཇིག་རྟེན་གྱི་སྡང་བའི་སེམས་རབ་ཏུ་དང་བར་བྱ་བ་དང་། ནད་དང་འཐབ་མོ་དང་། རྩོད་པ་འགྱེད་པ་ཐམས་ཅད་ཉེ་བར་ཞི་བར་བྱ་བ་དང་། དུས་མ་ཡིན་པའི་རླུང་དང་། ཆར་བ་དང་། འཆི་བ་དང་། ནད་ཐམས་ཅད་རབ་ཏུ་ཞི་བར་བྱ་བ་དང་། མུ་གེ་ཐམས་ཅད་རབ་ཏུ་ཞི་བར་བྱ་བ་དང་། བདེ་བ་དང་ལོ་ལེགས་པར་བྱ་བ་དང་། དགེ་བའི་རྩ་བ་རྣམ་པར་འཕེལ་བར་བྱ་བ་དང་། ངན་སོང་གསུམ་གྱི་སྡུག་བསྔལ་ལས་ཐར་བར་བྱ་བ་དང་། ཐེག་པ་གསུམ་པོ་དག་གི་ལམ་ཡང་དག་པར་བསྟན་པར་བྱ་བ་དང་། ཏིང་ངེ་འཛིན་དང་། གཟུངས་དང་། བཟོད་པ་ཐོབ་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཉེ་བར་འཚོ་བར་བྱ་བ་དང་། རྡོ་རྗེ་གདན་ལ་འདུག་པར་བྱ་བ་དང་། བདུད་བཞི་གཞོམ་པར་བྱ་བ་དང་། བྱང་ཆུབ་ཀྱི་ཕྱོགས་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་བྱ་བ་དང་། འཕགས་པའི་ནོར་བདུན་དང་བྲལ་བའི་སེམས་ཅན་རྣམས་བྱང་ཆུབ་ཀྱི་ཕྱོགས་དང་ལྡན་པར་བྱ་བ་དང་། འཁོར་མང་བོར་བྱ་བ་དང་། མི་འཇིགས་པའི་གྲོང་ཁྱེར་གྱི་གནས་སུ་འཇུག་པར་བྱ་བའི་ཕྱིར་ངའི་ཆོས་ཀྱི་རྣམ་གྲངས་འདི་བཤད་པའི་ཕྱིར་རོ། །ཞེས་གསུངས་སོ། །

ཐང་ག

༡ རི་མོའི་འབྲི་སྲོལ་བྱུང་འཕེལ། རང་ཅག་ཁ་བ་རི་བོའི་ལྗོངས་འདིར། ཆེས་སྔ་མོ་ཞིག་ནས་རི་མོ་འབྲི་སྲོལ་ཡོད་དེ། ལོ་རྒྱུས་ཆོས་འབྱུང་ཁག་ཏུ། ཆབ་མདོ་དང་དིང་རི་སོགས་སུ་རྡོ་ཆས་དང་རྫ་ཆས་རུས་ཆས་སོགས་ཀྱི་སྟེང་། བསྐོས་རིས། འཐག་རིས། སྨྱུག་གཟེབ་ཀྱི་རི་མོ་སྣ་ཚོགས་ཡོད་ལ། ཆབ་མདོ་མཁར་རོར་བུད་པའི་རི་མོའི་ཁྲོད་ལས་རྒྱན་རིས་གཅིག་པུར་མཚོན་ནའང་རིགས་མི་འདྲ་བ་སུམ་ཅུ་ཙམ་ཡོད་ལ། དེ་རྣམས་ལ་ཁ་དོག་ཀྱང་མང་དུ་ཡོད་པར་མ་ཟད། མངས་ཆེ་བ་ད་དུང་ཡང་འཇམ་ཤ་དོད་ལ་སྤུས་དག་པོ་ཡོད་པར། ཚན་རིག་པའི་བརྟག་དཔྱད་བྱས་པ་ལྟར་ན། ལོ་ངོ་བཞི་སྟོང་ལྷག་གི་ལོ་རྒྱུས་ཡོད་པར་བཤད་པ་དང་། སྤྱི་ལོ་སྔོན་གྱི་ལོ་ཉིས་བརྒྱའི་སྔོན་ལ་ཕོ་བྲང་ཡུམ་བུ་བླ་སྒང་དུ། རྒྱལ་བོ་གཉའ་ལ་བཏེགས་ནས་འགྲོ་བའི་རི་མོ་ཡོད་པར་བཤད་པ་དང་། དེ་ནས་རི་མོའི་ཕྱག་རྒྱུན་འདི་རིམ་བཞིན་དར་རྒྱས་བྱུང་ནས། སྲོང་བཙན་གྱི་སྐབས་སུ་རི་མོའི་ལག་རྩལ་འདི་ནང་བསྟན་གྱི་ལྷ་སྐུ་སོགས་ཀྱི་རི་མོ་འབྲི་སྟངས་དང་བསྟུན་ཆེད། རྒྱ་དཀར་ནག་དང་། བལ་བོ་ནས་བཟོ་བོ་གདན་དྲངས་ནས་ཕལ་ཆེར་དེ་དག་གི་ཤན་ཞུགས་ཟབ་མོ་ཐེབས་ཏེ། གཙུག་ལག་ཁང་སོགས་སུ་སངས་རྒྱས་བྱང་སེམས་དང་། ཆོས་ལུགས་ཀྱི་རི་མོ་དར་རྒྱས་ཆེན་པོ་བྱུང་། ཕྱིས་སུ་བྲིས་རྒྱུན་ཁག་མང་དུ་གྱེས་ཚུལ་ནི། ཤེས་བྱ་ཀུན་ཁྱབ་ལས། བལ་རིས་རྒྱུན་ལས་སྨན་མཁྱེན་གཉིས། །བྱིའུ་ལུགས་གསུམ་དང་བཀྲ་ཤིས་རྣམ་གསུམ་ནས། །སྒར་བྲིས་སྲོལ་བཀོད་འབུར་བཟོ་འང་རིམ་མཁས་གྱུར། །ཞེས་པ་ལྟར།

༡ དུས་རབས་བཅུ་གསུམ་པའི་དུས་དཀྱིལ་ཙམ་ལ་བྱུང་བའི་བྱེའུ་བྲིས་ནི། སྤྲུལ་སྐུ་བྱེའུ་སྒང་བའི་ཕྱག་བྲིས་ལ་ཟེར་ཞིང་། ཁོང་ལྷོ་ཁ་ཡར་སྟོད་དུ་འཁྲུངས། སྐུ་ཚེ་གང་བོར་རི་མོར་འབད་པས་པིར་དང་ཤོག་གུ་འབྲལ་མེད་དུ་བསྣམས་ཤིང་། མདོ་དབུས་ཁམས་གསུམ་དུ་ཕེབས་ཏེ། རི་མོ་བརྟག་དཔྱོད་མཛད་པས། འདྲ་བའི་ཆ་ནས་བྱེའུ་ཐོགས། ཁྱད་པར་དུ་བལ་བྲིས་ཀྱི་ཉིང་ཁུ་བསྡུས་ནས། ལེགས་བཅོས་ཁ་སྐོང་གིས་ཟུར་བརྒྱན་ཏེ་ཞིབ་ཚགས་ལྡན་པས། བྱེའུ་བྲིས་ཞེས་སྙན་གྲགས་འབར།

༢ དུས་རབས་བཅོ་ལྔ་བའི་དུས་དཀྱིལ་དུ་བྱུང་བའི་སྨན་ལུགས་ནི། སྨན་བླ་དོན་འགྲུབ་རྒྱ་མཚོའི་བྲིས་རྒྱུན་ལ་ཟེར་ཞིང་། ཁོང་ལྷོ་བྲག་སྨན་ཐང་དུ་འཁྲུངས། སྐུ་ནར་སོན་ཏེ་ཆུང་མས་རྐྱེན་གྱིས་ཡུལ་འཁྱར་བྱས། ལམ་དུ་པིར་མདོང་དང་བྲིས་དཔེ་ཤོག་དྲིལ་ཞིག་རྙེད་པས་བྲིས་ལ་བློ་ཁ་ཕྱོགས། རྡོབ་བཀྲ་ཤིས་རྒྱལ་བོའི་ཞབས་ལ་གཏུགས། སྐུ་སྐྱེ་སྔོན་མ་རྒྱ་ནག་གི་རི་མོ་མཁས་ཆེན་ཞིག་ཏུ་འཁྲུངས་པས། སྔོན་གནས་རྗེས་དྲན་བྱུང་སྟེ། རི་མོ་ཚེགས་མེད་དུ་མཁྱེན། ཁོང་གིས་གོང་མ་ཡུང་ལོས་རྒྱ་ནག་གི་གོས་ཆེན་འཐག་གྲུབ་མའི་ཐང་ག་མང་བོ་ཞིག་རྗེ་ཙོང་ཁ་པ་དང། ཀརྨ་བ། ཕག་གྲུ་སྡེ་སྲིད་སོགས་ལ་བསྐུར་བ་ཁག་གཅིག་གཟིགས་པར་བརྟེན། རྒྱ་ནག་གི་རི་མོ་འབྲི་སྟངས་ལ་སློབ་གཉེར་བྱས་ཏེ། རྒྱ་བོད་ཀྱི་བྲིས་ཟུང་དུ་སྦྲེལ་ནས་བྲིས་རྒྱུན་གསར་བ་ཞིག་བྱུང་བར་མ་ཟད། གསེར་བྲིས་དང་། མཚལ་བྲིས། ནག་ཐང་དང་སྲིད་གསུམ་རྣམ་རྒྱལ་བྲིས་བཅས་ཀྱི་སྒྱུ་རྩལ་གསར་བ་མང་བོ་གསར་གཏོད་གནང་བས། སྨན་ལུགས་ཀྱི་བྲིས་རྒྱུན་བྱུང་།

༣ ཡང་། དུས་རབས་བཅོ་ལྔ་བའི་དུས་དཀྱིལ་དུ་བྱུང་བའི་མཁྱེན་ལུགས་ནི། མཁྱེན་བརྩེ་ཆེན་མོའི་བྲིས་རྒྱུན་ལ་ཟེར། ཁོང་ལྷོ་ཁ་གོང་དཀར་སྒང་སྟོད་དུ་འཁྲུངས། ཆུང་དུས་ནས་བྲིས་ལ་དགའ་བས། སྲོག་ཆགས་དང་། རྩི་ལྗོན་སོགས་མ་བསླབས་ཀྱང་ཤེས་རྟོགས་བྱུང་། ནར་སོན་རྗེས་རྡོ་བ་བཀྲ་ཤིས་རྒྱལ་བོའི་ཞབས་ལ་གཏུགས་ཏེ་རི་མོ་བསླབས། ཚེ་ཞིག སློབ་དཔོན་གྱི་ཕྱག་རྩལ་ལས་བརྒལ། སྨན་མཁྱེན་གཉིས་སློབ་དཔོན་གཅིག་གི་སློབ་མ་ཡིན་ཀྱང་། བྲིས་ལུགས་མི་འདྲ་བའི་ཁྱད་ཆོས་གང་འདྲ་ཞིག་ཡོད་པ་ནི། རྒྱལ་དབང་ལྔ་བའི་རང་རྣམ་ལས། ལྷ་སྐུ་ཞི་བའི་རིགས་རྣམས་སྨན་ཐང་གི་བྲིས་རྒྱུན་ཧ་ཅང་ལེགས་པ་དང་། ཁྲོ་བའི་རིགས་རྣམས་མཁྱེན་བརྩེའི་བྲིས་རྒྱུན་ལེགས་པ་ཡོད་སྟབས། པོ་ཏ་ལའི་ལྡེབས་བྲིས་དང་། ཐང་ག་མང་བོ་ཞིག་སྨན་མཁྱེན་སོ་སོའི་ཁྱད་ཆོས་དང་བསྟུན་ནས་བཞེངས་བཅུག་པར་གསུངས་སོ། །

༤ ཡང་། དུས་རབས་བཅོ་ལྔ་བའི་དུས་མཇུག་ཏུ་བྱུང་བའི་ཀརྨ་སྒར་བྲིས་ནི། མཁས་དབང་ནམ་མཁའ་བཀྲ་ཤིས་ཀྱི་བྲིས་རྒྱུན་ལ་ཟེར། ཁོང་ལྷོ་བ་ཡར་སྟོད་དུ་འཁྲུངས། བསྐྱེད་བསྲིངས་ནས་ཨེ་བ་ཅོན་མཆོག་ཕན་བདེའི་དྲུང་ནས་རི་མོ་སྦྱངས་ལ། ཀརྨ་མི་བསྐྱོད་རྡོ་རྗེའི་ཞབས་པད་བསྟེན་སྐབས། ཉིན་ཐང་འཐག་དྲུབ་མ་ཡུག་གྲོས་ཆེན་མོ་ཞེས་པ་མཚུར་ཕུ་དགོན་གྱི་ནང་རྟེན་ཏུ་བཞུགས་པ་ཞིབ་མཇལ་གནང་བས། བྲིས་རྒྱུན་གསར་གཏོད་བྱ་རྒྱུའི་བློ་བསྐྱེད་འཕེལ་ཏེ་ཀརྨ་སྒར་བྲིས་ལུགས་གསར་གཏོད་གནང་། ཞིབ་པར་སི་ཏུའི་མཛད་པའི་བཀའ་བརྒྱུད་གསེར་ཕྲེང་ལས་གསལ། ཁམས་བྲིས་ནི་ཕྱིས་སུ་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་སྒར་བྲིས་ལ། ཁོ་རང་གིས་ཁྱད་ཆོས་གསར་བསྣན་མཛད་པས་བྲིས་རྒྱུན་ལ་སྒར་བྲིས་གསར་མ་གྲགས་ཤིང་ཁམས་ཁུལ་དུ་དར་ཁྱབ་ཧ་ཅང་ཆེ་བས་ཁམས་བྲིས་ཀྱང་ཟེར།

༦ མདོ་སྨད་རེབ་གོང་གི་བྲིས་རྒྱུན་ནི། རེབ་གོང་གི་མཆེད་ཁུངས་བཤད་དུས། སྦྲ་རོག་རོག་ཅན་ལ་ཁྲི་སྡེ་སོགས་ནས། གཙང་ལ་སྟོད་ནས་ཆད་པའི་ལྷ་བཟོ་སྡེ། ཞེས་གསུངས་པ་ལྟར། གནའ་སྔ་མོ་ཞིག་ནས་ཡུལ་འདིར་ལྷ་བྲིས་ཀྱི་ཕྱག་རྒྱུན་དྲི་མ་མེད་པ་ཞིག་ཡོད་པ་དང་། ད་ལྟ་ཡང་རེབ་གོང་སྒྱུ་རྩལ་ཞེས་སྙན་པ་དོན་དང་ལྡན་པ་བྱུང་བ་ཀུན་ཀྱིས་མཁྱེན་གསལ་ལོ། །

༢ ཐང་ཀའི་རྣམ་གྲངས་བཤད་པ། བོད་ཀྱི་ཐང་ཀའི་བཟོ་རྩལ་ལ་ཆེས་མང་བོ་ཞིག་ཡོད་ལ། འདིར་རྣམ་གྲངས་ཙམ་བརྗོད་པ་ལ།

༡ སྐྱ་ཐང་ནི་རས་གཞི་དཀར་བོའི་སྟེང་དུ་སྐྱ་རིས་བྲིས་པ་ལ། མཐིང་གི་ཆུ་དྭངས་མས་ནམ་མཁའི་མདངས། དེ་ནས་སྤང་གི་ཁ་ཆུ་དྭངས་མས་ས་གཞིའི་མདངས། དེ་ནས་རྒྱབ་མདུན་རིམ་བཞིན་ཚོན་བྱུག་ལ། མདངས་ཀྱི་གཙོ་བོ་བྱས་ཤིང་བྱུག་ཚོན་སླ་ཞིང་དྭངས་པ་སྐྱ་ཐང་གི་ཁྱད་ཆོས་ཡིན། དེ་ནི་སྣུམ་ཞིང་བརྗིད་ཆགས་པ། བཅད་རིས་གྲིམ་ཞིང་མཉེན་པ། གོས་ཆེན་གྱི་རི་མོ་སོགས་ལ་ཞིབ་ཚགས་ཆེ་བ་རིན་ཆེན་དང་བོའི་འོད་ཀྱིས་མིག་དབང་འཕྲོག་པ་ཞིག་ཡིན།

༢ ཐང་ནག་ནི། རས་གཞི་ལ་སྣུམ་ནག་བྱུགས་ཏེ་བྲིས་པ་ཙམ་མ་གཏོགས་པ། ཕལ་ཆེར་གསེར་བྲིས་ཉམས་དང་ལྡན་པ་བྲིས་པ་ཡིན། མཚོན་བྱུགས་སྟངས་ནི། རས་གཞི་དཀར་བོའི་སྟེང་དུ་མཚལ་སྙོམས་པོར་བྱུགས་པའི་ཐོག གསེར་གྱི་རི་མོ་ཐང་ནག་གི་བཅད་རིས་ལྟ་བུ་བྲིས་པ་དེ་ཡིན།

༣ གསེར་ཐང་ནི། མཚལ་ཐང་ལས་ལྡོག་ཏེ་རས་གཞིའི་སྟེང་དུ་གསེར་བྱུགས་པའི་ཐོག མཚལ་སོགས་རིན་པོ་ཆེའི་རིགས་ཀྱིས་ཉི་མའི་ཉམས་དང་ལྡན་པར་གྲུབ་པའོ། །

༤ གོས་སྐུ་ལ་རིས་བཞི་སྟེ། རས་དྲུབ་ཀྱི་གོས་སྐུ། གོས་སྐུ་འབུར་མ། འཚལཐང་། འཐག་ཐང་བཅས་སོ།

༥ མུ་ཏིག་ཐང་ག་ནི། བཞེངས་བྱའི་སྐུ་བརྙན་གྱི་རི་མོའི་ཁ་དོག་ལྟར་གཡུ་བྱུར་མུ་མིན་སོགས་བསྟར་ལ་བརྒྱུས་པའི་བར་དུ་མུ་ཏིག་གི་སྐུ་བརྙན་མཚོན་པ་རས་གཞིའི་སྟེང་དུ་ཕྲ་བཀོད་པ་བཞིན་བཀོད་པ་དེའོ། །དཔེར་ན། ལྕགས་པོ་རི་ན་བཞུགས་པའི་ཐང་རྒྱལ་ཀྱི་བྱུ་རུའི་ཚེ་དཔག་མེད་དང་། གཡུ་ཡི་སྒྲོལ་མ། དུང་གི་ཐུགས་རྗེ་ཆེན་པོ། ཁྲ་འབྲུག་དགོན་དུ་མུ་ཏིག་གི་སྒྲོལ་མའི་ཞལ་ཐང་སོགས་སོ། །

༦ ཆུ་རིས་མ་ནི། རྒྱལ་བོ་གཟུགས་ཅན་སྙིང་བོས་སྒྲ་སྒྲོག་གི་རྒྱལ་བོ་ལ་ཁྲབ་རིན་ཐང་བྲལ་བ་ཞིག་བསྐུར་བས། སྟོན་པས་ཐུགས་བཀོད་ལྟར་སྐྱེས་ལན་དུ། གཟུགས་ཅན་སྙིང་བོས་སྟོན་པའི་སྐུ་ཞིག བཟོ་བོར་འབྲི་བར་གདམས་པ་ན། བཟོ་བོས་སྟོན་པའི་སྐུ་ལ་གཟི་འོད་འབར་བས་འབྲི་མ་ནུས། དེ་ནས་སྟོན་པ་ཆུ་རྫིང་གི་ཁར་ཕེབས་ནས། ཆུ་ནང་གི་གཟུགས་བརྙན་ཇི་བཞིན་རས་གཞི་ལ་བྲིས་པ། བྲིས་སྐུ་ཆུ་ལེན་མ་ཞེས། བསྟན་པ་འདིའི་བྲིས་སྐུའི་ཐོག་མ་དེ་ལ་དཔེར་བྱས་ཏེ་བྲིས་པ་རྣམས་སོ། །

༣ བཟོ་བོ་དང་སྦྱིན་བདག་གི་ཚུལ་བཤད་པ། སྐུ་གཟུགས་དང་ཐང་ཀ་བཞེངས་སྐབས་བཟོ་བོ་དང་ཡོན་བདག་བཟང་ངན་ཀྱི་ཚུལ་ལ་རྟོག་དཔྱད་བྱ་དགོས་ཏེ། དེ་ཡང་། བཟོ་བོ་ངན་པ་ནི། བཟོ་བོའི་ཡོན་ཏན་མི་ལྡན་ཞིང་ང་རྒྱལ་ཆེ་བའི་ཁར། གཡོ་སྒྱུ་ལྡན་ལ་ངང་ཐུང་ཅན། གླ་རྔན་གྱིས་ཡིད་མི་ཚིམ་ཞིང་ད་དུང་རྒྱུ་ཆ་རྐུ་འཕྲོག་སོགས་བྱེད་མཁན་སྟེ། དཔལ་འབྱོར་རྒྱ་མཚོར། ཡོན་ཏན་མི་མཁས་ང་རྒྱལ་ཆེ། །འགྲོགས་པ་མི་བདེ་བཀུར་སྟི་འདོད། །འཕྲལ་དུ་ཚིག་རྩུབ་ཕུགས་འདོད་ཆེ། །ཡོན་རྒྱགས་གླ་ཐང་ཚད་མེད་འབེབས། །དེས་ཀྱང་མི་ཚིམ་རྒྱུ་ཆ་རྐུ། །ཅུང་ཟད་ཙམ་ལ་བཟོ་འཕྲོ་འཇོག། འགྲོ་སྡིགས་བྱེད་ཅིང་ཆང་ནག་འཚོལ། །དགེ་ལས་སྡིག་པར་སྒྱུར་མཁན་ཡིན། །ཞེས་གསུངས་པ་ལྟར། བཟོ་ངན་གྱི་བྱ་སྤྱོད་སྤངས་ནས། ཚད་ལྡན་གྱི་བཟོ་མཁན་བསླབ་དགོས་ཏེ། དཔལ་འབྱོར་རྒྱ་མཚོར། འདོད་པ་ཆུང་ཞིང་བཀུར་སྟི་སླ། །མཁས་ཤིང་ཁེངས་མེད་ཁ་ལ་ཉན། །ལྷ་ལ་གུས་ཤིང་སྤྱོད་ལེགས་པའོ། །ཞེས་དང་། སམྦུ་ཊི་ལས། དུལ་ཞིང་དད་ལྡན་ལང་ཚོ་བབ། །དབང་བོ་རྣམ་གསལ་རྣམ་རྟོག་མེད། །ཁྲོ་མེད་ལྐོག་འཕྱས་མི་བྱེད་ཅིང་། །ཤིན་ཏུ་མཁས་ལ་སྤྲོ་བ་ཆེ། །བཟོད་ལྡན་སྙིང་རྗེ་ཆེན་པོ་ཅན། །ཞེས་གསུངས་པའི་མཚན་ཉིད་ཚང་དགོས་ལ། ཁྱད་པར་དུ་བཟོ་བོ་ཁྲུས་དང་གཙང་སྦྲ་ཆེ་ཞིང་། བསྙེན་གནས་དང་དམ་ཚིག་གི་སྡོམ་པ་དང་ལྡན་ལ། ལྷས་དབང་བསྐུར་ཞིང་རྣལ་འབྱོར་དང་ལྡན་པས། མཚམས་བཅད་དེ་མཆོད་བསྟོད་དང་དམ་རྫས་ཕུལ་ཏེ། བཟོ་བོ་རྣམ་སྣང་ངམ་བགེགས་མཐར་བྱེད། སྐུ་རྒྱུ་དང་ལག་ཆ་ཡང་རྣམ་སྣང་དུ་བསྐྱེད་དེ། ཐིག་ཚོན་རྣམས་ནི་ཆོ་ག་ནས་འབྱུང་བ་ལྟར་བྱིན་གྱིས་བརླབས་དགོས་སོ། །གཡའ་སེལ་ལས་ཀྱང་། འཇུག་ལྡོག་གི་གནས་བཟོའི་གནས་ཀུན་ལ་མཁས་ཤིང་། ཐིག་རྩ་སོགས་ཀྱི་གཞུང་ལུགས་ཁོང་དུ་ཆུད་ཅིང་ལག་ལེན་ལ་མཁས་ཤིང་། བཟོ་ལ་སླ་བཅོས་དང་རྙེད་པ་དོན་དུ་གཉེར་བ་མ་ཡིན་པར་ལྷག་པའི་བསམ་པ་དང་ལྡན་ཞིང་། དཀོན་མཆོག་གསུམ་ལ་སྐྱབས་སུ་བཟུང་བའི་གསག་སྦྱངས་གི་སྒོ་ནས་རང་ལྷའི་རྣལ་འབྱོར་དང་ལྡན་པ་ལ་རས་གཞི་སོགས་ཡུམ་དང་ལག་ཆ་རྣམས་ཀྱང་ལས་ཀྱི་ལྷར་བསྐྱེད་པ་སོགས་ཚད་དང་ལྡན་པ་ཞིག་ངེས་པར་དགོས་སོ། །ཞེས་སོ། །ཁྱད་པར་དུ། དམ་ཚིག་གི་བྲིས་སྐུ་ནི་སྐུ་བརྙན་རྣམས་ཀྱི་མཆོག་གྱུར་ཡིན་ལ། དེ་བཟོ་བ་བོ་དང་། འབྲི་ཚུལ། བྲི་གཞི་སོགས་ལ་གཟབ་པ་གལ་ཆེ་སྟེ། དགྱེས་རྡོར་རྒྱུད་ཀྱི་བརྟག་པ་ཕྱི་མ་ལེའུ་དྲུག་པ་ལས། འདིར་ནི་འབྲི་མཁན་དམ་ཚིག་ཅན། །སྒྲུབ་པོའང་དམ་ཚིག་ཅན་གྱིས་ནི། །བྲིས་སྐུ་འཇིགས་པ་བྲི་བ་ཉིད། །སྐྱེས་པའི་ཐོད་གནས་ཁ་དོག་ལྔ། །རོ་ཡིས་སྐྲ་ཡིས་པིར་ཉིད་ཀྱིས། །བྲིས་སྐུ་བླ་མ་བྲི་བ་ཉིད། །གང་གང་སྐུད་པ་འཁལ་བ་དང་། །གང་གང་རས་ཡུག་འཐག་པ་དང་། །དེ་ཡང་དམ་ཚིག་ཅན་ངེས་ནས། །གསུངས་སོ། །

ཡང་། སྐུ་གཟུགས་བཞེང་བྱའི་སྦྱིན་བདག་ལའང་སྐྱོན་ཡོན་གཉིས་ཀྱིས་བལྟ་དགོས་ཏེ། བཞེང་བྱའི་ཡོན་བདག་གི་སྐྱོན་ངོས་བཟུང་པ་ནི། དཔལ་འབྱོར་རྒྱ་མཚོར། སྡིག་ལ་མི་འཛེམ་དང་འཇུན་ཆུང་། །ཕན་ཡོན་མ་མཐོང་ཡིད་མི་ཆེས། །སྒྲུབ་བློ་མེད་པའམ་ཡོད་ན་ཡང་། །ཚེ་འདིའི་ལོ་འདོད་གྲགས་འདོད་ཕྱིར། །རྐྱེན་དང་མི་འཚམ་བློ་རྒྱ་བསྐྱེད། །ངང་ཐུང་བློ་དོག་བཟོད་བསྲན་ཆུང་། །ལྷ་དང་བཟོ་བོ་སྨོད་བྱེད་ཅིང་། །འགྱོད་པ་སྐྱེས་ནས་འཕྲོ་འཇོག་པའོ། །ཞེས་པ་ལྟར། ངན་སྤྱོད་འདི་དག་འདོར་དགོས་པ་དང་། ཡོན་བདག་བཟང་བོའི་བྱ་སྤྱོད་ནི། དེ་ཉིད་ལས། ཕན་ཡོན་མཐོང་བའི་ཤེས་རབ་ཅན། །རྩེ་གཅིག་སེམས་པའི་བསམ་གཏན་ཅན། །བརྟན་ཞིང་སྤྲོ་བའི་བརྩོན་འགྲུས་ཅན། །དཀའ་སྤྱད་མི་སྐྱོ་བཟོད་བསྲན་ཅན། །ངང་རིང་ཚིག་འཇམ་ཚུལ་ཁྲིམས་ཅན། །གཡོ་མེད་གཏོང་ཕོད་སྦྱིན་པར་ལྡན། །ལྷ་དང་བཟོ་བོར་དད་གུས་ལྡན། །རིམ་གྱིས་དགའ་སྤྲོ་སྒོམ་པའོ། །ཞེས་པ་ལྟར་བྱ་དགོས་ལ། བཟོ་བོ་ཚད་ལྡན་གྱིས་བཞེངས་པའི་ལྷ་སྐུ་ལ་ཡོན་སྦྱིན་ཚུལ་ཡང་། མི་གཡོ་བའི་རྒྱུད་ལས། བྲིས་སྐུ་ཚད་དང་ལྡན་པ་ཡོངས་སུ་ཟིན་པ་དང་། འབྲི་མཁན་ཁོ་རང་ཇི་ལྟར་འདོད་པའི་ཡོན་ཕབ་པ་བཞིན་སྦྱིན་པར་བྱའོ། །གསུངས་ལ། རྒྱུ་མཚན་ནི། བཟོ་བོ་སུན་དབྱུང་བའི་ལྷ་ལ་བྱིན་རླབས་མི་འཇུག་པར་གསུངས་ཏེ། རབ་གནས་ཀྱི་རྒྱུད་ལས། བཟོ་བོ་མ་མཉེས་པའི་ལྷ་ལ་ནི་ཡེ་ཤེས་མི་འཇུག་སྟེ། རབ་གནས་གྱི་ཐོག་མར་བཟོ་བོ་མཉེས་པར་བྱའོ། །གསུངས་སོ། །དེ་ལས་ལྡོག་སྟེ་དེང་སང་བཟོ་བོ་དང་ཡོན་བདག་གིས་ལྷ་སྐུ་ལ་ཉོ་ཚོང་གི་བསམ་པ་བཟུང་སྟེ། དྲིལ་བསྒྲགས་དང་ཁྱབ་སྤེལ་གཏོང་ཅི་ཐུབ་བྱེད་ཅིང་། ཁྱི་ལྟོགས་གློ་བར་འཕྲད་པ་བཞིན་དཔལ་འབྱོར་རྔམ་སྡུད་བྱེད་པའི་ཚོང་རྟེན་དུ་འཛིན་པ་ནི་རང་གཞན་གཉིས་ཀ་ཕུང་བཀྲོལ་གྱི་ལས་ལ་སྦྱོར་བ་སྟེ། རང་ཉིད་རང་གིས་དམྱལ་བར་བརྫངས་པ་ལས་མ་མཆིས་སོ། །

༤ ཐང་ག་བཞེངས་པའི་ཕན་ཡོན། དམ་ཆོས་པད་དཀར་ལས། གང་གིས་རྩིག་ངོས་གཟུགས་ཀྱི་རི་མོ་དག། བསོད་ནམས་མཚན་གྱི་ཡོངས་སུ་རྫོགས་པའི་སྐུ། །བདག་གིས་བྲིས་སམ་འབྲི་རུ་བཅུག་ཀྱང་རུང་། །དེ་དག་ཐམས་ཅད་བྱང་ཆུབ་འཐོབ་པར་འགྱུར། །སྐྱེས་བུ་དག་གམ་འོན་ཏེ་གཞན་ཡང་རུང་། །གང་དག་ལ་ལ་དེ་ན་སློབ་པའི་ཚེ། །རྩེད་མོ་དག་གམ་ཚད་པར་བྱེད་པ་ན། །རྩིག་ངོས་སེན་མོ་ཤིང་བུས་གཟུགས་བྲིས་པ། །དེ་དག་ཐམས་ཅད་བྱང་ཆུབ་འཐོབ་འགྱུར་ཏེ། །ཞེས་དང་། སྤྱན་རས་གཟིགས་ཀྱི་མདོ་ལས། གང་གིས་སྟོན་པ་མི་མཆོག་གཟུགས་བྱེད་པ། །རས་སམ་རྩིག་ངོས་འབྲི་འམ་གསེར་ལས་བྱས། །དེ་ཡི་ཆོས་ཀྱི་ཁྱད་པར་གང་ཡིན་པ། །དེ་དག་མ་ལུས་རབ་ཏུ་རིམ་གྱིས་ཉོན། །མིག་ལྟ་མ་ཡིན་ལོང་བ་ཞར་མི་འགྱུར། །རྒུར་པོར་མི་འགྱུར་ཡན་ལག་མི་སྡུག་མིན། །དེ་ནི་གཟུགས་དང་ལྡན་ཞིང་ཁ་དོག་ལྡན། །སུམ་ཅུ་རྩ་གཉིས་མཚན་གྱི་གོ་ཆར་འགྱུར། །ལུས་ནི་རྣམ་པར་དག་ཅིང་ཁྱད་པར་ཐོབ། །སྤོབས་པ་ཐོབ་ཅིང་སྒྲ་སྙན་ཡིད་དུ་འོང་། །ཤེས་བཞིན་ལྡན་ཞིང་འཇིག་རྟེན་ཀུན་གྱི་གཙོ། །དེ་མཐོང་སེམས་ཅན་ལྡན་ཞིང་དགའ་བར་འགྱུར། །སྡིག་བྱེད་མི་འགྱུར་ཞེ་སྡང་མེད་སེམས་ལྡན། །གཡོ་སྒྱུ་མེད་ཅིང་རྒྱལ་བོ་འཁྲུག་མི་བྱེད། །མཐུ་དང་ལྡན་ཞིང་དབང་ཆེ་གྲགས་པར་འགྱུར། །བྱམས་ལ་གནས་ཤིང་མི་དམན་སེམས་དང་ལྡན། །ཞེས་སོགས་མདོ་རྒྱུད་དུ་མ་ལས་རྒྱ་ཆེར་གསུངས་ཀྱང་མ་སྤྲོས་སོ། །

ལྡེབས་བྲིས།

ལྡེབས་བྲིས་ནི། དགོན་སྡེ་དང་གཙུག་ལག་ཁང་སོགས་ཀྱི་གྱང་ལྡེབས་སུ་ཞལ་བ་བྱས་ཏེ། འཇམ་བརྡར་དང་དཀར་གཞི་སྤུས་གཙང་སྟེང་། རེ་ཁཱ་སྣ་ཚོགས་བྲིས་པ་དེ་ཡིན་ལ། འགའ་ཞིག་གིས་འདི་ལ་ལོགས་རིས་ཀྱང་ཟེར། ད་ལྟ་འདི་ནི་དཔྱད་གཞི་ཆེས་རིན་ཐང་ལྡན་པ་ཞིག་ཆགས་ཡོད་དེ། བོད་འདིར་ཆེས་སྔ་བའི་ལྡེབས་རིས་ནི་ཕོ་བྲང་ཡུམ་བུ་བླ་སྒང་བཞེངས་སྐབས། རྒྱལ་བོ་གཉའ་ཁྲི་བཙན་པོ་བོད་མི་རྣམས་ཀྱིས་གཉའ་བར་ཁྲི་བྱས་ཏེ་བཏེགས་ནས་བཙད་པོར་གསོལ་ཚུལ་མཆིས་ཀྱང་། རིག་གསར་གྱི་ཆག་འཇིག་སྐབས་ཁྱུར་མིད་བཏང་ནས་ད་ལྟ་སྣང་རྒྱུ་མེད་ལ། དེང་སང་རང་ཅག་གི་མིག་ལམ་དུ་སྣང་རྒྱུ་ཡོད་པ་ནི། སྲོང་བཙན་སྐུ་དུས་སུ་བྲིས་པའི་ལྷ་ལྡན་གཙུག་ལག་ཁང་དུ་བྲིས་པའི་གཅེར་ཚུགས་ཅན་གྱི་སྒྲོལ་མ་གཙོ་འཁོར་དེ་ཡིན་པར་བཤད་ལ། མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་བརྒྱ་རྩ་བརྒྱད་རྣམས་ལའང་ལྡེབས་བྲིས་རྒྱས་བསྡུས་སྣ་ཚོགས་ཡོད་ཚོད་འདུག དེ་དག་ནི་ཕལ་ཆེར་རྒྱ་དཀར་ནག་གཉིས་ཀྱི་རི་མོའི་འབྲི་སྲོལ་ཡིན་པར་བཤད། དཔེར་ན། རྒྱལ་བོ་སྲོང་བཙན་གྱི་ལྷ་ས་གཙུག་ལག་ཁང་གསར་བཞེངས་ཀྱི་ལྡེབས་རིས་སུ་རོ་སྒྲུང་དང་། གབ་ཚིག་གི་སྒྲུང་སྣ་ཚོགས་དང་། གཙུག་ལག་ཁང་བཞེངས་ཚུལ། རྒྱ་བཟའ་བོད་དུ་ཕེབས་དུས་བོད་འབངས་རྣམས་ཀྱིས་སྣེ་ལེན་གནང་ཚུལ་དང་། ཁྲི་སྲོང་གི་སྐུ་དུས་སུ་བསམ་ཡས་གཙུག་ལག་ཁང་གི་སྟེང་འོག་བར་གསུམ་དུ། རྒྱ་དཀར་ནག་དང་བོད་ལུགས་ཀྱི་བཟོ་རྒྱུན་རང་རྐྱ་ཅན་དུ་བཞེངས་བསྐྲུན་བྱས་ཡོད་ལ། ཁྱད་པར་དུ་བར་ཁྱིམས་ཀ་ཕིབས་གཡས་གཡོན་དུ། བསམ་ཡས་གཙུག་ལག་ཁང་བཞེངས་པའི་ལོ་རྒྱུས། བཞེངས་གྲུབ་བྱུང་རྗེས་ཀྱི་དགའ་སྟོན་རྟེན་འབྲེལ་གྱི་ཟློས་གར། ལུས་རྩལ་རིགས་མི་འདྲ་བ་སྣ་ཚོགས་ལྡེབས་བྲིས་གནང་ཡོད་ལ། ཁ་ཅིག་ད་ལྟ་འང་སྣང་རྒྱུ་ཡོད། ཁྲི་གཙུག་ལྡེ་བཙན་གྱི་སྐུ་དུས་སུ། ཏུན་ཧོང་ལྡེབས་རིས་སུ་རྒྱ་བོད་རི་མོ་འདྲེས་མའི་ལུགས་སུ་བྲིས་པ་དུས་འཁོར་ལུགས་ཀྱི་སྣོད་བཅུད་སྒྲུབ་ལུགས། སངས་རྒྱས་བྱང་སེམས་ཀྱི་སྐུ་བརྙན་དང་སྐྱེས་རབས་སོགས་བྲིས་ཡོད། གླང་དར་སྐབས་སུ་ཇོ་བོ་རྣམ་གཉིས་དང་བྱམས་པ་ཆོས་འཁོར་སྦས་པའི་གཙང་ཁང་གི་འདག་ཞལ་བྱས་པ་ལ་ཆོས་བྱེད་རྣམས་ལ་ཟུར་ཟའི་རི་མོ་བཙུན་པ་ཆང་འཐུང་བ་སོགས་བྲིས་པ་དང། ལྡེབས་བྲིས་ཕལ་ཆེར་གྱི་ནང་དོན་ཆོས་ཕྱོགས་ཡིན་ལ། འོན་ཀྱང་དུས་ཡུལ། ཆབ་སྲིད་ཀྱི་དགོས་པ། ཟུར་ཟ་སོགས་ཀྱི་དོན་དུ་བྲིས་པའང་ཡོད། བོད་ཀྱི་འབངས་ཁེང་ལོག་གི་རྗེས་སུ། ར་ས་སོགས་གཙུག་ལག་ཁང་མང་བོར་སྤྲང་ཚང་བཅོས་ཤིང་། ལྡེབས་བྲིས་ཀྱང་དྲི་མ་བསྒོས་པའི་ཚེ། ཟངས་དཀར་ལོ་ཙཱ་བ་དང་། མདོལ་ཆུང་དཔོན་སྐོར་ཟུང་གིས་སྤྲང་ཁང་ལོགས་སུ་བརྩིགས། ཕྱི་རོལ་དུ་སྤྲང་འགྱེད་བཏང་བའི་ཐབས་ཤེས་དང་། དམག་དཔུང་གིས་ཤུགས་ཀྱིས་སྤྲང་ཚང་བཏོན། ཁོང་རྣམ་པ་ཟུང་དང་རྗེ་སྒོམ་པ་ཚུལ་ཁྲིམས་སྙིང་བོས་ལྡེབས་རིས་ཐམས་ཅད་གཞི་ནས་བཅོས་ཞེས། ཆོས་འབྱུང་མཁས་དགའ་ལས་གསུངས་པ་ལྟར་དང་། གཞན་རྗེ་ཙོང་ཁ་བ་སོགས་ཀྱིས་ཀྱང་སླར་གསོ་མང་དུ་མཛད་དེ་འཕོ་འགྱུར་དུ་མ་བྱུང་བས། ད་ལྟའི་ལྡེབས་རིས་ལ་བལྟས་ཏེ། སྔ་རབས་ཀྱི་རི་མོ་གྲྭ་ཟུར་མ་ཉམས་པའོ་ཞེས་བཤད་མི་རིགས་སོ། །

གཞན་ཁྱུང་ལུང་དངུལ་མཁར་གྱི་འདབས་ན་མཆིས་པའི་ཇོ་མོ་ཕུག་ཀྱི་ལྡེབས་རིས་རྣམས་ཚོན་མདངས་དྭངས་ཤིང་མཐའ་ཤན་སྔོན་པོ་དང་དམར་བོ་བརྒྱབ་ཡོད་ལ། ལྷ་སྐུ་འདི་དག་ནི་བོན་ལྷའི་བཞེངས་ཚུལ་གྱི་ཤན་ཞུགས་ཡོད་ལ། ལོ་རྒྱུས་སྨྲ་བ་དག་གིས་འདི་དུས་རབས་བཅུ་གཅིག་གི་སྐབས་ཡིན་པར་འདོད་དོ། །

ཡང་། སྤྱི་ལོ ༡༠༠༣ ལོར﹙བསྟན་རྩིས་ཀུན་བཏུས་ལས༡༠༢༧ ལོར་ཕྱག་བཏབ་པར་བཞེད﹚ཕྱག་བཏབ་ལ། དེའི་ལྡེབས་རིས་རྣམས་ནི་བོད་ཡུལ་གྱི་ལྡེབས་རིས་ཁག་ལས་མཛེས་རྩལ་ཕུལ་ཏུ་བྱུང་བའི་ལྡེབས་རིས་གྲས་སུ་གཏོགས་པ་མཇལ་བ་ཙམ་གྱིས་རྟོགས་པར་ནུས་པ་དང་།

ཡང་། སྤྱི་ལོ ༡༠༨༡ ལོར་གྲྭ་བ་མངོན་ཤེས་ཅན་གྱིས་བཏབ་པའི་གྲ་ཐང་དགོན་པའི་ལྡེབས་རིས་དང་། ངོ་མཚར་བ་ཞིག་ལ་དེའི་ནང་སངས་རྒྱས་ཀྱིས་ཞབས་ལྷམ་གསོལ་བའི་རྣམ་པ་ཅན་ཡང་རེ་གཉིས་མཆིས་པ་དང་།

བསྟན་པ་ཕྱི་དར་གྱི་དུས་མགོར་ཡང་། བླ་ཆེན་དགོངས་པ་རབ་གསལ་དང་། ཁོང་གི་སློབ་བརྒྱུད་ཇོ་བོ་ཡབ་སྲས་དང་། ས་སྐྱ་པཎ་ཆེན། མར་བ་དང་དྭགས་པོ་ལྷ་རྗེ། ཐང་སྟོང་རྒྱལ་བོ། བུ་སྟོན་རིན་ཆེན་གྲུབ་སོགས་ཀྱིས་ལྡེབས་བྲིས་དར་སྤེལ་བཏང་བ་དང་། གཞན་ཡང་། སྨན་ཐང་བའི་ལུགས་དང་། གཙང་བ་ཆོས་དབྱིངས་རྡོ་རྗེ་ནས་བརྒྱུད་པ། སི་ཏུས་རྒྱས་པར་མཛད་པའི་སྒར་ལུགས་གསར་རྙིང་གི་ལྡེབས་བྲིས་སོགས། གངས་ལྗོངས་གཙོ་བོར་གྱུར་བའི་གཙུག་ལག་ཁང་བགྲངལས་འདས་པར་ལྡེབས་བྲིས་རྒྱ་ཆེར་དར་བ་དང་། གཞན་ནོར་གླིང་རྟག་བརྟན་མི་འགྱུར་ཕོ་བྲང་གི་ནུབ་བྱང་བར་དགའ་ལྡན་ཁང་གསར་བསོད་ནམས་རིན་ཆེན་སོགས་ཀྱིས་བྲིས་པའི་བོད་མིའི་འགྲོ་བ་བྱུང་ཚུལ། ཆོས་ཀྱི་དབུ་བརྙེས་ཚུལ། གསང་སྔགས་རྙིང་མ་བྱུང་ཚུལ། བསྟན་པ་ཕྱི་དར་ནས་བཀའ་གདམས། བཀའ་བརྒྱུད། ས་སྐྱ། དགེ་ལུགས་སོགས་ཀྱི་གྲུབ་མཐའ་བྱུང་ཚུལ། རྒྱལ་བོ་རིམ་བྱོན་གྱི་རྣམ་ཐར་སོགས་མུ་འབྲེལ་དང་། ནོར་གླིང་སྤྱན་རས་གཟིགས་ལྷ་ཁང་དུ་སངས་རྒྱས་ཀྱི་འཁྲུངས་རབས་དག་དང་མ་དག་པའི་སྐྱེས་པ་ལྔ་བརྒྱ་བཞེས་ཚུལ་དང་། གཞན་པོ་ཏ་ལ་དང་། སྡེ་དགེ་པར་ཁང་སོགས་སུ་འང་ལྡེབས་རིས་རྒྱས་པར་གནང་ཡོད་པ་དང་། རྒྱལ་ཁམས་གཞན་དུའང་། ཁྲི་གཙུག་ལྡེ་བཙུན་གྱི་དུས་སུ་ལི་ཡུལ་དང་ཏུན་ཧོང་། ས་སྐྱ་བའི་སྲིད་སྐྱོང་སྐབས་རྒྱ་ནག་དང་སོག་ཡུལ། ཀརྨ་སྐུ་ཕྲེང་རིམ་བྱོན་གྱིས་འབྲུག་ཡུལ་དང་འཇང་། ལྔ་བ་ཆེན་པོ་སོགས་ཀྱི་དུས་སུ་པེ་ཅིན་གྱི་དགའ་ལྡན་བྱིན་ཆགས་གླིང་། སོག་པོའི་ཧལ་ཧ་དང་ཧོ་པེ། ཁྲན་ཏེ་དགོན་པ་སོགས་བོད་ལུགས་ཀྱི་ལྡེབས་བྲིས་འདི་རྒྱ་ཆེར་དར་རྒྱས་སུ་བྱུང་ལ། རེབ་གོང་གི་ལྡེབས་རིས་སྔ་ཤོས་ནི་གཉན་ཐོག་བྱམས་པ་གླིང་དུ་ཡོད་པའི་གནས་བརྟན་བཅུ་དྲུག་དང་། སྟོན་པའི་འཁྲུངས་རབས། རྒྱལ་བ་དང་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་ལྡེབས་རིས་འདི་ཡིན་པར་བཤད་དོ། །

གོས་སྐུ་ཆེན་མོ།

བོད་དུ་གོས་སྐུ་བཟོ་སྲོལ་ནི། བསྟན་པ་ཕྱི་དར་གྱི་དུས་བོད་ལ་ཡོན་གོང་མས་དབང་སྒྱུར་བྱེད་པའི་དུས་སུ་དར་ཞེས་མཁས་པ་ཁ་ཅིག་བཞེད་ལ། འདིར་བཤད་དགོས་པའི་ཡང་སྙིང་གོས་སྐུ་ཆེན་མོ་ནི། ཀརྨ་རོལ་བའི་རྡོ་རྗེ་རྒྱ་ནག་ལ་ཕེབས་པའི་སྐབས། རྒྱལ་བོ་རིན་ཆེན་དཔལ་གྱི་བཙུན་མོ་པུ་ནེ་དྷ་རིའི་རྨི་ལམ་དུ། བ་དན་ཡང་དབེན་གྱི་རི་དང་མཉམ་པའི་སངས་རྒྱས་ཀྱི་སྐུ་བཞེངས་དང་འགྲུབ་པར་འགྱུར་རོ་ཞེས་རྨིས་བྱུང་བ། ཀ་རྨ་རོལ་བའི་རྡོ་རྗེ་ལ་ཞུས་པས། དེ་ལྟ་བུ་ཞིག་བཟོ་བོ་སུས་ཀྱང་ཁོང་དུ་མ་ཆུད་པས། ཀརྨ་རོལ་རྡོར་ཁོང་གིས་ཆ་ཚད་རན་པའི་སྐྱ་བྲིས་རྡོ་དཀར་གོང་གིས་རྣམ་བཅད་མཛད་ནས་གོས་སྐུ་ཆེན་མོ་འདྲུབས་པའི་སྲོལ་ཕྱེས་པ་དཔའ་བོ་གཙུག་ལག་ཕྲེང་བའི་ཆོས་འབྱུང་དུ་གསུངས། གོས་སྐུ་དེ་ནི་ཧོར་གོས་བཟང་བོ་བཀབ་ཅིང་སྐུ་གསེར་མདོག་དང་ན་བཟའ་ཏ་ཧུན་སོགས་ལས་བྱས། སྙན་གཡས་གཡོན་བར་འདོམ་བཅུ་གཅིག ཚད་དེས་སྐུ་ཡོངས་རྫོགས་སྟེང་ནས་ལྷས་མཆོད་ཅིང་འོག་ནས་པད་གདན་དང་བྱེའུ་ཕྲུག་ཁ་ཅན། གཡས་གཡོན་དུ་བྱམས་པ་དང་འཇམ་དཔལ། སྐུ་དངོས་ལ་དོས་ཆེན་པོ་སོ་གཉིས། ལྡེམ་གཉིས་ལ་དོས་བརྒྱད་རྣམས་བཏང་སྟེ་ཧ་ཅང་བྱོན་ལེགས་གྲུབ། གོས་སྐུ་འདི་རི་དེ་ཉིད་ལ་ཞལ་ཕྱེས་ཏེ་རབ་གནས་ཀྱི་མཛད་སྒོར་མེ་ཏོག་གི་ཆར་བབས་པ་སོགས་རྟེན་འབྲེལ་ཕུན་སུམ་ཚོགས་པ་བྱུང་། བཞེངས་ཡོན་ཡང་རྒྱུ་གང་སོང་གི་བཅུ་ཆ་ཕུལ་ཏེ་གསེར་སྲང་སྟོང་དང་དགུ་བཅུ་བཏང་ངོ་། །ཕྱིས་སུ་གྲུབ་མཐའ་སོ་སོའི་བཞེངས་ཡོན་འབོར་ཆེན་བཏང་སྟེ་གོས་སྐུ་ཆེན་མོ་བཞེངས་པའི་སྲོལ་དར་བ་སྟེ། དཔེར་ན། རྗེ་དགེ་འདུན་གྲུབ་པས་པིར་ཐོགས་སྨན་བླ་དོན་གྲུབ་པ་སོགས་སྤྱན་དྲངས་ཏེ། ཟླ་ངོ་གསུམ་གྱི་རིང་ལ་དཀྱུས་སུ་འདོམ་བཅོ་བརྒྱད་དང་། ཞེང་དུ་འདོམ་བཅུ་གཉིས་ཅན་གྱི་སྟོན་པའི་གོས་སྐུ་བཞེངས་པ་གཙོས། ད་ལྟའི་བར་དུ་གཙང་བཀྲ་ཤིས་ལྷུན་པོར་པཎ་ཆེན་སྐུ་ཕྲེང་འགའ་ཞིག་ནས་བཞེངས་གྲུབ་གནང་བའི་གོས་སྐུ་ཁག་བརྒྱད་ཙམ་ཡོད་པར་གྲགས་པ་དང་། དེ་བཞིན་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱས་གྱིས་གོས་སྐུ་ཆེན་མོ་ཞིག་བཞེངས་ཏེ་སྨིན་གྲོལ་གླིང་དགོན་པར་ཕུལ་བ་དང་། ཡང་། དགའ་ལྡན་ཁྲི་ཐོག་ཉེར་བཞི་བ་ཁྲི་ཆེན་བྱམས་པ་རྒྱ་མཚོས་བཞེངས་པའི་རྒྱལ་བ་བྱམས་པའི་གོས་སྐུ། སྡེ་སྲིད་སངས་རྒྱས་རྒྱ་མཚོས་བཞེངས་པའི་གོས་སྐུ་ཆེན་མོ། ༡༩༨༩ ལོར་འབྲས་སྤུངས་དགོན་པའི་དུས་ཡུན་ཟླ་བ་དྲུག་ཙམ་ལ་བཞེངས་པའི་གོས་སྐུ་ཆེན་མོ་དེའི་དཀྱུས་ལ་རྨི ༣༡ དང་། ཞེང་ཚད་རྨི ༢༠ ཙམ་ཡོད། གཞན་ཡང་། མཚུར་ཕུའི་གོས་སྐུ་ཆེན་མོར་མཚོན་ན། གོས་སྐུ་ཆེན་མོ་མཐོང་གྲོལ་ལྷུན་གྲུབ་འཛམ་གླིང་རྒྱན་མཚན་གསོལ་གནང་བའང་ཡོད། དེ་ལྟར་གྲུབ་མཐའ་ཁག་གི་དགོན་སྡེ་རྣམས་སུ་དར་ཁྱབ་བྱུང་སྟེ། ཆོས་ལུགས་ཀྱི་མཛད་སྒོ་ཆེན་པོ་དང་སྒོ་བསྟུན་ནས་ཞལ་འབྱེད་གནང་སྟེ་བྱེད་སྒོ་མང་དུ་སྤེལ་བ་དང་། དད་ལྡན་མང་ཚོགས་ལ་མཇལ་སྲོལ་འདི་བྱུང་བ་ཡིན་ནོ། །གོས་སྐུ་ཞལ་འབྱེད་ཡུལ་གྱི་དབང་དུ་བཏང་ན། གཙུག་ལག་ཁང་གི་རྩིག་ལྡེབས་དང་། ཡང་ན་། དགོན་པའི་ཕྱི་ལོགས་ཀྱི་རི་ངོས་སུ་རྡོ་གཅལ་བཀྲམས་ནས་དེའི་སྟེང་ཞལ་འབྱེད་བྱེད་སྲོལ་ཡོད་དོ། །

བརྐོ་བཟོ་པར་ཤིང་པར།

༡ ཤིང་པར་གྱི་བྱུང་རིམ། བོད་རྒྱལ་སྲོང་བཙན་དུས་སུའང་ཤིང་གི་ལྡེབས་ལ་ཤིང་ལོ་དང་མེ་ཏོག སྲོག་ཆགས་སོགས་བརྐོ་ཤེས་ཀྱི་ཡོད་ཀྱང་། དེའི་ཚེ་རྐོ་རིས་པ་ཚོས་རང་གི་ལག་རྩལ་མཐོ་དམན་གྱིས་གང་འདོད་དུ་བརྐོ་བ་ལས། སྒྲིག་གཞི་ཆ་ཚང་ཞིག་བྱུང་མེད།

ཡོན་རྒྱལ་རབས་ཀྱི་གོང་མ་ཨུ་ཙུང་ཧུའི་ཧྲན་གྱི་དུས་སུ། དབུས་པ་བློ་གསལ་བྱང་ཆུབ་ཡེ་ཤེས་དང་། བཅོམ་ལྡན་རིགས་རལ་གཉིས་ཀྱིས་བོད་དུ་ཡོད་པའི་བཀའ་བསྟན་ཆ་ཚང་བསྡུས་པ་བསྒྲིགས་ཐེངས་བཞི་བ་ཡིན། དེ་དུས་ནས་མཚུར་ཕུ་དགོན་པ། ས་སྐྱ། མངའ་རིས། ཁམས། སོག་ཁུལ་རྣམས་སུ་དར་ཁྱབ་བྱུང་བ་བྲིས་མ་ཤ་སྟག་ཡིན། བོད་རབ་བྱུང་བདུན་པའི་ས་བྱི ༡༤༠༨ ལོར་གོང་མ་ཡོང་ལོས་ཉུག་རུམ་པ་ཐའི་ཀྱེན་བཞི་བོད་དུ་མངགས་ནས་རྗེ་ཐམས་ཅད་མཁྱེན་པ་དབུ་བླར་ཞུས་སྐབས། རྗེ་ཉིད་མ་སླེབས་པར། བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་ཕེབས་སྐབས། གོང་མ་ཡུང་ལོས་ནན་ཅིན་དུ་བོད་ཡིག་བཀའ་འགྱུར་ཟངས་དཔར་དེ་ཐོག་མར་པར་བརྐོས་བྱས་ཏེ། ས་སྐྱ་བ་དང་། ཀརྨ་བ། རྗེ་བདག་ཉིད་ཆེན་པོ་བཅས་ལ་བོད་ཡིག་ཟངས་དཔར་གྱི་བཀའ་འགྱུར་ཆ་ཚང་རེ་ཕུལ། མཁས་པ་མང་བོ་དགའ་ཚོར་ཆེན་པོ་སྐྱེས་ཤིང་། མཐོང་རྒྱ་དང་མིག་རྒྱ་བསྐྱེད་པའི་ས་བོན་དུ་གྱུར་བ་རེད། ཕྱིས་སུ་མ་དཔེ་ཟངས་ལ་གཞིགས་ཏེ། ཤིང་ཐོག་ཏུ་ཡི་གེ་བརྐོ་རྒྱུ་འདི་དར་བ་ཡིན་ལ། དེ་ཡང་། ཟངས་དང་ཁྲོ་རིགས་ཀྱི་གཏེར་ཁ་བོད་ན་དཀོན་པས་ཤིང་དཔར་གྱི་སྲོལ་བཏོད་པ་ཡིན། བོད་ས་གནས་ཀྱི་བརྐོ་རིས་ཐད་ཤིང་བརྐོ་དང་རྡོ་བརྐོའི་ལག་རྩལ་ཁྱད་པར་བ་འདི་དང་སྒོ་བསྟུན་ནས། ཕག་གྲུ་སྡེ་སྲིད་ཁྲི་རབས་ལྔ་བ་དབང་གྲགས་པ་རྒྱལ་མཚན་གྱིས་ཐོག་མར་ས་སྐྱ་གོང་མ་རྣམ་ལྔའི་གསུང་འབུམ་དཔར་དུ་བརྐོས་ཤིང་།

རྗེ་བདག་ཉིད་ཆེན་པོའི་དགོངས་པ་ཆོས་དབྱིངས་སུ་བསྡུས་རྗེས། སྣེའུ་རྫོང་དཔོན་ནམ་མཁའ་བཟང་བོས་སྦྱིན་བདག་བྱས་ནས། རྗེ་བདག་ཉིད་ཆེན་པོའི་གསུང་འབུམ་ཆ་ཚང་པར་བརྐོས་གནང་བ་དེ་ལ། ཡོངས་གྲགས་སུ་དགའ་ལྡན་དཔར་རྙིང་ཟེར་བ་དེ་ཡིན། ཤིང་པར་དེ་ལས་ཐོར་བུ་དེང་སང་སེ་ར་དང་འབྲས་སྤུངས། པོ་ཏ་ལ་བཅས་ན་མཐོང་རྒྱུ་ཡོད། རྗེ་བདག་ཉིད་ཆེན་པོའི་སྐུ་རིང་ནས་ཤིང་པར་རྒྱ་ཆེར་དར་བ་འདིས་བཀའ་དྲིན་གྱིས་ད་ལྟ་ཡང་དབུ་ཅན་གྱི་ཡིག་གཟུགས་མ་འགྱུར་བར་གཅིག་ཚུགས་སུ་གནས་པ་འདི་བྱུང་བ་སྟེ། ཐོན་མིའི་ཞལ་ལུང་ལས། བོད་དབུས་གཙང་དུ་ལོ་ལྔ་བརྒྱའི་སྔོན་རྗེ་ཙོང་ཁ་བའི་སྐུ་རིང་ནས་གསུང་རབ་བསྟན་བཅོས་ཀྱི་ཤིང་དཔར་མང་བོ་སྤེལ་བའི་སྲོལ་དར་བ་ནས་བཟུང་། དབུ་ཅན་གྱི་ཡི་གེ་ཕལ་ཆེར་འབྲི་ཚུགས་སྣ་གཅིག་པ་ལས་སྣ་མི་མཐུན་པ་མང་བོ་གཏན་མ་བྱུང་ལ། དབུ་མེད་ཀྱི་འབྲི་ཚུགས་ལ་དེ་ལྟ་བུའི་དཔར་འདེབས་རྒྱུགས་ཆེ་བ་མ་བྱུང་བའི་རྐྱེན་དང་། ཡུལ་གྲུ་ཕན་ཚུན་ལ་འགྲིམ་འགྲུལ་ཉམས་དམའ་བའི་དབང་གིས་དབུས་བྲིས། ཁམས་བྲིས། ཨམ་བྲིས་ཞེས་འབྲི་ཚུགས་མི་འདྲ་བ་གསུམ་བྱུང་། ཞེས་གསུངས་པས་སོ། །

སྤྱི་ལོ ༡༦༤༢ ལོར་འཇང་རྒྱལ་བོ་བསོད་ནམས་རབ་བརྟན་གྱིས་བཀའ་འགྱུར་ཆ་ཚང་ཤིང་པར་དུ་བཏབ་པ་དེ། ཕྱིས་སུ་ལི་ཐང་དགོན་དུ་བཞུགས་པ་ལ་ལི་ཐང་ཚལ་པར་མ་ཟེར།

སྤྱི་ལོ ༡༧༢༡ ལོར་ཅོ་ནེ་དཔོན་པོས། ནན་ཅིང་པར། ལི་ཐང་ཚལ་པར་མ། དབུས་བྲིས་བཀའ་འགྱུར་བཅས་ལ་མ་དཔེ་བྱས་ཏེ་དཔར་དུ་བསྐྲུན་པ་ལ། ཅོ་ནེ་བཀའ་འགྱུར་ཟེར།

རབ་བྱུང་བཅུ་གཉིས་པའི་ལྕགས་བྱ ༡༧༤༡ ལོར་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱས་ཀྱིས་བཀའ་བསྟན་ཆ་ཚང་བརྐོས་གནང་མཛད་པ། པཎ་ཆེན་སྐུ་ཕྲེང་ལྔ་བ་བློ་བཟང་ཡེ་ཤེས་ལ་ཕུལ་བ་དེ་སྣར་ཐང་དགོན་པར་བཞག་པས་སྣར་ཐང་བཀའ་འགྱུར་ཟེར་བ་དེ་ཡིན།

རབ་བྱུང་བཅུ་གཉིས་པའི་ཤིང་བྱི ༡༧༤༤ ལོར་སྡེ་དགེ་རྒྱལ་བོ་བསྟན་པ་ཚེ་རིང་གིས་བཀའ་བསྟན་སོགས་ཆོས་དཔེ་ཧ་ཅང་མང་བོ་པར་བརྐོས་བྱས་པས་དཔར་ཁང་བཞེངས་པ་དེ་ལ་སྡེ་དགེ་དཔར་ཁང་ཟེར་ཞིང་། བོད་ཁམས་ཀྱི་དཔར་ཁང་ཆེ་ཤོས་ཡིན།

གཞན་ཁྲོ་སྐྱབས་ནས་ཐོན་པའི་གཟི་བརྗིད་པར་མ༡༧༥༢ ནས་༡༧༦༥ ལོར་གྲུབ་པར་པར་བྱང་ལས་གསལ་བ་དང་། ཡང་། རབ་བརྟན་ནས་ཐོན་པའི་གཟི་བརྗིད་སྟོན་པ་གཤེན་རབ་ཀྱི་རྣམ་ཐར་རྒྱས་པར་སྤྲོས་པའི་དཔེ་ཆ་པར་མ ༡༧༦༦ནས༡༦༧༧ པར་བརྐོས་བྱས་པ་སྟེ་པར་གཞི་རིག་གསར་སྐབས་བོར་བརླག་ཏུ་སོང་ཡང་པར་དཔེ་དེང་སང་མཇལ་ཏུ་ཡོད་པ་དང་།

རབ་བྱུང་བཅུ་གསུམ་པའི་ཆུ་སྤྲེལ ༡༧༥༢ ལོར་ཅོ་ནེ་དཔོན་བསྟན་སྲུང་ཚེ་རིང་དང་མེ་མོ་རིན་ཆེན་དཔལ་འཛོམས་གཉིས་ཀྱིས་དབུས་པར་དང་། པེ་ཅིན་པར་མ། སྣར་ཐང་པར་མ་བཅས་ལ་ཕྱི་མོ་བྱས་ཏེ། དཔར་བསྐྲུན་བྱས་པ་ཅོ་ནེ་དཔར་ཁང་དང་།

དུས་རབས་ཉི་ཤུ་བའི་དུས་མགོར། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པས། སྔ་སོར་རྒྱལ་དབང་ལྔ་བ་ཆེན་པོའི་སྐབས་སུ་ཡོད་པའི་དཔར་ཁང་རྙིང་བའི་མ་རྩའི་སྟེང་། བཀའ་འགྱུར་སོགས་ཆོས་དཔེ་མང་བོ་པར་བསྐྲུན་གནང་བ་དེ། ཞོལ་པར་ཁང་ཡིན།

གཞན་འབྲུག་ཡུལ་གྱི་བཀའ་འགྱུར། ར་རྒྱའི་བཀའ་འགྱུར། སེ་འབྲས་དགེ་གསུམ་དང་། བཀྲ་ཤིས་ལྷུན་པོ། བླ་བྲང་། སྐུ་འབུམ། རོང་བོ་སོགས་གྲུབ་མཐའ་ཁག་གི་ཆོས་སྡེ་དག་ན། ས་དགེ་ཀར་རྙིང་ཇོ་ནང་བོན་དང་བཅས་པའི་སྔོན་བྱོན་མཁས་དབང་རྣམས་ཀྱིས་མཛད་པའི་གསུང་འབུམ་གྱི་པར་ཤིང་དང་། བརྡ་སྤྲོད། ལོ་རྒྱུས། སྨན་གཞུང་། ལྷ་སྐུ། ཐིག་རྩ། དཔེ་རིས་སོགས་ཀྱི་པར་ཤིང་རི་བོའི་གཏོས་དང་མཉམ་པ་འམ་འཛམ་གླིང་ན་མཐོང་དཀོན་པའི་རིག་གནས་ཀྱི་ཤུལ་བཞག་བདག་ཅག་གི་སྤྱོད་ཡུལ་དུ་གྱུར་བ་འདི་དག་གོ།

༢ པར་ཤིང་ཇི་ལྟར་བརྐོ་ཚུལ། པར་གཞི་ལ་སྟག་པའམ་ཆང་བ་ལི་སོགས་ཀྱི་སྲ་ཤིང་དགོས་ལ། དེ་ནི་པར་ཤིང་མི་ཟད་པ་དང་རྐོ་ཚེ་ནང་དུ་མི་རྡིབ་པ་དང་གས་ཆག་ཉུང་བའི་དགེ་མཚན་ལྡན། དབྱིབས་ནི་དགེ་ཆོས་ཀྱིས་གསུངས་པ་བཞིན་ཏ་ལའི་ལོ་མའི་ཆོས་དཔེ་ལ་བསྟུན་ཏེ། སྣ་རིང་ཐུང་གང་རུང་ངོས་སྙོམས་པོར་ལན་བརྒྱབ་ཏེ། སྒང་གཤོང་མེད་པར་བྱས་ཐོག་པར་གཞི་ལ་མ་ཡིག་བྲིས་དཔར་གང་རུང་། བག་ཆུ་སྡེབ་ཁ་དང་བསྟུན་ཏེ་ཡ་ཡོ་མ་ཤོར་བར་སྦྱོར་དགོས།

སྦྱར་ཚེ་ཇི་ལྟར་བརྐོ་བའི་རིམ་པ་ནི། ༡ ཤིང་པར་ལ་དགོས་པའི་ལག་ཆ་ནི། དབོར་འབིག སྦོ་འབིག﹙མ་ཀོར་དང་ན་ཀོར་སོགས་འབྲུ་བྱེད།﹚ རྐོ་གྲི། གསེག་གྲི། གྲི་སྐེ་འཁྱོག ལན་བཅས་སོ། ༢ གསེག་གྲིས་ཡིག་མགོའི་ཐིག་ཕྲེང་དྲང་བོར་འཐེན་དགོས། ༣ དབོར་འབིག་གིས་མ་གོར་ན་གོར་སོགས་བསལ་དགོས། ༤ རྐོ་གྲིས་ཡི་གེ་མེད་པའི་བར་སྟོང་ཆེ་ཤོས་བསལ་དགོས། ༥ ཡི་གེའི་དྲང་ཕྱོགས་སུ་བཟུང་ནས་རྐོ་གྲིས་གསེག་གཟུགས་ཏེ་བརྐོས་དགོས། ༦ ཡི་གེ་རང་གི་ལྡོག་ཕྱོགས་སུ་བཟུང་ནས་རྐོ་གྲིས་ཞིབ་ལས་བྱེད་དགོས། ༧ གསེག་གྲིས་གཡས་གཡོན་གྱི་མཐའ་གཉིས་བསལ་དགོས། དེ་ནི་པར་རྒྱག་སྐབས་མཐའ་གཉིས་སུ་ནག་པོ་མི་འབབ་པའི་ཆེད་དུ་ཡིན། ༨ པར་ཤིང་གི་ལོགས་གཉིས་སུ་ལན་བརྒྱབ་ཏེ་སྟེང་འོག་གི་མཐའ་ཐིག་ཡ་ཡོ་མ་ཤོར་བར། བུམ་རིལ་བཟོ་དགོས། ༩ པར་ཤིང་མར་དང་གཡིས་སོགས་ཀྱི་སྣུམ་ནང་དུ་འཚེད་པ་འམ། ཡང་ན་སྣུམ་མང་བོ་བླུགས་ནས་ཉི་མར་ལྡེས་ཏེ་ནང་ལ་ཐིམ་དུ་འཇུག་དགོས། དེ་ནི་པར་ཤིང་ཡུན་རིང་བཞག་ཀྱང་མི་རུལ་བ་འམ། སྣག་ཆུས་སྦངས་ན་ཡིག་ཚུགས་མི་འཆོར་བ་སོགས་ཀྱི་དགེ་མཚན་ལྡན། ༡༠ དཔར་ཤིང་གི་ཤོག་རོ་རྣམས་ཆུ་ཁོལ་གཙང་མས་བཀྲུ་བྱབས་ཡང་དག་པར་བྱས་ཏེ་སྤར་དགོས། ༡༡ དཔར་རྗེས། ཞུས་ཆེན་པར་རིམ་བརྒྱུད་ཀྱིས་ཚིག་དོན་གཉིས་ཆར་ལ། ཡང་ཡང་ཞུ་དག་བཏང་སྟེ་ནོར་འཁྲུལ་བྱུང་རིགས་ལ། པར་རྐོ་བའི་ཆད་གསབ་རྒྱག་པ་སྟེ། དེ་ནི་ལྷག་པ་རྐོ་གྲིས་ལེན་ཞིང་། ཆད་པ་དང་ཆག་སྐྱོན་གྱི་རིགས། སུར་ཤིང་དང་སྟག་པ་སོགས་སྲ་ཤིང་གི་རིགས་ལ་སྤྱིན་བསྐུས་ཏེ། པར་ཤིང་ངོས་སྙོམས་སུ། ཆད་ལྷག་ཞིབ་ཚགས་ལྡན་པའི་སྒོ་ནས་བསྐྱར་གསབ་བྱེད་དགོས་པ་ཡིན་ནོ། །

༣ པར་ལོག་བྱེད་སྟངས། པར་གཞིའི་ངོས་ལ་དྲག་འཐས་ཀྱིས་མཚལ་དང་སྣག་ཚ་འོས་འཚམ་བྱུགས་ནས། པར་ཤིང་སྟེང་ཤོག་གུ་དགབ་པ་ལ། རྩིད་པ་སོགས་རྩུབ་ཤོས་ཆེ་བའི་རིགས་ཀྱིས་སྟེང་དུ་དབུར་ནས། དཔར་དགོས་ལ། དེ་ཡང་སྣག་ཚ་དང་། དྲག་འཐས་བྱུགས་སྟངས། རྩིད་ཕོན་དབུར་སྟངས་སོགས་ཀྱི་དམ་ལྷོད་ཤེས་ན། ད་གཟོད་ཡི་གེ་གསལ་ཞིང་སྙོམས་ལ་གནག་ནུར་མི་ཤོར་ཡིན་ནོ། །

༤ གསུང་རབ་བཞེངས་པའི་ཕན་ཡོན་ནི། མདོ་ལས། ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ལྷ་ཡུལ་བའི་ནོར་བུ་རིན་པོ་ཆེ་དང་འདྲ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡི་གེ་ལ་བྲིས་ཏེ། གང་དུ་བཞག་པ་དེར་གནོད་པ་ཅི་ཡང་མི་འབྱུང་བར་ཤེས་པར་བྱའོ། །ཞེས་དང་། ལྷ་དང་མི་དང་ལྷ་མ་ཡིན་གྱིས། འཇིག་རྟེན་ན་བསྟི་སྟང་བྱ། བླ་མར་བྱ་ཞིང་། རིམ་གྲོ་བྱེད། མཆོད་པར་བྱེད་དོ། །ཞེས་དང་། སེམས་ཅན་དག་པ་ངོ་མཚར་ཆེ། །བསྟན་བཅོས་ཀུན་ལས་བསླབ་གྱུར་ཀྱང་། །འཇིག་རྟེན་འཇིག་རྟེན་རྗེས་བསྙེགས་ཕྱིར། །ཡི་གེ་གྲྭ་ནི་བྱོན་པར་འགྱུར། །ཡི་གེ་གང་གི་མིང་དག་ཀྱང་། །བདག་གིས་ཤེས་པར་མ་གྱུར་བ། །དེ་ལ་འདི་ནི་བྱང་གྱུར་ཀྱང་། །ཡི་གེ་སློབ་པའི་གྲྭར་བྱོན་ཏེ། །འདི་ཡི་ཞལ་ནི་མཐོང་མོད་ཀྱི། །སྤྱི་གཙུག་འཕགས་པ་ལྟར་མི་སྣང་། །ཡི་གེ་ཤེས་རབ་མཐར་ཕྱིན་ན། །བདག་གིས་འདི་ཀོ་ཇི་ལྟར་བསླབ། །ལྷ་ཡི་ལྷ་ཆེན་ལྷ་འདི་ནི། །ལྷ་རྣམས་ཀུན་གྱི་མཆོག་མཁས་པ། །ཁྱད་པར་འཕགས་ཤིང་མཉམ་པ་མེད། །ཅེས་དང་། མདོ་སྡུད་པ་ལས། ལ་ལས་གང་གཱའི་ཀླུང་གི་ཇི་སྙེད་ཞིང་ཁམས་ན། །སེམས་ཅན་ཇི་སྙེད་འཁོད་ཀུན་དགྲ་བཅོམ་ཉིད་བཏུལ་བ། །གང་གིས་ཤེས་རབ་ཕ་རོལ་ཕྱིན་འདི་ཡིག་བྲིས་ཏེ། །སེམས་ཅན་མཆོག་ལ་ལྒིགས་ཕྱིན་ཁྱད་པར་འཕགས། །ཞེས་དང་། ཕལ་ཆེན་ལས། ལྔ་བརྒྱ་ཐ་མར་གྱུར་བ་ན། །ང་ཉིད་ཡི་གེའི་གཟུགས་སུ་སྣང་། །ང་ཡིན་སྙམ་དུ་ཡིད་བྱོས་ལ། །དེ་ཚེ་དེ་ལ་གུས་པ་གྱིས། །ཞེས་པ་ལྟར། སྙིགས་མ་ལྔ་བདོ་དུས་སུ་སྟོན་པ་ཐུགས་རྗེ་ཅན་ཐ་མལ་བའི་མིག་ལམ་དུ་བཟོ་བོ་སྤྲུལ་སྐུའི་རྣམ་པར་བྱོན་པ་ཡིན་ཏེ། དཔལ་སྤྲུལ་རིན་པོ་ཆེས། སྲིད་པའི་ཁམས་ན་ཕན་བདེའི་དངོས་གྱུར་བ། །གང་ཡང་ཐུབ་པའི་སྤྲུལ་བར་བཀའ་བསྩལ་ན། །བློ་མཆོག་བློ་ལ་ཤེས་པའི་མིག་སྦྱིན་པ། །ཡི་གེའི་གཟུགས་འདི་བཟོ་ཡི་སྤྲུལ་སྐུ་ཡིན། །ཞེས་སོགས་མང་དུ་གསུངས་སོ། །

གསེར་བཟོ།

བོད་ཡུལ་འདིར་གནོད་སྦྱིན་སོགས་བཅུ་ཡིས་དབང་བསྒྱུར་བའི་སྐབས་ནས་ཆུ་གྲི་དང་དགྲ་སྟ་སོགས་བྱུང་ཡོད་པར་གཞིགས་ན། གསེར་དངུལ་ཟངས་ལྕགས་ཀྱི་བཙོ་སྦྱངས་བྱེད་ཐབས་ཆེས་སྔ་མོ་ནས། ཡོད་པར་གསལ་ལ། ཁྱད་པར་པུ་དེ་གུང་རྒྱལ་གྱི་སྐབས། ཤིང་བསྲེགས་ནས་སོལ་བ་བཟོས་པ་དང་། གསེར་དངུལ་སོགས་བཞུ་བཏུལ་ཐོག་མར་བྱས་པ་ནི། བཙན་པོའི་བཀས་སྐུལ་ཏེ་སྒྲིག་འཛུགས་ལྡན་པའི་སྒོ་ནས་ཁྱབ་སྤེལ་བཏང་བར་སྣང་། དེའི་རྗེས་བོད་རྒྱལ་འབྲོང་གཉན་ལྡེ་རུའི་བང་སོ་བརྩིགས་པའི་རེའུ་མིག་དགུ་བའི་དབུས་མར་རྒྱལ་བའི་སྐུ་གཟུགས་དང་མཉམ་པའི་གསེར་གར་བླུགས་ཀྱི་སྐུ་བརྙན་རྒྱལ་བོའི་ན་བཟའ་གསོལ་བ་བཞེངས་ནས་ཟངས་མོ་ཆེ་མཚལ་གྱིས་བཀང་བའི་ནང་དུ་བཞུགས་ཚུལ་འཁོད་པ་དང་།

ཆོས་རྒྱལ་སྲོང་བཙན་གྱི་སྐབས། གུང་བློན་ཆུང་བ་དང་། ནང་བློན་འབྲིང་བ། བཀའ་བློན་ཆེ་བ་གསུམ་ལ། གསེར་བྱང་ཆེན་པོའི་ཡི་གེ་དང་། ནང་བློན་ཆུང་བ། བཀའ་བློན་འབྲིང་བ་ལ། གསེར་བྱང་ཆུང་བའི་བྱ་དགའ་བསྩལ་ཞེས་གསེར་གྱི་བྱང་བུ་གནང་བར་གསུངས་པ་ལ་གཞིགས་ན། རང་ཅག་ཁ་བ་ཅན་གྱི་གསེར་ལས་སྣོན་གྱི་ལག་རྩལ་མཐོན་པོར་སོན་ཡོད་པ་ཤེས་ལ། གསེར་སྐུ་བཞེངས་ཚུལ་འང་། རྒྱལ་བོ་འབྲོང་གཉན་ལྡེ་རུའི་སྐུ་བརྙན་བཞེངས་ཚུལ་གོང་དུ་བཤད་པ་ནི། ཆེས་སྔ་ཤོས་སུ་གྲུབ་ཅིང་། སྲོང་བཙན་གྱི་དུས་སུ་ཡར་ལུང་ཁྲ་འབྲུག་གི་ལྷ་ཁང་དུ་གསེར་ཕྱེ་བྲེ་བརྒྱད་དང་བདུན། དྲུག ལྔ། བཞི་བཅས་ཀྱིས་རིམ་བཞིན། རྣམ་སྣང་། རྡོར་སེམས། རིན་འབྱུང་། སྣང་མཐའ། དོན་ཡོན་གྲུབ་པ་རྣམས་ཆ་ལུགས་མི་འདྲ་བར་བཞེངས་པ་དང་། ཁྲི་སྲོང་ལྡེ་བཙན་གྱི་ཇོ་མོ་ཚེ་སྤོང་བཟས། དབུ་ཚལ་གསེར་ཁང་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་ནང་ཟུར་བཞི་ན། གསེར་གྱི་སེང་གེ་ལུག་ཙམ་པ་བརྒྱད་བཟོས་པར་བཤད་པ་དང་། གྲུབ་ཆེན་ཐང་སྟོང་རྒྱལ་བོའི་རྣམ་ཐར་ལས་ཀྱང་། ལྷ་སའི་ཇོ་མདུན་དུ། མཁའ་འགྲོ་མས་ཕུལ་བའི་སངས་རྒྱས་རིང་བསྲེལ་ཅོ་གའི་སྒོང་བ་ཙམ་དང་། དེ་ལས་འཕེལ་བ་རྣམས་ནང་སྙིང་བྱས་ཏེ་འཇམ་དབྱངས་ཀྱི་སྐུ་དང་། དབུས་སུ་མུ་གེ་འགོག་ཆེད་གསེར་སྲང་བརྒྱ་དང་ཉེར་བདུན་གྱིས་ལྷུང་བཟེད་ཆེན་པོ་ཞིག་བཞེངས་པ་དང་། དེ་བཞིན་གསེར་གྱི་སྐུ་འདྲ་བཞེངས་ཚུལ་རྣམ་ཐར་ཆོས་འབྱུང་སོགས་ན་བགྲང་ལས་འདས་པ་ཡོད་པ་དང་།

ཁྱད་པར་དུ་དུས་རབས་བཅུ་དྲུག་པར། སྡེ་སྲིད་སངས་རྒྱམ་གྱིས་བོད་ཀྱི་བཟོ་བོ་མཁས་པ་ཐམས་ཅད་ལྷ་ལྡན་དུ་བཀུགས་ཏེ། རྒྱལ་དབང་ལྔ་བའི་གསེར་གདུང་འཛམ་གླིང་རྒྱན་གཅིག་ནི། ཕྱི་གཏུམས་གསེར་ལྷད་མེད་རྒྱ་ཐུར་གྱི་སྲང་ཆིག་འབུམ་ཆིག་ཁྲི་དགུ་སྟོང་ཉིས་བརྒྱ་གྱ་གཉིས་ལས་བཞེངས་པ་དང་། མཐོ་ཚད་ཐོག་སོ་གསུམ་ཡོད་ཅིང་། ནང་རྟེན་དུ་འང་གསེར་བྲིས་ཀྱི་བཀའ་བསྟན། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ། རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ་བཅས་གཟུངས་གཞུག་མང་བོ་ཡོད་ལ། གཞན་སྐུ་འབུམ་གསེར་སྡོང་དང་། བྱ་ཁྱུང་གསེར་གདུང་། རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པའི་གསེར་གདུང་དགེ་ལེགས་འདོད་འཇོ་ཡང་གསེར་རྒྱ་ཐུར་གྱི་སྲང་ཆིག་ཁྲི་ལྷག་གི་བཞེངས་པ་སོགས། སྐྱེས་ཆེན་དམ་པ་ཇི་སྙེད་ཅིག་གི་གསེར་གདུང་བགྲང་ལས་འདས་པ་ད་ལྟ་ཡང་། ཕྱི་ཐོགས་པའི་མིག་རྒྱན་དུ་གྱུར་བ་དང་། མི་རིགས་ཀུན་གྱིས་ངོ་མཚར་གནས་སུ་འཛིན་པ་དེ་ཉིད་དང་། དེ་བཞིན་མདོ་དབུས་ཁམས་གསུམ་ན་གསེར་བཟོ་ལས་གྲུབ་པའི་སྐུ་གསུང་ཐུགས་རྟེན་དང་། མཆོད་རྫས། རྒྱན་ཆ་གསེར་བྲིས། གསེར་རྐོང་སོགས་བདག་ཅག་གི་མིག་གི་སྤྱོད་ཡུལ་དུ་གྱུར་བ་འདི་དག་གོ།

དངུལ་བཟོ།

དངུལ་བཟོའི་ལག་རྩལ་ཡང་། གོང་སྨྲས་པུ་དེ་གུང་རྒྱལ་གྱི་དུས་སུ་གསེར་དངུལ་ཟངས་ལྕགས་བཙོ་སྦྱངས་བྱས་པ་ནས་དངུལ་བཟོའི་ལག་རྩལ་མཆིས་ལ། ཁྱད་པར་དུ་སྲོང་བཙན་གྱི་དུས་སུ་བློན་པོ་རིམ་པ་གསུམ་སྟེ། བྱང་ཐང་གི་ས་མཁན། མཐའི་སོ་སྲུང་། སྐུ་མཁར་གྱི་རྩེ་དྲུང་བཅས་ལ་དངུལ་གྱི་བྱང་བུའི་ཐོབ་རྟགས་བསྩལ་བ་དང་། དམར་བོ་རིར་རྒྱལ་བོ་དང་བཙུན་མོའི་སྐུ་མཁར་བར་གཤེགས་ལམ་དུ་དངུལ་ཟམ་བཙུགས་ཚུལ་དང་། བསམ་ཡས་ཨ་རྱ་པཱ་ལོའི་གླིང་དུ་དངུལ་ཤན་གྱིས་གཡོགས་པའི་ཁྲི་སྲོང་ལྡེ་བཙན་གྱི་འབག་ཞིག་བཞེངས་ཚུལ་སྦ་བཞེད་ལས་བཀོད་པ་སོགས་ལ་དཔྱད་ན། སྔ་སོར་ནས་བོད་ཀྱི་དངུལ་བཏུལ་རྡུང་དང་། ཕྱག་རྩལ་ཚད་མཐོན་པོར་གཤེགས་པ་མཚོན་ནུས་ལ།

དངུལ་གྱི་སྐུ་གསུང་ཐུགས་རྟེན་བཞེངས་ཚུལ་ལ་ཆ་མཚོན་ནའང་། ཐུབ་བསྟན་རྡོ་རྗེ་བྲག་གི་དགོན་དུ་སློབ་དཔོན་ཡབ་ཡུམ་གསུམ་གྱི་དངུལ་སྐུ་དང་། འབྲས་སྤུངས་སུ་དངུལ་སྲང་ལྔ་བརྒྱ་ལས་གྲུབ་པའི་ཇོ་བོ་རིན་པོ་ཆེ་སྲིད་ཞིའི་འཇིགས་སྐྱོབ་མ། སྐུ་འབུམ་གསེར་སྡོང་དུ་བདེ་གཤེགས་སོ་ལྔའི་དངུལ་སྐུ། ལྷ་ལྡན་གཙུག་ལག་ཁང་དུ་གནས་བརྟན་བཅུ་དྲུག་གི་དངུལ་སྐུ་སོགས་མང་དུ་བཞུགས་པ་དང། བྱ་ཁྱུང་དགོན་དུ་དངུལ་གྱི་བྲིས་སྐུ་དང་། རྒྱ་ཕིབས་མཛེས་པར་སྤྲས་པ་དང་། དགའ་ལྡན་དགོན་གྱི་བདེ་གཤེགས་ལྷ་ཁང་། བླ་མ་ལྷ་ཁང་། གསེར་གདུང་ལྷ་ཁང་གསུམ་ནའང་། དངུལ་བཟོའི་མཆོད་རྟེན་སོ་གཅིག་བཞུགས་ཚུལ་འཁོད་ཡོད་པ་དང། རྩེ་པོ་ཏ་ལར་རིན་ཆེན་སྣ་བདུན་གྱི་ཡིག་བྲིས་ལས་དངུལ་བྲིས། དགོན་སྡེ་གཞན་དུ་འང་དངུལ་བྲིས་མང་བོ་དང་། གཞན་ཡང་། རྒྱ་དངུལ་སླད་མེད་ལུགས་སུ་བླུགས་པའི་ལྗིད་ཚད་སྲང་ལྔ་བཅུའི་བཟོ་དབྱིབས་རྟའི་རྨིག་པ་དང་འདྲ་བའི་རྟ་རྨིག་མ། བོད་དངུལ་སྲང་བརྒྱད་ལ་དངུལ་བྲེ་གང་ཟེར་བ་དང་། དངུལ་སྲང་བཅུ་ལུགས་སུ་བླུགས་པའི་དངུལ་ལ་བཅུ་ཁོག་གམ་ལུག་རྨིག་མ། དངུལ་གྱི་དུང་ཙེ་སོགས་རེ་ཞིག་དངུལ་སྒོར་དུ་བེད་སྤྱོད་བཏང་བ་དང་། རྒྱལ་དབང་སྐུ་ཕྲེང་དྲུག་པ་དང་བདུན་པའི་སྐབས་སུ་དངུལ་རྟ་རྨིག་མ་ཡོད་པའི་མི་ཚང་དངུལ་གྱི་ཕུག་རོན་ཡོད་ཅེས་ཧ་ཅང་འབྱོར་ལྡན་དུ་བརྩི་སྲོལ་ཡོད་པ་དང་། གཞན་དངུལ་གྱི་རྣ་རྒྱན་དང་། ཡོ་བྱད། དངུལ་རྐོང་སོགས་ད་ལྟ་དངུལ་བཟོའི་རྣམ་གྲངས་མང་དུ་མཐོང་རྒྱུ་ཡོད་པ་ལས། དངུལ་མགར་གྱི་ཕྱག་རྩལ་མཐོར་འདེགས་ཇི་ལྟར་གོང་འཕེལ་དུ་སོང་བ་རྟོགས་ནུས་སོ། །

ཟངས་བཟོ།

ཟངས་བཟོའི་སྒྱུ་རྩལ་ནི། མདོར་བསྡུས་ན། ཟངས་བཙོ་སྦྱངས་བྱས་ཏེ་བརྡུང་བ་དང། ལུགས་སུ་བླུགས་པ། ཟངས་ཤོག་དང་། ཟངས་ཕྱེ་བཟོ་བ། རྒྱན་ཆས་དང་ཡོ་བྱད། རྟེན་གསུམ་མགར་བ་སོགས་ལ་བརྗོད། བོད་ཀྱི་ཟངས་བཟོའི་སྒྱུ་རྩལ་འདི་ཇི་ལྟར་དར་བ། ལོ་རྒྱུས་ཡིག་ཚང་ལ་གཞིགས་ན། སྤྱི་ལོ་དུས་རབས་དང་བོའི་ཡས་མས་སུ་གྲི་གུམ་བཙན་པོ་དང་། བློན་པོ་ལོང་ངམ་གཉིས་འཐབ་ནས། རྒྱལ་བོ་བཀྲོངས་བའི་པུར་ཟངས་ཀྱི་སྒམ་དུ་བཅུག་སྟེ། ལྕགས་གཟེར་བཏབ་ནས་ཉང་ཆུར་བསྐུར་ཚུལ་འདི། ཟངས་བཟོའི་ལག་རྩལ་སྔ་ཤོས་སུ་གྲུབ། དེའི་ཕྱིས་ཆོས་རྒྱལ་སྲོང་བཙན་གྱི་དུས་སུ་ལྷ་སའི་དམར་བོ་རིར། རྒྱལ་བོའི་ཤར་སྒོའི་ཕྱིར་འདོམ་དགུ་བརྒྱ་ཅན་གྱི་ཟབ་དོང་སྟེང་ཐམས་ཅད་ཟངས་མས་གཡོགས་པ་དང་། ད་དུང་ཁོང་གིས་བློན་པོ་རིམ་པ་བཞི་བ་ལ་ཟངས་ཀྱི་བྱང་བུའི་ཡི་གེ་བྱ་དགར་བསྩལ་བར་མ་ཟད། སྐུ་གཤེགས་ཁར་ཞལ་ཆེམས་བསྩལ་བ་ཟངས་ཀྱི་བྱང་བུའི་སྟེང་ཡི་གེ་བཀོད་དེ་བང་མཛོད་དུ་མནན་པ། ཕྱིས་རྒྱལ་བོ་ཁྲི་ལྡེ་གཙུག་བརྟན་གྱིས་གཟིགས་ནས། ནང་བསྟན་དར་སྤེལ་བཏང་བ་དང་། ཁྲི་སྲོང་ལྡེ་བཙུན་གྱི་དུས་སུ་བསམ་ཡས་གཙུག་ལག་ཁང་གི་གཉྫིར་གསེར་ལ་ཤེལ་གྱི་ཏོག་ཅན་བཙུགས་པ་དང་། ཁྲི་བཙུག་ལྡེ་བཙུན་རལ་བ་ཅན་གྱིས། ལྷ་ཁང་འུ་ཤང་རྡོ་དཔེ་མེད་བཀྲ་ཤིས་དགེ་འཕེལ་གྱི་གཙང་ཁང་དགུ གསེར་གྱི་གཉྫིརའི་གསེར་ལ་ཤེལ་གྱི་ཏོག་རྒྱབ་རི་དང་བཅས་པ་བཞེངས་པ་སོགས། ལོ་རྒྱུས་ཡིག་རྙིང་དག་ལས་འབྱུང་བར་དཔྱད་ན། ལོ་ངོ་ཆིག་སྟོང་སྔོན་ནས་བོད་ཀྱི་ཟངས་བཟོའི་ལག་རྩལ་ཁྱད་དུ་འཕགས་པ་ར་སྤྲོད་བྱེད་ཐུབ། རྗེ་ཙོང་ཁ་པའི་དུས་སུ་དགའ་ལྡན་སྒྲུབ་མཆོད་ཁང་དུ་ཟངས་གསེར་ལས་གྲུབ་པའི་གསང་འདུས་བློས་བསླངས། སྡེ་མཆོག་ལི་ཨུ་བའི་བློས་བསླངས། རྡོ་རྗེ་དབྱིངས་ཀྱི་བློས་བསླངས་སོགས་བཟོ་བཀོད་ཁྱད་དུ་འཕགས་པའི་དཀྱིལ་འཁོར་དང་། གཞན་ལྷ་སའི་ཇོ་ཁང་དང་། གཙང་བཀྲ་ཤིས་ལྷུན་པོ་སོགས་གཙོ་བོར་གྱུར་བའི་མདོ་དབུས་ཁམས་གསུམ་གྱི་གཙུག་ལག་ཁང་ཇི་སྙེད་ཅིག་གི་གསེར་གྱི་རྒྱ་ཕིབས་དང་། གཉྫིར་ཇི་སྙེད་ཅིག་གིས་སྐྱེ་བོ་ཀུན་གྱི་མིག་དབང་འཕྲོག་པ་ཐམས་ཅད་ཟངས་གསེར་ལས་གྲུབ་པའི་བཟོ་རྩལ་དང་། དུས་རབས་བཅུ་གཉིས་པ་དང་བཅུ་གསུམ་པའི་ནང་བོད་ཀྱི་ཟངས་བཟོའི་སྒྱུ་རྩལ་མཐོ་འདེགས་སུ་སོང་བ། མཚུར་ཕུ་དང་། གདན་ས་མཐིལ། འབྲི་གུང་། འབྲུག་ར་ལུང་། ཚལ་གུང་ཐང་བཅས་ཀྱི་དཀར་ཆག་ནང་བོད་རིགས་ཀྱི་ཟངས་བཟོ་མཁས་པ་འགའི་མཚན་བཀོད་ཡོད་པ་དང་། གསེར་གདུང་འཛམ་གླིང་རྒྱན་གཅིག་བཞེངས་སྐབས། བལ་བོད་གཉིས་ཆར་བསྡུས་པའི་ནང་། བོད་ཀྱི་ཟངས་བཟོ་བ་རིམ་པ་གཉིས་སུ་ཕྱེ་བའི་རིམ་པ་དང་བོ་སྟེ། ཟངས་མགར་དབུ་མཛད། ལྷོ་བ་ལྷས་ནང་བ་སོགས་མི་བཞི། རིམ་པ་གཉིས་པ་བྱིངས་གྲས་བྱང་བ་ཁྲི་ཚང་ངག་དབང་སོགས་མི་ཞེ་གཉིས་འཁོད་ཅིང་། ཟངས་བཟོའི་ལག་རྩལ་སྐོར་དེར་གསལ། ད་ལྟ་གསེར་ཟངས་ཀྱི་རྟེན་གསུམ་བཞེངས་པའི་ལག་རྩལ་རྩེར་སོན་ཏེ། ཁང་བརྩེགས་མང་བོའི་མཐོ་ཚད་དང་མཉམཔའི་སྐུ་འདྲ་དང་། མཆོད་རྟེན་ག་ས་གང་ན་མཐོང་རྒྱུ་ཡོད་པ་དག་གོ །དགོན་སྡེ་ཙམ་དུ་མ་ཟད་གྲོང་ཁྱིམ་དཀྱུས་མའི་ནང་དུའང་། ཟངས་གསེར་གྱི་སྐུ་དང་། མཆོད་རྫས། རྒྱན་ཆ། ཡོ་བྱད་སོགས་ཁྱབ་གདལ་དུ་སོང་ཡོད་དོ། །

ལྡེར་བཟོ།

བཟོ་རིག་སྒྱུ་རྩལ་ནི། གདོད་མ་ནས་ད་ལྟའི་བར་མི་རྣམས་ཀྱི་རྣམ་དཔྱོད་བཙོ་སྦྱངས་བྱས་པ་ལས་ནར་སོན་པའི་ཤེས་རིག་རིན་ཐང་བྲལ་བ་ཞིག་ཡིན། དེ་བས་དེ་ཉིད་ཀྱི་བྱེད་པོ་བཟོ་བོ་ནི། ཀུན་གྱིས་ཡིད་སྨོན་དང་བཀུར་སྟི་བྱ་ཡུལ་སྟེ། བསོད་ནམས་སྟོབས་ཀྱི་རྟོགས་པ་བརྗོད་པའི་མདོ་ལས། དེ་བས་ན་བཟོ་འབའ་ཞིག་མི་རྣམས་ཀྱིས་ཉམས་སུ་དབེན་པ་ཡིན་ཏེ། བཟོ་བོ་ནི་རིགས་དམའ་བར་སྐྱེས་སུ་ཟིན་ཀྱང་། རྒྱལ་བོ་རྣམས་དང་། བློན་པོ་རྣམས་དང་། བྲམ་ཟེ་དང་། ཁྱིམ་བདག་རྣམས་ཀྱིས་གདོན་མི་ཟ་བར་བཀུར་རོ། །ཞེས་པ་ལྟར། བཟོ་བོ་དང་དེའི་འདུ་བྱེད་ལས་ཐོན་པའི་སྒྱུ་རྩལ་ནི། མི་རྣམས་འཚོ་སྡོད་ཀྱི་རྟེན་གཞི་ཡིན། བོད་རྒྱལ་སྲོང་བཙན་གྱིས་ཀྱང་། བོད་འབངས་རྣམས་བཟོ་ལ་སོགས་པའི་རིག་གནས་ལ་སྐུལ་ཆེད། ཡོན་ཏན་ཅན་གོང་དུ་བཀུར་བ་དང་། ཁོང་གིས་ཀྱང་བཟོ་རིག་ལ་ལེགས་པར་བསླབས་ཏེ། ཕྱག་བསྟར་ནས་བཞེངས་པའི་བརྐོས་བཟོའི་དངོས་བོ་ཡོད་པར་ཉིད་ཀྱི་རྣམ་ཐར་ལས་བཤད་པ་དང་། ཉེ་ཆར་ལྷ་སའི་མཆོད་ཀོང་གནའ་ཤུལ་ལས། སྤྲེའུ་མགོ་ཞིག་ཐོན་པ། གནའ་རྫས་རིག་པ་སྨྲ་བའི་ཚན་རིག་གི་དཔྱད་འབྲས་ལ། འཇིམ་བཟོའི་ལག་རྩལ་དེ་ལོ་ངོ་སྟོང་བཞིའི་གོང་རོལ་ཏུ་བཟོས་པར་ངོས་འཛིན་པ་དང་། དེ་ནས་ལོ་རབས་མང་བོའི་རྗེས་ནས་བོད་རྒྱལ་ཐོག་མ་གཉའ་ཁྲིའི་སྔོན་དུ་བོན་ཆོས་དར་སྐབས། བོན་ཤེས་པ་ཅན་མི་བཅུ་གཉིས་ཀྱི་ནང་ཚན་ལྡིང་ཤེས་ཤྭ་བ་ཟེར་བས། འཇིམ་པ་ལ་མི་དང་སྲོག་ཆགས་སྣ་ཚོགས་བཟོ་ཤེས་ཚུལ་བཤད་པ་དང་། ནང་ཆོས་ཀྱི་དབང་དུ་བཏང་ན། སྟོན་པ་ཞལ་བཞུགས་པའི་སྐབས། སྦྱིན་བདག་གིས་གསོལ་ཚིགས་སུ་ཞུས་ཚེ། ཁོང་རེ་འགར་ཕེབས་ལོང་མེད་སྐབས། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས། གདུགས་ཚོད་སྐབས་གཟི་བརྗིད་མེད་པར་མཐོང་ནས། སྟོན་པར་ཞུས་ཏེ། སྟོན་པའི་སྐུ་བརྙན་ཞིག་བཞེངས་ནས། གྲལ་མགོ་བཞུགས་སུ་གསོལ་བ་སོགས་ལ་དཔེར་བླངས་ནས། སྲོང་བཙན་གྱི་སྐབས། ལྷ་ས་གཙུག་ལག་ཁང་གི་འཇིམ་སྐུ་ཕལ་ཆེ་བ་བལ་བོའི་ལྷ་བཟོས་བཞེངས་པ་དང་། དེ་དུས་ཀྱི་བཟོ་རྩལ་ནི་ཇོ་བོ་རྣམ་གཉིས་ལ་འདྲ་དཔེ་བླངས་ཡོད། བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་དུས། བསམ་ཡས་གཙུག་ལག་ཁང་གི་འཇིམ་སྐུ་བཟོ་སྐབས། མཁན་ཆེན་བོ་དྷི་ས་ཏྭ་དང་། རྒྱའི་ལྷ་བཟོ། རྒྱལ་བོ་སོགས་སོ་སོའི་སྐུ་བརྙན་གྱི་འདྲ་དཔེ་གང་ལ་བྱ་བའི་བཀའ་བགྲོས་མཛད་པ་ལ། མཐར་རྒྱལ་བོའི་ཞལ་ཐོག་ཏུ་བཞག་སྟེ། བོད་ལུགས་ལྟར་བཞེངས་པ། སྦ་བཞེད་ལས། ལྷ་བཟོ་ན་རེ། ལྷ་རྒྱ་གར་དང་རྒྱའི་གཟུགས་གང་བགྱི་ཞེས་གསུངས། དེར་འཚོགས་ཏེ་གྲོས་བྱས་པས། མཁན་པོའི་ཞལ་ལས། སངས་རྒྱས་རྒྱ་གར་དུ་བྱོན་པ་ཡིན་པས། རྒྱ་གར་ལུགས་སུ་བགྱི་གསུངས། བཙན་པོའི་ཞལ་ལས། བོད་ཀྱི་ལུགས་སུ་བགྱིས་ན་བོད་ནག་པོ་ལ་ཞེན་པ་རྣམས་དད་པ་སྐྱོ་རེ་བ་ལགས་པས། ལྷ་བོད་ལུགས་བྱ་བར་ཅིས་ཀྱང་གནང་ཞེས། སློབ་དཔོན་ལ་ཞུས་པས། འོ་ན། བོད་འབངས་ཀུན་བསྡུས་ཤིག བོད་ཀྱི་ལུགས་བྱའོ་གསུངས་ནས། བོད་ཀྱི་ལུགས་སུ་བགྱིད་པའི་དཔེ་བོད་འབངས་ཀུན་འཚོགས་པ་ལས། ནང་ན་གཟུགས་བཟང་བ་ཁུ་སྟག་ཚས་ལ་དཔེ་བྱས་ཏེ། གཙོ་བོ་ལ་ཨ་རྱ་པཱ་ལོའི་ཁ་ས་པཱ་ཎི་བཞེངས། རྨ་ས་ཀོང་ལ་དཔེ་བྱས་ཏེ་ཨ་རྱ་པཱ་ལོའི་རྟ་མགྲིན་སྒོ་སྲུང་དུ་བྱས། ཐང་བཟང་སྟག་ལོད་ལ་དཔེ་བྱས་ཏེ་ཨ་རྱ་པཱ་ལོའི་སྤྲུལ་བ་ཡི་གེ་དྲུག་མ་གཡས་སུ་བྱས། ལྷ་མོའི་དཔེ། བུད་མེད་ལ་མཛེས་པ་ཅོག་རོ་བཟའ་ལྷ་བུ་སྨན་ལ་དཔེ་བྱས་ཏེ། སྒྲོལ་མ་གཡས་སུ་བྱས། ཅོག་རོ་བཟའ་ནུ་ཆུང་ལ་དཔེ་བྱས་ཏེ་ལྷ་མོ་འོད་ཟེར་ཅན་གཡོན་དུ་བྱས། ཞེས་གསུངས་པ་ལས། སྐབས་དེ་དུས་འཇིམ་བཟོ་བོད་ཀྱི་མིའི་རྣམ་པར་བཞེངས་པ་རྟོགས་ཐུབ།

ཁྲི་རལ་བ་ཅན་གྱི་དུས་སུ་འུ་ཤང་རྡོ་དཔེ་མེད་བཀྲ་ཤིས་དགེ་འཕེལ་གཙུག་ལག་ཁང་བཞེངས་ཏེ། དེའི་ས་ཕུད་ལྷ་སར་བྱམས་པ་ཆོས་འཁོར་གྱི་སྒོ་སྲུང་ཚངས་པ་དང་། བརྒྱ་བྱིན་བཞེངས་ཚུལ་སོགས་བཤད་པ་དང་།

དུས་རབས་བཅུ་བའི་མཇུག་ཏུ། དགེ་སློང་ཀླུ་མེས་འབྲོམ་ཆུང་། རྒྱ་ནག་གི་ཁྲང་ཨན་དུ་ཕེབས་ཏེ། ཐང་གི་གོང་མ་མིང་ཙུང་སྐབས་བྲིས་པའི་གནས་བརྟན་བཅུ་དྲུག་གི་པར་རིས་འདྲ་བཤུས་གནང་བ་ལ་དཔེ་བྱས་ཏེ། དེ་བཅུ་དྲུག་གི་འབུར་སྐུ། བྲག་ཡེར་བའི་གནས་བཅུ་ལྷ་ཁང་བཞེངས་པ་དང་།

དུས་རབས་བཅུ་གཅིག་པ་ནས། བཀའ་གདམས་པའི་ཆོས་ལུགས་འཕེལ་རྒྱས་བྱུང་ནས་བཟུང་། སྣར་ཐང། ས་སྐྱ། རྭ་སྒྲེང་། དྭགས་ལྷ་སྒམ་པོ། ཞ་ལུ། གསང་ཕུ་སོགས་ལ་འཇིམ་བཟོའི་ལྷ་སྐུ་བཞེངས་མཁན་ཕལ་མོ་ཆེ་ནི། བོད་རིགས་ཡིན།

དུས་རབས་བཅུ་བཞི་བ་ནས་འཇིམ་སྐུ་བཟོ་བའི་སྒྱུ་རྩལ་ཚད་མཐོན་པོར་གཤེགས་ཏེ། རྩེ་པོ་ཏ་ལའི་ཕོ་བྲང་དམར་བོ་ཁོ་ན་འང་སྐུ་བརྙན་སུམ་བརྒྱ་དང་བཅུ་བཞེངས་ཡོད་ཚུལ་འཁོད་པ་དང་།

སྡེ་སྲིད་སངས་རྒྱམ་གྱིས་མཆོད་སྡོང་འཛམ་གླིང་རྒྱན་གཅིག་བཞེངས་སྐབས། འཇིམ་བཟོ་ལ་རིམ་པ་གསུམ་དུ་བཀར་བས། རིམ་པ་དང་བོ་སྟེ། འཇིམ་བཟོའི་བུ་ཆེན་ཆོས་འཕེལ། རིམ་པ་གཉིས་པ་སྟེ། བུ་ཆུང་གི་གྲས་འཇམ་དབྱངས་སོགས་མི་བཞི། རིམ་པ་གསུམ་པ་སྟེ། བྱིངས་གྲས་བཙུན་ཆུང་སོགས་མི་སུམ་ཅུའི་མིང་ཐོ་བཀོད་ཡོད་དོ། །གཞན་ཡང་། མདོ་དབུས་ཁམས་གསུམ་དུ་ས་དགེ་ཀར་རྙིང་བོན་སོགས་ཀྱིས་འཇིམ་སྐུ་ཇི་སྙེད་ཅིག་བཞེངས་གྲུབ་གནང་བའི་ཚུལ། འདིར་བརྗོད་ཀྱིས་མི་ལང་བས། སོ་སོའི་ལོ་རྒྱུས་དང་དཀར་ཆག་ལས་ཤེས་པར་བྱའོ། །

འཇིམ་སྐུ་བཞེངས་ཚུལ་ས་འདམ་ཁོ་ན་ལས་བྱས་པ་མ་ཡིན་ཏེ། སྨན་སྣ་རྩ་ཆེན་གྱི་རིགས་དང་། རིན་ཆེན་བརྡུང་བའི་ཕྱེ་མ། བྱིན་རྟེན་རྩ་ཆེན་བསྲེས་པ་དང་། ས་ཁྱོར་བ་གང་རེ་ལའང་གང་བཞེངས་པའི་སྐུ་བརྙན་དེའི་གཟུངས་སྔགས་ཐེར་འབུམ་སོགས་ཀྱི་གྲངས་བཟླས་བགྱིས་ནས་གྲུབ་པ་སྟེ། སྐུ་འབུམ་འཇམ་དབྱངས་ཀུན་གཟིགས་ལྷ་ཁང་། ཆེ་ཤོས་ལྷ་བཟོ་བློ་བཟང་བཤེས་གཉེན་གྱིས་སྨན་འདམ་ལུག་མགོ་ཙམ་རེ་ལ་དགེ་འདུན་མང་བོས་ཨ་ར་པ་ཙ་འབུམ་ཕྲག་བཟླས་ཏེ་བཞེངས་པ་ལྟ་བུའོ། །

ཕན་ཡོན་ནི། གསལ་རྒྱལ་གྱིས་ཞུས་པའི་མདོ་ལས། སུ་དག་འདིར་ནི་རྒྱལ་བའི་གཟུགས་བྱེད་པ། །དེ་དག་གཟུགས་བཟང་འོད་དང་ལོངས་སྤྱོད་ལྡན། །དབང་བོ་གསལ་ཞིང་འོད་འབར་ཉི་མ་བཞིན། །འཇིག་རྟེན་དག་ན་མིག་ཏུ་སྡུག་པར་འགྱུར། །སུ་དག་བདེ་བར་གཤེགས་པའི་སྐུ་གཟུགས་བྱེད། །དེ་ཡི་ལུས་ནི་དྲི་མ་མེད་པ་དང་། །པདྨའི་སྙིང་བོ་ལྟ་བུར་འཇམ་ལ་ཡང་། །ནད་དང་མྱ་ངན་སྡུག་བསྔལ་འཇིགས་ལས་ཐར། །ཞེས་དང་། འཕགས་པ་ཀུན་དགའ་བ་ཆེན་པོའི་མདོ་ལས། གླིང་བཞི་ཐམས་ཅད་རྒྱུན་དུ་ཞུགས་པ་དང་དགྲ་བཅོམ་པས་གང་བ་ལ། ཇི་སྲིད་འཚོའི་བར་དུ་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བ་ལས། དེ་བཞིན་གཤེགས་པའི་སྐུ་གཟུགས་ཚོན་གང་བ་གཅིག་བྱེད་ན་བསོད་ནམས་འབུམ་འགྱུར་གྱིས་ཆེ་བར་གསུངས་པ་སོགས་མདོ་རྒྱུད་དུ་མ་ནས་མང་དུ་འབྱུང་ཡང་མ་སྤྲོས་སོ། །

ལི་བཟོ།

རིན་ཆེན་ལི་འདི་ལ་ནང་གསེས་ཀྱིས་དབྱེ་ན། རང་བྱུང་དང་བཅོས་མ་གཉིས་ཡོད། རིན་ཆེན་བརྟག་པ་ཞེས་པའི་བསྟན་བཅོས་ལས་གསུངས་པ་ལྟར་ན། རང་བྱུང་གི་ལི་ནི། རྒྱ་གར་དང་། སིང་ག་ལ། བལ་བོ། ལི་ཡུལ་བཅས་ནས་ཐོན་གྱི་ཡོད་པ་དང་། ཁྱད་པར་དུ་གྱུར་བ་ནི། རྒྱ་གར་ཤར་ལི་སྟེ། དེ་ནི་རྒྱ་གར་ལི་ཡུལ་གྱི་རི་ལ་ཐུབ་དབང་བཞིས་བྱིན་གྱིས་བརླབས་པའི་ལྷའི་གཏེར་རྡོ་བཞུས་པ་ལས་བྱུང་བས། བྱིན་རླབས་ཆེ་ཞིང་། མཆོག་ཏུ་གྱུར་བ་ཞིག་ཡིན། བཅོས་ལི་ནི། པནྟི་ཏ་རི་ཀའི་ཞལ་སྔ་ནས། བོད་ལི་ནི་སྟོད་ཀྱི་བཤས་དཀར་དང་། ཟངས་གཉིས་བསྲེས་སྦྱོར་གྱི་ལག་རྩལ་ལ་བརྟེན་ནས་བྱུང་བ་ལས་རང་བྱུང་གི་ལི་མེད་གསུངས་ལ། རིན་ཆེན་བརྟག་པ་ལས། བཅོས་མའི་ལི་ནི་ལྕགས་རིགས་ཀྱི་རིན་པོ་ཆེ་སྣ་དགུ་བསྲེས་ནས་བཟོས་པ་སྟེ། གསེར་དངུལ་ཟངས་ལྕགས། གཤའ་དཀར། ཏི་ཚ། ཟི་ལ། ཁྲོ། ཞ་ཉེ་བཅས་བསྲེས་ཡོད་ཅིང་། དེ་ལ་ཡང་ལྕགས་རིགས་སྣ་ཚོགས་ཆ་མཉམ་དུ་བསྲེས་པ་དང་། འགའ་ཞིག་གཙོ་བོ་དང་། འགའ་ཞིག་ཡན་ལག་གི་ཚུལ་དུ་བྱས་ནས་བསྲེས་པ་བཅས་རིགས་མི་འདྲ་བ་ཡོད། གཞན་ཡང་། མདོག་ལི་ཞེས་པ་ནི། ལི་དཀར། ལི་སྨུག ལི་དམར། ལི་ནག ལི་ཁྲ་བཅས་ལྔ་བོ་དེ་ནི། ལྕགས་རིགས་སྣ་དགུའི་ནང་ནས་གང་མང་བསྲེས་པ་དེ། མདོག་མི་འདྲ་བ་འབྱུང་བའི་ཆ་ནས་བཏགས་པ་ཡིན། སྐད་ལི་ནི། ལྕགས་རིགས་སྣ་དགུ་ལ་ཟི་ལ་མང་ཙམ་བསྲེས་ན། སྐད་སྙནའཁྲོལ་བས་ཆ་ནས་བཏགས་པའོ། །ལི་མ་ཛྷཻ་ཀྵིམ་ནི། ས་འོག་ནས་ཐོན་པའི་རང་བྱུང་ཟངས་ལ་གཤའ་དཀར་དང་དངུལ་མང་ཙམ་དང་། གསེར་སྤུས་ལེགས་ཉུང་ཙམ་བསྲེས་ནས་བཞུ་བླུགས་པ་ལ་ལི་མ་ཛྷཻ་ཀྵིམ་ཟེར་ལ། ཞིབ་པར་ཀརྨ་རང་བྱུང་རྡོ་རྗེས་མཛད་པའི་རིན་པོ་ཆེ་སྣ་ཚོགས་བརྟག་ཐབས་དང་། དེའུ་དམར་དགེ་བཤེས་ཀྱི་རིག་པ་བཟོ་ཡི་གནས་ལ་འདོད་རྒུར་བསྒྱུར་བ་འོད་ཀྱི་སྣང་བརྙན་ཞེས་པའི་ནང་། རིན་ཆེན་བརྟག་ཐབས་དང། ལག་ཤེས་བཟོ་ལས་རྫས་སྦྱོར་སྣ་ཚོགས་ཞིབ་ཏུ་གསུངས་ཡོད། རང་རེའི་གངས་ཅན་གྱི་ལྗོངས་འདིར། རྒྱ་གར་ནག་དང་། བལ་བོ། ཁ་ཆེ། བོད་ལི་སོགས་འབྱམས་ཀླས་པ་ཞིག་བཞུགས་པ། འདིར་རེ་འགའ་བརྗོད་ན། ལི་སྐུའི་ཐོག་མ་བཟོ་རྒྱལ་བི་ཤྭ་ཀརྨས་བཞེངས་པའི་སྟོན་པ་དགུང་ལོ་བརྒྱད་དང་བཅུ་གཉིས་ཀྱི་རྣམ་པ། ཇོ་བོ་ཤཱཀྱ་མུ་ནེ་དང་། མི་བསྐྱོད་རྡོ་རྗེ་ད་ལྟ་རང་ཅག་གི་བསོད་ནམས་ཀྱི་ཞིང་དུ་བཞུགས་པ་དེ་ཡང་། སྐུའི་རྒྱུ་གཙོ་བོ་ལི་དང་གསེར་དམར་ལ་རིན་པོ་ཆེ་སྣ་ཚོགས་བསྲེས་པ་ལས་གྲུབ་པས། ལི་སྐུའི་གྲས་སུ་གཏོགས་ཚུལ་ལོ་རྒྱུས་ཕལ་མོ་ཆེར་འབྱུང་བ་དེ་དང་། འཕགས་ཡུལ་དུ་མུ་སྟེགས་པའི་བསྟན་པ་བསྣུབས་པས། སྐུ་གསུང་ཐུགས་རྟེན་མང་བོ་ལི་ཡུལ་དང་སིང་ག་ལ། རྒྱ་ནག་སོགས་སུ་དྲངས་པ་དང་། དེ་ནས་དུས་ཀྱི་དབང་གིས་རྒྱ་ནག་སོགས་ལས་བསྟན་པ་བསྣུབས་པས། འགྲོ་མགོན་འཕགས་པ་དང་། ཀརྨ་སྐུ་ཕྲེང་རིམ་བྱོན་སོགས་གོང་མའི་དབུ་བླར་བཞུགས་པས། གོང་མས་ཕུལ་བའི་རྟེན་རྣམས་བོད་དུ་གདན་དྲངས་པ་དང་། ཡང་། ཇོ་བོ་རྗེ་བོད་དུ་ཕེབས་སྐབས། ཆོས་རྒྱལ་མྱ་ངན་མེད་ཀྱི་སྐུ་དུས་ཀྱི་ཤར་ལི་དང་ནུབ་ལི་ལས་བཞེངས་པའི་པད་སྤུངས་དང་རྣམ་རྒྱལ་མཆོད་རྟེན་གདན་དྲངས་པ། བཀའ་གདམས་མཆོད་རྟེན་ཞེས་གྲགས་པ་སོགས་རྟེན་ཇི་སྙེད་ཅིག་དང་། ཕོ་བྲངཔོ་ཏཱ་ལའི་ལི་མ་ལྷ་ཁང་དུའང་ལི་སྣ་ཚོགས་ལས་བཞེངས་པའི་ལྷ་སྐུ་བརྒྱད་བརྒྱ་ཙམ་བཞུགས་ལ། དེའི་ནང་རྒྱ་དཀར་ནག་གི་ཤར་ལི། ནུབ་ལི། ཁ་ཆེའི་ལི་མ། བལ་བོའི་ལི་མ། ལི་ཡུལ་ནས་ཐོན་པའི་ལི་མ་སོགས་ཡོད།

གཞན་ཡང་། ད་ལྟ་བཀའ་གདམས་ལི་རྙིང་ཞེས་པ་ཡང་། དེ་སྔོན་བཀའ་གདམས་པའི་བསྟན་པ་ས་ཁྱབ་རྡོ་ཁྱབ་ཏུ་སོང་བའི་ཚེ། དབུས་གཙང་གཉིས་སུ་དགོན་སྡེ་མང་བོ་བྱུང་སྐབས། བལ་བོད་ཀྱི་བཟོ་བོས། ལི་དཀར་དམར་དང་། ལི་ཁྲ་སོགས་ཀྱིས་སྐུ་བརྙན་སོགས་རིགས་མང་དུ་བཟོས་པ་དེ་ཡིན་ལ། ད་ལྟ་ཡང་རེ་གཉིས་འབྱུང་བ་དེའོ། །ད་ནི་སྐབས་སུ་བབ་པ་བོད་ཀྱི་ལི་བཟོའི་སྐོར་བརྗོད་ན། རྒྱ་བོད་ནོར་རྫས་བརྟག་ཐབས་ལས། ལྷ་ཐོ་ཐོ་རི་གཉན་བཙན་གོང་ནས་ཁྲོ་ལི་ནག་པོའི་གཤང་དང་དྲིལ་བུ་བྱུང་ཚུལ་བཤད་པ་དང་། ཆོས་འབྱུང་མཁས་དགའ་ལས། སྲོང་བཙན་གྱིས་ཁྲ་འབྲུག་ལྷ་ཁང་དུ་གསང་འདུས་ལྷ་བཅུ་དགུ་བཞེངས་པའི་འཁོར་སེམས་དཔའ་རྣམས་ལི་ལས་བླུགས་པར་བཤད་པ་དང་། ཁྲི་སྲོང་ལྡེ་བཙུན་གྱི་དུས་སུ་དགེ་རྒྱས་གཙུག་ལག་ཁང་དུ་སྐུ་ཐམས་ཅད་བླུགས་མ་བྱས་པར་འཁོད་པ་དང་། མངའ་བདག་ཁྲི་རལ་གྱི་དུས་སུ་འུ་ཤིང་རྡོ་དཔེ་མེད་བཀྲ་ཤིས་དགེ་འཕེལ་གཙུག་ལག་ཁང་གི་སྐུ་རྟེན་ཐམས་ཅད་བླུགས་མ་དང་། ལྷ་སའི་བྱམས་པ་ཆོས་འཁོར་གྱི་སྒོར་ཅོང་དྲིལ་ཆེན་པོ་ཕུལ་བ་དང་།

ལྷག་པར་བོད་ཁ་བ་ཅན་འདིར་ཆོས་ལི་སྔ་ཕྱི་བར་གསུམ་བྱུང་ཞེས་ལོ་རྒྱུས་རྣམས་སུ་བཤད་དེ། སྲོང་བཙན་གྱི་སྐུ་དུས་སུ་གསེར་དམར་རམ་རིན་ཆེན་ཛྷཻ་ཀྵིམ་དང་ལི་དཀར་དམར་བྱས་པ་སོགས་ལས་སྐུ་བརྙན་ཅོང་དྲིལ་སོགས་ཀྱི་ལུགས་བཟོ་བྱས་པ་གུང་དཀར་སྟོད་སྨད་ཀྱི་ལུགས་གཉིས་སུ་གྲགས་པ་ཆོས་ལི་བར་མ། ཁྲི་རལ་གྱི་སྐབས་ལི་དཀར་དམར་དང་ཟངས་ཐང་མ་སོགས་ཀྱིས་བཞེངས་པ་ཆོས་ལི་ཕྱི་མ་ཞེས་གྲགས་སོ། །བོད་འདིར་ལི་མའི་སྐུ་འདྲ་ཆེས་ཆེ་བར་གྲགས་པ་འཕན་པོ་ནཱ་ལེནྡྲའི་ཚོགས་ཆེན་གྱི་དྲི་གཙང་ཁང་དུ་ཐུབ་པ་གངས་ཅན་འཚོའི་ཐོག་བརྩེགས་གཉིས་ཀྱི་སྐུ་ཚད་ཅན་བཞུགས་པ་དགོན་དེའི་དཀར་ཆག་ན་གསལ་བ་དང་། གཙང་བཀྲ་ཤིས་ལྷུན་པའི་འདུ་ཁང་སྟེང་གི་ལི་མ་ལྷ་ཁང་ཁོ་ན་དང་། རྗེ་ཙོང་ཁ་བའི་ཚད་ཀྱི་ལི་མ་གཙོས་ལི་གསར་རྙིང་གི་ལྷ་སྐུ་ཆིག་སྟོང་བརྒལ་བ་བཞུགས་པར་གསུངས་པ་སོགས་ལ་གཞིགས་ན། བོད་གངས་ཅན་འདིར་ལི་བཟོའི་ལག་རྩལ་རྒྱ་ཆེར་འཕེལ་བ་རྟོགས་ནུས་སོ། །གཞན་ཡང་། རང་ཅག་ཁ་བ་ཅན་འདིར་ཤིང་ལས་དང་པ་ཏྲ། ར་གན་དང་ལྕགས་སོགས་མགར་བཟོའི་ལག་རྩལ་ཧ་ཅང་དར་ཁྱབ་སོང་ཡོད་དོ། །

རྡོ་བརྐོས་རིག་གནས།

༡ རྡོ་བརྐོས་རིག་གནས་ཀྱི་བྱུང་རིམ། སྤྱིར་སྣོད་བཅུད་ཀྱི་ཁམས་འདིར་མི་རིགས་གང་ཡིན་ཡང་། ས་སྒང་འདིར་ལ་དབང་བསྒྱུར་བའི་བརྒྱུད་རིམ་ཁྲོད། ཡི་གེ་མ་དར་བའི་གོང་རོལ་ནས་བརྡ་འཕྲིན་གཏོང་བ་འམ། མི་བརྗེད་པའི་རྟགས་སུ་ཤིང་རྡོ་ལ་རི་མོ་བརྐོ་བའམ། མཛེས་ཆེད་དུ་རྡོ་དང་རུས་པ་སོགས་ཀྱིས་རྒྱན་ཆ་བཟོས་པ་ནི། མི་རིགས་འཕེལ་རྒྱས་ཀྱི་ཆོས་ཉིད་ཡིན་པ་ལྟར། རང་ཅག་བོད་ལ་མཚོན་ན་ཡང་ལ་དྭགས་ཀྱི་བྲག་བརྐོས་རི་མོ་མང་བོ་ཞིག་གིས། ལོ་ངོ་སྟོང་ཕྲག་མང་བོའི་སྔོན་ནས་རྡོ་བརྐོས་ལ་བྱང་ཆུབ་ཡོད་པ་བདེན་དབང་བྱས་ཡོད། དེ་དག་ནི་རི་དྭགས་རྔོན་པ་དང་། ཞིང་རྨོ་བ། གླུ་ལེན་གར་རྩེ། རྭ་རྒོད་ཀྱི་གཟུགས་དང་། མིའི་ལག་ན་ཤིང་རྡོ་ཐོགས་པ་འམ། རྟར་ཞོན་པ། ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་བ་སོགས་མདོར་བསྡུས་ན། མི་དང་སྐྱེ་དངོས། ཡི་གེའི་བརྡ་རྟགས་ཉི་ཟླ་སྐར་གསུམ་གྱི་བགྲོད་ལུགས་མཚོན་པ་སོགས་བྲིས་པ་འདི་དག་ནི་ད་ལྟའི་རྡོ་བརྐོས་རི་མོ་ཇི་སྙེད་ཀྱི་ས་བོན་ལྟ་བུ་ཡིན་ལ། གཞན་ཡང་། རྨ་འབྲི་རྫ་གསུམ་གྱི་ཆུ་བོའི་བརྒྱུད་དང་། ཆབ་མདོ་ཁ་རུབ་སོགས་ནས་ལོ་རབས་ཁྲི་ཕྲག་མང་བོའི་སྔོན་གྱི་རྡོ་ཆས་གསར་རྙིང་གི་ཡོ་བྱད་མང་བོ་ལྷང་ལ་འབུད་རྒྱུ་ཡོད་པ་འདིས། རང་རེའི་མེས་པོའི་རྡོ་བཟོ་ཕྱག་རྩལ་ལ་ལོ་རྒྱུས་རིང་ཞིང་ཁྱད་མཚར་ལྡན་པ་བདེན་དཔང་བྱེད་ཐུབ་པར་མ་ཟད། བོད་ནི་རྡོ་བརྐོས་ཤེས་རིག་གི་ཕ་ས་ལྟ་བུ་ཡིན་པ་རྟོགས་ཐུབ་ལ། དཔེར་ན། མཚོ་སྔོན་ཐེམ་ཆེན་རྫོང་ཐེམ་ཕུང་ཤང་གི་ཁོངས་སུ་གཏོགས་པའི་ཀླུ་མང་བྲག་བརྐོས་རི་མོ་སྟེ། རྡོ་ཕ་བོང་ཆེན་པོ་ཞིག་གི་སྟེང་དུ་རི་དྭགས་འབྲོང་དང་། ཤྭ སྟག རྔ་མོང་སོགས་ཀྱི་རི་མོ་བརྐོས་ཡོད་པ་དེ་ཡང་ལོ་རྒྱུས་སྨྲ་བ་དག་གིས་ལོ་བཞི་སྟོང་ལྷག་གི་ལོ་རྒྱུས་ཡོད་པར་བཤད་པ་དང་།

སྤྱི་ལོ་སྔོན་གྱི ༡༢༦ སྐབས་སུ། བོད་རང་གི་རྡོ་བརྩིགས་སྒྱུ་རྩལ་ལ་བརྟེན་ནས་ཕོ་བྲང་ཡུམ་བུ་བླ་སྒང་བཞེངས་གྲུབ་བྱུང་བར་མ་ཟད། ཕོ་བྲང་གི་ཉེ་འདབས་སུ། རྡོ་ཕ་བོང་དང་བྲག་ངོས་ལ། རྒྱལ་བོ་གཉའ་བར་བཏེགས་ནས་ཁྲིར་གསོལ་བའི་རི་མོ་ཡོད་པ་དང་། ཞང་ཞུང་རྒྱལ་བོའི་རྡོ་བརྐོས་མངའ་རིས་གུ་གེའི་བརྒྱུད་དུ་ཡོད་པར་གྲགས་པ་དང་། གྲི་གུམ་བཙན་པོའི་སྐབས། སྐུ་མཁར་ཕྱིང་བ་སྟག་རྩེ་སོགས་ཀྱི་ལྡེབས་རིས་ལ་གྲུང་ཤ་དོད་ཅིང་གསོན་ཉམས་ལྡན་པའི་རི་མོ་ཡོད་པའི་བཤད་རྒྱུན་ཡོད་པ་དང་། དེ་མིན་བོད་བཙན་པོའི་སྐབས་སུ། སྲོང་བཙན་གྱིས་བཞེངས་བཟོར་གྲགས་པ་རྒྱལ་མོ་ཚ་བ་རོང་གི་ཁྲོ་སྐྱབས་ཐུགས་རྗེ་ཆེན་པོའི་ནང་རྫོང་རྡོ་སྐུ་དང་། ཐོན་མིས་རྒྱལ་བོ་ལ་ཕུལ་བའི་ཡིག་ཕུད། ཞལ་རས་གསལ་ལ་ངང་མདངས་གང་བ་བཟང་། །སོགས་ཇེན་ཁོག་སྣ་རྡོའི་ལྷ་ཁང་གི་བྲག་ལ་བསྐོས་པ་རྒྱལ་རབས་གསལ་མེར་འབྱུང་བ་དང་། ཁྲི་བཙུན་གྱིས་ལྷ་སའི་གཙུག་ལག་ཁང་བཞེངས་སྐབས། ཀོང་ཇོས་སྤོར་ཐང་བརྩིས་པའི་ནང་གསལ་བ་ལྟར། ས་བཅོས་ལ། ཤར་དུ་དབང་ཕྱུག་གི་རྟེན། ལྷོར་བྱ་ཁྱུང་། ནུབ་ཏུ་མཆོད་རྟེན། བྱང་དུ་སེང་གེ ཤར་ལྷོར་དུང་བཅས་རྡོ་ལ་བརྐོས་ཏེ་རྩིག་ལྡེབས་སྦྱར་བ་ད་ལྟ་འང་ཡོད་པ་དེ་དང། གཞན་ཕ་བོང་ཁར་སྲོང་བཙན་ཡབ་ཡུམ་གསུམ་གྱིས་སྒྲུབ་པ་མཛད་སྐབས། རིགས་གསུམ་མགོན་པོ་ཞལ་གཟིགས་ནས་རྡོ་ལ་ཐིམ་པ་རང་བྱོན་བལ་བོའི་ལྷ་བཟོས་ཇི་བཞིན་བརྐོས་པ་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ལས་འཁོད་པ་དང་། སྒོ་འཕྱོར་འོག་ཏུ་མ་ཎི་འབུར་ཐོན་ཞིག་བསྐོས་ཡོད་པ་དེ་འང་ཐོན་མིའི་ཕྱག་རྩལ་ཡིན་པར་བཤད་པ་དང་། ཡང་། སྲོང་བཙན་གྱི་བཙུན་མོ་རུ་ཡོང་བཟས་བྲག་ལྷ་ཀླུ་སྒུག་གི་རང་བྱོན་རྣམས་གསལ་བར་བརྐོས་པ། བྲག་ཕྱེ་བྲེ་རེ་ཕད་བར་ཚ་རེ་སྦྱིན་ནས་བྲག་ལ་སྐོར་ཁང་བརྐོས་པ་དང་། སྐོར་ལམ་དུ་ཐུབ་དབང་གི་སྐུ་བརྙན་སོགས་བརྐོས་པ་དང་། ཁྲ་འབྲུག་ལྷ་ཁང་བཞེངས་སྐབས་རྟེན་གཙོ་རང་བྱོན་གསུམ། ཟོ་དང་གོང་བོ་རི་ནས་སྤྱན་དྲངས་པར། སླར་བཟོ་བོས་རྣམ་པར་དོད་པར་བརྐོས་ཞེས་ཆོས་འབྱུང་མཁས་དགའ་ལས་གསུངས་པ་དང་།

ཕྱིས་སུ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས། བོད་རང་གི་རྡོ་བརྐོས་ཀྱི་རྨང་གཞིའི་སྟེང་། བལ་བོའི་རྡོ་བཟོའི་སར་སློབ་སྦྱོང་བྱེད་བཅུག་ནས་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། རྐོ་བཟོ་མཁས་པ་ཨུབ་ས་ཉག་བྲེད་ཤབ་དང་། ཤོད་ལེགས་ཀོང་སོགས་གྲགས་ཆེན་མང་དུ་བྱོན་པ་དང་། ལྷ་སའི་ལྷོ་ཁའི་སངས་རྒྱས་དགོན་ཞེས་པའི་བཙུན་དགོན་ཞིག་ཡོད་པ་དེའི་འགྲམ་བྱེ་མའི་ཁྲོད་དུ་བཙུགས་པ་ལོ་རྒྱུས་ཀྱི་ཡིག་རིས་སྣ་ཚོགས་བརྐོས་པ། ཕྱིས་ཆག་སྐྱོན་ཤོར་ནས་དུམ་བུ་གཉིས་སུ་སོང་བ། ད་ལྟ་ནོར་གླིང་དུ་ཉར་ཚགས་བྱས་པ་དང་། ཡང་། ཁྲི་སྲོང་གི་དུས་སུ་བཙུགས་པའི་བློན་སྟག་སྒྲ་ཀླུ་གོང་ལ་གནང་བའི་བཀའ་གཙིགས་ཀྱི་ཡི་གེ རྡོ་རིང་གི་ནུབ་ཏུ་ཡིག་ཕྲེང་དྲུག་ཅུ། ཤར་དུ་ཡིག་ཕྲེང་བཅུ་དྲུག ལྷོར་ཡིག་ཕྲེང་དོན་བཞི་བརྐོས་ཡོད་པ་དང་། ཡང་། ཁྲི་སྲོང་ལྡེ་བཙུན་གྱིས་གྲྭ་ནང་ཟུང་མཁར་དུ། ཟུང་མཁར་རྡོའི་མཆོད་རྟེན་ཞེས་བྲག་རྡོར་མཆོད་རྟེན་ལྔ་བརྐོས་པ་དང་། པད་འབྱུང་རྣམ་ཐར་ཡིད་ཆེས་སུམ་ལྡན་སོགས་སུ། ཁོང་མཁར་ནག་ཏུ་བྱོན་སྐབས། མཚོ་དེར་ཀླུ་གདུག་པ་ཅན་ཞིག་ཡོད་པ་དམ་ལ་བཏགས། བྲག་ལྡེབས་སུ་རྡོ་རྗེ་སེམས་དཔའི་སྐུ་དང་ཤྭ་བ་བརྐོས་ཞེས་འབྱུང་ཡང་། རིག་གསར་སྐབས་སུ་གཏོར་བཤིག་ཐེབས་པས། ད་ལྟ་རང་ཅག་གི་མིག་གི་སྤྱོད་ཡུལ་དུ་མི་སྣང་།

གཞན་སྔོན་གྱི་ལོ་རྒྱུས་རྣམས་སུ། ཀོང་པོ་དེ་མོའི་བྲག་བརྐོས་ཡི་གེ་ཞེས་པ་ནི། བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་དུས་གདུང་རུས་གཅིག་པའི་ཀོང་རྗེ་དཀར་པོ་ལ་དམིགས་བསལ་གྱི་བཀའ་གཙིགས་གནང་བ་དེ་བོད་ལྗོངས་ཀོང་པོ་དེ་མོས་ཁུལ་དུ་བྲག་ངོས་སུ་ཕལ་ཆེར་སྤྱི་ལོར ༧༩༨ལོ་ནས་སྤྱི་ལོ ༨༡༥ མགོའི་བར་ལ་བརྐོས་པ་འདྲ་ཞིང་ཡིག་འཕྲེང ༢༡ མཆིས་པ་དང་། ཡང་ལྡན་མ་བྲག་དེང་སྐབས་ཆབ་མདོ་བྲག་གཡབ་རྫོང་བྱམས་མདུན་ཤང་གི་ཁོངས་གཏོགས་རི་མདའ་ཞེས་པ་དེར། རྟེན་གཙོ་སངས་རྒྱས་རྣམ་སྣང་ལ། ཉེ་སྲས་བརྒྱད་ཀྱིས་བསྐོར་བ། གཤམ་དུ་གཞི་བདག་ལྷ་མི་དཀར་བོའི་སྣང་བརྙན་སོགས་བརྐོས་ཡོད་པ་དང་། དེ་ལྟར་དུས་རབས་བདུན་པར་རྡོ་བརྐོས་ཀྱི་ཡིག་གཟུགས་དང་། སྐུ་བརྙན། བྲག་ཕུག་འབྲུ་བ་སོགས་ལ་གཞིགས་ན་རྡོ་བཟོ་ལག་རྩལ་དུས་རིམ་ངེས་ཅན་ཞིག་ཏུ་སླེབས་ཡོད་པ་གསལ། ལྡན་མ་རྡོ་བརྐོས་འདི་ལོ་རྒྱུས་མང་བོར་རྒྱ་བཟའ་ཀོང་ཇོས་བཞེངས་པར་བཤད་པ་དང་། བྲག་ངོས་རང་ན་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་སྐབས་སུ་དགེ་སློང་ཡེ་ཤེས་དབྱངས་སོགས་ཀྱིས་བཞེངས་པའི་རྒྱུ་མཚན་འཁོད་ཡོད། གཞན་ས་དེར་ཀློང་རོང་དུ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ། རྣམ་སྣང་སོགས་ཀྱི་རྡོ་སྐུ་དང་། གཞན་ཡང་། ཡུལ་ཤུལ་ཁུལ་ཐོག་དང་ཐག་མི་རིང་བའི་སར་འབིས་རྣམ་པར་སྣང་མཛད་ཀྱི་རྡོ་བརྐོས། འབིས་ཁོག་གི་བྱང་རྒྱབ་ན་ཡོད་པའི་ལེབ་ཁོག་གི་བྲག་བརྐོས་རི་མོ་སོགས་ཀྱང་ཡེ་ཤེས་དབྱངས་ཀྱིས་བཞེངས་པར་བཞེད་པ་དང་། ཨ་རིག་ཐུ་བྷོད་བྲག་བརྐོས་རི་མོ་ཞེས་པ་འདི་ཡང་། ད་ལྟ་ཆིན་ལེན་རྫོང་མཁར་དམར་ནས་ཀན་སུའུ་ཀྲང་ཡས་ལ་འགྲོ་སའི་ལམ་དུ་ཡོད་ལ། རྒྱའི་གྲྭ་བ་ཞིག་གིས་ལྷ་ཁང་སུམ་ཐོག་ཞིག་བཞེངས་ནས་བདག་གཉེར་བྱེད་བཞིན་ཡོད། བྲག་བརྐོས་རི་མོ་འདིའི་གཤམ་དུ། ༄ ། །བཙན་པོའི་སྐུ་ཡོན་དང་། །སེམས་ཅན་གྱི་དོན་གྱི་ཕྱིར། །དགེ་སློང་པ་གོར་ཡེ་ཤེས་དབྱངས་ཀྱིས་བགྱིས། །ཞེས་འཁོད་ཡོད་དོ། །

གཞན་སྤུ་ཧྲེང་རྫོང་གི་ཁོངས་ཞི་སྡེ་ལྕོག་བྱ་བ་དེ་ཐུགས་རྗེ་ཆེན་པོ་ཀེར་བཞེངས་ཤིག་བརྐོས་ཡོད་ལ། དེའི་ཕྱོགས་གཉིས་སུ་ཡི་གེ་ཕབ་ཡོད་པ་འདི་ལྟར། སེང་གེ་ཞང་ཆེན་ཕོ་འབྲོ་ཁྲི་བརྩན་སྒྲ། མགོན་པོ་རྒྱལ་གྱིས། ཞེས་གསལ་ཞིང་། ལོ་རྒྱུས་སྨྲ་བ་དག་གིས་འདི། ཁྲི་སྲོང་ལྡེ་བཙན་དང་། ཁྲི་རལ། འོད་སྲུངས་ཀྱི་རྒྱུད་པས་བཙུགས་པས་བཤད་སྲོལ་དུ་མ་ཡོད་ཀྱང་། ཕལ་ཆེར་བཙད་པོ་ཁྲི་ལྡེ་སྲོང་བཙན་གྱི་དུས་ཡིན་པར་བཞེད་པ་མང་ངོ་། །གཞན་ཏུའུ་ལན་རྫོང་ཆུ་ཁོལ་ཤང་གི་གློའུ་སུན་ལུང་བ་རུ་ཡོད་པའི་ཀེར་ལངས་སྐུ་གསུམ་དང་། པད་བཞུགས་སྐུ་གསུམ། རྟ་དང་། གཟུངས་སྔགས་ཀྱི་ཡིག་འབྲུ་རེ་གཉིས་བཅས་ཡོད་པ། བཙན་པོ་གང་ཡིན་དུས་ཀྱི་གསལ་ཁ་མ་ཆོད་མོད་སྐུ་ཉམས་དང་བཞེངས་ས་གཡང་ས་ལ་གཞིགས་ན་ཁྲི་ལྡེ་སྲོང་བཙན་སྐབས་ཡིན་ནམ་ཞེས་མཁས་པ་དག་བཞེད་དོ། །

ཡང་། མངའ་བདག་ཁྲི་རལ་གྱི་དུས་སུ། ལྷ་སའི་གཙུག་ལག་ཁང་གི་མདུན་དང་རྒྱ་བོད་ཀྱི་ས་མཚམས་རྨེ་རུ། ཁྲང་ཨན་དུ་བཙུགས་པའི་རྒྱ་བོད་ཤན་སྦྱར་གྱི་རྡོ་རིང་སོགས་ལ་གཞིགས་ན། སྐབས་དེར་རྡོ་བརྐོས་ཡིག་རིས་འདི་སྲིད་ཕྱོགས་སུ་དར་ཁྱབ་ཆེ་བ་རྟོགས་ཐུབ། དུས་རབས་བཅུ་གཅིག་པའི་ནང་འབྲོམ་སྟོན་གྱིས། རྭ་སྒྲེང་དགོན་པར་ཕྱག་བསྟར་མའི་མ་ཎི་རྡོ་བརྐོས་གནང་བ། ད་ལྟ་འང་མཇལ་རྒྱུ་ཡོད་པ་དང་། ཡང་སྟོད་ལུང་བདེ་ཆེན་རྫོང་དང་ཆུ་ཤུར་རྫོང་གཉིས་ཀྱི་ས་མཚམས་སུ་མཉེས་ཐང་ལྷ་ཆེན་པོ་ཞེས། སྟོན་པ་ཤཱཀྱ་ཐུབ་པའི་རྡོ་བརྐོས་སྐུ་བརྙན་ཐོག་ཚད་གསུམ་བཞུགས་ལ། དེ་སུས་བཞེངས་དང་དུས་ཚིགས་ཀྱི་ཐད་གསལ་ཁ་ཆེར་མ་བྱུང་ཡང་། ངག་རྒྱུན་ལ། དུས་རབས་བཅུ་གཅིག་པའི་ནང་། ཇོ་བོ་མཉེས་ཐང་དུ་བཞུགས་སྐབས། སྐྱིད་ཆུ་བྲུབ་ནས་ལམ་བཀག་པར་བརྟེན། ཆུའི་ཁ་གནོན་དུ་བཞེངས་པར་བཤད་པ་དང་། ལ་ལས། གཙང་བ་སྡེ་སྲིད་སྐབས་ཤུན་པ་སྡེ་བའི་སྐྱིད་ཆུའི་ཁ་མནོན་དུ་བཞེངས་པ་དང་། འགའ་ཞིག་ས་དེར་མི་གསོད་ཁྲག་སྦྱོར་རྒྱུན་པར་བྱུང་བས། དེ་བཟློག་ཐབས་སུ་འདུ་ཁོངས་སྤྱི་ནས་བཞེངས་ཟེར་སྲོལ་ཡོད་པ་དང་།

དུས་རབས་བཅོ་ལྔ་བའི་ནང་། དགའ་ལྡན་དགོན་དུ་རྗེ་ཙོང་ཁ་བའི་ཕྱག་བསྟར་མའི་སྤྱན་རས་གཟིགས་ཕྱག་བཞི་བ་འབུར་གཟུགས་ཞིག་དང་། མཁས་གྲུབ་རྗེའི་སྐུ་བརྙན་དང་། མཁས་གྲུབ་རྗེའི་ཕྱག་བསྟར་མའི་རྗེ་ཙོང་ཁ་བའི་སྐུ་བརྙན་ཡོད་པ་དང་། རྒྱལ་བ་སྐུ་ཕྲེང་དང་བོ་དགེ་འདུན་གྲུབ་པས་རྡོ་བརྐོས་གནང་བ་རྣམ་ཐར་དུ་གསལ་ལ། ད་ལྟ་བཀྲ་ཤིས་ལྷུན་པོའི་རྡོ་གཅལ་ཆེན་མོའི་ཁྱམས་བསྐོར་གྱི་གྱང་ལྡེབས་སུ་སངས་རྒྱས་སྟོང་སྐུའི་རྡོ་བརྐོས་ཡོད་པ་སོགས་ཡིན་ནོ། །

ཡང་། འབྲས་སྤུངས་ཀྱི་འཇམ་དབྱངས་རྡོ་སྐུ་དང་། དུས་རབས་བཅུ་དྲུག་པའི་ནང་རྗེ་བཙུན་ཆོས་རྒྱན་སེ་རའི་མཁན་ཁྲིར་བཞུགས་སྐབས་གཙང་བ་རྡོ་བརྐོས﹙མིང་མི་གསལ﹚ཀྱིས་རྗེ་ཙོང་ཁ་བ་དང་། དམ་ཅན་ཆོས་རྒྱལ་སོགས་ཀྱི་སྐུ་དང་ཡི་གེ་མང་བོ་བརྐོས་པ་དང་།

དུས་རབས་བཅུ་བདུན་པའི་སྐབས། ལྷ་སའི་ཕྱོགས་བཞིར་རིགས་གསུམ་ལྷ་ཁང་ཁག་ཏུ་རྡོ་བརྐོས་ཀྱི་སློབ་དཔོན་དང་། མི་གཡོ་བ། ཐུབ་དབང་སོགས་གསར་བརྐོས་མཛད་པའི་གྲས་ཤིག ད་ལྟ་པོ་ཏ་ལའི་ཤར་ངོས་ཁ་ལྔ་གདོང་དུ་ཡོད་པ་དང་། ལྷ་སའི་ནུབ་ངོས་གདོང་དཀར་གྱི་བྲག་ལྡེབས་སུ་རྡོ་བརྐོས་ཤིག་ཡོད་པའང་དེ་དུས་ཀྱི་ཡིན་པར་བཤད།

ཡང་། ལྷ་སའི་ལྕགས་པོ་རིའི་ནུབ་ངོས་བྲག་ལྡེབས་སུ། རྒྱལ་དབང་བདུན་པས་བཀའ་ཤག་གསར་འཛུགས་གནང་སྐབས། བཀའ་བློན་རྡོ་རིང་པནྟི་ཏས་ཡོན་སྦྱར་ནས་བརྐོས་པར་གྲགས་པའི་མི་འཁྲུགས་པའི་སྐུ་དང་། སྐུ་དེའི་གཡོན་ངོས་སུ། གངས་རི་ར་བས་བསྐོར་བའི་ཞིང་ཁམས་འདིར། །ཕན་དང་བདེ་བ་ལུས་འབྱུང་བའི་གནས། །སྤྱན་རས་གཟིགས་དབང་བསྐལ་བཟང་རྒྱ་མཚོ་ཡི། །ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག། ཅེས་བརྐོས་ཡོད་པ་དང་། ལྷ་སའི་གྲོང་མི་འདས་གྲོངས་སུ་སོང་བའི་སྐྱེས་རྟགས་བཞེངས་མི་ཐུབ་མཁན་ཡིན་ན། དེ་གར་སྐུ་དཀར་སྒྲོན་ན་འཐུས་ཚུལ་གྱིས་སྲོལ་དང་། ཕྱིས་སུ་རྡོ་བརྐོས་དེ་དག་ལ་ཚོན་རྩི་བྱུགས་སྐབས་ཚོན་གསོས་བྱེད་ཀྱི་ཡོད།

སྤྱིར་མ་ཎི་སོགས་གཟུངས་སྔགས་དང་ཐར་མདོ་སོགས་གསུང་རབ་མང་བོ་རྡོ་ལ་བརྐོས་པ་དང་། སྒོས་སུ་ཁམས་དང་ནག་ཆུ། མགོ་ལོག་སོགས་བོད་ཀྱི་ས་ཆ་ཕལ་མོ་ཆེར། མི་རྣམས་ཚེ་ལས་འདས་ཚེ་མ་ཎི་དང་ཡིག་བརྒྱ། འབུམ་སོགས་ལྒིགས་བམ་ཇི་སྙེད་པ་རྡོ་ལ་བརྐོས་ཏེ། རྡོ་འབུམ་སྤུངས་སྲོལ་འདུག་པས། ད་ལྟའི་རྡོ་འབུམ་རྩིག་སྲོལ་ཀྱང་འདི་ལས་བྱུང་བར་མངོན། གཞན་ཡང་། བཀའ་བསྟན་དང་བརྒྱད་སྟོང་བ་སོགས་ཀྱི་ཆོས་དཔེ་རྡོ་བརྐོས་བྱེད་པ་རྣམས་ཀོང་ཀོང་བྱེད་ཅིང་། དེ་མིན་མ་ཎི་ལྟ་བུའི་ཡིག་འབྲུ་ཉུང་ཤས་རྣམས་འབུར་བརྐོས་བྱེད་ལ། རྒྱལ་བ་རིགས་ལྔའི་ཁ་དོག་དང་མཚུངས་པའི་ཚོན་རྩི་གཏོང་བ་དང་། ཡང་ཁྱིམ་ཚང་འགའ་རེ་བུ་ཕྲུག་གི་མིང་དང་སྐྱེས་པའི་དུས་ཚོད་རྡོ་ལ་བརྐོས་ཏེ་ཁང་ཐོག་ཏུ་འཇོག་པའང་ཡོད་པར་བཤད། གང་ལྟར། བོད་རིགས་གར་ཁྱབ་ཏུ་རྡོ་བརྐོས་གསུང་རྟེན་གྱི་རྡོ་འབུམ་རྩིག་སྲོལ་དང་། ལྷ་སྐུ་མཆོད་རྟེན་སྣ་ཚོགས་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ལ། ལྷག་པར་དུ་མདོ་སྨད་རེབ་གོང་གཏེར་སྟོན་ཆོས་སྒར་སོགས་ན་བཀའ་བསྟན་གྲངས་མང་གི་རྡོ་རྩིག་དང་། གསུང་རབ་ཇི་སྙེད་པའི་རྡོ་བརྐོས་རི་བོའི་གཏོས་དང་མཉམ་པ་ད་ལྟ་བདག་ཅག་གི་མཐོང་སྣང་དུ་ཡོད་པ་དང་། དེ་མིན། སྲོག་ཆགས་སྣ་ཚོགས་དང་། ལྷ་སྐུ། དུས་ཀྱི་འཕོ་འགྱུར་དང་བསྟུན་ཏེ་འཚོ་བའི་ཡོ་བྱད་སོགས་རྡོ་བརྐོས་བཞེངས་བསྐྲུན་གསོན་ཉམས་ལྡན་པ་སྣང་བ་ནི། གཅིག་ན་བོད་རིག་པའི་མཛེས་རྒྱན་དང་། གཉིས་ན་རྡོ་བརྐོས་སྒྱུ་རྩལ་གྱི་ཁྱད་ཆོས་ལགས་པས། དགའ་འོས་པའི་དོན་བཟང་ཞིག་ཡིན། ཡང་སྒོས་སུ་གཏེར་སྟོན་ཆོས་སྒར་སོགས་ན་རྡོ་བརྐོས་སློབ་གྲྭ་བཙུགས་ཡོད་པ་ནི། རྡོ་བརྐོས་ཀྱི་ཕ་ས་འདི་ནས་ཕུན་སུམ་ཚོགས་པའི་རིག་གནས་འདི་འཛམ་གླིང་གི་སྤྱི་ནོར་དུ་འགྱུར་བའི་དན་རྟགས་ཤིག་ཀྱང་ཡིན་ནོ། །

༢ རྡོ་རིས་བརྐོ་སྟངས། རྡོ་རིས་བརྐོ་སྟངས་ལ་ཝ་མ་ཞེས་པ་ཡིག་འབྲུ་ཀོང་ཀོང་དུ་བརྐོ་བ་དང་། འབུར་མ་ཞེས་པ་སྟེང་འོག་གི་གཡས་གཡོན་བྲུས་ཏེ་བརྐོ་བ་དང་། ཝ་འབུར་ཁ་སྤྲོད་ཅེས་རྒྱབ་མདུན་དང་དཀྱིལ་ནས་བྲུས་ཏེ་ཡི་གེ་གཉིས་གཤིབ་བརྐོ་སྲོལ་ཡོད། སྐུ་འདྲ་མཚོན་ནའང་། བལ་བོའི་བཟོ་རྒྱུན་དང་འབྲེལ་བའི་བོད་བཟོ་ནི་མགྲིན་པ་ཅུང་རིང་ལ། དཔུང་ཞེང་ཆེ་བ་ཕྱག་ཞབས་རིང་བ་སོགས་དང་། རྒྱ་བཟོ་དང་འབྲེལ་བ་རྣམས་ནི་ཞལ་དཀྱིལ་སྒོར་བ། སྐུ་སྐེད་ཅུང་སྦོམ་ཤས་ཆེ། རྡོ་རྐོའི་ལག་ཆ་ནི། གཟོང་ཁ་ལེབ་དང་། ཁ་རིལ་ཐོ་བ་སོགས་བརྐོ་གཞི་དང་བསྟུན་ཏེ། ལག་ཆ་ཆེ་ཆུང་ཚགས་སུ་ཆུད་པ་དགོས། ལྷ་སྐུ་དང་ཡིག་གཟུགས་སྣ་ཚོགས་གང་བརྐོ་སྐབས། ཐོག་མར་ཐིག་བཏབ་ནས་གཟུགས་དབྱིབས་ལེགས་པོར་བྲིས་རྗེས། གཟོང་གིས་བརྐོ་དགོས་ཤིང་། འབྱར་མ་བརྐོ་ཚེ་བར་སྟོང་ནས་རིམ་བཞིན་བརྐོ་བ་དང་། མི་གཟུགས་ལྟ་བུ་ལ་ཤངས་མཐོ་བ་དང་གདོང་། རྣ་འབྱོག་རིམ་བཞིན་དམའ་བར་འབྲུ་དགོས་ཤིང་། འབུར་མ་བརྐོ་བ་ནི་དཀའ་ཚེགས་ཆེ། རྡོ་རིང་དང་གསུང་རབ་གྱི་ཡིག་གཟུགས་ཕལ་ཆེར་ཝ་མའི་ལུགས་སུ་བརྐོས་ཡོད་ལ། དེ་ནི་སྐུ་འདྲ་དང་ཡིག་གཟུགས་ཡིན་ཡང་རི་མོ་འབྲི་བ་ལས། བར་སྟོང་འབྲུ་མི་དགོས་པས་འབུར་མ་ལས། ལས་སླ་བོར་ཡོད་ལ། ཝ་མ་ལ་གཟོང་ཁ་རིལ་དང་། འབུར་མ་ལ་ཁ་ལེབ་སྤྱོད་པ་ཡིན་ནོ། །

རྡོ་བཟོ།

བོད་ཀྱི་རྡོ་བཟོའི་ལག་རྩལ་གྱི་ཐད་ལ་དུས་ཡུན་རིང་བོའི་ལོ་རྒྱུས་ལྡན་ཞིང་། ཆེས་འབུར་དུ་ཐོན་པའི་ཁྱད་ཆོས་ཐོན་པ་ནི། སྤྱི་ལོ་སྔོན་གྱི ༡༢༦ ལོར་བོད་རྒྱལ་གཉའ་ཁྲི་བཙན་པོའི་ཕོ་བྲང། རྡོ་རྩིག་གིས་བཞེངས་པ་ཡུམ་བུ་བླ་སྒང་ཡིན། ཕྱིས་སུ་ཆོས་རྒྱལ་སྲོང་བཙན་གྱི་རིང་ལ། དམར་བོ་རིར་ཁྱད་མཚར་ལྡན་པའི་རྩེ་པོ་ཏ་ལ་རྡོ་རྩིག་གིས་བཞེངས་ཤིང་། ཐོག་སོ་དགུའི་ཚད་དང་མཉམ་པ། ད་ལྟ་ཡང་། ཀུན་གྱི་སྤྱན་སྔར་གྲོང་ངེར་འགྱིང་པ་དེ་ཡིན། ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་གཙུག་ལག་ཁང་གི་ཐོག་སོ་འོག་མ་བོད་ལུགས་ཀྱི་རྡོ་རྩིག་ཡིན། གཞན་ཡང་། མི་ལའི་སྲས་མཁར། ས་སྐྱའི་ལྷ་ཁང་ཆེན་མོ། ཞ་ལུ་ལྷ་ཁང་། དཔལ་འཁོར་ཆོས་སྡེ་ལྷ་ཁང་། རྡོ་རྩིག་མཆོད་རྟེན་ངོ་མཚར་ཅན་སོགས་ལ་གཞིགས་ན། བོད་ཀྱི་རྡོ་བཟོའི་ལག་རྩལ་ག་འདྲ་ཞིག་ལ་སོན་པ་ར་སྤྲོད་བྱེད་ཐུབ་ལ། ཁྱད་པར་དུ་རྒྱལ་དབང་ལྔ་བའི་སྐབས་པོ་ཏ་ལའི་ཕོ་བྲང་དཀར་བོ་དང་། དམར་བོ་བཞེངས་སྐབས། བོད་ཁམས་ཡོངས་ནས་རྡོ་བཟོ་མཁས་པ་བསྡུས་པའི་ནང། རིམ་པ་བཞིར་བཀར་ཡོད་ལ། དེ་དག་གི་སྐྱེས་ཡུལ་དང་མིང་། ལས་འགན་བཅས་ཞིབ་གསལ་བཀོད་ཡོད། རིམ་པ་དང་བོ་དབུ་ཆེན་རྒྱུ་སྨོན་དར་རྒྱས་ཏེ། འོས་འགན་ནི། ཤིང་བཟོ་ཆེན་མོ་དང་མཉམ་འབྲེལ་གྱིས་ཁང་བའི་ལས་འཆར་དང་། ས་ཁྲ་བཟོ་བ། རྡོ་བཟོ་བ་རྣམས་ལ་སྤྱི་ཁྱབ་བཀོད་འདོམས། ཐིག་ཚད་འཛིན་པ་དང་། བཅག་གདོང་སོགས་གལ་ཆེའི་སོགས་རང་ཉིད་ཀྱིས་ལག་བསྟར་ནས་རྩིག་རྒྱུ་བཅས་ཡིན། རིམ་པ་གཉིས་པ་དབུ་ཆུང་དོལ་རྣམ་ལི་སོགས་མི་བདུན་དང་། འོས་འགན་ནི། དབུ་ཆེན་ལ་རོགས་རམ་དང་། མགོ་ནས་མཇུག་བར་རྩིག་པ་བརྩིག་རྒྱུ། རིམ་པ་གསུམ་པ་ནི། བྱིངས་གྲས་ཏེ་ཟ་དམ་དགོས་འདོད་སོགས་མི་གྲངས་བརྒྱ་དང་ཞེ་ལྔ། འོས་འགན་ནི། རྩིག་ལས་གལ་ཆུང་གི་རིགས་བཟོ་བ་དང་། རྩིག་རྡོ་འོས་པའི་རྡོ་ཆེན་སྣ་ཚོགས་བཟོ་བ། རྡོ་རིང་དང་། རྡོ་བརྐོས་ལ་དགོས་པའི་རྡོ་ཆེན་བཟོ་རྒྱུ། རྡོ་བརྐོས་རི་མོ་སྣ་ཚོགས་བརྐོ་རྒྱུ་བཅས་སོ། །རིམ་པ་བཞི་བ་དཀྱུས་མའི་གྲས་ནི། གུ་རུ་སྐྱབས་སོགས་མི་གྲངས་ཉིས་བརྒྱ་ཉེར་གཅིག་དང་། འོས་འགན་ནི། རྡོ་ཆེན་གཤགས་ལས་དང་། རྩིག་བར་གྱི་ཅབ་ལྷེ་བཟོ་རྒྱུ། རྩིག་བར་སྒྱོང་བྱེད་རྡོ་ཧྲག་ཆེ་ཆུང་སྣ་ཚོགས་བཟོ་རྒྱུ། རྡོ་གཡམ་བཟོ་དབྱིབས་འདོན་རྒྱུ་སོགས་ཞིབ་གསལ་དང་། བརྒྱུད་རིམ་ལྡན་པར་འཁོད་པ་འདིས། བོད་ཀྱི་རྡོ་བཟོའི་སྒྱུ་རྩལ་དང་། སྣང་བརྙན། ད་ལྟ་ཡང་དྲན་ངོས་སུ་ལྷམ་མེར་བཀྲ་ལ། ཕྱིས་སུ་ནང་བསྟན་གྱི་རྩིག་ཁང་ཕལ་ཆེར་དང་། ཁམས་ཕྱོགས་སོགས་ན་དུད་ཁྱིམ་ཇི་སྙེད་ཅིག་དང་། ད་དུང་རྒྱལ་རོང་སོགས་ན་གཡུལ་འཐབ་ཀྱི་བཙན་རྫོང་དུ་སྤེའུ་མཁར་གནམ་ལ་ཟུག་པ་ལྟ་བུའི་རྡོ་མཁར་གྱི་ཤུལ་བཞག་འདི་དག་ལས། བོད་ཀྱི་རྡོ་བཟོའི་ལག་རྩལ་ཞིབ་ཚགས་ལྡན་ཞིང་མཐོར་འདེགས་ཇི་ལྟར་བྱུང་བ་བདེན་དཔང་བྱས་ཡོད་དོ། །

ཀོ་བཟོ།

སྒང་བ་བོད་འདིར་གདོད་མའི་སྤྱི་ཚོགས་ནང་། རི་དྭགས་རྔོན་ཏེ་འཚོ་བ་རོལ་བའམ། འབྲོག་ལས་ཀྱི་ཐོན་སྐྱེད་གཉེར་བའི་གོ་རིམ་ཁྲོད། རི་དྭགས་དང་སྒོ་ཟོག གཅན་གཟན་སྣ་ཚོགས་ཀྱི་ཀོ་བ་མཉེད་འདུལ་བྱས་ནས། གོས། ཞྭ། ལྷམ། ལྟོ་ཕུད། ཕོར་བ། སྡེར་མ། འབྲེང་བ། སྒམ། ཁྲབ། ཀོ་གྲུ། ཐབ་ཀའི་ཁ་ཤར། ལྒིགས་ཐག འཕྲེང་ཐག མི་དང་སྲོག་ཆགས་གཞན་གྱི་འདྲ་གཟུགས་མང་བོ་བཟོ་ཤེས་པ་དང་། ཁྱད་པར་དུ་དུས་རབས་དང་བོ་ཡས་མས་སུ་ཀོ་བཟོས་ཕོར་བ་དང་། སྡེར་མ། གོ་ཁྲབ་བཅས་བཟོ་ཤེས་པ་བྱུང་བ་དང་། དུས་རབས་བརྒྱད་པའི་དཀྱིལ་དུ། ཆོས་རྒྱལ་ཁྲི་སྲོང་གི་བལྟ་ཀློག་བྱེད་སའི་ཕྱག་དཔེའི་གྲས་སུ་ཡུམ་རྒྱས་འབྲིང་བསྡུས་གསུམ་དང་། གལ་ཆེའི་སྨན་གཞུང་འགའ་ཞིག་ཤ་བའི་པགས་བཟོས་ཀྱི་སྒམ་ལ་བཞུགས་པའི་དབང་གིས། མིང་ལ་ཡུམ་ཤ་སྒྲོ་མ་དང། རྒྱལ་བོའི་བླ་ཡིག་ཤ་སྒྲོ་ཅན་ཞེས་འབོད་པ་བཀའ་འགྱུར་དཀར་ཆག་སོགས་སུ་བཀོད་ཡོད། ཡང་། གནའ་དུས་ཀྱི་གོ་ཆ་འདི་ཡང་། ཀོ་བ་མཐུག་པོའི་བཟོས་པ་དེ་ལྟར་གྲགས་པ་དང་། གཞན་ཀོ་བས་ཀོ་གྲུ་བཟོས་ཏེ་ཆུར་གཏོང་སྲོལ་འདི་ཡང་། རྒྱ་བཟའ་བོད་དུ་བསུ་སྐབས་དམངས་གཞས་ཤིག་ཏུ། ཆུ་མོ་རྒྱ་ཆུ་རོང་ལ་ཞེད་དགོས་མེད། །ཀོ་བ་ནག་ཆུང་བརྒྱ་ཡི་བསུ་མ་ཡོད། །ཅེས་གཞས་གཏོང་སྲོལ་ཡོད་པ་ལས། སྲོང་བཙན་གྱི་སྔོན་དུ་ཀོ་བཟོ་ཡོད་པ་ཤེས་རྟོགས་བྱུང་ཐུབ། དུས་རབས་བཅུ་གཅིག་པའི་ནང་བུ་མོ་སྣང་ས་འོད་འབུམ་མྱང་ཆུར་ཀོ་གྲུ་བཏང་ནས་བྲོས་པའི་ཤོད་རྒྱུན་ཡོད་པ་དང་། ཁྱད་པར་དུ་མཆོད་གདུང་འཛམ་གླིང་རྒྱན་གཅིག་ལས། ཀོ་བ་བཞི་ཆ་མཉམ་བགོས་མཇུག་ཏུ་སྦྲེལ་བའི་སྟེང་དུ་སྤང་ལེབ་རྣམས་བཞག་ཐོག ཀ་ཆེན་དང་། རྡོ་ཆེན། ཀ་རིང་དང་། རྡོ་རིང་བཅས་བསྙལ་ནས་བཞག་པས་ཆུ་ཐོག་གི་སྐྱེལ་འདྲེན་ལ་སྟབས་བདེའི་ཁྱད་ཆོས་མང་བོ་ཡོད་པར་བཟོས་ཐོག པོ་ཏ་ལའི་ཕོ་བྲང་དམར་བོ་བཞེངས་སྐབས་ཆུ་ཐོག་སྐྱེལ་འདྲེན་གྱི་གཙོ་བོ་ཀོ་གྲུ་ཡིན་པ་དང་། དེས་ཉིན་ལམ་གཅིག་གི་སར་འགྲུལ་བསྐྱོད་བྱེད་ཐུབ་པར་བརྟེན། ལྷོ་ཁ་ནས་རྒྱུ་ཆ་འབོར་ཆེན་དྲངས་པ་རེད།

ཀོ་གྲུ་བཟོ་སྟངས་ལ། ཕྱིས་སུ་ཚགས་ཇེ་ཞིབ་ཏུ་བཏང་བ་འདིར་བཀོད་ན། གཡག་གི་ཀོ་བ་གཉིས་སམ་བཞི་གང་རུང་རྒྱུན་བུས་ཚེམ་བཟོ་བྱས་པའི་ནང་། ཤིང་གི་ཀོ་སྒྲོམ་ཁ་ཤིང་དང་བཅས་བཟོས་པའི་སྲུབས་ཀར་སྣུམ་ཞག་བསྐུས་ཏེ་ནང་དུ་ཆུ་མི་ཡོང་བར་བྱས་ཡོད། ཐག་རིང་སྐྱེལ་འདྲེན་ལ་ཀོ་གྲུ་བེད་སྤྱད་བྱས་ཏེ། རྟ་ལམ་གཉིས་ཉིན་གཅིག་ལ་བགྲོད་ཐུབ་པའི་མགྱོགས་ཁྱད་ཡོད། གཡག་ཀོ་བཞི་སྒྲིག་བྱས་པའི་ཀོ་གྲུ་ལ་སྐྱ་བ་གཉིས་དང་། ཉིས་སྒྲིག་ལ་སྐྱ་བ་གཅིག་གིས་འཐུས་པར་བྱས་ཡོད། ཀོ་གྲུ་གཏོང་མཁན་ལ་གཉན་པ་འམ་མཉན་དཔོན་ཡང་ཟེར། ཀོ་གྲུ་གཏོང་སྐབས་མཉན་པས་གཞས་གདངས་རིང་མོ་སྐྱོ་གླུ་འདྲ་བ་ཞིག་གཏོང་རྒྱུ་ཡོད་པ་དང་། མཉན་པས་ཀོ་གྲུ་སྒལ་བར་ཁུར་ནས་འགྲོ་སྐབས། བཟའ་ཆས་འགེལ་བའི་ལུག་གཅིག་ཡོད་པར་ལྟོ་ཕུད་གཉིས་བཀལ་ནས་མགྲིན་པར་དྲིལ་བུ་དང་ཐག་པས་བཏགས་ཐོག ཐག་སྣེ་མཉན་པའི་སྐེད་པ་འམ་ཀོ་བར་བཏགས་ཏེ་འཁྲིད་འགྲོ་བ་དེ་ལ་ཀོ་ལུག་ཟེར།

ཡང་། ཀོ་རྡར་བཟོ་ཐབས་ཞིག་ལ། དེའུ་དམར་གྱི་བཟོ་རིག་ལས་ཚོགས་པྲ་ཕབ་ལས། ལ་ཆའི་ཕྱེ་མ་ཆ་གསུམ་ལ། ཀོ་རཉྫཱའི་ཕྱེ་མ་ཆ་གཅིག་བསྲེས་ནས། གླ་ཧེལ་ནང་དུ་ལྷོད་པར་བཏུམས་ནས། ཆུ་ཚ་མོའི་ནང་དུ་བཙོ། ཞུ་ཚེ་ཕྱི་ནས་འདྲེས་པར་མཉེལ་ལ་བཟོ་ལྟ་བཅོས། དེ་གྲང་ནས་ཆུ་གྲང་གིས་བྲན་ཅིང་བརྡར་གང་དགོས་བརྡར་རོ་གསུངས་སོ། །

གཞན་ཡང་། ཀོ་བཟེ་བཟོ་ཐབས་ལ། ཀོ་བཟེས་སྒམ་དང་ཕུབ། གའུ་དང་ཕོར་ཤུབས་སོགས་བཟོ་ཚུལ། བཟོ་གནས་སྐྲ་རྩེའི་ཐིགས་པ་ལས་ཞིབ་པར་བཤད་ཡོད་ལ། དེ་ལས་གཞན། འབྲེང་བ། རྒྱུན་བུ། ཀོ་ལྷམ། རྐེད་འཆིང་། སྒྲོ་བ། ཀོ་ཟེའུ། ཀོ་བའི་འོ་མ་དཀྲུགས་སྣོད། ཀོ་ཁུག རྐྱལ་བ། ཀོ་ཚགས། ཀོ་སྒྲོགས། ལྕག་ཚན། ཀོ་དམ། ཀོ་གདན། ཀོ་རྡར། ཀོ་སྡེར། ཀོ་གཞོང་། ཀོ་འཕྱར། ཀོ་འབོ་སོགས་བོད་ཀྱི་ཀོ་བཟོའི་ལག་རྩལ་སྐོར་ཚན་རིག་དང་མཐུན་པའི་བེད་སྤྱོད་བཏང་བ་དེས། བོད་དམངས་ཚོགས་ཀྱིས། ཀོ་བཟོས་སྒྱུ་རྩལ་མཐོར་འདེགས་བཏང་བ་མཚོན་ཐུབ་ལ། ལྷག་པར་དུ་ཀོ་གྲུ་ལ་བརྟེན་ནས་ངལ་རྩོལ་བདེ་བླག་ཏུ་འགྲུབ་པའི་ཁེ་ཕན་འབུར་དུ་ཐོན་སྟབས། དམངས་ཁྲོད་དུ་ད་ལྟ་ཡང་རྗེས་དྲན་གྱི་ཚུལ་དུ་ཀོ་རྩེད་གནང་སྲོལ་དང་ཀོ་གྲུ་གཏོང་གླུ་ཡོད་ལ། འདིར་ཀོ་གྲུ་གཏོང་གླུ་འགའ་ཞིག་དྲངས་ན། སྟོད་ཡུལ་བདེ་ཆེན་རྫོང་གི་གླུ་ནི། ཀོ་བ་འཕྲེད་ལ་བཏང་བས། །ཆུ་མོའི་གཞུང་ལ་འཁྱེར་སོང་། །ཀོ་བ་ཁོ་རང་ལས་འཕྲོ། །ཆུ་མོའི་གཞུང་ལ་ཡོད་འགྲོ། །ང་ཚོ་ཆོས་གྲོགས་ལྷན་རྒྱས། །ཀོ་བ་གང་གི་འགྲུལ་བ། །ཀོ་སྟོད་འགྱུར་བ་མ་གཏོང། །ཀོ་སྨད་ལས་ཀྱིས་འཁོར་ཡོང་། །ཞེས་དང་། སྣ་དཀར་རྩེ་རྫོང་གི་ཀོ་གྲུ་གཏོང་གླུ་ནི། ཆུ་མོའི་གཞུང་ལ་འགྲོ་དུས། །ཆུ་བརྒྱུད་རྒྱལ་བོས་མཁྱེན་ནོ། །རང་མགོ་རང་གིས་ཐོན་དུས། །ཆུ་བརྒྱུད་རྒྱལ་བོ་གསོལ་ཆོག། ཀོ་བ་བྱ་ལས་མགྱོགས་པ། །མཉན་དཔོན་ལྷ་ལས་མཚར་བ། །དེ་འདྲའི་མཉན་དཔོན་མཚན་ལ། །བྱ་མགྱོགས་ལྷ་མཛེས་ཞུས་ཆོག །ཆུ་མོ་རབ་ཆེན་རབ་ཆུང་། །ག་བར་བརྒལ་བརྒལ་བཞག་ནས། །སྨན་ཆུང་ཀོ་བའི་ནང་ལ། །གྲུ་རྫོངས་སྐྱོན་པ་མ་གནང་། །ཆུ་མོའི་འཁྲིས་ལ་བཞེངས་པའི། །ཕོ་བྲང་ནོར་རྒྱས་ཁང་གསར། །ཆུ་མོས་ཤང་ཤང་མ་ཟེར། །ནོར་རྒྱས་ཁང་གསར་དྲན་བྱུང་། །ཆུ་མོ་རྒྱང་མཁར་ཆུ་མོ། །འཕར་ཆག་དེ་འདྲས་ཆེ་བ། །དབྱར་ཁ་མཛོ་ཕོས་མི་འཐུང་། །དགུན་ཁ་ཇ་ཆུ་མི་ཉན། །ཀོ་བ་ཆུ་མོའི་དཀྱིལ་ལ། །ཡོང་གི་བསམ་པ་མ་གཏོགས། །ཀོ་བའི་ནང་གི་ཡིད་འཕྲོག། ཡོད་འགྲོ་བསམ་པ་མ་བྱུང་། །ཞེས་དང་། ཆུ་ཤུར་རྫོང་གི་གླུ་ནི། ཀོ་བ་ནམ་ཕྱེད་གཏོང་རྒྱུ། །སྡེ་བ་གཞུང་གི་བཀའ་རེད། །འོད་གསལ་མཆི་མ་མ་གཏོང་། །ཀོ་གྲུ་བཏང་ནས་སླེབས་ཡོང་། །གྲུ་དེ་ལྷ་མཐོང་ཤན་ཁར། །གྲུ་རྫོངས་བསྐྱོན་པ་མ་གནང་། །གྲུ་གླ་ང་རས་སྤྲད་ཆོག། སྡུག་སྲོག་བསྐྱལ་སྙིང་འདོད་ཡོང་། །ཞེས་དང་། གཞན་མཚོ་སྨད་དང་གོང་དཀར། སྣེ་གདོང་རིན་སྤུངས་རྫོང་སོགས་སུ་ཡང་ཀོ་གྲུ་གཏོང་གླུ་ཡོད་ཀྱང་འདིར་ཡི་གེ་མང་དུ་འཇིགས་ནས་མ་བཀོད་དོ། །

དེ་ནི་གཙོ་ཆེར་ཡར་ཀླུང་གཙང་བོའི་འགྲམ་བརྒྱུད་དང་། ལྷོ་ཁ་སོགས་གྲུ་ཁའི་ས་ཁུལ་དུ་དར་ཁྱབ་ཆེ་ཞིང་། ནང་དགོས་སུ་ལྷོ་ཁ་ས་ཁུལ་གོང་དཀར་རྫོང་ནུས་པ་གྲོང་ཚོའི་ཀོ་རྩེད་ནི་སྐད་གྲགས་ཆེ་ཤོས་ཡིན་ནོ། །

ཤིང་བཟོ།

བོད་ཀྱི་ཤིང་བཟོའི་ལག་རྩལ་ནི། འཛམ་གླིང་མཐོ་སྒང་འདིར་སྤྲེའུ་སྲིན་ལས་མཆེད་པའི་འགྲོ་བ་མི་བྱུང་བ་ནས། ཁད་ཀྱིས་བློ་རིག་ཅུང་ཟད་འཕེལ་རྒྱས་བྱུང་སྟེ། རང་ལུས་སྲུང་བྱེད་ཙམ་དུ་ཤིང་གི་ལྕུག་མའི་བླ་གབ་བཟོས་པ་ནས་བྱུང་པར་འདོད་ལ། སྤྱི་ལོ་སྔོན་གྱི་ལོ་ཉིས་བརྒྱའི་སྔོན་ནས་བོད་རྒྱལ་གཉའ་ཁྲི་བཙན་པོས་ཕོ་བྲང་ཡུམ་བུ་བླ་མཁར་བཞེངས་པ་དང་། རྒྱལ་རབས་དགུ་བ་པུ་དེ་གུང་རྒྱལ་གྱི་དུས་སུ། བློན་རུ་ལས་སྐྱེས་ཀྱི་མཛངས་ལས་ལ། ཤིང་ལ་མིག་ཕུག་གཤོལ་དང་གཉའ་ཤིང་བྱས། །བརྒལ་བས་མི་ཐར་ཆུ་ལ་ཟམ་པ་བཙུགས། །གསུངས་པ་དང་། ཡང་། མཛངས་བློན་ལྔ་བ་ཁྲི་བཟང་ཡང་སྟོན་གྱིས། རི་ཁྱིམ་ཀླུང་དུ་སྤོས་ཏེ། མཛངས་ལས་བྱས་པ་ནས་བོད་ཀྱི་སྡོད་ཁང་བརྩིགས་ནས་ཤིང་བཟོའི་ལག་རྩལ་དམངས་ཁྲོད་དུ་དར་ཁྱབ་བྱུང་བ་དང་། ཁྱད་པར་དུ། གཡུང་དྲུང་ལས་རྣམ་པར་དག་པའི་རྒྱུད་ཅེས་པའི་དཔེ་ཆ་དེའི་ལེའུ་བཅུ་བའི་ནང་། སྐྱ་བོའི་སྡོད་ཁང་འཛུགས་སྐྲུན་གྱི་ཇུས་བཀོད་དང་། གཤེན་གྱི་ཕོ་བྲང་བཞེངས་བསྐྲུན་སྐོར་ཞིབ་རྒྱས་གསུངས་ཡོད་པར་མ་ཟད། མདའ་འཕངས་ནས་འཛུགས་བསྐྲུན་ཕྱོགས་ཆའི་གཞི་ཁྱོན་ཐག་གཅོད་པ་དང་། མདའ་ལྷུང་སའི་རྩ་བའི་ཁ་ཕྱོགས་བཞི་ལ་རྟོད་ཕུར་བཙུགས་ཏེ། བཞེངས་བསྐྲུན་བྱ་སྲོལ་གཏན་འབེབ་གནང་ཡོད། ལུགས་སྲོལ་དེ་ནི་དུས་རབས་བརྒྱད་པའི་ནང་བསམ་ཡས་གཙུག་ལག་ཁང་བཞེངས་སྐབས། སྔར་སྲོལ་མ་ཉམས་པར་ལག་བསྟར་གནང་ཡོད་པ་སྦ་བཞེད་ལས་གསལ་ལ། དེ་ལྟར་རྒྱུད་དེ་ལས་བོད་ཀྱི་སྡོད་ཁྱིམ་ཇུས་བཀོད་སྐོར། དེ་དུས་ཀྱི་རྒྱབ་ཁབ་གཞན་ལས་ཁྱད་མཚར་ཞིག་བཀོད་ཡོད་པ་ལྟར་ན། བོད་ཀྱི་ཤིང་བཟོའི་ལག་རྩལ་ནི་འཐུས་ཚང་ཞིག་ཡོད་པ་དཔག་ཐུབ། ཕྱིས་སུ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས་སུ། ལྷ་ཁང་མང་བོ་བཞེངས་ཏེ་ཤིང་ལ་པ་ཏྲ་ཁྱད་མཚར་ཅན་བརྐོས་པ་སྟེ། ལྕམ་སྣ་ལ་སེང་གེ་གདུང་མ་དང་། གཞུའི་ལྡེབས་ལ་རོ་སྒྲུང་དང་། དམངས་ཁྲོད་ཀྱི་གཏམ་རྒྱུད་སྣ་ཚོགས་ཤིང་ལ་བརྐོས་པ་དེང་སང་ཡང་སྣང་ལ། དེའི་རྗེས་རྒྱལ་བོ་རིམ་བྱོན་གྱིས་ལྷ་ཁང་བཞེངས་པ་ལོ་རྒྱུས་དང་ཡིག་ཚང་དག་ན་འབྱུང་བ་ལྟར་དང་། གཞན་ས་སྐྱའི་ལྷ་ཁང་ཆེན་མོ། ཞ་ལུའི་གསེར་ཁང་ཆེན་མོ། དཔལ་འཁོར་ཆོས་སྡེ། གཙུག་ལག་ཁང་བཅས་བཞེངས་ཏེ། བོད་འདིར་ཤིང་བཟོའི་ལག་རྩལ་དར་རྒྱས་ཆེན་པོ་བྱུང་བ་ཀུན་གྱིས་མཁྱེན་གསལ་དང་། དུས་རབས་བཅོ་ལྔ་བའི་ནང་རྗེ་ཐམས་ཅད་མཁྱེན་པའི་སྐུ་དུས་སུ། བོད་ལ་ཤིང་པར་ལག་རྩལ་དར་རྒྱས་བྱུང་བ་དང་། ལྷག་པར་དུ་རྒྱལ་དབང་ལྔ་བའི་སྐུ་རིང་ལ་པོ་ཏ་ལའི་ཕོ་བྲང་དམར་བོ་བཞེངས་སྐབས། བོད་ཀྱི་ཤིང་བཟོའི་ལག་རྩལ་ཆེད་མཁས་པ་མང་བོ་བསྡུས་པའི་ནང་། ཤིང་བཟོའི་དབུ་ཆེན་དོལ་གནས་གསར་བ་འཇམ་དབྱངས་དབང་བོ་དང་། དབུ་ཆུང་རྩེ་ཁ་ཆོས་སྐྱོང་སོགས་མི་བཅུ་གསུམ། ཤིང་བརྐོས་དབུ་ཆེན་རྒྱ་རི་བསྟན་འཕེལ་དང་མི་གཉིས། ཤིང་བརྐོས་ལག་རྩལ་ཨང་དང་བོའི་གྲས་ས་གླང་གྲོང་བ་སོགས་མི་གྲངས་གོ་ལྔ། འབྲིང་རྒྱ་རི་ཙན་དན་སོགས་མི་བཅུ། དཀྱུས་མ་རིན་སྤུངས་ཐང་དཀར་ཚེ་བདག་སོགས་མི་གྱ་དགུ། ཤིང་བཟོ་ཙག་ཙིག་བྱེད་མཁན་པ་སྣམ་མགོན་པོ་སོགས་མི་ཞེ་གསུམ་བཅས་རྩ་འཛུགས་གནང་ཡོད་ལ། ཤིང་བཟོ་དབུ་ཆེན་གྱི་འོས་འགན་ནི། རྡོ་བཟོ་དབུ་ཆེ་ཆུང་དང་མཉམ་འབྲེལ་གྱིས་ས་ཁྲ་བཀོད་རྒྱུ་དང་། ཐིག་ཚད་གཏན་འཁེལ་བྱེད་རྒྱུ། ཤིང་བཟོའི་ལས་ཀར་བཀོད་འདོམས་བྱེད་རྒྱུ་བཅས་ཡིན། དབུ་ཆུང་གིས་དངོས་སུ་ཤིང་བཟོའི་ལག་ལེན་ཡོངས་རྫོགས་ལག་བསྟར་བྱེད་རྒྱུ་དང་། དབུ་ཆེན་ལ་རོགས་རམ་བྱེད་རྒྱུ་དེ་ཡིན། དཀྱུས་མ་རྣམས་ཀྱིས་ཐིག་ཚད་གཏན་འཁེལ་ལྟར་ཤིང་གཅོད་རྒྱུ་དང་། རགས་བཟོ། འབུར་ལེན་རྒྱག་རྒྱུ། ཁོད་སྙོམས་བཟོ་རྒྱུ། ཤིང་བརྐོས་པ་རྣམས་ཀྱིས་ལྷ་བྲིས་པས་ཤོག་དཔར་བྲིས་པ་ལྟར། རི་མོ་བརྐོ་རྒྱུ་བཅས་ཡིན། དེ་ལྟར་སྡེ་སྲིད་སངས་རྒྱམ་གྱི་གསེར་སྡོང་འཛམ་གླིང་རྒྱན་གཅིག་ལས་ཞིབ་པར་འཁོད་ཡོད་དོ། །

ལྡེབས་ཞལ།

བོད་ཀྱི་ཞལ་བའི་ལག་རྩལ་འདི་ཡང་། སྤྱི་ལོ་སྔོན་གྱི་ལོ་ཉིས་བརྒྱའི་སྔོན་ནས་ཚད་མཐོན་པོར་སོན་ཡོད་པར་མངོན་ཏེ། རིག་གསར་གོད་ཆག་མ་བྱུང་བའི་སྔོན་ལ། ཕོ་བྲང་ཡུམ་བུ་བླ་སྒང་གི་ལྡེབས་བྲིས་རི་མོ། ཕྱི་རྒྱལ་གྱི་མིས་པར་བཤུས་ཡོད་པར་གོ་ཐོས་སུ་ཡོད་པ་ལས་གསལ་ལ། དེ་ལོ་ཉིས་སྟོང་ལྷག་ལ་མ་འཇིག་པར་གསལ་བའི་ཁྱད་ཆོས་ལྡན། ཡང་། སྲོང་བཙན་སྐབས་སུ་བཞེངས་པའི་ར་མོ་ཆེ་དང་། དགོན་སྡེ་ཁག་གི་ལྡེབས་རིས་པགས་བཤུས་བྱས་ཚེ། རིམ་པ་གསུམ་མཐོང་རྒྱུ་སྣང་སྟེ། རྩིག་སྟེང་དུ་བྱེ་མ་ཚགས་མ་བརྒྱབ་པའི་བྱེ་ཧྲོབ་དང་ས་དཀྱུས་བསྲེས་ནས་རྩུབ་ལས་བྱས་པ་དང་། དེའི་ཐོག་ཚགས་བརྒྱབ་པའི་ཕྱེ་ཞིབ་དང་ས་དཀར་བསྲེས་ནས་བར་ཞལ་ཏེ། རིམ་པ་གཉིས་པ་བཏང་། དེའི་རྗེས་ས་དཀར་དམར་བསྲེས་པའི་རིམ་པ་གསུམ་པ་བྱས་ཐོག་རྡོ་དཀར་གོང་ངོས་སྙོམས་པོར་དབུར་བརྡར་བྱས་ཏེ་འཇམ་ཤ་དོད་པའི་སྤུས་ཚད་ཧ་ཅང་མཐོ། པོ་ཏ་ལའི་ཕོ་བྲང་དམར་བོ་དང་། དཀར་བོ་ལྡེབས་ཞལ་རྒྱག་དུས། ཞལ་བ་རྒྱག་མཁན་རིམ་པ་གསུམ་ཕྱེས་འདུག རིམ་པ་དང་བོ་དབུ་མཛད་མཁན་རྒྱ་རི་ཙན་དན། བྱིངས་གྲས་ཟ་དམ་བསམ་འགྲུབ་སོགས་མི་དགུ། དཀྱུས་མའི་གྲས་མི་བཅུ་གཉིས་ཡོད། རིམ་པ་དང་བོས་ལྷ་ཁང་དང་གཟིམ་ཆུང་ཁག་གི་ཞལ་རིམ་པ་གསུམ་རྒྱག་པ་དང་། གཞལ་མེད་ཁང་བྱིངས་ལ་བཀོད་འདོམས་བྱེད་དགོས། རིམ་པ་གཉིས་པས་བར་ཞལ་རྒྱག་རྒྱུ་དང་། དབུ་མཛད་ལ་ལས་རོགས་བྱེད་རྒྱུ། རིམ་པ་གསུམ་པས་རྩིག་ཐོག་ལ་རྩུབ་ཞལ་དང་། འདམ་ཆུ་བཟོ་རྒྱུ་སོགས་སྡེ་སྲིད་སངས་རྒྱམ་ཀྱིས་བཀོད་ཡོད་དོ། །

སྤོས་བཟོ།

སྤོས་ནི་སྦྱོར་བྱུང་གི་དྲི་རྫས་ཤིག་སྟེ། མཆོད་རྫས་དང་། གྲིབ་སྦྱངས། འཕྲོད་བསྟེན་སོགས་ལ་མཁོ་བ་ཞིག་ཡིན། སྦྱོར་སྤོས་ཀྱི་མན་ངག་འདི། གསང་སྔགས་བླ་མེད་ཀྱི་རྒྱུད་དུས་འཁོར་དང་། གསང་འདུས་སོགས་ལས་བསྟན་པའི་བཟོ་རིག་གི་གྲུབ་ཆ་ཞིག་ཡིན། སྤོས་སྦྱོར་བྱེད་སྟངས་ལ། དུས་འཁོར་གྱི་རྒྱུད་ལས་བཤད་པའི་ལྔ་སྦྱོར་བཅུ་གཉིས་དང་། དཔལ་གསང་བ་འདུས་པའི་རྒྱུད་ནས་གསུངས་པའི་ཕྱག་ལེན། མགོན་པོ་ཀླུ་སྒྲུབ་ནས་བརྒྱུད་པ་རིན་སྤུངས་པའི་ལྔ་སྦྱོར་བརྒྱད་པ། པཎ་ཆེན་ལུགས་ལ་ལྔ་སྦྱོར་ཚ་སྦྱོར་གཉིས། ཁ་ཆེའི་པཎ་ཆེན་ཤཱཀྱ་ཤྲྀས་ལུགས་ཀྱི་ཉུང་སྦྱོར། ཨ་ཏི་ཤའི་ལུགས་ཀྱི་སྤོས་སྦྱོར་བྱ་ཚུལ། ཟུར་མཁར་སྤོས་སྦྱོར་དང་། རྒྱ་ནག་ལུགས་ཀྱི་སྤོས་སྦྱོར་བྱ་ཚུལ། གཞན་ཡང་། གཏོར་མའི་སྤོས་སྦྱོར་སྣ་ཚོགས། གདོན་བགེགས་འདུལ་བའི་སྤོས་སྦྱོར། ཆོས་སྐྱོང་སོ་སོའི་མཐུན་རྫས་ཀྱི་སྤོས་སྦྱོར་སོགས་མང་ངོ་། །

འདིར་སྤོས་སྦྱོར་སྤྱིའི་ལག་ལེན་ཞིག་བཤད་ན། སྦྱོར་རྫས་ལ། ན་གི་ཙན་དན་ཨ་ཀ་རུ། །ཀ་ར་གླ་རྩི་ལྔ་སྦྱོར་བྱ། །ན་གི་གླ་རྩི་ཛཱ་ཏི་དང་། །ཨ་ག་རུ་ཡིས་བཞི་སྦྱོར་བྱ། །ན་གི་ཀ་ར་གླ་རྩི་དང་། །བ་ལུ་སྤང་སྤོས་གླ་རྩི་སྦྱར། །ཕུར་མོང་བ་ལི་སྨན་སེ་སྦྱར། །སྤུ་ནག་ཏང་ཀུན་བུ་རམ་སྦྱར། །ཤིང་ཚ་ཅི་གང་གླ་རྩི་སྦྱར། །སུག་སྨེལ་གླ་རྩི་བ་རུ་ར། །འདི་སྐད་གང་ཡང་དྲི་མངར་ལྡན། །ཞེས་པ་སོགས་སྦྱོར་རྫས་ཚགས་སུ་ཆུད་པར་བྱས་ནས། དེ་དག་བསྲེས་ཏེ་རྡོ་གཞོང་དུ་འདམ་འཐག་གིས་འདྲེས་ངེས་བྱ། དེ་ནས་ཆང་བཟང་གིས་གར་སླ། ཟན་སླ་ཤོས་ཙམ་དུ་བྱས་ནས་ནམ་ཟླ་དང་བསྟུན་པའི་ཆང་དྲོད་ཀྱིས་ཆང་ཡན་མ་ལོངས་ཙམ་བསྙལ། ཡང་ན། ཤིང་མཁྲེགས་ཀྱི་གཞོང་བ་ལྟ་བུའི་ཁོད་སྙོམས་པོར་ཕྲ་སྦོམ་གང་དགོས་ཀྱི་རེང་བུའི་ལམ་ལྕགས་བསྲེག་གིས་མང་དུ་ཕུག སྤོས་ཟན་ཁོད་སྙོམས་པོར་བཞག སྤོས་ཟན་སྟེང་ནས་གཞོང་བའི་སྟེང་རྒྱ་དང་མཉམ་པའི་པང་ལེབ་ཀྱིས་བཀབ། དེའི་སྟེང་ཀ་བ་བཙུགས་པ་ལ་ཁང་བའི་འཇའ་ཁེབས་ཀྱིས་མནན་པས། སྤོས་མིག་ནས་རེང་བུ་ཐམས་ཅད་དུས་གཅིག་བར་མ་ཆད་པར་པང་ལེབ་ཀྱིས་བསུས་ལ་བླངས། དུས་གཅིག་སྔོན་མ་གཅིག ཐིག་རྒྱུད་དུ་བཞག་པ་ལ་བཅར་ནས་ཐམས་ཅད་བཤིགས་ལ་བསིལ་སྐེམ་བྱེད། དེ་མི་འབྱོར་ན་མར་ཐག་ལྟར་དྲངས་ཏེ། བྲེ་བར་སོར་གང་ལས་མི་སྲབ་པ་ར་རྩེ་ལས་བྱས་པ་ཁ་ནས་ཕྱིར་བཏང་ལ་སྤྲད་པས་འཐེན་ཆོག སྟེང་དུ་ལྡིང་བའི་ཡོ་འཁྱོག་མི་འོང་བའི་ཕྱིར་དར་སྲབ་མོས་ཅུང་བསྡམས་ལ་སྐེམ་མོ། །དེ་ཡང་། ཁ་དོག་དམར་བོ་ཙན་དན་ནམ་ཚ་ལ་སྤངས་པའི་རྒྱ་ཚོས། སེར་བོ་གུར་ཀུམ་སོགས་ཀྱིས་གང་འདོད་སྤྲས་ཆོག་གོ །

ཡང་ཤུག་པའི་སྡོང་རྒན་དང་། ནཱ་གི གུར་ཀུམ། གུ་གུལ། སིཧ་ལ། གླ་རྩི། གུར་གུམ་འདུལ་སྦྱོངས་བྱ་སྟངས། གླ་རྩིས་ཀླུ་ལ་གནོད་པས་དུག་འདོན་སྟངས། བསྲེ་འདུལ་དང་འདམ་འཐག་བྱ་ཚུལ། སྤོས་སྨན་གྱི་ཚད་འཇལ། ཆང་གིས་སྙལ་སྟངས་སོགས་འཇུ་མི་ཕམ་གྱི་བཟོ་རིག་ཉེར་མཁོའི་ཟ་མ་ཏོག་དང་། དེའུ་དམར་གྱི་བཟོ་རིག་ལས་ཚོགས་པྲ་ཕབ་འོད་ཀྱི་སྣང་བརྙན་ལས་ཞིབ་ཏུ་འཁོད་ཡོད་དོ། །

ཡང་། གདོན་སེལ་གྱི་སྤོས་སྦྱོར་ཞིག་ལ། རིག་པ་མཆོག་གི་རྒྱུད་ལས། ལོ་སོ་གཉིས་ལོན་པའི་མར་ཕུལ་བཞི། སྦྲང་ཕུལ་བཞི། བ་ལང་ཀོ་བ་བསྲེག་པ་ཡི། །ཕྱེ་མ་དག་ཀྱང་ཕུལ་བཞི་སྟེ། །སྒོག་སྐྱ་བརྒྱ་དང་ཨ་རུ་སྲང་སུམ་ཅུ། །ཚ་བ་གསུམ་ནི་ཉིས་འགྱུར་སྲང་དྲུག་ཅུ། །ཞིབ་བཏགས་སྨན་མར་བྱས་པའི་མར་དེས་ནི། །མི་ཡི་འཇིག་རྟེན་འདིར་གནས་གདོན་ཀུན་འཇོམས། །ཉེས་གསུམ་ཀུན་དང་ཁྱད་པར་འདུས་གདོན་སེལ། །རྡོ་རྗེ་ལྷ་ཡི་མར་ཞེས་བྱ་བ་སྟེ། །དེའི་མིང་དྲན་ཀྱང་གདོན་གྱིས་གླགས་མི་རྙེད། །ཁོང་དུ་འཐུང་དང་སྣ་རུ་བླུག་གྱུར་ན། །གདོན་ཀུན་ཞི་བྱེད་འཇིགས་བྱེད་གཏོང་བར་བྱེད། །ཅེས་གསུངས་སོ། །

སྤོས་ཕུལ་བའི་ཕན་ཡོན་ནི། ལས་རྣམ་པར་འབྱེད་པའི་མདོ་ལས། སྤོས་ཕུལ་བའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། འཇིག་རྟེན་ན་སྤོས་ལྟ་བུར་འགྱུར་བ་དང་། སྣའི་དབང་བོ་རྣམ་པར་དག་པར་འགྱུར་བ་དང་། ལུས་ཀྱི་དྲི་མི་ཞིམ་པ་རྣམ་པར་དག་པར་འགྱུར་བ་དང་། རྟག་ཏུ་དྲི་ཞིམ་པར་འགྱུར་བ་དང་། གཟུགས་བཟང་བར་འགྱུར་བ་དང་། འཇིག་རྟེན་གྱི་མདུན་དུ་འགྲོ་བར་བྱ་བར་འགྱུར་བ་དང་། སྡུག་པའི་ཆོས་རྣམས་ཐོབ་པར་འགྱུར་བ་དང་། ལོངས་སྤྱོད་ཆེ་བར་འགྱུར་བ་དང་། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་སྤོས་ཕུལ་བའི་ཕན་ཡོན་ནོ། །

ལེའུ་བཅུ་གསུམ་པ། རྒྱུན་སྤྱོད་རི་མོའི་སྐོར།

བཀྲ་ཤིས་རྟགས་བརྒྱད།

བཀྲ་ཤིས་རྟགས་བརྒྱད་ནི་ཚངས་པ་ལ་སོགས་པས་སྟོན་པ་སངས་རྒྱས་ལ་ཕུལ་བ་དང་། སངས་རྒྱས་ཀྱིས་རང་གཞན་གྱི་བསོད་ནམས་གསོག་པའི་སླད་དུ་གཟུགས་བརྙན་གྱི་དམིགས་རྟེན་ཙམ་དུ་བྱས་ནས་ཕུལ་ན་བཀྲ་ཤིས་རྒྱ་མཚོའི་དཔལ་ལ་སྤྱོད་པའི་ཐུགས་སྨོན་གྱིས་ཟིན་པ་སྟེ།

༡ གདུགས་དཀར་གསེར་གྱི་ཡུ་བ་ཅན་དབུ་ལ་ཕུལ་བས་ལུས་ཅན་ཀུན་ཉོན་མོངས་པའི་ཚ་གདུང་ལས་སྐྱོབ་པ་དང་། ༢ གསེར་ཉ་གཡུ་གཤོག་ཅན་སྤྱན་ལ་ཕུལ་བས་ཀུན་ལ་ཤེས་རབ་ཀྱི་མིག་སྦྱིན་པ་དང་། ༣ དྲི་བཟང་པདྨ་ལྗགས་ལ་ཕུལ་བས་པདྨ་འདམ་དང་ཆུ་ལ་སྐྱེས་ཀྱང་འདམ་དང་ཆུ་མི་ཆགས་པ་ལྟར། འཁོར་བར་གནས་ཀྱང་འཁོར་བའི་སྐྱོན་གྱི་མི་གོས་ཤིང་། རྫུན་སྤངས་ཆོས་ཀྱི་བདུད་རྩི་བརྙེས་ནས་ལྗགས་པདྨ་ལྟ་བུ་འཐོབ་ནས་འཆད་རྩོད་རྩོམ་གསུམ་ལ་ཐོགས་པ་མེད་པ་དང་། ༤ བྱང་སེམས་སྐྱེ་བ་ལྔ་བའི་དུང་སེམས་ལ་ཕུལ་བས་བཞི་བཅུའི་ཚེམས་ཕྲེང་མངོན་པར་གསལ་ཞིང་རོ་བྲོ་མཆོག་འཐོབ་པར་མ་ཟད། དུང་གི་ཚེམས་པར་ནས་ཆོས་སྒྲ་ཕྱོགས་བཅུར་སྒྲོགས་པ་དང་། ༥ བུམ་པ་བདུད་རྩིའི་བཀང་ཞིང་དཔག་བསམ་ཤིང་གི་ཁ་རྒྱན་ཅན་མགྲིན་པ་ལ་ཕུལ་བས། བུམ་པ་བཅུད་ཀྱིས་བཀང་བ་ལྟར་རང་རྒྱུད་ཆོས་ཀྱི་བདུད་རྩིས་བཀང་ནས། གདུལ་བྱའི་རྒྱུད་ཚིམ་སྟེ། ལོངས་སྤྱོད་འབད་མེད་དུ་འབྱུང་བ་དང་། ༦ རིན་ཆེན་དཔལ་བེའུ་འཇའ་འོད་ཀྱི་རང་བཞིན་ཐུགས་ལ་ཕུལ་བས་རྣམ་མཁྱེན་ཐོག་མཐའ་མེད་པ་ཟབ་ལ་རྒྱ་ཆེ་བའི་སྟོབས་རང་རྒྱུད་ལ་འཐོབ་པ་དང་། ༧ བསྟན་པ་མི་ནུབ་པའི་རྒྱལ་མཚན་སྐུ་ལ་ཕུལ་བས། ཕས་རྒོལ་དང་མི་མཐུན་ཕྱོགས་ལས་རྒྱལ་ཞིང་། སངས་རྒྱས་ཀྱི་སྐུ་དེ་མི་ཕལ་བ་ལས་སུམ་འགྱུར་གྱིས་འཕགས་པ་འཐོབ་པ་དང་། ༨ ཉོན་མོངས་དྲུངས་འབྱིན་འཁོར་ལོ་ཞབས་ལ་ཕུལ་བས་ཕས་རྒོལ་ཟིལ་གྱིས་གནོན་ཞིང་། ཆོས་འཁོར་བསྐོར་བས། གདུལ་བྱའི་རྒྱུད་འདུལ་བ་སོགས་མདོར་ན་རྟགས་བརྒྱད་ཕུལ་བ་ལ་བརྟེན་ནས། བཀྲ་ཤིས་དཔལ་ལ་སྤྱོད་པར་ཐུགས་སྨོན་གྱིས་ཟིན་པའོ། །

ཡང་ན། གདུགས་དཀར་གྱིས་སངས་རྒྱས་ཀྱི་དབུ་གདུགས་ལྟར་རྒྱས་པ་མཚོན་པ། གསེར་ཉས་ཡེ་ཤེས་ཀྱི་སྤྱན་ལྡན་པ། པདྨས་ཞལ་དཀྱིལ་ཁེབས་པའི་ལྗགས། ཆོས་དུང་གིས་དཔལ་གྱི་མགུལ་བ། དཔལ་བེའུ་ཡིས་ཐུགས་ཀྱི་ཡོན་ཏན། ནོར་བུས་ལྷའི་ཡོན་ཏན། འཁོར་ལོས་འཕྲིན་ལས་ཀྱི་ཡོན་ཏན་མཚོན་བྱེད་སྦྱར་བ་སོགས་རྒྱ་ཆེར་སྤེལ་བའང་ཡོད།

མཚོན་དོན་ལ། བཀྲ་ཤིས་བརྩེགས་མདོ་ལས། ན་མོ་དབུ་ལ་བཀྲ་ཤིས་གདུགས་ལྟར་སྐྱོབས། །སྐུ་ལ་བཀྲ་ཤིས་མི་ནུབ་རྒྱལ་མཚན་མཆོག །གསུང་ལ་བཀྲ་ཤིས་ཆོས་དུང་གཡས་སུ་འཁྱིལ། །ཐུགས་ལ་བཀྲ་ཤིས་དཔལ་གྱི་དཔལ་བེའུ་གསལ། །སྤྱན་ལ་བཀྲ་ཤིས་རིན་ཆེན་གསེར་གྱི་ཉ། །ལྗགས་ལ་བཀྲ་ཤིས་པདྨོ་ལོ་འདབ་རྒྱས། །མགུལ་ལ་བཀྲ་ཤིས་རིན་ཆེན་བུམ་པ་འཁྱིལ། །ཕྱག་ལ་བཀྲ་ཤིས་ཡོན་ཏན་ནོར་བུ་མཆོག །ཞབས་ལ་བཀྲ་ཤིས་འཕྲིན་ལས་འཁོར་ལོ་ལྔ། །བཀྲ་ཤིས་རྫས་བརྒྱད་དངོས་གྲུབ་དམ་པའི་མཆོག །རྫས་མཆོག་བརྒྱད་ཀྱི་བཀྲ་ཤིས་གང་ཡིན་པ། །དེང་འདིར་བདག་ཅག་རྣམས་ལ་བཀྲ་ཤིས་ཕོབ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཅེས་སོ། །ཞིབ་ཏུ་པཎ་ཆེན་ཆོས་ཀྱི་ཉི་མའི་བཀྲ་ཤིས་རྫས་རྟགས་ཀྱི་བཤད་པ་ཁག་གཅིག་ཅེས་པར་གཟིགས་པར་ཞུ།

བཀྲ་ཤིས་རྫས་བརྒྱད།

འདུལ་བ་དང་མདོ་དྲན་ཉེ་སོགས་ལས། བཀྲ་ཤིས་རྫས་བརྒྱད་ཀྱི་དོན་འདི་ལྟར་གསུངས་སྟེ། སྔོན་ལྷ་དང་ལྷ་མིན་འཐབ་པའི་ཚེ་ན། བཀྲ་ཤིས་ཀྱི་ལྷ་མོ་རྣམས་ཀྱིས་ལྷའི་དབང་བོར་ཕུལ་བས། བཀྲ་ཤིས་པ་བྱུང་ཞིང་། དེ་བཞིན་སྟོན་པ་ལ་ཕུལ་བས་ཀྱང་། རང་གཞན་ཀུན་ལ་བཀྲ་ཤིས་ཀྱི་མཚན་མ་བྱུང་བས། སྟོན་པས་གདུལ་བྱ་རྣམས་ལ་ཡང་། བཀྲ་ཤིས་ཀྱི་རྫས་སུ་བྱིན་གྱིས་བརླབས། མདོར་ན། བཀྲ་ཤིས་ཆེན་པོའི་མདོ་ལས། སྔར་བྱས་པ་ཡི་བསོད་ནམས་ཀྱིས། །མཐུན་པའི་ཡུལ་དུ་གནས་པ་དང་། །བདག་ཉིད་མཆོག་གིས་སྨོན་ལམ་བྱ། །འདི་ནི་མཆོག་གི་བཀྲ་ཤིས་སོ། །ཞེས་དང་། མཚན་བརྗོད་ལས། ཆོས་ཤིས་བཀྲ་ཤིས་བཀྲ་ཤིས་འབྱུང་། །བཀྲ་ཤིས་ཀུན་གྱིས་བཀྲ་ཤིས་པ། །གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ ། ཞེས་པ་ལྟར།

དང་བོ་མེ་ལོང་ནི། གཟུགས་ཀྱི་ལྷ་མོ་འོད་འཆང་མའི་སྟོན་པ་ལ་མེ་ལོང་ཕུལ་བས། བཅོམ་ལྡན་འདས་ཀྱིས་དེ་སྒྲིབ་གཉིས་བྲལ་ཞིང་། རྣམ་དག་ཆོས་ལ་ལོངས་སྤྱོད་པའི་བཀྲ་ཤིས་ཀྱི་རྫས་སུ་བྱིན་གྱིས་བརླབས་པ་དང་། གཉིས་པ་གི་ཝང་ནི། གླང་བོ་ཆེ་ནོར་སྐྱོང་གིས་སྟོན་པ་གི་ཝང་ཕུལ་བས། ཉོན་མོངས་པའི་ནད་སེལ་བར་དང་། གསུམ་པ་ཞོ་ནི། ཁྱིམ་བདག་བཟང་སྐྱོང་དང་། ཡང་ན། ཞིང་བའི་བུ་མོ་ལེགས་སྐྱེས་མས་ཞོ་ཕུལ་བས། དུག་གསུམ་ཞི་ཞིང་སྙིང་བོ་རྣམ་དག་མཆོག་རྟོགས་པར་འགྱུར་བ་དང་། བཞི་བ་རྩྭ་དུར་བ་ནི། བྲམ་ཟེ་ཀུན་རྡ་ལི་དང་། རྩྭ་འཚོང་གི་ཁྱེའུ་བཀྲ་ཤིས་ཀྱིས་རྩྭ་དུརྦ་ཕུལ་བས། སྐྱེ་འཆི་རྒས་རྒུད་མེད་པའི་སྐུ་འཐོབ་པ་དང་། ལྔ་བ་ཤིང་བིལ་བ་ནི། ཤིང་གི་ལྷ་མོ་འམ་ཚངས་པས་ཤིང་བུལ་བ་ཕུལ་བས། རྟེན་འབྲེལ་བཅུ་གཉིས་ལུགས་ལྡོག་ཏུ་དག་ནས། མྱང་འདས་སངས་རྒྱས་ཀྱི་གོ་འཕང་མངོན་དུ་གྱུར་བ་དང་། དྲུག་པ་དུང་དཀར་ནི། ལྷའི་དབང་བོ་བརྒྱ་བྱིན་གྱིས་དུང་དཀར་གཡས་འཁྱིལ་ཕུལ་བས། ཐེག་གསུམ་ཆོས་འཁོར་མ་ནོར་བར་སྒྲོགས་ནུས་པ་དང་། བདུན་པ་ལི་ཁྲི་ནི། སའི་ལྷ་མོ་བརྟན་མ་འམ་བྲམ་ཟེ་སྐར་རྒྱལ་གྱིས་ལི་ཁྲི་ཕུལ་བས། ཁམས་གསུམ་དབང་དུ་བསྡུས་ཏེ། ཆོས་ཀྱི་རྒྱལ་སྲིད་ཆེན་པོ་ལ་དབང་བསྒྱུར་བ་དང་། བརྒྱད་པ་ཡུངས་དཀར་ནི། ཕྱག་ན་རྡོ་རྗེས་ཡུངས་དཀར་ཕུལ་བས། བདུད་བགེགས་འཇོམས་ཤིང་གཡུལ་ལས་རྒྱལ་བའི་མཐུ་སྟོབས་ཕུན་སུམ་ཚོགས་པ་མཚོན་པ་ཡིན།

མདོར་ན། མི་མཐུན་མཐའ་དག་ཞི་ཞིང་། ལས་བཞི་འགྲུབ་པའི་བཀྲ་ཤིས་རྟེན་འབྲེལ་གྱི་རྫས་མཆོག་བརྒྱད་ཅེས་རི་མོ་བཀོད་དེ་བཤམས་སྲོལ་ཡོད་དོ། །

རྒྱལ་སྲིད་སྣ་བདུན།

རྒྱལ་སྲིད་སྣ་བདུན་ནི། འཇིག་རྟེན་གྱི་ཁམས་འདིར་འཁོར་བསྒྱུར་བྱོན་པའི་ཚེ། ནང་གི་བསོད་ནམས་ཀྱི་མཐུ་སྟོབས་ལས་འབྱུང་ཞིང་། དེ་ལ་བརྟེན་ནས་རྒྱལ་ཕྲན་གཞན་རྣམས་མངའ་ཁོངས་སུ་སྡུད་ནུས་པས། རྒྱལ་སྲིད་སྣ་བདུན་ཞེས་བྱ་ལ། དང་བོ་འཁོར་ལོ་རིན་པོ་ཆེ་ནི། འཛམ་བུ་ཆུ་བོའི་གསེར་ལས་ལེགས་བྱས་ཤིང་། །རྩིབས་སྟོང་ལྡན་པའི་དཔག་ཚད་ལྔ་བརྒྱ་བ། །ཉི་མ་གཉིས་པ་ལྟ་བུར་མཁར་འཕགས་ཏེ། །དཔག་ཚད་འབུམ་ལམ་ཉི་མ་གཅིག་གིས་གཅོད། །དེའི་མཐུས་ནམ་མཁའི་ལམ་ནས་དཔུང་ཚོགས་བཞི། །གླིང་བཞི་ལྷ་གནས་དང་བོར་བགྲོད་བྱེད་པའི། །འཁོར་ལོ་རིན་ཆེན་ཕུལ་བས་འགྲོ་བ་ཀུན། །ཆོས་ཀྱི་སྲིད་ལ་དབང་བསྒྱུར་འཐོབ་པར་ཤོག །ཅེས་གསུངས་པ་ལྟར། །འཁོར་སྒྱུར་གྱི་རྒྱལ་བོའི་བསོད་ནམས་ཀྱི་སྟོབས་ལས་གྲུབ་པའི་གསེར་གྱི་རྩིབས་མ་སྟོང་ལྡན། རྒྱ་དཔག་ཚད་ལྔ་བརྒྱ་ཡོད་པ། ནམ་མཁར་འཕགས་ཚེ། སྡང་དགྲ་ཀུན་ལས་རྒྱལ་ཞིང་། ཐམས་ཅད་དབང་དུ་བསྡུ་བར་གྲགས་པས། བགྲོད་བྱེད་དང་མཚོན་ཆ་གཅིག་ཡིན་ནོ། །

གཉིས་པ་ནོར་བུ་རིན་པོ་ཆེ་ནི། རིན་ཆེན་བཻཌཱུརྱ་ཡི་ཟུར་བརྒྱད་ལས། །སྤྲོས་པའི་འོད་ཀྱིས་དཔག་ཚད་བརྒྱ་ཡི་བར། །མཚན་མོ་འང་ཉིན་མོ་བཞིན་དུ་སྣང་བྱེད་ཅིང་། །ཚ་བས་བདུངས་ཚེ་འོད་ཀྱིས་བསིལ་བ་སྟེར། །དེར་ནི་དུས་མིན་འཆི་དང་ནད་རྣམས་སེལ། །ཡིད་ལ་གང་བསམ་ཕལ་ཆེར་འབྱུང་འགྱུར་བའི། །ནོར་བུ་རིན་ཆེན་ཕུལ་བས་འགྲོ་ཀུན་གྱི། །ཆོས་ལྡན་རེ་བ་ཡིད་བཞིན་འགྲུབ་པར་ཤོག །ཅེས་གསུངས་པ་ལྟར། བཻཌཱུརྱ་ལས་གྲུབ་པའི་ནོར་བུ་རིན་པོ་ཆེ་མཐོན་མཐིང་དྲི་མེད་འོད་ཀྱིས་དཔག་ཚད་བརྒྱད་ཅུ་སྣང་བར་བྱེད་ནུས་ཤིང་། གླིང་བཞིའི་འགྲོ་བ་དབུལ་ཕོངས་སེལ་ཞིང་། ནད་དང་དུས་མིན་འཆི་བ་སོགས་མི་འབྱུང་ལ། གང་བསམ་ཡིད་བཞིན་དུ་འགྲུབ་པ་ཞིག་གོ །

གསུམ་པ་བཙུན་མོ་རིན་ཆེན་ནི། ཡིད་འོང་ལྟ་ན་སྡུག་པའི་བུད་མེད་ནི། །ལུས་དང་ཁ་ནས་དྲི་ཞིམ་རབ་ཏུ་འབྱུང་། །གང་གིས་རེག་ན་བདེ་བའི་མཆོག་སྟེར་ཞིང་། །གླིང་དེར་བཀྲེས་སྐོམ་མྱ་ངན་སེལ་བར་བྱེད། །བུད་མེད་སྐྱོན་ལྔ་སྤངས་ཤིང་ཡོན་ཏན་ནི། །རྣམ་པ་བརྒྱད་དང་རབ་ཏུ་ལྡན་གྱུར་བའི། །བཙུན་མོ་རིན་ཆེན་ཕུལ་བའི་འགྲོ་བ་ཀུན། །ཟག་མེད་བདེ་བ་ཆེ་ལ་སྤྱོད་པར་ཤོག །ཅེས་གསུངས་པ་ལྟར། རྒྱལ་རིགས་སུ་སྐྱེས་པའི་བུད་མེད་གཟུགས་ལང་ཚོ་ལྟ་ན་སྡུག་ཅིང་། རིག་པ་དྭངས་ལ་ངག་འཇམ་པ། ཁ་ནས་ཨུཏྤལ་གྱི་དྲི་འཐུལ་བ། བུད་མེད་ཀྱི་སྐྱོན་སྤངས་ཤིང་ཡོན་ཏན་བརྒྱད་དང་ལྡན་པ། སྒྱུ་རྩལ་ལ་མཁས་ཞིང་། མཐོང་བ་ཙམ་གྱིས་ཡིད་འཕྲོག་པར་བྱེད་པའོ། །

བཞི་བ་བློན་པོ་རིན་ཆེན་ནི། གཞན་ལ་མི་འཚེ་ཆོས་མ་ཡིན་པ་སྤངས། །ཡང་དག་ཐ་སྙད་ལས་ལ་སྐྱོ་བ་མེད། །ས་ཡི་བདག་པོའི་ཡིད་ལ་བསམ་པ་རྣམས། །མ་སྨྲས་པར་ཡང་ཤེས་ནས་སྒྲུབ་པར་བྱེད། །དཔུང་རྣམས་འགྲོ་དང་གནས་དང་ལྡོག་པ་ཡིས། །བྱ་བ་ཀུན་ལ་རབ་ཏུ་མཁས་གྱུར་བའི། །བློན་པོ་རིན་ཆེན་ཕུལ་བས་འགྲོ་བ་ཀུན། །རྒྱལ་བའི་དགོངས་པ་ཇི་བཞིན་སྐོང་བར་ཤོག །ཅེས་གསུངས་པ་ལྟར། བློན་པོ་རིན་ཆེན་ནི། ལོངས་སྤྱོད་ཀྱི་འབྱོར་བ་ཕུན་སུམ་ཚོགས་པ། གཞན་ལ་མི་འཚེ་ཞིང་། ཆོས་བཞིན་སྤྱོད་ལ། འཁོར་བསྒྱུར་གྱིས་ཇི་ལྟར་བགོ་བ་བཞིན། སྐད་ཅིག་ལ་སྒྲུབ་ནུས་ཤིང་། གཏོང་ཕོད་ཆེ་ལ། དམག་དཔུང་གི་ཁ་ལོར་བསྒྱུར་བ་ལ་མཁས་པ་ཞིག་གོ།

ལྔ་བ་གླང་བོ་རིན་ཆེན་ནི། ཡན་ལག་བརྒྱད་ལྡན་གངས་ཀྱི་རི་བོ་འདྲ། །རང་བཞིན་གླང་བོ་སྟོང་གི་སྟོབས་དང་ལྡན། །ཉི་མ་གཅིག་ལ་འཛམ་གླིང་ལན་གསུམ་བསྐོར། །ཅང་ཤེས་སྐུད་པ་ཡིས་ཀྱང་དཀྲི་བར་ནུས། །གཞན་ལ་མི་གནོད་མི་འཁྲུག་དལ་གྱིས་འགྲོ། །ཕ་རོལ་སྡེ་ལས་རྒྱལ་བར་བྱེད་པ་ཡི། །གླང་བོ་རིན་ཆེན་ཕུལ་བས་འགྲོ་བ་ཀུན། །ཐེག་པ་མཆོག་གི་བཞོན་པས་བགྲོད་པར་ཤོག །ཅེས་གསུངས་པ་ལྟར། གླང་ཆེན་ཐད་ཀར་མཆེ་བ་དྲུག་དང་ལྡན་པ། སྤྱི་གཙུག་དམར་ཞིང་དཔང་མཐོ་བ། གླང་བོ་སྟོང་གི་སྟོབས་མངའ་བ། གཡུལ་ལས་རྒྱལ་ཞིང་ཤིན་ཏུ་མགྱོགས་པ་ཞིག་གོ །

དྲུག་པ་རྟ་མཆོག་རིན་ཆེན་ནི། མེ་ཏོག་ཀུ་མུད་ད་བཞིན་རབ་ཏུ་དཀར། །ལྷ་ཡི་གཙུག་རྒྱན་ནོར་བུ་སོགས་ཀྱིས་བརྒྱན། །མདོག་དང་དབྱིབས་དང་བོངས་ཚོད་ཕུན་སུམ་ཚོགས། །བསྒོ་ན་ཉིན་གཅིག་འཛམ་གླིང་ལན་གསུམ་བསྐོར། །ལུས་ལ་ནད་མེད་གཟི་བརྗིད་ཆེན་པོ་ཅན། །ཡོངས་སུ་ངལ་བ་མེད་པའི་བཞོན་པ་ནི། །རྟ་མཆོག་རིན་ཆེན་ཕུལ་བས་འགྲོ་བ་ཀུན། །རྫུ་འཕྲུལ་མཆོག་གི་ཤུགས་དང་ལྡན་པར་ཤོག །ཅེས་གསུངས་པ་ལྟར། རྟ་མཆོག་རིན་ཆེན་ནི། མདོག་སྔོ་ལ་སྤུ་སྡུག་རྨ་བྱའི་མགྲིན་འདྲ་བ། ནད་མེད་འཚེར་སྐད་ཀྱིས་འཛམ་གླིང་ཁྱབ་པ། བདག་པོའི་ཐུགས་ལ་གང་ཤར་རྟོགས་པ། ཉིན་གཅིག་ལ་འཛམ་གླིང་བསྐོར་ནུས་པ་ཞིག་གོ །

བདུན་པ་ཁྱིམ་བདག་རིན་ཆེན་ནི། རྡོ་རྗེ་རིན་ཆེན་མཐོན་ཀ་མརྒད་དང་། །གསེར་དང་དངུལ་དང་སྦུག་ལ་སོགས་པ་ནི། །ཟད་པ་མེད་པས་ས་ཕྱོགས་རབ་འགེངས་པ། །དེ་ཡི་འབྱོར་བ་ཤིན་ཏུ་བརྟན་པ་སྟེ། །གཡོ་དང་སྒྱུ་མེད་གཞན་ལ་གནོད་པ་མེད། །སྐྱེ་བོ་ཐམས་ཅད་རབ་ཏུ་དགའ་འགྱུར་བའི། །ཁྱིམ་བདག་རིན་ཆེན་ཕུལ་བས་འགྲོ་བ་ཀུན། །གསུང་རབ་རིན་ཆེན་མཛོད་ཀུན་འཛིན་པར་ཤོག །གསུངས་པ་ལྟར། གསེར་དངུལ་སོགས་རིན་ཆེན་ཟད་མཐའ་མེད་ཅིང། གཡོ་སྒྱུ་བྲལ་ཞིང་། གཞན་ལ་འཚེ་བ་མེད་པ། སྐྱེ་བོ་ཀུན་དེ་ལ་དགའ་བར་འགྱུར་བ་ཞིག་གོ །

གོང་གསལ་རྒྱལ་སྲིད་སྣ་བདུན་འདི་མཆོད་རྫས་ཕུན་སུམ་ཚོགས་པ་ཞིག་ཡིན་པར་མ་ཟད། རྒྱུན་སྤྱོད་ཀྱི་ཅ་ལག་སྣ་ཚོགས་དང་། ཐང་ག མཆོད་སྒྲོམ་སོགས་སུ་འང་འབྲིའོ། །

མཚོན་དོན་ནི། འཁོར་ལོས་བརྩོན་འགྲུས་ཅན་རྣམས་མཁས་པའི་གོ་འཕང་བསྟོད་པ། ནོར་བུས་ཤེས་བྱའི་ཕོངས་པའི་སྐྱེ་བོ་ཡོན་ཏན་གྱི་ལོངས་སྤྱོད་སྩོལ་བ། བློན་པོས་རྒྱལ་སྲིད་འཛིན་པ། གླང་བོས་ཤེས་བྱའི་བང་མཛོད་སྲུང་བའི་གཉེན་པོ། ཁྱིམ་བདག་གིས་ཉམ་ཐག་ལ་ཡོན་ཏན་གྱི་གཏེར་སྦྱིན་པ། རྟ་མཆོག་གིས་ཤེས་བྱར་བརྩོན་འགྲུས་དབང་སྒྱུར་ལྷོད་མེད་དུ་སྐུལ་བ། བཙུན་མོས་དུག་གསུམ་གྱི་རྟིང་མནོན་ལ་ཐབས་ཤེས་ཟུང་དུ་སྦྲེལ་དགོས་པ་མཚོན་ནོ། །དེ་དག་མཆོད་པའི་དགོས་པ་ཡང་དངོས་གྲུབ་ཅི་འདོད་དུ་སྩོལ་བ་ཡིན་ཏེ། ཞིང་འདི་རིན་ཆེན་སྣ་བདུན་གྱི། །མཁས་པ་དག་གིས་ཡོངས་བཀང་སྟེ། །དངོས་གྲུབ་འདོད་པ་སྦྱིན་པའི་ཕྱིར། །ཉིན་རེར་ཤེས་རབ་ཅན་གྱིས་དབུལ། །ཞེས་གསུངས་སོ། །

རིན་ཆེན་སྣ་བདུན། །

རིན་ཆེན་སྣ་བདུན་ནི། མངོན་བྱུང་གི་མདོ་ལས། འོད་ཟེར་གྱིས་སྔོ་རལ་གྲི་པགས་པ་འཇམ། །དགའ་བའི་ནགས་ཚལ་གོས་ནི་ཡིད་རྗེས་འགྲོ། །མཐུ་ལྡན་མཆིལ་ལྷམ་ཁང་ཁྱིམ་གཞལ་དུ་མེད། །རེག་འཇམ་གཟིམས་ཆས་ལ་གོས་རྣམ་པ་བདུན། །ཞེས་པ་ལྟར།

དང་བོ་རལ་གྲི་རིན་ཆེན་ནི། ཡུ་བ་གསེར་གྱི་པ་ཏྲ་ལ་རིན་ཆེན་ཕྲ་ཚོམ་གྱིས་མཛེས་ཤིང་། འོད་སྔོན་པོ་འཕྲོ་བ། འཁོར་བསྒྱུར་གྱིས་ཕ་རོལ་གྱི་རྒོལ་བ་བྱུང་ཚེ། རལ་གྲི་དེ་འཕྱར་བ་ན། བཏབ་པ་མེད་ཀྱང་ཐམས་ཅད་དབང་དུ་འདུ་བར་བཤད་པ་དང་།

གཉིས་པ་པགས་པ་རིན་ཆེན་ནི། རྒྱ་མཚོ་ན་གནས་པའི་ཀླུ་ཆེན་པོ་ཞིག་གི་པགས་པ་སྟེ། ཡངས་ཤིང་འཇམ་ལ་གསེར་གྱི་སྤུ་རིས་ཅན། ཞེང་དུ་དཔག་ཚད་ལྔ། སྲིད་དུ་བཅུ་ཡོད་པ།  ཆར་གྱིས་མི་རློན་པ། རླུང་གིས་མི་བསྐྱོད། མེས་མི་ཚིགགྲང་དུས་དྲོ་ཞིང་ཚ་དུས་བསིལ་བ། གྱོན་པས་ལུས་ལ་བདེ་ཞིང་འོད་འཕྲོ་བ། འཁོར་སྒྱུར་གང་ལ་གཤེགས་པ་དེར་བློན་པོ་རིན་ཆེན་གྱིས་འཁྱེར་བ་ཞིག་གོ །

གསུམ་པ་མལ་ཆ་རིན་ཆེན་ནི། མནན་ན་ནེམ་ཞིང་བཏེགས་ན་འཕར་བ། འཇམ་ཞིང་མཛེས་པ། གཟིམས་ཁྲིའི་སྟེང་དུ་དར་འབོལ་ལྔས་བཟང་བོ་དང་། ཉལ་གཟན། དེར་བཞུགས་པས་བསམ་གཏན་དང་ཤེས་རབ་འཐོབ་པ། ཉོན་མོངས་པ་ཞི་བར་བྱེད་པ་ཞིག་གོ །

བཞི་བ་ཚལ་རིན་ཆེན་ནི། སྐྱེད་མོས་ཚལ་འབྲས་ལྡན་ལྗོན་པ་དང་མེ་ཏོག་སྣ་ཚོགས་ཀྱིས་སྤུད་པ། བྱ་དང་རི་དྭགས་རྩེན་པ། ལུ་མ་དང་ཁྲུས་ཀྱི་རྫིང་བུ། ལྟེང་ཀ་སོགས་གང་ལ་གང་འཚམ་གྱིས་འཁྱིལ་བ། ལྷའི་བུ་མོ་རྩེད་འཇོར་རོལ་བས་རྒྱལ་བོ་མགུ་བར་འགྱུར་བ། སྒྲ་སྙན་སོགས་བར་མེད་འཇོ་བ། དེར་གནས་པས་དགེ་བའི་ལས་འཕེལ་བ་ཞིག་གོ །

ལྔ་བ་ཁྱིམ་རིན་ཆེན་ནི། འཁོར་སྒྱུར་གནས་པའི་ཁྱིམ་སྟེ། རིན་པོ་ཆེ་བཀོད་ལེགས་རྟ་བབས། སྣམ་བུ་སོགས་ཀྱིས་བརྒྱན་ཅིང་། ཕྱི་གསལ་ནང་གསལ་དུ་ཡོད་པ། དགུན་དྲོ་ལ་དབྱར་བསིལ་བ་ལྡང་བ། དེར་དགའ་བདེ་ངང་གིས་འཕེལ་བ་ཞིག་གོ །

དྲུག་པ་གཟིམ་ཆ་རིན་ཆེན་ནི། རེག་ན་བདེ་བ་ལྡན་པ་སོགས་ཀྱི་ཡོན་ཏན་ལྡན་པ་ཞིག་གོ །

བདུན་པ་ལྷམ་རིན་ཆེན་ནི། འཁོར་སྒྱུར་གྱི་ལྷམ་ཁྱད་པར་བ་ཞིག་སྟེ། གོས་སྐུད་དང་པ་ཏྲ་ཕྲ་ཚོམ་གྱིས་སྤྲས་པ། ཆུར་མི་བྱིང་ལ། མྱུར་དུ་བགྲོད་ནུས་ཤིང་། མི་ངལ་བ་ཞིག་གོ །རྒྱས་པར་ཤེས་འདོད་ན་ག་ཡ་འོད་སྲུངས་སེལ་དང་གླག་ཆོས་འགྲུབ་ཀྱིས་མཛད་པའི་བདེ་སྨོན་འགྲེལ་བ། ཀེའུ་ཚང་འཇམ་དབྱངས་སྨོན་ལམ་གྱིས་མཛད་པའི་སྦྱོར་ཆོས་ཟིན་བྲིས་སོགས་ན་གསལ་ལོ། །

ནོར་བུ་ཆ་བདུན།

ནོར་བུ་ཆ་བདུན་ནི། རྒྱལ་བའི་རྣ་ཆ། བཙུན་མོའི་རྣ་ཆ། བསེ་རུའི་རྣ་ཆ། བྱུ་རུའི་སྡོང་བོ། གླང་ཆེན་མཆེ་བ། བློན་པོའི་རྣ་ཆ། ནོར་བུ་མིག་གསུམ་པ་དང་བདུན་ནོ། །དེ་ཡང་། གོང་དུ་ལྷའི་ནོར་བུ་འབར་བ། གཡས་སུ་མིའི་ནོར་བུ་མིག་གསུམ། གཡོན་དུ་ཀླུའི་ནོར་བུ་མིག་གཅིག་གསུམ་དགའ་འཁྱིལ་ལམ་བརྩེགས་མར་མཛེས་ཆོས་སུ་བཀོད་པའོ། །ཁ་དོག་གི་ཆ་ལ་ནོར་བུ་ཀུན་གྱི་མཆོག ལྷའི་ནོར་བུ་བཻཌཱུརྱའི་མདོག་ཏུ་བཤད་ཀྱང་། མཛེས་ཆོས་ཀྱིས་ཚོན་སྡེབ་སྣ་ཚོགས་འབྱུང་ངོ་། །དེ་དག་རིན་ཆེན་ཡིན་པས་ཆ་ནས། རྒྱུ་དང་ཁ་དོག་ཕུན་སུམ་ཚོགས་པས། ཕན་ནུས་ཆེན་པོ་འབྱུང་ལ། རི་མོ་ལ་ཡང་འབྲིའོ། །

ཕན་ནུས་ནི། རི་མོ་འདི་བྲིས་པ་ལ་བརྟེན་ནས། ཅི་བསམ་ཡིད་བཞིན་དུ་འགྲུབ་པའི་རྟེན་འབྲེལ་དང་། ཁྱད་པར་དུ་དཔལ་འབྱོར་གྱི་འཕེལ་ཁ་དར་བའི་ཕན་ཡོན་ཡོད་དོ། །

མཆོད་པ་རྣམ་ལྔ།

འཛམ་བུ་གླིང་འདིར་རང་བྱུང་གིས་གྲུབ་ཞིང། མཆོད་པའི་རྫས་བསམ་གྱིས་མི་ཁྱབ་པ་ཡོད་ཀྱང་། ཡོངས་གྲགས་མཆོད་པ་རྣམ་ལྔ་ནི། ཤར་ཉི་ཟླའི་མར་མེ། ལྷོར་ཙན་དན་གྱི་བདུག་སྤོས། ནུབ་གངས་རིའི་ཞལ་ཟས། བྱང་ཁ་འབབ་ཀྱི་དྲི་ཆབ། འོག་གཞི་གསེར་གྱི་མེ་ཏོག བར་སྣང་འབྲུག་སྒྲའི་རོལ་མོ། མཐའ་འཁོར་དུ་རྒྱ་མཚོའི་མཆོད་ཡོན་ནོ། །ཡང་དབུ་ལ་མེ་ཏོག་གི་མཆོད་པ། ཤངས་ལ་དྲི་ཞིམ་བདུག་སྤོས་ཀྱི་མཆོད་པ། སྤྱན་ལ་སྣང་གསལ་སྒྲོན་མེའི་མཆོད་པ། སྐུ་ལུས་ལ་དྲི་ཞིམ་ཆབ་ཞུགས་ཀྱི་མཆོད་པ། ཞལ་ལ་རོ་བརྒྱ་ཟས་ཀྱི་མཆོད་པ་ལའང་མཆོད་པ་རྣམ་ལྔར་གྲགས་ཀྱང་། སྐབས་འདི་དང་འཁྲུལ་བར་མི་བྱའོ། །

ཕན་ནུས་ནི། མཆོད་པ་རྣམ་ལྔ་འདི་རང་གི་འབད་རྩོལ་ལ་མ་བརྟེན་པར་རང་བྱུང་གྲུབ་པ་ཡིན་པས། ཚེགས་ཆུང་དགེ་སྒྲུབ་གྱི་མཆོད་པ་དམ་པ་ཞིག་ཡིན་ལ། འདི་ཕུལ་བ་ལ་བརྟེན་ནས། ས་ལམ་གྱི་རྟོགས་པ་མཐར་ཕྱིན་ནས་རྫོགས་བྱང་དུ་བསྙེགས་པའི་ཕན་ཡོན་ཡོད་དོ། །

འདོད་ཡོན་རྣམ་ལྔ།

༡འདོད་ཡོན་རྣམ་ལྔའི་སྒྲ་བཤད། འདོད་ཡོན་གྱི་སྐད་དོད་ལ། ལེགས་སྦྱར་སྐད་དུ་ཀཱ་མ་གུ་ཎ་ཞེས་པ་སྟེ། ཡུལ་དེ་དག་ལ་འཕྲད་པའི་ཚེ། ཡིད་འདྲེན་པ་དང་། མྱོང་ཚེ་དབང་བོ་ཚིམ་པ། སྤྱད་ཚེ་ལུས་སེམས་བརྟས་པར་བྱེད་པའི་འདོད་ཡོན་ནམ། ཡང་ན། ཁམས་གོང་མ་གཉིས་ལ་མེད་ཅིང་འདོད་ཁམས་ན་ཡོད་པ་དང་། ཡིད་འོང་གི་ཡོན་ཏན་ཅན་ཡིན་པས་འདོད་ཡོན་ལྔ་སྟེ། གཟུགས་མེ་ལོང་། སྒྲ་པི་ཝང་། དྲི་གདུག་སྤོས། རོ་ལྷ་བཤོས། རེག་བྱ་དར་དཀར་རོ། །

༢ འདོད་ཡོན་ལྔ་ཇི་ལྟར་དར་ཚུལ་ནི། ཐུབ་དབང་སྟོན་པ་བཅོམ་ལྡན་འདས་ཀྱིས་མདོ་སྡེ་ཟབ་མོ་ཕྱི་ནང་གསང་བའི་མཆོད་པའི་གྲས་ཀྱི་ཕྱིའི་མཆོད་རྫས་ཀྱི་གཙོ་བོར་གཟུགས་རྡོ་རྗེ་མ་ལ་སོགས་པ། མཆོད་ལྷའི་ཕྱག་མཚན་དུ་བཀོད་པ་སོགས་སྔགས་ཆོག་དང་། མདོ་ལུགས་ཀྱི་ཆོ་ག་རྣམས་སུ། འདོད་ཡོན་ལྔའི་ཡོན་ཏན། འབུལ་ཚིག མཆོད་སྔགས་བཅས་རྒྱ་ཆེར་གསུངས་པ་བཞིན། བྱིན་རླབས་དང་ཕན་ནུས་ཧ་ཅང་ཆེ། འདི་ཉིད་བཞེངས་ཡུལ་ནི། གཙུག་ལག་ཁང་དང་། ཀུན་དགའ་ར་བ། རྒྱལ་བོའི་མཛོད། ཕལ་བའི་ཁང་ཁྱིམ་གྱི་ལྡེབས་རིས། གཡང་སྒམ་དང་གཡང་བུམ་སོགས་སུ་འབྲི་སྲོལ་ཡོད། ཡང་ན། གསེར་དངུལ་སོགས་རིན་ཆེན་གྱིས་བརྡུང་བ། ཤིང་དང་རྡོ་ལ་འབུར་བརྐོས། དར་གོས་སྟེང་ཚེམ་དྲུབ། གཏོར་རྒྱན་སོགས་སུ་བཞེངས་ཏེ་སྒྲིག་བཤམས་བྱེད་སྲོལ་ཡོད།

༣ འདོད་ཡོན་རྣམ་ལྔའི་མཚོན་བྱེད། མིག་ཤེས་ཀྱི་གཟུང་བྱར་གྱུར་བའི་ཡིད་དུ་འོང་བ་མཚོན་པའི་ཕྱིར་དུ་མེ་ལོང་། རྣ་དབང་ལ་བདེ་བ་སྟེར་བའི་སྒྲ་སྙན་མཚོན་ཕྱིར་པི་ཝང་། སྣ་དབང་སིམ་པར་བྱེད་པའི་དྲི་ཞིམ་མཚོན་བྱེད་དྲི་ཡི་དུང་ཆོས། ལྕེ་དབང་ཚིམ་བྱེད་རོ་བཅུད་གཉིས་ལྡན་གྱི་ཤིང་འབྲས། ལུས་དབང་ཚིམ་པར་བྱེད་པའི་འཇམ་གཉེན་འཁྲིལ་ཆགས་ཀྱི་རེག་བྱ་མཚོན་ཕྱིར་ལྷ་རྫས་ཀྱི་དར་དཔྱངས་བཅས་སོ། །ཡང་། རྒྱས་པར་སྤྲོས་ན། ཡུལ་དེ་དག་ལ། གཟུགས་ལ་དབྱིབས་དང་ཁ་དོག་གི་དབྱེ་བས་ཉི་ཤུ། སྒྲ་ལ་ཟིན་མ་ཟིན་དང་། སེམས་ཅན་དུ་སྟོན་མི་སྟོན་སོགས་བརྒྱད། དྲི་ལ་ཞིམ་མི་ཞིམ་སོགས་བཞི། རོ་ལ་མངར་སྐྱུར་ལན་ཚྭ་སོགས་དྲུག རེག་བྱ་ལ་འབྱུང་བ་དང་འབྱུང་འགྱུར་རྒྱུ་འབྲས་ཀྱི་རེག་བྱ་འཇམ་རྩུབ་སོགས་བཅུ་གཅིག་སོགས་ཀྱང་ཡོད་དོ། །

ཕན་ཡོན་ནི། འདོད་ཡོན་ལྔ་འདི་ཡུལ་ཕྱོགས་དང་གནས་ཁང་དུ་བྲིས་ན་བཀྲ་ཤིས་པར་བྱེད་པའི་དགེ་ལེགས་ཀྱི་རི་མོའི་གྲས་སུ་གཏོགས་པས། འདོད་ཡོན་ལོངས་སྤྱོད་འཛད་མེད་འཕེལ་བའི་རྟེན་འབྲེལ་ཡོད་དོ། །

༤ འདོད་ཡོན་རྣམ་ལྔ་འབུལ་སྟངས། ཁ་དོག་དབྱིབས་ལེགས་ལྡན་པའི་རྒྱན་ཕྲེང་གི་གཟུགས་དང་། ཟིན་པ་དང་མ་ཟིན་པའི་རྣ་བར་འཇེབས་པའི་སྒྲ་སྙན། ཙན་དན་སྦྲུལ་སྙིང་དང་ཨ་གར་སོགས་སྣ་དབང་ཚིམ་བྱེད་དྲི། ལུས་སེམས་བརྟས་པར་བྱེད་པའི་རོ་བཅུད་ལྡན་པའི་རོ་མཆོག འཇམ་མཉེན་འཁྲུལ་བག་ཆགས་པའི་རེག་བྱ་སོགས། བླ་མ་དང་ལྷར་ཕུལ་བས། བླ་མེད་བྱང་ཆུབ་འཐོབ་པར་རེ་བ་དང་། ཡང་ཚེ་འདས་ལ་གཟུགས་སྒྲ་དྲི་རོ་རེག་བྱ་སྟེ། འདོད་ཡོན་རྣམ་ལྔ་ཕུལ་བ་ལ་བརྟེན་ནས། ཟག་བཅས་ཀྱི་འདོད་ཡོན་རྣམ་ལྔ་ལ་མ་ཆགས་མ་ཞེན་པར་ཟག་མེད་ཀྱི་འདོད་ཡོན་རྣམ་ལྔ་ལ་ལོངས་སྤྱོད་པའི་སྐལ་བ་དང་ལྡན་པར་གྱུར་ཅིག་ཅེས་བསྔོ་སྨོན་བྱེད་པའོ། །

རྣམ་བཅུ་དབང་ལྡན།

རྣམ་བཅུ་དབང་ལྡན་ནི། དཔལ་དུས་ཀྱི་འཁོར་ལོའི་སྣོད་བཅུད་ཀྱི་ཕྱི་ནང་གཞན་གསུམ་གྱི་སྙིང་བོ་གཅིག་ཏུ་བསྡུས་པའི་ལཉྫའི་ཡི་གེ་བདུན་དང་། ཡི་གེ་གཟུགས་འགྱུར་བ་ལས་སྣ་ལྡན་ནམ་ཟླ་ཚེས། ཐིག་ལེ། སྲོག་གི་མ་ཡིག་དང་ནཱ་ད་བཅས་ཡི་གེ་བཅུ་བརྩེགས་པར་གནས་པ་སྣ་ཚོགས་པདྨ་གདན་བཞི་དང་བཅས་པ་ཞིག་སྟེ། རྣམ་བཅུ་དབང་ལྡན་ཞེས་ལཉྫའི་ཡིག་གཟུགས་གཅིག་ཏུ་སྤུངས་པ་དེ་དང་། སྔགས་ཡིག་ལྟར་སྣང་བ་ནི། གཙུག་ལག་ཁང་སོགས་སྒོ་ཆེན་གྱི་གཡས་གཡོན་དུ་ཧ་ཀྵ་མ་ལ་བ་ར་ཡ་ཞེས་ཡིག་འབྲུ་བདུན་འབྲི་སྲོལ་བྱུང་བ་དེའོ། །

འདིའི་མཚོན་དོན་ནི། སྒྲ་གཅན་སྔོན་པོ། དུས་མེ་སེར་བོ་བཅས་ཀྱི་གདན་བཞིར་འབྱུང་བ་བཞི་བརྩེགས་ཀྱི་རང་མདོག་སྟེ། ཡ་ནི་རླུང་གི་ཁམས་ནག་པོ﹙འདི་ལ་ལྗང་ཁུ་ཡང་ གསུངས། ﹚ར་ནི་མེའི་ཁམས་དམར་བོ། བ་ནི་ཆུའི་ཁམས་དཀར་བོ། ལ་ནི་སའི་ཁམས་སེར་བོ། མ་ནི་འདོད་པའི་ཁམས་ཁ་དོག་ལྔ་ལྡན་ནམ། རི་རབ་གྱི་ཕྱོགས་མདོག་སྟེ། ཤར་ནག ལྷོ་དམར། བྱང་དཀར། ནུབ་སེར། དབུས་ལྗང་གུའོ། །ཀྵ་ནི་གཟུགས་ཀྱི་ཁམས་ལྗང་གུ། ཧ་ནི་གཟུགས་མེད་ཀྱི་ཁམས་སྔོན་པོ། སྣ་ལྡན་ཟླ་ཚེས་ནི། སེམས་ཅན་གྱི་སྲོག་ཡིན། ཟླ་བའི་ཁམས་དཀར་བོ། ཐིག་ལེ་ཉི་མའི་ས་བོན་དམར་བོ། ནཱ་ད་ནམ་མཁའི་ཁམས་སྔོན་པོས་མཚན་པའོ། །

ཡང་། རྟེན་གཞལ་ཡས་ཁང་གི་འོག་གཞི། རླུང་མེ་ཆུ་སའི་དཀྱིལ་འཁོར་ཡ་ར་ལ་བ། རི་རབ་གཞལ་ཡས་ཁང་དང་བཅས་པ་མ། བརྟེན་པ་སྐུ་གསུང་ཐུགས་ཀྱི་ལྷ་རྣམས་ཀྵ། ཐུགས་དཀྱིལ་གྱི་ལྷ་རྣམས་ཧ། བདེ་ཆེན་འཁོར་ལོའི་ལྷའི་སྐུ་གསུང་ཐུགས་ཟླ་ཚེས་ཐིག་ལེ་ནཱ་དས་མཚོན་པར་བྱེད་པ་སོགས་མང་དུ་འབྱུང་ཞིང་འདི་ནི་ཁམས་གསུམ་སྣོད་བཅུད་ཀུན་འདུས་ཀྱི་མཚོན་བྱེད་ཡིན།

ནང་ལ་སྦྱར་ནས་མཚོན་སྟངས་ནི། མངལ་སྐྱེས་ཁམས་དྲུག་ལྡན་གྱི་སྤྱི་གཙུག་ནས་དཔྲལ་བའི་བར་རླུང་དཀྱིལ་མཚོན་དོན་དུ་ཡ་ཡིག དཔྲལ་བ་ནས་མགྲིན་པ་བར་གྱི་མེ་དཀྱིལ་ར་ཡིགདེ་ནས་སྙིང་གའི་ཆུ་དཀྱིལ་བ་ཡིག དེ་ནས་ལྟེ་བའི་བར་གྱི་ས་དཀྱིལ་ལ་ཡིག དེ་ནས་གསང་གནས་བར་གྱི་བདེ་སྐྱོང་མ་ཡིག ས་ཆུ་མེ་རླུང་ནམ་མཁའ་དང་བཅས་པ་རགས་པའི་ལུས་ཀྵ་ཡིག སྤྱི་བོར་གནས་པའི་བྱང་སེམས་ཧཱུཾ་ཡིག ཟླ་ཚེས་ཐིག་ལེ། ནཱ་ད་གསུམ་རིམ་བཞིན་ཟླ་ཉི་སྒྲ་གཅན་ཏེ་རོ་རྐྱང་དབུས་གསུམ་གྱི་རྩས་མཚོན་ནོ། །ཞིབ་ཏུ་དངུལ་ཆུ་བླ་མ་ཆོས་བཟང་གིས་མཛད་པའི་རྣམ་བཅུ་དབང་ལྡན་སྒྲུབ་ཚུལ་དང་། བསྒྲུབས་པའི་མཚོན་དོན་མདོར་བསྡུས་སྟོང་གཟུགས་བདེ་ཆེན་སྙིང་བོར་གཟིགས་པར་ཞུ།

གཞན་ཡང་། མ་དག་པའི་སྣོད་བཅུད་དང་སྐྱེ་གནས། དེ་དག་ལ་ལས་ཉོན་གྱིས་སྐྱེ་ལེན་སྦྱོང་བྱེད་དུ། བསྐྱེད་རིམ་གྱི་རྣམ་བཞག་དང་། ཆོས་མཐུན་པའི་མཚོན་བྱེད། ལུས་ཁམས་སོགས་སྒྲིབ་བྲལ་དུ་བྱེད་པའི་རྫོགས་རིམ་གྱི་རྣམ་པ་དང་མཐུན་པའི་མཚོན་བྱེད་དང་། སྦྱངས་འབྲས་ཆོས་སྐུ་དང་། བདེ་ཆེན་ཐུགས་མཚོན་བྱེད་སོགས་མང་ངོ་། །

དེ་ལས་གཞན། རྣམ་བཅུ་དབང་ལྡན་ལ་གཟུགས་དང་སྒྲ་སྒྲུབ་ཚུལ་གཉིས་ཡོད་ལ། གཟུགས་སྒྲུབ་ཚུལ་ནི། ཕྱི་དང་ནང་དང་། བསྐྱེད་རྫོགས་ལ་སྦྱོར་ཚུལ་དང་། དེ་ཡང་བསྡུ་ན། ཨེ་ཝཾ་གཉིས་སུ་འདུ། སྒྲ་སྒྲུབ་ཚུལ་ནི། སྒྲ་ཡིན་ན་རླུང་ཡིན་དགོས་པས། རླུང་ལ་ཤུགས་ཆེ་འབྲིང་ཆུང་གསུམ་ཡོད་པས། ཨོཾ་ནི་ཆེ་བ་ཕོ་དང་། ཨཱཿནི་ཆུང་བ་མོ། ཧཱུཾ་ནི་མཉམ་པ་མ་ནིང་གསུམ་དུ་འདུས། ཨོཾ་ཨཱཿཧཱུཾ་གསུམ་གྱི་སྒྲའི་ནང་དུ། ཤིན་ཏུ་ཕྲ་བའི་རླུང་སེམས་གཉིས་ཀ་འདུས་ཞིང་། འཁོར་འདས་ཀྱི་རྩ་བ་ཡིན། དེ་ཕྱི་རྣམ་བཅུ་དབང་ལྡན་སྣོད་བཅུད་དང་སྦྱོར་ཚུལ། གཞི་ལམ་འབྲས་གསུམ་སྟོན་པ་སོགས་ཡོད་པས། ཧ་ཅང་གནད་ཆེའོ། །

ཕན་ཡོན་ནི། གཙུག་ལག་ཁང་དང་ཁང་ཁྱིམ་རྩེར་བཏགས་པས། ས་དཔྱད་ངན་པ་མནོན་པ་དང་། ཐོག་སེར། ཤྭ་འོད། གཟའ་སྐར་ངན་པས་གནོད་པ་ཐམས་ཅད་བཟློག་ནས་གནོད་པ་བསྲུང་། ཁྱིམ་དུ་བཞག་ན་རྐྱེན་ངན་བར་ཆད་བཟློག་པ་སོགས་ཕན་ཡོན་ཆེའོ། །ལུས་ལ་འཆང་བའམ། དོན་དྲན་པར་བྱས་ན། རྒྱལ་བོ་དང་ཆོམ་རྐུན། དུག་མཚོན། གཅན་གཟན་དག་གི་འཇིགས་པ་དང་། ལོ་ཕྱུགས་ལེགས་པ། མཐར་ཐུག་དུས་ཀྱི་འཁོར་ལོའི་གོ་འཕང་མངོན་དུ་བྱེད་ནུས་སོ། །

སྡོམ་བརྩོན་དམ་པ།

སྡོམ་བརྩོན་དམ་པ་ཞེས་གྲགས་པའི་རི་མོ་འདི་ནི། མཁན་སློབ་ཆོས་གསུམ་སོགས་ཀྱི་མཛད་རྗེས་དང་རྣམ་ཐར་མཚོན་བྱེད་ཅིག་ཡིན། ཐོག་མར་རི་མོ་འདིའི་འབྲི་སྲོལ་ནི། སྔོན་ས་སྐྱ་པཎྚི་ཏས་བསམ་ཡས་ཀྱི་གཙུག་ལག་ཁང་དུ་། ཆོས་འཁོར་བསྐོར་བའི་ཚེ། སྔོན་བྱོན་དམ་པ་དེ་རྣམས་ཀྱི་སྐུ་དྲིན་དྲན་ནས། སྡོམ་བརྩོན་དམ་པའི་རི་མོ་འདི་དང་། བསྟོད་པའི་ཚིགས་བཅད་དང་བཅས་པ་མཛད་པ་ཡིན།

རི་མོའི་མཚོན་དོན་ནི། དབུས་ཀྱི་པདྨའི་སྡོང་བོས། སློབ་དཔོན་པདྨ་འབྱུང་གནས་མཚོན་པ་སྟེ། ཁོང་སྐུའི་ཆེ་བ་བརྒྱད་ལས། ཕ་མའི་རྒྱུ་རྐྱེན་མ་བསྐྱེད་སྐུ་བལྟམས་ཚེ། །ཞེས་པ་ལྟར། པདྨ་ལས་རྫུས་ཏེ་འཁྲུངས་པའམ་པདྨ་ཞེས་པའི་མཚན་དང་ཆོས་མཚུངས་པས། དེ་མཚོན་པ་དང་། པདྨའི་ལྟེ་བའི་རལ་གྲིས་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་མཚོན་པ་སྟེ། སྤྲུལ་གཞི་འཇམ་དབྱངས་ཀྱི་ཕྱག་མཚན་རལ་གྲི་ཡིན་པས་དེ་མཚོན་པ་དང་། དེ་གཉིས་མཆོད་ཡོན་གྱི་རྣམ་པ་ཐ་དད་ཀྱང་། ཡེ་ཤེས་གཅིག་པའི་ཕྱིར་རྟེན་དང་བརྟེན་པའི་ཚུལ་དུ་བཀོད་པའོ། །ཡང་ན་། སློབ་དཔོན་ཆེན་པོའི་ཐུགས་སྲས་རྗེ་འབངས་ཉེར་ལྔ་ལས། གཙོ་བོ་འམ་མཆོག་གྱུར་ཁྲི་སྲོང་ལྡེ་བཙན་ཡིན་པས། པདྨའི་ཟེའུ་འབྲུ་ལས་ཐོན་པའི་ཚུལ་གྱིས་བཀོད་པའོ། །པད་སྡོང་གི་གཡས་སུ་ངང་བ་སེར་བོ་མགྲིན་པ་གཉིས་དང་ལྡན་པས། སློབ་དཔོན་ཞི་བ་འཚོ་དང་ཀཱ་མ་ལ་ཤི་ལ་མཚོན་ཏེ། ཐུགས་ཀྱི་ལྟ་གྲུབ་གྱི་དགོངས་པ་གཅིག་པས། ལུས་གཅིག་པ་དང་། གསུང་གིས་ཆོས་སོ་སོར་སྟོན་པས་མགྲིན་པ་གཉིས་སོ། །མཁན་པོ་རྣམ་པ་གཉིས་རབ་བྱུང་རྟེན་ཅན་ཡིན་པས། ངང་སེར་བྲིས་པའོ། །གཡོན་ཕྱོགས་སུ་ནེ་ཙོ་མགོ་གཉིས་པས་ལོ་ཙཱ་བ་སྐ་ཅོག་གཉིས་མཚོན་པ་སྟེ། ཐུགས་དགོངས་གཅིག་ལ་ཆོས་སོ་སོར་སྟོན་པས་ལུས་གཅིག་ལ་མགྲིན་པ་གཉིས་སོ། །ནེ་ཙོས་མི་བྱ་གཉིས་ཀྱི་སྐད་སྨྲ་བ་བཞིན། ལོ་ཙཱ་བས་ཀྱང་རྒྱ་བོད་ཀྱི་སྐད་གཉིས་སྨྲ་བའོ། །ཐམས་ཅད་མཚོ་དཀྱིལ་དུ་གནས་པ་ནི་བོད་ཀྱི་རྒྱལ་བློན་དང་ལོ་པཎ་མཆིས་སོ་ཅོག སློབ་དཔོན་སམ་བྷ་བས་ཐུགས་རྗེ་དང་བྱིན་མཐུ་ལ་བརྟེན་པས། འདི་དག་གིས་སྤེལ་བའི་ཆོས་ཇི་སྙེད། ཆུ་སྐྱེས་བཞིན་སྐྱོན་གྱིས་མ་གོས་ཤིང་། ཟབ་ཅིང་རྒྱ་ཆེ་བ་ཆུ་གཏེར་དང་མཚུངས་པའོ། །དེ་དག་གི་དགོས་པ་ནི་ནམ་ཞིག་གི་ཚེ། བསམ་ཡས་གཙུག་ལག་ཁང་ལ་མེས་གནོད་པ་ལུང་བསྟན་པ་ཞི་བའི་རྟེན་འབྲེལ་དང་། བོད་ཡུལ་དུ་རྒྱལ་བསྟན་དར་སྤེལ་བྱུང་བ་ནི། མཁན་སློབ་ཆོས་གསུམ་དང་། ལོ་ཙཱ་བ་རྣམ་པའི་ཐུགས་བསྐྱེད་སྐུ་དྲིན་ཤེས་པའི་གསལ་འདེབས་དང་། རྣམ་དཔྱོད་དང་ལྡན་པ་དག་གིས་བསྟན་པ་རིན་པོ་ཆེར་བྱ་བ་མཛད་པར་འབུངས་དགོས་པ་དང་། གཙུག་ལག་ཁང་གི་ཞབས་ཏོག་ལ་ཡང་བརྩོན་དགོས་པར་གདམས་པའོ། །

ས་སྐྱ་པཎ་ཆེན་ཁོང་ཉིད་ཀྱིས་ཕྱག་མཚན་རི་མོ་འདི་ལ་བསྟོད་ཚིག་གནང་བ་ནི། སྡོམ་བརྩོན་དམ་པ་དཔལ་ལྡན་ཞི་བ་འཚོ། །བརྟུལ་ཞུགས་གྲུབ་པ་པདྨ་འབྱུང་གནས་དང་། བློ་གསལ་དབང་བོ་པདྨའི་ངང་ཚུལ་སོགས། །སྙིགས་མའི་དུས་ཀྱི་རྒྱལ་བ་གཉིས་པ་ཡིན། །བདེ་བར་གཤེགས་པའི་རིང་ལུགས་བླ་ན་མེད། །ཞུ་ཆེན་སྒྱུར་བྱེད་མཆན་བུའི་གནས་འདུག་པའི། །སྐད་གཉིས་སྨྲ་བ་བློ་གྲོས་གསལ་ལྡན་པ། །དེ་དག་བདག་ཅག་རྣམས་ཀྱི་མིག་ཏུ་གྱུར། །མི་ཡི་དབང་བོ་ཆོས་བཞིན་ས་སྐྱོང་བ། །རྣམ་དཔྱོད་བློ་ཅན་དེས་པས་འགྲོ་བ་འདུལ། །དཔའ་མཛངས་བློན་པོའི་ཚོགས་ཀྱིས་ཡོངས་བསྐོར་ཏེ། །སྐྱེ་དགུ་འདི་དག་བུ་བཞིན་ལེགས་པར་བསྐྱངས། །བདག་ཀྱང་སྔོན་སྦྱངས་ལས་ཀྱི་འཕེན་པ་ཡིས། །སྙིགས་མའི་དུས་སུ་གངས་རིའི་ཁྲོད་འདིར་སྐྱེས། །འོན་ཀྱང་ཚེ་རབས་སྔོན་མའི་བསོད་ནམས་མཐུས། །ཤེས་བྱ་ཕལ་ཆེར་འབད་པ་ཆུང་ངུས་ཤེས། །རྩོད་དུས་འདིར་ནི་མཁས་པར་ཁས་འཆེ་ཞིང་། །ལན་བརྒྱར་འཆད་དང་ཉན་ལ་མངོན་བརྩོན་པ། །དེ་དག་གིས་ཀྱང་ཤེས་བྱའི་གནས་རྣམས་ལ། །རྣམ་པར་དཔྱད་ན་ཕྱོགས་རེའི་མིག་ཅན་ཡིན། །འཕགས་པ་འཇམ་དཔལ་ཀྱི་ཕྱག་མཚན་རི་མོ་འདི། གཙུག་ལག་ཁང་ལ་ཕན་པའི་རྟེན་འབྲེལ་ཞིག་ཡོད་པས། དཔལ་ལྡན་ས་སྐྱ་པཎྚྀ་ཏས་བྲིས་པ་ཡིན། ཅུང་ཟད་རི་མོ་མི་མཛེས་ཀྱང་། མཚན་མོར་བྲིས་པ་དང་། པིར་ལ་སོགས་མ་འཛོམས་པས་ལན། འོན་ཀྱང་བཀྲ་ཤིས་པའི་རྟེན་འབྲེལ་ཞིག་ཡོད། ཅེས་པའི་ཡི་གེ་འདི་དང་། ཕྱག་མཚན་གྱི་རི་མོ་འདི་བསམ་ཡས་ཀྱི་འཁོར་ས་བར་བའི་ཕྱོགས་ན་བཞུགས་པ་ལགས། བཀྲ་ཤིས་པར་གྱུར་ཅིག ཅེས་པ་ས་སྐྱའི་གསུང་འབུམ་ལས་གསལ། སྡོམ་བརྩོན་དམ་པའི་རི་མོ་འདི་ལ་མེ་སྲུང་འཁོར་ལོ་ཡང་ཟེར་ཞིང། མེ་སྐྱོན་འགོག་པ་སོགས་ཕན་ཡོན་ཆེ་བས། ཕྱིས་སུ་གཙུག་ལག་ཁང་ཕལ་ཆེར་གྱི་སྒོ་ལོགས་སུ་རི་མོ་འདི་འབྲི་སྲོལ་བྱུང་ངོ་། །

མི་མཐུན་གཡུལ་རྒྱལ།

མི་མཐུན་གཡུལ་རྒྱལ་ནི་སྲོག་ཆགས་ཕན་ཚུན་དགྲ་གཤེད་དུ་གྱུར་བ་དྲུག་ཕན་ཚུན་འཕྲད་པ་ལས་བྱུང་བའི་སྲོག་ཆགས་གསུམ་རྒྱལ་མཚན་གྱི་སྟེང་དུ་བཀོད་པའི་མཚན་མ་སྟེ། དེ་ཡང་མི་མཐུན་པ་ཐམས་ཅད་མཐུན་པར་བྱེད་པའམ་མི་མཐུན་གཡུལ་ལས་རྒྱལ་བའི་རི་མོ་ཡིན།

༡ སེང་གེ་དང་བྱ་ཁྱུང་འདུས་པའི་ཕྲུ་གུ་ལུས་པོ་སེང་གེ་ལ་གཤོག་པ་ཡོད་པ། མགོ་བོ་ཁྱུང་རྭ་ནོར་བུ་འབར་བས་བརྒྱན་པ། ༢ ཆུ་སྲིན་དང་དུང་འདུས་པ་ལས་ཕྲུ་གུ་ཆུ་སྲིན་དུང་གི་མཇུག་མ་ཅན། ༣ ཉ་དང་སྲམ་འདུས་པ་ལས་ཕྲུ་གུ་སྲམ་གསེར་ཉའི་མགོ་ཅན་ལ་ཁ་སྤུ་དཀར་བོས་མཛེས་པའོ། །སྲོག་ཆགས་མི་མཐུན་དྲུག་སྦྱོར་གྱི་མཚན་མ་འདི། བསྟན་བཅོས་ལ་སྔར་ནས་གྲགས་ཤིང་། རྒྱུད་ལས་ཀྱང་གཞལ་ཡས་ཁང་གི་རྒྱལ་མཚན་གྱི་རི་མོར་གསུངས་སོ། །

ཡང་། སྲོག་ཆགས་མི་མཐུན་དྲུག་སྦྱོར་གྱི་སྟེང་སྟག་དང་འབྲུག་འདུས་པའི་ཕྲུ་གུ་རྒྱ་སྟག་ཁྲ་བོ་འབྲུག་གི་མགོ་ཅན་ཞིག་འབྲི་སྲོལ་ཡོད་ཀྱང་། ཡོངས་གྲགས་ལ་གོང་ལྟར་སྲོག་ཆགས་མི་མཐུན་དྲུག་སྦྱོར་འབྲིའོ། །དེ་བཞིན། སྲོག་ཆགས་ཕན་ཚུན་བཤོས་པ་ལ་བརྟེན་ནས་སེམས་ཅན་གྱི་རིགས་སྣ་ཚོགས་འབྱུང་བ་ཡོད་དེ། གླིང་སྒྲུང་ཤང་ཤང་སྨན་རྫོང་ལས། སྔོན་བསྐལ་དང་བོའི་དུས་རིམ་ལ། །བྱང་རི་རབ་ཟོམ་གྱི་དྲི་ཟ་དང་། །དམའ་རྒྱ་མཚོའི་གླིང་གི་གྲུལ་བུམ་གཉིས། །རི་བོ་བརྩེགས་དགུའི་བང་རིམ་ནས། །ལོ་བདུན་འབྲེལ་བའི་བཤོས་བུ་ལ། །བྱང་གསེར་གླིང་ཤང་ཤང་བུ་བདུན་ཆགས། །རིགས་དེ་ཡི་རྒྱུད་པ་རིམ་ཆད་ནས། །བྱ་ཤང་ཤང་རོལ་བ་སྡེ་བདུན་བྱུང་། །ཞེས་དང་། མ་ཚད་རྒྱ་མཚོའི་གསེར་གླིང་ན། །ལུས་གཤོག་དྲུག་ཐོབ་པའི་མི་རིགས་ཡོད། །བྱ་འཕུར་རྩལ་ངོམ་པའི་རྟ་རིགས་ཡོད། །ཞེས་སོ། །

མཐུན་པ་སྤུན་བཞི།

སྔོན་ཡུལ་ཀ་ཤིའི་ནགས་ཚལ་སྟུག་པོ་ན་སྲེག་པ་དང་རི་བོང་། སྤྲེའུ་དང་གླང་ཆེན་བཅས་པའི་ཡིད་གཅུགས་པས་ལྷན་དུ་འཚོའོ། །ནམ་ཞིག་ཁོ་བོ་ཅག་རྒན་རབས་བཀུར་བར་གྲོས་མཐུན་བྱུང་སྟེ། བྱ་གོང་མ་སྲེག་པས། ཤིང་ནྱ་གྲོ་དྷ་ཞིག་བསྟན་ནས། འདི་མཐོང་མཁན་སྔ་ཤོས་དེ་སུ་ཡིན་དྲིས་པས། གླང་ཆེན་གྱིས་ཁོ་རང་ལམ་འདི་བརྒྱུད་དུས་ཤིང་འདི་ཁོའི་ལུས་པོ་དང་མཉམ་པ་མཐོང་ཞེས་དང་། སྤྲེའུས་རང་གི་ལུས་ཚད་དང་མཉམ་པ་དང་བོར་མཐོང་བ་དང་། རི་བོང་གིས་ངས་ཤིང་འདིའི་ལོ་མ་གཉིས་སྐྱེས་པ་ན་ལོ་མའི་ཟིལ་བ་ལྕེས་བལྡགས་པ་ཡིན་ཞེས་བརྗོད་པ་དང་། གོང་མ་སྲེག་པས་ངས་ས་བོན་རྣམས་ཟོས་ནས་ཕྱོཊ་འདིར་སྟུག་པ་བོར་བ་ལས་ཤིང་འདི་སྐྱེས་པར་བརྗོད་པས། རྒན་རབས་ཕྱེས་ཏེ་གླང་ཆེན་ནས་གོང་མ་སྲེག་པའི་བར་རིམ་པར་བསྙེན་བཀུར་བྱས་པར་མ་ཟད། ཞེ་ས་དང་གུས་ཞབས་གཅིག་གིས་མི་ཆོག་པས་དགེ་བ་གཞན་ཡང་བླང་པར་བྱའོ། །ཞེས་སྲོག་གཅོད། མ་བྱིན་པར་ལེན་པ། འདོད་ལོག རྫུན་དང་ཆང་རྣམས་སྤངས་ཏེ་བསླབ་པའི་གཞི་ལྔ་ཞལ་གྱིས་འཆེས་སོ། །གཞན་ཡང་། དེ་རྣམས་བརྟུལ་ཞུགས་ཀྱི་གཞི་ལྔ་ལ་གནས་པའི་ཚེ། སྲེག་པས་སྨྲས་པ། ང་ཚོའི་གཞན་ཡང་བསླབ་པའི་གནས་ལྔ་ལ་འགོད་པར་བྱའོ། །ཞེས་པ་ལྟར། ཐམས་ཅད་གྲོས་མཐུན་བྱུང་སྟེ་སྤྲེའུས་ཁོ་བོས་སྤྲེའུ་ཐམས་ཅད་འགོད་པར་བྱའོ། །ཞེས་དང་། རི་བོང་གིས་རི་བོང་དང་སྤུ་ཅན་ཐམས་ཅད་དང་། གླང་ཆེན་གྱིས་གླང་བོ་ཆེ་དང་། སེང་གེ གུང་དང་། གོང་མ་སྲེག་པས་དེ་ལྟ་ན་ཁྱེད་རྣམས་ཀྱིས་མི་འདུལ་བའི་རྐང་མེད་དང། རྐང་གཉིས། རྐང་བཞི་བ། འདབ་ཆགས་ཐམས་ཅད་བསླབ་པའི་གནས་ལྔ་ལ་ཁོ་བོས་འགོད་པར་བྱའོ་ཞེས། ཡུལ་ཀ་ཤིའི་དུད་འགྲོ་ཀུན་བསླབ་པའི་གནས་ལྔ་ལ་བཀོད་པས། ཡུལ་ཁམས་ཐམས་ཅད་བཀྲ་ཤིས་ཕུན་སུམ་ཚོགས་པའི་རྟག་ཏུ་འཚོ་བས། རྒྱལ་བོའམ་བཙུན་མོ་བློན་པོ། ཁྲོམ་གྱི་མི་སེར། གྲོང་མི་རྣམས་རེ་རེ་ནས་བདག་གི་མཐུ་ཡིན་ནོ་ཞེས་ཞལ་མ་འཆམ་པས། རྒྱལ་བོས་དྲང་སྲོང་མངོན་ཤེས་ལྔ་དང་ལྡན་པ་ཞིག་མཆིས་པ་དེའི་དྲུང་དུ་ཕྱིན་ཏེ་དྲིས་པས། འདི་ཁྱེད་རྣམས་ཀྱི་མཐུ་མ་ཡིན་གྱི། ཀ་ཤིའི་ནགས་ཚལ་ན་འཚོ་བའི་སྲོག་ཆགས་དེ་བཞི་བོའི་མཐུ་ཡིན་པར་བརྗོད་ཚེ། རྒྱལ་བོས་བལྟར་འགྲོ་བར་སྐུལ་བས། དྲང་སྲོང་གིས་བལྟར་ཅི་ཡོད། དེ་དག་གིས་གང་ཁས་བླངས་པའི་གཞི་དེ་ཁྱེད་ཅག་གིས་ཀྱང་ཁས་ལོངས་ཤིག ཅེས་གདམས་པས། རྒྱལ་བོ་དང་བཙུན་མོ་ཡུལ་མི་དང་བཅས་པའི་ཁས་བླངས་པས་ཁམས་ཀྱིས་རྒྱལ་ཕྲན་སོགས་ཀྱིས་ཐོས་ཏེ། འཛམ་བུ་གླིང་གི་སྐྱེ་བོ་ཕལ་ཆེ་བས་བསླབ་པའི་གཞི་ལྔ་ཁས་བླངས་པ་རྣམས། ཚེ་འཕོས་ཏེ་སུམ་ཅུ་རྩ་གསུམ་དུ་སྐྱེས་པས། བརྒྱ་བྱིན་གྱིས་འཁོར་རྒྱས་པ་མཐོང་སྟེ། གུས་བཅས་ཞེ་སར་བཅོས་པ་དང་། །དཀའ་ཐུབ་ཚལ་ན་གནས་པ་ཡི། །གོང་མ་སྲེག་གི་ཚངས་སྤྱོད་པ། །འཇིག་རྟེན་སོ་སོར་རབ་ཏུ་བརྟན། །ཞེས་ཀྱང་སྨྲས་སོ། །འདིའི་ཚུལ་བཅོམ་ལྡན་འདས་ཀྱིས་ཇི་ལྟར་བཀའ་བསྩལ་བ་རྒྱལ་བ་དགེ་འདུན་གྲུབ་ཀྱིས་མཛད་པའི་འདུལ་བའི་ལྒིགས་བམ་ན་རྒྱས་པར་གསལ་ལ། བཅོམ་ལྡན་འདས་ཀྱིས་འཁོར་རྣམས་ལ། དེ་དུས་ཀྱི་བྱ་སྲེག་པ་ནི་ང་ཡིན་ནོ། །རི་བོང་ནི་ཤཱ་རིའི་བུ་དང་སྤྲེའུ་མོ་འགལ་གྱི་བུ། གླང་བོ་ཆེ་ཀུན་དགའ་བོའོ། །དེས་ན་གནས་བརྟན་དང་བར་མ་གསར་བུ་རྣམས་ལ་བཀུར་སྟི་དང་། འཇིགས་པ་དང་བཅས་པར་གནས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བཀུར་སྟི་མེད་པར་ཀུན་ཏུ་སྤྱོད་པའི་ཆོས་མི་རྒྱས། དེ་མ་རྒྱས་པར་སློབ་པའི་ཆོས་མི་རྒྱས། དེ་མ་རྒྱས་པར་རྣམ་གྲོལ་གྱི་ཕུང་བོ་མི་རྒྱས། དེ་མ་རྒྱས་པར་མྱ་ངན་ལས་མི་འདའོ། །ཞེས་བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་ཏོ། །ཚུལ་འདི་ལ་དགོངས་ནས་རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ་མཆོག་གིས། ལྔ་འོག་གྲངས་ཀྱི་གནས་འཛིན་རྒྱལ་བའི་སྲས། །ལྔ་ལེན་ཀ་ཤི་ལ་སོགས་འཛམ་གླིང་རྒྱན། །ལྔ་ཕྲག་བསླབ་གཞིར་སྤྱོད་པའི་དགེ་བ་ནི། །ལྔ་བདོ་འདུལ་བྱེད་འདུལ་བ་ལུང་ན་བཞུགས། །ལྔ་ལ་བསེ་རུས་ཁྲི་བའི་མཐུན་པ་བཞིར། །ལྔ་རིག་སྨྲ་བས་བསྔགས་པ་སྙན་ལ་འཇེབས། །ལྔ་བ་འཆི་མེད་ལྷ་ཡི་དབང་བོ་ཀྱང་། །ལྔ་མིན་སེམས་དཔའི་ཆེ་བརྗོད་བགྱིས་པ་མཐོང་། །ཞེས་ཀྱང་གསུངས་སོ། །

ཚེ་རིང་རྣམ་དྲུག

༡ སྔོན་གྱི་ཚེ་མ་ཧཱ་ཙི་ནའི་ཡུལ་ཁམས་སུ་རྣམ་དག་བདེ་ཆེན་ཚལ་བྱ་བར་བསྐལ་བའི་ཆགས་རིམ་དུས་ནས་བྲག་རི་དུང་དཀར་གྱི་དབྱིབས་ཅན་བརྟན་ཅིང་བརྗིད་པ། སངས་རྒྱས་ཚེ་དཔག་མེད་ཀྱིས་བྱིན་གྱིས་བརླབས་པའི་བྲག་ཚེ་རིང་བ་དང་། ༢ བྲག་དེའི་དྲུང་དུ་མི་ལོ་སྟོང་ཕྲག་ལ་ཏིང་འཛིན་སྒོམ་ལ་བཞུགས་པའི་དྲང་སྲོང་རྒྱ་ནག་གི་རིག་འཛིན་གྱི་ཆས་ལ་སྨྲ་ར་དང་སྨིན་མ་དུང་ལྟར་དཀར་ཞིང་རིང་ལ། དཔྲལ་བའི་དབུ་སྐྲ་བྱི་ལ། ཞལ་དཀར་ལ་དམར་བའི་མདངས་ཆགས་པ། ཕྱག་གཡས་ཀ་པེད་ཀྱི་ཚེ་བུམ་དང་། དར་གྱིས་མགུལ་ཆིངས་བརྒྱན་པའི་ཕྱག་འཁར་འཛིན་པ། མི་ལོ་སྟོང་ལ་སྨིན་པའི་ཁམ་བུ་བསྣམས་ཏེ་སྦྱིན་པའི་ཚུལ་གྱིས་བཞུགས་པའི་མི་ཚེ་རིང་དང་། ༣ དྲང་སྲོང་དེའི་བྱིན་མཐུས་བྲག་རྒྱབ་ཀྱི་འཁྱིལ་ཁུག་ན་རྒ་ཤི་བྲལ་བའི་བཅུད་ལེན་ཡན་ལག་བརྒྱད་ལྡན་གྱི་ཆུ་འབབ་པས་ཆུ་ཚེ་རིང་དང་། ༤ ཆུ་དེའི་བརླན་བཤེར་གྱིས་སྐྱེས་པའི་རྩ་བ་དང་ཡལ་འདབ་ཤིན་ཏུ་བརྟན་པའི་ཤིང་མྱ་ངན་མེད་ལོ་འདབ་དང་མེ་ཏོག་འབྲས་བུ་ཁུར་གྱིས་དུད་ཅིང་། བསིལ་གྲིབ་ཀྱིས་རེག་པ་ཙམ་གྱིས་ཚེ་བསྲིངས་ནུས་པའི་ཤིང་ཚེ་རིང་དང་། ༥ དྲང་སྲོང་གི་ཁྱམས་རར་ལྷ་བྱ་ཁྲུང་ཁྲུང་རྐང་རིང་དང་། ཁོང་གི་སྦྱིན་པའི་སྟོབས་ཀྱིས་བཀུགས་པའི་བྱ་ཚོགས་མང་དུ་འདུས་ཡོད་ལ། ཁྱད་པར་ལྷ་བྱ་ཁྲུང་ཁྲུང་ཞིག་མཆིས་པ་ནི་བྱ་ཚེ་རིང་། ༦ དྲང་སྲོང་གི་ཉེ་ཀོར་དུ་ཟམ་དང་ཆུ། སྤངས་ལྗོངས་ལོངས་སུ་སྤྱོད་པའི་རི་དྭགས་ཤྭ་བ་ཞིག་བག་ཕེབས་གནས་པ་ནི་རི་དྭགས་ཚེ་རིང་དང་། ཐམས་ཅད་ཀྱང་གནས་དང་གང་ཟག་གིས་བྱིན་མཐུ་ལ་བསྟེན་ཏེ། ཚེ་རིང་བར་གྱུར་བས་ཚེ་རིང་རྣམ་དྲུག་ཅེས་བྱ་བ་ལ། ཚེ་བསོད་རྒྱས་པའི་རྟེན་འབྲེལ་དུ་ཁང་བའི་ཁྱམས་དང་ལོགས་སུ་འབྲི་བ་རྒྱ་ནག་ནས་དར་ཏེ། བོད་དུའང་འབྲི་བའི་སྲོལ་བྱུང་ངོ་། །

ཡང་ཁ་ཅིག་གིས། སྔོན་ཚེ་ཙི་ནའི་ཡུལ་གྲུ་ཆེན་པོར་དེར། །སྲིད་པ་དང་བོར་ཆགས་པའི་བྲག་གཅིག་ཡོད། །བྲག་དེའི་ལོགས་ནས་ཆུ་རྒྱུན་ངང་གིས་འབབ། །ཆུ་དེ་འཐུང་བས་དྲང་སྲོང་འཆི་མེད་བརྙེས། །དྲང་སྲོང་དེ་ཡིས་གཏོར་ཆུ་ལ་ཆགས་པའི། །ཡིད་འོང་སྤུ་སྡུག་རི་དྭགས་རུ་རུ་དང་། །གཏོར་ཟན་ལེན་པའི་འདབ་ཆགས་འཆི་མེད་འཐོབ། །ཆུ་དེའི་བརླན་སྐྱེས་ཤིང་སྡོང་གསར་བ་ཞིག །འཆི་མེད་རྒས་མེད་ལྷ་ཡི་སྡོང་བོ་ཞེས། །ཚེ་རིང་རྣམ་པ་དྲུག་གི་རི་མོ་འདི། །གང་གི་ཁྱིམ་དུ་བྲིས་སམ་འཆང་བས་ཀྱང་། །ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས། །དོན་རྣམས་ཐམས་ཅད་འགྲུབ་པར་འགྱུར་རོ་ཞེས། །དྲན་པ་ཉེར་བཞག་མདོ་ལས་གསུངས་པའོ། །ཞེས་གྲགས་ཆེ་ཡང་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེས་ཚེ་རིང་རྣམ་དྲུག་དང་། མཐུན་པ་སྤུན་བཞིའི་བསྟོད་པ་བརྩམས་གྲུབ་ནས་རྡོ་སྦིས་དགེ་བཤེས་ཀྱིས་ཞུས་དག་བཏང་བའི་སྐབས་སུ་དགེ་བཤེས་ཀྱིས། ལྔ་མངོན་ཤེས་པར་གྲགས་པའི་དྲང་སྲོང་གཙོས། །ལྔ་ལ་གཅིག་གིས་ལྷག་པའི་ཚེ་རིང་འདི། །ལྔ་བརྒྱའི་གཙུག་རྒྱན་སྟོན་པའི་གསུང་ན་མེད། །ལྔ་ཚན་མིག་གིས་བསྟོད་ཚིག་མཛེས་ཤིང་བརྗིད། །ཅེས་དང་། རི་མོ་འདི་དར་ཆེ་བར་མཁས་པ་འགས་བཤད་ཀྱང་། ཁུངས་ཡོད་མེད་བརྟག་དགོས་ཅེས་དཔྱད་གཞི་ཡང་གསུངས་ཡོད། པཎ་ཆེན་སྐུ་ཕྲེང་དགུ་བ་ཆོས་ཀྱི་ཉི་མས་། སྔོན་ཚེ་མ་ཧཱ་ཙི་ནའི་ཡུལ་གྲུ་འདིར། །དུས་གསུམ་སྲས་བཅས་རྒྱལ་བའི་བྱིན་བརླབས་པས། །མི་འགྱུར་མི་ཞིག་ཁྱད་ཆོས་བདུན་ལྡན་པའི། །གཞོམ་བྲལ་རྡོ་རྗེ་རང་བཞིན་བྲག་རི་བསྐྲུན། །དེ་ཡི་ངོགས་ལས་འཆི་མེད་བདུད་རྩིའི་རྒྱུན། །ལྷུང་ལྷུང་རྒྱུན་མར་འབབ་པའི་བརླན་གཤེར་ལས། །རོ་མཆོག་བརྒྱད་ལྡན་འབྲས་བུ་ཡོངས་དུད་པའི། །ཚེ་རིང་ལྗོན་ཤིང་རྒྱས་པའི་ཤིང་དེའི་དྲུང་། །ཚེ་སྣང་དཔག་མེད་མགོན་གྱི་གཟི་བྱིན་སྟོབས། །སྙིང་ལ་ཞུགས་པ་བདེ་གསལ་མི་རྟོག་པའི། །ཡེ་ཤེས་ཏིང་འཛིན་མངོན་གྱུར་དྲང་སྲོང་ཚེ། །ཚེ་རིང་གྲགས་སྙན་འབར་བ་དགྱེས་བཞིན་བཞུགས། །དྲང་སྲོང་ཆེན་པོའི་ཆབ་གཏོར་རིལ་བུའི་ཚོགས། །ལོངས་སུ་སྤྱད་པའི་རི་དྭགས་ཚེ་རིང་འཐོབ། །ལྗོན་འབྲས་འཆི་མེད་བརྟས་པའི་རྒྱུན་བཟང་བོར། །འབད་མེད་སྤྱད་པས་ཚེ་རིང་འདབ་ཆགས་བྱུང་། །དེ་ལྟར་རྟེན་འབྲེལ་ཕུན་ཚོགས་མི་བསླུའི་སྟོབས། །བདེན་པའི་མཐུ་ལས་ཚེ་རིང་དྲུག་ལྡན་གཟུགས། །གང་དུ་མཆིས་འདིར་མི་ཤིས་རྒུད་པའི་ཚོཊ། །སྤྱི་དང་ཁྱད་པར་དུས་མིན་འཆི་བ་ཡི། །འཇིག་པ་ཀུན་བཅོམ་བདེ་སྐྱིད་དཔལ་འབྱོར་སྟོབས། །ཚེ་དང་བསོད་ནམས་མཁོ་རྒུའི་ནོར་ལོངས་སྤྱོད། །གོང་ནས་གོང་དུ་འཕེལ་ཞེས་དྲང་སྲོང་གི ། བདེན་ཚིག་དེ་བཞིན་གནས་འདིར་ལྷུན་འགྲུབ་ཤོག །ཅེས་གསུངས་ལ། གང་ལྟར་ཚེ་རིང་རྣམ་དྲུག་གི་རི་མོ་ཁྱིམ་དུ་བྲིས་པ་ལ་བརྟེན་ནས། ཚེ་བསོད་རྒྱས་པའི་རྟེན་འབྲེལ་གདོན་མི་ཟ་བར་འབྱུང་བར་བཤད་པས། རྒྱ་བོད་ཀུན་ལ་དར་བའོ། །ཚེ་རིང་ནད་མེད་ཞི་བདེ་རབ་མཚོན་པའི། །ཚེ་རིང་རྣམ་དྲུག་ལེགས་བྲིས་རི་མོ་འདི། །ཚེ་སྲོག་རིན་ཆེན་མི་འཇིག་རྟག་བརྟན་ངོས། །ཚེ་ལྡན་སྐྱེ་དགུའི་བསམ་བྱ་འགྲུབ་པར་སྨོན། །ཞེས་ཀྱང་གསུངས་སོ། །

རྒྱ་ནག་ཧྭ་ཤང་།

པུ་ཏེ་ཧྭ་ཤང་ངམ་ཧྭ་ཤང་དགེ་སྲུང་ཞེས་པ་དེ། བོད་ཀྱིས་ཡོངས་གྲགས་ལ་རྒྱ་ནག་ཧྭ་ཤང་ཞེས་འབོད་ལ། ཁོང་ནི་སྤྱི་ལོ༩༡༦ལོར་འདས། རྗེ་བཙུན་བྱམས་པ་མགོན་པའི་སྤྲུལ་བར་གྲགས་ཤིང་། ནམ་རྒྱུན་རས་ཁུག་ཅིག་ཕྱག་ཏུ་བསྣམས་ནས་སློང་མོའི་ཆ་བྱད་ལ་ཞུགས། རེ་ཞིག་སློང་མོར་ཞུགས་སྐབས་བཙུན་པ་ཞིག་གིས་ཁོང་གི་རྣ་གཤོག་ལ་འཇུས་ནས་སྒོར་ཕུད་རྩིས་བྱེད་སྐབས། ཁོང་སྔ་ས་ནས་བཞུགས་ཏེ་སྙན་ཅི་ཙམ་འཐེན་པ་དེ་ཙམ་དུ་ཇེ་རིང་སོང་བའི་ལོ་རྒྱུས་སོགས་ཡོད། ཆ་བྱད་ནི་ལྟོ་བ་ལུག་ཅིང་ཕྲུ་གུ་མང་པོས་བསྐོར་བ་ཞིག་སྟེ། སྐུ་བརྙན་འདིས་བཀྲ་ཤིས་འབྱུང་ཞིང་ཁྱད་པར་དུ་བུ་ཕྲུག་སྐྱེས་པ་ལ་ཕན་པ་ཞིག་གོ །

ཨ་ཙ་ར་གླང་ཁྲིད།

སྤྱིར་ཨ་ཙ་ར་ལ་དཀར་ནག་ཁྲ་གསུམ་ཞེས་པ། ཨ་ཙ་ར་དཀར་བོ་ཇོ་བོ་རྗེ། ནག་པོ་ཕ་དམ་པ། ཁྲ་བོ་སློབ་དཔོན་པདྨ་འབྱུང་གནས་གསུམ་ལ་གོ་བ་ཡོད་ཀྱང་། འདིར་བཤད་པ་ནི།  དུས་དུས་སུ་གླང་ཆེན་གྱི་སྟེང་དུ་རྡོ་རིགས་ཀྱི་རིན་ཆེན་སྣ་ཚོགས་བཀལ་ཏེ། བོད་ཀྱི་དངོས་རྫས་རྩ་ཆེན་དག་ཉོ་སྒྲུབ་བྱས་ནས་རྒྱ་གར་དུ་འཁྱེར་འགྲོ་བ་དེར་ཟེར། བོད་མི་རྣམས་ཀྱི་སྣང་ངོར་ཨ་ཙ་ར་དེ་ཛམ་ལྷའི་སྤྲུལ་བར་ཁས་འཆེས་ཏེ། ལོངས་སྤྱོད་ཆར་འབེབས་ཀྱི་རྟེན་འབྲེལ་ལ་དགོངས་ནས། དགོན་སྡེ་ཁག་དང་དུད་ཁྱིམ་སོ་སོའི་གྱང་ལྡེབས་སུ་རི་མོ་འབྲི་བ་འདི་བྱུང་བ་ཡིན་ལ། དོན་དུ་ན་ལོངས་སྤྱོད་ཀྱི་དངོས་གྲུབ་སྟེར་བའམ། རང་རེའི་གཏེར་མཛོད་ཀྱི་ནང་སྙིང་ཕྱི་རྒྱལ་དུ་འདྲེན་པའི་དཔྱད་འཇུག་གཏོང་བ་སྐབས་ཐོག་དེར་ཡང་མཆིས་ཏེ། རྒྱུ་མཚན་ནི། རང་ཅག་བོད་པ་རྣམས་རྡོ་རིགས་ཀྱི་རིན་པོ་ཆེ་ལ་སྤྲོ་བ་དང་། རྒྱ་གར་བར་དད་ཞེན་ཆེ་བ། རྡོ་རིགས་དེ་དག་རྒྱ་གར་ནས་རིན་མེད་རྒྱ་མཚོའི་ནང་ལས་བསྡུ་ཐུབ་པ་བཅས་ཀྱི་གོ་སྐབས་དང་བསྟུན་ཏེ། ཨ་ཙ་ར་དེ་དག་གི་འཕྲིན་ལས་དར་བ་དང་། དེ་ལས་གཞན། ལྷ་སའི་གཞས་ཚིག་ཏུ། རྒྱ་གར་ཨ་ཙ་ར་ཡི་རོ་གོས་དེ། །བོད་དུ་བསྟན་པ་དར་བའི་དར་ལྕོག་བྱེད། །ཟེར་བ་ཡང་། རྒྱ་གར་བས་དུར་ཁྲོད་དུ་དོར་བའི་རོ་གོས་རྣམས་བཀྲུས་ནས། ཚོས་སྣ་བརྒྱབ་སྟེ་བོད་ཀྱི་རིན་ཆེན་འབོར་ཆེན་ལ་བརྗེས་པའི་བེམ་གོས་སྟེང་དུ་གཟུངས་སྔགས་དཔར་ཏེ། ད་དུང་ཁ་རྗེ་དབང་ཐང་དར་བར་རློམ་པ་ལ་ཟུར་ཟ་དང་ཐེར་འདོན་གནང་བ་མཚོན་གྱི་ཡོད་དོ། །

སོག་པོ་སྟག་ཁྲིད།

སོག་པོ་སྟག་ཁྲིད་ཀྱི་རི་མོ་འདི། རང་ཅག་གི་དགོན་གྲོང་གི་རྩིག་ལྡེབས་སུ་བྲིས་ཏེ། གདོན་བགེགས་ཞི་ཞིང་བདེ་ལེགས་ཡོང་བའི་མཚོན་དོན་ཞིག་ཏུ་རེ་བར་མ་ཟད། སྟག་གིས་འཇམ་དབྱངས། སོག་པོས་སྤྱན་རས་གཟིགས། ལྕགས་ཐག་གིས་ཕྱག་རྡོར་བཅས་རིགས་གསུམ་མགོན་པོའི་མཚོན་དོན་སྦྱར་ཏེ། ས་ཁྱབ་རྡོ་ཁྱབ་ཏུ་བཏང་ནའང། འདིར་ངེས་པར་དུ་བསམ་དགོས་པ་ཞིག་ལ། རི་མོ་འདིའི་ཁུངས་ནི། བོད་ཀྱི་རྗེ་འབངས་ཉེར་ལྔའི་ནང་ཚན། སོག་པོ་ལྷ་དཔལ་གཅན་གཟན་གཉའ་ནས་མནན། ཞེས་པ་དེ་མ་དཔེ་བྱས་པ་ལས། ས་སྐྱ་བའི་གྲུབ་མཐའི་དབང་ཤུགས་མཚོན་བྱེད་དུ་བེད་སྤྱད་པ་ཞིག་ཡིན། ཕྱིས་སུ་སྤྱི་ལོ༡༦༤༠ ལོར་སྡེ་སྲིད་བསོད་ནམས་རབ་བརྟན་གྱིས་སོག་པོའི་རྟ་དམག་ཁྲིད་དེ་གཙང་བ་སྡེ་སྲིད་ཀྱི་སྲིད་དབང་འཕྲོག་དུས། གཙང་བ་སྡེ་སྲིད་བུ་རྒོད་སྟག་འདྲ་བ་དེ། སོག་པོ་ལྷ་བཟང་ཁང་གིས་ཆམ་ལ་ཕབ་པ་རེད་ཅེས་མཚོན་བྱེད་ཀྱི་རི་མོ་ཡིན་པས་བཤད་རྒྱུན་ཡོད། དེ་ནི་གྲུབ་མཐའི་ཕྱོགས་ཞེན་དང་ཆབ་སྲིད་ཀྱི་དགོས་དབང་གིས་དར་སྤེལ་བཏང་བ་ཞིག་ཡིན་པར་མ་ཟད། ད་དུང་དགེ་ལུགས་ཕྱོགས་ཀྱིས་སོག་རྒྱལ་དེ་ལ། གུ་ཤྲྀ་བསྟན་འཛིན་ཆོས་རྒྱལ་ཞེས་མིང་བྱང་གི་ཆོ་ལོ་རྫིག་པོ་ཞིག་ཀྱང་བསྩལ་ཡོད་དོ། །

རྡོ་རྗེ་རྒྱ་གྲམ།

རྡོ་རྗེ་རྒྱ་གྲམ་ནི། ཞི་རྒྱས་དབང་དྲག་གི་ལས་བཞི་འགྲུབ་པའི་མཚོན་བྱེད་ཡིན། དེ་ཡང་རྭ་དཀར་བོས། གནོད་སྦྱིན་དང་དྲི་ཟ་སོགས་གདོན་རྣམས་དང་། དུས་མིན་གྱི་འཆི་བ། སྒྲིབ་གཉིས་དག་པ་མཚོན། རྭ་སེར་བོས། ཚེ་དཔལ་མངའ་ཐང་དང་། ཆོས་སྲིད་དར་བར་མཚོན། རྭ་དམར་བོས་ལྷ་ཀླུ་མི་གསུམ་དང་རྒྱལ་བློན་མཐུ་བོ་ཆེ་རྣམས་མངའ་འོག་ཏུ་འདུ་བ་མཚོན། རྭ་ལྗང་གུས་དགྲ་བགེགས་འབྱུང་བོ་ལོག་འདྲེན་དམ་སྲི་སོགས་གཟུགས་ཅན་དང་གཟུགས་མེད་ཀྱི་གནོད་པ་ལས་གྲོལ་ཞིང་། མ་རུངས་པ་དེ་དག་ཚར་གཅོད་པའི་འཕྲིན་ལས་མཚོན། ལྟེ་བ་སྔོན་པོས་ཞི་རྒྱས་དབང་དྲག་གི་ལས་བཞི་ཐོགས་མེད་དུ་འགྲུབ་པར་མཚོན་ནོ། །

སྲིད་པའི་འཁོར་ལོ།

སྲིད་པའི་འཁོར་ལོ་ནི། མཐའ་འཁོབ་སྒྲ་སྒྲོགས་ཀྱི་རྒྱལ་བོ་ཨུ་ཊ་ཡ་ནའི་སྐྱེས་ལན་དུ་ཡུལ་དབུས་ཀྱི་རྒྱལ་བོ་གཟུགས་ཅན་སྙིང་བོས། སྟོན་པའི་བཀའ་བཞིན་སྟོན་པའི་སྐུ་གཟུགས་དང་སྲིད་པའི་འཁོར་ལོ་ཆ་ལྔ་བ་འདི་བསྐུར་བས། དེས་ཀྱང་། དེའི་དོན་བསམ་ནས་འཕགས་པའི་གོ་འཕང་མངོན་དུ་གྱུར་བར་གསུངས་པ་དང་། འདུལ་བ་ལུང་བཅུ་བདུན་ལས། གནས་མལ་གྱི་གཞི་ལས་ཀྱང་། མཆོག་ཟུང་གཉིས་འགྲོ་བ་ལྔ་རྒྱུ་ཞིང་སོ་སོའི་སྡུག་བསྔལ་འཁོར་བཞི་བོར་འདོམས་པ་སྟོན་པས་གཟིགས་ཏེ། རྣམ་ཀུན་དུ་མཆོག་ཟུང་ལྟ་བུ་དག་མི་འབྱུང་པས། སྒོ་ཁང་དུ་འཁོར་བའི་འཁོར་ལོ་ཆ་ལྔ་བའི་ཁོར་ཡུག་ཏུ་རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་དང་ལུགས་ལྡོག་ཀྱང་ཕྲིས་ཤིག་གསུངས་ནས། དེ་ལྟར་བྲིས་པ་གཞན་དག་ལ་ཡང་རྒྱ་ཆེར་སྟོན་དགོས་གསུངས་སོ། །

སྲིད་པའི་འཁོར་ལོ་ཆ་ལྔ་འབྲི་ཚུལ་ནི། འདུལ་བ་ལུང་ལས། སྒོ་ཁང་དུ་འཁོར་བའི་འཁོར་ལོ་ཆ་ལྔ་བར་བྱའོ། །སྟེང་དུ་ལྷ་དང་མི་རྣམས་སོ། །རྫུས་ཏེ་སྐྱེས་པའི་སེམས་ཅན་ཟོ་ཆུན་འཁྱུད་མོ་བཞིན་དུ་འཆི་འཕོ་བ་དང་སྐྱེ་བ་དག་ཀྱང་ངོ་། །ཞེས་གསུངས་པ་ལྟར། འཆི་བདག་གཤིན་རྗེ་འམ་སྲིན་པོ་ཁ་གདངས་པའི་དབུས་སུ། ཟླུམ་པོ་ཆ་ལྔ་བ་ཞིག་སྟེ། སྟེང་གི་དུམ་བུ་གཉིས་ནི་གཅིག་ལྷ་དང་། ཅིག་ཤོས་མི་འབྲི་བ་དང་། འོག་རིམ་ཆ་གསུམ་དུ་བྱས་པ་སྟེ་དམྱལ་བ། ཡི་དྭགས། དུད་འགྲོ་དང་། རི་མོའི་དབུས་སུ་བྱ་ཕག་སྦྲུལ་གསུམ་བྲིས་པ་ནི། བྱ་ཕུག་རོན་གྱིས་འདོད་ཆགས་ཆེ་བ་དང་། སྦྲུལ་གྱིས་ཞེ་སྡང་ཆེ་བ། ཕག་གིས་གཏི་མུག་ཆེ་བ་སྟེ། ཀུན་འཁོར་བར་འཆིང་བྱེད་ཀྱི་གཞི་རྩ་དུག་གསུམ་ཡིན་པས། བཅོམ་ལྡན་འདས་ཀྱིས། དབུས་སུ་འདོད་ཆགས་ཞེ་སྡང་གཏི་མུག་བྱ་ཕུག་རོན་དང་སྦྲུལ་ཕག་གི་རྣམ་པར་རོ། །ཞེས་གསུངས་པའོ། །དེ་ཡང་། གཏི་མུག་མཚོན་བྱེད་ཕག་རྩ་བ་བྱས་ཏེ་གཞན་གཉིས་ཡན་ལག་ལྟ་བུ་སྟེ། འདུལ་བ་ལས། སྔ་མ་དེ་གཉིས་གཏི་མུག་གིས་ཟ་བར་འགྱུར་རོ། །ཞེས་གསུངས་སོ། །དེའི་མཐའ་ལམ་དཀར་ནག་གཉིས་བྲིས་པ་ནི། བདེ་འགྲོ་དང་ངན་འགྲོའི་བར་སྲིད་ལ་དགེ་སྡིག་གི་ལས་དཀར་ནག་གཉིས་སུ་ངེས་པར་མཚོན། རི་མོ་འདིའི་ཕྱིའི་མཐའ་འཁོར་དུ། མ་རིག་པ་རྒན་མོ་ལོང་བ་ནས་རྒ་ཤི་རོ་ལྟག་སྤྲོད་དུ་ཁུར་བའི་རེ་ཁཱའི་བར་བཅུ་གཉིས་བྲིས་པ་ནི། བཅོམ་ལྡན་འདས་ཀྱིས་ཁོར་ར་ཁོར་ཡུག་ཏུ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་དང། མི་རྟག་པ་ཉིད་ཀྱིས་བཟུང་བའི་བར་རོ། །ཞེས་གསུངས་པ་ལྟར། རྟེན་འབྲེལ་ཡན་ལག་བཅུ་གཉིས་དཔེ་དཔེ་ཅན་སྦྱོར་ཚུལ་ནི། བཀའ་གདམས་ཕ་ཆོས་ལས། མ་རིག་རྒས་པོ་ལོང་བ་སྟེ། །འདུ་བྱེད་དག་ནི་རྫ་མཁན་བཞིན། །རྣམ་ཤེས་སྤྲེའུ་ལྟ་བུ་སྟེ། །མིང་དང་གཟུགས་ནི་གྲུར་འཇུག་འདྲ། །སྐྱེ་མཆེད་ཡུལ་འཁོར་སྟོང་པ་སྟེ། །རེག་བྱ་འོ་བྱེད་འདྲ་ཞེས་གདའ། །ཚོར་བ་མིག་ལ་མདའ་བརྒྱབ་སྟེ། །སྲེད་པ་ཆང་འཐུང་འདྲ་ཞེས་གདའ། །ལེན་པ་ཤིང་ཏོག་སྙབ་འདྲ་སྟེ། །སྲིད་པ་སྦྲུམ་མ་འདྲ་ཞེས་འདྲ། །སྐྱེས་པ་མ་ལས་བུ་སྐྱེས་འདྲ། །རྒ་ཤི་རོ་འཁུར་འདྲ་ཞེས་གདའ། །ཞེས་པ་ལྟར་རོ། །

དང་པོ་རྒན་མོ་ལོང་བ་ནི། མ་རིག་པའི་མཚོན་བྱེད་དེ། དམུས་ལོང་འཁར་བ་ལ་བརྟེན་ཏེ་གར་འགྲོ་འདིར་འགྲོ་ཅི་བྱ་གཏོལ་མེད་པར་འཁྱམས་པ་ལྟར། མ་རིག་པས་ཕྱིན་ཅི་ལོག་ཏུ་བཟུང་སྟེ་དགེ་སྡིག་ལ་གྱ་ཚོམ་དུ་ཞུགས་པ་ཁམས་གསུམ་འཁོར་བ་འདིར་སྡུག་བསྔལ་སྣ་ཚོགས་མྱོང་བས་སོ། །

གཉིས་པ་རྫ་མཁན་ནི། འདུ་བྱེད་ཀྱི་མཚོན་བྱེད་དེ། རྫ་མཁན་གྱིས་སྣོད་ཆེ་ཆུང་བཟང་ངན་སྣ་ཚོགས་བཟོ་བ་བཞིན། དགེ་སྡུག་གིས་ལས་སྣ་ཚོགས་ལ་བརྟེན་ནས་རྣམ་སྨིན་གྱི་ཕུང་བོ་ཆེ་ཆུང་དང་བཟང་ངན་སྣ་ཚོགས་ཤིག་བསྐྱེད་པའོ། །

གསུམ་པ་སྤྲེའུ་ནི། རྣམ་ཤེས་མཚོན་བྱེད་དེ། སྤྲེའུ་མི་སྲུན་པར་ཤིང་སྡོང་རྩེ་ནས་སྡོང་སྐེད། དེ་ནས་ཤིང་རྩར་མཆོང་བསྐྱོད་སྣ་ཚོགས་བྱེད་པའམ། ཡང་ན། ཁང་བའི་སྒེའུ་ཁུང་དྲུག་པོ་ལས་སོ་སོར་རྒྱུགས་ནས་བལྟ་བར་བྱེད་པ་བཞིན་རྣམ་ཤེས་ཀྱིས་སྐྱེ་བ་སྔ་ཕྱི་བར་གསུམ་བརྒྱུད་དེ། སྐྱེ་འཆི་འདོར་ལེན་བྱེད་པའམ། ཡང་ན། མིག་ལ་སོགས་པའི་སྒོ་དྲུག་གང་ཡིན་ནས་ཡུལ་སྣ་ཚོགས་ལ་སྤྱོད་པའོ། །

བཞི་བ་གྲུ་རྫིངས་ནི། མིང་གཟུགས་མཚོན་བྱེད་དེ། གྲུས་ཡོ་བྱད་དང་འགྲུལ་བ་སྐྱེལ་འདྲེན་གྱི་རྟེན་བྱེད་པ་ལྟར། མིང་གཟུགས་སྐྱེ་བ་སྔ་ཕྱིའི་འགྲོ་འོང་གི་རྟེན་དང་བདེ་སྡུག་འབྱུང་བའི་ཕུང་བོའི་ངོ་བོར་འཛིན་པའོ། །

ལྔ་བ་ཁང་སྟོང་ནི། སྐྱེ་མཆེད་ཀྱི་མཚོན་བྱེད་དེ་ཁང་སྟོང་ལ། ཕྱི་བལྟས་ཀྱི་མི་ཡོད་པ་ལྟར་སྣང་ཡང་། དོན་དུ་བརྟེན་པ་ལ་བདག་པོ་མེད་པ་ལྟར། སྐྱེ་མཆེད་ཀྱི་རྟེན་འབྲེལ་གྲུབ་མ་ཐག་ཕྱི་བལྟས་ཀྱིས་རྣམ་ཤེས་ཡོད་པ་ལྟར་སྣང་ཡང་། དོན་དུ་ན་རང་འབྲས་རྣམ་ཤེས་ད་དུང་གྲུབ་མེད་པས་སོ། །

དྲུག་པ་ཕོ་མོ་འཁྱུད་དེ་འོ་བྱེད་པ་ནི། རེག་པ་མཚོན་བྱེད་དེ། འོ་བྱེད་ཚེ་ཕན་ཚུན་འཐམ་ནས་རེག་པ་ལྟར་ཡིད་དབང་རྣམ་ཤེས་འདུས་ནས་ཡུལ་འགྱུར་གཅོད་པ་འམ། ཡང་ན། འོ་བྱེད་ཚེ་རེག་པ་དེ་མ་གཏོགས་འཁྲིག་བདེ་ཡོངས་སུ་མི་རྫོགས་པ་ལྟར་ཚ་གྲང་དང་འཇམ་རྩུབ་གྱི་རེག་པའི་སྣང་བ་ཙམ་མ་གཏོགས་བདེ་སྡུག་རྫོགས་པར་མྱོང་མི་ཐུབ་པས་སོ། །

བདུན་པ་མིག་ལ་མདའ་ཟུག་པ་ནི། ཚོར་བའི་མཚོན་བྱེད་དེ་མིག་ལ་མདའ་ཟུག་མ་ཐག་ཚོར་བ་སྡུག་བསྔལ་མྱོང་པ་ལྟར། ཚོར་བས་ཀྱང་ཡིད་འོང་མི་འོང་བར་མ་གང་རུང་འཕྲད་མ་ཐག་བདེ་སྡུག་སོགས་མྱོང་བས་སོ། །

བརྒྱད་པ་སྐྱེས་བུས་ཆང་འཐུང་བ་ནི། སྲེད་པའི་མཚོན་བྱེད་དེ། ཆང་ཅི་ཙམ་འཐུང་ཡང་སྲེད་པ་དེ་ཙམ་འཕེལ་བ་ལྟར། སྲེད་པའི་འཁྲུལ་སྣང་གིས་བསླུས་ཏེ། ལུས་ལོངས་སྤྱོད་སོགས་ལ་ནམ་ཡང་མི་ངོམས་པར་ཆགས་ཞེན་གྱིས་བདུང་བས་སོ། །

དགུ་བ་སྤྲེའུས་ཤིང་ཏོག་ལེན་པ་ནི། ལེན་པའི་མཚོན་བྱེད་དེ། སྤྲེའུས་ཤིང་ཏོག་སྔ་མའི་རོ་ཚོར་ཞིང་མིག་གིས་མཐོང་ཚད་ལེན་པ་ལྟར། སྲེད་པ་དེ་ཉིད་ཤས་ཆེར་སོང་ནས་འདོད་པའི་དངོས་བོ་དང་དུ་ལེན་པས་སོ། །

བཅུ་བ་བུད་མེད་སྦྲུམ་མ་ནི། སྲེད་པའི་མཚོན་བྱེད་དེ་ཟླ་ཁ་ལོངས་པ་ནས་སྦྲུམ་མ་དེ་བུ་སྐྱེ་བའི་རྐྱེན་ཐམས་ཅད་ཚོགས་པ་ན། སྐྱེ་བ་ལ་མངོན་དུ་ཕྱོགས་པ་བཞིན། སྲིད་པ་ཕྱི་མ་འགྲུབ་པའི་ལས་ཀྱི་ནུས་པ་མཐུ་ཅན་དུ་གྱུར་ཏེ་རྣམ་སྨིན་གྱི་ཕུང་བོ་གསར་དུ་གྲུབ་པ་ལ་མངོན་དུ་ཕྱོགས་པའོ། །

བཅུ་གཅིག་པ་ཕྲུ་གུ་བཙའ་བ་ནི། སྐྱེ་བ་མཚོན་བྱེད་དེ། ཕྲུ་གུ་མའི་མངལ་ནས་ཕྱིར་དངོས་སུ་ཐོན་པ་བཞིན་རྣམ་ཤེས་ཡང་སྲིད་པ་ཕྱི་མར་ཉིང་མཚམས་སྦྱར་བའོ། །

བཅུ་གཉིས་པ་རོ་རྒྱབ་བསྣོལ་དུ་ཁུར་བ་ནི། རྒ་ཤིའི་མཚོན་བྱེད་དེ། ན་ཚོད་རྒས་འཁོགས་སུ་གྱུར་ནས་སྡུག་བསྔལ་གྱིས་སྣ་སྒོ་མོ་ནས་མནར་ཏེ། འཆི་ཚེ་བེམ་པོ་དུར་ཁྲོད་དུ་སྐྱེལ་བ་ལྟར། མི་རོ་མཐོང་བ་ན་འཆི་བ་ངང་གིས་དྲན་ཞིང་ཕུང་བོ་དང་རྣམ་ཤེས་ཀྱི་འབྲེལ་ཐག་ཆད་པའོ། །

དེ་ཐམས་ཅད་འཁོར་ལོའི་རྣམ་པར་འཆི་བདག་གི་ཁ་དང་རྐང་ལག་གིས་དམ་དུ་བཟུང་བར་བྲིས་པ་ནི། ལས་ཉོན་གྱི་དབང་གིས་འཁོར་བ་འདིར་སྐྱེ་བ་ལེན་པ་མཐའ་དག་འཆི་བདག་གཤིན་རྗེའི་དབང་དུ་མ་གྱུར་བ་མེད་པ་དང་། དེ་ལྟ་བུའི་སེམས་ཅན་ཀུན་སྡུག་བསྔལ་གང་རུང་མྱངས་ཏེ། སྲིད་རྩེ་ནས་མནར་མེད་བར་རྟག་ཏུ་འཁོར་བར་མཚོན་པའོ། །སྟེང་དུ་བཅོམ་ལྡན་འདས་ཀྱིས་ཕྱག་གཡས་པའི་མཛུབ་མོས་ཟླ་བའི་ཐིག་ལེ་ཞིག་སྟོན་པ་བྲིས་པ་ནི། མདོག་དཀར་བ་འགོག་བདེན་དེ་ཉིད་དམ་པའི་ཆོས་འགོག་བདེན་གྱིས་སྤང་བྱའི་དྲི་མ་དག་ཅིང་། དེ་ཕྱག་གིས་སྟོན་པ་ནི། དེ་སྟོན་པ་སངས་རྒྱས་ཁོ་ན་ལ་རག་ལས་པས་དེར་འགྲོ་བར་རིགས་སོ། །ཞེས་འདོམས་པར་མཚོན་པའོ། །ལམ་བདེན་མཚོན་པའི་ཕྱིར་དུ་སྲིད་པའི་འཁོར་ལོའི་འོག་ཏུ། བརྩམ་པར་བྱ་ཞིང་དབྱུང་བར་བྱ། །སངས་རྒྱས་བསྟན་ལ་འཇུག་པར་བྱ། །འདམ་བུའི་ཚལ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་བྱ། །གང་ཞིག་རབ་ཏུ་བག་ཡོད་པས། །ཆོས་འདུལ་འདི་ལ་སྤྱོད་གྱུར་བ། །སྐྱེ་བའི་འཁོར་བ་རབ་སྤངས་ཏེ། །སྡུག་བསྔལ་ཐ་མ་བྱེད་པར་འགྱུར། །ཞེས་པའི་ཤོ་ལོ་ཀ་འདི་གཉིས་འབྲི་བར་གསུངས་སོ། །འཁོར་ལོ་འདི་ཁྱུད་མོར་བྲིས་པ་ནི། མ་རིག་པ་ནས་རྒ་ཤིའི་བར་རྟེན་འབྲེལ་ཡན་ལག་བཅུ་གཉིས་དང་། ལས་ཉོན་གྱིས་སྐྱེ་བ་བླངས་པའི་འགྲོ་བ་ལྔ་བོ་ཟོ་ཆུན་ནམ་མགལ་མེ་ལྟར་སྲིད་རྩེ་ནས་མནར་མེད་བར་འཁོར་བ་མཚོན་ལ། ཡན་ལག་བཅུ་གཉིས་འཁོར་ལོའི་མཐར་འབྲི་བ་ནི། དེ་ལས་བརྒལ་ན་འཁོར་བ་ལས་ཐར་བར་མཚོན་ནོ། །

གཞན་ཡང་། དག་ཡིག་མཁས་འབྱུང་ལས་འདུལ་བའི་སྐོར་གྱི་རི་མོ་འབྲི་གཞིའི་ཁྱད་པར་འདི་ལྟར་འཁོད་ཡོད་དེ། གཙུག་ལག་ཁང་གི་ཁྱམས་སུ་སྟོན་པའི་སྐྱེས་རབས་དང་། དཔོང་སའི་ཁང་བར་ཤཱ་རིའི་བུ་སོགས་བྲི་བ། དྲི་གཙང་ཁང་གི་སྒོར་གནོད་སྦྱིན་འཕྲེང་ཐོགས། མཛོད་ཀྱི་སྒོར་གནོད་སྦྱིན་ལག་ན་མྱུ་གུ་ཐོགས་པ། ཟས་ཀྱི་ཁང་བར་ལག་ན་བཅའ་བ་ཐོགས་པ། བསྲོ་ཁང་དུ་མྱུ་གུ་དང་བུམ་པ་ཐོགས་པ། མེའི་ཁང་བར་གྲུལ་བམ་མེ་འབར་བར་བྱེད་པ་སོགས་དང་། ཆུའི་ཁང་བར་ཀླུའི་བུ་མོ་ལག་ན་བུམ་པ་ཐོགས་པ་སོགས། ནད་པའི་རུང་བའི་ཁང་བར་དེ་བཞིན་གཤེགས་པ་ནད་པའི་རིམ་གྲོ་མཛད་པ། གསང་སྤྱོད་ཁང་དུ་དུར་ཁྲོད་དང་མགོ་ཐོད་སོགས་དང་། སྒོ་ཁང་གི་ཁོར་ཡུག་ཏུ་ཆོ་འཕྲུལ་ཆེན་པོ་དང་། བདུད་བཅོམ་པ་སོགས་འབྲིའོ། །

ལེའུ་བཅུ་བཞི་བ། བརྟག་ཐབས་སྣ་ཚོགས།

དམངས་ཁྲོད་ཀྱི་གནམ་གཤིས་བརྟག་ཐབས།

ང་ཚོའི་མེས་པོ་རྣམས་ཀྱིས་རང་བྱུང་ཁམས་ཀྱི་འབྱུང་བཞིའི་འགྱུར་ལྡོག་དང་བསྟུན་ཏེ། མི་རབས་ནས་མི་རབས་བརྒྱུད། ལག་ལེན་དང་ཉམས་མྱོང་སྣ་ཚོགས་ཀྱིས་གནམ་གཤིས་བརྟག་ཐབས་ལ་སྡོམ་ཚིག་མང་བོ་བཀོད་ཡོད། ཚན་རིག་དང་མཐུན་པའི་གལ་ཆེན་རང་བཞིན་གྱི་རིག་གནས་དེ་དག ད་དུང་ཡང་། དམངས་ཁྲོད་ཀྱི་ངག་རྒྱུན་ཙམ་མ་གཏོགས། དཔེ་ཐོག་རིག་གནས་སུ་མ་གྱུར་བས། འདིར་མི་རབས་རིམ་བརྒྱུད་ཀྱི་གནམ་གཤིས་བརྟག་ཐབས་ཀྱི་ཉམས་མྱོང་ཕྱོགས་སྡོམ་གྱི་ཤེས་བྱ་གྱ་ནོམ་པ་དང་། དེའི་སྟེང་ནས་ཞིང་ཕྱུགས་ཀྱི་བྱ་ལས་ཆེ་ཕྲ་མང་བོ་བཀོད་སྒྲིག་རྒྱག་སྲོལ་ཡོད། དཔེར་ན། བྱིས་པ་གནག་རྫིར་འགྲོ་རྒྱུ་དང་། ཞིང་བས་ཐང་མ་བརྡལ་རྒྱུ་སོགས་གནམ་གཤིས་ལ་གཞིགས་ནས་ཐག་གཅོད་བྱེད་པ་ཡིན། དེ་བས། འདིར་གནམ་གཤིས་ལ་བརྟག་ཚུལ་ཁག་གཅིག་ངོ་སྤྲོད་བྱས་ན།

ཐུའུ་བཀྭན་རིན་པོ་ཆེའི་ཆར་འབེབས་ཀྱི་ཆོ་ག་སྤྲིན་བཅུད་འདུས་པའི་རྒྱ་མཚོ་ལས། སྤྲིན་རོ་རྙིང་བ་ཡལ་ནས་གསར་བ་ལུག་གི་ལྟོ་ཚིལ་འདྲ་བ་དང་། ཡང་། སྤྲིན་འཁྲིགས་ཤིང་སྤྲིན་ནག་གཡག་རུ་འདྲ་བ་དང་། སྲོག་ཆགས་སྡིག་སྦྲུལ་སྦལ་ལྕོང་སོགས་ཀྱི་རྣམ་པ་དང་། དེ་ཡང་། འགྱུར་ལྡོག་མང་དུ་བྱེད་པ་དང་ལྷོ་ནས་བྱང་ལ་འགྲོ་བ། ཆུ་མིག་གི་ཆུ་སྔར་ལས་བྲུག་པ་དང་། རྔ་ལ་སོགས་པའི་ཆས་ལ་གློ་བུར་དུ་བང་བབ་པ་དང་། ཚེ་འདས་མང་བ་རྨི་བ། ཟས་ནོར་ལོངས་སྤྱོད་སོགས་སྟེར་བ། ཀླུ་རིགས་དང་ཆུ་ལ་སོགས་པ་རྨི་བ་རྣམས་ཆར་འབབ་པའི་རྟགས་དང་། སྤྲིན་དམར་ཟངས་མདོག སྔོ་སྐྱ། དུམ་ཆད། གུ་ལིང་སེར་ཕྲག མགུལ་འཁྲིགས་མེད་པའི་སྤྲིན་རྣམས་ངན། སྤྲིན་ཐམས་ཅད་ཤར་དང་ལྷོར་རྒྱུགས་པ་དང་། སྐམ་གློག་ཙིག་བྱེད་པ། དུམ་བུར་ཆད་ཅིང་མྱུར་དུ་དེངས་འགྲོ་བ། རླུང་ལྷོ་ནས་བྱང་དུ་ལྡང་ན་འབེབས་དཀའ། ཆར་འབེབས་ཚུགས་ནས་ཆུ་མིག་བྲི་འགྲོ་བ། རྨི་ལམ་དུ་སྤྲང་བོ་དང་ཡུལ་འདོན་པ་རྨིས་ན། ཀླུ་སྟོབས་ཆུང་བ་འམ་འབེབས་མ་འདོད་པ་ཡིན་པར་བཤད་དོ། །དེ་ལས་གཞན། ནམ་ལངས་ཀྱི་ཚེ་སྤྲིན་དམར་ཐག་པ་འཐེན་འདྲ་ཤར་ནས་ནུབ་ཏུ་རྒྱུགས་པ་དང་། འཇམ་སྤྲིན་ཕྱེ་མ་ལེབ་ཀྱི་གཤོག་པ་བརྐྱངས་པ་བཞིན་ཤར་ཕྱོགས་ཁེབས་ནའང་འབབ་རྟགས་དང་།

ཡང་། ཤར་རླུང་གཡུགས་ན་འབབ་རྟགས་དང་། ནུབ་རླུང་གཡུགས་པ་ཐང་རྟགས། ལྷོ་ནས་གཡུགས་ན་འབབ་རྟགས་དང་། བྱང་ནས་གཡུགས་ན་ཐང་རྟགས། དེ་བཞིན་སྤྲིན་ཀྱི་རྒྱུ་ཕྱོགས་ཡང་གོང་ལྟར་བཤད་ལ། ཁྱད་པར་དུ་ལྷོ་ནས་གནམ་ངོ་ཅི་ཙམ་རུབ་ཀྱང་། བྱང་ནས་ཅུང་ཟད་བཀྱགས་ན་ཐང་རྟགས་སུ་བཤད་པ་སྟེ། བྱང་རྟ་རྔ་ཙམ་ཞིག་ཐང་ན། ལྷོ་སྡིགས་སྡིགས་བྱས་ནོ་རང་ཡིན། ཞེས་དང་། སྟོན་ཁར་དགོང་མོར་ཐང་ན་སང་ཉིན་ཐང་རྟགས་དང་། དཔྱིད་ཀར་དགོང་མོར་ཐང་ན་སང་ཉིན་འབབ་རྟགས་སུ་བཤད་དེ། སྟོན་དགོང་ཐང་བརྒྱབ་ན། ཞིང་འབྲེག་རྒན་མོས་ཟོར་བ་རྡོར། དཔྱིད་དགོང་ཐང་བརྒྱབ་ན། ལུག་རྫི་རྒན་པོས་རྐང་ལྷམ་འཚེམ། ཟེར་རོ། །

ཡང་། དུས་ཚིགས་དང་སྲོག་ཆགས་གྲག་འགུལ་བལྟས་ནས་དཔྱད་པ་ནི། མི་ཚེ་གཅིག་ལ་སྐྱིད་སྡུག་གསུམ། །དཔྱིད་ཉི་གཅིག་ལ་དྲོ་གྲང་གསུམ། །ཟེར་བ་ལྟར། འབབ་མི་རྟག་དབྱར་ཁའི་གནམ་ངོ་འདྲ། །ཞེས་དང་། དབྱར་གནམ་གཅིག་ལ་འབབ་རིམ་དགུ་དང་ཐང་རིམ་དགུ་ཞེས་པ་ལྟ་བུ་དང་། ཆབ་སྤེལ་གྱི་བཟོ་རིག་ཉེར་མཁོ་བདམས་བསྒྲིགས་ལས། གང་དུ་གྲོགས་འགྱུར་སྲོག་ཆགས་ཚང་འཆའ་ཞིང་། །དེར་ནི་མི་གནས་རིང་དུ་བགྲོད་གྱུར་ན། །ངེས་པར་ཞག་བདུན་ནང་དུ་ཆར་ཆེན་འབབ། །མཚོ་ཡི་དྲོད་རྒྱས་ཉ་དང་ཉ་ཕྱིས་སོགས། །ཆུ་དེར་མི་གནས་དེར་འབབ་ཆུ་ཀླུང་ལ། །གྱེན་དུ་རྒྱུགས་ཚེ་ཞག་ལྔའི་ནང་དུ་ཡོང་། །འདབ་ཆགས་ཀ་རནྡ་དང་པུ་ཤུད་སོགས། །ཟུར་ཕུད་ན་རྣམས་ཡུན་རིང་སྒྲ་སྒྲོག་ན། །དེ་ཚེ་ཞག་གསུམ་ནང་དུ་ཆར་འབབ་བོ། །ཞེས་དང་། ཡང་། བྱ་ཁུག་རྟའི་ཚང་བཟོ་དུས་འབབ་རྟགས་དང་། བྱ་འོལ་སེར་དང་འཇོལ་མོ་གྲག་ན་ཆར་འབབ་རྟགས་ཟེར་ལ། དེ་ལ་དམངས་ཁྲོད་དུ་འབབ་བྱེའུ་རུ་གྲགས་ཞེས་ཀྱང་ཟེར་རོ། །དེ་ལས་གཞན། ཁ་ལ་ཡུག་འཕུར་ནའང་འབབ་རྟགས་སུ་བཤད་དེ། དེ་ནི་ཕྱོགས་གཅིག་ནས་ཆར་འབབ་ལ་ཉེ་དུས་ཚ་སྨུག་གིས་དབང་གིས་འབུའི་རིགས་དམའ་སར་འཕུར་བས་ཁ་ཟས་འཚོལ་སླ་བ་དང་། གཉིས་ནས། ཆར་སྡོད་བྱེའུ﹙ཁ་སྐད་དུ་ཁ་ལ་ཡུག་གམ་ཁུག་རྟ་ཟེར﹚སྐོམ་ན་ཡང་། །ས་ལ་འབབ་པའི་ཆུ་མི་འཐུང་། །གསུངས་པ་ལྟར། ཆར་སྡོད་བྱེའུ་བར་སྣང་གི་ཆུ་འཐུང་རྒྱུའི་གྲབས་བྱེད་པ་ཡིན་ནོ། །ཡང་། ཉ་མོ་ཡར་ལ་ཕྱོགས་པ་ཡང་འབབ་རྟགས་སུ་ལྒིང་དང་། དཀར་ཡོལ་ལ་ལག་པ་མི་ཐེབས་ཀྱི་ཚད་དུ་ཚ་ན། འབབ་རྟགས་དང་། དཀར་ཡོལ་ནང་གི་ཇ་གདུང་གྱེན་དུ་ལངས་ན་ཡང་འབབ་རྟགས་སོ། །

ཡང་། སད་སེར་བརྟག་པ་ལའང་། གྲང་ངར་དགུ་ཞག་ཚང་བའི་རྗེས། །གསེར་བྱ་ངང་བ་འདམ་ལས་འདོན། །སྲམ་གྱིས་འུག་པར་ཉ་སྤྲོད་དུས། །བྱང་རླུང་གྲང་ངར་ལྷོར་རྒྱུགས་ཏེ། །བྱང་སྤྲིན་ལྷོ་ལ་ཡལ་སོང་ན། །དབྱར་སྨད་ཝ་ཞག﹙སྟོན་སད་ཀྱི་དུས་ཚོད་དེ་ཟིན་སྐབས་ཝ་མོ་ཡང་ཚང་དུ་བསྡད་ནས་ཕྱིར་འདོན་མི་ཐུབ་པ་ཟེར་བ་དེ་ནི་སད་ཀྱི་ཤུགས་ཚད་ཆེན་པོ་ཡོད་པའི་དཔེ་དོན་ཡིན﹚བཅོ་ལྔའི་ནང་། །ལུང་ཤུར་སད་ཆེན་ངེས་པར་ཡོད། །ཡང་ན་ནམ་མཁའ་སྤྲིན་གྱིས་འཐིབས། །ལྷོ་དང་ནུབ་ཀྱི་རླུང་ལྡང་ན། །དབྱར་སྨད་སེར་དྲག་ལྡང་བར་བཤད། །རླུང་མེད་འཇམ་ལ་དྲོ་གྱུར་ན། །སད་སེར་ཆུང་བའི་ལོ་ཡིན་ཟེར། །ཡང་། ཝ་ཞག་བཅོ་ལྔའི་རིང་སད་ནམ་འབྱུང་ལ་བརྟག་པ་ནི། རྫ་འམ་དཀར་ཡོལ་ལམ་ཟངས་སྐྱོགས་སོགས་གས་ཆག་མེད་པའི་སྣོད་དུ་ཆུ་གཙང་གིས་བཀང་ལ། སྟེང་དུ་གཡམ་པ་ཁོད་སྙོམས་བཀབ་སྟེ་རླུང་གསེང་མ་ཤོར་བར་བྱས། དབེན་ཞིང་དྲོ་སར་བཞག་ལ་སྔ་དྲོར་རིམ་བཞིན་བལྟས་པས། གཡམ་པར་ཟིལ་བ་ཆགས་ན་སད་མེད། ཟིལ་བ་མེད་ན་སད་ཡོད། དམངས་ཁྲོད་དུ་སད་འགོག་ཐབས་ཞིག་ལ། རྩྭ་རམ་པ་དང་། མཁན་པ། འོམ་བུ། ཟྭ་པོ། ཁམ་བུའི་ལོ་མ་སོགས་མེ་སྒྲོན་ཏེ་ཞིང་ཁར་དུ་བ་མང་དུ་བཏང་ན་སད་སེར་སྔོན་འགོག་བྱེད་ཐུབ་པར་བཤད་དོ། །

ཡང་། སྤྲིན་དམར་དང་སེར་ནག་ཤར་ཕྱོགས་ནས་སྐྱེ་འཇིག་བྱེད་ན་བཙན་རྒོད་ཀྱིས་སེར་བ་འབེབ་རྟགས་དང་། ནམ་ལངས་ཀྱི་ཚེ་ཕྱིང་དཀར་བཏིང་འདྲའི་སྤྲིན་པ་གསུམ་ཤར་ཕྱོགས་ནས་ལངས་ན་མཚོ་སྨན་འཁྲུགས་པའི་སེར་བ་འབབ་རྟགས་དང་། ལྷོ་ཕྱོགས་ནས་ས་བདག་གཟུགས་འདྲའི་སྤྲིན་པ་གསུམ་ལྡང་ན་བདུད་སེར་འབབ་རྟགས་དང་། ནུབ་ཏུ་གོ་ཆ་གྱོན་འདྲའི་སྤྲིན་ལྡང་ན་མ་མོ་ཁྲོས་པའི་སེར་བ་འབབ་རྟགས་དང་། བྱང་དུ་སྤྲེའུ་ཙོག་པུ་ལྟ་བུའི་སྤྲིན་ལྡང་ན། དཀོར་བདག་གཡོས་པའི་སེར་བ་འབབ་རྟགས་དང་། དབུས་སུ་སྦྲུལ་འཁྱིལ་བ་ལྟ་བུའི་སྤྲིན་སྔོ་དམར་འཕྱུར་ན་ཀླུ་ཡིས་སེར་བ་འབབ་རྟགས་དང་། མགལ་མེ་བསྐོར་འདྲའི་སྤྲིན་བྱུང་ན། ཐེའུ་རང་འཁྲུགས་པའི་སེར་བ་འབབ་རྟགས་དང་། གཞན་ཡང་། ཁྱི་དཀར་གནམ་མཆོང་དང་། གཡག་རྔ་གནམ་གཟེངས། འཕྱར་ནག་གནམ་གཏིང་སོགས་ཀྱི་སྤྲིན་ལྡང་ནའང་སེར་བ་འབབ་རྟགས་སོ། །ཡང་། ཀརྨ་ཆགས་མེད་ཀྱི་སེར་བཟློག་ཏུ། གཡག་ཁམ་པའི་རྔ་མ་ལངས་འདྲ་དང་། ར་རྒྱ་བོའི་སྦོ་འདྲ། ཁྱུང་ནག་གཤོག་པ་འདྲ་བ། སྲིན་མོའི་རལ་བ་གསིག་འདྲ་སེར་སྤྲིན་ཡིན་གསུངས་སོ། །

དེ་ལས་གཞན། འཇའ་ཚོན་སྤང་དུ་ཡུན་རིང་ཤར་ན་འབབ་རྟགས་དང། འཇའ་སྣེ་ཆུ་ལ་ཟུག་ན་ཐང་རྟགས། ཆབ་སྤེལ་གྱི་བཟོ་རིག་ཉེར་མཁོ་བདམས་བསྒྲིགས་ལས། ཁ་དོག་སྣ་ཚོགས་རིམ་པ་མང་བོའི་འཇའ། །ཆུ་ལ་ཤར་ཡང་ཡུལ་དེར་ཆར་བ་འབབ། །དུས་གསུམ་མཚམས་སུ་འཇའ་ཟུག་ལོ་ལེགས་བདེ། །གཟའ་སོགས་བཟང་བོར་ཡུལ་དུ་འཇའ་ཟུག་ན། །རྒྱལ་བོའི་སྲིད་དེར་དགེ་ཞིང་རྐུན་པོ་འཇོམས། །དེ་ཉིད་རྗེས་ལ་ཉིན་ཞག་བདུན་ཚུན་དུ། །ཆར་འབབ་ནའང་འབྲས་བུ་དགེ་བར་བཤད། །ཞེས་དང་། ཡང་གླུ་ཚིག་ཞིག་ཏུ། ཁ་དོག་སྣ་ལྔའི་འཇའ་ཚོན། །རང་ལ་ཤར་ནི་མིན་ཏེ། །ཤར་ཟུག་ཉི་མའི་དཀྱིལ་འཁོར། །ནུབ་ཟུག་ཆར་གྱི་གཞི་མ། །ཞེས་ཀྱང་ཟེར་ལ། ཚན་རིག་པས་དཔྱད་བརྗོད་ལྟར་ནའང་། སའི་གོ་ལ་ནི་ནུབ་ནས་ཤར་ལ་རང་བསྐོར་བྱེད་པར་བརྟེན། ཤར་ཕྱོགས་ཀྱི་གནམ་གཤིས་ངན་པ་དེས་ང་ཚོར་ཤུགས་རྐྱེན་ཐེབས་ཀྱི་མེད། གལ་ཏེ་འཇའ་ནུབ་ཕྱོགས་སུ་ཟུག་ན་དེ་ནི་ང་ཚོ་སྡོད་སར་ཆར་བ་ཆེན་པོ་འབབ་པའི་སྔོན་བརྡ་གཏོང་གི་ཡོད་ཅེས་པ་དང་ཡང་ཧ་ཅང་མཐུན་ནོ། །

ཡང་། སྐབས་རེར་ཉི་ཟླའི་མཐའ་བསྐོར་དུ་འོད་འཁྱིམས་འཆར་ན། ངག་རྒྱུན་དུ། ཉི་འཁྱིམས་ཆར་དང་ཟླ་འཁྱིམས་རླུང་། །ཞེས་དང། ཉི་མས་གུར་ཕུབ་ན་ཉིན་གཅིག་ལ་ཐང་། ཟླ་བའི་གུར་ཕུབ་ན་ཟླ་གཅིག་ལ་ཐང་ཡང་ཟེར། ཆབ་སྤེལ་གྱི་བཟོ་རིག་ཉེར་མཁོ་བདམས་བསྒྲིགས་ལས། དངུལ་ཆུ་འོ་མའི་མདོག་འདྲ་ཟླ་བའི་ཁྱིམ། །དེ་ཚེ་རིང་ན་མི་ཐོགས་ཆར་ཆེན་འབབ། །ཅེས་དང་། ཡང་། ཤར་འཇའ་འབྲུག་དང་ནུབ་འཇའ་ཆར། །ཞེས་ཤར་དུ་འཇའ་ཤར་ན་འབྲུག་གྲག་པ་དང་། ནུབ་ཏུ་འཇའ་ཤར་ན་ཆར་འབབ་པའི་རྟགས་སུ་བཤད་པ་དང་།

གཞན་ཡང་། སྤྲིན་ནི་གནམ་གཤིས་འགྱུར་ལྡོག་གི་མཚོན་རྟགས་དངོས་མ་ཞིག་ཡིན་པས། ཁ་དཔེར། ཡང་ན། ནངས་ཁའི་སྤྲིན་དམར་ཆུ་ཡིན། དཀར་བོར་གྱུར་ན་མེ་ཡིན། དགོང་ཁའི་སྤྲིན་དམར་མེ་ཡིན། ནག་པོར་གྱུར་ན་ཆུ་ཡིན། ཞེས་ཞོགས་པར་སྤྲིན་དམར་འཕྱུར་ན་འབབ་རྟགས་དང་། སྤྲིན་དམར་དེ་དཀར་བོར་གྱུར་ན་ཐང་རྟགས། དགོང་ཁར་སྤྲིན་དམར་འཕྱུར་ན་ཐང་རྟགས་དང་། དེ་ནག་པོར་གྱུར་ན་འབབ་རྟགས་སུ་བཤད་དོ། །གཞན་ཡང་། སྤྲིན་པ་དཀར་སྐྱ་ཡུན་རིང་འབབ། །ཁ་དཀར་གཏིང་ནག་བདུད་ལས་རྩུབ། །ཅེས་པ་ནི་ཡུན་རིང་འབབ་མིན་དང་དྲག་ཆར་འབབ་མིན་ལ་དཔྱད་པ་ཡིན་ལ། ཚུལ་འདི་དང་མཚུངས་པར། ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ལས། སྤྲིན་པ་ཁ་སེར་གཏིང་ནག སད་དང་སེར་བའི་གཞི་མ། ཞེས་པར་ཡང་མཐུན་ནོ། །

ཆབ་སྤེལ་གྱི་བཟོ་རིག་ཉེར་མཁོ་བདམས་བསྒྲིགས་ལས། རི་ཡི་རྐེད་པར་ན་བུན་དཀར་བོ་ཡིས། །སྐ་རགས་བཅིངས་འདྲའི་རིམ་པ་གཉིས་སམ་གསུམ། །བྱུང་ཚེ་ཆར་ཆེན་འབབ་པར་ཐེ་ཚོམ་མེད། །སྐ་རགས་བཅིངས་ལྡན་ཉིན་ཞག་གཅིག་ན་འབྱུང་། །ནམ་ལངས་དུས་སུ་ཤར་ཕྱོགས་སྤྲིན་དམར་ནི། །ཐག་དམར་འཐེན་འདྲ་ནུབ་ཏུ་རྒྱུགས་པ་ནི། །དཀར་ཕྱོགས་ལྷ་ཡི་ཆར་ཕབ་མྱུར་དུ་ཡོང་། །ཤར་ལྷོའི་མཁའ་ལ་པད་འདབ་བརྩེགས་འདྲ་ཡིན། །སྤྲིན་རྩ་འདབས་འབྲེལ་བུ་གུ་མེད་པ་ནི། །བྱུང་ཚེ་ཉིན་ཞག་གཅིག་ནང་ཆར་འབབ་བོ། །ཤར་ཕྱོགས་མཁའ་ལ་ལུག་གི་ལྟོ་ཚིལ་འདྲ། །སྤྲིན་དཀར་འདབ་ལེགས་བརྩེགས་པའི་མི་རིང་དཀར། །བྱ་ར་བྱེད་འདྲའི་གཟུགས་བརྙན་གང་གྱུར་ན། །ཉིན་མོ་དེ་ཉིད་ཟད་དེ་ཆར་འབབ་བོ། །ཡང་ན། དཀར་སེར་ཉི་མ་འཆར་ཁ་ཡི། །ཕྱེ་མ་ལེབ་ཀྱི་གཤོག་པ་རྒྱས་འདྲ་ཡི། །འཇམ་སྤྲིན་སྙོམས་ལེགས་ཤར་ཕྱོགས་ཁེབས་གྱུར་ན། །དེ་ཚེ་མྱུར་དུ་ཆར་ཆེན་འབབ་པར་ངེས། །ཞེས་དང་། ཡང་ན། ཤར་ལྷོའི་སྤྲིན་པས་ཉི་མ་བསྲོ། །ལྷོ་ནུབ་སྤྲིན་པས་ཆུ་ཟོ་འཁུར། །ཞེས་སོགས་སྤྲིན་ཀྱི་རྒྱུ་ཕྱོགས་དང་ཁ་དོག་ལ་བརྟག་ཏེ་ཆར་འབབ་མིན་ལ་བལྟའོ། །ཡང་། སྔ་དྲོ་སྨུག་པ་སྟུག་པོ་ཤོད་ལ་བབས་ན། ཕྱི་དྲོ་ཉི་མ་འཆར་བར་བཤད་དེ། ཁ་དཔེར། སྔ་དྲོ་སྨུག་པ་ཐང་ལ་ལྷུང་ན། །ཕྱི་དྲོ་ཙད་ནག་ཀླད་ནས་འཁོར་ར། །ཟེར་བ་དང་།

བྱེ་བྲག་རེབ་གོང་གི་ས་ཆར་མཚོན་ན། བྱ་ཁྱུང་རི་བོ་སྨུག་པས་བཟུང་བ་དང་། སྟག་ལུང་རི་བོ་ཕྱིང་ཞྭ་གྱོན་པ། གོང་མོའི་རྫིང་ཁ་ལུག་ན་ཆར་འབབ་པའི་རྟགས་སུ་བཤད་ལ། དེ་བཞིན། སོ་སོའི་ས་བབ་དང་བསྟུན་པའི་གནམ་གཤིས་བརྟག་ཚུལ་འདི་དག་གིས་མཚོན་ནས། ཚ་གྲང་བརྟག་པ་ཡང་། ཁ་དཔེར། དབྱར་ཕ་མ་འདྲ་བོ་འཇབས་ནས་ཡོང་། །དགུན་དགྲ་ཡ་འདྲ་བོ་མཆོངས་ནས་ཡོང་། །ཞེས་པ་ལྟར། དགུན་དུས་དགུ་ཚུགས་སྐབས་ནས། འདི་ལྟར་བརྗོད་སྲོལ་ཡོད་དེ། དགུ་དང་བོ་ས་འགད། དགུ་གཉིས་པ་རྡོ་འགད། དགུ་གསུམ་པ་ལྕགས་ཀྱི་ཐུ་ལུམ་འགད། དགུ་བཞི་བ་གླང་རྒན་ཁེངས་ནས་འདར། དགུ་ལྔ་བ་དྲོད་མེ་སྟག་ཙམ་ཞིག་འབབ། དགུ་དྲུག་པ་ཆུ་ནག་མས་ལམ་ནག་འདེད། དགུ་བདུན་པ་བོང་ནག་མའི་འདུར་རྒྱུགས་བྱེད། དགུ་བརྒྱད་པ་སྐྱ་མིའི་ཞྭ་ཕུད། དགུ་དགུ་བ་རྐང་ཐང་གིས་ལྷམ་ཕུད། ཞེས་དང་།

ཡང་ན། དམངས་ཁྲོད་དུ་ལོ་རྟགས་བཅུ་གཉིས་ལ་སྦྱར་ནས་དྲོད་གྲང་ལ་བརྟག་སྲོལ་འདི་ལྟར་ཡོད་དེ། སྟག་ཟླ་ཆུ་ནག་ལམ་ནག ཡོས་ཟླ་བོ་ཐོ་ཁ་སེ། འབྲུག་ཟླ་རི་སྐྱ་རང་སྔོན། སྦྲུལ་ཟླ་རི་སྔོན་ཐང་སྔོན། རྟ་ཟླ་རྩྭ་སྨྱོ་ཆུ་སྨྱོ། ལུག་ཟླ་ཁྲ་མེར་ཅིག་ཅིག སྤྲེའུ་ཟླ་ཁྲ་མོ་ནས་ཟན། བྱ་ཟླ་ཤིང་ལོ་རླུང་འཁྱེར། ཁྱི་ཟླ་སྔ་མ་འཁྱག་འབྱར། ཕག་ཟླ་ཆུ་ཁ་དར་ཆགས། བྱི་ཟླ་ཁ་ཕྱིད་སྣ་ཕྱིད། གླང་ཟླ་ས་གད་རྡོ་གད་ཅེས་ཟླ་དང་བོ་ནས་བཅུ་གཉིས་བར་བརྟག་ཚུལ་ཡོད་དོ། །

དེ་ལྟར་འབྱུང་བཞིའི་འགྱུར་འགྲོས་དང་བསྟུན་ནས་རང་ཅག་གི་མེས་པོ་དམ་པ་ནས་ངག་ཐོག་ཏུ་བརྒྱུད་པའི་གནམ་གཤིས་དང་ཚ་གྲང་ལ་འགྲེལ་བརྗོད་གནང་བ་ཕྱོགས་སྡོམ་བྱས་པའི་དམངས་སྲོལ་རིག་གནས་རྣམས་ནི། རྣག་ཐོག་བཙག་ཁེལ་གྱི་ཚུལ་དུ་ཧ་ཅང་གཙིགས་པ་མང་དུ་སྣང་བས། འདི་དག་ལ་སྣང་ཆུང་དུ་མ་བཞག་པར་དོ་སྣང་དང་བསྡུ་སྒྲིག་བྱེད་པ་ནི། ལེགས་བཤད་བྱིས་པ་དག་ལས་ཀྱང་། །མཁས་པ་རྣམས་ཀྱིས་ཡོངས་སུ་ལེན། །དྲི་ཞིམ་བྱུང་ན་རི་དྭགས་ཀྱི། །ལྟེ་བ་ལས་ནི་གླ་རྩི་ལེན། །ཞེས་གསུངས་པ་ལྟར་ངེས་ཤེས་འདྲོངས་དགོས་པ་ཤ་སྟག་གོ །

ལྟས་སྣ་ཚོགས་བརྟག་ཚུལ།

འཇམ་དཔལ་གྱི་རྩ་བའི་རྟོག་པ་ལས། རྒྱུ་མཚན་ཤེས་དང་རིག་པ་དང་། །སྐར་མའི་དཔྱད་ཤེས་སྐད་ཤེས་པ། །འདི་དག་དོན་མེད་མི་བྱ་སྟེ། །བཀྲ་ཤིས་དོན་དུ་བསྟན་པ་ཡིན། །ཞེས་པ་ལྟར། འདིར་མཚན་ལྟས་བརྟག་ཚུལ་འགའ་ཟུང་བརྗོད་ན། འཇའ་ལྟས་ལ་བརྟག་ཚུལ་ནི། འབྱུང་བ་ཚ་གྲང་དང་། ཆར་རླུང་གི་རྟེན་འབྲེལ་ཚོགས་པ་ལས་ཚོན་མདངས་རྣམ་པར་བཀྲ་བའི་འཇའ་ཚོན་ཤར་བ་ནི། རང་ཅག་གིས་ཐམས་ཅད་བཀྲ་ཤིས་རྟེན་འབྲེལ་བཟང་བོར་སྨྲ་མོད་ཀྱང་། དེ་ལ་བཟང་ངན་གཉིས་སུ་བརྟག་ཚུལ་ཡོད། འདིར་དེའི་སྐོར་མདོར་བསྡུས་འགོད་པ་ལ།

༡ འཇའ་ཚོན་བཟང་བོར་བརྟག་ཚུལ། གདུགས་དང་རྒྱལ་མཚན་ཤིང་རྟ་དང་འཁོར་ལོ་སོགས། བཀྲ་ཤིས་པའི་འཇའ་གཟུགས་ཤར་ན། ཡུལ་ཁམས་ཀྱི་རྒྱལ་བོ་རྒྱལ་ཞིང་། ལོ་ལེགས་པའི་ལྟས་སུ་བཤད། ཡང་། ཁ་དོག་རིམ་པ་དུ་མ་དང་ལྡན་པའི་འཇའ་ཚོན་ཆུ་ལ་ཟུག་ན། ཡུལ་དེར་ཆར་ཆུ་འབེབ་པའི་རྟགས། དུས་གསུམ་མཚམས་སུ་འཇའ་ཟུག་ན་རྒྱལ་བོའི་ཆབ་སྲིད་སོགས་ལ་བཟང་ཞིང་། ལོ་དེར་བཀྲ་ཤིས་པའི་ལྟས་སུ་བཤད། གཟའ་སྐར་བཟང་བའི་དུས་སུ་ཤར་ན་རྒྱལ་བོ་དགེ་ཞིང་རྐུན་པོ་སོགས་བཅོམ་པའི་ལྟས། ཡང་། འཇའ་ཚོན་ཤར་རྗེས་སུ་ཉིན་བདུན་ཚུན་ཆད་དུ་ཆར་བབས་ངན་ཡང་འབྲས་བུ་དགེ་བར་བཤད་དོ། །

༢ འཇའ་ལྟས་ངན་པར་བརྟག་ཚུལ། འཇའ་ཚོན་གྱི་དབྱིབས། དབྱུག་པ་དང་གཏུན་ཤིང་། མདུང་རྩེ་གསུམ་དང་། སྒྲོགས་རུས་དང་གཞུ་ལྟ་བུ་ཤར་ན། ཡུལ་འཁོར་འཇིགས་པའི་ངན་ལྟས་སུ་བཤད། གཞན་མགོ་ཐོད་དང་དབྱུག་ཐོ། རུས་སྦལ་དང་ཆུ་སྲིན་ལྟ་བུའི་ཆུར་གནས་སྲོག་ཆགས་ཀྱི་དབྱིབས་སྣ་ཚོགས་ཤར་ན། ཆུས་གནོད་པ་ནད་དང་མུ་གེ་འབྱུང་བའི་ངོ་། །

ཡང་། ཁ་དོག་གི་ཁྱད་པར་ཏེ། དཀར་བོ་ཤར་ན་དགེ་སྦྱོང་འཆི། དམར་སེར་ཤར་ན་འཇིགས་པ་འབྱུང་། སྔོན་པོས་ལོ་ཏོག་མ་རུངས་གྱུར།

ཡང་། ཕྱོགས་ཀྱི་ཁྱད་པར་སྟེ། སྲོད་དུས་ཤར་དུ་འཇའ་ཟུག་ན། རྒྱལ་བོ་གནོད། ནུབ་ཏུ་ཟུག་ན་མིའི་གཙོ་བོ་ལ་གནོད། ཁ་དོག་སྣ་ལྔ་ཆུར་ཟུག་ན་ཆར་འབེབས། ལྷོ་ནས་ནུབ་ཏུ་ཟུག་ན་རྒྱལ་བོ་དང་སྤྲེའུ་བཤན་པ་སོགས་ལ་གནོད།

ཡང་། གྲོང་ཁྱེར་གང་ལ་འཇའ་ཚོན་མང་དུ་ཟུག་ན་གྲོང་ཁྱེར་དེ་རིང་བོར་མི་ཐོགས་པར་འཇིགས་པ་དང་། ཕ་རོལ་གྲོང་ཁྱེར་དམག་གིས་བསྐོར་བའི་ཚེ། ཉི་མའི་དཀྱིལ་འཁོར་མཉམ་པར་ཤར་ན། དམག་འཐབ་ཆེན་པོ་འབྱུང་ཞིང་། ཕྱོགས་གཉིས་ཀ་མི་ཤི་རྟ་འགྱེལ་ཡོང་བའི་རྟགས། གཡུལ་གྱི་ཚེ། ལམ་གཡས་གཡོན་འཁྱིལ་མོར་ཤར་ན་འཇིགས་པ་འབྱུང་། མཚན་དུས་འཇའ་ཚོན་མང་དུ་ཤར་ན། རྒྱལ་བོར་འཚེ་ཞིང་ནད་དང་མུ་གེ་དང་། འཐབ་རྩོད་སོགས་ཀྱིས་ཡུལ་འཁོར་འཇིག་པའི་ངོ་། །འཕྲལ་འཕྲལ་དུ་འཇའ་ཚོན་ཆགས་པ་དང་འཇིག་པ་བྱུང་ན། གྲོང་དང་རྒྱལ་སྲིད་འཇིགས་པའི་ངོ་ཆེའོ། །

༢ སྒྲའི་ཁྱད་པར་གྱི་མཚན་ལྟས་ལ་དཔྱད་པ། ནམ་ལངས་དུས་སུ་སྒྲ་བྱུང་ན་མགྲོན་པོ་གནོད། ཉི་ཤར་གྱི་ཚེ་བྱུང་ན་རྒྱལ་སྲིད་འཇིག དེ་བཞིན་སྔ་དྲོ་རིགས་ངན་དང་། ཉིན་ཕྱེད་བྲམ་ཟེ། ཉི་ནུབ་རྗེ་བོ། ནམ་ཕྱེད་སྲིན་པོ་ལ་གནོད། ཡང་། སྒྲ་སྙོམས་ཞིང་དུལ་བར་བྱུང་ན་འཇིགས་པ་ཆུང་། རིང་ཞིང་མི་སྙན་པ་བྱུང་ན་གནོད་པ་ཆེ།

ཡང་། ཕྱོགས་ཀྱི་ཁྱད་པར་གྱིས་དུས་གསུམ་མཚམས་སུ་སྒྲ་ཆེན་བྱང་ཕྱོགས་སུ་ལྷུང་ན། བསྟན་འཛིན་ཀྱི་སྐྱེས་བུ་འཆི་བའི་རྟགས། ལྷུན་པོའི་མཚམས་སུ་བྱུང་ན་མཐའ་འཁོབ་དང་། ལྷོ་དང་བལ་བོའི་ཡུལ་ལ་གནོད། ཤར་ལྷོར་བྱུང་ན་མིས་འཆི་བ་ལ་གནོད་དོ། །

༣ ལྟས་སྣ་ཚོགས་ལ་དཔྱད་པ། དཀྱིལ་འཁོར་གྱི་ཡོ་བྱད་སྒྲུབ་པ་དང་། འཇུག་པའི་ཚེ། ཁྲུང་ཁྲུང་དང་ངང་ངུར་སོགས་མཁའ་ལ་འགྲོ་ཞིང་དགའ་བའི་སྐད་འབྱིན་པ། རྔ་དྲིལ་དང་པི་ཝང་སོགས་སྒྲ་ཐོས་པ། ལྷ་མི་སོགས་ཀྱིས་རྒྱལ་བ་གྲུབ་པ་ལེགས་པ་སོགས་ཚིག་འབྲུ་བཟང་བོར་བརྗོད་པ་སོགས་ནི་བཟང་ལ། དེ་ལས་ལྡོག་པ་ནི་མི་ཤིས་པའི་མཚན་མའོ། །ཞིབ་ཏུ་འཇུ་མི་ཕམ་གྱི་བརྟག་པ་སྣ་ཚོགས་ནོར་བུའི་མེ་ལོང་ན་གསལ་ལོ། །

ཁྱི་དང་བྱ་རོག་སྲང་གི་བཞི་མདོར་ངུ་ཞིང་ཅ་ཅོ་སྒྲོག་ཚེ་ཕ་རོལ་གྱི་དམག་ཚོགས་འོང་། བྱ་རོག་དང་བུང་བ་གྲོག་ཏུ་ཚང་བཅའ་ན་གློ་བུར་འཇིགས་སྐྲག་འོང་། བྱི་བ་དང་ཁྭ་སོགས་དུས་ནམ་ཡིན་པར་འཁྲིག་པ་སྤྱད་ན་རྒྱལ་བོ་དང་ཡུལ་འཁོར་འཇིག་པའི་ལྟས། ཁྱིམ་དང་ར་བར་ཀ་ཀཱའི་སྒྲ་འབྱིན་པ་དང་། ཉི་ནུབ་ཁ་བརྒྱལ་བས། མི་དང་རྒྱལ་བོ་གནོད། བྱ་རོག་འདུལ་ནས་སྒྲ་མི་གྲག་པར་མཆུ་སར་བཙུགས་ཏེ་འཕུར་ན། དམག་ཚོགས་འཕུང་། ཡང་། བྱའི་ཁ་ནས་ཤ་ལྷུང་ན་ཡུལ་དེར་རྒྱལ་བོས་ཆད་པ་འབྱུང་། མི་ཤ་ཟ་བའི་བྱ་ཁང་སྟེང་དུ་སྒྲ་སྒྲོག་ན་མི་བདག་འཆི། གཞན་མཁར་དམར་བོའི་རྩེ་ན་འདུག་པ། འོབས་དང་ལྕགས་རིས་བསྐོར་བ་ཡང་འཆི་རྟགས་ཡིན། དུས་མིན་ཤིང་ལ་འབྲས་བུ་འབྱུང་ཚེ། རྒྱལ་བོ་འཁོར་བཅས་དགྲ་ཡིས་གསོད་པར་བཤད། ཤིང་སྐམ་ལ་ལོ་མ་བྱུང་ཚེ། ས་དེའི་སྐྱེ་བོ་ཕན་ཚུན་འཁྲུགས་པར་བརྗོད། མཚོན་ཆ་རང་འགུལ་དང་། མེ་འོད་འཕྲོ་བ། དུས་ཀྱི་དྲོ་གྲང་ལོག་པར་གྱུར་ན། ནད་མཚོན་འཇིགས་པ་དང་ལོ་ཉེས་འབྱུང་ལ། རྒྱལ་བོ་དང་དམག་གིས་འཇིགས་པ་འོང་། བ་ལང་སོགས་ལ་ཕྲུ་གུ་མི་བཙས་ན་ཡུལ་དེའི་བུད་མེད་ལ་གནོད། མངལ་ནས་ཕྲུ་གུའི་སྨྲ་བ་དང་ངུ་བ་རྒོད་པ་སོགས་བྱུང་ན་ཡུལ་དེར་མྱུར་དུ་འཇིགས་པའི་རྟགས། བྱ་མཆུ་དང་མགོ་བོ་མང་བ་སྐྱེས་པ་འམ། ཡང་ན། ལུས་གཅིག་དང་གདོང་གཉིས་དང་མིག་གསུམ་ཅན་སྐྱེས་ན་ཡུལ་དེར་དམག་གིས་འཇིགས་པར་བཤད་པ་དང་། ཡང་། ཕག་གི་མགོ་ཅན་དང་མས་མ་ཚོར་བར་བུ་སྐྱེས་པ། བཙས་མ་ཐག་པ་ནས་སོ་སྐྱེས་པ་དང་། མགོ་མེད་ལག་གཅིག་སོགས་སྐྱེས་ན་ཡུལ་འཁོར་ལ་འཇིགས་པ་དུ་མ་ཡོང་། མེ་ཏོག་དང་ཤིང་ཏོག་ལས་ཁུ་བ་འབྱུང་ན་རྒྱལ་ཚབ་ལ་གནོད། བཟའ་ཤིང་འབྲས་བུ་རྟག་ཏུ་མདོག་བཟང་བ་དང་། ཁྲག་འདྲ་འཛག་ན་ནད་དང་མུ་གེ་འབྱུང་། འཇིག་རྟེན་ལྷ་འདྲེ་ལ་མཆོད་པར་ཧ་ཅང་དགྱེས་ན། ཡུལ་དེ་རྒྱལ་བོ་བོར་ཏེ་འཆི་བ་འབྱུང་ངོ་། །གོང་གསལ་ལྟས་སྣ་ཚོགས་ལ་བརྟག་ཚུལ་འདི་དག བསྟན་འགྱུར་ཁྲོད་ཀྱི་དྲང་སྲོང་གྷ་རྒྷའི་ལྟས་བརྟག་ཚུལ་སོགས་ལ་གཞི་བཅོལ་ནས་སུག་བྲིས་སུ་ཕབ་པ་ལགས་སོ། །

ཡང་། ལམ་འཇུག་གི་ཐོག་མར་མཚན་ལྟས་ངན་པ་ནི། ཡོ་བྱད་ལ་གས་ཆག་ཤོར་བ། སྣོད་སྟོང་ལ་འཕྲད་པ། མེ་ཏོག་དམར་དང་ཏིལ་མར་བྱུག་པ་སོགས་གཤིན་གྱི་ལས་དང་ཆ་འདྲ་བ་ཡོངས་དང་། མི་ཤིས་པའི་གང་ཟག་དང་རྟབ་ཅིང་མྱ་ངན་ཅན་དང་འཕྲད་པ། རང་ལ་ཁྲོ་ཞིང་འཐབ་པ། ལམ་འགོག་པ། ཁང་བ་རྡིབ་པ། མེས་ཚིག་པ། རོ་ཁུར་བ། ཆག་བཅོམ་ཐམས་ཅད་དོ། །

ཡང་། ལྟས་ངན་གྱ་གཅིག་སྟེ། བྱ་རྒོད་སྡེར་འཛིང་སོགས་འདབ་ཆགས་ཀྱི་ཉེར་གཅིག ཝ་བ་བརྒྱལ་སོགས་སྡེར་ཆགས་ཀྱི་ཉི་ཤུ། དྲེའུ་བ་གླང་མགོ་སོགས་རྨིག་ཟླུམ་གྱི་ཉི་ཤུ། ཝ་བ་སྤྲེའི་ཞོན་སོགས་ཉི་ཤུའོ། །

ཡང་། ལྟས་ངན་པ་བཅུ་གཅིག་སྟེ། ཉི་ཟླ་མར་བབས་པ། གློག་འཁྱུག་ཐོག་འབབ། སྐར་མདའ་ལྟུང་བ། གཟའ་དུ་བ་མཇུག་རིང་ཤར་བ། ཉི་ཟླ་གཟའ་འཛིན་བྱུང་བ། ས་གཡོས་པ། རྡིགས་བྱུང་བ། འཁྱུག་བརྒྱབ་པ། དགུ་ཚིགས་ལོག་པ། ཐལ་རླུང་གཡོས་པ་བཅས་སོ། །

ཡང་། གཟའ་སྐར་ཤར་ཚུལ་གྱི་ལྟས་ངན་བཞི་ནི། ཤར་ནས་དུ་བ་མཇུག་རིང་། ལྷོ་ནས་སྟག་མགོ་མེ་འབར། ནུབ་ནས་གཡག་མགོ་རླུང་འཚུབ། བྱང་ནས་ཆུ་རི་སྔོན་མོ་ཤར་བའོ། །

ཡང་། གུ་རུ་ཆོས་དབང་གི་རྫོགས་ཆེན་མཉམ་སྦྱོར་ལས། དུས་ངན་བསྟན་པ་བཅུ་གསུམ་སྟེ། ༡ གཏེར་འདི་ཐོན་དང་དུས་མཚུངས་པར། །བུད་མེད་ལུས་ལ་དུང་རྒྱན་དར། །མཁའ་འགྲོའི་ལུང་བསྟན་དུས་ཡིན་པས། །དབང་བསྐུར་སྒྲུབ་ཐབས་སྤེལ་དུས་ཡིན། །༢ སྤུན་འཁྲུག་གཡུལ་ངོ་འགྱེད་པའི་ཚེ། །འགོང་བོ་གཡོས་པའི་དུས་ཡིན་པས། །ཟབ་གཏེར་འདོན་ཞིང་འགོང་བོ་མནན། །༣ སྒོ་ཁྱི་ལམ་ཟན་སྒུག་པའི་ཚེ། །ཡིག་དྲུག་སྟོན་པ་དར་དུས་ཡིན། །ཐུགས་རྗེ་ཆེན་པོའི་མན་ངག་སྤེལ། །༤ གཡོ་བ་བརྒྱ་འདུས་བྱུང་བའི་ཚེ། །ས་གཏེར་མི་ཐུབ་དུས་ཡིན་པས། །གཏེར་འདོན་གཏེར་ཆོས་སྤེལ་བར་བྱ། །༥ བཟང་གོས་ཆ་ག་གཏོང་བའི་ཚེ། །མི་ཚེ་ཐུང་བའི་དུས་ཡིན་པས། །མི་ཆོས་ཞོག་ལ་ལྷ་ཆོས་སྒྲུབས། །༦ རྨོག་གི་བྱེའུ་མགོ་བུད་པའི་ཚེ། །བླ་མེད་རྟོགས་པའི་དུས་ཡིན་པས། །ཐུགས་ཀྱི་ཡང་གཏེར་དོན་ཁྲིད་སྐྱོང་། །༧ སྔགས་བཙུན་སྡེ་འཁྲུགས་བྱུང་བའི་ཚེ། །བསྟན་པ་ཉམས་པའི་དུས་ཡིན་པས། །བསྟན་སྲུང་དྲག་སྔགས་སྤེལ་ཅིང་བསྒྲུབ། །༨ ཆོས་མེད་ཅོ་འདྲི་མང་བའི་ཚེ། །གྲི་མཚོན་དར་བའི་དུས་ཡིན་པས། །བཙུན་པར་འདུག་སྟེ་བྱང་ཆུབ་བསྒྲུབ། །༩ མཐའ་དམག་བོད་དུ་བྱུང་དུས་སུ། །ལྷ་སྲིན་འཁྲུག་པའི་དུས་ཡིན་པས། །རང་དོན་ཁོང་དུ་ཆུད་པར་བྱ། །༡༠ གོས་ངན་རེ་བ་གྱོན་པའི་ཚེ། །ས་བཅུད་ཤོར་བའི་དུས་ཡིན་པས། །གནོད་སྦྱིན་ནོར་ལྷ་བསྙེན་མཆོད་བྱ། །༡༡ ཁྲིམས་མེད་བཙུན་གཟུགས་དར་བའི་ཚེ། །བདུད་ཀྱིས་དབང་བསྒྱུར་དུས་ཡིན་པས། །རྒྱལ་བའི་བཀའ་རྒྱུད་འབྲི་ཀློག་བྱ། །༡༢ ཁྱི་བསྙོན་བོང་བསྙོན་བྱུང་བའི་ཚེ། །དགེ་སྡིག་འཆོལ་སྤྱད་དུས་ཡིན་པས། །མན་ངག་ཚང་མར་སྤེལ་བར་བྱ། །༡༣ སྦས་པའི་རྣལ་འབྱོར་འགའ་བྱུང་ཚེ། །གསང་སྔགས་འབྲུའི་དུས་ཡིན་པས། །མན་ངག་སྤེལ་སྒྲུབ་བརྩོན་འགྲུས་བསྐྱེད། །དེ་ལྟར་དུས་གནད་འཛོམ་དུས་ཚེ། །དགེ་སྡིག་མྱུར་དུ་སྨིན་གྱུར་ནས། །དེ་ཚེ་འབད་དང་དོན་ཆེན་ཡིན། །ཞེས་སོ། །

གཞན་ཡང་། ངག་རྒྱུན་ལས། སྲོག་ཆགས་ཀྱི་སྐད་ལ་བརྟེན་ནས་ལྟས་བརྟག་ཚུལ་འགའ་བརྗོད་ན། འུག་རྒན་སྡེ་དཀྱིལ་ལས་ལན་མང་གྲག་ན་མི་རྒན་འཆི་རྟགས་དང་། འུག་ཆུང་མཁར་ཁ་ནས་གྲག་ན་བུ་ཆུང་སྐྱེས་པའི་རྟགས། མཛོ་གཡག་ངུར་བ་དང་ས་འདྲད་ན་རང་རིགས་འཆི་བའི་ངོ་། རྟ་འཚེར་ན་ལྷ་འདྲེས་ཕན་གནོད་བྱེད་པ་དང་། དགྲ་ངོ་ཆེ་བའི་རྟགས། ཕག་རྒོད་ངུར་བ་དང་སྦལ་བ་ས་སྟེང་ཁྱབ་ན་ས་འགུལ་འབྱུང་བའི་ངོ་། ཁྭ་ཏ་མང་ཤོས་དགུན་དང་སྟོན་དཔྱིད་དུ་གྲག་ན་ཁ་བ་བུ་ཡུག་འཚུབ་པའི་བརྡ། ཕོ་རོག་ནི་མགོན་པོའི་ཕོ་ཉ་ཡིན་པར་བཤད་པས། ཀོ་ཏོང་ཀོ་ཏོང་འབྱིན་ན་གྲོག་སྐད་དང་། སྐད་ངན་སྒྲོགས་ན་མགོན་པོ་ཁྲོས་པར་བཤད། སྐྱ་ཀས་སྔ་དྲོ་གྲོག་སྐད་འབྱིན་ན་བཟང་ལྟས་དང་། རྒོངས་ཀར་སྐད་འབྱིན་ན་ངན་སྐད་དུ་སྨྲ། ཁུ་བྱུག་གིས་མཇུག་སྒྲོ་ཡར་བཀྱགས་ནས་གྲག་ན་ལོ་ལེགས་ཡོང་བའི་བརྡ་དང་། མཇུག་སྒྲོ་མར་མནན་ནས་གྲག་ན་ལོ་ཉེས་སྟོན་པའི་བརྡ་རུ་བཤད། ཡང་། བོད་ལྗོངས་ནག་ཆུ་ས་ཁུལ་གྱི་བཤད་རྒྱུན་ལ། འབྲོག་པ་ཚོ་ཕྱོགས་ཡས་མས་ནས་ཐོན་སྐབས། སྤྱང་སོག་གཡས་དང་། ཝ་སོག་སོག་གཡོན། ཞེས་སྤྱང་ཀིའི་གཞོགས་གཡས་དང་། ཝའི་སོག་གཡོན་བསྟན་པ་དང་འཕྲད་ན་ལེགས་རབ་ཏུ་བརྩི་བ་དང་། དེ་ལས་ལྡོག་ན་ངན་པར་བརྩི། ཁྱིས་མཚན་མོ་ངུ་སྐད་འདོན་པ་དང་ས་དྲུས་ན། མི་ཚང་དེར་ངན་ལྟས་དང་། བྱི་ལའི་ངན་སྐད་སྒྲོགས་ཏེ་འཛིང་རེས་བྱེད་ན་མི་ཚང་དེར་མི་འཆི་རྟགས་དང་། སྤྱང་ཀིས་སྐད་ངན་བཏོན་ཏེ་དགུ་འཛིང་བྱས་ན། ཡུལ་ཕྱོགས་སུ་ནད་ཡམས་དང་མུ་གེ་སོགས་བྱུར་ཡོང་བར་བཤད། གཅན་གཟན་སྟག་གཟིག་གིས་སྐད་ངན་བསྒྲགས་ན། ཡུལ་ལྷ་གཞི་བདག་ལ་བཙོག་གྲིབ་ཕོག་སྟེ། ཡུལ་ལྷ་དེ་དག་ཁྲོས་པའི་རྟགས་སུ་བཤད།

ཡང་། གོ་བོ་སོགས་འདབ་ཆགས་ཀྱི་བྱ་བྲན་མགོ་ཐོག་ཏུ་ལྷུང་ན་ཆག་སྒོ་དང་། ཁྲའི་བྲང་བསྟན་པའང་ངན་པར་བརྩི། དེ་ལས་གཞན། ཕྱོགས་སུ་ཐོན་སྐབས་ཆུ་སྣེ་དང་། ཆུ་ཟོམ་ལྟེམ་མེ་དང་། ལྕི་བ་སྒྲུག་པ་དང་ལྕི་སྒྱེ་འཁུར་བ་དང་འཕྲད་ན་བཀྲ་ཤིས་པ་དང་། དེ་ལས་ལྡོག་ན་ངན་པར་བརྩི། གཞན་ཡང་། འབྲོག་མིའི་རྣམ་རྟོག་དང་འཛེམ་སྲོལ་སྐོར་ནག་ཚང་ཤེལ་ཚྭ་རྫོང་གི་ལོ་རྒྱུས﹙ཤོག་ངོས༢༤༧-༢༥༠ན་གསལ﹚ན་མང་དུ་བཀོད་ཡོད་དོ། །

དེ་ལས་གཞན། ཀརྨ་ཆགས་མེད་ཀྱིས་གཏོའི་ཟིན་བྲིས་ཞིག་ལས་བརྟག་ཚུལ་གྱི་སྐོར﹙﹝ཉི﹞དུམ་པའི་སྤྱིའི་ཤོག་ངོས ༡༢༢ ནས ༡༢༤ ནང་གསལ། ﹚བསྡུས་ཏེ་བརྗོད་ན་སྲེ་མོང་ཁ་ཡི་བྱི་རོ་འདི་བཙོག་མནོལ་འབྱུང་བའི་སྔ་ལྟས། རྨོད་གླང་རོལ་ཏུ་འཁུན་པ་ས་བདག་གཡོ་བའི་སྔ་ལྟས། སྲིན་འཇའ་ཁ་ཡི་འབུ་རོ་ཕོ་ལྷ་གཡེལ་བའི་སྔ་ལྟས། རི་བོང་དུད་ཁྱིམ་དུ་འོང་བ་འདི་མ་དང་བྲན་གྱི་བཙོག་མནོལ། ཁྱིམ་ཕུག་ཏུ་མེ་ཤོར་བ་དང་ཞིང་མུ་གཤའ་ཡིས་འཁྱེར་བ་ཡུལ་འདྲེ་སྡིག་པའི་སྔ་ལྟས། སྦྲ་ལ་བྱ་རྗེས་དོད་པ་དང་སྦྲུལ་ནག་ལྟོ་སྦྱར་མཐོང་བ་མ་ཡུར་བུ་རོགས་བཙོག་མནོལ་ཡིན། མག་པའི་སྒྱུག་མོ་འཚེ་བ་བྱེ་བྲལ་འོང་བའི་ལྟས་ངན། སོག་པའི་མེ་ལོང་ཕུག་པ་དང་ར་ལུག་ལྷག་ཆད་ཡོང་བ་རིམས་ནད་འོང་བའི་སྔ་ལྟས། འུག་པ་ཉིན་པར་ཧབ་དགོད་དང་ནུབ་མོ་ཀུས་འདེབས་པ་མ་སྨད་བྲལ་བའི་ལྟས་ངན། སྒོ་ཁྱིའི་ཟུག་རྔུ་དང་བྱི་ལོང་ཁྱིམ་དུ་འོང་བ་བུ་ཚ་དྭ་ཕྲུག་ལུས་པའི་ལྟས། ཤ་བོ་རུ་འཛིང་བྱེད་པ་དང་མེ་སྙིང་དམར་བོ་རད་པ་དེ་གཤིན་པོས་གསོན་ལ་སྡིགས་པ་ཡིན། སྲོད་ལ་ཝ་མོ་བརྒྱལ་བ་སྲམ་ནག་བུད་པ་མཐོང་བ་ཕུང་སྲི་གནོད་པའི་ལྟས་ངན། རླུང་ཐོག་དྲག་པོ་བྱུང་བ་དང་སྒོ་མོ་ཁྲོག་སྒྲ་གྲག་པ་གནོད་སྦྱིན་འཁྲུག་པའི་ལྟས་ངན། རྣ་ཐོང་བྲག་ལས་ལྟུང་དང་བྱིའུ་ཚང་ནང་དུ་སྦྲུལ་ཞུགས་གཉེན་ཐན་གཡོས་པའི་ལྟས་ངན། ཕུག་ན་བྱི་བ་འཁུན་པ་དང་དྲེལ་རྟས་རྔ་རྔོག་འཆས་པ་མཚོན་ཆ་གཡོས་པའི་ལྟས་ངན། ཕ་ཝང་འཁུན་པ་ཚོར་བ་དང་ལུས་ལ་བྱ་ཐལ་ཕོག་པ་མདུན་ངོ་ཕོག་པའི་ལྟས་ངན་ཡིན་པར་བཤད་དོ། །

དེ་ལས་གཞན། ཀརྨ་ཆགས་མེད་ཀྱིས་མི་རུང་ལྟས་ངན་བརྒྱད་ཅུ་རྩ་གཅིག་ཀྱང﹙﹝ཏི﹞དུམ་པའི་སྤྱིའི་ཤོག་ངོས༢༠༧ ནས ༢༡༡ བར་གསལ། ﹚བཤད་དོ། །

གཞན་ཡང་། ལྟས་སྣ་ཚོགས་ལ་བརྟག་ཚུལ་སྡེ་སྲིད་སངས་རྒྱམ་གྱི་བཻ་དཀར﹙ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་པར་བསྐྲུན་གནང་བའི་ཤོག་ངོས ༢༦ ནས ༣༧ བར་ན་གསལ﹚དུ་རྟགས་ཕྲན་སྣ་ཚོགས་ཀྱི་སྐོར་ལས་མང་དུ་འབྱུང་བ་སྟེ། དུས་ཚུགས་ཀྱི་སྒོ་ནས་བརྟག་པ། འབྲུག་སོགས་ལྟས་བརྟག་པ། བ་མོ་བརྟག་པ། ཁ་ཆར་བརྟག་པ། རྨེ་བདུན་བརྟག་པ། ཟླ་བ་དང་ཉི་ཁྱིམ་བརྟག་པ། བྱ་རོག་དང་སྐྱ་ཀའི་སྐད་ལ་བརྟག་པ། སྦྲིད་པར་བརྟག་པ། ལུས་ཀྱི་ཤ་མཚན་འཕྲིག་པར་བརྟག་པ། གློ་བུར་ཚིག་པ་ཟ་བར་བརྟག་པ། རྟེན་འབྲེལ་ལ་བརྟེན་པའི་འབྲས་བུ་བརྟག་པ་སོགས་གསུངས་ཀྱང་། འདིར་ཡི་གེ་མང་དུ་འཇིགས་ནས་མ་བཀོད་དོ། །

ཡང་། ཧོར་གླིང་གཡུལ་འགྱེད་ལས། དཔའ་རྒྱ་ཚ་ཞལ་དཀར་སྐུ་གྲོངས་པའི་སྔ་ལྟས་སུ། དེར་གླིང་དཀར་གྱི་ཕྱོགས་སུ་བཀྲ་མི་ཤིས་པའི་རྟགས་སྣ་ཚོགས་མང་དུ་བྱུང་བ་སྟེ། ཉིན་མོ་བར་སྣང་ནས་ཐལ་ཆར་བབས། མཚན་མོ་གནམ་ལ་སྐར་ངན་དུ་བ་མཇུག་རིང་ཤར། རྨ་རི་བོ་བཞི་མདོ་ཕུའི་གངས་རི་ཆད། ཁྲ་སྟོད་རོག་པོའི་རྫ་རི་ཉིལ། ནགས་རྒྱལ་ཕྱུག་མོའི་ཤུག་པ་བསྐམས། རྨ་རྒྱལ་སྦོམ་རའི་ཞལ་དཀར་ལ་མེ་ཤོར། རི་དམར་དབང་ཞུའི་མགུལ་ནས་ཆུ་བརྡོལ། འོག་རྟ་ཕ་བོང་དྲེལ་དཀར་ལ་ཐོག་ཕོག སྐུ་མཁར་སེང་ཕྲུག་སྟག་རྩེའི་རྒྱལ་མཚན་འགྱེལ། དངུལ་ཆུ་ཁྲོ་རྫོང་གི་རླུང་དྲིལ་ཆད། ཕོ་རོག་སྙིང་རྫོང་གི་དར་ཆེན་ཆག ས་གཡོས། རི་འགུལ། འཇའ་ཟུག འབྲུག་སྒྲ་གྲག་པ་སོགས་མ་རུང་བ་སྣ་ཚོགས་བྱུང་། ཞེས་སོ། །

ཡང་། ཧོར་གླིང་གཡུལ་འགྱེད་སྨད་ཆ་ལས། ཧོར་སྡེ་དམར་ནག་བཅུ་གཉིས་ཉམས་དམས་སུ་འགྲོ་བར་ཆགས་འཇིག་ཡོང་བའི་སྔ་ལྟས་སུ། གུར་དཀར་སྤང་རི་རྩེ་བརྒྱད་ཀྱི་གངས་ཞིག སོལ་རི་ནགས་ཀླུང་ཕྱུག་མོ་ལ་མེ་མཆེད། ཡ་རྩེ་དཀར་མོ་རྩེ་སྟོང་ཕྱེད་གཤགས་སུ་གས། པདྨ་ཡར་འཁྱིལ་གཡའ་མས་བཀབ། རྩྭ་ར་པདྨ་སྟོང་ལྡན་ཆུས་ཁག་གཉིས་སུ་བགོས། ཐང་ཆེན་པོ་སྤང་རི་རྩེ་རྒྱལ་གྱི་ཀླད་ལ་གནམ་རྡོ་གསུམ་ཕབ། ཤན་པའི་མཛོ་མོ་རུ་རྫོང་གི་སྟེང་དུ་ཐན་བྱ་བབས། ཡ་རྩེ་མཁར་གྱི་སྒོ་ཆེན་མུན་པ་དགུ་སྟུག་གི་ནང་དུ་གླ་བ་རྒྱུགས། མགར་བའི་ལྕགས་ཁང་རིང་མའི་སྦུབ་ཏུ་དྲེད་མོང་ཞུགས། དྲེལ་མོ་ཉི་མ་དགུ་ཆོད་ལ་ཐོག་ཕོག གུར་ནག་གི་མཁར་སྒོ་སྦྲུལ་གྱིས་བཀང་། ཕུ་ཡི་ཉིན་ལུང་བྲག་རྒྱལ་ལ་སྐར་མདའ་བབས། སྦ་ཆེན་གོང་འོག་གཉིས་ལ་མཚན་མོ་འཇའ་ཟུག རྒྱལ་མཚན་དར་རླུང་དགུ་བརྩེགས་ཀྱི་སྲོག་ཤིང་རུལ། གནམ་ཐེལ་གྱི་ཐུགས་རྟེན་དཀར་མོ་རྩེ་གསུམ་གྱི་ནང་ནས་འཁུན་པ་བྱས། བར་ཐེལ་གྱི་ཐུགས་རྟེན་ཁྲ་བོ་རྩེ་བརྒྱད་ཀྱི་ནང་ནས་ཧུ་ཤུ་བྱས། ས་ཐེལ་ཐུགས་རྟེན་ནག་པོ་རྩེ་དགུའི་ནང་ནས་འགྱོད་ཚིག་གི་སྐད་གྲག ཐེལ་མོ་རྐང་གཅིག་གི་ཐུགས་རྟེན་དམར་བོ་མེ་འབར་གྱི་ནང་ནས་སྲིན་བྱས་འགྱུར་གླུ་བླངས། ཡ་རྩེ་མཁར་དམར་གྱི་གདུང་མ་ཆག ཤོག་ཆེན་ཕ་བོང་རྟ་འདྲས་འཚེར་རྒྱང་བྱས། ཕ་བོང་དཀར་ལུ་ལྕོག་ཞབས་དེ་གོམ་པ་བདུན་ཕྱིར་ནུར། ཆུ་མིག་དཀར་མོ་འབུམ་ཆུང་གི་ཞབས་ནས་དུ་བ་འཐུལ། བླ་མཚོ་འོ་མ་འཁྱིལ་ཆེན་གྱི་ཕྱེད་ཀ་བྲག་རི་བསྙིལ་ནས་བཀབ། ཅེས་གསུངས་ཡོད་ལ།

དེ་ལྟར་འབྱུང་འགྱུར་ངན་ལྟས་སྣ་ཚོགས་བྱུང་ན། འཕྲལ་དུ་བླ་མ་དང་མོ་བ་རྩིས་པ་སོགས་ལ་བཀའ་འདྲི་ཞུས་ནས། དགྲ་མ་ཡོང་གོང་གི་སོ་བ་དང་། རྐྱེན་མ་ཡོང་གོང་གི་བཟློག་པ། ཞེས་པ་ལྟར་བཟློག་གཏོ་རིམ་གྲོ་སོགས་སྣ་ཚོགས་བྱེད་དོ། །དེ་ཡང་། ཐུའུ་བཀྭན་རིན་པོ་ཆེའི་རྟ་མགྲིན་གསང་སྒྲུབ་ལས་ངན་པ་དགུ་ཐུབ་ཀྱི་མན་ངག་ནང་། ལྟས་ངན་ཀུན་ཐུབ་ནི། སྐྱེར་བ། ཚེར་ནག སེང་ལྡེང་རྣམས་ཀྱི་ཕུར་བ་མཐོ་རེ་བྱས་པར་དུག་ཁྲག་གིས། ས་མ་ཡ། ཡོ་གེ་ཙི་ཏ་རྦད་བྷཿཨ་ར་ལི་ཡོ་གི་ཙི་ཏ་ས་མ་ཡི། དུ་རུ་ག་ཤ ཕ་མ་བྲི་རོ་ད་བ་ཝེ་བཟློག་བྱེར། བཟློག་བྱེར། ཞེས་མང་དུ་བྲིས་ལ་ཐོད་པ་མཚན་ངན། བྲའོ། སྲན་མ་སོགས་འབྲུ་ནག་གིས་བཀང་བའི་སྟེང་དུ་བཙུགས། རོ་རས་ཀྱི་ལྡིང་གུར་ཕུབ། ཁང་ཕུག་ཏུ་སྦས་པས་ལྟས་ངན་ཀུན་ཐུབ་བོ། །ཞེས་དང་། གཟའ་སྐར་ངན་པ་ཀུན་ཐུབ་ནི། སྐྱེར་བའི་བྱང་བུ་མཐོ་གང་བ་ཞིག་གི་ངོས་གཅིག་ལ་མཚལ་གྱིས། བྷཿཕཊ་ཉེར་གཅིག་དང་། ངོས་གཅིག་ལ་སྟག་སེང་གི་གཟུགས་སྐྱེ་མཆེད་དོད་པ་བྲིས་ཏེ་རབ་གནས་བགྱིས། དབྱུག་པ་འདོམ་གང་གི་རྩེ་ལ་བཏགས་ནས་རང་གར་འགྲོའི་ཕྱོགས་སུ་འདོམ་དགུའི་བར་དུ་ཁྱེར་ནས་བྱང་བུ་སྐེ་ལ་བཏགས་ནས་ཕྱོགས་ངན་གྱི་གནོད་པ་ཐམས་ཅད་ཐུབ་བོ། །དུར་རྡོར་མཚལ་གྱིས་ཁྲམ་རིས་བྲིས་པར་རྩ་སྔགས་གྱི་གཤམ་དུ་གཟའ་སྐར་ངན་པའི་འཇིགས་པ་བསྲུང་བའི་སྤེལ་ཚིག་བཏགས་པ་བྲིས་པའི་ཤོག་དྲིལ་དང་ཆོས་སྨན་གྱིས་བྱུགས་པ་དྲིལ། ཚོན་སྐུད་སྣ་ལྔས་རྒྱ་གྲམ་དུ་བཅིངས་པ་བརྒྱད་བཅོས་ལ། རབ་གནས་བགྱིས་ཏེ་རང་གི་འདུག་སའི་ཕྱོགས་མཚམས་སུ་སྦས་པས་གཟའ་སྐར་ངན་པའི་འཇིགས་པ་སྔར་བྱུང་བ་རྣམས་ཞི་ཞིང་། ཕྱིས་མི་འབྱུང་བར་འགྱུར་རོ། །ལོ་རེ་རེར་རབ་གནས་རེ་བསྐྱར་བ་གཅེས་སོ། །འདི་གསུམ་དགོངས་འདུས་ཀྱི་མན་ངག་གོ །ཞེས་གསུངས་སོ། །

ས་དཔྱད།

༡ ས་དཔྱད་ཀྱི་དགོས་པ། ས་དུར་གྱི་སྨྲེང་གྱེར་ལས། གནས་འདིའི་དོག་ས་གྲོ་མོ་འདི། །འགྲོ་བ་སེམས་ཅན་ཀུན་གྱི་མ། །ཀུན་ཀྱང་ས་ལ་རྒྱུ་བ་སྟེ། །གླིང་བཞི་རི་རབ་ས་ལ་བརྟེན། །རྩི་ཤིང་ལོ་ཏོག་ས་ལས་སྐྱེས། །རིན་པོ་ཆེ་ཡང་ས་ལས་འབྱུང་། །རླུང་ཡང་སར་འཚུབ་ཆུ་ཡང་སར། །བྲུབ་ལ་མེ་ཡང་ས་ལས་སྐྱེས། །ས་འདི་ཡོན་ཏན་ཀུན་གྱི་གཞི། །ཞེས་པ་ལྟར། ཀུན་གྱི་རྟེན་གཞིར་གྱུར་བའི་ས་གཞི་རིན་པོ་ཆེ་འདི་ལ། ཤར་ལུས་འཕགས་གླིང་། ལྷོ་འཛམ་བུ་གླིང་། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན་བཞིར་ཕྱེས་པ་ལས། ལྷོ་འཛམ་གླིང་འདིར་ཡང་གནས་ཆེན་ལྔ་སྟེ། དབུས་འགྱུར་རྡོ་རྗེ་གདན་དུ་ཐུབ་པ་ཐམས་ཅད་སངས་རྒྱས་ས་ཡིན་པས་གཞོམ་གཞིག་བྲལ་ཞིང་རྡོ་རྗེ་ཁམས་སུ་བརྟན་པ་དང་། ཤར་གྱི་རི་བོ་རྩེ་ལྔ་འཇམ་དཔལ་གྱི་གནས་ཡིན་པས་ཤེས་རབ་འཕེལ་ས་དང་། ལྷོའི་རི་བོ་པོ་ཏ་ལར་ཐུགས་རྗེ་ཆེན་པོའི་གནས་ཡིན་པས་སྙིང་རྗེ་རྩོལ་མེད་འབྱུང་ས་དང་། ནུབ་ཨོ་རྒྱན་མཁའ་འགྲོའི་གླིང་དུ་རིག་འཛིན་གྱི་ཉམས་རྟོགས་འཁྲུངས་ས་དང་། བྱང་རིགས་ལྡན་གྱི་ཞིང་དུ་རྫུ་འཕྲུལ་མི་ལྡན་པས་བགྲོད་མི་ནུས་སོགས། ས་གནས་ཀྱི་ཡུལ་རིས་གཞན་ལ་མེད་པའི་ངོ་མཚར་གྱི་ཆེ་བ་རེ་མཆིས་པའང་ས་དཔྱད་ཀྱི་བདེན་འབྲས་བསླུ་བ་མེད་པས་གྲུབ་ལ། དེ་ལྟ་ནའང་། ས་དཔྱད་གནད་ཀྱི་གཟེར་ཏིག་ལས། གསང་སྔགས་དབང་བོ་ཡང་རབ་པ་རྣམས་ནི། །དབེན་དང་མི་དབེན་གང་ཡང་རུང་བ་ཀུན། །ཕྱི་སྣོད་རྒྱལ་བའི་ཞིང་ཁམས་ཁོ་ཐག་ཆོད། །དེ་ལ་ཀུན་རྫོབ་བརྟག་པ་ཅང་མ་མཆིས། །གསུངས་པ་ནི། ནང་ཉམས་རྟོགས་ཀློང་དུ་བརྡོལ་བའི་དམ་པ་རྣམས་ལ་གསུང་གི གཞན་དུ་ན། ས་དཔྱད་གནད་གཟེར་ལས། འོན་ཀྱང་སྙིགས་དུས་ཁ་ལ་དེ་བརྗོད་ཀྱང་། །དོན་ལ་རང་གི་གྲིབ་མ་དགྲར་མཐོང་ནས། །འཛིན་རྟོག་གིས་བཅིངས་མང་དུ་འབྱུང་བས་ན། །དེ་ལ་དོན་གྱི་ཁོ་ཐག་མ་ཆོད་ཕྱིར། །མ་བརྟགས་གང་བྱུང་བྱས་པས་མི་རུང་འགྱུར། །ཞེས་པ་ལྟར། དེ་ཡང་དཔྱད་མཁས་ཤིག་གིས་ཕྱི་ནང་གསང་གསུམ་བརྟག་ཐབས་ལ་བརྟེན་ཏེ་དཔྱད་དགོས་ལ། ས་དཔྱད་སྒོ་འབྱེད་འཕྲུལ་གྱི་ལྡེ་མིག་ལས། ལག་ཁྲིད་མཐོང་བའི་རྒྱུན་མེད་ན། །ཐོས་པ་ཙམ་གྱིས་རྟོགས་པ་མིན། །ཞེས་པ་ལྟར། ས་དཔྱད་ཚད་ལྡན་གྱི་སྟེང་ནས་སློབ་དཔོན་མཁས་པས་ཞལ་ཁྲིད་དང་། བྱེ་མ་ལག་ཁྲིད་ལྟ་བུའི་མཐོང་བརྒྱུད་ཀྱིས་བརྒྱན་ཏེ། རང་མྱོང་གིས་ཤེས་ཤིང་གདེང་འཐོབ་པ་ཞིག་གིས་བྱ་དགོས་སོ། །

ས་དཔྱད་ལ་དབྱེ་ན། གསོན་པོའི་གནས་གཞི་དང་། གཤིན་པོའི་དུར་ས་གཉིས་ཡོད་ལ། དང་བོ་རྟེན་གསུམ་བཞུགས་གནས་ཀྱི་ས། རྗེ་བློན་གྱི་ས། སྒྲུབ་པའི་ས། སྐྱེ་བོ་ཕལ་གྱི་ཁང་ཁྱིམ་སོགས་དུ་མ་ཡོད་ལ། ས་དཔྱད་ལེགས་ན་སྒྲུབ་སླ་ལ་མཐའ་བརྟན། རྒྱལ་འབངས་དར། ཉམས་རྟོགས་འཕེལ། དཔལ་འབྱོར་དང་རིགས་རུས་རྒྱས། དེ་ལས་ལྡོག་ན། ཕུན་ཚོགས་ཉམས་ཤིང་ཕུང་བཀྲོལ་འབྱུང་ངོ་། །

དཔེར་ན། བོད་རྗེ་གཉའ་ཁྲི་བཙན་པོས་ཕོ་བྲང་ཡུམ་བུ་བླ་སྒང་བཞེངས་དུས་ས་དཔྱད་འཕྲོད་པས། བོད་འབངས་ཡོངས་ཀྱིས་བརྩི་བཀུར་འཐོབ་ཅིང་རྒྱལ་རྒྱུད་བར་མ་ཆད་པར་དར་བ་དང་། སྲོང་བཙན་གྱི་དུས་སུ་ར་མོ་ཆེའི་གཙུག་ལག་ཁང་སོགས་ཇི་སྙེད་ཅིག་བཞེངས་པ་ཡང་རྒྱ་བཟས་ས་དགྲ་བཅོས་ཤིང་ས་དཔྱད་ལ་བརྟག་པ་དང་། བསམ་ཡས་གཙུག་ལག་ཁང་བཞེངས་དུས་ཀྱང་ས་དགྲ་ངན་པ་བཅའ་ཕྱིར་ཡུམ་གྱིས་འཕྲིན་ཡིག་བསྐུར་ནས་རྒྱའི་ས་མཁན་སེམས་རྩེ་ཞེས་པ་གདན་དྲངས་པ་དང་། ཇོ་བོ་རྗེ་བོད་དུ་ཕེབས་དུས། དགྲ་བཅོམ་པ་སེང་གེ་གླིང་བས། སེམས་ཅན་གྱི་དོན་མཛད་པ་ལ། གནས་གཞི་ཞིག་འཛིན་དགོས་པས། ད གེ་འདུན་གྱི་ཀུན་ར། རྒྱལ་བོའི་ཕོ་བྲང་། གྲོང་དང་གྲོང་ཁྱེར་རྣམས་ལ། འབྱུང་བའི་དགྲ་གཟུགས་སུ་སྣང་བ་རྣམས་ཀྱིས་སྐྱེ་དགུ་ཇི་སྙེད་ཅིག་ལ་གནོད་པས། གང་གིས་ཀྱང་མི་ཚུགས་པ་འདི་ཉིད་གྲོགས་དམ་ཇོ་བོ་ལྷ་གཅིག་ཁྱོད་ལ་རྫོངས་སུ་འདེབས་པ་ཡིན། སེམས་ཅན་ཡོངས་ལ་ཕན་པ་རྒྱ་ཆེན་པོ་མཛོད་ཅིག གསུངས་ནས་རིན་པོ་ཆེའི་ས་དཔྱད་ཕུལ་བ་དང་། དེ་ལྟར་ས་དཔྱད་དེ་ཡང་། ས་མཁན་རྣལ་མ་ཞིག་གིས་དཔྱད་པ་བཏང་ན། མེ་ལོང་ལ་གཟུགས་བརྙན་འཆར་བ་བཞིན། ཕན་གནོད། མཐོ་དམན། སྐྱིད་སྡུག ལེགས་ཉེས། དབུལ་ཕྱུག ཤི་གསོན། དཔའ་སྡར། གྲུང་བརྟུལ་ཐམས་ཅད་མཐོང་བར་མ་ཟད། རྫོགས་ཆེན་ཆོས་དབྱིངས་སྟོབས་ལྡན་གྱིས། གཞུང་ལྟར་ས་ཡི་སྤང་བླང་བརྟག་ཤེས་ན། །ས་བཟང་རྙེད་དང་འཕྲད་ན་ཡུན་དུ་བདེ། །ཆོས་སྲིད་ཟུང་གི་བྱ་བ་རྒྱས་པར་འགྱུར། །མཆོག་ཐུན་གང་བསྒྲུབ་ས་དེ་དཔྱད་གལ་ཆེ། །ཞེས་དང་།

དཔྱོད་མ་ཤེས་ན། ཇི་སྐད་དུ། འདི་རྣམས་དཔྱོད་དུ་མ་ཤེས་ན། །ལག་རྡུམ་བྲག་ལ་འཇུས་པ་འདྲ། །གཅེར་བུ་རལ་ཁ་བྱེད་པ་འདྲ། །ལོང་བས་ཐང་ཆེན་ཉུལ་བ་འདྲ། །མུན་ནག་ནང་གི་མདའ་འཕེན་འདྲ། །ས་ཡི་སྐྱོན་ཡོན་མ་ཤེས་ན། །ས་མཁན་འདི་ཕྱི་གཉིས་ཀར་སྡུག །ཅེས་སོ། །

༢ ས་དཔྱད་ཀྱི་ཁུངས། ས་དཔྱད་སྔ་ཤོས་དམར་ཁྲིད་རིན་ཆེན་ཕྲེང་བ་འདི། ཀོང་ཙེ་འཕྲུལ་གྱི་རྒྱལ་བོ﹙ཀོང་ཙེ་འཕྲུལ་གྱི་རྒྱལ་བོ་འདི་སྟོན་པ་གཤེན་རབ་ཀྱི་སྐུ་དུས་སུ་ཞང་ཞུང་ནས་འཁྲུངས་པ་མདོ་གཟེར་མིག་ལས་གསལ། དེ་ཡང་སྟག་གཟིག་འོལ་མོ་ལུང་རིང་གི་ནུབ་ཕྱོགས། གྲོང་ཁྱེར་འཕྲུལ་རྒྱལ་བཀོད་པའི་ཚལ། མཁར་ཁྲི་སྒོ་རྩེ་བརྒྱའི་ནང་དུ། ཡུལ་རྒྱ་ལག་འོ་མའི་གླིང། ཡབ་ཀ་མདའ་ལ་གསེར་གྱི་མདོག་ཅན་དང་། ཡུམ་མུ་ཏྲིག་ལ་གསལ་བའི་འོད་ལྡན་མ་གཉིས་ཀྱི་སྲས་སུ་འཁྲུངས་ཏེ། ལག་མཐིལ་གཡས་གཡོན་དུ་འཕྲུལ་གྱི་ཡི་གེ་སུམ་བརྒྱ་རྒྱལ་རྟགས་སུ་ཁྲ་ལམ་མེར་གསལ་བ་ལ་ཡབ་ཡུམ་གཉིས་ཀྱང་ཤིན་ཏུ་སྤྲོ་བ་སྐྱེས་ཏེ། མཚན་ལ་ཀོང་ཙེ་འཕྲུལ་གྱི་རྒྱལ་བོ་གསོལ་བ་ལས་གཞན། ཁོང་གི་སྲས་བུ་འཕྲུལ་བུ་ཆུང་ཡང་གཙུག་ལག་རྩིས་ཀྱི་བོན་ལ་མཁས་པར་མདོ་འདུས་རིན་པོ་ཆེའི་རྒྱུད་ལས་གསུངས་པ་དང་། རྒྱ་ནག་ནས་དར་བར་གྲགས་པའི་འབྱུང་རྩིས་སོགས་ཀྱི་ཁུངས་ཡང་འདི་ཉིད་ལས་དར་བར་བཤད་དོ། །﹚། སློབ་དཔོན་ཀླུ་སྒྲུབ་སྙིང་བོ། སློབ་དཔོན་རིན་ཆེན་འབྱུང་གནས་གསུམ་གྱིས་སྔ་མ་སྔ་མའི་ལེགས་ཆ་བསྡུས་ཏེ་བརྩམས་པར་གྲགས་ལ། ས་དཔྱད་ཕྱེ་མ་བརྡལ་སྤུངས་ལས་ཀྱང་། དེ་ལྟར་སྔོན་གྱི་ས་མཁན་ནི། །ཀླུ་སྒྲུབ་པདྨའི་སྤྲུལ་བ་ཡིན། །ཀོང་ཙེ་རིན་ཆེན་འབྱུང་གནས་ཡིན། །ཞེས་སོ། །བཤད་ཚུལ་གཞན་ལ། ཀོང་ཙེ་འཕྲུལ་གྱི་རྒྱལ་བོ། ཡེ་ཤེས་འཕྲུལ་གྱི་རྒྱལ་བོ། ཇི་ཙི་འཕྲུལ་གྱི་འཕྲུལ་གྱི་རྒྱལ་བོ། ཇི་ནང་འཕྲུལ་གྱི་རྒྱལ་བོ་བཞི་དང་། དྲང་སྲོང་ནོར་བུ་རིན་ཆེན། བྲམ་ཟེ་མུ་ཏིག རྒྱ་ནག་ཟུར་ཕུད། རྒྱ་གཡུས་བཞེས། སྟག་ཚང་མཚན་ཅན་སོགས་ཀྱི་ས་དཔྱད་ཡོད་པར་བཤད་པ་དང་།

རྒྱ་ནག་ལུགས་ལའང་། མདོ་སྡེ་སྦོམ་མགོ ཁྲ་བོ་རི་རྩེ། གལ་བོ་ལ་བྱང་། བྱ་རྒོད་ལ་བྱང་། བྱང་བ་གསེར་གཞུང་། ནག་པོ་སྟག་ཤམ། མོན་མོ་མཛུབ་ཚུགས། བྱེ་མ་ལག་ཁྲིད། ཆུང་དུར་དོན་བདུན་མ་སོགས་ཡོད་པར་གྲགས་པ་དང་། རྒྱ་གར་ལུགས་ལའང་། མདོ་རྒྱུད་རྣམས་སུ་སྒྲུབ་གནས་ཀྱི་ས་དཔྱད་མང་དུ་ཡོད་པ་དང་། སློབ་དཔོན་པདྨའི་ས་དཔྱད་གསེར་གྱི་ལྡེ་མིག ནམ་མཁའི་སྙིང་བོའི་ནག་པོ་འབུམ་ནག་དང་། མངོན་སྤྱོད་ཀྱི་ལས་ལ་མཁོ་བའི་གདུག་པའི་ལྕེ་མདུད་དགུ་སྐོར་དང་། ཇོ་བོ་རྗེའི་ས་དཔྱད་ཉུང་ངུ། མ་ཅིག་ལབ་སྒྲོན་གྱི་གཉན་མིག་ཁྲམ་མིག་སོགས་དང་། སྒྲུབ་གནས་ཀྱི་ས་དཔྱད་ལ། ཆགས་མེད་རིན་པོ་ཆེས་ས་དཔྱད་རིན་ཆེན་ཀུན་འདུས། འཇིགས་མེད་གླིང་བས་རི་ཆོས་སྐོར་གསུམ་དང་། གཞན་ཡང་། དྭགས་པོ་བཀྲ་ཤིས་རྣམ་རྒྱལ། སྟག་ཚང་ལོ་ཙཱ་བ། སྡེ་སྲིད་སངས་རྒྱས་རྒྱ་མཚོ་སོགས་ཀྱི་ས་དཔྱད་མང་ངོ་། །

ཕྱིས་སུ་ས་དཔྱད་མཁས་པ་ཁྱུང་རྒོད་ནམ་མཁའ་ལྡིང་། མ་ཅིག་དཔལ་གྱི་རྡོ་རྗེ། སྲིད་པ་འཕྲུལ་གྱི་མིའུ་ཐུང་། ཅོག་རོ་མི་ཞར་རྟ་ཐིང་བཞི། མ་ཕམ་གཡུ་མཚོ་འགྲམ་དུ་ས་དཔྱད་དམར་ཁྲིད་རིན་ཆེན་ཕྲེང་བ་འདི་བསྒྲུབ་ཏུ་སོང་བ་ན། ཁོང་རྣམ་པའི་བྲོ་བཀལ་བའི་གླང་དཀར་རྣ་བ་ནག་པོ་དང་། དེར་མཚོ་གླང་ཞིག་ཐོན་པ་ཕན་ཚུན་རྡུང་ཁ་འགྱེད་པས། མཚོ་གླང་དེའི་མ་ཐུབ་པའི་སྟེང་། མ་གཅིག་དཔལ་གྱི་རྡོ་རྗེས་མཚོ་གླང་གི་མགོ་ལ་དབྱུག་པ་གནན་པས། གླང་དེ་ཕྱིར་མཚོ་ནང་དུ་མཆོངས་པ་དང་། མཚོ་ནང་ནས་ཀླུ་རྒྱལ་གཙུག་ན་རིན་ཆེན་གྱི་སྲས་མོ་ལྟ་བས་ཆོག་མི་ཤེས་པ་ཞིག་ཐོན་པས། ངའི་གླང་བོའི་མགོ་ཅི་ལ་བཅག ཁྱེད་རྣམས་གར་འགྲོ། ཅི་བྱེད་ཀྱི་གཏམ་དྲིས་པས། དེ་དག་གིས་ཞིབ་རྒྱས་སུ་སྨྲས་ཏེ། གླང་མགོ་བཅག་པ་སོས་པར་བྱས་པར་མ་ཟད། གསེར་མང་དུ་ཕུལ་ཏེ། ཀླུ་མོ་ལ་སའི་བརྡལ་སྤུངས་ཀྱི་ཁྲིད་ཞུས་པས། ཀླུ་མོ་མཉེས་ནས། ཁྱེད་རང་བཞིས་བྱེ་མ་ཐེག་ཚོད་རེ་ཁུར་ཤོག་གསུངས་ནས། ཀླུ་མོས་བྱེ་མ་བརྡལ་ཞིང་སྤུངས་ནས་རྫས་ཀྱི་བྱེ་མ་བརྒྱ་ཉི་ཤུ་བྱེ་མ་ལས་བྱས། གཟུགས་ཀྱི་དཔྱད་པ་བརྒྱ་ཉི་ཤུ། མ་ངེས་པའི་དཔྱད་པ་བརྒྱ་ཉི་ཤུ་སྟེ། སུམ་བརྒྱ་དྲུག་ཅུ་ཕབ་སྟེ། ས་དཔྱད་ཀྱི་རིག་གནས་བོད་དུ་དར་སྤེལ་བཏང་བ་ཡིན། ཡང་། ཀླུ་མོ་ལ་ས་དཔྱད་རྣམ་པ་བཞིས། གསེར། གཡུ། དངུལ། ཤེལ། ཟོག་ལུག་སོགས་ཕུལ་ནས། འོ་ན། དཔྱད་ལུགས་ཇི་ལྟ་བུ་ལགས་ཞུས་པས། ཀླུ་མོས། དང་བོ་ཕུག་ཏུ་སོང་ལ་མདོ་དཔྱོད། མདོར་སོང་ལ་ཕུ་དཔྱོད། ཕ་རིས་ཚུར་རིར་དཔྱོད། ཚུར་རིས་ཕ་རིར་དཔྱོད། ས་མིག་ཏུ་ཕྱི་གན་ལོག་ལ་གནམ་དཔྱོད། ཁ་སྦུབ་ཉལ་ལ་ས་དཔྱོད། སྟ་ཟུར་ཉོལ་ལ་བར་སྣང་དཔྱོད་ཅེས་སོགས་མན་ངག་འཐུས་ཚང་དུ་གནང་།

དཔྱད་པའི་དུས་ཀྱང་། དགུན་ཁ་བས་རི་ལུང་གཡོགས་པ་དང་། དབྱར་ན་བུན་གྱིས་རི་ལུང་གཏུམ་པ། ཁ་ཆར་བུ་ཡུག་འཚུབ་པ་སོགས་ཀྱི་སྐབས། གསལ་བོར་མི་མཐོང་བས། དཔྱད་པའི་དུས་མིན་ལ། གནམ་ལ་གཡའ་དག་ཅིང་ས་ལ་རྡུལ་བྲལ་བའི་དུས་སུ། ཉིན་བཟང་སྐར་བཟང་ལ་ས་དཔྱད་མཁས་པས་བརྟག་ན་ལེགས་ཉེས་འབྱེད་ནུས་སོ། །

དཔྱད་པའི་ཚུལ་ཡང་། ས་དཔྱད་ཀུན་གསལ་འདོད་འབྱུང་ལས། དེ་ནས་ས་མཁན་དེ་ཉིད་ཀྱིས། །བྱང་ཆུབ་སེམས་ཀྱིས་ཀུན་བསླངས་ནས། །གཞུང་དང་བླ་མའི་མན་ངག་དང་། །མཐོང་ཐོས་གོམས་པའི་ཉམས་མྱོང་དང་། །སྦྱར་ཏེ་གསལ་ལ་གྲིམ་ཞིང་ཕྱི། །ལྷོད་དེ་སྤྱི་ཁོག་རགས་པར་དཔྱད། །ས་མིག་གང་འདོད་དེར་སོང་ནས། །ཕྲ་མོ་ཞིབ་པའི་བློ་ཡིས་དཔྱོད། །ཅེས་དང་། ཡང་། དགྲ་བཅོམ་སེང་གེ་གླིང་བས་ཇོ་བོ་རྗེར་ཕུལ་བའི་ས་དཔྱད་ལས། དུས་ཚོད་ཚེས་གྲངས་བཟང་བོ་བཀྲ་ཤིས་པའི་ཉི་མ་ལ་འབབ་པའི་དུས་སུ་ནམ་མཁའ་དྭངས་ལ། བཀྲ་ཤིས་པའི་ཁྱིམ་ནས་མེ་དང་སྤ་བ་བླངས། རིན་པོ་ཆེའི་སྣོད་དམ་ས་གཙང་མ་ཞིག་ཏུ་དུ་བ་བཏང་ལ། དུ་བ་དང་བོ་གཡས་ནས་གཡོན་དུ་འཁོར་ནས། དེའི་རྫས་ཐད་ཀ་དྲང་བོར་ནམ་མཁར་སོང་ན་བཟང་། དེ་ནས་ཕྱེ་མར་གྱི་དུ་བ་བཏང་ནས་སྔར་བཞིན་སོང་ན་བཟང་། བཀྲ་ཤིས་ཚེ་རིང་། མི་ནོར་རྫས་གསུམ་འཕེལ། དེའི་རྫས་སྤ་བའི་དུད་པ་བཏང་། སྔར་བཞིན་སོང་ན་བཀྲ་ཤིས་བརྗོད་ཤིན་ཏུ་བཟང་། ཤར་དུ་སོང་ནའང་བཟང་། ལྷོ་དང་ནུབ་ཏུ་སོང་ན་ངན། བྱང་དུ་སོང་ན་འབྲིང་། ནུབ་བྱང་དུ་སོང་ན་འབྲིང་ཡིན་ནོ། །གསུངས་སོ། །

འདི་ལ་གཞི་བཅོལ་ཏེ་ས་དཔྱད་སྡོང་བོ་དགུ་འདུས། ས་དཔྱད་རིན་ཆེན་ཀུན་འདུས། ས་དཔྱད་རིན་པོ་ཆེའི་ཐེམ་སྐས། བཻ་དཀར་ལས་བྱུང་བའི་ས་དཔྱད། ས་དཔྱད་ཚིག་དོན་ཀུན་གསལ། རྫོགས་ཆེན་ས་དཔྱད། ས་དཔྱད་ཤེལ་དཀར་མེ་ལོང་། ས་དཔྱད་ལེགས་ཉེས་འབྱེད་པའི་ལྡེ་མིག ས་བརྟག་ཨུཏྤལའི་ཆུན་པོ་སོགས་བརྩམས་གནང་མཛད་པ་ཡིན་ནོ། །

༣ ས་དབྱིབས་ཀྱི་འདྲ་དཔེ། སྤྱིར་ས་དབྱིབས་ཀྱི་འདྲ་དཔེ་ཡང་མགོ་ནག་མི་ལ་ཆགས་བཞག་སྟེ། གནམ་ནི་སའི་ཕ་དང་འདྲ། དེ་བཞིན་ས་གཞི་མ། བར་སྣང་བུ། ཕ་རི་ཚུར་རི་ཕ་སྤུན། བྲག་རི་ཕུ་ནུ། དཔའ་བོ་བྲག མཛངས་མ་ཆུ། སྡར་མ་ཤིང་། འཁྱོག་པ་ལམ། ཕ་བོང་རུས་སྦལ། རུས་པ་བྲག་དང་རྡོ། རྒྱུས་པ་ལམ། ཁྲག་ཆུ། བ་སྤུ་རྩི་ཤིང་ནགས་ཚལ། ཤ་ས། དབུགས་རླུང་ཡིན།

ཡང་། ས་ཡི་སྙིང་མིག་སྲོག་གསུམ་ནི། ས་དཔྱད་ཤེལ་དཀར་མེ་ལོང་ལས། རི་ལོག་སྙིང་དང་འདྲ་བ་ས་ཡི་སྙིང་། །ས་མིག་བཟང་བོ་ཡོད་ན་ས་ཡི་མིག །རི་བརྒྱུད་བཟང་བོ་ཡོད་ན་ས་ཡི་སྲོག །ཅེས་དང་། སའི་རྟེན་ཕུར་ནི། དེའུ་འབུར་དང་བྲག་རི། ཤིང་ཁེར་སྐྱེས། ཕ་བོང་གྲུ་བཞི། ཤུག་པ་དང་སུར་དཀར་སོགས་ཡིན་པས་བཟང་ངོ་། །

ཡང་། བྲག་དམར་བཙན། བྲག་ནག་བདུད། མཚོ་དང་ཆུ་མིག་ཀླུ། སྤང་རི་ཕལ་ཆེར་གཉན། བྲག་རི་རྒྱལ་བོ་ཐེའུ་རང་། དེ་རྣམས་དགྱེ་བ་རྒྱབ། སྒུར་བ་མདུན། རི་རྩེ་སྦོམ་པ་ཕོ་རི། རི་རྩེ་ཕྲ་བ་མོ་རི། རི་ལུས། མཚོ་སྙིང་། ཆུ་མིག་སྲོག རྩི་ཤིང་ཐམས་ཅད་ནི་སྐྲར་བཤད་དོ། །

གནམ་ས་སོགས་ཀྱི་མགོ་སྟོན་སྟངས་ཡང་། གནམ་གྱི་མགོ་བོ་ཤར་དུ་བརྩི། ཉི་ཟླ་སྐར་གསུམ་ཤར་ནས་འཆར། ས་ཡི་མགོ་བོ་བྱང་དུ་བརྩི། རི་བོ་མཆོག་རབ་བྱང་དུ་ཡོད། ཆུ་ཡི་མགོ་བོ་ནུབ་ཏུ་བརྩི། མ་ཕམ་གཡུ་མཚོ་ནུབ་ན་ཡོད། ཤིང་གི་མགོ་བོ་ལྷོ་རུ་ཡོད། འཛམ་བུ་བྲིཀྵ་ལྷོ་ན་ཡོད་གསུངས་སོ། །

༤ གནམ་ལ་དཔྱད་པ། ས་དཔྱད་ཤེལ་དཀར་མེ་ལོང་ལས། ཤར་གནམ་ནུབ་ཏུ་ཡོད་ན་གཏམ་ངན་དང་། །ལྷོ་གནམ་བྱང་དུ་ཡོད་ན་བནྟེ་ངན། །བྱང་གནམ་ལྷོ་རུ་ཡོད་ན་སྡེ་མཐའ་ཉུལ། །གནམ་མཆེ་ས་ལ་ཟུག་པ་དང་། །ས་མཆེ་གནམ་ལ་ཟུག་པས་ན། །ནུབ་གནམ་ཤར་དུ་ཡོད་ན་དམུ་ཐག་ཡིན། །གནམ་དབྱིབས་གོར་དང་གྲུ་བཞི་བཟང་། །འཁོར་ལོ་དུང་དཀར་ནོར་བུའི་དབྱིབས། །གཡུང་དྲུང་རྒྱ་མཚོ་འཁྱིལ་འདྲ་བཟང་། །གུར་ཆེན་ཕུབ་དང་ཁྱུང་ཆེན་ལྡིང་། །བླ་བྲེ་འཐེན་དང་རྒྱལ་མཚན་བསྒྲེངས། །འདི་རྣམས་ལྡན་ན་བཟང་བ་ཡིན། །ཞེས་དང་།

ཡང་། གནམ་དབྱིབས་ཟླུམ་པོ་དང་འཁོར་ལོ་པདྨ་འདྲ་བས་ཞི་བའི་འཕྲིན་ལས་དང་། གྲུ་བཞི་དང་རིན་ཆེན་འབར་བས་རྒྱས་པའི་འཕྲིན་ལས། ཟླ་གམ་དང་གྲུ་གསུམ་གྲུ་གུག་གིས་དབང་གི་འཕྲིན་ལས། རལ་གྲི་དང་འཁོར་ལོ་མཆེ་བའི་རྩེ་ཡིས་དྲག་པོའི་འཕྲིན་ལས་འགྲུབ་པར་གསུངས་སོ། །

ཡང་། གནམ་གྱི་ཟད་པ་བཞི་ནི། འུར་མཐིལ་རྡོའི་ཟད་པ། གྲུ་གསུམ་སྒྱེད་པུ་བཙུགས་འདྲ། རྒྱ་མཚོ་རླུང་གིས་བསྐྱོད་འདྲ། ཟླ་བ་གཟས་ཟིན་འདྲ་བཞིའོ། །གྲུ་གསུམ་འདྲ་ན་ཚེ་ཐུང་། སྒོ་ང་བཅག་འདྲས་ཡུལ་མི་འཁྲུགས། མོ་མཚན་འདྲ་ན་བུ་མོ་མང་། ཤི་པགས་དྲུད་འདྲས་ཡུལ་མི་ཟིན་ནོ། །རྒྱས་པར་གནམ་གྱི་དཔྱད་པ་བཟང་ངན་ནི། ས་དཔྱད་ཀུན་གསལ་འདོད་འབྱུང་ན་གསལ་བ་དང་། ལུང་བའི་གནམ་དབྱིབས་ཀྱི་བཟང་ངན་ནི་བཻ་དཀར་ལས་གསལ་ལོ། །

༥ ཆུ་ལ་དཔྱད་པ། ཤར་ལྷོ་གཉིས་ན་མཚོ་ཡོད་ན། །གསེར་གཞོང་མར་ཁུས་བཀང་བས་བཟང་། །ནུབ་བྱང་མཚོ་ནི་ངན་པར་བཤད། །བྱང་ཤར་མཚོ་མོ་དངོས་གྲུབ་ཡིན། །ཞེས་དང་། ཡང་། ཆུ་གཡུ་འབྲུག་མ་བུ་འཕྲོད་ན་རྩ་དཀར་དངོས་གྲུབ་ཀྱི་ཆུ་དང་། གཡས་ཆུས་བུ་ཕོ་སྐྱེས། གཡོན་རྩ་ནག་གིས་ཆུས་བུ་མོ་སྐྱེས། ཆུ་ཕྲན་མང་དུ་ཡོད་ན་གཡུ་འབྲུག་ཚང་རྡོལ་ཡིན་པས། འབྲུག་ལོ་བ་བཟང་། མདུན་དུ་ཆུ་མ་བུ་འཕྲོད་ན་བུ་མང་སྐྱེ། ལྷོ་ནས་བྱང་འབབ་ནོར་གྱི་ཆུ། ནུབ་ནས་ཤར་འབབ་དབང་ཐང་ཆུ། བྱང་ནས་ལྷོར་འབབ་དཔལ་གྱི་ཆུ། གཡས་གཡོན་ཆུ་ལྐུགས་མཆི་མ་ཡིན། མུ་མཐའ་རི་ལུང་ཆུ་ལ་དཔྱད། དུར་གྱི་བྱིངས་ནས་ཆུ་བརྡོལ་ན། དམེ་ཡུགས་ནལ་གསུམ་དང་རྐུ་འཁྱེར་བྱེད། ས་དམར་ལས་ཆུ་བབས་ན་དུག་ལྡང་། གོང་ནས་རྡོལ་ན་དམའ་འབེབས་མང་། ཆུ་ཀྱག་ཀྱོག་གིས་གཅོང་ནད་དང་དམུ་ཆུ་འོང་། དབྱར་སྐྱེས་དགུན་སྐམ་ན་དར་རྒུད་ཆེ། ཕར་འབབ་ཚུར་འབབ་ཡོད་ན་ནང་དམེ་འོང་། སྟུ་འདྲ་ནས་བབས་ན་ནལ་ཆུ། རྐུབ་འདྲ་ལས་བབས་ན་ངག་དིག་ལྐུགས་པ་མང་། ཆུ་སྒྲ་ཆེ་ན་དགྲ་དང་གྱོད་ཁ་འོང་བ་སོགས་བཻ་དཀར་ལས་བཤད་དོ། །

༦ ལམ་ལ་དཔྱད་པ། ལམ་ནི་ས་ཡི་རྒྱུས་པ་དང་འདྲ་བས། ས་ལ་ལམ་མེད་ན་ཞ་བོ་ཟེར། དེས་ན། མིའི་རྒྱུས་པ་འདྲ་བའི་ལམ་ལ་བརྟག་པ་ལ། ཤར་ལམ་སྐྱ་བོས་སྟག་ལོ་བ་དང་ལོངས་སྤྱོད་འཕེལ། ཤར་ལྷོའི་ལམ་གྱིས་དགྲ་ཇག་རྒོད། ལྷོ་ལམ་གྲོགས་ལམ་ཡིན། ལྷོ་ནུབ་ལམ་གྱིས་བྱེ་བྲལ་ཡོང་། ནུབ་ལམ་གྱིས་ཤི་ཆད་འོང་། ནུབ་བྱང་ལམ་གྱིས་བོར་སྟོར་འོང་། བྱང་ལམ་གྱིས་དགྲ་གོད་འོང་། བྱང་ཤར་ལམ་གྱིས་ཆུང་སྲི་ལྡང་བའི་ངོ་། །རི་སྐེད་ལམ་གྱིས་མི་འཕུང་བདག་བརླག་བྱེད། སྟེང་ལམ་སྟག་གི་གཉའ་ཤིང་དང་། འོག་ལམ་གདན་ཁྲི་ཡིན། ཤོ་ལམ་དམར་བོ་བཙན་ལམ་སོགས་ཡིན། གཞན་ཡང་། འགྱུ་བའི་ལམ་ལྔ་ནི། རྩུབ་བྲག་ནག་འགོང་བོའི་ལམ། མདའ་སྟོང་ཉག་ཁ་བཙན་གྱི་ལམ། ལུང་ཕུ་ཁང་ཁོང་སྲིན་མོའི་ལམ། འབབ་ཆུ་ཆུ་མིག་འདྲེས་མ་ཀླུའི་ལམ་མོ། །

༧ བྲག་ལ་དཔྱད་པ། བྲག་སྐྱིལ་མོ་ཀྲུང་དང་འདྲ་ན་ཏིང་འཛིན་རྒྱས། པདྨ་ཁ་ཕྱེ་འདྲ་ན་རྟོགས་པ་འཕེལ། བྲག་ལ་ཐོད་བཅིངས་འདྲས་མི་མགོ་མཐོ། དར་ལྕག་འཕྱར་འདྲས་དགྲས་མི་ཚུགས། བྱ་ཁྱུང་འདྲ་ན་མཛེས་མི་ཐུབ། བཙུན་མོས་གོས་གྱོན་འདྲ་ན་བུད་མེད་ལ་བཟང་། ན་ཆུང་བུ་ཐོགས་འདྲ་ན་བྱིས་པར་བཟང་། ཕག་ཟེ་འདྲ་ན་བུ་རྒབ་འཕེལ། ཁྲ་གཟན་ལ་འབབ་པ་འདྲ་ན་རྗེ་ཤགས་འདེབས་པར་བཟང་། རིན་ཆེན་བསྟར་ལ་བརྒྱུས་འདྲས་མི་ནོར་བཟང་། ཁང་བའི་སྒོ་གཤམ་ན། ཕ་བོང་ཐུར་དུ་བསྟན་པ་ལྟ་བུར་ཡོད་ན་སྒོ་སྲུང་བཟང་། ཡང་། བྲག་རི་མཚོན་རྩེ་འམ་ཧོམ་ཁུང་འདྲ་ན་ནང་འཁྲུག་རྒོད། མི་ཧྲེང་ཁུས་འདེབས་པ་དང་། ཕག་མོ་ངུས་པ། སྲིན་མོའི་གདོང་། ཟངས་ཁ་སྦུབ་པ། བྲག་ཆག་ལྷུང་ལ་ཁད་པ། ཡུགས་མོར་ཙོག་པུར་ཚུགས་འདྲ། གཅན་གཟན་གྱི་མཆེ་བ་འདྲ་བ་ངན། སྤྲེལ་གདོང་འདྲ་ན་ནང་དམེ་ཡོང་།

བྲག་གི་ཁ་དོག་གི་ཁྱད་པར་ནི། དམར་ལ་རྩུབ་པ་རྨ་ཁྲག་ངོ་། ཐལ་སྐྱ་ཡིན་ན་བསེ་རག་གིས་གནོད། སེར་ནག་སྟུག་པོ་གཅོང་རོང་མང་བ་ཅན་ཡིན་ན། འབངས་རྗེ་གསོད། སྐྱ་བོ་གཟོང་རོང་ཅན་ཡིན་ན་ལྷ་འདྲེས་གནོད་ངོ་ཡོང་། བྲག་རྩེ་གཉིས་དཀར་དམར་ཅན་ཡིན་ན་ཕ་སྤུན་འཁྲུགས།

༨ རྡོ་ལ་དཔྱད་པ། ཤར་གྱི་སྟོད་སྨད་དུ་རྡོ་དཀར་རྨོག་འདྲ་བ་ཡོད་ན། མི་རབས་དགུར་དཔའ་རྒྱུད་མི་ཆད་པ་དང་། ལྷོ་ཡི་སྟོད་སྨད་དུ་རྡོ་སྔོན་ཟོག་དབྱིབས་འདྲ་ཡོད་ན་མི་རབས་དགུར་ཟོག་རྒྱུན་འཕེལ་བ་དང་། ནུབ་ཀྱི་སྟོད་སྨད་རྡོ་དམར་མདའ་སྒྲོའི་དབྱིབས་ཅན་ཡོད་ན། མི་རབས་གསུམ་དུ་མདའ་བ་རྒྱུན་མི་ཆད་པར་འབྱུང་བ་དང་། བྱང་གི་སྟོད་སྨད་དུ་རྡོ་སྨུག་རྟ་བོའི་དབྱིབས་ཅན་ཡོད་ན། རྟ་བརྒྱ་ཁ་རུ་འབུད་པའི་ས་དང་། གཡོན་ན་རྡོ་ནག་ནོར་གཟུགས་འདྲ་ཡོད་ན། ནོར་བརྒྱ་ཁ་རུ་འབུད་པའི་ས་དང་། དཀྱིལ་ན་རྡོ་དཀར་ལུག་འདྲ་ཡོད་ན་ལུག་བརྒྱ་སྟོང་དུ་འབུད་པའི་སའོ། །

༩ སའི་ལེན་ལ་དཔྱད་པ། མདུན་རི་རིན་ཆེན་སྤུངས་འདྲ། གྲོད་པུ་མར་གྱིས་བཀང་འདྲ། སྒྲོ་བ་ནས་ཀྱིས་བཀང་འདྲ། ན་ཆུང་ནུ་འབུར་འདྲ་བ། སྦྲུམ་མའི་ལྟོ་བ་དང་བུམ་པ་འདྲ་བ། གདུགས་དང་རྒྱ་གྲམ་བརྩེགས་འདྲ། དམག་མིའི་གྲོས་འདེབས་པ་དང་ལུག་ཆུང་འདྲ་བ་རྣམས་བཟང་། རྩི་ཤིང་མང་ན་ཕྱུག་པོའི་བླ་རི། བྲག་སྤང་རྡོ་དཀར་ཡོད་པ་དང་། ཆུ་བཟང་འབབ་ན་བཟང་། ལེན་སྟོད་དགྲ་ས་ཡིན་པས་དམའ་ཞིང་དཀྱེལ་དགོས། ཝ་མོ་གྱེན་ལ་བྲོས་འདྲ་རྣམས་བཟང་། མདུན་ས་ཕྱི་ས་ཕྱེ་ན་བཟང་། ལེན་དབུས་རང་ས་ཡིན་པས། རུས་པ་ཡོད་དགོས་བུ་དཔའ་བོ་སྐྱེས། ལེན་སྨད་ནོར་ས་ཡིན་པས་རྩི་ཤིང་མཐུག་ན་ཕྱུག་པོ་སྟག་འདྲ་འོང་ངོ་། །

ལེན﹙ལེན་ནི་ས་མིག་ནས་ཕྱོགས་གང་ལ་བསྐོར་བའི་ཐད་ཀའམ་ཁ་སྟོན་སའི་མདུན་གྱི་དཔལ་ཁ་ལ་ཟེར། ﹚ངན་པ་ནི། ལེན་མཐོ་ལ་རྩུབ་པ། སྲ་ཞིང་གད་པ་དམར་ནག་ཡོད་ན། དགྲ་དང་ཕུ་ནུ་མགོ་ཐོག་ཏུ་སྡང་ཞིང་གོད་ཁ་མང་། བུ་ག་ཧང་སེ་ཡོད་ན་བུ་མོ་མང་ཞིང་ཐེའུ་རང་ཞུགས། ལེན་མགོ་ནགས་ཀྱིས་གཡོགས་ན་མདུན་ཞུ་ཡིན། བྲག་ནག་མི་ལངས་པ་འདྲ་ཡོད་ན་ན་ཚ་འོང་། ལེན་སྨད་དུ་ཆུ་མིག་ཡོད་ན་བུ་སྲིང་མིག་གི་མཆི་མ་ཡིན་ནོ། །

༡༠ སའི་གཡས་གཡོན་ལ་དཔྱད་པ། གཡས་རི་རྒྱ་སྟག་དང་། གཡོན་རི་གཡུ་འབྲུག་ལངས་འདྲ་བཟང་། གཡས་སུ་བྲག་རི་དང་སྤང་རི་པཎ་ཆེན་གདན་ལ་བཞུགས་འདྲ་བཟང་། གཡས་རི་རང་ས་ཡིན་པས་མཐོ་ན་བཟང་། གཡོན་རི་དམའ་ན་བཟང་། གཡས་སུ་གད་པ་དཀར་བོ་ཡོད་ན་རྟ་འཕེལ་བ་དང་། རྡོ་ཕ་བོང་དཀར་བོ་མང་ན་ལུག་འཕེལ། གཡོན་ལྗོན་ཤིང་མང་ན་ནོར་འཕེལ། ཡང་། གཡས་གཡོན་ན་བྲག་དང་གད་པ་དམར་ནག ཆུ་མིག་དང་བུ་ག་སོགས་ཡོད་ན་ངན། གཡས་གཡོན་མདུན་རྒྱབ་ཏུ་གཤོང་ཡོད་ནའང་ངན་ནོ། །

༡༡ སའི་རྟེན་ཕུར་ལ་དཔྱད་པ། ས་དཔྱད་ལེགས་ཉེས་འབྱེད་པའི་ལྡེ་མིག་ལས། ཕ་བོང་གཏིང་ཟུག་ཤིང་གཅིག་དང་། །རྒྱ་གྲམ་ལམ་དང་དེའུ་འབུར་སོགས། །འོག་ཏུ་ཡོད་ན་རྟེན་ཕུར་ཡིན། །ཞེས་དང་། གཞན་ཡང་བྲག་རི་དང་། ཆུ་གཡས་སུ་འབབ་པ། ཕ་བོང་གྲུ་བཞི། རྡོ་དཀར་རྨོག་ཙམ་དང། སུར་དཀར་ལུག་ཙམ་ཡོད་པ་སོགས་སོ། །

༡༢ སའི་བླ་རིར་དཔྱད་པ། དཀར་ཞིང་དྭངས་གཙང་ཅན་ནི་ཡ་རབས་ཀྱི་བླ་རི། སེར་ལ་དྭངས་པ་བནྟེའི་བླ་རི། སྔོ་ལ་དྭངས་པ་བོན་པོའི་བླ་རི། ནག་ལ་སྨུག་པ་ཕྱུག་པོའི་བླ་རི། དམར་བོ་དམེ་བོའི་བླ་རི། དམར་ནག་འདྲེས་མ་དམེ་མུག་ནད་གསུམ། གད་པ་དཀར་བོ་རྟའི་བླ་རི། ཕ་བོང་དཀར་བོ་ལུག་གི་བླ་རི། བྲག་རི་མདའ་སྒྲོ་ཙམ་པ་བུ་དང་ཚ་བོའི་བླ་རི། ཆུ་མགོ་ལི་མ་བུ་མོ་དང་སྲིང་མོའི་བླ་རི། བྲག་དམར་མདུང་ཡུ་ཙམ་པ་གཞོན་ནུའི་བླ་རི། ཕ་བོང་དམར་བོ་རྟ་ཙམ་པ་དགེ་བཤེས་བླ་རི། ཤིང་ཕུར་ཙམ་པ་སྔགས་པའི་བླ་རི་ཡིན་ལ། བླ་རི་མེད་ན་རང་རང་གི་རིགས་མི་སྐྱེ། བླ་རི་ཡོད་ན་སྐྱེས་སོ། །

༡༣ སའི་དམུ་ཐག་ལ་དཔྱད་པ། ཉི་ཟླ་འཆར་ནུབ་ཐག་རིང་ན་གནམ་གྱི་དམུ་ཐག རི་རྒྱུད་རིང་བོ་སའི་དམུ་ཐག ཆུ་བོ་གཡས་འབབ་ཆུའི་དམུ་ཐག གཡས་གཡོན་དུ་ལམ་ཡར་ལ་འཐེན་ན་སྒང་གི་དམུ་ཐག བྲག་དཀར་སྔོན་བྲག་གི་དམུ་ཐག རྡོ་དཀར་རྡོའི་དམུ་ཐག ཤུག་སུར་དཀར་བོ་ཤིང་གི་དམུ་ཐག དམུ་ཐག་མེད་ན་ཚེ་ཐུང་ངོ་། །

༡༤ རྩེ་སྐེད་ཐུ་བའི་ས་དཔྱད་པ། རྩེ་མོ་སློབ་དཔོན་བཞུགས་འདྲ་ལ་སྐེད་པ་སློབ་མས་བསྐོར་འདྲ། རྒྱལ་བོ་གདན་ལ་བཞུགས་འདྲ་ལ་རྒྱལ་ཕྲན་གྱིས་བསྐོར་འདྲ། བྱ་རྒོད་ལ་ཁར་བབས་འདྲ་ལ་རྒོད་ཕྲུག་མང་བོས་བསྐོར་འདྲ། གཙོ་བོ་འདུན་མ་བྱེད་འདྲ་ལ་རྒྱ་ཡི་སྤྱིལ་བུ་བྱེད་འདྲ། ཐོང་ལྕགས་གནམ་དུ་བསྒྲེངས་འདྲ་ལ་སེང་གེ་གནམ་དུ་མཆོངས་འདྲ། ལྷ་ཕྲུག་གར་བྱེད་འདྲ་རྣམས་བཟང་ངོ་། །

གཞན་ཡང་། བཙུན་མོ་གུ་ཟུ་གོན་འདྲ། དར་དཀར་ཆ་ག་གདབ་འདྲ། ཟླ་བ་ཚེས་འདྲ། གྲུམ་ཙེར་སྤངས་འདྲ། བཙུན་མོ་སྦྲུམ་འདྲ། མཎྜལ་བཀོད་འདྲ་རྣམས་བཟང་ངོ་། །

༡༥ སའི་སྒྲོན་ལ་དཔྱད་པ། ཤར་ཕྱོགས་ན་བྲག་རྡོ་དཀར་བོ་དང་། ལྷོ་ཕྱོགས་ན་ཤིང་དཀར་ཆུ་དཀར། ནུབ་ཕྱོགས་ན་ལུང་སྐམ་རྩི་ཤིང་ཅན་དང་། བྱང་ཕྱོགས་ན་ཕ་བོང་དང་བྲག་ཐོ་སྤང་འབུར་ཡོད་པ་རྣམས་མི་རབས་བཞི་ལ་དར། ཡང་། རིའི་མགོ་ན་ལུག་བརྒྱ་བསྐོར་ས་ཡོད་ན་སྒྲོན་དཀར་ཡིན། མགོ་མངོན་ཙམ་ཡིན་ན་སྒྲོན་ནག་ཡིན། རྟ་བརྒྱས་འཐུང་ཆུ་ཡོད་ན་སྒྲོན་དཀར་ཡིན། མེད་ན་སྒྲོན་ནག་ཡིན། ཤིང་ཕུང་མང་ན་སྒྲོན་དཀར་ཡིན། ཁེར་སྐྱེས་རླུང་གཡབ་ཅན་སྒྲོན་ནག་ཡིན། ལམ་མང་ཡོད་ན་སྒྲོན་དཀར་ཡིན། རྒྱུག་ལམ་བྱང་དུ་ཡོད་ན་སྒྲོན་ནག་ཡིན། སྒྲོན་ནག་རྣམས་བཅོས་ཐབས་ནི། སྟག་གཟུགས་དང་མཚོན་ཞགས་པ་བྲིས་ཏེ་ཤར་དུ་བཞག འབྲུག་དང་ཞགས་པ་ལྷོར། བྱ་དང་ཞགས་པ་ནུབ། རུས་སྦལ་དང་ཞགས་པ་བྱང་དུ་བཞག་དགོས་སོ། །

ཡང་། ཤར་གྱི་བྲག་སྒྲོན་རྡོའི་མཚོན་ཅན་དེ་ཕ་བོང་ནག་པོ་རྩེ་ཅན་དང་། ཡང་། ས་མིག་གི་ཕྱོགས་མཚམས་སུ་བྲག་ཕུག་སྟོང་བ་དང་། ཕུག་པ་དཀར་ཁུང་ཡོད་ན་མི་ལ་ངན། ལྷོ་ན་ཆུ་སྒྲོན་ཝུ་བའི་ཟེར་མ་ཅན་ཏེ་ཆུ་ཝ་ཆུ་ཟུར་མངོན་པ་ཡོད་ན་ནོར་དང་བུད་མེད་ལ་ངན། ནུབ་ཀྱི་ལམ་སྒྲོན་མཚོན་རྩེ་ཁ་གཤིབས་འདྲ་སྟེ། ལམ་ཁ་བྲག་ཁ་གདངས་པ་ཡོད་ན་བུ་ཚ་བུ་མོ་ལ་ངན། བྱང་དུ་ཤིང་སྒྲོན་རླུང་གི་གཡབ་མོ་ཅན་དེ་ཤིང་མགོ་མངོན་པ་ཡོད་ན་བཟའ་དཔོན་ལ་ངན། སྒྲོན་ངན་བཅོས་ཐབས་སོགས་བཻ་དཀར་གྱི་ས་དཔྱད་དང་། ས་དཔྱད་ཀུན་གསལ་འདོད་འབྱུང་ལས་ཤེས་པར་བྱའོ། །

༡༦ སའི་རྩེ་འཛིན་ལ་དཔྱད་པ། གསེར་མོག་ཕུབ་འདྲ། གཡག་སྙིང་གྱེན་དུ་བཙུགས་འདྲ། མདུང་ལ་བ་དན་བཏགས་འདྲ། སེང་གེ་དང་གཡུ་འབྲུག་དགུང་ལ་མཆོང་འདྲ་རྣམས་གྲགས་པ་ཅན་གྱི་རྩེ་འཛིན་ཡིན། རྒྱ་སྟག་གཟན་ལ་ཆས་འདྲ་དཔའ་བོའི་རྩེ་འཛིན་ཡིན། ཡང་། སྐུའི་རྒྱབ་ཡོལ་དང་བན་བོན་སྐྱིལ་ཀྲུང་བཅས་འདྲ། དར་དཀར་ཡོལ་བ་བརྒྱངས་འདྲ་རྣམས་བཟང་ངོ་། །

རྩེ་འཛིན་ངན་པ་ནི། རི་རྩེ་གྲིས་བཅད་པ་ལྟ་བུ་དང་། རྩེ་ན་ས་དམར་དང་ཆུ་མིག་ཡོད་པ། རྩེ་ཕྱིར་གྱེས་པ། རྩེ་ན་རྡོ་ནག་ཕག་འདྲ་བ་ཡོད་པ། སྡེར་ལག་འདྲ་བ། རི་ཆེན་མགོ་མཇུག་ལྡོག་འདྲ་རྣམས་ངན་ནོ། །

༡༧ སའི་འགབ་ལ་དཔྱད་པ། བང་རིམ་དང་གདན་ཁྲི་ཡོད་པ། མའི་པང་དུ་བུ་ཆུང་རྩེ་འདྲ། ཁྲབ་དང་ཐུ་བ་བཏིང་བ་ལྟ་བུ། གྲུ་བཞི་དང་ཟླུམ་པོ་རྣམས་བཟང་ངོ་། །སྤང་དཀར་དཀྱིལ་ན་ཕ་བོང་དཀར་བོ་ཡོད་པ་སྟེ། ལུག་བརྒྱའི་ནང་ན་དོམ་བུ་ཉལ་འདྲ། ནགས་དཀྱིལ་ན་སྤང་དཀར་ཡོད་པ་སྟེ། ནོར་བརྒྱའི་དཀྱིལ་ན་ལྷ་གཡག་ཉལ་འདྲ། གོས་ཆེན་ཆ་ག་བཏབ་འདྲ་བ་མཛོད་ལ་བཟང་། ས་འགབ་ལམ་དང་ཆུ་དང་ས་ལ་བརྟེན་ན་བཟང་། བྲག་ལ་བརྟེན་ན་སྲ་བ་བྲག་གི་གདན་ཁྲི་ཡིན། ནགས་ལ་བརྟེན་ན་གཡང་གི་ར་བ་ཡིན། མདུན་དུ་ཕ་བོང་ལུག་འདྲ་ཡོད་ན་ལུག་སྟོང་ཁ་ལ་འབུད། ཤིང་ཕུང་བྱ་ཙམ་ཡོད་ན་བེའུ་གདང་དང་གཡང་གི་ར་བའང་ཡིན། གད་པ་དཀར་བོ་ཡོད་ན་རྟའི་བླ་རི་ཡིན། ཕ་བོང་གྲུ་བཞི་ཡོད་ན་དཔའ་བོ་འབྱུང་བ་དང་། དགྲ་ལྷའི་སྙིང་རྡོ་དང་། སྟག་གཡག་གི་སྒོ་སྲུང་ཡང་ཡིན། རྒོ་བ་མང་བོ་ཉལ་འདྲ་ཡང་བཟང་།

ས་འགབ་ངན་པ་ནི། ཕྱིང་བའི་གོང་བ་མར་ལ་བསྟན་འདྲ། ཟླ་གམ་ཐུར་དུ་བསྐོར་འདྲ། སྦྲུལ་གྱིས་ཟོས་འདྲ། རལ་གྲིར་གཤིབ་འདྲ། རྡོ་སྤྱང་ཁུ་ལྟ་བུས་ཡར་ལ་བལྟས་ན་ལུག་ལ་ངན། ཆུ་མིག་ལང་ལོང་ཡོད་ན་བནྟེ་བཀའ་ལོག ཞབས་སུ་ཆུ་བརྡོལ་གཡང་གི་ཞོ་ཞབས་བུད། བྲག་དམར་སོགས་ཡོད་ན་དམེ་ཡོང་། ནག་པོ་ཡོད་ན་མུ་གེ་ཡོང་། གྲོག་མང་ཡོད་ན་གཉན་ཚད་ཡོང་། འོབས་ཡོད་ན་རྐུན་མ་རྒོད་དོ། །

༡༨ སའི་ཀ་བཞི་གདུང་བརྒྱད་ལ་དཔྱད་པ། སའི་ཀ་བ་བཞི་ནི། ཕྱོགས་བཞིའི་རི་བཞི་ལ་ཟེར། ཀ་བ་ཆག་པ་ནི། རིའི་སྐེད་པ་ལ་འོབས་དང་ས་རལ་ཡོད་པ་ལ་ཟེར། ཀ་བ་ཆག་ན་ཤི་ཆད་འོང་། གདུང་མ་ནི་གནམ་ལ་ཟེར། གདུང་མ་ཆག་པ་ནི། གནམ་བུག་རལ་ཏུ་སོང་བ་ལ་ཟེར། གདུང་མ་ཆག་ན་ཡུལ་འཆོར། ཀ་བཞི་གདུང་བརྒྱད་འཛོམས་ན་མི་རབས་བཞི་ལ་དར་རོ། །

༡༩ རྒྱལ་བོར་སྤྲང་བོར་འགྲོ་བའི་ས། གནམ་ངུ་བ་སྟེ་གནམ་དྲུལ་ཧྲུལ་ཏུ་སོང་བ། ས་ཞོམ་པ་སྟེ་འབོས་ཆེན་པོ་ཡོད་པ་ལ་ཟེར། འགོང་བོ་སྤུན་དགུ་སྲི་ལ་ལངས་པ་ཡིན། རྒྱལ་བོ་གདན་དང་བྲལ་བ་ནི། ཐུ་བ་མེད་པར་ས་ཞིག་རལ་ཅན་དང་། རྒྱལ་མོ་རྒྱན་དང་བྲལ་བ་ནི། ལེན་ལ་ས་རལ་དང་ཁུང་བུ་བྱུང་བ་ལ་ཟེར། སྤྱི་བོར་བདུད་མདའ་ཕོག་པ་ནི། རྒྱབ་རི་ལ་ཐུན་རྡོ་ཡོད་པ་སྟེ་རྡོ་ཕྲ་མོ་ཡོད་པ་ལ་ཟེར། སའི་དཔལ་ཁ་ཞིག་པ་ནི་སའི་འགབ་ཞིག་པ་ལ་ཟེར་རོ། །

༢༠ སྤྲང་བོ་རྒྱལ་བོར་འགྲོ་བའི་ས། རིན་ཆེན་གདན་གྱི་སྟེང་ན་རི་རྒྱལ་ཡོད་པ་འདྲ་བས། མི་རབས་མང་བོར་རྒྱལ་རྒྱུད་མི་ཆད། སྟག་གི་པགས་པ་འདྲ་བ་སྟེ་རྩི་ཤིང་ནགས་ཚལ་རྒྱས་པས། ཕྱུག་གི་ཟམ་པ་མི་ཆད། སེང་གེ་མང་དུ་རྩེ་འདྲ་སྟེ་བྲག་དཀར་བོ་མང་བས། རྨང་བོ་མི་གཅིག་མི་བརྒྱར་འགྲོ་བའི་ས་ཡིན་ནོ། །ཞིབ་ཏུ་རྫོགས་ཆེན་གྱི་ས་དཔྱད་དཔེ་རིས་སོགས་སུ་བལྟ་བར་བྱའོ། །

༢༡ སྒྲུབ་གནས་ཀྱི་ས་ལ་དཔྱད་པ། ས་མདོག་དཀར་བའམ་སུར་དཀར་སྐྱེས་ཞིང་ས་འཇམ་པ། ནམ་མཁའ་ཟླུམ་པོ་ཡིན་ན་ཞི་བའི་ལས་འགྲུབ། མེ་ཏོག་གསེར་ཆེན་དང་ལུག་རི་སེར་བོ། ནགས་ཚལ་རྒྱས་པ། རྫ་དང་བྲག་རི་ནོར་བུའི་དབྱིབས་ཅན། ས་གནམ་གྲུ་བཞི་ཡིན་ན་རྒྱས་པའི་ལས་འགྲུབ། རི་བྲག་དང་ས་དམར་ཤས་ཆེ་ཞིང་། ཤུག་པ་ཐང་ཤིང་འོམ་བུ་སྐྱེས་ཤིང་། ཕུག་པ་དང་ཐང་རི་ཟླ་གམ་གྱི་དབྱིབས་ཅན། ནུབ་ནས་ཆུ་ཆེན་འབབ་པ་ཡིན་ན་དབང་གི་ལས་འགྲུབ། ལུང་གསུམ་མདོ་དང་ཆུ་གསུམ་འདུས་ས། ས་གནམ་གྲུ་གསུམ་ལ་ཚེར་མ་སྐྱེས་པ། བྲག་དམར་ནག་ཁྲོ་བོའི་གཟུགས་སུ་ཡོད་པར་དྲག་པོའི་འཕྲིན་ལས་འགྲུབ་བོ། །

༢༢ ས་མིག་ལ་དཔྱད་པ། དངུལ་གཞོང་མར་ཁུས་བཀང་འདྲ། ལུག་སྟེང་ལུག་སྙིང་བཞག་འདྲ། ཟངས་བར་མར་གོང་བཞག་འདྲ། སྤེན་མ་དང་སུར་དཀར་ཁེར་སྐྱེས། ཁྲབ་འདྲའི་གོང་བར་ས་མིག་བཟང་། དཔག་ཚད་དང་རྒྱང་གྲགས། མདའ་གང་དང་འདོམ་གང་། མཐོ་གང་ཚུན་ཆད་ལ་ས་དགྲ་བྱུང་ན། མི་རབས་གཅིག་གམ། ཡང་ན་ལོ་བཞི་བཅུ་དང་། བཅུ་འམ་གཅིག་ཚུན་ལ་ངན་འབྲས་འབྱུང་བར་བཤད་དོ། །ས་མིག་བཟང་ངན་གྱི་དཔྱད་པ་དང་ས་མཁན་ལ་ཡོན་འབུལ་ཚུལ་སོགས་རྒྱས་པར་བྱེ་མ་བརྡལ་སྤུངས་དང་ས་དཔྱད་སྡོང་བོ་དགུ་འདུས་ན་གསལ་བས་དེར་གཟིགས་པར་བྱའོ། །

༢༣ དུར་གྱི་ས་དཔྱད། རུས་མཐོ་བ་དང་། མཁས་པ། ཡང་ཚ་མཐོང་བའི་རྒན་པོ་རྣམས་གདན་ཁྲི་ལྟ་བུའི་མཐོ་སར་འཇོག རུས་དམན་པ་དང་ལོ་ཆུང་། ཡོན་ཏན་དམན་པ་རྣམས་དམའ་སར་འཇོག དེ་གཉིས་གོ་བཟློག་ན་ཤི་རེས་གསོན་ལ་འབབ་པ་ཡིན། བཻ་དཀར་ལས། དམུ་ཆུ་སྐྲན་དང་མཁྲིས་པ་འབྲས། །གཉན་ལྷོག་སྐྱོན་ཅན་ལོགས་སུ་བཙལ། །གསུངས་པ་ལྟར། གྲི་ཤི་དང་། མཛེ་རོ། ནད་ཡམས་ཀྱིས་ཤི་ན་རི་སྣ་དང་བྲག་སྣ་གཉའ་གནོན་ཆེ་ཞིང་དམའ་སར་ཅུང་ཟད་གཟུར་ཏེ་འཇོག གཡས་སྟོད་སྐྱེས་པ་ཆེ་རྒྱུད་ཀྱི་ས། གཡས་སྨད་མ་ཕྱི་བུ་མོའི་ས། གཡོན་སྨད་མནའ་མའི་ས་ཡིན་ལ། དཀྱིལ་སྟོད་འབྲིང་རྒྱུད་དུར་ས་ཡིན་ནོ། །ཆུང་དུར་གྱི་མན་ངག་ནི་གཉའ་གནོན་ཆེ་ན་ཕ་ལ་གནོད་པ་དང་། དུར་ས་གཉའ་མནོན་ཆེ་ཆུང་དེ། ཤི་གྲངས་མང་ཉུང་དེ་དང་བསྟུན་པ་དང་། གྲི་དུར་གྱི་ལུང་བའི་ཡངས་དོག་ནི། མདའ་རྒྱང་གང་ལས་ཡངས་མི་རུང་བ་དང་། ཕར་རི་ཚུར་རི་གཉིས་ཀྱི་བྲག་ཟུར་ཐད་ཀར་བབས་ན་ཡང་མི་རུང་ལ་རྒྱབ་རི་འགྱིང་མདུན་འཇམ་དགོས་སོ། །ཡང་། རུས་ཀྱི་མཐོ་དམན་གྱི་དུར་འདེབས་པའི་ས་དབྱིབས་ནི། བཻ་དཀར་ལས། ཆོས་དུར་མཆོད་རྟེན་འདྲ་ལ་གདབ། །བཙད་པོ་རྒྱལ་བོ་གདན་བཞུགས་འདྲར། །རྗེ་རིགས་རི་ཐོད་བཅིངས་འདྲ་ལ། །བློན་པོ་རི་གྲལ་བསྒྲིགས་འདྲ་ལ། །འབངས་ནི་ཁྱི་ཐོད་མཆོང་འདྲའི་རིར། །བྱིས་པ་པང་ན་བུ་ཐོགས་འདྲར། །བན་བོན་རྡོ་རྗེ་འདྲ་བ་ལ། །རྩིས་མཁན་རུས་སྦལ་ལྟོ་འདྲ་ལ། །སྨན་པ་སྨན་གྱི་པུར་བུ་འདྲར། །ཀློག་མཁན་ཁྱི་མོ་འདྲ་བ་ལ། །ཕྱུག་པོ་རིན་ཆེན་འདྲ་བ་ལ། །སྤྲང་བོ་ཐུ་བ་ཁེངས་འདྲ་ལ། །གསུངས་སོ། །

ཡང་། འབྱུང་ཁམས་དང་སྦྱར་ཏེ་དུར་དུ་འདེབས་ལུགས་ནི། བཻ་དཀར་ལས། སྤྱིར་ན་ཤིང་ཁམས་པ་ཡི་དུར། །མེས་པོའི་མི་སྤུན་ཕ་བུ་སོགས། །ལྷགས་པ་ལྟར་དུ་འདེབས་པ་དང་། །མེ་ཁམས་ཕག་མོའི་ཞོ་འཐུང་ལྟར། །ས་ཁམས་ཉ་མོ་ལྟར་དཀྱུས་དང་། །ལྕགས་ཁམས་བྱ་སྤུངས་ལྟ་བུ་དང་། །ཆུ་ཁམས་ལུག་གི་ལྟོ་ཚིལ་ལྟར། །འདེབས་སོ་མ་ནོར་ཞིབ་ཏུ་དཔྱད། །ཅེས་སོ། །

ས་དཔྱད་རིན་ཆེན་ཀུན་འདུས་ལས། ས་དཔྱད་ངན་པར་རོ་བསྐྱལ་ན། །དུད་འགྲོ་ཡིན་ཀྱང་རྡུལ་དུ་བརླག །དེ་སྐད་འཕགས་པ་འཇམ་དཔལ་གྱིས། །རྒྱ་ནག་གཙུག་ལག་རྒྱུད་ལས་གསུངས། །ཞེས་པ་ལྟར། སྤང་བྱའི་དུར་ནི། རིའི་དུར་དང་། གྲོག་རོང་གི་དུར། ལུང་བའི་དུར་གསུམ་དང་། ཡང་ན། དུར་ས་དང་ཁང་བའི་ས་གང་ཡིན་ཡང་ཕར་ཚུར་གྱི་རི་སྤྲེའུ་རྒྱབ་ལག་བཅིངས་འདྲ། སྦྲུལ་ནག་འཁྱོག་པོར་རྒྱུགས་པ། ཕག་པ་སྣ་གཉེར་བྱེད་པ། སྤྱང་ཀི་ལུག་ཁྱུར་ཞུགས་འདྲའི་ས་ཡིན་ན་ངན་ནོ། །འདི་དག་ལ་ཤིན་ཏུ་འཛེམ་དགོས་སོ། །

༢༤ གཅོད་ཀྱི་ས་དཔྱད་པ། རྫ་བྲག་དཀར་བོ་དང་མཆོད་རྟེན་གྱི་དབྱིབས་འདྲ་ན། གནས་རི་ཡོད་པའི་རྟགས་ཡིན། དེ་གཙང་བའི་ལྷ་རིགས་དང་མཁའ་འགྲོའི་གནས། གཉན་ཐོག་གཅོད་པ་མི་རུང་། རི་བྲག་ནགས་ཀྱི་ཡུལ་དང་། ཆུ་མེད་བྲག་གི་ཟུར། རི་ཆུ་ལུང་གསུམ་འདུས་མདོ། གཉན་ཐོག་གཅོད་ལ་རབ་ཏུ་བསྔགས་ཀྱང་། རྟོགས་ལྡན་མིན་པས་མནོན་དཀའ། གླང་བོའི་གཙུག མིའི་སྙིང་། རྟ་དང་རུས་སྦལ་ལ་སོགས་པའི་སྒལ་ཐོག་ནི་གཅོད་པའི་འདུག་སར་བསྔགས་པ་དང་། ས་དགྲ་མེད་ཀྱང་ས་དཔལ་བཟང་བ། ཆུ་དང་ལམ་ལ་གུར་སྒོ་སྟོན་པ། ཕག་གི་སྣ། སྦྲུལ་གྱི་ལྕེ། གླང་ཆེན་གྱི་སྣ་ཞགས། རྭའི་རྩེར། མཆེ་སྡེར་གྱི་འོག རིའི་རྩེ། བྲག་གི་ཟུར་དེ་ལ་ཁྲམ་མིག་ཟེར་ལ། ས་བཅོས་ལ་རྟེན་གསུམ་སོགས་འཇོག་དགོས། མིང་དོན་མཐུན་པའི་གཅོད་པ་མ་གཏོགས་མནོན་དཀའ་འོ། །

༢༥ ནང་གི་ས་དཔྱད། ཁང་བའི་ས་དཔྱད་ལ། བྱང་ཕྱོགས་ཤོ་བ་དང་ནུབ་ཕྱོགས་ཡངས་ན། ན་ཚ་རྒོད། དེ་ཕྱོགས་སུ་ཚ་ཁང་མཆོད་རྟེན་བཞེངས། ཤར་ཕྱོགས་དོག་ན་ཚེ་ཐུང་། ལུང་འདབས་ཤོར་ན་ནོར་མི་ཆགས། ཕྱག་རྒྱ་བསྣོལ་འདྲ་ཡིན་ན་བཟང་། ཤར་ལྷོའི་བྲག་དང་ས་དམར་ན་བཙན་གྱི་རྒྱུ་ལམ་ཡིན་པས། རྟ་ལ་ངན། དེ་ཕྱོགས་སུ་མཆོད་རྟེན་སྐུ་གཟུགས་བཞེངས། ནུབ་ཕྱོགས་ཤིང་གཅིག་ཡོད་པ་དེ། །ལྷ་འདྲེ་འདུ་ས་ཡིན་པས་ངན། །ཤིང་དེར་གྲི་ལྕགས་འཛེར་བུ་གདབ། །ནུབ་བྱང་མཚམས་ཀྱི་བུག་ག་མ་མོ་ཉལ་ས་ཡིན་པས་ངན། རྣམ་སྣང་གི་སྐུ་འཇོག ལྷོ་ཕྱོགས་ཀྱི་བྲག་ས་དམར་སར་ཆུ་སྣ་དགུ་བླུགས་ལ་བུམ་པ་སྦ། བྱང་ཕྱོགས་ཚྭ་ཆུ་ཡོད་ན་བར་ཆད་འབྱུང་བས། རི་གསུམ་གྱི་ས་བླུགས་ནས་བཅོས་དགོས་སོ། །

ཁང་བའི་སྒོ་ཤར་ལྷོ་གང་རུང་བྱས་ན་བཟང་། སྒོ་ཐེམ་ཤར་དུ་བསྟན་ན་ཤར་སྟག་སྐྱ་བོ་དང་། ཆུ་སྣོད་ལྷོ་རུ་བཞག་ན་ལྷོ་ཆུ་གཡུ་འབྲུག་ཡིན། ཐབ་ཀ་ནུབ་ཏུ་བཅའ་བ་ནུབ་ཀྱི་བྱ་དམར་བོ། ལག་བསྐོར་རམ་རང་འཐག་བྱང་དུ་བསྐོར་བ་བྱང་སྲུང་རུས་སྦལ་རྒྱལ་བོ། དེ་རྣམས་ནང་གི་སྲུང་བ་བཞི་ཡིན། དཀྱིལ་ཀ་དབུས་ཀྱི་གསེར་སྤྲེའུ་ཡིན།

ཁང་བ་ཕིབ་ཉེས་པ་ནི། ཁང་བ་ཇི་ལྟར་ཆུང་ཡང་ཀ་གཅིག་རླུང་གི་འཁོར་ལོ﹙ཀ་བ་གཅིག་ལས་མེད་ན་དེ་ནི་རླུང་གི་འཁོར་ལོ་ལྟར་བརྟེན་ས་མེད་པ་ལ་ཟེར། ﹚ཡིན། གདུང་མ་གཉིས་སྦྱར་སྦྲུལ་ནག་ལྟོ་སྦྱར་བ་ཡིན་པས་སྤང་། གདུང་མ་དང་རྩིག་སྣ་ཁྱོ་ཤུག་སྦྱོར་བ་ལྟ་བུ་དང་ཀ་བ་ཟུར་གསུམ་དང་། ཀ་བ་བརྒྱད་ཅན། ཝ་ཁ་ཕྱིར་བསྟན་པ་དང་། ཁྱིམ་ཕུག་གསལ་ན་ནོར་མི་ཆགས། ནང་ས་གྲུ་བཞི་རབ། ནར་མོ་ཡང་རུང་། རྡོ་ཐེམ་དང་གདང་བུ་ཆ་ལས་ཡ་མི་རུང་། སྒོ་ཐེམ་རྒྱབ་ཀྱི་ས་མཐོ་ནང་དུ་འབོ་བ་འདྲ་ན་བཟང་། སྐས་ཀ་ཐུར་དུ་གཞོལ་ཆེ་ན་ཚེ་ལ་གནོད། སྒོའི་ཡ་ཐེམ་དུ་རི་བོང་དང་། རྔ་གསེབ། རིལ་མ། གཤེད་སྲུང་སྤྲེའུ་སོགས་བཞག་ན། དགྲ་ལྷ་གཉན་པོ་འཁོར་ཞིང་། གནོད་འདྲེ་ཕལ་ཆེར་ཁོགས་ལ། མཆིག་སོགས་སྒོ་ཐེམ་དུ་འཇོག་པར་མི་བྱའོ། །

ལྷོ་ནུབ་སྲིན་པོའི་ཕྱོགས་སུ་མགོན་ཁང་། ནུབ་ཕྱོགས་ཀླུ་གནས་སར་རྟ་ཕྱུགས་དུད་འགྲོའི་ར་བ་བྱ། ནུབ་བྱང་རླུང་ལྷ་གནས་སར་རླུང་འཁོར་བསྐོར་ཞིང་གོས་གདང་བྱ། བྱང་ཕྱོགས་གནོད་སྦྱིན་གྱི་སར་རྒྱུ་ནོར་ཇ་མར་སོགས་འཇོག་པར་བཤད་དོ། །

༢༦ སའི་སྲུང་བ་བཞི། ཤར་དུ་སྟག་སྐྱ་བོ་ས་མདའ་མ་ཕོག་པ་ནི། རི་སྣ་ལམ་ལ་ཟུག་ནས་ལམ་གྱི་སྐེད་པ་མ་ཆད་པ་ཡིན། ལྷོར་གཡུ་འབྲུག་སྔོན་མོ་དོང་དུ་མ་ལྷུང་བ་ནི། ཆུའི་སྐེད་པ་མ་ཆད་པ་ཡིན། ནུབ་ཏུ་བྱ་དམར་བོ་རྙིས་མ་བཟུང་བ་ནི། ལམ་གྱི་དཀྱིལ་ལམ་གཏིབས་པ་ཡིན། བྱང་དུ་རུས་སྦལ་རྒྱལ་བོ་ཁ་ཆུ་མ་སྐམ་པ་ནི། བུག་རལ་མེད་པ་ཡིན་ནོ། །

༢༧ ཕྱིའི་རྟེན་འབྲེལ་བཅུ་གསུམ། གངས་གཡའ་རྫ་གསུམ་དང་། སྤང་བྲག་ནགས་གསུམ་གྱི་རི་དང་། རྫ་སྤང་སོགས་འདྲེས་པའི་རི་སྟེ་རི་བོ་རྣམ་བདུན། འབབ་འཁྱིལ་ཀླུང་སྨན་གྱི་ཆུ་བཞི། ཉི་ཟླ་གཡོན་ནས་གཡས་སུ་འཁོར་བ། གཡས་ཉིན་དང་གཡོན་སྲུབ་སྟེ་བཅུ་གསུམ་བརྩིའོ། །

༢༨ ནང་གི་རྟེན་འབྲེལ་བཅུ་གསུམ། ཁྱུང་དང་ཐང་དཀར་སོགས་བྱ་རིགས་གངས་བྲག་ནགས་ལ་གནས་པ། སེང་སྟག་གཅན་གཟན་གནས་པ། ཤ་རྐྱང་རི་དྭགས་འཕྱོ་བ། གནག་ལུག་སྤང་ལ་སྐྱོང་བ། དུང་ཆུ་སྲིན་སོགས་ཆུར་གནས་པ། རྟ་གླང་སོགས་མཁར་ལ་གནས་པ། ཕུ་ན་འབྲོག་གི་དུད་ཁྱིམ་མང་བ། མདའ་ན་ཡུལ་མཁར་མང་བ། བར་ན་དགོན་སྡེ་མང་བ། དབུས་ན་རྟེན་གསུམ་དང་ཕོ་བྲང་མཆིས་པ། རིས་སུ་མ་ལྷུང་བའི་རྒྱལ་ཁྲིམས་གནས་པ། སངས་རྒྱས་ཀྱི་བསྟན་པ་དར་བ། ཡུལ་སྡེ་ཕན་ཚུན་མཐུན་ཞིང་ཤེས་ཡོན་ཅན་མང་བ་སྟེ་བཅུ་གསུམ་བརྩིའོ། །

༢༩ སའི་སྙིང་བོ་བརྒྱད། དཔལ་བེའུ་ལྟ་བུ་བཞག་པ། རྒྱ་སྲུབ་ལྟར་ཚེམ་པ། རྒྱལ་མཚན་བཞིན་འཕྱར་བ། དཔལ་དར་བརྐྱངས་པ། མཆོད་རྟེན་ལྟར་བརྩེགས་པ། བུམ་པ་ལྟར་བསྐྱིལ་བ། གར་མཁན་བཞིན་སྒེག་པ། ན་ཆུང་བཞིན་བརྒྱན་པ་སྟེ་བརྒྱད་དོ། །

༣༠ སའི་ཆེ་བ་བདུན། ཡར་གྱི་ས་འཛིན། མར་གྱི་རྟེན་ཕུར། གཡས་དང་གཡོན། ལེན་དང་ཐུ་བ། ས་མིག་སྟེ་བདུན་ནོ། །

༣༡ དགྲ་ལྷ་འགོ་བའི་ལྷ་ལྔ། མདའ་དར་བཙུགས་འདྲ། མདུང་དར་བསྒྲེངས་འདྲ། དར་དཀར་འཕྱར་འདྲ། བ་དན་འཕྱར་འདྲ། ཁྲབ་ཆེན་སྤུངས་འདྲ་སྟེ་ལྔའོ། །

༣༢ རྒྱལ་བོ་སྐྱེས་པའི་ས་བཞི། གངས་རི་རྫ་རིའི་གདན་ཁྲི་ཅན། བྲག་རི་ཆུ་ཡི་གདན་ཁྲི་ཅན། གཡང་རི་ཐང་གི་གདན་ཁྲི་ཅན། རི་རྒྱལ་ནགས་ཀྱི་གདན་ཁྲི་ཅན་སྟེ་བཞིའོ། །

༣༣ མི་ཆེན་སྐྱེས་པའི་ས་བཞི། བ་གླང་རྨིག་པའི་འགྱིང་ཁུག་དང་། རྡོ་སྦལ་ཁྲ་མོའི་བང་ཁྱིམ་ཅན། རྒྱལ་བོ་རྒྱལ་བོའི་ཕྱག་རྩེ་དང་། རྒྱ་མཚོ་འཁྲུགས་པའི་གཉེར་མ་སྟེ་བཞིའོ། །

༣༤ དཔའ་བོར་འགྲོ་བའི་ས་དྲུག སེང་གེའི་ཐོང་ཀ སྟག་གི་ལྦ་བ། གླང་ཆེན་གྱི་མཁལ་ཁུང་། ཁྲ་སྔོན་ཡི་གཤོག་པ། རྒོད་པོའི་ཧམ་ཚུགས། སྐྱེ་བོའི་བྲང་ལྟ་བུ་སྟེ་དྲུག་གོ །

༣༥ མཁས་པར་འགྲོ་བའི་ས་དྲུག རྒྱལ་བོའི་འཕོངས། བཙུན་མོའི་ཐུགས་ཀ ཀློག་མཁས་ཀྱི་གློ་བ། མནྜལ་གྱི་སྟེང་། ནེ་ཙོའི་ལྕེ། དམན་གྱི་མ་བུ་སྟེ་དྲུག་གོ །

༣༥ འཕན་པོ་སྐྱེས་པའི་ས་བཞི། རྨ་བྱའི་སྒང་ཁྱིམ། རྡོ་སྦལ་གྲོལ་མོའི་སྒང་ཁྱིམ། ཉ་མོའི་ཚང་སྒོ། གྲོག་མ་བུ་མང་ཚང་སྒོ་སྟེ་བཞིའོ། །

༣༦ གཅེས་པའི་ས་དགུ། བན་བོན་ཆེ་འདོད་གནམ་ལ་གཅེས། མི་དཔོན་ཆེ་འདོད་གདན་ཁྲིར་གཅེས། གཙོ་བོ་བཟང་འདོད་རྩེ་འཛིན་གཅེས། གཞོན་ནུ་བཟང་འདོད་བྲག་ལ་གཅེས། བུ་ཚ་བཟང་འདོད་ལམ་ལ་གཅེས། བུ་མོ་བཟང་འདོད་ཐུ་བ་གཅེས། བུད་མེད་བཟང་འདོད་ས་འགབ་གཅེས། རྟ་བོ་བཟང་འདོད་ཐང་ལ་གཅེས། རྨང་བོ་བཟང་འདོད་ཆུ་ལ་གཅེས། རྒྱུ་ནོར་བཟང་འདོད་ལེན་ལ་གཅེས། སྐུ་ཚེ་རིང་འདོད་རྨུ་ཐག་གཅེས། ཤི་འགབ་གཅོད་འདོད་གཉའ་ཤིང་གཅེས། སྡར་མ་དཔའ་འདོད་སྲུང་བཞི་གཅེས། མི་རྒྱུད་བཟང་འདོད་ས་མདངས་རི་རྒྱུད་ལ་གཅེས་པའོ། །

༣༧ དབུལ་བོར་ཕྱུག་པོར་འགྲོ་བའི་ས་དྲུག འཁོར་བ་རྒྱ་མཚོ་ལྟ་བུ། མདུད་པ་འདྲ་བ། བྲུམ་རྩེར་མར་ཁུ་འདྲ་བ། ཨུ་སྐྱུ་ལྟ་བུ། སྟག་གི་ལྟོ་ཚིལ་ལྟ་བུ། བ་གླང་གི་མཁལ་མ་ལྟ་བུ་སྟེ་དྲུག་གོ །

ཡང་ན། བ་གླང་གི་མཁལ་ཁུང་། སྟག་གི་ལྟོ་ཚིལ། ལུག་གི་ཁུག་མང་། རྒྱལ་བོ་གཡང་གི་མེ་ཏོག་ལའང་ཕྱུག་པོར་འགྲོ་བའི་ས་བཞི་ཟེར།

༣༨ དམའ་བ་མཐོན་པོར་འགྲོ་བའི་ས་དྲུག ཁྱི་ནུ་འཐུང་དང་། ཕག་ནུ་འཐུང་འདྲ་བ། ཕོ་གེ་སར། མོའི་ཆུ་སོ། མི་ཧྲེང་ལམ་ཞུགས། ཆུ་མིག་མང་བ་སྟེ་དྲུག་གོ །

༣༩ ཀླུ་གནོད་མཛེ་གཅོད་ཀྱི་ས་དྲུག ཁྱུང་གི་འོག་མ། རུས་སྦལ་གྱི་ཁོག་པ། རྨ་བྱའི་མདོངས། རྡོ་རྗེའི་བཟུང་བ། སྦྲུལ་གྱི་སྤྱི་གཙུག སེང་གེའི་ཐུགས་ཀ་ལྟ་བུ་སྟེ་དྲུག་གོ །

༤༠ དུག་གིས་མི་ཚུགས་པའི་ས་དྲུག རྒྱལ་བོའི་སྨན་ཕོར། རྨ་བྱའི་གྲེ་བ། བ་གླང་གི་མཁལ་ཁུང་། སྦྲུལ་གྱི་སྙིང་། དཔག་བསམ་ཤིང་གི་འབྲས་བུ། རིན་ཆེན་འབར་བ་ལྟ་བུ་སྟེ་དྲུག་གོ །

༤༡ གྲི་དང་མཆེ་བ་ཐུབ་པའི་ས་དྲུག མཁར་གྱི་རྩེ། པོ་ཏི་ཁ་ཕྱེ་བ། རྒྱ་རྨོག་གི་ཞོལ། བཙུན་མོའི་བང་། རྒྱལ་བོའི་ཐུ་བ། བློན་པོའི་མཆན་ལྟ་བུའོ། །

༤༢ སྨྱོ་འབོག་འདུལ་བའི་ས་དྲུག ཕུར་བའི་རྒྱ་མདུད། དཀྱིལ་འཁོར་གྱི་དབུས། བྲག་ལ་ལམ་གྱིས་བསྐོར་བ། དེའུ་འབུར་ཆུས་བསྐོར་བ། བྲག་བཅིངས་པ། སེང་གེའི་འོག་མ་ལྟ་བུ་སྟེ་དྲུག་གོ །

༤༣ བློ་ཤར་དམེ་འཕྲོ་གཅོད་པའི་ས་དྲུག བློན་པོའི་ཟླ་གམ། རྒྱལ་བོ་ཡི་དཔལ་བེའུ། སྟག་འཛུམ་པ། གླང་ཆེན་གྱི་སྙིང་། རྡོ་རྗེའི་འཆང་བཟུང་། དྲིལ་བུའི་ལྕེ་ལྟ་བུ་སྟེ་དྲུག་གོ །

༤༤ མི་རབས་མི་སྟོངས་ཤིང་འཕེལ་བའི་ས་དྲུག ཤར་ཕྱོགས་གངས་ཀྱི་སེང་གེ་གངས་སེང་མཆོངས་འདྲ། ལྷོ་ཕྱོགས་གངས་ཀྱི་དབུ་རྩེ་གཡུ་འབྲུག་མཆོངས་འདྲ། ནུབ་ཕྱོགས་གངས་ཀྱི་དབུ་རྩེ་རྨ་བྱ་མཆོངས་འདྲ། བྱང་ཕྱོགས་གངས་ཀྱི་དབུ་རྩེ་རུས་སྦལ་མཆོངས་འདྲ། མདུན་དུ་ཁྲི་འཕང་བདེ་ཞིང་ཁུད་པའོ། །

༤༥ བསྐྱབས་པའི་ས་བཟང་བཅུ་དགུ། ཤ་ཡི་སྒྲོ་ལྗང་དང་། མདའ་སྒྲོ་གྱེན་བསྐྱོད་དང་། བ་དན་ལེགས་འཕྱར་དང་། ཁྲབ་རྨོག་མང་དུ་སྤུངས་འདྲ་དང་། དར་དཀར་ཡོལ་བ་བྲེས་པ། འཇམ་ཞིང་རི་མོ་མང་དུ་ཡོད་པ། མདུན་ལ་ལུག་པ། སྟོབ་འདྲེ་དང་། བྱ་བྱེའུ་སྐད་སྙན་སྒྲོགས་པ། སྐྱོབ་དང་། མ་པང་དུ་བུ་ཐོགས་པ། དཔག་བསམ་དང་། ཨུཏྤལ་དང་། པདྨ་དང་། རི་ཆེན་དང་། རྒྱ་གྲམ། དཔལ་བེའུ་འདྲ་བ། ཉི་ཟླའི་མདངས་སྟོན་འདྲ་བ། ལྡེབས་ངོས་མིག་མདངས་སྡུད་པ་སྟེ་བསྐྱབས་པའི་ས་བཟང་བཅུ་དགུ་ལྡན་ན། གཞན་གྱིས་གོང་དུ་བཀུར་བ་དང་། གཉེན་གྱིས་སྐྱོབ་པའི་གནས། རི་རྒྱལ་གཞན་གྱིས་ཕུ་དུད་འཁུར་བའོ། །

༤༦ འཕེལ་བ་བརྒྱད་ཀྱི་ས། ནས་འབྲས་སྤུངས་འདྲས་མི་ནོར་འཕེལ། བྱ་ཕོའི་ཟེ་བ་འདྲ་བས་མི་སྒབ་འཕེལ། རི་ཕག་མ་བུ་འདྲ་བས་བུ་སྒབ་འཕེལ། རི་གཅིག་མ་ལ་རི་བྲན་མང་བོས་གུས་འདྲས་བུ་སློབ་འཕེལ། རིན་ཆེན་གཟུགས་འདྲས་ནོར་འཕེལ། ནེ་ལུ་མང་བོས་གནག་ཕྱུགས་འཕེལ། ས་རྒྱུད་ལེགས་ཤིང་ནེམ་པས་རྟ་འཕེལ། རི་རྒྱུད་མང་བོ་ལ་བྲག་བརྩེགས་མང་བས་ནོར་འཕེལ་བ་སྟེ་བརྒྱད་དོ། །

༤༧ མནན་པའི་ས་བཟང་བདུན། ཧོམ་ཁུང་འདྲ་བས་དགྲ་བགེགས་སྤྱི་མནོན། གཡག་ཁམ་པའི་རྭ་འདྲས་དགྲ་སྲི་མནོན། མཆོད་རྟེན་འདྲ་བས་གོད་སྲི་མནོན། བྱ་ཁྱུང་འདྲ་བས་འདྲེ་སྲི་མནོན། གཡས་འཇུས་པ་དང་གཡོན་ཞོམ་པ་འདྲ་བས་འདྲེ་སྲི་མནོན། ཆུ་དང་བྲག་འཐབ་པ་དང་རི་རྩེ་ཟད་པ་དང་ཐང་དཀྱིལ་ཟངས་འདྲས་གདོན་སྲི་མནོན་པ་སྟེ་བདུན་ནོ། །

༤༨ ལྷ་འདྲེ་གནས་པའི་ས་ལྔ། བྲག་རི་ནག་པོར་བདུད་གནས། བྲག་དམར་གནམ་འགྲེང་བཙན་གནས། ན་རྐོང་དང་ལྗན་ལྗིན། ཤིང་དང་ལི་མ་ཡོད་སར་ཀླུར་གནས། རི་རུལ་དང་ཕ་བོང་སོགས་ཐེའུ་རང་དང་བྲག་སྲིན་གནས། ཕུག་པ་དང་བྲག་ཆད་རི་དམར་ལྷ་གནས་སོ། །

༤༩ ས་ཡི་དམིགས་པ་བརྒྱད། སྟོད་མཐོ་དབུས་དམའ་བ། ཡས་མར་ལྷུང་བ། ཕན་ཚུན་འཁྱུད་པ། ཁོལ་བོར་མཐོ་དང་དགྱེ་དགུ་མེད་པ། སྤྱང་ཁུ་དགྱེ་དགུ་མེད་པ། མས་ཡར་འཛགས་པ་ལྟ་བུ། ཐུ་བའི་གཤམ་ཟུར་རིང་བ་དང་། མར་ཁུའི་གཞོང་བ་ལྟ་བུའོ། །

༥༠ ས་ཡི་ལྟས་ངན་བརྒྱད། སྤར་མོ་ལྟར་གྱེས་པ། ལུང་ཐང་ལྟར་གྲུམས་པ། ཟངས་གོག་ལྟར་ཞོམ་པ། སློག་ཧྲུལ་ལྟར་ཉིགས་པ། རུས་གོང་ལྟར་དཀར་བ། རྒྱ་ཁྲ་ལྟར་འཛུལ་བ། ཕོ་རོག་ལྟར་བཀྱེད་པ། མཐའ་མོན་ལྟར་གནག་པ་སྟེ་བརྒྱད་དོ། །

༥༡ ས་ཡི་ཀེག་ཕྲན་བརྒྱད། གློ་བུར་གོང་དུ་ཆད་པ། ལོང་བུ་ཤོང་མས་སྲུབས་པ། སྔོན་གྱི་ཆུ་ཤུལ་སྐམ་པ། ལམ་དང་ཆུ་ཡི་བར་ཆད་པ། གནམ་སྒོ་ས་སྒོ་ཕྱེས་པ། ཧར་ཀོང་ཧར་ཀོང་ཆེ་བ། གད་པའི་ས་སྲུབ། མི་རོ་སྦས་པ་ལྟ་བུ་སྟེ་བརྒྱད་དོ། །

༥༢ སའི་མཚོན་ཆ་བཞི། བྲག་སྒྲོས་ར་ཡི་མཚོན་ཆ། ཤིང་སྒྲོས་རླུང་གི་མཚོན་ཆ། རླུང་སྒྲོས་ཆུ་ཡི་མཚོན་ཆ། ཆུ་སྒྲོས་ཉི་མའི་མཚོན་ཆའོ། །

༥༣ འཕུང་བའི་རི་བརྒྱད། མི་རྒན་དཔྲལ་བ་ལྟ་བུ། ཡུགས་སའི་གོས་ཧྲུལ་གྱོན་འདྲ། རྒྱ་མོའི་ངར་གདོང་ལྟ་བུ། བསེ་རག་ཤུལ་ས་ལྟ་བུ། ཝ་གཞུག་འཁྱོག་པོ་ལྟ་བུ། མི་ཁ་གྲུ་གསུམ་ལྟ་བུ། སྦྲུལ་ནག་ཐུར་རྒྱུགས་ལྟ་བུ། ཕག་མང་རྒྱུགས་འདྲ་སྟེ་བརྒྱད་དོ། །

༥༤ གཉེན་དུ་མི་རུང་བའི་ས་མིག་སོ་བདུན། གྲུ་གསུམ་དང་། གཤོར་འབྲང་དང་། གཞོགས་རལ། བསེ་རག་བྲང་བརྡུང་དང་། ཁྱི་ཁྲིད་དང་། རྒྱ་མོ་དང་། འཁྲོགས་པ་དང་། སྦྲུལ་འདྲེ་དང་། ཤ་གཟུག་དང་། ཝ་གཞུག་ཕྱར་འདྲ། སྒབ་ཆད་དང་། མཇུག་རྡུམ་དང་། བྲེ་བ་འདྲ་བ། སྦུད་པ་དང་། ཁྲག་རྐྱལ་དང་། ཞོ་གྲོད་དང་། ཤི་པགས་བརྐྱངས་འདྲ། ཐང་ཤ་ཆད་པ། གཞོང་ཞུང་ལྟར་ཐུར་དུ་འཇོ་བ། ཆུས་འཁྱེར་བ་དང་། མེས་ཚིག་དང་། རླུང་ཞོན་རྗེས་དང་། བ་ཚྭ་དང་། ཚྭའི་སྒོ་དང་། བྱེ་མ་དང་། སྔ་སྔོ་དང་། གཤང་གཤོང་དང་། ཚྭ་རིས་དང་། མི་ཧྲེང་ལམ་ཞུགས་དང་། སྲིན་མོ་བྲང་བརྡུང་དང་། རྐང་རྡབ་དང་། རྒྱུག་པ་དང་། འཕུར་ལ་ཁད་པ། ཐང་བུ་དང་། དྲེ་མོ་དང་། བྲན་འདྲ་བ་དང་། སྡེར་མོས་བྲད་པ་འདྲ་བ་སྟེ་སོ་བདུན་ནོ། །

༥༥ ཤིན་ཏུ་རྩུབ་པའི་ས་བཞི། རྒྱ་སྟག་དམར་བོའི་ཁ་ནང་། རེ་འབྱམས་སྦྲུལ་མོའི་ལྕེ་གདུག སེང་གེ་དཀར་མོའི་སྤར་ཁྱིམ། སྒང་ཐུར་སྔོན་མོའི་སྙིང་ཁྱིམ་སྟེ་བཞིའོ། །

༥༦ སའི་ཁ་དོག་ངན་པ་བཅུ། ཁ་དོག་དཀར་བོས་ནོར་མི་ཆགས། དམར་བོས་སྐྱེས་མ་དར་མ་གྲིར་འཆི། སེར་བས་གཅོང་ནད་དང་མཁལ་མའི་ནད་མང་། ནག་པོས་སྐྲན་སོགས་ཀྱི་ནད་མང་། ཐལ་མདོག་གིས་ཟས་བཅུད་ཆུང་། དཀར་དམར་འདྲེས་མས་ཡུལ་མི་ཁ་མི་འཆམ། སེར་ནག་འདྲེས་མས་རིམས་ནད་ལྡང་། དཀར་ནག་འདྲེས་མས་ལྕེ་དིག་མང་། སྔོ་ནག་འདྲེས་མས་ངག་དིག་དང་ལྐུགས་པ་མང་བར་བཤད་དོ། །

༥༧ ཚེ་ཟད་པའི་ས། སྟག་གི་ཁའི་འབྲུག་རོ་སྟེ་ལམ་སྣེ་ཆུ་སྐམ་ལ་ཐུག་པ། སྲིན་པོ་ཁའི་མི་རོ་སྟེ་ཆུ་བྲག་འཐབ་པ། ཉ་མོ་ཁའི་བུ་རོ་སྟེ་མཚོ་ཤུལ་སྟོང་བ། གྲི་ཤི་ཁའི་རྟ་རོ་སྟེ་གད་ནག་སྟེང་ཤིང་ནག་ཡོད་པ། འུག་སེར་ཁའི་སྦྲུལ་རོ་སྟེ་ཤིང་ཕུང་མང་བོའི་དཀྱིལ་ན་ཤིང་སྐམ་ཡོད་པ། ཆུ་སྲིན་ཁའི་ཉ་མོ་སྟེ་ཆུ་ནང་ན་ཤིང་མགོ་མངོན་ཙམ་པ། སྤྱང་ཁའི་ལུག་རོ་སྟེ་རྡོ་སྤྱང་ཁུ་འདྲ་བའི་རྩ་བ་ན་གད་པ་དམར་བོ་ལུག་ཙམ་ཡོད་པ། འཕར་ཁའི་ར་རོ་སྟེ་གད་དམར་རྩ་ན་ཆུ་མིག་ལོང﹙སྔ་སོར་ཆུ་བཞུར་ཡང་། ཕྱིས་སུ་བསྐམས་པའམ་བསྐམ་པ་ལ་མངོན་དུ་ཕྱོགས་པ﹚བ་ཡོད་པ། སྟག་ཁའི་མི་རོ་སྟེ་ལམ་ཁའི་བྲག་རྡོ་ཞིག་རལ་ཅན། སྲེ་མོང་ཁའི་བྲ་རོ་སྟེ་ས་དམར་རྟ་དམར་དཀྱུས་འདྲ། ལྕོག་ཆུང་ཁའི་བུ་རོ་སྟེ་རྡོ་ལྕོག་ཆུང་འདྲ་བ་མང་བའི་རྩར་ཆུ་མིག་ལོང་བ་ཡོད་པ། བྱི་ཁྲ་ཁའི་བྱེའུ་རོ་སྟེ་ཤིང་དཀར་མང་བོའི་གསེབ་ན་ཤིང་ནག་ཁེར་སྐྱེས་ཡོད་པ། ཕོ་རོག་ཁའི་སྦལ་རོ་སྟེ་ས་ནག་ནང་ན་ཤིང་ནག་ཁེར་སྐྱེས་ཡོད་པ། གཟིག་ཁའི་ཁྱི་རོ་སྟེ་བྲག་ནག་ཁྱི་ལ་ཉལ་འདྲའི་རྩ་བར་ས་རལ་གད་རལ་ནག་པོ་ཡོད་པ། བྱི་ལ་ཁའི་བྱི་རོ་སྟེ་ཤིང་སྡོང་ངམ་ཟམ་པ་ཆུའི་སྐེད་པ་བཅད་པ། གླག་ཁའི་རི་བོང་སྟེ་དམུ་ཐག་གི་རྩ་བར་བུག་པ་ཕུད་པ། སྦྲུལ་ཁའི་བྱི་རོ་སྟེ་ཆུ་ཤུལ་སྟོང་བ། ཕག་ཁའི་སྦྲུལ་རོ་སྟེ་ཕ་བོང་ཕག་ནག་འདྲའི་རྩ་བར་གད་ནག་གམ་དམར་བོ་སྦྲུལ་འདྲ་ཡོད་པ་བཅས་སོ། །འདི་རྣམས་མནན་གཏད་ཀྱི་སའང་ཡིན་ནོ། །

༥༨ ཕལ་བས་མི་མནོན་པའི་ས་དཔྱད་པ། རྒྱལ་མཚན་གྱི་རྩེ་མོ། གདུགས་ཀྱི་ཏོག བུམ་པའི་ཁ་རྒྱན་འདྲ་བའི་ས་དགེ་བའི་བཤེས་གཉེན་མ་གཏོགས་མི་ནོན། རྒྱལ་བོའི་ཐུགས་ཀ གླང་ཆེན་གྱི་སྤྱི་གཙུག སེང་གེའི་རལ་བ་འདྲ་བའི་ས་རྒྱལ་རིགས་དང་གྲྭ་བ་མ་གཏོགས་མི་ནོན། འབྲོང་ཕྲུག་དར་མའི་རྭ་དང་། བྱ་ཁྱུང་གི་ནོར་བུ། རྨ་བྱའི་མདོངས་ལྟ་བུའི་ས་ཆེ་བཙན་འཛོམས་པ་མ་གཏོགས་པས་མི་ནོན། སྟག་གི་གྲ་འཛུམ། ཁྲའི་གཤོག་སྟེང་། གཅན་གཟན་གྱི་ཐོང་ཀ་འདྲ་བ་དྲག་རྩལ་ལྡན་པ་མ་གཏོགས་པས་མི་ནོན་ནོ། །

གཞན་ཡང་མཆོད་རྟེན་གྱི་བུམ་པ། རྨོག་གི་སྤྱི་བོ། རྟའི་རྔོག་མ། འཁོར་ལོའི་ལྟེ་བ་འདྲ་བའི་ས་ཡང་ཕལ་བས་མི་ནོན་ལ། གལ་ཏེ་གནོན་ན་དགེ་མཚན་བསམ་གྱིས་མི་ཁྱབ་བོ། །

༥༩ སའི་གདོན་ཚང་ལ་དཔྱད་པ། ས་མིག་གི་གློ་ལ་བུ་ག་ཡོད་ན་དཔོན་གྲིས་འཆི། དམུ་ཐག་གི་གློ་ན་བུ་ག་ཡོད་ན་ནང་མི་དང་ས་མཁན་ལ་ངན། བུ་དང་བུ་མོ་མེས་ཚིག གཡས་ན་ཡོད་ན་ཕྲུ་གུའི་སྙིང་སྟོང་ཡིན། གཡོན་ན་ཡོད་ན་ཕོ་ལྷ་དགྲ་ལྷའི་སྙིང་སྟོང་ཡིན། སྐྱེས་པ་དར་མ་གྲིས་འཆི། ཞབས་ན་ཡོད་ན་གཡང་གི་ཞོ་ཞབས་ཕུད། ལྷོ་ན་ཡོད་ན་བུད་མེད་སྲིད་ལ་ཐེའུ་རང་ཞུགས། མི་བློན་ནད་ཀྱིས་འདེབས། བྱང་ན་ཡོད་ན་མགོ་ཆག་འོང་། རི་སྟོད་བཟང་ཞིང་རི་སྨད་ངན་ན། ཕའི་རིང་དར་ལ་བུའི་རིང་རྒུད། སྨད་བཟང་ལ་སྟོད་ངན་ན་དེ་ལས་ལྡོག་གོ །

༦༠ ས་ཆོག་གི་སྐབས་སའི་ཟུག་རྔུ་དབྱུང་ཚུལ། སྤྱི་རྒྱུད་ལས། འཇོར་གྱིས་ས་ནི་སློག་བྱ་ཞིང་། །དེ་ནས་ཟུག་རྔུ་དབྱུང་བར་བྱ། །ཞེས་གསུངས་པ་ལྟར། ཟུག་རྔུ་སོ་སོའི་ཉེས་པ་ནི། ཕྲེང་བ་ལས། རྡོ་བར་བཅས་ན་རླུང་ཆེན་པོ། །རུས་པར་བཅས་ན་ཟུག་གཟེར་འབྱུང་། །གྱོ་དུམ་བཅས་ན་ལྐུགས་པ་ཉིད། །ཕུབ་མ་སོལ་བར་ལྡན་ན་རིམས། །སྐྲ་དང་རྩ་བ་ཤིང་སོགས་བཅས། །ཉེ་བར་འཚེ་བ་ཕྲ་མོ་འབྱུང་། །ཞེས་གསུངས་པ་ལྟར། དེ་རྣམས་བསལ་ནས་བཅག་བཅག་ལེགས་པར་བཏང་སྟེ། སའི་ཟུག་རྔུ་ཇི་ལྟར་དག་པ་ཙམ་གྱིས་དངོས་གྲུབ་འགྲུབ་པའི་ཕྱིར་རོ། །

༦༡ སའི་ཕུང་སྲི་བརྒྱད། དྲེད་མོ་རལ་བ་གསིག་པ་ལྟ་བུ། སྲིན་གྱི་ཁ་གདངས་པ་ལྟ་བུ། ངུས་པའི་མཆི་རིས་ལྟ་བུ། གནོད་སྦྱིན་གྱི་མདུང་ཤུལ་ལྟ་བུ། བསེ་རག་འཕུང་ཤུལ་ལྟ་བུ། སྤྱང་ལྟོགས་རྒྱུགས་པ་ལྟ་བུ། སྲིན་པོའི་མདུང་ཤུལ་ལྟ་བུ། བྲད་པའི་སྡེར་རྗེས་ལྟ་བུའོ། །

༦༢ གཉིད་དུ་མི་རུང་བའི་ས་དམིགས་སོ་བདུན། གྲུ་གསུམ་དང་། གཤོར་འབྲང་དང་། གཞོགས་རལ་དང་། བསེ་རག་བྲང་བརྡུང་དང་། ཁྱི་ཁྲིད་དང་། རྒྱ་མོ་དང་། འཁྲོགས་པ་དང་། སྦྲུལ་འདྲེ་དང་། ཤ་གཟུག་དང་། གཞུགས་ཕྱར་འདྲ་དང་། སྒབ་ཆད་དང་། མཇུག་སྡུམ་དང་། བྱེ་བ་འདྲ་བ་དང་། སྦུད་པ་དང་། ཁྲག་རྐྱལ་དང་། ཞོ་གྲོད་དང་། ཤི་ལྤགས་བརྐྱངས་འདྲ་དང་། ཐང་ཤ་ཆད་པ་དང་། གཞོང་ཁུང་བཞིན་ཐུར་ལ་འཇོ་བ་དང་། ཆུས་འཁྱེར་དང་། མེས་ཚིག་དང་། རླུང་ཞོན་རྗེས་དང་། བ་ཚྭ་དང་། ཚྭ་སྒོ་དང་། བྱེ་མ་དང་། སྔ་སྔོ་དང་། ཤང་ཤོང་དང་། ཚྭ་རིས་དང་། མི་ཧྲེང་ལམ་ཞུགས་དང་། སྲིན་མོ་བྲང་བརྡུང་དང་། རྐང་རྡེབ་དང་། རྒྱུག་པ་དང་། འཕུར་ལ་ཁད་པ་དང་། ཐང་བུ་དང་། དྲེ་མོ་དང་། བྲན་འདྲ་དང་། སྡེར་མོས་བྲད་པའི་ཤུལ་འདྲ་བ་སྟེ་སོ་བདུན་ནོ། །

༦༣ ས་དགྲ་ཟློག་ཐབས། ངག་རྒྱུན་ལ། ཕ་ཤི་བ་ལས་ས་ཉེས་པ་སྡུག ཅེས་བཤད་པ་ལྟར། ས་ཉེས་ན་བྱུར་གྱི་སྣ་འདྲེན་ཡིན་ཏེ། ཧོར་གོ་དན་རྒྱལ་བོ་ཀླུ་ནད་ཀྱིས་ཟིན་པ་ཡང་། ཆུ་མིག་སྟེང་དུ་ཕོ་བྲང་བརྩིགས་པས་ལན་པ་སོགས་ལོ་རྒྱུས་མང་བོ་ཡོད་པས། དེ་བས་གཟབ་སྟེ་ས་བཅོས་བྱ་རྒྱུ་གལ་ཆེ། དེ་ཡང་། ལྕགས་ཀྱི་གཞི་མ་ལ་ཟངས་ཀྱི་ཆུ་སྲིན་བྲིས་ཏེ་ཁང་བའི་ཤར་དུ་བཞག་ན། ཤར་གྱི་ས་དགྲ་ཐམས་ཅད་བཟློག ཆུ་རྡོའི་གཞི་མ་ལ་དངུལ་གྱི་སེང་གེ་བྲིས་ཏེ་ཁང་བའི་ལྷོ་རུ་བཞག་ན། ལྷོའི་ས་དགྲ་ཇི་སྙེད་བཟློག ཟངས་ཀྱི་གཞི་མ་ལ་སྣག་ཚས་འབྲུག་བྲིས་ཏེ། ཁང་བའི་ནུབ་ཏུ་བཞག་ན་ནུབ་ཀྱི་ས་དགྲ་ཇི་སྙེད་བཟློག ལྕགས་ཀྱི་རྡོ་དག་ལ་གསེར་གྱི་རུས་སྦལ་བྲིས་ཏེ། ཁང་བའི་བྱང་དུ་བཞག་ན་བྱང་གི་དགྲ་ཇི་སྙེད་བཟློག ཡང་། ས་དགྲ་གང་ཡོད་དེའི་རྡོ་ལ་རྡོ་རྗེ་རྒྱ་གྲམ་བྲིས་པ་དེ་བལ་ཚོན་སྣ་ལྔས་དཀྲིས་ལ་གང་གནོད་ཕྱོགས་སུ་བསྟན་པས་ཀྱང་བཟློག་པ་ནི་གཅིག་ཆོད་དོ། །

ཡང་། རི་སྣ་ཟུག་པ་དང་ཁ་དོག་སྔོན་པོའི་ས་ཡོད་ན་མེའི་རི་མོ་བྱ། གྲོག་མདོར་སྲི་ཆད་པ་ལ་ཆུའི་རི་མོ། སྡེར་སེན་གྱིས་འབྲད་པའམ་ཤི་ལྤགས་འདྲ་ན་བཀྲ་ཤིས་རྫས་བརྒྱད་འབྲི། སྟེང་ནས་ལྷུང་ལ་ཁད་པ་ལ་མཆོད་རྟེན་བརྩིགས། མཚན་མ་བཟེད་པ་འདྲ་ན་ཕོ་རྟགས་གཟུགས། སྦྲུལ་གདུག་པ་ལྟ་བུའི་ཁ་གཏད་ལ་བྱ་ཁྱུང་དང་། ཆུ་སྲིན་གྱི་ཁ་གཏད་དུ་དུང་དང་། གླང་ཆེན་གཡུལ་དུ་ཆས་པའི་ཁ་གཏད་དུ་སེང་གེ རི་གཅིག་གི་རྒྱབ་ནས་གཅིག་གིས་བྱ་ར་བྱེད་པ་ལྟ་བུར་མཆོད་རྟེན་དང་དར་སོགས་ཀྱིས་བཅོས་ན་ལེགས་སོ། །

གཞན་ཡང་། ཇི་འདྲ་བའི་གཟུགས་འདུག་ན་དེའི་གཉེན་པོ་གང་འགྲོ་བ་གཟུགས། མདུན་དུ་གཤོང་མི་འདྲུ། ཤར་དུ་མཆོད་རྟེན་མི་བརྩིགས་སོ། །

ཁང་བའི་ས་དགྲ་ལ། བྱང་ཁ་ལྷོ་མིག གདུང་རོ་འདོན་དང་ནད་འདྲེ། ཀ་བ་དྲལ་གཤིབ། སྒོ་ཕུག་གསལ། སྣེ་ཐུང་གདོང་ཐུག་རྣམས་ས་དགྲ་ཡིན་པས། ཐད་ཀར་བཀྲ་ཤིས་མཚན་མ་དང་སྙིང་བོ་འབྲིའོ། །དེ་ལས་གཞན། ས་དགྲ་བཟློག་ཐབས་ཀྱི་སྐོར། བཻ་དཀར་དང་། ས་དཔྱད་སྡོང་བོ་དགུ་འདུས། བློ་བཟང་ཡེ་ཤེས་དཔལ་འབྱོར་སོགས་ཀྱི་ས་དཔྱད་ན་མང་དུ་འབྱུང་བས་དེར་བལྟ་བར་བྱའོ། །

རྨི་ལམ་བརྟག་ཚུལ།

རྨི་ལམ་ནི་རང་ཅག་ལ་ཐུན་སྣང་དུ་གྲུབ་པ་ཞིག་སྟེ། ང་ཚོས་མ་བརྟག་སྣང་ངོར། ངོ་མཚར་བ་དང་། བློ་ཡུལ་ལས་འགོངས་པ་ཞིག་ཏུ་མི་སེམས་མོད། དཔྱད་པ་ཞིབ་ཏུ་བཏང་ན། དེ་ལ་རང་ཅག་གི་བློའི་ར་བ་ལས་འགོངས་པའི་གསང་བ་སྣ་ཚོགས་ཡོད། དཔེར་ན། ལོ་དྲུག་ཅུ་ཐུབ་པའི་མི་ཞིག་ལ་ཆ་མཚོན་ནས། བསྡོམས་རྩིས་བྱས་ན། ཞག་རེ་རྨི་ལམ་དུས་ཚོད་གཅིག་གཉིས་རེ་རྨི་བར་བཤད་ཡོད་ལ། ཚེ་གང་བོར་ལོ་ལྔའི་དུས་ཚོད་ནི་རྨི་ལམ་གྱིས་འདའ་བར་བཤད་ཡོད། མ་བརྟག་མ་དཔྱད་ཀྱི་སྣང་ངོར་དེ་ནི་རྒྱུན་ལྡན་གྱི་ཚོར་བ་ཞིག་ལས་མ་འདས་མོད། འོན་ཀྱང་རྨི་ལམ་ལ་བརྟེན་ནས་རང་ཅག་གི་གསང་བ་མང་བོ་བརྟོལ་ཐུབ་པའི་ནུས་པ་དང་། ཆོས་ཕྱོགས་ནས་བཤད་ན། རྨི་ལམ་ལ་བརྟེན་ནས་སྐུ་གསུམ་ལམ་འཁྱེར་ནུས་པ་དང་། ཁྱད་པར་དུ་འཆི་དུས་ཀྱི་འབྱུང་བ་ཐིམ་རིམ་དང་། གཉིད་ཁུག་དུས་ཀྱི་འབྱུང་བ་ཐིམ་རིམ་གཉིས་རྒྱུན་རིང་ཐུང་ཙམ་མ་གཏོགས་པར་ཕལ་ཆེར་འདྲ་བ་དང་། དེ་མཚུངས་སུ། གཞི་དུས་ཀྱི་འོད་གསལ་ལས་དྲན་པ་ཅུང་ཟད་ཇེ་གསལ་དུ་སོང་ནས་བར་དོ་གྲུབ་པ་དང་། གཉིད་མཐུག་པོ་ཁུགས་སྐབས་ཅུང་ཟད་དྲན་པ་ཇེ་གསལ་དུ་སོང་བའི་རང་ལུས་ལས་ལོགས་སུ་རྨི་ལམ་གྱི་ལུས་ཞིག་གྲུབ་པ་ཕལ་ཆེར་འདྲ་བོ་ཡོད་པ་དང་། རྨི་ལམ་ལས་སད་ཚེ་རྨི་ལམ་གྱི་ལུས་དེ་རང་ལུས་ལ་ཐིམ་པ་དང་། བར་དོ་དེ་ཤི་ནས་སྐྱེ་བ་ཕྱི་མའི་ལུས་ལ་ཐིམ་པ་གཉིས་ཀྱང་འདྲ་བོ་ཡོད་པ་དང་། གཞན་ཡང་། བསྲེ་བ་དགུ་སྐོར་ལའང་རྨི་ལམ་གྱིས་ནུས་པ་ཐོན་གྱི་ཡོད་སྟབས། རྨི་ལམ་ཟིན་ཏེ་དབང་བསྒྱུར་ནུས་ན་རང་ཅག་གི་བློའི་ར་བ་ལས་འདས་པའི་ཁྱད་ནུས་ཐོན་པ་ནི། ཚད་ལྡན་གྱི་གཞུང་ལུགས་དང་རྣམ་ཐར་དག་ཏུ་ལྟོས་དང་། ངན་སྐྱུགས་ཀྱི་ཕུང་བོའི་གསེབ་ལས་གསེར་རྡོག་རྙེད་པ་བཞིན་རྟོག་དཔྱོད་བྱ་རྒྱུ་ཡོད་དོ། །

༡ རྨི་ལམ་གྱི་རྒྱུ་དང་རྐྱེན། ཀུན་གཞིའི་རྣམ་ཤེས་ཀྱི་སྟེང་དུ་དྲུག་པ་ཡིད་ཀྱི་རྣམ་པར་ཤེས་པ་བག་ཆགས་དང་བཅས་ནས། ཉོན་མོངས་ཅན་གྱི་ཡིད་སྲོག་རླུང་གིས་བསྐྱེད་ནས་ཡིད་ཀྱི་འདུ་ཤེས་ལངས་པ་ནི། རྨི་ལམ་གྱི་ངོ་བོ་ཡིན་ཏེ། བག་ཆགས་ཉོན་མོངས་ཅན་གྱི་ཡིད། །སྲོག་རླུང་འདུ་བྱེད་བཅས་ཏེ་ལངས། །རྩ་གནད་བརྒྱུད་དེ་གཟུང་དང་འཛིན། །གཉིས་སྣང་འཁྲུལ་བ་ཤར་བ་ཡིན། །ཞེས་སོ། །དེ་ཡང་། རྩ་གནད་བརྒྱུད་དེ་གཟུང་འཛིན་གྱི་ངོ་བོ་བསྐྱེད་པ་ནི། ཐོག་མར་སྙིང་ཁར་ཀུན་གཞིའི་སྟེང་དུ་ཆོས་དྲུག་པོ་ཐམས་ཅད་སྡུད་དོ། །དེ་ནས་ཡིད་སྲོག་གི་རླུང་དང་ལྷན་ཅིག་ལངས་ནས་ལུས་སྟེང་གི་སྤྱི་བོར་སོང་ནས་ལྷ་ཡུལ་རྣམས་ཀྱི་སྣང་བ་དང་། རི་ལ་འཛེག་པ་སོགས་གཟུགས་ཀྱི་རྣམ་པ་གསལ་བ་བཞིན། སྒྲ་དང་དྲི་རོ་ལ་སོགས་པ་འདྲེས་པར་འཆར་རོ། །གང་གི་ཚེ་ཡིད་སྲོག་གི་རླུང་དང་ལྷན་ཅིག་སྙིང་ཁའི་འོག་གི་ཕྱོགས་གསང་བ་ལ་སོགས་པར་འགྲོ་བས། དམྱལ་བ་ཡི་དྭགས་དུད་འགྲོ་ལ་སོགས་པའི་སྣང་བ་དང་། བྲག་རོང་དང་ནགས་འཐིབ་པོ། མུན་ཁུང་དུ་འགྲོ་བའི་སྣང་བ་འཆར་རོ། །ལུས་བར་གྱི་རྩ་རྣམས་སུ་ཡིད་སྲོག་གི་རླུང་དང་ལྷན་ཅིག་འགྲོ་བས། དེའི་ཚེ་གླིང་བཞི་ལ་སོགས་པ་སྟེང་གི་སྣང་བར་འཆར་རོ། །དེ་ཡང་། མདུན་གྱི་རྩ་གནས་ལ་སོང་བའི་ཚེ་ཤར་ཕྱོགས་དང་། རྒྱབ་ཀྱི་རྩ་ལས་ནུབ། གཡོན་གྱི་རྩ་ལས་བྱང་ཕྱོགས་ཀྱི་སྣང་བ་འཆར་རོ། །རྩ་གནས་ཡངས་དོག་གི་ཁྱད་ཀྱིས་ཡུལ་ཡངས་དོག་གི་སྣང་བ་འཆར་རོ། །དེའི་ཚེ་སྲོག་གཡས་པར་རྒྱུ་བས་འཆི་ལྟས་འབྱུང་བའི་ཚེ་རྨི་ལམ་དུའང་ལྷོ་ཕྱོགས་སུ་ཡང་ཡང་ཕྱིན་པར་རྨིས་པ། ལྷོར་འགྲོ་བ་འཆི་ལྟས་སུ་བཤད་པའི་དོན་ཡང་དེ་ཡིན་ནོ། །

རྨི་ལམ་ཇི་ལྟར་སྣང་བའི་རྐྱེན་ཡང་། སྲོད་ལ་བད་ཀན་ཤས་ཆེ་སྟེ། །ནམ་ཕྱེད་དུས་སུ་མཁྲིས་པར་བརྗོད། །ཐོ་རངས་རླུང་གི་དུས་ཉིད་དོ། །དེ་ཚེ་ཁམས་ཀྱི་རང་བཞིན་གྱིས། །རྨི་ལམ་ཡུལ་དུ་སྣང་བར་འགྱུར། །ཞེས་པ་ལྟར། ཁམས་རྐྱེན་གྱིས་ཡུལ་དེ་ཡང་། བད་ཀན་གྱི་ཁམས་ལས་འབྱུང་བའི་རྨི་ལམ་ནི། ཆུ་དང་། ཁ་བ་དང་། ས་ཕྱོགས་དཀར་བོ་དང་། གོས་དཀར་བོ་དང་། བུད་མེད་དང་། གླང་བོ་དང་། དངུལ་དང་། མུ་ཏིག་སོགས་ནོར་བུ་དཀར་བོ་དང་། རིག་པ་བདེ་བ་དང་བརྟན་པ་སོགས་དུ་མར་སྣང་བའོ། །

མཁྲིས་ཁམས་ཀྱི་རྨི་ལམ་ནི། མེ་སྦར་བ་དང་། གོས་དམར་བོ་དང་། སེར་བོ་དང་། ས་གཞི་དམར་བོ་དང་། གསེར་སོགས་སེར་བོ་སྣང་བ་དང་། དལ་ཞིང་བརྟན་པ། རིག་པ་ཡང་བ། སྐྲག་པ་སོགས་སྣང་ངོ་། །

རླུང་ཁམས་ཀྱི་རྨི་ལམ་ནི། རྫས་ནག་པོ་དང་། ནམ་མཁར་འཕུར་བ། རྟར་ཞོན་པ། རིག་པ་དྭངས་པ། རྨི་ལམ་ལ་འགྱུར་བ་ཆེ་བ་སོགས་སྣང་ངོ་། །

འོ་ན། རྨི་ལམ་གྱི་ཚེ། གང་སྣང་བ་དེ་བཞིན་སྐད་ཆ་སྨྲ་བ་ཅི་ཡིན་སྙམ་ན། སྡོམ་ལས། གཉིད་དུས་སྟོད་སྨད་རླུང་རྣམས་མགྲིན་གསང་དུ། །འདུ་ཞིང་རྨི་ལམ་དང་ནི་སྨྲ་བརྗོད་ཀྱི། །རྒྱུ་བྱེད། ཅེས་གསུངས་པས་རྟོགས་སོ། །

ཡང་། སྐབས་འགར། ཉལ་ལུགས་མ་བདེ་བར་རྩ་འཆུས་པ་ན། ཕྱི་རོལ་ནས་འདྲེས་མནོན་པའི་ཉམས་སྣང་འཆར་བ་དང་། སེམས་འཁྲུགས་པ་དང་ནད་ཀྱིས་གདུངས་པའི་ཚེ་རྨི་ལམ་རྩུབ་པོ་རྨིས་པ་དང་། ལག་པ་སྙིང་ཁར་བཞག་སྟེ་གཉིད་དུ་ཡུར་བ། ལུས་ལྕི་བས་མནོན་པ་སོགས་ཀྱི་རྐྱེན་དང་འཕྲད་དེ། མི་ནག་པོ་དང་རི་རབ་སོགས་ཀྱིས་མནོན་པའི་ཉམས་སྣང་འཆར་ན། རླུང་སེམས་རྩ་སྦུབས་སུ་འཚང་བའམ་གཅུར་བ་ལས་བྱུང་བར། ཟླ་ཟེར་སོགས་གསོ་རིག་ལས་ཀྱང་བཤད་དོ། །

དེ་ལྟར་ཁམས་ཀྱི་རིམ་པས་རྨི་ལམ་ཡང་དཔག་མེད་འབྱུང་བ་སྟེ། ཇི་ལྟར་རྩ་རླུང་ཁམས་ཀྱི་རིམ། །བག་ཆགས་ལ་བརྟེན་སྣང་བ་ནི། །རྒྱལ་བའི་འཇམ་དཔལ་རྩ་རྒྱུད་གསུངས། །ཞེས་པ་ལྟར། འདིར་འཇམ་དཔལ་རྩ་རྒྱུད་དང་རྒྱུད་གཞན་དུ་འབྱུང་བ་རགས་བསྡུས་ཙམ་ཞིག་བཀོད་ན། ནཱ་རོ་བས། ཉིན་པར་སྣང་བ་འཁྲུལ། བར་དོར་ལས་ཀྱིས་འཁྲུལ། མཚན་མོར་བག་ཆགས་ཀྱིས་འཁྲུལ། ཞེས་པ་ལྟར། མཚན་མོར་གཉིད་ཁུགས་དུས། བག་ཆགས་དང་བཅས་པའི་ཤེས་པ་དེ་ཀུན་གཞིའི་སྟེང་དུ་མི་སྡོད་པར་རླུང་གིས་གཡོས་ནས་སྙིང་གི་རྩ་ལས་བུད་དེ་ལུས་རྩ་རྣམས་སུ་ཞུགས་པ་དང་རྨི་ལམ་གྱི་སྣང་བ་འོང་། ལུས་ཀྱི་རྩ་ལ་བཟང་ངན་གཉིས་སུ་ཕྱེས་པས། རྩ་བཟང་རྣམས་སུ་ཞུགས་ན་རྨི་ལམ་བཟང་བོ་དང་། ངན་རྩར་ཞུགས་ན་འདྲེ་གདོན་གྱི་ཆོ་འཕྲུལ་གྱི་རྨི་ལམ་བྱུང་ངོ་། །རྩ་གནས་ཡངས་པར་རླུང་སེམས་ཞུགས་ན་ལུང་བ་ཁ་ཡངས་དང་། རྩ་གནས་དོག་པར་རླུང་སེམས་ཞུགས་ན་དོག་པོར་སླེབས་པའི་རྨི་ལམ་འབྱུང་། རླུང་སེམས་རྒྱུ་གྲངས་མང་བའི་རྩར་ཞུགས་ན་ས་ཆ་རྒྱུས་ཡོད་དང་མི་ངོ་ཤེས་པ་རྨི་བ་དང་། རྒྱུ་གྲངས་ཉུང་བའི་རྩར་ཞུགས་ན་སོང་མ་མྱོང་བའི་ས་དང་ངོ་མི་ཤེས་པ་མི་སོགས་རྨིའོ། །ཡང་། རྩ་རྒྱས་པར་ཞུགས་ན་གནས་ཁང་དང་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་། རྩ་ཞ་བ་དང་འཁུམ་པ་སོགས་སུ་ཞུགས་ན་ཁང་རུལ་དང་སྤྲང་བོ་སོགས་ཉམ་ཐག་པའི་རྨི་ལམ་འབྱུང་། ཡང་། མིག་རྩ་ལ་རླུང་སེམས་ཞུགས་ན་གཟུགས་མང་བོ་མཐོང་བ་དང་། དེ་བཞིན་རྣ་རྩ་ལ་ཞུགས་ན་རོལ་མོའི་སྒྲ་དང་། སྣ་ལ་དྲི་དང་། ལྕེ་ལ་རོའི་བྱེ་བྲག་མྱོང་བ་རྨིའོ། །ཡང་། རླུང་སེམས་དེ་གློ་བ་དང་། ཕོ་བ། མཆིན་རྩར་ཞུགས་ཚེ་མི་མ་ཡིན་གྱིས་གནོད་པ་བྱེད་པ་སོགས་དང་། གསང་གནས་སུ་ཞུགས་ཚེ་འཁྲིག་པ་སྤྱོད་པ་སོགས་དང་། ཀླད་པ་དུང་ཁུང་དུ་ཞུགས་ཚེ་ལྷ་ཁང་དང་ཁྲོ་བོའི་སྐུ་སོགས་མཐོང་ངོ་། །

འོ་ན། རྨི་ལམ་གྱི་ལུས་ཇི་ལྟར་གྲུབ་ཅིང་སླར་ཕུང་བོ་ཇི་ལྟར་ཐིམ་པ་ཡིན་ཞེ་ན། ཨ་ཀྱཱ་ཡོངས་འཛིན་བློ་བཟང་དོན་འགྲུབ་ཀྱིས། གཉིད་ཀྱི་འོད་གསལ་ལས་ལངས་པ་ན་རྨི་ལམ་གྱི་ལུས་གྲུབ་སྟེ། རྨི་ལམ་སྐབས་ཀྱི་བྱ་བྱེད་སྣ་ཚོགས་ཤིག་བྱེད་ཅིང་། གཉིད་སད་པར་རྩོམ་པའི་ཚེ་རྨི་ལམ་གྱི་རླུང་ལུས་དེ། མེ་ལོང་ལ་ཧ་བཏབ་པ་བཞིན་མཐའ་ནས་ཡལ་ཏེ་སྙིང་ཀར་འདུས་ནས་ཕུང་བོ་རྙིང་བའི་སྙིང་ཀའི་དྷི་ཏིའི་ནང་གི་ཤིན་ཏུ་ཕྲ་བའི་རླུང་སེམས་ངོ་བོ་དབྱེར་མེད་ལ་ཐིམ་ནས་གཉིད་སད་དེ། བྱ་བྱེད་སྣ་ཚོགས་ལ་འཇུག ཅེས་གསུངས་སོ། །

མི་ལ་རས་པས་ཀྱང་། རྨི་ལམ་མི་ཟིན་པའི་རྒྱུ་བཞི་དང་རྐྱེན་བཞི་བཤད་དེ། རྒྱུ་བཞི་ནི། དམ་ཚིག་ཉམས་པ། མོས་གུས་ཞན་པ། མངོན་ཞེན་ཆེ་བ། གྲིབ་ཀྱིས་ནོན་པར་བཤད་ལ། དེ་སེལ་ཐབས་སུ། དབང་བསྐུར་བ། བཤགས་པ་བྱེད་པ། དམ་ཚིག་དང་སྡོམ་པ་སྲུང་བས་དམ་ཚིག་ཉམས་པ་བཟློག མོས་གུས་དྲག་པོ་བྱས་པས་གུས་མེད་པ་བཟློག ཡོ་བྱད་ལ་ཆགས་ཞེན་སྤང་བ་དང་། མི་རྟག་པ་སྒོམ་པས་མངོན་ཞེན་ཆེ་བ་བཟློག སྡིག་ཆེན་དང་སྡོམ་མེད་ལ་མ་འགྲོགས་པར་རོ་གོས་དང་མི་གཙང་བར་འཛེམ་སྟེ། གཅིག་པུར་བསྡད་དེ་ཡིག་བརྒྱ་བཟླས་པས་གྲིབ་ཀྱིས་ནོན་པ་བཟློག་པའོ། །ཞེས་དང་།

རྐྱེན་བཞི་ནི། སད་འབྱམས། འཁྲུལ་འབྱམས། བརྗེད་འབྱམས། རྒྱུན་འབྱམས་སོ། །༡ སད་འབྱམས་ནི། འཛིན་འཕྲོ་ལ་གཉིད་དུ་མ་སོང་སྙམ་པ་དང་། གཉིད་སད་ཡིན་སྙམ་ནས་འཛིན་འཕྲོ་བཅད་པ་དང་། རྨི་ལམ་མ་སད་པ་ལོང་མེད་དུ་སད་པའོ། །དེ་ལ་འཛིན་འཕྲོ་མི་གཅོད་པར་ཡང་ནས་ཡང་དུ་འཛིན། གཉིད་ལོང་མེད་པར་སད་པ་ན། གང་གིས་ལན་བརྟགས་ཏེ། སྒྲའི་ལྒིང་བརྗོད་ཀྱིས་སད་ན་མི་མེད་སར་ཉལ། ཟིན་ན་དགའ་ཆེས་པས་སད་ན་སེམས་ཀློད། ལུས་གྲང་བས་སད་ན་གཏུམ་མོ་སྒོམ་པའམ། གོས་མཐུག་ཏུ་བཏང་ངོ་། །

༢ འཁྲུལ་འབྱམས་ནི། རྨི་ལམ་ལ་རྨི་ལམ་དུ་མ་ཤེས་པར་འཁྲུལ་བ་འབིག་པའོ། །དེ་ལ་མོས་གུས་བསྐྱེད་ལ་གསོལ་བ་གདབ། སྣང་བ་ཐམས་ཅད་རྨི་ལམ་དང་སྒྱུ་མ་ཡིན་སྙམ་པའི་དྲན་འདུན་དྲག་པོ་ཡང་བྱ་དགོས་སོ། །

༣ བརྗེད་འབྱམས་ནི། འཛིན་པ་ལ་སོགས་པ་མ་བྱུང་ན་བརྗེད་པའོ། །དེ་ལ་འཛིན་སྦྱང་དང་གསལ་བོ་རྨི་བའི་དྲན་འདུན་དྲག་པོ་བྱའོ། །

༤ རྒྱུན་འབྱམས་ནི། རྨི་ལམ་མ་བྱུང་བའམ། བྱུང་ཡང་ངོས་མ་ཟིན་པའོ། །

༢ རྨི་ལམ་གྱི་བྱེད་ནུས། གདོས་བཅས་ཀྱི་ལུས་རགས་པ་མལ་ལས་བཞག་སྟེ། རྨི་ལམ་གྱི་ངང་ནས་རི་གླིང་རྒྱ་མཚོ་བྱེ་བ་བརྒལ་ཏེ། རྒྱང་རིང་དུ་འགྲོ་ཐུབ་པ་འདི་སྒོམ་སྟོབས་ཀྱིས་བྱུང་བ་ཡིན་ལ། དེ་ཡང་། རྨི་ལམ་ལ་བརྟེན་ནས་སྐྱེ་བ་སྔ་ཕྱི་དྲན་པ་ཡང་རང་ཅག་གི་གཞུང་རྣམས་སུ་ཡོད་པར་མ་ཟད། དེང་སང་རིག་གསར་སྨྲ་བ་དག་གིས་ཀྱང་གཉིད་འབེབས་ཀྱི་རྨི་ལམ་ལ་བརྟེན་ཏེ། སྲིད་པ་ཕྱིར་ལྡོག་གི་རྣམ་བཞག་འདི་ལ། དོ་སྣང་དང་ཞིབ་འཇུག་བྱས་ནས། འབྲས་རྟགས་ཀྱང་མང་དུ་ཐོན་ཡོད་པ། གསར་ཤོག་ཁག་ན་མང་དུ་འཁོད་ཡོད། ཨོ་སི་ཁྲུ་རི་ཡའི་གཉུག་གནས་མི་རིགས་ཀྱི་ལོ་སྟོང་ཕྲག་བཞི་བཅུའི་རིག་རྫས་ཀྱི་ལོ་རྒྱུས་ཡོད་པ་དེ་ལ་ཡོངས་གྲགས་སུ་རྨི་ལམ་གྱི་དུས་ཟེར་ལ། ཁོང་ཚོའི་ཤེས་རིག་གི་རྩ་བའམ་ཉིང་བཅུད་ནི་རྨི་ལམ་ལ་ཐུག་ཡོད་པར་ངོས་འཛིན་བྱེད་ཀྱིན་ཡོད།

དེ་བཞིན་དུ། ཕྭ་གཤིན་པའི་ལུགས་ལ་ཡེ་རྗེ་སྨོན་པའི་རྨི་ལམ་ཟེར་བ་དེ་ཡང་། དོན་དུ་གཟའ་སྐར་འཕྲོད་སྦྱོར་ལེགས་པ་ལ་བརྟེན་ནས་རྨི་ལམ་སྒུག་པ་དང་། གནས་བྱིན་ཅན་ལ་བརྟེན་ནས་རྨི་ལམ་སྒུག་པ། ཕྭའི་ལྷ་ལ་བསྙེན་ཅིང་དེ་དག་གི་ཐུགས་རྗེ་ལ་བརྟེན་ནས་རྨི་ལམ་སྒུག་པ་སོགས་གནང་སྟེ། རྨི་ལམ་གསལ་བོར་འབྱུང་བ་དང་། རྨི་ལམ་ལས་རང་ངོ་ཟིན་པ། རྨི་ལམ་ལ་དབང་བསྒྱུར་བ་སོགས་ཐབས་ཚུལ་སྣ་ཚོགས་བྱུང་བ་ཞིག་སྟེ། དེ་ནི་ཞང་ཞུང་གི་ཆེས་གདོད་མའི་ཤེས་རིག་ཁྱད་པར་ཅན་ཞིག་ཏུ་བརྩི། ཏུན་ཧོང་ཡིག་རྙིང་ལས། རྨི་ལམ་ལ་བརྟག་ཚུལ་ལྔར་གསུངས་ཤིང་། བོད་ལ་རྨི་ལམ་བརྟག་ཚུལ་ནི་རྒྱལ་བོ་ཁྲི་སྲོང་ལྡེ་བཙན་ཀྱི་སྐབས་སུ་དར་བར་བཤད་ལ། ད་དུང་རྨི་ལམ་རྟོག་མཁན་གྱི་ཁྲོད་ཞང་བློན་དང་གོ་ས་མཉམ་པའི་མི་ཡོད་པ་དང་། བརྟག་བྱ་ནི་རྒྱལ་སྲིད་ཀྱི་བདེ་སྡུག་དང་འཐབ་འཁྲུག་ཡོད་མེད་སོགས་བཤད་པ་ནི། ཡ་ཐོག་གི་རྨི་ལྟས་ལ་ནང་ཆོས་ཀྱི་ཤན་ཞུགས་པར་བཤད་ཡོད། རང་ཅག་གི་འཇམ་དཔལ་དཔའ་བོ་གཅིག་གྲུབ་ཀྱི་རྒྱུད་ལས་རྨི་ལམ་སྒྲུབ་ཐབས་དང་། སྤྱན་རས་གཟིགས་ཀྱི་རྨི་ལམ་སྒྲུབ་ཐབས་སོགས་སྣ་ཚོགས་འབྱུང་བ་ཡང་། ཡ་ཐོག་རྨི་ལམ་གྱི་རིག་གནས་དེ་འཐུས་ཇེ་ཚང་དུ་བཏང་གདོན་མི་ཟའོ། །

མ་ཅིག་གི་རྣམ་ཐར་ལས་འཕགས་པའི་ས་མ་འཐོབ་པས་གཞན་སེམས་ཤེས་པའི་མངོན་ཤེས་མེད་པ། ཏིང་འཛིན་ལ་དབང་མ་འབྱོར་བ། ལྷ་འདྲེ་མངོན་སུམ་དུ་འགུགས་པའི་ནུས་པ་མེད་པའི་གཉན་ཁྲོད་འགྲིམས་པའི་གང་ཟག་ལས་དང་བོ་བས། ལྷ་འདྲེ་སྤྱི་དང་སྡེ་བརྒྱད་ཀྱི་མཚན་མ་རྨི་ལམ་གྱིས་བརྟག་པར་ཡང་གསུངས་ཡོད་པ་དང་། རྨི་ལམ་བརྟག་ཚུལ་ཡང་དེར་མང་དུ་གསུངས་ཡོད།

ཁྱད་པར་དུ་རྗེ་བདག་ཉིད་ཆེན་པོས། ལུང་སྟོན་པའང་ཕྱི་མའི་ལུང་སྟོན་པ་འགའ་རེ་བདེན་པར་སྣང་ཡང་ཕལ་མོ་ཆེ་ངེས་པ་མིན་ལ། སྔ་མ་ཡིན་ན་རྨི་ལམ་གྱི་གནད་འགའ་ཞིག་དང་། རླུང་གི་བྱེད་པའི་གནད་འགའ་ཞིག་ལ་བརྟེན་ནས་མི་འཁྲུལ་བའི་ཐབས་འགའ་ཞིག་ཡོད་པར་སྣང་ངོ་། །ཞེས་པ་ལྟར། ཇོ་བོ་རྗེ་ནས་བརྒྱུད་པའི་རྨི་ལམ་ལ་བརྟེན་ཏེ། སྐྱེ་བ་སྔ་མ་དྲན་པའི་སྒྲུབ་ཐབས་ཡོད་ལ། སྒྲུབ་ཐབས་དེ་ལ་བརྟེན་ནས་བར་སྲིད་ཀྱི་སེམས་ཅན་དག་དང་ངོ་འཕྲད་པའང་བྱ་ནུས་ཏེ། གུ་རུ་ཉི་མ་འོད་ཟེར་གྱིས་སྒྲུབ་ཐབས་དེ་ལ་བརྟེན་ནས་རང་གི་ནུ་བོ་རྡོ་རྗེ་རྒྱལ་མཚན་ཞེས་པ། དེའི་བར་སྲིད་དུ་འཕྲད་ཚུལ་ཞིབ་རྒྱས་སུ་ཡོད་པ་དང་། ཆེ་ཚང་སངས་རྒྱས་ཡེ་ཤེས་ཀྱིས་རྨི་ལམ་དུ་དྲན་པའི་སྐྱེས་རབས་བྲིས་འདུག་པར་ཆགས་མེད་རིན་པོ་ཆེས་གསུངས་ཤིང་། དེ་རང་ཉིད་ཀྱིས་ཀྱང་རྨི་ལམ་ན་སྐྱེ་བ་སྔ་མ་དྲན་ཚུལ་དེའི་རྣམ་ཐར་ན་གསལ་ལོ། །

དེ་ལས་གཞན། མཁས་གྲུབ་ཀརྨ་ཆགས་མེད་ཀྱིས། རྨི་ལམ་གྱི་གནས་སྐབས་སུ་གཟུགས་ཕུང་མལ་དུ་བཞག་སྟེ། གླང་ཆེན་འགྱིང་རིར་བྱོན། ལམ་བར་དུ་དར་མདོར་འབྱོར་ཚེ། དེ་གའི་ཤིང་འཐུ་བའི་མི་རྣམས་ཀྱིས་མ་ཎི་པད་དབྱངས་བྱེད་པའང་ཐོས། སླར་ཁྱིམ་དུ་སླེབས་ཚེ་ཨ་ཕྱིས་ཁང་འོག་ན་ཐབ་ཏུ་འོ་མ་བསྐོལ་བ་མཐོང་། གཉིད་སད་དེ་ཁང་འོག་ཏུ་སོང་ནས་བལྟས་པས། དེ་ག་རང་དུ་འདུག་པ་སོགས་རྨི་ལམ་གཙིགས་པ་བགྲང་ལས་འདས་པ་མ་ཟད། སངས་རྒྱས་འོད་སྲུང་གི་དུས་སུ་རྒྱལ་བོ་ཀྲི་ཀྲིའི་རྨི་ལྟས་བཅོ་བརྒྱད་ཀྱང་། སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་འདི་ལ་གཟེར་བཏབ་པ་ལྟ་བུའི་ལུང་བསྟན་དུ་གྱུར་བ་དང་།

དེ་ལས་གཞན། སྒྲུང་དཔེ་དག་ན་རྨི་ལམ་ལ་བརྟེན་ནས་ཕྱིས་འབྱུང་ལུང་དུ་སྟོན་མང་སྟེ། དཔེར་ན་ཧོར་གུར་དཀར་གྱིས། མོ་མ་དུང་མགོ་ལ་ཧོར་གླིང་བར་གྱི་འབྱུང་འགྱུར་མོ་ཞིག་འདེབས་དགོས་པར་སྐུལ་ཚེ། མོ་མ་དུང་མགོས། མོ་མི་དགོས་རྨི་ལམ་ལ་བརྟག་ཟེར་ནས། མདའ་དར་དཀར་ནག་ཁྲ་གསུམ་བཙུགས། ཕྱེ་མར་ཟས་ཕུད་བཤམས་ནས་ཡུད་ཙམ་བདེན་པ་བདར་རྗེས། གཉིད་ཐུན་ཞིག་བརྒྱབ་ནས་ཧར་གྱིས་ལངས་ཚེ། མདའ་དར་ཁྲ་བོ་དང་ནག་པོ་གཉིས་འགྱེལ། དཀར་བོ་དེ་ལངས་ནས་བསྡད་འདུག་པ་ལ། མོ་བ་ན་རེ། གཉིད་མར་ཉལ་རྨི་ལམ་འདི་འདྲ་བྱུང་། །ཤར་ཁྲ་བོ་གླིང་གི་ཡིན་ཟེར་བའི། །མི་འཐེང་ཁྱི་འཐེང་རྟ་འཐེང་གསུམ། །འཐེང་གསུམ་ཧོར་ལ་བྱུང་བ་རྨིས། །ཅོག་ལྷའི་དཔལ་མཁར་གཏོར་བ་རྨིས། །འདོ་བའི་ཁྱུ་སྣེ་བཅད་པ་རྨིས། །ཤན་པའི་ཀླད་ཕོར་བཀོག་པ་རྨིས། །མཆེ་བ་ཁྲག་ལ་བཤན་པ་རྨིས། །ཧོར་སྟོང་ཤོམ་འབུམ་ཐུབ་གཙོ་བྱས་པའི། །མི་བརྒྱ་ཚོ་བཅུ་གཅིག་ཤོར་བ་རྨིས། །ཞེས་འབྱུང་འགྱུར་གསལ་རྗེན་དུ་བཤད་པས། གུར་དཀར་གྱི་ཐུགས་ལ་མ་བབས་པར། མོ་མ་གསོད་དགོས་པའི་བཀའ་ཕབ་ཀྱང་། ཕྱིས་རྐྱེན་ངན་ཐམས་ཅད་གསལ་རྗེན་དུ་ཤར་བ་ལྟ་བུའོ། །དེ་བས། རྨི་ལམ་ལ་བརྟེན་པའི་བྱེད་ནུས་ཐོན་པའི་གཏམ་རྒྱུད་དང་མཛད་འཕྲིན་བསྐྱངས་ཚུལ། ཉི་ཟླ་འོད་ཟེར་གྱི་རྨི་ལམ་ལ་བརྟེན་ནས་བར་སྲིད་འཚོལ་བ་དང་། ཆགས་མེད་རིན་པོ་ཆེའི་ས་སྤྱོད་མཁའ་སྤྱོད་ཀྱི་ལྗོངས་རྒྱུ། མདོ་མཁྱེན་བརྩེའི་དམྱལ་བ་ནས་ཟངས་མདོག་དཔལ་རིར་ཕེབས་པ། མཁན་པོ་འཇིགས་ཕུན་གྱི་རྨི་སྣང་དགའ་ལྡན་ཆུང་ངུ་སོགས་མང་ངོ་། །གཞན་རྨི་ལྟས་བཟང་ངན་སྣ་ཚོགས་ཕྱིས་འབྱུང་མཐོང་ཆོས་སུ་གྱུར་བ། རྣམ་ཐར་དང་ཆོས་འབྱུང་སོགས་ན་བགྲང་ལས་འདས་ཀྱང་། མཐའ་དག་པར་འགོད་པར་མི་ནུས་སོ། །

༣ རྨི་ལམ་ལ་དབང་བསྒྱུར་ཐབས། ཨོ་རྒྱན་ཆེན་པོས། རྨི་ལམ་བཟུང་ནས་སྤྲུལ་སྒྱུར་འོད་གསལ་སྦྱང་། །དུད་འགྲོ་བཞིན་དུ་ཉལ་བར་མ་བྱེད་ཅིག །གཉིད་དང་མངོན་སུམ་འདྲེས་པའི་ཉམས་ལེན་གཅེས། །ཞེས་གདམས་པ་བཞིན། རྨི་ལམ་ལ་རང་ངོ་ཤེས་ཞིང་། དེ་དབང་བསྒྱུར་བ་ལ། རྙིང་གཞུང་རྣམས་སུ་ཉིན་སྣང་སྒྱུ་ལུས་ཀྱི་ཁྲིད་ལ་ནན་ཏན་གྱིས་སྦྱངས་པ་དང་། ཡུལ་ཁྱིམ་དང་ཕན་ཚུན་ལྒིང་བརྗོད་ཐམས་ཅད་རྨི་ལམ་མི་སྙམ་པའི་འདུན་པ་རྒྱུན་དུ་བཏང་། དངོས་གཞིའི་སྐབས། མགོ་བོ་བྱང་དུ་བསྟན་ནས་སེང་གེ་ཉལ་སྟབས་ཀྱིས་རང་ལུས་ཡི་དམ་དུ་གསལ་ང་རྒྱལ་སྒོམ། རྩ་བའི་བླ་མ་སྔས་སུ་བཞུགས་པའི་པང་དུ་མགོ་བོ་བཞག་པར་བསམ། མགྲིན་པའི་དབུས་སུ་ཨོ་རྒྱན་ཆེན་པོ་སྣང་ལ་རང་བཞིན་མེད་པ་གསལ་བཏབ་སྟེ། རྨི་ལམ་ཟིན་པར་གསོལ་བ་གདབ་ནས། དེའི་ངང་ལ་གཉིད་དུ་ཡུར་བས་རྨི་ལམ་ལ་ངོ་ཤེས་པ་འོང་། དེ་ཡང་། དང་བོ་རྨི་ལམ་མང་དུ་འགྲོ། དེ་ནས་གསལ་དུ་འགྲོ། དེ་ནས་ཟིན་པར་འགྱུར་བར་བཤད། གལ་ཏེ་མ་ཟིན་ན། དམིགས་པ་ཁ་བསྒྱུར་ཏེ་བསླབ་ཅིང་། ཉིན་སྣང་རྨི་ལམ་གྱི་འདུན་པ་དྲག་པོ་སྦྱངས་པས་ཟླ་གཅིག་ནས་གསུམ་ཚུན་ཚད་ལ་ཟིན་པར་བཤད་དོ། །

ཡང་། ནུབ་ཕྱོགས་ཀྱི་རིག་པ་སྨྲ་བ་ཁ་ཅིག་ཀྱང་། རྨི་ལམ་ལྒིང་བ་ཞེས་པ་དེའི་ནང་། ཕལ་ཆེར་འདི་དང་གཅིག་མཚུངས་སུ་བཤད་ལ། ཐབས་ཤེས་གཞན་ཞིག་ནི། ནངས་སྔ་བར་སེམས་རྣལ་དུ་ཕབ་ནས་སྐར་མ་ཉི་ཤུ་ཙམ་བསྡད་རྗེས། གཉིད་ཐུང་ཞིག་བརྒྱབ་ན་རྨི་ལམ་དུ་རང་ངོ་ཟིན་པར་སླ་བར་བཤད་པ་དང་། དེ་ལྟར་རྨི་ལམ་ཟིན་ཅིང་བརྟན་ཆ་འཐོབ་ན། རང་ལུས་ལྷ་དང་བྱང་སེམས་སོགས་ཀྱི་གཟུགས་སུ་བསྒྱུར་ཆོག་ལ། བདག་རྨི་ལམ་གྱི་ལུས་ཡིན་པར་ཟིན་ན་ས་ཆུ་མེ་རླུང་གིས་གནོད་པས་བརྫི་མི་ནུས་པ་དང་། འདོད་པའི་དོན་རྣམས་གྲུབ་ནས་རང་གནས་སུ་ལོག་སྟེ། རང་གི་ལུས་ལ་འཇུག་པར་བྱའོ། །དེ་ཡང་། སོ་སྐྱེས་ཕལ་བ་རྣམས་བདག་འཛིན་ལ་ཞེན་པས་ཤིན་ཏུ་དཀའ་ཡང་། གལ་ཏེ་མ་གྲུབ་ན། ནཱ་རོ་ཆོས་དྲུག་གི་ཁྲིད་ཡིག་དང་། ཉམས་ལེན་གསལ་བའི་སྒྲོན་མེ་སོགས་ལས་འབྱུང་བ་ཐུགས་ཉམས་སུ་བསྟར་ནས། གེགས་སེལ་བོགས་འདོན་བྱ་བ་མན་ངག་གོ །ཚུལ་འདི་ལྟ་བུ་ལ་དགོངས་ནས། དུང་དཀར་གྲུབ་མཐའ་ལས་ཀྱང་། གཉིད་ཁུག་ནས་རྨི་ལམ་མ་བཏང་བའི་བར་ཁྱབ་བྱེད་ཀྱི་རླུང་མ་གཏོགས། གཞན་ཚང་མ་འཆི་དུས་སྐབས་དང་འདྲ་བར། སྙིང་ཀར་འདུས་ནས་ཡོད་པས། དེའི་རིང་གཉིད་ཀྱི་འོད་གསལ་སྒོམ་པ་ཡིན། དེ་ནས་རླུང་འགའ་ཞིག་མགྲིན་པར་འདུས་ནས་གཉིད་ཕྲན་བུའི་སྲབ་ཏུ་ཕྱིན་པ་ན། རྨི་ལམ་གཏོང་གི་ཡོད་པས། རྨི་ལམ་ཤར་བ་ན། རང་གི་ལུས་ལས་ལོགས་སུ་རྨི་ལམ་གྱི་ལུས་ཤིག་འཆར་རྒྱུ་ཡོད་པས། རྨི་ལམ་གྱི་ལུས་དེ་ལོངས་སྐུ་རྡོ་རྗེ་འཆང་སྐུ་མདོག་དཀར་བོ་ཞིག་གི་སྐུར་བཞེངས་པའི་མོས་པ་བྱ། དེ་ནས་རྨི་ལམ་གྱི་ལུས་ལོངས་སྐུ་རྡོ་རྗེ་འཆང་དུ་གསལ་བ་དེས། རིགས་དྲུག་གི་གནས་སུ་ཕྱིན་ནས་དེ་རྣམས་སོ་སོའི་སྡུག་བསྔལ་ལས་བསྐྱབས་ནས་བདེ་བ་ལ་བཀོད། སླར་ཡང་ལུས་དེས་དགའ་ལྡན་དང་། མཁའ་སྤྱོད་བདེ་བ་ཅན་ལ་སོགས་པ་སངས་རྒྱས་ཀྱི་ཞིང་ཁམས་རྣམས་སུ་ཕྱིན་ནས་མཆོད་པ་འབུལ། ཆོས་ཉན་པ་བཅས་གཉིད་མ་སད་བར་དུ་བསྒོམ། གཉིད་སད་པ་ན་རྨི་ལམ་གྱི་ལུས་ལོངས་སྐུ་རྡོ་རྗེ་འཆང་དུ་གསལ་བ་དེ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་ཞི་ཁྲོ་རབ་འབྱམས་པ་ཐམས་ཅད། ནམ་མཁའི་ཁམས་གང་བ་སྤྱན་དྲངས་ནས་ལོངས་སྐུ་རྡོ་རྗེ་འཆང་དུ་གསལ་བ་ལ་ཐིམ། དེ་ཉིད་རང་གི་ལུས་པོ་སྤྲུལ་སྐུ་དམ་ཚིག་སེམས་དཔར་གསལ་བའི་ཐུགས་ཀར་བྱོན་ནས་ཡེ་ཤེས་སེམས་དཔའི་ཚུལ་དུ་ཞུགས་པའི་མོས་པ་བྱ། ཞེས་ཀྱང་གསུངས་སོ། །

དེ་ལྟར་རྨི་ལམ་ཟིན་ནས་ཆོས་ཀྱི་མཛད་འཕྲིན་གནང་བ་མང་དུ་འབྱུང་སྟེ། དཔེར་ན། རང་གི་བསྟི་མལ་ལས་མ་གཡོས་པར་སྨིན་གྲོལ་གྱི་གདམས་པ་ཅི་དགར་དབང་བསྒྱུར་བ་ཡོད་དེ། དཔེར་ན། ཀརྨ་རང་བྱུང་རྡོ་རྗེས་རང་གི་བུ་སློབ་གཅིག་ལ་རྨི་ལམ་དུ་དབང་ལུང་གནང་བར་དུས་ཆད་བྱས་ཏེ་དུས་ཐོག་ཏུ་གནང་བ་དང་། དེ་བཞིན་གཤེགས་པས། རྗེ་སྒམ་པོ་བ་ལ་རྨི་ལམ་དུ་དབང་ལུང་ཐོབ་པ་དེས་དབང་ལུང་དངོས་ཀྱི་གོ་ཆོད་དམ་མི་ཆོད་ཞུས་ཚེ། ཁྱེད་རང་གི་ངེས་ཤེས་གྱིས་དང་། དངོས་སུ་ཐོབ་པ་པས་རྨི་ལམ་དུ་ཐོབ་པ་དེ་ལྷག་པ་ཡིན་ཞེས་གསུངས་ལ།

དེ་བས། དེང་སང་ནུབ་ཕྱོགས་ཀྱི་རིག་པ་སྨྲ་བ་རྣམས་ཀྱིས་རྨི་ལམ་ཟིན་པ་དང་དབང་བསྒྱུར་བ་ལ་ཞིབ་འཇུག་གནང་བ་མང་དུ་ཡོད་པ་དང་། ཁྱད་པར་དུ་ཨ་རིའི་གྲོང་ཁྱེར་ཤོས་སི་ཊིན་ན་རྨི་བསྒྱུར་རིག་པ་དཔྱད་སྦྱོང་འཛིན་གྲྭ་བཙུགས་ཡོད་པ་དེའི་ནང་རྨི་བསྒྱུར་གྱི་ནུས་པ་ཅུང་ཐོན་ཡོད་པ་དང་། ད་དུང་བུད་མེད་ཅིག་སྔ་སོར་གདོན་བགེགས་ཀྱིས་དེད་པ་སོགས། འཇིགས་སྐྲག་འཚེར་སྣང་གི་རྨི་ལམ་ཤ་སྟག་རྨིས་པས། ཕྱིས་སུ་རྨི་བསྒྱུར་རིག་པ་བསླབས་རྗེས། མོས་རྨི་ལམ་དུ་རྨི་ལམ་ཡིན་པར་ངོ་ཤེས་ཏེ། ཕྱིས་འཚེར་སྣང་གི་རྨི་ལམ་རྨིས་ཚེ་འཇིགས་སྣང་མེད་པར། གདོན་བགེགས་ལ་གདོང་ལེན་བྱེད་ཕོད་པ་བྱུང་སྟེ། གདུག་པ་དེ་ཚོ་དུ་བའི་ཕུང་བོ་ཞིག་ཏུ་གྱུར་ནས་མི་སྣང་བར་ཡལ་སོང་བས། དེ་ནས་བཟུང་རྨི་ལམ་ངན་པ་དེའི་རིགས་རྨི་འཕྲོ་ཆད་སོང་བའི་ལོ་རྒྱུས་ཡོད་པར་ཡང་བཤད་དོ། །

གཞན་ཡང་། སྤྱོད་བསྡུས་ལས། གཉིད་དུས་རགས་པ་ཉེར་ལྔ་སྣང་མཆེད་བཅས། །རིམ་བཞིན་སྟོང་ཆེན་ཉེར་ཐོབ་ཏུ་འདུས་ཤིང་། །དེ་ཡང་སྙིང་གར་འདུས་པས་གཉིད་མཐུག་རིང་། །གཉིད་ཀྱི་འོད་གསལ་བཞོན་པའི་རླུང་གཡོས་ཏེ། །རྨི་ལམ་ལུས་ཀྱིས་ཡུལ་གཞན་ཕྱིན་ནས་ཀྱང་། །སྔ་མའི་ལུས་དང་འབྲེལ་བ་མ་ཆད་པས། །སླར་ཡང་འཇུག་ཅིང་སད་མི་རྒྱུད་གཅིག་པས། །རྨི་ལམ་བཟང་ངན་འབྲས་བུ་སད་དུས་མྱོང་། །སད་མི་བདེན་རྫུན་ཁྱད་མེད་སྒྱུ་འདྲར་མཚུངས། །ཞེས་པ་ལྟར། སྔགས་ལུགས་ལ་རྨི་ལམ་སྒྱུ་མ་དང་བར་དོ་སྒྱུ་མ་ཟེར་བ་བཞིན། བར་དོའི་ལུས་དང་། སྒྱུ་ལུས་ཀྱི་ལུས། རྨི་ལམ་གྱི་ལུས་གསུམ་ཧ་ཅང་འདྲ་བར་བཤད། དེར་བརྟེན་རྨི་ལམ་སྐབས་རྨི་ལམ་ལ་རྩལ་སྦྱངས། རྨི་ལམ་བཟུང་ནས་རྨི་ལམ་གྱི་ལུས་དེ་སྒྱུ་ལུས་ལ་ལངས་ཐུབ་པའི་སྦྱོང་བརྡར་བྱེད་དགོས་ཀྱི་ཡོད་པ་རེད། རྨི་ལམ་དེ་ཟིན་པར་བྱེད་པ་ལ་ཐབས་གཉིས་ཡོད་པར་བཤད་དེ། མོས་པ་ཡིད་བྱེད་ཀྱིས་ཟིན་ཐུབ་པ་དང་། རླུང་ཐབས་ཀྱིས་ཟིན་པ་སོགས་རྒྱས་པར་དུང་དཀར་གྲུབ་མཐའ་ན་གསལ།

༢ རྨི་ལམ་གྱི་སྟ་གོན་རིམ་པ། ཟླ་བ་ཡར་ངོའི་ཚེས་གཅིག་ལ། ཤ་ཆང་སྒོག་ཙོང་དང་ཕྱི་དྲོའི་ཁ་ཟས་སྤངས་ཏེ། དབེན་པའི་གནས་གཙང་དུ་ཐུབ་པའི་སྐུ་རིང་བསྲེལ་ཅན་མནྜལ་ཚོམ་བུ་དགུ་མའི་སྟེང་དུ་བཞུགས་སུ་གསོལ། མཆོད་པ་ཅི་འབྱོར་བཤམས། ཡན་ལག་བརྒྱད་པ་རྒྱས་པར་སྒོམ་ལ། བར་ཆད་མི་འབྱུང་བའི་གསོལ་བ་བཏབ་སྟེ། འབྱུང་བོ་ལ་གཏོར་བསྔོས་དང་། མདུན་གྱི་ནམ་མཁར་རྒྱལ་བ་སྲས་བཅས་གང་བར་མོས་ལ། བཅོམ་ལྡན་འདས་ཀྱི་ཐུགས་ཀར་སྔགས་ཕྲེང་བཀོད་དེ། དེ་ལ་དམིགས་ནས། ཨོཾ་བུ་དྷ་ཙུ་རུ་མ་ཙུ་རུ་ཀེ་སྭཱ་ཧཱ། ཞེས་བསྙེན་པ་འབུམ་ཕྲག་གཅིག་བྱ། དེ་ནས་ཟླ་བ་ཡར་ངོའི་ཚེས་གཅིག་ནས་བཟུང་སྟེ། སྔ་དྲོའི་ཆ་ལ་ཁྲི་ཚོ་རེ་བཟླས། ཕྱི་དྲོ་ཡང་ཅི་རིགས་བཟླས་ལ། ཉལ་ཁ་བརྒྱ་རྩ་གཅིག་བཟླས་ཏེ། ཆུ་གཙང་ལ་བཏབ་ནས་བཏུང་ངོ་། །ལྷག་མའི་ཁྲུས་བྱས་ལ་སླར་ཡང་མོས་པ་དང་། ཡན་ལག་བདུན་པ། གསོལ་བ་གདབ་པ་དང་། གཏོར་མ་གཏོང་བ་གོང་ལྟར་བྱ་ལ། ཐུབ་དབང་དང་རང་ཉིད་ཀྱི་བར། གཞན་གྱིས་བར་མ་ཆོད་པར་རྨི་ལམ་བཟང་བོར་འདུན་པ་བཏང་ལ། བཅོམ་ལྡན་འདས་ཀྱིས་བདག་ལ་ལེགས་ཉེས་ཅི་བྱུང་བསྟན་དུ་གསོལ། ཞེས་གསོལ་བ་ཤུགས་དྲག་ཏུ་བཏབ་སྟེ། སེང་གེ་འགྱིང་སྟབས་ཀྱིས་གཉིད་ལོག་པར་བྱའོ། །དེ་ལྟར་བྱས་པས་རིགས་དྲུག་གི་སྒྲ་དང་རྟགས་མཚན་རྣམས་ལན་གཅིག་མ་བྱུང་ན། བསྐྱར་གྱིན་བྱའོ། །འདི་ལ་ཐེ་ཚོམ་མེད་པ་ཉམས་སུ་མྱོང་བས་གྲུབ་ལ། ངན་འགྲོའི་རྟགས་རྣམས་ཤར་ན། ལུས་སྲོག་ལ་མི་བལྟ་བར་མི་དགེ་བ་སྤངས། དགེ་བ་བསྒྲུབ་བོ། །དཀར་བོ་ལྷ། ལྗང་ཁུ་མི། སེར་བོ་ལྷ་མིན། སྔོན་པོ་དུད་འགྲོ། དམར་བོ་ཡི་དྭགས། ནག་པོ་དམྱལ་བ་སོགས་མཐོང་ཐོས་རེག་པའི་གཟུགས་ཀྱིས་མཚོན་ཏེ་ཤེས་པར་བྱའོ། །

གཞན་ཡང་། དབང་གི་སྟ་གོན་གྱིས་སྤྲོ་བ་བསྐྱེད་ཅིང་རྨི་ལམ་བརྟག་པར་གདམས་པའི་སྐབས་སུ། སྤྱི་རྒྱུད་ལས། ཀུ་ཤ་བཏིང་བའི་ས་གཞི་ལ། །ཤར་ཕྱོགས་སྔས་བསྟན་ཉལ་དུ་གཞུག །ཅེས་དང་། ས་ར་ཧས། ཀུ་ཤའི་སྟན་ལ་ཁྱོད་ཉོལ་ལ། །ནངས་པར་བཞིན་བཟང་རྣམས་ལོངས་ཤིག །སང་ནི་ནངས་པར་ཁྱེད་རྣམས་ཀྱིས། །དཔལ་ལྡན་སངས་རྒྱས་ཐོད་པ་ཡི། །དཀྱིལ་འཁོར་ཆེན་པོ་མཐོང་ཞེས་བརྗོད། །ཅེས་ཀྱང་གསུངས་སོ། །

བོན་གཞུང་ནའང་ཡེ་རྗེ་སྨོན་པའི་རྨི་ལམ་ཞེས་པ་ཡོད་ལ། དེ་ནི་ཁྱད་པར་ཅན་གྱི་གནས་ལ་བརྟེན་ནས། ལྷ་བསྙེན་བསྒྲུབས་ཤིང་གཟའ་སྐར་འཕྲོད་སྦྱོར་ལེགས་པའི་དུས་བཟང་ལ་སྒུག་སྟེ་ཇུས་ཀྱི་ལེགས་ཉེས་སོགས་གཏན་ལ་འབེབས་པ་ཞིག་ཡིན་པར་བཤད་དོ། །

༣ རྨི་ལམ་གཙིགས་པའི་དུས། རྨི་ལམ་ལ་བརྟག་པའི་དུས་ཀྱི་ཁྱད་པར་ནི། ནད་ཀྱིས་གདུང་བ་དང་། འདུ་བ་འཁྲུགས་པའི་སྐབས་སུ་བརྟག་བྱ་མ་ཡིན་པ་ལས་གཞན། སྔགས་རིམ་ཆེན་མོར། རྨི་ལམ་ཡང་མཚན་ལ་ཆ་བཞི་ཕྱེས་པའི་དང་བོ་གསུམ་ལ་ངེས་པ་མེད་པས་ཆ་བཞི་བ་ལ་བྱ་སྟེ་གསུངས་པ་ལྟར། འཇམ་དཔལ་རྩ་རྒྱུད་ལས། དང་བོ་ཐུན་གྱི་རྨི་ལམ་གང་། །བད་ཀན་ལས་བྱུང་ཤེས་པར་བྱ། །གཉིས་པར་གང་བྱུང་མཁྲིས་པ་སྟེ། །འཇིག་རྟེན་ལ་ཡོད་སྨད་པ་ཡིན། །གསུམ་པར་རླུང་བྱུང་ཤེས་པར་བྱ། །བཞི་བ་བདེན་པར་འབྱུང་བ་ཡིན། །ཞེས་དང་། མ་ཅིག་ཟབ་མོའི་གཅོད་ཀྱི་དམིགས་འབུམ་ལས། མཚན་མོ་ཆ་གསུམ་དུ་ཕྱེས་པའི་ཐ་མ་ལ་གཙིགས་པར་བཤད་དེ། ནམ་གྱི་མཚན་མོ་ཐུན་གྱི་སུམ་ཆ་བགོས། །སྲོད་ཀྱི་སུམ་ཆ་སྔ་མའི་བག་ཆགས་ཡིན། །གུང་གི་སུམ་ཆ་བདུད་སྲིན་ཆོ་འཕྲུལ་ཡིན། །ཐོ་རངས་སུམ་ཆ་ཕྱིས་འབྱུང་གསལ་བྱེད་ཡིན། །དེ་ཡང་སྲོད་ལ་འབྱུང་རྣམས་ཕལ་ཆེར་ནི། །སྔར་བྱས་ལས་དང་ཞེན་པ་གནས་དང་གྲོགས། །ཟས་དང་ལྒིང་བརྗོད་ཉེ་དུ་མདུན་གྲོགས་སོགས། །ཉིན་མོ་གསུམ་ཚུན་དེ་ཡི་བག་ཆགས་འབྱུང་། །ཁྱད་པར་སེམས་ལ་ཆགས་པའི་བྱ་བ་ཡིན། །བག་ཆགས་བྱུང་བས་དེ་ཉིད་ཡང་ཡང་རྨིས། །ལ་ལ་ཚེ་རབས་སྔོན་མའི་བྱེད་པ་ཡིན། །དེ་ལ་ངེས་བཟུང་མི་འགྲུབ་སྣ་ཚོགས་འབྱུང་། །ནམ་གྱི་གུང་ཐུན་གསུམ་ཆའི་དུས་ཚོད་ལ། །འདྲེ་དང་སྲིན་པོ་ལྷ་མིན་བདུད་ལ་སོགས། །རྒྱུ་བའི་ཕྱིར་ན་བཟང་ངན་ཅི་བྱུང་ཡང་། །དེ་རྣམས་རྩེ་གཅིག་འཁྲུག་པའི་ཆོ་འཕྲུལ་ཡིན། །དེ་ལ་ངེས་བཟུང་མེད་པར་མཁས་པས་བཤད། །ཐོ་རངས་ཁ་ཡི་ནམ་གྱི་གསུམ་ཆ་ལ། །བཟང་ངན་འབྲས་བུ་འབྱུང་ཕྱིར་བརྟག་པ་གཅེས། །ཞེས་སོ། །

༤ རྨི་ལམ་གྱིས་འབྱུང་འགྱུར་དོན་ཐོག་ཏུ་ཁེལ་ཚུལ། རྨི་ལམ་ལ་བརྟེན་ཏེ་འབྱུང་འགྱུར་གནད་དུ་ཁེལ་བ་བགྲང་གིས་མི་ལང་བ་ཡོད། དཔེར་ན། བསྟན་པ་དར་རྒུད། འཇིག་རྟེན་གྱི་ཆགས་འཇིག སེམས་ཅན་གྱི་བདེ་སྡུག སྐྱེས་བུ་དམ་པའི་འཁྲུངས་འདས། དེའི་མཛད་འཕྲིན་སྐྱོང་ཚུལ་སོགས་སྔ་མའི་རྨི་ལམ་ལ་དཔར་བཏབ་པ་བཞིན་བྱུང་བའམ། ཡང་ན། དཔྱད་འབྲས་ལྟར་དོན་སྨིན་བྱུང་བ་རང་རེའི་དཔེ་དེབ་ཁག་ན་མང་དུ་བཀོད་ཡོད།

འདིར་རྨི་ལྟས་དོན་ཁེལ་བྱུང་བ་རེ་ཟུང་བརྗོད་ན། ༡༧༧༩ ལོར་དབྱིན་ཇིའི་ཐན་མཱ་སུ་ལེ་ཐུ་ཏུང་ཟེར་བའི་སྐུ་ངོ་ཞིག་གི་རྨི་ལམ་དུ་ཏག་ཏག་ཉིན་གསུམ་གྱི་རྗེས་སུ་ཁོ་རང་འཆི་བ་རྨིས་པས། སེམས་མ་བདེ་བར་ཀུན་ལ་གསལ་བསྒྲགས་བྱས། ཐམས་ཅད་ཀྱི་རྨི་ལམ་ཙམ་ལ་སྙིང་བོ་མེད་ཅེས་སེམས་གསོ་གནང་། ཉིན་ཐ་མའི་དགུང་མོར་ཁྱིམ་དུ་གསོལ་སྟོན་བཤམས་ཏེ་སྐུ་མགྲོན་དང་ལྷན་དུ་རྨི་ལྟས་ངན་པ་བརྗེད་ཐབས་བྱས། ནམ་གུང་སླེབས་ལ་ཉེ་ཚེ་ཁང་བའི་ནང་དུ་འཆི་བདག་ལ་སྒུག་ཀྱང་། ནམ་གུང་ཡོལ་བ་དང་ཁོ་དགའ་སྟེ། ང་འཆི་བདག་ལས་རྒྱལ་ལོ་ཞེས་སྐད་བརྒྱབ་པས་གན་རྐྱལ་དུ་འགྱེལ་ཏེ་ཤི དུས་ཚོད་ཅུང་ཟད་ཡོལ་བ་དེ་ཡང་། དོན་དུ་བདག་པོའི་སེམས་ཁ་བདེ་སླད་གཉེར་བས་དུས་ཚོད་ཕྱེད་ཀ་སྔོན་ལ་བསྣུར་བ་རེད།

༡༨༨༣ལོའི་ཟླ ༨ པའི་ཚེས ༢༨ ཉིན་པོ་སི་ཏུང་གྲོང་ཁྱེར་གྱི་ཚགས་པར་རྩོམ་སྒྲིག་པ་སཱ་མུ་སིན་གྱི་རྨི་ལམ་དུ། ལྷོ་ཕྱོགས་རྒྱ་མཚོའི་གླིང་ཕྲན་ཙོ་ཝཱའི་འདབས་ནས་མེ་རི་གས་འབར་གྱིས་གནོད་སྐྱོན་ཇི་ལྟར་བྱུང་བ་ཡི་གེ་བཀོད་དེ་ཅོག་ཙེའི་སྟེང་བཞག་ནས་ཡུལ་དུ་ལོག ཤུལ་དུ་སྤྱིའི་རྩོམ་སྒྲིག་པས་བྱུང་བ་དེ་དོན་དངོས་སུ་དགོངས་ནས་མྱུར་སྟབས་ཀྱིས་ཚགས་པར་དུ་བཀོད་ནས་བཀྲམས། ཕྱིས་སུ་རྨི་ལམ་དུ་ཤེས་ནས་དཀྲོགས་གཏམ་དུ་འགྱུར་དོགས་ནས། མགོ་བ་རྣམས་ཀྱིས་མྱུར་སྟབས་ཀྱིས་འཚོགས་འདུ་བསྡུས་ནས། དེ་སེལ་ཐབས་ཀྱི་གྲོས་བསྡུར་བྱེད་པའི་བསྒང་ལ། གློ་བུར་དུ་ཚག་སྒྲ་ཆེན་པོ་ཞིག་དང་ལྷན་དུ་མེ་རི་གས་འབར་བྱུང་སྟེ། རྨི་ལམ་ཇི་བཞིན་སྡེ་བ་བརྒྱ་དང་རེ་གསུམ་བསྣུབས་ལ། མི་བཞི་ཁྲི་ལྷག་ཤི་བ་དང་། མཚོ་རླབས་དགུང་དུ་འཕྱུར་ཞིང་མི་རྣམས་ལ་གྲུ་ཉེས་མང་དུ་ཐེབས་སོ། །

དབྱིན་ཇིའི་སངས་ཉེ་ཟེར་བའི་བུད་མེད་ཅིག་གི་རྨི་ལམ་དུ། རྒན་མོ་ཞིག་མོའི་དྲུང་དུ་འོང་ནས་ཁྱེད་ཚང་གི་སྡོང་འོག་ན་འཇིགས་སུ་རུང་བ་ཞིག་གབ་ཡོད་ཟེར། གཉིད་སད་དེ་སྡོང་རྩ་སློག་པས། མི་མགོ་ཞིག་རྙེད་པས་དོན་དེ་སྲིད་གཞུང་ལ་ཡར་ཞུ་བྱས། དེ་ནི་ལོ་དུ་མའི་སྔོན་གྱི་མི་གསོད་གྱོད་དོན་ཞིག་ཡིན་ལ། ཤི་བོ་དེ་ནི་མིང་ལ་པོར་དན་སང་ཟེར་བའི་ཕྱུག་པོ་ཞིག་ཡིན་པར་ཐག་བཅད་ནའང་། ལག་དམར་ངོས་མ་ཟིན་པར་ཅི་བྱ་གཏོལ་མེད་དུ་གྱུར། ཡང་། ནུབ་ཅིག་བུ་མོའི་རྨི་ལམ་དུ་པོར་དན་སང་གསོད་མཁན་གྱི་ལག་དམར་ཁཱ་ཁི་རེད་ཟེར་བ་རྨིས་པས། སྲིད་གཞུང་གིས་བུ་མོའི་རྨི་ལམ་ལྟར་ཉེས་ཅན་འཛིན་བཟུང་བྱས་ནས་འདྲི་གཅོད་གནང་མཐར། ངས་པོར་དན་སང་ལ་སྒོར་མོ་བསྐྱིས་ནས་སྐྱིན་པ་སྟེར་མ་ཐུབ་པས། ཁོས་ཡང་ཡང་དེད་པས་ཐབས་རྡུགས་ཏེ་བསད་པ་ཁས་བླངས།

བྷོ་ལན་གྱི་ཇེ་ནཱ་ཁའི་བུད་མེད་མཱ་ནཱ་བྱ་བའི་ཁྱོ་ཀ འཛམ་གླིང་དམག་འཁྲུག་དང་བོའི་སྐབས་གཡུལ་དུ་ཞུགས་ནས་ལོ་འགར་ཁྱིམ་དུ་ལོག་རྒྱུ་མ་བྱུང་། བུད་མེད་དེའི་རྨི་ལམ་དུ་བཙན་རྫོང་ཞིག་རོ་ཞིག་གི་མདུན་དུ་འབྱོར་སྐབས། དེའི་ནང་ཁྱོ་ཀའི་སྐད་གློ་བུར་དུ་གྲག་བྱུང་བས། རྩིག་རོ་ཇི་ལྟར་བསལ་ཡང་ཁྱོ་ཀ་མ་རྙེད་པས་ཡི་ཆད་དེ། ཕྱིར་མི་ལོག་ཀ་མེད་བྱུང་བ་ཡང་ཡང་རྨིས། ཚུལ་དེ་ཨ་མ་དང་ཡུལ་མི་ཀུན་ལ་བཤད་ཀྱང་། རྨི་ལམ་ལ་བརྟག་བྱ་ཅི་ཡོད་ཅེས་དོ་སྣང་མ་བྱས། ཁོ་མོའི་དཀའ་སྡུག་ལ་མ་འཛེམ་པར ༡༩༢༠ ལོའི་ཟླ ༩ བའི་ཉིན་ཞིག་ཙི་ལོ་ཐའི་སྡེ་བར་སླེབས་སྐབས། དེའུ་འབུར་ཞིག་ན། རྨི་ལམ་གྱི་བཙན་རྫོང་ཇི་ལྟ་བ་བཞིན་ཡོད་པ་རྒྱང་མ་ནས་མཐོང་བས། བྲེལ་སྟབས་ཀྱིས་རྒྱུགས་ཏེ་མི་རྣམས་ལ་རྒྱུ་མཚན་བཤད་དེ་རམ་འདེགས་སུ་བཅོལ་བས། ཀུན་གྱི་སྙིང་རྗེ་ངང་དང་ལེན་བྱས་ཏེ་རྩིག་རོ་སེལ་ཞོར་དུ། ཁ་ནས་མི་སྲིད་མི་སྲིད་བཤད་དེ། ཉིན་གཅིག་སློག་ཀྱང་ཅི་ཡང་མ་རྙེད། ཉིན་གཉིས་པར་རྩིག་རོ་ཕྱུང་སྐབས་ཁྱོ་ཀའི་སྐད་ཐོས་པས། ས་དོང་ཆེན་པོ་དེ་ལས་ཕྱིར་བཏོན་ཏེ་སྐད་ཆ་དྲིས་ཚེ། དམག་འཁྲུག་གི་སྐབས་ཕས་རྒོལ་གྱིས་བཙན་རྫོང་གཏོར་ནས་དོང་འོག་ཏུ་ཤོར་བས། ལོ་གཉིས་རིང་ཟས་ལྷག་ལ་ལོངས་སྤྱད་དེ་ད་ལྟ་ཟས་ཚར་ཡོད་པའི་ལོ་རྒྱུས་རྣམས་བཤད་དོ། །གོང་གསལ་འདི་འདྲ་གསར་ཤོག་ཁག་ན་མང་དུ་ཡོད་ཀྱང་ཡིག་ཚོགས་ལ་འཛེམ་ནས་མ་བཀོད་དོ། །

༥ རྨི་ལམ་བརྟག་ཚུལ་དངོས། རྨི་ལམ་བརྟག་ཚུལ་དངོས་ནི། མ་ཅིག་ཟབ་མོ་གཅོད་ཀྱི་དམིགས་འབུམ་ལས་གསུངས་པ་འདིར་བཀོད་ན། རི་བོ་མཐོན་པོའི་རྩེ་ལ་འཛེག་པ་རྨི། །དེ་ནི་རང་ཉིད་ཆེན་པོའི་ས་ཐོབ་འགྱུར། །ཉི་མ་སྤྲིན་མེད་ཤར་ན་བདེ་སྐྱིད་འབྱུང་། །ལོ་ཏོག་འབྲུ་དང་རྩི་བཅུད་རྒྱས་པ་དང་། །ཟས་གོས་རྙེད་དང་གཏེར་ལ་ལོངས་སྤྱོད་པ། །འདི་དག་རྨིས་ཚེ་ངེས་པར་འབྲུ་ནོར་འབྱུང་། །གོས་བཟང་གྱོན་རྨི་གཞན་གྱིས་བསྔགས་ཤིང་བཀུར། །གོ་ཆ་གྱོན་རྨི་ནད་དང་གདོན་མི་ཚུགས། །ཞྭ་བཟང་གྱོན་རྨི་བླ་མ་དཔོན་ལ་བཟང་། །ཁང་བཟང་འདུག་ན་བཀྲ་ཤིས་དགེ་མཚན་འབྱུང་། །ལག་ན་མཚོན་འཁྱེར་ཕ་རོལ་དགྲས་མི་གནོད། །རྒྱན་གྱིས་བརྒྱན་ན་སྙན་གྲགས་ངོ་སོ་ཡོད། །ཆུ་བོར་བརྒལ་ན་ཕ་རོལ་བདེ་བར་སླེབས། །དེ་ནི་མཆོག་ཏུ་བཟང་བའི་ཅི་བསམ་འགྲུབ། །རོལ་མོ་རྔ་ཆེན་དུང་སོགས་བུད་ཅིང་བརྡུང་། །དེ་ཚེ་ངེས་པར་ས་སྟེང་སྙན་གྲགས་འགྱུར། །སེང་གེ་སྟག་དང་གྱི་ལིང་འབྲུག་ལ་སོགས། །ཞོན་ནས་གྱེན་རྒྱུགས་མཐོན་པོའི་ས་ཐོབ་འགྱུར། །ནོར་རྙེད་པ་དང་གཞན་གྱིས་བཀུར་བ་སོགས། །ཁྲི་ལ་འདུག་ན་དཔལ་འབྱོར་སྲིད་འཕེལ་ལོ། །རོ་ཞིམ་ཆུ་འཐུང་ཚེ་རིང་ཤིས་པར་འགྱུར། །མདོར་ན་སྡུག་པའི་གཟུགས་དང་རོ་ལྡན་ཟས། །སྙན་པའི་གཏམ་དང་མཐུན་གྲོགས་འཕྲད་པ་དང་། །ལེགས་པའི་བྱ་བ་ཇི་ལྟར་རྨི་འགྱུར་ཞིང་། །སད་ཚེ་སེམས་བདེ་དགའ་བས་ཡིད་གཡོ་ན། །དེ་ཚེ་ངེས་པར་དགའ་བའི་འབྲས་བུ་འབྱིན། །བཀྲ་ཤིས་ཚེ་རིང་ནད་མེད་ནོར་འཕེལ་འགྱུར། །ཆོས་པ་འགའ་ཞིག་རྣལ་འབྱོར་བརྩོན་པའི་ཚེ། །ཡང་ཡང་གཡང་དུ་ལྷུང་བ་མཐོང་བ་དང་། །མཐོ་དམན་གྱེན་བཀན་ཅན་དུ་འགྲོ་བ་དང་། །ལམ་འཕྲང་ཤིན་ཏུ་དོག་པར་ཞུགས་པ་དང་། །མྱ་ངན་ཡིད་མུག་འཇིགས་པའི་ཕྱོགས་འགྲོ་རྨི། །དེ་ནི་རང་ཉིད་མཐོ་རིས་ཐར་བ་ལ། །འགྲོ་བའི་ལས་ཀྱི་སྒྲིབ་པའི་རྒྱུ་མཐུན་ཡིན། །བཅོམ་ལྡན་འདས་ཀྱི་མདོ་ལས་དེ་སྐད་གསུངས། །བུ་ཡུག་འཚུབ་དང་འདམ་རྫབ་བརྒལ་ཞིང་བྱིང་། །མི་གཙང་སར་རྒྱུགས་དྲི་ཅན་གོས་གྱོན་སོགས། །མི་གཙང་འགོས་དང་མི་གཙང་འབག་པ་དང་། །གྲིབ་དང་མི་གཙང་རྙེད་པ་འབྱུང་བ་ཡིན། །གསེར་གྱི་བྱེ་མ་མང་དུ་ལོངས་སྤྱོད་དང་། །རྟ་བོང་སྒ་མེད་ཞོན་དང་གཅེར་བུ་སོགས། །སྔར་བསམ་ལས་ལ་གཤོལ་བའི་ཕྱི་ཐལ་ཡིན། །གོས་གོན་གོང་བ་མེད་པ་ངུ་བ་དང་། །ཞྭ་མེད་མེ་ལོང་བལྟ་དང་གུང་སེང་འགྲོ། །དེ་ནི་མྱ་ངན་འབྱུང་བའི་རྨི་ལམ་ཡིན། །གོས་ཧྲུལ་གྱོན་དང་མི་གཙང་ཟ་དང་འཐུང་། །ལུས་ལ་སྲོག་ཆགས་འབྱར་དང་སྤྱང་ཀི་སོགས། །སྲོག་ཆགས་ཀྱིས་བཟུང་བྲོ་ནད་འབྱུང་བར་བཤད། །ནས་ཡོད་སྲན་མ་སྣོད་སྟོང་མང་བོའི་ཚོགས། །མདའ་དང་གཞུ་ཡི་དུམ་བུ་རྨི་བ་སོགས། །མྱུར་དུ་མི་ཁ་འབྱུང་བའི་རྨི་ལམ་ཡིན། །ལུས་ལ་མདའ་མཚོན་ཟུག་དང་དམག་གིས་དེད། །ཤྭ་འོད་མེ་འཐོར་ཐོག་སེར་འབབ་པ་དང་། །དོང་དུ་འགྲོ་སོགས་གཞན་གྱི་ཕུར་ཁ་གནོད། །ལུས་བཅིངས་པ་དང་ས་འོག་འགྲོ་བ་དང་། །བཙོན་དུ་བཟུང་ཞིང་མགོ་ལུས་ཆོད་པ་རྣམས། །རྦད་འདྲེ་གནོད་དང་མནན་གཏད་བྱུང་བ་ཡིན། །གཅེར་བུར་བོང་ཞོན་ལྷོ་ཕྱོགས་འགྲོ་བ་དང་། །མེ་ཏོག་དམར་བོ་ཤ་སྟག་རྨི་བ་སོགས། །ཚེ་ཡི་བར་ཆད་འབྱུང་བའི་སྔ་ལྟས་ཡིན། །གཞན་ཡང་མི་ཧྲེང་དཀར་དང་བྱ་དཀར་ལྡིང་། །གངས་རི་ལ་སོགས་ལྷ་ཡི་ཆོ་འཕྲུལ་ཡིན། །ལྷ་ཁང་རྙིང་བ་ལྡེར་ཚོ་ཞིག་པ་དང་། །ཝ་དང་བུ་ཆུང་ལ་སོགས་འགོང་བོ་ཡིན། །སྦྲུལ་དང་སྦལ་བ་ས་བདག་སྣ་ཚོགས་དང་། །བུ་མོ་སྔོ་སངས་ནེའུ་གསིང་ལ་སོགས་པ། །རྨིས་ཚེ་དེ་ནི་ཀླུ་ཡི་ཆོ་འཕྲུལ་ཡིན། །བྲག་དང་རྩི་ཤིང་རྟ་བ་དམག་མི་སོགས། །རྨིས་ཚེ་དེ་ནི་བཙན་གྱི་ཆོ་འཕྲུལ་ཡིན། །བྱིས་པ་ཐལ་མདོག་རྨད་དུ་བྱུང་བ་དང་། །བྲག་རོང་ལ་སོགས་ཐེའུ་རང་ཆོ་འཕྲུལ་ཡིན། །བནྟེ་བོང་བུ་སྤྲེའུ་བྱི་ལ་རྟ། །ཁྱི་སོགས་རྨིས་ཚེ་རྒྱལ་བོའི་ཆོ་འཕྲུལ་ཡིན། །དེ་རྣམས་ཟས་སྟེར་མཐུན་པར་སྨྲ་བ་དང་། །རྒོད་ཅིང་བལྟ་བ་དགའ་བའི་མཚན་མར་འགྱུར། །འཇིགས་པའི་གཟུགས་སྟོན་སྡིག་ཅིང་ཁྲོ་བ་སོགས། །མི་དགེའི་མཚན་ལྟས་ཡིན་ཞེས་མཁས་པས་གསུངས། །བག་ཆགས་མེད་ཅིང་ཤིན་ཏུ་ཡ་མཚན་པའི། །རྨི་ལམ་བྱུང་ཚེ་སད་དུས་སེམས་དགའ་བ། །དེ་ནི་ངེས་པར་དགེ་འབྲས་བཟང་བོ་འབྱིན། །སད་ཚེ་མི་དགའ་མི་དགེ་འབྱུང་བར་འགྱུར། །འཇིགས་ཤིང་སྐྱི་གཡའ་བདུད་ཀྱི་ཆོ་འཕྲུལ་ཡིན། །ཡང་བསྐྱར་དུ་ཡང་མཚར་ཅན་རྨི་བའི་ཚེ། །དེ་ནི་སྔགས་ཀྱི་མཐུ་འམ་སྡེ་བརྒྱད་ཀྱི། །ཆོ་འཕྲུལ་གཉིས་སུ་ངེས་ཕྱིར་ལེགས་པར་བརྟག །དེ་ཡིས་མཚོན་ནས་ཤེས་རབ་ལྡན་པས་འབྱེད། །སྒོམ་སྒྲུབ་བྱེད་ཚེ་ལྒིགས་བམ་རྙེད་པ་རྨིས། །མཁའ་ལ་འགྲོ་དང་ལྗོན་ཤིང་འཛེག་པ་དང་། །ཚིགས་བཅད་འཆད་རྩོད་འདྲི་བའམ་སྤོབས་པ་འཐོབ། །ཡིད་དུ་འོང་ཞིང་བག་ཕེབས་སྐྱེད་མོས་ཚལ། །མེ་ཏོག་འབྲས་བུ་ལྗོན་ཤིང་ལོ་འདབ་རྒྱས། །རོལ་མོ་འབུད་དཀྲོལ་སྒྲ་སྐད་ཐོན་པ་དང་། །རལ་གྲི་རིན་ཆེན་ལ་སོགས་ལག་ན་ཐོགས། །མཛེས་པའི་གོས་གྱོན་དགའ་བའི་རྒྱན་གྱིས་བརྒྱན། །རང་གི་དགེ་སྦྱོར་གནད་དུ་འགྲོ་བའི་རྟགས། །སྔོན་དུ་མ་མཐོང་ཡུལ་ལྗོངས་ཁང་བཟང་སོགས། །བལྟ་ཞིང་ཡིད་འོང་བུ་དང་བུ་མོ་ཡིས། །འཛུམ་སྟོན་མེ་ཏོག་འབྲས་བུ་བཟའ་བཏུང་བྱིན། །རྟོགས་པའི་ཡོན་ཏན་ཆེ་ཕྲ་འབྱུང་བའི་ལྟས། །གྲུ་བོ་བཅོས་དང་ཟམ་པ་འཛུགས་པ་དང་། །བུམ་པ་གང་རྙེད་དོར་བ་རྙེད་པ་དང་། །ཟླ་ཉི་ཤར་དང་མུན་པ་སངས་པ་རྨིས། །ཕན་ཐོགས་གྲོགས་སམ་ཡང་ན་གདུལ་བྱར་བཟང་། །སྤྲིན་ལས་ཆར་འབེབས་ཆབ་ནང་སྡོད་པ་དང་། །ཆུ་ཆེན་གློ་བུར་འབབ་རྣམས་རྙེད་པ་འབྱུང་། །འཆི་ལྟས་རྨི་ལམ་ངན་པ་འགའ་ཞིག་ཏུ། །བུད་མེད་ནག་མོ་རྒྱུ་ལྟོ་དྲལ་བ་རྨིས། །རྒྱ་སྐྱེགས་ཐལ་བ་མཆོད་རྟེན་རི་འཛེག་རྨི། །རྔ་མོང་ཁ་ལྷོར་བོང་བུ་ཁ་ཤར་དང་། །སྤྲེའུ་ཁ་བྱང་བལྟས་ནས་ཞོན་ནས་འགྲོ། །གོས་དམར་གྱོན་དང་མེ་ཏོག་དམར་བོ་འཐུས། །ཐང་ལ་འགྲོ་དང་ཐོད་བཅིངས་རྨིས་པ་འཆི། །གཤིན་དང་མཉམ་པོར་ཆང་འཐུང་གར་བྱེད་པ། །དེ་དག་འཆི་ལྟས་རྨི་ལམ་བརྟག་པའོ། །

ཡང་དཔུང་བཟང་གི་རྒྱུད་ལས། མཚན་མོ་ཉལ་ནས་རྨི་ལམ་འདི་དག་མཐོང་། །ཁང་བཟང་ལྗོན་ཤིང་རྒྱལ་མཚན་སེང་གེ་རྟ། །རི་བོ་ཤིང་རྟ་གྲགས་ལྡན་སྤྲིན་དང་ཀླུ། །སྟག་དང་བསེ་དང་གླང་ཆེན་ཁྱུ་མཆོག་ལ། །རྨི་ལམ་ལ་ནི་དགའ་བས་ཞོན་པ་དང་། །མེ་ཏོག་ཕྲེང་བ་དྲི་དང་གོས་རྣམས་དང་། །ཤ་ཆང་ཉ་དང་འབྲས་བུ་ལྒིགས་བམ་དང་། །ལྷ་ཡི་གཟུགས་དང་ཨུཏྤལ་དམར་བོ་དང་། །ཤིང་རྟ་གང་བ་འམ་བ་བཞོན་བེའུ་ཕྲུག་ཅན། །གདུགས་དཀར་བསིལ་ཡབ་ལྷམ་དང་རལ་གྲི་དང་། །རྔ་ཡབ་གསེར་ཡུ་ཅན་དང་ཕྲེང་བ་དང་། །ནོར་བུ་མུ་ཏིག་ཉ་ཕྱི་དུང་དང་དངུལ། །བུད་མེད་གཟུགས་བཟང་བ་དང་བུ་མོ་དང་། །རིན་ཆེན་སྣ་ཚོགས་རྣམས་ཀྱིས་སྤྲས་པའི་རྒྱན། །མལ་སྟན་དཀར་བོ་བཏང་ན་རྙེད་པ་དང་། །ཐོ་རངས་ཁ་ནི་ཆུ་བོ་ཆུ་ཀླུང་དང་། །འབབ་ཆུ་རྒྱ་མཚོའི་ངང་བ་རྫིང་བུ་དང་། །ལུ་མ་ལ་ནི་འཐུང་ཞིང་རྐྱལ་མི་དང་། །རང་ན་ཁྲག་གིས་ལུས་ལ་ཁྲུས་བྱེད་པའམ། །ལྷ་ཁང་མཆོད་རྟེན་འདུག་ནས་རྒྱལ་བའི་གཟུགས། །བྱང་ཆུབ་སེམས་དཔའ་རྣམས་དང་རང་སངས་རྒྱས། །ཟག་མེད་དགེ་འདུན་དགེ་སློང་དགེ་སློང་མ། །དགེ་བསྙེན་རྣམས་དང་ས་བདག་ལྷ་རྣམས་དང་། །མཆོད་གནས་བྲམ་ཟེ་ཡིད་འོང་སྐྱེས་བུ་དང་། །མ་དང་མི་མཆོག་ཕྱུག་ཅིང་འབྱོར་བ་གཉེན། །ཕ་མ་མཛའ་བཤེས་གཉེན་དང་གནོད་སྦྱིན་དང་། །གྲུབ་པའི་ལྷ་དང་ན་ཆུང་ཚོགས་དག་དང་། །ཅི་སྟེ་ཉི་མ་ཟླ་བ་ཟ་བ་དང་། །ས་ཡི་ནང་འགྲོ་ས་བོན་ཀུན་འཐུ་དང་། །མི་ལ་རྫི་ཞིང་ཤ་ནི་ཟ་བ་དང་། །ལུས་ཀྱི་ནང་དུ་བུད་མེད་ཞུགས་པ་མཐོང་། །རྨི་ལམ་བཟང་བོ་འདི་དག་མཐོང་བ་དང་། །ཞེས་དང་།

ཕྱག་རྡོར་དབང་བསྐུར་བའི་རྒྱུད་ལས། པདྨའི་སྟེང་ན་འདུག་པ་མཆོག །བཟུང་དང་མཐོང་བ་དེ་བཞིན་ཏེ། །རྒྱ་མཚོ་མཐོང་བ་རྨི་བ་དང་། །རྐྱལ་དང་མཐོང་བ་དེ་བཞིན་ནོ། །སངས་རྒྱས་མཐོང་བའི་སྙིང་དགའ་སྟེ། །བྱང་ཆུབ་སེམས་དཔའ་སྐྱོབ་རྣམས་དང་། །འཇིག་རྟེན་རང་སངས་རྒྱས་རྣམས་དང་། །ཉན་ཐོས་དག་དང་གང་མཁས་དང་། །དེ་དག་མཐོང་ཞིང་སྙིང་དགའ་བའོ། །མི་ཡི་ཕུང་བོ་གྲགས་པ་དང་། །བ་གླང་ཁྱུ་མཆོག་གླང་ཆེན་གྲགས། །རྟ་ནི་དཀར་བོ་གང་གྱུར་དང་། །དེ་དག་མཐོང་དང་ཞོན་པ་དང་། །བ་གླང་ཁྱུ་ཡང་ཤིས་པ་ཡིན། །བྲམ་ཟེ་དང་ནི་རྒྱལ་རིགས་དང་། །རྒྱལ་བོ་དགེ་བར་གྲགས་པ་དང་། །སྡུག་པའི་གཉེན་དང་གྲུ་བ་དང་། །ཉི་མ་དང་ནི་ཟླ་བ་དང་། །དེ་དག་མཐོང་ན་ཤིས་པར་འགྱུར། །རྨི་ལམ་སྨྲ་ཞིང་གཏམ་ཟེར་དང་། །རང་གི་མགོ་བོ་གཅོད་པ་དང་། །ཤ་ཆེན་ཟ་བར་བྱེད་པ་དང་། །ཁྲག་གིས་ཁྲུས་ཀྱང་བྱེད་པ་དང་། །དེ་བཞིན་མི་གཙང་བྱུག་པ་དང་། །ཞོ་དང་འབྲས་ཆེན་ཟ་བ་དང་། །ཆང་ཡང་འཐུང་བར་བྱེད་པ་དང་། །སྐྲ་བྲེགས་པ་ནི་མཆོག་ཡིན་ནོ། །སོ་ཡང་ལྟུང་བར་བྱེད་པ་དང་། །དུར་དང་ཤིང་ནི་ནྱ་གྲོ་དྷ། །དེ་ལ་འཛེག་པ་ཤིས་པར་འགྱུར། །ལེགས་སོ་བུ་ཞེས་བློ་ལྡན་ཞེས། །སྒྲ་ནི་དེ་སྐད་ཐོས་པ་དང་། །ཡིད་དུ་འོང་བའི་བུད་མེད་ལ། །ཟིན་སོ་ཉལ་བོ་བྱེད་པ་དང་། །ཚངས་པ་དྲག་པོ་ཉི་མ་དང་། །ཁྱབ་འཇུག་དང་ནི་ཟླ་བ་དང་། །ལུས་ངན་བོ་དང་ནོར་སྦྱིན་དང་། །བརྒྱ་བྱིན་དང་ནི་ཆུ་ལྷ་དང་། །དེ་དག་མཐོང་ངམ་སྨྲ་བ་དང་། །འབེལ་གཏམ་བྱེད་ན་ངེས་པར་འགྲུབ། །གཞན་ཡང་དེ་ལྟའི་རྨི་ལམ་གང་། །དངོས་གྲུབ་འདོད་པ་རྣམས་ཀྱིས་བཟུང་། །ཞེས་གསུངས་ལ།

བཀག་པའམ་རྨི་ལམ་ངན་པ་ནི། ཕྱག་རྡོར་དབང་བསྐུར་བའི་རྒྱུད་ལས། རྨི་ལམ་དེ་ལས་ཟློག་པ་དག །འཇིགས་བྱེད་རྣམས་ཀྱིས་གཟུང་མི་བྱ། །ས་ལ་རྒྱུགས་དང་མཆོངས་པ་དང་། །གར་བྱེད་པ་དང་གླུ་ལེན་དང་། །རྒོད་དང་བོང་བུ་རྔ་མོང་ལ། །ཞོན་པ་ཤིན་ཏུ་ངན་པ་ཡིན། །འབྲུ་མར་གྱིས་ནི་ལུས་སྐུད་དང་། །གཅེར་བུ་དག་དང་སྨྲ་བ་དང་། །ཞར་བ་འཐེང་བོ་སྒུར་བོ་དང་། །མི་ལྐུགས་རྣམས་དང་འཕྲད་པ་དང་། །ཕག་རྣམས་དང་ནི་ཁྱི་རྣམས་དང་། །བོང་བུ་རྣམས་ཀྱང་དེ་བཞིན་ཏེ། །མ་ཧེ་རྔ་མོང་ཅེ་སྤྱང་དག །རྨི་ལམ་མཐོང་བ་རྟག་ཏུ་སྨད། །རྩེ་གཉིས་རྩ་གསུམ་གདེངས་ཐོགས་དང་། །མིག་དམར་ཤིན་ཏུ་འཇིགས་པ་དང་། །གཅེར་བུ་དག་དང་སྣ་ལེབ་དང་། །སྡིགས་མོ་བྱེད་པའི་འཇིགས་བྱེད་དང་། །མདོག་ནག་མི་བཟད་ཆེན་པོ་དང་། །གོས་སྔོན་གཟུགས་བྱད་མི་སྡུག་པ། །སུ་ཡི་རྨི་ལམ་རྨིས་པ་ཡིས། །དེ་ལ་དངོས་གྲུབ་ཡོད་མི་འགྱུར། །ཟུངས་ཤིག་རྒྱོབས་ཤིག་ཆོམས་ཤིག་ཅེས་པའམ། །ཟོ་ཞིག་ཅེས་པའི་མི་བཟད་སྒྲ་དྲག་པོ། །འཇིགས་བྱེད་ཁྲོ་བོ་ཐོས་པ་དང་། །ཕུང་དང་མ་རྙེད་ཐོས་པ་དང་། །བྱ་རྒོད་བཞད་དང་བྱ་དཀར་དང་། །འུག་པ་བྱ་རོག་བྱི་ལ་དང་། །བྱི་བ་སྡིག་པ་སྲེ་མོང་སྦྲུལ། །གང་དག་གཞན་ཡང་སྐྱེ་བ་འདུག །དེ་དག་རྨི་ལམ་མཐོང་གྱུར་རམ། །རེག་པར་གྱུར་ན་མི་དགེའོ། །ཞེས་དང་།

དཔུང་བཟང་གི་རྒྱུད་ལས། དེ་བཞིན་སྟག་དང་སེང་གེ་ཁྱི་དང་ཕག །བོང་བུ་རྔ་མོང་བྱི་བ་ཤ་ཟ་དང་། །བྱ་རྒོད་འུག་པ་སྐྱར་མོ་མིའུ་སྦྲུལ། །གཅེར་བུ་ཐལ་རིས་ཅན་དང་མི་ནག་པོ། །ཁྲོན་སྐམ་ཐོད་པ་རུས་གོང་ཕུང་བོ་དང་། །ལྕགས་དང་གཏོར་ཁུང་མི་གཙང་ཁ་རུལ་དང་། །ཁ་བཞིན་བསྒྱུར་ཞིང་རལ་གྲི་མདུང་ཐོགས་དང་། །རྨི་ལམ་འདི་རྣམས་མཐོང་བའི་མི་ཡང་བརླག །ཅེས་སོ། །

ཡང་། ཨོ་རྒྱན་པད་མས་མཛད་པའི་འཆི་རྟགས་བླ་བསླུ་ལས། གཅེར་བུར་འགྲོ་བ་དང་། ཐང་ཆེན་དུ་འགྲོ་བ། དགྲས་འཁྲིད་པ་དང་། ལུང་སྟོང་དུ་འཁྱམས་པ། རང་གི་གོས་གཞན་གྱིས་བཤུ་བ། སྙིང་མི་དགའ་བར་འགྲོ་སྙིང་འདོད་པ། ལུས་པོ་ཕྱིད་པ། སྔར་ལས་སྟོབས་ཞན་པ་སོགས་རྨིས་ན་བླ་འཁྱེར་བའི་རྟགས་སུ་བཤད་ལ།

ཡང་། མཁས་གྲུབ་ཀརྨ་ཆགས་མེད་ཀྱིས། རྨི་ལམ་དུ་སྤྲེའུ་དམར་པོས་ཤར་དུ་ཁྲིད་པ། བུད་མེད་དམར་མོ་མང་བོ་ལུང་བ་དམར་བོའི་ནང་དུ་འགྲོ་བ། མི་ནག་པོས་དབང་མེད་ཁྲིད་པ། མགོ་བཅད་པ་དང་དོན་སྙིང་འདོན་པ། དགེ་སྦྱོར་གྱི་འཕྲོ་མི་ཟིན་པར་ཡུལ་དུ་འདུག་སྙིང་མི་འདོད་པ། མིག་གི་འོད་ཀོར་ཉམས་པ། མི་གཤིས་གོ་ལོག་པ། རྣ་བའི་སྒྲ་ཆད་ན་རླུང་ཉམས་པའི་རྟགས་ཡིན་པས་ཞག་བཞི་ནས་འཆི། ལུས་ཀྱི་སྤྱི་བོ་རླངས་པ་མེད་ན་རྩ་ཉམས་པའི་རྟགས་ཡིན་པས་ཞག་གསུམ་ནས་འཆི་ལྟས་ཡིན་པར་གསུངས་པ་དང་། ཁྱུང་ནག་གི་བསྙེན་སྒྲུབ་སྐབས་སུ། མཛེ་སོས་པའི་རྟགས་སུ། མན་ངག་བཀའ་བརྒྱ་མ་ལས། ཐུབ་པའི་རྟགས་སུ་ཉམས་སྣང་དང་། །རྨི་ལམ་དུ་ནི་ཉ་སྦལ་ལྕོང་། །སྦྲུལ་དང་སྡིག་པ་སྡོམ་ལ་སོགས། །བཟུང་ཞིང་བསད་དང་ཟོས་ཤིང་ཕྱག །ཆུ་སྐམ་པ་དང་ནགས་ཚལ་བསྲེགས། །དེ་སོགས་བྱུང་ན་ཐུབ་རྟགས་ཡིན། །གསུངས་སོ། །

གཞན་ཡང་། རྨི་ལམ་དུ། ཟས་ངན་སྐྱུགས་པ་དང་། ཞོ་དང་འོ་མ་སོགས་འཐུང་བ་དང་སྐྱུགས་པ་དང་། ཉི་མ་དང་ཟླ་བ་མཐོང་བ་དང་། ནམ་མཁའ་ལ་འགྲོ་བ་དང་། མེ་འབར་བ་དང་། མ་ཧེ་དང་མི་ནག་པོ་ཐུལ་བ། དགེ་སློང་དང་དགེ་སློང་མའི་དགེ་འདུན་མཐོང་བ་དང་། འོ་མ་འབྱུང་བའི་ཤིང་དང་། གླང་བོ་དང་ཁྱུ་མཆོག་དང་རི་དང་སེང་གེའི་ཁྲི་དང་། ཁང་བཟང་གི་སྟེང་དུ་འཛེག་པ་དང་། ཆོས་ཉན་པ་རྨིས་ན། སྡིག་པ་འདག་པའི་མཚན་མ་ཡིན་པར་སྐུལ་བྱེད་ཀྱི་གཟུངས་ལས་གསུངས་སོ། །

ཡང་། བར་ཆད་འབྱུང་བའི་རྨི་ལྟས་ནི། སྒོ་གསུམ་བག་མི་ཕེབས་པ། རྨི་ལམ་དུ་སྟག་གཟིག་སེང་གེ་ཁྱི་ཕག་བོང་བུ་མ་ཧེ་རྔ་མོང་ཅེ་སྤྱང་བྱི་བ་སྡིག་པ་སྲེ་མོང་སྦྲུལ་བྱི་ལ་བྱ་རྒོད་འུག་པ་བཞད་བྱ་རོག་སྐྱར་མོ་རྣམས་དང་། མི་ཐང་ཧྲུལ་བོ། མི་ནག་པོ་གཅེར་བུ་ཐལ་རིས་ཅན་དང་། བཞིན་བསྒྱུར་ཞིང་རལ་གྲི་ཐོགས་པ། བྲམ་ཟེ་མདོག་ནག་པོ། བཤན་པ་དང་། བྱིས་པ་ཐལ་སྐྱ། མི་རེངས་གཅེར་བུ་སོགས་མི་སྡུག་པའི་གཟུགས་སྣ་ཚོགས་ཅན་དང་འཕྲད་པ་རེག་པ་གཏམ་སྨྲ་བ་རྒོལ་བ། ཁྲོན་པ་སྐམ་པོ། ཐོད་པ་དང་རུས་ཀོག་གི་ཕུང་བོ། ལྕགས་མང་བོ་དང་། ཁང་རུལ་སོགས་གདོན་གྱི་རྟགས་ཡིན་པར་བཤད་དོ། །

ཡང་། ཏུན་ཧོང་ཡིག་རྙིང་ལས། ལུས་པོ་གཅིན་སྐྱག་གིས་བརྫིས་པ་དང་། རང་དང་དུང་སྐད་གྲག་པ། འདུག་ཁང་མེ་ཤོར་བ་རྨིས་ན་རྒྱུ་ཐོག་ཏུ་རྒྱག་པའི་རྟགས་དང་། རྟ་དཀར་ཞོན་ནས་རྒྱུགས་ན། ཁ་རྗེ་རླུང་རྟ་དར་བ་དང་། གསེར་རྙེད་པ་དང་སྟག་སེང་ཁྱུང་འབྲུག་སོགས་ལ་ཞོན་པ་རྨིས་ན་བསམ་དོན་འགྲུབ་པའི་རྟགས། ཡང་། དངུལ་གྱི་ཅ་ལག་རྙེད་ན་ཁ་མཆུ་བྱུང་བ་དང་། སྒྲོན་མེ་སྦར་མ་ཐུབ་པ་རྨིས་ན་བསམ་དོན་མི་འགྲུབ་པ་དང་། ཁྱི་སྤྱང་སོགས་གཅན་གཟན་གདུག་པ་ཅན་གྱིས་སོ་བཏབ་ན། ན་ཚ་འབྱུང་བའི་ལྟས་སུ་བཤད་དོ། །

དེ་ལས་གཞན། ཉི་ཟླ་ཤར་བ་དང་རྟ་ཞོན་པ། གྱེན་དུ་རྒྱུགས་པ། དར་འཕྱར་དུང་འབུད་བྱས་ཏེ་ཁྲོམ་དུ་འདུག་པ་བསོད་ནམས་རྒྱས་པའི་རྟགས། དམག་དང་སེར་བ་བཟློག་པ། གཅན་གཟན་ཁ་ཆིངས་པ། ཕུར་བ་བཅག་པ། བཟློག་པ་གྲུབ་པའི་རྟགས། གོས་ངན་གྱོན་ཞིང་ཐུར་དུ་འགྲོ་བ། ལམ་ངན་འགྲིམ་པ་རྨིས་ཚེ་བསོད་ནམས་ཟད་པའི་རྟགས། ཚེ་ཚད་སྨྲ་བ་དང་བདུད་རྩི་དང་སིལ་ཏོག་ཟ་བ་ཚེ་འཕེལ་བའི་རྟགས། སྐྲ་དང་ཁ་སྤུ་སྐྱེས་པ། གཏེར་རྙེད་པ་དང་རིན་ཆེན་རྙེད་པ་ནོར་འཕེལ་བའི་རྟགས། རླུང་བཟུང་བའི་སྐབས་ཡིན་ན། ཉ་སྦྲུལ་གྱིས་དེད་པ་དང་མགོ་མཇུག་ཁྱུར་མིད་བཏང་ན་དབུ་མར་ཚུད་པའི་རྟགས། དུས་མིན་རྨིས་ན་བྱད་ཁ་ཟུག་པ་འམ་འཆི་ལྟས་ཡིན། གསེར་མང་དུ་རྙེད་པ་ནི་ཉམས་ལེན་སྐབས་ཡིན་ན་རྟོགས་པ་སྐྱེ། ནོར་སྒྲུབ་སྐབས་སུ་དངོས་གྲུབ་འབྱུང་། བྱ་ལས་སྒྲུབ་སྐབས་ཡིན་ན་ཕྱི་དལ་ཆེ། དུས་མིན་དུ་འཆི་རྟགས། དངུལ་མང་བོ་རྙེད་པ་རྨིས་ན་རྩ་རླུང་སྒོམ་དུས་ཡིན་ན་ཐིག་ལེ་འཕེལ། དེ་མིན་ངན་རྟགས་མང་བོ་ཞིག་བཟང་བོར་གྱུར་བའང་མང་སྟེ། ལུས་ནས་རྣག་ཁྲག་དང་སྐྱུགས་འགྲིམ་བྱུང་བ། རང་ལ་མེར་བསྲེགས་ནས་ཐལ་བ་རླུང་ལ་བསྐྱོན་པ། རང་ལུས་རང་གིས་གཏོར་བ། ལུས་བོ་བསྒྱུར་ནས་གློ་སྙིང་རྒྱབ་ཏུ་བསྐྱུར་བ་ཡང་ཉམས་རྟོགས་འཁྲུངས་པའི་རྟགས་སོ། །བསྙེན་སྒྲུབ་ཀྱི་སྐབས་སུ་སྐུ་འདྲ་ལེགས་པོ་མཇལ་ན་སྐུ་འགྲུབ་པ་དང་། ལྒིགས་བམ་དང་ཤོག་སེར་གཏེར་ནས་བཏོན་ན་གསུང་འགྲུབ་པའི་རྟགས། ཕྱག་མཚན་རྨིས་ན་ཐུགས་འགྲུབ་པའི་རྟགས་སོ། །

ཡང་། དབང་གི་སྟ་གོན་གྱི་སྐབས་དང་། བར་ཆད་འབྱུང་ལྟས། བསྙེན་སྒྲུབ་སྤྱིའི་དུས་སུ་དགེ་མི་དགེའི་རྨི་ལམ་གྱི་མཚན་ལྟས་བཟང་ངན་སོགས་ནི་འཇུ་མི་ཕམ་གྱིས། འཇམ་དཔལ་རྩ་རྒྱུད། རྨི་ལམ་གྱི་རྒྱུད། དཔུང་བཟང་། ལེགས་གྲུབ། གསང་བ་སྤྱི་རྒྱུད། ཕྱག་རྡོར་དབང་བསྐུར། གསང་བ་འདུས་པ། ནག་པོ་ཆེན་པོའི་རྒྱུད་སོགས་ལས་འབྱུང་བ་བཏུས་བསྒྲིགས﹙ལྕགས་པར་པོད་བཅུ་དགུ་བ ༢༧༥ ན་གསལ﹚བྱས་ཏེ་བརྟག་པ་སྣ་ཚོགས་ནོར་བུའི་མེ་ལོང་ན་བཀོད་ཡོད་པས་ཞིབ་ཏུ་དེར་བལྟ་བར་བྱའོ། །

གཞན་ཡང་། རྨི་ལམ་ལ་དཔྱད་པ་ལ། བཀའ་འགྱུར་ལས་རྨི་ལམ་བསྟན་པའི་མདོ་དང་། འཇམ་དཔལ་རྩ་རྒྱུད། གསོ་རིག རྣམ་ཐར། གཅོད་ཀྱི་སྒོ་ནས་རྨི་ལམ་དཔྱད་ཚུལ་སོགས་མང་དུ་ཡོད་པ་དང་། དེ་ལས་གཞན། རྒྱ་ནག་གི་གཞུང་ལམུན་ལང་ཞོན་ཇེཞེས་པ་བོད་སྐད་དུརྨི་ལམ་གླིང་ཀའི་དཀའ་འགྲེལཞེས་བོད་ཡིག་ཏུ་བསྒྱུར་བ་དང་། ཨ་རིའི་སི་ཐི་ཨིན་ལོ་བྷིན་ཞུན་དང་དབྱིན་ཇིའི་ཐང་མུ་ཁི་པོ་ཐི་གཉིས་ཀྱིས་བརྩམས་པའིརྨི་ལམ་བརྟག་མཛོདཅེས་པ་བོད་ཡིག་དང་ཡིག་རིགས་མང་བོ་བསྒྱུར་ཡོད་པ་སོགས་ཡོད་ཀྱང་ཡི་གེ་མང་བར་འཇིགས་ནས་མ་བྲིས་སོ། །

༦ རྨི་ལམ་གསལ་བར་སྟོན་པའི་གཟུངས་འགའ། སངས་རྒྱས་ཀྱི་བཀའ་ལས་རྨི་ལམ་མཐོང་བའི་གཟུངས་ནི། ཨོཾ་མུ་ནི་ཙི་ནི་སྭཱ་ཧཱ། མུ་ཁེ་སེ་སྭཱ་ཧཱ། མོ་ཧ་ནི་སྭཱ་ཧཱ། དན་ཏི་རི་སྭཱ་ཧཱ། ཆོ་ག་ནི་ཆུ་ཁྱོར་བ་གང་ལ་བཟླས་པ་བྱས་ཏེ་འཐུང་ནས་དོན་བསམ་བཞིན་ཉལ་ན། ལག་ན་རྡོ་རྗེས་རྨི་ལམ་སྟོན་པར་འགྱུར་རོ། །

ཡང་། ཨོཾ་གྷུ་ཎ་ཊེ་ཤ་བ་ན་བི་ཤཱ་ཙི་སྭཱ་ཧཱ། སྔོན་དུ་སྟོང་ཕྲག་གཅིག་བསྙེན་ལ། ཉལ་དུས་རུ་རྟའི་ལྡེ་གུར་ཉེར་གཅིག་བསྔགས་ཏེ། རྐང་ལག་ལ་བྱུགས་ནས་དོན་གང་ཡིན་ཡིད་ལ་བྱས་ཏེ་ཆུ་གཙང་བའི་ཕྱོགས་སུ་ཉལ་ན། དགེ་མི་དགེ་རྨི་ལམ་དུ་སྟོན་པར་བྱེད་དོ་ཞེས་ནོར་བུ་བཟང་བོའི་རྟོགས་པ་བརྗོད་པ་ལས་ལྷ་མོ་ཤྲ་མ་ཎའི་རྨི་ལམ་མོ། །

ཡང་། འཇམ་དཔལ་དཔའ་བོ་གཅིག་གྲུབ་ཀྱི་རྒྱུད་ལས། ཨོཾ་ཤྲ་བ་ཎ་བི་ཤཱ་ཙི་ནི་མཎྚེ་སྭཱ་ཧཱ། ཁྲུས་བྱས་གོས་གཙང་བགོས་ལ་དབེན་པར་ཁྲི་བཟླས་ན་འགྲུབ་སྟེ། ཉལ་ཁར་རུ་རྟ་ལ་ལན་བརྒྱ་རྩ་བརྒྱད་བསྔགས་པས་གདོང་དང་རྐང་བ་གཉིས་ལ་བྱུགས་ན་རྨི་ལམ་དགེ་བ་དང་མི་དགེ་བ་སྟོན། རྟག་ཏུ་བཟླས་ན་འཇིག་རྟེན་གསུམ་གྱི་སྤྱོད་པའང་སྟོན་ནོ། །འདི་ལ་སྒྲུབ་ཐབས་ཆོ་ག་སོགས་ཡོད་ཀྱང་སྔགས་བཟླས་པ་ཁོ་ནས་ཀྱང་འགྲུབ་བོ། །

ཡང་། རྒྱུད་དེ་ལས། ཨོཾ་མུ་ཙི་ལི་སྭཱ་ཧཱ། མོ་ཧ་ནི་སྭཱ་ཧཱ། དན་ཏི་ལི་སྭཱ་ཧཱ། སྔགས་འདི་ཁྲི་བཟླས་ན་འགྲུབ་སྟེ། སྤྱན་རས་གཟིགས་ལ་མཆོད་པ་བྱས་ནས། ལན་བརྒྱ་རྩ་བརྒྱད་བཟླས་པའི་ཆུས་གདོང་བཀྲུས་ཏེ་དགོས་པ་ཡིད་ལ་བྱེད་པས་མི་སྨྲ་བར་ཉལ་ན། བཅོམ་ལྡན་འདས་རང་གི་གཟུགས་སུ་མཐོང་ཞིང་དགེ་བ་དང་མི་དགེ་བ་དམིགས་པར་འགྱུར་རོ། །

ཡང་། རྒྱུད་དེ་ལས། ཨོཾ་པྲ་ཛྭ་ལ་ཧཱུཾ་ཕཊ། འཇིག་རྟེན་གསུམ་པོའི་སྙིང་བོ་འདི་འབུམ་ཕྲག་བཅུ་བཟླས་ན་འགྲུབ་སྟེ། གང་སྨྲོས་ཆོ་གས་དགེ་མི་དགེ་རྨི་ལམ་དུ་སྟོན་པར་འགྱུར་རོ། །

ཡང་། ཨོཾ་བུདྡྷ་ཙུ་མཱ་ཙུ་རུ་ཀེ་སྭཱ་ཧཱ། སྐུ་གདུང་བཅས་པའི་མཆོད་རྟེན་ནམ་སངས་རྒྱས་ཀྱི་སྤྱན་སྔར་ཁྲི་བཟླས་ལ། ཅི་འབྱོར་མཆོད་པ་འབུལ། དེ་ནས་ཉལ་དུས་བརྒྱ་རྩ་བརྒྱད་བཟླས་ནས་གང་དུ་སྐྱེ་བར་འགྱུར་བ་སོགས་ཡིད་ལ་བསམ་སྟེ་ཉལ་ན་འདས་པ་དང་མ་འོངས་པའི་སྐྱེ་བ་དམིགས་པར་འགྱུར་རོ། །ཞེས་བུདྷ་ཙུ་རུ་ཀེའི་སྐྱེ་བ་བརྟག་པ་འཇམ་དཔལ་དཔའ་བོ་གཅིག་གྲུབ་ཀྱི་རྒྱུད་ལས་གསུངས་སོ། །

ཡང་། རྒྱུད་དེ་ལས། ཨོཾ་ན་མོཿསབྷ་ནཾ་ས་མྱ་ཀྶཾ་བུདྡྷ་ཀོ་ཊྭཱྃ་ནཱཾ་ཏ་ངྱ་ཐཱ། ཨོཾ་ཙ་ལེ་ཙུ་ལེ་ཙུནྡེ་སྭཱ་ཧཱ། བི་དྱ་སདྱ་བཱ་དི་ནི་པ་ར་དེ་ཀ་ཐ་ཡ་སྭཱ་ཧཱ། ལྷ་མོ་སྐུལ་བྱེད་མའི་སྔགས་འདི་བཟླས་ཏེ་སངས་རྒྱས་ཀྱི་སྐུ་འམ་སྐུ་གདུང་གི་སྤྱན་སྔར་མཆོད་པ་ཅི་འབྱོར་ཕུལ་ལ། སྔགས་བརྒྱ་རྩ་བརྒྱད་བཟླས་པའི་ཆུས་གདོང་བཀྲུས་ནས་མི་སྨྲ་བར་ཉལ་ན་རྨི་ལམ་དུ་དགེ་མི་དགེ་སྟོན་པར་འགྱུར་རོ། །ཞེས་སོ། །

༧ རྨི་ལམ་ངན་པ་བཟློག་ཐབས། དབང་གི་སྟ་གོན་གྱི་ཐད། རྨི་ལམ་བརྟག་པ་གདམས་པའི་སྐབས་སུ། རྨི་ལམ་ངན་པ་བཟློག་ཐབས་ལ། གཏོར་མ་དང་། སྲུང་འཁོར་དང་། བཟླས་པ་དང་། གོ་ཆའི་ལྷ་འགོད་པ་དང་། གསོལ་བ་གདབ་པ་དང་། རྒྱན་དྲུག་བགོས་ནས་ལྷའི་ང་རྒྱལ་བྱ་བ་དང་། སྦྱིན་སྲེག་སྟེ། ཟློག་ཐབས་བདུན། བདེ་མཆོག་སྡོམ་འབྱུང་ལས་གསུངས་པ་དང་། གཞན་ཡང་། མར་མེ་མཛད་བཟང་བོས་བགེགས་མཐར་བྱེད་ཀྱིས་གཞོམ་པར་བཤད་པ་དང་། ཀླུ་བྱང་གིས་བདག་མེད་པའི་དོན་བསམས་ནས་སྦྱང་བར་བཤད་དོ། །གཞན་ཡང་། རྨི་ལྟས་ངན་པ་བཟློག་ཐབས་ལ། ལས་སྣ་ཚོགས་ཀྱི་བེའུ་བུམ་ལས་འབྱུང་བ་རེ་ཟུང་བཀོད་ན། རྨི་ལམ་ངན་པ་དང་མཚན་མ་ངན་པ་དང་སྔགས་ཐམས་ཅད་ཀྱི་ནང་ན་ཟབ་པ་གཙུག་ཏོར་འབར་བའི་གཟུངས་ནི། ན་མཿསནྟ་བུདྡྷ་ནཾ་ཨ་བྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཧཱུཾ་ཧཱུཾ་ཛྭ་ལ་ཛྭ་ལ་པྲ་ཛྭ་ལ་པྲ་ཛྭ་ལ་ཏིཤྛ་ཏིཤྛ་ཕཊ་ཕཊ། སརྦ་དུ་རྣི་མི་ཏེ་དུར་སྦ་བྣ་ཤིནྟ་ངྐུ་ཀུ་རུ་སྭཱ་ཧཱ། རྨི་ལམ་དང་ལྟས་ངན་སྲུང་བའི་གཟུངས་ཁྱད་པར་ཅན་གཞུང་དང་མན་ངག་གཏེར་མ་རྣམས་སུ་ཡང་བྱུང་བ། འབྱུང་བོ་ཐམས་ཅད་འདུལ་ཞིང་སངས་རྒྱས་ཐམས་ཅད་ཀྱི་མངའ་བདག་འདི་དྲན་པ་ཙམ་གྱིས་སྔགས་རྣམས་སེམས་པ་དང་། གཟའ་དང་རྒྱུ་སྐར་མ་རུངས་པ་སོགས་དུས་ཀྱི་མཚན་མ་ངན་པ་དང་། རྨི་ལྟས་མཚན་ངན་སོགས་ལན་གཅིག་བཟླས་པས། ཞི་བ་སོགས་ཀྱི་ཕན་ཡོན་དང་ལྡན་ལ་རྨི་ངན་སྲུང་བའི་སྔགས་སུ་འཇམ་དཔལ་རྩ་རྒྱུད་ལས་གསུངས།

ཡང་། བཀའ་ལས། སངས་རྒྱས་སྟོང་གི་སྔགས་འདི་ནི། །གཙུག་ཏོར་འབར་བ་ཞེས་གྲགས་ཏེ། །ལས་རྣམས་གང་དག་སྟོང་ཕྲག་དང་། །བརྒྱད་ཅུ་དང་ནི་དགུ་ཕྲག་ལྔ། །རྣམ་པ་སྣ་ཚོགས་ལས་རྣམས་དང་། །བཀྲ་ཤིས་དཔལ་གྲགས་ཐམས་ཅད་བྱེད། །རྨི་ལམ་ངན་དང་མཚན་མ་ངན། །ལན་གཅིག་བཟླས་པས་སེལ་བར་བྱེད། །བགེགས་རྣམས་མ་ལུས་རབ་ཏུ་འཇིགས། །ཚེ་དང་བསོད་ནམས་འཕེལ་བར་འགྱུར། །ཞེས་གསུངས་སོ། །

ཡང་། རྨི་ལམ་ངན་པ་ལངས་ན་དཔའ་བོ་མཁའ་འགྲོ་མཆོད། རང་རྟ་ཕག་ཡབ་ཡུམ་དཔའ་བོ་མཁའ་འགྲོ་རིགས་བཞི་འཁོར་བཅས་གསལ། ཨོཾ་ཨཱཿཧཱུཾ་ཧྲཱྀཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ། པ་ར་ཙཀྲ་ཧྲི་ཥྚི་ཨ་པ་ན་ཡ། རྨི་ལམ་ངན་པ་བཟློག་བྷྱོ། སྟོང་བཟླས་ཐལ་མོ་ལན་གསུམ་བརྡབ། རྨི་ལམ་འཁྲུལ་སྣང་བཟང་ངན་མེད་པར་སྒོམ། དེས་རྨི་ལམ་ངན་པ་ཐམས་ཅད་བཟློག དེ་བཞིན་ལྟས་ངན་ལའང་ཁ་བསྒྱུར་བཟླས་པས་ཐུབ་སྟེ་མཁའ་འགྲོའི་ལས་ཚོགས་གཏེར་མ་ཟབ་བོ། །

ཡང་། རྨི་ལམ་ངན་ན་དེ་མ་ཐག་ལངས་ཏེ་ཁ་མལ་གཞུག་ཕྱོགས་ལ་གཏད། རང་ལྟས་ངན་བཟློག་པའི་རྒྱལ་མོའི་སེང་གེའི་གདོང་ཅན་མཐིང་ནག་གྲི་ཐོད་བསྣམས་པར་བསྐྱེད་ལ། ཨོཾ་མུ་རཾ་མུ་རཾ་ཐུམ་ཐུམ་རྨི་ལམ་ཐུམ་སྭཱ་ཧཱ། ཕྱག་གཡས་གནམ་དང་ཟླ་བ། གཡོན་ས་དང་ཉི་མར་བསམ་པའི་བར་དུ་རྨི་ངན་ལྟས་ངན་གཏོང་བའི་གནོད་བྱེད་ཐམས་ཅད་ཐལ་བར་བརླག་པར་བསམ། ད་ལྟའི་རྨི་ལམ་ངན་པ་དེ་ཉིད་དགྲ་བགེགས་ཀྱི་སྟེང་དུ་བཟློག་བཟློག་བྷྱོ་བྷྱོ་སྒྱུར་སྒྱུར། ཞེས་ཐལ་མོ་གསུམ་བརྡབ་པ་རྨི་ལམ་ཇི་ལྟར་ངན་ཡང་བཟློག་པར་ཐེ་ཚོམ་མེད་དོ། །ཞེས་སོ། །

ལོ་རྟགས་དང་དུས་ལ་བརྟག་ཚུལ།

ལོ་རྟགས་བཅུ་གཉིས་ལས། དུས་ལ་སྦྱར་ཏེ་ལེགས་ཉེས་བརྟག་ཚུལ་དཔེར་ན། གླང་དུས་མིག་གཡོན་འགུལ་ངན་ཞིང་། གཡས་འགུལ་ན་གཞན་གྱིས་དྲན། བྱི་དུས་རྣ་གཡོན་ངུ་ན་བུད་མེད་ཀྱིས་དྲན། གཡས་ངུ་ན་བོར་སྟོར་གྱི་ངོ་། འབྲུག་དུས་རྣ་བར་ཚ་སྐྱེ་ན་ནོར་རྙེད། སྟག་དུས་གདོང་ཚ་ན་ཐག་རིང་གི་མགྲོན་པོ་དང་འཕྲད། སྤྲེལ་དུས་ལུས་ཀྱི་ཤ་འཁྲིག་ན་ཁ་མཆུའི་ངོ་། ཁྱིའི་དུས་སེམས་འཕར་ན་མི་ཆེན་མྱུར་དུ་སླེབས་པ། རྟའི་དུས་སྣ་སྦྲིད་ན་ཚོང་བ་ཡོང་ནས་སྟོན་མོ་བྱེད། ལུག་དུས་གྱོན་པ་སར་ལྷུང་ན་དམར་ངོ་འབྱུང་ཡང་སྐྱོན་མེད་པ་དང་། བྱའི་དུས་སླ་ངས་སྐད་འབྱིན་ན་ཐག་རིང་དུ་སོང་བ་འབྱོར། ཕག་དུས་ཐབ་ཀའི་མེ་ལྕེ་མཆེད་ན་ནད་འབྱུང་ཡང་སྐྱོན་མེད་པ་དང་། སྦྲུལ་དུས་ཁྱི་ཟུག་ན་གཉེན་ཡོང་དང་འཕྲིན་གྱི་ངོ་། ཡོས་དུས་སྐྱ་ཀ་གྲག་ན་ནོར་དང་ཟས་ཆང་འོང་བ་ཡིན།

བྱ་རོག་གི་སྐད་ལ་བརྟག་ཚུལ་ནི། ཐུན་དང་བོར་བྱ་རོག་གི་སྐད་གྲག་ན་རེ་འདོད་འགྲུབ། མེ་རུ་གྲག་ན་དགྲ་འོང་། ལྷོར་གྲག་ན་གྲོགས་པོ་འོང་། བདེན་གྲུབ་ཏུ་གྲག་ན་རྙེད་པ་འོང་། ནུབ་ཏུ་གྲག་ན་རླུང་ཆེན་ལྡང་། ཕྱི་རོལ་འགྲོ་དུས་རྗེས་ནས་གྲག་ན་བསམ་དོན་འགྲུབ། མདུན་དང་གཡོན། ཡང་ན། ཆུ་འགྲམ་དང་ནགས་ཚལ། བྲག་འགག་སོགས་སུ་གྲག་ན་ལམ་འགྲོ་བདེ། ཤ་ཟ་ཞོར་དུ་གྲག་ན་རྒྱུ་ནོར་འཁོར། ས་སྲོས་སུ་གྲག་ན་སང་ཉིན་འགྲོན་པོ་སླེབས། ཉི་ཤར་དུ་གྲག་ན་ཉིན་དེའི་བྱ་ལས་ལེགས་འགྲུབ་འོང་། ངན་ལྟས་སུ། རང་གི་མདུན་ལམ་དུ་གཤོག་པ་རྡེབ་ཞིང་བགྲོད་ལམ་བཀག་ན་རྐྱེན་ངན་འབྱུང་ཞིང་མདུན་ཕྱོགས་ཉེན་ཁ་ཆེ། ཕོ་རོག་གིས་སྐྲར་སོ་བཏབ་པའམ་བེམ་རོའི་སྟེང་དུ་བབས་ནས་གྲག་ན། མི་གྲོངས་པའི་རྟགས། སྡོང་གསེབ་ནགས་གསེང་ནས་གྲག་ན་དགྲ་ཟླས་ལྐོག་གསོད་བྱེད་པའི་ལྟས། ཁྱིམ་སྒོར་ཁ་འཁོར་ཏེ་གྲག་ན་ཁྱིམ་མིར་ན་ཚ་འབྱུང་བའི་ངོ་། སྔ་དྲོར་ཕོ་རོག་ཁྱུ་དང་ཁྱུ་བྱས་བྱས་ཏེ་འཕུར་ན་གནས་དེར་གོད་ཆག་དང་གནོད་འཚེ་ཡོང་བའི་རྟགས་སོ། །

ཡང་། བྱ་རོག་གི་སྐད་གྲག་ཚེ། མགོ་མཇུག་དང་གཡས་གཡོན་སྟོན་ཕྱོགས་ལ་བརྟག་ནས་འབྱུང་འགྱུར་བརྟག་པ་ནི། ནམ་ལངས་མགོ་བསྟན་གཏམ་སྙན་ཐོས། །མཇུག་བསྟན་བཙན་གྱི་གནོད་ངོ་ཆེ། །གཡས་གྲོག་གཡོན་གྱིས་དགྲ་ངོ་ཆེ། །ཉི་ཤར་མགོ་བསྟན་ལྷ་གསོལ་ཟེར། །མཇུག་བསྟན་བྱ་ལས་བཟང་ཞེས་ཟེར། །གཡས་དགྲ་གཡོན་བསྟན་ནད་ཡོང་ཟེར། །ཉི་དྲོས་མགོ་བསྟན་དགྲ་མེད་དང་། །མཇུག་བསྟན་གྲག་ཚེ་གྲོག་ཡོང་ཟེར། །གཡས་བསྟན་འགྲུལ་བ་དྲག་པོ་ཡོང་། །གཡོན་བསྟན་གྲག་ཚེ་བསམ་དོན་འགྲུབ། །ཉིན་ཕྱེད་མགོ་བསྟན་འགྲུལ་བ་ཡོང་། །མཇུག་བསྟན་ལྷ་ལ་གསོལ་མཆོད་ཟེར། །གཡས་བསྟན་དོན་བྱ་འགྲུབ་ཟེར་ཡང་། །ནད་པ་འཆི་ངོ་གཡོན་བསྟན་ན། །བྱིས་པའི་ཁ་སྨྲས་ཡོང་ཟེར་རོ། །ཕྱེད་ཡོལ་མགོ་བསྟན་བྱ་ལས་འགྲུབ། །མཇུག་བསྟན་ལྷ་སྲུང་བཟང་བོས་སྐྱོབ། །གཡས་བསྟན་བསམ་དོན་འགྲུབ་པ་དང་། །གཡོན་བསྟན་རང་ཉིད་མཐུན་གྲོགས་འཕྲད། །ཉི་ནུབ་མགོ་བསྟན་བྱ་ལས་འགྲུབ། །མཇུག་བསྟན་འཁོན་དང་ལས་བྱེད་ངན། །གཡས་བསྟན་ཐག་རིང་གྲོག་བྱེད་ཡོང་། །གཡོན་བསྟན་དམག་མིས་སྐྱོབ་ཟེར་རོ། །

བྱེ་བྲག་ཏུ་ཁྱི་ཟུག་པའི་སྐད་ལ་བརྟག་ཚུལ་ནི། བྱི་དུས་སུ་ཟུག་ན། བུད་མེད་ཀྱིས་རྩོད་པ་བྱེད། གླང་དུས་སུ་ཟུག་ན་སེམས་ལ་མི་བདེ་བ་སྐྱེ། སྟག་དུས་སུ་ཟུག་ན། ལོངས་སྤྱོད་ཀྱི་ངོ་། ཡོས་དུས་སུ་ཟུག་ན། ནོར་རྙེད། འབྲུག་དུས་སུ་ཟུག་ན། གཉེན་ཉེ་ཡོང་བ་དང་འཕྲིན་ཡིག་འབྱོར། རྟའི་དུས་སུ་ཟུག་ན། གསོལ་སྟོན་གྱི་ངོ་། ལུག་དུས་སུ་ཟུག་ན། བུད་མེད་ཀྱིས་སྐྱེས་པ་གཞན་བསམ་པ་དང་། བོར་སྟོར་འབྱུང་། སྤྲེལ་དུས་སུ་ཟུག་ན། ཁྱིམ་གྱི་བུ་ཆུང་ལ་ངན། བྱའི་དུས་སུ་ཟུག་ན་གོ་ས་ཡར་འཕར་ཞིང་ཟས་གོས་ཀྱི་ལག་ཡོང་ཆེ། ཁྱིའི་དུས་སུ་ཟུག་ན་ཁ་མཆུ་དང་གནོད་པའི་ངོ་། །ཕག་དུས་སུ་ཟུག་ན་གཏུགས་གཤེར་གྱི་ངོ་ཡོད་པར་བཤད་དོ། །

ཡང་། དུས་ཚིགས་དང་སྦྱར་ཏེ་སྐྱ་ཀའི་སྐད་ལ་བརྟག་ཚུལ་ནི། བྱི་དུས་སུ་གྲག་ན། མགྲོན་པོ་སླེབས་པའི་བརྡ། གླང་དུས་སུ་གྲག་ན། ཤིན་ཏུ་བཟང་བའི་བརྡ། སྟག་དུས་སུ་གྲག་ན་གཏུགས་གཤེར་གྱི་ངོ་། ཡོས་དུས་སུ་གྲག་ན་ཟས་ཆང་དང་ལོངས་སྤྱོད་ཡོང་བའི་བརྡ། སྦྲུལ་དུས་སུ་གྲག་ན། བཀྲ་ཤིས་ཕུན་སུམ་ཚོགས་པའི་བརྡ། རྟའི་དུས་སུ་གྲག་ན། ནད་འབྱུང་བའི་བརྡ། ལུག་དུས་སུ་གྲག་ན། ཕྱུགས་འཕེལ་བའི་བརྡ། སྤྲེལ་དུས་སུ་གྲག་ན། དོན་བཟང་འཐོབ་པའི་བརྡ། བྱའི་དུས་སུ་གྲག་ན། མི་བདེ་བ་འབྱུང་། ཁྱིའི་དུས་སུ་གྲག་ན། རྒྱུ་ནོར་འདུ་ཞིང་བྱ་ལས་ལམ་འགྲོ་ཡོང་བའི་བརྡ། ཕག་དུས་སུ་གྲག་ན། འཁྲུག་ལོང་འབྱུང་བའི་བརྡའོ། །

དེ་ཡང་། ལོ་རྟགས་བཅུ་གཉིས་དེང་གི་དུས་ཚོད་དང་སྦྱར་ན། ནམ་གུང་བྱི་བ 23-1 ནམ་ཕྱེད་ཡོལ་གླང 1-3 ཐོ་རངས་སྟག 3-5 ནམ་ལངས་ཡོས 5-7 ཉི་ཤར་འབྲུག 7-9 ཉི་དྲོས་སྦྲུལ 9-11 ཉིན་ཕྱེད་རྟ 11-13 ཕྱེད་ཡོལ་ལུག 13-15 ཉི་མྱུར་སྤྲེལ 15-17 ཉི་ནུབ་བྱ 17-19 ས་སྲོས་ཁྱི 19-21 སྲོད་འཁོར་ཕག 21-23 འདི་ནི་དེང་སང་གི་དུས་ཚོད་དང་སྦྱར་བའོ། །

གཞན་ཡང་། ལག་པ་གཡས་འཁྲུག་ལག་ཡོང་དང་། གཡོན་འཁྲུག་བོར་སྟོར་བྱུང་བ། རྐང་པ་ཟ་འཁྲུག་བྱུང་བ་འགྲོ་འདུག་མང་བ་སོགས་བཤད་ཚུལ་ཧ་ཅང་མང་ངོ་། །དེ་ལས་གཞན། གཡུང་དྲུང་བོན་གྱི་མོ་ཡིག་ལྡེའུ་དགུ་ལ་བརྟག་ནས་རྫས་ངོས་འཛིན་ཚུལ། མཚེར་སར་བརྟག་པའི་མཚེར་མོ། ཟས་མོ། རིལ་ནག་དགུ་བསྐོར་དང་། ལྡེའུ་བརྒྱད་བསྐོར། གེ་སེར་མགྱོགས་སང་། ཇག་མོ་ཙི་ཙི་དགུ་སྐོར། རྔོན་མོ་ཁྱི་ཤ་ལྟག་སྐོར། བྱིས་པ་རྣམས་ཀྱིས་རིལ་མ་དང་ཐེ་གེ་སོགས་ཀྱིས་བརྟག་པ་བྱེད་ཚུལ་ཡོད་དོ། །གཞན་རྩིས་རྒྱག་སྟངས་ཀྱི་སྐོར་ལའང་བཅུ་གསུམ་འཁོར་ཞག རྒྱ་ནག་ལྡེའུ་སྐོར། སྤང་རྒྱན་ལོ་མའི་རྩིས། གསེར་གཡུ་དུང་གི་ལོ་མ་ཅན་གྱི་རྩིས། ནད་རྩིས་ཐང་ཤིང་རིང་མོ། ཚེ་རབས་ལུས་རྩིས། གེགས་རྩིས་ཞེ་བདུན་མ། གཤིན་རྩིས། བག་རྩིས་སོགས་དབྱེ་སྒོ་དང་། རྩི་སྟངས། ལྡེའུ་བཀྲམས་ཚུལ་སོགས་མང་དུ་ཡོད་ཀྱང་ཞིབ་ཏུ་ཤེས་འདོད་པ་དག་གིས་རྩིས་གཞུང་དག་ལས་ཤེས་པར་བྱའོ། །

ལེའུ་བཅོ་ལྔ་བ། དམངས་སྲོལ་གྱི་སྐོར།

ཁ་བཏགས།

༡ ཁ་བཏགས་ཀྱི་འབྱུང་ཁུངས། ཁ་བཏགས་ཀྱི་འབྱུང་ཁུངས་ནི། ཁ་ཅིག དུས་ཀྱི་འཁོར་ལོའི་རྒྱུད་ལས། དྭངས་ཤིང་རྣམ་བཀྲ་དབང་བོའི་གཞུ་ལྟ་བུ། །ལུས་ལ་རེག་པས་བདེ་སྟེར་ལྷ་ཡི་གོས། །ནམ་མཁའ་ཁྱབ་པར་ཏིང་འཛིན་གྱིས་སྤྲུལ་ཏེ། །དགྱེས་པ་བསྐྱེད་ཕྱིར་བཅོམ་ལྡན་འདས་ལ་འབུལ། །ཞེས་མདོ་རྒྱུད་ཀྱི་བསྟན་བཅོས་མང་བོ་ན། ཚོགས་ཞིང་གི་ལྷ་དང་མཆོད་ཡུལ་ལ་ན་བཟའ་འབུལ་བ་འདིར་ཁུངས་སུ་བྱས་ཏེ། ཕྱིས་སུ་ཆོས་ལུགས་དང་སྤྱི་ཚོགས་ཀྱི་བྱེད་སྒོའི་ཁྲོད་ཁ་བཏགས་འབུལ་སྲོལ་དར་བར་བཤད་པ་དང་།

འགའ་ཞིག་གིས། སྔར་བོད་རྒྱལ་པུ་དེ་གུང་རྒྱལ་གྱི་དུས་སུ། འཕྲུལ་ཞེན་བལ་ཐོད་ཅན་ཞེས་གཤིན་གྱི་བུ་རྒྱུད་བྱིས་པ་བོང་རྣ་ཅན་ཞིག་སྐྱེས་པས། དེའི་རྣ་བ་འགེབ་བྱེད་དུ་བལ་གྱི་ལ་ཐོད་བཅིངས་པ་དེ། རིམ་གྱིས་ཁ་བཏགས་སུ་དར་བར་བཤད་པ་དང་།

དུང་དཀར་ཚིག་མཛོད་ལས། ངག་རྒྱུན་དུ། གནའ་རབས་བོད་ཀྱི་སྐུ་མགྲོན་ཁྱིམ་དུ་ཕེབས་པ་དང་། ཁྱིམ་ནས་ནང་མི་ཡུལ་གཞན་དུ་ཐོན་པ་སོགས་ཀྱི་སྐབས། བཀྲ་ཤིས་པའི་རྟེན་འབྲེལ་བཟང་བོ་མཚོན་བྱེད་དུ། རྩམ་པས་གོས་ཀྱི་གོང་བའི་སྟེང་དུ་དཀར་ཐིག་བརྒྱབ་པ་དེ། ཁ་བཏགས་ཟེར་ཞིང་། རྗེས་སུ་སོག་པས་བོད་ས་གནས་སུ་དབང་བསྒྱུར་བྱས་སྐབས། དེའི་ཚབ་ཏུ་སྔོན་པོ་དང་སེར་བོ་སོགས་མགུལ་དུ་གཡོགས་པ་དང་ཕྱག་ཏུ་འབུལ་བ་སོགས་དར་ནས། དེའི་མིང་ལ་ཁ་བཏགས་ཞེས་འབོད་སྲོལ་བྱུང་བ་ཡིན་གསུངས་པ་ཡང་བདེན་མཆི་སྟེ། ད་ལྟ་འང་གཞིས་རྩེ་ས་ཁུལ་དུ་སྐྱེས་པའི་གཡས་དང་། བུད་མེད་ཀྱི་གཡོན་གྱི་དཔུང་སྟེང་དུ། ལྷག་བསམ་མཚོན་བྱེད་དུ་རྩམ་པའི་དཀར་རྟགས་རྒྱག་པའི་སྲོལ་མ་ཉམས་པར་ཡོད་པར་བཤད་དོ། །

ཡང་ལ་ལས། གནའ་དུས་བོད་དུ་གཅན་གཟན་དང་རི་དྭགས་ཀྱི་པགས་པ། རྣམ་ཕྲུག་དང་བལ་དཀར་འབུལ་སྲོལ་བྱུང་བ་དེ། རིམ་གྱིས་དེའི་ཚབ་ཏུ་རྒྱ་ནག་ནས་ཐོན་པའི་དར་གོས་འབུལ་སྲོལ་བྱུང་བས་ཁ་བཏགས་དར་བར་འདོད་དོ། །

༢ ཁ་བཏགས་ཀྱི་རྣམ་གྲངས། ཁ་བཏགས་ཀྱི་མིང་གི་རྣམ་གྲངས་ལ། ཁ་དར། ལྷ་རྫས། ལྷ་གོས། ལྷ་རེག མཇལ་དར། སྙན་ཤལ། ལྷ་དར། སྙན་དར་བཅས་སོ། །བོད་འདིར་ཁ་བཏགས་ཐོག་མར་དར་བ་ལ།

༡ ནང་མཛོད་མ་རིག་གཉིད་སངས་མ་ནི། ཆིང་རྒྱལ་རབས་སྐབས་མཛོད་ནང་མའི་ཁོངས་སུ་འཇོག་པའི་ཁ་བཏགས་རྒྱུ་སྤུས་ལེགས་ཤིང་། རི་མོ་བཀྲ་ཤིས་རྟགས་བརྒྱད་དང་། སྣེ་གཉིས་ན་ཁ་ཚར་ཡོད་པ་དེའོ། །

༢ དཀོན་མཆོག་རིན་ཆེན་ནི། རེ་ཁཱ་བཀྲ་ཤིས་བརྒྱད་ཀྱིས་མཐའ་གཉིས་ལ། ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉིན་མོའི་གུང་ཡང་བདེ་ལེགས་ཤིང་། །ཉིན་མཚན་རྟག་ཏུ་བདེ་ལེགས་པ། །དཀོན་མཆོག་གསུམ་གྱིས་བཀྲ་ཤིས་ཤོག །ཅེས་ཁ་འཛར་ཉིས་བརྩེགས་ཡོད་པ་དེའོ། །

༣ ཁ་བཏགས་འདོམ་གསུམ་མ་ནི། ཆིང་རྒྱལ་རབས་སྐབས་ནང་ས་ནས་ཐོན་པའི་ཁ་བཏགས་ནང་མཛོད་འདོམ་གསུམ་གྱི་རིང་ཚད་ཡོད་པ་དེའོ། །

༤ ཁ་བཏགས་སྐྱ་ཆེན་ནི། ནང་མཛོད་ལས་ཐུང་ཞིང་ཚེ་དཔག་མེད་ཀྱི་སྐུ་བརྙན་ཡོད་ཅིང་། ཁ་འཛར་རིམ་གཅིག་ལས་མེད་པ་དེ་ལ། ཨ་ཡུ་ཤེ་ཟེར་ཞིང་། ཨ་ཤེ་ནི་སོག་སྐད་ཡིན་པར་བཤད། གཞན་ཡང་། མཛོད་བར་མའི་བར་མཛོད། ཆུ་རིས་ཅན་གྱི་ཟུབ་ཕྱི་ཕྱི་མཛོད། བསོད་བཏགས། འཕྲིན་ལས་དར་རྒྱས་མ་སོགས་ཡོད་དོ། །

༣ ཁ་བཏགས་གཏོང་ཡུལ། བླ་དཔོན་དང་རྟེན་གསུམ་ལ་མཆོད་མཇལ། དབང་ལུང་བཀའ་ཆོས་སྐབས་ལ་མཎྜལ་གྱི་ཚབ་དང་། སྦྱིན་སྲེག་གི་སྐབས་ན་བཟའི་འཐེབ། བྱས་རྗེས་ཅན་ལ་བྱ་དགའི་ཚབ། དཔའ་བོར་དཔའ་རྟགས། མགྲོན་པོ་བསུ་སྐྱེལ། གཉེན་སློང་དང་ཆང་ས་རྒྱག་པ། མདོར་ན། ཆོས་སྲིད་ཀྱི་བྱེད་སྒོ་མང་བོར་གཏོང་ལ། ཐ་ན་མི་ཤི་ཚེ་ཡང་ཁ་བཏགས་དྲིལ་ནས་གཏོང་སྲོལ་ཡོད། དེ་ནི་ངག་རྒྱུན་ལ་དབུལ་ཕྱུག་ཁྱིམ་ཚང་གཉིས་ཡོད་པ་ལས། ཕྱུག་པོ་ལྔ་ལམ་དུ་སོང་བས། དབུལ་བོ་དེ་བློ་དཀར་ཡང་ལོངས་སྤྱོད་ཀྱིས་དབུལ་ཏེ་ཅི་བྱ་གཏོལ་མེད་པར། རང་གི་བསམ་བློ་དཀར་བོ་མཚོན་བྱེད་དུ། བལ་ཕྱུག་འདོགས་བྱེད་ཀྱི་བལ་ཐིག་གཤིན་པོའི་སྐེ་ལ་བསྐོན་པ་ནས་དར་བར་བཤད་ལ། ཡང་བླ་མ་སོགས་ཀྱི་དགོངས་རྫོགས་ལ་གཏོང་བ་ནི་དད་རྟེན་ཡིན་ནོ། །

༤ ཁ་བཏགས་གཏོང་སྟངས་དང་མཚོན་དོན། ཆོས་ལུགས་ཀྱི་ལས་སྒོ་སྣ་ཚོགས་ལ་ཁ་བཏགས་འབུལ་དུས། ཉིས་ལྟེབ་ཏུ་བྱས་ཏེ་འབུལ་སྲོལ་ཡོད་ལ། དཔེར་ན་ཐལ་མོ་ཁོང་སྟོང་དུ་སྦྱོར་བ་བདག་མེད་མཚོན་བྱེད་དུ་འགྲོ་བས། ཁ་བཏགས་ཉིས་ལྟེབ་ཁོང་སྟོང་གིས་གཏོང་ཡུལ་ལ་ཁ་འཁོར་ཏེ་འབུལ་བ་ཡང་། ཆོས་ཐམས་ཅད་རང་བཞིན་གྱིས་རྡུལ་ཙམ་མེད་པར་བདག་མེད་ཀྱི་ལྟ་བ་སྟོན་ཕྱིར་རོ། །

ཡང་། སྙན་ཞུ་དང་ཡིག་བསྐུར་གྱི་སྐབས་སུ། ཞུ་སྙིང་གི་ཡི་གེ་ལ་ཁ་བཏགས་མཚམས་ལྟེབ་བརྒྱབ་སྟེ་ཕུལ། དབུལ་ཡུལ་ལ་སྲི་ཞུ་མཚོན་བྱེད་དང་། སེམས་པ་ལ་ནག་ནོག་གི་དྲི་མས་བཏང་སྟེ་ཀུན་སློང་མཚོན་བྱེད་དོ། །ཁ་དོག་དཀར་བ་བླ་སློབ་བར་ལ་དམ་ཚིག་གི་སེལ་མ་ཞུགས་པར་ཀུན་སློང་སྒྲིབ་མེད་དང་། མཛའ་འབྲེལ་བར་ལ་ཁྲེལ་གཞུང་དང་ལྷག་བསམ་དཀར་བ། སྲིད་དུ་རིང་བ་མཛའ་འདྲེས་ཀྱི་ཕྱི་ཐག་དང་བདེ་སྐྱིད་ཀྱི་ཕྱི་མཐའ་རིང་བ་མཚོན་ནོ། །ཁ་བཏགས་འབུལ་དུས། རང་ལས་མཐོ་བ་ལ་སྐུ་མདུན་དང་། མཉམ་པ་ལ་ལག་པ། དམའ་བ་ལ་མགྲིན་པར་གཏོང་ངོ་། །

གྲོ་སོ་ཕྱེ་མར།

༡ གྲོ་སོ་ཕྱེ་མར་གྱི་ཁུངས། གྲོ་སོ་ཕྱེ་མར་འདི། དང་ཐོག་བོན་གྱི་ལྷ་གསོལ་དང་། ཕྭ་གཡང་འགུགས་པ་སོགས་ཀྱི་མཐུན་རྐྱེན་དུ་སྦྱོར་ལ། གདོད་མའི་བོད་ཀྱི་སྤྱི་ཚོགས་ནང་དཀར་གསུམ་མངར་གསུམ་བཏབ་པའི་ཕྱེ་མར་སྟེང་། མར་རྡོག་གཅིག་འཇོག་པ་འམ། ཡང་ན། ཕྱེ་རྩམ་གྱི་རི་རབ་དབྱིབས་ལ། སྟེང་དུ་ཟླ་ཉི་དང་། ནོར་བུ་མེ་འབར་ཞིག་འཇོག་པ་དེ་ཡིན་པར་འདོད། ཡང་ལ་ལས། རང་ཅག་བོད་ཀྱིས་གནའ་སྔ་མོར་ལོ་ཏོག་གི་སྙེ་མའི་ཆུན་པོ་རྟེན་འབྲེལ་དགའ་སྟོན་དུ་ཕུལ་བ་རིམ་གྱིས་འཕེལ་རྒྱས་སུ་བཏང་བར་ཡང་བཤད་དོ། །དུས་རབས་བདུན་པའི་སྟོད་ཙམ་དུ་སྔར་སྲོལ་དེ་ལ་འཕོ་འགྱུར་བྱུང་སྟེ། རྒྱལ་བློན་ཁྲིར་འདོན་དང་། གཉེན་སྒྲིག དུས་སྟོན་ཆེ་ཁག་སོགས་ལ་ཆེ་མཐོང་གི་ཚུལ་དུ་བེད་སྤྱོད་བཏང་བ་ཡིན། དུས་རབས་བཅུ་གསུམ་པར་དམངས་ཁྲོད་དུའང་། ལོ་སར། ཁང་སྟོན། གཉེན་སྒྲིག སྐྱེས་སྐར། པང་གསོལ་སོགས་ཕལ་ཆེར་ལ་འབུལ་སྲོལ་བྱུང་བའི་རྟེན་འབྲེལ་མཚོན་བྱེད་ཀྱི་གྲུབ་ཆ་གལ་ཆེན་ཞིག་བཟུང་ཡོད།

༢ གྲོ་སོ་ཕྱེ་མར་གྱི་དབྱིབས། གནའ་སྔ་མོར། ཤིང་སྡེར་ཀྱི་སྟེང་དུ་ཕྱེ་རྩམ་སྤུངས་ཏེ། སྟེང་དུ་མར་རྡོག་ཅིག་འཇོག་སྲོལ་ཡོད་པ་དེ། ཨ་མདོའི་དམངས་གཞས་ལས། ཕྱེ་མར་མགོ་ཡི་འབྲི་མར་འདི། །རི་མཐོན་པོ་ཉི་རྩེ་ཤར་འདྲ་རེད། །ཕྱེ་མར་རྐེད་ཀྱི་ཕྱེ་རྩམ་འདི། །རྩེ་གངས་དཀར་གངས་རི་འགྱིང་འདྲ་རེད། །ཕྱེ་མར་ཞབས་ཀྱི་སྡེར་མ་འདི། །ཐང་ཆེན་པོར་མར་ཁུ་འཁྱིལ་འདྲ་རེད། །ཅེས་པ་ལྟར། སྟབས་བདེ་ཞིག་ལགས་ལ། ཕྱིས་སུ་ཁད་ཀྱིས་འཕེལ་རྒྱས་སུ་བཏང་ནས། འབོ﹙འབྲུ་རིགས་ཚད་འཇལ་བྱེད་ཤིང་བཟོས་ལྕགས་ཤན་ཅན། ལྔ་འབོ། བཅུ་འབོ། བཅོ་ལྔ་འབོ་ཉི་ཤུ་འབོ་སོགས་ཡོད﹚གཉིས་ལ་ཡ་གཅིག་གྲོ་དང་། ཡ་གཅིག་རྩམ་པས་བཀང་སྟེ། གྲོའི་སྟེང་ཚ་རྡོག་དང་། རྩམ་སྟེང་མར་ལེབ་ལྔ་འམ་གསུམ་འཇོག་ཅིང་། མི་རེས་བཏེགས་ནས་རྟེན་འབྲེལ་ཞུ་བའི་སྲོལ་དར། རིམ་གྱིས་ཇེ་རྒྱས་སུ་གྱུར་ནས། འབོ་ཉིས་འབྲེལ་བཟོས་ཏེ། བཀྲ་ཤིས་རྟགས་བརྒྱད། རྫས་བརྒྱད། ནོར་བུ་ཆ་བདུན། རྟགས་བརྒྱད་བུམ་གཟུགས། སེང་གེ་གཉིས་ཀྱིས་ནོར་གཞོང་བཏེགས་པ། ནོར་བུ་མེ་འབར། དགའ་འཁྱིལ། འབོའི་ནང་གཡས་གཡོན་དུ་གྲོ་ཡོས་དང་ཕྱེ་མར་བྱུར་ཁེངས་སུ་བླུགས་ཤིང་། ཤིང་གི་བྱང་བུ་མར་ཚོན་གྱི་མཐུན་པ་སྤུན་བཞི། མི་མཐུན་གཡུལ་རྒྱལ། ཚེ་རིང་དྲུག་སྐོར། རྟགས་བརྒྱད་བུམ་གཟུགས། མེ་ཏོག་དང་། ཉི་ཟླ་མེ་རིས་སོགས་ཀྱིས་བརྒྱན་པ་དབུས་སུ་བཙུགས་པའི་མཐའ་བསྐོར་གྲོ་ཡོས་དང་། ཕྱེ་མར་ཐོག་ཏུ་གྲོ་སྙེ་ཚོན་སྣ་དང་། ལོགས་སུ་མེ་ཏོག་གི་མཛེས་པར་བརྒྱན་པའོ། །

ནག་ཆུ་ཕྱོགས་ཀྱི་བག་མ་གཏོང་ལེན་གྱི་རྒྱུན་སྲོལ་ལས། ཕྱེ་མར་ལ་བསྟོད་པ་ནི། སྡེར་མ་ཙན་དན་དཀར་ལས་གྲུབ། །སྡེར་མ་ཙན་དན་དམར་ལས་གྲུབ། །ཁ་རྒྱན་སེར་བོ་གསེར་ལས་གྲུབ། །མཐིལ་རྒྱན་ཁམ་པ་དངུལ་ལས་གྲུབ། །སྡེར་ཐོགས་དེ་ཡི་ཡང་སྙིང་ལ། །ཕྱེ་མར་གངས་རི་སྤུངས་འདྲའི་སྟེང་། །མར་གཙུག་འཁོར་ལོའི་བསྟན་པ་སྲུང་། །དེ་བསྟན་པ་རྒྱས་པའི་རྟེན་འབྲེལ་དང་། །ལོངས་སྤྱོད་འཕེལ་བའི་རྟེན་འབྲེལ་ཡིན། །ཞེས་བཤད་ནས་ཕྱེ་མར་ལས་མཆོད་པ་ལན་གསུམ་འབུལ་བ་ཡིན་ནོ། །

༣ གྲོ་སོ་ཕྱེ་མར་འབུལ་སྟངས། ལོ་སར་དང་། རྟེན་འབྲེལ་དགའ་སྟོན་གང་གི་སྐབས་སུའང་འབུལ་ལེན་གཉིས་ཀས། བཀྲ་ཤིས་བདེ་ལེགས་ཟེར་ལ། ལོ་སར་གྱི་སྐབས་སུ། འབུལ་མིས། བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས། །ཨེ་མ་བག་བྲོ་སྐུ་ཁམས་བཟང་། །གཏན་དུ་བདེ་བ་འཐོབ་པར་ཤོག །གོང་ནས་གོང་དུ་འཕེལ་བར་ཤོག །ཅེས་བཤད་ནས་འབུལ་ལོ། །

༤ གྲོ་སོ་ཕྱེ་མར་ཕུལ་བའི་དགོས་པ། རང་ཅག་ཁ་བ་ཅན་པའི་ས་ཁུལ་འདི་རོང་འབྲོག་གཉིས་ཀྱི་ཐོན་སྐྱེད་བྱེད་སྒོ་གཉེར་ལ། དེ་ཡང་། རོང་བའི་གྲོ་དང་ཕྱེ་རྩམ། འབྲོག་པའི་དཀར་ཆུའི་སྙིང་བོ་མར་ཡིན་པས། གྲོ་ཡོས་དང་། སྙེ་མ། རྩམ་པ། མར་རྒྱན་བཅས་བོད་མིའི་ཟས་ཕུད་དུ་འགྲོ་བས། ལྷག་བསམ་དང་མཛའ་བརྩེས་ཕན་ཚུན་ལ་ལེགས་སྐྱེས་ཀྱི་རྟེན་འབྲེལ་དུ་ཕུལ་བ་ཡིན། བཟའ་བཏུང་མ་སྤྱད་གོང་དུ་ལྷ་ལ་མཆོད་པས་འཕྲིན་བཅོལ་དང་། སྐྱབས་འཇུག་བྱེད་པ་དང་། ཞལ་ལ་ཅུང་ཟད་གསོལ་བས་ཟས་ཀྱི་བཀའ་དྲིན་དྲན་པའི་དགོས་པ་ཡོད།

ལོ་སར་ལ་མཚོན་ན། གནམ་ལོ་གསར་བ་འདིར་བགེགས་མེད་བདེ་སྐྱིད་ལྡན་ཞིང་། རང་གཞན་འཕྲལ་ཡུན་བདེ་བའི་སྨོན་འདུན་བཟང་བོ་བྱེད་པ་མཚོན་ནོ། །

ཀླུང་རྟ་སྡེ་བཞི།

བོད་ཀྱི་ཀླུང་རྟའི་སྲོལ་ནི་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོའི་སྐབས་སུ་མགོན་ཤེས་ལྷ་བོན་དང་གཡང་ཤེས་ཕྭ་འདོད། འགྲོ་ཤེས་གླུད་གཏོང་སོགས་བོན་ཤེས་པ་ཅན་མི་བཅུ་གཉིས་ཀྱི་ནང་གསེས་མགོན་ཤེས་ལྷ་བོན་གྱིས་སྲོལ་གཏོད་པར་གྲགས། གཏམ་རྒྱུད་གསེར་ཐང་ལས་ཀྱང་། གཡང་དྲུང་བོན་གྱི་ལུགས་ལས་འོང་བའི་རླུང་རྟ་སྡེ་བཞི་ལ་སོགས་གསུངས། ཡང་། ཀླུང་རྟའི་བསྐྱེད་གཏོ་ལས། ལྷ་སྒྲུང་གི་ཤན་ཞུགས་འདྲ་ཞིག་གསུངས་པ་ནི། སྔོན་གྱི་བསྐལ་བ་དང་བོ་ལ། །སྲིད་པ་ཡེ་སྨོན་རྒྱལ་བོ་དང་། །སྲིད་པ་ཡེ་སྨོན་རྒྱལ་མོ་གཉིས། །ལས་དང་སྨོན་ལམ་མཐུན་པའི་ཚེ། །སྟངས་﹙དག་ཡིག་མང་བོར་སྟངས་དབྱལ་ནི་བཟའ་ཚང་ཕོ་མོ་ལ་ཟེར﹚དང་དཔྱལ﹙ནམ་མཁའ་ནོར་བུས། དབྱལ་ནི་ལྕམ་མོའི་དོན་དུ་འཇུག་ལ། མ་མོ་ཞེས་པ་དབྱལ་གྱི་ནང་ནས་ཆེས་སྔ་བའི་མ་ཆེན་མོ་ཞིག་ཡིན་པར་བཤད་དོ། །﹚དུ་ཚོགས་པ་ལས། །སྲས་སུ་ཀླུང་རྟ་སྤུན་ལྔ﹙དེ་ལྔ་ནི་རྩིས་གཞུང་འབྲེལ་བའི་ཐ་སྙད་དེ། མེ། ས། ལྕགས། ཤིང་། ཆུ་བཅས་ཀྱི་མཚོན་བྱེད་དུ་བརྩི་བ་ཡིན། ﹚སྲིད། །ཁྲི་དང་དགུ་འབུམ་འཁོར་གྱིས་བསྐོར། །འགྲོ་བ་ཡོངས་ཀྱི་རླུང་རྟ་བསྐྱེད། །ཅེས་ཀྱང་གསུངས་སོ། །

དེ་ལས་གཞན། བསྐྱེད་པ་བཞི་ལྡན་གྱི་གཏོ་ཆོག་ཅེས་པའི་ཆོ་ག་དེའི་ནང་དུ་འང་དམིགས་ཡུལ་ཀླུང་རྟ་སྡེ་བཞི་རྒྱས་པར་བྱ་རྒྱུ་དེ་ཡིན་ལ། མདོར་ན། ཁ་རྗེ་དང་བསོད་ནམས། སྙན་གྲགས་དང་སྟོབས་འབྱོར་གོང་ནས་གོང་དུ་འཕེལ་བའི་ཆེད་དུ་ཡིན། དེ་བས་ཁ་དཔེར་ཡང་། བྱ་ལས་ལམ་འགྲོ་ཡོང་བའི་མིར་དེང་སང་ཁྱེད་ལ། རླུང་རྟ་རྟ་རྒོད་རྒྱུགས་དང་། ཁ་རྗེ་འོ་མ་འཕྱུར་འཕྱུར་རེད་ཟེར་བ་བཞིན་ནོ། །

ཡང་། འཇུ་མི་ཕམ་གྱིས། ཀླུང་ཏཱ་ཞེས་པ་རྒྱ་ནག་གི་སྐད་དེ་སྟོབས་པོ་ཤུགས་ལ་འཇུག དེ་བོད་དུ་སྲོག་ལུས་དབང་རླུང་གིས་ཟླས་དབྱེ་བའི་རླུང་རྟ་ལ་ཀླུང་ཞེས་བསྒྱུར། གསང་བའི་བརྡ་གཏེར་མ་རྣམས་ལས་རླུང་རྟ་ཞེས་རླུང་ཤུགས་སྟོབས་ཀྱི་བྱེད་པ་ཅན་གཡོ་བར་བྱེད་པ་དང་། རྟ་ནི་བཞོན་པའི་དོན་ཏེ་གང་འདོད་གནས་སུ་སླེབས་པའི་དོན་གྱིས་བཏགས་ཞེས་གསུངས་ཀྱང་། ཡིན་རྒྱུ་ནི་ཀླུང་ཞེས་པས་འབྱུང་ལྔའི་ནང་ཚན་ནམ་མཁའི་ཁམས་མཚོན་པ་དང་། གཞན་ཆུ་ཀླུང་ཞེས་པའི་སྐབས་རྒྱུན་མི་ཆད་པར་འབབ་པའི་ཆུ་རྒྱུན་ལ་ཡང་འཇུག་པས། ཚེ་བསོད་དབང་ཐང་སོགས་ནམ་མཁའ་བཞིན་དུ་ཁྱབ་པ་དང་། ཆུ་ཀླུང་བཞིན་དུ་རྒྱུན་མི་ཆད་པར་འཇུག་གོ ཡིག་རྙིང་རྣམས་སུ་ཀླུང་ལ་ཀ་ཀླུང་འབྲི་ལ། དུས་ཕྱིས་རླུང་རྟ་ཞེས་ཐ་སྙད་སྦྱར་བ་ནི་རླུང་གི་བཞོན་པ་ལྟ་བུའི་རྟ་མཆོག་ཅེས་མྱུར་ཁྱད་ཀྱི་གོ་དོན་ལ་བསམ་པ་ཡིན་ནམ་སྙམ་མོ། །

དེ་ཡང་ཀླུང་རྟའི་ཆོ་ག་འདི། འགྲོ་བ་མིའི་རིགས་ཀྱི་བདེ་སྡུག་སྲོག་ལུས་དབང་ཐང་དང་འབྲེལ་བ་ཆེ་བའི་སྐྱེས་བོ་ཕོ་མོ་སུ་ཡང་རུང་བ་ཞིག་གི་ལས་ཀླུང་ངམ། འབྱུང་ཁམས་ཀྱི་ནུས་པ་ཉམས་རྒུད་ཐེབས་ཡོད་ན། དངོས་བོ་རྣམས་འཇོམས་བྱེད་ཀྱི་གཉེན་པོར་འཕྲད་ན་སེལ་ནུས་པ་སྟེ། མི་མཐུན་པ་མཐུན་པར་བགྱིད་པ་དང་། ཉེས་པ་ལེགས་པར་གཏོང་བ། ཐན་ལྟས་བཀྲ་ཤིས་པར་བྱེད་པ། རྒུད་པ་དར་བར་བྱེད་པ། རྐྱེན་ངན་ཕུན་ཚོགས་སུ་བསྒྱུར་བའོ། །ཀླུང་རྟ་སྡེ་བཞིའི་དབུས་སུ་རྟ་མཆོག་ལ་ནོར་བུས་བརྒྱན་པ་ནི། ལས་གསོད་དང་མཚན་སྙན་སོགས་རྟ་མཆོག་གི་བང་རྩལ་བཞིན་མྱུར་ཞིང། དགོས་འདོད་ཡིད་བཞིན་དུ་འགྲུབ་པ་ནོར་བུ་རིན་པོ་ཆེ་དང་མཚུངས་པས་སོ། །

དེ་བས་དམངས་ཁྲོད་དུ་རགས་པའི་བརྡ་སྦྱར་ཏེ། རླུང་རྟ་དང་བསོད་ནམས་ཞེས་པ་གོ་དོན་གཅིག་ཏུ་བཞག་ནས། བསོད་ནམས་དར་རྒུད་བྱུང་བ་ལ། རླུང་རྟ་དར་རྒུད་བྱུང་བ་ཟེར་བ་བཞིན་ནོ། །སྟག་སེང་ཁྱུང་འབྲུག་བཞི་ནི། གནམ་ན་ཆེ་བ་ཁྱུང་དང་འབྲུག ས་ན་ཆེ་བ་སྟག་དང་སེང་གེས་མཚོན་པ་སྟེ། ཁྱུང་དང་འབྲུག་འཕུར་རྩལ་མྱུར་བ་དང་། སྟག་དང་སེང་གེ་མཆོངས་རྩལ་མྱུར་བ་དང་། ཡང་ན། ཁྱུང་གི་རྩལ་དང་འབྲུག་གི་སྒྲ། སྟག་གི་མཆོངས་དང་སེང་གེའི་སྟོབས་བཞིན་འཕེལ་ཞིང་དར་བ་མཚོན་ལ། ནང་ཆོས་ལས་རྟའི་སྒལ་སྟེང་གི་ནོར་བུས་མཆོག་གསུམ་མཚོན་པར་བཤད་པ་དང་། གཡུ་ཐོག་པས་རྡོ་རྗེ་རྩེ་ལྔ་འབྲི་བ། གློ་བོ་ལོ་ཙཱ་བས་རི་ལ་ཉི་ཟླ་སྐར་གསུམ་དང་། ཀླུང་ལ་ཉ་སྦལ་དུང་གསུམ། མཁར་རྩེ་རྟགས་བརྒྱད་དང་འདོད་གསོལ། འཇུ་མི་ཕམ་པས་རྣམ་བཅུད་དབང་དང་གཟུངས་སྔགས་སྣ་ཚོགས་འབྲི་བ་ནི་ཕྱིས་སུ་ལྷན་པའོ། །

སྲོག་ཆགས་དེ་བཞི་ལ་གཉན་ཆེན་སྡེ་བཞི་འམ་ཀླུང་རྟའི་ལྷ་བཞི་ཡང་ཟེར་ལ། དེ་ཡང་བོན་ལུགས་ཀྱི་གཏམ་རྒྱུད་ཞིག་ལ་འབྲེལ་ཡོད། རྒྱུ་མཚན་ནི། ཁྲི་ཐོ་ཆེན་པོར་སྲས་དྲུག་མཆིས་པ་ལས། ཆེ་བ་གསུམ་ནི་གཉན་བཟར་འཁྲུངས་པས། གཉན་ནི་སྲས་ལྡོང་དབྲ་འགྲུ་གསུམ་གྱི་ཞང་བོ་ཡིན། འོན་ཀྱང་མི་དང་། གཉན། བདུད་གསུམ་བར་དམག་འཁྲུག་ལངས་པས། གཉན་གྱིས་ཡབ་ཁྲི་ཐོ་ཆེན་པོ་བཀྲོངས། གཉན་གྱིས་ཁྲི་ཐོ་ཆེན་པོའི་མི་སྟོང་ལ་བུ་དྲུག་པོ་སྲོག་ཆགས་རེ་སྤྲོད་རྒྱུ་བྱས་པ་ལས། སྲས་ཆེ་བ་བཞི་ལ་ཁྱུང་དང་། འབྲུག གཡག སྟག་བཅས་སྤྲད། ཐ་ཆུང་གཉིས་དགྲ་ཤ་ལེན་པའི་གྲས་སུ་མ་ཞུགས་པས། ར་དང་ཁྱི་གཉིས་དམའ་འབེབས་ཀྱིས་ཚུལ་དུ་སྤྲད་པར་མ་ཟད། རུས་རྒྱུད་ཚོ་བའི་ཁྲོད་གོ་གནས་ཅི་ཡང་མ་སྤྲད་ལ། སྲོག་ཆགས་ཆེ་བཞི་ལ། ཁྱུང་གིས་རྩལ་དང་། འབྲུག་གིས་གྲགས་པ། སྟག་གིས་དཔའ་ཉམས། གཡག་གིས་སྟོབས་ཤུགས་མཚོན་པའི་ཁྱད་ནུས་ལྡན་ཕྱིར། རུས་རྒྱུད་ཀྱི་ཚབ་མཚོན་དང་། ལྡོང་དང་དབྲ། འགྲུ་དང་སྒ་བཅས་ཀྱི་དགྲ་ལྷར་བརྩི་བ་ཡིན། ཡང་། དུས་རབས་བཅུ་གསུམ་གྱི་ཡས་མས་སུ་བརྩམས་པར་གྲགས་པའི་དབུ་ནག་མིའི་འདྲ་ཆགས་ནང་རླུང་རྟའི་རི་མོའི་ཁྲོད་ན་སེང་གེའི་ཚབ་ཏུ་གཡག་བྲིས་ཡོད་ལ། གཞན་འཇང་རིགས་ཀྱི་རི་མོའི་ནང་དུ་འང་གཡག་འབྲི་སྲོལ་ཡོད། འདི་ལ་མཁར་རྨེའུ་བསམ་གཏན་གྱིས་འདས་པའི་དུས་གང་ཞིག་གི་ཚེ་སེང་གེས་བོད་ཀྱི་ཡུལ་ཁམས་ཀྱི་མཚོན་བྱེད་བྱེད་པའི་སྲོལ་དར་བ་ནས་བཟུང་། སེང་གེས་གཡག་གི་ཚབ་བྱས་ཡོད་ཟེར་ལ། འདི་ལ་དཔྱད་གཞི་ཆེའོ། །

འོ་ན་ད་ལྟ་ཀླུང་རྟ་སྡེ་བཞིའི་ཡང་སྙིང་རྟ་མཆོག་ལ་ནོར་བུ་བཀལ་བ་དེ་ཅི་ཡིན་ཞེ་ན། ཁོ་བོའི་གཞིགས་ན། དབུ་ནག་མིའི་འདྲ་ཆགས་ལས་གཉན་གྱིས་བོད་ཀྱི་ཨ་མྱེས་ཁྲི་ཐོ་ཆེན་པོ་བཀྲོངས་པ་ལ་མི་སྟོང་སྙིང་ཚིམ་པ་བླངས་ཏེ། བདུད་ལ་ལེ་ལན་སླན་སྐབས་བུ་སྤུན་བཞིས་རྟ་མཆོག་རེ་ཉོས་ནས་འཁོར་གསུམ་བསྐོར་ནས། བདུད་ཀྱི་མི་ནག་དུས་ཆེན་དང་ངམ་སྟག་སྐྱ་བོ་བསད། བདུད་རྗེ་ཁྱབ་པ་ལག་རིང་བཙོན་དུ་བཟུང་། བདུད་ཕྲུག་མང་བོ་བྲག་ལ་བརྡབས། བདུད་མཁར་ཕྱེ་བ་ཕྱེད་རྫོང་ཕབ་ཏེ་བདུད་ནོམ་མང་བོ་དཔའ་ནོམ་དུ་ལོན་པ་སོགས་རྟ་མཆོག་བཞི་བོའི་བཀའ་དྲིན་ཡིན་པས་ཀླུང་རྟའི་དཀྱིལ་དུ་བཀོད་པར་སྙམ་མོ། །

ཡང་ཁ་ཅིག བོད་བཙན་པོའི་རིང་དམག་དར་གྱི་ངོས་སུ་སྲོག་ཆགས་ཐུ་བོ་ཆེ་མང་དུ་བཀོད་ཡོད་ཅིང་། ཕྱིས་སུ་དར་གྱི་རི་མོ་རྣམས་གཅིག་ཏུ་བསྡུས་ཏེ་སྟག་སེང་ཁྱུང་འབྲུག་བཞི་གྲུ་བཞི་རུ་བཀོད་ནས། ཁྱུང་འབྲུག་གཉིས་ཀྱིས་གནམ་ལ་འཕུར་དགུའི་ནང་གི་ཆེས་གཉན་པ་དང་བཙན་པ་མཚོན། སེང་སྟག་གཉིས་ཀྱིས་ས་ལ་འཛུལ་རྒྱུ་དགུའི་ནང་གི་ཆེས་གཉན་པ་མཚོན་པ་དང་། རྟ་མཆོག་དཀྱིལ་ན་ཡོད་པས་སྔོན་གྱི་སྟོང་སྡེའི་དམག་དཔུང་མཚོན་པར་ཡང་བཤད་དོ། །

གཞན་ཡང་། ཡུལ་ལྷར་བལྟོས་ནས་སྤེལ་བའི་ཆོ་ག་ཞེས་པའི་ནང་འདི་ལྟར། ཁྱུང་གིས་སྲོག་དང་། སྟག་གིས་ལུས། འབྲུག་གིས་དབང་ཐང་། སེང་གེས་རླུང་རྟ། རྟས་བླ་དཔལ་དང་། ཡང་ན། རྟ་ནི་གྲུབ་ཆ་སྤྱིའི་མཚོན་བྱེད་དུ་འང་འཇོག་སྲོལ་ཡོད། ཞེས་ཀྱང་བཤད་དོ། །

ཡང་། མནའ་སྔ་མོར་འབྱུང་ཁམས་ལྔའི་བྱེད་ལས་དང་ནུས་པ། སེམས་ཅན་སྟག་སེང་ཁྱུང་འབྲུག་རྟ་བཅས་ཀྱི་གཟུགས་རིས་ལྔས་མཚོན་པ་སྟེ། སྟག་ནི་ལྗོན་ཤིང་མང་དུ་དཀྲིགས་པའི་ནགས་ཚལ་གྱི་ཁྲོད་ན་མཆོངས་རྩལ་དང་སྲོག་ཆགས་གཞན་གྱི་རྒྱལ་བོ་ལྟ་བུར་གྱུར་ཏེ། ནགས་ཚལ་ལ་དབང་བྱེད་པ་ལྟར། འབྱུང་བ་ཤིང་གི་མཚོན་རྟགས་ཡིན། སེང་གེ་ནི་སའི་ཁམས་ལས་གྲུབ་པའི་སྙིང་བོ་རི་བོ་གངས་ཅན་ཡིན་པས། སེང་གེས་དེ་ལ་གནས་འཆའ་བས་འབྱུང་བ་སའི་མཚོན་རྟགས་ཡིན། ཁྱུང་ཆེན་འབར་བ་ནི་སྔོན་གྱི་ཚེ་ལྷ་མཐུ་བོ་ཆེར་བརྩི་ཞིང་། ཚེ་སྲོག་འབར་བའི་ནུས་ཤུགས་ཀྱི་འབྱུང་གཞིའི་ལྟེ་བ་ངོས་འཛིན་པ་དང་། ཁྱད་པར་དུ་རྭ་ལས་མེ་འབར་བས་འབྱུང་བ་མེའི་མཚོན་རྟགས་ཡིན། འབྲུག་ནི་ཆུ་ལ་གནས་པའི་སྲོག་ཆགས་ཆེ་ཤོས་སུ་གྲགས་པས་འབྱུང་བ་ཆུའི་མཚོན་རྟགས་ཡིན། རྟ་མཆོག་ནི་སྐྱེས་བོ་ཡོད་དོ་ཅོག་གི་ནུས་རྒྱུན་དེ་ནམ་མཁའི་ཁམས་ལ་བརྟེན་ནས་རྒྱུན་བསྲིངས་དགོས་པས། རྟ་མཆོག་ནམ་མཁའི་ཁམས་ཀྱི་མཚོན་རྟགས་ཡིན་ལ། འདིར་བསམ་རིགས་པ་ཞིག་ལ། འབྱུང་བ་བཞིས་གཅིག་ལ་གཅིག་བརྟེན་གྱིས་སྣོད་བཅུད་ཕུན་ཚོགས་བསྐྲུན་པ་བཞིན། རླུང་རྟ་བསྐྱོན་པས། མིའི་ཁྱད་ནུས་སྤེལ་བ་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་ཏེ། ཀླུང་རྟ་བསྐྱེད་གཏོ་ལས། ཤིང་གི་ཀླུང་རྟ་ཆུ་ཡིས་བསྐྱེད། །ཕྲིན་ལས་ཆུ་རྒྱུན་རིང་བར་ཤོག །མེ་ཡི་ཀླུང་རྟ་ཤིང་གིས་བསྐྱེད། །ཅི་འདོད་འབྲས་བུ་འབྱུང་བར་ཤོག །ས་ཡི་ཀླུང་རྟ་མེ་ཡིས་བསྐྱེད། །སྟོབས་རྩལ་མེ་ལྟར་འབར་བར་ཤོག །ལྕགས་ཀྱི་ཀླུང་རྟ་ས་ཡིས་བསྐྱེད། །ཆབ་སྲིད་ས་ལྟར་བརྟན་པར་ཤོག །ཆུ་ཡི་ཀླུང་རྟ་ལྕགས་ཀྱིས་བསྐྱེད། །དབང་ཤུགས་ལྕགས་ལྟར་སྲ་བར་ཤོག །ཅེས་སོ། །

ཕྱིས་སུ་དེ་དག་ལ་གཞི་བཅོལ་ནས་ཆོ་ག་བརྩམས་ཏེ། རྫས་སྔགས་ལས་གསུམ་ནས་སྒྲུབ་ལུགས་ཀྱང་ཡོད། དཔེར་ན། སྒྲོལ་མའི་ཀླུང་རྟ་དང་། ཀླུང་རྟའི་ཀ་འཛུགས། ཀླུང་རྟའི་གསོལ་ཁ་སོགས་སོ། །

གཞན་ཡང་། བོན་ལུགས་ཀྱི་བསང་མཆོད་ཡུལ་ལྷར་བལྟོས་ནས་སྤེལ་བའི་ཆོ་ག་ཞེས་པའི་ནང་། འདི་ལྟར་འཁོད་ཡོད་དེ། རླུང་རྟའི་ཐོག་བཀོད་པའི་སྲོག་ཆགས་ལྔ་བོས། སྐྱེ་བོའི་གྲུབ་ཆ་མཚོན་པར་བྱེད་པ་སྟེ། ཁྱུང་གིས་སྲོག་དང་། སྟག་གིས་ལུས། འབྲུག་གིས་དབང་ཐང་། སེང་གེས་རླུང་རྟ། རྟས་བླ་དཔལ་མཚོན་པ་ཡིན་ལ། ཡང་རྟ་ནི་གྲུབ་ཆ་སྤྱིའི་མཚོན་བྱེད་དུ་འང་འཇོག་སྲོལ་ཡོད། འདི་དག་གི་བྱེད་ལས་ཀྱང་། རྒྱ་སྟག་ཁྲ་མོ་ནགས་ནས་མཆོངས་པ་དང་། སེང་གེ་དཀར་མོ་གངས་ནས་འགྱིངས་པ་སྟེ། །བྱ་རྒྱལ་ཁྱུང་ཆེན་མཁའ་ལ་ལྡིང་བ་ལྟར། །ལྷོ་འབྲུག་སྔོན་མོ་ལྡིར་བ་ཇི་བཞིན་དུ། །སྲོག་ལུས་དབང་ཐང་ཀླུང་རྟའི་ཆོ་ག་ལྟར། །ཉམས་པ་སོས་ཤིང་མ་ཉམས་འཕེལ་གྱུར་ཏེ། །སྙན་པའི་དར་དང་གྲགས་པའི་དུང་བཞིན་དུ། །དགེ་བའི་མཚན་མས་ཀུན་ནས་ཤིས་པར་བྱེད། །ཅེས་དང་། སྟག་སེང་ཁྱུང་འབྲུག་བཛྲ་ཨཱ་ཡུཪྵེ། ཀླུང་རྟ་ཀུན་འདུས་སརྦ་འདུ་འདུ་ཧོཿ སྲོག་ལུས་དབང་ཐང་ཚེ་བསོད་རྒྱས་པ་དང་། །བསམ་དོན་ཡིད་བཞིན་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་དང་།

ཡང་། རླུང་རྟ་དར་བའི་གདམས་པ་ཞེས་པའི་དཔེ་ཆ་བྲིས་མ་ཞིག་ཏུ། སྲིད་གསུམ་ཟིལ་མནོན་བྱ་ཁྱུང་རྒྱལ་བོ་ཡིས། །བདག་གི་ཚེ་སྲོག་ནམ་མཁའི་རང་བཞིན་ལྟར། །འཆི་བདག་བདུད་ཀྱིས་བསྐྱེད་དུ་མེད་པར་མཛོད། །འགྲན་དོས་མི་རྫི་མཚལ་སྟག་བྱ་རོག་ཅན། །བདག་གི་སྐུ་ལུས་དཔག་བསམ་ཚལ་རྒྱས་ནས། །མི་མཐུན་ནད་གཅོང་འཚེ་བ་མེད་པར་མཛོད། །སྒྲ་ཡི་རྒྱལ་བོ་གཡུ་འབྲུག་ཐོག་དབལ་ཅན། །བདག་གི་དབང་ཐང་དབྱར་མཚོ་འཁྱིལ་བཀང་ནས། །བསོད་ནམས་སྲིད་ལ་གནོད་པ་མེད་པར་མཛོད། །གང་གིས་འགྲན་མེད་དུང་སེང་གཡུ་རལ་ཅན། །བདག་གི་རླུང་རྟ་གངས་རི་ལྟར་དཀར་ནས། །ལས་དང་བསམ་པ་བར་ཆད་མེད་པར་མཛོད། །རྫུ་འཕྲུལ་ཤུགས་འགྲོས་དབང་རྟ་སྤྲིན་ཤུགས་ཅན། །བདག་གི་བླ་དཔལ་ཕུན་ཚོགས་ཆར་སྤྲིན་ཕྱུག །འགལ་བྱེད་རླུང་གིས་དེངས་པ་མེད་པར་མཛོད། །ཅེས་ཀྱང་གསུངས་སོ། །

ཇོ་དར།

ཇོ་དར་ཞེས་པའི་ཇོ་ནི་གཙོ་བོ་འམ་ལྷ་ལ་འཇུག་པ་དང་། ལྷ་མཆོད་ཀྱི་ཐབས་དར་གོས་སུ་བྲིས་པ་དེ་དར་བ་ཞིག་ཡིན་ལ། བོད་ཡུལ་འདིར་ལོ་ཉིས་སྟོང་ལྷག་གི་སྔོན་ནས་དར་ཡོད། ཐོག་མར་ཕྱིའི་འབྱུང་ཁམས་གསོ་བྱེད་དུ་རླུང་རྟ་སོགས་ཇོ་དར་བྱས་ཏེ་རླུང་ལ་འཕྱར་བ་དང་། ཕྱིས་སུ་དུས་རབས་བདུན་པའི་སྨད་ཀྱི་ཆར་ཐུགས་རྗེ་ཆེན་པོའི་ཡང་སྙིང་མ་ཎི་བྲིས་ཏེ། ཇོ་དར་འཛུགས་སྲོལ་དར་རྒྱས་ཆེན་པོ་བྱུང་། ཇོ་དར་འཛུགས་སྲོལ་འདི་ཁམས་ཕྱོགས་སུ་དར་ཁྱབ་ཆེ་ལ། ཇོ་དར་འཛུགས་སྲོལ་གྱི་ཕྱག་ལེན་དང་། ཕན་ཡོན་ཡང་། འདས་ལོག་བྱང་ཆུབ་སེང་གེ་དང་། སྟག་ལེབ་བླ་མའི་འདས་ལོག་ལས་གསུངས་པ་གཞིར་བྱས་ཏེ། འདིར་མདོར་བསྡུས་བཀོད་ན།

༡ ཇོ་དར་བྲི་གཞི་ནི། རབ་ཟ་འོག་དང་གོས་ཆེན། འབྲིང་དར་རས་འཕྲིག་གསུམ། ཐ་མ་སྣམ་ཤར་སོགས་སོ། །

༢ བྲི་རྫས་ནི། རབ་ལ་གསེར་དངུལ། འབྲིང་ལ་དུང་དང་མཚལ། ཐ་མ་ལ་བཙག་སོགས་སོ། །

༣ སྒྲོག་བུ་ནི། སྒྲོག་བུ་ལ་སྡིག་བཤགས་ཡིན་ན་གང་འཛོམས་དང་། ཚེ་གསོད་འཕེལ་བའི་ཆེད་ཡིན་ན། གཡང་དཀར་ལུག་གི་སོག་བལ་ལ། བུ་དང་བུ་མོ་གཙང་མ་གཉིས་ཀྱིས། ཉི་མ་རྩེ་ཤར་ལ་མཁལ་རྨེལ་བྱས་ཏེ་སྒྲོག་གུ་གདགས་པར་བྱའོ། །

༥ ཡུ་བ་ནི། ཤིང་རྩེ་མོ་ནོར་བུའི་དབྱིབས་ལ། །ཚོན་རྩི་སོགས་ལེགས་པོར་བྱུགས་པའོ། །

༦ བྲི་ལུགས་ནི། ཇོ་དར་ངོས་ཡ་རེ་ལ་མགོ་འདྲེན་ཨོཾ་རླུང་གིས་གཡབ་སར་བྲིས་ཏེ། ཧྲཱྀཿངོས་ཐ་མར་བྲིས་ནས། གཟུངས་སྔགས་དང་ཡིག་དྲུག་གང་ཆུད་བྱའོ། །མགོ་འདྲེན་ནོར་ན་གོལ་ས་ཆེ་བས་འདི་ལ་གཟབ་པར་འཚལ། དེ་ནས་ཚད་ལྡན་བླ་མས་བགེགས་བསྐྲད་དང་། རབ་གནས། བཀྲ་ཤིས་བསྔོ་སྨོན་གྱིས་མཚམས་སྦྱོར་བྱའོ། །

༧ ཇོ་དར་མང་ཉུང་གི་ཚད་ནི། རབ་བརྒྱ་རྩ་བརྒྱད། འབྲིང་ཉི་ཤུ་རྩ་གཅིག ཐ་མ་ཡང་བདུན། དེ་གསུམ་གང་ལགས་ཀྱང་གསེར་དངུལ་དུམ་བུ་དང་ཁྱད་པར་མེད་དོ། །

༨ ཇོ་དར་གཟུགས་པའི་དུས་ནི། ཡར་ཚེས་བརྒྱད་དང་གསུམ་སོགས་དང་། ཁྱད་པར་དུ་དུས་ངན་ལྔ་བདོའི་ངན་མཚང་མཚོ་ལྟར་ཁོལ་སྐབས་སུ་ཇོ་དར་གྱི་འཕྲིན་ལས་འདི་དར་བར་གསུངས་ལ། ཕན་ཡོན་ཡང་འདི་ཆེ་བར་གསུངས།

༩ ཕན་ཡོན་ནི། ཇོ་དར་བཙུགས་པས་མཚམས་མེད་ལྔ་ལ་སོགས་པའི་ལས་སྒྲིབ་དག་ཅིང་། གདོན་བགེགས་དང་། ནད་རིགས། མི་དང་མི་མིན་གྱི་གནོད་པ་ཐམས་ཅད་བཟློག་ལ། ངན་འགྲོའི་སྐྱེ་སྒོ་ཆོད། འཁོར་བ་དོང་སྤྲུགས་སུ་བྱས་ཏེ། མཐོ་རིས་ཐར་བའི་ལམ་སྣ་ཟིན་པར་གསུངས་སོ། །ཚེ་འདས་ཀྱི་བདུན་ཚིགས་ལ་བཙུགས་ན་བར་དོ་བ་དེ་ལ་དེ་ལས་ལྷག་པའི་གཤིན་ཆོས་མེད། སྲུང་འཁོར་ཡང་དེ་ལས་ལྷག་པ་མེད་དེ། ཇོ་དར་ནི། རྡོ་རྗེ་དང་རལ་གྲི། ཐོ་བ་དང་རྒྱ་གྲམ། སྤུ་གྲི་དང་རླུང་རི། མེ་རི་སོགས་ཀྱི་གུར་ཁང་དུ་བཤད་པས། ལྷ་སྲིན་སྡེ་བརྒྱད་སོགས་ཀྱིས་མི་ཚུགས་པར་བཤད་དོ། །ཇོ་དར་དཀར་བོ་ཞིག་ཡོད་པའི་ས་ཕྱོགས་དེར། དགེ་ལ་བཀྲ་ཤིས་ཤིང། ལྷ་སྲིན་གདོན་བགེགས་ཀྱིས་མེ་རི་མེ་དཔུང་སོགས་སུ་མཐོང་ནས་འོང་མི་ཕོད་དོ། །

དར་ལྕོག

༡ དར་ལྕོག་གི་འབྱུང་ཁུངས། རང་ཅག་གི་ཡུལ་འདིར་དར་ལྕོག་འཛུགས་སྲོལ་འདི་ཡང་། གདོད་མའི་བོན་ཆོས་ལས་འབྱུང་བར་བཤད། སྟོན་པ་གཤེན་རབ་སྔོན་གྱི་གདོད་མའི་བོན་རྣམས་ཀྱིས། འབྱུང་བ་ལྔ་དང་། ཉི་ཟླ་གཟའ་སྐར་སོགས་རང་གི་དད་ཞེན་གྱི་གཟུགས་རིས་བྲིས་ཏེ་མཆོད་སྲོལ་ཡོད། ཕྱིས་སུ་ཡུལ་ལུང་ཕན་ཚུན་གཡུལ་འཁྲུག་མང་བོ་བྱས་པས། སྡང་དགྲ་ལས་རྒྱལ་བའི་ཕྱིར་དུ། དེ་དག་གི་གཟུགས་རིས་བྲིས་པའི་རས་གཞི་དེ་མཚོན་ཆའི་རྩེར་འདོགས་སྲོལ་བྱུང་བ། རིམ་གྱིས་དམག་སྣ་འདྲེན་པའི་རུ་དར་དུ་གྱུར་བ་རེད། ད་ལྟ་ཡང་། གདོད་མའི་བོན་གྱིས་དད་མོས་བྱ་སའི་འབྱུང་བ་མཚོན་བྱེད་ཀྱི་ཁ་དོག་སྔོན་པོ་དང་། དཀར་བོ། དམར་བོ་དང་ལྗང་ཁུ། སེར་བོ་བཅས་ཀྱིས་གྲུབ་པ་དང་། ཡང་། ཡུལ་ལ་ལར་གདོད་མའི་དད་ཞེན་གྱི་རང་མདོག་མ་འགྱུར་བར་ཉི་ཟླ་སྐར་གསུམ་སོགས་དར་ལྕོག་སྟེང་དུ་འདོགས་སྲོལ་ཡོད།

ཚུལ་འདི་ལ་དགོངས་ནས། མཁས་དབང་དགེ་ཆོས་ཀྱི་དེབ་དཀར་ལས། ཁྱིམ་རེ་རེ་བཞིན་གྱི་སྒོ་སྟེང་དུ་དར་གདུང་རེ་སློང་བ་འདི་ཡང་བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་ལྟ་བུ་ཡིན་ཏེ། དེ་ཡང་ཐོག་མར་དམག་གི་རྟགས་སུ་མངོན་ལ། རྗེས་སོར་ཆོས་ཀྱི་ལས་སུ་སོང་པས། སྟོད་ན་རྒྱ་གར་དང་འདྲེས་པའི་བོད་རིགས་རྣམས་ནས། སྨད་ན་རྒྱ་ནག་གི་གྲོང་དཀྱིལ་དུ་ཡོད་པའི་བོད་ཀྱི་མི་ཁྱིམ་གཅིག་ཡིན་ཡང་རུང་། སྒོ་སྟེང་དུ་དར་ལྕོག་སློང་པའི་སྲོལ་དེ་ད་ལྟའི་བར་དུ་ཡོད། ཅེས་པ་ལྟར། དོན་དུ་ན། གནའ་དུས་ནས་བོད་རྒྱལ་གྱི་སྐུ་མཁར་དང་། ཡང་ན། བོད་དམག་སྡོད་སའི་རུ་སྒར་ལ་ཁ་དོག་མི་འདྲ་བའི་དར་གྱིས་བརྒྱན་པའི་གདུང་འཛུགས་སྲོལ་ཡོད་པ་ལས་གཞན། ད་ལྟ་རྒྱལ་མཚན་རྩེ་མོའི་དར་ལྕོག་སྟེང་སྟག་སེང་ཁྱུང་འབྲུག་འཇོག་པ་དེ་ཡང་། སྲོང་བཙན་གྱི་དུས་སུ་བོད་ཡུལ་སྟོད་སྨད་བར་གསུམ་ལ་རུ་བཞིར་བགོས་དུས། དབུ་རུ་ལ་རུ་དར་དམར་བོ་ལྕེ་ཁྲ་དང་དཔལ་དར་དམར་བོ། གཡོ་རུ་ལ་རུ་དར་སེང་གེ་དམར་པོ་དང་དར་དཀར་སྙིང་ནག རུ་ལག་ལ་རུ་དར་སེང་དཀར་གནམ་འཕྱོ་དང་དཔལ་དར་ནག་པོ། གཡས་རུ་ལ་རུ་དར་དར་ནག་སྙིང་དཀར་བྱ་ཁྱུང་བྲིས་པ་དང་སྐྱོར་ར་གོང་ཁྲ་བྱེད་པ་དེའོ། །འོན་ཀྱང་། རུ་དར་འདི་ཆོས་དར་དུ་སོང་བའང་ལོ་ངོ་སྟོང་ཕྲག་ལྷག་གི་སྔོན་ནས་ཡིན་པར་སེམས་ཏེ། དེབ་ཐེར་འགར། ལྷ་ལུང་དཔལ་རྡོར་གྱིས་གླང་དར་བགྲོངས་སྐབས། ཞོན་རྟ་ལྷ་ལྡན་གཙུག་ལག་ཁང་གི་ཉེ་འགྲམ་གྱི་དར་ཆེན་ལ་བཏགས་པར་བཤད་ཡོད་དོ། །

འོན་ཀྱང་། དར་ལྕོག་གི་ཁུངས་ནི་བོན་ཆོས་དང་རུ་དར་མ་གཏོགས། ནང་ཆོས་སུ་གསུངས་ཡོད་ཅེས་བརྗོད་ནའང་ཨུ་ཚུགས་ཀྱི་གཏམ་དུ་འགྲོ་བར་མི་སེམས་ཏེ། རྗེ་ཙོང་ཁ་བའི་རྣམ་ཐར་ལས། ཤེར་ཕྱིན་གྱི་མདོ་སྡེ་ལས་བྱུང་བ་ལྟར། བ་དན་དང་རྒྱལ་མཚན་དེ་དག་གི་ཤིང་རྣམས་ཐ་གུས་སྦྲེལ་བ་ལ། འཕན་དང་། རྔ་ཡབ་དང་། དྲིལ་བུ་ལ་སོགས་པས་བར་མ་ཆད་དུ་མཛེས་པར་བྱས་པ་ནི། འཇའ་ཚོན་ཀུན་ནས་བཀྲ་བས་ནམ་མཁའི་ཁམས་ཁྱབ་པར་བྱས་པ་ལྟ་བུར་གྱུར་ཞེས་གསུངས་པས་སོ། །

དར་ལྕོག་འདི་ཕྱི་གླིང་བའི་མིག་ལའང་བོད་ཀྱི་མཚོན་བྱེད་ལྟ་བུར་སྣང་སྟེ། མདུང་རྩེ་ལྷ་སར་གཏད་པ་ཞེས་པའི་ནང་། དར་ལྕོག་ནི་དར་ཤིང་གི་རྩེ་ནས་མར་གཤམ་ལ་བསྐྱོན་འདུག ཡང་ན། དེ་ཁང་ཐོག་གི་རྒྱན་ལྟ་བུར་སེམས། བོད་པས་དར་ལྕོག་རླུང་གིས་བསྐྱོད་ཐེངས་རེ་ལ་སྟེང་གི་ཆོས་ཀྱི་ཡི་གེ་རྣམས་མཁའ་ལ་དཔར་བར་ངོས་འཛིན་ཞེས་བཤད་དོ། །

༢ རུ་དར་དེ་ཆོས་ཀྱི་ལས་སུ་སོང་ཚུལ། བོད་ཀྱི་དམག་སྒར་དང་སྐུ་མཁར་ལ་དམག་དར་འཛུགས་སྲོལ་དེ་རིམ་གྱིས་ཆོས་ཀྱི་ལས་སུ་སོང་བ་སྟེ། ཅིའི་ཕྱིར་ཞེ་ན། གདུགས་དཀར་མཆོག་གྲུབ་མ་ལས། རིགས་སྔགས་ཀྱི་རྒྱལ་མོ་འདི། གྲོ་གའམ་རས་སམ་ཤིང་ཤུན་ལ་བྲིས་ཏེ། ཞེས་རས་སོགས་ལ་གཟུངས་སྔགས་འབྲི་བར་གསུངས་པ་དང་། མདོ་གཞན་དུ་རས་ལ་བྲིས་ཏེ་རྫི་ཕྱོགས་སུ་བསྐྱོད་ན་ཕན་ཡོན་མང་དུ་འབྱུང་བར་གསུངས་ཡོད་པ་དང་། ཁྱད་པར་དུ་སྡེ་དགེ་བཀའ་འགྱུར་གཟུངས་བསྡུས་ཀྱི་སྔ་དུམ[ཨེ]བ་ལས། འཕགས་པ་ནོར་བུ་ཆེན་པོ་རྒྱས་པའི་གཞལ་མེད་ཁང་ཤིན་ཏུ་རབ་ཏུ་གནས་པ་གསང་བ་དམ་པའི་གསང་བའི་ཆོ་ག་ཞིབ་མོའི་གཟུངས་འདི་ལུས་ལ་ཐོགས་པའམ། བྲིས་ནས་འཆང་ངམ། རྒྱལ་མཚན་གྱི་རྩེ་མོ་ལ་འདོགས་སམ། ལྒིགས་བམ་དུ་བྱེད་དམ། རས་ལ་བྲིས་པའམ། དར་ལ་བྲིས་པ་སོགས་ཕན་ཡོན་རྒྱ་ཆེན་འབྱུང་བར་གསུངས་པས། སྔར་ཡོད་ཀྱི་རུ་དར་ངོས་སུ། གཟུངས་སྔགས་དང་རྒྱལ་མཚན་རྩེ་མོའི་དཔུང་རྒྱན་སོགས་བྲིས་ཏེ། གདོན་བགེགས་ཀྱི་གནོད་པ་སྲུང་བྱེད་དང་ཆོས་ཀྱི་ཕན་ཡོན་འཐོབ་ཕྱིར་ཆོས་ཀྱི་ལས་སུ་དར་བའོ། །དེ་བས་རྟོགས་ལྡན་པའམ་སྐྱེས་བུ་དམ་པ་གང་རུང་གིས་རབ་གནས་ཀྱི་ཆོ་གའི་ལས་རིམ་དང་། བདེན་ཚིག་བརྗོད་ནས་བཀྲ་ཤིས་པའི་མེ་ཏོག་གཏོར་ཏེ། འཛུགས་པ་གལ་ཆེའོ། །

དེ་ལ་དར་ལྕོག་ཞེས་ཕྱིས་སུ་མིང་ཆགས་པ་ཡང་། དར་ཞེས་པ་རུ་དར་གྱི་དར་དང་། ལྕོག་ཅེས་པ་མགོ་ལྕོག་ལྕོག་བྱེད་ཅེས་བཤད་པ་ལྟར། ལྡེམ་པ་འམ་གཡོ་བའི་དོན་ཡིན། ཡང་ལ་ལས་དར་ཅེས་པ་སྲིང་བལ་ལས་བཏགས་པའི་སེང་རས་དང་། ལྕོག་ཅེས་པ་དབྱིབས་ཙོག་ཙོག་གི་མིང་ཡིན་པས་དེ་ལྟར་ཐོགས་པར་བཤད་པ་ནི་ཇོ་དར་ལྟ་བུ་ལ་དགོངས་པ་དང་། གང་ལྟར། གཟུངས་སྔགས་སོགས་ཕབ་པའི་དར་རླུང་ཁ་ན་གཡོ་བས་ན་དར་ལྕོག་ཅེས་མིང་ཐོགས་པ་ཡིན་ལ། ཕྱིས་སུ་རུ་དར་གྱི་མདུང་མགོ་བླངས་ཏེ་རྩེ་མོར་ཤུག་པ་བཙུགས་ནས། བལ་ཐག་གིས་བསྡམས་པའམ། ཡང་ན། ཉི་ཟླ་སྐར་གསུམ་མམ། རྒྱལ་མཚན་སོགས་བསྟད་དེ། ད་ལྟ་རང་རེའི་དགོན་སྡེ་དང་མི་ཁྱིམ་གཞི་བདག་གི་གནས་རི་སོགས་ན་ཧ་ཅང་ཁྱབ་རྒྱ་ཆེ་བ་དེའོ། །ཁྱད་པར་དུ་བོད་མི་རྣམས་ཀྱི་སེམས་སུ། དར་ལྕོག་མང་བོ་བཙུགས་ན་རྒྱལ་བསྟན་དར་བའི་རྟགས་དང་ཁ་ལས་རླུང་རྟ་དར་བར་སེམས་པ་དམངས་གཞས་ཚུན་ནའང་མཆིས་ཏེ། གཙང་གི་ཡུལ་ནས་བལྟས་པས། །དབུས་ཀྱི་དར་ལྕོག་མཐོང་བྱུང་། །དབུས་གཙང་བསྟན་པ་དར་བའི། །དར་ལྕོག་དེ་ལ་གཟིགས་དང་། །ཞེས་དང་། རི་མགོ་མཐོན་པོའི་མགོ་ལ། །དར་ལྕོག་ཁ་གང་སྒྲོན་ཡོད། །དར་ལྕོག་ཆུང་བར་མ་བསམ། །བཀྲ་ཤིས་རྟགས་བརྒྱད་འཛོམས་ཡོད། །ཅེས་སོ། །

གཞན་ཡང་། སྔར་སྲོལ་དུ་དགའ་ལྡན་དབང་བོའི་རིར་དར་ལྕོག་བཙུགས་མི་ཆོག་པའི་བཤད་རྒྱུན་ཡོད་པ་ནི། ཁོར་ཡུག་འབག་བཙོག་དང་། ཆོས་ལུགས་མིག་ཤེས་ཀྱི་གཟུང་བྱའི་བྲིན་སྒོ་ཆེ་བར་དོགས་ནས་བཀག་པ་ཡིན་ནམ་ཅི། དམངས་གཞས་ལས་ཀྱང་། དགའ་ལྡན་དབང་བོ་རི་ལ། །དར་ལྕོག་འཛུགས་རྒྱུ་བྱུང་ན། །དར་ཤིང་ཀོང་བོ་རོང་ནས། །འདྲེན་དགོས་བྱུང་ཡང་ལས་རེད། །ཟེར་རོ། །

༣ དར་གྱི་ཁ་དོག་གི་ཁྱད་པར། དར་ལྕོག་ལ་རིམ་བཞིན་ཚོན་སྣ་མི་འདྲ་བ་ལྔ་འཇོག་པ་ཡང་ཕྱི་རོལ་གྱི་རང་བྱུང་ཁམས་ཀྱི་རྣམ་པ་མཚོན་པ་སྟེ། རྩེ་མོ་སྔོན་པོས་གནམ་མཁའ་དང་། དེའི་འོག་དཀར་པོས་སྤྲིན། དེའི་འོག་དམར་པོས་མེ། དེའི་འོག་ལྗང་ཁུས་ཆུ། དེའི་འོག་སེར་བོས་ས་མཚོན་པ་ཡིན། དེ་ཡང་ཕྱིའི་འབྱུང་ཁམས་དང་ནང་གི་འབྱུང་ཁམས་དོ་མཉམ་དུ་གྱུར་ཏེ། ནང་བཅུད་ཀྱི་སེམས་ཅན་ལ་ཚེ་བསོད་འཕེལ་ཞིང་བདེ་སྐྱིད་ལྡན་པའི་མཚོན་དོན་ནོ། །

༤ དར་ལྕེའི་དགོས་དོན། དར་ལྕོག་ཐར་པའི་གྲུ་ཆེན་ཡིན། །དེ་ཡི་ལག་སྐྱ་དར་ལྕེ་ཡིན། །དར་ལྕོག་མཐོ་རིས་རྟ་ཕོ་ཡིན། །བྲབ་བྱེད་ལྕགས་ནི་དར་ལྕེ་ཡིན། །དར་ལྕོག་བྱང་ཆུབ་མཁར་རྫོང་ཡིན། །དར་ལྕེ་བ་དན་ཁྲ་བོ་ཡིན། །དར་ལྕོག་མར་ཁུས་ཀོང་བུ་ཡིན། །སྣང་བྱེད་སྡོང་བུ་དར་ལྕེ་ཡིན། །ཞེས་གསུངས་པ་དང་། ཡང་། དར་ལྕོག་ལ་དར་ལྕེ་མདོག་སྣ་ཚོགས་བཏགས་ན། རླུང་རྟ་སྙན་གྲགས་རྒྱས་པར་གསུངས་སོ། །

༥ དར་ལྕོག་འཛུགས་པའི་དུས། ཚེས་གཅིག བརྒྱད། བཅུ། བཅོ་ལྔ། བཅོ་བརྒྱད། ཉི་ཤུ གནམ་སྟོང་། དབྱར་དགུན་གྱི་ཉི་ལྡོག ཉི་ཟླ་གཟའ་འཛིན་གྱི་དུས་རྣམས་ལ་གཟུགས་ན། དགེ་རྩ་ལ་འགྱུར་ཁྱད་ཆེ་བས་ཕན་ཡོན་བསམ་གྱིས་མི་ཁྱབ་བོ། །

བོད་ཀྱི་དར་བོ་ཆེ་གྲགས་ཅན་འགའ་འདིར་བཤད་ན། བོད་ཀྱི་ལོ་རྒྱུས་ཁྲོད་དར་བོ་ཆེ་བསླངས་པ་ནི། རྒྱལ་བསྟན་འཕེལ་བ་དང་། སྐྱེས་ཆེན་དམ་པའི་ཆོས་སྲིད་ཀྱི་མཛད་འཕྲིན་བདོ་བ། ཡུལ་ཕྱོགས་བཀྲ་ཤིས་ཤིང་དགེ་བ། ནག་ཕྱོགས་གཉའ་ནས་གནོན་པ་སོགས་ལ་ཆེད་དམིགས་ཀྱིས་དར་བོ་ཆེ་འཛུགས་སྲོལ་ཡོད། དམངས་གཞས་ལས་ཀྱང་། གཙང་གི་ཡུལ་ནས་བལྟས་པས། །དབུས་ཀྱི་དར་ལྕོག་མཐོང་བྱུང་། །དབུས་གཙང་བསྟན་པ་དར་བའི། །དར་ལྕོག་དེ་ལ་གཟིགས་དང་། །ཞེས་དང་། རི་མགོ་མཐོན་པོའི་མགོ་ལ། །དར་ལྕོག་ཁ་གང་སྒྲོན་ཡོད། །དར་ལྕོག་ཆུང་གི་མ་བསམ། །བཀྲ་ཤིས་རྟགས་བརྒྱད་འཛོམས་ཡོད། །ཅེས་བརྗོད་པས་ཀྱང་དར་བོ་ཆེ་སློང་བའི་དགོངས་དོན་རགས་རམ་ཞིག་རྟོགས་ཐུབ་བོ། །

༦ ཤར་སྐྱ་རེངས་དར་ཆེན་ནི། འཇམ་མགོན་བླ་མ་ཙོང་ཁ་པ་དགུང་གྲངས་ང་གསུམ་བཞེས་པ། སྤྱི་ལོ ༡༤༠༩ ལོར་ལྷ་ལྡན་སྨོན་ལམ་ཆེན་མོའི་སྲོལ་གཏོད་སྐབས། བསྐོར་ལམ་ཆེན་མོའི་ཕྱི་རོལ་ཏུ་གོས་དར་སོགས་ལ་བྱས་པའི་བ་དན་མཐོ་ཞིང་རྔམ་བརྗིད་ཆེ་བ། ཕྱོགས་སྐྱོང་དེ་དང་དེའི་སྐུས་ཏོག་ལ་བརྒྱན་ཅིང་། དེ་དང་དེའི་སྔགས་བ་དན་ཉིད་ལ་བྲིས་པ་བཅོ་ལྔ་ཕྱོགས་སྐྱོང་བཅོ་ལྔ་རང་རང་གི་ཕྱོགས་སུ་ལེགས་པར་བཙུགས་ནས། དགོང་ལྟར་དེ་དག་ལ་ཕྱོགས་གཏོར་གཏོང་བ་དང་། དེ་དག་གི་བར་དུ་གདུགས་དཀར་ལ་སོགས་པའི་རྒྱལ་མཚན་རང་རང་གི་ཆོ་ག་བཞིན་དུ་བཙུགས་ཤིང་། དེ་ལྟ་བུའི་ཕྱོགས་སྐྱོང་བཅོ་ལྔའི་དར་ཆེན་ལས་ཤར་ལྷོའི་མཚམས་དུང་མཚོའི་ཟུར་གྱི་ཤ་བ་སྐྱ་རེངས་དར་ཆེན་དེ་ཉིད་ནི། ཤར་སྐྱ་རེངས་དར་ཆེན་ཡིན་ནོ། །

༧ ཇུས་ཡག་དར་ཆེན་ནི། ལྷ་སའི་གཙུག་ལག་ཁང་གི་གཡས་ཕྱོགས་སུ་ཡོད་ལ། སོག་པོ་གུ་ཤྲྀ་ཧན་སྤྱི་ལོ ༡༦༣༦ ལོར་ལྷ་སར་འབྱོར་ནས། རྒྱལ་དབང་ལྔ་བ་དང་པཎ་ཆེན་སྐུ་ཕྲེང་བཞི་བ་མཆོག་ལ་མཇལ་ཁ་ཞུས་ཏེ། ཏཱ་ལའི་བླ་མས་གུ་ཤྲྀ་ཧན་ལ་བསྟན་འཛིན་ཆོས་ཀྱི་རྒྱལ་བོ་ཞེས་མཚན་སྙན་གནང་ཤིང་། མཚོ་སྔོན་ཕྱོགས་སུ་དཔུང་བཏེགས་ནས་དགེ་ལུགས་པར་སྡང་བའི་སོག་པོ་ཧལ་ཧ་ཆོག་ཐུ་རྒྱལ་བོའི་དཔུང་ཚོགས་རྩ་མེད་དུ་བཏང་བ་དང་། ཡང ༡༦༣༩ ལོར་གུ་ཤྲྀ་བསྟན་འཛིན་ཆོས་རྒྱལ་དང་སྡེ་སྲིད་བསོད་ནམས་ཆོས་འཕེལ་གྱི་ནང་གྲོས་བཞིན་གུ་ཤྲྀ་ཧན་གྱིས་དཔུང་སྣེ་དྲངས་ནས་བེ་རི་རྒྱལ་བོ་ཕམ་སྟེ། སྡེ་དགེ་དང་། སྨར་ཁམས་སོགས་དབང་བསྒྱུར་བས། སྡེ་སྲིད་བསོད་ནམས་ཆོས་འཕེལ་གྱིས་དགེ་ལུགས་བསྟན་པའི་ཇུས་ཆེན་ལམ་དུ་སོང་ཞེས། རྟེན་འབྲེལ་དུ་སྤྱི་ལོ ༡༦༤༡ ལོའི་སྨོན་ལམ་ཆེན་མོའི་སྐབས་སུ་ཇུས་ཡག་དར་ཆེན་འདི་བཙུགས་པར་གསུངས་སོ། །

༨ དགའ་ལྡན་དར་ཆེན་ནི། ལྷ་སའི་བར་བསྐོར་གྱི་བདེ་ཆེན་རབ་བརྟན་གྱི་འགྲམ་དུ་ཡོད་ལ། སྤྱི་ལོ ༡༦༨༡ ལོར་རྒྱལ་དབང་ལྔ་བས་བཀའ་ལུང་བཞིན། སོག་རིགས་དགའ་ལྡན་ཚེ་དབང་དཔལ་བཟང་གིས་དཔུང་སྣ་དྲངས་ཏེ། རྒྱལ་བསྟན་ལ་སྡང་བའི་ལ་དྭགས་སེང་གེ་རྣམ་རྒྱལ་ཟེར་བ་དེ་གཞོམ་སྟེ། མངའ་རིས་སྐོར་གསུམ་དབང་དུ་བསྡུས་པར་མ་ཟད། སླད་ཕྱིན་རྒྱལ་བསྟན་ཚུར་རྒོལ་མི་འབྱུང་བའི་ཆེད། གཉའ་གནོན་དུ་སོག་པོའི་དམག་དཔུང་བརྒྱ་ཕྲག་སྐོར་བཞག་པ་དང་། གཡུལ་ལས་རྣམ་པར་རྒྱལ་བའི་དཔའ་རྟགས་སུ། གངས་རིན་པོ་ཆེའི་དྲུང་དུ་དགའ་ལྡན་དར་ཆེན་དང་བོ་དང་། ལྷ་སའི་བར་བསྐོར་དུ་དགའ་ལྡན་དར་ཆེན་གཉིས་པ་བཙུགས་ལ། རུ་དར་དཀར་བོ་དེ་གཞུ་འདོམ་ལྔ་བཅུ་ལྷག་ཡོད་པས། དགའ་ལྡན་དར་སྨྱོན་དུ་གྲགས། ཧ་ཅང་རིང་ཐལ་ཆེ་བས་ཕྱིས་སུ་དུམ་བུ་གསུམ་དུ་ཆག་ལ། ད་ལྟའི་དར་བོ་ཆེ་འདི་ནི་དུམ་བུ་རིང་ཤས་དེ་ཡིན་པར་བཤད་དོ། །

༩ བསྐལ་བཟང་དར་ཆེན་ནི། ལྷ་ས་གཙུག་ལག་ཁང་གི་ལྷོ་སྒོའི་གསུང་ཆོས་ར་བའི་མདུན་དུ་ཡོད་ལ། དར་བོ་ཆེ་འདི་བསླངས་དོན་ལ་རྒྱལ་དབང་བསྐལ་བཟང་རྒྱ་མཚོའི་མཛད་རྣམ་རགས་བསྡུས་ཤིག་བརྗོད་པ་གལ་ཆེ། ཁོང་ཁམས་ལི་ཐང་དུ་སྐུ་འཁྲུངས། ཆུང་དུས་ནས་བྱིས་པའི་སྤྱོད་ཚུལ་ལས་འདས་པས། ཀུན་གྱིས་ཚངས་དབྱངས་རྒྱ་མཚོའི་ཡང་སྲིད་འཁྲུལ་མེད་རེད་ཅེས་མཚན་སྙན་གང་སར་ཁྱབ་ཀྱང་། སྐབས་དེར་བོད་ཀྱི་སྲིད་དབང་ལྷ་བཟང་ཧན་གྱིས་བཟུང་བར་མ་ཟད། རྒྱལ་དབང་དྲུག་པར་སྙད་བཏགས་པའི་པད་དཀར་འཛིན་པ་ཡེ་ཤེས་རྒྱ་མཚོ་པོ་ཏ་ལའི་གསེར་ཁྲིར་བསྡད་མུས་སུ་ཡོད་པས། རེ་ཞིག་བག་ལ་ཞ་བའི་ཚུལ་གྱིས་མི་བཞུགས་ག་མེད་གྱུར། དེ་ནས་གདན་ས་གསུམ་གྱི་ལས་སྣེ་དང་གཞུང་ཞབས་སེར་སྐྱ་འགའ་ཞིག་གིས་གསང་སྟབས་ཀྱིས་འབྲེལ་གཏུགས་བྱས་པ། ལྷ་བཟང་ཧན་གྱི་གནས་ཚུལ་ཤེས་ཚོར་བྱུང་སྟེ། ཡང་སྲིད་རིན་པོ་ཆེ་སྡེ་དགེ་སྤྱན་དྲངས་ནས། དཔོན་པོ་བསྟན་པ་ཚེ་རིང་གི་གཟིགས་སྐྱོང་གནང་དུ་བཅུག ཕྱིས་སུ་ཡང་སྲིད་རིན་པོ་ཆེའི་གནས་བབ་གོང་མར་སྙན་གསན་ཕུལ་པས། གོང་མ་ཁང་ཞིས་ཡང་སྲིད་འཁྲུལ་མེད་དུ་ཁྱབ་བསྒྲགས་གནང་བར་མ་ཟད། ལྷ་སར་གདན་དྲངས་དགོས་པའི་བཀའ་ལུང་ཕེབས། དགུང་ལོ་བཅུ་གསུམ་སྟེང་མཚོ་སྔོན་གྱི་དཔོན་རིགས་ཁག་གཅིག་དང་གོང་མའི་དཔོན་དམག་མང་བོས་ལྷ་སར་གདན་དྲངས་ཏེ་གསེར་ཁྲིར་མངའ་གསོལ། དེ་ལྟར་རྒྱལ་དབང་བསྐལ་བཟང་རྒྱ་མཚོ་ངོས་འཛིན་གྱི་ཐད། རྩོད་ཉོག་མང་བོ་ལས་རྣམ་པར་རྒྱལ་ཏེ་བསྐལ་བཟང་མངོན་དུ་གྱུར་བའི་རྟེན་འབྲེལ་མཚོན་བྱེད་དུ། བསྐལ་བཟང་དར་ཆེན་འདི་བསླངས་པ་ཡིན་ནོ། །

༡༠ བཀྲ་ཤིས་དར་ཆེན་ནི། གཙུག་ལག་ཁང་གི་མདུན་ངོས་གཡོན་དུ་ཡོད་ལ། ལོ་བཅུའི་རིང་རིག་གནས་གསར་བརྗེ་ཆེན་པོ་ཞེས་པའི་དུས་ཟིང་མཇུག་སྒྲིལ་ཏེ། སྤྱི་ལོ་༡༩༨༦ ལོར་པཎ་ཆེན་སྐུ་ཕྲེང་བཅུ་བ་ཆོས་ཀྱི་རྒྱལ་མཚན་མཆོག་གིས། མི་ལོ ༢༠ ཙམ་ལ་ཆོས་རྒྱུན་ཆད་པའི་ལྷ་ལྡན་སྨོན་ལམ་ཆེན་མོ་བསྐྱར་གསོ་མཛད་དེ། སེར་འབྲས་དགེ་གསུམ་གཙོས་དགེ་འདུན ༢༠༠༠ ཙམ་གཙུག་ལག་ཁང་དུ་འདུས་ནས་སྨོན་ལམ་གཟབ་རྒྱས་འཚོགས་སྐབས། ཡང་དར་བསྟན་པའི་དབུ་འཕང་དགུང་དུ་འདེགས་པ་མཚོན་བྱེད་དུ་བཀྲ་ཤིས་དར་ཆེན་འདི་ཉིད་བསླངས་སོ། །

༡༡ དར་ལྕོག་བཙུགས་པའི་ཕན་ཡོན།

མཚན་ལྡན་དར་ལྕོག་ཞིག་རི་ལ་བཙུགས་ན། དེར་གནས་སྲོག་ཆགས་ལ་ཕན་པ་དང་། ཆུ་ལ་བཙུགས་ན། ཆུ་འཐུང་བའི་སྲོག་ཆགས་ལ་ཕན་པ་དང་། རི་རབ་གྱི་རྩེ་མོར་བཙུགས་ན། རླུང་གིས་གར་ཁྱབ་ཀྱི་སེམས་ཅན་ལ་ཕན་པ་དང་། རྒྱ་ལམ་ཆེན་པོར་བཙུགས་ན། ལམ་དེར་འཇུག་པའི་སེམས་ཅན་ལ་ཕན་པ་དང་། ཤན་པའི་ཡུལ་དུ་བཙུགས་ན། དེར་གསོད་པའི་སེམས་ཅན་མང་བོར་ཕན་པ་དང་། ཤར་ལྷོ་ནུབ་བྱང་དབུས་དང་ལྔར་བཙུགས་ན། རྒྱལ་བ་རིགས་ལྔ་ཞལ་མཐོང་ཞིང་སྡིག་སྒྲིབ་བག་ཆགས་དག་པ་དང་། མ་ཎིའི་དར་ལྕོག་རང་གི་ལུས་ཀྱི་ཚད་ཙམ་བཀྱགས་ན། རས་དེ་མ་ཟད་བར་དུ་མ་ཎི་དུང་ཕྱུར་རེ་འགྲུབ། གཞན་ཡང་། སྟག་ལེབ་བླ་མའི་འདས་ལོག་ལས། དར་ལྕོག་གི་འབྲི་གཞི་དང་འདོགས་ཤིང་འཛུགས་པ་སོགས་ཀྱི་ཁྱད་པར་ལ་སྦྱར་ཏེ། ཕན་ཡོན་ལ་ནད་རིགས་དང་གདོན་བགེགས་བྱད་ཕུར་རྦོད་གཏོང་དང་། དུས་མིན་གྱི་འཆི་བ། མུ་གེ་མཚོན་དང་དམག་འཁྲུག །གོད་སྲི། དགྲ་སྲི། ཆེ་སྲི། ཆུང་སྲི། དམ་སྲི་ཐམས་ཅད་བཟློག་པ་དང། ཁ་རྗེ་དབང་ཐང་བློ་རིག་ཡོན་ཏན་སོགས་རྒྱས་པར་བཤད་ལ། རྟ་རྨིག་ལྕགས་ཀྱི་བཏུམ་ནས་འཛམ་གླིང་དུ་བསྐོར་ཀྱང་ཆོས་མཚན་ལྡན་མ་ཎིའི་དར་ལྕོག་འདི་ལས་ལྷག་པ་ཞིག་ཡོད་རེ་སྐན་ཞེས་ཀྱང་གསུངས་སོ། །

ལབ་རྩེ།

༡ ལབ་རྩེའི་ཁུངས་བཤད་པ། བོན་གྱི་མཁས་པ་ལ་ལས། ལབ་ཙེ་བསྟོད་པ་ཞེས་པར། ཡ་ཐོག་སྐབས་སུ་སྒྲ་བླ་བསྟོད་པ་ཞེས་པའི་ཐ་སྙད་དེ་ཡིན་ལ། རྒྱུ་མཚན་ནི། གཤེན་རབ་མི་བོ་ཆེ་ཞང་ཞུང་ཀོང་བོ་རོང་དུ་བྱོན་དུས། བདུད་ཁྱབ་པ་ལག་རིང་གིས་བདུད་དམག་གྲོགས་སུ་སྦྲན་ནས་རྒོལ་སྐབས། གཤེན་སྟོན་གྱིས་སྒྲ་བླའི་དམག་ཚོགས་བསྐུལ་ཏེ་སྒྲ་བླ་དཔའ་བསྟོད་ཅེས་པའི་ཆོ་ག་ཞིག་ཀྱང་གསུངས་པར་བཤད་ཡོད། སྒྲ་བླ་ཞེས་པའི་སྒྲ་ནི། ནམ་མཁའི་ནོར་བུས། སྤྱིར་ན་སྒྲ་ནི་མིག་གིས་མཐོང་རུང་གི་དངོས་བོ་ཞིག་མིན་ཡང་། ཕན་ཚུན་ཐོས་རུང་གི་གོ་བརྡ་སྤྲོད་རུང་ཞིག་ཡིན་པས། སྒྲ་ནི་སྐྱེས་བུ་སུ་རུང་ལ་འགོ་བའི་ཕྭ་དང་། དབང་ཐང་དང་ནུས་པ། ཁྱད་པར་དུ་བླ་སོགས་ལ་འབྲེལ་བ་ཡོད་པས། སྒྲ་བླ་དང་དགྲ་བླ་རེས་མོས་སུ་འང་འབྲི་བར་བཤད་དོ། །གཞན་དུ། སྒྲ་ལྷ་ཝེར་མ་དཔའ་ཁྲོམ་གྱི་གཞུང་ལྟར་ན་སྒྲ་ལྷ་གཉན་གྱི་གཞུང་དང་། ཝེར་མ་གཉན་གྱི་གཞུང་། ཅང་སེང་གཉན་གྱི་གཞུང་། ཤུགས་མགོན་གཉན་གྱི་གཞུང་བཅས་ཁག་ཆེན་པོ་བཞི་ཡོད་ཅིང་། དེ་ལས་སྔ་མ་དགྲ་བླ་གཉན་གྱི་གཞུང་ནི་དགྲ་བླའི་བྱུང་བ་གཙོ་བོར་བརྗོད་པའི་བསྟན་བཅོས་ཏེ། བསྟན་བཅོས་དེ་ལྟར་ན། དགྲ་བླའི་རིགས་ལ་ཡེ་སྲིད་འཕྲུལ་གྱི་སྒྲ་བླ་དང་། ཡེ་རྗེ་སྨོན་པའི་དགྲ་བླ། ཡེ་དབང་མཐུ་ཡི་དགྲ་བླ་སྟེ་ནུས་མཐུ་མི་འདྲ་བའི་དགྲ་བླ་རིགས་གསུམ་ཡོད་ཅིང་། དེ་ལས་ཡེ་སྲིད་འཕྲུལ་གྱི་དགྲ་བླ་ནི། དགྲ་བླའི་མེས་པོར་གྲགས་པའི་དགྲ་བླ་ཁྱུང་ཆེན་རལ་ཆེན་ཞེས་བྱ་བའི་བྱ་རྒྱལ་ཁྱུང་ཆེན་དེ་ཡིན་པ་དང་། དེ་ལས་དགྲ་ལྷ་ཡིད་བཞིན་ལྷ་དབང་དང་། དགྲ་བླ་ལྷ་གསས་དར་མ་སོགས་དགྲ་བླ་སུམ་བརྒྱ་དྲུག་ཅུ་ནས། སྒྲ་བླ་ཉི་ཁྲི་དགུ་འབུམ་གྱི་དམག་ཚོགས་གྲོལ་བར་བཤད་པ་དང་། ཁྱད་པར་དུ་ཡེ་རྗེ་སྨོན་པའི་དགྲ་བླ་དང་། ཡེ་དབང་མཐུ་ཡི་དགྲ་བླ་གཉིས་ལས་ཀྱང་སོ་སོར་གྱོད་དང་ཁ་མཆུ་སོགས་གཏམ་གྱི་ཁ་འཛིན་བྱེད་མཁན་གྱི་རྫིའུ་ཡིན་པར་བཤད་ཡོད་དོ། །

དེ་དག་གི་བཞུགས་ས་ཡང་། མདོ་དྲི་མེད་གཟི་བརྗིད་ལས། དྲ་མ་རླུང་གི་བཤུད་མ་མྱོང་། །དཔལ་སོ་མ་ཉམས་དགྲ་བླ་སྟེ། །བཞུགས་ནི་མཚོན་ཆའི་མཁར་ལ་བཞུགས། །གནས་ནི་དམུ་རིའི་རྩེ་ལ་གནས། །ཞེས་སྒྲ་བླ་སྟེ་ལ་བཙས་ནི་སྒྲ་བླ་དྲ་མ་མཆེད་དགུ་སོགས་དང་དམག་ཚོགས་རྣམས་བཞུགས་སའི་རྟེན་མཚོན་ཆའི་མཁར་དང་། དེ་དག་གི་གནས་ཀྱི་གཙོ་བོ་ནི་དམུ་རིའི་རྩེ་སྟེ་གནམ་ལ་རེག་པའི་རིའི་རྩེ་མོ་ཡིན་པར་བཤད་ལ། སྒྲ་བླ་འམ་ལབ་ཙེ་བསྟད་ཚར་ནས་སྒྲ་བླ་དམག་འདྲེན་པ་ཞེས་པའང་། གཤེན་སྟོན་ཉིད་བདུད་ཀྱི་གཡུལ་ངོ་ལས་རྒྱལ་ཏེ་མཐར་བཀྲ་ཤིས་གཡང་བླན་མཛད་དེ། བདུད་རྩི་ཨ་བའི་ནེའུ་ཐང་ལ་སྒྲ་བླའི་གོ་རྩེད་བརྒྱད་ཅུ་རྩ་གཅིག་གི་རྩེད་མོ་མཛད་ཡོད་ཚུལ་དེ་ལས་དར་ཁྱབ་ཏུ་སོང་བར་ཡང་ཁ་ཅིག་བཤད་དོ། །དེ་ཡང་བདེན་མཆི་སྟེ། དེའི་ཤན་ཞུགས་ཐེབས་ནས་གླིང་སྒྲུང་རྣམས་སུའང་བྱ་དང་རི་དྭགས་གཅན་གཟན་སོགས་དགྲ་བླ་ཝེར་མར་བགྲང་ཡོད་དེ། དཔེར་ན། ཤར་ཕྱོགས་སྲིད་པའི་གཞི་བདག་ཨ་མྱེས་རྨ་ཆེན་སྦོམ་རས་རྟ་སེར་འཕུར་ཤེས་རླུང་གི་ཤུགས་ཅན་ལ་ཆིབས་ནས། རྨ་རིགས་སུམ་བརྒྱ་དྲུག་ཅུས་བསྐོར་ཞིང་། དེ་དང་མཉམ་དུ་མཁའ་འགྲོ་དར་མ་ཉི་ཤུ་རྣམས་བསང་དུད་དང་མཉམ་དུ་བྱོན་པ་ན། ཕོ་ཐང་གཡུ་འབྲུག་སྔོན་མོ། རྩ་རླུང་འཁོར་བའི་དགྲ་བླ། ལྕགས་ཀྱི་ཕོ་རོག་ནག་པོ། ཆོས་སྐྱོང་འཁོར་བའི་དགྲ་བླ། གསེར་གྱི་འུག་པ་སེར་བོ། མུན་པ་སེལ་བའི་དགྲ་བླ། ཤ་གཟན་ཐང་དཀར་རྒོད་པོ། ནམ་འཕང་གཅོད་པའི་དགྲ་བླ། ལྕགས་ཀྱི་བྱ་ཁྲ་ཧོར་བ། བློ་གྲོས་རྒྱས་པའི་དགྲ་བླ། མྱུར་མགྱོགས་ལྷ་བྱ་རོག་མོ། གསོད་བྱེད་ཅན་གྱི་དགྲ་བླ། འདུར་རོགས་སྤྱང་ཐང་སྔོན་མོ། ཟ་ཁ་དར་བའི་དགྲ་བླ། རྩལ་ཆེན་སེང་ཆུང་དཀར་མོ། གཡུ་རལ་ཅན་གྱི་དགྲ་བླ། འཁྱིལ་རོགས་གསེར་སྦྲུལ་སེར་བོ། ཞེ་སྡང་ཅན་གྱི་དགྲ་བླ། འགྱིང་རོགས་ཤྭ་བ་རྒྱ་འཛོང་། རྭ་དར་ཅན་གྱི་དགྲ་བླ། འཕག་རོགས་གླ་བ་སྨུག་ཆུང་། བཟང་དྲུག་ཅན་གྱི་དགྲ་བླ། གབ་རོགས་རི་བོང་དཀར་བོ། རྣ་མཆོག་ཅན་གྱི་དགྲ་བླ། རྔམ་བརྗིད་དྲེད་མོང་སོག་དཀར། ཁྲོ་གཏུམ་ཅན་གྱི་དགྲ་བླ། དཔའ་བོ་དོམ་ནག་ཐུགས་དཀར། དཔའ་སྙིང་ཅན་གྱི་དགྲ་བླ། སྟོབས་ཆེན་འབྲོང་གཡག་དར་མ། རུ་དར་ཅན་གྱི་དགྲ་བླ། ཟིལ་མནོན་བྱ་ཁྱུང་རྒྱལ་བོ། སྙན་གྲགས་ཅན་གྱི་དགྲ་བླ། འགྱིང་གི་གཟིག་ཐོང་རི་བཀྲ། དྲག་རྩལ་ཅན་གྱི་དགྲ་བླ། གསེར་གྱི་ཉ་མོ་གཤོག་དྲུག འགྱུར་དྲུག་རྒྱས་པའི་དགྲ་བླ། གླང་ཆེན་ས་ལ་རབ་བརྟན། དབང་ཐང་འཕེལ་བའི་དགྲ་བླ་སོགས་ཝེར་མའི་དམག་ཚོགས་སྤྲིན་འཁྲིགས་པ་བཞིན་བྱོན་པ་དང་། སྔོན་ལ་སེང་ཆེན་དཔོན་བློན་གསུམ་མཐོ་ནམ་མཁའི་བྱ་ལམ་བར་མ་འཇའ་སྤྲིན་གྱི་གུར་ཁང་ནས་མཁའ་འགྲོ་མ་གསུམ་གྱིས་ཆིབས་ཁ་ཁྲིད་དེ་བྱོན་ནོ། །ཞེས་སོ། །

ལབ་རྩེའི་གོ་མཚོན་སོགས་འཇོག་པའི་རྣམ་པའི་སྟེང་ནས་ལྟོས་ནའང་། སྒྲ་བླའི་དཔའ་བསྟོད་ཅེས་པའི་ཆོ་ག་དང་འབྲེལ་བ་ཆེ་བར་བཤད་དེ། སྒྲ་བླའི་གོ་མཚོན་སྣ་དགུ་ནི། རྨོག གོ་ཁྲབ། རལ་གྲི གཞུ། མདའ། མདུང་། ཕུབ། ཞགས་པ། ལྕགས་ཀྱུ་རྣམས་ཡིན་པས་སོ། །གཞན་ཡང་། ལ་བཙས་བསྟོད་སྐབས་ནས་འབྲུ་ཞིག་གཏོར་རྒྱུ་ཡོད་པ་ལ། སྒྲ་བླའི་གཏོར་ནས་དང་། ཆང་ཞིག་མཐོང་རྒྱུ་ཡོད་པ་ལ་སྒྲ་བླའི་དཔའ་ཆང་ཟེར་བས་ཀྱང་ལ་བཙས་ལ་སྒྲ་བླ་བསྟོད་པ་ཞེས་པར་དཔྱད་གཞི་ཤིན་ཏུ་ཆེའོ། །

ཡང་། ཨ་ལ་ཤ་བསྟན་དར་ལྷ་རམས་པས་ལབ་རྩེའི་ཁུངས་སུ་འདི་ལྟར་གསུངས་ཏེ། ལྷ་ཐོ་འམ་ས་མཁར་ལྟ་བུ་འཇིག་རྟེན་པའི་ལྟ་རྟེན་བཙུགས་པའི་ཁུངས་ནི། སངས་རྒྱས་མཉན་ཡོད་ན་བཞུགས་པའི་ཚེ་དྲུག་སྡེ་ཞོན་པ་མང་བོ་དང་ཤིང་རྟ་དང་ལྷན་ཅིག་ལམ་དུ་སོང་བ་དང་། ལམ་གྱི་ཕྱེད་དུ་ཤིང་རྟའི་སྲོག་ཤིང་ཆག་སྟེ་ཚོང་བས་སྲོག་བརྗེས་ནས་ཆག་པ་བོར་རོ། །ཉེ་དགས་དེ་ཁྱེར་ཏེ་ལམ་གྱི་བཞི་མདོར་བཙུགས་ནས་འདི་ནི་བདག་ཅག་གིས་སྲོག་ཤིང་གི་དབང་ཕྱུག་ཅེས་བྱ་བའི་ལྷ་རྟེན་དུ་བཙུགས་སོ། །ཞེས་སྨྲས་ནས་སོང་བ་དང་། ཕྱིས་སུ་དེ་ལ་གཅིག་གིས་སྟེགས་བུ་བརྩིགས། གཞན་ཞིག་གིས་ཀྱང་། བདག་གི་དོན་འདི་འགྲུབ་ན་ཁང་བ་བརྩིགས་ནས་སྟོན་མོ་བྱའོ། །ཞེས་དམ་བཅས་ནས་སོང་བ་དང་། དེས་ཀྱང་དོན་དེ་གྲུབ་ནས་ཅི་ལྟར་དམ་བཅས་པ་ཐམས་ཅད་བསྒྲུབས་པས་དེ་ལྷ་ཁང་དུ་གྱུར་ཏེ་རྙེད་པ་མང་དུ་བྱུང་བ། དྲུག་སྡེ་དག་གིས་མཐོང་ནས་གོས་ལ་སོགས་པ་རང་གར་ལེན་དུ་རྩོམ་པ་ན་ལྷ་ཁང་སྲུང་མི་དག་གིས་མི་སྟེར་བའི་ཚེ། དྲུག་སྡེས་བཀྲེན་པ་འདི་ཅི་ལྟར་ཁྱོད་ཀྱི་ལྷ་ཁང་ཡིན། ངེད་ཅག་གི་ཤིང་རྟའི་སྲོག་ཤིང་ཆག་པ་ཞིག་རྟེན་ཐབས་སུ་བཙུགས་པའོ། །ཞེས་གསུངས་པ་འདི་ནི། ལྷ་ཐོའི་ཁུངས་རྣམ་དག་ཡིན་ནོ་ཞེས་བདག་གིས་མགྲིན་པ་བསལ་ནས་སྨྲའོ། །ཞེས་ཟེར་ཀྱང་དེ་ནི་ཁུངས་སུ་འགྲོ་དཀའ་བ་ལུང་རིགས་ཀྱི་སྒྲུབ་བྱེད་མང་དུ་ཡོད་ཀྱང་། འདིར་མང་དུ་བརྗོད་པས་དགོས་པ་མ་མཐོང་ལ། གལ་ཏེ་དངོས་དོན་ལ་ཐུག་ཚེ་མགྲིན་པར་འགག་པ་ལས་འོས་མེད་དོ་སྙམ་མོ། །

ཡང་། ལ་ལས་བོད་རྒྱལ་སོ་གཉིས་པ་སྲོང་བཙན་གྱི་སྐུ་དུས་སུ་རྒྱ་བཟའ་བོད་དུ་དྲངས་སྐབས། མགར་གྱིས་རྒྱ་ནག་གི་གབ་རྩེ་ལས། དུས་སྐར་སོགས་འཛོལ་བས་རྒྱ་བོད་ཀུན་ཏུ་བཀྲ་མི་ཤིས་པ་བྱུང་། དེ་བས། ས་དཔྱད་ཉམས་པ་བཅོས་ཐབས་སུ་རི་རྩེར་དཔའ་མཁར་དང་། རི་སྐེད་དུ་ལབ་རྩེ་དང་། རི་ཤོད་དུ་མཆོད་རྟེན་དང་འབུམ་ཁང་བརྩིགས་པས་བཀྲ་ཤིས་པ་བྱུང་བའི་ལོ་རྒྱུས། སྣང་མཛད་རྡོ་རྗེ་ལབ་རྩེ་བརྩིགས་ཚུལ་ཞིག་ཏུ་གསུངས་པ་ལྟར། བསྟོད་ཆོག་རྣམས་སུ་ཡང་། ཀྱེ་ཀྱེ། སྔོན་གྱི་བསྐལ་བ་དང་བོ་ལ། །ཀོང་ཙེ་འཕྲུལ་གྱི་རྒྱལ་བོ་ཡིས། །ཕྱི་རབས་འགྲོ་བའི་དོན་སླད་དུ། །ཀླུ་གཉན་ས་བདག་བཙན་རྣམས་ལ། །སྣང་སྲིད་སྡེ་བརྒྱད་མཆོད་པའི་རྟེན། །ལབ་རྩེ་བརྩིགས་པར་གསུངས་པ་ཡིན། །ཞེས་སོ། །

ཡང་། འགའ་ཞིག་གིས་ལབ་རྩེ་བརྩིགས་སྲོལ་འདི་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོའི་སྐུ་དུས་སུ་ཡོད་པར་བཤད་དེ། དེ་ཡང་། ལབ་རྩེ་ལ་གསས་མཁར་ཞེས་པའི་ཐ་སྙད་ཡང་འབྱུང་ཏེ། གསས་ནི་བོན་ལྷ་ལ་བཤད་ཅིང་། མཁར་དང་ཁང་ཞེས་པ་གསས་མཁར་རམ་གསས་ཁང་ཞེས་རེས་མོས་འབྲི་བས་དོན་དུ་ན་ལྷ་བཞུགས་པའི་ཁང་བར་ཟེར་བ་ལྟར། རྩེ་ནི་བོན་གྱི་ཐ་སྙད་དེ་སྟོད་དང་བཞུགས་ས་ལ་འཇུག་སྟེ། དག་ཡིག་ཁུངས་མ་རྣམས་སུ་ལབ་རྩེ་ཞེས་པ་ཡང་། ཟ་མ་ཏོག་ལས་སྣོད། འབྱུང་རྩིས་ཀྱི་ཁྲམ་ཁ་ཞེས་འབྱུང་བ་ལྟར། སྐབས་འདིར་སྣོད་དེ་ལྷ་དེ་དང་དེའི་བཞུགས་ས་ལ་འཇུག་པས་ལབ་རྩེ་ཞེས་པའོ། །

དེ་ཡང་། ལབ་རྩེ་གསར་རྩིག་སྐབས་ཀ་བཞི་སྒྲོག་བརྒྱད་ཀྱི་ཁང་བཟང་བརྩིགས་ཤིང་། ས་འོག་ཏུ་གཏེར་དང་ལྷ་གང་ཡིན་གྱི་འདྲ་སྐུ་བཞག་སྟེ་མདའ་མདུང་སོགས་ཀྱིས་བསྟོད་པ་ཡང་། སྔར་སྲོལ་དེ་མ་ཉམས་པར་ཡོད་པར་སྙམ། ནང་བསྟན་གྱི་ལབ་ཙེ་བསྟོད་ཆོག་འགར་ཡང་། སྲིད་པ་རྒྱུད་ཀྱི་ལབ་ཙེ་ཁྱོད། །རིགས་དྲུག་རྣམས་ཀྱིས་སྨོན་པའི་གནས། །ལྷ་དང་སྲུང་མའི་གཞལ་ཡས་ཁང་། །ཕོ་ལྷ་དགྲ་ལྷའི་རྟེན་ས་ཡིན། །ཀླུ་དང་ས་བདག་འདུ་ས་ཡིན། །གཉན་དང་བཙན་རྣམས་འཁོར་གནས་ཡིན། །ཞེས་དང་། ཨ་ལགས་རྒྱལ་བོ་སྟེ་རིག་འཛིན་དཔལ་ལྡན་བཀྲ་ཤིས་ཀྱི་ལབ་བསྟོད་དུའང་། སྐུ་མཁར་ལབ་བཙས་གཉན་པོ་ནི། །ཁྲོ་ཆུ་རྩིག་རྨང་ནག་པོ་སྲ་ཞིང་བརྟན། །སྟེང་དུ་རིན་ཆེན་ཁང་བཟང་མཛེས་ཤིང་བརྗིད། །ཤར་ཕྱོགས་དུང་དང་ལྷོ་ཕྱོགས་གསེར་ལས་གྲུབ། །ནུབ་ཕྱོགས་ཟངས་དང་བྱང་ཕྱོགས་གཡུ་ལས་གྲུབ། །ཤེལ་གྱི་ཀ་བ་བཻ་ཌཱུར་གདུང་མ་དང་། །མཆོང་གི་ཁ་པད་མུ་ཏིག་དྲ་བས་བྲེས། །ནོར་བུ་རིན་པོ་ཆེ་ཡི་ཏོག་དང་ལྡན། །གདུགས་དང་རྒྱལ་མཚན་བ་དན་དར་འཕན་དང་། །བླ་བྲེ་ཡོལ་བ་ཕྱེ་མ་ཕུར་མས་མཛེས། །རིན་ཆེན་སྣ་ཚོགས་དར་ཟབ་ཟས་སྣ་སོགས། །འདོད་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ། །སྣང་སྲིད་ལྷ་ཀླུ་གཞི་བདག་རྣམས་ལ་འབུལ། །ཞེས་པས་ཀྱང་ལབ་ཙེ་དང་སྐུ་མཁར་གཞི་གཅིག་ཏུ་འབྲེལ་ཡོད་པ་རྟོགས་སོ། །

ཁ་ཅིག བོད་བཙན་པོའི་དུས་སུ་དམག་ཐོག་ཏུ་གྲོངས་པའི་དཔོན་ཆེན་ཚོའི་ཕུང་བོ་རི་མཐོ་ས་གཙང་ལ་སྦས་ཏེ། མདའ་མདུང་གྲི་གསུམ་སོགས་སར་བཙུགས་ཏེ་མྱ་ངན་ཞུ་སྲོལ་ཡོད་པ་དེ་ལས་དར་བར་བཤད་ལ།

ཡང་ཁ་ཅིག ལ་རྩེ་ཞེས་པའི་གོ་དོན་བོད་པ་རྣམས་འཛམ་གླིང་གི་མཐོ་སྒང་ལ་གནས་པ་དང་རི་བོའི་རྩེ་མོ་ན་གནས་ཀྱང་། ད་དུང་ཁོ་བོ་ཅག་ཡིད་མ་ཚིམ་པར་རིའི་རྩེ་མོ་དང་ནམ་མཁའ་སྦྲེལ་བྱེད་དུ་ལ་རྩེ་བསྟོད་པ་དང་རྨུ་ཐག་བྲེས་ཏེ། སེམས་ཀྱི་གཟེངས་བསྟོད་པའམ་སྔོན་ཐོན་གྱི་བསམ་བློ་ཀུན་ལས་འཕགས་པ་དཔེ་མཚོན་ཞིག་ཡིན་པར་སྙམ། ཞེས་དང་།

ཡང་། འགའ་ཞིག་གིས་བོད་ཀྱི་བཙན་པོ་རིམ་བྱོན་གྱི་སྐབས། ཤ་གཟན་གདོང་དམར་བོད་ཀྱི་དམག་དཔུང་ཞེས་རྔམ་བརྗིད་ཀྱིས་རྒྱལ་ཁམས་གཞན་ལ་དྲག་འདུལ་བྱེད་སྐབས། བོད་ཆེན་པོའི་མངའ་ཁོངས་སུ་བླངས་པའི་སའི་དན་རྟགས་སུ། རི་མཐོ་ས་དང་ཉག་ཁ་གང་ཡོད་ནས་ལྷ་འབོད་དང་། ཀླུ་འབོད་བསང་གསུར་བཏང་སྟེ། མདའ་མདུང་མང་བོ་བཙུགས་ནས་ས་རྟགས་རྒྱག་སྲོལ་ཡོད་པ་དེ། དོན་དུ་ས་མཚམས་ཆུ་མཚམས་འབྱེད་བྱེད་ཀྱི་རྟགས་མཚོན་དུ་བཤད། དེ་ཡང་བདེན་ཤས་ཆེ་སྟེ། སྦ་བཞེད་ལས། རྗེའི་བཀའ་བསྩལ་ནི་བདུད་བས་གཉན། ཁྲིམས་ཀྱི་ལ་རྩེ་ནི་དགུང་ལས་མཐོ། ཞེས་བློན་པོ་ཁྲི་བཟང་གི་ཞུས་ཚིག་ཏུ་འབྱུང་བ་ཡང་དེ་དང་འབྲེལ་ལོ། །ཕྱིས་སུ་ཆོས་ལུགས་ཀྱི་བྱེད་སྒོ་དང་འབྲེལ་ཏེ་ལབ་རྩེ་བསྟོད་པ་འདི་བྱུང་བར་བཤད་དོ། །

ཡང་། འགའ་རེས་གདོད་མའི་བོད་མི་རྣམས་སྡོད་གནས་རྒྱང་བསྐྱུར་གྱིས། ས་སྟོང་ལུང་སྟོང་ལ་ཕྱུགས་འཚོ་བར་ཕྱིན་དུས། ལམ་ནོར་བར་དོགས་ནས་རི་ལུང་གི་ལམ་རྒྱུས་མི་འཕྱུགས་པའི་སླད་དུ། རྡོ་བརྩིགས་ཀྱི་ཐོ་བསླངས་ཏེ་ལམ་རྟགས་བཟོས་པ་དེ་རིམ་གྱིས་ལབ་ཙེ་བསྟོད་སྲོལ་འདི་དར་བར་བཞེད།

ཡང་། འགའ་ཤས་ཀྱིས། ལ་ཙེ་བསྟོད་པའི་མ་ཁུངས་ལ་འགྲིམ་འགྲུལ་དང་འབྲེལ་བ་ཡོད་པར་བཤད་དེ། གནའ་མི་རྣམས་རྒྱང་རིང་དུ་འགྲོ་དུས་ལ་རེ་བརྒལ་ན་དཀའ་ཚེགས་རེ་བརྒྱབ་ཚར་བས། ཁྲལ་གྱི་ཚབ་ཏུ་ཉག་ཁ་དེར་རྡོ་སྤུངས་བྱས་ཏེ་བཟའ་ཆས་གཙང་མ་རེ་འཇོག་སྲོལ་ཡོད་པ་དེ་ལ་ཙེའི་རྣམ་པར་འཕོ་འགྱུར་བྱུང་བར་ཡང་བཤད།

ཁ་ཅིག ས་ཆུ་འཕྲོག་རྩོད་ཀྱིས་དབང་གིས་ཕན་ཚུན་བར་དུ་མི་ཤི་རྟ་འགྱེལ་བྱེད་སྐབས། རང་གི་དབང་རིས་སུ་གཏོགས་པ་ལ་ས་ཐོ་བསླངས་ཏེ། རྔམ་བརྗིད་མཚོན་ཆེད་དུ་མཚོན་ཆ་གཟུགས་སྲོལ་ཡོད་པ་ལས་འཕེལ་འགྱུར་བྱུང་བར་བཤད་དོ། །

ཡང་། ལབ་རྩེ་ཞེས་པའི་ཐ་སྙད་འདི་ལ། བོད་ཀྱི་ལོ་རྒྱུས་རྙིང་ཤོས་ལྡེའུ་ཆོས་འབྱུང་ལས། ལ་རྩས་ཞེས་འབྱུང་བ་སྟེ། ཆུ་ལ་གྲུ་རྩས་བཙུགས། ལ་ལ་ལ་རྩས་བརྩེགས་ཞེས་པ་ལས། ཆུར་བསྐྱལ་བའི་གྲུ་ལ་གྲུ་གླ་བླངས་པ་དང་། ལ་ཁའི་ཉག་ཁ་ལ་བགྲོད་པ་ལ་ལམ་གླ་བླངས་པའི་གླ་རྔན་ལ་ལ་རྩས་ཞེས་འབྲི་ལ། ཕྱིས་སུ་བཙས་ཞེས་འབྲི་བ་རྒྱུགས་ཆེ། དགེ་བཤེས་ཆོས་གྲགས་ཀྱི་བརྡ་མཛོད་ལས། ལ་བཙས་ནི་ལམ་ཁའི་སྒོ་ཁྲལ། ཞེས་དང་། བརྡ་ཡིག་བློ་གསལ་མགྲིན་རྒྱན་ལས་ཀྱང་། བཙས་ནི་གླ་འམ་རྔན་ཏེ། གྲུ་བཙས་ཟེར་གསུངས་པ་དང་། ཆོས་འདུལ་བ་ལས་ཀྱང་། གྲུ་གླ་ལ་གྲུ་བཙས་ཞེས་མང་དུ་འབྱུང་བ་དང་། བཀའ་ཐང་སྡེ་ལྔ་ལས། སངས་རྒྱས་གང་གཱའི་དག་གི་འགྲམ་དུ། མཉན་པས་གྲུ་གཏོང་མ་འདོད་དེ། གོའུ་ཏམ་གྲུ་བཙས་བཤོམས་ཤིག་ཟེར། ང་ལ་གྲུ་བཙས་མེད་ཅེས་ནམ་མཁའ་ལ། ལྷོ་ཡི་ཕྱོགས་ནས་བྱང་གི་ཕྱོགས་ལ་གཤེགས། ཞེས་དང་། ཁྱད་པར་དུ་ཏུན་ཧོང་ཡིག་རྙིང་ལས་བཙས་ཞེས་པའི་ཡིག་འབྲུ་དེ་གླ་རྔན་གྱི་ཚབ་ཏུ་བེད་སྤྱོད་བཏང་ཡོད་དེ། ལ་ལ་ནི་བཙས་ཕུལ། མྱི་ལ་ནི་ཡོན་ཕུལ། ཞེས་སོ། །དེ་ལྟར་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་ལ་ལ་རྩས་དང་། ཆུ་ལ་གྲུ་བཙས་ལེན་པའི་ཁེ་ལས་དེ་རྒྱུགས་ཆེ་བས། དེ་འཕེལ་རྒྱས་དང་ལམ་འགྲོ་ཡོང་ཆེད། མིས་རྩོལ་བ་ལས་གཞན། ལྷ་ཡང་རམ་འདེགས་སུ་བཀུར་ཏེ་གཉེར་གཏད་ཡོད་པ་སྟེ། ལྡེའུ་ཆོས་འབྱུང་ལས། མཐོ་ལ་རྩས་ཀྱི་ལྷ། རྨ་ལ་གྲུ་བཙས་ཀྱི་ལྷ་ཞེས་གསུངས་པས་ར་སྤྲོད་བྱེད་ནུས་སོ། །

༢ རང་ལུགས་བཞག་པ། གོང་གསལ་དཔྱད་གཞི་འདི་དག་ལ་གཞིགས་ཏེ། ཕྲན་གྱི་བསམ་འཁྱེར་ལ། ལབ་རྩེ་ཞེས་པའི་ཐ་སྙད་འདི་ཐོག་མར་བོད་དམག་གིས་ལ་ལ་རྩས་བླངས་པ་སྟེ། གླ་རྔན་བླངས་པའི་མིང་ལས་མཆེད་པ་རྟོགས་ན། ས་དེར་རྩས་ལེན་མཁན་གྱི་དམག་མིའི་སྡོད་གུར་དང་། མདའ་མདུང་གྲི་གསུམ་གྱི་མཚོན་ཆ་སྡོད་གནས་སུ་ཚུགས་ཡོད་པ་ནི། ཤེས་པ་རྣལ་དུ་གནས་པ་ཞིག་ལ་གོ་བརྡ་སྤྲོད་མི་དགོས་ལ། དེ་ནི་ལབ་རྩེ་བསྟོད་དབྱིབས་ཀྱི་ཐོག་མའི་མ་ཁུངས་ཡིན། ཕྱིས་སུ་ཁེ་ལས་དེ་འཕེལ་རྒྱས་ཆེན་པོ་བྱུང་བའི་བརྒྱུད་རིམ་ཁྲོད། ལ་ལ་རྩས་ཀྱི་ལྷ་སྲུང་ཡང་བཀུར་བས། རྟེན་མཁར་དེ་འགྲོ་བ་མི་འདྲ་བའི་ལྷ་མི་གཉིས་ཆར་གྱི་འཁོར་ས་ཞིག་ཏུ་གྱུར་ཀྱང་། ཕྱིས་སུ་ལོ་རྒྱུས་ཀྱི་འཕེལ་འགྲིབ་ཀྱིས། ལ་ལ་རྩས་ལེན་པའི་ལུགས་སྲོལ་དེ་ཉམས་རྒུད་དུ་གྱུར་བས། ཁ་ཆར་བུ་ཡུག་འཚུབ་པའི་རི་ཐེམ་དང་། ཉག་ཁ། རི་རྩེ་རྣམས་ལས་མིའི་འགྲོ་བ་རི་ཤོད་དུ་བབས་ཏེ། མདའ་མདུང་དང་འབྲོང་རྭ་སོགས་བཙུགས་ནས། གནས་དེར་ལྷ་སྲུང་གཅིག་པུ་བཀོད་ནས། མི་རྣམས་ཀྱིས་མགོན་སྐྱབས་དང་དཔུང་གཉེན་དུ་བཀུར་ཏེ། གསོལ་མཆོད་བྱས་པ་ཡིན་ནོ། །བརྒྱུད་རིམ་འདི་དག་ལ་ངེས་པ་གཏིང་ཚུགས་པ་ཞིག་བྱུང་ན། ལབ་རྩེའི་གོ་དོན་ལ་བོན་སྐད་དུ་ཕོ་བྲང་ངམ། རྟེན་མཁར། གསས་ཁང་ཟེར་བ་ཡང་ངམ་ངམ་ཤུགས་ཀྱིས་གོ་ཐུབ་པ་ཞིག་བྱུང་ངོ་། །སྲོལ་རྒྱུན་གྱི་བག་ཆགས་དེས་ཤན་ཞུགས་ཀྱིས། ད་ལྟ་ཡང་དབུས་གཙང་གི་ཡུལ་ལུང་ལ་ལར་གཞིས་ཁང་གི་ཟུར་བཞི་ལ་ལྷ་ཐོ་ལྟ་བུར་མདའ་མདུང་མང་བོ་བཅིངས་ཏེ། རྨུ་ཐག་བྲེས་པ་དང་། ཨ་མདོ་མཚོན་ནའང་། ཁྱིམ་རྙིང་རྣམས་ཀྱི་སྦུག་ཁང་གི་ཀ་སྐེད་ལ་མདའ་དར་གསབ་ཅིང་། ལོ་རེར་ཁ་ཕབ་རྒྱག་པ་འདི་ཡང་རྟེན་མཁར་གྱི་དོད་ཡིན་ནོ། །

༣ རྨུ་ཐག་བཤད་པ། ནམ་མཁའ་ནོར་བུས། མུ་ཁྲི་བཙན་པོའི་མཚན་གྱི་འགྲེལ་བརྗོད་ལ། ཁྲི་ནི་ལྷ་འམ་ལྷའི་ཐུགས་དང་། མུ་ཞེས་པ་ཀུན་ཁྱབ་སྟེ་ནམ་མཁའ་དང་། ཡང་ན། ཞང་སྐད་དུ་མུ་ནི་ཞེས་པ་ནམ་མཁའི་མིང་དུ་ངོས་བཟུང་ཡོད་པ་ལས་གཞན། རྒྱ་རོང་གི་ཡུལ་སྐད་དུ་ནམ་མཁའ་ལ་རྨུ་ཟེར་བ་བཞིན། རྨུ་ཐག་ཀྱང་གདོད་མའི་བོན་རྣམས་ཀྱིས། འོད་ཀྱི་ཉག་ཐག་ཞིག རྨུ་སྟེ་གནམ་ནས་ས་སྦྲེལ་བའི་སྐས་ཀ་ཞིག་ཡོད་པ་དེ་ཡིན་ལ། བོན་ཆོས་རྣམས་སུ་མི་འདོད་པའི་རྐྱེན་ངན་རེ་བྱུང་ཚེ་སྟོན་པ་གཤེན་རབ་གནམ་རིམ་པ་བཅོ་བརྒྱད་ཀྱི་སྟེང་སྒོམ་སྒྲུབ་ལ་བཞུགས་པ་སྤྱན་དྲངས་པའི་ལོ་རྒྱུས་ཀྱང་ཡོད། ཁྱད་པར་དུ་གནམ་གྱི་ཁྲི་བདུན་ཡང་རྨུ་སྐས་ལ་འཛེག་ནས་ལྷ་ཡུལ་ལ་གཤེགས་པར་འདོད་དེ། མཁས་པའི་དགའ་སྟོན་ལས། སྲས་ཀྱིས་ཆིབས་ཁ་ཐུབ་པར་གྱུར་བ་ན། །རྨུ་ཐག་ལ་འཇུས་ནམ་མཁར་གཤེགས་སོ་སྐད། །ཅེས་པ་ལྟར། གདོད་མའི་མི་རྣམས་ཀྱིས་དམའ་བ་འཇིག་རྟེན་མི་ཡུལ་ནས། མཐོ་བ་ལྷ་ཡུལ་དུ་འཛེག་པའི་འོད་ཀྱི་རྨུ་སྐས་ཞིག་ཡོད་པར་རློམ་པས། དེ་མཚོན་བྱེད་དུ་ཁེ་ཁའི་ལབ་རྩེ་ནས་རི་རྩེའི་ལབ་རྩེ་བར། བལ་སྐུད་ལ་བལ་ཕྲན་མང་བོ་བརྒྱན་ཏེ་བྲེས་པ་དེའོ། །

ཡང་། དེ་ལ་བོན་གཞུང་དུ་བཤད་རྒྱུན་འདི་འདྲ་ཞིག་ཀྱང་མཆིས་ཏེ། གཉའ་ཁྲི་བཙན་པོ་ནི་ཕྭའི་ཡུལ་དུ་འཁྲུངས་ཤིང་། ཁོང་གི་ཞང་བོ་དམུ་ཡིས་གཉའ་ཁྲི་མི་ཡུལ་དུ་འབྱོན་ཁར། དམུ་སྐས་དང་དམུ་ཐག་གཉིས་གནང་བ་ལ་བརྟེན་ནས། ལྷ་རི་གྱང་ཏོའི་སྟེང་དུ་བབས་པར་བཤད་ལ། ཕྭ་དང་དམུ་གཉིས་ནི་གནམ་རིམ་པ་བཅུ་གསུམ﹙གཟེར་མིག་ལྟར་ན། དབལ་ཡོགས་ཁྲིན་དང་གསུམ། གཉེར་འོ་མཚམས་དང་གསུམ། དམུ་བདུད་བཙན་དང་གསུམ། སྲིད་སྐོས་ཕྭ་དང་གསུམ། གཉན་པོ་ལྷ་དང་བཅུ་གསུམ་གྱི་གནས་ཡུལ་དེ་རྣམས་ལ་གནམ་རིམ་པ་བཅུ་གསུམ་ཟེར་རོ། །﹚གྱི་ལྷ་གནས་སུ་བཞུགས་པར་གྲགས་པས། དམུ་སྐས་དང་དམུ་ཐག་གཉིས་ནི་ས་གནམ་བར་གྱི་འབྲེལ་བ་མཚོན་བྱེད་ཅིག་ཏུ་བཞག་ཡོད། དེ་ལས་གཞན། བཤད་མཛོད་ཡིད་བཞིན་ནོར་བུ་ལས། སྲིད་པའི་ལྷ་རྒྱུད་མ་བཤད་ན། །མི་ཡི་དམུ་ཐག་སུ་ཡིས་འཛིན། །ཞེས་པ་ལྟར། དཔེར་ན། བོད་ཀྱི་ཡུལ་ལུང་འགར་འཁྲུངས་སྐར་དང་གཉེན་སྒྲིག་གི་ཆོ་སྒྲུབ་སྐབས། ཚོན་སྐུད་ཀྱི་དམུ་ཐག་གིས་སྐྱེ་བོའི་ལུས་བསྒྲོགས་ཏེ་མི་ནི་ལྷ་ལས་ཆད་པ་མཚོན་གྱིན་ཡོད་པས། དམུ་ཐག་གིས་བོད་ཀྱི་དམངས་སྲོལ་ལའང་གལ་ཆེའི་ནུས་པ་ཐོན་ཡོད།

ཕྱིས་སུ་ལབ་རྩེ་བསྟོད་ཆོག་དར་ཁྱབ་སོང་བ་ལ་བསྟེན་ནས། རྨུ་ཐག་གི་མདོག་དང་འཐེན་ཕྱོགས་ལའང་འགྲེལ་བརྗོད་སྣ་ཚོགས་བརྒྱབ་ཡོད་དེ། ཤར་དུ་རྨུ་ཐག་དཀར་བོ་འཐེན་ན་མི་གཡང་འཁོར་བ་དང་། གྱེན་དུ་རྨུ་ཐག་སེར་བོ་འཐེན་ན་རིན་ཆེན་ཕྭ་གཡང་འཁོར་བ་དང་། ནུབ་ཏུ་རྨུ་ཐག་དམར་བོ་འཐེན་ན་འཆི་མེད་ཚེ་ཡི་དངོས་གྲུབ་འཐོབ་པ་དང་། བྱང་དུ་རྨུ་ཐག་སྔོན་པོ་འཐེན་ན་ཕྱུགས་ཀྱི་ཕྭ་གཡང་འཐོབ་པར་བཤད་དོ། །

༤ ལབ་ཙེ་གཞི་བརྩིགས་བྱེད་པའི་ས་དཔྱད། གླང་ཆེན་ཉལ་འདྲའི་མཁལ་ཁུང་དུ་བརྩིགས་ན་བསོད་ནམས་འཕེལ་བ་དང་། བ་དན་འཕྱར་འདྲར་བརྩིགས་ན་ཚེ་རིང་བ་དང་། སེང་གེ་གནམ་དུ་མཆོངས་འདྲར་བརྩིགས་ན་མི་རྒྱུད་བཟང་བ་དང་། ནོར་བུ་སྤུངས་འདྲའི་དབུས་དང་། ལྗོན་ཤིང་ལོ་འདབ་རྒྱས་འདྲར་བརྩིགས་ན་གཞོན་པ་འདབ་ལག་རྒྱས་པ་དང་། གཡུ་འབྲུག་མ་བུ་འཕྲད་འདྲར་བརྩིགས་ན་མི་རྒྱུད་ཕོ་རུ་འཕེལ་བ་དང་། བྲག་རིར་གཅན་གཟན་རྔམ་འདྲར་བརྩིགས་ན་དཔའ་བོའི་དགྲ་ཤ་ལོན་པ་དང་། སྦྲུལ་ནག་ཐུར་དུ་རྒྱུགས་འདྲར་བརྩིགས་ན་སྡང་དགྲ་མནོན་པར་འགྱུར་བ་དང་། རལ་གྲི་ངར་མའི་སོ་འདྲ་བར་བརྩིགས་ན་ཤི་ཁ་ཆོད་པར་འགྱུར་བ་དང་། རི་ཐང་ཆུ་གསུམ་དང་རྩི་ལྗོན་ཉམས་དགའ་སར་བརྩིགས་ན་མི་ནོར་ལོངས་སྤྱོད་འཕེལ་བ་དང་། ལབ་ཙེ་བརྩིགས་པའི་རི་ལ་རི་རྒྱུད་མ་ཆད་པ་གལ་ཆེའོ། །

༥ ལབ་རྩེའི་མིང་གི་རྣམ་གྲངས་དང་དབྱེ་བ། ལབ་རྩེ་ལ། ལ་རྩེ་དང་ལ་བརྩེ། ལ་རྩས། ལ་བཙས་ཞེས་ཐ་སྙད་མི་འདྲ་བ་མང་། ཡང་། ལབ་རྩེ་ལ་དབྱེ་ན་འབྲོང་རྭའི་ལབ་རྩེ་དང་། མདའ་མདུང་མཚོན་ཀྱི་ལབ་རྩེ་ལས་གཞན། རྡོའི་ལབ་ཙེ་ཡང་ཡོད་པ་སྟེ། ཉང་སྐྱེས་སྣང་མཛད་རྡོ་རྗེའི་ལབ་རྩེ་བསྟོད་ཆོག་ལས། ཀོང་ཙེ་བྱང་ཆུབ་སེམས་དཔའ་དེས། །བཀྲ་ཤིས་རྡོ་གཉན་དཀར་བོ་ལ། །སྲིད་པའི་ལབ་ཙེ་བཅུ་གསུམ་བརྩེགས། །ཞེས་དང་། རྡོ་གཉན་ལབ་ཙེ་བཅུ་གསུམ་འདི། །ལྷ་དང་སྲུང་མའི་ཕོ་བྲང་ཡིན། །ཞེས་དང་། ཡང་། གླིང་སྒྲུང་འཛམ་གླིང་སྤྱི་བསང་ལས། ནག་པོ་བདུད་ཀྱི་ས་ཆ། ས་རི་རྩེ་དང་བྲག་རྩེ་མོ་བ། ནགས་བཙན་ས། མཚོ་དང་ཆུ་ཕྲན་འཁྲུགས་ས། བདུད་ཨ་ཆེན་རྣ་བ་ཁྲ་ལེབ་ཀྱི་གཡས་ཕྱོགས། ཀོང་པོའི་བོན་རི་མཐོན་པོའི་གཡོན་ཕྱོགས། རི་ནག་པོ་དགུ་བརྩེགས་ཀྱི་མདུན་ངོས། མི་མགོའི་ལབ་རྩེ་རྔམས་པ། པགས་པའི་རླུང་རྟ་གཡོ་བ། རྒྱུ་རློན་དམུ་ཐག་འཐེན་པ། ཚིལ་བའི་ཅོད་པན་འཕྱང་བ། འཆི་བདག་གཤིན་རྗེའི་ཕོ་བྲང་ལ་འགྲན་བཟོད་པའི་གསས་མཁར་དམར་བོ་འཇིགས་རྔམས་གཡོ་བ། ཞེས་འབྱུང་བ་ནི། མི་མགོ་བརྩིགས་པའི་ལབ་ཙེ་བསྟད་པ་མ་ཡིན་ཏེ། ནག་པོ་བདུད་ཀྱི་ས་ཆ་ན། མི་མགོ་དང་རྒྱུ་རློན་སོགས་ལབ་རྩེ་བསྟོད་པ་ནང་བཞིན་འཇིགས་སུ་རུང་བ་ཡོད་པའི་དཔེ་མཚོན་པར་ཤེས་དགོས་སོ། །

ཡང་། ཕོ་བྲང་དང་ལབ་རྩེ། དཔའ་མཁར་གསུམ་ལས་རིའི་རྩེ་མོ་ནས་བརྩིགས་པ་ཕོ་བྲང་དང་། རི་སྐེད་ནས་བརྩིགས་པ་ལབ་རྩེ་དང་། ལུང་མདོ་ནས་བརྩིགས་ན་དཔའ་མཁར་ཡང་ཟེར། གཞན་ཡང་། ལབ་རྩེ་བསྟོད་སྟངས་ལ་ཞྭ་དམར་པཎྚི་ཏའི་ལབ་རྩེའི་བསྟོད་ཆོག་ལས། བཙན་པོའི་ལབ་ཙེ་རི་ཡི་རྩེ་མོ་དང་། །འཕན་པོའི་ལབ་ཙེ་རི་ཡི་ཁེལ་ཁ་སྟེ། །ཕྱུག་པོའི་ལབ་ཙེ་རི་ཤོད་ཀློང་དུ་བརྩིགས། །ཡུལ་མི་བཙན་ཕྱུག་འཕན་གསུམ་དར་བར་བྱས། །ཞེས་དང་། ལབ་ཙེ་བསྟོད་ཆོག་འགར། སྔོན་གྱི་བསྐལ་བ་དང་བོར། ཀོང་ཙེ་རྒྱལ་བོས། ཤར་ལྷོ་ནུབ་བྱང་གི་གོང་ཁ་རུ་ལབ་ཙེ་བརྒྱ་དང་བཅུ་གསུམ་རེ་རེ་བརྩིགས་པས། རྒྱ་བོད་བལ་ཧོར་སོགས་ལ་མི་ནོར་འཕེལ་བར་བཤད་པ་དང་། ཡང་། སློབ་དཔོན་པད་འབྱུང་གིས། བོད་ཀྱི་རྒྱལ་ཁམས་ཆེན་པོ་ལ། །རྒྱལ་བོའི་ལབ་ཙེ་རི་རྩེར་བརྩིགས། །རྒྱལ་སྲིད་ཆོས་བཞིན་དར་བ་དང་། །སྲིད་ཞི་ཕྱོགས་བཞིར་བསྟན་པར་མཛད། །བཙན་པོའི་ལབ་ཙེ་གོང་ཁར་བརྩིགས། །བཙན་ཕྱུག་འཕན་གསུམ་འཛོམས་པ་དང་། །ཐབས་ཤེས་གཟུ་དཔང་རྒྱས་པར་མཛད། །རྨང་བོའི་ལབ་ཙེ་ཁེལ་ཀར་བརྩིགས། །རྨང་བོའི་མི་རྒྱུད་གྲོལ་བ་དང། །མི་ནོར་ཟས་གསུམ་འཕེལ་བར་མཛད། །ཡུག་པོའི་ལབ་ཙེ་འཕྲང་ཁར་བརྩིགས། །མི་ནད་ཡམས་ནད་ཆད་པ་དང་། །བདེ་སྐྱིད་དགེ་བ་རྒྱས་པར་མཛད། །ཅེས་དང་།

ལབ་ཙེ་ལ་ལྷ་གནས་སྟངས་ཡང་། བསྟོད་ཆོག་ལས། ལབ་ཙེ་འདི་ཡི་རྩེ་མོ་རུ། །བླ་མ་ཡི་དམ་བཞུགས་སུ་གསོལ། །ལབ་ཙེ་འདི་ཡི་སྐེད་པ་རུ། །ཆོས་སྐྱོང་སྲུང་མ་བཞུགས་སུ་གསོལ། །ལབ་ཙེ་འདི་ཡི་རྩ་བ་རུ། །ས་བདག་ཀླུ་གཉན་བཞུགས་སུ་གསོལ། །ལབ་ཙེ་འདི་ཡི་ཕོ་བྲང་དུ། །གཉན་རིགས་འཁོར་བཅས་བཞུགས་སུ་གསོལ། །གསུངས་པ་ལྟར་རོ། །

༦ ད་ལྟའི་ལབ་རྩེའི་རྒྱུ་ཆ་དང་དགོས་པ། ལབ་རྩེ་རྒྱུ་ཆ་ལ་གསོམ་ཤིང་སྨྱུག་མ་སྤེན་མ་སོགས། མདའ་མདུང་གྲི་གསུམ་གྱི་སྐེད་དུ་དར་ཚོན་སྣ་ལྔའི་ལྷ་དར་བཏགས་ཏེ་ཡུལ་ལྷ་ཐུ་བོ་ཆེ་རྣམས་ལ་མཚོན་འབུལ་གྱི་མཆོད་པ་བྱེད་པ་དང་། གཞན་ཡང་། སྟག་པ། ཤུག་པ། ཉ་ཕྲུག་སོགས་ཤིང་སྣ་དུ་མ་བལ་དཀར་གྱིས་བརྒྱན་ཏེ། ཡུལ་དེའི་ལྷ་མི་ཀུན་གྱི་ངོ་སོ་བསྟོད་པའི་རྟེན་འབྲེལ་ཡོད། ལབ་རྩེ་སྦྲེལ་བྱེད་ཀྱི་རྨུ་ཐག་ནི་ཡིག་རྙིང་ལས་དམུ་ཐག་དང་རྨུ་ཐག ཡང་ན། དམུ་སྐས་ཞེས་འབྱུང་བ་ལ། དོན་ནི་གནའ་བོའི་ལོ་རྒྱུས་ལས་མཁའ་ལ་བགྲོད་པའི་དམུ་ཐག་གི་མིང་སྟེ། མི་རྗེ་ལྷ་ཡིས་མཛད་པའི་མགོན་སྐྱབས་ཆེ། །དམུ་ཐག་གནམ་ནས་དྲངས་པས་འཛེགས་སྐས་བཟང་། །ཞེས་འབྱུང་བ་ལྟར། བོན་གྱི་བཤད་ཚུལ་ལ། སྟེང་ལྷ་ཡུལ་ནས་བར་མི་ཡུལ་དུ་བསྐྱོད་པའི་རྒྱུ་ལམ་ལ་འཇའ་དང་དམུ་སྐས་དམུ་ཐག་ཅེས་འབྱུང་བས། རྒྱལ་རབས་གསལ་མེ་ལས། གནམ་གྱི་ཁྲི་བདུན་བང་སོ་མཁའ་ལ་བཏབ། །ལྷ་ཡི་ལུས་ལ་རོ་མེད་འཇའ་ལྟར་ཡལ། །ཞེས་གསུངས་པ་ལྟར། གནམ་གྱི་ཁྲི་བདུན་ལ་བང་སོ་མེད་པར་གནམ་གྱི་དགུ་ཚིགས་ལྟ་བུའི་དམུ་ཐག་ལས་དགུང་དུ་གཤེགས་པ་འདིས། དེ་དུས་ཀྱི་སྤྱི་ཚོཊ་ལ་ངོ་མཚར་ཞིང་བློ་ཡུལ་ལས་འདས་པའི་གོ་གནས་ཆེན་པོ་ཞིག་ཟིན་ཡོད་པར་མ་ཟད། དམུ་ཐག་ནི་མཐོ་ནམ་མཁའི་ལྷ་ཡུལ་དང་དམའ་འཇིག་རྟེན་མི་ཡུལ་གྱི་སྦྲེལ་ཐག་ལྟ་བུར་གྱུར་ཡོད་སྟབས། དེ་མཚོན་བྱེད་དུ་ལ་སྟེང་ངམ་སྒང་ཁའི་ལབ་རྩེ། དེ་ནས་རི་རྩེའི་ལབ་རྩེ་བར་སྒྲིལ་ཡོད་ལ། ད་དུང་དེ་ལ་བལ་ཚོམ་དང་དར་ཕྲན་མང་བོས་བརྒྱན་ཡོད་པ་རེད།

དེ་ལྟ་བུའི་ལབ་བསྟོད་ཀྱི་ཆོ་ག་འདི་གང་བྱུང་མི་བྱེད་པར་གཟའ་སྐར་འཕྲོད་སྦྱོར་ཕུན་སུམ་ཚོགས་པའི་ཉི་མ་ལ་བྱེད་སྒོ་སྤེལ་བ་སྟེ། ལོ་རེར་གཉིས་པའི་ཚེས་བཅུ་གཅིག་དང་། ཡང་ན། དྲུག་པའི་བཅོ་ལྔའམ་བཅུ་བདུན་སོགས་ལ་བསྟད་ན་ལྷ་སྲུང་དེ་དག་གིས་ཉིན་གསུམ་བྱ་ར་དང་། མཚན་གསུམ་མལ་ཚེ། དགྲ་འགོག་གཉེན་སྐྱོང་། གཡེལ་མེད་སྡོངས་གྲོགས་བྱེད་ལ། གང་ལྟར། ལབ་རྩེ་བསྟོད་པ་ཞེས་པའི་བྱ་ཚིག་འདི་མཐོ་བར་བྱས་པ་དང་། ས་གནམ་སྦྲེལ་བའི་དམུ་ཐག་གི་ཆ་གང་ལ་གཞིགས་ནའང་བོད་མིའི་ཆབ་དཔལ་རིག་གསུམ་དང་སེམས་ཁམས། བློ་སྟོབས། བོན་གྱི་བཤད་ཚུལ་ལྟར། ས་རིམ་པ་བཅུ་གསུམ་ནས་གནམ་རིམ་པ་བཅུ་གསུམ་གྱི་བར་རིམ་འཕར་གྱིས། མཐོན་པོར་བསྙེགས་ཏེ། ལོ་ངོ་སྟོང་ཕྲག་མང་བོའི་ལོ་རྒྱུས་སུ་གྱུར་དང་འགྱུར་བཞིན་ཡོད་པ་མཚོན། དམངས་སྲོལ་འདི་དུས་ཀྱི་འགྱུར་ལྡོག་ཇི་ལྟར་རྒོད་ཀྱང་། གངས་རི་མཐོན་པོའི་དབུས། ཆུ་བོ་ཆེན་པོའི་མགོ་དང་། ཡུལ་མཐོ་ལ་ས་གཙང་བའི་བོད་ཁམས་འདིར་ད་ལྟའི་བར་གསོན་ཤུགས་རྒྱས་ཏེ་མ་ཉམས་པར་འཕེལ་བ་འདི་ཉིད་དོ། །

༧ ས་འདུལ་བྱེད་སྟངས། ལབ་ཙེ་བསྟོད་ཚུལ་ལ། ནང་བསྟན་གྱིས་བདག་དབང་བཟུང་བ་ནས། ས་འདུལ། གཏེར་སྒྲུབ། སྲོག་ཤིང་། ཕོ་བྲང་བཞེངས་ཚུལ་སོགས་ཡོད་པ་ལས། ས་འདུལ་རྒྱག་སྟངས་ནི། ས་མཁན་གྱིས། སྣོད་གཙང་དུ་གཞི་བདག་གཏོར་མ། ཀླུ་སྨན། དཀར་གསུམ་མངར་གསུམ། གསེར་སྐྱེམས་སོགས་བཤམས་ཏེ། ཕྱག་ན་རྡོ་རྗེ་དང་འཇིགས་བྱེད་སོགས་ཀྱི་སྐུར་བཞེངས་ནས། བགེགས་གཏོར་ཕྱག་ཏུ་བསྣམས་ཏེ། ལབ་ཙེ་བརྩིགས་པ་ལ་བར་དུ་གཅོད་པ་གང་ཡིན་པ་ཐམས་ཅད་གུ་གུལ་དང་། ཡུངས་དཀར་གྱིས་བྲབས་ནས་བགེགས་བསྐྲད་བྱས་ཏེ། གཙོས་རྭ་ས་ལ་བཙུགས་ནས་རྒྱུ་འབྱོར་ཡོན་བདག་འཁོར་བཅས་ཀྱི་ལོངས་སྤྱོད་ཚེ་བསོད་ལ་གནོད་པའི། ཕོ་སྲི། ཕུང་སྲི། ཆུང་སྲི། རྟ་ནོར་ལུག་གསུམ་གྱི་སྲི་འདྲེ་སྙིང་གཟིར་བྱེད་དུ་བཙུགས་ཏེ། རྡོ་གཅིག་བླངས་ནས། ཝ་དང་གྲུམ་པའི་པགས་པ། དུག་ཡས་སྣ་དགུ་དང་བཅས། ལབ་ཙེ་མི་མཐོང་བའི་སར་འདོམ་དགུའི་འོག་ཏུ་ས་དགྲ་དགུ་ཐུབ་ཏུ་མནོན་ནོ། །དེ་ནས། ཕྱོགས་བཞིའི་ས་དགྲ་མནོན་བྱེད་དུ། ཤར་སྟག་སྐྱ་བོ། ལྷོར་གཡུ་འབྲུག་སྔོན་མོ། ནུབ་ཏུ་བྱ་དམར་བོ། བྱང་དུ་རུས་སྦལ་ནག་པོ་ཤིང་གི་བྱང་བུ་ལ་བྲིས་ཏེ། སྲིད་པ་ཧུའི་ཕྱག་རྒྱ་བསྟན་ཏེ་ས་ལ་གཟུགས། དེ་ནས། དཀར་ཕྱོགས་པ་ངོ་སོ་བསྟོད་པའི་ཆེད་དུ། གསེར་གཡུ་དང་དུང་། དར་ཚོན་དང་རྒོད་སྒྲོས་བརྒྱན་པའི་མདའ། ས་འདུལ་བརྒྱབ་ཤུལ་དུ་བཙུགས། གཡུ་དང་མགྲོན་བུ་བཏགས་པའི་རྟ་དཀར་བོ་དང་། ལུག་དཀར་བོ་གཉིས་ལ་ཁྲུས་བྱས་ནས། དཔྲལ་བ་སོགས་ལ་མར་བྱུགས། སྙུག་མ་ཚིགས་གསུམ་བྲེ་སྟེང་དུ་བཙུགས་ཏེ། ཆོ་ག་ན་གསལ་བ་ལྟར། ཚེ་ཐར་བཏང་ནས། མིང་དོན་དང་མཐུན་པའི་སྟག་ལོ་བའམ་ཕག་ལོ་བས་ས་བརྐོ་དགོས་སོ། །

ས་འདུལ་རྒྱག་པ་འདི། མཆོད་རྟེན་དང་། གཙུག་ལག་ཁང་། འབུམ་ཁང་། རྒྱལ་བོའི་ཕོ་བྲང་། ས་གཏེར། ལབ་ཙེ། ཁང་ཁྱིམ་སོགས་གསར་ཕིབ་དང་། བེམ་རོ་དུར་དུ་བསྐྱལ་བ་སོགས་གང་ལའང་གལ་ཆེ། ལབ་ཙེ་བསྟོད་ཆོག་སོགས་ལས་གཏེར་དང་ས་སློང་། ས་འདུལ་སོགས་མེད་ན། ས་བདག་ཀླུ་གཉན་སོགས་མི་མཉེས་པར་མ་ཟད། སེམས་འཁྲུགས་པའི་སྐྱོན་གྱིས་ཐན་པ་དང་མུ་གེ་འབྱུང་ཆེ་བས། གནོད་པ་བཟློག་པ་ལ་ངེས་པར་དུ་དགོས་པར་གསུངས་སོ། །

༨ ལབ་རྩེའི་གཏེར་སྒྲུབ་ཀྱི་སྐོར། ལབ་བསྟོད་ལ་ནང་ཆོས་ཀྱི་ཤན་ཞུགས་པ་ནས་བཟུང་། ཀོང་ཙེ་འཕྲུལ་གྱི་རྒྱལ་བོའི་ལབ་ཙེ་བརྩིགས་ཚུལ་དང་། སློབ་དཔོན་པད་འབྱུང་གི་ལབ་ཙེ་བརྩིགས་ཚུལ། ཕྱིས་ཇོ་བོ་བོད་དུ་ཕེབས་སྐབས། འབྲོམ་སྟོན་ལ་ཀླུའི་གཏེར་སྦས་པའི་ཕྱག་ལེན་གནང་བ་ཡིན། བོད་ལ་ལབ་རྩིག་གི་ཆོ་ག་ཡོད་པ་ནས་བཟུང་སྟེ། གྲུབ་མཐའ་སོ་སོའི་ཕྱག་ལེན་ལྟར་ལབ་ཙེ་བརྩིགས་ཚུལ་མང་ཡང་། ས་གཏེར་དང་ས་འདུལ་གྱི་ཕྱག་ལེན་མེད་ན། ཁེ་ལས་ཉེན་ཆེ་བ་ལབ་བསྟོད་ཀྱི་ཆོ་ག་ལས་གསུངས་སོ། །བུམ་གཏེར་ལ། ཀླུ་གཏེར་དང་ས་གཏེར། སྣུམ་གཏེར་གྱི་བུམ་པ་བཅས་གསུམ་ཡོད།

༡ ཀླུ་གཏེར་གྱི་བུམ་པ་དང་བུམ་རྫས་ནི། བུམ་པ་བྲེ་ཚད་ལས་མི་ཆུང་བ། རབ་གསེར་དངུལ་ཟངས་ལྕགས། མ་འབྱོར་ན་རྫ་བུམ་གྱི་ནང་དུ། ཛཱ་ཏི། ཆག་ཚང་ཀུ་བ། གཟེ་མ། འཕང་ཆེན། བུ་ཤི་རྩེ། རྡོ་རྒྱུས། ཁྲ་བོ་གཟི། རྒྱ་སྤོས། མགྲོན་བུ་དཀར་བོ། ལེབ་བརྒན་དར། སྙིང་ཞོ་ཤ གུ་གུལ་དཀར་བོ། བཙོད་མདུད། ཆུ་སྲིན་སྡེར་མོ། དུང་། མཚལ། ལྕོག་ལ། རས་སྐུད་དམར་བོ། རྩྭ་རྨ་བྱའི་མདོངས། ཟི་ར་དཀར་ནག ནཱ་ག་གེ་སེར། ནཱ་ག་བུ་ཥ། བལ་བོའི་ཟེའུ་འབྲུ། དམར། ཤིང་ལྕང་མ། ཨུཏྤལ། ལི་ཁྲི། སྦྲུལ་གྱི་པགས་པ། དུར་བ། ཐང་ལོ། སྨུག་ལོ། བ་དམར་བོའི་འོ་མ། ར་དཀར་མོའི་འོ་མ། ཡིད་བཞིན་ནོར་བུའི་གཟུགས་བྲིས་འབུར་གང་རུང་། གཞན་ཡང་། མི་བསོད་ནམས་ཅན་དང་། སྟོབས་དང་འབྱོར་བ་ཕུན་སུམ་ཚོགས་པ་དགུའི་ལག་ནས། སླེ་ཏྲེས། ཀུནྜ་ཀ་རི། རྒྱ་མཚོའི་ཝུ་བ། དབང་ལག ཤུ་དག་སྟེ་སྨན་ལྔ། གསེར། དངུལ། བྱི་རུ། མུ་ཏིག མུ་མིན་སྟེ་རིན་པོ་ཆེ་ལྔ། ཙན་དན་དཀར་དམར། ཛཱ་ཏི། ག་བུར། གུར་ཀུམ་སྟེ་དྲི་ལྔ། ནས། འབྲས། གྲོ། སྲན་མ། ཏིལ་སྟེ་འབྲུ་ལྔ། གསེར། ལན་ཚྭ། བུ་རམ། མར། ཏིལ་སྟེ་སྙིང་བོ་ལྔ། སྦྲང་རྩི་ཀ་ར་འོ་མ་ཞོ་མར་ཏེ་བདུད་རྩི་ལྔ། དར་སྣ་ལྔ། འདོད་ཡོན་སྣ་ལྔ་རྣམས་ཀྱིས་གང་བར་བྱ། རྫས་འདི་རྣམས་ལ་དུག་དང་། གླ་རྩི་ཤ་ཆང་སྒོག་ཙོང་སོགས་གཏན་ནས་མ་འདྲེས་པ། བུམ་པའི་སྟོད་ཀྱི་ཆར། རབ་གསེར་དངུལ་ཟངས་སོགས་ཀྱི་བླུག་མ། འབྲིང་རིན་པོ་ཆེ་བརྡར་བའི་ཙན་དན་ནམ་ཀླུ་སྨན་ས་སྣ་ལས་བྱས་པ། ཐ་མ་ཀླུའི་ལྕང་མའི་བྱང་བུ་འམ་ཤོག་གུ། རས་སམ་གྲོ་ག་ལ་བྲིས་པ། དེ་རྣམས་གང་རུང་གིས་པདྨ་འདབ་བརྒྱད་པའི་དབུས་སུ་ནོར་རྒྱས། ཤར་དུ་སྟོབས་རྒྱས། ལྷོར་དུང་སྐྱོང་། ནུབ་ཏུ་མཐའ་ཡས། བྱང་དུ་ཝ་ར་ན། ཤར་ལྷོར་འཇོག་པོ། ལྷོ་ནུབ་ཏུ་རིགས་ལྡན། ནུབ་བྱང་དུ་པདྨ། བྱང་ཤར་དུ་པདྨ་ཆེན་པོ། ཐམས་ཅད་སྐུ་མདོག་དཀར་བོ་ཞལ་གཅིག་ཕྱག་གཉིས་པ། སྟོད་ལྷའི་ལུས་ཅན། སྨད་སྦྲུལ་མཇུག་ཏུ་འཁྱིལ་བ། ཕྱག་གཉིས་ཀྱིས་རིན་པོ་ཆེའི་གཏེར་གྱི་བུམ་པ་ཐུགས་ཀར་འཛིན་པ། དབུ་ལ་སྦྲུལ་མགོའི་གདེངས་ཀ་བདུན་ལྡན་པ། ཡུམ་རྣམས་ཀྱི་གཟུགས་ཡབ་དང་འདྲ་བ་ལ་གདེངས་ཀ་ལྔ་དང་ལྡན་པ། གཡོན་ཕྱོགས་སུ་ཐལ་མོ་སྦྱོར་ཞིང་ཡབ་ལ་གཟིགས་ནས་བརྟེན་པར་འབྲི་ལ། ཀླུ་ཆེན་དེ་དག་ལ་འདོད་དོན་གསོལ་བའི་སྤེལ་ཚིག བླུགས་མ་ཡིན་ན་མཐིང་ཤོག་ལ་གསེར་གྱིས་བྲིས་ནས་གཟུངས་གཞུག་ལྟར་འབུལ། བྱང་བུ་སོགས་ཡིན་ན་རྒྱབ་ལ་མཚལ་གྱིས། རང་རང་གི་ཕྱོགས་མ་ནོར་བར་བྲིས་ནས། བུམ་ནང་དུ་བཞག་སྟེ། བུམ་ཁ་དར་སྣ་ལྔས་བཅིངས་དགོས་པ་ཡིན་ནོ། །

༢ ས་གཏེར་གྱི་བུམ་རྫས་ནི། རིན་པོ་ཆེ་འམ་རྫ་གསར་གྱི་བུམ་པ་གཙང་མར། ཨ་རུ་ར། ཛཱ་ཏི། ལི་ཤི སུག་མེལ། ཅུ་གང་། གུར་ཀུམ། ཀ་ཀོ་ལ། ལུང་ཐང་། ག་བུར། ཙན་དན་དཀར་དམར། རྒྱ་མཚོའི་ཝུ་བ། སྙིང་ཞོ་ཤ ཀླད་ཀོར་ཞོ་ཤ དབང་ལག གཎྚ་ཀ་རི། བུ་ཤི་ཙེ། ཤུ་དག ལི་ཁྲི། ཤིང་ལོ་སྣ་ཚོགས། སྤོས་དཀར། གསེར་དངུལ། བྱི་རུ། མུ་མིན། མུ་ཏིག ཟངས། ཤེལ། དུང་། མཆོང་། ནས་འབྲས་གྲོ་སྲན་ཏིལ། དར་ཟབ་སྣ་དགུ། དཀར་གསུམ་མངར་གསུམ། ཁྲ་བྱང་མིག་དགུ། སྟག་གི་སྡེར་མོ། ཕག་རྒོད་ཀྱི་མཆེ་བ། དོམ་གྱི་སྣ། གཟིག་གི་ཐིག་ལེ། ཉའི་མགོ་རྣམས་མ་ཚང་བ་མེད་པར་བཀང་སྟེ། ཁ་དར་སྣ་ལྔས་བཅིངས་ལ། ས་འོག་ཟབ་མོར་བརྐོས་ནས། བེར་དཀར་གྱི་གདན་སྟེང་དུ། གཏེར་འོག་ལ་རྡོ་ལེབ་གསུམ་གྱི་གཅིག་ལ་སྦལ་བ་ཕོ་མོ། གཅིག་ལ་སྦྲུལ་ཕོ་མོ། གཅིག་ལ་ཆོ་ག་ན་གསལ་བ་ལྟར་གཟུངས་སྔགས་འབྲི། དེའི་སྟེང་བེར་དཀར་གྱི་གདན་ལ་པདྨ་འདབ་བརྒྱད་དབུས་སུ་ཀླུ་གཏེར་གྱི་བུམ་པ། གཡས་སུ་གཏེར་གྱི་བུམ་པ། གཡོན་དུ་རྩི་མར་གྱི་བུམ་པ་བཞུགས་སུ་གསོལ་ནས། འབྲུ་ཟན་སྣ་དགུ་སྤུངས། གོས་ཆེན་དང་། འབྱོར་ན། སྟག་གཟིག་སོགས་ཀྱི་པགས་པས་དགབ་པར་བྱའོ། །སྒྲུབ་ཐབས་ནས་གསུངས་པ་བཞིན། རྣལ་འབྱོར་བས། ཞག་བདུན་གོང་ནས་ཤ་ཆང་སྒོག་ཙོང་གླ་རྩི་སོགས་ལ་འཛེམས་ནས། ཉིན་རེར་ཐུན་གསུམ་བྱས་ཏེ་ཉིན་བདུན་ལ་སྒྲུབ་དགོས་པར་བཤད་དོ། །

གཏེར་སྒྲུབ་ཀྱི་ཕན་ནུས་ནི། ཇོ་བོ་ཆེན་པོས། སློབ་དཔོན་བྱམས་པ་ཆེ་བ་དང་། བཙུན་པ་ཚེ་རིང་ཞིང་ཚུལ་དང་མཐུན་པ། དགེ་འདུན་གྱི་སྡེ་མཐུན་པ་དང་བཀྲ་ཤིས་པ། བསོད་ནམས་དང་ལོངས་སྤྱོད་འཕེལ་བ། ནད་དང་གདོན་བགེགས་ལྡོག་པ། ཡུལ་བདེ་ཉམས་དགའ་དཔག་ཏུ་མེད་པ་འབྱུང་བར་གསུངས་པ་དང་། ཀོང་ཙེ་འཕྲུལ་གྱི་རྒྱལ་བོས། ཆོས་སྲིད་འཕེལ་ཞིང་སྐུ་ཚེ་རིང་བ། ཡུལ་ཁམས་བདེ་ཞིང་ནོར་རྙེད་པར་གསུངས་སོ། །

༩ ལབ་ཙེའི་སྲོག་ཤིང་། ལབ་ཙེའི་སྲོག་ཤིང་ནི། ཨ་ཀ་རུ་དང་ཤུག་པ་སོགས་ཤིང་དྲི་ཞིམ་པོ་ཤར་ངོས་མ་ནོར་བར་བྱ་སྟེ། མིང་དོན་བཟང་བའི་སྐྱེས་བུས་བླངས་ནས་གྲུ་བཞི་བྱས་ཏེ། བཟང་དྲུག་དང་རྭ་དཀར་མོའི་འོ་མ་བྱུགས། ཤར་འོག་ནས་སོར་གསུམ་གྱི་ཚད་ཙམ་ལ་གླིང་བཞི་འབྲི། དེ་ནས་ཡར་མཐོ་གང་ནས་གྲུ་བཞིར་བསྐོས་ཏེ། ནང་དུ་ཞོ་ཤ་གསུམ། གསེར་གཡུ་དུང་མུ་ཏིག་ཟངས་ལྕགས་ཤེལ། ཕོ་མགྲོན་མོ་མགྲོན། བྱ་རྒོད་ཀྱི་ཤ ཁྲ་གླག་ཅོ་གསུམ་གྱི་རུས་པའམ་སྒྲོ་སྤུ། སྙིང་རྣམས་བཅུག་སྟེ། དར་ཚོན་སྣ་ལྔའི་ཁ་བཅིངས། དེའི་སྟེང་དུ་གཡུང་དྲུང་གཡས་བསྐོར་དུ་བྲིས། རྩེ་མོ་ནས་ཕྱོགས་བཞིར་སྤེལ་ཚིག་དང་། འདོད་གསོལ་བསྟོད་ཆོག་ལས་འབྱུང་བ་ལྟར་བྲིས་ཏེ། པདྨའདབ་བརྒྱད་སོགས་བྲིས་པའི་བྲེ་ནང་དུ་གཟུགས་དགོས་སོ། །

༡༠ ལབ་ཙེའི་ཕོ་བྲང་བརྩིགས་ཚུལ་གྱི་སྐོར། གཏེར་གྱི་སྟེང་དུ་སྟག་གཟིག་པགས་པའམ། ཟ་འོག་གང་རུང་གི་གདན་གྱི་ཐོག་བྲེ་སྟེང་དུ་སྲོག་ཤིང་བཞེངས། དེའི་རྒྱབ་ཏུ་རྟེན་ཤིང་གི་རྩེ་མོར་སྲིད་པ་ཧུའི་ཕྱག་རྒྱ། དར་དང་ཤིང་སྣ་མང་བོས་བརྒྱན། སྲོག་ཤིང་རྩེ་མོ་ནས་རིམ་བཞིན་རས་ཡུག་དཀར་དམར་མཐིང་སེར་ལྗང་ཁུ་ལྔས་ལེགས་པར་བཅིངས་ཏེ། མདུན་དུ་ལྷ་གང་ཡིན་གྱི་ཞལ་ཐང་བཞག མཚམས་བཞིར་རྟེན་ཤིང་བཞི་གས་བཏེགས་ཏེ། རྨུ་ཐག་དཀར་སེར་དམར་སྔོ་བཞི་གས་རྟེན་ཤིང་ལ་གཡས་བསྐོར་གྱིས་སྦྲེལ་ནས། སྟེང་དུ་འཐེན། དེ་ནས་མེས་པོ་དང་། ཕྱི་མོ་ཡབ་ཡུམ་གཉིས། ལྕམ་དྲལ་དགུ་དང་བཅས་བསྐོར་ཡིག་བཅུ་གསུམ། ཤུག་པའི་བྱང་བུ་སོར་བརྒྱད་པ། བཅུ་གསུམ་གྱི་སྟེང་བསྟོད་ཆོག་ན་གསལ་བ་ལྟར་མཚལ་གྱིས་འབྲི། བསྐོར་ཡིག་འདི་ངེས་པར་དུ་དགོས་པར་གསུངས། དེའི་ཕྱི་རོལ་དུ་འབྲུ་ཟན་ལས་བཟོས་པའི་བྱ་ལུག་གཡག་གསུམ། རི་དྭགས་ཡོང་དྭགས་ཀྱི་གཟུགས་བཅུ་གསུམ་རེ་བྱ། དེའི་ཕྱི་རོལ་ཏུ་བྱང་བུ་ཐོ་གང་ཅན་གོ་གཅིག་ལ། རྟ་དམར་བཅུ་གསུམ། གཡག་ནག་བཅུ་གསུམ། ལུག་སེར་བཅུ་གསུམ། ར་དཀར་བཅུ་གསུམ། བ་གླང་སྔོན་པོ་བཅུ་གསུམ། འབྲི་སྔོན་པོ་བཅུ་གསུམ། ཏོལ་མོ་ལྗང་ཁུ་བཅུ་གསུམ་རྣམས་དང་། ཡང་། བྱང་བུ་མཐོ་གང་བརྒྱད་ལ། ཁྱུང་དཀར་བོ། བྱ་རྒོད་ནག་པོ། གླག་སྨུག་པོ། གོའུ་སྔོན་པོ། བྱ་རོག་ནག་པོ། འུག་པ་སེར་བོ། སྐྱུང་ཀ་ནག་པོ། སྐྱ་ཀ་རྣམས་བྲིས་ཏེ། གོ་རིམ་བཞིན་འཇིམ་པ་བཟང་བོར་འཛུགས། དེའི་ཕྱི་རོལ་ཏུ་སེང་གེ་དཀར་བོ། འབྲུག་སྔོན་པོ། སྟག་སེར་བོ། འབྲོང་སྨུག་པོ་སྟེ་སྒོ་སྲུང་བཞི། བྱང་བུ་མཐོ་གང་རེར་གཟུངས་སྔགས་དང་བཅས་བྲིས་ཏེ་བཙུགས། དེའི་མཐའ་བསྐོར་དུ་བཀྲ་ཤིས་ཀྱི་ར་བར་མཁན་པ་དང་ཤུག་པ་དུར་བ་སོགས་ཀྱིས་གུར་ཕིབ་བྱ། དེ་ནས་རྡོ་རྩིག་གྲྭ་བཞིར་བྱས་ཏེ། ཁྲབ་མོག ས་སྟག མེ་མདའ། མདའ་མདུང་གྲི་གསུམ། རུ་མཚོན། ཕྱར་དར། མཁན﹙མཁན་པ་དཀར་བོས་བཟོས་པའི་བྱ﹚བྱ། ཤིང་རིགས་བལ་སྣས་བརྒྱན་པ། སྟག་པའི་རྩེ་རྒྱལ། རྦ་སྙུག་ཚིགས་གསུམ་གྱིས་བརྒྱན་པ། དེ་ནས། རྡོ་རྩིག་ཟླུམ་པོར་བྱས་ཏེ། ཤིང་བཟང་བོ་དང་། ས་རྡོ་བཟང་བོས་ལེགས་པར་བརྩིགས་ཏེ། རྨུ་ཐག་སོགས་ཀྱིས་དམ་པོར་བཅིངས་ནས། དར་སྣ་ཚོགས་དང་། ཤོག་བུ་སོགས་ཀྱིས་དོང་ཙེ་སྟོང་ཕྲེང་གིས་བརྒྱན་པར་བྱའོ། །དེ་ནས། སྟག་ལོ་བ་མིང་དོན་འཇོན་པའི་དར་མ་ཞིག་གིས། ཤར་ནས་རྡོ་དཀར། ལྷོར་ནས་རྡོ་སྔོན། ནུབ་ནས་རྡོ་དམར། བྱང་ནས་རྡོ་སེར། དབུས་ནས་རྡོ་དམར་ལ་ལབ་རྩེ་ལས་རྨུ་ཐག་བྲེས་ཏེ་འདོགས་པ། ཕྱོགས་བཞིའི་ས་དགྲ་མནོན་བྱེད་དུ། ལབ་ཙེ་ལས་ཅུང་རིང་བའི་སར་ཤིང་གི་བྱང་བུའི་སྟེང་དུ་ཤར་དུ་སྟག་སྐྱ་བོ། ལྷོར་འབྲུག་སྔོན་པོ། ནུབ་ཏུ་བྱ་དམར་བོ། བྱང་དུ་རུས་སྦལ་ནག་པོ་བྲིས་ཏེ་གཟུགས་ལ། ཁྱད་པར་དུ་དེ་རྣམས་མི་ཕྭ་དང་ཚེ་ཕྭ། ནོར་ཕྭ་དང་བཀྲ་ཤིས་ཕྭའི་དངོས་གྲུབ་སྩོལ་བྱེད་དང་། ཕྱོགས་བཞིའི་ས་དགྲ་མནོན་བྱེད་ཀྱི་དགྲ་བཅོས་ཀྱང་ཡིན་ནོ། །

ལྷ་བ།

༡ ལྷ་བའི་མིང་གི་རྣམ་གྲངས། གདོད་མའི་སྤྱི་ཚོགས་ནས་ད་ལྟ་དུས་རབས་བར་ལྷ་བ་ཞེས་པའི་མིང་འདི། བོད་ཁམས་ཡོངས་ལ་ཆ་རྒྱུས་ཆེ་ཞིང་། བོད་ཀྱི་འཚོ་བའི་ཁྲོད་མི་རྣམས་ཀྱིས་གདེང་འཇོག་ཚད་མཐོན་པོར་གནང་བ་རེད། ལོ་རྒྱུས་ཀྱི་འགྱུར་རིམ་དང་བསྟུན་ཏེ་ལྷ་བའི་མིང་ལ། སྐུ་རྟེན། པྲ་རྟེན། ལྷ་བ་ཞེས་འབོད་སྲོལ་ཡོད། དེ་ཡང་། སློབ་དཔོན་པདྨས་ལྷ་ལུང་འཚོ་གཞེར་སྙན་ལེགས་ལ་སོགས་མེས་ཕྱི་ཚང་བ་བཅུ་ཙམ་བསགས་ཏེ་ལྷ་ཕབ་པ། སྐབས་དེའི་སྤྱི་ཚོགས་ནང་པྲ་རྟེན་ཞེས་བརྗོད། ཕྱིས་སུ་གནས་ཆུང་འཕྲིན་ལས་རྒྱལ་བོ་དང་། ཆོས་སྐྱོང་རྡོ་རྗེ་གྲགས་ལྡན་སོགས་མིའི་ཁོག་ཏུ་བརླམས་པ་ལ་སྐུ་རྟེན་ཟེར། ཡང་། དམའ་རིམ་འཇིག་རྟེན་པའི་ཡུལ་ལྷ་གཞི་བདག་སོགས་མི་ཁོག་བརླམས་པ་ལ་ལྷ་བ་ཞེས་བཤད་སྲོལ་ཡོད།

ལྷ་མ་ཟད་ཀླུ་ཡང་མི་ཁོག་ཏུ་བརླམས་པ་ཡོད་དེ། དུས་རབས་བཅུ་གཅིག་པའི་དུས་མགོར་སྟོད་མངའ་རིས་སུ་ར་རྫི་ཞིག་ལ་ཀླུ་སྐར་རྒྱལ་ཟེར་བ་ཞིག་ཁོག་ཞུགས་གནང་སྟེ། སངས་རྒྱས་སྐར་རྒྱལ་ཡིན་ཟེར་ནས་མི་རྣམས་ལ་ནང་བ་སངས་རྒྱས་པའི་ཆོས་དང་མི་མཐུན་པའི་ལྟ་ཚུལ་གསར་བ་མང་བོ་བཤད་ནས་མགོ་བསྐོར་བཏང་བར། ལོ་ཙཱ་བ་རིན་ཆེན་བཟང་བོས་ཀླུ་ཁོག་ཞུགས་དེ་ཚར་བཅད་པའི་ལོ་རྒྱུས་ལོ་ཆེན་གྱི་རྣམ་ཐར་ནང་གསལ་ལོ། །

༢ ལྷ་བའི་བྱུང་རིམ། དུང་དཀར་རིན་པོ་ཆེའི་ཆོས་སྲིད་ཟུང་འབྲེལ་ལས། སློབ་དཔོན་པདྨས་ཕ་མ་གཉིས་འཛོམས་ཀྱི་བུ་དང་བུ་མོ་ཁག་གཅིག་ལ་པྲ་འབེབས་ཟེར་བ། མི་ལ་ལྷ་འདྲེ་ཁོག་ཞུགས་བྱས་པའི་ལུགས་འདི་ཐོག་མར་བཙུགས་ཞེས་གསུངས་ཀྱང་། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་གཏེར་མར། བོན་ཆོས་སུ་པྲ་ཕབ་ཚུལ་ནི། དེའི་སྔོན་མ་ནས་ཡོད་པར་གསུངས་པ་དང་། ཁྱད་པར་དུ་། ཞང་བོད་ལོ་རྒྱུས་ཏི་སེའི་འོད་ཅེས་པར། སློབ་དཔོན་པདྨས་བོན་གྱི་པྲ་ཕབ་ཚུལ་དེ་གཞིར་བྱས་པར་གསུངས་པར་མ་ཟད། ཐུའུ་བཀྭན་གྲུབ་མཐའ་ལས། གཉའ་ཁྲི་བཙན་པོ་ནས་རྒྱལ་རབས་དྲུག་པ་ཁྲི་ལྡེ་བཙན་པོའི﹙གདགས་ཁྲི་བཙན་པོ﹚དུས་སུ་དབུས་སམ་ཤོད་ལོན་བྱ་བར་རུས་གཤེན་ཡིན་པའི་བྱིས་པ་ལོ་བཅུ་གསུམ་ལོན་པ་ཞིག་འདྲེས་མི་ལོ་བཅུ་གསུམ་གྱི་བར་བོད་ཁམས་ཐམས་ཅད་དུ་ཁྲིད་ནས་ལོ་ཉི་ཤུ་རྩ་དྲུག་ལ་མིའི་ནང་དུ་མ་ཆུད་པ་ལ། མི་མ་ཡིན་གྱི་ནུས་པས་ཡུལ་འདི་དང་འདི་ལྟ་བུ་ན། ལྷ་འདྲེ་འདི་དང་འདི་ལྟ་བུ་ཡོད་པས་ཕན་གནོད་འདི་དང་འདི་ལྟ་བུ་བྱེད། དེ་ལ་གསོལ་མཆོད་དང་། ཡས་སྟགས་གཏོང་ལུགས་འདི་འདྲ་བྱས་པས་ཕན་ཟེར་བ་སྣ་ཚོགས་བྱུང་ཞེས་པས། སློབ་དཔོན་པདྨའི་སྔོན་ནས་པྲ་རྟེན་ཡོད་པར་གསལ་ལ། དེ་ལས་གཞན་ལྷ་འདྲེ་བཀའ་ཐང་ལས་པད་འབྱུང་གིས་ལྷ་གསོལ་འདྲེ་དཀར་ཀྱི་ཁྱད་པར་ཕྱེས་གསུངས་པ་ཡང་ལྷ་འདྲེ་ལ་དག་ཐེར་ཐེངས་གཅིག་བྱས་པ་མ་གཏོགས། ལྷ་གསོལ་འདྲེ་དཀར་གྱི་སྲོལ་ཕྱེས་པ་ཞིག་ཏུ་མི་སེམས་ཏེ། མདོ་གཟེར་མིག་ལས། གཤེན་རབ་ཀྱིས་བོད་ཀྱི་བོན་པོ་རྣམས་ལ་བོན་གྱི་ལྷ་གསོལ་བ་དང་། འདྲེ་དཀར་བ་གཉིས་ཀྱི་ལུང་ཕོག་གསུངས་པ་འདིས་གྲུབ་ལ།

གང་ལྟར། སློབ་དཔོན་པདྨས་བོན་གྱི་པྲ་ཕབ་ཚུལ་གྱི་ལག་ཆ་འདི་གཞིར་བཞག་སྟེང་། དེ་དུས་ཀྱི་སྤྱི་ཚོགས་ཀྱི་དགོས་མཁོ་དང་བསྟུན་ཏེ། ལྷ་ཚད་ལྡན་མི་ཁོག་ཏུ་བརླམས་ཏེ་བྱེད་སྒོ་སྣ་ཚོགས་སྤེལ་བ་འདི། དེ་དུས་ཀྱི་མིའི་བསམ་བློ་སྟེང་ལ་བག་ཆགས་ཟབ་མོ་ཐེབས་པ་དང་། ཆོས་སྲིད་ཀྱི་ལག་ཆ་བཟང་ཤོས་ཤིག་ཏུ་དགོངས་ཏེ། དང་ཐོག་ལྷ་ལུང་འཚོ་གཞེར་ལེགས་ལ་པྲ་ཕབ་པར། དེས་བོད་ཀྱི་ལྷ་ཀླུ་མི་སྲུན་པ་མང་བོའི་མིང་བོས་པ་སྟེ། འཕང་ཐང་ཏུ་ཆར་ཕབ་པ་ཤམ་པོ། ལྷ་སར་ཐོག་ཕབ་པ་ཐང་ལྷ། མུ་གེ་དང་ལོ་ཉེས། མི་ནད་གཏོང་བ་བརྟན་མ་བཅུ་གཉིས་སོགས་ཡིན་ཚུལ་སྨྲས་པས། ཆོས་སྲིད་གཉིས་ཆར་ལ་ཕན་པ་རྒྱ་ཆེར་བསྐྲུན་པར། རིམ་གྱིས་པྲ་ཕབ་ཚུལ་མང་དུ་བྱུང་བ་སྟེ། སྦ་བཞེད་ལས། ལྷ་ལུང་འཚོ་སྙན་ལེགས་ལ་པྲ་རྟེན་ཕབ། ཅེས་དང་། མེས་ཕྱི་ཚང་བ་བཅུ་གཉིས་ཙམ་བསགས་ཏེ་པྲ་རྟེན་བགྱིས་ནས། ཞེས་གསུངས་པ་ལྟར་དང་། གཞན་ཡང་། བོན་ལྷ་ཡར་ལྷ་ཤམ་པོ་དང་། ཐང་ལྷ་ཡར་ཞུར་སོགས་དང་། གངས་དཀར་ཤ་མེད་དང་། ཀོང་བཙུན་དེ་མོ་སོགས་བརྟན་མ་བཅུ་གཉིས་ཀྱིས་མཚོན་པའི་ལྷ་ཀླུ་མང་བོ་དམ་ལ་བཏགས་ཏེ། སྲུང་མར་བརྐོས་པ་དང་། མི་ཁོག་ཏུ་བརླམས་པ་དང་། བསམ་ཡས་གཙུག་ལག་ཁང་བཞེངས་སྐབས། རྒྱལ་བོ་ཆེན་པོ་བཞི་སོགས་མི་ཁོག་ཏུ་བརླམས་ཏེ། ལུང་བསྟན་བྱེད་དུ་བཅུག་པ་དང་། གནོད་སྦྱིན་མེ་ལྷའི་ཞལ་མངོན་སུམ་དུ་བསྟན་པ་སོགས་བྱུང་བས། ལྷ་བ་འདི་སྤྱི་ཚོགས་ཐོག་བེད་སྤྱོད་ཀྱི་ལག་ཆ་ལྟ་བུར་གྱུར་བ་རེད། ཁྲི་སྲོང་ལྡེ་བཙན་གྱི་རྗེས་ནས་བོད་སིལ་བུར་འཐོར་བའི་བར། ལྷ་བའི་བྱེད་སྒོ་དེ་ཅུང་ཟད་བག་ལ་ཞ་བའི་ཚུལ་གྱིས་གནས་ཀྱང་། དམངས་ཁྲོད་དུ་ལྷ་བ་ལ་བརྟེན་ནས་ལེགས་ཉེས་བརྟགས་པ་དང་། ཞེ་བློ་བཀལ་བ་ཉུང་ཙམ་སྲིད་ཡོད། ཕྱིས་སུ་འཇིག་རྟེན་པའི་ལྷ་ཀླུ་གདོན་བགེགས་རྣམས་ཀྱིས་འཕྲལ་གྱི་སྐྱོན་སེལ་བ་ཙམ་གྱིས་ཁ་དྲངས་ཏེ། །སྐྱེ་བོ་མང་བོས་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་གེགས་སུ་གྱུར་བས། ཇོ་བོ་རྗེ་བོད་དུ་ཕེབས་དུས། སྐྱེས་ཆེན་དམ་པ་མང་བོས། ལྷ་བའི་སྤྱི་ཚོགས་ལ་དགག་རྒྱག་དང་། ཐེར་འདོན་གནང་ཡོད་པར་མ་ཟད། སེམས་ཅན་དམར་མཆོད་དང་། གསོན་སྙིང་བཏོན་ཏེ་ལྷ་ལ་བརྔན་པ་སོགས། ནང་བསྟན་ཉམས་ལེན་པར་ལྡོག་ཕྱོགས་སུ་སོང་ཡོད་པའི་བསླབ་བྱ་གནང་ཡོད་པ་རེད། དཔེར་ན། འབྲོམ་སྟོན་པས། ཤར་ཕྱོགས་ན་རྨ་ཆེན་སྦོམ་ར་ལྷར་འཛིན་པ་དེ་ཡང་འདྲེ་ཡིན། ལྷོ་ཕྱོགས་ན་ཡར་ལུང་ཤམ་པོ་ལྷར་འཛིན་ཏེ་དེ་ཡང་འདྲེ་ཡིན། བྱང་ཕྱོགས་ན་གཉན་ཆེན་ཐང་ལྷ་ལྷར་འཛིན་ཏེ་དེ་ཡང་འདྲེ་ཡིན། རང་ཅག་བོད་ཐམས་ཅད་འདྲེ་བ་ཡིན། གསུངས་པ་ནི། དེ་ག་རང་དུ་འདུག་ལ། ཐང་ཧྲུའུ་ལས་ཀྱང་ལུགས་ལ་འདྲེ་དང་མོ་མ་གཙིགས་སུ་ཆེ། གསུངས་པ་ལྟར། དེ་རྣམས་ཡི་དྭགསས་ཀྱི་ནང་གསེས་འདྲེ་ལ་གཏོགས་ཚུལ། འཕྲལ་ཕན་ཕུགས་གནོད་དང་། ཞེ་ཕུགས་བཅོལ་ན་སྐྱབས་འགྲོའི་བསླབ་བྱ་དང་འགལ་ཚུལ་སོགས་གསུངས་ཏེ། རེ་ཞིག་སྙོམ་ལས་ཆུང་ངུར་བཏང་ཡོད་པ་རེད། ཚུལ་འདི་ལ་དགོངས་ནས་དུང་དཀར་ཚིག་མཛོད་ལས་ཀྱང་། རབ་བྱུང་དང་བོའི་ནང་བཀའ་གདམས་ཀྱི་བསྟན་པ་དར་བ་ནས་དེའི་སྲོལ་ཉམས། དེ་ནས་ཀརྨ་པའི་བསྟན་པ་དར་བ་ནས་སླར་ཡང་ལྷ་ཕབ་པའི་སྲོལ་གོང་འཕེལ་དུ་ཕྱིན་པ་ཡིན་གསུངས་སོ། །

ཁྱད་པར་དུ་དུས་རབས་བཅུ་བདུན་པའི་སྨད་ཀྱི་ཆར་ལྷ་སའི་བདེ་བ་གཞུང﹙སྤྱི་ལོ༡༦༤༢﹚བཙུགས་པ་ནས་བཟུང་། སླར་ཡང་སྐུ་རྟེན་ནམ་ལྷ་བའི་གོ་གནས་ལ་བརྩི་མཐོང་གནང་སྟེ། མི་སྒེར་དང་དམངས་ཁྲོད་ཙམ་མ་ཡིན་པར། གཞུང་བསྟེན་བསྟན་སྲུང་ཞེས་སྲིད་གཞུང་གི་ཆབ་སྲིད་དང་དམག་དོན་ལེགས་ཉེས་ཀྱི་བྱ་བཞག་གང་ལའང་། སྐུ་རྟེན། གནས་ཆུང། ལ་མོ་ཚངས་པ། བསམ་ཡས་ཙིའུ་དམར་བོ། འབྲས་སྤུངས་བརྟན་མ། དགའ་གདོང་བསྟན་སྲུང་སོགས་ཕབ་ནས་། ལུང་བསྟན་ཞུས་ཏེ་གྲོས་ཐག་བཅད་པ། ལོ་རྒྱུས་དག་ན་གསལ་བ་ལྟར་རོ། །ཕྱིས་སུ་ལྷ་བའི་བྱ་གཞག་དར་ཁྱབ་བྱུང་སྟེ། ཕལ་ཆེར་ད་ལྟ་བོད་ཁམས་ཀྱི་མི་སྡེ་སོ་སོ་ན་བརྩི་མཐོང་བྱེད་པ་དེའོ། །ཡུལ་ལྷ་དེ་དག་མང་ཆེ་བ་ནི་གདོད་མའི་མིང་གྲགས་ཅན་གྱི་མཚུན་ལྷ་སྟེ། ཀརྨ་ཆགས་མེད་ཀྱིས། ཕ་དང་མེས་པོ་ཡང་མེས་དགུ་རྒྱུད་མཚུན། །མི་རྒན་ལྷ་རུ་སོང་བའི་བཀྲ་མཚན་དང་། །མ་ཕྱི་ཡང་ཕྱི་ཡུལ་གྱི་སྨན་མཚུན་དང་། །ཞེས་གསུངས་པས་ཀྱང་ཤེས་སོ། །

༣ ལྷ་བའི་བྱེད་སྒོ། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ། སློབ་དཔོན་པདྨས་པྲ་རྟེན་ཕབ་པ་ནི། སྐབས་དེའི་མིའི་བསམ་བློར་ཁ་ལོ་སྒྱུར་བའི་ཐབས་ལམ་ཞིག་སྟེ། དུས་སྐབས་དེར་ཡུལ་ལྷ་གཞི་བདག་གིས་མི་རྣམས་ཀྱི་འཚོ་བ་དང་། ལེགས་ཉེས་ལ་བག་ཆགས་ཟབ་མོ་ཞིག་བཞག་ཡོད་པས། ཤུགས་རྐྱེན་དེ་ལ་དམིགས་ནས། ལྷ་མཐུ་བོ་ཆེ་དེ་དག་ལ་བཀའ་བསྒོས་གཉེར་གཏད་བྱས་ཏེ། མི་ཁོག་ཏུ﹙ལྷ་གང་རུང་བརླམས་པའི་ལུས་རྟེན་དེ་ལ་སྐུ་རྟེན་དང་། དུ་ཀུ་ལའི་གོས་བཟང་དུ། ལྷ་ཕེབས་མཁན་གྱི་ལུས་བོ་ལ་སྐུ་ཁོག་ཅེས་ཞེ་ཚིག་ཡིན་པར་བཞེད་པ་དང་། ཨ་མདོའི་ས་ཆར་འདི་ལ་ཐོང་རི་ཟེར﹚བརླམས་ནས། ལྷའི་དངོས་སུ་གསུང་འབྱོན་པའི་ཐབས་ལམ་བཀོལ་ནས། སྤྱི་ཚོགས་ཀྱི་བདེ་འཇགས་དང་། བོད་བོན་བར་གྱི་འཐབ་རྩོད་གནད་དོན་ཐག་གཅོད་པའི་ལག་ཆ་ལྟ་བུར་བྱས་ཡོད་ཚོད་རེད། ཕྱིས་སུ་བོད་ལ་སྤྲུལ་སྐུའི་ལམ་ལུགས་བྱུང་བ་ནས་བཟུང་། གནས་ཆུང་སོགས་ཕབ་ནས་སྐུ་སྐྱེ་ཐག་གཅོད་པ་དང་། ཏག་ཐེར་བྱེད་པ་ཡང་ལོ་རྒྱུས་ཡིག་ཚང་ན་གསལ་བ་དང་། ད་ལྟ་བོད་ཁམས་ཀྱི་ས་ཆ་ཕལ་ཆེར་ན་ལྷ་རྩེ། ཀླུ་རྩེ། དམག་རྩེ་སོགས་སྤྱི་ཚོགས་ཀྱི་ལས་སྒོ་མང་བོར་བསང་གསུར་གྱི་མཆོད་པས་བརྔན་ནས། ལྷ་བ་བེད་སྤྱོད་བཏང་སྟེ། རྩེད་མགོ་འཛིན་པ་དང་། ཡང་ན། ལྐོག་གྱུར་གྱི་བྱ་ལས་ལ་ཤན་འབྱེད་བྱེད་པ། ལེགས་ཉེས་ལུང་དུ་སྟོན་པ། ནང་ཁུལ་ལ་རྐུ་ཁྲམ་གཡོ་གསུམ་བགྱིད་པ་ལ་ཐེར་འདོན་གནང་བ། ཆར་འབེབ་ཀྱི་དངོས་གྲུབ་ཞུ་བ། ས་བདག་ཀླུ་གཉན་གྱི་གནོད་པ་ལས་གྲོལ་བ། མནན་གཏད་དམོད་གསུམ་ལེན་པ་སོགས་ཏེ། བྱེད་སྒོ་སྣ་ཚོགས་སྤེལ་བ་ལ་ད་ལྟའི་བར་དུ། མི་རྣམས་ཀྱི་བསམ་བློ་ལ་བག་ཆགས་ཟབ་མོ་བཞག་ཡོད་པ་རེད།

ཁྱད་པར་དུ། ད་ལྟ་ཨ་མདོ་རེབ་གོང་དུ་དྲུག་པའི་ཀླུ་རོལ་ཞེས། མི་སྡེ་སོ་སོ་ན་ལྷ་གསོལ་དང་། ཀླུ་རོལ་གྱི་སྐབས་འདིར། ལུས་ལ་མཚོན་རྒྱག་པ་དང་། ཁ་པར་གདབ་པ། ལྷ་བས་གྲི་མདུང་སོགས་གསུས་པར་བསྣུན་པ། ར་ལུག་སོགས་དམར་མཆོད་ཀྱིས་དྲག་པོའི་ལས་སྦྱོར་སོགས་ཧ་ཅང་མང་ཡང་། བྱ་སྤྱོད་ངན་པ་དེ་རིགས་ལ་རིམ་གྱིས་རྟོགས་ལྡན་པ་རྣམས་ཀྱིས་བཀའ་བསྒོས་དམ་བཞག་བྱས་ཏེ། ནག་ཕྱོགས་པའི་ཡུལ་ལྷ་གཞི་བདག་རྣམས། དཀར་ཕྱོགས་པར་བསྒྱུར་བ་མང་ཡང་། ད་དུང་ལུང་ཁུག་རེ་གཉིས་ན་ར་ལུག་གསུར་ལ་ཕུད་པའམ། གསོན་སྙིང་དམར་འདོན་བྱས་ཏེ་མཆོད་བཀུར་ལ་རློམ་པའི་ཤེས་པ་རྣལ་དུ་མི་གནས་པ་རེ་ཟུང་ཡོད་དོ། །

༤ ལྷ་དེ་དག་གནས་སའི་རྟེན། ཞང་བོད་ལོ་རྒྱུས་ཏི་སེའི་འོད་ལས། དེ་ལའང་པྲ་རྟེན﹙པྲ་རྟེན་ཞེས་པ་ལེགས་སྦྱར་སྐད་དེ། པྲ་སེ་ན་པ་ཏ་ཞེས་པ་ཟུར་ཆགས་པ་ཡིན་ལ། པྲ་སེ་ན་ནི་གསལ་བར་སྟོན་པ་དང་། པ་ཏ་ནི་དྭངས་པའི་ཤེལ་ལ་འཇུག་པས། དྭངས་པའི་མེ་ལོང་ལ་གཟུགས་བརྙན་འཆར་བ་བཞིན་ལེགས་ཉེས་གསལ་བར་སྟོན་པས་སོ། །﹚ཕོ་མོ་སུ་འང་རུང་། ཞེས་དང་། ཆོས་སྲིད་ཟུང་འབྲེལ་ལས། ཕ་མ་གཉིས་འཛོམས་ཀྱི་བུ་དང་བུ་མོ་ཁག་གཅིག་ལ་པྲ་འབེབས་པ། ཞེས་འབྱུང་བས། ལྷ་རྟེན་ལ་སྐྱ་བོ་དང་སེར་མོ་བ་ཕོ་མོ་གཉིས་ཡོད་ཀྱང་། གནས་ཆུང་འཕྲིན་ལས་རྒྱལ་བོ་ལྟ་བུ་དགེ་སློང་གི་རྟེན་ལ་ཕབ་པ་དང་། ཚེ་རིང་མ་སོགས་བཙུན་མའི་རྟེན། ཕོ་ལྷ་སྐྱེས་པར་ཞུགས་པ་དང་། མོ་ལྷར་སྐྱེས་དམན་ལ་ཞུགས་པ་ཡིན། ཡུལ་ལྷ་གཞི་བདག་རྣམས་ནི་སྐྱ་བོའི་རྟེན་ལ་ཕབ་པ་ཡིན། དེ་ཡང་། ཕོའི་རྟེན་ལ་ཕབ་པ་ལྷ་བ་དང་། མོའི་རྟེན་ལ་ཕབ་པ་ལྷ་མ་ཞེས་བརྗོད་དོ། །སྣང་སྲིད་པྲ་ཡི་ལུགས་འདི་ནི། སྣང་ཞེན་པའི་ལུགས་ཀྱི་དབང་ལྷའི་བཀའ་བབས་ཞེས་བྱ་བའི་བོན་གྱི་བྱེ་བྲག་ཅིག་ཡིན་ཞིང་། དེ་ལའང་པྲ་རྟེན་ཕོ་མོ་སུ་ཡང་རུང་བའི་མིག་གི་སྣང་ཆ་ལ་བབས་པའི་པྲ་ཞིག་དང་། རྣ་བའི་སྒྲའི་སྣང་ཆ་ལ་བབས་པའི་པྲ་ཞིག ཡིད་ཀྱི་ཀུན་རྟོག་གི་སྣང་ཆ་ལ་བབས་པའི་པྲ་ཞིག་ཅེས་སྐྱེས་བུའི་ལུས་ངག་ཡིད་གསུམ་དང་འབྲེལ་བའི་པྲའི་ཚུལ་ལུགས་གསུམ་དུ་སྲིད་པ་ཡིན་ཞེས་ནམ་མཁའི་ནོར་བུའི་ཞང་བོད་ལོ་རྒྱུས་ཏི་སེའི་འོད་ལས་གསུངས་སོ། །

༥ ལྷ་སྒོ་འབྱེད་ཚུལ། སྦ་བཞེད་ལས། སློབ་དཔོན་པད་འབྱུང་གིས་དྲག་སྔགས་སྒོམ་བཟླས་ཀྱི་ཐབས་ལ་བརྟེན་ནས། ལྷ་ཀླུ་མ་རུངས་པ་དག་མི་ཁོག་ལ་བརླམས་ཏེ། ཞི་བ་ལ་བཀོད་པ་དང་། མཁན་ཆེན་གྱིས་དཀར་ཕྱོགས་པར་ཆོས་གསུངས་ནས། མི་ཁོག་ཏུ་བརླམས་ནས་བཀའ་བཞག་དམ་བཞག་མཛད་པ་ནི། ནང་བསྟན་གྱིས་ལྷ་སྒོ་ཕྱེས་པའི་ཐོག་མ་ཡིན། ལུགས་སྲོལ་དེ་ཉིད་རྒྱུན་འབྱམས་ཀྱིས་སྡེ་བ་གང་ལ་ལྷ་བ་མེད་པའམ། ལྷ་རྒན་གཤེགས་ཤུལ་དུ་ལྷ་བ་འཚོལ་བའི་སྲོལ་ཡོད། ཅིའི་ཕྱིར་ཞེ་ན། སྡེ་མགོ་དང་། རྩེ་མགོ་འཛིན་པ། ཡང་ན། མི་ནག་པའི་མགོན་སྐྱབས་ལྟ་བུར་རེ་བས་སོ། །དེ་བས་འདིར་ཕྱོགས་ཀྱི་ལྷ་སྒོ་འབྱེད་ཚུལ﹙རང་འབབ་རྒྱག་པའང་ཡོད﹚ལ་ཆ་མཚོན་ན། གཟའ་སྐར་འཕྲོད་སྦྱོར་བཟང་བའི་ཉི་མ་བདམས་ཏེ། སྡེ་བའི་སྐྱེས་པ་ཡོད་དོ་ཅོག་དམག་དཔོན་ཁང་དུ་འཚོགས་ནས། བླ་སྔགས་རྣམས་ཀྱིས་སྦུབ་ཆ་དྲག་ཏུ་འཁྲོལ་ནས་བསྐང་གསོ་བཏང་། སྡེ་མི་ཀུན་གྱིས་རིམ་གྲོ་ཅི་རིགས་དང་། སྡེ་དམངས་ནས་བསང་མཆོད་རྒྱ་ཆེན་དང་བཅས་ལྷ་འབོད་ཀྱི་ཀི་སྭོ་བཏང་སྟེ། ཉིན་ཞག་མང་བོར་བསྒྲུབས། དེ་ནས་འདེམ་སྒྲིག་གི་ལྷ་རྟེན﹙ལྷ་རྒྱུད་ཅན་དང་གཞོན་གསར་ཚད་ལྡན་དགོས﹚ཚོས་ཡུལ་ལྷ་གང་ཡིན་པ་དེ་ལ་གསོལ་བ་ཤུགས་དྲག་ཏུ་བཏབ་པས། འགའ་རེ་འདར་ཡོམ་བྱེད་པ་དང་། དབུགས་འཚང་བ། མིག་རབ་རིབ་ཀྱིས་བཅད་པ། མིག་ལམ་དུ་གཞི་བདག་གི་གཟུགས་བརྙན་ནམ། བཅིབ་རྟ་སོགས་སྣང་བ། རང་ལུས་རང་དབང་དུ་མི་འདུ་བ་སོགས་ལྟས་སྣ་ཚོགས་འབྱུང་། འདི་ལ་དོན་དངོས་དང་མཐུན་པའི་དཔྱད་གཟོད་འདི་ལྟར་གྲུབ་སྟེ། ཤ་མའི་ཆོས་ལུགས་ཞིབ་འཇུག་ཅེས་པར་རླུང་སྒྲ་དང་མཚོ་མོ་སྐྱོམ་སྒྲ། གཅན་གཟན་དང་རི་དྭགས་ཀྱི་འབོད་སྒྲ་ལ་སོགས་ལད་མོ་བྱས་ཏེ་བཏོན་པའི་སྐད་ཀྱི་ནུས་པ་དེ། གདོད་མའི་དུས་ཀྱི་མཐུ་རྩལ་ངོམས་སྐབས། སྔགས་བཟློ་སྲོལ་ལ་འབྲེལ་བ་དམ་ཟབ་ཡོད་པར་བཤད་པ་བཞིན། ཀི་སྭོ་ལྷ་རྒྱལ་གྱི་ནུས་པས། ཕྱིའི་མགོ་བའི་ལྷ་སྲུང་དེ་དག་མཐུ་རྩལ་བསྐྱེད་དེ། ནང་སྐྱེས་བུའི་རྩ་སྒོ་ཕྱེས་ནས། དབང་བོ་རགས་པ་བསྡམས་ཏེ། རེ་ཞིག་དབང་བསྒྱུར་བ་ཡིན། ནམ་མཁའི་ནོར་བུས་ཀྱང་། སྐྱེས་བུ་སུ་ཡང་རུང་བ་ལ། ལུས་དང་གྲིབ་མ་བཞིན་འགྲོགས་ཤིང་ལེགས་པའི་དཔལ་བསྐྱེད་པའི་འགོ་བའི་ལྷ་ལྔ་སྟེ། ཕོ་ལྷ་དང་མོ་ལྷ། དགྲ་ལྷ། སྲོག་ལྷ། ཡུལ་ལྷ་བཅས་ལྔ་བོས་སྐྱེས་བུ་གང་ཡིན་པ་དེའི་ཕྭ་འམ་དབང་ཐང་ངམ། ཀླུང་རྟ་བཅས་ལ་དབང་བྱེད་ཀྱི་ཡོད་པར་མ་ཟད། ཕྱི་ཡུལ་འབྱུང་བའི་ཁམས་དང་འབྲེལ་བའི་ཕྭ་ལ་དབང་བྱེད་པ་ཡིན་པས། ཕྱི་ཡུལ་གྱི་ཕྭ་བརྟེན་ནས་སྐྱེས་བུའི་ཕྭ་བསྐྱེད་པ་ཡིན་སྟབས། སྐྱེས་བུའི་འབྱུང་གཟུགས་དར་རྒུད་ཀྱང་ཕྱི་ཡུལ་གྱི་འབྱུང་ཁམས་ལ་དབང་བྱེད་པའི་ལྷ་དེ་རྣམས་ལ་ལྟོས་དགོས་པའི་དབང་ཡིན། གསུངས་པ་དང་སྒོ་མཐུན་པར་སྣང་ངོ་། །དེ་ལྟར་མཚན་ལྟས་བྱུང་བ་དེ་རྣམས་བླ་མ་དང་རྒན་པོ་ཉམས་མྱོང་ཅན་རྣམས་ཀྱིས་དཔྱད་བསྡུར་གྱིས་དག་ཐེར་བྱས་ཏེ། ལྷ་བ་དངོས་མ་ནི། རྟོགས་ལྡན་པ་སུ་འདྲ་ཞིག་གི་མདུན་དུ་ཁྲིད་ནའང་། ལྷ་བའི་ཆ་བྱད་སྣ་ཚོགས་བཏོན་ཏེ། མདའ་ཚད་རེ་ལྡིང་ཞིང་། འབིག་ཁབ་ཀྱིས་གཙགས་པའམ། སྤོས་ཕོན་གྱིས་བསྲེགས་ཀྱང་། རང་ཉིད་ཀྱིས་ཚོར་བ་ལས་འདས་ནས། ལྷ་སྒོ་འབྱེད་མཁན་ལ་གུས་ཉམས་སོགས་ཀྱི་མཚན་མ་བྱུང་ན། རྟོགས་ལྡན་པས་ཕན་གནོད་ཀྱི་དཔྱད་བསྡུར་ཡང་ཡང་བརྒྱུད། ཐོག་མཐའ་བར་གསུམ་དུ་ཡུལ་སྡེ་དེར་མགོན་སྐྱབས་དང་དཔུང་གཉེན། གདོན་བགེགས་གནོད་བཟློག་དགོས་པའི་བཀའ་བཞག་དམ་བཞག་གནང་སྟེ། མགོ་ལ་བུམ་པ་བཞག ལྕེ་ལ་བདུད་རྩི་བླུགས། མགྲིན་པར་སྲུང་མདུད་ཕུལ་བ་སོགས་བྱས་ཏེ། ལྷ་གསར་འཕྲུལ་མེད་ཅིག་ཏུ་དབང་བསྐུར་བ་ཡིན། གཞན་ཡང་། ལྷ་བ་བརྒྱུད་དེ་ལྷ་སྒོ་འབྱེད་པ་འང་ཡོད་དོ། །གལ་ཏེ་རང་ཉིད་ལྷ་རྟེན་བྱེད་མ་འདོད་པར་ཐབས་ལམ་སྣ་ཚོགས་སྤྱད་དེ་ལྷས་བརླམས་མི་ཐུབ་པར་བྱས་ན། ཡུལ་ལྷ་དེ་དག་གིས་གེགས་དང་ན་ཚ་གཏོང་བར་མ་ཟད། ཚེ་སྲོག་གཅོད་པའི་འཁོན་ལན་ཡང་སློག་སྲིད་དོ། །

༦ ལྷ་བའི་ངག་སྒོ་ཕྱེས་ཏེ་ལྷ་སྐད་གསུངས་ཚུལ། ལྷ་རྟེན་འགའ་ཞིག ལྷ་གསར་བབས་དུས་ནས་ལྷ་སྐད་གསུངས་པའང་ཡོད་ལ། ཁ་ཅིག ལེགས་ཉེས་ཀྱི་རྣམ་འགྱུར་སྣ་ཚོགས་སྟོན་པ་ལས་ངག་མི་ཁྲོལ་བ་ཡིན། ལྷ་སྐད་གསུངས་པའི་དུས་སུ་བབ་ན། རྟོགས་ལྡན་པ་གང་རུང་གི་མདུན་དུ་ཁྲིད་དེ། དབུ་ལ་རྡོ་རྗེ་དང་བུམ་པ་འཇོག་པ་དང་། ལྕེ་ཐོག་ཏུ་བུམ་ཆུ་ལྡུགས་པ། རྡོ་རྗེ་སྲུང་མདུད་མགྲིན་པར་འདོགས་པ་སོགས་ཆོ་ག་བསྟར་ནས། ད་གཟོད་ངག་སྒོ་འབྱེད་པ་ཡིན། ངག་སྒོ་ཕྱེས་ཚེ་ལྷ་སྐད་འབྱོན་པ་ནི། ཚིག་གི་རོ་ཉམས་ཁྱད་པར་བ་ཞིག་གི་ལམ་ནས་གསུངས་པ་སྟེ། འདིར་རེབ་གོང་ས་དཀྱིལ་ལྷ་བའི་ལྷ་སྐད་རེ་འགའ་བཀོད་ན། ང་དང་བོ་བསྐལ་བ་ས་ཆགས་དུས། བ་སོ་ཁ་སྐྱེས་དུས། སྟོད་རྒྱ་གར་བསྟན་པའི་ཆོས་འཁོར་གནས། བྱ་རྒོད་ཕུང་བོའི་རི་ནས། ཤེས་རབ་ལྡན་པའི་པཎྚི་ཏ་སངས་རྒྱས་རྣལ་འབྱོར་བླ་མས། ང་གཏུམ་པོ་དམར་ནག་ཁྱུང་གི་སྤྲུལ་བ། ས་མདོ་སྨད་ཕྱོགས་འདིར་ཀླུ་བདུད་བཙན་གསུམ་གྱི་ཁ་མནོན་དུ་མངགས་པ། རེབ་གོང་གསེར་མོ་ལྗོངས་ཀྱི་གངས་རི་དཀར་བོ་རྩེ་གཉིས་ལ་གནས་ན། དུས་དབྱར་ཟླ་གསུམ་ཀར་རྩེ་མོ་ཐམས་ཅད་ཆར་ཆུ་གངས་ཀྱིས་བཟུང་། ཤིང་ཙན་དན་ལོ་འདབ་ཆུ་ལ་ཟགས། ཤྭ་བ་ཡུ་མོའི་རྭ་དར་ངོམ་ས། གཅན་གཟན་གྱི་ངུ་ཟུག་རྒྱག་ས། ཀླུ་བདུད་བཙན་གསུམ་གྱིས་གླུ་གཞས་གཏོང་ས། ང་གཏུམ་པོ་དམར་ནག་ཁྱུང་གི་སྤྲུལ་ནས། ཀླུ་བདུད་ནག་པོ་རྫུ་འཕྲུལ་ལ་མཁས་པ་དམ་ལ་བཏགས་པ། ང་དཀར་བོ་ཁྱུང་གི་མགོན་སྐྱབས་ལ་བཀོད། ས་དཀྱིལ་ཏཱ་བེ་ཧུའི་རྒྱལ་ཚབ་ཆེ་བ་རིན་པོ་ཆེ། ཡབ་རྗེ་བླ་མ་སྐལ་ལྡན་རྒྱ་མཚོ། རྒྱལ་རོང་བོ་བསྟན་པ་དར་རྒྱས་ཀྱི་སྐུ་སྲུང་མཛད། ས་མདོ་སྨད་ཕྱོགས་འདི། གནམ་འཁོར་ལོ་རྩེ་བརྒྱད་ཀྱི་འོག ས་པདྨ་འདབ་བརྒྱད་ཀྱི་སྟེང་། དྲིལ་བུ་འདྲ་བའི་དབུ་རྩེ། ས་རྡོ་རྗེ་འདྲ་བའི་རྐེད་པར་ཆོས་ཀྱི་དཀྱིལ་འཁོར་ནས། རྒྱབ་རི་དཀར་བོ་ཁྱུང་གི་རི་བོ། མདུན་རི་བཀྲ་ཤིས་རྟགས་ཀྱི་རི་བོ། གཡས་རི་རྨ་བྱ་གུར་གྱི་རི་བོ། གཡོན་རི་ཀླུ་མོ་འབུམ་གྱི་རི་བོའི་སྟེང་ནས། ཡབ་རྗེ་བླ་མ་སྐལ་ལྡན་རྒྱ་མཚོ། རོང་བོ་བདེ་ཆེན་ཆོས་འཁོར་གླིང་གི་ས་པདྨ་འདྲ་བའི་ཁྲི་སྟེང་ལ་བཞུགས་ནས། ས་མདོ་སྨད་ཕྱོགས་ལ་ཆོས་འཁོར་བསྐོར་བ། སངས་རྒྱས་ཀྱི་བསྟན་པ་དགུང་དང་མཉམ་པ། སེམས་ཅན་གྱི་བདེ་སྐྱིད་ཀུན་ལ་ལྡན་པ། ཞེས་པའི་ལྷ་སྐད་འདིའི་ནང་བྱ་ཁྱུང་དེ་ཉིད་རེབ་གོང་དུ་ཕེབས་པའི་བརྒྱུད་རིམ་མདོར་བསྡུས་ཤིག་ཡོད་པ་དང་། གཞན་ཡང་། བྱ་ཁྱུང་དེ་ཉིད་ལ་ཡབ་རྗེ་བླ་མས་དགེ་བསྙེན་གྱི་སྡོམ་པ་གནང་བ་ནི། ལྷ་སྐད་དེ་ལས། ས་འཛིན་ཡི་དང་བོ་ས་དཀྱིལ་ཏཱ་བེ་ཧུ། རོང་བོའི་བླ་མ་བསམ་གཏན་རིན་ཆེན། ཞི་བ་དཀར་བོ་ཁྱུང་གི་རི་ནས། ཡབ་རྗེ་བླ་མ་སྐལ་ལྡན་རྒྱ་མཚོས། དཀར་ཕྱོགས་སྐྱོང་བའི་དགེ་བསྙེན་བསྒྲུབས་ནས། ང་སངས་རྒྱས་ཀྱི་བསྟན་སྲུང་། དགེ་འདུན་གྱི་སྐུ་སྲུང་། སེམས་ཅན་གྱི་སྡེ་སྲུང་། སྒར་རྙིང་དྲེགས་པ་ཅན་གྱི་བྱང་སྐྱོང་། ཀླུ་སྲིན་གྱི་ཁ་མནོན་ལ་བཀོད། ང་གྲྭ་བས་བསྟེན་ན་ཆོས་སྐྱོང་། སྐྱེས་བུས་བསྟེན་ན་དགྲ་ལྷ། མ་སྲུས་བསྟེན་ན་ཟས་ལྷ། སོགས་གསུངས་པ་དང་། ཡང་། འཕྲིན་ལས་རྣམ་པ་བཞིས་སྒོ་ནས་སྤྲུལ་བ་མཛད་སྟངས་ནི། ལྷ་སྐད་དེ་ལས། ང་ནུབ་ཀྱི་པད་མ་ར་གའི་ཕོ་བྲང་ནས། རིན་ཆེན་ནོར་བུ་འབར་བའི་ཁྲི་སྟེང་ནས། སྡེར་ཐོགས་དམར་བོ་སྟག་གི་གདན་སྟེང་ནས། སྐྱིལ་ཀྲུང་གཟི་བརྗིད་འབར་བ་ནོར་བུ་རྩེ་དགུ། ང་ཡུལ་ལྷ་ཆེན་པོ་ཟེར་བ། གཏུམ་པོ་དམར་ནག་ཁྱུང་གི་སྤྲུལ་ན། གཉན་ཆེན་སེ་ཀུ་ག་རུ་ཊ་ཟེར། འཁོར་དུ་ལྷ་ཀླུ་བདུད་ཀྱིས་བསྐོར་ན། མཐུ་ཆེན་རྩལ་དྲག་དཔའ་སྟོབས་མངའ་ཟེར། བྱུ་རུའི་མདོག་ལ་མདོག་དམར་འཕྲོས་ན། འབྱོར་བ་རྒྱས་པའི་དངོས་གྲུབ་གནང་བ། དྲག་པོ་ནག་པོ་བདུད་ཀྱིས་སྤྲུལ་ན། ནག་པོ་བདུད་ཀྱིས་ཆོ་འཕྲུལ་སྟོན་ན། ང་ལྷ་མི་འགྱུར་བའི་ཉི་ཟླ་རང་བྱོན། ཀླུ་མི་འགྱུར་བའི་རྒྱ་མཚོ་རང་བྱོན། བསྟན་པ་མི་འགྱུར་བའི་འཇིག་རྟེན་རང་བྱོན། ཞེས་གསུངས་ལ། དྲུག་པའི་ཀླུ་རོལ་སྐབས་ཀྱི་ལྷ་སྐད་ནི། ང་དཔྱིད་ཟླ་གསུམ་གྱི་དང་བོ། གནམ་ལོ་གསར་བའི་སྟོན་མོ། མགོ་ནག་མི་ཡི་སྟོན་མོ། འཇིག་རྟེན་མི་ཡི་སྟོན་མོ། དབྱར་ཟླ་གསུམ་གྱི་དང་བོ། བསྟན་པའི་ཆོས་ཟླ་དཀར་བོ། དམ་པའི་ཆོས་ཀྱི་སྟོན་མོ། སྟོན་ཟླ་གསུམ་གྱི་སྟོན་མོ། དྲུག་པའི་ལྷ་ཟླ་དཀར་བོ། ནམ་མཁའ་གང་བ་ལྷའི་སྟོན་མོ། བར་སྣང་བཀང་བ་གཉན་གྱི་སྟོན་མོ། ས་གཞི་གང་བ་ཀླུའི་སྟོན་མོ། ཞེས་སོགས་ལྷ་སྐད་འདིས་མཚོན་པའི་ཡུལ་ལུང་སོ་སོའི་ལྷ་སྐད་ཇི་སྙེད་པ་ལ་ཚིག་གི་སྒྱུ་རྩལ་དང་། ལོ་རྒྱུས་ཀྱི་འགངས། ཡང་ན། མིའི་ལུས་རྟེན་ལ་གཟུགས་མེད་ནུས་པ་ཅན་ཞིག་གིས། དབང་བསྒྱུར་བྱོས་ཏེ་གཏམ་སྨྲ་བ་སོགས་ལ་ཞིབ་འཇུག་གི་རིན་ཐང་ཆེས་ཆེར་ལྡན་ནོ། །

གེ་སར་སྒྲུང་།

༡ སྒྲུང་ཞེས་པའི་ཐ་སྙད་ལ་དཔྱད་པ། གེ་སར་སྒྲུང་ནི། བོད་ཀྱི་དམངས་ཁྲོད་དུ་དར་ཁྱབ་ཆེ་ཞིང་། ཕལ་མོ་ཆེས་དགའ་བོ་བྱེད་པའི་དཔའ་བོའི་ལོ་རྒྱུས་བརྗོད་པའི་སྙན་རྩོམ་རིང་མོ་ཞིག་ཡིན། འོན་ཀྱང་། ངེས་པ་དོན་གྱི་མཁས་པ་དང་། བསྟན་འཛིན་སྐྱེས་བུ་དག་གིས་དེའི་སྐོར་ལྒིང་སློང་ཙམ་ཡང་མེད་པའམ། ཡང་ན། ཚིག་ཟུར་རེ་ཙམ་ལས་མེད་སྟབས། ངེས་དོན་དུ་བཤད་ན། གེ་སར་རྒྱལ་བོས་རྫོང་ཆེན་རྫོང་ཆུང་བཅོ་བརྒྱད་ཕབ་པར་མ་ཟད། དེང་སང་བསྟན་འགྱུར་ལས་ཀྱང་མང་བའི་སྒྲུང་དཔེ་རི་བོའི་གཏོས་དང་མཉམ་པར་སྤུངས་པ་ནི། ཕལ་ཆེར་རྟོག་བཟོའི་ཚིག་གི་ལྷན་པ་བཏབ་པ་ཡིན། རྒྱུ་མཚན་ནི། མི་ཚེ་སྟོང་ཟད་ལ་གཏོང་འདོད་ན། །གེ་སར་ཤོབ་སྒྲུང་ལ་ལྟོས། །ཟེར་བ་བཞིན། དག་ཡིག་ཁག་ཏུ་སྒྲུང་ནི་རྫུན་གྱི་བརྡ་རྙིང་དུ་གསུངས་པས་སོ། །

གཞན་ཡང་ཨ་མདོ་བས། སྔོན་གྱི་བརྡ་མ་འགྱུར་བར་ར་སྟ་ལ་ཡ་བཏགས་ཀྱིས་བཀླག་པ་མང་སྟེ། དཔེར་ན། འགྲོ་ལ་འགྱོ། གྲི་ལ་གྱི། ཁྲ་ལ་ཁྱ། གྲ་དག་ལ་གྱ་དག གྲུ་ག་གྱུ་ག སྒྲོ་ལ་སྒྱོ། གྲུང་བོ་གྱུམ་པོ་ཞེས་མང་དུ་འབྱུང་བ་ལྟར། སྒྲུང་ལའང་སྒྱོང་ཞེས་བཀླག་པ་ཡིན་ཏེ། དེ་ལྟར་ན། ལམ་རིམ་ཆེན་མོར། ཀུན་ལས་བཏུས་ལས་ནི། ཞེས་པ་ནས། གཡོ་ནི་རང་གི་ཉེས་པ་སྒྱོང་བ་ལ། སྒྱོང་བ་ནི་རང་གི་ཉེས་པ་ཐབས་ཀྱིས་མི་མངོན་པར་བྱེད་པའོ། །ཞེས་པ་ལས་རྣོ་བ་འགོད་རྒྱུ་གཞན་མི་དགོས་པར་སྙམ་མོ། །འོ་ན། ཁ་ཅིག་གིས་བཤད་པ་ལྟར། གེ་སར་རྒྱལ་བོ་ནི་ལྷ་སྒྲུང་ནང་གི་སྟོང་བའི་གང་ཟག་ཅིག་ཡིན་ནམ་ཞེ་ན། དེ་ཡང་མ་ཡིན་ཏེ། དེའི་གཞི་བཅོལ་ས་ནི། མཁས་པའི་དགའ་སྟོན་ལས། མདོ་སྡེ་དར་བའི་ལྟས་སུ་སྒྲུང་རྣམས་དར། རོ་ལངས་གསེར་སྒྲུབ་ཀྱི་སྒྲུང་། མ་སངས་ཀྱི་སྒྲུང་། མཆིལ་བའི་སྒྲུང་སོགས་ཉན་བཤད། ཅེས་གསུངས་པ་རྣམས་ཡིན་ལ། དེ་མཚུངས་སུ། དངོས་བྱུང་གི་ས་བོན་ཙམ་ལ་བརྟེན་ནས། ཆབ་སྲིད་སྒྲུབ་ཐབས་དང་། རང་གི་ཁེ་ཕན་ལ་དམིགས་ནས་གཡོ་ཇུས་ཀྱི་སྒྲུང་བཟོ་བགྱིས་པ། ལོ་རྒྱུས་ཁག་ཏུ་མང་སྟེ། དཔེར་ན། གཉའ་ཁྲི་བཙན་པོ་གནམ་ལས་བབས་ཚུལ་དང་། གནམ་གྱི་ཁྲི་བདུན་གནམ་དུ་གཤེགས་ཚུལ། གྲི་གུམ་བཙན་པོ་ཐེའུ་རང་དང་། ལོང་ངམ་བོན་སྐྱོང་གི་སྐྱེས་པ་ཡིན་པས་བཀྲོངས་ཚུལ། མཛངས་མི་དང་བོ་རུ་ལས་སྐྱེས་ཡར་ལྷ་ཤམ་པོའི་བུ་ཡིན་ཚུལ་སོགས་བརྗོད་ཀྱིས་མི་ལང་བ་བཞིན། གླིང་གེ་སར་རྒྱལ་བོ་ཡང་། ལྷ་སྒྲུང་གི་རྣམ་པ་ཞིག་སྟེ། སྤྱིར་ན། གེ་སར་ཞེས་པ། བློ་རིག་བཀྲ་ཞིང་དཔའ་རྩལ་ལྡན་པའི་མི་ལ་གེ་སར་ཞེས་བྱ་སྟེ། དེ་བས་གེ་སར་རྒྱལ་བོའི་འཁྲུངས་ས་ཡང་། ཁམས་སྡེ་དགེ་གླིང་ཚང་དང་། ཨ་མདོའི་མཛོད་དགེ རྨ་ཆེན་གྱི་གངས་འདབས། སྡེ་དགེ་ཉི་མ་ཀུན་འཁྱིལ། ས་སྐྱིད་སོས་ཡག་གི་ཁ་མདོ་སོགས་བཤད་ལ། ས་སྐྱིད་སོས་ཡག་གི་ཁ་མདོ་ན་གེ་སར་གྱི་ཁྲབ་རྨོག་དང་མདའ་གཞུ། སྒ་མཐུར་སྲབ་གསུམ། ཞྭ་ལྷམ་དང་ན་བཟའ་ཡོད་ལ། ད་དུང་ས་དེའི་གེ་སར་ལྷ་ཁང་གི་དཀར་ཆག་དུ་ལྷ་ཁང་དེ་ནི་གེ་སར་འཁྲུངས་སའི་ས་མིག་ཏུ་བཞེངས་པར་ཡང་བཤད་ཡོད། གང་ལྟར། མི་རིགས་རང་རང་གི་དཔའ་བོའི་མཛད་རྗེས་ལ་གཟེངས་བསྟོད་ཆེད། གེ་སར་ཞེས་པ་ཡང་། སོག་པོའི་གེ་སར་དང་། བོད་མིའི་གེ་སར། ཞིན་ཅང་གི་གེ་སར་སོགས་བྱུང་བ་རེད། འཛམ་གླིང་གེ་སར་ནི། རང་ཅག་བོད་ལ་དེ་འདྲའི་དཔའ་རྒོད་ཇི་སྙེད་ཅིག་བྱུང་བའི་ཁྲོད་ཀྱི་མི་སྣ་གཅིག་ཡིན་ནོ། །ཁོའི་མིང་ལ་གེ་སར་ཐོགས་དོན་ཡང་། ཨ་མྱེས་ཁྲོ་ཐུང་གིས། ཁོའི་ཚ་བོ་འདི་ཇི་འདྲའི་གེ་སར་བ་ལའང་། བརྗོད་པ་ལས་བཏགས་པར་གླིང་སྒྲུང་ལས་གསལ་ལོ། །

འོ་ན། གླིང་སྒྲུང་ལ་བཤད་ནས་ཚར་རྒྱུ་མེད་པ་ཅི་ཡིན་ཟེར་ན། དེ་ནི་སྔོན་གྱི་ཡང་མེས་དག་གྲོངས་ཏེ་གཞི་བདག་གི་སྐྱེས་པ་བླངས་ནས། ཁོང་ཚོ་དཔའ་རབས་དང་མཐུ་རབས་བརྗོད་ཆེད་དང་། རྒྱགས་རྔན་སོགས་ལ་རེ་ནས། མིའི་བྱང་ཁོག་ཏུ་བརླམས་པ་སོགས་ཐབས་ལམ་སྣ་ཚོགས་སྤྱད་དེ། བདེན་བདེན་ཅོག་ཅོག་རེ་བརྗོད་དེ། གླིང་གི་དཔའ་རྟུལ་བརྒྱད་ཅུ་དང། ཡང་བརྟུལ་དམ་པའི་མི་བདུན་སོགས་ཞིབ་ཇེ་ཚགས་དང་། སྤུས་ཇེ་དག་ཏུ་བཏང་བ་ལས་འོས་མེད་ལ། དེ་བདེན་ན་ལྷ་སྒྲུང་དེར་ཕལ་ཆེར་འཛམ་གླིང་དབང་དུ་བསྡུས་པའི་ཚོད་དུ་འདུག་པས། ལོ་རྒྱུས་ཚད་ལྡན་དག་ཏུ་གཏམ་ཟུར་ཙམ་ལས་མི་འབྱུང་བས། དབང་རྣོན་ཞིག་ལ་མང་དུ་བརྡ་སྤྲོད་མི་དགོས་སོ་སྙམ་མོ། །གཞན་དཔྱད་གཟོད་ཏུ་གྲུབ་པ་ཞིག་ལ། དམྱལ་གླིང་མུན་པ་རང་གསལ་ལྟ་བུར་མཚོན་ནའང་། སྟོན་པ་བྱང་ཆུབ་སེམས་དཔའ་ཚངས་པར་འཁྲུངས་དུས། ལོག་ལྟ་ཅན་ཡན་ལག་སྦྱིན་གདུལ་ཆེད། སེམས་ཅན་དམྱལ་བའི་གཏམ་གསུངས་པར་ཆ་འདྲ་བ་དང་། ཁྱད་པར་དུ་སྒྲུང་དེ་ནི་ཆོས་ལུགས་པ་རྣམས་ཀྱིས། སེམས་ཅན་མང་བོ་གླིང་སྒྲུང་ལ་དགའ་བའི་གོ་སྐབས་བཟུང་ནས། ནང་ཆོས་ཀྱི་ལྟ་སྤྱོད་ངོ་སྤྲོད་དང་། སྒྲོག་སྤེལ་བྱེད་ཆེད་གླིང་སྒྲུང་དུ་བཅོས་པར་བཤད་པ་དང་། ཡང་། ཧོར་གླིང་གཡུལ་འགྱེད་ལྟ་བུར་མཚོན་ནའང་། དག་སྒྲིག་པ་རྣམས་ཀྱིས་སྒྲུང་བ་ཉི་ཤུ་ལྷག་གིས་བཤད་རྒྱུན་དང་། བྲིས་མ་ལྔ་ཙམ་བསྡུར་ཏེ་བསྡུ་སྒྲིག་བྱས་ཚེ། ཧོར་གྱི་དབང་འཛིན་པ་གཙོ་བོ་གུར་དཀར་དང་། གུར་སེར་ཡིན་པས་ཁག་གཉིས་བྱུང་བ་དང་། སྐྱ་ལོའི་སེང་ལྕམ་འབྲུག་མོའི་གཤིས་ཀའང་། ཁྲེལ་ཡོད་དང་ཁྲེལ་མེད་གཉིས་སུ་གྱེས་པས། དག་སྒྲིག་པས་གོང་འོག་འབྲེལ་ཆགས་པ་དང་བཤད་རྒྱུན་གྱི་མང་ཉུང་ལ་བསྡུར་ཏེ། ཧོར་གྱི་མི་སྣ་གཙོ་བོ་གུར་དཀར་དང་། སྒྲུང་སྤྱིའི་ནང་དོན་ལ་དམིགས་ནས། སེང་ལྕམ་འབྲུག་མོ་ཡང་བློ་བརྟན་བབ་ཆགས་དང་བརྩེ་དུང་ལ་ཡིད་རྟོན་ཕེར་བའི་མཛངས་མ་ཞིག་གི་མི་སྣར་བཞེངས་བསྐྲུན་བྱས་པ་ལྟ་བུ་ཡིན།

དེར་མ་ཟད། སྒྲུང་བ་གྲགས་པས་བཤད་པའི་འབའ་ཀག་ལོ་རྒྱལ་བོའི་སྒྲུང་ནི། དུས་རབས་བརྒྱད་པའི་དཀྱིལ་དུ་བོད་ཀྱི་རྒྱལ་བོ་དང་འབའ་ཀག་ལོ་རྒྱལ་བོའི་བར་བྱུང་བའི་ལོ་རྒྱུས་འབྲེལ་བ་ཡོད་པར། དུང་དཀར་རིན་པོ་ཆེས་གསུངས་པས། དེ་ལྟར་ན། གླིང་གེ་སར་ནི་དུས་རབས་བཅུ་བའི་ནང་བྱོན་པས། དེ་གཉིས་ཀྱི་བར་ཁྱད་མི་ལོ་ཉིས་བརྒྱ་ཁ་རལ་ཡོད་ལ། དེ་མཚུངས་སུ། བཙན་པོས་འཇང་ཡུལ་དུ་དམག་དྲངས་པ་སོགས་ལ་གཞི་བཅོལ་ཏེ། གེ་སར་གྱི་མཛད་རྗེས་ལ་སྒྲོ་བཏགས་ནས་སྒྲུང་མང་དུ་སྤེལ་ཡོད་དོ། །

འོ་ན། གེ་སར་རྒྱལ་བོ་ཟེར་བ་ཞིག་ལོ་རྒྱུས་ཐོག་ཏུ་བྱོན་ཨེ་མྱོང་ཞེ་ན། བྱོན་མྱོང་བ་ཤུལ་རྫས་དང་། ཡུལ་ལུང་ཁག་ད་ལྟ་ངོས་འཛིན་རྒྱུ་ཡོད་པར་མ་ཟད། རླངས་བྱང་ཆུབ་འདྲེ་བཀོལ་དང་སྨྲི་ཏི་སྤྱན་དྲངས་པ། འབྲོམ་སྟོན་དང་ཁོང་གཉིས་ཀྱི་སྨྲི་ཏིའི་དྲུང་དུ་སྒྲ་སྦྱངས་ཚུལ། གཙུག་ལག་ཁང་བཞེངས་པ་སོགས་ལོ་རྒྱུས་ཕྲན་བུ་རེ་འདུག་ཀྱང་། བོད་ཀྱི་ལྷ་སྒྲུང་དག་ཏུ་བཤད་པའི་གེ་སར་གྱིས་ཕལ་ཆེར་འཛམ་གླིང་དབང་དུ་བསྡུས་པ་འདྲ་ཞིག་བཤད་པ་ནི་སྐྱག་རྫུན་ཁོ་ན་ཡིན་ལ། ཡིན་རྒྱུ་ནི། གེ་སར་ཟེར་བའི་དཔའ་རྒོད་ཅིག་བྱོན་པའི་མཛད་རྗེས་རེ་ཟུང་གི་ས་བོན་ལ། སྒྲོ་འདོགས་ཀྱི་ཁ་སྤུ་མང་དུ་སྐྱེས་ཏེ། བོད་མི་དག་གི་བསམ་བློ་ལ་འཕྲོད་པའི་རྫུན་གཏམ་མང་དུ་བསྒྲིགས་པར་མ་ཟད། རྒྱལ་དབང་ལྔ་བ་དང་འཇུ་མི་ཕམ་སོགས་མཁས་པ་རེ་འགས། རྨ་རྒྱལ་སྦོམ་ར་རྫིག་རབས་དང་། གེ་སར་རྒྱལ་བོ་རྒོད་རབས་ཀྱི་གསོལ་མཆོད་སོགས་རེ་འགའ་གསུངས་པས། ཆོས་ཕྱོགས་ཀྱི་བསམ་བློ་ནུས་པ་བརྟས་ཏེ། གེ་སར་ཨུ་རྒྱན་པདྨའི་སྤྲུལ་བ་དང་། ཚ་ཞང་གདན་མ་གྲུབ་ཆེན་སཱ་ར་ཧ་དང་། ཤན་པ་རྨེ་རུ་རྩེ་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་སྤྲུལ་བ་དང་། དཔའ་རྟུལ་བརྒྱད་ཅུ་རྒྱ་གར་གྲུབ་ཆེན་བརྒྱད་ཅུའི་སྐུ་སྐྱེ་རུ་སྒྲོ་བཏགས་པས། ད་ལྟའང་དཔའ་རྟུལ་མང་བོ་ཞིག་སྐུ་སྐྱེ་རུ་སྙད་བཏགས་ཏེ། སྤྲུལ་སྐུའི་མིང་བྱང་བེད་སྤྱད་དེ། མང་ཚོགས་ཀྱི་དབུ་ཁྲིད་མི་སྣ་འདི་རྣམས་བྱུང་བར་མ་ཟད། ཡུལ་ལུང་འགར་མི་གྲོངས་ཚེ་ཡང་། ཆོས་བྱེད་པ་ལས་ལྷ་སྒྲུང་བཤད་པ་འདི་དར་བ་ཡིན། དེང་སྐབས་དར་རྒྱ་ཆེ་བའི་གེ་སར་རྒྱལ་བོའི་མི་སྣ་འདི། འབྲོམ་སྟོན་གྱི་སྐུ་དུས་མཉམ་ལ། ད་དུང་ཁོང་དང་འབྲོམ་སྟོན་གྱིས་སྨྲི་ཏིའི་དྲུང་ནས་སྒྲ་རིག་བསླབས་པའི་ལོ་རྒྱུས་སོགས་ལ་གཞིགས་ན། རབ་བྱུང་དང་བོའི་སྐབས་ཀྱི་མི་སྣ་ཞིག་ལགས་པས། ད་ལྟའི་བར་དུ་ལོ་གྲངས་སྟོང་ལྷག་སོང་། དེའི་རྗེས་ནས་རིང་རབས་ཤིག་ལ། གེ་སར་གྱི་ལོ་རྒྱུས་ཚིག་དུམ་རེ་དང་། སྒྲུང་གླུ་ཚིག་དུམ་རེ་ཡོད་སྲིད་ཀྱང་། ཉེ་སྔོན་ནས་ལོ་འགའི་རིང་ལ། ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་ལྟར། གེ་སར་གྱི་བསྟན་པ་དར་ཏེ། མི་རེའི་ལག་ན་སྒྲུང་དཔེ་རེ་དང་། ལུང་ཡུལ་ཁག་ན་སྒྲུང་བ་རེ་ཡོད་པ་ནི། གེ་སར་གྱི་ལས་གཞིའི་རྣམ་གྲངས་ཀྱིས་ཁ་ལ་ཟས་དང་རྒྱབ་ལ་གོས་སྐོན་པའམ། ཡུལ་བདག་གནས་བདག་ཚོའི་ཁ་དར་ན་མ་གཏོགས། ལོ་རྒྱུས་ཀྱི་རྐང་དང་མི་མཐུན་ནོ། །

ངེས་དོན་དུ་གེ་སར་རྒྱལ་བོ་ནི་ཇི་འདྲ་ཞིག་ཡིན་ཞེ་ན། སྤྱང་གྲུང་ལྡན་ཞིང་དཔའ་རྩལ་རྒོད་པའི་མི་སྣ་ཞིག་གིས། ཡུལ་ལུང་ཁག་གཅིག་ལ་མངའ་དབང་བསྒྱུར་བའི་ཚོ་དཔོན་ལྟ་བུ་ཞིག་ཡིན་པར་སེམས་ལ། ཁོ་དང་ཁོའི་མཐའ་འཁོར་གྱི་དཔའ་རྒོད་ཇི་སྙེད་ཅིག ཚེ་ལས་འདས་ནས། ཡུལ་ལྷ་ཐུ་བོ་ཆེ་སྐྱེས་པ་བཞེས་ཏེ། མི་སེམས་བརླམས་པ་སོགས་ཀྱི་ཐབས་ལམ་ལ་བརྟེན་ཏེ། གླིང་སྒྲུང་ས་ཁྱབ་རྡོ་ཁྱབ་ཏུ་སོང་བ་ཡིན། དེ་ལྟར་ལགས་པ་སྒྲུབ་བྱེད་མང་དུ་བཙལ་མི་དགོས་ཏེ། དཔེར་ན། ཨ་མྱེས་རྨ་ཆེན་དང་། ཨ་མྱེས་བྱ་ཁྱུང་། ཇོ་མོ་ཚེ་རིང་མ། ཨ་ཕྱི་ཆོས་སྒྲོན་སོགས་ཀྱང་སྔོན་བྱུང་སྤྱང་གྲུང་ལྡན་པའི་བུ་རྒོད་དང་། དཔའ་མཛངས་ལྡན་པའི་བུ་མོ་རྣམས་ཡུལ་ལྷར་སྐྱེས་པས། ཨ་མྱེས་སམ་ཨ་ཕྱི་ཞེས་འབོད་པ་བཞིན། ཨ་མྱེས་འཛམ་གླིང་དང་། ཨ་མྱེས་ཁྲོ་ཐུང་སོགས་བརྗོད་པས་ཀྱང་འདྲ་དཔར་གསོན་པོ་ཞིག་བཏབ་ཡོད་དོ། །གཞན་ཡང་། ཡུལ་ལྷ་དེ་དག་མང་ཆེ་བ་ནི་གདོད་མའི་མིང་གྲགས་ཅན་གྱི་མི་སྣ་ཡིན་པ། ཀརྨ་ཆགས་མེད་ཀྱིས། ཕ་དང་མེས་པོ་ཡང་མེས་དགུ་རྒྱུད་མཚུན། །མི་རྒན་ལྷ་རུ་སོང་བའི་བཀྲ་མཚན་དང་། །མ་ཕྱི་ཡང་ཕྱི་ཡུལ་གྱི་སྨན་མཚུན་དང་། །ཞེས་པས་ཀྱང་། འདའ་རྒྱུ་མེད་པའི་དམ་ཐེའུ་ཞིག་མནན་ཡོད་དོ། །

༢ འཛམ་གླིང་གེ་སར་རྒྱལ་བོའི་བྱུང་བ་བརྗོད་པ། གེ་སར་རྒྱལ་བོའི་ལོ་རྒྱུས་ཐད་ལ། རྒྱལ་ཁབ་ཕྱི་ནང་གི་མཁས་པ་མང་བོས། དཔྱད་གཏམ་རྟ་མོག་མོག་གི་སྤུ་བཞིན་མང་དུ་སྤེལ་ཡོད་དེ། བོད་རྒྱལ་སོ་བརྒྱད་པ་ཁྲི་སྲོང་ལྡེ་བཙན་དང་། དུས་རབས་བཅུ་གཅིག་ནང་བྱོན་པའི་ཙོང་ཁའི་རྒྱལ་བོ་དང་། སྡེ་དགེ་གླིང་ཚང་རྒྱལ་བོ་དང་། རྒྱ་ནག་གི་ཀོན་ཡུས་དང་། ལོ་མཱའོ་རྒྱལ་བོ་ཁེ་ས་ཏ་ཏེ་དང་། ཁ་ཅིག གེ་སར་རྒྱལ་བོ་ཟེར་བ་ཞིག་ལོ་རྒྱུས་སྟེང་གཏན་ནས་མ་བྱུང་བར་འདོད་པ་དང་། ཡང་། གེ་སར་རྒྱལ་བོ་ཞེས་མིང་འདྲ་མཚུངས་སུ་གྱུར་བའང་། གེ་སར་དམག་གི་རྒྱལ་བོ། ཁྲོམ་གེ་སར། གླིང་གེ་སར། ཧོར་གེ་སར་སོགས་ཡོད་ཀྱང་། འདིར་བརྗོད་པ་ནི་གླིང་གེ་སར་རྒྱལ་བོ་ཟེར་བ་དེ་ཡིན། ཁོ་ནི་བོད་ཀྱི་མིའུ་གདོང་དྲུག་གི་ནང་ཚན། དཀར་བོ་ལྡོང་། ནག་པོ་ལྡོང་། ཁྲ་བོ་ལྡོང་། སྨུག་པོ་ལྡོང་བཅས་ལས། སྨུག་པོ་ལྡོང་གི་རུས་རྒྱུད་དུ། གླིང་ཡར་ཆགས་སྲིད་པའི་རྩ་བ། གླིང་ཆོས་ཕན་ནག་པོའི་མི་རྒྱུད་ལ། བུ་གསུམ་འཁྲུངས་པ་སྟེ། བུ་ཆེ་བ་གསེར་བུ་ལྷ་ཡག་དར་དཀར་གྱི་རྒྱུད་ལ་གླིང་ཆེ་རྒྱུད་དང་། འབྲིང་བ་འོམ་བུ་ཁྲི་སྤྱང་དཔལ་རྒྱལ་གྱི་རྒྱུད་ལ་གླིང་འབྲིང་རྒྱུད་དང་། ཆུང་བ་སྤྱང་བུ་དགྲ་རྒྱལ་འབུམ་ཐུབ་ཀྱི་རྒྱུད་ལ་ཆུང་རྒྱུད་བཅས་གསུམ་བྱུང་བ་ལས། གེ་སར་རྒྱལ་བོ་ནི། ཆུང་རྒྱུད་ཀྱི་མི་རབས་བཞི་བ་སྟེ། སྤྱི་ལོ ༡༠༣༨ལོར་ཕ་སེང་བློན་དང་མ་འགག་བཟའ་གཉིས་ཀྱི་བུར་འཁྲུངས། ཆུང་དུས་ནས་འགག་བཟའ་མ་བུ་གཉིས་རྨ་ལུང་དུ་བསྐྲད་དེ་ཐབས་སྡུག་གི་འཚོ་བ་རོལ། བསྐྱེད་བསྲིངས་ནས་དཔའ་རྩལ་རྒྱས་ཏེ། སེང་ལྕམ་འབྲུག་མོ་ཁབ་ཏུ་བཞེས་ཤིང་། གླིང་གི་རྟ་རྒྱུགས་རྒྱལ་འཇོག་ལ་བརྟེན་ཏེ་གླིང་གི་རྗེ་བོར་བཀུར་བར་བཤད། གང་ལྟར། ལོ་རྒྱུས་ཚད་ལྡན་དུ་སྨྲ་རྒྱུ་ཡོད་པ་ནི། རླངས་བྱང་ཆུབ་འདྲེ་བཀོལ་དང་སྨྲི་ཏི་ལས་ཆོས་དང་སྒྲ་རིག་ཕྲན་བུ་རེ་སྦྱངས། རྗེས་སོར་རང་གི་དཔའ་རྩལ་དང་ཐབས་ཇུས་ལ་བརྟེན་ཏེ་ས་ཆ་མང་བོ་དབང་བསྒྱུར་ཞིང་། རྫོང་ཆེན་རྫོང་ཆུང་མང་དུ་ཕབ་པ་སོགས་ལྷ་སྒྲུང་ལས་བརྗོད་ལས་མི་ཚར་བ་ལྟ་བུ་སྟེ། དཔེར་ན། སྒྲུང་བ་ཚེ་རིང་དབང་འདུས་ཟེར་བའི་བཤད་པའི་སྒྲུང་གཅིག་པུ་འང་དེབ་སྣ་བརྒྱ་དང་ཉི་ཤུ། གུ་རུ་རྒྱལ་མཚན་བྱ་བས་བཤད་པ་དེབ་སྣ་བརྒྱ་དང་ཉི་ཤུ། ཟླ་བ་གྲགས་པ་བྱ་བས་བཤད་པ་དཔེ་སྣ་བརྒྱ་དང་ཉེར་དགུ། སྒྲུང་བ་དེ་གསུམ་གྱིས་ཁྱོན་བསྡོམས་སྒྲུང་དཔེ་སུམ་བརྒྱ་རེ་དགུའི་ལྷ་སྒྲུང་བཤད་ཡོད་པར་མ་ཟད། ད་དུང་སྒྲུང་བ་ཇི་སྙེད་ཅིག་གིས་ལྷ་སྒྲུང་བསྣན་ན་རི་བོའི་གཏོས་དང་མཉམ་པ་ལས། གེ་སར་རྒྱལ་བོ་རྫིག་རབས་དང་། མངའ་ཁོངས་རྒྱ་བསྐྱེད་ལུགས། སློབ་དཔོན་པདྨའི་རྣམ་སྤྲུལ་ཡིན་རབས་སོགས་བརྗོད་པ་ནི། མང་དག་ཅིག་འུད་སྒྲོགས་ཁོ་ནར་སོང་བས་འདིར་བཀོད་པའི་ངལ་བ་བྱེད་མ་འདོད། ལྷ་སྒྲུང་ལྟར་ན། གླིང་གེ་སར་རྒྱལ་བོས། ཁམས་གསུམ་བདེ་ལ་བཀོད། ལྷ་སྲིན་དམ་ལ་བཏགས། དགུང་ལོ་གྱ་བདུན་སྟེང་། དགྲ་ལྷ་རྩེ་རྒྱལ་ལ་རྒྱལ་སར་བསྐོས་ཏེ། ཚེ་ལས་འདས་པར་བཤད་ཡོད་པ་དང་། གླིང་སྒྲུང་ཁམས་གསུམ་བདེར་བཀོད་ལྟར་ན། གེ་སར་དགུང་ལོ་བརྒྱད་ཅུའི་སྟེང་། དགྲ་ལྷ་རྩེ་རྒྱལ་རྒྱལ་སར་བསྐོས། བླ་མ་ནོར་བུ་ཆོས་འཕེལ་ལ་ལྷ་རྟེན་ཆོས་གསུམ་ཕུལ་ཏེ། གླིང་དཀར་ཆོས་ཀྱིས་སྐྱོང་དགོས་པའི་ཞལ་གདམས་གནང་སྟེ། ལྷ་རྟ་རྐྱང་རྒོད་གཡེར་བར་ཞོན། ལྷ་མདའ་ཐོག་རྒོད་ཐར་བ་དང་རལ་གྲི་སྡིག་གཅོད་སྤུ་གྲི་སོགས་འཁོར་གསུམ་བཞེས། འབྲུག་མོ་དང་མགར་བཟའ་ཆོས་སྒྲོན་གཉིས་ཁྲིད་དེ་དགུང་སྔོན་དབྱིངས་ཀྱི་སྤྲིན་གསེབ་ཏུ་གཤེགས་པར་ཡང་བཤད་ཡོད་དོ། །

༣ སྒྲུང་བའི་རིགས་བཤད་པ། ༡ བབས་སྒྲུང་བཤད་པ། བབས་སྒྲུང་ནི། གླིང་སྒྲུང་ལ་དད་འདུན་ཆེ་བའི་མི་རྣམས། དཀའ་བ་ཁྱད་གསོད་ཀྱིས། གནས་བསྐོར་དང་། མཆོད་མཇལ་ཡུན་རིང་འགྲིམས་པའི་འབྲས་རྟགས་སུ། རྒྱུ་རྐྱེན་དང་རྨི་ལམ་སོགས་ཅི་རིགས་ལ་བརྟེན་ནས། བློ་སྒོ་ཕྱེ་སྟེ་གླིང་སྒྲུང་ངག་ལས་ཐོགས་མེད་དུ་བཤད་པ་ཡིན་ལ། སྒྲུང་བ་དེའི་རིགས་ཀྱིས་ཡི་གེ་མི་ཤེས་ཀྱང་། གླིང་སྒྲུང་འཆད་པའི་སྐབས་སུ། བློ་རིག་མྱུར་ཞིང་སྨྲ་ལྕེ་ཇེ་བདེ་རུ་གྱུར་ནས། གླིང་སྒྲུང་ཤར་ཤར་བཤད་ལ། དེ་ཚོ་ལ་ཐུན་མོང་གི་ཁྱད་ཆོས་ཞིག་ཡོད་པ་ནི། དང་ཐོག་ལྷ་གསོལ་དང་། དམིགས་རྟེན་གྱི་ཆོ་ག་རྫོགས་རྗེས་སུ། ཀློག་འདོན་པ་ལས་ཀྱང་ཤར་མར་བཤད་ཐུབ་པ་ལ་དཔྱད་ན། གཟུགས་མེད་ལྐོག་གྱུར་གྱི་ནུས་པ་ཞིག་གིས་རམ་འདེགས་བྱེད་པ་ནི་སྨྲས་མེད་ཡིན་པས། དོན་དུ་སྒྲུང་འབྲེལ་གྱི་མི་སྣ་ཞིག་གཞི་བདག་གི་སྐྱེས་པ། སྒྲུང་བ་དེས་རྒྱུད་བརླམས་ནས་བཤད་པ་ནི་གདོན་མི་ཟ་ལ། དེ་ཕོ་མོ་གཉིས་ཀའི་སྒྲུང་བའི་པྲ་རྟེན་ཡོད་པར་བཤད་དོ། །

༢ གཏེར་སྒྲུང་བཤད་པ། གཏེར་སྒྲུང་ནི། ལོ་ངོ་མང་བོའི་ཡར་སྔོན་དུ་ཡོད་པའི་སྒྲུང་དཔེ་རྣམས། རྒྱུན་ཆད་པར་དོགས་ནས་བྲག་ཁོང་དང་། ཡང་ན། གཞན་གྱིས་གནོད་སྐྱོན་མི་ཐེབས་པའི་སར་སྦས་པ། ཕྱིས་སུ་དུས་ལ་བབ་ཚེ། གཏེར་ལས་བཏོན་པའི་རིགས་ལ་ཟེར་ཞིང་། ད་ལྟའི་སྒྲུང་དཔེ་དག་ལས་གཏེར་སྒྲུང་འདི་ཉུང་ཤོས་ཡིན་ནའང་། དེ་སྒྲུང་དཔེ་ཁུངས་དག་ཏུ་བཤད་ལ། དཔེར་ན། སྤྲུལ་སྐུ་ཀུན་བཟང་ཉི་མས་རྨ་རྒྱལ་སྦོམ་རའི་མདུན་དུ་བཏོན་པའི་ཐེའུ་རང་ར་རྫོང་གི་སྒྲུང་དཔེ་ལྟ་བུ་ཡིན།

༣ པྲ་སྒྲུང་བཤད་པ། པྲ་སྒྲུང་དང་ཕབ་སྒྲུང་ནི་མིང་གི་རྣམ་གྲངས་སུ་བཤད་ལ། དེ་ནི་སྒྲུང་མ་བཤད་གོང་དུ་སྒྲུང་ལྷར་གསོལ་འདེབས་དང་། ཆོ་ག་ཚགས་སུ་ཚུད་རྗེས། ཕབ་རྟེན་ལ་མི་འདྲ་བ་ཡོད་དེ། ཁ་ཅིག དཀར་ཡོལ་ནང་གི་ཆུ་དང་། དེ་བཞིན་སེན་སྟེང་དང་། ཤོག་སྟོང་། མེ་ལོང་། རྡོ་ལེབ་འོད་བཀྲ་བ་ལ་ལྟ་བ་སོགས་མི་འདྲ་བ་མང་། དེ་ཡང་། ཕབ་སྒྲུང་བཤད་ཐུབ་པའི་རྒྱུ་རྐྱེན་ནི། རང་ཉིད་བརྒྱལ་བ་སོགས་ཀྱི་རྗེས་སུ། མི་མ་ཡིན་པ་མང་བོ་མཐོང་ཐུབ་པ་དང་དུས་གསུམ་གྱི་སྐྱིད་སྡུག་སོགས་ཤེས་པར་བཤད། དེ་དག་གིས་མེ་ལོང་སོགས་ལ་གཟིགས་ནས་དེའི་ནང་གི་སྣང་བརྙན་དེ་ངག་ལས་ཤར་མར་བཤད་ཅིང་། པྲ་རྟེན་དང་བྲལ་ཚེ་ཅི་ཡང་མི་ཤོད་པར་བཤད་དོ། །

༤ བསླབ་སྒྲུང་བཤད་པ། བསླབ་སྒྲུང་ནི། ཆུང་དུས་ནས་གླིང་སྒྲུང་ལ་དགའ་བོ་ཡོད་ཅིང་། དེ་སློབ་འདོད་ཀྱི་འདུན་པ་ཤུགས་དྲགས་པས། སུན་སྣང་མེད་པར་སྒྲུང་དཔེ་བཀླག་ཅིང་། བློར་བཟུང་ནས། རང་གི་བཤད་ཤེས་པ་དེ་དབྱངས་རྟ་སྙན་མོ་ལ་དྲངས་ཏེ། དུས་སྟོན་དང་། མི་མང་ཚོགས་དུས་གླིང་སྒྲུང་བཤད་པའི་རིགས་ཡིན་ཞིང་། བསླབ་སྒྲུང་བཟང་ཤོས་ཤིག་གིས་གླིང་སྒྲུང་ཉི་ཤུ་ལྷག་བཤད་ཐུབ་པ་ཡོད།

༥ བརྒྱུད་སྒྲུང་བཤད་པ། བརྒྱུད་སྒྲུང་ནི། མི་རབས་ནས་མི་རབས་བརྒྱུད་པའི་སྒྲུང་ལ་ཟེར་ཞིང་། དེ་ལ་ངག་ཐོག་དང་། ཡིག་ཐོག་ནས་བརྒྱུད་ཡོང་བའི་རིགས་གཉིས་ཡོད་དོ། །

ལྡེའུ་འམ་ཁེད།

༡ ལྡེའུ་ཞེས་པའི་ཐ་སྙད་ལ་དཔྱད་པ། ཁ་བ་ཅན་གྱི་རྒྱལ་ཁམས་སུ་དེ་བཞིན་གཤེགས་པའི་གདུལ་བྱར་མ་གྱུར་བ་རྣམས་ལ། ལུང་གི་ཆོས་གོ་བར་བྱ་བའི་ཕྱིར་དུ་སྒྲུང་བསྟན། རིག་པའི་ཆོས་གོ་བར་བྱ་ཕྱིར་ལྡེའུ་བསྟན། ཞེས་པ་ལྟར། ལྡེའུ་ནི། བློ་རིག་མྱུར་ཞིང་འཆར་སྒོ་ཡངས་པ་ཞིག་གིས་མ་གཏོགས། དབང་རྟུལ་ཞིག་གིས་སྤྱོད་ཡུལ་དུ་འགྱུར་དཀའ་བ་སྟེ། ལེགས་བཤད་གསེར་ཕྲེང་ལས། ཐད་ཀར་མི་སྟོན་པ་འཁྱོག་པོའི་ངག་གིས་བསྟན་པའི་དགོས་པ་འདིའོ་ཞེས་དགོས་པ་སྟོན་པའི་ཆ་ནས་ལྡེམ་པོར་དགོངས་པ་སྟེ། ལྡེམ་པོའམ་ལྡེའུའི་ངག་ནི་འཁྱོག་པོ་ཡིན་པས་སོ། །ཞེས་སོ། །དཔེར་ན། ལྷ་སའི་གཙུག་ལག་ཁང་གི་གདུང་མའི་ལྡེབས་སུ། དྲང་བོ་ཐེམ་རས་ལྦ་བ་ཆེ། ཅི་ཡིན་ཞེས་དྲི་བ་བཀོད་པའི་ལན་དུ། འདེགས་བྱེད་ཀྱི་སྲང་དང་སྲང་རྡོ་བཅས་པ་དང་། པོར་མགོ་མགོ་ཅན་སྐྱེད་ཅིང་རྒྱགས། ཞེས་པའི་ལན་དུ། མཆོད་རྟེན་དང་། ནག་པོ་ཁ་གདངས་གདངས་མིག་ཚུམས། །དམར་བོ་སྤུ་མེད་བཅུག་ཅིང་ཕྱུང་། །ཞེས་པའི་ལན་དུ། མགར་པས་ལྕགས་དམར་བོ་སྐམ་པས་བཟུང་སྟེ་ཐབ་ནང་ལས་འདོན་པ་སོགས་ཀྱི་རི་མོར་བཀོད་ཡོད་པ་དང་།

དེ་བས། བསམ་དོན་དངོས་མ་དེ་སྦས་ནས། དེ་སྒྲིབ་བྱེད་ཀྱི་དངོས་པོ་གཟུགས་དང་སྒྲ། བྱེད་ལས་དང་རྣམ་གྲངས་སོགས་འགྲེས་མཚུངས་ཀྱི་རིག་པ་བཀོལ་ཏེ། མི་རྣམས་ཀྱི་བློ་སྒོ་འབྱེད་བྱེད་ཀྱི་ཐབས་ལམ་ཞིག་ཡིན། ཚུལ་འདི་ལ་དགོངས་ནས་དགེ་ཆོས་ཀྱིས་ཀྱང་། གསེར་ཐང་ལས། བརྡ་ཐབས་ཡིན་ཁུལ་མང་བོ་སྨྲ་བ་དགའ་བར་བྱེད། བློན་ཆེན་ལྟ་བུ་ཞིག་གིས། འདི་ལྟར་བྱས་ན་ཤར་གྱི་རི་ནུར་ཏེ་ནུབ་ཀྱི་མཚོ་ཁ་བཅད་ཡོང་། ཞེས་སྨྲས་པ་ལ། རྒན་མོ་རིག་པ་ཅན་རྣམས་ཀྱིས་དེའི་དོན་ཅི་ཡིན་ཞེས། ཉིན་མང་བོ་ལ་བསམ་བློ་གཏོང་བར་བྱེད། དེ་བས་ཁ་ཅིག ལྡེའུའི་ཐ་སྙད་ནི་བློ་རིག་གི་མཛོད་སྒོ་འབྱེད་པའི་ལྡེ་མིག་ལས་དྲས་པར་བཤད་པ་བདེན་མཆི་སྟེ། དེ་ཡང་། ཟབ་ས་ནས་བཤད་ན། ཆོས་འབྱུང་མཁས་དགའ་ལས། མངོན་པའི་སྡེ་སྣོད་འབྱུང་ལྟས་ལྡེའུ་སྤྱོད། །ཅེས་པ་ལྟར། དཔེར་ན། མངོན་པའི་སྡེ་སྣོད་ཀྱི་ཆར་གཏོགས་ཚད་མ་སྡེ་བདུན་ལྟ་བུར་མཚོན་ན། བདག་མེད་གཉིས་ཀྱི་གསང་བའི་མཛོད་སྒོ་རྩལ་དུ་བཏོན་ནས། རྣམ་དཔྱོད་ཀྱི་རིག་པ་རྐྱེན་པོས་འབྱེད་པས་ཡིན་ལ། ཚུལ་འདི་ལྟ་བུ་ལ་དགོངས་ནས། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས། དེ་ལ་འཇལ་བྱེད་གཅེས་པའི་ལྡེའུ་མིག་དང་། །གཞལ་བྱའི་དམ་ཆོས་རིན་ཆེན་མཛོད་ཁང་གཉིས། །འཇལ་བྱེད་ཐུན་མོང་དྲང་ངེས་དགོངས་ལྡེམ་དགོངས། །རྟོན་དང་རིག་པ་བཞི་རྣམས་གཙོ་བོར་གྱུར། །ཞེས་པའང་དེ་མཚུངས་སོ། །

ཡང་། སླ་ས་ནས་བཤད་ན། ཆོས་འབྱུང་མཁས་དགའ་ལས། འཕན་ཡུལ་དར་རྒྱལ་གྱི་བྱིས་པ་མང་བོ་རྗེ་བྱ་བ། འཕྲུལ་ཆེ་བར་ཐོས་ནས། བློན་པོ་བཞི་འཚོལ་དུ་ཕྱིན་པས། ནེའུ་གསེང་ཆེན་པོ་ཞིག་གི་མཐར་བྱིས་པ་དང་འཕྲད། ན་འདིའི་གཞུང་གཅོད་དམ། མཐའ་བསྐོར་དྲིས་པས། དལ་ན་གཞུང་ཆོད། རིངས་ན་མཐའ་བསྐོར་ཟེར། བློན་པོ་བཞིས་གཞུང་བཅད་པས་འདམ་དུ་ཚུད་ནས་ཡུན་རིང་འགོར། བྱིས་པ་དེ་ལ་ཕ་མ་གར་སོང་དྲིས་པས། ཕ་གཏམ་འཚོལ་དུ་སོང་། མ་མིག་འཚོལ་དུ་སོང་ཟེར། དར་ཅིག་ན་ཕས་ཆང་འཁྱེར། མས་མེ་འཁྱེར་བྱུང་སྐད། ཅེས་པ་ཡང་བློ་རིག་གི་ལྡེའུ་མིག་མེད་ན། གསང་རྒྱ་གྲོལ་མི་ཐུབ་པ་དོན་གྱིས་བསྟན་ཡོད་པ་དང་།

ཡང་། ཨ་མདོའི་སྐད་དུ་ལྡེའུ་ལ་ཁེད་ཅེས་ཟེར་ལ། འཇུ་མི་ཕམ་གྱིས་གབ་ཚིག་ཅེས་པ་སྔོན་སྐ་ཅོག་སོགས་ཀྱི་དུས་སུ་བརྡ་རྙིང་ལ། སྐུ་སྐའམ་ལྡེའུ་ཞེས་སུ་བསྒྱུར། ཞེས་དང་། ཡུལ་སྐད་འགར་ལྡེབས་ཀྱང་ཟེར། འཚོ་བ་རོལ་སྟངས་ཀྱི་ཆ་ནས་རོང་འབྲོག་གི་ཁེད་གཉིས་སུ་ཕྱེས་ཀྱང་མི་ཆོག་པ་མེད། ཁ་ཅིག་ཁེད་ཅེས་པའི་ཐ་སྙད་འདིའི་མ་ཁུངས་ནི་ཁེགས་ཞེས་པ་ལས་བྱུང་ཟེར་བ་བདེན་ཤོས་ཆེ། དཔེར་ན། བྲག་ཐོག་ལུ་གུ་རྩེ་རྩེ། །བྲག་ཞབས་ཁ་བ་འབབ་འབབ། །ཅེས་གཅིག་གིས་མཚོན་བྱེད་དཔེ་བཀོད་དེ། ཅི་ཁེད་ཅེས་དྲིས་ཚེ། ཅིག་ཤོས་ཀྱིས་མཚོན་བྱའི་དོན་ལ་ཡང་ཡང་བསམ་བློ་བཏང་སྟེ། ﹙མཆིག﹚རེད། ཅེས་ལན་ཐེབས་ཚེ། ཧབ་ཆ་ཐག་གེར་སོང་ནས། འདྲི་མཁན་ཁེགས་སོང་བ་དང་། མ་ཐེབས་ན་ལན་འདེབས་པ་པོ་ཁེགས་ཏེ། རྒྱལ་ལམ་སྐུགས་བཞག་པ་ཤོར་འགྲོ་བས་ཆ་ནས། ཁེད་ཅེས་ཁེགས་ལས་ཟུར་ཆགས་པ་རྟོགས་ཐུབ།

ཡང་། ལྡེའུ་དང་ཁེགས་བྱ་བ་ལ། ཞིབ་འཇུག་གཟབ་ནན་ཞིག་བཏང་ན། ཐ་སྙད་རིགས་འགྲེས་ཀྱིས་འདི་ལྟར་བསམ་ཆོག་སྟེ། མིག་མངས་སམ་འགྱིག་འདེད་པ་ནི། རིག་པ་གྲུང་བོས་དམག་ཇུས་ཀྱི་ཐབས་འཕྲུལ་འདོན་བྱེད་ཀྱི་རྩེད་མོ་ཞིག་སྟེ། ཁྱུང་བོ་སྤུ་སད་ཟུ་ཙེའི་བློ་མཛངས་ཀྱི་ཚད་འཇལ་སྐབས། ཏུན་ཧོང་ཡིག་རྙིང་ལས་མིག་མངས་རྩེད་ཞོར་དུ། རྩིས་གྲྭ་གསུམ་དང་། ཞལ་ལྕེ་གྲྭ་བཞི་ཡང་རྣ་བས་ཉན་ཅིང་གཅོད། མིག་མངས་གྲྭ་གཅིག་ཀྱང་དེའི་ཞོར་ལ་རྩེ་ན་རྒྱལ་སོགས་བཤད་པར་གཞིགས་ན། རྡེའུ་ནི་ཐབས་ཇུས་མཚོན་བྱེད་དུ་འགྲོ་བས། རྡེའུ་དང་ལྡེའུ་སྒྲ་འདྲ་བས་ཆ་ནས་ལྡེའུ་བྲིས་པ་ཡིན་སྙམ་པ་དང་། དེ་བཞིན་ཁེགས་ཞེས་པའི་ཐ་སྙད་འདི་ཡང་། མིག་མངས་དང་འབྲེལ་བ་ཡོད་དེ། མིག་མངས་འདེད་པ་པོ་གཉིས་ཀྱིས་བློ་རིག་ལ་ཟབ་ཚད་ཤོར་ཏེ། རྡེའུ་བཙིར་བའམ་ཁེགས་པ་ཡིན་པས། ཁེད་ཀྱི་ཐ་སྙད་དེ་ཁེགས་ཞེས་བརྗོད་པ་ཡིན་ཞེས་བཤད་ན་རིགས་ལམ་ཤིན་ཏུ་རྣོའོ་སྙམ་མོ། །

ཁྱད་པར་དུ་བསམ་རིགས་པ་ཞིག་ལ། མིག་མངས་ཀྱི་སྐབས་སུ་སྤྱོད་པའི་ཐ་སྙད་མང་བོ་ཡང་གཡུལ་ཐབས་དང་འབྲེལ་བ་ཡོད་དེ། དཔེར་ན། ཕན་ཚུན་གྱི་བློ་རིག་ལ་གྲུང་ལྷོད་ཤོར་ཚེ། གཉིས་ཟ་བ། གསུམ་ཟ་བ། རྡེའུ་འཆོར་བ། མཐའ་བསྐོར་བ། གྲུ་བླངས་བ། བོའུ་རྒྱག་པ། སུམ་བཤར། བཞི་བསྲེགས་འཐེན་པ། སོག་མོའི་སུམ་རྐང་སོགས་ད་ལྟའི་བར་དུ་བརྡ་མ་འགྱུར་བར་ཡོད་པས། ཆབ་སྲིད་ལྡེའུ་ལ་བརྟེན་ནས་བསྐྱངས་པ་ཟེར་བའང་དོན་ལ་གནས་སོ། །

༢ སྲོང་བཙན་སྔོན་དུ་ཆབ་སྲིད་ལྡེའུས་བསྐྱངས་ཚུལ། རྒྱལ་རབས་གསལ་མེ་ལས། ཆབ་སྲིད་ནི་སྒྲུང་སྟེ་ལྡེའུ་བསྒྱུར་རོ། །ཞེས་པ་ལྟར། ལྡེའུ་ལ་བརྟེན་ནས་ཆབ་སྲིད་ཇི་ལྟར་བསྐྱངས་ཤེ་ན། ཆབ་སྲིད་ཀྱི་བྱ་བཞག་གསང་སྟབས་ཀྱིས་སྒྲུབ་དགོས་རིགས་ལ། ལྡེའུ་རིགས་ལམ་ལ་བརྟེན་ཏེ་བློ་རིག་ཅན་གྱི་རྒྱལ་བློན་རྣམས་ཀྱིས་གསང་བའི་མཐིལ་བརྟོལ་ཏེ་བསྒྲུབ་དགོས་པ་ཡིན་པས། སློབ་དཔོན་པདྨས། གྲོས་མཁས་རིག་པ་ཆེ་ལ་ལེགས་ཉེས་ལྡེའུ་མཁས་པ་མཛངས་བློན་ཡིན། །གསུངས་པ་འང་དེ་ཡིན་ནོ། །ཆབ་སྲིད་ཀྱི་ལག་ཆར་གྱུར་བའི་ལྡེའུ་ལའང་། ངག་ལྡེའུ། རྫས་ལྡེའུ། སྒྲུང་ལྡེའུ། ཤགས་ལྡེའུ། ཡིག་ལྡེའུ། རི་མོའི་ལྡེའུ། མོ་ལྡེའུ་སོགས་མང་ཡང་། འདིར་ལྡེའུ་ལ་བརྟེན་ནས་སྲིད་བསྐྱངས་ཚུལ་རེ་གཉིས་ལས།

༡ ངག་ལྡེའུ་ཀྱིས་ཆབ་སྲིད་བསྐྱངས་ཚུལ་ནི། བློན་པོ་ལི་བཙན་བཞེར་གྱིས། བོད་རྒྱལ་གྲི་གུམ་བཙན་པོ་ལ། དབུའི་ཞྭ་ཆེ་ན་ལུས་པོ་རྔུལ་གྱི་ལྗིད། ཟས་ཞིམ་པོ་མྱངས་དྲགས་ན་སྐྱུག་བྲོ། ཤིག་འཁྱམས་རྐང་ལ་ཞུགས་ནས། སྤྱི་བོའི་གཙུག་སྙོག ཅེས་ཞུས་པའི་གབ་བྱ་ནི། རྒྱལ་བོ་ཁྱོད་ལས་སྐུ་གཤེན་དབང་ཤུགས་ཆེ་བར་ཡོད་པས། སྲིད་དབང་ལ་བློ་རིག་སྒྲིམ་དགོས་གདམས་ཀྱང་། རྒྱལ་བོས་སྣང་མེད་དུ་བཞག་པས། མཐར་གྲི་གུམ་བཙན་པོ་གྲོངས་པའི་བྱུར་ངན་བྱུང་བ་དང་། ཡང་། སྲོང་བཙན་གྱི་ནུ་མོས་ཕོ་ཉ་རྨང་ཅུང་ལ་བླངས་པའི་མགུར་ལས། མཆིལ་བའི་ནི་མ་ཡོ་ཞིག །གཡོན་དུ་ནི་མ་རྡལ་ཆིག །གཡས་སུ་ནི་མ་ཡོ་ཞིག །སོ་བྱ་ནི་གྲེ་བོ་ཆུང་། །གཡོན་དུ་ནི་བརྡལ་བ་ན། །སྲམ་བུ་ནི་གོང་དེ་དངུལ། །མར་གྱི་ནི་ཆང་ཚང་ལ། །གྱུར་གྱིས་ནི་མ་མནན་ན། །སིང་ཕྱི་ནི་གནངས་སླང་ན། །སྲམ་གྱིས་ནི་འཚལ་ཏ་རེ། །ཞེས་པའི་དོན་ནི། ཞང་ཞུང་དབང་དུ་མ་བསྡུས་ན། གཞན་གྱིས་སྡུད་ཉེན་ཆེ་བ་དང་། དེ་ཡི་རིགས་ལམ་ཡང་ཉ་ནི་ཞང་ཞུང་དང་། སྲམ་གྱིས་རྒྱལ་ཁག་གཞན་མཚོན་ཏེ། ངག་གི་ལྡེའུ་རིག་པ་བཀོལ་ནས་ཞང་ཞུང་རྒྱལ་བོ་ལིག་མི་རྐྱ་དབང་བསྒྱུར་བྱས་པ་དང་།

ཡང་། མགར་གྱིས་ཀོང་ཇོ་བོད་ཡུལ་དུ་བརྫངས་ཏེ། རེ་ཞིག་མགར་རང་ཉིད་རྒྱ་ཡུལ་དུ་འདུག་དགོས་བྱུང་བས། མགར་གྱིས་ལྡེའུ་རིག་པ་ལ་སྦྱར་ཏེ། རྫུས་མའི་སྤྲང་བོ་ཞིག་ལ་སྐད་བཏང་བ་རྒྱལ་རབས་གསལ་མེ་ལས་འདི་ལྟར་འབྱུང་སྟེ། བོད་བློན་རྣམས་ཀྱིས་རྫུས་མའི་སྤྲང་བོ་ཞིག་བཏང་བྱུང་ངོ་། །དེར་བློན་པོས། ལོག་པའི་སྐད་བྱས་ཏེ་ཐག་རིང་གི་ར་ཕོ་རྒྱ་བོ་ལ་ངོ་ཤེས་མི་བྱའོ། །ཁ་རོག་ལ་སྡོད་ཀུ་ཅོ་ཐོངས། ནག་མོ་ལྕགས་མཁར་ཐུག་ནས་ཡོད། ལུང་བ་ཕུ་རྡུགས་མདའ་རྡུགས་སུ། ཐུ་རུ་ཅོ་བྲག་ཁོང་ལ་ཞོག དར་དཀར་དྲིལ་ལ་དར་ནག་བསྐྱོད། ཟླ་བས་ཉི་མའི་རྩེ་རུ་སླེབས། ཟེར་ནས་དེར་སྤྲང་བོ་དེ་ལོག་གོ །སྤྲང་བོས་དེ་བཞིན་སྨྲས་ཀྱང་མ་གོ་བར། རྒྱ་མོ་ཀོང་ཇོས་རྟོགས་ནས་འདི་སྐད་ཟེར་ཏེ། མགར་གྱིས་རྒྱ་ནག་ཏུ་ངན་ཆེན་པོ་བྱེད་ཡོད་པར་འདུག ཐག་རིང་གི་རྭ་ཕོ་རྒྱ་བོ་ལ་ངོ་ཤེས་མ་བྱེད་ཟེར་བ་ནི། ཁོང་རང་རྒྱ་བོ་སྨྲ་ར་ཅན་ལ་ལབ་མ་ཤོད་པ་ཡིན། ནག་མོ་ལྕགས་མཁར་ཐུག་ནས་ཡོད་ཟེར་བ་དེ། ས་བོན་ཡོས་སུ་བརྔོས་ནས་འདེབས་བཅུག་པ་བྱ་བ་ཡིན། ལུང་བ་ཕུ་རྡུགས་མདའ་རྡུགས་སུ་ཐུ་རུ་ཅོ་བྲག་ཁོང་ལ་ཞོག་བྱ་བ་དེ། དོང་བར་མདའ་མང་བོ་ཆུག་བྱ་བ་ཡིན། ཟླ་བས་ཉི་མའི་རྩར་སླེབས་ཟེར་བ་དེ། ངས་ཁྱོད་རྣམས་ཀྱི་རྩར་མགྱོགས་པར་སླེབས་བྱ་བ་ཡིན་ཟེར་རོ། །ཞེས་གསུངས་པས་དམག་དོན་གྱི་སྐོར་གསང་རྒྱ་བཏབ་སྟེ་ལྡེའུ་བེད་སྤྱད་ནས་བཤད་པ་དང་།

༢ རྫས་ཀྱི་ལྡེའུ་ལ་བརྟེན་ཏེ་ཆབ་སྲིད་ལ་ཕན་འབྲས་བྱུང་བ་ཡང་། ཆོས་འབྱུང་མེ་ཏོག་སྙིང་བོ་ལས། བློན་པོ་འགར་གྱིས་རྒྱ་བཟའ་སློང་དུས་ཀྱང་། རྒྱ་ནག་གོང་མའི་མདུན་དུ། དུང་ཙེ་བདུན་དང་བཻ་ཌཱུ་རྱའི་རྨོག་ཕུལ་བ་ཡང་། ལྡེའུ་དང་འབྲེལ་བ་ཡོད་པར་སེམས་ཏེ། དོན་ནི། དོང་ཙེས་ཀོང་ཇོ་བྱིན་ན་བོད་རྒྱ་གཉིས་འབྲེལ་བ་ཡག་ཚུལ་དང་། གལ་ཏེ་མ་བྱིན་ན། རྨོག་གིས་གཡུལ་འགྱེད་པར་མཚོན་ནོ། །ཡང་། སད་མ་ཀར་གྱིས་ཞང་ཞུང་ནས་སྲོང་བཙན་ལ་གཡུ་སུམ་ཅུ་དང་ཞུ་བསྐུར་བ་ཡང་། གཡུ་ཐོགས་ཀྱི་དཔའ་རྒོད་སུམ་ཅུ་ཁྱེད་ལ་ཡོད་ན་རྒོལ་ཅིག་དང་། གལ་ཏེ་རྒོལ་མ་ཕོད་ན་བུད་མེད་དང་འདྲ་བར་ཞུ་གྱོན་ཞིག ཅེས་པའི་བརྡར་གོ་ནས། སྲོང་བཙན་གྱིས་ལིག་མི་རྐྱ་ཕམ་པར་བརྒྱབ་པ་དང་། ཡང་། ཞང་ཞུང་རྒྱལ་བོ་ལ་བཙུན་མོ་གསུམ་ཡོད་པས་ཆུང་ཤོས། སྒྲོན་ལེགས་མས། ལ་བཙས་ཀྱི་ཁར་ཆུ་སླ་ང་གང་གི་ནང་དུ། གསེར་ཆུང་གཅིག དུང་ཆུང་གཅིག དུག་མདེལ་གཅིག་བཅས་གསུམ་བརྡ་རྟགས་སུ་བཞག་པས། བོད་ཀྱི་རྒྱལ་བོས་དེ་ལ་དགོངས་གཞིགས་བཏང་མཐར། ཆུ་སླ་ང་གང་ནི་ཟླ་བ་ཕྱི་མའི་ཉ་ལ་འོང་བྱ་བ་ཡིན། གསེར་ཆུང་དང་དུང་ཆུང་ནི། དྭང་རའི་གསེར་ཕུག་དང་དུང་ཕུག་གཉིས་སུ་དམག་ཆས་ལ་སྒུགས་ཤིག་བྱ་བ་ཡིན། དུག་མདེལ་ནི་བརྣག་པ་བསྐྱེད་དེ་སྒུག་ལ་སོད་ཅིག་བྱ་བར་གོ་བ་དང་།

༣ ཤགས་ལྡེའུ་གྱིས་ཆབ་སྲིད་བསྐྱངས་ཚུལ་ནི། བོད་རྒྱལ་འདུས་སྲོང་མང་བོ་རྗེའི་སྐུ་རིང་ལ། སྤྱི་ལོ ༦༧༨ ལོར། བློན་ཆེན་མགར་བཙན་བྲོད་ཀྱིས་མཚོ་སྔོན་པོའི་ཁར། ས་མཚམས་སྲུང་བའི་དམག་སྤྱི་བྱེད་སྐབས། རྒྱ་ནག་བློན་ཆེན་འྭོང་ཀེར་གྱིས་དཔུང་སྣ་བཏེགས་ཏེ། ཁྲི་འབྲིང་ལ། ཁྲེ་དང་ཡུངས་འབྲུ་རྐྱལ་བ་གང་རེ་བསྐུར་ནས། བོད་དམག་སྟག་སྒྲིག་གཡག་སྒྲིག་ལྟར་མཆིས་པའི་རྒྱུས་ཆ་ང་ལ་ཡོད། ཀླད་པ་ལ་ཚད་བླངས་ཏེ་ཞྭ་བཟོས། རྐང་བ་ལ་ཚད་བླངས་ཏེ་ལྷམ་བཟོས། ང་ལ་ཧྲག་དམག་འདི་འདྲ་ཡོད་པས། བོད་ཐུབ་ཚོད་དུ་བཅོམ། མིད་པ་ཕྲ་མོར་ཤོང་ན། ལྟོ་བ་ཆེན་པོར་ཞུགས་མ་ཐག་གནམ་ལྕགས་ཆེན་པོ་མི་འགྱུར་རོ། །ཞེས་བརྗོད་པས། མགར་ཁྲི་འབྲིང་གིས་ཡ་ལན་སྤྲད་པ་ནི། མང་ཉུང་གི་ཁ་ན་མེད། བྱེའུ་མང་ཡང་། ཁྲ་གཅིག་གིས་ཁ་ཟས་སོ། །ཉ་མང་ཡང་། སྲམ་གཅིག་གིས་ཁ་ཟས་སོ། །ཤ་བ་རྭ་ལག་བཅོ་བརྒྱད་ཡོད་ཀྱང་། གཡག་རྭ་ཐུང་ངུ་དང་འཐབ་པ་ལ་ལྟོས་དང་། ཐང་ཤིང་ལོ་བརྒྱ་སྐྱེས་ཀྱང་། སྟ་རེ་གཅིག་གི་དགྲའོ། །ཆུ་མོ་གཏིང་ཚད་ཟབ་ཀྱང་། གྲུ་འདོམ་གང་གིས་སྐད་ཅིག་ཏུ་ཆོད་དོ། །ནས་གྲངས་མང་ཡང་། རང་འཐག་གཅིག་གིས་འཐག་གོ །པོ་ཐོ་ཐང་གང་ཡང་། རྡོ་བ་གཅིག་དང་འདྲིལ་ན། པོ་ཐོ་ཆག་གམ་རྡོ་བ་ཆག ཁྱེད་ཀྱི་དམག་དཔུང་ནི། མཚོ་ཁའི་སྦྲང་བུ་དང་། རིའི་ན་བུན་དང་འདྲ་བས། མི་ལྕིའོ། །ངའི་དམག་ནི་རྩ་མང་བརྔ་བའི་ཟོར་བ་དང་། གཡག་ཆེན་ལ་མདའ་ཕྲ་མོ་འཕངས་ནས་གསོད་པ་འདྲའོ། །ཞེས་བཤད་པ་ན། འྭོང་ཀེར་གྱིས་སྒོ་ང་ཆུང་ངུ་རི་ཆེན་གྱིས་མནན་ན་ཨེ་ཆག མེ་འབར་བ་མཚོ་ཆེན་པོའི་རླབས་ཀྱིས་བསད་ན་སོད་དོ། །ཟེར་བ་ལ། ཁྲི་འབྲིང་གི་སྨྲས་པ། རི་རྩེ་ན་བྲག བྲག་རྩེ་ན་ཤིང་། ཤིང་རྩེ་ན་ཚང་། ཚང་ནང་ན་སྒོ་ང་ཡོད་དེ། རི་མ་སྙིལ་ན་བྲག་མི་སྙིལ། བྲག་མ་སྙིལ་ན་ཤིང་མི་ཆག ཤིང་མ་ཆག་ན་ཚང་མི་ལྷུང་། ཚང་མ་ལྷུང་ན་སྒོ་ང་མི་ཆག་སྟེ། རིས་སྒོ་ང་ཆག་པ་ནི་དེ་ལྟ་བུའོ། །མེ་ག་ནས་འབར་ན། ཆུ་ལུང་བ་ནས་འབབ་པའི་སར་མི་སླེབས་ཏེ། བོད་རྒྱལ་ནི་ཉི་མ་དང་འདྲ། རྒྱ་རྗེ་ནི་ཟླ་བ་དང་འདྲ། རྒྱལ་བོ་ཡིན་པ་འདྲ་ཡང་། འོད་སྣང་མི་འདྲའོ། །མཚོ་ཆེན་དུ་ཆུ་སྲིན་ཆེན་པོ་འདུག་ཀྱང་། གནམ་ལྕགས་ཀྱིས་ཆུ་སྲིན་གསོད་དོ། །བྲག་ལས་སྲ་བ་མེད་ཀྱང་། ཐོག་ལྕགས་ཀྱིས་གཏོར་རོ། །བོད་རྒྱལ་ནི་བུ་རྒོད་པས་རིམ་པ་དགུའི་ས་འོག་ཏུ་སྦས་པའང་བཟུང་ནས་གསོད་དོ། །ཞེས་ཤགས་ལྡེའུ་ལ་བརྟེན་ནས། ཟིལ་ཆེ་ལ་འཇིགས་རྔམ་ལྡན་པའི་དཔའ་གཏམ་གྱིས། ཆབ་སྲིད་ཀྱི་དམག་དོན་བསྒྲུབས་པ་དང་།

༤ ཡིག་ལྡེའུ་གྱིས་དོན་བྱ་བསྒྲུབས་པ་ནི། མི་ལ་རས་པ་མཐུ་སློབ་ཏུ་ཕྱིན་དུས། ཡུམ་མྱང་ཚ་དཀར་རྒྱན་གྱིས་མཐུ་རྒྱགས་སུ་གསེར་སྲང་བདུན་བསྐུར་བ། ཡིག་ལྡེའུ་གྱི་ལམ་ནས་འཕྲིན་ཡིག་སྤྲིངས་པ་ནི། མི་ལའི་རྣམ་མགུར་ལས། རྒྱགས་ཆད་ན་ལུང་བ་ཁ་བྱང་དུ་བལྟ་བ། སྤྲིན་ནག་ལྡིང་ཞིང་། སྐར་མ་སྨིན་དྲུག་འཆར་བའི་འོག་ན། རང་རེའི་ཉེ་ཚན་གྲོང་བ་བདུན་ཡོད་པས། དེ་ནས་རྒྱགས་ཅི་འདོད་འོང་བ་ཡོད་པས་ལོངས། རྩད་མ་ཆོད་ན་ལུང་བ་དེའི་ནང་རྣལ་འབྱོར་བ་འདི་རང་བཞུགས་པ་ཡིན། ཞེས་བསྐུར་ལ། དོན་ནི། རྣལ་འབྱོར་བ་བཞུགས་པའི་གོན་པའི་སྟེང་། སྤྲིན་ནག་ལྡིང་བ་ལྟ་བུའི་ལྷན་པ་ནག་པོའི་ཐོག སྐར་མ་སྨིན་དྲུག་ལྟ་བུའི་སྐུད་པ་དཀར་བོས་བཙེམ་པའི་འོག་ནི། ལུང་བ་ཁ་བྱང་བལྟ་ལྟ་བུའི་ཉི་མ་མི་འཆར་བའི་སར། རང་གི་ཉེ་ཚན་ལྟར་ཕན་ཐོགས་པའི་གསེར་སྲང་བདུན་པོ་དེ་ལོངས་ཤིག ཅེས་པའི་གོ་བརྡ་འཕྲོད་པ་ལྟ་བུའོ། །

༣ དབྱངས་གསལ་གྱི་གྲངས་དབྱིབས་ཀྱིས་ལྡེའུ་སྟོན་པ། ཡང་། དབྱངས་གསལ་གྲངས་ཀྱི་མངོན་བརྗོད་ལ་སྦྱོར་བའམ། བཟོ་ལྟ་ལ་གཞིགས་ནས། དགོས་དོན་སྒྲུབ་པའི་ལྡེའུ་མང་སྟེ། དཔེར་ན། ལྷ་བཟང་ཧན་གྱི་བུ་དང་། ཇིང་གར་བའི་བུ་མོ་གཉིས་གཉེན་སྒྲིག་ན་བཟང་ངན་དང་། ལྷ་བཟང་བས་ལྷ་སར་བསྡད་ན་འགྲིག་གམ་བྲོས་ན་འགྲིག་ཅེས། གནས་ཆུང་སྐུ་རྟེན་ཕབ་དུས། གནས་ཆུང་གིས། འདོད་འཇོ་བ་ཡི་རྐང་བ་ལ། །རྡོ་རྗེ་ལེགས་པའི་རྭ་ཅོ་བཏགས། །སྟེང་ན་རྒོད་པས་གཤོག་རྒྱངས་བྱེད། །མི་འཇིགས་ས་མཐའ་བརྟེན་ན་ལེགས། །ཞེས་གབ་ཚིག་གིས་ཞལ་གསུང་འབྱོན་པས། ཁོང་ཚོས། བསྡད་ན་འཇིགས་མི་དགོས་ཞེས་ལོག་པར་འགྲེལ་བས། ལྷ་བཟང་ལ་ཕམ་ཉེས་བྱུང་བའི་ལོ་རྒྱུས་ཡོད་ལ། གོ་དོན་ངོ་མ་ནི། བ་ཡིག་ལ་ར་སྟ་དང་། སྟེང་དུ་ན་རོ། རྗེས་སུ་ས་རྟེན་སྦྱར་ན། བྲོས་ཞེས་འབྱུང་བས། གལ་ཏེ་བྲོས་ན། འཇིགས་མི་དགོས་ཞེས་པའི་དོན་ཡིན་པ་ལྟ་བུ་དང་།

ཡང་། བོན་པོ་ཞིག་དང་བནྟེ་གཉིས་ཁ་ཤགས་འཐབ་པས། བནྟེ་དེས་བོན་པོ་དེར་བསྟོད་ཁུལ་གྱིས། ལྡེའུ་རིགས་པས་སྡིགས་མོ་མཛད་པ་སྟེ། སྡེ་བཞིའི་རྩེ་མོ་དབྱངས་ཀྱི་རྒྱ་མཚོ་འཁྱིལ། །འཇིག་རྟེན་མཐའ་རྟེན་མཐའ་རྟེན་དེ་ལ་ཡང་། །ཟླ་བའི་རྩེ་མོས་གྲོགས་བྱས་སྣ་གནམ་མཛད། །དུས་ཀྱི་མིག་ལ་དབྱངས་ཀྱི་ཆུ་བོ་བསྐྱིལ། །ཞེས་པ་འདིའི་གབ་བྱ། སྡེ་བ་བཞི་བའི་ཡི་གེ་གསུམ་པ་བ་ལ། དབྱངས་བཞི་བ་རྣ་རུ་སྦྱར་བས་བོ་དང་། དེ་ལ་སྡེ་བ་གསུམ་པ་ཏ་སྡེའི་མཐའ་རྟེན་ན་སྦྱར་བས་བོན། ཡང་མཐའ་རྟེན་ན་ཡིག་ལ། སྡེ་བ་དང་བོའི་གསུམ་པ་ག་སྦྱར་བས་ནག སྣ་གནམ་མཛད་ནི། གྲངས་ཀྱིས་མ་བརྒྱན་ཀྱང་། སྐྱག་པའི་མངོན་བརྗོད་ལགས་པས་སྐྱག་པ་དང་། དེའི་མཐར་སྡེ་བ་དྲུག་པའི་གཉིས་པ་སྦྱར་ན་ཟ་དང་། དེའི་སྟེང་དབྱངས་བཞི་བ་རྣ་རུ་སྦྱར་ན་ཟོ་དང་། ཁྱོན་བསྡོམས་ན། བོན་ནག་སྐྱག་པ་ཟོ། ཞེས་འབྱུང་བ་ལྟ་བུ་དང་། དེ་བཞིན། སི་ཏུའི་ཞལ་ལུང་གི་མཇུག་རྩོམ་དུའང་། ཤཱཀྱ་སེང་གེའི་བསྟན་ལ་རབ་ཞུགས་ཤིང་། །ལག་པའི་མིག་ལ་དབྱངས་འཇུག་བཞི་བཅུ་དང་། །མཚམས་ཀྱི་བགྲོད་པར་འཕུལ་རྟེན་རྩེ་ཟུང་གིས། །བརྒྱན་པའི་འབོད་བྱ་ལྡན་པ་གང་དེ་ཡིས། །ཞེས་པའི་གབ་བྱ་ཡང་། སྡེ་བ་གཉིས་པའི་གཉིས་པ་ཆ་ལ། དབྱངས་བཞི་བ་རྣ་རུ་དང་། རྗེས་འཇུག་བཅུ་བ་ས་སྦྱར་བས་ཆོས་དང་། སྡེ་བ་དྲུག་པའི་གཉིས་པ་ཟ་ལ། འཕུལ་ཡིག་གསུམ་པ་བ་དང་། རྟེན་གཉིས་པ་ང་སྦྱར་བས་བཟང་བཅས། ཁྱོན་བསྡོམས་ཆོས་བཟང་ཞེས་པས། དངུལ་ཆུ་ཆོས་བཟང་སྟེ་ཁོང་གི་མཚན་སྟོན་པ་ཡིན་ནོ། །

གཞན་ཡང་། ཡི་གེའི་བརྡ་ཐབས་ལ་བརྟེན་ནས། ལྡེའུ་རིག་པ་སྤྱོད་པ། དེང་སང་། ཁ་པར་ལས་ཕན་ཚུན་འཕྲིན་ཐུང་བསྐུར་བའི་དབང་དུ་བཏང་ན། ༄༅། །ཞིག་བསྐུར་ན། འཕྲིན་ཐུང་གི་མགོ་བརྩམས་ཞེས་པ་མཚོན་པ་དང་། འཕྲིན་ཐུང་བསྐུར་འདོད་མེད་ན། །ཤད་ཅིག་བསྐུར་བས་རེ་ཞིག་མི་བསྐུར་བ་དང་། །། །། བཞི་ཤད་བསྐུར་ན་ཁ་བརྡའི་ལེའུ་ལྟ་བུར་རྫོགས་པར་མཚོན་པ་དང་། ཅིག་ཤོས་ཀྱིས། ཅ་ཆ་ཇ། ཞ་ཟ་འ་བཅས་བསྐུར་ན་ཁ་སྣོན་ཞིག་རྒྱག་རོགས་ཞེས་པ་མཚོན་པ་དང་། གཞན་པ་དེས། ཝ་ཡིག་ཅིག་བསྐུར་ན་ཁྱེད་ཀྱི་འཕྲིན་ཐུང་དེ་མེད་ཀྱང་རུང་ཞེས་པ་མཚོན་པ་དང་། ཅིག་ཤོས་དེས། ༑ རིན་ཆེན་སྤུངས་ཤད་ཅིག་བསྐུར་ན། སྐུར་གླ་རིན་ཆེན་དངུལ་ལ་སེར་ན་ངས་སྟེར་མཚོན་པ་དང་། གཞན་པས། ༈ སྦྲུལ་ཤད་ཅིག་བསྐུར་ན། ང་རང་གི་འདོད་པ་དེ་མིན། ཁྱོད་ཀྱིས་དེ་ལྟར་སེམས་ན་སེམས་པ་སྦྲུལ་ལྟར་འཁྱོག་ཞེས་མཚོན་པ་དང་། ཅིག་ཤོས་ཀྱིས། ཡ་ཞིག་བསྐུར་ན། ང་རང་གིས་ཁྱེད་འཕྲིན་ཐུང་བསྐུར་བའི་ཆ་གྲོགས་ཁྱེད་ལ་མི་སྒྲིག ཡ་བྱས་ཏེ་འདུག་ཅེས་མཚོན་པ་དང་། གཞན་པ་དེས། 磅 རྣ་རུ་ཞིག་བསྐུར་ན། གལ་ཏེ་འཕྲིན་ཐུང་མི་བསྐུར་ན་ང་རང་ཁྱེད་ཀྱི་གམ་དུ་བྱ་རྒོད་བཞིན་འཕུར་འོང་སོགས་མཚོན་པ་ཡང་། ལྡེའུ་ཐབས་ལམ་སྤྱད་ཆོག་ཆོག་ཡིན་ནོ། །

༤ བྱིས་ལྡེའུ་བཤད་པ། ལྡེའུ་འམ་ཁེད་ནི། རོང་འབྲོག་མང་ཚོགས་ཀྱི་ངག་རིག་གི་ཆུ་རྒྱུན་དྭངས་མོ། འཚོ་བའི་རྫ་གསེབ་ལས་བརྡོལ་བའི་ཕ་རིང་བུ་བརྒྱུད་ཀྱི་རིག་གཞུང་ཞིག་ཡིན་པར་མ་ཟད། བྱིས་པ་ནར་སོན་པའི་གོ་རིམ་ཁྲོད་རིག་པ་ལ་མཉེན་ཤ་འབེབས་བྱེད་ཀྱི་རོལ་རྩེད་ཅིག་ཀྱང་ཡིན་པས། ཡབ་མེས་གོང་མ་ཚོས། ན་ཆུང་བྱིས་པ་ཚོར་རིན་ཐང་གཞལ་དུ་མེད་པའི་བྱིས་ལྡེའུ་ཡི་ལེགས་སྐྱེས་གྱ་ནོམ་པ་ཞིག་བཞག་ཡོད། དཔེར་ན། ཁེད་གཅིག་ཅི་ཁེད། བསེ་རུ་རྭ་གཅིག ཁེད་གཉིས་ཅི་ཁེད། ར་མ་ནུ་གཉིས། ཁེད་གསུམ་ཅི་ཁེད། བ་རྡོ་སྤུན་གསུམ། ཁེད་བཞི་ཅི་ཁེད། མཛོ་མོ་ནུ་བཞི། ཁེད་ལྔ་ཅི་ཁེད། མཛུབ་གུ་སྤུན་ལྔ། ཁེད་དྲུག་ཅི་ཁེད། སྐར་མ་སྨིན་དྲུག ཁེད་བདུན་ཅི་ཁེད། སྐར་མ་སྨེ་བདུན། ཁེད་བརྒྱད་ཅི་ཁེད། ཤྭ་ཕོ་རྭ་བརྒྱད། ཁེད་དགུ་ཅི་ཁེད། སྲིན་པོ་མགོ་དགུ། ཁེད་བཅུ་ཅི་ཁེད། ཁྱི་མོ་ནུ་བཅུ། ལྟ་བུ་དང་། དེ་བཞིན་དུ། ཡང་། གཅིག་གིས་མེད་ལ་མེད་དགུ་གང་ཡིན་ཤོད། དྲིས་ཚེ། ཅིག་ཤོས་ཀྱིས། ཁྱུང་དཀར་མཛོ་ལ་ཡ་སོ་མེད། །འདོ་རིག་རྟ་བོ་རྭ་ཅོ་མེད། །སྒོ་ཁའི་ཁྱི་ལ་ཕྱི་རྟིང་མེད། །མགོ་ནག་མི་ལ་རྔ་མ་མེད། །ནམ་མཁའི་བྱ་ལ་གློ་བ་མེད། །རི་བོང་ཁ་ཤོ་མཚེར་བ་མེད། །གཡང་དཀར་ལུག་ལ་ཁལ་འགེལ་མེད། །སྐྱ་ཀ་ཁྲ་མོ་མཁལ་མ་མེད། །རྩིད་པུ་ར་མར་མགོ་འཛིན་མེད། །ཅེས་ལྡེའུ་ལན་སྤྲོད་པ་དང་། ཡང་། ཨ་མཚོ་མཚོ་དགུ་གང་ཡིན་ཤོད། དྲིས་ཚེ། ལན་དུ། པགས་པ་བལ་གྱི་མཚོ། །མགོ་བོ་ཀླད་པའི་མཚོ། །ཡ་ཆུང་ཁྲག་གི་མཚོ། །ནུ་མ་འོ་མའི་མཚོ། །རྒྱུ་མ་རྙིང་མའི་མཚོ། །གྲོད་པུ་བཙོ་ཡི་མཚོ། །རུས་པ་རྐང་གི་མཚོ། །གློ་བ་དབུགས་ཀྱི་མཚོ། །རྭ་ཅོ་རྭ་སྙིང་གི་མཚོ། །ཞེས་དང་། ཨ་ཀྲབ་ཀྲབ་དྲུག་གང་ཡིན་ཤོད། དྲིས་ཚེ། ལན་དུ། འབུ་ནག་བལ་གསེང་ན་ཀྲབ་ཀྲབ་ཀྲབ། །སྡོམ་ནག་གྱང་ངོ་ན་ཀྲབ་ཀྲབ་ཀྲབ། །གྲོག་མ་ཁུང་སྒོ་ན་ཀྲབ་ཀྲབ་ཀྲབ། །བོང་བུ་དར་ཐོག་ན་ཀྲབ་ཀྲབ་ཀྲབ། །ར་མ་བྲག་མགོ་ན་ཀྲབ་ཀྲབ་ཀྲབ། །རུལ་མ་ཐབ་རྩ་ན་ཀྲབ་ཀྲབ་ཀྲབ། །ཅེས་དང་། ཨ་འགུག་འགུག་དྲུག་གང་ཡིན་ཤོད། དྲིས་ཚེ། ལན་དུ། འདོ་རིག་རྟ་བོ་སྲབ་ཀྱིས་འགུག །བོང་བུ་སྐྱ་ལྡང་ཆས་ཀྱིས་འགུག །ཐང་དཀར་རྒོད་པོ་ཐེད་ཀྱིས་འགུག །རི་སྤྱང་སྔོན་མོ་གཟན་གྱིས་འགུག །ཐུལ་དཀར་འབྲི་མོ་སྐད་ཀྱིས་འགུག །ཁྱུང་དཀར་མཛོ་ཆུང་སྣ་ཡིས་འགུག །ཅེས་དང་། གཞན་ཡང་། ཨ་མཚར་མཚར་དགུ ཨ་གཅིག་ཡ་གཅིག ཨ་བཅུ་ཆ་བཅུ། ཨ་འབུམ་འབུམ་དགུ། ཨ་ཆགས་ཆགས་དགུ། ཨ་ཚུལ་དྲུག་དང་། ཨ་ཐེ་ཐེ་དྲུག་སོགས་ཀྱང་བྱིས་པ་རྣམས་ལ་མཚོན་ན། ལྡེའུའི་རིགས་ལམ་ལ་བརྟེན་ཏེ་བྱིས་པའི་བློ་སྒོ་འབྱེད་པའི་གསེར་གྱི་ལྡེ་མིག་ཅིག་ཡིན་ནོ། །

༥ དམངས་སྲོལ་ཤགས་ལྡེའུ་བཤད་པ། དུང་དཀར་རིན་པོ་ཆེས། གཞན་ཡང་སྔ་རབས་ལྡེའུ་དང་། །ཡུལ་འགར་ཁེད་ཅེས་གྲགས་པ་ཡི། །གངས་ལྗོངས་རིག་རྩལ་ལས་འོངས་པའི། །ངོ་མཚར་གབ་ཚིག་རྣམ་གྲངས་མང་། །ཞེས་གསུངས་པ་ལྟར། ལྡེའུ་ནི་རིག་པའི་འཆར་སྒོ་འབྱེད་བྱེད་གཅིག་པུ་ཙམ་མ་ཡིན་པར། སྐད་ངག་གི་འགྱུར་ཁུག་ལ་དྲངས་ཏེ། ཕན་ཚུན་དྲི་བ་དྲིས་ལན་གྱི་ཚུལ་དུ་ཤགས་ལྡེའུ་གཏོང་བའང་ཡོད་དེ། དཔེར་ན། དོག་མོ་ས་ལ་མགོ་གསུམ་ཡོད། །མགོ་གསུམ་ཤེས་ན་གླུ་བ་ཡིན། །དྲིས་ཚེ། ཤགས་ལན་དུ། དོག་མོ་ས་ལ་མགོ་གསུམ་ཡོད། །སྟོད་དབུས་གཙང་མགོ་ནི་ཆོས་མགོ་ཡིན། །བར་དགུ་རྒྱལ་ཨ་ཡིད་གཉེན་མགོ་ཡིན། །སྨད་རྒྱ་ནག་རྒྱལ་བོ་ཁྲིམས་མགོ་ཡིན། །མགོ་གསུམ་བཤད་ན་འདི་འདྲ་རེད། །ལྟ་བུའི་མཚོན་ལ། དེར་མ་ཟད། རྒྱལ་ཕམ་གྱི་སྐུགས་འཇོག་སྲོལ་ཡོད་དེ། གླིང་སྒྲུང་ལས། སྙ་སྐ་ལོ་ཡན་ཆད་ལ། །སྟག་མོའི་འཛུམ་ཆེན་བཅོ་བརྒྱད་ཤོད། །ཤེས་ན་ཤེས་ཐོག་མཁས་པ་རེད། །མ་ཤེས་ཡུལ་སྡེ་ལེབས་སེ་དགོས། །ཞེས་དང་། ཡང་། ཐང་དཀར་རྒོད་ལ་འདྲ་ལྔ་ཡོད། །ཤེས་ན་མཁས་པའི་གྲལ་ལ་བརྩི། །མ་ཤེས་སྡེ་ལྔ་ལེབས་སེ་དགོས། །མ་ཟད་བླུན་པོའི་གྲལ་དུ་བརྫངས། །ཞེས་བརྗོད་ཚེ། ཅིག་ཤོས་ཀྱིས། རྒོད་མགོ་བླ་མའི་བུམ་མགོ་འདྲ། །རྒོད་མཆུ་བླ་མའི་བུམ་མཆུ་འདྲ། །རྒོད་མིག་ཡེ་ཤེས་སྤྱན་མིག་འདྲ། །རྒོད་གཤོག་རིགས་ལྔའི་རྣ་རྒྱན་འདྲ། །རྒོད་སྐེ་བླ་མའི་རྐང་དུང་འདྲ། །ཞེས་པ་ལྟར། འདིར་མཚོན་དཔེ་འགའ་བཀོད་ན། ཤགས་ལྡེའུ་ལ། གཤོག་ཐོགས་གསུམ་གྱི་རྩྭ་གཟན་གསུམ། །ངས་མ་ཤེས་གླུ་བ་དྲིས་ནི་ཡིན། །ཞེས་བླངས་ཚེ། ཕ་རོལ་བོས། རྣ་བ་ཅོར་ཞིང་འཆར་སྒོ་མྱུར་བའི་སྒོ་ནས། ངང་བ་སེར་བོས་འདམ་རྩྭ་ཟ། །རྫ་ཁ་གོའུ་མོས་རྫ་རྩྭ་ཟ། །ན་བྱེའུ་ཧྲེ་བོས་ན་རྩྭ་ཟ། །ཞེས་དང་། ཡང་། དང་བོ་སྲིད་པ་ཆགས་དུས་སུ། །ཟས་གཅིག་གིས་འགྲོ་ཀུན་སོས་པ་དེ། །ཟས་དེ་ཡི་མིང་ལ་ཅི་ཞིག་ཟེར། །དྲིས་ཚེ། ལན་དུ། དང་བོ་སྲིད་པ་ཆགས་དུས་སུ། །ཟས་གཅིག་གིས་འགྲོ་ཀུན་སོས་པ་དེ། །ཟས་ཞིམ་པོ་སྦྲང་དཀར་རྩམ་པ་རེད། །ཅེས་དང་། དང་བོ་སྲིད་པ་ཆགས་དུས་སུ། །གོས་གཅིག་གིས་རྒྱལ་ཁམས་ཁེབས་པ་རེད། །གོས་དེ་ཡི་མིང་ལ་ཅི་ཞིག་ཟེར། །དྲིས་ཚེ། ལན་དུ། དང་བོ་སྲིད་པ་ཆགས་དུས་སུ། །གོས་གཅིག་གིས་རྒྱལ་ཁམས་ཁེབས་པ་དེ། །དགུང་འཛམ་གླིང་ཉི་མ་སེར་བོ་རེད། །ཅེས་དང་། ཡང་། སྲིད་པའི་མི་ཆེན་སྐྱེས་རིང་ལ། །ཁོག་ལ་རྒྱུ་མ་ཁྲ་ཁྲ་འཁྱིལ། །རྒྱུ་ཁྲ་ཅན་པོ་སུ་ཡིན་ཤོད། །དྲིས་ཚེ། ལན་དུ། སྲིད་པའི་མི་ཆེན་སྐྱེས་རིང་ལ། །ཁོག་ལ་རྒྱུ་མ་ཁྲ་ཁྲ་འཁྱིལ། །རྒྱུ་ཁྲ་ཅན་པོ་རི་བོ་རེད། །སྦྲུལ་ཁོག་ནས་འཁྱིལ་ན་ཁྲ་ཁྲ་རེད། །

ཡང་། གནམ་ལ་འཕུར་བའི་རྭ་ཅན་བཞི། །ཁྱུང་ཆེན་རྒྱལ་བོ་མཆོང་རྭ་ཡོད། །གཡུ་འབྲུག་སྔོན་མོ་དུང་རྭ་ཡོད། །འུག་པ་སེ་བོ་སྤུ་རྭ་ཡོད། །རྨ་བྱ་སྔོན་མོ་གཡུ་རྭ་ཡོད། །ཅེས་དང་། རྨིག་པ་ཅན་གྱི་ཤ་གཟན་གསུམ། །ཟལ་དཀར་མཛོ་མོས་སྦྲུལ་ཤ་ཟ། །གཡང་དཀར་ལུག་གིས་རྨིགས་པ་ཟ། །འདོ་བ་རྟ་ཡིས་ལྷོག་ཤ་ཟ། །ཞེས་དང་། གཞན་ཡང་། མིག་མེད་གསུམ་གྱིས་རིག་པ་དེ། །མོ་དང་རྩིས་དང་ལུང་བསྟན་གསུམ། །རྐང་མེད་གསུམ་གྱིས་དེད་པ་དེ། །ཀི་དང་རྦབ་དང་རྡོ་བ་གསུམ། །ལག་མེད་གསུམ་གྱིས་བཟུང་བ་དེ། །རྙི་དང་ཨ་ལོང་ཞགས་པ་གསུམ། །ཞེས་སོ། །

ཡང་། སྲིད་པའི་བ་ཆུང་བཤའ་ཚུལ་ལས། དུམ་ཚན་འགའ་དྲངས་ན། བ་ཆུང་ཁྲ་མོ་བཤའ་དུས་སུ། །བ་ཤ་དུམ་གཅིག་རྐུན་མས་བརྐུས། །དེ་རྐུ་བའི་རྐུན་མ་སུ་ཡིན་ཤོད། །བ་ཚིལ་ཁྲོལ་ཙམ་རྐུན་མས་བརྐུས། །དེ་རྐུ་བའི་རྐུན་མ་སུ་ཡིན་ཤོད། །བ་ཁྲག་ཁམ་གང་རྐུན་མས་བརྐུས། དེ་རྐུ་བའི་རྐུན་མ་སུ་ཡིན་ཤོད། །དྲིས་ཚེ། ལན་དུ། བ་ཆུང་ཁྲ་མོ་བཤའ་དུས་སུ། །ཤ་ཐེ་བོང་ཙམ་ཞིག་བོར་ནི་བོ། །གན་རྐུ་བའི་རྐུན་མ་བྱ་ཕོ་རེད། །རྐུ་མ་ཤེས་བྱ་ཕོའི་མགོ་ན་ཡོད། །བ་ཚིལ་ཁྲ་རིལ་བོར་ནི་བོ། །དེ་རྐུ་བའི་རྐུན་མ་སྐྱ་ཀ་རེད། །རྐུ་མ་ཤེས་སྐྱ་ཀའི་རྒྱབ་ན་ཡོད། །བ་ཁྲག་ཁམ་གང་བོར་ནི་བོ། །གན་རྐུ་བའི་རྐུན་མ་ལྕུང་ཀ་རེད། །རྐུ་མ་ཤེས་ལྕུང་ཀའི་མཆུ་ན་ཡོད། །ཅེས་སོ། །དེ་ལས་གཞན། ཤགས་ལྡེའུ་ལ་བརྟེན་ནས་རྒྱལ་ཕམ་རྩོད་པའི་ངག་རིག་གི་རྣམ་གྲངས་སྲིད་པའི་རང་འཐག་ཆ་བརྒྱད། ནས་འབྲུ་སྔོན་མོའི་འཁྲུངས་རབས། སྲིད་པའི་གླུ་ཆུང་བུང་བའི་མགྲིན་དབྱངས། གཡང་དཀར་ལུག་གླུ། སྲིད་པའི་ཆང་གླུ། སྲིད་པའི་གློ་རྟ་གསེར་མགོ་སོགས་མང་དུ་ཡོད་དོ། །

༦ གབ་ཚིག་དང་ལྡེའུ་འདྲ་རྩོམ། མཁས་དབང་དམུ་དགེ་བསམ་གཏན་གྱིས། གབ་ཚིག་དང་ཁེད་གཉིས། འབྱུང་ཁུངས་དང་། དུས། ངོ་བོ། ཐ་སྙད་དེ་བཞིས་སྒོ་ནས་མི་འདྲ་ཞེས་ནན་བཤད་བྱས་ཡོད་པ་དང་། མཁས་པ་འགའ་ཞིག ལྡེའུ་ནི་ཁེད་ཀྱི་བརྡ་རྙིང་དང་། ལྡེའུ་དང་གབ་ཚིག་གཉིས་མིང་གི་འདོགས་སྟངས་མི་འདྲ་བ་ཙམ་མ་གཏོགས་གོ་དོན་གཅིག་ཏུ་བཤད་ཀྱང་། དངོས་དོན་དུ་དེ་གཉིས་ཆ་ཐམས་ཅད་ནས་འདྲ་མཚུངས་སུ་གྲུབ་ཅེས་སུ་ཞིག་གིས་སྨྲར་མི་བཏུབ་ཀྱང་། རྩ་བའི་ཆ་ནས་འདྲ་སྟེ། དཔེར་ན། མི་མང་ལ་བཞད་གད་སློང་བ། ཕན་ཚུན་དྲི་བ་དྲིས་ལན་བཀོད་པ། རྗོད་བྱེད་ཚིག་གིས་བརྗོད་བྱའི་དོན་གབ་པར་མནོ་བསམ་གཏོང་བ། བྱ་ལས་གལ་ཆེན་རིགས་གསང་རྒྱའི་སྒོ་ནས་བརྗོད་པ་འདྲ་མཚུངས་སུ་གྲུབ་པས། དཔྱི་ས་དཀོན་མཆོག་བློ་གྲོས་རྒྱ་མཚོས། རང་གི་བུ་སློབ་རྣམས་ལ་ཞལ་རྩེའི་ཚུལ་དུ་འདྲ་རྩོམ་གནང་བ། རྗེ་འཇིགས་མེད་རིགས་པའི་བློ་གྲོས་ཀྱི་སྙན་ངག་སྤྱི་དོན་ན་བཀོད་ཡོད་པ་དང་། ཕྲན་གྱིས་ཀྱང་། སྟག་མཆོངས་སར་ཝས་མི་སླེབས་ཀྱང་། ལྡེའུ་དང་གབ་ཚིག་བསྡུར་དཔེ་རེ་ཟུང་བཀོད་ན།

ཁེད། བྲག་ཐོག་ལུ་གུ་རྩེ་རྩེ། བྲག་ཞབས་ཁ་བ་འབབ། །(མཆིག) འདྲ་རྩོམ། དཀྱིལ་འཁོར་ཁ་སྦྱོར་ཟུར་གྱི་རྟེན་ཕུར་ལ། །རྫི་བོས་ཕྱག་གིས་ཁ་ལོ་སྐོར་ཤུགས་ཀྱིས། །གད་ཐོག་གཡང་དཀར་ལུ་གུ་རྩེད་འཇོ་ཡིས། །གད་ཞབས་ཁ་བའི་འདབ་མ་ཤར་ཤར་འབབ། །ཁེད། མཛོ་མོ་སྔོན་མོ་འགྲམ་ཡས་མ། །ལུང་བ་དགུ་ཡི་རྩྭ་གཟན་མ། །(ཟོར་བ) འདྲ་རྩོམ། རྣམ་ཤེས་བྲལ་བའི་ཤིང་གི་རྐང་གཅིག་ཅན། །ངེས་མེད་རྒྱུ་བའི་མཛོ་མོ་འགྲམ་ཡས་མ། །རྣོ་དབལ་ཟླ་ཚེས་གུག་པའི་སོ་ཕྲེང་གིས། །ལ་ལུང་དགུ་ཡི་རྩྭ་ལ་རྔམ་དེ་གང་། །ཁེད། བན་ཏེ་གཟན་ཤམ་དམར་བོ་ཅན། །ཁོག་ན་ཤིང་གི་གྲོད་པུ་ཅན། །(ཁམ་བུ)འདྲ་རྩོམ། ཡིད་འོང་སྐག་ཚོས་བྱུག་པའི་ཉམས་འགྱུར་གྱིས། །ན་བཟའི་འཆོར་སྒེག་གསོལ་བའི་བཙུན་ཆུང་ནི། །ཙོག་པར་ཏིང་འཛིན་སྒོམ་པའི་སྲོལ་བསྟེན་ཀྱང་། །བྱང་ཁོག་ཤིང་གི་གྲོད་པུས་ཡོངས་སུ་གཏམས། །ཁེད། བྲག་གི་ར་མ་སྔོ་རིལ་མ། །ལྷུང་ལ་ཡོད་ཀྱང་ལྷུང་རྒྱུ་མེད། །(སྒོ་ཟྭ) འདྲ་རྩོམ། དཀན་གཟར་གྱེན་དུ་བསླངས་པའི་བྲག་ཐེམ་ལ། །མཆེ་བ་བྲག་གི་ཨ་ལོང་ལ་འཐམས་ཏེ། །མཛོད་སྲུང་ར་སྐྱེས་བུ་མོ་སྔོ་རིལ་མ། །སྟོང་སངས་ཨ་སྔོན་དབྱིངས་ན་ལྷུང་ལ་ཁད། །ཁེད། མཚོ་མོ་ཞབས་ན་འཁྱིལ། །གངས་རི་ཀླད་ན་ཆགས། །རྩེ་མོ་བྱ་ལྔ་བབས། །(རྩམ་པ་བརྫིས་པ) འདྲ་རྩོམ། དུང་མཚོ་དཀར་བོ་ཞབས་ན་མེར་རེ་རེ། །གངས་དཀར་ལྷུན་པོ་ཀླད་ན་འདར་ཡོམ་ཡོམ། །ལྷ་བྱ་སྤུན་ལྔ་རྩེ་མོར་བབས་ཙམ་གྱིས། །གངས་རི་བསྙིལ་ཏེ་མཚོ་མོའི་གཏིང་ལ་འབྱིང་། །ཁེད། ལྟ་བ་ཚང་གི་རྩིབ་ཕྱོགས་ན། །ཉན་པ་ཚང་གི་སྒོ་ལམ་ན། །བྱ་རྒོད་བྱུ་རུའི་དཔུང་བ་ཅན། །(རྣ་ལོང) འདྲ་རྩོམ། ཚང་ཚིང་གཡུ་ལོ་དཀྲིགས་པའི་གུར་འདབས་ན། །ལྟ་བ་ཚང་གི་ཁྱིམ་གཞིས་དྲོན་མོའི་ངོགས། །ཉན་པ་ཚང་གི་སྒོ་རྒྱན་གཅིག་པུ་ལ། །མཚར་སྡུག་བྱུ་རུའི་བྱ་རྒོད་འཕུར་ལ་ཁད། །ཁེད། རྐང་ལག་མེད་པའི་གོམ་ལག་ཅན། །དིང་རི་མེད་པའི་གཤོག་པ་ཅན། །(ཉ་མོ) འདྲ་རྩོམ། བཻཌཱུའི་གུར་ཁང་ཕིབ་པའི་ནང་ཤེད་ན། །རྐང་ལག་མེད་ཀྱང་གོམ་པའི་བང་རྩལ་དང་། །དིང་རི་མེད་ཀྱང་གཤོག་པའི་འཕུར་ཤུགས་ཅན། །གུར་ཁྱིམ་ནང་ན་ལན་རེར་རྩེད་འཇོ་བགྱིད། །ཁེད། བྱུ་རུའི་སྒམ་ཆུང་ནང་ཤེད་ན། །གསེར་གྱི་ཕྱེ་མ་བརྡལ་ནས་ཡོད། །(དམར་ཁ་ཚ)བྱུ་རུའི་སྒྲོམ་བུ་བརྟས་པའི་ནང་ཤེད་ན། །རང་བྱུང་གསེར་གྱི་ཕྱེ་མ་ལྟིར་གྱིས་བཀང་། །དུམ་བུ་སྟོང་དུ་གཏུབས་པའི་ལེབ་ཙེ་རེར། །ཞལ་དུ་གསོལ་ཚེ་སྒྲོས་པད་ཚ་ལམ་ལམ། །ཁེད། ཚུགས་དཀར་བོ་རུས་པའི་སྒམ་རེད། །ནང་རྟེན་འབྲེལ་བརྟག་པའི་མིང་དྲུག །(ཐེ་གེ)འདྲ་རྩོམ། ཕྱིའི་ཚུགས་དབྱིབས་རུས་པའི་སྒྲོམ་བུ་ལ། །ནང་ཐ་སྙད་དྲུག་གི་གཅེས་མིང་གིས། །དུས་བཞི་ཡི་ཐ་མའི་རྩེད་ཆས་ལ། །ཆུང་བྱིས་པའི་ལག་གཞིས་ནང་ན་བྲིན། །ཁེད། ཤ་ཁྲི་ཁ་ཤིང་ཁྲི། །ཤིང་ཁྲི་ཁ་རྒྱ་མཚོ། །རྒྱ་མཚོའི་ཁ་གསེར་བྱ། །གསེར་བྱ་ཁ་སྦུད་འཚུབ། །(ཅ་ནེ་ཁའི་མར་ལ་ཕུ་བཏབ་པ། ) འདྲ་རྩོམ། ཤ་ཡི་སྤུན་ལྔ་འདུས་པའི་རི་རྩེ་ལ། །ལྷོད་ཀྱིས་བབས་པའི་ཤིང་གི་ཁྲི་སྟེང་ན། །མེར་གྱིས་ལྟེམ་པའི་ཆུ་གཏེར་ཡངས་པའི་ཁར། །སྦུད་འཚུབ་གཅིག་གིས་གསེར་བྱ་སྤུར་ལ་ཁད། །ཁེད། ཟླུམ་ཟླུམ་མི་ཟླུམ་ཁྲག་གི་གོང་བུ། །རྒྱུ་མ་གར་འཐེན་ཁྲག་གི་རྐང་རྗེས། །(ཐིག་སྐུད) འདྲ་རྩོམ། ཟླུམ་ཟླུམ་མི་ཟླུམ་ཁྲག་གི་གོང་བུའི་ནང་། །རྒྱུ་ཐག་ཕྲ་མོ་ཕྱི་ལ་ཕྱུང་ཙམ་གྱིས། །གར་སོང་ཁྲག་རྗེས་ཕབ་པའི་སྐྱི་ཁུག་དེ། །དུས་བཞིར་ཚེམ་བུ་བ་ཡི་ཕྱག་ན་བྲིན། །དེ་ལྟར་གབ་ཚིག་ནི་མེ་ལོང་མའི་ཆུ་རྒྱུན་ལས་བྱུང་བ་དང་། ལྡེའུ་ནི་བོད་ཀྱི་སྲིད་པ་རྒན་པོའི་ངག་གི་ཆུ་རྒྱུན་ལས་བྱུང་སྟེ། ཆུ་མགོ་གཏུགས་ས་མི་འདྲ་བ་གཉིས་ནས་བྱུང་ཡང་། མཐར་བོད་ཀྱི་རིག་གཞུང་གི་རྒྱ་མཚོའི་ནང་བབས་ཚེ་རོ་གཅིག་ཏུ་འགྱུར་བར་འཁུམས་སོ། །

༧ དམངས་ཁྲོད་དུ་ལྡེའུ་སྤྱོད་སྟངས། དམངས་ཁྲོད་དུ་དར་བའི་ལྡེའུ་ནི། རོང་འབྲོག་མང་ཚོགས་ཀྱི་འཚོ་བའི་མེ་ལོང་ལས་འཕོས་ཤིང་། རྣམ་དཔྱོད་ཅན་གྱི་ངག་སྒོར་བཞད་པའི་མེ་ཏོག་ཞིག་སྟེ། དེ་ནི་ཕ་རིང་བུ་རྒྱུད་ཀྱི་ཞིང་ས་གཤིན་པོ་ན་སྨིན་ཞིང་གྲོལ་བའི་སྟོན་དུས་ཀྱི་ལོ་ཏོག་ལྟ་བུར་གྱུར་ཡོད་ལ། ཁྱད་པར་དུ་རྣམ་དཔྱོད་ཀྱི་རལ་ཁ་འགྲན་པའི་རིག་རྩལ་ཞིག་དང་། བླུན་རྨོངས་རྣམས་ལ་བློ་རིག་གི་མར་མེ་སྦར་བའི་ཐབས་ལམ་ཞིག་ཡིན་པར་མ་ཟད། ཨ་ཚུལ་ཚུལ་ལ་ཚུལ་དགུ་ཤོད། །ཚུལ་དགུ་མ་ཤེས་སྡེ་དགུ་དགོས། །ཞེས་ཕན་ཚུན་བར་སྐུགས་འཇོག་པའི་རིག་གནས་ཁྱད་མཚར་ཅན་ཞིག་ཡིན། དཔེར་ན། མཆོད་རྟེན་དཀར་བོ་སྒོ་མེད། །སྒོ་ཡོད་གི་ནངས་མོ་འཕུར་འགྲོ། །ཞེས་དྲིས་ཚེ། ཀླད་པ་ཚ་ཀེམ་ཀེམ་བར་དུ་བསམ་བློ་བཏང་མཐར། (སྒོ་ང)རེད་ཅེས་ཁེད་ན། ཀླད་སྨུག་སངས་འགྲོ་བ་ལྟ་བུ་དང་། གལ་ཏེ་མ་ཁེད་པར། ཕ་རོལ་བས་ལན་སྨྲས་ཚེ། ཧ་ལས་པ་དང་། བཞད་གད་ཐག་གེར་འགྲོ་བའི་རྩེད་མོའི་རྣམ་གྲངས་ཤིག་ཡིན།

སྤྱིར་ལྡེའུ་ལ། འཚོ་བ་རོལ་སྟངས་ཀྱི་ཆ་ནས་རོང་འབྲོག་གཉིས་སུ་དབྱེ་ན་མི་ཆོག་པ་མེད་མོད། དེ་གཉིས་ཀྱི་གཞི་མཐུན་དུ་གྱུར་བ་དཔེར་ན། མཆོད་རྫས་དང་། སྲོག་ཆགས། རང་བྱུང་གི་སྣང་ཚུལ་སོགས་ཇི་སྙེད་ཅིག་ཡོད་པས། སྡེ་ཚན་བཅུ་བཞིའི་སྒོ་ནས་དབྱེ་སྟེ། དཔེར་བརྗོད་འགའ་ཟུང་བཀོད་ན།

༡ མཆོད་རྫས་ཀྱི་སྐོར། ཁང་ཆུང་ཀ་གཅིག་སྒོ་མེད། །ཙིར་ཙིར་བསྐོར་བ་གྲངས་མེད། །ཡང་ན། ཀ་གཅིག་མགོ་ན་ལྷ་ཁང་ཞིག སྒོ་དར་ཐོག་ན་དྲིལ་ཆུང་ཞིག (མ་ཎི) སེམས་ཅན་ཐམས་ཅད་གཉིད་ལ་ཡུར། ལྷ་འུ་རུ་ཅོག་ལ་ཉལ་རྒྱུ་མེད། །(དར་ལྕོག) ཕྱི་མཁར་མོ་ཡག་གི་མཁར་ནང་ན། ནང་མཚོ་མོ་ཡག་གི་མཚོ་ནང་ན། ཤིང་གུར་གུམ་ཡག་གི་རྩེ་མོ་ན། རྗེ་བླ་མ་ན་བཟའ་སེར་བོ་ཅན། (མཆོད་མེ) སྐེ་རགས་མ་བཅིངས་གཟུགས་ཡག་མ། མིད་དག་མེད་པའི་སྐད་ཡག་མ། (དྲིལ་བུ) ཀླུ་ཡུལ་གྱི་མཛོ་མོ་དཀར་ཡག་མ། བོད་ཡུལ་དུ་ཐོན་ན་ངུར་རྒྱངས་བྱེད། ཡང་ན། རྒྱ་མཚོའི་བུ་མོ་དཀར་ཡག་མ། འོ་རེ་བྱས་ན་གླུ་རེ་ལེན། ཡང་། སྡོད་དུས་ལུག་ཆུང་ཉལ་ཉལ། ངུར་དུས་སེང་གེ་གྲག་གྲག (དུང) ཉག་ག་གཟིག་གི་ཉག་རེ་ལྟོས། ལྷ་ཕྲུག་གཉིས་ཀ་རྩེ་རེ་ལྟོས། ཡང་ན། ཐང་ཆེན་གཉིས་ཀ་ལེབ་རེ་ལྟོས། ལྷ་ཕྲུག་གཉིས་ཀ་རྩེད་རེ་ལྟོས། གླུ་གར་བླངས་ན་སྙན་རེ་ལྟོས། ཡང་། དཔོན་རྒན་ལས་ངན་པོ། སློག་པ་སྤུ་མེད་སྐོན། མ་བརྡུང་ན་གསུང་མི་འབྱོན། (ཌཱ་མ་རུ) མི་བརྒྱ་རྒྱུ་མ་གཅིག་ལ་དྲངས། (ཕྲེང་བ) རྒྱ་ནག་ཡུལ་གྱི་གོས་གྱོན་མ། རྒྱ་མཚོའི་ནང་གི་ཆུ་འཐུང་མ། རྒྱ་རྫོང་ནགས་ཀྱི་བྱ་འཛིན་མ། (བུམ་པ) ཙན་དན་སྡོང་བོ་རྩེ་མོ་ན། གཡུ་འབྲུག་སྔོན་མོ་འཁྱུག་འགྲོས་བྱེད། ཡང་ན། སེམས་ཅན་ཐམས་ཅད་ཉལ་ནས་ཤི གསེར་གྱི་ཀ་བ་ལངས་ནས་ཤི (སྤོས་སྒྲོན་པ) ཕ་རྩག་གོན་ཟིག བུ་ཕྱིང་གྱོན་ཟིག བུ་བཀྱེད་ཀི་བཀྱེད་ཀི་ཕ་སྙོགས་ན། ཕ་འདར་གི་འདར་གི་ཧུས་འདེབས་ཀི (རྔ་བརྡུངས་པ)

༢ མི་སྣའི་སྐོར། མཆོད་ཁང་ཡག་པོ་ཞིག སྟོན་པ་གཉིད་སྐྱ་ཞིག(དཔེ་ཆ་བ་ལྒིན་པ) རི་སུལ་མོ་ཡག་གི་གོང་བ་ན། བྱ་ངུར་བ་སེར་བོ་ཟུར་འགྲོས་ཡེད། (ཟླ་གམ་དང་ཞྭ་མོན་གྱོན་པའི་གྲྭ་བ)

༣ རྩི་ཤིང་གི་སྐོར། སྔོན་ལ་ཨ་ཕྱི་ལྗང་ལེབ། དེ་ནས་ཨ་ཕྱི་རྒྱ་གླིང་། དེ་ནས་མི་ཆུང་སྒུར་རུ། (ཨུག་ཆོས) ཁ་མེད་ཤུགས་གླུ་ལེན་མཁན། (འཇག་མ)ཕ་ཤིག་འདྲ། བུ་སྟག་འདྲ། ར་བ་ལྕང་ལོ་འདྲ། (ལ་ཕུག) རྟ་མ་རྒྱུགས་ལུང་བ་རྗེས་ཀྱིས་བཀང་། (ལ་ཕུག་བལ་ཤུལ) ཕྱི་དཀར་བོ་གོས་དཀར་གཡང་ཤམ་ཅན། ནང་སེར་བོ་གསེར་གྱི་རྩིབས་མ་ཅན། ཡང་ན། གུར་དཀར་བོ་གསེར་གྱི་ཨུ་ནུ་ཅན། ནང་ཀ་བ་གཅིག་གིས་གནམ་ལ་བཀྱགས། (ཤ་མོ) དང་བོ་མེ་ཏོག་པདྨ་སྐྱེས་འདྲ། བར་དུ་ཐང་དཀར་རྒོད་ཀྱི་འཕུར་ཡ། མཐའ་མར་ཨ་བྲ་ཙི་གུའི་ཉལ་སྟན། (ལྡུམ་མཛོ་མོ་བ་དཀར) དང་བོ་འབའ་འབའ་ལུག་གི་སྙིང་འདྲ་འདྲ། བར་དུ་ཤ་བ་དཀར་བོའི་རྭ་འདྲ་འདྲ། མཐའ་མར་བན་རྒན་ཤི་གི་རོ་འདྲ་འདྲ། ཡང་ན། འདི་ནས་མ་སྐྱེས་གསེང་ནས་སྐྱེས། ཅ་ལ་སྡེར་མོ་སྲིབ་ནས་སྐྱེས། གསེང་གི་གསེང་ལམ་གོང་ནས་སྐྱེས། (ལྕམ) མགོ་ཡིད་བཞིན་ནོར་བུ། བར་སྨྱུག་མ་ཚིགས་དྲུག ཞབས་བྱ་བྱེའུ་སྡེར་མོ། (ལོ་ཏོག) བུ་ཆུང་རེ་ལ་ཁང་ཆུང་རེ། ཁང་ཆུང་རེ་ལ་དར་ལྕོག་རེ། (ནས་ཀྱི་སྙེ་མ) ཨ་ཅེ་དབོ་ལུག་མ། ཁོག་པ་འབུ་ཡི་ཁེངས། (ནས་སྒྱེ)

༤ ཡོ་ཆས་ཀྱི་སྐོར། ལྕགས་ཀྱི་སྤར་མོ་སྙིང་ལ་འཛེར་དུས། ཁོག་པའི་རྒྱུ་མ་ཁ་ནས་འབུད་ཀི (ལྕགས་ལུང) གཡུ་འབྲུག་སྔོན་མོ་ཐུར་དུ་རྒྱུགས། རྒྱ་སྟག་དམར་བོ་འཕྲེད་དུ་ཉལ། (ཆུ་ཟམ) ཕར་ལ་ལྟོས་ན་ཚུར་ལ་གསལ། གཡས་ལ་འགུལ་ན་གཡོན་ལ་འགུལ། (ཤེལ་སྒོ) སྦྲ་ནག་གུར་སྒོ་བཤིག་དུས། མཛོ་ནག་འཚང་ཁ་ཤིག་ཤིག(ལྕི་ཕུང་བཤིག་པ) རྐང་ལག་ཡོད་ཀྱང་འགྲོ་མི་ཤེས། ཨོང་ཤ་ཡོད་ཀྱང་ཙོག་མི་ཤེས། ཡང་ན། དཔོན་པོ་བཞི། བློན་པོ་བཅུ་གཉིས། འཁོར་སུམ་བརྒྱ་དྲུག་ཅུ། ཡང་། ཕྱི་ནང་གཉིས་ཀ་རྒྱུ་མ་ཡིན། རུས་པ་རྒྱུ་མའི་བར་ན་ཡོད། (སླེ་བོ) མིག་ཡ་མེད་གི་ཆུ་འཐུང་། ཡང་ན། བ་ལི་མ་རྔ་མ་འཇུས་འཇུས་ཡ། ཆུ་ནང་ལ་ལྡང་ཐལ། (ཐོམ་བུ) ཆུང་གཅིག་ང་ལས་ཆུང་བ་མེད། རྫིག་མདོག་མི་སྟོན་ཁྲིམས་ཐག་གཅོད། (ཐམ་ཀ) ཉིན་གང་ལ་བཙོས་ཀྱང་། ཐུན་གཅིག་ལ་ཟ་རྒྱུ་མེད། (སླ་ངའི་ཁ་ལེབ) སྤྱིར་གི་ལས་སྤྱད་ཀོ་ཡིན། སོག་པའི་ཁ་གོར་ལྕགས་ཡིན། སེམས་པ་ཆ་ལོ་རྡོ་ཡིན། ཁོག་པ་ཡོངས་རྫོགས་རྩྭ་ཡིན། ཡང་ན། ཕ་ལྕགས་ཐར་རྒྱལ། མ་རྡོ་མོ་སྐྱིད། བུ་བ་རིལ་མགོ (མེ་ཆ)

༥ ཉེར་སྤྱོད་ཀྱི་སྐོར། མི་བོན་པོས་བོན་བསྐོར་བརྒྱབ་ཚེ། འབུ་ཁྲ་ཁྲ་ཁུང་ལ་འཛུལ་ཐལ། མཐའ་བསྐོར་རས་ཁ་བ་སིམ་སིམ། ཡང་ན། ཨ་ཁུའི་བུ་མོ། ཡང་ཁུའི་ཚ་མོ། ཤིང་སྟག་ལྷ་རྒྱལ་གྱི་གནའ་མ། འདུག་དུས་ཤིང་ཐོག འགྲོ་དུས་མཛོ་ཐོག (མཆིག) ཨི་ཁུང་བརྒྱུད་དུས་ཁྲ་ཐོ་མ། རྡོ་བར་བརྒྱད་དུས་དཀར་ཐོ་མ། མུན་ནག་བརྒྱུད་དུས་སྐྱ་ཐོ་མ། (རང་འཐག) ཨ་ཅེ་གཟུགས་རིང་ཁ་མང་ཅན། རྐང་ཤ་མ་གཏོགས་གཞན་མི་ཟ། (སྐས) ལྕགས་ཀྱི་ཨི་ཁུང་གྲུ་བཞི་ནས། ཙི་གུའི་རྔ་མ་སྐྱ་ཤར་ཤར། །(ཁབ་སྐུད) རྒྱ་ཡུལ་རྒྱ་མོ་མིག་བཙུམ་མ། བོད་ལ་ཐོན་ན་གོ་ཆོད་མ། (ཁབ) བསྲེགས་བསྲེགས་ནས་ཚིག་རྒྱུ་མེད་ལེ། (སྦུད་པ) མི་བརྒྱ་སྐེ་རགས་གཅིག་གིས་བཅིངས། (ཕྱགས་མ) ཕ་ལྕེབས་ཐལ། བུ་ལྡོམ་ཐལ། ཡང་ན། ཝ་མ་ཉལ་བྲག་དམར་ཐེམ་ནས་ཉལ། བུས་མ་བཟུང་རྔ་མའི་ཚིགས་གི་བཟུང་། (ཟྭ་དང་ལྡེ་མིག) འགྲོ་མི་ཤེས་མ་མོ་སུག་བཞི། (ཅོག་ཙེ) ཕར་ལ་ལྟོགས་ནས་སོང་། ཚུར་ལ་རྒྱགས་ནས་ཡོང་། (ཆུ་ཟོ) རྒན་པོ་སྒུ་རུ་ལྕགས་ཀྱི་མཆུ་ཏོ་ཅན། (གཤོལ) ཟ་མ་ཁ་ནས་ཟོས་ན། རྟུག་པ་ཀླད་ནས་གཏོང་གི (ལེན) ཕྱི་གོར་གོར་ཟླ་འདྲ་འདྲ། ནང་གྲུ་བཞི་བྲེ་འདྲ་འདྲ། (དོང་ཙེ) ཉིན་མཚན་མེད་གི་གཅེར་གཅེར། (སྐར་ཁུང) མི་བརྒྱ་མགོ་ལ་མགོ་དཀྲིས་བརྒྱ་གོན། (འབར་ཞུན) ཁྱི་རྒན་གྱང་རྩ་ན། རྔ་མ་གྱང་ཁ་ན། (ཐབ་ཀ) ཟངས་ཀྱི་ཁ། ལྕགས་ཀྱི་ལྕེ། ཟ་རྒྱུ་སྤུ། (འཇབ་ཙེ) གཅིག་མ་སོང་ན། གཅིག་མི་ཡོང་། (རྐང་བ) ཙན་དན་རྒྱ་མ་མིག་རྡེབ་མ། མིག་རེ་རྡེབ་ན་མགུར་རེ་གསུངས། (རྒྱ་གླིང) འཕུར་ནས་སླེབས་རྒྱུ་མེད་པ། (དར་ལྕོག) ཁ་མིག་མེད་ཀི་གྲུ་བཞི་མ། རྣ་གཤོག་གཅུས་ན་སྐད་ཆ་བཤད། ཡང་ན། གྲུ་བཞི་གླིང་བཞི་མ། ཁ་མིག་མི་ལྡན་མ། སྐད་ཆ་བཤད་མཁས་མ། (སྒྲ་སྒམ) མཁར་ནང་འགྲོ་དུས་ནག་པོ། མཁར་ནང་ཡོད་དུས་དམར་བོ། མཁར་ཕྱི་བུད་དུས་སྐྱ་སྐྱ། (རྡོ་སོལ) རྒྱ་ནག་ཡུལ་ནས་བྱ་ཞིག་འཕུར། ཙན་དན་ནགས་ལ་སྤར་འབྲད་བྱེད། ཡང་ན། འགྲམ་ཡས་གཅིག་པོ་སོ་ཡིས་བཀང་། སོ་ཡི་བར་ལ་སྤུ་ཡིས་བཀང་། (སོ་མང) རྒྱལ་བོ་ནག་པོ་ཁྲི་ལ་བཞུགས། ཁྱིམ་མི་ཡོངས་ཀྱིས་དེ་ལ་བལྟས། ཡང་ན། མ་ཁ་ལྕགས་ཁ། ཡ་ཁ་ཤིང་ཁ། (སླ་ང) དམར་བོ་ཁ་གང་། སྔོན་པོ་འདོམ་གང་། (མེ) མ་ཁ་མེད་པའི་རྩྭ་གཟན་མ། ཡ་ཁ་མེད་པའི་ཆུ་འཐུང་མ། (སྐྲ་གྲི) དམག་དཔོན་སྔོ་ལེབ་ཞིག་གིས། དམག་མི་སྟོང་ཕྲག་དེད་འགྲོ། (སྐྲ་བཞར་བ) ར་བ་ཨ་མ་ལྕགས་ཀྱི་མཆུ་ལུ་ཅན། གནའ་ཤི་ད་ཤི་ཀོ་ཡི་རྣ་ལུང་ཅན། ཤི་ཤི་ཡ་ཡ་ཤིང་གི་རྔ་མ་ཅན། (འཇོར) ཁྲོས་ན་ཨ་མ་ཉི་མ་བཙོན་ལ་འཇུག དགའ་ན་ལུས་མེད་གཟུགས་མེད་རྫུ་འཕྲུལ་སྟོན། ཡང་ན། བལ་དཀར་བོ་འཛད་མཐའ་མེད་ཀི ལེན་འདོད་ན་འཛིན་རྒྱུ་མེད་ཀི (སྤྲིན) རུས་པའི་ཐང་ཞིག ཐལ་གི་སྒང་ཞིག དབུགས་ཀྱི་རྡུལ་ཞིག (སྣ་ཐལ) རྒྱུ་མའི་ནང་ན་རུས་པ་ཡོད། ཁྱིམ་ཚང་ཡོངས་ལ་གོ་ཆོད་མ། རེག་མི་ཉན་ལུས་པོ་ཡོངས་སུ་སྦྲིད། (གློག་སྐུད)

༦ སྲོག་ཆགས་ཀྱི་སྐོར། ཕར་འཁོར་སྟག་དང་ཚུར་འཁོར་གཟིག མགོ་བོ་དགའ་ལྡན་སྨྱུ་གུ་འདྲ། (པུ་ཤུད) མོན་གྱི་བུ་མོ་ཡིད་འོང་སྐད་སྙན་མ། མགོ་ནག་ཡོངས་ལ་དུས་ཀྱི་གསུང་སྙན་སྒྲོགས། (ཁུ་བྱུག) ནམ་ཚོད་འཛིན་པའི་ལྷ། ཐང་མ་བརྡལ་བའི་འདྲེ། (བྱ་ཕོ) དཔའ་བོ་ནག་པོ་སྐད་ལོག་རྒྱག རྡོ་རྗེ་རྐང་བས་ཡར་མར་འགྲོ། (ཕོ་རོག) རྫ་མ་ནག་པོ་བྱུ་རུའི་མཆུ་ཏོ་ཅན། (ལྕོང་ཀ) རྐང་སེ་རྐང་། འཁྲབ་སེ་འཁྲབ། སྨན་རྐྱལ་ཁྱེར། རི་ཁྲོད་འགྲིམས། (རི་དྭགས་གླ་བ) དཀྱིལ་འཁོར་བར་སྣང་ཁམས་ན་ཡོད། ལྷ་བཟོ་དཀྱིལ་འཁོར་དབུས་ན་ཡོད། (འབུ་སྡོམ) གྱོན་མ་ཤེས་སློག་པ་ཕྱིར་གྱོན། འདོགས་མ་ཤེས་བྱུ་རུ་སྣ་བཏགས། (འབུ་ཐོའུ་བ) ཁ་ཆེ་བྲང་ཆེ་ཀླུ་ཡི་གྲོགས། ཡང་ན། ཆུང་དུས་རྔ་མ་ཡོད་ལ་རྐང་ལག་མེད། རྒས་དུས་རྐང་ལག་ཡོད་ལ་རྔ་མ་མེད། (སྦལ་བ) ནམ་མཁའི་ལྷ་མོ་གླུ་ལེན་མ། དབྱར་གསུམ་མེ་ཏོག་བཅུད་ལེན་མ། ཡང་ན། བྱ་མིན་ནས་གཤོག་པ་ཅན། འབྲོང་མིན་ནས་རྭ་ཅོ་ཅན། སྟག་མིན་ནས་ཐིག་ལེ་ཅན། ཡང་ན། རྐང་ལག་ས་ལ་མ་ཐུག་ན། སྙན་པའི་གླུ་དབྱངས་མཚམས་མི་འཇོག (སྦྲང་མ) ཨ་ཐང་ཐང་གི་ཐང་དཀྱིལ་ན། མུ་ཏིག་ཤེལ་གྱི་ཕྲེང་བ་ཞིག མཐོང་ནི་མང་ར་རེག་ནི་མེད། ཡང་ན། རྐང་བ་མེད་ཀྱང་རྒྱུགས་ན་མགྱོགས། རྣ་བས་མི་གོ་མིག་གིས་ཐོས། (སྦྲུལ) རྟ་སྒ་མ་བསྟད་རང་གྲུབ་ཅན། རྟ་རེད་ཟེར་ན་བང་རྩལ་མེད། (རྔ་མོང) འཇོལ་མོ་ནགས་ནས་སོང་ན་ཤག་སྒྲ་མི་གྲག སྒོ་ང་ནགས་ནས་བཏང་ན་རུམ་མཁན་མི་དགོས། (ཤིག) ཙ་ཙི་མིན་པའི་ཙིས་ཤགས་བརྒྱ། རྐེད་པ་ཡག་པའི་རྡོ་རྗེ་བརྒྱ། ཨོང་ཤ་ཡག་པའི་ཁྲོ་ལོ་བརྒྱ། (གྲོག་མ)དབྱར་ཤི་དགུན་གསོན་མགོ་ན་རྭ་ཞིག་སྐྱེས། (དབྱར་རྩྭ་དགུན་འབུ)

༧ མཚོན་ཆའི་སྐོར། རྐང་གཅིག་ལག་གཉིས་ཐང་ལ་བཙུགས། རིན་ཆེན་རིལ་བུ་དགུང་ལ་སྤུར། ཡང་ན། ལྕགས་ཀྱི་ཨ་མ་ལྷུ་མང་ཅན། ལྕགས་ཀྱི་བུ་ཆུང་ཞེ་སྡང་ཅན། ཡང་། ཕ་ཡིས་སྡིགས་སྐད་སྒྲོགས་དུས། བུ་ཆུང་རི་ལ་བྲོས་སོང་། (མེ་མདའ) འདུག་རེས་འདུག་རེས་ལེབ་ཀི་འདུག འགྱོ་རེས་འགྱོ་རེས་ཟུར་གི་འགྲོ (གྲི་ལེབ) ཀླད་པའི་གཙུག་ན་ཁ་ཞིག འགྲམ་པའི་སྟེང་ན་སྤུ་ཞིག མ་ནེ་འོག་ན་ལྕགས་ཞིག (མདའ)

༨ ཡན་ལག་གི་སྐོར། ནགས་འདབས་ཀྱི་གླ་བོ་ཁེར་ཉལ། ཡང་ན། ནགས་ཚལ་སྟུག་པོའི་དཀན་གཟར་ན། དྲང་སྲོང་སྐྱ་རིལ་སྐྱིལ་ཀྲུང་བཞུགས། (རྣ་འབྱོག) སྐྱ་ཀ་ཁྲ་མོ་ཁུང་ལ་འཛུལ་ཐལ། མཇུག་སྒྲོ་ལེབ་མོས་ཁུང་སྒོ་བཅད་ཐལ། (མིག་བཙུམ་པ) ཕྱི་ཁྲ་ནང་ཁྲ་ཁྲ་རིལ་མ། ནང་གི་འབྲུག་ཆུང་རིན་ཐང་ཆེ། (མིག) ཐུག་ག་ཐུག་ག་ཟེར་ན་མི་ཐུག མི་ཐུག་མི་ཐུག་ཟེར་ན་ཐུག་ག (མཆུ་སྒྲོས) རྩ་བ་གཅིག་ལ་རྩེ་མོ་ལྔ། རྩེ་མོ་ལྔ་ལ་རྩེ་གྲི་ལྔ། (མཛུབ་གུ) འཇིག་རྟེན་ཁམས་ཀྱི་མགྱོགས་པ་གཅིག མི་ཐོན་ས་ཆ་གཅིག་ཀྱང་མེད། ཡང་ན། མ་སེམས་ཅན་ཕོ་བ་སྔོན་ན་ཡོད། མ་ལས་ངན་ཕོ་བ་གཞུག་ན་ཡོད། (ཉྭ་སྟི) ཤ་ཚིལ་བར་ནས་ཡོང་ཀྱང་། སྣུམ་ཐིགས་མེད་པ་གང་ཡིན། (མཆིན་པ)

༩ གྱོན་ཆས་ཀྱི་སྐོར། མི་ལྔ་དོང་ནང་འཛུལ། དོང་ཁ་ཐག་པས་བསྡམས། ཡང་ན། འདུག་ས་གཉིས་ཡོད། མགྲོན་པོ་མང་ཉུང་མེད། དགོང་མོ་གཅིག་ཀྱང་མེད། (ལྷམ) མི་གཅིག་ལམ་གཉིས་ལ་རྒྱུགས། (ལྭ་བའི་ཟྭ་བརྒྱབ་པ) ཁྱོད་ཕར་ལ་སོང་། ང་ཚུར་ལ་ཡོང་། མཐའ་མར་མཐུན་སྒྲིལ་དམ། (སྐེ་རགས)

༡༠ ཟས་ཀྱི་སྐོར། དུང་གི་གཟིམ་ཁང་ནང་རོལ་ན། བན་རྒན་དམར་བོ་མཚམས་ལ་བཞུགས། ཡང་ན། ཤིང་བྲ་ར་བ་རའི་ཐོག་གི བྱེའུ་སྒ་ང་སྒང་ངེ་། (ཤ་ཚོད) རྒན་མོ་མགོ་གཟེངས་མ་རྟ་རྒྱུགས་ཐལ། སེམས་ཅན་ཐམས་ཅད་དེ་བགད་ཐལ། ཡང་ན། ཁྲ་བོ་དམག་གི་དཀྱིལ་ཁུག་ན། མགོན་པོ་ནག་པོ་ཁྲོ་ལྡིང་བྱེད། (ཡོས་བརྔོས་པ) སྤྱང་གིས་རྔ་མ་གཡུགས་ཐེངས་རེར། ལུག་མཚེར་མོ་བརྒྱ་ཞོགས་སྟོང་ཞོགས་བྱེད། (སྲན་མ་བརྔོས་པ) དོང་དོང་ནང་གི་རྡོག་རྡོག་དེ། མི་ལྔ་ལངས་ཏེ་སྐྱོར་ནས་སོང་། སུམ་ཅུ་དམག་གིས་སྐྱེལ་ནས་སོང་། ཕྱི་མའི་ཡུལ་ལ་བརྫངས་ནས་ཐལ། (རྩམ་པ་ཟོས་པ) ཕྱིང་དཀར་ནང་གི་ཟས་ཞིམ། ཕོ་རྒོད་མ་གཏོགས་ཟ་མི་ཐུབ། (རྐང)རི་གསུམ་རྩེ་ལ་བྱ་གཅིག་བབས། བྱ་དེའི་གྲོད་ཁོག་བྱུ་རུས་བཀང་། (གྲོ་མ་བཙོས་པ) སྣ་ཐག་ས་ཐོག་ན་ཡོད། གཡག་རྒན་ས་འོག་ན་ཡོད། (གྲོ་མ) གླང་རྒན་དམར་ལྡང་ཁོག་པ་གསེར་གྱིས་བཀང་། ཡང་ན། ཨ་ཅེ་འཆོར་ལྭ་དམར་བོ་ཅན། ཐུག་ཐུག་ཀུན་ལ་འཛུམ་རེ་སྟོན། (དམར་ཁ་ཚ) རྒྱ་ནག་སྨད་ནས་བྱ་ཞིག་འཕུར། རྒྱ་མཚོའི་དཀྱིལ་ལ་ལྷོད་ཀྱིས་བབས། ལྕེ་ཆུང་དམར་བོའི་གྲོགས་ལ་བྱོན། (ཇ)

༡༡ སློབ་ཆས་ཀྱི་སྐོར། ཐང་དཀར་དཀར། ལུག་ནག་ནག ལུག་རྫི་གླུ་བ། (དཔེ་ཆ་འདོན་པ) ཨི་གུ་ནི་གུ་མཆུ་ནག་མ། རྒྱ་མཚོ་ནང་གི་ཆུ་འཐུང་མ། ཐང་དཀར་དཀྱིལ་གྱི་རྗེས་འདེད་མ། ཡང་ན། རྒྱ་ནག་ཡུལ་ནས་བྱ་ཞིག་ཡོང་། རྒྱ་མཚོ་ཁ་ལ་ཧུབ་ཅིག་འཐུང་། ཕྱིང་དཀར་ཀླད་ལ་རྗེས་ཤིག་ཕབ། (ལྕགས་སྨྱུག)

༡༢ འགུལ་བསྐྱོད་ཀྱི་སྐོར། ཕུར་ཁུང་གནམ་ན་ཡོད། ཕུར་བ་ས་ན་ཡོད། (སྐྱག་པ་བཏང་བ) སྨད་ནས་སྤྱང་མོས་ཁ་གདངས་ན། སྟོད་ནས་ཕྱུག་པོའི་ལུག་འདྲོགས་ཀི(སྐྱ་རེངས) རྐང་ལག་མེད་པའི་གནམ་ལྡིང་། (ལྒང་ལི) མགོ་ཨ་ཡོ་ཡོ། རྐང་བ་ཨ་ཤ་ཤ (ཕུར་བ་རྡེབ་པ) ཨ་མ་ནམ་མཁའ་ན་ཡོད། བརྩེ་བ་ས་གཞི་ལ་ཁྱབ། (ཉི་མ) སྔོན་པོ་གཡུ་ཡི་ཐང་དཀྱིལ་ན། དུང་གི་ཟོར་བ་ཡུ་མེད་ཅིག (ཟླ་བའི་ཚེས་རི) སྔོན་པོ་གཡུ་ཡི་གདན་ཐོག་ན། དཀར་བོ་དངུལ་གྱི་ཕྲ་མང་བཏབ། ཡང་ན། འགྱིག་གཞུང་ཆེ། འགྱིག་རྡེའུ་ཆུང་། བལྟས་ན་ཆོག་ར། དེད་ན་མི་ཆོག (སྐར་མ) ཁྱོད་འགྲོ་ན་ང་ཡང་འགྲོ། ཁྱོད་འདུག་ན་ང་ཡང་འདུག མཚམས་རེར་རང་གི་རྗེས་སུ་འགྲོ། མཚམས་རེར་རང་གི་སྔོན་དུ་འགྲོ། (གྲིབ་མ) མྱི་སུམ་ཅུ་ནད་ཀི་བཟུང་ཐལ། སྨན་པ་ལྔ་ཅག་འེ་ལངས་ནས། སྨན་ཁུག་གཅིག་ཕྲག་ལ་འཁུར་ནས། ཨེ་ཕན་ལ་ལྟ་གི་བུད་ཐལ། (སོ་བར་བྲུས་པ) ཀོ་བའི་གཞུ། བསེར་བུའི་མདའ། འཕེན་རྒྱོ་ས་འཕངས་ན། རྒྱག་རྒྱོ་སྣ་རྒྱག་གི ཡང་ན། ལུང་མདོ་ཐུར་ར་ལུང་མདོ་ཐུར་ར། ལུང་མདོ་ནས་ཀི་ཟིག་བཏབ། (ཕྱེན་བཏང་བ) གཏུབ་གི་གཏུབ་གི་ཇེ་རིང་། (ས་དོང) རྐང་ལག་མེད་ཀྱང་འགྱོ་མཁན། (རྦབ་རྡོ) ཨ་ཁུ་ཚང་གི་མཁར་ཁ་ན། ལྕགས་ཀྱི་སྡོང་བོ་སྔོན་པོ་ཞིག སྟ་རེས་མི་ཆོད་རླུང་གིས་ཆོད། (དུ་བ) ཁབ་ཀྱིས་མ་བཟོས། ཨབ་ཀྱིས་མ་མནན། རིན་ཆེན་སློག་པ་འཇོལ་ལོ་ལོ། (བལ) བྱ་འཕུར་ཐལ། གཤོག་པ་སྣར་ཐལ། (ནས་མ་འཕྱར་བ) རྐང་བ་མེད་ཀྱང་འགྲོ་མཁས་མ། ལག་པ་མེད་ཀྱང་ཐང་ཕྱགས་མ། (ཕྱགས་མ)

༡༣ འབྲོག་ཕྱོགས་ཀྱི་སྐོར། སེམས་ཅན་ཐམས་ཅད་ཉལ་རྒྱུ་ཡོད། སོ་བ་ཁེར་མོ་ཉལ་རྒྱུ་མེད། (རྭ་ཅོ) འཁྱ་ར་མ། འཁྱིལ་རི་མ། དམར་ལི་མ། འགྲོ་མཁན་མ། (ཁྲག་བླུགས་པ) སྐྱེས་པ་བྲག་དམར་སྐེད་ནས་སྐྱེས། གཅོད་པ་སྟ་མ་སྟེའུས་བཅད། འགུག་པ་ཨ་རུ་ཐང་ནས་བཀུགས། ཡང་ན། ནོར་བུ་རྒྱལ་གྱི་གདོང་ཁུག་ན། ཤུག་པ་རྒྱལ་གྱིས་སྐྱིལ་ཀྲུང་བཅས། (སྣ་གཅུ) ཨ་ཅེ་རིང་ང་རིང་ང་། འདོགས་ཆ་མང་ང་མང་ང་། (ཟོག་རྡང་) མཛོ་མོ་ཕར་ལ་གཡུགས། སྣ་ཐག་མཛུབ་མགོ་དཀྲིས། (འུར་ཆ) ཤ་ཡི་རི་ཞིག ཤིང་གི་ཁྲི་ཞིག ལྕགས་ཀྱི་སྐས་ཞིག (རྟ་སྒ) འབྲི་གཅིག་ཐག་པ་བརྒྱ་ཡིས་བཏགས། (སྦྲ) གཡག་རྒན་མ་སྒུལ་ཟེ་བ་སྒུལ། (སྦྲའི་ཁ་ཚུབ་ཕྱེ་བ) ཁ་གཙུག་ན་ཡོད། སྒལ་ཚིགས་ནང་ན་ཡོད། རྒྱུ་མ་ཕྱི་ན་ཡོད། ཞྭ་མོ་ཨོང་ཤ་ན་ཡོད། (འཕང) སྔགས་རྒན་རལ་བ་ཟིང་སེ་སོང་། ཡོན་བདག་ཐང་ལ་ཅལ་སེ་ལྷུང་། (ལྕི་བ་བཏང་བ) རི་རྒྱལ་ལྷུན་པོའི་ངོས་བཟུར་ན། དུང་གི་བུ་མོ་སྤུན་བཞི་ཡོད། ཕྱོགས་སྐྱོང་བཅུ་བོའི་བཀའ་དྲིན་ལ། དུང་གི་ཆར་བ་ཤག་ཤག་འབབ། ﹙འོ་མ་བཞོ་བ﹚

༡༤ རོང་ཕྱོགས་ཀྱི་སྐོར། ཕར་ཁ་ན་ཐག་ཐག་ཐག ཚུར་ཁ་ན་ཐག་ཐག་ཐག བར་ན་རྒྱ་མཚོ་ལྷེམ་ལྷེམ་ལྷེམ། (ལ་ཙེ་བཙག་པ) ཨ་ཡེ་སྙལ་ཡག་བྱོས། ཉལ་ཐུལ་འགེབས་ཡག་བྱོས། (འཁུར་བ་སྲེག་པ) ནང་རྩིབས་གུ་རབ་སེ། ཕྱི་ས་སྐྱ་ཅག་གེ (ཁང་པ) རྐང་གཅིག་ལག་གཉིས་ཤིང་གི་སྡེར་མོ་ཅན། རྒོད་པོ་འདུལ་ལ་མཁས་པའི་ཤེད་ཅན་པོ། (སྒྲོག)

དེ་ལྟར་དམངས་ཁྲོད་ཀྱི་ལྡེའུ་ནི་བོད་ཀྱི་རི་ལུང་སྒང་གཤོངས་ཀུན་ན་མེ་ཏོག་བཞིན་བཞད་ཅིང་། འཚོ་བའི་གྲུ་ཟུར་རེ་རེ་ན་མུ་ཏིག་གི་ཕྲེང་རྡོག་བཞིན་འཐོར་བས། རང་རེའི་རིག་གཞུང་ཀུན་ལ། ཞོ་གསར་ལ་བུ་རམ་སྦྱར་བ་ནང་བཞིན་གཞན་དང་མི་མཚུངས་པའི་བྲོ་བ་ཞིག་ཕུད་ནའང་། རྒྱ་ཆེན་གཏིང་ཟབ་གྱི་རིག་གཞུང་ལ། ཉིན་མཚན་ཁོར་མོ་ཡུག་ཏུ་སྤྱན་འབྲས་ཤོར་བའི་མཁས་དབང་རྣམས་ཀྱིས། བར་མ་དོར་ལུས་ཞིང་། རིག་གནས་ལ་ཞེ་ཁོག་མེད་པ་དག་གིས་སྣང་མེད་དུ་བསྐྱུར་ཡོད་པས། ཕྲན་གྱིས་གབ་པ་མངོན་ཕྱུང་གི་ཚུལ་དུ་དཀའ་ཚེགས་ལ་མ་བལྟས་པར། འཚོལ་བསྡུ་དང་བཅོས་སྒྲིག་ལེགས་པར་གནང་སྟེ། དཔྱོད་ལྡན་མགུ་བའི་ལེགས་སྐྱེས་སུ་ཕུལ་བའོ། །

དཀར་ཐིག

དཀར་ཐིག་ནི། བོད་ཀྱི་དམངས་ཁྲོད་དང་། ཆོས་ཀྱི་མཛད་སྒོ་སྣ་ཚོགས་ལ་འཐེན་སྲོལ་ཡོད། དེ་ཡང་བོད་མི་རྣམས་ཀྱིས་ནམ་རྒྱུན་འཚོ་བའི་ཁྲོད་ཁ་དོག་དཀར་བོ་འདི་བརྩི་མཐོང་ཆེ་ཞིང་། དེ་ནི་རྟེན་འབྲེལ་གྱི་རབ་དང་། དཀར་བོ་དགེ་བའི་ལས་ཞེས། ཁ་དོག་དཀར་བོ་འདི་ལ་ཧ་ཅང་དོ་སྣང་ཆེན་པོ་ཡོད་པར་མ་ཟད། གཞན་སྐྱེས་ཆེན་དམ་པ་སོགས་མགྲོན་གལ་ཆེན་གྱི་རིགས་བསུ་སྐྱེལ་གྱི་སྐབས་སུ། རས་ཡུག་དཀར་བོའི་ཕེབས་གདན་གཏོང་བར་མ་ཟད། སྐབས་དེར་ཁ་བ་བབས་ན་རང་བྱུང་ལམ་དཀར་བཏང་སོང་ཞེས། རྟེན་འབྲེལ་བཟང་བོར་བརྩི། ཡང་། སྐབས་འགར་དགོས་པ་མི་འདྲ་བའི་དབང་གིས་བེམ་པོ་ཕྱིར་འདོན་པའི་སྐབས་སུ་ཡང་དཀར་ཐིག་འཐེན་སྲོལ་ཡོད། སྤྱིར་བཏང་གི་མཛད་སྒོ་སྣ་ཚོགས་ལ། སྒོ་ཆེན་དང་ཐེམ་སྐས་ཀྱི་འགབ་ཏུ་པད་འདབ་ཀྱི་རི་མོ་འབྲི་ཞིང་། མཐའ་གཉིས་སུ་དཀར་ཐིག་རིང་བོར་འཐེན་ཞིང། དཀྱིལ་དུ་གཡུང་དྲུང་གི་རེ་ཁཱ་འབྲི། བླ་དཔོན་སོགས་ཆེ་ཁག་བསུ་བ་བྱེད་པ་སོགས་ལ། བཀྲ་ཤིས་རྟགས་བརྒྱད་དང་། ཁ་བཏགས། རྟེན་འབྲེལ་བཟང་བོ་མཚོན་པའི་རི་མོ་གཞན་དག་གི་དཀར་ཐིག་ཀྱང་འཐེན་པ་ཡིན། གཞན་ཡང་། དགོན་སྡེ་ཁག་གི་ལས་སྣ་གསར་འཇོག་དང་། བཀྲ་ཤིས་གསོ་སྦྱོང་གི་སྐབས་སོགས་སུ་ཡང་དཀར་ཐིག་འཐེན་སྲོལ་ཡོད། ཁ་ཅིག་གིས། འདིའི་རི་མོ་ལ་ལྷའི་ཕྱག་མཚན་སོགས་མི་འབྲི་བར་བཤད། དེ་ནི་དེ་ལ་འགོམ་ཡུག་ཤོར་ན་མི་རུང་བས་སོ། །དེ་ལྟར་དཀར་ཐིག་འཐེན་སྲོལ་འདིའི་བོད་ཀྱི་དམངས་སྲོལ་གྱི་གྲུབ་ཆ་གལ་ཆེན་ཞིག་བཟུང་ཡོད་དོ། །

ས་རྩི་བྱུགས་པ།

བོད་ཀྱི་དགོན་སྡེ་དང་། དུད་ཁྱིམ་རྣམས་སུ། ས་རྩི་བྱུགས་སྲོལ་འདི་གནའ་སྔ་མོ་ནས་དར་བའི་ཡུལ་སྲོལ་ཞིག་ཡིན། དེ་ཡང་གྲྭ་ས་སེར་འབྲས་ལྟ་བུ་ལ་མཚོན་ན། གྲྭ་ཤག་ལ་ས་རྩི་དཀར་བོ་དང་། གཙུག་ལག་ཁང་དང་ཚོམས་ཁང་། བླ་བྲང་ཆེ་ཁག་ལ་དམར་བོ། གཙང་ཁང་ལ་སེར་བོ། སྒོ་འགྲམ་དང་སྒེའུ་ཁུང་ལ་ནག་པོ་རྒྱག་སྲོལ་ཡོད། དེ་བཞིན་གྲོང་བ་མཚོན་ནའང་། རྩིག་ངོས་བྱིངས་ལ་ས་དཀར་དང་། སྒོ་འགྲམ་ནང་ལོག་ལ་ནག་པོ། ཕྱི་ལོགས་ལ་དམར་བོ་གསོལ། ལ་ལས། དེ་ལས་ལྡོག་པར་གསོལ་བའང་མཐོང་། ས་རྩི་སོགས་མི་གསོལ་བར་རང་མདོག་ཏུ་འཇོག་པའང་མང། གཞན་ས་དགེ་ཀར་རྙིང་གི་དགོན་པ་གང་ལའང་ས་རྩི་གསོལ་སྟངས་རེ་ཡོད་པས། འདིར་མཐའ་གཅིག་ཏུ་ངེས་པ་མེད།

མཚོན་དོན་ལ། ས་རྩི་དཀར་དམར་ནག་གསུམ་གྱིས། རིགས་གསུམ་མགོན་པོ་མཚོན་པར་བཤད་པ་དང་། ཡང་། ས་དཀར་གྱིས་ནད་གདོན་བར་ཆད་ཞི་བ། ས་དམར་གྱིས་ཁམས་གསུམ་དབང་དུ་བསྡུ་བ། ས་སེར་གྱིས་ཚེ་དང་བསོད་ནམས་རྒྱས་པ། ས་ནག་གིས་དགྲ་བགེགས་ཕྱེ་མར་བརླགས་པའི་ལྟས་སུ་བཤད།

ཕོ་བྲང་པོ་ཏ་ལའི་ས་རྩིའི་མཚོན་དོན་ཡང་། ཤར་ནུབ་གྱི་རྩིག་ངོས་དཀར་བོ། དབུས་ཀྱི་རྩིག་ངོས་དམར་བོ། ཤར་ངོས་དང་གཤམ་འོག་གི་ཁང་བ་འགའ་ཞིག་སེར་བོ་ཡིན་པ་ཡང་། དཀར་བོས་ཡོངས་སུ་ཞི་བར་གནས་པ་མཚོན་པ་དང་། སེར་བས་ཚེ་གསོད་དཔལ་འབྱོར་དར་བ། ཡང་ཚོན་དཀར་དམར་གཉིས་ཀྱིས་ཆོས་སྲིད་ཟུང་འབྲེལ་མཚོན་ཏེ། ཕྱི་ངོས་དཀར་བའི་ཕོ་བྲང་ནི། ཆབ་སྲིད་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་སའི་ཕོ་བྲང་དང་བང་མཛོད་ཡིན་ལ། དམར་བོ་ནི་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་སའི་མཆོད་ཁང་ཤ་སྟག་ཡིན་པ་ལས་ཀྱང་རྟོགས་ནུས་སོ། །དེ་ལྟར་བོད་ཀྱི་ཚོན་རྩི་བྱུགས་སྲོལ་འདི་ཡང་། ཁང་བའི་མཛེས་རྒྱན་ཙམ་མ་ཡིན་པར། བསྟན་བྱའི་དོན་གྱི་མཚོན་དོན་བཤད་རྒྱུ་ཡོད་དོ། །

མནོལ་བསང་།

༡ གྲིབ་མནོལ་ངོས་འཛིན། ཁ་དཔེར། རྣམ་རྟོག་ཅན་ལ་འདྲེ་དགུ་འཁོར། ཞེས་པ་ལྟར། གྲིབ་ཕོག་ནས་མནོལ་བ་དེ་ཡང་། གཙོ་ཆེ་ཤོས་རྣམ་རྟོག་གིས་ཀུན་ནས་བསླངས་ཏེ་ཕྱི་ནང་གསང་གསུམ་གྱི་རྒྱུ་རྐྱེན་མང་བོས་བཙོག་གྲིབ་ཕོག་སྟེ། ད་གཟོད་མནོལ་བ་ཡིན། དེ་ཡང་། གྲིབ་མནོལ་ཞེས་པ་དམེ་བཙོག་ལ་སོགས་པར་བརྟེན་སྐྱེ་བོའི་སྲོག་ལུས་དབང་ཐང་ལ་བར་དུ་གཅོད་ཅིང་ལེགས་ཚོགས་ཀྱི་ཆ་སྒྲིབ་བྱེད་ཅིག་ཡིན། མནོལ་བསང་བྱེད་སྟངས་ཡང་། བོད་ཀྱི་གདོད་མའི་དུས་ནས་བཟུང་། ད་ལྟའི་བར་དུ་དར་བའི་དམངས་སྲོལ་ཞིག་ཡིན་ཏེ། བོན་གྱི་ཡོངས་རྩེའི་འགྲེལ་བ་ལས། གཉའ་ཁྲི་ལྷ་ཡུལ་ནས་ཕེབས་ཚུལ་གསུངས་སྐབས་སྐུ་བོན་ཡ་ངལ་དང་། མཚེ་མི། ཙོ་མི་གསུམ་ཡང་མཉམ་དུ་མངགས་པར། ཡབ་གྱི་ཞལ་ལས། གནམ་ལྷ་དོག་ལ་གཤེགས་པ་ན། མི་ཡུལ་བཙོག་དང་། མནོལ་ཆེ་བས། ཡ་ངལ་གྱིས་སྣ་དྲོངས་ཤིག མཚེ་མིའི་སྐུ་ཡི་གཡས་རྟེན་ཅིག ཙོ་མིས་སྐུ་ཡི་གཡོན་རྟེན་ཅིག ཡ་ངལ་གྱིས་སེལ་དང་སངས་གྱིས། ཞེས་པ་ལྟར། སྐབས་དེ་དུས་ནས་ལྷ་སྤྱན་འདྲེན་སྐབས། ཐོག་མར་བསང་དུད་བདུག་ནས། ཡུལ་ཁམས་ཀྱི་བཙོག་གྲིབ་སེལ་བའི་གོམས་གཤིས་ཡོད་དོ། །

ཡང་། གཏམ་རྒྱུད་ཞིག་ལ། གཤེན་རབ་མི་བོ་ཆེ་ཆུང་དུས་ལྡུམ་རའི་ནང་རྩེད་འཇོར་རོལ་སྐབས། བདུད་ཁྱབ་པ་ལག་རིང་། དམེ། མུག ནལ། བཙོག ཐན། ལྟས་ངན། བྱུར། ཡུག ཐབ་འཁོན་ཏེ་མི་གཙང་དགུ་ལྡན་གྱི་འབྲུག་གློག་ཅིག་ཏུ་སྤྲུལ་ནས། གཤེན་རབ་མི་བོ་ཆེའི་མགོ་ཐོག་ཏུ་གྲིབ་ཀྱི་གློག་དམར་བཏང་བས། གཤེན་རབ་ཀྱིས་ལྷུན་གྲུབ་ཤེས་རབ་ཀྱི་ནུས་པས། མི་གཙང་གྲིབ་དགུ་གཡང་ལ་བསྐྱུར་ནས་བདུད་ཁྱབ་པ་ལག་རིང་ལ་རྒོལ་བར་ཡང་བཤད་ཡོད་དོ། །

གཞན། གྲི་གུམ་དང་ལོང་ངམ་འཐབ་དུས་ཀྱང་། ལོང་ངམ་གྱི་ཕྲག་པ་གཡས་ལ་ཝ་རོ་དང་། གཡོན་དུ་ཁྱི་རོ་བཀལ་བས། རྒྱལ་བོའི་མགུར་ལྷ་དང་དགྲ་ལྷ། ཕོ་ལྷ་གསུམ་པོ་ཡལ་བར་གསུངས་པ་ཡང་གོང་གསལ་འདི་ལ་འབྲེལ་བ་ཆེན་པོ་ཡོད་སྙམ། བྱེ་བྲག་ཏུ། ཟས་གྲིབ། གོས་གྲིབ། བག་གྲིབ། ཡུགས་གྲིབ། དམ་གྲིབ། ནལ་གྲིབ། མནའ་གྲིབ། དམར་གྲིབ། འཁོན་གྲིབ། རོ་གྲིབ། དམེ་གྲིབ། བཙོག་གྲིབ། མཛེ་གྲིབ། ནད་གྲིབ། གདོན་གྲིབ། རྫས་དང་གོས་གྲིབ། དམ་ཉམས་ཀྱི་གྲིབ། གཞན་ཡང་། རཱ་ག་ཨ་སེའི་གྲིབ་སེལ་ཆོ་ག་ཞིག་ལས་རྒྱལ་གྲིབ་སྨྱོ་འབོག་ནག་པོ། བཙན་གྲིབ་གཟེར་ཐབས་དམར་བོ། གཟའ་གྲིབ་ལྐུགས་རེངས་སྨྱོ་བ། མ་མོའི་གྲིབ་ནག་འཐིབས་རྨོངས་སོགས་བགྲང་ལས་འདས་ལ། གྲིབ་སེལ་རྟ་ནག་ཅན་ལས། འབྱུང་བ་ཆགས་པའི་སྣོད་བཅུད་ཀྱི། །དུག་ལྔ་མ་རིག་ལས་ཀྱི་གྲིབ། །ཆགས་འཁོར་ཉོན་མོངས་ཡིད་ཀྱི་གྲིབ། །མཚན་མ་ཤེས་གྲིབ་སེམས་ཀྱི་གྲིབ། །གྲིབ་ལྔའི་རྐྱེན་གྱིས་ལྟས་ངན་དུ། །བགེགས་ལྔ་སྲེད་པའི་རང་གཟུགས་འབྱུང་། །ཞེས་ཀྱང་འབྱུང་ངོ་། །

གྲིབ་འདི་ལ་དབྱེ་བ་མང་དུ་མཛད་པར་མ་ཟད། རྐྱང་འཕགས་གྲིབ་སེལ་སོགས་ལས། གྲིབ་བདག་རྒྱལ་བོ་ཆེན་པོ་ཁྱོད། །སྐུ་མཆོག་ནག་པོ་མུན་པ་འདྲ། །ཆིབས་སུ་གྲིབ་རྟ་ནག་པོ་ཆིབས། །གྲིབ་གོས་ནག་པོ་ལུས་ལ་གྱོན། །གྲིབ་ཁྱི་ནག་པོ་ཕྱི་ན་འཁྲིད། །གྲིབ་དར་ནག་པོ་ལག་ན་འཕྱར། །གྲིབ་ཞྭ་ནག་པོ་འཕྲུ་ཅན་གྱོན། །གྲིབ་བྱ་ནག་པོ་ཀླད་ན་ལྡིང་། །གྲིབ་སྒང་ནག་པོ་རྒྱབ་ཏུ་འཁུར། །ཞེས་གྲིབ་བདག་གི་སྐུ་འཁོར་དང་བཅས་གསལ་བར་བསྟན་ཡོད་དོ། །

༢ གྲིབ་མནོལ་བྱུང་སྟངས། བོད་རིགས་འདི་གཞན་ལས་རྣམ་རྟོག་ཆེ་ཞིང་། འཛེམ་བྱ་ཧ་ཅང་མང་བ་ནི་ཀུན་གྱིས་མཁྱེན་གསལ་ཡིན། དཔེར་ན། སྦྲུམ་མས་དམར་གྲིབ་དང་། གཞན་གྱི་ཟས་གོས་སོགས་ལ་འཛེམ་པ་དང་། བྱིས་པ་སྐྱེས་དུས་ཀྱང་ཤ་དང་མགྲོན་པོ་རིགས་སྣ་ཚོགས་ལ་འཛེམ་པ་བཙས་སྐར་སོགས་ལས་གསལ་ཞིང་། གལ་ཏེ་ནང་དུ་འཁྱེར་དགོས་པ་བྱུང་ན། སྒོའི་མེ་ཕུང་གི་དུད་ཁ་ལ་འགོམས་སུ་བཅུག་སྟེ་འཁྱེར་ཡོང་བ་ཡིན། བེམ་པོ་དུར་བསྐྱལ་གྱི་སྐབས་སུའང་། རྡོ་དཀར་ནག་གི་སྟེང་དུ་ལག་པ་བཀྲུས་ནས་ཁ་རླངས་ཀྱིས་བསངས་པ་སོགས། ཆོ་ག་སྣ་ཚོགས་སྤེལ་བ་ཡང་། རོ་གྲིབ་འགོག་པ་ཡིན། དེ་བཞིན། ཐབ་སྟེང་དུ་རྐང་བ་མི་འཇོག་པ་དང་། ལུས་སྟེང་དུ་མི་འགོམས་པ་སོགས་ཀྱང་། ཐབ་ལྷ་དང་ལུས་ལྷ་སོགས་ལ་གྲིབ་མི་ཤོར་བའི་ཆེད་དུ་ཡིན། གལ་ཏེ་གྲིབ་སྐྱོན་ཤོར་བ་ཡིན་ན། ཚེ་དང་དབང་ཐང་རླུང་རྟ་དང་སྙན་གྲགས། དཔལ་དང་གཟི་བརྗིད་མ་ཟད། རང་དང་འབྲེལ་ཡོད་ཀྱི་བྱ་དངོས་སྣ་ཚོགས་ལ་མགོན་སྐྱབས་དང་དཔུང་གཉེན་བྱེད་པའི་ལྷ་དེ་དག་ཡལ་ནས། ཉམས་གོད་ཀྱི་བྱུར་སྣ་ཚོགས་ཡོང་བར་འདོད་དེ། མནོལ་བསང་ལྷ་ཆབ་སྔོན་མོ་ལས། ལུས་མནོལ་ལུས་ཀྱི་མདངས་ཉམས་ལུས་སྟོབས་ཤོར། །མགོ་མཇིང་རོ་སྟོད་ན་ཞིང་མིག་མི་གསལ། །ངག་མནོལ་སྐད་འགག་ལྐུགས་ཞིང་སྨྲ་མི་བདེ། །མཆིལ་སྣབས་མང་ཞིང་སྣ་འཚུབ་ལྕེ་ཐོག་བརྣངས། །ཡིད་མནོལ་ཡིད་མི་བདེ་ཞིང་ཚིག་པ་ཟ། །བརྗེད་ངས་གཉིད་འཐིབས་བྱིང་ཞིང་མཚན་མོ་ཡེར། །མགོ་མནོལ་མགོ་འཁོར་མིག་གྲིབ་རྣ་བ་འོན། །ཡན་ལག་མནོལ་བས་ཞ་གྲུམ་སྦྲིད་ཅིང་ན། །ཕོ་མཚན་མནོལ་བས་མི་འགྲེང་རྩ་དཀར་མང་། །མོ་མཚན་མནོལ་བས་སྲིད་ཀྱི་སྐྱེ་སྒོ་ཆད། །རྒྱབ་རྟེན་ལྷ་གནོལ་གཞི་ཡི་ལས་མི་འགྲུབ། །དགྲ་ལྷ་མནོལ་ན་དགྲ་སྲི་ཐང་དཀར་ལ། །བྱེས་ལྷ་མནོལ་ན་མགྲོན་འཐོམས་གྲོགས་དང་འབྲལ། །མགོན་ལྷ་མནོལ་ན་མགྲོན་རྣམས་དོན་མི་འགྲུབ། །གཞི་ལྷ་མནོལ་བས་གཞི་ལྷ་སྡོད་མི་ཚུགས། །ཡུལ་ལྷ་མནོལ་བས་ནད་འཁྲུགས་མུ་གེ་བྱུང་། །ཁང་ལྷ་མནོལ་བས་ཟགས་ཞིང་ཙག་སྒྲ་འབྱུང་། །སྦྲ་ལྷ་མནོལ་བས་རུལ་ཞིང་འགྱུར་ལྡོག་མང་། །ནོར་ལྷ་མནོལ་བས་སྟོང་ཞིང་འབྱོར་མི་རྒྱས། །ཕྱུགས་ལྷ་མནོལ་བས་སྤུ་འབྱི་ལྟས་ངན་འབྱུང་། །ཞིང་ལྷ་མནོལ་བས་ཞིང་ས་ཁོལ་བུར་སྟོང་། །ཐབ་ལྷ་མནོལ་བས་བཅུད་མེད་སྟོང་ཞིང་འགོང་། །གྲོགས་ལྷ་མནོལ་བས་ཟས་ཁར་འགོང་བོ་འཇུག །གོ་མཚོན་མནོལ་བས་གོ་ལོག་རྣོ་མཚོན་རྡུགས། །རྟ་ཕོ་མནོལ་བས་རྒལ་རྡོ་འགོམ་ལམ་ཉམས། །སྒོ་ཁྱི་མནོལ་བས་སྐད་འགག་བཙན་རྫི་ཞན། །ཁ་རྗེ་མནོལ་བས་མི་རབས་ལད་མོ་ཤོར། །དབང་ཐང་མནོལ་བས་བརྗེད་ངས་དབང་བོ་ཉམས། །རླུང་རྟ་མནོལ་བས་སེམས་སྟོང་དོན་མི་འགྲུབ། །ཅེས་མནོལ་གྲིབ་ཀྱིས་ཉམས་རྒུད་ཇི་ལྟར་འབྱུང་ཚུལ་ཞིབ་པར་འཁོད་ཡོད་པ་དང་། རྗེ་བཙུན་མི་ལའི་རྣམ་ཐར་དུའང་། བཀྲ་ཤིས་ཚེ་རིང་མ་ཡུལ་དེའི་མི་རྣམས་ཀྱིས་ཐབ་གཞོབ་དང་དམར་བཤས་ཀྱིས་མནོལ་བས་ན་ཚ་བྱུང་། དེའི་རྟེན་འབྲེལ་གྱིས་ཡུལ་དེའི་མི་རྣམས་ལ་རིམས་ནད་བྱུང་བ་རྗེ་བཙུན་གྱིས་ཁྲུས་ཆོག་གིས་དག་པར་མཛད་ཚུལ་བཀོད་ཡོད།

༣ མནོལ་བསང་གི་རྫས། གི་ཝང་། གླ་རྩི། ཀུར་གུམ། ཤུག་པ། སྤ་མ། བ་ལུ། མཁན་པ། ཙན་དན་དཀར་དམར། ཨ་གར། སྤང་སྤོས། རྩི་ལྗོན་དྲི་ཞིམ་པ་མང་བོ་སྡེབ་སྦྱོར་བྱ་བ་དང་། རརྣ་གླིང་བའི་གཏེར་བྱོན་མནོལ་བསང་ལས། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །སྲིད་པའི་ལྷ་ཁང་འདི་དག་གི། མཆོད་རྫས་གཙང་བར་མ་གྱུར་ན། །དྲི་བཟང་དུད་པ་དེ་དག་གིས། །ཨ་ཀ་ར་དང་དུ་ཀུ་ར། །ཙན་དན་ལ་སོགས་བཟང་བོ་དྲུག །བ་ལུ་དཀར་བོ་དུང་གི་མདོག །མཁན་པ་སེར་བོ་གསེར་གྱི་མདོག །ཤུག་པ་སྔོན་པོ་གཡུ་ཡི་མདོག །ཉ་ཕྲུག་སྟག་པ་ལྷ་ཡི་ཤིང་། །བདུད་རྩི་ཅན་གྱི་དུད་པ་འདིས། །མི་གཙང་ཐམས་ཅད་རཾ་ཡཾ་ཁཾ། །ཞེས་དང་། གླིང་སྒྲུང་ལྷ་གླིང་གབ་ཙེ་ལས། སུར་དཀར་དུང་གི་མེ་ཏོག་ཅན། །མཁན་པ་གསེར་གྱི་ཐོ་གུ་ཅན། །འོམ་བུ་ཟངས་ཀྱི་འཛེར་བུ་ཅན། །ཤུག་པ་གཡུ་ཡི་ལོ་མ་ཅན། །ཉ་སྤྲིད་བྱུ་རུའི་ལན་ཚར་ཅན། །ཤིང་སྣ་ལྔ་ཡི་དུད་པ་ཡིས། །ཀླུ་རིགས་ལྔ་ཡི་ཉམས་གྲིབ་བསངས། །ཞེས་དང་། ཡང་། རརྣ་གླིང་བའི་མནོལ་བསང་ལས། ཀླུ་རྣམས་ལ་དམེ་གྲིབ་ཕོག་སྟེ་ནད་རིགས་མང་བོ་བྱུང་སྐབས། སློབ་དཔོན་པདྨ་ཀླུ་ཡུལ་དུ་སྤྱན་དྲངས་ནས་མནོལ་བསང་གཏོང་བར་ཞུས་པ་ན། སློབ་དཔོན་གྱིས་བདུད་རྩིའི་ཤིང་སྣ་ཇི་སྲིད། གཙང་མའི་ཆུ་སྣ་ཇི་སྲིད། གསོ་བའི་སྨན་སྣ་ཇི་སྲིད། གསེར་དངུལ་ཟངས་གཡུ་དང་། དྭངས་མའི་ཤེལ་སོགས་རིན་ཆེན་སྣ་ལྔའི་བུམ་པ་ཀུ་ཤའི་རྒྱན་ཅན། རྩལ་ཆེན་སེང་། འདོད་འཇོའི་བ། ཟ་ལེ་འབྲི། ཤེལ་སྒོང་ལུག ཚེ་ཚེའི་ར་རྣམས་ཀྱི་འོ་མ། ལྷ་གཞི་དཀར་བོ་དྲི་མེད། ལྷ་དུང་དཀར་བོ་གཡས་འཁྱིལ། ལྷ་བཤོས་དཀར་བོ་འདབ་རྒྱས། ལྷ་མདའ་དཀར་བོ་ཚིགས་གསུམ་རྣམས་བསྒྲུབས། ཞེས་གསུངས་སོ། །

གཞན་ཡང་། སྤོས་སྦྱོར་བྱ་ཚུལ་ལྕང་རྒྱབ་ཁྲི་ཟུར་མཁྱེན་རབ་ཡོན་ཏན་གྱི་སྤོས་སྦྱོར་མན་ངག་ཉེར་མཁོ་དང་། ཞབས་དྲུང་ངག་དབང་ཚེ་རིང་གི་སྤོས་སྦྱོར་ཚུལ་སོགས་ལ་གཟིགས་པར་ཞུའོ། །

༤ གྲིབ་མནོལ་སེལ་ཐབས། ཟན་གྱིས་བཟོས་པའི་མདོས་གླུད་ངར་མི་མདུན་དུ་བཞག་སྟེ། གྲིབ་སེལ་བ་བོས། རོ་གྲིབ། ཡུགས་གྲིབ། མཛེ་འཁོན་གྱི་གྲིབ། གཞན་ཡང་། ལྷ་ཀླུ་གཉན་གསུམ་དང་། རྒྱལ་ཐེའུ་འགོང་གསུམ། གཟའ་གདོན་འདྲེ་གསུམ། སྡེ་བརྒྱད་ཀྱི་མནོལ་གྲིབ་ཐམས་ཅད་སོལ་ཅིག་ཅེས། གྲིབ་བདག་ཆེན་པོ་ལ་བཀའ་བསྒོ་དམ་བཞག་བྱས་ཏེ། གྲིབ་སེལ་བ་བོས། རྐྱང་འཕགས་གྲིབ་སེལ་ལས་གསུངས་པ་ལྟར། ཀྱེ། རྒྱུ་འབྱོར་ཡོན་གྱི་བདག་པོ་ཀུན། །མགོ་ནད་སྤྲིན་ལྟར་གཏིབས་པ་སྟེ། །ངར་མི་རྒྱལ་བོའི་མགོ་ལ་སྤོར། །མིག་ནད་འཁྲུག་ཅིང་ན་བ་དེ། །ངར་མི་རྒྱལ་བོའི་མིག་ལ་སྤོར། །རྣ་བ་འོན་ཞིང་འཐིབས་པ་དེ། །ངར་མི་རྒྱལ་བོའི་རྣ་ལ་སྤོར། །ཤངས་ནད་ཞི་ཞིང་འཚུབ་པ་དེ། །ངར་མི་རྒྱལ་བོའི་ཤངས་ལ་སྤོར། །ལྕེ་ནད་ལྐུགས་ཞིང་ན་བ་དེ། །ངར་མི་རྒྱལ་བོའི་ལྕེ་ལ་སྤོར། །མིད་པ་འགག་ཅིང་ན་བ་དེ། །ངར་མི་རྒྱལ་བོའི་མིད་པར་སྤོར། །སེམས་ཀྱི་འཁྲུག་བློ་མི་བདེ་བ། །ངར་མི་རྒྱལ་བོ་ཁྱོད་ལ་སྤོར། །གློ་བ་བྱ་ལྟར་འཕུར་བ་དེ། །ངར་མི་རྒྱལ་བོའི་གློ་བར་སྤོར། །མཆིན་པ་ཉ་ལྟར་འགྱུ་བ་དེ། །ངར་མི་རྒྱལ་བོའི་མཆིན་པར་སྤོར། །ཕོ་བ་རྡོ་ལྟར་སྲ་བ་དེ། །ངར་མི་རྒྱལ་བོའི་ཕོ་བར་སྤོར། །རྒྱུ་མ་འཁྲུག་ཅིང་ན་བ་དེ། །ངར་མི་རྒྱལ་བོའི་རྒྱུ་མར་སྤོར། །ལག་པ་ན་ཞིང་ཁོལ་བ་དེ། །ངར་མི་རྒྱལ་བོའི་ལག་པར་སྤོར། །རྐང་བ་ཞ་གྲུམ་ན་བ་དེ། །ངར་མི་རྒྱལ་བོའི་རྐང་བར་སྤོར། །ཕུང་བོ་རྣམ་ལྔ་ན་བ་དེ། །ངར་མི་རྒྱལ་བོ་ཁྱོད་ལ་སྤོར། །རྣམ་ཤེས་ཚོགས་བརྒྱད་ན་བ་དེ། །ངར་མི་རྒྱལ་བོ་ཁྱོད་ལ་སྤོར། །ངར་མི་རྒྱལ་བོ་ད་ལོངས་ཤིག །ཁྱོད་ཀྱིས་ཁུར་ན་བལ་ལས་ཡང་། །མི་བས་འཁུར་ན་གསེར་ལས་ལྗིད། །དེ་བས་ཁྱེད་ཀྱིས་ཁུར་ལ་སོང་། །ངར་མི་རྒྱལ་བོ་ད་ལོངས་ཤིག །རྐྱེན་དང་བར་ཆད་ཞི་བར་མཛོད། །ཅེས་བདག་དང་ཡོན་གྱི་བདག་པོའི་གྲིབ་གདོན་ཐམས་ཅད་ངར་མི་རྒྱལ་བོའི་སྟེང་འཕོས་ཏེ། ཕོ་བཀྲ་ཡག་གི་མདའ་མདུང་དང་། མོ་བཀྲ་ཡག་གི་འཕང་གི་རྫོང་བ་དང་། བསང་རྫས་དུད་སྨུག་དང་བཅས་ལམ་དང་གནས་སྟོན་པ་ནི། ཉི་མ་ཤར་ཕྱོགས་ཕ་གི་ན། །མུན་པ་ནག་པོའི་ཀློང་དཀྱིལ་ན། །གྲིབ་བདག་ནག་པོ་གནས་དེར་བདེ། །གྲིབ་མཁར་ནག་པོ་རྫོང་རེ་བཙན། །གྲིབ་ཁང་ནག་པོའི་གཏིང་རིམ་ན། །ཟས་ནོར་གཡོག་འཁོར་ཕུན་སུམ་ཚོགས། །གྲིབ་བདག་ནག་པོ་དེར་སོང་ཤིག །འདི་ན་ཁྱེད་ཀྱི་གནས་མ་མཆིས། །གྲིབ་རྣམས་ཁྱེར་ལ་དེར་སོང་ཤིག །ཅེས་མི་འདོད་པའི་གྲིབ་གདོན་ཐམས་ཅད་ངར་མིར་བསྟིམས་ནས། དེས་གྲིབ་གདོན་ཐམས་ཅད་འཁྱེར་ནས། ལྷ་ཁང་ཞིག་རལ་ཅན་སོགས་སུ་བསྐྱལ་ཏེ། མཐར་མི་དམིགས་པའི་རྒྱས་འདེབས་དགོས་སོ། །

གཞན་ཀརྨ་ཆགས་མེད་ཀྱི་གསུང﹙﹝ཐ﹞དུམ་པའི་ནང་གསལ﹚ན་ཁྲོ་བོ་སྨེ་བརྩེགས་ཀྱི་སྒོ་ནས་གྲིབ་མནོལ་སེལ་ཚུལ་ནི། ཆོ་ག་དེར་ཁྲོ་བོ་སྨེ་བརྩེགས་ཀྱིས་མཁའ་འགྲོ་སྡེ་ལྔ་སོགས་བསྐུལ་ཏེ་གྲིབ་བདག་ལ་དྲག་ཟོར་གཏོང་སྲོལ་ནི། ད་ནི་མདོས་གླུད་གཏོང་རེ་རན། །ད་ནི་ཁྲག་ཟོར་འཕེན་རེ་རན། །མཁའ་འགྲོ་སྡེ་ལྔའི་ཕྱག་བརྙན་མ། །ཤུགས་འགྲོ་ལྔ་ཡི་ཕོ་ཉ་མོ། །མ་བདུད་ཆེན་མོའི་ལས་མཁན་མོ། །མ་མོ་འབུམ་གྱི་ཚོགས་དང་བཅས། །ནད་བདག་ཆེན་མོ་ལས་ལ་ཆོས། །ཟོར་བདག་ཆེན་མོ་ཟོར་ལ་བཞེངས། །སྐུ་མདོག་མཐིང་ནག་ལྷགས་སེ་ལྷགས། །སྤྱན་གསུམ་སྡང་མིག་ཧྲིགས་སེ་ཧྲིགས། །ཁྲག་གི་རལ་བ་ཤ་ར་ར། །ཐུན་དང་དུག་རླངས་ཆི་ལི་ལི། །ཞལ་ནས་བྷྱོ་ཟློག་དི་རི་རི། །རུ་ལུའི་སྒྲ་སྐད་འུ་རུ་རུ། །དུལ་བརྡབ་གཡབ་མོ་ལིངས་སེ་ལིངས། །ཧཱུཾ་དང་ཕཊ་སྒྲ་དི་རི་རི། །མདའ་ཟོར་སྐྱ་བོ་ཤ་ར་ར། །ཉུངས་ཟོར་རྦབ་ཏུ་ཧྲི་ལི་ལི། །མཚེ་ཟོར་མདའ་ལྟར་ཏ་ལ་ལ། །གཏོར་ཟོར་སྒྱོགས་འདེབས་ཆེམས་སེ་ཆེམས། །ཁྲག་ཟོར་དུག་རླངས་ཆི་ལི་ལི། །རྡོ་ཟོར་ཐོག་ལྟར་ཤ་ར་ར། །རྩང་ཟོར་ངར་སྐད་འུ་རུ་རུ། །གྲིབ་ཟོར་མེ་འབར་ལྷབས་སེ་ལྷབས། །ཐམས་ཅད་རུ་མཚོན་རོངས་སེ་རོངས། །མ་མོའི་དཔུང་ཚོགས་ཉི་ལི་ལི། །བདག་དང་རྒྱུ་འབྱོར་འཁོར་བཅས་ཀྱི། །ནད་གདོན་རྐྱེན་ངན་བཟློག་ཏུ་གསོལ། །ཆག་ཆེ་ཉམ་ང་བཟློག་ཏུ་གསོལ། །བར་ཆད་རྐྱེན་ངན་བཟློག་ཏུ་གསོལ། །ནད་ཁ་དལ་ཡམས་བཟློག་ཏུ་གསོལ། །རྦོད་གཏོང་རྦད་འདྲེ་བཟློག་ཏུ་གསོལ། །བྱད་ཁ་ཟོར་ཁ་བཟློག་ཏུ་གསོལ། །གཏད་ཁ་ཕུང་སེལ་བཟློག་ཏུ་གསོལ། །ཕྲ་མེན་རླུང་འཁོར་བཟློག་ཏུ་གསོལ། །རྨི་ལྟས་མཚན་ངན་བཟློག་ཏུ་གསོལ། །ཞེས་གསུངས་ལ།

ལྷ་བསང་གཏོང་བ་འདི་ཡང་སྤྱིར་ལྷ་ལ་མཆོད་པ་བྱེད་སྲོལ་དུ་གཏོགས་ཀྱང་། བྱེ་བྲག་ཏུ་བསང་བ་ཞེས་པའི་ཐ་སྙད་འདི་བཙོག་གྲིབ་སོགས་གཙང་སེལ་བྱེད་པའི་ཐབས་ལམ་ཞིག་ཀྱང་ལགས་ཏེ། བསང་གི་དག་གཙང་སྔོན་འགྲོ་ལས། སྟེང་གི་ལྷ་ཡང་བསང་བར་བྱ། །འོག་གི་ཀླུ་ཡང་བསང་བར་བྱ། །བར་གྱི་གཉན་ཡང་བསང་བར་བྱ། །གདན་ཁྲི་རྣམས་ཀྱང་བསང་བར་བྱ། །ཆས་གོས་རྣམས་ཀྱང་བསང་གྱུར་ཅིག །ཅེས་པས་རྟོགས་ལ། གཞན་བྱབས་ཁྲུས་འདི་ཡང་། ཉམས་གྲིབ་དང་ནད་གདོན་སྡིག་སྒྲིབ་དག་བྱེད་ཅིག་སྟེ། བྱབས་ཁྲུས་ཀྱི་ཆོ་ག་དག་ལས། དཀར་ཕྱོགས་སྐྱོང་བའི་སྲུང་མ་ལྷ་ཀླུ་གཞི་བདག་རྣམས་དང་རི་ཀླུང་གནས་ཁང་སོགས་ལ་ཉམས་གྲིབ་སེལ་ཕྱིར་དང་། དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ཞི་བ་ལས་བྱུང་བའི་བུམ་པའི་ཆུས་རྡོ་རྗེ་སློབ་མའི་སྤྱི་བོ་ནས་རྐང་མཐིལ་གྱི་བར་ཕྱི་ནང་ཐམས་ཅད་དབང་བོའི་སྒོ་དང་བ་སྤུའི་བུ་ག་སོགས་ནས་ཐོན་ཏེ་བྱང་ཞིང་དག་པར་གྱུར། ཞེས་པས་མཚོན་ནོ། །

ཕན་ཡོན་ཡང་། འདོན་ཆོག་དེའི་ནང་། དམ་ཚིག་ཉམས་ཆག་གསོ་བ་དང་། མཚམས་མེད་ལྔའི་གྲིབ། བྱད་ཁ་ཕུར་ཁ་དང་། ནད་དང་གདོན་བགེགས། མཁའ་འགྲོའི་བཀའ་ཆད་དང་ཆག་ཆེན་ཉམ་ང་བཟློག་པ། མཁའ་འགྲོ་དང་མི་ནོར་ཟས་གསུམ་འདུ་བ། མཆོག་ཐུན་གྱི་དངོས་གྲུབ་འགྲུབ་པར་བཤད་དོ། །

གཞན་ཡང་། གླིང་སྒྲུང་ལྷ་གླིང་གབ་ཙེ་ལས། སློབ་དཔོན་པདྨ་འབྱུང་གནས་ཁོང་ཀླུ་ཡུལ་ལ་གདན་དྲངས་ནས་མནོལ་བསང་གཏོང་དུས། ལྷ་འདྲེ་མགུ་བའི་ཡས་དང་། གདོན་ཆེན་བརྫང་བའི་གཏོ་ལ་བདུད་རྩིའི་ཤིང་སྣ་ཇི་སྲིད། གཙང་མའི་ཆུ་སྣ་ཇི་སྲིད། གསོ་བའི་སྨན་སྣ་ཇི་སྲིད། སེར་བོ་གསེར། ཁམ་པ་དངུལ། དམར་བོ་ཟངས། སྔོན་པོ་གཡུ། དྭངས་མའི་ཤེལ་ཏེ་རིན་ཆེན་སྣ་ལྔའི་བུམ་པ་ཀུ་ཤའི་རྒྱན་ཅན། རྩལ་ཆེན་སེང་། འདོད་འཇོ་བ། ཟ་ལེ་འབྲི། ཤེལ་སྒོང་ལུག ཚེ་ཚེའི་ར་རྣམས་ཀྱི་འོ་མ། ལྷ་གཞི་དཀར་བོ་དྲི་མེད། ལྷ་དུང་དཀར་བོ་གཡས་འཁྱིལ། ལྷ་བཤོས་དཀར་བོ་འདབ་རྒྱས། ལྷ་མདའ་དཀར་བོ་ཚིགས་གསུམ་སོགས་བསང་རྫས་བསྡུས་ཤིང་། རྫས་རྣམས་ལ་གཟུངས་སྔགས་ཀྱི་བྱིན་གྱིས་བརླབས་ནས། རིན་ཆེན་ལྔའི་བུམ་པའི་ནང་། སྲོག་ཆགས་ལྔའི་འོ་མས་བཀང་། རྩི་སྨན་ཁ་ཚར་བཏབ། བཟང་ཤིང་གི་དུ་བ་བཏང་། ཆུ་སྣ་ལྔའི་བསང་ཆུ་དེ་ཀུ་ཤའི་འཐོར་གཡོབ་ཀྱིས་གཏོར་ནས་མནོལ་གྲིབ་བསངས། ཞེས་བཤད་དོ། །

༤ གྲིབ་སེལ་གྱི་ཕན་ནུས། མནོལ་བསང་འདི་ནར་མར་གདུག་ན། སྟེང་འོག་བར་གསུམ་གྱི་གདོན་བགེགས་ཇི་སྙེད་དང་། བཙའ་སེར་སད་གསུམ། ཡམས་ནད་མུ་གེ མཚན་ལྟས་ངན་པ། མགོ་དང་ཡན་ལག་ཞ་གྲུམ། འཐབ་རྩོད་འཁྲུག་ལོང་སོགས་སེལ་བ། ཁམས་བདེ་བག་ཕེབས་པ། ཁྱད་པར་དུ་བྱེས་ལྷ། མགྲོན་ལྷ། གཞི་ལྷ། ཡུལ་ལྷ། ཁང་ལྷ། རྦ་ལྷ། ནོར་ལྷ། ཐབ་ལྷ། གྲོགས་ལྷ་སོགས་མནོལ་བ་མཐའ་དག་སེལ་བའི་ཕན་ནུས་དང་། ལོ་རྒྱུས་ཀྱི་སྟེང་ནས་དངོས་བྱུང་བཀོད་ནའང་། ཁྲི་སྲོང་ལྡེ་བཙན་གྱི་བཙུན་མོ་མོང་བཟའ་ལྷ་ལྕམ་ལ་བཙོག་མནོལ་གྱི་བུ་ཞིག་སྐྱེས་པས། བཙུན་མོས་གསང་ནས་ཁོལ་མོ་ལ་གཏད་དེ། སུས་ཀྱང་མ་མཐོང་བར་དུར་དུ་སྦས་ཤིག་ཅེས་གདམས་པ་བཞིན་དུར་དུ་སྦས་པ། ས་བདག་གི་ལྟོ་བར་འཕྲད་པས། ཡུལ་ལྷ་ཐམས་ཅད་ལ་གྲིབ་ཕོག་པས་ལྷ་འཁྲུགས་བྱུང་སྟེ། བཙའ་སེར་སད་གསུམ་དང་། ནད་ཡམས་མུ་གེ་བྱུང་བ་དང་། ཁྱད་པར་དུ་རྒྱལ་བོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་ཁམས་མ་བདེ་བས། སློབ་དཔོན་པད་འབྱུང་གིས། མནོལ་བསང་ལྷ་ཆབ་སྔོན་མོ་གསུངས་ཏེ་ཆོ་ག་བསྟར་བས། རྒྱལ་བོ་སྙིང་ནད་ལས་གྲོལ་བ་དང་། ད་དུང་ཕན་ནུས་སུ། ལྷ་དང་སྲུང་མ་འཁོར། ཟས་ནོར་ལོངས་སྤྱོད་ལ་བྱིན་ཆགས། འབྱུང་བ་སྙོམས་ལ་གྲགས་དང་གཟི་བརྗིད་བསྐྱེད། ཁམས་དང་དབང་བོ་གསལ། སྣང་སྲིད་ལྷ་འདྲེ་དང་འགལ་རྐྱེན་བར་ཆད་ཀྱི་མི་གོས་པ་སོགས་ཕན་ནུས་རྒྱ་ཆེར་གསུངས་སོ། །

ནང་མ།

ནང་མ་ཞེས་པའི་ཐ་སྙད་འདི། དབྱངས་ཀྱི་བཀའ་ནང་དུ་གསལ་བའི་ཞང་ཞུང་མང་ནང་མ་ཞེས། མང་ནི་མང་ཡུལ་སྟེ་མངའ་རིས་ཀྱི་ཆར་གཏོགས་ས་ཆ་ཞིག་དང་། ནང་མ་ཞེས་པ་དེ་ནས་བྱུང་བའི་གནའ་དུས་ཀྱི་རོལ་དབྱངས་ཞིག་གི་མིང་དུ་བཤད་པ་དང་། ཡང་ཁ་ཅིག གཙང་བ་སྡེ་སྲིད་ཕུན་ཚོགས་རྣམ་རྒྱལ་གྱིས་སྟོད་ཁུལ་ནས་འགུགས་འབོད་བྱས་པའི་རོལ་མཁན་སྐོར་ཞིག་ཁོའི་གཟིམ་ཆུང་ནང་མར་འཁྲབ་སྟོན་བྱེད་བཅུག་པས་ཐོགས་པ་དང་། ལ་ལས། སྡེ་སྲིད་སངས་རྒྱམ་དང་རྒྱལ་བ་ཚངས་དབྱངས་པས་གཟིམ་ཆུང་ནང་མར་འཁྲབ་སྟོན་བྱེད་བཅུག་པས་ཐོགས་པར་བཤད་པ་དང་། གང་ལྟར་གནའ་བོའི་དམངས་ཁྲོད་ཀྱི་རོལ་མོ་དང། ཞབས་བྲོའི་སྟངས་སྟབས་བསྒྱུར་བའི་གླུ་གར་གྱི་རྣམ་པ་ཞིག་ཡིན་ལ། དེ་ཡང་། རྒྱལ་དབང་ལྔ་བའི་སྐུ་དུས་ཙམ་ནས་སྡེ་སྲིད་སངས་རྒྱས་རྒྱ་མཚོས་འགན་བཞེས་ཀྱིས། ནང་མའི་སྐྱིད་སྡུག་ཅེས་དམངས་ཁྲོད་དུ་རྒྱུན་སྲོལ་གླུ་གར་ཚོགས་པ་འདི་དར་སྤེལ་བཏང་བ་ཡིན། ནང་མའི་གླུ་གཞས་ཀྱི་གྲུབ་ཆ་ཁག་གསུམ་དུ་དབྱེ་ཆོག་ལ། དང་བོ་འཇོག་དང་། བར་དུ་རྒྱང་གཞས། མཇུག་ཏུ་འཁྲིག་གཞས་བཅས་ཡིན། གཞས་ཚིག་ཕལ་ཆེར་ནི་ཚེག་བར་དྲུག་མ་ཡིན།

ནང་དོན་ཡང་། འཚོ་བའི་བདེ་སྡུག་མེ་ལོང་དུ་འཆར་བ་བཞིན། ནང་དོན་ཕུན་སུམ་ཚོགས་པོར་ཡོད། རོལ་མོ་ནི། སྒྲ་སྙན། གླིང་བུ། ཡང་ཆིན། པི་ཝང་། གྷན་ཆག་སོགས་ལོངས་སྤྱོད་སྲོལ་ཡོད། ནང་མའི་གླུ་གར་ཚོགས་པ་འདི། སྔོན་དུས་རྫོང་རྒྱབ་ཀླུ་ཁང་གི་མཛད་སྒོ་དང་། དབྱར་སྐྱིད་བཀའ་ཤག་གི་མཛད་སྒོ། མང་ཚོགས་ཀྱི་དུས་མཆོད། བག་སྟོན། ཚོང་རིགས། དམངས་ཚོགས་ཁྲོད་ཀྱི་ཆང་ས། དབྱར་དུས་སུ་གླིང་ཀ་གཏོང་བ། གཞུང་སྒེར་དང་དུད་ཁྱིམ་སོ་སོར་བཀྲ་ཤིས་པའི་དོན་ཆེན་གང་ཞིག་བྱུང་རུང་། ནང་མའི་སྐྱིད་སྡུག་ཚོགས་པ་འདི་གདན་ཞུ་བྱེད་སྲོལ་ཡོད། རིམ་གྱིས་སྤྱི་ཚོགས་ཀྱི་ལས་སྒོ་འཕེལ་འགྱུར་བྱུང་བར་བརྟེན། གྲོང་དང་གྲོང་ཁྱེར་གྱི་གླིང་ཀའི་མཛེས་ལྗོངས་སོགས་དང་། ཆང་ཁང་དང་གླུ་གར་གྱི་ཕོ་བྲང་བཙུགས་པ་ཐམས་ཅད་ལ་ནང་མ་ཞེས་འབོད་སྲོལ་བྱུང་ངོ་། །

གཡག་མགོ

གཡག་མགོ་འམ་འབྲོང་མགོ་འདི་ཁྱིམ་ཚང་དང་། སྒོའི་ཡ་ཐེམ་དུ་འཇོག་སྲོལ་ཡོད་པ་འདི་ཅི་ཡིན་ཞེ་ན། བོད་རིགས་ཀྱི་མཚོན་རྟགས་ཐུན་མོང་མ་ཡིན་པ་སྟེ། གངས་ཅན་གྱི་ཁྱད་ཆོས་སུ་ཐང་ཤིང་སྐྱེས་ཤིང་། གཡག་གི་རྨིག་པས་རྡོ་བཅག་པ་སོགས་བཤད་ལ། རྒྱ་གར་བ་ཞིག་བོད་དུ་ཡོང་དུས། ཆེས་ངོ་མཚར་བ་གཉིས་མཐོང་བའི་གཅིག་ནི་གཡག་ཅེས་བྱ་བའི་སྲོག་ཆགས་ལྟོ་བའི་སྤུ་རྐང་ལག་སྒྲིབ་པ་འདི་ཡིན་ལ། བོད་ནས་ཡོང་བའི་རྒྱ་གར་བ་རྣམས་ལ། གཡག་མཐོང་ངམ་ཞེས་གཏམ་གྱི་དང་བོར་འདྲི་བར་བཤད། ད་ལྟ་ཡང་། ཕྱི་གླིང་བ་ཀུན་རང་རེའི་གཡག་འདི་ལ་ཧ་ཅང་མཚར་བོ་བྱེད་པས། བོད་ཀྱི་མཚོན་རྟགས་སུ་བཞག་ཆོག་པར་དགེ་ཆོས་ཀྱིས་གསུངས་པ་དང་། དེ་བས། བོད་རིགས་ཀྱི་དུད་ཚང་གི་སྒོའི་ཡ་ཐོད་དུ་གཡག་མགོ་འཇོག་པ་འདི། བོད་ཀྱི་གདོད་མའི་ཆོས་ལུགས་ལྷ་གསོལ་གོམས་སྲོལ་གྱི་ཤུལ་རྒྱུན། ད་ལྟའི་བར་དར་བར་བཤད་ལ། དེས་གདོན་བགེགས་གནོད་བྱེད་ཀྱི་རིགས་འགོག་ཐུབ་པར་བཤད་དོ། །

ལུག་མགོ

གནམ་ལོ་གསར་ཚེས་ཀྱི་སྐབས་སུ། ལུག་མགོ་སྒྲིག་སྲོལ་ཡོད་པ་འདི་ལ་བཤད་སྲོལ་འགའ་ཞིག་ཡོད་པ་འདིར་བཀོད་ན། འགའ་ཞིག་གིས། གདོད་མའི་བོན་ཆོས་ཀྱི་དམར་མཆོད་འབུལ་སྲོལ་གྱི་ཤན་ཞུགས་པར་བཤད་པ་དང་། དེ་ཡང་བདེན་ཤོས་ཆེ་སྟེ། རེབ་གོང་སེང་གཤོང་གི་དྲུག་པའི་ཀླུ་རོལ་སྐབས་སུ། ཨ་མྱེས་བྲན་རྒོད་ཀྱི་ལྷ་སྒམ་དམག་དཔོན་ཁང་དུ་བཞུགས་རྗེས། ལུག་མགོའི་གཟུགས་བརྙན་ཞིག་འཁྱེར་ཡོང་སྟེ། གཡོན་བསྐོར་བྱེད་ཅིང་མཆོད་བཀུར་བྱེད་པ། ད་ལྟ་ཡང་དངོས་སུ་མཐོང་རྒྱུ་ཡོད་དོ། །དེ་ཡང་མདོར་ན་མཚུན་གྱི་ལྷ་ལ་མཆོད་པ་སྟེ། མཚུན་བཅོས་རྣམས་སུ། མཚན་ལུག་འདི་ལ་རྟེན་ཆོས་བརྟན་པར་བཞུགས། །མཚུན་མགོ་སོང་བ་ལུག་གི་མགོ་ཡིས་བཅོས། །མཚུན་སྙིང་འགྲམ་པ་ལུག་གི་སྙིང་གིས་བཅོས། །ལྕེ་ཡི་མཚུན་གྱིས་ལྐུགས་པ་ཁ་འབྱེད་པ། །མཚུན་ལུག་ཕུལ་བས་མཚུན་རྣམས་བདེ་གྱུར་ཅིག །ཅེས་པ་དང་མཐུན་ནོ། །

ཁ་ཅིག བན་བོན་གཉིས་ཀྱི་གཏོ་ཆོག་སོགས་སུ། བླ་འགུགས་སྒྲུབ་སྐབས་ཕུར་བུའི་ནང་བླ་ལུག་ཕོ་མོ་གང་ཡིན་རྟགས་དང་ལྡན་པ་ཚོན་གྱིས་བརྒྱན་ཏེ་བཤམས་པ་དང་། ཁྱད་པར་དུ་བླ་ལུག་དངོས་མདུན་དུ་བཏགས་ནས། བདེན་སྟོབས་ཀྱིས་སྦྱིན་བདག་གི་བླ་ཚེ་ཡར་བ་འཐོར་བ་འཁྱེར་བ་ཉམས་པ་བརྐུས་པ་འཕྲོག་པ། རང་དབང་མེད་པར་བཀུགས་ཏེ། མདུན་གྱི་བླ་རྟེན་ལ་བསྟིམ་ནས། ཀྱེ། བླ་ཡི་ལུ་གུ་དཀར་བོ་ལ། །ཡ་མཚན་ཅན་གྱི་དར་སྣས་བརྒྱན། །བླ་ཡི་རྟེན་དུ་ཁྱེད་ལ་འབུལ། །བླ་རྐང་གཡས་པ་བླ་ཡི་རྟེན། །བླ་རྐང་འདི་ལ་བླ་ཁུགས་ཅིག །ཅེས་བླ་རྟེན་དུ་ལུག་ཕུལ་དེ་ཚེ་ཐར་དུ་གཏོང་སྲོལ་ཡོད་པ་དེ། རིམ་གྱིས་སྟབས་བདེར་བཟོས་ཏེ། ལུག་མགོའི་མཆོད་པ་སྒྲིག་སྲོལ་དུ་གྱུར་བར་བཤད་པ་ལ་གནས་ལུགས་ཚད་ལྡན་ཡོད་དེ། བླ་བླུ་བསྡུས་པ་འཆི་མེད་སྲོག་སྦྱིན་ལས་ཀྱང་། བླ་ལུག་བསྐོར་ནས་རྟེན་ལ་ཁ་ཕྱོགས་ན་ཁུགས་པའི་རྟགས་སོ་གསུངས་པས་ཀྱང་ཤེས་སོ། །གཞན་དུ་སྔགས་པ་རྣམས་ཀྱིས་ས་སྒོ་དང་གནམ་སྒོ་བསྡམས་པ་ཟེར་བའི་ལུག་གི་མགོ་ལ་བལ་སྐུད་ཚོས་སྣ་ལྔས་དཀྲི་བ་དང་། བལ་ཚོན་སྣ་ལྔའི་མདོས་བཟོས་ཏེ་སྒོ་སྟེང་དུ་སྒོ་ལྷའི་ཚབ་དུ་འཇོག་སྲོལ་ཡོད་པ་དེ་ཡང་ལུག་མགོ་བཤམས་སྲོལ་གྱི་ཁུངས་སུ་གཙིགས་སམ་སྙམ་མོ། །

ལ་ལས། བོད་ཀྱི་སྲིད་བློན་ཆེན་པོ་བཞིས། བོད་རྒྱལ་ལ་རྒྱ་བཟའ་ཞིག་བཞེས་དགོས་པའི་གྲོས་བྱེད་སྐབས། སོ་སོས་ཤ་གཟུག་རེ་འཁྱེར་ཏེ། འོ་ཐང་གི་མཚོ་འགྲམ་ན་སྟར་ཁའི་སྡོང་བོ་ཞིག་ཡོད་པ་དེའི་བསིལ་གྲིབ་ལ་འཛོམས་དུས། ལུག་ཤ་ཆ་ཚང་ཞིག་ཆགས་པ་ཡིན། ཁོང་ཚོས་ཤ་བུབས་དེ་ཟ་ཞོར། གྲོས་བསྡུར་བརྒྱུད་དོན་སྙིང་ལྡན་པའི་བྱ་བཞག་ཅིག་བསྒྲུབས་པས། ཕྱིས་སུ་ཚང་མས་དེ་རྟེན་འབྲེལ་བཟང་ཤོས་ཤིག་ཏུ་བརྩིས་ཏེ། གནམ་ལོ་གསར་ཚེས་དང་དོན་སྙིང་ལྡན་པའི་བྱ་བ་སྒྲུབ་ཚེ། ཤ་ཁོག་སྒྲིག་སྲོལ་དར། རིམ་གྱིས་དེ་སྟབས་བདེར་བཏང་སྟེ། ལུག་མགོ་སྒྲིག་སྲོལ་དར་བར་བཤད་པ་དང་། དེ་ཡང་བདེན་མཆི་སྟེ། ཁ་དཔེར་ཡང་། ལོ་སར་དང་ལུག་མགོ ཞེས་བརྗོད་སྲོལ་ཡོད་ལ། དེ་ཡང་དཔྱད་བརྗོད་པ་རྣམས་ཀྱིས། བྱ་བ་ཞིག་སྤྱི་ཡོངས་ནས་བཀོད་སྒྲིག་བྱས་པའི་ནང་དུ། འཆར་ཅན་ཡིན་པའི་བྱེ་བྲག་གི་བྱ་བཞག་རྣམས་རང་ཤུགས་ཀྱིས་ཚུད་པ་དེ་ནི། ཤོད་མི་དགོས་པར་ངམ་ཤུགས་ཀྱིས་འདུས་པ་ཡིན་པས་འགྲེལ་བརྗོད་གནང་ཡོད་པའང་། གོང་གསལ་ངག་རྒྱུན་དང་ཧ་ཅང་མཐུན་ནོ། །

གཞན་ཡང་། དབུས་གཙང་ཆོས་འབྱུང་དུ་སྤྱི་ལོ ༨༨༢ ལོར་བོད་ཐང་གཉིས་ཀྱིས་ལྷ་ས་རུ་ཕན་ཚུན་བར་མནའ་བཞག་མཛད་ནས་ར་ལུག་གི་གཟུགས་བརྙན་སྣ་ཚོགས་མར་གྱིས་བཟོས་ཏེ་མཆོད་འབུལ་བྱེད་སྲོལ་ཡོད་པར་ཡང་བཤད་དོ། །རྗེའི་རྣམ་ཐར་ཆེན་མོ་ལས་ཀྱང་། སྐྱོར་མོ་ལུང་བའི་སྦྱིན་བདག་རྣམས་ཀྱིས་ཞུས་ཚེ། འབུལ་བ་སྦམ་མི་དམན་པ་ཕུལ་བའི་ནང་དུ་ལུག་མགོ་བདུན་ཀྱང་ཕུལ་བར་གསུངས་ཡོད་དོ། །

མདའ་དང་འཕང་གི་མཚོན་དོན།

གནའ་བོའི་ཆོ་ག་རྣམས་སུ། སྟང་གི་སྲོག་མདའ་ཉ་མིག་དང་། །དབྱལ﹙སྟང་དང་དབྱེལ་ནི། བཟའ་ཚང་ཕོ་མོ་ལ་ཟེར﹚གྱི་གསེར་འཕང་གཡུ་ལོ་གཉིས། །དང་བོ་སྐྱེས་པ་སོ་སོར་སྐྱེས། །བར་དུ་སྨིན་པ་སོ་སོར་སྨིན། །ཐ་མར་བསྡུས་པ་གཅིག་ཏུ་བསྡུས། །བཅོལ་ལོ་ལྷ་ལ་བཅོལ། བཏགས་སོ་ལྷ་ལ་བཏགས། ཞེས་དང་། ཕོ་སྲོག་དེ་ནི་མདའ་ལ་བརྟེན། །མོ་སྲོག་དེ་ནི་འཕང་ལ་བརྟེན། །མདའ་འཕང་གཉིས་ནི་ལྷ་ལ་བཅོལ། །མདའ་འཕང་དེ་ནི་མ་འབྲལ་ཅིག །ཅེས་གསུངས་པ་ལྟར། སྐབས་འདིར་མདའ་ཞེས་པ་འཕང་ཤིང་ལ་མདའི་བཟོ་དབྱིབས་ཡར་ལྡན་དུ་ཚང་བ་རྟོགས་སླ་ལ། འཕང་ཤིང་སྟེ་མདའ་མོ་ནི་ཕོ་ལས་ཀྱི་གཙོ་བོ་ཡིན་པས་ཕ་རྒྱུད་ཆོ་རིགས་མཚོན་བྱེད་དང་། ཕོ་སྲོག་མདའ་ལ་བརྟེན་པར་མ་ཟད། གནའ་བོའི་ཆོ་ག་རྣམས་སུ། བུ་ཞིག་བཙས་ན་སྔས་སུ་མདའ་ཞིག་འཛུགས་པ་སོགས་འགྲེལ་བརྗོད་སྣ་ཚོགས་གནང་རྒྱུ་ཡོད་དེ། རྣམ་སྲས་ཀྱི་གཡང་འགུགས་ཆོ་ག་དགོས་འདོད་ཆར་འབེབས་ལས། དང་བོ་བུ་ཞིག་སྐྱེས་ཙ་ན། །སྔས་སུ་མདའ་ཞིག་ཐར་གྱིས་བཙུགས། །སྲོག་མདའ་ཉ་མིག་བྱ་བ་ལགས། །ཕོ་སྲོག་མདའ་ལ་བརྟེན་པ་ཡིན། །བཀྲ་ཤིས་དཔལ་མདའ་སྒྲོ་དཀར་གྱི། །མདའ་ལྟོང་གནམ་དུ་བསྟན་པ་འདི། །མངའ་ཐང་དགུང་དང་མཉམ་པ་ཡིན། །སྒྲོ་ཡི་ཡུད་གསུམ་གྱོན་པ་འདི། །མི་ནོར་ཟས་གསུམ་འཕེལ་བའི་དོན། །སྙུག་མ་ཚིགས་གསུམ་ཡོད་པ་འདི། །ལུས་ངག་ཡིད་དང་གསུམ་པོ་ཡིན། །མཚལ་དམར་མདངས་དང་ལྡན་པ་འདི། །ཁ་མདོག་མདངས་དང་ལྡན་པ་ཡིན། །མདེའུ་ལྕགས་ལས་བྱས་པ་འདི། །ཕོ་སྲོག་ལྕགས་ལ་བྱས་པ་ཡིན། །དར་ཚོན་སྣ་ལྔས་བརྒྱན་པ་འདི། །དབང་བོ་སྒོ་ལྔ་ལྡན་པ་ཡིན། །སྲིད་པའི་དཔལ་མདའ་སྒྲོ་དཀར་འདི། །ཇོ་བོའི་ཕྱག་ཏུ་འབུལ་གྱིས་བཞེས། །ཞེས་དང་།

ཡང་། འཕང་ཞེས་པ་ཤིང་རྟའི་འཕང་ལོ་ལྟ་བུར་དཔྱད་ན་འཁོར་ལོ་ལ་གོ་བ་ལྟར། འཕང་ལོ་ལ་བྱ་བས། འཕང་ནི་མོ་ལས་ཀྱི་གཙོ་བོ་ཡིན་པས་མ་རྒྱུད་ཆོ་འབྲིང་མཚོན་བྱེད་དུའང་འགྲོ་ལ། ཡང་། བུ་མོ་ཞིག་བཙས་ན་སྔས་སུ་འཕང་ཞིག་བཞག་སྟེ། འཕང་ལོ་ལ་འགྲེལ་བརྗོད་སྣ་ཚོགས་གནང་རྒྱུ་ཡོད་དེ། གཡང་འགུགས་ཀྱི་ཆོ་ག་དེ་ལས། མ་ལ་བུ་མོ་སྐྱེས་ཙམ་ན། །སྔས་ལ་འཕང་ཞིག་ཐར་གྱིས་བཙུགས། །བཀྲ་ཤིས་གསེར་འཕང་གཡུ་ལོ་འདི། །སྐེད་པ་འཛུམ་ལ་འདྲིས་པ་འདི། །ནོར་ཟས་གཡང་དང་ལྡན་པ་ཡིན། །གཡུ་ཡི་འཕང་ལ་བསྐོར་བ་འདི། །འཁོར་གཡོག་མདངས་དང་ལྡན་པ་ཡིན། །འཕང་བཏེག་རྡོ་ལ་བྱས་པ་ཡི། །མོ་སྲོག་རྡོ་ལས་སྲ་བ་ཡིན། །བཀྲ་ཤིསགསེར་འཕང་གཡུ་མོ་འདི། །བུ་མོ་སེང་ལྕམ་ཕྱག་ཏུ་འབུལ། །ཞེས་པ་ལྟར། མདའ་དང་འཕང་ནི་ཕོ་མོའི་མཚོན་དོན་དུ་འགྲོ་བས། འཕང་ཤིང་དེ་འཕང་ལོར་སྤྲད་པ་ནི། ཕྱོགས་གཅིག་ནས་ཕོ་མོ་མཐུན་འཇུག་གི་གཉེན་སྒྲིག་དང་། གཉིས་ནས་ཁྱོ་ཤུག་གི་མཐུན་སྒྲིལ་མཚོན་པར་མ་ཟད། གཞན་ཡང་། འཕང་ནི་རྩིད་སྐུད་འཁེལ་བྱེད་ཡིན་པས། རྩིད་སྐུད་ཀྱིས་དུད་ཁྱིམ་མགོ་སྦྲ་བཟོས་ཏེ། གཞིས་ཁྱིམ་གཅིག་གི་ནང་དགའ་སྐྱིད་དཔལ་ལ་རོལ་བར་ཡང་མཚོན་ནོ། །གཞན་ཡང་། བོད་ཀྱི་གདོད་མའི་ཡུལ་སྲོལ་དང་སྦྱར་ཏེ། མདའ་ནི་སྐྱེས་པའི་སྲོག་ཚབ་དང་། འཕང་ནི་བུད་མེད་ཀྱི་སྲོག་གླུད་དུ་གཏོང་བ་འདོན་ཆོག་རྣམས་སུ་མང་སྟེ། སྲིད་པ་མཁའ་འགྲོའི་གླིང་བཞི་སྤྱི་མདོས་ལས། མདའ་ནི་མཁའ་འགྲོའི་སྐུ་ཡི་རྟེན། །སྐྱེས་པ་ཕོ་ཡི་གླུད་དུ་འབུལ། །འཕང་ནི་མཁའ་འགྲོ་མཐུན་པའི་རྫས། །ཟ་མ་མོ་ཡི་གླུད་དུ་འབུལ། །ཞེས་དང་། ཀརྨ་ཆགས་མེད་ཀྱི་གཏོ་ཆོག་ལས་ཀྱང་། མདའ་བཀྲ་སྐྱེས་པ་སྟག་ཆས་བརྒྱ། །གཅིག་ལས་བརྒྱ་སྟོང་དུ་མ་འཕྲོ། །སྐྱེས་པ་ཕོ་ཡི་གླུད་དུ་འབུལ། །འཕང་བཀྲ་མོ་བཙུན་གསེར་གཡུས་བརྒྱན། །གཅིག་ལས་བརྒྱ་སྟོང་དུ་མ་འཕྲོ། །ཟ་མ་མོ་ཡི་གླུད་དུ་འབུལ། །ཞེས་སོ། །

ཁྱད་པར་དུ་མདའ་མོ་ལ་མཚོན་ན་གཉེན་སྲོལ་གྱི་སྐབས་སྤྱོད་སྒོ་མང་སྟེ། དཔེར་ན། ཡུལ་ལུང་འགར་མཚོན་ན། ལྷ་མདའ་སྒྲོ་དཀར་དང་། ཚེ་མདའ་ཉ་མིག དཔལ་མདའ་གསུམ་ཡོད་ལ། ལྷ་མདའ་སྒྲོ་དཀར་ནི། འགོ་བའི་ལྷ་ལྔའི་རྟེན་དང་། ཚེ་མདའ་ཉ་མིག་ནི། ཁྱོ་གའི་མདའ་སྟེ་ཕོ་མཚོན་བྱེད་དང་། དཔལ་མདའ་ནི། མནའ་མའི་ཕས་གནས་རྫོང་དུ་ཕུལ་བ་ཡིན་པས་གཡང་རྟེན་ཡང་ཡིན་ནོ། །

དེ་ལས་གཞན། གནའ་མིའི་ངག་རྒྱུན་དུ། གཉེན་ལམ་མདའ་ཡིས་ཕྱེ། ཞེས་པ་ལྟར། གླིང་སྒྲུང་རྟ་རྒྱུགས་དཔྱིད་ཀྱི་ཉི་མ་ལས། གླིང་ཡུལ་སྟོད་སྨད་བར་གསུམ་གྱིས་འབྲུག་མོའི་སྐྲ་བདག་རྩོད་སྐབས། སེང་ལྕམ་འབྲུག་མོས་ལྷ་མདའ་དར་གྱིས་བརྒྱན་པ་དེ་འཕངས་ནས་ཇོ་རུའི་སྟེང་དུ་ཁྲ་སྤུངས་སེ་བབས་པར་བཤད་པ་དང་། ཡང་། བུ་མོའི་སྣང་སའི་རྣམ་ཐར་ལས། རི་ནང་དཔོན་པོས་བཙན་དབང་ལ་བརྟེན་ནས་བུ་མོ་སྣང་ས་ལ་གཡུ་དང་མདའ་དར་གྱིས་བརྒྱན་ཏེ་གཉེན་རྟགས་བརྒྱབ་པའི་སྐོར་བཤད་པ་བལྟས་ནའང་མདའ་ནི་གཉེན་རྟགས་ལ་བེད་སྤྱོད་གཏོང་བ་མཐོང་ཐུབ་བོ། །

ཕྲུ་གུའི་གདོང་ལ་ནག་དྲེག་བྱུགས་དོན།

བོད་ཀྱི་དམངས་ཁྲོད་རིག་གནས་ཀྱི་ཆ་ཤས་སུ་གྱུར་བ། ཕྲུ་གུ་སྒོ་ཕྱིར་འཁྲིད་ཚེ་ཐོད་དང་སྣ་མགོ་ཆག་དྲེག་བྱུགས་སྲོལ་དེ་ནི། ལན་ཆགས་བུ་ལོན་དང་ཟ་འདྲེ་གནོད་པས་མི་ཚུགས་པའི་དགོས་ཆེད་ཡིན། རྒྱུ་མཚན་དེ་ལ་དམངས་ཁྲོད་ཀྱི་ངག་རྒྱུན་འདྲ་ཆགས་པོ་ཞིག་ཡོད་དེ། སྔོན་གྱི་ཚེ་ཟམ་སྟེང་ཞིག་ན་གདོན་འདྲེ་གཉིས་ཀྱིས་འགྲིམ་འགྲུལ་ལ་གནོད་འཚེ་གཏོང་བཞིན་ཡོད། ཟམ་པ་དེའི་ཕ་རོལ་ན་འབྱོར་ལྡན་དུད་ཁྱིམ་ཞིག་ལ། གནའ་མ་ཞལ་གཟུགས་ལྟ་ན་སྡུག་པ་ཞིག་ལ་བྱིས་པ་སྙིང་རྗེ་བོ་ཞིག་ཀྱང་སྐྱེས་ཡོད། རྒྱུ་མཚན་དེ་གདོན་འདྲེ་གཉིས་ཀྱིས་ཤེས་ཏེ། གཅིག་གིས་ཁྱིམ་ཚང་དེ་དབྱེན་དཀྲུགས་བྱས་ནས་གནའ་མ་ཁྱིམ་ལས་ཕྱིར་སྤྲོད་རྒྱུ་དང་། ཅིག་ཤོས་ཀྱིས་ཟམ་ཁར་ཐོན་ཚེ་འཛིན་བཟུང་བྱས་ཏེ། གནའ་མ་དེ་ཁོ་གཉིས་ཀྱི་ཆུང་མ་བྱ་རྒྱུ་དང་། བུ་ཆུང་དེ་ཁ་ཟས་བྱ་རྒྱུ་གཏན་འཁེལ་བྱས། ཁྱིམ་དུ་དབྱེན་དཀྲུགས་བྱེད་པའི་སྐབས་དེ། གནའ་མས་ཐབ་ལས་བྱེད་བཞིན་གདའ་བས། བུ་ཆུང་གི་གདོང་ལ་དུད་དྲེག་བགོས་ཏེ། ཁ་ནས་སྒྲོལ་མ་དག་མི་དག་ཞིག་འདོན་བཞིན་འོང་བས། ཕ་ཁྱིམ་དུ་བདེ་བླག་ཏུ་འབྱོར། ཁྱིམ་གྱི་གདོན་འདྲེ་དེ་ཟམ་ཁར་ཐོན་ནས། ཅིག་ཤོས་ལ་ཁྱོད་ཀྱིས་གནའ་མ་དེ་མ་བཟུང་ངམ་ཞེས་དྲིས་ཚེ། ཁོས་འདི་གར་མི་གཅིག་ཀྱང་ཕྱིན་མ་སོང་། སྒྲོལ་མ་རྐང་ཆག་མ་ཞིག་དང་། ཁྲོ་བོ་གདོང་ནག་ཞིག་ཕྱིན་སོང་ཞེས་པ་རྒྱུ་མཚན་དུ་བྱས་ནས། མི་མ་ཡིན་གྱི་གནོད་འཚེ་འགོག་ཆེད་ཕྲུ་གུའི་གདོང་ལ་ནག་དྲེག་བྱུགས་སྲོལ་འདི་ད་ལྟའི་བར་དུ་རྒྱུན་འབྱམས་སུ་བྱུང་བར་གྲགས་སོ། །

དགུ་ཐུག་དང་གླུད་རྫོང་།

ལོ་རེའི་ལོ་རྙིང་གི་ཟླ ༡༢ བའི་ཚེས ༢༩ ཉིན་གྱི་དགོང་མོ་བོད་ཁམས་ཀྱི་ས་ཆ་ཡོངས་ན། བཟའ་མི་མཉམ་འཛོམས་ཀྱིས། དགུ་ཐུག་ལ་རོལ་ཅིང་གླུད་རྫོང་གཏོང་བ་ནི་ཀུན་གྱིས་ཤེས་གསལ་ཡིན། དམངས་སྲོལ་འདིའི་དམིགས་ཡུལ་ཡང་། རང་ཁྱིམ་དང་ནང་མི་ཡོངས་རྫོགས་ཀྱི་འགལ་རྐྱེན་མཐའ་དག་གཙང་ཕྱགས་བྱས་ཏེ། ལོ་གསར་བར་བདེ་སྐྱིད་ཕུན་ཚོགས་ཞུ་བ་དེ་ཡིན།

༡ གླུད་རྫོང་བྱེད་སྟངས། གླུད་རྫོང་ནི། ཐོག་མར་ཕྱེ་ཟན་སོགས་ཀྱིས་ངར་གླུད་བཟོས་ཏེ། སྣོད་ཆག་ནང་དུ་བཞག་ནས། མཐའ་འཁོར་དུ་ཇ་རོ་དང་སྦང་མ། ཁྱིམ་ནང་གད་ཕྱིས་བགྱིད་པའི་སྙིགས་རོ། ནང་མི་ཚང་མས་ཕྱེ་ཟན་གྱི་དྲིལ་ལོ་བྱས་ཏེ། ངག་ནས། ཨ་ཚ་ཚ། ཨ་ན་ན། ལུས་ཀྱི་ན་ཚ། སེམས་ཀྱི་སྡུག་བསྔལ། ལོ་གཅིག ཟླ་བ་བཅུ་གཉིས། ཞག་མ་སུམ་བརྒྱ་དྲུག་ཅུ་ལ། ནད་རིགས་བཞི་བརྒྱ་རྩ་བཞི། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་སོགས་མི་མཐུན་པའི་ཕྱོགས་ཐམས་ཅད་གདོས་གླུད་ཁྱེད་ཀྱིས་འཁྱེར་ལ། ཕྱིའི་རྒྱ་མཚོའི་ཕ་རོལ་ཏུ་སོངས་ཤིག ཅེས་བརྗོད་དེ། ཆངས་བུ་ངར་གླུད་ཀྱི་མཐའ་འཁོར་དུ་དོར་བ་དང་། དགུ་ཐུག་འཐུང་འཕྲོ་ཡང་ངར་གླུད་ཀྱི་མཐའ་བསྐོར་དུ་ལྡུགས། དེ་ནས་ཁྱིམ་མི་ཞིག་གིས་སྐྱ་ཚེར་རམ། གྲོ་སོག་ཕོན་པོ་མེར་སྦར་ནས། མར་དོན་ཤོག མར་དོན་ཤོག་ཅེས་སྐད་གསེང་ཆེན་པོས། ཁང་མིག་ཡོད་ཚད་དུ་འཛུལ་ཏེ། གནོད་བྱེད་གདོན་བགེགས་དྲག་འདེད་ཀྱིས་སྒོར་ཕྱིར་བུད་ཚེ། མེ་མདའ་དང་ཤོག་སྦག་རྒྱག་པ་དང་། བཟློག་པ་དྲག་རྡེབ་བྱེད་སྲོལ་ཡོད། དེ་ནས་གླུད་རྫོང་དང་བཅས་བཞི་མདོར་བསྐྱལ་ཏེ། མེ་ཕུང་ཆེན་པོར་བསྲེགས་ནས། སྒོར་གཞས་རྒྱག་སྲོལ་ཡང་ཡོད། གླུད་ཁྱེར་མི་དེ་ཕྱིར་སླེབས་དུས། མེ་ཕུང་སྟེང་འགོམས་ཏེ་ནང་མི་རྣམས་ཀྱིས་རྩམ་པ་དང་ཆུ་བཅས་གཏོར་བ་ནི། གདོན་བགེགས་ཕྱི་བཞིན་མི་ཡོང་བའི་བྱེད་ཐབས་ཡིན། གཞན་ཡང་། ལོ་མཇུག་གི་ཚེས་ཉེར་དགུ་ལ་སྐྲ་གཞར་ན་དགུ་བཟློག་ཞིག་གི་གོ་ཆོད་པ་དང་། ཁྱད་པར་དུ་ཡི་དམ་གང་རུང་ལ་བརྟེན་ནས་བཟློག་པ་བརྡབས་ན། ལོ་གསར་བའི་ནང་ནད་ཡམས་མུ་གེ་འཐབ་རྩོད་བཟློག་ཅིང་། བཀྲ་ཤིས་བདེ་སྐྱིད་ཡོང་བར་བཤད་པས། ཉིན་འདིར་བན་བོན་སྔགས་གསུམ་གྱིས་བཟློག་པ་འཕེན་པའང་ཡོད། འོན་ཀྱང་ས་ལ་གནས་པའི་རྒྱལ་སྲས་སེམས་དཔའ་མང་བོས་ཉིན་དེར། བདག་གཞན་མཉམ་བརྗེའི་བསམ་པས། སྡུག་བསྔལ་དང་གདོན་བགེགས་ཐམས་ཅད་རང་སྟེང་དུ་འཁྱེར་ཞིང་། རང་གི་བདེ་དགེ་ཐམས་ཅད་དེ་དག་ལ་སྨིན་པར་གྱུར་ཅིག་ཅེས་སྨོན་ལམ་རྒྱག་པའང་མི་ཉུང་བ་ཡང་ཡོད་དོ། །

༢ དམངས་སྲོལ་དགུ་ཐུག བོད་ཀྱི་དམངས་སྲོལ་དགུ་ཐུག་བསྐོལ་སྲོལ་ལ། ཡུལ་ཁམས་སོ་སོའི་གོམས་གཤིས་དང་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད། འདྲ་མིན་སྣ་ཚོགས་ཡོད་ཀྱང་། ཡུལ་གྲུ་ཕལ་མོ་ཆེར་གོམས་སྲོལ་འདི་ལྟ་སྟེ། ཤ་དང་ལ་ཕུག ཕྱུར་བ་དང་གྲོ་མ། སྲན་སྤོས་དང་སྔོ་ཚོད་སོགས་ཟས་སྣ་དགུས་གྲུབ་པས། དགུ་ཐུག་གམ་དགུ་རྫོང་ཀྱང་ཟེར། དེ་ལ་བཟོ་དབྱིབས་མི་འདྲ་བ་དང་། གྲོ་ཕྱེའི་ནང་དུ་བཟང་ངན་མཚོན་བྱེད་ཀྱི་རྫས་རིགས་མི་འདྲ་བ་འཇོག་སྲོལ་ཡོད་ལ། དེའི་བཟོ་དབྱིབས་དང་། འགྲེལ་བཤད་ནི། དབུས་གཙང་ལ་མཚོན་ན་ཞིབ་རྒྱས་སུ་བཤད་རྒྱུ་ཡོད་པས། གསལ་བར་རྟོགས་འདོད་པ་རྣམས་ཀྱིས་ཆབ་སྤེལ་ཚེ་ཕུན་གྱིས་བོད་ཀྱི་དམངས་སྲོལ་དགུ་ཐུག་སྐོར་ལྒིང་བ་ཞེས་པར་གཟིགས་པ་ལས། འདིར་མི་སྤྲོའོ། །

༣ ཚོད་ཕྲུག་གི་ནང་རྫོང་མི་འདྲ་བའི་མཚོན་དོན། གོང་གསལ་ཚོད་ཕྲུག་བཟོ་དབྱིབས་མི་འདྲ་བའི་སྟེང་ནས། མཚོན་དོན་འགྲེལ་སྟངས་ནི། ཕལ་ཆེར་དབུས་གཙང་ཕྱོགས་ན་དར་ཁྱབ་ཆེ་ལ། འདིར་ཨ་མདོའི་རེབ་གོང་ལྟ་བུར་མཚོན་ན། ཚོད་ཕྲུག་གི་བཟོ་དབྱིབས་གཅིག་ལ། དེའི་ནང་རྫོང་ལ་བརྟེན་ནས། ལེགས་ཉེས་འབྱེད་པ་ཞིག་ཡིན། དམངས་སྲོལ་འདི་ཡང་ལྒིན་རྨོངས་ཅོལ་ཆུང་དག་གི་གཡམ་ལ་རྒྱུགས་པ་ལྟ་བུ་མ་ཡིན་པར། རྩིས་མཐོང་ཆེ་བའི་དགུ་ཐུག་འདི་བེད་སྤྱད་དེ། སྤྱི་ཚོགས་ཡོངས་ཀྱི་བསམ་བློ་བཟོ་བཅོས་བརྒྱབ་སྟེ། ཡ་རབས་སྤྱོད་བཟང་ཡོང་བར། ཐབས་མཁས་ཀྱིས་སྤེལ་བའི་ལས་སྒོ་ཞིག་ཡིན། དཔེར་ན། དམར་ཁ་ཚ་ལྟ་བུ་ནང་རྫོང་དུ་ཁེལ་ན། མི་དེ་བློ་རྒྱ་དོག་ཅིང་ཁྲོ་གཏུམ་ཆེ་བ་མཚོན་པ་དང་། སོལ་བ་ཁེལ་ན་སེམས་གནག་པ། ཙོང་གིས་རྟུག་དྲི་ཚ་བ། སྐྱ་ཕྱེ་ཁེལ་ན་ཕྱེ་སློན་གྱི་བར་སྐྱ་ཕྱེ་བཏབ་ན་མི་འབྱར་བ་ལྟར། མཛའ་གྲོགས་དང་གཉེན་ཉེ་བར་ལ་ཕྲ་མ་འདེབས་པ་མཚོན་པས། སྤྱོད་ངན་དེའི་རིགས་ལ་དགག་རྒྱག་དང་ཐེར་འདོན་བྱེད་པ་སོགས། དམངས་སྲོལ་གྱི་ཐབས་ལམ་འདི་ལྟ་བུ་ལ་བརྟེན་ནས། སྤྱོད་ངན་དེ་དག་ཡོ་བསྲངས་བྱེད་པ་དང་། ཡང་ན་། རྡོ་དཀར་གོང་ལྟ་བུ་ཁེལ་ན། གཞན་ཕན་གྱི་སེམས་དཀར་ཞིང་། བྱ་ལས་གང་ལ་ཡང་འགལ་རྐྱེན་གྱིས་སྒུལ་མི་ཚུགས་པའི་རྡོ་ལྟ་བུ་ཡིན་པར་བཤད་པ་དང་། བལ་དཀར་ལྟ་བུ་ཁེལ་ན་བློ་སྣ་རིང་ཞིང་། བལ་ཐིག་བཞིན་ལྷོད་པ་སོགས། ཡ་རབས་དམ་པ་ངོ་སོ་བསྟོད་པའི་ཐབས་ལམ་ཞིག་ཡིན་པར་མ་ཟད། བཟང་ངན་གྱི་རྫས་དེ་དག་ཁེལ་ཚེ། རྒྱལ་ཕམ་གྱི་མྱོང་ཚོར་ཟབ་མོ་ཞིག་དང་། བསུབ་དཀའ་བའི་རྗེས་ཤུལ་ཞིག་བཞག་ཡོད་པ་ཡིན།

དེ་ལས་གཞན། ས་ཆ་རེ་ལ་དཔེ་རེ། ལུང་བ་རེ་ལ་ཆུ་རེ། ཞེས་པ་ལྟར། ཚོད་ཕྲུག་གི་བཟོ་དབྱིབས་དང་། ནང་རྫོང་འཇོག་ཚུལ། དེ་རེ་རེ་ལ་འགྲེལ་བརྗོད་བྱེད་སྟངས་སོགས། ཡུལ་གྲུ་སོ་སོའི་ལུགས་སྲོལ་ལ་བསྟུན་པ་ལས། འདི་ཡིན་དེ་མིན་གྱི་ཁ་ཚོན་གཅོད་མི་ནུས་ལ། ཨ་མདོའི་ཡུལ་དུ། དགུ་ཐུག་གི་སྐབས། བྱིས་པ་ཚོར་དེ་དགོང་གཤིན་རྗེ་ཆོས་རྒྱལ་གྱིས་ལྗིད་ཚད་རྒྱ་མར་འདེགས་པ་ཡིན་པས། ཕོ་བ་འགྲང་ཐག་ཆོད་པ་ཞིག་འཐུང་དགོས་ཞེས་རྩེད་མཚར་གནང་ལ། དེ་ནི་གནའ་དུས་ཟ་མ་ཧ་ཅང་དཀའ་བས། ལོ་མཇུག་དང་སང་ལོའི་ལོ་མགོར་བྱིས་པ་ཚོར་ཕོ་བ་འགྲང་ཐབས་སུ་བཤད་པར་སེམས་སོ། །

བོད་ཀྱི་མནའ་སྐྱེལ་སྟངས།

༡ མནའི་བྱུང་འཕེལ། མནའ་སྐྱེལ་སྲོལ་འདི་ཡང་། བོད་མིའི་འཚོ་བའི་ཁྲོད། ནམ་རྒྱུན་སྐད་ཆ་བརྗོད་སྐབས་རས་ལ་སྣུམ་བྱུག་པ་ལྟར་སིམ་ཡོད་པར་མ་ཟད། བོད་ཀྱི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་བཟུང་ཡོད། བོད་མི་རྣམས་ཚིག་རྟིང་ཚིག་གིས་ནོན་པ། ཚིག་རྔ་མནའ་ཡིས་ནོན་པ་ཞེས། དམ་ཚིག་འདི་ལ་བརྩི་མཐོང་ཆེ་ལ། ཕན་ཚུན་ཚད་ལྡན་ཡིན་མིན་གྱི་རྒྱ་མ་ལྟ་བུ་ཞིག་ཏུའང་གྱུར་ཡོད། དེ་བས་དགེ་ཆོས་ཀྱིས་ཀྱང་བོད་མིའི་ཆེ་བ་བརྗོད་སྐབས། ལུས་རྩལ་ཆེ་ཞིང་གཡོ་སྒྱུ་ཆུང་བ། ངང་ཚུལ་བརྟན་ཞིང་མནའ་ལ་བརྩི་བ། ཞེས་དང་། མཁས་འཇུག་ལས་ཀྱང་། སྲོག་ནི་གཏོང་གི་དམ་བཅའ་མིན། །ཞེས་གསུངས་ལ། ཁ་དཔེར་ཡང་། མིས་མི་ཟ་བ་མནའ། ཁྱིས་མི་ཟ་བ་ལྕགས། ཞེས་མནའ་ཚིག་ལས་མི་འགལ་ལ། གལ་ཏེ་འགལ་ན་ཉེས་དམིགས་ཧ་ཅང་ལྕི་སྟེ། མནའ་ཆུང་ཡང་བ་མོ་ཙམ། བ་མོ་ཆུང་ཡང་ལྷམ་སྦངས། ཞེས་དང་། མནའ་ཟོས་པའི་བུ་ལ་ཐར་བ་མེད། ཟེར་ལ། མནའི་གོ་དོན་ཡང་། མིའི་ངོ་གདོང་ན་སྣ་དྲང་བོར་བགྲེང་བ་ལྟར། ཕན་ཚུན་བདེན་རྫུན་བྱེད་པའི་དྲང་ཐིག་གི་ནུས་པ་ཐོན་གྱི་ཡོད་སྟབས། གདོང་གི་སྣའི་ཡི་གེ་དེ་མནའ་ཞེས་འགྱུར་བར་ཡང་བཤད།

མནའི་མིང་གི་རྣམ་གྲངས་ལ། བྲོ་བོར་བ། བྲོ་འདོར་བ། བྲོ་འཚལ་བ། བྲོ་ཁུད་པ། བྲོ་སྐྱེལ་བ། བྲོ་ཐམ་པོ། དབུ་སྙུང་བ། དབུ་མནའ། མནའ་གན། དཀུ་སྙུང་། དཀུ་རྒྱལ་བ། རེ་སྐན། ཐོ་བཅད། ཐ་བགྱིས། གཙིགས་འཛིན་པ། དམ་ཚིག་དང་སྲུང་སྡོམ་བཞག་པ་ཞེས་ཀྱང་འབྱུང་། སྤྱིར་ན། མནའ་སྐྱེལ་སྲོལ་འདི་ཆེ་ས་ནས། མནའ་འབྲེལ་རྒྱལ་ཁབ་དང་། མནའ་འབྲེལ་ཚོགས་པ། མནའ་འབྲེལ་སྲིད་གཞུང་ཡོད་པ་དང་། ཆུང་ས་ནས་ཇག་པ་རྐུན་མ་དང་། སྤྲང་ནག་བེར་ག་འཛིན་པ་ཚུན་ཆད་ལ་སྐྱིད་སྡུག་མཉམ་མྱོང་གི་མནའ་བཅད་ཅེས་དར་སོ་ཆེའོ། །དེ་ཡང་། སྤྱི་སྒེར་གང་ལ་ཆ་མཚོན་ན། འཁྲུག་རྩོད་ཞི་འཇགས་དང་། བདེ་སྐྱིད་ཡོང་ཐབས། དཀར་ནག་ཤན་འབྱེད། ཕན་ཚུན་གྲོགས་སྒྲིག རྐུ་འཕྲོག་བཅོམ་གསུམ་དང་། དུ་ཆང་ཤོ་གསུམ། ནང་རྐུས་ནང་བསྡམས་གཅོད་པ་སོགས་བྱེད་སྒོ་སྣ་ཚོགས་ལ་བེད་སྤྱོད་བྱེད་པའི་ལུགས་སྲོལ་ཡོད། རང་ཅག་བོད་ལ་མཚོན་ན། མནའ་སྐྱེལ་སྲོལ་འདི་གདོད་མའི་སྤྱི་ཚོགས་ནས་མཆིས་པར་གོར་མ་ཆག་ལ། ད་ལྟ་ལོ་རྒྱུས་ཡིག་ཚང་དུ་དངོས་སུ་སྣང་རྒྱུ་ཡོད་པ་ནི། དཔེར་ན། གནམ་རི་སྲོང་བཙན་དང་། མྱང་ཙེ་སྐུ། དབའ་དབྱི་ཚབ། དབའ་མྱེས་སྣང་། དབའ་བུ་ཚབ། མནོན་མགྲོན་པོ། ཆེས་བོ་ནག་སེང་སོགས་ཀྱིས། མནའ་རྡོ་དཀར་བོ་ལག་ཏུ་བཟུང་སྟེ། མནའ་བཅད་པས། དེ་དག་མནའ་ཚིག་ལས་མ་འགལ་བར། དབྱི་ཚབ་གྲོངས་རྗེས། བཙན་པོས་ཕྱག་བསྟར་ནས་དུར་ཁུང་བརྩིགས་ཏེ། མནའ་རྡོའི་གོར་མ་དཀར་བོ་དེ། མཆད་ཀྱི་རྨང་རྡོ་བཞག་ཚུལ་སོགས། ཏུན་ཧོང་གཏེར་ཡིག་སོགས་སུ་གསལ་བ་དང་། དེ་དག་གི་མནའ་ཚིག་ལ་ཡང་། དེང་ཕན་ཆད་ཟིང་བོ་རྗེ་རྒྱབ་ཏུ་མི་འདོར་རི། སྤུ་རྒྱལ་པང་དུ་མི་ལེན་རི། སོམ་ཉི་མི་བགྱི་རི། བརྟུལ་ཕོད་པར་མི་བགྱི་རི། སྲོག་སྤོངས་མི་འཚལ་རི། བཙན་པོ་སློན་བཙན་གྱིས་བཀའ་ཅི་བསྩལ་བ་བཞིན་མི་མཉན་རི། སོགས་བྲོ་ཚིག་བོར་བ་དང་། ཕྱིས་སུ་བུ་རབས་ཚ་བརྒྱུད་རྣམས་ཀྱིས་ཀྱང་མནའ་དམ་དེ་ཚེ་སྲོག་ལྟར་གཅེས་པར་བཟུང་ནས། ཕྱི་ཐག་བསྲིངས་པ་ཡིན་ཏེ། བཙན་པོ་སྲོང་བཙན་གྱིས། དྲིན་ཅན་མི་ཡི་ཡིད་མི་གཅོད། ལྷ་ཡི་རྟ་ལ་སྒལ་མི་དབྱུང་། ཟེར་བ་བཞིན། གོང་བློན་དབས་དབྱི་ཚབ་ཀྱི་ཁྱིམ་དུ་སྤྱན་དྲངས་ཏེ། ཞབས་ཀྱིས་བཅགས་པ་དང། བུ་ཚ་སུ་འོས་ཞིག་ལ་གསེར་ཡིག་རྒྱུན་མི་ཆད་པར་གནང་རྒྱུའི་དབུ་མནའ་བཞེས་པ་དང་། དེབ་དཀར་ལས་ཀྱང་། རང་རེའི་ཡུལ་འདིར་གདོད་མའི་དུས་ནས་སྲོག་ཆགས་སྣ་ཚོགས་ཀྱི་རྐང་ལག་བྲེག དོན་ལྔ་སྣོད་དྲུག་སར་སྤུངས། གནམ་ལྷ་རྣམས་དང་། རི་དང་ཉི་ཟླ་གསུམ་སོགས་དཔང་དུ་བཙུགས། ཁ་ལ་ཁྲག་བྱུགས﹙ཐང་ཡིག་ལས་ཀྱང་། མཆོད་ཕྱུགས་བཤམས་པའི་ཁྲག་ཁྱེར་འོངས་ཏེ། མི་རེའི་ཁ་ལ་ཅུང་ཟད་ཙམ་བསྐུས། ཞེས་འབྱུང་། ﹚ ཆོས་པ་ཞིག་གིས་ཆོ་ག་བཏང་སྟེ། མནའ་སྐྱེལ་སྲོལ་ཡོད་པར་བཤད་ཡོད་ལ། དེ་ལྟར་མནའ་སྲོལ་གྱི་རིག་གནས་འདིས་རྒྱལ་ཁབ་ནང་ཁུལ་མཐུན་སྦྲེལ་དང་སྟོབས་ཤུགས་ཆེ་རུ་བསྐྱེད་ཐུབ་པར་མ་ཟད། ཕྱི་ཕྱོགས་དབང་དུ་སྡུད་པ་ལའང་གླིང་སྒྲུང་ཚུན་ན་མང་སྟེ། དཔེར་ན། གླིང་རྗེ་གེ་སར་རྒྱལ་བོས། རྒྱལ་ཕྲན་མང་བོ་ཆབ་འོག་ཏུ་འཇུག་སྐབས། ནག་པོ་བདུད་ཀྱི་ཨ་སྟག་ལྷ་མོ། སེར་བོ་ཧོར་གྱི་སྡིག་གཅོད་ཤན་པ། སྨུག་པོ་འཇང་གི་གཡུ་ལྷ་ཐོག་འགྱུར། ཁ་ཤ་མོན་གྱི་དུང་སྐྱོང་སྟག་ལྷ། སྟག་གཟིག་ཡུལ་གྱི་ཞལ་དཀར་ལྡན་པ། ཁ་ཆེ་ཡུལ་གྱི་དྲན་པ་རང་གསལ། བྱེ་རིའི་ཡུལ་གྱི་ཆོས་འགྲུབ་དཔའ་བོ། ཨ་གྲག་ཡུལ་གྱི་ཉི་མ་གྲགས་པ་སོགས་མནའ་འབྲེལ་གྱི་ཐབས་ལམ་ལ་བརྟེན་ཏེ་རྫོང་ཆེན་དང་རྫོང་ཆུང་མང་དུ་དབང་བསྒྱུར་བྱེད་ཐུབ་པ་བྱུང་ངོ་། །

ཡང་། བོད་རྗེ་ཁྲི་གཙུག་ལྡེ་བཙན་དང་། རྒྱ་རྗེ་བུན་བུ་ཧེའུ་ཏིག་ཧྭང་ཏེ་དབོན་ཞང་གཉིས་ཀྱིས། རྒྱ་བོད་ཀྱི་གཡུལ་འཁྲུག་བསྡུམས་ཏེ། མཐར་བཀའ་གཙིགས་བཞག་ནས། ལྷ་ས་དང་རྒྱའི་ཕོ་བྲང་མདུན། ས་མཚམས་རྨེ་རུ་གསུམ་དུ་རྡོ་རིང་བསླངས་ཏེ། མནའ་ཚིག་བཞག་པ། ད་ལྟ་ཡང་ལྷ་སའི་རྡོ་རིང་ལས་མཐོང་རྒྱུ་ཡོད་པ་སྟེ། རྡོ་རིང་མདུན་ངོས་སུ། མཇལ་དུམ་མཛད་དེ་གཙིགས་བཅས་པ་ཡིག་ཕྲེང་དོན་བདུན་རྒྱ་ཡིག་དང་བཅས་པ། ཤར་ངོས་སུ། དབོན་ཞང་གཉིས་ཀྱིས་ཚུལ་ཅི་འདྲ་བ་དང་། མཇལ་དུམ་མཛད་པའི་གཏན་ཚིགས་ཡིག་ཕྲེང་དོན་གཅིག བྱང་ངོས་སུ། གཙིགས་འཛིན་པར་གཏོགས་པའི་བོད་ཀྱི་བློན་ཆེན་བཅུ་བདུན་གྱི་ཐབས་དང་མྱིང་རུས་རྒྱ་བོད་ཤན་སྦྱར་གྱི་ཡི་གེ ལྷོ་ངོས་སུ། གཙིགས་འཛིན་པ་ལ་གཏོགས་པའི་ཐང་གི་བློན་ཆེན་བཅོ་བརྒྱད་ཀྱི་ཐབས་དང་མྱིང་རུས་རྒྱ་བོད་ཤན་སྦྱར་བཀོད་ཡོད་པ་དང་། འདིར་རྡོ་རིང་གི་ཡི་གེ་ཆ་ཚང་འབྲེལ་ཆེ་ཡང་ཡི་གེ་འཇིགས་ནས་མ་བཀོད་ལ། ཞིབ་ཏུ་ཤེས་འདོད་པ་དག་དེར་གཟིགས་ལ། རྡོ་རིང་ནུབ་ངོས་སུ་རྒྱ་བོད་བར་དུ་གཙིགས་བཟུང་བའི་ནང་དོན་གནད་བསྡུས་ཡིག་ཕྲེང་དོན་བདུན་བོ་ཆ་ཚང་བཀོད་ན།

༄། །བོད་ཀྱི་རྒྱལ་བོ་ཆེན་པོ

འཕྲུལ་གྱྀ་ལྷ་བཙན་པོ་དང་། །

རྒྱའྀ་རྒྱལ་པོ་ཆེན་པོ་རྒྱ་རྗེ་ཧྭང་ཏེ་

དབོན་ཞང་གཉིས། ཆབ་སྲིད་

གཅིག་དུ་མོལ་ནས། མཇལ་དུམ་

ཆེན་པོ་མཛད་དེ་གཙྀགས་བཅས་

པ། །ནམ་ཞར་ཡང་མྱྀ་འགྱུར་བར་

ལྷ་མྱྀ་ཀུན་གྱྀས་ཤེས་ཤིང་དཔང་བྱས

དེ་ཚེ་ཚེ་རབས་རབས་སུ་གཏམ་བརྗོད་

དུ་ཡོད་པའྀ་ཕྱིར། །མཇལ་དུམ་གྱི་གཙྀགས་

ཀྱྀ་མདོ་རིང་ལ་བྲིས་པའོ། །

། འཕྲུལ་གྱྀ་ལྷ་བཙན་པོ་ཁྲྀ་གཙུག་

ལྡེ་བརྩན་གྱྀ་ཞ་སྔ་ནས། །རྒྱ་རྗེ་

བཱུན་བཱུ་ཧེའུ་ཏིག་ཧྭང་ཏེ་དང་། དབོན་

ཞང་གཉིས། སྒམ་དཀྱེལ་ཆེན་པོས་

ནི། །འཕྲལ་ཡུན་ཡུལ་གྱྀ་ལེགས་

ཉེས་ཅི་ཡང་བསྲུང་སྟེ། །ཐུགས་རྗེ་ཆེན་

པོས་ནྀ། །འཕྲལ་ཡུན་ཡུལ་གྱྀ་ལེགས་

ཉེས་ཅི་ཡང་བསྲུང་སྟེ། ཐུགས་རྗེ་ཆེན་

པོས་ནྀ། །བཀའ་དྲིན་གྱིས་དགབ་པ་

ལ་ཕྱྀ་ནང་མྱེད་པར། །མང་བོ་ཀུན་བདེ་

སྐྱིད་པར་བྱ་བ་ལ་ནྀ་དགོངས་པ་གཅིག་

ཡུན་རྀང་བོར་ལེགས་པའྀ་དོན་ཆེན་པོ་

ལ་ནི་བཀའ་གྲོས་མཐུན་ཏེ། །གཉེན་

རྙིང་བའྀ་སྲི་ཞུ་ནྀ་དང་སྔའི་ཁྱྀམ་ཚེས་

དགྱེས་པའི་ཚུལ་སླར་དུ་བརྩེགས་པར་

མོལ་ནས། །མཇལ་དུམ་ཆེན་པོ་ནི་

མཛད་དེ། །བོད་རྒྱ་གཉིས། །ད་ལྟར་

དུ་མངའ་བའྀ་ཡུལ་དང་མཚམས་སྲུང་།

ཞིང་། །དེའི་ཤར་ཕྱོགས་ཐམས་ཅད་ནྀ་

རྒྱ་ཆེན་པོའི་ཡུལ། །ནུབ་ཕྱོགས་ཐམས་

ཅད་ནྀ་ཡང་ཐག་པར་བོད་ཆེན་པོའི་

ཡུལ་ཏེ། །དེ་ལས་ཕུན་ཚུན་དགྲར་མྱྀ་

འཐབ། །དམག་མྱྀ་དྲང་། །ཡུལ་མྱྀ་

མརྣམ། །ཡྀད་མ་ཆེས་པ་ཞྀག་ཡོད་

ན། །མྱྀ་བཟུང་ཞིང་གཏམ་དྲཱིས་ཏེ། །

བརྫངས་ནས་ཕྱྀར་བཏང་ངོ། །

ད་ཆབ་སྲྀད་གཅིག་ཅིང་། །མཇལ་

དུམ་ཆེན་པོ་འདྀ་ལྟར་མཛད་པས། །

དབོན་ཞང་དགྱེས་པའི་བཀའ་ཕྲིནད་

སྙན་པས་ཀྱང་འདྲུལ་དགོས་ཏེ། །

ཕན་ཚུན་གྱྀ་ཕོ་ཉ་འདོང་བ་ཡང་། །ལམ་

རྙིང་བར་བྱུང་ནས་། །སྔ་ལུགས་བཞིན་

བོད་རྒྱ་གཉིས་ཀྱྀ་བར། །ཙང་ཀུན་

ཡོག་དུ་རྟ་བརྗེས་ལ། །སྩེ་ཞུང་ཆེག་དུ་

རྒྱ་དང་ཕྲད་པ་མན་ཅད་ནྀ་རྒྱས་ཕུ་དུད་

བྱ། །ཙེང་ཤུ་ཧྱན་དུ་བོད་དང་འཕྲད་པ་

ཡན་ཅད་ནྀ་བོད་ཀྱིས་ཕུ་དུད་བྱ་སྟེ། །

དབོན་ཞང་ཉེ་ཞྀང་གཉེན་པའྀ་ཚུལ་བཞིན་

དུ། །སྲྀ་ཞུ་དང་བཀུར་སྟྀའི་ལུགས་

ཡོད་པར་སྦྱར་ཏེ། །ཡུལ་གཉིས་ཀྱི་

བར་ན་དུད་རྡུལ་ནྀ་མྱྀ་སྣང་། །གློ་བུ་

དུ་སྡང་བ་དང་དགྲའྀ་མྱྀང་ནི་མྱྀ་གྲག་སྟེ་

ས་མཚམས་སྲུང་བའྀ་མྱི་ཡན་ཅད་

ཀྱང་དོགས་ཤིང་འཇིགས་པ་མྱེད་པར་

ས་ས་མལ་ན་བག་བརྐྱང་སྟེ། །བདེ་

བར་འཁོད་ཅིང་། །སྐྱིད་པའྀ་བཀའ་དྲཱྀན་

ནི་རབས་ཁྲྀའི་བར་དུ་ཐོབ། །སྙན་པའྀ་

སྒྲ་སྐད་ནྀ་གཉི་ཟླས་སླེབས་སོ་ཆོག་ཏུ་

ཁྱབ་སྟེ། །བོད་བོད་ཡུལ་ན་སྐྱིད། །

རྒྱ་རྒྱ་ཡུལ་ན་སྐྱིད་པའྀ་སྲིད་ཆེན་པོ་

སྦྱར་ནས་གཙྀགས་བཅས་པ་འདྀ། །

ནམ་ཞར་མྱྀ་འགྱུར་བར། །དཀོན་མཆོག་

གསུམ་དང་། །འཕགས་པའྀ་རྣམས་དང་

གཉི་ཟླ་དང་གཟ་སྐར་ཡང་དཔང་དུ་

གསོལ་ཏེ། །ཐ་ཚིག་གི་རྣམ་པས་ཀྱང་

བཤད། །སྲོག་ཆགས་བསད་དེ་མནའ་

ཡང་བོར་ནས། །གཙིགས་བཅས་སོ། །

གཙིགས་འདྀ་བཞིན་དུ་མ་བྱས་སམ། །

བཤྀག་ན། །བོད་རྒྱ་གཉིས་གང་གིས་སྔར་ཉེས་

པ་ལ་སྡྀག་ཅིང་། །ལན་དུ་དཀུ་སྒྱུ་ཅི་བྱས་ཀྱང་

གཙྀགས་བཤྀག་པ་ལ་མ་གཏོགས་སོ། །

འདི་ལྟར་བོད་རྒྱ་གཉིས་གྱྀ་རྗེ་བློན་གྱིས་ཞལ་

གྱྀས་བཤགས་མནའ་བོར་ཏེ། གཙྀགས་

ཀྱྀ་ཡྀ་གེ་ཞྀབ་མོར་བྲིས་ནས། །རྒྱལ་བོ་ཆེན་

པོ་གཉིས་གྱྀ་ནི་ཕྱག་རྒྱས་བཏབ། །བློན་པོ་

གཙྀགས་འཛིན་པ་ལ་གཏོགས་པ་རྣམས་

ཀྱྀ་ནི་ལག་ཡྀག་དུ་བྲིས་ཏེ། གཙྀགས་ཀྱི་

ཡྀ་གེ་ཡང་སོ་སོའྀ་ཕྱག་སྦལ་དུ་བཞག་གོ །

དེ་ལྟར་གོང་གསལ་ཡིག་ཕྲེང་དོན་བདུན་པོ་འདིས། སྐབས་དེའི་མནའ་ཆེན་འཇོག་སྲོལ་གྱི་སྣང་བརྙན་མེ་ལོང་ལ་འཆར་བ་བཞིན་རྟོགས་ནུས་ལ། ཁྱད་པར་དུ་དོན་གནད་དུ་གྱུར་བ་ནི། རྒྱ་བོད་བར་གྱི་ཡུན་རིང་གི་གཡུལ་འཁྲུག་བཅད་ཅིང་། རྒྱལ་འབངས་ཀུན་དུས་བདེ་ཞོད་འཇགས་སུ་བཏང་བས། ལོ་རྒྱུས་ཡིག་ཚང་དུ། གནམ་ལ་ཉི་ཟླ་ཟུང་གཅིག ས་ལ་བཙན་པོ་དབོན་ཞང་། ཞེས་པའི་ཐ་སྙད་རླབས་པོ་ཆེ་འདི་བྱུང་བ་ཡིན། ཕྱིས་སུ་འང་། བོད་ཀྱི་ཆབ་སྲིད་པ་ཆེན་པོ་ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱི་སྐབས་སུ། མནའ་བསྐྱལ་སྲོལ་འདི། སྤྱི་ཚོགས་ནང་དཀར་ནག་དབྱེ་འབྱེད་བྱེད་པ་སོགས། མེད་མི་རུང་གི་ལག་ཆར་དགོངས་ནས། ཁྲིམས་ཡིག་ཞལ་ལྕེ་བཅོ་ལྔའི་ནང་ཚན། བཅུ་གསུམ་པ་བསྙོན་ཧམ་མནའ་﹙ཞུ་དོན་འགལ་འཛོལ་ཆེ་རིགས་ཁ་དོན་མཐུན་མིན་རྣམས་མགོན་ཁང་སོགས་སུ་ཆོས་སྐྱོང་དཔང་བོར་བཞག་སྟེ་མནའ་སྐྱེལ་བཅུག་པའི་ཁྲིམས་སྲོལ་ཞིག﹚དག་གི་ཞལ་ལྕེ་མཛད་པར་མ་ཟད། དེའི་ནང་འདས་ཟིན་པའི་ཉམས་མྱོང་ཕྱོགས་སྡོམ་བྱས་ནས། མནའ་དམ་གྱི་སྤང་བྱ་བཞི﹙དུང་དཀར་ཚིག་མཛོད་ལས་ཁྱི་མོ་ཚང་མ་ལ་དབྱུག་པ་མ་འཕྱར་ཞེས་བུད་མེད་བུ་ཕྲུག་ཡོད་པ་རྣམས་ཀྱིས་རང་གི་བུ་ཕྲུག་གི་དོན་དུ་མནའ་ཟ་བས་མནའ་མིར་མི་བསྡུ་བ་ཞེས་ལྔར་གསུངས། །﹚ཡང་གཏན་འཁེལ་བྱས་ཡོད་པ་སྟེ། ༡ གསེར་བྱ་ངང་བ་འདམ་ལ་མི་འཛིན། བླ་མ་བཙུན་པའི་མནའ་སྤང་བྱ་ཡིན་པས་མནའ་གྲལ་དུ་བསྡུ་མི་འོས་པའི་དོན། ༢ གཡུ་ཆུང་དྲུག་དཀར་བསྟར་ལ་མི་བརྒྱུ། བྱིས་པས་མནའི་ཁེ་ཉེན་མི་ཤེས་པས་མནའ་གྲལ་དུ་བསྡུ་མི་རུང་བ། ༣ བྱ་རོག་ནག་པོ་རྙི་ལ་མི་འཛིན་པ། བུད་མེད་མནའ་གྲལ་དུ་མི་རུང་བ། ༤ དུག་སྦྲུལ་ནག་པོ་ཐུར་ལ་མ་རྒྱུག སྔགས་པ་ནུས་མཐུ་ཅན་གྱིས་མནའ་སེལ་གྱི་ཆོ་ག་ཤེས་པས་མནའ་ལ་མི་རུང་བ་སོགས། མནའ་མིར་འོས་པའི་མི་ནི་ཆ་འཇོག་འོས་པ། ལས་འབྲས་བརྩི་བ། འགག་རྩའི་དོན་གནད་ལ་སོ་སོའི་ཕྱོགས་དང་མཐུན་པ་ཞིག་དགོས་པ་དང་། མནའ་སྐྱེལ་ཡོ་བྱད་སྣུམ་ཁོལ་མ། རྡེའུ་དཀར་ནག བཀྲབ་སླང་སོགས་དགོས་པ་དང་། དངོས་གཞི་མནའ་སྐྱེལ་སྐབས་ཀྱི་བྱེད་སྒོ་སོགས་རྒྱས་པར་བོད་ཀྱི་དུས་རབས་རིམ་བྱོན་གྱི་ཁྲིམས་ཡིག་ཕྱོགས་བསྡུས་དེབ་དང་བོའི་ནང་གསལ། དེ་ལྟར་མནའ་སྲོལ་རིག་གནས་འདི་ལ་དག་ཐེར་དང་། གཙིགས་འཛིན་གནང་སྟེ། ཡུལ་ལུང་སོ་སོར་རིམ་བརྒྱུད་ཀྱིས་མནའ་རྟེན་དང་སྐྱེལ་སྟངས་མི་འདྲ་བ་སྣ་ཚོགས་ཡོད་ལ། མནའ་ཐོག་ཏུ་འདུག་པ་སྐྱེས་བུ་རབ་དང་། མནའ་འགལ་བྱུང་ན་ཐ་ཆད་དུ་བརྩིའོ། །

༢ མནའ་སྐྱེལ་སྟངས་ལ་ཆོས་ལུགས་ཀྱི་ཤན་ཞུགས་ཚུལ། རང་ཅག་གིས་དོན་བྱ་ཆེ་མ་ཆུང་གསུམ་གྱི་མཐར་གྲོས་ཐག་གཅོད་པའམ། མནའ་བཅད་སོགས་སྒྲིག་ཚེ། ཆེད་དུ་དཔང་བོར་ཕེར་བའི་མཆོག་གསུམ་དང་། ཡི་དམ་ཆོས་སྲུང་སྤྱན་དྲངས་ཏེ་དཔང་བོར་གསོལ་བ་འདི་ཡང་། བྱང་ཆུབ་སེམས་སྡོམ་ལེན་ཚེ། སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། །བདག་ལ་དགོངས་པར་མཛད་དུ་གསོལ། །ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །བདག་ཀྱང་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །རིམ་པ་བཞིན་དུ་བསླབ་པར་བགྱི། །ཞེས་རྒྱལ་བ་སྲས་བཅས་ཐམས་ཅད་མདུན་གྱི་ནམ་མཁར་སྤྱན་དྲངས་ཏེ། དཔང་བོར་གསོལ་སྟངས་ཀྱི་ཤན་ཞུགས་ཐེབས་པ་རྟོགས་ནུས་ལ། རྒྱུད་རྡོ་རྗེ་རྩེ་མོ་ལས་ཀྱང་། རྡོ་རྗེ་སེམས་དཔའི་མནའ་ཡི་ནི། །སྙིང་བོ་འདི་ཡིས་མནའ་བསྒག་གོ །ཞེས་པ་དང་མཐུན་ནོ། །

ཚུལ་འདི་ལ་དགོངས་ནས་ཡབ་རྗེ་བླ་མས་ཀྱང་། མནའ་བསྐྱལ་བ་མ་དོར་མནའ་ཚིག་གཉན། །ད་གཉན་ནོ་གཉན་ནོ་མནའ་ཚིག་གཉན། །འཕྲལ་དགོས་པའི་དབང་གིས་མ་གཏོགས་པ། །ཡུན་ཧ་ཅང་བསྲིངས་ནས་སྒོམ་འདོར་ན། །དཔལ་ཆོས་སྐྱོང་སྲུང་མས་ཆད་པ་ཕོག །གསུངས་སོ། །

གདོད་མའི་དུས་སུ། མནའ་རྟེན་དང་དཔང་བོར་གནམ་ས་དང་། ཉི་ཟླ་སྐར་གསུམ། རི་ཆུ་ནགས་གསུམ་སོགས་འཇོག་ལ། ཕྱིས་སུ་བེམ་ཆོས་ཀྱི་རྣམ་པ་དེ་ཡིད་གཏོད་ཕེར་བའི་ལྷ་སྲུང་གི་རྣམ་པར་གྱུར་བ་རེད།

གཞན་ཡང་། ཐང་ཡིག་ལས། མཆོད་ཕྱུགས་བཤམས་པའི་ཁྲག་འཁྱེར་འོང་སྟེ། མི་རེའི་ཁ་ལ་ཅུང་ཟད་ཙམ་བསྐུས། ཞེས་པ་ལྟར་ན། སྔ་སོར་ཁྲག་བསྐུ་བའམ་འཐུང་སྲོལ་ཡོད་པ་དེ། ཕྱིས་སུ་ཁྲག་དེ་གསེར་སྐྱེམས་དང་མནའ་ཆུ་ཞེས་འཐུང་སྲོལ་དུ་གྱུར་བ་སྟེ། བོད་ཀྱི་གནའ་རབས་ཁྲིམས་སྲོལ་ཡིག་ཆ་བདམས་བསྒྲིགས་ལས། མནའ་བྱེད་ན་གསེར་སྐྱེམས་མནའ་ཆུ་སོགས་ཆས་འགྲིག་པ་དང་། གསུངས་པ་ལས་ཤེས་ཐུབ། དེ་ནི་གསང་སྔགས་ཀྱི་དམ་སྲུང་གི་སྐབས། རྡོ་རྗེ་མནའ་ཆུ་འཐུང་བ་ཞེས་པ་ལས་ཤན་ཞུགས་ཐེབས་པ་སྟེ། སྔགས་རིམ་ལས། རྣམ་རྒྱལ་བུམ་པའི་སྟེང་ན་གནས་པའི་ཆུ་མིང་མེད་དང་མཐེ་བོང་གིས་བཟུང་བའི་སྣོད་ཀྱི་ཁས། སློབ་མའི་ཁར་བླུགས་ཤིང་། འདི་ནི་ཁྱེད་ཀྱི་དམྱལ་བའི་ཆུ། །དམ་ཚིག་ཉམས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་སྟེ། །རྡོ་རྗེའི་བདུད་རྩིའི་ཆུ་འཐུང་ཤིག །ཅེས་སོགས་དུས་འཁོར་བདག་འཇུག་སོགས་ལས་གསུངས་པ་དེ་ཡིན་ནོ། །འདས་པའི་ལོ་རྒྱུས་ཁྲོད། རྒྱལ་ཁབ་དང་། ཤོག་ཁ། མི་སྒེར་གང་རུང་བར་མནའ་འབྲེལ་བཞག་པ་ཡིན་ན། ངེས་པར་དུ་དམ་སྲུང་བྱེད་པ་ནི། སྲོག་ལས་ཀྱང་གཅེས་པ་ཡིན་པས། མཁས་འཇུག་ལས། སྲོག་ནི་གཏོང་གི་དམ་བཅའ་མིན། །ཞེས་པ་ལྟར། གལ་ཏེ། སུ་མནའ་འགལ་བྱུང་བ་ཡིན་ན། འདུལ་བའི་ལྒིང་འབུམ་ལས། དྲུག་སྡེ་རྣམས་གང་དང་གང་དགོས་པར་དཀོན་མཆོག་དང་མཁན་པོ་ལ་མནའ་འདོར་བས། ཁྱིམ་པ་རྣམས། བདག་ཅག་ཁྱིམ་པ་ལགས་ཀྱང་། ཁྱིམ་པ་ལ་མནའ་མི་འདོར་ན་རབ་ཏུ་བྱུང་བ་ནི་བདེན་པའི་བསམ་པ་ཅན་ཡིན་པས་མནའ་འདོར་བར་མི་བྱའོ། །ཞེས་པ་ལྟར། མནའ་འགལ་བྱུང་ན། ཁྲེལ་དང་ངོ་ཚ་བོར་ལ། དམ་པ་ལྷ་ཆོས་དང་འཇིག་རྟེན་མི་ཆོས་ལས་ལྡོག་པའི་ཆེས་ཐ་ཆད་དང་། ཁྱད་པར་དུ། ཡི་དམ་ཆོས་སྲུང་གིས་བཀའ་ཆད་གཏོང་བར་མ་ཟད། ལས་ཀྱི་རྣམ་པར་སྨིན་པ་དེ་མ་ཐག་མཐོང་ཆོས་སུ་མྱོང་བ་ཤུགས་ཆེ་སྟེ། སྔགས་རིམ་ལས། རེ་ཞིག་དམ་ཚིག་ཉམས་པ་ན། །དངོས་གྲུབ་འཐོབ་པ་ལྟ་ཞོག་གི། མི་ཡི་སྐྱེ་བའང་རྙེད་པར་དཀའ། །ཞེས་པ་ལྟར། ཕ་ཚ་བུ་བརྒྱུད་ཐམས་ཅད་ལ་མི་འདོད་པའི་བྱུར་ཉེས་དང་གོད་ཁ་རྒྱུན་མི་ཆད་པར་འབྱུང་ཞིང་། མཁར་ཤུལ་དུ་འཇག་སྐྱའི་ཤུགས་གླུ་ལེན་པར་མ་ཟད། ཚེ་རབས་ཕྱི་མའང་དམྱལ་བར་ལྟུང་སྟེ། སྡུག་བསྔལ་ཟམ་མི་ཆད་པར་ཡོང་བར། ཀུན་གྱིས་ཡིད་ཆེས་བྱེད་བཞིན་ཡོད་པ་དེ་ཡང་། ནང་བསྟན་གྱི་བག་ཆགས་ཟབ་མོའི་ཤན་ཞུགས་ཐེབས་པར་སྣང་སྟེ། སྔགས་རིམ་ལས། མནའ་ཆུ་བླུད་པའི་དམ་བཞག་ནི། རྩ་བ་དང་ཡན་ལག་གི་དམ་ཚིག་སྤྱིའི་རྣམ་བཞག་ཡིན་ལ། ཞེས་དང་། ངས་འདི་གྱིས་ཤིག་ཅེས་གང་བསྒོ་བ་དེ་ཁྱོད་ཀྱིས་བྱ་དགོས་སོ། །ཁྱེད་ཀྱིས་ང་ལ་བརྙས་པར་ཡང་མི་བྱ་སྟེ། ཁྱོད་ཡ་ང་བ་མ་སྤངས་པར། ཤི་བའི་དུས་ནས་དམྱལ་བར་ལྷུང་བར་འགྱུར་ཏ་རེ། ཞེས་དང་། དུས་འཁོར་བདག་འཇུག་ལས། ཨོཾ། དེ་རིང་རྡོ་རྗེ་སེམས་དཔའ་རང་། །ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཞེས་པ་ལྟར། དམ་ཚིག་ལས་འདས་ན། ཉེས་དམིགས་མང་དུ་འབྱུང་བར་གསུངས་པ་དང་སྒོ་བསྟུན་པ་གསལ་ལོ། །

དེ་ལས་གཞན། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ། སད་མི་མི་བདུན་རབ་ཏུ་བྱུང་བ་དང་། ཁྱད་པར་དུ་སངས་རྒྱས་ཆོས་ལུགས་སྲ་བརྟན་ཡོང་ཆེད་མནའ་གཙིགས་བཞག་པ་སྟེ། དཀོན་མཆོག་གསུམ་གྱི་སྐུ་བསླུས་སམ་མནའ་ཚིག་དང་འགལ་ན། སེམས་ཅན་དམྱལ་བར་སྐྱེས་ཤིག འདི་བཞིན་དུ་མཛད་ཅིང་བགྱིས་ན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་པར་ཤོག་ཅིག ཅེས་སོགས་མཐིང་ཤོག་ལ་གསེར་བྲིས་གནང་སྟེ། གཙིགས་གནང་མཁན་གྱི་མཚན་ཐོ་དང་བཅས་པ་གསལ་བོར་བཀོད་ཡོད་ཅེས་པ་ནས། གསེར་གྱི་སྒྲོམ་བུར་བསྩལ་ཏེ། བསམ་ཡས་གཙུག་ལག་ཁང་གི་དཀོར་མཛོད་སོགས་སུ་བཞག་པ་ཆོས་འབྱུང་མཁས་པའི་དགའ་སྟོན་དུ་གསུངས་པ་དང་།

མནའ་དཔང་ཡང་། ཆོས་འབྱུང་དེ་ལས། འདི་ལྟར་ཡི་དམ་བཅས་པ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་ཐམས་ཅད་དང་། རང་སངས་རྒྱས་དང་ཉན་ཐོས་ཐམས་ཅད་དང་། གནམ་སའི་རིམ་པ་ལྷའོ་ཅོག་དང་། བོད་ཀྱི་སྐུ་ལྷ་དང་། ལྷ་དགུ་ཐམས་ཅད་དང་། ཀླུ་དང་། གནོད་སྦྱིན་དང་། མི་མ་ཡིན་པ་ཐམས་ཅད་དཔང་དུ་གསོལ་ཏེ། ཞེས་གསུངས་སོ། །གཞན་ཡང་། གླིང་སྒྲུང་ལས་མནའ་དཔང་ལ། ཁྲོ་ཐུང་དང་གུར་དཀར་གྱིས་མནའ་བཅད་དུས། གུར་དཀར་གྱིས་ཐེའུ་རང་དཀར་ནག་ཁྲ་གསུམ་དང་། ཁྲོ་ཐུང་གིས་སྟག་ལྷ་མེ་འབར་མནའ་དཔང་དུ་བཞག་པ་དང་། ཡང་། གསེར་ཆོས་དང་ལྷ་སོགས་དཔང་དུ་བཞག་པ་ནི། གླིང་དཀར་བོའི་ཕ་ཆོས་གསེར་འབུམ་དཔང་། །གླིང་དཀར་བོའི་ཕོ་ལྷ་གཉན་པོ་དཔང་། །ཟས་ཁམ་གཅིག་མི་བཟའ་དཀོན་མཆོག་དཔང་། །སྐོམ་ཆུ་ཐིགས་མི་འཐུང་དཀོན་མཆོག་དཔང་། །དེ་རིང་འཆི་ས་མི་འཚོལ་རི། །དབུས་ཀྱི་ཤཱཀྱ་མུ་ནེ་དཔང་། །བདེན་ངེས་སྒྲོལ་མ་དཀར་མོ་དཔང་། །ཞེས་སོ། །

༣ མནའ་སྐྱེལ་སྟངས། བོད་ཚིག་ཐོག་དང་། རྒྱ་ཡིག་ཐོག་ཅེས་པ་ལྟར། ལྷག་པར་ཕོ་རབ་ཞིག་ཡིན་ན། སྲོག་ལས་མནའ་ཚིག་གལ་ཆེན་དུ་འཛིན་པའི་བློ་སྤོབས་ཡོད་པ་ནི། བོད་ཀྱི་རང་གཤིས་ཡིན་པ་དང་། ཁ་དཔེར་ཡང་། ཕོ་རབ་ཚིག་ཐོག་དང་། འཕར་བ་རྗེས་ཐོག ཞེས་ཟེར་རོ། །བོད་ཀྱི་མནའ་སྐྱེལ་སྟངས་ལ་སྣ་ཚོགས་ཤིག་སྣང་ཡང་། འདིར་འགའ་ཟུང་ཙམ་བརྗོད་ན། མནའ་ཆས་གྱོན་པ་སྟེ། ད་དུང་སྡིག་སྤྱོད་ཀྱི་མནའ་ཡིན་ན་གོས་དམར་པོ་གོན་ནས་གྲོད་པ་ཁྲག་གིས་བཀང་བ་བྲང་ལ་འཇོག་པ་དང་། སྐྲ་བསྙིལ་བ་སོགས་སྐྱི་ཡ་བའི་འཇིགས་ཉམས་སྣ་ཚོགས་སྟོན། དེ་ཡང་། མི་སྡེ་དང་མི་སྡེ་བར་མནའ་འཇོག་གལ་ཆེན་རིགས་བྱེད་དགོས་ཚེ། ཀོ་དམར་ཁྲག་བརྫིས་ཞེས་པའི་མནའ་འཇོག་སྲོལ་ཞིག་འདུག་སྟེ། དེ་ནི་མི་སྡེ་ཕན་ཚུན་གྱི་རྒན་པོ་ཐམས་ཅད་འདུས་ནས། གཡག་ཀོ་རློན་པ་ཁྲག་དམར་འཁྱིལ་བར། རྐང་བ་རྗེན་པར་མཉམ་དུ་བརྫི་ཞིང་། ལག་གཡས་ཀྱི་མཛུབ་མོ་ལྕགས་ཀྱུ་ལྟར་གུག་པ་ཕན་ཚུན་བསྣོལ་ནས། མཆོག་གསུམ་མམ། ལྷ་ཀླུ་ཐུ་བོ་ཆེ་རྣམས་དཔང་དུ་བཞག་ནས། མནའ་ཚིག་ལ། ཇི་སྲིད་གནམ་མ་འཇིག་མ་སྟོངས་གྱི་བར་དུ་ཐམས་ཅད་མི་འགལ། ཞེས་བརྗོད་ལ། ཕན་ཚུན་མནའ་བཅད་སྒྲིག་ཕྱིན་ཆད། མངའ་ཁོངས་སུ་གཏོགས་པའི་མི་སུ་ཡིན་ཡང་། མནའ་ཚིག་དང་འགལ་བར་མི་བྱ་ཞིང་། སྤྱི་སྒེར་གང་ཡིན་ན་ཡང་། མནའ་གྲོགས་ཕན་ཚུན་བར་སྐྱིད་སྡུག་ལེགས་ཉེས་ཇི་འདྲ་བྱུང་རུང་། སྐྱིད་ཀྱི་རྟ་བོ་མཉམ་ཞོན་དང་། །སྡུག་གི་ཁུར་བོ་མཉམ་འཁུར། །ཞེས་པའི་དཔེ་ལྟར། སྙིང་ཐག་པ་ནས་གྲོགས་བྱེད་སྲོལ་ཡོད། གལ་ཏེ་སུ་མནའ་ཚིག་དང་འགལ་བ་ཡིན་ན། ཤོག་ཁ་དང་མི་སྒེར་གང་ཡིན་ཡང་། ཁྲེལ་མེད་སྤྱང་རྒན་གྱི་དོ་ཟླར་འཇོག་པ་སྟེ། ཁ་དཔེར་ཡང་། སྤྱང་རྒན་རྔ་གཡུག་སྒོ་ཁྱི་མི་ཉན། ཁྲེལ་མེད་ཁྲམ་པ་མནའ་རོགས་མི་ཉན། ཟེར་བ་དང་། ཡང་ན། ཡི་དམ་ཆོས་སྲུང་གིས་གསོན་སྙིང་དམར་འདོན་བྱེད་པའམ། ཚེ་འདིར་བྱུར་སྣ་ཚོགས་འབྱུང་བར་མ་ཟད། ཕྱི་མ་ཡང་ངན་སོང་དུ་ལྟུང་བར་ཡིད་ཆེས་གཏིང་ནས་བྱེད་དོ། །ཡང་། དེ་ལྟར་གླིང་སྒྲུང་ཁ་ཆེ་གཡུལ་རྫོང་ལས་ཀྱང་། ཨ་ཁུ་ཁྲོ་ཐུང་རྒྱལ་བོ་དང་ཁ་ཆེ་དཔོན་བློན་རྣམས་ཀྱིས་མནའ་བཞག་ཚུལ་འདི་ལྟར་གསུངས་ཏེ། རྡོ་རྒོད་ཁོ་གློག་འགྱུ་བཞིན་ཆས་ནས་འབྲོང་གྲུས་བཞི་ཞིག་གི་རྭ་ནས་བཟུང་སྟེ་ཀླད་ལ་ལན་གསུམ་བསྐོར་ནས་བརྡབས་ཤིང་བསད་ནས་ཁྱེར་བྱུང་བའི་རོ་དེ། ལག་བདེ་འགའ་ཞིག་གིས་བཤས་ནས་ཁྲོ་ཐུང་དང་ཁ་ཆེ་དཔོན་བློན་རྣམས་ཀྱིས་ཤ་དམར་ཁམ་གསུམ་མཉམ་ཟ་བྱས། ཁྲག་དམར་ཧུབ་གསུམ་མཉམ་འཐུང་བྱས། རྒྱུ་མས་ལག་མགོ་མཉམ་སྦྲེལ་བྱས། ཀོ་དམར་སྟེང་དུ་མཉམ་རྫི་བཅས་བྱས་ནས། མནའ་ཐེངས་དགུ་ལ་བཞག ད་གང་མི་འགལ་འབའ་ཡིག་བྲིས། འབའ་རྟེན་སེར་བོ་གསེར་ལ་བྱས་པའི་མནའ་སྦྲེལ་བྱས། ཞེས་དང་། ཡང་། དེ་མཚུངས་སུ་ཧོར་གུར་དཀར་རྒྱལ་བོ་དང་ཁྲོ་ཐུང་དཔོན་པོ་གཉིས་ཀོ་དམར་སྟེང་དུ་རྐང་བ་མཉམ་རྫི་བྱས་ཏེ་མནའ་ཐེངས་དགུ་ལ་བཞག་པ་སོགས་ཡོད་དོ། །

ཡང་། གཟབ་གཟབ་མ་བྱས་ན། གཡོ་འཕྲུལ་ཅན་འགའ་རེས་མནའ་ཚིག་ལ། དེ་རིང་ཉི་མ་ཕན་ཆད། ཤི་རག་ཉི་མ་ཚུན་ཆད། བསྲེ་རྒན་གད་པ་གཡག་གིས་ལོག་རག ཕ་བོང་དཀར་བོ་ལུག་གི་ལོག་རག་བར་དུ། ཕན་ཆེ་ཐོགས་ཆུང་ཐོགས། ཆེ་བ་རྟ་དང་གླང་བོ། ཆུང་བ་ཁབ་དང་སྐུད་པ། ལག་པའི་ཕྱི་ནང་ཤ་ཡིན། སྐྱིད་སྡུག་སྐྱ་མོ་གཅིག་ཡིན། ཞེས་མནའ་ཚིག་འཇོག་པ་ནི། རྒོངས་ཀའི་བར་དུ་གནའ་བཅད་སྒྲིག་པ་ཡིན་པར་བཤད་དེ། ཉི་མ་རྒོངས་ཀའི་དུས་སུ་མིག་གི་མཐོང་ལམ་དུ་བསེ་རྒན་དང་གད་པ་ནག་རོག་གེར་གཡག་ལྟ་བུ་ཆགས་པ་དང་། ཕ་བོང་དཀར་བོ་ལུག་ཡིན་པར་འཁྲུལ་བ་ཡིན་པས་སོ། །

གཞན་ཡང་། སྐྱིད་སྡུག་མཉམ་མྱོང་དང་ཁ་དན་ཚིག་ལ་གནས་ཕྱིར། མནའ་རྟེན་ཡང་སྣ་ཚོགས་འཇོག་ཚུལ་ཡོད་དེ། རྒྱལ་བོ་སྲོང་བཙན་སྒམ་པོའི་སྐབས། བནྟེ་ཞིག་གིས་ཆོ་ག་བཏང་སྟེ། གནམ་ས་རི་ལུང་ཉི་ཟླ་གཟའ་སྐར་སོགས་དང་། ཡང་ན། དེ་ལ་གནས་པའི་ལྷ་མནའ་རྟེན་དུ་འཇོག་པ་དང་། དེ་ལས་གཞན། འཁྲུངས་གླིང་དུ། ཁྲོ་ཐུང་གིས་ཇོ་རུ་ལ་ངན་གཡོ་ལྐོག་ཇུས་བྱས་ཀྱང་། མཐར་ཇོ་རུས་ཕམ་པར་བརྒྱབ་སྟེ། གླིང་ཆེ་འབྲིང་ཆུང་གསུམ་ནང་དམེ་མི་བྱེད་པའི་མནའ་ཐེངས་གསུམ་བོར་བའི་མནའ་རྟེན་དུ། དང་བོ་རྟ་མགྲིན། གཉིས་པར་སྟག་ལྷ་མེ་འབར། གསུམ་པར་གླིང་དཀར་བོའི་ཕ་འབུམ་བཅུ་གཉིས་བཞག་པ་དང་། བདུད་འདུལ་ལས་ཀྱང་། གེ་སར་རྒྱལ་བོས་བདུད་མོ་ཨ་སྟག་ལྷ་མོ་དེའི་བྲང་གཞུང་ཨ་འདྲ་བ་ལ། པུས་མོ་འུ་འདྲ་བ་བཙུགས་ཏེ། རྒྱ་གྲི་ཤེལ་གྱི་ཡུ་དཀར་བཏོན་ནས། ཨ་སྟག་ལྷ་མོ་ལ་དེ་རིང་ཉི་མ་ཕན་ཆད། རྒྱོབ་ཟེར་ན་ཨ་ཕའི་མགོ་དང་། རྒྱུགས་ཟེར་ན་དམྱལ་བའི་འཕྲང་ལ་ཨེ་རྒྱུགས། སྟེར་ཟེར་ན་སྙིང་ཁྲག་ཡིན་ཡང་ཨེ་སྟེར། དེ་ལྟར་ཁས་ལེན་ན་མནའ་བཞག་ཆོག་པར་གདམས་ཏེ། ཨ་སྟག་གིས་མནའ་རྟེན་དུ་བདུད་ལྷ་དང་། རྒྱལ་བོས་གླིང་ལྷ་དཔང་དུ་བཞག་པ་དང་། གཞན་མགོན་ཁང་དང་བཙན་ཁང་གི་ལྕགས་ལུང་། མ་ཎིའི་གཟུངས་ཐག་ལ་འཇུས་པའམ། ཡང་ན། བར་གྱི་མི་དང་མཚམས་ཀྱི་རྡོ་ལ་གཏད་དེ། མནའ་ཚིག་ཡུལ་ལུང་སོ་སོ་མི་འདྲ་བ་སྣ་ཚོགས་ཡོད་དེ། བོད་ཀྱི་གནའ་རབས་ཁྲིམས་སྲོལ་ཡིག་ཆ་བདམས་བསྒྲིགས་ལས། གནའ་མིས་འོས་ཆོས་ཚང་བ་ཞིག་རྙེད་ན་དེ་དང་། རྙེད་མིན་གྱི་སྐབས་ཤར་ཚེ། བདེན་རྫུན་སྟོན་པའི་རྡོ་སྣུམ་ལྕགས་འདམ་བསྐོལ་ཆུ་ལག་སོགས་བྱེད། ཅེས་དང་། ལུས་གཅེར་བུར་བྱས་ཏེ་ཀོ་དམར་གདན་དུ་གཏོང་བ་དང་། གྲོད་པ་ཁྲག་གིས་བཀང་བ་བྲང་ལ་འཇོག་པ། ཞེས་དང་། མནའ་བྱེད་ན་གསེར་སྐྱེམས་མནའ་ཆུ་སོགས་ཆས་འགྲིག་པ་དང་། ལྷ་གདན། མགར་བའི་ཆས། རྡོ་གས་གྲུམས་མེད་པ། ཟངས་དང་ལྕགས་སླང་གང་རུང་གི་མགོ་ནུབ། ཅེས་གསུངས་པ་བཞིན་དགོས་ཆས་དང་། ཡང་མནའ་ས་ཡང་། དེ་ཉིད་ལས། མནའ་ས་མགོན་ཁང་དང་། གཞི་བདག་གནས་ས། རྒྱལ་བོའི་དཀོར་མཛོད་སོགས་སུ་འཁྲིད་དེ་སྐྲ་བསྙིལ། སྟེང་གོས་དང་། གྲི་སྲུང་བ་འཇོག ཅེས་གསུངས་པ་ལས་ཀྱང་། བོད་ཀྱི་ཡུལ་ལུང་སོ་སོ་ན་མནའ་སྐྱེལ་སྟངས་འདྲ་མིན་ཡོད་པ་རྟོགས་ནུས་སོ། །

༤ མནའ་བཤགས། བོད་ཀྱི་ཁ་དཔེར། མནའ་བཟའ་དུག་འཐུང་། ཞེས་བརྗོད་པ་ལྟར། མནའ་འགལ་བྱེད་པ་དེ་ནི་དུག་འཐུང་བ་དང་གཉིས་སུ་མ་མཆིས་པར་བཞག་ཡོད་པར་གཞིགས་ན། བོད་མི་རིགས་ནི། ཁ་དན་ཚིག་ལ་གནས་ཤིང་ངང་ཚུལ་བརྟན་པོ་ཞིག་ཡིན་པར་སྡོམ་ཚིག་བཀོད་ཡོད། འོན་ཀྱང་། ཕ་གཅིག་རུང་ཕོ་བ་མི་གཅིག སྔས་གཅིག་རུང་རྨི་ལམ་མི་གཅིག ཅེས་པ་ལྟར། ཡུན་རིང་གི་འཚོ་བའི་ཁྲོད། བྱ་ལས་སྣ་ཚོགས་ཀྱིས་རྐྱེན་དབང་གིས། མནའ་འགལ་བྱུང་བའང་རེ་གཉིས་སྲིད་པར་བརྟེན། ཉེས་པ་དེ་ནི་གཞན་ལ་རག་མ་ལས་པར། རང་གི་བྱས་ཉེས་སུ་གྱུར་བའི་ངན་འགྲོའི་རྒྱུ་སྟེ། ཚོམས་ལས། ལྕགས་ལས་གཡའ་ནི་ལངས་གྱུར་ན། །ལངས་པ་དེས་ནི་དེ་ཉིད་ཟ། །དེ་བཞིན་མ་བརྟགས་བྱས་པ་ཡི། །རང་གི་ལས་ཀྱིས་ངན་འགྲོ་འགྲོ། །ཞེས་པ་དང་གཉིས་སུ་མ་འདས་པས། ངེས་པར་དུ་མནའ་བཤགས་བྱེད་སྲོལ་འདི་ཤིན་ཏུ་ནས་ཀྱང་གལ་ཆེ། ཅིའི་ཕྱིར་ན། མཁས་པའི་སྡིག་པ་ལྕི་ཞིང་ཡང་། །བླུན་པོའི་སྡིག་པ་ཡང་ཞིང་ལྕི། །ཞེས་མཁས་བླུན་གཉིས་ཀྱིས་སྡིག་པ་བཤགས་ལུགས་ཤེས་མི་ཤེས་ཀྱི་ཆ་ནས་བཤད་པ་ཡིན། དཔེར་ན། ལམ་རིམ་ལས། ལྕགས་ཀྱི་གོང་བུ་ཆུང་ཡང་ཆུའི་གཏིང་དུ་འབྱིང་ལ། དེ་ཉིད་སྣོད་དུ་བྱས་པ་ནི་ཆེ་ཡང་སྟེང་དུ་འཕྱོ་བ་བཞིན་དུ། མི་མཁས་པ་དང་མཁས་པས་བྱས་པའི་སྡིག་པ་ཡང་ལྕི་བ་དང་ཡང་བར་གསུངས་ཏེ། རྒྱུ་མཚན་ནི། འདས་ཆེན་ལས། གཏི་མུག་ཅན་སྦྲང་བུ་ངར་སྣབས་ལ་འབྱར་བ་འབྱུང་མི་ནུས་པ་དང་འདྲ་བར། ཉེས་པ་ཆུང་ངུ་ལས་ཀྱང་འབྱུང་མི་ནུས་ཤིང་འགྱོད་སེམས་མེད་པས་དགེ་བ་སྤྱོད་མི་ནུས་ལ། སྐྱོན་བཅབས་པས་སྔར་གྱི་དགེ་བ་དག་ཡོད་ཀྱང་སྡིག་པས་སྨེ་བར་བྱས་པས་ན། ད་ལྟ་རྣམ་པར་སྨིན་པ་མྱོང་བའི་རྒྱུ་ཡང་བསྒྱུར་ཏེ། དམྱལ་བ་ཤིན་ཏུ་ལྕི་བར་འགྱུར་རོ། །ཆུ་ཉུང་ངུར་ལན་ཚྭ་ཕུལ་གང་བཏབ་ན་བཏུང་བར་དཀའ་བ་བཞིན་ནམ། གཞན་གྱི་དོང་ཙེ་གཅིག་ཆགས་པས། འཇལ་མི་ཕོད་པས་བཅིངས་དྲགས་ཏེ་སྡུག་བསྔལ་མྱོང་བ་དང་འདྲའོ། །ཞེས་པ་ལྟར་ལགས་ལ། མནའ་འགལ་གྱི་ཉེས་པ་ལྕི་ཚུལ་གླིང་སྒྲུང་ལས་དཔེ་མཚོན་འགའ་ཞིག་དྲངས་ན། དམྱལ་གླིང་མུན་པ་རང་སངས་ལས། ཨ་སྟག་གཙོ་བྱས་པའི་ཤི་བོ་དུང་ཕྱུར་མང་བོས་མནའ་ཟོས་པའི་ཉེས་དམིགས་ཀྱིས། ལྕགས་སྲེག་མཆོད་རྟེན་ལྷ་ཁང་ཆོས་ཁང་ཚུལ། །ཆེ་ཆུང་རི་རབ་ལྷུན་པོ་བཞིན་དུ་ཆེ། །དེ་ཡི་འོག་ཏུ་ཤི་བོ་མང་བོ་མནན། །རི་བོའི་ཞབས་ལ་མནན་པའི་སྡུག་བསྔལ་མྱོང་། །ལས་ངན་ཇི་འདྲ་བྱས་པའི་རྣམ་སྨིན་རེད། །ཅེས་པའི་ལན་དུ་གེ་སར་གྱིས། ལྕགས་སྲེག་མཆོད་རྟེན་རི་རབ་ཚུལ་དུ་གནས། །དེ་ཡི་འོག་ཏུ་མི་མང་མནན་པ་དེ། །འཇིག་རྟེན་མི་ཡུལ་གསོན་པོར་འདུག་པའི་དུས། །སྐུ་གཟུགས་མཆོད་རྟེན་ལྷ་ཁང་དཔང་དུ་བཙུགས། །རྒྱལ་བའི་གསུང་རབ་གསེར་ཡུམ་ཚད་དུ་བཞག །སྙིང་གྲོགས་ཤག་པོར་མནའ་ཟོས་མགོ་སྐོར་བཏང་། །ཁས་བླངས་དམ་བཅའ་ཉམས་པའི་སྡིག་སྒྲིབ་མང་། །རྐུན་མ་རྣམས་ཀྱིས་ཕྱུག་བདག་མགོ་བསྐོར་ནས། །མ་བརྐུས་ཟེར་ནས་ཡུམ་ཆེན་དཔང་དུ་བཞག །དོན་མེད་ཁ་མཚར་ཞོར་ནས་མནའ་ཆེན་ཟོས། །ཕྱུག་པོའི་ལག་ནས་ཧེབ་རྒན་དོམ་པ་ཚོས། །ཁྱོད་ཀྱི་བུ་ལོན་དེ་རིང་མེད་ན་ཡང་། །ཉི་མ་འདི་ལ་ཤོག་དང་སྤྲོད་ངེས་ཟེར། །མནའ་ཆེན་བསྐྱལ་ནས་ཆད་ཐོག་མ་སྤྲད་པའི། །ལས་ངན་དེ་འདྲ་བྱས་པའི་རྣམ་སྨིན་ཡིན། །ཞེས་དང་། ཡང་། རྒྱ་ཚ་ཞལ་ལུ་དཀར་བོས་མནའ་འགལ་བྱུང་ཚུལ་ནི། ཧོར་གླིང་གཡུལ་འགྱེད་ལས། ཧོར་ཤ་ཁ་ལ་རེག་དང་གཅིག །གུར་དཀར་ཤི་བ་རིག་དང་གཉིས། །མགོ་འཕྲུ་སྦྱིན་སྲེག་བྱེད་དང་གསུམ། །དེ་གསུམ་སྐྱ་ཁྲས་མ་མཐོང་ན། །ཞལ་ལུ་དག་ཞིང་འགྲོ་ལེ་མིན། །ཞེས་དབུ་མནའ་བཞེས་པའི་སྡིག་སྒྲིབ་ཀྱིས། ཁྲ་ལུས་བླངས་ཏེ་ཞེ་སྡང་ཆེན་པོས་ཉིན་རེར་ཧོར་དམག་ཡིན་པར་མོས་པ་བཟུང་ནས་བྱ་བྱེའུ་འབུམ་ཕྲག་བསད་དེ། དག་ཞིང་དུ་བགྲོད་མ་ནུས་པ་དང་། ཡང་། ཁ་ཆེ་གཡུ་རྫོང་ལས། ཚེ་སྔོན་རྒྱ་གར་ལྷོ་ཕྱོགས་སུ། །གདོལ་བ་ཨ་རག་ནག་པོར་སྐྱེས། །བླ་མའི་བཀའ་འགལ་དམ་ཚིག་ཉམས། །ཚེ་འཕོས་དམྱལ་ཁམས་བཅོ་བརྒྱད་འགྲིམས། །སོགས་མནའ་འགལ་བྱུང་བས་ལེ་ལན་འཁོར་བ་མང་དུ་ཡོད་དོ། །

ཡིན་ན་ཡང་། ཉེས་སྐྱོན་གང་ཡང་གཉེན་པོའི་ཕྱོགས་ཉེ་བ་ན་མི་ཟད་པ་མི་སྲིད་དེ། བརྒྱད་སྟོང་འགྲེལ་ཆེན་ལས། འདི་ལྟར། གང་དག་གཉེན་པོའི་ཕྱོགས་ཉེ་བ་ན་འགྲིབ་པའི་ཆོས་ཅན་ཡིན་པ། དེ་དག་གི་སྟོབས་དང་ལྡན་པའི་གཉེན་པོས་གཏན་ཟད་པ་སྲིད་པ་ཡིན་ཏེ། དཔེར་ན། གསེར་གྱི་གཡའ་ལ་སོགས་པ་བཞིན་ནོ། །ཞེས་པ་ལྟར། བཤགས་པས་འདག་པ་སྡིག་པའི་ཡོན་ཏན་ཡིན་པས། མནའ་བཤགས་བྱེད་པ་འདི་མན་ངག་ཡིན། དེ་བས། མནའ་བཤགས་བྱེད་ཚུལ་ཡང་། ཤནྟི་བས་མཛད་པ་དྲག་པོའི་ལས་ལྔ་ལས། མནའ་ཉེས་ཞི་བར་སོལ་རྡོག་གཅིག་ལ་སྔགས་འདི་བརྒྱ་རྩ་རེ་བཟླས་ནས་མནའ་སྐྱེལ་ཁར་མིད། ཀཾ་ཀཾ། ཕྱ་ཕྱ། ཡོར་ཡོར། ཏིམ་ཏིམ། མ་མ་རི་སྭཱ་ཧཱ། དེ་བ་གྷ་ས། ཋ་ཌ་ན་ད་བྷང་། མ་ཋ་ཊ་ན་ཏ་རྦད། མནའ་ཟོས་རུང་མ་ཟོས་རུང་སླར་རང་ལ་དཔལ་རྙེད་པར་འགྱུར་རོ། །ཡང་མནའ་བཤགས་ལ། བཤགས་རྟེན་འབུལ་བ་དང་། ཕྱག་བསྐོར་བྱེད་པའང་ཡོད་ལ། འཇུ་མི་ཕམ་གྱི་མཛད་པའི་མནའ་ཉེས་བཟློག་པ་ལས། རྩྭ་འང་སོག་མ་ཚིགས་པ་ལྔ་ཡོད་པ་ལ། མཆིལ་མ་བཏབ། རང་གི་སྨིན་མཚམས་སུ་ལྔ་དྲུད། ཁ་དང་ལྕེ་ལ་ལྔ་དྲུད། ངག་ནས་མནའ་མི་ཟ་རྩྭ་ཟའོ། །ཞེས་ཤབ་ཤུབ་ལན་ལྔ་བརྗོད། རྩྭ་གཅིག་ཟ། ལྕེ་ཕྱིས་ནས་ཕྱིན་པས། མནའ་ཉེས་མི་འོང་། ཞེས་དང་། མནའ་ཡི་སྒྲིབ་ཤིང་འདི་རྒྱ་ཤོག་ལ་མཚལ་ལམ་ཁྲག་གིས་བྲིས། ཕཾཿ ལཾཿ པཾཿ ལཾཿ མིཾཿ ཁྲཽཿ ཡི་གེ་དྲུག་པོ་འདིའི་ཕྱི་རོལ་ཏུ་ཁྲག་མཚོ། དེའི་ཕྱི་ལ་ཨ་ཉེར་གཅིག་བྲིས་ཏེ་ལུས་ལ་འཆང་བ་ཙམ་གྱིས། སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཀྱི་ཁྲག་གི་མཚོར་མཐོང་ནས་འབྲོས་པར་འགྱུར་ཏེ་མནའ་ཡི་ཆད་པ་མི་འོང་ངོ་། །ཞེས་ཀྱང་གསུངས་སོ། །ཡང་། ར་ག་ཨ་སེ་ལ་གཤིན་རྗེ་ཆོས་རྒྱལ་གྱིས་གསུངས་པའི་མནའ་སྡིག་བཤགས་པའི་སྔགས་ལ། ཨོཾ་བཛྲ་ཛ་ཧཱུཾ་ཕཊ། མནའ་ཟོས་པའི་སྡིག་པ་དག་པར་གྱུར་ཅིག ཅེས་དང་། གཞན་ཡང་། རོང་ཐ་བློ་བཟང་ཆོས་འབྱོར་ལྷུན་གྲུབ་ཀྱི་མནའ་བཤགས་བསྡུས་པ་ཡང་ཡོད་ལ། ཡང་། མནའ་དང་སྡིག་པ་བྱང་འདོད་ན། །བྲིས་ཀློག་དོན་གསུམ་འདི་ལ་གྱིས། །ཞེས་པ་ལྟར། སྡིག་བཤགས་གསེར་གྱི་སྤུ་གྲི་དང་། ལྟུང་བཤགས་སོགས་འབྲི་ཀློག་བཏོན་གསུམ་གནང་ནའང་མནའ་བཤགས་སུ་འགྱུར་རོ། །

བོད་ཀྱི་མིང་འདོགས་ཚུལ།

སྤྱིར་དོན་གྱི་ངོ་བོ་ཙམ་བརྗོད་པའི་སྒྲ། མིང་ཚིག་ཡི་གེ་གསུམ་དུ་ཕྱེ་བའི་མིང་གི་མཚན་ཉིད། མིང་ལ་དངོས་མིང་དང་བཏགས་མིང་གཉིས་སུ་གསུངས་པ་ལྟར། ཕྱི་བརྟན་པ་སྣོད་ཀྱི་འཇིག་རྟེན་དང་། ནང་གཡོ་བ་བཅུད་ཀྱི་སེམས་ཅན་ཇི་སྙེད་ལ་མིང་བརྡ་སྦྱོར་བ་འདི། སྤྱི་ཚོགས་ཀྱི་བྱེད་སྒོ་དང་། ལས་རིགས། བྱ་བཞག་ཕྲ་རགས་ཐམས་ཅད་སྒྲུབ་པ་ལ། མེད་མི་རུང་གི་ལག་ཆ་ལྟ་བུ་ཡིན་ཏེ། ལང་གཤེགས་ལས། མིང་དུ་གདགས་པ་མ་མཛད་ན། །འཇིག་རྟེན་ཐམས་ཅད་རྨོངས་པའི་ཕྱིར། །དེ་བས་རྨོངས་པ་སེལ་བ་ལ། །མགོན་པས་མིང་དུ་གདགས་པར་མཛད། །ཅེས་སོ། །འདིར་སྐབས་སུ་བབ་པ་རང་ཅག་བོད་གངས་ཅན་གྱི་སྐྱེ་འགྲོ་མིའི་མིང་འདོགས་ཚུལ་ལ། ལོ་རྒྱུས་ཀྱི་འཕེལ་འགྲིབ་དང་། གོམས་སྲོལ། ཆོས་མིང་དང་རྩིས་མིང་འདོགས་སྟངས། རུས་དང་ཚིག་སྡུད་སོགས་མང་དུ་འདོགས་སྲོལ་ཡོད་པ་ཅུང་ཟད་བརྗོད་པ་ལ།

༡ རུས་དང་སྦྱར་ཏེ་མིང་འདོགས་ཚུལ། མི་རིགས་གང་ཡིན་ཡང་རུས་རྒྱུད་འདི་གདེང་འཇོག་མི་བྱེད་པ་ཕལ་ཆེར་མེད་པའི་ཚོད་ཡིན། དེ་ཡང་རུས་ཟེར་བ་ཡང་། སྡེ་དགེ་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱིས། རུས་དང་རིགས་མ་ཉམས་པའི་ཕ་དེའི་རྒྱུད་ལས་བྱུང་བའོ། །གསུངས་པ་བཞིན། རང་ཅག་གི་རིགས་རུས་ཀྱི་ཁུངས་བརྗོད་ན། དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ལས། བོད་མིའི་རྒྱལ་ཁམས་སུ་གྱུར་ཏེ། ཡེ་སང་དཀར་བོ་གནམ་གྱི་འཇུ་ཐག་ཅན་དང་གཅིག ཡེ་སྨོན་ནག་པོ་ཁྲོ་ཆུའི་ཕ་ཝང་འདྲ་བ་དང་གཉིས། སྤྱང་ཁྲིག་ཡེ་ཤེས་ལྷའི་སྒྲོན་མེ་དང་གསུམ། མོན་རྫུ་ནག་པོ་ཁྱིའི་རྔ་ལྗང་ཅན་དང་བཞིར་དབྱེ་བ་བྱུང་ངོ་། །ཞེས་ཐོག་མའི་རུས་ཆེན་བཞིར་བཤད་ལ། གཞན་ཡང་། སྤྲེའུ་བྱང་ཆུབ་སེམས་དཔས། རང་གི་རུས་རྒྱུད་རྣམས་ལ་ཚན་བཞིར་བཅད་པ་སྟེ། བསེ་དང་དམུ། ལྡོང་དང་སྟོང་སྟེ། བཞིར་ཕྱེ་བར་གསུངས་ལ། ཡང་། བོད་ཀྱི་ཐོག་མའི་རུས་ནི་མིའུ་གདུང་དྲུག་སོགས་གསུངས་པ་མང་ཡང་། གང་ལྟར་ཐོག་མའི་རུས་ཁུངས་འདི་ལས། མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ། གཉགས། ཟུར། བརྒྱང་། སྐ་བ། འཁོན། འགོས་། དབའ། དགྱེར། རྔོག ཅོག་རོ། མཆིམས། གཉོས། ཉང་། འདན། གནུབས། རྨེའུ། མི་ལ། རོམ། མཚུར། རླངས། གླན། རྨ། ཆག བསེ། འབལ། ཐོན། འབྲོ། མགར། ཞང་། དཔྱལ། རྒ། ཁྱུང་བོ། སྣ་ནམ། ཤུད་པུ། མགོན་ཤུལ། ཕན་ཤུལ། བདུད་ཤུལ། སོགས་ཤུལ་ཆེན་བཅོ་བརྒྱད་དང་། གཡི་ཚ། ཟངས་ཚ། རེབ་ཚ་སོགས་ཚོ་ཆེན་བཅོ་བརྒྱད་དེ། མང་དུ་དབྱེ་ན། རུས་མིང་མི་འདྲ་བ་ཉིས་བརྒྱ་ལ་ཉེ་བ་ཡོད། རུས་འདི་ཐམས་ཅད་རྒྱུ་མཚན་བཤད་དུ་མེད་པའི་ཐོག་མར་འདོད་པ་ལྟར་སྦྱར་བས་འདོད་རྒྱལ་གྱི་མིང་དང་། དེ་ལྟར་བཏགས་པ་རྒྱུ་མཚན་བཤད་རྒྱུ་ཡོད་པས། རྗེས་གྲུབ་གྱི་མིང་གང་རུང་གིས་སྒོ་ནས་བཏགས་པ་ཡིན། འདིར་རུས་ཀྱི་སྒོ་ནས་མིང་བཏགས་པའི་མཚན་གཞི་ཙམ་བརྗོད་ན། གནའ་སྒྲུང་ལས། འགག་དོག་མོ་གསུམ་ནི་སྦྲ་ལ་ཐོབ། །སྦྲ་དཔའ་རྩལ་ཆེ་བ་དེ་ནས་བྱུང་། །ཞེས་པ་ལྟར། རྒྱལ་རོང་གི་རྒྱལ་མདོ་གཞེར་ནག་པོའི་བློན། ཀླུ་གཞེར་དེ་དཔའ་རྩལ་ཆེ་ཞིང་ཕྱག་རྗེས་མང་བོ་བཞག་ལ། རུས་སྦྲ་ཡིན་པས། ཁོ་ལོ་ན་རྒས་དུས་སུ། བློན་པོ་སྦྲ་རྒན་བཏགས་པ་དང་། དེའི་བུའི་མིང་ལ་སྦྲ་རྒན་ཡག་མཁར་བཏགས། ཡང་། བོད་ཀྱི་རུས་མང་བོ་ཞིག་ལ། རུས་བཤད་ཡོད་པར་མ་ཟད། རུས་བཤད་དེ་ཡང་གནའ་བོའི་ལྷ་སྒྲུང་དང་། གཡམ་རྒྱུགས་ལ་དགའ་བའི་དྲི་མས་ཡེ་མ་གོས་པར་སྲོང་བོར་བརྗོད་པའི་དགེ་མཚན་ཡོད་དེ། དཔེར་ན། བློན་པོ་རུ་ལས་སྐྱེས་པུ་དེ་གུང་རྒྱལ་གྱི་ཁུ་བོར་བཀུར་བས། རུས་ཁུ་བྱུང་ལ། ཁོའི་མཚན་ལ་ཡང་ཁུ་ཁུ་རུ་ལས་སྐྱེས་བཏགས་པ་དང་། ས་སྐྱ་འཁོན་ཞེས་པའི་རུས་རྒྱུད་ལ་ཆ་མཚོན་ནའང་། གཡའ་སྤང་སྐྱེས་ཀྱིས་སྲིན་པོ་སྐྱ་རེངས་ཁྲག་མེད་མ་བྱ་བའི་ཆུང་མ་གཡའ་འབྲུམ་སི་ལི་མ་ཟེར་བའི་མཛེས་མ་དེ་འཕྲོག་ནས། སྲིན་པོ་བསད་དེ་ཁོའི་ཆུང་མ་བྱས་པ་ལ། བུ་ཞིག་སྐྱེས་པས། བུ་དེ་གཡའ་སྤང་སྐྱེས་དང་། སྲིན་པོ་འཁོན་པའི་བར་དུ་བྱུང་བས། མིང་གཡའ་ཕྲུག་འཁོན་པ་སྐྱེས་བཏགས། དེ་ནས་རིམ་བཞིན་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་ནང་བློན་འཁོན་དཔལ་བོ་ཆེ་ཞེས་བྱུང་ལ། དེ་ལ་སྲས་འཁོན་ཀླུའི་དབང་བོ་བསྲུངས་དང་། རྡོ་རྗེ་རིན་པོ་ཆེ་བྱ་བ་གཉིས་ལས། གཅེན་པོ་རབ་ཏུ་བྱུང་སྟེ། སད་མི་མི་བདུན་གྱི་ཡ་གྱལ་འཁོན་ཀླུ་ཡི་དབང་བོ་ཡིན། དེ་ནས་འཁོན་ཤཱཀྱ་བློ་གྲོས་སོགས་འཁོན་གྱི་མིང་བཏགས་པ་མང་བ་དང་། ཡང་། རླངས་ཀྱི་གདུང་རྒྱུད་ནི། རྒྱལ་བུ་མང་ལྡོམ་སྟག་བཙན། ལྷའི་བུ་མོ་སྨན་བཙུན་མ་དང་འགྲོགས་པ་ལས། བུ་ཞིག་བྱུང་ཡང་། མང་ལྡོམ་ཡིད་མ་ཆེས་པས། སྨན་བཙུན་མས་དོགས་པ་སེལ་ཆེད། བུ་རི་རྩེར་བོར་ཏེ་དམོད་བོར་བས། སླར་བལྟར་ཕྱིན་པས། གཅན་གཟན་སོགས་ཀྱིས་མ་འཚེ་བར་སྤྱི་གཙུག་ན་རླངས་པ་འཕྱུར་བས། ཕ་དགྱེས་ནས་རླངས་སོ་རླངས་སོ་ཞེས་ལན་གསུམ་བོས་པས། རླངས་ཀྱི་རྒྱུད་བྱུང་ལ། གླིང་གེ་སར་གྱི་བླ་མ་རླངས་ཨ་མྱེས་བྱང་ཆུབ་ཡང་། རུས་རྒྱུད་རླངས་ལས་བཏགས་པའོ། །མི་ལ་རས་པ་ཐོགས་དོན་ཡང་། མི་ཚང་ཞིག་ལ་གདོན་འཇིགས་རུང་ཞིག་ཞུགས། མི་ལའི་ཡབ་མེས་ཁྱུང་བོ་ཇོ་སྲས་ཞུས་ཏེ། ཇོ་སྲས་རྩར་མ་ཕེབས་གོང་ལ། གདོན་དེ་སྐྲག་ཤིང་ཧ་ལས་ནས། ཕ་མ་མི་ལ་མི་ལ་ཞེས་ཡང་ཡང་ཟེར་ཞིང་འཇིགས་སྐད་ཤོར་བས། མི་ཀུན་གྱིས་ཇོ་སྲས་ཀྱི་ཆེ་བ་བརྗོད་པའི་ཆེད་དུ་མི་ལ་ཞེས་བརྗོད་པས། གདུང་གི་མཚན་ལ་མི་ལ་ཞེས་བཏགས། དེ་ནས་མི་ལ་ཇོ་སྲས་ནས་ཁོང་གི་བུ་རྒྱུད་ལ། མི་ལ་མདོ་སྟོན་སེང་གེ མི་ལ་ཤེས་རབ་རྒྱལ་མཚན། མི་ལ་རས་པ་ཞེས་རུས་རྒྱུད་ལ་གཙིགས་བཟུང་ནས་བཏགས་པའོ། །གཞན་ཡང་། སྔོན་བྱོན་མཁས་དབང་དང་། སྲིད་འཛིན་པ་དག་གི་མཚན་གྱི་ཐོག་མར་རུས་སྦྱར་ནས་འབོད་སྲོལ་ཆགས་པ་ནི། དཔེར་ན། གནུབས་སངས་རྒྱས་ཡེ་ཤེས། ཟུར་ཤཱཀྱ་འབྱུང་གནས། མྱང་ཏིང་འཛིན་བཟང་བོ། ཁྱུང་བོ་པུ་སད་ཟུ་ཙེ། གཉན་འཛི་ཟུང་ནག་པོ། འབལ་སྟག་ཙབ། ལང་མྱོས་གཟིགས། མགར་སྟོང་བཙན་ཡུལ་བཟུང་། ཐོན་མི་སམྦྷོ་ཊ། འབྲི་སེ་རུ་གུང་སྟོན། སྐ་བ་དཔལ་བརྩེགས། ཞང་སྣ་ནམ་རྡོ་རྗེ་དབང་ཕྱུག མཚུར་སྟོན་དབང་གི་རྡོ་རྗེ། འགོས་ཁུག་པ་ལྷས་བཙས། རྔོག་ལེགས་པའི་ཤེས་རབ། རྨ་ལོ་ཙཱ་བ་དགེ་བའི་བློ་གྲོས། གཉོས་རྒྱལ་བ་ལྷ་ནང་། ཆག་ལོ་ཆོས་རྗེ་དཔལ། མཆིམས་བློ་བཟང་གྲགས་པ། བསེ་ངག་དབང་བཀྲ་ཤིས་སོགས་རུས་རྒྱུད་དང་འབྲེལ་ཏེ་མིང་འདོགས་སྲོལ་འདི། རང་ཅག་གངས་ཅན་པར་སྔ་རབས་ནས་ཡོད་ཀྱང་། བར་སྐབས་ཤིག་བག་ལ་ཞ་བའི་ཚུལ་གྱིས་བེད་སྤྱོད་མ་བཏང་ལ། རུས་དང་འབྲེལ་བའི་མིང་འདོགས་འདི་མི་རིགས་གཞན་དང་མ་འདྲེས་པར་རང་རྐྱ་ཕེར་བའི་ཚུལ་གྱིས་དར་སྤེལ་བཏང་ན། ཁ་བའི་ཚེ་སྲོག་གི་གྲུབ་ཆ་ཞིག་ལ་གཅེས་གཉེར་བྱས་པ་ཡིན་ནོ། །

༢ ཞང་བོད་འདྲེས་མའི་སྐད་དུ་མིང་བཏགས་ཚུལ། ནམ་མཁའི་ནོར་བུའི་བོད་ཀྱི་ལོ་རྒྱུས་འཕྲོས་པའི་གཏམ་ལས། སྔོན་བྱོན་བོད་ཀྱི་རྒྱལ་བོ་རྣམས་ཀྱི་མཚན་དུའང་། མུ་ཁྲི་བཙན་པོ། ཏིང་ཁྲི་བཙན་པོ། ཨ་ཤོ་ལེགས། ཨག་ཤོ་ལེགས་སོགས་དུས་ཕྱིས་ཀྱི་བོད་སྐད་དུ་དོན་ཅི་ཡང་མི་སྟོན་པའི་མིང་ཚིག་མང་དུ་སྣང་བ་དེ་དག་ཀྱང་། དོན་དུ་ཞང་བོད་འདྲེས་མའི་སྐད་དེ། མུ་ཁྲི་ཞེས་པ་ཐུགས་ཀྱི་དོན་དེ་ཐུགས་བཙན་པོ། ཞེས་པ་དང། ཏིང་ཞེས་པ་ཏིང་མུ་སྟེ། བར་སྣང་གི་དོན་ནམ། ཡང་ན། ཏིང་ཤོ་ཆུ་བོའི་དོན་དང་། ཁྲི་ནི་ཐུགས་ཀྱི་དོན་ཏེ། མདོར་ན་ཐུགས་རྒྱ་ཆེན་པོའི་དོན་དང་ཐུགས་ཟབ་པའི་དོན་སྟོན་པ་དང་། ཨ་ཤོ་ཞེས་པ་ཞལ་གྱི་དོན་ཏེ། ཞལ་ལེགས་ཞེས་པའི་དོན་སྟོན་པ་སོགས། འདི་རིགས་ཀྱི་མིང་ཚིག་མང་དུ་ཡོད་པ་དེ་ཀུན། ཁུངས་མེད་དང་། དོན་མེད་བླུན་པོས་བཏགས་པའི་མིང་ཙམ་མ་ཡིན་པ། ཁུངས་ཡོད་དང་དོན་ཡོད་ཞང་བོད་འདྲེས་མའི་སྐད་དུ་ཤེས་པར་བྱ། གསུངས་པ་ལྟར་རོ། །

༣ ཆེ་བརྗོད་དང་འབྲེལ་བའི་འདོགས་ཚུལ། བོད་རྒྱལ་སོ་གཉིས་པ་གནམ་རི་སྲོང་བཙན་གྱི་མཚན་འདི། ཆེ་བརྗོད་དང་འབྲེལ་ནས་བཏགས་པ་ཡིན་ཏེ། རྒྱལ་བོ་འདིའི་སྐུ་རིང་ལ། རྒྱ་ནག་གི་ཡུལ་ནས་རྩིས་དང་སྨན་དཔྱད་བླངས། མཐའ་བཞིའི་རྒྱལ་ཕྲན་དབང་དུ་བསྡུས་ནས། མངའ་ཁོངས་རྒྱ་བསྐྱེད་པ་སོགས་བོད་འདིར་མཛད་འཕྲིན་མང་དུ་བརྐྱངས་པས། ཁོང་གི་ཆབ་སྲིད་གནམ་ལས་མཐོ། དབུ་རྨོག་རི་ལས་བཙན་ཞེས་ཆེ་བ་བརྗོད་པས། གནམ་རི་སྲོང་བཙན་བཏགས་པའོ། །དེའི་སྲས་སྲོང་བཙན་སྒམ་པོ་ཡང་། སྲོང་བཙན་སྒམ་པོ་ཞེས་ཆེད་དུ་གསོལ་བའི་མཚན་འགྲེལ་ནི། རྒྱལ་བོ་ཆེན་པོ་མིའི་ལྷ་འམ། ཡང་ན། སྐྱེ་བོ་མི་སྲུན་པ་གདུལ་དཀའ་རྣམས་ལུགས་གཉིས་ཀྱིས་སྲོལ་བཟང་བོའི་ལམ་དུ་ནན་གྱིས་སྲོང་ཞིང་། མཛའ་བ་དང་མི་མཛའ་བ་དང་བར་མ་རྣམས་ལ་ཐུགས་རབ་ཏུ་སྙོམས་པའི་ཕྱོགས་སུ་མ་ལྷུང་བའི་ཕྱིར། ཤིན་ཏུ་དྲང་བའི་བཀའ་ཁྲིམས་བཙན་པོའི་གནས་ལས་མངའ་འོག་པ་རྣམས་འདའ་བའི་སྐབས་མེད་པ་དང། ཕྱི་ནང་གི་བྱ་བའི་གནས་ཐམས་ཅད་མ་འཆོལ་ཞིང་། འཁྲུགས་པ་མེད་པར་དཔྱད་གསུམ་གྱིས་གཏན་ལ་འབེབས་ཤིང་། མཛངས་པར་གྲགས་པ་རྣམས་ཀྱིས་ཀྱང་། དགོངས་པའི་གཏིང་དཔོག་པ་མེད་པའི་ཕྱིར་སྒམ་པོ་སྟེ་སྲོང་བཙན་སྒམ་པོ་ཞེས་མཚན་སྙན་པར་གྲགས་པ་ཉིད། སྐྱེ་དགུའི་དཔལ་དུ་ཤར་ཏོ། །ཞེས་དང་། ལྒིགས་བམ་རིན་པོ་ཆེའི་དཀོན་ཅོག་འབངས་ཀྱི་སྐྱེས་རབས་ལས་ཀྱང་། ང་གངས་རིའི་འགུལ་དུ་ཆོས་ཀྱི་རྒྱལ། །སེམས་གཡོ་སྒྱུ་མེད་པར་སྲོང་བོར་སྨྲ། །ཆོས་ནུས་མཐུ་བཙན་པོས་གཞན་ལ་ཕན། །མི་བདག་གིས་ཡོན་ཏན་སྒམ་པོར་སྤེལ། །ཞེས་པ་ལྟ་བུ་དང་། གླིང་སྒྲུང་ལས་ཀྱང་། སྤྱི་དཔོན་རོང་ཚ་ཁྲ་རྒན་དང་། གེ་སར་ནོར་བུ་དགྲ་འདུལ་ལྟ་བུ་ཡང་ཆེ་བརྗོད་ཀྱི་སྒོ་ནས་བཏགས་པའོ། །

༤ རབ་བྱུང་ལ་ཆོས་མིང་འདོགས་ཚུལ། རང་ཅག་གི་སྲོལ་ལ་ཁྱིམ་ནས་ཁྱིམ་མེད་རབ་ཏུ་བྱུང་ཚེ། གྲྭ་བ་དང་བཙུན་མ་སུ་ཡིན་ཡང་། ཆོས་མིང་རེ་གསོལ་ཏེ་འབོད་པ་ལས། སྐྱ་མིང་མི་འབོད། ཆོས་སྒོ་ཞུགས་ན། མིང་དང་ཆ་ལུགས། སེམས་བརྗེས་པ་སྟེ། བརྗེས་པ་རྣམ་གསུམ་དང་ལྡན་པ་འདི་ནང་བསྟན་གྱི་དགོངས་པའང་ཡིན། དཔེར་ན། སྦ་གསལ་སྣང་རབ་ཏུ་བྱུང་ནས། མཁན་ཆེན་བོ་དྷི་ས་ཏྭས་ཆོས་མིང་ལ་ཡེ་ཤེས་དབང་བོ་གསོལ་བ་དང་། ས་སྐྱ་པནྟི་ཏ་ཀུན་དགའ་རྒྱལ་མཚན་ཡང་། ཆུང་དུས་སུ་མཚན་ལ་དཔལ་ལྡན་དོན་འགྲུབ་ཞུ་ཞིང་། ཁུ་བོ་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་བཞེས་པས། མཚན་ལ་ཀུན་དགའ་རྒྱལ་མཚན་དུ་གསོལ་བ་དང་། རྗེ་བློ་བཟང་གྲགས་པ་ཡང་དགུང་གྲངས་གསུམ་གྱི་སྟེང་། ཀརྨ་རོལ་བའི་རྡོ་རྗེ་ལས་དགེ་བསྙེན་གྱི་སྡོམ་པ་བཞེས་དུས། མཚན་ལ་ཀུན་དགའ་སྙིང་བོ་དང་། དགུང་གྲངས་བརྒྱད་ཀྱི་སྟེང་། ཆོས་རྗེ་དོན་འགྲུབ་རིན་ཆེན་གྱི་ཞབས་ལས། རབ་བྱུང་སྒྲུབ་དུས་བློ་བཟང་གྲགས་པ་གསོལ་བའོ། །གཞན་ཡང་། རབ་ཏུ་བྱུང་བ་མ་ཟད། བོད་རྒྱལ་ཁྲི་སྲོང་ལྡེ་བཙུན་ནས། སྐྱ་བོ་ལ་ཡང་ཆོས་མིང་འདོགས་ཚུལ་དུ་མ་ཡོད་དེ། དཔེར་ན། ཁྲི་སྲོང་གི་བཙུན་མོ་འབྲོ་བཟའ་བྱང་ཆུབ་སྒྲོན་དང་། བློན་ཆེན་པོ་བྲན་ཀ་དཔལ་ཡོན། ལྷ་ལུང་དཔལ་གྱི་རྡོ་རྗེ། བཙུན་མོ་དཔལ་གྱི་ངང་ཚུལ་མ་སོགས་དང་། རྗེས་སོར་ལྷག་པར་ནང་ཆོས་དར་ཁྱབ་བྱུང་བའི་འཕེལ་རིམ་ཁྲོད། ཆོས་ཚིག་གི་མིང་བཏགས་པ་བརྗོད་ལས་འདས་པ་སྟེ། སངས་རྒྱས། བྱམས་པ། གདུགས་དཀར། འཇིགས་བྱེད། ཀླུ་སྒྲུབ། ཐོགས་མེད། བརྩོན་འགྲུས། བསྟན་པ། མཆོད་རྟེན། མ་ཎི། ཏིང་འཛིན། འཕགས་པ། སྒྲོལ་མ་སོགས་སོ། །

༥ ཤིས་བརྗོད་དང་གཅེས་མིང་འདོགས་ཚུལ། དཔེར་ན། བཀྲ་ཤིས། ལོ་བརྒྱ། དོན་འགྲུབ། ཚེ་རིང་། བདེ་ལེགས། ཕུན་ཚོགས། ཡར་འཕེལ། ཚེ་སྐྱིད། གཡང་འཛོམས། རབ་རྒྱས་སོགས་དང་། གཅེས་མིང་ལ། རིག་འཛིན་ཚེ་རིང་ལ་རིག་ལོ། རིན་ཆེན་ལ་རིན་ལོ། གཡང་མོ་སྐྱིད་ལ་གཡང་གོ ལྷ་མོ་ལ་ལྷ་གོ ཤ་བོ་འཚོ་ལ་ཤ་ལོ། རྡོ་རྗེ་ལ་རྡོ་རྦ་ལྟ་བུའོ། །

༦ རྩིས་ཀྱི་སྒོ་ནས་མིང་འདོགས་ཚུལ། སྐྱེས་དུས་ཀྱི་དུས་ཚོད་དང་སྦྱར་ཏེ་མིང་འདོགས་ཚུལ་ནི། ཐོ་རངས་ནས་ཉི་ཤར་ཚུན་ལ། རྡོ་རྗེ་ཌཱ་ཀིའི་དུས་སུ་བུ་ཕྲུག་སྐྱེས་ན། མིང་རྡོ་རྗེ་འདྲ་བ་གདགས། ཉི་ཤར་ནས་ཉི་དྲོས་ཚུན་ཆད་རིན་ཆེན་ཌཱ་ཀིའི་དུས་སུ་བཙས་ན་མིང་རིན་ཆེན་འདྲ་བ་གདགས། ས་རུབ་ནས་ནམ་ཕྱེད་ཚུན་ཆད་པདྨ་ཌཱ་ཀིའི་དུས་སུ་སྐྱེས་ན། མིང་པདྨ་འདྲ་བ་གདགས། ནམ་སྨད་ནས་ཐོ་རངས་ཚུན་ཆད་ཀརྨ་ཌཱ་ཀིའི་དུས་སུ་བཙས་ན་མིང་ནམ་མཁའ་འདྲ་བ་གདགས་པར་གསུངས་སོ། །

ཡང་། བྱིས་པ་བཙས་དུས་རེས་བཟའ་གང་ལ་ཁེལ་བ་ལྟར་མིང་འདོགས་སྲོལ་ནི། ཆོལ་ཁ་གསུམ་དུ་དར་སྲོལ་ཆེ་སྟེ། དཔེར་ན། ཉི་མ། ཟླ་བ། མིག་དམར། ལྷག་པ། ཕུར་བུ། པ་སངས། སྤེན་པ་རྣམས་ཏེ། ཕོ་མོ་གཉིས་ལ་ཁྱད་མེད་དུ་འདོགས་པ་དང་། རེས་གཟའ་བདུན་པོ་དེ་ལ་ཚིག་གྲོགས་སྦྱོར་ཚུལ་སྣ་ཚོགས་འབྱུང་སྟེ། དཔེར་ན། ཉི་མ་ཚེ་རིང་། ཟླ་བ་བཀྲ་ཤིས། ལྷག་པ་ཚེ་རིང་ལྟ་བུ་ཕོ་མིང་དང་། ཉི་མ་གཡང་འཛོམས། ཟླ་བ་སྒྲོལ་མ་ལྟ་བུ་མོའི་མིང་ངོ་། །

སྤར་ཁའི་སྒོ་ནས་འདོགས་ཚུལ། བྱིས་པ་དེ་སྤར་ཁ་ཁོན་ལ་སྐྱེས་པའམ། ཡང་ན། མ་སྤར་ཁ་ཁོན་གྱི་སྟེང་དུ་བཙས་པ་ཡིན་ན། ཁོན་ཐར་སྐྱིད། ཁོན་ཐར་ཚེ་རིང་ལྟ་བུ། དེ་བཞིན་ཟོན་ཐར་སྐྱིད། ཟོན་ཐར་རྒྱལ་དང་། འབྱུང་ཁམས་དང་སྦྱར་ནས་མིང་བཏགས་པ། ལྕགས་དར་རྒྱལ་དང་ནམ་མཁའ་སྒྲོལ་མ་ལྟ་བུའོ། །

༧ ཡུལ་མིང་དང་ཐོབ་རྟགས་མཚན་ཟུར་དྲས་ཏེ་མིང་འདོགས་ཚུལ། ཡང་། བོད་མིང་འདོགས་སྲོལ་ལ། སྐྱེས་ཡུལ་དང་འབྲེལ་ཏེ་མིང་འདོགས་ཚུལ་མང་སྟེ། དཔེར་ན། འགོས་ལོ་ཙཱ་བ་ཁུག་པ་ལྷས་བཙས་ནི། གཙང་རྟ་ནག་ཕུའི་ཁུག་པ་ཞེས་པའི་ས་ཆར། ཁོང་གི་གཞིས་ཁྱིམ་གྱི་ལྷས་སུ་བཙས་པས། ཁུག་པ་ལྷས་བཙས་དང་། དེ་བཞིན་ལྷོ་བྲག་ནམ་མཁའ་རྒྱལ་མཚན། རྗེ་ཙོང་ཁ་པ། དགེ་བཤེས་བྲག་རྒྱབ་པ། ཀློང་རྡོལ་བླ་མ་ཞེས་པ་ཡང། གཙང་པ་རྒྱ་རས་ཡེ་ཤེས་རྡོ་རྗེའི་སྒྲུབ་ཕུག་ཀློང་རྡོལ་ནས་བཞུགས་པས། ཀློང་རྡོལ་བླ་མ་ཞེས་པའི་མཚན་བྱུང་། ཡང་། མཁས་པའི་ཐོབ་རྟགས་ལ་བརྟེན་ཏེ་མིང་བཏགས་པ། པཎྚྀ་ཏ་དང་། ཁྲི་བ། མཁན་པོ། སྔགས་རམས་པ། ལྷ་རམས་པ། རྡོ་རམས་པ། རབ་འབྱམས་པ། འབུམ་རམས་པ། བཀའ་བཅུ་བ་སོགས་དང་། སློབ་དཔོན་ཐོན་མི། ཁྲི་ཆེན་དཀོན་མཆོག་ཡར་འཕེལ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན། རྡོ་བིས་དགེ་བཤེས་དང་། གོ་གནས་དང་ཐོབ་རྟགས་སྦྱར་ནས་མིང་བཏགས་པ། སྡེ་སྲིད་སངས་རྒྱས་རྒྱ་མཚོ། རྒྱལ་ཚབ་རྭ་སྒྲེང་། མདའ་དཔོན་ལྷ་སྡིང་བ། རྩིས་དཔོན་ལུང་ཤར་རྡོ་རྗེ་ཚེ་རྒྱལ། སྲིད་བློན་གླང་མདུན། བཀའ་བློན་ཁྲི་བ་སོགས་སོ། །

༨ གསང་མཚན་དང་སྒྲ་དང་པིར་མིང་འདོགས་ཚུལ། དབང་གི་སྐབས་སུ་དཀྱིལ་འཁོར་དུ་མེ་ཏོག་དོར་ཏེ། མེ་ཏོག་ཕོག་པའི་ལྷ་སྐལ་ཞེས། མི་བསྐྱོད་རྡོ་རྗེ། དོན་ཡོན་རྡོ་རྗེ་ཞེས་གསང་མཚན་འདོགས་པ་དང་། རྒྱལ་དབང་ལྔ་བའི་སྒྲ་མིང་ལའང་། སྨོན་འགྲོ་འཇམ་དབྱངས་དབང་རྒྱལ་རྡོ་རྗེའི་དྲུང་ནས་སྒྲ་གསན་སྐབས། སྒྲའི་ཀུན་བཤད་ཀྱི་མཚན་ལ། ཚངས་སྲས་བཞད་པའི་རྡོ་རྗེ་གསོལ་བ་དང་། རྗེ་འཇིགས་མེད་རིགས་པའི་བློ་གྲོས་ཀྱིས། མར་ནང་ཚང་གི་དྲུང་ནས་སྒྲ་གསན་སྐབས། ངག་དབང་དབྱངས་ལྡན་རིགས་པའི་འདོད་འཇོ་ཞེས་མཚན་གཏོར་ཏེ་བསྟོད་པའི་ཤོ་ལོ་ཀ་ཞིག་གནང་བ་འདི་ལྟར། ངག་གི་དབང་ཕྱུག་དབྱངས་ལྡན་རྒྱལ་བའི་ཡུམ། །བྱིན་རླབས་སྙེ་མ་ཁྱེད་ལ་དུད་པ་ལས། །རིག་པའི་གནས་ཀུན་མཐོང་བའི་པཎྚྀ་ཏར། །གྲུབ་པའི་འགྲོ་ལ་ཕན་བདེའི་འདོད་པ་འཇོ། །ཞེས་བསྩལ་བ་སོགས་སོ། །

ཡང་། པིར་མིང་འདི་ཡང་རྒྱལ་དབང་ལྔ་བ་ནས་དར་བར་སེམས་ཏེ། ཅིའི་ཕྱིར་ན། ཁོང་གི་རྩོམ་ཡིག་གི་མཛད་བྱང་ཁག་ན། ཟ་ཧོར་གྱི་བཤེ་གང་ཤར་རང་གྲོལ་ལམ། བཤེ་ཟིལ་གནོན་བཞད་པ་རྩལ་ཞེས་གནང་ཡོད་པས་སོ། །དེ་བཞིན་ཐོགས་མེད་རྩལ་དང་། རང་གྲོལ་སོགས་སོ། །

༩ སྲི་གཅོད་དང་སྐྱེས་དངོས་ཀླུང་རྟ་སྡེ་བཞིའི་སྒོ་ནས་མིང་འདོགས་ཚུལ། ཁྱིམ་དེར་སྲི་ཞུགས་ཏེ་བྱིས་པ་མ་བསྡད་པ་ཡིན་ན། སྲི་ཐར་ཚེ་རིང་། སྲི་གཅོད་རྡོ་རྗེ་དང་། ཡང་། སྲི་གཅོད་ཀྱི་ཆེད་དུ་ཨ་མྱེས་ཀླུ་རྒྱལ་དུ་ཁྲིད་ནས་མིང་བཏགས་པ་ལ། ཀླུ་རྒྱལ་དོན་འགྲུབ་ལྟ་བུ་དང་། བྱ་ཁྱུང་རྡོ་རྗེ་ཕག་མོའི་མདུན་དུ་ཁྲིད་ནས་མིང་བཏགས་པ་ལ། ཕག་མོ་ཐར་། སྟོང་རི་ལྷ་མཚོ་སྟེ་ལྷ་ལུང་མཚོར་ཁྲིད་ནས་མིང་བཏགས་པ། ལྷ་ལུང་འཚོ་དང་ལྷ་ལུང་ཐར་ལྟ་བུ། ཡང་། སྐྱེས་དངོས་ཀྱི་སྒོ་ནས་བཏགས་པ། པདྨ་འཚོ། མེ་ཏོག་སྐྱིད་ལྟ་བུ། ཡང་། ཀླུང་རྟ་སྡེ་བཞིའི་སྒོ་ནས་མིང་བཏགས་པ། རྟ་མཆོག་ཚེ་རིང་། སེང་གེ་སྐྱབས། སྟག་ཕྲུག ཁྱུང་ཐར་རྒྱལ། ཁྱུང་ཕྲུག་བཅས་སོ། །

༡༠ གཞན་མིང་འདོགས་སྣ་ཚོགས། ཡང་། ལོ་རྒྱུས་སྔ་མ་རྣམས་སུ་མིང་ལ་ཚིག་སྡུད་ཀྱི་རྣམ་བཞག་མང་དུ་འབྱུང་སྟེ། སྡེ་སྲིད་སངས་རྒྱམ། ཀུན་མཁྱེན་འཇམ་བཞད། ངོར་བ་དཀོན་ལྷུན་སོགས་སོ། །

ཡང་། མཚང་མིང་འདོགས་ཚུལ། མགོ་འཇོང་འཇོང་ལ་མགོ་འཇོང་། རྣ་ཆེན་པོ་ལ་རྣ་ལྷབ། སྐྲ་སེར་ཞིང་གཟེངས་མཐོ་བ་ལ་སྲིན་པོ། གླིང་སྒྲུང་ལས། ཁྱི་ཤི་བུ་ཡི་སྒུ་རུ། ཨ་ཁུ་ཐར་བའི་ཟོར་སྣ་དང་། ཁྲོ་ཐུང་གི་མིང་ལའང་། ཧོར་གླིང་གཡུལ་འགྱེད་ལས། ཆུང་མ་ལས་སྐྱེས་པའི་ཞག་བདུན་དུས། །མས་མ་སོས་བ་དྲུས་མཛོ་མོར་བསྣུན། །མཛོ་མོས་མ་སོས་རྒོད་མར་བསྣུན། །རྒོད་མས་མ་སོས་ཁྱི་མོར་བསྣུན། །དེས་སོས་པས་མ་བཞི་ཁྲོ་ཐུང་ཐོགས། །ཞེས་དང་། ཡང་། གླིང་སེང་ལྕམ་འབྲུག་མོའི་མཚན་ཐོགས་དོན་ཡང་། འབྲུག་མོ་རང་གི་གླུ་མགུར་ལས། དང་བོ་མ་ལ་སྐྱེས་དུས་སུ། །གངས་རིའི་རྩེ་ལས་སེང་གེ་འགྱིང་། །དོག་མོ་ས་ནས་ལྕམ་ཞིག་སྐྱེས། །དགུན་ཟླ་ར་བར་འབྲུག་ཅིག་གྲག །སེང་ལྕམ་འབྲུག་མོ་དེ་ནས་ཐོགས། །ཞེས་རྟེན་འབྲེལ་གྱི་ཆ་ནས་བཏགས་པ་དང་། གཞན་འཇུ་མི་ཕམ་ཀྱིས་ཚོགས་ཤུལ་བླ་མ་ནོར་བསྟན་ལ། ས་ཕུད་དམ་ས་གཅོད་བླ་མ་བཏགས་པ་སོགས་དང་། ཁྱད་པར་དུ་ད་ལྟའི་སྤྱི་ཚོགས་སྟེང་དུ་དགོད་བྲོ་བ་དང་། གནད་དུ་ཁེལ་བའི་མཚང་མིང་ཇི་སྙེད་ཅིག་བཏགས་ཡོད་པ་ཀུན་གྱིས་མཁྱེན་གསལ་ལོ། །

ཡང་། བློན་པོ་རུ་ལས་སྐྱེས་ལ། ལོ་རྒྱུས་རྣམས་སུ། དང་ཐོག་འཁྲུངས་དུས་ཤའི་གོང་བུ་ཞིག་ཡིན་པ་ལ། འབྲོང་རུ﹙འབྲོང་གི་རྭ་ཅོའི་མིང་﹚ནང་དུ་བཞག་པས། ཕྱིས་ཤའི་གོང་བུ་སྨིན་ཏེ་སྐྱེས་པས། རྭ་ཅོ་ལས་སྐྱེད་བསྲིངས་པས་ན་རུ་ལས་སྐྱེས་དང་། རྗེ་ཙོང་ཁ་པ་ལ། ཨ་མདོའི་སྣ་བོ་ཆེ་དང་། བུ་སྟོན་ལ། བུ་སྟོན་ཁ་ཆེ་ལྟ་བུ། ཡབ་མེས་ཀྱི་ཐོབ་དང་གོ་སའི་སྒོ་ནས་བཏགས་པ་སོགས་རང་རེའི་གངས་ཅན་གྱི་ལྗོངས་འདིར། མིང་འདོགས་སྲོལ་ཇི་སྙེད་ཅིག་ཡོད་ཀྱང་། འདིར་ཆེ་ལོང་ཙམ་ཞིག་སྨྲས་པ་འདི་ཡང་། རང་རེའི་རིག་པའི་བང་མཛོད་ཁྲོད་གོ་གནས་ངེས་ཅན་ཞིག་ཟིན་ཡོད་དེ། འགྲོ་བ་མི་ལ་རིགས་རུས་ཤིག །དེ་ལ་གཏོགས་པའི་མིང་རེ་ཡོད། །ཅེས་གསུངས་པས་སོ། །

ཨ་མདོའི་འབྲོག་ཐབ།

༡ འབྲོག་ཐབ་ཀྱི་ཁུངས་དང་འཕེལ་རིམ། འབྲོག་ཐབ་ཀྱི་ཁུངས་ནི། གདོད་མའི་རྡོ་ཆས་རྙིང་མའི་དུས་རབས་ནས་བྱུང་བའི་བ་རྡོ་སྟེ། སླ་ངའི་རྟེན་དུ་གྱུར་བའི་སྒྱེད་གསུམ་འཛུགས་ཚུལ་འདི་ཡིན་ལ། རྐང་གཉིས་མི་རྣམས་ཀྱིས་ཁ་ཟས་གཡོས་སྦྱོར་མགོ་བརྩམས་པ་ནས་བཟུང་འདི་དར་བ་ཡིན། རང་ཅག་གི་དག་ཡིག་ཁུངས་མ་ནའང་སྒྱེད་པུ་ནི་ཐབ་རྡོ་དང་། ད་ལྟ་ཡང་། འབྲོག་ཐབ་ཀྱི་ཡས་མས་ལ་ཡར་སྒྱེད་དང་མར་སྒྱེད་ཅེས་བརྡ་མ་འགྱུར་བར་ཡོད་དོ། །དེ་བས། མི་རྣམས་ཀྱི་འཚོ་བའི་དགོས་མཁོའི་ཁྲོད། ཐབ་རྡོ་དང་ཁང་རྡོ་འཛོམས་པ་ནི་བརྩི་མཐོང་ཧ་ཅང་ཆེ་བ་སྟེ། ལོ་རྒྱུས་ཡིག་ཚང་མང་བོར། ཁང་རྡོ་ཐབ་རྡོ་རྡོ་ཡི་དགེ། སོགས་དགེ་བཅུ་ཚང་བའི་ཁྱད་ཆོས་སུ་བགྲང་ཡོད་དོ། །ཁྱད་པར་དུ་ཨ་མདོའི་ཡུལ་གྲུ་ཕལ་ཆེར་བཙན་པོའི་དུས་ཀྱི་མཐའ་མཚམས་སྲུང་བའི་དམག་མིའི་རྒྱུད་པ་ཡིན་པས། རུ་བ་སྤོ་བར་སྟབས་བདེ་ཁྱད་ཀྱིས། ཡོ་བྱད་དང་ཐབ་ཀ་སོགས་འཁྱེར་བདེ་དང་བསྐྱུར་བདེ་བྱས་ཡོད་ལ། ད་ལྟ་ཡང་། གཞི་ཁྱིམ་སྤོ་བར་རུ་སྤོར་དང་། ཚོ་སྐོར་ལ་ངེད་ཅག་གི་རུ་སྐོར་ཞེས་པས་ཀྱང་སྔོན་གྱི་ཐ་སྙད་ཀྱི་ཁ་རླངས་དྲོན་མོ་ཞིག་འཐུལ་ཡོད།

ཁྱད་པར་དུ་ནག་ཆུ་ཕྱོགས་ཀྱི་གཉེན་བཤད་སྐབས། ཐབ་བསྟོད་འདི་ལྟར་མཆིས་ཏེ། ཐབ་ཡར་ཐབ་དང་མར་ཐབ་དཀྱིལ་ཐབ་གསུམ། །ཐབ་ཆེན་མེ་ལྷ་རང་འབར་ལ། །ཀླུ་མལ་དྲོ་གཟི་ཆེན་དཀྱིལ་འཁོར་ཡོད། །བྱ་ཤིང་དཀར་དང་ཤིང་ནག་ཤང་ཁྲ་གསུམ། །ཀླུ་དཀར་ནག་ཁྲ་གསུམ་གྱི་རྣམ་སྤྲུལ་རེད། །ཡར་ཐབ་སེང་གེ་འགྱིང་འདྲ་གདའ། །སེང་དཀར་མོས་གཡུ་རལ་ངོམ་བཞིན་འདྲ། །མར་ཐབ་རྨ་བྱ་བབས་འདྲ་གདའ། །རྨ་བྱའི་སྒྲོ་གུར་ཕིབ་འདྲ་ཡོད། །དཀྱིལ་ཐབ་གླང་ཆེན་འགྱིང་འདྲ་ལ། །གླང་ཆེན་ནོར་བུ་བཀལ་འདྲ་མཚུངས། །ཤིང་ཤུག་པ་བ་ལུ་ལྕང་མ་གསུམ། །ཤུག་པའི་ལོ་མ་སྤྲིན་དང་མཉམ། །བ་ལུའི་མེ་ཏོག་དར་ལས་འཇམ། །ལྕང་མའི་སྐུ་གཟུགས་མདའ་ལས་ལྡེམ། །མེ་དམར་བོ་འབར་བའི་རྩ་བ་དང་། །བོད་ཡུལ་ཆགས་པའི་གཞི་མ་རེད། །དམར་ཡག་སྟག་གི་སྐུ་མདུན་ལ། །ཐབ་ཇ་མ་ཡོད་ན་ཇ་མས་འདོན། །ཇ་མ་མེད་ན་མེ་ཡིས་བསྲེགས། །ཞེས་བཤད་སྲོལ་ལས་ཀྱང་། འབྲོག་ཐབ་ཀྱི་རྣམ་པ་ཇི་ལྟར་དར་ཚུལ་ལ་དཔྱད་འཇུག་བྱ་ཐུབ་ལ། ཁྱད་པར་དུ། བོད་ཡུལ་ཆགས་པའི་གཞི་མ་རེད། །ཅེས་པའི་ཚིག་རྐང་འདིས་བོད་འདིར་ཁ་ཟས་གཡོ་སྐོལ་བྱེད་པའི་མགོ་ཟིན་ཙམ་ནས། བ་རྡོའི་སུམ་ཐབ་ལ་བརྟེན་པ་རྟོགས་ནུས་པར་མ་ཟད། ཨ་མདོའི་འབྲོག་ཐབ་ཀྱི་འདྲ་དཔེ་ཡང་། བ་རྡོ་འམ་སྒྱེད་པུ་སྟབས་བདེ་དེ་ཡིན་པར་ཤེས་ཐུབ་ལ། ཇ་བཤད་ལས་ཀྱང་། ཐབ་ཀ་སུམ་ཐོག་ཟེར་བའི་ཁྲི་ཞིག་ཡོད་གི། ཐབ་ཀ་སུམ་ཐོག་ཟེར་བའི་ཁྲི་ཐོག་ན། །མཁར་ཟངས་ཁ་དཀར་ཟེར་བའི་རྒྱན་ནང་ན། །སྔོན་པོ་བསིལ་མ་ཟེར་བའི་ཆུ་ཞིག་ཡོད་གི། ཞེས་སོ། །རིམ་གྱིས་སྤྱི་ཚོགས་འཕེལ་འགྱུར་ཁྲོད་རོང་ཕྱོགས་སུ་འང་ཐབ་ཀ་སྣ་ཚོགས་ལས་སྲོལ་དར་བ་དང་། ཁྱད་པར་དུ་ཐབ་ནང་དུ་མེ་བུས་ཏེ། དུ་བ་དང་མེ་ཤན་ཁུང་དུ་དྲངས་པས་ཚ་ཐབ་སོགས་དར་རོ། །

༢ འབྲོག་ཐབ་ཀྱི་བཟོ་དབྱིབས། ཨ་མདོའི་འབྲོག་ཐབ་ཕལ་ཆེར་དུས་འགྱུར་ཁྲོད་དབྱར་དགུན་སྟོན་དཔྱིད་ཀྱི་འཚེར་ས་སྤངས་ཏེ། གཏན་སྡོད་ཀྱི་མཁར་ལས་བྱས་པ་མང་བས། ཉིན་རེ་བཞིན་འབྲོག་ཁུལ་ཏུ་རྒྱ་ཐབ་ཇེ་མང་དང་། བོད་ཐབ་ཇེ་ཉུང་དུ་འགྲོ་བར་མ་ཟད། འབྲོག་པ་མང་བོས་རྩིག་མི་ཤེས་པ་དང་། བྱིས་པ་མང་བོས་འབྲོག་ཐབ་ངོ་མི་ཤེས་པ་དང་། དེའི་སྐོར་གྱི་འཚོ་བ་རོལ་སྟངས་མང་བོ་ཞིག་སྣུམ་ཟད་ཀྱི་མར་མེ་བཞིན་འགྲོ་བ་ནི། དམངས་ཁྲོད་འཚོ་གནས་གོང་དུ་འཕེལ་བའི་དན་རྟགས་ཤིག་ཡིན་མོད་ཀྱང་། འབྲོག་ཐབ་དེ་ལའང་ལོ་རྒྱུས་དང་རིག་གནས་གྱ་ནོམ་པ་ཞིག་ཡོད་པས། འདི་ལྟར། རྨང་གཞི་ནི་བ་རྡོ་སུམ་ཚུགས་ལ་འདམ་གྱིས་སྦྲེལ་ཏེ་ཞལ་ཞལ་བྱས་པ་རྟོགས་སླ་ལ། དེ་ལ་གོ་ཁུང﹙གོ་ར་ནང་དུ་མེ་འདྲུ་སའི་ཁུང་བུ﹚དང་། ཁེ་ཁ﹙ཉག་ཁའི་མིང་སྟེ་རིའི་ཉག་ཁ་ལ་ཁེ་ཁ་ཟེར་བ་ལྟ་བུ﹚གཉའ་དང་ཨོང་ཁ་སོགས་ཀྱིས་གྲུབ་ལ། ཡར་སྒྱེད་དང་མར་སྒྱེད་གཡས་གཡོན་གྱི་ཟུར་ལ་འདམ་གྱིས་སྦྲེལ་བ། ཡར་སྒྱེད་ཀྱི་སྒྱེད་པུ་གཉིས་ས་རྒ་དམའ་མོར་སྦྲེལ་ཡོད་ལ། དེའི་རྒྱབ་ལོགས་ན་ཨོང་ཁ﹙ཨོང་བ་དང་རིལ་མ་བཞག་སྟེ། མེ་ལ་འདེད་སླ་བའི་གཤོང་བ་ལྟ་བུ་བཟོས་ཡོད་པ་དེ་ཡིན﹚ཞེས་པ་གྲུ་བཞི་ནར་མོའི་ཟོལ་གྱི་ཨོང་སྣོད་དེ། ཐེམ་པ་དུ་མ་དང་ལྡན་ལ། ཡར་སྒྱེད་ཀྱི་ས་རྒ་དང་མཉམ་པ་ཡིན། ཨོང་ཁའི་རྒྱབ་ལོགས་ན་རྩེག་རིམ་དུ་མའི་ཐེམ་པ་ཞིག་ཡོད་ལ། དེ་ནི་ཀ་ཅ་སོགས་འཇོག་སྤྱད་ཡིན།

༣ འབྲོག་ཐབས་བཟོ་སྟངས་ཀྱི་ཕན་ནུས། འབྲོག་ཐབ་བཟོ་སྟངས་འདི་ལ། ཕན་ནུས་ཅི་ཡོད་ཅེ་ན། གོ་ཁུང་ལ་མཚོན་ན། མེ་རོ་དྲུས་ཏེ་ཐལ་བ་ཐབ་ཁོག་ཏུ་མི་འདུག་པ་དང་། མེ་རོ་གོ་རར་དྲུས་ཏེ། མེ་རོའི་ཐོག་ཏུ་ཇ་དེམ་སོགས་བཞག་ན་མི་འཁྱག་པ་དང་། ཁ་ལག་བསྲོ་བ་ལའང་ཕན། གཡས་གཡོན་གྱི་སྒྱེད་པུའི་བར་དུ་ཉག་སྟོང་ཞིག་ཡོད་པས། དུ་བ་འཕྱུར་བ་སྦྲའི་ཁ་ཚུབ་བར་ནས་འགྲོ་ཞིང་། མེ་འབར་བ་སླ་ངའི་འོག་གཞིར་ཁྱབ་པས། གཡོས་སྦྱོར་སོགས་མྱུར་མོར་ཁོལ་བ་ཡིན། མཚན་མོ་མེ་ལྕེ་ཁེ་ཁའི་བར་ལས་འཕྱུར་ན་སྒྲོན་མེའི་གོ་ཆོད་པ་ཡིན། ཐབ་ཀ་དང་ཨོང་ཁ་སོ་སོར་བཅད་པ་ཡང་། མེ་ཤུགས་ཐབ་ནང་དུ་དཀྲིས་ཏེ་ཁོལ་སླ་བ་དང་། ཨོང་རིལ་སོགས་ལ་མེ་མི་མཆེད་པར་ཕན། དེ་གཉིས་བརྒྱུད་མར་གྲུབ་པས་ཨོང་ར་ནས་མེ་ནང་ལ་འདེད་སླ་བ་སོགས་དགེ་མཚན་ཇི་སྙེད་མཆིས་པ་ནི། གདོད་མའི་སྤྱི་ཚོགས་ཀྱི་བློ་གྲོས་ལས་སོན་པའི་མཛངས་ལས་ཤིག་ཡིན་ཞེས་བརྗོད་ཆོག་གོ །

༣ ཐབ་འགྲམ་ནས་འཚོ་བ་རོལ་སྟངས། སྦྲ་ཁྱིམ་གྱི་དཀྱིལ་དུ་ཐབ་ཀས་བཅད་ཡོད་ལ། གཡས་ཕྱོགས་སུ་སྐྱེས་པ་རྣམས་འདུག་པ་མང་བས་ཕོ་ཁྱིམ་དང་། གཡོན་ཕྱོགས་ལ་བུད་མེད་དང་བཟའ་བཏུང་གཡོས་སྦྱོར་གྱི་ཡོ་བྱད་འཇོག་ས་ཡིན་པས་མོ་ཁྱིམ་ཟེར། འདུག་ཚུལ་ཡང་། ཕོ་ཁྱིམ་གྱི་གྲུ་སྟོད་དུ་རྒན་པ་དང་། འགྲུལ་ཆེན་འདུག དེའི་འགབ་ཏུ་དར་མ་དང་བྱིས་པ་འདུག མོ་ཁྱིམ་གྱི་སྟོད་དང་གྲུ་སྟོད་དུ། རྒན་མོ་དང་མོ་འགྲོན་འདུག མར་སྒྱེད་རྩར་ཇ་མ་དང་། འགབ་ཏུ་མོ་གཞོན་དང་བྱིས་པ་འདུག་གོ །དམིགས་བསལ་སྐྱེས་པ་དར་མ་འཆི་བ་མང་ན། སྲི་བཟློག་ཏུ། ཕོ་ས་དང་མོ་ས་བརྗེ་སྤོར་ཡང་བྱེད་སྲོལ་ཡོད། རང་རེའི་ཆོ་ག་ཁག་ཏུ། ཐབ་ཀའི་ཡར་སྒྱེད་དང་མར་སྒྱེད་སྲུང་བའི་ལྷ་ཡང་ཡོད་པར་བཤད་ཡོད་དེ། ཀརྨ་ཆགས་མེད་ཀྱིས་ཁྱིམ་ལྷ་བསྟོད་པ་ལས། ཐབ་ཀ་རིན་ཆེན་ཕྱུག་མོའི་མ་སྒྱེད་འདི། །ཕ་སྒྱེད་གཡས་སུ་མ་ཡོ་ཞིག །མ་སྒྱེད་གཡོན་དུ་མ་ཡོ་ཞིག །ཐབ་དང་འཁོན་ཐབ་མ་གཏོང་ཞིག །ཐབ་ཀ་རིན་ཆེན་ཕྱུག་མོའི་ཁར། །བཙོ་བསྲེག་གཡོ་བསྐོལ་རྒྱུན་མི་ཆད། །ལོངས་སྤྱད་མི་བཟད་ཟས་གཡང་ལྷ། །ཕྭ་ལྷ་གཡང་ལྷ་ཐབ་ལྷ་རྣམས། །ཐབ་ཀ་མ་སྒྱེད་འདི་ལ་སྲུང་དུ་གསོལ། །ཞེས་སོ། །

༤ ཐབ་ལྷ་དང་འབྲེལ་བའི་འཛེམ་བྱ། བོད་མི་ཀུན་གདོད་མ་ནས་རྣམ་རྟོག་གི་ཀུན་ནས་བསླངས་ཏེ། རི་ཆུ་ནགས་གསུམ་སོགས་ཕྱི་རོལ་གྱི་སྐྱེས་དངོས་མང་བོར་ལྷ་གནས་པར་བཤད་ལ། དེ་བས་ཐབ་ལ་ཐབ་ལྷ་དང་། མེ་ལ་མེ་ལྷ་ཡོད་པར་བཤད། མེ་ལྷ་ནི་སྦྱིན་སྲེག་གི་ཆོ་ག་རྣམས་སུ། མེ་ལྷ་དཀར་བོ་དྲང་སྲོང་གི་ཆ་བྱད་ཅན། ཤ་སྐམ་པ། ཞལ་གཅིག་ཕྱག་བཞི་བ་སོགས་འབྱུང་ལ། དེ་བཞིན་ཐབ་ཀའང་ལྷ་གནས་ཡོད་པས། དེ་ལ་འགོམ་ཡུག་སོགས་ཤོར་བ་ལ་ཧ་ཅང་འཛེམ་དོགས་ཆེན་པོ་བྱེད། འོ་ན། ཐབ་ལྷ་དེ་ཇི་འདྲ་བ་ཞིག་ཡིན་ཞེ་ན། འཇུ་མི་ཕམ་གྱིས། ཐབ་ལྷ་ཡུ་མོ་ཞེས་བྱ་བ། །བུད་མེད་ལུས་ལ་གཡུ་ཆས་ཅན། །དར་ཟབ་ན་བཟའ་སྐུ་ལ་གསོལ། །ཕྱག་ན་གསེར་གྱི་གཟར་བུ་བསྣམས། །ཐབ་ལྷ་མེ་ལྷ་འབུམ་གྱིས་བསྐོར། །ཞེས་པ་ལྟར། ཨ་མདོ་འབྲོག་པའི་མོ་ཁྱིམ་གྱི་ཕུག་ན། ལྷ་མོ་གཡུ་རལ་ཅན་ལན་བུ་ཕྲག་ངོས་སུ་ཁེབས་པའི་ཐབ་ལྷའི་ཐང་ག་རེ་གཉིས་མཐོང་རྒྱུ་ཡོད་པ་དང་། གཞན་ཡང་ཀརྨ་ཆགས་མེད་ཀྱིས་ཐབ་ལྷ་ལ་དུ་མར་བཤད་དེ། ཐབ་ལྷའི་རྒྱལ་མོ་སྐུ་མདོག་དཀར་ཞིང་ཕྱག་ན་ཡིད་བཞིན་ནོར་བུ་བསྣམས་པ་དང་། ཤར་ཕྱོགས་ཀྱི་ཐབ་ལྷ་དཀར་མོ་ཕྱག་གཡས་འབྲས་གཡང་དང་གཡོན་དུ་དངུལ་དཀར་དྲིལ་བུ་བཟུང་སྟེ་མི་གཡང་སྡུད་པ། ལྷོ་ཕྱོགས་ཀྱི་ཐབ་ལྷ་སེར་བོ་ཕྱག་ཏུ་སྨན་གྱི་ལྷུང་བཟེད་བསྣམས་ཏེ་སེམས་ཅན་སྡུག་བསྔལ་ལས་གྲོལ་བར་མཛད་པ། ནུབ་ཕྱོགས་ཀྱི་ཐབ་ལྷ་དམར་བོ་ཕྱག་ཏུ་རིན་ཆེན་གཏེར་ཁ་བསྣམས་ཞིང་ཟས་གཡང་སྡུད་པ། བྱང་ཕྱོགས་ཀྱི་ཐབ་ལྷ་ལྗང་གུ་ཕྱག་ན་དངུལ་དཀར་གྱི་མེ་ལོང་བསྣམས་ཏེ་མི་གཡང་སྡུད་པ་དང་། དེ་ལས་གཞན། ཕ་ཐབ་ལྷ་རོག་པོ་དང་། མ་ཐབ་ལྷ་ཕྱུགས་ལྷ་ཉེ་བུ་གཉིས་ཀྱི་བུ་ཕྱུགས་ལྷ་གེ་ཐུང་གསུམ་ཀྱང་བཤད་དོ། །

ཕན་ནུས་ནི། དེ་དག་གིས་ཐེའུ་སྲིན་དང་བསེ་རག་འགོང་བོ་སོགས་སྲུང་ཞིང་། ཐབ་དང་གཡོས་སྦྱོར་སྣ་ཚོགས་ལ་ཁ་འཛིན་སྡོང་གྲོགས་བྱེད་པར་བཤད། དེ་བས། ཐབ་ལྷ་མནོལ་གྲིབ་ཕོག་པར་ཧ་ཅང་འཛེམས་པ་སྟེ། དཔེར་ན་ལྷ་སྲུང་མི་གཅིག་པའི་ཁྱིམ་ཚང་གི་ཅ་ལག་དང་། ལྷམ་དང་དོར་མ་འགོམ་པའམ། ཡུགས་ས་མའི་རེག་པ་སོགས་བྱས་ན། ཟས་བཅུད་ཉམས་པ་དང་། མིག་ནད་དང་ཆག་སྒོ་འབྱུང་བར་བཤད། དེ་ལྟར་མནོལ་གྲིབ་བྱུང་ཚེ། ཀརྨ་ཆགས་མེད་ཀྱིས། ཡུགས་གྲིབ་བཙོག་གྲིབ་གྲི་བོ་གྲི་མོ་དང་། །མནོལ་གྲིབ་མི་གཙང་ངན་པ་ཐམས་ཅད་ཀྱང་། །ཤེལ་སྒོང་བཞིན་དུ་གསལ་གྱུར་ཅིག །རིན་ཆེན་བསང་གིས་སྣུམ་པར་གྱིས། །བསང་ངོ་མཆོད་དོ་ཐབ་ལྷ་བསང་། །ཞེས་པ་ལྟར། ཆོས་བྱེད་མི་སྣ་གདན་དྲངས་ཏེ་ཐབ་ལྷ་མཆོད་པ་དང་། ཐབ་བསང་གི་ཆོ་ག་སོགས་བཏོན་ཏེ། བཅོས་ཐབས་བྱེད་པར་མ་ཟད། དུས་རྒྱུན་ཡང་། མནོལ་བཙོག་འགོག་ཆེད་དྲི་བཟང་བདུག་པའམ། མེ་འབུད་མཚམས་བཞག་དུས། ཐབ་བསང་ཡང་ཡང་གཏོང་ངོ་། །

ཡང་། སྦྲ་ཁྱིམ་གང་ཞིག་གནས་སྤོར་མཛད་ན་ཡང་། ཟས་རིགས་དང་བསང་རྫས་སྣ་ཚོགས་ཐབ་ནང་དུ་བསང་གི་ཆེད་དུ་ཕུལ་ནས། འོ་ཇ་མཆོད་པ་སོགས་གང་ལེགས་ཀྱིས་ཐབ་ལྷར་དད་གུས་བྱེད་པ་དང་ཆབས་ཅིག གཞན་ལ་སྤོ་སའི་གནས་དེར་ཡང་ཁ་དྲོ་བཀྲ་ཤིས་ཅི་བསམ་ལྷུན་འགྲུབ་ཡོང་བའི་གསོལ་བ་སྨོན་ལམ་འདེབས་སྲོལ་ཡོད།

ཡང་ན། ཁྱིམ་ཐབ་གསར་འཛིན་གྱི་ཚེ། གཟའ་སྐར་བཟང་བོར་ཆོས་ལུགས་ཀྱི་ཆོ་ག་གནང་སྲོལ་ཡང་ཡོད་དེ། བཻ་དཀར་གྱི་ས་དཔྱད་ལས། ཁྱིམ་གསར་ཐབ་ཀ་བཅའ་བའི་ཚེ། །གཟའ་སྐར་འཕྲོད་སྦྱོར་སོགས་ཤིས་ཉིན། །ཟས་སྣ་གང་འཛོམས་བསགས་བྱས་ནས། །བསོད་ནམས་ལྡན་པའི་མི་ཞིག་གིས། །ཐབ་ཀྱི་གཞི་མ་རྩིག་པ་དང་། །དགེ་འདུན་བཞི་སྡེ་སྤྱན་དྲངས་ནས། །གདན་མནོན་བཀྲ་ཤིས་སྨོན་ལམ་ཞུ། །ཟས་གཡོས་མང་དུ་བྱ་བ་དང་། །བསྙེན་བཀུར་ཕུན་སུམ་ཚོགས་པར་བྱ། །ཞེས་སོ། །

ཡང་། ཁ་ཤས་ཀྱིས་ལོ་གསར་གྱི་སྐབས་སུ་ཁ་ཟས་བག་ལེབ་གྱི་ཐོག་མ་ཐབ་ཏུ་སྲེག་སྟེ། བག་ལེབ་གྱི་ཁ་དོག་དང་མེ་འབར་བའི་ཁྱད་ཆོས་ལ་བརྟག་ནས། ཐབ་ལྷ་དགྱེས་མིན་དང་ལོ་འཁོར་དེའི་ཁྱིམ་ཚང་གི་བདེ་སྡུག་དཔྱད་ལ། ཐབ་ཏུ་མེ་འབར་མཚམས་ཆད་པ་དང་མེ་ཡག་པོ་མ་འབར་བ་སོགས་བྱུང་ན། ཐབ་ལྷ་མ་དགྱེས་པར་ངོས་བཟུང་སྟེ་ཐབ་ལྷར་གསོལ་མཆོད་དང་བཟོད་གསོལ་ཞུ་བ་ཡིན། ས་ཆ་ཁ་ཅིག ཐབ་ངོས་སུ་སྡིག་པ་ར་ཙ་དཀར་བོ་འབྲི་བ་དང་། ཡང་ལ་ལས། གསོལ་ཁང་རྩིག་ངོས་སུ་ནོར་བུ་མེ་འབར་འབྲི་ཞིང་། དེ་ནི་ཐབ་ལྷར་མནོལ་གྲིབ་བྱུང་བར་བཟོད་གསོལ་དང་འགྱོད་བཤགས་བྱེད་པ་ཡིན་པར་གྲགས། གཞན་ཁང་བའི་ས་བདག་ཀྱང་། གཉིས་གསུམ་ཐབ་ལ་གནས་པར་བཤད་པས། བཤིག་ན་ཁྱིམ་བདག་མོར་ངན་པར་ཡང་བཤད་དོ། །

གཞན་འཇང་རིགས་ཀྱི་ཆོས་ལུགས་སུའང་ཐབ་ལྷ་ལ་འཛེམ་མཆོད་ཀྱི་སྲོལ་ཀ་འདི་མཐོང་རྒྱུ་ཡོད་དེ། དེ་རྣམས་ཀྱིས་ཤར་ལྷོ་ནུབ་བྱང་དབུས་བཅས་ན། ཐབ་ལྷ་གཅེན་གཅུང་ལྔ་ཡོད་པར་གྲགས་ཤིང་། དེ་རྣམས་ཀྱིས་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་རམ་འདེགས་བྱེད་པར་རློམ་ལ། ཐབ་ལྷ་ལྔ་ལ་མཆོད་བཀུར་བྱས་ན། ཟས་ཀྱི་དངོས་གྲུབ་སྟེར་བ་དང་། བཙོག་གྲིབ་ཤོར་ན་གནོད་འཚེ་གཏོང་བར་བཤད། ཁྱད་པར་དུ་ཁྱིམ་གསར་འཛིན་ཚེ་ཐབ་རྙིང་ལས་མེ་བླངས་ཏེ་ཐབ་གསར་དུ་སྦར་ན་དེ་ཡང་ཐབ་ལྷ་གནས་པར་བཤད་དོ། །

འོ་མ་དཀྲོགས་སྲོལ།

འུ་ཅག་གི་རྒྱུན་སྤྱོད་ཁྲོད་ཞིམ་མངར་ལྡན་པའི་མར་ཕྱུར་ནི། འོ་མ་དཀྲོགས་པ་ལས་བྱུང་སྟབས། འདིར་འོ་མ་དཀྲོགས་ཏེ་མར་ལེན་སྟངས་སྐོར་ངོ་སྤྲོད་ཅུང་ཟད་བྱས་ན། འདི་ཡང་དགོ་དགོ་ངག་ལ་འགུགས་པའི་བོད་རིགས་བུ་མོ་རྣམས་ཀྱི་ཤེས་རིག་གི་ཆ་ཤས་སུ་གཏོགས་པའི་དམངས་སྲོལ་ཞིག་སྟེ། ཁ་དཔེར་ཡང་། མོ་ཤེས་མེད་ཀྱིས་དགུན་ཞོ་འཁྱག་དཀྲུག མར་མི་ཐོན་ལག་པ་འཁོབ་རོགས། ཞེས་བརྗོད་ལ། དེ་ཡང་། བོད་རིགས་བུ་མོ་རྣམས་ཞོགས་པའི་དྭངས་གཙང་གི་ཁ་དབུགས་དང་འགྲོགས་ཏེ། ཟེའུ་ཆུང་རེ་བཟུང། འབྲི་དང་མཛོ་མོ་སོགས་ཀྱི་འོ་མ་བཞོས་ཏེ། འོ་མ་དེ་དཀྲོགས་ཟེའུ་ནང་དང་། ཡང་ན། ཉིན་འགའི་འོ་སྤྲི་གསོག་ནས་དཀྲོགས་སྲོལ་ཡོད། མར་བཟོ་བྱེད་ཀྱི་རྒྱུ་ཆ་ནི། ཤུག་པའམ་གསོམ་ཤིང་གི་ཟོ་བ་དང་། ཟོ་ནང་དུ་འོ་རྟའི་རྩེ་མོ་སྣོན་རྟགས་དབྱིབས་ཅན་གྱི་འོ་འཁོར་ལེབ་མོ་བཟོས་པས། ཟོ་ཁ་བརྒྱབ་རྗེས། ཁ་ལེབ་དབུས་ཀྱི་བུ་ག་ནས་དྲངས་པའི་འོ་རྟའི་ལན་མང་བསྲུབས་ཏེ། མཐར་མར་ལོ་འབྱུང་བ་ཡིན། དང་བོའི་མར་ཕུད་དེ། མཆོད་མེ་དང་བསང་ཕུད་དུ་འབུལ་བ་དང་། དེ་རྗེས་བཟའ་མི་ཀུན་ལ་མར་སྐལ་ཆུང་ངུ་རེ་བཟོ་ལ། དེ་ལ་བུད་ལོ་ཟེར། དེ་ལས་གཞན། དཀྲོགས་རིལ་དང་། ཡང་ན། ཤེད་ཟོག མར་ཆེན་སོགས་བཟོས་ཏེ། པགས་པ་དང་། རས། གྲོད་པུས་ཐུམ་བསྐོན་ཏེ་འཇོག་སྲོལ་ཡོད། མར་བླངས་རྗེས། འོ་མ་དེ་དར་བར་གྱུར་ཡོད་སྟབས། དེ་སླ་ངར་བསྐོལ་ཏེ་ཆུར་སྒྱེ་ནང་བཙགས་ཏེ་སྙིང་བོ་ལུས་པའི་ཆུར་བ་དེ་ཉི་མར་བསྐམས་པའམ། ཡང་ན། ཆུར་བ་སྒོར་སྒོར་རམ། གྲུ་བཞི་བཟོ་བའང་ཡོད་དོ། །

ལག་བསྐོར།

རང་རེའི་མེས་པོ་སྔ་མ་ནས། བོད་མི་རྩམ་གཟན་ཞེས་རླུང་ལྟར་གྲགས་པས། རྩམ་པ་དེ་ཡང་ལག་བསྐོར་གྱིས་འཐག་པ་ཡིན། དེ་ཡང་། རྡོ་ཆས་སྔ་མའི་དུས་རབས་སུ། གྲོ་ནས་སོགས་རྡོ་གཞོང་ལ། བདར་རྡོས་དབུར་ཏེ་ཞིབ་ཏུ་འཐག་པར་མངོན་ལ། དེ་ནི་ད་ལྟ་རྨ་འབྲི་རྫ་གསུམ་གྱི་འབྱུང་ཡུལ་ནས་རྙེད་པའི་དབུར་གཞོང་སོགས་ཀྱི་བདེན་དབང་བྱེད་ཐུབ་ལ། ཚན་རིག་པས་འགྲེལ་བརྗོད་ལྟར་ན། དེ་ནི་སྤྱི་ལོ་སྔོན་གྱི་ལོ་ལྔ་སྟོང་ཡན་ཆད་ཡིན་པར་བཤད་ཡོད།

ལག་བསྐོར་འདི། རྡོ་ཆས་ཕྱི་མའི་དུས་རབས་ནས་བྱུང་བར་འདོད་ལ། ཡོས་འཐག་བྱེད་ཀྱི་ཡོ་ཆས་སྟབས་བདེ་བོ་ཞིག་ཡིན། དེ་ལ་ལག་བསྐོར་ཞེས་པ་ཡང་། གྲོ་ནས་སོགས་མཆིག་དང་མཆིག་གུའི་བར་དུ་ལག་པས་བསྐོར་ནས་འཐག་པས་དེ་ལྟར་བརྗོད། གཞན་དུ་འདི་ལ་མཆིག་ཀྱང་ཟེར། དེ་ཡང་རྡོ་ལེབ་གོར་མོ་ངོས་ཤུར་མང་བོ་ཡོད་པ་གཉིས། ཁ་སྤྲོད་བྱས་ཡོད་ལ། འོག་མའི་དཀྱིལ་གྱི་ཤིང་ཕུར་དེ་ལ་ལག་ལྟེ་ཟེར། དེས་སྟེང་མའི་ཨི་ཁུང་ལ་བཟུང་སྟེ། ཕན་ཚུན་མི་འཁྱོལ་བའི་ཐབས་ལམ་ལྡན། མཆིག་དེ་སྐྱི་ལྤགས་མེད་པའི་པགས་པའམ་རས་ཀྱི་སྟེང་དུ་བཞག་ནས། ཐོག་གི་བུ་ག་ལས་ཡོས་བླུགས་ཏེ། སྟེང་འགྲམ་ལ་ཤིང་ཕུར་བརྡབས་ཡོད་པ་དེས་བསྐོར་ན། རིམ་གྱིས་དམངས་ཁྲོད་ཀྱི་ལྡེའུ་ལས། གད་ཐོག་ནས་ལུ་གུ་རྩེ་རྩེ། གད་འོག་ནས་ཁ་བ་འབབ་འབབ། ཅི་ཁེད་ཟེར་ན། ལག་བསྐོར་རེད། ཟེར་བ་དེ་བྱུང་ངོ་། །

ཆུ་ཚན་ལ་ཞུགས་སྟངས།

ཆུ་ཚན་ལ་ནང་གསེས་བརྒྱ་ཕྲག་མང་བོ་ཡོད་པར་བཤད་ཀྱང་། མདོར་དྲིལ་ན། མུ་ཟི་སེར་བོ་དང་མུ་ཟི་ལྗང་ཁུ། རྡོ་ཞོ། ཅོང་ཞི། རྡོ་སོལ་སོགས་ལས་བྱུང་ལ། བོད་ཀྱི་ཆུ་ཚན་ལ་ཐོག་མར་དཔྱད་འཇུག་གནང་མཁན་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་ཡིན་པར་བཤད། ཕྱིས་སུ་ཞིབ་འཇུག་བྱེད་མཁན་མང་བོས། ཆུ་ཚན་གྱི་ཕན་ཡོན། དགོས་པ། ཞུགས་ཚུལ་བཅས་སྤྱི་ཚོགས་ཁྲོད་དྲིལ་སྒྲོགས་ཀྱི་ནུས་པ་ཐོན་པས། མང་ཚོགས་རང་བཞིན་གྱིས་དགེ་མཚན་རྟོགས་ནས། ཆུ་ཚན་ལ་གདེང་འཇོག་ཚད་མཐོན་པོར་གནང་བར་མ་ཟད། ཆུ་ཚན་ནི་སངས་རྒྱས་བྱང་སེམས་ཀྱི་བདེན་སྟོབས་སྨོན་ལམ་གྱི་མཐུ་ལས་བྱུང་བའི་དད་ཞེན་ཡོད་པ་སྟེ། དཔེར་ན། སྟོད་ལུང་ཆུ་བཟང་ཆུ་ཚན་ནི། ལོ་ངོ་ལྔ་བརྒྱ་ལྷག་གི་སྔོན་ཏེ། མིང་རྒྱལ་རབས་སྐབས་ནས་སྨན་བཅོས་ཐད་བེད་སྤྱོད་བྱེད་ཀྱི་ཡོད། རྗེ་ཙོང་ཁ་པ་ཡང་ཆུ་ཚན་དེར་ཆབ་བཞེས་གནང་མྱོང་བའི་ལོ་རྒྱུས་ཡོད། ཆུ་ཚན་པ་མང་བོ་བོད་ཟླ་ལྔ་བ་ནས་བརྒྱད་པའི་བར་ཆབ་ཞུགས་གནང་ལ། ཆུ་ཚན་དེས་པགས་ནད། གྲུམ་བུ། ཕོ་ནད། ཁྲག་ཤེད་མཐོ་བའི་ནད་བཅས་གསོ་བའི་ནུས་པ་ཐོན་གྱི་ཡོད། གཞན་སྟོད་ལུང་དུ་བརྒྱ་སྣ་ཆུ་ཚན་ཞེས་པའང་ཡོད་ལ། ཆུ་རྒྱུན་དྭངས་ཤིང་རྙོག་པ་མེད་པ་ཞིག་ཡིན། ཡང་། ལྷ་སའི་ཉེ་འདབས་དོག་བདེ་ཤང་གི་ཁོངས་སུ་གསང་ཡིབ་ཆུ་ཚན་ཞེས། ཆུ་ཚན་ཞིག་ཡོད་པ་དེ་ནི་ལྷ་ས་གྲོང་ཁུལ་དུ་ཅུང་གྲགས་ཆེ་བ་ཡོད། གསང་ཡིབ་ཆུ་ཚན་དེ་མཁལ་གྲུམ་དང་། པགས་ནད། ཕོ་བ་སོགས་ལ་ཕན་པ་ཡོད་སྟབས། སྟོན་དཔྱིད་གཉིས་ལ་ཆུ་ཚན་རྒྱག་མཁན་མང་བོ་ཡོད། ཆུ་ཚན་དེའི་འགྲམ་གྱི་རི་འདབས་དང་། བྲག་ཕུག་སོགས་ལ་རྒྱ་བཟའ་ཝུན་ཁྲེན་ཀོང་ཇོ་བཞུགས་པའི་རྗེས་ཤུལ་ཡིན་ཞེས། ལོ་རྒྱུས་འགར་ཤོད་སྲོལ་ཡོད་ཀྱང་རྗེས་ཤུལ་ཡོད་པའི་བྲག་རྡོ་དང་། བྲག་ལྡེབས་ཀྱི་རྒྱ་བཟའི་སྐུ་བརྙན་རྣམས་ད་ལྟ་བསྡད་མེད།

འདམ་གཞུང་རྫོང་གི་མངའ་ཁོངས་ལ་མཚོན་ནའང་། འདམ་གཞུང་ཚ་ཆུ། གུ་ལིང་ཚ་ཆུ། ལ་ཐོག་ཁའི་ཆུ་ཚན། དཀར་རི་མཆོག་ཚ་ཆུ། རྒྱས་དར་ལྐོག་ཚ་ཆུ། འཆི་མེད་མདོ་ཚ་ཆུ། གཡས་ལ་ཚ་ཆུ་དང་།

ལྷ་སའི་སྙེ་མོ་རྫོང་ཁོངས་ལ་མཚོན་ནའང་། མར་རྐྱང་ཚ་ཆུ། བཅིངས་སྦྲང་ཚ་ཆུ། ཨང་སྒང་ཨུ་རྒྱན་ཚ་ཆུ། སྨུ་ལུང་ཚ་ཆུ། ཆབ་རལ་ཚ་ཆུ། སྦུག་པ་ཚ་ཆུ། ཐོན་ཆུས་ཚ་ཆུ་དང་།

ལྷུན་གྲུབ་རྫོང་ཁོངས་ལ་མཚོན་ནའང་། དར་ཡུན་ཆུ་ཚན། བྲག་སྣེ་འབྲུག་འདྲ་ཆུ་ཚན་དང་།

མལ་གྲོ་གུང་དཀར་རྫོང་ལ་མཚོན་ནའང་། རུ་ཐོག་ཚ་ཆུ། འཆི་རྐང་མགོ་ཚ་ཆུ། གཏེར་སྒྲོམ་ཚ་ཆུ། དགྲ་ཕྱི་རོང་ཚ་ཆུ། རྒྱ་མ་ཤང་ཚ་ཆུ་སོགས་ལ་ནད་རིགས་འཇོམས་པའི་ཁྱད་ནུས་ཡོད་ལ། དེ་དག་གི་གནས་ཡུལ་དང་། མཚོ་ངོས་ལས་མཐོ་ཚད། ཚ་དྲོད། བཞུར་ཚད། གཏེར་ཁར་འགྱུར་ཚད་སོགས་ཞིབ་ཏུ་ཀྲུང་གོའི་ལོ་རྒྱུས་རིག་གནས་གྲགས་ཅན་གྲོང་ཁྱེར་ལྷ་ས་ཞེས་པའི་དཔེ་ཆའི་ཤོག་གྲངས ༡༢ ནས ༡༥ བར་བཀོད་ཡོད།

མལ་གྲོ་གུང་དཀར་རྫོང་གི་འབྲི་གུང་གཏེར་སྒྲོམ་ཆུ་ཚན་ལ་མཚོན་ནའང་། རྒྱ་མཚོའི་ངོས་ལས་སྤྱི་ཁྲེ ༤༥༠༠ ཙམ་མཐོ་བའི་སར་གནས་ལ། ལོ་ངོ་སྟོང་ལྷག་གི་ལོ་རྒྱུས་ཡོད། དེ་ཡང་། གཏེར་སྒྲོམ་ཐོགས་དོན་ཡང་། སློབ་དཔོན་པད་འབྱུང་གིས་རི་ཆེན་གཏེར་སྒྲོམ་དང་འདྲ་བ་འདིར། ཆོས་ནོར་གྱི་གཏེར་ཁ་མང་དུ་སྦས་ཡོད་པས་གཏེར་སྒྲོམ་ཞེས་ཟེར་ལ། ཆུ་ཚན་དེ་ནི་གཏེར་སྒྲོམ་དགོན་པའི་ཚོགས་ཁང་མདུན་དུ་དུག་མཚོ་ཆེན་པོ་ཞིག་ཆགས་ནས་གཟའ་དང་། སྲིན་པོ། ཀླུ་བདུད་བཅས་ཀྱི་ཆུ་འདི་འགྲོ་ཐབས་མེད་པའི་རྨུ་གསུམ་བྲག་གི་སྒོ་བརྒྱབ་པ་ལྟར་བཀག་ཡོད་པར་བརྟེན། སློབ་དཔོན་གྱིས་དུག་མཚོས་ཡུལ་གྲོང་ཀུན་འཇིག་ཉེན་ཡོད་པར་དགོངས་ཏེ། ཁོང་གིས་རྡོ་རྗེ་འཕངས་ནས་བྲག་ཁུང་བརྟོལ་ཏེ་ཆུ་སྒོ་ཕྱེས། ཤུལ་རྗེས་ད་ལྟའང་མཇལ་རྒྱུ་ཡོད། ཆུ་ཚན་དེར་མདོ་སྦུག་གཉིས་ཡོད་ལ། སྦུག་མར་སྐྱེས་པ་དང་། ཆུ་རྫིང་མདོར་བུད་མེད་རྣམས་ཆུ་ཞུགས་བྱེད་ཀྱི་ཡོད།

ཆུ་ཚན་གྱི་གྲུབ་ཆ་ནི། མུ་ཟི་དང་ཅོང་ཞི། བྲག་ཞུན། བྲག་མཚུར་སོགས་འདྲེས་པས། དྲི་དང་མདོག རོ་ནུས་མི་འདྲ་བ་ཡོང་གི་ཡོད། ཆུའི་ཚ་ཚད་ལ་ཏུའུ་༤༠ ནས ༤༡ བར་ཡིན་ལ། ཕན་ནུས་ཀྱི་དབང་དུ་བཏང་ན། ཕོ་བ་སྨུག་པོ་དང་། ཚད་པ་རྙིང་བ། ཆུ་སེར། གྲང་བ། མཁལ་མ། མེ་དྲོད་ཉམས་པ། གྲུམ་བུ། རྩ་དཀར། པགས་ནད་སོགས་ལ་ཕན་ནོ། །

གཞན་ཡང་། ནག་ཆུའི་ཨ་མདོའི་ཆུ་ཚན། ལྷོ་ཁའི་འོད་ཁ་ཆུ་ཚན། འདན་མ་གཞུང་ཡངས་པ་ཅན་ཆུ་ཚན། སྣེ་གདོང་ར་མ་ཎའི་ཆུ་ཚན། མཚོ་སྨད་གྲི་གུ་ཆུ་ཚན། ས་སྐྱའི་ཁའུ་ཆུ་ཚན་སོགས་ཡོད་ལ།

རེབ་གོང་མདོ་བའི་ཆུ་ཚན་ལ་མཚོན་ན། རེབ་གོང་གྲུབ་གནས་བརྒྱད་ཀྱི་ཡ་གྱལ་འདམ་བུ་བྲག་དཀར་གྱི་རྒྱབ་རི་ན་ཡོད། དེ་ནི་གྲུབ་ཐོབ་འཕགས་པ་ལི་ཁྲོད་སྒོམ་སྒྲུབ་ཀྱི་ཚེ། ཀླུས་གནོད་འཚེ་བཏང་སྟེ་ནད་བྱུང་བས། ཁོང་གིས་གསང་བདག་དང་འཇམ་དབྱངས་ནཱ་ག་རཀྵ་ལ་བརྟེན་ནས་ནད་ལས་གྲོལ། ནད་བདག་ཟུག་རྔུས་གཟིར་བས། གཉན་ནད་རྨ་རིགས་ལ་ཕན་པའི་སྨན་ཆུ་ཞིག་ཕུལ་བ་ལ། ནད་འཇོམས་སྨན་ཞེས་གྲགས་པའི་ལོ་རྒྱུས་ཡོད་པ་ལྟ་བུ་ཡིན།

བློན་ཆོས་ཆུ་ཁོལ་ནི་བོན་ཁོག་བསམ་དཀར་བཤགས་པ་ལུང་དུ་ཡོད། ཆུ་ཁོལ་འདི་ནི། ལྷ་རྗེ་བྲག་སྣ་བ་མདོ་སྨད་དུ་བྱོན་སྐབས། ཁོང་གི་ཕྱག་ཕྱིར་འཁྲིད་པའི་རྟོགས་ལྡན་ཀུན་དགའ་རྡོ་རྗེ་གནས་འདིར་ཕེབས་སྐབས། མཚན་ལམ་དུ་སྨན་ཆུས་གཏམས་པའི་བུམ་པ་བརྒྱ་རྩ་བརྒྱད་གནང་ནས། འདི་དག་གི་ཁ་ཕྱེས་ཏེ་ས་ཕྱོགས་སོ་སོའི་མི་རྣམས་ལ་གནང་ན་ལེགས། འདི་ནི་གཉན་རིགས་སོགས་བཞི་བརྒྱ་རྩ་བཞིའི་ནད་ལ་ཕན་གསུངས་པ་ལྟར། དེར་ཡོད་ཀྱི་ཆུ་མིག་ཡོངས་ལ་རབ་གནས་མཛད་དེ་སྨན་ཆུར་བྱིན་གྱིས་བརླབས་པར་བཤད་ལ། སྤྱིར་གནས་འདི་རུ་སྨན་ཆུ་རིགས་མི་འདྲ་བ་བརྒྱ་རྩ་བརྒྱད་ཡོད་ནའང་། དུས་འགྱུར་གྱིས་ཇེ་ཉུང་དུ་སོང་སྟེ། ད་ལྟ་བདག་ཅག་གི་མིག་ལམ་དུ་སྣང་བ་འདི་ཙམ་མོ། །

གཞན་ཡང་ཁྲི་ཀའི་ཆུ་ཚན་དང་མདོ་སྨད་གསེར་ཁོག་གི་ཆུ་ཚན་སོགས། བོད་ཡུལ་སྟོད་སྨད་བར་གསུམ་དུ་ཆུ་ཚན་གྲགས་ཅན་མང་བོ་ཡོད། ད་ལྟ་ཡང་། ཆུ་ཚན་ཕལ་ཆེར་གནའ་བོའི་ཁྲུས་རྫིང་ལྟར་ཆགས་ཡོད། དེ་མིན། གངས་ལྗོངས་སུ་ཆུ་ཚན་མ་ཡིན་པའི་སྨན་ཆུ་ཞལ་དུ་བཞེས་པ་དང་། དྭངས་གཙང་གི་ཁྲུས་རྫིང་སོགས་ཀྱང་རི་མཐོ་ས་གཙང་ན་མང་དུ་ཡོད། ཆུ་ཚན་ལ་ཞུགས་དུས་ནི་སྟོན་དཔྱིད་གཉིས་བཟང་བར་བཤད་ལ། བོད་མིའི་གོམས་གཤིས་ལྟར་ཆུ་ཚན་ལ་མ་ཞུགས་གོང་ལ། ཆུ་བདག་ལ་གཏོར་མ་གཏོང་བ་དང་། ལྷ་བསང་ཕུད་པ་སོགས་ཆོས་ལུགས་ཀྱི་ཆོ་ག་བསྟར་བའང་ཡོད། ཞུགས་དུས་ཆུ་མཇུག་ནས་རིམ་གྱིས་ཚ་སར་འགྲོ་ལ། ཐོག་མར་འདུག་ཡུན་ཐུང་ལ། ཕྱིས་རིང་ཙམ་བསྡད་ན་བཟང་། དེ་ལྟར་བྱས་ན་ལུས་ཁམས་ཀྱི་དབང་རྩ་དང་། ལུས་རེངས་པ། དགྱེ་སྒུར་མི་ཐུབ་པ། རུས་ཚིགས་ན་བ་སོགས་ལ་ཕན་ནུས་ཐོན་པར་མ་ཟད། ཆུ་ཚན་རེ་རེ་ལ་ནད་རིགས་སྣ་ཚོགས་འཇོམས་པའི་ཁྱད་ནུས་ཡོད་པས། དམངས་གཞས་ལས་ཀྱང་། དྲག་རྒྱུ་མེད་པའི་ནད་པ། །ཤི་འགྲོ་བསམ་པ་མ་གནང་། །ཆུ་ཚན་རྒྱག་རོགས་གནོངས་དང་། །ནད་ཀྱི་དྲི་མ་དག་འགྲོ། །ཞེས་ཀྱང་ཟེར་རོ། །ཆུ་ཚན་ལ་ཞུགས་ཡུན་ནི། བདུན་ཕྲག་བརྩི་གཞི་བྱས་ཏེ། མང་ན་བདུན་བདུན་ཞེ་དགུ་ལ་འདུག་པའང་ཡོད་དོ། །

རེབ་གོང་ཀླུ་རོལ།

༡ ཀླུ་རོལ་གྱི་ཁུངས། རེབ་གོང་ཀླུ་རོལ་ནི། ཡུལ་འདིའི་ཡབ་མེས་དམ་པ་ཚོས་ཤུལ་བཞག་རིག་གནས་ཤིག་ཡིན་ལ། ད་ལྟ་རྒྱལ་ཁབ་ཕྱི་ནང་ཀུན་གྱིས་ཞིབ་འཇུག་བྱེད་པའི་དམངས་སྲོལ་རྩ་ཆེན་ཞིག་ཏུ་གྱུར་ཡོད། རེབ་གོང་གི་བཤད་རྒྱུན་ལའང་། དྲུག་པའི་ལྷ་ཟླ་དཀར་བོ། །ཡོད་པས་བརྒྱ་འབུལ་སྟོང་འབུལ། །མེད་པས་མེ་ཏོག་མཆོད་འབུལ། །རྩེད་རིགས་རྣམ་པ་སྣ་ཚོགས། །རྩེ་སྣ་མ་ཚང་མེད་པ། །བལྟས་ན་མི་མགུ་མེད་པ། །ལྷ་ངོ་མྱི་ངོ་འཕྲོད་དེ། །མྱི་དགའ་ལྷ་དགའི་དུས་ཚིགས། །ཞེས་གཙིགས་ཆེན་དུ་འཛིན་ནོ། །

དེ་ཡང་། ཀླུ་རོལ་ཞེས་པའི་ཀླུ་ལ་ག་ཟླུམ་བྱས་པ་ལྟར་ན། གླུ་དང་རོལ་ཆ་ལེན་རྡུང་བྱེད་པའི་ཆ་ནས་སམ། རྨང་གཞི་ཀ་ཡིག་ལྟར་ན། ཀླུ་ནི་ལྷ་ཀླུ་གཉན་གསུམ་གྱི་ཀླུ་དང་། རོལ་ནི་དགའ་སྤྲོའི་རྩེད་མོ་ལ་རོལ་བའི་ཆ་ནས་བཏགས་པར་བཞེད་ལ། སྔ་མ་ལས་ཕྱི་མ་བདེན་ཤས་ཆེའོ། །ཀླུ་རོལ་གྱི་ཁུངས་འདི་ཡིན་གྱི་གསལ་ཁ་ཐོན་པ་ཞིག་ལོ་རྒྱུས་རྙིང་བ་རྣམས་སུ་མ་བྱུང་མོད། གང་ལྟར་ཀླུ་རོལ་གྱི་སྐབས་སུ་དམར་མཆོད་དང་། ཀི་སྭོ་ལྷ་རྒྱལ། འབུད་རྡུང་དཀྲོལ་གསུམ། གླུ་ལེན་གར་རྩེ། ལྷ་ཀླུ་གཉན་མཆོད་ཀྱི་བྱ་འགུལ་སྤེལ་བར་གཞིགས་ན། གདོད་མའི་བོན་གྱི་དམར་མཆོད་བྱེད་སྲོལ་དེ། ཕྱིས་སུ་བཙན་པོ་རིམ་བྱོན་གྱིས། སྤྱི་ཚོགས་ཀྱི་གནས་བབ་དང་། ཆབ་སྲིད་ཀྱི་ཁེ་ཕན་ལ་དམིགས་ནས་མནའ་བཅད་དང་། གཡུལ་ལས་རྒྱལ་བའི་དགའ་སྟོན་སོགས་ལ་གླུ་ལེན་གར་རྩེ་དང་། ལྷ་མཆོད་ཀླུ་མཆོད་གྱི་སྐད་འབོད་ཆོ་ག་བསྟར་བ་འདི། ཀླུ་རོལ་གྱི་ཁུངས་ཚུགས་པའི་ས་བོན་ལྟ་བུ་ཡིན་པར་སེམས་ཏེ། དེབ་དཀར་དུ་ཐང་ཧྲུའུ་དྲངས་པ་ལས། བཙན་པོ་རྗེ་བློན་རྣམས་ལོ་ལྟར་གནའ་སྐྱེལ་ཞིང་། དེ་དུས་ལུག་ཁྱི་སྤྲེལ་གསུམ་དམར་མཆོད་དུ་འབུལ། ལོ་གསུམ་རེར་གནའ་ཆེན་སྐྱེལ་ཞིང་། མཚན་གྱི་གུང་ལ་རྟ་ཕྱུགས་བོང་བུ་རྣམས་དམར་མཆོད་བྱེད། སྲོག་ཆགས་རྣམས་ཀྱི་རྐང་ལག་བཅད་ཅིང་དོན་སྣོད་མདུན་དུ་སྤུངས་ཏེ། བནྟེ་ཞིག་གིས་ཆོ་ག་གཏོང་། ཞེས་དང་། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་ལས། ཆོས་ལུགས་འདིས་ལོ་རེའི་སྟོན་ཀའི་དུས་སུ་ཤ་ཕོ་རི་རྐྱང་ཞེས། ཤ་བ་ཕོ་མང་བོ་དུས་གཅིག་ཏུ་སྐེ་བཅད་ནས་གསད་པའི་ཤ་ཁྲག་གིས་མཆོད་པ་འབུལ་བ་དང་། དགུན་ཁའི་དུས་སུ་བོན་ལྷ་དམར་མཆོད་ཅེས། ར་ལུག་སོགས་ཕོ་ཕྱུགས་སྟོང་ཕྲག་གསུམ་རེ་ལོངས་པའི་སྐེ་དུས་གཅིག་བཅད་ནས་གསོད་པ་དང་། འབྲི་ལུག་ར་སོགས་མོ་ཕྱུགས་སྟོང་ཕྲག་གཅིག་རེར་ལོངས་པའི་ཡན་ལག་རྣམས་གསོན་པོར་ལྷུ་ལག་ཕྲལ་ནས་བསད་པའི་ཤ་ཁྲག་གི་དམར་མཆོད། དཔྱིད་ཀའི་དུས་སུ་ཡུ་མོའི་བྱིན་བྲེག་ཟེར་བ། ཤ་བ་ཡུ་མོ་བཞིའི་རྐང་ལག་ལྷུ་ཕྲལ་ནས་བསད་པའི་ཤ་ཁྲག་གི་དམར་མཆོད། དབྱར་ཁའི་དུས་སུ་བོན་སྟོན་བསང་གཏོང་བ་བཅས་བྱེད་ཀྱི་ཡོད། ཅེས་གསུངས་པ་འདི་ཡིན་ལ། འོན་ཀྱང་། ནང་ཆོས་འདི་སྤྱོད་པ་འཚེ་བ་མེད་པ་ཡིན་ཙང་། ལས་འབྲས་ཀྱི་གནས་ལུགས་དང་། སྤྱི་ཚོགས་ཀྱི་བསམ་བློ་དང་བསྟུན་ཏེ། ཁྲག་སྐྱེམས་ཀྱི་ཚབ་ཏུ་འབྲུ་ཆང་དང་། དམར་བསང་གི་དོད་དུ་རྩམ་པས་བཟོས་པའི་ར་ལུག་གི་སྣང་བརྙན་གྱིས་འཐུས་པར་བྱས་ཏེ། གསོལ་མཆོད་བགྱིས་པ་དང་། ཡུལ་གྲུ་འགར་ད་དུང་ཐ་ཆད་འགས་སྔོན་གྱི་ལུགས་ངན་བསྐྱར་གསོ་བྱེད་པའང་ཡོད་དོ། །

ལྷག་པར་དུ་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་བོན་ཆོས་བསྣུབས་པས། བོན་གྱི་ལྷ་སྲུང་དེ་དག་མ་དགའ་བའི་དབང་གིས། ནད་ཡམས་དང་། སད་སེར། ཐན་པ་དང་ཆུ་ལོག་སོགས་ཀྱིས་གནོད་པ་བཏང་བར་བརྟེན། ཕྱིས་སུ་སློབ་དཔོན་པད་འབྱུང་གིས་བཀའ་བསྒོས་དམ་བཞག་དང་། ལ་ལ་མི་ཁོག་ཏུ་བརླམས་ཏེ། སླད་ཆད་གནོད་འཚེ་མི་གཏོང་བར་མི་ཕྱུགས་སྐྱོབ་ཞིང་ལོ་ལེགས་འབྱུང་བ་དང་། མགོན་སྐྱབས་མཛད་དགོས་པའི་བཀའ་བསྒོས་གཉེར་གཏད་བྱས་པས། ཀུན་གྱིས་ལྷ་ཀླུ་གཉན་གསུམ་ལ་མཆོད་བཀུར་དང་། གླུ་གར་རྩེད་འཇོ་སོགས་ཀྱི་མཛད་སྒོ་རྒྱ་ཆེར་བསྡུས་པ་འདིས། གོང་གསལ་ཀླུ་རོལ་གྱི་ས་བོན་ལ་ཆུ་ལུད་དྲོད་གཤེར་ལྟ་བུའི་རྐྱེན་བྱས་ཏེ་མྱུ་གུ་འབུས་པར་འདོད་དོ། །གོང་གསལ་ཀྱི་བྱེད་སྒོ་ཕལ་མོ་ཆེ། ད་ལྟའི་ཀླུ་རོལ་སྐབས་ཀྱི་ཐོག་མཐའ་བར་གསུམ་དུ་མངོན་གསལ་དོད་པོར་གནས་པས། དེ་དག་ཀླུ་རོལ་གྱི་གྲུབ་ཆ་ཡིན་པ་བློ་དང་ལྡན་པ་ཞིག་ལ་མང་དུ་བརྡ་སྤྲོད་མི་དགོས་སོ། །

༢ བྱེ་བྲག་ཏུ་རེབ་གོང་གི་སྡེ་བ་འགའི་ཀླུ་རོལ་གྱི་ཁུངས། ༡ རོང་བོ་དགུ་ཆུའི་སྲིབ་ན་ཆགས་པའི་སོག་རུ་སྡེ་བར་མཚོན་ན། མི་རྒན་རྣམས་ཀྱི་ངག་རྒྱུན་ལ། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་སྐབས་སུ་ཐང་བོད་གཉིས་མ་མཐུན་པར་བཙན་པོས། ད་ལྟའི་ཀན་སུའུ་ཞིང་ཆེན་གྱི་མངའ་ཁོངས་རྒན་རྒྱའི་ས་ཆར་བོད་དམག་མངགས་ནས། ཐང་དམག་དང་གཡུལ་བཀྱེ་སྐབས། ཐང་དམག་ཁྲི་བཅུ་ལྷག་དམག་ཉེས་བཏང་བ་སོགས་ཀྱི་ལོ་རྒྱུས་ཡོད། སྐབས་དེར་བོད་ཀྱི་དམག་འཛིན་གཡུ་ཚ་ཞེས་པ། སོག་རུའི་བུ་མོ་ཞིག་དང་གཉེན་བསྒྲིགས་ཏེ། བུ་བཞི་སྐྱེས་པའི་གསུམ་པ། དར་རྒྱལ་ས་ཆར་གཞིས་ཆགས་ནས་ཐང་དམག་བཀག སྐབས་དེར་ཐང་བོད་གཉིས་འདུམ་འགྲིག་མཛད་པས། དགའ་སྟོན་དུ་ས་དེའི་ཨ་མྱེས་དར་རྒྱལ་མཆོད་ཕྱིར་ལྷ་རྩེད། དར་རྒྱལ་གཡུ་མཚོ་མཆོད་ཕྱིར་ཀླུ་རྩེད། འདས་དམག་ལ་རྗེས་དྲན་དང་འདུམ་འགྲིག་ཡོང་བའི་དགའ་སྟོན་དུ་དམག་རྩེད་གནང་སྐབས། མཚོ་ནང་ནས་སྟག་གཟིག་གི་གདོང་བ་འདྲ་བའི་གཡུ་འབྲུག་གཉིས་འོང་སྟེ། འཁྱུག་རྩལ་ངོམ་པ་སོགས་རྟེན་འབྲེལ་ཕུན་ཚོགས་བྱུང་བ། རིམ་བརྒྱུད་ཀྱིས་སྡེ་འདིར་ཀླུ་རོལ་རྩེས་པའི་དམངས་སྲོལ་འདི་དར་བར་བཤད་དོ། །

༢ རོང་བོ་དགོན་ཆེན་དང་བར་ཐག་ཉེ་བའི་ཤར་ཕྱོགས་ན་མཆིས་པའི་གླིང་རྒྱའི་ཀླུ་རོལ་ལ་མཚོན་ན། ངག་རྒྱུན་གྱི་གསུང་སྒྲོས་ལ། སྔོན་རེབ་གོང་ས་ཆར་ལོ་དུ་མར་ཐན་སྐྱོན་བྱུང་བས། གླིང་རྒྱའི་ཨ་མྱེས་ཨ་ལ་བརྐོས་ཟེར་བས་དམངས་ཚོགས་ཀྱི་སྣེ་ཁྲིད་དེ། སྡེ་འདིའི་ལྷོ་ཕྱོགས་ན་འབབ་པའི་ཆུ་བོ་དེ། བྱང་ཕྱོགས་ཀྱི་ཐོ་ཐོ་ལོག﹙ཞིང་ས་མང་བོ་ཡོད་པའི་ས་མིང﹚ ལ་ཆུ་འདྲེན་པའི་ལས་ཀ་མང་བོ་བསྒྲུབས་ཀྱང་། ལེགས་གྲུབ་མ་བྱུང་། ཡང་བསྐྱར་ཨ་མྱེས་དེ་གསེར་ཁ་ལུང་དུ་ཕྱིན་པ་ན། ཆུ་ཐམས་ཅད་ཕྱེ་མར་ཐིམ་པ་མཐོང་བས། ཀུན་གྱིས་ཆུ་འདྲེན་མ་ཐུབ་པ་ཀླུས་དབང་བྱས་པར་དོགས་ནས། ཀླུ་མོ་འཁོར་བཅས་མཉེས་ཆེད། ཆུ་མིག་ཡོད་ས་དེར་གཞོན་ནུ་ཕོ་མོ་གཉིས་ཁྲིད་ནས། བྲོ་གར་དང་གླུ་གཞས་ཀྱི་རྩེད་འཇོ་དང་། ཀླུ་སྡོང་གི་ཡལ་གས་ཆུ་རྩེད་བྱས་པས། ཀླུ་མོ་མྱོས་ཏེ་ཆར་གྱི་དངོས་གྲུབ་གནང་ཞིང་ལོ་ལེགས་བྱུང་བས། ད་ལྟའི་བར་ཀླུ་རོལ་གྱི་སྲོལ་རྒྱུན་ཆགས་ཏེ། རྣམ་གྲངས་མི་འདྲ་བ་བཅུ་གསུམ་གྱི་ཀླུ་རྩེད་འདི་བྱུང་བ་ཡིན། ཕྱིས་སུ་འང་སྡེ་འདིའི་ཐོ་ཐོ་ལོག་ཅེས་པའི་ས་ཆ་འདི་རྩིས་ཆེན་དུ་བྱས་ཏེ། དེ་གར་ཞིང་ས་མེད་ཚེ་ཀླུ་རོལ་རྩེས་མི་ཆོག་པའི་སྒྲིག་སྲོལ་ཡོད་པས། ཀླུ་རོལ་ལ་ཞུགས་འདོད་པ་དག་གིས་ས་དེར་ཞིང་ས་ཉོ་བ་སོགས་བྱེད་པ་དང་། དེའི་ཕྱིས་སུ་སྲོལ་རྒྱུན་དེ་ཉམས་ནས་སྡེ་མི་ཐམས་ཅད་ཀླུ་རྩེད་བྱེད་ཆོག་པར་གྱུར་ཏོ། །དེ་ལྟར་གོང་གསལ་མཆེད་ཁུངས་འདི་ལས་རིམ་བརྒྱུད་ཀྱིས། དྲུག་པའི་ལྷ་ཟླ་དཀར་བོའི་ནང་རེབ་གོང་གི་ཡུལ་སྡེ་ཕལ་མོ་ཆེ་དང་། ཁྲི་ཀ་སོགས་སུ་ཀླུ་རོལ་དར་ཁྱབ་བྱུང་ངོ་། །

༢ ཀླུ་རོལ་སྐབས་ཀྱི་ལྷ་བའི་བྱེད་སྒོ། འཇིག་རྟེན་པའི་ལྷ་ཀླུ་མཐུ་བོ་ཆེ་རྣམས་མི་ཁོག་ཏུ་བརླམས་ཏེ། རྣམ་པ་མི་གཟུགས་ལ་དབང་བསྒྱུར་ལྷ་ཀླུས་བྱེད་པའི་ཐབས་ལམ་བཀོལ་ནས། སྤྱི་ཚོགས་བདེ་འཇགས་དང་། དོན་དག་འདྲ་མིན་མང་བོ་ཐག་གཅོད་པ་ནི། བོད་རྒྱལ་ཁྲི་སྲོང་སྐབས་ནས་མཆིས་ལ། མདོ་སྨད་ཀྱི་ཡུལ་འདིར་ཀླུ་རོལ་དར་བ་ནས་བཟུང་། འཇིག་རྟེན་པ་རྣམས་ཀྱིས་ལྷ་བར་མགོན་སྐྱབས་སུ་བཀུར་ནས་བསང་གསུར་གྱི་གསོལ་མཆོད་བྱས་ཏེ། རྩེད་མགོ་འཛིན་པའམ། ནང་ཁུལ་དུ་གཡོ་སྒྱུ་ཁྲམ་གསུམ་བྱེད་པའི་མི་ངན་གྱི་རིགས། ཚོགས་པའི་དབུས་སུ་ཐེར་འདོན་དང་། ཆད་ལས་གཅོད་པ། འབྱུང་འགྱུར་གྱི་ལེགས་ཉེས་ལུང་དུ་སྟོན་པ། ཀླུ་རོལ་དང་དུས་རྒྱུན་གྱི་སྡེ་བའི་སྒྲིག་ལམ་ལ་དོ་དམ་དང་། ལུས་ལ་མཚོན་རྒྱག་པ། ཁ་པར་གདབ་པ། ཁ་དང་ཁོག་པར་གྲི་ཆེན་གདབ་སྟེ་བསྐོར་སློག་བྱེད་པ་སོགས་གཞན་གྱིས་མི་གཟོད་པའི་བྱེད་སྒོ་སྣ་ཚོགས་བྱེད་པ་ནི་ལྷ་བའི་བྱེད་སྒོ་ཡིན་ནོ། །འོན་ཀྱང་། ཁ་དཔེར། ལྷ་བའི་བྱང་ཁོག་མྱི། ཞེས་པ་ལྟར་ལྷ་བ་རྫུན་མའང་རེ་གཉིས་སྲིད་དོ། །

༣ ཀླུ་རོལ་གྱི་དབྱེ་བ། ཡུལ་རེབ་གོང་དུ་དར་བའི་ཀླུ་རོལ་ལ་རིགས་གསུམ་ཡོད་དེ། ལྷ་རྩེད། ཀླུ་རྩེད། དམག་རྩེད་དོ། །

༡ ལྷ་རྩེད་ནི། འཁར་རྔ་དང་ལྷ་རྔའི་སྒྲ་གདངས་དང་བསྟུན་ཏེ། ཉམས་འགྱུར་གང་ཐོན་གྱིས་རྐང་ལག་གི་སྟངས་སྟབས་མྱུར་བའི་ཚུལ་གྱིས་རྩེ་བ་དང་། རྩེད་སྟངས་ཡང་ཡུལ་སྡེ་རེ་ལ་འདྲ་མིན་མང་བོ་ཡོད། མགོ་དང་དཔྲལ་བ། ལུས་སོགས་ལ་མཚོན་གྲི་རྣོན་པོས་བསྟར་བ་དང་། ཁ་དང་རྒྱབ་ལ་ལྕགས་ཁབ་འཛེར་ནས་ཡུལ་ལྷ་གཞི་བདག་ལ་ཁྲག་མཆོད་ཕུལ་ཏེ། རྩེད་མོ་སྣ་ཚོགས་རྩེས་པ་ཞིག་ཡིན།

༢ ཀླུ་རྩེད་ནི། སྟག་སེང་ཁྱུང་འབྲུག་གི་དར་ཚོན་སྣ་ཚོགས་བཟུང་སྟེ། ཀླུ་ཀླུ་མོའི་རྟེན་གནས་རྫིང་དང་ལྟེང་ཀ ཆུ་ཀླུང་སོགས་སུ་སོང་སྟེ། ཀླུ་ལ་རུང་བའི་དཀར་བསང་རྒྱ་ཆེན་བཏང་ནས། གླུད་གཏོ་ཕུལ་ཏེ་རྩེད་ཆས་རྣམས་ཆུ་ལ་མཆོད་ནས། རོལ་གར་སྣ་ཚོགས་འཁྲབ་པ་ཡིན། ཀླུ་རོལ་རྩེ་བ་འདིའི་དགོས་དོན་གཙོ་བོ་ལོ་ཕྱུགས་སོགས་ལ། རང་བྱུང་གི་ཐན་སྐྱོན་མི་འབྱུང་བའི་ཆེད་དུ། ཀླུའི་རྒྱལ་བོ་ལ་ཆར་གྱི་དངོས་གྲུབ་སློང་བ་ཡིན། ད་ལྟ་དགེ་འདུན་པ་དང་ཆོས་ལུགས་པ་ཚོས་ཀླུ་གནས་ཀྱི་ཆུ་མིག་དང་། ཆུ་ཀླུང་སོགས་ཀྱི་འགྲམ་ནས་ཀླུ་གཏོར་དང་། ཆར་འབེབས་ཀྱི་ཆོ་ག་གཏོང་སྲོལ་ཡོད་པ་ཡང་གོང་གསལ་ཀྱི་དེ་དང་འབྲེལ་བ་ཆེའོ། །

༣ དམག་རྩེད། ཆོས་རྒྱལ་སྲོང་བཙན་ནས་ཐང་བོད་བར་དམག་འཁྲུག་བྱུང་བ་མང་བས། མདོ་སྨད་ཕལ་ཆེར་ས་སྲུང་དམག་གི་གདུང་རྒྱུད་ཡིན། ད་ལྟ་ཡང་། ཡུལ་ལུང་མང་བོ་ན་དམག་རྩེད་དང་མདའ་རྩེད་སོགས་དམངས་སྲོལ་མང་བོ་མཐོང་ཆོས་སུ་གྱུར་བ་འདིས། བཙན་པོའི་དུས་ཀྱི་དམག་དཔུང་གི་སྒྲིག་འཛུགས་དང་། གཡུལ་འགྱེད་དམག་སྟོན་གྱི་རྣམ་པའི་སྣང་བརྙན་གསོན་པོ་འདི་ལྟར་སྣང་སྟེ། སྔོན་དུས་སྲོང་བཙན་གྱིས་བོད་ཡུལ་སྟོད་སྨད་བར་གསུམ་ལ་རུ་བཞིར་བགོས་དུས། གོ་གྱོན་མཚོན་ཐོགས་དང་། རུ་དར་གྱི་སྟེང་གི་སྲོག་ཆགས། ཁ་དོག་སོགས་མི་འདྲ་བར་དམག་ཁྲིམས་བཞག་པ་ལྟར། ད་ལྟའི་དམག་རྩེད་དང་བཅིབ་བསུའི་སྐབས་ཀྱང་། ཁ་དོག་མི་འདྲ་བའི་སྟག་སེང་ཁྱུང་འབྲུག་གི་རུ་དར་འཛིན་ཅིང་། ཁ་ནས་བེ་ཧ། བེ་བེ། བེ་ཧ། ཞེས་སྒྲ་འགྲོས་ཤེད་མཚུངས་སུ་སྒྲོགས་ཤིང་། ལག་གི་རུ་མཚོན་དང་གོམ་པའི་སྟངས་སྟབས་དོ་མཉམ་པའི་རྩེད་འཇོ་རོལ་བ་དང་། ལོ་ན་རྒན་གྲས་ཁ་ཅིག་གིས་ལྷ་རྔ་དང་འཁར་རྔ་རྡུང་ཞོར་དུ། གཞི་བདག་ལ་སྐད་འབོད་བཏང་སྟེ། དགྲ་སྡེ་སྡིགས་སྨོད་དང་། རང་སྡེ་ངོ་སོ་བསྟོད་པའི་སྐད་འབོད་གཏོང་བ་སོགས་ཀྱིས་མཚོན་ལ། དེ་བས་དམག་རྩེད་འདི་ནི་སྔོན་གཤེགས་དཔའ་བོའི་མཛད་རྗེས་ལ་རྗེས་དྲན་དང་། ཤ་གཟན་གདོང་དམར་བོད་ཀྱི་དམག་དཔུང་གི་གལ་ཆེན་རང་བཞིན་ལ་གཙིགས་འཛིན་དང་། དྲན་གསོ་བྱེད་པར་ཕྱི་ཐོགས་པ་རྣམས་ཀྱིས་རྒྱུད་འཛིན་བྱེད་པ་ལ། དམངས་སྲོལ་གྱི་དགའ་སྟོན་ཞིག་ཏུ་ཆགས་པ་ཡིན་ནོ། །

༤ ཀླུ་རོལ་ཀྱི་རྒྱན་ཆས་ནི། མཁས་དབང་དགེ་ཆོས་ཀྱིས། ཡུལ་གྱི་ལྷ་དང་སྔོན་གྱི་མི་གཉིས་དཔེར་སྦྱར་ནས་དཔྱད་པ་བྱས་པ་འདི་འདྲ་ལ། མང་བོ་དག་བྱིས་པའི་རིགས་པ་ལྟ་བུར་སེམས་ངེས་མོད་ཀྱི། རྒྱ་གར་གྱི་གང་གཱའི་ལྷ་མོས་རྐང་གདུབ་གྱོན་པ་དང་། ཨ་མདོ་རྨ་རྒྱལ་སྦོམ་རས་ཕྱིང་ཞྭ། རྒྱ་ནག་གི་ཀོན་ཡིན་ཕུ་སཱས་བེར་སྔོན་གྱོན་པའི་བར་ཞིབ་ཏུ་ལྟོས་དང་། ཡུལ་མིའི་ཆ་ལུགས་སུ་བྱས་མ་བྱས་མངོན་སུམ་དུ་མཐོང་བར་འགྱུར་རོ། །གསུངས་པ་ལྟར། ཀླུ་རོལ་གྱི་རྒྱན་ཆས་རྣམས་ཀྱང་ཡུལ་གྱི་ལྷ་དང་སྔོན་གྱི་མི་ཆེན་གྱི་ཆ་ལུགས་ཁོ་ན་སྟེ། ཕོ་གསར་རྣམས་ཀྱིས་ཡུལ་ལྷའི་རྒྱལ་བོ་བྱ་ཁྱུང་གིས་མནབས་པའི་ཕྱིང་ཞྭ་དཀར་བོའི་སྟེང་ཅ་ལ་དམར་བོ་འཕྱངས་ཡོད་པ་དེ་གྱོན་པ་དང་། ལ་ལས་མགོ་ལ་ལག་ཕྱིས་བཞག་སྟེ་ཅ་ལ་ནག་པོས་དཀྲི་བའང་ཡོད། དར་གོས་སྣ་ཚོགས་མདུད་བརྒྱབ་སྟེ་རྒྱབ་ཏུ་དཔྱངས་པ་དང་། མགྲིན་པར་གའུ། རྐང་བར་ཀོ་ལྷམ་སྣ་འཁྱིལ﹙རེབ་གོང་གིས་དེ་ལ་འབོལ་རས་ཟེར﹚གྱོན་པའམ། རས་ལྷམ་དཀར་བོ་གྱོན་ནས་ཉྭ་སྟི་དམ་པོར་བསྡམས་པའང་ཡོད། ལུས་ལ་ཕྲུག་ལྭ། ཕུ་དུང་དང་གོང་འདབས་ལ་གཟིག་སྲམ་གྱི་པགས་པས་སླན་ཞིང་། ཁོག་སྟོད་ལ་ཁ་འདྲིས﹙གོས་འཁོར་ལོ་མ་སོགས་ཀྱིས་བཟོས་པའི་སྟེང་དུ་རི་མོ་སྣ་ཚོགས་ཡོད་པའི་ཤ་འབྱར﹚གྱོན་ནོ། །

གར་མ་ཚོའི་སྐྲ་སླས་སྟངས་ནི། དེབ་དཀར་ལས། རྒྱ་ནག་གི་སྒྲོས་ལས་མཆེད་པའི་བོད་ཀྱི་ལོ་རྒྱུས་སྐད་རིགས་གཞན་དུ་བྲིས་པ་ཞིག་སྣང་བར། བོད་ཀྱི་རྒྱལ་མོ་མཚན་མི་གསལ་བ་ཞིག་གི་སྐོར་བྲིས་ཏེ། རྒྱལ་མོ་དེའི་སྟོད་ཐུང་སྔོ་ནག་ཕུ་ཐུང་གི་ཁ་ས་ལ་རེག་པ﹙ད་ལྟ་འང་ཁམས་ཕྱོགས་ན་སྟོད་ཐུང་ཕུ་རིང་གྱོན་པ་ཡོད﹚ ཙམ་དུ་རིང་བ་གྱོན། སྨད་ལ་དར་གོས་ནག་པོས་ཤམ་ཐབས་གྱོན། སྐྲ་ལ་ལྷས་མ་ཆུང་ངུ་མང་དུ་བྱས་ཤིང། རྣ་ལ་ཨ་ལོང་བཏགས། ལྷམ་ཟོ་ཡི་བྱ་བ་གྱོན། ཞེས་པ་ལྟར། གར་མ་ཚོས་སྐྲ་ལྷས་ཀྱི་ལན་བུ་མང﹙བུ་མོ་གནས་འགྲོ་མའི་སྐྲ་ལྷས་སྟངས་འདི་ལ་ཨམ་སྐད་དུ་ལན་ཕྲུག་ཟེར﹚དུ་བྱེད་ཅིང་། སྐྲ་སྣེའི་མ་གདན་གྱི་གཡས་གཡོན་ལ་ཙོར་དང་། སྟེང་དུ་བྱུ་རུའི་འཕྲ་བཏབ་པའི་དངུལ་སྒྲོག་འཕྲེད་སྒྲིག་དང་། ཞོལ་ལའང་དེ་ལྟར་འདོགས་པ་དང་། རྣ་འགྲམ་གཉིས་དང་སྐེ་ལ་བྱུ་རུ་བསྟར་ཕྲེང་བསྒྲིགས་ཏེ་འདོགས་སྲོལ་ཡོད། ལུས་ལ་ཕྲུག་ལྭ། ཧ་སག ཐེར་མ་སོགས་ཀྱི་གོང་མཐའ་སྲམ་ལྤགས་ཅན་གྱོན། རེབ་གོང་གི་དོར་རྡོ་རྣམས་ཀྱིས་གོས་ལྭ་སྐ་རགས་མ་བཅིངས་པ། གཡས་གཡོན་ན་ཧྭ་ཡོད་པ་དེ་གྱོན་ལ། ལྷམ་ཡང་སྣེ་འཁྱིལ་མེ་ཏོག་གི་རི་མོ་ཚེམ་དྲུབ་བྱས་པ་དང་། དོར་མ་དམར་བོ་གྱོན། སྡེ་བའི་ནང་གི་མཛེས་མ་རྩེར་སོན་ཞིག་གིས་གར་མགོ་ཁྲིད་པ་ཡིན་ནོ། །

༥ ཀླུ་རོལ་གྱི་རྩེད་ཆས། གར་བ་དང་གར་མའི་ཀླུ་རོལ་གྱི་རྩེད་ཆས་ནི། འཁར་རྔ་དང་ལྷ་རྔ། བེར་ག ཁ་བཏགས། རྐང་ཤིང། ལྷ་སྒམ། བཙན་མདུང﹙མདུང་རིང་གི་རྩེ་ལ་ཡུལ་ལྷ་གང་ཡིན་གྱི་ཙ་ཀ་བཏགས་པ་ཞིག﹚དང་རུ་མཚོན། མདའ་མདུང་སོགས་ལག་ཏུ་ཐོགས་ནས་རྩེ་བའམ། ཕོ་སར་རྐང་ཤིང་བ་རྣམས་རྒྱབ་ཏུ་གཞི་བདག་གི་ཞལ་ཐང་རེ་བསྣམས་པའང་ཡོད། ཡང་ན། རེབ་གོང་ཐོ་རྒྱར་མཚོན་ནས་སེང་འབག་དང་། སེང་གཞུང་སྡེ་བར་སྟག་གཟིག་གི་གདོང་འབག་གྱོན་པ། སོག་རུར་མཚོན་ན་བྱིས་པ་ཚོས་ཨ་ཙཱ་རའི་ཞལ་འབག་གྱོན་ཏེ་ལག་ཏུ་བེར་ག་ཐོགས་ནས་རྩེ་སྲོལ་ཡང་ཡོད་དོ། །

༦ ལྷ་མཆོད་ཀྱི་རྫས། མཆོད་རྫས་ལ། ཤུག་པ། བ་ལུ། མཁན་དཀར། ཐང་ཤུག་སོགས་དྲི་ཞིམ་གྱི་རྩི་ལྗོན། ཕྱེ་རྩམ། ཤེར་རྩིག་སྟེ་ནས་བརྔོས་མ། ཀློ་རྡེའུ་སྟེ་ཉི་ཟླའི་དབྱིབས་ཀྱི་འཁུར་བ་སྣ་ཚོགས་ཡོད་པ་སོགས་ཀྱི་ཟས་རིགས། ཇ་ཆང་། འོ་ཞོ་སོགས་བཏུང་བའི་རིགས། དཀར་གསུམ་མངར་གསུམ། དུག་རིགས་མ་ཡིན་པའི་མེ་ཏོག་སྣ་ཚོགས། བཅས་ཐབས་རང་རང་གི་ཆོ་ག་ནས་གསུངས་པ་ལྟར་གཏོར་མ། དར་སྣ། ཁ་བཏགསདང་། གཞན་ཡང་། སྔོན་གྱི་སྲོལ་ཀ་ལ་ར་ལུག་སོགས་དམར་མཆོད་བྱེད་པའམ། གསོན་རྙིང་བཏོན་ཏེ་བསང་ལ་འདྲེན་པའི་སྲོལ་ངན་གྱི་རྒྱུན་ད་ལྟ་འང་རེ་གཉིས་སྲིད་ཀྱང་། ཕལ་ཆེར་མཆོད་རྫས་དེ་རྣམས་ཀྱི་ཚབ་ཏུ་རྩམ་པས་སྲོག་ཆགས་སྣ་ཚོགས་ཀྱི་སྣང་བརྙན་བཟོས་ནས་མཆོད་འབུལ་བྱེད་དོ། །

༧ ལྷ་ཆུ་ཁ། ལྷ་ཆུ་ཁ་ནི། རེབ་གོང་ཀླུ་རོལ་ལ་མཚོན་ན། སོག་རུ་དང་གཉན་ཐོག ཐེ་བུ་སོགས་སྡེ་བ་ཁ་ཤས་མ་གཏོགས་མེད། ལྷ་ཆུ་ཁ་འདི་དེང་སང་ལྷ་ཁྲུས་གསོལ་ལྟ་བུར་བརྩི་མོད། དོན་དངོས་ནི། མགོ་ནག་མི་དང་དཀར་ཕྱོགས་ལྷ་གཉིས་ཀྱིས། ཀླུ་དང་ཀླུ་མོ་དཀར་མཆོད་བྱས་ཏེ་ནད་ཡམས་མུ་གེ་འཐབ་རྩོད་འཁྲུག་ལོང་མི་འབྱུང་བ་དང། ལོ་ཕྱུགས་ལེགས་ཤིང་ཆར་ཆུ་སྙོམས་པར་སྐྱབས་འཇུག་ཞུ་བའི་ཆུ་ཁའི་རོལ་རྩེད་ངོ་མ་ཞིག་ཡིན། དེ་ནི་རྒན་དར་གཞོན་གསུམ་གྱིས་ཀླུ་རོལ་གྱི་གྱོན་ཆས་གསོལ་ནས། དམག་དཔོན་ཁང་ནས་ལྷ་བསང་བཏང་སྟེ། ལག་ཏུ་ཀླུ་ལ་རུང་བའི་བསང་རྫས་དང་། གཞི་བདག་གི་ཞལ་ཐང། ལྷ་སྒམ་ལ་ལྕང་ལོ་བཙུགས་ཏེ། འཁར་རྔ་དང་ལྷ་རྔ་རྡུང་ཞོར་དུ་ལྷ་ཀླུ་སྡེ་བརྒྱད་ལ་གར་མཆོད་བྱེད་ཅིང་། ལྷ་སྒམ་ཆུ་ནང་དུ་བཞག་སྟེ། རང་རང་གི་ལུས་པོ་འཁྲུ་བ་དང་། རྩེད་ཆས་ལ་ཆུ་བྱུགས་པའམ། ཆུ་ནང་དུ་མཆོད་པ་སོགས་བྱས་ནས་ཆར་ཆུ་དུས་འབབ་དང་། ཀླུ་ནད་སོགས་གདོན་བགེགས་བར་ཆད་བཟློག་པའི་སྐྱབས་འཇུག་ཞུ་བ་ཡིན། སྡེ་བ་ལ་ལས་ལྷ་ཆུ་ཁའི་ཉིན་དེར་ལྷ་སྒམ་དཔོན་ཚང་དུ་འཇོག་པའང་ཡོད། དུས་རྒྱུན་ཡང་། ཐན་སྐྱོན་སོགས་ཀྱི་སྐབས་སུ་ལྷ་བས་ཆར་འབེབས་ཀྱི་དངོས་གྲུབ་ཞུ་སྲོལ་ཡོད། འདི་བོད་དུ་མ་ཟད་ཆིན་རྒྱལ་རབས་གོང་གི་གསུང་པོད་ཞེས་པའི་ནང་དུ་འང་། རྒྱལ་ཁམས་ཀུན་ཏུ་བཙའ་ཐན་ལོ་ངན་བྱུང་ཚེ། ལྷ་བས་ཆར་ཆུའི་དངོས་གྲུབ་ཞུ་བའི་ཆོ་ག་བསྟར། ཞེས་འབྱུང་ངོ་། །རེབ་གོང་གླིང་རྒྱ་སྡེ་བར་མཚོན་ན། སྔོན་ཆད་ཨ་མ་ཀླུ་མཚོ་ཞེས་པའི་ཆུ་མིག་དང་། ཀླུ་སྡོང་རྩར་སོང་ནས་ཀླུ་མཆོད་དང་ཀླུ་རྩེད་བྱེད་ལ། ཕྱིས་སུ་གོམས་སྲོལ་དེ་བསྒྱུར་ནས་ཀླུ་སྡོང་གི་ཚབ་ཏུ་ཏོག་ཅིག་བསླངས་པའམ། ཕོ་སར་གཉིས་ཀྱིས་ཀླུ་སྡོང་ནས་ཡལ་ག་འཁྱེར་འོང་སྟེ། ཁྲོམ་གསེང་དུ་བཙུགས་ནས་ཀླུ་རྩེད་སྣ་ཚོགས་འཁྲབ་པ་ཡིན་ནོ། །ཁྱད་པར་དུ་ཨ་མ་ཀླུ་མཚོའི་མཆོད་གར་འཁྲབ་སྐབས་ཕོ་སར་ཞིག་གིས་ལག་གཡས་སུ་ཀླུ་མོ་དེའི་གཟུགས་དང། གཡོན་དུ་ཤིང་བཟོས་ཕོ་མཚན་ཞིག་བཟུང་ནས་འཁྲབ་སྟོན་བྱེད་པ་དང་ཆབས་གཅིག ཕ་མ་མིང་སྲིང་ལ་བརྩི་མཐོང་མེད་པར་རི་གླུ་གཏོང་སྲོལ་ཡོད་པའང་། ཁོང་ཚོའི་བུ་ཕྲུག་མེད་པའི་བཟའ་ཟླ་ལ་ཕྱི་ལོར་བུ་ཕྲུག་འབྱུང་བའི་རྒྱུ་མཚན་ཅན་དུ་བཤད་དོ། །

༨ ལྷ་ཆང་ཁ། ལྷ་ཆང་ཁ་ནི་ཡུལ་ལྷ་གང་ཡིན་དུད་ཁྱིམ་སོ་སོས་ཁྱིམ་ཞུས་གནང་སྟེ། གསོལ་མཆོད་དང་སྐྱབས་འཇུག་གནང་བ་དེ་ཡིན། དེ་ནི། ཀླུ་རོལ་བ་རྣམས་ཀྱིས་གྱོན་ཆས་སྤྲས་ཏེ། བསང་རྫས་བསྣམས་ནས་དམག་དཔོན་ཁང་དུ་སྤྱི་བསང་བཏང་རྗེས། ལྷ་སྒམ་དང་ཞལ་ཐང་། རུ་མཚོན་སོགས་བཟུང་སྟེ། ལོ་རིམ་བཞིན་བསྟར་ཕྲེང་བསྒྲིགས་ནས་ལྷ་བས་སྣེ་ཁྲིད་ཀྱིས། དུད་ཁྱིམ་རེར་ལྷ་སྒམ་གདན་འདྲེན་པ་ཡིན། སྡེ་བ་ལ་ལས་གདན་འདྲེན་ཚུལ་ལ། ཐོག་མར་སྐྱེས་ཆེན་དམ་པའི་འཁྲུངས་གཞིས་ནས། དཔོན་ཚང་སོགས་གོ་རིམ་བཞིན་དུ་འདྲེན་པ་ཡིན། ལྷ་སྒམ་འདི་མི་ཤི་དོན་རྐྱེན་བྱུང་བའི་དུད་ཁྱིམ་རྣམས་ཀྱིས་ཀྱང་སྣེ་ལེན་བྱེད། ཁྱིམ་རེས་ལྷ་སྒམ་གདན་དཀར་སྟེང་བཞུགས་སུ་གསོལ་ཞིང་། དཀར་གཏོར་སོགས་ཀྱི་བསང་མཆོད་རྒྱ་ཆེན་དང་། སྡེར་ཁ་སྣ་ཚོགས་བཤམས་ལ། དུད་ཁྱིམ་འགའ་རེས་ལྷ་འབབ་ཞུས་ཏེ། འབྱུང་འགྱུར་གྱི་བདེ་སྡུག་དང་ལེགས་ཉེས་ལྷ་སྐད་དུ་གསུངས་པའང་ཡོད། ཁྱིམ་རེས་ཆང་དང་སྒོར། ཁ་བཏགས་སོགས་ལྷ་སྐལ་སྟེར་སྲོལ་ཡོད། ལྷ་སྒམ་ཡང་དཔོན་ཚང་དང་། ཡང་ན། རུ་སྡེའི་ཁྱིམ་ཚང་རྩིས་ཆེན་དང་། ལྷ་རྒྱུད་ཡོད་པའི་ཁྱིམ་དུ་ཞག་བཞུགས་གནང་བ་ཡིན། གཞན་ཡང་། ལབ་ཙེ་བསྟོད་པ་འདི་ཡང་ཀླུ་རོལ་གྱི་བྱ་འགུལ་ནང་ཚུན་དུ་གཏོགས་ལ། དུས་བཟང་རེ་བདམས་ནས། སོ་སོའི་ཡུལ་ལྷ་གང་ཡིན་གྱི་ངོ་སོ་འདེགས་པའི་ཆེད་དུ་མདའ་མདུང་སོགས་ཀྱི་མཚོན་ཆ། ཤུག་པ། རྩེ་བརྒྱ། རྨུ་ཐག་སོགས་ཀྱིས་མཆོད་འབུལ་བྱས་ཏེ་ཀི་བསྭ་ལྷ་རྒྱལ་དང་བཅས་བསང་མཆོད་རྒྱ་ཆེན་གཏོང་བའི་ཆོ་ག་ཞིག་གོ །ཆོས་བསྐོར་གནང་བ་ཡང་། ཆོས་གཞུང་གི་ལྒིགས་བམ་ཕྲག་རྒྱབ་ཏུ་བསྣམས་ཏེ་ཞིང་ས་ལ་བསྐོར་བ་བརྒྱབ་ནས། འབུ་སྲིན་བཙའ་ཐན་སོགས་ལོ་ཏོག་གི་གནོད་འགོག་དང་། ལོ་ལེགས་ཡོང་བར་སྨོན་པའི་ཐབས་ལམ་ཞིག་གོ །

༨ ཀླུ་རོལ་གྱི་རྩེད་མོའི་རྣམ་གྲངས། རེབ་གོང་ཀླུ་རོལ་ནི། ལྷ་རྩེད་དང་། ཀླུ་རྩེད། དམག་རྩེད་གསུམ་ཆུ་ལ་ཆུ་བཞག་གི་ཚུལ་དུ་འདྲེས་པའི་རྩེད་རིགས་ཤིག་ཡིན། དཔེར་ན། ཡུལ་སྡེ་སོ་སོའི་མཆོད་འབུལ་བྱེད་ས་ལ། འདུ་ཁང་དང་ལྷ་ཁང་། ཀླུ་ཁང་དང་དམག་དཔོན་ཁང་། ཞེས་པས་ཀྱང་མཚོན་ལ། མདོར་ན། ལྷ་ཀླུ་དམག་གསུམ་གྱི་རོལ་རྩེད་དང་བྱ་འགུལ་སྤེལ་སའི་ལྟེ་གནས་དང་། དཀར་ཕྱོགས་ལྷ་ཀླུ་ལ་མཆོད་འབུལ། ཤ་གཟན་གདོང་དམར་བོད་ཀྱི་དམག་དཔུང་གི་རྣམ་པ་སོགས་མཚོན་ས་ཡིན། ཀླུ་རོལ་གྱི་རྩེད་མོའི་རྣམ་གྲངས་ལ﹙རེབ་གོང་སེང་གཞུང་སྡེ་བ་གཅིག་པུར་མཚོན་ན། རྣམ་གྲངས་མི་འདྲ་བ་གྱ་བརྒྱད་རྩེད་སྲོལ་ཡོད་ཅེས་རྒན་རབས་དག་གི་ངག་རྒྱུན་ལས་ཐོས﹚ཡང་མི་སྡེ་སོ་སོ་མི་འདྲ་བ་མང་དུ་སྣང་ཡང་། ཕལ་མོ་ཆེ་འདི་ལྟར།

༡ བེ་ཧའི་རོལ་རྩེད་ནི། བེ་ཧའི་གར་ནི་ཕོ་སར་རྣམས་ཀྱི་ལག་ཏུ་མདའ་མདུང་གྲི་གསུམ་གྱི་མཚོན་ཆ་བཟུང་ནས། ལྷ་གུས་དགྲ་འདུལ་དང་། རྒྱལ་འཐོབ་ལྷ་རྒྱལ་གྱི་རོལ་གར་ཞིག་ཡིན་ལ། རོལ་གར་འདི་མིག་ལམ་དུ་སྣང་མ་ཐག སྔ་སོར་བོད་དམག་གིས་མཐའ་བཞི་དང་རྒྱལ་ཁམས་མང་བོར་དྲག་འདུལ་བྱས་ཏེ། གཡུལ་ལས་རྒྱལ་བའི་ཀི་སྭ་ལྷ་རྒྱལ་གྱི་རྣམ་པ་ཞིག ངང་ངམ་ཤུགས་ཀྱིས་འཆར་ནུས། དེ་ཡང་། བོད་དམག་གཡུལ་ལས་རྒྱལ་ནས་དགའ་སྟོན་གྱི་མཛད་སྒོར་དམག་སྦྱོང་དང་རྔམ་བརྗིད་སྟོན་པའི་སྟངས་ཀ་སྟེ། མདོར་ན། བེ་ཧའི་གར་ནི་དམག་མི་རྣམས་ཀྱི་རུ་མཚོན་དང་གོམ་སྟབས་མཉམ་ཆེད་སྐད་སྒྲ་སྒྲོགས་པ་སོགས་ཀྱི་མཚོན་ནོ། །

༢ རྐང་ཤིང་གི་རོལ་རྩེད་ནི། ཕོ་གསར་རྐང་ཤིང་བ་རྣམས་ཀྱི་རྒྱབ་ཕྱོགས་ལ་ཞལ་ཐང་སྦྱར་ཏེ། ལག་ཏུ་བེར་ག་དང་ལྷ་རྔ་བཟུང་ནས་རྩེད་པ་ཞིག་ཡིན་ལ། འདི་ནི་ཡུལ་འདིར་རྒྱ་ལྷ་མང་བས། རྒྱ་ནག་གི་རོལ་རྩེད་ཀྱི་ཤུགས་ཞུགས་པར་སྙམ་མོ། །

༣ ཞལ་འབག་གྱོན་པའི་རོལ་གར་ནི། སྟག་གཟིག་དང་སེང་གེ་སོགས་ཀྱི་ཞལ་འབག་གྱོན་ཏེ་རྩེ་སྲོལ་ཞིག་ལགས་ལ། འདི་ནི། སྲོང་བཙན་གྱི་བཀའ་ཁྲིམས་གཏན་ལ་ཕབ་པའི་ནང་། སྟག་སློག་གཟིག་སློག་གི་དཔའ་ཆས། །ཞེས་དང་། ཐང་ཡིག་ཏུ། གཡས་ཀྱི་རུ་འདྲེན་དཔའ་བོ་སྟག་ཆས་བརྒྱ། ཞེས་དང་། དེབ་དཀར་ལས། དམག་དཔོན་རྣམས་སྟག་པགས་གྱོན། ཞེས་དང་། སྟག་གི་བྱང་བུ་བྱ་བ་འདི་ཡང་། ཁྲི་སྲོང་གི་དུས་སུ་དཔའ་བོ་རྣམས་ལ་བསྩལ་བའི་ཆས་སུ་གྲགས། ཞེས་དང་། ཁོད་སོ་དྲུག་ལས། དཔའ་བོ་ལ་སྟག་གིས་མ་བསྟོད་ན། །དཔའ་བོ་བྱས་པའི་དོན་མེད་ཡིན། །ཞེས་སོགས་གསུངས་པ་ལ་གཞིགས་ན། ཀླུ་རོལ་གྱི་ནང་དུ་སྟག་གཟིག་སེང་གེ་སོགས་ཀྱི་ཞལ་འབག་གྱོན་ཏེ་རྩེ་བ་ཡང་། སྔོན་གྱི་རྗེས་ཤུལ་ཏེ། ཕྱིས་སུ་རྩེད་མོའི་ལུགས་སྲོལ་ཏུ་ཆགས་པ་ཡིན། ཁྱད་པར་དུ་སེང་གཞོང་སྡེ་བར་མཚོན་ན། གར་བ་འགས་སྟག་སེང་གི་ཆ་བྱད་སྤྲས་ཤིང་། རི་དྭགས་པ་གཉིས་ཀྱིས་སྟག་གི་མགོ་བླངས་ཏེ་དཔོན་པོའི་ཕྱག་ཏུ་ཕུལ་ནས། དཔོན་པོའི་གཏམ་བཤད་སྤེལ་བའི་རྩེ་མོ་ཞིག་རྩེས་རྗེས། གར་བ་རྣམས་ཀྱིས་ཀི་སྭ་ལྷ་རྒྱལ་དང་བཅས་མཆོད་གར་ཕུལ་བ་འདིས། སྔོན་སྲོལ་ཕྱི་གསལ་གྱི་དཔར་དངོས་མ་ཞིག་བཞག་ཡོད་དོ། །

༤ མཉམ་གར་གྱི་རོལ་རྩེད་ནི། རོལ་རྩེད་པ་གསུམ་རེ་དང་། ཡང་ན། མང་བོ་ཆ་བྱས་ཏེ་རྩེས་ལ། ལྷ་བས་རྩེད་མཚམས་བཞག་ཆོག་པའི་ཤིང་མོ་འབབ་རག་བར་ཏུ་རྩེད་དགོས་པ་དང་། ལོ་ན་རྒན་གྲས་དག་ལྷ་རྩེད་བྱས་ཏེ། ལྷ་ངོམ་གྱི་མཆོད་པ་འབུལ་སྲོལ་ཡང་ཡོད། ཡང་ན། ལག་ཏུ་ཐ་གུ་སྦྲེལ་ནས་རྩེད་སྲོལ་ཡོད་ལ། དེ་ནི་མི་རྣམས་ཀྱི་མཐུན་སྒྲིལ་ལམ། མི་སྡེ་སོ་སོའི་གཞི་བདག་ཕན་ཚུན་གྱི་མཐུན་ལམ་དང་། ཡང་ན། གདོད་མའི་བོན་ཆོས་ཀྱི་ཤན་ཞུགས་ཐེབས་པར་སྣང་སྟེ། གནམ་ས་སྦྲེལ་བའི་འོད་ཀྱི་དམུ་སྐས་མཚོན་བྱེད་ཅིག་ཡིན་ནམ་སྙམ་མོ། །

༥ དམར་མཆོད་ནི། ནག་ཕྱོགས་པའི་ལྷ་མཐུ་བོ་ཆེ་རྣམས། རྟོགས་ལྡན་པ་ཚོས་དཀར་ཕྱོགས་ལ་བཀོད་ནའང་། དེ་དག་རྣམས་ཤ་ལ་རོལ་ཞིང་ཁྲག་ལ་རྔམ་པའི་བག་ཆགས་མཐུག་པས། དམར་མཆོད་གསོལ་བ་སྟེ། ཁ་འགྲམ་དང་རྒྱབ་ལ་ལྕགས་ཁབ་མང་བོ﹙ཡུལ་སྡེ་ལ་ལར་ཁ་དམར་བ་རྣམས་རང་ལུས་གཙང་མ་བྱས་ནས་དམག་དཔོན་ཁང་དུ་ཞག་འདུག་བྱེད་པའི་སྲོལ་ཡོད﹚འཛེར་ནས་རོལ་གར་དང་བཅས་མཆོད་ལ། ལྕགས་ཁབ་དེ་རྣམས་རང་ཤུགས་ཀྱིས་ལྷུང་ན། ཡུལ་ལྷ་དགྱེས་ཤིང་རང་ཉིད་ལ་བར་ཆད་མཐའ་དག་ལས་ཐར་ཏེ་མགོན་སྐྱབས་བྱེད་པར་རློམ་པ་དང་། ར་ལུག་སོགས་གསོན་པོ་གསུར་དུ་འདྲེན་པའམ། ཡ་ང་དང་བག་ཚ་ཅི་ཡང་མེད་པར་གསོན་སྙིང་དམར་འདོན་བྱེད་པའི་སྲོལ་ངན་རྒྱུན་འབྱམས་དང་། ཡུལ་ལྷས་བརླམས་པའི་ཐོང་རིས་རང་ཉིད་ཀྱི་མགོ་དང་ཁ། གསུས་པ་སོགས་སུ་གྲི་སློག་བྱས་ཏེ། བལྟར་མི་གཟོད་པའི་དམར་མཆོད་དང་། ལྷ་རྩེད་བ་རྣམས་ལ་ཡང་ལྷ་བའམ་སྡེ་བའི་ནང་གི་གཏར་ཁ་ལ་མཁས་པ་ཞིག་གིས། མགོ་ལ་ཁྲག་གཏར་ཏེ་མཆོད་ན། ཡུལ་ལྷ་དགྱེས་ཤིང་རང་ལ་ནད་མེད་དུ་རློམ་ཡང་། འདི་དག་ནི་ཆེས་ཐ་ཆད་ཀྱི་སྤྱོད་ངན་ཞིག་སྟེ།  རབ་ན། རང་ཅག་གི་ཡུལ་སྲོལ་ལ་སྙད་བཏགས་ནས། ནང་ཉམས་གཞན་རིགས་ལ་མ་བསྟན་ན་ལེགས་སོ། །

འོན་ཀྱང་། ཀླུ་རོལ་གྱི་སྐབས་སུ་ལྷ་བ་དང་མི་སྡེ་ཕན་ཚུན་བར་ལ་མགྲོན་བསུ་གནང་བ་དང་། ཁ་བཏགས་བཏང་ནས། མཆོད་བཀུར་དང་རོལ་རྩེད་སྣ་ཚོགས་བྱེད་པ་ནི། མཐུན་སྒྲིལ་གྱི་གསེར་ཟམ་ཞིག་བཙུགས་པ་ཡིན་པས་ལེགས་ལམ་ཁོ་ནའོ། །

༦ བུད་མེད་ཀྱི་རོལ་གར་ནི། སྡེ་བའི་ནང་གི་སྨིན་ལེགས་མཛེས་མའི་དང་རྩེ་ཞིག་གིས་གར་མགོ་ཁྲིད་དེ། འཁར་རྔའི་སྒྲ་འགྲོས་དང་བསྟུན་ནས། སྦྲུལ་གཟུགས་བཞིན་བསྟར་ཕྲེང་བསྒྲིགས་ཏེ་བབ་ཆགས་ཀྱིས་རྩེ་བའི་རོལ་གར་ཞིག་སྟེ། འདིའི་སྟེང་ནས་ཀླུ་རོལ་ཞེས་མིང་དོན་མཐུན་པའི་ཀླུ་རྩེད་དངོས་མ་ཞིག་མཐོང་ཐུབ་བོ། །

༧ ལོ་ཆུང་བྱིས་པའི་རོལ་གར་ནི། བྱིས་པ་རྣམས་ཀྱི་ཨ་ཙ་རའི་ཞལ་འབག་གྱོན་ཏེ། ལག་ཏུ་བེར་ག་བཟུང་ནས་རྩེས་པ་ཞིག་ཡིན་ལ། མང་ཚོགས་ལ་དགོད་ཁ་སློང་བྱེད་ཅིག་ཀྱང་ཡིན་ནོ། །གཞན་ཡུལ་སྡེ་ལ་ལར་བྱིས་པའི་ལབ་ཙེ་ཞེས་དྲུག་པའི་ཚེས་བཟང་ཞིག་བདམས་ཏེ་བསྟོད་སྲོལ་ཡང་ཡོད་དོ། །

༨ ལྷ་མི་དགྱེས་པའི་རི་གླུའི་མཆོད་པ་ནི། ཡུལ་སྡེ་སོ་སོའི་སྡོང་ར་དང་གླིང་ཀ་སོགས་སུ་ཕྱིན་ཏེ། ཇ་ཆང་གི་དགའ་སྟོན་དང་། གཞོན་ནུ་ཕོ་མོ་རྣམས་ཀྱིས་རི་གླུ་བཏང་སྟེ། ལྷ་མི་དགྱེས་པའི་རོལ་རྩེད་ཀྱི་ཡོ་ལང་སྣ་ཚོགས་བྱེད་དོ། །

༩ གུ་རེའི་རོལ་རྩེད་ནི། མི་སྡེ་སོ་སོའི་ལུགས་སྲོལ་ལྟར་སྣ་ཚོགས་ཡོད། དཔོན་དང་དཔོན་མོ་གཉིས﹙འདི་ལ་ཕ་མ་དང་བུ་ཕྲུག་བཟའ་ཟླ་འཛོམས་པ་ཞིག་རྩེ﹚སུ་རྩེ་བ་དང་། ཚོ་བ་སོ་སོ་ས་བགོ་ཆུ་བགོ་བྱེད་ཚུལ། རྨོ་འདེབས་ལོ་ལེགས་འབྱུང་ཚུལ། སེར་བ་འགོག་པ། བུ་ཕྲུག་མེད་པ་ལ་བུ་སྐལ་སྩོལ་ཐབས་ཀྱི་རྩེད་རིག འཇིག་རྟེན་མི་རྟག་པ་ཡིན་པའི་ཚུལ་སོགས་རྩེད་སྲོལ་ཡོད་པ་དང་།

གཞན་ཡང་། སྐྱོན་མཚང་ཅན་གྱི་མི་སྣའི་སྣང་བརྙན་འཁྲབ་སྟོན་བྱས་ཏེ། སུན་འབྱིན་དང་ཐེར་འདོན་བྱེད་པའི་རྩེད་རིག་འདི། གཅིག་ནས་ཁྲོམ་ཚོགས་དགོད་ཁ་སློང་བྱེད་དང་། གཉིས་ནས་སླད་ཆད་ཀྱི་ནག་ཉེས་ལ་གཟབ་གཟབ་དང་། འབྱུང་འགྱུར་སྤྱོད་ངན་ལ་སྔོན་འགོག་བྱེད་པའི་ཐབས་ལམ་ཞིག་ཡིན་ལ། ཁྱད་པར་དུ། ལོ་གཅིག་གི་རིམ་གྲོར་འཐུས་པ་ཡིན་ནོ། །

༡༠ ཀླུ་རོལ་གྱི་སྒྲིག་ལམ་ནི། ཁྱིམ་ཚང་རེའི་ན་གཞོན་ཕོ་མོ་ཐམས་ཅད་ཀླུ་རོལ་ལ་ཞུགས་དགོས་ལ། མ་ཞུགས་ན་ཆད་པ་དང་། དུས་ལྟར་མ་ཐོན་ན་གཞུག་འགྲིག་ལེན་པ་སོགས་བྱེད། ཀླུ་རོལ་སྐབས་སུ་ཐམས་ཅད་ཀྱིས་བོད་ལྭ་གྱོན་དགོས་ལ། མི་ཤི་དོན་རྐྱེན་བྱུང་བའི་དུད་ཁྱིམ་ལ་དམིགས་བསལ་ཡོད། གཞན་ཡང་། མཚོན་ཆ་བཏགས་མི་ཆོག་པ་དང་། ཆང་སྐྱོན་ཕུད་ཚེ། ཆད་པ་གཅོད་པ་སོགས་མི་སྡེ་སོ་སོའི་གནས་ཚུལ་ལ་དམིགས་ཏེ་སྒྲིག་ལམ་སྣ་ཚོགས་ཡོད་དོ། །

༩ རེབ་གོང་གི་སྡེ་བ་ཁག་གི་ཀླུ་རོལ་རྩེ་བའི་དུས་ཚོད།

སྡེ་མིང།

རྩེ་དུས།

ས་དཀྱིལ།

དྲུག་པའི་༡༦ནས༡༩བར།

སོག་རུ་དང་ཐེ་བུ།

དྲུག་པའི༢༠ནས༢༥བར།

གཉན་ཐོག

དྲུག་པའི༡༩ནས༢༥བར།

སྒོ་དམར།

དྲུག་པའི༢༠ནས༢༤བར།

རྐ་སེར།

དྲུག་པའི་༡༩ནས༢༤བར།

སེང་གཤོང། རྒྱ་ཚང་མ། ཧོར་རྒྱ།

དྲུག་པའི༢༠ནས་༢༥བར།

ཐོ་肚་བོད་སྐོར། གར་རྩེ་གདོང་།

དྲུག་པའི༡༧ནས༢༤བར།

གླིང་རྒྱ།

དྲུག་པའི༢༠ནས༢༤བར།

སྨད་པ་རི་རྩ་དང་ལྷ་ཁང་།

དྲུག་པའི༡༠ནས༢༥བར།

སྨད་པ་འཇམ།

དྲུག་པའི༢༡ནས༢༤བར།

སྨད་པ་སྡོང་སྐམ།

དྲུག་པའི་༢༡ནས༢༥བར།

རེབ་ས།

དྲུག་པའི༢༠ནས༢༣བར།

རོང་བོ་ལྷ་སྡེ

དྲུག་པའི ༢༥

སོག་རུ

དྲུག་པའི ༢༠ ནས ༢༥ བར།

ཐེ་བུ

དྲུག་པའི ༢༠ ནས ༢༥ བར།

ལྕང་སྐྱ།

ཟླ་དང་བོའི༡ནས༩བར་དང་། དྲུག་པའི༡༧ ནས ༢༥བར།

ལྕང་ལུང་།

ཟླ ༦ ཚེས ༡༧

ཀོའུ་སྡེ

ཟླ ༡ ཚེས ༣ ནས ༩ བར།

བཙན་མོ།

ཧོར་ཟླ་དང་བོའི༣།

དམེ་ཤུལ་དོམ་ལུང

ཟླ ༡ ཚེས ༣ ནས་༩ བར།

ལེའུ་བཅུ་དྲུག་པ། འཁེལ་འཐག་སྦྲ་གུར་གྱི་སྐོར།

འཕང་འཁེལ་སྟངས།

༡ འཕང་འཁེལ་ཚུལ། འཕང་འཁེལ་བ་ནི། སློག་པ་སོགས་འཚེམ་བྱེད་བལ་སྐུད་དང་། ཐགས་འཐག་བྱེད་ཀྱི་རྒྱུ་སྤུན་བཟོ་ཕྱིར་ཡིན། འདི་ནི། རང་ཅག་ལ་སྔ་མོ་ནས་དར་བ་ཞིག་སྟེ། བོད་ཀྱི་དེབ་ཐེར་བཀྲ་ཤིས་གཏེར་བུམ་ལས། རྒྱལ་བོ་གྲི་གུམ་བཙན་པོའི་དུས་སུ་མང་ཚོགས་ཀྱིས་ཉིན་རྒྱུན་འཚོ་བའི་ཁྲོད་དུ་ཀོ་བ་མཉེད་པ་དང་། འཕང་འཁེལ་བ། ཐགས་འཐག་པ་སྦྲ་བཟོ་བ་བཅས་ཀྱི་བཟོ་ལས་དར་ཁྱབ་ཆེ་ཞེས་པས་ཤེས་ལ། འཕང་འཁེལ་བ་ནི། འཕང་ཤིང་དང་འཕང་ལོ་གཉིས་ཀྱིས་གྲུབ་པའི་ཡོ་བྱད་ཆེས་སྟབས་བདེ་བོ་ཞིག་ཡིན། འཕང་ཤིང་ནི། མཐེབ་མཛུབ་ཙམ་གྱི་ཤིང་སྟེང་དུ་ཤར་མོ་གཅུས་ནས་བརྐོས་པ་ཞིག་སྟེ། དེའི་ནང་དུ་སྐུད་པ་དྲངས་ས་ཡིན་པར་མ་ཟད། འཕང་དྲང་བོར་འདུག་པའི་ཐབས་ལམ་ཞིག་ཀྱང་ཡིན། འཕང་ལོ་ནི་གོར་མ་དང་གྱོ་མོག་ཏིང་ཕོར་ཙམ་ལ། དཀྱིལ་དུ་ཨི་ཁུང་བཏོད་པ་ཞིག་ཡིན་ལ། ཨི་ཁུང་ནི་འཕང་ཤིང་གཟུགས་ས་ཡིན།

འཕང་འཁེལ་ཚུལ་ནི། བལ་དང་རྩིད་པ་སོགས་གསེད་དེ་སྤུས་གཙང་བཟོས་ནས། འཕང་ཤིང་གི་སྟེང་དུ་གཡོན་དཀྲི་འགའ་བྱས་རྗེས། སྟེང་གི་ཉག་ཁས་ལ་དྲངས་ཏེ། ལག་པས་བལ་རྩིད་སོགས་ཕྲ་སྦོམ་རན་པར་སྙིགས་ནས། ལག་གཡས་པས་མཐེབ་མོ་དང་གོང་མཛུབ་གཉིས་ཀྱིས། འཕང་ཤིང་བསྐོར་ན། སྐུད་པ་ཅུང་གྲིམ་པའི་སྐབས་སུ། ལག་གཡས་ཀྱིས་འཕང་མགོ་ནས་བཟུང་སྟེ། འཕང་ཤིང་ལ་དཀྲི་ལ། འཕང་ཤིང་གང་ཙམ་ཟིན་པ་ན། ཧུབ་གང་ཟེར་ལ། ཧུབ་གང་གཉིས་སྐྱ་སྒྲིལ་ཏེ། དྲིལ་བ་ལ་གྲུ་གུ་ཟེར་རོ། །

ཐགས་འཐག་སྟངས།

འཛམ་གླིང་མཐོ་སྒང་དུ་འཚོ་བ་རོལ་བའི་གངས་ཅན་པའི་ཁ་དཔེར། ས་ནག་ཐང་ནས་འཚོ་བ་སྐྱེལ། སྦྲ་ནག་ནང་ལ་འཁོར་བ་བཟུང་། ཟེར་བ་ལྟར། སྦྲ་ནག་དང་། འཕྱར་བ། ཟ་ཟླ། སྣམ་བུ། སྒྱེ་མོའི་སྣོད་སོགས། ང་ཚོའི་གདོད་མའི་དངོས་རྫས་ཕལ་མོ་ཆེ་མི་རིགས་གཞན་ལ་ལྟོས་པ་མེད་པར། རང་རེའི་ཁལ་འཐག་ལག་རྩལ་ལས་བྱུང་བ་ཡིན་ཏེ། ངག་རྒྱུན་དུ། སྡོམ་འཐག་འདྲེན་སྲོལ་ལ་དཔེ་བྱས་ཏེ་དར་བར་བཤད། འཐག་འཐག་ཚུལ་འདི་སྟོན་པ་ཞལ་བཞུགས་དུས་སུ་རྒྱ་གར་ནའང་ཡོད་མཆི་སྟེ། ཚོམས་ལས། དཔེར་ན་ཐག་ནི་བརྐྱངས་པ་ལ། །སྤུན་ནི་གང་དང་གང་བཅུག་པའི། །སྤུན་གྱི་གཏིང་ལ་གཏུགས་པ་ལྟར། །མི་རྣམས་སྲོག་ཀྱང་དེ་བཞིན་འགྲོ། །ཞེས་པས་རྟོགས་ནུས་སོ། །བོད་ཀྱི་ཐ་ག་བའི་ཐགས་འཐག་ཚུལ་ལ། རང་རང་གི་བློ་རྩལ་ལས་ཐོན་པའི་ཐགས་འཐག་ཚུལ་སྣ་ཚོགས་ཤིག་སྣང་སྟེ། སྟབས་བདེའི་ཐགས་ཁྲི་དེ་ནི་ཤིང་རྐང་བཞིས་བཙུགས་པའི་རྩེ་དབྱུག་བཞིས་སྒྲོམ་གཞི་བཟོས། དེའི་སྟེང་དུ་ཐགས་སྐུད་དང་སྣམ་སྐུད། བཏགས་སྒོ་སོགས་ཆ་ཚང་བསྒྲིགས་རྗེས། ཐགས་ཁྲིའི་རྐང་བ་གཉིས་ཀྱི་སྟེང་དུ་སྟེགས་བུ་ཞིག་བཟོས་ཏེ། ཐ་ག་བ་དེ་ལ་རྐུབ་སྟེགས་བྱས་ནས། རྐང་འོག་གི་འཐག་རྐང་ངམ་རྐང་ཀྲབ་བཞི་རིམ་གྱིས་མནན་ནས། རྒྱུའི་ཐོག་སྐུད་འོག་སྐུད་གཉིས་གསེབ་པའི་བར་དུ་སྤུན་ཕར་འདྲེན་ཚུར་འདྲེན་བྱེད་ཞོར། བཏག་མ་འམ་ཀྲབ་པང་གིས་ཡང་ཡང་བཏགས་ཏེ་འཐག་པ་ཞིག་ཡིན་ལ། འཐག་སྟངས་འདིས་ཉིན་རེར་འདོམ་བཅོ་ལྔ་ཙམ་འཐག་ནུས། ཡང་། ཐགས་འཐག་སྟངས་གཞན་ཞིག་ལ། འཐག་ཁྲི་རྐང་གསུམ་ཙམ་ལས། འཐག་རྐང་དང་སྐུབ་སྟེགས་མེད་ལ། ཐ་ག་བ་ཐགས་སྟེང་ལ་ཞོན་དགོས། རྒྱུ་སྤུན་སོགས་འདྲ་ལ། འཐག་སྟངས་འདིས་ཉིན་རེར་འདོམ་བཞི་ལྔ་ཙམ་ལས་འཐག་མི་ཐུབ་བོ། །

བོད་མིའི་སྡོད་གུར།

གདོད་མའི་དུས་སུ་རང་ཅག་བོད་མི་རྣམས། ས་མཐོ་སྤང་ཐང་དང་། རྫ་རི་ནགས་ཚལ་སོགས་སུ་འཚོ་སྡོད་བྱེད་ལ། རང་བྱུང་གནས་བབས་དང་བསྟུན་ནས་འཚོ་བ་ཕལ་ཆེར་འབྲོག་ལས་ཀྱིས་སྐྱེལ་དགོས་པས། སྡོད་གནས་ཀྱང་གུར་བྱས་ཏེ། འདུག་བདེ་དང་འཁྱེར་བདེ་བྱས་ཡོད། བཀའ་ཆེམས་བཀའ་ཁོལ་མ་ལས། རྗེ་གཉའ་ཁྲི་བཙན་པོ་དེ་ཡར་ལུང་བཙན་ཐང་སྒོ་བཞིར་ཆགས་ཕེབས་ནས་ཕོ་བྲང་བཏབ་པ་ཡིན། ཕོ་བྲང་ནི་ས་དང་རྡོ་ལ་མ་བརྩིགས། རི་དྭགས་ཤྭ་བ་དང་འབྲོང་། གཅན་གཟན་སྟག་གཟིག་པགས་པ་ལ་གུར་དུ་ཕིབ་ནས་བྱས་པ་ཡིན། ཞེས་གསུངས་པ་ལས་གཉའ་ཁྲིའི་སྐབས་ནས་སྡོད་གུར་འདི་ཡོད་པར་གསལ་ལ། ཁྱད་པར་དུ་སྲོང་བཙན་གྱི་དུས་སུ་དུད་ཁྱིམ་དང་བོད་དམག་གི་སྡོད་གནས་ཕལ་ཆེར་གུར་གྱི་ནང་དུ་བྱེད་པར་མ་ཟད། ལོ་རྒྱུས་ཆོས་འབྱུང་རྣམས་ལས་རྗེ་བློན་རྣམས་ཀྱང་ཤས་ཆེར་གུར་གྱི་ནང་དུ་བཞུགས་པར་བཤད་ཡོད་དེ། ཐང་ཧྲུའུ་ལས། གུར་ལ་ཕོ་བྲང་དུ་འབོད་ཅིང་ནང་ལ་མི་བརྒྱ་ཕྲག་འགའ་ཤོས་ཤོང་། དམག་མིའི་བྱ་ར་བྱེད་པས་ཕོ་བྲང་རྟེན་གནས་བཙན། འཁོར་རྣམས་སྦྲ་གུར་དུ་སྡོད། ཅེས་གསུངས་ལ། དེ་དུས་ཀྱི་གུར་ནི་བོད་རང་གི་ས་གནས་ལས་ཐོན་སྐྱེད་བྱས་པའི་བལ་དང་རྩིད་པའི་རྒྱུ་བྱས་པའི་ཕྱིང་དཀར་དང་སྦྲ་གུར་སོགས་ཡིན་པར་མངོན་ལ། དེང་སང་བོད་ཡུལ་འདིར་ས་རྡོ་ཤིང་དང་ཨར་འདམ་གྱོ་མོག་གི་ཁང་བས་ཁྱབ་ཀྱང་། གནའ་སྲོལ་ལ་ཞེན་ཁོག་ཆེ་བ་དང་། ཡང་ན། ས་མཐོ་ཆུ་གཙང་དང་གྲོང་ཁྱེར་ན་འཚོ་སྡོད་བྱེད་པའི་བོད་རིགས་ཐམས་ཅད་ད་དུང་གུར་ནང་དུ་སྡོད་རྒྱུ་ཉམས་སྤྲོ་བོ་བྱེད་ཅིང་། གུར་བཟོས་རྒྱུ་སྤུས་དང་ལག་རྩལ་ཡང་མཐོར་འདེགས་གཏོང་བཞིན་ཡོད། གུར་ལ་རྒྱུ་དང་ཆེ་ཆུང་། དབྱིབས་དང་མདོག་གི་ཆ་ནས་རྣམ་པ་མང་བོ་མཐོང་རྒྱུ་ཡོད། དཔེར་ན། གུར་ཆེ་བའི་མ་གུར་ཁོ་ན་ཡང་ཀ་བ་བཅུ་གྲངས་དང་། ཆུང་བར་ཀ་བ་གཅིག་གིས་འདེགས་པའང་ཡོད། བཟོ་དབྱིབས་ལ། གྲུ་བཞི་དང་། ཟླུམ་པོ་སོགས་སྣ་ཚོགས་ཡོད། བཟང་ལ་གོས་དང་སྣམ་བུ། རས་སོགས་བྱེད་ལ། རས་ལའང་ཕྱི་དཀར་ལ་ནང་རས་ཁྲ་སྣ་ཚོགས་ཁ་སྦྱར་ཏེ། འཇའ་སྒྲིག་དང་པ་ཏྲ་སྣ་ཚོགས་སྤྲས་ནས། གུར་འདབས་སུ་ཕུར་མས་བརྒྱན་ཏེ་ནང་དུ་བསྡད་ན། ཧ་ཅང་ཉམས་སྤྲོ་བོ་བྱས་ཡོད།

དེ་སྔོན་ས་སྐྱ་བ་ནས་བཟུང་བོད་སོག་གི་འབྲེལ་བ་ཇེ་བཟང་དུ་གྱུར་བ་ནས། བླ་དཔོན་ཆེ་ཁག་རྣམས་རྩིབ་སྒྲོམ་དང་། བར་མཚང་ཡོད་པའི་སོག་གུར་སྒོར་དབྱིབས་ཅན་སྤྱོད་སྲོལ་ཀྱང་ཡོད། ལྷག་པར་རྒྱལ་དབང་སྐུ་ཕྲེང་ཕེབས་སྐྱེལ་དང་། ཡང་སྲིད་ལྷ་སར་འདྲེན་སྐབས། བོད་གུར། སོག་གུར་ཡོད་པར་མ་ཟད། གཟིག་ལྤགས་དང་སྟག་ལྤགས་སོགས་ཀྱིས་གཡོགས་པའང་ཡོད། དཔེར་ན། ཁམས་ལི་ཐང་གི་གཡོན་རུ་དཔོན་པོས་སྟག་ལྤགས་བརྒྱ་ལྷག་གིས་བཟོས་པའི་གུར་དེ། དེང་སང་ཡང་། དཀར་མཛེས་བོད་ཀྱི་རིག་གནས་བང་མཛོད་ཁང་དུ་ཉར་ཚགས་བྱས་ཡོད། དེ་མིན། རྒྱལ་བ་པཎ་ཆེན་ཕེབས་སྐྱེལ་གྱི་མཛད་སྒོ་གཟབ་རྒྱས་ལ། དབུ་གུར་རྨ་བྱ་ཆེན་མོ་ཞེས་རས་གཞི་ལ་འགོ་སྣམ་ཚོན་ཁྲའི་པ་ཏྲའི་ཁེབས་ཤིང་། རྩེ་ཐོག་ཏུ་གསེར་ཟངས་ཀྱི་གཉྫིར་སོགས་ཀྱིས་ལེགས་པར་མཛེས་པ། གཉྫིའི་གཡས་གཡོན་དུ། གསེར་ཟངས་ལས་གྲུབ་པའི་རྨ་བྱའི་གཟུགས་ཡོད་ལ། ཀ་འཕན་སོགས་ཀྱི་མཆོད་རྫས་སྣ་ཚོགས། མདུན་དུ་གཞི་མཚུངས་ཀྱི་ཡོལ་སྐོར་པ་ཏྲ་ཅན་གྱི་བྱ་གཡབ་སོགས། བརྗིད་ཅིང་མཛེས་ཉམས་བཀྲ་བའི་རྨ་བྱ་དང་འདྲ་བས་ཆ་ནས་བཏགས་པ་དེ་དང་། ཡང་། དགོན་པ་ཚོར་དགེ་འདུན་ཇི་སྙེད་ཤོང་བའི་ཚོགས་གུར་ཆེན་པོའང་ཡོད།

གཞན་ཡང་། གླིང་སྒྲུང་ལས་འབྱུང་བའི་སྡོད་གུར་གྱི་བྱུང་ཚུལ་དང་། བཟོ་ཚུལ། གུར་གྱི་ཆེ་ཆུང་དང་། ཕིབ་སྲོལ་སོགས་ཆེ་བརྗོད་དང་འབྲེལ་ཏེ་བརྗོད་པ། འདིར་རེ་གཉིས་ཙམ་བཀོད་ན། གླིང་གི་ཁྲིམས་གུར་མཐོང་བ་ཀུན་སྨོན་ནི། རྨ་ཤེལ་བྲག་ལས། གུར་ཆེན་བཀྲ་ཤིས་མཐོང་གྲོལ་འདི། །དེ་རིང་ཕིབ་པའི་མགོ་མོ་ལ། །ལོ་རྒྱུས་འབྱུང་ལུགས་འདི་འདྲ་ཡོད། །མ་མཁའ་འགྲོ་འབུམ་གྱི་ཚོགས་ཁང་ལ། །ཤེལ་གུར་ཟླ་འོད་དཀར་མོ་ཟེར། །ཕྱི་ནང་སྒྲིབ་མེད་ཤེལ་ལྟར་འཚེར། །རྒྱ་དཀར་ནག་ཐག་ར་མ་འགྲིམས་པའི། །དར་གུར་དཀར་བོ་ལིང་གཅིག་ཡིན། །མ་གྲུབ་པའི་རྒྱལ་མོའི་བདེན་སྟོབས་རེད། །ཁབ་དང་སྐུད་པས་མ་བཙེམ་པའི། །ཕྱི་བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན། །ནང་གྲུ་བཞི་སྒོ་བཞི་གཞལ་ཡས་དེ། །མ་མཁའ་འགྲོ་རྒྱ་མཚོའི་འཕྲུལ་ཐགས་རེད། །ཁྲ་ཆེམ་ཆེམ་འཇའ་ཚོན་འཁྱིལ་བ་འདི། །ཡེ་ཤེས་ལྔ་ཡི་རང་མདངས་རེད། །ནང་ལ་ཀ་བ་མི་དགོས་པ། །རྗེ་པདྨ་འབྱུང་གནས་གྲུབ་རྟགས་རེད། །ཕྱི་ལ་ཆོན་ཐག་མི་དགོས་པ། །མ་རྗེ་བཙུན་སྒྲོལ་མའི་སྨོན་ལམ་རེད། །གུར་སྟོད་རྩ་གསུམ་རྒྱལ་བའི་ཞིང་། །གུར་སྐེད་ཆོས་སྐྱོང་ལྕམ་དྲལ་གནས། །གུར་མཐའ་དགྲ་ལྷ་ཝེར་མའི་རྫོང་། །ཞེས་དང་། རྗེ་གེ་སར་དགྲ་ལྷའི་ཁྲིམས་གུར་ཡིན། །གླིང་ཕུ་ནུ་འདུ་བའི་ཁྱིམ་གུར་ཡིན། །ཆར་ཁེབས་དུང་གི་མདའ་ཡབ་ལ། །གུར་མགོ་ཉི་ཟླ་ནོར་བུས་བརྒྱན། །མཐའ་རྒྱངས་གྲངས་འཁོར་བའི་ལྕགས་རི་ལ། །འབར་བ་ཕྱག་མཚན་ཕྲེང་བས་བསྐོར། །ཞེས་དང་།

ཡང་། བྱེ་རིའི་བྱུར་རྫོང་ལས། ལས་གུར་མེ་རི་འཁྱིལ་བ་འདི། །རོང་ཆེན་དཔོན་པོའི་སྙིང་ནོར་ཡིན། །འཕྲུ་དམར་ཆགས་པའི་ཁྲིམས་གུར་ཡིན། །གུར་མགོ་རི་བོ་མཉམ་པ་འདི། །སྤྲིན་དམར་དགུང་ནས་ཆགས་པ་འདྲ། །གུར་སྐེད་འཇའ་ཚོན་སྤྲས་པ་འདི། །རྨ་བྱའི་སྒྲོ་མདོངས་ངོམ་པ་འདྲ། །གུར་མཐའ་ས་རུ་བརྡབས་པ་འདི། །ཁྲག་མཚོ་ས་ལ་འཁྱིལ་བ་འདྲ། །ཆོན་བཞི་ཐང་ལ་བརྒྱངས་པའི་དུས། །ཉི་མའི་གསེར་མདངས་འཕྲོས་པ་འདྲ། །ཀ་བ་གུང་ཤིང་འཕྲད་པའི་དུས། །འཇའ་ཡི་སྦྲ་གུར་བརྒྱངས་པ་འདྲ། །དེ་འདྲའི་གུར་ཁང་གཞལ་ཡས་ནས། །སྟག་གདན་འཛུམ་དྲུག་བཀྲ་བ་དང་། །གཟིག་གདན་ཐིག་ལེ་འཁྱིལ་བའི་སྟེང་། །དགྲ་བོ་འདུལ་བའི་གཤེད་མ་སྟེ། །དཔོན་བློན་བཅོ་བརྒྱད་གླུ་ལ་ཉོན། །ཞེས་བཀོད་པ་འདིས། གླིང་རྗེ་གེ་སར་གྱི་དུས་སུ་སྡོད་གུར་གྱི་རྣམ་པ་ཇི་ལྟ་བུ་ཞིག་ཡིན་པ་མངོན་ཐུབ་ལ། ཁྱད་པར་དུ་གཡུལ་འགྱེད་ཀྱི་ཚེ། སྐར་ཚོགས་ས་ལ་འཕོས་པ་ལྟ་བུའི་གུར་སྒར་མང་དུ་ཕིབ་སྲོལ་ཡོད་དེ། གླིང་སྒྲུང་ལས། སྒར་མི་གཅིག་སྒར་སྣ་བཅོ་བརྒྱད། སྒར་སྟོད་བླ་མའི་ཆོས་སྒར། ཆོས་བཤད་སྒྲུབ་ཀྱི་བསྟན་པ་དར་ལེ། སྒར་སྐེད་དཔོན་པོའི་ཁྲིམས་སྒར། ལས་བདེན་རྫུན་གྱི་དྲང་ཤན་འབྱེད་ལེ། སྒར་སྨད་ཚོང་དཔོན་ཐིས་ར། རྒྱུ་ཟབ་རྒུས་ཕོངས་པ་སེལ་ལེ། གུར་ཆེན་གངས་རི་ནོར་ལེ། གུར་ཆུང་རྩི་རྩི་གྲངས་མེད། སྦྲ་གུར་སེར་ལུད་སྤུངས་སྤུངས། །ཞེས་པས་མཚོན་ནོ། །རེབ་གོང་གི་ལོ་རྒྱུས་མང་བོར་ཡང་། རེབ་གོང་ལ་ཆེ་བརྗོད་གནང་ཚེ། སྦྲ་རོག་རོག་ཅན་ལ་ཁྲི་སྡེ། ཁང་སྐྱ་ལེབ་ཅན་ལ་ཁྲི་སྡེ། གུར་དཀར་བོ་ཅན་ལ་ཁྲི་སྡེ་ཞེས་པས་ཀྱང་སྡོད་གུར་འདི་ཁྱབ་རྒྱ་ཇི་ལྟར་ཆེ་བ་རྟོགས་ནུས་སོ། །

དེ་ལས་གཞན་བོད་མིའི་སྤྱི་ཚོགས་གོམས་སྲོལ་ལྟར། དབྱར་གཞུང་གླིང་ཀ་གཏོང་སྐབས་རས་གུར་སྣ་ཚོགས་ཁྲ་ཆིལ་ལེ། དབྱིབས་དང་མདོག་མི་འདྲ་བ། པ་ཏྲ་དང་རི་མོ་མི་འདྲ་བ་སྣ་ཚོགས་ཕིབ་སྲོལ་ཡོད་པ་དང་། ཡང་། འབྲོག་པའི་སྤང་ཐང་དུ་དུས་འཁོར་དབང་ཆེན་སོགས་གསུངས་སྐབས་ནམ་མཁའི་སྐར་ཚོགས་ས་ལ་འཕོས་འདྲའི་རས་གུར་སྣ་ཚོགས་དང་། དེ་མིན། བྱ་བྲལ་གྱི་རི་ཁྲོད་པ་དང་། སྲང་འཁྱམས་སྤྲང་བོ་ཚུན་གྱིས་རང་འབྱོར་དང་བསྟུན་ཏེ་ཐབས་ཆག་གི་རས་གུར་ཕིབ་པ་སོགས་ཧ་ཅང་དར་ཁྱབ་ཆེའོ། །

སྦྲ་གུར།

༡ སྦྲའི་སྤྱོད་སྒོ་བཤད་པ། སྦྲ་ནི། བོད་རིགས་མི་དམངས་ཀྱི་བློ་རྩལ་ལས་ཐོན་པའི་སྒྱུ་རྩལ་ཞིག་དང་། སྤྱོད་སྒོ་ཆེ་བའི་ཁྱད་ནོར་ཞིག་ཡིན་པས། དམངས་ཁྲོད་དུ། དེ་དང་འབྲེལ་ཡོད་ཀྱི་གཏམ་དཔེ་དང་ལྡེའུ་སོགས་ཀྱང་མང་བོ་ཡོད། དཔེར་ན། ས་ནག་ནང་ནས་གནས་གཞི་བཟུང་། །སྦྲ་ནག་ནང་གི་འཁོར་བ་བཟུང་། །ཞེས་དང་། སྐྱིད་ན་མགོ་སྦྲ་མ་ཆེ། །སྡུག་ན་ཕོར་བ་མ་ཆུང་། །ཞེས་ཟེར་ལ། ལྡེའུ་ལ་མཚོན་ན་ཡང་། འབྲི་གཅིག་ཐག་པ་བརྒྱ་ཡིས་བཏགས་དང་། སྦྲའི་ཁ་ཚུབ་ཕྱེས་པ་ལ། གཡག་རྒན་མ་སྒུལ་ཟེ་བ་འགུལ། ཟེར་བ་སོགས་མང་དུ་ཡོད། ལྷག་པར་དུ། རུ་སྤོར་ཚེ་ས་བརྐོ་རྡོ་སློག་བྱེད་མི་དགོས་པས། ཁོར་ཡུག་སྲུང་སྐྱོབ་ཀྱི་ནུས་པ་ཐོན་ཡོད་པ་དང་། ནགས་ཚལ་ལ་གཏོར་བརླག་ཐེབས་མི་དགོས་པར་ནོར་རྩིད་ཀྱིས་སླེས་པའི་རེ་ལྡེས་བཟོས་ཆོག་པའི་ཁྱད་ནུས་ཐོན་ཡོད།

གདོད་མའི་དུས་སུ་སྦྲ་དེ་ཡང་། འཇག་སྐྱ་ལས་སླེས་པར་མངོན་ཏེ། བཀའ་ཐང་སྡེ་ལྔ་ལས། འཇག་ཆེན་སྦྲ་ཆེན་ཕུབ་འདྲ། ཞེས་པ་ལས་གདོད་མའི་སྦྲ་དེ་འཇག་མས་བསླེས་པའི་རྩའི་སྤྱིལ་བུ་ཙམ་ཡིན་པར་འདོད་ལ། ཕྱིས་སུ་ཐོན་ལས་གོང་འཕེལ་དུ་སོང་བ་དང་བསྟུན། ནོར་རྩིད་ཀྱི་བསླེས་པ་སྟེ། གཡུང་དྲུང་བོན་གྱི་བསྟན་འགྱུར་ཕྱོགས་བསྡུས་ལས། བོད་ཡུལ་མ་སངས་སྤུན་དགུས་དབང་བྱས་ཏེ། །ཡུལ་མིང་བོད་ཁམས་གཞུང་དྲུག་ཞེས་སུ་གྲགས། །ལྕགས་རིགས་རྙེད་ཅིང་རྡོ་བཟོ་ཤིང་གཅོད་ཤེས། །སྤུ་བྲེག་ཐག་ཚེམས་ཞིང་འདེབས་སོགས་ཤེས་དུས། །འབྲོག་དང་ཡུལ་བ་ཞེས་པའི་སྲིད་པ་བྱུང་། །ཞེས་པ་ལྟར། འབྲོག་ཕྱོགས་ཕལ་མོ་ཆེར་སྤྱོད་པའི་སྦྲ་གུར་ནི། རྒྱུ་རྩིད་པ་ལས་བཟོས་པ་ཡིན་ཏེ། དམངས་ཁྲོད་ཀྱི་སྦྲ་བསྟོད་དུ། གཡུ་སྦྲ་གོང་སྨུག་འདིར་བསྟོད་པ་རྣམ་གསུམ་རེ་བྱས་ན། གཡག་ཀ་ལ་བརྒྱ་ཡི་མཆན་རྩིད་ཡིན་ནས། །འབྲི་ཐོའུ་མ་བརྒྱ་ཡི་ལག་རྩིད་ཡིན་ནས། །འཕང་ལོ་གསེར་རྡོ་སེར་བོ་ཡིན་ནས། །བཀལ་བའི་འཕང་ལ་རོམ་ཕྲ་མེད་ནས། །ཞེས་ཟེར་ལ། ཁྱད་པར་དུ། སྦྲ་ནག་འདི་རུ་སྐྱས་འདེགས་བྱེད་པ་ལ་སྟབས་བདེར་བཟོས་ཡོད་ལ། བཟོ་དབྱིབས་མང་ཆེ་བ་ནི། ཁྱུང་ཆེན་གྱི་དབྱིབས་དང་། རུས་སྦལ་གྱི་དབྱིབས་ལྟར་གྲུ་བཞི་དང་། ཡང་ན། སྒོར་སྒོར་ཙམ་ཡིན། ཆེ་ཆུང་ནི་དབུལ་ཕྱུག་དང་དོ་ཅ། བཟའ་མི་མང་ཉུང་གིས་བཟོས་ཡོད་ཅིང་། ཀ་བ་ཁ་ཤས་ཡོད་པ་ལས་གཞན། དཀར་ཁུང་གི་ཁ་ཚུབ། ཆོན་ཐག་དང་ཆོན་འདེགས་ཀྱི་དབྱུག་རྟེན་ཡང་ཡོད། སྦྲ་གུར་ནང་དུ་བཟའ་མི་ཚང་མ་ཉལ་སྲོལ་དང་། གཞི་ཁྱིམ་ལ་མཁོ་བའི་དངོས་རྫས་ཆ་ཚང་ཤོང་བ་ཡིན།

སྦྲ་བཤད་རྣམས་སུ། སྦྲའི་ཡ་ལག་ན་ཕོ་འདོམས་ལྔ་བརྒྱ་ཡོད་ནས་ཟེར་གི། སྟག་ཤ་རས་རྟ་རྒྱུགས་བྱེད་ས་ཡོད་ནས་ཟེར་གི། རྟ་རྒྱུགས་ན་མགྱོགས་དར་ལེན་ས་ཡོད་ནས་ཟེར་གི། སྦྲའི་མ་ལག་ན་མོ་འདོམས་དགུ་བརྒྱ་ཡོད་ནས་ཟེར་གི། མ་བུ་མོས་གླུ་ལེན་བྱེད་ས་ཡོད་ནས་ཟེར་གི། གླུ་བླངས་ནས་གར་ཡང་རྩེ་ས་ཡོད་ནས་ཟེར་གི། མཚམས་བཞི་ན་སྐྱེ་འགྲོའི་མདའ་ར་ཡོད་ནས་ཟེར་གི། མདའ་འཕངས་ནས་དཔའ་དར་འཐེན་ས་ཡོད་ནས་ཟེར་གི། ཞེས་བཤད་ལ། ཐང་ཡིག་ལས་ཀྱང་། བཙན་པོ་འཕྱོངས་ལུང་ངམ་སྐྱིད་ལུང་དུ་བཞུགས། ལྕགས་རི་བྲང་ས་མཆིས་ཀྱང་གནས་རྟེན་གུར་དུ་འཆའ། གུར་ལ་ཕོ་བྲང་དུ་འབོད་ཅིང་། ནང་ལ་མི་བརྒྱ་ཕྲག་འགའ་ཤོང་། དམག་མིས་བྱ་ར་བྱེད་པས་ཕོ་བྲང་རྟེན་བཙན། འཁོར་རྣམས་སྦྲ་གུར་དུ་སྡོད། ཅེས་གསུངས་པ་དང་། ཡང་། མགར་སྟོང་བཙན་གྱིས་རྒྱ་བོད་ཀྱི་སོ་མཚམས་མཚོ་སྔོན་པོའི་ཕྱོགས་ནས་སྒར་ཆེན་བབས་དུས་ཀྱང་། སྦྲ་ནག་ཀ་བརྒྱ་མ་ཕིབ་ཏེ་བཞུགས་པས། དེང་སང་ཡང་། ས་དེའི་བོད་མི་རྣམས་ཀྱིས་དྲན་གསོའི་ཆེད་དུ་སྦྲ་ནག་ཀ་བརྒྱ་མ་བཞེངས་ནས་འགྲེམས་སྟོན་བྱེད་པ་དང་།

དེར་མ་ཟད། སྔོན་དུས་སུ་ཨ་མདོའི་འབྲོག་པ་ཚོར་མི་སྟོང་ཕྲག་ཤོང་ཞིང་། རུ་སྤོར་གྱི་ཚེ་ན་སྦྲ་རྒན་མཛོ་གཡག་མང་བོ་འགེལ་དགོས་པའང་ཡོད་པར་བཤད། འདིའི་རྒྱུ་ནི་འབྲི་གཡག་གི་རྩིད་པ་ཤ་སྟག་ཡིན་པས། ཞིབ་ཚགས་ལྡན་ཞིང་དུ་ཞགས་བསྒོས་ཡོད་ལ། ཁ་དཔེར་ཡང་། སྦྲ་ནག་དུད་པ་ཅན། །སླ་ང་དྲེག་པ་ཅན། །ཟེར་ལ། ལྷག་པར་དུ། གླིང་སྒྲུང་ལས། སྦྲ་འདི་གཡུ་སྦྲ་མཐིང་ཤོག་རེད། །སྟེང་གི་ལྷ་མོ་སུམ་ཅུས་བཀལ། །ཕྲ་སྦོམ་ཙམ་ཡང་ཡོད་ལེ་མིན། །འོག་གི་ཀླུ་མོ་སུམ་ཅུས་བརྒྱུས། །འགྱུར་ཚག་ཙམ་ཡང་ཡོད་ལེ་མིན། །བར་གྱི་གཉན་མོ་སུམ་ཅུས་འཐག །ཐགས་སྐུད་ནོར་ཙམ་ཡོད་ལེ་མིན། །ཅེས་རྟོག་བཏགས་ཀྱི་ཐབས་ལ་བརྟེན་ནས་རེ་ལྡེའི་ཕྲ་སྦོམ་དང་། ཞིབ་ཚགས། ལྷས་སྟངས་སོགས་ཞིབ་བརྗོད་བྱས་ཡོད་པ་ལྟར། དགུན་ཁ་ཆར་བུ་ཡུག་དང་། དབྱར་ཚ་གདུགས་ཡང་འགོག་ཐུབ་པའི་ཁྱད་ཆོས་ལྡན་པས། བོད་ཀྱི་དམངས་གླུ་ལས་ཀྱང་། སྦྲ་མཐིང་སྨུག་ཡན་ན་དྲིན་ཆེན་མེད། །དབྱར་ཟླ་གསུམ་ལ་ཆར་བ་བཀག །དགུན་ཟླ་གསུམ་ལ་ཁངས་སྐྱ་བཀག །དྲིན་ལན་བསབ་པའི་ར་བདག་དཀའ། །ཞེས་ཟེར་བ་དང་། ད་དུང་། མགོ་སྦྲ་ནག་པོའི་ནང་འཛིན། ཁྲ་ཁྲ་ཕྱུགས་ཀྱི་འགོ་རྫི། ཞེས་སྦྲ་འཛིན་མཁན་དེ་ངོ་སོ་བསྟད་ཡོད། གཞན་ཡང་། ཕིབ་བདེ་དང་འཁྱེར་བདེ། ས་འགུལ་སོགས་ཀྱིས་མི་གནོད་པའི་ཁྱད་ཆོས་ལྡན་པར་མ་ཟད།

སྦྲ་གུར་ཕུབ་དུས་ས་དཔྱད་ལའང་གཞིགས་ན། ཤར་ཕྱེ་ལྷོ་སྤུངས་ནུབ་འདན་པ། །བྱང་ནི་ཡོལ་བ་འཐེན་འདྲ་བཟང་། །ཞེས་ཤར་ཕྱོགས་ན་གཞུང་ཆེ་བ། ལྷོ་ཕྱོགས་རི་ཚོགས་སྟུག་ཅིང་ཆུ་བོ་གཡས་བསྐོར་དུ་འབབ་པ། རྒྱབ་རི་ལྷུན་སྟུག་ལ་ལྷགས་རླུང་ཐལ་རྡུལ་འགོག་པ། བྱང་དུ་རི་རྒྱུད་མ་ཆད་ཅིང་འགྲུལ་ལམ་སོགས་ཀྱིས་མ་བཅད་པ་སྟེ་ས་སྲུང་བཞི་ཚང་བར་ཡང་བཤད་དོ། །སྦྲ་འདི་བོད་བཙན་པོའི་སྐབས་སུ་འང་སྤྱོད་སྒོ་ཆེ་སྟེ། ཐང་ཡིག་ལས། གྲུ་གུ་ཡུལ་གྱི་ཨོང་དུ་ནམ་ཆད་དུ། བོད་ཀྱི་དམག་དཔུང་སྦྲ་ནག་ཕིབ་ནས་ནི། ཞེས་མཐའ་མཚམས་སྲུང་བའི་བོད་དམག་གིས་ཀྱང་སྦྲ་ནག་ཕིབ་པའི་ལོ་རྒྱུས་ཡོད། དེ་བས་སྦྲ་ནག་གིས་བོད་ཀྱི་འཚོ་བའི་ཁྲོད་གོ་གནས་ཆེན་པོ་ཟིན་ཡོད་པས། ཆེ་བསྟོད་ཡང་མང་བོ་བྱས་ཡོད་། དཔེར་ན། གེ་སར་སྒྲུང་ལས། སྐྱིད་ཀྱི་གཡུ་སྦྲ་གོང་དགུ་ཡོད། །ཕོ་ལུང་ཐམས་ཅད་གསེར་ལུང་རེད། །མོ་ལུང་ཐམས་ཅད་དངུལ་ལུང་རེད། །ཆ་རུ་ཐམས་ཅད་དུང་སྒྲོག་རེད། །ངོ་ཐིག་ཐམས་ཅད་མུ་ཏིག་རེད། །རིན་པོ་ཆེ་ཡི་དོ་ཆ་ཡོད། །རྨང་ནག་གོས་ཀྱི་དོ་ཕྱར་ཡོད། །གླིང་ཕ་ཆོས་དུམ་པ་བཅུ་གཉིས་ཡོད། །གསེར་སེར་བོའི་ཐར་མདོ་དགུ་བརྒྱ་ཡོད། །དངུལ་དཀར་བོའི་མ་ཎི་བཀའ་འབུམ་ཡོད། །བྱུ་རུའི་ཚེ་དཔག་མེད་མགོན་ཡོད། །གཡུ་ཡི་སྒྲོལ་མ་རང་བྱོན་ཡོད། །ཕུག་ཆོན་དབུས་གཙང་ཡུལ་ལ་འཐེན། །དཀྱིལ་ཆོན་སྐུ་རྒྱལ་བོད་ལ་འཐེན། །སྒོ་ཆོན་རྒྱ་ནག་ཡུལ་ལ་འཐེན། །ཞེས་སོ། །

༢ ཁྱུང་ཆེན་དབྱིབས་ཀྱི་སྦྲ་ནག་གིས་གནོད་འཚེ་ཁོག་པ། ཁྱུང་ཆེན་འདི་བོན་གཞུང་དང་ནང་བསྟན་གཉིས་ཆར་ནས་སྦྲུལ་གདུག་ཀླུ་ཡི་ཁ་གནོན་དུ་གསུངས་ཡོད་པ་ལས་གཞན། གསོ་རིག་ལས་ཀྱང་། ཁྱུང་ལྔས་མཛེ་རིགས་བཅོ་བརྒྱད་སོགས་ཀླུ་ཡི་དུག་ནད་འཇོམས་ནུས་པ་བཤད་ཡོད། དེ་བས་ཁ་དཔེར་ཡང་། སྦྲ་རོག་རོག་ཅན་ལ་མཛེ་མི་འབྱུང། །ཁང་སྐྱ་ལེབ་ཅན་ལ་ཐོག་མི་འཕེན། །ཟེར་བ་ཡིན། ཁྱུང་ཆེན་ནི་ཀླུ་གདོལ་བ་སོགས་ཀྱི་གཉེན་པོར་གྱུར་བའི་ཆ་ནས་བཤད་པ་ཡིན་ཏེ། བདུད་འདུལ་ལས། བྱ་ཁྱུང་ཆེན་དམར་བོ་མཁའ་ལྡིང་གིས། །ཀླུ་གདོལ་བ་ནག་པོ་ཁམ་བཟས་བྱེད། །ཅེས་དང་། མོན་གླིང་གཡུལ་འགྱེད་ལས། རི་རྩེ་རྒྱལ་སྨུག་པོའི་རི་སུལ་ནས། །སྦྲུལ་དུག་ཆེན་ཟེར་བའི་གཡེར་པོ་ཆེ། །རི་རྩེ་རྒྱལ་རྩེ་ལ་དཀྲིས་གཅིག་བརྒྱབ། །མཐོང་ཚད་དུག་གིས་འཆི་བས་ཟེར། །དབུས་རི་རབ་རི་ཡི་རྩེ་མོ་ནས། །ཁྱུང་མཁའ་ལྡིང་ཟེར་བའི་སྟོབས་པོ་ཆེས། །ལུས་འགྱུར་གཅིག་གོང་ནས་གནམ་ལ་འཁྱེར། །ལུས་འཇིག་པ་སྡོང་དུམ་བཞིན་དུ་འཕངས། །མཆུ་རྭ་ཟོར་ཀླུ་བདུད་ཟ་བའི་གཤེད། །དུག་ཧ་ལ་ཟེར་བ་རྫུན་དུ་གདའ། །ཞེས་སོགས་ཁྱུང་ནི་ཀླུ་གདོན་གྱི་གཉེན་པོར་གྱུར་བ་སྒྲུང་གཞན་དུའང་མང་དུ་བསྟན་ཡོད་པ་དང་།

གསོ་རིག་ལས་བྱ་ཁྱུང་ལྔ་བའི་རིལ་བུ་ཀླུ་ནད་ཀྱི་གཉེན་པོར་འགྲོ་ཚུལ་གྱི་ལོ་རྒྱུས་ཞིག་ལ། བཻ་སྔོན་དུ། སྔོན་རྒྱལ་བོ་སིང་ག་པ་ལའི་ཡུལ་དུ་ཀླུ་གཉན་ས་བདག་གི་ནད་གདོན་སྣ་ཚོགས་བྱུང་བ་ལ། དེའི་གཉེན་པོ་ཡེ་ཤེས་ཀྱི་ཁྱུང་ལྔ་བྱུང་སྟེ། དེ་མཐོང་ཐོས་དྲན་རེག་ཐམས་ཅད་ནད་གདོན་ལས་གྲོལ་ལོ། །རིང་ཞིག་ནས་ཁྱུང་དེ་མྱ་ངན་ལས་འདའ་བར་བརྩམས་པ་ན། མི་རྣམས་ཀྱིས། ཀྱེ། ནམ་མཁའ་ལྡིང་ཁྱེད་འདས་ན་བདག་ཅག་གིས་ཇི་ལྟར་བྱ། །ཞེས་སྨྲས་པ་ལས། ཁྱུང་དེས་ང་འདས་ནས་ལུས་འདི་རིལ་བུ་དྲིལ་ནས་བསྟེན་ན། ནད་གདོན་ལས་གྲོལ་བར་འགྱུར་རོ། །དེ་ཡང་ཟད་ན་མི་རུང་བས་བདག་གི་རྫས་ལ་བྱིན་གྱིས་བརླབས་པར་བྱའོ། །ཞེས་ཨ་རུ་ར་ཤ་རུ་བྱིན་གྱིས་བརླབས། དེ་བཞིན་དུ་རུ་རྟ་རུས་པར། ཤུ་དག་རྒྱུས་པར། སྨན་ཆེན་སྙིང་དང་། གླ་རྩི་ཁྲག་ཏུ་བྱིན་གྱིས་བརླབས་པ་ལས་དེང་སང་བྱ་ཁྱུང་རྣམ་ལྔ་ཞེས་གྲགས། ཞེས་གསུངས་ལ། དེ་བས་གསོ་རིག་འབུམ་བཞི་ལས་ཀྱང་། མ་རུངས་ཀླུ་གདོན་འདུལ་བྱེད་ཀ་རུ་ཀ། ཀླུ་གདོན་འདུལ་བྱེད་ཁྲོ་ཁྱུང་ནག་པོ་ཡིན། །བསྙེན་བསྒྲུབས་སྔགས་བཟླས་ཀླུ་ཡི་དུག་འཇོམས་རྣམས། །ཞེས་གསུངས་སོ། །ཁྱུང་ལྔས་མཛེ་སོགས་གཉན་ནད་འཇོམས་ཚུལ་ཡང་། མན་ངག་བཀའ་བརྒྱ་མ་ལས། དེ་ལྟར་བྱས་པའི་རིལ་བུ་དེ། །རེ་རེས་ཀྱང་ནི་ཀླུ་གཉན་དང་། །ས་བདག་གྲོང་ཁྱེར་ཐམས་ཅད་ཀུན། །རྩྭ་ཕུང་མེ་འབར་བཞིན་བྱེད་དོ། །མདོར་ན་འདི་ཡིས་ཕན་ཡོན་ནི། །མཛེ་ནད་འཇོམས་པའི་འཁོར་ལོ་ཡིན། །གག་ལྷོག་གསོ་བའི་བདུད་རྩི་ཡིན། །གཉན་རིགས་སྲུང་བའི་ཆོ་ག་ཡིན། །འགོ་གདོན་བསྲེག་པའི་མེ་དཔུང་ཡིན། །ཞེས་པ་འདི་དག་གི་རྩ་དོན་གཅིག་ཏུ་དྲིལ་ན་ཁྱུང་ཆེན་འདི་ཀླུ་དང་གཉན་ནད་ཀྱི་གཉེན་པོར་འགྲོ་བ་བཞིན། རང་ཅག་གི་མེས་པོ་རྣམས་ཀྱིས་རྟེན་འབྲེལ་གྱི་ཆོས་ཉིད་ལ་དགོངས་ནས་ཀླུ་གདོལ་སོགས་ཀྱི་གཉེན་པོར་མགོ་སྦྲ་ཁྱུང་ཆེན་དབྱིབས་ཀྱི་བཟོ་ལུགས་འདི་དར་སྤེལ་བཏང་བ་ཡིན་ནོ། །

༣ རུས་སྦལ་དབྱིབས་ཀྱི་སྦྲ་ནག་ཀླུ་གཉན་ས་བདག་གི་གཉེན་པོར་འགྱུར་ཚུལ། བོད་ཀྱི་སྦྲའི་དབྱིབས་རུས་སྦལ་གྱི་རྣམ་པར་བཟོ་བ་འདི་ཡང་། ས་བཅུད་འཕེལ་བ་དང་ས་དགྲའི་གཉེན་པོར་འགྱུར་ཚུལ་གཞུང་ལུགས་སུ་མ་ཟད། དམངས་ཁྲོད་ཀྱི་ངག་རྒྱུན་དང་གླུ་གཞས་ཚུན་ནའང་ཡོད་དེ། དཔེར་ན། རུས་སྦལ་གྱི་དྲིས་གླུ་ལས། ས་མར་ལ་གནོན་པའི་རུས་སྦལ་རེད། །ཅེས་དང་། ཡང་། རུས་སྦལ་གྱི་འདུག་སྟངས་ལས་འབྱུང་བ་བཞི་སྙོམས་སྒྲིག་བྱས་ལུགས་ཀྱང་། དམངས་གླུ་ལས། རུས་སྦལ་མགོ་བོ་ཤར་ལ་གཏད། །ཤར་མེ་ཁམས་རྒྱལ་བོ་བདེ་བའི་རྟགས། །རུས་སྦལ་གཞོགས་གཡས་ལྷོ་ལ་གཏད། །ལྷོ་ཤིང་ཁམས་རྒྱལ་བོ་བདེ་བའི་རྟགས། །རུས་སྦལ་གཞོགས་གཡོན་ནུབ་ལ་གཏད། །ནུབ་རླུང་ཁམས་རྒྱལ་བོ་བདེ་བའི་རྟགས། །རུས་སྦལ་མཇུག་མ་བྱང་ལ་གཏད། །བྱང་ཆུ་ཁམས་རྒྱལ་བོ་བདེ་བའི་རྟགས། །ཞེས་བཤད་ཡོད་པ་དང་། ཁྱད་པར་དུ་ནག་རྩིས་ཀྱི་གཞུང་ལས་འབྱུང་བཞི་སྤར་སྨེ་གཟའ་སྐར་ལོ་སྐོར་བཅུ་གཉིས་སོགས་རུས་སྦལ་གྱི་ལྟོ་བར་བཀོད་དེ་བརྩི་སྲོལ་ཡོད་པའི་རིག་གནས་འདིས། རུས་སྦལ་གྱི་སྟེང་དུ་དེ་དག་སྙོམས་སྒྲིག་གི་རྟེན་འབྲེལ་ཚང་བ་དང་། མཐུན་གྲུབ་ཏུ་བཟོ་བའི་ཁྱད་ནུས་ལྡན་པ་རྟོགས་ཐུབ་པས། དེ་ཡོད་ན་ཀླུ་གཉན་ས་བདག་གི་གནོད་པའི་ནད་རིགས་མང་བོ་སེལ་ཐུབ་པ་ཆོས་ཉིད་ལྟ་བུར་ཆགས་ཡོད།

དེ་ལས་གཞན། གསོ་རིག་ལས་གདོན་ནད་གསོ་བའི་སྐབས་སུ། ཡི་དམ་གྱི་སྙིང་བོ་གསེར་གྱིས་བྲིས་པ་རུས་སྦལ་གྱི་ཁོག་པར་བཅུག་ནས་ལུས་ལ་བཅངས་ན་ཕྱོགས་ངན་ཐུབ་པར་གསུངས་ཡོད། བདུད་རྩི་སྨན་གྱི་འཁྲུངས་དཔེ་ལེགས་བཤད་ནོར་བུའི་ཕྲེང་མཛེས་ལས་ཀྱང་། རུས་སྦལ་གྱི་ཤས་གཉན་རིམས་དང་མཛེ་ནད་སེལ། སྙིང་གིས་མགོ་རྨ་གསོ་བར་བྱེད། ཕྱི་སྒྲོམ་གྱིས་གདོན་ནད་དང་འདྲེ་ཤིག་སྲུང་བར་བྱེད། ཅེས་སོགས་གསུངས་ཡོད་པ་འདི་དག་གིས། རུས་སྦལ་ནི་ཤི་གསོན་གང་གི་ཚེ་ཡང་གཉན་རིམས་སོགས་ཀྱི་དངོས་གཉེན་དུ་འགྲོ་བ་གདོན་མི་ཟ་བས། རུས་སྦལ་དབྱིབས་ཅན་གྱི་སྦྲ་ནག་ཕིབ་སྟེ། རང་ཅག་གི་མེས་པོ་གོང་མ་རྣམས་ཀྱིས། སྦྲ་རོག་རོག་ཅན་ལ་མཛེ་མི་འབྱུང་། ཞེས་སྡོམ་ཚིག་བཀོད་ཡོད་པ་དང། ལྷག་པར་དུ་རོང་བའི་དུད་ཁྱིམ་ལྟ་བུར་མཚོན་ན་གཏན་སྡོད་ཡིན་པས། ས་དཔྱད་ལ་གཞིགས་ཏེ་མཁར་ལས་གནང་ཆོག་ན་ཡང་། འབྲོག་པ་ནི་རྩྭ་སའི་དགོས་མཁོ་ལྟར། རུ་བ་སྐྱས་འདེགས་མང་དུ་གནང་དགོས་པར་བརྟེན། གདོད་མའི་བོད་མི་རྣམས་ཀྱིས། ཀླུ་གཉན་ས་བདག་ལས་འཕྲོས་པའི་གདུག་པ་མཛེ་ནད་དང་། ཞ་སྐུམ་ཆུ་རྒྱུས་ཀྱི་ནད་དང་། ཆུ་སེར་གྱི་ནད་ཡམས་སོགས་ཀྱིས་མི་ལ་ན་ཚ་དང་། ཕྱུགས་ལ་གོད་ཁ་འགོག་ཆེད་ཁྱུང་དང་རུས་སྦལ་དབྱིབས་ཀྱི་སྦྲ་ནག་འདི་དར་སྤེལ་བཏང་བ་ཡིན་ནོ། །

ཡང་། བཤད་ཚུལ་གཞན་ཞིག་ལ། སྦྲ་ནག་འདི་བོད་བཙན་པོའི་སྐབས་ཀྱི་དམག་སྒར་ཡིན་པས་ཆེད་དུ་དུག་སྡོམ་ཀྱི་དབྱིབས་ལྟར་བཟོས་པར་བཤད་ལ། རྒྱུ་མཚན་ནི། དུག་སྡོམ་ནི་འབུ་སྲིན་གཞན་དག་དང་འཕྲད་ཚེ་ཚར་གཅོད་ཀྱི་ནུས་པ་ལྡན་པས་ཡིན། ཞེས་ཀྱང་ཟེར་རོ། །

༤ རྩིས་གཞུང་གི་མཚོན་ལྟར་སྦྲ་ནག་གི་གྲུབ་ཆ་བཟོས་པ། སྦྲ་ནག་གི་གྲུབ་ཆ་རེ་རེས་སྤར་ཁ་བརྒྱད་དང་སྨེ་བ་དགུ ལོ་སྐོར་བཅུ་གཉིས་སོགས་མཚོན་བྱེད་དུ་དམིགས་ནས་བཟོས་ཡོད་པས། ས་ཆུ་ལ་བརྟག་མི་དགོས་པ་དང་དགྲ་གནོན་གྱི་ནུས་པ་ལྡན། དཔེར་ན། སྦྲའི་ཕྱི་རོལ་གྱི་ཟུར་བཞིར་ཆོན་ཐག་བཞི་དང་། སྦྲའི་སྐེད་དམ་མཁལ་གཉིས་ཀར་ཆོན་ཐག་རེ། སྒོ་ཆོན་གཉིས་དང་ཕུག་ཆོན་གཅིག་སྟེ་བསྡོམས་པས་ཆོན་ཐག་དགུས་སྨེ་བ་དགུ་མཚོན་པ་དང་། དེ་དག་བཀར་བྱེད་ཀྱི་ཀ་བའང་དགུ་ཡོད་པས་སྨེ་བ་དགུ་མཚོན། སྦྲ་འདབས་ཀྱི་ཕུར་བ་ཉེར་བརྒྱད་ཀྱིས་རྒྱུ་སྐར་ཉེར་བརྒྱད་ཀྱི་དོད་དང་། ཕུར་སྣེ་གཞོག་དུས་ཀྱང་སྔགས་མཁན་གྱི་ཕུར་བུའི་དབྱིབས་ལྟར་བྱ་དགོས། དེ་ནི་ས་དགྲ་མནོན་ཞིང་གཞིས་ཁྱིམ་སྲུང་བའི་རྟེན་འབྲེལ་དུ་བཤད། སྦྲ་ནག་གྲུ་བཞིའི་ཆོན་ཐག་གམ་ཁ་ཐིག་ལ་དུས་ཚིགས་བཞིའི་མཚོན་རྟགས་དང་། སྦྲའི་ཁ་ཚུབ་རེ་ལྡེ་དཀར་བོས་བྱས་ཡོད་པས་གདོན་འདྲེ་དང་གཟའ་བཙན་སོགས་འགོག་པའི་རྟེན་འབྲེལ་དང་། གཞིས་ཁྱིམ་གྱི་ཁ་རྗེ་དབང་ཐང་དང་ཀླུང་རྟ་དགུ་ཚིགས་བཞིན་ཡུན་རིང་རྟག་བརྟན་ཡོང་བ་དང་། ཕུགས་ཀྱི་ཁ་ཚུབ་རྒྱུན་དུ་མི་ཕྱེ་བ་ཡང་། འགོ་བའི་ལྷ་ལྔ་དང་ཕུགས་ལྷ་སོགས་ཁྱིམ་དེར་མི་འབྲལ་བའི་རྟེན་འབྲེལ་ཏེ། ཁ་དཔེར་ཡང་། ཕུགས་ཀྱི་ལྷ་མ་བདེ་ན། །ཁྱིམ་གྱི་མི་མི་བདེ། །ཟེར་བ་དང་། གཞོགས་གཉིས་སྦྲེལ་བྱེད་ཕོ་ལུང་མོ་ལུང་གཉིས་ཀྱིས་བཟའ་ཟླ་མཐུན་འཇུག་དང་བརྩེ་སེམས་རྟག་བརྟན་ཡོང་བ་མཚོན་ནོ། །ཡང་། ཁ་ཆར་འབབ་ཞོད་ཧ་ཅང་ཆེ་དུས་མ་གཏོགས་སྦྲའི་ཁ་ཚུབ་ཡོངས་རྫོགས་མི་བསུམ་ལ། ཐམས་ཅད་སུམ་ཚེ། རྒན་རྒོན་དག གུང་ནག་མ་བྱེད། དམུ་གབ་ཡོང་ཞེས་ཀྱང་ཟེར། མོ་སྦྲའི་ཕྱོགས་སུ་ཤ་དམར་རྗེན་འཁྱེར་ན་གུང་ལྷ་འཁྲུགས་ཟེར། ཕྱི་རོལ་གྱི་ཆོན་ཐག་དགུའི་ཐོག་ཏུ་དར་ལྕོག་འདོགས་སྲོལ་ཡོད་པ་དང་། ད་དུང་། ཇག་རྒོད་ཀྱི་ཁྱིམ་ཚང་ལ་ལས་བང་ཁ་ནས་མདུང་མོ་བསླངས་ཏེ་ཁ་ཚུབ་ལས་ཕྱིར་བུད་ཡོད། སྦྲའི་ཕུག་ཆོན་སྲུང་མའི་རྟེན་ཡིན་པས་ལྷ་བསང་གཏོང་ས་དང་། དཀྱིལ་ཆོན་ཕྱུགས་རྟེན་ཡིན་པས་བལ་འགེལ་བ་དང་། སྒོ་ཆོན་འཁོར་བའི་རྟེན་ཡིན་པས་བག་གསར་གྱི་རྟ་འདོགས་སྲོལ་ཡོད་དོ། །

སྦྲ་ནག་ནང་གི་མཚོན་དོན་ནི། ནང་ངོས་ན་ངོ་ཐིག་བཅུ་གཉིས་ཡོད་པས་ལོ་སྐོར་ཟླ་བ་བཅུ་གཉིས་དང་། སྦྲའི་ནང་བཀར་བྱེད་ཀྱི་ཀ་བ་བརྒྱད་ཡོད་པས་སྤར་ཁ་བརྒྱད་དང་། ཡས་ཕུག་གི་ཀ་བ་ཤིང་སྟག་པ་ཡིན་པ། ཕུག་རྟག་དགོས་ཞེས་ཁྱིམ་མིའི་སྐུ་ཚེ་ཡུན་རིང་རྟག་པ་དང་། སྒོ་ཁའི་ཀ་བ་ཤུག་པ་ཡིན་པས། སྒོ་ཕྱུག་དགོས་ཞེས་རྒྱུ་ནོར་གྱི་འཕེལ་ཁ་དར་ནས་ཁྱིམ་ཚང་ཕྱུག་པོར་ཡོང་བ་སོགས་ཀྱི་རྟེན་འབྲེལ་ཡོད་དོ། །

ལེའུ་བཅུ་བདུན་པ། བོད་མིའི་གུས་ཞབས་དང་འཛེམ་བྱ།

དང་བོ། ཡ་རབས་གུས་ཞབས་སྐོར།

རང་ཅག་བོད་རིགས་ནི་ལོ་ངོ་སྟོང་ཕྲག་མང་བོའི་སྔོན་ནས་ཤེས་རིག་འཕེལ་ཞིང་། ལོ་རྒྱུས་ལྡན་པ་ཞིག་ཡིན་གཤིས། དམ་པ་ལྷ་ཆོས་དང་འཇིག་རྟེན་མི་ཆོས་གཉིས་ཆར་ནས། མི་དང་མིའི་བར་ལ་ཆེ་བཀུར་ཆུང་བྱམས་ཀྱི་ཡ་རབས་གུས་ཞབས་ཀྱི་སྲོལ་བཟང་མང་དུ་དར་ཡོད། དེ་ཡང་ལུས་ངག་ཡིད་གསུམ་གྱིས་གུས་ཞབས་གནང་སྲོལ་གསུམ་དུ་མ་འདུས་པ་མེད། གུས་ཞབས་ཞུ་ཡུལ་གཙོ་ཤོས་ནི། སྤྱིར་བླ་དཔོན། དགེ་བཤེས། མཁས་པ། དགེ་རྒན། མཁན་སློབ་སོགས་དང་། སྒོས་སུ་ཁྱིམ་ཚང་གི་ཕ་མ། སྐུ་མགྲོན། རང་ལ་སྐུ་དྲིན་ཆེ་བ་དག་ཡིན། གཞན་ཡང་། ཕན་ཚུན་མིང་འབོད་དང་། འཕྲིན་ཡིག་གི་སྐབས་སུ་གུས་ཞབས་ཞུ་སྲོལ་མང་དུ་མཆིས།

༡ བླ་དཔོན་དང་ཕ་མ་སོགས་ལ་གུས་ཞབས།

བླ་མ་དང་དགེ་རྒན་སོགས་སྐྱེས་ཆེན་དམ་པར་མཇལ་དུས། རབ་བྱུང་དག་ལྷམ་ཕུད་དེ་གཟན་མདུན་སྐྱོར་ལ་ལེན་པ་དང་། མི་སྐྱ་ཡིན་ན་ཞྭ་ཕུད་པ་དང་། དབུ་སྐྲ་ལྕང་ལོ་ཅན་ཡིན་ན་སྐྲ་ཕབ་པ། ཆ་ལུགས་གུས་ཉམས་དང་བཅས་མཇལ་དགོས་ལ། གསུང་ལྒིང་གི་སྐབས་སུའང་ཞུ་མཁས་ཀྱི་ཞེ་ཚིག་སྦྱར་ནས་བཤད་དགོས། གལ་ཏེ་རང་གི་འདོད་ཐོག་ཏུ་མི་འགྲོ་བའི་གཏམ་ཞིག་བྱུང་ནའང་། སྐབས་དང་བསྟུན་ནས་ཤད་སྦྱངས་བྱེད་པ་མ་གཏོགས་ཐད་ཀར་བཤད་མི་རུང་། བླ་དཔོན་དང་མེས་པོ། ཕ་མ་དང་མཉམ་དུ་བཟའ་བཏུང་ལ་སྤྱོད་སྐབས་མཐོ་རིམ་ནས་མགོ་རྩོམ་དགོས་ལ། ཅག་སྒྲ་དང་ཧུ་སྒྲ་མི་སྒྲོགས་པ། རྐང་ལག་བརྐྱངས་པ་སོགས་མ་གུས་པའི་རྣམ་འགྱུར་སྤངས་པ། སྐད་གསེང་མཐོན་པོས་གློ་ལུ་དང་། ཧབ་སྦྲིད་རྒྱག་པ། ཁ་ལུད་དོར་བ། ལག་པ་ཡ་གཅིག་གིས་སྣོད་ཡས་མས་སུ་འཇོག་པ་སོགས་སྤངས་པ་དང་། ལམ་དུ་འགྲོ་བའི་ཚེ་ཡང་། བཀུར་ཡུལ་སྔོན་དང་རང་ཉིད་རྗེས་སུ་འགྲོ་བ། བཅིབ་རྟ་དང་འཕྲུལ་འཁོར་གྱི་རིགས་གང་ཡིན་ཡང་འབབ་བཞུགས་ཀྱི་སྐབས་གུས་ཞབས་བྱ་ཡུལ་ཚགས་སུ་ཆུད་པར་བྱ་བ་སོགས་མང་ངོ་། །

༢ ཆོས་ཉན་པའི་སྐབས་ཀྱི་གུས་ཞབས།

ཆོས་ཉན་པའི་ཚེ། གུས་ཞབས་མ་ཡིན་རྣམས་སྤངས་དགོས་པ་སྟེ། དཔེར་ན། མགོ་གཡོགས་པ་དང་གོས་རྫེས་པ། ལག་པ་གཉའ་ལྟག་ལ་བསྣོལ་བ། ཞྭ་ལྷམ་གྱོན་པ་དང་རྟ་ཞོན་པ། ལག་ཏུ་མཁར་བ་དང་གདུགས། མཚོན་ཆ་ཐོགས་པ་སོགས་སྤངས་ཏེ། ཆོས་གསན་པའི་ཚེ་རབ་ཏུ་དམའ་བའི་སྟན་ལ་བསྡད་དེ། ལག་ཟུང་ཐལ་མོ་སྦྱར་ནས་བསམ་པ་རྩེ་གཅིག་གིས་ཉན་པ་ཡིན་ནོ། །

༣ རྒན་རབས་ལ་གུས་ཞབས།

སྤྱི་ཚོགས་ཐོག་གི་རྒན་རབས་ཡོན་ཏན་ཅན་དང་འཕྲད་ཚེ། ལུས་ངག་གི་རྣམ་འགྱུར་འཇམ་པོའི་སྒོ་ནས་གཏམ་ལྒིང་བྱ་དགོས་པ་ལས། ཁ་གཏད་དུ་མི་སྨྲ་བ་ཡིན། འདུ་ཚོགས་སྐབས་གྲོས་མོལ་འདྲ་བྱ་དགོས་ན། གཏམ་མགོ་རྒན་རབས་ཡོན་ཏན་ཅན་ནས་རྩོམ་དགོས། གཞོན་རབས་པས་ཁ་རྩོད་དང་དྲག་གཏམ་བཤད་མི་རུང་ལ། གཏམ་འཕྲོ་རང་གི་རེས་ལ་བབ་ན་རྒན་རབས་ལ་དགོངས་དྭངས་ཀྱིས། ཞུ་མཁས་ཀྱི་ནོར་འཛོལ་དེ་དག་ཡོ་བསྲངས་བྱ་དགོས། ནམ་རྒྱུན་འཕྲད་རེས་ཀྱིས་ངོ་ཤེས་ཡིན་ན་འཚམ་འདྲིའི་ཚིག་གམ་གུས་ཉམས་དང་། ངོ་མི་ཤེས་པ་ཡིན་ན་ལུས་ཀྱིས་གུས་ཉམས་སྟོན་པ་ཡིན་ནོ། །

༤ སྐུ་མགྲོན་ལ་གུས་ཞབས།

གནའ་རབས་བོད་ཀྱི་སྐུ་མགྲོན་ཁྱིམ་དུ་ཕེབས་པ་དང་། ཁྱིམ་ནས་ནང་མི་ཡུལ་གཞན་དུ་ཐོན་པ་སོགས་ཀྱི་སྐབས། བཀྲ་ཤིས་པའི་རྟེན་འབྲེལ་བཟང་བོ་མཚོན་བྱེད་དུ། རྩམ་པས་གོས་ཀྱི་གོང་བའི་སྟེང་དུ་དཀར་ཐིག་བརྒྱབ་པ་དེ། ཁ་བཏགས་ཟེར་ལ། ཕྱིས་སུ་དེ་ཉིད་འཕེལ་རྒྱས་ཕྱིན་ཏེ་ད་ལྟའི་ཁ་བཏགས་གཏོང་སྲོལ་འདི་བྱུང་བ་ཡིན། སྐུ་མགྲོན་ཕེབས་སྐབས། སྦྱིན་བདག་སྒོར་བུད་ནས་བསུ་མ་བྱེད་དགོས་ཤིང་། འདུག་དུས་ཀྱང་མགྲོན་པོ་གྲལ་གྱི་གོང་དུ་འདུག་པ་དང་། ཤ་མར་ཐུད་གསུམ་ཀྱིས་སྣེ་ལེན་གཟབ་རྒྱས་བྱེད་པ་ཡིན། འོན་ཀྱང་། མི་རིགས་ཀྱི་ལུགས་སྲོལ་མི་འདྲ་བའི་ཆ་ནས་མགྲོན་པོར་གུས་ཞབས་བྱེད་སྟངས་ཀྱང་སོ་སོ་མཆིས་པས། ཕ་རོལ་བོའི་ལུགས་སྲོལ་གྱི་གནས་བབ་ལ་བསྟུན་པ་ཧ་ཅང་གལ་ཆེ། གཞན་ཡང་ཚུར་བསུ། ཕར་སྐྱེལ། སྣེ་ལེན། ཟས་དྲངས་སྟངས། བཞུགས་གདན་འཇགས་སྟངས་བཅས་ལའང་གུས་ཞབས་ཀྱི་རྣམ་གྲངས་མང་བོ་ཡོད་དོ། །

༥ མིང་འབོད་ཀྱི་ཞེ་སའི་གུས་ཞབས།

རང་ཅག་བོད་འདི་རྒན་བཀུར་ཆུང་བྱམས་ཆེ་བའི་སྟབས་ཀྱིས། རྒན་རབས་ལ་ཞེ་ཚིག་དང་། བྱིས་པ་གཅེས་ཚིག་གིས་བཏགས་པའི་ཐ་སྙད་ཤིན་ཏུ་མང་། དཔེར་ན། བྱིས་པའི་ཁ་ཟས་ལ་ནོམ་བུ་དང་། ལྡུད་བྱེད་ལ་ཁེམ་བུ་ཟེར་བ་ལྟ་བུ་ཡིན། འདིར་སྐབས་སུ་བབ་པ་ཞེ་ཚིག་གི་སྐོར་ལ། ཐང་ཡིག་སྡེ་ལྔ་ལས། དེ་ནས་རྒྱལ་ཕྲན་བཅུ་གཉིས་དབང་བྱས་ཏེ། །ཡུལ་གྱི་མིང་ནི་སྭ་ཁ་བརྒྱད་དུ་བཏགས། །སྔ་རྟགས་ཕྱག་དང་ཞེ་ས་དེ་ནས་བྱུང་། །ཞེས་པ་ལྟར། རིམ་གྱིས་མཐོ་དམན་དང་། དབུལ་ཕྱུག་བྱུང་བའི་དབང་གིས་ཞེ་ས་སྦྱོར་སྲོལ་བྱུང་བ་སྟེ། དཔེར་ན། གདོང་ལ་ཞལ་དང་། མགོ་ལ་དབུ། ལུས་ལ་སྐུ། གོན་པ་ལ་ན་བཟའ་ཟེར་བ་ལྟ་བུ་ཡིན། ཡང་། བཀུར་ཡུལ་ལ་ཚིག་བརྗོད་པའི་ཚེ། ཟོ། སྡོད། འགྲོ ཉོལ་ཞེས་ཐད་ཀར་མི་བརྗོད་པར། དེ་དག་གི་ཚབ་ཏུ་བཞེས། བཞུགས། ཕེབས། གཟིམ་ཞེས་ཞུ་དགོས་པ་ཡིན། འོན་ཀྱང་། ཞེ་ཚིག་སྦྱོར་མ་ཤེས་ན་དགོད་བྲོ་བའི་གཏམ་དུ་འགྱུར་བའང་ཡོད་དེ། དཔེར་ན། བླ་མ་ཁྱེད་ཚང་གི་དབུའི་ཡུ་བའི་སྟེང་གསོལ་ཤིག་ཅིག་ཕེབས་ཀྱིན་ཡོད། ཅེས་བརྗོད་པའི་དགོད་གཏམ་ཡང་མང་ངོ་། །དེ་ནི་བཤད་མི་ཤེས་པ་ཞིག་གིས་བསྟོད་པ་ལས། བཤད་ཤེས་པ་ཞིག་གིས་སྨད་ན་དགའ་ཞེས་པ་ལས་མ་འདས་སོ། །

༦ འཕྲིན་ཡིག་སྐབས་ཀྱི་གུས་ཞབས།

དེང་སང་ཚན་རིག་དར་རྒྱས་ཧ་ཅང་ཆེ་བའི་དབང་གིས་སྤྲིངས་ཡིག་བེད་སྤྱོད་ཉུང་ནས་ཉུང་དུ་ཕྱིན་ནའང་། དེ་སྔོན་འཕྲིན་ཡིག་གི་རྣམ་བཞག་སྐབས། གུས་སྲོལ་དང་། ཆེད་བསྟོད། མིང་བྱང་དང་འབེབས་འཇོག་སྟངས་སོགས་ཡིག་བསྐུར་གྱི་རྣམ་བཞག་ལས་ཞིབ་རྒྱས་སུ་འཁོད་ཡོད། དཔེར་ན། བླ་དཔོན་དང་ཕ་མ་སོགས་ལ་ཕུལ་ན། དབུར་ཆེ་བརྗོད་དང་། བར་དུ་གུས་ཚིག མཐར་ཁ་བྲོ་བཀྲ་ཤིས་ཀྱིས་བརྒྱན་ཏེ་ཕུལ་སྲོལ་ཡོད་པ་ལས་གཞན། ཐེའུ་དང་ཤོག་བུ་ལྟེབ་སྲོལ་སོགས་ཀྱིས་ཀྱང་གུས་ཞབས་མཚོན་པ་མང་ངོ་། །

༧ མི་མིང་འབོད་སྲོལ་གྱི་གུས་ཞབས།

བོད་སྐད་ནི་སྐད་རིགས་གཞན་དང་བསྡུར་ན། ཞེ་ཚིག་མང་དུ་ཡོད་པས། མི་རིགས་འདི་གདོད་མ་ནས་ད་ལྟའི་བར། གུས་ཞབས་ཆེ་བ་མཚོན་ནུས་ལ། མིང་འབོད་ཀྱི་ཐད་ནས་བཤད་ནའང་། ཆོས་ཕྱོགས་ནས་བཤད་ན་བླ་མ་ལ་རིན་པོ་ཆེ་དང་། གྲྭ་བ་ལ་སྐུ་ཕྱོགས་སོགས་དང་། འཇིག་རྟེན་ཕྱོགས་ནས་བཤད་ནའང་། སྐུ་དྲག་ལ་སྐུ་ངོ། ལྕམ། སྲས་དང་སྲས་མོ། དེ་མིན་བཀུར་འོས་སེར་སྐྱ་གང་རུང་ལ་སྐུ་ཞབས་སོགས་མང་ངོ་། །

གཉིས་པ། བོད་མིའི་འཛེམ་སྲོལ་སྐོར།

རང་ཅག་ཁ་བ་རི་བ་འདི་གདོད་མའི་དུས་སུ་བོན་ཆོས་དང་། ཕྱིས་སུ་སངས་རྒྱས་ཆོས་ལུགས་ལ་དད་ཞེན་ཆེ་བའི་དབང་གིས། ཆོས་ལུགས་དེ་གཉིས་ཀྱི་རྒྱུན་ཐག་དང་འབྲེལ་ཞིང་། ཡང་ན། དམངས་སྲོལ་དང་འབྲེལ་བའི་འཛེམ་སྤང་བྱེད་དགོས་པ་སྣ་ཚོགས་ཤིག་ཡོད། དེ་དག་ཀྱང་འགའ་ཞིག་ཆོས་རྒྱལ་གོང་མས་ཁྲིམས་སྲོལ་དང་། ཡ་རབས་དམ་པའི་སློབ་སྟོན། ཡང་ན། ཁ་ཅིག ཁ་རྗེ་དབང་ཐང་སོགས་ལ་སྲུང་སྐྱོབ་དང་། བྱ་བ་ལམ་འགྲོ་སོགས་ལ་དམིགས་ནས་བྱུང་བ་ཡིན་ལ། འཛེམ་སྲོལ་དེ་དག་ཀྱང་མིའི་འཕྲོད་བསྟེན་དང་ཁོར་ཡུག་སྲུང་སྐྱོང་། རྒན་བཀུར་གཞོན་བྱམས། ཕན་ཚུན་བར་ཞི་བདེ་བག་ཕེབས་ཡོང་བར་དགེ་མཚན་ངེས་ཅན་ཡོད། འདིར་དཔེར་མཚོན་ཙམ་ཞིག་བཀོད་ན།

༡ ཆོས་ཕྱོགས་ཀྱི་འཛེམ་བྱ།

སྤྱིར་མི་དགེ་བཅུ་ལ་བོད་མི་རྣམས་ཀྱིས་འཛེམ་ཞིང་། ལྷག་པར་དུ་སྲོག་གཅོད་ལ་འཛེམ་པ་ཡིན། བྱིས་པ་བསམ་མེད་ཅིག་ཡིན་ནའང་ལས་འབྲས་ཀྱི་རྣམ་བཞག་ལ་བསམ་བློ་བཏང་ནས། བྱ་བྱེའུ་དང་འབུ་སྲིན་ཚུན་ཆད་ཀྱི་སྲོག་མི་གཅོད་པར་མ་ཟད། གཞན་གྱིས་སྲོག་གཅོད་པའང་དངོས་ཤུགས་བརྒྱུད་གསུམ་ནས་བཀག་འགོག་བྱེད་པ་ལྷན་སྐྱེས་སུ་ཡོད། གཞན་བླ་མ་མཁན་སློབ་དང་། ལྷ་རྟེན་ཆོས་གསུམ་སོགས་ལ་མ་གུས་པ་བྱེད་པ་འཛེམ་སྲོལ་ཡོད་དོ། །

གཞན་ཡང་། གསེར་འོད་གཡང་སྐྱབས་ལས། ཕྱི་མི་སྐྱ་བོ་ནང་ལ་མ་གཏོང་ཞིག ། ནང་མི་སྨུག་པོ་ཕྱི་རུ་མ་འབུད་ཅིག །ལྷ་ལུག་ཐང་ལ་མ་འབུད་ཅིག །སྲིད་ཀྱི་གླང་ཆེན་ནང་ལ་མ་གཏོང་ཞིག །ཅེས་གསུངས་པ་ལས་གཞན། གཡང་ཁ་བསྡམས་རྗེས་ཅ་ལག་ཕར་ཚུར་ལ་མི་གཏོང་བ་སོགས་བྱེད་དོ། །ཡང་། ཡི་དམ་གྱི་ལྷ་བསྙེན་སྒྲུབ་སྐབས་སུ་བར་ཆད་སོགས་འགོག་ཆེད། འཛེམ་རྟགས་སུ་འཚམ་ཐོ་བསླངས་ཏེ་ཕྱི་རྐྱེན་ཇི་སྙེད་ཅིག་ལ་འཛེམ་པ་དང་། བསྙེན་པ་གཏོང་སྐབས་ཀྱང་སྣབས་ལུད་དང་འོག་རླུང་། ཡང་ན། སེམས་ཀྱི་རྣམ་རྟོག་ངན་པ་སོགས་ལ་ཆེར་ཆེར་འཛེམ་པ་དང་། ཡང་། རི་སྐྱེས་སྲོག་ཆགས་དང་རྩི་ལྗོན་སོགས་ལ་སྲུང་སྐྱོང་བྱེད་ཆེད། དམ་པ་གོང་མས་རི་རྒྱ་ལུང་རྒྱ་བསྡམས་ཏེ། རྔོན་པ་དང་ཁོར་ཡུག་གཏོར་བརླག་གཏོང་མཁན་འགོག་པ་སོགས་ཆོས་ཕྱོགས་ཀྱི་འཛེམ་སྲོལ་མང་དུ་ཡོད་ཀྱང་དེ་ཙམ་གྱིས་འཐུས་པར་བྱའོ། །

༢ བཟའ་བཏུང་སྐོར་གྱི་འཛེམ་བྱ།

བོད་མིས་བཟའ་བཏུང་ལ་ལོངས་སྤྱོད་སྐབས། ཐོག་མར་བླ་དཔོན་དང་། དེ་ནས་རྒན་རིམ་དང་མགྲོན་པོ་ནས་ཕོར་བ་སོགས་གས་ཆག་མེད་པའི་ཁག་སངས་ནང་འདྲེན་ལ། ལོངས་སུ་སྤྱོད་སྐབས་ཀྱང་། འདུག་སྟངས་དང་ཅབ་སྒྲ་གྲག་པ། འཕྲོད་བསྟེན་སོགས་ལ་དམིགས་ནས་མང་བོས་སྣོད་གཅིག་ཏུ་ཟ་བ་ལའང་འཛེམས་པ་ཡིན། ཟས་རིགས་ཐད་ལ་སྔོན་ནས་ངན་གོམས་ཀྱིས་དབང་གིས་ཤ་རིགས་ལ་ལོངས་སྤྱོད་པ་མང་ཡང་། སྲོག་གཅོད་ཀྱི་ཉེས་དམིགས་ལ་དགོངས་ནས། ཚོད་མེད་དུ་ཟ་བ་ལ་འཛེམ་པ་ལས་གཞན། སྡེར་ཐོགས་དང་རྨིག་རྡུམ་གྱི་ཤ ཆུ་གནས་སྲོག་ཆགས་ཀྱི་ཤ ཕག་ཤ་དང་བྱ་སྒོང་། ཉིན་ཤ་དང་ཤི་ཤ་སོགས་ལ་འཛེམ་པའམ་གཏན་མི་ཟ་བ་སྟེ། རྒྱུ་མཚན་ནི། དེ་དག་ལ་འབུ་ཕྲ་གཞན་དག་མང་བ་དང་བཙོག་གྲིབ་ཅན་ཡིན་པར་བརྟེན་མིའི་ལུས་ཕུང་དང་ཤེས་རིག་ལ་གནོད་པས་ཡིན།

༣ གཟའ་སྐར་འཕྲོད་སྦྱོར་ངན་པར་འཛེམ་བྱ།

བོད་མི་རྣམས་ཀྱི་དུས་རྒྱུན་གྱི་འཚོ་བའི་ཁྲོད་བྱ་ལས་ཆེ་ཕྲ་གང་བྱེད་ཀྱང་། གཟའ་སྐར་འཕྲོད་སྦྱོར་ལ་བརྟགས་ཏེ་སྒྲུབ་སྲོལ་ཡོད། དཔེར་ན། གཅིག་གསུམ་མགྲོན་གྱི་གནམ་སྒོར་མགྲོན་བསུས་ན་གུད་པར་འགྱུར་བ་དང་། གཉིས་གསུམ་ཚོང་གི་གནམ་སྒོར་ཚོང་བྱས་ན་གོད་ཁ་འབྱུང་བ་དང་། གསུམ་གསུམ་བུ་ཆུང་གི་གནམ་སྒོར་བུ་ཆུང་བཙས་ན་བར་ཆད་དང་། བཞི་གསུམ་དམག་སྒོར་དམག་དྲངས་ན་དམག་ཉེས་དང་། ལྔ་གསུམ་གཉེན་སྒོར་གཉེན་བྱས་ན་འགྲས་པ་དང་། དྲུག་གསུམ་མཁར་གྱི་སྒོར་གྱོད་འོང་བ་དང་། བདུན་གསུམ་བག་མའི་སྒོར་བག་མ་བྱས་ན་ཡུགས་སར་འབབ་པ་དང་། བརྒྱད་གསུམ་དུར་སྒོ་དུར་བཏབ་ན་ངན་པ་དང་། དགུ་གསུམ་ཤིད་སྒོ་གཤིན་ལས་བྱས་ན་གྱོད་འོང་བ་དང་། ཟླ་རེའི་བོད་ཚེས ༢ ༨ ༡༤ ༢༠ ༢༦ བཅས་སྐར་མ་ཚུ་ཚགས་ལ་ཁེལ་ཚེ། རྟ་ཤི་ནོར་མེད་ཁ་མཆུ་འོང་བ་དང་། ཡང་། བོད་དབུས་གཙང་གི་ས་གནས་མང་ཆེ་བར་ལོ་ལྟར་བོད་ཟླ་བཅུ་གཅིག་པའི་ཚེས་དྲུག་གི་ཉིན་ཕྱེད་ནས་བདུན་གྱི་ཉིན་ཕྱེད་བར་ས་བདག་ངན་པ་དགུ་འཕྲད་པའི་དུས་ཚོད་ཡིན་པས། ངན་པ་དགུ་འཛོམས་ཟེར་ལ། ཡང་། ཁ་ཅིག ཚེ་ཐུང་བ། ནད་འོང་བ། མི་ཁས་ཉེན་པ། ནོར་ཟད་པ། དགྲ་སྡང་བ། འཇིགས་སྐྲག་འོང་བ། དོན་མི་འགྲུབ་པ། རྒྱལ་བོའི་བཀའ་ཆད་ཕོག་པ། བོར་སྟོར་བྱུང་བ་སྟེ་ངན་པ་དགུ་འཛོམས་ཟེར་ལ། གང་ལྟར་རྩིས་གཞུང་རྣམས་སུ་ཉིན་དེར་ཁ་སྨྲས་ལྒིང་གཞིའི་ཟས་མི་ཟ། བྱང་གི་ཕྱོགས་ལ་རྟ་མི་རྒྱུགས། རྒྱལ་བའི་གསུང་མི་སྒྲོགས། ཟེར་ལ། ཉིན་དེར་བོད་མི་རྣམས་བྱ་ལས་གང་ལའང་མི་འཇུག་པར་ངལ་གསོ་བྱས་ནས་སྡོད་པ་དང་། རང་གི་དགའ་ཉེ་བློ་དཀར་རྣམས་མགྲོན་འབོད་བཏང་ནས་སྤྲོ་སྐྱིད་ལ་རོལ་སྲོལ་ཡོད། ངན་པ་དགུ་འཛོམས་ཀྱི་ཕྱི་ཉིན་ནི་དུས་ཚོད་བཟང་བོར་རྩིས་ཏེ། ཁྱོད་ངན་པ་དགུ་འཛོམས་ཡིན་ན། ང་བཟང་བོ་བཅུ་འཛོམས་ཡིན་ཞེས་ཟེར་རོ། །

ཡང་། གནམ་ལོ་ནམ་ཤར་གྱི་རང་ལོ་སྟེ། གཅིག བཅུ་གསུམ། ཉེར་ལྔ། སོ་བདུན། ཞེ་དགུ། རེ་གཅིག དོན་གསུམ། གྱ་ལྔ། གོ་བདུན། བརྒྱ་དང་དགུ་སོགས་ཀྱི་ལོ་ཐོག་ཏུ་ཁེལ་ན། ཆེས་ཆེར་འཛེམ་པ་དང་། ཁྱད་པར་དུ་རེ་གཅིག་སྟེང་། རབ་བྱུང་གཅིག་དང་། ཚེ་ལོ་དྲུག་ཅུ་རྫོགས་པ། རང་ལོར་ཁེལ་བས་ཧ་ཅང་འཛེམ་པ་ཡིན། ཡང་། ལོ་ཟླ་དང་ཉི་མ་ནག་ཆེན་ནག་ཆུང་། ཞག་ནག་སོགས། བྱ་ལས་གང་ལའང་ཕལ་ཆེར་འཛེམ་པ་དང་། གཞན་ཡང་། སྤར་ཁ་སྲབ་མཐུག་ཤོར་བ། ཆོས་སྲིད་ཀྱི་དུས་སྟོན། མཐུ་གཏད་མནན་གསུམ། ཀླུའི་ཐེབས་ལྡོག ལྷ་བསང་དང་ལབ་ཙེ་བསྟོད་པ། ཞིང་རྨོ་འདེབས། ནོར་ཕྱུགས་གཏོང་ལེན། ཁང་གསར་ཕིབ་པ། གཤིན་ལས། བཙས་སྐར་བཙས་ལུང་། མིང་འདོགས་བྱ་བ། ཐབ་ཀ་བཅའ་བ། རབ་བྱུང་སྒྲུབ་པ། ཆང་ས་རྒྱག་པ། ཁང་བའི་ས་བདག་གནས་ཚུལ། ཁང་བའི་སྒོ་འབུབ། ཁྱིམ་གསར་འཛིན། ཐ་ན་སྐྲ་གཞར་བ་དང་གོས་བཟོ་བ་སོགས་ལ་གཟའ་སྐར་འཕྲོད་སྦྱོར་ངན་པར་ཁེལ་ཚེ་དེ་ལ་གཡོལ་ཐབས་བྱེད་པ་དང་། གལ་ཏེ་གཡོལ་མ་ཐུབ་ཚེ། ཆོས་ལུགས་ལྟར་གེགས་སེལ་དང་། རྩིས་གཞུང་ལས་གསུངས་པ་ལྟར་བཅོས་ཐབས་བྱེད་དོ། །

༤ གཉེན་སྒྲིག་སྐབས་ཀྱི་འཛེམ་བྱ།

གཉེན་སྒྲིག་ཅེས་པ་ལ་ཡིག་རྙིང་དུ་སྨྱན་སྒྲིག་ཅེས་ས་སྨྱན་བྲིས་པ་མང་དུ་སྣང་། གཉེན་བྱ་བ་ལ་གལ་ཆེ་བ་ཞིག་ནི། ཆོ་རིགས་དང་ཆོ་འབྲིང་མི་ཐོག་བདུན་ཤ་རུས་ཁྲག་རྒྱུད་ཀྱིས་མ་སྦྲེལ་བ་ཞིག་སྟེ། དེ་ནི་བྱིས་པ་ཡ་མ་བརླ་མི་སྐྱེས་ཞིང་སྐྱེས་གཟུགས་ལེགས་ཤིང་ཤེས་རིག་བཀྲ་བ་ཡོང་ཆེད་ལགས་པས། དེང་སང་གི་འཕྲོད་བསྟེན་ཚན་རིག་གི་བཤད་སྟངས་དང་མཐུན་པ་ཡིན། ཁྱད་པར་དུ་མོ་རྩིས་ལུང་གསུམ་མཐུན་སྣང་དུ་གྲུབ་པ་གལ་ཆེ། དེ་མིན་གཉེན་བྱེད་ཕོ་མོ་གཉིས་བདུན་ཟུར་ལ་ཁེལ་བ་སྟེ། སྟག་སྤྲེལ་གཉིས་ཀྱིས་སྡེར་འབྲད། ཁྱི་འབྲུག་གིས་ཐོག་རྒྱག གླང་ལུག་ཕུང་གྱོད། བྱི་རྟས་བྲེད་བྲལ། ཕག་ཚང་དུ་སྦྲུལ་རྒྱུག བྱ་ཡོས་ཀྱིས་ཞེ་བྲལ། ཞེས་ལོ་རུས་དང་སྤར་ཁ་སོགས་མི་མཐུན་པར་ཧ་ཅང་འཛེམ་པ་ཡིན། གལ་ཏེ་གཉེན་བྱ་དགོས་བྱུང་ན། འགྲུལ་བཞུད་ཆེ་སའི་གྱང་ངོས་སོགས་སུ་བདུན་ཟུར་གང་ཡིན་བྲིས་ནས་གེགས་སེལ་གཏོ་བཅོས་བྱེད་པ་སྟེ། དཔེར་ན། སྟག་སྤྲེལ་གྱི་བདུན་ཟུར་ཡིན་ན། སྟག་སྤྲེལ་རྩལ་གྱི་བདུན་ཟུར་གཅོད་ཅེས་འབྲི་བ་བཞིན་ནོ། །བག་མ་བསུ་སྐྱེལ་གྱི་སྐབས་སུ་བག་རོགས་དང་། མག་རོགས་ལའང་ཁ་རྗེ་རླུང་རྟ་ཉམས་པའི་མི་སྣར་འཛེམ་པ་དང་། བག་མ་ཕེབས་ཉིན་ཡང་བག་ལམ་ཁ་བས་བཀག་པ་དང་སྣོད་སྟོང་སོགས་ལ་འཛེམ་པ་ཡིན་ནོ། །

༥ འཚོ་བའི་ཐད་ཀྱི་འཛེམ་བྱ།

བླ་དཔོན་མཐོ་ཤོས་མཁན་སློབ་སོགས་སུ་མཇལ་ཚེ་གོས་ཚགས་ལེགས་པར་བགྱིས་ཏེ་ཞྭ་ཕུད་པ་སོགས་གུས་ཉམས་མང་བོ་སྟོན་པ་དང་འུར་སྒྲ་མི་སྒྲོག་པ་ཡིན། ལྷ་ཆས་མཆོད་ཆས་ཀྱི་རིགས་དང་། ཞྭ་དང་སྟོད་གོས་རྣམས་མཐོ་སར་འཇོག བཟའ་བའི་སྐོར་ལའང་རྨིག་རྡུམ་དང་སྡེར་ཐོགས་སོགས་ཀྱི་ཤ་ལ་འཛེམ་ཞིང་། གསོལ་ཇ་འདྲེན་སྐབས་ཀྱང་དཀར་ཡོལ་སོགས་ལག་པ་ཡ་གཅིག་གིས་མི་སྟེར་བ་ཡིན། ཁྱིམ་རྒྱུད་གཅིག་ལས་མཆེད་པའི་རྩ་འཇིང་འདུ་འཛོམས་ཀྱི་སྐབས་སུ་གཞས་ལེན་པ་དང་འཁྲིག་ཚིག་མི་སྨྲ་བ་དང་། ཁྱད་པར་དུ། རི་བོ་ཡིད་དུ་འོང་བ་དང་། མཚོ་རྫིང་ལྟ་ན་སྡུག་པ་ལ་ལྷ་ཀླུ་གནས་པའི་འདུ་ཤེས་ཀྱིས་ས་བརྐོ་རྡོ་སློག་དང་། མི་གཙང་བ་གང་སར་མི་འདོར་བ། དེར་གནས་ཀྱི་སྲོག་ཆགས་ཡང་ལྷ་ཀླུས་བདག་ཏུ་བཟུང་བར་བསམ་ནས་གནོད་འཚེ་དང་། ཀི་འདེབས་པ། ལྟེང་ཀ་སོགས་ལག་པ་བཀྲུ་བ་སོགས་ལ་ཧ་ཅང་འཛེམ་པ་ཡིན། ཁྱིམ་དུ་ནད་པ་ཚབས་ཅན་ཡོད་ན་སྒོ་ངོས་སུ་ཤུག་པ་བཙུགས་ཏེ་མགྲོན་པོར་འཛེམ་པ་དང་། ཁྱིམ་གཞིས་ཀྱི་ཕུག་ཏུ་བུད་མེད་ཀྱི་སྐྲ་མི་ཤད་ཅིང་། སོ་མང་དང་སྐྲ་ཤད་ཀྱང་ཁྱིམ་སྟོད་དུ་མི་འཇོག་པ་དང་། ཕྲུ་གུ་བཙས་པའི་ཚེ་སྒོའི་ཕྱི་རོལ་ཏུ་ཤུག་པ་འཛུགས་པ་དང་ཐོ་བསླངས་ཏེ། མི་མཐུན་པའི་རྫས་དང་མགྲོན་པོ་སོགས་ལ་འཛེམ་པ་སོགས་ཡིན་ནོ། །

༦ ཐབ་འགྲམ་གྱི་འཛེམ་བྱ།

བོད་མི་ཀུན་གདོད་མ་ནས་ཐབ་ལ་ཐབ་ལྷ་དང་མེ་ལ་མེ་ལྷ་ཡོད་པར་བཤད། དེ་ནི་བུད་མེད་ཡུ་མོ་བཅིབ་པ། དར་ཟབ་གྱི་ན་བཟའ་གསོལ་ཞིང་གཡུ་ཆས་ཅན། ལག་ཏུ་གཟར་བུ་ཐོགས་པ་ཞིག་ཏུ་འདོད་ལ། དེ་ཡིས་ཐེའུ་སྲིན་དང་བསེ་རག་འགོང་བོ་སོགས་སྲུང་ཞིང་། ཐབ་དང་གཡོས་སྦྱོར་སྣ་ཚོགས་ལ་ཁ་འཛིན་སྡོང་གྲོགས་བྱེད་པར་གསུངས། དེ་བས། ཐབ་ལྷ་མནོལ་གྲིབ་ཕོག་པར་ཧ་ཅང་འཛེམས་པ་སྟེ། དཔེར་ན། ལྷ་སྲུང་མི་གཅིག་པའི་ཁྱིམ་ཚང་གི་ཅ་ལག་དང་། ལྷམ་དང་དོར་མ་འགོམ་པའམ། ཡུགས་ས་མའི་རེག་པ་སོགས་བྱས་ན། ཟས་བཅུད་ཉམས་པ་དང་། མིག་ནད་དང་ཆག་སྒོ་འབྱུང་བར་བཤད། དེ་ལྟར་མནོལ་གྲིབ་བྱུང་ཚེ་ཆོས་བྱེད་མི་སྣ་གདན་དྲངས་ཏེ་ཐབ་ལྷ་མཆོད་པ་དང་། ཐབ་བསང་གི་ཆོ་ག་སོགས་བཏོན་ཏེ་སླར་བཅོས་ཐབས་བྱེད་པར་མ་ཟད། དུས་རྒྱུན་ཡང་མནོལ་བཙོག་འགོག་ཆེད་དྲི་བཟང་བདུག་པ་འམ། མེ་འབུད་མཚམས་བཞག་དུས། ཐབ་བསང་ཡང་ཡང་གཏོང་ངོ་། །འདུག་ཚུལ་ཡང་། ཕོ་ཁྱིམ་གྱི་གྲུ་སྟོད་དུ་རྒན་པ་དང་འགྲུལ་ཆེན། དེའི་འགབ་ཏུ་དར་མ་དང་བྱིས་པ་འདུག མོ་ཁྱིམ་གྱི་སྟོད་དང་གྲུ་སྟོད་དུ། རྒན་མོ་དང་མོ་འགྲོན་འདུག མར་སྒྱེད་རྩར་ཇ་མ་དང་། འགབ་ཏུ་མོ་གཞོན་དང་བྱིས་པ་འདུག་ལ། དེ་ལས་ལྡོག་སྟེ་བསྡད་ན་ཧ་ཅང་རྣམ་རྟོག་བྱེད་དོ། །

༧ གཤིན་ལས་སྐབས་ཀྱི་འཛེམ་བྱ།

དཔེར་ན། ཚེ་འདས་དེ་གཟའ་ཆེན་ཉི་མར་འདས་པ་ཡིན་ན། ཉི་མ་དགུ་ཁྲིད། ཅེས་འཚུབ་ངོ་བཤད་པས། དེ་ལ་ཧ་ཅང་འཛེམ་སྟེ། ཆག་སྒོ་བཟློག་ཆེད་སོག་མའི་ཚིགས་དགུ་དང་། ཆུ་བོ་དགུ་ཡི་ཆུ་སྣ་བཅས་ས་འོག་ཏུ་སྦོ་ཞིང་། ཕུད་སྐར་གྱི་ཉིན་བེམ་པོ་དང་མཉམ་དུ་ཟན་གྱི་ངར་མི་དགུ་ཡང་བསྐྱལ་དགོས། དེ་བཞིན་དུ། གཟའ་ཆེན་ཉི་མར་སྒྲུབ་པའི་ཚུལ་དུ་ཆུ་གྲང་ཕོར་གང་གི་སྟེང་དུ་གཟའ་ཉི་མའི་རི་མོ་བྲིས་ཏེ་ཁང་ཐོག་ཏུ་འཇོག་པ་དང་། གཞན་གཟའ་ཆེན་ཟླ་བར་འདས་པ་ཡིན་ན་དུར་ཁ་གཅོད་པའི་ཚུལ་དུ། ནས་དང་སྲན་མའི་ཚིགས་མ་དང་། ཉ་གཟུགས་སཙྪ་བེམ་སྟེང་དུ་འཇོག་ཅིང་། ཤི་སྐར་གཟའ་ཆེན་སྤེན་པར་ཁེལ་ཚེ་། གཡང་ཁ་མི་ཉམས་པའི་ཚུལ་དུ་བྲ་བོའི་ཟན་གྱི་ངར་མི་ལྔ་ས་འོག་ཏུ་སྦ་བའམ། འདས་པོའི་ཕུང་བོ་དང་མཉམ་དུ་དུར་ཆས་སྐྱེལ་བ་དང་། རོ་ལངས་རྒྱག་ཏུ་དོགས་ནས་འཕྲད་རེག་བྱེད་དུ་མི་འཇུག་པ་དང་།

ཞེ་དགུའི་ནང་། འཛེམ་དགོས་པ་ནི། སྐྲ་དང་སྨྲ་ར་ཁ་སྤུ་བཞར་བ་དང་། རྒྱན་ཆ་སོགས་འདོགས་པ། བུད་མེད་ཀྱིས་སྐྲ་གཤད་པ་། ཕོ་མོ་གཉིས་ཀས་གོས་གསར་གྱོན་པ། ལོ་གཅིག་གི་ནང་གླུ་གར་སོགས་རྩེ་བ། དུས་སྟོན་འདྲ་མིན་དུ་ཞུགས་པ། ཁང་བའི་དུད་པ་ལེན་པ་སོགས་ལ་འཛེམས་ཏེ་བྱ་ལས་དེ་དག་མི་བྱེད་པ་དང་།

བེམ་པོ་སྐྱེལ་ཚེ་ཡང་སྐྱེལ་མི་རྣམས་ཁ་ཕྱིར་འཁོར་བ་དང་། ངལ་གསོ་རྒྱག་པ་སོགས་ལ་འཛེམ་པ་དང་། སྦྱིན་སྲེག་གམ་གཟན་བསྒྱུར་གྲུབ་རྗེས། ཕྱིར་ཁྱིམ་དུ་ཡ་བྱས་ཏེ་ལོག་པ་ལས། ཆ་བྱས་ཏེ་ལོག་པ་ལ་འཛེམ་པ་སོགས་སོ། །

བཅོ་བརྒྱད་པ། ལྷ་ཀླུ་གདོན་བགེགས་ཀྱི་སྐོར།

དང་བོ། གཙང་རིས་ཀྱི་མགོན་པོ་བདུན་ཅུ་རྩ་ལྔ།

ལྷ།

ཀློང་རྡོལ་བླ་མས། ལྷ་ཐམས་ཅད་གཙང་རིས་ཀྱི་མགོན་པོ་བདུན་ཅུ་རྩ་ལྔའི་ཁོངས་སུ་འདུ་བར་གསུངས་པ་ལྟར། དེ་དག་ནི་རྒྱལ་བོ་ཆེན་པོ་བཞི། ཕྱོགས་སྐྱོང་བ་བཅུ། ལྷ་ཆེན་པོ་བརྒྱད། ཀླུ་ཆེན་པོ་བརྒྱད། གཟའ་ཆེན་པོ་བརྒྱད། རྒྱུ་སྐར་ཉི་ཤུ་རྩ་བརྒྱད། འཇིགས་བྱེད་ཆེན་པོ་དགུ་སྟེ། བདུན་ཅུ་རྩ་ལྔའོ། །

ཆོས་འབྱུང་མཁས་པའི་དགའ་སྟོན་ལས་དཔལ་མགོན་བདུན་ཅུ་རྩ་གཉིས་ཞེས་འབྱུང་བ་བརྟག་དགོས། སྤྱིར་རྒྱལ་བོ་ཆེན་པོ་བཞི་དང་། ཕྱོགས་སྐྱོང་བ་བཅུ་འམ་བཅོ་ལྔ། ལྷ་ཆེན་པོ་བརྒྱད། ཀླུ་ཆེན་པོ་བརྒྱད། གཟའ་ཆེན་པོ་བརྒྱད། རྒྱུ་སྐར་ཉི་ཤུ་རྩ་བརྒྱད། འཇིགས་བྱེད་ཆེན་པོ་དགུ་སྟེ་བརྒྱད་ཅུ་བོ། ཇོ་བོ་རྗེ་ཨ་ཏི་ཤ་སོགས་ཀྱིས་དཀར་བོ་བརྒྱད་ཅུ་ཞེས་འདྲེན་ཡང་། ཀུན་རིག་གི་དཀྱིལ་འཁོར་དང་ཤངས་པ་བཀའ་བརྒྱུད་རྣམས་ཀྱིས་ཕྱོགས་སྐྱོང་བཅོ་ལྔ་ལས་ལྔ་ཕྲི་ནས་གཙང་རིས་ཀྱི་དཔལ་མགོན་བདུན་ཅུ་དོན་ལྔར་བཤད་དོ། །དེ་དག་ལས།

༡ རྒྱལ་བོ་ཆེན་པོ་བཞི་ནི།

༡ ཤར་ཕྱོགས་སྐྱོང་བ་ཡུལ་འཁོར་སྲུང་། ༢ ལྷོ་ཕྱོགས་སྐྱོང་བ་འཕགས་སྐྱེས་བོ། ༣ ནུབ་ཕྱོགས་སྐྱོང་བ་སྤྱན་མི་བཟང་། ༤ བྱང་ཕྱོགས་སྐྱོང་བ་རྣམ་ཐོས་སྲས་སོ། །འདི་དག་ནི་གཙུག་ལག་ཁང་གི་སྒོ་འཕྱོར་གྱི་ལྡེབས་རིས་སོགས་སུ་ས་ཁྱབ་རྡོ་ཁྱབ་ཏུ་སོང་ཡོད་པས། རྣམ་པ་དང་ཕྱག་མཚན་བཞུགས་སྟངས་སོགས་དེར་བལྟ་བར་བྱའོ། །

༢ ཕྱོགས་སྐྱོང་བཅུ་འམ་བཅོ་ལྔ་ནི།

དབང་བོ། གཤིན་རྗེ། ཆུ་ལྷ། གནོད་སྦྱིན། མེ་ལྷ། སྲིན་པོ། རླུང་ལྷ། འབྱུང་བོ། ཚངས་པ། སའི་ལྷ་མོ་བསྟན་མ་བཅས་བཅུ་དང་། དེའི་སྟེང་ཉེ་དབང་། ཚོགས་བདག ཉི་མ། ཟླ་བ། ཐགས་བཟང་རིས་བསྣན་པའི་བཅོ་ལྔར་བཞེད་དོ། །དེ་དག་གི་ཆ་བྱད་ནི། ༡ དབང་བོ་སེར་བོ། གཡས་རྡོ་རྗེ་དང་གཡོན་དཀུར་བརྟེན་པ། མཆེ་བ་དྲུག་ལྡན་གྱི་གླང་ཆེན་ལ་རོལ་སྟབས་ཀྱིས་བཞུགས་པ། ཆུང་མ་ཤ་ཙི་དང་ཨུ་པ་ལི་གཉིས་དང་བཅས་པའི་འཁོར་གྱིས་བསྐོར་བ། བརྒྱ་བྱིན་ལ་སུམ་རྩེན་གྱི་བདག་པོ་དང་། ཤེར་མདོའི་ལྒིང་གཞིའི་དེ་དང་། སངས་རྒྱས་ཀྱི་སྐབས་སྨིན་གྲོལ་དུ་བཀོད་པའི་བརྒྱ་བྱིན་སོགས་ཡོད་ཀྱང་། འདིར་བསྟན་ཚངས་པ་ནི་སུམ་ཅུ་རྩ་གསུམ་དབང་བསྒྱུར་བའི་བརྒྱ་བྱིན་ནོ། །༢ གཤིན་རྗེ་སྔོན་པོ་མ་ཧེ་ལ་ཞོན་པ། གཡས་བེ་ཅོན་དང་གཡོན་དཀུར་བརྟེན་པ། ནག་མོ་དང་འཆི་བདག་མའི་ཆུང་མ་དང་བཅས་པ། ༣ འཆི་བདག་དཀར་དམར་སྦྲུལ་གྱི་གདེངས་ཀ་ཅན། ཆུ་སྲིན་དམར་བོའི་གདན་ལ་བཞུགས་པ། གཡས་ཞགས་པ་དང་། གཡོན་རིན་པོ་ཆེ་འཛིན་པ། ཆུང་མ་དང་བཅས་པའི་འཁོར་གྱིས་བསྐོར་བ། ༤ གནོད་སྦྱིན་རྒྱལ་བོ་སེར་བོ་རྟ་དཀར་ལ་ཞོན་པ། གཡས་རིན་པོ་ཆེའི་སྙེ་མ་དང་། གཡོན་ནེའུ་ལེ་འཛིན་པ་ཡུམ་དང་བཅས་པའོ། །༥ མེ་ལྷ་དམར་བོ་ལོ་བརྒྱ་ལོན་པའི་ན་ཚོད་ཅན། ར་སྐྱེས་དམར་བོ་ལ་ཞོན་པ། གཡས་རིལ་བ་སྤྱི་བླུགས་དང་། གཡོན་དབྱུག་པ་འཛིན་པ། ཡུམ་དང་འཁོར་དུ་མས་བསྐོར་བ། ༦ སྲིན་པོ་དམར་ནག་ཡུམ་དང་བཅས་པ་ཡི་དྭགས་ལ་ཞོན་པ། གཡས་རལ་གྲི་དང་། གཡོན་དཀུར་བརྟེན་པ། ༧ རླུང་ལྷ་སྔོན་པོ་ཡུམ་དང་བཅས་པ་ཤ་བ་ལ་ཞོན་པ། གཡས་བ་དན་དང་གཡོན་རྒྱལ་མཚན་འཛིན་པ། ༨ འབྱུང་བོ་ཐལ་སྐྱ་ཕྱག་བཞི་བ་ཡུམ་དང་བཅས་པ་ཁྱུ་མཆོག་ལ་ཞོན་པ། གཡས་པ་གཉིས་ན་རྩེ་གསུམ་དང་ཨ་སྨྲ། གཡོན་པ་གཉིས་ན་རིལ་བ་སྤྱི་བླུགས་དང་རཀྵའི་ཕྲེང་བ་འཛིན་པ། ༩ སའི་ལྷ་མོ་སེར་མོ་པདྨ་ལ་བཞུགས་པ། ཕྱག་གཉིས་ཀྱིས་པདྨ་བཟུང་ནས་འདུད་ཚུལ་བསྟན་ཏེ་འཁོར་དུ་མས་བསྐོར་བ། ༡༠ ལྷ་མ་ཡིན་དམར་ནག་གོ་ཆ་གྱོན་ཏེ་འབོལ་སྟན་དུ་བཞུགས་པ། ཕྱག་གཡས་སུ་རལ་གྲི་འཛིན་པ། ༡༡ ཀླུ་དཀར་བོ་སྦྲུལ་གྱི་གདེངས་ཀ་ཅན། ལག་གཉིས་གྱིས་རིན་པོ་ཆེའི་སྣོད་ཐོགས་པ། བསྟན་མ་དང་། ལྷ་མ་ཡིན་དམར་ནག ཀླུ་གསུམ་ནི་ཕྱོགས་སྐྱོང་བཅུར་འབྱེད་སྐབས་འོག་ཕྱོགས་སྐྱོང་བའི་སྡེ་ཚན་ཞེས་གཅིག་ཏུ་འདྲེན་ནོ། །

༡༢ ཚངས་པ་སེར་བོ་ཕྱག་བཞི་བ་དུར་བའི་གདན་ལ་བཞུགས་པ། གཡས་གཉིས་ལྒིགས་བམ་དང་ཕྲེང་བ། གཡོན་གཉིས་མཆོག་སྦྱིན་དང་རིལ་བ་སྤྱི་བླུགས་འཛིན་པ། མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་ཚངས་པ་ལ། གནས་ཀྱི་སྒོ་ནས་གསུམ་དང་། རིགས་ཀྱི་སྒོ་ནས་གསུམ་སོགས་ཕྱེས་ཡོད་ཀྱང་། འདི་ནི་གཙང་རིས་ཀྱི་ཚངས་པའོ། །༡༣ ཉི་མ་དམར་བོ་ཕྱག་གཡས་རྡོ་རྗེ་དང་གཡོན་པདྨའི་སྟེང་ན་ཉི་མའི་དཀྱིལ་འཁོར་འཛིན་པ། རྟ་བདུན་གྱི་དྲངས་པའི་ཤིང་རྟ་ལ་སྡོད་པའོ། །༡༤ ཟླ་བ་དཀར་བོ་ལག་གཉིས་པདྨ་ལ་ཟླ་བའི་དཀྱིལ་འཁོར་བཟུང་སྟེ་ངང་བ་ལ་ཞོན་པའོ། །ཚངས་པ་དང་། ཉི་མ། ཟླ་བ་གསུམ་ཡང་སྟེང་ཕྱོགས་སྐྱོང་བའི་སྡེ་ཚན་ཞེས་གཅིག་ཏུ་འདྲེན་ནོ། །འདིར་ཕྱོགས་སྐྱོང་དང་ལྷ་ཆེན་འགའ་ཞིག་བཟླས་པ་ལྟར་སྣང་བ་ནི། སྨྲི་ཏིའི་ཀུན་རིག་སྒྲུབ་ཐབས་ལས། དཀྱིལ་འཁོར་སོ་སོར་གནས་པས་མི་འགལ་བར་གསུངས་སོ། །

༣ ལྷ་ཆེན་བརྒྱད།

༡ བརྒྱ་བྱིན་དཀར་སེར་གཡས་རྡོ་རྗེ་དང་གཡོན་རང་འདྲའི་ཆུང་མར་འཁྱུད་པ། ༢ ཚངས་པ་སེར་བོ་གཡས་རིན་པོ་ཆེ་དང་གཡོན་རང་འདྲའི་ཆུང་མར་འཁྱུད་པ། ༣ དབང་ཕྱུག་ནག་པོ་ཞབས་གཉིས་སྐྱིལ་ཀྲུང་གིས་བཞུགས་ཏེ་མདུང་རྩེ་གསུམ་འཛིན་པ། ༤ ཁྱབ་འཇུག་ནག་པོ་གཡས་འཁོར་ལོ་དང་གཡོན་རང་འདྲའི་ཆུང་མར་འཁྱུད་པ། ༥ གདོང་དྲུག་དམར་བོ་བྱིས་པའི་མདོག་ཅན་ཞལ་དྲུག་པ། གཡས་ཤཱཀ་ཏི་འམ་གྲི་གུག་དང་གཡོན་རང་འདྲའི་ཆུང་མར་འཁྱུད་པ། ༦ དབང་ཕྱུག་དམར་བོ་གཡས་མདའ་གཞུ་དང་གཡོན་པས་རང་འདྲའི་ཆུང་མར་འཁྱུད་པ། ༧ ཚོགས་བདག་དཀར་བོ་གླང་གདོང་ཅན། གཡས་དགྲ་སྟ་དང་། གཡོན་རང་འདྲའི་ཆུང་མར་འཁྱུད་པ། ༨ བྷྲིང་གི་རི་ཏི་རུས་པའི་མདོག་ཅན། གཡས་རིན་པོ་ཆེའི་སྒྲོམ་དང་གཡོན་པས་རང་འདྲའི་ཆུང་མར་འཁྱུད་པའོ། །འདི་དག་ལ་གྲངས་འདྲེན་གཞན་ཡང་ཡོད་དོ། །

༤ ཀླུ་ཆེན་བརྒྱད།

༡ ཤར་དུ་ནོར་རྒྱས་དཀར་བོ་ཨུཏྤལ་སྔོན་པོས་མཚན་པ། ༢ ལྷོར་པདྨ་དཀར་བོ་དབུ་ལ་ཐིག་ལེ་གསུམ་གྱིས་མཚན་པ། ༣ ནུབ་ཏུ་སྟོབས་རྒྱུ་སྔོན་པོ་མགྲིན་པར་རི་མོ་གསུམ་གྱིས་མཚན་པ། ༤ བྱང་དུ་འཇོག་པོ་དམར་བོ་དཔལ་བེའུ་ཀྱིས་མཚན་པ། ༥ ཤར་ལྷོར་དུང་སྐྱོང་སེར་བོ་ཐིག་ལེས་མཚན་པ། ༦ ལྷོ་ནུབ་ཏུ་རིགས་ལྡན་དཀར་བོ་ཟླ་ཕྱེད་ཀྱིས་མཚན་པ། ༧ ནུབ་བྱང་དུ་མཐའ་ཡས་སྣ་ཚོགས་མདོག་སྟེ་རྨ་བྱའི་མགྲིན་པ་བཞིན་པདྨས་མཚན་པ། ༨ བྱང་ཤར་དུ་པདྨ་ཆེན་པོ་དཀར་བོ་རྩེ་གསུམ་གྱིས་མཚན་པའོ། །གཞན་དུ་ཀླུ་ཆེན་བརྒྱད་ཀྱི་བཞུགས་གནས་དང་སྐུ་མདོག་ཆ་བྱད་སོགས་གསུངས་ཚུལ་གཞན་ཡང་ཡོད་དོ། །དེ་དག་ནི་སྟོད་མི་ལ་སྨད་སྦྲུལ་མཇུག་ཏུ་ཡོད་པ་སྦྲུལ་མགོའི་གདེངས་ཀ་ཅན། ཚེ་ཚད་བསྐལ་བ་མ་སྟོངས་བར་དུ་གནས་པའང་ཡོད་དོ། །

༥ གཟའ་ཆེན་པོ་བརྒྱད།

༡ ཉི་མ་དམར་བོ་རྟ་བདུན་གྱི་ཤིང་རྟ་ལ་བཞུགས་པ། ལག་གཉིས་ཀྱིས་པདྨ་ལ་ཉི་མའི་དཀྱིལ་འཁོར་གསལ་བ་འཛིན་པ། རྒྱལ་བོའི་བླ་གཟའ་རྒྱལ་རིགས་ལ་གཏོགས་པ། ཐུགས་ཞི་བ་མེ་ཁམས་ལ་གནས་པའོ། །༢ ཟླ་བ་དཀར་བོ་ངང་བ་ལ་བཅིབ་པ། ལག་གཉིས་ཀྱིས་པདྨ་ལ་ཟླ་བའི་དཀྱིལ་འཁོར་ཤར་བ་འཛིན་པ། བུད་མེད་ཀྱི་བླ་གཟའ་རྗེ་རིགས་ལ་གཏོགས་པ། ཐུགས་ཞི་བ་ཆུ་ཁམས་ལ་གནས་པའོ། །༣ མིག་དམར་དམར་བོ་ར་སྐྱེས་ལ་ཞོན་པ་གཡས་ཆུ་གྲི་དང་གཡོན་མི་མགོ་ཟ་བ། དམག་དཔོན་གྱི་བླ་གཟའ་རྒྱལ་རིགས་ལ་གཏོགས་པ། ཐུགས་དྲག་པོ་མེ་ཁམས་ལ་གནས་པའོ། །༤ ལྷག་པ་སེར་བོ་པད་གདན་ལ་བཞུགས་པ། ལག་གཉིས་ཀྱིས་མདའ་གཞུ་འཛིན་པ། རྒྱལ་བུའི་བླ་གཟའ་དམངས་རིགས་ལ་གཏོགས་པ། ཐུགས་ཞི་བ་ཆུ་ཁམས་ལ་གནས་པའོ། །༥ ཕུར་བུ་དཀར་བོ་པད་གདན་ལ་བཞུགས་པ། གཡས་ཕྲེང་བ་དང་གཡོན་རིལ་བ་སྤྱི་བླུགས་འཛིན་པ། བཙུན་པའི་བླ་གཟའ་བྲམ་ཟེའི་རིགས་སུ་གཏོགས་པ། ཐུགས་ཞི་མ་ཁྲོ་རླུང་ཁམས་ལ་གནས་པ། ༦ པ་སངས་དཀར་བོ་བུམ་པ་ལ་བརྟེན་པ། གཡས་ཕྲེང་བ་དང་གཡོན་སྤྱི་བླུགས་འཛིན་པ། བུད་མེད་ཀྱི་བླ་གཟའ་བྲམ་ཟེའི་རིགས་སུ་གཏོགས་པ། ཐུགས་ཁྲོ་བོ་ས་ཁམས་ལ་གནས་པ། ༧ སྤེན་པ་ནག་པོ་རུས་སྦལ་གྱི་གདན་ལ་བཞུགས་པ། ལག་གཡས་པས་དབྱུག་པ་འཛིན་པ། བྱིས་པའི་བླ་གཟའ་གདོལ་རིགས་སུ་གཏོགས་པ། ཐུགས་ཁྲོ་བོ་ས་ཁམས་ལ་གནས་པ། ༨ སྒྲ་གཅན་ནག་པོ་གཡས་ཟླ་བ་དང་གཡོན་ཉི་མ་འཛིན་པའོ། །

༦ རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ནི།

རྒྱུ་སྐར་དེ་དག་ནི། ལྷ་མོ་ཉེར་བརྒྱད་དུ་བཤད་པ་ཡང་ཡོད་དེ། ཐུའུ་བཀྭན་ཆོས་ཀྱི་ཉི་མས། ༡ ཐ་སྐར་དཀར་བོ་བུད་མེད་ཀྱི་གཟུགས་ཅན་སྟོད་གཡོགས་གཡོ་བ་དང་བཅས་པ། ལག་པ་གཉིས་ཐལ་མོ་སྦྱར་བའོ། །དེ་དག་ཐམས་ཅད་ཀྱང་གོས་སྟོད་གཡོགས་གཡོ་བ་བུད་མེད་གཟུགས་ཅན་ཕྱག་ཐལ་མོ་སྦྱར་བ་ནི་འདྲ་ཞིང་། ཁ་དོག་ནི། ༢ བྲ་ཉེ་ལྗང་། ༣ སྨིན་དྲུག་ལྗང་སེར། ༤ སྣར་མ་དམར་སྐྱ། ༥ མགོ་ནག ༦ ལག་དཀར། ༧ ནབས་སོ་ཡང་དཀར། ༨ རྒྱལ་ལྗང་། ༩ སྐག་དཀར། ༡༠ མཆུ་དམར﹙འདིར་རྡོ་རྗེ་ཕྲེང་བར་སེར་བོར་བཤད﹚། ༡༡ གྲེ་ལྗང་སེར། ༡༢ དབོ་ལྗང་། ༡༣ མེ་བཞི་དཀར། ༡༤ ནག་པ་ལྗང་། ༡༥ ས་རི་དཀར﹙འདི་ཡང་རྡོ་རྗེ་ཕྲེང་བར་སེར་བོ་བཤད﹚། ༡༦ ས་ག་ནག ༡༧ ལྷ་མཚམས་ལྗང་། ༡༨ སྣྲོན་དང་༡༩ སྣུབས་གཉིས་དཀར། ༢༠ ཆུ་སྟོད་ནག ༢༡ ཆུ་སྨད་དམར་སྐྱ﹙འདི་སྔོན་པོ་ཟེར་སྲོལ་ཡང་ཡོད﹚། ༢༢ གྲོ་བཞིན་ཡང་དམར་སྐྱ། ༢༣ བྱི་བཞིན་ལྗང་། ༢༤ མོན་གྲུ་ནག ༢༥ མོན་གྲེ་སེར། ༢༦ ཁྲུམས་སྟོད་ལྗང་། ༢༧ ཁྲུམས་སྨད་སེར། ༢༨ ནམ་གྲུ་སེར་སྐྱ་སྟེ། ཐམས་ཅད་ཀྱང་ཁ་དོག་མ་གཏོགས་པ་ཐ་སྐར་དང་འདྲའོ། །ཞེས་གསུངས་ཡོད་པ་དེ་ཡང་ཆོས་དབྱིངས་གསུང་དབང་དཀྱིལ་མཆོག་ལས་འབྱུང་ངོ་། །

རྩིས་གཞུང་དག་ལས་གསུངས་ཚུལ་ནི། ཤར་དུ། ༡ སྨིན་དྲུག་དྲུག་སྟེ་ཤིང་རྟའི་དབྱིབས། ༢ སྣར་མ་ལྔ་སྟེ་ཤིང་རྟའི་འཕང་ལོ་འདྲ། ༣ མགོ་ལ་གསུམ་སྟེ་རི་དྭགས་མགོ་བོ་འདྲ། ༤ ལག་ལ་གཅིག་སྟེ་ཐིག་ལེ་ལྟ་བུ། ༥ ནབས་སོ་གཉིས་ཏེ་རྐང་བ་འདྲ། ༦ རྒྱལ་ལ་གསུམ་སྟེ་རིལ་བའི་དབྱིབས། ༧ སྐག་ནི་གཅིག་ཡིན་ཐིག་ལེ་འདྲ﹙འདི་ལ་དྲུག་ཟེར་བའང་ཡོད﹚། ལྷོར། ༨ མཆུ་ལ་ལྔ་ཡོད་ཆུ་བོའི་མགུར། ༩ གྲེ་ནི་གཉིས་ཡིན་རྐང་བ་འདྲ། ༡༠ དབོ་ལ་གྲངས་གཉིས་ཁྲིའི་དབྱིབས། ༡༡ མེ་བཞིའི་གྲངས་ལྔ་ལག་པ་འདྲ། ༡༢ ནག་པ་གཅིག་ཉིད་ཡིན་པས་སྙིང་དང་འདྲ། ༡༣ ས་རི་གཅིག་ཡིན་ཐིག་ལེ་འདྲ། ༡༤ ས་ག་བཞི་སྟེ་རྭའི་རྟེན་གྱི་མགོ་འདྲ། ནུབ་ཏུ། ༡༥ ལྷ་མཚམས་བཞི་སྟེ་གླང་ཆེན་མགོ་དང་རྣ་བ་གཉིས། ༡༦ སྣྲོན་ནི་གྲངས་གསུམ་ཐེམ་སྐས་འདྲ། ༡༧ སྣྲུབས་ནི་གྲངས་དགུ་སྡིག་པའི་གཟུགས། ༡༨ ཆུ་སྟོད་བཞི་སྟེ་བ་མཇུག་སྒྲེང་བ་འདྲ། ༡༩ ཆུ་སྨད་བཞི་སྟེ་གླང་ཆེན་མཆོང་བ་འདྲ། ༢༠ གྲོ་བཞིན་གསུམ་སྟེ་རྔའི་དབྱིབས། ༢༡ བྱི་བཞིན་གསུམ་སྟེ་བ་ལང་མགོ་བོ་འདྲ། བྱང་དུ། ༢༢ མོན་གྲེ་ལ་བཞི་བྱ་ཡི་དབྱིབས། ༢༣ མོན་གྲུ་གཅིག་ཡིན་ཐིག་ལེ་འདྲ﹙བཞི་ཡོད་ཀྱང་ཟེར﹚། ༢༤ ཁྲིམས་སྟོད་གཉིས་ཡིན་རྟ་བ་འདྲ། ༢༥ ཁྲིམས་སྨད་གཉིས་ཡིན་རྐང་བའི་དབྱིབས། ༢༦ ནམ་གྲུ་སོ་གཉིས་སྐར་མའི་ཚོགས། ༢༧ ཐ་སྐར་གསུམ་སྟེ་བྱ་མཆུ་འདྲ། ༢༨ བྲ་ཉེ་གསུམ་ནི་མོ་རྟགས་འདྲ། ཞེས་སྐར་གྲངས་དང་དབྱིབས། ཕྱོགས་གར་ཡོད་བཅས་བསྟན་ཡོད་དོ། །བཀྲ་བརྩེགས་ཀྱི་མདོ་ལས་ཀྱང་རྒྱུ་སྐར་དེ་དག་ཤར་ལྷོ་ནུབ་བྱང་དུ་བདུན་བདུན་གནས་ཡོད་པ་དང་། ཕྱོགས་སྐྱོང་དང་ལྷན་དུ་སྐྱོང་ཚུལ་བསྟན་ཡོད་དོ། །

༧ འཇིགས་བྱེད་དགུ།

༡ འཇིགས་བྱེད་ཀྱི་བདག་པོ་ཆེན་པོ་ནག་པོ་སྤྱན་གསུམ་པ། མཆེ་བ་གཙིགས་པ། འཇིགས་པའི་ཆ་བྱད་ཅན། ལག་གཡས་པས་ཁ་ཊཱཾ་ཀ་འཛིན་ཅིང་གཡོན་པས་ཨུ་མར་འཁྱུད་པ། ༢ འཇིགས་བྱེད་པྲ་མི་ཏ་དཀར་བོ་ལག་གཡས་པས་རིན་ཆེན་འབར་བ་འཛིན་ཅིང་། གཡོན་པས་ཚངས་མར་འཁྱུད་པ། ༣ འཇིགས་བྱེད་བྷཻ་ར་ཝ་སྔོ་ནག་ལག་གཡས་པས་རྡོ་རྗེ་རྩེ་གསུམ་འཛིན་ཅིང་། གཡོན་པས་བདེ་སོགས་མར་འཁྱུད་པ།  ༤ འཇིགས་བྱེད་བྷཻ་ཤནྟྲ་དམར་ནག་ལག་གཡས་པས་མདའ་གཞུ་འཛིན་ཅིང་གཡོན་པས་ཁྱབ་འཇུག་མར་འཁྱུད་པ། ༥ འཇིགས་བྱེད་ཀུ་བེ་ར་དམར་ནག་ལག་གཡས་པས་ཐོད་དབྱུག་འཛིན་ཅིང་གཡོན་པས་རེའུ་དྲི་མར་འཁྱུད་པ། ༦ འཇིགས་བྱེད་ཡེ་ཤེས་བྷཻ་ར་ལྗང་ནག་ལག་གཡས་འཁོར་ལོ་འཛིན་ཅིང་གོ་རི་མར་འཁྱུད་པ། ༧ འཇིགས་བྱེད་བི་ཏི་སྔོ་ནག་ལག་གཡས་པས་དགྲ་སྟ་འཛིན་ཅིང་གཡོན་པས་ཝ་ར་ཧིར་འཁྱུད་པ། ༨ འཇིགས་བྱེད་ཀཱ་ལ་བྷཻ་ར་དུད་ཁ་ལག་གཡས་པས་རལ་གྲི་འཛིན་ཅིང་མ་ནུ་ཧ་ར་ལར་འཁྱུད་པ། ﹙འདིའི་ཁ་དོག་ས་སྐྱ་བས་སེར་བོ་དང་། རྒྱན་གཡེར་ལུགས་དམར་སྐྱ་དང་། རྗེ་ཡབ་སྲས་ཀྱིས་དུད་ཁར་བཞེད། ﹚༩ འཇིགས་བྱེད་ག་ན་བ་ཏི་སྔོ་ནག་ལག་གཡས་པས་རྡོ་རྗེ་འབར་བ་འཛིན་ཅིང་གཡོན་པས་ཙ་མུ་ཎྚྀར་འཁྱུད་པ། ཐམས་ཅད་ཀྱང་རབ་ཏུ་ཁྲོས་པའི་ཞལ་དང་ལྡན་པ། རང་མཚུངས་ཀྱི་བུད་མེད་ལ་ལག་པ་གཡོན་པས་འཁྱུད་པ་དང་ལྷན་གཅིག་པ། ས་སྐྱ་བ་ཐམས་ཅད་གཡས་བརྐྱངས་ཡིན་པར་བཞེད་ཀྱང་རྗེ་ཡབ་སྲས་ཀྱིས་གཡོན་བརྐྱངས་ཡིན་ཞེས་རྟ་མགྲིན་ཆོས་སྐོར་ལས་གསུངས་སོ། །

འདི་དག་ནི་རྒྱུད་ཀྱི་ཟིན་སོ་ཆེ་ཞིང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆ་གཉིས་རེ་དང་། དཀར་ཕྱོགས་དང་། ནག་ཕྱོགས་ཀྱི་ཆ་གཉིས་རེ་ཡོད། དཔེར་ན། སྔོན་འགྲོའི་གཏོར་མ་གཏོང་ཡུལ་ནི་འཇིག་རྟེན་པ་ཡིན་ཡང་། དཀར་ཕྱོགས་སྐྱོང་བའི་སྲུང་མ་ཡིན། ཕུར་བུ་འདེབས་ཡུལ་གྱི་ཕྱོགས་སྐྱོང་ནི་ནག་ཕྱོགས་ཀྱི་འཇིག་རྟེན་པ་ཡིན་པ་ལྟར། འདིར་དཀྱིལ་འཁོར་གྱི་དུར་ཁྲོད་ན་ཡོད་པ་ནི། གཙོ་བོའི་ཡེ་ཤེས་གྱི་སྣང་ཆ་ཡིན། གཞན་ཡང་། མདུད་ལྷ་སུམ་བརྒྱ་དྲུག་ཅུ། སྤོར་ཐང་བརྒྱད་ཅུའི་ལྷ། གབ་ཙེ་དགུའི་ལྷ། ལྷན་ཅིག་སྐྱེས་པའི་ལྷའི་རིགས་ལས་འགོ་བའི་ལྷ་ལྔ་སོགས་ཀྱི་ཆ་བྱད་དང་། གྲོགས་བྱེད་ཚུལ་སོགས་ནི། རྒྱས་པར་ཐུའུ་བཀྭན་ཆོས་ཉིའི་རྟ་མགྲིན་གསང་སྒྲུབ་ཀྱི་བསང་སྐོར་ལས་རྟོགས་པར་བྱའོ། །

གཉིས་པ། གདོན་བགེགས་ཀླུ་སོགས།

ལྷ་སྲིན་སྡེ་བརྒྱད།

གནམ་ས་བར་སྣང་ཀུན་ལ་དབང་བྱེད་པའི་སྣང་སྲིད་ཀྱི་ལྷ་སྲིན་སྡེ་བརྒྱད་ནི། རྒྱུད་སྡེ་ལས་གསུངས་པ་ལྟར་ན། ལྷ། ཀླུ། གནོད་སྦྱིན། ལྟོ་འཕྱེ། མཁའ་ལྡིང་། ལྷ་མིན། གྲུལ་བུམ། མི་འམ་ཅི་བཅས་བརྒྱད་དང་། ཡང་། དཀར་བོ་ལྷའི་སྡེ། ནག་པོ་བདུད་ཀྱི་སྡེ། དམར་བོ་བཙན་གྱི་སྡེ། སྨུག་པོ་དམུའི་སྡེ། ཁྲ་བོ་གཟའ་ཡི་སྡེ། ཤ་ཟ་སྲིན་པོའི་སྡེ། དཀོར་བདག་རྒྱལ་བོའི་སྡེ། ནད་བདག་མ་མོའི་སྡེ། ཞེས་ཀྱང་འདྲེན་ལ། དེ་རྣམས་ཀྱི་བྱེད་ལས་ཀྱི་དབང་དུ་བཏང་ན། ཞི་བའི་འཕྲིན་ལས་སྒྲུབ་པ་དཀར་བོ་ལྷའི་སྡེ་གཏོགས། དབང་གི་འཕྲིན་ལས་སྒྲུབ་པ་དམར་བོ་བཙན་གྱི་སྡེར་གཏོགས། དྲག་པོའི་འཕྲིན་ལས་སྒྲུབ་པ་ནག་པོ་བདུད་ཀྱི་སྡེ་གཏོགས། གང་འདོད་དངོས་གྲུབ་སྩོལ་བ་ཕྱུག་པོ་ཀླུ་ཡི་སྡེར་གཏོགས། སྣ་ཚོགས་འཕྲིན་ལས་སྒྲུབ་པ་ཁྲ་བོ་གཟའ་ཡི་སྡེར་གཏོགས། དགྲ་ཤ་ཟས་སུ་ཟ་བ་རཀྵ་སྲིན་པོའི་སྡེར་གཏོགས། དགྲ་ལ་སྨྱོ་འབོག་གཏོང་བ་དཀོར་བདག་རྒྱལ་བོའི་སྡེར་གཏོགས། དགྲ་ཁྲག་སྐོམ་སུ་འཐུང་བ་དལ་ཡམས་མ་མོའི་སྡེར་གཏོགས། ཞེས་གསུངས་པ་དང་།

གཞན་དུ་ན། གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱིས། ཕྱི་ནང་གསང་གསུམ་དང་། མཆོག་དང་སྤྲུལ་བའི་སྡེ་བརྒྱད་ཅེས་ཀྱང་གསུངས་ཏེ། ཕྱིའི་སྡེ་བརྒྱད་ནི། ལྷའི་དབང་བོ་བརྒྱ་བྱིན། ཀླུའི་རྒྱལ་བོ་དགའ་བོ། ལྷ་མིན་དབང་བོ་ཐགས་བཟང་རིས། མི་འམ་ཅི་ལྗོན་པ་རྟ་མགོ དྲི་ཟ་ཟུར་ཕུད་ལྔ་བ་དང་། ནང་གི་སྡེ་བརྒྱད་ནི། ཡབ་གཅིག་བདུད་རྗེ་ནག་པོ། བཙན་རྒྱལ་ཡམ་ཤུད་དམར་བོ། ཡུལ་ལྷ་ཕྭ་སངས་ཀླུ་སྲས། སྲོག་བདག་རྒྱལ་བོ་སྙིང་འབྱིན། ཆོས་སྐྱོང་གནོད་སྦྱིན་དམར་བོ། ལྷ་མོ་འཇིགས་པའི་གློག་འབྱིན། དགེ་བསྙེན་རྡོ་རྗེ་ལེགས་པ། དཀར་མོ་ཉི་ཟླའི་ཐོད་ཕྲེང་དང་། གསང་བའི་སྡེ་བརྒྱད་ནི། བདུད་པོ་ཁ་ཐུན་རཀྵ། གཤིན་རྗེ་གཤེད་པོ་དམར་བོ། ཀླུ་བདུད﹙དུང་དཀར་ཚིག་མཛོད་ལས་འདི་ནི་ཀླུ་བདུད་ནག་པོར་གསུངས་ཏེ་བདུད་ཀྱི་རིགས་ཡིན་པས་ཀླུ་དང་། ནག་པོ་ཞེས་པ་མདོག་གི་མིང་དུ་གསུངས་སོ། །﹚ནཱ་ག་རཱ་ཛ། གནོད་སྦྱིན་བཤན་པ་གྲི་ཐོགས། མ་མོ་སྲིན་པོ་ཁྲམ་འདེབས། བཙན་པོ་ཡམ་ཤུད་སྲོག་ལེན། བདུད་པོ་རེ་ལྡེ་འགོང་ཡག སྲོག་བདག་དུང་གི་ཐོར་ཚུགས་དང་། མཆོག་གི་སྡེ་བརྒྱད་ནི། གཟའ་མཆོག་ཆེན་མོ་ར་ཧུ་ལ། སྐར་མཆེད་ཁྲམ་ཤིང་ཁ་འཐོར། བདུད་མཆོག་མ་ནུ་ཡཀྵ། བཙན་མཆོག་གྲི་བཙན་ཐུམ་པོ། མ་མཆོག་ཅེ་སྤྱང་དུང་འཛིན། ཀླུ་མཆོག་ཀླུ་རྒྱལ་དུང་རྒྱལ། མཆོག་མཆོག་ནག་པོ་ལྟེ་དཀར། རྒྱལ་མཆོག་ལི་བྱིན་ཀ་ར་དང་། སྤྲུལ་བའི་སྡེ་བརྒྱད་ནི། དགྲ་ལྷ། མ་མོ། བདུད། སྲིན་པོ། དམུ། གཤིན་རྗེ། ཀླུ་བཙན། གཟའ་བདུད་བཅས་སོ། །དེའི་སྟེང་དུ་ཆོས་དབྱིངས་སྟོབས་ལྡན་རྡོ་རྗེས། ས་བདག་ཧལ་ཁྱི་ནག་པོ་དང་། །ཀླུ་བདུད་སྒོ་ར་ནག་པོ་དང་། །ས་ཡི་ལྷ་མོ་བསྟན་མ་དང་། །ཕྱོགས་སྐྱོང་རྒྱལ་ཆེན་སྡེ་བཞི་དང་། །མགོན་པོ་བདུན་ཅུ་རྩ་ལྔ་དང་། །ཡུལ་འདིའི་གཞི་བདག་ཐམས་ཅད་དང་། །ཕོ་ལྷ་དགྲ་ལྷ་སྲོག་ལྷ་དང་། །མོ་ལྷ་མོ་སྨན་ལ་སོགས་པའི། །སྣང་སྲིད་སྡེ་བརྒྱད་འཁོར་བཅས་ལ། །ཞེས་གསུངས་སོ། །རྒྱས་པར་ཐུའུ་བཀྭན་ཆོས་ཉིའི་རྟ་མགྲིན་ཆོས་སྐོར་ན་གསལ་ལོ། །སྡེ་བརྒྱད་འདི་དག་འཁྲུགས་ཚེ་ནད་ཡམས་གཏོང་བ་དང་། སེར་དྲག་སོགས་ཕབ་སྟེ་གནོད་འཚེ་གཏོང་བས། དེ་དག་ཐུགས་དགྱེས་བྱེད་དུ་སྡེ་བརྒྱད་མཆོད་པ་སོགས་ཀྱི་ཆོ་གའང་ཡོད་དོ། །

ཀླུ།

༡ ཀླུའི་མཆེད་ཁུངས། ཀླུའི་སྐད་དོད་ལ་ནཱ་ག་ཟེར་ལ། དེ་ནི་ཀུན་མཁྱེན་མཚོ་སྣ་བས་དུད་འགྲོའི་ཁུངས་སུ་གཏོགས་པར་བཞེད། ཀླུ་ཆེན་བརྒྱད་ནི། ནོར་རྒྱས། པདྨ། སྟོབས་རྒྱུ། འཇོག་པོ། པདྨ་ཆེན་པོ། དུང་སྐྱོང་། རིགས་ལྡན། མཐའ་ཡས་སོ། །དེ་རྣམས་ལ་ཀླུ་ཕྲན་མང་བོས་བསྐོར་ལ། གཞན་ཀླུ་གཉན་དང་ཀླུ་བཙན་ཏེ། མི་ལ་མཛེ་ནད་གཏོང་བའི་རིགས་ཀྱང་ཡོད། དེ་དག་ནི་ཆུ་ལ་གནས་པའི་སྲོག་ཆགས་ཏེ། སྟོན་པ་གཤེན་རབ་ཀྱིས་མཛད་པའི་ཀླུ་འབུམ་དཀར་ནག་ཁྲ་གསུམ་ལས། ཀླུ་ཞེས་བྱ་བ་ཆུ་ལ་གནས། དང་བོ་ཆད་པའི་ཁུངས་ནི་ནམ་མཁའ་སྟོབས་ལྡན། གསལ་བ་འོད་ལྡན། མུན་པ་ཟེར་ལྡན། དེ་གསུམ་འདུས་པའི་གཞི་ལས་བྱུང་། ཞེས་གསུངས་སོ། །སྣང་རྒྱལ་སོགས་ལས་ཀླུ་ནི་ས་འོག་གི་རིན་ཆེན་གྱི་གཏེར་བདག་དང་། རྒྱལ་རིགས་དང་རྗེ་རིགས་སོགས་ཀྱི་དབྱེ་བའང་ཕྱེས་ཡོད།

༢ ཀླུ་གནས་ནི། ར་ག་ཨ་སེའི་ཀླུ་ཡི་བསང་ཡིག་ཕན་བདེ་རྒྱ་མཚོ་དངོས་གྲུབ་ཀྱི་རླབས་ཕྲེང་ལས། རི་རབ་སྟེང་ཤོད་རོལ་མཚོ་རྒྱ་མཚོ་ཆེ། །གླིང་བཞི་གླིང་ཕྲན་སྟོང་གསུམ་འཇིག་རྟེན་ཁམས། །འཛམ་གླིང་མཐའ་དབུས་ཁྱད་པར་གངས་རིའི་ལྗོངས། །ཆུ་བོ་ཆུ་ཕྲན་འབབ་ཆུ་ལྟེང་ཀ་དང་། །ལུ་མ་ཁྲོན་པ་ཆུ་མིག་ཆུ་ཡི་མཛོད། །རི་བོ་ལྗོན་ཤིང་བྲག་རི་སྐྱེད་མོས་ཚལ། །སྤང་ལྗོངས་ནགས་ཚལ་ནེའུ་གསེང་ལ་སོགས་པ། །གནས་པ་ས་བདག་ཀླུ་གཉན་མ་ལུས་ཀུན། །བདག་གིས་བསང་མཆོད་འབུལ་ཕྱིར་སྤྱན་འདྲེན་ནོ། །ཞེས་པས་རྟོགས་ནུས། ཀླུ་རིགས་རྣམས་ཀྱིས་ས་གཞིའི་བདག་པོ་ཁོ་བོ་ཅག་ཡིན་པར་རློམ་པ་དང་། ཁྱད་པར་དུ་ཀླུ་རིགས་ས་བདག་ལྟོ་འཕྱེ་བྱ་བ་དེས། ས་སེན་མོ་སློག་ནའང་རང་གི་ཤ་ལས་དྲས་པ་ལྟ་བུའི་སེར་སྣ་ཆེ་བས། ཡབ་རྗེ་བླ་མས་ཀྱང་། ས་བདག་ཀླུ་གཉན་རྣམས་བརྐོ་ལོང་ཕྲག་དོག་ཚ། །ས་བརྐོ་རྡོ་བསློག་མ་མང་རི་ཁྲོད་པ། །གསུངས་སོ། །

༣ ཀླུའི་རྣམ་པ་ནི། ཡོངས་གྲགས་སུ། ཁོག་སྟོད་མི་དང་སྨད་ཉ་སྦྲུལ་གྱི་རྣམ་པ་ཅན། མགོ་ལ་སྦྲུལ་གྱི་གདེངས་ཀ་དང་ནོར་བུའི་མཛེས་པ། རིན་ཆེན་གྱི་རྒྱན་དང་ལྡན་པ་ཞིག་ཏུ་འདོད་ཀྱང་། ཡང་། མི་ལུས་སྦྲུལ་མགོ་ཅན། མི་ལུས་རྟ་མགོ་ཅན། མི་ལུས་སེང་མགོ་ཅན། མི་ལུས་དོམ་མགོ་ཅན། མི་ལུས་སྟག་མགོ་ཅན་སོགས་ཀྱང་ཀླུ་འབུམ་དཀར་བོ་ལས་གསུངས་པ་དང་། ཀླུའི་སྤང་སྐོང་ལས་ཀྱང་། ཀླུའི་རྒྱལ་བོ་རི་དྭགས་མགོ་ཅན་དང་། གཅན་གཟན་མགོ་ཅན། སེང་གེའི་མགོ་ཅན། བ་ལང་གི་མགོ་ཅན། སྦྲུལ་མགོ་ཅན། བྱའི་མགོ་ཅན། ཉའི་མགོ་ཅན་སོགས་གསུངས་སོ། །

འདིར་དངོས་བྱུང་ཞུ་རྒྱུ་ཞིག་ནི། སྟོང་རི་མཚོ་ནག་གི་ཁར་ས་དེ་གའི་མི་ཞིག་ས་རུབ་ཁར་ཟོག་འཚོལ་ཏུ་སོང་དུས། གློ་བུར་དུ་མཚོ་དཀྱིལ་དུ་འོད་ཀྱི་གུར་ཁང་ཞིག་ཕིབ་སྟེ་ས་གཞི་ཐམས་ཅད་སྣང་བར་བྱས་པས། མི་དེ་སྡོང་རྩར་ཡིབ་སྟེ་བལྟས་པས། ཐོག་མར་འོད་གུར་ལས་ལག་ཏུ་རྩེ་གསུམ་འཛིན་པའི་གླང་མགོ་ཅན་ཞིག་ཐོན་ཏེ་ཡར་བལྟ་མར་བལྟ་མང་དུ་བྱས་ནས་མི་སྣང་བར་གྱུར་བའི་རྗེས་སུ། མགོ་བརྙན་སྣ་ཚོགས་ཀྱི་སེམས་ཅན་མང་བོ་གླུ་གར་སོགས་རྩེད་མོ་མང་བོ་བྱེད་སྐབས། སྟབས་མ་ལེགས་པར་ཀླུ་ཞིག་གདབ་འཆལ་དུ་འགྱེལ་བས། ཁོ་རང་ཧབ་བགད་ཆེན་པོ་ཞིག་བྱས་རྐྱེན། སྐད་ཅིག་དེ་ཉིད་དུ་དེ་དག་གར་སོང་ཆ་མེད་དུ་གྱུར། སང་ཉིན་ཁོ་མཚོ་འགྲམ་དུ་ཕྱིན་དུས་གླང་མགོ་དེ་བཅད་ནས་ཆུ་འགྲམ་དུ་འཕངས་ཡོད་སྐད། ཕལ་ཆེར་ཀླུ་དེས་སོ་ལྟའི་བྱས་ཉེས་ལ་ཆད་པ་བཅད་པ་འདྲ་ཞེས་བཤད་དོ། །དེ་ཡང་། ལྷ་འདྲེ་བཀའ་ཐང་ལས་ཀླུ་རྒྱལ་མལ་གྲོ་གཟི་ཅན་གྱི་འཁོར་དུ་ཁ་རྒྱལ་ཞ་མོ་འོད་ནི་སེར་བོ་གླང་མགོ་ཅན་ཞིག་ཡོད་པ་དང་། ལ་ལས་བྲོ་བརྡུང་ཞིང་། ལ་ལས་མཁའ་འགྲོའི་བརྡ་གླུ་ལེན་པར་གསུངས་པ་སོགས་དང་ཤིན་ཏུ་མཐུན་ནོ། །གསང་སྔགས་རྙིང་ལུགས་སུ་ཀླུ་རྒྱལ་མལ་གྲོ་གཟི་ཅན་བྱ་བ་དེར་འཁོར་མང་བོས་བསྐོར་ཡོད་པར་བསྟན་པའི་རྣམ་པ་ནི། ལྷ་འདྲེ་བཀའ་ཐང་ལས། ཀླུ་རིགས་གྱུར་བ་ཐམས་ཅད་རྗེ། །ཀླུ་ནི་མལ་གྲོ་གཟི་ཅན་ཡིན། །མི་ཡི་ལུས་ལ་སྦྲུལ་མགོ་བདུན། །ཀླུ་མདོག་ནག་པོ་སྨད་སྦྲུལ་འཁྱིལ། །གླང་བོ་ཆེ་ཡི་སྟེང་ན་བཞུགས། །མལ་གྲོ་གཟི་ཅན་གཡས་གཡོན་གཉིས། །བུད་མེད་སྔོན་པོ་གཡུ་ཡི་ཐོར་ཅོག་ཅན། །དེ་གཉིས་མལ་གྲོའི་བཙུན་མོ་ཡིན། །དེ་འོག་ཚོང་དཔོན་ནག་པོ་མི་ཡི་ལུས། །དཀར་བོ་སྦྲུལ་མགོ་ལྔ་བས་གཡས་རུ་འདྲེན། །དེ་འོག་ཁམས་ཀྱི་བྱ་ཐུལ་ནི། །མི་ལུས་སེར་བོ་སྦྲུལ་མགོ་གཉིས། །གཟི་ཅན་གཡོན་གྱི་རུ་འདྲེན་ནོ། །གངས་ཀྱི་གཅུང་བོ་སྦ་གྲོ་སྐྱེར་ཆུའི་ལྷ། །ཁ་རྒྱལ་ཞ་མོ་འོད་ནི་སེར་བོ་གླང་མགོ་ཅན། །གཟི་ཅན་སྔོན་གྱི་བཤུལ་སེལ་ཡིན། །དེ་ཡི་འཁོར་ན་གདུག་པ་ཅན་ནི་བཞི། །མཐོང་བའི་དུག་ཅན་མི་ལུས་སྦྲུལ་མགོ་ན། །མནམ་པའི་དུག་ཅན་མི་ལུས་རྟ་མགོ་ཅན། །བསམ་པའི་དུག་ཅན་མི་ལུས་ཁྱི་མགོ་ཅན། །རེག་པའི་དུག་ཅན་མི་ལུས་རྒྱ་མགོ་ཅན། །ཀླུ་གཉན་ས་བདག་མང་བོ་ཀླད་རྗེས་མྱུལ། །ཞེས་བཀོད་ཡོད་པ་དང་།

ཡང་། འཕགས་པ་ཟངས་མཆུ་དམར་བོ་ལས་ཀླུ་རྒྱལ་བྲམ་ཟེ་རིན་པོ་ཆེ་བ་སུ་ཏ་ཞེས་བྱ་བས། ཕྱག་ན་རྡོ་རྗེ་ཡང་དུག་རླངས་ཀྱིས་ཤུ་བ་ཐུག་ཐུག་ཏུ་བཏང་བ་དེའི་རྣམ་པ་ནི་འདི་ལྟར་གསུངས་ཏེ། ལུས་པོ་མེ་འདྲ་བ། མིག་ཤེལ་འདྲ་བ། སྐྲ་སྦྲུལ་དུ་འདུག་པ། སོ་ཆུ་སྲིན་དུ་འདུག་པ། ལྟེ་བ་ནས་ཉི་ཟླའི་འོད་འཕྲོ་བ། རྐང་ལག་ཙན་དན་གྱི་བེ་ཅོན་དུ་སྣང་བ། སྦྲུལ་སེར་ཁྲས་ཞགས་པ་བྱས་པ། ནག་ཁྲས་སྟོད་དཀྲིས་པ། སྔོ་ཁྲས་སྐ་རགས་ལྷས་པ། དཀར་ཁྲས་ཚིགས་བཞི་དཀྲིས་པ། སྨུག་ཁྲས་གདན་དུ་བྱས་པ། ས་བདག་ནག་པོས་གདན་དུ་བྱས་པ། ས་བདག་དཀར་བོས་ཞབས་ནས་འདེགས་པ། གཉན་སྡེ་བརྒྱད་ཇག་ལ་འཁོལ་བ། རྒྱ་མཚོ་ཁོལ་མ་ལ་ཉལ་བ། ལུས་པོ་དཔག་ཚད་ཕྱེད་དང་ལྔ་ཡོད་པ། མགོ་ལུས་ཐམས་ཅད་མིག་ཏུ་ཡོད་པ། འདི་ན་གནས་ཀྱི་ཡུལ་མེད་པ། བཟའ་བའི་ཟས་མེད་པ། འགྲན་པའི་ཟླ་མེད་པ། སྟེང་གི་ལྷ་ལ་གནོད་པ། འོག་གི་ཀླུ་ལ་འཕྲ་བ། བར་གྱི་བཙན་ལ་འོ་དོད་གཏོང་བ། ཞེས་གསུངས་སོ། །

ཡང་། ལོ་རྒྱུས་སྟེང་ཆེས་སྔ་བའི་ཀླུ་གན་རྐྱལ་གྱི་རྡོ་བརྙན་ཞིག་ཡོད་པར་བཤད་པ་ནི། བཙན་པོ་ནོ་མོ་ཧན་གྱིས་མཛད་པའི་འཛམ་གླིང་རྒྱས་བཤད་ལས། ནང་སྐྱིད་གྲོང་ནས་བལ་ཡུལ་དུ་འགྲོ་བའི་ལམ་བརྒྱུད་དང་ཉེ་བར་གྲོང་ནྱ་ཀོ་ཊ་དང་མི་རིང་བའི་རི་ཁུག་ཅིག་ཏུ་སྒོ་སཱན་སིན་ཟེར་བའི་གནས་ཡོད་པ་དེར། འཁྱིལ་ཆུ་མཚོ་དང་འདྲ་བ་ཞིག་གི་ནང་རྡོ་ལས་རང་བྱུང་དུ་གྲུབ་པའི་སྐུ་བརྙན་མིའི་རྣམ་པ་ཅན་མདོག་སྔོ་སྐྱ་ལ། གདོང་ལ་གཟན་ངུར་སྨྲིག་གིས་གཡོགས་པ་ལྟ་བུའི་སྦྲུལ་མགོའི་གདེངས་ཀ་དགུ་ཡོད་པ་དེ་ལ། རྒྱ་གར་གྱི་མུ་སྟེགས་ཆོས་ལུགས་འཛིན་པ་ཁག་གཅིག་གིས་ལྷ་དབང་ཕྱུག་གི་སྐུར་ངོས་བཟུང་ནས་དད་པ་ཆེན་པོ་བྱེད་ཀྱི་ཡོད་ཀྱང་། རྒྱ་གར་དང་བལ་ཡུལ་གྱི་ནང་བ་རྣམས་ཀྱིས་དད་པ་མི་བྱེད་ཅིང་། ལྷག་པར་བོད་རིགས་ནང་བའི་ཆོས་ལ་དད་པ་རྣམས་ཀྱིས་སྐུ་བརྙན་འདི་ལ་ཀླུ་གན་རྐྱལ་དང་ཀླུ་གདོལ་བ་ཞེས་ཧ་ཅང་གིས་མི་དད་པ་བྱེད་ཀྱི་ཡོད་པ་དང་། སྐུ་བརྙན་འདི་སྟོན་པ་སངས་རྒྱས་འཛམ་གླིང་དུ་མ་བྱོན་གོང་ནས་ཡོད་པ་དང་། སྐབས་དེར་འཇིག་རྟེན་ཐོག་མཐུ་རྩལ་ཆེ་ཤོས་དབང་ཕྱུག་ཡིན་པར་ཁས་ལེན་པའི་དབང་གིས་མུ་སྟེགས་པ་རྣམས་ལ་ལྷ་དབང་ཕྱུག་གི་སྐུ་བརྙན་དུ་གྲགས། རྒྱ་གར་རྣམས་ཀྱིས་སྐུ་འདིའི་མིང་ལ་ཀན་ཐ་ཟེར་བ་དེ་བལ་བོའི་སྐད་དུ་ཟུར་ཆགས་ནས་ལི་ལ་ཀན་ཆ་ཟེར་བ་ལྟ་བུ་ཞིག་ཡོད། བལ་བོའི་སྐད་དེ་བོད་སྐད་དུ་ཟུར་ཆག་ནས་ལི་ལ་ཀླུ་དང་། ཀན་ཆ་ལ་ཀན་རྐྱལ་དུ་གོ་བའི་རྒྱུ་མཚན་གྱིས་ཀླུ་གན་རྐྱལ་དུ་གྲགས། འགའ་ཞིག་གིས་སྐུ་བརྙན་འདི་ཀླུ་ཞིག་གཉིད་ཁུག་པའི་ཕུང་བོ་རྡོ་ལ་གྱུར་བ་ཞིག་ཡིན་པས་གཉིད་སད་ན་གསོན་པོར་ལངས་སྲིད﹙ཀླུ་སྒྲུབ་ཀྱི་དབུ་ལུས་རྡོ་རུ་གྱུར་ཏེ་སླར་མཚམས་སྦྱར་ནས་རྣམ་ཤེས་ཞུགས་ཚུལ་དང་འདྲ་བོ་ཡོད་པས་འདི་གཉིས་བསྡུར་ཏེ་དཔྱད་རྒྱུ་ཡོད་པར་སེམས་སོ། །﹚ཟེར་བ་ཡང་ཡོད་ཚུལ་གསང་སྔགས་ཀྱི་གཞུང་འགའ་ཞིག་ནང་གསལ། ཞེས་པ་འདི་ཡང་ཀླུའི་རྣམ་པ་ཇི་ལྟར་ཡིན་པ་དཔྱད་གཞི་གལ་ཆེན་ཞིག་ཡིན་པར་སེམས་སོ། །

ཡང་། འཇང་རིགས་གཏོ་བའི་ཆོས་ལུགས་ཀྱིས་ཀླུའི་གཟུགས་ནི་སྟོད་སྦལ་བ་དང་སྨད་སྦྲུལ་ལས་གྲུབ་པ་ཞིག་ལགས་ལ། ཁོང་ཚོའི་གནའ་བོའི་བྲོ་ཡང་སྦལ་ཆེན་གསེར་འོད་ཅན་གྱི་མཆོངས་སྟངས་ལ་དཔེ་བྱས་ནས་དར་བར་བཤད་ལ། ད་དུང་སྦལ་རིས་ནི་གཏོ་བའི་ཆོས་ལུགས་ཀྱི་མཚོན་རྟགས་ལྟ་བུར་གྱུར་ཡོད།

ཐང་ཟན་ཙང་གི་རྒྱ་གར་ཞིང་གི་བཀོད་པའི་དཀར་ཆག་ལས། ཀླུ་མ་རུངས་པ་མང་བོས་ཀླུ་ཕོ་འགའ་ཞིག་ནི་སྐྱེས་པར་སྤྲུལ། འགའ་ཞིག་ནི་རྟ་གསེབ་ཏུ་སྤྲུལ། བུད་མེད་རྣམས་ཀྱི་ཁྱོ་རུ་སླུ་བ་དང་རྟ་གསེབ་ཏུ་བསླུས་ནས་རྒོད་མ་དང་འཕྲད་པས་མི་དང་རྟ་ལ་ཀླུ་ཕྲུག་སྐྱེས་པ་མང་སྟེ། ལན་ཅིག་ཡུལ་དེའི་རྒྱལ་བོ་གསེར་གྱི་མེ་ཏོག་གི་རྟ་རྒོད་མ་ཞིག་ལ་ཀླུ་ཕྲུག་རྟེའུ་ལ་རྟའི་ཡོན་ཏན་ཚང་བ་ཞིག་བྱུང་བ་གཅེས་སྤྲས་ཀྱིས་བརྐྱངས་ཏེ། རྒྱུན་དུ་རང་གི་བཞོན་རྟར་བྱས་ཤིང་ལྕག་གིས་གཏན་ནས་མི་གཞུ། སྐབས་ཤིག་བརྗེད་ནས་ལྕག་གིས་རྣ་བར་རེག་ཙམ་བྱས་པས་ལུས་མི་མངོན་པར་གྱུར་ཏོ། །རྐྱེན་དེས་མི་རིང་བར་རྒྱལ་བོ་ཡང་འདས་སྐད་དོ། །ཞེས་འབྱུང་བར་གཞིགས་ན་ཀླུ་ནི་རྫུ་འཕྲུལ་ཆེ་ཞིང་། ཀླུ་མ་ཡིན་པའི་འགྲོ་བ་མང་བོ་ལ་བཤོས་པར་ཡང་བཤད་ལ། གནོད་པ་བྱས་ན་ཡ་ལན་སྤྲོད་པ་ནི་ཡོངས་གྲགས་ལྟར་རོ། །གཞན་ཡང་དཔེ་ཆ་དེར། ཀླུའི་རིགས་ལས་མཆེད་པའི་གཞོན་ནུ་རྣམས་མི་བསྲུན་ཞིང་རྟུལ་ཕོད་པ་ཤ་སྟག་བྱུང་བས། རྒྱལ་བོ་ཁྲོས་ཏེ་ཐམས་ཅད་བསད་པས། རྒྱལ་བོ་ཡང་མི་རིང་པར་འདས་པར་བཤད་དོ། །

གཞན་ཡང་དཀར་ཆག་དེར། འཕགས་སྐྱེས་པོས་ཤཱཀྱ་རྣམས་བཅོམ་དུས། ཤཱཀྱའི་གྱད་མི་བྲོས་ཏེ་ལྗོན་གྲིབ་ཅིག་ཏུ་ཉལ་བར། ཀླུ་མོ་ཞིག་ཆགས་ཏེ་མི་མོར་སྤྲུལ་ཏེ་བཤོས་པས། ཕྱིས་སུ་ཤཱཀྱ་བ་དེས་ཀླུ་མོ་ཡིན་པ་ཤེས་པས། གཏན་གྲོགས་བྱེད་པར་འདོད་ནས་བདག་གིས་དུས་གསུམ་དུ་བསགས་པའི་དགེ་རྩ་རྣམས་གཅིག་ཏུ་སྡོམ་པའི་མཐུ་ལ་བརྟེན་ནས་སྔར་ལྟར་མོ་མོར་སྤྲུལ་ཅིག་ཅེས་བདེན་པ་བརྗོད་དེ། མི་མོར་གྱུར་ནས་གཏན་གྲོགས་གནང་བར་ཡང་གསུངས་ཡོད་དོ། །

ཡང་། ཀླུ་ནད་སོགས་ཀྱི་ལྟས་ངན་གཏོང་བ་ལ། སྲོག་ཆགས་རྣམ་པ་སྣ་ཚོགས་ཀྱི་གཟུགས་ཡོད་པར། ལྷ་འདྲེ་བཀའ་ཐང་ལས། རྩངས་པ་སྦལ་བ་སྡིག་པ་རྟ་བླ་འོད། །སྡོམ་དང་སྦུར་གྲོག་བཤོལ་མོ་སྲིན་བུ་དང་། །མུག་མ་སད་མ་ཤིག་འཇུ་སྦྲང་བུ་དང་། །འབུ་དང་གྲོག་མ་བྱང་ཁྲ་དམར་ཡུལ་རིགས། །ཕོ་འུག་ཝ་སྤྲེལ་སྲེ་མོང་སྣ་ཚོགས་མང་། །ཞེས་སོ། །དེ་ལས་གཞན། ཐུའུ་བཀྭན་ཆོས་ཉིས་ཆར་འབེབས་ཀྱི་ཆོ་ག་ལས་ཀླུ་ནོར་ཉེར་གཅིག་ནི། སྦྲུལ། ཉ། ལྕོང་མོ། རྨིགས་བུ། རྩངས་པ། དུང་། ཆུ་སྲིན། རུས་སྦལ། སྡོམ། སྡིག་པ། རྟལ། འགྲོན་བུ། ཉ་ལྕིབས། ཆུ་རྟ། ཆུ་ལུག ཆུ་ར། ཆུ་བྱ། སྲམ། ཆུ་སྲེག ཆུ་བྱི་བཅས་འདྲེན་ནོ། །

དེ་དག་གི་ཕོ་བྲང་ཡང་། བོན་ཆོག་གཙང་མ་ཀླུ་འབུམ་ནག་པོ་བྱ་བར། ཀླུ་ཡི་ཕོ་བྲང་མཐོ་རིས་ངོས་ཡངས་ལ། །བ་དམར་གླང་དམར་དི་རི་རི། །ངང་ངུར་མང་བོ་ལྕོངས་སེ་ལྕོངས། །རྨ་བྱ་སྤུ་སྡུག་ལྷབས་སེ་ལྷབས། །རོལ་མོ་སིལ་སྙན་སི་ལི་ལི། །དེ་ལྟ་བུ་ཡི་ཕོ་བྲང་དུ། །བདག་ཅག་གིས་ནི་མ་རིག་པའི། །མཚོ་རྙོག་པ་དང་གཞོབ་བཏང་བ། །ཀླུ་མགོ་མང་བོ་གྱུ་རུ་རུ། །སྦྲུལ་མགོ་མང་བོ་རོངས་སེ་རོངས། །གསུངས་སོ། །

༤ ཀླུ་ནད་ནི། ཀླུ་ནད་འབྱུང་བའི་རྒྱུ་ནི། ཤིང་གཉན་བཅད་པ། ས་གཉན་བྲུས་པ། རྡོ་གཉན་བརྐོས་པ། བྲག་གཉན་བཤིག་པ། ཆུ་གཉན་རྙོག་པ་སོགས་ཏེ། རཱ་ག་ཨ་སེའི་ས་བདག་འཁྲུགས་བཅོས་ལས། ཤིང་གཉན་བཅད་དང་ས་གཉན་བསྐོས། །བྲག་གཉན་བཤིག་དང་རྡོ་གཉན་སློག །ཆུ་གཉན་ཡུར་དྲངས་ནེའུ་གསིང་བརྐོས། །ཞིང་མུ་སྲང་རྒོད་འཕྲུ་འདུལ་བྱས། །ཁང་ནག་བཤུ་འགེབས་མཁར་ལས་ཀྱིས། །ས་བདག་ཐུགས་དང་འགལ་བ་རྣམས། །ཞེས་པ་ལྟར། ཀླུ་གནས་དང་ཀླུ་ལ་གནོད་འཚེ་བཏང་བས། ཀླུ་རྣམས་ཀྱིས་མི་ལ་འཁོན་ལན་བསློག་སྟེ། ཆེ་ས་ནས་ཡུལ་ཕྱོགས་སྤྱི་ལ་ནད་ཡམས་མུ་གེ འཐབ་རྩོད་འཁྲུག་ལོང་། ཆར་ཆུ་དུས་སུ་མི་འབབ་པ། ལོ་ཕྱུགས་རྟག་ཏུ་མི་ལེགས་པ་དང་། ཆུང་ས་ནས་མི་ལ་ཤུ་བའི་ནད་དང་། འབྲས། སྲང་རྡོ། མཛེ། ཕོལ་མིག འབྲུམ་བུ། གཅོང་། དལ་རྒལ། གཞང་འབྲུམ། ཁོང་མཛེ། མེ་དབལ། གྱེན་པ། སེམས་རྒྱུ་བ། གྲུམ་བུ་སོགས་ནད་གཏོང་བར་ཀླུ་འབུམ་ནག་པོ་དང་། བཀྲ་བརྩེགས། གདུགས་དཀར་མཆོག་གྲུབ་མ་སོགས་ལས་གསུངས་ལ། ཁྱད་པར་དུ་ཀླུ་འབུམ་ལས། ཀླུའི་རྒྱལ་མོ་དྲ་མ་འབྲས་མ་བྱ་བ་ནི་ནད་ཐམས་ཅད་ཀྱི་བདག་མོའོ། །ཀླུའི་རྒྱལ་མོ་གླང་བོ་ཆེའི་མགོ་ཅན་ནི་སྐྲངས་ནད་གཏོང་བའི་བདག་མོའོ། །ཀླུའི་རྒྱལ་མོ་ཆུ་སྲིན་གྱི་མགོ་ཅན་ནི་འབྲུམ་ཆེན་གཏོང་བའི་བདག་མོའོ། །ཀླུའི་རྒྱལ་མོ་རུས་སྦལ་མགོ་ཅན་ནི་འབྲུམ་ཆུང་གཏོང་བའི་བདག་མོའོ། །ཀླུའི་རྒྱལ་མོ་ཆུ་གླང་མགོ་ཅན་ནི་གཉན་ནད་གཏོང་བའི་བདག་མོའོ། །ཞེས་དང་། འཕགས་པ་ཟངས་མཆུ་དམར་བོ་ལས། ཀླུའི་རྒྱལ་བོ་བ་སུ་ཏ་མེ་མ་མུར་ནག་པོའི་ཁ་རླངས་ཅན་བྱ་བ་ཡིན་ཏེ། ནད་དགུ་བརྒྱ་དགུ་བཅུ་ལ་དབང་བྱེད་པ་ཡིན་པས། འཇིག་རྟེན་འདི་ཕུང་བར་འགྱུར། ཞེས་དང་། ཁོའི་ངག་ནས་བ་སུ་ཏ་ནག་པོ་བྱ་བ་ནད་ཀྱི་བདག་པོ་ཡིན། རིམས་ནད་དང་། མཆིན་ནད་དང་། གློ་ནད་དང་། ཁྲག་ནད་ཐམས་ཅད་ང་ལ་ཡོད། ཅེས་དང་། འགྲེང་མི་ལ་གནོད་དེ་ནད་དུ་རོ་མྱགས་གཏོང་། སྒུར་ཕྱུགས་ལ་གནོད་དེ་བརླ་བཞི་འགེབས། སྲོག་ཆགས་ལ་ལྟས་ངན་པ་བརྒྱད་གཏོང་ངོ་། །ཞེས་སོ། །

དེ་ལས་གཞན། ཀླུ་ནི་དུག་གི་བདག་པོ་ལྟ་བུ་སྟེ། རང་ཅག་གི་མི་ཡུལ་དུ་སྣང་བའི་སྦྲུལ་ཕལ་མོ་ཆེར་དུག་མཆིས་པ་དང་། ཟངས་མཆུ་དམར་བོ་ལས། ང་ནི་ཀླུའི་རྒྱལ་བོ་བ་སུ་ཏ་ཞེས་བྱ་བ་ཡིན་ནོ། །ང་ལ་དུག་རྣམ་པ་ལྔ་ཡང་ཡོད་དོ། །ཞེས་པ་ལྟར། ལྷ་འདྲེ་བཀའ་ཐང་ལས་ཀྱང་། ཀླུ་མལ་གྲོ་གཟི་ཅན་གྱིས་གསོལ་བ། བདག་ཅག་རྣམས་ལ་དུག་རིགས་རྣམ་པ་བཞི་ཡོད། སློབ་དཔོན་ལ་གནོད་ཀྱིས་དོགས་པ་ཡིན། རྩ་ན་འདུག་པ་བསམ་པའི་དུག་ཅན་ཡིན། མ་བསམས་ན་མི་གནོད། མ་བསམས་ཙམ་དུ་སྡོད་པ་ཡིན། དེ་བས་རིང་བ་རེག་པའི་དུག་ཅན་ཡིན་ཏེ། མ་རེག་ན་མི་གནོད། མ་རེག་ཙམ་དུ་སྡོད་པ་ཡིན། དེ་བས་རིངས་པ་ཁ་རླངས་དུག་ཅན་ཡིན། ཁ་རླངས་སོང་གི་དོགས་པ་ན། ཁ་རླངས་མི་སླེབས་ཙམ་དུ་སྡོད་པ་ཡིན། ཁ་ཕྱིར་ལྟ་བ་ནི་མཐོང་བའི་དུག་ཅན་ཡིན། མཐོང་གི་དོགས་ནས་ཁ་ཕྱིར་ལྟ་བ་ཡིན། ཞེས་པ་ལྟར་ཀླུ་ནི་དུག་ནད་ཀྱི་བྱེད་པོ་འང་ཡིན་ནོ། །

ཀླུ་ནད་དེ་དག་སེལ་ཐབས་ལ། ཀླུའི་ཐེབས་ལྡོག་ལ་བལྟས་ཏེ་ཆོས་ཁུངས་བཙན་ཀྱི་ཀླུ་བསང་དང་ཀླུ་གཏོར་སོགས་འདོན་ཆོག་མང་དུ་གསུངས་ཡོད་པས། ཞིབ་ཏུ་དེ་དག་ཏུ་བལྟ་བར་བྱ་ལ། དུག་རིགས་ཞི་ཐབས་སུ། ལྷ་འདྲེ་བཀའ་ཐང་ལས། སློབ་དཔོན་གྱིས་གསུངས་པ། འོ་ན་དུག་རིགས་བཞི་བོ་ཅིས་ཐུབ་གསུངས་པས། མལ་གྲོས་གསོལ་བ། བསམ་པའི་དུག་ནི་ཏིང་ངེ་འཛིན་གྱིས་ཐུབ། ཁ་རླངས་ཀྱི་དུག་ནི་སྨན་དྲིས་ཐུབ། མཐོང་བའི་དུག་ནི་རྨ་བྱའི་མདོངས་ཀྱིས་སོ། །དེ་ལས་གཞན། ཐུའུ་བཀྭན་ཆོས་ཉིའི་རྟ་མགྲིན་གསང་སྒྲུབ་ཀྱི་སྒོ་ནས་གཟའ་ཀླུ་གཙོ་བོའི་སྡེ་བརྒྱད་ཀྱི་དུག་དབྱུང་བྱ་ཚུལ་འང་ཡོད་དོ། །

༥ ཀླུའི་གཉེན་པོ། ཀླུ་སྦྲུལ་གྱི་གཉེན་པོ་ནི་ཁྱུང་ཆེན་ཡིན་ཏེ། ཟངས་མཆུ་དམར་བོ་ལས་བྱ་ཁྱུང་རབ་བརྟན་གྱིས་ཀླུ་རྒྱལ་བ་སུ་ཏ་འདུལ་ལུགས་བསྡུས་ཏེ་བཀོད་ན། བྱ་ཁྱུང་རབ་བརྟན་བྱ་བ་དེས་ཀླུ་བ་སུ་ཏའི་སྤྱི་བོ་ནས་བཏེགས་པས་མ་ཐེག་སྟེ། བ་སུ་ཏས་ཁྱོད་སུ་ཡིན་ཞེས་དྲིས་པས། བྱ་ཁྱུང་རབ་བརྟན་གྱིས་ང་ནི་ཀླུ་རིགས་རྣམས་ཟ་བ་ཡིན། ང་ལ་ཟས་སུ་ཀླུ་ལས་མེད། ངའི་མིང་ནི་བྱ་ཁྱུང་ག་རུ་ཌ་བྱ་བ་ཡིན་བཤད་པས། འོ་ན། ཁྱོད་སྡོད་དང་མགྲོན་ཅིག་བྱ་ཟེར་ཏེ་ཆུ་སྲིན་གྱི་རོ་ཆེན་པོ་ཞིག་བྱིན་པས། བྱ་ཁྱུང་གིས་མྱོང་བ་རྩུག་ཡང་མི་བྱེད་པར་ཁྱུར་མིད་བཏང་སྟེ། བྱ་ཁྱུང་གིས་ད་འགྲོ་ཟེར་ཡང་མི་འགྲོ་བས། འོ་ན་ང་ནི་ཁྱོད་ཟའོ། །འཆའ་འོ། །མུར་རོ། །འཐོག་གོ །འཁྱེར་རོ། །འདྲུད་དོ། །ཞེས་མཆུ་བརྡར། གཤོག་པ་དཀྲུགས། སྡེར་མོ་བགྲད་དེ་འཇིགས་རྔམ་བསྟན་ནས་གཉན་སྡེ་བརྒྱད་དང་བཅས་པ་བཅོམ་ལྡན་འདས་ཀྱི་དྲུང་དུ་འཁྱེར་བར་བཀོད་ཡོད་པ་ལས་གཞན། བསམ་ཡས་བཞེངས་པའི་མཐུན་རྐྱེན་དུ་སློབ་དཔོན་པད་འབྱུང་གིས་ཀླུ་མ་དྲོས་པ་ཐབས་ཀྱིས་བཀུགས་ཏེ་ཁྲི་སྲོང་ལྡེ་བཙན་དང་ཤག་པོ་བྱེད་བཅུག་ནས། ཀླུ་རྒྱལ་ལ་ནང་རེར་བཞིན་གསེར་དཀར་ཡོལ་རེ་ཕུལ་བཅུག་ཀྱང་། ཀླུ་རྒྱལ་དེའི་ལུས་ངག་དམ་ལ་ཐོགས་ཀྱང་ད་དུང་སེམས་དམ་ལ་མ་ཐོགས་པ་སློབ་དཔོན་གྱིས་མཁྱེན་ནས། བསམ་ཡས་མཆིམས་ཕུར་སློབ་དཔོན་ཞག་བདུན་ཏུ་ཐུགས་དམ་ལ་བཞུགས་ཚེ། རྒྱལ་བོས་གཙུག་ལག་ཁང་གི་ཤིང་ཆ་དཀོན་པས་ཅི་དྲག་དགོངས་པས། ཀླུ་རྒྱལ་མི་དཀར་རྟ་དཀར་བཅུ་གསུམ་དུ་སྤྲུལ་ནས། ཆོས་རྒྱལ་ལགས་ཁྱེད་ཀྱིས་སློབ་དཔོན་གྱི་ཐུགས་དམ་ཀློད་ཆུག་དང་། ཤིང་ཆ་ངས་འབུལ་ཞུས་པས། རྒྱལ་བོ་མཆིམས་ཕུར་བྱོན་ཙ་ན། སློབ་དཔོན་མི་སྣང་བར་ཁྱུང་དམར་བོ་ཞིག་གིས་སྦྲུལ་ཆེན་གཉིས་ལ་སྦར་ཤེད་བྱས་ཏེ་སྦྲུལ་གཉིས་ཀྱིས་ངན་སྐད་ཙེར་ཙེར་འདོན་པས། རྒྱལ་བོས་སློབ་དཔོན་ལགས་ཐུགས་དམ་ཀློད་པར་ཞུ་དངོས་གྲུབ་ཅིག་གདའ་ཞུས་ཚེ། སྦྲུལ་དེ་གཉིས་བཏང་སྟེ། ཁྱུང་དམར་བོ་དེ་སློབ་དཔོན་དུ་གྱུར་བར་བཤད་པ་དང་།

ཡང་། འབྲི་གུང་སྐྱོབ་པ་རིན་པོ་ཆེ་དྲུང་དུ་མཚན་མོར་ཀླུ་རྒྱལ་མལ་གྲོ་གཟི་ཅན་རང་གཟུགས་ཀྱིས་ཆོས་ཉན་དུ་འོང་བ་ཁོང་གིས་མཁྱེན་ནས། བུ་སློབ་རྫུ་འཕྲུལ་འཐོབ་པ་རྣམས་ཀླུ་རྒྱལ་ལ་ཕར་གནོད་དང་། མ་འཐོབ་པ་རྣམས་དུག་རླངས་ཕོག་གིས་དོགས་ནས། དོ་ནུབ་སྒྲ་ཆེན་པོ་ཇི་ལྟར་བྱུང་ཡང་སུས་ཀྱང་མ་ལྟ་ཞིག ཅེས་སོ་སོ་ལ་འཕྲིན་བསྐྱལ་ཡང་། གྲུབ་ཐོབ་མགར་དམ་པ་གསེར་ཁང་འོག་གི་བླ་གཡེལ་ཕུག་རིང་དུ་བཞུགས་པར་བརྟེན། གསན་མི་འོང་དགོངས་ནས་བཏང་སྙོམས་སུ་བཞག དེ་ནུབ་མགར་དམ་པས་སྒྲ་ཆེན་དེ་གསན་ནས་གཟིགས་པས། སྦྲུལ་སྔོ་ནག་འཇིགས་སུ་རུང་བ་ཞིག་གིས་གླིང་ལ་ལན་གསུམ་བསྐོར་ཏེ་མགོ་བོ་གཟིམ་ཆུང་གསེར་ཁང་གི་བར་སྣང་ན་ཐད་དུ་འདུག་པ་གཟིགས་པས། བླ་མ་ལ་གནོད་པར་བསམ་ནས་ཁྱུང་ཆེན་ཞིག་ཏུ་སྤྲུལ་ཏེ་དེད་པས་རོལ་བ་འཕྲང་གི་མར་ཟུར་ཕ་བོང་ཆེན་པོ་ཞིག་གི་སྟེང་སྡེར་རྗེས་བབས་པ་དེ། ད་ལྟ་ཡང་འཕན་པོ་རྨམ་པ་ཁུལ་དུ་ཡོད་པ་དང་།

ཡང་མཚོ་ལྷོའི་ཧོལ་ཁ་ས་ཁུལ་གྱི་མན་འགྲངས་ཁྱུང་རྫ་ཟེར་བར་ཡང་། སྔོན་གྱི་ཚེ་ཁྱུང་ཆེན་ཞིག་གིས་དུག་སྦྲུལ་ཞིག་འཁུར་ནས་རྫ་རི་དེའི་མགོར་བབས་པས། ད་ལྟ་རྫ་ཟོམ་གཞོགས་གཉིས་སུ་སྡེར་ཤུལ་ཆེན་པོ་གཉིས་སྟོན་རྒྱུ་ཡོད་པ་དེ། ཁྱུང་ཆེན་གྱི་ལྗིད་ཤུགས་ཀྱིས་མནན་པའི་རྗེས་ཡིན་པར་བཤད་སྲོལ་ཡོད། ཁྱུང་ཆེན་ཀླུ་གཉེན་དུ་འགྲོ་བ་ནང་ཆོས་ཀྱི་དབང་དུ་བཏང་ནའང་། ཁྱུང་ནག་གི་བསྐྱེད་རིམ་སྐབས་སུ། མཁའ་ལྡིང་དབང་བོའི་སྐུ་མདོག་ནག །སྦྲུལ་རྒྱལ་བཟུང་ནས་ཞལ་དུ་གསོལ། །ཞེས་དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོས། དང་བོ་བཅོས་ཐབས་ཀུན་གྱི་རྒྱལ་བོ་ནི། །རྒྱུད་ལས་ཕྱག་རྡོར་སྙིང་བོ་བཟླས་གསུངས་ཀྱང་། །ཤིན་ཏུ་ཟབ་པ་ནཱ་ག་རཀྴ་དང་། །ཡེ་ཤེས་ཁྱུང་ཁྲའི་ལས་བསྙེན་འཐེམས་པར་བྱ། །ཞེས་གསུངས་སོ། །

གཞན་ཡང་། ཐང་ཟན་ཙང་གི་རྒྱ་གར་ཞིང་གི་བཀོད་པའི་དཀར་ཆག་ལས་ཀྱང་དགེ་ཚུལ་ཞིག་སྨོན་ལམ་ལོག་འདེབས་ཀྱིས་ཀླུ་མ་རུངས་པ་མཐུ་ཆེན་ཞིག་ཏུ་སྐྱེས་པས། ཡུལ་ཕྱོགས་མང་བོ་སེར་དང་རླུང་བཏང་སྟེ་ལན་བདུན་དུ་བཅོམ་པས། རྒྱལ་བོ་ཀ་ནི་ཀ་ཀླུ་རྒྱལ་དེ་གཞོམ་པར་ཆས་དུས། ཀླུ་ངན་དེས་ཐོག་སེར་དྲག་པོ་བཏང་སྟེ་དམག་མི་རྣམས་ཅི་བྱ་གཏོལ་མེད་གྱུར་ཚེ། ཀ་ནི་ཀས་བདེན་སྟོབས་བརྗོད་པས། ཀླུ་མ་རུངས་པ་དེས་མཐོང་སྣང་ལ། རྒྱལ་བོའི་ལག་པ་གཉིས་གཤོག་པ་གཉིས་སུ་གྱུར། ལུས་ཀྱང་འཇིགས་རུང་བྱ་ཁྱུང་མཆུ་སྡེར་ཡོངས་སུ་རྫོགས་པ་མེའི་རལ་བ་དང་མཇུག་མ་ཅན་དུ་གྱུར་ནས་ཀླུ་རྣམས་རྨེག་མེད་གཞོམ་པས། ཀླུ་རྒྱལ་དེས་ཀ་ནི་ཀའི་ཞབས་ལ་གཏུགས་ནས་ཞུ་བ་མཛད་པར་བཤད་ཡོད་དོ། །

ཀུན་མཁྱེན་འཇམ་དབྱངས་བཞད་པས། ཀླུ་དང་མཁའ་ལྡིང་ལ་སྐྱེ་གནས་བཞི་ཡོད་པར་ཐལ། མཁའ་ལྡིང་རྫུས་སྐྱེས་མཆོག་དང་། དྲོད་གཤེར་སྐྱེས་ཉེ་མཆོག་དང་། མངལ་སྐྱེས་བར་མ་དང་། སྒོང་སྐྱེས་ཐ་མ་ཡིན་ལ། དེ་རྫུས་སྐྱེས་ཀྱིས་ཀླུ་བཞི་ཀ་ཟ། དྲོད་གཤེར་སྐྱེས་ཀྱིས་གསུམ་ཟ། མངལ་སྐྱེས་ཀྱིས་གཉིས་ཟ། སྒོང་སྐྱེས་ཀྱིས་སྒོང་སྐྱེས་ཁོ་ན་ཟའོ། །གསུངས་སོ། །ཡང་ཀླུ་རྒྱལ་རིགས་དང་། རྗེ་རིགས། བྲམ་ཟེའི་རིགས། གདོལ་བའི་རིགས། ཁྱུང་གི་ཁ་དོག་ལ་གཞིགས་ཏེ་འདུལ་སྐལ་ཡོད་པར་དབྱེ་ཞིབ་གནང་ཡོད་པ་ནི། བོན་ཆོག་ཟིལ་མནོན་ཁྱུང་གི་སྒྲུབ་པ་ལས། ཤར་དུ་རྒྱལ་རིགས་འདུལ་མཛད་ཁྱུང་དཀར་བོ། །བྱང་དུ་རྗེ་རིགས་འདུལ་མཛད་ཁྱུང་ལྗང་ཁུ། །ནུབ་ཏུ་བྲམ་ཟེ་འདུལ་མཛད་ཁྱུང་དམར་བོ། །ལྷོ་རུ་གདོལ་བ་འདུལ་མཛད་ཁྱུང་སྔོན་པོ། །ཞེས་སོ། །དེ་ལས་གཞན། ཁྱུང་ཆེན་ཀླུ་སྦྲུལ་གྱི་དངོས་གཉེན་དུ་འགྲོ་ཚུལ་དམངས་གླུ་ཚུན་ནའང་ཡོད་དེ། ཁྱོད་དུག་སྦྲུལ་ནག་པོ་ས་ཡི་བུ། །ཁྱོད་འཁྱུག་ཚོད་ལྡིང་ཚོད་མ་ཟིན་ན། །བྱ་ཁྱུང་ཆེན་དགུང་ན་འཕུར་གི་ཡོད། །མགོ་སྤུ་གྲི་རླུང་ལ་བསྐྱོད་ཀི་ཡོད། །སྦྲུལ་ཁྱུར་མིད་བྱེད་པར་ལ་ཐང་མེད། །ཅེས་སོ། །དེ་ལས་གཞན། ཀླུ་འདུལ་གྱི་གཉེན་པོ་ནི། ཀརྨ་ཆགས་མེད་ཀྱི་ཀླུ་བསང་ལས། ཀླུ་སྒྲུབ་པད་འབྱུང་བྱ་ཡུལ་བ། །སྐྱེར་སྒོང་བ་དང་སངས་རྒྱས་དབོན། །པཀྵི་རང་བྱུང་རྡོ་རྗེ་སོགས། །ཀླུ་འདུལ་རིག་འཛིན་བླ་མ་བསང། །གཏུམ་ཆེན་གཏུམ་ཆུང་གོས་སྔོན་ཅན། །འཁོར་ཆེན་ནཱ་ག་རཀྵ་དང་། །རྟ་མགྲིན་ནག་པོ་ཀླུ་འདུལ་སོགས། །ཡི་དམ་ལྷ་ཚོགས་ཐམས་ཅད་བསང་། །ཞེས་ཀྱང་གསུངས་སོ། །

གཏོ་བའི་དཔེ་ཆ་བདམས་བསྒྱུར་ཞེས་པའི་ནང་། མི་དང་ཀླུ་གཉིས་ནི་ཕ་མ་གཅིག་ལས་མཆེད་པའི་གཅེན་གཅུང་ཡིན་ལ། ཕྱིས་ཕ་མེས་ཀྱི་རྒྱུ་ནོར་ལ་མ་འཆམ་པས། སྟོན་པ་གཤེན་རབ་བྱ་ཁྱུང་ལ་བཅིབས་ཏེ་མི་ཀླུ་གཉིས་འདུམ་འགྲིག་མཛད་ནས། རྡོ་དཀར་གྱི་ལུག་གོམ་པ་སྤོ་བ་དང་། རྡོ་ནག་གི་ཕག་པ་འགྲོ་ཤེས་པའི་བར་འཆམ་མཐུན་དགོས་པར་གཏན་འབེབས་གནང་ཞེས་ལྷ་སྒྲུང་ལྟ་བུ་ཞིག་ཀྱང་བཀོད་ཡོད་དོ། །

བོན་གཞུང་གསེར་འོད་ནོར་བུ་འོད་འབར་ལས། ཁྱོད་ཅག་ཀླུ་རིགས་ཐམས་ཅད་ཀྱིས། །འཇིག་རྟེན་མི་ལ་གདུག་རྩུབ་བྱས། །དེ་ཡི་རྣམ་སྨིན་ཉེས་སྐྱོན་གྱིས། །ཀླུ་བདུད་གདུག་རྩུབ་ཆོ་འཕྲུལ་བྱུང་། །ཀླུ་རྣམས་ཆབ་ལ་ཕབ་པ་ཡིན། །ཞེས་པ་ལྟར། ཀླུ་བདུད་དེ་ནི། བོན་གཞུང་དེ་ཉིད་ལས། ཀླུ་བདུད་གདུག་པ་མགོ་དགུ་ནི་ཀླུ་བདུད་འཁོར་འབུམ་དང་བཅས་ཏེ། རླུང་ནག་འཚུབ་མ་སྤྲིན་བཞིན་གཏིབས། །ཞལ་གདངས་མཆེ་གཙིགས་ཟ་ལ་རྔམས། །ཕྱག་ན་དུག་མཚོན་ཚ་ཚ་འཕྲོས། །ལྗགས་ལས་གློག་འོད་གྱ་མ་གྱུ། །ངར་སྐད་དྲག་པ་འབྲུག་ལྟར་སྒྲོག །སྟོང་གསུམ་འཇིག་རྟེན་སྐྱེ་འགྲོ་དང་། །ལྷ་ཀླུ་སྡེ་བརྒྱད་གང་གནས་ཀུན། །ཐམས་ཅད་ང་ཡི་ཟས་ཡིན་ཟེར། །དུག་མཚོན་ཐོག་སེར་ཆར་ལྟར་དབབ། །ཅེས་ཀླུ་གཙོ་བྱས་སྡེ་བརྒྱད་ཟས་སུ་ཟ་བ་ཞིག་ཡིན་པར་བཤད།

དེང་སང་ས་ཆ་མང་བོར་ཀླུ་བདུད་ནག་པོ་ཞེས་སྲོག་ཆགས་ཞིག་སྣང་རྒྱུ་ཡོད་པ་དེ་ནི། དབྱིབས་རུས་སྦལ་ལྟ་བུ། མགོ་བོ་ཁྱུང་མགོ་བཞིན་རྭ་གཉིས་རྒྱབ་ཏུ་ཕྱོགས་པ། ཚད་བྱ་རྒོད་ལས་ཆེ་བ། དེ་ཐོན་ཚེ་སྦལ་སྦྲུལ་སོགས་ཡོད་ཚད་དངངས་སྐྲག་སྐྱེས་ཏེ་བྱེར་འགྲོ་བ། མི་མང་བོས་དངོས་སུ་མཐོང་བ་དང་། ད་དུང་ངག་རྒྱུན་དུ། ཀླུ་བདུད་ནག་པོ་དེ། རྟ་གསེབ་ནག་པོའི་རྟི་ལིས་བརྒྱབ་ན་གསོད་ཐུབ་པ་དང་། དེ་བསད་ཚེ་ཀླུས་སྡོངས་གྲོགས་མཛད་ནས་ཕྱུག་པོར་འགྲོ་བར་བཤད་ལ། གཞན་ཡང་། ཀླུས་གནོད་པ་བྱུང་ཚེ་ཞི་བས་མ་ཐུབ་ན། ཀླུ་བདུད་སྡེར་མོ་ཆུ་མིག་སོགས་སུ་བསྟན་ཏེ་དྲག་ལས་ཀྱིས་ནད་སེལ་བ་དང་ཆར་འབེབས་པ་སོགས་བྱེད། རེབ་གོང་ཕྱོགས་སུ་རོང་བོ་དགོན་ཆེན་དང་རྫོང་དཀར་སོགས་སུ་ཀླུ་བདུད་ཀྱི་སྡེར་མོ་ཉར་ཚགས་བྱས་ཡོད་དོ། །དམངས་ཁྲོད་དུ་བཤད་པའི་ཀླུ་བདུད་ནག་པོ་ནི་ངག་རྒྱུན་ཙམ་མ་ཡིན་པར་གདོད་མའི་བོན་ཆོས་ཁག་ཏུ་འདི་ལྟར་བཤད་དེ། ཁོ་བོ་ཅགསྒྲ་བླ་ཁྱུང་ཆེན་བསེའུ་རུ་གཅིགཟེར་བ་དེ་ཡིན་ཞིང་། དེ་ནི་གདོད་མའི་མིའི་རིགས་ཀྱི་ཝེར་མར་བཀུར་ལ། དེ་བས། དེང་སྐབས་བོད་ཀྱི་ས་ཆ་ཁག་ནས་ཐོན་པའི་རིག་རྫས་ཐོག་ལྕགས་མང་བོར་ཡང་སྒྲ་བླ་ཁྱུང་ཆེན་བསེའུ་བཀོད་པ་འདི་ཡང་སྒྲ་བླ་ཁྱུང་ཆེན་བསེའུ་ལྷ་བཀུར་བའི་མཚོན་རྟགས་ཡིན་ལ། དེའི་རྣམ་པ་ཡང་། སྣང་གསལ་སྒྲོན་མེ་ལས། མཐུ་ཆུང་མཐུ་ཆེན་ཝེར་མའི་དམག་ཚོགས་ལ། །བྱེས་ཐུབ་མང་སྟེ་གཡུལ་ཐུབ་ཉུང་། །གཡུལ་ཐུབ་བསེའུ་རུ་གཅིག་ཡིན། །བསེའུ་པགས་པ་དམར་བ་ཡིན། །བསེ་ལ་གྲང་འབྲུམ་ཡོད་པ་དེ། །ཕ་དེ་གསེར་སྦལ་ཡིན་པར་ངེས། །བསེ་ལ་རི་མོ་ཡོད་པ་དང་། །རྭ་ལ་འོད་ཟེར་འཕྲོ་བ་དེ། །མ་ནི་མཚོ་སྨན་ཡིན་པའི་རྟགས། །ཁ་དྲག་བསེའུ་རུ་གཅིག་ལ། །དབང་ནི་ཀླུ་ཡི་རྒྱལ་བོ་བྱིན། །མཐུ་ནི་ས་བདག་རྒྱལ་བོས་བསྐྱེད། །འདི་སྟོད་ལ་ཁྱུང་གསུམ་རྩེ་སྤྲོད་ཡོད། །ཁྱུང་ཡིན་པའི་རྟགས་སུ་བྱ་གཤོག་ཡོད། །སྦལ་བ་ཡིན་པའི་རྟགས་སུ་ནི། །ལུས་ལ་ཆུ་རིས་ཆགས་པ་ཡིན། །ཞེས་སོ། །ཡང་། བོན་གྱི་སྒྲ་འགྲེལ་ལས། ཀླུ་བདུད་མིང་སྲིང་ལྔ་ཡང་བཤད་དེ། ཀླུ་བདུད་ནག་པོ། བ་ལང་རྟོལ་མགོ ཕག་ལུས་དོམ་མགོ མ་ཐེར་ཤེལ་ལྕགས། ཆུ་བདག་ནག་མོ་བཅས་སོ། །

༦ ཀླུ་ནད་སེལ་ཐབས། ཀླུ་ཤིང་ཤུག་པ་དང་། བ་ལུ། སྤེན་མ། བྲ་མ། སེ་བ། སྐྱེར་བ། སྟག་པ། ལྕང་མ། ཉ་ཁྲིག སྨྱུག་མ། སུར་དཀར། གཡེར་བ། ཚར་བུ། གླ་སྒང་། སྒྲོན་ཤིང་། འོམ་བུ་སོགས་སྲེག་སྟེ་བདུག་པ་དང་། དེ་ལས་གཞན། ཐང་ལོ་དང་། སྨྱུག་ལོ། རྨ་བྱའི་མདོངས། ཟི་ར་དཀར་ནག སྦྲུལ་གྱི་པགས་པ། དབང་བོའི་ལག་པ། ཆུ་སྲིན་སྡེར་མོ། ཛཱ་ཏི་ཕ་ལ། སྤང་སྤོས། རྒྱ་མཚོའི་ཝུ་བ། ཨུཏྤལ་སྔོན་པོ། རྒྱ་མཚལ་ལྕོག་ལ། དུང་ཕོར་མདོག་བཟང་། གུ་གུལ་དཀར་བོ། སྙིང་ཞོ་ཤ གླ་གོར་ཞོ་ཤ མཁལ་མ་ཞོ་ཤ སྤུ་ཤེལ་རྩེ། ཆུ་དག རྡོ་རྒྱུས་བྱ་བལ་མ། བ་དམར་དང་ར་དཀར་གྱི་འོ་མ། ནཱ་ག་སྤུས་པ། ནཱ་ག་གེ་སར། ཏིལ་དཀར་ནག ག་བུར། གུར་གུམ། ཙན་དན་དཀར་བོ་དང་སྨུག་པོ། ཀ་ར། བུར་རམ། སྦྲང་རྩི་སོགས་ཀྱིས་ཀླུ་ནད་འཇོམས་པ་རཱ་ག་ཨ་སེའི་ཀླུ་བསང་དང་ཀླུའི་སྤང་སྐོང་སོགས་ལས་གསུངས་པ་བཞིན། གསོ་རིག་ལྟར་ནའང་། བྲ་ཤིང་ནི་རྩ་བ་རོ་མངར་བ། རང་བཞིན་བསིལ་བ། ནུས་པས་ཤ་ཚད་དང་རྩ་ཚད་འཇོམས་པ་དང་། སྐྱེར་བའི་མེ་ཏོག་དང་འབྲས་བུ་ཡང་རོ་སྐྱུར་ལ་ཁ་བ་དང་། རང་བཞིན་བསིལ་བ། ནུས་པས་འཁྲུ་བ་གཅོད་པ། སྐྱེར་ཤིང་གི་བར་ཤུན་རོ་ཁ་བས་དུག་ནད་སྡུད་ཐུབ་པ་དང་ཆུ་སེར་སྐེམ་པ། མཁྲིས་ནད་སོགས་སེལ་བའི་ཁྱད་ནུས་ལྡན་པ་ལྟ་བུའོ། །

གསོ་རིག་ལས་ཀྱང་། ཀླུ་ནད་འཇོམས་པ་ལ་ཀླུ་བདུད་རྡོ་རྗེའི་སྨན་རྩྭ་འདི་གཉེན་པོར་གསུངས་སྟེ། དེ་ནི། ནག་པོའི་འཁྲུངས་དཔེར། སྐྱེས་བུ་ཀླུ་བདུད་རྡོ་རྗེ་འདི། །ཉིན་ན་མི་སྐྱེ་སྲིབ་ན་སྐྱེ། །སྲིབ་ཀྱི་ཤིང་ཕྲན་གསེབ་ལས་སྐྱེ། །ལོ་མ་དངུལ་གྱི་མདེའུ་ཞིབ་འདྲ། །སྡོང་བུ་སྨུག་རིང་ལྕགས་སྐུད་འདྲ། །མེ་ཏོག་ཐལ་ཀར་གླང་ཆེན་མདོག །དྲིལ་བུ་འདྲ་བ་ཐུར་དུ་བུབ། །ཟེའུ་འབྲུ་རྡོ་རྗེའི་ར་རྩེ་འདྲ། །ནང་མདོག་ཀླད་པའི་རྩ་རིས་ཅན། །སྣོམ་ན་གླང་ཆེན་དྲི་མ་བྲོ། །བཅད་ན་འོ་མའི་ཁུ་བ་འབབ། །རོ་ནི་ཁ་ཚ་བསྐ་ལ་བསིལ། །ནུས་པས་ཀླུ་ནད་ས་གདོན་འཇོམས། །ཞེས་སོ། །

དེ་ལས་གཞན། རཱ་ག་ཨ་སེའི་གནམ་ཆོས་ས་བདག་འཁྲུག་བཅོས་ལས། རྒྱ་མཚོ་ལྦུ་བས་ཀླད་ཉམས་གསོས། །ཕྱག་ཚང་ཀུ་བས་མགོ་ཉམས་གསོས། །ཨུཏྤལ་འཕེལ་བས་མིག་ཉམས་གསོས། །གླ་གོར་ཞོ་ཤས་རྣ་བ་གསོས། །ཉ་ཕྱིས་སྣ་དང་འགྲམ་པ་སོས། །མཚལ་དང་ལི་ཁྲིས་ཤ་ཁྲག་སོས། །མཁལ་མ་ཞོ་ཤས་མཁལ་མ་སོས། །ཤུ་དག་དཀར་བོས་རུས་ཉམས་སོས། །དབང་ལག་ལག་པ་ཉམས་པ་སོས། །ཆུ་སྲིན་སྡེར་མོས་རྐང་ཉམས་སོས། །རྡོ་རྒྱུས་ཆུ་རྒྱུས་ཉམས་པ་སོས། །མགྲོན་བུས་སོ་ཉམས་ཐམས་ཅད་སོས། །ལེ་བརྒན་དར་གྱིས་ལྗགས་ཉམས་སོས། །ཨ་རུ་ར་སོགས་བཟང་དྲུག་གིས། །ནང་ཁྲོལ་ཉམས་པ་ཐམས་ཅད་སོས། །ཤིང་ལོ་དར་ཟབ་པགས་ཉམས་སོས། །ཞེས་གསུངས་སོ། །

གཉན།

གཉན་གྱི་སྒྲ་བཤད་ལ་ཐམས་ཅད་ཡོངས་སུ་གཉན་པས་ན་གཉན་ཞེས་བརྗོད་ལ། སྒྲ་འགྲེལ་ལས། གཉན་ནི་ཡུལ་ལྷའི་རིགས་ལས་དགར་བ་ཞིག་ཏུ་འདོད་ལ། གཉན་རིགས་ཀུན་གྱི་བདག་པོ་ནི་གནམ་སའི་བར་ན་སྡོད་པའི་ལྷ་རབས་གཉན་རབས་རྗེ་ཞེས་པ་དེ་ཡིན་པར་བཤད།

གཞན་དུ། གཉན་ཐམས་ཅད་ཀྱི་གཙོ་བོ་ནི་སྦར་བ་དུང་མགོ་གཡུའི་ཐོར་ཚུགས་ཅན་བྱ་བ། སྤྲུལ་བ་བསམ་གྱིས་མི་ཁྱབ་པ། ཉི་མའི་འོད་ཟེར་ཕྱོགས་བཞི་མཚམས་བརྒྱད་དུ་སྤྲོ་བ་དེ་ཡིན་པར་བཤད། ཡང་། གཉན་གྱི་རྣམ་གྲངས་ལ། ཀླུ་འབུམ་ལས། གཉན་དཀར་བོ་བྱ་བ་དང་། ཉི་གཉན་དང་། ཟླ་གཉན་དང་། སྐར་གཉན་དང་། གཟའ་གཉན་དང་། གཞའ་གཉན་དང་། སྤྲིན་གཉན་དང་། རྫ་གཉན་དང་། རླུང་གཉན་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་ཞིག་ནམ་མཁའ་དང་མཚུངས་པར་བར་སྣང་ལ་གནས་ཡོད་དོ། །ཞེས་དང་། གནམ་ས་སྣང་བརྒྱད་ལས། གཉན་གཡུ་འབྲུག་སྔོན་མོ་གསེར་གྱི་ཟེ་བ་ཅན་དང་། ས་གཉན་གསེར་གྱི་སྦལ་བ་ལ་གཡུའི་བྲང་འབྲུམ་ཅན་དང་། གངས་གཉན་སེང་གེ་དཀར་མོ་ལ་གཡུའི་རལ་བ་ཅན་དང་། མཚོ་གཉན་འཕྱོང་གི་ལྕོང་མོ་ལ་དུང་གི་འདབ་མ་ཅན་དང་། བྲག་གཉན་གསེར་གྱི་སྤྲེའུ་ལ་དུང་གི་ཐོར་ཚུགས་ཅན་དང་། གསེར་གཉན་དྲ་མ་དང་། ས་གཉན་དང་། ཆུ་གཉན་དང་། རྡོ་གཉན་དང་། གཉན་ཆེན་པོ་སྡེ་བཞི་སོགས་སུ་གསུངས་སོ། །

གངས་རི་དང་། གཡའ་བྲག་དང་། རྩི་ཤིང་དང་། ནགས་ཚལ་དང་། ས་གཞི་དང་ཆུ་ལ་གནས་པའི་གཉན་ཁམས་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་དོ། །བོད་དུའང་གཉན་ཆེན་པོ་ཐང་ལྷ་ཡར་བཞུར་སོགས་གཉན་ཐུ་བོ་ཆེ་དང་། རྫ་བྲག་དང་མཚོ་རྫིང་སོགས་གཉན་གནས་འགངས་ཆེན་མང་ངོ་། །གཞན་ཡང་། རྒྱལ་རོང་དམུ་རྡོའི་དབང་ཕྱུག་གི་འཁོར་དུ་གཉན་ཆེན་སྡེ་བཞིའི་བསྐོར་ཡོད་པར་བཤད་པ་སྟེ། ཤོ་ཝོ་གཉན་ཆེན། ས་ཝོ་གཉན་ཆེན། གཡུ་འབྲུག་གཉན་ཆེན། ཐོ་ཝོ་གཉན་ཆེན་ནོ། །

མཚམས་རེར་གཉན་གྱི་གཟུགས་ནི་བྱ་རྒོད་དང་། འབྲོང་གཡག གླང་དང་། བྱི་བ་དང་། སྦྲུལ་སོགས་སྣང་དུ་ཡོད་པར་བཤད་དེ། བོན་གྱི་བཤད་སྲོལ་ལ་གཉན་གེ་ཁོད་ཅེས་པ་དེ་ཡང་། དང་ཐོག་གཡག་རྒོད་དཀར་བོ་ཞིག་གིས་རྣམ་པས་གངས་རི་ཏི་སེ་ལ་ཐིམ་པར་བཤད་པ་དང་། གཉན་ཆེན་ཐང་ལྷ་གཟུགས་བོང་ཆེ་ཞིང་གཏུམ་དྲག་ལྡན་པའི་བྱ་རྒོད་ཀྱི་རྣམ་པས་རི་དེར་གནས་པར་འདོད་པ་དང་། ཡང་། སློབ་དཔོན་པད་འབྱུང་གིས་ཐང་ལྷ་སྦྲུལ་ཆེ་གེ་མོ་ཞིག་ཏུ་མཐོང་བ་ལྷ་འདྲེ་བཀའ་ཐང་ལས་གསུངས་པ་དང་། ལྔ་བ་ཆེན་པོས་ལྷ་དེ་རྟ་དཀར་བཅིབ་པའི་མི་འདྲ་བ་ཞིག་ཏུ་གཟིགས་པ་དང་། གཉན་གྱི་སྤང་སྐོང་ལས། གླང་དང་བྱི་བ་བསད་དུ་མི་རུང་། གཉན་གྱི་བུ་དང་བུ་མོའི་སྤྲུལ་བ་ཡིན། གསུངས་པ་དང་། ཡང་། གཉན་ནི་གཞི་བདག་ལས་མཆེད་པར་བཤད་པ་ལྟར། ཡར་ལྷ་ཤམ་པོ་ཡང་གཟུགས་སྟོབས་རི་ལྟར་ཆེ་བའི་གཡག་ཅིག་གི་ངོས་ནས་སློབ་དཔོན་པད་འབྱུང་གི་ཕེབས་ལམ་བཀག་པར་ལྷ་འདྲེ་བཀའ་ཐང་ལས་གསུངས་པ་དང་། བོད་རྒྱལ་གྲི་གུམ་གྱི་བཙུན་མོ་རི་ལས་གཉིད་པའི་རྨི་ལམ་དུ་མཛངས་བློན་རུ་ལས་སྐྱེས་མངལ་དུ་འཁོར་ཚེ་ཡང་། གཉིད་ལས་སད་ཚེ་མོའི་གམ་དུ་གཡག་དཀར་བོ་ཞིག་ཉལ་སྡོད་པ་གཟིགས་སོ། །དེ་ལས་གཞན། ཀླུའི་སྤང་སྐོང་ལས་གཉན་མི་ལུས་ཤྭ་མགོ་ཅན་དང་། མི་ལུས་དྲེད་མགོ་ཅན། མི་ལུས་རྟ་མགོ་ཅན་ཡང་བཤད་དོ། །

གཉན་ཅེས་པའི་ཐ་སྙད་ཀྱི་སྟེང་ནས་གོ་བ་བླངས་ནའང་། གཉན་པོ་དུག་གི་སྡོང་བོ་ཞེས། ཕར་གནོད་པ་བག་ཙམ་བྱས་ནའང་སླར་འཁོན་ལན་འཆོར་མེད་དུ་སློག་པ་ཞིག་ཏུ་ངོས་འཛིན་པ་དང་། ཡུལ་སྡེ་སྤྱི་ལ་ནད་ཡམས་འཐབ་རྩོད་འཁྲུག་ལོང་དང་། མུ་གེ་བཙའ་ཐན་སད་སེར་སོགས་འབྱུང་བ་དང་། གསོ་རིག་ལས་ཀྱང་གཉན་ལ་ཕོག་ཐུག་བཟོས་ཚེ། གཉན་ནད་བཅོ་བརྒྱད་ཀྱིས་ཐེབས་པར་བཤད་དེ། ཀླད་གཟེར་དང་། གགས་པ། གཟེར་ཐུང་། གཅན་གླང་། མེ་དཔལ། གཡན་པ། གཉན་རྨེན་བུ། ཉྭ་ལོག ལྷོག་པ། གཉན་འབྲས། འཛུམ་ལྟག་དགྱེ། མཁྲིས་པ་རྩར་རྒྱུག ནང་ལྷོག གཉན་ཁ་མེད། གཉན་འཁྱམ་པོ། གཉན་འབུར། རྣ་རྩ་ཕུས་འདེབས། གཉན་ངམ་རུ་བཅས་ལས་གང་རུང་དང། གཙོ་བོ་རྩ་རྒྱུས་བཀུམ་ནས་འཇའ་བར་བྱེད་པའི་ནད་སོགས་གཏོང་བར་གསུངས་སོ། །

གཞན་དུ་ན། གཉན་ཞེས་པ་རུས་རྒྱུད་ཚོ་བ་དང་འབྲེལ་བ་ཡོད་པའི་མིའི་འགྲོ་བ་ཞིག་ཏུའང་སྣང་སྟེ། བོན་གཞུང་རྙིང་བ་རྣམས་སུ་མི་དང་གཉན། བདུད་གསུམ་གྱི་བར་དུ་དམག་འཁྲུག་ལངས་པ་སོགས་མཐོང་རྒྱུ་ཡོད། དཔེར་ན། དབུ་ནག་མིའི་འདྲ་ཆགས་ལས། ཨ་མྱེས་གཉན་རྒན་དེ་བ་དེས། །ཁོས་ངའི་བུ་མོ་བསད་དགོངས་ནས། །གཉན་གྱི་གཟེར་མདའ་ནག་པོ་ཕངས། །ཨ་མྱེས་ཁྲི་ཐོ་ཆེན་པོ་བསད། །གདོང་དྲུག་བོད་ཀྱི་ཨ་བོ་གཉན་གྱིས་བསད། །ཅེས་གསུངས་ལ། ཁྱད་པར་དུ་ལོ་རྒྱུས་ཁག་ནས་མ་སངས་ཀྱིས་བོད་ཁམས་དབང་བསྒྱུར་ཞེས་པའི་མ་སངས་དང་གཉན་ཡང་མིང་གི་རྣམ་གྲངས་སུ་འདོད་པ་ཡོད་ལ། དེ་ཡང་བདེན་མཆི་སྟེ། ཏུན་ཧོང་ཡིག་རྙིང་ལས། ཀུ་བྱི་སེར་བཞི་ཞེས་པའི་ལྷ་དེ་ནི་གཉའ་ཁྲི་བཙན་པོའི་མེས་པོ་གསུམ་གྱི་གྲས་སུ་བཤད་ལ། ལྷ་དེ་ནི་མ་སངས་ཀུན་ཀྱི་བདག་པོ་ཡིན་ཚུལ་བཀོད་ཡོད།

དེ་བཞིན་དུ། གླིང་སྒྲུང་ནང་གེ་སར་ནི་མ་སངས་ཀྱི་གདུང་རྒྱུད་དུ་ངོས་འཛིན་བྱས་པ་ཡང་། གེ་སར་གྱི་ཕ་ནི་གཉན་གེར་མཛོ་ཞེས་པ་ཁམས་ཤར་ཁུལ་གྱི་གེ་མཛོ་རི་བོའི་གཞི་བདག་དེ་ཡིན་པར་བཤད་ཡོད། གང་ལྟར་གཉན་ཞེས་པ་འདི་གདོད་མའི་རུས་རྒྱུད་ཀྱི་མིང་དུ་བེད་སྤྱོད་བཏང་བ་ཞིག་ཡིན་ལ། རུས་རྒྱུད་དེ་ལས་མི་སྣ་རླབས་ཆེན་འདས་རྗེས་སུ་ལྷ་ལ་བཀུར་ཏེ་གསོལ་མཆོད་བྱས་པའི་སྲོལ་ཆགས་པར་འདོད། དེ་ལ་ད་ལྟའི་སྐད་ཆའི་ཁྲོད་དུ་དཔེ་གསོན་པོ་ཞིག་མཆིས་ཏེ། དཔེར་ན། ཨ་མྱེས་གཉན་ཆེན་དང་། ཨ་མྱེས་རྨ་ཆེན། ཇོ་བོ་སྒྱོགས་ཆེན་གདོང་ར། ཨ་ཕྱི་གཡུ་སྒྲོན། ཨ་ནེ་གོང་སྨན་རྒྱལ་མོ། གཞན་ཇོ་ཇོ་དང་། ཇོ་མོ་སོགས་ཀྱི་ཐ་སྙད་དྲོད་མ་ཡལ་བར་ཡོད་པས་ཤེས་སོ། །ཁྱད་པར་དུ་གཉན་ཞེས་པའི་ཐ་སྙད་ཀྱི་སྟེང་ནས་གཞིགས་ནའང་། གཉན་རུས་ལས་འཁྲུངས་པའི་མི་སྣ་དང་། འདས་རྗེས་ཀྱི་གཉན་རིགས་སུ་སྐྱེས་པ་དེ་དག་ལ་གནོད་པ་སྐྱེལ་ན་སླར་ལེ་ལན་གཏིང་ཐག་ཆོད་པ་ལེན་ངེས་པས། འགྲོ་བ་མི་རྣམས་ཧ་ཅང་འཚེར་ཆེ་ལ། བོད་ཀྱི་སྐད་ཆའི་ཁྲོད་དུ་འང་། སྐུ་བླ་གཉན་པོ་དང་། གཉན་པོ་དུག་གི་སྡོང་བོ། ལུང་གཉན་པོ་དང་། བཀའ་གཉན་པོ། ལྷ་གཉན་དང་ཀླུ་གཉན། ལྷ་རི་གཉན་པོ་དང་། ད་དུང་ལྷ་ཐོ་ཐོ་རི་སྙན་བཙན་གྱི་སྐབས་ལྷ་རྟེན་ཆོས་གསུམ་སྐོར་ཞིག་གནམ་ལས་བབས་པར་གྲགས་པའང་གཉན་པོ་གསང་བ་ཞེས་མིང་འདོགས་གནང་བ་ཡིན་ནོ། །

མི་འམ་ཅི།

མི་འམ་ཅི་ནི། དུད་འགྲོའི་ཁོངས་གཏོགས་ཏེ། འདུལ་བ་མདོ་རྩའི་མཆན་དུ། དུད་འགྲོ་མིའི་རྣམ་པ་ཅན་གཟུགས་ཤིན་ཏུ་བཟང་བ་རྣམས་དང་། ཞེས་གསུངས་ལ། ཡང་ཁ་ཅིག མིའི་ལུས་ལ་རྟའི་གདོང་བ་ཅན་ཞིག་ཏུའང་འདོད་དོ། །

ལྟོ་འཕྱེ།

འདི་ཡང་དུད་འགྲོའི་ཁོངས་སུ་གཏོགས་ཞིང་། མདོ་རྩའི་མཆན་དུ་ལྟོ་འཕྱེ་ཆེན་པོ་ནི་ལྟོར་འཕྱེ་ཞིང་འགྲོ་བའི་སྦྲུལ་ཆེན་པོ་དགའ་བོ་དང་ཉེ་དགའ་སོགས་ཡིན་པར་བཤད་ལ། བྱེ་བྲག་ཏུ་ས་བདག་ལྟོ་འཕྱེ་ཆེན་པོ་ནི། སྟོད་མི་ལ་སྨད་སྦྲུལ་མཇུག་ཅན། སྐུ་མདོག་དཀར་བོ་གཡས་ནོར་བུ་དཀུར་བརྟེན་ཅིང་། གཡོན་རྣ་བར་བཀབ་པ། ཉལ་སྟབས་སུ་བཞུགས་པ། རྣ་བར་པདྨ་དཀར་བོ་དང་། མགྲིན་པར་འཇོག་པོ་དམར་བོ་དང་། སྙིང་གར་ནོར་རྒྱས་ལྗང་གུ། མཇུག་རྩེར་རིགས་ལྡན་སྔོན་པོ་རྣམས་སྟོད་མི་ལ་སྨད་སྦྲུལ་མཇུག་ཅན། ཕྱག་གཉིས་ཐལ་མོ་སྦྱར་ཞིང་སྦྲུལ་གྱི་གདེངས་ཀ་ཅན་ཞིག་དང་། ཉི་མ་སུམ་བརྒྱ་དྲུག་ཅུ་ལ་ལུས་པོ་འཁོར་ཐེངས་གཅིག་བྱེད་ཅིང་། སའི་བདག་པོ་ཁོ་རང་དུ་རློམ་པས། ས་རྐོ་རྡོ་སློག་བྱས་ན་ཁོའི་ཤ་ལས་དྲས་པ་ལྟ་བུའི་ཚོར་བ་འབྱུང་བའི་སེར་སྣ་ཆེ་བ་ཞིག་གོ །

གནོད་སྦྱིན།

མཆིམས་མཛོད་ལས། གནོད་སྦྱིན་ཕལ་མོ་ཆེ་ལྷའི་སྡེ་གཏོགས་དང་། ཀླུ་དང་ཡི་དྭགས་ཀྱི་རིགས་སུ་གཏོགས་པའང་ཡོད་པར་བཤད། མདོ་རྩའི་མཆན་དུ། གནོད་སྦྱིན་ནི་རྣམ་ཐོས་ལ་སོགས་པའི་ལྷའི་གནས་སུ་མཆོད་པར་བྱ་བ་གཏོར་མ་ལེན་པ་རྣམས་སོ། །ཞེས་པ་ལྟར། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ནི་རྣམ་སྲས་ཡིན་ལ། དེ་ལ་གཙོ་འཁོར་བརྒྱད་དེ། ཛམ་བྷ་ལ། གང་བ་བཟང་བོ། ནོར་བུ་བཟང་བོ། ཡང་དག་ཤེས། འབྲོག་གནས་ནག་པོ། ལྔ་རྩེན་སེར་སྐྱ། ཙི་པི། ཀུན་དྷ་ལི་བཅས་སོ། །དེ་དག་ནི་ལོངས་སྤྱོད་ཧ་ཅང་ཆེ་བ། སྐུ་ཤ་རྒྱས་ཤིང་གསུས་ཁྱིམ་ཆེ་བ། ཕྱག་ན་དཔག་བསམ་ཤིང་དང་། རིན་པོ་ཆེ། གཏེར་བུམ། ནེའུ་ལེ་འཛིན་པ་དག་གོ །

ཡང་། རིགས་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་ལས་འབྱུང་བ་ལྟར་ན། ཤར་དུ་རིང་བོ་དང་། མིག་བཟང་དང་། གང་བོ་དང་། སེང་སྐྱ་སྟེ་བཞི། ལྷོར་སེང་གེ་དང་། ཉེ་བའི་སེང་གེ་དང་། དུང་ཅན་དང་། དགའ་བོ་སྟེ་བཞི། ནུབ་ཏུ་སེང་གེ་དང་། སེང་གེ་རལ་བ་ཅན་དང་། བླ་མ་དང་། སེར་སྐྱ་སྟེ་བཞི། བྱང་དུ་འཛིན་པ་དང་། འཛིན་དགའ་དང་། བརྩོན་སྐྱོང་དང་། ཁྱབ་འཇུག་སྟེ་བཞི། ཕྱོགས་མཚམས་སུ་ལྔ་སྤྱོད་དང་། ཚིགས་ལྔ་སེར་བོ་དང་། རི་མཉམ་དང་། གསེར་ཅན་ཏེ་བཞི། ས་ལ་པ་བ་དང་། ཤིན་ཏུ་སངས་དང་། ནག་པོ་དང་། ཉེ་ནག་སྟེ་བཞི། བར་སྣང་ལ་ཉི་མ་དང་། ཟླ་བ་དང་། མེ་དང་། རླུང་སྟེ་བཞི་བཅས་ཁྱོན་བསྡོམས་གནོད་སྦྱིན་ཉེར་བརྒྱད་དོ། །

འདུལ་གཞུང་ལས། ཀུན་དགའ་བོ་ཁྱོད་ཀྱིས་རྣམ་ཐོས་བུའི་ཆོས་ཀྱི་སྤུན་གང་ཡིན་པ་དག་སེམས་ཅན་རྣམས་སྲུང་ཞིང་སྐྱོང་བར་བྱེད་པ། འཇིག་རྟེན་ན་ཡམས་ཀྱི་ནད་དང་གནོད་པ་དང་འཁྲུགས་པ་མེད་པར་བྱེད་པ། འཇིག་རྟེན་ན་ཕན་པར་བྱེད་པ་རྣམས་ཀྱི་མིང་ཟུངས་ཤིག འདི་ལྟ་སྟེ། དབང་བོ་དང་། ཟླ་བ་དང་། ཆུ་ལྷ་དང་། སྐྱེ་དགུའི་བདག་པོ་དང་། བྷ་ར་དྷྭ་ཛ་དང་། དབང་ལྡན་དང་། ཙན་དན་དང་། འདོད་པའི་གཙོ་བོ་དང་། མགྲིན་ངན་དང་། པ་ཊི་དང་། ནོར་བུ་དང་། ནོར་བུ་སྤྱོད་དང་། སྒྲ་རབ་དང་། ཉེ་ལྔ་བོ་དང་། རི་མཉམ་དང་། གསེར་ཅན་དང་། གང་བོ་དང་། སེང་ལྡེང་དང་། གཡོན་ཅན་དང་། བ་ལང་སྐྱོང་དང་། འབྲོག་གནས་དང་། མི་ཡི་རྒྱལ་བོ་དང་། རྒྱལ་བའི་ཁྱུ་མཆོག་དང་། ལྕགས་མདུང་རིང་བོ་དང་ལྡན་པ་སྟེ། གནོད་སྦྱིན་ཆེན་པོ་རྣམས་སོ། །

འོན་ཀྱང་། ལོ་རྒྱུས་ཆེན་མོའི་སྐབས་སུ། དང་བོ་གནོད་སྦྱིན་ནག་པོས་དབང་བྱས་ཏེ། །ཞེས་དང་། སྤྲིན་གྱི་ཕོ་ཉ་ལས། གནོད་སྦྱིན་རྒྱལ་བོའི་མཛོད་གཉེར་ཞིག རྒྱལ་བོར་འགལ་ཏེ་ཆད་པ་བཅད་པ་དེ་དང་། སྐབས་འདིར་བཤད་ཀྱི་གནོད་སྦྱིན་གཅིག་ཏུ་འགབ་པར་མི་བྱའོ། །

དྲི་ཟ།

དྲི་ཟའི་སྐད་དོད་ལ་གྷནྡྷ་རྦ་ཟེར་ལ། འདུལ་ཊྭཱྃཀ་ཉི་མའི་འོད་ཟེར་ལས། དྲི་ཟ་ནི་ལྷའི་བྱེ་བྲག་ཏུ་གསུངས་ལ། ཟས་སུ་དྲི་ཟ་བའི་ཆ་ནས་དྲི་ཟ་ཟེར། གནས་ནི་འཇིག་རྟེན་འདི་ཉིད་ཀྱི་ཤར་ཕྱོགས་དྲི་ཟའི་གླིང་ན་ཡོད་ཅིང་། དེ་རྣམས་ལུས་ཀྱི་མཛེས་སྡུག་མི་ལས་ལྷག་ཅིང་། ལྷ་ལས་དམན་པ་ཡིན་ལ། གླུ་གར་རྩེད་འཇོ་ལ་ཧ་ཅང་མཁས་པས། ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱིས་ཀྱང་། དྲི་ཟ་ནི་རྒྱལ་བོ་ཡུལ་འཁོར་སྲུང་གི་འཁོར་ན་ཡོད་ཅིང་ལྷའི་པི་ཝང་མཁན། ཟས་སུ་དྲི་ཟ་བ་ཞིག་གོ །གསུངས། ཡོངས་གྲགས་སུ་དྲི་ཟའི་རྒྱལ་བོ་ཏམྦུ་ར་དང་། ལྗོན་པ་རྟ་མགོ དེའི་སྲས་མོ་ཡིད་འཕྲོག་མ་སོགས་དང་། བོན་གྱི་སྒྲ་འགྲེལ་ལས། དྲི་ཟ་ཕོ་མོ་དྲུག་ཀྱང་གསུངས་ཏེ། རྩིབས་ཀྱི་འཕྲེད་ལ་འཕྱོ་ཞིང་དྲི་ཟ་ཕོ་མོ་གཉིས། དྲི་ལ་ཉེ་བར་འཁོར་གྱིན་དྲི་ཟ་ཕོ་མོ་གཉིས། མཁའ་ལ་ལྡིང་ཞིང་དྲི་ཟ་ཕོ་མོ་གཉིས། ཞེས་བཤད་དོ། །

ཤ་ཟ།

ཤ་ཟའི་སྐད་དོད་དུ་ལེགས་སྦྱར་དུ་པི་ཤ་ཙཿཟེར་ལ། ལྒིང་འབུམ་རྣམ་བཤད་ལས། ཤ་ཟ་ནི་ཡི་དྭགས་ཀྱི་བྱེ་བྲག་སྟེ། ཤ་ཁྲག་ཟ་བ་ནག་པོ་ལ་སོགས་པ་དང་། ཤེས་རབ་བྱེད་པ་ལས། ཤ་ཟ་ནི་མི་ལ་ཀྱལ་ཀ་བྱེད་པ་དེན་པོ་འམ་ཐེའུ་རང་ལྟ་བུའོ། །ཞེས་དང་།

དབྱིབས་ནི་ཡི་དྭགས་བཞིན་ལུས་ཕྲ་བ་ཞིག་ཡིན་པར་བཤད་དེ། ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གདུགས་དཀར་འགྲེལ་བ་ལས། ཤ་ཟ་ནི་ལུས་ཤིན་ཏུ་ཕྲ་ཞིང་མི་ཤ་ཟ་བ་ལ་དགའ་བའོ། །གསུངས་ལ། རྡུལ་ཁྲོད་ཀྱི་ཤ་ཟ་ནི། ཕྱགས་དར་ཁྲོད་ཀྱི་འདྲེ་འམ་ཚུབ་མའི་འདྲེའོ། །ཞེས་རྣམ་འབྱེད་འགྲེལ་བ་ལས་གསུངས་སོ། །

ཁ་ཟས་ནི། གཏོར་མ་ཆ་གསུམ་ལས། གང་ཞིག་མཚན་མོ་རྒྱུ་བ་ཡི། །འབྱུང་བོ་རྣམས་དང་ཤ་ཟ་དང་། །སྲིན་པོ་ཤ་རྗེན་ཟ་བ་དང་། །སེམས་ཅན་རྣམ་པ་སྣ་ཚོགས་དང་། །ལྗོན་ཤིང་གེལ་བ་སོགས་གནས་པ། །དེ་དང་དེ་ལ་གཏོར་མ་ནི། །བཟའ་བ་ཤ་ཆང་ལ་ཕུག་བཅས། །འབྲས་ཆན་འབྲས་བུ་མང་བོ་དང་། །མཆོད་པ་འདི་ཡིས་མགུ་བྱོས་ལ། །ཞེས་གསུངས་སོ། །

ལུས་སྲུལ་བོ།

ལུས་སྲུལ་བོ་ནི། མཚོ་སྣ་བས་ཡི་དྭགས་ཀྱི་རིགས་ཡིན་པར་བཤད་ལ། ལུས་ཐུང་ཞིང་དྲི་ང་བ། སེག་དང་རེ་ལྡེ་སོགས་གོས་ཧྲུལ་གྱོན་པ་ཞིག་ཏུ་བཤད། ཆ་གསུམ་གྱི་འགྲེལ་བར་ཡང་། ལུས་སྲུལ་བོ་ནི། ལུས་དྲི་ང་བ་སོགས་དང་། རེ་ལྡེ་གོན་པའི་ཡི་དྭགས་ཀྱི་བྱེ་བྲག་གོ་གསུངས་སོ། །

གྲུལ་བུམ།

གྲུལ་བུམ་ཡང་ཡི་དྭགས་ཀྱི་ཁོངས་སུ་མཚོ་སྣ་བས་གསུངས་པ་དང་། བོད་རྒྱ་ཚིག་མཛོད་ཆེན་མོ་ལས། རྒྱ་མཚོའི་ནང་དུ་གནས་པའི་གནོད་སྦྱིན་མིའི་དབྱིབས་དང་འདྲ་ལ། མགོ་བོ་སྲོག་ཆགས་སྣ་ཚོགས་ཀྱི་མགོ་ཅན། རྐང་ལག་གི་གྲུ་མོ་དང་རྣ་བའི་སྟེང་དུ་ཤའི་རལ་བ་ཡོད་པ་ཞིག ཅེས་དང་། ཡང་། བཀྲ་ཤིས་བརྩེགས་མདོ་ལས། དེ་དག་བདག་པོ་རྒྱལ་བོ་ནི། །འཕགས་སྐྱེས་བོ་ཞེས་བྱ་བར་བརྗོད། །དེ་ནི་གྲུལ་བུམ་ཀུན་གྱི་བདག །ཅེས་འཕགས་སྐྱེས་བོ་ནི་གྲུལ་བུམ་ཀུན་གྱི་བདག་པོའང་བཤད་དོ། །

གྲུལ་བུམ་གྱི་གདོན་གྱིས་བཏབ་པའི་ནད་རྟགས་ནི་ངོ་ཇེ་ནག་ཏུ་སོང་སྟེ། དལ་བར་འགྲོ་ཞིང་རླིག་པ་སྐྲངས་པ་ཞིག གསུངས་སོ། །འདིར་དངོས་བྱུང་ཞིག་ལ། ལོ་རབས་བརྒྱད་ཅུ་བའི་དུས་མགོའི་ཚགས་པར་ཞིག་ཏུ། ཀྲུང་གོའི་རྡོ་སྣུམ་རྩད་ཞིབ་རུ་ཁག་ཅིག་ལྷོ་ཕྱོགས་རྒྱ་མཚོའི་གླིང་ནས་ལོག་ཁར་མི་ལུས་ཉ་མགོ་ཅན་གྱི་སྟོབས་པོ་ཆེ་གཉིས་གྲུ་སྟེང་དུ་འགོས་ཡོང་བར། གྲུ་ཐོག་འཁྱག་ཁང་གི་སྒོ་ཕྱེ་སྟེ་འཛུལ་བྱུང་བས། ཁོང་ཚོས་ཞེད་སྣང་གིས་སྒོ་ཟྭ་དམ་པོར་བརྒྱབ་སྟེ། སྐམ་སར་ཐོན་དུས་སྒོ་ཕྱེས་པས་དེ་གཉིས་འཁྱག་ཤི་ཐེབས་ཟེར། ཚགས་པར་དེའི་སྟེང་སེམས་ཅན་དེ་གཉིས་ཀྱི་བྱད་གཟུགས་དང་བོངས་ཚད་སོགས་གསལ་བར་འཁོད་ཡོད། བོད་ཀྱི་མཁས་པས་བརྟག་དཔྱད་གནང་བ་ལྟར་ན། དེ་ནི་གྲུམ་བུམ་གྱི་རིགས་ཡིན་པར་བཞེད། ཆོས་འདུལ་བ་ལས། མེའི་ཁང་བར་གྲུལ་བུམ་མེ་སྦར་བ་འབྲི་བར་བཤད་པ་དང་། ཁ་ཟས་སུ་སྐྱུགས་པ་ཟ་བར་གདུགས་དཀར་འགྲེལ་བ་ལས་བཤད་དོ། །གཞན་དྲན་མེད་དུ་སྨྱོ་བར་བྱེད་པའི་སྨྱོ་བྱེད། དྲན་པ་ཉམས་ཞིང་བརྒྱལ་བར་བྱེད་པའི་བརྗེད་བྱེད་སོགས་ཀྱང་ཡི་དྭགས་ཀྱི་ཁོངས་སུ་ཐེ་བར་མཆིམས་མཛོད་ལས་གསུངས་སོ། །

མ་མོ།

མ་མོ་ཞེས་པའི་ཐ་སྙད་འདི། ནམ་མཁའི་ནོར་བུས་བོན་ལས་དབྱལ་མ་མོ་ཞེས་པ་སྟེ། དབྱལ་ནི་ལྕམ་གྱི་བརྡ་རྙིང་དུ་བཤད་ཅིང་། མ་མོ་ཞེས་པ་ནི་དབྱལ་གྱི་ནང་ནས་ཀྱང་ཆེས་སྔ་བའི་མ་ཆེན་མོ་ལྟ་བུ་ཞིག་ཡིན་ཡང་ཟེར།

མ་མོ་བརྒྱད་ནི། འཇིག་རྟེན་པའི་ལྷ་ཆེན་པོ་བརྒྱད་ཀྱི་བཙུན་མོ་སྟེ། བདེ་ཆེན་བློ་བཟང་ཆོས་འཕེལ་རྒྱ་མཚོའི་གདུགས་འགྲེལ་ལས། དབང་མོ་ཚངས་མ། ཁྱབ་འཇུག་མ། དྲག་མོ། གཞོན་ནུ་མ། ཕག་མོ། དཔལ་མོ། རྒན་བྱེད་མ་སྟེ་མ་མོ་བརྒྱད་དང་། ཀློང་རྡོལ་བླ་མས། ཚངས་མ། དྲག་མོ། ཁྱབ་འཇུག་མ། གཞོན་ནུ་མ། དབང་མོ། ཕག་མོ། གཤིན་རྗེ་མོ། ལུས་ངན་མོ་བཅས་འདྲེན་པ་དང་། གཞན་ཡང་། མ་མོ་བདུན་འདྲེན་ཚེ། ཚངས་མ་དབང་མོ་གཞོན་ནུ་མ། །ལྷ་ཆེན་མ་དང་རྟོག་འདོད་མ། །རྒན་ཆེན་མ་དང་སྣ་ཆེན་མ། །ཞེས་སོ། །

ཡང་། ཐུའུ་བཀྭན་ཆོས་ཉིའི་རྟ་མགྲིན་གསང་སྒྲུབ་ཀྱི་ནད་བདག་སྟོབས་འཇོམས་ཀྱི་ཆོ་ག་འཁྱེར་བདེ་ལས། ནད་བདག་མོ་བུད་མེད་ནག་མོ་འཇིགས་པའི་གཟུགས་ཅན་ཁྲག་གི་རལ་བ་བསྙིལ་བ་ཐལ་མོ་བརྡེབ་པའི་ཚུལ་ལངས་སྟབས་སུ་ཡོད་པ་ཆེ་བ་གཅིག་དང་། ཕྱོགས་བཞིར་རང་འདྲ་དེ་ལས་ཆུང་བ་བཞི། ཞེས་གསུངས་ལ། ནད་བདག་མ་མོ་དེའི་འབྱུང་ཁུངས་དང་ནད་གཏོང་ཚུལ་ཡང་དེ་ཉིད་ལས། སྲིད་ལ་ལས་ཀྱི་ནད་བདག་མོ། །བདུད་མོ་ཁྲག་མིག་རལ་བ་ཅན། །གཉན་མོ་ཁ་འབར་ཞེས་བྱ་བ། །ནད་ཀྱི་བདག་མོ་ཆེན་མོ་ཞིག །རྒྱ་མཚོའི་གཏིང་ནས་སྐུ་བསྐྱོད་དེ། །རི་རབ་ཟོམ་ལ་བརྟེན་བྱས་ནས། །ཐལ་མོ་བར་སྣང་ཁམས་སུ་བརྡེབ། །ང་རོ་ནམ་མཁའི་མཐོངས་སུ་འབོད། །ནམ་མཁའ་ནད་ཀྱི་རླངས་པས་སྒྲིབ། །ས་ནད་མེ་ལྟར་འབར་བ་དང་། །གཉན་ནད་ནག་པོ་རྒྱུག་འགྱེལ་དང་། །རྩ་ནད་ཧ་ལ་ལྕོག་འགྱེལ་དང་། །བདུད་ནད་ཐོམ་པོ་མགོ་ཡོར་དང་། །བལ་ནད་ནག་པོ་སུམ་སྒྲིལ་དང་། །འདྲེ་ནད་འཛུམ་པ་ལྟག་སྒྱེད་དང་། །འབྲུམ་ནད་ཧས་གཉན་ག་བ་དང་། །སྐྱ་འབྲུམ་ཆུ་སྦུར་ལུག་མིག་དང་། །མཛེ་ནད་ཤུ་བ་ཕོལ་མིག་འབྲས། །དམུ་ཆུ་རྦབ་མཇིང་འཆུ་ས་དང་། །རྩ་རྒྱུག་མིག་སེར་ཤ་ཡ་དང་། །སད་དང་སེར་བ་བཙའ་དང་འབུ། །དུས་ཀྱི་འཁྲུགས་པ་གློ་བུར་གཏོང་། །སྡེ་བ་ནང་འཐབ་བྱེད་པ་དང་། །བཙུན་པ་གྲི་རུ་གསོད་པ་དང་། །བཙུན་མ་ལུས་རྒྱས་ནལ་བུ་གསོད། །ཁྱོད་ཉིད་ཁྲོས་པའི་སྔ་ལྟས་ཡིན། །ཞེས་པས་ཤེས་ནུས་སོ། །

ཡང་། ཤེར་སྙིང་བདུད་བཟློག་གི་ཆོ་ག་ཞིག་ལས། མ་མོ་མ་ཅིག་ཡམ་བདག་ཅེས་པ། ལག་པ་གཡས་པ་ན་བདུད་ཀྱི་ཁྲམ་བམ་དང་གཡོན་པ་ན་བཙན་གྱི་ཤྭ་རྡེལ་དཀར་ནག མཆན་ཁུང་གཡས་ན་གཤིན་རྗེ་ཁྲམ་ཤིང་དམར་བོ་དང་གཡོན་ན་ནད་ཀྱི་རྐྱལ་བ་ནག་པོ་ལ་སྦྲུལ་ནག་ལྔ་བརྒྱའི་ཁ་ཆིངས་ཅན་ཡོད་པར་ཡང་གསུངས་སོ། །

མ་མོའི་རྫོང་འདེབས་ལའང་། བསྒྲུབ་བྱའི་ཁྲུས་ཆུས་སྤྲུས་པའི་ཟན་ལ་ལུས་ཀྱི་དྲི་མ་བསྲེས་ཤིང་མི་ཕྱུགས་མང་བོའི་ཁ་སྣའི་དབུགས་ཀྱིས་བདུག་པས་གླུད་སྐེ་མཆེད་དོད་པ། གོས་དུམ་དང་། དར་ཟབ་ཡུངས་དཀར་གྱིས་བརྒྱན་པ་དང་། མཐའ་བསྐོར་དུ་བཤོས་བུ་ནག་པོ་ཟུར་གསུམ། ནལ་བུའི་ཤ་ཁྲག ལུག་ནག་རྨ་བྱ་སོགས། མདའ་འཕང་ནག་པོ། ཆངས་བུ། མཐེབ་ཀྱུ། ངར་མི། ཤ་སྣ། ཁྲག་སྣ། རུས་པ། ལོ་མ། སྦང་མ། སྒོག་པ། ལ་ཕུག ནས་འབྲས་གྲོ་སྲན། བཙོས་པའི་མཆན། སྣམ་ཐེར་གོས་དར་གྱི་དུམ་བུ། རིན་པོ་ཆེའི་རིགས། ས་སྣ་སོགས་རེ་རེ་གྲངས་བརྒྱ་རེ་ཚང་བའམ། མ་འབྱོར་ན་གང་འཇོམས་སོ། །རྫོང་འདེབས་རན་དུས་གུ་གུལ་གྱིས་བདུག ཡུངས་དཀར་གྱིས་བྲབས། རོལ་མོ་ཚམ་རྔམས་དང་བཅས་གླུད་ཡས་རྣམས་ཀོ་གྲུ་ལྟ་བུར་བཅུག་སྟེ་ཆུ་བོར་བསྐུར་བའམ། ཡང་ན། ཐེབས་ཀྱི་ཕྱོགས་སུ་སྐྱེལ་ནས། སྐྱེལ་མིས་ཕྱིར་མིག་ཙམ་ཡང་མི་བལྟ་བར་སྐྱེལ་དགོས་སོ། །

མ་མོ་འདི་དག་གིས་གནོད་པ་བྱུང་ཚེ། མ་མོ་འཁྲུགས་བསྐང་དང་། འཁྲུགས་མདོས་སོགས་ཀྱི་ཆོ་གའང་ཡོད་དོ། །

འབྱུང་བོ།

གཏོར་མ་ཆ་གསུམ་ལས། འབྱུང་བོ་གང་དག་རི་རབ་སྟེང་གནས་དང་། །དགའ་བའི་ཚལ་དང་ལྷ་ཡི་གནས་རྣམས་དང་། །ཤར་ནུབ་རི་དང་ཉི་ཟླའི་ཁྱིམ་རྣམས་དང་། །རི་བོ་ཀུན་ལ་དེ་དག་གནས་པ་དང་། །རིན་ཆེན་གླིང་ན་ལྷག་པར་གང་གནས་དང་། །ཆུ་བོ་ཀུན་དང་ཆུ་བོའི་མདོ་རྣམས་དང་། །མཚོ་དང་རྫིང་བུ་ལྟེང་ཀ་ཆུ་ངོགས་དང་། །གཡའ་ཆུ་བསིལ་མ་ཅན་ན་གང་གནས་དང་། །གྲོང་དང་ཕྱུགས་ལྷས་གྲོང་ཁྱེར་སྟོང་བ་དང་། །ཁང་སྟོང་དག་དང་ལྷ་ཡི་ཁང་བ་དང་། །གཙུག་ལག་ཁང་དང་མཆོད་རྟེན་གནས་རྣམས་དང་། །དཀའ་ཐུབ་གནས་དང་གླང་ཆེན་བྲེས་རྣམས་དང་། །རྒྱལ་བོའི་དཀོར་ཁང་དག་ན་གང་གནས་དང་། །ལམ་སྲང་སུམ་མདོ་དང་ནི་བཞི་མདོ་དང་། །གང་དག་ལམ་པོ་ཆེ་དང་ཤིང་གཅིག་དྲུང་། །དུར་ཁྲོད་ཆེན་པོ་ནགས་ཚལ་ཆེན་པོ་དང་། །སེང་གེ་དྲེད་དང་གཅན་གཟན་གནས་རྣམས་དང་། །འབྲོག་ཆེན་འཇིགས་སུ་རུང་བར་གང་གནས་དང་། །གང་དག་གླིང་མཆོག་དག་ན་གནས་པ་དང་། །ལྷུན་པོ་དུར་ཁྲོད་དག་ན་གནས་པ་རྣམས། །ཞེས་སོགས་གནས་ཡུལ་མང་དུ་གསུངས་ཡོད་པ་དང་།

ཁ་ཟས་ལ་ཡང་ཆ་གསུམ་ལས། ཕྲེང་བ་མེ་ཏོག་དྲི་དང་བདུག་པར་བཅས། །བསྟོད་དང་གཏོར་མ་མར་མེ་གུས་འབུལ་ན། །འདི་དག་བཏུང་ཤིང་ལེགས་པར་གསོལ་ནས་ཀྱང་། །ཞེས་དང་། བཟའ་བ་ཤ་ཆང་ལ་ཕུག་བཅས། །འབྲས་ཆན་འབྲས་བུ་མང་བོ་དག །མཆོད་པ་འདི་ཡིས་མགུ་བྱས་ལ། །གསུངས་པ་དང་། འབྱུང་བོའི་བདག་པོ་ནི་ཐལ་མདོག་ཕྱག་བཞི་བ། ཁྱུ་མཆོག་ལ་བཅིབ་པ། ཕྱག་གཡས་པ་གཉིས་ན་རྩེ་གསུམ་དང་ཨ་སྨྲ། གཡོན་པ་གཉིས་ན་རིལ་བ་སྤྱི་བླུགས་དང་། རཀྵའི་ཕྲེང་བ་འཛིན་པ་ཡུམ་དང་བཅས་པའོ། །ཡང་། དགེ་སློང་མའི་འདུལ་བ་རྣམ་འབྱེད་ལས། འབྱུང་བོ་ཞེས་བྱ་བ་ནི་སྦྲུལ་དང་། སྡིག་སྦྲུལ་དང་། ཏྲེ་མ་བུ་ག་དང་། ཏྲེ་ལ་ཏ་དང་། སྲིན་འབུ་དང་། ཕྱེ་མ་ལེབ་དང་། ཏིལ་གྱི་ཕུབ་མ་ཟ་བ་སྟེ། དེ་དག་གི་ཤིང་གང་ཡིན་པས་ནི་འབྱུང་བོའི་གནས་ཞེས་བྱའོ། །ཞེས་སོ། །གསོ་རིག་ལས་འབྱུང་བོའི་གདོན་བཅོས་ཐབས་ལ། མན་ངག་རིན་ཆེན་འབྱུང་གནས་ལས། ཤ་ཟ་སྲིན་པོ་ལ་སོགས་པ། །འབྱུང་བོའི་གདོན་གྱིས་ཟིན་པ་ལ། །ག་བུར་དུད་པས་བདུགས་ན་ཕན། །དེ་ཝ་པི་བལ་ཞེས་བྱའི་ཤིང་། །ལོ་སྡོང་གང་བྱས་སྐྱེར་བ་འདྲ། །མེ་ཏོག་ཀུ་ཤུའི་མེ་ཏོག་འདྲ། །འབྲས་བུ་ཀུ་ཤུ་འདྲ་ལ་ཆུང་། །ཤིང་དེའི་ལོ་མ་ཁ་འཕེལ་དུས། །བཏུས་ལ་གྲིབ་སྐམ་ཉར་ཚགས་བྱ། །ཚང་སྲིན་ལ་སོགས་གདོན་གྱི་རིགས། །གང་གིས་ཟིན་པར་གྱུར་ན་ཡང་། །ཤིང་དེའི་ལོ་མ་རྣ་བ་རུ། །བཅུག་ན་གདོན་དེ་ཚིག་གྱུར་ནས། །དཔག་ཚད་བརྒྱ་རུ་འབྲོ་བར་འགྱུར། །སྤེན་ཐོག་པ་ཡི་དུད་པ་ནི། །བཏང་ན་གདོན་རིགས་གང་ཡིན་པ། །སྐད་ངན་འཆོར་ཞིང་བྱེར་བར་འགྱུར། །ཞེས་གསུངས་ཡོད་དོ། །

རོ་ལངས།

རོ་ལངས་ནི། གདོན་ཆེན་གྱི་ནང་གསེས་ཤིག་སྟེ། གཉིད་ལ་དགའ་བ་དང་། རྒྱན་འདོགས་པ། ལུས་འདར་བར་བྱེད་པ་ནི་རོ་ལངས་ཀྱི་ནད་རྟགས་ཡིན་པར་གསུངས།

གཞན་ཡང་། མི་ཤི་བའི་བེམ་པོ་རོ་ལངས་རྒྱག་ཚུལ་ཡང་ཡོད་དེ། སྔོན་གྱི་ཚེ་ཤཱ་རིའི་བུའི་སྐུ་སྐེད་ནས་སྔགས་ཕུར་བཏོན་ནས་རོ་ལངས་བཏུལ་བའི་ལོ་རྒྱུས་ཡོད་པ་དང་། རྒྱལ་བ་ཚངས་དབྱངས་པས་ཀྱང་། རྒྱ་གར་དུ་གནས་བསྐོར་དུ་འགྲོ་བའི་ལམ་བར་ནས་རོ་ལངས་བཏུལ་བའི་ལོ་རྒྱུས་ཡོད་དེ། ཚངས་དབྱངས་རྒྱ་མཚོའི་གསང་རྣམ་ལས། རོ་ལངས་ཀྱི་ཆོས་ཉིད་ནི་མིའི་མགོ་ལ་ལག་པ་བཞག་ཚད་འཆི་བས། ཁོས་ལས་དབང་གིས་མི་ཐུབ་པ་སོགས་ལ་འགྲམ་ལྕག་གཏོང་བ་ཡིན། ཞེས་དང་། རོ་ལངས་དེ་གཉིས་གཅིག་ནི་རུས་གོང་རྒྱུས་པའི་འབྲེལ་བ་ཞིག་དང་། གཅིག་ནི་ཤ་པགས་སྐྲ་དང་བཅས་པ་འཇིགས་སུ་རུང་བ་སྲིན་པོ་འདྲ་བ་གཉིས་འདུག ཤ་པགས་མེད་པའི་རུས་གོང་སྐམ་པོ་དེ་འདུལ་དཀའ་ཞེས་སྔར་དམ་པ་རྒན་རབས་རྣམས་ཀྱི་ཞལ་ལས་ཐོས་པ། ཐུགས་ཤིན་ཏུ་མད་པར་འདུག ཅེས་དང་། མཚན་མོ་ས་རུབ་པའི་ཚོད་ཙམ་ལ་ལྷ་ཁང་འདྲ་བ་དེའི་སྒོ་ནང་ནས་མནན་འདུག་པ་གློ་བུར་དུ་ཧར་གྱིས་ཕྱེས་ཏེ་རོ་ལངས་ཕོ་མོ་གཉིས་གར་འཁྲབས་ཏེ་མཆོང་ཞིང་རྒྱུགས་ནས་ཐལ་གྱིས་སླེབས་བྱུང་བར། གཞན་ཟླ་བོ་རྣམས་ཕྱོགས་ཕྱོགས་སུ་བྲོས་ནས་རྒྱུགས་པའི་སྐབས་སུ། རོ་ལངས་ཕོ་མོ་གཉིས་ཀྱིས་བྱིའུ་ཁྱུ་ལ་ཁྲ་འཛུལ་བ་ལྟར་ཕྱོགས་ཕྱོགས་སུ་དེད་ནས་རང་དབང་མེད་པར་སླེབས་ཏེ། ང་རང་མ་གཏོགས་པ་མི་རེ་ལ་འགྲམ་ལྕག་མེ་འབར་བ་འདྲ་བ་རེ་བཏང་ནས་ཧ་སྒྲ་སྒྲོགས་ཤིང་། རྣམ་འགྱུར་ཡ་མ་བརྒྱད་དུ་བསྒྱུར་ནས་རྒྱུག་པའི་རྗེས་ལ། ངས་དེད་ནས་རེ་ཞིག་ནས་སླེབས་ཏེ་རོ་ལངས་གཉིས་ཀྱི་སྐྲ་ལ་འཇུས་ཏེ་ས་ལ་བརྡབས་ནས་གཉིས་བརྩེགས་སུ་མནན་ཏེ། སྐེད་པའི་ལྕགས་ཀྱི་གཏེར་ཕུར་བཏོན་ནས་བརྡབས་པས་རོ་ལངས་གཉིས་དྲན་མེད་དུ་བརྒྱལ་སོང་། ཟླ་བོ་ཚོ་ལ་རྡོ་བ་འཁྱེར་ཤོག་ཅེས་ལབ་ཀྱང་འཇིགས་སྐྲག་སྐྱེས་དྲགས་ནས། ངག་ལ་མི་ཉན་པར་རྒྱང་རིང་བོར་སོང་། ང་རང་གཅིག་པུས་རྡོ་བས་བརྡུངས་ནས་ཐལ་བའི་རྡུལ་དུ་བརླག ཅེས་དང་། སྔར་ང་ཚོའི་ཕ་མ་གཉིས་ཤི་ནས་རོ་ལངས་སུ་གྱུར་ཏེ་གྲོང་བ་ཐམས་ཅད་སྟོངས་པར་བྱས་ནས་ང་ཚོ་འདི་རུ་བྲོས་འོང་བ་ཡིན། ཞེས་སླད་མ་ཞུགས་པའི་ལུང་འདི་བཞི་བོས་སྐབས་དེའི་རོ་ལངས་ཀྱི་རྣམ་པ་དམར་རྗེན་དུ་མཐོང་ཐུབ་ལ། བོད་མཁས་པས། སྐྲ་བརྫེས་ཕུབ་ལྟར་རབ་གདངས་ཁ་ཡི་སྒོར། །རང་གི་ནང་ཁྲོལ་ཕྱིར་ཕྱུང་སླར་ཟ་བའི། །རོ་ལངས་ཚོགས་རྣམས་སེར་སྐྱའི་ཀླད་པ་དག །ལུག་ཀྱང་འཁྱམས་ཤིང་འཁྱམས་ཤིང་གར་བསྒྱུར་ཏོ། །ཞེས་སྐྱུག་བྲོ་བ་མི་སྡུག་པའི་ཉམས་ཀྱི་རྣམ་པ་གསལ་རྗེན་དུ་ཐོན་པ་དང་།

ཡང་། ཐུན་མོང་བའི་དངོས་གྲུབ་བརྒྱད་ཀྱི་ནང་ཚན་རལ་གྲིའི་དངོས་གྲུབ་དེ་ཡང་རོ་ལངས་ཀྱི་སྟེང་ནས་སྒྲུབ་དགོས་པ་ཡིན་ཏེ། དེ་སྒྲུབ་ན་རོ་ལངས་ཀྱི་ལྕེ་རལ་གྲི་དང་ལུས་གསེར་ཏུ་འགྱུར་བར་བཤད་ཡོད། ཨོ་ཏན་ཏ་པུ་རིའི་གཙུག་ལག་ཁང་ཡང་། རོ་ལངས་གསེར་ཏུ་བསྒྱུར་བའི་ཡོན་སྦྱར་ཏེ་བཞེངས་པར་བཤད་སྐབས་འདི་ལྟར་འབྱུང་སྟེ། རྣལ་འབྱོར་བ་ན་ར་ད་བྱ་བས་ནང་བའི་དགེ་ཚུལ་ཞིག་གྲོགས་སུ་སྦྲན་ཏེ། རོ་ལངས་སྒྲུབ་སྐབས། ཐོག་མར་རོ་ལ་ཁ་རླངས་ཐོན། བར་དུ་རོ་འགུལ། ཐ་མར་ལངས་ཏེ་གར་བྱེད་ཅིང་ལྕེ་གཡུགས་པ་ལན་གསུམ་བྱུང་བས། དང་བོ་ལྕེ་ཆོད་ན་རབ། བར་དུ་ཆོད་ན་འབྲིང། ཐ་མར་ཆོད་ན་རལ་གྲི་ཐ་མའི་དངོས་གྲུབ་ཐོབ་ལ། མ་ཆོད་ན་རང་གཞན་ཐམས་ཅད་ཕོངས་ལ་སྦྱོར་བར་བཤད་ལ། དགེ་ཚུལ་གྱིས་གཡུགས་ཐེངས་གཞུག་མར་སོ་བཏབ་ནས་བཅད་པས། ཐ་མའི་དངོས་གྲུབ་ལས་མ་འཐོབ་ཀྱང་། དགེ་ཚུལ་གྱིས་ལྕེའི་རལ་གྲིའི་དངོས་གྲུབ་ལ་བརྟེན་ཏེ། རི་རབ་ཀྱི་རྩེ་དང་གླིང་བཞི་གླིང་ཕྲན་དང་བཅས་པ་ལྟད་མོར་ཕྱིན་ཏེ་སླར་རྣལ་འབྱོར་བར་སྤྲད་པས། རྣལ་འབྱོར་བས་རོ་ལངས་ཀྱི་ལུས་གསེར་དུ་གྱུར་བ། དེ་རིང་བཅད་ཤུལ་དུ་དོ་ནུབ་ཁེངས་ནས་ཟད་མི་ཚར་དེ་དགེ་ཚུལ་ལ་བྱིན་པ་དེས་ཡོན་སྦྱར་ནས། ཨོ་ཏན་ཏ་པུ་རིའི་གཙུག་ལག་ཁང་བཞེངས་པ་སྦ་བཞེད་དང་དཔེ་ཆོས་རིན་སྤུངས་ཀྱི་གཏམ་རྒྱུད་ལས་འབྱུང་བ་དང་།

དེ་བཞིན་དུ། རོ་སྒྲུང་ཞེས་པ་ཡང་རོ་ལངས་གསེར་དུ་བསྒྱུར་བའི་དངོས་གྲུབ་འདི་ལ་འབྲེལ་བ་ཡོད་དེ། དེ་ལ་བཤད་ཚུལ་མང་བོ་ཡོད། རྒྱལ་བོ་རྣམ་གནོན་ཟེར་བས་རབ་བྱུང་བ་ཞིག་གི་དྲིན་ལན་བསབ་ཕྱིར་མཚན་མོ་དུར་ཁྲོད་དུ་སོང་ནས་མི་རོ་ཞིག་མཆོད་སྦྱིན་གྱི་སྟེགས་བུའི་སྟེང་འཁྱེར་འོང་རྒྱུའི་ཁས་བླངས་པ་དང་། ཡང་། ཀླུ་སྒྲུབ་ཀྱིས་སྤྲང་བོའི་བུ་ཞིག་གི་སྙིང་རུས་བརྟག་ཆེད་རོ་དངོས་གྲུབ་རྒྱ་མཚོ་ལེན་པར་མངགས་པ་དང་། ཡང་། དོན་གྲུབ་ཟེར་བ་ཞིག་གིས་སྒྱུ་མ་མཁན་བདུན་བསད་པའི་སྡིག་བཤགས་སུ། སློབ་དཔོན་ཀླུ་སྒྲུབ་ཀྱིས་འཛམ་བུ་གླིང་གི་དབུལ་ཕྱུག་སྙོམས་ཕྱིར་དུར་ཁྲོད་བསིལ་བ་ཚལ་དུ་རོ་དངོས་གྲུབ་ཅན་ལེན་དུ་མངགས་པ་སོགས། བཤད་ཚུལ་དང་ལེའུ་གྲངས་མི་གཅིག་པ་མང་བོ་ཡོད། ཞིབ་ཏུ་རོ་སྒྲུང་ཏུ་གཟིགས། །

འགོང་བོ།

རང་གི་དྲིན་ཅན་རྩ་བའི་བླ་མ་ལ་ངོ་རྒོལ་བྱས་པའི་དམ་ཉམས་ཤི་རྗེས་གདོན་འདྲེ་སྐྱེས་པ་ལ་འགོང་བོ་ཟེར་ཏེ། དཔེར་ན། འགོང་བོ་སྤུན་དགུ་ནི། དབུས་སུ་ཤེལ་གིང་དཀར་བོ། ཤར་དུ་དཀར་བོ་མི་གཅིག ཤར་ལྷོར་གཟའ་ཐེའུ་དམར་བོ། ལྷོའི་བྱེ་བ་རྐང་རིང་། ལྷོ་ནུབ་ཀྱི་གནམ་ཐེའུ་དཀར་བོ། ནུབ་ཀྱི་ཡམ་ཤུད་དམར་བོ། ནུབ་བྱང་གི་ས་ཐེའུ་ནག་པོ། བྱང་གི་ཁུ་ལེ་ལག་དགུ། བྱང་ཤར་གྱི་བར་ཐེའུ་ཁྲ་བོ་སྟེ་དགུའོ། །འགོང་བོ་སྤུན་དགུའི་ཕ་མ་ནི། བོན་ཆོག་འགོང་བོ་སྤུན་དགུའི་དཀར་ཡས་ལས། ཕ་ནི་འགོང་བོ་ཐེལ་ཆེན་ཡིན། །མ་ནི་ལོ་ཚབ་སྒྱུ་མ་ཡིན། །བུ་ནི་འགོང་བོ་སྤུན་དགུ་ཡིན། །ཞེས་སོ། །ཐུའུ་བཀྭན་ཆོས་ཉིའི་གླུད་ཆོག་མཆོག་སྦྱིན་རྒྱ་མཚོ་ལས། རྡོ་རྗེ་ལེགས་པ་མན་ཆད་ནས། །འགོང་བོ་ཕྲ་མོ་ཡན་ཆོད་ཀྱི། །འགོང་བོའི་རིགས་གྱུར་ཐམས་ཅད་ལ། །ཞེས་གསུངས་སོ། །

འགོང་བོའི་གཟུགས་ནི། ལོ་གླུད་འགོང་བོ་དཀར་ཡས་ལན་ཆགས་ཚིམ་བྱེད་ལས། གནམ་ས་བར་གྱི་འགོང་བོ་ནི། །ཀུན་ཀྱང་མི་ལུས་གཅེར་བུ་ལ། །བྱ་ལུས་བྱི་བའི་མགོ་བོ་ཅན། །ལག་ན་རལ་གྲི་ནད་རྐྱལ་ཐོགས། །ཞེས་དང་།

དེ་དག་གི་ཁ་ཟས་ཀྱང་། འགོང་གླུད་དེ་ལས། ད་ནི་འགོང་བོའི་གནས་སྤོ་འཚལ། །དེ་རིང་བྱི་བའི་རྫོང་འདེབས་སོ། །ཆངས་རྗེས་དྲི་གླུད་ཤ་དུམ་དང་། །དར་ཟབ་འབྲུ་སྣ་རྫོངས་སུ་འདེབས། །ལོ་གླུད་སྦང་རམ་སྒོག་ཙོང་སྤོད། །ཤེལ་ཚིག་ཡུག་པོ་རྫོངས་སུ་འདེབས། །ཞེས་དང་། འཇུ་མི་ཕམ་གྱི་མདོས་སྨྲེང་བཀྲ་ཤིས་སྒོ་མང་ལས། འགོང་བོ་ལ་ནི་བཤོས་ཟླུམ་དང་། །ཟན་ཆངས་ཏིང་ལོ་ཟན་ཧྲུལ་རིགས། །རུས་ཀོག་སྐྱེམས་ལད་བཅས་པ་བཤམས། །ཞེས་སོ། །

བཙན།

བོན་ལུགས་ལ་བཙན་ནི། བཙན་གྱི་རྒྱལ་བོ་བྲག་བཙན་ཨ་བསེ་རྒྱལ་ལས་བྱུང་བར་འདོད་སྟེ། ཡབ་ནི་ཨ་བསེ་རྒྱལ་བ་དང་། །ཡུམ་ནི་ས་སྲིན་མ་མོ་གཉིས། །སྲ་བརྟན་བྲག་གི་ཐེམ་པ་རུ། །ཐབས་ཀྱིས་རྫུ་འཕྲུལ་སྡེབ་པ་ལས། །ཟངས་ཀྱི་སྒོ་ང་གཅིག་ཏུ་བྱུང་། །བཅག་ཅིང་བརྡོལ་བའི་སྙིང་བོ་ལ། །མི་དམར་མདུང་ཐུང་ཙམ་ཞིག་བྱུང་། །ཞེས་གསུངས་ཡོད་ལ།

དེ་ནི་མི་མ་ཡིན་གདུག་རྩུབ་ཅན། གཏུམ་དྲག་ཆེ་ཞིང་མཐུ་ནུས་མྱུར་བ་ཞིག་སྟེ། འབྲེལ་ཡོད་ཡིག་རྙིང་ལས་འཁོད་པ་ལྟར་ན། བར་གདོན་བཙན་དང་རྒྱལ་བོ་ཞེས། དབང་གི་འཕྲིན་ལས་མཛད་པ་དམར་བོ་བཙན་གྱི་སྡེར་གཏོགས། ཞེས་ཟེར་རོ། །ཡང་། བཙན་གྱི་འབྱུང་ཁུངས་ཡང་། ཐུའུ་བཀྭན་ཆོས་ཉིའི་བཙན་མདོས་གཏོང་ཚུལ་དྲེགས་པ་མིག་བསྒྱུར་གྱི་ལྟད་མོ་ལས། སྲིད་པ་དང་བོ་ཆགས་པ་ནས། །འབྱུང་བ་ལྔ་ལས་བཙན་ལྔ་བྱུང་། །དེ་ལས་བཙན་ཁྲོམ་སིལ་མ་བྱུང་། །བཙན་གྱིས་འཇིག་རྟེན་ཡུལ་ཁམས་ཁྱབ། །ཅེས་སོ། །

སྤྱིར་བཙན་ལ་དབྱེ་བ་མང་དུ་མཆིས་ཏེ། ལྷ་འདྲེ་བཀའ་ཐང་ལས། ལྷ་བཙན་རིགས་བྱེད་མང་བོ་དང་། །ཀླུ་བཙན་རིགས་བྱེད་མང་བོ་དང་། །བདུད་བཙན་རིགས་བྱེད་མང་བོ་དང་། །གཟའ་བཙན་རིགས་བྱེད་མང་བོ་དང་། །ཞེས་དང་། ས་ལོ་ཀུན་དགའ་བསོད་ནམས་ཀྱིས། ཡུལ་ཕྱོགས་འདིའི་བཙན། ཤར་ཕྱོགས་དྲི་ཟའི་བཙན། ལྷོ་ཕྱོགས་གཤིན་རྗེའི་བཙན། ནུབ་ཕྱོགས་ཀླུའི་བཙན། བྱང་ཕྱོགས་གནོད་སྦྱིན་བཙན། ཤར་ལྷོ་མེ་ལྷའི་བཙན། ལྷོ་ནུབ་སྲིན་པོའི་བཙན། ནུབ་བྱང་རླུང་ལྷའི་བཙན། བྱང་ཤར་དབང་ལྡན་གྱི་བཙན། སྟེང་ཕྱོགས་ལྷའི་བཙན། འོག་ཕྱོགས་ཀླུའི་བཙན། བར་མི་བཟད་ལྷ་མ་ཡིན་གྱི་བཙན། གོང་གསུམ་འགྲིམས་པའི་བཙན། ལུང་གསུམ་རྒྱུ་བའི་བཙན། བྲག་གུ་ཟུར་གྱི་བཙན། གོང་གསུམ་གཡེལ་གྱི་བཙན། ལུ་མ་གཞུང་གི་བཙན། གདགས་དང་སྲིབ་ཀྱི་བཙན། ཆུ་བོ་སྦུབས་ཀྱི་བཙན། ཤུག་པ་སྦམ་གྱི་བཙན། ཕ་མེས་དུར་གྱི་བཙན། ཞེས་ཕྱོགས་བཞི་མཚམས་བརྒྱད། ལ་ལུང་ཆུ་བོ་གདགས་སྲིབ་ཀུན་ལ་བཙན་རིགས་ཁྱབ་པར་བཤད་དོ། །

༡ བཙན་རྒོད་འབར་བ་ནག་པོ། བཙན་རྒོད་དེ་ནི་མི་ནག་རྟ་ནག་ཕྱག་ཏུ་བཙན་མདུང་དང་། བཙན་ཞགས་ཐོགས་པ། བསེའི་ཁྲབ་རྨོག་གྱོན་པ། བཙན་དམག་བྱེ་བ་དུང་ཕྱུར་འཁྲིད་པ། ཞེས་དང་།

དེ་ཡང་བཙན་ལྷ་ཕལ་མོ་ཆེའི་ཕྱག་མཚན་ཞགས་པ་ཡིན། སྤྱིར་ན་ཞགས་པ་ལ། འཆི་བདག་གི་ཞགས་པ། བདུད་ཞགས་ནག་པོ། འཕྲུལ་ཞགས། གློག་ཞགས། རླུང་ཞགས། ཆུ་ཞགས། ཉི་མའི་ཞགས་པ། རིན་ཆེན་ཞགས་པ། རྒྱུ་མའི་ཞགས་པ་སོགས་རིགས་དང་དབྱེ་བ་མང་ཡང་། འདིར་བརྗོད་པ་ནི། བཙན་ཞགས་དམར་བོ་དེ་ཡིན། དེ་ནི་མཐུ་མྱུར་ཞིང་གནད་དུ་ཁེལ་བ་ཞིག་སྟེ། འབྲེལ་ཡོད་འདོན་ཆོག་རྣམས་སུ། བཙན་གྱིས་ཞགས་པ་འདེབས་པ་བཟློག །ཞེས་དང་། བཙན་གྱི་ཞགས་པ་མ་འདེབས་ཤིག །ཞེས་པ་ལྟར། བཙན་ཞགས་འདི་ཡི་མཐུ་ནུས་ནི་བསམ་གྱིས་མི་ཁྱབ་པ་ཞིག་ཡིན་པར། ཁམས་རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི་མས་འདི་ལྟར་བརྗོད་དེ། བཙན་གྱི་ཞགས་པ་དམར་བོ་མེ་སྟག་འབར་བའི་འོད་ཅན། རྡོ་རྗེ་ལུ་གུ་རྒྱུད་ལྟར་བརླིང་ཞིང་སྲ་བ། སྦྲུལ་ལྟར་འཁྱུག་ཅིང་མཉེན་ལ་འཁྱིལ་བ། དགྲ་ལྷའི་ཕྱག་ན་གློག་ལྟར་འཁྱིལ་ཞིང་དམིགས་པའི་གནས་སུ་སྐར་མདའ་ལྟར་འགྲོ་བ། གཞོང་གི་ཕྱོགས་རྣམས་མར་རླུང་འཚུབ་པ། འཕངས་པ་དང་ཐེབས་པ་དུས་མཉམ་ཡིན་པ། སྤྱི་དགྲ་ལ་རིམས་ནད་ལྟར་འདེབས་པ། སྒོས་དགྲ་ངོ་ཤེས་པ་ལྟར་དམ་པ། བརྣག་པའི་དགྲ་བོ་བཤས་ལུག་ལྟར་འཛིན་པ། ཉེས་བྱེད་སྐེ་ནས་ཤ་བཙོག་ལྟར་ཁྲིད་པ། འདྲ་བའི་ནང་ནས་མི་ནོར་བ། མང་བོའི་གསེབ་ནས་མི་འཆོར་བ། བཟུང་ནས་མི་འཁྲོལ་བ། བཅིངས་ནས་མི་ཐར་བ། ཕས་རྒོལ་གྱི་ལྟག་ན་གཉའ་ཤིང་ལྟར་ལྕི་བ། བསྟན་དགྲའི་རི་དྭགས་ཁྱི་སྤྱང་ལྟར་འདེད་པ། གང་ཐོགས་མེད་རླུང་གི་ཤུགས་ཅན། བཙན་དམར་འབུམ་སྡེའི་ཤ་སྟོན་སྡུད་པ། ལས་མཛད་ཕྱག་གི་མངག་གཞུག་ཆེན་པོ་དགྲ་འདུལ་དཔའ་བོའི་ཟླ་གྲོགས། དབང་བསྒྱུར་དྲག་པོའི་མཚོན་ཆ། དོན་ཡོད་འཕྲུལ་གྱི་ཞགས་པ་ཡིད་བཞིན་གྱི་ཨ་ལོང་ཅན། སྒྲུབ་མཆོག་རྣལ་འབྱོར་བའི་གར་བསྐུལ་ཕོ་ཉ་ལྟར་འཇུག་པ་སོགས་གསུངས་ཡོད་པས། བཙན་ཞགས་ཀྱི་ཁྱད་ནུས་ཕྲ་ཞིབ་རྟོགས་ནུས་སོ། །

༢ བཙན་རོལ་བ་སྐྱ་བདུན། བཙན་མཆོད་ཀྱི་ཆོ་ག་ལས། ཕྱོགས་ཕྱོགས་དག་ནི་ཕ་གི་ན། །ཉི་མ་ནུབ་ཕྱོགས་ཕ་གི་ན། །བཙན་ཡུལ་ཟངས་ཐང་དམར་བོ་ན། །པདྨ་དབང་གི་བཀའ་མཉན་པ། །མཆེད་བཙན་རོལ་བ་སྐྱ་བདུན་གྱི། །གསུངས་པ་ལྟར། ཀློང་རྡོལ་བླ་མས། བཙན་རྒོད་འབར་བ་སྤུན་བདུན་ནི། གནོད་སྦྱིན་ཙིའུ་དམར་བོ། སྐྱིད་ཤོད་རྫོང་བཙན། སུམ་རིང་གྲི་བཙན། ཀང་ཀ་ནག་པོ་ཀླུ་བཙན། ཙ་ལ་ཐོག་རྒྱུགས་གིང་བཙན། ཧོར་བོད་ཀྱི་རྗེ་བཙན། སྐུ་ལ་ཞལ་གྱི་བཙན། ཅེས་དང་། བཙན་སྐྱ་རོལ་བ་སྤུན་བདུན་གྱི་གསང་ཡུམ་ནི། ཁྱི་མགོ་ཅན་རྐྱང་སྟེ། ལ་ལ་ཁྱི་མོ་མིག་དམར་ཁ་ནས་དུག་རླངས་གཏོང་བ་ནི་ལྷ་བཙན་དང་ཀླུ་བཙན་གྱི་རིགས། མིའི་ཀླད་ཞོ་འགེམས་པ་ནི་བྲག་བཙན་དམར་མོ་དང་། ཁྱི་མོ་མིག་སྔོན་ཅན་ལག་ཏུ་ནད་ཀྱི་རྐྱལ་བ་འཛིན་པ་དང་མིའི་སྐེ་རྩར་སོ་བཏབ་སྟེ་དབུགས་བསྒགས་པའི་ཚུལ་འཛིན་པ་སོགས་སོ། །

དབུས་གཙང་ཕྱོགས་ལ་ཆ་མཚོན་ན། གནོད་སྦྱིན་ཙིའུ་དམར་ནི་བཙན་གྱི་རྒྱལ་བོར་འདོད་ཅིང་། སྲིད་གཞུང་གི་ཆབ་སྲིད་དང་དམག་དོན་ལེགས་ཉེས་ཀྱི་བྱ་བཞག་གང་ལའང་། བསམ་ཡས་ཙིའུ་དམར་འདིར། ལུང་བསྟན་ཞུས་ཏེ་གྲོས་ཐག་བཅད་པ་སོགས་བྱེད། བཙན་རྒོད་འདི་གནས་ས་ནི། རི་བྲག་དམར་བོ་མཁའ་དབྱིངས་སུ་བསྙེགས་པ། བྱ་གླག་དམར་བོ་ལྡིང་སྐོར་རྒྱག་པ། བཙན་ལྷ་རྣམས་ཁ་ཕྱིས་མེད་རྒྱུ་བ། འཁོར་དུ་བཙན་ཞགས་སྦྲུལ་ནག་འཁྱུག་པ། རི་བྲག་དམར་བོའི་དཀྱིལ་དབུས་སུ་ཁྲག་མཚོ་ཁོལ་བའི་ནང་ཤེད་དུ་ཟངས་དམར་གྱི་ཕོ་བྲང་ཡོད་པ་དེར་བཞུགས་པར་བཤད་ལ། ཕྱིས་སུ་བསམ་ཡས་དགོན་པའི་བསྟན་སྲུང་དུ་བཀོད་པ་ནས་བཟུང་། བོད་ཡུལ་དུ་བཙན་ཁང་ཇི་སྙེད་ཅིག་བྱུང་ལ། བསམ་ཡས་ཙིའུ་དམར་གྱི་སྐོར་ཕྲ་ཞིབ་ནེ་པའེ་སི་ཀེས་བརྩམས་པའི་བོད་ཀྱི་ལྷ་འདྲེ་གདོན་བགེགས་ཞེས་པར་བཀོད་ཡོད་པས་དེར་གཟིགས་དགོས་སོ། །

༣ བཙན་རྒྱལ་དགེ་བསྙེན་བྲག་དམར་དང་ཕྱོགས་བཞིའི་བཙན། ཡང་། བཙན་མཆོད་ཞིག་ལས། ཉི་མ་ལྷོ་ནུབ་ཕྱོགས་ཀྱི་བཙན་ཡུལ་ཟངས་ཐང་དམར་བོ་ན། བྲག་དམར་ཟིང་ངེ། སྨུག་རྒོད་ལངས་ལེ། རྩ་ན་དུག་ཆུ་སིལ་ལེ། ཁྲག་མཚོ་མེར་རེ། བཙན་མཁར་དམར་བོའི་ནང་ཤེད་ན། སྐུ་མདོག་དམར་བོ་ལ་རལ་བ་དམར་ནག་མེ་དཔུང་འཁྲིགས་པ། ཞལ་ལས་ཁྲག་གི་སེར་བ་འབབ་པ། སྐུ་ལ་དར་དམར་བང་ཆེན་གསོལ་ཞིང་དར་དམར་གྱི་འགྱིང་ཐོད་ཅན། ཆིབས་སུ་མགར་ནག་སྔོ་ནག་ལ་བཅིབ་པ། གཡས་པས་སྦྲུལ་ཞགས་དང་། གཡོན་པས་གསེར་མདུང་འཛིན་པ། དམིགས་པའི་དགྲ་བོ་ལུག་ལྟར་འཛིན་པ། དགེ་བསྙེན་བྲག་དམར་དམར་བོ་ཞེས་བཙན་གྱི་རྒྱལ་བོ་དང་།

ཤར་ཕྱོགས་སུ། རྨ་བྱ་ལྷ་མདའི་ལྷ་བཙན་ཞེས་པ། སྐུ་མདོག་དཀར་ལ་ཟ་འོག་སྔོ་ཁྲ་གསོལ་བ། གཡས་སུ་སྟག་རལ་དང་གཡོན་དུ་གཟིག་ཤུབས། ཆིབས་སྨུག་པའི་སྟེང་དུ་གསེར་གྱི་མདའ་གཞུ་འཛིན་པའོ། །ལྷོ་ཕྱོགས་སུ། ར་སྐྱེས་གདོང་གི་སྟོད་བཙན་ཙེར་ནི་སྐུ་མདོག་སེར་བོ། སྐུ་ལ་ལྕགས་ཁྲབ་གསོལ་བ། གཡས་སྟག་རལ་དང་གཡོན་གཟིག་ཤུབས་བསྣམས་པའོ། །ནུབ་ཕྱོགས་སུ། ཀང་ཀ་གཡུ་གཡའ་ནི། སྐུ་མདོག་དམར་ནག་ལ་ཆུ་དར་གྱི་རལ་ཁ་གསོལ་བ། དུག་སྦྲུལ་གྱི་སྐེ་རགས་བཅིངས་ལ། ཆིབས་སུ་སྟག་ཁྲ་བཅིབས་ཏེ། གཡས་སྟག་རལ་དང་གཡོན་གཟིག་ཤུབས་བསྣམས་ཤིང་། གཡས་པས་ལྕགས་མདུང་དང་། གཡོན་པས་གྲི་ཞགས་འདེབས་པའོ། །བྱང་ཕྱོགས་སུ། སྡོང་བུ་ཀླུ་བཙན་ནི། སྐུ་མདོག་ལྗང་ནག དར་ནག་གི་འགྱིང་ཐོད་བཅིངས་པ། ཆིབས་སུ་རག་པ་གཞུར་ནག་དང་། གཡས་སུ་སྟག་རལ་དང་། གཡོན་དུ་གཟིག་ཤུབས་མཛེས་པ། ཕྱག་གཡས་དར་ནག་དང་གཡོན་གྱིས་ཞགས་པ་དགྲ་ལ་འདེབས་པའོ། །དེ་རྣམས་ཀྱི་འཁོར་དུ་ཡང་། ལ་བཙན་ལུང་བཙན། བྲག་བཙན་ཆུ་བཙན། གངས་བཙན་གཡའ་བཙན། རླུང་བཙན་ཤིང་བཙན་སོགས་ཀྱིས་བསྐོར་བའོ། །

གོང་གསལ་འདི་དག་ལ་གཞིགས་ན། བཙན་གྱི་སྐུ་མདོག་དམར་བོ་རྐྱང་ཡིན་པའི་ངེས་པ་མེད་ལ། བཙན་རྒོད་འབར་བ་ནག་པོ་དེ་ཡང་བཙན་དམར་དང་མི་མཚུངས་པར། མི་ནག་རྟ་ནག་ལག་ཏུ་བཙན་མདུང་དང་ཞགས་པ་བཙན་ཞགས་འཛིན་པ། བསེ་ཁྲབ་དང་བསེ་རྨོག་གྱོན་པ། མཆེ་བ་གཙིགས་ཤིང་སྡང་མིག་བགྲད་པ། བཙན་དམག་བྱེ་བ་དུང་ཕྱུར་གྱིས་བསྐོར་བ་ཞིག་གོ །

༤ བོན་ལུགས་ཀྱི་བྲག་བཙན་ཨ་བསེ་རྒྱལ། བྲག་བཙན་ཨ་བསེ་རྒྱལ་འདིའི་ཡུམ་དང་སྐུ་བྱད། མཐུ་ནུས་དང་ཕྱག་མཚན། སྟོན་པ་གཤེན་རབ་ཀྱིས་དམ་ལ་བཏགས་ཏེ་བོན་སྐྱོང་སྲུང་མར་བརྐོས་ཚུལ་སོགས། བོན་གྱི་གཏོར་ཆོག་ཨ་བསེ་གཏོར་བསྐང་ལས་འདི་ལྟར་འབྱུང་སྟེ། ཡབ་ནི་ཨ་བསེ་རྒྱལ་བ་དང་། །ཡུམ་ནི་ས་སྲིན་མ་མོ་གཉིས། །སྲ་བརྟན་བྲག་གི་ཐེམ་པ་རུ། །ཐབས་ཀྱི་རྫུ་འཕྲུལ་སྡེབས་པ་ལས། །ཟངས་ཀྱི་སྒོ་ང་གཅིག་ཏུ་བྱུང་། །བཅག་ཅིང་བརྡོལ་བའི་སྙིང་བོ་ལ། །མི་དམར་མདུང་ཙམ་ཞིག་ཏུ་བྱུང་། །རལ་བ་མེ་རི་འོད་དུ་འཁྱིལ། །དབུ་ལ་བསེ་ཡི་རྨོག་ཞུ་གསོལ། །བཙན་གྱི་ལྡེམ་འཕྲུ་དམར་བོ་བཙུགས། །སྨིན་དམར་ལྕགས་ཀྱུ་བཀུགས་པ་འདྲ། །རྫི་དམར་གློག་ཞགས་འོད་དུ་འཕྲོ། །སྤྱན་མིག་དམར་བོ་དགྲ་ལ་བལྟ། །དུང་གི་མཆེ་བ་བསྣོལ་མར་གཏམས། །སྟག་གི་ཨག་ཚོམ་མེ་ལྟར་འབར། །སྐུ་ལ་དར་དམར་བེར་ཆེན་གསོལ། །རིན་ཆེན་ལྕགས་ཀྱི་གོང་ལག་བཏགས། །གཅན་གཟན་སྟག་གི་ཆ་ག་ཅན། །སྦྲུལ་ནག་བསྡམས་པའི་སྐ་རགས་བཅིངས། །སྟག་རལ་གཡས་ལ་འོད་ཀྱང་འཁྱུག །གཟིག་ཤུབ་གཡོན་ལ་ཟེར་ཀྱང་འཕྲོ། །རལ་གྲི་ངར་ཆེན་གློག་དམར་འཁྱུག །གཡས་པས་སྦྲུལ་ཞགས་དམར་པོ་འདེབས། །གཡོན་པས་བྲག་བྱ་འུག་པ་འཛིན། །ཞབས་ལ་བསེ་ལྷམ་ལྕགས་མཐིལ་མནབས། །སྦྲུལ་དམར་ཆུན་པོ་སྐུ་ལ་བརྒྱན། །བྲ་ནག་རྟིང་དཀར་ཆིབས་སུ་བཅིབས། །མི་མགོའི་སྒ་ལ་སྟག་གི་སྟན། །གསེར་སྲབ་གཡུ་མཐུར་ལྕགས་ཀྱི་ཆས། །མི་མགོའི་ཐོང་ལྡེམ་ཕྱང་ངེ་ཕྱང་། །ཟངས་ཀྱི་ཡོབ་ཆེན་སི་ལི་ལི། །བཙན་གྱི་དམར་ཚོགས་འབུམ་གྱིས་བསྐོར། །སྤྱང་ཀི་སྔོན་པོ་སྔུན་ན་རྒྱུག །།ཟངས་ཀྱི་ཝ་མོ་རྗེས་སུ་འབྲང་། །བཙན་གླག་འུག་པ་ཀླད་ན་ལྡིང་། །སྟོང་ཁམས་ཉུལ་ཞིང་གླིང་བཞི་བསྐོར། །སྐྱེས་པ་དར་མའི་ཚེ་སྲོག་གཅོད། །བུད་མེད་རྣམས་ཀྱི་སྲིད་ཀྱང་བརྐུ། །བོན་པོ་རྣམས་ཀྱི་ཉམས་ཀྱང་ལེན། །བནྟེ་རྣམས་ཀྱི་སྲོག་ཀྱང་གཅོད། །བྱིས་པ་རྣམས་ཀྱི་སྲི་རུ་བྱེད། །དྲག་བྱེད་བདུད་བཙན་སྲོག་གི་བདག །སྔོན་གྱི་བསྐལ་བ་དང་པོ་ལ། །སྟོན་པ་གཤེན་རབ་མི་བོ་དེ། །རི་རབ་རི་ཡི་རྩེ་མོར་བྱོན། །ལྷ་སྲིན་སྡེ་བརྒྱད་དམ་ལ་བཏགས། །སྣང་སྲིད་སྡེ་བརྒྱད་དབང་དུ་བསྡུས། །དེ་དུས་བྲག་བཙན་རྒྱལ་པོ་ཡང་། །དམ་ལ་བཏགས་ཤིང་ལས་ལ་རྦད། །གཡུང་དྲུང་བོན་གྱི་སྲུང་མར་བསྐོས། །ཞེས་པས་རྟོགས་ནུས་སོ། །

ཡང་། བཙན་གྱི་རྣམ་པ་མི་འདྲ་བ་ཞིག་ལ། འཇུ་མི་ཕམ་གྱི་མདོས་སྨྲེང་བཀྲ་ཤིས་སྒོ་མང་ལས། སྤྱི་བཙན་ཆེན་པོ་གཡག་གི་མགོ་བོ་ཅན། །མགོ་ལ་ཁ་བཞི་བསེ་རྟ་རྨིག་བརྒྱད་མགྱོགས། །ཞེས་ཀྱང་གསུངས་སོ། །

དེ་ལས་གཞན། ཞོགས་པ་ཉི་ཟེར་དང་ཉི་ནུབ་ཀྱི་དུས་སུ་བཙན་རྒྱུ་བའི་དུས་ཚོད་ཡིན་ལ། རླུང་ཁ་དོག་དམར་བོ་ལྟ་བུའི་བཙན་གྱི་རྒྱུ་ལམ་ལ་གདོང་ཐུག་བྱུང་ཚེ། དེ་མ་ཐག་བརྒྱལ་འགྲོ་བའམ། བཙན་ཁ་ཕོག་སྟེ་ཁ་ཡོ་བ་དང་རྐང་ལག་འཇས་པ། སྐེ་འཁྱོག་པ། ཀླད་གཉན་གཟེར་བ་སོགས་ཀྱི་བཙན་གྱི་གནོད་པ་འབྱུང་། བཙན་ཀྱི་གནོད་པ་བཟློག་ཐབས་ལ། བཙན་མདོས་དང་བཙན་མཆོད། དམངས་ཁྲོད་ཀྱི་ལག་ལེན་ལ་རྡོའི་ཐོ་བསླངས་པ། ཁ་དཔེར། ཀྱལ་རྟ་དམར་བོ་ཡོད་ས་ན། །བུ་རྟ་བཙན་གྱིས་འཁྱེར་རབས་མེད། །ཟེར་བ་ལྟར། མི་ཕྱུགས་སོགས་ཀྱི་སྐེར་ཀྱལ་རྟའི་ཤིང་ཕྲན་རེ་འདོགས་སྲོལ་ཡོད་ལ། ལྷག་པར་དུ། ཁེ་ཁ་སོགས་བཙན་གྱི་རྒྱུ་ལམ་བཀག་ཚེ། བཙན་མདས་ཕོག་པས། གནས་དེར་བཙན་མདོས་དང་། བཙན་མཆོད་བྱེད་སྲོལ་ཡོད། ལྷ་འདྲེའི་བཀའ་ཐང་ལས། བཙན་ཚོགས་ཀྱི་རྗེ་བོ་ནི་རྫོང་བཙན་ཀི་རྟི་བྱ་བ་དེ་ཡིན་པར་ཡང་གསུངས་སོ། །

བདུད།

བོན་གཞུང་སྲིད་པའི་མཛོད་ཕུག་སོགས་སུ། བདུད་ནི་སྲིད་པའི་སྒོ་ང་ནག་པོ་ལས་བྱུང་ཞིང་། སྐྱེ་འགྲོའི་བླ་ཚེ་སྲོག་གསུམ་དང་བདེ་སྐྱིད་དབང་ཐང་ལ་གནོད་པའི་མ་རུངས་པའི་འགྲོ་བ་ཞིག་ཏུ་བརྩི་ཞིང་། གཞན་འདི་ལ་རིགས་ཀྱི་སྒོ་ནས་བདུན་ཙམ་འདུག་ལ། མི་བདུད་དང་བཅས་པ་ཞེས་བཤད་ཡོད་དོ། །

ཡང་། སྟོན་པ་གཤེན་རབ་ཀྱི་མདོ་འདུས་རིན་པོ་ཆེའི་རྒྱུད་ལས། བདུད་ལ་རྣམ་པ་ལྔ་ཡོད་དེ། །ཀུན་ནས་ཉོན་མོངས་པ་ཡི་བདུད། །ཕུང་བོ་ཉེར་བར་ལེན་པའི་བདུད། །འཆི་བདག་ལས་བཙན་དག་གི་བདུད། །སྒྱུ་མ་འཁྲུལ་བ་གཟུགས་བརྙན་བདུད། །ལྷ་ཡི་བུ་ཡི་བདུད་དང་ལྔ། །དེ་ཡང་ཉོན་མོངས་བདུད་ལ་ལྔ། །འདོད་ཆགས་ཆུ་བོའི་བདུད། །ཞེ་སྡང་མེ་འབར་བདུད། །གཏི་མུག་མུན་འཐིབས་བདུད། །ང་རྒྱལ་བྲག་རིའི་བདུད། །ཕྲག་དོག་རླུང་འཚུབ་བདུད་དག་གོ །ཉོན་མོངས་བདུད་ཀྱིས་བཞེན་བཏབ་པས། །ཕུང་བོ་ལྔ་ནི་ཉེ་བར་བླངས། །ཟག་བཅས་ཕུང་བོ་རྣམ་ལྔ་ལ། །མངོན་པར་ཞེན་པ་ཕུང་བོའི་བདུད། །སྔ་མའི་ལས་དང་ཕྱི་མའི་ལས། །སྲོག་ནི་རྐྱེན་གྱིས་འགག་པ་ལ། །འཆི་བདག་ལས་བཙན་བདུད་ཅེས་བྱ། །འདོད་པའི་ཡོན་ཏན་ལྔ་རྣམས་ནི། །སྒྱུ་མ་ཡིན་ཏེ་དེ་ལ་ཞེན། །སྒྱུ་མ་གཟུགས་བརྙན་བདུད་དག་གོ །ཁྱབ་པ་སྒྱུ་མ་གཟུགས་བརྙན་བདུད། །ཅེས་སོ། །

མཆིམས་མཛོད་ལས། བདུད་ཕལ་མོ་ཆེ་ལྷ་དང་། དེ་ལས་ཉུང་ཤས་ཀླུ་དང་ཡི་དྭགས་ཀྱི་རིགས་སུ་གནས་པའང་ཡོད་གསུངས། བདུད་ཀྱི་སྐད་དོད་དུ་མ་རཱ་ཛ་ཟེར་ཞིང་། དེ་ཡང་། རྣམ་དཀར་དགེ་བའི་ཆོས་ལ་བར་དུ་གཅོད་པ་ཞིག་ཡིན་ལ། དེ་ལ་གཟུགས་ཅན་གཟུགས་མེད་གཉིས་ཡོད། ཡོངས་གྲགས་ལ་བདུད་བཞི་སྟེ། ཉོན་མོངས་པའི་བདུད། ཕུང་བོའི་བདུད། འཆི་བདག་གི་བདུད། ལྷའི་བུའི་བདུད་དོ། །ཡང་། བདུད་བཞི་བོ་འདི་ལྷ་ཆེན་བཞི་དང་ཁ་དོག་གི་ཆ་ནས་ངོས་འཛིན་བྱེད་སྟངས་ཤིག་ལ། ཉོན་མོངས་པའི་བདུད་དབང་ཕྱུག་དཀར་བོ། ཕུང་བོའི་བདུད་ཚངས་པ་སེར་བོ། ལྷའི་བུའི་བདུད་ལྷ་ཁམས་སེར་བོ། འཆི་བདག་གི་བདུད་ཁྱབ་འཇུག་ནག་པོའོ། །གཞན་ཡང་། ཐོགས་བཅས་ཀྱི་བདུད། ཐོགས་མེད་ཀྱི་བདུད། དགའ་བྲོད་ཀྱི་བདུད། སྙེམས་བྱེད་ཀྱི་བདུད། ཅེས་ཀྱང་དབྱེའོ། །ཡང་། བླ་མེད་ཀྱི་ལུགས་ལ་རྣམ་རྟོག་འཕྲོག་པའི་བདུད། བཏང་སྙོམས་ལེ་ལོའི་བདུད། ལོངས་སྤྱོད་འདུ་འཛིའི་བདུད། ཚིག་རྩུབ་མཚོན་ཆའི་བདུད། ཁྲོ་གཏུམ་ངང་ཐུང་གི་བདུད་བཅས་ལྔར་ཡང་གསུངས་སོ། །

དེ་མིན། བོད་ཀྱི་སྔ་རབས་ལོ་རྒྱུས་རྣམས་སུ། གཉིས་པ་རེ་ཏེ་མགོ་གཡོག་བདུད་ཀྱིས་བྱས། །གསུངས་པ་ནི། ས་ཆ་དང་མིའི་རིགས་ཤིག་ཡིན་ཏེ། ཡང་། མཁར་རྨེའུ་བསམ་གཏན་གྱིས་བདུད་ཅེས་པ། མི་ཉག་དང་ནམ་པ་ལྡོང་ཞེས་པ་ནས་ཡོང་བར་བཤད་ལ། དེ་ཡང་རྒྱུ་མཚན་འདུག་སྟེ། བདུད་རིགས་ནི་ཡུལ་ལུང་ཚོ་ཤོག་དེ་དག་གི་དཔའ་མཛངས་བརྟུལ་ཕོད་ཅན་གྱི་ཕ་མེས་རྣམས་གྲོངས་རྗེས། གཟུགས་མེད་ཀྱི་སྟོབས་ཤུགས་བསྐྱེད་ནུས་པ་ཞིག་ཏུ་བཞེངས་བསྐྲུན་བྱས་ཏེ། ད་དུང་གསོལ་མཆོད་བྱེད་སྲོལ་ཡོད་པའང་གེ་སར་སྒྲུང་ལས་རེ་འགའ་མཐོང་སྟེ། བྷེ་གླིང་གཡུལ་འགྱེད་ལས། དར་མའི་དམུ་བདུད་བཅོ་བརྒྱད་པོ། །གསོལ་ལོ་མཆོད་དོ་གྲོགས་ལ་བྱོན། །ཞེས་དང་། མོན་གླིང་གཡུལ་འགྱེད་ལས། གླུ་ཡར་མཆོད་ནམ་མཁའི་དབྱིངས་རིམ་ནས། །ལྷ་བདུད་སྟོང་དང་རྩ་གཉིས་མཆོད། །བར་མཆོད་བར་སྣང་ཡངས་པ་ནས། །གཉན་བདུད་སུམ་བརྒྱ་དྲུག་ཅུ་མཆོད། །མར་མཆོད་ས་གཞི་འགྱུར་མེད་ནས། །ཀླུ་བདུད་བརྒྱ་དང་རྩ་གཉིས་མཆོད། །ཅེས་སོགས་ཀྱི་དཔག་ནུས་སོ། །

སྲིན་པོ།

སྲིན་པོའི་སྐད་དོད་ལ་རཀྵཿཟེར་ལ། མཆིམས་མཛོད་ལས། མིའི་བྱེ་བྲག་ཅིག་ཏུ་བཤད་པ་ལྟར། མིའི་འགྲོ་བ་ཞིག་ཡིན་པ་ལས། མགོ་དགུ་ཅན་ཞིག་བཤད་པ་ནི་འཇིགས་རུང་གི་སྒྲོ་བཏགས་ཡིན། གང་ལྟར་ཤ་ལ་ཟ་ཞིང་ཁྲག་ལ་རོལ་བ། མི་ལྤགས་རློན་པ་གོས་སུ་གྱོན་ཞིང་མི་མགོ་ཕྲེང་བ་འདོགས་པ་ཞིག་ཡིན། གནས་ནི་ལྷོ་ནུབ་རྔ་ཡབ་གླིང་སྟེ། གནའ་དུས་ཞིས་ལན་ནམ་སིང་ག་ལ། དེ་སང་ཧིན་དྷི་ཉི་ཞི་ཡའི་མཚོ་གླིང་དེ་ཡིན། གཞན་གདོད་མའི་དུས་སུ་བོད་ཀྱི་ས་ཆར་སྲིན་པོ་གླིང་དགུ་ཞེས་གྲགས་པ་དང་། སྲིན་པོ་གཉའ་རེངས་ཁྲག་མིག་གིས་དབང་བསྒྱུར་བ་སོགས་བཤད་པའང་། ཤ་ལ་ཟ་ཞིང་ཁྲག་ལ་རོལ་བའི་མི་ལ་དེ་སྐད་ཅེས་བྱའོ། །ཡང་། རྒྱུད་ཀྱིས་ཟིན་སོ་ཆེ་བའི་གཙང་རིས་ཀྱི་དཔལ་མགོན་བདུན་ཅུ་རྩ་ལྔའི་ནང་གསེས་ཀྱི་སྲིན་པོ་ནི། ཕྱག་གཡས་རལ་གྲི་འཕྱར་ཞིང་། གཡོན་དཀུར་བརྟེན་པའི་སྲིན་པོ་དམར་ནག་ཡི་དྭགས་ཀྱི་གདན་ལ་འདུག་པ་ཡུམ་དང་བཅས་པ་དེའོ། །

གདོན།

གདོན་གྱི་སྒྲ་བཤད་ལ། གཡུ་ཐོག་དགོངས་རྒྱན་ལས། གདོན་ནི། རང་ངོ་མ་ཤེས་པ་འཕྲུལ་བའི་རྣམ་རྟོག་གིས་ཕན་གནོད་སྒྲོ་བཏགས་བྱས་པ་ལས་བྱུང་བའི་མི་མིན་གྱི་གནོད་པ་གཏོང་བའི་ནུས་མཐུའི་མིང་ངོ་། །དེ་ལ་ཅིའི་ཕྱིར་གདོན་ཞེས་བརྗོད་ན། རྣམ་རྟོག་ལས་བྱུང་བའི་འདྲེ་བོ་ཆེ་དེས་ལུས་ཅན་གྱི་བླ་ཚེ་སྲོག་གསུམ་གདོན་ཞིང་འཕྲོག་པར་བྱ་བའི་ཕྱིར་གདོན་ཞེས་བྱ། གཞན་ཡང་། གདོན་གྱི་སྐད་དོད་ལ་གྲ་ཧཱ་སྟེ། ཉེ་བར་ལེན་པའམ་འཛིན་པ་ལ་འཇུག ཀློང་རྡོལ་བླ་མས། ནག་ཕྱོགས་བདུད་རིགས་ནི། གནས་གདོན། ལུས་གདོན། ལས་གདོན་གསུམ་ལ་དྲུག་དྲུག་ཏུ་ཕྱེ་བ་ལས། གཙོ་བོའི་གདོན་བཅོ་བརྒྱད་དོ། །དེ་དག་ལོ་གཅིག་གི་ཞག་རེ་ནས་དེ་གསུམ་གསུམ་གྱིས་བར་ཆད་བརྩམས་པའི་ཆ་ནས་གདོན་རིགས་སུམ་བརྒྱ་དྲུག་ཅུའོ། །ཞེས་མ་ཅིག་གི་གཅོད་གཞུང་ལས་གསུངས་པར་བཤད་དོ། །དུང་དཀར་ཚིག་མཛོད་ལས། གདོན་རིགས་བཅོ་བརྒྱད་ནི། ལྷ། ལྷ་མིན། དྲི་ཟ། ཀླུ། གནོད་སྦྱིན། ཚངས་པ། སྲིན་པོ། ཤ་ཟ། ཡི་དྭགས། གྲུལ་བུམ། བྱད་སྟེམས། གཡེང་བྱེད། རོ་ལངས། མཚུན་ལྷ། བླ་མ། དྲང་སྲོང་། རྒན་པོ། གྲུབ་པ་བཅས་གསུངས་སོ། །

ཡང་། མ་ཅིག་གི་གཅོད་གཞུང་ལས། གཙོ་བོའི་གདོན་ཆེན་བཅོ་བརྒྱད་འདི་ལྟར་ངོས་བཟུང་ཡོད་དེ། རྣམ་རྟོག་ཅན་ལྷ་འདྲེའི་གདོན། རླུང་ཆེ་ཅན་རྩ་རླུང་གི་གདོན། བསམ་རྒྱ་ཅན་ཁ་ཕྱིར་ལྟོས་ཀྱི་གདོན། ཉལ་སྣང་ཅན་ཞེན་ཆགས་ཀྱི་གདོན། གཏི་མུག་ཅན་བྱིང་རྒོད་ཀྱི་གདོན། གཉིད་བོ་ཆེ་ལང་འཚེར་གྱི་གདོན། སྙིང་རུས་མེད་པ་འཚེར་སྣང་གི་གདོན། གྲོད་པོ་ཆེ་ལྟོ་གདུང་གི་གདོན། ཟས་སྲེད་ཅན་ཞིམ་མངར་གྱི་གདོན། མཐུན་འཇུག་ཅན་རྣམ་གཡེང་གི་གདོན། ཞེན་ལོག་ཅན་བློ་རྒོད་ཀྱི་གདོན། བཟང་འདོད་ཅན་ཟོག་པོའི་གདོན། སེམས་ཞུམ་ཅན་དགེ་སྦྱོར་རྒྱང་བསྐྱུར་གྱི་གདོན། ཕྱི་བཤོལ་ཅན་ལེ་ལོའི་གདོན། ཕྱི་ཚིས་ཅན་གསོག་འཇོག་གི་གདོན། ལས་ངན་ཅན་ནད་གདོན་སློང་ཚད་ཀྱི་གདོན། རློམ་སེམས་ཅན་ཁྱད་གསོད་ཀྱི་གདོན། རེ་དོགས་ཅན་ཁུ་འཁྲིག་བར་ཆད་ཀྱི་གདོན་ཏེ་བཅོ་བརྒྱད་དོ། །ཡང་འཇམ་དཔལ་རྩ་རྒྱུད་ལས་ཚངས་བའི་ཆུང་མ་སོགས་མོ་གདོན་བཅུ་དགུ་ཡང་གསུངས་སོ། །

ཡང་བྱིས་པ་ལོ་བཅོ་ལྔ་མན་ཆད་ལ་གནོད་པའི་གདོན་ཆེན་བཅོ་ལྔ་ཡོད་དེ། ༡ འཇམ་པ་པོ་ནི་བ་ལང་གཟུགས། །དེས་ཟིན་མིག་ནི་རབ་ཏུ་འགྱུར། །༢ རི་དྭགས་རྒྱལ་བོ་རི་དྭགས་འདྲ། །དེས་ཟིན་སྐྱུགས་པ་མི་ཟད་སྐྱུགས། །༣ སྐེམ་བྱེད་པ་ནི་གཞོན་ནུའི་གཟུགས། །དེས་ཟིན་བྱིས་པ་འགུལ་བར་བྱེད། །༤ བརྗེད་བྱེད་པ་ནི་ཝ་འདྲའོ། །དེས་ཟིན་འགྲེ་ཞིང་སྒྲ་ཡང་འབྱིན། །༥ ཁུ་ཚུར་ཅན་ནི་བྱ་རོག་གཟུགས། །དེས་ཟིན་ཁུ་ཚུར་བཅིངས་ཤིང་དགའ། །༦ མ་མོ་དེ་ནི་མི་ཡི་གཟུགས། །དེས་ཟིན་རྒོད་ཅིང་སྒྲ་ཡང་འབྱིན། །༧ ཛ་མི་ཀ་ནི་རྟ་ཡི་གཟུགས། །དེས་ཟིན་ནུ་ཞོ་མངོན་མི་དགའ། །༨ འདོད་པ་ཅན་ནི་རྡོ་རྗེའི་གཟུགས། །དེས་ཟིན་གཉིད་ལོག་ངུ་བར་བྱེད། །༩ ནམ་གྲུ་ཁྱི་ཡི་གཟུགས་ཀྱིས་ཏེ། །དེས་ཟིན་ལྕེ་ལ་སོས་ནི་འཆའ། །༡༠ སྲུལ་བོ་ཕག་གི་གཟུགས་ཀྱིས་སོ། །དེས་ཟིན་ཀུ་ཅོའི་སྒྲ་ཡང་འབྱིན། །༡༡ མ་དགའ་བྱེད་པ་བྱི་ལའི་གཟུགས། །དེས་ཟིན་སྣ་ཚོགས་གཟུགས་སུ་འགྱུར། །༡༢ བྱ་ནི་འདབ་ཆགས་གཟུགས་ཀྱིས་སོ། །དེས་ཟིན་མནམ་པའི་དྲི་རྣམས་འབྱུང་། །༡༣ གཉའ་ལག་ཅན་ནི་བྱ་གག་གཟུགས། །དེས་ཟིན་འགུལ་བ་རབ་ཏུ་འགགས། །༡༤ བཞིན་རྒྱས་འུག་པའི་གཟུགས་ཀྱིས་ཏེ། །དེས་ཟིན་རིམས་བཏབ་འཁྲུ་བར་བྱེད། །༡༥ མིག་འཕྱང་བ་ནི་ཕ་ཝང་གཟུགས། །དེས་ཟིན་སྤྱི་བུང་ལྡན་པར་འགྱུར། །ཞེས་དང་།

དེ་དག་གི་བྱེད་ལས་ཀྱང་། རཱ་ག་ཨ་སེའི་བྱིས་གླུད་ཟིན་བྲིས་ལས། བྱིས་པའི་གདོན་ཆེན་བཅོ་ལྔ་བོ། །རྟག་ཏུ་ཁྲག་ལ་འཐུང་རྣམས་ཀྱིས། །གང་ལ་བུ་ནི་མི་ཆགས་དང་། །གང་གི་མངལ་དུ་མི་གནས་དང་། །སྐྱེས་པ་བུད་མེད་འདུ་བ་དང་། །དབང་བོ་རྣམས་ཀྱང་མྱོས་པར་བགྱི། །མེར་མེར་བོ་དང་ནུར་ནུར་བོ། །བུ་ཡིས་ས་བོན་མ་རུངས་བགྱིད། །གང་ཡང་མངལ་ནི་མཐུར་དུ་གྲུབ། །ཤ་མ་མི་འབྱུང་གདོན་བགྱིད་པ། །འདི་དག་བྱིས་པ་སྐྲག་པར་བགྱི། །འདི་དག་བུ་འཕྲོག་མ་རུངས་པ། །བྱིས་པ་རྣམས་ལ་འཇིགས་བགྱིད་པ། །ཞེས་སོ། །

ཡང་། གཏོར་མ་ཆ་གསུམ་ལས་ཕྱོགས་སྐྱོང་བཅུའི་འཁོར་ཕལ་ཆེར་དང་། སྡེ་བརྒྱད་ཕལ་ཆེར་དང་འབྱུང་བོ་དང་བགེགས་རྣམས་ཀྱང་གདོན་གྱི་རིགས་སུ་བཤད་དོ། །

གཞན་ཡང་། སྟེང་གདོན་གཟའ་དང་ཁྱབ་འཇུག བར་གདོན་བཙན་དང་རྒྱལ་བོ། འོག་གདོན་ཀླུ་དང་ས་བདག་ཏུའང་གསུངས་ལ། གླུད་ཀྱི་ཆོ་ག་རྐྱེན་ངན་ཀུན་སེལ་ལས། སྟེང་གདོན་ལྷ་སྲིན་དྲེགས་པ་ཅན། །འོག་གདོན་ཀླུ་སྲིན་ཀླུ་གཉན་དང་། །བར་གདོན་བདུད་དང་རྒྱལ་བོ་བཙན། །ཞེས་དང་། གསོ་རིག་གི་གཞུང་ལྟར་ན། སྟེང་གདོན་གཟའ་དང་རྒྱུ་སྐར་ཏེ། རླུང་གི་རང་བཞིན་ཅན་དང་། བར་གདོན་ནི་བཙན་དང་རྒྱལ་བོ་སྟེ་མཁྲིས་པའི་རང་བཞིན་ཅན་དང་། འོག་གདོན་ནི་ཀླུ་དང་ས་བདག་སྟེ་བད་ཀན་གྱི་རང་བཞིན་ཅན་ཞེས་གསུངས་སོ། །

ཡང་། གདོན་སེལ་མན་ངག་སྨན་སྦྱོར་ཞིག་ལ། རིག་པ་མཆོག་གི་རྒྱུད་ལས། ཡུངས་དཀར་ཤུ་དག་ཤིང་ཀུན་པི་པི་ལིང་། །ན་ལེ་ཤམ་དང་ཆ་མཉམ་འབྲས་བུ་གསུམ། །གི་རི་ཀར་ཎི་དཀར་བོ་དག་དང་ནི། །རུ་རྟ་པྲི་ཡང་ཀུ་དང་བཅའ་སྒ་དང་། །ཐང་ཤིང་པུ་ཤིལ་ཙེ་དང་བཅས་པ་དང་། །ནག་ཏ་མ་ལའི་འབྲས་བུར་བཅས་པ་རྣམས། །བ་གཅིན་དག་གིས་བཏགས་ཏེ་མར་དུ་བཙོ། །བ་གཅིན་བཞི་འགྱུར་བླུགས་པའི་སྨན་མར་དེ། །མིག་བསྐུ་སྣར་བླུགས་ལུས་བྱུགས་གདོན་ཀུན་གྲོལ། །གདོན་རྣམས་ཀུན་གྱི་སྨན་མཆོག་དམ་པར་བཤད། །ཅེས་སོ། །

གཟའ།

དྲང་སྲོང་ཆེན་པོ་གཟའ་བདུད་ར་ཧུ་ལ་ནི། ཕྱག་ན་རྡོ་རྗེའི་སྤྲུལ་བར་གྲགས་ལ། སྤྱིར་རྡོ་རྗེ་ཐེག་པ་དང་། ཁྱད་པར་དུ་སྔ་འགྱུར་ཐེག་པ་སོགས་སྒྲུབ་ཡིག་མང་བོར་འབྱུང་ཞིང་། སྒོས་རྒྱུད་བདུད་བྱ་རོག་མགོ་བརྩེགས་གསང་བ་སྒྲོལ་བྱེད་ཀྱི་རྒྱལ་བོ་ཀི་ཀང་རོག་ཏིའི་མདོ་སྙིང་གཟེར་ནག་པོའི་རྒྱུད་ལས་བསྟན།

གཟའ་ནི་ཀླུ་དང་སྲིན་པོ་གཉིས་ཀའི་ཆ་འཛིན་པ་ཞིག་ཡིན་པས། ཆ་བྱད་ནི་སྟོད་མི་ལ་སྨད་སྦྲུལ་མཇུག་ཁྲག་མཚོའི་ཀློང་དུ་བཞུགས་པ། སྐུ་སྟོད་མེ་འབར་ལ་སྐུ་སྨད་སྦྲུལ་གྱིས་སྟོང་ཉིད་སྙིང་རྗེ་འམ་ཐབས་ཤེས་ཟུང་འཇུག་གི་དོན་མཚོན་པ། མགོ་དགུ་བོའི་རྩེ་མོར་བྱ་རོག་གི་མགོ་ཅན་ཡོད་པ། ཕྱག་བཞིའི་གཡས་པ་ན་རྒྱལ་མཚན་དང་མདའ། གཡོན་པ་ན་སྦྲུལ་ཞགས་དང་གཞུ་འཛིན་པ། དབུ་སྐྲ་ཁམ་སེར་གྱེན་དུ་བརྫེས་པ། ཞིང་ཆེན་གྱི་སྟོད་གཡོགས་དང་། སྟག་ཤམ་གསོལ་བ། ཐོད་སྐམ་ལྔའི་དབུ་རྒྱན་དང་། རློན་པ་ལྔ་བཅུའི་དོ་ཤལ་ཅན། ལུས་ཐམས་ཅད་ཁ་མིག་གི་བཀང་བའོ། །ཁ་ཟས་སུ་ཚིལ་ཟ་ལ། འཁོར་དུ། གཡས་སུ་ཡབ་རྡོ་རྗེ་སྲིན་པོ། གཡོན་དུ་ཡུམ་རྡོ་རྗེ་གློག་འགྱུ་མ། ཕྱོགས་མཚམས་སུ་གཟའ་བརྒྱད་གདོང་མོ་བཞི་དང་རྒྱུ་སྐར་ཉེར་བརྒྱད་ལ་སོགས་དྲེགས་པ་སྡེ་བརྒྱད་ཀྱི་དམག་ཚོགས་སྤྲིན་ལྟར་གཏིབས་པའོ། །ཁ་དཔེར། དམར་ནག་གཟའ་ལ་ཁ་དུག་ཆེ། །སྲོག་གཅོད་ཤན་པ་ལུས་སྡིག་ཆེ། །ཟེར་བ་བཞིན་གཟའ་ཁ་གཏད་དུ་ཐུག་ན་ཁ་རླངས་ཕོག་སྟེ་ཀླད་རྩ་བརྡོལ་ནས། ལྐུགས་ཤིང་མིག་སླེ་བ། གཞོགས་བཤལ་བ། ཚོར་བ་ཉམས་པ། དྲི་ཆེན་དང་དྲི་ཆུང་དབང་མེད་དུ་འཆོར་བ། བརྒྱལ་བ་སོགས་འབྱུང་ངོ་། །

གཟའ་ནད་བཅོས་ཐབས་ལ། འབྲེལ་ཡོད་འདོན་ཆོག་ཅིག་ཏུ། བླ་མ་རིན་པོ་ཆེ་གཡའ་བཟང་དེ་ཉིད་རོང་ཁམས་ཕྱོགས་ཀྱི་སྒྲུབ་ཁང་ཞིག་ནས་མཚམས་དམ་པོར་མཛད་ཀྱིན་བཞུགས་ཡོད་པ་ལ། གནམ་ནས་མི་དཀར་བོ་ཤེལ་གྱི་འཁར་བ་ཐོགས་པ་ཞིག་ཕར་འགྲོ་ཚུར་འོང་བྱེད་པར་གཟིགས་པ་དེ་ལ། ཁྱེད་སུ་ཡིན་ཞེས་དྲིས་པས། དྲང་སྲོང་ར་ཧུ་ལ་ཡིན་ཟེར། དེར་བླ་མས་ཁྱེད་ཀྱིས་སེམས་ཅན་རྣམས་ལ་ནད་བཏང་བ་མ་ཡིན་ཏེ། སྔོན་གྱི་སྨོན་ལམ་གྱིས་དེའི་གྲིབ་མ་ཕོག་པ་རྣམས་ལ་ནད་བྱུང་བ་ཡང་མ་ཡིན། ད་ནད་མ་བྱུང་བ་རྣམས་ལ་མི་འབྱུང་བ་དང་། བྱུང་ཟིན་པ་རྣམས་ལ་ནད་སེལ་བའི་གདམས་པ་འདི་འབུལ་ལོ་གསུངས་ནས་གདམས་པ་འདི་ཕུལ་བ་ཡིན་ནོ། །ཞེས་གསུངས་པ་ལྟར། བླ་མ་རིན་ཆེན་གཡའ་བཟང་ནས་བརྒྱུད་པའི་གཟའ་ནད་བཅོས་པའི་གདམས་པ་ཡོད་པ་དང་།

གསོ་རིག་རྒྱུན་མཁོ་གལ་ཆེ་བ་བདམས་བསྒྲིགས་ལས། སྨན་ཁྲག་སྦྱོར་ཉེར་ལྔ། རྫས་ཆེན་བཅོ་བརྒྱད་པ་སོགས་ཟབ། གྲིབ་ཕོག་དུས་ཐོག་མར་སྤོས་དཀར་གྱི་ཐང་བཏང་ན་བཅོས་སླ། སྲིན་བྱའི་ཀླད་པ། ཡུགས་སའི་མངལ་ཁྲག དཔའ་བོའི་གྲི་གུག་གསུམ་བུ་རམ་དང་བསྲེས་ནས་བྱིན་པས་ཐེབས་མཆོག་ཏུ་བཤད་གསུངས་ལ། དེ་ལས་གཞན། མན་ངག་ལྷན་ཐབས་སོགས་སུའང་གཟའ་བཅོས་མང་དུ་བཤད་དོ། །

དེ་མ་ཟད་ར་ཧུ་ལ་འདི་སེར་བའི་གདོང་འདྲེན་ཏེ། ཀ་རྨ་ཆགས་མེད་ཀྱི་སེར་སྲུང་མེའི་བྱ་ཁྱུང་འབར་བ་ལས། བསྟན་སྲུང་སད་སེར་བདག་པོ་རཱ་ཧུ་ལ། །གཟའ་བརྒྱད་གདོང་མོ་གཟའ་སྲིན་བྱེ་བ་འབུམ། །སྡོང་ཟླ་ལྷ་སྲིན་སྡེ་བརྒྱད་ཡུལ་ལྷའི་ཚོགས། །སད་སེར་བདག་པོ་མ་ལུས་འཁོར་བཅས་ལ། །ཞེས་དང་། དེ་ལས་གཞན། སེར་སྲུང་དེ་ལས། ཁོག་སྟོད་སྲིན་པོ་ཕ་ཡི་ལུས། །ཁོག་སྨད་དུག་སྦྲུལ་མ་ཡི་ལུས། །སྤྱན་སྟོང་འགྲོ་དྲུག་ལེགས་ཉེས་ལྟ། །ལྷོ་ནུབ་སྲིན་པོའི་ཡུལ་ནས་བཞེངས། །ཟླ་བའི་རྗེས་གཅོད་ཤར་དུ་རྒྱུགས། །ཉི་མའི་རྗེས་གཅོད་ནུབ་ཏུ་རྒྱུགས། །འབྱུང་བ་ལྔ་ཡི་བདུད་པོ་སྟེ། །མིང་བརྒྱ་བོ་ལ་མཚན་སྟོང་བོ། །དུས་ཚོད་ཚེས་གྲངས་ཀུན་གྱི་བདག །ཉིན་མོ་རྒྱུགས་པས་ཕྱོགས་བཞི་འཇོམས། །མཚན་མོ་རྒྱུགས་པས་མཚམས་བཞི་འདུལ། །ནམ་མཁའི་དབྱིངས་སུ་བསྐྱོད་ཙ་ན། །སྟེང་གི་ལྷ་རྣམས་སྐྲག་ཅིང་སྔངས། །ཐོག་དང་སེར་བ་གནམ་རྡོ་བཏང་། །རྒྱ་མཚོའི་སྟེང་དུ་རྒྱུགས་ཙ་ན། །འོག་གི་ཀླུ་རྣམས་ཆོ་ངེ་འདེབས། །ས་གཡོས་འཁྱུག་དང་ཡམས་ནད་བཏང་། །བར་སྣང་ཁམས་སུ་རྒྱུགས་ཙ་ན། །མེ་འབར་སྐར་མདའ་དུ་འཁྱུག་བཏང་། །ཞེས་སོ། །

ཡང་། ཀརྨ་ཆགས་མེད་ཀྱི་གཤེད་གཏོ་ལས་སྲིན་པོ་རཀྵ་མགོ་དགུ་དང་ཀླུ་མོ་ཕྲག་དོག་ཟ་བྱེད་གཉིས་ལ་གཟའ་གཤེད་ངན་པ་མཆེད་བཞི་སྐྱེས་པ་སྟེ། མི་ལུས་གླང་གི་མགོ་ཅན། ལག་ན་ཞགས་པ་དང་ཞལ་ནས་ཐོག་གི་བུ་ཡུག་འཚུབ་པ་ཞིག་དང་། ཡང་མི་ལུས་འབྲུག་མགོ་ཅན། ཞལ་ནས་འབྲུག་སྒྲ་སྒྲོག་ཞིང་མེ་ཡི་ལྕེ་ཞགས་ལས་ཚྭ་ཚྭ་འཕྲོ་བ་ཞིག་དང་། ཡང་མི་ལུས་ལུག་མགོ་ཅན། གཅན་གཟན་གྱི་གདོང་བ་ལྡན་པ་ཞིག་དང་། ཡང་དྲེད་མོང་གི་ལུས་ལ་ཁྱི་མགོ་ཅན། ཆུ་སྲིན་སྣ་ལ་སྟག་གི་རི་མོ་ཡོད་པ། དུག་གི་ཁ་རླངས་ནག་པོ་ལ་འཇའ་ཚོན་བཀྲ་བ་ཞིག་དང་། བཞི་གའང་རུས་སྦལ་གྱི་རྐང་བ་ཅན་དུ་བཤད་དོ། །གཞན་དུ་ན། གཟའ་ལྔ་དང་། གཟའ་དགུ། གཟའ་བཅུ་སོགས་རྩིས་གཞུང་ལས་ཤེས་པར་བྱའོ། །

གཤིན་རྗེ།

གཤིན་རྗེ་ཆོས་ཀྱི་རྒྱལ་བོ་ནི། འཇམ་དཔལ་གཤིན་རྗེ་གཤེད་ཀྱི་བཀའ་སྡོད་ཡིན། ལས་འབྲས་ཀྱི་ཤན་འབྱེད་ཡིན་པས། ལམ་རིམ་ལས་བསྟན་པའི་སྐྱེས་བུ་ཆུང་ངུའི་སྲུང་མ་ཡིན། འདི་ལ་ཕྱི་ནང་གསང་བ་ཡང་གསང་བཅས་མང་། བྱེད་ལས་ནི། གཤིན་རྗེ་ཁྲམ་ལ་བཏབ་ཅེས། གསོན་པོ་ལ་འཆི་བའི་བརྡ་གཏོང་བ་དང་། ཚེ་སྲོག་འཕྲོག་པ། གཤིན་ཡུལ་དུ་སླེབས་ཚེ་དགེ་སྡིག་ཤན་འབྱེད་ཀྱིས་འགྲོ་བ་གཉིས་སུ་འཕེན་པ་དེའོ། །ཡང་། རྒྱུད་ཀྱིས་ཟིན་སོ་ཆེ་བའི་གཙང་རིས་ཀྱི་དཔལ་མགོན་བདུན་ཅུ་རྩ་ལྔའི་ནང་གསེས་གཤིན་རྗེ་ནི། ཕྱག་གཡས་བེ་ཅོན་ཐོགས་པ་དང་། གཡོན་དཀུར་བརྟེན་པ། མ་ཧེ་ལ་བཅིབས་པ། ཆུང་མ་ནག་མོ་དང་འཆི་བདག་མ་དང་བཅས་པའོ། །

ཐེའུ་རང་།

ཐེའུ་རང་ནི། འབྱུང་བོའི་རིགས་ཤིག་སྟེ། དེའི་རིགས་ལས་སྟོབས་དང་རྫུ་འཕྲུལ་ཆེ་བ། དམ་ཅན་རྡོ་རྗེ་ལེགས་པ་ཡིན་ལ། དེ་ནི་རྒྱལ་བསྟན་སྲུང་ཕྱིར་འཇིག་རྟེན་དྲེགས་པ་རང་རྒྱུད་པ་ལྟར། ཕྱག་ན་རྡོ་རྗེས་དབང་བསྐུར་ཞིང་བཀའ་བསྒོས་གཉེར་གཏད་དང་། སློབ་དཔོན་པད་འབྱུང་གིས་སྲུང་མར་མངའ་གསོལ་བ་ཞིག་ཡིན། ཁྱད་པར་དུ་བན་བོན་ཡོངས་ཀྱི་སྲུང་མ། རྒྱ་བོད་ཀུན་གྱི་གཏེར་བདག གནམ་ས་ཕྱོད་ཀྱི་བདག་པོ། མ་ངེས་པའི་རྫུ་འཕྲུལ་ཅི་ཡང་སྟོན་པ་ཞིག་ཡིན། དེའི་འཁོར་དུ་དམ་ཅན་མགར་བ་ནག་པོ། མོན་པ་སེར་སྐྱ། མཆེད་འཁོར་སུམ་བརྒྱ་དྲུག་ཅུ་སོགས་འཁོར་ཕལ་ཆེར་ཐེའུ་རང་གི་རིགས་ཡིན་པར་བཤད། གཞན་ཡང་། ཐེའུ་རང་སྤུན་དགུ་ཟེར་བ། རྒྱལ་ཐེའུ་ཁྲ་བོ། དྲི་ཤ་ཁ། རྐན་འཐོར་གསུམ་གྱིས་རྒྱལ་བོ་ལ་གནོད། ལས་ཐེའུ་སྨུག་པོ། ལེགས་ཐེའུ་ཁྲ་བོ། ས་ཐེའུ་ནག་པོ་གསུམ་གྱིས་དམངས་ལ་གནོད། བྲག་སྲིན། ཤིང་སྲིན། ཆུ་སྲིན་གསུམ་གྱིས་ཕྱོགས་སྐྱོང་ལ་གནོད། དགུ་ཀའི་རྐང་བས་བཅག་པར་བཤད་པ་དང་། ཨོ་རྒྱན་སངས་རྒྱས་ཀྱིས་མཛད་པའི་མདོས་གླུད་ཞེ་དགུ་མ་ལས། གནམ་ཐེའུ་ས་ཐེའུ་བར་ཐེའུ་དང་། །མོན་ཕོ་མོན་མོ་སྲས་དང་བཅས། །ཐེའུ་རང་སྤུན་དགུ་འཁོར་དང་བཅས། །ཞེས་ཀྱང་གསུངས་ལ།

དེ་དག་གི་བྱེད་ལས་ཀྱང་། བོན་གྱི་སྒྲ་འགྲེལ་ལས། གནམ་ཐེའུ་དཀར་བོ་གསུམ་ནི། གནམ་ཁྱི་དང་སྡོངས་ནས་ལྷ་སྡང་བདུད་དུ་འབབ། བར་ཐེའུ་ཁྲ་བོ་གསུམ་གྱིས་འདྲེ་རྒུ་སྣ་འདྲེན་བྱེད། ས་ཐེའུ་ནག་པོ་གསུམ་གྱིས་མོ་རྒྱུད་མངལ་དུ་སྐེམས་པར་བཤད་དོ། །གཞན་ཡང་། ཧོར་གྱིས་སེང་ལྕམ་འབྲུག་མོ་འཕྲོག་དུས་ཐེའུ་རང་དཀར་ནག་ཁྲ་གསུམ་གྱིས་གནོད་པ་བཏང་ཚུལ། ཧོར་གླིང་གཡུལ་འགྱེད་ལས། ཧོར་དམག་གླིང་གི་ཤར་རྫོང་ཇ་མཁར་རིང་མོར་བླུགས་ནས་འབྲུག་མོ་བཙན་འཕྲོག་བྱེད་སྐབས། འབྲུག་མོ་ལ་བྱ་ཐབས་མ་རྙེད་པར་ངེས་པར་འཕུར་སྙམ་དུ། དར་མདུང་གིས་གཤོག་པ་བྱས་ནས། འཕར་འཕར་ཐེབས་ཐེབས་ཅི་བྱས་ཀྱང་སྔོན་ལས་མཐུ་བཙན་པ་དང་། ཐེའུ་རང་དཀར་ནག་ཁྲ་གསུམ་གྱིས་གཉའ་བ་མནན་ནས་འཕུར་མི་ཐུབ་པར་གདའོ། །ཞེས་སོ། །

དེ་དག་གི་ཁ་ཟས་ཀྱང་། ལྷ་འདྲེ་བཀའ་ཐང་ལས་ཀྱང་། པད་འབྱུང་གཡའ་རི་གོང་དུ་བྱོན་དུས་ཐེའུ་བྲང་འགོང་བོ་མང་བོས་བསུ་བ་བྱས་ཏེ་ཁ་ཟས་མང་དུ་ཕུལ་བ་འདི་ལྟར་འབྱུང་སྟེ། དེ་ནས་གཡའ་རི་གོང་དུ་བྱོན། །ཐེའུ་བྲང་ཐེལ་འགོང་མང་བོས་བསུ་བ་བྱས། །འཛམ་བུ་གླིང་གི་ཆང་རིགས་ཐམས་ཅད་བསྡུས། །འབྲུ་ཆན་རིགས་བྱེད་མ་ལུས་པ། །ཤིང་ཏོག་རིགས་བྱེད་མ་ལུས་དང་། །ཤ་མོ་སྨུག་ཤ་དཀར་ཤ་སེར་ཤའི་རིགས། །ལ་ཉུང་གང་སྲུབས་ཙོང་སྒོག་བྲག་སྒོག་རིགས། །སྒོག་རྩེ་ཤ་བ་རྩེ་དང་ཙོང་རིགས་སྒོག །སྒོ་ང་ཉ་དང་ཤ་རིགས་རི་ཀླུང་མེད། །ནོར་གྱི་རིགས་བྱེད་མ་ལུས་སྣ་ཚང་བ། །ཐེའུ་བྲང་སྡེ་བརྒྱད་དཔག་ཚད་རྒྱང་གྲགས་སྤུངས། །ཞེས་དང་། འཇུ་མི་ཕམ་གྱི་མདོས་སྨྲེང་བཀྲ་ཤིས་སྒོ་མང་ལས། ཐེའུ་རང་གི་རྫོང་འདེབས་ལ། ཐེའུ་རང་མདོས་ལ་བཤོས་བུ་དང་། །རྟ་ཐོད་ལ་སོགས་ཐོད་སྣ་ཚོགས། །ར་སོགས་གཟུགས་བརྙན་ར་ཚིལ་དུད། །ཡོས་ཁྲ་ལ་སོགས་རྫས་སུ་བཤམས། །ཞེས་དང་། གླིང་སྒྲུང་ལས་ཀྱང་རྩལ་ཆེན་ནམ་མཁའ་སྦར་ཟིན་གྱིས་གླིང་ལ་སྒྱོགས་འཕེན་སྐབས། ཐེའུ་རང་དཀར་ནག་ཁྲ་གསུམ་ལ་ར་ཤའི་གསུར་དང་ཡོས་ཁྲ་དུང་ཤོ་གསུམ་གྱིས་མཆོད་པར་བཤད་ཡོད་དོ། །

གཞན་དུ། ཕལ་མོ་ཆེས་མིག་གིས་མི་སྣང་བའི་རྐང་བ་ཡ་གཅིག་ཅན་གྱི་གནོད་བྱེད་ཞིག་ལའང་ངོས་འཛིན་ཏེ། མོན་གླིང་གཡུལ་འགྱེད་ལས། ཐོག་མར་ཐེའུ་རང་འཕྲུལ་གྱི་བླ་མ་རྐང་གཅིག་བཏུལ། ཞེས་དང་། ངང་ཡག་ཐེའུ་མོ་སྤུན་དགུ་དང་། མགར་བའི་ཐེལ་མོ་རྐང་གཅིག་ཅེས་འབྱུང་ལ། དམངས་གཞས་ལས་ཀྱང་། ཁྱོད་ནི་ཐེའུ་རང་རྐང་གཅིག །ས་འོག་བརྒྱུད་གི་མ་འདུག །ཅེས་གསུངས་ལ། དམངས་ཁྲོད་དུའང་རྐང་བ་ཡ་གཅིག་གི་རྗེས་མཐོང་རྒྱུ་ཡོད་པ་དེ་ཡང་ཐེའུ་རང་རྐང་གཅིག་གི་རྗེས་ཡིན་པར་བཤད་དོ། །དེ་ཡང་བདེན་མཆི་སྟེ། ཀརྨ་ཆགས་མེད་ཀྱི་འདྲེ་དགུ་སྐྱས་འདེབས་ལས། ཐེའུ་རང་ཕ་ནི་སྟག་མཚུར་སྐྱེས་གཅིག་པོ། །མ་ནི་སྒང་མ་སྒང་ཆུང་སྣ་རུ་མ། །དེ་གཉིས་སྡེབ་ངན་འཚོགས་པ་ལ། །བུ་ནི་ཐེའུ་རང་སྤུན་དགུ་བྱུང་། །སྐྱེས་བཟང་དེ་ནི་ལུས་གཅིག་པོ། །དཔྲལ་བའི་དབྱིངས་སུ་མིག་གཅིག་པོ། །བྲང་གི་མདོ་ན་ནུ་གཅིག་པོ། །ཁ་ཡི་ནང་ན་སོ་གཅིག་པོ། །སྙོབ་པར་བྱེད་པའི་ལག་གཅིག་གོ །།མགོ་ན་རལ་བ་སྐྲ་གཅིག་པོ། །འགྲོ་བར་བྱེད་པའི་རྐང་གཅིག་པོ། །སྤྲུལ་བ་སྣ་ཚོགས་དུ་མ་འགྱེད། །ནངས་སྔ་ཕར་ལ་འགྲོ་བའི་ཚེ། །སྟག་ཆས་ཁྲ་དང་སི་ལི་ལི། །ནུབ་མོ་ཚུར་ལ་འོང་བའི་དུས། །བསེ་དྲི་དེ་ནི་ཐུ་ལུ་ལུ། །ཕོ་ཡི་ལུས་ལ་གནོད་པའི་དུས། །ན་ཆུང་མཛེས་སྡུག་ཅན་དུ་སྤྲུལ། །ཐིག་ལེ་བརྐུ་ཞིང་ལུས་མདངས་འཆོར། །ཚེ་སྲོག་གཅོད་ཅིང་ཁ་དབུགས་ལེན། །མོ་ཡི་ལུས་ལ་གནོད་པའི་དུས། །རག་ཤ་སྐྱེས་བཟང་གཅིག་ཏུ་སྤྲུལ། །དུས་མིན་མངལ་ཁྲག་འབབ་ཏུ་འཇུག །སྟོང་སྦྲུམ་བྱེད་ཅིང་ཚེ་སྲོག་གཅོད། །ཟླ་དགུ་ཁྲག་ཏུ་བསྒྱུར་བ་དང་། །ཕོ་ལུས་མོ་རུ་བསྒྱུར་བ་དང་། །གནོད་བྱེད་ཐེའུ་རང་སྤུན་དགུ་དེ། །མི་སྤྲུལ་དེ་ནི་དགུ་རུ་སྤྲུལ། །ར་རྒན་རུ་རིང་རྟ་རུ་ཞོན། །ར་སླག་ཁྲ་མོ་གོས་སུ་གྱོན། །ཞེས་གསུངས་སོ། །

དེ་དག་གི་འདུག་གནས་ནི། ཐེའུ་གཏོ་རྣམས་སུ། ད་ནི་ཐེའུ་རང་ལམ་སྟོན་ནོ། །གནས་འདིར་མ་འདུག་གཞན་དུ་སོང་། །བྲག་ཕུག་ཐང་ཡངས་ཚེར་མའི་རྩེར། །གྲོང་ཁྱེར་ལ་སོགས་གནས་དེ་རུ། །ཁྱེད་ཀྱིས་དབྱར་དཔྱིད་སྟོན་དགུན་བར། །འདུག་པའི་གནས་ཡིན་དེ་རུ་སོང་། །ཞེས་དང་། ཡང་། ས་དཔྱད་རྣམས་སུ། ཐེའུ་རང་གི་གནོད་པ་འགོག་པ་ལ། སྒོའི་ཡ་ཐེམ་དུ་རི་བོང་དང་། རྔ་གསེབ། རིལ་མ། གཤེད་སྲུང་སྤྲེའུ་སོགས་བཞག་ན། དགྲ་ལྷ་གཉན་པོ་འཁོར་ཞིང་། གནོད་འདྲེ་ཐེའུ་རང་སོགས་ཕལ་ཆེར་ཁོགས་ལ། མཆིག་སོགས་སྒོ་ཐེམ་དུ་འཇོག་པར་མི་བྱའོ། །ཞེས་ཀྱང་གསུངས་ལ། ཡང་ངག་རྒྱུན་དུ། སྤྲེའུ་ནི་རང་བཞིན་གྱིས་ཐེའུ་རང་གི་དགྲར་གྱུར་བས། ཁྱིམ་དེར་སྤྲེའུ་སྤུ་སྲེག་ནའང་ཐེའུ་རང་འགོག་ཐུབ་པ་དང་། ཐེའུ་རང་ནི་འོད་ལ་སྐྲག་པས་པས། སྒོའི་ཡ་ཐེམ་དུ་མེ་ལོང་བཀལ་ནའང་འགོག་ཐུབ་པ་དང་། ཐེའུ་རང་འཁོར་བའི་མི་དེའི་རྗེས་སུ་ཐལ་བ་བཏབ་ནའང་ཐེའུ་རང་སྤྲོད་ཐུབ་པར་བཤད་དོ། །

ཡང་། ཐེའུ་རང་བྱ་བ་སྐབས་བསྟུན་གྱི་གོ་བ་ལེན་ཚུལ་གཞན་ཡང་མཆི་སྟེ། ཐེའུ་རང་གི་རིགས་སུ་འཁྲུངས་པའི་གཉའ་ཁྲི་བཙན་པོ་སོགས་ཐེའུ་བྲང་སྤུན་དགུ་དང་། བསྟན་འབྱུང་རིག་པའི་ཤན་འབྱེད་ནོར་བུ་ཀེ་ཏ་ཀའི་དོ་ཤལ་ལས་གསུངས་པའི་གྲི་གུམ་བཙན་པོ་ཐེའུ་རང་མང་སྙ་ཝེར་རོའི་སྤྲུལ་པར་བཤད་པ་དང་། གླིང་སྒྲུང་ལས་གེ་སར་མ་སངས་ཀྱི་རྒྱུད་ལས་མཆེད་པ་ལ་འཁྲུལ་བར་མི་བྱའོ། །དེ་ནི་གནའ་བོའི་བོད་ཀྱི་རུས་རྒྱུད་ཅིག་ཏུ་གོ་བ་ཡིན་ཏེ། བོན་ཆོས་འགར། ཡ་ཐོག་གི་མིའི་རིགས་ནི། གཉེན་དང་མ་སངས་ལས་ཆད་པར་བཤད་ཅིང་། ཐེའུ་རང་ནི་མ་སངས་ཀྱི་བྱེ་བྲག་ཞིག་ཡིན་ལ། ད་དུང་། ཡ་ཐོག་བསྐལ་བའི་དུས་སུ་མི་ལས་ཀྱང་ལྷག་པའི་ཤེས་རིག་རྣོ་ཞིང་། བཟོ་འཕྲུལ་དང་དཔའ་རྩལ་ཆེས་མཐོ་བ་ཞིག་ཏུ་ངོས་འཛིན་ཡང་གནང་ཡོད་དོ། །

བསེ་རག

རཱ་ག་ཨ་སེའི་གཏོར་འབུམ་ལས། བསེ་རག་རི་ཞོན་སྤུན་དགུའི་ཚོགས། །ཞེས་དང་། མདོས་གླུད་ཞེ་དགུ་མ་ལས། བསེ་རག་མི་ཡི་རྒྱལ་བོ་ནི། །གཞོན་ནུ་དཔལ་སོགས་སྤུན་དགུ་བས། །ཟས་ནོར་རྣམས་ལ་གནོད་འཚེ་བྱེད། །བསེ་རག་འགོང་བོ་མང་བོའི་ཚོགས། །ཞེས་པ་དང་མཐུན་ལ། བསེ་རག་གི་གཟུགས་ནི། ལོ་གླུད་འགོང་བོ་དཀར་ཡས་ལན་ཆགས་ཚིམ་བྱེད་ལས། བསེ་རག་གི་རྒྱལ་བོ་ནི། མི་ལ་རྒྱལ་བོ་གཞོན་དཔལ་ཞེས་བྱ་བ་དེ། བུ་ཆུང་མཛེས་པ་གཡུ་རྣ་ཅན། མགོ་ལ་དངུལ་གྱི་ལྕོག་ཞུ་དང་། དར་འཕྲུ་བྱ་ཕོད་ལྡེམས་སེ་ཡོད་པ། ཤེལ་ཁྲབ་ལུས་ལ་གསོལ་ཞིང་། སྦ་དམར་གྱི་ཕུབ་ཆུང་རྒྱབ་ཏུ་འཁུར་བ། འཁོར་གསུམ་སྐེད་ལ་བསྐོར་ཞིང་། ལག་ན་བདུད་མོའི་རླུང་རྐྱལ་འཛིན་པ། རི་བོང་སྔོན་མོ་ལ་བཅིབ་ཅིང་། ཕུ་བོ་ཆེ་འབྲིང་ཆུང་གསུམ་སོགས་བསེ་རག་སྤུན་དགུས་བསྐོར་བ། བྱ་སྲེག་པ་བདུན་ནི་ཀླད་ན་ལྡིང་བའོ། །རང་ཅག་གིས་མི་ལ་ཙེ་ཙེ་ཟེར་བའང་འདི་ཡིན་ནོ། །

བྱེད་ལས་ནི། གཏོ་ཆོག་དེ་ལས། ཁྱད་པར་འབྲས་བུ་ལོ་ཏོག་ལ། །བར་དུ་གཅོད་ཅིང་གནོད་བྱེད་པའི། །བསེ་རག་ལྟོགས་འདོད་རྣམས་ལ་བསྔོ། །ཞེས་པ་ལས་ཤེས་སོ། །

ཡང་། ཀརྨ་ཆགས་མེད་ཀྱི་འདྲེ་དགུ་སྐྱས་འདེབས་ལས་མི་ལའི་རྣམ་པ་འདི་འདྲ་ཞིག་གསུངས་ཏེ། ཕ་ཙ་ཀ་བྱི་ལ་མགོ་དང་མ་ཅུ་ཏྲ་ཅི་ར་མ་གཉིས་ཀྱི་བུར་འདྲེ་ལ་སྔ་བ་མི་ལ་ཙ་ཏྲ་བྱུང་། དེའི་ལུས་པོ་ཆུ་རུས་ཀེང་རུས་ཅན་ལ། ནུ་མ་བསྣུན་པས་བརྣངས་ནས་ཤི རོ་དེ་རྒྱལ་བུ་མཐིང་གེའི་མཁར་རྩར་སྦས་པར་བཤད་ལ། མི་ལ་དེ་ཁྱི་དང་བསྡེབས་པ་ལས་མི་ལ་ཁྱི་གུ། ཕག་དང་བསྡེབས་པ་ལས་ཕག་གུ དེ་ལྟར་མི་ལ་རེའུ་ཚེ། མི་ལ་ལུ་གུ མི་ལ་བྱིའུ་ཆུང་། ཉེལ་ཆུང་། སྐྱ་ཀ སྦལ་བ། རྨོང་ཚེ། སྲེ་མོང་སོགས་བྱུང་བར་བཤད་དོ། །

ཡང་། གོང་གསལ་གྱི་རྣམ་པ་དང་མི་མཐུན་པ་ཞིག་ལ། བསེ་རག་རྫོང་ཐོབ་བསྡུས་པ་ཞིག་ལས། དབུལ་སྲི་བསེ་རག་ལྟོགས་འགོང་ནི། །མི་རྒན་ཉམ་ཐག་སྣོད་སྟོང་ཁུར། །བསེ་རག་འབུམ་གྱིས﹙བྱིས་པ་གཅེར་བུ་དུ་མས་བསྐོར་བ﹚འཁོར་གྱིས་བསྐོར། །ཡོད་ལ་མི་དགའ་མེད་ལ་དགའ། །གང་ལ་མི་དགའ་སྟོང་ལ་དགའ། །ནོར་སྒྲུབ་བྱེད་ལ་འགབ་འདྲེར་སྡང་། །སྣོད་བཅུད་མངའ་ཐང་ཉམས་པར་བྱེད། །བློ་ཉེས་ཚོང་ཉེས་མི་ཁ་གཏོང་། །བཟའ་བཏུང་གོས་རྒྱན་སྲིས་ལ་བརྐུ། །ཁྱད་པར་ལན་ཆགས་རྗེས་སུ་སྙེགས། །ཞེས་གསུངས་པ་དང་།

བསེ་རག་ཞུགས་པའི་རྟགས་སུ། ཀརྨ་ཆགས་མེད་ཀྱི་བསེ་རག་བཀར་ཐབས་ལས། བསོད་ནམས་ཆུང་བའི་སེར་སྐྱ་འགའ་ཞིག་ལ། །ཁྱིམ་དུ་ལྟོགས་འགོང་དབུལ་སྲི་བསེ་རག་ཞུགས། །ཁྱིམ་ལ་ཚ་འུབ་དྲོད་མེད་ཤིན་ཏུ་གྲང་། །དོན་མེད་འགྲིམ་པ་ཕྱིན་ན་ལྟོགས་སྣང་སྐྱེ། །བཟའ་བཏུང་བྱིན་ཀྱང་མི་མགུ་དགའ་སྣང་མེད། །གོས་དང་ལུས་མདོག་སྐྱ་ཞིང་བཀྲག་མདངས་མེད། །ཕུག་སྲིས་ཟད་མགྱོགས་གློ་བུར་འུད་འུད་ཟད། །བཟའ་མི་མི་མཐུན་ནང་འཐབ་ནུབ་འཐབ་བྱེད། །བློ་ཉེས་ཚོང་ཉེས་གོད་ཁ་རྒྱུན་མི་ཆད། །ལོ་ཐོག་མི་སྐྱེ་སད་སེར་གོད་ཁ་ལྡང་། །ཞོ་ལད་ཆང་ལད་འོ་རུལ་མར་མི་ཐོན། །ནས་འབབ་མེད་ཅིང་ནོར་ལ་སྐམ་འགོང་ཞུགས། །མི་མང་ཟས་ནོར་ལ་སོགས་བགོ་བའི་ཚེ། །ཀུན་ལས་ཆུང་ཞིང་ངན་པ་རང་གིས་འཐོབ། །གཡོ་བསྐོར་གཟབ་ཅིང་བྱས་ཀྱང་ངན་ཞིང་ལད། །རྒྱན་དང་ཤོ་སྐུགས་གང་བཞག་མི་ལ་ཤོར། །ཅི་བསམ་བྱ་བ་ཐམས་ཅད་ལོག་པར་འགྲོ། །བཟའ་བཏུང་མང་དུ་བྱས་ཀྱང་རྒྱག་རྒྱུ་མེད། །དེ་དག་བསེ་རག་ལྟོགས་འགོང་ཞུགས་རྟགས་ཡིན། །ཞེས་སོ། །

རྫོང་འདེབས་ལ་མར་མེ། འོ་རུལ། ཞོ་ལད། ཆང་སྐྱུར། སྦང་མ། སྤྲ་བ། རུས་པ། ཚྭ་སྒོག་གཡེར་གསུམ། ཡོས་སྙིགས། མི་ཕྱུགས་ཀྱི་དྲི་གླུད་ཆངས་བུ་ཟན་རིལ་བརྒྱ་རྩ་བརྒྱད་ལ། འོ་ཆབ་ཀྱིས་བྲན་ཏེ། ཡོན་བདག་ཕོ་མོ་ངོ་གནག་ཅིང་། གྲི་བཏོན་ནས་ཧ་ཧ་བརྗོད་ཅིང་། གཞན་གྱིས་སྐམ་ཡུས་སླ་ང་བརྡུང་ཤིང་རྗེས་ནས་དེད། སྔགས་པས་བདུད་རྩི་འཁྱིལ་བའི་སྔགས་བརྗོད་དེ་གུ་གུལ་དང་རྡོ་ཐུན་གྱིས་བྲབ་ནས་དེད། ཁང་ཁྱིམ་མི་མཐོང་བའི་སར་རྒྱ་ལམ་ཞིག་ཏུ་འཕང་ནས་རང་དང་བསེ་རག་གི་བར་མེ་ཆུ་རླུང་གསུམ་གྱིས་ཆོད་པར་སྒོམ་ནས་ཕྱི་མིག་མི་ལྟ་བར་འོང་དགོས་སོ། །

སྲི།

ཀི་ལ་ཡའི་སྲི་ཆུང་གི་ལོ་རྒྱུས་སུ། རྒྱལ་བོའི་ཕུང་སྲི། བློན་པོའི་ཕུང་སྲི། རྣལ་འབྱོར་བའི་དམ་སྲི། གོད་སྲི། སྒོ་སྲི། ཆུང་སྲི། དུར་སྲི། གཡལ་མོའི་གོད་སྲི། སྡང་བོའི་སྲི། ལྟས་ངན་ཆོ་འཕྲུལ་གྱི་སྲི། དེ་རྣམས་ཕ་ཕ་བདུད་དང་། མ་མ་བདུད་དེ་བཅུ་གསུམ་མོ། །གསུངས་ལ། ཡང་སྲི་རིགས་བཅུ་གསུམ་གྱི་ངོས་འཛིན་ཚུལ་ལ། ༡ དམ་སྲི་ནི། དམ་པའི་ཆོས་ལ་ལོག་པར་ལྟ་བ་དང་དམ་ཚིག་དང་སྡོམ་པ་ཉམས་པའི་དབང་གིས་མི་མ་ཡིན་གདུག་པ་ཅན་དུ་སྐྱེས་པ་སྟེ། སྔོན་གྱི་བག་ཆགས་དང་ད་ལྟའི་ལུས་དང་སེམས་རྟེན་གྱི་དབང་གིས་སྤྱིར་ཆོས་བྱེད་ལ་ཤིན་ཏུ་འཚེ་བར་བྱེད་ཅིང་། ཁྱད་པར་དུ་བླ་མ་སློབ་དཔོན་དང་དགེ་འདུན་བར་སེལ་འཇུག་བྱེད་པ་སོགས་གནོད་པ་སྒོ་དུ་མ་ནས་སྐྱེལ་བའི་ཤིན་ཏུ་མ་རུངས་པ་ཡིན་ལ། དེ་ལས་འགའ་ཞིག ཁོ་རང་ཡང་ཆོས་ལ་རྒྱུས་མངའ་ཆེ་བས། རྣལ་འབྱོར་བ་ཕལ་བས་འདུལ་དཀའ་བར་བཤད། ཡི་དམ་དང་ཆོས་སྐྱོང་འགའ་ཞིག་ལ་གབ་འདྲེའམ་སྒྲུབ་སྲི་ཡོད་པར་བཤད་པ་ཡང་ཕལ་ཆེར་དམ་སྲི་དང་དོན་གཅིག་ཡིན་ཏེ། ལྷ་དེ་དག་གི་ཐུགས་བསྐྱེད་སྐབས། འདྲེ་དེས་ཀྱང་སྨོན་ལམ་ལོག་པ་བཏབ་པའི་དབང་གིས། ད་ལྟ་ལྷ་སྒྲུབ་པ་ལ་བར་གཅོད་སྒོ་དུ་མ་ནས་བྱེད་པ་ཡིན་ཏེ། དེང་སང་ལྟ་བ་སྙིགས་མའི་མཐའ་ལ་ཐུག་པའི་དབང་གིས་དང་། དམ་སྡོམ་ཉམས་པ་ཆེས་མང་བའི་དབང་གིས་དམ་སྲི་ཤིན་ཏུ་འཕེལ་ཏེ་སྐྱེ་བོ་ཡོངས་ལ་སྒོ་སྣ་ཚོགས་ནས་གནོད་འཚེ་བྱེད་ཅིང་། ལྷག་པར་ཡི་དམ་ཆོས་སྐྱོང་སོགས་བསྙེན་ཅིང་བསྒྲུབ་པ་ལ་སྒྲུབ་སྲིའམ་གབ་འདྲེས་བར་ཆད་ཅི་རིགས་རྩོམ་པར་བྱེད་པས། འདི་མནན་པ་ཤིན་ཏུ་གལ་ཆེ་ཡིན་གསུངས། ༢ གོད་སྲི་ནི། ནོར་ཕྱུགས་ལ་གོད་ཁ་རྒྱུན་ཆད་མེད་པར་གཏོང་བ་དང་། སྒབ་མི་འཕེལ་བར་བྱེད་པ་དང་། ༣ དགྲ་སྲི་ནི། དོན་མེད་དུ་དགྲ་ལ་སྡང་བ་དང་། ཁ་མཆུ་དང་མི་ཁ་ངན་པ་སོགས་སློང་བར་བྱེད་པ་དེའོ། །༤ སྒོ་སྲི་ནི། ཕ་ཁུ་སྲི་ཅན་དུ་ངོས་འཛིན་པར་སྣང་། ༥ ཆུང་སྲི་ནི་བྱིས་པ་ཆུང་ངུའི་རིགས་ཀྱི་ཚེ་ལ་བར་དུ་གཅོད་པ་དང་། ༦ རྒན་སྲི་ཡང་དེ་ལུགས་སོ། །༧ དུར་སྲི་ནི། སྔ་མ་ཤི་བའི་རོ་འདོན་པ་སོགས་ཀྱི་གཟའ་སྐར་ཚེས་གྲངས་དང་དུར་འཇོག་པའི་ས་དཔྱད་ངན་པ་སོགས་ཅི་རིགས་ལ་བརྟེན་ནས་ལྡང་བའི་སྲི། ༨ གྲི་སྲི་ནི། མེ་དང་མཚོན་ཆ་གཡང་ས་ཆུ་སོགས་ལ་འཆི་བ་དང་། ༩ སྐྱེས་པའི་བྱེས་སྲི་ནི། བྱེས་སུ་སོང་ནས་འཆི་བའམ་བྱེས་སུ་བསམ་དོན་མི་འགྲུབ་པ་དང་། ནམ་བྱེས་སུ་སོང་རེས་ཀྱི་སྡུག་བསྔལ་བ་ལྟ་བུའམ། ཡང་ན། བཟའ་ཚང་ཡང་ཡང་བྱེས་བྲལ་དུ་སོང་བ། ༡༠ མ་བུའི་བྱུར་ཡུགས་ཀྱི་སྲི་ནི། བུད་མེད་གཅིག་ལྟ་བུ་ཡང་ཡང་ཡུགས་སར་བུད་པའམ་ཁྱིམ་གཅིག་གི་བུད་མེད་གཞན་དུ་བཏང་ཚུལ་ཡུགས་སར་བུད་པའམ། སྐྱེས་པ་གཅིག་གི་བུད་མེད་བླང་ཚུལ་མི་རིང་བར་འཆི་བ་ལྟ་བུ། ༡༡ དེ་བཞིན་བདུད་སྲི་དང་། བཙན་སྲི། རྒྱལ་སྲི། ཀླུ་སྲི་རྣམས་ནི། དེ་དག་གི་གནོད་པ་ལས་བྱུང་བའི་སྲི་དང་། ༡༢ རྒྱལ་བློན་སྲི་ནི། དེ་གསུམ་གནོད་པའི་སྲིའོ། །༡༣ གཡལ་མོའི་གོད་སྲི་དང་སྡང་བའི་གཡལ་སྲི་གཉིས་ནི། གོད་སྲི་ལྟ་བུ་ཞིག་ཡིན་ནམ་དཔྱད་དོ། །ཞེས་བསོད་ནམས་དབང་ལྡན་གྱིས་བསྒྲིགས་ཏེ་འགྲེལ་བའི་ས་དཔྱད་ཕྱོགས་བསྒྲིགས་སུ་གསལ་ལོ། །

ཡང་། སྐྱེ་བ་སྔོན་མར་རང་གི་བླ་སློབ་བར་དུ་དམ་ཚིག་ཉམས་ནས། ཚེ་འདིར་མི་འམ་འདྲེ་སོགས་སུ་སྐྱེས་པ་ལ་དམ་སྲི་ཟེར། ཞེས་པ་ལྟར། གསང་བདག་དྲེགས་པ་འདུལ་བྱེད་ལས་ཚོགས་དམ་སྲིའི་གླུད་མདོས་ལས། དམ་སྲི་བཙུན་གཟུགས་ལག་ན་རྐང་གླིང་ཐོགས་པ། གཡས་སུ་སྔགས་པ་ནག་པོ་བསྲེ་ཞྭ་ཐུན་ཕོར་ཐོགས་པ། གཡོན་དུ་བུད་མེད་ནག་མོ་རང་གི་སྐྲ་ནས་བཟུང་བ། ཞེས་དང་། ཡང་། དེ་ཉིད་ལས་དམ་སྲིའི་བྱེད་ལས་དང་གནོད་འཚེ་གཏོང་ཚུལ་ནི། དུས་ངན་སྙིགས་མ་ལྔ་བདོའི་དུས། །བོད་འདིར་དམ་སྲི་འབྱུང་བོ་དང་། །གསོན་འདྲེ་དངོས་སུ་རྒྱུག་པ་འབྱུང་། །ཉིན་མོ་དུར་ཁྲོད་ཀུན་ཏུ་རྒྱུག །མཚན་མོ་འགྲོ་བའི་སྲོག་དབུགས་རྒོལ། །གཟུགས་ནི་སྔགས་བཙུན་བུད་མེད་གཟུགས། །སྐད་ནི་བྱོལ་སོང་གཅན་གཟན་སྐད། །དེ་ཡི་ནད་གདོན་ཞུགས་པའི་རྟགས། །ངོས་བཟུང་མེད་པའི་གཉན་ནད་དང་། །གློ་བུར་སྨྱོ་འབོག་བརྒྱལ་ནས་འོང་། །ཁ་ཅིག་དྲང་སྲོང་གཟའ་ནད་འདྲ། །ཁ་ཅིག་ཇི་མ་སྙམ་གྱིས་འཆི། །ཁ་ཅིག་ཁ་ལྐུགས་ལུས་འདར་ཞིང་། །རྣམ་པ་སྣ་ཚོགས་འབྱུང་བར་འགྱུར། །ཞེས་སོ། །

ཡང་། བརྡ་གསར་རྙིང་བྱེ་བྲག་རྟོགས་བྱེད་ལས། སྲི་ཞེས་བྱ་བ་མཐར་བྱེད་ཀྱིས། །ཟ་བའི་ལམ་སྲོལ་བྱ་བའི་མིང་། ཞེས་ཀྱང་གསུངས་ལ། ནམ་མཁའ་ནོར་བུས། མས་ཀྱི་ཤིད་སྡང་བ་ལས་བྱུང་བའི་ཕོ་སྲི་རལ་ཆེན་བདུད་རྗེ། མོ་སྲི་དར་གཞོན་བདུད་རྗེ་གཉིས་ཕོ་མོ་སྟངས་དཔྱལ་གཉིས་འཚོས་པ་ལས་བྱུང་བའི་ཆེ་སྲི། ཆུང་སྲི། ཐབ་སྲི་ངོ་ནག རྒན་སྲི། གཞོན་སྲི། དར་སྲི། བྱེར་སྲི། བྱུར་སྲི་བཅས་སྲི་ཕ་མ་བུ་བཅུའི་དམག་ཚོགས་དང་བཅས་པ་རྣམས་སྲིད་པ་ཡིན་གསུངས།

ཡང་། སྲི་བཟློག་ཙཀྲ་བཅུ་གསུམ་ལས། ནད་སྲི། འཆི་སྲི། གོད་སྲི། རྟ་སྲི། ཡེར་བའི་སྲི། ལོ་སྲི། ཟླ་སྲི། ཞག་དུས་ཀྱི་སྲི། ཁ་སྨྲས་ཀྱི་སྲི། ཟ་མའི་སྲི་སོགས་ཡོད་པར་བཤད་དོ། །

གཞན་ཡང་། རྟ་མགྲིན་ཆོས་སྐོར་སོགས་ལས། སྲིའི་དབྱིབས་དང་། མདོག ལྡང་ཡུལ་བཅས་བསྟན་པ་ནི། ཕོ་སྲི་གངས་དཀར་ལྡོང་ནས་ལྡང་། །བརྫུ་བ་གཡག་དང་གངས་སུ་བརྫུ། །དབྱིབས་དང་ཁ་དོག་དཀར་ལ་འཚེར། །མོ་སྲི་རྒྱ་མཚོའི་གཏིང་ནས་ལྡང་། །བརྫུ་བ་ཁྱི་མོ་ནག་མོར་བརྫུ། །དབྱིབས་དང་ཁ་དོག་མཐིང་ལ་ནག །དགྲ་སྲི་ལབ་ཙེའི་འོག་ནས་ལྡང་། །བརྫུ་བ་ལྕགས་སྤྱང་སྔོན་མོར་བརྫུ། །དབྱིབས་དང་ཁ་དོག་སྔོ་ལ་སྐྱ། །དུར་སྲི་དུར་གྱི་སྒབ་ནས་ལྡང་། །བརྫུ་བ་ཝ་མོ་དར་མར་བརྫུ། །དབྱིབས་དང་ཁ་དོག་དམར་ལ་སྐྱ། །ཕུང་སྲི་གྲོགས་པོའི་ནང་ནས་ལྡང་། །བརྫུ་བ་རྔ་མོང་གྲྭ་བར་བརྫུ། །གོད་སྲི་ཁང་བའི་ཕུག་ནས་ལྡང་། །བརྫུ་བ་འཕར་སྤྱང་གཉིས་སུ་བརྫུ། །ཆུང་སྲི་མལ་གྱི་འོག་ནས་ལྡང་། །བརྫུ་བ་ཁྱི་གུ་ཕག་གུར་བརྫུ། །རེས་འགའ་རེའུ་ལུ་གུར་བརྫུ། །དབྱིབས་དང་ཁ་དོག་གང་ཡང་སྟོན། །ཞེས་སོ། །

སྲི་གདོན་གྱི་རྫོང་འདེབས་ལ། འབྲུ་ནག ལ་བཅའ། ཆངས་བུ་ཅི་མང་། ཕྱུགས་ཤི་ཚད་ཀྱི་སྤུ་དང་རྭ་རྨིག ཤ་དུམ། ཚྭ། རམ་པ། སྒོག་པ་སོགས་སོ། །

གཞན་ཡང་། གྲྭ་སྲི་དང་བྱིས་སྲི་སོགས་ཞུགས་ན། དེ་ལ་སྲི་བཟློག་གི་འདོན་ཆོག་དང་། སྲུང་འཁོར་སོགས་ཡོད་པ་དང་། བྱིས་པ་བཙས་ཚད་ཤི་བ་སོགས་བྱུང་ན། སྲི་གཅོད་ལ་གནས་ཁམས་ཆེན་དུ་མཇལ་ཕྱག་ལ་འགྲོ་བའམ། ཨ་མདོ་མཚོན་ན་མིང་ལའང་ཁྱི་ཕྲུག་ཐར་དང་། བོང་ཕྲུག་ཐར་དང་། ལྷ་སར་མཚོན་ན་མཚམས་གོད་དང་། ཤི་ལོག་སྒྲོལ་མ་སོགས་ཀྱིས་མིང་འདོགས་སྲོལ་ཡོད་དོ། །

འདྲེ།

འདྲེ་ནི། མི་མ་ཡིན་གྱི་བྱེ་བྲག་ཅིག་སྟེ། འབྲོམ་སྟོན་པས། ཤར་ཕྱོགས་ན་རྨ་རྒྱལ་སྦོམ་ར་ལྷར་འཛིན་ཏེ། དེ་ཡང་འདྲེ་ཡིན། ལྷོ་ཕྱོགས་ན་ཡར་ལུང་ཤམ་པོ་ལྷར་འཛིན་ཏེ། དེ་ཡང་འདྲེ་ཡིན། བྱང་ཕྱོགས་ན་གཉན་ཆེན་ཐང་ལྷ་ལྷར་འཛིན་ཏེ། དེ་ཡང་འདྲེ་ཡིན་གསུངས་པ་ལྟར། ཡུལ་ལྷ་གཞི་བདག་ཐམས་ཅད་འདྲེར་གཏོགས་པ་དང་། དེང་སང་འཇིག་རྟེན་རྨོངས་པའི་གྲགས་ཚོད་ལ། ཡུལ་ལུང་རེ་ན་གནས་བདག་རེ་ལྷར་བཟུང་སྟེ། ལྷ་བསང་ཞེས་རྒྱགས་བརྔན་གྲོན་པ་དེ་དག་ནི་དོན་དུ་ན་འདྲེ་མཆོད་ཡིན་ལ། དེ་དག་ལ་བློ་སྙིང་གཏིང་ནས་གཏོད་པ་ནི་སྐྱབས་འགྲོའི་བསླབ་བྱའང་འགལ་བ་ཡིན་ནོ། །ཁྱད་པར་དུ་སྲིད་པ་ཆགས་པའི་ལྷ་དགུ་སོགས་ཀྱི་ཡབ་ཏུ་གྱུར་བ་ནི། འོ་དེ་གུང་རྒྱལ་ཡིན་ཏེ། བོད་ཀྱི་ལོ་རྒྱུས་ཅན་ལྔ་ཞེས་གྲགས་པའི་ནང་གསེས། དང་པོ་ཡོ་ག་ལྷ་གྱེས་ཅན་བྱ་བར། འོ་དེ་གུང་རྒྱལ་བྱ་བ་དེ་ནམ་མཁའ་འཕྲུལ་ཙམ་དུ་བཞུགས་པའི་ཚེ། གནམ་གྱི་ཐང་ང་དགུ་དང་བཤོས་པའི་སྲས་དགུ་བརྒྱ་རྩ་གཅིག་འཁྲུངས་སོ། །ཆར་བབས་པའི་གྲངས་ལས་མང་བའི་ལྷ་བྲན་ཀུན་གྱི་ཡབ་མཛད་དོ། །བར་སྣང་ལ་བཞུགས་པའི་ཚེ། བར་གྱི་ཐང་ང་དགུ་དང་བཤོས་ནས་སྲས་རི་རབ་ཀྱི་རྡུལ་ཕྲན་བས་མང་བའི་ལྷ་བྲན་གྱི་ཡབ་མཛད། ས་དོག་ལ་གཤེགས་པའི་ཚེ་ས་སྡེ་བརྒྱད་ཀྱི་ཚིས་མཛད། མི་མངས་ཀྱི་ལྷར་གཤེགས། ལྷ་དགུའི་ཡབ་ལགས་སོ། །དེ་མཚུངས་སུ་དེང་དུས་ཡུལ་བདག་གནས་བདག་གི་ཁ་དར་བ་དེ་ཚོ་ཡང་། དོན་དུ་ན་འདྲེ་ཡིན་ནོ། །

གཞན་ཡང་། འདྲེ་གཟུགས་ནི། མཚན་མོར་ཐང་སྟོང་སོགས་སུ་ཚོང་ཆེན་གྱི་སྒར་བཏབ་པ་ལྟ་བུ། ཡུད་ཙམ་ལ་མི་སྣང་བར་གྱུར་བའི་ཆོ་འཕྲུལ་ཅན་དང་། ཡང་ཚུར་འཁོར་ན་མིའི་གཟུགས་དང་། ཕར་འཁོར་ཚེ་རུས་གོག་སྐམ་པོ་དང་། འགྲམ་ཡས་མེད་པ་སོགས་མིག་ལ་སྣ་ཚོགས་སྣང་རྒྱུ་ཡོད་པར་བཤད། ཡང་། གསོན་འདྲེ་ཞེས་པ་དེ་ཡང་དངོས་སུ་མིའི་རྣམ་ཅན་ལ་ལྐོག་ཏུ་རྫུ་འཕྲུལ་དང་ཆ་ལུགས་སྣ་ཚོགས་ཀྱིས་གནོད་འཚེ་གཏོང་བར་དམངས་ཁྲོད་དུ་བཤད་རྒྱུན་ཡོད་པ་དེ་ཡང་བདེན་མཆི་སྟེ། འཇུ་མི་ཕམ་གྱིས། གདོན་བགེགས་འབྱུང་བོ་སྤྱི་དང་ཁྱད་པར་དུ། །ནོར་ཕྱུགས་དཀར་ལ་རློམ་པ་མོ་འདྲེ་ནི། །མི་ལ་དངོས་སུ་བརྫུ་ཞིང་མཚན་ལ་རྒྱུ། །གསུངས་པ་དང་མཐུན་ནོ། །

ཡང་སྲིད་པའི་འདྲེ་དགུ་ཞེས་པ་ནི། ༡ མཐོ་རུ་མི་སྟེར་དམའ་བའི་འདྲེ། ༢ ཡོད་དུ་མི་སྟེར་མེད་པའི་འདྲེ། ༣ ཕྱུག་ཏུ་མི་སྟེར་དབུལ་བོའི་འདྲེ། ༤ ཕན་དུ་མི་སྟེར་སྟོང་བའི་འདྲེ། ༥ གང་དུ་མི་སྟེར་སྟོང་བའི་འདྲེ། ༦ ཆགས་སུ་མི་སྟེར་འཇིག་པའི་འདྲེ། ༧ ཡག་ཏུ་མི་སྟེར་ཉེས་པའི་འདྲེ། ༨ སྐྱིད་དུ་མི་སྟེར་འཇིགས་པའི་འདྲེ། ༩ འཕེལ་དུ་མི་སྟེར་འགྲིབ་པའི་འདྲེ་བཅས་དགུའོ། །

ཡང་། སྲིད་པའི་འདྲེ་དགུ་ནི། ནང་རིག་པའི་ཚིག་མཛོད་ལས། ༡ ལི་བག་མའི་འདྲེ། ༢ ཁོན་མཁར་ལེན་གྱི་འདྲེ། ༣ ད་ཧོམ་དང་སྦྱིན་སྲེག་ཞུགས་ཁང་རྣམས་ཀྱི་འདྲེ། ༤ ཁེན་ཐོག་ཕུག་པའི་འདྲེ། ༥ ཁམས་ཆུ་ལས་སུ་འདྲེ། ༦ སྔགས་པ་ཚོགས་པའི་འདྲེ། ༧ འཛིན་ཤིང་ལས་ཀྱི་འདྲེ། ༨ ཟོན་དམག་གི་འདྲེ། ༩ སྟོན་མའི་འདྲེ་བཅས་སོ། །

དེ་ལས་གཞན། རྙིང་མའི་འདྲེ་འདེད་ཀྱི་འདོན་ཆོག་གུར་དྲག་བཀའ་བསྒོ་ལས། བསྲུང་བྱ་འདི་ལ་གནོད་ཅིང་འཚེ་བར་བྱེད་པའི་འབྱུང་བོ་ཕོ་གདོན་རྒྱལ་བོ། མོ་གདོན་བསེན་མོ། གནའ་འདྲེ་རྙིང་བ། ད་འདྲེ་གསར་བ། ཡུལ་འདྲེ་འཁྱམ་པོ། ཟ་འདྲེ་ཤི་གཤེད། དམ་སྲི་ཐེའུ་རང་། ཆེ་སྲི་ཆུང་སྲི། ཉེ་བའི་ཉེ་འདྲེ། ཕུ་ནུའི་རུས་འདྲེ། ཤག་རོགས་ཀྱི་མཛའ་འདྲེ། ཁྱིམ་མཚེས་ཀྱི་འགོས་འདྲེ། བན་བོན་གྱི་རྦད་འདྲེ། ལྷ་སྲུང་གི་རྒབ་འདྲེ། གདོན་བྱ་ནག་བཞིན་དུ་ཀླད་ལ་ལྡིང་བ། སྦྲུལ་ནག་བཞིན་དུ་ལུས་ལ་འཁྱུད་པ། ཤ་ཁྱི་བཞིན་དུ་རྗེས་སུ་འབྲང་བར་བྱེད་པའི་གདོན་བགེགས་ལོག་པར་འདྲེན་པ་ཐམས་ཅད་ཀྱིས་བཟུང་ཡོད་ན་ཐོངས། བཅིངས་པ་ཡོད་ན་ཁྲོལ། བསྡམས་ཡོད་ན་གློད། མནན་པ་ཡོད་ན་ཁྱོགས། ཕྱོགས་འདིར་མ་འདུག་པར་སོ་སོར་རང་རང་གི་གནས་སུ་དེངས་ཤིག ཞེས་འདྲེའི་རིགས་ལ་མང་དུ་གསུངས་ཡོད་དོ། །

ཡང་། ཀརྨ་ཆགས་མེད་ཀྱི་འདྲེ་མོ་རྫ་མདོས་ལས། ལྟེ་ཕུར་མ། དམར་རྒྱན་མ། ཕོ་ཡོང་བཟའ། འབྲོག་བཟའ་ལྷ་ལྕམ། རྩང་བཟའ་ཁྱི་ཐར། ཐེའུ་མོ་ར་ཞོན། གློག་བསེན་མ། རླུང་བསེན་མ། གངས་བསེན་མ། གཡའ་བསེན་མ། སྤང་བསེན་མ། བྲག་བསེན་མ། ནགས་བསེན་མ། ཆུ་བསེན་མ། ས་བསེན། མཁར་བསེན་མ། ཤི་འདྲེ་མ། གསོན་འདྲེ་མ། སྒབ་འདྲེ་མ། ཡུལ་འདྲེ། རྙ་འདྲེ་མ། ལྕེབ་འདྲེ་མ། ཆུ་འདྲེ། དམ་སྲི་མ་སོགས་ཀྱང་འདྲེ་ཞེས་པའི་ཐ་སྙད་བཏགས་ཡོད་ལ། ཁྱད་པར་དུ་དམར་རྒྱན་མ་སོགས་འདྲེ་མོའི་མིང་སྦྱར་བ་ནི། དམར་རྒྱན་མས་བཻ་རོ་ཙ་ནར་གཤེ་སྐུར་བཏབ་པ་དང་། ལྷ་སྲས་མུ་ནེ་ཀུམ་པ་སོགས་ཉེས་པ་ཚབས་ཆེན་བསགས་པ། སྨོན་ལམ་ལོག་པས་བོད་ཁམས་ཕུང་ལ་སྦྱོར་བའི་འདྲེ་སྲིན་ཏུ་སྐྱེས་པས་མིང་དེ་ལྟར་བཏགས་པ་མདོས་ཆོག་དེ་གསལ་ལ། དེ་དག་གི་རྣམ་པ་ཡང་། བྱ་དང་གཅན་གཟན་སོགས་ཀྱི་མགོ་བརྙན་སྣ་ཚོགས་དང་། ཞོན་པ་ཡང་སྤྱང་དང་དྲེལ། དྲེད་མོང་། བོང་བུ། ཁྱི། ཁྱིམ་བྱ། རྔ་མོང་། ཝ་མོ་སོགས་ལ་བཅིབ་པར་བཤད་ལ། འདྲེ་མོ་དེ་རྣམས་ཀྱི་བྱེད་ལས་ཀྱང་། ཕོའི་སྟོང་དང་། མོའི་མངལ། ཕུག་གི་སྲི། སྒོའི་ནོར། བུ་ཆུང་གི་སྲོག མཆིག་ཐོག་གི་ཕྱེ། གཞོན་ནུ་མའི་ནུ་མ། ཕོའི་བརླ། རྟ་ཡི་བང་། རྐྱལ་བའི་མར། ཡོའི་ཆང་སོགས་ལ་གནོད་པར་བཤད་དོ། །

བོན་གྱི་བཤད་ཚུལ་ལ། མི་རེ་རེ་ལ་ལུས་སྲུང་གི་ལྷ་རེ་དང་། གནོད་འཚེ་བྱེད་ཅིང་ཚེ་སྲོག་གཅོད་པའི་འདྲེ་རེ་ཡོད་ཟེར་ལ། ཤི་མཁན་དེ་ཡི་བླ་སྲོག་ལ་རྔམས་ནས་སྡོད་མཁན་གྱི་གདོན་འདྲེ་ཞིག་ཡིན་པས་མི་དེ་ཤི་རྗེས་དེ་མེད་པར་མ་བཟོས་ན་དེས་ཁྱིམ་ཚང་དང་། མི་རྒྱུད་རྗེས་མ་ལ་གནོད་པ་སྐྱེལ་གྱི་ཡོད་ཟེར།

ཡང་། བོན་གཞུང་དང་འདྲེ་སྒྲུང་སོགས་སུ། ལྷ་འདྲེ་དང་མི་མཉམ་དུ་འདུས་ནས་བྱུང་བའི་ཕྲུ་གུ་ཡང་ཡོད་པར་བཤད་དེ། དཔེར་ན། མ་སངས་སྤུན་དགུ་ལྟ་བུ་སྟེ་། གཉན་གཡའ་སྤང་སྐྱེས། གར་ཏིང་ནམ་ཚ། ལྒི་ངན་ལམ་ཙང་སྐྱེས། རུ་ཐོ་གར་སྐྱེས། ཤེ་དོ་ཀེར་ཏིང་ནམ། མེ་པདྨ་སྐྱེས། གསང་གེ་འཕྲུལ་བོ་ཆེ། དྲང་བ་དྲངས་མ་མགུར། བཀོད་སྟོང་ནམ་བཅས་སོ། །འབྲོམ་སྟོན་པས་ཡུལ་ལྷ་གཞི་བདག་ཐམས་ཅད་འདྲེ་ཡིན་པར་གསུངས་པ་བཞིན། རྒྱལ་བ་ཚངས་དབྱངས་པ་རྒྱལ་རོང་དུ་སྒྲུབ་པ་མཛད་དུས་རྒས་པོ་ཀ་ཆུ་སྐྱབས་ཞེས་པའི་ཡོན་བདག་བྱས་པ་ཡང་ས་དེའི་གནས་བདག་གི་བུ་ཡིན་པར་བཤད་པ་དང་། དེ་ལས་གཞན། གཉན་ཚེ་ལྷ་ཞེས་པ་ཡུལ་ལྷ་གཉན་པོ་གཡུ་རྩེ་དང་མི་མོ་ཞིག་བཤོས་པ་ལས་འཁྲུངས་པ་དང་། མྱང་ཆོས་འབྱུང་ལས། མཛངས་མི་དང་བོ་རུ་ལས་སྐྱེས་ཀྱི་ལོ་རྒྱུས་འཆད་སྐབས་འདི་ལྟར་འབྱུང་སྟེ། དེར་བཙུན་མོ་ནས་མྱ་ངན་བྱས་ཏེ་གཉིད་དུ་སོང་བའི་རྨི་ལམ་ནང་མི་དཀར་བོ་ཞིག་བྱུང་བས་འདོད་པ་བསྟེན་པ་རྨིས་སོ། །དེ་ནས་ཟླ་བ་བཅུ་ན་བུ་གཅིག་བཙས་ཏེ་རྐང་ལག་མེད་པ་དང་ཁ་གཅིག་འདུག དེ་བསད་དུ་ནི་བུ་ཡིན། གསོ་རུ་ནི་ཡན་ལག་མི་འདུག་པས་གཡག་རུའི་ནང་དུ་བཅུག་ནས་ཁར་མར་འོ་མ་གཏོར་བས་ཆེར་སོང་བ་དང་ཡན་ལག་སྐྱེས་ནས་ལྷམ་གྱི་ཡུ་བའི་གོས་བྱས་ཏེ་གསོས་པས་མིང་ནི་འདྲེའི་བུ་ཕོ་རུ་ལྷམ་སྐྱེས་བཏགས་སོ། །ཞེས་པ་ཡང་གོང་གསལ་དང་མཐུན་པར་སྣང་ངོ་། །

གཞན་ཡང་། རླངས་ཀྱི་གདུང་རྒྱུད་ནི་རྒྱལ་བུ་མང་ལྡོམ་སྟག་བཙན། ལྷའི་བུ་མོ་སྨན་བཙུན་མ་དང་འགྲོགས་པ་ལས་བྱུང་བ་དང་། བླ་ཆེན་པོ་དགོངས་པ་རབ་གསལ་ཡང་དམུ་རིགས་ལས་འཁྲུངས་པ་དང་། དག་ཡིག་ལེགས་བཤད་ཚིག་གཏེར་ལས། རྒྱ་ནག་པ་ཀུན་ཀླུ་ལས་ཆད་པར་བཤད་པ་སོགས་རིགས་འདྲེས་མ་ལས་བྱུང་བ་མང་ངོ་། །

ཡང་། རྒྱལ་བ་དགེ་འདུན་གྲུབ་ཀྱིས། མི་རྣམས་ལ་ལྷན་སྐྱེས་ཀྱི་ལྷ་འདྲེ་གཉིས་ཡོད་ཅིང་། གང་ཟག་བསོད་ནམས་ཅན་ལ་ལྷན་ཅིག་སྐྱེས་པའི་ལྷ་མང་། འདྲེ་ཉུང་། བསོད་ནམས་ཆུང་བ་དེ་ལས་གོ་ལྡོག་པའོ། །ཞེས་དང་། བཀའ་གདམས་ཕ་ཆོས་ལས་ཀྱང་། ཉོན་དང་དེ་ལ་འདི་ལྟ་སྟེ། །སྐྱེས་པའི་དུས་ན་གཞིབས་ཏེ་སྐྱེས། །ལྷན་ཅིག་སྐྱེས་པའི་ལྷ་འདྲེ་གཉིས། །རང་ལ་རང་གི་བླ་གཉིས་སོ། །ལྷ་དེས་མཐུན་རྐྱེན་ཐམས་ཅད་བསྒྲུབ། །འགལ་རྐྱེན་ཐམས་ཅད་སྤོང་བར་བྱེད། །དགེ་བ་ཀུན་ལ་སྐུལ་མ་འདེབས། །དགེ་བ་གང་བྱས་ཡི་གེར་འགོད། །སྡིག་གམ་སྡུག་ན་མྱ་ངན་བྱེད། །དགེ་བའམ་སྐྱིད་ན་དགའ་བ་བསྒོམ། །འདྲེས་ནི་དེ་ལས་ལྡོག་པར་བྱེད། །ཅེས་པ་ལྟར། ལྷན་ཅིག་སྐྱེས་པའི་ལྷ་དང་། གཉེན་པོར་འོང་བའི་བདུད་གཉིས་ཀྱི་དགེ་སྡིག་གི་ཤན་འབྱེད་པར་ཡང་བརྗོད་ཡོད་དོ། །

མི་མ་ཡིན།

མི་མ་ཡིན་ཞེས་པ་ལ་བཤད་ཚུལ་མང་སྟེ། གདོན་འདྲེའི་རིགས་མཐའ་དག་གི་སྤྱི་མིང་དང་། ཡང་ཉིན་མོ་མི་ལ་མཚན་མོ་འདྲེ་རུ་གྱུར་བའི་གདོན་འདྲེ་མིར་བརྫུས་པ་དང་། སྐབས་ལན་རེར་བསྐལ་བ་ཡ་ཐོག་གི་མི་རྣམས་དེང་དུས་ཀྱི་མི་དང་འདྲ་བར་ཤ་ཟ་སྲིན་པོ་དང་ཆ་འདྲ་བས་ཆ་ནས་མི་མ་ཡིན་ཞེས་བཏགས་པའང་ཡོད་དོ། །

དམུ།

དམུ་ནི་གདོན་བགེགས་རིགས་མི་འདྲ་བ་ཕན་ཚུན་འདུས་ནས་བྱུང་བ་ཞིག་ཏུ་བཤད་ལ། བྱེ་བྲག་རྟོགས་བྱེད་ལས། དམུ་ཞེས་བྱ་བ་འབྱུང་བོ་ཡི། །བྱེ་བྲག་ཅིག་ལ་གྲགས་པ་ཡོད། །ཅེས་དང་། འཇུ་མི་ཕམ་གྱི་དམུ་བཅོས་ལས། དམུ་རྗེ་ཁྱོད་ཀྱི་ཆ་ལུགས་ནི། །སྐུ་མདོག་ནག་པོ་ཆར་སྤྲིན་མདོག །དར་ནག་བེར་ཆེན་སྐུ་ལ་གསོལ། །གཡས་པ་ཤང་ལང་གཡོན་མདའ་གཞུ། །ཆིབས་སུ་དམུ་རྟ་མཆོང་རྒོད་ཆིབས། །འཁོར་དུ་དམུ་ཡི་སྡེ་ཚོགས་བསྐོར། །ཞེས་དང་།

བོན་གྱི་སྒྲ་འགྲེལ་ལས། དམུ་བདུད་མིང་སྲིང་བཅུ་དྲུག་གསུངས་ཏེ། ཞ་བོ་དམུ་ཞྭ། ལོང་བ་དམུ་ལོང་། འཐིབས་པ་དམུ་འཐིབས། གྲུམ་པོ་དམུ་གྲུམ། ནག་པོ་བཀྲག་མེད། སྐྱ་བོ་དབུགས་མེད། དཀར་བོ་ཚིལ་མེད། སྐྱེས་བཟང་ལྡང་ཡག འགྲན་དེ་ཡ་བོ། ཤུ་བོ་ལག་རིང་། དམུ་རྫི་ཟ་སྨད་བཅས་སོ། །

བྱེད་ལས་ནི། ལོ་ཆེན་ཤེར་རིན་པས། ནད་བདག་དམུ་ཡིས་གཏོང་བ་ཡི། །དོན་སྣོད་ཕྱི་ནང་ཀུན་ཁྱབ་པའི། །གདུག་པ་ཅན་གྱི་ཆུ་ནད་ལ། །དམུ་ཆུ་ཞེས་སུ་གྲགས་པ་ཡིན། །ཞེས་དང་། གཏོ་ཆོག་གཞན་དུ། དམུ་གབ་དང་འོན་འཐིབས། དགྲ་ལ་དིག་ལྐུགས་དམུ་རྫིང་མྱོས་འཐིབས་སོགས་གཏོང་བར་བཤད་དོ། །

རྫོང་འདེབས་ལ། འཇུ་མི་ཕམ་གྱི་སྲིད་པ་དམུ་བཅོས་ལས་རིན་ཆེན་སྣོད་དུ་བཤོས་བུ་སྨུག་པོ་དང་། དཀར་དམར་ཤ་ཁྲག་དར་ཕན། དམུ་བྱ་ཕུག་རོན་སོགས་དང་། སྐྱེམས་ཕུད་དགོས་པར་བཤད་ཡོད་དོ། །

ཡང་། དམུ་ཞེས་པ་འདི་མཐའ་གཅིག་ཏུ་དམུ་བདུད་བཙན་གསུམ་གྱི་དམུ་ལ་འགབ་པར་མི་རིགས་ཏེ། དེ་ཡང་ཕྭ་དམུ་གཙུག་གསུམ་གྱི་དམུ་ནི། སྲིད་པ་ཡེ་སྨོན་རྒྱལ་བོ་དང་ཆུ་རླུང་རྫུ་འཕྲུལ་མོ་བསྡེབས་པ་ལས་ཕྭ་དམུ་གཙུག་གསུམ་བྱུང་བར་གྲགས་པའི་བར་བ་དམུ་རྗེ་བཙན་པོ་དང་། ལྷ་མོ་འོད་གསལ་མ་བཤོས་པ་ལས་བྱུང་བའི་དམུ་རིགས་ལ་གོ་བ་དང་། དམུ་རིགས་གཤིན་གྱི་དམུ་ནི། གདུང་རྒྱུད་རྒྱལ་བོ་དྲུག་གི་ནང་ཚན་གྱི་དམུ་གཤེན་རབ་མི་བོ་ཆེའི་གདུང་རྒྱུད་ལ་གོ་བ་སྟེ། སྟོན་པ་གཤེན་རབ་ཀྱི་མདོ་འདུས་རིན་པོ་ཆེའི་རྒྱུད་ལས། ཚེ་ལོ་དྲུག་ཁྲི་ཐུབ་དུས་སུ། །དམུ་རྗེ་རྒྱལ་བོས་མངའ་མཛད་དེ། །འབྲས་ནི་ས་ལུ་ལྗང་བ་ཟ། །ཤིང་ནི་ལོ་བཟང་གོས་སུ་གོན། །ཡུལ་ནི་སྲིད་པ་དམུ་ཡི་ཡུལ། །ཞེས་པ་དེའོ། །དམུ་ཚ་སྒ་ཡི་དམུ་ནི། མིའུ་གདུང་དྲུག་གི་ནང་གསེས་དམུ་ཡི་ཚ་བོ་སྒ་ཡི་རུས་རྒྱུད་ལ་གོའོ། །

བགེགས།

རྒྱུད་ལས། ལྷ་ཀླུ་གནོད་སྦྱིན་སྲིན་པོ་དང་། །མཁའ་ལྡིང་ལྟོ་འཕྱེ་མི་འམ་ཅི། །དྲི་ཟ་སྲིན་པོ་ཤ་ཟ་དང་། །འབྱུང་བོ་སྲུལ་བོ་ལུས་སྲུལ་བོ། །སྐེམ་བྱེད་སྨྱོ་བྱེད་བརྗེད་བྱེད་དང་། །གཤིན་རྗེ་མ་མོ་ལ་སོགས་པའི། །སྟོང་ཕྲག་བརྒྱད་ཅུའི་བགེགས་ཚོགས་དང་། །ཞེས་དང་། བགེགས་དེ་རྣམས་ཀྱང་དུག་ལྔ་ཉོན་མོངས་གསུམ་དུ་འདུ་བའི་ནད་རྐྱེན་ལས་གསུངས་པ་སྟེ། ཕྲག་དོག་གི་རྩ་བ་འདོད་ཆགས་ལས་མོ་གདོན་ཞུགས་ནས་ཆུ་སེར་ཁྲག་རླུང་། ང་རྒྱལ་གྱི་འབྲས་བུ་ཞེ་སྡང་ལས་ཕོ་གདོན་ཞུགས་ནས་སྲིན་མཁྲིས་པ། གཏི་མུག་ལས་མ་ནིང་ངམ་ཀླུ་ས་བདག་གི་གདོན་ཞུགས་ནས་བད་ཀན་རྒྱས་པར་བྱེད། གདོན་དེ་རེ་རེ་ལའང་ལྷན་སྐྱེས་སམ་ལས་འདྲེ་སྡེ་དཔོན་གཅིག་བཅས་པའི་སྟོབས་ཆེན་སྟོབས་ཆུང་བཅུ་དགུ་རེ་ཀུན་བཏགས་སམ། འཕྲལ་རྐྱེན་གྱིའང་འདྲེ་སྡེ་དཔོན་གཅིག་བཅས་པའི་དེ་འདྲ་རེ་སྟེ། སུམ་བརྒྱ་དྲུག་ཅུ་ལ་ཕོ་མོ་མ་ནིང་གསུམ་དུ་དབྱེ་ན་སྟོང་ཕྲག་བརྒྱད་བཅུའོ། །དེ་ཡང་འགོས་ལོ་ཙཱ་བས། བགེགས་ཀྱི་རིགས་རེ་ཞིག་སྟོང་ཕྲག་བརྒྱད་ཅུ་འཇོག་པ་ཡིན་ཞིང་། གཞན་དུ་ན་བསམ་གྱིས་མི་ཁྱབ་པར་ལྟའོ། །གསུངས་སོ། །

ཡང་ན། ལྷ། ཀླུ། གནོད་སྦྱིན། དྲང་སྲོང་། ས་བདག མ་མོ། གཤིན་རྗེ། རྒྱལ་བོ། བཙན། བདུད། སྲིན་མོ། ཐེའུ་རང་། བསེན་མོ། གཟའ། གཉན། སྨན་མོ། དྲི་ཟ། དམུ། གྲུལ་བུམ། མི་འམ་ཅི། ལྟོ་འཕྱེ་ཆེན་པོ་སྟེ་གདོན་རིགས་རྩ་བའི་ཉེར་གཅིག་ལས་སྐྱེས་པའི་སྤྲུལ་བ་ཡང་སྤྲུལ་ཕོ་ཉ་སོགས་རེ་རེར་ལྔ་བཅུ་རེ་འཕྲོས་པས་སྟོང་དང་ལྔ་བཅུ། ཕོ་མོ་མ་ནིང་རེ་རེར་དངོས་ཉམས་རྨི་ལམ་གསུམ་སྦྱར་བས་དགུ། དེའི་སྟེང་རྩ་བའི་ཉེར་གཅིག་བསྣན་པའོ། །

ཡང་དཔུང་བཟང་གི་རྒྱུད་ལས། བགེགས་ཀྱི་རིགས་ནི་རྣམ་པ་བཞི་ཡོད་དེ། །ས་སྟེང་འདི་ན་འཁོད་པའི་བགེགས་རྣམས་ནི། །རྣམ་པར་འཇིགས་དང་ཝ་དང་ནེའུ་ལེ་དང་། །དེ་བཞིན་སོ་གཅིག་པ་དང་རིགས་རྣམ་བཞི། །དེ་དང་དེ་ལས་འཕྲོས་པ་མཐའ་ཡས་སོ། །ཞེས་བགེགས་ཀྱི་རིགས་རྣམས་རྣམ་པར་འཇིགས་དང་། ཝ་དང་། ནེའུ་ལེ་དང་། སོ་གཅིག་པ་ཞེས་པའི་སྡེ་ཚན་བཞིར་བསྡུས་ཏེ། དང་བོའི་སྡེ་དཔོན་མྱ་ངན་མེད། གཡོག་འཁོར་བྱེ་བ་ཕྲག་བདུན། གཉིས་པའི་སྡེ་དཔོན་གླང་ཆེན་གདོང་། གཡོག་འཁོར་བྱེ་བ་ཕྲག་བཅོ་བརྒྱད། གསུམ་པའི་སྡེ་དཔོན་གཙུག་ནས་ཕྱུངས། གཡོག་འཁོར་ཤིན་ཏུ་རྒྱ་ཆེ་བ་ཁྲི་ཕྲག་བྱེ་བ་ཐེར་འབུམ་སྟོང་གི་གྲངས། བཞི་བའི་སྡེ་དཔོན་གཙུག་འཕྱང་། གཡོག་འཁོར་བྱེ་བ་ཕྲག་དྲུག་ཅུ་ཡོད་པར་གསུངས་ཤིང་། དེ་ཐམས་ཅད་ཀྱང་། འཇིག་རྟེན་སྐྱོང་བ་བཞིའི་འཁོར་དུ་གཏོགས་པར་གསུངས་པས། མཚམས་བཅད་སོགས་ཀྱི་དུས་རྒྱལ་ཆེན་བཞིའི་མཐོ་འཛུགས་པའང་འདིའི་གནད་ཡིན་ནོ། །

ཡང་། ས་ལོ་ཀུན་དགའ་བསོད་ནམས་ཀྱིས་མཛད་པའི་ས་ལུགས་གསེར་སྐྱེམས་ལས། དོན་དམ་པར་བགེགས་ཞེས་བྱ་བའི་མིང་ཡང་མེད་དེ། འཇིག་རྟེན་ཀུན་རྫོབ་ཏུ་བགེགས་ཞེས་བྱ་བ་ཞིག་ཡོད་ཅིང་། ཕྱི་ལས་སྐྱེས་པའི་བགེགས་དང་། ནང་རྟོག་པ་འཁྲུལ་བ་ལས་སྐྱེས་པའི་དུག་འཕྲོགས་སོ། །དེ་ལ་བགེགས་ཀྱི་རྒྱལ་བོ་བཞི་སྟེ། ཤར་ཕྱོགས་ན་བགེགས་ཀྱི་རྒྱལ་བོ་བི་ན་ཡ་ཀ་དང་། ལྷོ་ཕྱོགས་ན་བགེགས་ཀྱི་རྒྱལ་བོ་ཁམས་གསུམ་གྱི་བདག་པོ། ནུབ་ཕྱོགས་ན་བགེགས་ཀྱི་རྒྱལ་བོ་རྡོ་རྗེ་མཆུ། བྱང་ཕྱོགས་ན་བགེགས་ཀྱི་རྒྱལ་བོ་རྒྱལ་བའི་སྲས། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ། བགེགས་ཕལ་བ་བཅུ་བཞི། ཞེས་ཀྱང་གསུངས་སོ། །

མི་འམ་ཅི།

ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གདུགས་དཀར་འགྲེལ་བ་ལས། མི་འམ་ཅི་ནི་དུད་འགྲོའི་རིགས་མི་དང་བྱད་དབྱིབས་འདྲ་བ་ཞིག་སྟེ། ཁ་ཅིག་འདི་ནི་ལུས་མི་ལ་རྟའི་གདོང་བ་ཅན་དུ་ཡོད་པར་བཤད། ཅེས་སོ། །མི་འམ་ཅིའི་ཁ་ཟས་ལ་ངར་སྣབས་ཟ་བའི་མི་འམ་ཅི་ཞེས་གདུགས་འགྲེལ་ལས་བཤད་དོ། །དུང་དཀར་ཚིག་མཛོད་ལས། རི་རབ་ལྷུན་པོའི་ཆུ་མཚམས་ཀྱི་ཁོང་གསེང་ན། གཟུགས་མི་ལས་མཛེས་ཤིང་སྐད་ཤིན་ཏུ་སྙན་པ་ཞིག་ཡིན། ཞེས་དང་། སྟོན་པ་གཤེན་རབ་ཀྱི་མདོ་འདུས་རིན་ཆེན་མཛོད་ལས་ཀྱང་། རི་རབ་དག་གི་ཁོང་གསེང་ན། །མི་འམ་ཅི་ཡི་རྒྱལ་བོ་ལྗོན་པ་སྐྱེས། །མེ་ཏོག་འབྲས་ཟ་རྒྱ་མཚོའི་ཁ་ཞག་འཐུང་། །སྐྱེས་དྲུག་དབྱར་སྐྱེ་དགུན་ན་འཆི། །དིང་གཙུག་མཚོན་ཐོགས་སྲིན་དང་འཐབ། །མགོ་བརྙན་གླིང་དང་གླིང་བར་རྫུ་འཕྲུལ་འགྲོ། །ཞེས་དང་། མཁས་གྲུབ་ལུང་རྟོགས་རྒྱ་མཚོའི་བསྟན་འབྱུང་རིག་པའི་ཤན་འབྱེད་ནོར་བུ་ཀེ་ཏ་ཀའི་དོ་ཤལ་ལས། གླིང་ཕྲན་ལ་གནས་པའི་མིའམ་ཅི་བཞི་ནི། ལྗོན་པ་ཅན་ཞེས་ཤིང་གི་འབྲས་བུ་ཟ། རྒྱ་མཚོའི་ཁ་ཞགས་འཐུང་བ་དང་། སྐྱེས་དྲུག་ཅན་ནི་བྱིས་པ་དབྱར་ལྡང་ལ་སྟོན་ན་འཆི་བ་དང་། རྟིང་ཙུག་ཅན་ནི་སྲིན་དང་འཐབ་ཅིང་སྲོག་ཟ་བ་དང་། མགོ་བརྙན་ཅན་ནི་མི་ལུས་ལ་དུད་འགྲོ་སྣ་ཚོགས་ཀྱི་མགོ་བོ་ཅན་དང་བཞིའོ། །

དེ་དག་གནས་ཀྱིས་བསྡུས་ན་བརྒྱད་དེ། མཛོད་ལས། རྐོ་རིང་དག་གི་གླིང་ཆུང་ན། །རྔ་མོང་མགོ་ཅན་ཤིང་ཏོག་ཟ། །རྐོ་ཐུང་དག་གི་གླིང་ཆུང་ན། །སྒྱུ་མ་མཁན་དང་བགེགས་ཀྱི་ཚོགས། །གྱག་ཏི་དག་གི་གླིང་ཆུང་ན། །ར་མགོ་མིག་གསུམ་རྩི་ཐོག་ཟ། །གྱོག་ཏི་དག་གི་གླིང་ཆུང་ན། །སྦལ་དང་མི་རུ་རྫུས་ཤིང་སྤྱོད། །མར་ཞི་དག་གི་གླིང་ཆུང་ན། །གླང་བོའི་མགོ་ཅན་མཐུ་སྟོབས་ཆེ། །ཏིང་ཞི་དག་གི་གླིང་ཆུང་ན། །ཁ་ལ་རག་ཤ་སྲིན་པོའི་ཚོགས། །ཁ་སློན་དག་གི་གླིང་ཆུང་ན། །སྤྲེའུའི་མགོ་ཅན་གཡོ་འགུལ་ཆེ། །སྤྲེལ་ལྒམ་དག་གི་གླིང་ཆུང་ན། །བྱིས་པ་དབྱར་ལྡང་སྟོན་ན་འཆི། །ཞེས་སོ། །

ཡང་། གདུགས་དཀར་འགྲེལ་བ་ལས་མིའི་བྱད་དབྱིབས་ཅན་ཞིག་ཡིན་པ་བདེན་ཤོས་ཆེ་སྟེ། འདུལ་བའི་ལྒིང་འབུམ་ལས། དགེ་སློང་ཞིག་ནགས་སྟུག་པོ་ན་འདུག་པ་དང་། དེ་མི་འམ་ཅི་མོས་ཁྲིད་ནས་བྲག་ཕུག་ཏུ་བཅུག་ཅིང་འདུ་ཤེས་བསྒྱུར་ནས་སྤྱོད་ཡུལ་དུ་སོང་བ་དང་། ཞེས་གསུངས་སོ། །

གཤེད།

གཤེད་ཅེས་པའི་ངེས་ཚིག་ནི། ཀ་རྨ་ཆགས་མེད་ཀྱིས། ཚེ་འདས་རྣམས་ཀྱི་གཟུགས་བཟུང་ནས། །གསོན་པོ་རྣམས་ཀྱི་གཤེད་མ་བྱེད། །དེ་ཕྱིར་གཤེད་ཅེས་བྱ་བ་ཡིན། །གསུངས་ལ། ཚེ་འཕོས་པ་ཇི་ལྟར་འགྱུར་བའི་མདོ་ལས་གནོད་སྦྱིན་འཆི་ཁ་མར་ཉེར་འཇུག་དང་། དྲི་ཟ་ཁྱབ་བྱེད། པི་ཤ་པ་ན། སྨྲ་འདོད། ཀུན་ཏུ་རྟོག་འདོད། གནོད་སྦྱིན་ཝ་ར་ཧི་ཏ་སོགས་འཆི་ཁར་དབུགས་གཏིང་ཟ་ཞིང་ཕུང་བོ་བདག་ཏུ་འཛིན་པའི་ཟ་འདྲེ་རྣམས་དང་། ཡང་། གཏོ་ཆོག་ཞིག་ལས། དབང་ཆེན་རུས་སྦལ་རི་རབ་འབྱུང་བཞིའི་སྟེང་། །གཤེད་པོ་ཐེ་སེ་བདུན་ཟུར་རྟ་ལ་ཞོན། །སྤར་བརྒྱད་སྨེ་དགུ་ལོ་སྐོར་བཅུ་གཉིས་བསྐོར། །ལོ་ཟླ་ཞག་དུས་གཟའ་སྐར་འབྱུང་བ་བཞི། །ཟ་འདྲེ་ཤི་གཤེད་བདུད་བཞི། ཞེས་ཀྱང་གསུངས་སོ། །

ཀརྨ་ཆགས་མེད་ཀྱི་གཤེད་གཏོ་ལས་གཤེད་པོ་ཐེ་སེ་ནག་པོ་གནམ་ལོ་བདུན་ཟུར་ལ་བཅིབ་པ་དང་། གཤིན་རྗེ་ནག་པོ་ཁྲག་གྲོད་འཁུར་བ་དང་། ཤར་ལྷོ་ནུབ་བྱང་ལ་གནས་པའི་གཤེད་པོ་འབྲུག་ལུག་ཁྱི་དང་གླང་གི་མགོ་བཞི་སེར། ལུས་དང་རྟ་ནི་དཀར་སེར་དམར་ལྗང་ནག དྲུག་ཀའི་ཕྲག་གཡས་སུ་ཁྲམ་ཤིང་དང་། གཡོན་དུ་གཤའ་གྲི་དམར་བོ་བཙུགས་པར་བཤད།

དེ་དག་གི་བྱེད་ལས་ནི་གཤེད་གཏོ་དེ་ལས། ཤི་བ་རྣམས་ཀྱི་ཉེ་དུར་སྤྲུལ། །ཁྱོད་ཀྱི་ཕ་མ་ང་ཡིན་ཟེར། །ཁྱོད་ཀྱི་ཉེ་དུ་ང་ཡིན་ཟེར། །འོ་དོད་ལྷང་ལྷང་འབོད་བྱེད་ཅིང་། །ཆགས་འཛིན་གདུང་སེམས་སྐྱེད་བྱེད་པ། །ཐར་བ་འཐོབ་ཏུ་མི་འཇུག་པ། །ལྕགས་དང་སྡོས་སུ་བྱེད་པའི་ཕྱིར། །ཤི་གཤེད་གཤིན་ལྕགས་ཞེས་བྱ་བ། །བྱེ་བ་དུང་ཕྱུར་གྲངས་མེད་ཚོགས། །ཞེས་དང་། ཡང་། གཤེད་གཏོ་དེར། བདག་ཅག་ཡོན་མཆོད་མི་ནོར་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བར་བྱེད་པའི་ལོ་བདུད་ལོ་གཤེད། ཟླ་བདུད་ཟླ་གཤེད། ཞག་བདུད་ཞག་གཤེད། གཤིན་པོ་རྣམས་ཐར་བ་འཐོབ་ཏུ་མི་འཇུག་པ་ལྕགས་དང་སྡོས་སུ་བྱེད་པ། གསོན་པོ་རྣམས་ཀྱི་ཚེ་སྲོག་གི་བདུད་བྱེད་པ། ཟ་བའི་འདྲེ། ཤི་བའི་གཤེད། ཉེ་དུ་ཉེ་འབྲེལ་གྱི་གཤེད་ཁ། ཟ་རེ་འཐུང་སྐོམ་བྱེད་པ། དོན་མེད་ཀྱི་འདྲེ་ལྟོགས་གཤེད་འཁྱམས། དོང་སྟོང་བཞིན་དུ་བླ་ལ་བཏགས་པ། ཐག་ནག་བཞིན་དུ་རྒྱུད་ལ་འཁྲིལ་བ། ཤ་ཁྱི་བཞིན་དུ་རྗེས་སུ་འབྲངས་པ། ཡས་དང་གླུད་ལ་རེ་ཆེ་བ། སྒབ་འདྲེ། ཡུལ་འདྲེ། ལམ་འདྲེ། གྲི་བོ་གྲི་མོ་གནོད་ཅིང་འཚེ་བར་བྱེད་པ་གང་ཡིན་པ། ཞེས་གསུངས་སོ། །

ལེའུ་བཅུ་དགུ་བ། མི་སྣ་ངོ་སྤྲོད།

བོད་ཀྱི་སྤྲུལ་སྐུའི་ལམ་ལུགས།

༡ བོད་དུ་སྤྲུལ་སྐུའི་ལམ་ལུགས་བྱུང་ཚུལ། བླ་མའི་ཡང་སྲིད་ངོས་འཛིན་ལུགས་འདི། བོད་ཀྱི་སྒེར་ཆོས་ལྟ་བུར་ཆགས་ཡོད་པས། མི་རིགས་གཞན་གྱིས་བོད་ཀྱི་ཆོས་ལུགས་འདི། སངས་རྒྱས་ཆོས་ལུགས་ངོ་མ་མ་རེད་ཞེས་འཕྱ་སྨོད་བྱས་པའང་ཡོད། ལམ་ལུགས་འདི་དུས་རབས་བཅུ་གསུམ་པའི་དུས་མཇུག་དུ་བྱུང་བ་ལས། སྲོང་བཙན་ཀྱི་རིང་ནང་བསྟན་དར་བ་ནས་རབ་བྱུང་བཅོ་ལྔ་བའི་མེ་ཕག་སྤྱི་ལོ ༡༢༨༧ བར་ལམ་ལུགས་དེ་མེད། བར་སྐབས་འདིར་ཐོན་མི་དང་། མཁན་སློབ་ཆོས་གསུམ། རྗེ་འབངས་ཉེར་ལྔ། སྐ་ཅོག་ཞང་གསུམ། གཡུ་ཐོག་ཡོན་ཏན་མགོན་པོ། ལོ་ཙཱ་བ་རིན་ཆེན་བཟང་བོ། ཇོ་འབྲོམ་ཡབ་སྲས། མར་མི་དྭགས་གསུམ། འགོས་ལོ་ཙཱ་བ། རྭ་ལོ། ས་སྐྱ་གོང་མ་རྣམ་ལྔ། མ་ཅིག་ལབ་སྒྲོན་སོགས་མཁས་གྲུབ་གཉིས་ལྡན་ཇི་སྙེད་ཅིག་བྱོན་ཀྱང་ཡང་སྲིད་ངོས་འཛིན་བྱུང་མེད་པར་མ་ཟད། བླ་བྲང་ཤུལ་བཞག་དང་། མཛོད་བདག་གཉེར་བ་སོགས་ལྷག་པར་དུ་བྱུང་མེད། འོན་ཀྱང་། རྒྱལ་བློན་དང་སྐྱེས་བུ་དམ་པའི་མཛད་རྗེས་ཆེན་པོ་བཞག་ཟིན་ནས། མེས་དབོན་རྣམ་གསུམ་རིགས་གསུམ་མགོན་པོའི་རྣམ་སྤྲུལ་དང་། ཐོན་མི་འཇམ་པའི་དབྱངས་ཀྱི་རྣམ་སྤྲུལ་རེད་ཅེས་བརྗོད་སྲོལ་ཙམ་ལས། སྔ་མའི་མཛད་རྗེས་ལ་འཕྲོ་མཐུད་ནས་ལོ་གཅིག་ལོ་གཉིས་ཀྱི་བྱིས་པ་བསམ་མེད་ཅིག་ཡང་སྲིད་ཡིན་ཞེས། བཞུགས་གདན་འཇགས་ཤིང་གཙུག་ཏུ་བཀུར་ཏེ། མངའ་རིས་ཀྱི་བདག་པོར་དབང་བསྐུར་བ་འདི་འདྲ་ཁྱོན་ནས་བྱུང་མེད་ལ། གཞན་ཡང་། མ་ཎི་བཀའ་འབུམ་དང་། བཀའ་ཐང་སྡེ་ལྔ། ཇོ་བོ་བོད་དུ་བཞུགས་སྐབས་གསུངས་པའི་ཞུ་ལན་ནོར་ཕྲེང་དང་བཀའ་གདམས་བུ་ཆོས་སོགས་བོད་གཞུང་སྔ་མ་དག་ཏུའང་སྤྱན་རས་གཟིགས་ཀྱི་སྐྱེ་རབས་ཀྱི་ཕྲེང་བ་སྟོན་པ་ཙམ་ལས། ཡང་སྤྲུལ་ཁྲི་ས་བཀོད་པའི་ལམ་ལུགས་བྱུང་མེད།

འོ་ན། ལམ་ལུགས་དེ་ཇི་ལྟར་དར་ཞེ་ན། སྐྱེས་བུ་དམ་པ་རྣམས་འགྲོ་དོན་ཀྱི་ཆེད་དུ་སྙིང་རྗེའི་དབང་གིས་འཁོར་བར་ཡང་སྲིད་ལེན་པ་ཞེས་པའི་ལུང་ལ་བརྟེན་ནས་དར་བ་ཞིག་ཡིན་ཞིང་། དེ་ཡང་། སྐྱེ་བ་སྔ་ཕྱི་བསྒྲུབས་པ་ལ་རིགས་འདྲ་སྔོན་སོང་དང་། ཉེར་ལེན་སྔོན་སོང་། གོམས་པ་དང་མྱོང་བ་སྔོན་སོང་གི་རིགས་པས་གཞལ་ལ། སྤྱིར་ན། སྤྲུལ་སྐུ་དབྱེ་ན་གསུམ་ཡོད་དེ། ཡུལ་དུས་ཁྱད་པར་བར་སྐྱེ་བ་མངོན་པར་སྐྱེ་བ་སོགས་མཛད་པ་བཅུ་གཉིས་སྟོན་མཁན་གྱི་མཆོག་གི་སྤྲུལ་སྐུ་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་ལྟ་བུ་དང་། བཟོ་ཡི་གནས་ཀྱིས་འགྲོ་དོན་མཛད་པ་བཟོ་བོ་སྤྲུལ་སྐུ་དང་། ལྷ་མི་དུད་འགྲོ་དང་། ཆུ་དང་ཟམ་པ་སྨན་དང་ལྗོན་ཤིང་སོགས་ཅི་རིགས་པར་སྤྲུལ་ཏེ་འགྲོ་དོན་མཛད་པ་སྐྱེས་པ་སྤྲུལ་སྐུ་སྟེ་གསུམ་དུ་མཆིས་པ་ལས། བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་འདི་ཉིད་སྐྱེ་བ་སྤྲུལ་སྐུའི་ཁོངས་སུ་འདུ་ལ། བོད་དུ་སྐུ་སྐྱེའི་ལམ་ལུགས་ཐོག་མ་ནི། ཀརྨ་བ་ནས་དར་བས། དེའི་སྐོར་ཅུང་ཟད་བརྗོད་ན།

ཀརྨ་དུས་གསུམ་མཁྱེན་པ་ནི། རབ་བྱུང་གཉིས་པའི་ལྕགས་སྟག་སྤྱི་ལོ ༡༡༡༠ ལོར་མདོ་སྨད་ཀྲེ་ཤོད་དུ་སྐུ་འཁྲུངས། སྤྱི་ལོ ༡༡༨༩ ལོར་སྟོད་ལུང་དུ་མཚུར་ཕུའི་དགོན་པ་བཏབ་སྟེ། གནས་གཞི་བཟུང་ནས་བཀའ་བརྒྱུད་པའི་གྲུབ་མཐའི་བྱེ་བྲག་ཀརྨ་བཀའ་བརྒྱུད་པ་བྱུང་། དགུང་ལོ་གྱ་བཞི་བར་མྱ་ངན་ལས་འདས།

ཀརྨ་པཀྵ་འམ་ཆོས་ཀྱི་བླ་མ་ནི། སྤྱི་ལོ ༡༢༠༤ ལོར་མདོ་ཁམས་དམ་པ་ཆོས་ཕྱུག་གི་ཡུལ་དུ་འཁྲུངས། ཡོན་རྒྱལ་རབས་ཀྱི་གོང་མ་མོང་གོལ་ཧན་གྱི་མཆོད་གནས་སུ་བཞུགས། ཕྱིས་སུ་རྒྱལ་སྲས་ཧུ་པེ་ལི་ཁྲིར་བཞུགས་སྐབས། སྔ་སོར་ཀརྨ་བས་རྒྱལ་སྲས་མང་བོར་ཆོས་གསུངས་སྐབས་ཧུ་པེ་ལི་དབང་གྲལ་ལས་ཕུད་པ་སོགས་བྱས་པའི་རྐྱེན། རྒྱལ་སྲས་ཀྱིས་ཁོང་ལ་གནོད་འཚེ་མང་དུ་བཏང་བས། སྐུ་ཚེ་སྨད་དུ་མཚུར་ཕུར་བཞུགས། དགུང་ལོ་དོན་བཞི་བར་འདས། ཀརྨ་སྐུ་ཕྲེང་གཉིས་པ་འདི་ལུང་རྟོགས་ཀྱི་ཡོན་ཏན་མངའ་བརྙེས་ནས་བླ་མར་གྲགས་པ་ཡིན་གྱི། བྱིས་པ་བསམ་མེད་ཀྱི་དུས་ནས་སྤྲུལ་སྐུར་དབང་བསྐུར་བ་ཞིག་མིན།

ཀརྨ་སྐུ་ཕྲེང་གསུམ་པ་རང་བྱུང་རྡོ་རྗེ་ནི། ཀརྨ་ཆོས་ཀྱི་སློབ་དཔོན་སྐུ་གཤེགས་ཁར་གདན་ས་གྲུབ་ཐོབ་ཨུ་རྒྱན་པར་གཏད་དེ། ཉི་མ་ལ་སྟོད་ཕྱོགས་ནས་ཞྭ་ནག་པོའི་རྒྱུད་པ་འཛིན་པ་ཞིག་འོང་། དེའི་བར་དུ་རྒྱལ་ཚབ་མཛོད་གསུངས་ནས། ཁོང་ལ་ཧོར་རྒྱལ་བོའི་ལས་ཞྭའི་ཞྭ་ནག་པོ་ཞིག་གནང་བ﹙འདི་ནས་བཟུང་ཀརྨ་སྐུ་ཕྲེང་ལ་ཞྭ་ནག་ཅན་དུ་གྲགས﹚ཨུ་རྒྱན་པའི་དབུ་ལ་བསྐུར་ནས་མྱ་ངན་ལས་འདས། དེའི་ཕྱི་ལོ ༡༢༨༤ལོར་ཀརྨ་སྐུ་ཕྲེང་གསུམ་པ་རང་བྱུང་རྡོ་རྗེ་སྐུ་འཁྲུངས། དགུང་ལོ་གསུམ་དུ་ཕེབས་སྐབས་ཡབ་ཡུམ་སོགས་ལ་ང་ཀརྨ་བ་ཡིན་དང་། གྲུབ་ཆེན་ཨུ་རྒྱན་པར་མཇལ་སྐབས་སྔོན་གནས་རྗེས་དྲན་གྱི་གསུང་མང་དུ་གནང་བས། གྲུབ་ཆེན་ཨུ་རྒྱན་པས་ཀརྨ་པཀྵའི་སྤྲུལ་སྐུར་ངོས་འཛིན་བྱས། དེ་ནས་བཟུང་བོད་དུ་སྤྲུལ་སྐུའི་ལམ་ལུགས་གསར་དུ་མགོ་ཚུགས་པ་རེད། ཀརྨ་དུས་གསུམ་མཁྱེན་པ་འཁྲུངས་ནས་ལོ་ངོ ༢༨༦ རྗེས་སུ། སྐུད་སྣེ་ཁབ་ཀྱིས་ཁྲིད། ཆར་སྣེ་རླུང་གིས་ཁྲིད་དེ་སྐུ་སྐྱེ་ལམ་ལུགས་འདི་དར་བ་སྟེ།

རྒྱལ་བ་ཐམས་ཅད་མཁྱེན་པའི་ཡང་སྲིད་ནི། སྤྱི་ལོ ༡༤༧༥ ལོར་རྗེ་དགེ་འདུན་གྲུབ་འདས་པའི་ཕྱི་ལོ་དེར། རྒྱལ་བ་དགེ་འདུན་རྒྱ་མཚོ་སྐུ་འཁྲུངས། ཁོང་ཡབ་ཀྱི་པང་ཐོག་ན་ཡོད་པའི་སྐབས་ཞིག འབྲུག་སྒྲ་གྲག་པ་གསན་ནས་ཡབ་ལ། ཕ་བློ་བཟང་གྲགས་པའི་ཆོས་གསུངས་པ་འདྲ་བའི་སྒྲ་ཞིག་གོ་གསུངས་པར། ཡབ་ཀྱི་ཕ་བློ་བཟང་གྲགས་པས་ཆོས་ཇི་ལྟར་གསུངས་ཞེས་དྲིས་པར། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། །ཞེས་སོགས་ཤོ་ལོ་ཀ་གཅིག་ཤར་མར་གསུངས་ཏེ། འདི་ལྟར་གསུངས་པ་རེད་ཞེས་སྔོན་གནས་རྗེས་སུ་དྲན་པ་དང་། ཡང་དགུང་ལོ་གསུམ་གྱི་ཚེ་ཡུམ་གྱིས་སྡིགས་མོ་བྱས་པར། ཁྱེད་ང་ལ་མ་འཐབ་གསོལ་བ་ཐོབས་གསུངས། ཇི་ལྟར་འདེབས་ཞུས་པར། དགོས་འདོད་ཀུན་འབྱུང་ནོར་བུ་བསམ་འཕེལ་ཁྱོད། །སོགས་ཤོ་ལོ་ཀ་གཅིག་སྔོན་ཀྱི་བག་ཆགས་ཀྱི་སྟོབས་ཀྱིས་ཤར་མར་བརྩམས་པ་སོགས་རྟགས་དང་མཚན་མ་ཁྱད་པར་ཅན་ལ་བརྟེན་ནས། རྒྱལ་བ་དགེ་འདུན་གྲུབ་ཀྱི་ཡང་སྲིད་དུ་ངོས་བཟུང་བ་ནི། དགེ་ལུགས་པའི་སྤྲུལ་སྐུ་འཚོལ་བའི་ཐོག་མ་ཡིན།

པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ནི། མཁས་གྲུབ་དགེ་ལེགས་དཔལ་བཟང་དང་། པཎ་ཆེན་བསོད་ནམས་ཕྱོགས་ཀྱི་གླང་བོ། དབེན་ས་བློ་བཟང་དོན་འགྲུབ་སོགས་བརྒྱུད་དེ། པཎ་ཆེན་སྐུ་ཕྲེང་བཞི་བ་པཎ་ཆེན་བློ་བཟང་ཆོས་རྒྱན་བྱུང་ལ། ཁོང་རྒྱལ་བ་དབེན་ས་བའི་སྐྱེ་སྤྲུལ་དུ་ངོས་བཟུང་སྟེ། དེ་ནས་བཟུང་པཎ་ཆེན་རིམ་བྱོན་གྱི་སྐུ་སྐྱེ་དངོས་སུ་འཚོལ་བའི་མགོ་བརྩམས། འོན་ཀྱང་། ཀརྨ་དུས་གསུམ་མཁྱེན་པའི་རྗེས་ནས་ཀྱང་། ཀུན་མཁྱེན་ཀློང་ཆེན་པ་དང་། བུ་སྟོན་ཐམས་ཅད་མཁྱེན་པ། རྗེ་རྒྱལ་བ་ཙོང་ཁ་བ་སོགས་གྲུབ་མཐའ་རིས་མེད་ཀྱི་མཁས་གྲུབ་གཉིས་ལྡན་ཀྱི་དམ་པ་སྐོར་ཞིག་ལ་ཡང་སྲིད་ངོས་འཛིན་ཞུས་མེད།

ཕྱིས་སུ་སྐུ་སྐྱེའི་བརྟག་པ་བྱེད་ཐབས་ལ། རྒྱལ་དབང་ལྔ་བ་ཟན་རིལ་བསྒྲིལ་བའི་ཐབས་ལམ་སྤྱད་དེ་ཐུགས་ཐག་བཅད་པ་དང་། པཎ་ཆེན་བསྟན་པའི་ཉི་མ་གསེར་བུམ་དུ་མིང་བྱང་བཅུག་ནས་བརྟག་པ་བྱས་པ་དང་། གཞན་ཡང་། ཆོས་སྐྱོང་ཁོག་ཞུགས་ཀྱི་པྲ་རྟེན་གྱིས་གཅོད་པ། ལྷ་མོའི་བླ་མཚོ་ལ་བརྟེན་ནས་ཐུགས་ཐག་བཅད་པ་སོགས། གྲུབ་མཐའ་སོ་སོར་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་སྐུ་སྐྱེ་ལམ་ལུགས་འདི་ས་དར་རྡོ་དར་དུ་ཁྱབ་ལ། ཐ་ན་བླ་རྒན་དང་སྔགས་རྒན་རེ་གཤེགས་ཤུལ་དུའང་འདི་ནི་དེ་དང་དེའི་སྐུ་སྐྱེའོ་ཞེས་མང་མང་ཞིག་གིས་མགོན་སྐྱབས་ལ་རེ་བའི་སྲོལ་དར་བ་ནི་ཀུན་གྱིས་མཁྱེན་གསལ་ལོ། །

གཡུང་དྲུང་བོན་ལའང། གདུང་བརྒྱུད་ཀྱི་བླ་མ་དང་། སྒྲུབ་བརྒྱུད་ཀྱི་བླ་མ་གཉིས་སུ་ཡོད་ལ། གདུང་བརྒྱུད་ཀྱི་བླ་མ་ནི། དམུ་རིགས་གཤེན་དང་། རྒྱལ་རིགས་འབྲུ། དབང་ལྡན་གཞུ། རྒྱལ་སྲས་སྤ། མཁས་པ་རྨེའུ། དམ་པ་ཁྱུང་། ཞིག་པོ་བཅོ་བརྒྱད་ཀྱི་གདུང་བརྒྱུད་སོགས་དང་། སྒྲུབ་བརྒྱུད་ནི། གདུང་བརྒྱུད་ཡོད་མེད་ལ་མ་བལྟས་པར་མཁས་གྲུབ་གཉིས་ལྡན་གྱི་ཉམས་རྟོགས་མངོན་དུ་གྱུར་བ་ཚོར་ཡང་སྤྲུལ་བཙལ་བ་དེ་ཡིན་ལ། ཁོ་བོ་ཅག་གདུང་བརྒྱུད་ཀྱི་སྐུ་སྐྱེ་གཙིགས་སུ་འཛིན་ལ། སྤྲུལ་སྐུ་མཚན་ཉིད་དང་ལྡན་པ་ཡིན་ན་ཁྱད་པར་མེད་པར་བཤད་དོ། །

༢ སྐུ་སྐྱེའི་ལམ་ལུགས་ཀྱི་དགེ་སྐྱོན། སྤྱིར་ན། ལུས་རྟེན་སྔ་མ་དོར་ཏེ་ཕྱི་མར་ཉིང་མཚམས་སྦྱོར་བ་ལ། ལས་ཉོན་གྱིས་སྐྱེས་པ་ལེན་པ་དང་། སྙིང་རྗེ་དང་སྨོན་ལམ་གྱིས་སྐྱེས་པ་ལེན་ཚུལ་གཉིས་སུ་འདུ། དང་བོ་ནི། མ་རིག་གི་དབང་གིས་དགེ་སྡིག་གི་ལས་བསགས་པ་རྣམ་ཤེས་ཀྱི་སྟེང་དུ་བསྒོས་ཏེ། འཆི་ཁར་སྲེད་ལེན་གྱིས་གསོས་བཏབ་ནས་ཟོ་ཆུན་འཁྱུད་མོ་བཞིན་ངན་འགྲོ་དང་བདེ་འགྲོ་ཅི་རིགས་སུ་སྐྱེ་བ་ལེན་པ་དང་། གཉིས་པ་ནི། འཕགས་ལམ་འཐོབ་པའི་བྱང་སེམས་རྣམས་ལས་ཉོན་གྱི་སླར་མི་སྐྱེ་ཡང་། སྙིང་རྗེ་ཆེན་པོས་སེམས་ཅན་ལ་དམིགས་ཏེ་སྨོན་ལམ་གྱིས་དབང་གིས་ཡུལ་དུས་ཕ་མ་སོགས་རང་དབང་གིས་གདམས་ནས་སྐྱེ་བ་ལེན་པ་ཡིན་ལ། འདིར་བཤད་པ་ནི་ཕྱི་མའོ། །དེ་ལྟར། ཐུགས་རྗེ་ཆེན་པོས་གཞན་དབང་དུ་གྱུར་ཏེ་བསམ་བཞིན་དུ་གདུལ་བྱ་གྲངས་མེད་ཀྱི་སྐྱབས་དང་། དཔུང་གཉེན་དུ་བྱོན་པའི་སྐུ་སྐྱེ་དེ། ལུང་རྟོགས་ཀྱི་ཡོན་ཏན་ལ་མངའ་བརྙེས་ཤིང་། བྱ་དཀའ་བའི་མཛད་པ་མཐའ་དག་བདག་གིར་བཞེས་ཏེ་གཞན་དོན་རྐྱང་རྐྱང་གི་འཚོ་ཞིང་བཞུགས་པ་ནི། སྐལ་ལྡན་དང་བ་འདྲེན་པའི་མིག་རྐྱེན། འབྱོར་ལྡན་བསོད་ནམས་བསགས་པའི་ཞིང་སར་གྱུར་བ་སྟེ། དེ་ནི་ཕྱག་བྱ་ཐལ་མོ་སྦྱོར་བ་ཉག་གཅིག་ཏུ་འཁུམས་ལ། རྒྱུ་མཚན་ནི། དེ་དག་ནི་ལྟོ་གོས་གཏམ་གསུམ་ལ་གྱོང་བསྐུར། ལུས་ལ་བབ་བསྐུར། མི་མེད་ཀྱི་རི་ཁྲོད་དུ། ཤ་རུས་རྡོ་ཐུག་གི་རྣལ་འབྱོར་ལ་བརྟེན་ཏེ་ཉམས་རྟོགས་ཁྱད་པར་ཅན་འཁྲུངས་པའམ། ཡང་ན། གྲྭ་ས་ཆེན་པོར་འགྲིམས་ཏེ་ཆུ་རྐྱང་རྩམ་རྐྱང་གི་འཚོ་བ་ལ་བརྟེན་ཏེ། མདོ་རྒྱུད་གཞུང་ལུགས་ལ་ཐོས་བསམ་སྒོམ་སྒྲུབ་གནང་ཏེ། འགྲོ་འཆག་ཉལ་འདུག་ཐམས་ཅད་གཞན་དོན་རྐྱང་རྐྱང་གིས་འཚོ་བས་སོ། །ཚུལ་འདི་དག་ལ་དགོངས་ནས། གཡུ་ཐོག་ཡོན་ཏན་མགོན་པོས། བོད་ཀྱི་ཨེམ་རྗེ་དང་མཁས་པ་ཚང་མ་སྤྲང་བོ་ཡོང་བ་ཤོག་ཅིག ཅེས་ཐུགས་སྨོན་གནང་བའང་རྒྱུ་མཚན་ཅན་དུ་འདུག་གོ །

དེ་ལྟར་ཨེ་ཡོད་ནང་གི་དེ་ཡོད། སྒོང་ངའི་ནང་གི་སེར་ཐིག་ལྟ་བུ་དེ་ཚོ་ལ། སྐུ་སྐྱེ་མིང་བྱང་འཐོབ་ཀྱང་རུང་། མ་ཐོབ་ཀྱང་རུང་། བསྟན་འཛིན་གྱི་དྭངས་མ་ཡིན་ནའང་། གནའ་དེང་གི་གདུལ་བྱའི་ཁམས་དང་བསམ་པར་ཤིན་ཏུ་ནས་ཀྱང་འཕྲོད་དཀའ་བར་མ་ཟད། ད་དུང་འཛེམ་དོགས་བྱེད་སའི་གནས་སུ་ཆེ་སྟེ། དཔེར་ན། མི་ལ་གྲུབ་པ་འཐོབ་སྟེ་བྲག་དཀར་རྟ་སོ་ན། ཁོང་གི་ཨ་ཁུའི་མིང་བོ་ཕ་བུ་གཉིས་ཀྱིས་ནམ་མཁར་འཕུར་བ་མཐོང་བས། བུས་ཞིང་རྨོ་མཚམས་བཞག་ནས། ཕ་ཡ་གིར་ལྟོས་དང་མི་འཕུར་བ་བྱུང་ཟེར་བས། ཕ་ན་རེ། ཡ་མཚན་རྒྱུ་ཅི་ཡོད། མྱང་ཚ་དཀར་རྒྱན་ཟེར་བའི་བུད་མེད་ཁྲམ་མ་ཞིག་གི་བུ། གཡོ་ཅན་མི་ལ་ཟེར་བའི་གོག་པ་ལྟོ་མ་ཕྱིད་པ་ཞིག་ཡོད་པ་དེ་ཡིན་པར་འདུག གྲིབ་མ་དང་འགོམ་ཡུག་མ་ཕོག་པ་གྱིས་ལ་རྨོས་སྣ་ཁྲིད་ཟེར། ཕ་རང་གྲིབ་མ་ཕོག་གིས་དོགས་མགོ་ལུས་ཡོ་བ་བྱུང་བ་དང་། ཡང་མི་ལ་དིང་རིར་སླེབས་ཏེ་ལམ་ཁར་ཉལ་སྡོད་སྐབས། དཀའ་ཐུབ་ཀྱི་རིད་པའི་ལུས་པོ། བུ་མོ་འཕྱོར་མོ་འགས་མཐོང་ནས། ཨ་ཙི། འདི་འདྲ་བའི་ལུས་སུ་ནམ་ཡང་སྐྱེ་བར་མ་གྱུར་ཅིག་ཅེས་སྨོན་ལམ་བཏབ་པ་དང་། ཀློང་རྡོལ་བླ་མ་ཡང་དཀའ་སྤྱད་ཀྱིས་སྐུ་ལུས་རིད་པས་གོང་མཚུངས་ལྟར་སྨོན་ལམ་བཏབ་པའི་ལོ་རྒྱུས་ཡོད། ཚུལ་འདི་ལྟ་བུ་ལ་དགོངས་ནས་མི་ལ་རང་གི་གསུང་མགུར་དུ་འང་། དུས་ངན་བསྐལ་བ་སྙིགས་མ་ལ། །ཁྲམ་པ་ཡི་དམ་ལྷ་བཞིན་མཆོད། །ཟོག་པོ་རིན་ཆེན་གསེར་ལས་བྲིན། །ཆོས་པ་ལམ་ཁའི་རྡོ་བཞིན་བསྐྱུར། །ཞེས་པའི་ཨུ་ཐུག་གི་མགུར་འདི་བཞེས་པ་ཡིན་ལ། ཡབ་རྗེ་བླ་མས། བྱང་ཆུབ་སེམས་དཔའ་གང་ན་བཞུགས་མི་ཤེས། །མཐོང་མཐོང་ཀུན་ལ་མ་སྨོད་རི་ཁྲོད་པ། །གསུངས་པ་བཞིན། བདག་ཅག་གི་སྟོན་པ་སློབ་པ་ལམ་གྱི་གནས་སྐབས་ན། དུད་འགྲོ་ཁྱི་ཕག་ཚུད་ཆད་ཀྱི་ལུས་རྟེན་བླངས་ཏེ་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པ་སྐྱེ་རབས་དང་མདོ་རྒྱུད་མང་བོ་ལས་ལུང་དུ་བསྟན་ཡོད་ན། དེ་དག་ལ་ཅིའི་ཕྱིར་མཆོད་བཀུར་མི་བྱེད། རང་ཅག་གི་མིག་ལམ་དུ་བྱང་ཆུབ་སེམས་དཔའ་བྱ་བ་དེ། གོས་རྒྱ་སྨུག་གིས་བཏུམས་ཏེ་གསེར་གྱི་ཁྲི་སྟེང་ན་བཞུགས་པ་ཞིག་ལ་ངོས་འཛིན་ཀྱང་། ས་ལམ་སོགས་གཞུང་ལུགས་ཁག་ན། བྱང་སེམས་ཕལ་མོ་ཆེ་རྒྱལ་བོ་དང་བློན་པོ་སོགས་ཀྱི་སྐྱེས་པ་བཞེས་པར། གཉིས་མེད་གསུངས་པ་སངས་རྒྱས་ཀྱི་དགོངས་པ་ཡིན། དེ་བས་བདེན་དོར་རྫུན་སྐྱོར་གྱི་སྤྱི་ཚོགས་ཁྲོད། འབྱུང་བཞི་ལ་ཁ་ལོར་སྒྱུར་ནུས་ཞིང་བསྟན་པའི་སྲོག་ཤིང་དུ་གྱུར་བའི་སྐྱེས་བུ་ནི་བུམ་ནང་གི་མར་མེ་བཞིན་བག་ལ་ཞ་ཞིང་། བསྟན་པའི་ཡང་མཐའ་འདིར་རྒྱ་ལམ་དུ་དགོངས་ནས། ཡོངས་འཛིན་བློ་བཟང་དཔལ་ལྡན་གྱིས། སྤྲུལ་མཛད་འབྲུག་སྒྲ་སྙིང་བོ་ཆགས་པའི་སྤྲིན། །མང་ཞིག་ཕན་བདེ་མྱུ་གུ་གཅོད་པའི་མཚོན། །ངན་སྤྱོད་མེ་ཆར་འབེབས་ལས་ལེགས་པའི་སྲོལ། །གྲུ་ཆར་དལ་གྱིས་འཇོ་བ་ཉིན་སྐར་ཙམ། །གསུངས་པ་བཞིན། ཞང་ཞུང་བོན་གྱི་མཁས་དབང་ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་ཀྱང་། ལར་དིང་སང་གི་བླ་མ་ཁ་ཅིག་དཀོར་སྡུད་པ་ལ་ཁེབས་ཆེ། ནོར་བསགས་པ་ལ་ཐབས་མཁས། དཀོར་ནག་གི་རྒྱུ་རྫས་ཀྱིས་དཀོར་མཛོད་ཁེངས་ཀྱང་། དཀོན་མཆོག་གི་ཞིང་ས་གཏོང་ཕོད་ནི་ཆུང་། མིང་བླ་མར་འདོགས་ཀྱང་དོན་དུ་ཁྱིམ་པ་ལས་ཀྱང་སྡུག་པ། སྡོམ་པ་དང་དམ་ཚིག་མི་བསྲུང་བ། ང་བླ་མ་ཡིན། ང་སྔགས་པ་ཡིན། ང་གདུང་རྒྱུད་པ་ཡིན། ངས་ཐམས་ཅད་ཆོག ད་དུང་ངའི་བརྒྱུད་པ་ཐམས་ཅད་ཀྱང་སེམས་ཅན་ལ་ཕན་ཐོགས་པ་ཤ་སྟག་འབྱུང་། ང་ལ་གཞན་གྱིས་འགྲན་ཟླ་མེད་སྙམ་སྟེ། དགོས་པའི་ཚུལ་ཁྲིམས་དང་ཏིང་འཛིན་སོགས་བསླབ་པ་གསུམ་ཕྱི་ལ་དོར། མི་དགོས་པའི་འཇིག་རྟེན་པའི་ཆེ་ཐབས་དང་དུ་ལེན་ཏེ། ཟས་ནོར་ལོངས་སྤྱོད་ལ་ཞེན་པ་འཁོར་བ་པ་ལས་ཀྱང་ཆེ་བ། ཀོ་ལོང་དང་གདུག་རྩུབ་སེམས་ཅན་ཐ་མལ་ལས་ཀྱང་ཐུ་བ། བསགས་པ་ནོར་ལ་མཛད། ཐུགས་དམ་དཀོར་ནག་ལ་འཆང་། རང་དོན་དུ་ལོ་ཟླ་ཁ་ལངས་པར་བསྙེན་སྒྲུབ་ལ་བཞུགས་མི་ནུས་ཀྱང་། ནོར་ཕྱིར་སྐུ་ཚེ་དཀོར་ནག་ལ་སྐྱེལ་ནུས་པ་ཡང་ཡོད་པར་འདུག གསུངས་ལ། དེ་བས་སྤྲུལ་སྐུ་ཡང་དག་ཅིག་ཡིན་ན་མཚན་ཉིད་ལྔ་ཚང་དགོས་པ་སྟེ། ཞི་བའི་ལམ་སྟོན་པ། གདུལ་བྱ་སྨིན་པར་བྱེད་པ། ལུང་སྟོན་པར་བྱེད་པ། འཕྲིན་ལས་སྣ་ཚོགས་པའི་རྒྱུན་གང་འདུལ་བའི་གཟུགས་སྟོན་པ། གཞན་གྱི་རྣམ་རིག་ལ་སྣང་བའོ། །དེ་བས་འཇིག་རྟེན་པའི་ཁ་དཔེ་ལ། ལྕགས་ཀྱི་རིལ་བུ་ཟ་ན། རྣོ་ཡི་འགྲམ་སོ་དགོས། ཟེར་བ་བཞིན་གང་ཡིན་ཡིན་གྱིས་སྤྲུལ་སྐུར་མི་བཏུབ་བོ། །

གཞན་བླང་དོར་གོ་ལྡོག་དང་། དོན་དམ་ལས་ཟོག་རྫུན་ལ་རླུང་རྟ་འཕུར་བའི་སྤྱི་ཚོགས་འདིར། སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་རང་རྣམ་ལས། ཕལ་ཆེར་ནི་སྔར་འདས་དེ་ལ་ཆ་རྒྱུས་ཡོད་པའི་ཕ་མ་སོགས་ཀྱིས། སྔ་མ་གང་དེ་མ་གཤེགས་གོང་གི་ཟླ་ཤོས་ནས་སྐྱེས་ནའང་ཟླ་ལྷག་སྦེད་ནས་ཟླ་གྲངས་འགྲིག་པར་བྱས་ཏེ། རྫུན་པོ་ཆེ་ལ་གཏན་ཚིགས་མང་། ཞེས་པ་ལྟར། དེའི་སྐྱེ་བ་ཡིན་པའི་རྫུན་ཚིག་མང་བོ་བསྒྲགས་པ་དང་། ཡང་། མང་བོ་ཞིག་གིས་དེ་འདས་ནས་ཟླ་དགུ་སོགས་སོང་མཚམས་སུ་བུ་ཞིག་སྐྱེས་ན་རྨི་ལམ་དང་ལྟས་དེ་དང་དེ་ལྟ་བུ་བྱུང་ཞེས་བསྒྲགས་ཏེ་གཡོ་སྒྱུས་བསླུས་པ་ན། སྔ་མ་དེའི་དཔོན་པོ་ཉེ་དུ་སོགས་འཁྲུལ་ཏེ་བྲག་ཆའི་རྗེས་སུ་བསྙེགས་པའི་སྤུན་དུ་གྱུར་ཀྱང་། དེ་མ་ཤེས་པར་བུ་དེ་སྔ་མ་དེའི་གོ་སར་འཇོག ཡང་ལ་ལས། སྐུ་སྐྱེ་གཞོན་དུས་འདས་པ་ན། དེ་དང་ལོ་མཉམ་རེ་ཡང་དེའི་གོ་སར་བཞག་སོགས་གང་དྲན་དྲན་དར་ལ། ཡང་ཁྲེལ་བོར་ཧམ་ཅན་བློ་རྒོད་ཁ་ཅིག་གིས། མངལ་དུ་སེམས་ཅན་ཆགས་ཙམ་ནས་སྔར་འདས་གང་དེའི་སྐྱེ་བ་ཡིན་ཚུལ་རྫུན་སྟོང་སྔར་སྨོས་ལྟར། ཕྱོགས་ཀུན་དུ་རླུང་ལྟར་གྲགས་པ་ན། བདག་པོ་དག་གིས་ཀྱང་དེར་ཐག་བཅད་ཀྱང་ཕྱིས་སུ་བུ་མོ་སྐྱེས་པ་འགའ་ཞིག་བྱུང་སྐད། དེ་ལས་འགའ་ཞིག་མ་ངེས་ཀྱང་། ཕལ་ཆེར་གྱིས་བསྟན་འགྲོར་སྨན་པའི་རེ་ལྟོས་འཆའ་བ་མིན་པར་དེ་ལ་བརྟེན་ནས་སྲིད་པའི་ཕུན་ཚོགས་ལ་རློམ་སེམས་དུག་སྦྲུལ་ཁ་རླངས་ནང་རྔུབ་ཀྱིས། ཟང་ཟིང་ནོར་རྫས་ཀྱི་བྱིའུ་ཙི་ཙི་སོགས་འགུག་འདོད་རེ་བ་ཤས་ཆེ་བའི་རྟོག་པ་འོག་འགྱུའི་འཁོར་ལོ་བསྐོར་བའོ། །ཞེས་པ་ལྟར། དོན་དུ་ན། མ་ཁ་བདེ་ན། བུ་སྐུ་སྐྱེ་འཁྲུངས། ཞེས་པ་ལྟར། གཡོ་སྒྱུ་ཁྲམ་གསུམ་གྱིས་རོ་ལངས་སྙིང་ལ་ཞུགས་ཏེ། ཕ་མས་བུ་ཕྲུག་གི་ལྟས་བཟང་སྒྲོགས་ནས། སྐྱེས་བུ་དམ་པར་ཁས་འཆེས་པ་ག་གེ་མོའི་ཞབས་ལ་གཏུགས་ཁུལ་གྱིས། སྐུ་ལོ་འམ་སྤྲུལ་སྐུ་ཞེས་མིང་བྱང་རྫིག་པོ་ཆེས། ཟང་ཟིང་མཛོད་དུ་བསྡུས་ཏེ། འཁོར་ཆུང་གིས་སྙིང་མ་ཚིམ་པར་འཁོར་ཆེན་སྐྱོང་བ་ནི། སྟོན་པ་རང་ཉིད་ཀྱིས་ཟླ་སྙིང་གི་མདོ་སོགས་ལས། ངའི་བསྟན་པ་འདི་ང་མིན། ང་འདྲ་བ་ཞིག་གིས་འཇིག་འོང་། གསུངས་པའི་ལུང་བསྟན་རྣག་ཐོག་གཙག་ཁེལ་གྱི་ཚུལ་དུ་བབ་པར་འདུག་ལ། ད་དུང་ཁྭ་ཏའི་མིག་ལམ་དུ་སྐྱག་པ་གསེར་དུ་སོང་བའི་གྲས་སུ་བཞུགས་ཏེ་ཆེ་བ་བརྗོད་དགོས་བྱུང་ན། ཇོ་ནང་ཏཱ་ར་ན་ཐས། རྨོངས་པའི་རྣམ་ཐར་བརྗོད་ཚེ་མཁས་རྣམས་ཁྲེལ། །དམ་པའི་ངང་ཚུལ་བརྗོད་ལ་བརྗོད་རྒྱུ་མེད། །དེ་ཕྱིར་བསམ་གྱིན་སྐལ་བཟང་སློབ་མ་ལ། །འདོམས་རྒྱུའི་དངོས་བོ་བདག་གིས་གང་ནས་བཙལ། །ཞེས་པ་ལས་གཉིས་སུ་མ་མཆིས་ལ།

འདིར་བསམ་རིགས་པ་ཞིག་ནི། སློབ་དཔོན་དབྱིག་གཉེན་གྱིས། སྟོན་པ་འཇིག་རྟེན་མིག་ནི་ཟུམ་གྱུར་ཅིང་། །དཔང་གྱུར་སྐྱེ་བོ་ཕལ་ཆེར་ཟད་པ་ན། །དེ་ཉིད་མ་མཐོང་རང་དགར་གྱུར་བ་ཡི། །ངན་རྟོག་རྣམས་ཀྱིས་བསྟན་པ་འདི་དཀྲུགས་སོ། །ཞེས་ཐུགས་སྐྱོ་བའི་གདུང་དབྱངས་འཐེན་པ་བཞིན། སྐུ་ལོའི་མིང་བྱང་གི་རླུང་རྟ་དར་དྲགས་ཏེ། རྟ་མདོ་བའི་གོང་ཚོད་ཇེ་དམའ་དང་། བོང་སྐྱ་ལིའི་བསྟན་པ་ཇེ་དར་དུ་སོང་ན། ཨ་མའི་བུ་ལ་སྙིང་རུས་ཡོད་ན། དགའ་ལྡན་གསེར་ཁྲིར་བདག་པོ་མེད། ཟེར་བའི་འཛམ་བུ་གླིང་དུ་ངོམ་རི་བའི་སྐད་ཆ་འདི་ལའང་སྣོན་ཤུགས་སྤྲད་དེ། ངེས་པ་དོན་གྱི་མཁས་དབང་འཁྲུངས་པའི་བཀག་རྡོ་རུ་འགྱུར་ལ། བྱུས་ངན་འདི་དག་ལ་བསམ་ནས། རས་ཆུང་བས་མི་ལ་རས་པར། རྗེ་བཙུན་རྡོ་རྗེ་འཆང་ངམ། བྱང་སེམས་གང་གི་སྤྲུལ་བ་ལགས་ཞུས་པའི་ལན་དུ། སྤྲུལ་བ་ཡིན་སྙམ་པ་དེ་ཁྱེད་རང་རྣམས་ཀྱིས་ང་ལ་དག་སྣང་ཡིན། ཆོས་ལ་ལོག་ལྟ་དེ་བས་ཆེ་བ་མི་འོང་། ཆོས་རྣམ་དག་བྱེད་པའི་ཆེ་བ་མ་མཐོང་བས་ལན། གསང་སྔགས་ཀྱི་ཉེ་ལམ་ལ་ཡིད་མ་ཆེས་པའི་རྟགས་ཡིན། ངས་ལྟོ་གོས་གཏམ་གསུམ་ལ་གྱོང་བཏང་། སེམས་ལ་དཔའ་བསྐྱེད། ལུས་ལ་བབ་བསྐུར། སྡུག་བསྔལ་ཁྱད་དུ་བསད་ནས་མི་མེད་ཀྱི་རི་ལ་བསྒོམས་པས་ཉམས་རྟོགས་ཀྱི་ཡོན་ཏན་སྐྱེས་པ་ཡིན། ཞེས་ཡིན་ལུགས་ཀྱི་གཏམ་བྱུང་བ་འདིར་བསམ་ཤེས་པ་ཞིག་གིས་བསམ་ན་གོ་རྒྱུ་ཆེན་པོ་ཡོད་པ་དང་། རྒྱལ་དབང་ལྔ་བས་ཀྱང་། ཚེ་འདིར་སྦྱངས་ཤིང་ཤེས་ལ་ཐ་མལ་ཟེར། །ཐོས་བྲལ་མ་བསླབས་སྐྱེས་བུ་དམ་པར་བལྟ། །གསེར་དང་སྣག་ཚ་བསྲེས་པའི་རྒྱལ་ཁམས་འདི། །ཡུལ་དབུས་ཟེར་ཡང་ཀླ་ཀློའི་གྲོང་ཁྱེར་འདྲ། །ཞེས་གསུངས་སོ། །

ཁྱད་པར་དུ། རྒྱལ་དབང་ལྔ་བར་མཚོན་ནའང་། རང་གིས་ཤ་རུས་རྡོ་ཐུག་གི་སྦྱངས་བརྩོན་ལ་བརྟེན་ཏེ་མཁས་པའི་ཁྲི་འཕང་དུ་བསྙེགས་པ་ལས། རྒྱལ་དབང་བཞི་བའི་ཡང་སྤྲུལ་དང་བག་ཆགས་ཀུན་སད་ཞིག་གི་སྟེང་ནས་སྐྱེས་ཆེན་དམ་པར་གྱུར་བ་ཞལ་གྱིས་མི་འཆེས་ཏེ། ཁོང་གི་ཞལ་ལས། མི་ཚོས་ང་ཏཱ་ལའི་བླ་མ་བཞི་བའི་ཡང་སྲིད་ཡིན་པར་ཤོད་ཀྱི་ཡོད་པ་དང་། ཡིན་ལུགས་ཡིན་སྟངས་ཀྱི་རྒྱུ་མཚན་ནི། ང་སྐྱེས་པའི་སྐབས་སུ་ཁྱིམ་གྱི་ཀ་བའི་སྒང་ནས་འོ་མ་བབས་པ་རེད་ཟེར་བ། སྐུ་ཕྲེང་བཞི་བའི་སྐུ་ཆས་རྣམས་ངས་ངོས་འཛིན་བྱས་པ་རེད། ཟེར་བ་སོགས་བཤད་ཀྱི་ཡོད་ནའང་དེ་འདྲ་བྱས་པ་ང་རང་གིས་དྲན་གསོས་ཀྱི་མི་འདུག ངས་སྐྱེ་བ་སྔོན་མའི་མི་ངོ་ཤེས་རྒྱུ་དང་སྐྱེ་བ་སྔོན་མའི་ཅ་ལག་ངོ་ཤེས་རྒྱུ་ལྟ་ཅི། ལོ་བཅུ་དྲུག་ཙམ་ལ་མ་སླེབས་པར་ཡོན་ཏན་ཡང་དགེ་རྒན་གྱིས་ཉེས་རྡུང་དང་གཤེ་གཤེ་འོག་ཏུ་བསླབས་པར་བརྟེན། མ་བསླབ་པར་ཤེས་རྒྱུ་ཕར་བཞག བསླབས་པ་དེ་ཡང་ཡག་པོ་ཤེས་ཀྱི་མི་འདུག་པས་ཐམས་ཅད་མཁྱེན་པའི་ཡང་སྲིད་དེ་བས་ཀྱང་གང་ནས་ཡིན། སྐྱེ་བ་སྔོན་མའི་མི་དང་ཅ་ལག་ངོ་ཤེས་པ་ལ་བསླབས་པའི་ཡོན་ཏན་དེ་མ་ཤེས་པ་རྩ་བ་ནས་ཡོང་མི་སྲིད་ཅིང་། མ་བསླབས་པ་དེ་ཤེས་རྒྱུ་ཡོད་དུས་བསླབས་པ་དེ་དེ་བས་ཀྱང་ཤེས་པ་ཞིག་དགོས་ཀྱི་རེད། འོན་ཀྱང་བསླབས་པ་དེ་དཀའ་ལས་ག་ཚོད་བརྒྱབ་ནའང་ཤེས་ཀྱི་མི་འདུག་ལ། སང་ཉིན་དེ་ལྟར་ཤོད་ཨང་ཞེས་བསླབ་དགོས་ཀྱི་ཡོད། ཡིན་ནའང་ང་དགོས་པའི་དབང་གིས་ཁྲིའི་སྒང་དུ་བསྐྱལ་བ་རེད་ལ། ངས་ཀྱང་མ་ཡིན་ཡིན་མདོག་མ་བྱས་ཀ་མེད་རེད། ཅེས་དང་། ང་སྐྱེས་པའི་སྐབས་སུ་ཆར་བབས་པ་དང་། མེ་ཏོག་ཤར་བ། འཇའ་ཟུག་པ་སོགས་ཀྱི་ཤོད་ཚུལ་དེ་དག་རྒྱུ་མཚན་དུ་བྱས་ནས། རྒྱལ་བ་སྐུ་ཕྲེང་བཞི་བའི་ཡང་སྲིད་དུ་ངོས་འཛིན་བྱས་ཚེ་གཏན་ནས་འགྲིག་ཐབས་མེད། དེ་གང་ཡིན་ཞེ་ན། ང་དང་དུས་མཚུངས་སུ་སྐྱེས་པའི་འབུ་གྲོག་མ་དང་སྦྲང་བུ་དེ་ཚོ་ཡང་ཚང་མ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཞེད་པོ་དེ་འདྲས་ཀྱི་སྐུ་སྐྱེ་ཡིན་ཤོས་ཆེ་བའི་དེ་ལྟར་རྩ་བ་ནས་ཡོང་སྲིད་ཀྱི་མ་རེད། ཅེས་ཁོང་གི་རང་རྣམ་གྱི་མགོ་མཇུག་བར་གསུམ་དུ་དོན་དངོས་ལ་གཞོལ་བའི་དྲང་གཏམ་བརྗོད་པ་ལས་ཐམས་ཅད་མཁྱེན་པ་ཡིན་ཚུལ་དང་། སངས་རྒྱས་བྱང་སེམས་ཀྱི་ཡང་སྲིད་ཡིན་ཚུལ་གྱི་འུད་བསྟོད་གཏན་ནས་གནང་མེད། དེར་མ་ཟད་ད་དུང་ཁོང་གིས། དེང་སང་སོག་པོའི་དཔོན་པོ་རྒྱུ་ཆེ་བ་དང་བོད་ཀྱི་སྐུ་དྲག་རྒྱུ་ཆེ་བ་དེ་ཚོའི་ཕྲུ་གུ་མང་ཆེ་བ་བླ་མའི་ཡང་སྲིད་ཡིན་དགོས་པ་དེ་ཚོ་ཡ་མཚན་ཞིག་མ་ཡིན་ནམ། ཞེས་གསུངས་གནང་མཛད་པ་ལ་བསམ་བློ་གཏིང་ཟབ་གཏོང་རྒྱུ་ཡོད་དོ། །

ཁྱད་པར་དུ། དཀོར་གཟན་དག་ཧ་ཅང་བཀུར་ཆེ་ན། ཕྱི་གླིང་བའི་བསམ་བློ་བ་སྐོར་ཞིག་གིས། ངོ་མཚར་བ་ཞིག་ལ། ཤེས་བཞིན་དུ་བོད་འདིརམཁས་པ་བརྒྱ་ཡིས་བླུན་པོ་གཅིག་གི་ཁ་ལ་ཉན་དགོསཞེས་པ་དེའི་སྡོམ་ཚིག་དེ་ཇེ་དམ་དུ་བཏང་བ་ལས་འོས་མེད་དོ། །དེ་བས་ཇོ་བོ་རྗེས། བྱམས་པ་དང་སྙིང་རྗེ་སྦྱོང་མི་ཤེས་པའི་བྱང་ཆུབ་སེམས་དཔའ་བོད་ཀྱིས་ཤེས། ཞེས་ཟུར་ཟ་གནང་བའང་ཐུགས་ཁག་མི་འདུག་ལ། དོན་གྱི་དབང་འདི་གཟིགས་ནས་སྔོན་བྱོན་སྐྱེས་ཆེན་དམ་པ་མང་བོས་ཀྱང་། ལམ་ལུགས་འདི་ལ་དགག་རྒྱག་དང་ཐེར་འདོན་མང་དུ་གནང་ཡོད་དེ། རྒྱལ་དབང་ལྔ་བའི་རང་རྣམ་དུ་ཀུ་ལའི་གོས་བཟང་ལས། བོད་ཡུལ་འདིར་རྒྱ་གར་དང་མི་འདྲ་བའི་བླ་མའི་གདུང་རྒྱུད་ཀྱིས་འཛིན་པ་དང་། སྐྱེ་བས་འཛིན་པ་གཉིས་ཡོད་པ་ལས། དང་བོ་ནི། ས་སྐྱ་ཚང་གི་བདག་ཆེན་རིམ་བྱོན་ལྟར་ལུགས་གཉིས་ཀྱི་ཡོན་ཏན་རྣམས་ཕ་ཤུལ་བུ་འཇགས་ལྟ་བུས་བར་གསེང་མེད་ཅིང་བུ་སློབ་འཁོར་འབངས་རྣམས་བག་ཕེབས་པ་དང་། སྐྱེ་བས་འཛིན་པ་ནི། དེ་ལས་ལྡོག་སྟེ་བླ་མ་གྲོངས་པ་ན་སེམས་ངལ་ཆེ་ཞིང་ཡུལ་གྲུ་ཆེ་གེ་མོ་ན་བྱིས་པ་ལ་ཕ་མ་སོགས་ཀྱིས་གཡོ་སྒྱུས་བཟོས་པ་འདྲ་ལ་ཚམ་ཚོམ་མེད་པར་བདག་ཏུ་བཟུང་བའི་བཞུགས་གྲལ་ཚུད་ངེས་དང་། སྐྱེ་བོ་དུ་མ་རི་བོང་ཅལ་འདྲོགས་ཀྱི་དཔེ་ལ་བརྟེན་ཝ་སྐྱེས་སེང་གེར་བརྫུ་བའི་སྣང་ཚུལ་ཁོ་ནའོ། །ཞེས་དང་། ཡབ་རྗེ་སྐལ་ལྡན་རས་པས་ཀྱང་། བླ་མའི་གཟུགས་ཀྱིས་ཐུབ་བསྟན་ཉམས་བྱེད་པའི། །རྒྱུད་འཛིན་བླ་མ་ཕལ་ཆེར་ལྟས་ངན་ཡིན། །ཞེས་དང་། རྗེ་འཇིགས་མེད་རིགས་པའི་བློ་གྲོས་ཀྱི་རང་རྣམ་ལས་ཀྱང་། དུས་ཆེས་ཆེར་སྙིགས་པ་དང་བསྟུན་སྐུ་སྐྱེ་འཚོལ་བའི་སྲོལ་བཟང་བོ་རྣམས་རིམ་གྱིས་ཉམས་ནས་རང་འདོད་གང་བྱུང་གིས་བླ་རྒན་རེ་གྲོངས་པ་ན་སྤྲུལ་སྐུ་འམ་ཞབས་དྲུང་དང་། སྔགས་རྒན་རེ་གྲོངས་པ་ན་སྐུ་ལོ་འམ་སྐུ་འབའ་ཞེས་གཅེས་མིང་གིས་བཏགས་པ་ཞིག་བཙལ་ནས་འདོན་ཆོག་ཙམ་ལས་ཡོན་ཏན་ཅི་ཡང་མི་སློབ་པར་ཟང་ཟིང་སྡུད་པའི་ཚོང་རྟེན་བྱེད་ཅི་ཐུབ་དང་། བླང་དོར་ལ་རྨོངས་པའི་སྐྱེས་བུ་རྣམས་བསླུ་གང་ཐུབ་བྱེད་པ་ནི་ངེས་པར་བསྟན་པ་ལ་གཅེས་པར་འཛིན་པ་ཞིག་གིས་བལྟས་ན་ཤིན་ཏུ་ཡ་ང་བའི་གནས་སོ། །ཡང་། ཁོང་གིས་བསྟན་འགྲོར་ཕན་པའི་དགོས་གལ་ཆེ་ན། སྐུ་མདའ་ཁར་ཡང་སྤྲུལ་འབྱོན་པའི་སྙན་སྐུལ་གནད་དྲིལ་བ་རེ་ཞུ། དེ་འདྲའི་དགོས་པ་མེད་ན་ཀོར་གཟན་ཇེ་མང་དུ་བཏང་བ་ལས་དགོས་པ་སྤུ་ཙམ་མེད། ཅེས་གསུངས་ལ། ཐ་ན་སྒྲུང་དཔེ་ཚུན་ཆད་ནའང་དགག་རྒྱག་དང་ཐེར་འདོན་བྱས་ཡོད་དེ། བྷེ་གླིང་གཡུལ་འགྱེད་ལས། བླ་ངན་པ་ཞིང་འབྲོག་རུ་སྡེ་ཉུལ། །སེམས་ཆགས་སྡང་གཡོ་སྒྱུའི་འཁོར་ལོ་བསྐོར། །དད་ཟས་ཤི་ཟས་གཤིན་ཟས་ལ། །སྐོམ་པའི་ཆུ་བཞིན་འཐུང་ལ་རྔམ། །སྤང་རྟོགས་ཡོན་ཏན་ཐམས་ཅད་ཀུན། །ཉིན་མོའི་སྐར་མ་བཞིན་དུ་གྱུར། །གྲོགས་སློབ་མ་ན་ཆུང་བུ་མོས་བྱེད། །མིག་སྔར་མཛེས་ཆོས་སྣ་ཚོགས་མངོན། །ཆོས་བཤད་མི་ཤེས་ཤེས་མདོག་བྱེད། །ཆོས་ཤེས་ཀྱང་ཁ་ཁོག་མི་མཚུངས་པས། །འཁོར་འབྲེལ་ཚད་དམྱལ་བའི་གནས་སུ་འཕེན། །དེ་བླ་མ་ངན་པའི་ལོ་རྒྱུས་རེད། །ཅེས་བཤད་པ་ལྟར། ཁ་དཔེར། བ་རྔ་མ་རིང་ན་དཔྱིད་ཀར་སྡུག གྱོད་རྔ་མ་རིང་ན་བུ་ཚར་སྡུག ཅེས་པ་ལྟར། སྐུ་སྐྱེ་ཕལ་མོ་ཆེ་བུ་རབས་ཚ་བརྒྱུད་ལ་སྡུག་གི་ཁུར་བོ་ཞིག་བཀལ་བ་ལས། སོ་སྐྱེས་ས་ལས་འདས་པའི་ཕྱག་རྗེས་བ་སྤུའི་རྩེ་མོ་ཙམ་ཡང་མི་རྙེད་པས། ཤ་ཤི་ཤ་ལ། སྡེར་མ་གསེར་སྡེར་བཞག་པའི་དགོས་པ་མ་མཐོང་སྟེ། མི་ནག་པའི་ཁ་དཔེར། ལུག་མ་བཤའ་ཟེར་ནོ་བླ་མ་རེད། །ཤ་ཚོན་པོ་ཟ་ནོ་བླ་མ་རེད། །ཟེར་བ་ལའང་ཐུགས་ཁག་མེད་དོ། །

ཚུལ་འདི་ལྟ་བུ་ལ་ངེས་ཤེས་རྙེད་ནས། ཨ་རིག་དགེ་བཤེས་ཆེན་མོ་སྐུ་གཤེགས་ཁར། བུ་སློབ་རྣམས་ཀྱིས་སྐུ་སྐྱེ་འཁྲུལ་མེད་ཅིག་འབྱོན་པར་གསོལ་བ་བཏབ་པས། ཞལ་ཆེམས་དུ་ཁོ་ལ་རང་དབང་ཞིག་ཡོད་ན་ཡིད་དགའ་ཆོས་འཛིན་དུ་འགྲོ་བས་སྐུ་སྐྱེ་མེད། གལ་ཏེ་དགོས་ན་བྱིས་པའི་དུས་ནས་ལམ་སྔགས་གཉིས་བློ་ཐོག་ནས་ཤར་མར་འདོན་ཐུབ་པར་མ་ཟད། ཁྱི་གཏུམ་པོས་དེད་ཀྱང་ཁ་ནས་མི་ཆད་པ་ཞིག་རྙེད་ན་ཁོའི་སྐུ་སྐྱེ་ཡིན། ཞེས་དང་། བདག་ཅག་གི་བླ་མ་རྗེ་དགེ་འདུན་བསྟན་འཛིན་འདའ་ཁ་ཡང་། ཁོ་མིག་བཙུམ་རྗེས་སྐུ་གདུང་མཆོད་རྟེན་བཞེངས་པའམ། རྗེས་དྲན་དུས་དེབ་ཕུད་པ། ཁྱད་པར་དུ་སྐུ་སྐྱེ་འཚོལ་བ་སོགས་བྱས་ན་བླ་མ་འགལ་བའི་དམ་ཉམས་ཡིན་ཞེས་སོགས། སྐྱེས་བུ་དམ་པ་མང་བོས་ཀྱང་དེ་ལྟར་མང་དུ་གསུངས་པ་ནི། སྐུ་སྐྱེའི་མིང་བྱང་ལ་བརྟེན་ནས། སྐྱུག་བྲོ་བའི་བྱ་སྤྱོད་ཁོ་ན་འབྱམས་པར་ཡི་ག་གཏིང་ནས་ལོག་པ་མཐོང་ཐུབ་ལ།

དེར་མ་ཟད། སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་རང་རྣམ་ལས་ཀྱང་། དེང་དུས་བོད་དང་ཧོར་སོག་གི་ལྗོངས་སུ་ཆོས་སྲིད་ཟུང་གི་ཁྲིམས་གུ་ཡངས་ཤིང་། བདེན་གཏམ་རྡོའི་རི་མོ་ལས་རྫུན་ཆེན་བྱེ་རིར་བྲིས་པའི་རི་མོ་བསྒྲིན་པའི་དུས་སྙིགས་བདོ་བའི་སྐབས་སུ། བོད་དབུས་གཙང་གི་རྒྱལ་བ་ཡབ་སྲས་སོགས་དང་མདོ་ཁམས་རྒྱ་སོག་གི་ལྗོངས་སུ་བཞུགས་པའི་སྐྱེས་བུ་དམ་པ་དངོས་ལས་གཞན་པའི་བླ་ཆེན་མངོན་ཤེས་ཅན་སྐད་རང་དེར་རློམ་བླ་གཟུགས་དྲེགས་པ་ཅན་དང་ཆོས་སྐྱོང་ཁོག་ཞུགས་ཟེར་བ་ལ་ལས་ངོས་ལའང་ལུང་རྫུན་སྒྱུ་མའི་རྡོའི་སྟག་སེང་དུ་བསྒྱུར་བ་མཆིས་པ་མང་ཞིག་རྣ་བའི་བུ་གུར་ཞུགས་ཙམ་ལ་བརྟེན་ནས་རང་ཉིད་ཟོག་པོར་གཏོང་བའི་རློམ་སེམས་ད་ལྟའི་ཁ་ཅིག་ལ་བལྟས་ན་བྱས་ཆོག་ཚོད་དུ་གདའ་ཡང་། ཚེ་ཕྱི་མ་ཡོད་ངེས་དང་ལས་འབྲས་མི་བསླུ་བའི་ངེས་ཤེས་འདྲོངས་པ་སྔ་མོ་ནས་ཡོངས་འཛིན་དག་གི་དྲིན་ལས་རྙེད་པས་དེ་འདྲ་རྨི་ལམ་དུའང་རྣམ་རྟོག་ཟའོ། །ཞེས་གསུངས་པ་ལས་སྐུ་སྐྱེའི་ལམ་ལུགས་དང། ཁོང་ཉིད་སུམ་པ་ཞབས་དྲུང་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་སྐུ་སྐྱེ་ངོས་འཛིན་པ་པོ་དང་། རང་ཉིད་དེ་ཡིན་མིན་གྱི་ཤན་འབྱེད་གསལ་བོར་གནང་སྟེ། བརྗོད་འདོད་པའི་སྙིང་གི་ན་ཟུག་དེ་གསལ་རྗེན་དུ་བསྟན་ཡོད་དོ། །

དེ་དང་མཐུན་པར་པཎ་ཆེན་སྐུ་ཕྲེང་བཅུ་བས། མཆོད་ཁང་ཤར་བཀྲ་ཤིས་རྣམ་རྒྱལ་གསར་བཞེངས་ཀྱི་མཛད་སྒོར། གསུང་བཤད་སྒྲ་ཐག་ཏུ་ཕབ་པ་ལས། སྤྲུལ་སྐུ་ངོས་འཛིན་ཞུ་མཁན་མང་ཆེ་བས་སྤྲུལ་སྐུ་འཁྲུལ་བ་མེད་པ་ཞིག་ཡོང་བ་ཞེས་ཞུ་གི་ཡོད། དེ་ནི་སྐུ་ཐོག་གོང་མའི་རྣམ་ཤེས་ཞུགས་པའི་འཁྲུལ་བ་མེད་པ་ཞིག་ཟེར་བ་འདི་རེད། སྔོན་ཆད་སྐུ་འབུམ་ལ་སྤ་ཕྲུག་ཅེས་པ་ཞིག་གིས། པཎ་ཆེན་གོང་མར་སྤྲུལ་སྐུ་འཁྲུལ་བ་མེད་པ་ཞིག་ངོས་འཛིན་གནང་རོགས་ཞུས་པར། དེའི་ལན་དུ་སྤྲུལ་སྐུ་འཁྲུལ་བ་མེད་པ་ལས་བསྟན་པ་དང་དགོན་པར་ཕན་ཐོགས་པ་ཞིག་བྱུང་ན་དགའ་བ་མེད་དམ། ཞེས་བཀའ་གནང་བ་རེད། མི་དེས་ཕན་ཐོགས་རུང་མི་ཐོགས་རུང་སྤྲུལ་སྐུ་འཁྲུལ་བ་མེད་པ་ཞིག་དགོས་ཞེས་ཞུས་པས། འཁྲུལ་བ་མེད་པ་འདི་ཡིན་ཞེས་བསྟན་པ་དེ་ནི་གཟའ་རོ་ཞིག་ཡོད་འདུག གསུངས་པ་ལྟར་རོ། །

ཁྱད་པར་དུ། སྙིགས་དུས་ཀྱི་རང་མཚང་ཀློང་དུ་བརྡོལ་བའི་སྐབས་འདིར། རྒྱལ་དབང་ལྔ་བས། འཇིག་རྟེན་སུ་མཁས་བསྟན་འཛིན་སྐྱེས་བུར་འཇོག །ཅེས་པ་ལྟར་སྣང་ཡང་། དོན་དུ་ན། རང་གི་ལམ་མགོ་གྲོག་པོ་ཕུ་རྡུགས་ལས་ཐུ་ཞིང་། དུང་ཕྱུར་བཅོ་བརྒྱད་ཀྱི་ཤི་སྣ་འདྲེན་པར་རློམ་ཞིང་། བླུན་རྨོངས་ཁྲི་མ་འབུམ་གྱི་འཁོར་ཚོགས་བསྡུས་ཏེ་ཁྱིམ་པ་ཕོ་མོ་ལ་འཕྲོད་པའི་སྨྲ་ལྕེ་བདེ་ལ། ཆོས་གཞུང་རྣལ་མ་འཆད་པ་ལ་སྨྲ་བ་དམ་གྱིས་བརྒྱབ་པའི་སྐུ་སྐྱེ་མང་ཞིག་ཐུབ་བསྟན་གྱི་གཤེད་དུ་བབ་པར་སྣང་སྟེ། རྒྱལ་དབང་ལྔ་བས། མི་ཤེས་གདོལ་བའི་ཕྲུ་གུ་དར་ཟབ་གྱིས། །ཕང་ཕུང་མཛེས་པར་བྱས་ཏེ་མཐོན་པོའི་ཁྲིར། །བླུན་པོའི་འཁོར་ཚོགས་དབུས་ན་འགྱིང་བ་ཡི། །བ་མོས་ཐུབ་བསྟན་པད་ཚལ་བཅོམ་གྱིས་དོགས། །ཆོས་སྤྱོད་བཅུ་ཡི་སྒྲུབ་པ་རྒྱབ་བོར་ནས། །ཁ་དྲག་དཔུང་དང་རྒྱུ་ནོར་གཡོ་ཁྲམ་གྱིས། །འགྲོ་བའི་ཕན་བདེ་སྒྲུབ་པར་རློམ་བྱེད་ན། །ཀུན་མཁྱེན་ཤཱཀྱའི་གཙོ་དེ་འཁྲུལ་བར་ངེས། །ཞེས་དང་། ཡབ་རྗེ་བླ་མས། གཏམ་ཧ་ཅང་མང་བའི་མཆེད་གྲོགས་དང་། །རྒྱུད་ཆགས་སྡང་སྐྱེད་པའི་འཁོར་གཡོག་དང་། །ལམ་ལོག་པར་སྟོན་པའི་བླ་མ་གསུམ། །འདི་ཐར་བའི་སྲོག་འཕྲོག་བདུད་པོ་ཡིན། །ཞེས་ལན་གྲངས་དུ་མར་ངན་གཡོ་དམར་རྗེན་དུ་བཏོན་ཏེ། སུན་འབྱིན་གནང་ཡོད་པར་མ་ཟད། ཁོང་བྱ་བཏང་རི་ཁྲོད་དུ་ཕེབས་པའང་བླ་ཆེན་ཁུར་བཞེས་ལ་མི་སྤྲོ་བ་ནི། གསུང་མགུར་ལས། ཨ་ལ་ལ་རྒྱལ་ཁམས་འགྲིམས་པའི་བན་རྒན་ང་ནི། །བླ་ཆེན་ཁུར་དེ་དུས་ལ་བབ་ཀྱང་། །ཁུར་དེ་མ་བཟུང་བྱ་བཏང་ཚུགས་བཟུང་། །རང་ཚུགས་འདི་ཡང་ཆོས་དང་མཐུན་བྱུང་། །ཞེས་སོ། །

གཞན་ཡང་། ཟོག་རྫོབ་ཆེ་བའི་སྐུ་སྐྱེ་དེ་རྣམས། སྐྱེས་བུ་དམ་པ་ཚོས་སྙིང་རྗེའི་ཡུལ་དུ་བཞག་ཡོད་དེ། ལྕང་སྐྱ་རོལ་བའི་རྡོ་རྗེས། བྱིས་པའི་དུས་ནས་ཐོས་བསམ་ལོང་མེད་པར། །དར་གོས་ཀྱིས་བཀླུབས་ཚོང་ཟོང་བཞིན་དུ་འགྲིམས། །དད་གཤིན་དཀོར་གྱི་ཟས་ལ་བག་མེད་སྤྱོད། །གནས་བརྟན་དགེ་འདུན་ཕྱག་དང་བསྙེན་བཀུར་ལེན། །ལྔ་བདོའི་སྐུ་སྐྱེ་རྣམས་ལ་ཐུགས་རྗེས་གཟིགས། །ཞེས་སོགས་མང་དུ་གསུངས་ཡོད་ལ། སྐུ་སྐྱེའི་གང་ཡིན་ཡང་ཐོག་མའི་མ་ཁུངས་དེ་ངེས་པ་དོན་གྱི་མཁས་གྲུབ་གཉིས་ལྡན་ཞིག་ཡིན་ནའང་། ཕུར་ལྕོག་བྱམས་པས་དུས་ངན་གྱི་སྐུ་སྐྱེ་ཚོ་སྐྱེས་པ་རེ་བླངས་ཀྱིན་ཇེ་ངན་ཇེ་ངན་དུ་འགྲོ་ཞེས་འཁོར་རྣམས་ལ་བཀའ་བཀྱོན་གནང་བ་དང་། དཔལ་སྒང་ལོ་ཙཱ་བས། ཞག་རེ་སོང་གིན་ནང་སྐྱོན་ཕྱི་ནས་རིག །ཅེས་པ་ལྟར། དེ་ནི་ཟས་མི་ལག་བརྒྱུད་ན་ཇེ་ཆུང་ཞེས་པའི་ཁ་དཔེ་ལས་མ་འདས་སོ། །

གཞན་ཡང་། སྐུ་སྐྱེ་ཕལ་མོ་ཆེས་སློབ་གཉེར་དང་གྲྭ་ས་ལིངས་ཀྱིས་བོར། ནག་ཆང་དུ་གསུམ་མདུན་དུ་བསུས། ཆུང་དུས་ནས་གཞན་སེམས་བསླུ་བའི་རིག་པ་སྦྱངས་ཏེ། ཕྱག་ཏུ་འཛིན་རྒྱུའི་དཔེ་ཆ་མི་འཛིན་པར། མི་འཛིན་རྒྱུའི་ཕྲེང་གོག་དང་མོ་རྡེའུ་བཟུང་ནས། ད་དུང་། ཕྱག་མོ་དང་ལུང་བསྟན་གཙིགས་པ་ཞེས་མིང་བྱང་གི་རླུང་རྟ་མངོན་ལྐོག་གང་རུང་དུ་སྤུར་ཏེ། བླུན་རྨོངས་མང་བོ་བཀུག་ནས་ཡ་གིའི་ལྷ་དེ་འཁྲུགས་རབས་དང་། བར་གྱི་བཙན་དེས་ཐེབས་རབས། མ་གིའི་གདོན་དེས་གནོད་རབས་སོགས་རྣམ་རྟོག་གི་དྲ་རྒྱ་བསླེས་སྟེ། ཡོད་ཚད་རྫས་སུ་ཕུད། རིག་ཚད་ནོམ་དུ་འཁྱེར་ཏེ། བྱིས་པའི་མདུན་ལམ། ནད་པའི་བདེ་སྡུག དཔལ་འབྱོར་གྱི་ཡོང་འབབ། མདོར་ན་འབྱུང་འགྱུར་གྱི་ལེགས་ཉེས་ཐམས་ཅད་མོ་ཁ་ནས་ཤན་འབྱེད་གནང་བ་ནི། ཡབ་རྗེ་བླ་མས། མིག་ཟུམ་ཟུམ་གིས་མི་མགོ་བསྐོར་མཁན་མང་། །ཞེས་པ་ལས་མ་འདས་ལ། གལ་ཏེ་ཁྱི་རྒན་ལྡོམ་ནས་འགྲོ་བ་དང། རྩམ་ལོག་ཐུར་དུ་སྒྲིལ་བ་ལྟ་བུ་རེ་གཉིས་སྲིད་ནའང། ས་སྐྱ་ལེགས་བཤད་ལས། མ་དཔྱད་པ་ལས་དོན་འགྲུབ་པ། །བྱུང་ཡང་མཛངས་པར་སུ་ཞིག་བརྩི། །སྲིན་འབུ་དག་གིས་ཟོས་པའི་རྗེས། །ཡི་གེར་བྱུང་ཡང་ཡིག་མཁན་མིན། །ཞེས་པའི་ངང་ཚུལ་ལོ། །

སྟོན་པ་ཞལ་བཞུགས་ཚེ་སུ་དང་གང་གིས་བདེ་སྡུག་ཞུས་ན། ལས་འབྲས་ཀྱི་སྟེང་ནས་རྩིས་སྤྲོད་གནང་སྟེ་སྡིག་སྤོང་དགེ་སྒྲིབ་ལ་གདམས་པ་ལས། ཕྲེང་གོག་གཅོད་པ་དང་མོ་རྡེའུ་འཕངས་ཏེ་ལུང་བསྟན་འབེབས་པ་མདོ་རྒྱུད་གང་དུའང་ཚིག་ཟུར་ཙམ་ཡང་མི་སྣང་ངོ་། །རྗེས་འཇུག་བུ་སློབ་རྣམས་ལ་མཚོན་ནའང་། རྒྱ་གར་དུ་གྲུབ་ཆེན་བརྒྱད་ཅུ་དང་རྒྱན་དྲུག་མཆོག་གཉིས། བོད་དུ་ས་དགེ་ཀར་སྙིང་གསུམ་གྱི་མཁས་པ་སྔ་མ་དག་གི་རྣམ་ཐར་ལ་མཇོལ་དང་། ཕྲེང་གོག་དང་མོ་རྡེའུ་འཕངས་ཏེ་འགྲོ་དོན་བསྐྱངས་མ་བསྐྱངས་གསལ་བར་འགྱུར་རོ། །ཁྱད་པར་ཆོས་ཀྱི་འབྱུང་ཁུངས་སངས་རྒྱས་ནས་རྒྱ་བལ་བོད་གསུམ་དུ་ཀརྨ་བའི་ཡན་ཆད་དུ་སངས་རྒྱས་བྱང་སེམས་ཀྱི་སྐུའི་ཕྲེང་བ་ཇི་སྙེད་ཅིག་གིས་འགྲོ་དོན་རླབས་པོ་ཆེ་མང་དུ་བསྐྱངས་ཀྱང་། སྐུ་སྐྱེ་ཞབས་དྲུང་གི་མིང་བྱང་འདིའི་སྟེང་ནས་རྒྱལ་བསྟན་རྒྱས་པར་མ་མཛད་པ་སུམ་པས་རང་རྣམ་ལས་གསུངས་ཡོད་པས་དེ་བལྟ་བར་བྱའོ། །ཚུལ་འདི་ལ་དགོངས་ནས་རང་རྣམ་དེ་ལས། སྐུ་ནར་སོན་པ་ནས་ཚེ་ཧྲིལ་བོར་སྒྲུབ་པ་སྙིང་བོར་བྱས་པའི་སྤོང་བ་བ་རྗེ་བཙུན་མི་ལ་གཉིས་པར་གྱུར་འདྲའི་སྐུ་ཆས་སྲབ་པ་ཕལ་ཆེར་ལ་སྐུ་སྐྱེས་བྱོན་པ་དཀོན་པར་སྣང་། ཞེས་གསུངས་ཡོད་དོ། །

ཕལ་བའི་ཡིད་སྨོན་ཅན་གྱི་སྐུ་སྐྱེ་དེ་ཚོ། ར་ཡི་རིལ་མ་ལ། ལུག་གིས་ངོ་སོ་བསྟོད་པའི་དཔེ་བཞིན། ཕལ་བས་སྨོན་ཡུལ་དུ་གྱུར་ན་མ་གཏོགས། མཁས་པ་མགུ་བའི་ལས་སུ་མི་འགྱུར་སྟེ། ཡོངས་འཛིན་བློ་བཟང་དཔལ་ལྡན་གྱིས། གཞན་དུ་མི་རྟག་སྲིད་འབྱོར་སྒྱུ་མའི་རྫས། །སྡུད་སླད་ཆིབས་ཀྱི་གོམ་འགྲོས་རླུང་ལས་ཀྱང་། །མགྱོགས་པའི་རྣམ་ཐར་ཕལ་གྱིས་ཡིད་སྨོན་ཅན། །བསྐྱངས་པས་བསྟན་འགྲོར་སྨན་པ་མཆིས་སོ་ལོ། །ཞེས་དང་། མི་ལ་བཞད་པའི་རྡོ་རྗེ་ཡང་སྐྱིད་ཕུག་ཉི་མ་རྫོང་དུ་བཞུགས་སྐབས། པེ་ཏས་རྗེས་གཅོད་ཅིང་ཕྱིན་པའི་ལམ་བར་དུ། དིང་རི་ན་བླ་མ་བ་རི་ལོ་ཙཱ་བ་ཁྲི་བརྩིགས། གདུགས་ཕུབ། དར་ཟབ་ཀྱི་ན་བཟའ་གསོལ། དུང་ཁ་སྦྱོར་དུ་བུས། གྲྭ་བུ་སློབ་མང་བོས་བསྐོར། འབུལ་མི་བསམ་གྱིས་མི་ཁྱབ་པ་འོང་། ཇ་ཆང་བཟང་བོ་འདྲེན་པ་པེ་ཏས་མཐོང་སྟེ། མི་ལར་ཁྱེད་རང་བླ་མ་དེ་གའི་ཕྱག་ཕྱིའི་གྲྭ་བ་ཞན་ཤོས་ཤིག་འཐོབ་རུང་སྐྱིད་པོ་འོང་ལུགས་ཞུས་པས། མི་ལའི་ཞལ་ལས། བསྒྲུབས་ན་བ་རི་ལོ་ཙཱ་བ་ལྟ་བུ་ཁོ་རང་ཡང་འོང་ཡང་། ཚེ་འདིར་སངས་རྒྱས་ཐོབ་པར་འདོད་ནས་སྒྲུབ་པ་ལ་ནན་ཏན་དང་བརྩོན་འགྲུས་བྱས་པ་ཡིན། ཞེས་པའི་ཚིག་དུམ་འདིས་བསྟན་པ་ལ་ཤ་ཞེན་ཆེ་བའི་སྐྱེས་བུ་དམ་པ་ཞིག་གི་བསམ་བློ་མཐོང་ཐུབ་ལ། གུང་ཐང་བསྟན་པའི་སྒྲོན་མེས་ཀྱང་། གཡོ་སྒྱུ་ཁྲམ་གསུམ་ལྡན་པའི་སྐུ་སྐྱེ་དེ་ཚོ་ལྷ་བཟོ་ཀུན་དགའི་ངན་ཇུས་དང་སྦྱར་ཏེ། ནམ་ཞིག་གི་ཚེ་ཤིང་བཟོ་ཀུན་དགའི་སྤྱང་གྲུང་ལྡན་པའི་བློ་རིག་གིས་ལྷ་བཟོ་ཀུན་དགའི་རྫུན་རྐུབ་བརྟོལ་བའི་དཔེ་དང་སྦྱར་ཏེ། ད་ལྟའི་སྐུ་སྐྱེ་ཚོ་དགག་རྒྱག་དང་ཐེར་འདོན་བྱས་ཡོད་དོ། །

དེར་མ་ཟད། སུམ་པའི་རང་རྣམ་ལས། ལ་ལའི་གྲྭ་སློབ་སོགས་ཀྱིས་སྔོན་བྱོན་རྒྱ་བོད་ཀྱི་མཁས་གྲུབ་ས་ལམ་མཐོན་པོར་སོན་པ་འགའ་ཞིག་ལུ་གུ་རྒྱུད་དུ་བྱོན་པའི་སྐུ་ཚེའི་ཕྲེང་བ་བསྒྲིགས་ནས་དེ་ལ་སྦྱོར་ཞིང་། ཞབས་དྲུང་དེས་ཀྱང་དེ་དང་དེ་ཡིན་པར་རློམ་སྟེ་ཞལ་བཞེས་གནང་ནའང་། གསུངས་པ་ལྟར། བླ་བརྒྱུད་གསོལ་འདེབས་སངས་རྒྱས་ཀྱི་གཡས་གཡོན་ལ་གཏུགས་པ་ནི། གལ་སྲིད་ཡིན་ན་ནི་ཤིན་ཏུ་ལེགས་མོད་ཀྱང་། ཉེས་ན་ནི་ཚུལ་ཁྲིམས་སྡོམ་ལྡན་ཞིག་ཡིན་ན་ནི་ཉམས་རྒྱུར་འགྱུར་ཉེན་དང་། མི་ཆོས་བླ་མའི་རྫུན་སོགས་ཀྱི་ཉེས་པ་བརྒྱ་ཕྲག་གི་རྫོང་འདེབས་དང་བཅས་དམྱལ་བའི་གཏིང་རྡོ་འཕེན་པའི་ལས་ཁོ་ནའོ། །གསུངས་ལ།

དེ་ལས་གཞན། རྗེ་འཇིགས་མེད་རིགས་པའི་བློ་གྲོས་ཀྱིས། སློབ་རྒྱུའི་ཡོན་ཏན་མི་སློབ་པར། མི་སློབ་རྒྱུའི་ངན་གཡོ་བསླབས་ནས་སྐྱེ་བོ་ཐ་མལ་བ་སླུ་ཐུབ་པ་ན་བུ་སྐྱེས་སོང་སྙམ་པ་ནི་བདུད་ཀྱི་ཆོ་འཕྲུལ་ཡིན་ནོ། །ཞེས་པ་ལྟར། སྙིགས་མའི་རང་མཚང་ཀློང་དུ་བརྡོལ་བའི་དུས་ཀྱི་མར་གཤམ་འདིར། ལུང་རྟོགས་ཀྱི་བསྟན་པ་རྒྱབ་ཏུ་བོར་ནས། སྐུ་སྐྱེའི་མིང་བྱང་རྫིག་པོ་ཆེ་དེ་རུམ་དུ་བསྲེལ་ཏེ། ལས་སུ་ཆོས་བྱས་ཀྱང་། སངས་རྒྱས་དགྲར་ལངས་པ་དེ་དག་གིས། མངོན་ལྐོག་གང་རུང་དུ་ཟང་ཟིང་སྡུད་པའི་ཐབས་སུ་རང་གི་ཆེ་བ་བརྗོད་པ་ནི། ཇི་སྐད་དུ། གནས་ངེས་པ་རྒྱ་ནང་སོགས་གང་ན་སྟོབས་འབྱོར་ཆེ་སར་བཞུགས་པ། སྐུ་ངེས་པ་ལུས་མཚག་རྒྱས་ཤིང་རྒྱགས་པ་ཤ་སྟག་ཏུ་ཆགས་པ། འཁོར་ངེས་པ་རྒྱ་དང་རྒྱ་མོས་བསྐོར་བ། ཆོས་ངེས་པ་བླུན་རྨོངས་འབྱོར་ལྡན་གྱི་རྣ་བར་གང་འཕྲོད་དུ་གསུངས་པར་མཁས་པ། དུས་ངེས་པ་སྔ་མའི་རྣམ་སྨིན་གྱི་འཕེན་པ་མ་རྫོགས་བར་དུ་བཞུགས་པ། ཞེས་པའི་ཆོ་ལོ་འདི་མི་འདོད་བཞིན་དུ་ཞལ་གྱིས་བཞེས་དགོས་པ་ཆོས་ཉིད་དུ་གྲུབ་པར་མ་ཟད། བྱི་ལ་དགེ་བསྙེན་གྱི་གཏམ་རྒྱུད་བསྐྱངས་ཏེ། ཙི་གུའི་དཔོན་པོ་ཇེ་ཚོ། ཙི་གུའི་འཁོར་ཚོགས་ཇེ་ཉུང་གིས་བསྟན་པ་བསྐྱངས་པ་དེ་ཡང་། ད་དུང་ཕོ་རྒོད་དུ་རློམ་ན། གུང་ཐང་གིས། ཆོས་སྲིད་ཇི་འདྲ་ཞིག་བྱེད་ཀྱང་། །ངོ་ཚ་ཁྲེལ་ཡོད་འདི་གལ་ཆེ། །ཁྲེལ་མེད་ཕོ་རྒོད་དུ་རློམ་ན། །ནམ་ཕུགས་རྒྱལ་ཁམས་ལ་བསྟན་ཡོང་། །ཞེས་པ་ལྟར། ད་དུང་མིག་བཙུམ་མ་ཐག་ཏུ་རྣམ་སྨིན་ཇི་ལྟར་འབྱུང་བ་འདིར་དཔེ་མཚོན་འགའ་དྲངས་ན། ལམ་རིམ་རྣམ་གྲོལ་ལག་བཅངས་ལས།

འགྲོ་མགོན་གླིང་རྗེ་རས་པས་ཡར་འབྲོག་གི་མཚོ་ནང་དུ་གཟིགས་ནས་བཤུམས་ཏེ། ཨ་ཁ་ཁ། དཀོར་མ་ཟ། དཀོར་མ་ཟ་གསུངས། ཅི་ལགས་ཞུས་པས། མཚོ་ནང་འདིར་བླ་མ་བླ་དཀོར་ཟན་པ་ཞིག་ཉ་ཤིན་ཏུ་ཆེ་བ་ཡར་འབྲོག་མཚོ་ལ་ཕྱེད་ཙམ་འཁོར་བ་སྲོག་ཆགས་མང་བོས་ཟ་བ་ཞིག་ཏུ་སྐྱེས་འདུག་གསུངས། འོ་ན་དེ་སྟོན་པར་ཞུས་པས། རྫུ་འཕྲུལ་གྱིས་སྐད་ཅིག་ལ་མཚོ་དེ་བསྐམས་ཙ་ན། འདི་ནི་ངག་ནུས་བྱིན་རླབས་ཤིན་ཏུ་ཆེ་ཞིང་། འདྲེ་གདོན་ལ་ལྟ་སྟངས་ཙམ་གྱིས་བསྐྲོད་པ། ཕཊ་ཤར་རེ་བརྒྱབ་ནའང་རྟ་ཟོག་མང་བོ་བླངས་འགྲོ་བ། དབུས་གཙང་རུ་བཞིའི་མཆོད་གནས་སུ་གྱུར་བ། གཙང་བླ་རྟ་ནག་ཅན་གྱི་སྐྱེ་བ་ཡིན་གསུངས་པ་ལྟ་བུ་དང་།

ཡང་། གྲུབ་ཆེན་ཐང་སྟོང་རྒྱལ་བོས་ཕ་བོང་ཞིག་གི་སྟེང་དུ་རྩ་རླུང་འཕྲུལ་འཁོར་མཛད་པས། ཕ་བོང་དེ་ཕྱེད་ཚལ་དུ་གས་པའི་ནང་ནས་སྦལ་བ་ཆེན་པོ་ཞིག་གི་ལུས་ལ་སྲོག་ཆགས་གྲངས་མེད་འབྱར་ནས་ཤ་ཟ་ཁྲག་འཐུང་བྱས་པས། སྦལ་བ་དེ་ཁ་ནག་དེང་དེང་འདུག་པ་ཅི་ལགས་ཞུས་པས། འདི་དམར་ཆོག་བྱེད་པའི་བླ་མ་ཞིག་གི་སྐྱེ་བ་ཡིན་གསུངས་པ་དང་།

ཡང་། སྡེ་དགེའི་བླ་མ་ཞིག་གིས་ཉེ་གནས་ལ་དེ་རིང་ཆུས་འཁྱེར་བ་ཅི་བྱུང་ཡང་ཚུར་བཏོན་ལ་འཁྱེར་ཤོག་གསུངས་པ། ཤིང་སྡོང་ཞིག་བྱུང་སྟེ་ཁོག་པ་གཤགས་པ་ན། དེའི་ནང་དུ་སྦལ་བ་ཆེ་བ་ཞིག་ལ་ཆུང་བ་མང་བོས་ཟ་བ་ཞིག་ཐོན་པ། སྔ་མ་འདི་གཉིས་དཀོར་ཟན་གྱི་བླ་མ་ཞིག་དང་། སྡེ་དགེ་གཉེར་ཆེན་ཞིག་གི་སྐྱེ་བ་ཡིན་པར་གསུངས་ཡོད།

ཡང་། སྔོན་དྭགས་པོར་བླ་མ་ཞིག་ལ་རྒྱུན་དུ་སྦྱིན་བདག་མི་ཚང་གཅིག་གིས་མར་དང་། མི་ཚང་གཅིག་གིས་ཤ་ཕུལ། བླ་མས་དཀོར་སྦྱོང་མ་བྱས་པར་ཤི་སྟེ། མར་ཕུལ་བའི་ཁྱིམ་དེར་འོ་མ་ཤིན་ཏུ་མང་བའི་འབྲི་ཞིག་ཏུ་སྐྱེས། རྗེས་སུ་གཡང་དུ་ལྷུང་བ་ཆུས་འཁྱེར་ནས་ཤ་ཕུལ་བའི་མི་ཚང་དེས་རྙེད། ཤ་རྣམས་ཟོས་ཟིན་པ་ན། རྩིབས་མའི་རུས་པའི་ལྡེབས་སུ་མི་ཚང་ཆེ་གེ་མོའི་ཤ་དང་། མི་ཚང་ཆེ་གེ་མོའི་མར་གྱི་སྐྱིན་པ་འཕྲོད་སོང་ཟེར་བའི་ཡི་གེ་བྱུང་། དེས་ན་ལས་འབྲས་ཀྱི་རྒྱ་ཁ་ན་དམིགས་གསལ་གཏོང་རབས་མེད་པས། བླ་མའི་དཀོར་འཇུ། རྨ་བྱའི་དུག་འཇུ་ཟེར་རྐྱང་ཡིན་མིན་བསམ་པར་རིགས་སོ། །

མཁའ་འགྲོ་མ།

སྤྱིར་མཁའ་འགྲོ་མ་ཞེས་པ་ལ་རིགས་གཉིས་ཏེ། གཅིག་ནི་རིགས་བཟང་མཁའ་འགྲོ་མ་དང་། ཅིག་ཤོས་ནི་རིགས་ངན་མཁའ་འགྲོ་མའོ། །

༡ རིགས་བཟང་མཁའ་འགྲོ་མ། རིགས་བཟང་མཁའ་འགྲོ་མ་ནི། གསང་སྔགས་ཀྱི་གཞུང་ལས་གསུང་ཚུལ་ལ། སངས་རྒྱས་ཟིན་པའི་མཁའ་འགྲོ་མ་ལ། ལྷན་སྐྱེས་ཀྱི་མཁའ་འགྲོ་མ་དང་། གསང་སྔགས་ཀྱི་ལམ་ལ་ཞུགས་ནས་ཉམས་རྟོགས་མཐོ་རུ་ཕྱིན་པའི་མཁའ་འགྲོ་མ་སྟེ་སྔགས་སྐྱེས་ཀྱི་མཁའ་འགྲོ་མ་གཉིས་ཡོད། ཡང་མཁའ་འགྲོ་སྡེ་བརྒྱད་དེ། རྡོ་རྗེ་མཁའ་འགྲོ། རིན་ཆེན་མཁའ་འགྲོ། པདྨ་མཁའ་འགྲོ། ལས་ཀྱི་མཁའ་འགྲོ། དམ་ཚིག་མཁའ་འགྲོ། སྣ་ཚོགས་མཁའ་འགྲོ། ཐམས་ཅད་མཁའ་འགྲོ། འཇིག་རྟེན་མཁའ་འགྲོའོ། །གཞན་ཡང་། གསང་སྔགས་མ་རྒྱུད་ཀྱི་གཞུང་ལས། མཁའ་འགྲོ་མ་ལ་ཉི་ཤུ་རྩ་བཞི་ཞེས་འབྱུང་སྟེ། སྐུ་ཡི་གནས་བརྒྱད་ན་བཞུགས་པའི་འཁོར་ལོའི་ཤུགས་ཅན་སོགས་སྐུའི་རིགས་ཀྱི་མཁའ་འགྲོ་མ་བརྒྱད། གསུང་གི་གནས་བརྒྱད་ན་བཞུགས་པའི་མཁའ་འགྲོ་མ་ས་སྲུང་མ་ལ་སོགས་པ་གསུང་གི་རིགས་ཀྱི་མཁའ་འགྲོ་མ་བརྒྱད། ཐུགས་ཀྱི་གནས་བརྒྱད་ན་བཞུགས་པའི་རབ་གཏུམ་མ་ལ་སོགས་པ་ཐུགས་ཀྱི་རིགས་ཀྱི་མཁའ་འགྲོ་མ་བརྒྱད་བཅས་ཉི་ཤུ་རྩ་བཞིའང་གསུངས་སོ། །

ཡང་། ཐུའུ་བཀྭན་ཆོས་ཉིའི་བསང་ཆོག་ལས། ལྷ་བསང་གི་མགྲོན་གྱི་ཁྱད་པར་བཤད་པའི་སྐབས་སུ། དཔའ་བོའམ་དཔའ་མོའམ་མཁའ་འགྲོ་དང་མཁའ་འགྲོ་མ་ཞེས་པ་མདོ་ལུགས་ལ་མེད་ཅིང་། གསང་སྔགས་ཀྱི་སྐབས་སུ་ཡང་རྒྱུད་སྡེ་འོག་མ་རྣམས་སུ་ཐ་སྙད་དངོས་སུ་སྦྱར་བ་མེད་པས། འདི་ནི་རྣལ་འབྱོར་བླ་མེད་ཀྱི་ལུགས་དང་དེ་ལས་ཀྱང་བདེ་དགྱེས་སོགས་མ་རྒྱུད་ཀྱི་སྐོར་རྣམས་སུ་རྒྱ་ཆེར་འབྱུང་བ་སྟེ། དེ་ལ་ཡང་ཡེ་ཤེས་པ་དང་འཇིག་རྟེན་པ་དང་། ཡེ་ཤེས་པ་ལའང་རྟོགས་པ་མཐོ་དམན་གྱི་སྒོ་ནས་ཞིང་སྐྱེས་སྔགས་སྐྱེས་ལྷན་སྐྱེས་ཀྱི་རིགས་སྣ་ཚོགས་ཡོད་པར་མ་ཟད། ཧེ་རུ་ཀ་དཔལ་དཔའ་པོ་ཆེ། ཞེས་དང་། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། ཞེས་སོགས་དཀྱིལ་འཁོར་གྱི་གཙོ་བོ་ལའང་དཔའ་བོ་དང་མཁའ་འགྲོའི་ཐ་སྙད་གསུངས་པ་མེད་པས་རྣམ་དབྱེ་ཞིབ་ཏུ་ཤེས་པར་འདོད་ན་བདེ་དགྱེས་ཀྱི་རྒྱུད་འགྲེལ་མན་ངག་ཉན་པར་བྱའོ། །འདིར་མཚན་གཞི་ཙམ་སྨོས་ན། དུར་ཁྲོད་བརྒྱད་དང་། ཡུལ་སོ་གཉིས་དང་། གནས་ཉེར་བཞི་སོགས་ན་བཞུགས་པའི་དཔའ་བོ་དང་མཁའ་འགྲོ་བསྐྱེད་རྫོགས་ཀྱི་རྟོགས་པ་མངོན་དུ་གྱུར་པ་རྣམས་ཏེ། དཔའ་བོ་ཐོད་པའི་དུམ་བུ་དང་། དཔའ་མོར་རབ་གཏུམ་མ་ལ་སོགས་པ་ལྟ་བུའོ། །གསུངས་སོ། །

ཡང་། མཁའ་འགྲོ་མའི་སྒྲ་བཤད་འཇུག་ལ་མུ་བཞི་ཡང་བརྩི་སྟེ། ཐེ་སེ་ཧལ་ཁྱི་སོགས་དང་། ཉི་ཟླ་གཟའ་སྐར་སོགས་དང་། ཡི་དྭགས་མཁའ་ལ་རྒྱུ་བ་རྣམས་ལ་སྒྲ་བཤད་ཡོད་ཀྱང་འཇུག་ཏུ་མེད། མཚན་ལྡན་གྱི་རིག་མ་རྫུ་འཕྲུལ་མ་ཐོབ་པ་རྣམས་ལ་སྒྲ་འཇུག་ཡོད་ཀྱང་བཤད་དུ་མེད་པའོ། །རིགས་སུ་གྱུར་བའི་མཁའ་འགྲོ་སྡེ་ལྔ་དང་། རིགས་བདག་གྱུར་བའི་མཁའ་འགྲོ་སྡེ་ལྔ་རྣམས་ནི་སྒྲ་བཤད་འཇུག་གཉིས་ཀ་ཡོད་པའོ། །ལམ་ལ་མ་ཞུགས་པ་དང་། ཞུགས་ཀྱང་ནུས་པ་མ་ཐོབ་པའི་གང་ཟག་ཡོད་དོ་ཅོག་ནི་བཤད་འཇུག་གཉིས་ཀ་མེད་པར་གསུངས་ལ། འདིར་བཤད་པ་ནི་རིགས་བདག་གྱུར་བའི་མཁའ་འགྲོ་སྡེ་ལྔ་ཡིན། དེ་ལ་ངོ་བོའི་སྒོ་ནས་གཉིས་ཏེ། གསང་སྔགས་ཀྱི་ལམ་ལ་གནས་ཤིང་རྫུ་འཕྲུལ་གྱིས་མཁའ་ལ་འགྲོ་བ། སྤྲུལ་སྒྱུར་སྟོན་པའི་རིག་འཛིན་རྣལ་འབྱོར་ཕོ་མོ་དང་། འབྲས་བུ་སངས་རྒྱས་ཀྱི་ས་ལ་གནས་པའོ། །རིགས་ཀྱི་སྒོ་ནས་དབྱེ་ན་ལྔ་སྟེ། གཙོ་ཆེར་ལས་སྒྲུབ་ཚུལ་གྱི་དབང་དུ་བཏང་ན། ཞི་བའི་ལས་སྒྲུབ་པའི་སངས་རྒྱས་མཁའ་འགྲོ། དྲག་པོའི་ལས་སྒྲུབ་པའི་རྡོ་རྗེ་མཁའ་འགྲོ། རྒྱས་པའི་ལས་སྒྲུབ་པའི་རིན་ཆེན་མཁའ་འགྲོ། དབང་གི་ལས་སྒྲུབ་པའི་པདྨ་མཁའ་འགྲོ། ལས་ཀུན་སྒྲུབ་པའི་སྣ་ཚོགས་མཁའ་འགྲོའོ། །དེ་དག་ཀྱང་སློབ་པ་ལམ་ཞུགས་ཡིན་ན་རིགས་སུ་གྱུར་བའི་མཁའ་འགྲོ་དང་། མི་སློབ་པ་འབྲས་གནས་ཡིན་ན་རིགས་བདག་ཏུ་གྱུར་བའི་མཁའ་འགྲོ་སྟེ། རྣམ་སྣང་མི་བསྐྱོད་པ་སོགས་དང་ངོ་བོ་གཅིག་གོ །རིགས་དང་རིགས་བདག་ཏུ་གྱུར་ཚུལ་ཡང་། རྒྱུད་ལས། རྣལ་འབྱོར་བ་གང་ནག་པོ་ཉིད། །དེ་ཡི་ལྷ་ནི་མི་བསྐྱོད་པ། །ཞེས་པས་རིགས་པས་གྲུབ་བོ། །གནས་ཀྱི་སྒོ་ནས་གསུམ་སྟེ། ནམ་མཁའ་དང་། ས་འོག་དང་། ས་སྟེང་ལ་སྤྱོད་པའོ། །དེ་ཡང་ཞིབ་ཏུ་ཕྱེས་ན་ཡུལ་ཉི་ཤུ་རྩ་བཞི་འམ་སོ་གཉིས་སུ་རྒྱུད་ལས་གསུངས་སོ། །རྒྱུའི་སྒོ་ནས་བཞི་སྟེ། གནས་ལས་སྐྱེས་པ། རིགས་ལས་སྐྱེས་པ། སྔགས་ལས་སྐྱེས་པ། ལས་ལས་སྐྱེས་པའོ། །

སྤྱིར་བཏང་བུད་མེད་ཕལ་བའི་ཁྲོད་ཀྱི་མཚན་རྟགས་དང་ལྡན་པའི་མཁའ་འགྲོ་མ་ནི་ཞིང་སྐྱེས་ཀྱི་མཁའ་འགྲོ་མ་ཡིན་པར་གསུངས་ལ། འདིར་རེ་གཉིས་ཀྱི་ལོ་རྒྱུས་བརྗོད་ན། ཀླུ་ལས་སྐྱེས་པའི་རྣལ་འབྱོར་མའམ་མཁའ་འགྲོ་མ་ནི། གསང་སྔགས་བརྒྱུད་རིམ་ལོ་རྒྱུས་ཐོག་གསུངས་སྲོལ་ལ། གསང་སྔགས་ཀྱི་ལམ་ལ་བརྟེན་ནས། ཨོ་རྒྱན་རྒྱལ་བོ་ཨིནྡྲ་བྷུ་ཏི་སོགས་ཡུལ་མི་ཡོངས་རྫོགས་གྲུབ་པ་འཐོབ་སྟེ། ཨོ་རྒྱན་ཡུལ་དེ་མཚོ་ཆེན་པོ་ཀླུས་བཀང་བ་ཞིག་ཏུ་གྱུར་པ་ལ། གསང་བདག་ཕྱག་ན་རྡོ་རྗེས་ཀླུ་རྣམས་སྨིན་པར་མཛད་པ་ལས། རིམ་གྱིས་མིར་གྱུར་ཏེ། མཚོ་འགྲམ་དུ་གྲོང་ཁྱེར་ཆགས་ཤིང་། གསང་སྔགས་ཀྱི་ཆོས་ཉམས་སུ་བླངས་པ་ལ་བརྟེན་ནས། གྲུབ་པ་འཐོབ་པའི་ནང་ཚན་ཡུལ་དེའི་རྒྱལ་བོ་མཐོང་བ་ན། དགའ་བའི་བུ་མོ་རོལ་བ་མོ་ཞེས་བརྗོད་པ་ཡིན། དེ་ཡང་། མཚན་གཞན་ཀླུ་ལས་གྱུར་བའི་རྣལ་འབྱོར་མ་དང་། ཀླུ་ཡི་མཁའ་འགྲོ་མ་ཞེས་བརྗོད་པ་ཡང་། ཀླུ་ནས་རིམ་བཞིན་མིར་གྱུར་ཏེ་རྟེན་དེ་ལ་གསང་སྔགས་ཉམས་སུ་བླངས་པ་ལ་བརྟེན་ནས་མཆོག་གི་དངོས་གྲུབ་འཐོབ་པ་ཞིག་ཡིན་པ་ལས། ཀླུའི་རྟེན་དེ་རང་ལ་གསང་སྔགས་ཀྱི་ཆོས་ཉམས་ལེན་བྱས་པ་དང་། གྲུབ་པ་འཐོབ་པ་དེ་འདྲ་མིན་ནོ། །

མཁའ་འགྲོ་མ་གསང་བ་ཡེ་ཤེས་ནི། གསང་སྔགས་སྔ་འགྱུར་གྱི་ལོ་རྒྱུས་དང་། བཀའ་གདམས་བུ་ཆོས། རྒྱལ་བོ་དད་པ་བརྟན་པ། རྒྱལ་བོ་དཀོན་མཆོག་འབངས་བཅས་ཀྱི་ལོ་རྒྱུས་ལས་འབྱུང་བས། ཞིབ་ཏུ་དེར་གཟིགས་པར་བྱ་ལ། དེ་ནི་ཨོ་རྒྱན་གྱི་མཁའ་འགྲོ་མ་ཐམས་ཅད་ཀྱི་གཙོ་མོ་ཡིན་པར་བཤད།

མཁའ་འགྲོ་མ་སུ་ཁ་སུ་དྷི་ནི། ཁ་ཆེའི་ཡུལ་གྱི་གྲོང་ཁྱེར་ཁྲི་བརྟན་དུ། བཟའ་མི་བདུན་ལ་འབྲས་བུམ་པ་གང་ལས་མེད་པ་ཞིག་གི་ཁྱིམ་བདག་མ་ཡིན། ཚེ་ཞིག་དགེ་སློང་བསོད་སྙོམས་པ་ཞིག་འོང་བ་ལ། འབྲས་བུམ་པ་གང་བོ་དེར་ཕུལ་བས། སྐབས་དེར་རྒན་མོ་ལོ་ང་དགུ་ལོན་ཡང་། ཁྱིམ་མི་ཀུན་གྱིས་སྒོར་ཕུད། དེ་ནས་རྒན་མོ་ཨུ་རྒྱན་ཡུལ་དུ་འཁྱམས་ནས་འབྲས་བསླངས་ཏེ། འབྲས་ཁལ་གཅིག་བྱུང་བས། དེས་ཆང་བཙག་ནས་ལོ་གཅིག་རིང་ཆང་འཚོང་མ་བྱས། སྐབས་དེར་གྲུབ་ཆེན་བིར་ཝ་བ་གསང་བའི་སྤྱོད་པ་ལ་བཞུགས་པ་དེར། དམ་རྫས་སུ་རིན་མ་བླངས་པར་ནམ་དགོས་སུ་འབྲས་ཆང་ཕུལ་བས། ཉིན་གཅིག་གྲུབ་ཆེན་གྱི་ཡུམ་དུ་དབང་བསྐུར་ཞིང་། མན་ངག་གནང་བས། མཁའ་འགྲོ་མ་གཞོན་ནུ་ལང་ཚོ་དང་ལྡན་པ་ཞིག་ཏུ་གྱུར་བའི་ལོ་རྒྱུས་ཡོད། རྒྱས་པར་ཤངས་པ་བཀའ་བརྒྱུད་གསེར་ཕྲེང་ལེ་ཚན[ཀ་བ]མཁས་གྲུབ་ཁྱུང་བོ་རྣལ་འབྱོར་གྱི་རྣམ་ཐར་དབུ་མེད་བྲིས་མ་ཤོག་གྲངས ༡༧ ནས་༡༨ བར་གསལ། ཡང་རིགས་བཟང་མཁའ་འགྲོ་མ་འགྲོ་བ་བཟང་མོ་སོགས་ཀྱི་བྱུང་བ་དེ་དག་གི་རྣམ་ཐར་ལས་ཤེས་པར་བྱའོ། །

ཡང་། ཕ་དམ་པ་སངས་རྒྱས་བོད་དུ་ཕེབས་དུས་ཁོང་གི་ཕྱི་བཞིན་དུ་བྱ་བཞིན་འཕུར་ནས་འོང་བ་ལ། ཕྱིས་མཁའ་འགྲོ་ཆོ་འཕྲུལ་བྱ་ནག་བཞིར་གྲགས་པ་སྟེ། ༡ གཡེའི་ལབ་སྒྲོན། ༢ གཉལ་སྟོད་ཀྱི་མ་ཇོ་བྱང་ཆུབ། ༣ གཙང་གི་ཞང་མོ་རྒྱལ་ཐང་། ༤ ལྷ་སའི་སྨྱོན་མ་བཅས་ཤེས་བྱ་ཀུན་ཁྱབ་ལས་བཤད་ཡོད་དོ། །

༢ རིགས་ངན་ཤ་ཟ་མཁའ་འགྲོ་མ། རིགས་ངན་ཤ་ཟ་མཁའ་འགྲོ་མ་ནི། ཡོངས་གྲགས་སུ་ཕྲ་མིན་མ་ཟེར་བ་དེ་ཡིན། རོ་ཆེན་ཟ་བའི་མཁའ་འགྲོ་མ་ལ་བརྒྱད་བརྩི་ཚུལ་ཡོད་དེ། ཤར་དུ་ལོ་ཙཱ་བ། ལྷོར་མེ་ལྕེ་གདོང་། ནུབ་ཏུ་ཊ་ཀྱི་མ། བྱང་དུ་རྒན་བྱེད་མ། ཤར་ལྷོར་རྡོ་རྗེ་མ། ལྷོ་ནུབ་ཏུ་ཧུ་ལུ་མ། ནུབ་བྱང་དུ་དྲེག་པ་མ། བྱང་ཤར་དུ་སྣ་ཚོགས་མ་སྟེ། ཐམས་ཅད་ཀྱང་ཞིང་ལྤགས་མནབ་ཞིང་རུས་རྒྱན་ཅན། མཚོན་ཆ་སྣ་ཚོགས་ཐོགས་ནས་རོ་ལ་རྔམ་པར་བཤད་ལ།

དགེ་ཆོས་ཀྱི་གཏམ་རྒྱུད་གསེར་ཐང་ལས། བུད་མེད་མཁའ་འགྲོ་མ་མང་བའི་གཏམ་རྒྱུད་ནི་གྲོང་ཀུན་ཏུ་གྲགས་པ་ཆེ། ལྷག་པར་མ་ཎི་ཀཎྡ་ན་བྱ་བའི་གྲོང་དེར་མཁའ་འགྲོ་མ་མང་ཟེར་ནས་འགྲོ་བ་ཡང་འཇིགས་པར་བལྟ། མཁའ་འགྲོ་མ་ནི་རང་རེའི་སེམས་ལ་འཆར་ཚུལ་དང་ཡེ་མི་འདྲ། བུད་མེད་ངན་སྔགས་ཤེས་ཤིང་མི་ཤ་ཟ་བ་སོགས་བྱེད་པའི་མ་རུངས་མཐར་ཐུག་ཅིག་ལ་འདོད། སྔོན་གྱི་ལོ་ཙཱ་བ་རྣམས་ཌཱ་ཀི་ནི་བྱ་བའི་ཚིག་དེ་ཕྲ་མིན་མར་བསྒྱུར། གསུངས་པ་ལྟར། ཕྲ་མིན་མ་ནི་ཕྱིའི་རྣམ་པ་སྤྱིར་བཏང་མི་ཡིན་ལ་མཚན་མོའི་དུས་སུ་གདོན་འདྲེ་རིགས་སུ་གྱུར་ནས་མི་ཡི་བླ་སྲོག་ལ་གནོད་འཚེ་བྱེད་མཁན་ཞིག་དང་། ཡང་ན་ཉིན་མོའི་དུས་སུ་གཟུགས་མི་འདྲ་བ་སྣ་ཚོགས་སྤྲུལ་བསྒྱུར་ཐུབ་པའི་མི་མ་འདྲེ་བཅས་རིགས་གཉིས་ཡོད་པར་བཤད་ལ། དེ་བས་ལམ་རིམ་ཆེན་མོའི་བཤེས་གཉེན་མ་བསྟེན་པའི་ཉེས་དམིགས་སྐབས་སུ། རྒྱལ་བོ་མེ་དང་སྦྲུལ་གདུག་དང་། །ཆུ་དང་མཁའ་འགྲོ་རྐུན་པོ་དང་། །གདོན་དང་ལོག་འདྲེན་རྣམས་ཀྱིས་ཀྱང་། །བསད་ནས་སེམས་ཅན་དམྱལ་བར་འགྲོ། །ཞེས་ལྔ་བཅུ་བའི་ལུང་དེ་དང་། སྤྱོད་འཇུག་ལས། མཁའ་འགྲོ་སྲིན་པོ་ལ་སོགས་པ། །སྙིང་རྗེའི་སེམས་དང་ལྡན་གྱུར་ཅིག །ཅེས་པའི་སྐབས་ཀྱི་མཁའ་འགྲོ་ཞེས་པ་དེ་ཡང་ཕྲ་མིན་མ་ཡིན། འདིར་རིགས་ངན་མཁའ་འགྲོ་མའི་ལོ་རྒྱུས་རེ་ཟུང་བཀོད་ན།

བཀའ་གདམས་གསུངས་གཅེས་བཏུས་ནོར་བུའི་བང་མཛོད་ལས། ཕྲ་མིན་མ་བྱ་བ་བོད་ན་མེད། མངའ་རིས་གར་ཞ་ན་ཡོད། ཕྲ་མིན་མའི་བུ་ཞིག་རི་ལ་ཕྱིན་པ་ན། ཕ་གི་ན་དིར་དིར་བ་ཞིག་འདུག་ནས་ཁོས་ཉན་པས། བུད་མེད་མང་བོ་འདུས་ནས། སང་ཁྱེད་ཚོའི་རེས་མོས་ཁྱོད་ལ་འོང་ཟེར་བ་ལ། མ་དེ་ན་རེ། གཞན་ངས་མི་རྙེད་ང་རང་གི་བུ་གསོད་པ་འོང་ཟེར། ཁྱོས་ཇི་ལྟར་གསོད་ཟེར་བ་ན། ངའི་བུ་ཕྱུགས་འཚོ་བ་ལ། ང་འབྲིར་བརྫུས་ནས་གསོད་ཟེར་བ་ཁོས་ཐོས་ནས། སང་མདའ་དོང་དུ་བཅུག་ནས་བསྡད་ཙ་ན། དེ་ལྟར་བྱུང་བ་ལ་མདའ་འཕངས་པ་མགོ་ལ་ཕོག་ནས་ལོག་སོང་། དེ་ནས་མཆོང་གྱིན་ཕྱིན་ཙ་ན། མ་དེ་མགོ་དཀྲིས་ནས་འདུག་པས། ཁོ་ལ་མ་ཡིན་སྙམ་པའམ་ཁྱིམ་ཡིན་སྙམ་པ་སྐད་ཅིག་ཀྱང་མ་བྱུང་བ་ཡིན། ཞེས་དང་།

ཡང་དཔེ་ཆོས་ལས། ཕྲ་མིན་མ་ཞིག་བོང་བུར་བཏང་བའི་ལོ་རྒྱུས་ནི། སྔོན་མི་ཞིག་ཕྲ་མིན་མའི་ཡུལ་དུ་ལམ་ནོར་ཏེ་ཕྱིན་པས། བུད་མེད་ཅིག་དང་འཕྲད་དེ། ནང་དུ་བོས་ནས་སྟན་ལ་བཞག ཁ་ཟས་གཡོས་ཏེ། མོ་རང་གི་ཟན་བརྫིས་ནས་གཞོང་ལ་བཞག གཅིག་ལ་འཇག་མ་ཞིག་བཙུགས་ཏེ་བཞག་ནས། མོ་ར་སྐོར་དུ་སོང་བ་ལ། མི་དེའི་བསམ་པར་འདི་རྣམས་ཟན་བྱིན་ནས་མི་བོང་བུར་བསྒྱུར་ཟེར་ན། ད་ཡང་འདིས་བསྒྱུར་བའི་ཉེན་ཡོད་སྙམ་ནས། གཞོང་བའི་ཟས་ཀྱི་རྟགས་མཚན་སྤོས་ནས་བཞག དེར་མངོན་དུ་བྱུང་ནས་ཁོ་ལ་བཟའ་བཏུང་བྱིན། མོ་རང་གིས་ཟོས་ཚར་བ་དང་། ཟས་ཞུ་བའི་ཚོད་ལ་དབྱུག་པ་ཞིག་འཁྱེར་འོང་ནས། ཚག་ཁྱུ་བ་ཟེར་ནས་བརྡེག་ཏུ་བྱུང་བ་ན། ཁོས་ཀྱང་འཁར་བ་ཞིག་ཡོད་པ་བཟུང་ནས་ཕར་ལ་དེ་སྐད་ཇི་ལྟ་བ་བཞིན་བྱས་པས། མོ་རང་བོང་བུར་སོང་། དེར་ཁོས་བོང་མོ་དེད་ཡོང་བའི་ལམ་དུ་མོ་རང་གི་ཁྱོ་དང་འཕྲད་པས། ཁྱོ་ལ་བལྟས་ཏེ་བོང་སྐད་འདོན་གྱིན་ངུས་པས། ཁྱོ་གས་ཆུང་མ་ཡིན་པར་ཤེས་ཏེ། དེ་ལ་ནོར་བྱིན་ནས་བསླུས་ཞེས་འབྱུང་བ་དང་།

ཡང་། རེབ་གོང་གི་ས་ཆ་ཞིག་ཏུ་བུད་མེད་ཅིག་ཡུན་རིང་བོར་འཆི་རྒྱུ་དང་རྒས་རྒྱུ་མེད་པ་ཞིག་བྱུང་བས། ཐམས་ཅད་ངོ་མཚར་ཏེ་མིང་ལ་ཨ་ཡེ་འཆི་མེད་རྒས་མེད་ཟེར་བ་དང་། དོན་དུ་ན་མཚན་མོ་ལུས་བསྒྱུར་བྱས་ཏེ་བཟའ་མི་ཀུན་གྱི་མགོ་ལ་རྐང་བས་འགོམ་ཡུག་ཅིག་བྱས་ནས། གཉིད་སད་དུ་མེད་པ་བྱས་རྗེས། མིའི་ཤ་ཁྲག་མང་བོར་རོལ་མཐར། སྐུ་ཕྱོགས་གསེར་ཁང་ཚང་གི་སློབ་མ་གླིང་རྒྱའི་སྒོམ་པ་བཀྲ་ལོས་བཏུལ་བའི་ལོ་རྒྱུས་རེབ་གོང་ན་རླུང་ལྟར་གྲགས་པ་དང་།

གཞན་ཡང་། རྭ་ལོ་ཙཱ་བས་ཕྲ་མིན་མ་ཞིག་བཏུལ་བའི་ལོ་རྒྱུས་ནི། འདིར་ཁོང་གི་རྣམ་ཐར་ལས་འབྱུང་བ་ཆ་ཚང་བཀོད་ན། འཕན་པོ་སྙུག་རུམ་ནང་ན་ཕ་སྔ་མོ་ནས་ཤི་བའི་མ་བུ་གཉིས་ཡོད་པ་ལ། མ་དེ་ཕྲ་མིན་མ་ཡིན་པས་ཚོགས་འདུ་ལ་རྟག་ཏུ་འགྲོ་བ་བུ་དེས་ཤེས་པས་གཉིད་རྫུ་བྱས་ནས་གར་འགྲོ་བལྟས་པ་དང་། ས་སྲོས་ཙམ་ན་བུད་མེད་དམར་ནག་ཆེན་མོ་གཉིས་འོང་ནས། ཨ་མ་འབྱོན་པར་ཞུ་ཟེར་བ་དང་། དེར་མ་དེ་སྒམ་ལ་ཞོན་ནས་བུད་མེད་གཅིག་གིས་ཁྲིད། གཅིག་གིས་དེད་ནས་ཐོགས་མེད་དུ་ཕྱིར་འགྲོ་བ་མཐོང་ངོ་། །དེ་ནས་ཁོ་གཉིད་ཅིག་ལ་སོང་བ་སད་ཙམ་ན། སླར་ཚུར་སླེབས་ནས་འདུག་སྐད། དེའི་ཕྱི་ནུབ་བུ་དེས་སྒམ་ནང་དུ་འཛུལ་ཏེ་བསྡད་པ་དང་། ཡང་བུད་མེད་དེ་གཉིས་འོང་སྟེ་སྔར་ལྟར་གཏམ་བྱས་མཐར། མ་དེ་སྒམ་ལ་ཞོན་ནས་སོང་བ་ལ། སྒམ་དེ་ཙེར་སྒྲ་འབྱིན་ཞིང་ས་ལ་རེག་ལ་ཁད་བྱས་ནས། མོ་ན་རེ། དོ་ནུབ་རྟ་འདི་ཡང་མི་འགྲོ་བར་འདུག་ཟེར་རོ། །དེ་ནས་དུར་ཁྲོད་གཅིག་ཏུ་སླེབས་པ་དང་། བུད་མེད་མང་བོ་གྲལ་བྱས་ནས་འདུག་པའི་དབུས་སུ་མ་དེ་སྒམ་ལ་ཁྲི་བྱས་ནས་བསྡད། སྐྱེས་པ་དར་མ་གཅིག་གི་རོ་ལ་ཚོགས་འཁོར་བྱས། མགོ་ཀླད་དེ་གཙོ་མོ་ལ་ཕུལ་སོང་བ་དང་། དེ་ན་རེ། ངའི་ཐུར་མ་ཁྱིམ་དུ་ལུས་འདུག་ཟེར་བ་ལ། བུད་མེད་གཅིག་གིས་ཨ་མ་ལགས་ཀྱི་ཕྱག་རིང་རྐྱོང་བ་ཞུ་ཟེར་ཙ་ན། མ་དེས་ཁྲི་ལ་སྡོད་བཞིན་དུ་ལག་པ་རིང་མོ་ཞིག་བརྐྱངས་ཏེ། ཁྱིམ་ནས་ཐུར་མ་བླངས་སོང་བ་མཐོང་ངོ་། །དེ་ནས་ཐོ་རངས་ཁར་སོང་བ་དང་། བུད་མེད་དེ་རྣམས་ཀྱང་སོ་སོར་གྱེས་ཤིང་། མ་ཡང་སྒམ་ལ་ཞོན་ནས་ཚུར་ལོག་སྟེ་མལ་དུ་ཉལ་ལོ། །དེར་བུས་ཀྱང་སྒམ་ནས་ཐོན་ཏེ་མ་ཚོར་བ་ལྟར་བྱས་ནས་མལ་དུ་ཉལ་ལོ། །དེ་ནས་ཡུན་རིང་སོང་ནས་ཉིན་གཅིག་ཙ་ན། མས་ཁྱིམ་གྱི་ཐོག་ནས་བལ་རྒྱང་བཏང་བས་ཆད་ནས་མཐིལ་དུ་ལྷུང་བ་ལ། བུ་མཐིལ་ན་ཡོད་པ་ལ་ངའི་བལ་འཕང་འཁྱེར་ཤོག་བྱས་པ་དང་། བུས་ཁ་མ་ཚུགས་ཏེ་ཨ་མ་ལགས་རང་ཕྱག་རིང་རྐྱོང་བར་ཞུ་བྱས་པས། མ་ཁྲོས་ཏེ་འདིས་ང་ཕྲ་མིན་མ་ཡིན་པར་ཤེས་འདུག་པས། ད་གཞན་ལ་འང་ཟེར་དུ་འོང་སྙམ་ནས། དབུ་སྐྲ་ནས་བཟུང་སྟེ་སྤྲུགས་པས་དེ་ཉིད་ཁྱིའི་ལུས་སུ་བསྒྱུར་རོ། །དེར་སྡུག་བསྔལ་ཆེར་བྱུང་ནས་ཆུ་ལ་ལྕེབས་སྙམ་ཏེ་ཕྱིན་པ་དང་། ལམ་དུ་མི་མང་བོ་གླང་ཐང་བའི་ཡོན་ཏན་བརྗོད་པ་ཐོས་ནས། དེའི་རྩར་ཕྱིན་ན་ལུས་འདི་ལས་ཐར་ཨེ་སྲིད་སྙམ་ཏེ་ཕྱིན་པར། བླ་མ་མཆོད་རྟེན་ལ་བསྐོར་བ་མཛད་པ་དང་མཇལ་བས། གླང་ཐང་བའི་ཞལ་ནས། མི་ལུས་ཐོབ་ཀྱང་སླར་དུད་འགྲོར་གྱུར་བ་སྙིང་རེ་རྗེ་གསུངས་པས་དད་པ་ཆེར་བསྐྱེད། ཡིད་ཀྱིས་དེ་ལས་གྲོལ་བའི་ཐབས་ཞུས་པས། གླང་ཐང་བའི་ཞལ་ལས། ངས་འདི་ལས་ཐར་བར་བྱ་མི་ནུས་པས། ལྷ་ས་ན་བླ་མ་རྭ་ལོ་ཆེན་པོ་ཞེས་བྱ་བ་བསད་གསོད་དང་སྤྲུལ་བསྒྱུར་གྱི་ནུས་པ་མངའ་བ་ཞིག་བཞུགས་པས་དེའི་དྲུང་དུ་སོང་དང་། ཁྱོད་རང་ལུས་འདི་ལས་ཐར་བར་འགྱུར་རོ། །དེའི་ཚེ་གསེར་འདི་བླ་མ་ལ་ཕུལ་ཅིག་གསུངས་ནས། གསེར་སིལ་མ་སྲང་གང་ལ་ཐུམ་ཆུང་ངེ་བ་མང་བོ་བྱས་ཏེ་སྤུ་ལ་བཙེམས་ནས་ལྟོ་འབྲང་བགྲངས་བར་བྱིན་ནས་བཏང་ངོ་། །དེའི་ཚེ་ཁྱི་དེས་སྒོ་ལ་ཕྱིན་པ་དང་། ཕན་པོའི་མི་མང་བོ་རྭ་ཆེན་མཇལ་ཟེར་བས་འགྲོ་བ་དང་འཕྲད་དེ། དེ་རྣམས་ཀྱིས་གཏམ་ལ་ཉན་ཞིང་ཕྱིན་པས་ལྷ་སར་སླེབས་སོ། །དེའི་ཚེ་བླ་མ་རྭ་ལོས་ཀྱང་ཁོ་ཡོང་བར་མཁྱེན་ནས། ཉེ་གནས་ལ་དྲུག་ཅུ་བ་བཟོས་ལ་དེར་ཞོག་གསུངས། དེ་ལྟར་བྱས་ནས་ཉི་མ་ཕྱི་དྲོར་སོང་བ་ན། ད་སུ་ཡོང་གི་འདུག་ལྟོས་གསུངས། བལྟས་པས་གཞན་ནི་སུ་ཡང་མི་འདུག ཁྱི་གཅིག་ཐལ་འཚུབ་ལང་ལོང་དུ་ཡོང་གིན་འདུག་ནས། བླ་མ་ལ་དེ་ལྟར་ཞུས་པས། འོ་ན་ཕྱིར་དེངས་གསུངས་ནས་དབུ་ཞྭ་བཞེས། གཏོར་མ་ཕྱག་ཏུ་བསྣམས་ཏེ། ཕྱིར་བྱོན་པ་དང་། ཁྱི་སྒོ་དྲུང་དུ་སླེབས་པ་དང་དུས་མཉམ་དུ་བྱུང་ནས། བླ་མས་གཏོར་མ་དེ་ཁྱིའི་སྟེང་དུ་བརྒྱབ་པས་སྐད་ཅིག་ལ་མིའི་ལུས་སུ་བསྒྱུར་ཏེ། དེར་ཁོ་ཤིན་ཏུ་དད་ནས་གསེར་གང་ཡོད་བླ་མ་ལ་ཕུལ་ཏེ་བླ་མ་རྭ་ལོའི་ཕྱག་ཕྱིར་བསྡད་དོ། །བླ་མས་ཀྱང་ཁོ་རབ་ཏུ་བྱུང་། བསྙེན་པར་རྫོགས་ནས་ད་དུང་ཁྱོད་ལ་ཆགས་ཆེར་ཡོད་པས་བྱ་བ་ཅི་བྱེད་ཀྱང་། ང་ལ་མ་ཞུས་པར་མ་བྱེད་ཅིག་གསུངས། དེའི་ལོ་རྒྱུས་མ་དེས་ཐོས་ནས། བར་ཆད་བྱེད་པར་འདོད་དེ། ཤིང་གི་སྒྲོམ་བུ་གཅིག་ལ་ཕྲ་མིན་མའི་རིགས་སྔགས་ཀྱིས་བཏབ་ནས། འཕན་ཡུལ་ནས་རྭ་ཆེན་མཇལ་དུ་འགྲོ་བ་ཚན་གཅིག་ལ་བསྐུར་ཏེ། ངའི་བུ་དེ་བླ་མ་རྭ་ལོའི་སྤྱན་སྔར་ཆོས་ལ་ཡོད་པས། དེ་ལ་ཁྱོད་རང་གི་འཚོ་བའི་ཆ་རྐྱེན་ཡིན་གྱིས་ལ་སྤྲོད་ཅིག་ཟེར་སྐད། དེར་མི་དེ་རྣམས་ཀྱིས་བླ་མའི་མཇལ་ཁར་ཕྱིན་ནས་ཞོར་ལ་སྒྲོམ་བུ་དེ་ཡང་ཁོང་ལ་གཏད་དེ་མོའི་འཕྲིན་རྣམས་ཀྱང་སྨྲས་པ་དང་། ཁོང་གིས་སྒྲོམ་བུ་དེ་ལག་ཏུ་བླངས་པ་ན། བརྗིད་ཀྱིས་ལག་པ་ས་ལ་རེག་པ་འདུག་ནས། འདིའི་ནང་དུ་ཅི་ཡོད་དམ་སྙམ་ནས་ཁ་ཕྱེ་ལ་ཁད་ལ་བླ་མའི་གསུང་དྲན་ནས་སླར་རྭ་ཆེན་ལ་ཞུས་པས། བླ་མས་སྐུ་ཆོས་ཕུད་དེ་ཁོ་ལ་གནང་ནས། ཁྱོད་རང་འདི་གོན་ལ་སྒྲོམ་ཁ་ཕྱེ་ཞིག་གསུངས། དེ་ལྟར་བྱས་པས་སྒྲོམ་བུའི་ནང་ནས་ཐོག་སྨད་དགུ་བྱུང་སྟེ་སྤྱིལ་བུ་དང་ཡོ་བྱད་ཐལ་བར་བརླགས། འོན་ཀྱང་། ཁོ་རང་གི་ལུས་ལ་བླ་མའི་སྐུ་ཆོས་ཡོད་པས་མ་ཚུགས་ཏེ། ཆོས་གོས་ཀྱི་སྟེང་ན་ཁྲོ་ཆུ་རྣམས་མར་ཁུ་ལྟར་འཁྱིལ་ནས་འདུག་སྐད། དེ་ནས་བླ་མའི་ཞལ་ནས། ད་ཁྱོད་རང་བར་ཆད་ལས་གྲོལ་བ་ཡིན་པས་སྒོམས་ཤིག་གསུངས་ནས་དབང་ཁྲིད་གནང་བས་གྲུབ་པ་ཐོབ་སྟེ། སྔར་གྱི་ཕྲ་མིན་མ་དེ་ལ་སོགས་པའི་ཕྲ་མིན་མ་བརྒྱ་ཙམ་བཏུལ། ཕྱིས་འགྲོ་བའི་དོན་རྒྱ་ཆེར་མཛད་ནས་མཁའ་སྤྱོད་དུ་གཤེགས་ཏེ་མཚན་ལ་ཡོན་ཏན་གྲགས་ཞེས་བྱའོ། །ཞེས་སོ། །

གྲྭ་བ་རྡོབ་རྡོབ།

བོད་ཀྱི་སེར་འབྲས་དགེ་གསུམ་སོགས་གྲྭ་ས་ཆེ་ཁག་ཏུ། རབ་ཏུ་བྱུང་སྟེ། ཚོགས་གྲལ་དུ་ཞུགས་པ་ནས་བཟུང་། འགྲིག་ཀུན་སྤྱོད་དང་། སློབ་གཉེར་འགྲུས་མ་འགྲུས་ཀྱི་དབང་གིས། གྲྭ་བ་རབ་འབྲིང་ཐ་གསུམ་དུ་གྱེས་འགྲོ་བ་ཕལ་ཆེར་ཆོས་ཉིད་ལྟ་བུ་ཡིན། རབ་རྣམས་ཁ་བཏོན་དགེ་སྦྱོར་དང་། བཀའ་པོད་ལྔ་འམ། གཞུང་ཆེན་བཅུ་གསུམ། ཡང་ན། བཀའ་བསྟན་ལ་བྱང་ཆུབ་ཏེ། འཇམ་མགོན་རྒྱལ་བའི་གདུང་ཚབ་དགའ་ལྡན་ཁྲི་བར་མངའ་གསོལ་ནས། རྒྱལ་བསྟན་ཉི་མ་ལྟར་འཆར་བར་མཛད་པ་དང་། འབྲིང་རྣམས་འདོན་རྟ་དབྱངས་གསུམ་དང་། ཐིག་ས་ཆོག་གཏོར་བཟོ་སོགས། རྒྱུད་སྡེ་རྒྱ་མཚོའི་ཆོ་ག་ཕྱག་ལེན་ལ་ནང་བྱན་ཆུད་ཅིང་། ཞི་རྒྱས་དབང་དྲག་གི་ལས་རབ་འབྱམས་པར་དབང་འབྱོར་ཏེ། རྒྱལ་བསྟན་འཛིན་པ་ཡིན། ཐ་མར་གོང་གསལ་དེ་དག་གཅིག་ཀྱང་མེད་པའི་ཁར། ཆ་ལུགས་ཡ་མ་ཟུང་མང་དུ་བསྟན་ནས། ཁྱིམ་པའི་བྱ་སྤྱོད་ཕོ་རྩལ་སྣ་དགུ་སོགས་ལ་སྦྱོང་བརྡར་བྱས་ཏེ། གྲྭ་སའི་ལ་རྒྱ་རྩོད་པ་དང་། ཆོ་འཕྲུལ་སྨོན་ལམ་སོགས་ཀྱི་སྐབས་སུ་དགེ་གཡོག་བྱས་ཏེ། སེར་སྐྱ་ཁྲི་སྟོང་མང་བོར་སྒྲིག་ཁྲིམས་མནོན་པ་དང་། དགོན་པའི་ཞལ་ཏ་བ་སོགས་བྱེད་ཀྱིན་ཡོད་པ་དེ་ལ་གྲྭ་བ་རྡོབ་རྡོབ་ཟེར།

གྲྭ་བ་རྡོབ་རྡོབ་ཀྱི་བྱེད་ལས་ནི། དཔེར་ན། འབྲས་སྤུངས་ལྟ་བུར་མཚོན་ན། ལོ་རེར་སྨོན་ཚོགས་གཉིས་ལ། གདན་ས་གསུམ་དང་། མི་སྐྱ་ཁྲི་ཕྲག་མང་བོ་སྒྲིག་ལམ་བཟོ་བ་ལ། འབྲས་སྤུངས་ཚོགས་ཆེན་ཞལ་ངོ་ནས། དཔའ་ཆས་ལུས་ལ་རྫོགས་པའི་གྲྭ་བ་རྡོབ་རྡོབ་འབྲོང་གཞོན་འདྲ་བ་བཅུ་དགུ་བསྐོ་བཞག་གནང་ཏེ། ཞལ་ངོའི་དཔུང་རོགས་སུ་འགྲིག་བདག་ཏུ་བསྐོ་བ་དང་། གཞན་གྲྭ་ས་གང་ལ་གྲྭ་བ་རྡོབ་རྡོབ་མང་བ་དེ་ཙམ་དུ། འཇིག་རྟེན་ཕྱོགས་ཀྱི་ངོ་སོ་དང་དབང་ཐང་ཆེ་བར་མ་ཟད། ཡང་། གདན་ས་སྲུང་སྐྱོབ་བྱེད་པའི་མེད་མི་རུང་གི་ལག་ཆ་ལྟ་བུར་ཡང་གྱུར་ཡོད། དེ་མིན། གྲུབ་མཐའ་ཁག་དང་འགལ་བ་བྱུང་སྐབས་གྲྭ་རྡོབ་བེད་སྤྱོད་གནང་ཡོད་པ་དཔེར་ན། རབ་བྱུང་བརྒྱད་པའི་སྐབས། ཀརྨ་སྐུ་ཕྲེང་བདུན་པ་ཆོས་གྲགས་རྒྱ་མཚོས། ཇོ་བོ་ཉེ་འགྲམ་ས་ནག་ཅེས་པར་ཐུབ་བསྟན་ཆོས་འཁོར་གླིང﹙དེང་སང་ཀརྨ་དགོན་གསར་ཞེས་པའི་ས་ཆ﹚ཕྱག་བཏབ་པས། འདི་སེར་འབྲས་ཀྱི་ཁ་གནོན་དུ་དོགས་པའི་དབང་གིས། ཀརྨ་བ་ཇོ་བོ་མཇལ་ཏེ། ཕེབས་རྗེས་སུ་སེ་འབྲས་གཉིས་ནས་གྲྭ་རྡོབ་ལྔ་བཅུ་ཁྲབ་རྨོག་འཁོར་གསུམ་སོགས་དྲག་ཆས་སྤྲོས་ཏེ། ཁྱམས་རར་དམར་འཛིང་བྱས་པའི་ཤོད་རྒྱུན་ཡོད་པ་དང་།

གཞན་ཡང་། གྲྭ་ས་ཁག་ལ་རྡོབ་རྡོབ་ཀྱི་ལྟོ་ཚང་ཡོད་ལ། ཁྱད་པར་དུ། སེར་འབྲས་གཉིས་རྡོབ་རྡོབ་ལུས་རྩལ་ཚོགས་པ་དེ་གླིང་ཁག་རྡོབ་རྡོབ་ཀྱི་ལྟོ་ཚང་ཟེར། རྡོབ་རྡོབ་རྣམས་ལ་མཆོངས་དང་རྡོ་རྩལ་གྱི་འགྲན་བསྡུར་ཡང་ཡོད་པ་རེད། འགྲན་བསྡུར་གྱི་རྒྱལ་ཕམ་དེ་གྲྭ་སའི་ངོ་སོ་དང་སྟོབས་ཤུགས་ལ་འབྲེལ་བ་ཡོད་ཙང་། རྒྱུན་ལྡན་སྐམ་སྦྱོང་བྱེད་པ་ཕུད་ནའང་། རློན་སྦྱོང་ལའང་གཟའ་འཁོར་ཁ་ཤས་འདང་བའི་གྲོ་ག་འཁྱེར་ཏེ་མཆོང་རར་ཕྱིན་ནས། རྩལ་ཁྲིད་དགེ་རྒན་གྱི་སློབ་སྟོན་ལ་ཉན་ནས་ཉིན་མང་བོའི་རིང་དཀའ་བ་ཁྱད་གསད་ཀྱིས་སྦྱོང་བརྡར་བྱེད་པ་ཡིན། དེ་ལྟར། གྲྭ་རྡོབ་རྩལ་སྣ་ཁག་ལ་སྦྱངས་འབྲས་འབུར་ཐོན་རྣམས། རི་ཁུག་ལྷ་ལུང་ཞེས་པའི་ས་ཆ་དེར་ཁ་གཏད་དུ་ཚོགས་ནས། འབྲས་སྤུངས་ཆབ་རིལ་ཞིག་གིས་རྡོ་ལ་དབྱུག་པས་ཉག་ཁ་བཏོད་ས་དེར། ཞལ་ངོ་དང་ནང་ཆབ་ལྷན་འཛོམས་ཀྱིས། མཆོངས་ར་གང་དུ་འཚོགས་རྒྱུ་ཤོ་བརྒྱབ་ཏེ་ཐག་གཅོད་དགོས། སེ་རར་འཐོབ་ན་མཆོངས་ར་འབྲོམ་སྟོད་དང་འཕན་པོ། སྟག་རྩེ་དང་ཆུ་མདའ་སོགས་ལ་འགྲོ་དགོས། ཁྱད་པར་དུ། མཁར་རྡོའི་བན་རྩེད་གྲོག་མོ་སེར་བྱེས་རྡོབ་རྡོབ་ཀྱི་མཆོང་ར་ཡིན་ཏེ། བན་རྩེད་གྲོག་མོ་གཡུ་ཡི་གཞོང་བ་འདྲ། །མཁར་རྡོའི་རི་དེ་རྒྱ་སེ་དཀར་བོ་འདྲ། །རྡོབ་རྡོབ་ང་ཚོ་སེང་གེ་གནམ་མཆོངས་འདྲ། །ཞེས་པའི་བརྗོད་སྲོལ་ཡང་ཡོད། གལ་ཏེ་འབྲས་སྤུངས་ལ་འཐོབ་ན། སྟོད་ལུང་དང་སླེ་ཐང་། ཡབ་མདའ། ཆུ་ཤུར་སྙེ་ཐང་སོགས་ལ་འགྲོ་དགོས། དེ་ནས་སྲིད་གཞུང་སོགས་ལ་སྙན་ཞུ་ཕུལ་ཏེ། ཆོག་མཆན་ཕབ་རྗེས་རྩོད་ལྒིང་བྱེད་མི་ཆོག་པའི་གན་རྒྱ་བཞག་ཏེ། བཀོད་སྒྲིག་པར་སྐྱ་སེར་དཔོན་རིགས་དང་། སྦྱིན་བདག་ཆེ་ཁག་ཕྱགས་ཕེབས་ཏེ། ཤན་འབྱེད་གནང་དགོས། དེ་ནས་དཔོན་རིགས་དང་ཞལ་ངོ་། སྦྱིན་བདག་ཁག་ལ་དབུ་གུར་ཕིབ་སྟེ། འགྲན་ཞུགས་ཀྱི་མཆོངས་རྩལ་བ་རྣམས་ཀྱི་མགོ་རྩོམ་པ་ཡིན། རྡོབ་རྡོབ་ཚོའི་མཆོངས་རྩལ་ལུས་རྩལ་གྱི་སྲོལ་གཏོད་མཁན་གཙང་སྨྱོན་ཧེ་རུ་ཀ་དང་དབུས་སྨྱོན་ཆོས་གྲགས་ཡིན་ཞེས་བརྗོད་པ་བདེན་ན། མ་མཐའ་ཡང་ལོ་ལྔ་བརྒྱ་ཙམ་གྱི་ལོ་རྒྱུས་ཡོད།

མཆོངས་ར་ནི། མཆོངས་རའི་འོབས་དོང་ཟབས་སུ་ཀུང་ཁྲེ་གཉིས་ཙམ་དང་། རིང་ཐུང་རྨིས་བཅུ་བཞི། རྒྱུགས་ལམ་རྨིས་བཞི་བཅུ་ཙམ། རྒྱང་རིང་ནས་མཆོངས་རའི་ཁ་བཀྱག་བར་སིག་འགྲོས་ཀྱིས་གྱེན་དུ་འགྲོ་དགོས་པ་བཅས་སོ། །

འགྲན་བསྡུར་གྱི་རྣམ་གྲངས་ལ། འཕུར་མཆོངས། བསྐོར་མཆོངས། འདྲིལ་མཆོངས། མདུན་མཆོངས། རྒྱབ་མཆོངས། མཆོངས་ཐག་རིང་ཤས་དང་། ཁུག་ཁུག་དང་། ལ་རྩེ་ཟེར་བ་དང་། གཞན་རྡོ་རྩལ་གྱི་སྐོར་ལ། རྐྱང་རྡོ། རྐུབ་རྡོ། རྒྱབ་རྡོ། འདྲིལ་རྡོ་སོགས་མི་འདྲ་བ་བཅུ་གསུམ་ཙམ་ཡོད་པར་བཤད། འགྲན་བསྡུར་རྒྱལ་ཁ་འཐོབ་ན། སྲིད་གཞུང་གྲྭ་ཚང་སོ་སོ་ནས་གཟེངས་རྟགས་འབུལ་སྲོལ་དང་། ཤོར་མཁན་ལ་གྲྭ་ཚང་སོ་སོས་ཉེས་ཆད་གཅོད་སྲོལ་ཡོད། ཁྱད་པར་དུ་འགྲན་རྩལ་རྣམ་གྲངས་ཚང་མ་ཤོར་མཁན་ཡིན་ན། ཤ་ལྤགས་གཡོག་ཏེ་ངོ་ཚ་དང་བཅས་མཆོངས་ར་ནས་ལོག་དགོས་པ་ཡིན། སྔ་དུས་ཡེར་བའི་མདར། བློ་གསལ་གླིང་བ་དང་བྱེས་པ་ཕྱོགས་རྒྱག་སྐབས་བཅུ་གཉིས་དང་ཀླད་ཀོར་གྱི་བསྡུར་ཚད་ཐོག་ནས་བློ་གླིང་བས། སེ་ར་རྡོབ་རྡོབ་ལ་ཤྭ་ལྤགས་གཡོགས་པས། འགྲོ་མི་དགོས་ཡེར་བའི་བྲག་ཕུག་ལ་ཕྱིན། །གོན་མི་དགོས་ཤྭ་ལྤགས་ཀྱི་ཕྱུ་པ་གོན། །ཞེས་པའི་གཏམ་ཡང་བྱུང་།

གྲྭ་བ་རྡོབ་རྡོབ་ཀྱི་ཆ་ལུགས་ནི། ཤམ་ཐབས་ལ་སྣུམ་དྲེག་ཆགས་པ། མདུན་རྒྱབ་ཏུ་སིལ་མང་བསྒྲིགས་པ། སྐྲ་རིང་བོར་འཇོག་པ། གདོང་དང་དཔྲལ་བ། མིག་གི་ཐན་ཀོར་བཅས་ལ་དྲེག་ནག་བྱུགས་པ། དཔུང་སྟེང་དུ་དར་ཚོན་སྣ་ལྔའི་སྡོམ་འཛར་དཔྱངས་པ། གདོང་ལ་རྫིག་ཉམས་ཆེ་ཞིང་ཇ་ཞགས་བྱུགས་པ་སོགས་སོ། །

རྡོབ་རྡོབ་ཀྱི་ལག་ཆ་ནི། ལྡེ་ལྕགས་ལག་མཐིལ་ཙམ་ཐོགས་པ། གྲི་སྣ་ཚོགས་འདོགས་པ། ཐོད་ཕྲེང་ཆེན་པོ་འདོགས་པ། བྱུ་རུའི་ཕྲ་རྒྱན་སོགས་སྤྲས་པ་བཅས་དྲག་ལ་རྫིག་ཉམས་ལྡན་པར་ཡོད།

རྣམ་པ་གཞན་དུ་ན། བཅོམ་ལྡན་འདས་ཀྱིས། ང་དང་ང་འདྲ་བའི་གང་ཟག་གི་ཚོད་ཟིན་གྱི། གཞན་དང་གཞན་གྱིས་མི་བྱའོ། །གསུངས་པ་ལྟར། གྲྭ་བ་རྡོབ་རྡོབ་ཀྱི་ནང་ནའང་། རང་ཅག་གིས་བསམ་ཡུལ་ལས་འདས་པའི་སྐྱེས་ཆེན་དམ་པ་མང་། དཔེར་ན། རྒྱལ་བ་སྐུ་ཕྲེང་གང་རུང་ཞིག་གིས། རྡོབ་རྡོབ་ལ་བརྟག་དཔྱོད་ཆེད་གྲྭ་རྐྱང་དཀྱུས་མའི་ལུགས་སུ། སེར་འབྲས་དགའ་གསུམ་ལ་གསང་ཉུལ་ཏུ་ཕྱིན་ཏེ། རྡོབ་རྡོབ་ཞིག་ལ་གནས་ཚང་གཡར་བས། ཉིན་མོར་རྡོབ་རྡོབ་ཀྱི་བརྟུལ་ཞུགས་ལྷུར་བཞེས་ཏེ་མ་རབས་ཐ་ཤལ་གྱི་ལས་བྱེད་པ་དང་། ནམ་གུང་ཡོལ་ནས་རབ་བྱུང་གི་གོས་ཚགས་ལེགས་པར་བགྱིས་ནས་དགེ་སྒྲུབ་ལ་འགྲུས་པས། རྒྱལ་དབང་ཁོང་ཧ་ལས་ཏེ་ལྔ་བཅུ་མ་ཞིག་ཡོད་པའི་ཕྱེད་ཀ་ལྐོག་ཏུ་རྩམ་སྒམ་ནང་བཞག་པས། རྡོབ་རྡོབ་དེས་ཕྱི་ཉིན་ཕྱེད་ཀ་དེ་རྒྱལ་དབང་ཚང་ལ་ཕུལ་བས། རིན་པོ་ཆེའི་ཞལ་ལས། ཕྱེད་ཀ་ཅིག་ཤོས་བླངས་ཏེ། ཁྱེད་ཀྱི་ལྔ་བཅུ་མ་དེ། འདིའི་ཕྱེད་ཀ་ཡིན་པ་འདྲ་གསུངས་ཏེ། ཕན་ཚུན་ངོ་ཤེས་ནས་ཐུགས་དགྱེས་དགྱེས་གནང་བའི་ལོ་རྒྱུས་ཡོད་པ་དང་།

ཡང་། ཨ་རིག་དགེ་བཤེས་ཆེན་མོ་གྲྭ་སར་བཞུགས་དུས། ཚེ་ཞིག་ཁོང་གི་བསམ་བློ་ལ། རང་ཕ་ཡུལ་དུ་སླེབས་ཏེ་དགོན་པ་ཞིག་བཏབ་ན། དགེ་འདུན་ཆིག་ཁྲི་ཙམ་བསྡུ་ཐུབ་ཚོད་འདུག་དགོངས་དུས། ཐོལ་བྱུང་དུ་རྡོབ་རྡོབ་ཞིག་གིས་ཁོའི་ཕྲག་སྟེང་དུ་ཐལ་ལྕག་ཅིག་བཞུས་ཏེ་ཁྱེད་ལ་ཧམ་པ་ཚ་བོ་འདུག སུམ་བརྒྱ་བཞི་བརྒྱ་ཙམ་འདུས་ན་འགྲིག་གི་རེད། ཅེས་ལུང་བསྟན་གནང་བས། ཕྱིས་དེ་ལྟར་གྱུར་བའི་ལོ་རྒྱུས་ཡོད་པ་དང་། དགའ་ལྡན་ཁྲི་ཐོག་གོ་དྲུག་པ་ཐུབ་བསྟན་ཀུན་དགའ་ལགས་ཀྱང་། གྲྭ་སར་ཞུགས་སྐབས་ཐམས་ཅད་ཀྱི་ཧར་གདོང་རྗེ་དྲུང་ཞེས་འབོད་ལ། སློབ་གཉེར་ཡེ་མི་མཛད་པར་རྡོབ་རྡོབ་ཀྱི་གྲས་སུ་ཞུགས་ཏེ་མཆོང་རྩལ་ལུས་རྩལ་སྣ་ཚོགས་གནང་སྐབས། ཚེ་ཞིག དགེ་བཤེས་མངའ་ལགས་ཀྱིས་ཁྱེད་ཀྱིས་སློབ་གཉེར་ལེགས་པོ་ཞིག་གནང་ཐུབ་ན། བདག་གིས་སེ་ར་ཚོགས་ཆེན་ཐོག་ཁང་དགུ་བརྩེགས་ཅན་ཞིག་བཞེངས་ཀྱང་ཆོག་ཞེས་འཕྱས་པའི་རྐྱེན་བྱས། སློབ་གཉེར་ལ་དམར་ནས་ཕྱིས་དགའ་ལྡན་ཁྲི་བར་བཞུགས་པ་ལྟ་བུ་ཡིན།

འདིར་གྲྭ་བ་རྡོབ་རྡོབ་གྲགས་ཅན་ཀླུ་འབུམ་མི་རྒོད་ཀྱི་ལོ་རྒྱུས་ཕྲན་ཙམ་ཞུས་ན། ཀླུ་འབུམ་མི་རྒོད་ནི་མདོ་སྨད་སྐུ་འབུམ་ཚོ་དྲུག་གི་ཡ་གྱལ་ཀླུ་འབུམ་ཚོ་བ﹙རོང་བོ་དགོན་ཆེན་གྱི་གདན་རབས་ལས། ཞོ་ཕོང་ཀླུ་འབུམ་མི་རྒོད། བསམ་བློ་མི་ཐུང་། འདི་གཉིས་ཀྱི་ལོ་རྒྱུས་གཞན་དུ་གསལ་བ་ལྟར་དབུས་སུའང་ཀླུ་འབུམ་ཁམས་ཚན་དང་། བསམ་བློ་ཁམས་ཚན་ཞེས་མཚན་གྱི་རོལ་མོ་ཀུན་ལ་གྲགས་པ་ལྟར་རོ་གསུངས། ﹚ནས་འཁྲུངས། སྡེ་འདབས་ན་ཆུ་མིག་མང་བོ་ཡོད་པའི་ཆ་ནས། ཀླུ་འབུམ་ཞེས་མིང་ཐོགས། སྡེ་སྲིད་སངས་རྒྱས་རྒྱ་མཚོ་དང་དུས་མཉམ་ཡིན། ཀླུ་འབུམ་མི་རྒོད་དང་བསམ་བློ་མི་ཐུང་གཉིས་དབུས་བཞུད་ཀྱི་ལམ་བར་དུ། ཨ་མདོ་རྡོ་འབུམ་སྔོ་རིས་ལ་མཇལ་ཏེ། ཀླུ་འབུམ་གྱིས་སྐྱེ་བོ་མི་བསྲུན་པ་ཟིལ་གྱིས་མནོན་ཆེད། གྲྭ་བ་རྡོབ་རྡོབ་ཞིག་ཏུ་འགྱུར་རྒྱུའི་སྨོན་ལམ་དང་། བསམ་བློ་མི་ཐུང་གིས་དགེ་བཤེས་ཆེན་མོ་ཞིག་ཏུ་འགྱུར་རྒྱུའི་སྨོན་ལམ་བཏབ། ཕྱིས་སུ་ཁོ་འབྲས་སྤུངས་དགོན་པར་ཞུགས་ཏེ་སྟོབས་རྩལ་དཔའ་གསུམ་ལ་བརྟེན་ནས་གཉོམ་ཆུང་ལ་རོགས་རམ་དང་། བཙན་པོའི་མགོ་མནོན་བྱས་པས། སྙན་གྲགས་འབར། ཚེ་ཞིག་ཁོས་ཀླུ་འབུམ་ཁམས་ཚན་ནས་བཞུགས་གདན་རེག་པར་དམིགས་ནས། འབྲས་སྤུངས་ཚོགས་ལ་འཚོགས་སྐབས་དང་བསྟུན་ནས། འདུ་ཁང་གི་སྒོ་གསུམ་པོ་ཕ་བོང་གཡག་རོ་འདྲ་བ་གསུམ་གྱིས་བཅད་དེ་ཚོགས་གྲོལ་ཏུ་མ་བཅུག་པས། ཞལ་ངོས་ཨུ་ཚུགས་མཐར་སྐྱེལ་གྱིས་ཞུ་བ་ཕུལ་ཀྱང་། ཁོས་མ་ཉན་པའི་ཁར། དགེ་བཤེས་ཡོད་ན་འཕུར་ལ་ཤོག །རྡོབ་རྡོབ་ཡོད་ན་བསློག་ལ་ཤོག །ཟེར་བས། བསམ་བློ་མི་ཐུང་སྒེའུ་ཁུང་ལས་འཕུར་ཡོང་བ་མ་གཏོགས། གཞན་ཐམས་ཅད་ལུས་པས། བཞུགས་གདན་འཇགས་རྒྱུ་ཁས་བླངས་ཏེ། ཕ་བོང་གསུམ་པོ་བསྐོར་ལམ་དུ་བསྐྱལ་བར་གྲགས། ཡང་། སྡེ་བ་གཞུང་གི་ཁོའི་མཛད་རྗེས་ལ་རྡོའི་རྒྱལ་མཚན་ཞིག་བསླངས་པས། དམངས་གཞས་སུ། ཀླུ་འབུམ་མི་རྒོད་མི་རེད། །རྡོ་ཡི་རྒྱལ་མཚན་རྡོ་རེད། །མགོ་ལ་རྒྱལ་མཚན་བཙུགས་པ། །སྐྱེས་པ་སྔོན་གྱི་ལས་རེད། །ཞེས་དང་། ཀླུ་འབུམ་མི་རྒོད་མི་རེད། །སེམས་པ་ལྕགས་ཀྱི་སྲ་རེད། །ལྕགས་ལ་གས་ཀ་ཤོར་ན། །སྐྱེས་པ་སྔོན་གྱི་ལས་རེད། །ཅེས་གཏོང་སྲོལ་ཡོད། གཞན་ཡང་། ཆོ་འཕྲུལ་སྨོན་ལམ་སྐབས་སུ། མ་རུང་འདྲེ་སྲིན་ཞིག་གིས་ཚོགས་མང་ལ་གནོད་པ་གཏོང་བ་གཟིགས་པས། ཁོང་གིས་མཐེབ་མཛུབ་དང་སྲིན་མཛུབ་བར་ལས། རྡོ་མ་མོའི་མཆིན་པ་ཙམ་འཕངས་ཏེ། བདུད་བཏུལ་བའི་ཡར་རྡོ་ར་ས་འཕྲུལ་སྣང་གཙུག་ལག་ཁང་གི་ཀ་གསེང་ལ་བརྡབས་པ། ད་ལྟ་ཡང་དངོས་སུ་མཐོང་རྒྱུ་ཡོད་པ་དང་། ཡང་སྔགས་ཕྲུག་ཞིག་དང་མ་འཆམ་པར། ལག་པ་གཡུགས་ཐེངས་གཅིག་གིས་རལ་བ་བཅད་པས། ཀུན་གྱིས་ཀླུ་འབུམ་མི་རྒོད་ཀྱི་ཁུ་ཚུར་སྟེང་དུ་གྲི་ཡོད་ཅེས་ལྒིང་བ་སོགས་ངོ་མཚར་བའི་བཤད་རྒྱུན་མང་དུ་ཡོད་དོ། །

ཨ་རིག་ལྒིན་པ།

ཨ་རིག་ནི་མདོ་སྨད་ཕྱོགས་ཀྱི་ཡུལ་ལུང་ཞིག་ཡིན་ལ། སྔོན་གྱི་ཚེ་ས་དེའི་མི་རྣམས་གཞུང་རྒྱུད་ཧ་ཅང་དྲང་ན་ཡང་། བླུན་ཞད་ཆེ་བས་དགོད་བྲོ་བའི་གཏམ་རྒྱུད་མང་བོ། རོ་ས་འོག་ཏུ་སོང་རུང་། གཏམ་ས་སྟེང་ལ་བཞག་ཡོད། དེའི་ནང་ཁ་ཅིག་ནི་ཨུ་ཚུགས་མཐར་སྐྱེལ་གྱི་བླུན་རྟགས་ཁོ་ན་དང་། ཡང་ལ་ལ་ཞིག་ནི། དེས་ན་བླུན་པོ་དད་པ་བརྟན། །དེ་ལ་སྦྱོར་བའི་དངོས་གྲུབ་ཉེ། །ཞེས་པ་ལྟར། ཆོས་མགོ་ཐོན་པ་སོགས་ཀྱི་དོན་སྙིང་ལྡན། འདིར་གཏམ་རྒྱུད་རེ་གཉིས་བརྗོད་ན།

ཨ་རིག་ལྒིན་པ་བདུན་ལྷ་སར་འགྲོ་བའི་གྲོས་འཆམ་སྟེ། ལམ་ལ་ཆས་སྐབས། སྐྱེལ་མི་ཀུན་གྱིས་ཁྱེད་ཚོར་མི་བདུན་ཡོད་པས། ཁྱེད་ཚོ་ཁ་འཐོར་མི་རུང་། ཡུལ་གང་དུ་སླེབས་ཚེ་ཚང་རྩིས་བྱ་དགོས་པར་གདམས། ཁོ་ཚོ་ལྷ་སའི་གཙང་བོ་བརྒལ་ཏེ། ཉི་མ་ལྷ་སར་འབྱོར་རྗེས། གཅིག་གིས་ཚང་རྩིས་བྱས་པས། ཇི་ལྟར་རྩིས་ཀྱང་མི་དྲུག་མ་གཏོགས་མ་རྙེད་པས། ཁོས་སྐད་ཆེན་པོས་འུ་ཅག་ཁྲོད་ཀྱི་གཅིག་ཆུས་འཁུར་སོང་ཞེས་སྐད་འབོད་བཏང་བས། ཐམས་ཅད་འུར་ལོང་ངེར་གྱུར་ཏེ་སོ་སོས་ཚང་རྩིས་བྱས་ཀྱང་། གཅིག་མི་ཚང་བ་ཁ་འཆམ། ཐམས་ཅད་ཅི་བྱ་གཏོལ་མེད་དུ་གྱུར་ཏེ། མོ་བ་ཞིག་གདན་དྲངས་ནས་མོ་རྒྱག་པའི་རེ་བ་ཞུས་པས། མོ་བས། འོ་ན་ཁྱེད་ཅག་གི་ཅ་ནེ་ཐང་ལ་བཞག་སྟེ་རྩིས་ཤིག་ཅེས་གདམས་པས། ཅ་ནེ་ཚང་ཡང་ཁོང་ཚོའི་ཅ་ནེ་ལག་ཏུ་བླངས་ནས་རྩིས་ན་དྲུག་ལས་མི་འདུག་ཟེར་ཏེ། ཁོང་ཚོ་རྣམ་རྟོག་ཆེན་པོ་ལངས་ནས། མི་གཅིག་ཆུས་འཁུར་བར་མ་ཟད། ད་དུང་འདྲེ་རུ་སྐྱེས་ཡོད་པ་ཁོ་ཐག་བཅད། སླར་ཡང་མོ་བ་ན་རེ། འདྲེ་རུ་སྐྱེས་ཚེ་ཚོར་ཤེས་དང་ཐོགས་རེག་མེད་པས། གྲལ་གོར་གོར་བྱས་ནས། འགྲམ་ལྕག་ཚ་བེར་བ་རེ་བཞུས་ཏེ་ཚང་བརྩི་བྱས་པས། ད་གཟོད་བརྩི་མཁན་རང་ཉིད་བརྗེད་པ་ཧ་གོ་བ་བྱུང་།

ཡང་། ཨ་རིག་ལྒིན་པ་ཞིག་ལྷ་སར་ཡང་ཡང་མཇལ་དུས། སྐུ་འདྲ་ཞིག་གིས་ལྷམ་གསོལ་མེད་པ་རྟོགས། རྗེས་སོར་ཡང་ཁོ་ལྷ་སར་ཕེབས་ཏེ་མཆོད་མཇལ་གནང་སྐབས། སྐུ་དེ་ལ་འཕྲད་པས། ང་རང་ལོ་མང་རབས་ལ་ཁྱེད་དང་མཇལ་རེས་ཀྱིས་སྐུ་ཉིད་ཞབས་རྗེན་ལགས་པས། རྗེས་མ་བདག་གིས་ཁྱེད་ལ་ལྷམ་ཞིག་བཟོས་ཏེ་འཁྱེར་ཡོང་། ཁྱེད་ཀྱི་རྐང་བ་ཚུར་སྲིངས་དང་། ཆེ་ཆུང་འཇལ་དགོས་ཞུས་པས། སྐུ་འདྲས་ཞབས་ཚུར་བསྲིངས་པའི་ལོ་རྒྱུས་ཡོད།

ཡང་། ཨ་རིག་ལྒིན་པ་སྐོར་ཞིག ལྷ་སར་མཆོད་མཇལ་དུ་སོང་སྟེ། ལམ་བར་དུ་གནས་ཚང་གཡར་ནས་ཞག་སྡོད་བྱས། གནས་མོས། དད་པ་རྩེ་གཅིག་གིས་དཀའ་སྤྱད་མང་བོ་བརྒྱབ་ནས། སྟོད་ཉི་མ་ལྷ་སར་མཆོད་མཇལ་དུ་ཕེབས་པའི་ཨ་མདོའི་སྐུ་མགྲོན་ལ་སྣེ་ལེན་བཟང་བོ་ཞིག་བྱེད་བསམ་སྟེ། འབྲས་བཙོས་ནས་ཕུལ་བས། ཨ་རིག་རྒད་པོ་རྣམས་གྲུང་ཉམས་དང་བཅས། ང་ཨ་རིག་ལྒིན་པ་བརྒྱ་ཡིན་ཀྱང་། །གྲོག་མའི་ཕྲུ་གུ་མི་ཟ་རྒྱུ་ལེ་ཤེས། །ཞེས་བཤད་དོ། །

ཡང་། ཨ་རིག་རྒད་པོ་ཞིག་ལྷ་སར་ཕེབས་ཏེ། སྐུ་དྲག་ཕྱུག་པོ་ཞིག་གི་ཁྱིམ་དུ་གནས་ཚང་གཡར་བས། སྐུ་དྲག་གི་གཟིམ་ཤག་ཏུ་སྣེ་ལེན་བྱས་པས། ཨ་རིག་གི་རྒད་པོ་དེས་སྔར་ས་གདན་མཐོང་མ་མྱོང་བས། ཨ་རིག་ལྒིན་པ་བརྒྱ་ཡིན་རུང་། །དཀྱིལ་འཁོར་ཐོག་ཏུ་མི་ཙོག་རྒྱུ་ལེ་ཤེས། །ཞེས་བཤད་དོ། །

ཡང་། ཨ་རིག་ལྒིན་པ་ཞིག་གིས་དངུལ་སྒོར་ཀོ་ཁུག་གང་འཁུར་ཏེ། ལྷ་སར་ཇོ་མཇལ་དུ་སོང་ནས། མཇལ་རྟེན་དུ་སྐུ་འདྲ་རེའི་མདུན་དུ། དངུལ་སྒོར་རེ་རེ། སི་ལིང་ལིང་། སི་ལིང་ལིང་། འཕངས་ཏེ། ད་ཨེ་ཆོག ད་ཨེ་ཆོག ཞེས་སྨྲས་པས། དངུལ་སྒོར་ཚར་ལ་ཉེ་རུང་། ད་དུང་ཇོ་བོས་ཆོག་གོ་མ་གསུངས་པས། རྒད་པོས། ཨེ། ད་ཚར་རྒྱུ་རེད་སྙམ་ནས། ད་ཨེ་ཆོག ད་རུང་ཇོ་བོ་ར་མ་རྒྱལ་མོ་ཡང་ཡོད་ནི་རེད་བཤད་པས། ཇོ་བོས་ད་ཆོག་གི་ཞེས་གསུང་འབྱོན་པར་བཤད་དོ། །

ཡང་། ཨ་རིག་ལྒིན་པ་ཞིག སེ་རར་མཆོད་མཇལ་དུ་སོང་བས། ཁོའི་ལག་རྟེན་ཐུགས་རྗེ་ཆེན་པོ་ལ་བཅོལ་ནས། ཁོ་རང་ཕྱི་ལོགས་སུ་སོང་ཤུལ་དུ། དཀོར་གཉེར་ཐོན་ཏེ། མི་གཙང་བའི་ལག་རྟེན་འདི་ནི་ལྷ་སྐུ་ལ་སྙེས་པར་མི་རུང་བསམ་ནས། སྒོར་འཕེན་རྩིས་བྱེད་སྐབས། ཐུགས་རྗེ་ཆེན་པོས། ལག་རྟེན་དེ་སྒོ་ལ་མ་འཕེན་རོགས། ང་ལ་ཨ་རིག་རྒན་པོས་བཅོལ་བ་ཡིན་ཞེས་གསུང་འབྱོན་པར་བཤད་ལ། ད་ལྟ་ཡང་སེ་ར་དགོན་པའི་ཐུགས་རྗེ་ཆེན་པོའི་ཐུགས་ཀར་སྦ་དབྱུག་གི་ལག་རྟེན་བཏགས་ནས་འཇལ་ཁ་གཏོང་སྲོལ་ཡོད་ཅེས་ཀྱང་གྲགས་སོ། །

ཡང་། ཨ་རིག་ལྒིན་པ་སྐོར་ཞིག ཁ་བ་ལྷབ་ལྷུབ་ཏུ་འབབ་པའི་མཚན་ལྗོངས་ཞིག་ལ། ལྷ་སར་ཇོ་མཇལ་དུ་བྲོས་པས། ཉིན་ལམ་མང་བོར་སོང་སོང་མཐར། ཉིན་ཞིག་རི་བོ་ཞིག་གདོང་ཁ་ནས་མར་བལྟས་ཚེ། གསེར་ཏོག་སེར་ལྷམ་མེར་ཡོད་པའི་གཙུག་ལག་ཁང་མང་བོ་མཐོང་བས། ཨོ། དེ་རིང་སྟོད་ཉི་མ་ལྷ་སར་ཐོན་པ་མིན་ན་ཅི་ཡིན་སྙམ་སྟེ། མགྱོགས་པོར་དགོན་མདུན་དུ་རྒྱུགས་ཚེ། ཕྱིར་ཨ་རིག་དགོན་པར་སླེབས་འདུག་པ་ཚོར་རོ། །

ཡང་། ཨ་རིག་རྒད་པོ་ཞིག་གིས་ཇོ་མཇལ་གནང་སྐབས། སྟབས་མ་ལེགས་པར་མགོ་བོ་དྲ་ཚིགས་བར་དུ་ཤོར་བས། ཕྱིར་ལེན་མ་ཐུབ་པར་ཤི་ལ་ཐུག་ཚེ། ཁོས་ཡུལ་མི་ལ་སྐད་འདི་ལྟར་བཏང་སྟེ། རྒན་པོ་ང་རང་། ཤི་ས་བཟང་གི ཇོ་བོའི་མདུན་རེད། ཤི་སྲོལ་བཙོག་གི དྲ་ཚིགས་བར་རེད། ཅེས་ཨུ་ཐུག་ཐབས་ཟད་སྐབས། གཞན་ཞིག་ཡོང་སྟེ། ཁྱེད་ཀྱིས་དེ་འདྲ་རང་མ་ལབ་དང་། ཁྱོད་རང་གིས་སྔོན་ལ་མགོ་བོ་ཇི་ལྟར་ཚུད་ན། དེ་ལྟར་སླར་ཕྱུངས་དང་ཞེས་གདམས་པས། ཨ་རིག་ལྒིན་པས་དེ་ལྟར་བྱས་ནས། མགོ་བོ་བདེ་བླག་ངང་བླངས་སོ། །

ཡང་། ཨ་རིག་རྒད་པོ་ཞིག་ལྷ་ཁང་རེ་རེ་བཞིན་མཇལ་བསྐོར་དུ་ཕྱིན། སྐབས་ཞིག་ལྷ་ཁང་ཆུང་ཆུང་ཞིག་ལ་མཆོད་མཇལ་དུ་ཕྱིན་ཚེ། ལག་རྟེན་སྐག་ལ་གསེབ་པ་སྒོ་ཤིང་ལ་ཐོགས་ཏེ་སྒོར་འབུད་མ་ཐུབ་པས། རྒད་པོས། ཨ་རོ། ད་ང་ཐོངས། ད་ང་ཐོངས་ལན་འགར་སྨྲས་ཀྱང་མ་བཏང་བས། ཁོས་དབྱུག་པ་ཕྱུངས་ཏེ་ལྷ་སྐུ་ལ་རྡེག་པས། ལྷ་སྐུའི་ལག་པ་མགོ་ལ་བཀབ་སྟེ། ཨ་ལ་ལ་ཞེས་གསུང་འབྱོན་པས། ཕྱིས་ལྷ་སྐུ་དེ་ལ་ལག་པ་མགོ་བཀབ་མར་གྲགས་སོ། །

ཡང་། ཨ་རིག་རྒད་པོ་ཞིག་ལྷ་སར་ལན་མང་བོར་ཇོ་མཇལ་དུ་སོང་བས། རྒད་པོས་ཇོ་སྐུ་ཞིག་ལ་ལྷམ་མེད་པར་རིག་ནས། ན་ནིང་ང་རང་འོང་ཀྱང་ཁྱེད་ལ་ལྷམ་མེད། ད་ལོར་ཡང་ལྷམ་མེད། སང་ལོར་ངས་ཁྱེད་ལ་ལྷམ་ཞིག་འཁྱེར་ཡོང་ཞེས་སྨྲས་ཏེ་ཕྱིར་ལོག སང་ལོར་རྒད་པོས་ལྷམ་ཞིག་འཁྱེར་ཡོང་སྟེ་བསྐོན་ཀྱང་ལྷམ་ཆུང་དྲགས་པས། རྒད་པོས་ཨ་ཧ་ཧ་ཆེས་རྐང་རྒན་ཞིག་རེད། ཡང་སང་ལོར་ངས་ལྷམ་ཆེན་པོ་ཞིག་འཁྱེར་ཡོང་ཞེས་སྨྲས་ཏེ། ད་ང་རང་མཆོད་མཇལ་དུ་འགྲོ་དགོས། ལྷམ་འདི་ཁྱེད་རང་ལ་བཅོལ་བ་ཡིན་ཟེར་ཏེ། ཇོ་བོའི་ཕྲག་པར་བཀལ་བས། དཀོར་གཉེར་རྣམ་རྟོག་ཟོས་ནས་སྒོར་གཡུགས་རྩིས་བྱེད་སྐབས། ཇོ་བོས། མ་འཕེན། མ་འཕེན། ང་ཨ་རིག་རྒད་པོས་བཅོལ་བ་ཡིན་ཞེས་གསུང་འབྱོན་ནོ། །

ཡང་། ཨ་རིག་གི་ཁྱིམ་ཚང་ཞིག་གིས་རུ་སྤོར་སྐབས། ས་ཆ་ཡག་ཤོས་ཅིག་བཙལ་ནས་མུན་རུབ་ལ་ཉེ་རག་བར་དུ་སོང་སྟེ། ཁལ་མ་དང་མི་རྟ་མང་བོ་ཨ་ཐང་ཆད་དེ། མཐར་མཚེར་ཤུལ་ཞིག་མཐོང་སྟེ། ཨ་ཙི། ཨ་ཕས་ཉལ་ས་བཅོས་བཅོས། །ཨ་མས་ཐབ་ཀ་ལས་ལས། །ཞེས་དུད་ཁྱིམ་གང་བོར་ཡ་མཚར་ནས། ནམ་སྟོད་དུ་རུ་བ་དེ་རུ་བབས་ཏེ་ཚགས་སུ་ཚུད་པ་བྱས་རྗེས། ངལ་ཞིང་དུབ་ནས་ནམ་སྨད་དུ་གཉིད་དུ་ཡུར་བས། ནངས་སྔའི་ཞོགས་པར་ཐམས་ཅད་སྒོར་བུད་ནས་བལྟས་ཚེ། རུ་བ་སྔོན་གྱི་འཚེར་སར་བབས་པ་རྟོགས་སོ། །

ཡང་། ཨ་རིག་ལྒིན་པ་ཞིག་གི་ཕ་རྒན་ཚེ་ལས་འདས་པས། ཁོའི་ཕ་རྒན་གྱི་སྔས་མགོ་ནས། ངས་ཡིན་གཅིག་མིན་གཉིས་ཇོ་བོ་རིན་པོ་ཆེ་འུ་ཚང་ལ་སྤྱན་དྲངས་ཏེ་ཆོས་གསུང་དུ་འཇུག་རྒྱུ་ཁས་ལེན་བྱས། ཁོས་དཀའ་བ་ཁྱད་གསད་ཀྱིས་ལྷ་སར་འབྱོར་ཏེ། ཇོ་ཁང་ནས་པུས་མོ་ས་ལ་བཙུགས་ཏེ་ལོ་དགུར་ཇོ་བོ་འབྱོན་པར་གསོལ་བ་བཏབ་པས། མཐར་ཇོ་བོས་ཞལ་ལས། ང་མི་འགྲོ་ཞེས་གསུང་འབྱོན་པས། དེ་ནས་བཟུང་ཇོ་བོ་དེ་ལ་ཇོ་བོ་མི་འགྲོ་གསུང་འབྱོན་དུ་གྲགས།

ཡང་། ཨ་རིག་གི་རྒན་པོ་རྒོད་པོ་སྐོར་ཞིག་གིས། རྒྱལ་དབང་ཐམས་ཅད་མཁྱེན་པ་ལ་འཕྲིན་ཡིག་ཞིག་ཕུལ་དགོས་པར། ཁུངས་བཙན་གྱི་ཆོས་གཞུང་གང་ལ་གཏུགས་དགོས་པའི་གྲོས་བརྡར་བྱེད་སྐབས། རྒན་པོ་ཞིག་གིས་འཕགས་པ་བརྒྱད་སྟོང་བར་གཏུགས་ན་བཟང་རབས་བཤད། སྐབས་དེར་ཡང་རྒན་པོ་ཞིག་ཐོལ་གྱིས་ལངས་ནས། བརྒྱད་སྟོང་བ་རོ་ཆེ་བ་མ་གཏོགས། ཡིན་རྒྱུ་ནི་རྡོ་རྗེ་གཅོད་པ་གན་འདྲེ་ལུ་ཞིག་ཡིན་ཞེས་བཤད་པས། ཐམས་ཅད་དེར་ཁ་འཆམ་སྟེ། རྡོ་རྗེ་གཅོད་པ་ནང་བཞིན། ཨ་རིག་རྒད་པོ་རྣམས་ཀྱིས་རྒྱལ་བ་རིན་པོ་ཆེ་ལ་བཀའ་བསྩལ་བ། ཞེས་པ་ལྟར་བྲིས་ཏེ་མཚམས་ཤིག་ལ་སྣག་ལུག་ཤོར་བས། འདི་ཐམས་ཅད་མཁྱེན་པས་ཧ་གོ་བར་མི་འདུག ད་ཅི་བྱ་ཞེས་ཡང་ཡང་བགྲོས་པའི་མཐར། ཁོ་ཚོའི་གྲོས་གཞི་ལྟར། མཚམས་འདིར་ནག་ནར་འདོང་འདོང་ཞིག་ཡོད་པ། ན་ཡིག་ཅིག་ལགས་ཞེས་གཤམ་དུ་མཆན་བཏབ་ཏེ་བསྐུར་བས། རྒྱལ་དབང་ཚང་ཧ་ཅང་ཐུགས་དགྱེས་བོ་བྱུང་། རྗེས་སོར་ཁོང་ཚོའི་ཁྲོད་ནས་ཡང་མཁས་པ་ཞིག་འཁྲུངས་ཏེ་འཕྲིན་ཡིག་ཆེ་བརྗོད་དང་སྙན་ངག་ལ་དྲངས་ཏེ་བསྐུར་བས། རིན་པོ་ཆེ་ཞལ་ནག་རོག་གེར་བཞུགས་པས། གམ་བཅར་བ་ཧ་ལས་ཏེ། དེ་ཅི་ལགས་དྲིས་པས། ཁོང་གི་ཞལ་ལས། དེང་སང་ཨ་རིག་ཡང་འདྲེ་རིག་ཏུ་གྱུར་ཡོད་ཅེས་གསུངས་པའི་ཁ་དཔེ་ད་ལྟའི་བར་དུ་ཡོད་པ་དེའོ། །

ལེའུ་ཉི་ཤུ་བ། རྡོ་རིང་གི་སྐོར།

རྡོ་རིང་།

རང་ཅག་བོད་ཀྱི་རིག་མཛོད་ཁྲོད་ཅོང་ངོས་སུ་བཀོད་པའི་ཡི་གེ་དང་རྡོ་རིང་བསླངས་སྲོལ་གྱི་རིག་གནས་འདི། ད་ལྟ་ཡང་མ་བཅོས་སླད་མེད་ཀྱི་ཤུལ་བཞག་རྩ་ཆེན་ཞིག་ཡིན་པར་མ་ཟད། ལོ་རྒྱུས་སྨྲ་བ་དག་ལ་དཔྱད་གཞིའི་རྒྱུ་ཆ་ལས། མིག་མཐོང་ལག་ཟིན་དུ་ཡོད་པའི་རིན་ཐང་གཞལ་དུ་མེད་པའི་ནོར་བུ་ལྟ་བུ་ཞིག་ཡིན། དཔེར་ན། བོད་རྒྱའི་འབྲེལ་བ་དང་། གཙིགས་གནང་བའི་ཆིངས་ཡིག དམ་ཆོས་ལ་དད་པའི་དམ་བཅའ། རྒྱལ་བློན་གྱི་མཛད་རྗེས་ལ་བསྔགས་པ། དབང་ཆ་དང་ཐོབ་ཐང་སྤྲད་ཚུལ་སོགས་ཡིན་པས། གཤམ་གསལ་རྡོ་རིང་ཁག་གཅིག་ར་སྤྲོད་བྱས་པ་ལས་མཐོང་ཐུབ།

༡ ཁྲི་ལྡེ་སྲོང་བཙན་གྱི་བང་སོའི་རྡོ་རིང་།

རྡོ་རིང་འདི་ནི། ལྷོ་ཁའི་འཕྱོངས་རྒྱས་མུ་ར་རིའི་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་བང་སོའི་མདུན་དུ་ཡོད། རྡོ་རིང་དེར་ཡིག་ཕྲེང་༤༧ ཡོད་ལ། རྡོ་རིང་གི་སྨད་ཀྱི་ཡི་གེ་མང་བོ་ཞིག་གསལ་བོ་མི་འདུག བརྗོད་སྙིང་ནི། རྒྱལ་བོ་གཉའ་ཁྲི་བཙན་པོའི་མངའ་ཐང་དང་མཛད་རྗེས་ལྟར། ལྷ་སྲས་ཁྲི་ལྡེ་སྲོང་བཙན་གྱིས་ལུགས་གཉིས་ཀྱིས་བོད་ཁམས་བསྐྱངས་ཏེ་སྐྱེ་འགྲོ་བདེ་ལ་བཀོད་པ་ཐམས་ཅད་ཀྱིས་ཤེས་པའི་ཆེད་དུ། ཁོང་གི་མཛད་རྗེས་གནད་བསྡུས་ཤིག་བྲིས་པ་དང་། ཁྱད་པར་དུ། ཁྲི་ལྡེ་སྲོང་བཙན་ནི་ཐུགས་དགོངས་ཟབ་ལ་བློ་ཁོག་ཆེ་བས། བཙན་པོའི་བུ་རྒྱུད་རྣམས་ཆབ་སྲིད་ཐད་ལ་བློ་སྤོབས་ལྡན་ཞིང་། ཟིང་འཁྲུག་མེད་ཅིང་ཆབ་འབངས་རྣམས་བདེ་སྐྱིད་ལྡན་པར་འཁོད་ཡོད།

༢ རྡོ་རིང་ཕྱི་མ།

རྡོ་རིང་འདི་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་བཙུགས་ཤིང་། རྩེ་པོ་ཏ་ལའི་མདུན་དུ་ཡོད། འདི་ལ་རྡོ་རིང་ཕྱི་མ་ཐོགས་དོན་ནི། པོ་ཏ་ལའི་རྡོ་སྐས་ཀྱི་གཤམ་དུ་རྡོ་རིང་ཞིག་ཡོད་པ་ལ་ནང་མ་དང་། འདི་ལ་ཕྱི་མ་ཟེར། རྡོ་རིང་གི་རྩེ་མོར་ཆར་ཁེབས་ཏོག་བཅས་ཡོད་ལ། ངོས་གསུམ་བོད་ཡིག་དང་། བྱང་ངོས་སྟོང་བ་ཡིན། ནང་དོན་ནི། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས། ཁོང་གི་ནང་བློན་སྟག་སྒྲ་ཀླུ་ཁོང་གི་མཛད་རྗེས་ལ་གཟེངས་བསྟོད་དང་ཞལ་བཞེས་རྡོ་རིང་ལ་བཏབ་པ་ཞིག་ཡིན། རྡོ་རིང་གི་ནང་དོན་ལ་བརྟག་ན་ཕལ་ཆེར་སྤྱི་ལོ ༧༦༣ ལོའི་མཇུག་ཙམ་ལ་བཙུགས་པར་འདོད།

༣ ཞྭ་ལྷ་ཁང་གི་རྡོ་རིང་གཉིས།

རྡོ་རིང་འདི་གཉིས་ནི་བོད་ཀྱི་བཙན་པོ་ཁྲི་ལྡེ་སྲོང་བཙན﹙སད་ན་ལེགས་མཇིང་ཡོན﹚གྱི་སྐུ་དུས་སུ་བཙུགས་པ་ཡིན་ལ། དེ་གཉིས་ནི་ལྷ་སའི་ཤར་ངོས་མལ་གྲོ་གུང་དཀར་རྫོང་འབྲི་གུང་ཆུས་རྫོང་ཞོལ་ཤང་གི་ཞྭ་ལྷ་ཁང་གི་སྒོ་འགྲམ་དུ་ཡོད། དགོས་པ་ནི། ཁྲི་སྲོང་ལྡེ་བཙན་གྱིས་རང་གི་སྲིད་བློན་ཆེན་པོ་བནྟེ་མྱང་ཏིང་འཛིན་གྱི་མཛད་རྗེས་གཟེངས་སུ་བསྟོད་པའི་ཞལ་བཞེས་བཀའ་གཙིགས་ཀྱི་རྡོ་རིང་ཡིན། རྡོ་རིང་སྔོན་མ་དེ་སྤྱི་ལོ ༧༩༧ ནས ༨༡༢ བར་བཙུགས་པ་དང་། རྡོ་རིང་རྗེས་མ་དེ་སྤྱི་ལོ ༨༡༣ ལོར་བཙུགས། རྡོ་རིང་གཉིས་ཀ་བནྟེ་མྱང་ཏིང་འཛིན་བཟང་བོར་ཞལ་བཞེས་བཀའ་གཙིགས་གནང་བ་འདྲ་ན་ཡང་། རྡོ་རིང་སྔ་མ་ནང་དོན་ཅུང་རྒྱས་པ་དང་། ཕྱི་མ་ནི་སྔ་མའི་ནང་དོན་ལ་ཁ་སྣོན་མཛད་པ་ཞིག་ཡིན།

༤ སྐར་ཆུང་རྡོ་རིང་།

རྡོ་རིང་འདི་ནི། བོད་རྗེ་ཁྲི་ལྡེ་སྲོང་བཙན་གྱིས་ཆབ་སྲིད་མཛད་རིང་། སྤྱི་ལོ ༧༩༨ ནས ༨༡༥ བར་བཙུགས་པ་ཞིག་ཡིན་ལ། སྔ་སོར་རྡོ་རིང་འདི་ལྷ་ས་སྐྱིད་ཆུའི་ལྷོ་ངོས་ཀྱི་སྟོད་ལུང་བདེ་ཆེན་རྫོང་སྣེའུ་ཆུས་ཁོང་ར་མ་སྒང་དུ་སངས་རྒྱས་དགོན་པ་ཞེས་པའི་བཙུན་མའི་དགོན་པ་ཞིག་ཡོད་པ་དེའི་འགྲམ་གྱི་བྱེ་མའི་ཁྲོད་དུ་བཙུགས་ཡོད་ཀྱང་། ཕྱིས་སུ་ཆག་སྐྱོན་ཤོར་ནས་དུམ་བུ་གཉིས་སུ་སོང་བ། ད་ལྟ་ནོར་གླིང་དུ་ཉར་ཚགས་བྱས་ཡོད། འདི་ལ་སྐར་ཆུང་རྡོ་རིང་ཐོགས་དོན་ཡང་། ཤོད་སྲོལ་ལ་སྐར་ཆུང་གཅིག་གི་ཁྱོན་ལ་རྒྱང་གྲགས་གཅིག་ཡོད་ཟེར་བའི་ཚད་ལྟར་ལྷ་ཁང་བཞེངས་པས། སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་ལྷ་ཁང་དང་། དེའི་མདུན་དུ་རྡོ་རིང་བཙུགས་པས་སྐར་ཆུང་རྡོ་རིང་ཟེར། བརྗོད་སྙིང་ནི། སྲོང་བཙན་སྒམ་པོ་སོགས་བཙན་པོ་རིམ་བྱོན་གྱིས། གནས་གང་དུ་གཙུག་ལག་ཁང་ཅི་བཞེངས་དང་། ཡབ་མེས་ཀྱིས་མཆོག་གསུམ་གྱི་རྟེན་བཙུགས་ཤིང་། རྒྱལ་བསྟན་གཅེས་སྤྲས་བྱས་ཐོག མོ་དང་རྨི་ལྟས་སོགས་ལ་སྙད་བཏགས་ཏེ། བློན་འབངས་ཆེ་ཆུང་སུས་གསོལ་ཀྱང་། དམ་པ་ལྷ་ཆོས་དང་མི་འགལ་བར་ཆོས་སློབ་ཅིང་། ཆོས་བྱེད་མཁན་པོ་རྣམས་བཀུར་དགོས་པ་དང་། མཇུག་ཏུ་བཀའ་གཙིགས་ལ་ཞུགས་པའི་རྒྱལ་ཕྲན་དང་། བློན་ཆེན། བཙུན་མོ་དམག་དཔོན་སོགས་ཀྱི་མིང་བྱང་སོ་དྲུག་བཀོད་ཡོད། ཞིབ་ཏུ་ཆོས་འབྱུང་མཁས་པའི་དགའ་སྟོན་དུ﹙ལྕགས་པར་སྟོད་ཆའི་ཤོག་ངོས ༤༠༩ ནས༤༡༣ བར﹚གསལ།

༥ དབོན་ཞང་རྡོ་རིང་།

རྡོ་རིང་འདི་ནི། མངའ་བདག་ཁྲི་རལ་དང་ཐང་རྒྱལ་མུའི་ཙུང་རྣམ་གཉིས་ཀྱི་དུས﹙སྤྱི་ལོ༨༣༢﹚སུ། བོད་རྒྱ་ཆིངས་འགྲིག་གི་ནང་དོན་རྡོ་རིང་ལ་བཀོད་པ་ཞིག་ཡིན། འདི་ནི་ལྷ་སའི་གཙུག་ལག་ཁང་གི་མདུན་དུ་མཆིས་ཤིང་། མཐོ་ཚད་ལ་སྤྱི་ཁྲེ.78 དང་། ཞེང་ཚད་ལ་སྤྱི་ཁྲེ .50 ཡོད། རྡོ་རིང་གི་རྩེ་མོར་ཆར་ཁེབས་དང་ཏོག ཞབས་སྟེགས་ནི་རུས་སྦལ་གྱི་རྣམ་པར་བཀོད་ཡོད། རྡོ་རིང་གི་ཤར་ངོས་སུ་བོད་ཡིག་གི་ཕྲེང་བཅུ་བདུན་དང་། ནུབ་ངོས་ཀྱི་གཡོན་དུ་བོད་ཡིག་གི་ཕྲེང་དོན་བདུན། གཡས་སུ་རྒྱ་ཡིག་གི་ཕྲེང་དྲུག བྱང་ངོས་སུ་ཆིངས་འགྲིག་ལ་ཞུགས་མཁན་བོད་ཀྱི་དཔོན་རིགས་བཅུ་བདུན་གྱི་མིང་རྒྱ་བོད་ཤན་སྦྱར་དང་། ལྷོ་ངོས་སུ་ཆིངས་འགྲིག་ལ་ཞུགས་མཁན་རྒྱའི་དཔོན་རིགས་བཅོ་བརྒྱད་ཀྱི་མིང་རྒྱ་བོད་ཤན་སྦྱར་བཅས་བཀོད་ཡོད།

༦ མཚུར་ཕུའི་རྡོ་རིང་།

རྡོ་རིང་འདི་ནི། དུས་རབས་དགུ་བའི་ནང་བཙན་པོ་ཁྲི་རལ་བ་ཅན་གྱིས་ཆབ་སྲིད་མཛད་རིང་སྤྱི་ལོ ༨༡༥ ནས༨༨༨ བར། རྒྱལ་བོས་འུ་ཤང་རྡོའི་ལྷ་ཁང་བཞེངས་པའི་ལྷག་མ་རྣམས། ཞང་ཚེ་སྤོང་སྟག་བཟང་སྟོས་སྟོད་ལུང་ལྕང་ཕུར་སྟོད་ལུང་ལྷག་མའི་ལྷ་ཁང་བཞེངས་སྐབས་བཙུགས་པར་སྣང་། རྡོ་རིང་དེའི་མཐོ་ཚད་ལ་སྤྱི་ཁྲེ .62 ཡོད་པ་དང་། ངོས་གཉིས་སུ་བོད་ཡིག་ཁྱོན་བསྡོམས་ཡིག་ཕྲེང ༨༦ ཡོད། རྡོ་རིང་དེ་ད་ལྟ་རིག་དངོས་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཉར་ཚགས་བྱས་ཡོད། བརྗོད་སྙིང་ནི། ཞང་ཚེ་སྤོང་ཉ་སྟོས་རྒྱལ་བོའི་བཀའ་དྲིན་བསབ་ཕྱིར། བཙན་པོའི་སྐུ་ཡོན་དུ་བསྔོས་ཏེ།  གཙུག་ལག་ཁང་བཞེངས་པར་མ་ཟད། ཆོས་གཞིས་མི་སེར་དང་བཅས་པ་དཔྱ་ཁྲལ་མི་འགེལ་བ་དང་། ས་ཞིང་རྒྱུ་ནོར་དང་བཅས་པ་གཞུང་བཞེས་མི་མཛད་པར་མ་ཟད། ནམ་ཞིག་ཞང་ཉ་སྟོའི་བུ་རྒྱུད་ཆད་པ་ཡིན་ན་ཁ་དབང་ཡོངས་སུ་རྫོགས་པ་གཙུག་ལག་ཁང་འདིའི་མཐུན་རྐྱེན་དུ་སྣོན་དགོས་པའི་བཀའ་ལུང་བསྩལ་བ་སོགས་བཀོད་ཡོད།

༧ རྒྱལ་ལྷ་ཁང་རྡོ་རིང་།

རྡོ་རིང་འདི་ནི། ཞང་སྣ་ནམ་རྡོ་རྗེ་དབང་ཕྱུག་གིས་སྤྱི་ལོ ༡༠༡༢ ལོར་རྒྱལ་ལྷ་ཁང་བཞེངས་དུས་སྒོ་འགྲམ་དུ་བཙུགས་ལ། རྡོ་རིང་གི་ཤར་ངོས་སུ་ཡིག་ཕྲེང་བཅུ་བཞི་དང་། དོན་ཚན་བཅུ་ཡོད། བརྗོད་སྙིང་ནི། མཆོག་གསུམ་ལ་སྐྱབས་སུ་སོང་བའི་སྐྱེ་འགྲོ་ཀུན་གྱིས་སྤང་བླང་བྱ་ཚུལ་དང་། ལོ་ལྟར་སངས་རྒྱས་གཟུང་། གྲོས་ཕུག་ཆོས་ལ་གཏད། གཙོར་ལྟ་བ་སྦྱར། ཚིག་སྤྱོད་རྣལ་དུ་དབབ། འཚོ་བ་གཙང་མར་སྒྲུབ། བྱེད་དགུ་ཆོས་དང་སྦྱར། སྤྱི་གྲོས་གཅིག་ཏུ་བཟླུམས། སྒོ་གཉེར་སོ་སོར་བླང་། ངན་གྲོས་དགོག་ཏུ་དབྱུང་། བདེན་གཏམ་དང་དུ་བླང་། དེ་ལྟར་བྱས་ན་འདི་ཕྱི་གཉིས་ཀར་དགེ་བར་འགྱུར་ཞེས་འཁོད་ཡོད།

༨ ཁང་ཞིས་རྡོ་རིང་དང་ཆན་ལུང་རྡོ་རིང་།

ཁང་ཞིའི་རྡོ་རིང་ནི། ཞོལ་གྱི་གཞུང་སྒོའི་མདུན་ངོས་ཤར་ནུབ་གཉིས་སུ་ཡོད་ལ། ཁང་ཞི་ཁྲི་ལོ་དྲུག་ཅུ་བ་སྤྱི་ལོ ༡༧༢༡ ལོར་གོང་མ་རང་གིས་བྲིས་ཤིང་། ཡུང་ཀྲོང་ཁྲི་ལོ་གཉིས་པ་སྤྱི་ལོ ༡༧༢༤ ལོར་ཡི་གེ་རྡོ་རིང་ལ་བཀོད་དེ་བཙུགས་པ་ཞིག་ཡིན། རྡོ་རིང་དེ་གཉིས་སྔ་སོར་པོ་ཏ་ལའི་མདུན་ཞོལ་གཞུང་སྒོའི་ནང་དུ་སྦས་ཡོད། རྡོ་རིང་གི་སྤྱིའི་མཐོ་ཚད་སྤྱི་ཁྲེ .74 ཡོད་པ་དང་། མདུན་ངོས་ཀྱི་གཡས་ཕྱོགས་སུ་རྒྱ་ཡིག་ཕྲེང ༡༥ དང་། གཡོན་ཕྱོགས་སུ་བོད་ཡིག་ཕྲེང ༤༦ དང་། རྒྱབ་ངོས་གཡས་ཕྱོགས་སུ་སོག་ཡིག་ཕྲེང༡༥ དང་། གཡོན་ཕྱོགས་སུ་མན་ཇུའི་ཡིག་ཕྲེང༡༥ བཅས་ཡོད།

བརྗོད་སྙིང་བསྡུས་ན། གོང་མས་བོད་དུ་དམག་དཔུང་བཏང་སྟེ། རྒྱལ་མཆོག་བསྐལ་བཟང་རྒྱ་མཚོ་གསེར་ཁྲིར་མངའ་གསོལ་བ་དང་། སོག་པོ་ཇུན་གར་གྱི་འཁྲུག་ལོང་ཞོད་འཇགས་སུ་བཏང་བ་ཡིན་ཞེས་ཁྱབ་བསྒྲགས་བྱས་ཡོད།

ཆན་ལུང་རྡོ་རིང་ནི། གོང་མ་ཆན་ལུང་ཁྲི་ལོ་བདུན་པ་སྤྱི་ལོ ༡༧༩༢ ལོར་བཙུགས་ལ། མདུན་ངོས་གཡས་སུ་རྒྱ་ཡིག་ཕྲེང ༡༧ དང་། གཡོན་དུ་མན་ཇུའི་ཡིག་ཕྲེང ༡༧ དང་། རྒྱབ་ངོས་གཡས་སུ་བོད་ཡིག་ཕྲེང ༣༩ དང་། གཡོན་དུ་སོག་ཡིག་ཕྲེང ༡༧ བཅས་བཀོད་ཡོད།

བརྗོད་སྙིང་ནི། ཆན་ལུང་རང་གི་སྲིད་སྐྱོང་ལོ་ང་བདུན་རིང་དམག་གི་བྱས་རྗེས་ཆེན་པོ་བཅུ་དང་། ཐེངས་དེར་བོད་དུ་དམག་དཔུང་བཏང་ནས་གོར་ཥ་བཙན་འཛུལ་དམག་མཐར་སྐྲོད་བཏང་བ་སོགས་བཀོད་ཡོད།

༩ ས་ཐམ་གྱི་ཐུ་བྷོད་རྡོ་རིང་།

ས་ཐམ་གྱི་ཐུ་བྷོད་རྡོ་རིང་ནི། ད་ལྟ་འཇང་ས་ཐམ་གྲོང་ཁྱེར་གྱི་སྟོན་པ་རིག་གནས་རྟེན་རྫས་བཤམས་སྟོན་ཁང་དུ་ཡོད། རྡོ་རིང་འདི་གཡུ་ལུང་རྫོང་རྡོ་རྔ་གྲོང་རྡལ་ཆུ་ཚན་ཐང་ནས་རྙེད་ལ། ལོ་རྒྱུས་དག་ལ་གཞིགས་ན། རྡོ་རྔ་གྲོང་རྡལ་ནི་ཇ་རྟའི་ཚོང་ལམ་གྱི་ས་ཚིགས་ཤིག་དང་། འབྲི་ཆུའི་དཀྱོགས་མཚམས་དང་བོ་ཡིན། རྡོ་རིང་སྟེང་གི་ནང་དོན་མདོར་བསྡུས་ནི། ས་ཐམ་རྒྱལ་བོ་དང་མི་མཐུན་པའི་ཐུ་བྷོད་ཀྱི་བཙན་པོའི་མངའ་ཁོངས་སུ་ཕྱོགས་པའི་ལྷག་གནས་ཚུལ་ཁྱད་པར་བ་ཞིག་བཀོད་ཡོད།

༡༠ རྡོ་རིང་ནང་མ།

རྡོ་རིང་ནང་མ་ནི། བོད་ས་གནས་སྲིད་གཞུང་གི་སྡེ་སྲིད་མི་ཐོགས་ལྔ་བ་སངས་རྒྱས་རྒྱ་མཚོས། པོ་ཏ་ལའི་ཕོ་བྲང་དམར་བོ་བཞེངས་བསྐྲུན་ཡོངས་གྲུབ་ཀྱི་དྲན་གསོའི་རྡོ་རིང་པོ་ཏ་ལའི་མདུན་གྱི་རི་ལྡེབས་སུ་བཞེངས་པ་སྟེ། འདིའི་ངོས་སུ་ཡི་གེ་གང་ཡང་མེད་དོ། །

གཞན་ཡང་། ཁྲི་སྲོང་ལྡེ་བཙན་གྱི་བང་སོ། མུ་ར་རིར་སྲོང་བཙན་གྱི་བང་སོའི་མདུན་ངོས་ཀྱི་རི་སྟེང་དུ་ཡོད་ཅིང་། བང་སོའི་འདིའི་གཤམ་དུ་ཡི་གེ་ཡོད་པའི་རྡོ་རིང་ཞིག་མཆིས་ལ། བར་སྐབས་ས་འོག་ཏུ་ཕྱེད་ཙམ་ཡོད་ཀྱང་། དེང་སང་སྔོག་འདོན་བྱས་ནས་མཇལ་རྒྱུ་ཡོད་པར་བཤད་ལ། རྡོ་རིང་དེའི་ངོ་བཤུས་དང་། དེའི་འགྲེལ་བ་འཕྲོས་བཤད་དང་བཅས་པ ༡༩༨༢ ལོའི་བོད་ལྗོངས་ཞིབ་འཇུག་ཨང་གཉིས་པའི་སྟེང་དུ་བཀོད་ཡོད། ཡང་། མུ་ཏིག་བཙན་པོའི་བང་སོའི་རྡོ་རིང་ཡར་ལུང་དུ་ཡོད་པ་ལོ་རྒྱུས་དང་རྣམ་ཐར་དག་ན་འཁོད་མོད་ཀྱང་། རྡོ་རིང་གི་ཡི་གེ་ཆ་ཚང་བཤུས་པའི་དཔྱད་གཞིའི་ཡིག་རིགས་ད་ཕན་མ་མཐོང་ངོ་། །

ཡང་། བོད་ལྗོངས་ལྷོ་ཁའི་ཁོངས་གཏོགས་འཕྱོངས་རྒྱས་རྫོང་སྨན་ཁང་གི་ར་བ་ན། འཕྱོང་རྒྱས་སྟག་རྩེའི་རྡོ་རིང་ཞེས་པ་དེ་ཡོད་ཀྱང་བདག་གཉེར་ལེགས་པོ་མ་ཐུབ་པས། ཡི་གེ་འདོན་རྒྱུ་ཕར་ཞོག ཡིག་རྡོག་གཅིག་གཉིས་ཙམ་ཡང་ངོས་ཟིན་དཀའ་བའི་གནས་སུ་གྱུར་ཡོད།

ལེའུ་ཉེར་གཅིག་པ། རྒྱན་གོས་ཀྱི་སྐོར།

བོད་ཀྱི་གནའ་རབས་རྒྱན་གོས།

མི་རིགས་གང་ལ་ཆ་མཚོན་ནའང་། རྒྱན་གོས་རིག་གནས་འདི། མི་རིགས་ཀྱི་ཀུན་སྤྱོད་དང་འཚོ་གནས། ཡུལ་སྲོལ་གོམས་གཤིས་ལ་རྐྱེན་བྱས་ཏེ། ནང་བསམ་བློས་བཟོ་བསྐྲུན་བྱས་པ་ཀུན་ལ་བསྙོན་མེད་ཡིན། དེ་བས། ཕ་ཡུལ་གང་ཡིན་སྐད་ཀྱིས་ཤེས། །ལུང་བ་གང་ཡིན་གོས་ཀྱིས་ཤེས། །ཟེར་ལ། ཁྱད་པར་ཁ་རྒྱབ་ཐག་གཅོད་པ་འདི་ཡ་ཐོག་བསྐལ་བ་ནས་ཁ་སང་དེ་རིང་གི་བར་དུ་ཡོད་པའི་དངོས་ཡོད་གནས་ཚོད་ཡིན། དེ་བཞིན་རང་ཅག་བོད་ལ་མཚོན་ནའང་། མེས་པོ་སྔ་མ་དག་གནམ་གཤིས་དྲོ་གྲང་གི་འགྱུར་ལྡོག་ལ་བརྟེན་ནས་གྲང་སྐྱོབ་ཚ་འགོག་དང་། ཡང་ན། ངོ་ཚ་སྒྲིབ་ཆེད་དུ་གོས་སུ་ཤིང་ལོ་དང་པགས་པ་གྱོན་ཏེ། ཤེས་རིག་འཕེལ་རྒྱས་དང་བསྟུན་ནས་རིམ་གྱིས་རུས་པའི་མཛེས་ཆས་དར་བར་གསལ་ཏེ། ཆབ་མདོ་ཁ་རོབ་ནས་རྙེད་པའི་གནའ་བོའི་ཤུལ་རྫས་ཁྲོད། རུས་ཁབ་རྣོན་པོ་དང་། རུས་པའི་སྐྲ་གཟེར་དང་རྣ་ལུང་། མགུལ་རྒྱན། ཕྲེང་རིལ། འགྲོན་རིལ་སོགས་དང་། གཞན་མངའ་རིས་དང་ལྷ་སའི་དུར་ཤུལ་མང་བོ་ལས། རྩི་ལྗོན་གང་རུང་གིས་ལས་སྣོན་བགྱིས་པའི་རྐང་འབོབ་དང་། ཐ་གུ་སྣ་སྣེ་སོགས་ཐོན་པ་དེ། གནའ་རྫས་རྟོག་དཔྱོད་པ་ཚོའི་ལོ་ངོ་བཞི་སྟོང་དྲུག་བརྒྱའི་སྔོན་ནས་བོད་དུ་ཚེམ་བཟོ་དང་མཛེས་རྒྱན་སོགས་ཡོད་པར་ར་སྤྲོད་བྱས་ཡོད་པ་དང་། མུ་ཁྲི་བཙན་པོས་བོན་རྣམས་ལ་ཆེ་ཐབས་ཀྱི་ཆ་བྱད་བསྩལ་བ། བསྒྲགས་པ་རིན་ཆེན་གླིང་གྲགས་ལས་འདི་ལྟར་འབྱུང་སྟེ། སྐུ་ལ་གཙིགས་བྱིན་པ་དབུ་སྐྲ་སིལ་མ་རྩེ་རྒྱལ་བཅད་ཅིང་གཏུབ་ཏུ་མེད། དབུ་ལ་དར་དཀར་བོའི་འགྱིང་ཐོད་ལ་བྱ་རྒྱལ་རྒོད་ཀྱི་ལྡེམ་འཕྲུ་བཙུགས་པ། གསེར་གྱི་བྱ་རུ་དང་གཡུ་ཡི་ལྡེམ་བརྐྱང་དང་། དངུལ་གྱི་ཆབ་སྒྲོག་དང་ཟ་འོག་གི་འབོལ་ལྷམ་དང་། ན་བཟའ་དབྱི་དཀར་དང་སྤྱི་དཀར་གྱི་ཐུལ་བ་སྟག་གཟིག་གུང་གསུམ་གྱི་གོང་ལག་བཏགས་པ་དང་། ཞེས་དང་།

ཕྱིས་སུ་རྒྱལ་བོའི་ཆ་ལུགས་ཤིག་ལ། སྲོང་བཙན་གྱི་དར་དམར་བོའི་ལ་ཐོད་བཞེས་པ་ལོ་རྒྱུས་ཡིག་ཚང་ལས་འབྱུང་ལ། པོ་ཏ་ལའི་ཕོ་བྲང་དམར་བོའི་ཆོས་རྒྱལ་སྒྲུབ་ཕུག་གི་ནང་བཞུགས་པའི་སྲོང་བཙན་གྱི་སྐུ་འདྲ་དེ་ཡང་། ཐོད་བཅིངས་དམར་བོ་བྱས་ཏེ་བཞེངས་ཡོད་པ་རེད། དེ་ལས་གཞན། སྦ་བཞེད་ལས་ཀྱང་། མཁན་ཆེན་བྷོ་དྷི་ས་ཏྭ་ཁྲི་སྲོང་ལྡེ་བཙན་ལ་ཐོག་མར་མཇལ་སྐབས། དབུ་ལ་ལ་ཐོད་བཅིངས། སྐུ་ལ་ཟ་འོག་གི་བེར﹙དར་སྣ་ལྔས་གསེར་སྐུད་ཀྱིས་བཏགས་པ﹚དང་ལྷམ་སྣ་འཁྱིལ་གསོལ་བ་དང་། ཡང་། ཆོས་རྒྱལ་གྱི་གདུང་རྒྱུད་དུ་གྲགས་པའི་མངའ་རིས་ལ་དྭགས་པ་རྣམས་ཀྱིས་ཀྱང་། ལོ་སར་གྱི་ཚེ་སྔོན་གྱི་ཆས་ཡིན་ཟེར་ནས་ཞྭ་དམར་བཙན་ཞྭའི་དབྱིབས་ཅན་རྩེ་མོ་མཐོ་ཞིང་ཕྲ་བའི་གཡས་ཟུར་དུ། ཚེ་དཔག་མེད་ཀྱི་སྐུ་བརྙན་ཞིག་དར་དམར་གྱིས་བཅིངས་ཏེ་ལྷག་མ་མདུན་དུ་བསྣོལ་བ་ཡང་སྔར་སྲོལ་ཕྱི་རྟགས་སུ་ཡོད་པ་ཡིན་ནོ། །ཁྱད་པར་དུ། ཡུལ་མིའི་ཆས་དང་སྔོན་གྱི་ལྷ་དག་གི་རྒྱན་ཆས་ཕལ་ཆེར་འདྲ་ས་མང་བས། འདི་ལ་དཔྱད་གཞི་ཤིན་ཏུ་ཆེ་སྟེ། དེབ་དཀར་ལས། ཡུལ་གྱི་ལྷ་དང་སྔོན་གྱི་མི་གཉིས་དཔེ་སྦྱར་ནས་དཔྱད་པ་བྱས་པ་འདི་འདྲ་ལ། མང་བོ་དག་བྱིས་པའི་རིགས་པ་ལྟ་བུར་སེམས་ངེས་མོད་ཀྱི། རྒྱ་གར་གྱི་གང་གཱའི་ལྷ་མོའི་རྐང་གདུབ་གྱོན་པ་དང་། ཨ་མདོའི་རྨ་རྒྱལ་སྦོམ་རས་ཕྱིང་ཞྭ། རྒྱ་ནག་གི་ཀོན་ཡིན་ཕུ་སཱས་བེར་སྔོན་གྱོན་པའི་བར་ཞིབ་ཏུ་ལྟོས་དང་། ཡུལ་མིའི་ཆ་ལུགས་སུ་བྱས་མ་བྱས་མངོན་སུམ་དུ་མཐོང་བར་འགྱུར་རོ། །ཞེས་པ་ལྟར། བོད་ཀྱི་བཙན་པོས་ཕྱིང་ཞྭ་དང་ཕྱིང་ལྭ་ཡང་གྱོན་པ་སྟེ། ཐང་ཡིག་ལས། བཙན་པོ་རང་ཡང་ཕྱིང་ལྭ་དོར་ནས་དར་ཟབ་གྱོན་ཏེ་རྒྱ་ཡི་ལུགས་སུ་སྤྱོད་གསུངས་པས་སོ། །བློན་ཆེན་རྣམས་ཀྱང་ཕལ་ཆེར་རྒྱལ་བོའི་ཆས་འདྲར་གསོལ། དམག་དཔོན་རྣམས་སྟག་གཟིག་དང་སེང་གེའི་པགས་པར་བརྩི་མཐོང་ཆེ་ཞིང་། དཔའ་ཆས་སུ་འང་བཤད། སྡར་མ་རྣམས་ཝ་ཡི་གཞུ་གུ་སོགས་གྱོན་པར་བཤད་དེ། རྒྱུ་མཚན་ནི། དགེ་ཆོས་ཀྱིས། བཙན་པོའི་དུས་སྐབས་སུ་སྟག་ལྤགས་དང་གཟིག་ལྤགས་ནི་དཔའ་བོའི་མཚོན་བྱེད་དེ། སྐྱེས་པ་ཚོ་གཡུལ་ལ་ཞུགས་ནས་རྒྱལ་ཁ་བླངས་ཚེ། སྟག་ལྤགས་དང་གཟིག་ལྤགས་ཀྱི་གོང་བ་གཡོགས་པ་དང་། གལ་ཏེ་གཡུལ་ལས་ཕམ་པའམ་བྲོས་བྱོལ་བྱས་ཚེ་མགོ་ལ་ཝ་ཡི་གཞུ་གུ་བཏགས་ཏེ་དམོད་ལ། མིའི་གྲས་སུའང་མི་བརྩི་བས་ལག་པ་ས་ལ་བཙུགས་ཏེ་ཁྱི་ཡི་ལད་མོས་གུས་ཕྱག་བྱེད། གསུངས་སོ། །གཟིམ་འགག་ཚོས་འཁྱེར་བའི་འབོག་ལྕག་གམ་སྟག་གི་ཐོག་བུ་བྱ་བ་འདི་ཡང་། ཁྲི་སྲོང་གི་དུས་སུ་དཔའ་བོ་རྣམས་ལ་བསྩལ་བའི་ཆས་སུ་གྲགས། སྐབས་དེ་དུས་བོད་རྣམས་གསེར་དངུལ་རྡོའི་རིགས་ཀྱི་རིན་པོ་ཆེ་ལ་གཙིགས་སུ་ཆེ་ལ། ཁྱད་པར་དུ་གཡུ་ནི་མཆོག་ཏུ་བརྩི། ཅིའི་ཕྱིར་ན། སྲོང་བཙན་གྱིས་མངགས་པའི་བང་མིའི་ཕྱག་ཏུ་སྲིང་མོ་སད་མ་ཀར་གྱིས་གཡུ་རྙིང་སུམ་ཅུ་བསྐུར་བའི་རྒྱུ་མཚན་ཡང་། མིང་བོ་ཁྱོད་ལ་གཡུ་ཐོགས་དཔའ་རྒོད་སུམ་ཅུ་ཡོད་ན་རྒྱལ་བོ་ལུག་མི་རྒྱ་ལ་རྒོལ་ཅིག་ཅེས་བརྡར་བསྟན་པས། གཡུ་ཡི་རྒྱན་ཆ་ལ་དོ་སྣང་ཇི་ལྟར་བྱེད་པ་རྟོགས་ནུས་པར་མ་ཟད། དཔོན་རྟགས་མཐོ་ཤོས་སུའང་གཡུའི་རྒྱན་ཆ་འདི་འཛིན་པ་སྟེ། ཐང་ཡིག་ལས། གཡུའི་ཡི་གེ་བླ་ན་མཐོ། གསེར་གྱི་ཡི་གེ་དེ་ལས་དམན། ཕྲ་མིན་དེ་ལས་དམན། དངུལ་དེ་ལས་དམན། ཐ་མ་ཟངས་སུ་བྱེད་ཅིང་ཆེ་ཆུང་དབྱེ། དེ་རྣམས་དཔུང་བར་བཏགས་ཏེ་མཐོ་དམན་བྱེད་ཅེས་གསུངས་པ། རིམ་བཞིན་ཆེ་བ་བདག་རྐྱེན་གྱིས་ཚུལ་དུ་གོ་གནས་ཀྱི་མཐོ་དམན་དབྱེ་འབྱེད་དང་། ཁད་ཀྱིས་གཞན་གྱི་མིག་སྔར་ངོམ་ངོམ་བྱེད་པའི་གཟི་བརྗིད་ལྟ་བུར་གྱུར་ཏེ་མཛེས་ཆོས་ཀྱི་རྒྱན་ཆར་གྱུར་བ་རྟོགས་ཐུབ། རྣམ་པ་གཞན་དུ་ན། རིན་ཆེན་མཆོང་ལྟ་བུར་མཚོན་ན། དག་ཡིག་གི་འགྲེལ་བཤད་ལས་ཀྱང་། མཆོང་ནི་གདོན་བགེགས་སྲུང་བྱེད། ཅེས་འབྱུང་བ་ལྟར། གཟི་མཆོང་སོགས་ནི་བྱུར་འགོག་ཚེ་སྲུང་དང་རྒྱན་ཆ་གཉིས་གོ་ཆོད་པ་ཡིན། དེ་བཞིན་གཡུ་ལ་མཚོན་ནའང་། བླའི་རིག་གནས་དང་འབྲེལ་བ་ཡོད་པས། གཡུ་ལུས་ལ་བཏགས་ན་བླ་ཇེ་བརྟན་དུ་ཡོང་བ་དང་། ལྷག་པར་བགྲེས་སོང་དང་སྦྲུམ་མ། ནད་པར་མཚོན་ན་བླ་ཤིན་ཏུ་སྙོམ་པས། གཡུ་ལུས་ལ་བཏགས་ན་ཕན་ནུས་ཆེ་བར་བཤད། གཟི་ལ་མཚོན་ནའང་། ལན་ཆགས་དང་། གཟའ་ནད། བར་ཆད་སེལ་ཞིང་། ཁ་རྗེ་རླུང་རྟ་དར་བར་བཤད་དོ། །

ཕྱིས་སུ་གནམ་གཤིས་དང་འཚོ་གནས། ལས་རིགས་མི་འདྲ་བའི་དབང་གིས་རྒྱན་ཆའི་རྒྱུ་དང་བཟོ་དབྱིབས་མི་འདྲ་བའི་རྣམ་གྲངས་མང་དུ་གྱེས་པ་སྟེ། བོད་ཀྱི་དེབ་ཐེར་བཀྲ་ཤིས་གཏེར་བུམ་ལས། ང་ནི་ཆབ་མདོའི་མ་ཡིན་ཏེ། །ཆབ་མདོའི་ཆ་ལུགས་ང་ཡིས་ཤེས། །ཆབ་མདོའི་ཆ་ལུགས་བཤད་དགོས་ན། །རྐེད་པ་དངུལ་ཆ﹙དངུལ་གྱི་སྐ་རགས། ﹚ཧྲུག་སེ་ཧྲུག །ང་ནི་འབའ་བ་མ་ཡིན་ཏེ། །འབའ་བའི་ཆ་ལུགས་ང་ཡིས་ཤེས། །འབའ་བའི་ཆ་ལུགས་བྱེད་དགོས་ན། །སྟེང་སྐུད་དར་ཕོན﹙གསེར་དངུལ་གྱི་ཐོན་ཆ། ﹚ཧྲུག་སེ་ཧྲུག །ང་ནི་སྡེ་དགེ་མ་ཡིན་ཏེ། །སྡེ་དགེ་ཆ་ལུགས་ང་ཡིས་ཤེས། །སྡེ་དགེ་ཆ་ལུགས་བཤད་དགོས་ན། །མགོ་ལ་བྱུ་རུ﹙དབུས་གཙང་ས་ཁུལ་དུ་འང་ཡོད། ﹚ཧྲུག་སེ་ཧྲུག །ཅེས་དང་། གཞན་ཡང་། རྒྱན་གོས་གཉིས་ཀའི་སྐོར་ནས། སྡེ་རོང་ས་ཆའི་དམངས་གླུར། མགོ་རས་རྒྱ་དར་དཀར་བོ། །རྣ་ལུང་གཡུ་ཕྲ་སུམ་སྐོར། །རྒྱབ་གོས་གོང་ཕྲུག་ཐིག་ལེ། །གའུ་མེ་ལོང་དཀར་གསལ། །སྐ་རགས་ལུས་བསྐོར་བཅུ་གཉིས། །པད་གདན་ནམ་མཁའི་འཇའ་ཚོན། །རྒྱ་ལྷམ་ཕོ་རོག་གཤོག་རྩེ། །ལྷམ་སྒྲོག་བྱ་རྗེས་བྱིའུ་སྤུ། །ལྷམ་འཛེར་སུམ་ཅུ་སོ་དྲུག །ཅེས་དང་། དེ་བཞིན་དབུས་གཙང་དང་ཨ་མདོའི་ཡུལ་ལུང་སོ་སོ་ནའང་རྒྱུ་དབྱིབས་དང་། འདོགས་ལུགས་མི་འདྲ་བ་མང་དུ་ཡོད་དོ། །

གནའ་རབས་བོད་ཀྱི་རྒྱལ་མོ་རྣམས་ཀྱི་ཆ་བྱད་ནི། དེབ་དཀར་ལས། བོད་ཀྱི་རྒྱལ་མོ་མཚན་མི་གསལ་བ་ཞིག་གི་སྐོར་བྲིས་ཏེ། རྒྱལ་མོ་དེས་སྟོད་ཐུང་སྔོ་ནག་ཕུ་དུང་གི་ཁ་ས་ལ་རེག་པ་ཙམ་དུ་རིང་བ་ཞིག་གྱོན། སྨད་ལ་དར་ནག་པོའི་ཤམ་ཐབས་གྱོན། སྐྲ་ལ་ལྷས་མ་ཆུང་ངུ་མང་དུ་བྱས་ཤིང་། རྣ་བ་ལ་ཨ་ལོང་འདོགས། ལྷམ་ཟོ་ཡི་བྱ་བ་གྱོན། དགུན་དུས་པགས་པའི་གྱོན་པ་ཕྱི་ལ་ཚེམ་དྲུབ་སྣ་ཚོགས་ཡོད་པ་ཞིག་གྱོན། ཅེས་པ་ལས་རགས་ཙམ་རྟོགས་ནུས་ལ། བོད་དུ་ཕོ་ཆས་མོ་ཆས་ཀྱི་སྲོལ་འདི་ཡང་། རྒྱ་བཟའ་ཀོང་ཇོས་ཕྱེས་པར་བཤད་དེ། དེབ་ཐེར་ཁག་གཅིག་ཏུ། བརྒྱད་དུ་མཛངས་པ་རྒྱ་མོ་ཨོང་ཆུང་གིས། །གོས་ལ་ཕོ་ཆས་མོ་ཆས་སོ་སོར་ཕྱེ། །ལས་ལ་ཕོ་ལས་མོ་ལས་སོ་སོར་ཕྱེ། །ཕོ་ལ་མདའ་གཞུ་མོ་ལ་འཕང་ཆ་གཏད། །ཅེས་ཟེར་རོ། །

འབངས་མི་སྤྱིར་བཏང་རྣམས་ཀྱིས་དབྱར་དུས་སུ་ཕྱིང་བའི་ཕྱུ་བ་དང་། དགུན་དུས་སུ་སློག་པ་གྱོན་པ་ཡིན་ཏེ། ཐང་ཡིག་ལས། མི་རྣམས་དབྱར་བལ་ཕྱིང་དང་། དགུན་སློག་པ་གྱོན། ཞེས་སོ། །

རབ་བྱུང་བདུན་པའི་ས་གླང་སྤྱི་ལོ ༡༤༠༩ ལོར། སྣེ་གདོང་གྲགས་པ་རྒྱལ་མཚན་གྱིས། སྐུ་དྲག་རྣམས་ཀྱིས་ཆ་ལུགས་ཡ་མ་ཟུང་བསྒྱུར་བར་མ་མཉེས་ནས། ལོ་སར་སོགས་མཛད་སྒོ་ཁག་ལ། སྔོན་ཆོས་རྒྱལ་ཚོའི་སྐབས་ཀྱི་ཆས་གོས་རྒྱན་ཆ་གྱོན་སྲོལ་སྒྲིག་འཛུགས་གནང་བ་དང་། རྒྱལ་དབང་ལྔ་བ་བློ་བཟང་རྒྱ་མཚོའི་སྐབས་དཔོན་རིགས་རྣམས་ཀྱིས་རྒྱན་གོས་བདེ་ཁྱད་བྱས་ཏེ། རྒྱ་ཧོར་བོད་སོག་གི་འདྲེས་མའི་རྒྱན་ཆ་རང་སྣང་གང་དྲན་བྱས་པ་ལ། སྡེ་སྲིད་བློ་བཟང་མཐུ་སྟོབས་ལ་བཀའ་བཀོད་གནང་ནས། སྔར་ཡོད་ཀྱི་རྒྱན་གོས་ལ་ཞིབ་འཇུག་གནང་སྟེ། རིན་རྒྱན་སོགས་གྱོན་པའི་ལུགས་སྲོལ་མཐའ་འཁྱོངས་གནང་བ་དང་། རིན་རྒྱན་ནི་ཞིབ་གསལ་དུང་དཀར་ཚིག་མཛོད་ལས་གསལ་ལ། དེ་ནི་དུས་རབས་བཅུ་བཞི་བའི་ནང་ཕག་གྲུ་དང་རིན་སྤུངས་དུས་ཀྱི་རྒྱན་གོས་ལ་གཞི་བཅོལ་ཏེ་བཟོ་ལུགས་ཁ་གསལ་དུ་བཀོད་པར་གཞིགས་ན། འདི་ལ་ལོ་རྒྱུས་ཆེས་སྔ་བར་སྣང་། རབ་བྱུང་བཅུ་གཉིས་བའི་སྐབས། གཞིས་ཀ་རྩེར་ཕོ་ལྷ་བ་པཎ་ཆེན་བློ་བཟང་ཡེ་ཤེས་ལ་མཇལ་ཚེ། གཞིས་རྩེ་རྫོང་དཔོན་དང་འབངས་རྣམས་ཀྱི་ཆ་ལུགས་ཞིབ་རྒྱས་སུ་བཀོད་པ་འདི་ལྟར་གདའ་སྟེ། མི་དབང་རྟོགས་བརྗོད་ལས། དེའི་ཚེ་དེའི་དུས་ན་བསིལ་ལྡན་གྱི་ལྗོངས་འདིར་ཡང་སྐྱེ་དགུ་རྣམས་རང་དབང་དུ་སྤྱོད་པ། གནའ་བོའི་སྲོལ་བཟང་ནུབ་པ་མེད་པ། ཆས་ཀྱི་མཛེས་ཤིང་ཁྲིམས་ཀྱི་སྤ་བ་ཡིན་པས། རྒྱལ་བོའི་ཁབ་བསམ་འགྲུབ་རྩེའི་སྣེ་མོར་སྤྱོད་པས་རྗེ་བོ་དག་ཀྱང་ཞྭ་བཟང་བོ་ཀ་ཤི་ཀའི་ལ་ཐོད﹙དྲུང་འཁོར་གྱི་ཨ་ཀོང་ཟེར་བ་དེ་ཡིན﹚ཅན། ཨུཏྤལ་རབ་ཏུ་རྒྱས་པའི་རྫིང་བུའི་དབུས་སུ། བཞིན་རས་ཀྱི་ཟླ་བ་ཁྲུས་ལ་ཞུགས་པ་ལྟ་བུའི་རྣ་རྒྱན་འཆང་བ། བཻཌཱུ་རྱའི་ཁུ་རྒྱུན་གཙང་མ་རླུང་གིས་བསྐྱོད་པའི་གཉེར་རིས་སྙོམས་པར་ཁྱབ་པ་ལྟ་བུའི་གོས་བཟང་བོ﹙དྲུང་འཁོར་སྐྱ་བོའི་ཤམ་ཐབས་དེ་ཡིན﹚དང་། ཐུན་མཚམས་ཀྱི་སྤྲིན་གསར་བ་དབང་བོའི་གཞུ་མཚར་བོས་དཀྲིགས་པ་དང་མཚུངས་པའི་སྟོད་གཡོགས﹙དྲུང་འཁོར་སྐྱ་བོའི་སྟོད་གོས་འཇའ་བསྒྲིགས་མ﹚དང་། པདྨ་དམར་བོའི་སྐུད་པ་ཐགས་སུ་བྲན་པ་དང་འདྲ་བའི་རྔུལ་གཟན﹙དྲུང་འཁོར་སྐྱ་བོའི་གྱོན་པ་གཟན་ཕྲ﹚མནབས་ཏེ་ཡ་རབས་དྲ་མའི་ཆོས་སུ་མཛེས་པ་དང་། འབངས་རྣམས་ཀྱང་སྐྲ་དོ་ཐོར་དུ﹙སྐྲ་སྒོར་བརྒྱབ་པ﹚བཅིངས་པ་དང་། སིལ་བུ་གྲོལ་བ﹙སྐྲ་ལྕང་ལོ་བྱས་པ﹚དང་། གོས་ཀྱི་སྟ་ཟུར་སུལ་ཞིབ་ཅན་དང་། གུར་གུམ་གཞོན་ནུའི་མེ་ཏོག་འབར་བ་ལྟ་བུའི་ཞྭ་བཟང་བོ﹙པགས་ཞྭ་དང་ཞྭ་མོ་འབག་ཐོ﹚བཀླུབས་པར་བྱེད། ཅེས་དང་།

ཡང་། མི་དབང་རྟོགས་བརྗོད་ལས། བུ་མོ་དམ་པ་དཔལ་བཟང་སྐྱིད་པ་ཕོ་ལྷ་བའི་ཆུང་མར་བསུ་སྐབས་ཀྱི་རྒྱན་གོས་ནི། དེ་ནས་བུ་མོ་དམ་པ་དཔལ་བཟང་སྐྱིད་པ་བག་མའི་དགའ་སྟོན་ལ་ཕྱོགས་པ་ན། བཞིན་ལག་གི་དྲི་མའི་ཆ་ཤས་སུ་གྱུར་བ་ནི་བསིལ་ཆུས་བྱི་དོར་བྱས། གནག་སྣུམ་རེག་ན་འཇམ་པའི་སྨད་གོས་མིག་སྨན་གྱི་མདངས་ཆགས་པ་ནི་མནབས། གོས་བཟང་བོ་ཨན་ད་རྙིལ་གྱི་ཆུ་བོ་རླབས་གཉེར་གཡོ་བ་རྨ་བྱའི་མདོངས་སྒྲོས་ཕྲ་བཏབ་པ་ལྟ་བུ་ནི་ལེགས་པར་བགོས། ཡུལ་པེ་ཅིན་གྱི་བུ་མོའི་ལག་སོར་གྱི་རོལ་བ་ལས་སྐྱེས་པའི་བཟང་གོས་སྟོད་གཡོགས་འཇའ་ཚོན་གྱི་དུམ་བུས་རྒྱན་དུ་བྱས་པ་ལྟ་བུ་ནི་ཀླུབས། མཆིལ་ལྷམ་ཡུ་ཅན་རྒྱན་སྤྲས་དང་ལྡན་པ་ནི་བགོས། སྐེད་སྐབས་ཕྲ་ཞིང་ལྡེམ་པ། རིན་པོ་ཆེའི་ཕྲ་བཏབ་པའི་སྐ་རགས་ནོར་བུའི་འཕྱང་འཕྲུལ་ཅན་བསིལ་ཁྲོལ་གྱི་སྒྲ་སྒྲོགས་པ་ནི་བཅིངས། མཉེན་ལྕུག་གཞོན་ཤ་ཆགས་པའི་མཁྲིག་མ་ལ་ནི་རིན་པོ་ཆེ་ཕྲ་ཚོམ་ཅན་གྱི་གདུ་བུས་མཛེས་པར་བྱས། བུམ་པའི་མགྲིན་པ་ལྟར་འཁྱིལ་བའི་མགུལ་བ་ནི་ཀུར་གུམ་གྱི་ཚོས་ཀྱིས་བྲན་པ་ལྟ་བུའི་སྦུར་ལེན་གྱི་མགུལ་རྒྱན་དང་། གཞན་ཡང་བྱུ་རུ་དང་། མུ་མེན་དང་། སྤུར་ལེན་གྱི་སེ་མོ་དོ་དང་། དོ་ཤལ་ནི་གོ་སྐབས་ཕྱེད་པར་བྱས་ཏེ་དཔྱངས། ནོར་བུའི་བྱེ་བྲག་སྣ་ཚོགས་སྤེལ་བའི་སེ་རལ་ཁ་ནི་བཅིངས། ཛམ་བུ་ཆུ་བོའི་གསེར་ལས་བྱས་པའི་རྣ་རྒྱན་རིན་པོ་ཆེ་སྤྲུག་གིས་ཕྲ་བཏབ་པ་ཨུཏྤལ་སྔོན་པོ་འདབ་མ་རྒྱས་པ་ལྟ་བུ་མུཀྟི་ཀའི་ཆུན་འཕྱང་ཅན་ནི་སྤུད། གནག་སྣུམ་ལི་བའི་དབུ་སྐྲའི་ཟུར་བུ་གཙུག་ཏུ་ཕྱེད་བཅིངས་སུ་བྱས་ཤིང་ལྷག་མ་རྒྱབ་ཏུ་གྲོལ་བ། གསེར་གཡུ་མུ་ཏིག་བྱུ་རུ་ལ་སོགས་པའི་སྐྲ་བཅིངས་ནོར་བུའི་རྩེ་ཕྲན་ཅན་ནི་བཅིངས། མུ་ཏིག་དྲ་བ་འཁོར་མོར་བཀོད་པ་ལ་དབུས་སུ་ཕྲ་ཚོམ་ཅན་གྱི་གཙུག་རྒྱན་བཞིན་རས་ཕྱེད་བསྒྲིབས་སུ་བྱེད་པའི་རྣམ་པ་ཅན་གྱི་རྒྱན་དུ་བྱས། གཙུག་གི་གཡུ་ཉི་མའི་འོད་འབར་བའི་འགྲམ་ངོགས་ནས་འཕྱང་འཕྲུལ་དུ་བྱས་པའི་རིན་པོ་ཆེ་ཟ་ར་ཚགས་ཀྱི་དབུ་རྒྱན་གྱིས་སྤྲས། རྡུལ་གཟན་བན་དྷི་ཛི་བ་ཀའི་མེ་ཏོག་གི་དཔལ་ལ་མངོན་པར་འཁུ་བ་ནི་མནབས་ཏེ། སྤྲིན་སྔོན་དུ་གྲགས་པའི་བཞོན་པ་བཟང་བོ་དེ་ཉིད་གསེར་སྒ་མེ་ལོང་ཅན་གྱིས་སྤུད་དེ་བཅིབས་ནས་འཁོར་ཕོ་མོ་དུ་མ་དང་བཅས་ཏེ་འབྲུམ་ཕོ་ལྷའི་གཞལ་མེད་ཁང་ཆེན་པོར་ལྷགས་སོ། །ཞེས་གསུངས་པ་འདིའི་སྐབས་དེའི་མཐོ་རིམ་གཉེན་སྒྲིག་གི་བུད་མེད་རྒྱན་གོས་ཇི་ལྟར་གསོལ་བ་རྟོགས་ཐུབ།

ཡང་། ཕལ་ཆེར་ལོ་ངོ་ཉིས་བརྒྱ་ལྷག་གི་སྔོན་ལ་རྡོ་རིང་བསྟན་འཛིན་དཔལ་འབྱོར་ལ། གཙང་བཀྲ་ཤིས་རྩེ་བའི་བུ་མོ་རྣམ་རྒྱལ་སྒྲོལ་མ་བག་མར་བསུ་སྐབས། རྡོ་རིང་ནས་མནའ་མར་སྤྲད་པའི་རྒྱན་ཆས་ཞིབ་པར་བཀོད་པ་ནི། དགའ་བཞི་བའི་མི་རབས་ཀྱི་བྱུང་བ་བརྗོད་པ་ཟོལ་མེད་གཏམ་གྱི་རོལ་མོ་ལས། བདེ་ལྡན་སྒྲོལ་མ་དེ་ཉིད་ཀྱི་དབུའི་གཙུག་གཡུ་ངོ་མའི་དབུས། དཔྲལ་ཚར། གསེར་གཡང་། གསུམ་སྐྱིད། ལྟག་ཁྲབ། ལྟག་འཕྲུལ། གཡས་འཐེན། ལྟག་རྫར། སྤ་ཕྲུག﹙འགའ་ཞིག་སྤ་ཕྲུག་ཅེས་རྒྱ་སྐད་བརྡ་འགྱུར་བར་བཤད་ཀྱང་། དོན་དུ་བོད་རང་སྐད་ཡིན་ཏེ་སྤ་ཞེས་པ་ནི་སྤ་ལོ་དང་། ཕྲུག་ཅེས་པ་ནི་སྣམ་བུའི་དོན་ཡིན། གནའ་དུས་སུ་སྤ་ཕྲུག་ནི་དང་ཐོག་སྤ་ལོ་འཆིང་བྱེད་ཀྱི་སྣམ་བུ་དམར་བོ་ཞིག་རང་ཡིན་པ་དང་། རྗེས་སོར་རིམ་བཞིན་འཕེལ་རྒྱས་སོང་སྟེ། གཡུ་བྱུར། མུ་ཏིག་སོགས་ཀྱིས་བརྒྱན་པའི་སྤ་ཕྲུག་ཟུར་གསུམ་དེ་ལྟ་བུ་ཞིག་འགྱུར་བ་རེད། སྤ་ཕྲུག་ནི་དེ་སྔ་སྒོར་སྒོར་ཡིན་པ་དང་། དེ་ནས་ཟུར་གསུམ་དུ་གྱུར། ང་ཚོའི་ཕ་མེས་མི་རབས་དེ་རང་དུ་སྤ་ཕྲུག་ཟུར་གསུམ་པོ་དེ་དག་རིམ་བཞིན་ཇེ་རྣོར་སོང་སྟེ། མཐར་ཉེ་རབས་ཀྱི་སྤ་ཕྲུག་རྭ་ཅོ་འདྲ་བ་དེར་གྱུར་རོ། །﹚ འཐེན་ཐག་སྒོང་། ཨ་སྒོར་འབྲུམ་རྫར། སྤོས་ཤེལ། ཤེལ་དཀར་དམར། སྡིག་རྭ་ཆེ་ཆུང་། སོར་གདུབ། ལག་གདུབ། གའུ་སོགས་བཙོ་སྦྱངས་གསེར་གྱི་གཞིར་གཡུ་དམར་ཞེ་མཚུངས་དང་། ཕྲ་རྒྱན། གཞན་ཡང་གཡུ་བྱུར། མུ་ཏིག སྦུར་ལེན་ལ་སོགས་པ་སྲིད་ན་རིན་ཐང་ཆེ་བའི་རིན་པོ་ཆེའི་རྒྱན་ཆ་དུ་མ་སོགས་ཕྲ་ཞིབ་ཚང་མ་ཡིག་ལམ་དུ་སྐབས་འདིར་གསལ་འགོད་མི་ལང་། རུང་ཙམ་གནས་ཚད་གོང་ཕབ་ཀྱི་དངུལ་སྲང་སུམ་སྟོང་བརྒྱད་བརྒྱ་དང་ལྔ་བཅུ་ང་བདུན་གྱི་རིན་གོང་ཟིན་པའི་རྒྱན་ཆ་སྤུས་ལེགས་ཞེ་གཅིག་ཅེས་འཁོད་ཡོད་ལ། སྐབས་འདིར་འབྲུ་ཁལ་བོད་དངུལ་ཞོ་གསུམ་ཡིན་པར་བཤད་པས། གཅིག་ལས་གོང་གསལ་རྒྱན་གོས་དེ་རྣམས་རིན་ཐང་ཇི་ལྟར་ཆེ་བ་རྟོགས་ཐུབ། གཉིས་ལས་སྐབས་དེར་བོད་ཀྱི་སྐུ་དྲག་བར་གྱི་གཉེན་སྒྲིག་གི་རྒྱན་གོས་དང་ཆ་བྱད། ད་ལྟ་ཡང་མེ་ལོང་གཟུགས་འཆར་གྱི་ཚུལ་དུ་ཤར་རོ། །ཕྱིས་སུ་སྐུ་ལྕམ་རྒྱན་ཆ་ལ་བཟོ་དབྱིབས་དང་རྣམ་གྲངས་ཀྱི་ཆ་ནས་འགྱུར་བ་ཆེན་པོ་ཐེབས་ཡོད་དོ། །འདིར་གཙོ་བོ་བོད་ལྗོངས་ལྷ་སའི་སྐོར་གྱི་གནའ་རབས་རྒྱན་གོས་སྐོར་ལྒིང་བ་ལས། ཞིབ་ཏུ་ཡུལ་ལུང་སོ་སོའི་རྒྱན་གོས་སྤྲོས་སྲོལ་གྱི་ཁྱད་རྟགས་མི་འདྲ་བ་མང་དུ་མཆིས་པས། བོད་ལྗོངས་ལ་མཚོན་ནའང། མོན་པ། ལྷོ་བ། ཤར་བ། ཆབ་མདོ། ཀོང་བོ། ནག་ཆུ་དང་། ཁམས་ལ་མཚོན་ན། དཀར་མཛེས། ལི་ཐང་། རྒྱལ་རོང་། ཉག་རོང་སོགས་དང་། ཨ་མདོར་ཡང་། རེབ་གོང་། བླ་བྲང་། རྔ་བ། མགོ་ལོག་སོགས་ཡུལ་ལུང་རེ་རེར་རྒྱན་གོས་སྤྲོས་སྲོལ་དང་། རྒྱུ་ཆ། བཟོ་དབྱིབས། ཚོས་གཞི་སོགས་བརྗོད་ཀྱིས་མི་ལང་ངོ་། །

རྒྱན་གོས་ཀྱི་རི་མོ་ཆ་མཚོན་ནའང་། དབུས་གཙང་དུ་གོས་ཀྱི་རྒྱབ་ངོས་སུ་གཟི་བརྗིད་ཀྱི་ཆེ་བ་མཚོན་ཆེད་ཉི་མའི་རིས་དང་། ཚེ་དཔལ་རྒྱས་པར་ཟླ་བའི་རིས། བརྟན་བརླིང་མཚོན་ཆེད་གཡུང་དྲུང་། གཞན་སྤྲིན་ཆུ་རི་བྲག རྒྱ་གྲམ། ནོར་བུ་ཆ་བདུན། འབྲུག་དང་རལ་གྲི གཡག་མགོ་སོགས་འབྲི་སྲོལ་ཡོད་ལ། རེ་རེ་ལ་མཚོན་དོན་ཡང་ཡོད་པར་བཤད་དོ། །ཉེ་རབས་ཀྱི་རྒྱན་གོས་སྐོར་དུང་དཀར་ཚིག་མཛོད་ཤོག་ངོས ༡༤༣༢ ན་གསལ་བས་དེར་གཟིགས་པར་བྱའོ། །

གླིང་སྒྲུང་ལས་བཤད་པའི་རྒྱན་གོས་སྐོར།

སྤྱིར་གླིང་སྒྲུང་ལས་ཕོ་རྒོད་ཀྱི་དཔའ་ཆས་སོགས་ཕོ་གོས་དང་། མོ་སྨན་གྱི་མཛེས་འཕྱོར་སོགས་མོ་གོས་སྣ་ཚོགས་མང་དུ་བཤད་ཡོད་ཀྱང་། འདིར་རེ་གཉིས་ཙམ་གདམས་ཏེ་བཀོད་ན།

རྒྱུན་ལྡན་ཏུ་གསོལ་བའི་ཕོ་གོས་སྤྱི་རྣམ་ཙམ་བརྗོད་ན། ལུས་སྟོད་དུ་དར་ཆུ་ཟི་དམར་བོའི་ནང་འཇམ་བཀླུབས་ཤིང་། ཕྱི་གོས་ལ་ཚར་སློག་དམར་ནག་དང་། ལྗང་སེར་ཅན། དེ་ཡང་། རི་མོ་ཡོད་མེད་གཉིས་ཀ་དང་། ལ་ལར། སྟག་གཟིག་གི་པགས་པའི་ཤོམ་འཐེན་པ། མགོ་ལ་མན་ཏྲི་དམར་བོའི་ལ་ཐོད་དང་། གསེར་གྱི་པྲོག་ཞུ། དབུ་ཞྭ་ཅ་ལ་དམར་ཅན་སོགས་གསོལ་བ། སྐ་རགས་ལ་ལིང་ཕོ་བ་རིས་སོགས་བཅིངས། རྐང་ལ་ཀོ་ལྷམ་དང་། དར་ལྷམ། འཇའ་རིས་དགུ་བརྩེགས། ཆུ་ཟི་ནག་པོའི་རྒྱ་ལྷམ་སོགས་གྱོན། ལྷམ་སྒྲོག་ལ་ཕོ་བ་དམར་བོ་དང་། སྒྲོག་ཐེ་ཚེ་དགུ་སོགས་བཅིངས་སོ། །

བྱེ་བྲག་ཏུ་ཕོ་གོས་ལ། འཁྲུངས་སྐོར་ལས། ཇོ་རུ་རང་གི་མགོ་ལ་ཞྭ་ཞིག་དང་། རྐང་ལ་ལྷམ་ཞིག རྒྱབ་ལ་གོས་ཤིག་དགོས་བསམ་ནས། དང་བོ་སེ་ཡུ་རི་ལ་སོང་། རྒོ་འདྲེ་བསེ་རག་སྤུན་གསུམ་བསད། མགོར་མི་འཛའི་རྒོ་ཕོ་ཅོག་ཞུ་དེ་མགོ་སུག་རིབ་བེ་གྱོན། དགུང་མོ་སྤྱི་དཔོན་གྱི་བེའུ་གདང་ནང་དུ་སོང་། ནོར་གྱི་གོད་འདྲེ་བརྐུས་ནས་བསད། ལུས་མི་འཛའ་བེའུ་སློག་མཐའ་གྱོང་དེ་བེའུ་ཀོ་རྔ་མ་རུག་གེ་གྱོན། ནམ་གུང་ཁྲོ་ཐུང་གི་རྟ་གདང་ནང་དུ་སོང་། རྟ་བདུད་རྟེའུ་མཚེ་གྭ་ཤ་དེ་བརྐུས་ནས་བསད། རྐང་ལ་མི་འཛའི་རྟ་ལྷམ་དམར་སུག་རེད། དྲེས་མའི་རྩ་ཡི་རྡོག་མཐིལ་བཙེམས་ནས་གྱོན། འདྲེ་གསུམ་དམ་ལ་བཏགས་ནས་ཞྭ་གོས་ལྷམ་གསུམ་བྱུང་། ཞེས་པ་འདིས་ཇོ་རུ་ཡུལ་འཁྱམས་ཀྱི་ཚེ་གྱོན་གོས་ཀྱི་རྣམ་པ་ཇི་འདྲ་ཡིན་པ་རྟོགས་ཐུབ་པ་དང་། དེ་ལས་གཞན། གེ་སར་རྒྱལ་བོའི་ཤོམ་སྤྲས་ནི་ཇི་འདྲ་ཡིན་ཞེ་ན། རྨ་ཤེལ་བྲག་ལས། ཐུགས་འཁྲུལ་མེད་ཆོས་སྐུའི་དགོངས་པ་དང་ལྡན་པ་དེ་ཉིད་ཀྱིས། དར་ཆུ་ཟི་དམར་བོའི་ནང་འཇམ། ཀ་ཤི་དཀར་བོའི་རྐང་སྣམ། དོར་མ་ཆ་ག་དགུ་བསྒྲིགས་སྟེང་། །སྤྲིན་འཐག་དམར་ཁྲའི་ལྭ་བ་གསོལ། །རྒྱ་རོང་གསེར་མའི་ཐོག་རྒྱག་ལ། །ཆུ་འབྲུག་པགས་པའི་མཐའ་རྒྱན་སྤྲས། །ལིང་ཕོ་བ་རིས་ཀྱི་སྐ་རགས་ལ། །གསེར་ཆབ་སེར་བོས་སྟེང་ནས་མནན། །གློ་ཟུར་བཀྲ་ཤིས་རྟགས་བརྒྱད་ལ། །གྲི་ཆུང་ཤེལ་གྱི་ཡུ་དཀར་བཏགས། །དངུལ་ཐགས་སླས་མ་དགུ་བསྒྲིགས་ལ། །རིན་ཆེན་སྣ་ལྔའི་ཕོན་ཚར་སྤྲས། །སྐེད་གྲི་ཆུང་འཇིག་རྟེན་ཆུ་ཉུལ་དེ། །སེར་བོ་གསེར་གྱི་པ་ཊས་བརྒྱན། །དར་འཇམ་འཇའ་རིས་དགུ་བརྩེགས་ལ། །ལྷམ་སྒྲོག་ཐེལ་ཚེ་དགུ་འགྱུར་བསྡམས། །དབུ་མན་ཏྲི་དམར་བོའི་ལ་ཐོད་ལ། །རིན་ཆེན་གསེར་གྱི་པྲོག་ཞུ་བཅིངས། །ཛམ་བུ་གསེར་གྱི་སྙན་རྒྱན་ལ། །ཨིནྡྲ་ནི་ལའི་ཕྲ་ཡིས་བརྒྱན། །པདྨ་ར་གའི་ཕྲེང་བ་ལ། །རྡོ་རྗེ་ཕ་ལམ་གྱི་མཛུབ་དཀྲིས་སོགས་རྒྱན་ཆ་མེ་ཏོག་བཀྲག་འདྲ། ཞེས་པ་འདིས་མཚོན་ཏེ། གླིང་གི་དཔོན་རིགས་ཚོའི་རྣམ་པ་ཞིག་མངོན་གསལ་དུ་མཐོང་ཐུབ་པ་དང་།

ཡང་། གླིང་གི་མཐུ་ཆེན་གསུམ་སྟེ། གེ་སེར་དང་སྟག་རོང་། སྒ་སྡེ་ཞེས་གྲགས་པ་ལས། འབྲུ་སྒ་སྡེ་ཆོས་སྐྱོང་བེར་ནག་གི་མཐུ་ཆས་གྱོན་ཚུལ་ཅུང་ཟད་བརྗོད་ན། སོག་པོ་རྟ་རྫོང་ལས། ངན་མཐུ་བྱེད་པའི་ལུས་ཆས་ལ། །མགོ་ལ་ཞྭ་ནག་གྱོན་ལེ་འདི། །ཁམས་གསུམ་དབང་དུ་འདུ་བའི་རྟགས། །སྟེང་ལ་ཐོད་སྐམ་བརྒྱན་ལེ་འདི། །སྡེ་བརྒྱད་ཟིལ་གྱིས་གནོན་པའི་རྟགས། །ལག་ལ་ཁྲོ་ཕུར་བཟུང་ལེ་འདི། །འདྲེ་སྲིན་དམ་ལ་འདོགས་པའི་རྟགས། །འོག་ལ་རྟ་ནག་ཞོན་ལེ་འདི། །དགྲ་འཆི་བདག་ཁ་ནས་ཤོར་བའི་རྟགས། །ཕོ་གཞན་གྱི་མི་དང་འདྲ་ལེ་མིན། །མཐུ་ཆེན་བྱེད་དུས་དེ་འདྲ་ཡིན། །དགྲ་ཆས་བྱེད་དུས་བཤད་མ་དགོས། །ཞེས་དང་།

ཡང་། གླང་རུ་ལས། སྒ་སྡེ་མི་ཆེན་སེར་བོ་དེ་རྟ་ཕོ་རླུང་ནག་འཚུབ་ཤེས་ཀྱི་གོང་དུ་བུད་ཅིང་། དབུ་ལ་ཞྭ་ནག་རྩེ་སྒྲོ་ལེབ་བཞི་གསོལ་བ། རྡོ་རྗེ་ནག་པོའི་འཕྲུ་ཏོག་གི་སྟེང་ལ་མེ་དཔུང་འབར་བ། སྐུ་ལ་ཁྲབ་རྨོག་དར་གྱི་ལས་གོས། ཕྱག་གཡས་པར་གནམ་ལྕགས་ཀྱི་གྲི་གུག གཡོན་པར་མི་རུས་ཀྱི་ཞགས་པ། སྐེད་ལ་མི་རྐང་གི་གླིང་བུ་སྔགས་དང་ཧཱུཾ་གྱི་རང་སྒྲ་ལྡན་པ། རལ་བ་དམར་སེར་གྱིས་སྐུ་སྟོད་ལེབ་གྱིས་ཁེབས་པ། ཞེས་དང་། འཛམ་གླིང་སྤྱི་བསང་ལས། དེ་དུས་འབྲི་དགའ་བདེ་ཆོས་སྐྱོང་བེར་ནག་ཡར་བཞེངས་ནས། མཛེས་བརྗིད་ཟ་འོག་གི་གོས་ཚར་ལ། གདུག་པ་སྦྲུལ་རིས་ཀྱི་སྐ་རགས་བཅིངས། སྲིད་གསུམ་ཟིལ་གནོན་གྱི་ཞྭ་ནག་ལ། མུན་སེལ་ཉི་ཟླ་དང་མེ་ལོང་གིས་བརྒྱན། དར་སྣ་དམར་ནག་གི་ཅོད་པན་འཆིང་། པང་ཁེབས་ཁྲོ་བོའི་ཞལ་ཁྱིམ། བྲང་དཀྱིལ་འཁོར་ལོའི་མདོ་ཆེན་ན། གསེར་གྱི་མེ་ལོང་སྡེར་ཁ་ཙམ་གྱིས་བརྒྱན། ཞེས་པ་ལྟ་བུའོ། །

འཆམ་ལྭའི་རིགསལ། གླིང་གི་དཔའ་རྟུལ་རྣམས་ལ་མཚོན་ན་ཕ་རོལ་ལ་གཡུལ་སྤྲོད་པའམ་མཐུ་གཏོང་བ་དང་། འཆམ་རྒྱག་པའི་ཆོས་ལུགས་ཀྱི་སྤྱོད་སྒོ་སྣ་ཚོགས་རྒྱག་སྲོལ་ཡོད། འདིར་འཆམ་རྒྱག་དུས་གེ་སར་གྱི་འཆམ་ལྭ་ནི། གླིང་གི་བྲོ་ར་ལས། པད་འབྱུང་གེ་སར་རྒྱལ་བོའི་སྐུ་མཚན་དཔེ་ལང་ཚོའི་ཆོག་མི་ཤེས་པ། དར་དཀར་གྱི་རལ་ཁ་གསེར་གྱི་པདྨ་སུམ་བརྩེགས་སུ་དོད་པའི་སྟེང་དུ་མཁའ་འགྲོ་གྲུབ་པ་རྒྱལ་མོའི་གར་ཆས་བཅུ་གསུམ། རིན་པོ་ཆེ་སྣ་ཚོགས་ཀྱི་རུས་རྒྱན་གསོལ་བ། དབུ་སྐྲ་བཻཌཱུ་རྱའི་སྐྲ་ཅོག་ལ། སྐྲ་འཆང་ཤེལ་གྱི་པ་ཏྲ་དང་ནོར་བུ་དཀར་སེར་དམར་ལྗང་དགུ་བསྒྲིགས་ཀྱི་ཕྲ་བཏབ་པ། ཕྱག་གཡས་ལ་རྩ་གསུམ་རིག་འཛིན་རྒྱ་མཚོ་སྤྱན་དྲངས་ནས་ཐོད་རྔ་སྟོང་གསུམ་ཆོས་སྒྲ་བསྣམས་པ། ཕྱག་གཡོན་བདེ་སྟོང་ཡེ་ཤེས་ཀྱི་མཁའ་འགྲོ་འདུལ་བའི་དྲིལ་བུ་ཉི་ཟླ་འོད་འབར་བསྣམས་པ། ཞེས་དང་། ལྷ་སྲས་དགྲ་ལྷ་རྩེ་རྒྱལ་གྱི་འཆམ་ལྭ་ནི། དར་སེར་བོ་ལྗང་ཁའི་རལ་ཁ་གསོལ་བའི་སྟེང་དུ། ཤེལ་དང་མུ་མེན་གྱི་རུས་རྒྱན་གསོལ་བ། དར་དམར་སེར་ལ་ཐོད་རྒྱན་དུང་གི་སྐྲ་འཆང་མཛེས་པས་བརྒྱན། ཞེས་དང་། ཚ་ཞང་འདན་མའི་འཆམ་ལྭ་ནི། ལྷ་མདའ་ཁྱུང་གཤོག་ལྡན་པ། མདའ་སྟོང་མཚལ་གྱིས་བརྒྱན་པ། མདའ་མགུལ་བཀྲ་ཤིས་གསེར་གྱིས་བྱས་པ། གནམ་ལྕགས་ཁྲོ་བོའི་མདེའུ་སྣེ་ལ་ཆོས་སྐྱོང་གི་ཟི་ར་འཚུབས་པ་དེ་ལ། དར་དཀར་ལྷ་ཡི་བླ་རྟེན། ལྷ་ཚངས་པའི་ལྷ་རིགས་རང་བྱུང་། དར་སེར་གཉན་གྱི་བླ་རྟེན། གཉན་གེར་མཛོད་ནོར་བུ་རང་བྱུང་། དར་སྔོན་ཀླུ་ཡི་བླ་རྟེན། ཀླུ་མི་མགོན་ཀླུ་དམག་རང་བྱུང་། དར་དམར་བཙན་གྱི་བླ་རྟེན། བཙན་མེ་སྟག་མི་རྟ་རང་བྱུང་། དར་ལྗང་གླིང་གི་བླ་རྟེན། གླིང་ཕུ་ནུ་ལྷ་རྟ་རང་བྱུང་སོགས་ཀྱིས་བརྒྱན་པ་ཕྱག་གཡས་པས་བསྣམས་ནས། དབུ་ལ་རྨ་བྱའི་སྒྲོ་ཐིག་གི་པྲོག་ཞུ་ལ་བཻཌཱུ་རྱ་སྔོན་པོའི་སྐྲ་འཕྱང་བ། ཆུ་དར་མཐིང་སྔོན་གྱི་རལ་ཀའི་སྟེང་དུ་མན་ཤེལ་དམར་བོའི་རུས་རྒྱན་གྱིས་སྤྲས་པ་སྐུ་ལ་གསོལ་བ། ཞེས་འབྱུང་ལ། འཆམ་གོས་འདི་དག་ལ་གཞི་བཅོལ་ནས། དུས་རབས་ཉི་ཤུའི་དུས་དཀྱིལ་དུ་གྲུབ་དབང་ལྔ་བ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་ཁམས་རྫོགས་ཆེན་དགོན་དུ་གེ་སར་གྱི་འཆམ་རྩེད་སྲོལ་དར་སྤེལ་ཡང་གནང་ཡོད་པ་རེད།

ཡང་། གླིང་སྒྲུང་ལས་བྱུང་བའི་དམག་ཆས་ཀྱི་རྣམ་པ་སྤྱི་རྣམ་ཙམ་བརྗོད་ན། དཔའ་རྟུལ་རྣམས་ཀྱི་དབུ་ལ་དུང་རྨོག་དང་། ལྕགས་རྨོག ཟངས་རྨོག་སོགས་གྱོན་ཞིང་། སྟེང་དུ་ཁ་དོག་སྣ་ལྔའི་འཕྲུ་དར་འཛུགས། བྲང་ལ་མེ་ལོང་འདོགས། སྐུ་ལུས་ལ་ཤེལ་ཁྲབ། གཡུ་ཁྲབ། མཐིང་ཁྲབ། ལྕགས་ཁྲབ། གསེར་ཁྲབ། དངུལ་ཁྲབ། བྱིར་ཁྲབ། མཆོང་ཁྲབ་སོགས་གྱོན། རྒྱབ་ཏུ་དར་ཚོན་སྣ་ལྔའི་དར་དང་། རྐང་ལ་རྒྱ་ལྷམ་དང་། ཀོ་ལྷམ། པདྨ་ཡར་འཁྱིལ་གྱོན། མཚོན་ཆར་མདའ་མདུང་གྲི་གསུམ་འཛིན་ཞིང་། གཡས་ཀྱི་སྟག་རལ་དུ་གཞུ་མོ་འཇུག་པ་དང་། གཡོན་གྱི་གཟིག་ཤུབས་སུ་མདའ་མོ་འཇུག་ལ། ལག་ཏུ་མདུང་མོ་འཛིན་པ། སྐེད་ལ་འུར་ཆ་འཆང་བའོ། །

ཡང་། སྤྱིར་སྨན་ཤར་ཕལ་མོ་ཆེས་འཆོར་སྒེག་ལ་མཐོང་ཆེན་དུ་འཛིན་རྐྱེན། རྒྱན་གོས་ལ་མཛེས་ཆ་དོད་པོ་ལྡན་ཞིང། མི་རིགས་ཀྱི་ཁྱད་ཆོས་ཀྱང་རྒྱན་གོས་ལས་ཅུང་ཟད་གསལ་བོར་མངོན་ཐུབ་པས། འདིར་གླིང་གི་མོ་སྨན་གྱི་རྒྱན་གོས་རྣམ་པ་རགས་ཙམ་བཀོད་ན། བདུད་འདུལ་ལས། གེ་སར་ནོར་བུ་དགྲ་འདུལ་ཁོང་རང་བདུད་ཀླུ་བཙན་འདུལ་དུ་ཕེབས་ཁར་འབྲུག་མོས་གླུ་འདི་ལྟ་བུ་ཞིག་བླངས་པ། ངའི་རིན་ཆེན་གོས་ཚར་ཐུལ་བ་འདི། །འབྲུག་མོའི་སྲམ་ཐུལ་སྨུག་པོ་ཡིན། །ལུག་ཕོ་ཚར་བརྒྱ་ལ་སྒང་བཟོ་བྱས། །མོ་ཚར་བརྒྱ་ལ་རྩིབས་བཟོ་བྱས། །སྐད་ཅིག་དབུགས་ཀྱི་ཆ་ག་བྱས། །གཟིག་ཐིག་ལེ་ཅན་གྱི་གོང་བ་བྱས། །སྤྱང་ཤ་གཟན་དམར་བོས་སྒྲོག་སྟན་བྱས། །གཡི་སྤུ་ར་ཅན་གྱིས་སྒྲོག་གུ་བཏགས། །འདི་ཞིག་ན་གླིང་གི་སྡེ་ཡང་ཁེབས། །འདི་སྦས་ན་སེན་མོའི་ནང་དུ་ཆུད། །ཅེས་དང་།

རྨ་བྲག་ལས། གླིང་གི་དཔོན་མོ་དེ་མགོ་རྒྱན་རབ་ནོར་བུ་སྣ་ཚོགས། ལུས་གོས་རབ་ཟ་འོག་དགུ་བརྩེགས། སྐེ་ཆིངས་འཇའ་ཚོན་རང་ཤར། སེར་བོ་སྤོས་ཤེལ་དགུ་བསྒྲིགས། གློ་ཟུར་ནོར་འཛིན་དགུ་བསྒྲིགས། མུ་ཏིག་ཟར་ལོ་རང་བསྒྲིགས། དར་ལྷམ་འཇའ་རིས་སུམ་བརྩེགས། ལྷམ་སྒྲོག་ཆུ་མིག་དགུ་བསྒྲིགས་སོགས་རྒྱན་རབ་ཕུན་སུམ་ཚོགས་པས་སྤྲས་ཏེ་མཛེས་དགུ་ལུས་ལ་ཚང་། ཞེས་དང་།

ཡང་། ཐོག་གླིང་ལས། སྒ་སྐྱལོའི་སེང་ལྕམ་འབྲུག་མོ་དེས། རྒྱན་རབ་བཅོ་བརྒྱད་སྐུ་ལ་གསོལ། རྒྱ་གོས་ལུག་ཆུང་ཚ་རུ་ལ། ཕོ་སྲམ་བརྒྱ་ཡིས་སྒང་བཟོ་བྱས། མོ་སྲམ་བརྒྱ་ཡིས་གཤོང་བཟོ་བྱས། སྲམ་ཕྲུག་བརྒྱ་ཡིས་སྲུབས་ཟིན་བྱས། གཟིག་མི་གཟན་པགས་པས་ཁ་ཤན་བརྒྱན། དོམ་ཁྲག་འཐུང་པགས་པས་མཐའ་བརྒྱན་བྱས། བཀབ་ན་ཤོག་དྲུག་ཁེབས་པ་བྱུང་། གྱོན་ན་བྱང་རླུང་ལྷགས་པ་ཁོགས། སྐེད་འཆིང་དུང་གི་ཆབ་ཁྲ་ལ། རྒྱ་བྱིར་དཀྲུག་མས་ཕྲ་རྒྱན་བརྒྱབ། དར་གོས་མདངས་ལྡན་མཛེས་རྒྱན་གྱིས། ཞེས་བཀོད་ཡོད་པ་དང་།

ཡང་། རྟ་རྒྱུགས་དཔྱིད་ཀྱི་ཉི་མ་ལས། སྒ་སྐྱ་ལོའི་སེང་ལྕམ་འབྲུག་མོ་དེ་སྐྲ་ཉག་མ་རེ་ལ་མུ་ཏིག་རེ། ལན་བུ་རེ་ལ་གཡུ་ཆུང་རེ། གཡས་སྐྲ་གཡས་ཀྱི་ལན་སྟེང་ལ་བྱུ་རུ་རྗེ་མོའི་ལག་གཡས། གཡོན་སྐྲ་གཡོན་གྱི་ལན་སྟེང་ལ། བྱུ་རུ་སྲིན་མོའི་ཁུ་ཚུར། རྒྱབ་སྐྲ་རྒྱབ་ཀྱི་ལན་སྟེང་ལ། བྱུ་རུ་མི་རྒོད་དཔུང་བ། གཡུ་དྲུག་དཀར་སྒྲོལ་མ་དཀར་མོ། དྲུག་སྔོན་སྒྲོལ་མ་སྔོན་མོ། མཐིང་ནག་འཛམ་གླིང་གཡས་བཞག སྤོས་ཤེལ་ངང་བ་གསེར་ལྡན། གའུ་ལིང་ཚེ་དགུ་བསྐོར། རྣ་ལུང་དཀྱིལ་ལུང་ཁ་སྤྲོད། དཀྱིལ་ལུང་པདྨ་འདབ་བརྒྱད། ནང་རྟེན་སྒྲོལ་མའི་སྐུ་འདྲ། དཀར་བོ་དུང་མགུལ་དགུ་བསྒྲིགས། ཁྲ་བོ་གཟི་མགུལ་དགུ་བསྒྲིགས། སྨུག་པོ་མཆོང་མགུལ་དགུ་བསྒྲིགས། དམར་བོ་བྱུར་མགུལ་དགུ་བསྒྲིགས། གོས་ལྭ་རིང་ཐུང་བཅོ་བརྒྱད། ལྭ་མ་ཐུང་དང་བཅུ་དགུ། སྲམ་ཐུལ་སྨེ་བ་དགུ་བསྐོར། འགོམ་དཀར་སུལ་མོ་དགུ་བསྒྲིགས། བར་འདུང་རིང་འགག་དཀར་བོ། གོས་ཆེན་པདྨ་ཁྱུང་གཤོག ལྷམ་ཆུང་ཡ་ག་མཛེས་ལྡན། ལྷམ་སྒྲོག་འཇའ་ཐིག་རང་དོད། མེ་ལོང་འཕྲུལ་གྱི་ལྡེ་མིག དུང་དཀར་ཆབ་མ་རང་ཆས། གསེར་འགུ་ཉི་མ་རང་ཤར། དངུལ་འགུ་ཟླ་བ་རང་ཚེས། ལག་གདུབ་རིན་ཆེན་ཕྲ་ལྡན་རྣམས་ཀྱིས་བརྒྱན། ཞེས་རྒྱན་སྤྲོས་ཀྱི་སྐོར་ཕྲ་ཞིང་ཞིབ་པར་བརྗོད་ཡོད།

ཐ་ན་དུས་དང་མིག་སྔར་འགྲོ་ཡུལ་གྱི་དབང་དུ་བྱས་ན་འང་། མདོག་དང་རྒྱུ་སྤུས་མི་འདྲ་བར་བཤད་དེ། གེ་སར་སྒྲུང་ལས། ལུས་ལ་གོས་རབས་བཅོ་བརྒྱད་ཡོད། །དབྱར་ཚ་བ་བྱུང་དུས་མི་འཇིགས་ལེ། །ཆུ་གོས་ཆུ་ལིང་སྔོན་པོ་ཡོད། །དགུན་ལྷགས་པ་བྱུང་དུས་མི་སྐྲག་ལེ། །དམར་བོ་ལེ་ལིང་ལུས་ལ་གྱོན། །ཕ་བླ་མའི་མདུན་ལ་འགྲོ་དུས་དེར། །ཆོས་གོས་ལེའུ་དགུ་བརྩེགས་ཡོད། །གོང་དཔོན་པོའི་མདུན་ལ་འགྲོ་དུས་དེར། །ཁྲིམས་གོས་ཆུ་སྲིན་ཁ་སྤྲོད་ཡོད། །ཕ་ཁུ་བོའི་སྔོན་ལ་འགྲོ་དུས་དེར། །སྟོད་གོས་ཟ་འོག་སེར་བོ་ཡོད། །སྟག་ཤ་རའི་སྔོན་ལ་འགྲོ་དུས་དེར། །དར་གོས་ལུས་ལ་འཇམ་ལེ་ཡོད། །མ་སྲུ་མོའི་མདུན་ལ་འགྲོ་དུས་དེར། །གྲོ་ཤོས་རྒྱ་ལྕང་ཕྱུག་མོ་ཡོད། །སྨན་བུ་མོའི་མདུན་ལ་འགྲོ་དུས་དེར། །འཕྱོར་གོས་ཉི་མ་རང་ཤར་ཡོད། །ཅེས་སོ། །

ལེའུ་ཉེར་གཉིས་པ། ཞབས་བྲོ་དང་ཟློས་གར་སོགས།

འཆམ།

༡ འཆམ་གྱི་བྱུང་རིམ། འཆམ་ཞེས་པ་ནི་ཡི་དམ་ཆོས་སྲུང་གི་འདྲ་འབག་དང་། ཆོས་གོས་གྱོན་ཞིང་ཕྱག་མཚན་ཐོགས་ནས་གར་འཁྲབ་པ་ལ་ཟེར། དེ་ཡང་གར་དང་འཆམ་གཉིས་ཅུང་ཟད་མི་འདྲ་བའི་ཁྱད་པར་ནི། ཞི་ཉམས་གཙོ་བོར་སྟོན་ཅིང་ལག་པའི་ཕྱག་རྒྱ་གཙོ་བོར་གནང་སྟེ་ལྷ་ལ་མཆོད་པ་འབུལ་བ་དང་། འཆམ་ལ་ལུས་ཀྱི་ཉམས་འགྱུར་སྟངས་སྟབས་གཙོ་བོར་བྱས་ཤིང་གདོན་བགེགས་འདུལ་བའི་རྣམ་པ་གཙོ་བོར་སྟོན་པའོ། །འཆམ་གྱི་མིང་གི་རྣམ་གྲངས་སུ་ལྷ་བྲོ་ཡང་ཟེར་ཏེ། སྦ་བཞེད་ལས། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་དགོན་པ་བཞེངས་སྐབས་སློབ་དཔོན་པདྨ་འབྱུང་གནས་སྤྱན་དྲངས་ཏེ་གདོན་འདྲེ་འདུལ་བའི་སྔོན་ཁྲིད་ནས་བྲོ་གར་འཁྲབ་པ་འདི་ནི་བོད་ཀྱི་ལྷ་བྲོ་ཡིན་ལ་འཆམ་ཞེས་པའང་རེད། ཅེས་པ་འདིས་རྟོགས་ནུས་སོ། །འཆམ་གྱི་ཁུངས་ནི། གསང་སྔགས་ཀྱི་སྒྲུབ་མཆོད་སྐབས། སྦྱིན་སྲེག་དང་། གཏོར་ཟོར་འཕེན་སྐབས་འབུད་རྡུང་དཀྲོལ་གསུམ་གྱི་འགྲོས་དང་བསྟུན་ཏེ། ཞི་ཁྲོའི་ལྷ་ཚོགས་རྣམས་ཀྱི་ལས་སུ་ཞུགས་ནས་གར་འཆམ་པ་དེ་ཡིན་ལ། ཉམས་འགྱུར་གྱི་ཆ་ནས་ཀྱང་། གཡས་བརྐྱངས། གཡོན་བསྐུམ། ས་ག་ཟླུམ་པོ། རྡོ་རྗེ་རྒྱ་གྲམ། རྡོ་རྗེ་བྱེད་པ། དགའ་བ་འཁྱིལ་བ་སོགས་རྐང་སྟབས་དང་། ལག་སྟབས། ལུས་ཀྱི་ཉམས་འགྱུར། བསམ་པའི་འཁྱེར་སོ། ངག་གི་གདངས་དབྱངས་སོགས་རྒྱུད་སྡེའི་གཞུང་ལས་གསུངས་པའི་ལྷ་སྐུའི་རྣམ་འགྱུར་དང་ཕྱག་སྟབས་སོགས་དང་བསྟུན་ནས་བྱེད་དགོས་པའི་དམིགས་གསལ་གྱི་ཁྱད་ཆོས་ཡོད།

གཞན་ཡང་། རང་རེའི་བོད་དུ་གར་འཆམ་རྩེད་སྲོལ་འདི་གཤིན་རབས་མི་བོ་ཆེའི་སྐུ་དུས་སུ་བྱུང་ཡོད་དེ། གཟི་བརྗིད་དེབ ༡༤ ཨང ༥༦༣ ལས། ལ་ལ་ནི་སྟག་འགྲོས་བྱེད་དོ། །ལ་ལ་ནི་སེང་སྟབས་བྱེད་དོ། །ལ་ལ་ནི་རྒྱ་བག་སྒྱུར་རོ། །ལ་ལ་ནི་རྒྱ་རྟ་འཆམ་མོ། །ལ་ལ་ནི་ཁྲོ་བོའི་འགྱིང་གར་བྱེད་དོ། །ལ་ལ་ནི་ཁྲོ་མོའི་འཛུམ་གར་བྱེད་དོ། །ཞེས་པའི་ཤེས་ནུས་ལ། གཞན་གསང་སྔགས་བོན་སྒོ་སྤྱི་སྤུངས་ཁྲོ་བོ་དབང་ཆེན་ངོ་མཚར་རྒྱས་པ་དང་། བོན་གྱི་ཡི་དམ་དཔལ་ཕྱུར་མ་རྒྱུད་ཞི་ཨ་གསལ་སོགས་ལས། གཤེན་རབས་དགུ་འཆམ་དང་། གཟེ་མ་དགུ་འཆམ། སྟག་ལྷའི་རྔ་འཆམ། ཞི་ཁྲོའི་ཁྲོ་འཆམ་སོགས་འཆམ་སྣ་བཅུ་བདུན་ཡོད་པར་གཞིགས་ན། ནང་བསྟན་ལ་གར་འཆམ་མ་དར་གོང་གི་ལོ་ངོ་སྟོང་རྩ་ལྷག་གི་སྔོན་ནས་བོད་འདིར་གར་འཆམ་ཡོད་སྙམ་མོ། །འཆམ་གྱི་ཉམས་འགྱུར་མངོན་སྟངས་ཡང་། ལམ་འགྲོས། སྟག་འགྲོས། སེང་སྟབས། ཞི་དྲག མེ་རི། མ་རྒྱུད། རྔམ་འགྱུར། ཕྱག་ཕེབས། གློག་རྒྱུ། མདའ་འཐེན། གནམ་འདུལ། བཞི་རྒྱག སྲིད་པ་རྒྱལ་མོ། བླ་མ་བོན་འཁོར་སོགས་མང་ངོ་། །ཁྱད་པར་དུ། དགྲ་བགེགས་འདུལ་ཆེད་འཆམ་ཉམས་སྣ་ཚོགས་སྟེགས་རྒྱུ་ཡོད་དེ། མ་རྒྱུད་སྒོམ་འབྲེལ་ལས། ཁྲོ་བོ་རོལ་བའི་གར་བཞི་བཅུ་རྩ་ལྔ། ཁྲོ་མོ་རྔམ་པ་བྲོ་བཞི་བཅུ་རྩ་ལྔ། བརྟུལ་ཞུགས་མཁའ་འགྲོའི་གླུ་བཞི་བཅུ་རྩ་ལྔས་བཏུལ་ཞེས་གསུངས་པ་ལས་ཤེས་ནུས་སོ། །

སྦ་བཞེད་ལས་མཁན་སློབ་ཆོས་གསུམ་གྱིས་བསམ་ཡས་གཙུག་ལག་ཁང་གི་ས་འདུལ་རྒྱག་སྐབས། གདོན་འདྲེ་འདུལ་བར་གར་འཆམ་གནང་བ་དང་། གྲུབ་སྟོན་དུ་འཆམ་རྩེ་བ་སོགས་ནི་བོན་གྱི་གར་འཆམ་ཡིན་པར་གསལ་ཏེ། རྒྱལ་བོ་བཀའི་ཐང་ཡིག་ལེའུ་བཅུ་གཅིག་པ་ལས། རྒྱལ་བོ་སྐྱོ་སངས་འབག་དང་སེང་གེ་དང་། །སྔགས་བོན་རྔ་ཐོགས་འཆམ་པོ་བྱེད་པ་དང་། །ཞེས་པ་འདིས་གྲུབ་ལ། བསྟན་པ་ཕྱི་དར་སྐབས་སུ་གསང་སྔགས་ལ་ཁ་གཡར་ནས་ཆོས་ཀྱི་བྱེད་སྒོ་ཆ་མ་ཆོ་རིགས་དར་བའི་སྐབས་དེར། སྔགས་པ་དྲན་རིག་འགའ་ཞིག་གིས་རྣམ་པ་བོན་ལ་ནང་དོན་ནང་བསྟན་ལྟར་བཅོས་པའི་འཆམ་འདི་དར་སྤེལ་བཏང་བར་འདོད་དེ། ས་སྐྱའི་གྲུབ་མཐའི་སྲོལ་འབྱེད་འཁོན་དཀོན་མཆོག་རྒྱལ་བོ་སྔ་སོར་རྙིང་མ་བ་ཞིག་ཡིན་ཀྱང་། ཁྲོམ་དཀྱིལ་དུ་སྔགས་པ་མང་བོས་དབང་མོ་ཉེར་བརྒྱད་ཀྱི་འབག་གྱོན། ཕྱག་མཚན་མི་འདྲ་བ་འཁྱེར། མ་མོ་རལ་བ་ཅན་གྱི་རྔ་སྟབས་དང་བཅས་འཆམ་བྱེད་པ་གཟིགས་ཏེ་བླ་མ་གཅེན་ལ་ཞུས་པས། གཅེན་གྱི་ཞལ་ལས། ད་གསང་སྔགས་འཆོལ་བའི་དུས་བྱུང་བ་ཡིན། ཕྱིན་ཆད་སྔགས་རྙིང་མ་ལ་གྲུབ་ཐོབ་ཚད་ལྡན་མི་འོང་གསུངས་པ་ལས་རྟོགས་ནུས་སོ། །རྒྱལ་དབང་བསྟན་འཛིན་རྒྱ་མཚོའི་ཞལ་སྔ་ནས་ཀྱང་། ཆོས་དང་འབྲེལ་བའི་གར་དང་འཆམ་ཞེས་པའི་འཆམ་ནི། ཕུར་བའི་རྩ་འཆམ་ཞེས་ཕལ་ཆེར་མངོན་སྤྱོད་ཀྱི་ལས་སྒྲུབ་པའི་ཆེད་ཡིན་མོད་ཀྱང་། ང་ཚོ་བོད་པའི་དགོན་པ་ཆུང་ཆུང་དེ་ཚོ་འཆམ་རྒྱག་རྒྱུར་མཁས་པོ་ཡོད། ང་ཚོས་འཆམ་ཞེས་ལབ་དུས་ལྟད་མོ་འཁྲབ་པའི་འདུ་ཤེས་མ་གཏོགས་གང་ཡང་མེད། དངོས་གནས་བཤད་ན་དེའི་མིང་ལ་གསང་སྔགས་འཆལ་བ་ཟེར་བ་ཡིན། ཞེས་གསུངས་པ་ལྟ་བུའོ། །

ཕྱིས་སུ་ས་སྐྱ་ལུགས་ཀྱི་རྡོ་རྗེ་ཕུར་བའི་གར་འཆམ་གཞིར་བཟུང་ནས་ས་སྐྱའི་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་ཕྱག་བཞེས་བཞིན་མཆོད་དཔོན་ཤེས་རབ་སྣང་བས་འཆམ་ཡིག་བརྩམས་པ་སོགས་གར་འཆམ་རྩེད་སྲོལ་འདི་ཆེས་ཆེར་དར་བ་སྟེ། དཔེར་ན། འབྲི་གུང་གར་འཆམ། གོང་དཀར་ཆོས་སྡེའི་རྔ་འཆམ། རྩེ་རྣམ་རྒྱལ་གྲྭ་ཚང་གི་འཆམ། བཀྲ་ཤིས་ལྷུན་པོའི་འཆམ། སྐུ་འབུམ་བྱམས་པ་གླིང་གི་འཆམ། རོང་བོ་དགོན་ཆེན་གྱི་འཆམ། བླ་བྲང་གི་འཆམ། མཚུར་ཕུའི་གར་འཆམ། ཞྭ་ལུ་རྣམ་སྲས་མཆོད་པའི་གར་འཆམ་སོགས་དར་ཚུལ་དང་། འཆམ་ཡིག འཆམ་ཚུལ་སོགས་དུང་དཀར་ཚིག་མཛོད﹙ཤོག་ངོས༤༨༨ ནས ༤༩༡ བར﹚ན་གསལ། གཞན་ཡང་། གྲུབ་མཐའ་སོ་སོའི་གར་འཆམ་གྱི་རྔ་སྦུབ་རྡུང་ཚུལ་དང་། དུང་ཆེན་འབུད་ཚུལ། རྐང་ལག་གི་སྟངས་སྟབས་བསྒྱུར་ཚུལ། དམ་ཉམས་དགྲ་བགེགས་བསྒྲལ་ཚུལ། ཆོ་ག་ཕྱག་ལེན་རྣམས་ནི་སོ་སོའི་འཆམ་དཔེ་དང་མཐོང་བ་བརྒྱུད་པའི་ཕྱག་ལེན་ལས་ཤེས་པར་བྱའོ། །

བྲོ་གར།

བྲོ་གར་ནི། རོལ་དབྱངས་འགྱུར་ཁུགས་དང་བསྟུན་ཏེ། རྐང་ལག་གིས་ལྡེམ་མྱུར་དང་། གདོང་གི་རྣམ་འགྱུར། སེམས་ཀྱི་འཁྱེར་སོ་སྟོན་པ་ཞིག་ཡིན། རང་ཅག་བོད་འདིར་ལོ་ངོ་སྟོང་ཕྲག་གི་སྔོན་ནས་བྲོ་གར་འདི་དར་ཡོད་པར་མ་ཟད། ཧ་ཅང་དགའ་བོ་བྱེད་པས། སྨྲ་ཤེས་པ་ཙམ་ནས་གླུ་ལེན་ཤེས་ལ། འགྲོ་ཤེས་པ་ཙམ་ནས་བྲོ་འཁྲབ་ཤེས། ཞེས་ཟེར་ལ། བོད་ཀྱི་ཞབས་བྲོ་འདི་ལས་ཀྱང། བོད་ཀྱི་གནས་བབ་དང་། ཡུལ་སྲོལ་གོམས་འདྲེས་སོགས་མང་བོ་མཐོང་ཐུབ་པའི་མེ་ལོང་ལྟ་བུ་ཞིག་ཀྱང་ཡིན། བོད་ཀྱི་ལོ་རྒྱུས་རྣམས་ལས་མཐོང་གསལ་ལྟར་ན། བོད་རྒྱལ་དེ་ཤོ་ལེགས་ཀྱི་སྐབས་བོད་དུ་གླུ་གར་དར་བར་བཤད་པ་དང་། བོད་ཀྱི་བྲོ་གར་དེ་ཡང་རང་བྱུང་སྲོག་ཆགས་ཁྱད་འཕགས་ཀྱི་འཕུར་ལྡིང་དང་ལྷ་གྱད་སོགས་ཀྱི་འགྱིང་འགྲོས། ཐོན་སྐྱེད་ངལ་རྩོལ་ཁྲོད་ཀྱི་སྟངས་སྟབས་སོགས་ལ་རྨང་གཞི་བཏིང་སྟེ། གསར་གཏོད་བྱས་པ་ཞིག་ཏུ་སྣང་། དཔེར་ན། གཟི་བརྗིད་ལས། ལ་ལ་ནི་གར་བྱེད་དོ། །ལ་ལ་ནི་བྲོ་བརྡུང་ངོ་། །ལ་ལ་ནི་ཤོན་བྲོ་འཁྲབ་བོ། །ལ་ལ་ནི་ལྷ་བྲན་གྱི་བཞད་གར་བྱེད་དོ། །ལ་ལ་ནི་གྱད་ཀྱི་འགྱིང་གར་བྱེད་དོ། །ཞེས་དང་། ལ་ལ་ནི་ཁྱུང་མོ་ལྡིང་གར་བྱེད་དོ། །ལ་ལ་ནི་སེང་གེ་འགྱིང་གར་བྱེད་དོ། །ལ་ལ་ནི་གླང་བོའི་འགྱིང་གར་བྱེད་དོ། །ལ་ལ་ནི་རྟ་མཆོག་གི་མཆོངས་གར་བྱེད་དོ། །ལ་ལ་ནི་རྨ་བྱའི་མཛེས་གར་བྱེད་དོ། །ཞེས་སོ། །

དེ་ལས་གཞན། ལས་གླུ་དང་བསྟུན་ནས་ཞབས་བྲོ་འཁྲབ་སྟངས་དེང་སང་ཡང་མང་དུ་སྣང་རྒྱུ་ཡོད་པ་འདི་དག་གིས་ར་སྤྲོད་བྱས་ཡོད། དཔེར་ན། རོང་བར་མཚོན་ན། སོན་འདེབས་ཞིང་རྨོ་དང་། ཞིང་འབྲེག་དང་ཡུར་མ་ཡུར་བ། གཡུལ་གཅོག་སྟོན་བསྡུ། རྒྱ་དབྱུག་གཞུ་བ། གྱང་རྡུང་བ། ཨར་ཀ་བཅོག་པ། ཀོ་གྲུ་གཏོང་བ་སོགས་དང་། འབྲོག་པར་མཚོན་ན། བལ་འབྲེག་དང་ཕྱིང་སྒྲིལ། ཞོ་དཀྲོགས་དང་འོ་མ་འཇོ་བ། སྣམ་བུ་འཐག་པ་སོགས་ཞབས་བྲོ་གང་ལས་བྱུང་བའི་དཔེ་སྟོན་དང་མ་ཁུངས་སུ་ཆགས་ཡོད། དེ་ནས་རིམ་གྱིས། ལྷ་ཐོ་ཐོ་རི་སྙན་བཙན་གྱི་དུས་སུ། གླིང་བུ་དར་བ་དང་། ཆོས་རྒྱལ་སྲོང་བཙན་གྱིས་བལ་བཟའ་དང་། རྒྱ་བཟའ་ཁབ་ཏུ་བཞེས་སྐབས། གླུ་གར་གྱི་བསུ་བ་གཟབ་རྒྱས་གནང་ཡོད་པར་མ་ཟད། ཁྱད་པར་དུ། ཀོང་ཇོ་བོད་དུ་ཕེབས་ནས། ལྷ་གཅིག་འཁོར་བཅས་བྲག་ལྷའི་ནེའུ་ཐང་ལ་གཟིགས་མོར་ཕེབས་དུས། བོད་འབངས་བགྲང་གིས་མི་ལང་བས་གླུ་གར་རྩེད་འཇོ་བསམ་གྱིས་མི་ཁྱབ་པ་གནང་ཡོད་པ་དང་། ར་ས་གཙུག་ལག་ཁང་བཞེངས་གྲུབ་བྱུང་བའི་མཛད་སྒོ་ཡང་རྟ་རྒྱུགས་མདའ་འཕེན། མི་རྒྱུགས་རྡོ་འགྱོགས་དང་། ཁྱད་པར་དུ་གླུ་གར་འབྲོང་རྩེད་སོགས་ཉིན་ཞག་དུ་མའི་བར་གཟབ་རྒྱས་གནང་བ། ལྷ་སའི་གཙུག་ལག་ཁང་གི་བར་སྒོའི་གཡོན་ངོས་ཀྱི་ལྡེབས་རིས་སུ་ད་ལྟ་སྣང་རྒྱུ་ཡོད་པ་དང་།

དུས་རབས་བཅུ་གཉིས་པར་སྡེ་སྲིད་སངས་རྒྱས་རྒྱ་མཚོས། སྟོད་ཀྱི་མགོན་གསུམ་གྱིས་མངའ་རིས་སུ་སྲིད་སྐྱོང་སྐབས་དར་བའི་བྲོ་གར་ལ། རྫ་རྔ་དང་གླིང་བུ། སུར་སྣ﹙རྒྱ་གླིང་འདྲ་བ་ཞིག﹚བཅས་རོལ་ཆ་མཉམ་དཀྲོལ་གྱི་བྲོ་གར་རྒྱུན་བཟུང་ནས། བྲོ་གར་འཁྲབ་མཁན་རྣམས་གཅིག་བསྡུས་ཀྱིས་གར་བའི་ཆེད་ལས་ཚོགས་པ་ཞིག་བཙུགས་ཏེ། ལ་དྭགས་རྒྱལ་བོའི་རོལ་མོ་མཁས་ཅན་མ་ཎི་དེ་བ་དང་། བུད་མེད་གཞས་མ་དྭགས་པ་ཨོ་རྒྱན་བུ་ཁྲིད། རོལ་མོ་བ་ཀུ་ཏིའི་བུ་འབྲིང་བ་བཀྲ་ཤིས། སུར་སྣ་དང་གླིང་བུ་གཏོང་མཁས་དར་མདོ་ཚེ་བརྟན་མང་གུ་ར། སྒྲ་སྙན་གཏོང་མཁན་བྱང་རྒྱབ་བློ་བཟང་སོགས་བསྡུས་ཐོག བྲོ་གར་དང་རོལ་ཆ་སོགས། སྔར་ཡོད་ལ་ཞུ་དག་དང་། ཉམས་པ་སོར་ཆུད། སྔོན་མེད་གསར་གཏོད་བཏང་ནས་བོད་ཀྱི་གླུ་གར་ལ་བཅོས་བསྒྱུར་ཐེངས་གཅིག་བྱས་པར་མ་ཟད། ཁོང་གིས་རབ་བྱུང་བཅུ་གཉིས་པའི་ས་འབྲུག ༡༦༨༨ ལོར་གོང་གསལ་བྲོ་གར་རོལ་ཆ་ལ་མཁས་པ་རྣམས་ཀྱིས་ཕུལ་བའི་ཟིན་བྲིས་རྨང་གཞིར་བཏིང་སྟེ། ﹙གནའ་བོའི་ལུགས་བཟང་ཡ་རབས་སྲོལ་གཏོད་པའི་དེབ་ཐེར་མིག་ཡིད་རྣ་བའི་དགའ་སྟོན﹚ ཞེས་གསར་རྩོམ་གནང་ལ། དེའི་ནང་། ཕོ་གར་དང་མོ་གར། གར་གླུ་མཉམ་གཏོང་། རོལ་ཆ་མཉམ་དཀྲོལ། གྲི་གར། ཕེབས་རྔ་སོགས་ལེའུ་ལྔ་བཅུ་ཙམ་མཆིས། ཞིབ་ཏུ་ཤེས་འདོད་པ་དག་གིས་དེར་གཟིགས་པར་འཚལ། དེ་ནས་བཟུང་། བོད་ཆོལ་ཁ་གསུམ་གྱི་ཡུལ་ལུང་སོ་སོ་སྲོལ་རྒྱུན་གྱི་ཞབས་བྲོ་དུ་མ་ཞིག་བྱུང་དང་འབྱུང་བཞིན་ཡོད་པ། དཔེར་ན། ལྷོ་ཁའི་སྒོར་གཞས་དང་། གཞིས་རྩེའི་སྟོད་གཞས། གླང་བའི་ཆང་གཞས། འཁོར་ཆག་འབྲོང་རྩེ། ཆབ་མདོའི་ཞབས་བྲོ། བསྐོར་བྲོ། གླིང་བྲོ་སོགས་མང་ལ། འཁྲབ་སྟངས་ཡང་མི་གྲངས་མང་ཉུང་མ་ངེས་པར། སྒོར་དབྱིབས་དང་། ཕྲེང་བསྒྲིགས། གཡུང་དྲུང་སོགས་རེ་ཁཱ་སྣ་ཚོགས་སུ་དར་བ་དང་། ཁེར་འཁྲབ་དང་། ཉིས་འཁྲབ་སོགས་དུ་མ་ཡོད། རྒྱན་གོས་ཀྱི་ཐད་ལ་ཡང་། སྤྱིར་བཏང་གི་རྣམ་པ་དང་། གཟབ་འཕྱོར་སྤྲས་པ་སོགས་སྣ་ཚོགས་ཡོད། རྩེ་དུས་ནི་ལོ་སར་དང་། གསོལ་སྟོན་ཆེ་མ་ཆུང་གསུམ་དུ་རྩེ་བ་སོགས། ཞིབ་ཏུ་གར་དཔོན་པ་སངས་དོན་གྲུབ་ཀྱིས་བསྡུ་སྒྲིག་གནང་བའི་གངས་ལྗོངས་ཀྱི་གར་ཕྲུག་པ་གསོ་སྐྱོང་སྒྲིག་གཞི་དང་ལོ་རྒྱུས་སྐོར་མདོ་ཙམ་བརྗོད་པ་ཞེས་པར་གསལ་ལོ། །

འབྲས་དཀར་བསམ་པའི་དོན་འགྲུབ།

འབྲས་དཀར་གྱི་བཤད་པ་འདི་ནི། མདོ་དབུས་ཁམས་གསུམ་ཆ་མཉམ་དུ་དར་བར་བཤད་ལ། འཁྲབ་གར་གྱི་གོ་རིམ་ཕལ་ཆེར་མཚུངས། དེ་ཡང་འབྲས་དཀར་རྒན་པོ་ཟེར་བ་ཡང་། སྟོན་ཁའི་དུས་སུ་རོང་འབྲོག་གི་ཞིང་ཕྱུགས་རྒྱས་པའི་དུས་སུ་འཕྲིན་བཟང་བསྒྲགས་པས་ཆ་ནས། འབྲས་དཀར་དང་། བཤད་མཁན་རྒན་པོའི་ཆ་ལུགས་དང་། རྒྱལ་ཁམས་ཀྱི་ཆ་རྒྱུས་ཤེས་པས་ཆ་ནས་རྒན་པོ་ཞེས་བརྗོད། འབྲས་དཀར་ལ་མིང་གི་རྣམ་གྲངས་མང་སྟེ། འབྲས་བཟང་ལེན་པའི་དུས་སུ་འཁྲབ་པས་བསླབ་ཚིགས་གསུམ་དཀར་དང་། ཡུལ་བསྐོར་བའི་མཐོང་ཐོས་འབེལ་གཏམ་སྨྲ་བའི་ཆ་ནས། འབེལ་གར། བེར་གས་གར་འཁྲབ་པ་དང་བེར་ག་ལ་དཔྱད་པ་གཏོང་བའི་ཆ་ནས་བེར་གར་ཡང་ཟེར། ཆ་ལུགས་ནི། ར་ལྤགས་གྱོན་པ། ཐོད་པར་མེ་ལོང་འཆང་བ། གཡས་ཀྱི་ཨ་ར་དཀར་བོ་དང་། གཡོན་གྱི་ཨ་ར་ནག་པོ་ཡིན་པ། མན་ཚར་དང་ཁ་སྤུ་མིག་སྤུ་རིང་བ། སྣ་མགོར་མགྲོན་བུ་བཏགས་ཡོད་པ་ཡིན། འབྲས་དཀར་རྒན་པོས་རང་ཉིད་རྒྱལ་ཁམས་པ་ཞིག་ཡིན་པས་ཚུལ་བསྟན་ནས། མི་ཚོགས་ཀྱི་དཀྱིལ་དུ་ཡོང་སྟེ། དབྱུག་གར་འཁྲབ་བཞིན་ཐོག་མར་འཚམ་འདྲིའི་དབྱངས་སྙན་བརྗོད་པ་དང་། ཁད་ཀྱིས། ང་ད་ནངས་ཡོང་ཡོང་གང་ནས་ཡོང་། །ད་ནངས་ཡོང་བ་ཤར་ནས་ཡོང་། །ཤར་རྡོ་རྗེ་སེམས་དཔའི་མདུན་ནས་ཡོང་། །ད་ལྟ་འགྲོ་འགྲོ་གང་དུ་འགྲོ། །ད་ལྟ་འགྲོ་འགྲོ་ནུབ་ལ་འགྲོ། །ནུབ་སྣང་བ་མཐའ་ཡས་མདུན་ལ་འགྲོ། །ང་འབེལ་གར་བསམ་པའི་དོན་འགྲུབ་ཡིན། །འབེལ་ཕྲུག་ཡིད་བཞིན་ནོར་བུ་ཡིན། །ངའི་མགོ་ལ་ར་ལྤགས་གྱོན་ནོ་འདི། །འབྲས་དཀར་རྒན་པོའི་ཆ་ལུགས་ཡིན། །ཁ་སྤུ་མིག་སྤུ་རིང་ནོ་འདི། །ཨ་ཙ་ར་ཡི་ཆ་ལུགས་ཡིན། །མ་ནེ་མགོ་ཡི་མན་ཚར་འདི་། །ར་མ་རྒྱལ་མོའི་ཆ་ལུགས་ཡིན། །གཡས་ཀྱི་ཨ་ར་དཀར་བོ་འདི། །རྒྱ་གར་རྒྱལ་བོའི་ཆ་ལུགས་ཡིན། །ཇ་འོ་མ་འཐུང་གི་རྟེན་འབྲེལ་ཡིན། །གཡོན་གྱི་ཨ་ར་ནག་པོ་འདི། །རྒྱ་ནག་རྒྱལ་བོའི་ཆ་ལུགས་ཡིན། །ཇ་ནག་པོ་འཐུང་གི་རྟེན་འབྲེལ་ཡིན། །ཐོད་པར་མེ་ལོང་བཏགས་ནོ་འདི། །ལྷ་ཨོ་རྒྱན་པདྨའི་ཆ་ལུགས་ཡིན། །ཞེས་འབྲས་དཀར་རྒན་པོའི་ཆ་ལུགས་བརྗོད་པ་དང་། ལྷག་པར་དུ་མེད་མི་རུང་གི་དབྱུག་པའི་བཤད་པ་འདི་ལྟར། ངའི་ལག་ལ་བཟུང་བའི་དབྱུག་པ་འདི། །ལྷ་ཨོ་རྒྱན་པདྨའི་སྒྲུབ་ཤིང་ཡིན། །རྗེ་རིན་པོ་ཆེ་ཡི་ཕྱག་རྟེན་ཡིན། །སྨད་རྒྱ་ནག་རྒྱལ་བོའི་ཁྲིམས་ཤིང་ཡིན། །ཉིན་ནས་སྐྱེས་པའི་གསོམ་དཀར་ཡིན། །སྲིབ་ནས་སྐྱེས་པའི་གསོམ་དམར་ཡིན། །ཉིན་སྲིབ་བར་གྱི་ལྕང་མ་ཡིན། །ལྷ་ཤིང་ཙན་དན་དཀར་བོ་ཡིན། །མ་ཤིང་ལྷ་ཤིང་ཤུག་པ་ཡིན། །འདི་རྒྱབ་ལ་འཁུར་ན་བོའུ་དང་འདྲ། །སྨན་མུ་ཟི་མི་དགོས་ཡ་མཚར་ཆེ། །གཡས་ལ་བཏགས་ན་གྲི་དང་འདྲ། །གྲི་ཤུབས་མི་དགོས་ཡ་མཚར་ཆེ། །ཆུ་ལ་བཙུགས་ན་ཟམ་པ་འདྲ། །ཟམ་རྡུང་མི་དགོས་ཡ་མཚར་ཆེ། །ལག་ལ་བཟུང་ན་མདུང་དང་འདྲ། །མདུང་མགོ་མི་དགོས་ཡ་མཚར་ཆེ། འོག་ལ་ཞོན་ན་རྟ་དང་འདྲ། །སྒ་སྲབ་མི་དགོས་ཡ་མཚར་ཆེ། །ལྷ་འདྲེ་དམ་ལ་འདོགས་བྱེད་ཡིན། །མི་རྒོད་དཔུང་བ་གཅོག་བྱེད་ཡིན། །ཁྱི་རྒན་འགྲམ་སོ་གཏོར་བྱེད་ཡིན། །ས་ནག་མཆིན་པ་སློག་བྱེད་ཡིན། །ང་འབྲས་དཀར་ལམ་གྱི་འགྲོ་རོགས་ཡིན། །འདི་བྲག་ལ་བཙུགས་ན་སྐས་དང་འདྲ། །རྩིབས་དྲ་མིག་མི་དགོས་ཡ་མཚར་ཆེ། །འདི་ས་ལ་བརྒྱབ་ན་འགས་རྒྱུ་མེད། །རྡོ་ལ་བརྒྱབ་ན་ཆག་རྒྱུ་མེད། །ཨེ་བདེན་མི་བདེན་ལྟོས་ན་ཤེས། །ཞེས་དང་། མཇུག་མཐར་བཀྲ་ཤིས་ཀྱི་ཚིག་ལ། ང་འབེལ་དཀར་ཡོང་ཡོང་བོད་ལ་ཡོང་། །བོད་ལ་རྟེན་འབྲེལ་སྒྲིག་ཏུ་ཡོང་། །དེ་རིང་རྟེན་འབྲེལ་སྙིང་བོ་ལ། །ཕྱུགས་འཕེལ་ཁ་དར་བའི་རྟེན་འབྲེལ་སྒྲིག །ཞིང་ལོ་ཡག་ཡོང་བའི་རྟེན་འབྲེལ་སྒྲིག །མི་རྒྱུད་དར་བའི་རྟེན་འབྲེལ་སྒྲིག །གཞུང་རྒྱུད་འཇམ་པའི་རྟེན་འབྲེལ་སྒྲིག །ཅེས་སོགས་བཤད་པ་གནང་བ་འདི་ལ་ཡུལ་ལུང་སོ་སོའི་རྗོད་བྱེད་ཚིག་ལ་མི་འདྲ་བ་ཅུང་ཟད་ཡོད་དོ། །

ཟློས་གར།

༡ རྒྱ་གར་གྱི་ཟློས་གར། ཟློས་གར་ནི། ལེགས་སྦྱར་གྱི་སྐད། ཡུལ་མི་རང་བཞིན་པའི་སྐད། ཟུར་ཆག་གི་སྐད། ཤ་ཟའི་སྐད་ཀྱིས་ཚིགས་བཅད་དང་། ལྷུག་པ། སྤེལ་མའི་སྒོ་ནས་སྔོན་བྱུང་གཏམ་གྱི་གླུ་ཟློས་ཤིང་ལུས་ཀྱི་གར་སྟབས་སྣ་ཚོགས་རོལ་མོ་དང་སྦྲེལ་ནས་བྱ་བ་ཞིག་ལ་ཟེར། དེ་ཡང་། ལུས་ཀྱི་ཉམས་དགུ་དང་དབྱངས་ཀྱི་ངེས་པ་བདུན་ཀྱིས་མཚོན་པར་བྱེད་པ་སྟེ། ལུས་ཀྱི་ཉམས་དགུས་ནི། ཟློས་གར་མཁན་གྱིས་ལུས་ཀྱི་རྣམ་འགྱུར་དང་ངག་གི་སྨྲ་བརྗོད་ལ་བརྟེན་ནས་འཁྲབ་བྱའི་མི་སྣ་མི་འདྲ་བའི་བསམ་བློའི་སྣང་བརྙན་དངོས་སུ་མཚོན་དགོས། དེ་ནི་མཛེས་ཤིང་སྒེག་པའི་ཉམས། བརྗིད་ཅིང་དཔའ་བའི་ཉམས། ཡིད་དུ་མི་འོང་ཞིང་མི་སྡུག་པའི་ཉམས། ཡ་མཚན་ཞིང་དགོད་བྲོ་བའི་ཉམས། དབང་བཙན་ཞིང་དྲག་ཤུལ་གྱི་ཉམས། མཐོང་བ་དང་ཐོས་པ་ཙམ་གྱིས་དངངས་ཤིང་འཇིགས་པའི་ཉམས། སྡུག་བསྔལ་གྱི་ཉམ་ཐག་ཅིང་སྙིང་རྗེའི་ཉམས། འདོད་པ་ལ་རྔམ་ཞིང་ཆགས་པའི་ཉམས། དུལ་ཞིང་འཇམ་ལ་ཞི་བའི་ཉམས་ཏེ་དགུའི་ཕྱུག་དགོས་པ་དང་། དབྱངས་ཀྱི་ངེས་པ་བདུན་ནི། ཇི་སྐད་དུ། རྩེ་མོ་རློམ་པར་བླངས་པ་ནི། །ལྔ་བ་དང་ནི་བར་མའི་དབྱངས། །དཔའ་བོ་དྲག་པོ་ངོ་མཚར་དུ། །དྲུག་སྐྱེས་ཁྱུ་མཆོག་དེ་བཞིན་ནོ། །ས་འཛིན་པ་དང་འཁོར་ཉན་དང་། །སྙིང་རྗེ་རོ་ལ་བླང་བར་བྱ། །འཐབ་མོ་འཇིགས་དང་བཅས་པ་ལ། །བློ་གསལ་དབྱངས་ནི་བླང་བར་བྱ། །དེ་ལྟར་རྒྱུད་མངས་དང་མགྲིན་པ་ལས་བྱུང་བའི་དབྱངས་བདུན་ཏེ། ལྔ་བ་ནི་ཁུ་བྱུག་གི་སྐད་ལྟ་བུའོ། །བར་མ་ནི་ཁྲུང་ཁྲུང་གི་སྐད་ལྟ་བུའོ། །དྲུག་སྐྱེས་ནི་རྨ་བྱའི་སྐད་ལྟ་བུའོ། །ཁྱུ་མཆོག་ནི་བ་ལང་གི་སྐད་ལྟ་བུའོ། །ས་འཛིན་ནི་རའི་སྐད་ལྟ་བུའོ། །འཁོར་ཉན་ནི་གླང་བོ་ཆེའི་སྐད་ལྟ་བུའོ། །བློ་གསལ་ནི་རྟ་སྐད་འཚེར་བ་ལྟ་བུའོ། །དེ་ཡང་སྟོན་པའི་རྣམ་ཐར་གྱི་འགྲོས་དང་མཐུན་པ་སྟེ། སྔོན་སྟོན་པ་བཙུན་མོའི་ཚོགས་དང་རྩེ་ཞིང་རོལ་བ་དང་རློམ་སེམས་པའི་ཚུལ་དུ་བསྟན་པ་དེ་དང་མཐུན་པར་ལྔ་བ་དང་བར་མའི་གླུ་དག་བླངས་ལ། དེས་དྲག་པོའི་གཟུགས་སུ་བསྟན་ཅིང་བདུད་ཚར་གཅོད་པ་ལ་སོགས་པ་ངོ་མཚར་གྱི་ཁྱད་པར་བསྟན་པ་དེ་དང་མཐུན་པར་དྲུག་སྐྱེས་དང་ཁྱུ་མཆོག་གོ །དེ་ཉིད་སྙིང་རྗེ་རོ་དང་ལྡན་པས་དེ་དང་མཐུན་པར་ས་འཛིན་དང་འཁོར་ཉན་གྱི་གླུ་དག་བླང་ངོ་། །དེ་འཛིན་པའི་རྩོད་པའི་འཁོར་ལོ་ཤོམས་པ་ལྟ་བུར་བསྟན་ཏེ་དེ་དང་མཐུན་པར་བློ་གསལ་ཞེས་བྱ་བའི་གླུ་བླངས་པའོ། །འདི་དག་ལ་གཞི་བཅོལ་ནས་འཇིན་རྟེན་ཀུན་ཏུ་དགའ་བའི་ཟློས་གར་དང་། ཀླུ་ཀུན་ཏུ་དགའ་བའི་ཟློས་གར་སོགས་རྒྱ་གར་མཁས་པས་མཛད་པ་ཡིན་ནོ། །

༢ བོད་དུ་ཟློས་གར་དར་ཚུལ། ཅི་ཞིག་ལ་ཟློས་གར་ཟེར་ཞེ་ན། དུང་དཀར་བློ་འཕྲིན་གྱིས། སྔོན་བྱུང་གཏམ་རྒྱུད་དང་ལོ་རྒྱུས་སོགས་ཀྱི་ནང་གསལ་བའི་མི་སྣ་དང་ལྷ་འདྲེ་སོགས་མཚོན་པའི། གཟུགས་སུ་བྱས་ཏེ་རང་རང་སོ་སོའི་སྐད་ཀྱི་སྒོ་ནས་གླུ་ལེན་པ་དང་། བསམ་པའི་རྣམ་འགྱུར་སྣ་ཚོགས་ཡང་ནས་ཡང་དུ་ཟློས་ཤིང་གར་བྱེད་པ་ལ་ཟེར་གསུངས་ལ། དེ་ཡང་། འབུད་རྡུང་དཀྲོལ་གསུམ་གྱི་རོལ་མོའི་རམ་འདེགས་འོག་ཟློས་གར་ལ་དགོས་པའི་ཡན་ལག་ལྔ་སྟེ། མདོ་འཛིན་པ། རོལ་མོ་བ། ཆས་ཞུགས་པ། བཞད་གད་པ། ཟློས་གར་བ་བཅས་སོ། །སྤྱིར་ན། གདོད་མ་ནས་བོད་མི་ཚོས་དགའ་སྐྱོ་སྐྲག་གསུམ་གྱི་ཚོར་བ་ཕྱིའི་རྣམ་འགྱུར་དུ་ཤར་བའི་བཞིན་གྱི་འགྱུར་ལྡོག་དང་། རྐང་ལག་གི་སྟངས་སྟབས། ངུ་དགོད་ཀྱི་རྣམ་པ་དང་། ཆབ་སྲིད་སྒྲུང་ལྡེའུ་བོན་གསུམ་གྱིས་བསྐྱངས་བའི་སྟེང་ནས་ཀྱང་བོད་དུ་ཟློས་གར་གྱི་ས་བོན་མངོན་ཡོད་ལ། ཟློས་གར་དངོས་གནས་པ་ནི། སྲོང་བཙན་གྱི་སྐུ་དུས་ནས་ཡོད་པར་ངེས་ཏེ། ཁོང་གི་རྒྱ་བཟའ་ཁབ་ཏུ་བསུས་སྐབས། རྒྱལ་བློན་འབངས་གསུམ་གྱིས་བསུ་བ་དང་། དགའ་སྟོན་གྱི་ཟློས་གར་བཤམས་པ་གཙུག་ལག་ཁང་དང་པོ་ཏ་ལའི་ལྡེབས་རིས་སུ་བཀོད་ཡོད་པ་དང་། དེའི་རྗེས་ཁྲི་སྲོང་གི་དུས་བསམ་ཡས་བཞེངས་གྲུབ་ཀྱི་མཛད་སྒོར། བྲོ་གར་དང་གླུ་གཞས་ཀྱི་སྒྱུ་རྩལ་རིགས་མི་འདྲ་བ་མང་བོ། ལྡེབས་རིས་སུ་བཀོད་པ་དང་།

ཁྱད་པར་དུ། བོད་ཀྱི་སྐད་གྲགས་ཆེ་བའི་ཨ་ཅེ་ལྷ་མོའི་ཟློས་གར་ནི། དུས་རབས་བཅུ་བཞི་བའི་ནང་། གྲུབ་ཆེན་ཐང་སྟོང་རྒྱལ་བོས་ལྷ་སའི་སྐྱིད་ཆུར་བརྒལ་བའི་འགྲིམ་འགྲུལ་བདེ་མིན་ལ་རྐྱེན་བྱས་ཏེ། ལྕགས་ཟམ་མང་བོ་གསར་སྐྲུན་བཞེད་དེ། ཐོག་དང་བོ་ཆུ་ཤུར་ཟམ་པ་འཛུགས་སྐབས། རྒྱུ་ཤུགས་དང་ལས་ཤུགས་མ་འདང་བས་ལེགས་འགྲུབ་མ་བྱུང་། དེ་བས་ཁོང་གིས་གླུ་གཞས་ལ་མཁས་པའི་རྒྱུ་ཆ་འཚོལ་སྡུད་བྱེད་ཆེད། དཔེར་ན། དམངས་གླུ་ལས། ཕྲ་མོའི་སྐད་དང་བདེ་མོའི་ངག །དཔེ་ཆ་མེད་པའི་མགུར་ཞིག་རེད། །བརྒྱ་སྟོང་ཁྲོམ་གྱི་དོ་ཡ་རེད། །ཅེས་པར་གཞིགས་ནས། ལྷོ་ཁའི་བུ་མོ་སྤུན་བདུན་ལ་བཀའ་བཀོད་གནང་སྟེ། བུ་མོ་གཉིས་ཀྱིས་རྔོན་པ། བུ་མོ་བཞིས་ལྷ་མོ། བུ་མོ་གཅིག་གིས་རོལ་མོ་དཀྲོལ་མཁན། གྲུབ་ཐོབ་རང་ཉིད་ཀྱིས་རྔ་རྡུང་མཁན་མཛད་དེ་ལྷ་མོའི་ཚོགས་པ་དེ་ཐོག་མར་བཙུགས། དེ་ཡང་སྔོན་གྱི་ངག་རྒྱུན་ནམ་དཔེ་ཆ་ནས་བཤད་པའམ་ལྡེབས་རིས་ལ་བལྟ་བ་སོགས་བྱས་ཏེ། རྣ་བས་ཉན་པ་ཙམ་མ་ཡིན་པར། མིག་གི་དགའ་སྟོན་སུ་བཤམས་ཏེ། ཡུལ་བསྐོར་འཁྲབ་སྟོན་གྱི་ཞོར་དུ་སློང་མོ་བྱས། ལྟད་མོ་བ་མང་བོས་དགའ་བསུ་ཚད་མེད་ཐོབ་ནས། ཟམ་འཛུགས་ཀྱི་རྒྱུ་ཆའི་དངོས་རྫས་བདེ་བླག་ཏུ་གྲུབ་པས། ཟློས་གར་འདི་ལ་བརྟེན་ནས་ལྕགས་ཟམ་ལྔ་བརྒྱ་ང་བརྒྱད་ཚེགས་མེད་དུ་གྲུབ། འདི་ལ་ཨ་ཅེ་ལྷ་མོ་ཞེས་ཐོགས་དོན་ཡང་། གཙང་ཁུལ་དུ་བུ་མོ་ལ་ཨ་ཅེ་ཟེར་བ་དང་། ཁྱད་པར་དུ་བུ་མོ་དེ་དག་གི་བྱད་བཞིན་མཛེས་ལ། འཁྲབ་སྟོན་སྒྱུ་རྩལ་བློས་མི་ཤོང་བ་ཙམ་དུ་གདའ་ལ། སྙན་འཇེབས་ཀྱི་དབྱངས་རྟ་སོགས། གཞན་ཀྱི་བློ་ཡུལ་ལས་འགོངས་པ་ཞིག གློ་རྡོལ་དུ་བྱུང་བས། དེ་རིང་ཁོ་བོ་ཅག་གི་མདུན་དུ་ནམ་མཁའི་ལྷ་མོ་གར་འཁྲབ་བཞིན་སྣང་ཞེས་བསྔགས་བརྗོད་ཚད་མེད་གནང་བས། མིང་དེ་ལྟར་ཐོགས། དེ་ནས་རིམ་བཞིན་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་ལྷ་མོ་ཚོགས་པ་མང་དུ་གྱེས། རས་འབོག་སོགས་ལའང་མཚོན་དོན་སྣ་ཚོགས་འགྲེལ་བརྗོད་གནང་རྒྱུ་ཡོད། ལྷ་མོ་རས་འབག་ལ་སྣ་ཚོགས་གྱོན་སྲོལ་ཡོད་ཀྱང་། སྔ་སོར་དར་བའི་འབག་ནི་ཨག་ཚོམ་དཀར་བོ་ཡིན། དེ་ནི་གྲུབ་ཆེན་ཐང་སྟོང་བའི་བཞིན་གྱི་རྣམ་པ་མཚོན་པར་བཤད་ལ། ད་དུང་ར་ལྤགས་དཀར་བོས་བརྒྱན་པ་དེར། ཚེ་རིང་གཡང་ཆགས་ཞེས་འབོད་ལ། དེ་ནི་མི་རྒན་ལ་ནད་མེད་ཚེ་རིང་དང་། དར་གཞོན་ལ་ལོངས་སྤྱོད་འཕེལ་བའི་མཚོན་རྟགས་སུ་བཤད། ཕྱིས་སུ་ལྷ་མོའི་འབག་སྔོ་ནག་ཏུ་བསྒྱུར་བ་གང་ལགས་ཤེ་ན། གྲུབ་ཆེན་འབྲུག་སྨྱོན་ཡར་འབྲོག་མཚོ་ཁར་གནས་སྡོད་བྱེད་སྐབས། ཡར་འབྲོག་གི་ཉ་བ་རྣམས་ནི་མདོག་སྔོ་ཡི་དམ་དྲག་པོ་ཕྱག་ན་རྡོ་རྗེ་དང་མཚུངས་ཞེས་བརྗོད་པ་ལ་བརྟེན་ནས། རྔོན་པའི་འབག་དེ་ལ་བཀྲ་ཤིས་རྟགས་བརྒྱད་ཀྱི་མཚོན་དོན་ཆ་ཚང་ཞིག་འགྲེལ་བརྗོད་གནང་རྒྱུ་འདུག་སྟེ། མེ་ལོང་བུམ་པ། ཁ་མིག་དང་སྨིན་མ། མཁུར་ཚོས་ལྐོག་མ་བཅས་ཀྱི་པད་མ། སྣ་རྒྱན་གྱིས་དཔལ་བེའུ། དཔྲལ་བའི་ཉི་ཟླའི་ཆོས་འཁོར། འགྲོན་བུའི་དུང་དཀར། དཔྲལ་བའི་གོས་རྒྱ་སེ་ཐོད་སྐོར་ཀྱིས་གསེར་ཉ་ཁ་སྤྲོད། ནོར་བུས་ཐོར་ཅོག་དང་དེའི་སྟེང་གི་འཁྱིལ་སྣ་གྱེན་དུ་ཕྱོགས་པས་གདུགས་དཀར། གོས་སྣ་ཚོགས་ཀྱི་རྒྱབ་དར་གྱིས་རྒྱལ་མཚན་བཅས་མཚོན་པ་དང་། ཡང་། འབག་གཞི་དམར་བོར་སྨྲ་ར་དང་སྨིན་མ་ནག་པོ་བྱས་པ་དེ་རིགས་ནི་ཡབ་རྒྱལ་བོ་སོགས་སྐྱེས་པའི་བརྗིད་རྔམ་མཚོན་པ་དང་། ཡང་། ཡུམ་ཆེན་ཨ་མའི་ཚོས་གཞི་ལྗང་ཁུས་བུད་མེད་ཀྱི་མཛེས་ཆས། དྲང་སྲོང་གི་འབག་གཞི་སེར་སྐྱ་དང་སྨྲ་ར་སྨིན་མ་དཀར་བོ་སོགས་གོང་གསལ་ཐང་སྟོང་རྒྱལ་བོའི་ཞལ་མཚོན་བྱེད། ཡ་མ་གྷན་ཏེའི་འབག་གི་ཕྱེད་དཀར་ཕྱེད་ནག་པས་ངོ་གཉིས་དབྱེན་སྦྱོར་བྱེད་པ་མཚོན་པ་སོགས་སོ། །དུས་རབས་བཅོ་བརྒྱད་པ་ཡས་མས་སུ་དེ་དག་གི་ནང་ནས་སྐད་གྲགས་ཆེ་བ། སྐྱོར་མོ་ལུང་བ། ཤངས་པ། གུང་བ། འབྲི་གུང་བའི་ལྷ་མོ་ཟློས་གར་ཚོགས་པ་བཅས་བྱུང་ནས། ཕོ་བྲང་པོ་ཏ་ལ་བཞེངས་གྲུབ་ཀྱི་རབ་གནས་མཛད་སྒོར། ལྷ་མོ་ཚོགས་པས་ནོར་བཟང་གི་གཞུང་འཁྲབ་སྟོན་བྱས་ཚུལ། གསེར་སྡོང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག་ནང་བཀོད་ཡོད།

ཕྱིས་སུ་དུས་རབས་བཅུ་དགུ་བའི་དུས་མཇུག་ཏུ། ཨ་ལྕེ་དྭངས་བཟང་ཞེས་པའི་ཟློས་གར་མཁས་ཆེན་དེས། སྐྱོར་མོ་ལུང་ཁུལ་གྱི་མི་སྐོར་ཞིག་བསྡུ་རུབ་མཛད་དེ། ལྷ་མོའི་འཁྲབ་གཞུང་། འགྲོ་བ་བཟང་མོ། པདྨ་འོད་འབར། གཟུགས་ཀྱི་ཉི་མ་སོགས་འཁྲབ་སྟོན་བྱས་པར་བརྟེན། ཁོང་ཚོར་དྭངས་བཟང་ལྷ་མོའི་ཚོགས་པ་ཞེས་མིང་འཐོབ། ཁོང་ཚོས་ཟློས་གར་འཁྲབ་སྐབས་ཡིད་ཀྱི་འཆར་བཀོད། ལུས་ཀྱི་འཁྲབ་འཁྱེར། ངག་གི་གདངས་སྙན། ཁྱད་པར་དུ་འཁྲབ་གཞུང་བར་གསེང་དུ་བཞད་གད་སློང་བ་སོགས་དམིགས་གསལ་ཁྱད་ཆོས་དོད་པོ་བྱུང་བས། ལྟད་མོ་བ་ཚོས་ཆེས་དགའ་བོ་བྱེད་ཅིང་། ཚོགས་པ་འདི་དབྱར་དུས་དབུས་གཙང་ཁུལ་དང་། དགུན་དུས་ལྷོ་མོན་འབྲུག་འབྲས་སོགས་སུ་བསྐོར་བསྐྱོད་འཁྲབ་སྟོན་ཞོ་སྟོན་དུས་ཆེན་ལ་གཟིགས་འབུལ་གཏན་འཁེལ་གནང་རྗེས། སྐྱོར་མོ་ལུང་དུ་ས་ཞིང་ཁྲལ་རྟེན་ཕྲན་བུ་གནང་ཡང་། ཁོང་ཚོས་ས་ཞིང་མ་བླངས་པར་བསྐོར་བསྐྱོད་འཁྲབ་སྟོན་ཁོ་ན་བྱས་སྟབས། ཁ་དཔེར་ཡང་། སྐྱོར་མོ་ལུང་བའི་ཕ་གཞིས་འཛིན་པ་ལས། །ལུ་གུ་ཁྲིད་དེ་གནས་བཟང་བསྐོར་བ་དགའ། །ཞེས་ཤོད་སྲོལ་བྱུང་བ་སོགས་ཟློས་གར་འདི་ཧ་ཅང་གཙིགས་འཛིན་བྱས་པའི་ལོ་རྒྱུས་ཡོད། གཞན་ཁམས་ཀྱི་རས་པ། ཆབ་མདོའི་བྲོ། མངའ་རིས་དང་འབའ་ཐང་གི་སྒོར་གཞས། ཚིག་རྒྱག འབྲས་དཀར། ཤེལ་གྲོང་གི་འབྲོང་རྩེད། འབག་སེང་སོགས་བོད་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཟློས་གར་དང་། དེ་དག་གི་འཁྲབ་གཞུང་ཡང་མང་བོ་ཡོད།

མདོ་སྨད་དུ་ཟློས་གར་དར་ཚུལ་ནི། ཡབ་རྗེ་བླ་མ་སྐུ་ཕྲེང་གསུམ་པ་དགེ་འདུན་འཕྲིན་ལས་རབ་རྒྱས་ཀྱི་སྐབས། སྤྱི་ལོ ༡༦༩༠ ནས ༡༧༢༠ ལོའི་བར། རོང་བོ་དགོན་ཆེན་དུ་འཆམ་སྟེགས་སྲོལ་དང་། རྣམ་ཐར་ཟློས་གར་རྩེ་སྲོལ་དབུ་བརྙེས་པར་བཤད། དེ་ཡང་། དབུས་གཙང་ལ་སློབ་གཉེར་ཕྱིན་པའི་གྲྭ་བ་རྣམས་ཀྱིས། ལྷ་མོའི་འཁྲབ་གཞུང་དང་། ནང་མ་མཐོང་ཐོས་མྱོང་གསུམ་བརྒྱུད་པ་དེ་རྨང་གཞིར་བཏང་སྟེ། ཡབ་རྗེ་བླ་མའི་མགུར་རྟ་སྣ་ཚོགས་ཀྱིས་ཟུར་བརྒྱན་ཏེ་དབྱར་སྟོན་དུ་འཁྲབ་ལ། རྣམ་ཐར་ཟློས་གར་གྱི་འཁྲབ་སྟོན་དེ་ལ་དབྱར་རྩེད་ཟེར། སྒོ་དེ་དང་བསྟུན་ཏེ་བླ་བྲང་བཀྲ་ཤིས་འཁྱིལ་དུ་སྤྱི་ལོ ༡༧༤༠ ནས ༡༧༩༤ ལོའི་བར་རྣམ་ཐར་རྩེད་སྲོལ་བྱུང་སྟེ། དགོན་སྡེ་སོ་སོར་དར་རྒྱས་བྱུང་། དེ་ནས། ཡུན་རིང་ཞིག་ལ་གྲྭ་བ་རྐྱང་རྐྱང་གིས་འཁྲབ་སྟོན་བྱེད་ལ། ལྟ་མཁན་ཡང་བླ་གྲྭ་ཤ་སྟག་ཡིན། རིམ་གྱིས་དགོན་སྡེ་ལས་གྲོང་ཡུལ་དུ་དར་སོ་བྱུང་བ་སྟེ། དཔེར་ན། རེབ་གོང་ལྕང་སྐྱ་དང་གླིང་རྒྱ། ཞོ་འོང་སོགས་ཀྱིས་རྣམ་ཐར་ཟློས་གར་རྩེས་པ་བརྒྱུད་ནས། རྨ་ལྷོ་ཟློས་གར་ཚོགས་པ་སོགས་ཀྱིས་ཀྱང་འཁྲབ་སྟོན་གནང་བས། ལྟ་མཁན་མང་བོས་དགའ་བསུ་འཐོབ་ཅིང་། གསེར་དངུལ་གྱི་རྟགས་མ་ཡང་མང་བོ་འཐོབ་མྱོང་། ཁྱད་པར་དུ་ལྕང་སྐྱ་སྡེ་བས﹙སྤྱི་ལོ ༡༩༨༡﹚དྲི་མེད་ཀུན་ལྡན་གྱི་རྣམ་ཐར་ཟློས་གར། པཎ་ཆེན་སྐུ་ཕྲེང་བཅུ་བར་གཟིགས་མོར་ཕུལ་བས། ཁོང་གིས་བསྟོད་བསྔགས་དང་རིག་གནས་འདི་རྒྱུན་བསྲིངས་དགོས་པའི་ཞལ་གདམས་གནང་ངོ་། །

༣ བོད་དུ་ཟློས་གར་གྱི་བསྟན་བཅོས་བརྩམས་ཚུལ། སྙན་ངག་གི་གཞུང་ལས་བཤད་པའི་ཟློས་གར་ནི། སྐད་རིགས་མི་འདྲ་བ་བཞིས་སྒོ་ནས་བརྩམས་པའི་བསྟན་བཅོས་ཏེ། ལྷའི་རིགས་ལ་ལེགས་སྦྱར་གྱི་སྒོ་ནས་གཏམ་སྨྲ་ཞིང་གླུ་ལེན་པ་དང་། ལྷ་སྲིན་སྡེ་བརྒྱད་སོགས་ཀྱི་སྐད་ལ་ཤ་ཟའི་སྐད་དང་། བྲན་ཕོ་མོ་དང། བཞད་གད་མཁན་ལ་ཟུར་ཆག་གི་སྐད་དང་། བུད་མེད་ཀྱི་རིགས་ཕལ་ཆེ་བས་ཡུལ་མི་རང་བཞིན་པའི་སྐད་ཀྱིས་བརྗོད། རང་རེའི་བོད་དུ་རྒྱ་གར་ལྟར་སྐད་རིགས་བཞི་ཚང་བ་དེ་འདྲ་མེད་ཀྱང་། སྐད་རིགས་བཞིའི་སྒོ་ནས་བརྩམས་པའི་བསྟན་བཅོས་ནི། གུང་ཐང་བསྟན་སྒྲོན་གྱི་ཟློས་གར་བསྟན་བཅོས་ཡང་དག་ལམ་དུ་བཀྲི་བའི་རོལ་རྩེད་ཞེས་པའི་ནང་། རྒྱ་དཀར་ནག་དང་། སོག་བོད་ཀྱི་ཆོས་སྨྲ་བ་བཞིས་རང་རང་གི་སྐད་ཀྱིས་བགྲོ་ལྒིང་བྱས་པའི་རྣམ་པ་དང་། ཡང་། གུང་ཐང་བསྟན་པའི་སྒྲོན་མེས། ཟློས་གར་གྱི་བསྟན་བཅོས་ཁྱི་ར་བ་མགོན་པོ་རྡོ་རྗེ་དང་། གཞན་ཡང་། ཟློས་གར་རིག་པའི་གཞུང་ལུགས་ལྟ་བུར་མཛད་པ། ས་པཎ་གྱིས་རོལ་མོའི་བསྟན་བཅོས་དང་། དེའི་འགྲེལ་བ་ངོར་མཁན་ཆེན་བསོད་ནམས་ལྷུན་འགྲུབ་ཀྱིས་མཛད་པ་ཞིག་ཀྱང་ཡོད། དེ་ལས་གཞན། སློབ་དཔོན་ཙནྡྲ་གོ་མིས་མཛད་པའི་འཇིག་རྟེན་ཀུན་ཏུ་དགའ་བའི་ཟློས་གར་དང་། སློབ་དཔོན་དགའ་བ་ལྷས་མཛད་པའི་ཀླུ་ཀུན་ཏུ་དགའ་བའི་ཟློས་གར་སོགས་བོད་དུ་བསྒྱུར་ཡོད་པ་དང་། སློབ་དཔོན་ནག་མོ་ཁོལ་གྱིས་མཛད་པའི་བྱ་ལེན་མའི་ཟློས་གར་མཁས་དབང་དགེ་ཆོས་ཀྱིས་བསྒྱུར་བ་དེ་དང། དེ་ལས་གཞན། འཇུ་མི་ཕམ་གྱི་གླུ་བྲོ་སྒྱུ་མའི་རོལ་མོ་སོགས་ཡོད་དོ། །

བོད་དུ་གྲགས་ཆེ་བའི་ཟློས་གར་གྱི་བསྟན་བཅོས་ཆེན་པོ་བརྒྱད་ངོ་སྤྲོད།

༡ ཆོས་རྒྱལ་ནོར་བཟང་། ཆོས་རྒྱལ་ནོར་བཟང་གི་རྣམ་ཐར་འདིའི་འབྱུང་ཁུངས་ནི། རྒྱལ་བའི་བཀའ་འགྱུར་ལས་མདོ་སྡེ་ཁྲོད་ཀྱི་འདུལ་བའི་བམ་པོ་﹝ཁ་བ﹞་དང་། བསྟན་འགྱུར་ལས་﹝ཁེ﹞དུམ་པ་ལས་རྟོགས་བརྗོད་དཔག་བསམ་འཁྲི་ཤིང་གི་ཡལ་འདབ་རེ་བཞི་བ་ལས་བསྟན་ཡོད། དཔག་བསམ་འཁྲི་ཤིང་བོད་དུ་བསྒྱུར་རྗེས། བོད་རིགས་དམངས་ཁྲོད་དུ་དར་ཁྱབ་ཆེ་ཞིང་། ཕྱིས་སུ་སྡིངས་ཆེན་སྨྱོན་པ་ཚེ་རིང་དབང་འདུས་ཤེལ་དཀར་ལས་འཛིན་དུ་སྡོད་སྐབས། བོད་རང་གི་ཡུལ་སྲོལ་དང། སེམས་ཁམས་ལ་བསྟུན་ཏེ་བསྡུ་སྒྲིག་བྱས་པ་ཞིག་ཡིན། དེ་ལྟར་དཔེ་སྣ་གསུམ་པོ་དེ་ལ་རྩ་བའི་ཆ་ནས་མི་མཐུན་པ་མེད་ཀྱང་། ས་མིང་དང་བརྗོད་དོན། མི་སྣ་དང་ཁ་ཤས་ལ་རྒྱལ་བོ་དགེ་དབང་དང་སྡིངས་སྨྱོན་གྱིས། གདུལ་བྱའི་སེམས་ཁམས་དང་ས་གནས། ཡུལ་སྲོལ་གོམས་གཤིས་མི་འདྲ་བའི་དབང་གིས་འགྱུར་བ་ཅུང་ཟད་རེ་བཏང་ཡོད། དཔེར་ན། ཡུལ་གྱི་ཆ་ནས་ཀྱང་། བཀའ་འགྱུར་ལས་ཡུལ་ལྔ་ལེན་པར། བྱང་ཕྱོགས་ཀྱི་ལྔ་ལེན་དང་ལྷོ་ཕྱོགས་ཀྱི་ལྔ་ལེན། ཞེས་དང་། རྟོགས་བརྗོད་ལས། ཧ་སྟི་ནའི་གྲོང་ཁྱེར་ཆེན་པོ་དང་དེའི་ཕར་ལོགས་ན་གྲོང་ཁྱེར་དེ་ལ་སྡང་བའི་རྒྱལ་བོ། ཞེས་དང་། སྡིངས་ཆེན་སྨྱོན་པས་རྒྱ་གར་ཤར་གླིང་ན། བྱང་ཕྱོགས་མངའ་ལྡན་པ་དང་ལྷོ་ཕྱོགས་རིགས་ལྡན་པ། ཞེས་དང་། བརྗོད་དོན་གྱི་ཆ་ནས། བཀའ་འགྱུར་ལས་རྔོན་པས་སྔགས་པ་བསྒྲལ་རྗེས། དྲང་སྲོང་མདུན་དུ་སོང་བས། དྲང་སྲོང་གིས། ཡིད་འཕྲོག་མ་འཛིན་ཆེད་དོན་ཞགས་གནང་བ་དང་། རྟོགས་བརྗོད་ལས་རྔོན་པས་སྔགས་པ་བསྒྲལ་རྗེས་སུ་རྔོན་པ་ཀླུ་ཡུལ་དུ་སོང་དུས། ཀླུ་རྣམས་ཀྱིས་དོན་ཞགས་ལ་མཆོད་པ་མཐོང་ཞིང་རྒྱུ་མཚན་དྲིས་པས། དེའི་ཡོན་ཏན་རྟོགས་ཏེ་ནན་གྱིས་བསླངས། ཡུན་རིང་སོང་རྗེས་རྔོན་པ་འདས། བུས་ཀྱང་སྔར་ལྟར་དྲང་སྲོང་གི་ཞབས་ཏོག་བསྒྲུབས་པའི་མོད་ལ་ཁྲུས་ཀྱི་རྫིང་བུར་མི་འམ་ཅི་མོ་ཡིད་འཕྲོག་མཐོང་བས། དྲང་སྲོང་གི་མཛུབ་སྟོན་ལྟར་བཟུང་བ་དང་། སྡིངས་སྨྱོན་གྱིས་དྲང་སྲོང་དང་རྔོན་པ་ཚངས་པ་འདུ་བའི་ཁྲུས་རྫིང་དུ་ཕེབས་ཚེ། རྔོན་པས་ཡིད་འཕྲོག་མ་མཐོང་རྗེས། ད་གཟོད་འཛིན་སྤྱད་ཀྱི་དོན་ཞགས་དགོས་པ་ཤེས་ཤིང་སློང་བ་དང་། མི་མིང་ལ་མཚོན་ནའང་། བཀའ་འགྱུར་ལས་རྔོན་པའི་མིང་དུ་སྤང་ལེབ་ཅན་དང་། རྟོགས་བརྗོད་ལས་ཨུཏྤལ་ཅན་དང་། སྡིངས་སྨྱོན་གྱིས་སྤང་ལེབ་འཛིན་པ་དང་། ཡང་། བཀའ་འགྱུར་ལས་དྲང་སྲོང་བློ་གྲོས་རབ་གསལ་བྱ་བ་མཚན་བཀོད་མེད་པ་དང་། སྔགས་འཆང་སྦྲུལ་ནག་ཁ་འཛིན་བྱ་བ་གདན་འདྲེན་བྱས་པ་སོགས་མི་སྣང་ཡང་། སྡིངས་ཆེན་གྱིས་དེ་དག་ཁ་སྣོན་བརྒྱབ་པ་སོགས་མི་འདྲ་ས་ཉུང་ཟད་རེ་ཡོད་དོ། །དེར་མ་ཟད། ཆོས་རྒྱལ་ནོར་བཟང་གི་རྣམ་ཐར་གྱིས་བོད་ཀྱི་རིག་གཞུང་ལ་ཤན་ཞུགས་ཐེབས་པ་མང་ཀྱང་མཚོན་ཙམ་སྨྲས་ན། ཚངས་མགུར་ལས། སྙིང་ཐུབ་ཡིད་འཕྲོག་ལྷ་མོ། །རྔོན་པ་ང་རས་ཟིན་ཀྱང་། །དབང་ཆེན་མི་ཡི་དཔོན་པོ། །ནོར་བཟང་རྒྱ་ལུས་འཕྲོག་སོང་། །ཞེས་ལྟ་བུའི་མཚོན་ནོ། །

ནོར་བཟང་གི་རྣམ་ཐར་འདི་བོད་ཙམ་དུ་མ་ཟད། ཐེ་གོ འབར་མ། ལོ་ཝོ། རྒྱ་ནག་སོགས་སུའང་དར་བར་བཤད་ལ། དེ་དག་ལས་ཀྱང་གཏམ་རྒྱུད་འདིའི་མི་སྣ་དང་ས་མིང་འགའ་རེ་མི་མཚུངས་པ་མ་གཏོགས། བྱུང་རིམ་ཕལ་ཆེར་གཅིག་མཚུངས་ཡིན།

ནོར་བཟང་གི་རྣམ་ཐར་འདི་སྡིངས་སྨྱོན་གྱིས། གནས་ཡུལ་དང་འགྲོ་བ་མི་འདྲ་བའི་སོ་མཚམས་ལས་བརྒལ་ཏེ། ནོར་བཟང་དང་ཡིད་འཕྲོག་ཟུང་གི་དྭངས་གཙང་བརྩེ་དུང་གི་སླད་དུ། བཙན་ཤེད་དང་དབང་ཐང་ལ་མི་སྐྲག་ཤིང་སྲིད་འབྱོར་ལོངས་སྤྱོད་མཆིལ་མའི་ཐལ་བ་བཞིན་སྤངས་ཏེ། སྲོག་ཉེན་ལ་མི་འཛེམ་པའི་དཀའ་སྤྱད་དང་། བློ་བརྟན་འགྱུར་མེད་ཀྱི་གཤིས་ཀ་འཚོ་བ་དངོས་དང་སྦྱར་ཏེ། ཕྲི་སྣོན་གང་ལེགས་གནང་ནས་ཚིག་ནུས་ཁྱད་མཚར་ཅན་གྱིས་སྤྲས་ཏེ། རང་མོས་འདོད་བརྩེ་ལ་གྲུང་ཤ་དོད་ཅིང་གསོན་ཉམས་ལྡན་པའི་སྒྲུང་རྩོམ་ཞིག་ཏུ་གྲུབ་ཡོད་ནའང་། གཏམ་རྒྱུད་འདིའི་རྒྱབ་ལྗོངས་ཀྱི་བརྗོད་དོན་དངོས་མ་ནི། དེ་ལས་ལོག་པ་སྟེ། རྒྱལ་བུ་དོན་གྲུབ་སངས་རྒྱས་ནས། ཡབ་སྲས་གཙང་གིས་ནན་གྱིས་ཕོ་བྲང་དུ་བསུས་པ། གྲགས་འཛིན་མའི་མཐོང་ནས་སྔར་འདྲིས་ཀྱི་བག་ཆགས་བརྟས་ཏེ། ད་ནི་རྒྱལ་བུ་ཁོང་ལ་འགྲོགས་པ་དང་འཁྱུད་པ། རེག་པའི་བདེ་བ་མེད་སྙམ་ནས་ཁང་བརྩེགས་ལས་མཆོངས་ཚེ་སངས་རྒྱས་ཀྱིས་བསྐྱབས་པ་དང་། ཕྱིས་སུ་ནགས་ཚལ་དུ་འདུས་པའི་ཚེ་རྗེས་འཇུག་པ་རྣམས་ཀྱིས་དེའི་རྒྱུ་དང་རྐྱེན་ཞུས་པས། སྟོན་པས་དེ་དུས་ཀྱི་ནོར་བཟང་ནི་སྟོན་པ་ཁོང་རང་ཉིད་དང་། ཡིད་འཕྲོག་མ་ནི་གྲགས་འཛིན་མ་ཡིན་ཚུལ་གྱིས་འཇིག་རྟེན་བརྩེ་དུངས་ལ་སྙིང་བོ་མེད་པ་དང་། ད་ལྟའང་འཛིན་ཆགས་དམ་པས་བསྡམས་ཏེ། བྱས་འབྲས་ངན་པ་འདི་ལྟར་བྱུང་ཚུལ་ལས་བརྩམས་ནས། འཁོར་བ་ལ་ངེས་འབྱུང་རྣལ་མ་སྐྱེས་དགོས་ཚུལ་གདམས་པ་ནི་བརྗོད་དོན་དངོས་མའོ། །

བརྗོད་སྙིང་ནི། གནའ་སྔ་མོའི་དུས་སུ་རྒྱ་གར་འཕགས་ཡུལ་ན། བྱང་ཕྱོགས་མངའ་ལྡན་པ་དང་། ལྷོ་ཕྱོགས་རིགས་ལྡན་རྒྱལ་ཁབ་ཟེར་བ་གཉིས་ཡོད། རྒྱལ་ཁབ་དེ་གཉིས་སྟོབས་འབྱོར་མངའ་ཐང་། མངའ་འབངས་དང་མངའ་ཁོངས་ལ་གང་ཐད་ནས་འདྲ་འདྲར་ཆགས་ཡོད། ནམ་ཞིག་གི་ཚེ། ལྷོ་ཕྱོགས་རིགས་ལྡན་གྱི་རྒྱལ་བོ་ཤག་པ་གཞོན་ནུའི་རྒྱལ་སྲིད་ཉམས་རྒུད་དུ་སོང་སྟེ། འབངས་འཐོར། བླ་མཚོ་བསྐམས་ཞིང་བླ་ཤིང་འགྱེལ་བ་སོགས་བྱུང་བས། འབངས་མང་བོ་སྟོབས་འབྱོར་མངའ་ཐང་རྒྱས་པའི་བྱང་ཕྱོགས་མངའ་ལྡན་པའི་སྲིད་འོག་ཏུ་སོང་། སྐབས་དེར་རྒྱལ་བོ་ཤག་པ་གཞོན་ནུས་བྱང་ཕྱོགས་མངའ་ལྡན་པའི་མངའ་ཐང་ཚུར་འགུགས་ཐབས་ལ། སྔགས་པ་སྦྲུལ་ནག་ཁ་འཛིན་སྐུལ་ཏེ་བྱང་ཕྱོགས་པའི་པདྨ་བླ་མཚོར་ངན་སྔགས་དང་རྫས་ངན་བཏབ་པས། མཚོ་འཁྲུགས་ཤིང་ཀླུ་རྣམས་འུ་ཐུག་སྟེ་རྔོན་པར་སྲོག་སྐྱོབ་ཀྱི་རེ་བ་ཞུས་ཚེ། རྔོན་པ་གཉིད་ལས་སད་ནས་སྔགས་པ་བསྒྲལ་པས། ཀླུ་རྣམས་ཀྱིས་དྲིན་བཟོའི་སླད་དུ་རྔོན་པ་ལ་ནོར་བུ་དགོས་འདོད་དཔུང་འཇོམས་ཕུལ། རྔོན་པས་ནོར་བུའི་ནོར་ཉམས་མ་ཆོད་པས་ཀེའུ་རིའི་དྲང་སྲོང་བློ་གྲོས་རབ་གསལ་གྱི་དྲུང་དུ་ནོར་ཉམས་གཅོད་པར་ཕྱིན་ཚེ། ལྷ་མོ་ཡིད་འཕྲོག་མས་སྐུ་ཁྲུས་བྱེད་པ་གཟིགས་པས། དོན་ཞགས་བཏབ་ནས་ཡིད་འཕྲོག་ལྷ་མོ་བཟུང་སྟེ། དྲང་སྲོང་གི་བཀའ་བཞིན་ལྷ་མོ། ནོར་བཟང་གི་བཙུན་མོར་ཕུལ། རྒྱལ་སྲས་ནོར་བཟང་ནི་ཡར་དཀོན་མཆོག་ལ་མཆོད་བཀུར་དང་། མར་དབུལ་ཕོངས་ལ་སྦྱིན་པ་གཏོང་བར་དགའ་ཞིང་། འབངས་འཁོར་རྣམས་གཉེན་ཉེ་ལྟར་སྐྱོང་བར་བྱེད་པ་ཞིག་ཡིན་པས། སྐྱེ་འགྲོ་མི་མ་ཟད་ལྷ་ཀླུ་གཉན་གསུམ་ཡང་ཁོ་ལ་ཧ་ཅང་དགའ་བོ་བྱེད་ལ། ཁྱད་པར་དུ། པདྨ་བླ་མཚོ་ལ་གནས་པའི་ཀླུ་རིགས་མང་བོར་མཆོད་པས། སྲིད་འབྱོར་རིག་གསུམ་དབྱར་མཚོ་བཞིན་རྒྱས་པའི་ཁར། ཡིད་འཕྲོག་མ་བཙུན་མོར་འཐོབ་པས་དགའ་བདེའི་དཔལ་ལ་རོལ་བཞིན་བཞུགས།

སྐབས་དེར་སྔར་ཡོད་ཀྱི་བཙུན་མོ་ཉིས་སྟོང་ལྔ་བརྒྱ་ཤིན་ཏུ་མ་དགའ་བར། ནོར་བཟང་དང་ཡིད་འཕྲོག་མ་ཁ་བྲལ་གཏོང་བར་ཇུས་ངན་བཤམས་ཏེ། ཨ་མཆོད་ཧ་རི་ནག་པོར་ཁོག་བརྒྱབ་ཏེ། ཡབ་རྒྱལ་བོའི་རྨི་ལམ་དཀྲུགས་ནས་ནོར་བཟང་བྱང་ཕྱོགས་དམུ་རྒོད་འདུལ་དུ་མངགས། ཕེབས་ཤུལ་དུ། བསམ་སྦྱོར་ངན་པས་གཞན་ལ་འཚེ་བའི་ཨ་མཆོད་ཧ་རི་དང་། ཕྲག་དོག་དུག་ཆུས་ཀུན་ནས་བསླངས་པའི་དོན་འགྲུབ་དཔལ་མོ་སོགས་ཀྱིས་ཕོ་བྲང་དགའ་བའི་བསམ་གླིང་གི་མཐའ་བསྐོར་ནས།

ཡིད་འཕྲོག་མའི་སྙིང་ཚིལ་ལེན་པར་ཡོང་དུས། ལྷ་མོས་ཡུམ་ཆེན་གྱི་དྲུང་ནས་གཙུག་རྒྱན་ནོར་བུའི་དོ་ཤལ་བཞེས་ཏེ་བར་སྣང་དུ་འཕུར་ནས། མདའ་ཚ་བོ་ཡོད་ན་བུ་མོའི་རྗེས་ལ་སྙོགས་ཤོག །མདུང་རིང་བོ་ཡོད་ན་བུ་མོའི་རྗེས་ལ་སྙོགས་ཤོག །བུ་མོ་ང་ལ་འགྲན་ན་ནམ་མཁའི་མཐོངས་ལ་འཕུར་ཤོག །མཛེས་མའི་སྙིང་ཚལ་དགོས་ན་དགུང་སངས་འདི་རུ་ཤོག་དང་། །ལྟད་མོ་ཆེ་བ་ཨེ་བྱུང་བཙུན་མོ་ཡི་ལྔ་བརྒྱ། །ཐུགས་དགོངས་རྫོགས་པ་ཨེ་བྱུང་ཧ་རི་ཡི་ནག་པོ། །ཞེས་གསུངས་ནས་ལྗོན་པའི་ཡུལ་དུ་བྱོན། ནོར་བཟང་རྒྱལ་ཁའི་ངང་ཕྱིར་འཁོར་དུས་ལྷ་མོ་མེད་པས། སྐད་ཅིག་ཀྱང་སྡོད་བློ་མ་བྱུང་བར། དྲང་སྲོང་གི་ལྷ་མོའི་སོར་གདུབ་བསྣམས་ནས་ཁོང་གིས་དཀའ་བ་མང་བོ་ཁྱད་དུ་བསད་དེ། ཡིད་འཕྲོག་མ་སླར་བཀུགས་པར་མ་ཟད། ཁོང་གི་ལེགས་ཚོགས་ལ་གཏོར་བརླག་བྱེད་པའི་ཕོ་བྲང་གི་མི་ངན་དེ་དག་ལ་འཚང་འབྱིན་དང་ཐེར་འདོན་བྱས་ཐོག ཡབ་རྒྱལ་བོས་ནོར་བཟང་ལ་རྒྱལ་སྲིད་ཕུལ་ཏེ། སླར་ཡིད་འཕྲོག་མ་དང་ལྷན་དུ་བདེ་སྐྱིད་ཀྱི་དཔལ་ལ་རོལ་བ་སྟེ། ཆེས་ཡིད་འགུགས་ལྡན་པའི་རྣམ་ཐར་ཞིག་ཡིན།

༢ འགྲོ་བ་བཟང་མོ། བརྩམས་ཆོས་འདི་ནི་བོད་ཡུལ་མོན་རྟ་དབང་ཁུལ་དུ་བྱུང་བའི་དམངས་ཁྲོད་ཀྱི་གཏམ་རྒྱུད་ཞིག་གཞིར་བཟུངསྟེ། དུས་རབས་བཅུ་བདུན་པའི་དུས་མཇུག་ཏུ་མོན་བླ་མ་བློ་གྲོས་རྒྱ་མཚོས་མཛད་ཟེར། དེ་ཡང་། སྐྱེས་རབས་སུ་ལྕམ་སྲིང་ཁྲིད་དེ་མ་བསད་པར་སྦས་བཞག་སྟེ། རྗེས་སུ་བཏོན་པར་བཤད་པ་སོགས་ལ་སྦྱར་ནས་བརྩམས་པར་གསལ་ཏེ། དེ་ནི་ལྷ་མོ་བའི་གཞུང་བཤད་ཀྱི་ནང་དུ་སྟོན་པའི་དག་པ་དང་མ་དག་པའི་སྐྱེས་བ་ལྔ་བརྒྱ་བཞེས་པའི་འཁྲུངས་རབས་ལས། ད་ལམ་མཁའ་འགྲོ་མ་འགྲོ་བ་བཟང་མོའི་གཞུང་བརྗོད་པར་བྱའོ། །ཞེས་བརྗོད་པ་ལས་ཤེས་ནུས་སོ། །

བརྗོད་སྙིང་ནི། ཡུལ་མཎྜལ་སྒང﹙བོད་རང་སྐྱོང་ལྗོངས་ཀྱི་མཚོ་སྣ་རྫོང་འོག་མིན་ཡུལ་རྟ་དབང་དགོན་པ་ཆགས་པ་དེའི་མིང་རྙིང་ཡིན་པར་བཤད﹚ཞེས་པའི་མཐའ་འཁོབ་ཀྱི་ཡུལ་དེར། སྡིག་སྤྱོད་ཤ་སྟག་བྱེད་པའི་དུས་ཤིག ཡུལ་དེའི་ཤར་ཕྱོགས་ཀྱི་ནགས་གསེབ་ན། བྲམ་ཟེ་རྒས་འཁོགས་བློ་བོ་དང་ཡུམ་བྲམ་ཟེ་མཛེས་མ་བྱ་བར། ཡ་མཚན་གྱི་ལྟས་བཟང་དང་བཅས་ཏེ་འགྲོ་བ་བཟང་མོ་སྐུ་བལྟམས། སྐབས་དེར་མཁའ་འགྲོ་སྡེ་ལྔས་བུ་མོ་འགྲོ་བ་བཟང་མོ་ལ། བསྟན་པ་སྔ་དར་དང་། བར་དར། ཕྱི་དར་གསུམ་འབྱུང་བར་ལུང་བསྟན་པ་སྟེ། སྔ་དར་གྱི་དུས་སུ་ཡུལ་མཎྜལ་སྒང་གི་རྒྱལ་བོ་དབང་དུ་འདུ་བ་དང་། བར་དར་གྱི་དུས་སུ་སྲས་མིང་སྲིང་གཉིས་འཁྲུངས་ཚུལ། ཕྱི་དར་གྱི་དུས་སུ་བདུད་ཀྱི་བར་ཆད་ཅིག་འབྱུང་བས། ནུབ་ཕྱོགས་མཁའ་འགྲོའི་གླིང་དུ་འཕུར་ཤོག་ཅེས་ལུང་བསྟན། ནམ་ཞིག་གི་ཚེ། མཎྜལ་སྒང་གི་རྒྱལ་བོ་ཀཱ་ལ་དབང་བོས་བློན་འཁོར་དང་ཁྱི་མོ་ལྕགས་ཁྲ་འབབ་ཤེས་ཁྲིད་དེ་རྔོན་ལས་སུ་ཞུགས་པས། ཁ་ཤ་སོ་བདུན་བསད། ཉི་ནུབ་ཀྱི་ཚེ་ཁྱི་མོ་གར་སོང་ཆ་མེད་དུ་གྱུར་བས། རྒྱལ་བོ་ཐུགས་ཁྲལ་ཆེན་པོས་ཟིན་ནས། ཁྱི་མོ་འཚོལ་དགོས་པའི་བཀའ་ཕབ་པ་ལྟར། ཆོས་བློན་ཏྲི་ན་འཛིན་གྱིས་ཤར་ཕྱོགས་ཀྱི་ནགས་གསེབ་ན་ཁང་ཆུང་ཞིག་ཡོད་པ་དེར་ཁྱི་མོ་ཡོད་ཤོས་ཆེ་བར་ཞུས་པས། རྒྱལ་བློན་འཁོར་བཅས་དེར་ཕེབས་ཏེ། བྲམ་ཟེ་རྒན་རྒོན་གཉིས་ལས་འཁྲུངས་པའི་འགྲོ་བ་བཟང་མོ་གཟིགས་པས། ཕོ་བྲང་དུ་བསུས་ནས་བཙུན་མོ་མངའ་གསོལ། འགྲོ་བ་བཟང་མོས། ཡུལ་མཎྜལ་སྒང་གི་རྒྱལ་བློན་འཁོར་བཅས་དགེ་བ་བཅུ་ལ་བཀོད་ཅིང་། ལྷ་གཅིག་ཀུན་ཏུ་བཟང་མོ་དང་ལྷ་སྲས་ཀུན་ཏུ་ལེགས་པ་གཉིས་ཀྱང་འཁྲུངས་ནས། དགའ་སྐྱིད་དཔལ་ལ་རོལ་བའི་ཚེ། བཙུན་མོ་ཧ་ཅང་གིས་ཚོར་ཏེ། སྙིང་རླུང་སྟོད་འཚང་གི་ཁོང་ཁྲོ་བཟོད་མི་ཐུབ་པ་བྱུང་སྟེ། བློན་འབངས་ཀུན་ལ་བསླུ་བྲིད་བཏང་ནས། རྒྱལ་བོ་ཀཱ་ལ་དབང་བོ་སྨྱོ་ཆུ་བླུད་ནས་བཙོན་ལ་བཅུག འགྲོ་བ་བཟང་མོ་མཁའ་འགྲོའི་གླིང་དུ་བསྐྲད་དེ། ཧ་ཅང་བདུད་མོས་ནད་རྫུ་བཏབ་སྟེ། ནད་དྲག་པ་ལ་ལྷ་སྲས་ལྕམ་སྲིང་གཉིས་ཀྱི་སྙིང་དགོས་པར་གདམས་པ་ལྟར། མིང་སྲིང་ཟུང་ཤན་པ་གཉིས་ལ་གསོད་དུ་བཅུག་ཀྱང་། དེ་གཉིས་ཀྱིས་སྙིང་རྗེ་ནས་ཚེ་ཐར་དུ་བཏང་སྟེ། སྙིང་ཚབ་ཏུ་ཁྱེའུ་གཉིས་ཀྱི་སྙིང་ཕྱུང་སྟེ་བདུད་མོར་ཕུལ། ཡང་། བདུད་མོས་ལྕམ་སྲིང་གཉིས་སྐྱེད་ཚལ་དུ་རྩེད་མོ་རྩེས་པ་མཐོང་ནས། ཉ་བ་གཉིས་ལ་སྤྲད་དེ་གསོད་དུ་བཅུག་ཀྱང་། ཉ་བ་གཉིས་ཀྱིས་ཀྱང་སྙིང་རྗེ་ནས་ལག་མ་སོང་བར་ཚེ་ཐར་དུ་བཏང་ནས། ཡུལ་ཁམས་གཞན་དུ་བྲོས། ཡང་། ཧ་ཅང་བདུད་མོས་ནགས་གསེབ་ཏུ་ལྕམ་སྲིང་གཉིས་བཞུགས་ཡོད་པ་ཐོས་པས། བཙོན་ཏུ་བཅུག་སྟེ་དོ་དམ་དུ་བདུད་བློན་གཟེ་མ་ར་མགོ་བཞག་སྟེ། མཐར་གདོལ་བ་གཉིས་ལ་གསོད་དུ་བཅུག་པས། ལྷ་གཅིག་ཀུན་ཏུ་བཟང་མོ་ཚེ་ཐར་དུ་བཏང་། ལྷ་སྲས་གཡང་དུ་བསྐྱུར་ཡང་། ཡུམ་འགྲོ་བ་བཟང་མོ་བྱ་རྒོད་ཕོ་མོ་གཉིས་སུ་སྤྲུལ་ནས་ལྷ་སྲས་བསྐྱབས། ཕྱིས་སུ་ལས་ཀྱི་དབང་གིས་ལྷ་སྲས་པདྨ་ཅན་གྱི་རྒྱལ་བོར་མངའ་གསོལ་ཚེ། ལྟས་དབང་གིས་ལྷ་གཅིག་ཀུན་ཏུ་བཟང་མོ་སྤྲང་འཁྱམས་བྱས་ཏེ། ཡུལ་པདྨ་ཅན་དུ་ལྷ་སྲས་དང་འཕྲད་དེ་དགའ་བདེའི་དཔལ་ལ་རོལ་སྐབས། བདུད་མོ་ཧ་ཅང་གིས་ཚོར་ཏེ། པདྨ་ཅན་དུ་དམག་དྲངས་པས། ལྷ་སྲས་ཀྱིས་ཡ་ལན་སྤྲད་དེ། བདུད་མོ་ཚར་བཅད་ནས། ཡབ་རྒྱལ་བོ་ཀཱ་ལ་དབང་བོ་བཙོན་ལས་གྲོལ་བ་དང་། ཤན་པ་དང་ཉ་བ་སོགས་ལ་དྲིན་བཟོས་བླ་ལྷག་ཏུ་གནང་སྟེ། མཐར་ལྷ་སྲས་མིང་སྲིང་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀ་ཆོས་བཞིན་དུ་བསྐྱངས་པའི་གཏམ་རྒྱུད་ཅིག་ཡིན་ནོ། །

༣ རྒྱལ་བོ་དྲི་མེད་ཀུན་ལྡན། རྒྱལ་བོ་དྲི་མེད་ཀུན་ལྡན་གྱི་རྣམ་ཐར་ནི། དུས་རབས་བཅོ་ལྔ་བའི་ནང་རུས་པའི་རྒྱན་ཅན་གྱིས་བརྩམས་ལ། དེ་ཡང་། སྡེ་དགེ་བཀའ་འགྱུར﹝ཨ﹞དུམ་པའི་འཕགས་པ་རྒྱལ་བུ་དོན་འགྲུབ་ཀྱི་མདོ(འཕགས་པ་ནོར་བུ་དོན་འགྲུབ་ཀྱི་མདོ་ཞེས་ཀྱང་འབྱུང)དང་། རྒྱ་ནག་གི་སྐད་དུ་རྒྱལ་སྲས་ཞིས་ཏའི་གཏམ་རྒྱུད་ཟེར་བ་དེ་ཡིན་པར་བཤད་ཅིང་། བཀའ་བསྟན་གྱི་གཏམ་རྒྱུད་འདིའི་འགྱུར་མི་འདྲ་བ་བདུན་ལྷག་ཡོད་པར་ཡང་བཤད། ཁ་ཅིག་དཔག་བསམ་འཁྲི་ཤིང་གི་ཡལ་འདབ་ཉེར་བཞི་བ་རྒྱལ་བོ་ཐམས་ཅད་སྒྲོལ་གྱི་རྟོགས་བརྗོད་ལ་གཞི་བཟུང་སྟེ་བརྩམས་པ་ཡིན་ཡང་ཟེར།

ཡང་། རྒྱལ་བུ་དོན་འགྲུབ་ཀྱི་མདོ་དང་རུས་པའི་རྒྱན་ཅན་གྱིས་བརྩམས་པའི་དཔེ་སྣ་གཉིས་ལ། མི་མིང་དང་ས་གནས་བརྗོད་དོན་གྱི་ཆ་ནས་མི་འདྲ་བ་ཉུང་ཟད་ཙམ་ཡོད་དེ། དཔེར་ན། མི་མིང་ལ་མཚོན་ན། རྒྱལ་བུ་དོན་འགྲུབ་ཀྱི་མདོ་ལས། རྒྱལ་བུ་དོན་འགྲུབ་དང་ཡབ་མིང་ལ་རྒྱལ་བོ་དགེ་བ་བྱ་བ་དང་། རུས་པའི་རྒྱན་ཅན་གྱིས། དྲི་མེད་ཀུན་ལྡན་དང་ཡབ་ཀྱི་མིང་ལ་ས་སྐྱོང་གྲགས་པའི་དཔལ་དང་། གཞན་ཡང་། ཡབ་རྒྱལ་བོའི་བློན་པོ་དང་བཙུན་མོའི་མང་ཉུང་། དྲི་མེད་ཀུན་ལྡན་གྱི་སྲས་ལྕམ་སྲིང་གི་མང་ཉུང་དང་དེ་རེ་རེའི་མཚན། མི་སྣ་གཞན་དག་གི་མིང་སོགས་མི་འདྲ་བ་མང་ཙམ་འདུག ཡབ་རྒྱལ་བོས་དྲི་མེད་ཀུན་ལྡན་གནས་དབྱུང་མཛད་ས་ཡང་། སྔ་མར་རི་དན་ཏིག་དང་། ཕྱི་མར་བདུད་རི་ནག་པོ་ཧ་ཤང་སྐེམ་སྐེམ་སྒྲ་སྒྲོགས་ཞེས་བཀོད་པ་དང་། ཡང་། སྔ་མར་ས་སྐྱོང་གྲགས་པའི་དགྲ་ཟླའི་རྒྱལ་ཁབ་དང་། ནོར་བུ་དགོས་འདོད་དཔུང་འཇོམས་སློང་མཁན་གྱི་བྲམ་ཟེའི་མིང་བཀོད་མེད་པ་དང་། ཕྱི་མར་དགྲ་ཟླའི་རྒྱལ་ཁབ་ལ་བྱེ་མ་ཤིང་དྲུང་དང་། ནོར་བུ་སློང་མཁན་ལ་བྲམ་ཟེ་བློ་གྲོས་ཞེས་བཀོད་པ་སོགས། རུས་པའི་རྒྱན་ཅན་གྱིས་མི་སྣ་ཞིབ་འབྲི་དང་ཟོར་ཇེ་བདེ་རུ་བཏང་སྟེ། གཏམ་རྒྱུད་འདི་ཁ་གསལ་ཞིང་ཡུལ་སྲོལ་དང་མཐུན་པའི་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད་དོ། །

བརྗོད་སྙིང་ནི། གནའ་སྔ་མོའི་དུས་སུ་བྷེ་ཏའི་ཡུལ་ཞེས་བྱ་བ་ན། རྒྱལ་བོ་ས་སྐྱོང་གྲགས་པའི་དཔལ་ཟེར་བ་ཞིག་ཡོད། དེ་ལ་ནོར་བུ་དགོས་འདོད་དཔུང་འཇོམས་སོགས་ནོར་བུའི་རིགས་བསམ་གྱིས་མི་ཁྱབ་པ་མང་བོ་ཡོད་པར་མ་ཟད། བཙུན་མོ་ཕྱེད་དང་ཉིས་སྟོང་ཁ་ན་ཡོད་ཀྱང་། སྲས་གཅིག་ཀྱང་མེད་པས། མོ་རྩིས་ཀྱི་ལུང་བསྟན་ལྟར་མཆོད་སྦྱིན་རྒྱ་ཆེན་བྱས་ཏེ། བཙུན་མོ་དགེ་འདུན་བཟང་མོ་ལ་རྒྱལ་སྲས་དྲི་མེད་ཀུན་ལྡན་འཁྲུངས། ཆེར་སོན་ཏེ་ཡུལ་པདྨ་ཅན་གྱི་སྲས་མོ་མནྟེ་བཟང་མོ་བཙུན་མོ་བཞེས་ཤིང་། རིམ་པ་བཞིན་ལེགས་ལྡན་དང་། ལེགས་དཔལ། ལེགས་མཛེས་མ་སོགས་ལྕམ་སྲིང་གསུམ་འཁྲུངས། ཁྱད་པར་དུ་དྲི་མེད་ཀུན་ལྡན་ནི། བསྟན་བཅོས་ལ་མཁས་ཤིང་། འགྲོ་ཀུན་སྙིང་བརྩེས་གཟིགས་ཏེ། ཡབ་རྒྱལ་བོས་གནང་བ་ལྟར། བང་མཛོད་ལས་སྦྱིན་གཏོང་རྒྱ་ཆེར་གནང་། སྐབས་དེར་བྱེ་མ་ཤིང་དྲུང་གི་རྒྱལ་བོ་ཤིང་ཁྲི་བཙན་པོ་ལོག་པའི་བློས་ཀུན་ནས་བསླངས་ཏེ། རྒན་པོ་བྲམ་ཟེ་བློ་གྲོས་མངགས་ནས་ནོར་བུ་དགོས་འདོད་དཔུང་འཇོམས་བསླངས་པས། ཡབ་གྱི་མ་གནང་བཞིན་དུ་རྒྱལ་སྲས་ཀྱིས་ཐུགས་བརྩེ་བས་མ་བཟོད་པར་ནོར་བུ་དགྲ་ལག་ཏུ་བྱིན། ཟླ་ངོ་གཅིག་ཙམ་གྱིས་རྗེས་སུ་བདུད་བློན་ཏ་ར་མཛེས་ཀྱིས་ཚོར་ཏེ། ཡབ་རྒྱལ་བོ་ས་སྐྱོང་གྲགས་པ་ལ་ནོར་བུ་དགྲ་ལ་སྦྱིན་པ་ཞུས་པས། རྒྱལ་བོ་ཤིན་ཏུ་ཁྲོས་ཏེ། དྲི་མེད་ཀུན་ལྡན་བཟའ་མི་འཁོར་བཅས་བདུད་རི་ནག་པོ་ཧ་ཤང﹙ད་ལྟ་རེབ་གོང་སྨད་ཀྱི་དགུ་རོང་ཁོག་ལ་ངོས་འཛིན་ལ། ས་དེར་དྲི་མེད་ཀུན་ལྡན་གྱི་སྤྱན་སྦྱིན་པ་གཏོང་ས་ཡང་། ད་ལྟ་ངོས་འཛིན་རྒྱུ་ཡོད། གཞན་ཡང་ཏན་དིག་ཏུ་ངོས་འཛིན་པའང་ཡོད་དེ། བཀའ་འགྱུར་མདོ་མངས་གྲས་ཀྱི་དུམ་པ﹝ཨ﹞འཕགས་པ་རྒྱལ་བུ་དོན་འགྲུབ་ཀྱི་མདོ་ན་བཤད་པའི་ས་མིང་མང་བོ་ད་ལྟ་ཏན་དིག་ན་ཡོད། ﹚སྤྱུགས་ཏེ། ལོ་ངོ་བཅུ་གཉིས་བར་དུ་སླར་འཁོར་མི་ཆོག་པའི་ཐ་ཚིག་བསྒྲགས། ས་དེར་ཁོང་གིས་འཇིགས་སྐྲག་དང་དཀའ་བ་སྣ་ཚོགས་ཁྱད་དུ་བསད་པར་མ་ཟད། ཤ་ལས་མཆེད་པའི་བུ་ཕྲུག་དང་། བཟའ་ཟླ། ཐ་ན་རང་གི་སྤྱན་ཟུང་ཡང་སྦྱིན་པར་བཏང་བས། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཀྱི་ཐུགས་རྗེ་དང་། རང་གི་བདེན་སྟོབས་ལ་བརྟེན་ནས། མིག་ཟུང་དང་། བཟའ་མི་ལྷན་འཛོམས་བྱུང་བར་མ་ཟད། བྱེ་མ་ཤིང་དྲུང་གི་རྒྱལ་བོ་ཤིང་ཁྲི་བཙན་པོས་ཀྱང་ནོར་བུ་དགོས་འདོད་དཔུང་འཇོམས་སླར་སྤྲད། མཐར་བྷེ་ཏའི་ཡུལ་གྱི་རྒྱལ་བློན་འཁོར་བཅས་ཀྱིས་དཔག་ཚད་བདུན་གྱི་བར་བསུ་བ་བྱོན་ཏེ། དྲི་མེད་ཀུན་ལྡན་འཁོར་བཅས་སླར་འཁོར་ནས་རྒྱལ་སྲིད་ཆོས་བཞིན་སྐྱོང་བར་བཤད་ཡོད།

ཁྱད་པར་དུ་བརྩམས་ཆོས་འདིའི་འབུར་ཐོན་གྱི་ནུས་པ་ནི། སྦྱིན་པའི་ཕར་ཕྱིན་རྩལ་དུ་སྤྲུགས་ནས་སེམས་ཅན་དབུལ་ཕོངས་ཀྱི་སྡུག་བསྔལ་ལས་སྐྱོབ་པ་དང་། སྡུག་བསྔལ་གྱིས་མནར་བའི་སེམས་ཅན་ལ་སྙིང་རྗེ་སྐྱེས་དགོས་པ་ཆུ་ལ་ཆུ་བཞག་གི་ཚུལ་དུ་སིམ་ཡོད་པས། རྣམ་ཐར་འདི་བོད་ཁམས་ཡོངས་ལ་ཁྱབ་རྒྱ་ཆེ་ལ། ཐ་ན་ཡིག་འབྲུ་གཅིག་ཀྱང་མི་ཤེས་པའི་ཕྱུགས་རྫི་ཞིག་གི་ངག་ཐོག་ནའང་། རྒྱལ་བུ་དྲི་མེད་ཀུན་ལྡན་ནི། བྱམས་སྙིང་རྗེ་ལྡན་པ་དང་། གཏོང་ཕོད་ཆེ་བའི་རླབས་ཆེན་ཞིག་དང་། དྲི་མེད་ཀུན་ལྡན་གྱི་སྐུ་ཚེའི་ཐོག་མཐའ་བར་གསུམ་ནི་སྦྱིན་པའི་ཕར་ཕྱིན་གྱིས་རས་ལ་སྣུམ་བྱུགས་པ་ལྟ་བུར་སིམ་པའི་མི་སྣ་ཞིག་ཡིན་པར། ཡ་ཆུང་སེམས་ལ་བཞེངས་བསྐྲུན་བྱས་ཡོད་དོ། །

༤ གཟུགས་ཀྱི་ཉི་མ། གཟུགས་ཀྱི་ཉི་མའི་རྣམ་ཐར་ནི། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་ལོ་ཙཱ་བ་བཻ་རོ་ཙ་ན་དང་། ཤེའུ་ལོ་ཙཱ་བ་གཉིས་ཀྱིས་རྒྱ་གར་སྐད་ནས་བོད་སྐད་དུ་བསྒྱུར་བར་གྲགས་ལ། ཕྱིས་སུ་དུས་རབས་བཅུ་བདུན་པའི་དུས་མཇུག་ཏུ་མོན་བླ་མ་བློ་གྲོས་རྒྱ་མཚོས་དྲང་སྲོང་མངོན་ཤེས་མངའ་བ་ཞིག་གིས་ཁུ་བ་དང་བཅས་པ་གཅིས་པ་རི་དྭགས་མོ་སྐོམ་པས་གདུང་བས་འཐུངས་ནས་མོའི་དབང་བོ་བསྣམས་པས། ཁྱེའུ་ཞིག་བཙས་པ་སོགས་མདོ་ལས་འབྱུང་བ་སོགས་ལ་ཁུངས་བཅོལ་བ་དང་། བོད་ཀྱི་ཡུལ་སྲོལ་དང་སེམས་ཁམས་ལ་བསྟུན་ཏེ། སྟབས་བདེར་བསྡུ་སྒྲིག་བྱས།

བརྗོད་སྙིང་ནི། གནའ་སྔ་མོའི་དུས་སུ་སེམས་ཀྱི་བློ་གྲོས་ཟེར་བའི་རྒྱལ་ཁབ་ཅིག་ཡོད། རྒྱལ་ཁབ་འདིའི་སྟོབས་འབྱོར་མངའ་ཐང་ལ་མཚོན་ན། གྲོང་ཁྱེར་འབུམ་ཚོ་སོ་དྲུག ནོར་བུའི་བང་མཛོད་སུམ་བརྒྱ་དྲུག་ཅུ། གདུགས་དཀར་གསེར་གྱི་ཡུ་བ་ཅན། འདོད་དགུ་འབྱུང་བའི་ལྷུང་བཟེད། རྟ་མཆོག་ངང་བ་འཕུར་ཤེས། གླང་ཆེན་ས་ལ་རབ་བརྟན། འདོད་འཇོའི་བ། མ་ཧེ་ཞོ་མོ་ཆེ། སྨྲ་མཁས་ནེ་ཙོ། ཕག་པ་ཕལ་ཀ སྒོ་ཁྱི་འཛིན་ཤེས་གཏོང་མི་ཤེས་པ། རྫུ་འཕྲུལ་གྱི་ཞགས་པ། འཕེལ་འགྲིབ་མེད་པའི་མེ་ཏོག་ལྡུམ་ར། བློན་པོ་རིག་པ་ཅན་ཨ་བོ་ན་གེ། རྔོན་པའི་བུ་སོགས་བསམ་གྱིས་མི་ཁྱབ་པ་ཡོད། རྒྱལ་བོ་ཟླ་བའི་དེད་དཔོན་སྐུ་ན་བགྲེས་པས། སྲིད་དབང་རྒྱལ་བུ་ཟླ་བ་སེང་གེ་ལ་སྤྲད་དེ་རྒྱལ་སྲིད་ལ་མངའ་དབང་མཛད་སྐབས། ཉིན་ཞིག་རྒྱལ་བུ་ཟླ་བ་སེང་གེས་ཤ་ཁྲག་གི་མཆོད་རྫས་བསྣམས་ནས། དབང་ཕྱུག་ཆེན་པོའི་རྡོ་སྐུ་བར་སྣང་ལ་གནས་པ་ཞིག་ཡོད་པ་དེར་མཆོད་འབུལ་དུ་འགྲོ་བའི་ལམ་བར་དུ། རིགས་ངན་ལ་ལང་ཚོ་མཚར་བའི་བུ་མོ་ཞིག་ཁྲུས་ལ་རོལ་བ་མཐོང་བས། ཡིད་འཕྲོག་སྟེ་རྒྱལ་བོའི་བཙན་མོར་བསུས། སྐབས་ཤིག་གར་ཡོང་ཆ་མ་འཚལ་བའི་ཕག་རྒོད་སྐོར་ཞིག་གིས། ཕོ་བྲང་ཕྱི་རོལ་གྱི་དུས་བཞིར་འགྱུར་མེད་ཀྱི་དགའ་ཚལ་དེ་བཅོམ་པས། རྔོན་པའི་བུས་ཕག་རྒོད་འདུལ་ཆེད་བཤུལ་ཐག་རིང་བོར་ཕྱིན་པས། ཕྱིར་ལམ་སྟོར་ཏེ་ཅི་བྱ་གཏོལ་མེད་དུ་ལུས་ཚེ། ཡུ་མོ་ལས་འཁྲུངས་ཤིང་འཇོ་སྒེག་ལང་ཚོ་མཛེས་པའི་གཟུགས་ཀྱི་ཉི་མ་དང་འཕྲད། བུ་མོས་ལམ་སྟོན་གྱི་རྫས་རྩྭ་ཀུ་ཤ་སྤར་དོ་རྔོན་པ་ལ་གནང་བ་བཟུང་སྟེ་ཕེབས་པས། གྲོང་ཁྱེར་སེམས་ཀྱི་བློ་གྲོས་ལ་བདེ་བླག་ཏུ་ཐོན། རྔོན་པས་རྒྱལ་བོ་ལ་གཟུགས་ཀྱི་ཉི་མའི་གནས་ཚུལ་ཞུས་པས། རྒྱལ་བོ་གཟུགས་ཀྱི་ཉི་མ་འཚོལ་དུ་ཕེབས་ཏེ། ཡབ་སྒོམ་ཆེན་པའི་དྲུང་དུ་ཕྱིན་སྐབས། སྒོམ་ཆེན་པའི་བཀའ་བཀོད་བཞིན་ནང་ཆོས་སུ་ཞུགས་ཏེ། སྐྱབས་འགྲོ་སེམས་བསྐྱེད་ཀྱི་བསླབ་བྱ་དང་། དགེ་བསྙེན་གྱི་སྡོམ་པ་བླངས་ཏེ་ཕོ་བྲང་དུ་བསུས། ནང་དགོས་སུ་ཡབ་སྒོམ་ཆེན་པས་གཟུགས་ཀྱི་ཉི་མར་སྲུང་བ་ཟབ་མོའི་རྟེན་དུ་མུ་ཏིག་གི་ཕྲེང་བ་གནང་ནས། རང་གི་ཁྱིམ་ཐབ་དང་ཤ་ལས་ཆད་པའི་བུ་ཕྲུག་ལའང་བསྟན་མི་ཆོག་པའི་བཀའ་ལུང་བསྩལ། བཙུན་མོས་ལྷ་ཆོས་དང་མི་ཆོས་ཁྱད་པར་ཅན་ལ་བརྟེན་ཏེ། རྒྱལ་བཀུར་འབངས་བྱམས་སོགས་མཛད་པས། རྒྱལ་བློན་འབངས་གསུམ་གྱིས་དགའ་གུས་ཐོབ་ནའང། རིགས་ངན་མས་ཕྲག་དོག་གིས་ཀུན་ནས་བསླངས་ཏེ། མོ་མ་གན་དེ་ནོར་གྱིས་བསླུས་ནས་གཡོ་ཟོལ་གྱིས། གཉིད་དང་མྱོས་པར་འགྱུར་བའི་རྫས་ངན་སོ་གཉིས་བཏབ་སྟེ་དྲངས་ཀྱང་། གནོད་པས་མ་ཚུགས་པས། མོ་མ་གན་དེས་གཟུགས་ཀྱི་ཉི་མ་ལ་སྲུང་བ་ཁྱད་པར་ཅན་ཞིག་ཡོད་པ་རྟོགས་ནས། བསླུ་བྲིད་ཀྱིས་མུ་ཏིག་གི་ཕྲེང་བ་སྟོན་བཅུག་སྟེ། ཕྲེང་བ་དེ་དང་འདྲ་མཚུངས་ཤིག་བཟོས་ཏེ་བརྗེ་སྤོར་བརྒྱབ། སླར་ཡང་རྒྱལ་བོ་དང་གཟུགས་ཀྱི་ཉི་མ་འཁོར་བཅས་མྱོས་ཤིང་རྨུགས་པར་བྱེད་པའི་རྫས་ངན་བཞི་བཅུ་བཏབ་སྟེ་དྲངས་པས། དེ་དག་གཉིད་དུ་ཡུར་བའི་རིང་ལ་གན་དེ་བཟང་མོས་གླང་ཆེན་ས་ལ་རབ་བརྟན་དང་། ལྷ་བྱ་ནེ་ཙོ། སྲས་ཆུང་བ་ཟླ་བ་གཞོན་ནུ་སོགས་བསད་དེ་གཟུགས་ཀྱི་ཉི་མའི་མཐའ་བསྐོར་དུ་སྤུངས་ནས་མ་ཉེས་ཁ་ཡོག་བཀལ་ཏེ། རྒྱལ་བོ་ལ་བསླུ་བྲིད་བཏང་བས། རྒྱལ་བོས་བདེན་པར་བཟུང་སྟེ་གཤེད་མ་གསུམ་བོས་ནས་གཟུགས་ཀྱི་ཉི་མ་དུར་ཁྲོད་དུ་ཕུང་བོ་གཟན་བསྒྱུར་གཏོང་དགོས་པའི་ཁྲིམས་ཆད་ཕོག་ཀྱང་། དེ་དག་གིས་གཟུགས་ཀྱི་ཉི་མའི་འཇོ་སྒེག་གི་གཟི་བྱིན་མ་བཟོད་དེ། སྐུ་ལུས་གྲིས་གཤགས་མ་ཕོད་པར་བཞག མཐར་ཁྲག་མཚོ་དྲག་ཏུ་ཁོལ་བ་དང་། གཅན་གཟན་སོགས་ཀྱི་འཇིགས་པ་ལས་ཐར་ཏེ། མོས་དྲང་སྲོང་སྒོམ་ཆེན་པར་གསོལ་བ་བཏབ་པ་དོན་སྨིན་གྱུར་ཏེ། དྲང་སྲོང་གི་ཐུགས་རྗེས་ནེ་ཙོ་དང་གཞོན་ནུ་གཉིས་ལ་སླར་ཡང་ཚེ་སྲོག་རྙེད་ཅིང་། བདུད་བཙན་གྱིས་རང་འཚང་བརྟོལ་ནས་ནག་ཕྱོགས་ཀྱི་སྐོར་ལ་སུན་འབྱིན་དང་། ཁ་རྡུང་བཏང་སྟེ་སླར་རྒྱལ་བོའི་ཕོ་བྲང་དུ་བསུས་པའི་གཏམ་རྒྱུད་ཅིག་ཡིན།

༥ ལྷ་གཅིག་ཀོང་ཇོ་བོད་དུ་བསུས་ཚུལ། རྣམ་ཐར་འདི་ནི་མ་ཎི་བཀའ་འབུམ་གཞིར་བཟུང་ནས་བརྩམས་པ་ཡིན།

བརྗོད་སྙིང་ནི། བོད་རྒྱལ་སོ་གཉིས་པ་སྲོང་བཙན་སྒམ་པོས། ཐང་ཆེན་པོའི་རིག་གནས་ནང་འདྲེན་དང་། མཛའ་མཐུན་སོགས་ཡོང་ཆེད། ཐང་ཐེ་ཙུང་གི་སྲས་མོ་རྒྱ་བཟའ་ཀོང་ཇོ་བཙུན་མོར་བསུ་བར། བློན་ཆེན་མགར་སྟོང་བཙན་སོགས་རྟ་བ་བརྒྱ་ཕྲག་ལ། རྒྱལ་བོའི་བཀའ་ཤོག་སྒྲོམ་བུ་དང་། རིན་ཆེན་པདྨ་རཱ་གའི་ཁྲབ། གསེར་གྱི་དོང་ཙེ། གསེར་ཕྱེ་སོགས་འབུལ་རྟེན་གྱ་ནོམ་པ་བསྐུར་ཏེ་རྒྱ་ནག་ཏུ་མངགས། བློན་ཆེན་ཁྲང་ཨན་དུ་ཕེབས་དུས། རྒྱ་གར། སྟག་གཟིག བྷ་ཏ་ཧོར། གེ་སར་སོགས་ཀྱི་གཉེན་སློང་བ་མང་བོ་འབྱོར་ཡོད་སྟབས། རྒྱ་ནག་གོང་མ་འཁོར་བཅས་ཀྱིས་བཀའ་གྲོས་མཛད་པས། གོང་མས་རྒྱ་གར་ཆོས་ཀྱི་འབྱུང་ཁུངས་ཡིན་པས་རྒྱ་གར་ལ་སྟེར་ཟེར། བཙུན་མོས་སྟག་གཟིག་སྟོབས་འབྱོར་ཆེ་བས་སྟག་གཟིག་ལ་སྟེར་ཟེར། རྒྱལ་སྲས་ཀྱིས་བྷ་ཏ་ཧོར་ནི་དཔའ་རྩལ་ཆེ་བས་དེ་ལ་སྟེར་ཟེར། ཀོང་ཇོས་གེ་སར་དམག་གི་རྒྱལ་བོ་ནི་གཟུགས་བཟང་ལང་ཚོ་ལྡན་པས་དེ་ལ་འགྲོ་ཟེར། འོན་ཀྱང་། བོད་དུ་འཐད་པ་གཅིག་ཀྱང་མ་བྱུང་། གོང་མ་ཐེ་ཙུང་ཡང་ཅི་བྱ་གཏོལ་མེད་གྱུར་ཏེ། མཐར་རྒྱལ་ཁབ་མང་བོའི་གཉེན་སློང་བ་རྣམས་ལ། རིག་པ་འགྲན་པའི་དཀའ་གནད་ལྔ་བཏོན་པ་སྟེ། ༡ གཡུ་མིག་ཀྱག་ཀྱོག་ནང་དར་སྐུད་རྒྱུ་བ། ༢ ཉིན་གཅིག་ནང་ལུག་བརྒྱ་བཤས་ཏེ། ཤ་ཟོས་ནས་པགས་པའང་མཉེད་ཚར་བ། ༣ ཆང་བན་ཆེན་པོ་བརྒྱ་མ་བོ་བར་འཐུང་ཚར་ཏེ་མ་བཟི་བ། ༤ རྟ་མ་བརྒྱ་དང་རྟེའུ་ཕྲུག་བརྒྱ་ཁ་གཏོར་ཏེ་མ་བུ་སྦྱོར་ཏུ་གཏུབ་པ། ༥ བྱ་མ་དང་བྱེའུ་ཁ་ཕྲལ་དུ་བཏང་སྟེ་མ་བུ་འཕྲོད་པ། ༦ སྦོམ་ཕྲ་མཚུངས་པའི་གསོམ་ཤིང་བརྒྱ་མགོ་རྔ་ཤེས་པ། ༧ གསོལ་སྟོན་དུ་བོས་ཏེ་ཆང་གིས་ར་རོ་བར་གྱུར་ཀྱང་གནས་ཚང་དུ་ལོག་ཐུབ་པ། ༨ རྒྱའི་མཛེས་མ་སུམ་བརྒྱའི་གྲས་ལས་ཀོང་ཇོ་ངོས་ཟིན་པ་བཅས་རིག་པ་འགྲན་རྒྱུའི་གྲོས་ཐག་བཅད་པ་བཞིན། མགར་སྟོང་བཙན་གྱི་ཐབས་ཤེས་སྣ་ཚོགས་ལ་བརྟེན་ཏེ་རེ་རེ་ལས་རྒྱལ་ནས། མཐར་རྒྱ་ནག་གིས་ཀོང་ཇོ་མི་སྟེར་ཀ་མེད་བྱུང་ནས། ཇོ་བོ་ཤཱཀྱ་མུ་ནེ། ལས་ཀྱི་མེ་ལོང་། གབ་ཙེ་གཙུག་ལག་སུམ་བརྒྱ། བཟོ་ཡི་རིག་བྱེད་དྲུག་ཅུ། བརྟག་ཐབས་བརྒྱ་དང་དཔྱད་ལྔ་སྦྱོར་སྡེ་བཞི་སོགས་ཀྱི་རྫོང་བ་དང་བཅས། རྒྱ་བཟའ་ཀོང་ཇོ་བོད་དུ་བསུས་པའི་གཏམ་རྒྱུད་ཅིག་ཡིན།

༦ སྲས་དོན་ཡོན་དང་དོན་གྲུབ། རྣམ་ཐར་འདི་ནི་དུས་རབས་བཅོ་བརྒྱད་པའི་ནང་པཎ་ཆེན་སྐུ་ཕྲེང་ལྔ་བ་བློ་བཟང་ཡེ་ཤེས་ཀྱིས་བརྩམས་པར་གྲགས། བཤད་རྒྱུན་ལ་རྣམ་ཐར་འདིའི་ཤུགས་བསྟན་ལ་རྒྱལ་བ་པཎ་ཆེན་གྱི་མཛད་རྣམ་ཀྱང་བསྟན་ཡོད་པར་བཤད། རྣམ་ཐར་འདིའི་མཚན་བྱང་ལ་གཅུང་བོ་དོན་ཡོད་དང་དོན་གྲུབ་སྐུ་མཆེད་ཀྱི་རྣམ་ཐར་དང་། གཅུང་བོ་སྐུ་མཆེད་ཀྱི་གསང་བའི་རྣམ་ཐར་ཡང་ཟེར། མི་རོ་རྩེ་སྒྲུང་ཁྲོད་ཀྱི་ཕུ་ནུ་གཉིས་ཞེས་པའི་གཏམ་རྒྱུད་དང་རྣམ་ཐར་འདི་གཉིས་ས་མིང་དང་མི་མིང་། བྱུང་རབས་ཁ་ཤས་མི་མཚུངས་པ་མ་གཏོགས་རྩ་བའི་ཆ་ནས་ཕལ་ཆེར་གཅིག་མཚུངས་ཡིན། རོ་སྒྲུང་གི་ལེའུ་ཉེར་གཅིག་པ་རྒྱལ་བུ་དོན་གྲུབ་འཕྲལ་དུ་སྡུག་ཁུར་བྱས་པ་ལས་ནམ་ཕུགས་རྒྱལ་ཁྲིམས་ཆོས་བཞིན་བསྐྱངས་པ་བྱ་བ་དང་རྣམ་ཐར་འདི་གཉིས་ཀྱང་མི་མིང་དང་བྱུང་རིམ་ཕལ་ཆེར་འདྲ་མཚུངས་སུ་གནས་པས་ན། དོན་དུ་སྒྲུང་འདི་ཇེ་རྒྱས་སུ་བཏང་ནས་བརྩམས་པར་སེམས་སོ། །

བརྗོད་སྙིང་ནི། ཟངས་གླིང་རྒྱལ་ཁབ་ཅེས་བྱ་བ་ན། རྒྱལ་བོ་སྟོབས་ཀྱི་ལྷ་དང་བཙུན་མོ་ཀུན་བཟང་མ་བྱ་བ་ཞིག་མཆིས་ལ། མངའ་ཐང་དར་ཞིང་མཆོད་སྦྱིན་ལ་གཙིགས་ཀྱང་། སྲས་མེད་པས་དཀོན་མཆོག་དང་ལྷ་ཀླུ་ལ་འཕྲིན་བཅོལ་བཏང་བས། ཐུགས་ཀ་ན་ཧྲཱྀཿཡིག་འབུར་དོད་སོགས་ཀྱི་མཚན་མ་བསམ་གྱིས་མི་ཁྱབ་པའི་ལྷ་སྲས་དོན་འགྲུབ་འཁྲུངས། དོན་འགྲུབ་དགུང་གྲངས་ལྔ་ལོན་ཚེ་ཡུམ་ཚེ་ལས་འདས་པས། སླར་ཡང་རྒྱལ་བོས་ཕལ་བའི་བུ་མོ་པདྨ་ཅན་ཁབ་ཏུ་བསུས། དེ་ཡང་། རྒྱལ་སྲས་དོན་ཡོད་འཁྲུངས་པས། བཙས་མ་ཐག་པ་ནས་མའི་ནུ་ཞོ་བཞེས་པ་ཙམ་མ་གཏོགས། ཨ་ཇོ་དོན་གྲུབ་ལ་བློ་སྙིང་བྲང་གསུམ་གཏོད་ཅིང་། ཉིན་མཚན་ཁོར་མོ་ཡུག་ལ་ལྷན་དུ་བཞུགས། སྲས་གཉིས་འཚར་ལོངས་བྱུང་རྗེས་པདྨ་ཅན་གྱི་བསམ་པར། ཐམས་ཅད་ཀྱིས་བཤད་ལུགས་གང་ལ་བལྟས་ཀྱང་། ཇོ་ཇོས་རྒྱལ་ས་འཛིན་པར་འདུག་བསམ་སྟེ། མོས་ནད་རྫུ་བཏབ་པ་སོགས་བསམ་ངན་སྦྱོར་རྩུབ་སྣ་ཚོགས་བཤམས་ནས། མོའི་ནད་གཞི་དྭངས་པ་ལ་རྒྱལ་བུ་དོན་འགྲུབ་རྒྱང་ཕུད་དུ་གཏོང་དགོས་པར་ཞུས་པ་བཞིན། རྒྱལ་བུ་དོན་འགྲུབ་མི་མེད་ཀོ་ཤའི་ཡུལ་དུ་སྤྱུགས་གྲབས་བྱེད་སྐབས། གཅུང་བོ་དོན་ཡོན་ཨ་ཇོ་ལ་ཧ་ཅང་སེམས་འཕྲེང་ནས། ཨ་ཇོ་དང་མཉམ་དུ་ཕེབས་རྒྱུའི་ཨུ་ཚུགས་མཐར་སྐྱེལ་གནང་སྟབས། གཅེན་པོ་དང་ལྷན་དུ་ཀོ་ཤའི་ཡུལ་དུ་མི་ཁྲིད་ཀ་མེད་བྱུང་། ལམ་དུ་འཇིགས་སྐྲག་དང་ཚ་གྲང་བཟོད་གླགས་མེད་པ་མྱོང་བའི་ཁར། ལམ་བར་དུ་གཅུང་བོ་དོན་ཡོན་བཀྲེས་སྐོམ་གྱིས་གཟིར་ཏེ་ཚེ་ལས་འདས། གཅེན་པོས་ནུ་བོའི་སྐུ་ཕུང་དེ་ཙན་དན་གྱི་བསིལ་གྲིབ་འོག་གཡམ་སྒྲོམ་དུ་བཞག་ནས་ཀོ་ཤའི་ཡུལ་དུ་བཞུད། ཤུལ་དུ་ལྷ་ཚངས་པ་དང་བརྒྱ་བྱིན་གྱིས་གཅུང་བོའི་སྐུ་ཕུང་ལ་ཙན་དན་གྱི་ཐང་ཆུ་གཏོར་བས། སྐུ་ལུས་སྔར་བཞིན་སོར་ཆུད་དེ་ཨ་ཇོ་འཚོལ་བར་མངགས། གཅེན་པོ་དོན་འགྲུབ་དགེ་སློང་བགྲེས་སོང་ལེགས་པའི་བློ་གྲོས་དང་འཕྲད་པས། དེའི་སྒྲུབ་གཡོག་ཏུ་བཞུགས་པའི་ཚེ། ཡུལ་གྲུ་དེའི་ལུགས་སྲོལ་ལ་ལོ་བཅོ་བརྒྱད་ཅན་གྱི་འབྲུག་ལོ་བ་ཞིག་ལོ་རེ་བཞིན་མཚོ་མཆོད་བྱེད་པའི་དུས་ལ་ཐོན་པས། བདུད་བློན་ཏྲི་ཤུས་ལུང་བའི་ཕུ་ན་དགེ་སློང་གི་སྒྲུབ་གཡོག་འབྲུག་ལོ་བ་ཞིག་ཡོད་པ་ཤེས་ནས། དགེ་སློང་ལ་རྒྱལ་བུ་དོན་འགྲུབ་མཚོ་རྫས་སུ་མཆོད་པར་ཞུས་ཀྱང་། དགེ་སློང་གིས་ཞལ་བཞེས་མ་གནང་བ་དོན་འགྲུབ་ཀྱིས་གཟིགས་ནས། དགེ་སློང་ལ་གནོད་འཚེ་ཕོག་པར་དོགས་ནས། རང་འཐད་ཀྱིས་མཚོའི་ནང་དུ་མཆོངས་པས། ཐམས་ཅད་ཀྱིས་སྡུག་བསྔལ་ཞི་སྟེ་དགའ་བདེའི་དཔལ་ལ་རོལ་ཐུབ་པ་བྱུང་བར་མ་ཟད། ཀླུས་རྒྱལ་བོས་ཀྱང་རྒྱལ་བུ་དོན་འགྲུབ་ལ་ནོར་བུ་བསམ་འཕེལ་སོགས་འབུལ་བ་གྱ་ནོམ་པ་ཕུལ་ཏེ་མི་ཡུལ་དུ་ཕེབས། རིང་བོ་མ་ལོན་པར་གཅུང་བོ་དོན་ཡོད་དང་འཇལ་ཏེ། རྒྱལ་སྲས་དོན་འགྲུབ་ཀོ་ཆའི་ཡུལ་གྱི་རྒྱལ་བོར་བསྐོས་པ་དང་། ནུ་བོ་དོན་ཡོད་ཟངས་གླིང་ཡུལ་གྱི་རྒྱལ་བོར་བཞུགས་ཏེ་ཕྱོགས་སོ་སོ་ནས་རྒྱལ་སྲིད་བསྐྱངས་པས། མངའ་ཐང་དང་འཁོར་འབངས་རྒྱས་ཏེ་བདེ་སྐྱིད་ཀྱི་དཔལ་ལ་རོལ་བའི་གཏམ་རྒྱུད་ཅིག་ཡིན།

༧ སྣང་ས་འོད་འབུམ། སྣང་ས་འོད་འབུམ་གྱི་རྣམ་ཐར་འདི་ལ་སྣང་ས་ལྷ་ཡུལ་མ་དང་སྣང་ས་ཤ་ལུས་སོགས་མི་འདྲ་བ་ཁ་ཤས་ཡོད་པར་གྲགས་ཀྱང་། སྐབས་སུ་བབ་པ་ནི། རིགས་བཟང་གི་མཁའ་འགྲོ་མ་གཟུགས་མཛེས་སྣང་ས་འོད་འབུམ་ཞེས་པ་འདི་ཡིན་ཞིང་། རྣམ་ཐར་འདི་ཕལ་ཆེར་དུས་རབས་བཅུ་གསུམ་པའི་སྔོན་ནས་སྡིངས་ཆེན་སྨྱོན་པ་ཚེ་རིང་དབང་འདུས་ཀྱིས་བརྩམས་པར་སྙམ་སྟེ། རྣམ་ཐར་འདི་རུ་སྣང་ས་ས་ཕོ་རྟ་ལ་སྐུ་བལྟམས་པ་དང་། རྗེ་མི་ལ་དང་དུས་མཉམ་པའི་བླ་མ་ཤཱཀྱ་རྒྱལ་མཚན་བྱ་བ་ལས་ཆོས་གསན་ཏེ་སྒྲུབ་པ་མཛད་པར་གསུངས་པ་ལྟར་ན། མི་ལ་ནི་སྤྱི་ལོ ༡༡༢༣ ལོར་སྐུ་མྱ་ངན་ལས་འདས་པ་ཡིན་པས། རྣམ་ཐར་འདི་ཉིད་དུ་བཤད་པའི་ས་ཕོ་རྟ་ནི་ཕལ་ཆེར་སྤྱི་ལོ ༡༠༧༨ ཡིན་པར་སྙམ་མོ། །བུ་མོ་སྣང་ས་ནི་ས་དེ་གར་དངོས་སུ་འཁྲུངས་པ་ཞིག་སྟེ། ད་ལྟ་ཡང་། རྒྱལ་རྩེ་ཁུལ་དུ་ཡུལ་མིང་ལྗང་ཕུད་ཁུད་དང་། རི་ནང་། དགོན་པ་སེ་རག་སྒྲུབ་སྡེ། བརྩེ་ཆེན་ཟམ་པ་སོགས་སྣང་སའི་རྣམ་ཐར་ལས་འབྱུང་བའི་ས་མིང་དུ་མ་ཡོད་དོ། །

བརྗོད་སྙིང་ནི། གཙང་གི་མྱང་སྟོད་རྒྱལ་རྩེ་ཡུལ་ལྗོངས་ཞེས་པ་ན་ལྗང་ཕུད་ནང་བ་ཟེར་བའི་མི་ཁྱིམ་ཕལ་བ་ཞིག་ཡོད། ཁྱིམ་དེར་སེང་ལྡེང་ནགས་སྒྲོལ་གྱི་བསྟོད་པ་ཉིན་མཚན་དུ་ཆགས་མེད་འདོན་པའི་ཀུན་བཟང་བདེ་ཆེན་དང་། མྱང་ཚ་དཔལ་སྒྲོན་ཞེས་པའི་བཟའ་ཟླ་གཉིས་ཡོད། ཁོང་གཉིས་ལ་ཚེ་སྟོད་དུ་བུ་ཕྲུག་མ་བྱུང་ཡང་། ན་རྒས་སྐྲ་དཀར་དུ་གྱུར་བའི་སྐུ་ཚེ་སྨད་ལ། གཟུགས་མཛེས་ཤིང་ངང་རྒྱུད་འཇམ་པའི་བུ་མོ་ཞིག་འཁྲུངས། བུ་མོ་དེ་བཙས་མ་ཐག་ནས། ཡུམ་གྱི་ནུ་ཞོའི་ཕུད་ཀྱིས་མཆོད་པ་ཕུད་དེ། ཕྱག་ཐལ་མོ་སྦྱར་ནས་ཞལ་ལས། དུས་གསུམ་རྒྱལ་བ་བསྐྱེད་པའི་ཡུམ་མཆོག་མ། །རྗེ་བཙུན་སྒྲོལ་མར་མཆོད་ཅིང་ཕྱག་ཀྱང་འཚལ། །ང་ནི་འགྲོ་བའི་དོན་དུ་སྣང་བ་ཡིན། །ས་སྟེང་འདི་ལ་བཀྲ་ཤིས་བདེ་ལེགས་ཤོག །ཅེས་གསུངས་པས། མཚན་ལ་ཡང་། ཚིགས་བཅད་དེ་རྣམས་བསྡུས་ནས། ཀུན་གྱིས་བུ་མོ་སྣང་ས་འོད་འབུམ་ཞེས་གསོལ་ཏོ། །སྐྱེད་བསྲིངས་ཏེ་སྣང་ས་ནི་བརྩོན་པ་ཆེ་ཞིང་སྙིང་རྗེ་ལྡན་པ། གཞུང་ལུགས་ལ་མཁས་པར་མ་ཟད། འཇིག་རྟེན་གྱི་བྱ་བ་སྔ་དྲོ་ལངས་པའི་སྔ་མ། དགོང་མོ་ཉལ་བའི་རྟིང་མ། ཟས་ཀྱི་གཡོས་སྦྱོར་དང་། སྣམ་ལས། ཞིང་ལས་སོགས་ལ་འཇོན་པས། ཁྱིམ་ཚང་དེ་འཚོ་བ་ཕུན་སུམ་ཚོགས་པ་བྱུང་། སྣང་ས་མོ་ལོ་བཅོ་ལྔ་བཞེས་ཚེ། ས་ཕྱོགས་ཀུན་ནས་མནའ་མར་སློང་བ་ཤིན་ཏུ་མང་། ནམ་ཞིག་གི་ཚེ། བུ་མོ་སྣང་སས་གཡོག་མོ་འཛོམས་པ་སྐྱིད་ཁྲིད་དེ་གནས་སྙིང་གཟུངས་སྒྲུབ་ཀྱི་གར་འཆམ་ལ་ལྟད་མོ་ཕེབས་དུས་སུ། རི་ནང་དཔོན་པོ་སྒྲ་གཅན་ཞེས་པ། མེ་ལས་དབལ་ཚ་བ། ཆུ་ཆེན་ལས་རླབས་དྲག་པ། རྟ་རྔ་ལས་ཉག་ཕྲ་བ། རྒྱ་གཡེར་ལས་ཁ་བེར་བ། སྲན་མ་ལས་རྡོག་འགྲིལ་བ། བག་ཕྱེ་ལས་རྩི་ཞིབ་པ་ཞིག་ཡོད་པ་དེས། མི་ཚོགས་ཀྱི་ཁྲོད་ལས་བུ་མོ་སྣང་ས་མཐོང་བས། ཁོའི་མིག་དབང་འཕྲོག་ཏེ། གཟིམ་དཔོན་བསོད་ནམས་དཔལ་སྐྱིད་བཏང་སྟེ་ཁྲོམ་གསེང་ལས་རི་བོང་གླག་གིས་བཟུང་བ་བཞིན། བཙན་ཤེད་ཀྱིས་ཁོའི་བུ་གྲགས་པ་བསམ་འགྲུབ་ཀྱི་མནའ་མ་ཡིན་ཞེས་མདའ་དར་བཙུགས། སྣང་ས་འོད་འབུམ་རི་ནང་གི་ཁྱིམ་ཆེན་དེ་མནའ་མར་སོང་སྐབས། མོ་ལ་སྲས་ལྷའུ་དར་བོ་འཁྲུངས་པར་མ་ཟད། མོའི་ཁོག་རྒྱ་དང་བྱམས་བརྩེ་ལ་འཁོར་གཡོག་ཀུན་གྱིས་དགའ་ཞེན་ཚད་མེད་འཐོབ་སྟེ། སྣང་སས། དཔོན་པོ་སྒྲ་ཆེན་ཡབ་སྲས་དང་། བློན་འབངས་རྣམས་ཀྱི་བློ་ཁ་ཆོས་ལ་བསྒྱུར་བར་བརྩམས་ཀྱང། ཨ་ནེ་དང་སྙིད་མོ། ནེ་ཙོ་སོགས་ཀྱིས། དཔོན་པོ་སྒྲ་གཅན་དང་སྣང་སའི་བར་ཕུ་དཀྲུག་མདའ་དཀྲུག་བྱས་པས། དེ་དག་ཆོས་ལ་འཇུག་པ་ལྟ་ཅི། ད་དུང་མནར་གཅོད་ཚད་མེད་བྱས་ཉེས་ཀྱིས་སྣང་ས་ལྔ་ལམ་དུ་བཏང་བར་མ་ཟད། སྣང་སའི་སྐུ་ཕུང་རི་ནང་ཤར་ཕྱོགས་ཀྱི་སྤང་རིའི་སྟེང་དུ་ཞག་བདུན་བཞག འོན་ཀྱང་། སྣང་ས་འདས་ལོག་བརྒྱབ་སྟེ། རྣལ་འབྱོར་མའི་ཆ་བྱད་ཀྱིས་མྱང་སྟོད་དུ་སླར་ཕེབས་པས། མི་ཀུན་ཡ་མཚར་བ་དང་། རང་གི་བུ་ལྷའུ་དར་བོ་ཁྲིད་དེ་ལྗང་ཕུད་ཁུད་ནང་པར་ཡབ་ཡུམ་གཉིས་ལ་མཇལ་བས། ཁོང་གཉིས་དགའ་ཚོར་དཔག་མེད་སྐྱེས། སྣང་སས་མོ་རང་ལྷ་ཆོས་བྱ་བར་བགྲོས་ཀྱང་ཡབ་ཡུམ་གཉིས་མོས་མཐུན་མ་བྱུང་ཡང་། སྣང་ས་འཇིག་རྟེན་འཁོར་བ་ལ་ཞེན་པ་ལོག་ནས། སེ་ར་གཡའ་ལུང་བྱ་བར། བླ་མ་བཟང་བོ་ཤཱཀྱ་རྒྱལ་མཚན་ཞུ་བ་དེའི་དྲུང་དུ་དམ་ཆོས་ལ་འགྲུས། ཚུལ་དེ་རི་ནང་དཔོན་པོ་སྒྲ་གཅན་གྱིས་ཐོས་པས། དྲག་སྦྱོར་གྱིས་སླར་འཕྲོག་རྩིས་བྱས་མོད། བླ་མ་དང་སྣང་སས། ཤར་རི་ནུབ་ཏུ་སྤོས། ནུབ་རི་ཤར་དུ་སྤོས། མདའ་གྲི་མདུང་གསུམ་གྱིས་མི་སྙོགས་པའི་བར་སྣང་དུ་དཀྱིལ་ཀྲུང་གིས་བཞུགས་ཏེ་དཔོན་པོ་འཁོར་བཅས་ལ་ཁ་ཏ་བསླབ་བྱ་གནང་བས། དེ་དག་ཀྱང་ངོ་མཚར་དང་དད་པ་སྐྱེས་ནས། སྔོན་བྱས་ལ་འགྱོད་བཤགས་བྱས་ཏེ། མཐར་སྣང་སའི་ཞལ་གདམས་ལྟར། ལྷའུ་དར་བོ་རྒྱལ་སྲིད་ལ་མངའ་གསོལ་ཏེ། དཔོན་པོ་སྒྲ་གཅན་ཡབ་སྲས་རི་ཁྲོད་འགྲིམས་ནས། དམ་པའི་ལྷ་ཆོས་མཛད་པ་བྲིས་ཡོད།

༨ པདྨ་འོད་འབར། པདྨ་འོད་འབར་གྱི་རྣམ་ཐར་ནི། དུས་རབས་བཅུ་བདུན་པའི་དུས་མཇུག་ཏུ་མོན་བླ་མ་བློ་གྲོས་རྒྱ་མཚོས་མཛད་པ་ཡིན་ཞིང་། དེ་ཡང་། པདྨ་བཀའ་ཐང་གཞིར་བཟུང་སྟེ། རྩོམ་པ་པོས་དེ་ལ་སྣོན་ཕྲི་བགྱིས་ཏེ་བརྩམས་གནང་མཛད་སྙམ་པ་དང་། ཡང་ན། བཀའ་གདམས་ཕ་ཆོས་བུ་ཆོས་ཀྱི་ནང་། རྒྱལ་བོ་དད་པ་བརྟན་པོ་སྲིན་ཡུལ་དུ་སོང་སྟེ་སྨན་མེ་ཏོག་ཀུ་ཤ་ན་ལེན་པར་ཕེབས་པ་དང་། འདིར་གསེར་གྱི་སླ་ང་བླངས་པ་ཙམ་མ་གཏོགས། སྲིན་ཡུལ་དུ་ཕེབས་སྟངས་སོགས་འདྲ་བོ་འདུག

བརྗོད་སྙིང་ནི། ཕོ་བྲང་ཁ་མ་ཎི་ཞེས་པ་ན། བདུད་མ་ཊཾ་རུ་ཊའི་སྤྲུལ་བ་རྒྱལ་བོ་ལོག་པའི་མཆོད་སྦྱིན་ཟེར་བ་ཞིག་ཡོད། དེ་ལ་བདུད་བློན་རྐང་མགྱོགས་བང་ཆེན་དང་། ཆོས་བློན་ཚོང་དཔོན་ནོར་བཟང་བྱ་བ་ཞིག་ཡོད། ཚོང་དཔོན་དེས་ཐབས་བརྒྱ་ཇུས་སྟོང་གི་ཤེས་རབ་ལ་བརྟེན་ནས་རྒྱལ་ཁབ་ཀྱི་མངའ་ཐང་སྤེལ་བཞིན་ཡོད། ཚེ་ཞིག་བདུད་རྒྱལ་དེ་རི་བོང་གནམ་རྡིབས་ཀྱི་ཕྲག་དོག་གིས་བསླངས་ནས། ཚོང་དཔོན་ནོར་བཟང་འདི་མེད་བརླག་མ་བྱས་ན། རང་གི་གོང་དུ་ཤོར་དོགས་ནས། ཀླུ་ཡུལ་པདྨ་ཅན་དུ་ནོར་བུ་དགོས་འདོད་དཔུང་འཇོམས་ལེན་པར་མངགས། ཚོང་དཔོན་གྱིས་མཁོ་བའི་ཡོ་བྱད་རྣམས་ཚགས་སུ་ཆུད་པར་བྱས་ཏེ་དམ་ཚིག་གཙང་བའི་ཚོང་ཕྲུག་ལྔ་བརྒྱ་ཁྲིད་དེ་རྒྱ་མཚོར་འཇུག་སྐབས། ཀླུ་རྣམས་ཁྲོས་ཏེ་སྡིག་རྭར་སྤྲུལ་ནས་གྲུ་རྫིངས་མགོ་རྟིང་སློག ཚོང་བ་རྣམས་ཤིང་དུམ་རེར་འཐམ་ཏེ་སྲིན་ཡུལ་དུ་སླེབས་པ་ན། བཙན་གྱིས་སྲིན་མོ་རྣམས་ཀྱི་ཁྱོ་ག་བྱས། ཉིན་ཞིག ཚོང་དཔོན་ནོར་བཟང་གིས་ཚོང་ཕྲུག་ལྔ་བརྒྱ་བོ་ཁྲིད་ནས། རྟའི་རྒྱལ་བོ་བྷ་ལ་དེ་བར་ཞོན་ཏེ་ལྷ་ཡུལ་དུ་བགྲོད་སྐབས། ཚོང་ཕྲུག་རྣམས་ཀྱིས་ཞེན་ཆགས་ཀྱིས་ཕྱིར་མིག་བལྟས་པས། ཕྱིར་སྲིན་ཡུལ་དུ་ལྷུང་། ཚོང་དཔོན་གཅིག་པུ་དགའ་ལྡན་ལྷ་ཡུལ་དུ་ཕེབས་ཐུབ་སོང་། འོན་ཀྱང་། ཚོང་དཔོན་དེ་ལ་ཕ་ལས་རྫིག་པའི་བུ་པདྨ་འོད་འབར་ཟེར་བ་ཞིག་ཡོད། དེ་ཡང་རྒྱལ་བོ་ལོག་པའི་མཆོད་སྦྱིན་གྱིས་འདི་ཆུང་དུས་སུ་མེད་པར་མ་བཏང་ན། རང་གི་གོང་དུ་ཤོར་ཉེན་ཆེ་བར་དོགས་ནས། ངན་གཡོའི་བསམ་པས། ཀླུ་རྒྱལ་དུང་སྐྱོང་དཀར་མོའི་ཕྱག་གཏེར་ཆེན་ནོར་བུ་ལེན་དུ་མངགས། མཁའ་འགྲོ་སྡེ་ལྔས་བུ་ཆུང་པདྨ་འོད་འབར་ལ། བསྟན་པ་སྔ་དར་དང་བར་དར་ཕྱི་དར་གསུམ་ཡོང་བར་ལུང་བསྟན་པ་དང་། དེ་དུས་མེ་ཆུ་སོགས་ཀྱི་གནོད་པས་མི་ཚུགས་པའི་རིག་སྔགས་ཟབ་མོ་གནང་ནས་ཕྱིན་ཏོ། །དེ་ནས་པདྨ་འོད་འབར་རྒྱ་མཚོར་འཇུག་སྐབས་ཀླུ་བདུད་སྡིག་རྭས་སྔར་བཞིན་གནོད་འཚེ་གཏོང་སྐབས། མཁའ་འགྲོའི་གདམས་ངག་ལ་བརྟེན། གནོད་འཚེ་ཅི་ཡང་མ་བྱུང་བའི་སྟེང་། ཀླུ་ཡུལ་དུ་དྲངས་ནས་ནོར་བུ་དགོས་འདོད་དཔུང་འཇོམས་སོགས་རྒྱལ་བོ་ལ་ཕུལ་ཡང་། བདུད་རྒྱལ་དེས་སླར་ཡང་། ལྷོ་ནུབ་སྲིན་ཡུལ་དུ་གསེར་གྱི་སླ་ང་དང་མཆོང་གི་རྔ་ཡབ་ལེན་དུ་འགྲོ་དགོས་པའི་བཀའ་ཕབ། ཁོ་སྲིན་ཡུལ་དུ་བྱོན་ཏེ་སྒོ་སྲུང་དང་བོ་དང་གཉིས་པ་གསུམ་པ་རྣམས་དང་འཕྲད་སྐབས། མཁའ་འགྲོའི་གདམས་ངག་ལན་གསུམ་རེ་བཏོན་པས་གནོད་པ་གཏོང་བ་ལྟ་ཅི། དེ་དག་སེམས་དུལ་ནས་ཡེ་ཤེས་ཀྱི་མཁའ་འགྲོ་མར་གྱུར་ཏེ། གསེར་གྱི་སླ་ང་དང་མཆོང་གི་རྔ་ཡབ་ཕུལ་བ་བདེ་བླག་ཏུ་སྤྱན་དྲངས། ཡང་བསྐྱར་སྡིག་རྒྱལ་དེས་པདྨ་འོད་འབར་ཤན་པ་གསུམ་ལ་སྤྲད་དེ། ཤར་རིའི་རྩེར་མེ་མཆོད་བཏང་སྟེ་གདུང་ཐལ་རྣམས་ཕྱོགས་བཞིའི་རླུང་ལ་བསྐུར་ཀྱང་། མཁའ་འགྲོ་སྡེ་ལྔའི་གདམས་ངག་ལ་བརྟེན་ཏེ། སླར་ཡང་ཁྱེའུ་དེ་མེ་ཏོག་པདྨའི་ནང་དུ་སྔར་ལས་གཟི་མདངས་རྒྱས་པ་ཞིག་འཁྲུངས། མཐར་པདྨ་འོད་འབར་གྱིས་མཁའ་འགྲོ་སྡེ་ལྔའི་རམ་འདེགས་འོག རྒྱལ་བོ་ལོག་པའི་མཆོད་སྦྱིན་དང་རྐང་མགྱོགས་བང་ཆེན་གཙོས་བདུད་བློན་རྣམས་གསེར་གྱི་སླ་ངའི་ནང་བཞག་སྟེ་ནམ་མཁར་འཁྱེར་ནས་སྲིན་ཡུལ་དུ་བསྐྱུར་ཏེ་སྲིན་པོའི་ཁ་ཟས་སུ་གྱུར། དེ་ནས་པདྨ་འོད་འབར་ཡུལ་མ་ཁ་ནའི་རྒྱལ་བོར་མངའ་གསོལ་ནས། ཕོ་བྲང་གི་ནག་རྩི་དཀར་རྩིར་བསྒྱུར་བ་དང་། དར་ནག་ཕབ་ནས་དར་དཀར་བཙུགས་པ་སོགས། བདུད་ཀྱི་བསྟན་པ་བསྣུབས་ནས་རྒྱལ་བསྟན་དར་སྤེལ་བྱས་པའི་གཏམ་རྒྱུད་ཅིག་ཡིན་ནོ། །

གཞན་ཡང་། རྒྱལ་བུ་སྤྲིན་གྱི་གཞོན་པ་དང་། དད་པ་བརྟན་པོ། རཱ་མ་ཎ། བཟོད་པའི་དབང་ཕྱུག སྦྱིན་པ་ཆེན་པོ་སོགས་རྣམ་ཐར་ཟློས་གར་གྱི་འཁྲབ་གཞུང་མང་ཡང་། འདིར་མ་སྤྲོས་སོ། །

ལས་གཞས།

ཡུལ་ལུང་གང་ཞིག་ཡིན་རུང་སོ་སོའི་འཚོ་གནས་ཀྱི་བརྒྱུད་རིམ་དང་བསྡོངས་ནས། དགའ་སྐྱོ་དྲན་གདུང་སོགས་ཀྱི་ཚོར་འདུ། སྐད་གདངས་ཀྱི་འགྱུར་ཁུགས་ལ་བཅོལ་ནས། གླུ་གཞས་སོགས་གཏོང་སྲོལ་ཡོད། སྒོས་སུ་ལས་གཞས་ལ་མཚོན་ན། མི་སྒེར་དང་ཐུན་མོང་ངལ་རྩོལ་ལ་འཇུག་སྐབས། བྱ་ལས་དེ་དང་འབྲེལ་ཡོད་ཀྱི་བརྗོད་སྙིང་གཞིར་བཟུང་སྟེ། རྣམ་པ་སྤྲོ་ཞིང་ཐང་མི་ཆད་པར། ངལ་རྩོལ་བདེ་བླག་ཏུ་གྲུབ་པའི་སེམས་ཀྱི་ཚོར་འདུ་ཞིག་སྟེ། གཞས་ཚིག་ལས་ཀྱང་། ལས་ཀ་གླུ་ལ་གཡེངས་སོང་། །དཀའ་ལས་ཁག་རྒྱུ་མི་འདུག ། ཅེས་ཟེར་བ་ལས་གཞན། ཐོག་མར་ངལ་རྩོལ་བ་མང་བོས་ལས་ཀ་ལ་ཤེད་ཤུགས་དང་། རྐང་ལག་མཉམ་པའི་ཆེད། བེ་ཡ། བེ་ཡ་ལྟ་བུ་ངག་ནས་གྱེར་བ་ལས་འཕེལ་རྒྱས་ཕྱིན་པ་རེད། དཔེར་ན། ད་ལྟ་དམག་སྦྱངས་སྐབས་ཀྱི་ངག་སྒྲ་དེ། སྟངས་སྟབས་སོགས་མཉམ་ཆེད་ཡིན་པ་ལྟ་བུའང་རེད། ལས་གཞས་དེ་ལ་དགེ་མཚན་མང་དུ་མཆིས་ཏེ། དཔེར་ན། མི་མང་གི་མཉམ་ལས་སྐབས་སྟོབས་ཤུགས་གཅིག་སྒྲིལ་ཐོན་པ་དང་། ཕན་ཚུན་སྐུལ་ལྕག་དང་ངར་ཤུགས་སློང་བའི་ཐབས་དང་། ངལ་བ་སེལ་བའི་ཁྱད་ནུས་ལྡན་པར་མ་ཟད། ཡུལ་རེབ་གོང་གི་གྱང་གླུ་ལྟ་བུ་ལ་མཚོན་ན། ཨོཾ་མ་ཎི་པདྨེ་མེ་ཧཱུཾ་རིའི། ཨོཾ་མ་ཎི་པདྨེ་མེ་ཧཱུཾ། ཞེས་པ་ལྟ་བུ་བསྐྱར་བསྐོར་བྱས་ཏེ་མདངས་ལ་འགུགས་པ་གཅིག་པུ་ལས་མེད་ཀྱང་། གཅིག་ནས་གྱང་ས་རྡུང་མཉམ་དང་སྲ་བརྟན། ལས་སྤྲོ་བ་དང་ངལ་དུབ་སངས་པ་སོགས་ཀྱི་བྱེད་ནུས་ལྡན་པར་མ་ཟད། གཉིས་ནས་མ་ཎི་དེ་ས་འབུ་མང་བོ་གཅུར་བའི་དགེ་རྩར་འགྲོ་བ་དང་། མི་རང་ཉིད་ཀྱི་སྡིག་བཤགས་སུ་འགྲོ་བའི་དགེ་མཚན་ཡོད།

ལས་གཞས་ལ་དབྱེ་ན། རོང་འབྲོག་གི་ལས་གཞས་གཉིས་སུ་འདུ་བར་འདོད་དེ། དེ་ཡང་། རོང་བར་མཚོན་ན། སོ་ནམ་བྱེད་ཚེ། མི་ཡིས་ཞིང་མགོ་གཡོག་ན། །ཞིང་གིས་མི་མགོ་གཡོག་སོང་། །ཞེས་པ་ལྟར། ཡུར་མ་ཡུར་བ་འདི། ལག་ལས་ཀྱི་ཆེས་རྩིས་མཐོང་ཆེ་བ་ཡིན་ཏེ། ཁ་རྒྱུན་ལ་ཡང་། ས་ཞིང་ལག་ལས་མ་འཐོབ་ན། །འཇག་མ་རྩྭ་ཡིས་ཤུགས་གླུ་ལེན། །ཟེར་ལ། ཡུར་མ་དེ་ཡང་ལོ་ཏོག་ས་ཁར་བུད་ནས་ཅུང་མ་འགོར་བར་ཡུར་བ་ལ་ཁེར་ཡུར། ལོ་ཏོག་ཐོ་གང་གི་མཚམས་ནས་ཡུར་བ་ལ་གཉིས་ཡུར། ལོ་ཏོག་སྨིན་ལ་ཁད་ཀྱི་སྐབས་སུ་ཡུར་བ་ལ་ཡུག་བཤངས་ཟེར།

ད་དུང་ཨ་མདོའི་ས་ཁུལ་དུ། ཡུར་མ་ཡུར་དུས་ལས་གླུ་ཡང་འདི་ལྟར་ལེན་སྲོལ་ཡོད་དེ། ལས་གནམ་ལ་བཅོལ་ནས། གསེར་ས་ལ་བཙུགས་ཡོད། འཛམ་གླིང་ཉི་མ་ཤར་སྲོལ་ཡག །ལོ་ཡག་སྙེ་མ་སྐྱེ་སྲོལ་ཡག །ཡུར་མ་རྟ་རྒོད་རྒྱུགས་རྒྱུགས་བྱོས། །ཡུར་མ་བྱ་རྒོད་འཕུར་འཕུར་བྱོས། །མ་རུལ་མ་ཞིག་གིས་ཟངས་ང་བཀྲུ་རག་བར་ཚར་བར་ཤོག ཅེས་དང་། ལྡུམ་ཤི ལྡུམ་ཤི ལྡུམ་ཤི ལྡུམ་ལྷ་རྒད་པོ་ཤི ལྡུམ་ཕྲུག་ཁ་སེར་ཤི ལྡུམ་ཕ་ཤི་དང་མ་ཤི་བྱོས། །ལྡུམ་རྩར་མེ་ཞོག ལྗང་རྩར་ཆུ་བླུགས། ལོ་ཡག་སྙེ་མ་དཀྱིལ་ལ་དྲིལ། ལོ་ངན་ལྡུམ་བུ་མཐའ་ལ་དེད། ཕ་བོང་དཀར་བོ་རྟ་ཡི་མ་ལོག་བར་དུ་ལྡུམ་བུ་ཁྱོད་མ་སྐྱེས། བྱེ་མ་སྔོན་མོ་ནས་ཀྱི་མ་ལོག་བར་དུ་ལྡུམ་བུ་ཁྱོད་མ་སྐྱེས། ལོ་ཡག ལོ་ཡག་འབྲུ་རིགས་སྣ་ལྔ་ཚང་གི་ཤོག ཅེས་ཞིང་ལས་བུད་མེད་རྣམས་ཀྱིས་རང་གི་རེ་སྨོན་གླུ་ཚིག་ལ་དྲངས་ཏེ་ཡུར་གླུ་བླངས་པས། སྡུག་ལས་དེ་དགའ་སྐྱིད་ཀྱི་རྣམ་པར་བསྒྱུར་ཐུབ་པར་མ་ཟད། ཡུར་མ་བདེ་བླག་ཏུ་ཚར་བའི་རམ་འདེགས་ཀྱང་གནང་གི་ཡོད་ལ། དད་མོས་རང་བཞིན་འདྲེས་པའི་ཚིག་ཡང་བརྗོད་ཡོད། དབུས་གཙང་ལ་མཚོན་ན། ཡུར་གླུ་ལ་ཡུར་མ་རྒྱག་གླུ་ཞེས་བརྗོད་ལ། ས་སྐྱ་རྫོང་གི་ཡུར་གླུ་ལ། ཡུར་མ་ལེགས་པོར་བཏོག་ཤོག །བྱ་ཟེ་འདྲ་ཞིག་བཏོག་ཤོག །འདི་ལ་ཟེ་སྒྲོ་མི་ཟེར། །སོགས་མང་དུ་ཡོད་ལ།

གཞན་ཡང་། ཞིང་འདེབས་ན་གཤོལ་དགོས། འབྲུ་འཕྱར་ན་རླུང་དགོས། ཞེས་དང་། འབྲུ་སྣ་རླུང་ལ་འཕྱར་ན། །ལྕི་ཡང་རླུང་གིས་འབྱེད། །ཅེས་རླུང་འདི་མེད་དུ་མི་རུང་བ་ཡིན་པས། འབྲུ་མ་འཕྱར་དུས་ཀྱང་། རླུང་ལྷ་རྒད་པོ་ཤོག རླུང་བདག་གསེར་བུ་ཤོག ཅེས་བརྗོད་པ་དང་། ལྷ་ས་ཁྲེན་ཀོན་ཆུས་འབྲུ་འཕྱར་གྱི་སྐབས་སུ། རླུང་ཞིག་རྒྱོབས་ཤོག་རྒྱོབས་ཤོག །ཤར་གྱི་ཕྱོགས་ནས་རྒྱོབས་ཤོག །གང་བྱས་འཁྱེར་ནི་འཁྱེར་ཞིག །ལ་མོའི་རྒྱབ་ལ་འཁྱེར་ཞིག །ལ་རྒྱབ་ཨ་ཁུ་འབྲོག་པའི། །གཡག་གུའི་ལྟོ་ལ་འཁྱེར་ཞིག །ད་ལོ་ལོ་ཆུ་ཡག་ནས། །ནས་སྤུངས་རི་ལས་མཐོ་བ། །དར་ལྕོག་བཙུགས་སུ་ཆོག་གོ །ཞེས་སོགས་དབུས་གཙང་གཅིག་པུར་མཚོན་ནའང་། མལ་གྲོ་དང་གཞིས་རྩེ། སྐྱིད་གྲོང་། ལྷ་རྩེ། རིན་སྤུངས། རྩྭ་མདའ། འཕྱོངས་རྒྱས། ནག་ཆུ་སོགས་ཡུལ་ལུང་སོ་སོར་འབྲུ་འཕྱར་གྱི་ལས་གླུ་མི་འདྲ་བ་ཡོད་པ་བོད་ལྗོངས་ངལ་རྩོལ་གླུ་གཞས་ཞེས་པར་བཀོད་ཡོད་པ་དང་།

ཡང་ཁ་དཔེར། མི་ངན་དང་སྣོད་ངན་སྟོན་ཁར་མཁོ། ཟེར་བ་བཞིན་སྟོན་ཁ་ནི་ཞིང་བར་མཚོན་ན། ལོ་གཅིག་གི་ནང་ཆེས་བྲེལ་འཚུབ་ཆེ་བའི་དུས་སྐབས་ཡིན་པས། རེབ་གོང་གི་བཤད་ཚུལ་ལ་སྟོན་ཁར་ཤ་ཤག་འཐབ་སྐབས་ཟེར།

ཞིང་འབྲེག་སྐབས་ཀྱི་ལས་གླུར་ཡང་ཚིག་དང་དབྱངས་རྟའི་ཐད་ནས་ཡུལ་ལུང་སོ་སོར་མི་འདྲ་བ་ཡོད། ཨ་མདོ་མཚོན་ན། འོ་་་་་་་་་ཡ་རེམ་མ་འབྲེག་ཡ། འོ་་་་་་་་་རེམ་གི་ཡོད་ཡ། འོ་་་་་་་་ཡ་རྒྱ་ཟོར་ངར་མས། འོ་་་་་་་་ཡ་བསྐོར་འབྲེག་བྱེད་ཡ། འོ་་་་་་་ཡ་མཛུབ་གུ་ལྔ་བོར། འོ་་་་་་་་ཡ་སེམས་ཆུང་བྱོས་ཡ། འོ་་་་་་་་་ཡ་རེམ་མ་འབྲེག་ཡ། ཞེས་དང་། མ་སྐྲག་མ་དངངས་གཡང་ཞིང་། །ཟླ་དགུ་ཡི་ལོ་རྒན་འབྲེག་ཚད་རེད། །ལོ་མ་ཚེས་ནའང་འབྲེག་དགོས་ཀི། ལག་མགྱོགས། ལག་མགྱོགས། ངའི་ལག་གི་མགྱོགས་ཤིག་མེད། །རྟ་རྒོད་ཅིག་རྒྱུགས་རྒྱུགས་བྱོས། །བྱ་རྒོད་ཅིག་འཕུར་འཕུར་བྱོས། །ཞེས་དང་། ཡང་། མགུར་གི་མགུར་ལུང་གོང་མ་ན། །ལྕང་མ་གླང་མས་གུར་ཞིག་ཕུབ། །རྣོ་ལྕགས་སྟ་རེའི་ཁ་རྩ་ན། །གུར་ཕུབ་ནས་འདུག་ཁོམ་གང་ན་ཡོད། །མགུར་གི་མགུར་ལུང་ཞོལ་མ་ན། །ལོ་ཡག་སྙེ་མའི་གུར་ཞིག་ཕུབ། །རྒྱ་ཟོར་དབལ་མོའི་ཁ་རྩ་ན། །གུར་ཕུབ་ནས་འདུག་ཁོམ་གང་ན་ཡོད། །ཅེས་དང་།

ཡང་། ཞིང་འབྲེག་སྐབས་ལག་ཆ་དང་། ཕན་ཚུན་སྐུལ་སློང་། ཧུར་བརྩོན་བྱེད་དགོས་པའི་གླུ་ཚིག་ནི། བ་ཡན་མགར་བའི་ཟོར་བ་དགོས་ཀི། སྒོ་མེ་ལུང་བའི་སྒོ་བརྡར་དགོས་ཀི། མགར་བའི་ལག་ནས་ཟོར་བ་ཁྱེར་ཤོག །ཞིང་འབྲེག་རྒན་པོས་ཟོར་བ་རྡོར་དང་། །ཞིང་འབྲེག་རྒན་མོས་འབྲེག་གིན་ཡོད་ཡ། །ཞིང་འབྲེག་རྒན་པོས་གཉའ་ནས་གཅུན་དང་། །ཞིང་འབྲེག་རྒན་མོས་འདབས་ནས་གཅུན་དང་། །ཨ་གསར་བུ་ཆ་བོ་ཧྲ་ལ་བྱོས་ཡ། །མཛུབ་གུ་ལྔ་བོ་སེམས་ཆུང་བྱོས་ཡ། །ལྟོས་གོ་ལོ་ལོ། ལྟད་མོ་འཇོག་ཡ། རྒྱ་ཟོར་འབལ་མོས་རྒྱ་འབྲེག་བྱོས་ཡ། །བོད་ཟོར་རྣོན་པོས་བོད་འབྲེག་བྱོས་ཡ། །རྒྱ་ཟོར་རྣོན་པོས་དབལ་ར་ར་ཡ། །བོད་ཟོར་རྣོན་པོས་ཏིང་ཏིང་ཏིང་ཡ། །ཞེས་གདངས་སུ་འགུགས་སྲོལ་ཡོད་ལ། སྲན་མ་འབལ་བའི་དུས་སུའང་གླུ་ཚིག་འདི་ལྟར་ཡོད་དེ། སྲན་མའི་མེ་ཏོག་དུང་དང་མཐུན། །དུང་ལ་མཐུན་ནས་ཡག་རེ་ལྟོས། །སྲན་སྡོང་རིང་ནས་མི་ཞོལ་གི ། མགོ་འབྲས་བུ་ཐོགས་ནས་མི་ཁྱགས་གི ། ཨ་ཞི་མོ་ཆ་བོ﹙བུད་མེད་རྣམ་པ﹚ཧྲ་ལ﹙ཧུར་བརྩོན﹚བྱོས་ཡ། །ཧྲ་ལ་བྱོས་དང་བ་གོ་གི་ཡ﹙འགྲུབ་ལ་ཉེ་བ། ﹚། །ཞེས་དང་། ཡང་ན། ངའི་ལག་གི་ཟོར་བ་རྣོན་པོ་འདི། །མགར་སྨྲ་ར་ཅན་གྱིས་རྡུང་བ་ཡིན། །མགར་ཕྲུག་མང་བོས་ངར་བླུད། །མ་སྐྲག་མ་དངངས་གཡང་ཞིང་བོ། །ཟླ་དགུ་བ་ལོན་པའི་ལོ་རྒན། །མ་ཚོས་ན་ར་འབྲེག་དགོས་པ། །ངའི་ལག་གི་ཡང་བ་མེད། །ངའི་ལག་གི་མགྱོགས་པ་མེད། །རྟ་རྒོད་པོ་ཞིག་གི་རྒྱུག་རྒྱུག་དང་། །བྱ་རྒོད་པོ་ཞིག་གི་འཕུར་འཕུར་ཡིན། །མ་རུལ་མ་ཞིག་གི་ཉོག་ཟངས་འཁྲུ་རག་ལ་ཚར་ངེས། །ཁྱི་རྒྱ་ལི་ཞིག་གི་ལྟོ་ཆས་ལྡག་རག་ལ་ཚར་ར། །ཕོ་སྣང་རིང་ཞིག་གིས་དུ་བ་འཐེན་རག་ལ་ཚར་ངེས། །ལྟོས་ཡ་སྡོད་ཡ། ཨོ་ཡ། ལྟད་མོ་འཇོག་ཡ། ཞེས་དང་།

ཞིང་རྔ་ལེན་སྐབས་ལོ་གཡང་འབོད་པའི་ཚིག་འདི་ལྟར་བརྗོད་དེ། ཞིང་ཆུང་གོར་གོར་སྐྱེས་ཡག་པོ། །ལོ་དང་མར་ཁུ་འཁྱིལ་ཡག་པོ། །དོ་ཚིགས་བཟོ་མི་བཟང་དགུ་བཟང་རེད། །ནངས་མོ་བཟོ་འདིའི་ར་བཟང་ཞིག་ཤོག །ད་བརྩིགས་ནས་དཔངས་ཀྱིས་མཐོ་ནི་ཞིག་ཤོག །རྒྱ་ཟོར་དབལ་མོས་མི་ཆོད་ནི་ཞིག་ཤོག །བོང་ཙེ་དཀར་མོས་མི་ཆོད་ནི་ཞིག་ཤོག །ཡ་ད། ལོ་ཤོག་ལོ་ཤོག ཤོག་གཅིག་ནང་ནས་འཇག་གཅིག་ཤོག །སྙེ་མའི་ནང་ནས་ཕོར་གང་ཤོག །ལོ་ལོན་རྒན་རྒོན་དགའ་ནི་ཞིག་ཤོག །བྱིས་པ་ཉག་ཉོག་རྒྱགས་ནི་ཞིག་ཤོག །རྨ་ཕར་རིའི་ལོ་ཡག་འདིར་ཤོག །རྨ་ཚུར་རིའི་ལོ་ཡག་འདིར་ཤོག །སྐུ་རྒྱལ་བོད་ཀྱི་ལོ་ཡག་འདིར་ཤོག །སྟོད་རྒྱ་གར་གྱི་ལོ་ཡག་འདིར་ཤོག །སྨད་རྒྱ་ནག་གི་ལོ་ཡག་འདིར་ཤོག་གོ །ས་འཛམ་བུ་གླིང་གི་ལོ་ཡག་འདིར་ཤོག་གོ །ཞེས་དང་།

འབྲོག་པར་མཚོན་ནའང་། ཕྱུགས་རྫིའི་འཕྱིང་ལྭ་དང་འཕྱིང་ཞྭ། ཉལ་ཆས་ཀྱི་ཁེབས་འཕྱིང་། འགྲུལ་བཞུད་ཀྱི་སྐབས་ཆར་གོས་རྐྱ་འཕྱིང་། འཕྱིང་བའི་ལྷམ་གོག་ཡུ་རིང་། བལ་སྟན་སྣ་ཚོགས་ཀྱི་རྒྱུ་ཆ་ལ། འཕྱིང་ཁུག ཁེབས་འཕྱིང་། ཕྱིང་བའི་རྫོང་ཁུག བལ་འཕྱིང་འཇོག་དགོས་ཀྱི་ཡོད། དེ་ཡང་། གནམ་གཤིས་དྭངས་ཤིང་ཉི་མ་དྲོ་བའི་དུས་སུ། སྤང་ཐང་ངོས་འཇམ་གྱི་སྟེང་རེ་འཕྱར་བཏིང་བའི་ཁར། བལ་ཡག་པོ་བསེད་དེ་ལེབ་མོར་བཞག་ཐོག ཆུ་ཁོལ་གཏོར་ནས་རེ་འཕྱར་བཅས་རིལ་བོར་བསྒྲིལ་ཏེ། ཕོ་མོ་མང་དག་བསྒྲིགས་ནས་བསྒྲིལ་དགོས་ལ། དེ་ལ་འབྲོག་པའི་བུ་དང་བུ་མོ་དག་གིས་ལས་གླུ་འདི་ལྟར་ལེན་སྲོལ་ཡོད་དེ། ཨ་ལ་མ་ཎི་པད་མེ། སྐྱེས་པ་དག འཕྱིང་ཡག་ལྷ་འུའི་ལ་ལྷ་འཕྱིང་། །བུ་མོ་དག གཡང་ཡག་གཡང་དཀར་ལ་ཁ་ཆུ། །སྐྱེས་པ་དག གཅིག་པུ་ཨ་བུ་ཡི་རྐྱ་འཕྱིང་། །བུ་མོ་དག གཉིས་ཡག་ཕྱུགས་མོ་ཡི་རྫི་འཕྱིང་། །སྐྱེས་པ་དག གསུམ་ཡག་སོ་ཁ་ཡི་དར་འཕྱིང་། །བུ་མོ་དག བཞི་ཡག་ལྷ་གཞི་ཡི་དཀར་ལིང་། །སྐྱེས་པ་དག ལྔ་ཡག་ལྷ་ལྔ་ཡི་འཕྱིང་ཞྭ། །བུ་མོ་དག དྲུག་ཡག་གྲུས་མ་ཡི་རྫི་འཕྱིང་། །ཞེས་དང་། ཡང་ན། ཕ་ས་རིལ་རིལ་རིལ། །ཨ་ལུང་གྱིག་གྱིག་གྱིག འདབ་མ་ཅིག་ཅིག་ཅིག གཅིག་ཡ། གཉིས་ཡ། གསུམ་ཡ། ཇག་ལ་འགྲོ་བའི་ཇག་ཕྱིང་། །ནགས་ལ་འགྲོ་བའི་ནགས་ཕྱིང་། །དབུས་ལ་འགྲོ་བའི་དབུས་ཕྱིང་། །དམག་ལ་འགྲོ་བའི་དམག་ཕྱིང་། །ཚོང་ལ་འགྲོ་བའི་ཚོང་ཕྱིང་། །ལུག་རྫི་རྒན་པོའི་གོན་ཕྱིང་། །གནམ་གོང་མ་རྒྱལ་བོའི་ཁྲལ་ཕྱིང་། །ཞེས་སོགས་དབྱངས་རྟ་དང་བསྡོངས་ཏེ་ལས་གླུ་ལེན་ནོ། །དེ་བཞིན་འོ་མ་དཀྲོགས་པ་དང་འཐག་འཐག་དུས། སྐུད་པ་འཁེལ་བ་དང་འོ་མ་བཞོ་དུས་སོགས་ལ་དབྱངས་རྟ་དང་བཅས་ཏེ་ལས་གླུ་ལེན་སྲོལ་ཡོད་དོ། །

ལེའུ་ཉེར་གསུམ་པ། ཐོན་ལས་ཀྱི་སྐོར།

སོ་ནམ་པའི་ཐོང་ཀར་ཕྱེ་སྟངས།

ཐོང་ཀར་ཕྱེ་སྲོལ་འདི་ཞིང་ལས་ཁྲོད་གཙིགས་འཛིན་བྱེད་པའི་ཞིང་ཕར་འདེབས་ཀྱི་ཉིན་སྐར་ཐོག་མ་ཡིན། ས་ཆ་ལ་ལས་ཐོང་ཀར་ཕྱེས་པ་འདི་ལ་གཉའ་སྦྲེལ་དུས་ཆེན་ཡང་ཟེར། དེ་ནི་རྨོན་པ་དོར་དུ་སྡེབ་ནས་གཉའ་སྦྲེལ་བའི་དུས་སྐར་གྱི་ཐོག་མ་ཡིན་པས་དེ་ལྟར་བཏགས། དེ་ཡང་ཡུལ་གྲུ་ཁག་གི་གནམ་གཤིས་དྲོ་གྲང་ལ་གཞིགས་ནས་གཟའ་སྐར་འཕྲོད་སྦྱོར་གང་བཟང་ཞིག་ལ་ཐོང་ཀར་ཕྱེ་སྲོལ་ཡོད། རྩིས་གཞུང་གི་ཆ་ནས་བཤད་ན། སོ་ནམ་འཁོར་ལོ་དང་། ཐོང་གཤོལ་འཁོར་ལོའི་འབྲས་བཤད་དུ། སྤྱི་ལ་སོ་ནམ་སྔ་འདེབས་བཟང་། །བར་འདེབས་འབྲིང་ལ་ཕྱི་འདེབས་ཞན། །གསུངས་པ་ལྟར། མདོར་ན་རྩིས་གཞུང་ལ་མ་རྐང་བྱས་ཏེ། ཡུལ་ཆོས་དང་བསྟུན་ནས་སོ་ནམ་རྒན་པོའི་ངག་བཀོད་བཞིན་ཐོང་ཀར་འབྱེད་དགོས། ཞིང་རྨོ་བ་དང་། སོ་ནམ་འབྲུ་འདེབས་ནི། ཟླ་བ་ལྷག་པ་ཕུར་བུ་སྤེན་པ་བཟང་། ཉི་མ་མིག་དམར་པ་སངས་ངན། ལོ་ལེགས་སྐྱེས་རྒྱལ་སྐར་མ་དྲུག ནབས་སོ་ལྷ་མཚམས་ཆུ་སྟོད་ཆུ་སྨད་བྱི་བཞིན་གྲོ་ཞུན་བཟང་། མུ་གེ་བསེ་རག་སྐར་མ་གསུམ། བྲ་ཉེ་སྨིན་དྲུག་རྒྱལ་ཡིན་ནོ། །གཞན་རྣམས་འབྲིང་ངོ་། །ཡང་། རྒན་རབས་པའི་ངག་རྒྱུན་ལ་ལོ་སྐོར་བཅུ་གཉིས་ལས། ཁྱི་ཕག་གླང་སོགས་གཡང་སྐར་ལ་ཁེལ་བ་ཞིག་བདམས་པ་ཡིན། དེ་ནི་ཁྱི་ནི་ལོ་ཏོག་གི་བདག་པོར་བཤད་པ་དང་། གླང་ནི་བསོད་ནམས་ཆེ་ཞིང་ལོ་འདེབས་པ་པོ་དང་། ཕག་ནི་ལུས་ཚོ་ཞིང་འཕེལ་ཚད་མང་བའི་རྟེན་ལ་བཤད་དོ། །སྐར་བཟང་ལ་སོན་འདེབས་དགོས་པ་ནི། ཀརྨ་ཆགས་མེད་ཀྱི་ཞིང་ལྷའི་མཆོད་གསོལ་ལས་ཀྱང་། སྔོན་གྱི་སྲིད་པའི་དཔེ་བཞིན་དུ། །བདག་དང་ཡོན་བདག་འདི་དག་གིས། །ཞིང་རྨོས་ས་བོན་འདེབས་པ་ལ། །གནམ་ལ་སྐར་མ་གཟའ་ཡང་བཟང་། །ས་ལ་ཉི་མ་ལྷུན་ཡང་དྲོ། །དུས་ཚོད་མ་བུ་བཀྲ་ཡང་ཤིས། །ལྷ་གཞིའི་སྟེང་དུ་འབྲུ་ཡང་བཀྲམ། །ཞེས་པ་མཐུན་ནོ། །

མདོ་སྨད་ཀྱི་ཡུལ་ཁམས་འགར་སྡེ་བའི་ནང་གི་ཕྱུག་བརྒྱུད་བར་མ་ཆད་པའི་ཁྱིམ་ཚང་འབྱོར་ལྡན་ཞིག་གིས་ཐོང་ཀར་ཕྱེ་མཐར། སྡེ་དམངས་ནས་ཞིང་འདེབས་སྲོལ་ཡོད་པ་ལས། ཆོས་ལུགས་ཀྱི་ཆོ་ག་དང་གསོལ་སྟོན་སྤེལ་སྲོལ་མེད་མོད། ཀརྨ་ཆགས་མེད་ཀྱི་ཞིང་ལྷའི་མཆོད་གསོལ་ལས། སོག་མ་དེ་ནི་མདུང་ཡུ་ཙམ། །སྙེ་མ་དེ་ནི་ལྷོ་སྤྲིན་ཙམ། །ཞེས་དང་། ནས་འབྲུ་དེ་ནི་ཁྱུང་སྒོང་ཙམ། །གྲ་མ་དེ་ནི་རྒོད་གཤོག་ཙམ། །སྙེ་མ་དེ་ནི་ཁྱུང་གཤོག་ཙམ། །ནས་ཕུང་དེ་ནི་རི་རབ་ཙམ། །འཕེལ་ཁ་ཆེ་བའི་ནས་གཡང་བསྡུས། །ཞེས་དང་། ས་ནག་བཞི་བཅུའི་ལོ་གཡང་ཕོབ། །རྒྱ་ཡི་ཡུལ་ནས་ཞིང་གཡང་ཕོབ། །བལ་བོའི་ཡུལ་ནས་ཞིང་གཡང་ཕོབ། །ཁ་ཆེའི་ཡུལ་ནས་ཞིང་གཡང་ཕོབ། །དམུ་ཡི་ཡུལ་ནས་ཞིང་གཡང་ཕོབ། །འབྲུ་གཅིག་འབྲུ་བརྒྱ་འཕེལ་བའི་གཡང་ཕོབས་ཤིག །བྲེ་གང་བྲེ་བརྒྱ་འཕེལ་བའི་གཡང་ཕོབས་ཤིག །ཁལ་གཅིག་ཁལ་བརྒྱ་འཕེལ་བའི་གཡང་ཕོབས་ཤིག །ཞེས་པ་དང་མཐུན་པར། དང་ཐོག་རྨོན་འདེབས་ཀྱི་ལས་གཞས་ལ། ཨ་མདོའི་ཕྱོགས་སུ། ལོ་ཤོག་ལོ་ཤོག སྟོད་རྒྱ་གར་གྱི་ལོ་ཤོག སྨད་རྒྱ་ནག་གི་ལོ་ཤོག ནས་དཀར་ལྕོང་ཀ་ལྟ་བུ་ཤོག སྲན་མ་བོའུ་འདེའུ་ལྟ་བུ་ཤོག ཤོག་རེའི་ནང་ནས་སྒམ་རེ་ཤོག ཡུ་མོའི་ནང་ནས་བྲེ་རེ་ཤོག མཛོད་ལ་མི་ཤོང་ནི་ཞིག་ཤོག ཟོས་ནས་མི་ཚར་ནི་ཞིག་ཤོག ཅེས་དང་། ཡང་ན། ལོ་ཡག ལོ་ཡག སྟོད་རྒྱ་གར་གྱི་ལོ་ཡག་འདིར་འདུས། སྨད་རྒྱ་ནག་གི་ལོ་ཡག་འདིར་འདུས། སྐུ་རྒྱལ་བོད་ཀྱི་ལོ་ཡག་འདིར་འདུས། ལོ་ཡག་ཐམས་ཅད་འདིར་འདུས། ཡ་ད་ལོ་ཡག ལོ་ཡག ནས་ཕྱེ་ཡིས་ཐབ་ཀ་བྱུགས་པར་ཤོག ཅོང་རྡོག་གིས་རྡོ་ཁ་གཡུག་པར་ཤོག ཅེས་བརྗོད་དེ་རྨོན་འདེབས་ཀྱི་ཐོང་ཀ་དང་བོ་ནི་ཆར་ཆུ་དུས་སུ་འབེབས་པ་དང་། གཉིས་པ་ནི་རྒྱལ་དར་འབངས་བདེ། གསུམ་པ་གནག་ཕྱུགས་འབྱོར་འཕེལ། བཞི་བ་འབྲུ་དྲུག་ལོ་ལེགས་ཡོང་བའི་རྟེན་འབྲེལ་དུ་བརྩི་སྲོལ་ཡོད་དོ། །

ཡང་། ཞིང་ལྷ་ལ་འཕྲིན་བཅོལ་བྱས་ཏེ་ལོ་ཡག་རེ་བ་ནི། ཀརྨ་ཆགས་མེད་ཀྱི་ཞིང་ལྷའི་མཆོད་གསོལ་ལས། ཞིང་ལྷ་ཚངས་པ་ཞོས་ལྷ་རྒྱལ་མོ་དང་། །འབྲུ་ལྷ་གང་བཟང་ལ་སོགས་པའི། །ཡུལ་ལྷའི་རྒྱལ་བོ་འཁོར་བཅས་རྣམས། །ཕྭ་གཡང་རྟེན་འདི་འཁོར་བར་མཛོད། །ཉི་མ་དེ་རིང་ཕན་ཆད་ལ། །བཙའ་སེར་སད་གསུམ་ལ་སོགས་པའི། །ཞིང་གི་ལོ་ནད་བཟློག་ཏུ་གསོལ། །ཞེས་དང་། གང་བ་བཟང་བོས་འབྲུ་རྣམས་སྤེལ། །ཞིང་ལྷ་ཚངས་པས་འབྲུ་རྣམས་སྤེལ། །ཞོས་ལྷ་རྒྱལ་མོས་འབྲུ་རྣམས་སྤེལ། །ཡུལ་ལྷ་རྣམས་ཀྱིས་འབྲུ་རྣམས་སྤེལ། །ཆར་ཆུ་དུས་སུ་འབབ་པར་ཤོག །ལོ་ཕྱུགས་རྟག་ཏུ་ལེགས་པར་ཤོག །ཅེས་ཀྱང་གསུངས་སོ། །

དབུས་གཙང་གི་རྨོན་འདེབས་གཞས་ལ། སྟོད་ལུང་བདེ་ཆེན་རྫོང་གིས། དཔྱིད་ཀའི་ནམ་དུས་ཤར་སོང་། །ཞིང་ཆུང་གྲུ་བཞིའི་ཐོག་ལ། །རྨོད་མཛོ་ཆ་ཆ་རུབ་རུབ། །གཉའ་ཤིང་འཁྱོག་ལ་མ་གཏོང་། །དེ་འདྲ་རྨོད་པ་བརྒྱབ་མཁན། །བུ་ཆུང་བཀྲ་ཤིས་སྟོབས་རྒྱལ། །མཛོ་ཕོ་རུ་ཁ་འགྱུར་ཤོག །ཕར་རྒྱུགས་ཚར་རྒྱུགས་མ་གནང་། །རོལ་ལམ་སི་ཤན་འདྲ་བ། །ཕྲ་མོའི་མིག་ལ་མཛེས་པ། །སྨན་ཆུང་ཡུར་མ་བརྒྱབ་དུས། །ཐུགས་སེམས་དེ་བས་སྤྲོ་བ། །ས་རུབ་མུན་པ་སླེབས་དུས། །ལས་ཐག་གཅོད་རོགས་གནང་དང་། །ཨེ་ལེའི། སི་ཁྲ་འུ་ལེའི། སེ་ལ། ལས་ལ་ཕོ་ལས་ཤེས་ཡོད། །ལས་ལ་མོ་ལས་ཤེས་ཡོད། །ལྟོ་ལ་གཞིགས་ཏེ་ལས་ཀ། བུ་ཆུང་ང་རས་བྱས་ཡོད། །ཅེས་དང་།

ཡང་། སྐྱིད་གྲོང་གིས། བྱ་ཁྱུང་ལ་མོའི་སྒང་སྒང་། །ལུ་མ་རིང་མོའི་གཤོང་གཤོང་། །བདག་དང་ཁྱུང་དཀར་མཛོ་ཕོ། །སྒྲིབ་པ་སྦྱོང་ས་ཡིན་ནོ། །གཡུ་མཚོའི་སྒྲོལ་མའི་རྦ་རླབས། །སེམས་ལ་གཟན་པོ་བྱས་བྱུང་། །ཞེས་དང་།

རིན་སྤུངས་རྫོང་གིས། མཛོ་ཕོའི་རོལ་གྱི་ནང་ནས། །སྐྱོ་གླུ་ལེན་པ་མ་གནང་། །འབྲི་མོའི་སྤང་སྟོད་ཕྱོགས་ནས། །རྩྭ་ཁ་གཡར་བོ་བྱས་ཆོག །བྱ་དེ་ཆུང་ལ་མཛེས་པ། །གོང་དཀར་གཡུ་བྱ་སྔོན་མོ། །གཡུ་བྱ་སྔོན་མོའི་རྗེས་སུ། །ཁྱུང་ཕྲུག་བྲེལ་དུ་ལངས་སོང་། །ཉི་མ་དགུང་དྲོའི་ཁྱུང་ཕྲུག །ནམ་མཁའི་བྱ་ལས་མགྱོགས་པ། །སོགས་རྨོད་གླུ་གཏོང་རྒྱུ་ཡོད་པར་མ་ཟད། སོན་འདེབས་ཀྱི་ཉིན་ཐོག་མ་དེར། དགེ་འདུན་པ་ཞིག་གིས་ཆོ་ག་འདོན་པ་དང་། ལྷ་གསོལ་བསང་གཏོང་དང་། གཟབ་འཆོར་སྤྲས་ཏེ། གཉའ་སྦྲེལ་རྟེན་འབྲེལ་བྱེད་པའི་ས་གནས་དེར་འདུ་འཛོམས་བྱས་ནས། རྟེན་འབྲེལ་མཚོན་བྱེད་དུ་གྲོ་སོ་ཕྱེ་མར་དང་ཇ་ཆང་། ཟས་རིགས་གསོལ་སྟོན་བཤམས། ཐོང་ཀར་གྲུབ་རྗེས་ཕན་ཚུན་གླུ་གཞས་གཏོང་བའམ། སྒེར་གཞས་གཏོང་སྲོལ་ཡང་ཡོད་དོ། །

ལོ་སྲུང་སེར་འགོག་དང་ཆར་ཕབ།

སྟོན་འབྲས་བསྡུ་ལ་ཉེ་སྐབས་ལོ་སྲུང་སེར་འགོག་མ་བྱས་ན། སེར་རྒོད་དྲག་པོས་བསམ་དབང་དྲན་དབང་མེད་པར་སྟོན་འབྲས་ཡོད་ཚད་བརྡུང་ཉེན་ཆེ། དེ་ཡང་ཆོས་ལུགས་ཀྱི་སྟེང་ནས་བཤད་ན། སྡེ་བརྒྱད་ཐུ་བོ་ཆེ་ལ་ཕོག་ཐུག་བཟོས་པ་དང་། ཡང་ན། ཡུལ་ལྷ་དེ་དག་གིས་འབངས་ལ་འཕྱ་ཁྲལ་བསྡུ་ཕྱིར། ལོ་ཏོག་སེར་རྒོད་ཀྱིས་བཅོམ་ཏེ་ནང་ནོམ་དུ་འཁྱེར་བཞིན་ཡོད་ཡང་ཟེར། ངག་རྒྱུན་དུ་འབྲོང་སོགས་རི་དྭགས་མང་བོ་ཡུལ་ལྷའི་སྒོ་ཟོག་ཡིན་པས། ལོ་ཏོག་སེར་བས་བཅོམ་ཏེ་ཡུལ་ལྷ་རྣམས་ཀྱིས་དེ་དག་ལ་བཀལ་ནས་རི་རབ་ཀྱི་ཁོང་གསེང་དུ་འཁྱེར་བཞིན་ཡོད་ཟེར། དེ་ཡང་བདེན་མཆི་སྟེ། འབྲོག་མིའི་རྔོན་པ་འགའ་ཞིག་གིས། ང་ཚོས་འབྲོང་ཆེན་པོ་ཞིག་བསད་པ་ཡིན། ཡ་མཚར་བ་ཞིག་ལ་རྒྱབ་གྱི་སྤུ་གསེབ་ཏུ་འབྲུའི་སྙེ་མ་མང་བོ་འདུག དེ་ནི་ཡུལ་ལྷ་མཐུ་ཆེན་རྣམས་རོང་ཡུལ་དུ་གཤེགས་ཏེ་ལོ་ཏོག་སེར་བས་བསྡུས་ནས་ཁལ་བཀལ་ཏེ་ཡོང་བ་ཡིན་ཟེར། ཡང་། འབྲོག་མི་རྒན་པ་འགའ་རེས། འབྲོང་གཡག་གི་རྒྱབ་ཤ་དང་རྒྱབ་ཀོ་ནི་ཤིན་ཏུ་མཁྲེགས་ཤིང་མཐུག་པོ་ཡོད་ལ། དེ་ནི་ཡུལ་ལྷ་ཚོས་འབྲོང་གཡག་གི་སྟེང་དུ་ཁལ་འགེལ་གྱིན་ཡོད་པ་རེད་ཡང་ཟེར། དེ་བས། འཁྲུངས་སྐོར་དཔྱིད་ཀྱི་མེ་ཏོག་ལས། དཔྱིད་གསུམ་སོ་ནམ་བྱས་པ་དེའི། །སྨིན་པའི་འབྲས་ལ་ཡིད་སྨོན་ཤོར། །སྟོན་གསུམ་འབྲས་བཟང་སྙེ་མ་དེ། །སེར་ལྟེམ་མེར་ཞིང་ཁའི་རྒྱན་དུ་བྱུང་། །འདི་ནམ་འབྲེག་མི་ཤེས་ཐེ་ཚོམ་སྐྱེས། །ཞེས་པ་ལྟར། སོ་ནམ་པའི་རྐང་ཁྲག་རྡོ་དང་། ལག་ཁྲག་ཤིང་བྱས་ནས་ལོ་འཁོར་གཅིག་གི་ཐོན་ལས་འབྲུ་མཛོད་དུ་སྡུད་ལ་རྔམ་པའི་སྐབས་དེར། ལོ་སྲུང་སེར་འགོག་གི་བྱ་བཞག་འདི་ཆེས་རྩིས་མཐོང་ཆེ་ས་ཡིན། རྒྱུ་མཚན་ནི། བོད་ཀྱི་དམངས་གླུ་ལས། ང་སེར་གྲོང་སྒང་ན་ཡོད་ཡོད་ལ། །འབྲུག་ཕོ་ཆུང་གན་གི་ངར་ལ་ལྟོས། །ང་སེར་གྲོང་སྒང་ན་མེད་གྱི་ན། །ཞིང་རི་མ་འགའ་རེ་རྡུང་རྩིས་རེད། །ཅེས་པ་ལས། ཡང་སྙིང་གང་དུ་གཏད་པ་རྟོགས་ཐུབ་ལ། ཁ་དཔེར། སེར་བ་སྲུང་ན་ནུས་མཐུ་དགོས། །ནོར་བུ་ལེན་ན་ཆོད་སེམས་དགོས། །ཞེས་པ་ལྟར། སེར་སྲུང་བ་ནུས་མཐུ་ཅན་ཞིག་མིན་ཚེ། སྡེ་བརྒྱད་ཀྱིས་སྒྲོལ་བའང། དམངས་གཞས་ཚུན་ན་ཡོད་དེ། དཔེར་ན། ཁྱོད་སེར་འགོག་བཞིན་དུ་འགྱིང་ལ་སྡོད། །ང་སྡེ་བརྒྱད་བཞིན་དུ་ཆས་ལ་འོང་། །ཁྱོད་འདྲ་བའི་སེར་འགོག་བསླུས་ནི་མང་། །བསླུས་ནས་སེར་འགོག་བསད་ནི་མང་། །ཞེས་སོ། །

གཤམ་ནས་སེར་སྲུང་རིག་གནས་ཀྱི་ཆོ་གའི་རིམ་པ་མདོར་བསྡུས་ཤིག་བརྗོད་ན། སེར་སྲུང་བའི་ཡི་དམ་གྱི་བསྙེན་པ་ཚད་ལྡན་བསྒྲུབས་ཏེ། བསྲུང་བྱའི་སེར་བཟློག་གི་སྟ་གོན་ཚགས་སུ་ཚུད་པ་བྱས་རྗེས། ཐེབས་དང་མཐུན་པའི་སྒོ་ནས་བསྲུང་བྱའི་ཁོར་ཡུག་གི་ས་མཚམས་སམ། སེར་འབབ་ཀྱི་ལམ་སྣ། ཡང་ན། གང་བསྲུང་བྱའི་ཞིང་ས་མཐོང་བའི་རི་སྒང་གང་རུང་དུ་ཕེབས་ཏེ། སྡེ་བརྒྱད་དང་། ཡུལ་ལྷ་སེར་བདག་སོགས་ལ། གཏོར་བསང་གསེར་སྐྱེམས་སོགས་ཀྱིས་མཆོད་བཀུར་བྱས་ཏེ། སེར་ཐོ་ལ་དཀར་རྩི་བྱུགས་པའི་མདུན་དུ་མཆོད་པ་བཤམས། ཆོ་ག་ལྟར་བགེགས་བསྐྲད་དང་བསང་སྦྱངས་བྱས་ཏེ། སངས་རྒྱས་བྱང་སེམས་ལ་དགོངས་གསོལ་དང་། ཡེ་ཤེས་པ་སྐུ་བྱང་དང་ཕུར་བུ་ཐོ་དང་བཅས་པ་ལ་བསྟིམས་པར་མོས་ནས། ལོ་ཏོག་དང་རྩི་སྨན་ལ་གནོད་པའི་སེར་འཇིགས་ལས་སྐྱོབ་པའི་འཕྲིན་བཅོལ་གནང་སྟེ། འུར་རྡོ་ལ﹙དྲག་པོ་ལ་མི་ལྤགས་ཀྱིས་མཐིལ་བྱས་པའི་ཡུགས་མོའི་ལྟག་སྐྲའི་འུར་རྡོ་ཡང་ཡོད་པར་བཤད﹚རོ་ཐལ་དང་ཡུངས་དཀར་གྱི་རྫས་ཀྱིས་བྲབས་ལ། དེ་མིན། སེར་ཕྱོགས་སུ་སྡིགས་མཛུབ་ཀེར་ཏེ་འབྱུང་བོ་ཐམས་ཅད་ཐལ་བར་བརླག་པའི་དྲག་སྔགས་དང་ཕཊ་འགྱེད་བྱེད་པ་དང་། གཞན་དག་ལ་སེར་ཕྱོགས་སུ་མདའ་དང་མེ་མདའ་སོགས་འཕེན་པའི་བཟོ་ལྟ་བསྟན་ཏེ་ལོ་སྲུང་སེར་འགོག་བྱེད། ལོ་འཁོར་དེ་སེར་འགོག་བྱ་བ་གྲུབ་རྗེས། ཁྱིམ་རེས་སེར་འགོག་པར་འབྲུ་རིགས་སོགས་ཀྱིས་བཀའ་དྲིན་ཞུ་སྲོལ་ཡོད་དོ། །

ཡང་། དམིགས་བརྩེ་མའི་ཆར་འབེབས་སྲོལ་མདོར་བསྡུས་ཤིག་བརྗོད་ན། དམིགས་བརྩེ་མའི་བསྙེན་པ་བཞི་འམ་བརྒྱད་སོང་བ་རྣམས་ཀྱིས། ཐོག་མར་ཤ་ཆང་སྒོག་ཙོང་སོགས་ཀླུ་ལ་གནོད་པའི་ཟས་དང་སྤྱོད་པ་སྤངས་ཏེ། ཁྲུས་དང་གཙང་སྦྲ་ལ་གནས་པའི་སྒོ་ནས། གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན། ཀླུ་སྨན་སོགས་སྦྱོར་བ་ཚགས་སུ་ཚུད་པར་བྱས་ཏེ། སེམས་ཅན་ལ་ཕན་བདེ་སྒྲུབ་པའི་ཕྱིར། རང་རྗེ་བླ་མ་དབྱེར་མེད་པར་སྒོམ་ཞིང་། ཚིག་རྐང་དང་བོ་སྤྱན་རས་གཟིགས། གཉིས་པ་འཇམ་པའི་དབྱངས། གསུམ་པ་ཕྱག་ན་རྡོ་རྗེ། བཞི་བར་རྗེ་རང་ཉིད་དུ་བསམ་ནས་དམིགས་བརྩེ་མ་བཟླའོ། །རང་གི་ཐུགས་ཀ་ནས་འོད་ཟེར་འཇའ་ཚོན་སྣ་ལྔ་ལྟར་འཕྲོ་ཞིང་། དམིགས་མེད་ནི་ཁྱུང་དཀར་བོ། དྲི་མེད་ནི་ཁྱུང་ཁྲ་བོ། གངས་ཅན་ནི་ཁྱུང་དམར་བོ། བློ་བཟང་ནི་ཁྱུང་ནག་པོར་བསྐྱེད། ཁྱུང་བཞི་ཕྱོགས་བཞིར་བསྐྱེད་དེ། ཆུ་མགོ་དེའི་ཀླུ་གར་ཡང་འགྲོ་ས་མེད་པར་བསམ། རང་ཉིད་རྗེ་བླ་མར་གསལ་བའི་ངང་ནས་དམིགས་བརྩེ་མ་བཟླ་ཞིང་ཆུ་མིག་གི་ཀླུ་ལ་འདི་སྐད་དུ། ཀླུའི་རྒྱལ་བོ་དགའ་བོ། གཙུག་ན་རིན་ཆེན། དུང་སྐྱོང་། ནག་པོ་ཆེན་པོ། གདོལ་བའི་རིགས། ཀླུ་འོན་པ་དང་། ཞ་བོ་དང་། ལྐུགས་པ་དང་། འཐེང་བོ་དང་། ཀླུའི་རིགས་སུ་གྱུར་བ་ཐམས་ཅད་ཉོན་ཅིག་ཅེས། རྐང་དུང་ལན་གསུམ་འབུད། ཁྱོད་ལ་ཡའོ་གཟུང་དུ་འོང་བ་མ་ཡིན། དོ་བསྡོ་བར་ཡོང་བ་མ་ཡིན། འཁོན་ཚོལ་དུ་འོང་བ་མ་ཡིན། འཛམ་བུ་གླིང་དུ་ཆར་དཀོན་པོ་བྱུང་བས། ཁྱེད་ལ་ཆར་སློང་བ་ཡིན། ཆར་ཆེན་པོ་ཡུལ་ཕྱོགས་འདིར་དྲག་ཏུ་ཕོབ་ཅིག་ཅེས་ཆུ་མགོར་འབོད། ཕྱོགས་བཞིར་ཐོ་བཞི་བརྩིགས། དམིགས་བརྩེ་མ་འདོན། ཕཊ་གསུམ་བརྗོད། ཐོ་བཞིར་ཁྱུང་བཞིར་བསྐྱེད། ཡུལ་དེའི་གཞི་བདག་ལ་དཀར་གཏོར་བསངས་མཆོད་བྱའོ། །དུག་སྣ་དང་མ་འདྲེས་པའི་མེ་ཏོག་སྣ་ཚོགས་དང་། སྨན་སྣ་ཚོགས་གྲོ་ཟན་དང་སྦྱར་ནས། དེ་རྣམས་ལ་རིལ་བུ་ལུག་རིལ་ཙམ་བརྒྱ་དང་བརྒྱད་བཅོས། མདུན་དུ་བུམ་པ་ལེགས་པ་གཅིག་བཞག རིལ་བུ་དེ་འདྲ་རེ་རེ་ལ་དམིགས་བརྩེ་མ་རབ་བརྒྱ། འབྲིང་རང་གི་གང་ཐོན་རིལ་བུ་ལ་ཕུ་བཏབ་ནས་བུམ་པའི་ནང་དུ་བླུགས། རིལ་བུ་མ་རྫོགས་པའི་བར་དུ་དེ་ལྟར་བྱའོ། །བུམ་པའི་ཁ་དར་དམར་གྱིས་བཅིངས། ཆུ་མགོའི་ཕུགས་སུ་བཞག དེ་ན་གང་ཚོགས་ཀྱི་དམིགས་བརྩེ་མ་རྒྱུན་དུ་འདོན། བསངས་དང་བཀའ་སྒོ་སྤྱི་དང་མཐུན་པར་བྱ། གོམ་པ་གསུམ་བོར་ནས་ཕྱི་ལྟས་བྱས་ནས་དམིགས་བརྩེ་མ་ཅི་ཐོན་འདོན། ཀླུ་ལོངས་སྤྱོད་ཅན་དེ་ལོངས་སྤྱོད་དང་ལྡན་པར་བསམ། རང་ཉིད་ཀྱིས་དངོས་གྲུབ་ཞུས་པས་ཆར་ལྟར་འབེབས་པར་བསམ་དགོས་སོ། །

ཆར་འབེབས་སྐབས་ཀྱི་འཛེམ་བྱ་ནི། སྒྲུབ་གནས་ཀྱི་ཉེ་འཁོར་དུ་ཞ་ལོང་སོགས་བཀྲ་མི་ཤིས་པ་དང་། དམ་ཉམས་མཛེ་ཅན་སོགས་གྲིབ་ཅན་གྱི་རིགས་གཏན་ནས་མི་གཏོང་། སྒྲུབ་པ་པོ་རྣམས་ཀྱིས་ཤ་ཆང་སྒོག་ཙོང་ཐ་མ་ཁ་སོགས་ཁ་ཟས་དྲི་ང་བ་དང་མི་གཙང་བའི་རིགས་ལ་ལོངས་མི་སྤྱོད། གཞན་ཡང་། འཐབ་རྩོད་ཚིག་རྩུབ་ངག་འཁྱལ་སོགས་བག་མེད་ཀྱི་སྤྱོད་པ་ཡང་བྱར་མི་རུང་ངོ་། །

ཡང་། དམིགས་བརྩེ་མའི་ལས་ཚོགས་ལས་སད་སྲུང་བའི་གདམས་པ་ནི། བསྐྱེད་རིམ་བླ་མའི་རྣལ་འབྱོར་གོང་བཞིན་ནོ། །གང་དུ་འདུག་པའི་གནས་སུ་རང་གི་མདུན་དུ་སྒྱེད་པུ་དཔུང་གསུམ་ཅན་བཅས། དཔུང་བ་དང་བོ་སྤྱན་རས་གཟིགས། གཉིས་པར་འཇམ་དབྱངས། གསུམ་པ་ཕྱག་རྡོར། དེའི་སྟེང་དུ་ཟངས་ཆེ་ཆུང་གང་ཡིན་པ་ཆུས་བཀང་ནས་བཞག རྟེན་བྱིན་རླབས་ཅན་ལ་ཁྲུས་གསོལ་བྱས། ཆུ་དེ་རྣམས་དེར་བླུག རྗེ་བླ་མ་འོད་དུ་ཞུ། ཕྱོགས་གསུམ་ནས་མེ་འབུད། དམིགས་བརྩེ་མ་འདོན། ས་གཞི་ཐམས་ཅད་ལ་དྲོད་ཆེན་པོ་སྐྱེས་ནས་ནམ་མཁའི་ཁམས་ཀྱི་སྤྲིན་གྱི་ཕུང་བོ་འདུས་ནས། ཆུ་དེའི་རླངས་པ་སྤྲིན་ལ་ཕོག འཛམ་གླིང་ཐམས་ཅད་སྨུག་པས་གང་བར་བསམ། ཆུ་དེའི་རླངས་པ་མ་ཆད་པར་མེ་འབུད། དེ་ལ་བསྐོར་བར་བྱེད་ཅིང་དམིགས་བརྩེ་མ་འདོན་བརྒྱ་རྩ་དེ་ཆུ་ལ་འདེབས། དེ་རྣམས་དུས་དང་བསྟུན་པའོ། །སད་ཀྱི་བདག་པོའི་སྣ་འདྲེན་དེས་རྗེ་བླ་མ་ལ་དད་གུས་དུད་དུད་བྱེད་པར་བསམ། ཡང་། དམིགས་བརྩེ་མ་ཅི་ཐོན་འདོན། ཐུགས་རྗེའི་ནུས་མཐུས་བསྐྱབ་པར་བསམས། ཡང་དམིགས་བརྩེ་མ་འདོན། བྱང་ཆུབ་དུ་སེམས་བསྐྱེད། སེམས་ཅན་ཐམས་ཅད་ཟས་ཀྱི་ལོངས་སྤྱོད་དང་ལྡན་པར་བསམས། ཞེས་སོ། །

དེ་ལྟར་སེར་སྲུང་རིག་གནས་འདི་ཞིང་ལས་ས་ཁུལ་ལ་ངེས་པར་དུ་མཁོ་བའི་ཐུན་མིན་གྱི་རིག་གནས་ཤིག་ཡིན། ཞིབ་རྟོགས་འདོད་པ་རྣམས་ཀྱིས་ནང་བསྟན་གྱི་ཆོ་ག་དང་ཁ་བྲལ་ཐབས་མེད་པས། འཐུས་ཚང་ཞིག་ཤེས་འདོད་པ་དག་གིས་རྟ་མགྲིན་ལས་ཚོགས་དང་། དམིགས་བརྩེ་མའི་ལས་ཚོགས་སོགས་ལ་གཟིགས་དགོས་ལ། རྙིང་ཕྱོགས་སུའང་བྱང་གཏེར་རིག་འཛིན་རྒོད་ལྡེམ་ཅན་གྱི་སེར་སྲུང་གནམ་ལྕགས་གུར་ཁང་དང་། ཉང་སྐྱེས་སྣང་མཛད་རྡོ་རྗེའི་སེར་སྲུང་མེ་ཡི་གུར་ཁང་སོགས་ལ་གཟིགས་པར་བྱའོ། །

གཞན་ནང་བའི་ལུགས་སུ་སེར་སྲུང་ར་རུ་མ་ལ་རྫས་ངན་ཁྲག་སྣའི་རིལ་བུ་རི་ཀླུང་ཐམས་ཅད་ལ་བཀྲམས་དགོས་པས། ཀླུ་སོགས་ཧ་ཅང་མི་དགྱེས་པས་ཆར་དཀོན་པར་བཤད་པས། མ་བྱས་ན་ལེགས། མུ་སྟེགས་པའི་ལུགས་ལའང་དབང་ཕྱུག་ནག་པོའི་རྒྱུད་ན་སེར་སྣ་ཚོགས་དང་། མུ་སྟེགས་བྲ་བ་མདུང་ཁུར། ཐག་ལེན་གྱི་སེར་སྲུང་ཡོད་པ་དང་། རྔོག་ལོ་ཙཱ་བས་ཀྱང་མུ་སྟེགས་པའི་སྟོན་པ་སྐལ་ལྡན་རྒྱལ་བོ་ཟེར་བ་ལས་སེར་སྲུང་གི་གདམས་པ་བླངས་ཏེ། བོད་དུ་ཕེབས་ནས་གསེར་མ་བསྐུར་བས། མུ་སྟེགས་པའི་སྟོན་པ་སྐལ་ལྡན་རྒྱལ་བོས་རྩར་གཅོད་བཏང་བས། ལོ་ཙཱ་བ་སློབ་མ་ཁྲི་དྲུག་ཅུ་འདུས། གསང་ཕུའི་དགོན་ཡང་བཏབ་པ་ཤེས་ཏེ། མུ་སྟེགས་པ་ཁྲོས་ནས་ངན་སྔགས་བཏང་བས། རྔོག་ལོ་བསམ་ཡས་ནས་ཀོ་གྲུ་ལ་བྱོན་སྐབས་ནམ་མཁའ་ནས་རྡོ་ཆར་བབས་ནས་ཀོ་གྲུར་ཆུར་ནུབ་ནས་ལོ་ཙཱ་བ་འདས། དེའི་མན་ངག་ཤིང་བྱང་ལ་བུམ་པའི་གཟུགས་སུ་བྲིས་པའི་ནང་དུ་སྔགས་རྒོད་ཅིག་བྲིས་ནས་བཙུགས་པར་ཆོག་པའི་ཕྱག་ལེན་ཡོད།

དེ་ལས་གཞན། བོན་ལུགས་ལའང་ཁྱུང་དམར་སེར་སྲུང་ཟབ་མོ་ཡོད་ཀྱང་། དེ་ནི་སྐྱབས་འགྲོའི་བསླབ་བྱ་དང་འགལ་ཞིང་རྫས་ངན་གྱིས་ཡུལ་ལྷ་ངན་གྲིབ་ཕོག་པ། ཚེ་འདིར་ཡང་བསོད་ནམས་ཟད་ཅིང་ཕྱི་མར་ངན་སོང་དུ་འགྲོ་བས་སྤང་བྱར་གསུངས་ལ། ནང་ཆོས་ཀྱི་སེར་སྲུང་གནང་ནའང་བསམ་པ་དང་སྦྱོར་བ་བཟང་ན་ཕན་ཡོན་ཆེ་བ། ཀརྨ་ཆགས་མེད་ཀྱིས། ལྷ་འདྲེ་རྣམས་ལ་ཆོས་སྦྱིན་དང་། །འབུ་སྲིན་རྣམས་ལ་སྐྱབས་ཀྱི་སྦྱིན། །རྩམ་ཟན་རྣམས་ལ་ཟང་ཟིང་སྦྱིན། །སེམས་ཅན་ཀུན་ལ་བྱམས་པའི་སྦྱིན། །སེར་སྲུང་སྦྱིན་པ་རྣམ་བཞི་འདིས། །བླ་མེད་བྱང་ཆུབ་འབྲས་ཐོབ་ཤོག །གསུངས་པ་ལྟར་ལགས་ལ། དེ་ལས་ལྡོག་སྟེ་སེར་གླ་ཨེ་རག་དང་ངན་གཡོ་འབའ་ཞིག་གིས་བྱས་ན། ལྷ་མོ་རལ་གྲི་གཡུག་ཐེངས་རེ་ཡང་གཟུགས་མེད་ཀྱི་ལྷ་འདྲེ་ཁྲི་ཕྲག་གི་སྐེ་དམར་ཉག་ཉོག་གཅོད་པ་དང་། ཁ་གྱུས་སྔགས་སོགས་བཟླས་ཏེ་དྲག་ལས་བྱས་ན། སྡེ་བརྒྱད་ལ་ཁ་ནས་ཁྲག་སྐྱུག་ཅིང་གཟའི་ལྟོ་བ་འགས་པ་སོགས་བྱེད་པས། ལྷ་མ་སྲིན་སྡེ་བརྒྱད་ལ་འགྲས་ཚབས་ཆེ་བས་ཐར་བ་མེད་ཅིང་། ལོ་གསུམ་ལ་སེར་སྲུང་བྱས་ན་ཟས་དྲི་མེད་ཅིང་རྩམ་པ་ཙམ་ཡང་ཟ་རྒྱུ་མེད་སར་སྐྱེས་པར་བཤད་དོ། །

སེར་ལམ་སྟོན་པ་ནི། ཀརྨ་ཆགས་མེད་ཀྱི་སེར་ཐོ་བརྩེགས་པ་ལས། ཡུལ་གཞན་དུ་སོངས་ཤིག བྱོལ་ཞིག ལ་ལ་བྱོལ། ཆུ་ལ་བྱོལ། ལུང་ལ་བྱོལ། སྤང་ལ་བྱོལ། ནགས་ལ་བྱོལ། གཡས་ལ་བྱོལ། གཡོན་ལ་བྱོལ། ཞེས་དང་། དམག་ལམ་ཆོད། ཇག་ལམ་ཆོད། རྐུན་ལམ་ཆོད། གྲོས་ལམ་ཆོད། རྒྱུག་ལམ་ཆོད། གསང་ལམ་ཆོད། བཤལ་ལམ་ཆོད། ཞེས་སོ། །

སྤྱིར་ན། སེར་སྲུང་བར་ལྷ་གང་སྒོམ་དང་ཕྱག་མཚན་གྱི་ཆ་ནས་ཕྱག་རྒྱ་མང་ཡང་། ཀརྨ་ཆགས་མེད་ཀྱི་སེར་འགོག་ལས། གལ་ཏེ་སེར་རྐང་བཙུགས་བྱུང་ན། །ཡོད་ན་ཤིང་རལ་གཡུག་བྱ་སྟེ། །མེད་ན་རལ་གྲིའི་ཕྱག་རྒྱ་གཡུག །གནམ་ལྕགས་ངར་མའི་རལ་གྲི་ཡིས། །སེར་བའི་རྐང་བ་བཅད་པར་སྒོམ། །ལག་པ་ཁྱུང་གི་ཕྱག་རྒྱ་བྱས། །ཁྱུང་གིས་གཤོག་པས་སེར་སྤྲིན་རྣམས། །གཤག་ཅིང་མེ་ཡིས་བསྲེགས་པར་སྒོམ། །དེས་མ་ཐུབ་ན་ཐུན་དང་ཟོར། །ཁྲོ་བོ་ཁྱུང་བཅས་མེ་འབར་སྒོམ། །སེར་བའི་གདོང་དུ་བརྒྱབ་པ་ཡིས། །སེར་བ་སེར་བྱེད་གཞོབ་པར་སྒོམ། །རྡོ་རྗེའི་འགྲོས་བྱས་ཕུར་པ་འདྲིལ། །སེར་འབྲུ་ཁར་བཅུག་གནམ་དུ་སྟོར། །ཤིན་ཏུ་ཐུ་ན་ཞྭ་གོས་བརྡབ། །རྟེན་གཏོར་འཕང་བས་ཐེ་ཚོམ་མེད། །དེ་ནས་སེར་བ་ཡལ་བ་དང་། །ཉམས་ལེན་སྟོང་ཉིད་ངང་ལ་བཞག །ཅེས་གསུངས་སོ། །གཞན་སེར་སྲུང་གི་མན་ངག་ཐུང་ངུ་སྐོར་ཞིག ལས་སྣ་ཚོགས་ཀྱི་བེའུ་བུམ་ལས་གསུངས་པ་འདིར་བཀོད་ན།

སེར་བ་སྲུང་ན། ཐལ་ཆེན་དང་ཡུངས་དཀར་ལ་སྔགས་བཟླས་དེ་གཏོར་བ་དང་། སྤྲིན་ལ་ཕུ་བྱ། ཡང་ན། རྔའམ་ཅང་ཏེའུ་འམ། རྭ་དུང་ལ་ཐོད་ལེ་ཀོར་རམ་མཚལ་གྱིས་སྔགས་བྲིས་ནས་བརྡུང་བུས་དཀྲོལ་ན་སྒྲ་དེས་ཆོད་དོ། །སྔགས་ནི་ཨོཾ་ཨཱཿཧཱུཾ་ག་རུ་ཊ་རྔྷི་ས་ཧེ་ཙ་ལེ་ཙ་ལེ་སྭཱ་ཧཱ། ཡེ་གེ་སོད། བཾ་བཾ་སད། རཾ་རཾ་སད། ཕུར་ཕུར་སད། པྲ་མ་ཏི་སད། སྔགས་འདི་བཟླས་ནས་སྤྲིན་ལ་ཕུས་བཏབ་པས་ཆོད་དོ། །ཞེས་ལས་ཐམས་ཅད་པའི་རྒྱུད་ལས་གསུངས་ཟབ།

ཡང་། འཇམ་དཔལ་དཔའ་གཅིག་ལས། ཨོཾ་ག་རུ་ཊ་རྔྷི་ས་ཧེ་ཙ་ལ་ཙ་ལ་སྭཱ་ཧཱ། ཞེས་པ་འདི་དྲན་པ་ཙམ་གྱིས་སེར་བ་བཟློག རྔ་རྡུང་དུང་གི་བཟློག་པའི་ཆོ་ག་བཅས་གསུངས་སོ། །

ཡང་། སེར་བ་གདོང་བཟློག་བྱེད་ན། རང་གཤིན་རྗེའི་གཤེད་ནག་པོ་རལ་གྲི་དང་མེ་ཞགས་ཐོགས་པ་ཁྲོ་ཚུལ་དུར་ཁྲོད་ཀྱི་ཆས་ཅན་བརྐྱང་བསྐུམ་གྱིས་རི་རབ་གྱི་སྟེང་དུ་བཞུགས་པར་བསམ་ལ། སྔགས་བཟླས་ཤིང་སེར་བ་གང་ན་འོང་ཕྱོགས་སུ་ཕུ་བཏབ་པས་བར་སྣང་ཐམས་ཅད་ཁྲོ་བོ་དང་མེ་རླུང་གིས་སེར་བ་གཏོར་བར་བསམ། ཨོཾ་ཡ་མཱནྟ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་སེར་བ་བཟློག སྔགས་འདི་བརྒྱ་རྩ་རེ་བཟླས་ལྕགས་ཕྱེ། རྡོ་ཕྱེ། ཟངས་ཕྱེ་ཐལ་ཆེན་ཡུངས་དཀར་རྣམས་ལ་སྔགས་བཏབ་སྟེ་བཞག སེར་བ་ཡོང་དུས་གཏོར་བས་ཐུབ་ངེས་ཟབ། པད་གླིང་གཏེར་མའོ། །

ཡང་། སེར་བ་གདོང་བཟློག་བྱེད་ན། ཀ་རྨ་ཆགས་མེད་ཀྱི་རྡེབ་འཁོར་གནད་ཀྱི་མན་ངག་ལས། སེར་བ་རང་གི་ཐད་ནས་གདོང་གཏུག་བྱུང་ན། རང་ཉིད་ཡི་དམ་སྐད་ཅིག་གིས་གནས་འགྱུར་ནས། རང་ཡང་གན་རྐྱལ་དུ་ཉལ་ལ། སྡིག་པ་ནག་པོ་འཇིགས་སུ་རུང་བ་འཇིག་རྟེན་གྱི་ཁམས་གང་བས། རང་གི་སྲུང་རིས་མེར་གྱིས་གང་ནས། རྭ་གཡས་པ་དགུས་སྲིད་པའི་རྩེ་མོ་སྙིལ་བར་བྱེད་པ། གཡོན་པ་དགུས་ས་འོག་ནས་གཡེངས་བར་བྱེད་པ། ཁ་ནས་དུག་གི་རླངས་པ་ཕྱུ་རུ་རུ་བྱེད་པ་གཅིག་བསམ། ཞལ་ནས་ཧཱུཾ་མང་བོ་བརྗོད་ནས། ལག་པ་གཉིས་ཀྱིས་བསྙབས་པས་སེར་བ་སེར་བྱེད་ཐམས་ཅད་འུབ་ཀྱིས་བསྡུས་ནས། རང་སྡིག་པའི་ཁ་ནང་དུ་རོག་རོག་མིད་པས། སེར་བྱེད་ཐམས་ཅད་རྡུལ་དུ་བརླག་པར་བསམ་མོ། །

ཡང་། སེར་བ་བཟློག་པའི་སྔགས། ཨོཾ་ཨཱཿཧཱུཾ་ཆར་ནི་ཆུར་ནི་སྭཱ་ཧཱ། ཞེས་བཟླས་པས་གཅོད། གཏེར་མ་ཟབ་བོ། །

ཡང་། ཉང་གཏེར་མཁའ་འགྲོའི་ལས་ཚོགས་ལས་སེར་བ་སྲུང་ན། རང་ཕག་མོར་གསལ་བའི་ཞལ་ནས་རླུང་དང་འཚུབ་མས་སྤྲིན་དང་འབྱུང་བོ་བྱེ་བར་བསམ་ལ། ཨོཾ་ཨཱཿཧཱུཾ་ཧྲཱྀཿམ་ཧ་རི་ནི་ས་ར་ཙ་ཧྲཱྀཿཡ་ཆར་ཡ་ཆུར་ཡ་ར་མ་ནི་མཱ་ར་ཡ་ཤིག་བཟློག ཅེས་བཟླས། སྡིགས་མཛུབ་ཀྱིས་གང་དུ་ལམ་བསྟན་སར་མཛུབ་རིས་བྱ་ཞིང་ཕུས་བཏབ་པས་གཅོད་དོ་ཟབ་བོ། །རྒྱུན་བཀག་འདོད་པས་སེར་བའི་བཀག་རྟ་འཇོག་པ་སོགས་གཞན་དུ་ཤེས་པར་བྱའོ། །སེར་བ་འདི་རྒྱུན་དུ་གསེར་སྐྱེམས་སོགས་ཕུལ་ལ་ཞི་བས་བསྒྱུར་བ་ལས། གལ་ཆེ་དུས་རེ་ཟུང་མ་གཏོགས་ནམ་ཡིན་དྲག་སྔགས་ཀྱིས་བཟློག་ན་སྡེ་བརྒྱད་དང་འགྲས་པ་འོང་བས་གཟབ་པར་བྱའོ། །ཞེས་པ་དང་།

ཡང་། ཐུའུ་བཀྭན་གྱི་རྟ་མགྲིན་གསང་སྒྲུབ་ཀྱི་སྒོ་ནས་སེར་བ་སྲུང་བའི་གདམས་པ་མེ་རླུང་འཁྲུགས་པའི་གུར་ཁང་ལས། ཞིབ་རྒྱས་སུ་བཀོད་ཡོད་པ་དང་། སེར་སྲུང་དེར་ཨ་ཙ་རྱ་དམར་བོས་མྱང་སྟོད་ཡེ་ཤེས་འབར་ལ་གནང་བའི་སེར་སྲུང་གདམས་པ། རྭ་བའི་ཆོས་བརྒྱད་ལས་འབྱུང་བའི་ཁྱབ་འཇུག་རུས་སྦལ་གྱི་སེར་སྲུང་གདམས་པ། བླ་མ་གཉན་ལོ་ཙཱ་བའི་སེར་སྲུང་གདམས་པ། སེར་བ་སྲུང་བ་ལ་ཐོག་གི་ཉེན་ཆེ་བས་ཐོག་སྲུང་གི་གདམས་པ། བ་རི་ལོ་ཙཱ་བའི་ཐོག་སྲུང་གི་གདམས་པ། ཨ་ཏི་ཤས་འབྲོམ་ལ་གནང་བར་གྲགས་པའི་ཐོག་སྲུང་གདམས་པ་གསུངས་ཡོད་པ་ལས་གཞན། སེར་བདག་བཅུ་གསུམ་མཆོད་ཆོག སེར་བདག་བཅུ་གསུམ་གྱི་བསང་ཆོག་སོགས་ཡོད་དོ། །

སེར་སྲུང་གི་བསྲུང་བྱ་ལ། སེར་སྲུང་སྔགས་པས་བསྲུང་བྱ་དང་། རུ་སྡེའི་བསྲུང་བྱ་གཉིས་ཡོད་པ་ལས། དང་བོ་སེར་སྲུང་བའི་བསྲུང་བྱ་ནི། ཀརྨ་ཆགས་མེད་ཀྱི་སེར་སྲུང་གདམས་པ་ལས། སེར་སྲུང་སྔགས་པས་བསྲུང་བྱ་ནི། །གཙང་མའི་ཕུད་ཀྱི་ལྷ་སྲུང་དང་། །ཡུལ་ལྷ་དུས་སུ་མཆོད་པར་བྱ། །རྫུན་དང་མནའ་ལ་རྟག་ཏུ་འཛེམ། །མནའ་ནི་དཔང་བོ་མི་བྱའོ། །ཕྱི་བ་མི་གསོད་ཤ་མི་ཟ། །མགོ་ལ་མར་ནི་མི་བཀུ་ཞིང་། །སེར་བསང་དུས་སུ་བསང་མི་བཀུ། །སླ་ངར་བརྫིས་པའི་ཟས་ནི་ཟ་མི་རུང་། །སླ་ང་མགོ་ལ་གྱོན་མི་རུང་། །ཕྲེང་བ་གཞན་གྱི་ལག་མི་འགྲིམས། །ཆུ་དང་ནེའུ་གསེང་རློག་མི་བྱ། །སེར་གཏའ་སྔགས་པ་གཞན་གྱིས་ཚོར་མི་བྱ། །འཐབ་འཁོན་འཛིང་མོ་མི་བྱའོ། །ཁ་འཕྲོ་སྦག་པ་སྲུང་བར་བྱ། །ཁྱད་པར་རྨེ་ཅན་དམ་ཉམས་ཀྱི། །ཁ་འཕྲོ་འཛེམ་པ་གལ་ཆེའོ། །སེར་བ་བསྲུངས་ནས་མ་བསྡུས་པར། །མན་ངག་གཞན་ལ་མི་སྤེལ་ལོ། །ཀླུ་ཤིང་བྲ་མའི་མེ་མི་འབུད། །གོས་སྨེ་གོན་པར་མི་བྱའོ། །གླང་དང་རྔ་བྲན་ཤ་མི་ཟ། །སེར་བ་སྔགས་བསྡོ་གཏམ་མི་བྱ། །གཟའ་དང་སྡོངས་མོ་ལྷ་འདྲེ་མཆོད། །སེར་གཏའ་སྔགས་དུས་སྨྲ་བཅད་བྱ། །སེར་གཏའ་མི་ལག་མི་འགྲིམ་སྟེ། །ཡང་ན་རབ་གནས་བསྐྱལ་བར་བྱ། །

གཉིས་པ་རུ་སྡེའི་བསྲུང་བྱ་ནི། སྡེ་ཡིས་བསྲུང་བྱ་འདི་ལྟར་སྲུངས། །གཉེན་སར་སྐྱེས་པའི་ཤིང་མི་གཅོད། །ཆུ་མིག་ན་བ་མི་རློག་གོ །ཉ་དང་སྦལ་བ་སྦྲུལ་མི་གསོད། །གཉན་སའི་ཤིང་དང་ཀླུ་ཤིང་གིས། །མེ་ནི་འབུད་པར་མི་བྱའོ། །ཕྱི་བ་གྲུམ་པ་སྲམ་མི་གསོད། །རི་གཉན་ཀུས་འདེབས་རྦབ་བཏང་སྤང་། །སེར་བ་སྔགས་དུས་སྔགས་པའི་དྲུང་། །ཁྱི་དང་བུད་མེད་མི་བཏང་ངོ་། །སེར་བ་སྔགས་པའི་སྟང་མི་བྱ། །སེར་བ་སྔགས་པའི་མདུན་དུ་ནི། །ར་ལུག་འདེད་པར་རུང་ངོ་། །སེར་བ་སྔགས་དུས་སྔགས་པ་ནི། །ངོ་ལ་གཞན་གྱིས་ལྟ་མི་རུང་། །དམ་ཚིག་དེ་རྣམས་མ་ཐུབ་ན། །ཞུད་ཀྱི་ཕོག་པ་ཞེས་བྱ་སྟེ། །སེར་བ་ཐུབ་པར་དཀའ་ཞེས་བཤད། །ཅེས་གསུངས་སོ། །

ཡང་། སེར་བ་བབས་པའི་སྔོན་ལྟས་ནི། སེར་སྲུང་གདམས་པ་ལས་འབྱུང་བ་མདོར་བསྡུས་ཏེ་བཀོད་ན། ཚེས་བཞིའི་ཞོགས་པར་སྤྲིན་སེར་ནག་བྱུང་ན་སེར་བས་སྤྲིན་མགོ་གནོན། ཚེས་བརྒྱད་ལ་ཕུན་རོན་སྐེད་པ་འདྲ་བའི་སྤྲིན་དང་། བཅུ་གཅིག་ལ་ར་རྒྱའི་སྦོ་འདྲ་བའི་སྤྲིན་དང་། བཅོ་ལྔར་ཁམ་ནག་ཐལ་བ་གཏོར་འདྲ། བཅོ་བརྒྱད་ལ་རྟ་སྐྱའི་རྔ་མ་གྱེན་ཤད་ལྟ་བུ། ཉེར་གཉིས་ལ་སྤྲིན་དམར་སེམས་ཅན་འདྲ་བ། ཉེར་དགུ་ལ་དུད་ཁའི་སྤྲིན་འཕྱུར་ན་སེར་བ་འབབ་རྟགས་དང་།

གཞན་ཡང་། དུས་ངེས་མིན་ལ་བརྟག་པ་ནི། རྨ་བྱའི་མགྲིན་དང་དུང་དཀར་བརྩེགས་པ། གཡུ་འབྲུག་འདྲ་བའི་སྤྲིན་བྱུང་ན་སེར་བ་འོང་། སྤྲིན་དཀར་སྲིན་མ་བྲན་པ་འདྲ་བ་བྱུང་ན་ཉིན་ཕྱེད་སེར་བ་འོང་། དུང་དཀྱིལ་དུ་གཟུགས་བརྙན་འདྲ་བའི་སྤྲིན་བྱུང་ན་ཕྱི་ཉིན་སེར་བ་འོང་། ཡང་ན། དེ་ནུབ་ཕྱིར་ནུབ་ན་སྲོད་ལ་སེར་བ་འོང་། ར་རྒྱ་མོའི་སྦོ་དང་འདྲ་བའི་སྤྲིན་དམའ་ཞིང་འཁྲུག་ལ་རླུང་ཆེ་བ་དང་། ས་རུལ་དང་ཕུབ་རུལ་གཏོར་འདྲའི་སྤྲིན་དང་། སྤྲིན་དམའ་ཞིང་དུད་ཁ་བང་རིམ་ཅན་བྱུང་ན་དེ་མ་ཐག་སེར་བ་འོང་། སྤྲིན་མཐིང་ནག་ཀ་བ་བཙུགས་འདྲ་ལས་འབྲུག་ཆེ་གློག་མྱུར་བ། དྲག་རླུང་འཚུབ་ན། ཕྱི་དྲོ་ཚུན་ཆད་ལ་སེར་བ་འོང་། ཡང་། སྤྲིན་འཕང་མཐོ་ཞིང་དྲག་རླུང་བྱུང་ན་ཕྱེད་ཡོལ་ཙམ་ལ་སྨན་གྱི་སེར་བ་འོང་། སྤྲིན་ནག་སེམས་ཅན་གཟུགས་འདྲ་འཕྱུར་ན་ཀླུ་ཡི་སེར་བ་འོང་། སྤྲིན་ཁམ་ནག་འབྲུག་རླུང་འཚུབ་ན་བདུད་ཀྱི་སེར་བ་འོང་། སྤྲིན་སེར་རླུང་གོ་རོ་རོ་བྱུང་ན་བཙན་གྱི་སེར་བ་འོང་། སྤྲིན་ནག་རླུང་སུབ་ལྡང་ན་སྡེ་བརྒྱད་ཀྱི་སེར་བ་འོང་། ནམ་མཁའ་གཞན་དྭངས་ཤིང་ཐད་ཀར་སྤྲིན་ནག་འཕྱུར་ན་གཟའི་སེར་བ་འོང་། སྤྲིན་ནག་དྭངས་ཞིང་འདུ་བའི་འགྱུར་ལྡོག་མྱུར་ན་བུ་ཡུག་དང་ཁུ་འཕང་རྒོད་པའི་རྟགས། ཡང་། རྨི་ལམ་དུ་ལུག་ཁྱུ་ཤོར་བ་དང་དམག་ཇག་ཚུར་ལ་རྒོལ་བ། གློག་དམའ་ཞིང་འབྲུག་སྐད་རྒོད་པ། མགར་བས་ལྕགས་བརྡུང་བ་ཐོ་སྐད་ཐོས་པ་སོགས་ཀྱང་སེར་བ་རྒོད་པའི་ལྟས་སུ་བཤད་དོ། །

གཞན་ཡང་། སོ་ནམ་པའི་ལོ་སྲུང་ལ། སྟོན་ཁར་འབྲས་བཟང་སྨིན་དུས་སུ། ཁ་ཆར་འགོག་པ་འདི་ཡང་། སོ་ནམ་པར་མེད་དུ་མི་རུང་གི་ལས་གཞི་ཞིག་ཡིན་པས། གྲུབ་མཐའ་ཁག་གི་ཆར་འགོག་གི་ཆོ་ག་མང་ལ།

འདིར་ལས་སྣ་ཚོགས་ཀྱི་བེའུ་བམ་ལས་མན་ངག་འགའ་འབྱུང་བ་འདིར་བཀོད་ན། ཁ་ཆར་སྲུང་ན། ཆར་གཅོད་སྔགས་ནི། ཨོཾ་ཙཀྲ་རྦད་རྦད་དུམ་དུམ་ཆིལ་ཆིལ་ཕཊ་སྭཱ་ཧཱ། ལོ་མ་སོང་བའི་ཚྭ་གསར་བ་ལ་སུམ་བརྒྱ་བསྔགས་ཏེ་མེ་ལ་བསྲེག ཕྱོགས་བཞིར་ཕུ་བྱས་པས་ཆོད་དོ། །

ཡང་། ལྕག་ཚན་ལ་སྔགས་འདི་བཏབ་སྟེ། རང་ཨ་ཙ་ར་ནག་པོ་མེ་ལྕེ་འཕྲོ་བ་ཅན་དང་། སྣང་སྲིད་ཐམས་ཅད་མེའི་བྱ་ཁྱུང་དང་། མེས་གང་བར་བསམ། ཨོཾ་ཁྲཽ་བཛྲ་ག་རུ་ཊ་ཙ་ལེ་ཙ་ལེ་ཧཱུཾ་རཾ་རཾ་ཨེ་མཎྚལ་ཁཾ་རཾ་རཾ་ཆར་ཆོད་སྤྲིན་གཏོར་སྭཱ་ཧཱ། ལྕག་ཚན་ཕྱོགས་བཅུར་གཡབ་པས་ཆར་འཕྲལ་དུ་ཆོད་དོ། །

ཡང་། ཆར་བཅད་པ། མཚར་བུའི་རྩེ་ལ་སྨག་ཤད་ཁ་གསུམ་ལ་དར་སྣ་ལྔ་བཏགས་པས་གཡབ་ཅིང་ཕུ་ཡིས་ཕྱོགས་སུ་གདབ། ས་གཙང་ས་དང་ཕྱེ་བསྲེས་པར་སྔགས་བཏབ་སྟེ་གཏོར། ཨོཾ་ཨཱཿཧཱུཾ ཙག་གི་ཙག་གི གུ་ལིང་གུ་ལིང་། ཤ་ཤ་གུ་གུ། ཏི་ཏི་བི་རི་ཏི་ཧུ་ཡུ་ཧུ་ཡུ་ཧུ་རུ་ཏི་སྭཱ་ཧཱ། ཞེས་བཟླས་ལ་སྤྲིན་ཐམས་ཅད་འབྱུང་བ་ལྔ་ཡིས་གཏོར་བར་བསམ་པས་ཁ་ཆར་གཅོད་པར་ཐེ་ཚོམ་མེད་ཅེས་ལས་ཐམས་ཅད་པའི་རྒྱུད་ལས་སོ། །འདི་རྡོ་རྗེ་གནམ་ལྕགས་མཆུའི་ཀླུའི་བྲོ་བོར་བའི་སྔགས་དང་འདྲ་ལ་སྔགས་ཀྱི་འགྱུར་ཁྱད་པར་ཅན་ཞིག་ཡིན་པར་འདྲའོ། །

ཡང་། ཁ་ཆར་གཅོད་ན། ཨོཾ་ཨཱཿཧཱུཾ་ཀཱ་མེ་ཀཱ་ལུ་མེ། སྟམྦྷ་ཡ་ཡི་ཤ་ལཱ་བ་ཪྴམ་ཏུ་ཥ་རཉ་ཙ། ལུ་ཙྪ་ཨ་ལུ་ཙྪ་ཨ་སྭཱ་ཧཱ། སྔགས་བཟླས་ཕུས་བཏབ་མཛུབ་རིས་བྱས་པས་ཆོད་དོ། །འཇམ་དཔལ་དཔའ་བོ་གཅིག་གྲུབ་རྒྱུད་ལས་གསང་སྔགས་ཀྱི་རྒྱལ་བོ་འདི་ལེགས་པར་བཟླས་ན་སེར་བ་གཅོད་པར་བྱེད་དོ། །དྲན་པ་གཉིད་དང་ཐལ་བ་ལ་མངོན་པར་བཟླས་པས་སེར་བ་འབབ་པའམ། ཁ་བ་འབབ་པའམ། ཁ་བ་འབབ་པ་གཅོད་པར་འགྱུར་ཞིང་གང་དུ་འདོད་པ་དེར་འགྲོའོ། །དེ་བཞིན་དུ་གློག་དང་རླུང་དང་རྡོ་རྗེ་དང་ཐོག་འབབ་པ་ལ་སོགས་མེད་པར་བྱེད་དོ་ཞེས་གསུངས། འབྲུ་གསུམ་ལ་བཏགས་པ་འདི་ལས་རྒྱུད་དང་གཏེར་མ་རྣམས་སུ་བྱུང་ངོ་། །

ཡང་། དམིགས་བརྩེ་མའི་ལས་ཚོགས་ལས། ཆར་གཅོད་པར་འདོད་པས། རྒྱ་ཡི་ཆུ་གཅོད་ཆེན་མོ་ཞེས་བྱ་བ་མེ་གླང་ལོ་བ་ཞིག་གི་སར་སློག་ཕྱིར་བསྒྱུར་ལ་གྱོན། སོག་མའི་ཕྱག་སྒྲོན་གྱི་གོམ་པ་བགྲད་པའི་བར། ཕར་ཤུད་ཚུར་ཤུད་བྱས་ལ་ཕྱིར་བསྒྱུར། ཡང་ཆ་གཅོད་ནད་ནུར་ནས་རྟེན་འབྲེལ་འདི་བྱའོ། །ཡང་ལུགས་གཅིག་ལ་གླ་རྩི་དང་སྦྲུལ་ཤ་གཉིས་ཀྱི་དུད་པ་བཏང་བས་ཆད་དོ། །ཆར་བཅད་སྣ་ཚོགས་མང་སྟེ་གཞན་དུ་ཤེས་པར་བྱའོ། །

ཆར་ཕབ་བཙའ་ཐན་སོགས་འགོག་པ། སྒང་བ་བོད་ཀྱི་ལོ་སྲུང་རིག་གནས་ཁྲོད། ཐན་འགོག་ཆར་ཕབ་ནི། ལོ་ལེགས་འབྱུང་བར་ཤིན་ཏུ་མཁོ་བའི་ཆོ་ག་ཞིག་ཡིན། དེ་བས་ཆར་ཕབ་ལ་དམིགས་ཏེ་སོ་ནམ་པའི་རིམ་གྲོ་བགྱིད་པ་དང་། ལྷ་མཆོད་ཀླུ་མཆོད་ཀྱི་ཆོ་ག་སྣ་ཚོགས་ཀྱི་སྲོལ་ཡོད། ཁྱད་པར་དུ་དགོན་སྡེ་ཆེ་ཆུང་དང་། ས་གནས་ཀྱི་ཆོས་ཚོགས་གང་ཡིན་རུང་། ཐན་སྐྱོན་བྱུང་ཚེ་མ་བསྐུལ་དང་ལེན་གྱིས། གྲུབ་མཐའ་སོ་སོས་ཆར་ཕབ་གྱི་ཆོ་ག་ལྟར་ཆར་ཕབ་སྲོལ་ཡོད། དཔེར་ན། སྒྲོལ་མའི་ཆར་ཕབ་ལྟ་བུར་མཚོན་ན། སྒྲུབ་པ་པོས་ཤ་ཆང་སྒོག་ཙོང་ལ་འཛེམ་ཏེ། ཀླུ་ཐབས་དང་བསྟུན་ནས། ཏཱ་རེ་བཟློ་བཞིན་དུ་ཆུ་མིག་གི་དྲུང་དུ་ཕྱིན་ཏེ། སྔོན་འགྲོ་སྟ་གོན་གྱི་རིམ་པ་རྣམས་ཚགས་སུ་ཆུད་པར་བྱས་པས། མཆོད་པ་ཅི་འབྱོར་བཤམས། རྗེ་བཙུན་མ་ལ་སངས་རྒྱས་བྱང་སེམས་ཀྱིས་བསྐོར་བ་སྤྱན་དྲངས་པ་སོགས་སྒྲོལ་མའི་ཆར་ཕབ་གྱི་ཆོ་ག་ལས་འབྱུང་བ་ལྟར། ཆད་ལྷག་མེད་པར་བསྒྲུབས་ཏེ། ཀླུ་གཏོར་ཅི་མང་བཏང་ན། ཀླུས་ཀྱང་དངོས་གྲུབ་ཀྱི་ཆར་འབེབས་པར་བཤད། ཞིབ་ཏུ་སྒྲོལ་མའི་ཆར་ཕབ་དང་། དམིགས་བརྩེ་མའི་ཆར་ཕབ་སོགས་སུ་གཟིགས་འཚལ་ལོ། །གལ་ཏེ་མ་བབས་ན་དྲག་ལས་བྱས་ཏེ་འབེབས་སྲོལ་ཡང་ཆར་ཕབ་ཀྱི་ཆོ་ག་སོགས་ན་གསལ་བ་སྟེ། གཟུངས་སྔགས་མགོ་མཇུག་ལྡོག་ཏེ་ཞག་གཅིག་བཟླས་ནས་ཟངས་སྡེར་གྱི་ཕྱི་ནང་དུ་ཀླུ་གཟུགས་སྣ་ཚོགས་བཅོས་པར་དགུག་བསྟིམ་བགྱིས་པའི་སྟེང་དུ་ཆུ་འཕྱར། དེས་ཀྱང་མ་བབས་ན། ཀླུ་གཟུགས་དེ་དག་དོང་གྲུ་གསུམ་བྲུས་པའི་ནང་དུ་བཅུག་ལ། བདེན་སྟོབས་བརྗོད་པའི་མཐར་ཆར་འབེབས་ལ་དབང་བའི་ཀླུ་ཐམས་ཅད་བཀུགས་ཏེ་བསྟིམ་པ་ཡང་ཡང་ནན་ཏན་བྱས། རང་ཉིད་གནམ་ལྕགས་ཀྱི་བྱ་ཁྱུང་འཇིགས་སུ་རུང་བར་བསམ་ལ། ཡུངས་དཀར་ནག ལྕགས་ཕྱེ། ཟངས་ཕྱེ། སྐེ་ཚེ་སོགས་ཀྱིས་བྲབས་ཏེ་འབེབས་པར་ཐུའུ་བཀྭན་ཆོས་ཉིས་གསུངས། གཞན་ཡང་། ཕུར་བ་དགུའི་ལས་སྦྱོར་དང་། དེ་ལས་གཉན་པ་སྙུག་ཚིགས་མ་དང་། རྐང་ཚིགས་མ་དང་། གླང་རུ་མ་དང་། ཐོད་ཁྲག་ཁོལ་མ་དང་། རྡོ་ཐུན་མེ་འབར་ལ་སོགས་པའི་གདམས་པ་སོགས་གྲུབ་དབང་མང་ཐོས་རྒྱ་མཚོའི་ཟིན་བྲིས་སོགས་སུ་ཤེས་པར་བྱའོ། །

ཐུའུ་བཀྭན་ཆོས་ཉིས་རྟ་མགྲིན་ལས་ཚོགས་ཀྱི་ཆར་འབེབས་ཆོ་ག་ལས། སྤྲིན་སྡུད་སྐབས། ཁྱེའུ་འམ་བུ་མོ་གཙང་མའི་དོར་མས་ཕྱོགས་ཐམས་ཅད་དུ་གཡབ་ཅིང་ཀླུ་ཐམས་ཅད་ཀྱིས་ཡུལ་ཆེ་གེ་མོ་འདིར་སྤྲིན་བསྡུས་ཆར་ཕོབ་ཅིག་ཅེས་རྒྱང་སྐད་དྲག་པོ་བརྒྱབ་ཏེ། ཕྱོགས་མཚམས་རྣམས་སུ་ཆུ་གཙང་འཐོར་བར་ཡང་བཤད་དོ། །

གཞན་ཡང་། གཡུང་དྲུང་བོན་གྱི་ཆར་འབེབས་མ་ལས། རླན་ཟིལ་ཆར་བ་འབེབས་འདོད་ན། ཆུ་མིག་ཁ་ཤར་བལྟས་པ་གཉན་པོ་ལ། རྫིང་འཁྱིལ་པདྨ་འོད་འབར་མ་བརྒྱད་བྲིས། དེ་ཡི་དབུས་སུ་ཕུ་བྲིས། སྟེང་དུ་ཀླུ་གཟུགས་མགོ་དགུ་གཅིག་བཀོད། སྦྲུལ་དགུ་ལ་སོགས་དང་ཆུ་གནས་བཀོད། ཀླུ་གཏོར་མང་བོས་བསྐོར། ཀླུ་སྨན་དཀར་གསུམ་མངར་གསུམ་བག་ཕྱེ་སྦྱར་བ་ལ་རིལ་བོ་བྱ། བ་དཀར་བ་དམར་འོ་མ་ཆུ་མིག་ཏུ་བླུགས། དེ་ནས་ཁ་བཀྲུས། ན་བཟའ་སོགས་གཙང་དག་བྱ་ཞེས་སོགས་སྟ་གོན་སྔོན་དུ་བཏང་ནས་སྒྲུབ་དགོས་ཚུལ་གྱི་ཆོ་ག་གསུངས་ཡོད།

དགེ་ལུགས་པ་གཅིག་པར་མཚོན་ནའང་། ཆར་འབེབས་ཀྱི་ཆོ་ག་ལ། ངག་དབང་འཇམ་དབྱངས་བློ་གྲོས་ཀྱི་དམིགས་བརྩེ་མའི་ཆར་འབེབས་བྱེད་ཚུལ་ཡོངས་འཛིན་ཞལ་ལུང་། སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་ཁ་ཆར་འབེབས་སྲུང་སོགས་ཀྱི་གདམས་པ་གནམ་སའི་མཛེས་རྒྱན། སྟག་ཕུ་སྤྲུལ་སྐུ་བློ་བཟང་ཆོས་ཀྱི་དབང་ཕྱུག་གི་སྒྲོལ་མའི་ཆར་འབེབས་ཀྱི་ལག་ལེན་བརྗེད་བྱང་དུ་བཀོད་པ། ལྕང་ཟུར་ཁྲི་ཟུར་མཁྱེན་རབ་ཡོན་ཏན་གྱི་ཆར་འབེབས། བཀའ་འགྱུར་བ་བློ་བཟང་ཚུལ་ཁྲིམས་ཀྱི་ཡིག་དྲུག་གི་སྒོ་ནས་སད་དང་སེར་བ་བཟློག་ཐབས། ཕ་བོང་ཁ་བ་བྱམས་པ་བསྟན་འཛིན་འཕྲིན་ལས་ཀྱི་ལོ་ཏོག་གི་རིམ་གྲོ་དང་། ཆར་འབེབས། སད་སེར་བཙའ་ཐན་སོགས་སྲུང་ཐབས་སོགས་ཡོད་པས། ཞིབ་ཏུ་རྟོགས་འདོད་པ་རྣམས་ཀྱི་དེ་དག་ཏུ་གཟིགས་པར་ཞུ།

ཡང་། འདུལ་བ་ལུང་རྣམ་འབྱེད་ཀྱི་རྒྱུ་མཚན་གྱི་ལྒིང་གཞིའི་སྐབས་སུ་ཆར་འབེབས་པ་ལ་བར་དུ་གཅོད་པ་ལྔ་ཡང་འདི་ལྟར་གསུངས་ཏེ། སྤྲིན་ཡོད་གློག་འབྱུང་འབྲུག་གྲགས་རླུང་བསིལ་ལྡང་ནས་ལྟས་མཁན་དག་གིས་ཆར་འབེབ་ཅེས་ལུང་བསྟན་ཀྱང་། ས་ཆེན་པོ་ལས་མེ་ཁམས་འཕགས་ནས་མོད་ལ་སྐམ་པ་ཐན་པའི་རྒྱུ་དང་བོའོ། །དེ་བཞིན་དུ་མི་མཉམ་པའི་རླུང་བྱུང་བས་ཆར་དེ་ཕྱོགས་གཞན་དགོན་པ་རྣམས་སུ་འཕེན་པ་གཉིས་པའོ། །ལྷའི་བུ་ཆར་གྱི་ཤུགས་ཅན་དག་མྱོས་ཤིང་བག་མེད་པས་ཆར་དུས་སུ་འབེབ་མི་སྟེར་བ་གསུམ་པའོ། །མི་རྣམས་འདོད་པའི་དབང་གིས་ཆོས་མིན་སྤྱོད་པ་དག་ལ་ལྷས་ཆར་འབེབ་ཏུ་མི་སྟེར་བ་བཞི་བ། ལྷ་མིན་སྒྲ་གཅན་རྒྱ་མཚོ་ལས་འཕགས་ཏེ་ལག་གཉིས་ཆར་བ་བཟེད་ནས་རྒྱ་མཚོར་སྡུག་བསྔལ་བ་སྟེ་ལྔའོ། །

དེ་ལས་གཞན། ལྷ་ཀླུས་ཆར་ཕབ་ཀྱང་ནག་ཕྱོགས་ཀྱི་མི་མ་ཡིན་འགའ་ཞིག་གིས་འགོག་པར་མདོ་ལས་གསུངས་པ་བཞིན། ཐུའུ་བཀྭན་ཆར་འབེབས་ཆོ་ག་ལས། ཡུལ་འགའ་ཞིག་ཏུ་མུག་མཚོར་གྲགས་པའི་རྫིང་བུ་གསར་དུ་འཁྱིལ་ནས་དེ་ལ་ཡུལ་འདྲེ་འགའ་ཞིག་གནས་བཅས་ཏེ་ཆར་དབབ་ཏུ་མི་སྟེར་བ་དང་། ཡང་། མུག་དགེ་ཕྱོགས་ལོང་བ་སྤུན་དགུར་གྲགས་པ་སོགས་ཆར་འབབ་པ་ལ་བར་དུ་གཅོད་པའི་དམ་སྲིའི་རིགས་སོགས་ཡོད་པས། ཆར་འབེབས་སོགས་ཀྱི་དུས་ཆར་འགོར་མནན་པ་གལ་ཆེ། དེ་མནོན་ཚུལ་ཡང་ཁོང་གི་གསུང་འབུམ﹝ཇ﹞དུམ་པའི་ཤོག་གྲངས༡༡ ནས ༡༢ བར་ན་གསལ་ལོ། །

འདི་དང་མཐུན་པར་རེབ་གོང་དུ་དངོས་བྱུང་ངག་རྒྱུན་ཞིག་ཡོད་པ་ནི། རེབ་གོང་དམེ་ཤུལ་དོམ་ལུང་དུ་རྒན་ཚང་ཞིག་ལ་ཞིང་ཆུང་ཞིག་ཡོད་ཀྱང་། རྒན་མོས་ལོ་རེའི་སེར་ནས་མ་བྱིན་པས། ཚེ་ཞིག་སེར་དྲག་འབབ་སྐབས་སེར་སྲུང་གིས་ས་རྟགས་བྲིས་ཏེ་དེར་ཡོད་ཀྱི་ཞིང་སྲུང་ཡང་། རྒན་མོའི་ཞིང་ས་སེར་བས་རྡུང་བཅུག་པས། རྒན་མོ་ཁོང་ཁྲོ་ཚད་མེད་སྐྱེས་ཏེ། སྐྱེ་བ་ཕྱི་མར་ས་འདིར་ཐན་པ་གཏོང་བ་ཞིག་ཏུ་སྐྱེས་པར་ཤོག་ཅིག་ཅེས། སྨོན་ལམ་ལོག་འདེབས་བྱས་པས། ཕྱི་མར་ཨ་ཡེ་ཆུ་དཀར་ཞེས་ཀླུ་ཞིག་ཏུ་སྐྱེས་ནས། དུས་དང་གནས་ངེས་མེད་དུ་མུག་མཚོ་བསྐྱིལ་ཏེ། ཐན་པ་བཏང་ལ། དེའི་ཁ་གནོན་དུ་རེབ་གོང་མདོ་བ་སྡེ་བས་མུག་མཚོའི་ནང་དུ་མེ་མདའ་བརྒྱབ་སྟེ་ཀི་སྭོ་སྒྲོགས་པ་སོགས་བྱས་ན་འདུལ་ཐུབ་པར་བཤད་ལ། གསང་སྟབས་ཀྱིས་སོང་སྟེ་བལྟས་ན་ཆུ་ནང་ན་སྦལ་བ་ཆེན་པོ་ཞིག་གིས་སྐད་འདོན་པ་དངོས་སུ་མཐོང་རྒྱུ་ཡོད། དེར་མ་ཟད། དམེ་ཤུལ་ཚོ་བ་དེར་ནད་ཡམས་དང་མུ་གེ་བཏང་བས། ཐབས་ཟད་དེ་ཚོ་བ་དེས་ཀླུ་ཆུ་དཀར་ལ་མཆོད་བཀུར་བྱས་ཏེ་ལབ་རྩེ་སོགས་བསྟད་པས། ད་ལྟ་ཚོ་བ་དེའི་མིང་ལའང་ཆུ་དཀར་ཚོ་བ་ཟེར།

དེ་བཞིན་དུ། ཐང་ཟན་ཙང་གི་རྒྱ་གར་ཞིང་གི་དཀར་ཆག་ལས་ཀླུ་རྒྱལ་སོག་མ་མེད་ཀྱི་ལོ་རྒྱུས་ཀྱང་འདི་ལྟར་འབྱུང་སྟེ། ཀླུ་རྒྱལ་སོག་མ་མེད་ནི། སངས་རྒྱས་འོད་སྲུངས་ཀྱི་དུས་སུ་ག་གི་ཟེར་བའི་སྔགས་འཆང་མཐུ་ཆེན་ཞིག་ཏུ་གྱུར་ཏེ། ཡུལ་མི་ཀུན་གྱིས་རེ་ལྟོས་འཆའ་བའི་སེར་སྲུང་བ་བྱས་ཤིང་། ཡུལ་མི་ཀུན་གྱིས་འབྲུ་ཕུད་བྲེ་ཆེན་རེ་འབུལ་བའི་དུས་ཆད་བྱས་ཡོད་ཀྱང་། ཚེ་ཞིག་ཁས་ལེན་ཆག་པ་བྱུང་བས། སྔགས་འཆང་ག་གི་ཁྲོས་ཏེ་ཁོ་རང་འཆི་བའི་དུས་བྱས་ནས། ཀླུ་གདུག་ཅན་ཞིག་ཏུ་གྱུར་ཏེ་སེར་བ་འབབ་ཐེངས་རེར་ཞིང་གི་སོག་མ་ཙམ་ཡང་མ་ལུས་པར་གཞོམ་པར་གྱུར་ཅིག་ཅེས་སྨོན་ལམ་ལོག་འདེབས་བྱས་པས། སོག་མ་མེད་ཟེར་ལ། སྟོན་པས་བཏུལ་ཏེ་བློ་ཁ་ཆོས་ལ་བསྐོར་ཀྱང་། སྨོན་ལམ་ལོག་པའི་མཐུ་ཤིན་ཏུ་དྲགས་པས། ལོ་སྐོར་བཅུ་གཉིས་ཀྱི་རིང་ལ་ཆུ་བོ་ལུད་དེ་གནོད་པ་གཏོང་དགོས་པར་ཞུས་ཏེ། སྟོན་པས་ཀྱང་གནང་བར་བཤད་ལ། ད་དུང་གནས་དེ་ན་སོག་མ་མེད་བཏུལ་བའི་རྟགས་སུ་རྡོ་ཕ་བོང་ལ་དེ་བཞིན་གཤེགས་པའི་ཞབས་རྗེས་བཞག་ཡོད་པར་གསུངས་སོ། །

བཙའ་ཐན་དང་འབུ་སྲིན་འགོག་པ།

གཞན་ལོ་སྲུང་བཙའ་འགོག་བྱེད་པ་ལ། དམིགས་བརྩེ་མའི་བེའུ་བུམ་ལས། བཙའ་སྲུང་བ་ནི། དམིགས་བརྩེ་མ་གོང་ལྟར་འདྲེན། དགེ་འདུན་སྟོང་འཚོགས་པའི་ཆབ་བསིལ་གྱིས། གད་གདངས་རྙིང་བའི་ས། སྲིད་པའི་བྱེ་མ། དགེ་སློང་གཙང་མའི་དྲི་ཆུ། བུ་མོ་ལོ་བརྒྱད་མའི་ཆུ། བུ་ལོ་བརྒྱད་པའི་ཆུ་རྣམས་བྱེ་མ་དང་བསྲེས། བྱེ་མ་ཅི་མང་བྱེད། ཕུར་བ་དེ་རྣམས་ལ་ཡི་གེ་འབྲི། རའི་ཤུན་བུ་གསོན་མ་ལ་ལོ་ཐོག་གི་ཕུད་བསྡུས་ལན་ཆགས་མང་དུ་བཅོས་ལ། ཕུད་དང་ལན་ཆགས་གཉིས་ར་རྐྱལ་ནང་དུ་བླུག བདེན་བདར་བྱ། རྗེ་བླ་མའི་ཐུགས་རྗེ་ལ་བརྟེན་ནས། ལོ་ཏོག་ལ་བར་དུ་གཅོད་པ་རྣམས་དེའི་ནང་དུ་ཐིམ་ཞིང་། ཡུལ་དེ་རྣམས་ཀྱི་ཞིང་མཐོང་བའི་སར་སྒྲུབ་ཁང་ངམ་གུར་རམ། དཔོན་སློབ་ཇི་ལྟར་ཚོགས་ཀྱི་མདུན་དུ་རྫས་རྣམས་བསགས་ནས། ཞག་བདུན་གྱི་བར་རྫས་རྣམས་དམིགས་བརྩེ་མས་བསྔགས། དམིགས་པ་གོང་ལྟར་རོ། །ཞག་བདུན་དུ་དཔའ་བོ་མཚོན་ཆ་ཐོགས་པ་མང་བོ་འབོད། བྱེ་མ་ཐུ་བར་གཏུམ་ནས་ཀུ་ཧོ་ཟེར་ནས་མཚོན་ཆ་འདོན་བྱེ་མ་ཞིང་ལ་འདེབས་ཞིང་རྒྱུག དེ་ན་ཡོད་ཚད་ཀྱི་དམིགས་བརྩེ་མ་འུར་འུར་འདོན། ར་རྐྱལ་ལིང་ཀ་དེ་སྟག་ལོ་བའམ་གང་རུང་གཅིག་གིས་ཐི་གུ་བཏགས་ནས། དེ་རྣམས་ཀྱི་སྔོན་དུ་འདེད། དམིགས་བརྩེ་མ་ཚར་རེ་འདོན། བྱེ་མ་ཞིང་ལ་འཐོར། བཙའ་སོང་བཙའ་སོང་བཙའ་སོང་སད་མ་ལུས་མཐའི་རྒྱ་མཚོའི་ཕ་རོལ་གྱི་འགྲམ་དེར་སོངས་ཤིག ཅེས་ལུང་བའི་ཆུ་ལ་བསྐུར། ཀུ་ཧོ་སྭོ་དི་རི་རི་མང་བོ་བྱའོ། །ཞིང་ལ་བཙའ་སད་མ་གཏོང་ཞིག་ཟེར་ནས་གཞི་བདག་ལ་བཀའ་བསྒོ་བྱེད། མཚུངས་མེད་དམ་པ་རྒྱལ་བ་ཙོང་ཁ་ཆེན་པོའི་བཀའ་ལས་མ་འདའ་ཞིག་ཟེར་ནས་ཐོ་ཕུར་བ་ཕྱོགས་ཐམས་ཅད་དུ་བཙུགས། ཕྱོགས་བཞིར་ཐོ་བཞི་བརྒྱབ། རང་ཉིད་རྗེ་བླ་མར་སྔར་ལྟར་བསྐྱེད། བཀྲ་ཤིས་བྱ། རྗེ་ཉིད་ཀྱིས་ལོ་བདུན་ཐུབ་པ་ཞལ་གྱིས་བཞེས་སོ། །

ཡང་། ལས་སྣ་ཚོགས་ཀྱི་བེའུ་བུམ་ལས། ལོ་དགྲ་སྲུང་ན། སྔར་གྱི་ས་སྣ་གསུམ་དགེ་འདུན་གྱི་ཀུན་དགའ་ར་བའི་ས། ཆོས་ཁྲིའི་ས། རྟེན་སྙིང་ཞིག་པའི་ས་དང་། ཆང་ཚང་དང་མགར་ཚང་། སྨད་འཚོང་མའི་མལ་འོག་གི་ས་རྣམས་ལས་སཙྪ་གོང་བཞིན་བཏབ་ཅིང་མདོག་བཞིར་བསྒྱུར། གསང་ཡིག་མདོག་མཚུངས་གོང་ལྟར་བཅུག དེ་དང་ལྷན་ཅིག་དྲག་སྔགས་ཀྱིས་བསྒྲུབ་པའི་ཡུངས་དཀར་འབྲུ་བཅུ་རེ་ནང་དུ་བཅུག རབ་གནས་གོང་བཞིན་བྱ། ཡུལ་ཕྱོགས་སམ་ས་ཞིང་ཁོལ་བུ་གང་སྲུང་འདོད་པའི་ཕྱོགས་བཞིར་མཐོ་བརྩེགས་པའི་ནང་དུ་སཙྪ་བཅུག་སྟེ། རབ་གནས་བྱ། ཡུལ་གྱི་གཞི་བདག་དང་སྡེ་བརྒྱད་ལ་གཏོར་མ་བཏང་འཕྲིན་བཅོལ་བྱ། མིས་མི་འགོང་བ་དང་ཆུ་ཆར་གྱིས་མི་གནོད་པ་བྱུང་ན། སཙྪ་རྗེན་པར་བཞག་སྟེ་མཐོ་མ་བརྩིགས་ཀྱང་ཆོག འདིས་ལོ་དགྲ་སྤྱི་དང་ཁྱད་པར་འབུ་ཐན་གྱིས་ལོ་དགྲ་རུ་སྲུང་བར་མྱོང་གྲུབ་ཟབ་མོའོ། །ཞེས་དང་།

ཡང་། ལོ་དགྲ་སྲུང་བ་ལས་གནམ་སད་སྲུང་ན། ཨོཾ་ཨཱ་ཿཧཱུཾ་ནཱ་ག་ཤ་ཤ་ཤུ་ཤུ་མུ་ལེ་སྭཱ་ཧཱ། དཀར་གསུམ་མངར་གསུམ་ལ་བཟླས་ནས་ཆུ་མིག་ཀླུ་ཡོད་སར་བླུག སྤྲིན་ཆེན་མདོ་བཏོན་ན་སྤྲིན་འདུས་ནས་སད་མི་འབྱུང་ངོ་ཞེས་ལས་ཐམས་ཅད་པའི་རྒྱུད་ཀྱི་སྔགས་ཟབ་མོའོ། །སྲུང་དཀའ་ན་སྔར་དགུན་དུས་སད་རྟགས་ཤར་བའི་ཧཱུཾ་སད་རྡེལ་དྲུག་ཁྲག་བྱུགས། ས་དང་གནམ་བར་གྱི་སད་འགོང་རྣམས་ཀྱི་ལིང་ག་བྲིས་པ་དང་ལྷན་ཅིག་མནན་སྔགས་གང་རུང་བཅས་སཙྪའི་མཆོད་རྟེན་ནག་པོའི་ཞབས་སུ་མནན་པར་བྱའོ། །

ཡང་། བཙའ་སྲུང་ལ། ཨོཾ་རཏྣ་ཙ་ཏྲི་ན་ཕུད། འདི་ཤུག་པའི་ཕུར་བར་བྲིས། ཨོཾ་གར་ན་ཙ་ཏྲི་ན་ཁྲོལ། འདི་སྟག་པའི་ཕུར་བར་བྲིས། ཨོཾ་གརྦྷ་ར་ན་ཤིག འདི་སྐྱེར་བའི་ཕུར་བ་ལ་བྲིས། ཡེ་དྷར་བརྒྱ་རྩས་རབ་གནས་བྱ། དེ་གསུམ་འགོམ་ཡུག་མ་སོང་བ་རིམ་པར་ཞིང་གི་མགོ་ཞབས་བར་གསུམ་དུ་དོང་གྲུ་གསུམ་རེ་བྲུས་པའི་ནང་དུ་རྡོ་སྒྲོམ་ཆུ་མི་ཐར་བ་དམ་ཆས་བྱས་ལ་སྦས་པས། དེས་བཙའ་ངེས་པར་ཐུབ་སྟེ་རྒྱ་གར་ཨ་ཙ་རའི་མན་ངག་ལག་བླངས་མའོ། །

ཡང་། བཙའ་སྲུང་སྔགས། ཨོཾ་མི་ལི་མི་ལི་ཙ་ཏྲི་སྭཱ་ཧཱ། སྔགས་ལ་གཏོར་བས་ཕན་ནོ། །ཡང་བཙའ་སྔགས། ཨོཾ་ད་ན་ད་ན། ཙི་ལི་ཙི་ལི། ཙུ་རུ་ཙུ་རུ། སུ་རུ་སུ་རུ་སྭཱ་ཧཱ། ཁྲི་གསུམ་བཟླས་ནས་སྙེ་མ་མདུང་རིགས་ཡོང་དུས་བྱེ་མ་ལ་བསྔགས་ཏེ་གཏོར་ན། ཞག་གསུམ་ནས་བཙའ་ཐམས་ཅད་སང་འགྲོའོ། །

ཡང་། སྐམ་བཙའ་ལ། ཆུ་སྣ་ཅི་མང་དང། ཁྱད་པར་དུ་ཆར་ཆུ། གངས་ཆུ། ཆུ་བོ་ཆེན་པོའི་གཞུང་ཆུ། ར་དཀར་མོ་དང་། བ་དམར་བོའི་འོ་མ་ལ་ཀླུ་སྨན་བསྲེས་ནས་གཙང་སྦྲ་དང་བཅས་པས་ངག་བཅད་ལ་སྔགས་འདི་བཏབ་བོ། །ཨོཾ་ཨཱཿཧཱུཾ། བཛྲ་གུ་རུ་པདྨ་སི་དྡྷི་སྭཱ་ཧཱ། ཨོཾ་ནཱ་ག་བུམ་པ་ཤིག ཛཿཏྲ་ཆུམ། བྲབ་རྩད་ནས་དྲོངས། ནཱ་ག་ར་ཙ་ཁ་ཐམ། ཞེས་ཁྲི་འབུམ་སོགས་ཅི་ནུས་བཟླས་པས་བསྒྲུབ། དེ་ནས་ཁྱེའུ་ལོ་བརྒྱད་པ་དང་། བུ་མོ་ལོ་བཅུ་གཉིས་མ་གཉིས་ཀྱིས་ཞིང་རྣམས་ལ་སྔགས་ཆུ་གཏོར། རློན་བཙའ་ལ། གོང་གི་སྔགས་ཆུ་བྱེ་མ་དང་། རིན་པོ་ཆེ་སྣ་ལྔའི་ཕྱེ་མ་དང་བསྲེས་ནས་སྔགས་ཅི་ཡང་བཏབ་ལ། སྐྱེས་པ་ཁྱི་འབྲུག་གླང་ལུག་ལོ་བས་གཏོར། དེ་གཉིས་ཀའང་ཞིང་ས་རྒྱ་ཆེ་བའི་མཐར་ཆགས་སུ་གཏོར་མ་ཐུབ་ན། ཞིང་རེ་རེ་ནས་དབུས་དང་ཕྱོགས་བཞི་གཏོར། དམིགས་པ་ནི། རང་ཐུགས་རྗེ་ཆེན་པོར་གསལ་བའི་ཕྱག་གཡས་མཆོག་སྦྱིན་ལས། བདུད་རྩིའི་ཆུ་རྒྱུན་དཔག་ཏུ་མེད་པ་བབས་པས་ལོ་ཡམས་ཀྱི་ནད་བཙའི་གནོད་པ་ཐམས་ཅད་ཤྭ་འོད་ཆེན་པོས་སྦུར་མ་དེད་པ་ལྟར་བཀྲུས་ནས་ས་རིམ་པ་དགུའི་འོག་ཏུ་སོང་བར་བསམ་ལ། ཡིག་དྲུག་འུར་འདོན་བྱ། སྔགས་ཀྱི་ཁྱད་པར་གཞན་ཡང་། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱྀ། སརྦ་ཁམ་ཡེར་ཁམ་ཡེར་བྱིལ་སྭཱ་ཧཱ། རྫས་གོང་བཞིན་བཏབ་ཀྱང་ཆོག་གོ །

ཡང་། དམིགས་བརྩེ་མའི་བེའུ་བམ་ལས། ཞིང་གི་འབུ་སྲུང་བ་ལ། རྒྱུ་ནི་དཀོན་མཆོག་གི་དཀོར་ཟ་བ་རྣམས་དེར་སྐྱེས་པ་ཡིན་པས། དགེ་སློང་རྣམ་པར་དག་པས་སྨོན་ལམ་བདེན་སྟོབས་བརྗོད་དེ། དགེ་སློང་རྣམ་དག་གམ་བྱང་ཆུབ་སེམས་དཔའི་རྣམ་སྦྱར་ཆོས་གོས་རྒྱལ་མཚན་རྩེར་མཆོད་ན་ཕན། ཞེས་སོ། །

གཞན་ཡང་། མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་ན་ལོ་གླུད་གསེར་སྐྱེམས་འབུལ་ཚུལ་དང་། ལོ་ཏོག་ལ་འབྱུང་བོ་དང་ལན་ཆགས་ཀྱི་ཆོ་འཕྲུལ་འབུ་སྲིན་གྱི་འཚེ་བ་བཟློག་པ། འཕྱི་བ་དང་རི་བོང་སོགས་ཀྱིས་གནོད་པ། བྱིའུས་བྱི་བས་གནོད་པ་བཟློག་ཐབས་ཀྱང་ལོ་ཏོག་ལ་ཕན་པའི་གདམས་ངག་བདུད་རྩིའི་སྙིང་བོ་ཞེས་པར་གསལ་བ་དང་། གཞན་ལོ་ལེགས་ཆོ་ག་དང་། ལོ་ཆོག་སྦྱིན་སྲེག ལོ་རིམ་རྒྱུན་བསང་ལོ་དགྲ་ཚར་གཅོད། ཞིང་ལྷའི་གསོལ་མཆོད་དང་བསྟོད་པ། ལོ་སྲུང་ལོ་རྒྱུས། སེར་བསང་། སེར་སྲུང་གདམས་པ། སེར་ཐོ་བརྩེགས་པ། སད་སེར་ཞི་བའི་གསོལ་འདེབས། སེར་སྲུང་བསང་མཆོད། འབུ་སྲིན་གདུག་པ་ཁ་བསྒྱུར། འབུ་སྲིན་གནོད་པ་ཞི་བའི་བསང་སོགས་ལོ་ཐོག་ལ་ཕན་པའི་བཅོས་ཐབས་སྣ་ཚོགས་ཡོད་དོ། །

དེ་ལས་གཞན། ལྔ་བརྒྱའི་ཐ་མ་ལ་ནད་མུག་མཚོན་གྱིས་འགྲོ་བ་ཉམ་ཐག་ཅིང་། ཁྱད་པར་དུ་ཚེ་ལོ་སུམ་ཅུ་ཁ་རལ་དུ་ཐན་པས་མནར་ཞིང་ཁ་ཆར་བུ་ཡུག་རྒོད་པ། བཙའ་རིགས་བཞི་དང་སད་སེར་འབུ་སྲིན་གྱིས་ལོ་ཐོག་ལ་གནོད་དེ་འབྲུ་དཀོན་མུ་གེའི་བསྐལ་བ་འབྱུང་བར་དམིགས་ནས། སློབ་དཔོན་པདྨ་འབྱུང་གནས་ཀྱིས། བདུད་རྩི་བུམ་ཆུང་ལ་སོགས་ཆར་འབོད་ཀྱི་སྐོར། རྡོ་རྗེ་ཕ་ལམ་ལ་སོགས་བཙའ་སྲུང་གི་སྐོར། ནཱ་ག་འབྲུག་སྒྲ་ལ་སོགས་སད་སྲུང་གི་སྐོར། མེ་ཡི་བྱ་ཁྱུང་ལ་སོགས་སེར་སྲུང་གི་སྐོར། གདུག་པ་འབུ་བསྒྱུར་ལ་སོགས་འབུ་སྲུང་གི་སྐོར། རླུང་གནོན་རི་རབ་ལ་སོགས་རླུང་གནོན་གྱི་སྐོར་སོགས་མང་དུ་ཡོད་པར་བཤད་དོ། །

ལེའུ་ཉེར་བཞི་བ། བཟའ་བཏུང་གི་སྐོར།

དང་བོ། བཟའ་བའི་སྐོར།

རྩམ་པ།

༡ རྩམ་པའི་བྱུང་རིམ། རང་ཅག་གི་ཁ་དཔེར། བོད་མི་རྩམ་གཟན། རྒྱ་མི་འབུ་གཟན། ཞེས་པ་ལྟར། རྩམ་པ་འདི་བོད་མིའི་ཟས་རིགས་ལས་ཁ་ཟས་གཙོ་བོ་ཞིག་ཡིན་པར་མ་ཟད། བོད་ཀྱི་དམངས་ཁྲོད་རིག་གནས་ཀྱི་ཚབ་མཚོན་ལྟ་བུ་ཞིག་ཏུ་འང་གྱུར་འདུག་སྟེ། དཔེར་ན། བོད་ཀྱི་རིག་གནས་ཀྱི་དྲོད་མ་ཡལ་བ་ལ། བོད་ཀྱི་མར་དྲི་དང་རྩམ་དྲི་མ་ཡལ་བ་ཟེར་རོ། །རྩམ་པའི་རྒྱུ་ནས་ཀྱི་བྱུང་རིམ་ནི། བསང་ཡིག་དང་ལྷ་སྒྲུང་སོགས་ལས། སྔོན་གྱི་བསྐལ་བ་དང་བོ་ལ། །སེམས་ཅན་རྣམས་ལ་ཟས་མེད་པས། །སྲིད་པའི་ལྷ་འདྲེ་དབང་ཆེ་བས། །རྒྱལ་བོ་སྤྲེའུ་འོད་དཀར་དེས། །ཧ་རིས་སྤྲེའུ་ལུང་བསྟན་པ། །རྒྱལ་བོའི་སྐུ་ཡི་རིམ་གྲོ་ལ། །འབྲུ་བདུན་མེད་དུ་མི་རུང་བས། །སློབ་དཔོན་དགའ་རབ་རྡོ་རྗེ་ཡིས། །འཕགས་པ་འཇམ་དཔལ་སྤྱན་སྔར་ཞུས། །མཁྱེན་རབ་བདག་པོས་དབང་བསྐུར་བས། །མཁའ་ལྡིང་རྒྱལ་བོའི་མགུལ་བ་ན། །དཀར་མོའི་འབྲུ་བདུན་བླངས་པ་དེ། །དཔྱིད་ཀྱི་དུས་ནི་ཟླ་གསུམ་ལ། །རྒྱལ་བོའི་སྤྲེའུ་ཞིང་ལ་བཏབ། །འབྲུག་གི་སྒྲ་སྐད་དབྱར་དགུན་ཕྱེ། །གློག་གི་ཡང་ལྕེ་མཚམས་སུ་སྤྲད། །དབྱར་ཟླ་གསུམ་གྱི་བར་ནས་འཁྲུངས། །སྟོན་ཟླ་གསུམ་གྱི་བར་ནས་སྨིན། །ཨ་རཱ་ཛམ་ལྷའི་ཕྱག་ཏུ་ཕུལ། །དེ་ནས་དགུན་གྱི་ཟླ་གསུམ་ལ། །འཛམ་བུ་གླིང་དུ་ཁྱབ་པར་སྤྲོས། །སེམས་ཅན་རྣམས་ཀྱི་གསོས་སུ་གྱུར། །མི་རྣམས་ཀུན་གྱི་ཚེ་སྲོག་འཛིན། །གཙང་མའི་ཚུལ་དུ་བྲེ་ལ་འཇལ། །སློབ་དཔོན་དགའ་རབ་རྡོ་རྗེ་ཡིས། །འབྲུ་དེ་རྒྱལ་བོའི་ཕྱག་ཏུ་ཕུལ། །ཞེས་གསུངས་ལ།

བོད་ཀྱི་ལོ་རྒྱུས་མང་བོར་འདི་བྲག་སྲིན་མོ་དང་སྤྲེའུ་བྱང་ཆུབ་སེམས་དཔའ་ནས་སྤྲེའུ་ཕྲུག་བྱུང་འཕེལ་གྱིས་ཤིང་ཏོག་ཟད་དེ། འཕགས་པ་སྤྱན་རས་གཟིགས་ཀྱིས། རི་རབ་ཀྱི་ཁོང་གསེང་ནས་གྲོ་ནས་སྲན་གསུམ་དང་། བྲ་བོ་དང་སོ་བ་ས་ལ་གཏོར་ཏེ་སྐྱེས་ལ། རིམ་གྱིས་ནས་རྒྱུ་བྱས་ཏེ་རྩམ་པ་བྱུང་བར་བཤད། གཞན་ཡང་། བོད་རྒྱལ་གྲི་གུམ་བཙན་པོའི་སྐབས་སུ། གཤིན་རབ་མི་བོ་ཆེས་དམར་མཆོད་རྒྱུན་བཅད་དེ་འབྲུ་དཀར་གྱི་གཏོར་མ་དང་། ཤེ་ཚུ་སྟེ་ཁྲག་སྐྱེམས་ཀྱི་ཚབ་ཏུ་འབྲུ་ཆང་གི་འཐུས་པར་བྱས་ནས་མདོས་ཆོག་གི་སྲོལ་གཏོད་པར་གཞིགས་ན། ནས་ལས་སྣོན་བྱས་ཏེ་ཆང་དང་རྩམ་པ་ཡོད་པར་གྲུབ་ལ། ཐང་ཡིག་ལས་ཀྱང་། སྤུར་རྒྱལ་གྱི་དུས་སུ། ལོ་ཏོག་བྲ་བོ་སྲན་མ་འདེབས། སྒོ་ཕྱུགས་གཡག་རྟ་ཁྱི་ལུག་ཕག་རྣམས་འཚོ། ཡང་ན། བག་ཕྱེ་ལས་སྐྱོ་ར་བྱས་ཏེ་འོ་མ་སོགས་བཏུང་ཞིང་། རྟིང་སོར་དེ་ཡང་ཟ་ཞེས་འཁོད་པ་ལྟར་ན། བོད་རིགས་ཀྱི་རྩམ་པ་དང་གྲོ་ཞིབ་ཟ་བའི་གོམས་གཤིས་ལ་ལོ་རྒྱུས་རིང་། རྩམ་པ་ལ་ཡང་རང་རང་གི་བྲོ་བ་ཕུད་སྟངས་ལ་གཞིགས་ཏེ། ཞིབ་ཆེན། བར་ཞིབ། རྩིང་ཧྲུལ་སོགས་ཞིབ་རྩིང་གི་ཁྱད་པར་མང་ཞིང་། འབྲུ་སྨར་གྱིས་བཏགས་པའི་ཞིབ་ཆེན་གྱི་སྤགས་ནི་བྲོ་བ་ཞིམ་ལ་དྲི་ཡང་ཞིམ་པོ་འཐུལ་བར་བྱེད། ཡང་རྩིང་ཧྲུལ་ནི་ཞོགས་པ་ཇ་ལྟར་བལྡག་པ་དང་། མར་སྤགས་ཟ་བ་ལ་ཤིན་ཏུ་བཟང་། སྲན་ཞིབ་ནི། རྩམ་འགམ་རྒྱག་སྐབས་བཟང་ལ། འབལ་སྲན་ནི་ནས་དང་སྲན་མ་མཉམ་བསྲེས་ཀྱི་རྩམ་པ་ཡིན་སྟབས། འབལ་སྲན་གྱི་སྤགས་ནི་རོ་མངར་བ་སོགས་ཀྱི་ཁྱད་ཆོས་ལྡན།

༢ རྩམ་པ་གྲུབ་སྟངས། རྩམ་པ་ལ་ཡུག་རྩམ﹙ཡུག་གོ་བརྔོས་ཏེ་འཐག་པའི་རྩམ་པ། འདི་དུས་རབས་ཉི་ཤུ་བའི་གྲོན་ཆུང་བྱུང་སྐབས་ཟོས་མྱོང་ཞེས་རྒན་པོ་རྣམས་ཀྱི་ངག་རྒྱུན་ལས་ཐོས། ﹚དང་། གྲོ་རྩམ། ནས་རྩམ། སྲན་རྩམ་སོགས་རིགས་མང་ཡང་། མཆོག་གྱུར་ནི་ནས་དང་སྲན་མ་འདྲེས་མའི་རྩམ་པ་ཡིན། རྩམ་པའི་རྒྱུ་བཟང་ཤོས་ནས་དང་སྲན་མ་ནི། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི ༢༥༠༠ ལྷག་ཟིན་སར་སྐྱེས་པ་ཞིག་ཡིན་ལ། དེ་ཡང་དྲུས་བརྒྱབ་སྟེ་ཕྱེ་མར་འཐག་པའི་ནས་དང་། སྲན་ལྤགས་ཕྱིད་ནས་འཐག་པའི་ནས་རྩམ་མོ། །བརྔོ་ཚུལ་ལ། སོ་སོས་ཐབས་འཕྲུལ་ལ་བསྟུན་དེ་མང་ཡང་། གཙོ་ཆེ་བ་ནི་ས་བརྔོས་དང་། རྡོ་བརྔོས། དམར་བརྔོས་སོགས་ཡིན། དམར་བརྔོས་ལྟ་བུ་ལ་མཚོན་ན། ཐོག་མར་ནས་གཙང་མར་བཀྲུས་རྗེས། ཡུན་ཙམ་བསྐམས་ཏེ། སླ་ངའི་ནང་དུ་ཕྱེ་མ་འོས་འཚམས་ཤིག་བླུགས་ནས་བརྔོས་པ་དེ་ཡིན། ཡོས་བརྔོ་ཚེ་ལྷ་ས་གཞིས་རྩེ་རྫོང་དུ་ཡོས་བརྔོ་གླུ་ཡང་ལེན་སྲོལ་ཡོད་དེ། ཨབ་ཟ་ལེགས་པོའི་དཀྱིལ་ལ། །ནག་པོའི་ཨོ་རོག་མ་གཏོང་། །ནག་པོའི་ཨོ་རོག་བྱུང་ན། །གནས་ཚང་ཨ་མས་ལབ་ཡོང་། །བསྐྱར་བསྐོར་དཔོན་པོའི་བཀའ་རེད། །ཡང་བསྐོར་བསྐྱོན་པ་མ་གནང་། །སྲོད་ལ་སྲོད་གླང་འགྱུར་ཞོག །སྲོད་གླང་དམར་བོ་འགྱུར་ཤོག །ཡོས་གཞོང་འགྱོང་དགོས་ཡོད་དོ། །གྲུ་བཞི་འགྱོང་དགོས་ཡོད་དོ། །ཡོས་དེ་ལེགས་པོའི་དཀྱིལ་ལ། །ནག་པོ་ཨོ་རོག་མ་གཏོང་། །ནག་པོ་ཨོ་རོག་བཏང་ན། །ཆུང་བདག་རོགས་མོས་ལབ་ཡོང་། །ཆུང་བདག་རོགས་མོ་མ་འགྱུར། །རོགས་མོས་སེམས་པ་མ་འགྱུར། །གལ་སྲིད་འགྱུར་བ་བྱུང་ན། །དམ་པའི་ཆོས་ལ་འགྱུར་ཤོག །ཨབ་ཟ་ལེགས་པོའི་དཀྱིལ་ལ། །ནག་ཆུང་ཨོ་རོག་མ་གཏོང་། །ནག་ཆུང་ཨོ་རོག་བྱུང་ན། །ཨ་མས་བཀའ་བཀྱོན་གནང་ཡོང་། །ཡོས་ལ་ནག་བཙོག་མ་གཏོང་། །ཨོ་རྒྱན་པདྨའི་ཚོགས་ཡོས། །ཞེས་སོ། །

༣ འཐག་ཚུལ། རྡོ་ཆས་གསར་རྙིང་གི་དུས་རབས་སུ་རྡོ་གཞོང་ནང་དབུར་རྡོས་ཕྱེ་མར་བཏུལ་བ་དང་། དེ་ནས་རྡོ་ཡི་ལག་བསྐོར་འདི་སྤྱོད་སྒོ་མང་བ་ཡིན་ཏེ། དམངས་ཁྲོད་ཀྱི་ལྡེའུ་ཚུན་ཆད་ནའང་། མཛོ་མོ་སྔོན་མོ་རྭ་ཡས་མ། རྩིད་པ་དཀར་བོ་འཇོལ་ལོ་ལོ། །ཞེས་ཟེར་བ་དེ་ཡིན་ལ། རིམ་གྱིས་ཆུ་འཐག་བྱུང་བ་ཡིན་ཏེ། རྒྱལ་རབས་གསལ་མེར། རྒྱ་བཟའ་བོད་དུ་ཕེབས་སྐབས། ལྡན་མ་བྲག་ལ་ལྷ་བརྐོས་པ་དང་། ཕུང་བོ་རི་ལ་ལམ་བཅོས་པ། རི་དྭགས་བཟུང་ནས་འོ་མ་འཇོ་བ། ཁམས་ཀྱི་པདྨ་གཤོངས་སུ་ཤྭ་བ་བཟུང་སྟེ་ཞིང་རྨོ་བ་དང་། རང་འཐག་ཆུ་འཁོར་འཛུགས་པ་སོགས་བྱས་པར་གསུངས་ཡོད་པ་ལྟར། ཆུ་འཐག་ནི། རྡོ་གོར་གོར﹙མཆིག་དང་མཆིག་གུ﹚ཆ་གཉིས་ལ་བུ་ག་ཅན། ཐུར་ཆུ་འབབ་ཤེད་ཀྱིས་བསྐོར་ལ། ནས་ཁུང་ནས་རྡོ་བར་བརྒྱུད་ཕྱེ་མར་འཐག་སྟེ་མཆིག་མཐའ་ནས་དཀར་ལམ་མེ་རྩམ་པ་འབབ་པ་དེ་ཡིན་ལ། དམངས་ཁྲོད་ཀྱི་ལྡེའུ་ལའང་། བྲག་ཐོག་ལུ་གུ་རྩེ་རྩེ། བྲག་ཞབས་ཁ་བ་འབབ་འབབ། ཟེར་རོ། །ཡང་ཆོ་ག་ཁག་ཏུ། རང་འཐག་ལ་སྲུང་བའི་ལྷ་ཡང་ཡོད་པར་འདོད་དེ། ཀརྨ་ཆགས་མེད་ཀྱིས། རང་འཐག་རུས་སྦལ་རྒྱ་བོ་འདི། །རུས་སྦལ་ཁ་འཐམ་མ་བྱུང་ཞིག །འཚོ་བ་གཡོན་སྐོར་བྱེད་དུས་སུ། །ལྟས་ངན་ཁྲག་ཏུ་མ་འབེབས་ཤིག །ལོངས་སྤྱོད་ཕྱེ་རྒྱུན་མ་ཆད་ཅིག །ས་བདག་ཀླུ་གཉན་མགོན་གཡང་དང་། །ཕྭ་ལྷ་གཡང་ལྷ་བཟའ་བཏུང་ལྷ། །རང་འཐག་འདི་ལ་སྲུང་དུ་གསོལ། །ཞེས་གསུངས་ཡོད་དོ། །

རང་འཐག་ཆུ་འཁོར་གྱི་རྩམ་པ་འཐག་སྟངས་ནི། རྡོ་གོར་གོར་ཆ་གཉིས་བུ་ག་ཅན། །ཆུ་གཙང་བོས་བསྐོར་ཏེ་འུར་འུར་འཁོར། །ནས་ཁུང་བུ་ནང་ནས་རྡོ་བར་བརྒྱུད། །ཁངས་དཀར་བོ་འདྲ་ཞིག་མཐའ་ལ་འབབ། །དཀར་ལམ་ལམ་ཕྱེ་རེ་བབས་པ་དེ། །ཕྲ་ཞིབ་མོའི་ཚགས་མས་འབྲུ་ཤུན་བཀར། །མངར་འཇམ་པོའི་ཟས་འདིར་ནུས་བཅུད་ཆེ། །ཟེར་བས་ཤེས་སོ། །

རིམ་གྱིས་སྤྱི་ཚོགས་འཕེལ་རྒྱས་དང་བསྟུན་ཏེ། གློག་འཐག་སོགས་བྱུང་བ་ཡིན། འོ་ན་སྔ་མ་སྔ་མའི་སྦྲང་དཀར་རྩམ་པའི་ནུས་བཅུད་དང་བྲོ་བ་སོགས་ཕྱི་མ་ཕྱི་མས་དོ་ཟླ་མེད་དོ། །ནག་ཆུ་རྫོང་དུ་རྩམ་པ་མཆིག་ལ་འཐག་ཚེ། རྩམ་པ་འཐག་གླུ་ཡང་ལེན་སྲོལ་ཡོད་དེ། ནས་དཀར་མོའི་ཕ་ཡུལ་ལྷོ་ན་རེད། །མཆིག་གི་ཕ་ཡུལ་དགའ་ལྡན་རེད། །ང་བུ་མོའི་གནས་ཡུལ་བྱང་ཐང་རེད། །ངེད་གསུམ་པོ་མཉམ་དུ་འཛོམས་ལེ་དེ། །ཚེ་སྔོན་མའི་བསགས་སྦྱངས་ལས་ཀྱིས་རེད། །ད་མཐུན་མཐུན་བྱོས་ཤོག་ཨ་མཐུན་རོགས། །ཁྱོད་ཡང་ཡང་བྱེད་ཤོག་རྡོ་མཆིག་ཨ། །ཁྱོད་ཧྲག་ཧྲག་མ་བྱེད་དཀར་མོ་ནས། །ངས་མགྱོགས་མགྱོགས་བྱེད་འོང་ཨ་མཐུན་རོགས། །ལས་དེ་གསུམ་འགྲིག་ན་རྟེན་འབྲེལ་ཆེ། །ཚེ་ལུས་ཕུང་གསོ་བའི་དགེ་བ་ཡོད། །མི་ངོ་བསྟོད་བྱེད་པའི་ནུས་པ་ཡོད། །ངེད་སྤུན་གསུམ་ལས་ལྷག་ཅི་ཡང་མེད། །ཅེས་སོ། །

༤ རྩམ་བཟོས་ཟས་རིགས། ༡ རྩམ་པ། བོད་ཀྱི་རྩམ་བཟོས་ཟས་རིགས་ལ་ཧ་ཅང་མང་ཡང་། མར་ཆུར་སྲན་གསུམ་སྤྲུས་ཏེ་བཟའ་བའི་རྩམ་པ་དེ་ལོ་རྒྱུས་རིང་ཞིང་ཟས་མཆོག་ཅིག་ཡིན། ཁ་དཔེ་ཡང་། མར་རྩམ་པས་བྲོ་བ་མ་ཕུད་ན། །སྐོམ་མི་འཐུང་ཇ་ལོ་ནག་ཁུ་ཡིན། ཟེར་ལ། དེ་ཡང་དེ་དག་གི་གྲུབ་སྟངས་ཐད། རྩམ་པའི་བྱུང་བ་བརྗོད་ཟིན་ལ། རྩམ་པ་བཟའ་ཐབས་ནི། གོང་གསལ་མར་དང་ཕྱུར་བ། རྩམ་པ་གསུམ་ཆུ་ཁོལ་ལ་སྤྲུས་ཏེ་བཟའ་བ་དང་། དེ་བཞིན་གཡིས་རྩམ། ཞག་རྩམ། ཚིལ་རྩམ། ཡུག་རྩམ། ཀ་ར་བསྲེས་པའི་ཀར་རྩམ། ཞོ་དང་དར་བ་སོགས་བསྲེས་པའི་སྐྱུར་རྩམ། མར་ཕྱུར་མེད་པའི་སྐྱ་རྩམ་སོགས་ཡོད་ལ། རེ་རེ་ལ་བྲོ་བ་མི་འདྲ་བའི་ཁྱད་ནུས་ལྡན། ༢ ཐུད། ཨ་མདོའི་སྐད་དུ་ཞུན་ཟེར་བ་དེ་ཡིན་ལ། དེ་ལ་གྲོ་ཞུན། ཕྱུར་ཞུན་སོགས་ཡོད། གྲོ་ཞུན་ནི་གྲོ་མ་ཞིབ་མོར་བཏགས་པའི་ཕྱེ་ལ་ཀ་ར་དང་། བུ་རམ། ཞུན་མར། ཙོ་རིལ། རྒུན་འབྲུམ་སོགས་སྦྱར་ཏེ་སྐྱོ་མ་བྱས་ནས་བསྒར་བའོ། །དེ་ནི་ལུས་སྟོབས་ཉམས་པ་ལ་ཧ་ཅང་ཕན། ཕྱུར་ཞུན་ནི། ཕྱུར་བ་ཞིབ་མོ་བྱས་ཏེ་སྦངས་ནས་སྙི་མོར་གྱུར་ཚེ་མར་ཁུ་བླུགས་ནས་དཀྲུགས་ཏེ་བསྒར་བའོ། །མངར་ཞིང་སྤྲི་དཀར་གྱི་རིགས་མང་བས། ལུས་ཁམས་ལ་ཕན་པའོ། །ཨ་མདོ་སོགས་སུ་ལོ་སར་དང་དུས་སྟོན་གྱི་སྐབས་སུ་སྡེར་ཁ་བསྒྲིགས་པ་དང་། ལེགས་སྐྱེས་སུ་ཕུལ་སྲོལ་ཡོད། ༣ སྐྱོ་མ། རྩམ་སྐྱ་དང་ཕྱུར་བ་བསྲེས་ཏེ། སྟེང་དུ་མར་འཕངས་ནས་དཀར་ཡོལ་ནང་དུ་ཇ་བླུགས་ཏེ་དཀྲུགས་པ་ཞིག་ཡིན་ལ། ཡུལ་ལ་ལར་སྐྱོ་མ་བཏུང་སྟེ། རྩམ་ཕྱུར་ལུས་པའི་སྟེང་སླར་ཡང་མར་འཕངས་ཏེ་རྩམ་པ་ཟ་བའང་ཡོད། ༤ ཟན་འཁུར། རྩམ་པའི་ནང་དུ་སྐྱ་མར་བསྲེས་ཏེ་ལག་པས་འཕུར་འཕུར་བྱས་ནས་རྩམ་མར་གཉིས་འདྲེས་སུ་བཅུག་སྟེ་ཟ་བ་ཞིག་གོ །༥ ཟན་ཆང་། རྩམ་པ་ལ་ཆང་རྩི་བཏབ་ནས་བསྙལ་རྗེས། དབྱིབས་ནར་མོ་སོགས་བཟོས་པ་སྟེ། བྲོ་བ་མངར་སྐྱུར་ཅན་ཞིག་ལགས་ལ། བཀྲེས་སྐོམ་གཉིས་ཀ་ལ་ཕན། དབུས་གཙང་ཕྱོགས་སུ་དར་ཁྱབ་ཆེའོ། །༦ མར་ཟན། རྩམ་པའི་བག་ལེབ་བར་ལ། མར་དང་བུ་རམ་སོགས་བླུགས་ཏེ། ཁ་སྤྲོད་བྱས་ནས་བསྐམས་རྗེས། ལམ་རྒྱགས་སོགས་བྱེད་པའི་སྟབས་བདེའི་ཁ་ཟས་ཞིག་སྟེ། དབུས་གཙང་ཕྱོགས་སུ་དར་ཆེའོ། །༧ ཕྱེ་མར། མར་དང་རྩམ་པའི་ནང་དུ་ཇ་བླུགས་ནས་བརྫི་བའི་ཟས་རིགས་ཤིག་སྟེ། སྐབས་འགར་ཀ་ར་འདེབས་པའང་ཡོད། ༨ བརྫིས་རྩམ། མར་ཁུ་བཞུས་ཏེ་ནང་དུ་རྩམ་པ་བཏབ་ནས་སྤྲུགས་རྗེས། ཇའི་ནང་དུ་དཀྲུགས་པའི་གཤེར་ཁུའི་རིགས་ཅན་ནོ། །༩ རྩམ་ཐུག འདི་ནི་གཙང་ཁུལ་གྱི་ས་ཆར་བསྐོལ་བ་ཡིན་ལ། སྔོ་ཚོད་བཙོས་མའི་ནང་དུ་རྩམ་པ་དང་ཚྭ་སོགས་བཏབ་ནས་འཐུང་བ་ཡིན། ༡༠ རྩམ་སྐྱུར་ཐུག་པ། རྩམ་པ་དང་ལུག་ཚིལ། སྐྱུར་བོ་བཅས་མཉམ་དུ་གདུས་པ་དང་། ཛཱ་ཏི་སོགས་རླུང་ནད་ལ་ཕན་པའི་སྨན་བཏབ་སྟེ། ཡང་ཡང་འཕྱར་ཞིང་། འོ་ཇ་ལས་ཅུང་གར་བ་ཞིག ཐོ་རངས་སྐབས་སུ་རྒན་རྒོན་རླུང་ཤས་ཅན་གྱིས་བཏུང་ན་ཕོ་བར་འཇུ་ཞིང་། འབྱུང་ཁམས་དྭངས་ལ། གཉིད་ཁུག་པ་སོགས་ཀྱི་དགེ་མཚན་ལྡན། ༡༡ རྩམ་ཐང་། མར་གསར་རམ་ལུག་ཚིལ་གསར་བས་བརྔོས་པའི་རྩམ་པ་ཉུང་ཙམ་དང་། གོ་ཏོག ཛཱ་ཏི། བཅའ་ལྒ་སོགས་ཤ་རོ་གཙང་མར་བཙགས་པའི་འོ་ཇ་གསར་བསྐོལ་ནང་དུ་བཏབ་སྟེ། བསྲུབས་ཞོར་དུ་ཡང་ཡང་འཕྱར་བའི་རྩམ་ཁུ་དྭངས་མོ་ཞིག ༡༢ དར་རྩམ། དར་བའི་ནང་བརྫིས་པའི་རྩམ་པའོ། །༡༣ ཞོ་རྩམ། ཞོ་ལ་བརྫིས་པའི་རྩམ་པ། ༡༤ རྩམ་འབོལ། ནས་དང་ཟར་མ། སྲན་མ་སོགས་འབྲུ་སྣ་མི་འདྲ་བ་འགའ་བརྔོས་ཏེ་བསྲེས་ནས་བཏགས་པའི་ནང་། སིལ་སྐམ་དང་ཚྭ་གཡེར་སོགས་བསྲེས་ནས་བཏུང་བ་ཞིག་གོ །༡༥ གྲོ་མའི་རྩམ་པ། གྲོ་མ་བཙས་ཏེ་མར་ཕྱུར་རྩམ་པ་ཀ་ར་བཅས་བསྲེས་ཏེ་བརྫིས་པ་ཞིག་གོ །༡༦ རྩམ་གྲོ་བཏུམས། གྲོད་པུ་བཤུར་བའི་ཁུག་ལ་རྩམ་པ་དང་། འཛིམ་བུ་བཏུམས་པར་ཚྭ་གཡེར་སོགས་བཏབ་སྟེ། ཆིག་དྲིལ་བྱས་ནས་སྐུད་པས་བསྡམས་ནས་བཙོས་པ་ཞིག ༡༧ སྟར་ཐུད། སྟར་ཀ་དང་ཆང་འབྲས་གཉིས་བསྲེས་ཏེ། ཞིབ་མོར་འཐག་པའི་ནང་། རྩམ་པ་ཉུང་ཙམ་དང་། ཙོ་རི་ཀ་ར་སོགས་བསྲེས་ནས་བཟོས་པ་ཞིག ༡༨ ཡོས་རྩམ། ཡོས་ཁྲའི་ནང་ལ་མར་འཕངས་ཏེ་བརྫིས་པ་ཞིག་གོ །༡༩ ཚྭ་རྐོང་། རྩམ་པ་ཅུང་ཟད་སྙི་མོ་བརྫིས་ཏེ། ཙོང་སྒོག་དང་། དམར་ཁ་ཚ་བསྒྲུངས་ནས། རྩམ་པའི་ཚ་རྐོང་ནས་བཅུས་ཏེ་ཟ་བ་ཞིག ༢༠ དར་རྩམ་མར་བརྫིས་མ་ནི། དར་བའི་ནང་རྩམ་པ་བཏབ་སྟེ་བརྫིས་རྗེས་ནང་དུ་མར་བཅུག་སྟེ། རྫི་བོ་སོགས་ཀྱིས་ཉིན་རྒྱུན་ཟ་བ་ཞིག་གོ །

༥ རྩམ་པ་དང་བོད་ཀྱི་རིག་གནས་བར་ཀྱི་འབྲེལ་བ། རྩམ་པས་ཡི་དམ་ཆོས་སྲུང་དང་། ཡུལ་ལྷ་གཞི་བདག་རྣམས་ལ་གསོལ་མཆོད་ཕུལ་བའི་སྐབས་སུ། ལྷ་སྲུང་སོགས་ཀྱི་གཏོར་རྫས་ལ། དབྱིབས་གཟུགས་མི་འདྲ་བའི་བཅའ་སྟངས། མཚོན་དོན། ཕན་ཡོན་སོགས་གཏོར་མའི་རྣམ་བཤད་རྣམས་སུ་ཞིབ་ཏུ་ལྟོས་དང་། རྩམ་པ་དང་བོད་ཀྱི་རིག་གནས་བར་གྱི་འབྲེལ་བ་དེ་དམ་ཟབ་ཡོད་པ་མཐོང་ཐུབ་པ་དང་། རིག་གནས་འདི་ལ་རྒྱབ་ཁབ་གཞན་གྱིས་ཀྱང་ཁྱད་མཚར་དུ་འཛིན་ཏེ། རྒྱ་གར་རྒྱལ་བོ་ཨག་བྷར་གྱིས། རྒྱ་གར་བ་ཞིག་ལ་བོད་དུ་ངོ་མཚར་བའི་ལྟད་མོ་ཅི་མཐོང་དྲིས་པས། བླ་མ་རྣམས་ཀྱིས་ཟན་དང་མར་ལས་བྱས་པའི་གཏོར་མ་བྱ་བ་ངོ་མཚར་ཅན་ཞིག་མཐོང་ཚུལ་དེབ་དཀར་ལས་བཤད་པ་ལྟར་རོ། །གཞན་ཡང་། གདབ་ལས་སྐབས་སུ་ཟན་གཏོར་སྣ་ཚོགས་དགྲ་བགེགས་འདུལ་བྱེད་དང་། དམ་ཉམས་དགྲ་བོ་ཉ་བུག་སོགས་ཀྱི་གཟུགས་དང་། མདོས་གླུད་ཀྱི་ཚེ་ཟན་གྱི་སྲོག་ཆགས་སྣ་ཚོགས་ཀྱི་གཟུགས་དང་། ངར་མི་ཏིང་ལོ་སོགས་དང་། ལན་ཆགས་བུ་ལོན་ལ་གཏོར་མགྲོན་དུ་རིལ་བུ། ཆངས་བུ་སོགས་འབུལ་བ་དང་། ལོ་སར་དང་གསོལ་སྟོན་གྱི་མཛད་སྒོར། གྲོ་སོ་ཕྱེ་མར། གསོལ་མཆོད་ཀྱི་སྐབས་སུ་བསང་རྩམ་དང་། བཀྲ་ཤིས་པའི་ཚབ་མཚོན་རྩམ་རྩེད་བྱེད་པ་སོགས། རྩམ་པས་བོད་ཀྱི་རིག་གནས་ཐད་ལ་གོ་གནས་གལ་ཆེན་ཞིག་བཟུང་ཡོད།

༦ རྩམ་པའི་དགེ་མཚན། བོད་རྩམ་ནི། བཟོ་བདེ་དང་སྤྱོད་བདེ། ཉར་བདེ་དང་འཁྱེར་བདེ་སོགས་ཀྱི་ཁྱད་ཆོས་ལྡན་པས། ཁ་དཔེར་ཡང་། ཟས་གཅིག་ཐུབ་སྦྲང་དཀར་རྩམ་པ། གོས་གཅིག་ཐུབ་ཕྱིང་དཀར་ཆུ་ལྭ། ཞེས་དང་། དམངས་གཞས་ལས་ཀྱང་། ཟས་གཅིག་གིས་རྒྱལ་ཁམས་སྐྱོང་ནི་བོ། །དཔེ་བཞག་ན་སྦྲང་དཀར་རྩམ་པ་རེད། །ཟེར་བར་མ་ཟད། ལྟོགས་ཁྱག་ཆེ་ལ་རོ་བཅུད་ལྡན་པ་ཡིན། ཁྱད་པར་དུ། གསོ་རིག་རྒྱུད་བཞི་ལས། རྩམ་པ་གྲང་མོ་སྟོབས་བསྐྱེད་ལྕི་བ་ཡིན། །བཙོས་ཟན་ཡང་ལ་འཇམ་པས་འཇུ་བ་སླ། །ཁོངས་བོ་ཐམས་ཅད་ཕོ་བའི་མེ་དྲོད་འཛོམས། །ཨ་སྦྱར་འཇུ་སླ་སྟོབས་འཕྲོག་ཉེས་ཀུན་སེལ། །ཟན་ཆང་རླུང་སེལ་ཁོང་བའི་དྲོད་ལ་ཕན། །ཞེས་དང་། གཞན་ཡང་། ནད་བརྒྱ་སྨན་གཅིག་རྩམ་པ་ཡིན། བཤད་པ་ལྟར། ནད་རིགས་ཀྱི་གཉེན་པོ་འགྲོ་བ་མང་སྟེ། གག་ལྷོག་གཟེར་གསུམ་དང་། གཉན་དང་རླུང་ནད། སྙིང་དང་དྲེག་ནད། གྲུམ་བུ་དང་ཆུ་སྐྲངས་སོགས་ཀྱི་གཉེན་པོར་འགྲོ་བ་གསོ་རིག་ལས་འབྱུང་བ་དང་། དམངས་ཁྲོད་དུ་འང་། རྩམ་སྐྱ་བརྫིས་ཏེ་ཟོས་ན་ཆམ་ནད་ལ་ཕན་པ་དང་། ལུས་སྟེང་དུ་རྩམ་སྐྱ་བྱུགས་ན། བ་སྤུའི་ཁུང་སྒོ་བཅད་དེ་དྲོད་ནང་དུ་བསྐྱིས་ན་རླུང་ནད་འཇོམས་པ་སོགས་ཕན་ནུས་རྒྱ་ཆེར་ལྡན་ནོ། །

མར།

༡ མར་གྱི་བྱུང་བ་དང་རྣམ་གྲངས། མར་ནི་འོ་མ་བསྲུབས་པའི་སྙིང་བོ་སྟེ། སྐྱ་མར་དང་འབྲི་མར་སོགས་མང་ཡང་། འབྲི་མར་སེར་བོ་ནི་དྲི་ཞིམ་ལ་རོ་བཅུད་ལྡན། དེ་ནི་འབྲི་དང་མཛོ་མོ་སོགས་ལས་འོ་མ་བཞོས་ནས། དེ་བསྲུབས་པ་ལས་བྱུང་བ་ཡིན་ཏེ། སྤྱོད་འཇུག་ལས། དམ་ཆོས་འོ་མ་བསྲུབས་པ་ལས། །མར་གྱི་ཉིང་ཁུ་བྱུང་བ་ཡིན། །ཞེས་དཔེ་དོན་སྦྱར་བ་དང་། ཁ་དཔེར་ཡང་། བརྒྱ་བཤད་ཚིག་གི་རྩ་བ། །སྟོང་དཀྲུགས་འོ་མའི་མར་ལོ། །ཞེས་བཤད་པ་ལས་མར་ཇི་ལྟར་བྱུང་བ་རྟོགས་ཐུབ། མར་ནི་རང་ཅག་གི་གནའ་སྔ་མོ་ནས་ཁ་ཟས་དང་། ཡང་ན། མར་གྱིས་སྨན་ལས་བྱེད་པའི་གོམས་གཤིས་ཡོད་དེ། དཔེར་ན། རྒྱུད་བཞིའི་གསོ་རིག་མ་དར་གོང་ནས། རྨ་གསར་ལ་མར་ཁུ་བཏང་ནས་རྩ་ཁ་སྡོམ་པ། སྦྲང་མའི་འཇིབ་བྱེད་ལ་སོགས་པ་ཀློ་དང་བོད་དུ་མི་ཆགས་པ་ནས་ཡོད་པར་གསོ་རིག་སྨན་གྱི་ཁོག་འབུགས་སུ་གསུངས་སོ། །མར་གྱི་ཁ་དོག་གི་ཆ་ནས་ཡང་། ར་མར་རམ་དགུན་དཔྱིད་ཀྱི་བ་དང་འབྲིའི་མར་དཀར། བསྲུབས་མ་ཐག་པ་ལས་བཏོན་པའི་མར་སྐྱ་རྫི། དབྱར་སྟོན་གྱི་དུས་སུ་སྨན་སྣ་དང་མེ་ཏོག་སྣ་ཚོགས་ཟོས་པར་བརྟེན། འབྲི་མར་སེར་བོ་སོགས་ཡོད་ལ། དེ་རྣམས་ཀྱི་ནང་ནས་འབྲི་མར་ནི་མདོག་མཛེས་ལ་རོ་བཅུད་ལྡན། ལྷག་པར་དུ་འབྲི་ཡར་མའི་འོ་མ་དཀྲོགས་པའི་མར་ནི་བཅུད་ཆེ་ལ་ལུས་ཁམས་ལ་ཧ་ཅང་ཕན་ནོ། །

༢ མར་དང་འབྲེལ་བའི་ཟས་རིགས། ༡ མར་གོར། མར་ཁུ་ལ་བཙོས་པའི་འཁུར་བ། ༢ མར་ཆང་། ནས་ཆང་བཟང་བོའི་ནང་དུ་བུ་རམ་དང་། སྦྲང་རྩི། མར་ཞུན། གོ་སྙོད། པི་པི་ལིང་ཞིབ་བུར་བཏགས་པ་བཅས། སྣོད་ནང་དུ་སྦྱར་ནས་འཇམ་ཙམ་བསྲེས་ལ། ཞག་གསུམ་དྲོ་སར་མནན་ནས་ལངས་པའི་ཆང་སྟེ། བཏུང་ན་གྲང་རླུང་སོགས་སེལ་བ་ཞིག་གོ །༣ མར་ཞོག ཤུན་པ་བཤུས་པའི་ཞོག་ཁོག་ཏུ་ཚྭ་ཙོང་སོགས་བསྲེས་ཏེ་མར་ཁུའི་ནང་བརྔོས་པ་དེའོ། །༤ མར་ཐུད། མར་བསྲེས་པའི་ཐུད་དེ། མར་ནི་ཐུད་ཀྱི་རོ་བཅུད་འདོན་པའི་གཙོ་བོ་ཡིན། ཁ་དཔེར་ཡང་། ཐུད་ཞིམ་པ་མར་གྱི་དྲིན། སྔགས་ཟབ་པ་མདོ་ཡི་དྲིན། ཞེས་དང་། ཐུད་ཞིམ་ཞིམ་ཞོ་ཡི་བཅུད﹙སྐབས་འདིར་ཞོ་ནི་འོ་མ་སྟེ་བྱིས་པས་འོ་མ་འཐུང་པའི་ཆ་ནས་ཞོ་འཐུང་ཟེར་བ་ལྟ་བུས་མཚོན﹚ཡིན། །ངོ་དམར་དམར་མར་གྱི་དྲིན་ཡིན། །ཞེས་ཟེར་རོ། །༤ གཞན་ཡང་། མར་ཇ། མར་བརྔོས་ཤ་མོ་དང་སྒོ་ང་། མར་ཉོག མར་རྩམ། མར་ཚོད་སོགས་མང་ངོ་། །༥ མར་གྱི་ཕན་ནུས་ནི། དེ་ལ་མར་གསར་བསིལ་ཞིང་རོ་ཙ་བ། །མདོག་སྟོབས་སྐྱེད་ཅིང་མཁྲིས་ཚད་སེལ་བར་བྱ། །མར་རྙིང་སྨྱོ་དང་བརྗེད་བྱེད་བརྒྱལ་རྨ་འཚོ། །ཞུན་མར་བློ་རྣོ་དྲན་གསལ་དྲོད་སྟོབས་བསྐྱེད། །ཚེ་འཕེལ་སྣུམ་པའི་མཆོག་སྟེ་ལས་སྟོང་བྱེད། །ཕྲུམ་གསར་སྤྲི་དང་ཕྱུར་བ་ལ་སོགས་པ། །དང་ག་ལེན་ཞིང་རྟུག་སྐེམ་བད་ཀན་སེལ། །ཟོ་མར་བད་རླུང་སེལ་ཞིང་མེ་དྲོད་སྐྱེད། །འབྲི་དང་ལུག་སྨན་དེ་བཞིན་གྲང་རླུང་སེལ། །མཛོ་མར་ར་མར་བསིལ་བས་རླུང་ཚད་སེལ། །ཞེས་སོ། །

ཕྱུར་བ།

༡ ཕྱུར་བའི་བྱུང་བ་དང་རྣམ་གྲངས། ཕྱུར་བ་ལ། མངར་ཕྱུར། སྔོ་ཕྱུར། སྐྱུར་ཕྱུར། སྐྱ་ཕྱུར་སོགས་ཡོད། མངར་ཕྱུར་ནི་སྤྲི་མར་དང་བཅས་པའི་བསྐོལ་ནས་བླངས་པ་དང་། སྔོ་ཕྱུར་ནི་དར་བ་བསྐོལ་ཏེ་བླངས་པ་དང་། སྐྱུར་ཕྱུར་ནི། དར་བ་ཡུན་རིང་བསྐོལ་ནས་བླངས་པ་དང་། སྐྱ་ཕྱུར་ནི། ཕྱུར་ཁུ་དང་སྔོ་ཁུ་ཡུན་རིང་བསྐོལ་ཏེ་བཏོན་པ་ཡིན་ལ། སྔ་མ་སྔ་མ་མཆོག་ལ་ཕྱི་མ་ཕྱི་མ་ཞན་པའོ། །

༢ ཕྱུར་བ་དང་འབྲེལ་བའི་ཟས་རིགས། ༡ ཕྱུར་བ་དཔལ་འཛོམས། སུར་པན་གང་བུ་དང་། བསོད་ནམས་དཔལ་འཛོམས། ཚྭ་བཅས་སྒོག་དྭངས་སུ་བསྒྲུངས་བར་ཕྱུར་བ་བསྲེས་ནས་སྤགས་དང་མཉམ་དུ་བཟའ་བ་ཞིག་སྟེ། དབུས་གཙང་དུ་དར་སོ་ཆེའོ། །༢ ཕྱུར་བ་ཤ་བརྔོས། ཕྱུར་བ་དང་སུར་པན། ཕོ་བ་རིས། འུ་སུ། སྲན་ཁུ། སྐམ་ཤ་སྣུམ་གང་རུང་དུ་བརྔོས་པ་ཞིག ༣ ཕྱུར་ཐུད། ཕྱུར་བའི་ནང་ཆུ་ཅུང་ཙམ་བླུགས་ནས། མར་འཇམ་རྡོག་ཙམ་རྡོག་ཙམ་བཟོས་པར་བུ་རམ་སོགས་བསྲེས་ཏེ། བརྫིས་ནས་དབྱིབས་སྣ་ཚོགས་སུ་བཟོ་བ་ཞིག་སྟེ། ཁམས་ཕྱོགས་སུ་དར་སོ་ཆེའོ། །༤ ཕྱུར་རིལ། ཆུ་གྲང་མོའི་ནང་ཕྱུར་རིལ་དང་། གྲོ་ཕྱེ། སུར་པན། ཚྭ་མར་བསྲེས་ཏེ་ཡང་ཡང་དཀྲུགས་ནས་བསྐོལ་བ་ཞིག་གོ །༥ ཕྱུར་ཐུག ཕྱུར་བ་རགས་མོའི་ནང་དུ་ཕྱེ་ལེབ་བརྔོས་མ་དང་། ཟར་མ་བརྔོས་ཏེ་ཞིབ་ཏུ་བརྡུངས་ནས་མར་སོགས་བསྲེས་ནས་བསྐོལ་བ་ཞིག་སྟེ། འདི་བསྙུང་གནས་མཇུག་ཏུ་ཐོ་རངས་དུས་སུ་འཐུང་བས་ན་ཐོ་ཐུག་ཡང་ཟེར། ༦ ཕྱུར་རྩམ། མར་ཕྱུར་རྩམ་གསུམ་བསྲེས་ཏེ་བརྫིས་པའི་རྩམ་པའོ། །

གོང་གསལ་འདི་དག་ནི་གདོད་མ་ནས་བོད་ཀྱི་འཚོ་བ་དང་འབྲེལ་མེད་དུ་གནས་ཤིང་། ད་ལྟ་ཡང་བོད་ཀྱི་ཐུན་མིན་གྱི་བཟའ་བ་ཁྱད་པར་ཅན་ལ་བརྩི་བས། ངལ་བ་ལ་མ་འཛེམས་པར་བྲིས་པ་ཡིན། ཤའི་ཁ་ཟས་ནི་འདིར་འབྲི་བའི་ངལ་བ་མ་བྱས་པས། གཞན་དུ་ཤེས་པར་བྱའོ། །

གྲོ་མ།

༡ གྲོ་མའི་དགེ་མཚན། གྲོ་མའི་ཁ་ཟས་ནི་མིས་རྩོལ་བ་ལ་མ་བརྟེན་པར། རང་བྱུང་གིས་སྐྱེས་པའི་ཁ་ཟས་མཆོག་གྱུར་ཞིག་སྟེ། དེ་ནི་བོད་ཟས་ཀྱི་ཚབ་མཚོན་ལྟ་བུ་ཞིག་དང་། ཡང་ན། རྒྱལ་ཁམས་བསྐོར་བའི་ཕོ་རྒོད་ཚོ་རང་གི་ཕ་ས་ཕ་ཡུལ་མི་བརྗེད་པའི་སྐྱེས་སུ་བསྐུར་བའམ། སྐྱེས་ཆེན་དམ་པ་རྣམས་འཁྲུངས་དུས་སུ། ཟས་ཀྱི་ཐོག་མ་གྲོ་མ་འདི་བཞེས་སྲོལ་ཡོད་པ་ལོ་རྒྱུས་སོགས་སུ་གསལ། ཁྱད་པར་དུ་བཅུད་ལྡན་བྲོ་བ་ལྡན་པའི་ཁ་ཟས་ཤིག་ཡིན་པས། དམངས་ཁྲོད་དུ་ཟུར་ཟའི་ཚུལ་དུ། བླ་མ་གྲོ་མ་མི་བཞེས་པ། ཕོ་སྐྱེས་དར་བ་མི་འཐུང་བ། ཞེས་བཤད་སྲོལ་ཡོད་པར་མ་ཟད། དུས་སྟོན་གྱི་མཛད་སྒོ་ཁག་ལ་ཡང་ཟས་ཀྱི་དང་བོ་གྲོ་མ་འདྲེན་པ་ཡིན། གཞན་ས་བཅུད་དང་། ས་ཆུ་མ་འཕྲོད་པས་ཟོས་ན་འབྱུང་ཁམས་བདེ་བ་དང་། ཚ་འཁྲུ་སོགས་ལ་ཕན་པ་ཡིན་ནོ། །

༢ གྲོ་མ་གསལ་བཤད། གྲོ་མ་ནི། ལོ་མང་སྐྱེས་པའི་ས་ཉལ་རྩ་ལྡུམ་ཞིག་སྟེ། གཞུང་རྟ་ཕྲ་ལ་མདོག་དམར་ནག་ཡིན། རྩ་བ་ཕྲ་མོའི་སྣེ་ལ་རྡོག་པོ་འཇོང་འཇོང་ངམ། རིང་མོ། རིལ་བུ་སོགས་སུ་ཐོགས་ལ། ཟ་ཆོག་པར་མ་ཟད་སྨན་ཡང་བྱེད་ཆོག ས་ཅུང་མཐོ་བའི་རོང་མ་འབྲོག་གམ་འབྲོག་ཕྱོགས་སུ་སྐྱེས་ལ། མདོག་དམར་ལ་གྲོ་ལོ་ས་སྟེང་དང་གྲོ་མ་ས་འོག་ཏུ་ཡོད་པ་སྟེ། ཁ་དཔེ་ཡང་། གྲོ་མ་གཏིང་ན་མེད་ན། །གྲོ་ལོ་ཁ་ལ་མི་ཐོན། །ཞེས་དང་། ཟས་ཞིམ་པོ་གྲོ་མ་དམར་ཆུང་རེད། །ཆགས་བཞག་ན་ས་ཞབས་ལྡུམ་བུ་རེད། །ཅེས་ཟེར་རོ། །གྲོ་མ་ས་འོག་ལས་ཐོན་དུས་སྒང་བུ་ཆེ་ལ། དེ་ཉི་མར་ལྡེས་ཚེ་ཇེ་ཆུང་ཇེ་ཆུང་དུ་བྲི་འགྲོ་བས། ཁ་དཔེར་ཡང་། གྲོ་རློན་གཅིག་གིས་མ་བུ་ཁ་ཁར་གཏོང་། ཟེར་བའང་དེ་ཡིན་ནོ། །

༣ གྲོ་མ་དང་འབྲེལ་བའི་ཁ་ཟས། ༡ གྲོ་ཐུག གྲོ་མ་དང་བག་ལེབ་སྲབ་མོ་བརྔོས་ཏེ་དུམ་བུར་གཏུབས་པ་ཕྱུར་བ་དང་། ཟར་མ་བརྔོས་ཏེ་བརྡུང་བ་བཅས་བསྲེས་ཏེ་གྲུབ་པའོ། །༢ གྲོ་རྩམ། གྲོ་མ་བཙོས་མ་དང་། མར་ཕྱུར། རྩམ་པ། ཀ་ར་བཅས་མཉམ་དུ་བརྫིས་པའོ། །༣ གྲོ་འབྲས། གྲོ་མ་དང་འབྲས། མར་ཁུ་དང་ཀ་ར་བཅས་ཀྱི་གྲུབ་པའོ། །༤ གྲོ་ཞུན། གྲོ་མ་བརྔོས་ཏེ་འཐག་པའི་ཕྱེ་མ་དང་། མར་ཀ་ར་སོགས་ཀྱིས་གྲུབ་པའོ། །

འཁུར་བ་འམ་གོ་རེ།

༡ འཁུར་བའི་དབྱེ་བ་དང་བཙོ་ཚུལ། བོད་མིའི་འཁུར་བ་ལ་རིགས་ཧ་ཅང་མང་། གོ་རེ་ཆེ་བ་ལ་གྲོ་ཕྱེ་རྒྱ་མ་ལྔ་བཅུ་ལྷག་གི་བཟོས་པའི་གོར་མོ་ཆེ་དང་། ཆུང་བ་ལ་ལག་མཐིལ་ཙམ་ཡང་ཡོད། གོ་རེ་འདི་ལ་སྣུམ་འཁུར་དང་སྐྱ་འཁུར་རིགས་གཉིས་སུ་དབྱེ་ཆོག སྲེག་པའམ་བཙོད་ཚུལ་སོ་སོའི་ལག་ལེན་ལས་ཤེས་པར་བྱས་ལ། གོ་རེ་འདི་བོད་སྤྱི་དང་ལྷག་པར་དུ་རོང་ཕྱོགས་ལ་མེད་དུ་མི་རུང་བའི་ཟས་རིགས་ཤིག་ཡིན་པས། ཀུན་གྱིས་དེ་ལ་བརྩི་མཐོང་ཆེ་བར་མ་ཟད། དམངས་ཁྲོད་དུ་དེ་ལ་གོར་བཤད་ཀྱང་ཡོད་དེ། དཔེར་ན། འདི་ཆུ་མའི་ཞིང་གཞིར་འདེབས་དུས་ཡག་གི ། རྒྱ་ཟོར་ཝེར་མའི་འབྲེག་དུས་ཡག་གི ། ལོ་ཡག་མཁལ་མ་འགེལ་དུས་ཡག་གི ། གཡུལ་ཁ་གོར་མོའི་ནང་ནས་རྡུང་དུས་ཡག་གི ། རྡོ་རྫི་རྒན་པོས་གོར་གོར་བྱེད་གི ། སྐྱོན་ཅིག་ཟེར་ནས་སྐྱོན་དུས་ན། །གསོམ་པ་ཁེམ་གྱིས་ངུར་རྒྱངས་བྱེད་གི། བདེན་པ་ཐམས་ཅད་སྔུན་ན་བབས་གཟིག །རྫུན་པ་ཐམས་ཅད་གཞུག་ལ་བབས་གཟིག །བདེན་རྫུན་བར་ནས་གྲོ་ཞིག་བླངས་གཟིག །གདན་དཀར་གྲུ་བཞིའི་ཐོག་ལ་བརྡལ་དུས་ཡག་གི ། འཛམ་གླིང་ཉི་མ་བསྐམ་དུས་ཡག་གི ། འཁྱབ་གཞིའུ་གོར་མོའི་ཁ་ལ་བསྐྱི་དུས་ཡག་གི ། རྒྱལ་བོའི་རྡོ་རང་ཁ་ལ་འཐག་གི་འཁྱེར་གཟིག །ཕྱེ་བབས་གཟིག་བབས་གཟིག་ཟེར་དུས་ན། །དགུན་གསུམ་ཁངས་སྐྱ་འབབ་འདྲ་ཡིན། །གཡོས་གཟིག་གཡོས་གཟིག་ཟེར་དུས་ན། །མང་བོ་བུ་གཅེས་བསྙལ་འདྲ་ཡིན་ནོ། །ལངས་གཟིག་ལངས་གཟིག་ཟེར་དུས་ན། །རྒྱ་མཁས་པའི་ཏེན་ལ་ལངས་འདྲ་ཡིན་ནོ། །བཙོས་གཟིག་བཙོས་གཟིག་ཟེར་དུས་ན། །ཤིང་ནགས་ཚལ་ལ་བཏབ་འདྲ་ཡིན་ནོ། །ཚོས་གཟིག་ཚོས་གཟིག་ཟེར་དུས་ན། །ངའི་ལག་པ་གཡོན་མའི་ནང་ཤོད་ན། །མཛུབ་གུ་གསེར་ཐུར་གྱི་རྩེ་མོ་ན། །ཙན་དན་དམར་བོའི་སྡེར་མ་ཡག་གི ། གོ་རེ་བྱ་རྒྱལ་ཁྱུང་ཆེན་ཡག་གི ། ཁ་མིག་མེད་ལ་དགོད་ལ་ཁད། །སྡེར་མོ་མེད་ལ་འཕུར་ལ་ཁད། །ཇ་ཚྭ་རེད་གོ་རེ་ཚིལ་རེད། །རྩམ་པ་སྦང་རེད། མར་མེ་ཏོག་རེད། །ཅེས་སོ། །

༢ འཁུར་བའི་རྣམ་གྲངས། ༡ ཐལ་གོར། ཨོང་བའམ་མེ་ཐལ་ནང་དུ་བསྲེགས་པ་ཞིག ༢ སྐྱ་གོར། བོང་བ་མེ་ནུར་གྱི་ནང་ཚོས་ཐག་ཆོད་པར་བྱས་ནས། གོར་ཚིག་རྣམས་འདྲད་པ་ཞིག གོ་རེ་འདི་ནི་བྲོ་བ་ཞིམ་ཞིང་། བླ་དཔོན་རྣམས་ལ་འབུལ་སྲོལ་ཡོད། ༣ སྐྱ་སྲབ། གྲོ་ཕྱེ་སྲབ་མོར་བརྡལ་ཏེ་སླ་ངའི་ནང་བརྔོས་པ་ཞིག སྐྱ་སྲབ་འདི་འོ་མའི་ནང་དུ་བསྐོལ་བ་དང་། ཡང་ན། མར་ཕྱུར་དང་གྲོ་མ་བཅས་འཕངས་ནས། བསྙུང་གནས་ཀྱི་སྐབས་སུ་ཐོ་ཐུག་བསྐོལ་བའང་ཡོད། ༤ སྤྲི་གོར། བ་འབྲི་སོགས་ཀྱི་སྤྲི་གསར་གྲོ་ཕྱེ་བསྲེས་ཏེ་བསྲེགས་པ་ཞིག ༥ ཁ་རྟེའུ། གཉེན་སྟོན་སྐབས་སུ་རྟེན་འབྲེལ་ཞུ་ཆེད་སྟེར་བའི་ཟུར་གསུམ་ཉིས་མཐུད་ལྟ་བུའི་དབྱིབས་ཅན་ཞིག ༦ ཀ་ར་གོ་རེ། ཕྱེ་དང་ཀ་ར་སོགས་བསྲེས་ནས་བཟོས་པ། ༧ སྒོང་འཁུར། གྲོ་ཕྱེ་ནང་ལ་སྒོ་ང་བསྲེས་ནས་བཙོས་པ། ༨ མངར་གོར། གྲོ་ཕྱེའི་ནང་མངར་ཆ་དང་། སྒོ་ང་འོ་མ་སོགས་བསྲེས་ཏེ། ཆུང་ཞིང་སྲབ་བུར་སྲེག་ནས་བཟོས་པ། ༩ གོ་རེ་སྣ་གཅུ། ཟོག་གི་སྣ་གཅུའི་དབྱིབས་ཅན་དུ་བསྲེགས་པས་འདི་ལ་གོ་རེ་སྣ་གཅུ་ཟེར་ལ། བྱིས་པ་བཙས་ཏེ་བདུན་སྟོན་དང་ཟླ་སྟོན་ལ་རྟེན་འབྲེལ་གྱི་ལེགས་སྐྱེས་སུ་འཁྱེར་བ་ཞིག་སྟེ། དེ་ཡང་བོད་བཙན་པོའི་སྐབས་སུ་གཡུལ་དུ་ཞུགས་སྐབས་ཕོ་རྒོད་ཚོས་ལམ་རྒྱགས་སུ། འཁུར་བའི་དཀྱིལ་དུ་ཐ་གུ་དྲངས་ཏེ་འགྲོ་བའི་དཔེ་ཡོད་པ་གཞི་བཞག་ནས། ཁྱིམ་དེར་བུ་ཞིག་བཙས་ན་སྣ་གཅུ་འཁྱེར་བ་ཡང་དེ་ཡིན་པར་བཤད་པ་བདེན་ཞད་ཡོད་དོ། །༡༠ གོ་རེ་འབའ་སྡུག གྲོ་ཕྱེ་བརྡལ་བའི་ཁུག་ལ་ཟར་མ་བརྡུངས་མ་བླུགས་པའི་གོ་རེ། སྣུམ་བཙོས་དང་སྲེག་བཙོས་གཉིས་ཀ་ཡོད། ༡༡ གོ་རེ་སོ་ལུག གྲོ་སོ་ལུག་བཏགས་ཏེ་གོ་རེ་སྲེག་པ། ༡༢ ནས་ཕྱེ་གོ་རེ། ནས་བཏགས་ཏེ་བཟོས་པའི་གོ་རེ། མདོག་ངན་ཡང་བྲོ་བ་ཧ་ཅང་ཞིམ། ༡༣ གོ་རེ་རླངས་བཙོས། ཁོན་ནང་དུ་རླངས་ཁ་ནས་ཚོས་པའི་གོ་རེ། རེབ་གོང་ས་ཁུལ་དུ་འདི་ལ་ཁོན་ཐོག་ཟེར། ༡༤ གཞན་སྣུམ་འཁུར་གྱི་རིགས་ལ། གོ་རེ་དམར་བོ། སོག་སོག་སོགས་སྣ་ཁ་མང་ཞིང་། དེ་རེ་རེ་བཅའ་སྟངས་དང་། མཚོན་བྱེད། བཀོལ་སྟངས། དུས་ཚིགས་ལའང་ཁྱད་པར་ཡོད་དོ། །

ཉོག

༡ ཉོག་བཟོ་ཚུལ། ཉོག་འདི་ཡང་བོད་དུ་གདོད་མའི་དུས་ནས་དམངས་ཁྲོད་དུ་དར་འཕེལ་ཆེ་བའི་ཟས་རིགས་ཤིག་སྟེ། དེ་ཡང་བྲོ་བ་ཆེ་ལ་མངར་བཅུད་ལྡན། ཉོག་གཡོ་སྟངས་སྤྱི་ནི། ཐབ་ཏུ་མེ་ཚད་རན་པར་བཏང་སྟེ། ཆུ་ཁོལ་ནང་དུ་སྲན་ཕྱེ་འདེབས་ཞོར་དང་དཀྲུགས་ཞོར་བྱས་ནས་གཡོ་དགོས། གཡོ་བསྐོལ་བྱས་རྗེས་དཀར་ཡོལ་དུ་ཁོལ་མ་ཟ་བའམ། ཡང་ན། སྡེར་མའི་ནང་སྐགས་སུ་བཅུག་ནས་སྟེང་དུ་སྒོག་ཆུ་བླུགས་ཏེ་ཟ་དགོས། ཁ་དཔེ་ཡང་། ཤ་ཁོལ་མ་བཟང་། ཁོལ་མ་མིས་མི་སྟེར། ཉོག་འཁྱག་པ་བཟང་། འཁྱག་དབང་རང་གིས་མི་སྟེར། ཟེར་ལ། འདིར་ཉོག་དང་འབྲེལ་བའི་ཟས་རིགས་འགའ་ངོ་སྤྲོད་བྱས་ན།

༢ ཉོག་ཟས་ཀྱི་རྣམ་གྲངས། ༡ དཀར་ཉོག ཕྱེ་ཁུ་ནུར་བོའི་ནང་ཤ་ཚིལ་བཏགས་མ་དང་། ཚྭ་གཡེར་ཙོང་གསུམ་སོགས་བསྲེས་ནས་ཡང་ཡང་དཀྲུགས་རྗེས་དཀར་ཡོལ་དུ་བླུགས་ཏེ། རླངས་བཙོས་བྱས་པའོ། །༢ ཕྱེ་ཉོག ཆུ་ཁོལ་ནང་ཕྱེ་མར་ཕྱུར་གསུམ་དང་། ཚྭ་བཏབ་ནས་གཡོས་སྦྱོར་བྱས་པ་ཞིག་སྟེ། བྲོ་བཅུད་ལྡན་ལ། རྒྱུ་ཚད་ཁོག་པ་བཤལ་བར་ཕན། ༣ སྲན་ཉོག ཆུ་ཁོལ་ནང་དུ་སྲན་ཕྱེ་ལ་མར་འཕངས་ནས་གཡོས་སྦྱོར་བྱས་པ། ༤ འོ་ཉོག འོ་མའི་ནང་གྲོ་ཕྱེ་དང་མར་འཕངས་ནས་གཡོས་པ་ཞིག ༥ ཞོག་ཁོག ཞོག་ཁོག་དང་མར་སྤྲས་པའི་ཉོག ༦ བྲ་ཕྱེའི་ཉོག བྲ་བོ་བཏགས་ཕྱེ་ལ་མར་བསྲེས་ཏེ་གཡོས་སྦྱོར་བྱས་པ། ༧ དར་ཉོག དར་བ་ལ་སྲན་ཕྱེ་དང་གྲོ་ཕྱེ་བཏབ་ནས་གཡོས་སྦྱོར་བྱས་པ། རོ་སྐྱུར་བ་ཞིག ༨ ཉོག་ཐུག ཉོག་གཡོས་སྦྱོར་བྱས་ཏེ། གཞོང་བའི་ནང་དུ་བླུགས་རྗེས་གྲིས་ཆུང་ངུར་གཙབས་ཏེ་དཀར་ཡོལ་དུ་བླུགས་ནས། ཚྭ་སྒོག་གཡེར་གསུམ་སོགས་ཀྱིས་བྲོ་བ་བསྐྱེད་དེ་ཟ་བ་ཞིག་གོ །༩ ཉོག་སྲེག ཉོག་འཁྱག་པ་གཏུབ་ནས། གཡིས་བསྐུས་ཏེ་སླ་ངའི་ནང་སྲེག་པ་དེའོ། །༡༠ གཡིས་ཉོག སྲན་ཕྱེ་དང་གྲོ་ཕྱེའི་ནང་དུ་གཡིས་བླུགས་ནས་གཡོས་སྦྱོར་བྱས་པ་དེའོ། །༡༡ ནས་ཉོག ནས་ཕྱེ་ཆུ་ཁོལ་དུ་བཏབ་ནས་གཡོས་པའི་ཉོག ༡༢ མར་ཉོག མར་དང་སྲན་ཕྱེ་བསྲེས་པའི་ཉོག ༡༣ ཟར་ཉོག ཟར་མ་ཁྲོལ་བུར་བརྡུངས་པའི་སྣུམ་འདག་ཆུ་ཁོལ་ནང་བླུགས་རྗེས། གྲོ་ཕྱེ་འམ་ནས་ཕྱེ་གང་རུང་བཏབ་ནས་གཡོས་པའི་ཉོག ༡༤ ཟྭ་ཅིག་གི་ཉོག ཟྭ་ཅིག་གཙང་མར་བཀྲུས་རྗེས་བསྐམས་ནས་འཐག་རྗེས། སླ་ངའི་ནང་ཆུ་དང་ཤ ཚིལ་དང་ཚྭ། ཟྭ་ཅིག་སོགས་བཏབ་ནས་གཡོས་པ་ཞིག དེ་ནས་ཕྱེ་བརྡལ་ནས་སྐྱ་སྲབ་བཞིན་རྔོད་བླངས་ཏེ་ཁུག་ལ་ཟྭ་ཅིག་གི་ཉོག་བཞག་ནས་བསྒྲིལ་ཏེ་ཟ་བ་ཞིག ༡༥ བིས་མདོ་གཡིས་ཉོག འདི་ནི་མདོ་སྨད་བིས་མདོ་ཡུལ་གྱི་ཁྱད་ཟས་ཤིག་སྟེ། གྲོ་སོ་ལུག་གི་ཕྱེ་ཡིས་གཡོས་པའི་ཉོག་ལ། ཟར་གཡིས་བྲན་ནས་མེ་འཇམ་པོས་ཡུན་རིང་དུ་གདུས་ཤིང་། གཡིས་དེ་ཉོག་གི་ཁར་ཐོན་ནས་འཁྱིལ་ཡོད་ཚེ། མེ་མཚམས་བཞག་ཆོག དེ་ལ་སྣུམ་བག་ཆེ་ཞིང་། དེའི་ཁར་རྒུན་འབྲུམ་དང་གྲོ་མ་སོགས་བཏབ་སྟེ་ཟོས་ན་རོ་མངར་ཞིང་། རླུང་ནད་དང་ལུས་ཟུངས་གསོ་བར་ཕན་པ་ཞིག་གོ །

འབྲས།

རང་ཅག་བོད་ཀྱི་ཡིག་ཚང་དག་ཏུ་གཞིགས་ན། ལོ་ངོ་སྟོང་ཕྲག་གི་སྔོན་ནས་བོད་མིའི་འབྲས་ཟ་བར་མ་ཟད། འབྲས་ཆང་ཡང་བཏུང་བ་ཡིན། རྒྱལ་རབས་གསལ་མེར། ཁྲི་སྲོང་ལྡེ་བཙན་ཞབས་འཛུགས་ཀྱི་གསོལ་སྟོན་སྐབས། གཡས་ན་སྣ་ནམ་པ་བསྡད། གཡོན་ན་རྒྱ་རྣམས་བསྡད། དེར་ཡབ་རྒྱལ་བོས་སྲས་རྒྱན་དུ་མས་སྤྲས་ནས། གསེར་སྐྱོགས་འབྲས་ཆང་གིས་བཀང་བ་སྲས་ཀྱི་ལག་ཏུ་གཏད་པའི་སྐོར་གསུངས་ཡོད་པ་དང་། སྤྱི་ཚོགས་རྙིང་བའི་སྐབས་ས་གནས་སྲིད་གཞུང་གི་སྒྲིག་འཛུགས་ལྟར། འབྲུག་དང་བལ་ཡུལ་རྒྱ་གར་སོགས་ནས་འབྲས་འབོར་ཆེན་ནང་འདྲེན་བྱས་པ་དང་། ཚོང་བ་རྣམས་ཀྱིས་ཀྱང་། ལྷོ་བྲག་དོལ་བོ་རྫོང་དང་། གྲོ་མོ་སྟོད་སོགས་ནས་འབྲས་འབོར་ཆེན་ཉོ་སྒྲུབ་བྱས་ཏེ་ཚོང་རྒྱག་པར་བརྟེན། ལྷ་སའི་ཁྲོམ་དུའང་འབྲས་ཀྱི་རྣམ་གྲངས་མང་དུ་འབྱུང་སྟེ། སྨན་འབྲས། གསོལ་ལྕམ། འབྲུག་འབྲས། གཉའ་འབྲས། ཀློ་འབྲས། ཨ་སུ། དམར་འབྲས་སོགས་ཡོད་དོ། །

འོ་ཟས།

༡ འོ་མའི་རྣམ་གྲངས་དང་བཞོ་གླུ། འོ་མ་ལ་འབྲི་དང་མཛོ་མོའི་འོ་མ། མ་མོ་ར་མའི་འོ་མ་སོགས་མང་། ཞོ་དང་མར་ཕྱུར་ཚང་མ་འོ་མ་ལས་བྱུང་བ་ཡིན། དམངས་ཁྲོད་དུ། འོ་མ་བཞོ་གླུ་ཡང་སྣ་ཚོགས་ཡོད་དེ། དཔེར་ན། ལྷ་ས་ངམ་རིང་རྫོང་གི་འོ་མ་བཞོ་གླུ་ནི། རྭ་གཡས་ལྷ་རྒྱལ་འཐེན་འདྲ་འདུག །རྭ་གཡོན་ཕྱག་འགུག་བྱས་འདྲ་འདུག །ཨམ་ལྕོག་ཏིང་ཤང་ཁ་འབུག་འདྲ། །སྐེད་བཏགས་དཀར་ཚར་དམར་ཚར་གསུམ། །རྫི་བོས་ལ་བཙས་གསོལ་བ་འདྲ། །སྐེད་པར་དར་ཐག་འཐེན་འདྲ་འདུག །བརླ་ཤ་མཁྲེགས་ལ་ཆུ་འབབ་འདྲ། །འོ་རྡོག་སླ་ང་ཁ་སྦྱོར་འདྲ། །ནུ་མ་རྒྱ་གླིང་ཁ་ཆ་འདྲ། །འོ་མའི་རྦ་རྩུབ་འཚམ་པ་འདུག །དབྱར་ཆར་བབས་པའི་ཆུ་སྐད་ལས། །ནོར་ཁྲ་འཇོ་བའི་འོ་སྐད་ཆེ། །ཞེས་སོགས་ཁང་དམར་རྫོང་དང་། ཆ་གསུམ་རྫོང་། ལྷུན་རྩེ་རྫོང་སོགས་ལ་ཡང་འོ་མ་བཞོ་གླུ་མི་འདྲ་བ་ཡོད་དོ། །

༢ འོ་ཟས་ཀྱི་རྣམ་གྲངས། ༡ འོ་གོར། གྲོ་ཕྱེ་སྐྱུར་རྫིས་སུ་འོ་མ་བསྲེས་ནས་བཟོས་པའི་འཁུར་བ། ༢ འོ་ཇ། ཇའི་ནང་དུ་འོ་མ་བླུགས་ནས་བསྐོལ་བའི་བཏུང་ཇ། ༣ འོ་ཉོག ཟན་ཕྱེ་ལ་འོ་མ་བླུགས་ཏེ་གཡོས་པ། ༤ འོ་སྣུམ་ཀ་ར། འོ་མ་དང་མངར་ཆ་བསྡེབས་ནས་བཟོས་པའི་ཀ་རའི་རིགས། ༥ འོ་འབག འོ་མ་བསྐོལ་བའི་ནང་རྩམ་པ་བཏབ་སྟེ། དཀྲུགས་ནས་བཟའ་རྒྱུ་ཞིག ༦ འོ་འབྲས། འོ་མའི་ནང་བསྐོལ་བའི་འབྲས་ཐུག ༧ འོ་མ་ཀ་ར། འོ་མའི་རྒྱུ་ཆ་བྱས་ཏེ་བཟོས་པའི་ཀ་ར། ༨ འོ་ཐུག འོ་མའི་ནང་ཐུག་པ་བཏབ་ཏེ་བསྐོལ་བ། ༩ འོ་མའི་གོར་གྲུག འོ་མའི་ནང་ལ་འཁུར་བ་གྲུག་ཏེ་སྒོ་ང་དང་ཀ་ར་བསྲེས་ནས་བསྐོལ་བ། ༡༠ འོ་མའི་མངར་གོར། ཕྱེ་དང་འོ་མ་མངར་ཆ་སོགས་བསྡེབས་ནས་བཟོས་པའི་ཟས་རིགས། ༡༡ འོ་རྩམ། འོ་མ་བསྐོལ་བའི་ནང་བརྫིས་པའི་རྩམ་པ།

༣ འོ་མའི་ཕན་ནུས། རྒྱུད་བཞི་ལས། འོ་མ་ཕལ་ཆེར་རོ་དང་ཞུ་རྗེས་མངར། །སྣུམ་ལྕི་ཟུངས་འཕེལ་མདངས་བསྐྱེད་རླུང་མཁྲིས་སེལ། །རོ་ཙ་བད་ཀན་སྐྱེད་བསིལ་ལྕི་བ་ཡིན། །བ་ཡི་འོ་མ་གློ་རྡོལ་གཅོང་ལ་ཕན། །རིམས་རྙིང་གཅིན་སྙི་ཡིད་གཞུངས་འཚོ་བྱེད་ཡིན། །ར་ཡི་འོ་མས་དབུགས་མི་བདེ་བ་སེལ། །ལུག་གི་འོ་མའི་རླུང་འཇོམས་སྙིང་ལ་གནོད། །འབྲི་ཡི་འོ་མ་བད་མཁྲིས་ནད་ལ་གནོད། །རྟ་བོང་འོ་མ་གློ་གསོ་རྨོངས་པར་བྱེད། །འོ་རློན་ལྕི་བསིལ་སྲིན་དང་བད་ཀན་སྐྱེད། །བསྐོལ་ན་ཡང་དྲོ་བསྡུས་ན་འཇུ་དཀའ་ལྕི། །བཙོས་ཐོག་འོ་མ་དྲོན་མོ་བདུད་རྩིར་མཚུངས། །ཞེས་སོ། །

ཚོད་མའི་སྐོར།

ཚོད་མ་འདི་ལོ་སར་དང་དུས་སྟོན་དུ་མ་ཟད། རྒྱུན་སྤྱོད་འཚོ་བའི་ཁྲོད་དུའང་བོད་ཟས་ཀྱི་གྲུབ་ཆ་གལ་ཆེན་ཞིག་བཟུང་ཡོད། ལྷ་སའི་སྐད་དུ་འདི་ལ་མོག་མོག་ཡང་ཟེར་ཞིང་། དེ་རིགས་མི་འདྲ་བ་མང་བོ་ཡོད།

༡ ཤ་ཚོད། ཤ་ཚིལ་ཞིབ་བུར་བཏགས་པའི་ནང་ལ། ཚ་སྒོག་གཡེར་གསུམ་སོགས་བསྲེས་ནས་བཙོས་པའི་རླངས་བཙོས་ཚོད་མ་སྟེ། རླུང་ནད་སེལ་ཞིང་གཉིད་འཕེལ་བའི་ཕན་ནུས་ལྡན། ༢ ཤ་ཚོད་སྲེག་མ། ཤ་ཚིལ་ནང་རྫོང་བྱས་ཏེ་སླ་ངའི་ནང་གཡིས་ཀྱིས་སྲེག་པ་སྟེ། ཤ་པགས་ལེབ་ཟེར་བ་དེའོ། །༣ ཚིལ་ཚོད། ཚིལ་ལ་ཕྱེ་བཏབ་པའམ། ཚིལ་རྐྱང་ནང་སྙིང་བྱས་ནས་བཙོས་པའི་རླངས་བཙོས་ཚོད་མ། ༤ ཀར་ཚོད། ཚིལ་རྐྱང་ལ་ཀ་ར་བསྲེས་པའི་རླངས་བཙོས་ཚོད་མ། ༥ ཀེའུ་ཚོད། ནང་སྙིང་གཙོ་བོ་ཀེའུ་བྱས་ཏེ། ཤ་ཚིལ་དང་། གཡིས་ཞག་བླུགས་ནས་རླངས་ཁ་འམ་སླ་ངར་བཙོས་པ། ཀེའུ་ཚོད་སློ་ལེབ་ནི་ཕྱེ་ཤུན་ནང་དུ་ཀེའུ་བཏུམས་ནས་གློ་བའི་དབྱིབས་སུ་བཙོས་ཏེ་སླ་ངར་བསྲེག་པ་ཞིག ༦ ལ་ཚོད། ལ་ཕུག་བཤུར་ནས་ཆུ་ནང་དུ་བཀྲུས་ཏེ་བཙོས་རྗེས་སྣུམ་ཕུར་བྱས་ཐོག ཚྭ་གཡེར་ཙོང་གསུམ་སོགས་བྲོ་སྨན་བཏབ་སྟེ། ཕྱེས་བཏུམས་པའི་རླངས་བཙོས་ཚོད་མ། ལ་ཚོད་ནི་ཁོག་པར་ཡང་ཞིང་ཟས་འཇུ་སྟོབས་ཆེ། ༧ ཟྭ་ཚོད། ཟྭ་ཅིག་ལ་སྣུམ་བསྲེས་ཏེ་བཟོས་པའི་ཚོད་མ། གཞན་ཡང་། ར་སྒོག་ཚོད་མ། ལྟག་ཚོད། ཀམ་བུའི་ཚོད་མ། ནེའུ་ཚོད་སོགས་མང་ངོ་། །

གཉིས་པ། བཏུང་བའི་སྐོར།

བཟའ་བཏུང་གི་འཕེལ་རིམ་དང་རྣམ་གྲངས།

རང་ཅག་བོད་འདིར་གོས་སུ་ཤིང་ལོ་གྱོན་པ་དང་། ཟས་སུ་མ་རྨོས་ལོ་ཏོག་ཟ་བ་ནས། ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད། ཞིང་ཕྱུགས་ཐོན་སྐྱེད་གོང་འཕེལ་ཏུ་སོང་བའི་འགྲོས་དང་བསྟུན་ནས། བཟའ་བཏུང་གི་སྐོར་ལའང་འཚོ་གནས་དང་། ས་གཤིས། འབྱུང་ཁམས་ཀྱི་བབ་དང་བསྟུན་ཏེ། ཅུང་ཟད་ཕུན་སུམ་ཚོགས་པར་གྱུར་ཡོད། དེ་ཡང་། ཡོངས་གྲགས་སུ་ཤ་མར་ཐུད་གསུམ། འོ་ཕྱུར་ཞོ་གསུམ། རྩམ་འབྲས་ཕྱེ་གསུམ། གྲོ་མ་མར་ཁུ། ཉོག་ཐུག་ཚོད་མ། སྐྱ་སྣུམ་ཀྱི་འཁུར་བ་སོགས་དང་། ཇ་ཆང་སོགས་བཏུང་བྱའི་རིགས། བཟའ་འབྲས་སོགས་འཆའ་བྱའི་རིགས། གཞན་ཡང་། སྔོ་ཚོད་སྣ་ཚོགས་ནི་འཚོ་རྟེན་གྱི་གཙོ་བོ་ཡིན། དེ་ཡང་གླིང་སྒྲུང་ལས་བཅུད་ལྡན་བཟའ་བཏུང་སྤྱིའི་བརྗོད་སྲོལ་ཏུ་ཆགས་པ་ནི། ཡུངས་དམར་རྒྱ་ཇའི་སྲོལ་འདྲེན། སྐྱེམས་པ་ཆང་གི་ཕུད་འདྲེན། ཁྲ་བོ་ཤ་ཡི་གཟུག་འདྲེན། ཞེས་དང་། སུམ་ཡར་འབྲི་མོའི་འོ་མ། ཞིམ་མངར་ཐུད་ཀྱི་སྡེར་ཁ། གཡང་དཀར་ལུག་གི་མཚང་ར། རྒྱ་ཇ་ཡོངས་འཛིན་མེ་ཏོག བདུད་རྩི་ཆང་གི་བྱེ་བྲག ཤིང་འབྲས་མངར་ཆེའི་སྡེར་གྲངས། ཞེས་བརྗོད་པ་དང་། བྱེ་བྲག་ཏུ་གསོལ་སྟོན་གཟབ་རྒྱབ་ཀྱི་བཟའ་བཏུང་གི་རྣམ་གྲངས་ནི། རྨ་བྲག་ལས། འབྲུ་རིགས་སྣ་ཚོགས་ཀྱི་ཕྱེ་མར། སྦྱོར་སྡེབ་མི་གཅིག་པའི་ཐུད་སྣ། ཤ་རིགས་མི་གཅིག་པའི་གཟུག་འདྲེན། ཇ་རིགས་མི་གཅིག་པའི་གར་ཁུ། ཆང་རིགས་མི་གཅིག་པའི་ཉིང་ཁུ། བཟོ་རིགས་མི་གཅིག་པའི་ཟས་སྣ། སྦྲང་གི་རིགས་སོགས་རྩི་ལས་བྱུང་བ། ཀ་ར་བུ་རམ་སོགས་བཅུད་ལས་བྱུང་བ། ཨ་མྲ་དང་རྒུན་འབྲུམ་སོགས་ཤིང་སྐྱེས་པའི་འབྲས་བུ་རོ་བཅུད་ནུས་པ་མི་གཅིག་པ་ཁམ་ཟས་སྣ་ཚོགས་སོགས་འཛམ་བུ་གླིང་དུ་དར་བའི་ཟས་ཀྱི་བྱེ་བྲག་ལྷ་ཡི་བདུད་རྩིའི་དཔལ་ལ་འགྲན་པ་རྣམས། གསེར་དངུལ་ཤེལ་སོགས་ཀྱི་སྡེར་སྣོད་སྣ་ཚོགས་ཀྱི་ནང་སོ་སོར་བལྟམས་པས། བཟའ་བ་ལ་རི་བོ་སྤུངས་སྤུངས། བཏུང་བ་ལ་རྒྱ་མཚོ་བསྐྱིལ་བསྐྱིལ། སྔ་དྲོ་དང་ཕྱི་དྲོ་སོགས་དུས་ཚོད་དང་འབྲེལ་བའི་བཟའ་བཏུང་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་ཡོངས་སུ་བསྐོར་བར་མཛད། ཅེས་བཤད་པ་དང་། གཤམ་ཏུ་བོད་ཀྱི་བཏུང་བ་རོ་བཅུད་ལྡན་པ་འགའ་ཟུང་ངོ་སྤྲོད་བྱས་ན།

ཇའི་བཏུང་བ།

༡ ཇ་གསལ་བཤད། བཏུང་བ་ཇ་ནི། རྒྱུན་ལྗང་ཤིང་ཕྲན་མེ་ཏོག་དཀར་བོ་ཅན་ཞིག་སྟེ། ལོ་མའི་རིགས་འཇོང་ལ་སྣ་རིང་། འབྲུ་གུ་སྲ་བའི་ཤུན་སྐོགས་དང་ལྡན་ཞིང་། དེའི་གསར་སྐྱེས་ལོ་མ་ལས་སྣོན་བྱས་པའི་རྫས་ལ་ཟེར། དེ་ཡང་ཇའི་ཁུངས་ནི། ལྷ་ཡུལ་ནས་བྱ་ཚེ་རིང་གིས་ཇ་ཤིང་འཁུར་འོང་བ་རྒྱ་ནག་རྒྱལ་བོའི་སྲས་ཚད་པའི་བསྙུན་པའི་པང་དུ་ལྷུང་བ་མྱང་བས་ནད་ལས་གྲོལ། དེའི་འབྲས་བུ་སར་བཏབ་པ་ལས་དར་བར་བཤད་པ་དང་། ཡང་། བཤད་ཚུལ་གཞན་ཞིག་ལ་རྒྱ་ནག་གི་རྒྱལ་བོ་སྔ་ཤོས་ཤིན་ནུང་གིས་གསོ་རིག་གི་གཞུང་ལུགས་ཀྱིས་བརྟགས་ཏེ་འབྱུང་བཞི་ཁམས་ལ་ཕན་པར་གཟིགས་ནས་དར་བར་གྲགས་སོ། །ཡང་། ཇ་བཤད་དག་ལས་དེ་ལ་འུད་བསྟོད་ཀྱི་ཚུལ་དུ། ཇ་འདེབས་པ་ཚ་བ་རོང་ནས་བཏབ་གཟིག །ཇ་ཚ་སྐྱེས་ཡིན་པས་དེ་ནས་སྐྱེས་གཟིག །བྱ་རྒྱལ་ཁྱུང་གི་འཕུར་ལམ་འགོག་གི། ར་ལག་རྒྱས་ནས་བར་སྣང་བཀང་གཟིག །བཙན་རྟ་དམར་བོའི་རྒྱུགས་ལམ་བཀག་གཟིག ། རྩ་བ་རྒྱས་ནས་ས་གཞི་གང་གཟིག །ཀླུ་བདུད་ནག་པོའི་ཕོ་བྲང་བཀག་གཟིག །ཇ་མགོ་ནས་མ་བྲེགས་སྐེད་ནས་བྲེགས་གཟིག །ཅེས་དང་།

རིན་ཐང་གི་ཆེ་བརྗོད་ཡང་ཇ་བཤད་ལས། རྒྱ་བྱིས་ཕོ་བཏུམ་ཅན་གྱིས་འབྲེག་དུས་ཡག་གི། རྒྱ་མོ་རལ་ཅོག་ཅན་གྱིས་སྲུབ་དུས་ཡག་གི། ཇ་སྒམ་གྲུ་བཞིའི་ནང་ལ་དཔར་དུས་ཡག་གི། མཐུག་གི་ཟེར་ནས་ཀླད་གི་མནོན་གི། སྲབ་གི་ཟེར་ནས་ཟུར་ནས་མནོན་གི། སྲབ་མཐུག་མེད་པའི་ཐིག་ཅིག་བརྒྱག་གི། ཇ་ཤོག་སེར་བོའི་ན་བཟའ་སྐོན་གི། རྒྱ་གཙོ་ཕྲ་མོའི་སྐེ་རགས་བཅིངས་གི། རྒྱ་གར་རྒྱལ་བའི་མདུན་ལ་འཁྱེར་གི། རྒྱ་གར་རྒྱལ་བོས་གསེར་ཐུམ་བརྒྱག་གི། རྒྱ་ནག་རྒྱལ་བོའི་མདུན་ལ་འཁྱེར་གི། རྒྱ་ནག་རྒྱལ་བོས་དངུལ་ཐུམ་རྒྱག་གི། ཇ་བདག་རྒན་པོས་ཇ་ཐམ་རྒྱག་གི། ཇ་མགོ་མའི་རིན་ཐང་རྟ་ལ་བཅད་གཟིག །ཨ་ཁུ་རྟ་འདང་ཆེ་རེ་ཉོས་གཟིག །ཇ་བདག་རྒན་པོས་མང་གི་བཟོས་གཟིག །ཇ་ཉོ་རྒན་པོས་ཉུང་གི་བཟོས་གཟིག །རྟ་རྒྱབ་ཁལ་ཞིག་ལ་ཁ་ལྷག་བྱིན་གཟིག །ཇ་བར་མའི་རིན་ཐང་འབྲི་ལ་བཅད་གཟིག །མ་སྲུ་འབྲི་འདང་ཆེ་རེ་ཉོས་གཟིག །འབྲི་རྒྱབ་ཁལ་ཞིག་ལ་ཁ་ལྷག་བྱིན་གཟིག །ཇ་བདག་རྒན་པོས་མང་གི་བཟོས་གཟིག །ཇ་ཉོ་རྒན་པོས་ཉུང་གི་བཟོས་གཟིག །ཇ་གཞུག་མའི་རིན་ཐང་ལུག་ལ་བཅད་གཟིག །ཇ་བདག་རྒན་པོས་མང་གི་བཟོས་གཟིག །ཇ་ཉོ་རྒན་པོས་ཉུང་གི་བཟོས་གཟིག །ཅེས་ཀྱང་གསུངས་སོ། །

ཇ་ལ་རྣམ་གྲངས་ཀྱི་སྒོ་ནས་དབྱེ་ན། སྣ་ཁ་བཅུ་དྲུག་ཡོད་དེ། ༡ ཕུ་མ། ༢ མདའ་མ། ༣ ཆར་མ། ༤ ཆུ་མ། ༥ ཞིང་གསར། ༦ ཞིང་རྙིང་། ༧ གཤང་མ། ༨ ལྕི་མ། ༩ ལུད་ཅན། ༡༠ ལུད་མེད། ༡༡ རྩེ་ཇ། ༡༢ བར་ཇ། ༡༣ ཚ་འདུལ། ༡༤ གྲང་འདུལ། ༡༥ སྨིན་པ། ༡༦ མ་སྨིན་པ་བཅས་ཡོད་ལ། སོ་སོ་ལ་སྡོང་བོ་དང་འདབ་ལོ་བཅས་ཀྱི་སྦོམ་ཕྲ། མདོག དྲི་མ། བྲོ་བ། ནད་རིགས་གང་ལ་ཕན་པ་བཅས་ཀྱི་ཁྱད་ཆོས་ལྔ་རེ་ཡོད་པའི་སྐོར་ཞིབ་པར་རྒྱ་བོད་ཡིག་ཚང་མཁས་པ་དགའ་བྱེད་ན་གསལ་ཞིང། ཕྱིས་སུ་ཇའི་རྣམ་གྲངས་ཀྱི་ཐ་སྙད་གནའ་དུས་དང་མི་འདྲ་ཡང་། ཇ་སྦག་ཆུང་གི་ནང་མོ་ཅན་དང་འབྲུ་དང་གཉིས་ཕྱེས་པའི་ནང་། ཇ་རྟགས་ནོར་བུ་མེ་འབར་དང་། རིག་འཛིན་རྡོ་རྗེ། སེང་གེ་ཉལ་མ། བཀྲ་ཤིས་རྟགས་བརྒྱད་སོགས་མི་འདྲ་བ་ཉི་ཤུ་ལྷག་ཡོད་པ་རྣམས་ནི། ལ་ལ་མདོག་ལེགས་པ་དང་། ཁ་ཅིག་བྲོ་བ་འདྲ་མིན་གྱི་དགེ་མཚན་ཡོད་པ། སོ་སོར་འཕྲོད་སྟངས་དང་གོམས་གཤིས་ལྟར་ལོངས་སྤྱོད་ལ། ལ་ལའི་ཇ་རིགས་བཞི་ལྔ་བསྲེས་ནས་ཇ་ཁུ་རྒྱག་པའང་ཡོད། བོད་མི་རྣམས་གསོལ་ཇ་བཞེས་པ་ལ་ཧ་ཅང་དགའ་ཞེན་ཆེ་ལ། ཁ་དཔེར་ཡང་། ཟས་ཐུན་གསུམ་ཆད་ཀྱང་། ཇ་ཐུན་གཅིག་ཆད་མི་ཉན། ཟེར་བ་དང་། ཆང་སྐྱེས་པས་འཐུང་ན་བློ་སྒོ་འབྱེད། ཇ་རྒན་པོས་འཐུང་ན་སྣང་བ་སྐྱིད། །ཟེར་རོ། །

༢ བོད་དུ་ཇ་བྱུང་ཚུལ། བོད་ཀྱི་བཙད་པོ་འདུས་སྲོང་མང་རྗེ་བསྙུན་གཞི་ཐེབས་པའི་དུས་ཞིག སྨན་དཔྱད་ཇི་ལྟར་བསྟེན་ཡང་དྲག་བསྐྱེད་མ་བྱུང་། ཉིན་ཞིག་ཕོ་བྲང་དུ་བྱ་ཡིད་དུ་འོང་བ་ཞིག་གིས་ཇ་ཤིང་ཞིག་འཁུར་འོང་བ་བཙན་པོའི་ཞལ་དུ་གསོལ་བས། ཞལ་སྐོམ་སེལ་ཞིང་བཏུང་བའི་མཆོག་ཅིག་ཡིན་པར་མཁྱེན་ནས། བློན་པོ་རྣམས་ལ་དེ་འཚོལ་དགོས་པའི་བཀའ་ཕབ་སྟེ། རྙེད་ན་བྱ་དགའ་གསོལ་རས་གནང་བར་ཞལ་གྱིས་འཆེས། བློན་པོ་ཞིག་ས་ཆ་མང་བོར་འགྲིམས་མཐར། རྒྱ་ནག་གི་མཐའ་མཚམས་སུ་སླེབས་ཚེ། ཆུ་ཆེན་ཞིག་གི་ཕ་རོལ་ན་ཇ་ཡོད་པ་ཤེས་ཀྱང་། ཆུ་བརྒལ་མི་ནུས་པར་ཨེན་ཙམ་བསྡད་སྐབས། ཉ་ཆེན་པོ་ཞིག་ཁོའི་དྲང་ཐད་ནས་ཆུ་ལ་ཞུགས་སོང་བ་མཐོང་བས། ཆུ་དེའི་ཁ་ཞེང་ཆེ་བ་མ་གཏོགས་གཏིང་མི་ཟབ་པ་རྟོགས་ནས། ཆུ་ལ་བརྒལ་ཏེ་ནགས་གསེབ་ཏུ་སླེབས་པ་དང་། ཇ་རྒྱབ་ཅིག་བཏུས་ཏེ། ཡང་། བསམ་པ་ལ། རྗེ་བོའི་བསྙུན་གཞི་ལ་འདི་འདྲ་ཞིག་གིས་ཕན་ངེས་ཀྱང་། ས་ཐག་རིང་བོ་འདི་འདྲ་ལ་དཀའ་བ་སྤྱད་དེ་འོང་བས། ཁལ་མ་ཞིག་ཡོད་ན་ཅི་མ་རུང་བསམ་དུས། ཡུ་མོ་ཞིག་ཤར་གྱིས་མཆོངས་འོང་བས། ཡུ་མོ་ལ་ཇ་ཁལ་གཅིག་བཀལ་ནས། བཙན་པོ་གསོལ་བས། བསྙུན་གཞི་དྭངས་ཤིང་། བྱ་དགའ་གྱ་ནོམ་པ་ཡང་བསྩལ། དེ་རྗེས་རྒྱལ་བོའི་དགོངས་པར། འདི་འདྲའི་བཏུང་བ་མཆོག་ཏུ་གྱུར་བ་ལ། གསེར་དངུལ་རིན་པོ་ཆེ་སྔར་ཡོད་ཀྱི་སྣོད་ཀྱིས་མི་བཏུབ་སྟེ། རྒྱ་ནག་ཏུ་ཡང་མ་དར་བ། སྔར་མེད་ཀྱི་སྣོད་དེ། ཁ་གཡེར་བ། སྲབ་པ། རྐང་བ་ཐུང་བ། མདོག་དཀར་འཇམ་སྔོ་མདངས་ལྡན་པ་ཞིག་བོད་དུ་དར་བ་དང་། སྣོད་དེ་ཚེ་དང་དཔལ་འབྱོར་འཕེལ་བའི་རྟེན་འབྲེལ་དུ་བཤད་པས། མིང་ལ་དར་ཚེ་ཞེས་ཐོགས་ལ། དཀར་ཡོལ་དེའི་རི་མོའི་རྣམ་པ་ཡང་། རབ་འདབ་ཆགས་བྱ་ཤིང་འཁྱེར་ཡོང་བས་བྱའི་ཁ་ནང་དུ་ཇ་ཤིང་འཛིན་པ་དང་། འབྲིང་མཚོ་ལ་ཉ་འཁྱུག་པ། ཐ་མ་སྤང་རི་ཤ་བ་དང་བཅས་པ་འབྲི། གཞན་པ་བཟོ་བའི་བློ་བཀོད་བཞིན་ཕྲིས་ཤིག་ཅེས་བཙན་པོས་བཀའ་བསྩལ་བ་ལྟར་དང་། གོང་གསལ་དཀར་ཡོལ་གསུམ་པོ་དེ་ལའང་། ཤབ་ཚེ། ལན་ཚེ། ཤང་ཚེ། ཐེག་ཚེ། ངེས་ཚེ། རྡོ་ཚེ་སོགས་གྱེས་ཚུལ་རྒྱ་བོད་ཡིག་ཚང་རྣམས་སུ་འདྲ་ཆགས་ཞིག་བཤདདོ། །ཕྱིས་སུ་ཁྲི་རལ་གྱི་སྐུ་དུས་སུ། ཐང་གི་ཕོ་ཉ་ཀྲང་ལུན་གྱིས་རྒྱལ་བོ་མགྲོན་དུ་བོས་ཏེ། ཇའི་དགེ་མཚན་མང་བོ་ངོ་སྤྲོད་བྱས་ཀྱང་། རྒྱལ་བོས་ཞལ་གསུངས་མ་འབྱོན། སང་ཉིན་རྒྱལ་བོས་བློན་པོ་དེ་ཇ་མགྲོན་དུ་བོས་ཏེ། ཕྱག་སྒམ་ནང་ནས་ཇ་རིགས་མང་བོ་བཏོན་ནས། ཐོན་ཁུངས་དང་། ཁྱད་ཆོས་ཞིབ་གསལ་དུ་གསུངས་པས། བློན་པོ་ཁ་སྐྱེངས་ཚུལ། ཐང་རྒྱལ་རབས་ཀྱི་ལོ་རྒྱུས་ལས་གསུངས་པ་དང་། གང་ལྟར་ཇ་འདི་རྒྱ་ནང་ནས་ཐོན་པ་ཡིན་པས། མདོ་སྨད་ཀྱི་རྟ་དང་རྒྱ་ནང་གི་ཇ་བརྗེ་སྤོར་བྱས་པ། རྒྱའི་ཡིག་ཚང་ནང་། ཇ་རྟའི་ཚོང་འབྲེལ་ཟེར་བ་དེ་བྱུང་བ་དང་། ཕྱིས་སུ་ཇ་དང་འབྲུ་བརྗེ་འཚོང་བྱས་པ་དང་། རིན་ཐང་གི་ཚད་གཞི་དང་ཕན་ནུས་སོགས་སྡེ་དགེ་བཀའ་བསྟན་གྱི་དཀར་ཆག་ན་གསལ་བ་དང་། ཁྱད་པར་དུ་དར་རྩེ་མདོ་ནས་ཇ་རྟའི་ཚོང་འབྲེལ་བྱུང་བ་སྟེ། དམངས་གཞས་ལས་ཀྱང་། ཇ་དེ་དང་བོ་བརྒྱབ་ནས། །གཉིས་པས་མདོག་ལས་མེད་ན། །ཚོང་དཔོན་དར་རྩེ་མདོ་ལ། །ཕེབས་དང་མ་ཕེབས་མི་འདུག །ཅེས་ཟེར་རོ། །

༣ བོད་ཇའི་དགེ་མཚན། སྤྱི་ཚོགས་ཀྱི་འཕེལ་རིམ་ཁྲོད་བོད་འདིར། ཇ་འདི་ལ་ལས་སྣོན་དང་། བསྐོལ་ཚུལ། བཞེས་ཚུལ། བཟོ་ཚུལ། སྡེབ་སྦྱོར་བྱེད་སྟངས་སོགས་ཀྱི་རིག་གནས་མགོ་གཞུག་ལྡན་པ་ཞིག་ཡོད་པས། ཇོ་བོ་རྗེ་མངའ་རིས་སུ་ཕེབས་དུས། ཐོག་མའི་རྟེན་འབྲེལ་དུ་བོད་རང་གིས་བཟོས་པའི་དཀྲུགས་ཇ་ཕུལ་བས། ཇོ་བོས་ངའི་ཆང་མི་འཐུང་གསུངས། འདི་ཆང་མ་ཡིན་གྱི་ཇའོ་ཞུས་པས། ཇོ་བོའི་ཐུགས་ཤིན་ཏུ་དགྱེས་ཏེ། བོད་ཀྱི་རབ་བྱུང་བ་རྣམས་ཀྱི་བསོད་ནམས་ལས་གྲུབ་པའི་དངོས་བོ་ཞིག་སྣང་ཨང་། ཞེས་གསུངས་པ་ལས་གཞན། ཡུལ་འདིའི་གཞི་བདག་གཉན་པོ་འཁོར་བཅས་རྣམས། །རྒྱ་ཇ་ལེགས་པའི་མཆོད་པ་འདི་བཞེས་ལ། །རྣལ་འབྱོར་དཔོན་སློབ་བསམ་དོན་འགྲུབ་པ་དང་། །སངས་རྒྱས་བསྟན་པ་དར་བའི་འཕྲིན་ལས་མཛོད། །ཅེས་ཇ་མཆོད་གསུངས་ཤིང་། གསོལ་ཇ་བཞེས་རྗེས། ཁྱོད་བོད་རབ་ཏུ་བྱུང་བ་ཀུན་ལ་རྒྱ་གར་ན་མེད་པའི་བཏུང་བ་ཞིམ་པོ་ཕྱི་དྲོའི་དུས་སུའང་འཐུང་ཆོག་པ་འདི་འདྲ་ཡོད་པ་བསོད་ནམས་ཆེན་པོ་རེད། ཇ་འདི་བཏུང་ན་སྐོམ་སེལ་བ་ཙམ་དུ་མ་ཟད། རིག་པ་དྭངས་པ་དང་། ལུས་སྟོབས་རྒྱས་པ། གཉིད་དང་རྨུགས་པ་སེལ་བ། དགེ་སྦྱོར་ལ་སྤྲོ་སྣང་སྐྱེས་པ་སོགས་ཀྱི་ཁྱད་ཆོས་ཆེན་པོ་ཡོད་པས། རྒྱ་གར་ལ་འདི་འདྲ་ཡོད་ན་གསེར་སྤྲད་ནས་ཉོས་ཆོག་པ་ཞིག་འདུག ཅེས་ཀྱང་གསུངས་སོ། །ཡང་། ཇོ་བོ་ཡེར་བར་བཞུགས་དུས་ཀྱང་ཇ་ལ་བསྔགས་པ་མཛད་ཚུལ་ནི། ལྕེ་བདེ་བློ་གསལ་འགྲོ་ན་མགྱོགས། །བོད་བཙུན་བསོད་ནམས་ལས་འཁྲུངས་པའི། །རྒྱ་ཇ་ཞིམ་པོ་བསྐོལ་ལ་ཤོག །ཅེས་དང་། རྒྱལ་བ་དགེ་འདུན་རྒྱ་མཚོའི་ཞལ་ལས་ཀྱང་། འཐུང་ན་ལྕེ་བདེ་ཤེས་རབ་འཕེལ། །གུར་གུམ་མདོག་ལྡན་ག་བུར་ངང་བ་ཅན། །རོ་བརྒྱའི་དཔལ་འཛིན་ཇ་དཀར་བཏུང་བ་སོགས། །ཁ་ན་མ་ཐོས་སྤངས་པས་མཆོད་པས་མཆོད། །ཅེས་གསུངས་སོ། །

ཁྱད་པར་དུ། གླིང་སྒྲུང་ལས་ཕེབས་བསུའི་སྐབས་སུ། མ་འགག་མོ་དང་སེང་ལྕམ་སོགས་ཀྱིས་ཇ་སྐྱེམས་གསོལ་དུས། ཇ་བཤད་གནང་བའི་སྲོལ་དེ་ལས་ཇའི་རིག་གནས་མང་བོ་ཞིག་རྟོགས་ཐུབ་སྟེ། ཧོར་གླིང་གཡུལ་འགྱེད་ལས། མ་འགག་མས་ཇ་བཤད་འདི་ལྟ་སྟེ། །ལག་གཡས་པའི་ནང་ལ་གསེར་བུམ་བཟུང་། །གསེར་བུམ་པའི་ནང་ནས་ཇ་ཞུས་འཇོག །ཇ་མེ་ཏོག་ཡོངས་འཛིན་ཟེར་བ་དེ། །ཇ་སྐྱེ་ཡུལ་མི་འདྲ་ཁ་ཁ་ལ། །ཇ་སྐྱེ་རིགས་མི་འདྲ་སོ་སོ་ཡིན། །ཇ་ཡུ་དམར་ཆགས་པའི་སྙིང་བཅུད་ཅན། །གཙང་བོ་ཆབ་ཀྱི་རྟ་ལ་བསྐྱོན། །བྱང་པུར་དཀར་པོས་ཇ་མདངས་བྱུང་། །བྱང་ཚྭ་དཀར་མོས་བྲོ་བ་བསྐྱེད། །དབྱར་གསུམ་འོ་མའི་བཅུད་དང་ལྡན། །འབྲི་མར་སེར་བོས་ཁ་རྒྱན་འཕངས། །ཇ་ཡུ་དམར་ཁོལ་བའི་དྭངས་མ་དེ། །གླིང་དཔའ་རྟུལ་ཞལ་གྱི་སྐྱེམས་སུ་འདྲེན། །ཞེས་དང་། འབྲུག་མོས། གསེར་བུམ་ནང་གི་ཇ་འདྲེན་འདི། །ཤང་དཀར་རྩེ་མོས་ཕུད་བསྐོལ་བྱས། །གུར་གུམ་མེ་ཏོག་གཞུང་བསྐོལ་བྱས། །རྩི་བཅུད་མར་དཀར་སྦྱོར་ཡ་བྱས། །ཆུ་སྙིང་ཚྭ་དཀར་བྲོ་ཡ་བྱས། །སྤྲིས་ཆགས་འོ་མའི་མདངས་ལ་དྲངས། །དཀར་ཡོལ་འབྲས་དཀར་བཅུད་ཀྱིས་གཏམས། །ཕུན་སུམ་ཚོགས་པའི་སྐྱེམས་ཞུས་ཡིན། །ཞེས་དང་། ཡང་། བདུད་འདུལ་ལས། སེང་ཆེན་ནོར་བུ་དགྲ་འདུལ་གྱིས། །ཆུ་མ་མང་མ་ཉུང་ཐོམ་གསུམ་ཚོད། །ཇ་སེག་ཆེན་ཁ་ནས་སྤར་གསུམ་ལོངས། །ཇ་མ་མང་མ་ཉུང་སྡེར་གསུམ་ཐོབ། །མེ་ལྕེ་སྟག་ཕྲུག་མཆོང་མཆོང་གྱིས། །སྦུད་པ་གཡག་རྒོད་ངུར་ངུར་གྱིས། །དུ་བ་ལྷོ་སྤྲིན་འཐིབ་འཐིབ་གྱིས། །ཇ་རླངས་སྨུག་པ་སྐྱིལ་སྐྱིལ་གྱིས། །ཇ་ཞག་སེར་བ་འབབ་འབབ་གྱིས། །སྐྱེར་བ་ཕོ་རོག་ཡིན་པས་སྒོང་ན་འབར། །ཚེར་མ་རྒྱལ་འགོང་ཡིན་པས་མནན་ན་འབར། །རིལ་མ་ཐེའུ་རང་ཡིན་པས་གཏོར་ན་འབར། །སྤེན་མ་དྲ་བོ་ཡིན་པས་གཅུས་ན་འབར། །གཤགས་དཀར་དཔའ་བོ་ཡིན་པས་བརྩིགས་ན་འབར། །ཤུག་པ་གྲོགས་པོ་ཡིན་པས་ཕྱར་ན་འབར། །གྲོ་སོག་སྟག་ཤར་ཡིན་པས་བཀྲམ་ན་འབར། །མར་རྡོག་བློན་པོ་ཡིན་པས་ཆེ་ན་བཟང་། །ཚྭ་རྒོད་དྲོ་མཆོག་ཡིན་པས་རན་ཙམ་འཐོབ། །ཇ་རྩེ་མ་ཕུག་གི་ལྷ་ལ་མཆོད། །ལྷ་དལ་དུས་མཆོད་ན་བྲེལ་དུས་ཡོད། །ཇ་བར་མ་རྒྱལ་བོ་རང་ལ་དྲོངས། །རྟིང་མ་བུ་མོ་ཁྱེད་ཚོས་འཐུང་། །དེ་སྟེང་ལྷག་མ་རྟ་ལ་བླུད། །རྟ་ཡི་ལྷག་མ་ཁྱི་ལ་བྱིན། །ཁྱི་ཡི་ལྷག་མ་ས་ལ་འབོ། །བདུད་ནག་པོའི་ཁ་དེ་ཐལ་བས་ཆོད། །ཅེས་བཀོད་ཡོད་དོ། །

༤ ཇའི་བྱུང་ཚུལ་ལ་དོགས་སློང་བཀོད་པ། གོང་གསལ་ཇའི་བྱུང་བ་ལོ་རྒྱུས་དག་ལས་དེ་འདྲ་གསུངས་མོད་ཀྱང་། འདི་ལ་དཔྱད་གཞི་ཧ་ཅང་ཆེ་སྟེ། ཆོས་རྒྱལ་སྲོང་བཙན་ནས་རྒྱ་བོད་བར་དུ་མཐུན་ལམ་གྱི་གསེར་ཟམ་ཉག་ཅིག་གིས་སྦྲེལ་ཡོད་པ་ཉི་ཤར་སྤར་མོས་མི་ཁེབས་པའི་ཚོད་དུ་གདའ་ལ། ལྷག་པར་དུ་ཚོང་འབྲེལ་གཏིང་ཟབ་ཅིག་ཆགས་ཡོད་པས། ཇ་ནི་རྒྱ་ནག་གི་ཚོང་རྫས་གལ་ཆེན་ཞིག་ཏུ་གནས་ཡོད་པ་ལ། ཅིའི་ཕྱིར་རྒྱ་བོད་བར་དུ་ཇའི་ཚོང་འབྲེལ་མ་དར་བ་ཡིན་ཞེས་དཔྱོད་ལྡན་དོགས་པ་ཟ་རིགས་སྟེ། རྒྱུ་མཚན་ནི། ཐོན་མིའི་ཡི་གེ་བཟོ་དུས། མི་ཞིག་ལ་གཏམ་འཕྲོས་མཛད་པར། ཇ་ཉོ་རུ་འགྲོ་ཞེས་བཤད་པའི་ལོ་རྒྱུས་ཡོད་པ་དང་། གཞན་ཡང་སྲོང་བཙན་གྱིས་རྒྱའི་ཡུལ་གྲུ་མང་བོ་མངའ་དབང་བསྒྱུར་ནས། ཇའི་ཁྲལ་བསྡུས་པའི་ལོ་རྒྱུས་ཡང་ཡོད་པས་སོ། །

༥ བཏུང་ཇའི་རྣམ་གྲངས། ༡ ཇ་ནག་ཁུ། ཇ་ནག་དང་ཟུང་ཇ﹙སི་ཁྲོན་ཟུང་ཆུ་ནས་ཐོན་པའི་ལས་སྣོན་ཞིབ་མོ་མ་བྱས་པའི་ཇ་རིགས﹚ཁོག་མའི་ནང་བཏབ་ནས། འོས་འཚམ་ཞིག་གདུས་ཏེ། མདོག་དམར་སྨུག་འབབ་དུས་བཏུང་ཆོག་པ་ཡིན་ཏེ། ཇ་བཤད་ལས། སྔོན་པོ་བསིལ་མ་ཟེར་བའི་ཆུ་ཞིག་ཡོད་གི། ཆུ་མ་མང་མ་ཉུང་ཟོ་གསུམ་འཛུགས་གི། ཉུང་གི་ཟེར་ནས་ཐོམ་གསུམ་སྣོན་གི། ཇ་མ་མང་མ་ཉུང་ཟེར་ནས་སྡེར་གསུམ་འདེབས་གི། ཉུང་གི་ཟེར་ནས་སྤར་གསུམ་སྣོན་གི། ཇ་འཁོལ་གཟིག་འཁོལ་གཟིག་ཟེར་དུས་ན། །འཁོལ་ཆུང་འབྲི་མོ་ངུར་ངུར་བྱེད་གི། ཁ་ནས་ཇ་ལོ་གཡེང་རྒྱ་བྱེད་གི། ཞབས་ནས་ཇ་སྡོང་སིལ་རྒྱ་འབབ་གི། ཞེས་སོ། །ཇ་ནག་ནི། ཟས་འཇུ་བ་དང་ཐང་ཆད་དུས་ཕན་པ་ཞིག་གོ །༢ འོ་ཇ། ཇ་ནག་ཁུའི་ནང་ལ་འོ་མ་བླུགས་ཏེ་ཡང་ཡང་འཕྱར་ནས་གདུ་དགོས་ཏེ། ཇ་བཤད་ལས། འོ་མ་ཇ་ཚ་ཡིན་པས་འཕྱར་ན་ཡག་གི། ཞེས་སོ། །འོ་ཇ་ནི་མངར་ཆེ་ཞིང་ལུས་སྟོབས་བརྟས་པ་ལ་ཕན་པ་ཞིག་སྟེ། ཨ་མདོའི་དམངས་གཞས་ལས། འོ་མ་དཀར་བོ་ནག་པོའི་ཇ། །ཟངས་བུམ་ནང་ནས་འདུན་མ་བྱེད། །འདུན་མ་ཡོང་ན་བཀྲེས་སྐོམ་སེལ། །ཞེས་ཀྱང་གསུངས་སོ། །༣ དཀྲུགས་ཇ། ཇ་མདོང་ངམ་ཁོག་ལྡིར། ཡང་ན། རྐྱལ་བའི་ནང་དུ་ཇ་ཁུ་དང་མར་གསར་ཚྭ་བཅས་བཏབ་ནས་ཡང་ཡང་བསྲུབས་པ་ཞིག་གོ །ཇ་བཤད་ལས་ཀྱང་། མ་སྲུ་དཔུང་རྩ་ཅན་པོས། །གསེར་གྱི་ཐབ་ཀ་དཀྱིལ་གསུམ་བརྒྱབ་ནས། །གསེར་གྱི་མདོང་མོའི་ནང་ལ་བསུ་དུས་ཡག་གི། བུ་ཚ་ལྡེམ་མྱུར་ཅན་གྱི་འདྲེན་དུས་ཡག་གི། ཟེར་ལ། དཀྲུགས་ཇའི་རོ་བཅུད་ཆེ་ཤོས་མར་གྱིས་བཟུང་ཡོད་པས། ཁ་དཔེར་ཡང་། ཇ་ཞིམ་པ་མར་གྱིས་དྲིན། །ཞེས་པ་ལྟར། ལུས་ཟུངས་དང་རླུང་ལ་ཕན། ༤ མངར་ཇ། ཇ་ནག་ཁུ་ནང་དུ་འོ་མ་བརྒྱབ་ཅིང་། ཀ་ར་བཏབ་སྟེ། མར་ཉུང་ཙམ་འཕངས་ནས་བསྐོལ་བ་ཞིག ༥ ཇ་གདན། ཇ་སྣོད་ཀྱི་ནང་མར་བཞུས་པའི་ཁར་རྩམ་ཕྱེ་དང་ཚྭ་ཅུང་ཟད་བཏབ་ནས་ཇ་བླུགས་ཏེ་ཡུད་ཙམ་ཁོལ་དུ་བཅུག་པ་ཞིག་གོ །༦ ཕབ་ཇ། ཇ་དཀར་ཡོལ་ནང་འཕངས་ཏེ་ཆུ་ཁོལ་བླུགས་ནས་ཇ་ཁུ་བབས་རྗེས་བཏུང་བ་ཞིག ༧ བརྒྱད་འཛོམས་སྦང་ཇ། རྡོ་ཀ་ར། འབྲུག་མིག འདྲེ་ཚེར། སྟར་ཀ རྒུན་འབྲུམ། ཙོ་རིལ། ཇ་ལོ། ཏིལ་བཅས་མངར་ཟས་སྣ་བརྒྱད་སྦང་བའི་ཇ། ༨ རུས་ཇ། གཙོ་བོ་སྨན་གྱི་ཆེད་དུ་བཟོས་པའི་ཇ་ཞིག་སྟེ། འབྲི་གཡག་གི་རུས་པ་ཞིབ་བརྡུང་བྱས་ནས་ཡུན་རིང་གདུས་ཏེ་ཚགས་སུ་བཙགས་ནས། ཇ་ཁུ་དང་མར་བཏབ་ནས་མདོང་མོའི་ནང་དཀྲུགས་པ་ཞིག དེ་ནི་རྒན་རྒོན་གཉིད་མི་ཁུག་པ་དང་། རྐེད་པ་ན་བ། དུབ་པ་དང་རླུང་ནད་སེལ་བ་ཞིག་གོ །༩ རྐང་ཇ། རྐང་མར་བཞུས་རྗེས་ཇ་དང་སྦྱར་བ་ཞིག ༡༠ སྒོང་ཇ། ཇ་ཁོལ་རྗེས་མར་དང་ཚྭ། སྒོ་ང་བཅགས་ནས་མདོང་མོའི་ནང་བསྲུབས་དགོས། ༡༡ ཇ་སྲེག དེ་ནི་འབྲུ་མར་གསར་བ་བཞུས་རྗེས། ཁྱུང་ང་དང་ཛཱ་ཏི་སོགས་སྨན་དང་། སྦྲང་རྩི་དང་སྒོ་ང་གསར་བ་སོགས་ཇ་དང་སྦྱར་བ་ཞིག ༡༢ མར་ཇ། མར་ཁུའི་ནང་རྩམ་པ་བཏབ་ནས་མ་ཚིག་གོང་ཇ་བླུགས་ནས་བཟོ་དགོས། ༡༣ ཚིལ་ཇ། ཚིལ་བཞུས་རྗེས་གྲོ་ཕྱེ་དང་བཅའ་སྒ། གཡེར་མ་སོགས་ལེགས་པར་བརྔོས་ཏེ་འོ་ཇའི་ནང་བླུགས་ནས་དཀྲུགས་ཏེ་བཟོ་བ་ཞིག ༡༤ སྟར་ཁའི་ཇ། སྟར་ཁའི་ནང་སྙིང་བརྡུང་རྗེས་འོ་ཇའི་ནང་གདུས་ཏེ་བསྐོལ་བ་ཞིག

གཞན་དེང་སང་སྤྱི་ཚོགས་འཕེལ་རྒྱས་དང་འགྲིམ་འགྲུལ་སྟབས་བདེ་ཁྱད་ཀྱིས་ཕྱོགས་ཡས་མས་ནས་ཐོན་པའི་བསིལ་ཇ། ཇ་དམར་སོགས་མང་བོ་ཡོད་དོ། །

༦ ཇའི་ཕན་ནུས། ཚད་པ་སེལ་ཞིང་ལུས་ཡང་། དང་ག་འབྱེད་ཅིང་སྐོམ་སེལ་བའོ། །ཇ་འཐུང་ཚུལ་ཡང་། དམངས་ཁྲོད་ངག་རྩོམ་གྱིས་གསོན་ཉམས་དོད་པོར་སྦྱར་བ། ཇ་བཤད་ལས། ཡ། ངའི་ལག་པ་གཡས་པའི་ཆང་ཕྱོགས་ན། །དཀར་ཡོལ་འབྲུག་རྒྱ་མཐིང་སྨུག་ཡོད། །ནང་ན་རྒྱ་ཇ་དམར་བོ་ཡོད། །ཁ་ན་འབྲི་མར་སེར་བོ་ཡོད། །ཕར་ལ་ཕུ་གསུམ་བཏབ་དུས་ན། །ཆུ་ཆེན་གཉེར་མ་བསྐོན་འདྲ། །ཚུར་ར་ཧུབ་གསུམ་འཐུང་དུས་ན། །ཝ་དམར་བོ་ཁུང་ལ་འཛུལ་འདྲ་རེད། །ཅེས་སོ། །

ཞོ།

༡ ཨ་རིག་དད་ཞོ་ངོ་སྤྲོད། བོད་པའི་ཁ་དཔེར། མགོ་ནག་ལྟོ་མ་རེ་བ་ཞིག་དང་། བྱོལ་སོང་རྩྭ་མ་སྒུར་བ་ཞིག་མེད། ཅེས་པ་ལྟར། རང་ཅག་བོད་བྱིངས་དང་། ཁྱད་པར་དུ་འབྲོག་ཕྱོགས་སུ་དཀར་གསུམ་སྟེ། འོ་མར་ཞོ་གསུམ་ནི། གནའ་དེང་གང་དུའང་འཚོ་རྟེན་གྱི་གྲུབ་ཆ་གཙོ་བོ་ཞིག་ཡིན། དེ་ལས་ཀྱང་ཞོ་ནི། ལྟོགས་སྐོམ་གཉིས་ཆར་སེལ་ནུས་པའི་བཟའ་བཏུང་གི་ཉིང་བཅུད་ཅིག་ཏུ་ཆགས་ཡོད་དེ། དམངས་ཁྲོད་ཀྱི་ཁ་རྒྱུན་ལའང། ཟས་ཀུན་ལས་འབྲི་ཞོ་བསིལ་བ་བཟང་། །དེས་ལྟོགས་རྒྱུ་སྐོམ་རྒྱུ་གཅིག་ཀྱང་མེད། །གཏམ་ཀུན་ལས་མ་ཤེས་མ་གོ་བཟང་། །དེས་བཤད་རྒྱུ་རྩོད་རྒྱུ་གཅིག་ཀྱང་མེད། །ཅེས་སྡོམ་ཚིག་ཀྱང་བཀོད་ཡོད་པར་མ་ཟད། ཁ་དཔེར། ཞོ་ཁམ་གང་གིས་རྟ་གཅིག་བླངས། ཞེས་འབྲི་ཞོའི་རོ་བཅུད་ལ་དཔེ་མི་སྲིད་པའི་ཆེ་བརྗོད་ཀྱང་གནང་ཡོད་པ་རེད།

སྤྱིར་ཞོ་ལ་ཡང་། སའི་མཐོ་དམན་གྱི་བབ་དང་། དྲོད་གྲང། བསྙལ་སྲོལ་སོགས་མི་འདྲ་བའི་དབང་གིས་བྲོ་བ་དང་ཞིམ་མངར་མི་འདྲ་བའི་ཁྱད་པར་ཡོད་ཀྱང་། འཚག་ཞོ་ནི་ཞོ་བསྙལ་ནས་རས་ཁུག་ནང་བླུགས་ཏེ། ཆུ་ཁུ་ཐམས་ཅད་བཙགས་ནས་བསིལ་སྐམ་བྱས་རྗེས། དེ་ནི་མཇལ་བསྐོར་དང་སློབ་གཉེར་སོགས་སུ་ཕྱིན་ཏེ་ཡུན་རིང་འགོར་ཡང་ཆུ་ཁོལ་བླུགས་ཏེ་འཐུང་ན་བཀྲེས་སྐོམ་སེལ་ནུས་ལ། དེ་ལས་གཞན། འབྲོང་རྭའི་ཟེའུ་བཟོས་ཏེ། དེའི་ནང་བསྙལ་བའི་འབྲི་ཞོ་མཆོག་ཏུ་བཤད་ནའང་། ཨ་རིག་འདམ་ཞོ་འམ་དད་ཞོ་ནི། བོད་སྟོད་སྨད་བར་གསུམ་ན། ཆ་རྒྱུས་མངའ་ཞིང་། ཨ་རིག་ས་ཆའི་ཐུན་མིན་གྱི་ཞོ་བསྙལ་སྟངས་ཤིག་དང་། ལོ་རྒྱུས་རང་བཞིན་ལྡན་པའི་དམངས་ཁྲོད་ཞོ་ཟས་ལག་རྩལ་ཁྱད་པར་ཅན་ཞིག་ཡིན།

༢ ཨ་རིག་འདམ་ཞོའི་བྱུང་བ། ཨ་རིག་རྒན་རབས་པའི་ངག་རྒྱུན་ལྟར་ན། སྔོན་ཆད་ཨ་རིག་ས་ཆར། དཔའ་ངར་ཆེ་ཞིང་ལུས་ལ་བརྩོན་པ། ཁྱད་པར་དགེ་དད་བརྟན་པའི་མི་ཞིག་ཡོད་པ་དེས། ལྷ་སའི་ཇོ་བོ་རིན་པོ་ཆེ་མཆིལ་ལྷམ་ཞིག་དང་། རྒྱལ་དབང་རིན་པོ་ཆེའི﹙རྒྱལ་དབང་དྲུག་པ་ཡིན་པར་གྲགས﹚གཟིམ་མལ་འོག་ཏུ་རིལ་མ་གཡག་ཁལ་ཅིག་འཁྱེར་རྒྱུའི་གྲ་སྒྲིག་བྱེད་སྐབས། སྡེ་མི་རྣམས་ཀྱིས་གསོལ་ཞོ་ཞལ་འདེབས་ཀྱི་འོ་མ་མང་བོ་འཁྱེར་ཡོང་སྐབས། དེ་ཐམས་ཅད་སྟོད་ཉི་མ་ལྷ་སར་འཁྱེར་ཐབས་བྲལ་བས། ཚེ་ཞིག་ཁོས་བསམ་པར། འདི་དག་རྒྱལ་དབང་རིན་པོ་ཆེར་དམིགས་པ་ཤ་སྟག་ཡིན་པས་འཕོ་མི་རུང་། ངེས་པར་དུ་ཁོང་གི་ཞལ་དུ་གསོལ་ཐབས་ཞིག་བྱ་དགོས་སྙམ་སྟེ། ཕྲུ་མ་ཆེན་པོ་ཞིག་གི་ནང་དུ་ཡུན་རིང་གདུས་ནས་ཉུང་ངུར་བཏང་སྟེ་ཞོ་བསྙལ་བས། འདམ་ལྟར་ནུར་བོའི་ཞོ་ཤིན་ཏུ་བཟང་བོ་ཞིག་ཆགས་པས། དགའ་སྤྲོ་དང་བཅས་ལྷ་སར་འཁྱེར། ཁོ་རང་ལྷ་སར་འབྱོར་རྗེས། ནོར་གླིང་དུ་གསོལ་ཞོའི་རྒྱུ་མཚན་དང་བཅས་སྐུ་མདུན་དུ་ཕུལ་སྐབས། སྐུ་འཁོར་ཚོས་ཞོ་ཤིན་ཏུ་ལེགས་པོ་འདུག་ཀྱང་། ཟླ་ལམ་མང་བོ་འགོར་རྐྱེན་འདྲེན་མི་རུང་བའི་བཀག་རྒྱ་བསྡམས་ཀྱང་། ཁོས་སྔོན་ཆད་ཀྱང་རིན་པོ་ཆེ་ཞོ་ཟས་དང་རིལ་མའི་མལ་ས་ལ་ཐུགས་དགྱེས་པོ་ཡོད་ཅེས། ཨུ་ཚུགས་མཐར་སྐྱེལ་བྱས་པས། རྒྱལ་དབང་མཆོག་གིས་ཚོར་ཏེ། ཞལ་དུ་གསོལ་ཞིང་ལྷག་མར་ལྡུས་པ་ཁོ་ཕྱིར་གནང་བ་འཁྱེར་ནས། ཕ་ཡུལ་དུ་ཕབ་རྟ་བྱས་ཏེ་ཞོ་བསྙལ་བའི་རྒྱུན་ལ། ཨ་རིག་དད་ཞོ་འམ་འདམ་ཞོ་ཟེར་ལ། སྤྱི་ལོ༡༩༨༠ ལོར་ཀུན་གཟིགས་པཎ་ཆེན་བཅུ་བ་མཆོག་ཀྱང་ཨ་རིག་ལ་ཕེབས་དུས། ཞོ་འདི་དྲངས་པས། ཁོང་གི་ཞལ་ལས། ཞོ་འདི་དངོས་གནས་གཞན་དང་མི་འདྲ་བ་ཞིག་འདུག་ཨང་། སྔ་སོར་གོ་ཐོས་ཡོད་ཀྱང་འཐུང་བ་ད་རེས་ཡིན། ཁྱེད་ཚོའི་སྔ་རབས་པའི་སྐད་གྲགས་བཞག་ས་དེ་འདི་མ་རེད་དམ། ཞེས་ཞལ་རྩེད་དང་། བསྙལ་སྟངས་སོགས་བཀའ་འདྲི་གནང་བར་བཤད་དོ། །

༣ ཨ་རིག་དད་ཞོ་བསྙལ་སྟངས། ཞོའི་རྒྱུ་ཆ་འོ་མ་ནི། ཉུང་མཐའ་ཡང་སྟོན་གྱི་ཡར་འབྲི་མ་བརྒྱ་ཡན་ཞོགས་པར་བཞོས་པའི་འོ་མ་དང་། འོ་མ་བསྐོལ་སྣོད་ལ། ཁྲོའི་རིགས་ཀྱི་སླ་ངར་ཡུན་རིང་གདུས་ཏེ། ཤིང་ཟེའུ་འམ་རྫ་ཟེའུ་གས་ཆག་ཏུ་མ་སོང་བའི་ནང་དུ། རིགས་རུས་གཙང་ཞིང་གྲོང་ཆོས་ཀྱིས་མ་གོས་པ། ལས་རླུང་དར་ལ་ལང་ཚོ་མཛེས་པ། བསྙལ་སྟངས་ཀྱི་ངེས་ཆ་ལྡན་པའི་གཞོན་ནུ་མ་ཞིག་གིས། གཙང་སྦྲ་ལེགས་པར་གནང་སྟེ། བསྙལ་སྲོལ་ཡོད། གནམ་གཤིས་དང་བསྟུན་ནས་སྟེང་འོག་ཏུ་ཕྱིང་བ་ཅི་དགོས་དྲོ་གྲངགི་བབ་དང་བསྟུན་ལ། སྟེང་དུ་རྣམ་སྲས་དང་འཛམ་ལྷ། ནོར་རྒྱུན་མ་ཅི་རིགས་ཀྱི་སྐུ་ཐང་དང་ཁ་བཏགས་ཀྱང་འཇོག་སྲོལ་ཡོད་དོ། །

༤ འབྲི་ཞོའི་ཕན་ནུས། འཚོ་བཅུད་ལྡན་པའི་འབྲི་ཞོས་ལྟོགས་སྐོམ་གཉིས་སེལ་བར་མ་ཟད། ངལ་དུབ་དང་ལུས་ཤུགས་བསྐྱེད་ལ། གཉིད་ཁར་འཐུང་ན་གཉིད་འབེབས་ཀྱི་ནུས་པ་ལྡན། ཤ་ཟོས་རྗེས་ཞོ་འཐུང་ན། རི་མགོ་ཁ་བས་གཡོག་འདྲ། ཞེས་བཤད་སྲོལ་ཡོད། ཁྱད་པར་དུ་དམངས་ཁྲོད་ཀྱི་འབྲི་ཞོ་ལ་རྫས་འགྱུར་གྱི་སླད་མ་ཞུགས་སྟབས། དུག་སེལ་ཀྱི་ཁྱད་ནུས་ལྡན། སྲིན་འབུ་སོགས་ཀྱིས་མི་ཕྱུགས་ལ་རྨུག་ཚེ་དེ་མ་ཐག་ཞོ་བྱུགས་ན་གནོད་པ་སྔོན་འགོག་བྱེད་ཐུབ་ལ། ད་དུང་ངག་རྒྱུན་ལ། རྫ་ཁ་གོང་མོས་ནོར་གནག་འབྲི་བརྒྱ་ཡི་ཞོ་འཐུང་ན། དེའི་ཤ་དང་ཁུ་བས་བཅོས་ཐབས་མེད་པའི་ཕོ་ནད་ཀྱང་དྲག་ཐུབ་པར་བཤད།

༥ ཞོའི་རྣམ་གྲངས། ༡ མངར་ཞོ། འོ་སྤྲི་དང་བཅས་བསྐོལ་ནས་རུ་མ་བཏབ་པ། ༢ རློན་ཞོ། འོ་མ་མ་བསྐོལ་བར་ཞོ་བརྒྱབ་པ། ༣ ཞོ་སྐྱ། མར་བླངས་ཤུལ་གྱི་འོ་མ་བསྐོལ་ཏེ་རུ་མ་བརྒྱབ་ནས་ཞོ་ཆགས་པ། ༤ བསྙལ་ཞོ། སྤང་གཞོང་དྲས་ཏེ་ས་དོང་བྱས་ནས་ཞོ་བསྙལ་ནས། ཆུ་ཁུ་སར་ཐིམ་དུ་བཅུག་ནས་སྐགས་སུ་བཅུག་པ། ༥ བཙོས་ཞོ། དེ་ནི་འོ་སྤྲི་དང་བཅས་ཏེ་མངར་ཞོ་བརྒྱབ་པ་སྟེ། ཞོ་ཆགས་རྗེས་ཆུར་སྒྱེ་ནང་གནམ་དུ་བཏགས་ཏེ། ཆུ་ཁུ་ཟགས་སུ་བཅུག་ནས། ཆུ་ཁོལ་གྱིས་བསྙལ་བའི་ཞོ་སྟེ། ཞོ་བཟང་ཤོས་སུ་བཤད་དོ། །

༣ ཞོ་དང་འབྲེལ་བའི་ཟས་རིགས། ༡ ཞོ་གྲོ། ཞོ་ཁར་གྲོ་མ་བཏབ་སྟེ་ཟ་རྒྱུ་དེའོ། །༢ ཞོ་འབྲས། ཞོ་ཐོག་ཏུ་འབྲས་བཙོས་མ་དང་བྱེ་མ་ཀ་ར་བཏབ་པ་དེའོ། །༣ ཞོ་རྩམ། ཞོ་དང་རྩམ་པ་བསྲེས་ཏེ་བརྫིས་པ་དེའོ། །

༤ ཞོའི་ཕན་ནུས། རྒྱུད་བཞི་ལས། འོ་མ་སྙིང་བོ་བཏོན་པའི་ཞོ་སྐྱ་ཡིས། །མ་སྙོམས་རིམས་ཆམ་འགྲམས་འཁྲུགས་འཁྲུ་བ་སེལ། །ཞོ་ཀུན་རོ་དང་ཞུ་རྗེས་སྐྱུར་བསིལ་སྣུམ། །རྟུག་སྐེམ་རླུང་ཚད་སེལ་ཞིང་ཡི་ག་འབྱེད། །ཅེས་སོ། །

ཆང་།

ཆང་ལ་ཡང་རྣ་རྒྱན་ལས། ཤུན་པའི་ཆང་ནི་ཤིང་ཤུན་ཆུ། །སྡོང་བུ་ལྡན་པ་སྡོང་བུའི་བཅུད། །བུར་ཆང་བུ་རམ་ལས་བྱུང་བ། །སྦྲང་ཆང་སྦྲང་རྩི་ལས་འབྱུང་སྟེ། །ཞེས་ཆང་རིགས་བཞི་བཤད་པ་དང་། གཞན་དུ་ནས་ཆང་། གྲོ་ཆང་། འབྲས་ཆང་། ཆང་སེར། སྨན་ཆང་། རྒུན་ཆང་། སྟག་རུས་དང་རྫས་གཞན་སྡེབ་པའི་སྟག་ཆང་། སྟག་རུས་དང་སྦྲུལ་ཤ་རྩྭ་སྨན་མང་བོ་སྡེབ་པའི་སྟག་སྦྲུལ་སྨན་ཆང་། ཡོས་ལ་ཆང་རྩི་བཏབ་ནས་བསྙལ་བའི་ཡོས་ཆང་སོགས་མང་ངོ་། །

ཆང་འདི་ཡང་རང་ཅག་བོད་འདིར་དར་བའི་ལོ་རྒྱུས་ཧ་ཅང་སྔ་སྟེ། ཅིའི་ཕྱིར་ན། ཞང་བོད་ལོ་རྒྱུས་ཏི་སེ་འོད་ཅེས་པར། བོད་ཀྱི་གདོད་མའི་དུས་སུ་དམར་མཆོད་དང་ཁྲག་སྐྱེམས་ཕུལ་བར། གཤིན་རབས་མི་བོ་ཆེ་མ་དགྱེས་ནས། ཤེ་ཚུ་སྟེ་ཁྲག་གི་སྐྱེམས་ཕུལ་སྲོལ་ཡོད་པ་དེའི་ཚབ་ཏུ་ཡུ་ཏི་སྟེ་འབྲུ་ཆང་གི་འཐུས་པར་བྱས་པའི་མདོས་ཆོག་གི་སྲོལ་གསར་དུ་གཏོད། ཅེས་འབྱུང་བ་ལས་ཤེས་སོ། །

ནས་ཆང་འདི་བོད་དུ་ཧ་ཅང་དར་ཁྱབ་ཆེ་ཞིང་། གསོལ་སྟོན་ཆེ་ཆུང་གང་གི་སྐབས་སུ་འང་དར་སོ་ཆེ་བས། ཕལ་ཆེར་ཁྱིམ་རེ་ན་བཙག་སྤྱད་ཡོད་ཚོད་གདའ། དེ་ཡང་ཞག་ལ་བསྙལ་བའི་ཞག་ཆང་བདུད་རྩི་འཁྱིལ་བ། ཟླ་ལ་བསྙལ་བའི་ཟླ་ཆང་བསིལ་མ། ལོ་ལ་བསྙལ་བའི་ལོ་ཆང་ཁམ་པ་ཞེས་མིང་དུ་ཆགས་ཡོད།

ནས་ཆང་གི་བཙག་ཐབས་ནི། ཐོག་མར་ནས་གཙང་བཀྲུ་བྱས་ཏེ། སུམ་ཆའི་གཉིས་ཙམ་གྱི་ཆུ་བླུགས་པའི་སླ་ངའི་ནང་ལ་བསྐོལ་ནས། ཆུ་ཐག་སྟེ་ནས་ཚོས་རྗེས་ཕྱིར་བླངས་ནས་དྲོད་འཇམ་གྱི་དུས་སུ་སྣོད་སྟེང་དུ་བཞག་ནས། དེ་ནས་ཕབ་འདེབས་བརྒྱབ་རྗེས། སླ་ངའི་ནང་བླུགས་ཏེ་བཏུམས་ནས་སྐྱུར་ལངས་སུ་འཇུག་དགོས། ཞག་མ་གཅིག་གཉིས་ལ་སྐྱུར་ལངས་དུས་རྫ་སྣོད་དུ་བླངས་ཏེ་བཙག་དགོས་སོ། །

ཡང་། ཆང་བཙག་སྟངས་ཀྱི་ཐད་ནས་གེ་སར་སྒྲུང་ལས། ཕུན་སུམ་ཚོགས་པའི་ཐབ་ཀྱི་ནང་། །དམར་འོད་ཆེ་བའི་མེ་ཞིག་བུས། །བཀྲ་ཤིས་འཁྱིལ་བའི་ཟངས་ཤིག་བཙུགས། །རྒྱུན་ཆད་མེད་པའི་ཆུ་ཞིག་བཙུགས། །ཨ་ཡག་ནས་ཀྱི་ཕ་དང་གཅིག །དར་ཡག་ནས་ཀྱི་མ་དང་གཉིས། །རྒྱ་མུ་ནས་ཀྱི་བང་མཛོད་གསུམ། །འབྲུ་ཁ་ར་ནས་ཀྱི་གཡོག་མོ་བཞི། །ཁྲ་བོ་ནས་ཀྱི་ཞང་བོ་ལྔ། །དམར་ཁྲ་ནས་ཀྱི་བྲ་བ་དྲུག །སྔོ་ཆུང་ནས་ཀྱི་རྒན་མ་བདུན། །ཞེས་ཆང་བཙགས་ལུགས་དང་ནས་ཀྱི་དབྱེ་བ་ཞིབ་བརྗོད་གནང་ཡོད་པ་དང་། ཆང་གི་བཟང་ངན་ཡང་། གླིང་སྒྲུང་དེ་ལས། ལོ་ལ་བསྙལ་བའི་ལོ་ཆང་ཡོད། །ལོ་ཆང་ལོ་ཡག་ཁམ་པ་ཡོད། །ཟླ་ལ་བསྙལ་བའི་ཟླ་ཆང་ཡོད། །ཟླ་ཆང་ཟིལ་མངར་ལྡན་པ་ཡོད། །ཞག་ལ་བསྙལ་བའི་ཞག་ཆང་ཡོད། །ཞག་ཆང་ཞག་ལོ་མེ་འབར་ཡོད། །ཉིན་ལ་བསྙལ་བའི་ཉིན་ཆང་ཡོད། །ཉིན་ཆང་བདུད་རྩི་ལོ་ཡག་ཡོད། །ཅེས་གསུངས་ཡོད།

གཞན་ཡང་། ཆང་བཤད་ལས། སྔོན་བསྐལ་བ་དང་བོའི་དུས་སྐབས་སུ། །མི་མགོ་ནག་རྣམས་ཀྱིས་ནས་འབྲུ་བཙལ། །དུས་དང་བོ་ལྷ་ཡུལ་ཁམས་ནས་བཙལ། །དེའི་འཕྲོ་ནས་འཇིག་རྟེན་ཁམས་ནས་བཙལ། །དུས་མཐའ་མར་ཀླུ་ཡུལ་ཁམས་ནས་རྙེད། །ས་དོག་མོ་དྲོད་ཀྱིས་དྲོས་དུས་སུ། །ཞིང་ལུད་རྫས་སྨན་ཆུ་དཀྲོལ་དཀྲོལ་བྱས། །ནས་སོན་བཟང་ཆར་བ་འབབ་འབབ་བྱས། །ཆུ་གཙང་བོ་གསོལ་ཇ་འདྲེན་འདྲེན་བྱས། །ནས་མྱུ་གུ་རྦ་རླབས་འཕྱུར་འཕྱུར་བྱས། །ཟོར་གོར་མོས་ཐང་མ་སྡུད་སྡུད་བྱས། །ཆང་བསྙལ་བའི་རྟེན་འབྲེལ་དེ་ནས་འགྲིག ། ལག་ལས་ཀ་ཅན་གྱི་མ་སྲུ་ཚོས། །ཟངས་སེར་བོའི་ཁ་ཟངས་གོར་མོ་ལ། །ཆུ་གཙང་མ་བླུགས་ནས་དག་འཁྲུད་བྱས། །ཤིང་འབྲུ་ཤུག་བདུག་ནས་དག་གཙང་བྱས། །ཐབ་གྲུ་བཞི་གསེར་ཁྲིའི་སྟེང་ལ་བསྐྱོན། །ནས་སྔོན་མོ་བླུགས་ནས་རླངས་བཙོ་བྱས། །སྟོད་རྒྱ་གར་ཡུལ་གྱི་སྨན་རྩི་བསྲེས། །ཁྱོན་ཡངས་པའི་གཡུ་རྫ་མདོང་མོར་བསྙལ། །ལོ་ལ་བསྙལ་བའི་ལོ་ཆང་བཙགས། །ཟླ་ལ་བསྙལ་བའི་ཟླ་ཆང་བཙགས། །ཞག་ལ་བསྙལ་བའི་ཞག་ཆང་བཙགས། །ཞེས་པ་འདི་དག་གིས་ནས་ཀྱི་བྱུང་བ་དང་། ནས་ཆང་བཙགས་ཚུལ་གྱི་བརྒྱུད་རིམ་བསྟན་ཡོད་པ་དང་། ཡང་། ནས་ཆང་གི་དགེ་མཚན་ཡང་། ཆང་བཤད་ལས། སྟེང་ལྷ་ལ་མཆོད་ན་མགོན་སྐྱབས་གནང་ང། །བར་བཙན་ལ་མཆོད་ན་སྡོངས་གྲོགས་མཛད་ལ། །འོག་ཀླུ་ལ་མཆོད་ན་ཕྭ་གཡང་སྟེར་ར། །ཕྱིའི་མགྲོན་པོ་དྲངས་ན་འགྲུལ་ངོ་ལོན་ན། །ནང་ཕ་ཁུར་དྲངས་ན་ཐུགས་དགོངས་དགྱེས་ཡ། །ཕ་ཨ་ཁུས་འཐུང་ན་དགྲ་ལྷ་འཁོར་ར། །སྟག་ཤ་རས་འཐུང་ན་དཔའ་རྩལ་དགྱེས་ཡ། །མ་བུ་མོས་འཐུང་ན་ཟས་ལྷ་འཁོར་ར། །གཏམ་བཤད་དུས་འཐུང་ན་ཁ་ལྕེ་བདེ་ཡ། །གླུ་ལེན་དུས་འཐུང་ན་སྐད་ངག་བདེ་ཡ། །སེམས་སྐྱེད་དུས་འཐུང་ན་ཚེ་ཐག་རིང་ང་། །ཡིད་སྐྱོ་དུས་འཐུང་ན་སྤྲོ་བ་འཕེལ་ལ། །ཐང་ཆད་དུས་འཐུང་ན་ངལ་བ་སངས་ང། །བློ་དུབ་དུས་འཐུང་ན་རིག་པ་རྒྱས་ཡ། །ལུས་གྲང་དུས་འཐུང་ན་དྲོད་ཤ་སྟེར་ར། །དགོང་ཉལ་ཁར་འཐུང་ན་གཉིད་ཀྱང་ཁུག་ག །ལམ་རིང་མོ་བརྒྱུད་དུས་འགྲོ་རོགས་ཉན་ན། །རང་གཅིག་པོ་ཡིན་དུས་འདུག་རོགས་ཉན་ན། །གྲོགས་བཟང་བོ་ཐུག་དུས་ལམ་རོགས་ཉན་ན། །ཞེས་སོ། །

གསུམ་པ། ཐུག་པ་དང་བྲོ་སྨན་གྱི་སྐོར།

ཐུག་པ།

བོད་མིའི་རྒྱུན་སྤྱོད་ཐུག་པའི་སྐོར་ལ་ཡང་། ༡ རྩམ་ཐུག རྩམ་ཕྱེ་བཏབ་ནས་བསྐོལ་བའི་ཐུག་པ། ༢ ཐུག་རྐྱང་བརྔོས་མ། ཐུག་པ་བསྐོལ་རྗེས་ཕྱིར་སྣུམ་ནང་དུ་བརྔོས་ཤིང་། ཁ་ལ་ཤ་མེད་པར་སྔོ་ཚོད་འཕངས་པ། ༣ ཐུག་རིང་། གྲོ་ཕྱེ་ལེབ་མོ་བརྡལ་ནས། བཤར་གྲིས་ཉག་རིང་བོར་གཙབས་པའི་ཐུག་པ། ༤ བོད་ཐུག བུལ་ཏོག་ཆུར་བརྫིས་པའི་གྲོ་ཟན་གྱི་ཐུག་པ། ༥ ནས་ཐུག ནས་ཆན་ཧྲོབ་ཙམ་བརྡུངས་ནས་གདུས་པའི་ཐུག་པ། ཡང་ན། ནས་ཕྱེ་སྲབ་བུར་བརྡལ་ཞིང་དབྱིབས་གྲུ་བཞི་འམ་ཟུར་གསུམ་དུ་བཤར་རྗེས་རྡོར་དང་བཅས་ཏེ་བསྐོལ་བའི་ནས་ཐུག ༦ གྲོ་ཐུག གྲོ་ཆན་དང་གྲོ་ཧྲོབ་ཙམ་བརྡུངས་ནས་གདུས་ཏེ་བསྐོལ་བའི་ཐུག་པ། ༧ མཐེབ་ཐུག ཕྱེ་བརྫིས་ནས་མཐེབ་མོའི་ཚད་ལྟར་བཅད་ནས་བསྐོལ་བ། ༨ ཡོས་ཐུག གྲོ་ནས་གང་རུང་བརྔོས་ནས་བསྐོལ་བ། ༩ སྐྱུར་ཐུག ཁུ་རྐང་ནང་ལ་དར་བ་བླུགས་པའམ་ཚོད་སྐྱུར་འཕངས་ནས་བསྐོལ་བ། ༡༠ དགུ་ཐུག སྣ་ཁ་དགུ་ལྡན་གྱི་དགུ་ཐུག ཉི་མ་སུམ་བརྒྱ་དྲུག་ཅུའི་ལོ་མཇུག་འཐུང་བའི་ཐུག་པ།

བྲོ་སྨན།

བོད་རང་ཡུལ་ནས་ཐོན་པའི་བྲོ་སྨན་གྱི་རིགས་ལ་ཡང་། གཡེར་མ། བཟའ་ཚྭ། ཕོ་རིལ། ཀ་ཀོ་ལ། གོ་སྙོད། ལྒ་རྨུག ལྒ་སེར། འབྲོང་སྒོག རི་སྒོག སྒོག་སྔོན། བཅའ་ལྒ་སོགས་ཡོད་དོ། །

ལེའུ་ཉེར་ལྔ་བ། བྱིས་པའི་རོལ་རྩེད།

ཐེ་གེ་རྩེ་སྲོལ།

ཐེ་གེའི་རྩེད་མོ་ནི། བོད་ཞིང་འབྲོག་ཁུལ་དུ་ལོ་ཆུང་བྱིས་པ་ཚོ་དགའ་བའི་རྩེད་མོ་ཞིག་ཡིན། རྩེད་ཆས་དེ་ནི་ར་ལུག་གི་པུས་མཚམས་སྦྲེལ་མཚམས་ན་ཡོད་པའི་ཐེ་གེ་ཞེས་པའི་རུས་པ་དེ་ཡིན། ནམ་རྒྱུན་བྱིས་པ་ཚོས་ག་ས་ག་རུ་རུས་ཆུང་དེ་འཚོལ་སྡུད་བྱས་ཏེ། མང་བོ་གསོག་སྲོལ་ཡོད། ཐེ་གེ་ལ་བཟང་ངན་གཉིས་ཡོད་ལ། ར་ལུག་བཤས་པ་ལས་བཏོན་པ་ལ་བཟང་ཐེ་དང་། རང་བཞིན་གྱིས་ཤི་བ་ལ་ངན་ཐེ་ཞེས་བརྗོད། ཐེ་གེ་ཆེས་ལེགས་ཤོས་ནི། སྲ་མཁྲེགས་འོད་མདངས་འཚེར་བ་དེ་ཡིན། དེའི་མདུན་རྒྱབ་གཡས་གཡོན་སོགས་ལ་རྟ་དྲེལ་སོགས་ཀྱིས་དབྱེ་བ་ཕྱེས་ནས་རྩེས་པ་ཡིན། དེའི་མིང་ལ་རྟ་དྲེལ་རྩེ་བའང་ཟེར་ལ། ཨ་ཅུག་གི་རྩེ་མོ་ཡང་ཟེར། དཔེར་ན། ཐེ་གེའི་སྟེང་ནི་རྟ་དང་། འོག་བོང་བུ། གཡས་ར། གཡོན་ལུག མདུན་ཁྱུང་། རྒྱབ་ཁྱི་རྐུབ་སོགས་སྲོག་ཆགས་ལ་དཔེར་བཀོད་ནས་རྩེ་སྲོལ་ཡོད། དེ་ལྟར་སྟེང་གི་རྟ་ནས་རྒྱབ་ཀྱི་ཁྱི་རྐུབ་བར་དབང་རིམ་ཡང་ཆེ་ཆུང་ཡོད་ལ། ཁྱི་རྐུབ་ནི་ཆེས་དབང་རིམ་ཆུང་བ་ཡིན། རྩེད་མོ་འདི་དུས་བཞིར་རྩེས་ལ། དུས་ཚིགས་ཡག་ཤོས་ནི་དགུན་དུས་ཡིན། རྒྱུ་མཚན་དགུན་དུས་ངལ་རྩོལ་ཆེར་མེད་པར་མ་ཟད། ར་ལུག་མང་བོ་བཤའ་བ་ཡིན་སྟབས། ཐེ་གེ་ཡང་མང་བོ་འབྱུང་གི་ཡོད།

རྩེད་སྟངས་ནི། ཡུལ་ལུང་སོ་སོར་མི་འདྲ་བ་མང་དུ་མཆིས་ཀྱང་། འདིར་རེ་འགའ་བཤད་ན། ཐོག་མར་རྩེད་མཁན་ཚོས་སུར་རྟ﹙སྟེང་གི་རི་རྟའི་རི་མོ་ཡོད་པ་དེ་ལ་ཟེར﹚སུ་ལ་བབས་པ་དེ་ནི་ཐོག་མར་འདེབས་མཁན་ཡིན། དེ་ལ་སུར་རྟ་རྭ་ཆག་ཀྱང་ཟེར། རྩེད་མཁན་ཅི་ཙམ་ཡོད་ཀྱང་། ཚང་མས་ཉུང་ན་ལག་པ་གཅིག མང་ན་ཁྱོར་བ་ཁྱོར་བ་བྱས་ཏེ་ཐེངས་མང་བོར་ཐང་མར་བརྡལ། ཐོག་མར་འདེབས་པ་དེས། ས་ངོས་ནས་མཛུབ་གུ་ལྔ་བོ་གང་རུང་གིས། རྟ་དང་རྟ་སོགས་ཕན་ཚུན་རིགས་མཐུན་ལ་འབེན་བྱས་ཏེ་འཕེན་པ་དང་། འགུལ་ཙམ་བྱས་ན་ལག་ཏུ་གསོག་ཆོག དེ་བཞིན། རང་དང་རིགས་མཐུན་ལ་འབེན་བྱས་ནས་འཕེན་པ་མ་གཏོགས། རིགས་མི་མཐུན་པར་འཕེན་སྲོལ་མེད། རིགས་མཐུན་པར་འགུལ་ཙམ་བྱས་ན། མུ་མཐུད་དུ་འདེབས་པའི་དབང་ཆ་མེད། གལ་ཏེ་བོང་བུ་དང་བོང་བུ་ཕན་ཚུན་འབེན་བྱས་ཏེ་འགུལ་ཙམ་བྱས་ནས། ད་དུང་བོང་བུ་ལྟར་བསྡད་ཡོད་ན། སླར་ཡང་འབེན་བྱས་ནས་འགུལ་ཙམ་བྱས་ན། གཉིས་པོ་ལག་ཏུ་བླངས་ཆོག གཞན་དག་དེ་ལྟར་རིགས་བསྒྲེའོ། །

ཡང་། འདེབས་སྟངས་གཞན་ཞིག་ལ། ཕལ་ཆེར་འབའ་རྩེད་སྟངས་དང་འདྲ་ལ། མི་འདྲ་བ་ནི། ཐེ་རྡེའུ་གནམ་དུ་འཕངས་ཏེ་ཐེ་གེ་ལག་ཏུ་མི་ལེན་པར། རིམ་བཞིན་ལག་པས་ཕུར་ཕུར་བྱས་ནས། རྟ་དང་བོང་བུ། ལུག་དང་ར་མ་ལྟར་ཐེ་གེ་གཅིག་སྟེང་དུ་བསྐོར་ན། མཐར་ལག་པས་བླངས་ཏེ་རྒྱལ་ཕམ་རྩོད་པ་ཞིག་ཡིན།

ཐེའུ་རྩེད་ཚུལ།

ཐེའུ་ནི་བོད་རིགས་བྱིས་པ་ཚོ་ཧ་ཅང་དགའ་བོ་གནང་བའི་རྐང་རྩེད་གྱི་རྩེད་མོ་ཞིག དེ་ནི་དོང་ཙེའི་དཀྱིལ་གྱི་བུ་གའི་ནང་དུ་ཚོན་ཁྲ་ཅན་གྱི་བྱ་སྒྲོ་སྣ་ཚོགས་བཙུགས་ཏེ་རྒྱབ་ངོས་སུ་རས་ཀྱིས་བཏུམས་པ་ཞིག་ཡིན། ཁ་ཅིག ར་ལྤགས་སོགས་ལ་རེའུ་ལེབ་ཆུང་ངུ་སྦྱར་ཏེ་བརྒྱབ་པའང་ཡོད། རྩེད་སྟངས་ནི། ཡུལ་སྡེ་སོ་སོའི་བྱིས་པ་རྣམས་དུས་ཆེན་ནམ། ངལ་གསོའི་སྐབས་སུ། རྐང་བའི་བོལ་གོང་ངམ་གཡས་གཡོན། རྟིང་པ་སོགས་ནས་གནམ་དུ་འཕངས་ནས་གྲངས་ཀ་མང་ཉུང་བརྩིས་ཏེ། རྒྱལ་ཕམ་འབྱེད་པའི་རྩེད་མོའི་རྣམ་གྲངས་ཤིག་ཡིན།

འབའ་རྩེད།

འབའ་ཞེས་པ་ནི། རྡེའུ་ཆུང་ཟླུམ་རིལ་ལ་འབའ་རྡེའུ་ཟེར། ཨ་མདོའི་སྐད་དུ་རིལ་རིལ་ལ་འབའ་ལོ་ཟེར་བས། ཟླུམ་རིལ་འབའ་ལོ་ལྔ་ལ་བརྟེན་ནས་བྱིས་པ་རྣམས་རྩེད་མོ་རྩེས་པས་ཆ་ནས་འབའ་རྩེད་ཟེར། དེ་ཡང་། རོང་འབྲོག་གི་བྱིས་པའི་རྩེད་མོ་འདི་ལ་ཁྱད་ཆོས་མང་སྟེ། གཅིག་ནས་རྩེད་ཆས་རྙེད་སླ་བ་དང་། གཉིས་ནས་རྣམ་གྲངས་མང་ཡང་བཀོལ་སྤྱོད་བདེ་བ། ལག་རྩལ་འབྱོར་བ། རིག་པ་འགུལ་བ་སོགས་དགེ་མཚན་ལྡན། དེ་ནི་བྱིས་པ་འཚར་ལོངས་ཡོང་བའི་བརྒྱུད་རིམ་ཁྲོད་ཀྱི་རྩེད་རིག་གི་གྲུབ་ཆ་ཞིག་ཡིན། འབའ་ནི་མི་གཉིས་སམ། སྐོར་ཚན་བྱས་ནས་བཏབ་ནའང་ཆོག་ལ། མཐའ་ཐུག་གི་དམིགས་ཡུལ་ནི་ཕན་ཚུན་བར་སྒ་བ

འབའ་འདེབས་སྲོལ་ཕལ་མོ་ཆེ་འབྲོག་པའི་རྩྭ་ཐང་ན་དར་སོ་ཆེ་ཞིང་། ན་གཞོན་ཕོ་མོ་འཚར་ལོངས་འབྱུང་བའི་ཁྲོད་ཀྱི་རྩེད་མོ་ཞིག་ལགས་པས། ཁོ་བོ་ཅག་དུང་བརྗོད་དང་འབྲེལ་བའི་འབའ་གླུ་ཞིག་ཀྱང་ལེན་རྒྱུ་ཡོད་དེ། དཔེར་ན། སེམས་སྣང་བ་སྐྱིད་དུས་རོགས་སྒ་འཕེན། །ཆུང་ན་ཟླས་འཕེན་པའི་རྡེའུ་ལྔ། །ལག་མཛུབ་མོའི་རྩེ་ནས་དལ་གྱིས་འཕེན། །ཞེ་སྣང་བ་ཨེ་མཐུན་ཡུན་གིས་བལྟ། །ཞེས་དང་། ལུག་གཡང་དཀར་རི་ནས་འཚོ་དུས་འཕེན། །མ་ཚེར་མོའི་བལ་ཁ་ཨེ་འཇམ་བལྟ། །ཆུང་ན་ཟླ་ཁ་ངོ་ཐུག་དུས་འཕེན། །ཞེ་མཐུན་པའི་རྩེད་གྲོགས་ཨེ་ཉན་བལྟ། །ཞེས་སོ། །

ཨ་མདོར་མཚོན་ན། འབའ་ལ་རྣམ་གྲངས་ཀྱི་ཆ་ནས་བཅུ་གཉིས་ཡོད་དེ། རྐྱང་འབའ། རྟུག་འབའ། འབའ་སྒ་བསྟོད། འབའ་མགོ་མང་། འབའ་རིང་འབའ་ཐུང་། གང་ལེན་གང་འཁྱེར། འབའ་རྟ་རྒྱུགས། སྒུལ་འབའ། འབའ་ཐོད་བཀུག འབའ་གྲོ་འཐུ། འབའ་རྒྱབ་ཐོག་སོགས་ཡོད། འབའ་འདེབས་པའི་གོ་རིམ་ལ། ཁེར་ཆ། ཉིས་ཆ། གསུམ་ཆ། བཞི་ཆ། སྙིང་བསྐོར། སྒ་འགེལ་བ་སོགས་ཡོད། ཐོག་མར་གོ་རིམ་ནི། རྡེའུ་ལྔ་བོ་སྙིམ་མཐིལ་དུ་བཟུང་ནས་ལག་རྒྱབ་ཏུ་འཕངས་ཏེ། རྡེའུ་མང་ཉུང་ལྟར་འདེབས་དགོས། ༡ རྐྱང་འབའ་ནི། དང་བོ་འབའ་མགོ་ཡར་འཕངས་ཏེ། ཐང་གི་འབའ་རྡེའུ་གཅིག་རེ་བླངས་ནས་སར་འཇོག་པ་དང་། དེ་གཉིས་རེ་གཉིས་བླངས་ནས་སར་འཇོག་པ། དེ་ནས་རྡེའུ་གསུམ་དང་། གཅིག་བླངས་ནས་སར་འཇོག་པ་དང་། དེ་ནས་བཞི་ལེན་པ་ཡིན། ༢ རྟུག་འབའ་ནི། དང་ཐོག་ལག་པའི་ནང་དུ་འབའ་རྡེའུ་གཉིས་བཟུང་སྟེ། གཅིག་གནམ་དུ་འཕངས་ཏེ། ཐང་གི་རྡེའུ་གཅིག་ལག་ཏུ་ལེན་ཞོར། སྔོན་ལག་ནང་དུ་རྡེའུ་བཟུང་ཡོད་པ་དེ་རྟུག་པ་གཏོང་བ་ལྟར། ས་ལ་གཏོར་དགོས། ༣ འབའ་སྒ་བསྟོད་ནི། འབའ་རྡེའུ་བཞི་སར་གཏོར་བ་དང་། དེ་ནས་འབའ་མགོ་གནམ་དུ་འཕངས་ནས་ཐང་གི་འབའ་རྡེའུ་གསུམ་སྒྱེད་པུ་ལྟར་སུམ་ཚུགས་བྱས་ཏེ། འབའ་མགོ་གནམ་དུ་འཕེན་ཞོར། ཟུར་གྱི་རྡེའུ་གཅིག་བླངས་ཏེ་སུམ་ཚུགས་ཀྱི་སྟེང་དུ་བསྟོད་ལ། དེ་ནས་འབའ་མགོ་ལག་རྒྱབ་ཏུ་འཕངས་ཏེ། སུམ་ཚུགས་ཀྱི་སྟེང་དུ་མར་གཡུགས་དགོས། ༤ འབའ་མགོ་མང་ནི། འབའ་མགོ་ཡར་འཕངས་ཏེ། ཐང་གི་རྡེའུ་ལག་པས་བླངས་ནས། འབའ་མགོ་དང་ལྷན་དུ་གནམ་དུ་འཕངས་ཏེ་བཟུང་ནས། མཐར་འབའ་མགོ་བཞི་བོ་འཛིན་དགོས། ༥ འབའ་རིང་འབའ་ཐུང་ནི། འབའ་རྡེའུ་ལྔ་ལས་འབའ་མགོ་གཉིས་ལག་དང་། གཞན་གསུམ་ས་ལ་གཏོར་དགོས་ཏེ། འབའ་མགོ་གཉིས་སྔ་ཕྱི་ལྟར་གནམ་དུ་འཕངས་ནས། སར་མ་ལྷུང་གོང་དུ། སའི་འབའ་རྡེའུ་འཛིན་པ་ཞིག་ཡིན། ༦ འབའ་གང་ལེན་གང་འཁྱེར་ནི། འདེབས་སྟངས་རྐྱང་འབའ་དང་གཅིག་ལ། འདེབས་དུས་མི་གཅིག་ས་ནི། མི་གཞན་པ་ཞིག་གིས། ཆེས་ལེན་དཀའ་ས་ནས་གདམས་ཏེ་འཛིན་ཏུ་འཇུག་པ་དེ་ཡིན། ༧ འབའ་རྟ་རྒྱུགས་ནི། གོ་རིམ་རྐྱང་འབའ་དང་མཚུངས་ལ། མི་གཅིག་ས་ནི། ཉིས་ཆ། གསུམ་ཆ། བཞི་ཆ་ནི་འབའ་རྡེའུ་ཇེ་རིང་དུ་བཏང་སྟེ། རྟ་རྒྱུགས་པ་ལྟར་འཛིན་པའི་འདེབས་སྟངས་ཤིག་ཡིན། ༨ སྒུལ་འབའ་ནི། འདེབས་སྟངས་རྐྱང་འབའ་དང་འདྲ་ལ། འདེབས་དུས་རྡེའུ་གཞན་སྒུལ་མི་ཉན་པར་གཟབ་གཟབ་བྱས་ནས་འདེབས་དགོས་པས། འདི་ལ་ཐུག་མི་ཉན་ཐུགས་རྗེ་ཆེན་པོ་ཡང་ཟེར། ༩ འབའ་ཐོད་བཀུག འདེབས་སྟངས་རྐྱང་འབའ་དང་འདྲ་ལ། གནམ་དུ་འཕངས་པའི་འབའ་མགོ་འཛིན་སྐབས། ལག་པ་ཡར་འཁོར་ནས་འཛིན་མི་ཆོག་པར། ཐོད་གུག་བཞིན་ཐུར་དུ་བཀུགས་ནས་འཛིན་དགོས། ༡༠ འབའ་གྲོ་འཐུ་ནི། འདེབས་ཚུལ་རྐྱང་འབའ་དང་འདྲ་ལ། འབའ་མགོ་གནམ་དུ་འཕངས་ཏེ། འབའ་རྡེའུ་གཞན་རྣམས་ཐང་དུ་མི་འཇོག་པར། ལག་པ་གཡོན་པའི་ནང་དུ་བླངས་ཏེ། གྲོ་མ་འཐུ་འཐུ་བྱེད་དགོས་སོ། །༡༡ འབའ་ཞོ་ལྡག་ནི། འདེབས་ཚུལ་རྐྱང་འབའ་དང་འདྲ་ལ། འབའ་མགོ་ཡར་འཕངས་ཏེ། ཐང་གི་རྡེའུ་མ་བཟུང་སྔོན་དུ། རང་གི་ལག་པས་མ་ནེ་ལ་ཞོ་ཡི་ཚུལ་དུ་ལྡག་པ་ལ་ཟེར། ༡༢ འབའ་རྒྱབ་ཐོག་ནི། རྡེའུ་ལྔ་ལག་པའི་ནང་དུ་བཟུང་སྟེ། རྡེའུ་གཅིག་ལག་རྒྱབ་ཏུ་འཕངས་རྗེས། ཐང་གི་རྡེའུ་ཞིག་མཐེབ་མཛུབ་དང་གུང་མཛུབ་ཀྱིས་བླངས་ནས། ལག་རྒྱབ་ཏུ་འཕངས་ཏེ་རིམ་བཞིན་བརྗེ་བོ་བརྒྱབ་ཚར་རྗེས། རྡེའུ་བཞི་སར་གཏོར་ཏེ། འབའ་མགོ་ཡར་འཕངས་ནས་ཐང་གི་རྡེའུ་བཞི་བོ་ལེན་པ་ལ། རྒྱབ་ཐོག་ཁེར་བརྗེས་ཟེར། ཡང་། འབའ་རྡེའུ་ལྔ་བོ་ལག་རྒྱབ་ཏུ་འཕངས་ནས་ལག་པས་ཡར་འཁོར་ནས་བཟུང་ན་ལག་ཏུ་དུ་ཡོད་ཀྱི་གྲངས་སུ་བརྩི་ལ། ལག་པ་ཐུར་དུ་གུག་ནས་བཟུང་ན། འབའ་རྡེའུ་གཅིག་གཉིས་སུ་བརྩི་སྲོལ་ཡོད་པ་ལ། དེ་ལ་རྒྱབ་ཐོག་མང་བརྗེས་ཟེར་ལ། འདི་ནི་མཐའ་མཇུག་རྒྱལ་ཕམ་བརྩད་དེ་སྒ་འགེལ་བ་ཡིན།

སྒའི་འགེལ་ལུགས་ལའང་། ལུག་རྫིའི་རི་སྒ། བུ་མོའི་སྨྲེང་སྒ། བྱིས་པའི་རྩེད་སྒ། རྒན་པོའི་འཁྱོར་སྒ། འཁྱམ་པོའི་གཡོ་སྒ། གཞོན་ནུའི་རོགས་སྒ་སོགས་དང་། འགེལ་སྟངས་ལ། རྡེའུ་ལྔ་དྲུག་སོགས་ཀྱི་སྒ་འགེལ་སྟངས་ལ་མིང་འདོགས་ཚུལ་མི་འདྲ་བ་ཡོད་ཀྱང་། རང་སྒ། རང་སྒའི་བསོགས་སྒ། རང་སྒའི་རུལ་སྒ ས་སྦྲེས་སྒ། མགོ་མང་སྒ། བསོགས་སྒའི་རུལ་སྒ། མགོ་མང་འཆིང་སྒ། མགོ་མང་རུལ་སྒ། རང་སྒའི་ཤ་རིང་ཤ་ཐུང་སྒ། ཤ་རིང་ཤ་ཐུང་རུལ་སྒ། མགོ་མང་འཆིང་བསོགས་སྒ། ཤ་རིང་ཤ་ཐུང་སྒ། ཤ་རིང་ཤ་ཐུང་རུལ་སྒ་སོགས་ཡོད་ལ། གལ་ཏེ་ཕ་རོལ་བོ་སྒ་བཅུ་བཀལ་ཚེ། འཇག་གང་དང་། སྒ་ཉི་ཤུ་བཀལ་ཚེ། འཇག་དོ་དང་། རྡེའུ་གྲངས་བརྒྱ་ལོངས་ན་བྲེ་གང་། སྟོང་ལོངས་ན་མཛོ་མོ་གཅིག་བཀལ་ཟེར། དེ་ལྟར་འབའ་ཐེངས་གཅིག་རྩེས་ཚར་རྗེས། ཕམ་ཁ་མྱངས་པའི་མི་དེས། ཁེད་དང་གཏམ་རྒྱུད་བཤད་པ་དང་། གླུ་ལེན་པ། ཡང་ན། རྒྱལ་བ་དེ་རྒྱབ་ཏུ་འཁུར་ནས་བསྐོར་བ་བྱེད་སྲོལ་སོགས་ཡོད་དོ། །དེ་བས། ཁ་དཔེར་ཡང་། འབའ་ཐེངས་གཅིག་ཚར་ན་གླུ་ཞིག་ལེན། །མགོར་ཐེངས་གཅིག་བཀལ་ན་སྒྲུང་ཞིག་བཤད། །ཅེས་ཟེར་རོ། །

ལེའུ་ཉེར་དྲུག་པ། ལུས་རྩལ་གྱི་སྐོར།

སྦེ་ག་འགྲན་པ།

སྦེ་ག་བྱེད་པ་ནི། ཕོ་རྩལ་སྣ་དགུའི་གྲས་ཀྱི་གཅིག་ཡིན། དེ་དགུ་ནི། གཏམ་ཡིག་རྩིས་གསུམ། མདའ་རྡོ་མཆོང་གསུམ། བང་རྐྱལ་སྦེ་གསུམ་མོ། །སྦེ་ག་བྱེད་པ་འདི་ལ་ཨ་མདོའི་སྐད་དུ་འཇུ་རེས་རྒྱག་པའང་ཟེར། འདི་གནའ་སྔ་མོ་ནས་བོད་དུ་དར་བའི་ལུས་རྩལ་ཀྱི་རྣམ་གྲངས་ཤིག་སྟེ། ལུས་སྟོབས་དང་རྩལ་གྱིས་འགྲན་བསྡུར་བྱེད་པ་ཞིག་ཡིན།

ལུས་རྩལ་གྱི་རྣམ་གྲངས་སྔོན་གྱི་ཡིག་ཚང་དུ་མཐོང་རྒྱུ་ཡོད་པ་ནི། ལེགས་བཤད་རིན་པོ་ཆེའི་གཏེར་ལས། གངས་རི་སོར་མོས་འདེགས་པའི་ལི་བོན་མུ་ཆོ། རྩི་ཤིང་རང་སྡུད་བྱེད་པའི་གཅོ་གྱིམ་བུ་ལན་ཆོ། གནམ་ས་གོ་ལྡོག་ནུས་པའི་རྒྱ་བོན་མུ་ཆོ། རྒྱ་མཚོ་བལ་འདབས་ལ་སྤུར་བའི་སུམ་པ་མུ་ཕྱ། ཧས་བོ་རི་མེའི་ཞགས་པས་བཅིངས་པའི་ཁུ་བོན་མཐོང་གྲགས། བདུད་སྲིན་དངོས་སུ་བཀུག་པའི་ཞང་ཞུང་མུ་ཆོ། ཡར་ཆབ་གྱེན་དུ་བཟློག་པའི་ལྗང་ཚ་འཕེན་སྣང་། རི་རབ་མཛུབ་རྩེས་གསོར་བའི་འཇང་བོན་འཕེལ་སྣང་། སྐྱི་གཙང་གོམ་པས་འཇལ་བའི་རྨ་བོན་ཐུགས་དཀར་དགུ། ཞེས་བཤད་པ་ལ་ལྷ་སྒྲུང་དང་ཆོས་ལུགས་ཀྱི་ཤན་ཞུགས་ཐེབས་སྣང་ཡང་། དོན་དུ་ལུས་རྩལ་གྱི་རྣམ་པ་བརྗོད་ཡོད།

དེ་མཚུངས་སུ། འདུས་སྲོང་མང་རྗེའི་དུས་སུ་རྩལ་བོ་ཆེ་མི་བདུན་བྱུང་བ་དང་། ལྷ་སའི་གཙུག་ལག་ཁང་དང་། རྩེ་པོ་ཏ་ལའི་ལྡེབས་རིས་སུའང་སྦེ་ག་བྱེད་པ་དང་། རྡོ་མགྱོགས་ཀྱི་རྣམ་པ་མཚོན་པའི་རི་མོ་བྲིས་ཡོད། སྔར་སྲོལ་འདི་བརྒྱུད་འཛིན་གྱི་ཆེད་དུ་སྨོན་ལམ་ཆེན་མོ་གྲོལ་ཉིན། གསུང་ཆོས་ར་བར་སྦེ་ག་དང་རྡོ་འགྱོགས་ཀྱི་འགྲན་བསྡུར་བྱེད་སྲོལ་ཡོད།

སྦེ་ག་འགྲན་སྟངས་ནི། ལུས་སྟོབས་དང་ལྡེམ་མྱུར་རྩལ་གསུམ་འཛོམས་པའི་ཕོ་རྒོད་དར་མ་གཉིས་འདེམས་སྒྲིག་གིས། འཇུ་སྟངས་གཏན་འབེབས་ལྟར་ཤུགས་ཚད་བསྡུར་ཏེ། སུ་ཞིག་སྔོན་དུ་ས་ལ་བསྒྱེལ་ན་དེ་ཕམ་པ་ཡིན། སྦེ་འགྲན་གྲགས་ཅན་ཞིག་ལ། དུས་རབས་བཅུ་དགུ་བའི་དུས་མཇུག་ཏུ་རྭ་སྒྲེང་དགོན་པའི་ཤར་ངོས་རི་ཕུག་སྒང་ཞེས་པར། མགར་བའི་བུ་ཁྲ་ཟེར་བའི་སྟོབས་པོ་ཆེ་ཞིག་བྱུང་བའི་ལོ་རྒྱུས་ཡོད། ཁོ་ནི་གཟུགས་སྟོབས་ཆེ་ཞིང་། སྟོབས་ཤུགས་འགྲན་ཟླ་མེད་པས། རྭ་སྒྲེང་བླ་བྲང་ནས་གསོ་ཉར་བྱས། ཚེ་ཞིག་ལྷ་སའི་སྨོན་ལམ་གྲོལ་ཉིན་གསུང་ཆོས་ར་བར། སྦེ་ག་རྡོ་འགྱོགས་ཀྱི་འགྲན་བསྡུར་ལ། རྭ་སྒྲེང་བླ་བྲང་ནས་མགར་བའི་བུ་ཁྲ་བཏང་བས། སྦེ་ག་འགྲན་ཉིན་གཡུགས་ཐེངས་གཅིག་གིས་འགྲན་ཡའི་སྒལ་ཚིགས་བཅག་ནས་བསད་སྟབས། ལོ་དེ་ནས་བཟུང་རྭ་སྒྲེང་བླ་བྲང་ནས་སྦེ་ག་འགྲན་མཁན་གཏོང་མི་དགོས་པ་བྱུང་སྐད། མགར་བའི་བུ་ཁྲ་འདིའི་ལྟོ་ཆས་ཡང་། ཟ་ཐེངས་རེར་རྩམ་པ་འབོ་གང﹙རྒྱ་མ་ཉེར་བརྒྱད་སྐོར﹚དང་ལུག་ཤ་བཞི་ལིང་ཟ་དགོས་སྟབས། རྗེས་སོར་ལྟོ་མ་ཕྱིད་པར་རྐུས་མི་བྱེད་ཐུ་མེད་བྱུང་སྟེ། གཡག་པང་དུ་བཀྱགས་ནས་འགྲོ་བ་དང་། གཡག་གི་མཇིང་ཚིགས་གཅུས་ནས་བསོད་པ། གཡག་ཀོའི་སྒལ་གཞུང་གི་ཀོ་བ་དྲས་ཏེ་རྐེད་པར་བཅིངས་ནས་དབུགས་སྒོམ་ཚེ་དུམ་བུར་གཅོད་པ་སོགས་ཀྱི་ཤེད་ཤུགས་ལྡན་པར་མ་ཟད། ད་དུང་ཁོ་ལུང་བའི་ཕུ་མདའ་གར་ཡོད་ཀྱི་རྟགས་སུ། རྡོ་ཆེན་སྒོང་དབྱིབས་ཅན་རྒྱ་མ་ཉིས་བརྒྱ་ལྷག་ཡོད་པ་དེ། ཁོའི་ཁང་འགྲམ་དུ་བཞག་ཡོད་དུས་ཕུ་ན་ཡོད་པ་དང་། ཁང་བའི་འགབ་ཀྱི་ཞིང་འགྲམ་ན་ཡོད་དུས་མདའ་རུ་ཡོད་པའི་རྟགས་སུ་མི་ཚོས་ངོས་འཛིན་བྱེད་ཀྱི་ཡོད། རྡོ་དེ་ལ་ཡང་མགར་བའི་བུ་ཁྲའི་ཤེད་རྡོ་ཟེར། ཁོའི་སྤྱོད་སྟངས་དེས་མི་རྣམས་ལ་འཇིགས་སྣང་སྐུལ་ཏེ། ཁོ་འདྲེ་ངན་ཡིན་པར་སྙད་བཏགས་ནས། ཁོ་རང་མཚན་མོ་གཉིད་དུ་ཡུར་བའི་གོ་སྐབས་དང་བསྟུན་ནས། ཡུལ་མིས་ཁང་བ་རྡིབས་ཏེ་བསད། ད་དུང་ཡང་ཁོའི་མགོ་རུས་ཤིན་ཏུ་ཆེ་བ་དེ་དང་། གྱང་རོ། ཤེད་རྡོ་བཅས་དངོས་སུ་ཡོད་པར་བཤད། དེང་སང་ཡང་ལས་ཀའི་བར་གསེང་དང་། དུས་སྟོན་སོགས་ལས་སྦེ་གའི་རྩེད་འཇོ་བྱེད་པ་མང་ངོ་། །

ལྗིད་འགྱོགས།

ལྗིད་འགྱོགས་ལ་རྡོ་འགྱོགས་དང་ས་སྒྱེ་འགྱོགས་པ་གཉིས་ཡོད་ལ། འདི་ཡང་བོད་ཀྱི་གདོད་མ་ནས་བརྒྱུད་པའི་ལུས་རྩལ་ཞིག་ཡིན། རྡོ་འགྱོགས་ནི། ལྗིད་ཚད་རིགས་མི་འདྲ་བའི་རྡོ་རིལ་ཆེན་པོ་འཇམ་ཤ་དོད་པ། ཕྱི་ངོས་སུ་མར་དང་ཞག་བྱུགས་ཏེ། ལྕི་ལ་འཇམ་འདྲེད་ཤོར་བའི་རྡོ་ཆེན་དེ། ཡར་བཀྱགས་ཏེ་ཕྲག་མགོ་ནས་ལྟག་རྒྱབ་དང་། ཡང་ན། མགོ་ཐོག་ནས་གཡུགས་ཐུབ་མིན་ལ་བལྟ་བ་ཡིན། ས་སྒྱེ་འགྱོགས་པ་ནི། སྒྲོ་དང་སྒྱེ་མོའི་ནང་དུ་ས་བཅུས་ནས། ཐག་པས་དམ་པོར་བསྡམས་པ་དེ། ཐོག་མར་པང་དུ་བླངས། དེ་ནས་ཕྲག་པ་ནས་རྒྱབ་ཏུ་འཕེན་པ་ཡིན།

ཁྱད་པར་དུ། བོད་རྒྱལ་འདུས་སྲོང་མང་རྗེའི་དུས་སུ་རྩལ་བོ་ཆེ་མི་བདུན་གྱི་ཡ་གྱལ། རྔོག་རིང་ལ་ནག་པོས་གླང་བོ་ཆེའི་ཕྲུ་གུ་ཐེག་པ་དང་། རྔོག་གླིང་ཁམས་ཀྱིས་གཡག་གྲུས་བོ་ཆེ་ཐེག་པར་ལོ་རྒྱུས་མང་བོར་བཀོད་པ་ཡང་། ལྗིད་འགྱོགས་ཤུགས་རྩལ་འདི་མཐོང་ཆེན་གནང་བ་མཚོན། རྩེ་པོ་ཏ་ལའི་ལོགས་རིས་སུ་སྐྱེས་བུ་སྟོབས་ལྡན་གྱིས་རྡོ་འགྱོགས་རི་མོ་བྲིས་ཡོད། སྔ་སོར་སྨོན་ལམ་ཆེན་མོ་གྲོལ་སྐབས། གསུང་ཆོས་ར་བ་ནས། གཟིམ་པ་བ་དང་། སྤྱི་ཚོགས་སྟེང་ཡོང་བའི་རྡོ་འགྱོགས་སྟོབས་ལྡན་རྣམས་ཀྱིས་འགྲན་བསྡུར་བྱེད་སྲོལ་ཡོད་ལ། ད་ལྟ་དུས་སྟོན་དང་ཁྲོམ་ཚོགས་ཀྱི་སྟེང་དུ་ཡང་། ས་སྒྱེ་ཆེན་པོའམ་རྡོ་རིལ་ལུག་རོ་འདྲ་བ་འཁྱེར་ཡོང་ནས་སྟོབས་རྩལ་འགྲན་པ་དེའོ། །

རྡོ་སྒོར།

རྡོ་སྒོར་ནི་ཕོ་གཞོན་དར་མ་བཅུ་ཕྲག་འགའ་བསྟར་ཕྲེང་བསྒྲིགས་ཏེ། རྡོ་དབྱིབས་སྒོར་མོ་འམ་གྲུ་བཞི། མདུན་ངོས་ཀྱི་སྤྱི་ཁྲེ་ལྔ་བཅུ་ཡས་མས་ཙམ་ལ། འབྲོང་གཡག་གམ་འབྲིའི་རྭ་རྩེ་ལ་རྔ་དམར་སྐོན་ཏེ་བཙུགས་ནས། རྒྱ་མ་གསུམ་ཙམ་ཡན་གྱི་རྡོ་ལག་པ་གྱེན་དུ་བཀན་པའི་ཚུལ་གྱིས་དེ་དག་འབེན་དུ་བྱས་ཏེ་བརྡེག་ཚེ། རབ་འབྲོང་རུ་གཏོར་བ། འབྲིང་ཕོག་པ། ཞན་པ་ཟུར་དུ་ཁེལ་ནས་རྭ་རྩེ་ནང་དུ་འཁོར་བར་བརྩིའོ། །འདི་ནི་དབུས་གཙང་ཁུལ་གྱི་ཞིང་ཁུལ་དུ་དར་ཁྱབ་ཆེའོ། །

ཕོ་བ་རྡོ་གཤག

དེ་ནི་སྐྱེ་བོ་སྟོབས་ལྡན་ཞིག་གན་རྐྱལ་དུ་བསྡད་དེ། རྡོ་ཆེན་པོ་ཞིག་ཕོ་བའི་སྟེང་བཞག་ནས། གཡས་གཡོན་གཉིས་སུ་དར་མ་ཟུང་གིས་རེས་མོས་བྱས་ཏེ། ལྕགས་ཐོས་གཞུས་ནས་རྡོ་ཆེན་དེ་ཚལ་བ་མང་བོ་བཏང་ཡང་། མི་དེའི་ལུས་སྟེང་ལ་གནོད་སྐྱོན་ཡོད་མེད་ལ་བལྟས་ཏེ་ཤན་འབྱེད་པ་ཞིག་ཡིན་ཡང་། འདི་ནི་དུས་རབས་དང་མི་འཚམ་ཞིང་ཁེ་ལས་ཉེན་ཆེ་བ་ཞིག་གོ །

རྐྱང་རྡོ་ཆ་རྒྱག

དེ་ནི་རྡོ་འཕེན་བང་རྒྱུགས་ཀྱིས། ཁ་བཀྱག་གི་སྟེང་དུ་སླེབས་མ་ཐག ལག་གཡས་ཀྱིས་ལྗིད་ཚད་རྒྱ་མ་གཉིས་ཙམ་ཡོད་པའི་གླིང་རྡོ་དེ་རྒྱང་རིང་དུ་འཕེན་པ་དང་། ལྡེམ་གཅལ་གྱི་ནང་དུ་མཆོང་འགྲོ་གིན་ཡོད།

མས་རྡོ་ཆ་རྒྱག

དེ་ནི་ཕལ་ཆེར་རྐྱང་རྡོ་ཆ་རྒྱག་དང་མཚུངས་ཀྱང་ཁྱད་པར་དུ། རྐྱང་རྡོ་ཤོ་ཕོར་ཁ་སྦུབ་པ་ལྟར་གཡུགས་པ་དང་། མས་རྡོ་རྒྱ་མཚོའི་གཏིང་ནས་ནོར་བུ་གཡུགས་པ་ལྟར། སྤྱི་ཁྲེ་བཞི་བཅུ་ཞེ་ལྔ་སྐོར་གཡུགས་པའི་ཁྱད་པར་ཡོད་པར་བཤད།

རྒྱབ་རྡོ།

དེ་ནི་རྡོ་གཡུགས་ཕྱོགས་སུ་རྒྱབ་གཏད་དེ། ཁ་བཀྱག་རྡོ་ལེབ་ཀྱི་སྣེ་མོར་མཐེ་བོང་བཞག་ནས། དགྱེ་སྒུར་ལན་གསུམ་གྱི་མཚམས་སུ། ལག་གཉིས་ཀྱིས་རྡོ་བ་གྲུ་གུ་སྒྲིལ་བ་བཞིན་རྒྱབ་ཏུ་གཡུགས་ཏེ། འགུལ་སྟངས་ཀྱི་ཐོག་ནས་ལྡེམ་གཅལ་གྱི་མཆོང་འགྲོ་བ་ཡིན།

སྒབ་རྡོ།

དེ་ནི་རྡོ་བ་གཡུགས་ཕྱོགས་ལ་རྒྱབ་གཏད་དེ། ཁ་བཀྱག་རྡོ་ལེབ་ཀྱི་སྣེ་མོར་རྐང་རྩེ་འམ། མཐེ་བོང་བཞག་སྟེ། རྐང་བ་བགྲད་ནས་དགྱེ་སྒུར་ལན་གསུམ་གྱི་མཚམས་སྒྱིད་པར་ཧྲག་བར་ནས་གཡུགས་ཏེ། ལྡེམ་གཅལ་གྱི་མཆོངས་འགྲོ་བ་ཡིན།

ལག་རྡོ།

ལག་རྡོ་ནི་དཔུང་ཤེད་དམ་ལག་ཤེད་ཆེ་བའི་ཕོ་སར་དར་མས། དམིགས་འབུན་བཙུགས་ཏེ། བང་རྩལ་གྱིས་རྒྱུགས་ནས་འབུན་གྱི་གནད་དུ་བསྣུན་པའམ། རྒྱང་རིང་བོ་གང་འགྲོ་ལ་བལྟ་བ་ཞིག་ཡིན་ལ། ལག་རྡོ་གཟུ་མོ་ཞིག་གིས་སྟག་གཟིག་ཡང་གསོད་ཐུབ་པ་དང་། འབྲོང་རྒོད་ཡང་འགྱེལ་ནུས་པ་བྱུང་ཡོད།

འུར་རྡོ།

འུར་རྡོ་ནི་མི་རྣམས་ཀྱིས་བློ་རིག་འཕེལ་རྒྱས་སོང་བའི་ཁྲོད་ལག་རྡོ་ནས་འུར་རྡོ་འཕེན་ཚུལ་འདི་བྱུང་བ་ཡིན། འདིའི་བྱུང་རིམ་སྐོར་རོབ་ཙམ་ཞུ་ན། བོད་ཀྱི་རུས་ཆེན་འཚོ་བ་བཞི་བྱུང་བའི་རྗེས་ནས། བོད་ཁམས་མི་མ་ཡིན་བཅུས་དབང་མཛད་དུས། ཕན་ཚུན་འཐབ་རྩོད་ཀྱི་སྐབས་སུ་འུར་རྡོ་འཕེན་པ་འདི་ལག་ཆ་གཙོ་གྲས་ཤིག་ཏུ་ཆགས་ཡོད་དེ། ཆོས་འབྱུང་མཁས་པའི་དགའ་སྟོན་ལས། ལྔ་བར་མུ་རྒྱལ་ཁེ་རྗེ་ཞེས་བྱས་བཟུང་། །ད་ཕྲང་ཅང་ཕྲང་ལག་ཆར་ཞགས་པ་འཕེན། །དྲུག་པ་ཀྲོག་ཀྲོག་འདྲེ་ཡིས་དབང་བྱས་ཏེ། །ལང་ཏིང་ལང་ཏིང་བར་ལ་འུར་རྡོ་འཕེན། །ཞེས་པས་རྟོགས་ནུས།

དེ་ཡང་། འུར་ཆ་ནི་དཀྱིལ་ཀོ་བའམ་རྩིད་པས་སླས་པའི་ལག་མཐིལ་ཙམ་གྱི་དབྱིབས་ལ། སྣེ་གཉིས་རྩིད་སྐུད་སླས་ཏེ་ཇེ་ཕྲར་ཡོད་པ་དེ་ཡིན་ལ། རིང་ཚད་འདོམ་གང་ཙམ་ཡོད། འུར་རྡོ་འཕེན་ཚུལ་ནི། འུར་མཐིལ་དུ་རྡོ་རིལ་བྱིས་པའི་ཁུ་ཚུར་ཙམ་བཞག་སྟེ་སྣེ་གཅིག་ན་ཁུག་མགོ་ཡོད་ས་དེར་གུང་མཛུབ་ཏུ་བསྐོན་ཏེ། མགོ་ལ་ཤེད་ཀྱིས་བསྐོར་ནས་ཁུག་མགོ་མེད་པའི་སྣེ་མོ་བཏང་སྟེ་འཕངས་ན་འུར་ལྕེ་ལས་ཙག་སྒྲ་དང་བཅས་ཏེ། གཟུ་ཞིང་གནད་དུ་ཕོག་པར་མ་ཟད། ཧ་ཅང་རྒྱང་རིང་བོར་ཤུགས་ཀྱིས་འགྲོ་བ་ཡིན།

འུར་ཆ་ལ་ལྷས་སྟངས་ཀྱི་ཁྱད་པར་ལས། གཟི་རིལ་མིག་མ། བཅུ་དྲུག་དར་ལྷས། བཅུ་དྲུག་དགུ་སྒྲིལ། ཕྱེད་མིག་དགུ་སྒྲིལ། བརྒྱད་ལྷས་ཁྲ་ཆེན། ཁྲ་ཆུང་། བརྒྱད་ལྷས་སྐྱོག་མོ། ལྔ་ལྷས་སོགས་མང་དུ་ཡོད་ལ། དམངས་ཁྲོད་ཀྱི་འུར་བཤད་ཞིག་ལས། འུར་རྡོ་བརྒྱད་ལྷས་ཀག་སྒྲ་ཆེ། །འུར་ཚགས་ཕྱི་སྒྲིམ་ཚག་སྒྲ་ཆེ། །འུར་ཟེལ་བེའུ་ཁྲ་རྒྱང་འགྲོ་ཆེ། །གཟི་རིལ་མིག་མ་མིག་མཛེས་ཆེ། །ཕྱེད་མིག་དགུ་སྒྲིལ་རྟེན་འབྲེལ་ཆེ། །ཞེས་ཀྱང་ཟེར་སྲོལ་ཡོད་ལ། ལེགས་ཤོས་ནི། སྐུད་པ་དཀར་ནག་ལྷས་པའི་མིག་རིས་དགུ་ཡོད་པར་ཆུ་མིག་དགུ་སྒྲིལ་ཟེར་བ་དེ་ཡིན་ལ། གླིང་སྒྲུང་ལས། འུར་མར་མཆོག་ཆུ་མིག་དགུ་སྒྲིལ་སླས། ཞེས་དང་། ཁྱད་པར་དུ། ཨ་གྲགས་གཟི་རྫོང་ལས་འུར་ཆ་ཆུ་མིག་དགུ་སྒྲིལ་གྱི་བཤད་པ་ཚིག་དོན་གཉིས་ཐད་ནས་རིན་ཐང་ཆེ་བ་ཞིག་མཆིས་པ་འདིར་བཀོད་ན། འུར་ཁྲ་རིང་རྔ་མའི་ཕོད་རྒྱན་ཅན། །རྟ་མགྱོགས་པའི་དཔའ་དར་ཐོབ་ནི་འདུག །འུར་ཁྲ་རིང་གང་བྱུང་མ་དགོངས་ན། །བྱང་གཉའ་ཁྲི་བཙན་པོའི་སྐུ་རིང་ལ། །སྲིད་པའི་ལྷ་གཡག་གྭ་བ་དེ། །རི་རབ་རྩེ་ལ་ཤོར་བའི་དུས། །དུག་སྦྲུལ་ཁྲ་བོས་ར་མདའ་བཀག །དྲང་སྲོང་ཁྲོས་པའི་རྐང་བས་བརྫིས། །སྦྲུལ་མགོ་ཁུག་སོ་མཛུབ་མོར་བརྒྱུས། །སྐེད་པ་རྡོ་རྒྱངས་གཡག་སྣ་བླངས། །དེ་ནས་མཁས་པ་ཤེས་རབ་ཀྱིས། །གཡང་དཀར་ལུག་གི་སོག་བལ་གཅིག །ལྷ་འབྲི་ཞོལ་མོའི་དཔུང་རྩིད་གཉིས། །འུར་ཐག་ཁྲ་བོ་བིས་ཁྲ་སླས། །དུག་ཆེན་སྦྲུལ་ལ་དཔེ་གཅིག་བླངས། །སྦྲུལ་མགོ་རྣོ་ལ་སྡིག་པ་དེ། །དེ་ལ་ཁྲ་རིང་ཁུག་སོ་བཟོས། །སྦྲུལ་སྐེད་རྡོག་པས་རྫི་བ་ལ། །དེ་ལ་རྡོ་གདན་འུར་མཐིལ་སྤྲད། །སྦྲུལ་རྔ་ཕྲ་རིང་འཇམ་པ་ལ། །དེ་ལ་སུམ་སྐུད་འཁྲུལ་ལྕེ་བྱས། །སྦྲུལ་སྣ་ཁྲ་འུར་འབབ་པ་ལ། །དེ་སྔ་རྔ་དམར་རྣ་ཐོག་བརྒྱབ། །ནུབ་བདུད་འཕར་བ་རྐང་གསུམ་བཏུལ། །དགོན་གནས་བརྒྱ་ཡི་ཆོས་ལ་དབང་། །དེ་ནས་ཚ་བའི་ལུག་ཁྱུ་ཡིས། །མདོ་ཁམས་སྒང་བཞི་དཔེ་གཅིག་བླངས། །སྒང་གཉིས་དཀར་མོའི་གངས་ལ་ཆགས། །གངས་ལ་ཆགས་ཤིང་དཀར་རིས་བྱས། །སྒང་གཉིས་སྨུག་པོ་རྫ་ལ་ཆགས། །རྫ་ལ་ཆགས་ཤིང་ནག་རིས་བྱས། །འུར་ཐག་ཟེ་མོ་སྒང་བསླས་བྱས། །ཡར་འཕངས་ཤྭ་བོའི་རྭ་ཡ་གཅོག །མར་འཕངས་ཡུ་མོའི་རྐང་ཆུང་གཅོག །ཚག་སྒྲིལ་རྒྱ་སྟག་མཐའ་ལ་འཕངས། །རྒྱ་ལུག་འབྲི་ཆུ་སྤུངས་སྤུངས་བྱས། །ལུག་གཡང་དཀར་བརྒྱ་རེའི་དཔའ་དར་འཐོབ། །བྱེ་རུའི་བྱུར་རྫོང་འབེབས་པའི་དུས། །ལུག་གཡང་དཀར་བརྒྱ་རེའི་དཔའ་དར་ཡོད། །ཅེས་གསུངས་ལ།

ཡང་། འུར་བཤད་ཞིག་ལ། ངའི་ལག་ན་བཟུང་བའི་འུར་རྡོ་འདི། །དགྲ་ལྷའི་རྟེན་མཁར་དང་བོ་ཡིན། །མྱུར་མགྱོགས་ནང་གི་ཆེ་བ་ཡིན། །མ་མཁའ་འགྲོ་སྟོང་གི་དབུ་སྐྲ་དང་། །སེང་གེ་དཀར་མོའི་གཡུ་རལ་གཉིས། །རྒྱ་སྟག་དམར་བོའི་སྨ་ར་གསུམ། །བྲེ་སེར་འབྲོང་གི་དཔུང་རྩིད་བཞི། །སོག་དཀར་དྲེད་ཀྱི་སྙིང་སྤུ་ལྔ། །དེ་ལྔ་འུར་རྡོའི་རྒྱུ་ཆ་བྱས། །ཡར་མཆོག་ཡར་ངོ་གསུམ་ལ་སླས། །ཡར་ངོ་འབྲུག་གི་དུས་དང་སྤྲད། །གཡུག་ན་འབྲུག་སྒྲ་གྲག་ལེ་ཐོན། །མར་མཆོག་མར་ངོ་གསུམ་ལ་སླས། །མར་ངོའི་བྱ་དུས་ཁོ་ནར་སླས། །འཕངས་ན་བྱ་ལམ་ཆོད་ལེ་བྱུང་། །བཅོ་ལྔ་གསུམ་གྱི་ཐོ་རངས་ལ། །འུར་མཐིལ་སྟག་གི་དུས་དང་བསྒྲིགས། །གཉན་སྟག་འཁོར་བའི་རྟེན་འབྲེལ་བྱས། །ཚར་ལྕེ་ཉེར་དགུའི་ཉིན་མོ་ཡི། །ནམ་ལངས་གསུམ་གྱི་དུས་ལ་བཙེམས། །གར་གཏད་ས་ལ་ཕོག་ལེ་བྱུང་། །རྡོ་ནག་ལུག་གི་གྲོད་འདྲ་འདི། །ལྷ་འདྲེ་སྟོང་གི་བླ་རྡོ་ཡིན། །ཞེས་གསུངས་པ་ལས། ཆེ་བསྟོད་དང་འབྲེལ་འུར་ཆའི་རྣམ་པ་ཞིག་མཐོང་ཐུབ་ལ།

ཡང་། ཇོ་རུས་རྨ་ཡུལ་བཟུང་སྐབས། འུར་ཆ་ལ་བརྟེན་ཏེ་འདྲེ་སྲིན་འདུལ་བ། རྨ་ཡུལ་བཟུང་བའི་སྒྲུང་དཔེ་ལས། ཇོ་སྐྱིད་དམ་པ་སངས་རྒྱས་ཀྱི་འུར་རྡོ་འཛམ་གླིང་སྟོང་སྐོར་གྱི་ནང་དུ་ལྷ་འདྲེ་བླ་རྡོ་མཐུ་དང་ལྡན་པ་ཞིག་བཞག་ཅིང་། སྟངས་སྟབས་དང་བཅས་ཀླད་ལ་བསྐོར་ཏེ་མཐའ་འདྲེ་འགོང་བོ་སོགས་འཇོམས་པ་དང་། ཡང་། ཁོང་གིས་འུར་རྡོ་ཕ་བོང་སྟོང་འཁོར་དེ་སྐུ་རྐེད་ནས་དྲངས་ཏེ། འུར་མཐིལ་དུ་བཞག་ནས་སྤྱང་སྣ་ཕབ་པའི་གླུ་ལས། ང་ལ་འུར་ཆ་གདའ་ལེ་འདི། །བ་ཁྲ་ཞིག་གི་རྔ་མ་མིན། །བེའུ་རོག་ཅིག་གི་རྔ་མ་མིན། །ཤར་སེང་གེ་དཀར་མོའི་གཡུ་རལ་ཡིན། །མ་རྡོ་རྗེ་ཕག་མོའི་དབུ་སྐྲ་ཡིན། །ཡར་མཆོག་ཡར་ངོ་གསུམ་ལ་སླས། །དཀར་ཕྱོགས་ངོ་སོ་དགུང་ལ་བསྟོད། །མར་མཆོག་ཟླ་ངོ་གསུམ་ལ་སླས། །ནག་པོ་ཕྱོགས་ཀྱི་གཉའ་གནོན་མཛོད། །འུར་མཐིལ་ཟླ་བ་གསུམ་ལ་སླས། །འབྱུང་བོ་བདུད་ཀྱི་འདུ་ར་བཤིག །དཔའ་ལུང་ཉི་མ་གསུམ་ལ་སླས། །འགྲོ་དྲུག་ཐར་བའི་ལམ་སྣ་དྲོངས། །ཚར་ལྕེ་ཞག་མ་ལྔ་ལ་སླས། །དགྲ་ལྷ་ཝེར་མའི་ངོ་སོ་བསྟོད། །འུར་ཡར་གཡུག་རྒྱ་གར་ཡུལ་དུ་གཡུག །སྟོད་རྒྱ་གར་ཆོས་ཀྱི་དར་ཐག་འཐེན། །མར་གཡུག་རྒྱ་ནག་ཡུལ་ལ་གཡུག །སྨད་རྒྱ་ནག་ཆོས་ཀྱི་ཁྲིམས་ཤིང་དྲངས། །བོད་སྐྱེ་དགུ་ཆོས་ཁྲིམས་གཉིས་ཀྱིས་སྐྱོང་། །ཚག་སྒྲས་རི་བོ་ཀླད་ཁྲག་བསྲེ། །ཁོབ་སྒྲས་གླ་བ་མཐའ་ལ་འཕེན། །གོ་མཚོན་ནང་གི་སྔ་བ་ཡིན། །མྱུར་འགྱོགས་ནང་ནི་ཆེ་བ་ཡིན། །ད་གཡུག་ན་ནག་པོ་བདུད་ལ་གཡུག །བདུད་ཀླུ་བཙན་སྲོག་གི་ཁུགས་པ་གཅོད། །ནང་སེམས་ཉིད་མར་མེ་གཟིམ་ལ་ཤོག །ཕྱི་གློ་བའི་སྲོག་རྩ་ཆོད་ལ་ཤོག །བར་རུས་པའི་གསས་མཁར་བཤིག་ལ་ཤོག །དེ་རིང་ཤ་གཟན་སྤྱང་ནག་འདི། །ཀླུ་བཙན་རྒྱལ་བོའི་སྤྲུལ་བ་རེད། །བཀའ་གོང་མའི་ལས་དོན་སྒྲུབ་པའི་བུ། །ལྷ་སྲས་ཇོ་རུའི་འདུལ་སྐལ་རེད། །ད་ལྟ་སྤྱང་སྣ་རྡོ་ཡིས་ཕབ། །སང་ནམ་ཕུགས་དཔྲལ་བར་མདའ་རྟགས་འཇོག །རྟིང་མའི་ཡང་རྩེ་བླ་མའི་དྲིན། །སྤྱང་ནག་པོའི་སྟེང་ལ་ཧོ་མ་ཡ། །ཞེས་འུར་ཆ་ལ་བརྟེན་ཏེ་འདྲེ་སྲིན་བཏུལ་བ་དང་། གཞན་གཡུལ་འགྱེད་གྱི་ཚེ་གོ་མཚོན་སྣ་དགུའི་གྲས་སུའང་མེད་དུ་མི་རུང་སྟེ། ཧོར་གླིང་གཡུལ་འགྱེལ་ལས། རྐེད་འུར་ཆ་ཕྲ་མོའི་འཕྲུག་ཐག་ལ། །ཐབས་ཤེས་རབ་ལྕེ་ལུང་ཟུང་དུ་འཇུག །དེ་འུར་ཆ་ཁྱུང་མིག་དགུ་བ་རེད། །དཔའ་དགྲ་ལྷའི་གོ་མཚོན་སྣ་དགུ་དེ། །ཞེས་པའི་ཤེས་སོ། །

འུར་ཆའི་དགོས་པ་ཡང་། གླིང་སྒྲུང་རྣམས་སུ་དཔའ་དགྲ་བླའི་གོ་མཚོན་སྣ་དགུ་རུ་འདྲེན་པས། ཚ་བ་མདའ་རྫོང་ལས། འདྲ་བ་བརྒྱད་ལྡན་འུར་རྡོ་འདི། །དཀར་བོའི་སྒང་ནས་འཇའ་འོད་ཤར། །དཀར་ཕྱོགས་ལྷ་རྣམས་དགྱེས་ཤིང་འཁོར། །ནག་པོའི་ཟུར་བས་མེ་ལྕེ་འབར། །ནག་ཕྱོགས་བདུད་རྣམས་སྲེག་ཅིང་འགྱེལ། །ལུས་ལ་འཆང་ན་དགྲ་ལྷ་འཁོར། །སྐེད་ལ་གཟར་ན་རྒྱན་དུ་མཛེས། །དམག་ལ་སོང་ན་དགྲ་ལས་རྒྱལ། །ཇག་ལ་སོང་ན་ནོམ་དང་འཕྲད། །ཚོང་ལ་སོང་ན་ཁེ་སྤོགས་གྲུབ། །ཁྱིམ་དུ་བཞག་ན་ཕྭ་གཡང་འཕེལ། །ཞེས་སོ། །

གཞན་ཡང་། སྡིག་གཅོད་ཤན་པས་རྒྱ་ཚ་ཞ་ལུ་དཀར་བོའི་དབུ་བླངས་ཉིན། དཔའ་ཚ་ཞང་གདན་མས་འུར་ཆས་རྒོལ་བ་ནི། ཧོར་གླིང་གཡུལ་འགྱེད་ལས་འདི་ལྟར་བཤད་དེ། བློན་གདན་མས་མདའ་འཕེན་རྩིས་སྐབས། འབྲུ་དགའ་བདེ་ན་རེ། ཞལ་དཀར་གྱི་དབུ་འཁྱེར་འདུག་གཤིས། མདའ་འཕངས་ཀྱང་ཕོག་མི་ཡོང་། དེ་ལས་འུར་ཁྲ་ཐུང་མ་དེ་རྒྱོབས་དང་ཟེར། དེར་འུར་མཐིལ་དུ་རྡོ་དཀར་ཞིག་བཅུག་ནས་བཞག་སྟེ། ན་རེ། ལས་ནག་པོ་འབུམ་པའི་ལྷ་རྒྱུད་དེ། །དབུ་དར་འཕྲུ་ཤ་ལེར་ཁྱེར་ཞིང་གདའ། །འུར་ཁྲ་ཐུང་གིས་ཤ་ལན་མ་འཕྲོད་ན། །གླིང་གེ་སར་ལྷ་མེད་ཡིན་པའི་རྟགས། །ཟེར་ནས་རྡིག་ཆོམ་དུ་སོང་བ། ཤན་པའི་དཔུང་བ་གཡས་པར་ཕོག་སྟེ་དཔུང་ལྷུ་བྲལ། ཞེས་སོ། །

ཕྱིས་སུ་ཡུལ་ལུང་འགར་འུར་ཆ་འགྲན་བསྡུར་གྱི་བྱེད་སྒོ་ཡང་སྣ་ཚོགས་དར་ཡོད་ལ། དེ་ཡང་རིང་ཚད་འགྲན་པ་དང་། ཚ་ཁ་འགྲན་པ་གཉིས་སུ་དབྱེ་སྲོལ་ཡོད། རྒྱང་འགྲན་ནི། འུར་རྡོ་རྒྱང་རིང་དུ་ཅི་ཙམ་གཡུགས་ཐུབ་མིན་ལ་བརྩི་བ་དང་། ཚ་ཁ་འགྲན་པ་ནི། སྟག་ཤར་རྣམས་ཀྱིས་དམིགས་འབུན་བཙུགས་ཏེ། འུར་ཆ་ཤུགས་ཅི་ཡོད་ཀྱིས་བསྐོར་ནས། གནད་དུ་ཁེལ་ཡོད་མེད་ལ་བརྩི་བ་ཡིན།

གཞན་ཡང་། ལོ་སྲུང་སེར་འགོག་གི་སྐབས་སུ། འུར་རྡོ་ལ་རོ་ཐལ་དང་ཡུངས་དཀར་གྱི་རྫས་ཀྱིས་བྲབས་ལ། འབྱུང་བོ་ཐམས་ཅད་ཐལ་བར་བརླག་པའི་དྲག་སྔགས་ཕཊ་འགྱེད་དང་བཅས་སེར་ཕྱོགས་སུ་འཕེན་པ་དང་། ད་དུང་དྲག་པོ་ལ་མི་ལྤགས་ཀྱིས་མཐིལ་བྱས་པའི་ཡུགས་མོའི་ལྟག་སྐྲའི་འུར་ཆ་བྱས་ཏེ་འཕེན་པར་ཡང་བཤད། མ་ཟད། བོན་ལུགས་ལ་ཆར་འབེབས་ཀྱི་སྐབས་སུ་ཆར་རྡོ་ཞེས་པ་དུད་འགྲོ་བསད་པའི་རྡོ་ཞིག་ཀྱང་དགོས་པར་བཤད་དོ། །

འུར་ཆ་འདི་དགྲ་ལྷ་འཁོར་བའི་རྟེན། ལྷ་སྲུང་དགྱེས་པའི་སྤྱན་གཟིགས། སྐྱེས་པ་ཕོ་ཡི་གོ་མཚོན། མཛངས་མ་སྨན་གྱི་མཛེས་ཆས། གཞོན་ནུ་ཕོ་མོའི་དྲན་རྟེན། རི་དྭགས་རྔོན་ལས་དང་། ནོར་ལུག་འཚོ་སྐྱོང་། སྤྱང་ཀི་དང་བྱ་གླག རྐུན་ཇག་སོགས་སྔོན་འགོག་བྱེད་སྤྱད་ཀྱི་ལག་ཆ་གལ་ཆེན་ཞིག་ཀྱང་ཡིན། འུར་ཆ་འདི་བཙན་པོ་རིམ་བྱོན་གྱི་སྐབས་ནས་ཀྱང་གཡུལ་འགྱེད་ཀྱི་ལག་ཆ་གལ་ཆེན་ཞིག་ལགས་པར་སེམས་ལ། རབ་བྱུང་བཅོ་ལྔ་བའི་ཤིང་འབྲུག སྤྱི་ལོ ༡༩༠༤ ལོར་དབྱིན་ཇིས་བོད་ལ་བཙན་འཛུལ་བྱེད་སྐབས། བོད་དམག་གིས་འུར་རྡོ་འཕངས་ཏེ་འགོག་རྒོལ་བྱས་ལ། ནུས་པ་ཡང་ཆེན་པོ་ཐོན་ཡོད་དེ། དམངས་གཞས་ཤིག་ཏུ། འཇམ་པོ་བལ་ལས་བཟོས་པའི། །འུར་རྡོ་ཆུ་མིག་དགུ་སྒྲིལ། །ཆུ་མིག་གཞུང་ནས་བརྒྱབ་པས། །དབྱིན་ཇིའི་སྣ་ལ་ཐེབས་སོང་། །ཞེས་བཤད་ཡོད་དོ། །གཞན་ནག་ཆུ་ཁུལ་དུ་རྫི་བོ་རྣམས་ཕྱུགས་ཟོག་བོར་སྟོར་བྱུང་སྐབས། འུར་ཆ་ལ་བརྟེན་ནས་མོ་རྒྱག་སྲོལ་ཡང་ཡོད་ལ། དེ་ནི་བོན་གྱི་ཇུ་ཐིག་ལ་ཁུངས་བཅོལ་བ་ཡིན་ལ། ས་ཁུལ་དེར་ད་ལྟའང་བེད་སྤྱོད་དང་། མོ་དཔྱད་སྣ་ཚོགས་རྒྱག་རྒྱུ་ཡོད་པར་བཤད་དོ། །དེ་ལས་གཞན་ས་དེའི་དམངས་ཁྲོད་ཀྱི་ཤོད་རྒྱུན་ལ། ཁྱི་འུར་བལ་ཀྱོང་ར་ཚགས་ཁུལ་ཏོག ནམ་མཁའི་ཐོག་ཐུབ། ཅེས་ཁྱིའི་ཁུ་ལུ་ལས་བཟོས་པའི་འུར་ཆར་བལ་གྱིས་ཀྱོང་དང་། ར་རྩིད་ཀྱིས་ཚགས་བསྒར་བ། ནོར་ཁུལ་གྱི་ཏོག་ཅན་ཞིག་འཛོམས་ན། ཐོག་འགོག་པའི་སྲུང་བ་ལྡན་པའི་བརྗོད་སྲོལ་ཡང་ཡོད་དོ། །

གཞན་ཡང་། ཨ་རིའི་དབྱིན་ཏིའི་ཨན་མི་རིགས་ཀྱི་རིག་རྫས་འགྲེམས་སྟོན་ཁང་དུ་འང་། ལོ་ངོ་སྟོང་ཕྲག་བཞི་ལྔའི་སྔོན་ནས་བཟོས་པའི་འུར་ཆ་འདི་ཉིད་ཡོད་པར་བཤད། ཨ་ལགས་དོར་ཞིས། ཨན་མི་རིགས་འདི་བོད་དང་མི་རྒྱུད་གཅིག་ཡིན་པར་འདྲ་མཚུངས་མང་དུ་བཀོད་ཡོད། གང་ཡིན་ཞེ་ན། ལོ་སར་གྱི་ཚེ་ཕོ་མོ་ཐམས་ཅད་སྐོར་བྲོ་ལྟ་བུ་འཁྲབ་པ། གྱོན་པ་འཆམ་གོས་དང་འདྲ་བ། རི་བསྐོར་བྱེད་པ། མིའི་ངོ་ཚུགས་དང་སྐྲ་བསླེས་ཚུལ་ཡང་འདྲ་བས། སྐད་ཆ་མ་གཏོགས་བོད་པ་རེད་སྙམ་པའི་སྣང་བ་སྟེར་བར་བཤད་པ་དང་། ནམ་མཁའ་ནོར་བུས་ཀྱང་། དབྱིན་ཏིའི་ཨན་ས་ཆར་བོན་པོའི་མདུད་གསུམ་ལ་སོགས་པ་སྐུད་པ་འདྲེན་རྒྱག་རྒྱུ་འང་ཡོད་ཚུལ་བཤད་འདུག་གོ །

སྒྱོགས་རྡོ།

སྒྱོགས་རྡོ་འཕེན་སྲོལ་འདི་ཡང་བོད་ལ་ཆེས་སྔ་མོ་ནས་དར་ཡོད་དེ། ཅིའི་ཕྱིར་ན། དེབ་ཐེར་མཁས་པའི་དགའ་སྟོན་ལས། དེ་ནས་སྲིན་པོ་གཉའ་རེངས་ཁྲག་མིག་བྱས། །ཡུལ་མིང་སྲིན་པོ་ནག་པོ་དགུ་ཡུལ་ཟེར། །སྲིན་མོའི་རྐང་དང་སྒྱོགས་གཉིས་ལག་ཆར་བྱུང་། །ཞེས་མི་མ་ཡིན་གྱི་དབང་མཛད་བཅུ་གཉིས་སྐབས་ནས་སྒྱོགས་འཕེན་ཚུལ་བྱུང་ཡོད་པ་དང་། ལྷ་འདྲེ་བཀའི་ཐང་ཡིག་ལས། རྒྱལ་ཁམས་ཁུ་གཉགས་གཉིས་ཀྱིས་བཟུང་། །དགྲ་ཇག་རྐུན་མས་ལམ་འཕྲང་རྩུབ། །འགྲོ་སྦས་མི་འཆམ་འཁྲུག་པ་བྱེད། །ཞེ་སྡང་ཟིང་རྩུབ་གསོད་འཕྲོག་དར། །མདའ་མདུང་གྲི་སྒྱོགས་རྡོ་ཕུབ་དལ་དུས་མེད། །ཅེས་པ་ལས་ཁྲི་སྲོང་ཀྱི་ཡར་སྔོན་ནས་སྒྱོགས་རྡོ་འདི་དགྲ་འཐབ་ཀྱི་ལག་ཆར་ཧ་ཅང་བྲིན་པ་རྟོགས་ཐུབ་པ་དང་།

ཕྱིས་སུ་ཁྲི་སྲོང་ལྡེ་བཙན་དང་། རྒྱའི་གོང་མ་ཀྲིན་ཡོན་ཁྲི་ལོ་གསུམ་པར་བོད་ཀྱིས་ཐང་དམག་ལ་སྒྱོགས་རྡོ་འཕངས་ཏེ་དམག་ཉེས་བཏང་ཚུལ། ཐང་ཧྲུའུ་ལས་འདི་ལྟར་འབྱུང་སྟེ། བྷོད་དམག་གིས་སླར་ཡང་ལེན་ཡུན་པོའོ་ལ་རྒོལ་བ་ན། མཁར་ནང་དུ་སྒྱོགས་རྡོ་འཕངས་ཏེ་ཁྲོན་པའང་རྡོ་ཡིས་བཀང་བར་བྱས། ཞེས་དང་། ཉིན་སུམ་ཅུའི་རིང་ལ་བྷོད་ཀྱིས་སྐས་དང་སྒྱོགས་འཁོར་སོགས་བཀོལ་ཏེ་ཕྱོགས་བཞི་ནས་ཚུར་རྒོལ་བྱས། མཁར་དེ་ཐེངས་འགར་གཏོར་ཉེན་བྱུང་། ཞེས་པས་གསལ་ལ། ཁྱད་པར་དུ། བཀའ་ཐང་སྡེ་ལྔ﹙མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་སྐྲུན་པའི་ཤོག་གྲངས ༤༢ ནས ༤༦ བར་ན་གསལ། ﹚ལས། དང་བོ་སྒྱོགས་ཁང་། བར་དུ་ཤིང་བཟོ། མཐའ་མར་རྒྱག་ཐབས་སོགས་ཞིབ་ཏུ་འཁོད་ཡོད་པས་ཤེས་འདོད་པ་དག་གིས་དེར་བལྟ་བར་ཞུ་ལ། འདིར་ཡི་གེ་མང་བར་འཇིགས་ནས་མ་བཀོད་དོ། །འདིར་སྒྱོགས་ཀྱི་ལྷ་མཆོད་སྟངས་ལ། བཀའ་ཐང་སྡེ་ལྔ་ལས། ཀྱེ་དགེ་བསྙེན་ཆེན་པོ་སྐུ་ལ་ངུར་སྨྲིག་གི་བེར་ཆེན་གསོལ། ཆིབས་སུ་རྟ་ནག་རྟིང་དཀར་ཆིབས་པ། ཕྱག་ན་སྒྱོགས་དང་དར་མདུང་དྲིལ་བ། ཕྱི་ན་སྤྱང་གི་ཁྲིད་པ། སྟེང་ན་བྱ་ཁྲ་ལྡིང་བ། ལྷ་མ་སྲིན་གྱི་ཁ་ལོ་བསྒྱུར་བ། སྐྱེས་པ་དྲག་རིམ་དང་རང་ཆས་སུ་འགྲོགས་པ། གསེར་སྐྱེམས་ལ་དགྱེས་པ། རའི་ཀྲུམས་གསོལ་བ། དགྲ་ལྷ་ཆེན་པོ་དེ་རིང་མིང་ནས་བོས་སོ། །ཞེས་འབྱུང་ལ། དེ་དང་ཆ་འདྲ་བར་ཧོར་གླིང་གཡུལ་འགྱེད་ལས་ཀྱང་། སྒྱོགས་ལྷ་རྡོ་རྗེ་ལེགས་པས་སྐྱོངས། །ངུར་སྨྲིག་བེར་ཆེན་སྐུ་ལ་གསོལ། །རྟ་ནག་རྟིང་དཀར་ཆིབས་སུ་བཅིབས། །ཕྱག་ན་སྒྱོགས་དར་ནག་པོ་བསྒྲེངས། །སྤྱང་ཐོང་སྔོན་མོ་ཕྱི་ན་འདུར། །ལྕགས་ཀྱི་བྱ་ཁྲ་ཕྲག་པར་ལྡིང་། །སྡེ་བརྒྱད་ཡོངས་ཀྱིས་ཁ་ལོ་བསྒྱུར། །མཆོད་ཅིག་གསེར་སྐྱེམས་གཡུ་སྔོན་མཆོད། །ཅེས་སོ། །གཞན་སྒྱོགས་འཕེན་སྟངས་དང་རྡོ་དབྱིབས་ཀྱི་རྣམ་པ་བཀའ་ཐང་ལས་འབྱུང་བ་ཤས་ཙམ་བཤད་ན། ས་ལ་བཞག་ཐབས་རྣམ་ལྔ་ཡོད། །ཤོ་ཡི་བསྟན་ལ་དཔེ་ལོངས་ལ། །ཤར་ནི་ལྟ་བུར་རྒྱག་པ་ན། །རྡོ་ནར་བ་ནི་གཡས་སུ་འགྲོ། །ལེབ་ན་གཡོན་དུ་འགྲོ་བ་ཡིན། །ཧྲིལ་བ་དབུས་སུ་འགྲོ་བ་ཡིན། །དེ་བཞིན་ལྷོ་དང་ནུབ་དང་བྱང་། །མཚམས་བཞི་ཡང་ནི་དེ་བཞིན་ཤེས། །སྒྱོགས་མཁན་བྲང་གི་ལྷེ་སྣ་ནས། །པུས་མོའི་ལྷ་ང་ཡན་ཆོད་ལ། །འཛིན་པ་དགུ་བཅུ་གོ་དགུ་ཡོད། །གཡས་སུ་ཤོར་ན་གཡོན་ནས་བསྐྱེད། །གཤོག་ན་པུས་མོ་ལྷ་ང་ནས། །གཅོད་ན་སྐེད་པའི་དཀྱིལ་ནས་བསྐྱེད། །དེ་ལ་མ་ཚད་བུ་ཁྲིད་དང་། །བུ་ཚད་མ་ནི་ཁྲིད་པ་དང་། །ནར་ཚད་ལེབ་ནི་ཁྲིད་པ་དང་། །ལེབ་ཚད་ནང་ནས་ཁྲིད་པ་དང་། །ཟུར་ཚད་འཇོང་ནི་ཁྲིད་པ་དང་། །འཇོང་ཚད་ཟུར་ནི་ཁྲིད་པ་དང་། །ཆེ་ལམ་ཆུང་ནི་ཁྲིད་པ་དང་། །ཆུང་མལ་ཆེ་ནི་ཁྲིད་པའོ། །རྡོ་རིགས་མི་འདྲ་མཐའ་ཡས་ཀྱང་། །འགྲན་གྱི་དོ་མེད་གསུམ་དུ་འདུས། །སྒོ་ང་འདྲ་ན་འགྲན་གྱི་དོ་མེད་ཡིན། །མཁལ་མ་འདྲ་ན་འགྲན་གྱི་དོ་མེད་ཡིན། །རྡོ་རིགས་མི་འདྲ་ཟད་མེད་ཡོད་གྱུར་ཀྱང་། །ནར་ནི་ཇི་ལྟར་ཟུར་ལ་བཞག་ཡར་བྱ། །ཟུར་ནི་ཇི་ལྟར་མནན་ནས་བཞག་པར་བྱ། །རྡོ་མགོ་དགྲ་སར་བསྟན་ལ་འཕངས། །ཞེས་སོ། །

ཕྱིས་སུ་བོད་ཀྱི་སྒྱོགས་འཕེན་ཚུལ་འདི་གླིང་སྒྲུང་སོགས་ལས་འབྱུང་བ་ལ། དེ་ལ་ཆོས་ལུགས་ཀྱི་ཤན་ཞུགས་ཟབ་མོ་ཐེབས་ཡོད། ཙ་རི་སྨན་རྫོང་ལས། ཁྲོ་ཐུང་གིས་སྒྱོགས་འཕངས་ཚུལ་འདི་ལྟར་བཀོད་ཡོད་དེ། ཁོང་རང་ནས་གླ་བའི་ནགས་རི་རྩེ་རྒྱལ་གྱི་མགོ་རུ་སྒྱོགས་ཤིང་གི་འཕྲུལ་འཁོར་བཙུགས། གཏོར་མའི་དཀྱིལ་འཁོར་བཤམས། དྲག་སྔགས་ཀྱི་ཕུར་བུ་བསྐོར་ནས། ལྷ་སྔགས་ཏིང་འཛིན་ཟབ་མོ་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་ཏེ། ཞེས་དང་། ཡང་། གླིང་སྒྲུང་དེར་དགའ་བདེས་སྒྱོགས་འཕངས་ཚུལ་ཡང་། རྨ་དེལ་ཡག་བླ་རི་རྨུག་ཆུང་གི་རི་རྩེར་ཕེབས་ཏེ། སྒྱོགས་ཤིང་གི་འཕྲུལ་འཁོར་ས་ལ་བཙུགས། དྲག་སྔགས་མངོན་སྤྱོད་ཀྱི་དཀྱིལ་འཁོར་བཤམས། ཞེས་ལག་གཡོན་པས་སྒྱོགས་ཐག་བཟུང་། ལག་གཡས་པས་དར་ནག་གཡབ་མོ་བྱེད་བཞིན། ཞེས་སོགས་འབྱུང་པ་ལས་ཤེས་སོ། །སྒྱོགས་ཀྱི་ཆ་ལག་ཀྱང་། ཧོར་གླིང་གཡུལ་འགྱེད་ལས། གནམ་ལྕགས་ཐོག་གི་སྒྱོགས་ཆེན་འདི། །སྒྱོགས་ཐག་སེང་གེའི་གཡུ་རལ་ལ། །འབྲུག་ཆེན་དར་མའི་ཟེ་བ་དང་། །འབྲོང་བུ་དར་མའི་སྙིང་རྩིད་དང་། །རྒྱ་སྟག་དམར་བོའི་ཁ་སྤུ་དང་། །དཔའ་བོ་གྲི་ཤིའི་སྐྲ་ལ་སླས། །སྒྱོགས་ལྕེ་གཡང་དཀར་བལ་ལས་བྱས། །སྒྱོགས་མཐིལ་གླང་ཆེན་གཉའ་ཀོར་བྱས། །སྒྱོགས་ཤིང་ཛ་ལ་ནག་པོར་བྱས། །ཞེས་པས་རྟོགས་ནུས་སོ། །

སྒྱོགས་འཕེན་དུས་ཀྱང་། ཕ་རོལ་བོར་དམོད་ཚིག་བརྗོད་པ་ཡང་། ཧོར་གླིང་གཡུལ་འགྱེད་ལས། འཕྱོ་ཡ་ཧོར་སེར་དཔུང་ལ་འཕྱོ། །དང་བོ་སྟོང་རྡེབས་ལན་གསུམ་འདིས། །ཧོར་ཐེའུ་རང་བླ་སྲོག་གཏིང་ནས་སྐེམས། །ལྷ་རྡོ་སྒོ་ང་དཀར་བོ་འདིས། །ཧོར་གུར་དཀར་རྒྱལ་བོའི་མགོ་ལ་རྒྱོབས། །དུང་ཕོར་གཏིབ་ལ་ཀླད་ཁྲག་ཕོ། །གཉན་རྡོ་སེར་བོ་ཟུར་མང་འདིས། །གུར་སེར་རྒྱལ་བོའི་སྟོད་ལ་རྒྱོབས། །གློ་མཆིན་གཏོར་ལ་སྲོག་དམར་མཆོད། །ཀླུ་རྡོ་སྔོན་པོ་གྲུ་བཞི་འདིས། །གུར་ནག་རྒྱལ་བོའི་སྨད་ལ་རྒྱོབས། །རྒྱུ་ལོང་གཏོར་ལ་རྩོ་ཁྲག་སྲེས། །བདུད་རྡོ་ནག་པོ་གསུམ་བསྟུད་འདིས། །ཤན་རྒོད་དྲག་རིམ་དཔུང་བ་ཕྲོལ། །དེ་ནས་དཔལ་ཆེན་སྒྱོགས་རྡོ་འདིས། །འབུམ་ཕྲག་ཕྲ་མོའི་གཞི་དཀྱིལ་ནོན། །དགྲ་མཁར་ཡོད་ཚད་རྩེ་ནས་ཤིགས། །དགྲ་དཔུང་ཡོད་ཚད་དཀྱིལ་ནས་ཆོམས། །གཟུགས་ཅན་དགྲ་ཡི་གཙོ་བོ་ལ། །ཁོ་གུར་དཀར་གསོན་པོ་མ་གཏོང་ཞིག །གཟུགས་མེད་བགེགས་ཀྱི་གཙོ་བོ་ལ། །གནམ་ཐེལ་ཡན་པར་མ་གཏོང་ཅིག །ཡང་སྒོས་གླིང་དཀར་དཔའ་རྟུལ་ལ། །སྐུ་ལ་བསྡོ་དང་རིགས་ལ་སྙེགས། །ཁ་དགྲ་ལྕེ་མདུང་ཞེ་ནས་བརྙས། །བསམ་ངན་སྦྱོར་རྩུབ་དགྲ་བོ་རྣམས། །ཐམས་ཅད་མགོ་བོ་རྡོ་ཡིས་རྡུངས། །ཕོ་རྒྱུད་ཤིང་སྡོང་རྩད་ནས་ཆོད། །མོ་རྒྱུད་དཔྱིད་ཆུ་གཏིང་ནས་སྐོམས། །ཤ་ཁྲག་སྒྱོགས་ལྷའི་ཚོགས་སུ་བཞེས། །གཏམ་རྒྱུད་འཛམ་གླིང་ཡོངས་ལ་ཞོག །འཕྱོ་ཡ་འཕྱོ་ཡ་དགྲ་ལ་འཕྱོ། །ནམ་མཁའ་མེ་ལྕེས་བཀང་ནས་འཕྱོ། །བར་སྣང་འུར་སྒྲས་བཀང་ནས་འཕྱོ། །ས་གཞི་རླུང་དམར་གཡོས་ནས་འཕྱོ། །ཀི་སྭོ་ཧོ་གསུམ་ད་འཕྱོ་ཡ། །ཞེས་སོ། །

གོང་གསལ་སྒྱོགས་དེའི་རྨང་གཞིའི་སྟེང་། རིམ་གྱིས་རྒྱལ་བོའི་ཁྲི་སྒྱོགས་སོགས་དར་བ་སྟེ། དེ་ནི་ཤིང་སྡོང་ཆེན་པོའི་ཁོག་པ་བྲུས་པའི་མེ་སྒྱོགས་ཤིག་ཡིན་ལ། ཕྱིས་སུ་གོང་མ་ཆན་ལུང་ནས་བཟུང་བོད་དུའང་ལྕགས་ལས་ཀྱི་མེ་སྒྱོགས་དར་བར་འདོད་ལ། སྔར་ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པའི་སྐབས་གོར་ཥས་བོད་དུ་བཙན་འཛུལ་བྱུང་བའི་རྗེས་སུ་དིང་རིའི་མི་དམངས་ཀྱིས་ས་འོག་ནས་འབར་གཏོར་བྱེད་པའི་རིག་རྩལ་ཤེས་པ་དང་། དེ་རྗེས་ཟི་ཁྲོན་དམག་དཔོན་ཀྲའོ་ཨེར་ཧྥང་ནས་བོད་དུ་དམག་དཔུང་གཏོང་སྐབས་དིང་རིའི་དམག་མིས་ལྷ་སར་ཡོད་པའི་ཁྲོན་དམག་རྣམས་ས་འོག་ནས་འབར་གས་བྱེད་པའི་བློ་ཐབས་ལ་བརྟེན་ནས་དགྲ་དམག་ཚར་བཅད་པའི་ལོ་རྒྱུས་ཡོད་དོ། །

མདའ་རྩེད།

༡ མདའ་རྩེད་ཀྱི་ཁུངས། ཡ་ཐོག་གི་རང་ཅག་མེས་པོ་རྣམས་ཀྱིས་རང་བྱུང་ཁོར་ཡུག་གི་འཇིགས་སྣང་གཅན་གཟན་སོགས་ལས་རང་སྲུང་བྱེད་པ་དང་། རྒྱབ་གོས་ཀྱི་ཆེད་དུ་རི་དྭགས་རྔོན་པར་སྲ་དབྱུག་རྣོ་འབིག་རྒྱང་འཕེན་བྱེད་པ་ལས་མདའ་མོ་འཕེན་པའི་རིག་པ་རྙེད་པ་དང་། སྤྲ་སྤྲེའུ་ལྗོན་ཤིང་དུ་མཆོངས་ཏེ་མཉེན་ལྕུག་ཡལ་ག་ལྡེམ་ཤུགས་ཀྱིས་གཞུ་བཟོ་བའི་རིག་པ་རྙེད་དེ། མདའ་གཞུ་ཟུང་སྦྲེལ་གྱིས་དགྲ་དང་རི་དྭགས་གསོད་པའི་ནུས་པ་གལ་ཆེན་ཐོན་པའི་བསམ་བློ་འདི་བྱུང་བ་ཡིན། སྒང་བ་བོད་འདིར། མདའ་གཞུ་དར་བ་ནས། ད་ལྟའི་མདའ་རྩལ་དགའ་སྟོན་བར། ལོ་རྒྱུས་ཀྱི་འཕེལ་རིམ་ངེས་ཅན་ཞིག་བྱུང་ཡོད་ལ། ཁྱད་པར་དུ་ད་ལྟའི་མདའ་རྩལ་དགའ་སྟོན་འདི་ལ། རྒྱལ་ཁབ་ཕྱི་ནང་གི་གདེང་འཇོག་ཚད་མཐོན་པོར་གནང་ཡོད་པར་མ་ཟད། དམངས་སྲོལ་དུས་ཆེན་ལེགས་ཤོས་ཤིག་ཏུ་གྱུར་ཡོད། ཁྱད་པར་དུ། སྐྱེས་པ་རྣམས་ཆེས་དགའ་ཤོས་ཀྱི་རྩེ་མོ་ཞིག་ཡིན་ཏེ། དམངས་གླུ་ལས། གཞུ་ཡར་འཁྱོག་སྲ་བས་ཕ་འདང་བཞག །གཞུ་མར་འཁྱོག་སྙི་བས་མ་འདང་བཞག །གཞུ་རྒྱུན་ཕྲ་མོ་སྤུན་འདང་བཞག །གཞུ་དིང་སྒྲ་གྲག་ན་ཉམས་རེ་འགའ། །ཞེས་དང་། གཞུ་ཡར་མཆོག་འབྲོང་རྭ་སྨུག་པོ་རེད། །གཞུ་མར་མཆོག་ཤྭ་ར་དཀར་བོ་རེད། །མདའ་ཉན་ཕྲན་རླུང་གི་སྐྱ་ཡ་རེད། །གན་འཕེན་གི་བུ་ཆུང་བསོད་ནམས་ཆེ། །ཞེས་ཟེར་ལ། ཁ་དཔེར་ཡང་། འབྲོག་པའི་སྐྱ་རྩལ་དང་། རོང་བའི་མཐེབ་རྩལ། ཞེས་བརྗོད། འོ་ན། མདའ་འཕེན་ཚུལ་འདི་ཇི་ལྟར་དར་བ་ཡིན་ཞེ་ན། ལོ་རྒྱུས་ཆེན་མོ་ལས། དང་བོ་གནོད་སྦྱིན་ནག་པོས﹙གནོད་སྦྱིན་ཞེས་པ་ལྷ་འདྲེ་ལྟ་བུ་ཞིག་ལ་གོ་རྒྱུ་མ་ཡིན་པར། རྒྱུ་སྟོབས་ཆེ་ཞིང་རྩལ་ཆེ་བ། གཤིས་རྒྱུད་གཏུམ་པོ་ཞིག་སྟེ། ད་ལྟའི་ཞིན་ཅང་གི་ཏུ་རུ་ཀའི་མི་རྒྱུད་ཡིན་པར་རྒྱའི་ཡིག་ཚང་ལས་བཤད། ﹚དབང་བྱས་ཏེ། །ཡུལ་གྱི་མིང་ཡང་བཟང་ཡུལ་རྒྱན་མེད་ཟེར། །མཚོན་ཆ་མདའ་གཞུ་དེ་ཡི་དུས་སུ་བྱུང་། །ཞེས་པ་ལྟར། མདའ་གཞུ་ནི། མངའ་མཛད་བཅུ་གཉིས་ཀྱི་སྐབས་སུ། དང་བོ་གནོད་སྦྱིན་ནག་པོས་ཡུལ་འདི་དབང་བསྒྱུར་བྱེད་སྐབས། ཐོག་མར་བྱུང་ལ། སྐབས་དེའི་མདའ་གཞུ་ནི་རང་སྲུང་ཕར་རྒོལ་གྱི་མཚོན་ཆ་ཡིན་པ་ལས། རྩེད་ཆས་མ་ཡིན་ཏེ། དེ་ཡང་། ཚོ་སྐོར་བར་གྱི་གཡུལ་འགོག་དང་། གཅན་གཟན་གཏུམ་དྲག་ཅན་གྱི་གནོད་འཚེ་འགོག་པ། ཕྱི་དགྲ་རྒོལ་ཞིང་ནང་འཁྲུག་འགོག་པ་སོགས་ལ་སྤྱོད་པའི་མཚོན་ཆ་ཞིག་ཡིན་ཡང་། ཕྱིས་སུ་མདའ་མོ་འདི་བོད་རིགས་སྐྱེས་པ་རྣམས་ཀྱིས་དགའ་བོ་བྱེད་པའི་གནའ་དུས་ཀྱི་ལུས་རྩལ་རྣམ་གྲངས་ཤིག་ཏུ་ཆགས། ལྷག་པར་དུ་ར་ས་གཙུག་ལག་ཁང་གི་ལྡེབས་རིས་སུའང་མདའ་རྩེད་ཀྱི་རི་མོ་སྲོང་བཙན་གྱི་དུས་སུ་བཀོད་པ་ད་ལྟ་འང་སྣང་རྒྱུ་ཡོད། དེ་དག་ལ་གཞི་བྱས་ནས་མདའ་རྩེད་ཀྱི་ཆོ་ག་འདི་ལྷ་སར་ཧ་ཅང་དར་བོ་ཡོད་ལ། དེ་ནི་རྟ་རྒྱུགས་མདའ་འཕེན་དང་མི་འདྲ་ཞིང་། མདའ་འཕེན་གྱི་རྩལ་འགྲན་ནི་དེ་སྔ་བོད་རིགས་སྐྱེས་པ་ཚོས། དབྱར་དུས་གླིང་ཀ་གཏོང་དུས་མདའ་རྩལ་འགྲན་ཞིང་། མདའ་ལ་རྒྱང་མདའ་དང་། གནམ་མདའ། དེ་མིན། བོ་ཤུ་སོགས་ཡོད། རྒྱང་མདའ་ནི། རྒྱང་ཐག་རིང་བོར་འཕེན་པ་དང་། གནམ་མདའ་ནི། མཐོ་ས་དང་ཐག་ཉེ་སར་འཕེན་གྱི་ཡོད། བི་ཤུ་ནི། མདའ་རྩེར་མདེའུ་མེད་པར་མདེའུ་ཚབ་ཏུ་རླུང་ཤུགས་བསྐྱེད་ཅིང་། ཤིང་ལ་དཀྲུག་བརྒྱབ་པས། ཟིར་སྒྲ་སྙན་མོ་ཐོན་གྱི་ཡོད་པ་ཞིག་ཏུ་འགེར་རྒྱུ་ཡོད། མདའ་སོ་སོའི་རིང་ཐུང་དང་། མདའ་སོ་སོགས་མི་འདྲ་བའི་ཁྱད་ཆོས་ཡོད། མདའ་རྩེད་ནི་གདོད་མའི་རི་དྭགས་གསོད་བྱེད་ནས་ད་ལྟའི་མདའ་རྩེད་བར་བོད་རིགས་མང་ཚོགས་དང་མཉམ་དུ་འཚར་ལོངས་བྱུང་བ་ཡིན་པས། བོད་ཀྱི་རིག་གནས་ཀྱི་ཆ་ལའང་རས་ལ་སྣུམ་བྱུགས་པ་བཞིན་སིམ་ཡོད། དཔེར་ན། དེའི་སྐོར། མངོན་བརྗོད་ཀྱི་མིང་གི་རྣམ་གྲངས་ལའང་། མདའི་མིང་ལ། སྒྲོ་ལྡན། ཉག་ཕྲན། འབིགས་བྱེད། དྲང་འགྲོ། རྩེ་མོ་ཅན། ལྟོང་ཅན། སྒྲ་ཅན། ལྕགས་སྦུབས་ཅན། འདབ་ལྡན་མཚོན། མཚོན་ཆའི་གཙོ་སོགས་དང་། གཞུའི་མིང་ལ། མདའ་རྟེན། མདའ་ལྟོ་བ། མདའ་སྟན། མདའ་ཟ། གནམ་རུ། དབང་བོའི་གཞུ་རིས་སོགས་དང་། མདའ་ཤུབས་ལའང་། སག་ཐག གཟིག་ཤུབས། དོང་བ། མདའ་ཁུག་སོགས་ཟེར་རོ། །

༢ ཨ་མདོའི་མདའ་རྩལ་གྱི་ཁུངས། མདོ་སྨད་འདིར་མདའ་རྩལ་དར་ཚུལ་ལ་ལོ་རྒྱུས་སྨྲ་བ་དག་གིས། མ་ལྟ་བུ་གཉིས་དང་། བུ་ལྟ་བུ་གཅིག་བཅས་གསུངས་ཏེ། དང་བོ་གཉིས་ནི། མདོ་སྨད་ཕལ་ཆེར་བཙན་པོའི་སྐབས་ཀྱི་མཐའ་མཚམས་སྲུང་བའི་དམག་གི་རྒྱུད་པ་ཡིན་ཞིང་། སྐབས་དེར་ཁོ་བོ་ཅག་མཚོན་ཆའི་ཁྲོད་ཀྱི་དྲག་ཤོས་མདའ་གཞུ་ལ་བརྟེན་ནས། མཐའ་མཚམས་ཀྱི་ཕས་རྒོལ་གཞོམ་ཞོར་དུ། ཉན་ཕྲན་རྐྱེན་པོས་མཐེབ་རྩལ་འགྲན་པའི་སྲོལ་དར་བ་རེད། དེ་ནི་ཐོག་མར་ཡུལ་ལྷ་གཞི་བདག་ལ་ལྷ་བསང་བཏང་སྟེ། འཕྲིན་བཅོལ་དང་གཉེར་གཏད། རང་རྒྱལ་གཞན་ཕམ་གྱི་སྐད་འབོད་བཏང་སྟེ་ཆོ་ག་མང་བོ་བསྟར་ཞིང་། ཕ་རོལ་ཏུ་འབེན་བསླངས་ནས། ཉག་ཕྲན་མདའ་མོ་ལ་དབང་འབྱོར་བའི་དམག་དཔུང་ཕན་ཚུན་བར་རྒྱལ་ཕམ་གྱི་སྐུགས་བཞག་སྟེ། འགྲན་བསྡུར་བྱེད་པའི་རྣམ་པ་ཞིག་ཡིན་ཞིང་། རྒྱལ་ན་གཟེངས་བསྟོད་ཀྱི་བྱ་དགའ་དང་། ཕམ་ན་སྔ་སོར་གང་དམ་བཅས་པ་དེའི་ཁ་དན་ཚིག་ལ་གནས་དགོས་པ་ཡིན། དེ་བས་རྒྱལ་ཕམ་གྱི་ཤན་འབྱེད་དེ། རྒྱལ་ན་དཔའ་མཛངས་བརྟུལ་ཕོད་དང་། ཕམ་ན་ངོ་ཚ་དང་སྡར་མར་བརྩི། ལྷག་པར་དུ་མདའ་རྩལ་ལས་རྣམ་པར་རྒྱལ་ན། གླུ་ལེན་གར་རྩེའི་དགའ་སྟོན་བྱེད་སྲོལ་ཡོད་པ་དེ། རིམ་གྱི་ད་ལྟའི་མདའ་རྩལ་འདི་བྱུང་། དེའི་དན་རྟགས་སུ། ད་ལྟའི་མདའ་རྩལ་གྱི་སྐབས། དགྲ་ལྷ་འགོད་པ་དང་། གསོལ་མཆོད་གཏོང་བ། ཀི་སྭོ་ལྷ་རྒྱལ་སྒྲོགས་པ། མདའ་འཕེན་པ་ལ་སྐུགས་ར། འཕེན་ཟླ་ལ་སྐུགས་ཡ། འཇལ་འཕེན་ལ་འབེན་དགྲ། རང་བསྟོད་ལ། ཡ་རྐྱེན་པོ་དང་། ཐོགས་རྒོད། གཞན་སྨོད་ལ། ས་མདའ་དང་རོ་མདའ། ཕཊ་ཞེས་བརྗོད་པས་ཀྱང་། རང་ཅག་ཤ་གཟན་གདོང་དམར་བོད་ཀྱི་དམག་དཔུང་གི་གཡུལ་འགྱེད་ཀྱི་སྣང་བརྙན་གསོན་པོ་ཞིག་བཞེངས་བསྐྲུན་བྱས་ཡོད་དོ། །

མ་ལྟ་བུ་གཉིས་པ་ནི། ལྷ་ལུང་དཔལ་རྡོར་གྱིས་བོད་རྒྱལ་གླང་དར་མ་གྲོངས་ཏེ། བྲོས་བྱོལ་དུ་རྨ་འགྲམ་རྡོ་རྗེ་བྲག་ཏུ་ཕེབས་ནས། ལྕགས་མདའ་ལྕགས་གཞུ་ལོ་རྡོ་རྗེ་བྲག་ཏུ་སྦས་པས། ས་དེའི་དམངས་ཚོགས་ཀྱིས་ལྷ་ལུང་དཔལ་རྡོར་ལ་རྗེས་དྲན་གྱི་ཚུལ་དུ་ད་ལྟའི་མདའ་རྩལ་གྱི་དགའ་སྟོན་འདི་བྱུང་བར་གྲགས་ཞེས། འགའ་ཞིག་གིས་ཤེས་རློམ་མུ་ཅོར་སྨྲས་ཏེ། དམངས་ཁྲོད་ཀྱི་མདའ་རྩལ་ཚུན་ནའང་སྤེལ་བ་མང་ཡང་། དེ་ནི་མ་ངེས་པ་ཆེན་པོ་སྟེ། ལྷ་ལུང་དཔལ་རྡོར་ལོ་ཁོག་ཏུ་གསང་རྒྱ་དམ་པོས་བསྡད་སྐབས། ངག་རྒྱུན་དུ་དེ་གའི་མི་རེ་འགས་ཚོར་ཏེ། དེ་རུ་བོད་རྒྱལ་བགྲོངས་པའི་སྡིག་ཅན་གནས་པས། བཤན་འཕྲང་དང་། ད་དུང་ཁོས་སྡིག་བཤགས་དུ་རྡོ་འབུམ་བརྩིགས་པའི་ལོ་རྒྱུས་ཡོད་པར་གཞིགས་ན། དེ་ལ་རྗེས་དྲན་བྱེད་དགོས་དོན་མེད་པ་དང་། གཞན་དུ་ན། འཆར་གཞི་ཅི་ཡང་མེད་པའི་སྒོ་ནས་གླང་དར་བགྲོངས་ཏེ། བོད་ཁམས་སོག་མའི་ཕོན་པོ་བཞིན་དུ་གཏོར་ནས། ཕྱིར་མིག་ཙམ་ཡང་མི་བལྟ་བར་ལུང་ཁོག་སྐམ་པོ་འདིར་བྲོས་འོང་སྟེ། སྦས་སྐུང་བྱེད་པའི་ནག་ཅན་ཞིག་ལ་རྗེས་དྲན་གྱི་དགའ་སྟོན་སྤེལ་པ་ནི། ས་སྐྱ་ལེགས་བཤད་ལས། གཏིང་ནས་ཉམས་པའི་ཁྲེལ་འདས་རྣམས། །རང་གི་གཏམ་ངན་ངོ་སོ་འཁྱེར། །ཀན་ཙིའི་ཡུལ་གྱི་རྒྱལ་རིགས་འགའ། །ཕ་བསད་པ་ལ་རྒྱལ་རྔ་བརྡུང་། །ཞེས་དང་སྒོ་ཀུན་ནས་མཚུངས་སོ། །

བུ་ལྟ་བུའི་བཤད་ཚུལ་ནི། གླིང་རྗེ་གེ་སར་རྒྱལ་བོས་ཕྱོགས་བཞིའི་དགྲ་བཞི་བཏུལ། རྫོང་ཆེན་བཅོ་བརྒྱད་ཆམ་ལ་ཕབ་པའི་མཚོན་ཆ་གཙོ་བོ་མདའ་གཞུ་ལ་བརྟེན་པ་དང་། ཁྱད་པར་ཉག་ཕྲན་ལ་དབང་འབྱོར་བའི་ཚ་ཞང་གདན་མ་སོགས་དཔའ་རྟུལ་མང་བོས་དེ་དག་ལ་ངོ་སོ་བསྟོད་པ་དང་། མདའ་གཞུ་ཡི་ཆེ་བ་འདོན་ཕྱིར་མདའ་རྩལ་དང་མདའ་སྟོན་གྱི་བརྒྱུད་རིམ་ལས་ད་ལྟའི་མདའ་སྟོན་འདི་དར་བར་འདོད་དོ། །

༣ མདའ་གཞུའི་རྒྱུ་ཆ། མདའ་ལ་རྣམ་གྲངས་མང་བོ་ཡོད་དེ། ལྕགས་མདའ། གསོམ་མདའ། སྐྱེར་མདའ། སྨྱུག་མདའ་སོགས་མདའ་ཤིང་གི་སྒོ་ནས་བཤད་པ་དང་། གཞན་གླག་སྒྲོ་མ། རྒོད་སྒྲོ་མ། ཁྲ་སྒྲོ་མ། འུག་སྒྲོ་མ་སྟེ་སྒྲོའི་སྒོ་ནས་དབྱེ་བ་དང་། འདིར་དེ་དག་རེ་འགའི་ཁྱད་ཆོས་འགའ་བརྗོད་ན།

མདའ་རྒོད་སྒྲོ་མ་ནི། མདའ་རྩེ་ལ་རླུང་ཤུགས་འདྲོང་བོ་ཡོང་ཆེད་བྱ་རྒོད་ཀྱི་སྒྲོ་བཙུགས་པ་ལ་ཟེར། སྤྱིར་བོད་ཀྱི་མདའ་ལ་རྒོད་སྒྲོ་མ་ནི་རྒྱང་རིང་བོར་འགྲོ་བ་དང་། གླག་སྒྲོ་མ་ནི། ཤུགས་ཆེ་བ། ཁྲ་སྒྲོ་མ་ནི། འཕུར་མགྱོགས་པ་བཅས་ཀྱི་ཁྱད་ཆོས་ཡོད།

ཡང་། སྒྲོ་གསུམ་བསྟོད་པའི་མདའ་མོའང་ཡོད་དེ། དམངས་གླུ་ལས། ཁྲ་སྒྲོ་འུག་སྒྲོ་རྒོད་སྒྲོ་གསུམ། །སྐྱེས་ས་མི་འདྲ་རང་རང་ཡིན། །མདའ་ལི་མའི་མགོ་ནས་སྤུན་ཞིག་བསྒྲིགས། །དེ་ཡང་ཡང་བསྒྲིགས་པའི་སྨོན་ལམ་འདེབས། །ཟེར་རོ། །

མདའ་རྒྱང་མ་ནི། མདའི་སྨྱུག་མ་ཕྲ་ཞིང་མདེའུ་ཡང་ཕྲ་ལ་ཐུང་བ་བཅས་ལྗིད་ཚད་ཡང་ཤོས་ཡིན་ཞིང་། མདའ་རྩལ་འགྲན་སྐབས་རྒྱང་རིང་དུ་འཕངས་ཏེ་བར་ཐག་རིང་ཐུང་བསྡུར་བྱེད་ཡིན། དེ་སྔོན་སྤྱི་ཚོགས་རྙིང་བའི་སྐབས་དྲུང་འཁོར་རྩལ་རྒྱུག་དང་། ལོ་ལྟར་བོད་ཟླ་དང་བོའི་ཚེས་ཉེར་བདུན་ཉིན་རྫོང་རྒྱབ་གནམ་མདའ་ཞེས་པའི་སྐབས་བེད་སྤྱོད་བྱེད་སྲོལ་ཡོད།

མདའ་སྟེའུ་ཁ་མ་ནི། སྤྱིར་བཏང་གི་མདའ་མང་ཆེ་བའི་མདེའུ་རྩེ་ཟུར་གསུམ་མཆུ་རིང་གི་དབྱིབས་སུ་ཡོད་ཀྱང་། མདའ་འདིའི་མདེའུ་རྩེ་ཟུར་གསུམ་ངོས་མཉམ་གྱི་དབྱིབས་སུ་ཡོད་པ་ཞིག་ཡིན།

མདའ་གཞུ་ལས་སྟངས་ལའང་། ས་བབ་དང་། ཆ་རྐྱེན། ལག་རྩལ་གྱིས་དབང་གིས་སྤུས་ཇེ་དག་དང་། ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། ལས་སྟངས་ཀྱི་བརྒྱུད་རིམ་ལྡན་ལ། ད་ལྟ་ཡོངས་གྲགས་ཀྱི་མདའི་རྒྱུ་ཆ་ནི། གསོམ་ཤིང་། རྒོད་གླག་ཁྲ་གསུམ་གྱི་སྒྲོ་དང་། འུག་སྒྲོ། དར་ཚོན་སྣ་ལྔ། གྲོ་ག མདེའུ། སྤྱིན། གསོ་མ་བཅས་སོ། །རྭ་གཞུའི་རྒྱུ་ཆ་ལ། འབྲོང་རྭ་གཉིས། སྒལ་རྩ། ཆུ་སྲིན་པགས་པ། རྡོར་སྦ་སོགས་སོ། །རྒྱུ་ཆ་འདི་དག་བཀོལ་ན། མདའ་མོ་རྐྱེན་ཞིང་། རྒྱང་རིང་ཆོད་པའི་མདའ་གཞུ་བཟོ་ཐུབ། དེ་ནི་དམངས་ཁྲོད་ལག་ཤེས་རིག་གནས་ཀྱི་ཁྱད་མཚར་ཅན་ཞིག་ཡིན་པས། དམངས་གླུ་ལས་ཀྱང་། གཞུ་ཡར་མཆོག་འབྲོང་རྭ་སྨུག་པོ་རེད། གཞུ་མར་མཆོག་ཤྭ་རྭ་དཀར་བོ་རེད། །མདའ་ཉག་ཕྲན་རླུང་གི་སྐྱ་ཡ་རེད། །གན་འཕེན་གི་བུ་ཆུང་བསོད་ནམས་ཆེ། །ཟེར་ལ། ལྷག་པར་དུ་ད་ལྟའི་འཕྲུལ་རྩལ་ལ་བརྟེན་ནས་འབུར་དུ་ཐོན་ཤིང་གནད་དུ་ཁེལ་བའི་མདའ་གཞུ་མཆོག་ཏུ་གྱུར་བ་མང་བ་དང་།

ཡང་། མདའ་མོ་ལ་ཚང་དགོས་པའི་ཁྱད་ཆོས་བརྗོད་པ་ལ། དམངས་ཁྲོད་ཀྱི་ངག་རྩོམ་ལས་ཀྱང་། གངས་རིའི་སྟེང་གི་སེང་གེ་འདྲ་བ། །མདའ་མོ་ང་ལ་གཡུ་རལ་དགོས་ཡོད། །བྲག་རིའི་ཕྱོགས་ཀྱི་ཐང་དཀར་འདྲ་བ། །མདའ་མོ་ང་ལ་རྩེ་སྒྲོ་དགོས་ཡོད། །སྤང་ལྗོངས་སྟེང་གི་ཤྭ་བ་འདྲ་བ། །མདའ་མོ་ང་ལ་རྭ་རྩལ་དགོས་ཡོད། །མཚོ་སྟོད་གཞུང་གི་ཉ་ཆུང་འདྲ་བ། །མདའ་མོ་ང་ལ་གསེར་མིག་དགོས་ཡོད། །ལྕང་གླིང་དཀྱིལ་གྱི་ཁུ་བྱུག་འདྲ་བ། །མདའ་མོ་ང་ལ་གསུང་སྐད་དགོས་ཡོད། །བཞུགས་གྲལ་དཀྱིལ་གྱི་ཕོ་གཞོན་འདྲ་བ། །མདའ་མོ་ང་ལ་དཔའ་རྩལ་དགོས་ཡོད། །ཅེས་བརྗོད་པ་དང་། ཡང་། གླིང་སྒྲུང་འཛམ་གླིང་སྤྱི་བསང་ལས་མདའ་མོ་ལ་འུད་བསྟོད་འདི་ལྟར་གནང་ཡོད་དེ། གཡས་སྟག་དོང་དགྲ་ལྷའི་རྫོང་ཆེན་ན། །ཁ་གྲག་ཤེས་པའི་མདའ་བཅུ་ཡོད། །མི་སྐད་གོ་བའི་མདའ་བཅུ་ཡོད། །སྨོན་ལམ་ཐེབས་པའི་མདའ་བཅུ་ཡོད། །ཕྱིར་འོང་ཤེས་པའི་མདའ་བཅུ་ཡོད། །འགོ་བའི་ལྷ་ལྔའི་མདའ་ལྔ་ཡོད། །ལྷ་ཀླུ་གཉན་གྱི་སྲུང་མདའ་གསུམ། །མ་གྲུབ་པའི་རྒྱལ་མོའི་ཚེ་མདའ་གཉིས། །སྲོག་གཅོད་དུག་མདའ་སོ་བདུན་སོགས། །ལྷ་མདའ་གོ་བདུན་བཞུགས་པ་དེ། །བྲག་རིར་སྨྱུག་རྒོད་སྐྱེས་པ་འདྲ། །ཞེས་ཀྱང་བཤད་དོ། །

༤ མདའ་རྩེད་ཀྱི་སྔོན་འགྲོ། མདའ་འཕེན་སྲོལ་ནི་ལོ་ངོ་སྟོང་ཕྲག་མང་བོའི་སྔོན་ནས་དར་ཞིང་། ཕྱིས་སུ་དམངས་སྲོལ་རིག་གནས་ཆེ་ཤོས་ཤིག་ཏུ་གྱུར་བ་ཡིན། མདའ་རྩེད་ཅེས་པ་འདི་ལ་ལས། མདའ་འཕེན་འགྲན་བསྡུར་དང་། གླུ་ལེན་གར་རྩེད་བྱེད་པས་མདའ་རྩེད་ཅེས་ཐོགས་པར་འདོད་ཀྱང་། ཡིན་རྒྱུ་ནི། རྒྱན་གོས་ཀྱི་འཕྱོར་སྒེག་སྤྲས་པ། བཟའ་བཏུང་ལོངས་སྤྱོད། གླུ་གར་གྱི་རོལ་རྩེད་སོགས་ནི་ཞོར་ལ་ཐོན་ཡོད།

ཐོག་མར་གྲོས་བརྡར་བྱེད་པ། མཐེབ་བསྡུས་པ། ལྷ་བསང་མཆོད་པ་སོགས་ཡོད། གྲོས་བསྡུར་བྱེད་པ་ནི། དང་ཐོག་རང་སྡེ་ནས་གྲོས་བྱེད་པ་ལ། སྡེ་བའི་ཁ་དབང་ཅན་རྣམས་ཀྱིས། སྡེ་ཡ་དང་། དུས་སྒར། མདའ་དཔོན་དང་། མ་བུ་འཁྲིད་པའི་མདའ་བ་འདེམས་པ་སོགས་གསང་གྲོས་བསྡུས་ཤིང་། གཞན་གྱིས་མི་ཚོར་བའི་ཁ་དན་བཞག་ནས་གྲོས་ཐག་གཅོད་པ་ཡིན། དེ་ནས་སྡེ་ཡ་དང་གྲོས་བརྡར་བྱས་ཏེ། མདའ་བའི་གྲངས་ཀ སྐུགས་ར། སྒྲིག་འཛུགས་སོགས་གཏན་འབེབས་བྱེད་པ་ཡིན།

མཐེབ་བསྡུས་དང་བསང་གསུར་ཕུད་པའི་ཆོ་ག་སྦྲགས་པར་བྱེད་པ་སྟེ། ཉིན་རེར་མཐེབ་བསྡུས་ལ་བསྡུས་ཡུན་རིང་དྲགས་ན། མཐེལ་རྩལ་དང་འཐེན་རྩལ་ལ་གནོད་པའི་བསྡུས་ཡུན་ཐུང་ངུར་གཏོང་བ་ཡིན། མདའ་འཕེན་གྱི་སྐབས་སུ་བསང་གསུར་གཏོང་བའི་ཆོ་ག་ནི། མདའ་རྩལ་གྱི་སྦྱོར་བ་དང་། མཇུག་བསྡུ་རག་བར་དུ་གཏོང་ཞིང་། དེ་ནི་མདའ་རྩལ་གྱི་འགྲན་བསྡུར་ཁྲོད་ཁ་ལས་རླུང་རྟ་དར་ཞིང་། རང་རྒྱལ་གཞན་ཕམ་གྱི་འདོད་དོན། དགྲ་ལྷ་ཝེར་མ་ལ་བཅོལ་ཏེ། ཁ་འཛིན་རྒྱབ་རྟེན་དུ་རེ་བ་ཡིན། ལྷ་བསང་ཡང་སྤྱི་བསང་དང་སྒེར་བསང་གཉིས་ཆར་ནས་གཏོང་ཞིང་། འབྲུ་ཁལ་ཆིག་སྟོང་ལྷག་གི་བསང་ཆེན་འགྱོགས་པའང་ཡོད་ལ། དཀར་བསང་དང་དམར་བསང་གཉིས་ཀ་གཏོང་སྲོལ་ཡོད། ད་དུང་མདའ་རྩལ་གྱི་གྲངས་འབོར་མཐོ་དམན་འབྱེད་པའི་གནད་འགག་ཁྲོད། གཞུང་སྒེར་གཉིས་ཀ་ནས་བསང་གསུར་ཁས་ལེན་པ་སྟེ། སྐུགས་ཡའི་མི་ཚོར་བར་བྱས་ནས་བརྒྱ་བསང་དང་སྟོང་བསང་ཁྲི་བསང་སོགས་ཁས་བླངས་ཏེ་འཕྲིན་བཅོལ་གཏོང་བ་ཡིན་ནོ། །

སྐུགས་ར་ནི། མདའ་རྩེད་ཀྱི་དཔུང་ས་དེ་ལ་སྐུགས་ཡ་ཟེར། དེ་ལ་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ངེས་ཅན་ཞིག་ཡོད་དེ། གནའ་དུས་བོད་ཀྱི་མདའ་བ་རྣམས་ཀྱིས་རྒྱལ་ཕམ་གྱི་རྒྱལ་སྐུགས་པས། སྐུགས་ར་ཞེས་པའི་ཐ་སྙད་ད་དུང་ཡང་ཁ་རླངས་མ་ཡལ་ཡོད་དོ། །སྐུགས་ར་ནི་རྒྱ་ཁྱོན་ཆེ་ལ། སྒང་གཤོང་མེད་པའི་སྤང་ཐང་དང་། གཡུལ་ཁ། ཡང་ན། ཞིང་ཁ་སོགས་བདམས་པ་ཡིན།

འཇལ་འབུན་ནི། ས་རློན་ནམ་སྤང་ཤ་རྒྱུ་བྱས་ཏེ། འཇལ་འབུན་བཟོ་བ་ཡིན་ལ། མཐོ་དམན་དང་། ཆེ་ཆུང་ཡུལ་ལུང་རེ་རེར་བཟོ་སྲོལ་ཡོད་ཀྱང་། ཕལ་ཆེར་མཐོ་ཚད་ལ་རྨི་ལྔ་བཅུ་ནས་བདུན་ཅུ་དང། འབེན་ཞབས་ལ་རྨི་སུམ་ཅུ་འམ་ལྔ་བཅུ་ཙམ་ཡོད་པ། འབུན་སྟེང་ལ་རྨི་བདུན་ནས་བཅུ་གཉིས་ཡོད་པ་སྟེ། དབྱིབས་དྲུག་ཅུ་བའི་གཏོར་མ་མགོ་བཅད་པ་ལྟ་བུ་ཡིན་ལ། སྟོད་དབུས་སུ་དཀར་ཆག་དང་། ལྟེ་བར་འཇལ་མདེའུ་དང་། མཐའ་རུ་རྩི་ཏོག་གི་མཐའ་ཐིག ཐོ་ལེ་སོགས་ཡོད། འཇལ་འབུན་ལ་འབུན་འདྲ་ཡང་ཟེར། དེ་ཡང་། དང་ཐོག་དགྲ་བོའི་དབྱིབས་སུ་བཟོས་ཏེ། མདའ་རྩལ་འགྲན་པས་དེ་ལྟར་ཐོགས་པ་དང་། ད་ལྟའི་འཇལ་འབུན་ཡང་མི་ཞིག་ཙོག་པོའི་དབྱིབས་སུ་འདུག་པ་དེའོ། །དེ་ཡང་། ཕ་རོལ་དགྲ་བོའི་མཚོན་བྱེད་དེ། དགྲ་མིའི་མགོ་བོའི་ཚབ་ཏུ་ཐོ་ལེ་ཟེར་བའི་ས་ཐོ་ཆུང་ཆུང་ཞིག་འཇོག་པ་དང་། འབེན་སྟོད་ཀྱི་སྙིང་ཀའི་ཐད་དུ་ཤོག་བུ་ཟུར་གསུམ་ཞིག་འཇོག་པའོ། །

༥ མདའ་རྩེད་ཀྱི་དངོས་གཞི། ༡ དགྲ་ལྷ་འགོད་པ། མདའ་འགྲན་གྱི་ཉིན་དང་བོ་ནས་གསོལ་མཆོད་རྒྱ་ཆེན་གནང་། མདའ་བ་རྣམས་དཀྱུས་གཅིག་ཏུ་བསྡད་ནས། མཐུ་ནུས་ཅན་ཞིག་གིས་མདའ་བ་རྣམས་ལ་དགྲ་ལྷ་འགོད་པའི་འདོད་གསོལ་དབྱངས་སུ་འགུགས་ཤིང་། གྲིབ་སེལ་བྱེད་པ་དང་། མདའ་བ་རྣམས་ཀི་སྭོ་དང་། ཆང་མཆོད་འཕངས་ནས། མདའ་གཞུ་དགུང་ལ་བཏེགས་ཏེ། ལྷ་འབོད་གཏོང་བཞིན། བསང་ཁྲི་ལ་བསྐོར་བ་བྱེད་པ་ཡིན། དགྲ་ལྷ་འགོད་པ་ནས་མནོལ་གྲིབ་ཀྱི་རིགས་ཐམས་ཅད་ལ་འཛེམས་ཤིང་། ཁྱད་པར་དུ་བུད་མེད་ལ་ཆེས་ཆེར་འཛེམས་པ་ཡིན།

༢ ཞར་བྱུང་མདའ་ལས་རྒྱལ་བའི་མན་ངག་འགའ་བཤད་པ་ལ། འདིར་དམངས་སྲོལ་མ་ཡིན་པའི་མདའ་ལས་རྒྱལ་བའི་མན་ངག་ནི་འདི་ལྟར། ལས་སྣ་ཚོགས་ཀྱི་བེའུ་བུམ་ལས། མདའ་ཚ་བའི་སྔགས་ནི། སྟེ་སྟེ་སྟུན་སྟུན་འབེན་ལ་སྡིགས་ཤིག འབེན་ལ་ཉ་ཚིལ་མདེའུ་སྐྱར་མོའི་ཚལ་བྱུགས་ལ་སྔགས་བཟླས་པས། མདའ་ཕོག་པར་འགྱུར་རོ། །

ཡང་། མདའ་རྒྱལ་ཐབས་ཤིག་ལ། བོང་བུ་མགོ་དམར་གྱི་མཆུ་དང་། སྦྲུལ་ཤ་དང་། གླང་དམར་བོའི་སྙིང་ཁྲག་རྣམས་སྣོད་གཙང་དུ་སྦྱར་ནས་སྔགས་ཨོཾ་ཏི་པ་པ་ཏ་སེ་ཆོད་ཆོད་། བརྒྱ་རྩ་བརྒྱད་བཏབ་ནས་གཞུའི་འཆང་བ། མདེའུའི་རྩར་བྱུགས་ཏེ་འཕངས་པས་འབེན་གྱི་དཀྱིལ་ཏུ་ཕོག དགྲ་ལའང་དེ་དང་འདྲའོ། །

མདའ་རྒྱང་སོགས་འགྲན་པ་ལས་རྒྱལ་ཐབས། མདའ་བརྡེག་པར་བར་སྣང་སྟོང་བའི་ཁྲུ་གཅིག་གཉིས་ཙམ་ནས་གཡུ་ཡི་ཕུག་རོན་དུ་ཡོད་པར་བསམ་ལ། སྔགས་ཨོཾ་བཛྲ་སྤོ་ཊ་ཡ་ག་མེ་ཡལ་ཡལ་སྦུར་ལེན་སྦུར་ལེན་སྭཱ་ཧཱ། ཞེས་བདུན་རེ་ཙམ་འབུན་དང་མདའ་ལ་བཏབ་སྟེ་འཕེན་དུས། ཨོཾ་བ་གྲེ་ན་མ་བདག་གི་བསམ་པ་སྒྲུབས་ཤིག ཅེས་སྨྲས་ལ་བརྡེག་གོ །ཞེས་སོ། །

༣ སྐུགས་རར་བསྐྱོད་པ་དང་སྐུགས་ཡ་འདོགས་པ་ནི། མདའ་དཔོན་གྱིས་སྣེ་ཁྲིད་འོག་མདའ་བ་རྣམས་སྐུགས་རར་བསྐྱོད་སྐབས། ཕྱོགས་གཉིས་ཀ་ཕྲེང་བསྟར་གྱིས། འབེན་འདྲ་དང་ཉེ་སྐབས། འཁོར་ལོ་གཡས་འཁོར་གྱིས་དབྱིབས་ལྟར། འབེན་རྙིང་རྡོག་བརྫིས་བཏང་སྟེ། རྐང་བརྡབས་དང་ཀི་སྭོ་ལྡིར་བཞིན་གཡས་འཁོར་གསུམ་ཙམ་བྱས་རྗེས། མདའ་བས་མཐའ་བསྐོར་བའི་དཀྱིལ་དུ་འབེན་དགྲ་བཟོ་བ་ཡིན། འབེན་དགྲ་གྲུབ་རྗེས་སླར་ཡང་མདའ་བ་རྣམས་འཁོར་བའི་གླགས་བཙལ་ཏེ། འཇལ་མདེའུ་སོགས་བཙུགས་པ་ཡིན་ལ། རང་བཞིན་གྱིས་སྐུགས་ཡ་ས་བབ་དང་བསྟུན་ཏེ་ཀི་སྭོ་དང་བཅས་ནས། སྐུགས་སྡེ་རང་སྡེའི་མ་ཕྱོགས་སུ་ཁྱུང་ཆེན་དགུང་བསྟོད་ཀྱི་འཁོར་འགྲོས་ཀྱིས་བསྒྲིགས་ཏེ། མདའ་འཕེན་མགོ་འཛུགས་པ་ཡིན། སྐུགས་ཡ་འདོགས་པ་ནི། སྡེ་བའི་གྲོས་བརྡར་གྱི་བྱེད་སྒོ་བརྒྱུད། མདའ་དཔོན། མ་བུ་འཁྲིད་མཁན། མ་རྟིང་མནོན་མཁན། མདའ་གཞུག་བཅས་གྲོས་ཐག་བཅད་པ་ལྟར། ཕན་ཚུན་གྱི་མདའ་བའི་མང་ཉུང་ལྟར་སྐུགས་ཡ་བླངས་ཏེ་མཐོ་དམན་གྱི་དབྱེ་བ་འབྱེད་པ་ཡིན།

༤ མདའ་འབོད་ནི། མདའ་བ་རྣམས་བསྟར་ཕྲེང་གིས་མདའ་ལམ་ཕྱེས་ཏེ། མདའ་ལྷའི་ངོ་སོ་བསྟོད་པའི་སྤར་ཁ་གྱེན་དུ་བསྐོར་བའི་ཉམས་ཀྱིས། མཐེབ་དྲུག ཚ་ཞང་འདན་མ། གནམ་ལྕགས་ཐོག་རྒོད། དགྲ་འདུལ་དབང་ཕྱུག་དང་། ཡ་རྐྱེན་པོ། ཐོག་རྒོད། མདའ་ཁ་དགྲ་ལྷ་ཝེར་མས་འཚོས། སྟེང་དུ་ཀ་བ་འཛུགས་འཛུགས་བྱོས། ཞེས་ལྷ་འབོད་མདའ་འབོད་བྱེད་དོ། །

༥ མདའ་འགོག་ནི། སྔར་གྱི་མདའ་བའི་བསྟར་ཕྲེང་བསྡུས་ཏེ། མདའ་ལམ་དོག་པོར་བཟོས་ནས། ཕ་རོལ་གྱི་དགྲ་ལྷ་ཝེར་མ་ནང་དུ་བཅུག་པའི་ཕྱག་རྒྱ་ལ། མཐེབ་ཆེན་ནང་དུ་བསྡུས་ཏེ། གཡས་ལག་གི་ཁུ་ཚུར་དམ་དུ་འཆང་བའམ། སྡིགས་མཛུབ་བསྟན་ཏེ། ཕཊ﹙འདི་ནི་སྔགས་སྐད་དེ་བོད་སྐད་དུ་ཁོས་ཤིག་ཅེས་པའི་དོན། ﹚། མེད། མདའ་མོ་ལྟོང་ནང་ནས་འཁྱོག མདའ་མོ་རླུང་ལ་འཁུར། ས་མདའ། གནམ་མདའ། རོ་མདའ། སྐལ་ཆད་སོགས་ངན་སྨྲོས་སྣ་ཚོགས་བྱེད་པའོ། །

༦ མདའ་བའི་གྲངས་ནི། རྒྱས་བསྡུས་གང་འཚམ་གྱིས་བསྡུ་ལ། ༢༠༠༧ ལོར་གཅན་ཚ་ནས། གཡང་མདའ་རྟགས་མའི་ཀྲུང་གོའི་མི་རིགས་སྲོལ་རྒྱུན་མདའ་འཕེན་གྱི་འགྲན་བསྡུར་ཁྲོད། རུ་ཁག་ཞེ་ལྔ་དང་། མདའ་བ་ལྔ་བརྒྱ་ང་གསུམ་ཡོད་པ་ལྟ་བུའོ། །

༧ མདའ་བསུ་ལ། མ་བསུ་དང་བུ་བསུ། མདའ་བསུ་སོགས་ཡོད་ལ། ཉམས་ལ་རྫིག་ཉམས་དང་དཔའ་ཉམས་ཀྱིས་འཁོར་ཚུལ། སྒེག་ཉམས་ཀྱིས་འཁོར་ཚུལ་སོགས་ཡོད་ལ། ལག་དགུང་ལ་གཡུགས་པ་དགྲ་ལྷའི་དཔུང་བསྟོད་ཀྱིས་འཁོར་ཚུལ། སྐུགས་ཡ་སྤ་ཀོང་ཕྱིར་ཀི་སྭོ་ལྷ་རྒྱལ་སྒྲོགས་པ། གཞན་ཡང་། ཁྱུང་ཆེན་དགུང་བསྟོད། སྟག་མོ་ནགས་མཆོངས། གླ་བོ་བྲག་མཆོངས། རྨ་བྱ་ནགས་འགྲོས། འཁོར་ལོ་གཡས་འཁོར། པདྨ་ཁ་ཕྱེ། དཔལ་བེའུ་མདུད་པ། རྒྱལ་མཚན་དགུང་བསྐོར་སོགས་ཉམས་ཆ་འདོན་སྟངས་མང་ངོ་། །མདའ་རྩེད་མཇུག་སྒྲིལ་ཏེ་ཕྱིར་ལོག་དུས། ངག་ནས་མདའ་གླུ་འདི་ལྟར་ལེན་ཏེ། གངས་སྟོད་མཐོན་པོ་ཚེ་རིང་སྐྱིད་པའི་ལམ་ཁ་གསལ་བ་གནང་། །སེང་གེ་དཀར་མོ་གཡུ་རལ་ངོམ་བཞིན་ལོག་རེ་འགྲོ། །མདའ་ར་གྲུ་བཞི་ཚེ་རིང་སྐྱིད་པའི་ལམ་ཁ་གསལ་བ་གནང་དང་། །སྟག་ཤར་གཞོན་པ་མདའ་རྩལ་ངོམ་བཞིན་ལོག་རེ་འགྲོ། །ཞེས་གྱེར་རོ། །

༨ སྐུགས་ཡ་བསུ་བ། སྐུགས་ཡ་བསུ་སྐབས། ཤ་མར་ཐུད་གསུམ། དཀར་གསུམ་མངར་གསུམ་སོགས་ཟས་སྣ་མང་བོས་མགྲོན་བསུ་རྒྱ་ཆེར་གཏོང་ལ། དེ་ནི་མདའ་རྩལ་འགྲན་ཚེ་དམོད་ཚིག་དང་། ཁེངས་དྲེགས། ལ་རྒྱ་སོགས་རིས་གཅོད་ལྟ་བ་འདོར་བའི་ཐབས་ལམ་ཞིག་དང་། ཁ་དཔེར་ཡང་། སྐུགས་རའི་འཐབ་ཡ་དང་། ཁྱིམ་གྱི་མགྲོན་ཡ། ཟེར་བ་ནི། ཐབས་ལ་མཁས་པའི་མཐུན་སྒྲིལ་ཚིག་གི་གསེར་ཟམ་ཉག་གཅིག་ཡིན།

༩ མདའ་སྟོན་ནི། མདའ་རྩལ་འགྲན་བསྡུར་གྲོལ་རྗེས་ཐམས་ཅད་མདའ་སྟོན་ལ་རོལ་བ་ཡིན། དེ་ནི་མི་ཚོགས་ཀྱི་ཁྲོམ་དཀྱིལ་ནས། བཤད་པ། རྩེད་རིག གླུ་དང་ལ་གཞས་སོགས་ཡོད་ལ། བཤད་པ་ལའང་། སྟོན་བཤད། གྲལ་བཤད། མདའ་བཤད་སོགས་ཡོད་ལ་མདའ་བཤད་གཙོ་བོ་ཡིན་ཞིང་། སྤྱིར་ན་བཤད་པ་ཆེན་པོ་བཅོ་བརྒྱད་ཡོད། རྩེད་རིག་ལ། ཆ་རྩེད། སུམ་རྩེད། བཞི་རྩེད། ཕོ་མོ་མཉམ་རྩེད་སོགས་ཡོད། གླུ་ལ་ཡང་། ཁ་མཚར། གླུ་ཤགས་སོགས་ཡོད། ལ་གཞས་ལ་ཡང་། ལ་ཤགས་ཁྲོམ་ཆེན་དགུ་བསྐོར། ཟིལ་མནོན་སོགས་གླུ་སྐད་མང་བོ་ལེན་རྒྱུ་ཡོད་པར་མ་ཟད། ཕན་ཚུན་འགྲན་བསྡུར་བྱེད་སྲོལ་ཡང་ཡོད་ལ། རྩེད་མཇུག་ཏུ། ངའི་ལི་མ་མདའ་འདི་ལག་ནས་ལོངས། །ལག་ནས་ལོང་ང་ཕུག་ལ་ཞོག །ཕུག་གི་ཀ་བའི་མདུན་ལ་ཞོག །སང་ནངས་མོའི་ལོ་ཡི་ད་ཚོད་ལ། །བུ་མདའ་འཕེན་ཅན་ཞིག་སྐྱེ་རྒྱུ་རེད། །མདའ་ཡང་ཡང་འཕེན་པའི་བཀྲ་ཤིས་ཤོག །ཅེས་སོགས་ཀྱི་བཀྲ་ཤིས་འཇོག་པ་ཡིན་ནོ། །

རྡེའུ་རྩེད།

རྡེའུ་རྩེད་ནི། གནའ་སྔ་མོ་ནས་བོད་དུ་དར་བའི་རྩེད་མོའི་རྣམ་གྲངས་ཤིག་ཡིན་ལ། ཡོངས་གྲགས་སུ་སྤྱང་ཁུ་ར་ལུག་ཀྱང་ཟེར། འགྲོ་ལམ་དྲུག་ལས་མེད་པའི་ཐོག གཡང་དཀར་ལུག་གཅིག་ལ་སྤྱང་ཁུ་གཉིས་ཀྱིས་བསྐོར་ནས་སྤྱང་ཁུ་གཉིས་ཀྱི་བར་དུ་ལུག་གཅིག་ཚུད་ན་ལུག་ཕམ་སྟེ། ལུག་ཤི་ཟེར་བ་དང་། ལུག་གི་རྗེས་སུ་སྤྱང་ཁུ་ཡོད་ན། ལུག་མོ་སྤྱང་ཁུས་དེད་པ་ཟེར་བས། ལུག་གཡས་གཡོན་དུ་འགྲོ་དགོས་པ་དང་། དེ་ལས་ལྡོག་སྟེ་ལུག་གི་སྔོན་དུ་སྤྱང་ཁུ་ཡོད་ན། ད་གཟོད་ལུག་བློ་བདེ་བོ་ཟེར་བས། ལུག་ལ་རྒྱལ་ཁ་འཐོབ་ཟེར་བའི་དམངས་སྲོལ་གྱི་རྩེད་རིགས་ཤིག་ཡིན།

རྟ་རྩེད་སྤོ་ལོ།

རྟ་རྩེད་སྤོ་ལོ་འདི་ནི་བཙན་པོའི་སྐབས་ནས་བོད་དུ་དར་ཁྱབ་ཆེ་བའི་ལུས་རྩལ་ཞིག་ཡིན་ཙང་། ཐ་སྙད་འདི་བོད་ནས་མཆེད་པའི་རྒྱུ་མཚན་གྱིས། རྒྱ་ནག་དང་ཕྱི་གླིང་སོགས་ཀྱིས་པོ་ལོ་ཞེས་འབོད་པ་སོ་སོའི་ཚིག་མཛོད་ན་གསལ། ཧྥིན་ཧྲི་མཐོང་ཐོས་ཟིན་ཐོ་ཞེས་པ་ལས། དུས་རབས་བདུན་པའི་སྐབས་བོད་རྗེ་སྲོང་བཙན་སྒམ་པོའི་སྐུ་དུས་སུ། ཐང་བོད་བར་གཉེན་འབྲེལ་བྱུང་རྗེས། བོད་ནས་བློ་རྣོ་བའི་གཞོན་ནུ་ཁག་གཅིག་འདེམས་ནས་ཐང་རྒྱལ་རབས་ཀྱི་རྒྱལ་ས་ཁྲང་ཨན་དུ་ཡོད་པའི་གོ་ཞོ་ཞེས་པའི་སློབ་གྲྭར་ཡི་གེ་དང་གཙུག་ལག་རིག་པའི་གནས་སྦྱོང་བར་བཏང་ཞིང་། དེ་ལྟར་བོད་ཀྱི་ཕོ་ལོང་ཐང་རྒྱལ་རབས་ལ་དར། ཞེས་དང་། ཐང་ཡིག་གསར་མ་ལས་ཀྱང་། ཤན་ཆིན་ལོ་གསུམ་པར་གསེར་གྱི་ཨིང་དང་གསེར་གྱི་ཕོ་ལོང་སོགས་སྐྱེས་སུ་ཕུལ་ནས་ཡང་བསྐྱར་གཉེན་བསླངས། ཞེས་པས་ཀྱང་སྤོ་ལོའི་འབྱུང་ཁུངས་བོད་ཡིན་པ་ཤེས་ཐུབ།

དེ་ནས་བོད་རྒྱལ་མེས་ཨག་ཚོམ་གྱི་སྐབས་བློན་པོ་སྤས་སྐྱེས་བཟང་སྟོང་བཙན་སོགས་རྟ་བ་སུམ་ཅུ་ལྷག གྱིམ་ཤིང་ཀོང་ཇོ་བསུ་རུ་ཕེབས་དུས། གོང་མ་ཐང་ཀྲུང་ཙུང་གིས་ལི་ཡོན་ཐིང་ཙེ་ཞེས་པའི་ས་ཆར་རྒྱ་དང་བོད་ཀྱི་རྟ་རྩེད་སྤོ་ལོ་བ་འགྲན་བསྡུར་བྱེད་བཅུག་པས། ཐེངས་དང་བོར་བོད་ཀྱི་ཕོ་ཉས་གོང་མའི་རྟ་ཐོག་སྤོ་ལོ་རུ་ཁག་ཕམ། ཐེངས་རྗེས་མར་ཐང་མིང་ཧོང་ཟེར་བའི་རྟ་ཐོག་སྤོ་ལོའི་རྩལ་ཅན་ཞིག་ཡོད་པ་དེ། བཀའ་ཕབ་ནས་འགྲན་བསྡུར་བྱེད་བཅུག་སྟེ། ཉིན་གང་བོར་རྒྱལ་ཕམ་གྱི་ཕུ་ཐག་མ་ཆོད་པས། མཚན་མོར་ལྒང་བཞུའི་འོད་ཀྱིས་ཉིན་མོར་ལྟར་སྣང་བར་བྱས་ཏེ། ཉིན་མཚན་གཅིག་རིང་ཕུལ་བྱུང་རྩལ་སྣ་ངོམ་ཞིང་། ལྟད་མོ་བ་རྣམས་བསྔགས་བརྗོད་དར་དིར་དང་བློ་གྲིམ་མཚར་བསྐྱེད་ཀྱིས། འགྲན་བསྡུར་གནང་བས། ཕན་ཚུན་འདྲ་མཉམ་དུ་གྱུར་བའི་ལོ་རྒྱུས་ཡོད་པ་དང་།

དེ་ལྟར། བོད་ཙམ་དུ་མ་ཟད། ཁྱད་པར་དུ་རྒྱ་ནག་ཏུ་ཧ་ཅང་དར་ཁྱབ་བྱུང་བ་སྟེ། དཔེར་ན། ཐང་ཡིག་གསར་མ་ལས། ཀྲན་གོན་ནས་ལིན་ཏིག་ཁྲི་ལོ་བཞི་བཅུའི་བར་རྟ་ཁྲི་བདུན་ཅུ་དང་དྲུག་སྟོང་ལ་སླེབས། དམག་དཔུང་གིས་གང་སར་རྟ་ཐོག་སྤོ་ལོ་ར་བ་མང་བོ་བཟོས་ཡོད། དེ་རུ་དམག་ཁྲི་ལྷག་སྡོད་པའི་མལ་ཁང་ཡང་བཟོས་ཡོད། ནུབ་མཐའི་དམག་གི་རྟེན་གཞི་གལ་ཆེན་ཏུང་ཧོང་གི་དམག་དཔུང་གི་སྒར་ཁག་ཏུ་ཡང་། རྟ་ཐོག་ཕོ་ལོང་ར་བ་བཟོས་ཡོད་ཅེས་བཤད་པས་ཤེས་སོ། །

འོན་ཀྱང་། རྒྱ་ནག་གིས་ལུས་རྩལ་འདི་རྩ་ཆེན་དུ་རྟོགས་ནས། ཡིག་ཚང་དང་དཔེ་རིས་སོགས་སུ་མང་དུ་བཀོད་ཡོད། དཔེར་ན། ཐང་མིང་ཧོང་གིས་མཚན་མོའི་རྟ་ཐོག་གིས་མཚན་མོར་རྟ་ཐོག་ཕོ་ལོང་འགྲན་པ་ཞེས་པའི་ལོ་རྒྱུས་ཀྱི་དཔེ་རིས་དེ། པེ་ཅིང་གི་གནའ་བོའི་ཕོ་བྲང་ནང་རྩ་ཆེའི་རིག་དངོས་སུ་ཉར་ཚགས་གནང་བ་ད་ལྟའང་ཡོད་ཟེར། ཡིན་ནའང་། རྟ་ཐོག་སྤོ་ལོའི་ལུས་རྩལ་འདི་རང་ཅག་བོད་ཀྱིས་ཡིག་ཚང་ཏུ་བཀོད་མེད་པར་མ་ཟད། ལྷ་ཁང་རྙིང་བ་དག་གི་ལྡེབས་རིས་སུ་ལུས་རྩལ་གྱི་རྣམ་གྲངས་ཇི་སྙེད་ཅིག་བཀོད་ཀྱང་། ལུས་རྩལ་འདི་ཟུར་ཙམ་ཡང་མེད་པ་ནི་ཡིད་ཕངས་པའི་གནས་སོ། །

རྟ་རྒྱུགས།

༡ རྟ་བཤད། རྟ་ནི་བོད་མིའི་སྒོ་ཕྱུགས་ལས་འགྲིམ་འགྲུལ་སོགས་ལ་མེད་དུ་མི་རུང་བ་ཞིག་ཡིན་པར་མ་ཟད། དཔའ་བོ་རྣམས་གཡུལ་འགྱེད་དང་། མང་ཚོགས་ཀྱི་མིག་སྔར་རྟ་མཆོག་གི་བང་ཁ་གཤིབ་པ་འདི། བོད་མིའི་དགའ་བོ་བྱེད་པའི་དགའ་སྟོན་ཉག་གཅིག་ཏུ་གྲུབ་ཡོད། དེ་བས་རྟ་དཔྱད་རྒྱག་པ་འདི་ཡང་གནའ་སྔ་མོ་ནས། བོད་ཀྱི་རིག་གནས་ཀྱི་གྲུབ་ཆ་ཞིག་ཡིན་ཏེ། རྟ་དཔྱད་མཐོང་བ་ཀུན་གསལ་མེ་ལོང་ལས། ཚངས་པ་ལྷ་ཡི་མེ་ཏོག་གིས། །རྒྱ་མཚོའི་པཎ་ཆེན་སྤྱན་དྲངས་ནས། །འོད་ཕྲུག་ལོ་པཎ་རྒྱ་ཚ་སློབ། །ཆོས་སྨན་རིག་གནས་ཐམས་ཅད་བསྒྱུར། །ཕྱོགས་རིས་མཁས་པ་མི་དགུ་བསྡུས། །བོད་སྨན་མཁས་དགུ་བླ་སྨན་བསྐོས། །དེ་བཞིན་ཕྱོགས་རེར་ཡུལ་ལྔ་ནས། །རྟ་མཁན་མཁས་པ་མི་དགུ་བསྡུས། །དགུ་བོ་འདོད་ལུགས་སོ་སོ་བྱུང་། །དགྱེ་བོ་འཇག་རྟ་རུ་རྔུ་གཉིས། །སྒུར་བོ་གྱམ་ཤིང་མུ་ཆེན་གཉིས། །དང་བོ་འདོ་བ་གྱི་ལིང་གཉིས། །ཞེས་ཁྲི་སྲོང་གི་དུས་ནས་རྟའི་དབྱེ་བ་ཆེན་པོ་དྲུག་ཏུ་བཤད་པ་དང་། ཨ་གྲགས་གཟི་རྫོང་ལས། ཤ་ཕོ་ཆེན་གཅིག་ལ་ཅི་འཛོམས་དེ། །རྟ་མདོ་ཆེན་གཅིག་ལ་འཛོམས་ལེ་ཡིན། །དང་ག་ཡངས་ལ་རྒྱུགས་ཤེད་ཆེ། །རྨིག་བཞི་ཡངས་ལ་འགྲོས་ཁ་གསལ། །མཇུག་སྐེ་ཐུང་ལ་དལ་བུལ་མེད། །དེ་མདོ་ཆེན་ལུས་ཀྱི་འཛོམས་གསུམ་རེད། །འབྲུག་ཕོ་ཐུང་གཅིག་ལ་ཅི་འཛོམས་དེ། །རྟ་མདོ་ཆུང་གཅིག་ལ་འཛོམས་ལེ་ཡིན། །རྐང་བཞི་གློག་དམར་འཁྱུག་པ་འདྲ། །རྨིག་བཞི་གཡུ་འབྲུག་གྲགས་པ་འདྲ། །ཐལ་རླུང་སེར་རྒོད་འཁྲུག་པ་འདྲ། །འདོ་ཆུང་རྟ་ཡི་འཛོམས་གསུམ་རེད། །རོམ་དཀར་སེང་འབྲུག་དཀར་བོ་དེ། །རྒྱུགས་ཁ་མྱུར་ལ་ཆད་པ་སླ། །རོམ་ནག་དོམ་བུ་ཤ་གཟན་དེ། །རྒྱུགས་ཁ་སྲ་ལ་ཆད་པ་དཀའ། །སྟོད་ཟླུམ་དྲིལ་བུ་ཁ་གཡེར་དེ། །ལ་ལ་བཟང་སྟེ་ཐུར་ལ་ཞན། །སྨད་འཛུམ་སྦྲུལ་ནག་མཇུག་མ་དེ། །འགྲོས་ཁ་གསལ་ཏེ་སྙིང་ཤུགས་ཆུང་། །བྱ་གཏོང་ཧར་མ་བྱིའུ་མིག་དེ། །རྒོད་པས་མནོན་དཀའ་ངར་ཤོས་ཆེ། །རྨུ་རྒྱས་ཐང་དཀར་གཤོག་རྒྱལ་དེ། །པགས་ཁ་ལྷོད་ལ་གཡུང་དལ་ཆེ། །རྒྱུག་རྒོད་སེར་བ་རིལ་བུ་དེ། །རྒྱུག་རྩལ་འགྲོས་ཀྱི་སྡོང་བོ་ཡིན། །གྱི་ལིང་ཞ་ཟོར་འགུག་མོ་དེ། །འགྲོས་ཁ་བཟང་སྟེ་ཆབ་ལ་ཞན། །བྱ་ལྟོ་བྱིའུ་སྐེ་ཟེ་བྱི་དེ། །རྒྱུག་ལ་བཟང་སྟེ་མིག་ལ་སྡུག །སྒུག་ཆུམ་སྟག་མོ་གདོང་ཐུང་དེ། །མགོ་སྣ་ཐུང་སྟེ་བང་ཁ་བཟང་། །ཟིའུ་སྒལ་བ་སྐེ་རིང་དེ། །སྒ་ལ་མཛེས་ཏེ་རྒྱུག་ལ་ཞན། །དེ་ཚོ་རྟ་ཡི་ཡིན་ལུགས་རེད། །ཅེས་རྟའི་གཟུགས་བོངས་སྟེང་ནས་རྟ་བཤད་གནང་ཡོད་པ་དང་། རྟ་རྒྱུགས་རྒྱལ་འཇོག་﹙གེ་སར་རིག་མཛོད་ཤོག་གྲངས ༥༩༠ ནས ༥༩༡ ན་གསལ﹚ལས། རྟའི་རིགས་ལ། འདོ་བ། བེ་ཏོ། མུ་ཁེངས། གྱི་ལིང་བཅས་བཞིར་དགར་ནས། གཟུགས་དང་། སྤུ་ཁ་ལས་བརྩམས་ཏེ། རྟ་མཆོག་ཅིག་ལ་འཛོམས་པའི་ཁྱད་ཆོས་སོགས་ཀྱིས་སྒོ་ནས་དབྱེ་ཞིབ་བྱས་ཡོད་པ་དང་། གཞན་ཡང་། རྟ་དཔྱད་མཁས་པ་འཛུམ་ཤོར་ལས། ས་རྟ་དང་གནམ་རྟ་བཤད་པ། བཟང་བཤད་སུམ་ཅུ་བཤད་པ། ལོ་རྩིས་སྟངས་དང་དབྱེ་བ་བཤད་པ། ཟས་དང་སྤུ་མདོག་གི་སྒོ་ནས་བཤད་པ། རིགས་དང་དགོས་པ་བཤད་པ། མགོ་སྣ་དྲུག་བཤད་པ། བཞེད་དོན་ཉི་ཤུ་བཤད་པ། རྨིག་པའི་དབྱེ་བ་བཤད་པ། འདྲ་མིན་མང་འདུས་ཀྱི་རྟ་མཆོག་བཤད་པ་སོགས་དེར་ལྟ་བར་བྱ་ལ། དེ་བཞིན་ངག་རྒྱུན་དང་དམངས་གཞས་སོགས་ཀྱི་ནང་དུའང་རྟ་བཤད་མང་དུ་ཡོད་དོ། །

༢ རྟ་རྒྱུགས་དངོས། རྟ་རྒྱུགས་འདི་ལ་རྣམ་གྲངས་ཧ་ཅང་མང་། དེ་ཡང་བོད་འདིར་གདོད་མའི་སྤྱི་ཚོགས་ཀྱི་འཚོ་བ་དང་། རི་དྭགས་རྔོན་པ་ནོར་ལུག་སྐྱོང་བ་སོགས་ལ་རྟ་ཞོན་ཏེ་འདུར་རྒྱུགས་བྱེད་པ་ནི་རྒྱུན་མཐོང་གི་བྱ་བ་ཞིག་ཡིན། དེ་བས་ད་ལྟ་ཡང་། རྟ་རྒྱུགས་འདི་འབྲོག་ཕྱོགས་སུ་དར་ཆེ་བ་དང་། མདའ་འཕེན་གྱི་ཆོ་ག་འདི་རོང་ཕྱོགས་སུ་དར་ཁྱབ་ཆེ། བོད་ཀྱི་དམངས་གཞས་ཤིག་ཏུའང་། ས་ཁ་རུ་ཁ་སྟོད་འབྲོག་གི་ས། །འབྲོག་མི་རེའི་ལག་ན་རྟ་རེ་ཡོད། །འབྲོག་རྐྱལ་རྩལ་ཆེ་བ་དེ་རྐྱེན་རེད། །ས་ཁ་རུ་ཁ་སྨད་རོང་གི་ས། །རོང་མི་རེའི་ལག་ན་མདའ་རེ་ཡོད། །རོང་མཐེབ་རྩལ་ཆེ་བ་དེ་རྐྱེན་རེད། །ཟེར་བ་དང་།

ཁྱད་པར་དུ་བོད་རྒྱལ་སྲོང་བཙན་གྱི་དུས་སུ་རུ་ལྔར་བགོས་ཏེ། དམག་རྟ་དང་རུ་མཚོན་གྱི་ཁ་དོག་མི་འདྲ་བ་སོགས་སྒྲིག་འཛུགས་ཆ་ཚང་བ་ཞིག་གཏན་འབེབས་བྱས་པ་ནས་བཟུང་། རྟ་དམག་གི་དཔུང་སྡེ་དེའི་ནང་ནམ་རྒྱུན་རྟ་རྒྱུགས་དང་། རྟ་ཐོག་ལུས་རྩལ་གྱི་རྣམ་གྲངས་ཇི་སྙེད་ཅིག་འགྲན་བསྡུར་བྱེད་གྱིན་ཡོད་པ་ཡིན། ར་ས་གཙུག་ལག་ཁང་བཞེངས་གྲུབ་ཀྱི་མཛད་སྒོ་ཡང་། རྟ་རྒྱུགས་མདའ་འཕེན་དང་། མི་རྒྱུགས་རྡོ་འགྱོགས། གླུ་གར་འབྲོང་རྩེད་སོགས་ཀྱི་རྟེན་འབྲེལ་གཟབ་རྒྱས་ཉིན་ཞག་དུ་མ་སྦྲེལ་ནས་བྱེད་མྱོང་ཡོད་སྐོར། ལྷ་སའི་གཙུག་ལག་ཁང་གི་བར་སྒོའི་གཡོན་ངོས་ཀྱི་ལྡེབས་རིས་ལ་ད་ལྟ་སྣང་རྒྱུ་ཡོད་པ་དང་། ཕྱིས་སུ་དབྱར་ཁའི་དུས་སྟོན་སོགས་སུ་མདོ་རིག་རྟ་བོའི་བང་ཁ་འགྲན་པའི་དམངས་སྲོལ་ཞིག་ཏུ་གྱུར་བ་རེད། དེ་ལ་བྱིས་པ་རྐྱལ་རྩལ་ཅན་མི་རྟ་གཉིས་ཀ་བདེ་ཆས་སྤྲས་ནས། སྒལ་རྗེན་དུ་རྒྱུགས་ཏེ་བང་གི་མགྱོགས་ཚད་འགྲན་པ་དང་། འདུར་དང་གོམ་པ་འགྲན་པ། རྟ་ཐོག་ནས་མདའ་མདུང་གི་རྩལ་དང་། མེ་མདའི་རྩལ་འགྲན་པ། རྟ་ཐོག་ནས་མེ་ཏོག་ཁ་འཐུ་དང་། ཡང་ན། ལག་པས་བཏོག་པ། ཐང་ནས་ཁ་བཏགས་འཐུ་བ། རྟ་ཐོག་ནས་དྲང་བོར་ལངས་པ། མགོ་མཇུག་ལྡོག་ཏེ་རྒྱུགས་པ། འཇུ་རེས་འགྲན་པ། ལུས་བོ་ཕྱིར་བསྐྱུར་བ། བང་ནང་ནས་འབབ་བཞོན་བྱེད་པ། རྟའི་སྟེང་གན་རྐྱལ་དུ་ཉལ་བ། སྦོ་འོག་ཏུ་གབ་པའི་ཚུལ་གྱིས་རྒྱུགས་པ། རྟ་ཐོག་ནས་ཞགས་པ་འཕངས་ཏེ་རྟ་ལུག་སོགས་འདེད་བཟུང་བྱེད་པ། གཞན་ཡང་། གྲི་རྩེད་ནི། ལག་ངར་ཙམ་གྱི་ཤིང་དུམ་ནམ་མཁར་གཡུགས་ཏེ་ས་ལ་མ་ཟགས་པར། གྲིའི་དངོ་དང་ལྟག་པས་རེས་མོས་ཀྱིས་བླངས་ནས་ཡང་ཡང་ཡར་འཕངས་ཏེ་དུམ་བུ་མང་བོ་གཏོང་བ། སྨྱུག་མའི་སྡོང་བོ་གྲི་གསག་གིས་བརྒྱབ་ཏེ་གཅོད་པ། རྟ་ཐོག་ནས་འུར་རྡོ་འཕེན་པ་སོགས་ཡོད་དོ། །

གཞན་ཡང་། རྟ་རྒྱུགས་ཏེ་རྒྱལ་སྐུགས་སྲོལ་ཡོད་པ། གླིང་སྒྲུང་རྟ་རྒྱུགས་རྒྱལ་འཇོག་ལས། རྟ་རྒྱུགས་ལ་བརྟེན་ཏེ། ཇོ་རུས་སྒ་སྐྱ་ལོའི་རྒྱུ་བདག་དང་། འབྲུག་མོའི་སྐྲ་བདག གླིང་དཀར་སྟོད་ཀྱི་མངའ་བདག་གྱུར་བ་ལས་རྟོགས་སོ། །

གཡག་རྒྱུགས།

གཡག་རྒྱུགས་འགྲན་བསྡུར་ནི། རྟ་རྒྱུགས་ལྟར་རྒྱུགས་ལམ་ངེས་གཏན་བྱས་ཐོག གཡག་ལ་ཞོན་ནས་རྒྱུགས་པ་དང་། གཙོ་བོ་མགྱོགས་ཚད་འགྲན་པ་ཡིན་ལ། གཡག་ལ་རྣ་ཙོར་དང་སྐེ་རྒྱན་སོགས་མཛེས་ཆས་ཀྱང་སྤྲས་ཡོད། ཁྱད་པར་དུ་གཡག་ནི་བོད་ཀྱི་ཐུན་མིན་གྱི་ཁྱད་ཆོས་ཤིག་ཏུ་བརྩི་བ་དང་། མི་རིགས་གཞན་དག་གིས་ཀྱང་ངོ་མཚར་བའི་གནས་སུ་འཛིན་ཏེ། དེབ་དཀར་ལས། ཨ་ཙ་ར་བོད་དུ་སླེབས་པ་རྣམས་ཀྱིས་ཀྱང་གཡག་སྒྲ་ཙམ་གྱིས་རྒྱ་གར་བ་རྣམས་ངོ་མཚར་བར་བྱས་པ་ཡིན་ནོ། །གཡག་གི་རྩིད་པ་རིང་བོ་འདི་འདྲ་རྒྱ་གར་གྱི་སྲོག་ཆགས་གང་ལ་མེད་པས་ཁོང་ཚོ་མཚར་བ་བདེན། ད་དུང་ཡང་བོད་ནས་འོང་བ་རྣམས་ལ་གཡག་མཐོང་ངམ་ཞེས་གཏམ་གྱི་དང་བོ་འདྲི། གསུངས་པ་ལྟར། དེང་སང་རྒྱལ་ཁབ་གཞན་དག་གིས་ཀྱང་ཆེད་དུ་གཡག་ལ་ལྟད་མོ་བལྟ་བ་དང་། ཁྱད་པར་དུ་གཡག་རྒྱུགས་ཀྱི་ལྟད་མོ་འདི་གཟིགས་མོ་ངོ་མཚར་ཅན་དུ་བརྩི། ད་ལྟ་འང་བོད་ལྗོངས་རྒྱལ་རྩེ་རྫོང་དུ་དབྱར་དུས་ཀྱི་མདའ་མང་དུས་ཆེན་ལ་སྔར་སྲོལ་རྒྱུན་འཛིན་གྱིས་གཡག་རྒྱུགས་འགྲན་བསྡུར་བྱེད་ཀིན་ཡོད་པར་མ་ཟད། བོད་ཁམས་ཀྱི་འབྲོག་ཁུལ་སོ་སོ་ནའང་གཡག་རྒྱུགས་ཀྱི་ལྟད་མོ་ཡོད། གཡག་རྒྱུགས་གཏོང་ཚེ། གཡག་ལ་རྣ་རྒྱན་དང་། ཟེ་རྒྱན། དྲིལ་བུ། ལིང་ཤང་སོགས་ཀྱིས་བརྒྱན་སྲོལ་ཡོད། གཡག་གི་ཁ་ལོ་སྒྱུར་བྱེད་ནི། སྣ་ཁུང་དུ་སྣ་གཅུ་བརྒྱུས་ཏེ། སྣ་ཐག་རྭ་བར་ལས་དྲངས་ཏེ་ཁ་ལོར་བསྒྱུར་བ་ཡིན་ལ། གཡག་སྣ་གྱོང་བའི་ལྕག་ཚན་གྱིས་འགྲམ་པ་གཡས་གཡོན་ལ་བཞུས་ཏེ་ཁ་ལོ་བྱེད་པའང་ཡོད། ད་དུང་ཁ་ཅིག་དྲང་ཕྱོགས་སུ་མི་འགྲོ་བར། གང་དྲན་དྲན་དུ་རྒྱུགས་ཏེ་ལྟད་མོ་བར་དགོད་ཁ་སློང་བ་དང་། སྟེང་གི་མི་ལ་བློ་འཚབ་བཟོ་བ། ངོ་ཚ་བསྐྱེད་པའང་ཡོད་དོ། །

ཆུ་རྐྱལ།

ཆུ་རྐྱལ་འདི་ལ་ད་ཕན་བོད་དུ་སྒྲིག་འཛུགས་ལྡན་པའི་འགྲན་བསྡུར་བྱེད་སྲོལ་མེད་ཀྱང་། བོད་མི་ཕལ་ཆེར་གླིང་གཏོང་ཆུར་བརྒལ་བྱ་རྒྱུ་ཧ་ཅང་དགའ་བོ་ཡོད། ཁྱད་པར་དུ། ཆུ་ཁར་ཡོད་པའི་གྲོང་བ་རྣམས་ཆུ་རྐྱལ་ལ་ཧ་ཅང་བྱང་ཆ་ལྡན། དཔེར་ན། ཆུ་སྐྱེལ་གཏོང་སྐབས། མཐོ་ས་ནས་མཆོངས་པ་དང་། ཉལ་རྐྱལ། ལངས་རྐྱལ། ཁྱི་རྐྱལ། ཆུ་ནང་དུ་འཛུལ་ཏེ་ཡུན་རིང་འདུག་པ་སོགས་ཡོད། དབྱར་མཇུག་བོད་ཟླ་བདུན་པའི་ཆུ་སྐར་ཏེ་སྐར་མ་རི་ཤྀ་འཆར་དུས། ཆུ་ཀློང་ཡོད་དོ་ཅོག་ཡན་ལག་བརྒྱད་ལྡན་ནམ་སྨན་ཆུར་གྱུར་ཡོད་ཅེས་གཟའ་འཁོར་གཅིག་གི་རིང་། བོད་རིགས་ཡོངས་ཀྱིས་ཁྲུས་བྱེད་པ་དང་། ཆུ་རྐྱལ་བྱེད་པའི་སྲོལ་ཡོད་ཅིང་། གཞོན་ནུ་ཕོ་མོ་དང་བྱིས་པ་རྣམས་ཆུ་རྐྱལ་འདྲ་མིན་རྒྱག་པའམ། རང་མོས་ཀྱིས་ཆུ་རྐྱལ་འགྲན་སྲོལ་ཡང་ཡོད་ལ། བོད་ཀྱི་ཆུ་བ་མང་བོས་ལྷ་སའི་སྐྱིད་ཆུ་དང་གཙང་བོ། རྨ་འབྲི་རྫ་གསུམ་གྱི་ཆུ་བོ་ལ་ཐད་གཅོད་བྱེད་ཐུབ་པ་ཡང་མང་དུ་ཡོད་དོ། །

ཐག་འཐེན།

༡ སྐེ་འཐེན། ཤེད་ཤུགས་མཉམ་པའི་འཐེན་ཟླ་གཉིས་ཁ་གཏད་དུ་ལངས་ནས། སྐེ་ལ་ཐག་པ་བསྐོན་ཏེ་ལག་ཟུང་མཆན་དུ་བཞག་ནས། ཕྱིར་བཀྱེད་ཏེ་འཐེན་ནས་ཕ་རོལ་བོ་དཀྱིལ་རྟགས་ལས་ཚུར་འདྲུད་ཐུབ་ན་རྒྱལ་བར་བརྩིའོ། །༢ ལག་འཐེན། འཐེན་ཟླའི་མི་གྲངས་དོ་མཉམ་པའི་གྲངས་ཀྱིས་སོ་སོའི་ཐག་སྣེ་འཇུས་ཏེ། འགྲན་བསྡུར་བྱེད་པ་ཞིག ༣ ཕྲག་འཐེན། འཐེན་ཟླ་གཉིས་ཁ་གཏད་དུ་ལངས་པའི་མི་གཉིས་ཀྱི་ཕྲག་པར་ཐག་པ་དབབ་པར་བྱས་རྗེས། ཁ་ཕྱིར་འཁོར་ཏེ་ལོགས་ངོས་ནས་འཐེན་པ་ཞིག ༤ གླང་ཆེན་ས་གཤགས། ཐག་པའི་སྣེ་གཉིས་ཕན་ཚུན་གྱི་གཉའ་ལྟག་ལ་བསྐོན་ཏེ། གླང་ཆེན་བཞིན་དུད་དེ་གོག་འགྲོས་སུ་ཐག་པ་ལྟོ་འོག་ལས་དྲངས་ཏེ་འཐེན་པ་དེའོ། །

ཐག་མཆོང་།

ཐག་མཆོངས་ནི་བོད་རིགས་གཞོན་ནུ་ཕོ་མོ་དང་། ལོ་ཆུང་རྣམས་ཀྱིས་དགའ་བོ་བྱེད་པའི་ལུས་རྩལ་ཤིག་ཡིན། ལུས་རྩལ་འདི་ནི་ལོ་སར་དང་དགའ་འཛོམས་ཀྱི་སྐབས་སུ་གང་སར་ཐག་མཆོངས་རྒྱག་པ་མཐོང་རྒྱུ་ཡོད། ཐག་མཆོངས་རྒྱག་སྟངས་ནི། ཐག་སྣེ་གཉིས་ལ་མི་རེས་བཟུང་ནས། མཉམ་དུ་འཇའ་དབྱིབས་ལྟར་བསྐོར་གཡུགས་བྱེད་པའི་དབུས་སུ། མི་གཅིག་གམ། ཡང་ན། གཉིས་གསུམ་རེ་མཆོངས་གིན་ཡོད་ལ། སྐབས་དེར་བསྐོར་བ་གཡས་བསྐོར་གཡོན་བསྐོར་དང་། རྐང་བའི་འདེགས་འཇོག་བྱེད་སྟངས། མཆོང་གྲངས་མང་ཉུང་འགྲན་པ། ཡང་གཞན་ལ་རག་མ་ལས་པར། མི་གཅིག་གིས་རང་གི་ལག་པ་གཡས་གཡོན་གྱིས་ཐག་སྣེ་བཟུང་སྟེ། མགོ་ནས་རྐང་འོག་ཏུ་མཆོང་གྲངས་དང་མཆོང་རྒྱུགས་འགྲན་པ། ཐག་མཆོང་འདི་ལ་ལྷ་སའི་ཕྱོགས་ན་མཆོང་གཞས་སྙན་མོ་ཞིག་ཀྱང་གཏོང་རྒྱུ་ཡོད་དོ། །ཡང་མཐོ་མཆོངས་དང་རྒྱང་མཆོང་། གནམ་འགྲོ་ཐག་རྩེད་སོགས་ཀྱང་ཡོད་ལ། ཨམ་སྐད་དུ་འདི་ལ་ཤར་གདང་ཟེར།

གཞན་ཡང་། ཤོ་རྒྱག་སྟངས་སྣ་ཚོགས། འགྱིག་ལ་ཡང་། དྲུག་འགྱིག བདུན་འགྱིག དགུ་འགྱིག འགོག་འགྱིག སྒམ་འགྱིག བཙིར་འགྱིག ས་ལམ་རྣམ་བཞག འཕར་རྡོ་དང་དོང་ཆབ་སོགས་རྩེད་མོ་རྩེ་སྲོལ་མང་ངོ་། །

ལེའུ་ཉེར་བདུན་པ། ཁོར་ཡུག་སྲུང་སྐྱོང་གི་སྐོར།

ཁོར་ཡུག་གི་གནས་བབ།

ཁོར་ཡུག་ནི་ཆེ་ས་ནས་གོ་ལ་བྱེ་བ་ཕྲག་བརྒྱ་དང་། ཆུང་ས་ནས་རང་ཉིད་འཚོ་སྡོད་བྱེད་པའི་གཞི་ཁྱིམ་ལ་ཟེར། དེའི་ཁོངས་སུ་ཆུ། ས་གཞི། གཏེར་ཁ། ནགས་ཚལ། རྩི་ལྗོན། མཛེས་ལྗོངས་ཁྱད་མཚར་ཅན། གནའ་ཤུལ་གྲགས་ཅན། གྲོང་དང་གྲོང་ཁྱེར། བཅུད་ཀྱི་སྲོག་ཆགས་ཡོད་དོ་ཅོག་འདུས་ཡོད། དེ་དག་ཐམས་ཅད་ནི། རང་ཅག་ལ་དངོས་དང་བརྒྱུད་པའི་ཕན་བདེ་བསྐྲུན་པ་ཤ་སྟག་ཡིན་པས། གཅིག་ལ་གཅིག་བརྟེན་གྱི་ཚུལ་དུ་གནས་ཡོད། དེ་བས་གོ་ལ་འདིར་མཚོན་ན་དེ་ཡོད་ཀྱི་སྲོག་ཆགས་ཇི་སྙེད་རྐང་སྟེགས་འཆའ་ས་ཡིན་པས། ཁོར་ཡུག་སྲུང་སྐྱོང་བྱེད་དགོས་པ་སྨོས་མེད་ཡིན། དེ་དག་གི་ཁྲོད་ལས་མིའི་རིགས་ནི་རྣམ་དཔྱོད་ཡ་ཚད་དུ་སོན་པར་བརྩི་བས། མགོ་ཐོག་ཏུ་གནམ་གཅིག་དང་། རྐང་འོག་ཏུ་གོ་ལ་གཅིག་ལས་མེད་པར་ངེས་ཤེས་འདྲོངས་ནས། སྐྱེ་ཁམས་དང་ཚེ་སྲོག་དོ་མཉམ་གྱི་གནས་ལུགས་ལ་བརྩི་སྲུང་བྱེད་དགོས། མིའི་རིགས་བྱུང་བ་ནས་བཟུང་། འགྲོ་འདུག་གི་ལོངས་སྤྱོད་དང་ཐོན་སྐྱེད། འཚོ་སྡོད་ཐམས་ཅད་ལ་ཁོར་ཡུག་ལ་རག་མ་ལས་པ་གཅིག་ཀྱང་མེད། སའི་གོ་ལའི་སྟེང་རླུང་ཁམས་ཆེན་མོ་དང་། རི་ཆུ་ནགས་གསུམ། གཡའ་གངས་རྫ་གསུམ་གྱི་རི་བོ། སྤང་ལྗོངས་དང་རྩི་ལྗོན། སྲོག་ཆགས་ཇི་སྙེད་ཅིག་གཅིག་ལ་གཅིག་བརྟེན་གྱིས་རང་བྱུང་གི་མ་ལག་ཆེན་པོ་ཞིག་ཡང་། ཁོར་ཡུག་གི་གནད་དོན་ནི། སྐྱེ་འགྲོ་སྤྱི་མཐུན་གྱི་ལས་དབང་སྲོག་ཏུ་ཞུགས་པའི་སྟེང་རང་བྱུང་གི་འགྱུར་ལྡོག་དང་། མིའི་རིགས་ཀྱི་སྤྱོད་སྒོ་ངན་པ་ལས་བྱུང་བ་གཉིས་སུ་འདུ་བར་སེམས། དང་བོ་ནི་ས་འགུལ་བ། མེ་རི་འཕྱུར་བ། ཆུ་སྐྱོམ་པ། ཤྭ་འོད་རྒྱུགས་པ། སྐར་མདའ་ལྟུང་བ། རི་ཉིལ་བ། སྲོག་ཆགས་སོགས་ཀྱིས་འཚེ་བ་སོགས་ཡིན།

གཉིས་པ་ནི། ཆུ་འབག་བཙོག མཁའ་རླངས་འབག་བཙོག འུར་སྒྲའི་འབག་བཙོག སྡོང་གཅོད་བྲག་གཏོར། གཏེར་ཁ་སྔོག་འདོན། བཟོ་ལས་ཀྱི་གད་སྙིགས། འགད་རྫས་ཀྱི་སྙིགས་རོ་སོགས་ཁོར་ཡུག་གཏོར་བཤིག་ཏུ་གཏོང་བའི་འགལ་རྐྱེན་གཙོ་གྲས་ཡིན།

དེ་ཡང་། ས་སྟེང་དུ་མིའི་རིགས་མ་བྱུང་བའི་ཡར་སྔོན་དུ། ནག་ནོག་དྲི་མས་མ་གོས་པའི་རང་བྱུང་ཁོར་ཡུག་འདི་དྭངས་གཙང་གཙང་ཞིག་དང་། གོ་ལ་ཧྲིལ་བོར་དཔྱིད་དཔལ་རྣམ་པར་བཞད་པའི་དག་ཞིང་ལྟ་བུ་ཞིག་ཡིན་པ་གདོན་མི་ཟ། དེའི་རྗེས་མིའི་རིགས་གཙོ་བྱས་ཏེ་འགྲོ་བ་བྱུང་བ་ནས་བཟུང་། དགྲ་འདུལ་གཉེན་སྐྱོང་གི་ལག་ཆ་དང་། ཤ་སྲེག་ཞིང་རྨོ་སོགས་ཁོར་ཡུག་ལ་གནོད་པའི་འགལ་རྐྱེན་ཕྲན་བུ་རེ་མ་གཏོགས་བཟོས་མེད། ཉེ་བའི་ལོ་ངོ་བརྒྱ་ལྷག་གི་རྗེས་ནས་ཁོར་ཡུག་གི་མནས་སྟངས་ལ་མནོ་བསམ་ཙམ་ཡང་མི་གཏོང་བར། ཚན་རིག་ལག་རྩལ་བེད་སྤྱད་ནས། རྡུལ་ཕྲན་མཚོན་ཆ་སོགས་གང་འདོད་ཀྱིས་བཟོས་ཏེ། ཐ་ན། གོ་ལ་འདི་སྐད་ཅིག་ལ་འགས་གཏོར་ཕོད་པའི་རྫས་ངན་སྣ་ཚོགས་བསྐྲུན་དང་བསྐྲུན་བཞིན་ཡོད་པས། མིའི་རིགས་གཅན་གཟན་གྱི་མཆེ་བར་ལ་ཚུད་འདྲའི་འཇིགས་སྣང་བཟོས་ཡོད་པ་རེད། དཔེར་ན། དེང་སང་གོ་ལའི་ཁྱོན་འདིར་རྫས་འགྱུར་དངོས་བོའི་རིགས་ཁྲི ༦༧ ལྷག་ནི། མིའི་སྤྱི་ཚོགས་ཁྲོད་ཚོང་ཟོག་ཅན་དུ་བསྒྱུར་ཡོད་ལ། དེ་དག་ལས་ཁྲི ༡༥ ལྷག་དུག་ཅན་གྱི་རྫས་འགྱུར་དངོས་བོ་ཡིན། སྡོམ་རྩིས་བྱས་པ་ལྟར་ན། ལོ་རེར་མི་ཁྲི ༥༠ ལྷག་གིས་དེ་དག་གི་བཀོལ་སྤྱོད་ལ་གཟབ་ནན་མ་བྱས་པའི་རྐྱེན་གྱིས་རྫས་དུག་ཕོག་པ་དང་། ཁྱད་པར་དུ་ཚན་རིག་གིས། གོ་ལ་ལག་མཐིལ་ལས་ཆུང་ངུར་བཏང་བའི་བརྒྱུད་རིམ་ཁྲོད། རྫས་དུག་དང་། དེས་བསྐྱེད་པའི་ནད་ཡམས་ལ་རྒྱལ་མཚམས་མེད་པར། སྐམ་ཆུ་མཁའ་གསུམ་བརྒྱུད་དེ། ལུག་བཤས་ན། ར་འདར་ལེ་ཞིག་བཟོས་ཡོད་པ་རེད།

ཚུལ་འདི་དག་ལ་དགོངས་ནས། ༡༩༩༢ ལོར་པ་ཞི་རྒྱལ་ཁབ་ཀྱི་ལེ་ཡོ་རི་ནེ་ལོའོ་ནས་མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་འཕེལ་རྒྱས་ཚོགས་ཆེན་ཐོག འཐུས་མི་ཡོངས་ཀྱིས་ཆུ་ཚོད་སྐར་ཆ་གཉིས་ཙམ་ལ། མིའི་རིགས་ཀྱིས་སའི་གོ་ལར་འགྱོད་བཤགས་དང་། ང་ཚོ་སའི་གོ་ལ་གཅིག་ལས་མེད་པར་བསམ་གཞིགས་གཟབ་ནན་བཏང་བ་ཡིན། དེ་ཡང་ལག་ལེན་དོན་འཁྱོལ་དུ་ཡོང་བ་ལ་རང་ཅག་གི་ནང་ཆོས་ནས་གསུངས་པའི་རྒྱུན་སྐྱོང་ཐུབ་པའི་འཕེལ་རྒྱས་སློབ་གསོ་དེ་གལ་ཆེ་ཡང་འདིར་མི་སྤྲོ་ལ། དེང་སང་གི་རིག་གསར་གྱི་ངོས་ནས་བཤད་ནའང་། 《ང་ཚོ་ཐུན་མོང་གི་མ་འོངས་པ》ཞེས་པའི་ཞུ་ཡིག་ནང་། གཞི་རྩའི་གནད་དོན་གཉིས་བཤད་དེ། ད་ལྟའི་མི་རྣམས་ཀྱི་འདོད་བློ་ཚིམ་དགོས་པར་མ་ཟད། མི་རབས་རྗེས་མ་གནོད་པ་མེད་པར་འཕེལ་རྒྱས་འགྲོ་ཐུབ་པ་ཞིག་ལ་བསམ་བློ་གཏོང་གི་ཡོད་པ་ནི། དགའ་འོས་པའི་ལྟ་ཚུལ་ཞིག་ཡིན། འོན་ཀྱང་། མིའི་རིགས་མང་བོ་ཞིག་གིས་ད་དུང་གོ་ལར་གཏོར་ཞིག་དང་། གནོད་འཚེ་གཏོང་བ་མང་དག་ཅིག་སྣང་བས། དེའི་རིགས་ཐེར་འདོན་ལ་དམིགས་ནས། ཉེས་དམིགས་འགའ་ར་སྤྲོད་བགྱིས་ན།

འགྱིག་ཤོག་གིས་རྫད་སྐྱོན།

༡༩༠༢ ལོར་ཟླ ༡༠ ཚེས ༢༤ ཉིན། ཨོ་སི་ཁྲུ་རི་ཡའི་མཱ་ཁེ་སུ་ཧྲོ་ཧྲི་ཉིས་འགྱིག་ཁུག་གསར་བསྐྲུན་བྱས་ཏེ། གསར་གཏོད་ཞིག་ཏུ་རློམ་ན་ཡང་། ལོ་ངོ་བརྒྱའི་རྗེས་ཀྱི་འགྱིག་ཤོག་འཁྲུངས་སྐར་ཉིན་ལ། ཡོ་རུབ་གླིང་གི་ཁོར་ཡུག་སྲུང་སྐྱོང་ཚོགས་པས་འགྱིག་ཤོག་ནི། དུས་རབས་ཉི་ཤུ་བའི་མིའི་རིགས་ཀྱི་ཆེས་ཐབས་རྡུགས་པའི་གསར་གཏོད་ཀྱི་གྲས་སུ་བདམས། རྒྱུ་མཚན་ནི། ད་ལྟ་གོ་ལའི་ཁྱོན་ན་མ་མཐའ་ཡང་འགྱིག་ཁུག་དུང་ཕྱུར ༥༠༠༠ མི་རྣམས་ཀྱིས་བེད་སྤྱོད་གཏོང་ལ། དུས་ཚོད་སྐར་ཆ་རེའི་ནང་འགྱིག་ཤོག་ཁྲི ༡༠༠ བཀོལ་བཞིན་ཡོད་པས། ཆ་སྙོམས་བྱས་ན་མི་རེས་ལོ་རེར་ཕལ་ཆེར་འགྱིག་ཤོག ༡༥༠ སྤྱོད་གྱིན་ཡོད། བྱས་ཉེས་འདིས་སའི་གོ་ལར་འགྱིག་ལྭ་མང་དུ་བསྐོན་ངེས་པས། འགྱིག་ཤོག་ནི། སྣོད་བཅུད་གཉིས་ཀའི་སྤྱི་དགྲ་ཞིག་ཡིན།  འགྱིག་ཤོག་གིས་བར་སྣང་དང་། གླིང་ཀ ཆུ་ངོགས། སྤང་ནགས་སོགས་རྫད་དེ་མཐོང་ལམ་མི་སྡུག་པར་སྟེར་བས། ཨིར་ལན་རྒྱལ་ཁབ་ཏུ་ལྗོན་ཤིང་ལ་དཔྱངས་པའི་འགྱིག་ཤོག་ལསྲིན་མོའི་དོར་ཐུངཞེས་དམའ་འབེབས་བྱས་ཡོད་པ་རེད། གཞན་དོར་ཟིན་པའི་འགྱིག་ཤོག་ས་འོག་ཏུ་སྦས་ནའང་། ལོ ༢༠༠ ནང་རྩ་མེད་དུ་མི་འགྲོ་བར་ས་ཁྱོན་མང་ཙམ་བཟུང་བར་མ་ཟད།  སའི་ཐོན་ཁུངས་དང་མིའི་ཚེ་སྲོག་ལ་གནོད་པ་ཐེབས་ཀྱིན་ཡོད་པ་དང་། དེ་ལས་གཞན།  ཕྱུགས་ཟོག་གིས་འགྱིག་ཤོག་ཟོས་ནས་མང་བོ་ཤི་བའང་རང་རེའི་མཐོང་སྣང་དུ་གྲུབ་པ་དང་། ཁྱད་པར་འགྱིག་ཤོག་ཆུ་ཀླུང་དང་རྒྱ་མཚོར་དོར་ཏེ་ཆུ་གནས་སྲོག་ཆགས་ཤི་བ་དང་གནོད་འཚེ་བཏང་བ་ཧ་ཅང་མོད་པས། འགྱིག་ཤོག་ལརྒྱ་མཚོའི་སྲོག་ཆགས་ཀྱི་ལག་དམརཞེས་དམའ་འབེབས་གནང་ཡོད་པ་རེད། དཔེར་ན། ༢༠༠༢ ལོར་ཆུ་སྲིན་ཤི་རོ་ཞིག་མཚོ་རླབས་ཀྱིས་དེད་དེ། ཧྥ་རན་སེའི་ནའོ་མན་ཏེའི་མཚོ་འགྲམ་དུ་འཕངས་པར། དེའི་ཁོག་པ་ན་འགྱིག་ཤོག་གཙོས་སྙིགས་རོ་སྟོང་ཁེ ༨༠༠ ལྷག་ཡོད་པ་ལྟ་བུ་རེད། ཡང་༡༩༨༣ ལོར་འཛམ་གླིང་གི་ས་ཆ་མང་བོར་རྒྱ་མཚོའི་རུས་སྦལ་མང་བོ་ཤི གནས་ཚུལ་དེ་ལ་ཚན་རིག་པས་དཔྱད་པ་བྱས་མཐར། རྒྱ་མཚོའི་རུས་སྦལ་གསོད་པའི་ལག་དམར་རྩར་ཆོད་པ་བྱུང་། དེ་ནི་འགྱིག་ཤོག་གི་ཁུག་མ་རེད། ཚན་རིག་པས་རུས་སྦལ་གྱི་ཁོག་པ་གཤགས་ཚེ་འགྱིག་ཤོག་མང་བོ་བྱུང་ཞིང་། ཆེས་མང་བ་ནི་རུས་སྦལ་གཅིག་གི་ཁོག་པ་ལས་འགྱིག་ཤོག་བཅོ་ལྔ་བཏོན་པ་དེ་རེད། དེ་ཡང་རུས་སྦལ་གྱི་ཁ་ཟས་ནི་མཚོ་འབུ་ཧེའུ་ཀྲེ་ཡིན་པས། རུས་སྦལ་གྱིས་ཧེའུ་ཀྲེ་དང་འགྱིག་ཤོག་ནོར་ནས་ཁྱུར་མིད་བཏང་བས་བྱས་འབྲས་ངན་པ་དེ་བྱུང་བ་རེད།

འུར་སྒྲའི་རྫད་སྐྱོན།

འུར་སྒྲ་ནི་ཁོར་ཡུག་ལ་ཁ་གཏད་དུ་གནོད་པ་ཞིག་ཡིན། རྒྱུ་མཚན་ནི། གནམ་ཐང་གི་ཉེ་འགྲམ་དུ་མོ་བྱ་ལ་སྒོ་ང་མེད་པ་དང་། སློབ་གྲྭ་ཁག་དང་། བསམ་བློའི་ལས་རིགས་སུ་གཏོགས་པ་ཕལ་མོ་ཆེ། དེ་ལ་གཡོལ་ཐབས་བྱས་ཏེ་དབེན་ས་ཞིག་ལ་བསྙེགས་ཅི་ཐུབ་བྱེད་བཞིན་ཡོད། འུར་སྒྲའི་ཐད་ཀར་གནོད་པ་ཐེབས་པ་ནི། ཚོར་ཤེས་དང་། སློབ་སྦྱོང་། ལས་དོན། སྙིང་ཁམས་ཁྲག་རྩ། བབ་ཆགས་ལྷིང་འཇགས། བྱིས་པ་མཚར་ལོངས་བྱུང་བ་སོགས་ལ་དངོས་གནོད་དུ་གྱུར་ལ། དེང་སང་ཕལ་མོ་ཆེ་འུར་སྒྲའི་ཁོར་ཡུག་ཏུ་འཚོ་སྡོད་བྱེད་པ་ཧ་ཅང་མང་བས། འུར་སྒྲའི་གྱོད་གཞི་ཡང་རབས་དང་རིམ་པར་བྱུང་ཡོད་པ་སྟེ། འཇར་པན་གྱི་ཏུང་ཅིང་ལ་མི་རྣམས་ཀྱིསའུར་སྒྲའི་རྒྱལ་བོཞེས་དམོད་མིང་བཏགས་ཡོད་པ་དང་། ༡༩༨༤ ལོར་གྲོང་ཁྱེར་དེར། འུར་སྒྲ་དང་འབྲེལ་བའི་གྱོད་དོན་ཉེན་རྟོག་ཁང་ལ་ཁྲི ༥ སྙན་སེང་བྱས་ཡོད་པ་རེད། ཡང་ཨ་རིའི་མཁའ་དམག་གིས་ཨུ་ཁུ་ལ་ཧུ་མཱ་ཧྲིའི་མཁའ་དབྱིངས་ནས་སྒྲ་བརྒལ་གནམ་གྲུ་ཚོད་ལྟ་བྱས། གནམ་གྲུ་ཉིན་བཞིན་སྨི ༡༠༠༠༠ ཡི་མཐོ་ཚད་ནས་ཐེངས ༨ ལ་འཕུར། ལོ་ཕྱེད་ཀྱི་རྗེས་སུ་ས་གནས་དེར་གསོས་པའི་བྱ་དེ་ཕོ ༡༠༠༠ ཡི་ནང་ནས ༦༠༠༠ འུར་སྒྲས་ཤི་བ་དང་། ༤༠༠༠ ལས། ལ་ལའི་གཤོག་སྒྲོ་ལྷུང་། ཁ་ཅིག་སྒོ་ང་འཇོག་མི་ཐུབ་པར་གྱུར། ཡང་། ཧྲང་ཧེ་ནན་ཕོའུ་ཟམ་ཆེན་འཛུགས་སྐབས། སྡོང་འདེགས་འཕྲུལ་ཆས་ཀྱི་འུར་སྒྲ་ཆེན་པོ་ཚད་ལས་བརྒལ་བའི་སྟེང་། ཉིན་མཚན་བར་མེད་དུ་མཚམས་མ་བཞག་པས། གྲོང་རྡལ་གྱི་ཕག་ཚང་མ་ཤི་བའི་གནས་ཚུལ་བྱུང་བ་དང་། ཡང་ཨོ་སི་ཁྲུ་རི་ཡའི་ཚན་རིག་པ་ཚོས་དུས་ཡུན་ལོ་གསུམ་བེད་སྤྱད་ནས་རི་དྭགས་ལ་ཚོད་ལྟ་བརྒྱུད་མཐར། འུར་སྒྲས་མི་རྒས་ཚད་ཇེ་མགྱོགས་སུ་གཏོང་བ་གསལ་རྟོགས་བྱུང་། ཚན་རིག་པས་ཉིན་རེར་སྒྲ་བསྐྱེད་སྒྲ་སྒམ་དུས་ཚོད་གཉིས་ལ་བཏང་ཏེ། ཙི་གུ ༦༠༠ ལ་ཚོད་ལྟ་བྱས་མཐར་དེ་དག་གཞན་ལས་རྒས་སླ་ཞིང་ཡུན་རིང་མི་འཚོ་བ་ར་སྤྲོད་བྱས། འུར་སྒྲའི་རྣ་དབང་ལ་གནོད་པར་མ་ཟད། ཀླད་པའི་དབང་རྩ་དང་། དབུགས་ཀྱི་རྒྱུ་བ། སྙིང་ཁམས་འགུལ་སྐྱོད། ཁྲག་གི་རྒྱུ་ཚུལ། དྲན་པ་ཉམས་པ། མགོ་ཡོམ་འཁོར་བ། ཟས་ལ་ཞེན་པ་ལོག་པ། ཕོ་བ་ན་བ། གཉིད་མི་འབེབས་པ། ཚིག་པ་ཟ་བ་སོགས་ལ་གནོད་པ་སྐྱེལ་བཞིན་ཡོད། དེ་བས་ཀྲུང་གོའི་གནའ་སྲོལ་གྱི་ཉེས་ཅན་གསོད་ཚུལ་ཞིག་ལ། ཉེས་ཅན་ཅོང་ཆེན་འོག་ཏུ་བཀྱིགས་ཏེ། ཅོང་སྒྲ་ཆེན་པོ་བརྡུངས་ནས་གསོད་པ་དང་། ཡང་འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་སུ་འཇར་མན་ཧྥ་ཞི་སི་ཡིས་ཡ་ང་བའི་འུར་སྒྲས་ཉེས་ཁྲིམས་གཅོད་ཚུལ་ཞིག་ཡོད་དེ། གྱང་རིམ་གསུམ་ཨར་འདམ་གྱིས་བྱུགས་པའི་ནང་། གསད་བྱ་དེ་སྒྲ་སྒམ་འཇིགས་རུང་ཞིག་གི་འོག་ཏུ་བཞག་སྟེ། འུར་སྒྲ་ཆེན་པོ་བསྒྲགས་པ་དང་ལྷན་དུ། གློག་གིས་བརྒྱབ་པ་ནང་བཞིན། འདུག་མི་བཟོད་ཅིང་རྔུལ་ཆུ་འབབ་པ། ལུས་འདར་བ། ངུ་སྐད་ཤོར་ཏེ་མགོ་གྱང་ལ་རྡེག་སྟེ། མི་མང་རྣ་བའི་ནང་ཤུན་ཧྲུལ་ཏེ་འཆི་བར་བཤད་དོ། །

ནགས་ཚལ་ས་ནག་ཏུ་གྱུར་བ།

ནགས་ཚལ་ནི་སའི་གོ་ལའི་སྟེང་གི་རང་བྱུང་ཁམས་ཀྱི་ལྗང་མདོག་གི་བང་མཛོད་དང་། རང་ཅག་གི་མེས་པོ་སྤྲ་དང་སྤྲེའུ་འཚར་ལོངས་བྱུང་སའི་ཕ་གཞིས་དང་། ད་ལྟ་གླིང་ཀ་གཏོང་ས་སོགས་མིའི་རིགས་ལ་ཞབས་འདེགས་མང་བོ་སྒྲུབ་བཞིན་ཡོད། སྐྱེ་དངོས་རིག་པ་བས་སྡོམ་རྩིས་བྱས་པ་ལྟར་ན། སའི་གོ་ལའི་ཁྱོན་ན། ལྗོན་ཤིང་གི་རིགས་ཁྲི ༣༠ ལྷག་དང་། ཕྲ་བའི་རྩི་ལྗོན་གྱི་རིགས་ཕལ་ཆེར་ཁྲི ༡༠ ཡོད་པར་བཤད་ཡོད། ནགས་ཚལ་ནི་དེའི་ཁྲོད་ཀྱི་བླ་སྲོག་ལྟ་བུར་གྱུར་ཡོད། དེ་དག་གི་གཟུགས་པོའི་ལྕི་ཚད་ཀྱི ༧༥% ནས ༩༥ % ཕལ་ཆེར་ཆུ་ཡིན་པས། མིའི་འབྱུང་ཁམས་དང་། ས་བཅུད་ལ་ཤིན་ཏུ་ནས་ཀྱང་ནུས་པ་གལ་ཆེན་ཐོན་གྱི་ཡོད། ཡིན་ནའང་། རང་ཅག་མི་རྣམས་རྨོངས་གཉིད་ལས་མ་སད་པར། མིག་སྔར་གྱི་རང་དོན་ཁོ་ནར་བལྟས་ནས་ནགས་ཚལ་ལ་གཏོར་བརླག་ཐེབས་པ་སྟེ། བཟོ་ལས་ཀྱི་དགོས་མཁོ་སྐོང་ཆེད་ནགས་ཚལ་བཅད་པ། མི་འབོར་འཕར་བས་ཤིང་ནགས་བཅད་དེ་ཞིང་ལས་སྤེལ་བ། འཛམ་གླིང་གི་མི་གྲངས་ཕྱེད་ཀས་བུད་ཤིང་སྤྱོད་པ། ནགས་བཅད་ནས་འབྲོག་ལས་སྤེལ་བ། མཁའ་རླུང་རྫད་སྐྱོན་གྱིས་ནགས་ཚལ་གྱི་སྐྱེས་སྟོབས་ཉམས་པ་སོགས་ཀྱི་བྱས་ཉེས་ཡིན།

དེ་བས། སའི་གོ་ལའི་ཐོག་གི་ནགས་ཚལ་ལོ་རེར་རྒྱ་ཁྱོན་སྤྱི་ཆིང་ཉིས་སྟོང་ཇེ་ཉུང་དུ་འགྲོ་བཞིན་ཡོད་པ་དང་། ཉེ་རབས་ལོ་སུམ་ཅུ་ལྷག་ཙམ་གྱི་ནང་ནགས་ཚལ་རྒྱ་ཁྱོན་ཕྱེད་ཀ་ལྷག་ཙམ་ཇེ་ཉུང་དུ་སོང་ཡོད་སྐད། ལོ་ལྔ་སྟོང་གི་སྔོན་དུ་ཨོ་གླིང་ནགས་ཚལ་གྱི་རྒྱ་ཁྱོན་སྐམ་སའི་རྒྱ་ཁྱོན་གྱི ༨༠% ཡིན་ཡང་། དུས་རབས་ཉི་ཤུ་བའི་ནང ༣༠% ལས་ཟིན་མེད་པ་དང་། ལོ་མང་རིང་ཧྥེ་གླིང་གི་ནགས་ཚལ ༤༠% ལ་གཏོར་བརླག་ཐེབས་པ་དང་། ཡང་སྔོན་ཆད་གོ་ལའི་ཁྱོན་ནགས་ཚལ་མང་ཙམ་ཡོད་ཀྱང་། ད་ལྟ་འཛམ་གླིང་ན་ནགས་ཚལ ༣% ལས་མི་ཟིན་པ་དང་། ཁྱད་པར་དུ་དུས་རབས་ཉི་ཤུ་བའི་དུས་མཇུག་ཏུ། འཛམ་གླིང་ཡོངས་ཀྱི་ནགས་ཚལ་ལ་གཏོར་བརླག་བཏང་བའི་ཚད་ནི། ཆུ་ཚོད་སྐར་ཆ་རེར་ནགས་ཚལ་མུའུ ༥༧༠ བརླག་འགྲོ་བར་བཤད།  ནགས་ཚལ་ཉམས་དམས་ཇི་ཙམ་འགྲོ་བ་དེ་ཙམ་དུ། རང་བྱུང་ཁམས་ཀྱི་མཛེས་ལྗོངས་ལ་གནོད་འཚེ་ཐེབས་ཏེ་བྱེ་ཐང་དང་། རྡུལ་འཚུབ་སོགས་ཇེ་མང་དུ་འགྲོ་བ་སྟེ། དཔེར་ན།  ༡༩༨༢ ནས ༡༩༨༥ བར་ཧྥེ་གླིང་ལ་ཐན་པ་བྱུང་ནས་མི་ཁྲི ༢༠༠ ལྷག་གི་ཚེ་སྲོག་ཤོར་བ་དང་། ༡༩༨༩ ལོར་ཨེ་ཙེ་ཨོ་ཕོ་ཡར་ཐན་པ་བྱུང་བས། ས་ཆ་མང་ཆེ་བར་འབྲུ་རྡོག་གཅིག་ཀྱང་ལེན་རྒྱུ་མ་བྱུང་བས། མི་སེར་ཁྲི ༤༠༠ ལོ་བཅུའི་རིང་བཀྲེས་སྐོམ་གྱིས་མནར་བ་དང་།

རང་ཅག་བོད་ལ་མཚོན་ནའང་། ཚན་རིག་པས་དཔྱད་བརྗོད་བྱས་པ་ལྟར་ན། སྤྱི་ལོ་སྔོན་གྱི ༦༠༠༠ དང་སྔོན་གྱི ༣༠༠༠ ལོའི་བར་ནམ་ཟླ་དྲོད་གཤེར་གྱི་དུས་ཡིན་པས། མཐོ་སྒང་གི་ཤར་ཕྱོགས་ནི་ནགས་ཚལ་སྟུག་པོས་ཁྱབ་པ་དང་། ནུབ་ཕྱོགས་སུའང་ཤིང་རིགས་དང་རྩྭ་སས་ཁྱབ་པར་བཤད་ལ། ད་ལྟ་ཇི་ལྟར་གྱུར་བ་ནི་བདག་ཅག་གིས་མཁྱེན་གསལ་ལོ། །

ཡང ༡༩༨༩ ལོར་མཚོ་ལྷོ་གླིང་ཕྲན་ལ་རྡུལ་འཚུབ་ལངས་ཏེ། ས་ཞིང་མུའུ་ཁྲི ༡༠༠ བརླག་ཅིང་། ཁང་ཁྱིམ ༡༠༠༠༠ ཙམ་རྡིབས་ལ། མི ༡༢༥༦ ལ་རྨས་སྐྱོན་ཕོག ༡༩༩༡ ལོར་ཀྲུང་གོ་ཅང་སུའུ་དང་ཨན་ཧེའི་ཁོངས་གཏོགས་ཀྱི་ཡུལ་ཚོ ༡༨ ལ་ཆུ་ལོག་གིས་གནོད་འཚེ་ཐེབས་ཏེ། མི་སྟོང་ཕྲག་མང་བོ་ཚེ་སྲོག་ཤོར་བ་དང་། ས་ཞིང་མུའུ་དུང་ཕྱུར ༣ བསྣུབས་ལ། སྒོར་དུང་ཕྱུར ༤༡༡ ལྷག་གི་གྱོང་གུད་ཐེབས། དེ་ལྟར་གནོད་སྐྱོན་རབས་དང་རིམ་པར་བྱུང་བའི་རྒྱུ་རྐྱེན་གཙོ་བོ་ནི་ནགས་ཚལ་ལ་གཏོར་བཤིག་བཏང་བ་ལས་མ་འདས་སོ། །

ནགས་ཚལ་གྱི་ཕན་ནུས།

ནགས་ཚལ་ནི་རང་བྱུང་ཁམས་ཀྱི་སྲུང་དམག་ཡིན་ལ། སྐྱེ་ཁམས་སྙོམས་སྒྲིག་བྱེད་པའི་འཕྲུལ་ཆས་ལྟ་བུ་ཡིན་པས། མི་རྣམས་ཀྱིས་ནགས་ཚལ་ལ་སའི་གོ་ལའིསྲོག་རྩཞེས་བཏགས་ཡོད་པ་རེད། བོད་ལྗོངས་ལ་མཚོན་ན། རྒྱལ་ཡོངས་ཀྱི་ནགས་ཚལ་རྒྱ་ཁྱོན་སྤྱི་ཆིང་ཁྲི ༧༡༨ ཟིན། ནགས་ཚལ་གྱིས་རླུང་ཁམས་ཆེན་པོའི་རྡུལ་ལེན་འཕྲུལ་ཆས་ཀྱི་ནུས་པ་ཡོད་དེ། དེ་ཡང་རླུང་ཁྲོད་ཀྱི་ཐལ་རྡུལ་དང་དུ་སྨུག སུན་སྒྲ་སོགས་གཞིབ་པའི་ནུས་པ་ཡོད་པ་ལས་གཞན། གསོ་རླུང་ཡང་ཚུར་གཏོང་ནུས་ཏེ། ནགས་ཚལ་མུའུ་གང་གིས་གསོ་རླུང ༥ རྒྱ་མ ༩༦ ཚུར་གཏོང་ལ། མི ༦༥ ཡི་དབུགས་འབྱིན་རྔུབ་ལ་འདང་ངེས་ཡིན། གཞན་ནགས་ཚལ་གྱིས་དྲོད་ཚད་སྙོམས་སྒྲིག་དང་། གནམ་གཤིས་འགྱུར་ལྡོག་གི་ཁ་ལོ་ལྟ་བུར་བྱེད་པས། ལོ་ཏོག་སོགས་སྲུང་སྐྱོང་གི་ནུས་པ་ཐོན་ཐུབ། སྐྱེ་དངོས་ལ་ཆ་མཚོན་ན། རྩ་བ་ནས་ཆུ་འཇིབ་པ་དང་ལྷན་དུ་ལོ་མའི་སྟེང་གི་ཆུ་མང་བོ་རླངས་པར་གྱུར་ཏེ་མཁའ་དབུགས་སུ་གྱུར་འགྲོ་བས། དེས་མཁའ་རླུང་རླན་གཤེར་དུ་བཏང་ནས་དགུན་དྲོ་ལ་དབྱར་བསིལ་བར་གཏོང་བའི་ནུས་པ་ཡོད་པ་ལས་གཞན། རླུང་འགོག་བྱེ་འཇགས་དང་། ས་ཆུ་ཤོར་བ་འགོག་པའི་ཁྱད་ཆོས་ལྡན། ཆར་ཆུ་མོད་པའི་དུས་སུ་ནགས་ཚལ་གྱིས་ཆུ་དགྲ་འགོག་ཅིང་ཆུ་རྒྱུན་ཁོག་ཏུ་རྔུབ་ལ། ཆར་ཆུ་མེད་པའི་དུས་སུ་ཆུ་བོའི་བཞུར་རྒྱུན་སྙོམས་ཤིང་རླན་གཤེར་འཛིན་པའི་ཕན་ནུས་ལྡན།

གཞན་ཡང་། ལྕང་ལྗོན་ཤིང་ནགས་སྤྱི་ཆིང་རེས་ཟླ་རེར་ཨེ་དབྱང་ཧྭ་ལེའུ་སྤྱི་རྒྱ ༦༠ བསྡུ་ལེན་བྱེད་ཐུབ་པ་སྟེ། ཆར་འབབ་ཚད་ཀྱི ༧༠% ས་འོག་ཏུ་བསྡུ་ཐུབ་པས། ནགས་ཚལ་གྱི་ཐོན་ཁུངས་གསོ་སྐྱོང་བྱེད་ཐུབ། ཡང་ནགས་ཚལ་སྤྱི་ཆིང་གཅིག་གིས་ལོ་རེར་ཆུ་ཏུན ༨༠༠ རླངས་འགྱུར་བྱེད་པས། ནགས་ཚལ་གྱི་མཁའ་དབུགས་རླན་གཤེར་ཅན་གྱི་གནམ་གཤིས་ལ་སྙོམས་སྒྲིག་བྱེད་ནུས། མ་ཟད། ཚན་རིག་པས་ཞིབ་འཇུག་གནང་བ་ལྟར་ན། སྡོང་བོའི་ཚངས་ཐིག་ལི་སྨི ༣༣ ཅན་གྱི་ལི་སྡོང་ཞིག་ལ་ལོ་མ་ཁྲི ༡༡ ཡོད་ལ། དེའི་ཕྱི་ངོས་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ ༣༤༠ ཡོད། ནགས་ཚལ་གཅིག་གི་ནང་དུ་ལྗོན་ཤིང་ཁྲི་སྟོང་ཡས་མས་ཡོད་པས། སྡོང་ལོའི་ཕྱི་ངོས་རྒྱ་ཁྱོན་དེ་ལས་ཆེ་བ་ཡིན། སའི་གོ་ལའི་སྟེང་གི་ལྗོན་ཤིང་གིས་ལོ་རེའི་ཐཱན་འགྱུར་དབྱང་གཉིས་ཏུན་དུང་ཕྱུར ༤༠༠ ལྷག་འབྱིན་པ་དང་། དབྱང་དབུགས་ཏུན་དུང་ཕྱུར ༢༠༠ ཕྱིར་གཏོང་བ་ཡིན་པས། ནགས་ཚལ་གྱིས་མིའི་འབྱུང་ཁམས་ལ་བྱེད་ནུས་ཆེན་པོ་ཐོན་གྱིན་ཡོད།

ཡང་ཤིང་ནགས་ཀྱིས་འུར་སྒྲ་ཇེ་ཉུང་དུ་གཏོང་བའི་ནུས་པ་ལྡན་པས། གྲོང་ཁྱེར་དང་ལམ་འགྲམ་དུ་ལྗོན་ཤིང་འཛུགས་པ་ཡིན། དཔེར་ན། ལྗོན་ཤིང་གི་ལོ་རྫུབ་ཀྱིས་འུར་སྒྲ་འཇིབ་པའི་ནུས་པ་ལྡན། ཚན་རིག་གིས་དཔྱད་འབྲས་ལྟར་ན། ཞེང་སྨི ༡༠ ཅན་གྱི་ནགས་ཚལ་གྱིས་འུར་སྒྲ ༣༠ % ཇེ་སྙུང་དང་། ཞེང ༢༠%ཅན་གྱི་ནགས་ཚལ་གྱིས་འུར་སྒྲ ༤༠% ཇེ་སྙུང་དུ་གཏོང་ཐུབ།

ཡང་ནགས་ཚལ་ནི་སྦགས་བཙོག་ལེགས་བཅོས་བྱེད་པའི་རང་བྱུང་འཕྲུལ་ཆས་ལྟ་བུ་ཡིན་ཏེ། དཔེར་ན། ག་བུར། ལི་ཤི ཇ་སྡོང་། ཐང་ནག་སོགས་ཀྱིས་མཁའ་དབུགས་ཁྲོད་ཀྱི་མི་སི་དབྱང་འགྱུར་སོགས་དུག་ཅན་གྱི་རླངས་དབུགས་བསྡུ་ལེན་བྱེད་པའི་ནུས་པ་ཡོད་ལ། གསོམ་སྡོང་སོགས་ཀྱིས་འབུ་ཕྲ་གསོད་པ། མགྲིན་ནད་དང་གཅོང་ནད་སོགས་འཇོམས་པའི་ནུས་པ་ཡོད། བྱེ་བྲག་ཏུ་བཤད་ན། གསོམ་སྡོང་ནགས་ཚལ་མུའུ ༡༥ རེའི་ཐལ་རྡུལ་ཏུན ༣༦ ལྷག་གཙང་བཅོས་བྱེད་པ་དང་། ཤིང་ཡོ་འབོག་གིས་ལོ་མའི་སྨི་གྲུ་བཞི་མ་རེ་རྡུལ་ཏུན ༣༣༩ བསྡུ་ལེན་བྱེད་པ་ཡིན། ཡང་བུར་ཤིང་གིས་ས་འོག་གི་གཏེར་དངོས་འགའ་འཇིབ་པ་ལས་གཞན། དབྱང་གཉིས་ཐཱན་འགྱུར་འཇིབ་པའི་ནུས་པ་ལྡན་ལ། མིའི་ལུས་ཕུང་ལ་གནོད་པའི་རླུང་གཟུགས་ཏེ། ཧྥུལ་ཧའེ་རྫས། ཁིལ་རླུང་། ཁིལ་ཧའེ་རྫས་སོགས་སྔོན་འགོག་གི་ནུས་པ་ལྡན་པས། མི་རྣམས་ཀྱིས་བུར་ཤིང་ནི། ཁོར་ཡུག་འབག་བཙོག་ལ་འཐབ་རྩོད་བྱེད་པའིསྐུ་སྲུང་དཔའ་བོཞེས་བསྟོད་བསྔགས་བྱེད་དོ། །གལ་ཏེ་གོ་ལའི་སྟེང་ནགས་ཚལ་མེད་པའི་དབང་དུ་བཏང་ན། གོང་གསལ་གནོད་པ་ཕར་ཟད། དངོས་རིགས་ཁྲི ༤༥༠ ལྷག་རྒྱུན་ཆད་པར་བཤད་ཡོད།

འདི་དག་ལ་དགོངས་ནས། ལོ་རབས ༨༠ བ་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ནགས་ཚལ་སྲུང་སྐྱོང་བྱེད་ཆེད་སྔ་རྗེས་སུ་བྱ་འགུལ་རབ་དང་རིམ་པར་སྤེལ་ཡོད། དཔེར་ན། ༡༩༩༢ ལོར《ནགས་ཚལ་སྐོར་གྱི་རྩ་དོན་གསལ་བསྒྲགས》བཏོན་པ་དང་། དེའི་རྗེས《རྒྱལ་སྤྱིའི་ཚ་ཁུལ་ཤིང་ཆའི་གྲོས་མཐུན》དང་། 《འཇིག་ཉེའི་རི་སྐྱེས་སྐྱེས་དངོས་དང་སྲོག་ཆགས་ཀྱི་རྒྱལ་སྤྱིའི་སྤྱི་ཆིངས》སོགས་གཏན་འཁེལ་གནང་བ་དང་། ༡༩༩༡ ལོའི་ཟླ ༩ བར་རྒྱལ་ཁབ ༡༣༠ ལྷག་གི་ཆེད་མཁས་པ ༢༥༠༠ ཧྥ་རན་སེའི་རྒྱལ་ས་ཕ་རེ་སི་རུ《ཕ་རེ་སིའི་བསྒྲགས་གཏམ》སྤེལ་ཏེ། སའི་གོ་ལར་ལྗང་མདོག་གི་ན་བཟའ་ཡང་བསྐྱར་བསྐོན་རྒྱུའི་འབོད་སྐུལ་བཏང་བར་མ་ཟད། འཛམ་གླིང་རྒྱལ་ཁབ་ཁག་གི་དབུ་འཛིན་མང་བོས《འཛམ་གླིང་གི་ཁོར་ཡུག་འཕེལ་རྒྱས་ཚོགས་ཆེན》ཞེས་པའི་སྟེང་ཡང་ནགས་ཚལ་ནི་བརྗོད་སྙིང་དུ་གྱུར་ཡོད། ཚུལ་འདི་ལ་དགོངས་ནས ༡༨༧༦ ལོར། ཨ་མི་རི་ཀས་འཛམ་གླིང་སྟེང་གི་རང་བྱུང་སྲུང་སྐྱོང་ས་ཁུལ་དང་བོ་སྟེ། ཧོང་ཧྲིང་སྤྱི་གླིང་བཙུགས་པ་དང་། མདོར་ན ༡༩༩༧ ལོར་སྡོམ་རྩིས་བྱས་པ་ལྟར་ན། འཛམ་གླིང་ཐོག་རིགས་འདྲ་མིན་གྱི་རང་བྱུང་སྲུང་སྐྱོང་ཁུལ ༣༠༣༥༠ བཙུགས་ཡོད་ལ། དེའི་ནང་ཀྲུང་གོ་ན ༡༡༤༦ ཡོད་པར་བཤད་ཡོད།

རང་ཅག་བོད་ལ་མཚོན་ན་ཡང་། གནའ་སྔ་མོ་ནས་དུར་ཐོག་ཏུ་སྡོང་བོ་འཛུགས་སྲོལ་ཡོད་པ་དང་། ཁྱད་པར་དུ་ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱི་བཀའ་ཆེམས་སུ་རང་རེའི་ས་ཆ་དབང་རིགས་ཐམས་ཅད་དུ་རྩི་ཤིང་ལྕང་མ་སྐྱེ་དངོས་འབུམ་ཕྲག་གཉིས་རེ། ལོ་རེར་དམ་བཅའ་བྱས་ཏེ་གཟུགས་དགོས་པ་དང་། དེ་ཡང་ལྕང་ཁྲིམས་པ་བསྐོས་ནས་རྩིས་ལེན་དོ་དམ་གནང་བ།  གལ་ཏེ་གཅོད་དགོས་བྱུང་ན། བཅད་ཤུལ་ཏུ་སླར་སྐྱེ་བའི་ཐབས་སོགས་བརྟེན་པ་ཡང་སྐྱེ་དངོས་ཀྱི་གལ་ཆེན་རང་བཞིན་ཤེས་པའི་དན་རྟགས་སོ། །

#div2

དུད་སྨུག་གི་ནག་ཉེས།

འབྲེལ་ཡོད་ཡིག་ཆ་ལྟར་ན། གཟའ་འཁོར་གཅིག་ལ་མིས་ཟ་མ་མ་ཟོས་ན་ཆོག་ཀྱང་། ཞག་ལྔར་ཆུ་མ་འཐུང་ནའང་ཆོག གལ་ཏེ་མིའི་དུས་ཚོད་སྐར་ཆ་ལྔ་ལ་དབུགས་འབྱིན་རྔུབ་མ་ཐུབ་ཚེ་འཚོ་མི་ཐུབ་པར་བཤད། དེ་བས་མཁའ་དབུགས་ནི་ལུས་ཕུང་འཚོ་བཞུགས་ཀྱི་མ་རྩ་ཡིན། ཡིད་སྐྱོ་བ་ཞིག་ལ། ཐོན་སྐྱེད་གོང་འཕེལ་དུ་གཏོང་བའི་བརྒྱུད་རིམ་ཁྲོད་བཟོ་གྲྭའི་དུད་སྨུག་དང་། རྫས་སྦྱོར་ངན་པའི་དུད་སྨུག་སོགས་ཀྱིས་དྭངས་གཙང་གི་ཁ་དབུགས་ལ་སྦགས་བཙོག་བཟོས་ཏེ། དེང་གི་དུས་འདིར་དབུགས་ལམ་གྱི་ནད་དང་། སྙིང་ཁམས་ཁྲག་རྩའི་ནད་ཅན་སོགས་ནད་ཡམས་སྣ་ཚོགས་ཉིན་རེ་ལས་ཉིན་རེར་ཇེ་མང་ལ་འགྲོ་བཞིན་པ་ཀུན་གྱིས་མངོན་གསལ་ཡིན།

འདིར་ཁ་དབུགས་བཙོག་འགྱུར་གྱི་ཆག་སྒོ་ཐེབས་པ་འགའ་ཟུང་བརྗོད་ན། ༡༩༢༠ ལོར་མ་སི་ལུང་བར་དུད་སྨུག་གིས་གཡོགས་ཏེ་མི་སྟོང་ཕྲག་མང་བོ་གློ་བུར་དུ་ནད་སྣ་ཚོགས་བྱུང་བ་དང་། མི ༦༠ ཚེ་ལས་འདས། ༡༩༤༢ ལོར་ཨ་མེ་རི་ཀའི་ལོ་ཧྲིན་ཅི་ལ་རླངས་འཁོར་ལས་ཐོན་པའི་དུད་སྨུག་འཐིབས་ཏེ། མི་མང་བོ་མིག་ཚ་བ་དང་གློ་ལུ་བ། མིད་པ་ན་བ་སོགས་ཀྱི་ནད་བྱུང་ནས་ཤི ༡༩༥༢ ལོར་ཟླ ༡༢ བའི་ནང་དབྱིན་ཇིའི་རྒྱལ་ས་ལོན་ཏོན་ལ་ཉིན་འགར་དུད་སྨུག་འཐིབས་ཏེ། ཉིན་གཉིས་གསུམ་གྱི་རྗེས་སུ་མི་རྣམས་ལ་དབུགས་འབྱིན་རྔུབ་དཀའ་བ་དང་། གློ་ལུ་དང་མིད་པ་ན་བ་སོགས་ཀྱི་ནད་བྱུང་སྟེ། མི ༤༠༠༠ ལྷག་དུག་ཕོག་ནས་ཤི་བ་དང་།

༡༩༧༨ ལོར་ཉི་ཡོག་གི་ས་ཆ་ཞིག་ཏུ་གས་བརྡིབས་དང་། འབྲས་སྐྲན། བྱིས་པ་ཡ་མཚར་ཅན་མང་དུ་སྐྱེས་པས། ཞིབ་འཇུག་གནང་བ་ལྟར་ན། སྙིགས་རོ་ཅན་གྱི་ལྕགས་སྒམ་བརྒྱ་ཆུ་ཞབས་སུ་འཕངས་པའི་དུག་རླངས་ས་ངོས་ལ་ཐོན་ནས་གནོད་འཚེ་བཏང་བར་འགྲེལ་བརྗོད་བྱས་ཡོད། དེ་ནི་རང་ཅག་མི་བུ་ཅོག་གིས་གནས་སྐབས་ཀྱི་ཡར་རྒྱས་ལ་རེ་བའི་ཁེ་ཕན་ལས། ཁོར་ཡུག་སྤྱིའི་དགེ་ཕན་ལ་བསམ་བློ་མ་བཏང་བའི་བྱུས་ཉེས་ལས་གྲུབ་པ་ཤ་སྟག་ཡིན་ལ། ཐ་ན་ད་ལྟ་ཁ་དབུགས་བཙོག་འགྱུར་གྱི་འདྲེ་ལག སའི་གོ་ལའི་ཡང་རྩེ་ཇོ་མོ་གླང་མར་ཡང་དུག་རླངས་ཀྱི་རྨིག་རྗེས་ཕབ་ཡོད་པར། རུ་འཛེག་པ་མང་བོས་བདེན་པ་ར་སྤྲོད་བྱས་ཡོད།

མེ་རི་གས་འབར་གྱི་འབག་བཙོག

མེ་རི་ནི་གོ་ལའི་ཕྱི་ངོས་ཀྱི་གནོན་ཤུགས་ཇེ་ཡང་དུ་སོང་སྟེ། ས་འོག་གི་རྡོ་ཞུན་སོགས་དྲོད་ཚད་མཐོ་བའི་དངོས་བོ་རྣམས་གས་སྲུབ་ཁྲོད་ནས་འཕྱུར་བའི་སྣང་ཚུལ་ཞིག་ཏུ་ངོས་འཛིན་ལ། དེ་ལ་ཆེད་མཁས་པས་དབྱེ་བ་གསུམ་ཕྱེས་ཡོད་དེ། ཤི་བའི་མེ་རི། གསོན་པའི་མེ་རི། ཉལ་བའི་མེ་རི་བཅས་སོ། །ཤི་བའི་མེ་རི་ནི། ལོ་རྒྱུས་ཐོག་འབར་གས་བྱུང་མེད་པའི་མེ་རི་དང་། གསོན་པའི་མེ་རི་ནི། འབར་གས་བྱུང་མྱོང་བའི་མེ་རི་འམ་འབར་གས་བྱེད་ཉེན་ཡོད་པའི་མེ་རི་དང་། ཉལ་བའི་མེ་རི་ནི། སྔོན་འབར་གས་བྱུང་ཞིང་དུས་ཚོད་ངེས་གཏན་ཞིག་གི་ནང་འབར་གས་བྱུང་མེད་པའི་མེ་རི་ལ་ཟེར་རོ། །གོ་ལའི་སྟེང་མེ་རི ༦༠༠ ལྷག་ཡོད་པར་བཤད་ཅིང་། དེའི་ནང་ཞི་བདེ་རྒྱ་མཚོའི་འགྲམ་ངོགས་སུ་མེ་རི ༣༠༠ ལྷག་ཡོད་པ་རེད། སའི་གོ་ལའི་སྟེང་མེ་རི་གས་འབར་ཆེ་ཤོས་ནི་ཨ་རིའི་ཤ་ཝུད་དབྱི་ས་ཁུལ་གྱི་རི་བོ་མའོ་ནཱ་ལའོ་ཡ་ཟེར་བ་དེ་ཡིན་ཞིང་། དེ་འབར་གས་ཀྱི་ཚེ་ཐལ་རྡུལ་དང་ཆུ་རླངས་ཀྱི་མཐོ་ཚད་སྨི ༤༡༦༩ ལ་འཕྱུར་བ་རེད། ༢༠༠༠ ལོའི་ཟླ ༡༠ བར་སུ་ཧྥོ་ལི་ཡེའི་མེ་རི་མཁའ་ལ་འཕྱུར་བ་དང་ལྷན་དུ་ས་ཡོམ་བརྒྱབ་པ་དང་། ༢༠༠༦ ལོའི་ཟླ་བདུན་པར་ཁོ་ལོམ་པི་ཡ་ཉེ་འགྲམ་གྱི་ཅ་ལེ་ལ་སི་མེ་རི་མཐོ་ཚད་སྨི ༨༠༠༠ ཙམ་གྱི་ཐལ་རྡུལ་འཕྱུར་ཞིང་ས་ཡོམ་བརྒྱབ་པ་དང་། ༡༩༩༣ ལོར་མེ་རི་དེ་འབར་གས་ཀྱིས་མི ༡༠ རྐྱེན་ལམ་དུ་ཤོར་བ་སོགས་མང་དུ་བྱུང་ངོ་། །མེ་རི་འཕྱུར་བས་མཁའ་དབྱིངས་འབག་བཙོག་ཐེབས་པར་མ་ཟད། གནམ་གཤིས་གྲང་མོར་འགྱུར་བ་སྟེ། ༡༨༨༣ ལོར་ཧིན་རྡུ་ཉི་ཞི་ཁཱ་ལཱ་ཁུ་ཐོའི་མེ་རི་འཕྱུར་བས། ཐལ་རྡུལ་ཏུན ༥༠༠༠ བར་སྣང་དུ་འཕྱུར་བས། གནམ་གཤིས་དྲོད་ཚད་ཧྥ་ཧྲི་གཅིག་ཇེ་གྲང་དུ་གྱུར་བ་ལྟ་བུ་ཡིན་ནོ། །

སྔོ་ལྗང་ལྗང་གི་ཞིང་ཁམས་བྱེ་ཐང་དུ་གྱུར་བ།

རྩི་ལྗོན་གྱིས་ཕྱུག་པའི་སྤང་ཐང་དང་གླིང་ཀས་མི་རྣམས་ལ་སྤྲོ་དགའ་བརྗོད་ལས་འདས་པ་སྟེར་བས། ལྗོངས་རྒྱུ་དང་ཁམས་གསེང་ལ་མཁོ་བའི་གཏེར་མཛོད་ཞིག་ཡིན་པར་མ་ཟད། ཚེ་སྲོག་དང་ལུས་ཕུང་བདེ་ཐང་། ནང་གི་འབྱུང་བ་སྙོམས་སྒྲིག་བྱེད་པའི་རང་བྱུང་གི་འཕྲུལ་ཆས་ཞིག་ཏུ་གྲུབ་ཡོད། ཡིན་ནའང་། ང་ཚོའི་མིའི་རིགས་ཀྱིས་མིག་སྔར་གྱི་ཁེ་ཕན་ཙམ་ལ་བལྟས་ནས། ཐང་གི་རྡོ་བླངས་ཏེ། རུམ་གྱི་བྲོ་ལྷུང་བ་མ་ཤེས་པར། ས་རྐོ་རྡོ་སློག་དང་། སྡོང་གཅོད་རྩྭ་འབྲེག་སོགས་ཚུལ་མིན་ལས་བྱེད་སྣ་ཚོགས་བྱས་ཏེ། ད་ལྟ་སའི་གོ་ལ་བྱེ་ཐང་དུ་འགྱུར་བ་ནི་འགལ་ཚབས་ཆེ་བའི་རྩ་དོན་ཞིག་ཏུ་ཆགས་ཡོད། འབྲེལ་ཡོད་ཡིག་ཆ་ལས་བཤད་པ་ལྟར་ན། གོ་ལའི་ཁྱོན་འདིར་སྐྱེ་དངོས་རིགས་ཁྲི་གཉིས་ལྷག་རྩ་སྟོང་སོང་བར་བཤད་ཡོད། དེང་སྐབས་འཛམ་གླིང་གི་ས་ཁྱོན་གསུམ་ཆ་གཅིག་ནི། བྱེ་ཐང་དུ་འགྱུར་འགྲོ་བའི་ཉེན་ཁ་ཡོད་པ་དང་། རྒྱལ་ཁབ ༦༠ ལྷག་ལ་འཇིགས་སྐུལ་ཐེབས་ཀྱི་ཡོད། མི་གྲངས་ལ་མཚོན་ན། འཛམ་གླིང་ཡོངས་ཀྱི ༡༦% བྱེ་ཐང་གི་གནོད་སྐྱོན་ཐེབས་ཡོད། དཔེར་ན། འཛམ་གླིང་ཁྱོན་དུ་བྱེ་ཐང་ཅན་དུ་འགྱུར་བའི་ས་ཁྱོན་དེ་ལོ་རེར་ཆ་སྙོམས་བྱས་ན། སྤྱི་ལེ་གྲུ་བཞི་མ་ཁྲི་ཚོ་གཉིས་ནས་བདུན་བར་དུ་རྒྱ་ཆེར་འགྲོ་བཞིན་ཡོད་པར་བཤད་པ་དང་། བྱེ་བྲག་ཏུ་ཟ་ཧ་རཱ་ནི་ལོ་ངོ་སྟོང་ཕྲག་ཁ་ཤས་ཀྱི་སྔོན་དུ་སྔོ་ལྗང་ལྟ་ན་སྡུག་པའི་སྤང་ཐང་ཞིག་ཡིན་ཡང་། རང་སྣང་གང་དྲན་གྱིས་མི་རྣམས་ཀྱིས་གཏོར་བཤིག་བཏང་བའི་འབྲས་རྟགས་སུ། ད་ལྟ་འཛམ་གླིང་ན་ཆེས་ཆེ་བའི་བྱེ་ཐང་དུ་གྱུར་འདུག་པ་དང་།

ཀྲུང་གོར་མཚོན་ན ༢༠༠༤ ལོའི་ལོ་མཇུག་བར། རྒྱལ་ཁབ་ཀྱི་མྱ་ངམ་ཐང་དུ་གྱུར་བའི་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི ༢༦༣ / ༦༢ དང་། དེའི་རྒྱལ་ཁབ་མངའ་ཁོངས་ཧྲིལ་བོའི ༢༧/ ༤༦% ཟིན་འདུག དེའི་བྱེ་ཐང་དུ་གྱུར་བའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ ༡༧༣/༩༧ ཡིན་ལ། རྒྱལ་ཁབ་མངའ་ཁོངས་ཀྱི ༡༨/༡༢% ཟིན་ཡོད་པ་དང་། ཡང་ཀྲུང་གོའི་ཆེས་མཛེས་པའི་ན་འདམ་ཆེན་པོ་དྲུག་གི་ཡ་གྱལ་མཛོད་དགེ་རྩྭ་ཐང་ལ་མཚོན་ནའང་། ཉེ་བའི་ལོ་ལྔའི་ནང་བྱེ་སར་འགྱུར་བའི་རྒྱ་ཁྱོན་འཕར་བརྒལ་གྱིས་སྡུར་ཚད ༧༥ % ཉེ་སྟེ། སྤྱི་ཆིངས ༤༣༠༠ ལྷག་འཕར་སྣོན་བྱུང་བ་རེད། བོད་ལྗོངས་ནག་ཆུར་མཚོན་ནའང་། དྲོས་མེད་ས་ཁོངས་རིམ་པ་ཉམས་དམས་སུ་གྱུར་བ་དེས། སྤྱི་ཆིང་ཁྲི་ཚོ ༨༠༠༠ ལྷག་རྩྭ་ཐང་སྤུས་ཞན་གྱུར་ཅིང་། དེས་རྩྭ་ཐང་གི་སྤྱིའི་རྒྱ་ཁྱོན ༢༥% ཟིན་པ་དང་། མཚོ་སྔོན་གྱི་རང་བྱུང་རྩྭ་ཐང་ལ་མཚོན་ནའང་། རྩྭའི་སྐྱེས་ཚད་དུས་རབས་ཉི་ཤུ་བའི་ལོ་རབས་ལྔ་བཅུ་དང་བསྡུར་ན ༣༠% ནས ༦༠% མར་ཆག་ཅིང་། ཉེན་ཚབས་ཆེ་ས་དག་ཏུ ༧༠%ཡན་ཟིན་ཡོད།

གཞན་ཡང་། མེ་སོ་པུ་ད་མེ་ཡ་ཞེས་པའི་བདེ་ཐང་བྱེ་ཐང་ཡིས་བཀབ་པ་དང་། ལོ་རྒྱུས་སྟེང་གྲགས་ཆེ་བའི་དར་གོས་ཚོང་ལམ་བཀག ཨེ་ཅིབ་ཀྱི ༩༦% ཡན་ཆད་ཀྱི་རྒྱལ་ཁབ་སྦེད་པ།  རང་ཅག་བོད་ལ་མཚོན་ནའང་། ས་ཆ་བྱེ་སར་འགྱུར་ཚད་དེས་སྤྱིའི༡༨% ཟིན་པ་དང་། མཚོ་སྔོན་ཏུའུ་ལན་ལ་མཚོན་ནའང་། ལོ་རྒྱུས་སྨྲ་བའི་དབྱེ་ཞིབ་བྱས་པ་ལྟར་ན། གནའ་དུས་སུ་ཆེས་ལྟ་ན་སྡུག་པའི་མཛེས་ལྗོངས་ཤིག་དང་། ས་དཔྱད་ཁྱད་འཕགས་མངོན་གསལ་དོད་པོ་མཆིས་པ་ཞིག་ཡིན་པས། བང་སོ་མང་བོ་བཏབ་ཀྱང་། ད་ལྟ་མྱ་ངམ་ཐང་ལྟ་བུར་གྱུར་བ་དང་།

རྒྱུ་མཚན་དེས་དབང་གིས། མཐོ་གཞོངས་འདིར་སྨན་རིགས་ཆིག་བརྒྱ་ལྷག་ཙམ་རྩ་བརླག་ཏུ་འགྲོ་ཉེན་ཆེ་བ་དང་། གཙོ་ཆེ་ཤོས་སྤུན་བདུན་དང་། རེ་སྐོན་རྩི་དམར། སྲོ་ལོ་དམར་བོ། བྱ་རྒོད་སུག་པ་སོགས་རྩ་སྟོང་དུ་འགྲོ་ཉེན་ཆེ་བ་ལས་གཞན། རྨ་འབྲི་རྫ་གསུམ་ཀྱི་འབྱུང་ཡུལ་ཡང་། རྩྭ་ཆུ་ནགས་གསུམ་དང་། སྲོག་ཆགས་དང་སྨན་རྩྭ་སོགས་ཀྱི་བང་མཛོད་དུ་གྲགས་ཀྱང་། ད་ལྟ་ས་ནག་དང་བྱེ་མ་རྡོ་ཧྲག་སོགས་གང་སར་ཁྱབ་ཡོད་པ་ལྟ་བུའོ། །

མཐོ་སྒང་གི་རི་དྭགས་གཙོད།

སྡོམ་རྩིས་བྱས་པ་ལྟར་ན། ས་སྒང་འདིར་སྲོག་ཆགས་ཀྱི་རིགས་ཁྲི ༢༠༠ ལྷག་ཡོད་པར་བཀོད་ཡོད། རང་རེའི་མཐོ་སྒང་གི་གཅེས་ནོར་དུ་གྲགས་པའི་གཙོད་ནི། ཁ་བ་རི་བའི་ཁྱད་ནོར་ཞིག་ཡིན་པས། འཛམ་གླིང་གི་རི་སྐྱེས་སྲོག་ཆགས་ཁྲོད་དུ་གོ་གནས་གལ་ཆེན་ཞིག་བཟུང་ཡོད་པར་མ་ཟད་། རྒྱལ་ཁབ་ཀྱིས་སྲུང་སྐྱོབ་བྱེད་པའི་རིམ་པ་དང་བོའི་གྲས་སུ་ཚུད་ཡོད་པ་དང་།  ༢༠༠༨ ལོའི་ཨོ་ལིམ་ཕེ་ཁི་ལུས་རྩལ་འགྲན་ཚོགས་ཀྱི་བཀྲ་ཤིས་པའི་མཚོན་རྟགས་སུ་འདེམས་ཐོན་བྱུང་ཡོད། དེ་ནི་མཚོ་ངོས་ལས་མཐོ་ཚད་རྨི ༥༥༠༠ ཡན་གྱི་མཐོ་གཞོངས་ན་འཚོ་བ་སྟེ། ཨ་ཆེན་གངས་རྒྱུད་དང་། རྨ་རྫ་འབྲི་གསུམ་གྱི་མགོ་ཁུངས། བོད་ལྗོངས་ཀྱི་བྱང་ཐང་། ཞིན་ཅང་གི་ཨར་ཅིན་རི་བོ་སོགས་གྲང་ངར་ཆེ་བའི་སྤང་ལྗོངས་ན་ཡོད། དེའི་གཟུགས་ཀྱི་མཐོ་ཚད་ལི་རྨི ༦༥ ནས ༨༠ ཙམ་དང་། མགོ་མཇུག་བར་གསུམ་གྱི་རིང་ཚད་ལ་ལི་རྨི ༡༢༠ ནས ༡༤༠ ཙམ་ཡོད། རྭ་ལ་ལི་རྨི ༥༥ ནས ༨༠ ཙམ་ཡོད། ཕོ་གཙོད་ཀྱི་གཡས་གཡོན་དུ་པགས་ཁུག་རེ་རེ་ཡོད་ཅིང་། དེ་ལ་གོག་པོའི་རླུང་གཤོག་ཟེར་ཞིང་། དང་ཐོག་རྒྱུགས་སྐབས་དེ་འདྲ་མི་མགྱོགས་ཞིང་ཇི་ཙམ་རྒྱུགས་པ་དེ་ཙམ་དུ་ཇེ་མགྱོགས་སུ་འགྲོ་ལ། བོད་མི་ཚོས་དེ་ལ་གཙོད་གཤོག་རླུང་གིས་བརྒྱངས་པ་རེད་ཟེར་ལ། བང་རྩལ་ནི་དུས་ཚོད་གཅིག་གི་ནང་སྤྱི་ལེ ༧༠ ནས ༨༠ བར་རྒྱུགས་ཐུབ། ཁྱད་པར་དུ་རི་དྭགས་འདིའི་ཁུ་ལི་ནི་འཇམ་ལྷོད་ལྡན་ལ། ཚི་སྣའི་ཚངས་ཐིག་ཝེ་རྨིས ༦ ནས༡༨ བར་ཡིན་པས། གསེར་སྙི་མོ་དང་ཁུ་ལིའི་རྒྱལ་བོར་གྲགས་ཡོད། ལོ་རྒྱུས་ཐོག་བཙུན་པ་ཐང་སིན་གྱིས་ཁུ་ལིའི་ཁ་དཀྲིས་ལ་བསྟོད་བསྔགས་བརྗོད་ཡོད་ཅིང་། གཙོད་ཁུའི་སྐེ་དཀྲིས་བཟོ་བ་ཡང་ལོ་ངོ་དྲུག་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པར་བཤད་ལ། དེ་ཡང་དང་ཐོག་ཁ་ཆེའི་ཡུལ་ནས་གཙོད་ཁུའི་སྐེ་དཀྲིས། མགོ་རས། ཁ་དཀྲིས་སོགས་ལོ་ངོ་མང་བོ་བརྒྱུད་བཙོང་བྱས་ཤིང་ཁེ་ལས་ཀྱི་ཁྱབ་རྒྱ་ཆེ་བ་སྟེ། དཔེར་ན། ཁ་ཆེ་གཅིག་པུ་ལ་མཚོན་ནའང་། གཙོད་ཁུལ་གྱི་འཁེལ་འཐག་བྱེད་མཁན་མི་གྲངས ༤༠༠༠༠ དང་། ཁེ་ལས་པ ༡༠༠༠༠༠ ལ་སོན་ཡོད་པ་རེད། ཐོན་རྫས་དེ་ཚོང་རར་བཀྲམས་པ་ནས་བཟུང་རྒྱ་གར་དང་པ་ཀི་སི་ཐན་གཙོར་བྱས་ཨེ་ཤ་ཡའི་མི་རིགས་མང་བོ་དགའ་བོ་བྱེད་ལ། ཕྱིས་སུ་ཐོན་རྫས་དེ་ནུབ་ཕྱོགས་པའི་འབྱོར་ལྡན་ཁག་གཅིག་གིས་བརྩི་མཐོང་ཆེར་བྱས་ཤིང་། དཔེར་ན། དུས་རབས ༡༨ པའི་ལོ་རབས ༩༠ ནང་ཧྥ་རན་སེའི་རྒྱལ་བོ་ན་ཕོ་ཅུན་གྱིས་བཙུན་མོ་ཅུ་སེ་ཕན་ལ་སྐེ་དཀྲིས་ཤིག་གནང་རྗེས། ཁོ་མོས་དགའ་བོ་བྱས་པར་མ་ཟད། རྗེས་སོར་ཁ་ཆེའི་ཡུལ་ནས་སྐེ་དཀྲིས ༤༠༠ ཙམ་མངགས་ཉོ་བྱས་པར་བཤད་ཡོད། གཙོད་རེ་ཁུ་ལུ་ཁེ ༡༠༠ ནས ༡༥༠ ཙམ་ཐོན་པ་དང་། སྐེ་དཀྲིས་རེ་མ་མཐའ་ཡང་གཙོད་གསུམ་བཞི་ཙམ་གྱི་ཁུ་ལི་དགོས་ཀྱི་ཡོད། སྐེ་དཀྲིས་ཀྱི་རིན་གོང་ཡང་སྤུས་ཚད་དང་ཆེ་ཆུང་ལ་གཞིགས་ནས་ཨ་སྒོར་སྟོང་ཕྲག་ཁ་ཤས་ནས་ཁྲི་བར་འཚོང་བར་བཤད། ལོ་རབས་དགུ་ཅུའི་ནང་གཙོད་ཁུལ་རྒྱ་མ་གང་རེར་ཨ་སྒོར ༡༢༠ ཐོབ་གྱི་ཡོད་པ་དང་། རྒྱ་གར་དུ་རྒྱ་མ་རེར་ཨ་སྒོར ༢༥༠༠ ནས ༣༠༠༠ ཙམ་གྱི་ཁེ་བཟང་ཐོབ་གྱི་ཡོད་པས། ཁེ་སྤོགས་ལ་འདོད་རྔམ་ཆེ་པའི་མི་ངན་སྐོར་ཞིག་གིས། ཡ་ང་བག་ཚ་མེད་པར་མིག་གིས་མཐོང་ཚད་ཐམས་ཅད་བསད་དེ། མཐོ་གཞོངས་འདི་འཛམ་གླིང་ཐོག་གི་བཤས་ར་ཆེ་ཤོས་སུ་བཏང་བ་རེད།

རི་དྭགས་གཙོད་ལ་ཐེབས་པའི་གཏོར་བརླག

མཐོ་སྒང་གི་རི་དྭགས་གཙོད་ནི། འཛམ་གླིང་གི་ཁྱད་ནོར་དང་། རང་ཅག་གི་གཅེས་ནོར་དུ་ངོས་མ་ཟིན་པར། འཕྲལ་གྱི་ཁེ་ཕན་ཙམ་གྱིས་གཏོར་བརླག་ཐེབས་པ་འབྲེལ་ཡོད་ཡིག་ཆ་ལྟར་ན། ༡༩༩༩ ལོའི་ཡས་མས་སུ་བོད་ལྗོངས་སུ་གཞུང་བཞེས་བཏང་བའི་གཙོད་ལྤགས ༦༠༠༠ དང་། ཁུ་ལི་རྒྱ་མ ༢༠༠༠ གཞུང་བཞེས་བཏང་བ་དང་། ༡༩༩༢ ནས ༡༩༩༣ བར་གཙོད་ལྤགས ༡༥༢༤༣ གཞུང་བཞེས་བཏང་བ་དང་། ཕལ་ཆེར་གཙོད ༣༠༠༠༠ ལྐོག་གསོད་ཐེབས། བྱེ་བྲག་ཏུ ༡༩༩༩ ལོའི་ཟླ ༤ ཚེས༡༡ ནས་ཟླ ༥ ཚེས༡༠ བར་ཨ་ཆེན་གངས་རྒྱུད་ནས། གཙོད་རྐུ་རྔོན་རྡུང་བརྡེག་བྱེད་པའི་བྱ་འགུལ་ཞིག་སྤེལ་བ་སྟེ། རྔོན་རྐུན་ཚོགས་པ ༡༧ གཏོར་བ་དང་། རླངས་འཁོར ༡༨ མེ་མདའ ༡༤ མདེའུ ༡༢༠༠༠ བླངས་པ་དང་། དེ་ལས་གཞན་རྔོན་རྐུན་ཚོགས་པ་འདི་དག་གིས་རྒྱས་བཟང་བསོད་ནམས་དར་རྒྱས་སོགས་ལྔ་ལམ་དུའང་བརྫངས་ཡོད་པ་རེད།

༡༩༩༩ཟླ ༦ ཚེས༡༤ ཉིན་ཨར་ཅིན་རི་བོའི་སྲུང་སྐྱོང་མི་སྣ་དང་། ཞང་ཀང་ཨ་རིའི་རི་དྭགས་སྲུང་སྐྱོང་རྩ་འཛུགས། གཙོད་ཀྱི་རིགས་རྒྱུད་སྤེལ་བ་ལ་ཞིབ་འཇུག་ཏུ་ཕྱིན་དུས། ཉིན་གཉིས་ཀྱི་རིང་གཙོད ༨༠༠ གསད་པའི་བྱ་ངན་སྙིང་ལ་གཟེར་ཤ་ལངས་པ་དེ་དངོས་སུ་མཐོང་བ་དང་། ད་དུང་ས་དེའི་མང་ཚོགས་ཀྱིས་བཤད་པ་ལྟར་ན། སྔ་སོར་གཙོད་ཉིས་སྟོང་ཙམ་གྱི་ཁྱུ་ཚོགས་རྩྭ་ཆུ་ལ་རོལ་བ་མཐོང་སྣང་དུ་གྲུབ་ཀྱང་། ད་ལྟ་རེ་གཉིས་ལས་མཐོང་རྒྱུ་མེད་པ་འབྲེལ་བརྗོད་བྱས་ཡོད་པ་རེད།

དེ་ལས་གཞན། ཀན་སུའུ་རྨ་ཆུ་རྫོང་ལ་མཚོན་ནའང་། དུས་རབས་ཉི་ཤུ་བའི་ལོ་རབས་དྲུག་ཅུ་བར་རྩ་ཆེའི་སྲོག་ཆགས་ཀྱི་རིགས ༢༣༠ ལྷག་མཆིས་མོད། མིག་སྔར་སྡོམ་རྩིས་བྱས་པ་ལྟར་ན། སྔོན་ཆད་ལས ༩༠ ལྷག་ཇེ་ཉུང་དུ་སོང་འདུག་སྐད།

༢༠༠༢ ལོའི་ཟླ ༡༡ ནང་རྔོན་པ ༡༡ ཤིན་ཅང་དུ་འཇབ་བསྐྱོད་ཀྱིས་ཉིན ༢༠ རིང་གཙོད ༧༥༠ བསད་དེ་གོར་མོ་ཐོན་སྐབས་འཛིན་བཟུང་བྱས་པ་དང་།

ཡང ༢༠༠༢ ལོའི་ཟླ ༥ བའི་ནང་སྒེར་རྩེ་རྫོང་དྲག་པོ་ཤང་གི་འབྲོག་པ་དྲུག་རྫི་བོར་བརྫུས་ནས་བྱང་ཐང་དུ་གཙོད ༣༠༠ བསད་ལ། ཐ་མར་འཛིན་བཟུང་བྱེད་སྐབས་ཉེན་རྟོག་པ་གཅིག་ཀྱང་གསད་ཡོད་པ་རེད།

གཞན་ཡང༡༩༩༣ ལོ་ནས ༩༩ བར་རྒྱ་གར་སྲིད་གཞུང་གིས་ཁུ་ལུ་རྒྱ་མ ༡༦༡༦《གཙོད ༦༤༦༠ ཙམ་གྱི་ཁུ་ལུ》དང་། སྐེ་དཀྲིས ༥༡༠ གཞུང་བཞེས་བཏང་།  ༡༩༩༤ ནས ༩༩ བར་བལ་ཡུལ་གྱིས་གཙོད་ཁུ་རྒྱ་མ ༡༡༥༢《གཙོད ༥༠༠༠ ཙམ་གྱི་ཁུ་ལུ》གཞུང་བཞེས་བཏང་བ་དང་། དེ་ལས་གཞན་ཨ་རི་དང་། དབྱིན་ཇི། ཧྥ་རན་སི་སོགས་འཛད་སྤྱོད་རྒྱལ་ཁབ་ཁག་གིས་གཙོད་ཁུའི་ཉོ་ཚོང་དང་ཐོན་རྫས་ལ་བཀག་སྡོམ་བྱས་ལ།  དཔེར་ན༡༩༩༧ ལོའི་ཟླ ༢ བའི་ནང་དབྱིན་ཇིའི་རྒྱལ་ས་ལོན་ཏོན་དུ་ཨ་སྒོར་ཁྲི་ཚོ ༦༠ ཟིན་པའི་སྐེ་དཀྲིས ༡༣༨ གཞུང་བཞེས་བཏང་ཡོད། མདོར་ན་རྒྱལ་ཁབ་ཕྱི་ནང་གི་བསམ་བློ་བ་མང་བོས་ཐབས་བརྒྱ་ཇུས་སྟོང་གིས་རི་དྭགས་གཙོད་སྲུང་སྐྱོང་བྱེད་པའི་བྱ་འགུལ་རབ་དང་རིམ་པར་སྤེལ་བ་འདི་དགའ་འོས་པའི་དོན་བཟང་ཞིག་ཡིན་པར་མ་ཟད། ཉེ་བའི་ལོ་ཉི་ཤུའི་རིང་བོད་རང་སྐྱོང་ལྗོངས་དང་། མཚོ་སྔོན། ཤིན་ཅང་སོགས་གཙོད་གནས་ས་ཁུལ་མང་བོར། སྲུང་སྐྱོང་ས་ཚིགས་བཙུགས་ཏེ་གཙོད་ལ་མཐོང་ཆེན་གནང་སྟེ། ཁ་མིན་ལག་ལེན་གྱི་ཁྲོད་ནས་སྲུང་སྐྱོབ་བྱེད་པ་ནི། ཉམ་ཆུང་གི་རི་དྭགས་ལ་གསོན་ཆོས་རྙེད་པའི་དགའ་ཚོར་དང་། རང་ཅག་གི་མི་རབས་འདིའི་གཟི་བརྗིད་ཅིག་ཏུ་བརྩི་ཆོག་ཆོག་ཡིན་ནོ། །བར་ལམ་ཞིག་ནས་རི་དྭགས་གཙོད་ཀྱི་མགོ་ལ་གནམ་རྡིབས་པ་ལྟ་བུའི་འཇིགས་སྣང་ཞིག་སླེབས་པ་མ་གཏོགས། རང་ཅག་བོད་ལ་རི་དྭགས་གཙོད་རྩ་ཆེན་སྲུང་སྐྱོང་བྱེད་པའི་གོམས་སྲོལ་སྒྲུང་གཏམ་ཚུན་ནའང་མང་སྟེ། དཔེར་ན། རི་ཤིའི་ཤ་རྫོང་ལས་གེ་སར་རྒྱལ་བོས་རི་ཤི་རྣམས་སྡིག་སྤོང་དགེ་སྒྲུབ་ལ་སྐུལ་བའི་གསུང་མགུར་དུ། ལི་ཡུལ་གད་ཐང་སྐྱ་མོ་དེ། །ཤར་སྐྱ་རེངས་ནམ་མཁའ་ལངས་པ་འདྲ། །གཙོད་ཁམ་པ་ཆགས་པའི་ཕ་ས་རེད། །གོམ་བདེ་མོ་གཞུང་ལམ་བསྐོར་ས་རེད། །རྭ་རྩེ་མོ་དགུང་ལ་འཕྱར་ས་རེད། །དགུང་ནམ་མཁའི་གློག་དམར་འཁྱུག་འདྲ་བ། །གུག་པོ་གཙོད་ཀྱི་གོམ་མྱུར་ཟེར། །རླུང་བསིལ་མའི་ཐོག་ལ་ཞོན་འདྲ་བ། །གུག་པོ་གཙོད་ཀྱི་བང་ཁ་ཟེར། །མགོ་རྣ་གཤོག་རླུང་གི་གུར་ཁང་ཕུབ། །ལ་བཅུ་རྒྱབ་བྱེའུ་ཆུང་གཤོག་སྒྲ་གོ །།སྤྱན་ཁྲ་ཆུང་ལྗང་ཁུའི་ཨ་འབྲས་ལ། །ཀུན་མི་མཐོང་བལྟ་བའི་སོ་བ་ཐུབ། །ས་མི་འགྱུར་བྱང་ཐང་མངའ་བདག་ལ། །རྒྱུ་འབྱོར་ཕྱུག་རྒྱས་པའི་རྟེན་འབྲེལ་གཅིག །གདན་ས་གཞི་བྱང་ཐང་སྐྱ་མོ་ལ། །རྒྱན་མེ་ཏོག་བཀྲ་བའི་རྟེན་འབྲེལ་གཉིས། །ལས་བསྐལ་བ་ཆགས་པའི་རྟེན་འབྲེལ་གསུམ། །དུས་མ་འོངས་མཁོ་བའི་རྟེན་འབྲེལ་བཞི། །དེ་འགྲོ་དོན་གཙོད་ལས་ཆེ་བ་མེད། །གསོད་མི་རུང་རི་ཤིའི་སྡེ་ཚོགས་རྣམས། །ལྷ་བརྒྱ་བྱིན་དབང་བོའི་སྡེ་ཚོགས་ཀྱིས། །གུག་པོ་གཙོད་ལ་མིག་འཚོ་བྱེད། །ལི་ཁྲིའི་མཚལ་དམར་བཅུ་བདུན་གྱིས། །གུག་པོ་གཙོད་ལ་རྒྱང་འཚོ་བྱེད། །ལི་དམར་སྡེ་ཚན་རིགས་ལྔ་ཡིས། །གུག་པོ་གཙོད་ལ་ཁ་འཚོ་བྱེད། །ཅེས་སོགས་ཀྱིས་ཤེས་ནུས་སོ། །

བྱེ་རྡུལ་འཚུབ་པའི་གནོད་སྐྱོན།

བྱེ་རྡུལ་འཚུབ་པའི་ཁོར་ཡུག་ལ་གནོད་སྐྱོན་ཐེབས་པ་འབྲེལ་ཡོད་ཡིག་ཆ་ཞིག་ལས་གསལ་བ་ལྟར་ན། དུས་རབས་ཉི་ཤུ་བའི་ལོ་རབས་ལྔ་བཅུ་བར། ཀྲུང་གོ་བྱེ་རྡུལ་གྱི་རླུང་འཚུབ་ལྔ་དང་། ལོ་རབས་དྲུག་ཅུ་བར་དྲུག བདུན་ཅུ་བར་བཅུ་གསུམ། བརྒྱད་ཅུ་བར་བཅུ་བཞི། དགུ་ཅུ་བར་ཉེར་གསུམ། ༢༠༠༣ ལོ་ཁོ་ནར་ཐེངས་བཅུ་གཉིས་བྱུང་བ་དང་། དེ་ལྟར་ལོ་རེ་ནས་ལོ་རེར་ཇེ་མང་དུ་སོང་སྟེ། ད་ལྟ་ས་རྡུལ་གང་སར་འཚུབ་སྟེ། མཁའ་དབུགས་དང་ཆུ་སླད་པ། མཚེའུ་སྐམ་པ། ནགས་ཚལ་རྩྭ་ཐང་དུ་གྱུར་བར་མ་ཟད། ལོ་རེར་སྤྱི་ལེ་གྲུ་བཞི་མ ༢༤༦༠ བྱེ་ཐང་དུ་འགྱུར་བ་ལྟར་ན། ལོ་རེར་དཔལ་འབྱོར་གྱི་གྱོང་གུད་སྒོར་དུང་ཕྱུར ༥༤༠ ཡན་ལ་སླེབས་ཡོད་པར་བཤད།

ཆུའི་འབྱུང་ཁུངས་མདོ་དབུས་མཐོ་གཞོངས།

སྤྱིར་གོ་ལ་འདིར་ས་འོག་ས་སྟེང་གི་ཆུ་ཡོངས་ལ་སྤྱི་ལེ་དུང་ཕྱུར ༡༤ ཡོད་པར་བཤད་ལ།  མདོ་དབུས་མཐོ་གཞོངས་ནི། གླིང་ཆེན་ཨེ་ཤ་ཡའི་རྒྱལ་སྤྱིའི་གཙང་བོ་གཙོ་གྲས་དག་གི་འབྱུང་ཁུངས་དང་། སའི་གོ་ལའི་ཁྱོན་ལ་ཆུ་སྦྱིན་གཏོང་བའི་སྙིང་གི་སྲོག་རྩ་ལྟ་བུ་ཡིན། སྡོམ་རྩིས་བྱས་པ་ལྟར་ན། རང་རྒྱལ་དུ་རྒྱལ་སྤྱིའི་གཙང་བོ ༤༠ ལྷག་ཡོད་ལ། དེའི་ནང་གཙོ་ཆེ་བ ༡༥ ནང་། གཙང་བོ ༨ གྱི་མགོ་ཁུངས་མདོ་དབུས་མཐོ་གཞོངས་ལ་ཐུག་ཡོད། མཐོ་གཞོངས་འདིར་ལོ་རེར་ཕྱི་རྒྱལ་ལ་བཞུར་བའི་ཆུའི་ཚད་རྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར ༤༠༠༠ལྷག་ཡིན་ཏེ། ཀྲུང་གོ་ནས་བཞུར་བའི་ཆུའི་ཚད་ཀྱི་གསུམ་ཆའི་གཉིས་ཟིན་ཡོད། ཆུ་བོའི་བཞུར་ལམ་ནི། འབར་མ། ཐེ་ལན། ལོ་སི། ཁམ་ཕུ་ཁྲེ། ཝེ་ཐེ་ནམ། འབྲུག་ཡུལ། རྒྱ་གར། བལ་ཡུལ། བྷང་ག་ལ། ཕ་ཁི་སི་ཐན། ཨ་ཧྥུ་ཀ་ནི་སི་ཐན་སོགས་རྒྱལ་ཁབ ༡༢ ལ་བཞུར་བ་རེད།

བོད་ཀྱི་ཆུ་བོ་དེ་དག་ལས་འབྲི་ཆུ། རྒྱལ་མོ་རྔུལ་ཆུ། རྨ་ཆུ། རྫ་ཆུ་སོགས་ཞི་བདེ་རྒྱ་མཚོ་འབབ་པ་ཡིན་ལ། མྱང་ཆུ། སྐྱིད་ཆུ། ཉང་ཆུ་སོགས་རྒྱ་གར་རྒྱ་མཚོའི་ནང་འབབ་པ་ཡིན།

གཞན་ཡང་། སྡོམ་རྩིས་བྱས་པ་ལྟར་ན། མདོ་དབུས་མཐོ་གཞོངས་ཀྱི་ཆུའི་ཐོན་ཁུངས་ཀྱི་སྡོམ་གྲངས་ལ་རྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར ༥༤༦༣ / ༤ དང་། སྐམ་སའི་ནང་ཁུལ་གྱི་ཆུ་རྒྱུད་དུ་གྱུར་བའི་ཆུ་རྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར ༥༡༥ ཡོད་པར་བཤད་དོ། །

ཆུའི་འབག་བཙོག

སྐྱུར་ཆར་གྱིས་སྐྱེ་དངོས་རིགས་ལ་དོ་མཉམ་པའི་འོད་སྦྱོར་བྱེད་ནུས་ཉམས་པ་དང་། དེས་མཚོ་དང་མཚེའུ་ངོ་བོར་སྐྱུར་ཁུར་བསྒྱུར་བར་མ་ཟད། ནགས་ཚལ་དང་། ཞིང་ལས། ཉ་ལས། འཛུགས་བསྐྲུན་གྱི་དངོས་བོ། སྐྱེ་དངོས་དང་ཚེ་སྲོག་མང་བོ་གནོད་སྐྱོན་ཐེབས་ཡོད། དཔེར་མཚོན་དྲངས་ན། སྐྱུར་ཆར་གྱིས་ནོར་ཝེའི་ལྷོ་ཕྱོགས་སུ་མཚོ་དང་མཚེའུ ༥༠༠༠ ཁྲོད། ༡༧༥༠ ནང་གི་ཉ་དང་ཆུ་འབུ་གློ་ཉལ་རྒྱུན་ཆད་སོང་བ་དང་། ཡང་འཇར་མན་གྱི་པཱ་ཧྥ་ལེའུ་ཡ་རི་ཁུལ་གྱི་སྤྱི་ཆིང ༡༢༠༠༠ ནགས་ཚལ་གྱི་བཞི་ཆའི་གཅིག་དང་། ཕོན་ལན་གྱི་སྤྱི་ཆིང ༢༤ སྐྱུར་ཆར་གྱིས་སྐེམ་པ་དང་། ཡང་པེ་ཅིན་གྱི་གནའ་བོའི་ཕོ་བྲང་ཧན་གྱི་གཡུ་རྡོ་དཀར་བོའི་བརྐོས་རིས་དང་། གྷི་རི་སིའི་ཨ་ཐེན་སིའི་རྡོ་ཀ་མ་རུས་བརྩིགས་པའི་ཕཱ་ཐུ་ལུང་གི་ལྷ་ཁང་སོགས་འཛམ་གླིང་དུ་གྲགས་སྙན་འབར་བའི་རྩིག་དངོས་མང་བོར་སྐྱུར་ཆར་གྱིས་ནད་ཡམས་ཕོག་སྟེ་སྲེ་བོ་བསྒྱུར་ཡོད་པ་རེད། སྐྱུར་ཆར་ནི་རྒྱལ་མཚམས་མེད་པར་རྒྱུ་བ་སྟེ། ཁ་ན་ཏའི་སྐྱུར་ཆར་ཨ་རུ་ནས་ཡོང་བ་དང་། ཀྲུང་གོ་སྐྱུར་ཆར་འཇར་པན་ནས་ཡོང་བར་བཤད་ཡོད་དོ། །འོ་ན། སྐྱུར་ཆར་དེ་ཇི་ལྟར་གྲུབ་པ་ཡིན་ཞེ་ན། རྡོ་སོལ་དང་རྡོ་སྣུམ་བསྲེགས་པ་ལས་དབྱང་གཉིས་ཟི་རྫས་དང་ཏན་དབྱང་གྱུར་རྫས་མཁའ་དབུགས་ཀྱི་ཁྲོད་དུ་སོང་རྗེས། ཉི་འོད་དང་ཆུའི་རླངས་པ་གཡེང་རྡུལ་གྱི་ཤུགས་རྐྱེན་འོག་རྫས་འགྱུར་གྱི་འཕོ་འགྱུར་རིམ་པ་བརྒྱུད་དེ། མུ་ཟི་སྐྱུར། ཟེ་སྐྱུར་རམ་ཟི་སྐྱུར་ཚྭའི་ཐིགས་པ་བར་སྣང་དུ་གཡེང་བ་ཁ་ཆར་བབས་པ་དང་འཕྲད་པས་སྐྱུར་ཆར་དང་ཁ་བ་སྐྱུར་བོ་བྱུང་བ་དེའོ། །

གཞན་ཡང་། བཟོ་ལས་ཀྱི་སྙིགས་རོ་དང་། འགྱིག་ཤོག གད་སྙིགས། སྨན་ཁང་གི་བཙོག་ཆུ། རྡུལ་རྫས་ཀྱི་གྲུབ་ཆ་སོགས་ཡིན། ཁྱད་པར་དུ་ས་སྒང་འདིའི% ༧༡/ ༨ རྒྱ་མཚོས་ཟིན་ཡོད། སྐམ་སའི་ཐོག་གི་གད་སྙིགས་མང་བོའི་འགྲོ་སའང་དེ་ཡིན་པར་མ་ཟད། མཚོ་ཐོག་འགྲིམ་འགྲུལ་གྱིས་འབག་བཙོག་ཐེབས་པ་ཉུང་ཉུང་མིན། དཔེར་ན། ལོ་རེར་རྡོ་སྣུམ་ཀུང་ཧྲེང་དུང་ཕྱུར ༢ ཙམ་རྒྱ་མཚོར་ཐིམ་པར་བཤད་ལ། ༡༩༨༩ ལོར་ཨ་རིའི་སྣུམ་གྲུ་ཞིག་རྒྱ་མཚོའི་བྲག་རྡོར་བརྡབས་པས། རྡོ་སྣུམ་ཏུན་ཁྲི ༡༢༠༠༠ རྒྱ་མཚོར་འཕོ་བས། ལོ་ལྔའི་རྗེས་སུ་མཚོ་གཟིག་སུམ་ཆ་གཅིག་ཙམ་ཇེ་ཉུང་དུ་སོང་རྐྱེན། དེ་ནི་རྒྱ་མཚོ་ལ་དུག་བཏབ་པ་དང་མཚུངས་པར་གསལ་བསྒྲགས་བྱས་ཡོད། ཚུལ་འདི་དག་ལ་དགོངས་ནས། ༡༩༥༤ ལོར<མཚོ་ཐོག་རྡོ་སྣུམ་གྱི་གནོད་འཚེ་བཀག་འགོག་བྱེད་རྒྱུའི་རྒྱལ་སྤྱིའི་སྤྱི་ཆིངས>གཏན་འཁེལ་བྱས་པ་དང་། དུས་རབས ༡༩ ཙམ་ནས་ཡོ་རུབ་གླིང་གི་རྒྱལ་ཁབ་མང་བོས་གཙང་བོ་ཆེ་ཁག་ལ་སྲུང་སྐྱོང་བྱེད་རྒྱུའི་སྤྱི་ཆིངས་གཏན་འཁེལ་བྱས་པ་རེད། གལ་ཏེ་རང་བྱུང་གི་ཆུ་གཙང་ལ་འབག་བཙོག་ཐེབས་པ་ཡིན་ན། མིའི་ལུས་ཁམས་དང་ཚེ་སྲོག་ལ་གནོད་པ་ཧ་ཅང་ཆེ། རྒྱུ་མཚན་ནི། བཙོག་ཆུའི་ནང་ནད་སློང་བའི་སྐྱེ་དངོས་ཕྲ་རབ་དང་། ནད་དུག་སོགས་ཀྱི་འགོས་ནད་སྣ་ཚོགས་ཐོན་གྱི་ཡོད་ལ། ཉེན་ཁ་ཆེ་ཤོས་ནི། དངུལ་ཆུ་དང་། ཁད། ཁིར། ཞ་ཉེ་སོགས་ཀྱི་ལྕགས་རིགས་འདྲེས་སྦྱོར་གྱི་འབག་བཙོག་ཡིན་པས། སྡོམ་རྩིས་བྱས་པ་ལྟར་ན། ད་ལྟ་འཛམ་གླིང་སྟེང་ལོ་རེར་ལོ་ལྔ་མན་ཆད་ཀྱི་བྱིས་པ ༡༥༠༠ ཆུ་དུག་དང་འབྲེལ་ཏེ་ཤི་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྡོམ་རྩིས་བྱས་པ་ལྟར་ན། འཛམ་གླིང་ཐོག་ཉིན་རེར་མི་ཁྲི ༢༥༠༠ ལྷག་ཆུའི་འབག་བཙོག་གིས་ཚེ་སྲོག་ཤོར་བ་དང་། ཧ་ལམ་མི་དུང་ཕྱུར ༡༠ འབག་བཙོག་ཅན་གྱི་ཆུར་ལོངས་སྤྱོད་པར་བཤད་ཡོད། གཞན་ཡང་། སྨན་ཁང་དང་བཟོ་གྲྭ་ནས་ཐོན་པའི་རྫོབ་ཆུ་ཞིང་སར་དྲངས་ན་ལོ་ཏོག་ལ་དུག་རྫས་བསྒོས་ཏེ། མིའི་བདེ་ཐང་ལ་གནོད་པ་ཚབས་ཆེན་ཐེབས། དཔེར་ན། ༡༩༥༥ ལོར་འཇར་ནས་བྱུང་བའི་གཟེར་ནད་ལྟ་བུ་ནི། དུས་ཡུན་རིང་བོ་ཞིག་ལ་ཧ་ཡང་དང་ཏི་ཚའི་བཟོ་གྲྭའི་བཙོག་ཆུ་ས་ཞིང་ལ་དྲངས་ཏེ། ལོ་ཏོག་གིས་ཟས་དུག་ཕོག་པ་ལྟ་བུ་རེད།

ཁོར་ཡུག་སྦགས་བཙོག་ལ་རྒྱལ་མཚམས་མེད་པ།

རྨ་ཆུ་དང་ཧོའེ་ཧོ་ཆུ་བོ་སོགས་ཇི་སྙེད་ཅིག་སྦགས་བཙོག་གིས་བསྒོས་ན། ཆུ་བོ་ཐམས་ཅད་མཐའ་མཇུག་རྒྱ་མཚོར་བཞུར་བ་ཡིན་ཏེ། རྒྱ་མཚོའི་བྱིངས་ལ་སྦགས་བཙོག་ཚབས་ཆེན་ཐེབས་ཀྱིན་ཡོད་པ་རེད། དེས་ཆུར་གནས་སྲོག་ཆགས་མང་བོར་འཚོ་སྡོད་ལ་གནོད་པ་བཟོས་ཡོད། རླུང་ཁམས་ཁྲོད་ཀྱི་དབྱང་དབུགས་ནི་རྒྱ་མཚོའི་ནང་གི་སྲོག་ཆགས་ཀྱི་འོད་སྦྱོར་ནུས་ཚད་བརྒྱུད་ནས་ཐོན་སྟབས། ས་ཆ་གང་གི་ཆུ་བོ་ལ་སྦགས་བཙོག་ཐེབས་ན། སའི་གོ་ལའི་ཁྱོན་གྱི་དབྱང་དབུགས་ལ་སྦགས་བཙོག་བཟོ་བཞིན་ཡོད་པ་རེད། དཔེར་ན། འཇར་པན་གྱི་གླིང་ཕྲན་པཱ་གྲང་དང་ཡེའི་ཏིའི་གད་སྙིགས་རྒྱ་མཚོར་བརྒྱུད་དེ། ཨ་རི་དང་ཁ་ན་ཏའི་མཚོ་འགྲམ་དུ་ཐོན་པ་དང་། ཡང་དེང་གི་བཟོ་ལས་དང་འཕྲུལ་ཆས་སོགས་ཀྱིས་རླུང་ཁམས་སྦགས་བཙོག་བཟོས་ནས་རྒྱལ་ཁབ་མང་བོ་ཞིག་ལ་སྐྱུར་ཆར་བབས་ཏེ་གནོད་སྐྱོན་མང་བོ་ཐེབས་བཞིན་ཡོད། དེ་བས་རྒྱལ་མཚམས་མེད་པའི་སྦགས་བཙོག་འདིའི་རིགས་ནི། མི་སྒེར་དང་ཚོགས་པ་ཕར་ཞོག རྒྱལ་ཁབ་རེ་གཉིས་ཀྱིས་ཀྱང་འགོག་མི་ཐུབ་པའི་ཚོད་དུ་ལྷུང་ཡོད་པས། སོ་སོའི་རང་སྟེང་ནས་དྭངས་གཙང་གི་ཁོར་ཡུག་ལ་དང་ཐོག་ནས་དྲི་མས་མི་བསྒོ་བ་གནད་དུ་ཆེའོ། །

མཚོ་བྲི་བའི་ཉེན་ཁ།

མདོ་དབུས་མཐོ་གཞོངས་སུ་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་གཅིག་ཡན་གྱི་མཚེའུ ༡༡༢༦ དང་། སྤྱིའི་རྒྱ་ཁྱོན་ན་སྤྱི་ལེ་གྲུ་བཞི་མ ༣༩༢༠༦ / ༨འདུག་ཅིང་། རྒྱལ་ཡོངས་ཀྱི་མཚེའུ ༤༠ % དང་རྒྱ་ཁྱོན་གྱི ༤༩ % ཟིན་པར་བརྟེན། མཐོ་གཞོངས་འདི་མཚོ་དང་མཚེའུ་མང་བའི་ཞིང་ཁམས་ཞིག་ཡིན། ཁྱད་པར་དུ་མཚོ་སྔོན་པོ་ནི་རྒྱལ་ཡོངས་ཀྱི་ཆེས་ཆེ་བའི་མཚོ་སྟེ། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ ༤༥༦༨ ཡོད། ཡིད་ཕམ་པ་ཞིག་ལ།  ༡༩༠༨ ནས ༡༩༦༡ ལོའི་བར་གྱི་ལོ་ངོ ༥༣ རིང་མཚོ་བྲི་ཚད་རྨིས ༨/ ༨ དང་། ཆ་སྙོམས་བྱས་ན། ལོ་དྲུག་རེར་རྨིས ༡ བྲི་བ་རེད། ༡༩༥༥ ནས ༡༩༨༥ བར་གྱི་ལོ་ངོ ༣༠ རིང་ཆུའི་བྲི་ཚད་རྨིས ༣/ ༦ དང་། ཆ་སྙོམས་བྱས་ན་ལོ་རེར་རྨིས ༠/ ༡༢ བྲི་བ་དང་། ལོ་བརྒྱད་ལ་རྨིས ༡ བྲི་བ་རེད།  ༡༩༥༦ ལོར་མཚོ་མཐའི་བྱེ་ཐང་སྤྱི་ལེ་གྲུ་བཞི་མ ༤༥༢/ ༡ དང་། ད་ལྟ་སྤྱི་ལེ་གྲུ་བཞི་མ ༧༠༠ སླེབས་འདུག་པར་མ་ཟད། བྱེ་སྒང་ཆེན་པོ་ཞིག་ཏུ་ཆགས་འདུག མཚོ་སྐྱ་རེངས་དང་སྔོ་རེངས་གཉིས ༡༩༩༠ ནས ༡༩༩༩ བར། ཆུ་རྨིས ༠/ ༥ མར་བབས་པ་དང་། མགོ་ལོག་དམར་སྟོད་རྫོང་དུ་ལོ་རབས་དྲུག་ཅུ་བའི་ནང་མཚེའུ ༤༠༧༧ ཡོད་པ་དང་། མཚོ་སྔོན་གྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ ༡༧༠༠ ཡོད། ལོ་རབས་དགུ་ཅུ་བའི་ནང་མཚེའུ ༡༡༠༠ ལྷག་དང་། ཆུ་བོ ༡༠༠ ལྷག་སྐམ་ལ་ཕྱོགས་པའི་ཉེན་ཁ་ཡོད་པ་ལྟ་བུ་ཡིན། དེ་ཡང་སའི་གོ་ལའི་ཚད་དྲོད་ཇེ་མཐོར་ཕྱིན་པ་སྟེ། ནེ་པ་ལའི་ཕྱེ་ལེབ་ཆེད་མཁས་པ་པེ་ཡ་ཁ་ནར་གྱིས། དཔྱད་འབྲས་ལྟར་ན། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཕྱེ་ལེབ་མཚོ་ངོས་ལས་སྤྱི་ཁྲེ་༣༠༠༠ སར་འཚོ་ནའང་། འདས་པའི་ལོ ༡༥ ནང་། མཚོ་ངོས་ལས་སྤྱི་ཁྲེ ༥༠༠ ཙམ་མཐོ་རུ་ཕྱིན་ཡོད་པར་མ་ཟད། སྔོན་ཆད་སྤྱི་ཟླ ༣ པའི་ནང་ཐོན་ཡང་། ད་ཆ ༤ བའི་ནང་མཐོང་རྒྱུ་ཡོད་པ་ལས་གཞན། བྱི་བ་དང་རི་བོང་སོགས་སྲོག་ཆགས་མང་བོ་ཡང་མཚོ་ངོས་ལས་སྤྱི་ཁྲེ ༡༠༠ ཙམ་མཐོ་རུ་ཕྱིན་པར་བརྟག་ནས་ཚད་དྲོད་ཇེ་མཐོ་སོང་བ་ར་སྤྲོད་བྱས་ཡོད། ཚ་དྲོད་རྒྱས་པས་ལྷོ་བྱང་སྣེ་གཉིས་ཀྱི་གངས་འཁྱག་བཞུས་ཏེ་རྒྱ་མཚོར་འབབ་པས། ཚོད་དཔག་བྱས་པ་ལྟར་ན། ༢༡༠༠ ཙམ་ལ་རྒྱ་མཚོའི་མཐོ་ཚད་རྨིད ༥༠ ཡར་འཕར་ཏེ། མཚོ་འགྲམ་གྱི་གྲོང་ཁྱེར་མང་བོ་ཆུས་བསྣུབ་པའི་ཉེན་ཁ་ཡོད་པར་གསལ་བསྒྲགས་བྱས་ཡོད་ལ། རང་ཅག་བོད་ལ་མཚོན་ན་འཁྱག་རོམ་གི་རྒྱ་ཁྱོན་སྤྱི་ལེ་ངོས་མཉམ་གྲུ་བཞི་མ ༤༩༡༦༢ ཟིན་པ་དང། དེས་རྒྱལ་ཡོངས་འཁྱག་རོམ་གྱི ﹪༨༠ དང། ཨེ་ཤ་ཡའི་རི་བརྒྱུད་འཁྱག་རོམ་གྱི ﹪༤༠ ཙམ་ཟིན་ནའང་། ལོ་བརྒྱའི་རྗེས་སུ་གངས་ལྗོངས་སུའང་གངས་རི་མཐོང་རྒྱུ་མེད་པར་མ་ཟད། ཐན་སྐྱོན་དང་། གངས་ཞུས་ནས་ཆུ་ལོག་རྒྱུགས་པ་དང་། ཚད་རིམས་སོགས་འབྱུང་བར་ཉེན་བརྡ་བཏང་ཡོད་པ་རེད།

འཐུང་ཆུ་དཀོན་པའི་དཀའ་ཁག

ཆུ་ནི་ཚེ་སྲོག་གི་གྲུབ་ཆ་གཙོ་བོ་ཞིག་ཡིན་ལ། ཆུ་མེད་ན་ས་སྒང་འདིར་སྲོག་ཆགས་གཅིག་ཀྱང་འཚོ་མི་ཐུབ། གལ་ཏེ་ཆུ་འདི་ཡང་ཁ་ཟས་ལྟར་འཚོལ་དགོས་བྱུང་ན། ཁ་ཟས་དང་ཆུ་གཉིས་ལ་དོ་མཉམ་ཀྱིས་འབད་རྩོལ་བྱེད་དགོས་པ་སྨོས་མེད་ཡིན། མི་དང་ཆུ་གཉིས་གཅིག་ལ་གཅིག་བརྟེན་གྱི་ཚུལ་དུ་སྡོད་དགོས་ཙང་། མཚོ་དང་མཚེའུ། ཆུ་ཀླུང་ལྟེང་ཀ་ཡོད་སར་མི་རྣམས་འཚོ་སྡོད་བྱས་ཡོད། འོན་ཀྱང་། ཡིད་ཕངས་པ་ཞིག་ལ་ཆུ་དེ་དག་གི ༩༧% རོ་ཁ་ལ་ཚྭ་བྲོ་བའི་ཆུ་ཡིན། ཚྭ་ཡོད་དང་ཚྭ་མེད་ཀྱང་མཚེའུ་ནང་ཚྭའི་འདུས་ཚད་སྟོང་ཆ་གསུམ་ལས་དམའ་བ་ཡོད་ན་ཚྭ་མེད་མཚེའུ་དང་། ཚྭའི་འདུས་ཚད་སྟོང་ཆ་ཉེར་བཞི་ཡོད་ན་ཚྭ་ལྡན་མཚེའུ་ཞེས་དགར་ཡོད།

ཚྭ་མེད་པའི་ཆུ་ནི་སའི་གོ་ལའི་སྟེང་ཆེས་རིན་ཐང་ཆེ་བའི་ཁྱད་ནོར་ཏེ། གཞན་གྱིས་ཚབ་བྱེད་མི་ཐུབ་པའི་རང་བྱུང་གི་ཐོན་ཁུངས་ཡིན། འཕྲོད་བསྟེན་ལ་བཟང་ཞིང་བེད་སྤྱོད་བཏང་ཆོག་པའི་ཆུ་ནི ༣ % ལས་མེད། དེ་ནི་ས་བརྐོ་རྡོ་སློག་དང་། ཆུའི་ཐོན་ཁུངས་ལ་གཏོར་བརླག་ཚབས་ཆེར་བཏང་བའི་རང་རེའི་བྱས་ཉེས་ལས་གྲུབ་པ་ཤ་སྟག་ཡིན། ད་ལྟ་འཛམ་གླིང་དུ་རྒྱལ་ཁབ ༡༠༠ ལྷག་ལ་ཆུ་དཀོན་པའི་གནས་ཚུལ་བྱུང་བ་དང་། ད་ལྟ་འཛམ་གླིང་གི་ཁྱོན་ན་མི་དུང་ཕྱུར ༡༨ ལ་ཆུ་གཙང་འཐུང་རྒྱུའི་དཀའ་ཁག་ལ་འཕྲད་ཡོད་པར་མ་ཟད། ལོ་རེར་མི ༢༥༠༠ ཆུས་སྦགས་བཙོག་གིས་འཆི་བ་དང་། མི་དུང་ཕྱུར་བཅུའི་ཁར་འཐུང་ཆུ་གཙང་མ་རེག་དཀའ་བའི་གནས་སུ་གྱུར། དེ་བས་ཚྭ་མེད་ཆུ་ཉོ་ཚོང་མི་བྱེད་ཀ་མེད་བྱུང་སྟེ། དཔེར་ན། འཇར་མན་གྱི་སུའི་ཙེར་ནས་ཆུ་ཉོ་བ་དང་། ཨ་རིས་ཁ་ན་ཏ་ནས་ཆུ་ཉོ་བ། ཨ་རབ་ཀྱིས་ཚོང་དཔོན་མཉམ་འབྲེལ་གྱིས ༡༩༨༤ ལོ་ནས། ལོ་རེར་འཇར་མན་ནས་ཆུ་ནང་འདྲེན་བྱེད་ལ། འཇར་མན་གྱི་ཆུ་ཏུན ༡༠༠ ལ་རྡོ་སྣུམ་ཏུན ༡༠ བརྗེས་པ་དང་། ལྷག་པར་ཨ་རབ་གྱི་ཚྭ་མེད་ཆུའི་རིན་གོང་སྔོན་ཆད་ཀྱི་སྣུམ་གོང་ལས་ལྡབ་བཅུ་ཕྲག་ཁ་ཤས་འཕར་བ་དང་། ཀྲུང་གོར་མཚོན་ནའང་གྲོང་ཁྱེར ༦༦༠ ཁྲོད། གྲོང་ཁྱེར ༣༠༠ ལ་ཆུ་དཀོན་ཞིང་། དེའི་ནང་ཆུ་ཧ་ཅང་དཀོན་པའི་གྲོང་ཁྱེར ༡༠༠ ཡོད་ལ། ཉིན་རེར་ཕལ་ཆེར་ཆུ་ཏུན་ཁྲི ༡༥༠༠ ཡིས་མི་འདང་པ་ཡིན། མཁོ་སྤྲོད་བྱེད་པའི་ཆུས་མ་འདང་བས་གྲོང་ཁྱེར་དང་ཐོན་སྐྱེད་ལ་ཤུགས་རྐྱེན་ཐེབས་ཡོད།

ཆུ་བོ་ནི་བཏུང་བྱ་གཅིག་པུ་མ་ཟད་དགོས་མཁོ་མང་བོ་ཡོད། དཔེར་ན། འཛམ་གླིང་སྟེང་གི་ཆུ་རྒྱུན་གྱིས་ལོ་རེར་གློག་ཏུའུ་དུང་ཕྱུར ༨༧༦༠༠ ལྷག་མཁོ་འདོན་བྱེད་ཐུབ་ལ། དེ་ནི་རྡོ་སྣུམ་ཏུན་དུང་ཕྱུར ༡༠ སྦར་བ་ལས་ཐོན་པའི་གློག་ཚད་དང་མཉམ་པས། ཆུ་རྒྱུན་བེད་སྤྱད་པ་ལ་བརྟེན་ནས་རྡོ་སྣུམ་ཏུན་དུང་ཕྱུར ༡༠ སྦར་བའི་དུག་རྫས་ཀྱི་དྲི་མ་འགོག་པའི་ཕན་ནུས་ལྡན། དེ་ལས་གཞན། རྩི་ལྗོན་སྣ་ཚོགས་ཀྱི་ཚེ་སྲོག་བསྐྱེད་ཅིང་། ཆུ་གནས་སྲོག་ཆགས་ཇི་སྙེད་ཅིག་གིས་བསྟི་གནས་སུ་གྱུར་གཤིས། ཆུ་བོ་བྲི་ཚེ་དེ་དག་ཕར་ཞོག གོ་ལ་འདི་སྐམ་ཧྲལ་ཧྲལ་དུ་གྱུར་ཏེ། འཇིགས་སུ་རུང་བའི་ཡི་དྭགས་ཀྱི་གྲོང་ཁྱེར་ལས་ཀྱང་ཐུ་བའི་ཚོད་དུ་ལྷུང་འགྲོ། དཔེར་ན། དུས་རབས་ཉི་ཤུའི་ལོ་རབས་བདུན་ཅུ་བ་ནས་བཟུང་ཨ་ཧྥེ་རི་ཁའི་གླིང་དུ་བཏུད་མར་ཐན་པ་ལོ་ངོ་ཉི་ཤུར་བྱུང་བས། ས་ནས་དུ་བ་འཕྱུར་ཏེ། ལོ་ཏོག་ཕར་ཞོག་དོང་ཆུའང་བསྐམས་པས། མུག་ཤི་རྒྱུན་མ་ཆད་པར་མ་ཟད། ལོ་རེར་བྱིས་པ་ཁྲི་སྟོང་མང་བོ་སྐོམ་ཤི་ཐེབས་པའི་འཇིགས་སྣང་བྱུང་།

གཞན་ཡང་། བཟོ་ལས་དང་རྡོ་སྣུམ་སོགས་ཀྱི་དུག་ལྡན་རྫས་དང་། ཉི་འོད་དང་རླུང་རྡུལ་ཆར་བར་བསྒོས་པ་ལ་བརྟེན་ཏེ། ཆར་སྐྱུར་དུ་གྱུར་བ་དེས་མཚོ་རྫིང་གཙང་བོ་སོགས་རྫད་དེ་མིའི་བདེ་ཐང་ལ་གནོད་པ་དཔེར་ན། མིད་པ་དང་མིག་ན་བ། གློ་ནད་སོགས་བསྐྱེད་པ་དང་།

དེ་བས་ས་སྒང་འདིའི་སྟེང་ལོ་རེར་མི་དུང་ཕྱུར ༡༠ ལྷག་ལ་ཆུ་གཙང་གི་ཆུའི་དཀའ་ཁག་ལ་འཕྲད་པས། བཙོག་ཆུའི་འབྲེལ་ཡོད་ཀྱི་བཤལ་ནད་བྱུང་ནས་ལོ་ལྔ་མན་ཆད་ཀྱི་བྱིས་པ་ཁྲི ༤༦༠ ཚེ་སྲོག་ཤོར་བ་དང་། འཛམ་གླིང་གི་ཁྱོན་ན་ཉིན་རེར་མི་ཁྲི ༢/ ༥ ཚེ་སྲོག་ཤོར་བར་བཤད་དོ། །

སྲོག་ཆགས་ཇེ་ཉུང་དུ་འགྲོ་བའི་ཉེན་ཁ།

སྤྱིར་ན་གོ་ལ་འདི་གྲུབ་ནས་སྐྱེ་དངོས་རིགས་དུང་ཕྱུར་མང་བོ་བྱུང་ཡོད་པར་བཤད་ལ། དེ་དག་ལས ༩༨ % ནི། ས་གཡོ་བ་དང་། མེ་རི་འཕྱུར་བ། ཤྭ་འོད་རྒྱུགས་སོགས་ཀྱིས་རྩ་མེད་དུ་བཏང་བར་བཤད། དཔེ་གཅིག་བཀོད་ན། དེའི་ཁྲོད་ཀྱི་ཁུང་འབྲུག་གིས་གོ་ལ་དབང་བསྒྱུར་བྱས་མྱོང་ཡང་། མི་ལོ་ཁྲི ༦༠༠༠ ལྷག་གི་སྔོན་ལ། ས་ཡོམ་པའམ། གནམ་གཤིས་ཀྱི་འགྱུར་ལྡོག་གིས་དབང་གིས་གར་བྱུང་ཆ་མེད་གྱུར་ཏེ། ད་སྐབས་ཀེང་རུས་ལས་ལྷག་མེད་པ་ལྟ་བུ་རེད། ད་ལྟ་གོ་ལའི་ཁྱོན་དུ་སྐྱེས་དངོས་ཅི་ཙམ་ཡོད་པ་ཚན་རིག་པས་ཚོད་དཔག་ལྟར་ན། ཁྲི ༡༠༠༠ ལྷག་ཡོད་པ་དང་། ཡང་ན་ཁྲི ༣༧༠༠ ཡོད་པར་འདོད་ཀྱང་། དེའི་ཁྲོད་དུ་ང་ཚོ་མིའི་རིགས་ཀྱིས་ཚོར་རྟོགས་བྱུང་བ་ནི་ཁྲི ༡༧༠ ལྷག་ཡོད་པ་དང་། དེ་དག་ལས་འོ་འཐུང་སྲོག་ཆགས ༤༢༠༠ ལྷག་དང་། འདབ་ཆགས ༩༠༠ ལྷག གོག་འགྲོ་སྲོག་ཆགས ༥༡༠༠ དང་། སྐམ་ཆུ་གཉིས་འཚོའི་སྲོག་ཆགས ༣༡༠༠ དང་། ཉའི་རིགས ༢༡༠༠༠ སོགས་ཡོད་པར་བཀོད་ཡོད།

སྲོག་ཆགས་ནི་རང་བྱུང་ཁམས་ཀྱི་མཛེས་རྒྱན་ཡིན་ལ། ལྷག་པར་དུ་གླིང་ཀ་དང་ཁོར་ཡུག་ལ་གཟི་བྱིན་སྣོན་པའི་རི་དྭགས་དང་བྱ་རིགས་སོགས་མང་བོ་ཞིག་མེད་ཚེ། སའི་ཉིང་བཅུད་ཤོར་བའམ། མི་རྣམས་ལ་སྐྱོ་ལྷང་ལྷང་གི་སྣང་བ་ཞིག་སྦྱིན་ཐག་ཆོད་ཡིན། ཁ་ནས་རང་ཅག་མིའི་འགྲོ་བ་འདི་རྣམ་ཤེས་གྲུང་ལ་བློ་རིག་བཀྲ་བར་རློམ་ཡང་། དོན་དུ་རང་དོན་ཁོག་བཅུག་བྱས་ཏེ། གནས་སྐབས་ཀྱི་ཁེ་ཕན་རྩ་དོན་དུ་བཟུང་ནས། དཔེར་ན། གླ་རྩི་དང་བ་སོ། ཤྭ་ར། ཤྭ་ལྤགས། ཁུ་ལུ། དོམ་འཁྲིས་སོགས་ཀྱི་རིན་གོང་ལ་རྔམ་ནས། ཤན་པའི་ལས་སུ་ཞུགས་པ་ཤ་སྟག་བྱུང་། བྱས་ཉེས་དེའི་མཇུག་འབྲས་སུ། དོམ། སྟག གསའ། རུ་རུ། གཙོད། འབྲོང་སོགས་རི་སྐྱེས་སྲོག་ཆགས་རྒྱུན་ཆད་ལ་ཉེ། སའི་གོ་ལའི་ཐོག་སྐྱེ་དངོས་དང་སྲོག་ཆགས་ཉིན་རེར་ཆ་སྙོམས་བྱས་ན་རིགས་གཅིག་རེ་རྩ་སྟོང་དུ་འགྲོ་བར་བཤད་པ་དང་། ༡༩༨༦ ལོར་རྒྱལ་སྤྱིའི་ཁོར་ཡུག་ཞིབ་འཇུག་ཁང་གིས《རང་བྱུང་ཐོན་ཁུངས་ཞུ་ཡིག》ནང་ཁྱབ་བསྒྲགས་བྱས་པ་ལྟར་ན། མིག་སྔར་འཛམ་གླིང་སྟེང་འོ་འཐུང་སྲོག་ཆགས་ཀྱི་རིགས ༤༢༠༠༠ དང་། བྱ་རིགས ༨༧༠༠ ལྟོ་འགྲོའི་སྲོག་ཆགས་ཀྱི་རིགས ༢༠༩ རྒྱུད་ཆད་ལ་ཉེ་བའི་ཉེན་བརྡ་བཏང་ཡོད་པ་དང་།

བོད་ལ་མཚོན་ནའང་། ལོ་རྒྱུས་རྣམས་སུ་སྟོད་མངའ་རིས་སྐོར་གསུམ་ན་ཤ་རྐྱང་སོགས་རི་དྭགས་རིགས། དབུས་གཙང་རུ་བཞི་ན་སྟག་གཟིག་སོགས་གཅན་གཟན་རིགས། སྨད་མདོ་ཁམས་སྒང་དྲུག་ན་འདབ་ཆགས་ཀྱི་རིགས་མང་དུ་ཡོད་པར་བཤད་པ་དང་།

གཞན་ཡང་། བོད་ཀྱི་སྲོལ་རྒྱུན་གྱི་གསུངས་ཚུལ་ལ། བརྩི་མཐོང་ཆེ་བའི་སྲོག་ཆགས་རྣམས་ཆེ་ལོང་དུ་བསྡུས་ནས་དགུ་གསུམ་ཉེར་བདུན་དུ་དབྱེ་སྲོལ་ཡོད། དེ་ནི་གནམ་ལ་འཕུར་དགུ ས་ལ་འཛུལ་དགུ བར་ལ་འགྲིམ་དགུའོ། །གནམ་ལ་འཕུར་དགུ་ནི། ༡ ཀུན་ཟིལ་ནོན་པའི་བྱ་རྒྱལ་ཁྱུང་ཆེན། ༢ དབྱར་དགུན་མཚམས་འབྱེད་སྒྲ་བརྒྱའི་གཡུ་འབྲུག ༣ འཕུར་རྩལ་ནམ་འཕང་གཅོད་པའི་རྒོད་པོ། ༤ སྐད་སྙན་དུས་ཀྱི་ཚོད་འཛིན་ཁུ་བྱུག ༥ དུག་འཇོམས་སྒྲོ་མཛེས་རྨ་བྱ། ༦ དྲན་གསལ་མི་སྐད་སྨྲ་བའི་ནེ་ཙོ། ༧ ཉིན་ཞག་དུས་ཤེས་ཁྱིམ་བྱ། ༨ ལྷ་མིའི་འཕྲིན་སྐྱེལ་ལྕེ་བདེ་ཕ་ཝང་། ༩ ཐོགས་མེད་འཕུར་ཤེས་རྫི་བྱའོ། །ས་ལ་འཛུལ་དགུ་ནི། ༡ ཤེས་བྱ་ཀུན་མཁས་སྐྱེ་འགྲོ་མི། ༢ ཤུགས་ཆེན་བཀྲ་ཤིས་རྫས་གྱུར་དུང་དཀར། ༣ དུས་འཁོར་ཆགས་ཚུལ་ལྡན་པའི་རུས་སྦལ། ༤ རྐང་ལག་ནང་སྦས་འགྲོ་ཤེས་སྦྲུལ་ནག ༥ དགུན་དུ་ཉལ་ཆོག་སྒོམ་ལྡན་འཕྱི་བ། ༦ མི་གཙང་གྲིབ་སེལ་ཚངས་ལྡན་གྲིམ་པ། ༧ རིག་རྣོ་གཞན་སེལ་ཤེས་པའི་སྲེ་མོང་། ༨ ཀུན་ཤེས་ཚོད་ལ་མཁས་པའི་ཅོ་ག ༩ ལུས་སྐེད་སྲ་ཡང་རྩལ་ཆེན་གྲོག་མའོ། །བར་ལ་འགྲིམ་དགུ་ནི། ༡ རྩལ་གྱི་སྡེར་ལྔས་ཟིལ་མནོན་སེང་གེ ༢ སྤུ་རིས་བཀྲག་གསལ་གཅན་རྒྱལ་སྟག་མོ། ༣ ཞེ་སྡང་དཔའ་གཏུམ་ལྡན་པའི་དོམ་ནག ༤ མཛངས་བློ་ལྡན་ཞིང་དབང་མངའི་དྲེད་མོང་། ༥ མི་སྤྱོད་ཅི་བསླབ་ཤེས་པའི་སྤྲེའུ། ༦ མགྱོགས་འགྲོས་ལྡན་པའི་རྟ་མཆོག ༧ བརྒྱ་བྱིན་ཆིབས་གྱུར་ཐེག་སྟོབས་གླང་ཆེན། ༨ དགོས་པ་བཞི་ཚང་མི་ལ་དྲིན་ཆེ་བའི་ལུག ༩ ལོ་རེར་བཅུ་ཕྲག་རྒྱས་པའི་རྭ་ལྡན་ཤ་བའོ། །འདི་དག་ནི་སྟོན་པ་གཤེན་རབ་ཀྱི་སྐུ་དུས་ནས་མཐོང་ཆེན་བྱེད་པའི་སྲོག་ཆགས་ཡིན་ལ། ཁྱད་པར་དུ་མདོས་ཆོག་སོགས་སུ་ཟན་གཟུགས་སུ་བཟོས་ཏེ་གླུད་ལ་རྫོང་བ་བྱེད་སྲོལ་ཆགས་ཡོད།

ཞིབ་བརྗོད་ཀྱི་དཔྱད་གཞིའི་ཡིག་ཆ་ལྟར་ན། སྔ་སོར་མདོ་དབུས་མཐོ་གཞོངས་སུ་སྲོག་ཆགས་ཀྱི་རིགས ༡༠༤༧ ཡོད་པ་ལས། ད་ལྟ་རིགས ༧༡ ལས་མེད་པར་འབྲེལ་ཡོད་ཡིག་ཆ་ན་གསལ་བ་དང་། ཁྱད་པར་དུ་མཚོ་སྔོན་ལ་མཚོན་ན། གངས་གཟིག ཁ་དཀར། ཤྭ། ཤ་སྐྱ། འབྲོང་སོགས་ཉེ་བའི་ལོ་ཉི་ཤུའི་རིང ༩༠% རྩ་མེད་དུ་བཏང་བར་བརྗོད་ཡོད་ལ། དཔེར་ན། འབྲོང་ལ་མཚོན་ན། རྭ་ཅན་གྱི་རྒྱུ་མཆོག་དང་། རི་དྭགས་ཀྱི་རྒྱལ་བོར་འབོད་ལ། ཆེ་བ་ལ་ལྗིད་ཚད་སྤྱི་རྒྱ ༡༠༠༠ ཡོད་ཅིང་། སྲོག་ཆགས་གཞན་ལས་གཟུགས་སྟོབས་ཆེ་ལ་གཅན་གཟན་ཡང་རྭ་རྩེར་མཆོད་ཅིང་། རྨིག་འོག་ཏུ་བརྫི་ནུས་པའི་དཔའ་ངར་ལྡན། འབྲོང་གི་ལུས་ལ་སྙིང་དང་། སྙིང་ཁྲག རྭ་ཅོ། འབྲས་བུ། མཁྲིས་པ་སོགས་སྨན་རིགས་རྩ་ཆེན་བཅུ་ཕྲག་ལྷག་ཡོད་པས། ཁ་དཔེར། རྫ་སྟོད་མཐོན་པོ་ཕྱི་ཡི་ལྕགས་རི། །བྲེ་སེར་འབྲོང་རྒོད་ནང་གི་ནོར་བུ། །ཟེར་ལ། རྒྱ་མཚོའི་ངོས་ལས་རྨིད༣༢༠༠ ནས ༥༤༠༠ ཡན་ན་མཆིས་ཤིང་། འཚོ་གནས་ནི་གདང་ལ་དང་། ཁུ་ནུ་ལ། བ་ཡན་ཧ་རི། ཆི་ལན་རི་བོ་སོགས་ཁ་ཆར་བུ་ཡུག་འཚུབ་ཞིང་གནམ་གཤིས་ལ་འགྱུར་ལྡོག་ཆེ་སར་གནས་ཡོད། སྡོམ་རྩིས་བྱས་པ་ལྟར་ན་བྱང་ཐང་ས་ཁུལ་དུ་འབྲོང ༩༠༠༠ ཙམ་དང་། མཚོ་སྔོན་དུ ༢༥༠༠ དང་། ཤིན་ཅང་དུ ༢༠༠༠ ནས ༣༠༠༠ ཡོད་ལ། ཁྱོན་བསྡོམས ༡༥༠༠༠ ཙམ་ཡོད་པར་བཤད་ཡོད།

ཡིན་ནའང་། མཚོ་ནུབ་ཁུལ་གྱི་ལོ་རྒྱུས་དེབ་ཐེར་ལས།  ༡༩༦༠ ནས ༡༩༦༡ བར། སྲིད་གཞུང་གི་རྩ་འཛུགས་འོག་མི ༣༠༠ ལྷག་གིས་འབྲོང ༧༠༠༠ དང་།  རྐྱང ༧༥༠༠༠ གཉན ༡༠༠ སོགས་མེ་མདས་ཚར་གཅོད་བྱས་པར་འཁོད་ཡོད།

མཚོ་སྔོན་གྱི་ནགས་ལས་སྐོར་གྱི་ལོ་རྒྱུས་ཡིག་ཆ་ཞིག་ལས། ༡༩༦༧ ལོར་ཞིང་ཆེན་ཡོངས་ཀྱི་རྒྱལ་གཉེར་ཚོང་ལས་སྡེ་ཁག་ནས་བསྡུ་ལེན་བྱས་པའི་རི་དྭགས་ཀྱི་ཤ་ཏུན ༦༠ རིམ་འཕར་གྱིས ༡༩༧༡ ལོར་ཏུན ༡༨༦/ ༢ ༡༩༧༢ ལོར་ཏུན ༥༧༩/ ༦ དང་། ༡༩༧༣ ལོར་ཏུན ༦༠༨ ༡༩༧༤ ལོར་ཏུན ༧༩༧ ༡༩༦༦ ནས ༡༩༨༥ བར་ལོ་བཅུའི་ནང་རི་དྭགས་ཀྱི་ཤ་ཏུན ༤༧༠༠ དང་། ༡༩༧༦ ནས ༡༩༨༤ ལོའི་བར་དུ་རི་དྭགས་པགས་པ་ཁྲི ༡༤༢/ ༣ ཆ་སྙོམས་ལོ་རེར་ཁྲི ༦/ ༦༥ དེའི་ནང་ཆེས་མཐོ་ཤོས་སྤྱི་ལོ ༡༩༨༠ ལོར་པགས་པ་ཁྲི ༦༥/ ༤ ཡོད། ལོ་རབས་བརྒྱད་ཅུ་བའི་རྗེས་སུ་རི་དྭགས་གསོད་ཚུལ་གྱི་གྲངས་འབོར་ཇེ་མཐོར་བཏང་ནས། མཚོ་སྔོན་ཞིང་ཆེན་སྨན་རྩྭ་ཀུང་སི་ནས ༡༩༨༥ ལོ་ནས ༡༩༨༦ ལོའི་བར། གླ་རྩི་སྤྱི་རྒྱ ༢༠༠༠ བསྡུས་པ་དེར་ཕོ་གླ་ཁྲི ༦ ནས ༨ ལྷག་གསོད་དགོས་ངེས་ཡིན། དེའི་སྟེང་མོ་གླ་བསད་པ་སོགས་རྩིས་ན་ཁྲི ༡༠ ལོངས་ངེས་ཡིན། དུས་དེར་ཤྭ་རྭ་སྤྱི་རྒྱ་ཁྲི ༡/ ༤༧ བསྡུས། གོང་གི་གྲངས་ཀ་འདི་དག་རྒྱལ་གཉེར་ཚོང་ལས་སྡེ་ཁག་ནས་བསྡུས་པ་ཡིན་ལ། དམངས་ཁྲོད་སྒེར་གྱི་ཚོང་གཉེར་གྱི་གྲངས་ཀ་ཐེ་མེད།

སྲོག་ཆགས་ཀྱིས་སྐྱེ་ཁམས་སྙོམས་སྒྲིག་བྱེད་པའི་ཤེས་བྱ་འགའ།

གོ་ལའི་སྟེང་སྲོག་ཆགས་ཇི་སྙེད་ཅིག་གིས། སྐྱེ་ཁམས་སྙོམས་སྒྲིག་ལ་ཕན་ནུས་ཆེན་པོ་ཐོན་བཞིན་ཡོད། དེའི་ཁྲོད་ཀྱི་འགའ་ཟུང་བརྗོད་ན། རྒྱ་མཚོའི་མ་ལག་ལ་དཔེར་བཟུང་ནའང་། སྐྱེ་ལྡན་སྙིགས་རྫས་དག་འབུ་ཕྲས་སྐྱེ་མེད་དངོས་རྫས་སུ་བསྒྱུར་ལ། བཅུད་མེད་དངོས་རྫས་ཀྱི་བཅུད་ལྡན་དངོས་རིགས་མཁོ་སྤྲོད་བྱས་ཏེ་མཚོ་སྐྱེས་སྔོ་རིགས་ནར་སོན་པ་དང་། སྔོ་རིགས་དེ་ཡང་ཉའི་རིགས་ཀྱི་ཁ་ཟས་སུ་གྱུར་ནས་རྒྱ་མཚོ་དག་གཙང་དུ་གཏོང་བ་ལྟ་བུ་ཡིན།

ཡང་སྦལ་བ་ནི། འབུ་གསོད་ཀྱི་ལག་དམར་ཞེས་འབོད་ལ། དེ་ཡང་སྲོག་ཆགས་ཇི་སྙེད་བསད་དེ་ཁ་ཟས་བྱེད་པ་སྐྱོན་དུ་ཆེའང་། ཕྱོགས་གཞན་ཞིག་ནས་བལྟས་ན། ཁོའི་ལོ་ཏོག་ལ་ཕན་ནུས་མང་དུ་བསྐྲུན་པ་རེད། སྦལ་བའི་གཟན་ཆས་སུ་གནོད་འབུ ༨༠ % ཟིན་ཏེ། དེའི་ནང་ལོ་ཏོག་ལ་གནོད་པའི་འབུ་སེར་སྐེ་རིང་། གནོད་འབུ་ཐེན་ཉིའུ། ཆ་ག་བ། བསེ་འབུ་ལྗང་ནག ཆུ་འབྲས་གནོད་འབུ། པུའུ་ཞིན་འབུ། འབྲས་དཀྱིལ་གནོད་འབུ་སོགས་འདུས་ཡོད། སྦལ་བ་གཅིག་གིས་ལོ་གཅིག་གི་ནང་དུ་སྲིན་འབུ ༡༥༠༠༠ ལྷག་ཟ་བ་དང་། དེའི་ནང་གི་མང་ཆེ་བ་གནོད་འབུ་ཡིན། སྦལ་བས་རྩི་ཤིང་ནགས་ཚལ་ལ་ཕན་ནུས་ཐོན་གྱིན་ཡོད་ལ། ལོ་ཏོག་ལ་ཕན་ནུས་ཐོན་པའི་དཔྱད་འབྲས་གཅིག་པུས་སྟེང་ནས་བཤད་ནའང་། ཅིང་ཞིས་ཡུ་ཧྥུན་རྫོང་གི་ཞིང་ལས་ཆེད་མཁས་པ་སྐོར་ཞིག་གིས། ཞིང་ས་ཚན་གཅིག་ལ་ཞིང་སྨན་མ་སྤྱད་པར། ཉེ་ལོ་སྦལ་བ་བཏང་བ་དང་། ཚན་གཅིག་ལ་སྔོན་མ་ནང་བཞིན་ཞིང་སྨན་བཏང་རྗེས། འབྲས་ཞིང་གཉིས་བསྡུར་ཚེ། སྦལ་བ་བཏང་བའི་འབྲས་ཞིང་དེ་གཉིད་ཚད་ཆུང་ལ། ཐོན་སྐྱེད ༩.༢ /% མཐོ་བ་ལྟ་བུ་དང་། དེ་བཞིན། ཆིག་ལེན་ས་ཁུལ་གྱི་སྲོལ་རྒྱུན་ཞིང་ལས་བྱེད་ཐབས་ཞིག་ལ་ཆུ་འབྲས་སུ་ཉ་གཏོང་བ་རེད། དེ་ལ་ཁོ་ཚོསའབྲས་འོག་གི་ཉཞེས་འབོད་ལ། འབྲས་ཞིང་དུ་ཉ་གསོས་ན། ཆུ་འབྲས་ལ་གནོད་པའི་སྲིན་འབུ་ཟ་བ་ལས་གཞན། རྫས་འགྱུར་འབག་བཙོག་ཇེ་ཉུང་དུ་བཏང་སྟེ། ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་བྱེད་ནུས་ཐོན་ཡོད་པ་དང་།

ཡང་བྱ་ཤིང་རྟ་མོས་ལནགས་ཚལ་གྱི་སྨན་པཞེས་མིང་ཐོགས་ལ། རྒྱུ་མཚན། དུས་ཚིགས་བཞི་ལ་ཞིང་ས་དང་ལྡུམ་ར་ཤིང་སྡོང་སོགས་ལ་སྲུང་སྐྱོང་གི་ནུས་པ་འབུར་ཐོན་བྱུང་ཡོད། དེ་བཞིན་སྐྱ་ཀ་དང་འཇོལ་མོ་སོགས་ཀྱིས་ཀྱང་ཕན་ནུས་བསྐྲུན་བཞིན་ཡོད།

ཞིང་སྨན་གྱི་དུག་རྫས།

ཐར་བ་ཆེན་པོའི་མདོ་ལས། ཟས་མཆིས་ན་ནི་སྲོག་མཆིས། སྲོག་མཆིས་ན་ནི་ལུས་མཆིས།  ལུས་མཆིས་ན་ནི་ཆོས་ལམ་མཆིས་སོ། །ཞེས་པ་ལྟར། ཟས་ནི་ལུས་ཕུང་འདི་ཉིད་འཚོ་བའི་ཉིང་བཅུད་དུ་གྱུར་ཡོད། འོན་ཀྱང་། ད་ལྟའི་རྫས་འགྱུར་ཞིང་སྨན་འདི་དག་གིས། གཅིག་ནས་ལོ་ཏོག་སོགས་སྐྱེས་སྟོབས་དང་། གཉིས་ནས་ཟས་རིགས་ལ་དུག་རྫས་ཕོག་ཏེ། མི་རྣམས་ཀྱི་འབྱུང་ཁམས་ལ་རྡུལ་ཕྲན་གྱི་གནོད་པ་ཚབས་ཆེན་བསྒོ་བཞིན་ཡོད།

འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་སུ། འཕྲུལ་ཆས་མང་བོ་བཀོལ་སྤྱོད་བཏང་ནས་མིའི་རིགས་ལ་དཔལ་ཡོན་བསྐྲུན་ཀྱང་། དེ་ལས་ལྡོག་སྟེ་མིས་ལས་སྣོན་བྱས་པའི་ཐོན་སྐྱེད་བཟོ་ལས་ཀྱི་སྙིགས་རྫས་ཀྱིས་ཁོར་ཡུག་གི་རྣམ་པ་ཇེ་སྡུག་ནས་ཇེ་སྡུག་ཏུ་བཏང་ནས། མིའི་རིགས་དང་སྐྱེས་ཁམས་གཞན་པའི་ཚེ་སྲོག་ལ་གནོད་སྐྱོན་ཚབས་ཆེན་ཐེབས། དེ་བས། ཨ་རིའི་གྲོང་རྡལ་ཆུང་ཆུང་ཞིག་ནས་འཚར་ལོངས་བྱུང་བའི་བུད་མེད་ལེ་ཆེས་འཕར་ཁ་སིན་གྱིས། ༡༩༥༥ ནས་བཟུང་ལོ་ངོ་བཞིའི་དུས་ཚོད་བེད་སྤྱད་དེ་རྫས་འགྱུར་འབུ་གསོད་སྨན་རྫས་གྱི་སྐྱེ་ཁམས་ཁོར་ཡུག་ལ་ཐེབས་པའི་ཤུགས་རྐྱེན་ལ་ཞིབ་འཇུག་གནང་སྟེ། དཀའ་སྤྱད་སྡུག་རུས་དྲག་པོས་རྫས་འགྱུར་འབུ་གསོད་སྨན་རྫས་སྤྱོད་པའི་ས་ཁུལ་དུ་འགྲིམ་ནས་ཞིབ་འཇུག་སྣ་མང་སྤྱད་པའི་འབྲས་རྟགས་སུ། 《ལྷིང་འཇགས་ཀྱི་དཔྱིད་ཀ》ཞེས་པ་དཔེ་སྐྲུན་བྱས། དེའི་ནང་མིའི་རིགས་དང་རླུང་ཁམས་ཆེན་པོ། རྒྱ་མཚོ། ཆུ་རྒྱུན། ས་ཞིང་། སྐྱེ་དངོས་བར་གྱི་འབྲེལ་བ་གསལ་བཤད་བྱས་པ་དང་རྫས་འགྱུར་ཞིང་སྨན་གང་བྱུང་དུ་སྤྱད་པར་བརྟེན། སྐྱེ་དངོས་མང་བོ་གནོད་འཚེ་ཐེབས་པ་ཞིབ་མོར་བརྗོད་ཡོད་པར་མ་ཟད། དཔག་དཀའ་བའི་ནད་གཡོམ་ཞིག་གིས་འདབ་ཆགས་དང་ནོར་ལུག་མནར་ཤི་ཐེབས་པ་དང་། བྱིས་པ་ཚོ་རོལ་རྩེད་བྱེད་བཞིན་དུ་མགོ་ཡོམ་འཁོར་ཞིང་དབུགས་ཆད་དེ། ཚེ་སྲོག་རྟ་རྔ་ཙམ་ལ་ཐུག་པ་སོགས་ནི། དཔེར་ན། གྲག་འགུལ་མེད་པའི་དཔྱིད་ཀ་ཞིག་རེད་ཅེས་བརྗོད་ཡོད་པ་རེད། 《ལྷིང་འཇགས་ཀྱི་དཔྱིད་ཀ》འི་སྔ་རྗེས་སུ《མཚོ་རླུང་གི་འོག》དང་། 《ང་ཚོའི་མཐའ་འཁོབ་ཀྱི་རྒྱ་མཚོ། 》 《རྒྱ་མཚོའི་མཐའ་》སོགས་རྒྱ་མཚོ་དང་རྒྱ་མཚོའི་སྐྱེ་དངོས་རིག་པ་དང་འབྲེལ་བའི་ཆེད་རྩོམ་མང་བོ་པར་སྐྲུན་བྱས། དེ་དག་ལས《ང་ཚོའི་མཐའ་འཁོབ་ཀྱི་རྒྱ་མཚོ། 》ལ་རྒྱལ་ཁབ་རིམ་པའི་བྱ་དགའ་འཐོབ་པ་དང་། ལོ་གཅིག་རིང་དཔེ་དེབ་ཁྲི་ཉི་ཤུ་ལྷག་ཚོང་ཐུབ་པ་བྱུང་། ཁྱད་པར་དུ། 《ལྷིང་འཇགས་ཀྱི་དཔྱིད་ཀ》ཞེས་པ་པར་སྐྲུན་བྱས་རྗེས། སྐད་གྲགས་ཆེན་པོ་བྱུང་ཞིང་། སྐད་རིགས་མང་བོར་བསྒྱུར་ཏེ་མང་ཚོགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པར་མ་ཟད། ཁོར་ཡུག་སྲུང་སྐྱོང་གི་བྱ་འགུལ་གཅིག་རྗེས་གཉིས་མཐུད་ཀྱིས་སྤེལ་མགོ་ཚུགས་པ་ལྟ་བུ་ཡིན།

དེ་ལས་གཞན། སྐྱེ་ལྡན་ལུའི་ཞིང་སྨན་དེ། སྲ་མཁྲེགས་ཆེ་བའི་ཐོར་དཀའ་བས། ས་མཁྲེགས་པོ་དང་། ས་སྐྱུར་ཇེ་མང་དུ་གཏོང་ལ། བེད་སྤྱོད་མང་བོ་བཏང་ན་ལོ་ཏོག་ལ་སླད་སྐྱོན་ཞུགས་ཏེ། མིའི་བདེ་ཐང་ལ་གནོད་ཀྱིན་ཡོད་པ་དང་། དངུལ་ཆུའི་སྨན་རྫས་གཏོར་འགྲེམས་བྱས་པའི་འབྲུ་རིགས་དང་། ཤིང་ཏོག སྔོ་ཚལ་སོགས་ལ་དངུལ་ཆུ་འདུས་ཡོད་པས། ཐད་ཀར་ཟས་དུག་ཕོག་སྲིད་པ་ཡིན། གཞན་ཡང་། སྨན་རྫས་རྩྭ་ལ་ཕོག་པས། རྩྭ་གཟན་སྲོག་ཆགས་ཀྱི་ཤས་བསྐྱེད་པའི་དུག་སོགས་འཕྲོད་བསྟེན་ལ་གནོད་པའི་དུག་རྫས་ས་ཁྱབ་རྡོ་ཁྱབ་ཏུ་བེད་སྤྱོད་པ་འདི་མིའི་ཚེ་སྲོག་གི་གཤེད་མར་འགྲོ་བ་ཤིན་ཏུ་ནས་ཀྱང་མང་ངོ་། །

ཁྱད་པར་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་ཞིང་སྨན་བེད་སྤྱོད་བཏང་བའི་འབྲས་རྟགས་སུ་ལོ་རེར་མི་ཁྲི ༤ ཤི་བས། ཆ་སྙོམས་ཀྱིས་སྐར་ཆ ༡༧ རེའི་ནང་མི ༡ རེར་ཤི་བ་ལས་གཞན། ཕྲུ་གུ་མངལ་དུ་ཤི་བ་དང་། མངལ་ཤོར་བ། སྐྲན་ནད་ཕོག་པ་སོགས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གསལ་བསྒྲགས་བྱས་ཡོད།

གད་སྙིགས་ཀྱིས་རྫད་པ།

དེང་སྐབས་འཛམ་གླིང་ཡོངས་སུ་བཟོ་ལས་དང་། ཚན་རིག་ཅི་ཙམ་འཕེལ་རྒྱས་འགྲོ་བ་དེ་ཙམ་དུ། དེས་བསྐྱེད་པའི་གད་སྙིགས་དང་རྫས་ངན་ཡང་ཇེ་མང་དུ་འགྲོ་བཞིན་ཡོད་དེ། སྡོམ་རྩིས་བྱས་པ་ལྟར་ན། སའི་གོ་ལའི་ཁྱོན་ན་གད་སྙིགས་ཏུན་དུང་ཕྱུར ༡༠༠ ལྷག་སྔོན་ལས་ཇེ་མང་དུ་སོང་བ་བཀོད་ཡོད། གད་སྙིགས་དེ་ཡང་བཟོ་ལས་དང་འཚོ་གནས་ཀྱི་གད་སྙིགས་གཉིས་སུ་འདུ་ལ། བཟོ་ལས་ཐོན་སྐྱེད་ཀྱི་གོ་རིམ་ཁྲོད་བྱུང་བའི་སྙིགས་རོ་གཙོ་གྲས་ནི། སོལ་རྡོ་དང་། སོལ་ཐལ། ཤོག་སྙིགས། ཤེལ་སྒོ་ཆག་རོ། ལྕགས་རིགས་སོགས་ཀྱི་སྙིགས་རོ་དང་། འཚོ་གནས་ཀྱི་སྙིགས་རོ ༡༠% ཡི་མྱུར་ཚད་འཕར་སྣོན་བྱུང་བར་བརྟེན། མིའི་བདེ་ཐང་གི་འགལ་ཚབས་ཆེན་པོ་ཞིག་ཏུ་གྱུར་བ་ཡིན་ཏེ། དེ་ཡང་གཙོ་ཆེ་ཤོས་ཞིང་ས་དང་། ཁ་དབུགས། ཆུ། རྩི་ལྗོན་སོགས་ལ་དངོས་སུ་འགོས་ནད་བསྒོས་ཏེ། བརྒྱུད་ནས་མིའི་འཕྲོད་བསྟེན་ལ་གནོད་པ་ཡིན། དཔེར་ན། རྡོ་སྣུམ་གྱིས་མཚོ་ངོས་སྦགས་པས། རུས་སྐོགས་ཅན་དང་། འོ་འཐུང་སྲོག་ཆགས་མང་བོའི་གཅེས་སྲོག་ཤོར་བའི་གནས་ཚུལ་ལྟ་བུ་ཡིན།

གཏེར་ཁ་སྔོག་པའི་མཇུག་འབྲས།

མཚོ་སྔོན་ཞིང་ཆེན་པདྨ་རྫོང་དུ་ལོ་རབས་བརྒྱད་ཅུའི་མཇུག་ཙམ་ནས། སྲིད་གཞུང་ནས་ཐབས་ཆགས་ཀྱི་ལག་ཆར་བརྟེན་ཏེ། གསེར་གྱི་གཏེར་ཁ་སྔོག་འདོན་བྱས་ནས། ༡༩༩༠ ནས༡༩༩༨བར་གསེར་སྤྱི་རྒྱ ༩༤༠ བརྐོས། གྱ་ལྔ་ལོ་ལས་ཐོན་ཚད་ཁྲི ༡༨ རིམ་འཕར་གྱིས་གྱ་བརྒྱད་ལོར་ཁྲི ༤༣༠༠ ལ་བུད། ས་གནས་ཀྱི་ནོར་སྲིད་ཡོང་སྒོ་ཁྲི ༥༠ རིམ་འཕར་གྱིས་ཁྲི ༣༠༠ བུད་ཀྱང་། གདོད་མའི་ནགས་ཚལ་དང་རྩྭ་སར་གནོད་སྐྱོན་ཐེབས་ཏེ། ཕྱུགས་ལས་ཀྱི་འཕེལ་ཁ་སོགས་ལ་བཀག་རྒྱ་ཐེབས་པར་མ་ཟད། གངས་ཆག་པ་སོགས་རང་བྱུང་གནོད་འཚེ་ཐེབས་པས། འབྲོག་དམངས་དབུལ་བོར་གྱུར་ཏེ། བྱིས་པ་སློབ་གྲྭ་ཡང་སྐྱེལ་མི་ཐུབ་པའི་གནས་ཚུལ་བྱུང་ཡོད།

ཁོར་ཡུག་རྫད་སྐྱོན་གྱི་གཏམ་རྒྱུད་འགའ།

རང་ཅག་གི་གདོད་མའི་བོན་ཆོག་འདི་ཆུ་ལ་ཆུ་བཞག་གི་ཚུལ་དུ་བོད་ཀྱི་དམངས་སྲོལ་དང་རོ་གཅིག་ཏུ་ཐིམ་ཡོད། ཕལ་མོ་ཆེས་ད་ལྟའི་དུས་འདིར་འདི་ནི་བོན་ཆོག་གོ་ཞེས་མཐའ་གཅིག་ཏུ་ལྟ་ཚུལ་དང་སྡོམ་ཚིག་བཀོད་པ་ནི། སོ་སོའི་ནང་ཉམས་ཕྱིར་བརྟོལ་བའམ། རྣམ་དཔྱོད་ལ་ཕྱོགས་ལྷུང་གི་ལྕགས་སྒྲོག་ཐེབས་པ་ལས། བསམ་བློ་བ་ཞེས་པའི་དྲི་ཙམ་ཡང་མི་བྲོ་བ་ཡིན། དེ་བས་བོན་ཆོག་དང་ནང་བསྟན་ལས་བྱུང་བའི་ཁོར་ཡུག་དང་འབྲེལ་ཡོད་ཀྱི་གཏམ་རྒྱུད་འགའ་བསྡུས་ཏེ་བཀོད་ན།

༡ ཁྱིམ་བདག་གཡུང་དྲུང་གསལ་ཁྱབ་ཀྱི་གཏམ་རྒྱུད། ﹙སྤང་སྐོང་ནེ་ར་བརྒྱད་གསུམ་གྱི་ཀླུའི་སྤང་སྐོང་ལས་འབྱུང། ﹚ མུ་ཁུམ་རིའི་བྱང་ཕྱོགས། རི་བོ་སྤོས་ངད་ལྡན་པའི་རྩ་བ། རྟ་མཆོག་ཁ་འབབ་ཀྱི་བག་ཤུའི་འགྲམ་དུ། ཁྱིམ་བདག་གཡུང་དྲུང་གསལ་ཁྱབ་བྱ་བ་དེར་ཕྱིན་ནས། ན་མ་ནེའུ་གསེང་དང་། མེ་ཏོག་སྤང་བཀྲ་ལེགས་པའི་དཀྱིལ་དུ། ཁང་ཁྱིམ་ཕུག རྟ་གླང་ལྷས་སུ་བཅུག གཏེར་ཁ་དང་སྤང་ནགས་མེར་བསྲེགས་པས། ལྷ་ཀླུ་གཉན་བཙན་འཁྲུགས་ཏེ། ཡུལ་མི་རྣམས་ལ་ཁོང་ལྷོག་གཉན་ནད། དྲེག་དང་གྲུམ་བུ། འབམ་ནད། ཆུ་སེར་དང་འབྲུམ་བུ་དཀར་ནག མཛེ་དང་ཤུ་བ། ཕོལ་དང་སྐྲན། དམུ་ཆུ་དང་གཉན་ནད། སྨྱོ་བརྒྱལ་དང་སྔངས་འདར་སོགས་ནད་བྱུང་། མི་ནོར་ཡུལ་ཁམས་སྟོངས་ལ་ཁད་ཀྱི་གནོད་འཚེ་བྱུང་བས། ཁྱིམ་བདག་གིས་རྟ་ངང་བ་ཐོད་དཀར་ལ་དར་སྣ་ལྔས་བརྒྱན་ནས། སྟོན་པ་གཤེན་རབ་ལ་ཕུལ་ཏེ། འདི་དག་ནི་སྔོན་གྱི་ལས་སམ་ད་ལྟའི་རྐྱེན་ལགས་ཞུས་པས། སྟོན་པའི་ཞལ་ལས། འདི་ནི་ཁྱེད་ཅག་གི་བྱས་ཉེས་ཀྱིས། ལྷ་ཀླུ་གཉན་སོགས་འཁྲུགས་ཏེ། བྱུར་ཉེས་བཏང་བར་བཀའ་བསྩལ་ནས། དེ་ཐམས་ཅད་གཟུངས་ཀྱིས་བཅས་པར་གསུངས་སོ། །

༢ དེད་དཔོན་ཟླ་བ་དབང་བོའི་གཏམ་རྒྱུད། ﹙ས་བདག་སྤང་སྐོང་ལས་འབྱུང་﹚ཞང་ཞུང་མལ་གྲོས་ན་གཡུའི་རྫིང་བུ་ཞིག་ཡོད་པའི་གནས་དེར། དེད་དཔོན་ཟླ་བ་དབང་བོ་ཞེས་པས། ཡུལ་མཁར་བཟུང་། ས་རྒོད་བཏུལ་ནས་ཞིང་རྨོས། སྤང་ལ་མེ་སྒྲོན།  མཚོ་རྫིང་ལ་ཡུར་བ་སློག་པས། རེ་ཞིག་ན་ཡུལ་དེར་ཆར་ཆད། རྩི་ཤིང་བསྐམས། མི་ཕྱུགས་ལ་ནད་བྱུང་སྟེ་ཅི་བྱ་བརྟོལ་མེད་དུ་ལུས་ཚེ། རེ་ཞིག་ཡུལ་དེ་ལྷོ་ནུབ་རྟ་སྒོ་གངས་ཀྱི་ར་བ་ནས། སྒྲ་སྙན་པ་དང་འོད་གསལ་ཤར་བས། ཀུན་གྱིས་དད་གུས་ཀྱིས་ལྷ་ཕྱག་མང་དུ་འཚལ་སྐབས།  སྟོན་པ་གཤེན་རབ་ལ་ལྷ་ཀླུ་མི་གསུམ་གྱིས་བསྐོར་ནས་བྱོན་པས། ཁྱིམ་བདག་གིས་ཤེལ་དཀར་གྱི་ཟོ་བ་ལ་ཞོ་ཡིས་བཀང་སྟེ་ཕུལ་བས། སྟོན་པའི་ཞལ་ལས། ཁྱེད་ཅག་སྔོན་ནས་བདག་དང་ལས་འབྲེལ་ཡོད་པས། ང་རང་ཁྱེད་རྣམས་སྐྱོབ་ཏུ་ཡོང་བ་ཡིན། ཤེལ་དཀར་ཞོ་ཡིས་བཀང་བ་འདི་ཤིན་ཏུ་ལེགས་པའི་བརྡར་གོ །རྐྱེན་ངན་ཐམས་ཅད་ས་བདག་གཏོད་ཀྱི་ཆོ་འཕྲུལ་ཡིན་གསུངས་ཏེ། དེ་དག་ཞི་བའི་གཟུངས་དང་བཅས་གསུངས་སོ། །

༣ ཁྱིམ་བདག་བཀྲ་ཤིས་ལྷ་རྒྱལ་ཆེའི་གཏམ་རྒྱུད། ﹙གཉན་གྱི་སྤང་སྐོང་ལས་འབྱུང་﹚ རྩང་ཡུལ་སྐོར་སྙི་མོའི་ཡུལ་ན། ཁྱིམ་བདག་བཀྲ་ཤིས་ལྷ་རྒྱལ་ཆེ་ཞེས་དད་ལྡན་ཞིག་ཡོད་པ་དེའི་རིང་ལ། ཡུལ་དེར་སྔར་མཐོང་མ་མྱོང་བའི་རུ་གླང་དཀར་བོ་དམར་མདངས་ཆགས་པ། རྭ་རྨུག་གཉིས་གཡུའི་འོད་ཟེར་དང་ལྡན་པ་ཞིག་གིས། ཕུག་གི་རྩ་དང་མདོ་ཡི་ཆུ་ལ་རོལ་ཏེ་ཡོད་ཙ་ན། ཁྱིམ་བདག་བཀྲ་ཤིས་དཔལ་མཁར་ཞེས་པ་དེས་གླང་དེ་མདས་བསད་པས། ཡུལ་དེར་གཉན་ནད་སྣ་ཚོགས་བྱུང་སྟེ། མི་ནོར་ཡུལ་མཁར་སྟོངས་ལ་ཉེ་བ་ན། ཡུལ་མི་དག་གིས་གཙང་གཤེན་སྙན་ངག་རྒྱལ་བ་ལ་རིན་ཆེན་གྱི་མཎྜལ་ཕུལ་ཏེ། བཅོས་ཐབས་ཀྱི་ལུང་བསྟན་ཞུས་པས། གཙང་གཤེན་གྱི་ཞལ་ལས། གླང་དང་བྱི་བ་བསད་དུ་མི་རུང་། གཉན་གྱི་བུ་དང་བུ་མོའི་སྤྲུལ་བ་ཡིན། དེ་ལ་ཞི་ཐབས་ཀྱིས་མི་བསླུ་ཞིང་། དྲག་པོའི་ལས་བྱེད་པ་སྤངས་དགོས། ཁྱེད་རྣམས་ཀྱིས་གཉན་གྱི་རྒྱལ་བོ་ལ་འགྱོད་བཤགས་གྱིས། བདག་གིས་གཟུངས་སྔགས་ཀྱི་བཅོས་ཐབས་བྱའོ་ཞེས་གསུངས་སོ། །

༤ ཁྱིམ་བདག་བྷུ་ར་ཧ་ཛན་གྱི་གཏམ་རྒྱུད། ﹙བཙན་དང་ཆུ་བདུད་ཞགས་བཀྲོལ་ལས་འབྱུང་﹚ ཡང་ཡུལ་སུམ་པ་གླང་གི་གྱིམ་ཤོད། ཤེལ་བྲག་དཀར་བོའི་ཤར་ཕྱོགས། རི་ནག་དགུ་འདུལ་དཔག་ཕུག་གི་འགྲམ་ན། ཁྱིམ་བདག་བྷུ་ར་ཧ་ཛན་ཟེར་བ་ཞིག་གིས། བཙན་ཤ་དམར་བོ་བསད། ཁ་ཤ་རྒྱ་ལ་བཟུང་། འུག་པའི་ཚང་བཤིག ཆུ་གཉན་མིག་ཏུ་མེ་ཐབས་སོང་། ས་གཉན་འོག་ཏུ་མི་ཟོག་གི་རོ་སྦས། ས་དཀྲེས་དཀྱིལ་ནས་གས་པས། ཡུལ་དེར་ཁྲག་གི་ཆར་བབས། ནད་སྣ་ཚོགས་བྱུང་བས། དེར་བཙན་བོན་རུམ་པོ་བཞུགས་པས། ཁྱེད་རྣམས་ཀྱིས་འགྱོད་བཤགས་གྱིས། ནད་ཡམས་དང་བདུག་པ་ཞི་བའི་གཟུངས་ཡང་བསྩལ་བར་གསུངས་སོ། །

༥ རི་དྭགས་རུ་རུའི་གཏམ་རྒྱུད། ﹙སྐྱེས་རབས་ཀྱི་ལེའུ་ཉེར་དྲུག་པ་ལས་འབྱུང་། ﹚ སྔོན་ནགས་ཚལ་ཡིད་དུ་འོང་བ་ཞིག་ན། རི་དྭགས་ཀྱི་རྒྱལ་བོ་རུ་རུ་ཞེས་པ། རིན་པོ་ཆེ་ཨིནྡྲ་སྙིལ་དང་། མརྒད། བཻ་ཌཱུ་རྱའི་མདོག་གི་ཐིག་ལེ་འཚེར་བ། རྭ་དང་རྨིག་པ་འཇམ་ཞིང་འོད་ཆགས་པ་ཞིག་གནས་ཡོད། ཚེ་ཞིག་དེ་དང་ཉེ་བ་ན། མི་ཞིག་ཆུ་ཀླུང་དྲག་པོས་འཁྱེར་ཏེ་འོ་དོད་འབོད་པ་ཐོས་པས། རུ་རུས་མ་འཇིགས་ཤིག་ཅེས་དབུགས་དབྱུང་བར་མཛད་དེ། ཆུར་མཆོངས་ནས་སྲོག་བསྐྱབས་པས། མི་དེ་ངོ་མཚར་ནས། ཕྱག་འཚལ་ཏེ་དྲིན་ལན་ཇི་ལྟར་གསབ་པའི་རེ་སྐུལ་བྱས་པས། ལན་དུ། བདག་གང་ན་ཡོད་པ་མ་སྨྲས་ན་དྲིན་ལན་གསབ་པ་ཡིན་ནོ་གསུངས་པ་ལྟར། དེས་ཀྱང་ཁས་བླངས་ཏེ་ཕྱག་དང་བསྐོར་བ་བྱས་ཏེ་སོང་ངོ་། །ནམ་ཞིག་རྒྱལ་བོའི་བཙུན་མོས། རྨི་ལམ་དུ་རི་དྭགས་ངོ་མཚར་བ་དེ་རྨིས་ཏེ། རྒྱལ་བོ་ལ་དེ་འཚོལ་བར་གདམས་པས། ཐ་ཤལ་དེས། རྒྱལ་བོའི་ནོར་ལས་བཅུ་ཆ་སྟེར་བའི་རྔན་པར་རྔམ་སྟེ། རྒྱལ་བོ་ཁྲིད་ནས་ལག་པས་རུ་རུ་བསྟན་པས། རྣམ་སྨིན་མཐོང་ཆོས་སུ་སྨིན་ཏེ་ལག་པའི་མཁྲིག་མའི་རྩ་བ་ནས་ཆད། རྒྱལ་བོས་མདའ་ཁ་རུ་རུ་ལ་གཏད་པས། རུ་རུས་མི་སྐད་སྨྲས་ཏེ། ཐ་ཤལ་དེས་དྲིན་ལན་ལོག་འཇལ་བྱས་པར་བཤད་པས། ཁོང་རུ་རུའི་མཛད་རྣམ་ལ་ངོ་མཚར་ཏེ། ཕོ་བྲང་དུ་སྤྱན་དྲངས་ནས་བཀུར་སྟི་དང་ཆོས་བསྟན་དུ་བཅུག་གོ །

༦ ཀླུ་རྒྱལ་ཨེ་ལའི་འདབ་ཀྱི་གཏམ་རྒྱུད། ﹙མདོ་དང་བསྟན་བཅོས་མང་བོ་ལས་འབྱུང་། ﹚སངས་རྒྱས་འོད་སྲུང་གི་བསྟན་པ་ལ། སྡེ་སྣོད་གསུམ་དང་ལྡན་པའི་དགེ་སློང་སྤོང་བ་བ་ཞིག ཨེ་ལའི་ཤིང་དྲུང་དུ་འཆག་པའི་ཚེ། དེའི་དཔྲལ་བར་ཤིང་གི་འདབ་མ་ཕོག་པས། ཁྲོས་ཏེ་བཅད་ནས་དུམ་པར་བྱས་ཤིང་། འདི་ལ་སྲོག་དང་ཚོར་བ་ཡང་མེད་ན་ཅི་ཞིག་ལ་འོད་སྲུང་གིས་བསླབ་པའི་གཞི་བཅོས་པ་ཡིན་ཞེས་གཤེ་བས། དེའི་རྣམ་སྨིན་གྱིས་སྟོན་པ་ཤཱཀྱ་ཐུབ་པའི་དུས་སུ། ཀླུ་ཨེ་ལའི་འདབ་བྱ་བ་མགོ་བོ་བདུན་ཡོད་པ། མགོ་རེ་རེ་ལ་ཨེ་ལའི་ཤིང་གི་སྡོང་བོ་སྐྱེས་པ། སྲིན་འབུའི་རིགས་བརྒྱ་ཕྲག་དུ་མའི་གང་བ། སྦྲང་བུའི་ཚོགས་དུ་མ་ལྡིང་ཞིང་རྣག་ཁྲག་གི་དྲི་ངན་འཐུལ་ཞིང་འཛག་པ་ཞིག་ཏུ་སྐྱེས་ཏེ། ད་ལྟ་ཡང་སྡུག་བསྔལ་དེ་མྱོང་བཞིན་ཡོད་དོ། །

༧ སྤྲེའུ་བྱང་ཆུབ་སེམས་དཔའི་གཏམ་རྒྱུད། ﹙མདོ་དང་སྐྱེས་རབས་ཉེར་བཞི་བ་ལས་འབྱུང་། ﹚ ནགས་ཚལ་ལྟ་ན་སྡུག་པ་ཞིག་ན་སྤྲེའུ་ཞིག་གནས་སོ། །ཚེ་ཞིག་བ་འཚོལ་བའི་མི་ཞིག་ལམ་སྟོར་ཏེ། བཀྲེས་སྐོམ་གྱིས་ཉེན་པས། གཡང་གཟར་དུ་ལྗོན་འབྲས་དཔྱངས་པ་མཐོང་ནས། ལེན་པར་རྩོམ་ཚེ་གཡང་དུ་ལྷུང་། དེའི་སྨེ་སྔགས་བཏོན་པས། སྤྲེའུས་གསན་ཏེ། དང་ཐོག་མིའི་ལྗིད་ཚད་ཀྱི་རྡོ་ཞིག་ཡར་དྲངས་ནས་སྦྱངས་པ་བྱས་མཐར། ཕྱིས་མི་དེ་ཆུ་ཀླུང་ལས་བཏོན། སྤྲེའུ་ཐང་ཆད་དེ་རྡོ་ལེབ་སྟེང་དུ་བསྡད་ནས། བདག་གཅན་གཟན་སྡིག་ཅན་ལས་སྲུངས་ཤིག་ཅེས་གསུངས་ཏེ་བདེ་བར་གཟིམ་པ་ན། མི་དེས་སྤྲེའུ་ཤ་ལམ་རྒྱགས་སུ་རེ་ནས། སྤྲེའུ་མགོ་ལ་རྡོ་བཞུས་པས། མ་ཕོག་སྟེ་དུམ་ཅིག་སྤྲེའུ་མགོ་ལ་ཕོག་པས་སད་དེ། ཨེ་མ་ཁྱེད་མིར་གྱུར་ཀྱང་ཡིད་རྟོན་བྱ་མི་རུང་བར་འདུག་པར་གསུངས་ནས། སྤྲེའུ་སྔོན་དུ་ཕྱིན་ཏེ་ཤིང་ཏོག་སྤུངས་ཤིང་ལེགས་པར་བསྐྱལ་ལོ། །མི་དེ་ལ་རྣམ་སྨིན་མཐོང་ཆོས་སུ་གྱུར་ཏེ། མཛེ་ནད་ཀྱིས་རྣག་ཁྲག་བཞུར་ཞིང་ཤུ་བའི་གོང་བུ་དྲི་ང་བ། མི་གཟུགས་ཡིན་པ་ཡང་མི་ཤེས་པ་ཞིག་ཏུ་ལུས་པའི་ཚེ།  རི་དྭགས་གཤོར་དུ་ཡོང་བའི་རྒྱལ་བོ་ཞིག་དང་འཕྲད་པས། ཁྱེད་འདྲེ་འམ། ཡི་དྭགས་སམ།  ཉི་ཚེ་བའི་དམྱལ་བ་གང་ལགས་དྲིས་པས། མི་དེས་སྨྲས་པ། བྱམས་པ་སྙིང་རིངས་བྱས་པ་ཡི། །མེ་སྟག་ཙམ་ཞིག་འདིར་སྨིན་ཏེ། །འཇིག་རྟེན་གཞན་དུ་བརྣག་དཀའ་བའི། །དམྱལ་བའི་སྡུག་བསྔལ་སླད་ནས་མཆི། །ཞེས་ཟེར་རོ། །

༨ གཞན་ཡང་། སྔོན་རྒྱ་གར་དུ་མུ་སྟེགས་པའི་རྒྱལ་བོ་འཕྲི་ཅན་གྱིས་ཁ་ཟས་ཀྱི་ཆེད་དུ་སེམས་ཅན་ཁྲི་ཕྲག་བསད་པའི་རྣམ་སྨིན་གྱིས། རྡོ་རྗེ་དམྱལ་བར་སྐྱེས་ཏེ་སྡུག་བསྔལ་ཚད་མེད་མྱངས་པས། ཀུན་དགའ་བོས་ཆོས་ཀྱི་རྒྱལ་བོ་གཤིན་རྗེ་ལ་ཕུལ་ཏེ། ཚེ་ཐར་མང་དུ་བྱས་པས་དམྱལ་བ་ལས་ཐར་བ་དང་།

༩ ཡང་སྔོན་ཁྱིམ་ཚང་ཞིག་གི་ཕ་རྒན་གྱིས། ཁྱིམ་གྱི་རྒྱབ་ན་ཉ་རྫིང་ཞིག་ཡོད་པ་ལས་བཅུས་གྱིན་ཟོས་པས། ཚེ་འཕོས་ནས་དེར་ཉའི་སྐྱེ་བ་མང་དུ་བླངས་ཏེ། བུས་ལན་གྲངས་བརྒྱ་ཕྲག་ཏུ་ཕ་ཤ་ཟ་བ། མ་ག་དྷར་མོའུ་འགལ་གྱི་བུས་དངོས་སུ་གཟིགས་པ་ལས་རྣམ་འབྱེད་དུ་གསུངས་པ་དང་།

༡༠ ཡང་། གྲོང་ཁྱེར་ཀས་མ་རྱ་ན་གླང་ཞིག་ཕ་བི་ཞེས་སྒྲ་འབྱིན་ཅིང་ཁྲིད་པ། དགྲ་བཅོམ་པ་ཞིག་གིས་གཟིགས་ཏེ། ཀྱེ་ཧུད། ཨེ་མ། ག་ལ་སྲིད་ཞེས་བརྗོད་པས། མི་དག་གིས་རྒྱུ་མཚན་དྲིས་པས། སྔོན་ཁྱིམ་བདག་ཅིག་རྨོངས་པའི་དབང་གིས་ཕྱུགས་ཀྱི་མཆོད་སྦྱིན་མང་དུ་བྱས་པའི་སྟེང་། འཆི་ཁར་ཡང་བུ་ལ་མཆོད་སྦྱིན་བྱེད་པའི་ཁ་ཆེམས་བཞག་པས། ཁྱིམ་བདག་དེ་ཕྱུགས་སུ་ལན་གྲངས་དུ་མར་སྐྱེས་ཤིང་། ཐེངས་དེར་གསོད་ཐེངས་དྲུག་པ་ཡིན་ལ། སྒྲ་འབྱིན་པ་དེ་ཡང་བུ་ལ་ཁོ་ཁྱེད་ཀྱི་ཕ་རྒན་ཕ་བི་ཡིན་ཞེས་བརྡ་སྟོན་པ་ཡིན་ནོ། །

༡༡ གཞན་ཡང་། ཁྲི་སྲོང་ལྡེ་བཙན་གྱི་བཙུན་མོ་མོང་བཟའ་ལྷ་ལྕམ་ལ་བཙོག་མནོལ་གྱི་བུ་ཞིག་སྐྱེས་པས། བཙུན་མོས་གསང་ནས་ཁོལ་མོ་ལ་གཏད་དེ། སུས་ཀྱང་མ་མཐོང་བར་དུར་དུ་སྦས་ཤིག་ཅེས་གདམས་པ་བཞིན་དུར་དུ་སྦས་པ། ས་བདག་གི་ལྟོ་བར་འཕྲད་པས། ཡུལ་ལྷ་ཐམས་ཅད་ལ་མནོལ་གྲིབ་ཕོག་པས་ལྷ་འཁྲུགས་བྱུང་སྟེ། བཙའ་སེར་སད་གསུམ་དང་། ནད་ཡམས་མུ་གེ་བྱུང་བ་དང་། ཁྱད་པར་དུ་རྒྱལ་བོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་ཁམས་མ་བདེ་བས། སློབ་དཔོན་པད་འབྱུང་གིས། མནོལ་བསང་ལྷ་ཆབ་སྔོན་མོ་གསུངས་ཏེ་ཆོ་ག་བསྟར་བས། རྒྱལ་བོ་སྙིང་ནད་ལས་གྲོལ་བ་དང་། ད་དུང་ཕན་ནུས་སུ། ལྷ་དང་སྲུང་མ་འཁོར། ཟས་ནོར་ལོངས་སྤྱོད་ལ་བྱིན་ཆགས།  འབྱུང་བ་སྙོམས་ལ་གྲགས་དང་གཟི་བརྗིད་བསྐྱེད། ཁམས་དང་དབང་བོ་གསལ། སྣང་སྲིད་ལྷ་འདྲེ་དང་འགལ་རྐྱེན་བར་ཆད་ཀྱི་མི་གོས་པ་སོགས་ཕན་ནུས་རྒྱ་ཆེར་གསུངས་སོ། །

སྲོག་བླུ་ཚེ་ཐར་གྱི་དགེ་མཚན།

རང་རེའི་སྲོག་བླུ་ཚེ་ཐར་གྱི་ཕྱག་སྲོལ་བཟང་བོ་འདིས་ཁོར་ཡུག་སྲུང་སྐྱོང་ལ་ཕན་ནུས་ཁྱད་པར་ཅན་ཐོན་ཡོད། དེ་ཡང་བླ་མའི་ཞབས་བརྟན། ནད་མེད་ཚེ་རིང་། གཤིན་པོའི་དགེ་རྩ། ཆོས་སྲུང་ལ་མཆོད་ཕྱིར་གཏོང་བ་སྟེ། ད་ལྟ་ལྷ་རྟ་དང་། ལྷ་གཡག ལྷ་ར་ཞེས་པ་དེ་རྣམས་ཡིན། ཁྱད་པར་དུ་ཐང་ཧྲུའུ་དུ་རི་དྭགས་གཉན་བོད་ཀྱིས་ལྷར་བཀུར་བར་བཤད་ཡོད་ལ། བོད་རྒྱལ་དམུས་ལོང་དཀོན་པ་བཀྲ་ཤིས་ཀྱི་མིག་ལ་ནད་བཅོས་བྱས་ཚེ། དང་ཐོག་གཉན་ཞིག་གཟིགས་པས་སྟག་རི་གཉན་གཟིགས་བཏགས་པ་སོགས་ལ་བལྟས་ནའང་རི་དྭགས་གཉན་ལ་མཐོང་ཆེན་ཇི་ལྟར་བྱེད་པ་རྟོགས་ཐུབ། དེ་ཡང་མདོར་དྲིལ་ན་ལས་འབྲས་ཀྱི་རྣམ་སྨིན་ལ་སྙིང་ཁོང་རུས་པའི་གཏིང་ནས་ཡིད་ཆེས་ཡོད་པའི་སྟེང་ནས། ཁོར་ཡུག་སྲུང་སྐྱོང་བྱེད་སྟངས་འདི་ལག་ལེན་ཁྲོད་བྱུང་བ་ཡིན། དམྱལ་གླིང་མུན་པ་རང་སངས་ལས། ལྕགས་སྲེག་ཐང་ན་ཚེ་འདས་ཕོ་མོ་རྣམས། །ལུས་པོ་ཚིག་ནས་ཨ་ཚ་ཟེར་བ་འདི། །འཇིག་རྟེན་མི་ཡུལ་གསོན་པོར་འདུག་པའི་དུས། །ར་ལུག་གསོན་པོར་བཟུང་ནས་གསུར་ལ་འདྲེན། །ཆུ་ནང་ཉ་མོ་བཟུང་ནས་སྐམ་ལ་ཕུད། །དགུན་གསུམ་རི་བོ་ཆེན་པོ་མེ་ལ་བསྲེགས། །ལས་ངན་དེ་འདྲ་བྱས་པའི་རྣམ་སྨིན་རེད། །ལས་མཁན་མཚོན་ཆ་ཐོགས་པ་འབུམ་ཕྲག་གིས། །ཚེ་འདས་ཕོ་མོ་བགྲང་ལས་འདས་པ་གསོད། །ཡང་ཤི་ཡང་སོས་སྡུག་བསྔལ་བརྒྱ་རེ་མྱོང་། །འཇིག་རྟེན་མི་ཡུལ་གསོན་པོར་འདུག་པའི་དུས། །ཉེས་མེད་རི་དྭགས་མང་བོ་མདའ་ཡིས་བསད། །རྐུན་ཇག་བྱས་ནས་མི་རྟ་མང་བོ་བསད། །བྱ་ཚང་བྱེའུ་ཚང་སྒོ་ང་རྡོ་ལ་བརྒྱབ། །གཡུ་སྤྱང་ཝ་མོ་དར་མ་མང་བོ་བསད། །འཕྱི་བ་རི་བོང་ཤྭ་རྐྱང་མདའ་ཡིས་བསད། །ན་ཁའི་སྦལ་བ་ཚྭ་ཆུ་བཏབ་ནས་བསད། །ས་འོག་དུག་སྦྲུལ་གླ་རྩི་དུག་གིས་བསད། །ལས་ངན་དེ་འདྲ་བྱས་པའི་རྣམ་སྨིན་རེད། །ཅེས་གསུངས་པ་འདིས་སྲོག་བཅད་པའི་རྣམ་སྨིན་གྱི་དཔེ་གསོན་པོ་ཞིག་བསྟན་ཡོད། ཚུལ་འདི་ལ་དགོངས་ནས། སྐྱེས་ཆེན་དམ་པ་རྣམས་ཀྱིས་འདུས་བྱས་ཀྱི་དགེ་རྩ་ཀུན་ལས་སྲོག་སྐྱོབ་པ་འདི་ཕན་ཡོན་ཆེ་བར་དགོངས་ནས། དབང་ཡོད་ཚོས་རི་རྒྱ་ལུང་བརྒྱ་བསྡམས་པ་དང་། ཚེ་ཐར་སྲོག་བླུའི་ཆོ་ག་མང་དུ་སྤེལ་ཏེ། ལྷག་པར་དུས་བཟང་ལ་དགེ་རྩ་བརྒྱ་འགྱུར་དུ་དམིགས་ནས། སྐམ་ས་དང་ཆུར་གནས་སྲོག་ཆགས་མང་བོ། གསོན་ཆོས་སླར་ཡང་རྙེད་པ་ལྟ་བུའི་སྲོལ་བཟང་བྱུང་བ་ཡིན། དེའི་འབྲས་རྟགས་ཀྱང་ནད་མེད་ཚེ་རིང་དང་། ས་བཅུད་གསོ་བ། འབྱོར་བ་རྒྱས་པ། བློ་བདེ་བག་ཕེབས་དང་ཉམས་སྤྲོ་བ། ཐར་ལམ་འཐོབ་པ་བཅས་ཕན་ཡོན་བསམ་གྱིས་མི་ཁྱབ་བོ། །

འཛམ་གླིང་གི་ས་ཁུལ་སོ་སོའི་སྲོག་ཆགས་དུས་ཆེན།

༡ བོང་བུའི་དུས་ཆེན། ལོ་རེའི་ཟླ ༤ ཚེས ༣༠ ཉིན་སུའུ་ཏན་ཧོང་ཧེའི་ཞིང་ཆེན་གྱི་བོང་བུའི་དུས་ཆེན་ཡིན། ཉིན་དེར་གོས་དམར་ལྗང་གི་བརྒྱན་པའི་བོང་བུ་གྲོང་གི་ཉེ་འདབས་སུ་ཁྲིད་ནས་ཁྲོམ་བསྐོར་བྱེད་པ་དང་། བོང་འཚོང་གི་བྱ་འགུལ་སྤེལ་བ་དང་། ཞང་གྲོང་གི་གྱང་ལྡེབས་སོགས་སུ་བོང་བུའི་གཟུགས་རིས་བྲིས་ཡོད།

༢ སྤྲེའུ་དུས་ཆེན། ལོ་རེའི་ཟླ ༦ པའི་ཚེས ༧ ཉིན་ནི། ཧིན་རྡུ་ཉི་ཞི་ཡའི་ཅ་ལི་མན་ཏན་གླིང་ཕྲན་བྱང་ཕྱོགས་ཀྱི་སྤྲེའུ་དུས་ཆེན་ཡིན། ས་ཁུལ་དེའི་མི་ཚང་མ་རི་མགོར་ཕྱིན་ཏེ་སིལ་ཏོག་སོགས་སྤྲེའུ་ལ་འོས་པའི་ཁ་ཟས་མང་བོ་འཁྱེར་ནས་སྤྲེའུ་ལ་སྦྱིན་པར་མ་ཟད། ད་དུང་རོལ་མོའི་དཀྲོལ་ནས་སྤྲེའུ་ལ་རྟེན་འབྲེལ་ཞུ་སྲོལ་ཡོད།

༣ ཁྱིམ་བྱའི་དུས་ཆེན། ལོ་རེའི་ཟླ ༦ པའི་ཚེས ༣༠ ཉིན་སི་ཕེན་གྱི་མེ་ལིས་ཏ་སོགས་ཁྱིམ་བྱའི་དུས་ཆེན་གཏོང་སྲོལ་ཡོད། ཉིན་དེར་བྱ་ཁང་གཙང་ཕྱགས་གནང་སྟེ་མཐའ་བསྐོར་དུ་རི་སྐྱེས་མེ་ཏོག་སྣ་ཚོགས་འཇོག་པ་དང་། ད་དུང་ས་ཆ་ལ་ལར་བྱ་འཛིང་འགྲན་བསྡུར་སྤེལ་སྲོལ་ཡོད།

༤ ལུག་གི་དུས་ཆེན། ལོ་རེའི་ཟླ ༨ པའི་ཚེས་བཅུ་བཞི་ཉིན་ཨོ་སི་ཁྲུ་རི་ཡའི་ས་ཁུལ་ཉུང་ཤས་ཤིག་ཏུ་ལུག་གི་དུས་ཆེན་གཏོང་སྲོལ་ཡོད། ཉིན་དེའི་ཞོགས་པར་ལུག་རྫིས་ཤོག་སྦག་བརྒྱབ་སྟེ། ལུག་ཁྱུ་ལ་རྟེན་འབྲེལ་ཞུ་བའི་ཤིས་ཚིག་བཤད་རྗེས། ལུག་ཁྱུ་རྩྭ་ཆུ་འཛོམས་སར་དེད་དེ་རྩ་ཁ་བྱེད་སྲོལ་ཆགས་ཡོད།

༥ ཕོ་རོག་གི་དུས་ཆེན། ལོ་རེའི་སྟོན་ཟླ་དང་བོའི་ཚེས ༡༠ བའི་ཞོགས་པར། ནེ་པ་ལའི་མིས་བརྔོས་འབྲས་དང་འཁུར་བ་སོགས་ཁང་ཀླད་དང་ར་བསྐོར་དུ་གཏོར་ཏེ། ཕོ་རོག་ལ་སྟེར་སྲོལ་ཡོད། ནེ་པ་ལར་ཕོ་རོག་ནི་བཀྲ་ཤིས་པའི་འདབ་ཆགས་ཤིག་ཏུ་བརྩི་བས། ཉིན་དེར་ཕོ་རོག་ཇི་ལྟར་མང་ན་དེ་ལྟར་བདག་པོ་དགའ་སྤྲོ་སྐྱེས་པ་ཡིན།

སྲོག་ཆགས་དང་རྒྱལ་དར་བར་གྱི་འབྲེལ་བ།

སྲོག་ཆགས་ནི་རང་བྱུང་ཁམས་ཀྱི་མཛེས་རྒྱན་དང་། སོ་སོ་ལ་ཐུན་མིན་གྱི་ཁྱད་ཆོས་རེ་དང་། འགྲེལ་བརྗོད་སྣ་ཚོགས་བཤད་རྒྱུ་ཡོད་པས། འཛམ་གླིང་གི་རྒྱལ་ཁབ་ཉི་ཤུ་ལྷག་གི་རྒྱལ་དར་སྟེང་སྲོག་ཆགས་ཀྱི་གཟུགས་རིས་བཀོད་ཡོད། དཔེར་ན། འབྲུག་ཡུལ་གྱི་རྒྱལ་དར་ལ་འབྲུག་རིས་བཀོད་ཡོད་པས། དེས་ལས་དབང་དང་སྟོབས་མཚོན་པ་དང་།

ཝེ་ནེ་ཙུའི་ལའི་རྒྱལ་དར་ལ་རྟ་མཆོག་བཀོད་པ་ལས་རང་བཙན་དང་རང་དབང་མཚོན་ཡོད།

སི་ཕེན་གྱི་རྒྱལ་དར་ལ་སེང་གེ་དང་བྱ་གླག་བཀོད་པས་བརྗིད་ཉམས་དང་དཔའ་ངར་མཚོན།

མོང་གོལ་གྱིས་རྒྱལ་དར་ལ་ཉའི་གཟུགས་བཀོད་པ་ནི། ཉའི་རིགས་ནི་ཉིན་མཚན་ཀུན་ཏུ་མིག་མི་འཛུམ་པས། དཔའ་ངར་དང་དོགས་ཟོན་མཚོན་ཡོད།

ཕེ་རུའི་རྒྱལ་དར་ལ་རྔ་མོང་བཀོད་པ་ནི། གཅིག་ནས་རྔ་མོང་ནི་རྒྱལ་ཁབ་དེའི་མིང་གྲགས་ཅན་གྱི་སེམས་ཅན་དང་། གཉིས་ནས་ཁྱུ་ཚོགས་ལ་གནས་པའི་སེམས་ཅན་ཡིན་པས་སོ། །

ཨན་ཏོར་གྱི་རྒྱལ་དར་ལ་གླང་གི་གཟུགས་རིས་བཀོད་པས་གོ་གནས་ཀྱི་དབང་ཐང་མཚོན།

ཀུའི་ཐེ་མ་ལའི་རྒྱལ་དར་ལ་ཐོད་པ་དམར་ལ་གཤོག་སྒྲོ་ལྗང་གུའི་སེར་བྱའི་གཟུགས་རིས་བཀོད་པས་རང་དབང་དང་མཛའ་མཐུན་མཚོན།

ཁེ་རི་པ་སིའི་རྒྱལ་དར་ལ་དམག་གྲུ་དང་རྟ་མཆོག་གི་གཟུགས་རིས་བཀོད་ཡོད།

ཝུ་ཀན་ཏའི་རྒྱལ་དར་ལ་ཐོད་པ་དམར་ལ་གཤོག་པ་སེར་བོའི་བྱ་ཞིག་བཀོད་ཡོད།

ཕ་ཕུལ་ལ་ཀུའི་ནེ་ཡའི་རྒྱལ་དར་ལ་ཅི་ལོ་ཞེས་པའི་བྱ་ཞིག་བཀོད་པས། གཅིག་ནས་བྱ་དེ་རྒྱལ་ཁབ་དེའི་མིང་ཅན་གྱི་བྱ་ཡིན་པ་དང་། གཉིས་ནས་རང་བཙན་དང་རང་དབང་མཚོན།

ཏོ་སྨི་ནེ་ཁའི་རྒྱལ་དར་ལ་ནེ་ཙོ་བཀོད་པའང་ནེ་ཙོ་ནི་རྒྱལ་ཁབ་དེའི་མིང་གྲགས་ཅན་གྱི་བྱར་བརྩིའོ། །

ཙམ་པབ་ཝེའི་རྒྱལ་དར་ལ་རྐང་བ་དམར་ལ་གཤོག་པ་རྫ་མདོག་ཅན་གྱི་ཙམ་པབ་ཝེའི་བྱ་ཞིག་གི་གཟུགས་རིས་བཀོད་པའང་། བྱ་དེ་ནི་རྒྱལ་ཁབ་དེའི་དམིགས་བསལ་ཅན་གྱི་བྱ་ཞིག་ཡིན།

གཞན་ཡང་། ཨེ་ཅིབ། ཙན་པི་ཡ། ཨོ་སི་ཁྲུ་རི་ཡ། པོ་ལི་ཝེ་ཡ། ཨེ་ཁྭ་ཏོར། མོ་ཞི་ཁོ་བཅས་ཀྱི་རྒྱལ་དར་ལ་བྱ་རྒོད་ཀྱི་གཟུགས་རིས་རེ་བཀོད་པའང་རྒྱལ་ཁབ་དེ་དག་ནི་དཔའ་ངར་ལྡན་པ་མཚོན་ནོ། །

འཛམ་གླིང་གི་ཁོར་ཡུག་སྲུང་སྐྱོང་ཉི་མ་དང་བརྗོད་བྱ།

༡༩༧༤ལོར། སའི་གོ་ལ་གཅིག་ཁོ་ན་ལས་མེད་པ།

༡༩༧༥ལོར། མིའི་རིགས་ཀྱི་སྡོད་གནས།

༡༩༧༦ལོར། ཆུ་ནི་ཚེ་སྲོག་གི་འབྱུང་ཁུངས་གལ་ཆེན་ཡིན་པ།

༡༩༧༧ལོར། དྲི་ངན་དབྱང་རླུང་བང་རིམ་ལ་གཏོར་བཤིག་ཐེབས་པ་དང་། ས་ཆུ་ཤོར་བ། རྩྭ་ཐང་ངན་འགྱུར། ནགས་ཚལ་གང་བྱུང་གཅོད་པ་བཅས་ལ་དོ་སྣང་བྱེད་པ།

༡༩༧༨ལོར། གཏོར་བཤིག་མེད་པའི་འཕེལ་རྒྱས།

༡༩༧༩ལོར། བྱིས་པའི་མ་འོངས་པའི་ཆེན་དུ་གཏོར་བཤིག་མེད་པའི་འཕེལ་རྒྱས།

༡༩༨༠ལོར། ལོ་གསར་པ་བཅུ་ཡི། འགྲན་སློང་གསར་པ། གཏོར་བཤིག་མེད་པའི་འཕེལ་རྒྱས།

༡༩༨༡ལོར། ས་འོག་གི་ཆུ་དང་མིའི་རིགས་ཀྱི་རིམ་འབྲེལ་ཟས་རིགས་སྲུང་སྐྱོང་དང་། དུག་ཡོད་རྫས་འགྱུར་ཐོན་རྫས་ཀྱི་འབག་བཙོག་འགོག་བཅོས།

༡༩༨༢ལོར། སི་ཐོག་ཁོང་མོ་རུ་མིའི་རིགས་ཀྱི་ཁོར་ཡུག་གྲོས་ཚོགས་འཚོགས་ནས་ལོ་བཅུ་འཁོར་བར་དྲན་གསོ་ཞུ་བ་དང་ཁོར་ཡུག་འདུ་ཤེས་ཇེ་ལེགས་སུ་གཏོང་བ།

༡༩༨༣ལོར། གནོད་ཡོད་བེད་སྤྱོད་མེད་པའི་དངོས་རོ་ལ་དོ་དམ་དང་། སྐྱུར་ཆར་གྱི་གཏོར་བཤིག་འགོག་བཅོས། ནུས་ཁུངས་བེད་སྤྱོད་བྱེད་ཚད་ཇེ་མཐོར་གཏོང་བ།

༡༩༨༤ལོར། བྱེ་ཐང་དུ་འགྱུར་བ།

༡༩༨༥ལོར། གཞོན་ནུ་དང་། མི་གྲངས། ཁོར་ཡུག

༡༩༨༦ལོར། ཁོར་ཡུག་དང་ཞི་བདེ།

༡༩༨༧ལོར། ཁོར་ཡུག་དང་སྡོད་གནས།

༡༩༨༨ལོར། ཁོར་ཡུག་སྲུང་སྐྱོང་དང་། རྒྱུན་མཐུད་འཕེལ་རྒྱས། མང་ཚོགས་ཞུགས་པ།

༡༩༨༩ལོར། འཛམ་གླིང་ཡོངས་དྲོན་པོར་འགྱུར་བར་དོགས་ཟོན་བྱེད་རྒྱུ།

༡༩༩༠ལོར། བྱིས་པ་དང་ཁོར་ཡུག

༡༩༩༡ལོར། གནམ་གཤིས་འགྱུར་ལྡོག་ཐད་འཛམ་གླིང་ཡོངས་ཀྱིས་མཉམ་སྒྲུབ་བྱེད་དགོས་པ།

༡༩༩༢ལོར། སའི་གོ་ལ་གཅིག་ལས་མེད་པས། ཐུགས་ཁུར་དང་མཉམ་དུ་ལོངས་སྤྱོད་པ།

༡༩༩༣ལོར། དབུལ་ཕོངས་དང་ཁོར་ཡུག འཁོར་སྐྱོད་ངན་པ་ལས་ཐར་བ་བྱེད་པ།

༡༩༩༤ལོར། སའི་གོ་ལ་གཅིག་དེ་ཁྱིམ་ཚང་གཅིག་ཡིན་པ།

༡༩༩༥ལོར། རྒྱལ་ཁབ་ཁག་གི་མི་དམངས་རྣམས་མཉམ་འབྲེལ་བྱས་ནས་ལྷག་པར་མཛེས་སྡུག་ལྡན་པའི་འཛམ་གླིང་གསར་སྐྲུན་བྱེད་དགོས།

༡༩༩༦ལོར། ང་ཚོའི་སའི་གོ་ལ་དང་སྡོད་གནས། གཞིས་ཀ

༡༩༩༧ལོར། སའི་གོ་ལའི་ཚེ་སྲོག་གི་ཆེད་དུ།

༡༩༩༨ལོར། སའི་གོ་ལའི་ཚེ་སྲོག་གི་ཆེད་དུ་ང་ཚོས་རྒྱ་མཚོ་སྐྱོབ་དགོས།

༡༩༩༩ལོར། སའི་གོ་ལ་སྐྱོབ་པ་ནི་མ་འོངས་པར་སྐྱོབ་པ་ཡིན།

༢༠༠༠ལོར། ཁོར་ཡུག་གི་སྟོང་ལོ་བྱ་སྤྱོད་སྤེལ་བ།

ཁོར་ཡུག་སྲུང་སྐྱོང་གི་དྲན་སྐུལ་ཉི་མ་གཙོ་བོ་ཁག་ཅིག

ཟླ ༢ པའི་ཚེས ༢ ཉིན། རྒྱལ་སྤྱིའི་རློན་སའི་དྲན་སྐུལ་ཉི་མ།

ཟླ ༣ པའི་ཚེས ༢༡ ཉིན་འཛམ་གླིང་ནགས་ཚལ་གཅེས་སྐྱོང་གི་ཉི་མ་ཡིན་པས། རྒྱལ་ཁབ་མང་བོ་ཞིག་གི་སྡོང་འཛུགས་ཀྱི་བྱ་ལས་སྒྲུབ།

ཟླ ༣ པའི་ཚེས ༢༢ ཉིན། འཛམ་གླིང་ཆུའི་དྲན་སྐུལ་གྱི་ཉི་མ།

ཟླ ༣ བའི་ཚེས ༢༣ ཉིན། འཛམ་གླིང་གནམ་གཤིས་དྲན་སྐུལ་གྱི་ཉི་མ། རླུང་ཁམས་ཆེན་མོའི་ཐོན་ཁུངས་ལ་སྲུང་སྐྱོབ་བྱེད་པ།

ཟླ ༤ བའི་ཚེས ༢༢ ཉིན། འཛམ་གླིང་སའི་གོ་ལའི་དྲན་སྐུལ་ཉི་མ།

ཟླ ༥ བའི་ཚེས ༣༡ ཉིན། འཛམ་གླིང་དུ་བ་མེད་པའི་དྲན་སྐུལ་ཉི་མ།

ཟླ ༦ པའི་ཚེས ༥ ཉིན། འཛམ་གླིང་ཁོར་ཡུག་དྲན་སྐུལ་ཉི་མ།

ཟླ ༦ པའི་ཚེས ༡༧ ཉིན། འཛམ་གླིང་ཐང་རྒོད་དུ་འགྱུར་བ་དང་ཐན་སྐྱོན་འགོག་བཅོས་དྲན་སྐུལ་ཉི་མ།

ཟླ ༧ པའི་ཚེས ༡༡ ཉིན། མི་གྲངས་དྲན་སྐུལ་ཉི་མ་ཡིན། ༡༨༥༠ ལོར་འཛམ་གླིང་ཡོངས་ཀྱི་མི་གྲངས་དུང་ཕྱུར ༡༠ ལྷག་ཡོད། ད་ལྟ་འཛམ་གླིང་དུ་མི་གྲངས་དུང་ཕྱུར ༦༠ ལྷག་ཟིན་ལ། སྐར་ཆ་གཅིག་གི་ནང་སའི་གོ་ལའི་སྟེང་ཕྲུ་གུ ༤ རེ་སྐྱེས་པས། ཉིན་རེར་ཕྲུ་གུ་ཁྲི ༣༠ ལྷག་སྐྱེས་བཞིན་ཡོད་དོ། །

ཟླ ༩ བའི་ཚེས ༡༦ ཉིན། འཛམ་གླིང་དྲི་ངན་དབྱང་རླུང་བང་རིམ་སྲུང་སྐྱོང་དྲན་སྐུལ་ཉི་མ།

ཟླ ༡༠ པའི་ཚེས ༤ ཉིན། འཛམ་གླིང་སྲོག་ཆགས་དྲན་སྐུལ་ཉི་མ།

ཟླ ༡༠ པའི་ཚེས ༡༦ ཉིན། འཛམ་གླིང་འབྲུ་རིགས་དྲན་སྐུལ་ཉི་མ་ཡིན་པས། འབྲུ་རིགས་འཕེལ་རྒྱས་དང་། ཞིང་ལས་ཐོན་སྐྱེད་ལ་དོ་སྣང་བྱེད་པ།

ཟླ ༡༢ པའི་ཚེས ༢༩ཉིན། རྒྱལ་སྤྱིའི་སྐྱེ་ཁམས་སྣ་མང་དྲན་སྐུལ་ཉི་མ།

གནས་རི་ལྷར་འཛིན་གྱིས་ཁོར་ཡུག་སྲུང་སྐྱོང་ལ་ནུས་པ་ཐོན་པ།

འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་རྣམས་གནས་རི་ཡིད་དུ་འོང་བ་དང་། ཀླུ་སོགས་དྭངས་གཙང་གི་མཚོ་རྫིང་སོགས་ལ་གནས་པ་ཡང་། སེམས་ཅན་དེ་དག་གིས་གདོད་མ་ནས་དེའི་གལ་ཆེན་རང་བཞིན་རྟོགས་པ་དང་། རང་ཅག་བོད་ལ་མཚོན་ནའང་། གནས་རི་མཚོ་རྫིང་སོགས་ཡིད་འོང་ཇི་སྙེད་ཅིག་ལ་ལྷ་ཀླུ་གནས་པའི་འདུ་ཤེས་དེ་དཔར་བཏབ་པ་བཞིན་སེམས་ཁོང་ན་གནས་ཡོད། དཔེར་ན། མཐོ་སྒང་འདིར་གདོད་མ་ནས་མཆིས་པའི་སྲིད་པ་ཆགས་པའི་ལྷ་དགུ་ཞེས་བཤད་དུ་ཡོད་དེ། ༡ ཡབ་ལྷ་ཆེན་འོ་དེ་གུང་རྒྱལ། ༢ དེའི་སྲས་ཡར་ལྷ་ཤམ་པོ། ༣ བྱང་གི་གཉན་ཆེན་ཐང་ལྷ། ༤ སྒ་སྟོད་ཇོ་བོ་སྒྱོགས་ཆེན། ༥ ཤར་གྱི་རྨ་ཆེན་སྦོམ་ར། ༦ ཇོ་བོ་གཡུལ་རྒྱལ། ༧ སྐྱིད་ཤོད་ཞོགས་ལྷ་ཕྱུག་པོ། ༨ ཤེལ་དཀར་ཇོ་བོ་རྟ་རྒོད། ༩ གཙང་གི་གནོད་སྦྱིན་གང་བ་བཟང་བོ་དང་། རྗེ་ཡི་མགུར་ལྷ་བཅུ་གསུམ། གཞན་ཡང་། རྒྱལ་རོང་གི་དམུ་རྡོ། ཁམས་ཀྱི་གངས་དཀར་རི་བོ། ཡུན་ནན་གྱི་ཁ་བ་དཀར་བོ་སོགས་གནས་རི་མང་བོ་དང་། མཚོ་རྫིང་ཇི་སྙེད་ཅིག་ལ་ལྷ་ཀླུ་གནས་པར་མ་ཟད། བླ་གནས་དང་། བླ་མཚོ། ཐ་ན་བླ་ཤིང་དང་བླ་འབྲོང་། བླ་རྡོ། བླ་གཡུ་སོགས་ཀྱི་འདུ་ཤེས་བཟུང་སྟེ། དེ་དག་ལ་ཕན་གནོད་བྱས་ན། ཡུལ་ལྷ་དེ་དག་གིས་མི་རྣམས་ལ་བདེ་སྡུག་དང་། འབྱོར་དབུལ། ཐ་ན་གནམ་གཤིས་འགྱུར་ལྡོག་སོགས་ཁ་ལོར་བསྒྱུར་བར་རློམ་ཏེ། ས་བརྐོ་རྡོ་སློག་བྱེད་མི་ཕོད་པ་དང་། སྨན་རྩྭ་མི་བརྐོ་བ། གཏེར་ཁ་མི་སྔོག་པ། རི་དྭགས་དང་གཅན་གཟན་ལ་ལྷ་དེའི་སྒོ་ཟོག་གི་འདུ་ཤེས་དང་། ཆུར་གནས་སྲོག་ཆགས་ཀྱི་རིགས་ལ་གནོད་འཚེ་མི་གཏོང་བར་གཅེས་སྤྲས་བྱེད་པ་དང་། ཆུ་མིག་སོགས་སུ་རྐང་ལག་མི་འཁྲུ་བ། ཁྱད་པར་དུ་ལྟེང་ཀ་དང་མེ་ཏོག་སོགས་སུ་ཁྲག་རིགས་དང་མི་གཙང་བ་མི་བསྒོ་བ་སྟེ། དཔེར་ན་ཧོར་གླིང་གཡུལ་འགྱེད་ལས་འབྲུག་མོས་སྐྱོགས་ཀྱིས་ཆུ་བཅུ་སྐབས་ཆུ་སྐྱེས་པདྨ་ཞིག་བྱུང་བར། འབྲུག་མོ་ལ་ཧོར་སེར་གྱིས་དམ་གྲིབ་ཕོག་རྐྱེན་ཅི་དྲན་འདི་དྲན་མེད་པར་མེ་ཏོག་སྟེང་དུ་མཆིལ་མ་ཞིག་བཏབ་པས། མེ་ཏོག་དེ་མ་ཐག་བསྐམས་པར་བཤད་ཡོད་པ་ལྟ་བུ་དང་། གཞན་ཡང་། ཀླུ་སྡོང་དང་མགུར་སྡོང། ལྷ་ཤིང་སོགས་ཀྱི་ལོ་མ་ཙམ་ཡང་ལེན་མི་ཕོད་པ། ས་བཅུད་གསོ་བའི་གཏེར་དང་། དྲི་ཞིམ་བསྲེགས་ཏེ་ལྷ་བསང་ཕུལ་བ་སོགས། བོད་མི་ལ་ལྷན་སྐྱེས་སུ་ཡོད་པའི་གོམས་སྲོལ་འདིས། རྩི་ལྗོན་སྐྱེ་འཕེལ་དང་། ཁ་དབུགས་དྭངས་གཙང་། ཆར་ཆུ་སྙོམས་སྒྲིག་ལ་ཕན་ནུས་ཐོན་ཡོད་པར་མ་ཟད། སྲོག་ཆགས་ཀྱི་གླིང་ཀ་ཞིག་ཏུ་འགྱུར་བའི་ཁྱད་ནུས་ལྡན་ནོ། །

ནང་བསྟན་ལས་ལྗོན་པའི་གལ་ཆེན་རང་བཞིན་བསྟན་པ།

ཆོས་འདུལ་བ་ལས། བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱིས། ཤིང་ལྗོན་པ་བཅད་ན་ཉེས་ལྟུང་དུ་འགྱུར་ཚུལ་ཇི་སྙེད་ཅིག་བཀའ་བསྩལ་བར་མ་ཟད། དགེ་སློང་རྣམས་ལ་ཤིང་ལྗོན་པ་ཇི་ལྟར་སྐྱོང་ཚུལ་དང་། འདེབས་འཛུགས་བྱེད་པ་དགེ་ལས་སུ་གཏོགས་ཚད་གསུངས་པ་ནི། ཤིང་ལྗོན་པའི་གལ་ཆེན་རང་བཞིན་ལ་དམིགས་པ་ཡིན། དཔེར་ན། ཁོང་རང་ཉིད་ཡང་ལྗོན་པའི་དྲུང་ནས་སྐུ་བལྟམས་པ། བྱང་ཆུབ་བརྙེས་པ། མྱ་ངན་ལས་འདས་པ་སྟེ་རྣམ་ཐར་གྱི་ཐོག་མཐའ་བར་གསུམ། ཤིང་ལྗོན་པར་རག་ལས་པ་ཡིན། ཚུལ་འདི་ལ་དགོངས་ནས་གནའ་དེང་གི་སེམས་ཉིད་རིག་པ་གཏན་ལ་འབེབས་མཁན་གྱི་བསམ་བློ་བ་མང་བོ། ས་ཆུ་དང་ཁ་དབུགས་དྭངས་སར་ཕེབས་ནས། ཡ་རབས་ཀྱི་བསམ་བློ་བཟང་བོར་བློ་སྦྱོང་གནང་བས། ནང་གི་ཉམས་རྟོགས་ཀློང་དུ་བརྡོལ་ཏེ། སེམས་ཅན་མང་བོ་བདེ་ནས་བདེ་བར་བཀོད་པའི་མཛད་རྣམ་ས་སྟེང་ལ་བཞག་ཡོད།

གཞན་ཡང་། མཎྜལ་ཕུལ་སྐབས་ཚོགས་བསགས་སྒྲིབ་སྦྱོང་གི་རྟེན་དུ་གྱུར་བ། ཡི་དམ་ལྷའི་བསྙེན་སྒྲུབ་ཀྱི་མཆོད་ཕྲེང་སོགས་གང་ལའང་ལྗོན་པ་ལས་བྱུང་བའི་མེ་ཏོག་ནི་མེད་དུ་མི་རུང་བའི་མཆོད་རྫས་ཡིན་པ་དང་། འཕགས་པ་ཐུགས་རྗེ་ཆེན་པོ་སོགས་ལྷ་ཇི་སྙེད་ཅིག་གིས་པདྨ་སོགས་ཕྱག་མཚན་དུ་བཞེས་པ། ཁྱད་པར་དུ་རྩི་ལྗོན་ཆུ་ཀླུང་སོགས་འཕེལ་རྒྱས་སོང་བ་དེ་ཙམ་དུ། ནང་གི་འདུ་བ་སྙོམས་ཏེ་ཚེ་རིང་ནད་མེད་དང་། གྲིབ་བསིལ་སྣུམ་པོར་ངལ་གསོའི་བསྟི་གནས་སུ་གྱུར་བ། ཚ་གྲང་སྙོམས་པ། ཆར་ཆུ་དུས་འབེབས་དང་། ལོ་ཕྱུགས་ལེགས་པ། ཡུལ་ལྗོངས་ལྟ་ན་སྡུག་པ། བྱ་བྱེའུ་རི་དྭགས་སོགས་སྲོག་ཆགས་མང་བོ་འཁོར་བ། རླུང་སངས་ལ་བག་ཕེབས་པ་སོགས་ཕན་ཡོན་རྒྱ་ཆེར་གསུངས་པ་དང་། རྩྭ་དུར་བ་དང་ཀུ་ཤའི་ཁྱད་ནུས་གཅིག་པུ་ལ་མཚོན་ནའང་། དུར་བ་གདན་དུ་བྱས་ན་ཚེ་འཕེལ་བ། ཀུ་ཤས་མི་གཙང་སེལ་བ་སོགས་སོ། །

ཚུལ་འདི་དག་ལ་དགོངས་ནས་དེང་སང་སེམས་ཅན་མང་བོ་སྐྱོ་སྡུག་སངས་ཕྱིར། གླིང་ཀར་རོལ་བའམ་ལྗོངས་རྒྱུར་འགྲོ་བ་ཞེས་རྩིས་མཐོང་ཆེན་པོ་བྱེད་པས་ཀྱང་ཤིང་ལྗོན་པའི་གལ་ཆེན་རང་བཞིན་རྟོགས་ནུས་སོ། །

རི་བཀག་རྩྭ་བཀག་གི་གོམས་སྲོལ་བཟང་བོ།

རང་ཅག་བོད་འདིར་རི་བཟང་ས་བཟང་རྣམས་ལ་བླ་རི་དང་བླ་གནས་ཀྱི་འདུ་ཤེས་ཆགས་ཡོད་པས། ལ་ཡན་གྱི་ཆུ་འཐུང་བ་དང་ལུང་ཡན་གྱི་རྩྭ་ཟ་བའི་སྲོག་ཆགས་རྣམས་ཀྱང་མི་རྔོན་པའི་གོམས་སྲོལ་ཆགས་ཡོད་ལ། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་རི་དྭགས་རྔོན་མི་ཆོག་པ་ཁྲིམས་ཡིག་ནང་གཏན་འབེབས་ཀྱང་བྱས་ཡོད་ལ། གཞན་གཙང་བ་སྡེ་སྲིད་བསྟན་སྐྱོང་དབང་བོའི་ཞལ་ལྕེ་བཅུ་དྲུག་པ་དང་རྒྱལ་དབང་ལྔ་བའི་ཞལ་ལྕེ་བཅུ་གསུམ་སོགས་ཀྱི་ནང་སེམས་ཅན་གང་བྱུང་དུ་གསོད་མི་ཆོག་པའི་བཅའ་ཁྲིམས་གཏན་འབེབས་གནང་ཡོད། གཟུགས་ཀྱི་ཉི་མའི་རྣམ་ཐར་ལས་ཀྱང་། རྒྱལ་བོ་ཟླ་བ་སེང་གེས་རྒྱལ་སྲིད་ལ་མངའ་དབང་མཛད་སྐབས། གར་ཡོད་ཆ་མ་འཚལ་བའི་ཕག་རྒོད་སྐོར་ཞིག དུས་བཞིར་འགྱུར་མེད་ཀྱི་ཕོ་བྲང་ཕྱི་རོལ་གྱི་དགའ་ཚལ་དེ་བཅོམ་པས། རྒྱལ་བོས་དེ་དག་འདུལ་ཆེད་དམག་དཔུང་དྲངས་པ་སོགས་ལ་བལྟས་ནའང་། ཁོར་ཡུག་སྲུང་སྐྱོང་དོ་སྣང་ཇི་ལྟར་གནང་བ་ཐོན་ཡོད་པ་དང་། ཁྱད་པར་དུ་གེ་སར་སྒྲུང་ནང་རྩྭ་བཀག་ཆུ་བཀག་གི་སྲོལ་བཟང་འདི་མངོན་གསལ་དོད་པོར་ཐོན་ཡོད། འདིར་དཔེ་མཚོན་ཙམ་ཞིག་དྲངས་ན། ཧོར་གླིང་གཡུལ་འགྱེད་ལས། རྩྭ་ར་པདྨ་སྟོང་ལྡན་འདི། །རྩྭ་ཟ་མཁན་མ་བྱུང་ལུས་ལེ་མིན། །རྩྭ་ཟ་དབང་མ་བྱུང་ལུས་ལེ་མིན། །ཧོར་གུར་དཀར་རྒྱལ་བོའི་རྩྭ་ར་ཡིན། །ཨ་ལྔ་རྩེ་བའི་མཐེབ་ར་ཡིན། །ཤན་པ་ང་ཡི་མདའ་ར་ཡིན། །མིང་བཏགས་ལེ་མིན་པ་འགྲོ་ས་མེད། །བརྒྱ་ཡར་འགྲོའི་ཚོང་བ་འབབ་ས་མེད། །སྟོང་ཕྱིར་འོང་གླ་བ་འབབ་ས་མེད། །བྱ་འདབ་ཆགས་རྒུན་འབུ་འཐུ་ས་མེད། །རྟ་མདོ་བ་དགུང་རྩྭ་ཟ་ས་མེད། །མཛོ་ཁྱུང་དཀར་ཉིན་རྩྭ་ཟ་ས་མེད། །ཁྱི་གདའ་ལུས་ཉུལ་སྣ་བྱེད་ས་མེད། །སྦྲང་བུང་བས་མེ་ཏོག་ཟ་ས་མེད། །རླུང་བསེར་བུས་བགྲོད་ལམ་མེད་ས་ན། །ཁྱོད་སྒར་བ་འབབ་དོན་ཅི་ལ་ཡིན། །ཞེས་གེ་སར་གྱིས་སྤྲུལ་བའི་སྒར་དཔོན་ལ། ཤན་པས་རྫིག་རྫིག་རྔམ་རྔམ་གྱི་སྡིགས་གཏམ་བཏང་ཡོད་པ་དང་། དེ་ལས་གཞན་རྩྭ་ཟ་ཆུ་འཐུང་དང་རྔོན་ལས་བྱས་ན་ཁྲིམས་ཆད་ནན་མོ་གཅོད་པ་ཡང་གླུ་ཚིག་དེ་ལས། རྩྭ་ཐུར་བཅག་ན་དངུལ་ཐུར་དགོས། །མེ་ཏོག་བཅག་ན་གཡུ་ཡིས་སློངས། །ཆུ་མགོ་རྙོགས་ན་མར་ཁུས་གསོས། །རྩྭ་ཀུ་ཤ་ཉལ་ན་འོ་མས་གསོས། །ཤིང་ཕོ་སྡོང་རྫོགས་ན་རྟ་ཡིས་འཚོབ། །མོ་སྡོང་རྫོགས་ན་དྲེལ་གྱིས་འཚོབ། །ལོ་མ་བཅག་ན་དར་ཚོན་ཐོགས། །ཤིང་ཏོག་བྲུལ་ན་ར་ཡིས་འཚོབ། །འབྲས་བུ་ལྷུང་ན་ལུག་གིས་འཚོབ། །མྱུ་གུ་འཐོར་ན་མར་གྱིས་གསོས། །རྡོ་གཡའ་མ་བཅག་ན་བཤའ་ཚས་སྦྱོར། །ལམ་སྐྱ་རིང་བཏོད་ན་གསེར་ཕྱེས་གསོས། །རྩྭ་ལ་རྩྭ་རིན་དགོས་ལེ་ཡིན། །ཆུ་ལ་ཆུ་རིན་དགོས་ལེ་ཡིན། །རྩྭ་རིན་ཆུ་རིན་ལ་མོར་འཇོལ། །ཅེས་པ་འདིས་རྩྭ་ར་པདྨ་སྟོང་ལྡན་ལ་སྲུང་སྐྱོང་དང་དོ་སྣང་ཇི་ལྟར་མཛད་པ་རྟོགས་ཐུབ་པ་དང་། ལྷག་པར་དུ། རང་བྱུང་སྲོག་ཆགས་བསད་ན་རི་དྭགས་པའི་ཤུན་ལྤགས་བཤུ་བ་སོགས་ཀྱི་ཁྲིམས་ཆད་ནན་མོ་བཞག་ཡོད་པ་ནི། སྒྲུང་དཔེ་དེ་ལས། གེ་སར་གྱིས་ཧོར་གྱི་བླ་ཉ་གསུམ་འདུལ་བར་དགོངས་ནས་རྔོན་པ་དཔོན་གཡོག་བཅུ་གསུམ་དུ་སྤྲུལ་ཏེ། ཧོར་གྱི་སྦ་ཆེན་ཉ་ཚང་གོང་མ་ནས་ཉ་མང་བོ་འཛིན་པ་དང་། གསོད་པ། འཆའ་བ་སོགས་ཀྱི་ལས་མཛད་པ་ན། ཤན་པས་མཐོང་ནས། སྦ་ཆེན་ཉ་ཚང་ཧ་ལ་འཕེན། །བླ་ཉ་ཆེ་གསུམ་ལྕགས་ཀྱུས་བཟུང་། །ཁྱོད་ཧམ་པ་ཆེ་བའི་ཕ་བུ་ལ། །ཉ་གསེར་མིག་དུང་གི་ཡ་སོ་ཅན། །ཧོར་རྒྱལ་ཆེན་གསུམ་གྱི་བླ་ཉ་ཡིན། །ཉ་བསད་བསད་ཧོར་ཆུ་ཁྲག་ལ་བསྒྱུར། །ཧོར་ཆུ་ཁམ་པ་གཞུང་དྲུག་དེ། །ངེད་ཧོར་སེར་སྟོད་པའི་ཆུ་སྐལ་ཡིན། །ཉ་ཆུང་རྩིས་རྩིས་གྲངས་མེད་རྣམས། །ཧོར་སེར་བོ་ཆགས་དང་མཉམ་ཆགས་ཡིན། །ད་རུང་དེ་ཡིས་མི་ཚད་དེ། །ཕུ་གསུམ་རི་ལ་རྔོན་ཁྲིམས་ཡོད། །ཁྲིམས་བཤིག་ན་རྔོན་ལྤགས་བཤུ་ལེ་ཡིན། །ཞེས་སོ། །དེ་ལས་གཞན་གེ་སར་རྒྱལ་བོས་ར་བཙན་དང་ར་བདུད་བཏུལ་རྗེས་མངའ་འབངས་རྣམས་ལ་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱེད་པར་གདམས་ནི། བྷེ་ར་ར་རྫོང་ལས། ཉེས་མེད་རི་སྐྱེས་རི་དྭགས་རིགས། །ངན་པས་སྲོག་ཆད་བྱེད་ཆོག་མེད། །ཆུར་གནས་སྲོག་ཆགས་ཉ་མོ་སོགས། །མ་རུངས་ལྕགས་ཀྱུས་འཛིན་ཆོག་མེད། །ཐ་ན་བྱ་དང་འབུ་སྲིན་ཡན། །ངན་སེམས་གནོད་འཚེ་བཏང་ཆོག་མིན། །ཞེས་སོ། །

ཁོར་ཡུག་སྲུང་སྐྱོང་བྱེད་དགོས་པ།

ཁོར་ཡུག་སྲུང་སྐྱོང་བྱེད་པ་ནི། ཆེ་ས་ནས་འཛམ་གླིང་སྤྱི་ཕན་དང་། ཆུང་ས་ནས་རང་ཉིད་སྒེར་ཕན་གྱི་བྱ་བཞག་རླབས་ཆེན་ཞིག་ཡིན། ད་ལྟ་ཚེ་སྲོག་དང་སྐྱེ་ཁམས་དོ་མཉམ་ཞེས། ཁ་ནས་མ་ཎི་བཞིན་ཟློ་ཡང་། ལག་ལེན་ལ་མ་ཞུགས་ན་རི་བོང་གནམ་རྡིབས་ཀྱི་དཔེ་བཞིན་ངལ་བ་འབྲས་མེད་ཡིན། དེ་བས་མིའོ་ཅོག་གིས་ས་སྒང་གཅིག་ལ་རྐང་སྟེགས་འཆའ་བའམ། གྲུ་ཐོག་གཅིག་གིས་སྐུ་མགྲོན་བཞིན་བདེ་ན་མཉམ་བདེ་དང་། སྡུག་ན་མཉམ་སྡུག་གི་གནས་ལུགས་འདིར་མནོ་བསམ་གཏོང་དགོས། དཔེར་ན། དུས་རབས་ཉི་ཤུའི་ལོ་རབས་ལྔ་བཅུའི་སྔ་གཞུག་ཏུ། ལོའོ་ཧྲན་ཅིའི་འོད་རྫས་འགྱུར་དུ་སྨུག་དང་། ལོན་ཏོན་དུ་སྨུག འཇར་པན་དུ་རུས་པའི་འབྲས་སྐྲན་སོགས་དོན་རྐྱེན་མང་བོ་འཕྲོ་རིམ་འཕྲོར་བྱུང་སྟེ། མིའི་རིགས་ལ་འཇིགས་སྣང་སྐུལ་བས། ཁོར་ཡུག་གི་གནད་དོན་དེ་སའི་གོ་ལའི་གནད་དོན་ཞིག་ཏུ་བརྩིས་ནས། སྐྱེ་ཁམས་རིག་པ་དང་། རྫས་འགྱུར་རིག་པ། ས་ཁམས་རིག་པ། གསོ་རིག་པ། ཆོས་ལུགས་མི་སྣ་སོགས་ཀྱིས་ཐབས་བརྒྱ་ཇུས་སྟོང་གིས། ཁོར་ཡུག་རྩ་གཏོར་དུ་གཏོང་བའི་གནོད་སྐྱོན་ལ་སྔོན་འགོག་བྱེད་ཅི་ཐུབ་དང་། སྲུང་སྐྱོང་བྱེད་པའི་སྤྱོད་སྒོ་མང་དུ་སྤེལ་བ་སྟེ། དཔེར་ན། ༡༩༧༠ ལོའི་ཟླ ༤ ཚེས ༢༢ ཉིན་ཨ་རིའི་རྒྱལ་ཡོངས་སུ《འཛམ་གླིང་ས་དཀྱིལ་ཉིན་མོ》ཞེས་པའི་ཁྲོམ་བསྐོར་ནང་། སློབ་གྲྭ་ཆེ་ཆུང་གི་སློབ་མ ༢༥༠༠ ཙམ་དང་། སྲིད་གཞུང་གི་མི་སྣ། བཟོ་བ་སོགས་ཀྱིས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་དགོས་པའི་བསྒྲགས་གཏམ་སྤེལ་བར་མ་ཟད། ལག་ཏུ་པར་རིས་དང་ཡིག་བྱང་འཁྱེར་ནས། ཁོར་ཡུག་བཙོག་སྐྱོན་ལ་ཐེར་འདོན་བྱས་པས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་ཚོགས་ཆེན་འཚོགས་རྒྱུར་སྐུལ་ལྕག་ཐེབས་པར་མ་ཟད། ལོ་རེའི་ཟླ ༤ བའི་ཚེས ༢༢ ཉིན《འཛམ་གླིང་ས་དཀྱིལ་ཉིན་མོ》གཏན་འཁེལ་བྱས་པ་དང་། གཞན་སྐམ་གཤེར་གཉིས་སུ་འཚོ་བའི་བདག་མེད་སྲོག་ཆགས་སྲུང་སྐྱོབ་བྱ་རྒྱུའི་ཐད། ལོ་རེར《ཀེ་ཏིའི་བྱ་དགའི་དངུལ》ཞེས་པ་ཨ་རིའི་སྒོར་ཁྲི་ལྔ་ལོ་རེར་སྤྲོད་པ་སོགས་ཀྱིས་མཚོན། བྱང་ཐང་ལྗང་འགྱུར། སྡོང་འཛུགས་ནགས་བསྐྲུན། རི་རྒྱ་ལུང་རྒྱ་བསྡམས་ནས་རི་དྭགས་སོགས་སྲོག་ཆགས་ཀྱི་རིགས། སྨན་སྣ་སོགས་རྩི་ལྗོན་གྱི་རིགས། རིན་ཆེན་སོགས་གཏེར་ཁའི་རིགས། གཞན་ཡང་། གངས་རི་སོགས་རི་བོ་སྙེད། མཚོ་དང་མཚེའུ་སོགས་རང་ནུས་གང་ལྕོགས་ཀྱིས་སྲུང་སྐྱོབ་བྱེད་དགོས། ལྷག་པར་དུ་དགའ་འོས་པ་ཞིག་ལ། དེང་སྐབས་འཛམ་གླིང་ཐོག་རྒྱལ་ཁབ་དང་སྲིད་གཞུང་ཁག་གིས། ཁོར་ཡུག་སྲུང་སྐྱོང་འདི་གཙོ་གནད་དུ་བཟུང་སྟེ། བཅའ་ཁྲིམས་དང་། ཚོགས་པ། ལས་ཁུངས་དང་། དྲན་སྐུལ་གྱི་ཉིན་མོ་གཏན་འབེབས་གནང་ནས། ལག་ལེན་དོན་འཁྱོལ་བྱེད་པ་ལ་ཡི་རང་དང་བཅས། རང་ཉིད་ཀྱང་འདིའི་རྗེས་སུ་བློ་ཁ་ཕྱོགས་ཏེ། མི་སྒེར་གྱི་སྟེང་ནས་འབད་པ་བྱེད་པ་ནི། སྤྱི་སྒེར་གཉིས་ཕན་གྱི་བྱ་བཞག་རླབས་པོ་ཆེ་ཞིག་བསྒྲུབས་པ་ཡིན་ནོ།