cover

ཀུན་མཁྱེན་དོལ་པོ་པའི་གསུང་འབུམ།

གླེགས་བམ། ཀ༽

ཀུན་མཁྱེན་དོལ་པོ་པ།

Nitartha International

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པའི་སྐྱེས་རབས་ཁྱད་པར་དུ་འཕགས་པ་ཞེས་བྱ་བ་བཞུགས་སོ། །

རྒྱ་གར་སྐད་དུ། སརྦ་དྷརྨ་ཨཱ་བྷི་ཛྙཱ་ཛྭ་ཐ་ཀཱ་མ་ལ་བྷི་ཤྭ་ཊ་ཡཱ་ན་མཿ བོད་སྐད་དུ། ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པའི་སྐྱེས་རབས་ཁྱད་པར་དུ་འཕགས་པ་ཞེས་བྱ་བ། བླ་མ་དང་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཐུགས་བརྩེ་བ་ཆེན་པོས་རྗེས་སུ་བཟུང་དུ་གསོལ།
གདོད་ནས་རྣམ་གྲོལ་འོད་གསལ་ཆོས་ཀྱི་སྐུ། །འགྲོ་ལ་ཕན་པའི་གཟུགས་སྐུ་མཐའ་ཡས་སྟོན། །འཁོར་བ་སྲིད་དུ་འཕྲིན་ལས་རྒྱུན་མི་འཆད། །དཔལ་ལྡན་བླ་མའི་ཞབས་ལ་མགོས་ཕྱག་འཚལ། །ཀུན་མཁྱེན་ཆོས་དབྱིངས་དག་པའི་ནམ་མཁའ་ལ། །གཟུགས་སྐུ་རྟ་བདུན་རྒྱལ་པོ་ཉི་མ་ཤར། །གླིང་བཞིར་ཆོས་ཀྱི་འོད་ཟེར་ཁྱབ་མཛད་པ། །བསྟན་པའི་སྒྲོན་མེའི་ཞབས་ལ་ཕྱག་འཚལ་ལོ། །གཞན་སྟོང་རིག་པའི་སེང་ཆེན་རོལ་པ་ཡིས། །རང་སྟོང་མ་རིག་གླང་པོ་ཚར་བཅད་ནས། །སྟོང་གཞི་བདེ་གཤེགས་སྙིང་པོ་གསལ་མཛད་པ། །ཀུན་མཁྱེན་ཆོས་ཀྱི་རྗེ་ལ་ཕྱག་འཚལ་འདུད། །མ་ནོར་ཇི་བཞིན་འཆད་པའི་དུང་ཆེན་འབུད། །ལྟ་ངན་ཚར་བཅད་རྩོད་པའི་བ་དན་འཕྱར། །སྡེབ་ལེགས་རྣར་སྙན་རྩོམ་པའི་རྔ་ཆེན་བརྡུངས། །ཆོས་ཀྱི་རྒྱལ་མཚན་བླ་མའི་ཞབས་ལ་འདུད། །དེ་ཡི་རྣམ་ཐར་ཡོན་ཏན་བསམ་མི་ཁྱབ། །ཕྱོགས་བཅུའི་སངས་རྒྱས་སྲས་བཅས་ཐམས་ཅད་ཀྱིས། །བསྐལ་པའི་མཐར་ཐུག་བར་དུ་གསུང་མི་ལང༌། །མཁས་མིན་བདག་གིས་བརྗོད་པར་ག་ལ་ནུས། །འོན་ཏེ་ལྷག་བསམ་ལྡན་པའི་སློབ་མས་བསྐུལ། །རང་ཉིད་ཤིན་ཏུ་དད་པའི་གཏེར་ཕྱེ་ནས། །སྐྱེས་རབས་ཁྱད་འཕགས་གསུང་རབ་རྒྱ་མཚོ་ལས། །ཆ་ཙམ་འདིར་བརྗོད་འགྲོ་ལ་ཕན་གྱུར་ཅིག །
དེ་ཡང་འདིར་གང་ལ་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་བདག་གི་དཔལ་ལྡན་བླ་མ་ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པའི་མཚན་ཉིད་ཅུང་ཟད་བཤད་པར་བྱའོ། །དེ་ཡང༌། དུས་ཀྱི་འཁོར་ལོའི་རྩ་རྒྱུད་ལས། བརྟན་ཞིང་དུལ་ལ་བློ་གྲོས་ལྡན། །བཟོད་ལྡན་དྲང་ལ་གཡོ་སྒྱུ་མེད། །སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས། །སྙིང་བརྩེར་ལྡན་ཞིང་བསྟན་བཅོས་མཁས། །དེ་ཉིད་བཅུ་ནི་ཡོངས་སུ་ཤེས། །དཀྱིལ་འཁོར་བྲི་བའི་ལས་ལ་མཁས། །གསང་སྔགས་འཆད་བྱེད་སློབ་དཔོན་ཏེ། །དང་བའི་བདག་ཉིད་དབང་པོ་དུལ། །ཞེས་གསུངས་པ་ལྟར་ཡོན་ཏན་ཚད་མེད་པ་ཐམས་ཅད་དང་ལྡན་ཞིང་སྐྱོན་ཐམས་ཅད་དང་བྲལ་ཏེ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ། དམ་ཆོས་ཐམས་ཅད་ཀྱི་འབྱུང་གནས། འཕགས་པའི་དགེ་འདུན་རྒྱ་མཚོའི་གཙུག་གི་རྒྱན་ནི་བླ་མ་དམ་པ་ཡིན་ནོ། །དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཕྱི་མར། སློབ་དཔོན་དེ་ནི་སངས་རྒྱས་ཉིད་དེ་རབ་མཆོག་ས་གཞིའི་སྟེང་ན་ཆོས་ནི་དེ་ཡིས་སྟོན་པའོ། །དགེ་འདུན་གང་ཞིག་དེར་གནས་རབ་ཏུ་དགའ་བའི་ཐུགས་ལྡན་སེམས་ཅན་ཀུན་ལ་རྗེས་སུ་བརྩེ་བ་སྟེ། །ཞེས་གསུངས་སོ། །ཡེ་ཤེས་གྲུབ་པའི་རྒྱུད་ལས། བླ་མ་སངས་རྒྱས་ཆོས་འགྱུར་ཞིང༌། །དགེ་འདུན་ཡང་ནི་དེ་ཉིད་དེ། །དེ་འདྲ་ཉིད་ཀྱི་ཤེས་གྱུར་པས། །དེ་བས་དཀོན་མཆོག་གསུམ་ཡིན་ནོ། །ཞེས་དང༌། སྡོམ་པ་འབྱུང་བའི་རྒྱུད་ལས། བླ་མ་སངས་རྒྱས་བླ་མ་ཆོས། །བླ་མ་དེ་བཞིན་དགེ་འདུན་ཏེ། །སངས་རྒྱས་ཀུན་དང་མཉམ་སྦྱོར་བའི། །མཁའ་འགྲོ་མ་ཡི་དྲྭ་བ་སྡོམ། །ཞེས་སོ། །བདེ་མཆོག་རྩ་རྒྱུད་ལས། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །ཞེས་གསུངས། མཁའ་འགྲོ་ཀུན་སྤྱོད་ཀྱི་རྒྱུད་ལས། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །ཞེས་དང༌། སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས། སློབ་དཔོན་ཇི་ལྟར་བལྟ་ཞེ་ན། །བླ་མ་སངས་རྒྱས་ཀུན་དང་མཉམ། །དེ་ཉིད་རྟག་ཏུ་རྡོ་རྗེ་འཆང༌། །ཞེས་སོ། །དུས་འཁོར་བསྡུས་པའི་རྒྱུད་ལས། མི་ཡི་འཇིག་རྟེན་རྣམས་སུ་ཉོན་མོངས་རྣམ་བྲལ་བླ་མ་གང་དག་རྡོ་རྗེ་འཛིན་བདག་ཉིད། །སེམས་ཅན་རྣམས་ལ་དེ་ཡིས་བདེ་མཉམ་འབྲས་བུ་ཐར་པ་སྟེར་བས་ཕྱག་བྱ་མཆོད་བྱ་སྲས་རྣམས་ཀྱིས། །ཞེས་གསུངས་སོ། །བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། བླ་མ་དང་ནི་རྡོ་རྗེ་འཆང༌། །ཐ་དད་པར་ནི་མི་བརྟག་གོ །ཞེས་གསུངས། རྡོ་རྗེའི་གུར་ལས། ཇི་ལྟར་ནམ་མཁའ་མཛོད་ཆེན་དུ། །ཐུབ་པ་རྡོ་རྗེ་ཆོས་འཛིན་བཞིན། །མགོན་པོ་རྟ་བདུན་རྒྱལ་པོ་ལྟར། །དེ་བཞིན་སློབ་དཔོན་རབ་ཏུ་གྲགས། །ཞེས་སོ། །བྲམ་ཟེ་བསོད་སྙོམས་པའི་རྒྱུད་ལས། དབང་བསྐུར་བླ་མ་མིག་དང་འདྲ། །མན་ངག་སྟོན་པ་སྙིང་དང་འདྲ། །རྒྱུད་སྟོན་པ་ནི་ལུས་དང་འདྲ། །དེ་ལ་དམ་ཚིག་མ་ཉམས་ན། །འདུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་དང༌། །བྱང་སེམས་སྡོམ་པ་ཉི་ཤུ་སོགས། །ཉམས་ཀྱང་རྡོ་རྗེ་འཛིན་པ་ཐོབ། །ཅེས་གསུངས། ཡེ་ཤེས་ཐིག་ལེའི་རྒྱུད་དུ། བླ་མ་མཐོ་རིས་ཐར་པའི་བླ། །བླ་མ་ཡེ་ཤེས་བླ་ན་མེད། །བླ་མ་ཡོན་ཏན་བླ་མ་མགོན། །བླ་མ་རྡོ་རྗེ་འཛིན་པ་ཉིད། །ཅེས་གསུངས། ཡོན་ཏན་ཡོངས་བཟུང་གི་རྒྱུད་ལས། བླ་མ་མེད་པའི་གོང་རོལ་ན། །སངས་རྒྱས་བྱ་བའི་མིང་ཡང་མེད། །འདས་དང་མ་འོངས་སངས་རྒྱས་རྣམས། །བླ་མ་དག་ལ་བརྟེན་ནས་འབྱུང༌། །ཞེས་སོ། །རྩ་རྒྱུད་ལས། བླ་མའི་ཞལ་ལ་མ་བརྟེན་དང༌། །དེ་ཡི་མན་ངག་མ་ཐོབ་པར། །འཁོར་བ་རྒྱ་ཆེ་རྒྱ་མཚོ་ལས། །ཕ་རོལ་ཕྱིན་པར་མི་འགྱུར་རོ། །ཞེས་གསུངས་པ་ལྟར། དཔལ་ལྡན་བླ་མའི་ཡོན་ཏན་དཔག་ཏུ་མེད་པ་རྒྱུད་སྡེ་དུ་མར་འབྱུང་ངོ༌། །སྐུའི་ཆ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བཞུགས་པར་ཡར་གསུངས་ཏེ། དཔལ་གསང་བ་འདུས་པའི་རྒྱུད་ལས། རྡོ་རྗེ་སློབ་དཔོན་ལུས་འདི་ལ། །རྒྱལ་བའི་སྐུ་ནི་རིམ་བཞིན་གནས། །དེ་ཡི་གཟུགས་ཀྱི་ཕུང་པོ་ནི། །སངས་རྒྱས་རྣམ་པར་སྣང་མཛད་ཡིན། །ཚོར་བ་རྡོ་རྗེ་ཉི་མ་སྟེ། །འདུ་ཤེས་པད་མ་གར་དབང་ཕྱུག །འདུ་བྱེད་རྡོ་རྗེ་རྒྱལ་པོ་སྟེ། །རྣམ་པར་ཤེས་པ་མི་བསྐྱོད་པ། །ས་ནི་སྤྱན་ཞེས་བྱ་བ་སྟེ། །ཆུ་ཡི་ཁམས་ནི་མཱ་མ་ཀཱི། །གོས་དཀར་སྒྲོལ་མ་ཞེས་བྱ་སྟེ། །མེ་དང་རླུང་དུ་རབ་ཏུ་གྲགས། །ནམ་མཁའ་རྡོ་རྗེ་དབྱིངས་ཕྱུག་མ། །རྡོ་རྗེའི་སྐྱེ་མཆེད་འདི་དག་ཀྱང༌། །བྱང་ཆུབ་སེམས་དཔའ་དཀྱིལ་འཁོར་མཆོག །ཡན་ལག་ཁྲོ་བོ་རྒྱལ་པོ་རྣམས། །ཞེས་གསུངས། བླ་མ་ལྔ་བཅུུ་པར། དབང་བསྐུར་མཆོག་ཐོབ་རྡོ་རྗེ་ཡི། །སློབ་དཔོན་ལ་ནི་དེ་བཞིན་གཤེགས། །ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་རྣམས། །དུས་གསུམ་དུ་ནི་མངོན་ཕྱག་འཚལ། །ཞེས་གསུངས་པ་ལྟར་བླ་མ་སངས་རྒྱས་ཉིད་ཡིན་ལ། ཕྱོགས་བཅུའི་འཇིག་རྟེན་ཁམས་ཀྱི་སངས་རྒྱས་ཐམས་ཅད་འདུས་ཏེ། ཉིན་ལན་གསུམ་མཚན་ལན་གསུམ་དུ་ཕྱག་འཚལ་བར་གསུངས་སོ། །འཕགས་པའི་དགེ་བདུན་རྒྱ་མཚོའི་མངའ་བདག་ནི་རྡོ་རྗེ་སློབ་དཔོན་ཡིན་ལ་ཐམས་ཅད་ཀྱིས་སྔོན་དུ་དད་པ་བྱ་དགོས་སོ། །ཏ་ལ་ལའི་མདོར། དད་པ་སྔོན་འགྲོ་མ་ལྟར་བསྐྱེད་པ་སྟེ། །ཡོན་ཏན་ཐམས་ཅད་བསྲུང་ཞིང་འཕེལ་བར་བྱེད། །མི་དགེ་སེལ་ཞིང་ཆུ་བོ་རྣམས་ལས་སྒྲོལ། །དད་པ་བདེ་བའི་གྲོང་ཁྱེར་མཚོན་པ་ཡིན། །དད་པས་རྟོག་པ་སེལ་ཞིང་སེམས་དད་བྱེད། །ང་རྒྱལ་སྤོང་ཞིང་གུས་པའི་རྩ་བ་ཡིན། །དད་པ་གཏེར་དང་ནོར་དང་རྐང་པའི་མཆོག །ལག་པ་བཞིན་དུ་དགེ་བའི་སྡུད་རྩ་ཡིན། །དད་པས་ཡོངས་སུ་གཏོང་ལ་དགའ་བར་བྱེད། །དད་པས་རྒྱལ་བའི་ཆོས་ལ་རབ་དགའ་བསྐྱེད། །དད་པས་ཡོན་ཏན་ཡེ་ཤེས་ཁྱད་པར་འཕགས། །སངས་རྒྱས་གོ་འཕང་ཐོབ་ཅིང་ཐོབ་པར་བྱེད། །ཅེས་གསུངས། ཆོས་བཅུའི་མདོ་ལས། དད་པ་ཐེག་པའི་མཆོག་ཡིན་ཏེ། །དེས་ནི་འདྲེན་པ་ངེས་པར་འབྱུང༌། །དེ་ཕྱིར་བློ་དང་ལྡན་པའི་མི། །དད་པའི་རྗེས་སུ་འབྲང་ལ་བརྟེན། །དད་པ་མེད་པའི་མི་དག་ལ། །དཀར་པོའི་ཆོས་རྣམས་མི་སྐྱེ་སྟེ། །ས་བོན་མེ་ཡིས་ཚིག་པ་ལ། །མྱུ་གུ་སྔོན་པོ་ཇི་བཞིན་ནོ། །ཞེས་སོ། །མདོ་སྡེ་རྒྱ་ཆེར་རོལ་པར། ཀུན་དགའ་བོ་དད་པ་ལ་བརྩོན་པར་གྱིས་ཤིག །ཅེས་དང༌། སེང་གེས་ཞུས་པའི་མདོར། དད་པས་མི་ཁོམ་སྤོང་བར་འགྱུར། །ཞེས་གསུངས། འོད་དཔག་མེད་ཞིང་གི་བཀོད་པའི་མདོ་ལས། སངས་རྒྱས་དང་ཆོས་དང་དགེ་འདུན་དང་སློབ་དཔོན་དང་མཁན་པོ་དང༌། དགེ་བའི་བཤེས་གཉེན་ལ་གུས་པ་དང་བཅས་པ་ནི་སྔོན་དུ་འགྲོའོ། །ཞེས་སོ། །འཕགས་པ་སྡོང་པོ་བཀོད་པའི་མདོར། དད་པ་ཡིད་བཞིན་ནོར་བུ་བུམ་པ་བཟང༌། །འདོད་དགུ་འཇོ་བའི་བཞོན་མཚུངས་པ། །བླ་མ་དང་ནི་སངས་རྒྱས་ལ། །དེ་ལྟ་བས་ན་མགུ་བར་བྱ། །སངས་རྒྱས་དད་པའི་བསོད་ནམས་གང༌། །སངས་རྒྱས་ཞིང་དུ་སྐྱེ་བར་འགྱུར། །ཞེས་གསུངས། འཕགས་པ་ཡན་ལག་མེ་ཏོག་མཆོག་གི་མདོར། སངས་རྒྱས་ཕྲད་ན་ཤིན་ཏུ་དད། །དད་ནས་ཤིན་ཏུ་གུས་པར་འགྱུར། །གུས་པས་ནན་ཏན་བྱེད་པས་ན། །མྱུར་དུ་བྱང་ཆུབ་ཐོབ་པར་འགྱུར། །ཞེས་སོགས་མང་དུ་གསུངས་སོ། །སོ་སོར་ཐར་པའི་མདོར། ཤཱ་རིའི་བུ། འདི་ལ་བྱང་ཆུབ་སེམས་དཔའ་ནི་མཁན་པོ་དང་སློབ་དཔོན་ལ་གུས་པས། གང་ཡོངས་སུ་མི་གཏོང་བ་ནི་རིན་པོ་ཆེ་ལྟར་འཇིག་རྟེན་ན་མེད་དོ། །ཞེས་གསུངས། ཁྱིམ་བདག་དྲག་ཤུལ་གྱིས་ཞུས་པའི་མདོ་ལས། ཚིག་བཞི་པའི་ཚིགས་སུ་བཅད་པ་སུ་ལ་མཉན་ནམ། ལུང་ནོད་དམ། བླངས་པའི་སློབ་དཔོན་དེ་ལ་ཆོས་ཀྱི་གུས་པར་བྱའོ། །ཞེས་སོགས་མང་དུ་བསྡུའོ། །དེ་ནས་དད་པའི་ཞིང་ནི་སློབ་དཔོན་ཡིན་པས་བླ་མའི་རྣམ་ཐར་བཤད་པར་བྱ། ཞེས་མདོ་རྒྱུད་དུ་མར་གསུངས་ཏེ། དྲི་མེད་གྲགས་པས་ཞུས་པའི་མདོ་ལས། རབ་འབྱོར། གང་ལ་ལ་ཞིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར། རིན་པོ་ཆེ་སྣ་བདུན་གྱིས་རབ་ཏུ་གང་བར་བྱས་ཏེ། སྦྱིན་པ་བྱིན་ན་བསོད་ནམས་མང་དུ་བསྐྱེད་དམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་མང་ལགས་སོ། །བདེ་བར་གཤེགས་པ་མང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། གང་ལ་ལ་ཞིག་གིས་བླ་མའི་རྣམ་ཐར་གྱི་ཚིག་བཞི་པའི་ཕྱེད་ཙམ་སྟོན་ན། དེ་བས་བསོད་ནམས་མང་དུ་བསྐྱེད་པར་འགྱུར་རོ། །ཞེས་གསུངས། གཞོན་ནུ་ལུང་བསྟན་པའི་མདོ་ལས། གཞོན་ནུ་སློབ་དཔོན་གྱི་མཚན་ཉིད་བཤད་པར་བྱའོ། །མཁན་པོའི་ཡོན་ཏན་གྱི་བཤད་པ་ལ་བརྩོན་ཅིག །ཅེས་དང༌། འཕགས་པ་གཎྜི་རྒྱས་པའི་མདོར། སློབ་དཔོན་མཚན་ཉིད་སུས་བཤད་པ། །བསོད་ནམས་མཐའ་ཡས་དཔག་མེད་ཐོབ། །ལྷ་ཡིས་བསྲུང་ལ་བར་ཆད་མེད། །དེ་ཕྱིར་བླ་མ་ལ་གུས་ཤིག །ཅེས་སོ། །ཚུལ་ཁྲིམས་དྲི་མེད་གསལ་བའི་མདོར། ཀུན་དགའ་བོ། ཚུལ་ཁྲིམས་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་བླ་མའི་མཚན་ཉིད་ལ་རྟོགས་པར་བྱའོ། །མོས་པར་བྱའོ། །སྙོག་པར་བྱའོ། །ཞེས་གསུངས་སོ། །བྱང་ཆུབ་ཤིང་དྲུང་དུ་འཇུག་པའི་མདོར། འོད་སྲུང་བླ་མའི་རྣམ་ཐར་ལ་རྟོགས་ཤིང་བཤད་པར་གྱིས་ཤིག །མཁན་པོའི་མཚན་ཉིད་ལ་ནན་ཏན་གྱིས་ཤིག །ཅེས་གསུངས་སོ། །བླ་མའི་རྣམ་ཐར་བཤད་པ་ལ་ཕན་ཡོན་མདོ་སྡེ་དུ་མར་གསུངས་སོ། །རྒྱུད་ལས་བཤད་པ་ནི་མང་དུ་གསུངས་སོ། །སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས། རེ་ཞིག་དང་པོར་དངོས་གྲུབ་ནི། །སློབ་དཔོན་རྗེས་སུ་འབྲང་ཡིན་པས། །སློབ་དཔོན་མེད་པར་གྱུར་ནས་ནི། །དངོས་གྲུབ་ཐོབ་པར་མི་འགྱུར་བས། །སློབ་དཔོན་མཚན་ཉིད་བཤད་པར་བྱ། །ཞེས་དང༌། ཡེ་ཤེས་གསལ་བའི་རྒྱུད་ལས། མཚན་དང་དཔེ་བྱད་ལྡན་པའི་ལྷ། །བསྐལ་པ་སྟོང་དུ་བསྒོམས་པ་བས། །བླ་མ་དྲན་པའི་བསོད་ནམས་ཆེ། །ཞེས་དང༌། དམ་ཚིག་བཀོད་པའི་རྒྱུད་ལས། རྫོགས་པའི་རིམ་པ་བསྐལ་པའི་བར་དུ་ནི། །འདུ་འཛི་གཡེང་བ་སྤངས་ནས་བསྒོམས་པ་བས། །བླ་མ་སེམས་ཀྱི་དཀྱིལ་དུ་དར་ཅིག་ཤར་བ་ཙམ། །འབུམ་ཕྲག་ཉི་ཤུའི་ཤར་ཆར་ཡང་མི་ཕོད་དོ། །ཞེས་གསུངས། འཇམ་དཔལ་རྩ་རྒྱུད་དུ། སློབ་དཔོན་བླ་མ་མཚན་ཉིད་ལྡན། །སློབ་མས་སློབ་དཔོན་མཐོང་བར་སྤྲོ། །དེ་ལྟ་བུ་ཡིས་རྟག་ཏུ་ནི། །དངོས་གྲུབ་ཡང་དག་འབྱོར་བ་ཉིད། །ཅེས་སོགས་ཕན་ཡོན་དཔག་ཏུ་མེད་པ་མདོ་རྒྱུད་ཀུན་ལས་གསུངས་པས་འདི་རྩོམ་པ་ལ་སེམས་སྤྲོ་བས་ཅུང་ཟད་བྲི་བར་འཚལ་ལོ། །
དེ་ཡང་འདིར་སངས་རྒྱས་ཉིད་རྩོད་དུས་སུ་ཕལ་པའི་འགྲོ་བ་འདུལ་བའི་ཕྱིར། སློབ་དཔོན་གྱི་གཟུགས་སུ་སྤྲུལ་ནས་སེམས་ཅན་གྱི་དོན་མཛད་པ་ཡིན་ཏེ། ཆུ་ཀླུང་བ་ཚྭ་ཅན་གྱི་མདོར། ལྔ་བརྒྱའི་ཐ་མར་གྱུར་པ་ན། །ང་ནི་སློབ་དཔོན་གཟུགས་སུ་གནས། །ང་ཡིན་སྙམ་དུ་ཡིད་བྱོས་ལ། །དེ་ཚེ་དེ་ལ་གུས་པ་བསྐྱེད། །ཅེས་སོ། །གུར་ལས། ང་ཉིད་རྡོ་རྗེ་སེམས་དཔའ་ཞེས། །དེ་ཉིད་སློབ་དཔོན་གཟུགས་སུ་འཛིན། །སེམས་ཅན་ཕན་བཏགས་དམིགས་ནས་ནི། །ཐ་མལ་པ་ཡི་གཟུགས་སུ་གནས། །ཞེས་གསུངས། དེ་ཡང་མི་ཚད་སངས་རྒྱས་ཀྱི་རྣམ་འཕྲུལ་དུ་མས་དུད་འགྲོའི་གཟུགས་ཀྱིས་འགྲོ་བ་སེམས་ཅན་གྱི་དོན་མཛད་པར་གསུངས་ཏེ། རྡོ་རྗེའི་གུར་དུ། སངས་རྒྱས་སེམས་ཅན་བསྐྱབ་དགོངས་ནས། །སངས་རྒྱས་གར་མཁན་གར་མཛད་དེ། །རི་བོ་གངས་དང་སེང་གེ་དང༌། །གླང་པོ་རིགས་ཅན་རྣམས་སུ་ཡང༌། །སྙིང་རྗེའི་ཐུགས་ཀྱི་སྟོན་པར་མཛད། །ཅེས་སོགས་སངས་རྒྱས་ཀྱིས་གདུལ་བྱའི་དོན་དུ་སྤྲུལ་པ་མཐའ་ཡས་སྟོན་པར་མཛད་དོ། །མདོ་ལས། རྒྱལ་པོ་འདུལ་བ་ལ་རྒྱལ་པོ། དགེ་སྦྱོང་འདུལ་བ་ལ་དགེ་སྦྱོང༌། བྲམ་ཟེ་འདུལ་བ་ལ་བྲམ་ཟེ། དྲི་ཟ་འདུལ་བ་ལ་དྲི་ཟའི་གཟུགས་སུ་སྤྲུལ་ལོ། །ཞེས་དང༌། མི་གཡོ་བ་གཏུམ་པོའི་རྒྱུད་ལས། གང་དང་གང་གིས་གཟུགས་ཀྱིས་ནི། །སེམས་ཅན་གདུལ་བར་དེ་ཉིད་འཇུག །དེང་སང་དེ་ཉིད་ཚུལ་གྱིས་ནི། །འཇིག་རྟེན་དོན་མཛད་ང་གནས་སོ། །འགའ་ཞིག་སངས་རྒྱས་གྲུབ་ཐོབ་སྤྲུལ། །ལ་ལར་ཆོས་དང་དགེ་འདུན་ཏེ། །ལ་ལར་ཡི་དྭགས་ལ་ལར་ཕྱུགས། །ལ་ལར་དམྱལ་བའི་གཟུགས་ཅན་ནོ། །ལ་ལར་ལྷ་དང་ལྷ་མ་ཡིན། །ལ་ལར་མི་ཡི་གཟུགས་ཅན་ནོ། །ལ་ལར་བརྟན་པའི་གཟུགས་ཅན་ནོ། །སྣ་ཚོགས་གཟུགས་ཅན་ཐེ་ཚོམ་མེད། །ང་ནི་སྐྱེས་པ་བུད་མེད་དང༌། །མ་ནིང་གཟུགས་སུ་ལ་ལར་རོ། །ལ་ལར་ཆགས་ཅན་ལ་ལར་སྡང༌། །ལ་ལར་རྨོངས་ཤིང་ལ་ལར་གཙང༌། །ལ་ལར་མི་གཙང་གཟུགས་སུ་ང༌། །སེམས་ཅན་གཟུགས་ཀྱི་བདག་གནས་སོ། །ཞེས་སོགས་མང་དུ་གསུངས་སོ། །སངས་རྒྱས་གསུང་གི་འཕྲིན་ལས་ཀྱང་གསུང་ཅིག་ཉིད་དུ་གསུངས་ཏེ། སེམས་ཅན་རང་རང་གི་སྐད་དུ་གོ་བར་སྟོན་ཏེ། ཡེ་ཤེས་ལེའུར། དུད་འགྲོ་ཡི་དྭགས་ལྷ་མིན་རྣམས་དང་ལྟོ་འཕྱེ་ལྷ་དང་མི་ནི་འཕགས་པ་བོད་ལ་སོགས་པ་རྣམས་དང་ནི། །བྱུང་དང་འབྱུང་འགྱུར་ད་ལྟར་བྱུང་བ་རྣམ་པ་གསུམ་དང་རྟག་ཏུ་བདེན་པའི་ཆོས་ནི་གསུངས་བྱེད་ཅིང༌། །རང་རང་སྐད་གཞན་དག་གིས་སྲིད་པ་གསུམ་པོ་མ་ཚང་མེད་པའི་ལམ་ལ་ཡང་དག་འགོད་བྱེད་པ། །འདི་ནི་བདེ་མཉམ་འབྲས་བུ་སྟེར་བ་ཐམས་ཅད་མཁྱེན་པའི་གསུང་སྟེ་ལྷ་ཡི་སྐད་ཀྱང་མ་ཡིན་ནོ། །ཞེས་གསུངས། དེ་ཡན་ཆད་ཐུན་མོང་གི་སེམས་ཅན་འདུལ་བའི་ཆོས་སོ། །
ཐུན་མོང་མ་ཡིན་པར་སེམས་ཅན་གྱི་དོན་མཛད་པ་ནི། དཔལ་དུས་ཀྱི་འཁོར་ལོ་ལས། ཤེས་རབ་མ་ཡིན་ཐབས་ཀྱང་མིན་པ་འདི་ནི་ལྷན་ཅིག་སྐྱེས་པའི་སྐུ་སྟེ་ཆོས་ཀྱི་སྐུར་གྱུར་པ། །ཤེས་རབ་ཐབས་ཀྱི་རང་བཞིན་ངེས་པར་མུན་པ་དང་བྲལ་ཡེ་ཤེས་དང་ནི་རྣམ་ཤེས་དབྱེ་བ་ལས། །འདི་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྟེ་སྒྲ་བརྙན་ལྟ་བུ་སེམས་ཅན་དུ་མའི་དོན་ནི་བྱེད་པའོ། །སེམས་ཅན་རྣམས་ནི་སྨིན་པའི་དོན་དུ་སླར་ཡང་འདི་ནི་སངས་རྒྱས་རྣམས་ཀྱི་སྤྲུལ་པའི་སྐུར་འགྱུར་རོ། །ཞེས་སངས་རྒྱས་སྐུ་བཞིའི་སྒོ་ནས་གཞན་དོན་མཛད་པར་གསུངས། ཁམས་གསུམ་ལས་རྒྱལ་བའི་སྐུ་གསུམ་གྱིས་འགྲོ་དོན་མཛད་ཚུལ་ནི། བསྡུས་པའི་རྒྱུད་ལས། དེ་དག་རྣམས་ཀྱིས་དུས་ཀྱི་འཁོར་ལོའི་རྫུ་འཕྲུལ་རབ་ཏུ་གསལ་བྱེད་ཆེན་པོ་དུ་མ་སྤྲུལ་པའི་སྐུ་ཆེན་པོ། །རྡོ་རྗེ་འབར་བ་འཕྲོ་བ་རྣམས་ཀྱིས་འདོད་པའི་ཁམས་ན་གནས་པའི་ལྷ་མིན་དང་ནི་མི་རྣམས་དང༌། །ལོངས་སྤྱོད་རྫོགས་པས་གཟུགས་ཅན་རྣམས་དང་མཁའ་ལ་རྒྱལ་བའི་སྲས་སོགས་དགྲ་བཅོམ་རྣམས་ལ་ཆོས་སྐུ་ཡིས། །ཞེས་སོགས་ཐུན་མོང་མ་ཡིན་པར་གཞན་དོན་མཛད་ཚུལ་དཔག་ཏུ་མེད་པར་གསུངས་སོ། །ཁྱད་པར་དུ་བདག་གི་དཔལ་ལྡན་བླ་མས་འགྲོ་དོན་མཛད་ཚུལ་ལ་སྤྱི་དོན་གསུམ་སྟེ། སྐུ་ཚེ་སྔོན་ནས་འདས་པ་རྣམས་དང༌། ད་ལྟར་བྱུང་བ་དང༌། མ་བྱོན་པའོ། །
དང་པོ་ལ་གསུམ་སྟེ། མདོ་རིགས་ལས་བཤད་པ་དང༌། རྒྱུད་ལས་བཤད་པ་དང༌། བསྟན་བཅོས་ལས་བཤད་པའོ། །

༢ དང་པོ། དྲང་སྲོང་པད་མའི་ཕྲེང་བར་སྐྱེས་པའི་རབས།

༈ དང་པོ་ནི། ཆོས་རྗེ་རིན་པོ་ཆེ་འདི་ཉིད་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡིན་ཏེ། སྤྱན་རས་གཟིགས་ཀྱིས་ཐབས་ཇི་ལྟར་དུ་འགྲོ་དོན་མཛད་པ་ནི་བརྗོད་དུ་མི་ལང་ངོ༌།།
མདོར་བསྡུས་ཙམ་ནི། དམ་ཆོས་པད་མ་དཀར་པོའི་མདོ་ལས། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་མི་ཟད་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གིས་འཇིག་རྟེན་གྱི་ཁམས་མི་མཇེད་འདི་ན་རྒྱུ་ཇི་ལྟར་དུ་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གིས་ཐབས་ལ་མཁས་པའི་ཡུལ་ནི་ཅི་འདྲ་བ་ཞིག་ལགས། དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་མི་ཟད་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ། གང་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་སངས་རྒྱས་ཀྱི་གཟུགས་ཀྱིས་ཆོས་སྟོན་པའི་འཇིག་རྟེན་གྱི་ཁམས་དག་ཡོད་དོ། །གང་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གིས་བྱང་ཆུབ་སེམས་དཔའི་གཟུགས་ཀྱིས་ཆོས་སྟོན་པའི་འཇིག་རྟེན་གྱི་ཁམས་དག་ཀྱང་ཡོད་དོ། །སེམས་ཅན་ཁ་ཅིག་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གིས་རང་གི་གཟུགས་ཀྱིས་ཆོས་སྟོན་ཏོ། །སེམས་ཅན་ཁ་ཅིག་ལ་ནི་ཉན་ཐོས་ཀྱི་གཟུགས་ཀྱིས་སོ། །ཁ་ཅིག་ལ་ནི་ཚངས་པའི་གཟུགས་སོ། །ཁ་ཅིག་ལ་ནི་བརྒྱ་བྱིན་གྱི་གཟུགས་སོ། །སེམས་ཅན་ཁ་ཅིག་ལ་ནི་ཤ་ཟའི་གཟུགས་སོ། །སེམས་ཅན་ཁ་ཅིག་ལ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་དྲི་ཟའི་གཟུགས་ཀྱིས་ཆོས་སྟོན་ཏོ། །གནོད་སྦྱིན་རྣམས་ལ་དབང་ཕྱུག་ཆེན་པོའི་གཟུགས་སོ། །རྒྱལ་པོ་འདུལ་བ་ལ་འཁོར་ལོས་སྒྱུར་བའི་གཟུགས་ཀྱིས་ཆོས་སྟོན་ཏོ། །ཞེས་སོགས་མང་དུ་གསུངས་སོ། །ཡང་ཟ་མ་ཏོག་བཀོད་པར། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རིན་པོ་ཆེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་གིས་དུས་ན་ཡི་དམ་བརྟན་པོ་དེ་ཡོངས་སུ་རྫོགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གིས་ཐབས་ཇི་ལྟར་ཆོས་སྟོན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་གཤེགས་པས་འདུལ་བའི་སེམས་ཅན་རྣམས་ལ་ནི་དེ་བཞིན་གཤེགས་པའི་གཟུགས་ཀྱིས་ཆོས་སྟོན་ཏོ། །རང་སངས་རྒྱས་ཀྱིས་འདུལ་བའི་སེམས་ཅན་རྣམས་ལ་ནི་རང་སངས་རྒྱས་ཀྱི་གཟུགས་ཀྱིས་ཆོས་སྟོན་ཏོ། །དགྲ་བཅོམ་པས་འདུལ་བའི་སེམས་ཅན་རྣམས་ལ་དགྲ་བཅོམ་པའི་གཟུགས་སོ། །བྱང་ཆུབ་སེམས་དཔས་འདུལ་བའི་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་གཟུགས་ཀྱིས་ཆོས་སྟོན་ཏོ། །དབང་ཕྱུག་གིས་འདུལ་བའི་སེམས་ཅན་རྣམས་ལ་དབང་ཕྱུག་ཆེན་པོའི་གཟུགས་ཀྱིས་ཆོས་འཆད་དོ། །མཐུ་བོ་ཆེས་འདུལ་བའི་སེམས་ཅན་རྣམས་ལ་ནི་མཐུ་བོ་ཆེའི་གཟུགས་ཀྱིས་ཆོས་འཆད་དོ། །གོང་བཞིན་དུ་ཚངས་པ་ལ་ཚངས་པའི་གཟུགས་སོ། །དབང་པོ་ལ་དབང་པོའི་གཟུགས་སོ། །ཉི་མ་ལ་ཉི་མའི་གཟུགས་སོགས་ཀྱིས་ཆོས་འཆད་པ་མང་དུ་གསུངས་མདོ་དེ་ཉིད་ལ་བལྟ་བར་བྱའོ། །གདོད་མ་ཉིད་ནས་མངོན་པར་སངས་རྒྱས་ཀྱང་འཁོར་བ་སྲིད་དུ་སེམས་ཅན་གྱི་དོན་དུ་ཐབས་ཚུལ་དཔག་ཏུ་མེད་པ་མཛད་དོ། །སྤྱན་རས་གཟིགས་མགྲིན་སྔོན་ཅན་གྱི་སྒྲུབ་ཐབས་ལས། སྤྱན་རས་གཟིགས་དབང་རྒྱལ་སྲས་ཐུགས་རྗེ་ཅན། །འདས་པའི་དུས་ན་མངོན་པར་སངས་རྒྱས་ཀྱང༌། །ཐུགས་རྗེའི་དབང་གིས་ས་བཅུའི་ཚུལ་སྟོན་པ། །ཐབས་ཚུལ་དཔག་མེད་རིགས་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར་རོ། །དེ་ཡང་ཇི་ལྟར་དུ་མངོན་པར་སངས་རྒྱས་ན། འཕགས་པ་ཕྱག་སྟོང་སྤྱན་སྟོང་གི་མདོ་ལས། སྔོན་བསྐལ་པ་གྲངས་མེད་པའི་སྔ་རོལ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པད་མ་བརྒྱའི་སྤྱན་ཅན་དུག་འཇོམས་འོད་ཟེར་རྒྱལ་པོ་ཞེས་བྱ་བ་བྱུང་སྟེ། དེའི་ཚེ་ན་སྤྱན་རས་གཟིགས་དབང་ཕྱུག་འདི་དྲང་སྲོང་པད་མའི་ཕྲེང་བ་ཞེས་བྱ་བར་གྱུར་ཏོ། །དེ་བཞིན་གཤེགས་པའི་དྲུང་དུ་སྨོན་ལམ་དཔག་ཏུ་མེད་པ་བཏབ་ནས་རབ་ཏུ་བྱུང་སྟེ། བཅོམ་ལྡན་འདས་ཀྱིས་ཉེ་བར་བཟུང་ནས་ལུང་བསྟན་པ་འདི་མཛད་དེ། རིགས་ཀྱི་བུ། ཁྱོད་ཀྱིས་སྨོན་ལམ་བཏབ་པའི་སྟོབས་ཀྱིས་ང་འདས་པའི་འོག་ཏུ་ལོ་ཉི་ཤུ་རྩ་ལྔ་ལོན་ནས་ཁྱོད་མངོན་པར་སངས་རྒྱས་པར་འགྱུར་རོ། །སེམས་ཅན་དཔག་ཏུ་མེད་པ་ཞིག་སྒྲོལ་བར་བྱེད་དོ། །དེ་ཡི་མིང་ནི་ཆོས་ཀྱི་སྣང་བ་ཞེས། །སྐུ་ཚེའི་ཚད་ལོ་འབུམ་ཕྲག་བརྒྱད་ཁྲི་ཡིན། །འཇིག་རྟེན་མཁྱེན་པ་མྱ་ངན་འདས་ནས་ཀྱང༌། །དམ་པའི་ཆོས་ནི་ཉིས་འགྱུར་དག་ཀྱང་གནས། །ཞེས་སོགས་དུ་མར་ལུང་བསྟན་ནས། དེ་ནས་དྲང་སྲོང་པད་མའི་ཕྲེང་བས། བཅོམ་ལྡན་འདས་ལ་ཕྱག་དང་བསྐོར་བ་མང་པོ་བྱས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་མཁའ་འདྲ་བདག་ལགས་ན། །བདག་ནི་སངས་རྒྱས་ཐོབ་པའི་རྗེས། །མྱ་ངན་འདས་ན་སླར་ཡང་ནི། །ས་བཅུའི་ཚུལ་གྱིས་འགྲོ་རྣམས་ལ། །རྟག་ཏུ་ཕན་པ་བགྱིད་པར་ཤོག །ཅེས་སོགས་སྨོན་ལམ་བཏབ་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བུ་ལེགས་སོ་ལེགས་སོ། ཁྱོད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ཅེས་བྱ་བར་འགྱུར་ནས་འགྲོ་བ་ཀུན་གྱི་དོན་བྱེད་པར་འགྱུར་རོ། །ཞེས་ལུང་བསྟན་ཏོ། །དེ་ནས་དྲང་སྲོང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་སྟེ། དེ་མ་ཐག་ཏུ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་མངོན་དུ་གྱུར་ནས་སྙིང་རྗེ་དགའ་བའི་ཏིང་ངེ་འཛིན་བརྟན་པ་ཐོབ་བོ། །དྲང་སྲོང་པད་མའི་ཕྲེང་བར་སྐྱེས་པའི་རབས་མདོར་བསྡུས་ཏེ་དང་པོའོ།། །།

༣ གཉིས་པ། དེ་བཞིན་གཤེགས་པ་ཆོས་ཀྱི་སྣང་བར་སྐྱེས་པའི་རབས།

༈ འཕགས་པ་སྤྱན་སྟོང་གི་མདོ་ལས། སྔོན་བྱུང་བ་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་བཅུ་འདས་པའི་སྔ་རོལ་ཏུ་གྲོང་ཁྱེར་ཝཱ་རཱ་ན་སཱིར་རྒྱལ་པོ་མན་དྷཱ་ར་བ་ཞེས་བྱ་བའི་བཙུན་མོ་ལ་ལྷུམས་སུ་ཆོས་ཀྱི་སྒྲ་སྣང་བ་དང༌། དེ་ནས་ཕྱི་དུས་སུ་ལྷུམས་ཀྱི་ཐད་ཀར་བུ་གཅིག་བཙས་ཏེ་སྲོལ་མེད་པར་ཕྱིར་ཐོན་ནས། ཆོས་ཀྱི་སྒྲ་ཆེན་པོ་སྣང་བས། དེའི་མིང་ཡང་ཆོས་ཀྱི་སྒྲ་སྣང་བ་ཞེས་བཏགས་སོ། །བྱང་ཆུབ་སེམས་དཔའ་དེ་བཞིན་དུ་ལྷུམས་སུ་ཞུགས་པ་དང༌། བལྟམས་པ་དང༌། བཙུན་མོའི་འཁོར་ལ་རོལ་པ་དང༌། མངོན་པར་བྱུང་བ་ན། དམ་པའི་ཆོས་ཀྱི་སྒྲ་བྱུང་ངོ༌། །བྱང་ཆུབ་ཀྱི་ཤིང་དྲུང་དུ་གཤེགས་པ་དང༌། བདུད་བཏུལ་བ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་ཡང་དེ་བཞིན་ནོ། །དེ་བཞིན་གཤེགས་པ་ཆོས་ཀྱི་སྣང་བའི་སྐུ་ཚེའི་ཚད་ལ་ཡང་ལོ་འབུམ་ཕྲག་བརྒྱད་ཁྲིའོ། །འོད་ནི་དཔག་ཚད་དྲུག་བརྒྱའོ། །འཁོར་གྱི་ཉན་ཐོས་ཀྱང་བྱེ་བ་དུང་ཕྱུར་རོ། །དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ནས་དམ་པའི་ཆོས་ལོ་འབུམ་ཕྲག་བཅུ་དྲུག་གོ །རིང་བསྲེལ་ཡུངས་འབྲུ་ཙམ་དམ་པའི་ཆོས་ཀྱི་སྒྲ་སྣང་ངོ༌། །ཞེས་དེ་བཞིན་གཤེགས་པ་ཆོས་ཀྱི་སྣང་བར་སྐྱེས་པའི་རབས་ཏེ་གཉིས་པའོ།། །།

༤ གསུམ་པ། རྒྱལ་བུ་རིན་ཆེན་འབྱུང་གནས་སུ་སྐྱེས་པའི་རབས།

༈ ད་ནི་རྒྱལ་བུ་རིན་ཆེན་འབྱུང་གནས་སུ་སྐྱེ་བར་བཤད་པར་བྱའོ། །དེ་ཇི་ལྟ་བུ་ཞིག་ཞེ་ན། འཕགས་པ་ཆོས་དང་དོན་རྣམ་པར་འབྱེད་པའི་མདོར། སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་གྲངས་མེད་པ་ཡང་ཆེས་གྲངས་མེད་ཅིང༌། ཚད་མེད་པར་གྱུར་པ་དེའི་ཚེ་དེའི་དུས་ན་འཇིག་རྟེན་གྱི་ཁམས་མེ་ཏོག་གི་འབྱུང་གནས་ཞེས་བྱ་བ་འབྱོར་བ་རྒྱས་པ། བདེ་བ་ལོ་ལེགས་པ། ཉམས་དགའ་བ། སྐྱེ་བོ་མང་པོ་དང༌། མི་རྣམས་ཀྱིས་གང་བ། ས་གཞི་ལག་མཐིལ་ལྟར་མཉམ་པ་ཞིག་བྱུང་ངོ༌། །རིགས་ཀྱི་བུ། འཇིག་རྟེན་གྱི་ཁམས་མེ་ཏོག་གི་འབྱུང་གནས་སུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མེ་ཏོག་ལས་བྱུང་བ་ཞེས་བྱ་བ། ད་ལྟར་ཡང་བཞུགས་ཏེ། འཚོ་ཞིང་གཞེས་པ་ལ། འཁོར་བཞི་དང༌། ལྷ་དང༌། ཀླུ་དང༌། གནོད་སྦྱྀན་དང༌། དྲི་ཟ་དང༌། ལྷ་མ་ཡིན་དང༌། ནམ་མཁའ་ལྡིང་དང༌། མིའམ་ཅི་དང༌། ལྟོ་འཕྱེ་ཆེན་པོ་དང༌། མི་དང་མི་མ་ཡིན་པ་རྣམས་ལ་ཆོས་ཀྱང་སྟོན་ཏོ། །རིགས་ཀྱི་བུ། འཇིག་རྟེན་གྱི་ཁམས་མེ་ཏོག་གི་འབྱུང་གནས་དེ་ན། མིའི་དབང་པོ་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལ་དབང་བྱེད་པའི་རྒྱལ་པོ་རྒྱལ་བ་ཐོབ་པ་ཞེས་བྱ་བ་ཞིག་བྱུང་ངོ༌། །རིགས་ཀྱི་བུ། རྒྱལ་པོ་རྒྱལ་བ་ཐོབ་པ་དེའི་ཚེ་རབས་ལ་སེམས་ཅན་ཐམས་ཅད་དགའ་ཞིང་ཡིད་བདེ་བ་སྐྱེས་སོ། །དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་ནོ། །སེམས་ཅན་དེ་དག་ཐེག་པ་གཅིག་ལ་ཡང་དག་པར་ཞུགས་པ་ཤ་སྟག་གོ །འདི་ལྟ་སྟེ། ཐེག་པ་ལ་ཡང་དག་པར་ཞུགས་པ། ཐེག་པ་མཆོག་ལ་ཡང་དག་པར་ཞུགས་པ། ཐེག་པ་གཙོ་བོ་ལ་ཡང་དག་པར་ཞུགས་པ། ཐེག་པ་དམ་པ་ལ་ཡང་དག་པར་ཞུགས་པ། ཐེག་པ་ཁྱད་པར་དུ་འཕགས་པ་ལ་ཡང་དག་པར་ཞུགས་པ་དང༌། རབ་དང༌། ཕུལ་དང༌། བླ་མའི་བླ་མ་དང༌། བླ་ན་མེད་པར་ཞུགས་པ། ཐེག་པ་མི་མཉམ་པ་དང་མཉམ་པ་ལ་ཡང་དག་པར་ཞུགས་པ། ཐེག་པ་བསམ་གྱིས་མི་ཁྱབ་པ་གཞལ་དུ་མེད་པ་ཤ་སྟག་གོ །རིགས་ཀྱི་བུ། རྒྱལ་པོ་རྒྱལ་བ་ཐོབ་པའི་ཚེ་རབས་ལ་ཐེག་པ་ཆེན་པོ་མ་གཏོགས་པ་ཐེག་པ་གཞན་གྱི་མིང་ཡང་མི་གྲག་གོ །རིགས་ཀྱི་བུ། རྒྱལ་པོ་རྒྱལ་བ་ཐོབ་པའི་བཙུན་མོའི་འཁོར་ནི་དགུ་ཁྲི་དགུ་སྟོང་ཡོད་དོ། །དེ་དག་ཐམས་ཅད་ཀྱང་ཐེག་པ་གཞན་མ་ཡིན་པ་ལ་ཡང་དག་པར་ཞུགས་པ། ཐེག་པ་ཆེན་པོའི་ཁོངས་སུ་འདུས་པ་ཉིན་མཚན་དུ་ཆོས་འདོད་ཅིང༌། ཆོས་ལ་དགའ་བ་ཤ་སྟག་གོ །རིགས་ཀྱི་བུ། དེ་ནས་རྒྱལ་པོའི་བཙུན་མོ་དམ་པ་རིན་པོ་ཆེའི་དཔལ་ཞེས་བྱ་བས་བྱང་ཆུབ་ཀྱི་སེམས་བསྡུས་པ། སངས་རྒྱས་དང་ཆོས་དང་དགེ་འདུན་ལ་ཡང་དག་པར་ཞུགས་པ། ཐེག་པ་ཆེན་པོའི་ཁོངས་སུ་འདུས་པ་ཉིན་མཚན་དུ་ཆོས་འདོད་པའོ། །ཆོས་ཀྱི་ཀུན་དགའ་ར་བ་ལ་དགའ་བ་ཞིག་ཡོད་དོ། །རིགས་ཀྱི་བུ། རིན་ཆེན་དཔལ་དེ་ཆེན་པོ་ལ་འོས་པའི་སེང་གེའི་ཁྲི་ལ་འདུག་པ་དང༌། དེའི་པང་ནས་རྒྱལ་བུ་རིན་ཆེན་འབྱུང་གནས་ཞེས་བྱ་བ་ལྷའི་རྒྱན་གྱིས་བརྒྱན་པ། ལྷའི་གོས་བགོས་པ་ལུས་མཚན་དང་དཔེ་བྱད་བཟང་པོས་ལེགས་པར་བརྒྱན་པ་ཞིག་སྐྱིལ་མོ་ཀྲུང་བཅས་ཏེ་བྱུང་ནས། གཞོན་ནུ་དེས་མ་ལ་དེ་མ་ཐག་ཏུ་འདི་སྐད་ཅེས་སྨྲས་སོ། །ཡུམ་དེ་བཞིན་གཤེགས་པ་མེ་ཏོག་ལས་བྱུང་བ་དེ་འཚོའམ། དེ་ནས་རྒྱལ་མོ་རིན་ཆེན་དཔལ་དེས། གཞོན་ནུ་ལ་འདི་སྐད་ཅེས་སྨྲས་སོ། །བུ་གཅིག་ཀུན་མཁྱེན་འཇིག་རྟེན་མགོན། །བླ་ན་མེད་པའི་དགའ་མཛད་པ། །ལྷ་མི་བཅས་པའི་སངས་རྒྱས་འཚོ། །དེ་ནས་རྒྱལ་བུ་རིན་ཆེན་འབྱུང་གནས་ཀྱིས་ཕ་མ་ལ་འདི་སྐད་ཅེས་སྨྲས་སོ། །ཡབ་ཡུམ་གཉིས་ཚུར་གཤེགས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མེ་ཏོག་ལས་བྱུང་བ་ལ་བལྟ་བ་དང༌། ཕྱག་བགྱི་བ་དང༌། མཆོད་པའི་བསྙེན་བཀུར་བགྱི་བ་དང༌། ཆོས་མཉན་པའི་སླད་དུ་གཤེགས་སུ་གསོལ། དེ་ཅིའི་སླད་དུ་ཞེ་ན། ཡབ་ཡུམ་དེ་བཞིན་གཤེགས་པ་དེ་ནི་ལྷ་དང་མིར་བཅས་པའི་འཇིག་རྟེན་དག་ན་དགའ་བ་མཛད་པ་སྟེ། མ་གྲོལ་བ་རྣམས་གྲོལ་མཛད་མགོན། །ལྡོངས་པ་རྣམས་ལ་མིག་སྨན་མཛད། །ཆོས་ལ་དབང་བ་ལྷུན་པོ་ལྟར། །དེ་སྐད་ཅེས་སྨྲས་དང༌། དེ་ནས་རྒྱལ་པོ་དང༌། རྒྱལ་མོས་བུ་པང་དུ་བླངས་ཏེ། བཙུན་མོའི་འཁོར་དང་གཡོག་ཏུ་བཅས་པ་རྣམས་བཅོམ་ལྡན་འདས་དེའི་ཞབས་དྲུང་དུ་ཕྱིན་ནས། བཅོམ་ལྡན་འདས་ལ་ལན་གསུམ་དུ་བསྐོར་བ་བྱས་ནས། བརྒྱ་སྟོང་གི་རི་བའི་མུ་ཏིག་གི་སེ་མོ་དོ་ཕུལ་ལོ། །ཕུལ་ནས་ཀྱང་འཁོར་དེ་ཉིད་ལ་འཁོད་པར་གྱུར་ཏོ། །རིགས་ཀྱི་བུ། དེ་ནས་རྒྱལ་བུ་དེ་རྫུ་འཕྲུལ་གྱི་སྟོབས་བསྐྱེད་པའི་ཏིང་ངེ་འཛིན་ལ་བཞུགས་ནས། ཤིང་ཏ་ལ་བདུན་སྲིད་ཙམ་གྱི་བར་སྣང་གི་ནམ་མཁའ་ལ་འཕགས་ཏེ། བཅོམ་ལྡན་འདས་ལ་རིན་པོ་ཆེའི་ཆར་དང་མེ་ཏོག་གི་ཆར་དང་སྤོས་ཀྱི་ཆར་རྣམ་པར་གཏོར། མངོན་པར་གཏོར་ཏེ། གཏོར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །སྟོན་པ་བརྒལ་ནས་སེམས་ཅན་རྣམས། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །བདག་ནི་ཐམས་ཅད་མཁྱེན་པ་ཁྱོད། །བལྟ་བའི་སླད་དུ་འདིར་མཆིས་སོ། །འཇིག་རྟེན་མགོན་པོ་བླ་ན་མེད། །ལྷ་དང་མི་ཡི་འཇིག་རྟེན་ན། །ཁྱོད་ཀྱི་ཡོན་ཏན་གང་བསྟན་པ། །ཁྱོད་འདྲ་བ་ནི་ཡོངས་མ་མཆིས། །སེམས་ཅན་ཤུལ་ངན་ལྷུང་འགྱུར་ཞིང༌། །འདོད་ཆགས་ཞེ་སྡང་དབང་མཆིས་རྣམས། །ཐེག་པ་དམན་ལ་བཞག་མཛད་ན། །ཐེག་པ་ཆེན་པོ་སྟོན་པར་མཛད། །ཐབས་ལ་མཁས་ཤིང་དཔའ་བ་སྟེ། །ཐུགས་རྗེ་ཆེན་པོ་དབང་དུ་འགྱུར། །ཆོས་ཀྱི་དོན་དེ་ཆོས་ཀྱང་མོས། །ཆོས་རྩོམ་ཡོན་ཏན་འབྱུང་གནས་སོ། །གང་དག་སྐྱེ་བ་མ་མཆིས་པ། །ཆོས་དེ་སྙིང་པོ་མེད་མཁྱེན་ནས། །ཆོས་ཉིད་སྙིང་པོ་ཡོད་མཁྱེན་ཏེ། །ཆོས་ཉིད་ཀྱང་ནི་ཁྱོད་ཀྱིས་མཁྱེན། །དེ་ན་ཁྱོད་ནི་དགའ་བ་མཛད། །གཞོན་ནུས་ཚིག་ནི་འདི་དག་གིས། །བཅོམ་ལྡན་འདས་ལ་བསྟོད་ནས་སླར་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་དྲུང་དུ་འདུག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་པད་མའི་འདབ་མ་ཡངས་པའི་སྤྱན་དག་གིས་ཕྱོགས་ཐམས་ཅད་དུ་གཟིགས་ཏེ། འཁོར་བཞི་པོ་དག་གིས་སེམས་དང་སེམས་ལས་བྱུང་བ་མཁྱེན་ནས་རྒྱལ་པོ་རྒྱལ་བ་ཐོབ་པ་ལ་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཕུང་པོ་ལྔ་པོ་དེ་དག་ནི་སྙིང་པོ་མེད་པ་ཡིན་ན། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་སྙིང་པོ་ཡོད་པའི་འདུ་ཤེས་སོ། །རྒྱལ་པོ་ཆེན་པོ་ཕུང་པོ་རྣམས་ནི་ཁ་དོག་ངན་པ། དྲི་ང་བ། ཁྲག་དང༌། རྣག་འབྱུང་བ། ཤིང་དང༌། བོང་བ་དང༌། ལམ་དང༌། མཚུངས་པ་དང༌། སྙིང་པོ་མེད་པ། རབ་ཏུ་གཡོ་བ། དགེ་བ་མི་འཕེལ་བ། སྲིད་པའི་ལུ་གུ་རྒྱུད་ཀྱི་འཕེལ་བ། ཉོན་མོངས་པ་སྙིང་པོ་མེད་པ་ལ་སྙིང་པོར་འདུ་ཤེས་སོ། །མི་སྡུག་པ་ལ་སྡུག་པའི་འདུ་ཤེས་སོ། །མི་བཙུན་པ་ལ་བཙུན་པའི་འདུ་ཤེས་སོ། །མི་བདེན་པ་ལ་བདེན་པའི་འདུ་ཤེས་སོ། །རྒྱལ་པོ་ཆེན་པོ་ཕུང་པོ་ལྔ་ནི་རང་གི་ལས་ཀྱིས་རྣམ་པར་བྲིས་ཏེ། རྒྱལ་པོ་ཆེན་པོ་དཔེར་ན་རྨ་བྱའི་སྒྲོ་ལ་ཚོན་སྣ་ལྔ་པ་ནི་རི་མོ་མཁན་གྱིས་བྲིས་པ་ཡང་མེད། ཚོན་ནི་ཅི་ཡང་མེད། དེ་ནི་རང་གི་ལས་ཀྱིས་རྣམ་པར་བྲིས་པ་ཉིད་དོ། །རྒྱལ་པོ་ཆེན་པོ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱང་རང་གི་ལས་ཀྱིས་རྣམ་པར་བྲིས་པ་ཕན་ཚུན་རྐྱེན་ལས་བྱུང་བ་དག་གོ །དེ་ནས་འཁོར་དེ་དག་ནི་ནང་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་ཕམ་དབང་ཕྱུག་ཅེས་བྱ་བ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་མེ་ཏོག་ལས་བྱུང་བ་ལ་བསྐོར་བ་བྱས་ནས། བླ་གོས་ཕྲག་པ་གཅིག་ཏུ་བཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ལུས་བཏུད་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཕུང་པོ་ལྔ་འདི་དག་ནི་ཁ་དོག་ངན་པ། དྲི་ང་བ། རྣག་ཁྲག་དང༌། ཤིང་དང༌། བོང་བ་དང༌། རྩིག་པ་དང༌། ལམ་དང་འདྲ། སྙིང་པོ་མ་མཆིས་པ་སྟེ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་སྙིང་པོར་འདུ་ཤེས་སོ། །ཡང་དག་པ་མ་ལགས་པ། མུན་པ་དང༌། རབ་རིབ་དང༌། ལིང་ཏོག་གིས་ཀུན་ནས་ཁེབས་པ། ལྟ་བ་ངན་པའི་ཚང་ཚིང་འཐིབས་པོ་ལགས་སོ། །བཅོམ་ལྡན་འདས་ཆོས་ཀྱི་ཕུང་པོ་བཞི་པོ་ནི་ཟབ་པ་སྟེ། ནམ་མཁའ་དང་མཚུངས་ཤིང་འདྲ་བ་ལགས་སོ། །བཅོམ་ལྡན་འདས་གང་དག་འདི་ལྟ་བུ་མདོ་སྡེའི་ཚིག་བཤད་པ་འདི་ལ་ཡང་དག་པར་འདུ་ཤེས་བསྐྱེད་པའི་སེམས་ཅན་དེ་དག་འབྱུང་བར་འགྱུར་བ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་མེ་ཏོག་ལས་བྱུང་བ་དེས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་ཕམ་དབང་ཕྱུག་ལ་བཀའ་སྩལ་པ། རིགས་ཀྱི་བུ། གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འབྱུང་བ་དེའི་ཚེ། སེམས་ཅན་རྣམས་སྦྱོང་བའི་ཕྱིར་འབྱུང་བ་སྟེ། འབྱུང་བར་འགྱུར་བ་ལགས་སམ། མོས་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ལ་ཆོས་ཀྱང་སྟོན་ཏོ། །སྲིད་པས་ཉམས་པ་རྣམས་ཀྱིས་སྲིད་པ་གཅོད་དོ། །སྡུག་བསྔལ་ཉམ་ཐག་པ་རྣམས་ཀྱིས་མྱ་ངན་སེལ་ལོ། །ཆོས་ཐམས་ཅད་སྙིང་པོ་མེད་པར་ཤེས་སོ། །ནམ་མཁའ་དང་མཚུངས་ཤིང་འདྲ་བར་ཤེས་སོ། །སེམས་ཅན་རྣམས་ཆོས་ཉིད་ལ་རབ་ཏུ་འགོད་དོ། །བཅོམ་ལྡན་འདས་མེ་ཏོག་ལས་བྱུང་བ་དེས་ཆོས་དེ་དག་གསུངས་ནས་རྒྱལ་པོ་འཁོར་དང་བཅས་པ་སྐྲ་དང་ཁ་སྤུ་བྲེག་སྟེ། བཅོམ་ལྡན་འདས་ལས་རབ་ཏུ་བྱུང་ནས། དེའི་ཚེ་བཅོམ་ལྡན་འདས་ཀྱིས་འཁོར་རྣམས་ལ་བཀའ་སྩལ་པ། རིགས་ཀྱི་བུ། རྒྱལ་བུ་གཞོན་ནུ་འདི་ལ་ལྟོས་ཤིག །གཞོན་ནུ་དམ་པ་འདིས་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དགུ་བཅུ་ལ་དགེ་བའི་རྩ་བ་བསྐྱེད་དེ། ཐམས་ཅད་དུ་ཆོས་སྨྲ་བར་གྱུར་ཏོ། །རྒྱལ་པོ་འདི་ཡང་རྟག་ཏུ་གཞོན་ནུ་འདིའི་ཕར་གྱུར་ཏེ། རྟག་ཏུ་སྐྱེས་བུ་འདིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡོངས་སུ་སྨིན་པར་བྱས་སོ། །རིགས་ཀྱི་བུ་དག་རྒྱལ་བུ་གཞོན་ནུ་རིན་ཆེན་འབྱུང་གནས་འདིས་ནི། ང་ཡོངས་སུ་མྱ་ངན་ལས་འདས་མ་ཐག་ཏུ་སངས་རྒྱས་སུ་འགྱུར་ཏེ། རིན་པོ་ཆེ་རྟག་པ་དུ་མ་བཀོད་པའི་བྱང་ཆུབ་ཀྱི་ཤིང་དྲུང་དུ་འདུག་ནས་བྱང་ཆུབ་ཐོབ་པའི་ཚེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བ། ཁ་ལོ་བསྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་ཟེར་ཀུན་ནས་མངོན་འཕགས་དཔལ་བརྩེགས་རྒྱལ་པོ་ཞེས་བྱ་བར་འགྱུར་རོ། །རིགས་ཀྱི་བུ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལུང་བསྟན་པ་བརྗོད་པ་གསུངས་ནས། སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །རིགས་ཀྱི་བུ་དག་དེའི་དུས་ན་དེ་བཞིན་གཤེགས་པ་མེ་ཏོག་ལས་བྱུང་བ་ནི། གཞན་ཞིག་སྙམ་ན་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་པ་འདི་ཉིད་ཡིན་ནོ། །འཇིག་རྟེན་གྱི་ཁམས་དེར་ཆོས་སྟོན་པར་འགྱུར་རོ། །དེའི་ཚེ་དེའི་དུས་ན་གཞོན་ནུ་རིན་ཆེན་འབྱུང་གནས་ཞེས་བྱ་བ་དེ་གཞན་ཞིག་ཡིན་སྙམ་དུ་ཐེ་ཚོམ་ཟ་ན། དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་འདི་དེའི་ཚེ་དེའི་དུས་ན་རྒྱལ་བུ་རིན་ཆེན་འབྱུང་གནས་སུ་གྱུར་ཏོ། །ཚུལ་འདི་ཐོས་ནས་འཆི་བའི་དུས་ཀྱི་ཚེ་ངས་དེ་བཞིན་གཤེགས་པ་འོད་དཔག་མེད་མཐོང་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དང་འགྲོགས་པར་འགྱུར་རོ། །ཞེས་རྒྱལ་བུ་རིན་ཆེན་འབྱུང་གནས་སུ་སྐྱེས་པའི་རབས་ཏེ་གསུམ་པའོ།། །།

༥ བཞི་པ། འོད་ཟེར་ཀུན་ནས་མངོན་འཕགས་དཔལ་བརྩེགས་རྒྱལ་པོར་སྐྱེས་པའི་རབས།

༈ ཡང་རེ་ཞིག་ན་བྱང་ཆུབ་སེམས་དཔའ་ཆེན་པོ་འདིས་དེ་བཞིན་གཤེགས་པའི་གཟུགས་ཀྱིས་འགྲོ་བ་འདུལ་བའི་ཕྱིར། སེམས་ཅན་གྱི་དོན་མཛད་དེ། དེ་ཡང་ཇི་ལྟར་ཞེ་ནའང༌། སྤྱན་རས་གཟིགས་སེང་གེ་རོལ་པའི་མདོར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ། སྔོན་བསྐལ་པ་བརྗོད་དུ་མེད་པའི་སྔ་རོལ་ཏུ། འཇིག་རྟེན་གྱི་ཁམས་སུ་ཀུན་ནས་རིན་པོ་ཆེ་བཀོད་པ་ཞེས་བྱ་བ་ཞིག་བྱུང་སྟེ། ཞིང་དེ་ན་རིན་པོ་ཆེ་སྣ་ཚོགས་ཀྱི་གྲམ་བུར་བདལ་བ། ཡན་ལག་བརྒྱད་དང་ལྡན་པའི་མཚོ་དང༌། རྫིང་བུ་དང༌། ལྟེང་ཀས་བརྒྱན་པ། ལྷ་ཤིང་སྣ་ཚོགས་དང༌། ཨུཏྤལ་དང༌། ཨུ་དུམ་ཝཱ་ར་དང༌། མ་ལི་ཀ་དང༌། གུར་གུམ་དང༌། ཨ་ས་ན་དང༌། ཀ་རི་ཀའི་མེ་ཏོག་ལ་སོགས་པ་མེ་ཏོག་སྣ་ཚོགས་ཀྱིས་ཁ་འབུས་པ། བྱ་ངང་པ་དང༌། ངུར་བ་དང༌། ཀ་རན་ད་ཀ་དང༌། རྨ་བྱ་དང༌། ནེ་ཙོ་ལ་སོགས་པ་བྱ་སྣ་ཚོགས་པས་ཆོས་ཀྱི་སྡོམ་བཞིའི་སྒྲ་སྒྲོགས་པར་གྱུར་ཏོ། །འོད་དཔག་མེད་ཀྱི་གནས་དང་ཁྱད་པར་མེད་དོ། །ཞིང་ཁམས་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ཟེར་ཀུན་ནས་མངོན་འཕགས་དཔལ་བརྩེགས་རྒྱལ་པོ་ཞེས་བྱ་བ་བཞུགས་ཏེ་འཚོ་ཞིང་ཆོས་སྟོན་ཏོ། །དེ་བཞིན་གཤེགས་པ་དེ་མའི་ལྷུམས་ན་ཞུགས་པ་དང༌། བལྟམས་པ་དང༌། ཁབ་ན་བཞུགས་པ་དང༌། བཙུན་མོའི་འཁོར་ལ་རོལ་པ་དང༌། མངོན་པར་བྱུང་བ་དང༌། རིན་པོ་ཆེ་དུ་མས་བཀོད་པའི་བྱང་ཆུབ་ཀྱི་ཤིང་དྲུང་དུ་བཞུགས་པ་དང༌། བདུད་སྡེ་བཏུལ་བ་དང༌། འགོག་པར་ཕྱིན་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། ཡོངས་སུ་མྱ་ངན་ལས་འདས་པ་དང༌། འདས་ནས་རིང་བསྲེལ་ཡུངས་འབྲུ་དེ་དག་ལས་འོད་ཟེར་སྣ་ཚོགས་པ་བྱུང་ངོ༌། །འོད་ཟེར་དེ་དག་གིས་ཤར་དང༌། ལྷོ་དང༌། ནུབ་དང༌། བྱང་དང༌། མཚམས་དང༌། འོག་ཀུན་ནས། འོད་ཟེར་རྟག་ཏུ་ཁྱབ་པར་མཛད་དོ། །དེ་ནས་འོད་ཟེར་མངོན་འཕགས་དཔལ་བརྩེགས་རྒྱལ་པོ་ཞེས་བཏགས་སོ། །འོད་ཟེར་དེ་དག་གིས་སངས་རྒྱས་ཀྱི་སྒྲ་དང༌། ཆོས་ཀྱི་སྒྲ་དང༌། དགེ་འདུན་གྱི་སྒྲ་སྒྲོག་གོ །ཤཱ་རིའི་བུ། དེ་བཞིན་གཤེགས་པ་དེའི་སྐུ་ཚེའི་ཚད་ནི་བསྐལ་པ་བྱེ་བ་ཁྲག་ཁྲིག་དགུ་བཅུ་རྩ་དྲུག་ཐུབ་པར་གྱུར་ཏོ། །དེའི་དམ་པའི་ཆོས་ཀྱི་གཟུགས་བརྙན་ནི་ལོ་འབུམ་ཕྲག་བདུན་ཅུ་རྩ་ལྔར་གནས་པར་གྱུར་ཏོ། །དེའི་ཉན་ཐོས་ཀྱི་དགེ་འདུན་ཚད་མེད་གྲངས་མེད་དཔག་ཏུ་མེད་དོ། །ཤཱ་རིའི་བུ། དེ་བཞིན་གཤེགས་པ་འོད་ཟེར་ཀུན་ནས་མངོན་འཕགས་དཔལ་བརྩེགས་རྒྱལ་པོ་དེ་གཞན་ཞིག་ཡིན་སྙམ་ན། དེ་ལྟར་མི་བལྟའོ། །ད་ལྟར་ངའི་ཉན་ཐོས་ཀྱི་མཆོག་ཚེ་དང་ལྡན་པ་གཞོན་ནུ་ལི་ཙ་བཱི་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་འདི་ཉིད་ཡིན་ནོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའི་རྣམ་འཕྲུལ་ནི། བསམ་གྱིས་མི་ཁྱབ་བོ། །ཤཱ་རིའི་བུ་དག་གཞོན་ནུ་ལི་ཙ་བཱི་འདི་ནི་འཇིག་རྟེན་ཆོས་བརྒྱད་ཀྱིས་མ་གོས་པའོ། །སྙིང་རྗེ་ཆེན་པོའི་ཆུས་མངོན་པར་གང་བ་དང༌། བསམ་གཏན་གྱི་ཟེའུ་འབྲུའི་རྡུལ་དང་མཉམ་པའོ། །ཞི་གནས་དང་ལྷག་མཐོང་གི་མིག་ཡངས་པ། སྟོབས་བཅུ་དང་མི་འཇིགས་པའི་ཡོན་ཏན་དང་ལྡན་པ། སེམས་ཅན་ཚད་མེད་གྲངས་མེད་པ་དག་ཐར་པའི་ལམ་དུ་འཛུད་པར་བྱེད་པ་བས། ཤཱ་རིའི་བུ་དག་འདི་ལ་བཀུར་སྟི་གྱིས་ཤིག །ཆེར་གྱིས་ཤིག །ཅེས་གསུངས། དེ་བཞིན་གཤེགས་པ་འོད་ཟེར་ཀུན་ནས་མངོན་འཕགས་དཔལ་བརྩེགས་རྒྱལ་པོར་སྐྱེས་པའི་རབས་ཏེ་བཞི་པའོ།། །།

༦ ལྔ་པ། སྤྱན་རས་གཟིགས་སུ་སྐྱེས་པའི་རབས།

༈ ཡང་རེ་ཞིག་བྱང་ཆུབ་སེམས་དཔའི་ཚུལ་དུ་འཇུག་ནས་སེམས་ཅན་གྱི་དོན་མཛད་དེ། དེ་ཡང་ཚུལ་ཇི་ལྟར་ཞེ་ན། འཕགས་པ་པུཎྜ་རི་ཀའི་མདོ་ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གི་རྒྱུ་ནི་གང་ནས་བྱུང༌། རྐྱེན་ནི་གང་ནས་བྱུང༌། བཅོམ་ལྡན་འདས་སེམས་ཅན་ལ་ཕན་པའི་དོན་དུ་འཆད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྒྲིབ་པ་རྣམ་པར་སེལ་བ་ལེགས་སོ་ལེགས་སོ། སེམས་ཅན་གྱི་དོན་དུ་ཞུས་པ་ལེགས་སོ། སྤྱན་རས་གཟིགས་ཇི་ལྟར་བྱུང་བ་ངས་ཁྱོད་ལ་ཅུང་ཟད་བཤད་དོ། །རྒྱས་པར་ནི་མ་ཡིན་ནོ། །སྒྲིབ་པ་རྣམ་པར་སེལ་བ་ངའི་ཞིང་མི་མཇེད་འཇིག་རྟེན་གྱི་ཁམས་འདིའི་ནུབ་ཕྱོགས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཁྲག་ཁྲིག་བརྒྱ་ཕྲག་འདས་པའི་ཕ་རོལ་སྟེང་གི་ཆ་ལ། བདེ་བ་ཅན་གྱི་ཞིང་ཁམས་ཞེས་བྱ་བ་ཞིག་ཡོད་དེ། དེ་ན་ལྷ་མིའི་སྟོན་པ་དེ་བཞིན་གཤེགས་པ་འོད་དཔག་མེད་ཞེས་བྱ་བ་བཞུགས་ཏེ་འཚོ་ཞིང་ཆོས་སྟོན་ཏོ། །དེའི་ཕྱག་གཡས་པའི་མཐིལ་དུ་འོད་ཟེར་པད་མ་དཀར་པོ་གཅིག་ཆད་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ཅེས་བྱ་བར་གྱུར་ཏོ། །གཡོན་པའི་མཐིལ་དུ་རིན་པོ་ཆེའི་མེ་ཏོག་སེར་པོ་གཅིག་ཆད་པས་བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ་པ་ཞེས་བྱ་བར་གྲག་གོ ། སྒྲིབ་པ་རྣམ་སེལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐུ་ཆེན་ཐོབ་ཀྱི་དྲི་མ་མེད་པའི་བསྟན་པ་ཡོངས་སུ་རྒྱས་པའི་འཕྲིན་ལས་རྟག་པར་བྱེད་དོ། །སྒྲིབ་པ་རྣམ་སེལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གིས་ཀྱང་བྱམས་དང་སྙིང་རྗེའི་བདག་པོར་གྱུར་ནས། འགྲོ་བ་ཀུན་ལ་རྟག་པར་གཟིགས་སོ། །ཞེས་སྒྲིབ་པ་རྣམ་སེལ། སྤྱན་རས་གཟིགས་ཀྱི་རྒྱུ་རྐྱེན་ནི་མདོར་བསྡུས་པ་ཡིན་ནོ། །རྒྱས་པར་ནི་བསྐལ་པ་འབུམ་དུ་མཐའ་མི་རྟོག་གོ །ཞེས་གསུངས་སོ། །དེ་ཡང་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འཛམ་བུའི་གླིང་དུ་དགོངས་པ་ཡོངས་སུ་རྫོགས་པའི་དུས་སུ་རྒྱལ་བྱེད་ཀྱི་ཚལ་དུ་བཞུགས་པའི་ཚེ་ན། བཅོམ་ལྡན་འདས་ཀྱིས་ཞལ་གྱི་སྒོར་འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོས་ཏེ་སླར་མ་ལོག་གོ །དེ་ནས་ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་ད་སྔ་འོད་ཟེར་འཕྲོ་བའི་དེ་བཞིན་གཤེགས་པ་ལ་སླར་ལོག་སྟེ། དེ་རིང་འོད་ཟེར་བཏང་ནས་སླར་མ་ལོག་པ་ནི་རྒྱུ་རྐྱེན་ཅི་ལགས། སེམས་ཅན་ལ་སྨན་པའི་སླད་དུ་འཆད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ། བྱམས་པ་ལ་ཞུས་ཤིག་གསུངས་ནས། ཀུན་དགའ་བོས། བྱམས་པ་ལ་དྲིས་ནས། བྱམས་པས་ཀུན་དགའ་བོ་ལ་གསོལ་པ། ཀུན་དགའ་བོ། རིང་པོར་མི་ཐོགས་པར་བཅོམ་ལྡན་འདས་ནི་མྱ་ངན་ལས་འདའ་བའི་སྔ་ལྟས་ཡིན་ཏེ། ཕྱིར་འགྱོད་པ་མི་བསྐྱེད་པའི་ཕྱིར་དྲི་བར་འོས་པ་རྣམས་ཞུ་བའི་སྐབས་སུ་དབབ་བོ། །ཞེས་གསུངས་ནས། འཁོར་རྣམ་བཞི་དང༌། ལྷ་ཀླུ་དྲི་ཟ་རྣམས་ཤིན་ཏུ་མྱ་ངན་གྱིས་ཟུག་ནས་ཆོ་ངེ་འདེབས་པའི་ཚེ་ན། བདེ་བ་ཅན་དུ་འོད་དཔག་མེད་འཁོར་བཅས་ཀྱིས་གསན་པ་དང༌། འོད་དཔག་མེད་ཀྱིས་སྤྱན་རས་གཟིགས་ལ་གསོལ་པ། རིགས་ཀྱི་བུ། འདི་ནས་ཤར་ཕྱོགས་སུ་སྟོང་གསུམ་མི་མཇེད་འཇིག་རྟེན་གྱི་ཁམས་སུ་སངས་རྒྱས་ཤཱཀྱ་ཐུབ་པ་འཚོ་ཞིང་བཞེས་ཏེ་མྱ་ངན་ལས་འདའ་བར་དགོངས་ནས། མི་འདའ་བར་བཞུགས་པར་གསོལ་བ་ཐོབ་ལ་སོངས་ཤིག །ཅེས་པ་དང༌། དེ་མ་ཐག་ཏུ་སྤྱན་རས་གཟིགས་རྒྱལ་བྱཻད་ཀྱི་ཚལ་དུ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་གཏུགས་ཏེ། ཕྱག་འཚལ་ནས་གསོལ་པ། བཅོམ་ལྡན་འདས་ད་ལྟར་དགོངས་པ་མ་རྫོགས་དེ་བཞིན་གཤེགས་པའི་ཞལ་མ་མཐོང་གསུངས་མ་ཐོས་ཞབས་ཀྱིས་མ་བཅགས་པ་ཁ་བ་ཅན་གྱི་སེམས་ཅན་ལས་ནག་པ་རྣམས་སྣང་ངོ༌། །དེ་བཞིན་གཤེགས་པ་ནི་སེམས་ཅན་གཅིག་གམ་རྒྱལ་སྲིད་གཅིག་གི་དོན་དུ་འབྱུང་བ་མ་ཡིན་ནོ། །སེམས་ཅན་ཐམས་ཅད་ཀྱི་དོན་དུ་འབྱུང་བ་ལགས་ན་དེ་རྣམས་བསྒྲལ་དུ་གསོལ། ཞེས་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ཁ་བ་ཅན་ནི་དེ་བཞིན་གཤེགས་པས་འདུལ་བ་མ་ཡིན་གྱི། བྱང་ཆུབ་སེམས་དཔའི་གདུལ་བྱ་ཡིན་ཏེ། མ་འོངས་པ་ན་རིགས་ཀྱི་བུ་ཁྱོད་ཀྱིས་ཐབས་སྣ་ཚོགས་ཀྱི་སྒོ་ནས་སྨིན་པར་གྱུར་ཅིག །ཞེས་གསུངས་པ་དང༌། སྤྱན་རས་གཟིགས་དེ་མ་ཐག་ཏུ་བདེ་བ་ཅན་དུ་ཕྱིན་ནས་འཁོར་གྱི་གཙོ་བོ་སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ་གཉིས་བསིལ་ཡབ་འོད་དཔག་མེད་ལ་གཡབ་བོ། །འོད་དཔག་མེད་ཞིང་གི་བཀོད་པའི་མདོར། ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་གཉིས་ཀྱི་མིང་ཅི་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ། དེ་གཉིས་ལ་གཅིག་གི་མིང་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཅེས་བྱའོ། །གཅིག་གི་མིང་ནི་མཐུ་ཆེན་ཐོབ་པ་ཞེས་བྱ་སྟེ། ཀུན་དགའ་བོ། དེ་གཉིས་ནི་སངས་རྒྱས་ཀྱི་ཞིང་འདི་ནས་ཤི་འཕོས་ནས། སངས་རྒྱས་ཀྱི་ཞིང་དེར་སྐྱེས་སོ། །ཞེས་གསུངས། དེ་ནས་འོད་དཔག་མེད་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ཁ་བ་ཅན་གྱི་སེམས་ཅན་ཐམས་ཅད་ཐབས་སྣ་ཚོགས་ཀྱི་སྒོ་ནས་ཐུལ་ལ་མཐར་ངའི་དྲུང་དུ་ཁྲིད་ལ་ཤོག་ཅིག །ཅེས་གསུངས་པས། དེ་མ་ཐག་ཏུ་སྤྱན་རས་གཟིགས་མཚོ་པད་མ་ཅན་གྱི་དྲུང་དུ་མེ་ཏོག་ཁ་མ་གྱེས་པ་སྡོང་བུ་དར་ཤིང་ཙམ། ཡལ་ག་རྒོད་གཤོག་ཙམ་གྱི་དབུས་སུ་བྱོན་ནས། དུས་རྟག་ཏུ་འཇའ་འོད་ཀྱི་གུར་དང༌། ལྷ་བྲན་མང་པོས་ཕྱག་དང་བསྐོར་བ་བྱེད་དོ། །དེ་ནས་རྒྱལ་པོ་ཨིནྡྲ་བྷོ་དྷི་ས་དེ་ལ་སྤྲུལ་པའི་སྐུ་ཅིག་བཞུགས་ངེས་པ་ཡིན་སྙམ་ནས། རྒྱལ་པོ་འཁོར་དང་བཅས་པ་མཚོའི་འགྲམ་ལ་ཕྱིན་ནས། གསོལ་བ་རྟག་ཏུ་བཏབ་པས་མེ་ཏོག་གི་ཁ་ཕྱེ་ནས། ཁྱེའུ་དུང་དཀར་ཕྱིས་པ་ལྟ་བུ་ཕྲེང་བ་དང་པད་མ་དཀར་པོ་འཛིན་པ། དབུ་སྐྲ་སོག་འདབ་ཏུ་སླེབ་པ། དར་དཀར་པོའི་སྨད་དཀྲིས་ཅན། གཟུགས་ཤིན་ཏུ་བཟང་བ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་ཞིག་སྣང་ནས། སེམས་ཅན་ཐམས་ཅད་སྙིང་རྗེའི་སྒྲ་སྒྲོགས་ནས། སྤྱན་ཆབ་ཤོར་བས། སྤྱན་ཆབ་གཉིས་ཀྱི་དཀྱིལ་དུ་རྗེ་བཙུན་སྒྲོལ་མ་དང་ལྷ་མོ་ཁྲོ་གཉེར་གཉིས་བྱོན་ནས། དེ་གཉིས་ཀྱིས་འདི་སྐད་གསུངས་སོ། །རིགས་ཀྱི་བུ། ཡིད་སུན་པར་མ་བྱེད། སེམས་ཅན་གྱི་དོན་མཛད་པའི་ཚེ་ནའང་ཁོ་མོ་གཉིས་དུས་རྟག་ཏུ་གྲོགས་བགྱིའོ། །དེ་ནས་སྤྱན་རས་གཟིགས་རི་བོ་པོ་ཏ་ལའི་རྩེ་མོར་བྱོན་ནས། པད་མ་འདབ་མ་རྒྱས་པའི་སྤྱན་ཕྱེ་ནས་ཕྱོགས་བཅུར་ཡོངས་སུ་གཟིགས་ཏེ། སྤྱིར་ཁམས་གསུམ་སེམས་ཅན་སྒོས་ངན་སོང་གསུམ་གྱི་སེམས་ཅན་ཐམས་ཅད་མཐོང་ངོ༌། །མཐོང་ནས་ཀྱང་དམ་བཅའ་འདི་ལྟར་མཛད་དེ། ངས་སངས་རྒྱས་འོད་དཔག་མེད་ལ་སེམས་ཅན་ཐམས་ཅད་བདེ་བ་ཅན་དུ་འདྲེན་པར་ཁས་བླངས་བྱས་པས། འདི་འདྲའི་སེམས་ཅན་སྡུག་བསྔལ་ཅན་རྣམས་གཅིག་ཙམ་མ་ལུས་པར་ཐར་པའི་གནས་སུ་འདྲེན་པར་བགྱིའོ། །གལ་ཏེ་འདྲེན་མ་ནུས་ན། ངའི་མགོ་བོ་དུམ་བུ་བཅུར་ལག་པ་གཡས་གཡོན་ཀྱང་དུམ་བུ་ཚལ་པ་སྟོང༌། མིག་གཉིས་ནི་དེ་བཞིན་དུ་གྱུར་ཅིག །ཅེས་སྨོན་ལམ་བཏབ་ནས། མནར་མེད་པའི་དམྱལ་བར་བྱོན་ནས། འོད་དཔག་མེད་ཀྱི་ཞིང་ཁམས་ལྟ་བུར་གྱུར་ཏོ། །འགྲེལ་ཆེན་དྲི་མེད་འོད་དུ། འདིར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་འཁོར་བར་འཇུག་པ་ནི་འཁོར་བ་པ་རྣམས་ཀྱིས་བརྗོད་པར་བྱ་བ་མ་ཡིན་ནོ། །འཇིག་རྟེན་དབང་ཕྱུག་བདག་སེམས་ཅན་གྱི་དོན་དུ་དམྱལ་བར་ཞུགས་པའི་དུས་སུ་གཤིན་རྗེའི་རྒྱལ་པོ་རྣམས་ཀྱིས་བརྗོད་པ། གང་ཞིག་སྲིད་པའི་བཅིངས་པ་རྣམས་ལས་གྲོལ་ཡང་སེམས་ཅན་དོན་དུ་སྲིད་པ་འཛིན། །དེ་ནི་སྟོང་པའི་དོན་དག་སྟོན་མཛད་དུས་ལ་ལས་ཀྱི་འབྲས་བུས་གཏོང་མ་ལགས། །སེམས་ཀྱི་དྲི་མ་ཡང་དག་ཡེ་ཤེས་མེས་བསྲེགས་རྟག་ཏུ་ཡང་དག་བརྩེ་བ་ཅན། །མཛད་སྤྱོད་རྟག་མིན་སེམས་ཅན་དོན་ལ་དགྱེས་པའི་སངས་རྒྱས་ཁྱོད་ལ་བདག་ཅག་འདུད། །ཅེས་བསྟོད་ནས་སེམས་ཅན་ཐམས་ཅད་བསྒྲལ་ཟིན་སྙམ་ནས་སླར་པོ་ཏ་ལར་བྱོན་ནས། གཟིགས་པས་སྔར་བས་མང་ལ་སྔར་བཞིན་དུ་སྡུག་བསྔལ་གྱིས་གདུང་ངོ༌། །དེ་ནས་སླར་ཕྱིན་ནས་དེ་དག་ཐམས་ཅད་དྲངས་ནས་པོ་ཏ་ལར་གཟིགས་ནས་ཡང་སྔར་བཞིན་ནོ། །དེ་བཞིན་དུ་ལན་དུ་མར་དེ་ལྟར་མཛད་ཀྱང་ཚུར་ཚུར་མང་ནས། འདི་སྐད་ཅེས་ཆོ་ངེ་འདེབས་སོ། །ཀྱེ་མ་ཀྱི་ཧུད་རྒྱལ་བ་འོད་དཔག་མེད། །མཐའ་མེད་འཁོར་བའི་རྒྱ་མཚོ་ཡ་རེ་ང༌། །བདག་གིས་འདྲེན་པའི་ཐབས་ནི་རིགས་མ་མཆིས། །བདག་མིག་མགོ་ལག་ད་ལྟ་ཉིད་དུ་ཁོས། །ཞེས་གསུངས་མ་ཐག་ཏུ་དབུ་ཚལ་བ་བཅུར་སོང༌། ཕྱག་གཉིས་ལྔ་བརྒྱ་རེ་སྤྱན་ཡང་དེ་ལྟར་དུམ་བུ་ཚལ་པ་སྟོང་དུ་སོང་ནས། བདེ་བ་ཅན་དུ་འོད་དཔག་མེད་ཀྱི་ཐུགས་ལ་ཤར་ནས་པོ་ཏ་ལར་བྱོན་ནས། རིགས་ཀྱི་བུ། ཁྱོད་དེ་ལྟར་མ་མཛད་ཅིག །ངས་ཀྱང་ཁྱོད་ཀྱི་གྲོགས་བྱེད་དོ་ཇི་སྲིད་དེ་འཁོར་བ་མ་སྟོང་བར་དུ་འགྲོ་དོན་གྱིས་ཤིག །གསུངས་ནས་དབུའི་ཚལ་པ་བསྡུས་ཏེ་ཞལ་ཕར་ཕྱིར་བཅུར་བྱིན་གྱིས་བརླབས་སོ། །འོད་དཔག་མེད་ཉིད་ཀྱང་སྤྱི་བོའི་གཙུག་གི་རྒྱན་དུ་བཞུགས་སོ། །ཕྱག་གི་དུམ་བུ་རྣམས་བསྡུས་ཏེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟོང་དུ་བྱིན་གྱིས་བརླབས་སོ། །སྤྱན་རྣམས་ཕྱག་མཐིལ་དུ་བཞག་ནས་སངས་རྒྱས་སྟོང་དུ་མངའ་གསོལ་ལོ། །རྒྱུན་ཆད་མེད་པར་འགྲོ་དོན་མཛད་པར་དབང་བསྐུར་རོ། །སངས་རྒྱས་རྣམས་ཀྱིས་སྤྱན་རས་གཟིགས་ཀྱི་བསོད་ནམས་བགྲང་བར་མི་ནུས་པར་གྱུར་ཏོ། །ཟ་མ་ཏོག་བཀོད་པར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་པད་མོ། དཔེར་ན་གླིང་ཆེན་པོ་བཞིར་ཟླ་བ་བཅུ་གཉིས་ཀྱི་ལོར་ཉིན་མཚན་དུ་ཆར་པ་འབབ་ཀྱང༌། ཐིགས་པ་རེ་རེ་ནས་བགྲང་བར་ནུས་ཀྱིས། རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གི་བསོད་ནམས་ཀྱི་ཚོགས་ནི་ངས་བགྲང་བར་མི་ནུས་སོ། །ཞེས་སོགས་དཔག་ཏུ་མེད་པ་མདོ་ལས་གསུངས་སོ། །མཚན་ཐོས་པ་ལ་ཕན་ཡོན་བསམ་ལས་འདས་ཏེ། དམ་ཆོས་པད་མ་དཀར་པོ་ལས། བཅོམ་ལྡན་འདས་ཀྱིས་བློ་གྲོས་མི་ཟད་པ་ལ་བཀའ་སྩལ་པ། རིགས་ཀྱི་བུ། ངས་སེམས་ཅན་གང་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་མིང་འཛིན་པ་དེ་དག་གལ་ཏེ་མེའི་ཕུང་པོར་ལྷུང་ན། དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་གཟི་འོད་ཀྱིས་མེའི་ཕུང་པོ་དེ་ལས་རབ་ཏུ་ཐར་པར་འགྱུར་རོ། །རིགས་ཀྱི་བུ། གལ་ཏེ་ཆུ་ཀླུང་གིས་ཁྱེར་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ལ་བོས་ནས་ཆུ་ཀླུང་དེ་ལས་རབ་ཏུ་ཐར་པར་འགྱུར་རོ། །ཞེས་སོགས་མང་སྟེ་མདོ་དེ་ཉིད་ལ་བལྟ་བར་བྱའོ། །ཡི་གེ་མང་དུ་འཇིགས་པས་མ་བྲིས་སོ། །ཟ་མ་ཏོག་བཀོད་པར། སྤྱན་རས་གཟིགས་ཀྱི་མཚན་རྗེས་སུ་དྲན་པ་དེ་དག་ནི་བདེ་བ་ཐམས་ཅད་དང་ལྡན་པ་ཡིན་ནོ། །དེ་དག་ནི་རྒས་པ་དང༌། ན་བ་དང༌། འཆི་བ་དང༌། སྡུག་བསྔལ་ཐམས་ཅད་ལས་ཡོངས་སུ་ཐར་པ་ཡིན་ནོ། །དེ་དག་ནི་འཁོར་བའི་ཐ་མ་ཡིན་ནོ། །དེ་དག་ནི་བྱ་ངང་པའི་རྒྱལ་པོ་ལྟར་མགྱོགས་པ་དང་རླུང་གི་ཤུགས་འོང་བ་དེ་བཞིན་དུ་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་དེ་བཞིན་གཤེགས་པ་སྣང་བ་མཐའ་ཡས་ལ་ཆོས་མངོན་སུམ་དུ་མཉན་པའི་ཕྱིར་འགྲོའོ། །ཞེས་སོགས་མང་ངོ༌། །འགྲོ་བ་སེམས་ཅན་ཐམས་ཅད་འདྲེན་པའི་ཚུལ་ནི་མདོ་དེ་ཉིད་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ཇི་ལྟར་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྷའི་ནོར་བུ་རིན་པོ་ཆེ་ལས་བྱས་པའི་སྐྱེད་མོས་ཚལ་དུ་འཇུག་པ། དེ་བཞིན་དུ། རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ཡང་མནར་མེད་པའི་སེམས་ཅན་དམྱལ་བར་འཇུག་མོད་ཀྱང་དེའི་ལུས་གཞན་དུ་འགྱུར་བ་མེད་དོ། །མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོ་ལ་ཉེ་བར་འགྲོ་བ་དེའི་ཚེ། མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོ་དེ་བསིལ་བར་གྱུར་ཏོ། །མེ་ཏོག་ཤིང་རྟའི་འཕང་ལོ་ཙམ་བྱུང་ཞིང༌། མེའི་འོབས་ཏེ་རྫིང་བུར་གྱུར་ཏོ། །རལ་གྲི་དང༌། གཏུན་ཤིང་དང༌། པ་ཏི་ས་ལ་དང༌། ཏོ་མ་ར་དང༌། དགྲ་སྟ། ཐོ་བ་དང༌། འཁོར་ལོ་དང༌། རྩེ་གསུམ་ལ་སོགས་པ་རྣམས་ཀྱང་མེ་ཏོག་གི་ཆར་དུ་གྱུར་ཏོ། །དེ་ནས་གཤིན་རྗེ་རྣམས་ངོ་མཚར་དུ་གྱུར་ནས་ལྷ་གང་གིས་མཐུ་ཡིན་སྙམ་ནས། ལྷའི་མིག་གིས་རྣམ་པར་བལྟས་ཏེ་གཟིགས་ནས། མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་པོ་བཞུགས་པར་མཐོང་ངོ༌། །མཐོང་ནས་གཤིན་རྗེའི་རྒྱལ་པོ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བྱང་ཆུབ་སེམས་དཔའི་ཞབས་ལ་སྤྱི་བོས་ཕྱག་འཚལ་ནས་བསྟོད་པའི་ཁྱད་པར་དུ་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་ཡི་དྭགས་ཀྱི་གྲོང་ཁྱེར་དུ་བྱོན་ནས། མགལ་ཤིང་ལྟ་བུ་དང༌། ཀེང་རུས་ལྟ་བུ་དང༌། ལྟོ་བ་རི་རབ་ཙམ། ཁ་ཁབ་མིག་ལྟ་བུ། སྐེ་པ་རྟ་རྔའི་ཉག་མ་ཙམ་གྱི་ཡི་དྭགས་བརྒྱ་སྟོང་བྱང་ཆུབ་སེམས་དཔའི་མདུན་དུ་རྒྱུག་གོ །དེ་དག་གི་ནང་ནས། མིག་དམར་བ། སྐྲ་དཀར་བ། ལུས་ཤིན་ཏུ་རིད་པ། ལག་ན་འཁར་བ་ཐོགས་པ། སྐད་འདར་བ་གཅིག་གིས། བྱང་ཆུབ་སེམས་དཔའ་ལ་ཕྱག་ཕུལ་ཏེ། བསྐལ་པ་དུ་མར་ཆུའི་སྒྲ་ཙམ་མ་ཐོས་སོ། །དངོས་སུ་འཐུང་བ་ནི་ག་ལ་སྲིད། ཡུལ་འདིར་སེམས་ཅན་ཐམས་ཅད་སྐོམ་དུ་ཤི་ལ་ཁད། ལྷ་ཁྱོད་ཀྱིས་ཆུ་ཞིག་སྩོལ་ཅིག་ཐུགས་རྗེ་མ་ཆུང་མཛོད། ཅེས་དང༌། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གིས་ཕྱག་སོར་བཅུ་བརྐྱངས་ནས་ཆུ་བོ་ཆེན་པོ་བཅུ་བྱུང་ངོ༌། །ཞབས་སོར་བཅུ་ལས་ཆུ་བོ་ཆེན་པོ་བཅུ་བྱུང་སྟེ། བ་སྤུའི་བུ་ག་ཐམས་ཅད་དུ་ཡང་ཆུ་བོ་རེ་རེ་བྱུང་ནས། ཆུ་བོ་དེ་དག་གིས་ཡི་དྭགས་རྣམས་ཀྱི་སྐེ་པ་ཡངས་པར་གྱུར་ཏོ། །ལུས་ཡོངས་སུ་རྫོགས་པར་གྱུར་ནས་བྱང་ཆུབ་ཏུ་སེམས་བསྐྱེད་ནས་སངས་རྒྱས་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གིས་མེ་ཏོག་འདབ་མ་སྟོང་དཀར་པོ་སྡོང་བུ་གསེར་དུ་སྣང་བ་གཅིག་ཐོགས་ནས། བཅོམ་ལྡན་འདས་ཀྱི་ག་ལ་བ་དེར་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། མེ་ཏོག་འདི་དེ་བཞིན་གཤེགས་པ་སྣང་བ་མཐའ་ཡས་ཀྱིས་བསྐུར་རོ་གསུངས་ནས་བཅོམ་ལྡན་འདས་ལ་ཕུལ་ལོ། །ཤཱཀྱ་ཐུབ་པས་བཀའ་སྩལ་པ། རིགས་ཀྱི་བུ། སྙུང་བ་མ་མཆིས་སམ། འོ་མ་བརྒྱལ་ལམ། ཞེས་གསུངས་ནས། མེ་ཏོག་བླངས་ནས་གཡོན་ཕྱོགས་སུ་བཞག་ནས། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་མེའི་ཕུང་པོ་འབར་བ་ལྟ་བུར་ཕྱོགས་གཅིག་ཏུ་ནམ་མཁའ་ལ་མི་སྣང་བར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ཡུལ་འཁོར་མོ་འཇུག་གི་གྲོང་ཁྱེར་དུ་བཤང་བ་དང༌། གཅི་བའི་གནས་དེར་སྲིན་བུའི་རིགས་ཀྱི་བྱོལ་སོང་རྣམས་ཀྱི་གསེབ་ཏུ་སྤྱན་རས་གཟིགས་བུང་བའི་གཟུགས་སུ་སྤྲུལ་ནས་སྒྲ་བུང་བུང་ཕྱུང་སྟེ་སངས་རྒྱས་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་རྗེས་སུ་སློབ་ནས། འཇིགས་ཚོགས་ལ་ལྟ་བའི་རི་ཉི་ཤུ་རྣམས་ཡེ་ཤེས་རྡོ་རྗེས་བཅོམ་ནས། དེ་དག་ཐམས་ཅད་དུ་བྱང་ཆུབ་སེམས་དཔའ་སྤོས་ཀྱི་དྲི་ཞེས་བྱ་བར་གྱུར་ཏེ། འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་ཡུལ་མ་ག་དྷཱར་མངོན་དུ་ཕྱོགས་དེ་སོང་ནས། ལོ་ཉི་ཤུ་དགོན་པར་གནས་པའི་སེམས་ཅན་གཅིག་གིས་གཅིག་ཟ་བ་རྣམས་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གིས་ཐོག་མར་ཆུའི་ཆར་ཕབ་ནས། དེ་དག་ཆུས་ངོམས་པར་བྱས་སོ། །དེ་ནས་ལྷའི་ཟས་ཀྱི་ཆར་ཕབ་ནས་ཚིམས་པར་བྱས་སོ། །དེ་ནས་འབྲས་དང༌། ཏིལ་དང༌། འབྲས་དཀར་དང༌། འབྲས་བུ་ཀུ་ལ་ཏ་དང༌། འབྲས་སོ་བའི་ཆར་ཕབ་ནས་ཚིམས་པར་མཛད་དོ། །སེམས་ཅན་དེ་དག་གཅིག་ཏུ་ངལ་བསོས་ནས་ངོ་མཚར་དུ་སྐྱེས་ནས། གཅིག་ལ་གཅིག་གིས་འདི་ལྷ་གང་གིས་མཐུ་ཡིན་ཞེས་སྨྲས་སོ། །དེ་དག་གི་ནང་ནས། གླང་ཆེན་གྱི་སྣ་ལྟར་སྒུར་བ། རྒས་ལ་འཁྱོག་པ། ལོ་བརྒྱ་ལོན་པ་ཞིག་གིས་སྨྲས་པ། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་མ་གཏོགས་པ་ལྷ་གཞན་གང་གི་མཐུས་མ་ཡིན་ནོ། །ཞེས་པ་དང༌། འཁོར་དེ་དང་དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་པོའི་མཚན་ཇི་ལྟ་བུ་ཞེས་དྲིས་སོ། །དེ་ནས་སྐྱེས་བུ་དེས་སྨྲས་པ། བཞིན་བཟང་དག །སྤྱན་རས་གཟིགས་ནི་མུན་པར་གྱུར་པ་རྣམས་ཀྱི་སྒྲོན་མེའོ། །ཉི་མས་གདུངས་པ་རྣམས་ཀྱི་གདུགས་སུ་གྱུར་པའོ། །སྐོམ་གྱིས་གདུངས་པ་རྣམས་ལ་ཆུ་བོའོ། །འཇིགས་སྐྲག་ཏུ་གྱུར་པ་རྣམས་ཀྱི་སྐྱབས་སོ་ཞེས་སོགས་རྒྱས་པར་བརྗོད་དོ། །དེའི་ཚེ་ན་སེམས་ཅན་དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེའི་མངལ་ཞེས་བྱ་བར་བྱོན་ནས། ལྷ་མིན་རྒྱལ་པོར་གཏོར་མས་སྤྱན་རས་གཟིགས་རྒྱང་རིང་པོ་ནས་བྱོན་པ་མཐོང་ནས། ལྷ་མ་ཡིན་སྒུར་པོ་དང༌། ཐུང་ངུ་ལ་སོགས་པ་ལ་སྨྲས་པ། གྲོགས་པོ་དག་དེ་རིང་དུ་བདག་གི་ཚེའི་འབྲས་བུ་ཐོབ་བོ། །ཞེས་སྨྲས་ནས་རིན་པོ་ཆེའི་ཁྲི་ཕུལ་ཏེ་ཕྱག་འཚལ་ནས། འཕགས་པ་བདག་ཅག་སྡིག་ལ་དགའ་བ། ཆུང་མ་ལ་ཆགས་པ། སྲོག་གཅོད་པ་ལ་བརྩོན་པ། འཕྲོག་བཅོམ་ལ་དགའ་བ་རྣམས་ལ་ཐུགས་རྗེས་གཟིགས་ཤིང༌། འཁོར་བའི་འཇིགས་པ་རྣམས་ལ་སྐྱབས་མཛོད་ཅིག །དགེ་བའི་ནང་ན་བསོད་ནམས་ཀྱི་སྟོབས་ཆེ་བའི་ཆོས་ཞིག་འཆད་དུ་གསོལ། བྱང་ཆུབ་སེམས་དཔས་གསོལ་པ། རིགས་ཀྱི་བུ། བསོད་སྙོམས་ཕུལ་བའི་བསོད་ནམས་ལས་ཆེ་བ་མེད་དོ། །དཔེར་ན། རྡུལ་ཕྲ་རབ་ནི་ངས་བགྲང་བར་ནུས་ཀྱི། དགེ་འདུན་ལ་ཕུལ་བ་ནི་ངས་བགྲང་བར་མི་ནུས་སོ། །ཞེས་སོགས་ཕན་ཡོན་མང་དུ་གསུངས་ནས། ལྷ་མིན་རྒྱལ་པོ་སྙུག་མའི་འཁར་བ་ལ་བརྟེན་ནས་ཕྱག་འཚལ་ནས་སྨྲས་པ། ཕྱག་ན་པད་མ་བཟང་པོ་ཐོགས། །པད་མའི་དཔལ་གྱིས་བརྒྱན་པ་པོ། །ཐམས་ཅད་མཁྱེན་པ་དབུ་ལ་བཞུགས། །དྲི་མེད་གཟུགས་བཟང་བདག་ལ་སྐྱོབ། །ཅེས་སོགས་བསྟོད་ནས། བྱང་ཆུབ་སེམས་དཔས་གསོལ་པ། རྒྱལ་པོ་ཁྱོད་ནི་ཕྱི་མའི་དུས་ན་སངས་རྒྱས་ཡིད་དཔལ་ཞེས་བྱ་བར་འགྱུར་རོ། །ཞེས་ལུང་བསྟན་ནས། ལྷ་མིན་རྒྱལ་པོས། མུ་ཏིག་གི་སེ་མོ་དོ་འདོམ་སྟོང་རིན་པོ་ཆེ་སྣ་ཚོགས་པའི་ཅོད་པན་ཕུལ་ལོ། །དེ་ནས་རྒྱལ་པོ་ཆེན་པོ་ཉོན་ཅིག །བྲན་ཕོ་བྲན་མོ་ལུས་ལོངས་སྤྱོད་ནོར་བུ་བང་མཛོད་དེ་དག་ལ་རྨི་ལམ་ལྟ་བུར་སྣང་སྟེ། འཆི་བའི་ཚེ་ན་སྐྱབས་སུ་མི་འགྱུར། དེ་དག་ལ་ཆགས་ན་སེམས་ཅན་དམྱལ་བའི་སྡུག་བསྔལ་ཆེན་པོ་མྱོང་སྟེ། ཞེས་སོགས་རྒྱས་པར་གསུངས་ནས་ལྷ་མིན་ཐམས་ཅད་ཆོས་ཀྱི་ལམ་དུ་བསྒྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་བྲམ་ཟེའི་གཟུགས་སུ་སྤྲུལ་ནས་གནས་གཙང་མའི་རིས་ཀྱི་ལྷའི་གནས་སུ་ཕྱིན་ནས། ལྷའི་བུ་རྣ་ཅའི་མཆོག་ཅེས་བྱ་བ་དབུལ་བར་འདུག་གོ །སྤྱན་རས་གཟིགས་དེའི་དྲུང་དུ་བྱོན་ནས་བདག་ནི་བཀྲེས་སོ། །སྐོམ་མོ། །ཞེས་གསུངས་ནས། ལྷའི་བུས་སྨྲས་པ། བྲམ་ཟེས་བདག་ལ་ཅང་མ་མཆིས་སོ། །འོན་ཏེ་རྩམ་པ་ཁམ་ཅིག་སྩོལ། ཞེས་དང༌། རང་གི་ཁྱིམ་དུ་སོང་ནས་ལྷའི་ནོར་བུ་རིན་པོ་ཆེ་མང་པོ་རིན་ཐང་མེད་པའི་ལོངས་སྤྱོད་ཀྱིས་ཡོངས་སུ་ཁེངས་སོ། །ཞལ་ཟས་དང་གོས་སྣ་ཚོགས་རྒྱན་དུ་མ་དང་ནོར་སྣ་ཚོགས་ཀྱིས་ཁྱིམ་གང་ངོ༌། །ཤིན་ཏུ་ངོ་མཚར་དུ་གྱུར་ནས་བྲམ་ཟེ་བོས་ནས་ཟས་ཀྱིས་ཚིམ་པར་བྱས་སོ། །བྲམ་ཟེས་བཀྲ་ཤིས་པར་བྱའོ། །ལྷའི་བུས་སྨྲས་པ། བྲམ་ཟེ་ཁྱོད་གང་ནས་འོངས། ཞེས་དང༌། བདག་ནི་འཛེ་ཏའི་ཚལ་ནས་མཆིས་སོ། །ལྷའི་བུས་ཇི་ལྟ་བུ་ཞིག་ལགས། བྲམ་ཟེས་སྨྲས་པ། ས་གཞི་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། ལྗོན་ཤིང་སྣ་ཚོགས་དང༌། མེ་ཏོག་སྣ་ཚོགས་དང༌། བྱ་སྣ་ཚོགས་ཀྱིས་བརྒྱན་པ། བདུད་རྩིའི་རྫིང་བུ་དུ་མས་བརྒྱན་པ། དེ་བཞིན་གཤེགས་པ་ཐམས་ཅད་སྐྱོབ་ཀྱིས་བྱིན་གྱིས་བརླབས་པ་ཡིན་ནོ། །ཞེས་དང༌། ལྷའི་བུས། བྲམ་ཟེ་བདེན་པར་སྨྲོས་ཤིག །ཁྱོད་ནི་ལྷའམ། ཀླུའམ། ལྷ་མིན་ཞིག་གམ། བྲམ་ཟེ་ན་རེ། ང་ནི་ལྷ་ཀླུ་ལྷ་མིན་གང་མ་ཡིན། །སེམས་ཅན་ཀུན་ལ་ཐུགས་བརྩེ་ལྷག་བསམ་ཅན། །འགྲོ་ལ་བྱང་ཆུབ་ལམ་སྟོན་སྤྱན་རས་གཟིགས། །ཡོན་ཏན་མཉམ་ཉིད་ཕོངས་པ་སེལ་བྱེད་ཡིན། །ཞེས་དང༌། དེ་ནས་ལྷའི་བུས། ཅོད་པན་དང༌། རྣ་ཆ་དུ་མ་ཕུལ་ནས་སྨྲས་པ། ཀྱེ་མ་ཡོན་ཏན་དག་གི་ཞིང༌། །ཉེས་པ་ཐམས་ཅད་རྣམ་པར་སྤངས། །དེ་རིང་ཉིད་དུ་ས་བོན་བཏབ། །དེ་རིང་ཉིད་དུ་འབྲས་བུ་གྲུབ། །ཅེས་དང༌། དེ་ནས་བྱང་ཆུབ་སེམས་དཔའ་སིང་གཱ་ལའི་གླིང་དུ་ཕྱིན་ནས། བྱང་ཆུབ་སེམས་དཔས་འདོད་པའི་གཟུགས་སུ་སྤྲུལ་ནས། སྲིན་མོ་རྣམས་ཀྱིས་མཐོང་ནས་འདོད་པའི་སེམས་སྐྱེས་ནས། བྱང་ཆུབ་སེམས་དཔའི་དྲུང་དུ་འདུག་གོ །འདུག་ནས་འདི་སྐད་དུ། བདག་ཅག་ནི་བུད་མེད་གཞོན་ནུའོ། །ལ་ལས་ངའི་ཁྱིམ་ཐབ་མ་མཆིས་ཟེར། ལ་ལས་ངའི་སྐྱེས་པ་མེད་ཟེར། ལ་ལས་འདི་ནི་ཁྱོད་ཀྱི་ཟས་སོ། །སྐྱེད་མོས་ཚལ་ལོ། །ཞེས་ཟེར། དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔའ་ཁོ་ན་ལ་བལྟས་སོ། །བྱང་ཆུབ་སེམས་དཔས་གསོལ་པ། སྲིན་མོ་ཁྱོད་རྣམས་ངས་བསྒོ་བ་བཞིན་དུ་བྱེད་ནའང༌། ཁྱོད་རྣམས་ཀྱི་བདག་པོ་བགྱིའོ། །ཞེས་གསུངས་པ་དང༌། དེ་དག་གིས་ཁས་བླངས་ནས། འཕགས་ལམ་བརྒྱད་ལ་སློབ་ཅིང་སྐྱབས་འགྲོ་ལ་སྦྱར་ནས་དེ་དག་ཐམས་ཅད་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་ཅིང༌། ལ་ལས་ཕྱིར་མི་འོང་བའི་འབྲས་བུ་ཡང་ཐོབ་ནས་སེམས་རྩེ་གཅིག་ཏུ་ཆོས་ལ་འགོད་དོ། །སྤྱན་རས་གཟིགས་སུ་སྐྱེས་པའི་རབས་ཏེ་ལྔ་པའོ།། །།

༧ དྲུག་པ། ཆོས་ཀྱི་རྒྱལ་པོ་བརྩོན་འགྲུས་ཆེན་པོ་ཀླུར་སྐྱེས་པའི་རབས།

༈ ཡང་རྒྱལ་པོའི་གཟུགས་ཀྱིས་སེམས་ཅན་གྱི་དོན་མཛད་དེ། འཕགས་པ་སྤྲིན་ཆེན་པོའི་མདོ་ལས། བྲམ་ཟེ་ཀོའུ་དི་ནྱ་ཞེས་བྱ་བ། འཁོར་བྲམ་ཟེ་སྟོང་ཕྲག་དུ་མ་དང་བཅས་པས། བཅོམ་ལྡན་འདས་ལ་མཆོད་པ་ཆེར་མཆོད་ནས། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་སྒྲ་ཐོས་ནས། འཕྲལ་དུ་ངུས་ཏཻ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ནས། བཅོམ་ལྡན་འདས་ལ་གསོལ་པ། གལ་ཏེ་བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ལ་ཕན་པར་བཞེད་པ། ཐུགས་རྗེས་བརྩེ་བ་ཆེན་པོ་དང་ལྡན་པ་སེམས་ཅན་ཐམས་ཅད་ཀྱི་ཕ་མ་ལྟ་བུ་ཟླ་བ་ལྟར་གསལ་བ་ཤེས་རབ་དང༌། ཡེ་ཤེས་ཆེན་པོ་ཞེས་བྱ་བ་གལ་ཏེ་ཁྱོད་ཟླ་བ་སྒྲ་གཅན་ཟིན་བཞིན་དུ་མཛད་ནའང༌། སེམས་ཅན་ཐམས་ཅད་ཀྱི་དོན་དུ་དམ་པ་ཞིག་བསྩལ་དུ་སྩོལ། ཞེས་དང༌། བཅོམ་ལྡན་འདས་ཀྱིས་ཅང་མི་གསུངས་ནས། བཅོམ་ལྡན་འདས་ཀྱི་མཐུས། འཁོར་དེར་ཚེ་དང་ལྡན་པ་ལི་ཙ་བཱི་གཞོན་ནུ་མཐོང་ན་དགའ་བ་ཞེས་བྱ་བས། བྲམ་ཟེ་ཀོའུ་དི་ནྱ་ལ་ཚིགས་སུ་བཅད་པ་གསོལ་ཏོ། །ནམ་ཞིག་གང་གཱའི་ཆུ་རྒྱུན་ལ། །མེ་ཏོག་རྣམས་ནི་སྐྱེ་བ་དང༌། །བྱ་རོག་དམར་པོར་འགྱུར་བ་དང༌། །ཁུ་བྱུག་དུང་མདོག་འདྲར་འགྱུར་དང༌། །འཛམ་བུར་ཏ་ལའི་འབྲུ་ཆགས་པ། །བྲ་གོར་ཨ་མྲའི་ཏོག་པ་ཆགས། །དེ་ཡི་ཚེ་ན་ཡུངས་འབྲུ་ཙམ། །རིང་བསྲེལ་དུ་ནི་ཡོད་པར་འགྱུར། །ནམ་ཞིག་རུ་སྦལ་སྤུ་རྣམས་ལ། །གོས་སུ་ལེགས་པར་འཐག་འགྱུར་ཏེ། །དགུན་གྱི་གྲང་བ་སེལ་བྱེད་པ། །དེ་ཚེ་རིང་བསྲེལ་ཡོད་པར་འགྱུར། །ནམ་ཞིག་སྦྲང་བུའི་རྐང་ལག་ལས། །ཡང་ཐོག་ལེགས་པར་བྱས་གྱུར་ཏེ། །བརྟན་ཞིང་རབ་ཏུ་མི་གཡོ་བར། །དེ་ཚེ་རིང་བསྲེལ་ཡོད་པར་འགྱུར། །ནམ་ཞིག་སྲིན་བུ་པད་མ་ཀུན། །སོ་ནི་དཀར་པོར་སྐྱེས་འགྱུར་ཏེ། །རྣོ་ཞིང་ཆེན་པོར་གྱུར་པ་ན། །དེ་ཚེ་རིང་བསྲེལ་ཡོད་པར་འགྱུར། །ནམ་ཞིག་རི་བོང་རྭ་ཡིས་ནི། །མཐོ་རིས་སུ་ནི་འཛེག་པའི་ཕྱིར། །སྐས་ནི་ལེགས་པར་བྱས་གྱུར་པ། །དེ་ཚེ་རིང་བསྲེལ་ཡོད་པར་འགྱུར། །ནམ་ཞིག་སྐས་ནི་དེར་འཛེགས་ནས། །གནས་ནས་ཟླ་བ་ཟ་བ་དང༌། །སྒྲ་གཅན་ལ་ཡང་གནོད་བྱེད་པ། །དེ་ཚེ་རིང་བསྲེལ་ཡོད་པར་འགྱུར། །གྲོང་ན་རྒྱུག་ཅིང་སྦྲང་བུ་ཡིས། །ནམ་ཞིག་རྫ་མའི་ཆང་འཐུང་སྟེ། །ཁྱིམ་ན་གནས་པར་བྱེད་འགྱུར་ན། །དེ་ཚེ་རིང་བསྲེལ་ཡོད་པར་འགྱུར། །ནམ་ཞིག་བུང་བ་བདེ་བར་འགྱུར། །མཆུ་དམར་བིམ་པ་འདྲར་འགྱུར་ཞིང༌། །གླུ་གར་རྣམས་ལ་མཁས་གྱུར་པ། །དེ་ཚེ་རིང་བསྲེལ་ཡོད་པར་འགྱུར། །ནམ་ཞིག་འུག་པ་བྱ་རོག་རྣམས། །དབེན་པར་དོང་ནས་བརྩེ་བ་དང༌། །ཕན་ཚུན་མཐུན་པར་གྱུར་པ་ན། །དེ་ཚེ་རིང་བསྲེལ་ཡོད་པར་འགྱུར། །སཱ་ལའི་ཤིང་ནི་ལོ་མ་རྣམས། །རིན་ཆེན་སྣ་གསུམ་གདུགས་གྱུར་ཏེ། །ཆར་ཕབ་སྐྱབས་སུ་ནམ་འགྱུར་ཏེ། །དེ་ཚེ་རིང་བསྲེལ་ཡོད་པར་འགྱུར། །ནམ་ཞིག་རྒྱ་མཚོར་གྲུ་བོ་ཆེ། །འཁྲུལ་འཁོར་དང་ནི་གཡོར་མོས་བཅས། །ཐང་ལ་བྱུང་སྟེ་འགྲོ་བ་ན། །དེ་ཚེ་རིང་བསྲེལ་ཡོད་པར་འགྱུར། །ནམ་ཞིག་བྱ་ནི་འུག་པ་ཡིས། །རི་བོ་སྤོས་ཀྱི་ངད་ལྡན་ལ། །མཆུ་ལ་ཐོགས་ཏེ་འཁོར་གྱུར་པ། །དེ་ཚེ་རིང་བསྲེལ་ཡོད་པར་འགྱུར། །ཞེས་དང༌། ཀོའུ་དི་ནྱ་སྨྲས་པ། གཞོན་ནུ་ལེགས་སོ་ལེགས་སོ། དེ་བཞིན་གཤེགས་པའི་སྲས་པོ་ཆེ། །དགའ་ཞིང་ཐབས་ལ་མཁས་ལྡན་པ། །ཆེ་བ་ཉིད་ལྡན་ལུང་བསྟན་ཐོབ། །དེ་བཞིན་གཤེགས་པའི་ཆེ་བ་ཉིད། །གཞོན་ནུ་ཆེན་པོས་རིམ་བཞིན་བསྟན། །སངས་རྒྱས་ཡུལ་ནི་བསམ་མི་ཁྱབ། །བསམ་ཡས་ཡེ་ཤེས་མི་མཉམ་མཉམ། །དེ་བཞིན་གཤེགས་རྣམས་མཚུངས་པ་མེད། །སངས་རྒྱས་ཐམས་ཅད་རྟག་ཏུ་ཞི། །སངས་རྒྱས་ཐམས་ཅད་ཡང་དག་འབྱུང༌། །སངས་རྒྱས་ཐམས་ཅད་ཁ་དོག་མཚུངས། །འདི་ནི་སངས་རྒྱས་ཆོས་ཉིད་ཡིན། །སངས་རྒྱས་བཅོམ་ལྡན་བཅོས་མ་ཡིན། །དེ་བཞིན་གཤེགས་རྣམས་མ་སྐྱེས་ཏེ། །རྡོ་རྗེ་ལྟ་བུར་མཁྲེགས་པའི་སྐུ། །སྤྲུལ་པའི་སྐུ་ཡང་སྟོན་པར་མཛད། །ཡུངས་འབྲུ་ཙམ་གྱི་རིང་བསྲེལ་ཡང༌། །འབྱུང་བར་འགྱུར་བ་ཡང་མེད་དེ། །རུས་པ་ཁྲག་དང་ཤ་མེད་ན། །རིང་བསྲེལ་ཡོད་པར་ག་ལ་འགྱུར། །སེམས་ཅན་ལ་ཡང་ཕན་པའི་ཕྱིར། །ཐབས་ཀྱིས་རིང་བསྲེལ་བཞག་པར་མཛད། །སངས་རྒྱས་བཅོམ་ལྡན་ཆོས་ཀྱི་སྐུ། །དེ་བཞིན་གཤེགས་པ་ཆོས་ཀྱི་དབྱིངས། །བཅོམ་ལྡན་སྐུ་ནི་དེ་འདྲ་ལ། །ཆོས་བསྟན་པ་ཡང་དེ་འདྲ་སྟེ། །དེ་ལྟར་བདག་གིས་ཐོས་རིག་ན། །ཆོས་གསུང་ལ་ནི་དམ་པ་གསོལ། །ཁྱོད་ནི་སྨྲ་བ་གཞུག་པའི་ཕྱིར། །གཏམ་གླེང་པ་དག་བདག་གིས་བསླངས། །ཞེས་དང༌། དེ་ནས་ལྷ་མོ་དྲི་མ་མེད་པའི་འོད་ཀྱིས་བཅོམ་ལྡན་འདས་ལ་མཆོད་པའི་ལས་བྱས་ནས། འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱེ་མ་ཐབས་ཀྱི་སྐྱེས་བུ་འདི་གཉིས་ནི་མཁས་ཤིང་ཞི་བ་ལ་ཤེས་པ་ཟབ་མོ་དང་ལྡན་པ། དེ་བཞིན་གཤེགས་པའི་ཡོན་ཏན་ཆེ་བའི་དོན་ཤིན་ཏུ་འཚལ་བས་ན། བཅོམ་ལྡན་འདས་སྐྱེས་བུ་དམ་པ་འདི་གཉིས་སུ་ཞིག་ལགས། ཕྱོགས་གང་ན་མཆིས། སེམས་ཅན་ལ་སྨན་པའི་སླད་དུ། བཅོམ་ལྡན་འདས་ཀྱིས་འཆད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷ་མོ་ལེགས་སོ། ལེགས་སོ། ལྷ་མོ་ཁྱོད་ཀྱིས་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར། དེ་བཞིན་གཤེགས་པ་ལ་ཞུས་པ་ལེགས་སོ། །ལྷ་མོ་ཉོན་ཅིག །ཉན་ཐོས་ཀྱི་གཙོ་བོ་ཆེན་པོ་འདི་ནི་དེ་བཞིན་གཤེགས་པའི་སྲས་ཡིན་ཏེ། ལྷ་མོ་གཙོ་བོ་འདི་གཉིས་ནི། སྐྱེས་བུ་དམ་པ་རྣམས་ཀྱི་བདག་པོ། ཆོས་ལ་དགའ་བའི་སྨོན་ལམ་བཏབ་པའི་སྐྱེས་བུ་དེ་བཞིན་གཤེགས་པ་ལ་བྱས་པ་གཟོ་བ། ངའི་བུ་སྡུག་དེ་བཞིན་གཤེགས་པའི་རིགས་འཛིན་པ། ངའི་བསྟན་པ་ཁུར་ཁྱེར་བ། ངའི་བསྟན་པའི་སྒྲོན་མེ་རབ་ཏུ་འབར་བར་བྱེད་པ་ཡིན་གྱི། ལྷ་མོ་ཁྱོད་ཀྱིས་རྗེས་སུ་ཡི་རང་བར་གྱིས་ཤིག །ལྷ་མོ་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་གྲངས་མེད་པ་ཡང་ཆེས་གྲངས་མེད་པ་བསྐལ་པ་མང་བ་ཡང་ཆེས་མང་བ་འདས་པ་དེའི་ཚེ་དེའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བ་ཁ་ལོ་བསྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་གླུ་རིག་པའི་སྒྲོན་མ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ༌། །ལྷ་མོ་དེའི་ཚེ་དེའི་དུས་ན་འཛམ་བུའི་གླིང་འདི་འབྱོར་པ་རྒྱས་པ་དང༌། ལོ་ལེགས་པ་དང༌། ཉམས་དགའ་བར་གྱུར་ཏེ། སྐྱེ་བོ་དང༌། མི་མང་པོས་གང་ཞིང་བདེ་བ་དང༌། ལོངས་སྤྱོད་བདེ་བ་དང་ལྡན་པར་གྱུར་ཏོ། །དེའི་ཚེ་འཛམ་བུའི་གླིང་དུའང་ཡངས་ཤིང་རྒྱ་ཆེ་བ་ཆུ་ཞེང་ཐ་གྲུ་ཆེ་བར་གྱུར་ཏེ། ངོས་གཅིག་ལ་དཔག་ཚད་འབུམ་ཕྲག་དྲུག་ཅུ་རྩ་བརྒྱད་ཡོད་པར་གྱུར་ཏོ། །དེའི་ཚེ་འཛམ་བུའི་གླིང་འདི་ན་གྲོང་ཁྱེར་དཔག་ཚད་བཅུ་གཉིས་པ་མི་བྱེ་བ་དགུ་བཅུ་རྩ་དགུ་གནས་པ། གླང་པོ་ཆེ་བདུན་ཁྲི་བརྒྱད་སྟོང་ཡོད་དེ། གྲོང་དེ་དག་ཐམས་ཅད་རིན་པོ་ཆེ་སྣ་བདུན་ལས་བྱས་པ་ཤ་སྟག་གོ །ལྷ་མོ་དེའི་ཚེ་དེའི་དུས་ན་རྒྱལ་པོའི་ཁབ་འདིར་གྲོང་ཁྱེར་རིན་ཆེན་འབྱུང་གནས་ཞེས་བྱ་བ་ཞིག་བྱུང་ངོ༌། །གྲོང་ཁྱེར་ཆེན་པོ་གང་དུ་བྱོན་པར་མི་བྱེ་བ་ཕྲག་སྟོང་བརྒྱད་ཅུ་གནས་པར་གྱུར་ཏོ། །གྲོང་ཁྱེར་ཆེན་པོ་རིན་ཆེན་འབྱུང་གནས་ཀྱི་ནང་ན་སེམས་ཅན་ཐམས་ཅད་ཀྱང་ཐེག་པ་ཆེན་པོ་ལ་མངོན་པར་བརྩེ་བའི་བྱང་ཆུབ་སེམས་དཔའ་མི་མཆོག་ཤ་སྟག་གོ །ལྷ་མོ་དེའི་ཚེ་དེའི་དུས་ན་གྲོང་ཁྱེར་ཆེན་པོ་རིན་ཆེན་འབྱུང་གནས་ཀྱི་ནང་ན་དེ་བཞིན་གཤེགས་པ་ཀླུ་རིག་པའི་སྒྲོན་མས། བྱང་ཆུབ་སེམས་དཔའ་མི་མཆོག་རྣམས་ལ། སྤྲིན་ཆེན་པོའི་མདོ་འདི་སེང་གེའི་སྒྲ་ཆེན་པོ་མངོན་པར་བསྒྲག་གོ །ལྷ་མོ་དེའི་ཚེ་གྲོང་ཁྱེར་རིན་ཆེན་འབྱུང་གནས་ཀྱི་བདག་པོ། ཆོས་ཀྱི་རྒྱལ་པོ་བརྩོན་འགྲུས་ཆེན་པོའི་ཀླུ་ཞེས་བྱ་བ་ཞིག་ཡོད་དེ། ལྷ་མོ་ཆོས་ཀྱི་རྒྱལ་པོ་བརྩོན་འགྲུས་ཆེན་པོ་ཀླུའི་བཙུན་མོ་སྟོང་ཡོད་དོ། །དེ་རྣམས་ཀྱི་ནང་ནས་ཐེག་པ་ཆེན་པོ་ལ་དགའ་བ་བཙུན་མོ་པད་མའི་སྤྱན་ལྡན་བྱང་ཆུབ་སེམས་དཔའ་བསྟན་པ་འཛིན་པ་ཞེས་ཀྱང་བྱུང་ངོ༌། །ཆོས་ཀྱི་རྒྱལ་པོ་དེའི་བློན་པོ་ཆེན་པོ་དམ་པའི་ཆོས་ཀྱི་དཀྱིལ་འཁོར་གྱི་མཛོད་ཅེས་བྱ་བ་ཞིག་ཀྱང་བྱུང་ངོ༌། །ལྷ་མོ་དེའི་ཚེ་དེའི་དུས་ན། རྒྱལ་པོ་བརྩོན་འགྲུས་ཆེན་པོའི་ཀླུ་དེ་བློན་པོ་ཆེན་པོ་རྣམས་ཀྱིས་ཡོངས་སུ་བསྐོར་ཏེ། བཙུན་མོ་དམ་པ་རྣམས་ཀྱང་མདུན་རྒྱབ་ཏུ་བདར་ཅིང་བསྐོར་ནས། དེ་བཞིན་གཤེགས་པ་ཀླུ་རིག་པའི་སྒྲོན་མ་དེ་ལ་མཆོད་པ་ཆེན་པོ་བྱས་ཏེ། དེ་བཞིན་གཤེགས་པ་ཀླུ་རིག་པའི་སྒྲོན་མ་ག་ལ་བ་དེར་ལོགས་སུ་ཐར་མོ་སྦྱར་བ་བཏུད་ནས། ཕྱོགས་གཅིག་ཏུ་འདུག་གོ །དེ་ནས་དེ་བཞིན་གཤེགས་པ་ཀླུ་རིག་པའི་སྒྲོན་མ་དེས། ཆོས་ཀྱི་རྒྱལ་པོ་བརྩོན་འགྲུས་ཆེན་པོའི་ཀླུའི་ལྷག་པའི་བསམ་པ་ཐུགས་སུ་ཆུད་ནས། མི་འཇིགས་པ་འཇིགས་པ་མེད་པ་ཞེས་བྱ་བའི་འོད་ཟེར་བཏང་ནས། དེ་བཞིན་གཤེགས་པའི་མཐུས། སློབ་དཔོན་དམ་པའི་ཆོས་ཀྱི་དཀྱིལ་འཁོར་གྱི་མཛོད་ཀྱིས་དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་གླེང་བསླངས་ཏེ་ཞུ་བ་ཞུས་ནས། དེའི་ཚེ་བཅོམ་ལྡན་འདས་ཅང་མི་གསུངས་པར་གྱུར་ཏོ། །དེའི་ཚེ་རྒྱལ་པོ་བརྩོན་འགྲུས་ཆེན་པོ་ཀླུས། རང་གི་སློབ་དཔོན་ཆེན་པོ་དམ་པའི་ཆོས་ཀྱི་དཀྱིལ་འཁོར་གྱི་མཛོད་ལ་ཕྱིར་དྲིས་པར་སེམས་སོ། །དེ་ལྟར་སྐྱེས་བུ་དེ་གཉིས་སེམས་ཅན་ཐམས་ཅད་ལ་ཕན་པར་བྱ་བའི་ཕྱིར། རིང་བསྲེལ་གྱི་གཏམ་སྣ་ཚོགས་པའི་ཐབས་འདི་གཅིག་ཏུ་འདྲི་བ་ལ་བརྩོན་པར་གྱུར་ཏོ། །དེ་བཞིན་གཤེགས་པ་ཀླུ་རིག་པའི་སྒྲོན་མའི་ཉན་ཐོས་མིང་ཆེན་ཞེས་བྱ་བས། རིང་བསྲེལ་གྱི་གཏམ་ཐབས་དེ་ཐོས་ནས་འདི་སྙམ་དུ་སེམས་བསྐྱེད་དོ། །ཀྱེ་མ་རྒྱལ་པོ་བརྩོན་འགྲུས་ཆེན་པོ་ཀླུ་འདི་ནི་ཆོས་ཅན་ཆོས་ཀྱི་རྒྱལ་པོ་མཁས་པ་ཡིན་ཏེ། དེ་བཞིན་གཤེགས་པའི་ཡོན་ཏན་གྱི་ཆེ་བ་ཉིད་ཤིན་ཏུ་གསལ་བར་ཤེས་སོ་སྙམ་ནས། རྒྱལ་པོ་བརྩོན་འགྲུས་ཆེན་པོ་ཀླུའི་ཆེ་བ་ཉིད་དེ་བཞིན་གཤེགས་པ་ལ་ཞུས་སོ། །དེ་ནས་བཅོམ་ལྡན་འདས་ཀླུ་རིག་པའི་སྒྲོན་མས་འཁོར་ཐམས་ཅད་ལ་ཕན་པའི་ཕྱིར། སྤྲིན་ཆེན་པོའི་མདོ་དང་རྒྱལ་པོ་བརྩོན་འགྲུས་ཆེན་པོ་ཀླུའི་ཆེ་བ་ཉིད་རྒྱས་པར་བསྟན་ཏོ། །དེ་ནས་འཁོར་ཐམས་ཅད་ཀྱིས་རྒྱལ་པོ་བརྩོན་འགྲུས་ཆེན་པོ་ཀླུའི་ཆེ་བ་འདི་ཉིད་བཤད་པ་ཐོས་ནས། ངོ་མཚར་རྨད་དུ་བྱུང་བ་འཛིན་པར་འགྱུར་རོ། །ལྷ་མོ་དེའི་ཚེ་རྒྱལ་པོ་བརྩོན་འགྲུས་ཆེན་པོ་ཀླུའི་བདག་ཉིད་ཀྱི་ཡོན་ཏན་ཆེ་བའི་བཤད་པ་ཐོས་ནས། བློན་པོ་ཆེན་པོ་རྣམས་དང་བཙུན་མོ་ཡང་འཁོར་དང་བཅས་པས། དེ་བཞིན་གཤེགས་པའི་ཞབས་ལ་ལན་བརྒྱར་བསྟོད། མགོ་བོས་ཕྱག་འཚལ་ཏེ། དེ་བཞིན་གཤེགས་པ་ཀླུ་རིག་པའི་སྒྲོན་མ་ལ། རིན་པོ་ཆེ་སྤར་གང་གཏོར་ནས་རྒྱལ་པོས་འདི་སྙམ་དུ་སེམས་བསྐྱེད་དོ། །བདག་ནི་ཕྱི་མའི་དུས་ན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟན་པ་ཐ་མ་ནུབ་པའི་ཚེ་བདག་རབ་ཏུ་བྱུང་སྟེ་ཆོས་ཀྱི་མཇུག་མའི་ཚེ་ཐེག་པ་ཆེན་པོའི་སྒྲ་ལན་གསུམ་དུ་བསྒྲགས་ལ། ཆོས་གོས་ཙམ་འཆང་བ། ཆོས་ཀྱི་མུ་གེའི་ལྟ་བའི་ཡུལ་ནས་བསྐྲད་ལ། ཆོས་ཀྱི་ཕྱིར་བདག་གི་སྲོག་འདོར་བར་གྱུར་ཅིག །ཐེག་པ་ཆེན་པོའི་ཆོས་ཀྱི་རྒྱལ་མཚན་འཕྱར་བར་གྱུར་ཅིག །ཅེས་སོགས་སྨོན་ལམ་བཏབ་བོ། །དེའི་བློན་པོ་དམ་པའི་ཆོས་ཀྱི་དཀྱིལ་འཁོར་གྱིས་འདི་སྙམ་དུ་སེམས་བསྐྱེད་དོ། །བཅོམ་ལྡན་འདས་བདག་ཀྱང་མ་འོངས་པའི་དུས་སུ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟན་པའི་ཁུར་ཁྱེར་ཞིང༌། བཅོམ་ལྡན་འདས་ཐབས་ཀྱིས་ཡོངས་སུ་མྱ་ངན་ལས་འདས་པས་ཡོངས་སུ་མྱ་ངན་ལས་འདས་ན། བདག་གི་རྒྱལ་པོ་མིའི་བདག་པོ་འདི་ཁྱད་པར་དུ་འཕགས་པའི་ཕུན་སུམ་ཚོགས་པ་རྒྱལ་སྲིད་ཡོངས་སུ་སྤངས་ཏེ། རབ་ཏུ་བྱུང་ནས་དམ་པའི་ཆོས་ཀྱི་དུང་ཆེན་པོ་མངོན་པར་སྒྲོགས་པར་གྱུར་ཅིག །ཅེས་བྱའོ། །དེ་ནས་དེའི་ཚེ་རྒྱལ་པོ་བརྩོན་འགྲུས་ཆེན་པོ་ཀླུའི་བཙུན་མོ་པད་མའི་སྤྱན་ལྡན་གྱིས་འདི་སྙམ་དུ་སེམས་བསྐྱེད་དེ། བཅོམ་ལྡན་འདས་བདག་ཀྱང་ཤཱཀྱ་ཐུབ་པའི་བསྟན་པ་གནས་པའི་ཚེ། མུ་སྟེགས་ཅན་ངན་པའི་ཚོགས་ཐམས་ཅད་བུད་མེད་ཀྱི་གཟུགས་ཀྱིས་བཏུལ་ནས། རྒྱལ་པོའི་ཆོས་ལུགས་སུ་སྦྱར་ཏེ་རྒྱལ་སྲིད་སྤངས་ལ། བདག་གི་རྒྱལ་པོ་འདི་ཆོས་ཀྱི་རྔ་བོ་ཆེའི་སྒྲ་ཆེན་པོ་མངོན་པར་སྒྲོགས་པར་གྱུར་ཅིག །ཅེས་བྱའོ། །དེའི་ཚེ་མིང་ཆེན་གྱིས་འདི་སྙམ་དུ་སེམས་བསྐྱེད་དེ། བཅོམ་ལྡན་འདས་མ་འོངས་པའི་དུས་སུ། བདག་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟན་པ་ལ་ཉན་ཐོས་ཀྱི་མཆོག་ཏུ་གྱུར་ཅིག །དེ་བཞིན་གཤེགས་པའི་མཐུས། དེ་བཞིན་གཤེགས་པ་བསམ་གྱིས་མི་ཁྱབ་པའི་ཡུལ་ལས་རྣམ་པར་འཕྲུལ་པ་སེང་གེའི་སྒྲ་ཆེན་པོ་མཆོག་གི་འབྲས་བུ་ཡོད་པར་ཆོས་སྟོན་པར་གྱུར་ཅིག །རྒྱལ་པོ་འདིས་ཀྱང་དེ་ལྟ་བུའི་བསམ་གྱིས་མི་ཁྱབ་པའི་གཙོ་བོར་གྱུར་པའི་ཡོན་ཏན་དང་ལྡན་པར་གྱུར་ཅིག །ཆོས་ཀྱི་སེང་གེའི་སྒྲ་མངོན་པར་སྒྲོགས་ལ། དེ་བཞིན་གཤེགས་པའི་བསྟན་པ་ཁུར་ལྕི་བ་ཁུར་ནས་ཡུན་རིང་པོར་གནས་པར་གྱུར་ཅིག །ཅེས་བྱའོ། །ལྷ་མོ་དགེ་བའི་རྩ་བ་དེས། ལྷ་མོ་ཁྱོད་གཏོགས་པ་བཞིས་ངའི་བསྟན་པ་ལ་དཀའ་བ་མང་པོ་བྱེད་ཅིང༌། སྐྱེ་བོ་ཕལ་བ་དང་མཐུན་པར་བྱེད་པ་མ་ཡིན་ཏེ། ལྷ་མོ་ཁྱོད་གཏོགས་པ་བཞི་དེ་ལྟར་འབའ་ཞིག་ཀྱང་མ་ཟད་ཀྱི། འདས་པའི་དུས་ན་ཡང་ང་ལ་རྣམ་པ་མང་པོར་བྱ་བ་བྱས་པར་ཤེས་པར་གྱིས་ཤིག །དེ་ནས་ལྷ་མོ་དྲི་མེད་འོད་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་བསམ་པ་ཐ་དད་པར་འགྱུར་བ་དང༌། སེམས་ཅན་ཐམས་ཅད་སྐྱེ་བོ་མང་པོ་ལ་སྨན་པར་འགྱུར་བའི་སླད་དུ། བདག་ཅག་བཞི་ནི་གང་གང་ལགས་པ་དེ། བཅོམ་ལྡན་འདས་ཀྱིས་འཆད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷ་མོ་ལེགས་སོ་ལེགས་སོ། ལྷ་མོ་ཁྱོད་གཏོགས་པ་བཞི་ལུང་བསྟན་པའི་ཆོ་ག་རིམ་པ་ལྟར་ལྷ་མོ་ཁྱོད་ཀྱིས་ཉོན་ཅིག །ལྷ་མོ་ཁྱོད་གཏོགས་པ་བཞིའི་ཡོན་ཏན་ཆེ་བ་ལ་ལྟོས་ཤིག །ལྷ་མོ་བློན་པོ་ཆེན་པོ་དམ་པའི་ཆོས་ཀྱི་དཀྱིལ་འཁོར་གྱི་མཛོད་ནི། སློབ་དཔོན་ལུང་བསྟན་པས་བྲམ་ཟེ་ཀོའུ་དི་ནྱ་འདི་ཉིད་ཡིན་པར་རིག་པར་བྱའོ། །ལྷ་མོ་སློབ་དཔོན་ལུང་སྟོན་པས་བྲམ་ཟེ་ཀོའུ་དི་ནྱ་ཡང་ང་འདས་པའི་ལོ་བརྒྱ་ཉི་ཤུ་ལོན་པ་ན། མེའུ་རྒྱའི་རིགས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་རིགས་སུ་སྐྱེ་བར་འགྱུར་ཏེ། མེའུ་རྒྱའི་རྒྱལ་པོའི་མཆོག་ཏུ་སྐྱེ་བར་འགྱུར་རོ། །ཆོས་ཀྱི་ལུགས་ཇི་ལྟ་བ་བཞིན་དུ་རྒྱལ་པོ་བྱེད་པར་འགྱུར་རོ། །དེ་ནས་ལྷ་མོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་མིང་ཆེན་པོ་ཇི་སྐད་ཅེས་བཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷ་མོ་དེའི་མིང་ནི་དགེ་བསྙེན་མྱ་ངན་མེད་པ་ཞེས་བྱ་བར་འགྱུར་རོ། །ལྷ་མོ་ཁྱེད་ཀྱིས་འཁོར་ལོས་སྒྱུར་བའི་རྒྱལ་པོ་མྱ་ངན་མེད་ཅེས་བྱ་སྟེ། ཆོས་ཀྱི་སྟོབས་སེང་གེའི་སྒྲ་ཐོག་མར་མངོན་པར་སྒྲོགས་པར་བྱེད་ཅིང་མཆོད་པར་བྱེད་དོ། །དེ་ནས་ལྷ་མོ་དེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ལ་སྨན་པའི་སླད་དུ་རྒྱལ་པོ་བརྩོན་འགྲུས་ཆེན་པོའི་ཀླུ་ལུང་བསྟན་པ་མཛོད་ཅིག །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷ་མོ་ལེགས་སོ་ལེགས་སོ། ཁྱོད་ཀྱི་རྗེ་དེ་ཐོག་མར་ལུང་བསྟན་པར་བྱའོ། །ལྷ་མོ་ཉོན་ཅིག །དེ་ནས་ལྷ་མོའི་ངོ་ཚ་ནས། མགོ་སྨད། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷ་མོ་ལེགས་སོ་ལེགས་སོ། ངོ་ཚ་བ་ནི་ཆོས་ཐམས་ཅད་ཀྱི་མཆོག་ཡིན་ནོ། །ལྷ་མོ་ལེགས་སོ། ལྷ་མོ་ཁྱོད་ཉིད་ཀྱང་རྒྱལ་པོ་བརྩོན་འགྲུས་ཆེན་པོ་ཀླུའི་བཙུན་མོ་པད་མའི་སྤྱན་ལྡན་དམ་པར་གྱུར་ཏོ། །ལྷ་མོ་ཁྱོད་མྱ་ངན་ལས་འདས་པའི་འོག་ཏུ་དགེ་བའི་རྩ་བ་དང་ལྡན་པ་སྨོན་ལམ་གྱིས་ཁྱད་པར་ངེས་པ་ཞེས་བྱ་བའི་གྲོང་ན་གནས་པའི་རྗེའི་རིགས་སུ་སྐྱེ་བར་འགྱུར་ཏེ། འཁོར་ལོས་སྒྱུར་བའི་རྒྱལ་པོའི་བཙུན་མོའི་གཟུགས་སུ་ཐོབ་ནས། དེས་པ་དང༌། ཉེ་བར་གནས་པ་དང༌། བསླབ་པའི་གཞི་དང་བཅས་པ་བླངས་ནས། གྲོང་ཁྱེར་དང༌། གྲོང་བརྡལ་དང་བཅས་པར་འབྱོར་ཞིང་རྒྱས་ལ། བུད་མེད་ཀྱི་གཟུགས་ཀྱིས་རྒྱལ་སྲིད་མངོན་པར་བྱེད་དོ། །མུ་སྟེགས་ཅན་ངན་པའི་ཚོགས་རྣམས་མངོན་པར་བཏུལ་ཞིང༌། དམ་པའི་ཆོས་ཀྱི་སྒྲོན་མེ་རབ་ཏུ་འབར་བར་བྱེད་ལ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་མཆོད་པ་བྱེད་དེ། ཆོས་ཀྱི་སྒྲ་ཆེན་པོ་བསྒྲགས་ནས་བྱང་ཆུབ་སེམས་དཔའི་སྤྱོད་པས་རང་གི་རྒྱལ་སྲིད་ཡང་དག་པར་བསྲུང་ཞིང་སྐྱོང་བར་བྱེད་ལ། འཇིག་རྟེན་དང་མཐུན་པར་བྱ་བ་སྤྱོད་པར་འགྱུར་རོ། །ལྷ་མོ་བརྩོན་འགྲུས་ཆེན་པོ་ཀླུའི་གཟི་བརྗིད་ཀྱི་མཐུས། ཁྱོད་བསམ་གྱིས་མི་ཁྱབ་པ་ལ་མངོན་པར་བརྩེ་བར་འགྱུར་བ་ཡིན་གྱིས། ལྷ་མོ་ཆོས་ཀྱི་རྒྱལ་པོ་བརྩོན་འགྲུས་ཆེན་པོ་ཀླུ་ལ་རྗེས་སུ་ཡི་རང་བར་གྱིས་ཤིག །ལྷ་མོ་ཆེན་མོ་ཉོན་ཅིག །ཆོས་ཀྱི་རྒྱལ་པོ་བརྩོན་འགྲུས་ཆེན་པོ་ཀླུ་དེ་ནི་ད་ལྟ་ངའི་ཉན་ཐོས་རྣམས་ཀྱི་མཆོག །ལི་ཙ་བཱི་གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་འདི་ཉིད་ཡིན་ནོ། །དུས་ཕྱི་མའི་ཚེ་ན་ཀ་ཡོ་རིའི་གྲོང་དུ་སྐྱེས་ནས། དེ་བཞིན་གཤེགས་པའི་མིང་དང་མཐུན་པའི་དགེ་སློང་ཞིག་ཏུ་འགྱུར་རོ། །དེའི་ཚེ་དེའི་དུས་ན། ཆོས་ཀྱི་དུང་འབུད། ཆོས་ཀྱི་དར་འཕྱར། ཆོས་ཀྱི་རྔ་བོ་ཆེ་བརྡུང་བར་འགྱུར་རོ། །དེའི་ཕྱིར་ལྷ་མོ་འདི་ལ་དུས་རྟག་ཏུ་བསྙེན་བཀུར་ཆེར་གྱིས་ཤིག །དེ་ནས་ལྷ་མོ་གསོལ་པ། བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ལ་སྨན་པའི་སླད་དུ། སྐྱེས་བུ་མིང་ཆེན་ལུང་བསྟན་པ། བཅོམ་ལྡན་འདས་ཀྱིས་འཆད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷ་མོ་མིང་ཆེན་ལུང་བསྟན་པ་ཉོན་ཅིག །ཇི་སྲིད་འཚོའི་བར་དུ་བསྙེན་བཀུར་གྱིས་ཤིག །ཁྱོད་ཀྱིས་མིང་ཆེན་གྱི་ཆོ་འཕྲུལ་དང་ཡོན་ཏན་ཆེན་པོ་མངོན་དུ་ཐོབ་པར་འགྱུར་རོ། །ལྷ་མོ་མིང་ཆེན་ནི་སངས་རྒྱས་དང་འདྲའོ། །ལྷ་མོ་མིང་ཆེན་ནི་སངས་རྒྱས་ཀྱི་སྐུ་ཕྱེད་དང་འདྲའོ། །ལྷ་མོས་གསོལ་པ། བཅོམ་ལྡན་འདས་མིང་ཆེན་འདི་ལྟ་བུ་ལ་ཇི་སྲིད་འཚོའི་བར་དུ་བསྙེན་བཀུར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷ་མོ་མིང་ཆེན་ནི་དེ་བཞིན་གཤེགས་པ་ཀླུ་རིག་པའི་སྒྲོན་མ་ཞེས་བྱ་བའི་ཉན་ཐོས་ཡིན་ཏེ། ད་ལྟ་ཡང་ངའི་ཉན་ཐོས་ངའི་སྐུ་ཕྱེད་དང་འདྲའོ། །ང་ལ་བྱས་པ་བཟོ་སྟེ། ད་ལྟ་འོད་སྲུང་འདི་ཉིད་ཡིན་ནོ། །ལྷ་མོ་ཁྱོད་བཞི་དེ་ལྟར་ཡིན་གྱིས་ཡིད་ཆེས་པར་གྱིས་ཤིག །ཅེས་ཆོས་ཀྱི་རྒྱལ་པོ་བརྩོན་འགྲུས་ཆེན་པོ་ཀླུར་སྐྱེས་པའི་རབས་ཏེ་དྲུག་པའོ།། །།

༨ བདུན་པ། གླིང་བཞིའི་རྒྱལ་པོར་སྐྱེས་པའི་རབས།

༈ ཡང་ཆོས་ཀྱི་རྒྱལ་པོའི་ཚུལ་གྱིས་འགྲོ་དོན་མཛད་དེ། འཕགས་པ་རྔ་བོ་ཆེའི་མདོ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་འདས་པའི་དུས་བསྐལ་པ་གྲངས་མེད་པ་ཡང་ཆེས་གྲངས་མེད་པ་ཡངས་ཤིང་ཆེས་ཡངས་པ་ཞིག་ཏུ་དེའི་ཚེ་དེའི་དུས་ན་འཇིག་རྟེན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་སྒྲ་གཅན་དཔལ་ཞེས་བྱ་བ་ཞིག་བྱུང་སྟེ། དེ་ནས་བཅོམ་ལྡན་འདས་གྲོང་ཁྱེར་ཆེན་པོ་སེར་སྐྱར་ཆོས་བཤད་པ་དེའི་ཚེ་ན། ལི་ཙ་བཱི་གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ཞེས་བྱ་བ་འདི་ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་པ་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་ཏོ། །དེ་ནས་རྒྱལ་པོ་དེ་བཞིན་གཤེགས་པའི་དྲུང་དུ་ཕྱིན་ནས། དེ་ནི་འབྱོར་བ་ཆེན་པོ་དང༌། གླུ་གར་གྱིས་བསྐོར་བ་བྱས་ནས། བཙུན་མོ་རྣམས་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ལ་མཆོད་དེ་ཚིག་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ནམ་ཞིག་ན་བྱང་ཆུབ་སེམས་དཔར་འགྱུར་ལགས་སམ། དེའི་ཚེ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་ལས་གཞན་དུ་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དབང་པོ་དང་ཚངས་པ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཉིད་ཡོད་པ་མ་ཡིན་པས་དེ་ལས་གཞན་དུ་མི་འགྱུར་རོ། །རྒྱལ་པོ་ཆེན་པོ་དགེ་བསྙེན་དུ་གྱུར་པ་གང་དང་གང་ཡིན་པ་དེ་དང་དེ་དག་ནི་དབང་པོ་དང་ཚངས་པར་འགྱུར་རོ། །དབང་པོ་དང་ཚངས་པ་ཉིད་ཀྱང་རྒྱལ་པོ་མང་དུ་བྱས་ནས་དེའི་འོག་ཏུ་ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་པའི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱང་དབང་པོ་ཉིད་དང་ཚངས་པ་ཉིད་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དང་མཉམ་པར་བྱས་ནས། དེའི་འོག་ཏུ་ཁྱོད་ཀྱིས་འཁོར་ལོས་སྒྱུར་བའི་རྒྱལ་པོ་འདི་ཉིད་ཐོབ་པ་ཡིན་ནོ། །དེ་ནས་ཡང་རྒྱལ་པོ་དེས་བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས་དབང་པོ་ཉིད་དང་ཚངས་པ་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཉོན་ཅིག །དབང་པོ་དང་ཚངས་པ་ལ་སོགས་པ་ཇི་སྙེད་ཡོད་པ་ཁྱོད་དང་འདྲ་བར་ཅོད་པན་ཐོགས་པ་དེ་དག་ཐམས་ཅད་ཀྱང་ཁྱོད་ཀྱི་དྲུང་དུ་ཅིས་ཀྱང་མཛེས་པ་མ་ཡིན་ཏེ། རྒྱལ་པོ་ཆེན་པོ་དཔེར་ན་སངས་རྒྱས་ཀྱི་སྐུའི་མདུན་དུ་ནི་ཉན་ཐོས་དང་རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ལྷམ་མེར་མ་ཡིན་ཏེ། ལྷན་ནེར་མ་ཡིན། ལྷང་ངེར་མ་ཡིན་པ་བཞིན་ནོ། །དེ་བཞིན་དུ། རྒྱལ་པོ་ཆེན་པོ་ཁྱོད་དང་སངས་རྒྱས་ཀྱི་སྐུའི་ཁ་དོག་དང་འདྲ་བར་ཁུང་དུ་ཆུད་པར་གྱིས་ཤིག །དེ་ནས་གླིང་བཞིའི་དབང་ཕྱུག་འཁོར་ལོས་སྒྱུར་བའི་རྒྱལ་པོ་དེས། ཡང་བཅོམ་ལྡན་འདས་དེ་ལ་ཞུས་པ། བཅོམ་ལྡན་འདས་ཅི་ལགས། བདག་འཇིག་རྟེན་དུ་སངས་རྒྱས་སུ་འགྱུར་བ་ལགས་སམ། དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་དེས་བཀའ་སྩལ་པ། རིགས་ཀྱི་བུ། ཁྱོད་དུས་རིང་མོ་ཞིག་ནས་སངས་རྒྱས་ཐོབ་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ཆེན་པོ་གལ་ཏེ་ཁྱོད་རང་གི་བསོད་ནམས་སྤངས་ཤིང་གཅིག་ཏུ་བོར་ནས་བརྩམས་ཏེ། ཕལ་པའི་འདུ་ཤེས་སུ་བྱས་ནས་དེའི་ཚེ་སྐྲའི་རྩེ་མོས་རྒྱ་མཚོ་ཆེན་པོ་འདི་བཏུས་ཏེ། བ་ལང་གི་རྨིག་རྗེས་ཙམ་དུ་བྱེད་ན་དེའི་ཚེ་འཇིག་རྟེན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ཅེས་བྱ་བ་འབྱུང་བར་འགྱུར་ཏེ། དེར་རྒྱལ་པོ་སའི་དབང་ཕྱུག་ཅེས་བྱ་བ་ཞིག་འབྱུང་བར་འགྱུར་རོ། །དེའི་ཚེ་བཅོམ་ལྡན་འདས་མར་མེ་མཛད་དེས་རྒྱལ་པོ་ཆེན་པོ་ཁྱོད་མ་འོངས་པའི་དུས་ན་ཤཱཀྱའི་སྐྱེས་མཆོག་ཀོའུ་ཏ་མ་ཞེས་བྱ་བར་འགྱུར་རོ། །དེའི་ཚེ་སྲིད་པའི་བསྐལ་པ་འབྱུང་བར་འགྱུར་རོ། །ཁྱོད་ཀྱིས་དེ་ནས་བཟུང་སྟེ། ལོ་བརྒྱ་ཕྲག་མང་པོ་དང༌། བར་གྱི་བསྐལ་པ་སྟོང་ཕྲག་མང་པོ་འདས་ནས། སངས་རྒྱས་རྣམས་འབྱུང་བར་འགྱུར་ཏེ། སངས་རྒྱས་དེ་དག་མཉེས་པར་མཆོད་པར་བྱེད་དེ། སངས་རྒྱས་དེ་དག་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་བརྒྱ་ལམ་རེས་འགའ་ནས། མཁན་པོ་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ། །སངས་རྒྱས་དེའི་སྲས་ཀྱི་ཐུ་བོར་གྱུར་པ་གཞོན་ནུ་ལི་ཙ་བཱི་མཐོང་ན་དགའ་བ་ཞེས་ཞེས་བྱ་བར་འགྱུར་ཏེ། དེ་ནས་འཇིག་རྟེན་ཁམས་དེར་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་བསྟན་པ་ནུབ་པའི་དུས་ཀྱི་ཚེ། ལོ་བརྒྱད་ཅུ་ལོན་པ་ན། དགེ་སློང་བློ་འཆང་ཞེས་བྱ་བར་འགྱུར་ནས། རང་གི་སྲོག་ལའང་མི་ལྟ་བར་གྱུར་ཏེ། མདོ་འདི་བྱིན་པར་འགྱུར་རོ། །དེ་ནས་ལོ་བརྒྱ་ལོན་པའི་འོག་ཏུ་ཤི་ནས། འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །དེའི་ཚེ་རྒྱལ་པོ་ཁྱོད་ཀྱིས་རྫུ་འཕྲུལ་ཆེན་པོ་དུ་མ་འབྱིན་པར་འགྱུར་ཞིང་ས་བརྒྱད་པ་ལ་གནས་ཏེ། ལུས་གཅིག་ནི་བདེ་བ་ཅན་དུ་འདུག་གོ །ལུས་གཅིག་ནི་སྤྲུལ་ཏེ་དགའ་ལྡན་དུ་བཞག་ནས་མགོན་པོ་མི་ཕམ་པ་ལ་མདོ་འདི་འདྲི་བར་འགྱུར་རོ། །ཞེས་ལུང་བསྟན་ཏོ། །དེ་ནས་སའི་དབང་ཕྱུག་དེ་རང་གི་བུ་ལུང་བསྟན་ཐོབ་ནས། རང་གི་བུ་སངས་རྒྱས་སུ་ལུང་བསྟན་ཏོ་སྙམ་ནས་དབང་པོ་ཐམས་ཅད་ཚིམས་པར་མཛད་དེ། དེ་ནས་རྒྱལ་པོ་ཡང་ལྷག་པར་ཆོས་འབའ་ཞིག་བྱེད་དོ། །འཆི་འཕོས་ནས་ཀྱང་ངོ་མཚར་བའི་ལྟས་དང་བཅས་ལྷག་མེད་དུ་གཤེགས་སོ། །གླིང་བཞིའི་རྒྱལ་པོར་སྐྱེས་པའི་རབས་ཏེ་བདུན་པའོ།། །།

༩ བརྒྱད་པ། ལི་ཙ་བཱིར་སྐྱེས་པའི་རབས།

༈ ཡང་རེ་ཞིག་ལི་ཙ་བཱིར་སྐྱེས་ནས་སེམས་ཅན་ལ་ཕན་པར་མཛད་དེ། དེ་ཡང་ཇི་ལྟ་བུ་ཞེ་ན། རྒྱ་གར་གྱི་རྒྱལ་པོའི་དང་པོ་ནི་མང་པོས་བཀུར་བ་ཞེས་བྱ་བ་ཞིག་བྱུང་ངོ༌། །དེས་མི་ཐམས་ཅད་ལ་ཟས་གོས་སྣ་ཚོགས་མཐོང་ཚད་རྣམས་ལ་བྱིན་ནས། མི་ཐམས་ཅད་དེ་ལ་གུས་ནས་བཀུར་སྟི་བྱེད་པས། མང་པོས་བཀུར་བའི་རྒྱལ་པོ་ཞེས་བཏགས་སོ། །རྒྱལ་པོ་ཟེར་བ་ནི་དེར་སྲིད་དོ། །དེའི་གདུང་རྒྱུད་མིའི་རྒྱལ་པོ་ལྔ་སྟེ། དེའི་གདུང་རྒྱུད་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྔ། དེའི་གདུང་རྒྱུད་ནི་ལྷའི་རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་བྱུང་ངོ༌། །དེའི་གདུང་རྒྱུད་གང་གཱའི་རྒྱལ་པོ་སྟོང་འདས། དེའི་གདུང་རྒྱུད་དུ་ཨརྨ་ཀའི་རྒྱལ་པོ་བདུན་སྟོང་འདས། དེའི་རིགས་རྒྱུད་སྒྲ་སྙན་རྒྱལ་པོ་བརྒྱད་སྟོང་འདས། དེའི་རིགས་ལ་ཐོད་པ་ཅན་གྱི་རྒྱལ་པོ་དགུ་སྟོང་འདས། དེ་ནས་ཀླུ་དབྱངས་ཀྱི་རྒྱལ་པོ་ཁྲི་ཕྲག་བྱུང༌། མ་ག་དྷཱའི་རྒྱལ་པོ་དྲུག་ཁྲི་འདས། ཏ་མ་ལི་བ་ཏའི་རྒྱལ་པོ་ཁྲི་ལྔ་སྟོང་འདས་པའི་གདུང་རྒྱུད་དུ། ཆོས་ཀྱི་རྒྱལ་པོ་བུ་རམ་ཤིང་པ་སྟོང་དང་བརྒྱ་ཕྲག་བྱུང༌། དེ་ནས་རྒྱལ་པོ་འཕགས་སྐྱེས་པོ། དེའི་གདུང་རྒྱུད་དུ་བུ་གསུམ་སྟེ། ཆེ་བ་ཤཱཀྱ་ཆེན་པོ། འབྲིང་པོ་ཤཱཀྱ་ལི་ཙ་བཱི། ཆུང་དུ་ཤཱཀྱ་རི་བྲག་པའོ། །ཤཱཀྱ་ཆེ་བ་ལ་གནས་འཇོག་གོ །དེའི་བུ་གཞུ་བརྟན། དེའི་བུ་བ་ལང་གནས། དེའི་བུ་སེང་གེ་སྒྲ། དེའི་བུ་སེང་གེ་འགྲམ། དེའི་བུ་ནི་བཞི་སྟེ། ཟས་གཙང༌། ཟས་དཀར། བྲེ་བོ་ཟས། བདུད་རྩི་ཟས་སོ། །ཟས་གཙང་གི་སྲས་གཉིས་སོ། །བཅོམ་ལྡན་འདས་དང༌། མཛེས་དགའོ། །ཟས་དཀར་ལ་སྲས་གཉིས་ཏེ། རྒྱལ་བ་དང་བཟང་ལྡན། བྲེ་བོ་ཟས་ལ་སྲས་གཉིས་ཏེ། མིང་ཆེན་དང་མ་འགགས་པའོ། །བདུད་རྩི་ཟས་ཀྱི་སྲས་གཉིས་ཏེ། ཀུན་དགའ་བོ་དང་ལྷས་སྦྱིན་ནོ། །སངས་རྒྱས་ལ་སྲས། སྒྲ་གཅན་འཛིན་ནོ། །དེ་རྣམས་ཀྱི་ཕ་ཁྱིམ་ལྔ་ཁྲི་ལྔ་སྟོང་གྲོང་ཁྱེར་སེར་སྐྱར་བྱུང་ངོ༌། །ལི་ཙ་བཱིའི་རྒྱུད་ནི། རྒྱལ་པོའི་ཁབ་དང༌། ཡངས་པ་ཅན་ནོ། །རི་བྲག་པའི་བུ། འཕགས་རྒྱལ། དེའི་བུ་རྒྱུད་མཐའ་ཡས། དེའི་བུ་གཏུམ་པོ་རབ་སྣང༌། དེའི་བུ་སྐྱ་བསེང་དང་དམག་རྒྱལ་གཉིས་སོ། །སྐྱ་བསེང་ལ་བུ་ལྔ་སྟེ། ལི་ཙ་བཱིའི་བུ། རྡོ་རྗེ་རོལ་པ། དེའི་བུ་མེ་ཏོག་དཔལ། དེའི་བུ་དཔའ་བོ་རྡོ་རྗེ། དེའི་བུ་འོད་ཟེར་མཐའ་ཡས། དེའི་བུ་རྒྱལ་བུའི་ཟླ་བ། དེའི་བུ་འཇམ་དཔལ་སྙིང་པོ། དེའི་སྲས་ནི། ལི་ཙ་བཱི་གཞོན་ནུ་མཐོང་ན་དགའ་བ་དང༌། དཔའ་བོ་རོལ་པ་དང༌། མཛེས་པའི་མཐའ་ཡས་སོ། །དེ་ལ་ཡངས་པ་ཅན་དུ་རྒྱལ་པོ་འཇམ་དཔལ་སྙིང་པོའི་ཕོ་བྲང་མེ་ཏོག་མཛེས་ལྡན་ཞེས་བྱ་བ་རིན་པོ་ཆེ་ཨན་ད་རྙིལ་དང༌། ཀེ་ཀེ་རུ་དང༌། མུ་ཏིག་དམར་པོ་ལས་བྱས་པའི་ཁྱམས་རིམ་པ་དགུ་ཡང་ཐོག་དྲུག་དང་ལྡན་པ། མན་ཤེལ་དང༌། བྱུ་རུའི་ཀ་བ་བརྒྱད་བརྒྱད་དོ། །སྤྲིན་ཁང་ནི་གསེར། ཡང་ཐོག་ནི་དངུལ་ལོ། །ཟངས་དང་གཡུའི་བྱ་འདབ་རྒྱས་པ། ཤིང་ཏ་ལའི་ལྗོན་པའི་ཕྲེང་བ་བདུན་བདུན་གྱིས་བསྐོར་བ། གླང་པོ་ཆེ་བདུན་ཁྲི་ཉིས་སྟོང་ལོངས་སྤྱོད་ཐམས་ཅད་དང་ལྡན་པ། རྒྱལ་པོའི་བཙུན་མོ་སོ་གཉིས། བློན་པོ་ཁྲི་ཕྲག་གཅིག་དང༌། བདེ་བ་ལ་གནས་པའི་རྒྱལ་པོ་འཇམ་དཔལ་སྙིང་པོ་དང༌། བཙུན་མོ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་ལྷ་མོ་པད་མའི་བློ་གྲོས་ཞེས་བྱ་བའི་སྲས་སུ་སྐུ་འཁྲུངས་ཤིང༌། ཁྱེའུ་དཀར་ལ་ཤིན་ཏུ་མཛེས་པ་བལྟ་ན་སྟུག་པ། ལག་མཐིལ་གཉིས་སུ་པད་མ་དཀར་པོ་འདབ་མ་བརྒྱད་པས་མཚན་པ། དར་དཀར་པོའི་ཨ་གྷ་ར་ཅན་དྲི་བཟང་སྣ་ཚོགས་ཀྱིས་བསུང་དང་བཅས་པར་བལྟམས་སོ། །བལྟམས་མ་ཐག་ཏུ་ཐལ་མོ་སྦྱར་ནས། འདི་སྐད་ཅེས་གསོལ་ཏོ། །པད་མའི་བློ་གྲོས་ཁྱོད་ངལ་ལམ། ཆད་དམ། འོ་བརྒྱལ་ལམ། དེ་དག་བཟོད་པར་གསོལ་ལོ། །འཇིག་རྟེན་གྱི་ཁམས་འདི་ན། སངས་རྒྱས་ཤཱཀྱ་ཐུབ་པ་དེ་ད་དུང་བཞུགས་སམ། ཡོངས་སུ་མྱ་ངན་ལས་འདས་སམ། སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་མས་འཆད་དུ་གསོལ། མ་ན་རེ། བུ་ལེགས་སོ། བདག་ལ་ངལ་དུབ་ཅུང་ཟད་ཀྱང་མ་མཆིས་ཏེ། ལུས་སེམས་ཤིན་ཏུ་བདེའོ། །འཇིག་རྟེན་འདིར་ལྷ་མིའི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ནི་ད་དུང་དགུང་ལོ་ལྔ་བཅུ་ལས་མ་རྫོགས་ཏེ། ཆོས་ཀྱི་འཁོར་ལོ་བསྐོར་བ་ལགས། བུ་ན་རེ། བདག་ནི་ཟླ་བ་གསུམ་རྫོགས་པའི་རྗེས་སུ་སངས་རྒྱས་ལ་མཇལ་བར་བྱའོ། །སངས་རྒྱས་ཀྱི་རྩར་རབ་ཏུ་བྱུང་བར་བགྱིའོ། །ཚེའི་འབྲས་བུ་ཡོངས་སུ་སྨིན་པར་བྱའོ། །འཇིག་རྟེན་འདིའི་ལས་ཐམས་ཅད་ནི་བཏང་བར་བགྱིའོ། །ཞེས་དམ་བཅའ་བརྟན་པོར་མཛད་དོ། །དེ་ནས་རྒྱལ་པོའི་ཁང་པ་འོད་ཀྱིས་ཁྱབ་ཅིང༌། མེ་ཏོག་གི་ཆར་དང་རོལ་མོ་སྣ་ཚོགས་གྲགས་སོ། །རྒྱལ་འབངས་ཐམས་ཅད་ཀྱིས་ཤིན་ཏུ་ངོ་མཚར་དུ་གྱུར་ཏོ། །ཁྱིམ་མཚེས་ཐམས་ཅད་ཀྱང་རྒྱལ་བུ་ནམ་མཐོང་སྙམ་པའི་ཡིད་ལ་ཤར་རོ། །རྒྱལ་བུ་མཐོང་མི་ཐམས་ཅད་ཀྱང་ཡིད་ཤིན་ཏུ་དགའ་ནས། གཞོན་ནུ་མཐོང་བ་དགའ་བ་ཞེས་བཏགས་སོ། །ཟླ་བ་གསུམ་ལོན་པའི་ཚེ་ན་གཞོན་ནུ་ལོ་བརྒྱད་ལོན་པ་ཙམ་རེད་དོ། །དེ་ནས་སྤྲིན་ཆེན་མདོར། དེ་བཞིན་གཤེགས་པ་ཀླུ་རིག་པའི་སྒྲོན་མའི་མདུན་དུ། བདག་མ་འོངས་པའི་དུས་ན་ཤཱཀྱ་ཐུབ་པ་ལ་རྒྱལ་སྲིད་སྤངས་ནས་རབ་ཏུ་བྱུང་བར་གྱུར་ཅིག །ཅེས་སྨོན་ལམ་གྱི་སྟོབས་ལས། ཡབ་ཡུམ་གཉིས་ཀྱི་དྲུང་དུ་ཐལ་མོ་སྦྱར་ནས་གསོལ་པ། ཀྱེ་མ་ཐབས་དང་མཐུ་རྩལ་ལྡན་གྱུར་ཀྱང༌། །སྐྱེ་རྒ་འཆི་ལས་སུ་ཡང་ཐར་མེད་པས། །དེ་བས་སངས་རྒྱས་དྲུང་ན་བདག་ནི་ཉེ་བར་འགྲོ། །རབ་བྱུང་ལམ་ཞུགས་གནང་བ་བསྩལ་དུ་གསོལ། །དེ་ནས་རྒྱལ་པོ་དེ་གླང་པོ་ཆེ་མདའ་དུག་ཅན་ཕོག་པ་ལྟར་ཡིད་མི་བདེ་ནས་ཡབ་ན་རེ། བུ་སྡུག་ཅི་ཕྱིར་འདི་ལྟར་གློ་བུར་དུ། །བདག་ཅག་འདོར་བའི་བློ་ནི་སྐྱེ་བར་འགྱུར། །བདག་ཉིད་ཕུངས་བྱེད་སུ་ཞིག་དམ་པ་ཡིས། །ཁྱོད་ལ་དེ་འདྲའི་བློ་ནི་ཕྱུང་བ་ལགས། །དེ་ནས་གཞོན་ནུས་སྤྱན་ཆབ་བབ་ནས་གསོལ་པ། རྒྱལ་པོ་ཡབ་ཡུམ་བདག་ལ་དགོངས་སུ་གསོལ། །མི་རྟ་གླང་ཆེན་མང་པོའི་དམག་ཚོགས་རྣམས། །དགྲ་དཔུང་ཐམས་ཅད་ཐག་ཐོགས་མེད་པར་ཐུལ། །འཆི་བདག་གཅིག་པུར་འདུག་ན་ཡོངས་མི་ཐུབ། །གླང་ཆེན་སྨྱོན་པའི་མཆུ་སྡེར་རྣོན་པོ་ཡིས། །མཁར་གྱི་རྟ་བབས་དམག་མི་ཐམས་ཅད་ཀུན། །བཏབ་པ་ཙམ་གྱིས་དགྲ་དཔུང་མ་ལུས་བཅོམ། །གཤིན་རྗེ་གཅིག་པུ་འོང་ན་རྣམ་པར་འགྱེལ། །སེང་གེའི་སེན་མོ་ལྕགས་ཀྱུ་འབར་བ་ཡིས། །གླང་ཆེན་སྤྱི་བོར་བརྡབས་པས་འདྲལ་བར་བྱེད། །སྒྲ་སྐད་གྲགས་པས་གཞན་སེམས་སྐྲག་བྱེད་ཀྱང༌། །གཤིན་རྗེ་འོངས་ན་མཐུ་རྩལ་ཉམས་ནས་ཉལ། །སྦྲུལ་ཆེན་ཁྲོས་པས་མཆེ་བའི་དུག་གིས་ནི། །སྲོག་ཆགས་གསོད་ཅིང་མི་རྣམས་མངོན་དུ་འབིགས། །ཞེ་སྡང་ལས་ལ་མཁས་ཀྱང་འཆི་བདག་རྣམས། །འོངས་ནས་ལྕེ་འཁུམ་སོ་གཙིགས་འགུལ་མི་ཤེས། །འདབ་བཟང་ཁྱུང་གཤོག་བརྐྱངས་ནས་རྒྱ་མཚོ་ལ། །ཀླུ་ཕྲུག་ཉ་མང་གཏོར་ནས་གདེངས་ཀ་འཛིན། །མཐུ་རྩལ་དྲག་པོས་འབྲུག་ཀྱང་ལྷག་པར་གཞོམ། །འཆི་བདག་གཏུམ་པོ་འོངས་ན་གཞོམ་མི་ནུས། །སྟག་མོས་ནགས་ཚལ་རི་དྭགས་འབྲོས་པ་རྣམས། །བསྙེགས་ནས་སྡེར་མོ་རྡོ་རྗེ་འབར་བ་ཡིས། །ཐང་ཅིག་བཏབ་པ་ཙམ་གྱིས་ཤ་ཁྲག་གཏོར། །འཆི་བདག་འོངས་ན་རྡུལ་མེད་མགོ་བོ་ཕབ། །མང་པོའི་གསེབ་ནས་སྒྱུ་མ་མཁན་པོ་ཡང༌། །མི་རྣམས་ཀྱིས་ནི་མིག་ཀྱང་བསླུ་བར་ནུས། །གཤིན་རྗེ་རྣམས་ལ་སྒྱུ་མའི་རྫས་སྔགས་ཀྱིས། །དེ་དག་ཐམས་ཅད་མིག་བསླུ་ག་ལ་ནུས། །དེ་ཕྱིར་ལྷ་མིའི་སྟོན་པ་བཅོམ་ལྡན་འདས། །ཤིན་ཏུ་རྙེད་དཀའ་སྐྱབས་མཆོག་སངས་རྒྱས་ལ། །བདག་ནི་ཚེ་ཡི་འབྲས་བུ་ཐོབ་ཕྱིར་འགྲོའོ་རྗེ། །བྱང་ཆུབ་ཐོབ་པའི་གེགས་མེད་བདག་ལ་སྩོལ། །ཞེས་དང༌། རྒྱལ་འབངས་ཐམས་ཅད་བཅོམ་ལྡན་འདས་ཀྱི་ག་ལ་བ་དེར་ཕྱིན་ནས། མཆོད་པས་མཆོད་དེ། གཞོན་ནུ་མཐོང་ན་དགའ་བ་རབ་ཏུ་བྱུང་ངོ༌། །དེ་ཡང་འཕགས་པ་མྱང་འདས་ཆེན་པོའི་མདོར། སེམས་ཅན་ཐམས་ཅད་ཀྱི་དགྲ་བཅོམ་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་ཉེ་བའི་རྒྱུར་གྱུར་པ་ནི། དགེ་བའི་བཤེས་གཉེན་ལས་འདའ་བ་མེད་དོ། །ཞེས་སོགས་ཕན་ཡོན་མང་པོ་གསུངས་སོ། །བཅོམ་ལྡན་འདས་ཀྱི་ནང་འཁོར་ཉན་ཐོས་ཀྱི་ཚོགས་ལི་ཙ་བཱི་གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ཞེས་བྱ་བར་གྱུར་ཏོ། །སངས་རྒྱས་དང་རྟག་ཏུ་འགྲོགས་པ་ནི་ལོ་སུམ་ཅུའོ། །དེ་ནས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་ཡུལ་ཝཱ་རཱ་ན་སཱིའི་མཐའ་ལོགས་བྲག་ཕུག་བུདྷ་ཧ་རིའི་གནས་སུ་རྩེ་གཅིག་ཏུ་བསམ་གཏན་སྒྲུབ་པའི་ཕྱིར་བྱོན་ནས། འཕགས་པ་མ་འགགས་པ་དང་ཕྲད་ནས་ན་རེ། མཐོང་ན་དགའ་བ་གར་བྱོན་བྱས་པས། གཞོན་ནུས་སྨྲས་པ། བསྟན་པའི་ཉི་མ་ནུབ་རིའི་རྩེ་ལ་ཉེ། །གྲིབ་མ་ལྟ་བུའི་ཆོས་མིན་མང་དུ་དར། །ཚེ་འདི་མི་རྟག་ཅིས་ཀྱང་འཇིག་པར་ངེས། །དེ་ཕྱིར་ཁོ་བོ་དབེན་པར་སྒོམ་དུ་འགྲོ། །ཞེས་དང༌། མ་འགགས་པ་ན་རེ། མཐོང་ན་དགའ་བའི་གཞོན་ནུ་ལི་ཙ་བཱི། །རྒྱལ་བའི་བཀའ་དྲིན་རྗེས་སུ་ལོན་པའི་ཕྱིར། །ལུང་གི་ཆོས་འཁོར་རྟག་ཏུ་མི་སྤྱོད་དམ། །བསྟན་ལ་ཕན་ཕྱིར་ཁྱོད་ནི་ཆོས་བསྟན་ཞུ། །ཞེས་དང༌། གཞོན་ནུ་ན་རེ། རྟོགས་ཆེན་རྒྱས་པའི་མདོ་ལས་ཀྱང༌། །ང་ནི་འདས་ནས་གཤེགས་ཕྱི་ནས། །མི་ཡི་ནང་ན་ལ་ལ་ཞིག །སེམས་ཅན་རྣམ་པ་ཐམས་ཅད་ལ། །བདེ་གཤེགས་སྙིང་པོ་ཡོད་དོ་ཞེས། །མོས་པ་རྣམ་དག་བྱེད་ནུས་ན། །སངས་རྒྱས་བཀའ་དྲིན་འཚོ་བ་ཡིན། །དེ་ཕྱིར་བདག་ནི་དབེན་པར་འགྲོ། །ཞེས་གསུངས་ནས། བུདྷ་ཧ་རིའི་གནས་སུ་ཕྱིན་ནས། ལོ་བདུན་དུ་བསམ་གཏན་ལ་འཇོག་ཅིང་བསྒྲུབ་པ་རྩེ་གཅིག་ཏུ་བྱས་ནས། དགྲ་བཅོམ་པའི་གོ་འཕང་ལ་འགོད་དེ་ཏིང་ངེ་འཛིན་ལས་བཞེངས་ནས། ཡེ་ཤེས་ཀྱི་སྤྱན་ཕྱེ་ནས་ཕྱོགས་ཀུན་ཏུ་ཉེ་བར་གཟིགས་ནས། ཡུལ་མ་ག་དྷཱའི་གྲོང་ཁྱེར་དུ་རྒྱལ་པོ་ཤ་ད་ཀ་རའི་བུ་མོ་པད་མའི་ཟླ་མཛེས་ཞེས་བྱ་བ་ཞིག་ཡོད་དེ། ཆགས་པས་གཟིར་ནས་ཐམས་ཅད་ཡིན་ལ་མི་སེམས་སོ། །དེ་ཚོགས་རྫོགས་པའི་ཕྱིར་དུ་གཤེགས་ནས། བུ་མོ་གཟུགས་ཤིན་ཏུ་མཛེས་པ་རྒྱན་ཆ་ལུགས་དང་ལྡན་པ་ཆུ་ལེན་པའི་ལམ་ཀར་ཕྲད་ནས། བུ་མོས་གཞོན་ནུ་མཐོང་མ་ཐག་ཏུ་ཆགས་ནས་རྩེ་གཅིག་ཏུ་བལྟ་བར་བྱེད་དོ། །མི་བཟོད་པའི་ཆགས་པ་སྐྱེས་ནས་གདུུ་བུ་སིལ་ལི་ལི་བྱས་སོ། །དེ་ནས་གཞོན་ནུ་ན་རེ། རབ་མཛེས་ཡིད་འོང་པད་མའི་ཟླ་མཛེས་མ། །གསོང་པོར་སྨྲ་བའི་མཁས་པ་རྒྱན་བཟང་ལྡན། །ཁ་སྐོམ་གདུང་བའི་སྡུག་བསྔལ་སེལ་བའི་ཕྱིར། །དྲི་མེད་ཆུ་དེ་ཕོར་གང་བདག་ལ་སྩོལ། །ཞེས་དང༌། བུ་མོ་ན་རེ། དལ་འབྱོར་ལུས་ལ་ངུར་སྨྲིག་རྒྱན་གྱིས་སྤྲས། །ཞི་དུལ་ལྡན་པའི་གཞོན་ནུ་ཁྱོད་ཉིད་ལགས། །བདག་གི་ཁང་བཟང་ནང་དུ་བྱོན་པར་ཞུ། །ཞབས་ཏོག་ཅི་དགོས་བསོད་ནམས་ཐོབ་ཕྱིར་འབུལ། །ཞེས་དང༌། གདན་དྲངས་ནས་བསྙེན་བཀུར་ཕུན་སུམ་ཚོགས་པ་བྱས་ནས། གཞོན་ནུ་ན་རེ། ཟས་གཙང་འདྲ་བའི་ཡབ་རྒན་གང་ན་བཞུགས། །རྣམ་སྲས་འདྲ་བའི་མིང་པོ་གང་དུ་ཐལ། །སྒྱུ་འཕྲུལ་འདྲ་བའི་མ་ནི་གང་དུ་སོང༌། །ཉེ་བཞི་རྩ་ལག་ནོར་སོགས་ཇི་ཞིག་མཆིས། །ཞེས་དང༌། བུ་མོ་ན་རེ། བདག་གི་ཡབ་རྒན་ག་ཤེད་གཙོས་ལ་བྱོན། །མིང་པོ་དེ་ཡང་གཞན་ཞིག་མགྲོན་དུ་བོས། །མ་རྒན་འཁོར་བཅས་དེས་ཀྱང་འབྲོག་ཁར་ཐལ། །དོ་ཞག་ང་རང་གཅིག་པུ་སྐྱིད་པར་གདའ། །དེ་རིང་དུས་འདིར་གཞོན་ནུ་ཁྱེད་དང་མཇལ། །ད་ལྟའི་དུས་འདིར་མཐོང་ན་ཡིད་རེ་དགའ། །ཁྱེད་ཀྱི་ཐུགས་ལ་བྲེལ་བ་མ་མཆིས་སམ། །ཞག་འགའ་འདི་རུ་བཞུགས་པའི་ཞུ་བ་གསོལ། །ཞེས་དང༌། གཞོན་ནུ་ན་རེ། ནུ་འབུར་རྐེད་ཕྲ་རིན་ཆེན་སིལ་ཁྲོལ་བརྒྱན། །རབ་མཛེས་ཡིད་འོང་པད་མའི་བཞིན་རས་རྒྱས། །དགའ་མས་བསྙེན་བཀུར་བདག་ལ་ཡང་དག་བྱས། །དགེ་སྦྱོང་གྲོང་ལ་འཁྱམས་ན་ཆོས་དང་འགལ། །ཞེས་དང༌། བུ་མོ་ན་རེ། རང་རེ་གཅིག་པུ་ཁོ་ན་མ་ལགས་ཏེ། །ཁྱིམ་ཐབ་བྱ་བ་མི་སྡེ་ཀུན་གྱིས་བྱེད། །ཁྱིམ་མཚེས་རྣམས་ལ་ཤིན་ཏུ་གསང་བར་བྱ། །གཞོན་ནུ་རབ་མཛེས་ཁོ་མོ་གཟུང་དུ་གསོལ། །ཞེས་དང༌། གཞོན་ནུ་ན་རེ། གྲོང་མི་དག་ལ་རང་གཉིས་གསང་བྱས་ཀྱང༌། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམ་པ་ཀུན། །མཁའ་ལ་ཐོགས་མེད་ཉི་ཤར་གཟིགས་པར་ལྡན། །དེ་དག་སྤྱན་སྔར་ཚུལ་འཆལ་ག་ལ་རུང༌། །ཞེས་དང༌། བུ་མོ་ན་རེ། མཐོང་བ་དགའ་བའི་གཞོན་ནུ་ལི་ཙ་བཱི། །ཁོ་མོས་བལྟས་ཀྱང་སུ་ཡང་མི་འདུག་ན། །བདག་ནི་ཉོན་མོངས་ནད་ཀྱིས་རབ་ཏུ་གཟིར། །འཕགས་པ་ཁྱོད་ཀྱིས་བདག་ཅག་བསྐྱབ་ཏུ་གསོལ། །ཞེས་དང༌། གཞོན་ནུ་ན་རེ། མཁན་སློབ་དེད་དཔོན་དམ་པ་ལ་བརྟེན་ནས། །སྡོམ་གསུམ་ཡིད་བཞིན་ནོར་བུ་བདག་གིས་བླངས། །བྱང་ཆུབ་བར་དུ་བསྲུང་བར་ཁས་བླངས་བྱས། །ད་ལྟ་འདི་རུ་ཉམས་པ་ག་ལ་དབང༌། །ཞེས་དང༌། བུ་མོ་ན་རེ། ཟག་མེད་ཆགས་བྲལ་གཞོན་ནུ་མཛེས་པ་ཁྱོད། །ཁང་བཟང་ཞིག་ནས་ཕྱི་རུ་གསོ་བ་ལྟར། །བསླབ་གསུམ་འཆལ་ཀྱང་མཐའ་ནས་གསོ་བར་ཞུ། །དགོས་པའི་ཡོ་བྱད་བུ་མོ་ང་ཡིས་ཕུལ། །ཞེས་དང༌། གཞོན་ནུ་ན་རེ། ཚུལ་བཟང་རབ་མཛེས་བུ་མོ་ཚུར་ཉོན་ཅིག །དྲན་པ་ཉེ་བར་བཞག་པའི་མདོ་ལས་ཀྱང༌། །རྣམ་པ་ཀུན་ཏུ་ནོར་རྣམས་འཇིག་བྱེད་པས། །ངན་སོང་རྩ་བ་བུད་མེད་ཡིན་པར་གསུངས། །ཟླ་བ་སྒྲོན་མེས་ཞུས་པའི་མདོ་ལས་ཀྱང༌། །ཐོས་པས་བརྒྱགས་ཀྱང་ཚུལ་ཁྲིམས་མི་བསྲུངས་ན། །ཚུལ་ཁྲིམས་འཆལ་ན་ངན་སོང་སྐྱེ་བར་གསུངས། །དེ་ཕྱིར་རང་ཉིད་དམྱལ་བར་སྐྱེས་ན་ཡང༌། །བུད་མེད་དག་ལ་སུ་ཞིག་ཆགས་པ་སྤྱོད། །ཅེས་གསུངས་ནས། བྱ་ངང་པའི་རྒྱལ་པོ་ལྟར་ཤིང་ཏཱ་ལ་བདུན་སྲིད་ཙམ་དུ་བར་སྣང་ལ་འཕགས་ནས་བཞུགས་སོ། །དེ་ནས་བུ་མོས་འགྱོད་པ་སྐྱེས་ནས་སྨྲས་པ། ཐུབ་པའི་བསྟན་འཛིན་འཕགས་པ་ལི་ཙ་བཱི། །མགོན་པོ་སྤྱན་རས་གཟིགས་ཀྱི་མདོ་ལས་ཀྱང༌། །སུ་ཞིག་འཕགས་པ་རྣམས་ལ་སྐུར་བཏབ་པ། །འཇིག་རྟེན་མི་ཡི་ནང་ནས་ཤི་འཕོས་ནས། །ངན་སོང་དག་ལ་མྱུར་དུ་འགྲོ་ཞེས་གསུངས། །ཕུང་མ་བདག་གིས་དེ་རིང་དེ་འདྲར་བྱས། །ཐུགས་དང་འགལ་བ་བྱས་པ་མཐོལ་ལོ་བཤགས། །ཕྱི་མར་རྣམ་སྨིན་ཁུར་བར་མ་གྱུར་ཅིག །ཅེས་དང༌། གཞོན་ནུ་ན་རེ། ཉོན་ཅིག་གཟུགས་བཟང་བུ་མོ་དགེ་ལྡན་མ། །འཇམ་དཔལ་རྣམ་པར་རོལ་བའི་མདོ་ལས་ཀྱང༌། །གཟུགས་ནི་དབུ་བ་སྦོས་པ་དེ་དང་འདྲ། །ཚོར་བའི་ཕུང་པོ་ཆུ་ཡི་ཆུ་བུར་བཞིན། །འདུ་ཤེས་ཕུང་པོ་སྨིག་རྒྱུ་ལྟ་བུ་སྟེ། །འདུ་བྱེད་ཕུང་པོ་ཆུ་ཤིང་བཞིན་དུ་སྟོང༌། །རྣམ་པར་ཤེས་པ་སྒྱུ་མ་ལྟ་བུར་གསུངས། །དེ་བཞིན་ཕྱི་རོལ་པགས་པས་གཡོགས་མོད་ཀྱང༌། །ནང་རོལ་ཁུ་ཁྲག་ལ་སོགས་མི་གཙང་ཡིན། །དེ་ལྟར་སེམས་ལ་ཆགས་པ་གཏན་སྤོངས་ཀྱིས། །ཞེས་དང༌། བུ་མོའི་རྒྱུད་ལ་མི་རྟག་པ་སྐྱེས་ནས། རང་གི་མགུལ་དུ་མུ་ཏིག་གི་ཕྲེང་བ་འདོམ་ཅིག་ཕུལ་ནས་སྨྲས་པ། འགྲོ་བའི་འདྲེན་མཆོག་འཕགས་པ་ལི་ཙ་བཱི། །རིན་ཆེན་མུ་ཏིག་གཟི་ཕྲེང་འདི་བཞེས་ལ། །སྐྱེ་བ་ཀུན་ཏུ་ཉོན་མོངས་ནད་མེད་ཅིང༌། །བསོད་ནམས་དཔག་མེད་ལྡན་པར་སྐྱེ་བར་ཤོག །ཅེས་དང༌། གཞོན་ནུ་ན་རེ། དད་ལྡན་རིགས་གཟུགས་མཛེས་པའི་བུ་མོ་ཁྱོད། །འཕགས་པ་ཁང་བུ་བརྩེགས་པའི་མདོ་ལས་ཀྱང༌། །ཟས་ནི་ནལ་ཟེ་གང་བ་ཙམ་ཞིག་དེ། །དགེ་འདུན་དག་ལ་ཕུལ་བ་བྱས་གྱུར་ནས། །མུ་གེའི་བསྐལ་པ་དག་ལས་ཐར་པར་གསུངས། །གསལ་རྒྱལ་ཆེན་པོས་ཞུས་པའི་མདོ་ལས་ཀྱང༌། །སུ་ཞིག་རབ་བྱུང་རྣམས་ལ་དད་པའི་ཚེ། །ཁ་ཟས་བཟང་པོ་དགེ་འདུན་རྣམས་ལ་བྱིན། །དེ་དག་འཁོར་བའི་དགོན་པར་གནས་པའི་ཚེ། །ཁ་ཟས་རོ་མཆོག་ཕུན་ཚོགས་ཐོབ་པར་གསུངས། །དཀོན་མཆོག་སྤྲིན་ཆེན་རྒྱལ་པོའི་མདོ་ལས་ཀྱང༌། །ཆོས་གོས་བསོད་སྙོམས་ལྷུང་བཟེད་མལ་ཆ་དང༌། །ཐ་ན་ཆུ་ནི་གྲང་མོ་ཕོ་གང་ཙམ། །དགེ་འདུན་རྣམས་ལ་ཕུལ་བ་བྱས་གྱུར་ན། །དེ་ལ་བསོད་ནམས་ཚོགས་ཆེན་ཐོབ་པར་གསུངས། །སྙིང་རྗེ་པད་མ་དཀར་པོའི་མདོ་ལས་ཀྱང༌། །བཅོམ་ལྡན་དེ་བཞིན་གཤེགས་དང་འཕགས་པ་རྣམས། །སྦྱིན་གནས་ཀུན་གྱི་རྒྱལ་པོ་ཉིད་དུ་གསུངས། །དེ་ཕྱིར་བུ་མོ་ཁྱོད་ཀྱང་ཚོགས་ཆེན་བསགས་པར་འགྱུར། །ཞེས་དང༌། བུ་མོ་ན་རེ། ཆགས་པས་མ་གོས་གཞོན་ནུ་མཐོང་ན་དགའ། །ཕྱི་མར་བདག་ཀྱང་ཁྱེད་བཞིན་འཕགས་པའི་རིགས། །ཁྱིམ་པས་མ་གོས་གཞོན་ནུ་རབ་བྱུང་སྟེ། །བཤེས་གཉེན་གཅིག་ཏུ་སྐྱེ་བའི་ཐབས་ཅིག་ཞུ། །ཞེས་དང༌། གཞོན་ནུ་ན་རེ། དད་ལྡན་བུ་མོ་ཡིད་འོང་མ། །དལ་འབྱོར་རིན་ཆེན་ཐོབ་པར་དཀའ། །དེ་བས་སངས་རྒྱས་ཆོས་དང་ནི། །དགེ་འདུན་ནམ་ཡང་མཇལ་བར་དཀའ། །མྱང་འདས་ཆེན་པོའི་མདོ་ལས་ཀྱང༌། །སངས་རྒྱས་ཨུ་དུམ་ཝཱ་ར་ལྟར། །འཕྲད་པའི་དུས་ཀྱང་ཤིན་ཏུ་དཀའ། །དེ་ལྟར་གསུངས་པའི་ཐོབ་དཀའ་རྙེད། །ཐོབ་པའི་དུས་འདིར་ཆུད་མ་གཟན། །ནམ་འཆི་ཆ་མེད་མི་རྟག་གོ །བྱང་ཆུབ་སེམས་དཔའི་རྣམ་འགྲེལ་ལས། །འདུས་བྱས་ཐམས་ཅད་སྐད་ཅིག་མ། །རིང་གནས་བྱ་བ་ག་ལ་ཡོད། །ཞེས་སོགས་གསུངས་པས་སྒོ་གསུམ་རྣམས། །མི་རྟག་སོམས་ནས་ཆོས་ལ་དྲིལ། །ཞེས་དང༌། བུ་མོ་ན་རེ། ལྷ་མིའི་ཡིད་འཕྲོག་གཟུགས་བཟང་ལི་ཙ་བཱི། །ཁྱོད་འདྲའི་གཟུགས་མཛེས་འཇིག་རྟེན་དག་ན་དཀོན། །བདག་གིས་ཆོས་དེ་བྱེད་ན་ཇི་ལྟར་བྱེད། །མཐར་ཐུག་བསྒོམ་ན་ཇི་ལྟར་བྱང་ཆུབ་ཐོབ། །ཅེས་སོ། །གཞོན་ནུ་ན་རེ། རིག་པ་ཤིན་ཏུ་གསལ་བའི་གཟུགས་མཛེས་མ། །སྲོག་གཅོད་ལ་སོགས་མི་དགེ་བཅུ་སྤང་འཚལ། །སྦྱིན་པ་ལ་སོགས་ཕར་ཕྱིར་བཅུ་ལ་སྤྱོད། །དགེ་བ་ཀུན་གྱི་མཐར་ཐུག་གནས་པའི་གཞི། །ཀུན་ཁྱབ་ཆོས་ཉིད་རྣམ་དག་རང་གནས་ལ། །གཞན་དུ་མ་ཚོལ་ཡིད་ཆེས་དགའ་སྤྲོ་མཛོད། །འཕགས་པ་རྒྱན་སྟུག་བཀོད་པའི་མདོ་ལས་ཀྱང༌། །བདེར་གཤེགས་སྙིང་པོ་དྲི་མེད་དགེ་བ་དེ། །སྙིང་པོ་དེ་ལ་ཡང་དག་ཀུན་གཞིར་བསྒྲགས། །དེ་བཞིན་གཤེགས་པས་ཡང་དག་སྟོན་པར་གསུངས། །དེ་ཕྱིར་ཆོས་དབྱིངས་མཐོང་ན་བྱང་ཆུབ་ཐོབ་པར་ངེས། །ཞེས་སོ། །བུ་མོ་ན་རེ། མཐོང་ན་དགའ་བའི་ཡིད་འོང་ཁྱེའུའི་སྐུ། །བདག་གི་ཇི་ལྟར་བྱས་ནས་ཉེས་པ་དག །ཇི་ལྟར་བགྱིས་ནས་ཆོས་ཉིད་མཐོང་བར་འགྱུར། །འཕགས་མཆོག་ཁྱོད་ཀྱིས་བདག་ལ་འཆད་དུ་གསོལ། །ཞེས་སོ། །གཞོན་ནུ་ན་རེ། རྣམ་དག་ཆགས་བྲལ་ལྷ་མོ་ཟླ་མཛེས་མ། །ཆོས་དབྱིངས་ངང་ལ་གདོད་ནས་བཞུགས་གྱུར་ཀྱང༌། །རྣམ་རྟོག་དྲི་མས་བསྒྲིབས་པས་མཐོང་མི་འགྱུར། །མྱང་འདས་ཆེན་པོའི་མདོ་ལས་ཀྱང༌། །སེམས་ཅན་ཀུན་ལ་སངས་རྒྱས་བཞུགས་ན་ཡང༌། །ཉོན་མོངས་ཡོངས་སུ་ཁེབས་ཕྱིར་མཐོང་མི་ནུས། །ཞེས་སོགས་མདོ་སྡེ་དུ་མར་རྒྱ་ཆེ་གསུངས། །དེ་ཉིད་མཐོང་བར་འདོད་ན་འདི་ལྟར་གྱིས། །ཟླ་བ་སྒྲོན་མེས་ཞུས་པའི་མདོ་ལས་ཀྱང༌། །གྲོང་དང་གྲོང་ཁྱེར་དག་ལ་དགའ་སྤོང་གྱིས། །རྟག་ཏུ་དབེན་པར་ནགས་ཁྲོད་བསྟེན་པར་བརྩོན། །བསེ་རུ་ལྟ་བུར་རྟག་ཏུ་གཉིས་མེད་བྱོས། །རིང་པོར་མི་ཐོགས་ཏིང་འཛིན་མཆོག་ཐོབ་འགྱུར། །དེ་སོགས་མདོ་མཆོག་མང་པོར་གསལ་བར་གསུངས། །ཞེས་གསུངས་ནས་བུ་མོ་པད་མ་ཟླ་མཛེས་ཀྱིས་ཆོས་ཉིད་ལ་ཡིད་ཆེས་ཏེ། འཁོར་བའི་ཆོས་ལ་ཡིད་སྐྱོ་ནས་སྨྲས་པ། ལེགས་སོ་ལེགས་སོ་ཤིན་ཏུ་དཀོན་པའི་མཆོག །དེ་རིང་བདག་ནི་ཐར་པའི་བསྐལ་པ་རྙེད། །རྣམ་རྟོག་ལས་ཀྱིས་འགྲོ་དྲུག་འཁོར་བར་འཁྱམས། །དེ་བས་བདག་ནི་ཏིང་འཛིན་བསྒོམ་དུ་འགྲོ། །ཞེས་སྨྲས་མ་ཐག་ཏུ་ནམ་མཁའ་ལ་སངས་རྒྱས་སྣང་བ་མཐའ་ཡས་ལ་དགེ་སློང་སྟོང་ཕྲག་མང་པོས་བསྐོར་ནས་མདུན་དུ་ལྷགས་ནས། གཞོན་ནུ་ལི་ཙ་བཱི་བདེ་བ་ཅན་དུ་སྤྱན་དྲངས་སོ། །བུ་མོ་སྒྲིབ་པ་མེད་ཅིང་དེ་རྣམས་ཀྱི་ཕྱི་བཞིན་དུ་འབྲངས་ནས། བདེ་བ་ཅན་དུ་བཞུད་དོ། །དེ་ནས་ནམ་མཁའ་ལ་སྒྲ་འདི་ལྟར་གྲག་གོ །ལེགས་པར་མཐོང་བའི་གཞོན་ནུ་ལི་ཙ་བཱི། །མ་རིག་རྐྱེན་གྱིས་མཚན་མ་ཀུན་བསྐྱེད་དེ། །འགོག་པ་ཡེ་ཤེས་གསལ་བ་མངོན་དུ་བྱས། །ཤེས་རབ་ཟག་མེད་ལྷ་མོ་ཡིད་འོང་མ། །ལྷན་ཅིག་ཆོས་ཀྱི་དབྱིངས་སུ་རོལ་པར་གཤེགས། །ཚེ་ལ་ངེས་མེད་འདུས་བྱས་མི་རྟག་པ། །ཟག་པ་ཐམས་ཅད་སྡུག་བསྔལ་ཕུང་པོ་སྟེ། །ཆོས་དང་གང་ཟག་སྟོང་ཞིང་བདག་པོ་མེད། །མྱང་འདས་ཞི་ཞིང་བདེ་བའི་མཆོག་གི་གནས། །མི་གཙང་གཙང་བར་འདུ་ཤེས་ཕྱིན་ཅི་ལོག །མི་རྟག་རྟག་པའི་འདུ་ཤེས་རབ་ཏུ་སྤོངས། །ཞེས་གྲག་གོ །དེ་ནས་ས་ཡང་དར་བོ་ཆེ་རླུང་གིས་བསྐྱོད་པ་བཞིན་དུ་གཡོས་སོ། །སྒྲ་དང་འཇའ་འོད་ཚོགས་ཀྱིས་ཡོངས་སུ་ཁྱབ་བོ། །ལི་ཙ་བཱིར་སྐྱེས་པའི་རབས་ཏེ་བརྒྱད་པའོ།། །།

༡༠ དགུ་པ། དགེ་སློང་བློ་འཆང་དུ་སྐྱེས་པའི་རབས།

༈ ཡང་རེ་ཞིག་ཉན་ཐོས་ཀྱི་ཚུལ་དུ་སེམས་ཅན་གྱི་དོན་མཛད་ཅེས་གྲག་གོ །དེ་ཡང་ཇི་ལྟར་མཛད་ཅེ་ན། འཕགས་པ་བདེ་སྟོང་རོལ་པའི་མདོ་ལས། བཅོམ་ལྡན་འདས་ལ་རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཚེ་དང་ལྡན་པ་ལི་ཙ་བཱི་གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་འདི་ཉིད་ནི། སྐྱེ་དགུ་སུ་ཡང་རུང་སྟེ། མཐོང་ནས་སེམས་ཤིན་ཏུ་དགའ་མགུ་རངས་ནས། མུ་སྟེགས་ཕལ་པའི་སྟོན་པ་དྲུག་གིས་མཐོང་ནས་ཀྱང༌། ཕྲག་དོག་བྱེད་དོ། །གཤེ་བ་བྱེད་དོ། །དེའི་རྒྱུ་ནི་ཅི་ལགས། རྐྱེན་ནི་ཅི་ལགས། སེམས་ཅན་ཐམས་ཅད་ལ་ཕན་པའི་སླད་དུ། བཅོམ་ལྡན་འདས་ཀྱིས་འཆད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གྱིས་ཞུས་པ་ལེགས་སོ་ལེགས་སོ། དེའི་རྒྱུ་རྐྱེན་ནི་བདག་གིས་བྱེ་བྲག་བཤད་པར་བྱས་ཏེ་ལེགས་པར་ཉོན་ཅིག །སྔོན་བྱུང་བ་འདས་པའི་སྔ་རོལ་ཏུ་འཇིག་རྟེན་ན་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་འཚོ་ཞིང་བཞུགས་ཏེ་ཆོས་སྟོན་པའི་ཉེ་འཁོར་དུ་གྱུར་པ། ཚེ་དང་ལྡན་པ་བློ་འཆང་ཞེས་བྱ་བ་ཞིག་ཀྱང་ཡོད་དོ། །དགྲ་བཅོམ་པ་ཁུར་བོར་བ། ཟག་པ་ཟད་པ། རང་གི་དོན་རྗེས་སུ་ཐོབ་པ། ཉོན་མོངས་པ་མེད་པ་སྟེ། དེ་བཞིན་གཤེགས་པའི་ཉེ་བར་གནས་པར་གྱུར་ཏོ། །དེ་ནས་སངས་རྒྱས་ཀྱི་མཐུས། སྔ་དྲོ་ཞིག་ཏུ་ཆོས་གོས་དང་ལྷུང་བཟེད་ཐོགས་ནས་བསོད་སྙོམས་ལ་ཕྱིན་ཏེ། ཡུལ་མ་ག་དྷཱར་མངོན་དུ་ཕྱོགས་ནས། ཡུལ་གྲུ་འཛིན་གྱི་ཤོད་དུ་བབ་སྟེ། དེ་ནས་མུ་སྟེགས་རྒྱལ་པོ་དུག་མདའ་ཅན་ཞེས་བྱ་བ་ཞིག་གིས། ལམ་སྣ་ཐམས་ཅད་གཅིག་ཏུ་འདུས་པའི་སུམ་མདོར་ཡུལ་གྲུ་འཛིན་གྱི་ཤོད་དུ་རྒྱ་སྒོ་མང་པོ་ལམ་སྣ་རེ་རེ་ལ་བཙུགས་ཤིང༌། མི་དྲུག་ལ་མཚོན་ཆ་མང་པོ་གཏད་དེ། ཚིག་འདི་སྐད་ཅེས་བསྒོའོ། །གཤེད་མ་དྲུག་པོ་ཁྱོད་ཉིད་མ་གཏོགས་པའི་རིགས་ཕ་ཡང་རུང༌། མ་ཡང་རུང༌། ངལ་མ་བསོ་བར་སོད་ཅིག་ཅེས་བསྒོས་ནས་མི་དྲུག་གིས་མི་རིགས་མང་པོ་དང༌། རྟ་གླང་བྱ་རིགས་དེར་གང་ཐོན་པ་ཐམས་ཅད་བསད་ནས། ས་ཕྱོགས་ཐམས་ཅད་ཤ་ཁྲག་རས་རིས་དང༌། རྒྱུ་མ་ཕྲང་ཕྲིང་དང༌། རུས་པ་ཁྲལ་ཁྲོལ་གྱིས་གང་བར་བྱས་སོ། །དེའི་ཚེ་དགེ་སློང་བློ་འཆང་དེར་ཕྱིན་ནས། གཤེད་མ་དྲུག་ཀྱང་བྱང་ཆུབ་སེམས་དཔའི་དྲུང་དུ་རྒྱུག་གོ །རྒྱུག་ནས་མཚོན་ཆ་འཕྱར་ཏེ་ཧ་ཧའི་སྒྲ་སྒྲོགས་ཏེ། བྱང་ཆུབ་སེམས་དཔའ་ནམ་མཁར་འཕུར་ནས་བཞུགས་པར་གྱུར་ཏོ། །དེ་ནས་གཤེད་མ་དྲུག་གིས་ཀྱང་ནམ་མཁའ་གཤེགས་པའི་བྱང་ཆུབ་སེམས་དཔའ་ལ་གཅིག་ཏུ་བལྟ་བར་བྱེད་དོ། །ཅ་ཅོ་དུ་མ་འདོན་ནས་གནོད་པའི་ལས་ཀྱི་གོར་མ་ཆག་གོ །དེ་ནས་དེ་དག་གི་ནང་ནས་ཆེ་ཤོས་ཅིག་གིས་ཀྱང་བྱང་ཆུབ་སེམས་དཔའ་ལ་ཚིག་འདི་སྐད་ཅེས་སྨྲས་སོ། །ཀྱེ་མ་མཁའ་ལ་ཐོགས་མེད་བྱ་ལྟར་གཤེགས། །ལྷ་འམ་ཀླུ་འམ་འོན་ཏེ་ཚངས་པ་བདུད། །སུ་ཡང་རུང་སྟེ་བོབས་ཤིག་འདིར་འབབ་ལ། །རྒྱལ་ཁྲིམས་གཉན་པོ་མ་བཤིག་ཤོ་གམ་སྩོལ། །ཆོས་གོས་ངུར་སྨྲིག་སྐུ་ལ་མཛེས་པར་བརྒྱན། །དབུ་ཟླུམ་ཞབས་རྗེན་པད་མའི་སྤྱན་འབྲས་ཅན། །སྟོང་གསུམ་ཀུན་ཏུ་ཚུལ་ཁྲིམས་དྲི་མཆོག་རྒྱས། །རྒྱལ་ཁྲིམས་གཉན་པོ་མ་བཤིག་ཤོ་གམ་སྩོལ། །ལྷུང་བཟེད་འཁར་གསིལ་པོ་ཏི་ཕྱག་ན་ཐོགས། །ཞི་ཞིང་འཛུམ་ཞལ་གཉའ་ཤིང་གང་ཙམ་གཟིགས། །སྨིན་མཚམས་སྤུ་དཀར་དུང་ལྟར་གཡས་སུ་འཁྱིལ། །རྒྱལ་ཁྲིམས་གཉན་པོ་མ་བཤིག་ཤོ་གམ་སྩོལ། །བཙོ་མ་གསེར་བཟང་བྱི་དོར་འདྲ་བའི་མདོག །དཀར་ལ་ཐགས་བཟང་བཞི་བཅུ་ཚང་བའི་ཚེམས། །ཕྱག་མཐིལ་གཉིས་སུ་ཆུ་སྐྱེས་འདབ་སྟོང་ཅན། །རྒྱལ་ཁྲིམས་གཉན་པོ་མ་བཤིག་ཤོ་གམ་སྩོལ། །ཞབས་ལ་འཁོར་ལོ་མུ་ཁྱུད་རྩིབས་སྟོང་ལྡན། །སོར་མོ་ཀུན་ལ་རྡོ་རྗེ་དྲ་བས་མཛེས། །ལྗགས་སྲབ་ཡངས་པ་ཚངས་དབྱངས་གསུངས་པ་ཁྱོད། །རྒྱལ་ཁྲིམས་གཉན་པོ་མ་བཤིག་ཤོ་གམ་སྩོལ། །སྙན་ཤལ་དབུ་རྒྱན་ལོང་བུར་གཞོལ་བ་སྟེ། །འགྲམ་བཟང་བྱིན་པ་རི་དྭགས་ཨེ་ནྱའི་ཚུལ། །གཞན་དང་མཚུངས་མེད་ཁྱོད་ནི་ཅི་ཞིག་ཡིན། །རྒྱལ་ཁྲིམས་གཉན་པོ་མ་བཤིག་ཤོ་གམ་སྩོལ། །གལ་ཏེ་ཁྲིམས་འདི་དམ་པོར་མ་བསྡམས་ན། །ས་བདག་རྒྱལ་པོ་དུག་མདའ་ཆེན་པོ་ཡིས། །བདག་ཅག་ཀུན་ཀྱང་ཆད་པས་གཅོད་པ་ལགས། །རྒྱལ་ཁྲིམས་གཉན་པོ་མ་བཤིག་ཤོ་གམ་སྩོལ། །དེ་ནས་བྱང་ཆུབ་སེམས་དཔའི་རྒྱུད་ལ་སྙིང་རྗེ་ཆེན་པོའི་ཤུགས་ཀྱིས་དེ་དག་ལ་ཚིག་འདི་སྐད་ཅེས་སྨྲས་སོ། །ང་ནི་ལྷ་ཀླུ་ཚངས་པ་གང་མ་ལགས། །ང་ནི་ཡང་དག་འཕགས་པ་བློ་འཆང་སྟེ། །སྦྱིན་པའི་ཕ་རོལ་ཕྱིན་པའི་ཆོས་ཆར་གྱིས། །ཁྱོད་ལ་སེར་སྣ་མེད་པའི་ཤོ་གམ་སྦྱིན། །ཉེས་པ་ཀུན་འཇོམས་ཡོན་ཏན་བསྐྱེད་པའི་གཞི། །ཤིན་ཏུ་རྙེད་དཀའ་དྲི་མེད་རྣམ་དག་པ། །ཚུལ་ཁྲིམས་ཕ་རོལ་ཕྱིན་པའི་ཆོས་ཆར་གྱིས། །ཁྱོད་ལ་ང་རྒྱལ་མེད་པའི་ཤོ་གམ་སྦྱིན། །སྦྲུལ་གྱི་དུག་ཆེན་ཞེ་སྡང་མུན་སེལ་བ། །བདག་ལ་གནོད་བྱེད་རིན་ཆེན་གསེར་དང་མཚུངས། །བཟོད་པའི་ཕ་རོལ་ཕྱིན་པའི་ཆོས་ཆར་གྱིས། །ཁྱོད་ལ་ཁོང་ཁྲོ་མེད་པའི་ཤོ་གམ་སྦྱིན། །ཐར་པའི་ཆོམ་རྐུན་ལེ་ལོ་བཅོམ་པའི་གཞི། །ཆོས་ལ་འཇུག་པ་མྱུར་དུ་བརྩོན་གྱུར་པ། །བརྩོན་འགྲུས་ཕ་རོལ་ཕྱིན་པའི་ཆོས་ཆར་གྱིས། །ཁྱོད་ལ་ལེ་ལོ་མེད་པའི་ཤོ་གམ་སྦྱིན། །མ་རིག་མུན་པའི་དྲི་མ་བཅོམ་པའི་གཞི། །ཞི་གནས་ལྷག་མཐོང་དྲི་མེད་འོད་འཆར་བ། །བསམ་གཏན་ཕ་རོལ་ཕྱིན་པའི་ཆོས་ཆར་གྱིས། །ཁྱོད་ལ་གཏི་མུག་མེད་པའི་ཤོ་གམ་སྦྱིན། །འཁོར་གསུམ་མི་རྟོག་ལམ་ངན་སེལ་བའི་གཞི། །རྒྱས་སྲས་ཀུན་བསྐྱེད་ཡོན་ཏན་འབྱུང་བའི་གནས། །ཤེས་རབ་ཕ་རོལ་ཕྱིན་པའི་ཆོས་ཆར་གྱིས། །ཁྱོད་ལ་ཕྲག་དོག་མེད་པའི་ཤོ་གམ་སྦྱིན། །ཞེས་དང༌། བྱང་ཆུབ་སེམས་དཔའ་ཡང༌། དཔེར་ན། བྱ་རྒོད་ཟན་ལ་འབབ་པ་ལྟར་དེ་དག་གི་རྩར་ཕྱིན་ནས། གཤེད་མ་དྲུག་གིས། གཤག་པའི་རལ་གྲི་དང༌། རྒྱོབ་པའི་སྟ་བོ་ཆེ་དང༌། གཅོད་པའི་སྤུ་གྲི་དང༌། དྲས་པའི་སོག་ལེ་དང༌། ཕུགས་པའི་མདའ་དང༌། བསྣུན་པའི་མདུང་དག་གིས་བརྡེགས་བརྡུངས་བྱས་སོ། །བརྡུངས་ནས་ཀྱང་མཚོན་རྣམས་དུམ་བུ་དུམ་བུར་ཆག་གོ །ཇི་ལྟར་བྱས་ཀྱང་བསད་པའི་ཐབས་མེད་དོ། །བྱང་ཆུབ་སེམས་དཔའི་གཟི་བརྗིད་ལྷག་པར་ཡང་འབར་རོ། །དེ་ནས་གཤེད་མ་རྣམས་ཀྱིས་མཚོན་གྱི་དུམ་བུ་རྣམས་རྒྱལ་པོ་ལ་ཁྱེར་ནས་ཚུལ་ཇི་ལྟར་བྱས་པ་རྣམས་ཞུས་སོ། །དེ་ནས་རྒྱལ་པོ་ཐེ་ཚོམ་སྐྱེས་ཏེ་བལྟར་ཕྱིན་ཏོ། །ཕྱིན་ནས་ཙན་དན་གྱི་ཤིང་དུ་མ་བརྩེགས་པའི་དཀྱིལ་དུ་བྱང་ཆུབ་སེམས་དཔའ་བཅུག་གོ །མེ་བཏང་ནས་མེའི་འུར་སྒྲ་སྒྲོགས་པ་ནི། སུམ་ཅུ་རྩ་གསུམ་གྱི་ལྷ་ཡང་སྐྲག་པར་བྱེད་དོ། །དུ་བ་ནི་སྟོན་གྱི་ན་བུན་ལྟར་འཚུབ་བོ། །དེའི་མེ་ལྕེ་མཆེད་པས། ཡུལ་གྲུ་འཛིན་དུ་ཟིན་ནས། ཚངས་པའི་རྟེན་དང༌། རིག་བྱེད་རྣམ་བཞིའི་གླེགས་བམ་དང༌། མུ་སྟེགས་པའི་གཙུག་ལག་ཁང་ཐམས་ཅད་བསྲེགས་པར་གྱུར་ཏོ། །མེ་ལྕེ་བྱང་ཆུབ་སེམས་དཔའ་ལ་ཉིན་ཞག་ཕྲུག་གཅིག་ཏུ་འབར་ནས། རབ་འབྱོར་བྱང་ཆུབ་སེམས་དཔའི་སྐུ་ལ་མེ་ཞི་སྟེ། རྒྱལ་པོ་དང་གཤེད་མ་རྣམས་བྱང་ཆུབ་སེམས་དཔའི་རུས་བུ་འཚོལ་དུ་སོང་ནས་ཀྱང༌། མེ་ཁྲོལ་གྱི་དཀྱིལ་དུ་བྱང་ཆུབ་སེམས་དཔའི་སྐུ་སྨད་ནུབ་སྟེ། སྐུ་སྟོད་གསལ་ཞིང་ཟིལ་པ་ཕྲམ་ཕྲོམ་གྱིས་སྐུ་ལུས་དང་ན་བཟའ་གཡོག་གོ །གནོད་པའི་རིགས་ནི་གོར་མ་ཆག་གོ །དེ་ནས་བྱང་ཆུབ་སེམས་དཔའི་མཐུས། གཤེད་མ་རྣམས་ཀྱིས་རྒྱལ་པོ་ཉིད་བཟུང་ནས། གསད་ལ་རྩོམ་པས། རྒྱལ་པོ་ན་རེ། ཁྱོད་རྣམས་ཅི་བྱེད་ཟེར་ཏེ། གཤེད་མ་དྲུག་ན་རེ། ཁྱོད་རང་དྲུག་མ་གཏོགས་པ་དེར་གང་འོང་སོད་ཅེས་ཟེར་ནས། ཁྱེད་རང་ཡང་བསད་དགོས་ཞེས་ཟེར་ནས། རྒྱལ་པོ་ཡང་ཤིན་ཏུ་སྐྲག་ནས་སྐད་ངན་ཆེ་ངེ་འདེབས་སོ། །སྐད་འདར་ནས་བྱང་ཆུབ་སེམས་དཔའ་ལ་ལྟ་ཞིང་ལྟ་བར་བྱེད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་གི་རྩར་བྱོན་ནས། རྒྱལ་པོ་ལ་གསོལ་པ། ཀྱེ་མ་རྒྱལ་པོ་ཆེན་པོ་ཚུར་ཉོན་ཅིག །བློ་ངན་སྲོག་གི་སྤུ་གྲི་རང་གིས་བདར། །ཉེས་མེད་སེམས་ཅན་མང་པོ་གནས་འདིར་བསད། །ཤ་ཁྲག་རུས་པ་དུར་ཁྲཽད་འཇིགས་སུ་རུང༌། །མཐོང་བ་ཙམ་གྱིས་ལྷ་གཞན་སྐྲག་པར་བྱེད། །དེ་ནས་ད་ལྟར་ཁྱོད་རང་ཉིད་ལ་བབ། །ཤིན་ཏུ་མི་བཟད་སྲོག་གི་སྡུག་བསྔལ་གདུངས། །ཕྱི་མ་མནར་མེད་སྡུག་བསྔལ་ཡ་རེ་ང༌། །ད་ནི་འདི་འདྲའི་དུས་ལ་བབ་པ་ཡིན། །ད་སུ་གཞན་ལ་གནོད་འཚེ་སྤངས་གྱུར་ན། །ད་ལྟ་འཇིགས་སྐྲག་དེ་ནི་ངས་བསྐྱབ་ཀྱིས། །ཁས་བླང་དམ་བཅའ་བྱེད་དམ་རྒྱལ་པོ་ཁྱོད། །དེ་ནས་འཕགས་པའི་ན་བཟའ་ལ་འཇུས་ཏེ་སྐད་འདར་ནས་སྨྲས་པ། ཀྱེ་མ་འཕགས་པ་ཆེན་པོ་བྱང་ཆུབ་སེམས། །གཏི་མུག་དབང་གིས་མི་དགེའི་གཏེར་སྒོ་ཕྱེ། །སྲོག་གི་ལན་ཆགས་རང་ལ་འདི་ལྟར་བབ། །སྐྱབས་མེད་མྱ་ངན་མུན་པའི་མཁར་དུ་ཆུད། །ཀྱི་ཧུད་འཕགས་པ་ཆེན་པོ་ཁྱེད་གསུངས་རྣམས། །དམ་བཅའ་བླངས་སོ་འཕགས་པ་ཆོས་ཀྱི་རྒྱལ། །ཞེས་སྨྲས་ནས་ཕན་ཚུན་བཏང་སྟེ་དགའ་མགུའོ། །རབ་འབྱོར། དེ་བཞིན་དུ་ངའི་ཉན་ཐོས་ལ་སྟོན་པ་དྲུག་གིས་སྔོན་གྱི་ལས་མི་འདོར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་གསུངས་ནས། སེམས་ཅན་སྟོང་ཕྲག་མང་པོ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །དགེ་སློང་བློ་འཆང་དུ་སྐྱེས་པའི་རབས་ཏེ་དགུ་པའོ།། །།

༡༡ བཅུ་པ། རྟའི་རྒྱལ་པོ་བྷ་ལ་ཧར་སྐྱེས་པའི་རབས།

༈ ཡང་རེ་ཞིག་རྟའི་རྒྱལ་པོ་བྷ་ལ་ཧར་སྤྲུལ་ནས་འགྲོ་དོན་མཛད་དེ། མཁའ་འགྲོ་མ་རྡོ་རྗེའི་གུར་ལས། སངས་རྒྱས་སེམས་ཅན་བསྐྱབ་དགོངས་ནས། །སངས་རྒྱས་གར་མཁན་གར་མཛད་དེ། །རི་བོ་གངས་དང་སེང་གེ་དང༌། །རྟ་གླང་རིགས་ཅན་རྣམས་སུ་ཡང༌། །སྙིང་རྗེའི་ཐུགས་ཀྱིས་སྟོན་པར་མཛད། །ཅེས་སོ། །སའི་དབང་ཕྱུག་གིས་ཞུས་པའི་མདོར། བྱིའུ་ཆུང་ཞིག་ཁྲས་དེད་ནས་བྱང་ཆུབ་སེམས་དཔའ་ལི་ཙ་བཱིས་མི་འཇིགས་པའི་ཕྱག་རྒྱ་བསྟན་ནས་ཐར་པར་མཛད་དེ། དེ་ནས་བཅོམ་ལྡན་འདས་ལ། འཇམ་དཔལ་གཞོན་ནུར་གྱུར་པས་གསོལ་པ། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ལི་ཙ་བཱི་འདིས་བྱིའུ་ཆུང་སྐྱོབ་པ་ངོ་མཚར་ཆེ་ཞེས་ཆེད་དུ་བརྗོད་དེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ། ལི་ཙ་བཱི་མཐོང་ན་དགའ་བ་འདིས་སྔོན་རྟའི་རྒྱལ་པོ་བྷ་ལ་ཧར་གྱུར་པའི་དུས་སུ་ང་ཡང་སིང་གྷ་ལའི་གླིང་ནས་ཐར་པར་བྱས་སོ། །ཞེས་གསུངས་སོ། །འཕགས་པ་ཟ་མ་ཏོག་བཀོད་པའི་མདོ་ལས། རིགས་ཀྱི་བུ། སྔོན་བྱུང་བ་ནས། ང་བྱང་ཆུབ་སེམས་དཔར་གྱུར་པའི་ཚེ། ཚོང་པ་ལྔ་བརྒྱ་དང་འགྲོགས་ནས། ཤིང་རྟ་དང༌། ཁུར་བུ་དང༌། བམ་པོ་དང༌། བསྐོན་པ་དང༌། རྔ་མོ་དང༌། བ་ལང་དང༌། བོང་བུ་ལ་སོགས་པ་རྒྱ་མཚོ་ལ་ཞུགས་ཏེ། རིན་པོ་ཆེའི་གླིང་དུ་རླུང་ལངས་སམ། ཡང་ན་སྤྲེའི་གླིང་དུ་རླུང་ལངས་སམ། འོན་ཏེ་སྲིན་པོའི་གླིང་དུ་རླུང་ལངས་སོ། །གདོས་འཛིན་པའི་ཚོང་པ་དང་གྲུ་བོ་ཆེ་དུམ་བུར་ལྷགས་ནས། ཚོང་པ་དེ་དག་ཆུ་ཞིག་གིས་འགྲམ་དུ་ཉེ་བར་ཕྱིན་ཏོ། །དེ་ནས་སྲིན་མོ་ལྔ་བརྒྱ་གཞོན་ནུ་མའི་གཟུགས་སུ་བསྒྱུར་ཏེ། སྒྲ་ཅ་ཅོ་ཟེར་ཞིང་བྱུང་ནས། ཆུ་འགྲམ་དུ་ཉེ་བར་ཕྱིན་ཏེ། བླ་གོས་ཀྱི་རས་བྱིན་ནས་བསླང་བ་དང༌། དེ་དག་གིས་བདག་གི་གོས་བཙིར་རོ། །ཤིང་ཙམ་པ་ཀའི་དྲུང་དུ་ངལ་བསོས་ཏེ། བདག་གིས་ཐབས་ཅི་ཡོད་པ་ཞེས་གཏམ་བྱས་པ་དང༌། དེ་དག་གིས་ཐབས་མེད་བྱས་པས་ཁ་རོག་ལ་འཁོད་དོ། །དེ་ནས་སྲིན་མོ་དག་གིས་ཀྱང་བདག་གི་ཁྱོ་མ་མཆིས་པ་ལ་ཁྱོ་མཛོད་ཅིག །གནས་མ་མཆིས་པ་ལ་གནས་མཛོད་ཅིག །རྟེན་མ་མཆིས་པ་ལ་རྟེན་མཛོད་ཅིག །དེ་དག་ནི་ཁྱོད་ཀྱི་ཟས་ཀྱི་ཁྱིམ་མོ། །སྐོམ་གྱི་ཁྱིམ་མོ། །སྐྱེད་མོས་ཚལ་ལོ། །ཞེས་སོ། །སྲིན་མོ་དེ་དག་གིས་སྐྱེས་པ་རེ་རེ་ཁྱིམ་དུ་ཁྲིད་དོ། །བདག་ཤིན་ཏུ་རྒན་པོ་ཞིག་གིས་ཁྱིམ་དུ་ཁྲིད་ནས། ལྷའི་རོ་མཆོག་དང་ལྡན་པས་ཚིམ་པར་བྱས་སོ། །དེ་ལ་བརྩེ་བར་རྩོམ་སྟེ། དེ་བཞིན་དུ་ཉི་མ་གཉིས་གསུམ་ནས་བདུན་འདས་སོ། །རེ་ཞིག་ནུབ་མོར་ཉལ་ཏེ་གཉིད་ཀྱིས་ལོག་པའི་ཚེ། གད་མོ་བྱས་ཏེ། ངོ་མཚར་བསམས་ནས། ངས་དེ་ལ་ཅིའི་ཕྱིར་དགོད་བྱས་པ་དང༌། མོ་ན་རེ། འདི་སིང་གྷ་ལ་ན་གནས་པའི་སྲིན་མོ་ལགས་ཏེ། ཁྱོད་ཀྱི་སྲོག་བཅད་ཅེས་ཟེར་ནས། ངས་དེ་ལ་འདི་དག་སྲིན་མོ་ཡིན་པར་ཇི་ལྟར་ཤེས་ཞེས་དང༌། མོ་ན་རེ། འདིའི་ཕྱོགས་སུ་ལམ་སྲང་ལ་སོང་དང༌། ལྕགས་ཀྱི་ཁང་པ་སྐར་ཁུང་དང་རྟ་བབས་མེད་པ་ཞིག་ཡོད་དེ། དེ་ན་ཚོང་པ་བརྒྱ་ཕྲག་བོར་ཏེ། ལ་ལ་གསོན་ཞིང་ལ་ལ་འགུམ་སྟེ། ཁྱོད་དེར་བཞུད་ཅིག་དང༌། ཡིད་ཆེས་པར་འགྱུར་རོ། །ཞེས་ཟེར་ནས། དེའི་ཚེ་གླེན་པ་གཉིད་ཀྱིས་ནོན་པར་བྱས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་ནུབ་མོར་སོང་ནས། རལ་གྲི་ཟླ་བ་ལྟར་སྣང་བ་བདག་འཚོ་བར་བྱེད་པ་དག་ཐོགས་ནས། ལྕགས་ཀྱི་གྲོང་ཁྱེར་དུ་ཕྱིན་ནས་ཁོ་ར་ཁོར་ཡུག་ཏུ་བསྐོར་ཀྱང་སྒོ་མ་རྙེད་དོ། །དེ་ནས་ཤིང་ཙམ་པ་ཀ་ཞིག་འདུག་པ་དེ་ལ་འཛེག་སྟེ། ངས་ལུད་པའི་སྒྲ་བྱས་པ་དང༌། ཚོང་པ་དེ་དག་གིས་ཚོར་ནས་ན་རེ། ཚོང་དཔོན་ཆེན་པོ་མཁྱེན་པར་མཛོད། ཞེས་སྔོན་བཞིན་དུ་སྨྲས་སོ། །ངས་དེའི་ཚེ་ཤིང་ཙམ་པ་ཀ་ལས་བབས་ནས་མྱུར་དུ་སོང་སྟེ་སླར་ཕྱིན་ནས་མཉན་པ་ན་རེ། དེད་དཔོན་ཆེན་པོ་གཟིགས་སམ། ཞེས་ཟེར་ནས། ངས་མཐོང་བྱས་སོ། །དེ་ནས་འདི་ལ་ཐབས་ཅི་ཡོད་ཅེས་དྲིས་ནས། དེ་ན་རེ། ལྷ་ཐབས་གང་གིས་བདེ་བ་དང༌། ཉོན་མོངས་པ་མེད་ཅིང་སིང་གྷ་ལའི་གླིང་ནས་བྱུང་སྟེ། སླར་འཛམ་བུའི་གླིང་མཐོང་བར་གྱུར་པའི་ཐབས་མཆིས་སོ། །དེ་ལ་ངས་ལམ་ད་སྟོན་ཅིག་བྱས་པ་དང༌། སྙན་པར་བྱེད་པ་ན་རེ། རྟའི་རྒྱལ་པོ་བྷ་ལ་ཧ་ཞེས་བྱ་བ། སེམས་ཅན་དམན་པ་དང༌། ཕོངས་པར་གྱུར་པ་ལ་ཐུགས་བརྩེ་བ་དང་ལྡན་པ་ཞིག་ནི་མཆིས་ཏེ། གསེར་གྱི་བྱེ་མའི་ཐང་བུ་ལ། ཕར་འགྲེ་ཚུར་འགྲེ་བྱེད་དོ། །ལུས་སྤྲུག་ནས་ཕ་རོལ་ཏུ་སུ་འགྲོ་ཞེས་གསུངས་ནས། ཁྱོད་ཀྱིས་ལྷ་བདག་ཕ་རོལ་ཏུ་མཆིའོ་ཞེས་བསྒོས་ནས། སྲིན་མོའི་རྩར་ཉལ་ལོ། །ཉི་མ་ཤར་ནས་ལངས་ཏེ། ཚོང་པ་རྣམས་ལ་ཁྱེད་རྣམས་ཚུར་ཤོག །གྲོང་ཁྱེར་གྱི་ཕྱི་རོལ་ཏུ་འགྲོ་ཞིག་བདེའོ། །ཞེས་དང༌། དེ་དག་ཐམས་ཅད་དེར་འདུས་ནས་ངལ་བསོ་སྟེ། ངས་དེ་དག་ལ་ཁྱོད་རྣམས་ཇི་ལྟར་བྱས་ཞེས་དྲིས་ནས། ཁ་ཅིག་གིས་ལུས་ཤིན་ཏུ་མཛའ་བར་བྱེད་དོ་ཟེར། ཁ་ཅིག་གིས་ལྷའི་རོ་མཆོག་དང་ལྡན་པར་བྱས་ཟེར། ལ་ལས་ཅོད་པན་དང་རྣ་ཆ་འཛིན་ཟེར་རོ། །རེ་རེས་ལུས་མ་འབྲེལ་ཟེར་རོ། །དེའི་ཚེ་ངས་དེ་དག་ལ་གོང་གི་གཏམ་རྒྱས་པར་སྨྲས་ནས་དེ་དག་ན་རེ། བདག་ཅག་ལ་ཐབས་ཅི་ཡོད། སྐྱབས་ཅི་ཡོད། རྟེན་ཅི་ཡོད། ཅེས་དང༌། ངས་དེ་དག་ལ་རྟའི་རྒྱལ་པོ་བྷ་ལ་ཧ་ཞེས་བྱ་བ་དམན་པ་དང་ཕོངས་པ་ལ་སྙིང་བརྩེ་བ་དང༌། སྨན་སྤང་ཐམས་ཅད་ཟོས་པ་ཞིག་ཉི་མ་གསུམ་ན་ངེས་པར་འོང་གིས་འཚག་ཤུམ་གྱིས་ཤིག་ཅེས་བྱས་སོ། །དེ་ནས་རང་རང་གི་ཁྱིམ་དུ་སོང་སྟེ། ང་ཁྱིམ་དུ་ཕྱིན་ནས་སྲིན་མོ་ན་རེ། ཁྱོད་ངལ་ལམ། སྐྱེད་མོས་ཚལ་མཐོང་ངམ། ཞེས་ཟེར་ནས། ངས་ཅུང་ཟད་མཐོང་བྱས་སོ། །དེ་ནས་བདག་གིས་རྒྱུས་ཤེས་ན་སྲོག་གཅོད་སྙམ་ནས་ཁ་རོག་ལ་འདུག་གོ །ཟས་བཟང་པོ་བྱིན་ནས་ཟོས་ཏེ། ཤུགས་ཕྱུངས་ནས། མོ་ན་རེ། ཁྱོད་ཅི་ལ་ཤུགས་ཕྱུངས། ཞེས་དང༌། ངས་འཛམ་བུའི་གླིང་གི་མི་ནི་རང་གི་ཡུལ་ན་དགའོ། །ཞེས་དང༌། མོ་ན་རེ། སིང་གྷ་ལའི་གླིང་འདི་ཁྱོད་ཀྱི་ཁྱིམ་མོ། །སྐོམ་གྱི་ཁང་བའོ། །ཞེས་ཟེར་ནས་ཁ་རོག་གོ །དེའི་ཉིན་མོ་འདས་ནས་ཟས་རྒྱགས་པ་སྟ་གོན་བྱས་ནས། ཉི་མ་གསུམ་ན་ང་དེ་དག་དང་གྲོང་ཁྱེར་གྱི་ཕ་རོལ་ཏུ་འདུས་ནས། ངས་དེ་དག་ལ་སུས་ཀྱང་སིང་གྷ་ལའི་གླིང་དུ་མི་ལྟ་བར་བྱའོ། །ཞེས་དམ་བཅས་ནས། རྟའི་རྒྱལ་པོ་བྷ་ལ་ཧ་དེར་ཕྱིན་ནས། གསེར་གྱི་བྱེ་མའི་ཐང་ལ་ཕར་འགྲེ་ཚུར་འགྲེ་བྱས་སོ། །བྱས་ནས་ལུས་སྤྲུག་གོ །སྤྲུག་ནས། དེའི་ཚེ་སིང་གྷ་ལའི་གླིང་ཡང་འགུལ་ལོ། །དེ་ཕ་རོལ་ཏུ་སུ་འགྲོ་ཕ་རོལ་ཏུ་སུ་འགྲོ་ཞེས་ལན་གསུམ་དུ་སྨྲས་པ་དང༌། དེ་ནས་ཚོང་པ་དེ་དག་རྟའི་རྒྱལ་པོ་བྷ་ལ་ཧ་ག་ལ་བ་དེར་ཕྱིན་ནས་བདག་ཅག་ཕ་རོལ་ཏུ་མཆིའོ། །ཞེས་སྨྲས་ནས། རྟའི་རྒྱལ་པོ་བྷ་ལ་ཧས། སུས་ཀྱང་སིང་གྷ་ལའི་གླིང་དུ་མི་བལྟ་བར་བྱའོ། །ཞེས་དམ་བཅས་ཏེ། ཐོག་མར་ངས་ཞོན་ནོ། །དེ་ནས་ཚོང་པ་ལྔ་བརྒྱས་ཞོན་ཏེ། དེའི་ཚེ་སྲིན་མོ་དེ་དག་གིས་སྒྲ་ཅ་ཅོ་ཟེར་ཞིང་ཕྱི་བཞིན་དུ་བསྙེག་གོ །ངུ་ཞིང་རྒྱུགས་ནས། དེའི་ཚེ་དེ་དག་གིས་ཕྱི་མིག་ཏུ་བལྟས་ཏེ། དེ་དག་ཁ་སྦུབ་ཏུ་ལྷུང་ངོ༌། །དེ་དག་ཆུའི་ནང་དུ་འགྱེལ་ནས་སྲིན་མོ་དག་གིས་དྲང་ཞིང་ཟོས་སོ། །ང་གཅིག་པུ་འཛམ་བུའི་གླིང་དུ་ཕྱིན་ནས་མཚོ་འགྲམ་དུ་བཞག་གོ ། དེ་ནས་ངས་རྟའི་རྒྱལ་པོ་བྷ་ལ་ཧ་ལན་གསུམ་དུ་བསྐོར་ཏེ། ཕྱག་བྱས་ནས་དེ་ཉིད་དུ་སོང་ངོ༌། །ང་ཡང་སོང་ནས་རིམ་གྱིས་ཁྱིམ་དུ་ཕྱིན་ཏེ། དེའི་ཚེ་ཕ་མས་ངའི་མགུལ་དུ་འཇུས་ནས་ངུས་པ་དང༌། དེ་ནས་ཕ་མ་དང་ལྷན་ཅིག་ཏུ་ངལ་བསོའོ། །ངས་སྔོན་ཇི་ལྟར་བྱུང་བ་ཐམས་ཅད་བཟླས་པས། ཕ་མ་གཉིས་ན་རེ། བུ་ཁྱོད་གསོན་བཞིན་དུ་རྙེད་ནས་ནོར་བུ་མི་དགོས་རྒས་པའི་ཚེ་དབྱུག་པར་འགྱུར་བ། བཀྲེས་པའི་ཚེ་ཟས་སྦྱིན་པར་བྱེད་པ། ཤི་བའི་ཚེ་མགོན་དུ་གྱུར་པ་ཞེས་སྨྲས་སོ། །འདི་ལྟ་སྟེ། སྒྲིབ་པ་རྣམ་པར་སེལ་བ། དེད་དཔོན་དུ་གྱུར་པ་དེའི་ཚེ་དེ་ལྟ་བུའི་སྡུག་བསྔལ་མྱོང་ངོ༌། །འདི་ལྟ་སྟེ། སྒྲིབ་པ་རྣམ་པར་སེལ་བ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་དེའི་ཚེ་དེའི་དུས་སུ་རྟའི་རྒྱལ་པོ་བྷ་ལ་ཧར་གྱུར་ནས། ང་འཆི་བའི་སྡུག་བསྔལ་ལས་ཐར་བར་བྱས་སོ། །ཞེས་གསུངས། རྟའི་རྒྱལ་པོ་བྷ་ལ་ཧར་གྱུར་པའི་རབས་ཏེ་བཅུ་པའོ།། །།

༡༢ བཅུ་གཅིག་པ། རུ་རུར་སྐྱེས་པའི་རབས།

༈ ཡང་རེ་ཞིག་རི་དྭགས་རུ་རུ་ཞིག་ཏུ་གྱུར་ཏོ་ཞེས་གྲག་གོ །འཕགས་པ་ཡོངས་གྲུབ་གསལ་བའི་མདོ་ལས། འོད་སྲུང་སྔོན་བསྐལ་པ་འབུམ་ཕྲག་བཅུ་དྲུག་གི་གོང་རོལ་ཏུ། འཇིག་རྟེན་དུ་བཅོམ་ལྡན་འདས་མ་ཆགས་པད་མའི་སྤྱན་ཞེས་བྱ་བ་བྱོན་པའི་དུས་སུ། ཡངས་པ་ཅན་གྱི་མཐའ་ལོགས་སུ་ཤིང་ཨ་མྲའི་ནགས་ཚལ་དུ་རིག་བྱེད་ཀྱི་སྟོན་པ་བྷ་ར་ཧཱ་ཞེས་བྱ་བ་ཞིག་དབང་ཕྱུག་ཆེན་པོའི་མཆོད་སྟོན་བཙུགས་ནས། རྒྱལ་པོ་ཤིང་ཀ་རས་དེ་ལ་མངའ་ཞབས་ཐམས་ཅད་ཕྱུགས་ཀྱི་མཆོད་སྦྱིན་གྱིས་བཀུར་བར་གྱུར་ཏོ། །ཤིང་དང་ནགས་ཚལ་ལ་དུས་རྒྱུན་དུ་མཆོད་དོ། །དུས་རེ་ཞིག་ན་ཤིང་གསེབ་ཏུ་རིག་བྱེད་ཀྱི་སྟོན་པ་འདུག་པའི་ཚེ། སྔོན་དུ་ཤིང་ཨ་ཀ་རའི་ཡལ་ག་ཞིག་གི་སྟེང་དུ་རི་དྭགས་རུ་རུ་ཞིག་ཕྱིན་ནས། དེའི་ཚེ་མུ་སྟེགས་སྟོན་པ་ལ་ཚིག་འདི་སྐད་ཅེས་སྨྲས་སོ། །ཀྱེ་མ་བརྒྱ་ལམ་མི་ལུས་ཐོབ་དཀའ་འདིར། །ཐོབ་དུས་ལམ་ངན་སུ་ཞིག་སྤྱོད་པར་བྱེད། །ཚེ་འདི་རྩ་རྩེའི་ཟིལ་བ་ཆུ་ཡི་ཆུ་བུར་བཞིན། །ཐར་པ་དོན་གཉེར་ཡིན་ཡང་ངན་སོང་རྒྱུ། །ཞེས་སྨྲས་ནས། རིག་བྱེད་ན་རེ། དབང་ཕྱུག་རིག་བྱེད་རྣམ་བཞིའི་བྱིན་བརླབས་ཀྱིས། །རི་དྭགས་རུ་རུ་མི་སྐད་འདོན་པ་འདི། །ལྟས་ངན་ཡིན་པས་མ་གཡེལ་མྱུར་དུ་རུ། །བཟློག་པའི་འཕྲིན་ལས་དམ་པ་མཛད་དུ་གསོལ། །རི་དྭགས་ན་རེ། དཔེར་ན་སེམས་ཅན་ལུས་སྲོག་འཚོ་བ་ཡི། །ཟས་ཀྱིས་བརྣངས་ནས་འཆི་བའི་སྒོར་ཁྲིད་ལྟར། །ཐར་པའི་བདེ་འདོད་དབང་ཕྱུག་ཤིང་ཚལ་ལ། །ཤ་ཁྲག་མཆོད་བྱེད་དེ་ཉིད་ལྟས་ངན་ཡིན། །སྲིན་བུ་ཀ་རའི་བུ་ཆུང་སྟོང་ཕྲག་གིས། །མ་ཡི་ཁོག་པར་འདུས་ན་བཤིག་པ་ལྟར། །ཐར་པ་ཐོབ་འདོད་དབང་ཕྱུག་ཤ་ཁྲག་གིས། །མཆོད་ཀྱང་ངན་འགྲོར་ལྟུང་བའི་ལྟས་ངན་ཡིན། །ཕྱེ་མ་ལེབ་ནི་བདེ་འགྲོ་འདོད་པའི་ཚེ། །མར་མེའི་འོད་ལ་རྒྱུགས་ནས་འཆི་བ་ལྟར། །ཐར་པ་ཐོབ་འདོད་འཚེ་བ་ཚད་མ་སྟེ། །སྡིག་པ་ཚད་མ་ངན་འགྲོའི་ལྟས་ངན་ཡིན། །ཞེས་དང༌། རིག་བྱེད་ན་རེ། སྲོག་གི་མཆོད་སྦྱིན་དབང་ཕྱུག་མཉེས་གྱུར་ནས། །ཐར་པ་ཐོབ་ཅེས་རིག་བྱེད་ཉིད་ལས་གསུངས། །རུ་རུའི་རྫུན་ཚིག་དགེ་བའི་བར་ཆད་ཡིན། །དབང་ཕྱུག་མཆོད་པ་བདག་གིས་བརྩོན་པ་ཡིན། །ཞེས་དང༌། རུ་རུས་སྨྲས་པ། རུ་རུ་ང་ནི་རྫུན་དུ་སྨྲས་གྱུར་ན། །ལྕེ་དང་མགོ་ལག་ཚལ་བ་བརྒྱ་རུ་ཁོས། །གལ་ཏེ་བདེན་པའི་ཚིག་མཆོག་ཡིན་གྱུར་ན། །དབང་ཕྱུག་ལྷ་རྟེན་མྱུར་དུ་འགྱེལ་པར་ཤོག །ཅེས་སྨྲས་མ་ཐག་ཏུ། དབང་ཕྱུག་གི་སྐུ་དུམ་བུ་ཚལ་པར་འགྱེལ་ནས། རིག་བྱེད་ཀྱིས་ཡིད་ཆེས་ནས་སྨྲས་པ། མ་ར་ག་ཏའི་མདོག་ཅན་གསེར་གྱི་རྭ། །དུང་གི་ཞལ་ལ་བྱུ་རུའི་རྨིག་པ་ཅན། །དབང་ཕྱུག་ཆོས་ལ་བདག་གི་ཨ་ཐང་ཆད། །ཆོས་ལ་འཇུག་པའི་ཐབས་ཤིག་གནང་བར་ཞུ། །ཞེས་དང༌། རུ་རུས་སྨྲས་པ། འཇིག་རྟེན་མཁྱེན་པ་སངས་རྒྱས་བཅོམ་ལྡན་འདས། །མ་ཆགས་པད་མའི་སྤྱན་ཅན་བཞུགས་པ་ལ། །ཝཱ་རཱ་ཎ་སཱིར་ཆོས་ཀྱི་འཁོར་ལོ་བསྐོར། །ཐར་པ་དོན་གཉེར་ཡིན་ན་དེ་རུ་སོང༌། །ཞེས་མུ་སྟེགས་ཆོས་ལ་རྒོལ་བ་སྟོང་ཕྲག་དུ་མས་རིག་བྱེད་དོར་ནས། མ་ཆགས་པད་མའི་སྤྱན་གྱིས་བསྟན་པ་ལ་འཇུག་པར་གྱུར་ཏོ། །འཇུག་ནས་འཕགས་པའི་བདེན་པ་བཞི་ཐོབ་པར་གྱུར་ཏོ། །འོད་སྲུང་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་ལ་རུ་རུའི་ཚུལ་སྟོན་ཏོ། །རུ་རུ་ནི་གཞན་ཞིག་སྙམ་ན། དེ་ལྟར་མི་བལྟའོ། །གཞོན་ནུ་ལི་ཙ་བཱི་འདི་ཉིད་ཡིན་པར་གྱིས་ཤིག །དེ་ལྟར་རྟོགས་ཤིག །རུ་རུར་སྐྱེས་པའི་རབས་ཏེ་བཅུ་གཅིག་པའོ།། །།

༡༣ བཅུ་གཉིས་པ། པར་ཙི་ཀར་སྐྱེས་པའི་རབས།

༈ ཡང་བྱང་ཆུབ་སེམས་དཔའ་པར་ཙི་ཀ་ཞེས་བྱ་བ་གྱུར་ཏོ་ཞེས་གྲག་གོ ། འཕགས་པ་ཆོ་འཕྲུལ་ཆེན་པོའི་བསྟན་པའི་མདོ་ལས། ནམ་མཁའི་སྙིང་པོ་དག །འཕགས་པ་ལི་ཙ་བཱི་འདི་ཉིད་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ཐོས་པའི་བློ་དང་ལྡན་པ། གྱ་གྱུ་མེད་པའི་བདེན་ཚིག་ཏུ་གནས་པ། ཆོས་ཀྱི་གྲུ་ཆེན་པོ་ཆུ་བོ་བཞིའི་ཕ་རོལ་ཏུ་ཕྱིན་པ། འཕགས་པའི་བདེན་པ་བཞིའི་ཁ་གདངས་པ། ཚངས་པའི་གནས་བཞིའི་མཆེ་བ་གཙིགས་པ། བསྡུ་བའི་དངོས་པོ་བཞིའི་སྡེར་མོ་བགྲད་པ། བདུད་ཀྱི་ཡུལ་རབ་ཏུ་སྟོང་པ་ཕྱིར་རྒོལ་བ་ཐམས་ཅད་ཕམ་པར་བྱེད་པའི་སྐྱེས་བུ་དག་གོ །ནམ་མཁའི་སྙིང་པོ་དག་སྔོན་བྱུང་པ་བསྐལ་པ་བརྒྱ་ཕྲག་འདས་པའི་གོང་རོལ་ཏུ། བཅོམ་ལྡན་འདས་གདུགས་དམ་པའི་དཔལ་ཞེས་བྱ་བ་དེའི་བསྟན་པ་ལ། རྒྱལ་པོ་ཨ་འཛིན་ཞེས་བྱ་བ་ཡོད་དེ། ནམ་མཁའི་སྙིང་པོ་རྒྱལ་པོ་དེའི་གྲོང་ཁྱེར་མ་ག་དྷཱར་འབྱོར་པ་རྒྱས་པ་དབང་སྟོབས་ཆེ་བ་ཡིན་ནོ། །རིག་པ་དྭངས་པས་ཆོས་ལ་དགའ་བ་དཀོན་མཆོག་གསུམ་ལ་བཀུར་སྟི་ཕུ་དུད་དུ་བྱེད་དེ། དེའི་རྒྱལ་བུ་པར་ཙི་ཀ་ཞེས་བྱ་བ་ཁ་བ་ལྟ་བུ་ཤིན་ཏུ་མཛེས་པ་བལྟ་ན་སྡུག་པ་མིའི་མཚན་དང་ལྡན་པ་ཞིག་ཡོད་དེ། ནམ་མཁའི་སྙིང་པོ་རྒྱལ་བུ་དེ་སངས་རྒྱས་ལ་རབ་ཏུ་བྱུང་ནས་རིང་པོར་མ་ལོན་པར་དགྲ་བཅོམ་པ་ཐོབ་ནས། རྫུ་འཕྲུལ་དང་སྟོབས་དང་མངོན་པར་ཤེས་པ་ལྔ་ལ་རབ་ཏུ་གནས་པར་གྱུར་ཏོ། །དེ་ནས་སངས་རྒྱས་ཀྱི་མཐུ་སྟོབས་ཉིད་ལས་སྔ་དྲོ་ལ་ཤམ་ཐབས་དང་ཆོས་གོས་ཕྲག་ལ་གཟར་ཏེ། ལྷུང་བཟེད་དང་འཁར་གསིལ་ཐོགས་ཏེ། ནམ་མཁར་གཤེགས་ནས་ཡུལ་ཤིང་ཐགས་མཁན་དུ་བབ་པས། རྒྱལ་པོ་ལྷའི་བློ་གྲོས་ཀྱིས་མུ་སྟེགས་སྟོང་ཕྲག་དུ་མ་ལ་བསྙེན་བཀུར་བྱེད་པ་དང༌། བྱང་ཆུབ་སེམས་དཔའ་དེ་དག་གི་གསེབ་ཏུ་འདུག་གོ །འདུག་ནས་དེ་དག་གིས་ཕྲག་དོག་སྐྱེས་ཏེ། དེ་དག་གི་ཡོན་ཏན་དང་རྗེ་བོར་གྱུར་པ་ཉི་མ་བཟང་པོ་ཞེས་བྱ་བ་ཞིག་ཡོད་དེ། ནམ་མཁའི་སྙིང་པོ་དེས་བྱང་ཆུབ་སེམས་དཔའ་ལ་ན་རེ། ཁྱོད་རིག་བྱེད་ལ་འཇུག་གམ་བྱས་པ་དང༌། བྱང་ཆུབ་སེམས་དཔས་དེ་ལ་ཚིགས་སུ་བཅད་དེ་སྨྲས་པ། བདག་གི་ལྷུང་བཟེད་འདི་ཉིད་བསྒུལ་གྱུར་ན། །ང་ནི་ནང་པའི་ཆོས་ལུགས་དེ་རིང་དོར། །གལ་ཏེ་བསྒུལ་ཕབ་བྱེད་པ་མ་ཐུབ་ན། །ཁྱོད་རང་སངས་རྒྱས་ཆོས་ལ་ཡང་དག་སྤྱོད། །ཞེས་ལྷུང་བཟེད་སྟན་ལ་བཞག་ནས། དེ་དག་གིས་ཡང་ཡང་དུ་ཁྱོག་ཀྱང་ལྷུན་པོ་ལྟར་གཡོ་འགུལ་དུ་གོར་མ་ཆག་གོ །དེ་ནས་མུ་སྟེགས་ཉི་མས་ཀྱང་ན་རེ། དགེ་སློང་ཁྱོད་ཀྱི་རྫུ་འཕྲུལ་སྟོན་མོད་ཀྱང༌། །ངས་ཀྱང་རྫུ་འཕྲུལ་སྟོན་པའི་རེས་མོ་ཡིན། །རྫུ་འཕྲུལ་བཤིག་ན་བདག་ཅག་ནང་པར་འཇུག །མ་ཐུབ་ཉིད་ན་ཁྱོད་ཀྱང་དེ་བཞིན་ནོ། །ཞེས་དང༌། ནམ་མཁའ་ལ་སོང་ནས་ཚངས་པ་གདོང་བཞི་ཅན་དུ་གྱུར་ཏོ། །གདོང་རེ་རེ་ལ་རིག་བྱེད་སྣ་ཚོགས་པ་སྟོན་ཏེ། བྱང་ཆུབ་སེམས་དཔའ་ལ་སྨྲས་པ། སྟོབས་དང་ཤེ་མོ་ཡོད་ན་ང་ཉིད་ནི། །ས་ལ་འགྱེལ་བའི་དུས་ལ་བབ་པོ་ཀྱེ། །དགེ་སློང་ཚུལ་འཛིན་མ་གཡེལ་མྱུར་དུ་གྱིས། །ང་ཡི་སྤྲུལ་པ་སྒྱུ་མ་སྟོན་པ་ལགས། །ཞེས་དང༌། བྱང་ཆུབ་སེམས་དཔས་ཀྱང་དེའི་སྟེང་དུ་གཤེགས་ཏེ་ལྷུང་བཟེད་དང་འཁར་གསིལ་ཐོགས་ནས། སའི་བར་དུ་མར་མནན་ནས་ཁོང་ཁྲག་སྐྱུག་ཅིང་རབ་ཏུ་གཟིར་ཏེ། བྱང་ཆུབ་སེམས་དཔས་སྨྲས་པ། ང་རྒྱལ་འདུལ་དཀའ་འདུལ་མཛད་བཅོམ་ལྡན་འདས། །དཔེ་ཟླ་མེད་པའི་འཕགས་པ་པར་ཙི་ཀ །ནང་གི་དགྲ་བོ་ཉོན་བདུད་དཔུང་ཚོགས་བཅོམ། །ཕྱི་རོལ་ལྟ་ངན་ཉི་མ་ཟིལ་གྱིས་གནོན། །ཞེས་དང༌། ཉི་མས་སྨྲས་པ། འཇིག་རྟེན་མཁྱེན་པ་འཕགས་པ་པར་ཙི་ཀ །བདག་གིས་འགྲན་སེམས་བསྐྱེད་པ་རབ་ཏུ་གནོང༌། །འཁོར་འབངས་ཐམས་ཅད་ཁྱོད་ལ་གཏད་པར་བགྱི། །ཐུགས་རྗེ་ཅན་དེ་བདག་ནི་བཀྱག་ཏུ་གསོལ། །བྱང་ཆུབ་སེམས་དཔས། ལྟ་ངན་ཅན་རེ་ཆོས་ལ་སྒྲིབ་པར་བྱེད། །དཔེར་ན་མཁའ་ལ་ཆུ་འཛིན་ནག་པོ་མཚུངས། །དེ་བཞིན་ཁྱོད་ནི་དེ་རིང་གཏོང་དུས་མེད། །འོན་ཏེ་བསྟན་ལ་འཇུག་ན་བཏང་ངོ་ཀྱེ། །དེ་ནས་ཉི་མ་ན་རེ། ཟག་མེད་ཆགས་བྲལ་འཕགས་པ་པར་ཙི་ཀ །བཀའ་བཞིན་བགྱི་འོ་དགེ་སློང་ཆོས་ཀྱི་རྒྱལ། །ལྷུན་པོའི་ཞབས་ལ་བདག་ནི་གྲོག་མ་ལྟར། །མི་བཟད་མནན་པའི་སྡུག་བསྔལ་ཞི་བར་མཛོད། །ཅེས་དང༌། བྱང་ཆུབ་སེམས་དཔའ་ན་རེ། ཉོན་ཅིག་ལྟ་ངན་སྟོན་པ་ཉི་མ་ཀྱེ། །བདག་ལས་ཁ་སྤུ་བྲེག་གམ་ཉི་མ་ཀྱེ། །འཁོར་འབངས་ཆོས་ལ་འཇུག་གམ་ཉི་མ་ཀྱེ། །རིག་བྱེད་ཆོས་ངན་དོར་རམ་ཉི་མ་ཀྱེ། །ཞེས་དང༌། ཉི་མ་ན་རེ། སངས་རྒྱས་བསྟན་འཛིན་དགེ་སློང་པར་ཙི་ཀ །ཁྱོད་ལས་ཁ་སྤུ་བྲེག་གོ་པར་ཙི་ཀ །འཁོར་འབངས་ཆོས་ལ་འཇུག་གོ་པར་ཙི་ཀ །རིག་བྱེད་རྫུན་ལུགས་དོར་རོ་པར་ཙི་ཀ །ཞེས་དང༌། མུ་སྟེགས་དེ་གླིང་དང་བཅས་པ་ཐར་པ་ལ་རབ་ཏུ་འགོད་དོ། །ནམ་མཁའི་སྙིང་པོ་དེ་ལྟར་བྱང་ཆུབ་སེམས་དཔའ་ལི་ཙ་བཱི་འདི་སྔོན་ཡང་ངའི་བསྟན་པ་ལྕི་བ་ཁུར་དུ་ཁྱེར་རོ། །ཕྱི་མའི་དུས་ན་ཡང་མདོ་འདྀ་དུང་འབུད་དར་འཕྱར་རྔ་བརྡུང་བར་འགྱུར་རོ། །ཞེས་གསུངས་སོ། །པར་ཙི་ཀར་སྐྱེས་པའི་རབས་ཏེ་བཅུ་གཉིས་པའོ།། །།

༡༤ བཅུ་གསུམ་པ། རྒྱལ་བུ་འཇིག་རྟེན་དབང་ཕྱུག་ཏུ་སྐྱེས་པའི་རབས།

༈ ཡང་ཆོས་ཀྱི་རྒྱལ་པོ་ཞིག་ཏུ་གྱུར་ཏོ་ཞེས་གྲག་གོ །དེ་ཡང་ཚུལ་ཁྲིམས་དག་པའི་མདོ་ལས། སྔོན་བསྐལ་པ་དགུ་བཅུ་རྩ་དྲུག་འདས་པའི་སྔ་རོལ་ཏུ། སངས་རྒྱས་ཡེ་ཤེས་ཏོག་འཇིག་རྟེན་དུ་བྱོན་པའི་ཚེ་ན། གྲོང་ཁྱེར་ཆེན་པོ་སྒྲ་གཅན་འཛིན་ཞེས་པ་ན་རྒྱལ་པོ་རྔ་སྒྲ་ཅན་ཞེས་བྱ་བ་ཞིག་ཡོད་དེ། དཔལ་དང་སྙན་གྲགས་འཛམ་གླིང་དུ་ཁྱབ་པར་གྱུར་ཏོ། །བཙུན་མོ་དྲི་མ་མེད་པ་ལ་སྲས་ཤིན་ཏུ་གཟུགས་བཟང་བ་བལྟ་ན་སྡུག་པ་ཞིག་ཡོད་དོ། །བཅུ་དྲུག་ལོན་པའི་ཚེ་ན་སངས་རྒྱས་ཡེ་ཤེས་ཏོག་ལ་འབྱོར་བའི་མཆོད་པ་ཁྱེར་བའི་ལམ་སྣ་ན། བུ་མོ་མཛེས་པ་རྒྱན་ཆ་ལུགས་དང་ལྡན་པ་གཉིས་དང་ཕྲད་ནས་རྒྱལ་བུ་ལ་རབ་ཏུ་ལྟ་བར་བྱེད་ནས་སྨྲས་པ། ཁོ་མོ་གཉིས་ཀྱིས་སྐྱེ་བ་ཀུན་ཏུ་ཡང༌། །རྒྱལ་བུ་ཁྱོད་ཀྱི་བཙུན་མོ་དམ་པའི་ཚུལ། །ལུས་དང་གྲིབ་མ་བཞིན་དུ་ལྷན་ཅིག་ལ། །རྟག་ཏུ་སྐྱེ་བ་ཡང་ཡང་མཉམ་པར་ཤོག །རྒྱལ་བུ་ན་རེ། རབ་མཛེས་བུ་མོ་རྒྱན་བཟང་གཉིས་པོ་དག །ཕ་མ་ཡུལ་འཁོར་ཉེ་འབྲེལ་ཅི་འདྲ་ཡོད། །ཁྱོད་གཉིས་མིང་ཡང་ཇི་སྐད་བགྱི་བ་ལགས། །ཚུལ་བཞིན་མྱུར་དུ་བདག་ལ་རབ་ཏུ་སྨྲོས། །དེ་ནས་བུ་མོ་གཅིག་གིས་རྒྱལ་བུ་ལ་མེ་ཏོག་ཨུ་དུམ་ཝཱ་ར་བདུན་གཏོར་ནས་སྨྲས་པ། རྒྱལ་བུ་རིན་ཆེན་བདག་ལ་དགོངས་སུ་གསོལ། །ཁོ་མོའི་ཡབ་ནི་གྲགས་པ་འབྱུང་བ་ཡིན། །ཡུལ་ནི་བདེ་ལྡན་གྲགས་པའི་གྲོང་ཁྱེར་ཏེ། །ང་ཡང་ཉི་མའི་སྒྲོན་མ་བྱ་བ་ལགས། །ཞེས་སོ། །ཡང་བུ་མོ་གཅིག་གིས་མེ་ཏོག་ལྔ་གཏོར་ནས་སྨྲས་པ། བདག་གི་ཡུལ་ནི་པད་མོ་སྤུངས་པ་ཡིན། །ཡབ་ནི་རྒྱལ་པོ་དྲི་མ་མེད་པ་སྟེ། །ང་ཡང་ནམ་མཁའི་སྒྲོན་མ་ཞེས་པར་གྲགས། །བྱང་ཆུབ་བར་དུ་བཙུན་མོ་བྱེད་པར་ཤོག །ཅེས་དང༌། རྒྱལ་བུ་བཙུན་མོ་གཉིས་དང་ལྷན་ཅིག་ཏུ་སངས་རྒྱས་ག་ལ་བ་དེར་ཕྱིན་ནས། གསེར་གྱི་དོང་ཚེ་དང༌། ཨུ་དུམ་ཝཱ་ར་དང༌། པད་མ་དཀར་པོ་ལ་སོགས་པ་ཕུལ་ནས། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། རྒྱལ་བུས་སྨྲས་པ། འཇིག་རྟེན་མཁྱེན་པ་སངས་རྒྱས་བཅོམ་ལྡན་འདས། །ཁོ་བོ་ཕྱི་མའི་དུས་ན་ཅི་འདྲར་འགྱུར། །མཆོག་ཏུ་ཐུགས་བརྩེས་བདག་ལ་ལུང་བསྟན་གསོལ། །བློ་གྲོས་པད་ཚལ་རབ་ཏུ་རྒྱས་པར་མཛོད། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡིད་འཕྲོག་ཡོན་ཏན་བྱེ་བས་ལེགས་བརྒྱན་པ། །བསྐལ་པ་བཟང་པོ་དུས་ཀྱི་ཐ་མ་ལ། །ལི་ཙ་བཱི་ཞེས་འཇིག་རྟེན་མུན་པ་འཇོམས། །མཐར་ཡང་ཡེ་ཤེས་འབྱུང་གནས་ཤ་སྟག་འབྱུང༌། །ཞེས་དང༌། རང་རང་གི་ཡུལ་དུ་ཕྱིན་ནས། ཉི་མའི་སྒྲོན་མ་འགུགས་པའི་ཕོ་ཉ་རྟ་པ་སྟོང་བཏང་སྟེ། གསེར་གྱི་དོང་ཙེ་སྟོང་བསྐུར་ནས་སྨྲས་པ། མི་དབང་རིན་ཆེན་གྲགས་པ་འབྱུང་གནས་གསན། །རྔ་སྒྲའི་རྒྱལ་པོ་སྲས་མཆོག་རིན་ཆེན་གྱི། །ཉི་མའི་སྒྲོན་མ་བཙུན་མོར་ཞུ་བ་ལགས། །ད་ལྟ་ཉིད་དུ་ཐོངས་ཤིག་རྒྱལ་ཆེན་ཁྱོད། །དེ་ནས་རྒྱལ་པོས་བུ་མོ་ལ་ན་རེ། སྤངས་དཀའི་སྐྱོན་སྤངས་ལྷ་མོ་ཉི་མ་སྒྲོན། །རྔ་སྒྲ་རྒྱལ་པོའི་མནའ་མར་འགྲོ་འམ་ཅི། །བསམ་བླཽ་ཐོངས་ཤིག་ཟང་ཟིང་སྦྱིན་པ་ཅན། །ལེགས་པར་དཔྱོད་ཅིག་ཆོས་ལ་དད་པ་མ། །བུ་མོ་ན་རེ། ཡབ་མཆོག་གྲགས་པ་རྡོ་རྗེ་ལྟ་བུའི་སྐུ། །རྔ་སྒྲའི་རྒྱལ་པོ་གྲོང་ཁྱེར་སྟོང་ལ་དབང༌། །བཙུན་མོ་ལྔ་བརྒྱ་བློན་པོ་བཞི་སྟོང་ཡོད། །ནོར་བུ་རིན་ཆེན་བང་མཛོད་ཅན་ལ་འགྲོ། །དེ་ནས་གླང་པོ་ཆེ་སྟོང་ཕྲག་དང༌། རྟ་མཆོག་བརྒྱ་ཕྲག་དང༌། གསེར་དང༌། དངུལ་དང༌། མུ་ཏིག་དང༌། བྱུ་རུ་དང༌། དར་ཟབ་མང་པོ་ཁབ་དུ་བཀལ་ནས་བུ་མོ་བརྫངས་ཏེ་འགྲོ་བའི་ཚེ་ན། ཡབ་ཀྱིས་བུ་མོའི་ལག་པར་འཇུས་ཏེ་སྨྲས་པ། བཀྲ་ཤིས་ལྷ་མོ་དཔལ་འབར་འཛམ་གླིང་རྒྱན། །ཡིད་འཕྲོག་སྐད་སྙན་བྱམས་པའི་ཐུགས་ལྡན་མ། །ཨུཏྤལ་མཐིང་གའི་མདོག་ཅན་བུ་མོ་ཁྱོད། །ལེགས་པར་ཉོན་ཅིག་ཞི་ཞིང་དུལ་བ་ཅན། །ཐག་རིང་མི་ཡུལ་སྒྲ་གཅན་གྲོང་ཁྱེར་དུ། །འགྲོ་ཚེ་ཕ་ཡི་བསླབ་བྱ་འདི་ལ་ཉོན། །རྒྱལ་པོའི་ཁབ་ཏུ་གནས་སར་ཐོན་པ་ལ། །བྱ་བ་ཐམས་ཅད་ཆོས་ལ་སྙིང་པོ་ཚོལ། །སྙིང་པོ་ཆོས་ཉིད་འཇིག་རྟེན་གཞན་ལ་མེད། །རང་ལ་གདོད་ནས་ལྷུན་གྲུབ་ཆོས་ཀྱི་སྐུ། །བདེ་གཤེགས་སྙིང་པོ་འོད་གསལ་བཞུགས་པ་ལགས། །བུམ་ནང་མར་མེ་སྤྲིན་ལ་ཉི་ཟླ་དང༌། །མི་གཙང་ནང་དུ་ནོར་བུ་དབུལ་པོའི་གཏེར། །འདམ་རྫབ་ཁྲོད་དུ་གསེར་བཞིན་དྲི་མ་མེད། །སྤྲང་མ་སྦྲང་རྩི་ཤུན་ནང་འབྲས་བུ་ལྟར། །མ་དག་སེམས་ཅན་སངས་རྒྱས་སྙིང་པོ་ཅན། །རང་ལ་མ་གཏོགས་སངས་རྒྱས་གཞན་མ་མཆིས། །དེ་ཉིད་མཐོང་ན་རྫོགས་པའི་བྱང་ཆུབ་ཡིན། །སངས་རྒྱས་འཕྲིན་ལས་དཔག་མེད་སྟོན་པ་སྟེ། །ལྷ་མོ་ཁྱོད་ནི་དེ་ཉིད་ཐོབ་པའི་ཐབས། །ཤིན་ཏུ་ཡང་ཡང་བརྩོན་འགྲུས་ནན་ཏན་མཛོད། །སྙིང་པོ་མ་ཐོབ་སེམས་ཅན་སྡུག་བསྔལ་ཅན། །དེ་དག་ཐོག་མེད་དུས་ནས་ཕ་མ་ཡིན། །སྦྱིན་པ་རྣམ་བཞིས་དེ་དག་སྐྱོབ་པར་འཚལ། །སྡིག་ལྡན་སྐྱེ་བོ་ལེ་ལོ་ངན་སེམས་རྣམས། །རིམ་བཞིན་ཆོས་ལ་སྦྱར་ནས་རེ་ལྟོས་མཛོད། །ཚེ་འདི་མི་རྟག་འདུས་བྱས་ནང་ན་ཡང༌། །ཤིན་ཏུ་མི་རྟག་ཚེ་འདི་ནམ་མཁའི་གློག །རྩྭ་རྩེ་ཟིལ་བ་ཆུ་ཡི་ཆུ་བུར་བཞིན། །དགེ་བ་འབད་པའི་དོན་མཆོག་གྲུབ་པར་མཛོད། །གནས་སྐབས་ཀུན་ཏུ་མི་དང་མཐུན་པ་ཡི། །བྱ་བ་ཐམས་ཅད་བསམ་བློ་བཏང་ནས་ཀྱིས། །ལྐོག་ཟས་ཤོ་གླུ་ཆང་བརྫི་ངན་སྤྱོད་དང༌། །མཚང་འབྲུ་དམོད་པ་ཀུ་ཅོ་འཐབ་མོ་རྣམས། །དུག་བཞིན་སྤོངས་ཤིག་ལྷ་མོ་ཉི་མ་སྒྲོན། །གཡོག་འཁོར་བློན་འབངས་གོས་ཟས་ལྷག་པར་གཏོང༌། །ཁྱིམ་མཚེས་དག་ལ་གཡར་བོ་ཅི་དགར་སྩོལ། །གནོད་བྱེད་ཐམས་ཅད་ཡིད་བཞིན་ནོར་བུ་ལྟར། །སྙིང་རྗེས་སྐྱོ་ངལ་མེད་པར་ཡང་ཡང་ལྟོས། །རྙེད་དང་བཀུར་སྟི་རོ་ལ་ཆགས་པ་སྤོངས། །གཡོ་སྒྱུ་ཁྲེལ་མེད་དམུ་རྒོད་སྐྱེས་བུ་ཅན། །གྲོགས་ངན་གསར་དད་ཅན་དང་མཛའ་མི་བྱ། །མི་ཆེན་སྔོན་དུ་བྲན་གཡོག་བུ་ཕྲུག་རྣམས། །རྔ་ལྟར་མི་བརྡུང་དུང་བཞིན་འབུད་མི་བྱ། །ཐབ་ཀར་ཐལ་བས་མི་གཙང་ག་དར་གྱིས། །བཤེས་གཉེན་དྲུང་དུ་སྒ་བྲང་རྒྱུག་འགྲོས་དང༌། །ངོ་ཚ་ཚུལ་འཆོས་འཁྲིག་པའི་ཚིག་རྣམས་དང༌། །རྐང་བརྐྱངས་ནུ་མ་མི་བསྟན་ཚུལ་བཞིན་གྱིས། །དད་པས་སྐྱོ་ངལ་མེད་པར་བློ་ཕུག་གཏོད། །ཁ་ཏོན་བཟླས་བརྗོད་འདུ་བྲལ་མེད་པར་མཛོད། །སྒྲིབ་གཉིས་དྲི་མའི་སྦུབས་ལས་ངེས་གྲོལ་ནས། །བདེ་གཤེགས་སྙིང་པོ་ཆོས་སྐུ་ཐོབ་པར་གསུངས། །ཆུ་ཁམས་གསེར་དང་ནམ་མཁའ་དག་པ་ལྟར། །དབྱིངས་རིག་དབྱེར་མེད་དང་པོའི་སངས་རྒྱས་ནི། །གདོད་ནས་རྟག་ཏུ་བཞུགས་པ་ཐོབ་གྱུར་ནས། །རྒྱ་ཆེན་གཟུགས་སྐུ་དཔག་བསམ་ཤིང་ཆེན་དང༌། །ནོར་བུ་ལྷ་རྔ་བཞིན་དུ་འགྲོ་ཀུན་གྱི། །རེ་འདོད་འབད་མེད་ལྷུན་གྱིས་གྲུབ་པ་ལགས། །ཕ་མ་ཉེ་འབྲེལ་ཆོས་ལ་རོལ་པ་ཡིས། །བཀྲ་ཤིས་རྒྱ་མཚོའི་དཔལ་ལ་སྤྱོད་པར་ཤོག །དེ་ནས་བུ་མོས་ཡབ་ཡུམ་གཉིས་ལ་ཕྱག་བྱས་ནས། ཀྱེ་མ་ཡབ་མཆོག་གྲགས་པ་འབྱུང་གནས་དཔལ། །བདག་ལ་གསུངས་པའི་བསླབ་བྱ་རིན་པོ་ཆེ། །ཞྭ་བཞིན་སྤྱི་བོར་བཀུར་རོ་ཆོས་ཀྱི་རྒྱལ། །གཟི་ཕྲེང་བཞིན་དུ་མགུལ་ལ་བཏགས་པར་བགྱི། །གདུ་བུ་བཞིན་དུ་ལག་ལ་འཆང་ངོ་ཡབ། །བཤན་གྲི་བཞིན་དུ་རྐེད་ལ་བཏགས་པར་འཚལ། །ཆོས་ལ་དོན་གཉེར་བགྱི་འོ་གྲགས་པ་འབྱུང༌། །འགྲོ་ལ་སྙིང་རྗེ་བསྐྱེད་དོ་མི་དབང་ཁྱོད། །མགྲོན་དང་ཞབས་ཏོག་འབད་དོ་རྒྱལ་ཆེན་པོ། །ངོ་ཚ་ཁྲེལ་ལ་འཇུག་གོ་དུང་སྒྲ་སྒྲོགས། །ཀུན་དང་མཐུན་པར་བགྱི་འོ་ནོར་བུའི་སྐུ། །ཆོས་སྟོན་སྙིང་པོ་བསྒོམ་མོ་ནོར་གྱི་བདག །འཁོར་བའི་ཆོས་ལ་ཡིད་འབྱུང་སྐྱོ་བར་བགྱི། །བྲན་གཡོག་ཐམས་ཅད་གོས་ཟས་སྐྱོང་བར་འཚལ། །བྱམས་པའི་ཚིག་ནི་འགྲོ་ལ་སྨྲ་བར་བགྱི། །ཤར་ཕྱོགས་བྲག་དཀར་གླང་པོ་འདྲ་བ་ལ། །ཁ་ནས་འབབ་པའི་ཆུ་བོ་གང་གཱ་ལྟར། །ཡབ་མཆོག་རྒྱལ་པོའི་སྐུ་ཚེ་རིང་བར་ཤོག །ལྷོ་ནས་བྲག་ནག་ཁྱུ་མཆོག་འདྲ་བའི་ཁར། །འབབ་པའི་ཆུ་བོ་སི་ཏའི་རྒྱུན་བཞིན་དུ། །ཡུམ་ཆེན་དྲི་མེད་སྐུ་ཁམས་དྭངས་པར་ཤོག །ནུབ་ཏུ་བྲག་དམར་རྟ་མཆོག་འདྲ་བའི་ཁར། །འབབ་པའི་ཆུ་བོ་པཀྵུའི་རྒྱུན་བཞིན་དུ། །མིང་པོ་རྣམས་ཀྱི་དཔལ་འབྱོར་རྒྱས་པར་ཤོག །བྱང་ན་བྲག་སྔོན་སེང་གེ་འདྲ་བའི་ཁར། །འབབ་པའི་ཆུ་བོ་ནཻ་རཉྫ་ན་ལྟར། །བློན་འབངས་རྣམས་ཀྱི་བློ་སྣ་རྒྱས་པར་ཤོག །ཅེས་དང༌། པད་མའི་གྲོང་ནས་ཡུལ་སྒྲ་གཅན་དུ་ལྷ་མོ་ཉི་མའི་སྒྲོན་མ་གླང་ཁལ་བར་མ་ཆད་པར་བརྫངས་ནས། ནམ་མཁའ་ལ་འཇའ་འོད་དང༌། མེ་ཏོག་སྣ་ཚོགས་འཐོར་རོ། །ཡང་རྟ་པ་བརྒྱས་བཻཌཱུརྱ་དང༌། པད་མ་རཱ་ག་དང༌། ཨ་སྨ་ཀ་ར་བ་དང༌། དངུལ་གྱི་དོང་ཙེ་བརྒྱ་ཁྱེར་ཏེ། རྒྱལ་པོ་དྲི་མེད་འོད་ཟེར་ལ་སྨྲས་པ། མི་དབང་རིན་ཆེན་དྲི་མེད་འོད་ཟེར་ཅན། །རྔ་སྒྲ་རྒྱལ་པོའི་སྲས་མཆོག་འཇིག་རྟེན་དབང༌། །དཔག་མེད་བསོད་ནམས་བརྒྱ་ཕྲག་དཔལ་གྱིས་བརྗིད། །དེ་ཡི་བཙུན་མོར་ནམ་མཁའི་སྒྲོན་མེ་ཞུ། །རྒྱལ་པོས་བུ་མོ་ལ་ན་རེ། ཤེས་རབ་གཟུགས་མཛེས་བུ་མོ་ཚུལ་བཟང་མ། །ལེ་ལོ་ཀུན་སྤངས་དགེ་ལས་རྩོལ་བ་ཁྱོད། །རྔ་སྒྲ་རྒྱལ་པོའི་མནའ་མར་འགྲོ་འམ་ཅི། །ལེགས་པར་སྨྲོས་ཤིག་མཛེས་ལྡན་ཡིད་འཕྲོག་མ། །བུ་མོས་སྨྲས་པ། ཀུན་གྱི་རྗེ་བོ་ཡབ་མཆོག་དྲི་མ་མེད། །རྔ་སྒྲ་རྒྱལ་པོའི་དཔལ་འབྱོར་རྒྱས་པ་ནི། །འཇིག་རྟེན་དག་ན་དཔེ་ནི་ཡོད་མ་ཡིན། །རྒྱལ་བུ་དེ་ཡང་ཤཱཀྱའི་གདུང་ལས་ཆད། །ཅེས་དང༌། གསེར་དངུལ་དར་ཟབ་སྣ་ཚོགས་པ་གླང་ཁལ་དུ་མ་དང་སྐྱེལ་ཐུང་མཛད་པའི་ཚེ་ན། རྒྱལ་པོས་བུ་མོ་ལ་སྨྲས་པ། བུ་མོ་ལྟ་སྡུག་ཞི་ཞིང་དུལ་བའི་མཆོག །མདོག་དཀར་དྲི་བཟང་ལྡན་པའི་འོད་ཟེར་འཕྲོ། །ནོར་དང་ལོངས་སྤྱོད་ཕུན་སུམ་ཚོགས་པའི་དཔལ། །དབང་པོ་ཚང་ཞིང་ཡན་ལག་གཞོན་ཤ་རྒྱས། །གཅེས་པའི་བུ་མོ་ཕ་ཡི་བསླབ་བྱ་ཉོན། །སྔོན་བསགས་སྟོབས་ཀྱིས་ཁོ་བོའི་བུ་མོར་འཁྲུངས། །ད་ནི་ཐག་རིང་མི་ཡུལ་བགྲོད་པའི་དུས། །ལྷ་རིགས་ཡིན་པས་ཉམས་གྲིབ་དག་ལ་གཟོབ། །འཇིག་རྟེན་སྐྱེས་བུ་ངན་སེམས་ཕྲག་དོག་ཆེ། །འཁོན་འགྲས་འཐབ་མོའི་རིགས་ལ་གཟབ་པར་འཚལ། །བློ་གཏད་དཀོན་མཆོག་གསུམ་ལ་གྱིས་ཤིག་སྲས། །མ་དད་ལོག་ལྟ་ཐག་རིང་རྒྱང་ལ་བོར། །ཚུལ་ཁྲིམས་བསྲུངས་ན་མཐོ་རིས་གནས་སུ་འཕེན། །ཉེས་པ་ཀུན་བསྐྱེད་ཁྲིམས་ཉམས་ང་རྒྱལ་བོར། །བླ་མ་བསྟེན་ནས་ཡོན་ཏན་དངོས་གྲུབ་འབྱུང༌། །ཐེ་ཚོམ་སོམ་ཉི་ངན་སེམས་རྒྱང་ལ་བོར། །ལོག་འཚོ་མ་བྱིན་ལེན་དང་སྡིག་པའི་ལས། །ཆེ་ཆུང་བདུད་ལས་ཡིན་པས་རྒྱང་ལ་བོར། །མཆེད་གྲོགས་དག་སྣང་ཆོས་ལ་མོས་གུས་ཀྱིས། །བླ་མའི་བྱིན་རླབས་ཆར་བཞིན་འབེབས་པ་ཡིན། །ལྷ་ཁང་མཆོད་རྟེན་བཞེངས་དང་ཞིག་གསོ་དང༌། །གསུང་རབ་བྲིས་འདོན་འཆད་ཉན་ཁ་ཏོན་དང༌། །མཆོད་འབུལ་ཕྱག་བསྐོར་ཡོན་འབུལ་གང་ཡིན་པ། །བར་ཆད་སེལ་ཞིང་བདེ་འགྲོ་ཐོབ་པ་ཡིན། །ད་ལྟ་ལྷ་ལུས་རིན་ཆེན་ཐོབ་དུས་འདིར། །ཕྱི་ཚེས་དག་ལ་ཡང་ཡང་འབད་པར་འཚལ། །དཔེར་ན་རྣམ་པར་རྒྱལ་བའི་ཁང་བཟང་ལྟར། །རྟ་བབས་ལྗོན་ཤིང་སྐྱེད་མོས་ཚལ་རྣམས་དང༌། །ཁང་བཟང་ཀ་རྒྱན་ནང་དུ་ལོངས་སྤྱོད་དང༌། །བུ་ཕོ་བུ་མོ་ཉེ་འབྲེལ་རྗེ་བློན་དང༌། །བྲན་གཡོག་དགའ་བའི་རིགས་ཀྱིས་འཁོར་དུ་བསྐོར། །ལོངས་སྤྱོད་མི་ཟད་གཏེར་ལ་སྤྱད་གྱུར་ཀྱང༌། །འཆི་བའི་དུས་སུ་ཅིས་ཀྱང་དགོས་པ་མེད། །དེ་རྣམས་ཆོས་དང་མཐུན་པའི་བསླབ་བྱ་ཡིན། །འདི་ནས་མི་ཡུལ་གནས་སར་སླེབས་པའི་ཚེ། །བྱ་བ་ཡུལ་ཆོས་ཉིད་དང་མཐུན་པར་གྱིས། །ཁྱེད་རང་བྱ་བཞག་བློ་སྣ་མཁས་གྱུར་ཀྱང༌། །གཞན་ལ་ཁྱད་གསོད་བརྙས་པ་མ་བྱེད་ཅིག །ཁྱེད་རང་གོང་ནས་མཛེས་གཞན་མེད་ན་ཡང༌། །འོག་མ་རྣམས་ལ་སྙན་པའི་ཚིག་གིས་བསྟོད། །ངོ་འཛུམ་མདངས་ལྡན་དཀར་པོ་ཀུན་ལ་གྱིས། །མཛངས་གཏམ་བུ་དང་གཉེན་བཤེས་དག་ལ་གསུངས། །བྱ་བྱེད་ཐམས་ཅད་བསམ་བླཽ་ཐོངས་ལ་གྱིས། །ཉེ་རིང་ཕྱོགས་རིས་མ་བྱེད་མཉམ་པོར་སྐྱོངས། །སྐྱེ་བ་གཞན་གྱིས་བར་ཆད་མ་བྱུང་བར། །ཡབ་སྲས་མཇལ་ནས་གསུང་གླེང་བྱ་བར་སྨོན། །དེ་ནས་བུ་མོས་ཡབ་ཀྱི་ཕྱག་ནས་འཇུས་ཏེ་སྨྲས་པ། དྲི་མེད་རྒྱལ་པོ་མང་པོའི་མགོན་གཅིག་པུ། །རྣམ་ཐོས་བུ་ལྟར་འཁོར་དང་ལོངས་སྤྱོད་རྒྱས། །ཕྱག་རྡོར་ལྟ་བུས་ཕ་རོལ་དཔུང་རྣམས་གནོན། །ལུས་སྲོག་བསྐྱེད་པའི་ཡབ་ཁྱེད་ང་ལ་གསོན། །མངའ་ནས་སྐྱེས་ཚེ་ལུས་ནི་མ་རྫོགས་པར། །རྒྱན་དང་ཆ་ལུགས་རོ་མཆོག་ཟས་ཀྱིས་བསྐྱངས། །སྤྱན་འབྲས་ལྟ་བུར་བདག་ལ་གཅེས་སྤྲས་བྱས། །ཕ་མ་ཉེ་འབྲེལ་འཁོར་འབངས་བཞག་གྱུར་ནས། །ཆ་མེད་ཡུལ་དུ་བུ་མོ་འགྲོ་དགོས་ཤིང༌། །དོན་མེད་མི་ལ་ངོ་ཤེས་བྱེད་དགོས་པས། །བསམ་བློ་བཏང་ནས་སྙིང་གི་ཟེའུ་འབྲུ་སྐྱོ། །བུ་མོ་ཟེར་བའི་སྐྱེ་དམན་ལས་ངན་ཡིན། །ཕ་མ་ཉེ་འབྲེལ་བོར་ནས་མི་ཡུལ་འགྲོ། །བསམ་ལོ་བཏང་ན་དགྲ་ཡང་མཆི་མ་ཤོར། །ཡོན་ཏན་བརྒྱ་ཕྲག་རྫོང་བ་བྱས་གྱུར་ཀྱང༌། །དོན་མེད་མི་ཡི་ནོར་བུ་བྱས་པར་གདའ། །འོན་ཏེ་ཡབ་ཀྱི་བཀའ་ལས་མི་འགལ་ཕྱིར། །བུ་མོ་བཏང་སར་འགྲོ་ལ་བཞག་སར་འདུག །ཡབ་ཁྱོད་འབྱུང་བཞིས་བསྡུས་པའི་སྐུ་ལུས་ལ། །མི་མཐུན་གནོད་པའི་རྐྱེན་གྱིས་མ་གོས་པར། །རྡོ་རྗེ་ལྟ་བུར་སྐུ་ཚེ་བརྟན་གྱུར་ཅིག །དྲིན་ཅན་ཡབ་ཀྱིས་ཕན་པར་སྨྲས་པའི་གསུངས། །བུ་མོའི་ཡིད་ལ་འཆང་ངོ་དྲི་མ་མེད། །སྙིང་གཏམ་ཐུགས་ལ་བཏག་གོ་དྲིན་ཅན་ཡབ། །ཐུགས་རྗེས་རྒྱུན་དུ་གཟིགས་ཤིག་ཆོས་ཀྱི་རྒྱལ། །མྱུར་དུ་ཡབ་སྲས་ཡང་ཡང་མཇལ་ནས་ཀྱང༌། །ཆོས་དང་མཐུན་པའི་གསུང་གླེང་བགྱིད་པར་ཤོག །དེ་ནས་བུ་མོ་གཉིས་གྲོང་ཁྱེར་སྒྲ་གཅན་དུ་བསྡུས་ཏེ། རྒྱལ་བུ་རྒྱལ་སར་བཏོན་ནས། དབུལ་བ་དང༌། འོན་ལྐུགས་དང༌། ཞ་ལོང་དང༌། ནད་པ་རྣམས་བསྡུས་ནས། ལོ་དྲུག་ཏུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་བྱས་སོ། །རྒྱལ་བུའི་གྲགས་པས་གཟུགས་ཁམས་མན་ཆད་ཁྱབ་པར་གྱུར་ཏོ། །རྒྱལ་བུ་འཇིག་རྟེན་དབང་ཕྱུག་ཏུ་སྐྱེས་པའི་རབས་ཏེ་བཅུ་གསུམ་པའོ།། །།

༡༥ བཅུ་བཞི་པ། རྒྱལ་བུ་བསོད་ནམས་ལྡན་པར་སྐྱེས་པའི་རབས

༈ ཡང་ཆོས་ཀྱི་རྒྱལ་པོ་ཞིག་ཏུ་བལྟམས་པར་གྱུར་ཏོ། །མེ་ཏོག་ས་ལུ་རོལ་པའི་མདོ་ལས། ཤཱ་རིའི་བུ། སྔོན་བསྐལ་པ་དྲུག་ཅུ་རྩ་དགུ་འདས་པ་ན། བཅོམ་ལྡན་འདས་སྨན་པའི་རྒྱལ་པོ་ཞེས་བྱ་བ་བྱུང་སྟེ། སྐུ་ཚེའི་ཚད་ནི་ལོ་བདུན་ཁྲི་སྙེད་དོ། །ཉན་ཐོས་ཀྱི་འཁོར་ནི་འདུས་པ་དང་པོར་ཁྲི་ཕྲག་ཉི་ཤུ་དགྲ་བཅོམ་པར་གྱུར་ཏོ། །གཉིས་པ་ལ་ནི་ཁྲི་ཕྲག་བཞི་བཅུ་དང༌། གསུམ་པ་ལ་ནི་ཁྲི་ཕྲག་དྲུག་ཅུ་དགྲ་བཅོམ་པར་གྱུར་ཏོ། །དེའི་ཚེ་འཛམ་བུའི་གླིང་ཆེ་ཞིང་ཡངས་པ་དཔག་ཚད་དགུ་ཁྲི་སྙེད་དོ། །གྲོང་ཁྱེར་བརྒྱད་ཁྲི་བཞི་སྟོང་ཡོད་དེ། གྲོང་ཁྱེར་དེ་དག་གི་བར་དུ་ཡོན་ཏན་བརྒྱད་དང་ལྡན་པའི་མཚོ་དང༌། རྫིང་བུ་དུ་མ་དང༌། སྐྱེད་མོས་ཚལ་ལ་ཤིང་ཙན་དན་དང༌། ཨ་ཀ་རུ་དང༌། ཀ་ར་ན་དང༌། ཀླག་ཤ་དང༌། སྤོས་ཤིང་དང༌། སྨན་ཤིང་སྣ་ཚོགས་ནི་ཕལ་ཆེར་རྩ་བ་ནི་གསེར་རོ། །སྡོང་བུ་ནི་བཻ་ཌཱུརྱའོ། །ཡལ་ག་ནི་དངུལ་ལོ། །མེ་ཏོག་ནི་ཨ་སྨྲ་ཀ་ར་དང༌། འབྲས་བུ་ནི་ཤེལ་ལོ། །ཕལ་ཆེར་ཀྱང་དེ་ལས་འགྱུར་བའོ། །མེ་ཏོག་ཨུཏྤལ་དང༌། ཀུ་མུ་ཏ་དང༌། ཙམ་པ་ཀ་དང༌། པུནྚ་རི་ཀ་དང༌། པར་ཤ་ཀ་དང༌། མན་དྷ་ར་བ་དང༌། ཏ་ལ་ར་དང༌། ཧ་རི་ཀ་ལ་སོགས་མེ་ཏོག་སྣ་ཚོགས་པས་ཡོངས་སུ་གང་ངོ༌། །ཕྱོགས་ཐམས་ཅད་ཀྱང་རིན་པོ་ཆེ་སྣ་བདུན་གྱིས་གྲམ་བུར་བརྡལ་བའོ། །བྱ་ངང་པ་དང༌། ངུར་བ་དང༌། ཀུན་ན་ལ་དང༌། ནེ་ཙོ་དང༌། རི་སྐེགས་དང༌། རྨ་བྱ་དང༌། ཤང་ཤང་ལ་སོགས་པ་བྱ་སྣ་ཚོགས་པས་སྙན་པའི་སྒྲ་སྒྲོག་གོ ། ཕོ་བྲང་ཁོ་ར་ཁོར་ཡུག་ནི་དཔག་ཚད་བཅུ་སྟེ། དེའི་རྒྱལ་པོ་ཡོན་ཏན་རྒྱ་མཚོ་ཞེས་བྱ་བ་ཡོད་དེ། ཤཱ་རིའི་བུ། རྒྱལ་པོ་ཡོན་ཏན་རྒྱ་མཚོའི་བཙུན་མོ་ཆེན་མོ་མཛེས་ལྡན་མ་ལ་བུ་གཅིག་བཙས་ཏེ། རྒྱལ་བུ་དེ་སྔོན་སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པས། གཟུགས་རབ་ཏུ་མཛེས་པ་གཟི་བརྗིད་ཆེན་པོའི་མཚན་དང་ལྡན་པ། བསོད་ནམས་དང་ཡོན་ཏན་དཔག་ཏུ་མེད་པ་བལྟ་ན་སྡུག་པ། འགྲོ་བ་ཀུན་གྱི་ཡིད་དུ་འོང་བ་ཞིག་བཙས་པའི་ཚེ་ན། གྲོང་ཁྱེར་དེ་ནས་རིན་པོ་ཆེ་མང་པོའི་གཏེར་ཡང་རྡོལ་ལོ། །ལྷ་རྣམས་དགའ་བས་རོལ་མོའི་སྒྲ་སྣ་ཚོགས་དཀྲོལ་ལོ། །མེ་ཏོག་སྣ་ཚོགས་པའི་ཆར་ཆེན་རབ་ཏུ་འབབ་བོ། །ཀུན་གྱིས་འདི་སྐད་ཅེས་སྨྲས་སོ། །རྒྱལ་བུ་བསོད་ནམས་ལྡན་པ་འཇིག་རྟེན་དུ་བྱུང་ངོ༌། །ཞེས་མཚན་ནི་བསོད་ནམས་ལྡན་པ་ཞེས་བཏགས་སོ། །རྒྱལ་བུ་ཆེར་སྐྱེས་ནས་བྱིས་པ་མང་པོ་དང་བཅས་ཏེ་སྐྱེད་མོས་ཚལ་དུ་འཆག་ཅིང༌། ཙན་དན་གོ་ཤིརྵའི་ནགས་ཚལ་དུ་རྩེ་བའི་ཚེ་ན། ནམ་མཁའ་ལ་འཇའ་འོད་འཁྱིལ་བའི་གུར་དུ་སངས་རྒྱས་སྨན་པའི་རྒྱལ་པོ་རབ་ཏུ་མཛེས་པ། ཨུཏྤལ་ལྟ་བུ་ཉི་ཟླའི་འོད་ལས་ལྷག་པ། གསེར་གྱི་རི་བོའི་འོད་དཔལ་དང་ལྡན་པ། མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། འཁོར་དུ་མ་ལ་ཆོས་སྟོན་པར་མཐོང་ངོ༌། །མཐོང་ནས་ཀྱང་རྒྱལ་བུས་འདི་སྙམ་སྟེ། ཨེ་མ་བདག་གིས་ཀྱང་མཚན་དཔེས་བརྒྱན་པའི་ལུས་ཅིའི་ཕྱིར་མ་ཐོབ་ཅེས་སེམས་བསྐྱེད་མ་ཐག་ཏུ་སངས་རྒྱས་ཀྱི་སྐུ་མི་སྣང་བར་གྱུར་ཏོ། །དེ་ནས་རྒྱལ་བུ་མྱ་ངན་གྱིས་སེམས་ནོན་ཏེ། བྱིས་པ་དང་མི་རྩེ་ཞིང༌། བུ་མོ་རྣམས་ཀྱང་མི་འདོད་དོ། །ཙན་དན་གྱི་ཚལ་དུ་བྱུང་ནས་རང་གི་ཁང་བཟང་ལ་བཞུགས་སོ། །སྒོ་བཅད་ནས་འདི་སྙམ་སྟེ། སེམས་ཅན་རྣམས་ནི་འདོད་ཆགས་ཀྱིས་གདུངས་ཏེ་སྐྱོན་རབ་ཏུ་མང་ངོ༌། །བདག་ནི་ཡེ་ཤེས་དམ་པའི་མཆོག་གི་ལུས་འདོད་པ་ཡིན་ན། གལ་ཏེ་བདག་ཀྱང་འདོད་ཆགས་ཀྱི་ནད་ཀྱིས་གཟིར་བའི་ལས་སྤྱོད་ན། ཕལ་པའི་སེམས་ཅན་དང་ཁྱད་པར་ཅི་ཡོད། དེ་བཞིན་དུ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་ང་རྒྱལ་ལ་སོགས་པ་སྤངས་ཏེ། བདག་གིས་བདག་བཏུལ་ནས་ཡང་དག་པའི་ལམ་བཙལ་ལོ། །ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྙམ་ནས། དེའི་ཚེ་ཡབ་ཡུམ་གཉིས་འདི་སྙམ་སྟེ། རྒྱལ་བུ་འདི་ལྟར་མི་རྩེ་འདོད་པའི་ཡོན་ཏན་ལྔ་ཡང་སྤངས། གང་ཟག་སུ་ཞིག་གིས་གནོད་པ་བྱས་སྙམ་ནས། རྒྱལ་བུའི་རྩར་ཕྱིན་ཏེ་ཚིགས་སུ་བཅད་པ་སྨྲས་པ། ཆོས་ཀྱི་ཁང་བཟང་བཀྲ་ཤིས་འོད་འབར་བ། །སྣ་ཚོགས་ཤིང་གིས་མཛེས་པས་རྣམ་པར་བརྒྱན། །མེ་ཏོག་ཁ་འབུས་སྙན་པའི་བྱ་ཚོགས་འཕུར། །གླིང་བཞི་ཀུན་ལས་ཁྱད་འཕགས་ཉམས་རེ་དགའ། །འཁོར་དུ་གྱུར་པ་བུད་མེད་མཛེས་པས་བསྐོར། །ཁྱོད་ཀྱི་ཕ་དང་མ་ནི་བདག་ཅག་ལགས། །ལོངས་སྤྱོད་སྣ་ཚོགས་མི་ཟད་གཏེར་དང་ལྡན། །ཚོང་པ་རིན་ཆེན་ནོར་ཟས་སྟོར་བ་ལྟར། །ཅི་ཡི་ཕྱིར་ན་འདི་ལྟར་ཁྱོད་མི་དགའ། །གཅིག་པུར་འདུག་ནས་ཁྱོད་ཉིད་མྱ་ངན་བྱེད། །སུ་ཞིག་ཁྱོད་ཀྱིས་སེམས་ནི་འཁྲུག་པར་བྱེད། །ལེགས་པར་སྨྲོས་ཤིག་ཉེས་བྱེད་ཆད་པ་གཅོད། །དེ་ཡི་ཚེ་ན་རྒྱལ་བུས་ལན་བཏབ་པ། །སུས་ཀྱང་བདག་ལ་གནོད་པ་མ་བགྱིས་ཏེ། །རྫུན་གྱི་ཚིག་གིས་རྒྱལ་པོར་ཇི་སྐད་སྨྲ། །བདག་ནི་ཙན་དན་ཚལ་དུ་རྩེ་བའི་ཚེ། །སངས་རྒྱས་མཚན་བཟང་ལྡན་པའི་སྐུ་མཐོང་སྟེ། །ཨུཏྤལ་མཐིང་གའི་མདོག་ལྡན་བཅོམ་ལྡན་འདས། །འཛམ་གླིང་གསེར་གྱི་ཕུང་པོ་བཞིན་དུ་སྣང༌། །འོད་ཟེར་སྣ་ཚོགས་ཕྱོགས་བཅུར་རྣམ་པར་འགྱེད། །ནོར་བུ་ཉི་ཟླ་མེ་འོད་སྐར་མའི་འོད། །སངས་རྒྱས་སྐུ་ཡི་འོད་ཀྱིས་ཟིལ་གྱིས་གནོན། །དེ་འདྲ་མཐོང་ནས་བདག་སེམས་རབ་ཏུ་འཁྲུག །འགྲོ་ཀུན་སྐྱེ་རྒ་ན་འཆིས་གཟིར་བ་ལ། །བདག་གིས་སེམས་ཅན་སྡུག་བསྔལ་བསྒྲལ་བའི་ཕྱིར། །མཚན་དང་དཔེ་བྱད་ཡེ་ཤེས་སྐུ་བསྒྲུབས་ཏེ། །བསམ་གྱིས་མི་ཁྱབ་མཐུ་རྩལ་སྟོབས་གྱུར་ནས། །རྒྱ་ཆེར་སེམས་ཅན་ཀུན་གྱི་དོན་བགྱིས་ཤིང༌། །འདོད་པའི་བུད་མེད་མཛེས་མ་བདག་མི་འཚལ། །རབ་ཏུ་བྱུང་སྟེ་རྣལ་འབྱོར་བསྒོམ་པར་བགྱི། །ཐར་པའི་ཆོས་གོས་ངུར་སྨྲིག་གྱོན་པར་འཚལ། །ཡབ་ཡུམ་ཁྱེད་ཀྱང་རབ་ཏུ་བྱུང་བར་ཞུ། །ལྷན་ཅིག་ཉིད་དུ་བྱང་ཆུབ་བསྒོམ་པར་བྱ། །གང་གིས་འདོད་པས་བཅིངས་པའི་མི་རྣམས་ལ། །དགེ་བའི་ཆོས་ཀུན་མ་ལུས་གསོད་པར་བྱེད། །ངན་འགྲོ་འཁོར་བའི་སྡུག་བསྔལ་གནས་སུ་འཕེན། །དེ་ཕྱིར་སངས་རྒྱས་བསྟན་ལ་རབ་བྱུང་ཚེ། །དེ་ཡི་བར་ཆད་གེགས་བྱེད་གང་ཡིན་པ། །མཚམས་མེད་ལྔ་དང་མཚུངས་པའི་སྡིག་ཆེན་ཐོབ། །རབ་ཏུ་བྱུང་བའི་མི་མཆོག་འགའ་ཞིག་ལ། །དཀར་པོ་དགེ་བའི་ཆོས་ཀུན་རབ་ཏུ་སྐྱེ། །སྐྱེ་ཤི་འཁོར་བའི་གནས་སུ་ཕ་རོལ་ཕྱིན། །བདག་ཅག་གེགས་མེད་ལོངས་སྤྱོད་ཕུན་སུམ་ཚོགས། །དལ་འབྱོར་རྙེད་དཀའ་མི་ལུས་ཐོབ་པ་ཡིས། །དགེ་བའི་ཆོས་ལ་སྔོན་སྦྱངས་ལས་སད་དེ། །སངས་རྒྱས་སྨན་པའི་རྒྱལ་པོ་ལྷང་ངེར་མཐོང༌། །དགེ་བའི་ཆོས་ལ་ཡང་དག་འགོད་པར་བྱེད། །སངས་རྒྱས་དེ་ལ་བདག་ཅག་རབ་བྱུང་གསོལ། །དེ་ནས་རྒྱལ་པོ་འཁོར་དང་བཅས་པ་སངས་རྒྱས་སྨན་པའི་རྒྱལ་པོ་ག་ལ་བ་དེར་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ནས། ཚིགས་སུ་བཅད་པས་སྨྲས་པ། བཅོམ་ལྡན་བདག་ནི་བདུད་ཀྱི་དྲ་བས་བཅིངས། །སྤྱོད་པ་ངན་པ་འདོད་པ་ལྔ་ལ་སྤྱོད། །བག་མེད་སྡུག་བསྔལ་ཀུན་གྱི་རྩ་བ་སྟེ། །བཅོམ་ལྡན་བདག་ཅག་རབ་བྱུང་གནང་བར་སྨོན། །ཉོན་མོངས་དྲ་བས་བཅིངས་པ་བཀྲོལ་དུ་གསོལ། །ཤཱ་རིའི་བུ། བཅོམ་ལྡན་འདས་སྨན་པའི་རྒྱལ་པོས་རྒྱལ་པོ་ཡོན་ཏན་རྒྱ་མཚོ་དེ། འཁོར་བཅས་རབ་ཏུ་བྱུང་བར་གནང་སྟེ་བསྙེན་རྫོགས་འབོག་གོ །རྒྱལ་བུ་དང་འཁོར་བརྒྱད་ཁྲི་བཞི་སྟོང་དང༌། དེ་མ་ཡིན་པའི་བུད་མེད་སྟོང་ཕྲག་མང་པོ་རབ་ཏུ་བྱུང་ངོ༌། །ཐམས་ཅད་བྱང་ཆུབ་ཀྱི་སྙིང་པོར་གཤེགས་སོ། །ཤཱ་རིའི་བུ། རྒྱལ་པོ་ཡོན་ཏན་རྒྱ་མཚོ་དེ་ད་ལྟ་ང་ཉིད་ཡིན་ནོ། །རྒྱལ་བུ་དེ་ཚེ་དང་ལྡན་པ་ལི་ཙ་བཱི་འདི་ཉིད་ཡིན་ནོ། །རྒྱལ་བུ་བསོད་ནམས་ལྡན་པར་སྐྱེས་པའི་རབས་ཏེ་བཅུ་བཞི་པའོ།། །།

༡༦ བཅོ་ལྔ་པ། རྒྱལ་པོ་འོད་བཟང་དུ་སྐྱེས་པའི་རབས།

༈ ཡང་རེ་ཞིག་བྱང་ཆུབ་སེམས་དཔའ་ཞིག་ཏུ་གྱུར་ཏོ། །འཕགས་པ་ཨུཏྤལ་བཀོད་པའི་མདོར། མོའུ་འགལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་ན། འཇིག་རྟེན་ན་དེ་བཞིན་གཤེགས་པ་ཡེ་ཤེས་ཕུང་པོ་ཞེས་བྱ་བ་ཞིག་གི་བསྟན་པ་ལ། རྒྱལ་པོ་འོད་ཟེར་བཟང་པོ་ཞེས་བྱ་བ་གཟུགས་མཛེས་པ་བལྟ་ན་སྡུག་པ་རྒྱས་པ་མཆོག་དང་ལྡན་པ་ཞིག་ཡོད་དེ། དེའི་གྲོང་ཁྱེར་གསེར་ཅན་རྒྱར་དཔག་ཚད་ཤར་ནས་ནུབ་ཏུ་བཅུ་གཉིས་སོ། །ལྷོ་ནས་བྱང་དུ་དཔག་ཚད་བདུན་བདུན་ནོ། །ལོངས་སྤྱོད་རྒྱས་པ་དང༌། བདེ་བ་དང༌། ལོ་ལེགས་པ་དང༌། ཉམས་དགའ་ཞིང་སྐྱེ་བོ་མང་པོས་གང་བའོ། །དེའི་ཉེ་འདབས་ལ་གྲོང་ཁྱེར་བརྒྱད་ཁྲི་ཉིས་སྟོང་མང་པོས་བསྐོར་བ་ཡོད་དོ། །ཕལ་བའི་གྲོང་ནི་ས་ཡ་ཕྲག་ལྔ་བདུན་འབུམ་ཡོད་དོ། །རི་བོ་དང་པོ་དྲུག་ཁྲིའོ། །བློན་པོ་ནི་སུམ་ཁྲི་བརྒྱད་སྟོང་ཡོད་དོ། །བཙུན་མོ་ནི་དྲུག་སྟོང་སྟེ། སྲས་ནི་ཉི་ཁྲི་ཡོད་པར་གྱུར་ཏོ། །དེ་དག་གིས་རང་རང་གི་ཤ་མན་ཆད་སྦྱིན་པ་ལ་ཡོངས་སུ་མི་གཏོང་བ་མེད་པ་ཡོད་དོ། །དེའི་དུས་ན་ཡང་མི་རྣམས་ཀྱི་ཚེའི་ཚད་ནི་ལོ་བརྒྱད་ཁྲི་བཞི་སྟོང་ཐུབ་པར་གྱུར་ཏོ། །དུས་རེ་ཞིག་ན་རྒྱལ་པོ་འོད་ཟེར་བཟང་པོ་དབེན་པར་ཡང་དག་འཇོག་ལ་བཞུགས་ནས། དེའི་དུས་ཞིག་ན་རྒྱུ་སྐར་ངན་པ་ཞིག་བྱུང་སྟེ། གཟའ་རྒོད་དུ་བ་མཇུག་རིང་ནི་ལྷོ་ནས་བྱང་དུ་འཆར་རོ། །ལོ་བཅུ་གཉིས་སུ་ཆར་པ་མེད་པར་གྱུར་ཏོ། །བློན་པོ་དེ་དག་གིས་རྒྱལ་པོ་འོད་ཟེར་བཟང་པོ་ག་ལ་བ་དེར་ཕྱིན་ནས་སྨྲས་པ། འོད་བཟང་ལྷ་མཆོག་མཁྱེན་མཛོད་ཅིག །རྒྱུ་སྐར་ངན་པ་རབ་འཁྲུགས་ཤིང༌། །དགུང་ལོ་བཅུ་གཉིས་བར་དུ་ཡང༌། །ཆར་མེད་ལོ་སྐམ་འཛམ་གླིང་གི །མི་ཀུན་འགྱེལ་ནས་རྣམ་པར་ཉམས། །དེ་ནས་རྒྱལ་པོས་དེ་སྐད་ཐོས་ནས། ཏིང་ངེ་འཛིན་ལས་ལངས་ཏེ། རབ་ཏུ་ངུ་སྟེ་མཆི་མ་བྱུང་ནས་འདི་སྐད་ཅེས་སྨྲས་སོ། །ཨེ་མ་འཛམ་གླིང་མི་ཀུན་ཀྱང༌། །རིང་པོར་མི་ཐོགས་སྟོང་པ་སྟེ། །སངས་རྒྱས་སེམས་ཅན་བསྐྱབ་དགོངས་ནས། །དུས་ལ་བབ་ཀྱིས་གནས་འདིར་བྱོན། །དེ་ནས་རྒྱལ་པོ་ཡུད་ཙམ་ཞིག་མྱ་ངན་ལས་ལངས་ཏེ། དེ་ནས་སངས་རྒྱས་ཡེ་ཤེས་ཕུང་པོ་དེ་མི་ལས་ཤིན་ཏུ་འདས་པའི་སྤྱན་གྱིས་འཛམ་བུའི་གླིང་ཀུན་ཏུ་གཟིགས་ནས། གྲོང་ཁྱེར་གསེར་ཅན་གྱི་ནམ་མཁའ་ལ་གཤེགས་སོ། །སྣང་ལྡན་ལ་སོགས་པའི་བློན་པོ་ལྔ་སྟོང་ཙམ་ཕོ་བྲང་ཁང་བཟང་གི་སྟེང་དུ་འཁོད་པ་རྣམས་ཀྱིས། དེ་བཞིན་གཤེགས་པ་རྒྱང་རིང་པོ་ནས་འོང་བ་མཐོང་ངོ༌། །མཐོང་ནས་ཕན་ཚུན་རྒྱལ་པོ་ལ་སྨྲས་པ། ལྷ་མཆོག་འོད་བཟང་གཙོ་བོ་ཁྱོད། །བཅུ་ཕྲག་ཆར་མེད་མི་ཀུན་ཤི། །དེ་རིང་རྒྱང་ལ་བྱ་དམར་འཕུར། །སྲིན་པོ་མདངས་འཕྲོག་ཟ་བར་འོངས། །ཞེས་དང༌། རྒྱལ་པོས་ལག་པ་གཉིས་ཀས་ངོ་འཛུམ་ལེགས་པར་ཕྱིས་ནས་སྨྲས་པ། སྣང་ལྡན་ལ་སོགས་བློན་པོ་རྣམས། །བྱ་དམར་འཕུར་ཞིང་སྲིན་པོ་མིན། །འཇིག་རྟེན་མཁྱེན་པ་བཅོམ་ལྡན་འདས། །སེམས་ཅན་ཀུན་ལ་སྙིང་བརྩེའི་ཕྱིར། །ཁང་བཟང་འདི་ལ་བྱོན་པ་ཡིན། །དེ་མ་ཐག་ཏུ་དེ་བཞིན་གཤེགས་པ་རྒྱལ་པོའི་ཁང་སྟེང་དུ་བབ་ནས། རྒྱལ་པོ་ལངས་ཏེ་སངས་རྒྱས་དེ་བསུས་ནས་ཞབས་ལ་ཕྱག་འཚལ་ཏེ། སེང་གེའི་ཁྲི་ལ་བཞུགས་པར་གྱུར་ཏོ། །དེ་ནས་རྒྱལ་པོ་འོད་བཟང་གིས་སྨྲས་པ། ལྷ་མིའི་སྟོན་པ་བཅོམ་ལྡན་འདས། །འཛམ་གླིང་ཡུལ་འདིར་སེམས་ཅན་ཀུན། །འབྱོར་བ་དམན་པའི་སྡིག་ཅན་རྣམས། །ཐུགས་བརྩེ་ཆེན་པོས་གཟུང་དུ་གསོལ། །དེ་ནས་དེ་བཞིན་གཤེགས་པས་རྒྱལ་པོ་ལ་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་སྐྱེ་བ་དང༌། འཇིག་པའི་རང་བཞིན་དུ་ལྟོས་ཤིག་འདི་ལྟ་སྟེ། རྒྱལ་པོ་ཆེན་པོ་འདི་ནི་གཟུགས་སོ། །གཟུགས་འདི་སྐྱེ་བའོ། །གཟུགས་འདི་འཆི་བའོ། །འདི་ནི་ཚོར་བའོ། །འདི་ནི་འདུ་ཤེས་སོ། །འདི་ནི་འདུ་བྱེད་དོ། །འདི་ནི་རྣམ་པར་ཤེས་པ་སྟེ། རྣམ་པ་ཤེས་པ་འདི་ནི་སྐྱེ་བའོ། །རྣམ་པར་ཤེས་པ་འདི་ནི་འཆི་བའོ། །རྒྱལ་པོ་ཆེན་པོ་ཉེ་བར་ལེན་པའི་ཕུང་པོ་ལྔ་ལས་སྐྱེ་བ་དང་འཇིག་པར་རྗེས་སུ་ལྟ་ཞིང་གནས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་ཏོ། །ཡང་དག་བསྟེན་ནས་ཆགས་གྱུར་པ། །ཆགས་ལས་སྡུག་བསྔལ་འདི་བྱུང་སྟེ། །དེ་ཕྱིར་མཁས་པས་ཆགས་པ་སྤངས། །བསེ་རུ་ལྟ་བུར་གཅིག་ཏུ་སྤྱོད། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་གསུངས་མ་ཐག་ཏུ། སྐད་ཅིག་དེ་ཉིད་ལས་ཕྱོགས་བཞི་ཀུན་ཏུ་སྤྲིན་ན་བུན་སྟུག་པོ་རྣམས་ལངས་ཏེ། དུས་ཀྱི་ཆར་བ་མུ་ཏིག་མཐིང་ག་གཏོར་བ་ལྟར་འབབ་བོ། །དུས་ཀྱི་བྱེ་བྲག་ལ་འབྲས་ཀྱི་ཆར་བ་དང༌། ནས་དང༌། ཏིལ་དང༌། སྲན་མ་དང༌། ལོ་མ་དང༌། མེ་ཏོག་དང༌། ཏིལ་མར་དང༌། བུ་རམ་དང༌། ག་ར་དང༌། གཞན་ཡང་ཟ་བར་འོས་པ་སྣ་ཚོགས་ཀྱི་ཆར་འབབ་བོ། །མོའུ་འགལ་གྱི་བུ་དག་འདི་ལྟ་སྟེ། ཞག་དང་པོ་ལ་འབྲུའི་ཆར་འབབ་བོ། །གཉིས་པ་ལ་ནོར་གྱི་ཆར་དང༌། གསུམ་པ་ལ་རིན་པོ་ཆེའི་ཆར་འབབ་བོ། །རྒྱལ་པོ་འོད་ཟེར་བཟང་པོའི་མཐུས་མི་ཐམས་ཅད་དཔལ་འབྱོར་རྒྱས་པར་གྱུར་ཏོ། །མོའུ་འགལ་གྱི་བུ་དག་རྒྱལ་པོ་འོད་ཟེར་བཟང་པོ་དེ་གཞོན་ནུ་ལི་ཙ་བཱི་མཐོང་བ་དགའ་བ་འདི་ཉིད་ཡིན་ནོ། །དེ་བཞིན་གཤེགས་པ་དེ་འོད་དཔག་མེད་ཡིན་ནོ། །རྒྱལ་པོ་འོད་བཟང་དུ་སྐྱེས་པའི་རབས་ཏེ་བཅོ་ལྔ་པའོ།། །།

༡༧ བཅུ་དྲུག་པ། རྨ་བྱ་ཆེན་པོར་སྐྱེས་པའི་རབས།

༈ ཡང་རེ་ཞིག་དུག་འཇོམས་རྨ་བྱ་མཛེས་ལྡན་དུ་གྱུར་ཏོ་ཞེས་གྲག་གོ །འཕགས་པ་པད་མ་སྤུངས་པའི་མདོ་ལས། བཅོམ་ལྡན་འདས་ལ་བྱམས་པས་གསོལ་པ། བཅོམ་ལྡན་འདས་གཞོན་ནུ་ལི་ཙ་བཱི་མཐོང་ན་དགའ་བ་འདི་ནི། སེམས་ཅན་ཐམས་ཅད་ལ་ལྷག་པའི་སྙིང་རྗེ་དང་བཟོད་པ་ཆེན་པོ་དང་ལྡན་པ་ནི་ངོ་མཚར་ཆེའོ། །ཞེས་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་ཕམ་པ་ཉོན་ཅིག །ཚེ་དང་ལྡན་པ་གཞོན་ནུ་ལི་ཙ་བཱི་བཟོད་པ་དང་ལྡན་པ་འདི་ད་ལྟ་འདིར་མ་ཟད་ཀྱི། སྔོན་བྱུང་བ་བསྐལ་པ་གོ་དྲུག་འདས་པའི་སྔ་རོལ་ཏུ། དེ་བཞིན་གཤེགས་པ་སེང་གེའི་ང་རོ་ཞེས་བྱ་བའི་བསྟན་པ་ལ། ཡུལ་ཝཱ་རཱ་ཎ་སཱིའི་མཐའ་ལོགས་སུ་ཐག་ཧ་ཅང་མི་རིང་བ་ཞིག་ཏུ། དགའ་བ་རོལ་པའི་མཚོ་ཞེས་བྱ་བ། ཞིང་དང་ཁྱོན་ནི་དཔག་ཚད་དྲུག་གོ །ཁ་དོག་ནི་རིན་པོ་ཆེ་ཨ་ད་རྙིལ་ལྟ་བུ་ཁོ་ར་ཁོར་ཡུག་ཏུ་ཡང༌། མེ་ཏོག་མནྡཱ་ར་བ་དང༌། པ་ར་ཤ་ཀ་དང༌། ཨུ་དུམ་ཝཱ་ར་དང༌། པད་མ་དཀར་པོས་ཁེབས་ཤིང་རབ་ཏུ་དབེན་པ། ཨརྫུ་ན་དང༌། དྷ་བ་དང༌། བེ་དུལ་དང༌། ཀུ་ཊ་ཛ་ན་ལ་སོགས་ཤིང་སྣ་ཚོགས་དང༌། དེ་ལ་རྒྱུ་བའི་རི་དྭགས་རུ་རུ་དང༌། ཤ་ར་བྷ་དང༌། ཀྲི་ཥ་ཎ་སཱ་ར་དང༌། ཨ་ཛི་ན་དང༌། གླང་པོ་ཆེ་དང༌། སེང་གེ་དང༌། བ་མིན་དང༌། སྟག་དང༌། གཟིག་དང༌། བྱ་རྒོད་དང༌། ཀ་རན་ཏ་ཀ་དང༌། ཀི་ལི་ཀ་དང༌། ཤང་ཤང་དང༌། ངང་པ་ལ་སོགས་པ་བྱ་མང་པོ་སྤྲིན་བཞིན་དུ་འཁྲིགས་སོ། །ཀེ་ཊ་ཀའི་དྲི་སྤོས་བསྐོར་བའི་དབུས་སུ་བསེར་བུ་བསིལ་བ། བུང་བ་མང་པོས་གླུ་སྒྲ་སྒྲོག་གོ །དེ་ལྟ་བུའི་དབུས་སུ་བྱང་ཆུབ་སེམས་དཔའ་རྨ་བྱ་འཛེས་ལྡན་རོལ་པ་ཞེས་བྱ་བ་རིན་པོ་ཆེ་མ་ར་ཀ་ཏ་ལྗང་ཁུ་ལྟར་ཤིན་ཏུ་མཛེས་པ། འདབ་མ་གཉིས་ཀྱང་ཨིནྡྲ་ནཱི་ལ་ལྟར་ཤིན་ཏུ་སྔོ་བ། རྐང་པ་གཉིས་ནི་པད་མ་རཱ་གའི་མདོག་ཅན། མཇུག་སྒྲོ་ནི་མུ་ཏིག་གོ །མཆུ་ནི་གསེར་རོ། །སྤྱན་དཀྱུས་ནི་ཟླུམ་པོར་འཁྱིལ་བ་ཞི་ཞིང་དུལ་བ། འཁོར་རྨ་བྱ་འབུམ་ཕྲག་དང་ལྷན་ཅིག་ཏུ་སངས་རྒྱས་སེང་གེའི་ང་རོ་ལ་ཆོས་ཉན་ནོ། །དེའི་ཚེ་སྡིག་ལ་གོམས་པ་ཞིག་གིས་མཐོང་ངོ༌། །མཐོང་ནས་འདི་སྙམ་སྟེ་གཞན་ལས་ལྷག་པའི་རྨ་བྱ་འདི་བསད་ནས། སྤུ་སྡུག་འདི་རྒྱལ་པོ་ཛ་ཀ་ཏ་ལའི་རྩར་ཁྱེར་ན་བྱ་དགའ་སྟེར་རོ་སྙམ་ནས། ཐབས་ཇི་ལྟར་དུ་བསད་ཅེ་ན། རྨ་བྱ་འདི་ངུར་སྨྲིག་གྱོན་པ་ལ་དགའ་བས། བདག་ནི་ངུར་སྨྲིན་གྱོན་ནས་མདས་བསད་སྙམ་ནས་རྨ་བྱའི་ཐད་ཀར་སོང་སྟེ་དཔེར་ན། ནེའུ་གསིང་མེ་ཏོག་ས་གཞི་ཉམས་དགའ་བར། །སྡིང་ཁང་སྐྱེད་མོས་ཚལ་དག་རབ་ཏུ་མཛེས། །ལྗོན་ཤིང་མེ་ཏོག་སྣ་ཚོགས་བཟང་ལྡན་ཞིང༌། །རིགས་ནི་ན་ཆུ་ལྦུ་བའི་ཕྲེང་བ་ནི། །གླང་ཆེན་རྒྱལ་པོའི་སྣ་ནས་འབུད་པ་ལྟར། །བྱ་ཚོགས་རྣམ་མང་ཡིད་འོང་གླུ་ལེན་ཞིང༌། །མཚོ་ཡི་འགྲམ་ལ་ཡིད་འོང་རྣམ་པར་བརྒྱན། །བྱམས་པ་རྔོན་པས་ངུར་སྨྲིག་གྱོན་ནས་ནི། །རྨ་བྱ་མཛེས་ལྡན་རོལ་པའི་རྩད་སོང་ངོ༌། །སོང་ནས་རྒྱང་རིང་འོང་བ་མཐོང་ནས་ནི། །དགའ་དགའ་འདུག་སྟེ་མདའ་ལ་དུག་གིས་བྱུག །དེ་ཉིད་འཕང་ནས་རྨ་བྱ་ལ་ཕོག་གོ །དེ་ནས་འཁོར་རྨ་བྱ་འབུམ་ཕྲག་དང་ལྷན་ཅིག་ཏུ་ནམ་མཁའ་ལ་འཕུར་ཏེ་ཕར་རྒྱང་ལ་བབ་ནས། འཁོར་རྨ་བྱ་འོད་མཛེས་ཞེས་བྱ་བ་ཞིག་ངུ་ནས་སྨྲས་པ། ཀྱེ་མ་སྙིགས་མ་ལྔ་ཡི་དུས་འདི་ལ། །སེར་གྱོན་ཆོས་ཚུལ་བྱེད་པ་ཤིན་ཏུ་ཉུང༌། །ཉེས་མེད་བདག་ཅག་ཆོས་ལ་སྤྱོད་ན་ཡང༌། །བྱ་རྒྱལ་ཁྱོད་ནི་མི་བཟད་འཆི་ཁར་འཕང༌། །ཞེས་དང༌། རྨ་བྱ་རྒྱལ་པོས་འཁོར་ལ་སྨྲས་པ། འབྱུང་བ་བཞི་ལས་ལུས་ཀྱི་ཕུང་པོ་འདི། །ཅིས་ཀྱང་མི་ཕན་ཚེ་འདི་འཆི་བར་ངེས། །ལུས་འདི་ཡོད་ན་སྡུག་བསྔལ་བསྐྱེད་པའི་གཞི། །དེ་ཕྱིར་ལུས་ལ་ཞེན་ཆགས་མེད་པར་གྱིས། །ཞེས་དང༌། འོད་མཛེས་ན་རེ། མཁས་པ་སྨོད་ཅིང་ཟོབ་རྒན་བསྟོད་པའི་ཡུལ། །བན་དྷེའི་གཟུགས་ཅན་བཀོར་ལ་ཤིན་ཏུ་རྔམ། །སྙིགས་དུས་སྤྱོད་པ་བསམས་ནས་མཆི་མ་འཁྲིགས། །དུས་ངན་འདི་ལ་སུ་ཡང་བདེན་པ་མེད། །ཅེས་དང༌། མཛེས་ལྡན་རོལ་པ་ན་རེ། བདག་གི་སྲོག་ནི་འདི་ནས་ཡར་བླ་ཡི། །མི་དགེ་སྡིག་སེམས་སྐད་ཅིག་མི་བསྐྱེད་དོ། །བདག་གི་ལུས་འདི་ཡུལ་འདིར་བོར་ཡང་རུང༌། །ངུར་སྨྲིག་གྱོན་ལ་གནོད་འཚེ་ཤིན་ཏུ་སྤངས། །རབ་ཏུ་བྱུང་བའི་མི་དག་ཀུན་ལ་ཡང༌། །དུས་ལ་ནམ་ཡང་ངན་སེམས་བསྐྱེད་མི་ནུས། །ཞེས་དང༌། འོད་མཛེས་ན་རེ། འཇའ་འོད་སྣ་ལྔ་འཁྱིལ་པའི་ཐོར་ཚུགས་ཅན། །མར་གད་མདངས་ལྡན་རོལ་པའི་གཞུང་རྒྱུད་མཛེས། །ཐབས་ཤེས་མཛེས་པའི་གཤོག་གཉིས་མཁའ་ལྟར་སྔོ། །རྫུ་འཕྲུལ་རྐང་པ་བྱུ་རུའི་འོད་ཆགས་པ། །དབང་པོ་གཞུ་ཡི་འཁོར་ལོ་མཇུག་སྒྲོ་རྒྱས། །གསེར་མཆུ་དབུ་ཟླུམ་སྤྱན་ཡངས་རབ་ཏུ་མཛེས། །སྨྲ་མཁས་ཀ་ལ་པིང་ཀའི་སྒྲ་དབྱངས་ཅན། །བྱམས་པའི་ཐུགས་ཅན་དཔལ་ལྡན་བྱ་ཡི་གཙོ། །ཁྱེད་དང་བྲལ་ན་བདག་ཅག་རྨ་བྱའི་ཚོགས། །བྱ་ཡི་ནང་ནས་བྱ་བ་ཇི་ལྟར་བགྱི། །ཤེས་ལྡན་དོན་གཟིགས་བདག་ལ་འཆད་དུ་གསོལ། །ཞེས་སོ། །བྱ་རྒྱལ་གྱིས་སྨྲས་པ། ཉོན་ཅིག་འོད་མཛེས་དགའ་བའི་ལྷག་བསམ་ཅན། །འཇིག་རྟེན་མཐུན་ཆོས་བྱ་བ་འདི་ལྟར་ལགས། །གཞན་དང་མཐུན་པ་མི་ཆོས་རྩ་བ་ཡིན། །ཉེས་པའི་གཏམ་ངན་དུང་ལྟར་གྲགས་ན་ཡང༌། །ལྐུགས་པའི་ཚུལ་གྱིས་ཁ་རོག་དབེན་པར་སྡོད། །དུས་ངན་མི་རིགས་སྤྲིན་ལྟར་གཡོ་བ་ལ། །མི་མཛའ་མི་འཁོར་མཁའ་ལྟར་བརྟན་པར་གྱིས། །ཕུར་ཚུགས་ལྟ་བུའི་བློ་གཏད་མི་རྣམས་ལ། །རྟ་རྒྱུག་ལྟ་བུའི་ཁྲེལ་གཞུང་ཆེ་བར་མཛོད། །དཀར་པོ་དགེ་ཕྱོགས་ཐར་པའི་ཐེམ་སྐས་ལ། །ཕྱི་བཤོལ་མེད་པར་བྱ་ལྟར་འཕུར་བར་གྱིས། །མུན་པ་ལྟ་བུའི་རྣམ་རྟོག་མ་རིག་ལ། །ཉི་འོད་ལྟ་བུའི་མེ་ཏོག་རྣམ་དག་གིས། །རྩྭ་རྩའི་ཟིལ་བ་རླུང་གསེབ་མར་མེ་ལྟར། །མི་རྟག་འཆི་བ་ནམ་འོང་མི་ཤེས་པས། །ཕྱི་བཤོལ་ལེ་ལོ་སྤངས་ལ་བརྩོན་འགྲུས་བསྐྱེད། །འཁོར་བར་འཁྱམས་ན་གཏན་གྱི་སྡུག་བསྔལ་གདུངས། །དམ་པའི་ཆོས་དང་མཇལ་བ་རབ་དཀའ་བས། །ད་ལྟ་རྟེན་འབྲེལ་འཛོམ་པའི་དུས་འདི་ལ། །གཏན་གྱི་མདུན་མ་བསྒྲུབ་པར་མཛོད་ཅིག་བུ། །ངན་འགྲོའི་གཡང་ས་བདེ་འགྲོའི་ཕན་ཡོན་དང༌། །འདུ་འཛིའི་ཉེས་དམིགས་དབེན་པའི་ཕན་ཡོན་རྣམས། །ཡང་ཡང་བསམས་ནས་ལྕག་གིས་བསྐུལ་མ་འཚལ། །ཚུལ་ཁྲིམས་རྣམ་དག་དམ་ཚིག་མ་ཉམས་པས། །ཆོས་མཆོག་བདུད་རྩི་ཐེག་པ་ཆེན་པོ་ལ། །ཐོས་བསམ་སྒོམ་བསྒྲུབ་སྤེལ་མར་ཉམས་བླངས་ནས། །རིང་པོར་མི་ཐོགས་ཆོས་ཀྱི་རྒྱལ་པོར་འགྱུར། །མཉམ་བཞག་དུས་སུ་ཡེ་ཤེས་ཚོགས་བསགས་ཤིང༌། །རྗེས་ཐོབ་དུས་སུ་བསོད་ནམས་ཚོགས་བསགས་ནས། །ཆོས་སྐུ་ཐོབ་ནས་རང་དོན་མཐར་ཕྱིན་ཅིང༌། །གཟུགས་སྐུ་ཐོབ་ནས་གཞན་དྲོན་བྱེད་པར་འགྱུར། །ཡེ་ཤེས་ཚོགས་ཀྱིས་ཆོས་སྐུའི་དྲི་མ་འཁྲུད། །བསོད་ནམས་ཚོགས་ཀྱིས་གཟུགས་སྐུའི་ཕུན་ཚོགས་བསྐྱེད། །སྨོན་ལམ་སྟོབས་ཀྱིས་གཞན་དོན་འཕྲིན་ལས་ནི། །རབ་འབྱམས་འབད་མེད་ལྷུན་གྲུབ་འབྱུང་བ་ཡིན། །ཞེས་སྨྲས་ནས་ཚེའི་དུས་བྱས་ནས་ས་ཡང་རྣམ་པ་དྲུག་ཏུ་གཡོས་སོ། །ནམ་མཁའ་ལས་མེ་ཏོག་གི་ཆར་ཆེན་པོ་བབ་བོ། །དེ་ནས་རྔོན་པས་རྨ་བྱའི་རོ་ཁུར་ནས་རྒྱལ་པོའི་ཕོ་བྲང་དུ་ཁྱེར་ཏེ། རྒྱལ་པོ་ལ་ལོ་རྒྱུས་ཞིབ་ཏུ་སྨྲས་ནས། རྒྱལ་པོ་ན་རེ། ཉེས་མེད་སེམས་ཅན་ནགས་སུ་རྒྱུ་བ་ལ། །སྡིག་ལས་གོམས་པའི་ནག་པོ་ཁྱོད་ཀྱིས་ཀྱང༌། །དུག་མདས་བསད་ནས་བདག་གི་རྩ་རུ་འགྲིམ། །རྨ་བྱ་ཕལ་བ་མ་ཡིན་བྱང་ཆུབ་ཡིན། །གང་ཞིག་འདི་ཡི་སྤུར་ལ་མཆོད་པ་དང༌། །ཕྱག་འཚལ་མཆོད་པ་སུ་ཞིག་གང་བརྩོན་པ། །བླ་མེད་བྱང་ཆུབ་རྣམ་དག་ཐོབ་པར་འགྱུར། །ཞེས་སྨྲས་ནས། རྒྱལ་པོས་རྨ་བྱའི་རོ་ལ་མཆོད་བའི་ཚོགས་ཀྱིས་མཆོད་དེ། རིན་པོ་ཆེའི་མཆོད་རྟེན་ལ་གཞུག་ཅིང༌། ཕྱག་དང་བསྐོར་བ་རྒྱུན་དུ་མཆོད་པས་གནས་སྐབས་སུ་བཀྲ་ཤིས་ནས། ནམ་ཞིག་འཆི་བའི་ཚེ་ན་ངོ་མཚར་བའི་ལྟས་དུ་མ་དང་བཅས་པར་བདེ་བ་ཅན་དུ་སྐྱེ་བར་གྱུར་ཏོ། །བྱམས་པ་རྨ་བྱའི་རྒྱལ་པོ་དེ་ནི་གཞན་ཞིག་སྙམ་ན་དེ་ལྟར་མི་བལྟའོ། །ངའི་ཉན་ཐོས་ཀྱི་མཆོག་གཞོན་ནུ་ལི་ཙ་བཱི་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་འདི་ཉིད་ཡིན་ནོ། །རྒྱལ་པོ་ཛ་ཀ་ཏ་ལ་ནི་གསལ་རྒྱལ་ཡིན་ནོ། །རྔོན་པ་ནི་མུ་སྟེགས་རྒྱལ་བྱེད་ཡིན་ནོ། །རྨ་བྱའི་བློན་པོ་ནི་ད་ལྟར་བྱང་ཆུབ་སེམས་དཔའ་ལག་ན་པད་མོ་འདི་ཉིད་ཡིན་ནོ། །བྱམས་པ་དེ་ལྟར་རྟོགས་ཤིག །རྨ་བྱ་ཆེན་པོར་སྐྱེས་པའི་རབས་ཏེ་བཅུ་དྲུག་པའོ།། །།

༡༨ བཅུ་བདུན་པ། བྱང་ཆུབ་སེམས་དཔའ་མཛེས་པའི་བློ་གྲོས་སྐྱེས་པའི་རབས།

༈ ཡང་རེ་ཞིག་བྱང་ཆུབ་སེམས་དཔའ་ཞིག་ཏུ་གྱུར་ཏོ་ཞེས་གྲག་གོ །ཚུལ་ཁྲིམས་དྲི་མེད་རྒྱས་པའི་མདོར། དཔེར་ན་རྒྱ་མཚོ་ལ་གསེར་དང༌། དངུལ་དང༌། བཻ་ཌཱུརྱ་ལ་སོགས་པ་རིན་པོ་ཆེ་མང་པོའི་གནས་ཡིན་པ་ལྟར། ཚུལ་ཁྲིམས་ཡང་བྱང་ཆུབ་ཀྱི་ཆོས་ཐམས་ཅད་ཀྱི་གནས་ཡིན་ནོ། །དེ་བས་ན་ལུས་དང་སྲོག་ནི་སྟོར་ཀྱང་བླའི་ནམ་དུ་ཡང་ཚུལ་ཁྲིམས་འཆལ་བར་མི་བྱེད་དོ། །ཀུན་དགའ་བོ་སྔོན་བྱུང་བ་འདས་པའི་དུས་ན་འཇིག་རྟེན་དུ་དེ་བཞིན་གཤེགས་པ་རྒྱལ་བའི་དབང་པོ་ཞེས་བྱ་བ་ཞིག་བྱུང་ངོ༌། །དེའི་ཉེ་འཁོར་དུ་འཕགས་པ་མཛེས་པའི་བློ་གྲོས་ཞེས་བྱ་བ་ཞིག་ཉོན་མོངས་པ་མེད་པ། ཁུར་བོར་བ། ཟག་པ་ཟད་པ། དགྲ་བཅོམ་པ་དེ་བཞིན་གཤེགས་པ་སངས་རྒྱས་ཀྱི་མཐུས། སྔ་དྲོ་ལ་གྲོང་ཁྱེར་པཱེ་ཏ་ལ་ཞེས་བྱ་བར་བསོད་སྙོམས་ལ་གཤེགས་ནས། དབང་པོ་དུལ་བ་གཟུགས་བཟང་བའི་བུ་མོ། རྒྱན་དང་གོས་དར་དང་ལྡན་པ་ཅིག་དང་ཕྲད་དེ་འདོད་པས་གཟིར་ནས་བསླུ་བའི་ཚིག་གིས་སྨྲས་པ། དལ་འབྱོར་ལུས་ལྡན་གཟུགས་བཟང་རབ་ཏུ་མཛེས། །ལྷུང་བཟེད་འཁར་གསིལ་འཛིན་པ་རྒྱལ་བའི་སྲས། །ཤིན་ཏུ་ཕྲད་དཀའ་དེ་རིང་བདག་གིས་རྙེད། །བདག་གི་འདོད་པ་མྱུར་དུ་སྤྱོད་པར་མཛོད། །དེ་ནས་བྱང་ཆུབ་སེམས་དཔས་འདི་སྙམ་སྟེ། ག་རེ་བུ་མོ་འདི་རླུང་ནད་ལངས་སམ། བད་ཀན་ནམ། མཁྲིས་པའམ། འདུས་པའི་ནད་དམ། འོན་ཏེ་འདོད་ཆགས་ཀྱིས་གདུངས་ཀྱང་དགེ་སློང་གིས་སྤྱོད་ལམ་ཤིན་ཏུ་བསྡམས་ནས་སྨྲས་པ། འདོད་ཆགས་མེ་ལྕེ་དམར་པོ་འབར་བ་ཡིས། །ཚུལ་ཁྲིམས་གོ་ཤིརྵ་ནི་ཚིག་པར་བྱེད། །ཕན་པར་སྨྲ་བའི་མཁན་སློབ་རྒྱབ་ཏུ་སྤངས། །ཕུང་བྱེད་བདུད་ཀྱི་བུ་མོ་པང་དུ་བླངས། །དེ་འདྲའི་བྱ་བ་སྨྱོན་པ་ཡིན་ནམ་ཅི། །ཞེས་དང༌། བུ་མོས་ཡན་ལག་ལྔ་ས་ལ་གཏུགས་ནས་ཕྱག་འཚལ་ནས་སྨྲས་པ། བདག་གིས་ཉིན་མཚན་ཀུན་ཏུ་ཁྱོད་དྲན་ནས། །དེ་རིང་མིན་པའི་སྐབས་ནི་རྙེད་གླགས་མེད། །ཁྱིམ་འདིར་རིན་ཆེན་བང་མཛོད་ལོངས་སྤྱོད་གཏེར། །ཁྱོད་ཀྱིས་དེ་རིང་བདག་པོ་ལེགས་པར་མཛོད། །ཅེས་དང༌། དགེ་སློང་ན་རེ། ཚུལ་ཁྲིམས་འཆལ་ན་མནར་མེད་ལྷུང་བའི་ཚེ། །ཡིད་ལ་ཆགས་པའི་གྲོགས་མོས་མདུན་ནས་བོས། །སྤུ་གྲིས་གཏམས་པའི་ལམ་ལ་གཤེགས་པའི་ཚེ། །རྐང་མཐིལ་ལ་སོགས་ལུས་འདི་ལྡུམ་ཚོད་བཞིན། །དུམ་བུར་གཏུབས་ནས་ས་ལ་འགྱེལ་བར་འགྱུར། །ཚེ་འདིར་སྐྱེ་བོ་ཀུན་གྱིས་སྨད་པའི་གནས། །ཉེ་དུ་འབྲེལ་བ་རྣམས་ཀྱིས་བྲན་བཞིན་བཀོལ། །དེ་ཕྱིར་ལུས་སྲོག་འདི་ནས་དོར་ཡང་བླ། །དུས་གསུམ་སངས་རྒྱས་ཀུན་གྱིས་བསྔགས་པ་ཡི། །ཚུལ་ཁྲིམས་འཆལ་བའི་སྤྱོད་པ་གཏན་མི་བྱ། །དེ་ནས་དགེ་སློང་འདི་སྙམ་སྟེ། བདག་འདིར་བྲོས་ནས་གསང་གཏམ་བསྒྲག་སྙམ་ནས། བུ་མོ་འདི་ངོ་ཚ་བས་རང་སྲོག་གཅོད་དོ། །དེ་བས་ང་ཉིད་ཁང་པ་འདིར་ཚེ་འཕོ་བར་བྱའོ་སྙམ་ནས། བུ་མོ་ལ་སྨྲས་པ། སྒོ་རྣམས་དམ་དུ་ཆོད་ལ་སོང༌། །བདག་གིས་བྱ་བ་ཐམས་ཅད་རྫོགས་པ་ན། །སླར་ཡང་ཁྱོད་རང་འདིར་ཤོག་དང༌། །ཆགས་པའི་བྱ་བ་སྤྱོད་པར་བྱ། །ཞེས་བསྒོས་ནས། བུ་མོས་ཕྱི་སྒོ་བཅད་དུ་སོང་བའི་རྒྱབ་ཏུ། དགེ་སློང་གི་སྤུ་གྲི་ཞིག་རྙེད་ནས་རབ་ཏུ་དགའ་སྟེ། ལུས་ལ་གྱོན་པའི་གོས་རྣམས་ཕུད་དེ་ཕུར་རྟིང་ལ་གཟར་ཏེ། ཐལ་མོ་སྦྱར་ནས་ཀུ་ཤའི་སྟན་ལ་འདུག་ནས་སྨྲས་པ། བདག་ནི་སངས་རྒྱས་ཆོས་དང་དགེ་འདུན་རྣམས། །མཁན་པོ་དང་ནི་སློབ་དཔོན་སྤངས་མ་ལགས། །ཚུལ་ཁྲིམས་བསྲུངས་སྙམ་མི་གཙང་ལུས་འདི་སྤངས། །བདག་ནི་གར་སྐྱེས་སངས་རྒྱས་བྱང་ཆུབ་དང༌། །མྱུར་དུ་རྟག་པར་མཇལ་ནས་ཚངས་སྤྱོད་ལྡན། །ཟག་པ་ཟད་ནས་རྣམ་མཁྱེན་མྱུར་ཐོབ་ཤོག །ཅེས་དང༌། རང་གི་མགུལ་པ་བཅད་དེ་ཚེ་འཕོས་ནས། ས་ཡང་མི་བཟོད་བཞིན་དུ་གཡོས་སོ། །དེ་ནས་བུ་མོ་སླར་འོངས་ནས་དགེ་སློང་གི་སྤུར་ལ་ཁྲག་ཙན་དན་དམར་པོ་ལྟ་བུས་གཡོགས་པ་མཐོང་ནས་སྐྲག་སྟེ། སྐྲ་འབལ་ཏེ་འགྲེང་ཞིང་ངུའོ། །དེ་ནས་ཕ་མ་རྣམས་འོངས་ནས་སྒོ་བརྡུངས་ཏེ་བོས་ན་ཅང་མི་སྨྲ་ནས། མི་ཞིག་ནང་དུ་བཏང་ནས་སྒོ་ཕྱེས་ནས་དགེ་སློང་གི་སྤུར་མཐོང་ནས། བུ་མོ་ལ་དྲིས་པས་འདི་སྙམ་དུ་སེམས་ཏེ། བདག་དྲང་བོར་སྨྲས་ནས་ངོ་ཚ། དགེ་སློང་གི་བདག་ལ་ཀྱལ་ཀ་ཞེས་རྫུན་ཚིག་སྨྲས་ན། འཕགས་པ་ལ་སྐུར་བ་བཏབ་ན་སེམས་ཅན་དམྱལ་བར་འགྲོ། སྡུག་བསྔལ་རྣམ་པ་སྣ་ཚོགས་མང་པོ་མྱོང་བར་འགྱུར་གྱིས། ཚུལ་བཞིན་དུ་སྨྲས་ནས། རྒྱལ་པོས་གསེར་གྱི་རྔ་བརྡུངས་ཏེ་འཁོར་འབངས་ཐམས་ཅད་འདུས་ཤིང་བྱང་ཆུབ་སེམས་དཔའི་སྤུར་གོ་ཤིརྵ་ལ་སོགས་སྤོས་ཤིང་གིས་བསྲེགས་ནས་རིང་བསྲེལ་དང་ཆོས་གོས་རྣམ་གསུམ་སངས་རྒྱས་དག་ལ་ཕུལ་ལོ། །དགེ་སློང་དེ་ད་ལྟར་ལི་ཙ་བཱི་འདི་ཉིད་ཡིན་ནོ། །བྱང་ཆུབ་སེམས་དཔའ་མཛེས་པའི་བློ་གྲོས་སྐྱེས་པའི་རབས་ཏེ་བཅུ་བདུན་པའོ།། །།

༡༩ བཅོ་བརྒྱད་པ། རྒྱལ་བུ་མཛེས་ལྡན་དུ་སྐྱེས་པའི་རབས།

༈ ཡང་རེ་ཞིག་སྦྱིན་རྒྱལ་ཏུ་གྱུར་ཏོ་ཞེས་གྲག་གོ །དོན་ཡོད་སྤོང་བའི་མདོར། སྔོན་དེ་བཞིན་གཤེགས་པ་མི་འཁྲུགས་པའི་བསྟན་པ་ལ། ཡུལ་ཝཱ་རཱ་ཎ་སཱིའི་རྒྱལ་པོ་གསེར་སྒྲ་རོལ་པ་ཞེས་བྱ་བ་སྟོབས་ནི་གླིང་བཞི་ལ་དབང་བ་རྒྱལ་ཕྲན་ནི་སྟོང་ཕྲག་བཅུ་གཉིས་ཡོད་དོ། །བཙུན་མོ་ནི་བཞི་བརྒྱ་ཡོད་དོ། །བུ་ཚ་ནི་བཅོ་བརྒྱད་ཡོད་དོ། །བུ་མོ་ནི་ཉི་ཤུ་ཡོད་དོ། །རྒྱལ་བུ་དེ་དག་གི་མཆོག་མཛེས་ལྡན་ཞེས་བྱ་བ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། གཟུགས་བཟང་པ། ཡིད་གཞུང་ལ་མཁས་པ་ཤེས་རབ་ཆེ་བ། སངས་རྒྱས་ཀྱི་མཐུས་རེ་ཞིག་ན་ཕོ་བྲང་གི་སྒོ་བཞིར་རྒྱལ་མཚན་དང༌། བ་དན་ནི་བསྒྲེངས། མེ་ཏོག་དང་བདུག་སྤོས་ནི་བདུག་གོ །རྒྱལ་བུ་གླང་པོ་ཆེ་ལ་བསྐྱོན་ཏེ། དྲིལ་བུ་བསིལ་རྔ་དང་འཁར་རྔ་ནི་བརྡུངས། སྐྱ་པ་བརྒྱ་སྟོང་ཕྲག་གིས་བསྐོར་ནས། གྲོང་ཁྱེར་གྱི་ཕྱི་རོལ་ཏུ་ཕྱིན་པས། ཡུལ་མི་ཐམས་ཅད་གཡས་གཡོན་དུ་ལྟ་ཞིང་རྒྱུག་གོ །རྒྱལ་བུའི་གཟི་བརྗིད་ཀྱིས་དགའ་ལྡན་མན་ཆད་སྣང་བར་བྱས་སོ། །ཤར་སྒོར་ཕྱིན་ནས། རྒྱལ་བུའི་མཐུས། ཞ་བོ་ལོང་བ་མང་པོས་གོས་ཧྲུལ་གྱོན་པ་སློང་བ་ལ་འབོད་པ་མང་པོ་མཐོང་ངོ༌། །མཐོང་ནས་མཁྱེན་བཞིན་དུ་ཁ་ལོ་བསྒྱུར་བ་ལ་ན་རེ། འདི་དག་ནི་ཅི་ཡིན་གསུངས་པ་དང༌། དེ་དག་ན་རེ། འདི་རྣམས་ནི་ཉམ་ཐག་པ་ཕོངས་པ་རྣམས་ཡིན་ནོ་ཟེར་ཏེ། བྱང་ཆུབ་སེམས་དཔའི་སྤྱན་ཆབ་ཤོར་ནས་སྙིང་རྗེ་བསྐྱེད་དོ། །དེ་ནས་ལྷོ་སྒོར་ཕྱིན་ནས། བཤན་པ་མང་པོས་སེམས་ཅན་གྱི་པགས་པ་བཤུས་ནས་ཤ་ཚིལ་དྲོན་ཟོས་བྱེད་པ་མཐོང་ནས། བྱང་ཆུབ་སེམས་དཔའ་ན་རེ། ཨེ་མ་འདི་དག་ཅི་བྱེད་གསུངས་ནས། དེ་དག་ན་རེ། བདག་གི་ཕ་མྱེས་ཐམས་ཅད་ཀྱིས་འདི་འདྲ་བའི་ལས་བྱས་སོ། །དེ་ནས་བྱང་ཆུབ་སེམས་དཔའི་སྤྱན་ཆབ་ཤོར་རོ། །ནུབ་སྒོར་ཕྱིན་ནས། རྔོན་པ་མང་པོས་བྱ་དང་རི་དྭགས་ཀྱི་རྙི་མང་པོ་བཙུགས་ནས། བྱང་ཆུབ་སེམས་དཔའ་ན་རེ། འདི་དག་ཅི་བྱེད་གསུངས་ནས། ཁོ་ན་རེ། བདག་གིས་འདིའི་ཤ་ཁྲག་ལས་སྲོག་འཚོའོ་ཟེར། དེ་ནས་བྱང་སྒོར་ཐོན་ནས། ཉ་པ་མང་པོས་ཉ་རྒྱ་བཏིང་ནས། ཉ་མང་པོ་ཟིན་ནས་ཐང་ལ་བསྐྱུར་ནས་འགུལ་ཤེས་ཙམ་མཐོང་ནས། འདི་དག་ཅི་བྱེད་གསུངས་ནས། དེ་དག་ནི་རེ་རེ་དག་གིས་ཉ་བཤོར་བས་ནི་སྲོག་འཚོ་ཟེར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་འདི་སྙམ་སྟེ། སེམས་ཅན་དབུལ་བའི་དབང་གིས་བསོད་པའི་ལས་བྱེད་དོ། །འདི་དག་ཚེ་འཕོས་མ་ཐག་ཏུ་ངན་སོང་གསུམ་དུ་འགྲོ་ནས་ཐར་པའི་དུས་མེད་སྙམ་ནས་རབ་ཏུ་ངུ་སྟེ། ཡབ་ཀྱི་དྲུང་དུ་ཕྱིན་ནས་རྒྱལ་པོ་ལགས། སེམས་ཅན་གཅིག་ལ་གཅིག་གསོད་པ་དང༌། ཁ་ཟས་ཀྱི་ཕྱིར་ཉོན་མོངས་པ་ཉ་རྒྱ་བྱ་རྙི་བཙུགས་ནས། སྲོག་འཚོ་བར་བྱེད་དོ། །དེ་དག་ནི་ཤི་མ་ཐག་ཏུ་ངན་སོང་དུ་འགྲོ་ནས། ཐར་པའི་དུས་མེད། དེ་དག་གི་སྡིག་པ་འདོར་བའི་ཆེད་དུ། ཡབ་ཀྱི་དཀོར་མཛོད་བདག་ལ་གནང་དུ་གསོལ། ཡབ་ན་རེ། བུ་ཁྱོད་ཅི་འདོད་པར་སྤྱོད་ཅིག་ཅེས་དང༌། དེ་ནས་རྒྱལ་བུས་སྦྱིན་པའི་ཆར་ཆེན་པོ་ཕབ་སྟེ་ཟླ་བ་གསུམ་གྱི་ཉིན་ཞག་ཏུ་སྦྱིན་པ་ལ་སྤྱོད་དོ། །དེ་ནས་ཡབ་ཀྱི་དཀོར་མཛོད་ཐམས་ཅད་ཟད་ནས། ཕོ་བྲང་གི་ལྷ་ཞིག་གིས་སྨྲས་པ། འཇིག་རྟེན་འདི་ན་ནོར་བུ་རིན་པོ་ཆེ་རྙེད་ན་སྦྱིན་པ་བྱིན་ཀྱང་ཟད་པར་མི་འགྱུར་ཞེས་ཐོས་ནས། རྒྱལ་བུ་ན་རེ། ནོར་བུ་རིན་པོ་ཆེ་དེ་སུ་ལ་ཡོད། ལྷ་ན་རེ། དེ་བཞིན་གཤེགས་པ་མི་འཁྲུགས་པ་ལ་ཡོད་དོ། །ཞེས་དང༌། རྒྱལ་བུ་བསོད་ནམས་ཀྱི་སྟོབས་ཀྱིས་དེ་བཞིན་གཤེགས་པ་ག་ལ་བ་དེར་ཕྱིན་ནས། ཕྱག་དང་བསྐོར་བ་བྱས་ནས་སྨྲས་པ། ཨུཏྤལ་མཐིང་གའི་འོད་ལྡན་བཅོམ་ལྡན་འདས། །འཇིག་རྟེན་དག་ན་དབུལ་བའི་སེམས་ཅན་གང༌། །འཚོ་ཕྱིར་གཅིག་ལ་གཅིག་གིས་ཤ་ཁྲག་འཇོམས། །དེ་དག་སྐྱོབ་ཕྱིར་ནོར་བུ་བདག་ལ་ཞུ། །སངས་རྒྱས་ཀྱིས་ལྷའི་ནོར་བུ་བླངས་ནས་བྱང་ཆུབ་སེམས་དཔའི་ལག་ཏུ་གཏད་ནས་ཕོ་བྲང་དུ་དྲངས་ནས་ནོར་བུ་ལ་གསོལ་བ་བཏབ་པས་ཟད་པ་མེད་པའི་གཏེར་གྱི་ཆར་བས་སེམས་ཅན་ཐམས་ཅད་ཚིམས་པར་བྱེད་དོ། །རྒྱལ་བུ་མཛེས་ལྡན་ནི་ལི་ཙ་བཱི་གཞོན་ནུ་འདི་ཡང་དེ་ལྟར་གྱུར་ཏོ། །སྦྱིན་པའི་སྟོབས་ནི་བསམ་གྱིས་མི་ཁྱབ་བོ། །རྒྱལ་བུ་མཛེས་ལྡན་དུ་སྐྱེས་པའི་རབས་ཏེ་བཅོ་བརྒྱད་པའོ།། །།

༢༠ བཅུ་དགུ་པ། གླང་ཆེན་དུ་སྐྱེས་པའི་རབས།

༈ ཡང་རེ་ཞིག་གྲོང་ཁྱེར་མ་ག་དྷཱར་གླང་ཆེན་ཞིག་ཏུ་གྱུར་ཏོ། །འཕགས་པ་འཁོར་ལོ་རོལ་པའི་མདོར། སྔོན་བྱུང་བ་འདས་པའི་དུས་སུ་དེ་བཞིན་གཤེགས་པ་ཟླ་བའི་དབང་པོའི་བསྟན་པ་ལ། ཡུལ་མ་ག་དྷཱའི་བྱང་ཆུབ་ཀྱི་ཤིང་དྲུང་དུ་དགེ་སློང་ཞིག་བསྒོམ་དུ་སོང་བ་ལ་ཉལ་གྱི་བྱ་བས་དུས་འདའ་བའི་ཚེ་ན་སངས་རྒྱས་ཀྱི་མཐུས་གླང་པོ་ཆེའི་ཕྲུ་གུ་ཞིག་དགེ་སློང་གི་རྩར་ཕྱིན་ནས་སྨྲས་པ། འཆད་རྩོད་རྩོམ་པའི་ཉི་འོད་ཆེན་པོ་ཡིས། །རྒྱལ་བའི་བསྟན་པ་སྤེལ་འདོད་བཤེས་གཉེན་ཁྱོད། །ཉོན་མོངས་གཉིད་དུ་ལོག་པ་འཕྲོ་ཆོད་ལ། །དལ་འབྱོར་མི་ལུས་ཐོབ་པ་དོན་ཡོད་མཛོད། །དགེ་སློང་གིས་འདི་བདུད་ཀྱི་བར་ཆད་ཅིག་ཡིན་སྙམ་ནས། བསླུ་མེད་དཀོན་མཆོག་གསུམ་གྱི་བྱིན་རླབས་དང༌། །བདག་གི་ཚུལ་ཁྲིམས་རྣམ་དག་བདེན་སྟོབས་ཀྱིས། །གླང་ཆེན་མི་སྐད་འདོན་པའི་ལྟས་ངན་འདི། །བདུད་ཀྱི་ཆོ་འཕྲུལ་ཡིན་པས་བཟློག་ཏུ་གསོལ། །གླང་ཆེན་གྱིས་སྨྲས་པ། སྐྱེ་བོའི་ཁྱིམ་སྤང་དབེན་པའི་གནས་ས་རུ། །ཉིན་མཚན་ཆོས་ཀྱིས་འདའ་བར་འདོད་ན་ཡང༌། །སྒོ་གསུམ་དགེ་ལ་བརྩོན་པ་ཅུང་ཟད་མེད། །གཏི་མུག་རོ་ཉལ་བྱེད་པའི་ལྟས་ངན་ཡིན། །དགེ་སློང་འདི་སྙམ་སྟེ། ག་རེ་གླང་ཆེན་འདི་ཤེས་རབ་ཆེ་བ་ཞིག་སྙམ་ནས་སྨྲས་པ། གསེར་བཟང་མདོག་ལྡན་བྱུ་རུའི་ལན་ཚར་ཅན། །འཇའ་འོད་སྣ་ལྔའི་དྲ་བས་རྒྱན་སྤྲས་པ། །བདག་ནི་སྐྱེས་ནས་ད་ལྟ་འདི་ཡི་བར། །སྒོ་གསུམ་དགེ་ལ་བརྩོན་པས་བྱང་ཆུབ་ཐོབ། །ཅེས་དང༌། གླང་ཆེན་གྱིས་སྨྲས་པ། ཁྱོད་ནི་སྐྱེས་ནས་ད་ལྟ་འདི་ཡི་བར། །བྱིས་པའི་དུས་སུ་མི་དགེའི་རིགས་ངན་ཡིན། །རབ་ཏུ་བྱུང་ན་ལྟུང་བའི་ཕུང་པོ་བསོགས། །དེ་ཕྱིར་བྱང་ཆུབ་ཐོབ་པ་ཡིན་ནམ་ཅི། །དགེ་སློང་ན་རེ། གླང་ཆེན་གསུངས་ལ་ལེགས་བཤད་ཉི་འོད་འབྱུང༌། །བདག་བློ་གཏི་མུག་མུན་པ་སྣང་མཛད་པ། །བྱང་ཆུབ་ཐོབ་པའི་དགེ་སྦྱོར་བྱེད་པ་ནི། །ཇི་ལྟར་རིམ་པ་བདག་ལ་འཆད་དུ་གསོལ། །ཞེས་དང༌། གླང་ཆེན་ན་རེ། བཤད་པ་ཕལ་ཆེར་རང་ཉིད་བསླུ་བ་མང༌། །དེ་བས་རང་ཉིད་གཅིག་པུ་དབེན་གནས་སུ། །རྩེ་གཅིག་བསྒོམས་པས་བྱང་ཆུབ་སྙིང་པོ་ནི། །ཚེ་འདིར་ཐོབ་པས་གཞན་ཕན་འབྱུང་བར་འགྱུར། །ཞེས་དང༌། དགེ་སློང་ན་རེ། བདག་ཀྱང་དེང་ནས་ཁྱོད་དྲུང་འབྲལ་མེད་དུ། །ཡང་ཡང་སྐྱེས་ནས་ཆོས་ཀྱི་གསུང་གླེང་བགྱིད། །དེ་བཞིན་གཤེགས་པ་ཟླ་བའི་དབང་པོའི་དྲུང༌། །ཞལ་གྱི་བདུད་རྩི་རྒྱུན་དུ་འཐུང་བར་ཤོག །དེ་ནས་དགེ་སློང་ཕལ་པའི་བསམ་པ་དང༌། ཐེག་པ་ཆུང་ངུ་དང༌། འཇིག་རྟེན་པའི་སྤྱོད་པ་རྣམས་བཞག་གོ །ནམ་མཁའི་སྙིང་པོ། གླང་པོ་ཆེའི་སྟོབས་ཀྱི་རྒྱན་དམ་པའི་མཐུས། བག་མེད་པའི་དགེ་སློང་དེ་དེ་བཞིན་གཤེགས་པ་ཟླ་བའི་དབང་པོ་ག་ལ་བ་དེར་ཕྱིན་ནས། བསམ་གཏན་གྱི་ནམ་མཁར་བཞུགས་སོ། །བཞུགས་ནས་བྱང་ཆུབ་ཀྱི་སྙིང་པོར་གཤེགས་སོ། །གླང་ཆེན་སྟོབས་ཀྱི་རྒྱན་དམ་པའི་མཐུ་དང་ལྡན་པར་གྱུར་པ་ནི་གཞན་ཞིག་སྙམ་ན་དེ་ལྟར་མི་བལྟ་སྟེ། ནམ་མཁའི་སྙིང་པོ་གླང་ཆེན་དུ་གྱུར་པ་ནི་གཞོན་ནུ་ལི་ཙ་བཱི་ཡིན་ནོ། །དགེ་སློང་ནི་བྱང་ཆུབ་སེམས་དཔའ་ལག་ན་པད་མོ་ཡིན་ནོ། །གླང་ཆེན་དུ་སྐྱེས་པའི་རབས་ཏེ་བཅུ་དགུ་པའོ།། །།

༢༡ ཉི་ཤུ་ཐམ་པ། ངང་པར་སྐྱེས་པའི་རབས།

༈ ཡང་རེ་ཞིག་ངང་པ་ཞིག་ཏུ་གྱུར་ཏོ་ཞེས་གྲག་གོ །ཁྱིམ་བདག་ཟླ་འོད་ཀྱིས་ཞུས་པའི་མདོར། རབ་འབྱོར། སྔོན་དེ་བཞིན་གཤེགས་པ་གསེར་ཐུབ་བཞུགས་པའི་དུས་སུ། ཆུ་བོ་གང་གཱའི་འགྲམ་ལ་ཕ་ལྷ་བསྒྲུབ་པའི་གནས་སུ་དྲང་སྲོང་ཞིག་སྒོམ་དུ་སོང་བ་ལ། བུད་མེད་དང་ཉལ་པོར་བྱེད་ནས་འདུག་པའི་ཚེ་ར་བའི་ཁར་ངང་པ་ཞིག་བབ་ནས་སྨྲས་པ། བརྒྱ་ལམ་ལན་ཅིག་དལ་འབྱོར་མི་ལུས་འདི། །རྙེད་པར་དཀའ་ལ་ཤིན་ཏུ་འཇིག་པར་སླ། །ཚེ་འདི་མི་རྟག་ནམ་མཁའི་འཇའ་དང་འདྲ། །ཚུལ་ཁྲིམས་འཆལ་པ་དམྱལ་བའི་བུད་ཤིང་ཡིན། །ཞེས་དང༌། དགེ་སློང་ན་རེ། མཁའ་ལྡིང་འདབ་ཆགས་ཀུ་ཅོ་སྣ་ཚོགས་ཅན། །ལྷ་ཅིག་ཡིན་ནམ་ཕལ་ཆེར་བདུད་ཅིག་ཡིན། །ཚུར་ལ་མ་ཉེ་ཕར་ཕར་དེངས་ལ་སོང༌། །དྲང་སྲོང་རང་གི་བུད་མེད་སྤྱོད་དུ་ཆུག །ཅེས་དང༌། ངང་པ་ན་རེ། ཆེ་བཞག་ཆུང་བཞག་རབ་ཏུ་བྱུང་བའི་ཚེ། །མཁན་སློབ་ཡིད་བཞིན་ནོར་བུ་དཔང་དུ་བཙུགས། །སངས་རྒྱས་གསེར་ཐུབ་རྗེས་འབྲང་ཁས་བླངས་ནས། །བག་མེད་རྒྱུན་སྤྱོད་མ་རིག་བདུད་ཅིག་ཡིན། །ཀྱེ་མ་བྱ་འདི་དེ་བཞིན་གཤེགས་པའི་རྣམ་འཕྲུལ་ཅིག་ཡིན་སྙམ་ནས་སྨྲས་པ། གསེར་མདོག་སྤྱན་བཟང་དུང་གི་མགོ་བོ་ཅན། །ཐབས་ཤེས་གཉིས་ཀྱི་གཤོག་པ་མཁའ་ལ་བརྐྱངས། །འདབ་ཆགས་གཟུགས་ལ་བྱང་ཆུབ་བསམ་པ་ཅན། །བག་མེད་སྤངས་ན་ཇི་ལྟར་སྤང་བ་ལགས། །ཞེས་དང༌། ངང་པ་ན་རེ། ངན་སྐྱུགས་བུམ་པ་བྱི་དོར་བྱས་པ་ལྟར། །བཤང་གཅི་ལ་སོགས་མི་གཙང་ཕུང་པོ་ལ། །མ་བརྟགས་མཛེས་པར་སྣང་བ་པགས་པས་གཡོགས། །ཞིབ་ཏུ་ཡང་ཡང་དཔྱོད་ན་སྤོང་བ་ལགས། །ཞེས་དང༌། དྲང་སྲོང་ན་རེ། ངང་པའི་ལུས་ཅན་བྱ་རྒྱལ་ཆོས་ཀྱི་རྗེ། །ཐོག་མེད་དུས་ནས་ད་ལྟ་འདི་ཡི་བར། །ཇི་ལྟར་བྱས་ཀྱང་བྱང་ཆུབ་རྙེད་པ་མེད། །ཚེ་འདིར་བྱང་ཆུབ་ཐོབ་པའི་ཆོས་ཞིག་ཞུ། །ཞེས་དང༌། ངང་པ་ན་རེ། དྲི་བཅས་སངས་རྒྱས་རྣམ་དག་འགྱུར་མེད་ལ། །སྐྱོ་བ་མེད་པའི་མེ་ཏོག་མཆོད་བྱས་ནས། །ལུས་ཅན་སྒྲིབ་བཅས་བདུད་བཞིའི་ལས་ལས་འདས། །ཚེ་འདིར་བྱང་ཆུབ་མྱུར་དུ་རེག་པར་འགྱུར། །ཞེས་དྲང་སྲོང་རྩེ་གཅིག་ཏུ་བསྒྲུབས་པས་སྙིང་པོ་བྱང་ཆུབ་ཐོབ་བོ། །རབ་འབྱོར། ཚེ་དང་ལྡན་པ་གཞོན་ནུ་ལི་ཙ་བཱི། འདིས་སེམས་ཅན་མང་པོ་བག་མེད་པའི་གནས་ལས་བསྒྲལ་བར་བྱེད་དོ། །ངང་པར་གྱུར་པ་ནི་ངའི་ཉན་ཐོས་འདི་ཉིད་ཡིན་ནོ། །དྲང་སྲོང་དུ་གྱུར་པ་ནི་ད་ལྟ་དགེ་སློང་ཟླ་བའི་རྒྱལ་མཚན་འདི་ཉིད་ཡིན་ནོ། །བུད་མེད་ནི་ཨུད་ཏ་ར་ཡིན་ནོ། །ངའི་ཉན་ཐོས་འདི་ངང་པ་ཚུལ་ཁྲིམས་ཀྱི་ཕུང་པོར་སྐྱེས་ན་ཡང༌། སེམས་ཅན་ཚ་བ་ཅན་གྱི་གདུགས་སུ་གྱུར་པའོ། །དབུལ་བ་ཅན་ལ་ནོར་བུའོ། །ནད་ཀྱིས་གདུངས་པ་ལ་སྨན་པའོ། །ཟུག་རྔུ་འབྱིན་པའི་ཡེ་ཤེས་སོ། །མུན་པར་གྱུར་པའི་སྒྲོན་མེའོ། །རྒྱ་མཚོ་ལས་སྒྲོལ་བའི་དེད་དཔོན་ཡིན་པར་རིག་པར་བྱའོ། །ཞེས་ངང་པར་སྐྱེས་པའི་རབས་ཏེ་ཉི་ཤུ་ཐམ་པའོ།། །།

༢༢ ཉེར་གཅིག་པ། འཕགས་པ་སྤོས་ཀྱི་གླང་པོར་སྐྱེས་པའི་རབས།

༈ ཡང་བྱང་ཆུབ་སེམས་དཔའ་ཞིག་ཏུ་གྱུར་ཏོ་ཞེས་གྲག་གོ །འཕགས་པ་འཇམ་དཔལ་རོལ་པའི་མདོར། འཇམ་དཔལ་སྔོན་བྱུང་བ་འདས་པའི་དུས་སུ། དེ་བཞིན་གཤེགས་པ་རྣམ་པར་གཟིགས་ཀྱི་བསྟན་པ་ལ། འཁོར་ལོས་སྒྱུར་བའི་རྒྱལ་པོ་མེ་ཏོག་འཕགས་པ་ཞེས་བྱ་བ་ཡང་ཡོད་དེ། བློན་པོ་དང་རྒྱལ་ཕྲན་ལྔ་སྟོང་ཡོད་དོ། །བཙུན་མོ་ལྔ་བརྒྱ་ཡོད་ཀྱང་སྲས་མེད་པས། དུས་རེ་ཞིག་ཏུ་སངས་རྒྱས་རྣམ་པར་གཟིགས་ལ་བསྙེན་བཀུར་རྒྱ་ཆེན་པོར་བྱས་པའི་ཚེ་ན། རྒྱལ་བུ་ཉེར་གཉིས་ཁབ་ཏུ་འབྱུང་ངོ༌། །ཞེས་ནམ་མཁར་སྒྲ་གྲག་གོ །དེ་ནས་ཟླ་བ་དགུ་ནས་བཙུན་མོ་ལ་བུ་རེ་རེ་བཙས་སོ། །བཙུན་མོ་མེ་ཏོག་མཛེས་ལ་པད་མོ་ཞིག་བཙས་ནས། རྒྱལ་པོས་གདུང་ཚབ་ཏུ་རེ་བ་ལ། མཚན་ངན་པད་མོ་འདི་འབྱུང་ངོ༌། །ད་ལྟ་ཉིད་དུ་ཕྱུང་ལ་བོར་དུ་ཆུག །ཡན་ལག་སྤོས་ཆུས་བཀྲུ་ལ་ཤོག །ཅེས་བསྒོ་ནས། པད་མོ་བོར་ནས། ཞག་གསུམ་ན། རྒྱལ་བློན་རྣམས་སྐྱེད་མོས་ཚལ་དུ་སོང་ནས། པད་མོའི་རྫིང་ལ་མེ་ཏོག་ལེ་བརྒན་དུ་འདུག་པ་འོད་འཚེར་བ། ཁ་ཕྱེ་བའི་དཀྱིལ་དུ་ཁྱེའུ་དཀར་པོ་བྱད་གཟུགས་མཛེས་པ་ཞིག་སྣང་ངོ༌། །མེ་ཏོག་མཛེས་ལ་བཙས་པར་ཤེས་ནས། རྒྱལ་མཚན་བ་དན་འཕྱར་བའི་འཇའ་འོད་འཁྱིལ། །དུང་སྒྲ་རྔ་སྒྲ་འབྲུག་སྟོང་རབ་ཏུ་ལྡིར། །མེ་ཏོག་སྤོས་མཆོག་ས་གཞི་རྣམ་པར་ཁེངས། །ཕོ་བྲང་གནས་སུ་རྒྱལ་བུ་ཚུལ་བཞིན་དྲངས། །རྒྱལ་བུའི་མཚན་ནི་སྤོས་ཀྱི་གླང་པོ་ཞེས་བཏགས་སོ། །དེ་ནས་མཚན་མཁན་ལ་བསྟན་ནས། རྒྱལ་བུ་བསོད་ནམས་ལྡན་པས་མཚན་དཔེས་བརྒྱན། །ཁྱིམ་ལ་གནས་ནས་མཐའ་བཞི་དག་ལ་དབང༌། །རབ་བྱུང་བྱས་ན་སྐྱེ་ཤི་རྩ་བ་གཅོད། །མངོན་པར་བྱང་ཆུབ་མཆོག་ཏུ་སངས་རྒྱས་འགྱུར། །དེ་ནས་རྒྱལ་བུ་དེ་དག་ཆེར་སྐྱེས་ནས། པད་མའི་རྫིང་བུར་དེ་དག་ཕྱིན་ནས། སོ་སོའི་གཟུགས་ཆུ་ལ་འཆར་ནས། རྒྱལ་བུ་སྤོས་ཀྱི་གླང་པོས་སྨྲས་པ། ཆོས་རྣམས་སྒྱུ་མ་རྨི་ལམ་ཆུ་ཟླ་འདྲ། །བདག་ཅག་རྣམས་ཀྱང་དེ་བཞིན་མི་རྟག་གོ །ལང་ཚོ་གཟུགས་བཟང་ཡིད་བརྟན་བྱེད་མི་རུང༌། །ལོ་བརྒྱ་ཐོབ་ཀྱང་ཐ་མར་འཆི་བ་ལགས། །ཞེས་དང༌། རྒྱལ་བུ་དེ་དག་མྱ་ངན་སྐྱེས་ནས། ཕོ་བྲང་དུ་ཕྱིན་ནས་ཡབ་ཡུམ་ལ་སྨྲས་པ། འཇིག་རྟེན་དག་ནི་སྡུག་བསྔལ་གཞི་མ་སྟེ། །ཁྱིམ་ན་གནས་པ་སྐྱེ་ཤིའི་ཁ་རྒྱུད་ཡིན། །དལ་འབྱོར་ཐོབ་ཅིང་བསྟན་ལ་མཇལ་བའི་ཚེ། །བདག་ཅག་རབ་ཏུ་བྱུང་བར་གནང་དུ་གསོལ། །དེ་ནས་རྒྱལ་བུ་སྤོས་ཀྱི་གླང་པོའི་གསུངས་མ་ཆོག་པར། རྒྱལ་བུ་དེ་དག་རབ་ཏུ་བྱུང་བར་གནང་ནས། དེ་བཞིན་གཤེགས་པ་རྣམ་པར་གཟིགས་ལ་རབ་ཏུ་བྱུང་ངོ༌། །དེ་དག་ཐམས་ཅད་མྱུར་དུ་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་གྱུར་ཏོ། །འཇམ་དཔལ་རྒྱལ་བུ་སྤོས་ཀྱི་གླང་པོ་ནི་ལི་ཙ་བཱི་དེ་ཡིན་ནོ། །འཕགས་པ་སྤོས་ཀྱི་གླང་པོར་སྐྱེས་པའི་རབས་ཏེ་ཉེར་གཅིག་པའོ།། །།

༢༣ ཉེར་གཉིས་པ། མཛེས་བཟང་དུ་སྐྱེས་པའི་རབས།

༈ ཡང་རེ་ཞིག་ཉན་ཐོས་ཞིག་ཏུ་གྱུར་ཏོ་ཞེས་གྲག་གོ །ར་ཀ་ཏ་ཀུན་ཏུ་རྒྱས་པའི་མདོ་ལས། སྔོན་དེ་བཞིན་གཤེགས་པ་སེང་གེ་རྣམ་པར་རོལ་པའི་བསྟན་པ་ལས། སངས་རྒྱས་དེའི་ཉེ་འཁོར་དུ་རྫུ་འཕྲུལ་ཆེ་བའི་མཆོག་ཚེ་དང་ལྡན་པ་མཛེས་བཟང་ཞེས་བྱ་བ་ཞིག་ཀྱང་ཡོད་དོ། །དུས་རེ་ཞིག་ན་དེ་བཞིན་གཤེགས་པའི་མཐུས་མཛེས་བཟང་ལ་སོགས་ཉན་ཐོས་ལྔ་སྔ་དྲོ་ལ་ཆོས་གོས་ཤམ་ཐབས་ལྷུང་བཟེད་འཁར་བསིལ་ཐོགས་ནས་བསོད་སྙོམས་ལ་གཤེགས་སོ། །ཡུལ་གྲུ་འཛིན་ཏུ་ཕྱིན་ནས། མུ་སྟེགས་སྟོན་པ་ཞིག་གིས་ཕྲག་དོག་སྐྱེས་པས། གླང་པོ་ཆེ་བཅོ་ལྔ་ཆང་གིས་མྱོས་པར་བྱས་ནས་ཉན་ཐོས་རྣམས་ལ་བཏང་ངོ༌། །མཛེས་བཟང་ན་བཟའི་མཐའ་ནས་འཁར་བསིལ་བཏེགས་ནས། སེང་གེ་ཁ་གདངས་པ་མི་འཇིགས་པ་བཞིའི་སྒྲ་སྒྲོགས་པས། གླང་ཆེན་ཐམས་ཅད་ཀྱི་ལུས་འདར་ནས་རབ་ཏུ་སྐྲག་ནས། སླར་ལོགས་ཏེ་མུ་སྟེགས་སྟོན་པ་མང་པོ་བསད་དོ། །དེ་ནས་མུ་སྟེགས་རྒྱལ་པོས་ཉན་ཐོས་རྣམས་བསུས་ནས་སྟན་བཏིང་བསྙེན་བཀུར་རྒྱ་ཆེན་པོར་བྱས་སོ། །འགྱོད་ཚངས་བྱས་ཏེ་སྨྲས་པ། མི་འཇིགས་བཞི་ཡི་སེང་གེ་ཁ་གདངས་ཕྱེ། །མུ་སྟེགས་ངན་པའི་གླང་པོ་ས་ལ་འགྱེལ། །ཉེས་པ་གང་མཆིས་ཁྱེད་ཀྱི་དྲུང་དུ་བཤགས། །བསླབ་པའི་ཆོས་ཅིག་བདག་ལ་འཆད་དུ་གསོལ། །མཛེས་བཟང་ན་རེ། དལ་འབྱོར་འདི་ཡང་ཡིད་བཞིན་ནོར་བུས་ལྷག །དེ་བས་སངས་རྒྱས་ཕྲད་དཀའ་ཆོས་བྱེད་དཀའ། །ཚུལ་བཞིན་བསམས་ནས་ལོག་པའི་ཆོས་ལུགས་སྤངས། །བསླུ་བ་མེད་པའི་སངས་རྒྱས་ཆོས་ལ་སྤྱོད། །ཅེས་མུ་སྟེགས་སྡེ་གླིང་ནང་པའི་བསྟན་པ་ལ་བཙུད་དོ། །མཛེས་བཟང་ནི་གཞོན་ནུ་ལི་ཙ་བཱི་འདི་ཡིན་ནོ། །མཛེས་བཟང་དུ་སྐྱེས་པའི་རབས་ཏེ་ཉེར་གཉིས་པའོ།། །།

༢༤ ཉེར་གསུམ་པ། ཟླ་བའི་བློ་གྲོས་སུ་སྐྱེས་པའི་རབས།

༈ ཡང་དུས་ལན་ཅིག་ཏུ་བྱང་ཆུབ་སེམས་དཔའ་ཞིག་ཏུ་གྱུར་ཏོ་ཞེས་གྲག་གོ ། སངས་རྒྱས་ཡོན་ཏན་བཀོད་པའི་མདོ་ལས། ཤཱ་རིའི་བུ། སྔོན་བྱུང་བ་བསྐལ་པ་དྲུག་ཅུ་འདས་པའི་ཕ་རོལ་ན། འཇིག་རྟེན་དུ་དེ་བཞིན་གཤེགས་པ་སེང་གེའི་རྒྱལ་མཚན་ཞེས་བྱ་བ་ཞིག་བྱུང་ནས་སྐུ་ཚེའི་ཚད་ནི་བར་བསྐལ་ཉི་ཤུའོ། །དེ་བཞིན་གཤེགས་པ་དེའི་ཉན་ཐོས་ཆེན་པོ་རྫུ་འཕྲུལ་ཅན་གྱི་མཆོག །ཚེ་དང་ལྡན་པ་ཟླ་བའི་བློ་གྲོས་ཞེས་བྱ་བ་ཞིག་ཡོད་དེ་བསླབ་པ་གསུམ་དང་མངོན་པར་ཤེས་པ་དྲུག་དང༌། རྣམ་པར་ཐར་པ་བརྒྱད་དང་ལྡན་པ་དེ་སངས་རྒྱས་ཀྱི་མཐུས་སྔ་དྲོའི་དུས་ཀྱི་ཚེ། གྲོང་ཁྱེར་ཡངས་པ་ཅན་དུ་བསོད་སྙོམས་ལ་ཕྱིར་གཤེགས་ནས། ཡངས་པ་ཅན་དུ་ས་ཡང་ཆེར་གཡོས་ཏེ། སྤྲིན་ནག་པོ་དང་དུས་མ་ཡིན་པའི་རླུང་དང༌། འབྲུག་སྒྲ་ཡང་དི་རི་རི་ཟེར་རོ། །གློག་མོ་དག་ཀྱང་འཁྱུག་གོ །དེ་ནས་ཡངས་པ་ཅན་གྱི་མི་ཁ་ཅིག་གྲོང་ཁྱེར་གཞན་དུ་འབྲོས་ཐབས་བྱེད་དོ། །གྲོང་ཁྱེར་ཐམས་ཅད་གདོན་འབྱུང་པོས་བཏབ་པར་གྱུར་ཏོ། །རླུང་དང༌། བད་ཀན་དང༌། མཁྲིས་པ་དང༌། མེ་དབལ་དང༌། འབྲུམ་བུ་ལ་སོགས་པ་ནད་སྣ་ཚོགས་པ་འབྱུང་ངོ༌། །དེ་ནས་ཡངས་པ་ཅན་གྱི་ལྗོན་ཤིང་ཀུན་གྱི་དགེ་སློང་དང༌། དགེ་སློང་མ་དང༌། དགེ་བསྙེན་དང༌། དགེ་བསྙེན་མ་རྣམས་སྐྲག་སྟེ་སྐྱི་བུང་བྱེད་དོ། །སངས་རྒྱས་དང༌། ཆོས་དང༌། དགེ་འདུན་ལ་ཕྱག་འཚལ་ལོ། །བྲམ་ཟེ་ཁ་ཅིག་གནམ་དུ་བལྟས་ཏེ་ངུ་འབོད་དོ། །ཁྱིམ་བདག་གང་དག་སངས་རྒྱས་ཀྱི་བསྟན་པ་ལ་མངོན་པར་མ་དད་པའི་རིགས་རྣམས་ནི་ལྷ་ཚངས་པ་ལ་ཕྱག་འཚལ། ཁ་ཅིག་བརྒྱ་བྱིན་ལ། དེ་མ་ཡིན་པ་རྣམས་དབང་ཕྱུག་དང༌། ནོར་བུ་བཟང་པོ་དང༌། རྫོགས་བཟང་དང༌། ཉི་ཟླ་དང༌། རི་བོ་དང༌། ནགས་ཚལ་དང༌། སྨན་དང༌། ལྗོན་ཤིང་དང༌། གེལ་བ་དང༌། ཆུ་བོ་དང༌། མཚོ་དང༌། རྫིང་བུ་དང༌། ལྡེང་ཀའི་གནས་ལ་ཕྱག་འཚལ་ཞིང༌། བདག་ཅག་འདི་འདྲ་བའི་གདོན་འཇིགས་པའི་གནས་ལས་ཇི་ལྟར་ཐར་པར་འགྱུར་རོ། །སྙམ་ནས་འཁོད་པ་དང༌། བྱང་ཆུབ་སེམས་དཔའ་མི་ལས་ཁྱད་པར་དུ་འཕགས་པའི་སྤྱན་རྣམ་པར་དག་པས་གཟིགས་སོ། །གཟིགས་ནས་རིངས་པ་རིངས་པར་ཡངས་པ་ཅན་དུ་སེམས་ཅན་སྡུག་བསྔལ་གྱིས་གདུང་བའི་རྩར་ཕྱིན་ནས། ངུར་སྨྲིག་ཆོས་གོས་ཡར་ཕྲག་པར་བསགས་ནས་བྱང་ཆུབ་སེམས་དཔའི་སྐུ་ཤིན་ཏུ་མཛེས་པ། དང་པར་འོས་པ། དབང་པོ་དུལ་བ། ཐུགས་ཞི་བ། ཞི་གནས་ཀྱི་དམ་པའི་ཕ་རོལ་ཏུ་ཕྱིན་པ། གླང་པོ་ཆེན་པོ་ལྟར་དུལ་བ། མཚོ་ལྟར་རྙོག་པ་མེད་པ། མཚན་བཟང་པོ་སོ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ། ཤིང་སཱ་ལའི་རྒྱལ་པོ་ལྟར་རྒྱས་པ་ཉི་མ་ལྟར་འོད་ཟེར་གྱི་དྲ་བ་འགྱེད་པ་མཚན་མོ་ལ་མེའི་ཕུང་པོ་ལྟར་ལྷམ་མེ་ལྷན་ནེ་ལྷང་ངེར་སེམས་ཅན་གྱིས་མཐོང་ངོ༌། །མཐོང་ནས་ཡངས་པ་ཅན་དུ་ལ་ལ་མེ་ཏོག་འཐོར། དར་གྱི་ལྡ་ལྡི་ནི་འཕྱར། རྒྱལ་མཚན་ནི་བསྒྲེངས། གདུགས་ཆེན་ནི་བསྐོར། རོལ་མོ་སྣ་ཚོགས་ནི་དཀྲོལ། སྤོས་བཟང་པོ་ནི་བདུག་ནས་བྱང་ཆུབ་སེམས་དཔའ་ག་ལ་བ་དེར་ལྷགས་སོ། །དེ་ནས་བྱང་ཆུབ་སེམས་དཔའི་ཕྱག་མཐིལ་འཁོར་ལོ་མུ་ཁྱུད་རྩིབས་སྟོང་དང་ལྡན་པ་མེ་ཏོག་པད་མའི་སྙིང་པོ་ལྟར་འཇམ་པ། གཞོན་ཤ་ཆགས་པ། འོད་ཟེར་བརྒྱ་སྟོང་དུ་མར་འཕྲོ་བའི་ཕྱག་གཡས་པ་བརྐྱངས་ནས་ལི་ཙ་བཱི་དེ་དག་གི་མགོ་ལ་བྱུགས་ཏེ་ཡེ་ཤེས་གྱི་སྤྱན་ཡངས་པར་ཕྱེ་ནས་ཕྱོགས་ཀུན་ཏུ་གཟིགས་ནས་འདི་སྐད་ཅེས་གསོལ་ཏོ། །སྐུ་ཡི་བཀྲ་ཤིས་མི་ནུབ་རྒྱལ་མཚན་མཆོག །གསུང་གི་བཀྲ་ཤིས་དུང་དཀར་གཡས་སུ་འཁྱིལ། །ཐུགས་ཀྱི་བཀྲ་ཤིས་དཔལ་བེའུ་འོད་དུ་འབར། །འདོད་ཆགས་རླུང་ནད་དྲི་མ་སེལ་བར་ཤོག །སྤྱན་ལ་བཀྲ་ཤིས་རིན་ཆེན་གསེར་གྱི་ཉ། །ལྗགས་ལ་བཀྲ་ཤིས་པད་མ་དཀར་པོ་རྒྱས། །མགུར་ལ་བཀྲ་ཤིས་བུམ་བཟང་ཁ་རྒྱན་མཛེས། །ཞེ་སྡང་མཁྲིས་ནད་བག་ཆགས་ཐམས་ཅད་སོལ། །ཕྱག་ལ་བཀྲ་ཤིས་ཡོན་ཏན་ནོར་བུས་མཚན། །ཞབས་ཀྱི་བཀྲ་ཤིས་དབང་བསྒྱུར་འཁོར་ལོ་འབར། །རྣམ་ཐར་བརྒྱད་ལྡན་རོལ་པའི་བཀྲ་ཤིས་བརྒྱད། །གཏི་མུག་བད་ཀན་འདུས་པའི་ནད་ཀུན་སོལ། །སེར་སྣ་མདུད་གཅོད་ཡེ་ཤེས་རལ་གྲི་མཆོག །དམིགས་མེད་སྦྱིན་པ་རྣམ་བཞི་ཆུ་བོའི་རྒྱུན། །ཉམ་ཐག་འགྲོ་ཀུན་བདེ་བར་སྐྱོང་མཛད་པ། །སྦྱིན་པའི་ཕ་རོལ་ཕྱིན་པའི་བཀྲ་ཤིས་ཤོག །བག་མེད་ཚུལ་འཆོས་བཅོམ་པའི་བདུད་རྩི་སྟེ། །སྟོང་གསུམ་ཡིད་བཞིན་ནོར་བུ་དགོས་འདོད་འབྱུང༌། །ཚངས་སྤྱོད་རྣམ་དག་མགོན་མེད་སྐྱོང་མཛད་པ། །ཚུལ་ཁྲིམས་ཕ་རོལ་ཕྱིན་པའི་བཀྲ་ཤིས་ཤོག །ཞེ་སྡང་ལྟོ་འགྲོའི་དགྲ་ལ་ནམ་མཁའ་ལྡིང༌། །བྱང་ཆུབ་སེམས་གཉིས་རོལ་པའི་གཤོག་བརྐྱང་ཅན། །གནོད་བྱེད་ཐམས་ཅད་རིན་ཆེན་གཏེར་མཚུངས་པ། །བཟོད་པའི་ཕ་རོལ་ཕྱིན་པའི་བཀྲ་ཤིས་ཤོག །ལེ་ལོ་མུན་པའི་རྒྱ་མཚོ་སྐེམ་བྱེད་པ། །འོད་ཟེར་དཀྱིལ་འཁོར་རྒྱས་པའི་ཉི་མ་སྟེ། །མྱང་འདས་ཐར་པའི་ཁང་བཟང་བགྲོད་མཛད་པ། །བརྩོན་འགྲུས་ཕ་རོལ་ཕྱིན་པའི་བཀྲ་ཤིས་ཤོག །མ་རིག་རྣམ་རྟོག་འཇོམས་པའི་ཏིང་འཛིན་མཆོག །སྤྲོས་བྲལ་མཁའ་ལྟར་ཡངས་པའི་མཉམ་བཞག་སྟེ། །འབྲས་མཆོག་ཆོས་ཉིད་མངོན་དུ་གྱུར་པ་ཉིད། །བསམ་གཏན་ཕ་རོལ་ཕྱིན་པའི་བཀྲ་ཤིས་ཤོག །ཀུན་རྫོབ་འཁྲུལ་བའི་འཁྲུལ་འཁོར་མ་རིག་ཀུན། །དོན་དམ་འཁྲུལ་མེད་བདེན་པ་འདུས་མ་བྱས། །བདེན་གཉིས་ཚུལ་བཞིན་རྟོགས་པའི་ཤེས་རབ་སྟེ། །ཤེས་རབ་ཕ་རོལ་ཕྱིན་པའི་བཀྲ་ཤིས་ཤོག །སེམས་ཅན་དབུལ་ཕོངས་ནད་ཀྱིས་མནར་བ་ཀུན། །སྲོག་ཆགས་བརྒྱ་ཕྲག་སྡུག་བསྔལ་གཟིར་བ་རྣམས། །སྐྱེ་བོ་མྱ་ངན་འཇིགས་པས་གདུང་མཐོང་ནས། །དེ་དག་དོན་དུ་སྙིང་རྗེ་སེམས་ཀྱིས་སྤྱོད། །འགྲོ་དྲུག་རྒྱུད་ལྔ་འཁོར་བའི་དཀྱིལ་འཁོར་དུ། །སྐྱེ་རྒ་ན་འཆིའི་འཁྲུལ་འཁོར་རབ་ཏུ་གདུང༌། །སྡུག་བསྔལ་མ་རིག་འཁོར་ལོ་བཤིག་མཛད་པ། །ཡེ་ཤེས་རྡོ་རྗེ་སྲ་བ་འདི་ཚོལ་ལོ། །འདོད་ཆགས་ཞེ་སྡང་དུག་གི་ཚེར་མ་ཅན། །ལྟ་ངན་ནགས་ཚལ་ཡོངས་སུ་འཛིངས་པ་ཡིས། །སེམས་ཅན་ཞིང་ལ་མ་རིག་སྤྱོད་པའི་ཕྱིར། །ཡེ་ཤེས་མེ་ལྕེ་འབར་བ་འདི་ཚོལ་ལོ། །ཡེ་ཤེས་འོད་ཟེར་སྨོན་ལམ་དཀྱིལ་འཁོར་ཅན། །འགྲོ་ཀུན་ཐར་པའི་གླིང་མཆོག་སྐྱེལ་མཛད་པ། །ཆོས་དབྱིངས་མཁའ་ལ་མངོན་པར་འཕགས་པ་ཡིས། །སངས་རྒྱས་ཟླ་བའི་དཀྱིལ་འཁོར་འཆར་བར་འགྱུར། །ཤཱ་རིའི་བུ། དེ་ནས་ཡངས་པ་ཅན་དུ་ནད་ཀྱི་སྤྲིན་ཐམས་ཅད་སངས་ཏེ། སེམས་ཅན་དེ་དག་ས་དང་པོའི་བདེན་པ་ལ་བཞག་གོ །ཁ་ཅིག་ཕྱིར་མི་འོང་བའི་དགྲ་བཅོམ་པར་གྱུར་ཏོ། །ཕྱིར་འོང་བ་དང་རྒྱུན་དུ་ཞུགས་པར་གྱུར་ཏོ། །དེ་དག་གིས་བྱང་ཆུབ་སེམས་དཔའ་ཟླ་བའི་བློ་གྲོས་ལ་ཕྱག་འཚལ་ཏེ་སྨྲས་པ། རྒྱལ་བ་དྲི་མེད་ཟླ་བའི་ཞལ་བཟང་བ། །སྙན་མཆོག་སྙན་ཤལ་རོལ་པ་མཁའ་ལྟར་རྒྱས། །རྡུལ་བྲལ་རྣམ་དག་ཁྱོད་འདྲ་ཀུན་ལ་མེད། །མཉམ་མེད་མཁྱེན་ཆེན་ཁྱོད་ལ་ཕྱག་འཚལ་ལོ། །རྒྱལ་བའི་དབུ་སྐྲ་འཇམ་མཛེས་སྣུམ་ཞིང་བཟང༌། །གཙུག་ཏོར་མཆོག་ཀྱང་རི་རྒྱལ་མཁའ་ལ་འཕགས། །མཛོད་སྤུ་རྣམ་དཀར་རོལ་པའི་གཡས་སུ་འཁྱིལ། །སྨིན་མཚམས་གཞུ་མཆོག་འདྲ་ལ་ཕྱག་འཚལ་ལོ། །རྒྱལ་བའི་སྤྱན་བཟང་ཨུཏྤལ་སྔོན་པོ་འདྲ། །ཐུགས་རྗེ་གང་གིས་འགྲོ་བ་འདི་གཟིགས་པ། །སྲིད་པའི་སྡུག་བསྔལ་རྒྱ་མཚོ་སྒྲོལ་མཛད་པ། །རྒྱལ་བ་དྲི་མེད་སྤྱན་ལ་ཕྱག་འཚལ་ལོ། །ལྗགས་ཡངས་སྲབ་ལ་ལེབ་བརྒན་མདངས་དང་ལྡན། །དེ་ཡིས་རང་གི་ཞལ་བཟང་གདོང་ཡང་ཁེབས། །ཆོས་གསུངས་པས་ནི་འགྲོ་ཀུན་བདེ་ལ་སྐྱོང༌། །འཇམ་སྣུམ་གསུང་ལྡན་ཁྱོད་ལ་ཕྱག་འཚལ་ལོ། །རྒྱལ་བའི་ཚེམས་དཀར་བཞི་བཅུ་ཐགས་བཟང་བ། །ཕྱག་མཐིལ་གཉིས་སུ་པད་མ་དཀར་པོ་རྒྱས། །རུ་སྦལ་ཞབས་ལ་འཁོར་ལོའི་མཚན་དང་ལྡན། །ཕྱག་སོར་དྲ་བས་འབྲེལ་ལ་ཕྱག་འཚལ་ལོ། །རྒྱལ་བའི་འོད་ནི་ཞིང་བརྒྱ་སྣང་བྱེད་ཅིང༌། །ཨེ་ནྱའི་བྱིན་པ་མཉམ་མེད་བཅོམ་ལྡན་འདས། །གླང་ཆེན་ངང་པ་རྨ་བྱ་སེང་གེའི་སྟབས། །སྤུ་མཆོག་གཡས་སུ་འཁྱིལ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་གཉའ་ཤིང་གང་དུ་གཟིགས་ཏེ་གཤེགས། །ས་དང་རི་རབ་ཐམས་ཅད་དྲུག་ཏུ་གཡོས། །གསུང་ནི་ཚངས་དབྱངས་ཀ་ལ་པིང་ཀའི་སྐད། །འཁོར་བའི་ཕ་རོལ་གཤེགས་ལ་ཕྱག་འཚལ་ལོ། །རྒྱལ་སྲས་ཁྱོད་ནི་སེང་གེའི་སྒྲ་དང་ལྡན། །རྒོལ་ངན་ཝ་སྐྱེས་ཚོགས་ཀུན་སྐྲག་པར་མཛད། །ཐུགས་རྗེ་ཐབས་ཚུལ་ཆོས་ལ་འཛུད་མཛད་པ། །འགྲོ་བའི་དེད་དཔོན་ཁྱོད་ལ་ཕྱག་འཚལ་ལོ། །རྒྱལ་བ་ཁྱེད་ནི་སྨན་པའི་རྒྱལ་པོ་སྟེ། །མ་རིག་དུག་གསུམ་རྒྱ་མཚོ་སྐེམ་མཛད་པ། །འགྲོ་བ་ནད་མེད་བདེ་ལ་སྦྱོར་བྱེད་ཅིང༌། །མཆོག་ཏུ་དགའ་མཛད་ཁྱོད་ལ་ཕྱག་འཚལ་ལོ། །ནད་རིགས་སུམ་བརྒྱ་དྲུག་ཅུས་བཏབ་པ་ཡིས། །སེམས་ཅན་སྟོང་ཕྲག་སྨྲེ་སྔགས་ངུ་འབོད་ཚེ། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་རབ་ཏུ་གཟིགས། །བླ་མེད་སྨན་པའི་རྒྱལ་ལ་ཕྱག་འཚལ་ལོ། །མཚུངས་མེད་ཁྱེད་ལ་དད་པའི་ཆ་ཙམ་གྱིས། །གླིང་བཞིའི་བདག་པོ་འཁོར་ལོས་སྒྱུར་བའི་མཆོག །ཚངས་པ་བརྒྱ་བྱིན་མི་བདག་རྒྱལ་པོ་དང༌། །དགའ་ལྡན་གཞན་འཕྲུལ་དབང་བྱེད་བདག་པོར་འགྱུར། །རྒྱལ་སྲས་ཁྱོད་ལ་མཆོད་པའི་ཆ་ཙམ་གྱིས། །ནོར་མང་རིན་ཆེན་བང་མཛོད་ནོར་བུ་དང༌། །ལོངས་སྤྱོད་ཟད་མེད་དཔལ་འབྱོར་མངའ་ཐང་རྒྱས། །བསོད་ནམས་རྒྱ་མཚོ་ཚེ་རིང་བྱང་ཆུབ་ཐོབ། །མཐོང་ན་དགའ་བ་ཐུགས་རྗེ་མཆོག་ལྡན་པ། །ཁྱེད་ཀྱི་ཡོན་ཏན་བསྔགས་པའི་ཕྲེང་བ་ནི། །ཕྱོགས་བཅུའི་ཞིང་ཁམས་བརྒྱར་ཡང་གྲགས་པ་སྟེ། །བདེ་གཤེགས་སྲས་བཅས་གསུང་གླེང་རྟག་ཏུ་སྒྲོགས། །བདག་ཅག་རྒྱལ་བའི་གསུང་ཐོས་བསོད་ནམས་ཀྱིས། །མངོན་ཤེས་ལྔ་ལྡན་རྫུ་འཕྲུལ་མཁའ་ལ་གནས། །དཔའ་བོ་བདེ་གཤེགས་མཚུངས་པར་བདག་གྱུར་ཏེ། །དྲི་མེད་ཆོས་ནི་འགྲོ་ལ་རྣམ་པར་ཕྱེ། །ལྷ་ཀླུ་མི་དང་གནོད་སྦྱིན་ལྷོ་འཕྱེ་གྲུལ། །འགྲོ་བ་ཀུན་ལ་ཆོས་ཀྱི་ཆར་ཕབ་པས། །ཡོན་ཏན་ཀུན་རྫོགས་ཚོགས་གཉིས་མཐར་ཕྱིན་ནས། །རྣམ་དཀར་དགེ་བ་རྒྱ་ཆེར་གང་བསྒྲུབས་པས། །འགྲོ་ཀུན་སངས་རྒྱས་གོ་འཕང་མྱུར་ཐོབ་ཤོག །དེ་ནས་བྱང་ཆུབ་སེམས་དཔའ་ཟླ་བའི་བློ་གྲོས་ཏེ་ཡུལ་ཤིང་ཐགས་མཁན་དུ་གཤེགས་ནས། ཞབས་རྗེས་ཀུན་ལ་མེ་ཏོག་པ་ར་ཤ་ཀ་རེ་རེ་སྐྱེས་སོ། །དེ་བཞིན་གཤེགས་པ་སེང་གེའི་རྒྱལ་མཚན་ག་ལ་བ་དེར་ཕྱིན་པར་གྱུར་ཏོ། །དེ་བཞིན་གཤེགས་པས་བཀའ་སྩལ་པ། རིགས་ཀྱི་བུ་ངལ་ལམ། ཆད་དམ། འོ་བརྒྱལ་ལམ། བདེ་བར་སྡོད་ཅིག །ཅེས་དང༌། བྱང་ཆུབ་སེམས་དཔས་སངས་རྒྱས་ལ་ཕྱག་དང་བསྐོར་བ་མང་པོ་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ །དེ་ནས་བྱང་ཆུབ་སེམས་དཔའ་ནོར་བུའི་སྙིང་པོས་གསོལ་པ། བཅོམ་ལྡན་འདས་ཟླ་བའི་བློ་གྲོས་འདིས་སེམས་ཅན་མང་པོ་ནད་ལས་ཐར་པ་ནི་ངོ་མཚར་ཆེའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཟླ་བའི་བློ་གྲོས་འདི་ཕྱི་མའི་དུས་སུ་ཇི་ལྟར་མངོན་པར་སངས་རྒྱས་ལགས། དེ་བཞིན་གཤེགས་པས་བཀའ་སྩལ་པ། ནོར་བུའི་སྙིང་པོ་ཚེ་དང་ལྡན་པ་ཟླ་བའི་བློ་གྲོས་འདི་མ་འོངས་པའི་དུས་ཀྱི་ཐ་མ་ལ། གཤང་གཤོང་ཚེར་མ་ཅན་གྱི་ཡུལ་ཚེ་ལོ་བརྒྱ་པའི་དུས་སུ་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ལ། ལི་ཙ་བཱི་གཞོན་ནུ་མཐོང་ན་དགའ་བའི་བྱང་ཆུབ་སེམས་དཔའ་ཞེས་བྱ་བར་གྱུར་ཏོ། །རྒྱལ་བ་ལ་མཉེས་པ་ཆེན་པོ་མཛད་པའི་མཐར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡེ་ཤེས་འབྱུང་གནས་ཞེས་བྱ་བར་མངོན་པར་རྫོགས་པར་སངས་རྒྱས་སོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་ཟླ་བའི་བློ་གྲོས་ཀྱི་ཆེ་བའི་ཡོན་ཏན་རྒྱས་པར་བསྟན་ཏོ། །བསྟན་ནས་སེམས་ཅན་སྟོང་ཕྲག་མང་པོ་ཕྱིར་མི་ལྡོག་པར་གྱུར་ཏོ། །ལ་ལ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །ཤཱ་རིའི་བུ། ངའི་ཉན་ཐོས་ཀྱི་མཆོག་གཞོན་ནུ་ལི་ཙ་བཱི་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་འདི་ནི་བསོད་ནམས་དེ་ལྟར་ཤེས་པར་གྱིས་ཤིག །དད་པ་དང་བཀུར་སྟི་ནན་ཏན་དུ་གྱིས་ཤིག །འདི་ནི་ངའི་ཕྱེད་དང་འདྲའོ། །དུས་ཕྱི་མའི་ཚེ་ནའང༌། ཀ་ཡོ་རི་ལ་ངའི་མཚན་འཛིན་པར་འགྱུར་རོ། །ཐེག་པ་ཆེན་པོས་འགྲོ་བ་མང་པོ་འདྲེན་པར་འགྱུར་རོ། །ཞེས་སོ། །ཟླ་བའི་བློ་གྲོས་སུ་སྐྱེས་པའི་རབས་ཏེ་ཉེར་གསུམ་པའོ།། །།

༢༥ ཉེར་བཞི་པ། བྱང་ཆུབ་སེམས་དཔའ་མྱ་ངན་མེད་པར་སྐྱེས་པའི་རབས།

༈ ཡང་རེ་ཞིག་དཔལ་ལྡན་བླ་མ་འདིས་སྔོན་ཉན་ཐོས་ཀྱི་ཚུལ་དུ་སེམས་ཅན་གྱི་དོན་མཛད་དེ། ཇི་ལྟར་ཞེ་ན། འཕགས་པ་མེ་ཏོག་རྒྱས་པའི་མདོར། དེ་ནས་བཅོམ་ལྡན་འདས་ཀྱིས་བྱམས་པ་ལ་བཀའ་སྩལ་པ། མི་ཕམ་པ་འདི་ལྟ་སྟེ། སྔོན་བསྐལ་པ་ཚད་མེད་གྲངས་མེད་དཔག་ཏུ་མེད་པ་འདས་པའི་སྔ་རོལ་ཏུ། དེ་བཞིན་གཤེགས་པ་བདེ་བའི་རྒྱལ་པོ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ༌། །དེའི་སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲི་བཞི་སྟོང་ངོ༌། །ལན་གསུམ་དུ་འདུས་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། འདུས་པ་དང་པོ་ལ་ནི་ཁྲི་ཕྲག་བདུན་ཅུ་དགྲ་བཅོམ་པ་ཐོབ་བོ། །འདུས་པ་བར་མ་ལ་ནི་ཁྲི་ཕྲག་ལྔ་དགྲ་བཅོམ་པ་ཐོབ་བོ། །འདུས་པ་ཐ་མ་ལ་ནི་ཁྲི་ཕྲག་བཅུ་དགྲ་བཅོམ་པ་ཐོབ་སྟེ། དེ་དག་ཐམས་ཅད་དགྲ་བཅོམ་པ། ཟག་པ་ཟད་པ། བྱ་བ་བྱས་པ། ཁུར་བོར་བ། རང་གི་དོན་རབ་ཏུ་རྙེད་པ། ཉོན་མོངས་པ་ཟད་པ། ཤེས་རབ་རྣམ་པར་གྲོལ་བ་ཤ་སྟག་གོ །དེའི་སྤྱི་བོ་ནས་དབང་བསྐུར་བའི་ཆོས་ཀྱི་རྒྱལ་པོ་ཡོན་ཏན་སེང་གེ་ཞེས་བྱ་བ་ཡོད་དོ། །ཕོ་བྲང་རིན་པོ་ཆེ་སྣ་ཚོགས་ལས་བྱས་པའི་ཡང་ཐོག་རིམ་པ་དགུའོ། །ཁྱམས་ཆེན་པོ་རིམ་པ་ལྔ་ལྔ་ལས། གླང་པོ་ཆེ་དང་རྟ་དྲེལ་མ་ཧེ་རྔ་མོང་ལ་སོགས་པས་གང་བ། ཁོར་ཡུག་ཏུ་མི་ཁྱིམ་འབུམ་ཕྲག་བརྒྱད་ཀྱིས་བསྐོར་བ་ཡོད་དོ། །བློན་པོ་དང་དམག་མི་ནི་དཔག་ཏུ་མེད་དོ། །རྒྱལ་པོའི་བཙུན་མོ་ཟླ་བའི་སྒྲོན་མ་ལ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་སྲས་གཉིས་ཡོད་དོ། །ཆེ་བ་མྱ་ངན་མེད་པ་དང༌། ཆུང་ངུ་མྱ་ངན་བྲལ་བ་ཞེས་བྱའོ། །རྒྱལ་བུ་དེ་གཉིས་ཡང་ཐོག་གི་སྟེང་ནས་རྣམ་པར་བརྩེ་བ་ལས། བཅོམ་ལྡན་འདས་བདེ་བའི་རྒྱལ་པོ་དེ་ལ་འཁོར་དགྲ་བཅོམ་པ་མང་པོས་བསྐོར་ནས་གྲོང་ཁྱེར་ཆེན་པོ་མཐོང་ནས་དགར་གཤེགས་པར་མཐོང་ནས། རྒྱལ་བུ་མྱ་ངན་མེད་པས་ཆུང་ངུ་ལ་སྨྲས་པ། མྱ་ངན་བྲལ་བ་སངས་རྒྱས་འཁོར་བཅས་གཤེགས་པ་མཐོང་ངམ། མྱ་ངན་བྲལ་བས་སྨྲས་པ་མཐོང་ངོ༌། །ལེགས་པར་མཐོང་ངོ༌། །དེ་ནས་མྱ་ངན་མེད་པས་ཚིགས་སུ་བཅད་དེ་སྨྲས་པ། མྱ་ངན་བྲལ་ཁྱོད་རྗེས་ལྟོས་ཤིག །སངས་རྒྱས་བདེ་བའི་རྒྱལ་པོ་ལ། །འཁོར་མང་གུས་པར་རབ་བསྟོད་ཅིང༌། །ཤིན་ཏུ་མཛེས་པར་གཤེགས་པ་ལ། །བདག་ཀྱང་དེ་འདྲའི་སེམས་བསྐྱེད་དེ། །བླ་ན་མེད་པའི་ལམ་བཙལ་བ། །སྐྱེ་རྒ་ན་འཆི་འཁོར་བ་ཡི། །སྡུག་བསྔལ་སེམས་ཅན་ཀུན་སྒྲོལ་བ། །འདོད་ཆགས་ཞེ་སྡང་གཏི་མུག་དབང༌། །མི་དགེ་བ་ཡི་ལས་ཀུན་བྱེད། །དེ་ཡི་དབང་གིས་སེམས་ཅན་མ་ལུས་ཀུན། །ངན་སོང་གསུམ་དུ་འཁོར་བར་འགྱུར། །བདག་ནི་སངས་རྒྱས་ལམ་བརྩོན་ཏེ། །སེམས་ཅན་འདི་དག་བསྐུལ་བར་བྱ། །མྱ་ངན་བྲལ་ཁྱོད་དེ་བཞིན་དུ། །བླ་ན་མེད་པའི་སེམས་བསྐྱེད་ཅིག །སངས་རྒྱས་ཕྲད་པ་ཤིན་ཏུ་དཀའ། །ཨུ་དུམ་ཝཱ་རའི་མེ་ཏོག་བཞིན། །དེ་ནས་མྱ་ངན་བྲལ་བས་ཆེ་བ་ལ་སྨྲས་པ། ཚིག་ཙམ་སྨྲས་པས་འགྲུབ་མི་འགྱུར། །འཇིག་རྟེན་མི་སྤྱོད་ཚིག་ཙམ་བརྗོད། །བདག་ནི་ཚིག་གིས་མི་བརྗོད་དེ། །སེམས་ཀྱིས་བྱང་ཆུབ་རབ་བརྗོད་དེ། །སངས་རྒྱས་བསྒྲུབ་ཅེས་ཚིག་བརྗོད་དམ། །སྨྲས་པ་བཞིན་དུ་བརྗོད་མི་ནུས། །དེ་དག་ཚིག་ཀུན་བརྗོད་རྫུན་ཏེ། །འབྲས་བུ་སྨིན་པར་བདེན་པ་མེད། །གལ་ཏེ་ཚིག་ཙམ་བརྗོད་པ་དག །གལ་ཏེ་མངོན་པར་འཚང་རྒྱ་ན། །ཚིག་ཏུ་སྨྲས་པ་ཐམས་ཅད་ཀྱིས། །ཀུན་ཀྱང་སངས་རྒྱས་ཐོབ་པར་རིགས། །དེ་ནས་མྱ་ངན་མེད་པས་སྨྲས་པ། གལ་ཏེ་ཁྱོད་ལྟར་སེམས་བསྐྱེད་ན། །དེ་ནི་འདོད་པས་འཆིངས་པ་ཡིན། །སློབ་མ་རྣམས་ཀྱིས་འཇིགས་པའི་ཕྱིར། །སེམས་བསྐྱེད་པ་ལ་སྨྲ་བའི་ཚེ། །སྐྱེས་བུ་ཆེན་པོའི་སེམས་ཅན་ལ། །ཆོས་དང་ཟང་ཟིང་སྙོམས་པར་སྦྱིན། །ཐམས་ཅད་ལ་ཡང་སེར་སྣ་མེད། །བྱང་ཆུབ་བསྒྲུབ་པར་མོས་པའོ། །གལ་ཏེ་དེ་ལྟར་སེམས་བསྐྱེད་ན། །དེ་ནི་ལེ་ལོ་ཅན་ཞེས་མིན། །སྨྲས་པ་བཞིན་དུ་མི་བྱེད་ན། །དགོངས་པ་དེ་ནི་སྨད་པར་འགྱུར། །ཁྱོད་ནི་བླ་ན་མེད་པའི་ལམ། །ཚད་མེད་བཞིན་དུ་བསྒྲུབ་དཀའ་ཞེས། །འོ་ན་ཚོགས་འདྲའི་སེམས་བསྐྱེད་ན། །དེ་བས་སྨྲ་བ་མ་ཕོད་དོ། །དེ་ནས་མྱ་ངན་བྲལ་གྱིས་སྨྲས་པ། དེའི་ཁྱད་པར་བདག་གི་སངས་རྒྱས་བདེ་བའི་རྒྱལ་པོ་ལ་དྲི་བར་བཏང་ངོ༌། །ཞེས་སྨྲས་ནས། མུ་ཏིག་གི་སྐས་ལ་འབབ་པའི་ཤུལ་དུ། རྒྱལ་བུ་མྱ་ངན་མེད་པ་ལྷག་པར་དད་པས། ཡང་ཐོག་ལས་མཆོངས་ཏེ་ལུས་མ་བསྣད་པར། བཅོམ་ལྡན་འདས་ཀྱི་ག་ལ་བ་དེར་ཕྱིན་ནས། རིན་པོ་ཆེའི་གོས་ཕུད་དེ་གཙུག་གི་ཏོ་གེར་བཀྲོལ་ནས་ནོར་བུ་དང་བཅས་པ་བཅོམ་ལྡན་འདས་བདེ་བའི་རྒྱལ་པོ་ལ་ཕུལ་མ་ཐག་ཏུ་རྒྱལ་བུ་མྱ་ངན་བྲལ་བ་ཐོན་ནས། རང་གི་སྤུན་ཡང་མཐོང་ངོ༌། །མཐོང་ནས་ཡིད་ལ་ཤིན་ཏུ་ངོ་མཚར་སྐྱེས་ནས་སྨྲས་པ། རྡོ་རྗེ་ལྟ་བུ་མྱ་ངན་མེད་པ་ཁྱོད། །ད་ལྟར་ཡང་ཐོག་སྟེང་ནས་ལྷན་ཅིག་ཏུ། །དྲི་མེད་འོད་ནི་དྲི་བ་བཅོམ་ལྡན་ལ། །ཐོག་མར་ཕྱིན་པ་ལམ་ནི་གང་ནས་འོངས། །ཞེས་སྨྲས་སོ། །དེ་ནས་མྱ་ངན་མེད་པས་སྨྲས་པ། བདག་ནི་ལྷག་བསམ་ཡང་ཐོག་སྟེང་ནས་མཆོངས། །བཅོམ་ལྡན་འདས་ཀྱི་ཐུགས་རྗེ་ལྕགས་ཀྱུ་ཡིས། །ལེགས་པར་བཟུང་ནས་ལུས་ལ་བསྣད་པ་མེད། །བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདིར་ཕྱིན་ཏོ། །ཞེས་དང༌། དེ་ནས་མྱ་ངན་མེད་པས་སྨྲས་པ། ཕན་ཚུལ་དགའ་བའི་གཏམ་བྱས་སོ། །དེ་ནས་མྱ་ངན་དང་བྲལ་བས་རིན་པོ་ཆེའི་གོས་དང་མུ་ཏིག་གི་ལྷམ་བཅོམ་ལྡན་འདས་ལ་ཕུལ་ཏེ། ཚིགས་སུ་བཅད་པ་སྨྲས་པ། བདག་ཅག་བཅོམ་ལྡན་གཤེགས་མཐོང་སྟེ། །སྔོན་ཆད་ལམ་མིན་བདག་སྤྱོད་དོ། །ད་ལྟ་སངས་རྒྱས་རབ་བསྔགས་པ། །ཡང་དག་ལམ་ནི་བདག་གིས་སྤྱོད། །དེ་ནས་མྱ་ངན་མེད་པས་ཚིགས་སུ་བཅད་པ་སྨྲས་པ། གང་ཞིག་ལུས་སྲོག་ཕངས་པ་ནི། ཁྱོད་ཀྱིས་ལམ་ལ་ཆས་པ་བཞིན། །དེ་ནི་བདག་ལ་ཕན་པ་ཡིན། །སེམས་ཅན་ཕ་རོལ་དོན་མི་ཤེས། །བདག་ནི་ལུས་སྲོག་མི་ཕངས་པས། །སྡུག་བསྔལ་མང་པོ་མྱོང་ཡང་བླ། །སེམས་ཅན་ཕན་དང་བདེ་བའི་ཕྱིར། །སྡུག་བསྔལ་གདུངས་པ་ཀུན་སྒྲོལ་ལོ། །སངས་རྒྱས་མཐོང་བྱེད་ལམ་ཡིན་པས། །དེ་ལས་གཞན་པ་ཚོལ་མི་དགོས། །གླེན་པས་ཡང་དག་ལམ་སྤྱོད་ཀྱང༌། །ལོག་པའི་ལམ་དུ་ལྟུང་བར་འགྱུར། །སེམས་ཅན་ལོག་པའི་ལམ་གནས་པས། །ཡང་དག་ལམ་ནི་ལོག་པར་མཐོང༌། །བདུད་ཀྱིས་བཅིངས་ལ་དེ་ཆགས་པ། །ཡང་དག་ལམ་དང་བྲལ་བར་འགྱུར། །བདག་ནི་རྟག་ཏུ་བཅོམ་ལྡན་མཐོང༌། །མཐོང་ནས་རབ་ཏུ་བྱུང་བར་ཤོག །རྟག་ཏུ་ཚངས་པ་ཡོངས་སུ་དག་བྱེད་ཅིང༌། །སྐྱེ་བ་ཀུན་ཏུ་སེམས་ཅན་སྒྲོལ་བར་ཤོག །རྟག་ཏུ་དགེ་བའི་ཆོས་ལ་རབ་གནས་ཏེ། །སངས་རྒྱས་བསྟན་པའི་སྡེ་སྣོད་རབ་འཛིན་ཅིང༌། །ནམ་ཞིག་རྩོད་དུས་ཆོས་ཀྱི་དུང་འབུད་ཅིང༌། །ཆོས་ཀྱི་དར་འཕྱར་ཆོས་ཀྱི་རྔ་བརྡུངས་ནས། །སེམས་ཅན་ཕན་པའི་དོན་ཆེན་ཐོབ་པར་ཤོག །རྟག་ཏུ་འབད་པའི་བརྩོན་འགྲུས་རབ་བསྐྱེད་དེ། །མཐོང་མ་ཐག་ཏུ་ཆོས་ཀྱི་དོན་ཤེས་ཤིང༌། །རྟག་ཏུ་ཏིང་ངེ་འཛིན་ལ་གནས་པས་ན། །ཡོན་ཏན་གོ་འཕང་ཐོབ་ཅིང་བཙུན་པར་ཤོག །བྱམས་པ་དེའི་ཚེ་རྒྱལ་བུ་མྱ་ངན་མེད་པས་དེ་སྐད་ཅེས་སྨྲས་ནས། རྒྱལ་བུ་དེ་གཉིས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བས། ཡངས་པ་ཅན་གྱི་ཤིང་ཨ་མྲའི་ཚལ་དུ་རྣལ་འབྱོར་དུ་སྤྱོད་ནས་གཅིག་ལ་གཅིག་བརྩེ་བར་བསྒོམ་མོ། །དེ་ནས་མྱ་ངན་མེད་པས་སྨྲས་པ། མྱ་ངན་བྲལ་བ་ཁྱོད་སྤྱོད་པ་གང་སྤྱོད་པས་སྔར་འཚང་རྒྱ་བར་འདོད་དམ། མྱ་ངན་བྲལ་བས་སྨྲས་པ། བདག་གིས་སེམས་བསྐྱེད་པ་ནི་སེམས་ཅན་རེ་རེའི་ཕྱིར་བསྐལ་པ་ཁྲི་ཕྲག་ཏུ་དམྱལ་བའི་སྡུག་བསྔལ་མྱོང་ཡང་འགྱོད་སེམས་མེད་དོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་བདག་གིས་དེ་འདྲ་བསྒོམ་མོ། །གཞན་ཡང་བཟོད་པ་ལ་ཤིན་ཏུ་གནས་ཏེ། དཔེར་ན་ཤར་ཕྱོགས་ནས་མི་ཞིག་གིས་མི་གཙང་བ་ངན་སྐྱུག་གི་བུམ་པ་ཐོགས་ཏེ། བདག་གི་མགོ་ལ་བཞག་ཅིང་ཁྲུས་བྱས་ཀྱང༌། བདག་གིས་དེ་ལ་ཞེ་སྡང་མི་བསྐྱེད། སྡང་བའི་མིག་གིས་མི་བལྟ། བདག་གིས་བཟོད་པ་བསྒོམས་ཏེ་སངས་རྒྱས་བཙལ་ཞིང༌། སངས་རྒྱས་ཀྱི་ཡེ་ཤེས་བསྐྱེད་དོ། །སྙམ་ནས་སྙིང་རྗེ་བསྒོམ་མོ། །དེ་ནས་མྱ་ངན་མེད་པས་སྨྲས་པ། མྱ་ངན་བྲལ་བ་ཁྱོད་སུ་མཐོང་བ་ལ་དེ་འདྲའི་སེམས་བསྐྱེད་ཀྱིས་བརྒྱན་པ་ཡིན་ནམ། མྱ་ངན་བྲལ་བས་སྨྲས་པ། གལ་ཏེ་དེ་འདྲའི་སེམས་མེད་ན་རྒྱན་མེད་དེ། རྒྱན་མེད་ན་བྱང་ཆུབ་སེམས་དཔའ་བསྒོམ་པའི་ལམ་ག་ལ་ཡོད། དེ་བས་ན་དེ་ལྟར་རིག་པར་བྱའོ། །དེ་ལྟ་བུའི་སེམས་ཡོད་པས་བྱང་ཆུབ་སེམས་དཔའ་ལམ་བསྒོམ་པ་འཇིག་རྟེན་དུ་བྱུང་ངོ༌། །དེ་ནས་དགེ་སློང་མྱ་ངན་མེད་པས་སྨྲས་པ། སེམས་དེ་ཡོད་པས་བརྒྱན་པ་ཡོད་དེ་ཞེས་མ་གསུངས་ཤིག །དེ་ཅིའི་ཕྱིར་ཞེ་ན། སེམས་ནི་སྟོང་པ་ཉིད་དེ། སྒྱུ་མ་དང་འདྲ་བས། སྐད་ཅིག་སྐད་ཅིག་གཅིག་ལ་སྐྱེ་ཞིང་འགག་གོ །དེ་ལྟར་ན་སྟོང་པ་ཉིད་སྒྱུ་མ་དང་འདྲ་བས། སྐད་ཅིག་སྐད་ཅིག་ཏུ་སྐྱེ་ཞིང་འཇིག་པའི་ཆོས་ཅན་ནི་མཚན་ཉིད་མེད་དེ། མྱ་ངན་བྲལ་བ། ཅི་ཙམ་དུ་ཡོད་པ་དང་མེད་པ་ནི་ཀུན་ཀྱང་ལྟ་ངན་ཏེ་ལོག་པར་ལྟ་བའི་ལམ་ཡིན་ཏེ་བྱང་ཆུབ་ཅེས་མི་བྱའོ། །དེ་ནི་བྱང་ཆུབ་ཀྱི་ལམ་མ་ལགས་ཏེ། རེ་བ་མེད་པའོ། །དེ་བས་ན་འདི་ལྟར་རིག་པར་བྱའོ། །གང་ཡོད་པ་དང་མེད་པ་ནི་ཆོས་ངན་རྣམ་པར་སྤྲོས་པའོ། །སྤྲོས་པའི་ཆོས་ནི་བྱང་ཆུབ་སེམས་དཔས་བསྟེན་པ་མ་ཡིན་ནོ། །བསྟེན་པར་མི་བྱའོ། །བྱང་ཆུབ་སེམས་དཔའི་ཆོས་ཇི་ལྟར་བསྟེན་པར་བྱ་ཞེ་ན། ཡོད་མེད་གཉིས་ཀ་དང་བྲལ་བའི་ལམ་སྤྲོས་བྲལ་དུ་བསྟེན་པར་བྱའོ། །དགེ་སློང་ཁྱོད་དེ་ལྟར་གོམས་པར་བྱའོ། །དེ་ལྟར་རྟོགས་པར་བྱའོ། །དེ་ནས་དགེ་སློང་མྱ་ངན་བྲལ་བས་སྨྲས་པ། དགེ་སློང་ཁྱོད་ཇི་ལྟར་ན་བྱང་ཆུབ་སེམས་དཔའི་ཡོན་ཏན་ཡོད་ན་ཡང་ཡོད་ཅེས། མེད་ན་ཡང་མེད་ཅེས་མི་བྱ་བར་ཅིའི་ཕྱིར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཅི་ཡང་བརྗོད་མེད་སྤྲོས་བྲལ་དུ་བྱེད། དགེ་སློང་མྱ་ངན་མེད་པས་སྨྲས་པ། ཀྱེ་མ་དགེ་བའི་བཤེས་གཉེན་བྱང་ཆུབ་ནི་ཡོད་ཅེས་བྱ་བའི་སྤྲོས་པ་མི་བྱ། མེད་ཅེས་བྱ་བའི་སྤྲོས་པ་མི་བྱའོ། །ཅི་ཙམ་དུ་སྤྲོས་པ་ཡོད་ན་བྱང་ཆུབ་མ་ཡིན་ཏེ། སྤྲོས་པ་གང་ལ་མེད་པའི་ཚེ། བྱང་ཆུབ་ཡིན་པའི་ཕྱིར་རོ། །དེ་ནས་མྱ་ངན་བྲལ་གྱིས་སྨྲས་པ། ཀྱེ་མ་རྒྱལ་བའི་སྲས་པོ་ཁྱོད་ཀྱིས་བཤད་པའི་ཚུལ་དང་བདག་གིས་འདོད་པའི་ཚུལ་ནི་དོན་མི་གཅིག་གོ །ཅི་སྤྲོས་པ་བྱང་ཆུབ་སེམས་དཔའ་མ་ཡིན་ལ། སྤྲོས་པ་མེད་པའི་ཆོས་བྱང་ཆུབ་ཡིན་ནམ། དགེ་སློང་མྱ་ངན་མེད་པས་སྨྲས་པ། ཀྱེ་དགེ་བའི་བཤེས་གཉེན་བདག་ཅག་གཉིས་ནི་བཅོམ་ལྡན་འདས་ག་ལ་བ་དེར་དོངས་ལ་ཐེ་ཚོམ་ཞུའོ། །ཞེས་སྨྲས་ནས། དེའི་ཚེ་དགེ་སློང་དེ་གཉིས་ལྷན་ཅིག་ཏུ་ངང་པའི་རྒྱལ་པོ་ལྟར་ནམ་མཁར་འཕགས་ནས། བཅོམ་ལྡན་འདས་བདེ་བའི་རྒྱལ་པོ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱིས་ཞབས་ལ་མགོ་བོས་གཏུགས་ནས། ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་དགེ་སློང་མྱ་ངན་དང་བྲལ་བས་སྔར་གྱི་ཅི་སྨྲ་བ་ཐམས་ཅད་ཇི་ལྟ་བ་བཞིན་དུ་བཅོམ་ལྡན་འདས་དེ་ལ་གསོལ་པ་དང༌། དེ་ནས་བཅོམ་ལྡན་འདས་བདེ་བའི་རྒྱལ་པོ་དེས། དགེ་སློང་མྱ་ངན་མེད་པ་ལ་ལེགས་སོ་ལེགས་སོ། །ཞེས་ལེགས་པར་བྱིན་ནས། བཅོམ་ལྡན་འདས་ཀྱིས་མྱ་ངན་བྲལ་བ་ལ་བཀའ་སྩལ་པ། མྱ་ངན་བྲལ་བ་ཉོན་ཅིག །ཚེ་དང་ལྡན་པ་མྱ་ངན་མེད་པས་སྨྲས་པ་བཞིན་ཏེ། ཅི་ཙམ་སྤྲོས་པ་ཡོད་ན་བྱང་ཆུབ་མ་ཡིན། སྤྲོས་པ་མེད་ན་བྱང་ཆུབ་ཀྱི་ལམ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རྣམ་པར་སྤྲཽས་པ་དང་བྲལ་བ་ནི་བྱང་ཆུབ་ཞེས་བྱའོ། །དེ་ཇི་ལྟར་ན་རྣམ་པར་སྤྲོས་པ་དང་བྲལ་བ་གང་ཞེ་ན། ཐམས་ཅད་ལ་རྣམ་པར་དབེན་པས་ན་སེམས་སྤྲོས་བྲལ་ཞེས་བྱའོ། །མྱ་ངན་བྲལ་བ་གཟུགས་ཀྱི་ཕུང་པོ་ནི་སྤྲོས་པའོ། །དེ་བཞིན་དུ། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པའི་ཕུང་པོ་ཡང་སྤྲོས་པའོ། །ཚུལ་ཁྲིམས་ཀྱི་ཕུང་པོ་དང༌། དེ་བཞིན་དུ་ཏིང་ངེ་འཛིན་གྱི་ཕུང་པོ་དང༌། ཤེས་རབ་ཀྱི་ཕུང་པོ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་ནི་སྤྲོས་བྲལ་ལོ། །སྦྱངས་པའི་ཡོན་ཏན་བཅུ་གཉིས་དང༌། དཀའ་ཐུབ་དང༌། ཆོག་ཤེས་དང༌། མཐར་གནས་ཡང་སྤྲོས་པའོ། །སྤྲོས་པ་དེ་དག་གང་ལས་བྱུང་ཞེ་ན། རྟོག་པ་དང་རྣམ་པར་རྟོག་པའི་སེམས་ལས་བྱུང་ངོ༌། །རྣམ་པར་རྟོག་པ་གང་ཞེ་ན། གཟུགས་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པའོ། །ཚུལ་ཁྲིམས་ཀྱི་ཕུང་པོ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་དང༌། འདོད་པ་ཉུང་བ་དང༌། ཆོག་ཤེས་པ་དང༌། སྦྱང་གཞིའི་ཡོན་ཏན་དེ་དག་མེད་དོ། །རྣམ་པར་རྟོག་པ་ལ་སངས་རྒྱས་མེད་དོ། །དེ་ལྟར་ཤེས་ན་ཤེས་པའི་ཤེས་རབ་དེ་ཉིད་སྟོང་པ་སྟེ། སྟོང་པ་དེ་ལ་གཅིག་པའམ་ཐ་དད་པའི་འདུ་ཤེས་གང་ཡིན་པ་མེད་པ་ནི་བྱང་ཆུབ་ཅེས་བྱའོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །སངས་རྒྱས་སྒྲོན་མ་འཇིག་རྟེན་འབྱུང་བ་དང༌། །བསྐལ་པ་ཁྲི་ཕྲག་སྙེད་དུ་ཕྲད་པར་དཀའ། །ཨུ་དུམ་ཝཱ་རའི་མེ་ཏོག་དཔེ་དེ་བཞིན། །བརྒྱ་ལམ་བརྒྱ་ལམ་དུས་སུ་ལན་འགའ་འབྱུང༌། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་ནས་ཀྱང༌། །སངས་རྒྱས་ལམ་ལ་ཡང་དག་རྣལ་འབྱོར་པ། །དེ་འདྲའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཡང༌། །འཇིག་རྟེན་འབྱུང་ཞིང་ཕྲད་པར་ཤིན་ཏུ་དཀའ། །གང་ཞིག་གཟུགས་དང་ཚོར་བ་འདུ་བྱེད་དང༌། །རྣམ་ཤེས་གནས་ཤིང་ཆོས་གཉིས་འཛིན། །སྒྱུ་མ་རབ་ཏུ་བཅིངས་པར་འགྱུར། །ཡོད་མིན་མེད་མིན་གཉིས་ཀ་མིན། །མཁས་པས་ཡོངས་སུ་ཤེས་པས་ན། །རྒྱལ་བའི་ཡེ་ཤེས་བསྐྱེད་པར་རྟོགས། །བྱང་ཆུབ་སྙིང་པོ་མཆོག་ལ་རེག །དེས་དགེ་སློང་མྱ་ངན་བྲལ་གྱིས་ཆོས་དེ་དག་ཐོས་ནས་བྱང་ཆུབ་ཀྱི་སྙིང་པོ་རྟོགས་སོ། །དེའི་ཚེ་དགེ་སློང་དེ་གཉིས་ལོ་བརྒྱད་ཁྲིའི་བར་དུ་རྣལ་འབྱོར་བསྒོམས་ནས། ལོ་བརྒྱད་ཁྲིའི་བར་དུ་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་གི་སེམས་མ་སྐྱེས་སོ། །བྱང་ཆུབ་སེམས་དཔའ་དེ་གཉིས་དེར་ཚེ་འཕོས་ནས། འོག་མིན་འཇིག་རྟེན་གྱི་ཁམས་སུ་སྐྱེས་སོ། །སངས་རྒྱས་ཁྲི་ཕྲག་བརྒྱ་སྟོང་དྲུག་བརྒྱ་དང་ཕྲད་ནས། སངས་རྒྱས་དེ་དག་གི་བསྟན་པ་ལ་རབ་ཏུ་བྱུང་སྟེ། སྔོན་བཞིན་དུ་རྣལ་འབྱོར་ལ་བརྩོན་ནས་འཕགས་པ་མྱ་ངན་མེད་པ་ཐོག་མར་སངས་རྒྱས་སོ། །མཚན་ནི་དེ་བཞིན་གཤེགས་པ་ཟླ་བའི་རྒྱལ་མཚན་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་མྱ་ངན་བྲལ་བ་ཅུང་ཟད་འཕྱི་སྟེ། སངས་རྒྱས་ཀྱི་ཞིང་མུ་ཏིག་གི་འོད་ཅེས་བྱ་བར་དེ་བཞིན་གཤེགས་པ་བླ་མའི་འཁོར་ལོ་ཞེས་བྱ་བར་གྱུར་ཏོ། །འཕགས་པ་མྱ་ངན་མེད་པ་གཞན་ཞིག་སྙམ་ན་དེ་ལྟར་མི་བལྟའོ། །དེའི་ཚེ་དེའི་དུས་ན་ལི་ཙ་བཱི་གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་དེ་ཉིད་ཡིན་ནོ། །མྱ་ངན་བྲལ་བ་དེ་གཞན་ཞིག་སྙམ་ན་དེ་ལྟ་མི་བལྟའོ། །དེ་ནི་བྱང་ཆུབ་སེམས་དཔའ་ལག་ན་པད་མོ་འདི་ཉིད་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་བསྩལ་ནས། བྱང་ཆུབ་སེམས་དཔའ་མྱ་ངན་མེད་པར་སྐྱེས་པའི་རབས་ཏེ་ཉེར་བཞི་པའོ།། །།

༢༦ ཉེར་ལྔ་པ། དེ་བཞིན་གཤེགས་པ་ཟླ་བའི་རྒྱལ་མཚན་དུ་སྐྱེས་པའི་རབས།

༈ ཡང་དཔལ་ལྡན་བླ་མ་འདིས་སྔོན་དེ་བཞིན་གཤེགས་པའི་གཟུགས་ཀྱིས་འགྲོ་བ་སེམས་ཅན་གྱི་དོན་མཛད་པར་གསུངས་ཏེ། ཇི་ལྟར་མཛད་ཅེ་ན། འཕགས་པ་གསེར་གྱི་བྱེ་མ་བདལ་བའི་མདོར། ཀོའུ་ཤི་ཀ །སྔོན་བསྐལ་པ་གཅིག་གི་གོང་རོལ་ཏུ། མི་མཇེད་ཀྱི་ཞིང་འདིའི་ལྷོ་ཕྱོགས་ཀྱི་སྟེང་གི་ཆ་ན། སངས་རྒྱས་ཀྱི་ཞིང་པད་མ་དཀར་པོ་ཞེས་བྱ་བ་ཡོད་དེ། འོག་གཞི་གསེར་གྱི་བྱེ་མ་གྲམ་བུར་བདལ་པ། བཻ་ཌཱུརྱའི་མིག་མངས་རིས་སུ་བྲིས་པ་ཡོད་དོ། །ཀོའུ་ཤི་ཀ །ཞིང་ཁམས་དེ་ན་རི་ནག་པོ་མེད་ཅིང་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་རི་བོ་ཤ་སྟག་གོ །སངས་རྒྱས་ཀྱི་ཞིང་དེ་ནི་འབར་འབུར་མེད་དེ་ལག་མཐིལ་ལྟར་མཉམ་པ་ཡོད་དོ། །རིན་པོ་ཆེ་དུ་མའི་སྐུད་པའི་དྲ་བས་སྤྲས་པའོ། །སངས་རྒྱས་ཀྱི་ཞིང་ཆུ་ཀླུང་ཡན་ལག་བརྒྱད་པ་ཕལ་ཆེར་གྱི་ཁ་ཚོན་དཔག་ཚད་བཅུ་དང༌། ཉི་ཤུ་དང་ལྔ་བཅུ་ཙམ་དག་ཀྱང་ཡོད་དོ། །ཟབས་སུ་དཔག་ཚད་དྲུག་དང་བཅུ་གཉིས་ལ་སོགས་པའོ། །ཆུ་ཀླུང་དེ་དག་ལ་སྤོས་དང་མེ་ཏོག་སིལ་མ་སྣ་ཚོགས་པ་དང༌། རོལ་མོའི་སྒྲ་སྙན་པ་སྣ་ཚོགས་པ་འབྱུང་ངོ༌། །སངས་རྒྱས་ཀྱི་ཞིང་དེ་ན་དཔག་བསམ་གྱི་ཤིང་སྣ་ཚོགས་ཡོད་དོ། །ཕལ་ཆེར་ནི་རྩ་བ་ཡང་གསེར་སྡོང་པོ་ནི་དངུལ་ལོ། །ཡལ་ག་ནི་བཻ་ཌཱུརྱའོ། །ལོ་མ་ནི་ཤེལ་ལོ། །འདབ་མ་ནི་པད་མ་རཱ་ག །མེ་ཏོག་ནི་མུ་ཏིག་དམར་པོ། འབྲས་བུ་ནི་རྡོ་རྗེའི་སྙིང་པོ་དག་ཡོད་དོ། །ཀོའུ་ཤི་ཀ །ཤིང་ལ་ལ་ནི་རྩ་བ་དངུལ་ལོ། །སྡོང་པོ་རྣམས་ནི་བཻ་ཌཱུརྱ། ཡལ་ག་རྣམས་ནི་གསེར་རོ། །ལོ་མ་རྣམས་ནི་གཡུའོ། །འདབ་མ་རྣམས་ནི་མུ་ཏིག་དམར་པོ། མེ་ཏོག་རྣམས་ནི་མར་གད་དོ། །འབྲས་བུ་རྣམས་ནི་ཨན་ད་རྙིལ་ལོ། །སངས་རྒྱས་ཀྱི་ཞིང་དུ་ཤིང་ལྗོན་པ་ཐམས་ཅད་ཀྱང་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་ཤ་སྟག་གོ །མཐའ་སྐོར་ཐམས་ཅད་དུ་རིན་པོ་ཆེའི་ཤིང་ཏ་ལ་དང༌། གང་གཱ་ལའི་ཕྲེང་བས་བསྐོར་བ་ཡོད་དོ། །ཤིང་དེ་དག་བདེ་བའི་རླུང་གིས་བསྐྱོད་ནས། ཡིད་དུ་འོང་བའི་སྒྲ་སྒྲོགས། ཤིང་དེ་དག་གི་རྩེ་མོ་དང༌། ཕྱོགས་ཁལ་ཁོལ་དུ། བྱ་ངང་པ་དང༌། ངུར་བ་དང༌། རྨ་བྱ་དང༌། ནེ་ཙོ་དང༌། ཁྲུང་ཁྲུང་དང༌། ཀ་ཀོ་ལི་དང༌། བཞད་དང༌། ཀ་རན་ཏ་ཀ་དང༌། རི་སྐེགས་དང༌། ཁུ་བྱུག་དང༌། ཀ་ལ་པིང་ཀ་ལ་སོགས་པ་སྤྲུལ་པའི་བྱ་སྣ་ཚོགས་པས་གར་བསྒྱུར་བ་ཡོད་དེ། བྱ་དེ་དག་གིས་སངས་རྒྱས་ཀྱི་སྒྲ་དང༌། ཆོས་ཀྱི་སྒྲ་དང༌། དགེ་འདུན་གྱི་སྒྲ་དང༌། ཕ་རོལ་ཏུ་ཕྱིན་པའི་སྒྲ་སྣ་ཚོགས་སྒྲོག་གོ །མཚོ་རྫིང་གི་འགྲམ་ལོགས་ཐམས་ཅད་དུ། མེ་ཏོག་ཨུཏྤལ་དང༌། ཙམ་པ་ཀ་དང༌། ཨུ་དུམ་ཝཱ་ར་དང༌། ཀུ་མུ་ཏ་དང༌། པད་མ་དཀར་པོ་དང༌། མ་ལི་ཀ་དང༌། གུར་གུམ་ལ་སོགས་པ་མེ་ཏོག་སྣ་ཚོགས་པས་ཁེབས་པ་དག་ཡོད་དོ། །ཞིང་ཁམས་སུ་སྐྱེ་རྒ་ན་འཆིའི་སྒྲ་ཡང་མི་གྲག་གོ །ཉིན་མཚན་གྱི་དུས་ཚོད་དང་བྲལ་བའོ། །གཞན་ཡང་འདི་ལྟ་སྟེ། དབུ་རྒྱན་དང༌། མགུལ་རྒྱན་དང༌། རྣ་རྒྱན་གདུ་བུ་དང༌། དཔུང་རྒྱན་དོ་ཤལ་དང༌། སེ་མོ་དོ་དང༌། སོར་གདུབ་དང༌། ཕག་སྐར་དང༌། གསེར་གྱི་ཙོང་ཙོང་དང༌། མུ་ཏིག་གི་ཕྲེང་བ་དང༌། དྲིལ་བུ་གཡེར་ཁའི་དྲ་བ་རྣམས་ལྗོན་ཤིང་དེ་དག་གི་ཡལ་ག་ལས་ལྷག་པར་འཕྱང་བར་གྱུར་ཏོ། །ཞིང་དེ་དག་གི་དབུས་སུ་ཐར་པའི་གྲོང་མཆོག་ཆོས་ཀྱི་རྒྱལ་མཚན་ཞེས་བྱ་བ་ཡོད་དོ། །རྒྱར་དཔག་ཚད་བཅུ་གཉིས་དང་ལྡན་པའོ། །དཔངས་སུ་ཡང་དཔག་ཚད་དྲུག་དང་ཕྱེད་དོ། །རིན་པོ་ཆེ་ཨན་ད་རྙིལ་དང༌། ཨ་སྨ་གར་བ་དང༌། བཻ་ཌཱུརྱ་དང༌། མུ་ཏིག་དང༌། ཀེ་ཀེ་རུ་དང༌། ཀར་ཀེ་ཊ་དང༌། པད་མ་རཱ་ག་དང༌། གསེར་དང༌། དངུལ་ལ་སོགས་སྣ་ཚོགས་ལས་གྲུས་པའི་ཁང་པའི་ཏོག་དང༌། དབྱིབས་དང༌། ཆུ་ཞེང་ཐ་གྲུ་ཆེ་བ་ཡོད་དོ། །བ་གམ་སྣ་ཚོགས་དང༌། གདུགས་དང་རྒྱལ་མཚན་བ་དན་ལྡ་ལྡི་སྣ་ཚོགས་དང༌། མུ་ཏིག་དམར་པོའི་ཕྲེང་བ་ལས་རྒྱུས་པའི་དྲིལ་བུའི་གཡེར་ཁ་འཁྲོལ་བའོ། །ཤེལ་དང༌། གཡུ་དང༌། རྡོའི་སྙིང་པོ་ལས་གྲུབ་པའི་ཐེམ་སྐས་དུ་མས་བརྒྱན་ནོ། །དེ་ལ་བྱང་ཆུབ་སེམས་དཔའི་དགེ་སློང་འབུམ་ཕྲག་གིས་མཆོད་པའི་སྤྲིན་གྱིས་དུས་འདའ་བར་བྱེད་དོ། །ཀོའུ་ཤི་ཀ །དེ་དག་གི་སྟོན་པ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་བའི་རྒྱལ་མཚན་ཞེས་བྱ་བ་འཚོ་ཞིང་བཞུགས་ཏེ་ཆོས་སྟོན་ཏོ། །སྐུའི་འོད་ནི་མཐའ་ཡས་མུ་མེད་པར་ཁྱབ་པར་གྱུར་ཏོ། །སངས་རྒྱས་དེའི་གཟི་བརྗིད་ཀྱིས་ཕྱོགས་བཅུའི་ཞིང་དཔག་ཏུ་མེད་པ་དག་ནས་སངས་རྒྱས་རྣམས་ཀྱིས། དེ་བཞིན་གཤེགས་པ་ཟླ་བའི་རྒྱལ་མཚན་གྱི་ཡོན་ཏན་གྱི་བསྔགས་པ་བརྗོད་དེ། སངས་རྒྱས་དེ་དག་གིས་འཁོར་རྣམས་ཀྱང་དེ་བཞིན་གཤེགས་པ་ཟླ་བའི་རྒྱལ་མཚན་ལ་ཕྱག་དང་བསྙེན་བཀུར་བྱ་བའི་ཕྱིར་དུས་དྲུག་ཏུ་ལྷག་གོ །དེའི་ཚེ་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །འདྲེན་མཆོག་སངས་རྒྱས་ཟླ་བའི་རྒྱལ་མཚན་ལ། །མཆོད་པའི་ཕྱིར་ནི་ཤར་སོགས་སངས་རྒྱས་ཀུན། །མཐའ་ཡས་ཞིང་ན་བྱང་ཆུབ་སེམས་དཔའ་རྣམས། །ཉིན་རེ་བཞིན་དུ་དུས་དྲུག་རབ་ཏུ་ལྷགས། །མེ་ཏོག་སྣ་ཚོགས་སྤོས་དང་མར་མེ་ཐོགས། །ཕྱག་འཚལ་བསྐོར་བ་བྱས་ནས་འདི་སྐད་དུ། །རྒྱལ་བའི་ཞིང་མཆོག་ངོ་མཚར་ཤིན་ཏུ་མཛེས། །ལྷག་པར་དགའ་བྱེད་ཐར་པའི་གཞལ་ཡས་ན། །འཇིག་རྟེན་མཁྱེན་པ་ཟླ་བའི་རྒྱལ་མཚན་ཁྱོད། །མཚན་མཆོག་ཐོས་པས་སེམས་ཅན་རྙེད་པ་ཐོས། །སངས་རྒྱས་ཞིང་འདིར་བདག་ཅག་ལྷག་པས་ན། །བདག་ཅག་གིས་ནི་རྙེད་པའི་མཆོག་ཆེན་རྙེད། །དེ་ནས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རང་རང་གི་ཞིང་དུ་འདོང་ངོ༌། །དེ་བཞིན་གཤེགས་པ་དེའི་གཡས་སུ་ཟླ་པའི་བློ་གྲོས་ཞེས་བྱ་བ་དང༌། གཡོན་དུ་ཉི་མའི་བློ་གྲོས་ཞེས་བྱ་བ་གཉིས་ཡོད་དོ། །འཁོར་གྱི་བྱང་ཆུབ་སེམས་དཔའ་མཆོག་ཅེས་བྱའོ། །སངས་རྒྱས་ལ་ཆོས་བསྟན་པའི་བསྐུལ་མ་འདེབས་སོ། །སངས་རྒྱས་དེའི་སྐུ་ཚེའི་ཚད་བར་སྐལ་ཕྱེད་དོ། །དམ་པའི་ཆོས་ནི་དེའི་གཉིས་འགྱུར་གྱི་ཚུལ་དུ་གནས་སོ། །ཀོའུ་ཤི་ཀ །ངའི་ཉན་ཐོས་གཞོན་ནུ་ལི་ཙ་བཱི་འཇིག་རྟེན་ཀུན་གྱིས་མཐོང་ན་དགའ་བ་འདི་ཉིད་ཀྱང་དེའི་ཚེ་ན་དེ་བཞིན་གཤེགས་པ་ཟླ་བའི་རྒྱལ་མཚན་དུ་གྱུར་ཏོ། །སྔོན་གྱི་དུས་ན་དེའི་བསོད་ནམས་ལ་ལྟོས་ཤིག །ཀོའུ་ཤི་ཀ །འདི་ལ་ཇི་སྲིད་འཚོའི་བར་དུ་བསྙེན་བཀུར་གྱིས་ཤིག །སྔོན་ཚེ་ཟླ་བའི་རྒྱལ་མཚན་འཇིག་རྟེན་དུ་བྱུང་བའི་ཚེ་ན། ཀོའུ་ཤི་ཀ །ཁྱོད་དེ་བཞིན་གཤེགས་པ་དེ་ལ་སྦྲང་རྩི་སྙིམ་པ་གང་ཙམ་ཅིག་ཕུལ་ནས། ད་ལྟ་བརྒྱ་བྱིན་དུ་སྐྱེས་པས་ད་ལྟ་ཉན་ཐོས་འདི་ལ་དད་པ་གྱིས་ཤིག །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་བསྩལ་ནས། མི་འབུམ་ཕྲག་ཅིག་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །དེ་བཞིན་གཤེགས་པ་ཟླ་བའི་རྒྱལ་མཚན་དུ་སྐྱེས་པའི་རབས་ཏེ་ཉེར་ལྔ་པའོ།། །།

༢༧ ཉེར་དྲུག་པ། རྒྱལ་པོ་ནོར་བུའི་ཕྲེང་བར་སྐྱེས་པའི་རབས།

༈ ཡང་རེ་ཞིག་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཞིག་ཏུ་གྱུར་ནས་སེམས་ཅན་གྱི་དོན་མཛད་དེ། བསྐལ་པ་བཟང་པོ་པའི་མདོར། དེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་གནས་ཀྱིས། །ཚན་པོ་ཆེར་གྱུར་གཡུལ་ངོར་ཆས་པའི་ཚེ། །བདེ་གཤེགས་ལེགས་མཐོང་དེ་ལ་རྒྱལ་མཚན་གཅིག །ཕུལ་ནས་དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །ཞེས་པའི་དོན་ནི་གང་དུ་མངོན་ཞེ་ན། འཕགས་པ་ལྷ་མོ་དྲི་མེད་ཞུས་པའི་མདོ་ལས། བཅོམ་ལྡན་འདས་ལ་བུད་མེད་དྲི་མེད་མས་ཞུས་པ། བཅོམ་ལྡན་འདས་དགེ་སློང་ལི་ཙ་བཱི་མཐོང་ན་དགའ་བ་འདིས། མུ་སྟེགས་ངན་པའི་རྒོལ་བ་ཚར་བཅད་པ་དེ་ཤིན་ཏུ་ངོ་མཚར་ཆེའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བུ་མོ་གཞོན་ནུ་འདིས་ད་ལྟ་འདིར་མ་ཟད་ཀྱི་སྔོན་འདས་པའི་དུས་ན་ཡང་རྒོལ་བ་ངན་པ་མང་པོ་ཚར་གཅོད་པར་བྱེད་དོ། །བུ་མོས་ཞུས་པས། བཅོམ་ལྡན་འདས་དགེ་སློང་འདིས་སྔོན་ཇི་ལྟར་ན་མུ་སྟེགས་རྒོལ་བ་ཚར་གཅོད་པ་ལགས། སེམས་ཅན་གྱི་རྒྱུད་ལ་ཕན་པའི་དོན་དུ་འཆད་དུ་གསོལ། བདེ་བར་གཤེགས་པས་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷ་མོ་ལགས་སོ་ལེགས་སོ། སེམས་ཅན་ལ་ཕན་པའི་དོན་དུ་ཞུས་པ་ལེགས་སོ། ལྷ་མོ་དག་བྱང་ཆུབ་སེམས་དཔའ་གཞོན་ནུ་ལི་ཙ་བཱི་འདིས་ཀྱང༌། ཐོས་པ་ལ་མི་ངོམས་པ་ཡིན། ཡོན་ཏན་གྱི་རྒྱ་མཚོ་ཟབ་ཅིང་གཏིང་དཔག་དཀའ་བ་ཡིན། ཚུལ་ཁྲིམས་ཀྱི་ཕུང་པོ་དང་ལྡན་པ་ཡིན། ཆོས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡིན། མུ་སྟེགས་སྲིན་བུའི་འོད་འཇོམས་ཉི་མ་ཡིན། ཕྱིར་རྒོལ་བའི་རི་དྭགས་གཏོར་བའི་སེང་གེའི་རྒྱལ་པོ་ཡིན་པས། ལྷ་མོ་ཉོན་ཅིག་སྔོན་བྱུང་བ་འདས་པའི་ཕ་རོལ་ན། དེ་བཞིན་གཤེགས་པ་ལེགས་མཐོང་ཞེས་བྱ་བ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བ། ཁ་ལོ་བསྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་ངོ༌། །དེའི་རིགས་ལ་གླིང་བཞི་ལ་དབང་བསྒྱུར་བའི་རྒྱལ་པོ་ནོར་བུའི་ཕྲེང་བ་ཞེས་བྱ་བ་ཞིག་ཡོད་དོ། །གྲོང་ཁྱེར་ཆེན་པོ་ཝཱ་རཱ་ཎ་སཱི་ན་འབྱོར་པ་རྒྱས་པ། ལོ་ལེགས་པ། སྐྱེ་བོའི་ཚོགས་དང༌། རྟའི་ཚོགས་དང༌། གླང་པོ་ཆེའི་ཚོགས་དང༌། དམག་གི་ཚོགས་དང༌། ཤིང་རྟའི་ཚོགས་དང་བཅས་པས་གང་ངོ༌། །བཙུན་མོ་ནི་དྲུག་བརྒྱ་ཡོད་དོ། །རྡོ་རྗེ་རོལ་པ་དང༌། དཔའ་བོ་རོལ་པ་དང༌། པད་མའི་དབང་པོ་ལ་སོགས་སྲས་ནི་དགུ་བརྒྱ་ཡོད་དོ། །གཏུམ་པོ་རྡོ་རྗེ་ལ་སོགས་བློན་པོ་ནི་ཁྲིག་ཕྲག་གཅིག་ཡོད་དོ། །དེ་དག་ཐམས་ཅད་དཀོན་མཆོག་ལ་རྟག་ཏུ་བཀུར་སྟི་མཛད་དེ། མི་ཉོག་རིགས་ལ་སྦྱིན་པ་དུས་རྟག་ཏུ་སྦྱིན་ནས་སྙམ་པའི་གྲགས་པ་འཛམ་གླིང་དུ་ཁྱབ་ནས་བདེ་བར་གནས་སོ། །དེ་ནས་དེའི་ཕ་ད་ཅིག་ན་དུ་རུ་ཀའི་རྒྱལ་པོ་མུ་སྟེགས་ཤང་ཀ་ར་ཞེས་བྱ་བས་ཕྲག་དོག་སྐྱེས་ཏེ། ལན་དུ་མར་ཝཱ་རཱ་ཎ་སཱིར་གཡུལ་བཤམས་པས་ཀྱང༌། རྒྱལ་པོ་ནོར་བུ་ཕྲེང་བས་ཞེ་སྡང་མ་སྐྱེས་སོ། །དུས་ལན་ཅིག་ན་དུ་རུ་ཀས་དམག་བཤམས་ནས་ནང་པའི་གཙུག་ལག་ཁང་མང་དུ་བཤིག་སྟེ། པཎྜི་ཏ་མང་དུ་ཁྱེར་ནས། བློན་ཆེན་དཔའ་བོ་རྡོ་རྗེ་ཞེས་བྱ་བ་ཞིག་གིས་སྨྲས་པ། རྒྱལ་པོ་ནོར་བུ་ཕྲེང་བ་དཔའ་བོ་ཆེ། །རྒོལ་ངན་རྒྱལ་པོ་མུ་སྟེགས་ཤང་ཀ་རས། །སངས་རྒྱས་བསྟན་པ་ཆམ་ལ་ཕབ་ཏུ་ཁད། །གཡུལ་ལས་རྣམ་རྒྱལ་ད་ནི་བཞེངས་སུ་གསོལ། །ལྷ་མོ་དེ་ནས་ཆོས་ཀྱི་རྒྱལ་པོས་སྨྲས་པ། དཔའ་བོ་རྡོ་རྗེ་ལེགས་སོ་བློན་པོ་ལེགས། །སངས་རྒྱས་བསྟན་པ་འཇིག་ན་སེམས་ཅན་ཀུན། །སྐྱབས་མེད་མགོན་མེད་འཁོར་བར་རྟག་ཏུ་འཁྱམས། །ད་ནི་རྒོལ་ངན་ཁོ་བོས་ཕམ་པར་བགྱི། །དེ་ནས་གྲོང་ཁྱེར་དེའི་ཤར་སྒོ་ནས་རྔ་བརྡུངས་དུང་བུས་དར་འཕྱར་ནས། ཆོས་ཀྱི་རྒྱལ་པོ་ཡང་རྟ་མཆོག་ཕོ་རོག་ལྡིང་འགྲོས་ཞེས་བྱ་བ་ཞོན་ཏེ། འབངས་ཐམས་ཅད་དུ་དཔུང་ཚོགས་ཡན་ལག་བཞིའི་དམག་ལ་ཆས་སོ། །ཆས་ནས་ཀྱང་ལྷ་ཀླུ་དྲི་ཟ་མིའམ་ཅིའི་ཚོགས་ཀྱང་ཆས་སོ། །ལྷ་མོ་དེ་བཞིན་དུ་དཔའ་བོ་རྡོ་རྗེས་དམག་གི་སྣ་འདྲེན་ནས་དུ་རུ་ཀའི་གྲོང་དུ་ཕྱིན་ནས། ནམ་མཁའ་ལ་མེ་ཏོག་མན་དྷཱ་ར་བའི་ཆར་བབ་བོ། །ས་ཡང་དྲུག་ཏུ་གཡོས་སོ། །གཡོས་ནས་དུ་རུ་ཀའི་གྲོང་ཐམས་ཅད་ཤིང་རྩ་བ་ནས་ཐོན་པ་ལྟར་བྱས་སོ། །ལྷ་མོ་དེའི་ཚེ་ཆོས་ཀྱི་རྒྱལ་པོའི་སྐུ་ལུས་ལ་སྤྲུལ་པའི་དམག་འདི་ལྟར་བྱས་སོ། །དཔྲལ་བ་ནས་གླང་པོ་ཆེ་ལ་ཞོན་པའི་དམག་སྟོང་ངོ༌། །དེ་བཞིན་དུ་མགྲིན་པ་ནས་རྟ་པ་ཁྲི་ཕྲག་གོ །སྙིང་ག་ནས་ཤིང་རྟ་མཁན་སྟོང་ཕྲག་གཅིག་གོ །ལྟེ་བ་ནས་མེ་སྒྱོགས་ཐོགས་པ་བྱེ་བ་ཕྱེད་དོ། །གསང་བར་ཆུ་སྒྱོགས་འཕེན་པ་ས་ཡ་གཉིས་སོ། །སྤྱན་གཉིས་ལ་མདའི་འཁྲུལ་འཁོར་མཁན་སྟོང་གསུམ་མོ། །རྣ་བ་ལ་རལ་གྲིའི་འཁྲུལ་འཁོར་མཁན་ནི་འབུམ་ཕྲག་གོ །ལག་པ་གཉིས་ལ་རྡོ་སྒྱོགས་འཕེན་པ་ཁྲི་ཕྲག་གོ །རྐང་པ་གཉིས་ལའང་ཞགས་པ་འཕེན་པ་དུང་ཕྱུར་རོ། །དེ་ནས་དུ་རུ་ཀའི་ཡུལ་དང་དེའི་ཉེ་འཁོར་ཐམས་ཅད་བཤིག་ཅིང་བརླག་གོ །ཤང་ཀ་རའི་རྒྱལ་པོ་ལ་སོགས་ཐམས་ཅད་ལག་ཏུ་བཟུང་ནས་བཅིངས་སོ། །དེ་ནས་དུ་རུ་ཀའི་རྒྱལ་པོས་ཕྱག་དང་བཅས་པས་སྨྲས་པ། ཆོས་ཀྱི་རྒྱལ་པོ་དཔལ་ལྡན་ནོར་བུའི་ཕྲེང༌། །འཇིག་རྟེན་གསུམ་ན་གྲགས་པ་ལྷམ་མེ་བ། །སྤྲུལ་པའི་དམག་ཚོགས་ད་ནི་བཤིག་པར་མཛོད། །བདག་ཅག་རྒྱལ་འབངས་ཁྱོད་ལ་སྐྱབས་སུ་མཆི། །ཆོས་ཀྱི་རྒྱལ་པོས་སྨྲས་པ། དུ་རུ་ཀ་ཡི་རྒྱལ་པོ་རྒོལ་ངན་ཁྱོད། །ཆོས་ལོག་སྤྱོད་པས་དཀོན་མཆོག་གསུམ་ལ་སྡང༌། །ཆོས་ཉིད་མ་ཟད་བར་དུ་ང་ཡི་སྤྲུལ་པ་ཡང༌། །ཟད་པའི་དུས་ནི་ནམ་ཡང་འབྱུང་དུས་མེད། །ལྷ་མོ་དེ་ནས་ཤང་ཀ་རས་སྨྲས་པ། ཆོས་ཀྱི་རྒྱལ་པོ་གཡུལ་ལས་རྣམ་པར་རྒྱལ། །ད་ནི་བདག་གི་འཁོར་འབངས་ཁྱེད་ལ་འབུལ། །མུ་སྟེགས་རིགས་ལ་བདག་གི་ཨ་ཐང་ཆད། །དཀོན་མཆོག་བསྟན་ལ་འཇུག་པར་བགྱིའོ་ལྷ་ཡི་བུ། །ཆོས་ཀྱི་རྒྱལ་པོས་སྨྲས་པ། རིགས་གསལ་རྒྱལ་པོ་ཆེན་པོ་ཤང་ཀ་ར། །སངས་རྒྱས་ཞེས་པའི་སྒྲ་ནི་ཤིན་ཏུ་དཀོན། །དེ་ལའང་འཇུག་པའི་གང་ཟག་དེ་ལས་དཀོན། །ལེགས་སོ་རྒྱལ་པོ་སྤྲུལ་པའི་དམག་ཀྱང་བསྡུ། །ཞེས་སྤྲུལ་པའི་དམག་རྣམས་མེད་པར་མཛད་དོ། །རྒྱལ་པོ་མངའ་ཞབས་སུ་དབང་བསྐུར་ནས། སླར་ལོག་སྟེ། ཡངས་པ་ཅན་དུ་ཤིང་ཨ་མྲའི་ནགས་ཚལ་དུ་ཕྱིན་ནས། སངས་རྒྱས་ལེགས་མཐོང་ག་ལ་བ་དེར་ཕྱིན་ནས། དེ་བཞིན་གཤེགས་པས་འཁོར་རྣམས་ལ་ཆོས་སྟོན་ཏོ། །སངས་རྒྱས་ཀྱི་ཞལ་འཛུམ་པ་མཛད་ནས་གསུངས་པ། ཆོས་ཀྱི་རྒྱལ་པོ་འཁོར་བཅས་བྱོན་ལགས་སམ། །བསྟན་བསྲུང་རྒྱལ་འབངས་འདིར་བྱོན་རབ་ཏུ་ལེགས། །ཕ་རོལ་ཉོན་མོངས་དགྲ་ཚོགས་བཅོམ་ལགས་སམ། །ང་ཡི་གདུང་རྒྱུད་ལེགས་པར་སྤེལ་ལགས་སམ། །དེ་ནས་ཆོས་ཀྱི་རྒྱལ་པོ་འཁོར་བཅས་ཀྱིས། བཅོམ་ལྡན་འདས་དེ་ལ་ཕྱག་དང་བསྐོར་བ་མང་དུ་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །འཁོད་ནས་ཆོས་ཀྱི་རྒྱལ་པོ་སྟན་ལས་ལངས་ཏེ། དེ་བཞིན་གཤེགས་པ་ལ་ལྷའི་རིན་པོ་ཆེ་སྣ་ཚོགས་ལས་བྱས་པའི་རྒྱལ་མཚན་མུ་ཏིག་གི་ཕྲེང་བ་དུ་མས་སྤྲས་པ་གཅིག་ཕྱག་ཏུ་ཕུལ་ནས་སྨྲས་པ། འདྲེན་པ་མི་མཆོག་ཤིན་ཏུ་དཀོན་པའི་མཆོག །ཡོན་ཏན་མཚུངས་མེད་འཁོར་བའི་མུན་སེལ་བ། །བདག་གིས་ཕ་རོལ་འཇོམས་ཀྱང་ཁྱེད་ལ་བརྟེན། །མགོན་པོ་ཁྱེད་ཀྱི་འཕྲིན་ལས་དཔལ་འབྱོར་གྱིས། །མུ་སྟེགས་རིགས་ངན་བདག་གིས་སྒྲོལ་བྱས་ཏེ། །དེ་ཡི་བསོད་ནམས་ཐོབ་ནས་གཟིགས་པ་ཉིད། །ཁམས་གསུམ་ཉེས་པའི་དགྲ་རྣམས་ཕམ་བྱས་ནས། །སྐྱེ་རྒ་ན་འཆི་རྦ་རླབས་འཁྲུགས་པ་ལས། །འགྲོ་བ་མ་ལུས་བདག་གིས་སྒྲོལ་བར་ཤོག །ཅེས་སྨྲས་པས་སེམས་བསྐྱེད་ནས་རྒྱལ་པོ་འཁོར་བཅས་དུས་གཅིག་ཏུ་བཅོམ་ལྡན་འདས་ལས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ༌། །དེ་མ་ཐག་ཏུ་མངོན་ཤེས་ལྔ་དང་ལྡན་དེ། ཕྱིར་མི་ལྡོག་པའི་དགྲ་བཅོམ་པར་གྱུར་ཏོ། །ལྷ་མོ་སྔོན་ཇི་བཞིན་དུ་ད་ལྟར་ཡང་དེ་བཞིན་དུ་རྒོལ་བ་ཚར་བཅད་དོ། །ང་མྱ་ངན་ལས་འདས་པའི་འོག་ཏུ་ལོ་བཞི་བརྒྱ་ན། དགེ་སློང་ཀླུའི་མིང་འཛིན་པར་གྱུར་ནས་མུ་སྟེགས་ངན་རིགས་རྣམས་ཚར་བཅད་དེ་ངའི་བསྟན་པ་རྒྱས་པར་རབ་ཏུ་བསྟན་ནས། མཐར་ཡེ་ཤེས་འབྱུང་གནས་ཞེས་བྱ་བའི་དེ་བཞིན་གཤེགས་པར་གྱུར་ནས། སེམས་ཅན་མང་པོ་འདྲེན་པར་འགྱུར་རོ། །ལྷ་མོ་དགེ་སློང་འདི་ལ་མཆོད་པ་དང་རིམ་གྲོ་གྱིས་ཤིག །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་བསྩལ་ནས། ལྷ་མོས་སྨྲས་པ། བཅོམ་ལྡན་འདས་བདག་གིས་དེ་བཞིན་གཤེགས་པ་དང༌། དགེ་སློང་གཉིས་ལ་ཇི་སྲིད་འཚོའི་བར་དུ་བསྙེན་བཀུར་བགྱི། དད་པར་བགྱིའོ། །བཅོམ་ལྡན་འདས་ཀྱིས་ལྷ་མོ་དེ་ལྟར་གྱིས་ཤིག །ཁྱོད་བསམ་པ་བཞིན་དུ་མྱུར་དུ་ཐོབ་པར་འགྱུར་རོ། །ཞེས་གསུངས་སོ། །རྒྱལ་པོ་ནོར་བུའི་ཕྲེང་བར་སྐྱེས་པའི་རབས་ཏེ་ཉེར་དྲུག་པའོ།། །།

༢༨ ཉེར་བདུན་པ། རིགས་ལྡན་འཇིག་རྟེན་དབང་ཕྱུག་ཏུ་སྐྱེས་པའི་རབས།

༈ ཡང་རེ་ཞིག་དཔལ་ལྡན་བླ་མ་འདི་སྔོན་རིགས་ལྡན་གྱི་རྒྱལ་པོར་གྱུར་ནས་སེམས་ཅན་གྱི་དོན་མཛད་དེ། ཚུལ་ཇི་ལྟར་མཛད་གསུངས་ཏེ། སྨོན་ལམ་སྟོབས་ལས་གྲུབ་པའི་ཞིང་མཆོག་ཤམ་བྷ་ལ་ཞེས་བྱ་བ་ཡོངས་སུ་གྲགས་སོ། །ས་གཞི་དྲི་མེད་རྣམ་པར་དག་པའི་རང་བཞིན་ལས་སྤྲུལ་པའི་གནས་ཀྱི་དབྱིབས་ནི་ཟླུམ་པོ་སྟེ། དགེ་མི་དགེ་སྟོབས་ལྡན་གྱིས་འཛམ་གླིང་ལས་ཀྱིས། སྤྱིའི་ཐད་ཀ་འཛམ་གླིང་ཆུང་ངུའི་ཕྱེད་ཕྱི་རོལ་གངས་རིའི་ཕྲེང་བས་བསྐོར་ནས་ལྟེ་བའི་བར་ཕྱེད་བཅས་དཔག་ཚད་བྱེ་བ་བཅུ་གཉིས་སོ། །དེའི་ནང་དུ་ཆུ་སྐྱེས་འདབ་མ་བརྒྱད་པའི་དབུས་ཀྱི་སུམ་ཆ་གེ་སར་སྡོང་པོ་ལྟ་བུ་ཀེ་ལ་ཤའི་རི་བོ་དཔངས་ལ་དཔག་ཚད་སྟོང་ཕྲག་ཕྱེད་དང་བཅུ་གསུམ་མོ། །དེའི་ཁ་ཞེང་དུ་གངས་རི་དང༌། ཙན་དན་གོ་ཤིརྵ་དང༌། སྦྲུལ་སྙིང་དང༌། ཨ་ཀ་རུ་དང༌། ཏུ་རུ་ཀ་དང༌། མ་ལཱ་ཡ་དང༌། གང་གཱ་ལ་སོགས་ལྗོན་ཤིང་སྣ་ཚོགས་པས་བརྒྱན་པའོ། །མེ་ཏོག་ཧ་ལོ་དང༌། ཨུཏྤལ་དང༌། ཙམ་པ་ཀ་དང༌། ཨུ་དུམ་ཝཱ་ར་དང༌། ཀུ་མུ་ཏ་ལ་སོགས་པའི་པད་མ་སྣ་ཚོགས་ཀྱི་དྲ་བས་ཁེབས་པའོ། །སྨན་ཤིང་སྣ་ཚོགས་དང༌། ཡན་ལག་བརྒྱད་དང་ལྡན་པའི་མཚོ་རྫིང་དུ་མས་བརྒྱན་པ་དང༌། རབ་ཏུ་མཛེས་པ་ཟླུམ་ཞིང་དཔངས་མཐོ་བའི་དབུས་སུ་གྲོང་ཐམས་ཅད་ཀྱི་གཙོ་བོར་གྱུར་པ་དཔལ་ལྡན་ཀ་ལ་པ་ཞེས་བྱ་བ། ཆུ་ཞེང་ཐ་གྲུ་ནི་དཔག་ཚད་བཅུ་གཉིས་སོ། །ཐར་པའི་ཕོ་བྲང་གི་རྒྱུ་ནི་རིན་པོ་ཆེ་ཨན་ད་རྙིལ་དང༌། མུ་ཏིག་དམར་པོ་དང༌། མ་ར་ཏ་ཀ་དང༌། རྡོའི་སྙིང་པོ་དང༌། པད་མ་རཱ་ག་དང༌། ཨིནྡྲ་ནཱི་ལ་དང༌། གསེར་དང༌། དངུལ་ལས་གྲུབ་པའོ། །ཐེག་པ་ཆེན་པོའི་ཆོས་ཀྱི་དགའ་བདེའི་སྒྲ་རང་བཞིན་དུ་གྲགས་པའོ། །དེའི་ལྷོ་ཕྱོགས་ན་མ་ལཱ་ཡའི་ཚལ་དཔག་ཚད་བཅུ་གཉིས་སོ། །དེའི་དབུས་སུ་ཆོས་རྒྱལ་ཟླ་བ་བཟང་པོས་མཛད་པའི་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་གཞལ་ཡས་ཁང་པ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། རྒྱར་ཁྲུ་བརྒྱ་ཕྲག་བཞི་པ། ཕྱི་རོལ་ཏུ་རྡོ་རྗེ་ཕྲེང་བའི་རྒྱར་ཁྲུ་དོ་བརྒྱ་ཕྲག་བཅུ་གཉིས་དང་ལྡན་པའོ། །དྲི་མ་མེད་པའི་འོད་ཟེར་ཁ་དོག་ལྔ་རྣམས་རྟག་ཏུ་འཕྲོ་བའོ། །དེའི་ཤར་དུ་ཉེ་བའི་ཡིད་ཀྱི་མཚོ། ནུབ་ཏུ་པད་མ་དཀར་པོའི་མཚོ་སྟེ་དཔག་ཚད་བཅུ་གཉིས་པ་རེ་རེའོ། །དྲི་ཞིམ་བསིལ་ཆུ་སྣ་ཚོགས་པས་གང་ཞིང་དེ་གཉིས་ཀྱི་འགྲམ་གཉིས་སུ་དྲི་བཟང་སྣ་ཚོགས་དང་ལྡན་པའི་མེ་ཏོག་དུ་མས་དཀྲིགས་པ་དང༌། མཛེས་པའི་བྱ་ཀུན་ལ་དང༌། ངང་པ་དང༌། ངུར་བ་དང༌། རྨ་བྱ་ལ་སོགས་པ་སྤྲུལ་བའི་བྱ་སྣ་ཚོགས་མང་པོས། ཆོས་ཉིད་འགྱུར་བ་མེད་པ། རྟག་པ། བརྟན་པ། ཐེར་ཟུག་པ། རྡོ་རྗེའོ། །གཡུང་དྲུང་ཞེས་པའི་སྐད་ཤིན་ཏུ་སྙན་པ་སྒྲོགས་པ། ཨ་ཀ་རུ་དང༌། སི་ལ་ཙན་དན་ལ་སོགས་པ་སྤོས་མཆོག་ཀྱི་དྲི་བསུང་དང་ལྡན་པ། དཔལ་ལྡན་དྲི་མེད་འོད་ལས། ཀ་ལ་པའི་ལྷོ་ཕྱོགས་ན་མ་ལཱ་ཡའི་སྐྱེད་མོས་ཚལ་རྒྱར་དཔག་ཚད་བཅུ་གཉིས་ཀ་ལ་པའི་གྲོང་དང་མཉམ་པའོ། །དེའི་དབུས་སུ་དུས་ཀྱི་འཁོར་ལོའི་ཁང་པ་ཁྲུ་བརྒྱད་བརྒྱའོ། །དེའི་ཤར་དུ་ཉེ་བ་ཡིད་ཀྱི་མཚོ་ནི་རྒྱར་དཔག་ཚད་བཅུ་གཉིས་པ་དང༌། ནུབ་ཏུ་པད་མ་དཀར་པོའི་མཚོ་ནི་རྒྱར་དཔག་ཚད་བཅུ་གཉིས་སོ། །ཞེས་གསུངས་སོ། །ཕྱི་རོལ་པད་མ་འདབ་བརྒྱད་ཀྱི་ཕྱི་རོལ་ཏུ་དཔག་ཚད་ལྔ་བརྒྱའི་ཞེང་དང་ལྡན་པའི་མཐའ་བསྐོར་དུ་གངས་རིའི་ཕྲེང་བ། དེའི་ནང་དུ་པད་འདབ་བརྒྱད་ལ་གྲོང་ཁྱེར་བྱེ་བ་དགུ་བཅུ་རྩ་དྲུག་སོ་སོར་ཀུན་ནས་མཉམ་པར་ཡོད་དོ། །འགྲེལ་ཆེན་དྲི་མེད་འོད་ལས། དཔག་ཚད་བརྒྱ་ལ་མདའི་བསྒྱུར་བའི་ཚད་དང་ལྡན་པའི་རི་ཡིས་ཕྱོགས་བཞི་རྣམས་ནི་བསྐོར་བའི་དཔལ་ལྡན་ཤམ་བྷ་ལ། དེ་དག་ཀུན་གྱི་རྒྱལ་པོ་ནི་བགེགས་མཐར་བྱེད་ཀྱི་སྤྲུལ་པ་ཉི་མའི་འོད་ཟེར་ཞེས་བྱའོ། །དེའི་སྲས་ནི་ཕྱག་ན་རྡོ་རྗེའི་སྤྲུལ་པ་དཔལ་ལྡན་ཟླ་བ་བཟང་པོ་སྐྱེས་སོ། །དེ་ཡང་རྒྱ་གར་གྱི་ལྷོ་ཕྱོགས་སུ་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ཆེན་པོ་སྟེང་འོག་ཏུ་དཔག་ཚད་དྲུག་དང་རྒྱང་གྲགས་གཅིག་ཡོད་པར་འོག་ཏུ་ཆོས་དབྱིངས་གསུང་གི་དབང་ཕྱུག་གི་དཀྱིལ་འཁོར་དང་སྟེང་དུ་དཔལ་ལྡན་རྒྱུ་སྐར་ཆེན་པོ་སྤྲོས་ཏེ། སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པ་བདེ་བ་ཆེན་པོའི་གནས་སུ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་རྡོ་རྗེ་སེང་གེའི་ཁྲི་ལ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་པའི་ཚེ་ན། དཀྱིལ་འཁོར་ལ་བཀོད་པའི་འཁོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཁྲོ་བོ་དང་ལྷ་ཀླུ་དང་ལྷ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བའོ། །ཞུ་བ་པོ་རྒྱལ་པོ་ཟླ་བ་བཟང་པོ་ཤམ་བྷ་ལ་ནས་རྫུ་འཕྲུལ་གྱི་ཤུགས་ལས་བྱོན་ཏེ་གསོལ་བ་བཏབ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབང་བསྐུར་གནང་ནས། རྩ་རྒྱུད་མཆོག་གི་དང་པོའི་སངས་རྒྱས་རྗེས་སུ་བསྔགས་པའི་སྡེབ་སྦྱོར་ཤོ་ལོ་ཀ་སྟོང་ཕྲག་བཅུ་གཉིས་ལ་སོགས་སྔགས་ཀྱི་ཐེག་པ་མཐའ་དག་སྟོན་ཏོ། །རྩ་རྒྱུད་ལས། སྟོན་པ་བྱ་རྒོད་སྤུངས་པོ་རུ། །ཤེས་རབ་ཕ་རོལ་ཕྱིན་ཚུལ་གསུངས། །ཆོས་བསྟན་དཔལ་ལྡན་འབྲས་སྤུངས་སུ། །དེ་བཞིན་སྔགས་ཀྱི་ཚུལ་རབ་གསུངས། །ཞེས་སོ། །རྒྱུད་ཕྱི་མར། དཔལ་ལྡན་འབྲས་སྤུངས་ཆོས་ཀྱི་དབྱིངས་སུ་སྟོབས་བཅུ་པ་ཡིས་སངས་རྒྱས་པའི་རྒྱུད་རྣམས་མཐའ་དག་བསྟན། ཞེས་གསུངས། རྩ་བའི་རྒྱུད་ལས། སྟོན་པ་གོ་ཏམ་སྟོན་པ་པོ། །གནས་ནི་དཔལ་ལྡན་ཆོས་ཀྱི་དབྱིངས། །འཁོར་ནི་བྱང་ཆུབ་སེམས་དཔའ་སོགས། །རྒྱུད་བསྟན་པ་ནི་མི་རྣམས་ཀྱིས། །བསོད་ནམས་ཡེ་ཤེས་དགོངས་པ་ཅན། །ཞེས་གསུངས་སོ། །དེ་ཡེ་ཤེས་ལྔའི་ངོ་བོར་ལེའུ་ལྔ་སྟེ། དེའི་ནང་དུ་མཚན་བཟང་པོ་རྣམ་པར་དག་པ། མདོར་བསྡུས་སོ་གཉིས་སོ། །དཔེ་བྱད་བརྒྱད་ཅུའི་བདག་ཉིད་ཅན་གྱི་གནས་པ་གྱ་གཅིག་གོ །དེ་ནས་སྔགས་ཀྱི་ཐེག་པ་གསུངས་པའི་ལོ་གཉིས་ན། རྩ་རྒྱུད་ཀྱི་འགྲེལ་ཆེན་ཤོ་ལོ་ཀ་སྟོང་ཕྲག་དྲུག་ཅུ་པ་མཛད་དེ་གླེགས་བམ་ལ་བྲིས་ནས་ཤམ་བྷ་ལར་བསྟན་ཏེ། མ་ལཱ་ཡའི་དབུས་སུ་དུས་ཀྱི་འཁོར་ལོའི་ཁང་པ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་བཞེངས་ཏེ་རྫུ་འཕྲུལ་བསྟན་ནས་གཤེགས་སོ། །དེ་ནས་སྲས་སའི་སྙིང་པོའི་སྤྲུལ་པ་ལྷ་དབང་དང༌། དེའི་སྲས་གཤིན་རྗེ་མཐར་བྱེད་གཟི་བརྗིད་ཅན། སྒྲིབ་པ་རྣམ་སེལ་མི་དབང་ཟླ་བས་བྱིན་པ་དང༌། ཤེས་རབ་མཐར་བྱེད་ལྷའི་དབང་ཕྱུག་དང༌། པད་མ་མཐར་བྱེད་སྣ་ཚོགས་གཟུགས་ནམ་མཁའི་སྙིང་པོ་ལྷའི་དབང་ལྡན་ཏེ་ཡབ་སྲས་ཆེན་པོ་ཆོས་རྒྱལ་དྲུག་གིས་ལོ་བརྒྱ་བརྒྱར་མཆོག་གི་རྩ་རྒྱུད་བསྟན་ཏོ། །དེ་ནས་རྩ་རྒྱུད་ལས། ལོ་ནི་འདི་ནས་དྲུག་བརྒྱའི་ལོར། །དྲང་སྲོང་རྣམས་ནི་སྨིན་པའི་ཕྱིར། །འཇམ་དབྱངས་མི་བདག་གྲགས་པ་ནི། །ཤམ་བྷ་ལ་ཞེས་བྱ་བར་འབྱུང༌། །ཞེས་ལུང་བསྟན་མཛད་པ་ལྟར། སངས་རྒྱས་ཀྱི་རྩ་རྒྱུད་གསུངས་པ་ནས་ལོ་བདུན་བརྒྱ་ན་རིགས་ལྡན་འཇམ་དཔལ་གྲགས་པ་བྱོན་ནས། ཉི་མའི་ཤིང་རྟ་ལ་སོགས་པ་དྲང་སྲོང་བྱེ་བ་ཕྲག་ཕྱེད་དང་བཞི་བཏུལ་ནས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབང་བསྐུར་བ་མཛད་དེ། དུས་ཀྱི་འཁོར་ལོ་རྩ་བའི་རྒྱུད་ལས། ཕྲེང་འཛིན་ཚིགས་བཅད་སུམ་ཅུ་ནི། །ལྷག་པའི་ཕྱོགས་བརྒྱ་ལེའུ་ལྔས། །དཔལ་ལྡན་རྒྱུད་དག་རྫོགས་པ་ནི། །སྨྲ་བའི་རྒྱལ་པོས་སྟོན་འགྱུར་ཏེ། །ཞེས་གསུངས་པ་ལྟར། དྲང་སྲོང་རྣམས། སྨིན་པའི་དོན་དུ་རྩ་རྒྱུད་བསྡུས་རྒྱུད་དུ་མཛད་ནས་ལོ་བརྒྱར་གསུངས་སོ། །དེ་ནས་རྩ་རྒྱུད་མཆོག་གི་དང་པོའི་སངས་རྒྱས་ལས། དེ་ཡི་ལྷ་མོ་སྒྲོལ་མ་ཆེ། །སྲས་ནི་པད་འཛིན་འཇིག་རྟེན་དབང༌། །བདག་གི་ཤཱཀྱའི་རིགས་རྒྱུད་ལས། །བྱུང་ཡང་ཟླ་བཟང་ཁྱོད་ཀྱི་རིགས། །ཞེས་ལུང་བསྟན་ཏོ། །དེའི་དོན་ནི་ཅུང་ཟད་བཀྲོལ་བར་བྱའོ། །དེའི་ལྷ་མོ་ཞེས་གསུངས་པ་ནི། རྒྱལ་པོ་གྲགས་པའི་བཙུན་མོ། སྒྲོལ་མ་མངའ་ཐང་རབ་ཏུ་ཆེ་བའོ། །དེ་གཉིས་ཀྱི་སྲས་བུ་རབ་ཏུ་དམ་པ་ནི། རིགས་ལྡན་པད་མ་དཀར་པོའམ་མེ་ཏོག་ཕྲེང་འཛིན་འཇིག་རྟེན་དབང་ཕྱུག་ཅེས་བྱ་བ་བདག་ཅེས་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་རིགས་རྒྱུད་ལས་བྱུང་ན་ཡང༌། ཤམ་བྷ་ལར་མིའི་རྒྱལ་པོར་ཟླ་བ་བཟང་པོ་ཁྱཽད་ཀྱི་རིགས་ལ་སེམས་ཅན་སྨིན་པར་མཛད་ཅེས་གསུངས། རྡོ་རྗེ་སྙིང་པོའི་རྒྱུད་ལས། ཉན་ཐོས་ཆེན་པོ་ལི་ཙ་བཱི། །སངས་རྒྱས་མྱ་ངན་འདས་འོག་ཏུ། །ལོ་ནི་བཞི་བརྒྱ་ལོན་པའི་དུས། །གྲགས་པའི་ལྷ་མོ་སྒྲོལ་མ་ཆེ། །པད་མ་དཀར་པོ་ཞེས་བྱ་བ། །ཤམ་བྷ་ལ་ཡི་ཡུལ་དུ་འབྱུང༌། །བླ་མེད་ཐེག་ཆེན་ཆོས་ཀྱི་ཆར། །མཐའ་དབུས་མེད་པར་ཀུན་ཏུ་སྟོན། །ཞེས་གསུངས་སོ། །དེ་ནས་ཀ་ལ་པ་ཆོས་ཀྱི་ཕོ་བྲང་དུ་སྐུ་བལྟམས་པའི་ཚེ་ནའང༌། རིན་པོ་ཆེ་སྣ་ཚོགས་པའི་ཆར་ཞག་བདུན་བདུན་དུ་བབ་བོ། །རོལ་མོ་རྣམས་རང་གྲག་ཏུ་གྲགས་སོ། །ས་ཆེན་པོ་གཡོ་བ་དང༌། འཇའ་འོད་དང༌། མེ་ཏོག་གི་ཆར་ཞག་དུ་མར་བབ་སྟེ། རྒྱལ་བུ་ཤིན་ཏུ་དཀར་བ་ཕྱག་མཐིལ་གཉིས་སུ་པད་མ་དཀར་པོ་འདབ་མ་བརྒྱད་པའི་རི་མོ་ཡོད་པ། ཞབས་མཐིལ་དག་ལ་འཁོར་ལོས་མཚན་པ། རལ་པའི་ཐོར་ཚུགས་ཀྱི་ནང་དུ་ལྷའི་ནོར་བུའི་ཅོད་པན་ཅན། སེམས་ཅན་ཐམས་ཅད་སྙིང་རྗེའི་སྒྲ་དང་ལྡན་པར་བལྟམས་སོ། །ཤམ་བྷ་ལའི་གླིང་ཐམས་ཅད་དུ་ཡི་གེ་དྲུག་མའི་སྒྲ་དབྱངས་ནི་ཀུན་གྱིས་དུས་གཅིག་ཏུ་ཐོས་སོ། །འོད་ཀྱིས་ཁྱབ་ནས་ཚིག་འདི་སྐད་དུ། སྟོབས་བཅུ་སངས་རྒྱས་ཡོན་ཏན་རིན་པོ་ཆེ། །འཁོར་བའི་མུན་སེལ་ཐར་པའི་སྒྲོན་མ་འཛིན། །ཤིན་ཏུ་ཕྲད་དཀའི་འདུ་ཤེས་ཡིད་ལ་སོམས། །མི་ལུས་དོན་ཅན་མཛོད་ཅིག་སྐལ་ལྡན་ཀུན། །ཞེས་སོགས་དུ་མས་གླུ་བསྐུལ་ཀུན་ཏུ་ཐོས། དེ་ནས་ཡབ་རྒས་ཤིང་དགོངས་པ་ཡོངས་སུ་རྫོགས་པའི་དུས་སུ། རྒྱལ་བུའི་རྨི་ལམ་དུ། སེམས་ཅན་ཐམས་ཅད་ལ་དགོས་འདོད་འབྱུང་བའི་སྨན་ཤིང་ཆེན་པོ་གཅིག་འདི་ལྟ་སྟེ། རྩ་བ་ནི་གསེར་གྱི་རང་བཞིན་ནོ། །སྡོང་པོ་ནི་དངུལ་གྱི་རང་བཞིན་ནོ། །ཡལ་ག་ནི་ཨ་རུ་རའི་རང་བཞིན་ནོ། །མེ་ཏོག་ནི་ཛ་ཏིའི་རང་བཞིན་ནོ། །འབྲས་བུ་ནི་ཀ་ཀོ་ལའི་རང་བཞིན་ནོ། །འདབ་མ་ནི་ལི་ཤིའི་རང་བཞིན་ཅན་ཞིག་སྐྱེས་ཏེ། སེམས་ཅན་མང་པོས་སྨན་སྣ་ཐམས་ཅད་དེ་ལས་སྤུངས་ནས། རང་བཞིན་གྱིས་རླུང་གིས་བསྒྱེལ་ནས་སེམས་ཅན་ཐམས་ཅད་སྐྲག་ཅིང་མྱ་ངན་བྱས་པ་རྨིས་ནས་སད་པ་དང༌། རྒྱལ་བུ་ཡིད་མྱ་ངན་གྱིས་གདུངས་ནས་ཡབ་འདི་རིང་པོར་མི་ཐོགས་པར་མྱ་ངན་ལས་འདས་པའི་རྟགས་ཡིན་སྙམ་ནས། ཀྱེ་མ་ཡབ་མཆོག་འཇམ་པའི་དབྱངས་ཀྱི་རྒྱལ། །ལྗོན་ཤིང་སྐྱེས་རྒྱལ་ནམ་མཁར་འཕགས་པ་གཅིག །སེམས་ཅན་མང་ལ་དགོས་འདོད་བྱུང་ན་ཡང༌། །གློ་བུར་རླུང་གིས་རྩ་ནས་ཐོན་པར་རྨིས། །ཀྱེ་མ་གྲགས་པ་རྒྱལ་པོ་འཇམ་པའི་དབྱངས། །དེ་བཞིན་ཁྱོད་ནི་འགྲོ་བ་ཀུན་ལ་ཡང༌། །དམ་ཆོས་དགོས་འདོད་མ་ལུས་འབྱུང་བའི་གཞི། །གློ་བུར་དུ་ནི་མྱ་ངན་འདས་མི་འཚལ། །ཞེས་དང༌། ཡབ་ན་རེ། འཇིག་རྟེན་དབང་ཕྱུག་རྒྱལ་པོ་སྤྱན་རས་གཟིགས། །སྐྱེ་རྒ་ན་འཆིའི་འདམ་མ་མི་གནས་སམ། །རྒྱལ་བུ་དེ་སྐད་མ་གསུངས་ཡིད་ལ་ཞོག །ཐེག་པ་ཀུན་དོན་གསལ་བྱེད་རྩ་བའི་རྒྱུད། །དྲང་སྲོང་སྨིན་ཕྱིར་བདག་གིས་བསྡུས་རྒྱུད་བྱས། །བུ་ཁྱོད་མ་ཡིས་བུ་ལ་ཕན་དོན་དུ། །རྒྱས་འགྲེལ་མཛོད་ཅིག་འཇྀག་རྟེན་དབང་ཕྱུག་རྒྱལ། །ལོ་བརྒྱར་རྒྱལ་ས་ལོངས་དང་བཤད་སྒྲུབ་མཛོད། །ཅེས་གསུངས་ནས། ངོ་མཚར་བའི་ལྟས་དང་བཅས་ཏེ་གཤེགས་སོ། །དེ་ནས་སྲས་པད་མ་དཀར་པོས་བསྡུས་རྒྱུད་ཀྱི་འགྲེལ་པ་ཤོ་ལོ་ཀ་སྟོང་ཕྲག་བཅུ་གཉིས་པ་ཡབ་ཀྱི་དགོངས་པ་རྫོགས་པའི་དོན་དུ་མཛད་དོ། །དཔལ་ལྡན་དྲི་མེད་འོད་དུ། གང་གིས་གསང་བདག་ལ་གསུངས་མཆོག་གི་དང་པོའི་སངས་རྒྱས་ལས། །སྟོབས་བཅུ་པ་ཡིས་བསྡུས་པའི་རྒྱུད་ནི་སྔོན་དུ་ལུང་བསྟན་པས། །དེ་ནི་དུས་ཀྱི་འཁོར་ལོ་བསྡུས་པའི་རྒྱུད་འདི་ཀ་ལ་པར། །འཇམ་དཔལ་གྱིས་ནི་ཐུབ་པ་རྣམས་ལ་མཐའ་དག་ངེས་པར་བསྟན། །རྒྱས་འགྲེལ་སྟོང་ཕྲག་དྲུག་ཅུ་པ། །ཟླ་བ་བཟང་པོས་བྲིས་པ་གང༌། །ཐེག་པ་ཀུན་དོན་གསལ་བྱེད་དེ། །པད་མ་དཀར་པོ་བདག་གིས་ནི། །རྩ་བའི་རྒྱུད་ཀྱིས་རྗེས་བཇུག་པ། །གཞུང་ནི་སྟོང་ཕྲག་བཅུ་གཉིས་ཀྱི། །རྡོ་རྗེའི་ཚིག་བཅས་འབྱེད་པ་ནི། །བསྡུས་པའི་རྒྱུད་ལ་བྲི་བར་བྱ། །ཞེས་གསུངས་སོ། །བདེ་བར་གཤེགས་པས་ལུང་བསྟན་ཅིང༌། །འཇམ་དཔལ་གྱིས་ནི་བསྐུལ་གྱུར་པས། །འཇིག་རྟེན་མགོན་པོ་བདག་གིས་ནི། །རྒྱུད་འདིའི་རྒྱས་འགྲེལ་བྲི་བར་བྱ། །བྱིས་པ་མཁས་པ་རྨོངས་རྣམས་ལ། །རྒྱུད་ཀྱི་གསང་བ་གསལ་བྱེད་དེ། །མ་ཡིས་བུ་ལ་ཕན་པ་བཞིན། །ལུས་ཅན་ཐམས་ཅད་བདེ་དོན་དུ། །རྡོ་རྗེ་སེམས་དཔའི་ལམ་མཆོག་འདི། །གང་གིས་རྣལ་འབྱོར་པའི་རིག་བྱེད། །དེ་ཕྱིར་དྲི་མ་མེད་པའི་འོད། །རྒྱས་འགྲེལ་འདི་ནི་མྱུར་དུ་བྲི། །ཞེས་གསུངས་སོ། །དེ་ནས་རྒྱས་འགྲེལ་དྲི་མེད་འོད་དང༌། དོན་དམ་བསྙེན་པ་སོགས་མང་དུ་མཛད་དེ། ལོ་བརྒྱར་ཆོས་བསྟན་ཏོ། །དེ་ནས་གཤིན་རྗེ་གཤེད་སོགས་ཁྲོ་བོ་བཅུ། སའི་སྙིང་པོ་ལ་སོགས་བཅུ་གསུམ་གྱི་སྤྲུལ་པ། བཟང་པོ་དང་རྣམ་རྒྱལ་བཤེས་གཉེན་བཟང་པོ་དང༌། རིན་ཆེན་ཕྱག་དང་ཁྱབ་མཇུག་སྦས་པ་དང༌། ཉི་མ་གྲགས་དང་ཤིན་ཏུ་བཟང་པོ་རྣམས་ལོ་བརྒྱ་བརྒྱར་གསུངས་སོ། །དེ་ནས་རྒྱ་མཚོ་རྣམ་རྒྱལ་གྱིས་བརྒྱ་དང་གྱ་གཉིས་ལ་གསུངས། དེ་ནས་རྒྱལ་དཀས་ལོ་ཉིས་བརྒྱ་ཉེར་གཅིག་ཏུ་ཆོས་གསུངས་སོ། །དེ་ནས་ཉི་མ་དང༌། སྣ་ཚོགས་གཟུགས་དང༌། ཟླ་འོད་དང༌། མཐའ་ཡས་དང༌། ས་སྐྱོང་དང༌། དཔལ་སྐྱོང་དང༌། སེང་གེ་དང༌། རྣམ་གནོན་དང༌། སྟོབས་པོ་ཆེ་དང༌། མ་འགགས་པ་དང༌། མིའི་སེང་གེ་དང༌། དབང་ཕྱུག་ཆེན་པོ་དང༌། མཐའ་ཡས་རྣམ་རྒྱལ་དང༌། དྲག་པོ་སྟེ་བཅོ་ལྔས་ལོ་བརྒྱ་བརྒྱར་གསུངས་སོ། །འཁོར་ལོ་ཅན་འཁོར་ལོ་ཕྱེད་ཅན་དུམ་བུ་ཅན་རྣམས་ཀྱང་གསུངས་པར་གསུངས་སོ། །དེ་དག་ལོ་བརྒྱ་བརྒྱར་ཆོས་སྟོན་པ་དང༌། སྐུ་ཚེའི་ཚད་ནི་ལོ་བརྒྱ་བརྒྱར་མཚུངས་པར་འདོད་པ་ནི་མི་རིགས་སོ། །བྱེད་རྩིས་མེ་མཁའ་རྒྱ་མཚོའི་རྒྱུ་མཚན་མ་རྟོགས་པའི་ཕྱིར་རོ། །དེ་ནས་ཞིང་མཆོག་ཤམ་བྷ་ལར་ད་ལྟའི་བར་ཏུ་དར་རོ། །མ་འོངས་པ་ན་ཡང་དར་བར་གསུངས་སོ། །དེ་ནས་ཤམ་བྷ་ལའི་ཁྱད་ཆོས་རྣམས་སླར་རྒྱ་གར་དུ་བྱོན་ནས་བོད་དུ་བསྒྱུར་ཚུལ་ནི་ལོགས་སུ་ཤེས་པར་བྱའོ། །འདིར་ནི་ཡི་གེ་མང་དུ་འཇིགས་པས་མ་བྲིས་སོ། །རིགས་ལྡན་འཇིག་རྟེན་དབང་ཕྱུག་ཏུ་སྐྱེས་པའི་རབས་ཏེ་ཉེར་བདུན་པའོ།། །།

༢༩ ཉེར་བརྒྱད་པ། འཕགས་པ་ཀླུ་སྒྲུབ་ཏུ་སྐྱེས་པའི་རབས།

༈ ཡང་སྔོན་དཔལ་ལྡན་བླ་མ་འདི་ཀླུ་སྒྲུབ་སྙིང་པོ་ཞེས་བྱ་བར་སྐྱེས་ནས། སེམས་ཅན་གྱི་དོན་མཛད་དེ། མ་གོལ་ལུང་བསྟན་པའི་མདོ་ལས། སངས་རྒྱས་བཅོམ་ལྡན་འདས་ཡུལ་ལང་ཀ་པུ་རིར་འཁོར་རྣམ་བཞི་ལ་ཆོས་གསུངས་པའི་དུས་སུ་ནམ་མཁའ་ལ་བྱ་རོག་གཅིག་འཕུར་ཏེ་བྱ་ཐལ་ཅིག་བོར་ནས། དེ་བཞིན་གཤེགས་པའི་ན་བཟའ་ལ་ཕོག་པ་དང༌། དེའི་ཚེ་དེ་བཞིན་གཤེགས་པའི་ཞལ་འཛུམ་པ་དང་བཅས་པར་བཞད་པར་གྱུར་ཏེ། དེའི་ཚེ་འཁོར་འདུས་པའི་ནང་ནས་ཀུན་དགའ་བོས་ཞུས་པ། དེ་བཞིན་གཤེགས་པ་ནི་རྒྱུ་རྐྱེན་མ་མཆིས་པར་འཛུམ་པ་མི་མཛད་ན། བཅོམ་ལྡན་འདས་འཛུམ་པའི་རྒྱུ་ནི་གང་ལགས། རྐྱེན་ནི་གང་ལགས། དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཉོན་ཅིག །ངས་འཛུམ་པ་མཛད་པའི་རྒྱུ་རྐྱེན་གྱི་བྱེ་བྲག་བཤད་དོ། །བདུད་ཀྱི་རྒྱལ་པོ་དགའ་རབ་དབང་ཕྱུག་ནག་པོའི་བསམ་པ་ཅན་དེས། སྔོན་གྱི་དུས་ན་ཡང་ང་ལ་འགྲན་མང་དུ་བཙུགས་ནས་བར་དུ་གཅོད་པ་རྩོམ། ད་ལྟ་ཆོས་བཤད་པ་ལ་ཕྲག་དོག་སྐྱེས་ཏེ། བྱ་ཐལ་བཏང་ངོ༌། །ང་མྱ་ངན་ལས་འདས་པའི་འོག་ཏུ་ངའི་བསྟན་པ་ཐེངས་ཅིག་འཇིག་པར་བྱེད་དོ། །ད་ལྟའི་བྱ་རོག་འདི་མུ་སྟེགས་མ་གོལ་ཞེས་བྱ་བར་སྐྱེས་ནས་སངས་རྒྱས་ཀྱི་བསྟན་པ་ཐེངས་ཅིག་དམའ་བར་བྱེད་དོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་གསུངས་ནས། འཁོར་དེའི་ནང་ནས་རིགས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལི་ཙ་བཱི་གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་དྲི་མ་མེད་པར་གྲགས་པ་ཆེ་བ་དང༌། ཆུང་བ་བྱང་ཆུབ་སེམས་དཔའ་ལག་ལ་པད་མོ་གཉིས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པར་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་གསོལ་པ། ཀྱེ་མ་དེ་བཞིན་གཤེགས་པ་བཅོམ་ལྡན་འདས། །བདེན་པའི་གསུང་ནི་ཤིན་ཏུ་བྱིན་རླབས་ཅན། །དེ་ཐོས་སེམས་ཅན་གང་ཡིན་མ་ལུས་པ། །བསྐལ་སྟོང་མཐའ་ཡས་བསགས་པའི་སྡིག་པ་ཀུན། །ཟད་པར་མཛད་པའི་ཆོས་ལ་རོལ་པར་སྦྱོར། །སངས་རྒྱས་བསྟན་པ་བདག་གིས་སྲོག་འདོར་བླ། །མ་འོངས་དུས་སུ་བསྟན་པ་འཇིག་པའི་ཚེ། །མ་གོལ་ཞེས་པའི་རྒོལ་བ་བཙུགས་པའི་ཚེ། །བདག་གིས་འདུལ་བའི་ལུང་བསྟན་གསུང་དུ་གསོལ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀྱེ་མ་ལེགས་སོ་ལེགས་སོ། རིགས་ཀྱི་བུ་ལེགས་སོ། ང་ཕྱི་མའི་དུས་སུ་རྩྭ་མཆོག་གྲོང་དུ་མྱ་ངན་ལས་འདས་པའི་འོག་ཏུ་ལོ་བཞི་བརྒྱ་ལོན་པའི་ཚེ་ན། བྱ་རོག་འདི་དགའ་རབ་དབང་ཕྱུག་ནག་པོའི་བསམ་པ་ཅན་དེར་འགྱུར་རོ། །དེའི་མིང་ནི་མ་གོལ་ཞེས་བྱའོ། །མུ་སྟེགས་ཀྱི་སྟོན་པ་ཞེས་ཀྱང་བྱ། རིག་བྱེད་ཀྱི་བདག་པོ་ཞེས་ཀྱང་བྱའོ། །དེས་ཀྱང་ནག་པོའི་རྩ་བ་བཟུང་ནས། ངའི་གཙུག་ལག་ཁང་དང་རིག་པ་འཛིན་པའི་དགེ་སློང་རྣམས་བཤིག་ཅིང་བསྐྲད་དོ། །དེའི་ཚེ་ངའི་ཕྱོགས་སུ་གྱུར་པ་རྣམས་ཉམ་ཆུང་སྟེ་སྡུག་པའི་དུས་སུ་དགེ་སློང་ཁྱོད་འབྱུང་བར་འགྱུར་རོ། །དེའི་མིང་ནི་ཀླུ་ཞེས་བྱ་བ་གྲགས་པ་ཆེ་བ། རིགས་གཟུགས་དང་འབྱོར་བ་རྒྱས་པ། ཐོས་པ་ལ་མི་ངོམས་པ། ཡོད་པ་དང་མེད་པའི་རིགས་དང༌། ལྟ་བ་ངན་པའི་སྡེ་དཔུང་དང་བཅས་པ་རྣམས་ཚར་བཅད་ནས། ཡང་དག་པའི་ལམ་ལ་སྦྱོར་རོ། །དཔེར་ན་རྟ་བདུན་གྱི་དབང་པོ་འཆར་མ་ཐག་ཏུ་འཛམ་བུའི་གླིང་དུ་རི་ནག་པོའི་ཕྱོགས་རིགས་དང༌། མུན་པ་དང༌། མུན་ནག་དང༌། མུན་ནག་ཆེན་པོ་རྣམས་མེད་དེ། མཛེས་ན་ཤིན་ཏུ་གསལ་བར་བྱེད་དོ། །དེ་བཞིན་དུ། དགེ་སློང་ཀླུ་ཞེས་བྱ་བ་བྱུང་ནས། འཛམ་བུའི་གླིང་དུ་ལྟ་བ་ཡོད་པ་དང༌། མེད་པ་དང༌། མུ་སྟེགས་རྩ་ལག་དང་བཅས་པ་རྣམས་ནི། བ་མོ་ལ་འོད་ཟེར་ཕོག་པ་བཞིན་དུ་བྱེད་དོ། །ངའི་བསྟན་པ་རབ་ཏུ་རྒྱས་པས་བྱེད་དོ། །ཞེས་སོགས་གསུངས་སོ། །འཕགས་པ་སྤྲིན་ཆེན་པོའི་མདོར། ཀུན་དགའ་བོ། ལི་ཙ་བཱི་གཞོན་ནུ་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ཞེས་བྱ་བ་འདི། ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ནས་ཀླུ་ཞེས་བྱ་བའི་དགེ་སློང་ཞིག་ཏུ་གྱུར་ནས་ངའི་བསྟན་པ་རབ་ཏུ་རྒྱས་པར་བྱེད་དོ། །མཐར་གྱིས་རབ་ཏུ་དང་བའི་འོད་ཅེས་བྱ་བའི་འཇིག་རྟེན་གྱི་ཁམས་ན། དེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་གནས་ཞེས་བྱ་བར་འཚང་རྒྱ་བར་འགྱུར་རོ། །ཞེས་གསུངས་སོ། །ལང་ཀར་གཤེགས་པའི་མདོ་ལས། བདེ་གཤེགས་མྱ་ངན་འདས་འོག་ནས། །བསྟན་པ་འཛིན་པར་འགྱུར་བ་ནི། །དུས་དག་འདས་ཏེ་འབྱུང་གྱུར་པ། །བློན་པོ་ཆེན་པོ་ཁྱོད་ཅེས་བྱ། །ལྷོ་ཕྱོགས་བེ་ཏའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཆེར་གྲགས་པ། །དེ་མིང་ཀླུ་ཞེས་བོད་པ་སྟེ། །ང་ཡི་བསྟན་པ་འཇིག་རྟེན་ན། །ཡོད་དང་མེད་པའི་ཕྱོགས་འཇིག་བྱེད། །བླ་མེད་ཐེག་པ་གཙོར་བསྟན་ནས། །རབ་ཏུ་དགའ་བའི་ས་བསྒྲུབས་ཏེ། །བདེ་བ་ཅན་དུ་དེ་འགྲོའོ། །ཞེས་པ་དང༌། འཇམ་དཔལ་རྩ་རྒྱུད་ལས། འདི་ན་ང་ནི་འདས་གྱུར་འོག །ལོ་ནི་བཞི་བརྒྱ་ལོན་པ་ན། །དགེ་སློང་ཀླུ་ཞེས་དེ་འབོད་འབྱུང༌། །བསྟན་པ་ལ་ནི་ཕན་དགའ་བ། །རབ་ཏུ་དགའ་བའི་ས་ཐོབ་སྟེ། །ལོ་ནི་དྲུག་བརྒྱ་འཚོ་བར་འགྱུར། །རིག་པ་རྨ་བྱ་ཆེན་པོ་ཡི། །བདག་ཉིད་ཆེན་པོ་དེས་ཀྱང་འགྲུབ། །བསྟན་ཆོས་སྣ་ཆོགས་དོན་དང་ནི། །དངོས་པོ་མེད་པའི་དོན་དེ་རིག །གང་ཚེ་ལུས་དེ་བོར་བ་ན། །བདེ་བ་ཅན་དུ་འགྲོ་བར་འགྱུར། །དེ་མཐར་གྱིས་ནི་སངས་རྒྱས་ཉིད། །ངེས་པར་ཁོ་ན་ཡང་དག་ཐོབ། །ཅེས་སོགས་མདོ་རྒྱུད་དུ་མར་ལུང་བསྟན་ཐོབ་པའི་ཀླུ་སྒྲུབ་ཡིན་ཏེ། རིགས་ཇི་ལྟར་དུ་བྱུང་ཞེ་ན། དབུས་རྡོ་རྗེ་གདན་གྱི་ལྷོ་ཕྱོགས་ཀྱི་རྒྱུད་དུ། གྲོང་ཁྱེར་ཆེན་པོ་བེ་ཏ་ལ་ཞེས་བྱ་བ། མི་ཁྱིམ་འབུམ་ཕྲག་དྲུག་གིས་ཡོངས་སུ་བསྐོར་བའི་དབུས་སུ་རྒྱལ་པོའི་ཕོ་བྲང་རྡོ་རྗེ་ཁང་བཟང་ཞེས་བྱ་བ་རྒྱུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཁྱིམ་རིམ་པ་ལྔའམ་ཕྱི་ནང་ལྔ་ཡང་ཐོག་ལྔ་སྟེ་ཤིན་ཏུ་མཛེས་པ། བྲེ་ཕུལ་མུ་ཏིག་དམར་པོ་སྟེ། གསེར་གྱི་ཀ་བ་སྟོང་སྟོང་གིས་བཏེག་པའི་དངུལ་གྱི་བྱ་འདབ་ཀྱིས་ཡོངས་སུ་བསྐོར་བ་བཀྲ་ཤིས་ཉམས་དགའ་བ་རིན་པོ་ཆེའི་འོད་འཆར་བ། འབྱོར་བ་རྒྱས་པ། ལོ་ལེགས་པ། གླང་པོ་ཆེའི་ཚོགས་དང༌། རྟའི་དཔུང་དང༌། བ་ལང་དང༌། རིན་པོ་ཆེའི་གཏེར་དང༌། དམག་མི་རྣམས་དང༌། ཤིང་རྟའི་ཚོགས་དང༌། འབྲས་བུ་སྣ་ཚོགས་པའི་གཏེར་དང་ལྡན་པ། དེའི་རྒྱལ་པོ་བྲམ་ཟེ་རྣམ་པར་རྒྱལ་བ་ཞེས་བྱ་བ་བཙུན་མོ་ཉི་ཤུ་རྩ་དྲུག་ནི། རྒྱལ་པོ་བསོད་ནམས་དཔལ་གྱི་བུ་མོ་དང༌། རྒྱལ་པོ་ཤིང་རྟ་ཅན་གྱི་བུ་མོ་དང༌། རྒྱལ་པོ་དུང་སྒྲ་ཅན་གྱི་བུ་མོ་དང༌། རྒྱལ་པོ་རྔ་སྒྲ་ཅན་གྱི་བུ་མོ་དང༌། རྒྱལ་པོ་གླང་རྩལ་ཅན་གྱི་བུ་མོ་དང༌། རྒྱལ་པོ་འོད་ཟེར་ཅན་གྱི་བུ་མོ་དང༌། རྒྱལ་པོ་སེང་གེ་སྟོབས་ཀྱི་བུ་མོ་ལ་སོགས་པ་ཕ་བཟང་བུ་མོ་ཉི་ཤུ་རྩ་དྲུག་ལ། རྒྱལ་བུ་བཅུ་བཞི་ཡོད་དོ། །སྲས་མོ་ཞེ་བརྒྱད་ཡོད་དོ། །བློན་པོ་ཆེན་པོ་སོ་བདུན་དང༌། བར་བློན་ལྔ་བཅུ། ཕྱི་བློན་ནི་སུམ་བརྒྱ་ཡོད་དོ། །བཙུན་མོ་དེ་དག་གི་མཆོག །རྒྱལ་པོ་འཁོར་ལོ་ཅན་གྱི་བུ་མོ་པད་མའི་འོད་ཟེར་ཞེས་བྱ་བ། གཟུགས་བཟང་བ་མཛེས་པ་བལྟ་ན་སྡུག་པ། སེམས་ཆོས་ལ་དད་པ། དཀོན་མཆོག་གསུམ་ལ་བཀུར་སྟི་བྱེད་པ་ཞིག་ལ་ལྷུམས་སུ་ཞུགས་པའི་ཚེ་ན། རྒྱལ་པོའི་དཀོར་མཛོད་ལ་མེ་ཏོག་རེ་རེ་སྐྱེས་སོ། །བེ་ཏ་ལའི་གྲོང་ཁྱེར་དུ་འཇའ་འོད་དང༌། རོལ་མོ་སྣ་ཚོགས་པ་བསྒྲགས་སོ། །བལྟམས་པའི་ཚེ་ན་ཡང་འཇིག་རྟེན་གྱི་ཁམས་སུ་འོད་ཀྱིས་ཁྱབ་པ་དང༌། རྒྱལ་པོའི་ཁྱིམ་དང་གྲོང་ཁྱེར་དེ་ལ་མི་ཁྱིམ་རེ་རེ་ལ་རིན་པོ་ཆེ་སྣ་བདུན་གྱི་གཏེར་དུ་མ་རྡོལ་བ་དང༌། རོལ་མོ་རྣམས་ཀྱང་མ་དཀྲོལ་བར་སྒྲ་གྲགས་པ་སོགས་ངོ་མཚར་བའི་ལྟས་མང་པོ་དང་བཅས་པར་བལྟམས་སོ། །རྒྱལ་བུ་གཞན་དང་མི་འདྲ་བར་སྐུ་མདོག་ཁ་ཆེའི་གུར་གུམ་དང་མཚུངས་པ། མཚན་བཟང་པོ་དུ་མས་སྤྲས་པ། གཟུགས་ཤིན་ཏུ་བཟང་བ། མཛེས་ཤིང་བལྟ་ན་རབ་ཏུ་སྡུག་པའོ། །མཚན་ནི་བསོད་ནམས་ཟླ་བ་ཞེས་བཏགས་སོ། །རྩ་མཁན་བྲམ་ཟེ་ཨ་ཙ་ར་ཞེས་བྱ་བ་བོས་ནས། རྒྱལ་པོ་ན་རེ། རྩ་མཁན་ཆེན་པོ་རྩ་ལོག་མ་བྱེད་པར། །བདག་གི་རྒྱལ་བུ་བསོད་ནམས་ཟླ་བ་འདི། །སྤུན་ཟླ་རྣམས་དང་མི་འདྲ་ངོ་མཚར་ཅན། །བཟང་ངན་ཅི་འདྲ་ལེགས་པར་འཆད་དུ་གསོལ། །ཞེས་དང༌། རྩ་མཁན་ན་རེ། གླིང་བཞིར་དབང་བའི་རྒྱལ་ཆེན་རྣམ་པར་རྒྱལ། །བསོད་ནམས་བརྒྱ་ལས་བྱུང་བའི་ཁྱེད་ཀྱི་སྲས། །བསོད་ནམས་ཟླ་བ་གཞན་ལས་ཁྱད་པར་འཕགས། །མཚན་བཟང་མཆོག་མངའ་བཀྲ་ཤིས་རྣམ་པར་རྒྱས། །འོན་ཏེ་ཞག་བདུན་ལོན་ནས་ཞི་བར་གཤེགས། །མ་གཤེགས་ན་ཡང་སྡེ་སྣོད་འཛིན་པའི་མཆོག །དགྲ་བཅོམ་འཕགས་པའི་བྱང་ཆུབ་དམ་པར་འགྱུར། །ཞེས་སོ། །རྒྱལ་པོ་ན་རེ། བྲམ་ཟེ་ཆེན་པོ་རྩ་མཁན་ཆོས་ཀྱི་རྗེ། །བུ་ཡི་སྙིང་པོ་དམ་པ་བསོད་ནམས་ཟླ། །ཞག་བདུན་ལོན་ན་འཆི་ཉེན་ཡོད་ཅེས་པ། །གསོ་བའི་ཐབས་ནི་ཁྱོད་ལ་ཡོད་དམ་མེད། །ཅེས་དང༌། བྲམ་ཟེ་ན་རེ། ཆོས་ཀྱི་རྒྱལ་པོ་བྲམ་ཟེ་རྣམ་པར་རྒྱལ། །སྲས་རྣམས་སྙིང་པོ་བསོད་ནམས་ཟླ་བ་ལ། །གསོ་བའི་ཐབས་ནི་མུ་སྟེགས་ཀུན་ཏུ་རྒྱུ། །ལྔ་བརྒྱ་དག་ལ་སྦྱིན་པ་བགྱིས་ནས་ཀྱང༌། །ཟླ་བ་དྲུག་པོ་རང་སར་ཐུབ་པར་འགྱུར། །ཞེས་དང༌། རྒྱལ་པོ་དགའ་ནས་སྨྲས་པ། ལེགས་སོ་ལེགས་སོ་རྩ་མཁན་ཨ་ཙ་ར། །བདག་གི་བུ་ནི་བརྒྱ་ཡོད་སྟོང་ཡོད་ཀྱང༌། །བསོད་ནམས་ཟླ་བ་འདི་ནི་གཅིག་ཏུ་ཟད། །ཟླ་དྲུག་གསོ་བའི་ཐབས་བསྟན་བཀའ་དྲིན་ཆེ། །ཞེས་དང༌། ཟང་ཟིང་གི་སྦྱིན་པའི་འབྱོར་པས་རྩ་མཁན་ཚིམས་པར་བྱས་སོ། །དེ་ནས་རྒྱལ་བྱེད་ལ་སོགས་པ་ཀུན་ཏུ་རྒྱུ་ལྔ་བརྒྱ་ལ་སྦྱིན་པས་ཚིམས་པར་བྱས་ནས། ཟླ་བ་དྲུག་འདས་ནས། ཡང་རྩ་མཁན་བོས་ཏེ། རྩ་མཁན་ན་རེ། ནང་པའི་དགེ་སློང་ལྔ་བརྒྱ་ལ་ཚོགས་བསགས་ཀྱིས་དང༌། ལོ་དྲུག་ཐུབ་ཟེར་ནས། པཎྜི་ཏ་ཆོས་ཀྱི་བློ་གྲོས་ལ་སོགས་ལྔ་བརྒྱ་ལ། རིན་པོ་ཆེའི་ལྷུང་བཟེད་རེ་རེ་ལ་ག་བུར་གྱིས་བཀང་བ་རེ་རེ། ཁ་ཆེའི་གུར་གུམ་ལྟ་བུའི་ཆོས་གོས་རེ་རེ། བསིལ་ཡབ་རེ་རེ་ཕུལ་ནས། རྒྱལ་པོ་འཁོར་བཅས་ཀྱིས་ཕྱག་དང་བསྐོར་བ་དགྲ་བཅོམ་ལྔ་བརྒྱ་ལ་བྱས་ནས། རྒྱལ་པོ་ན་རེ། བསོད་ནམས་ཞིང་མཆོག་དགྲ་བཅོམ་ལྔ་བརྒྱ་ལ། །དེ་རིང་བདག་གིས་གོས་བཟང་ཕུལ་བ་ལས། །རྒྱལ་བུ་བསོད་ནམས་ཟླ་བའི་སྐུ་ཚེ་ཡང༌། །ཉི་ཟླ་བཞིན་དུ་རྟག་ཏུ་རིང་བར་ཤོག །ཅེས་དང༌། དགྲ་བཅོམ་པ་ལྔ་བརྒྱས་ཀྱང་སྨོན་ལམ་བཏབ་བོ། །རྒྱལ་བུ་བསོད་ནམས་ཟླ་བ་ལྷ་ཡི་བུ། །ཚེ་རིང་ནད་མེད་ཆོས་ལ་ལོངས་སྤྱོད་ཅིང༌། །འཕགས་པའི་དགེ་འདུན་རྒྱ་མཚོ་ལྟ་བུ་ཡི། །དབུས་སུ་ཆོས་ཀྱི་འཁོར་ལོ་བསྐོར་བར་ཤོག །ཅེས་དང༌། ལོ་དྲུག་ནས་རྩ་མཁན་ལ་བསྟན་ནས། ད་འཚོ་བའི་ཐབས་མེད་དོ། །ཞེས་དང༌། རྒྱལ་འབངས་ཐམས་ཅད་ཤིན་ཏུ་མྱ་ངན་གྱིས་ནོན་ནས། རྒྱལ་པོས་སྨྲས་པ། ཀྱི་ཧུད་བྲན་ཕོ་ལེགས་བྱེད་དྷ་ར་ལ། །བསོད་ནམས་ཟླ་བ་གསོ་ཐབས་མེད་པ་ན། །ད་ནི་ང་ཡི་སྔོན་དུ་འཆི་འགྱུར་ན། །མྱ་ངན་དག་ལ་བདག་ནི་སངས་དུས་མེད། །དབེན་ས་ཆེན་པོ་འདི་ཡི་ཕར་རྒྱབ་ན། །ཀ་ཏ་ཨ་མྲའི་ཚལ་དུ་དེ་སྐྱོལ་ཅིག །མ་འཆིའི་བར་དུ་འགྲོ་རོག་འདུག་རོགས་ཀྱིས། །འཆི་བའི་རྟིང་ན་ཁྱོད་ནི་གནས་འདིར་ཤོག །ཅེས་དང༌། དྷ་རས་སྨྲས་པ། ལེགས་སོ་ལེགས་སོ་མི་བདག་ལྷ་ཡི་རྒྱལ། །ནོར་བུ་ལྟ་བུ་བསོད་ནམས་ཟླ་བ་འདི། །མ་འཆིའི་བར་དུ་འཆི་རོགས་བདག་གིས་བགྱི། །གཤེགས་ནས་སྤུར་འདི་བཞུ་བར་བགྱིད་དོ་ལགས། །ཞེས་དང༌། རྒྱལ་བུ་ཤིང་རྟ་ལ་བསྐྱོན་ཏེ་ཅི་ཙམ་འོས་པའི་ཡོ་བྱད་དང་བཅས་པར་ཆས་ནས་མའི་རིགས་མི་གཅིག་པའི་སྤུན་ཟླ་བཅུ་གསུམ་པོ་ཡང་འདི་ལྟ་སྟེ། རྡོ་རྗེའི་བློ་གྲོས་ཞེས་བྱ་བ་དང༌། སེང་གེའི་བློ་གྲོས་ཞེས་བྱ་བ་དང༌། དཔའ་བོ་རྡོ་རྗེ་དང༌། གཏུམ་པོ་འཁོར་ལོ་དང༌། ནོར་བུ་འོད་ཟེར་དང༌། ཞི་བ་མཛེས་པ་དང༌། དགའ་བའི་རྒྱལ་མཚན་དང༌། མཛེས་པའི་མཐའ་ཡས་དང༌། གྲགས་པའི་པད་མ་དང༌། ཤེས་རབ་འོད་འཕགས་དང༌། ཡོན་ཏན་འོད་ཟེར་དང༌། འཇམ་པའི་འཁོར་ལོ་དང༌། བྱང་ཆུབ་བློ་གྲོས་ཏེ་བཅུ་གསུམ་རྣམས་ཕན་ཚུན་དུ་འདི་སྐད་དུ། བསོད་ནམས་ཟླ་བ་བཟང་པོ་དཔལ་དང་ལྡན། །བདེ་བའི་ཚེ་ན་རྟག་ཏུ་ཁྱེད་བཀུར་ཏེ། །སྡུག་པའི་ཚེ་ན་འདོར་དུ་ག་ལ་རུང༌། །བདག་ཅག་རྣམས་ཀྱང་སྐྱེལ་ཐོང་བྱེད་དུ་འགྲོ། །ཞེས་དང༌། སྲིང་མོ་གསུམ་ན་རེ། བསོད་ནམས་ཟླ་བ་མིང་བོ་ཀུན་གྱི་མཆོག །ཉེ་མེད་ཐུང་མེད་གནས་སུ་འགྲོ་གྱུར་ན། །བདག་ཅག་གསུམ་ནི་སྐྱེལ་མ་ལྷག་པར་བྱེད། །གསོན་རུང་འཆི་རུང་འདོར་བ་ག་ལ་ཕོད། །ཅེས་དང༌། བློན་འབངས་རྣམས་ཀྱང་སྨྲས་པ། སྐྱིད་རུང་སྡུག་རུང་བསོད་ནམས་ཟླ་བ་ལ། །སྐྱེལ་ཐུང་ལས་ལ་ཤིན་ཏུ་ལྷག་པར་མཆི། །ཇི་ལྟར་བསམས་ཀྱང་བསོད་ནམས་ཟླ་བ་དྲན། །ཞེས་དང༌། རྔ་བརྡུངས་དར་འཕྱར་ནས། འགྲོ་ལ་ཆས་པའི་ཚེ་ན། བསོད་ནམས་ཟླ་བས་སྨྲས་པ། བདག་ནི་ཡུལ་འདིར་གསོན་པའི་ཐབས་མེད་དེ། །ད་ནི་འཇིགས་པའི་དུར་ཁྲོད་གནས་སུ་འགྲོ། །ཁྱེད་རྣམས་རྒྱབ་ཏུ་མཆིས་སམ་མ་མཆིས་འདྲ། །དེ་བས་རྒྱལ་ས་སྐྱོང་ན་ལྷག་པར་དགའ། །ཞེས་སོགས་ལན་གསུམ་ལན་བཞིར་སྨྲས་ཀྱང་མ་ཉན་པར་རང་རང་གིས་མི་རྟ་འཚག་ཤུམ་བྱེད་དོ། །དེ་ནས་རྒྱལ་བུས་སྨོན་ལམ་འདི་ལྟར་བཏབ་སྟེ། ལྷག་བསམ་བྱང་ཆུབ་བསྒྲུབས་པའི་དགེ་བ་ཡིས། །བདག་གི་ཕ་མ་ལ་སོགས་རྒྱལ་འབངས་ཀུན། །བདེ་བར་ཉལ་ཞིང་བདེ་བར་སད་པ་དང༌། །ཡབ་སྲས་ད་ལྟ་འདི་བཞིན་འཕྲད་པར་ཤོག །ཅེས་སྨྲས་ནས་ས་ཡང་འགུལ་ལོ། །རབ་ཏུ་འགུལ་ནས་སྙན་ངག་གིས་བསྟོད་ཅིང་བཞུད་ནས། དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ལ་ཐོན་ནས། ཐམས་ཅད་བཞོན་པ་རྣམས་ལས་བབ་ནས། ཕྱག་དང་བསྐོར་བ་མང་དུ་མཛད་དོ། །ཁྱད་པར་དུ་བུམ་པའི་ནང་དུ་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་ལ། བསོད་ནམས་ཟླ་བས་མེ་ཏོག་གི་ཕྲེང་བ་དང༌། མུ་ཏིག་དམར་པོའི་སེ་མོ་དོ་དང༌། དངུལ་དཀར་གྱི་མཎྜལ་སྟེ་གསུམ་ཕུལ་ནས་སྨྲས་པ། བདག་མ་འོངས་པའི་དུས་སུ་ཆོས་མཆོག་འདི་དང་འདི་ལྟ་བུ་དང་རྟག་ཏུ་མཇལ་བར་གྱུར་ཅིག །རྩོད་དུས་སྙིགས་མའི་སེམས་ཅན་ལ་ཆོས་འདིའི་སྒོ་ནས་བདག་གིས་ཆོས་ཀྱི་དུང་འབུད། དར་འཕྱར། རྔ་བརྡུངས་པར་གྱུར་ཅིག །ཅེས་སོགས་སྨོན་ལམ་བཏབ་སྟེ། དེ་ནས་སྤུན་ཟླ་བཅུ་གསུམ་གྱིས་འདི་སྐད་དུ། དེའི་ཚེ་ན་བདག་ཅག་རྣམས་ཁྱོད་ཀྱི་འཁོར་གྱི་དང་པོར་གྱུར་ནས། ཡོན་ཏན་ཁྱེད་དང་མཉམ་པར་གྱུར་ཅིག །ཅེས་པ་དང༌། བསོད་ནམས་ཟླ་བས། དེ་བཞིན་དུ་གྱུར་ཅིག །ཅེས་གསུངས་སོ། །སྲིང་མོ་རྣམས་ཀྱང་འདི་སྐད་དུ། དེའི་ཚེ་ན་བདག་ཅག་ཀྱང་ཁྱེད་ཀྱི་འཁོར་དུ་གྱུར་པ་དགེ་སློང་མ་ཏིང་ངེ་འཛིན་གྱི་མཆོག་ལ་སྤྱོད་པར་གྱུར་ཅིག །ཅེས་གསུངས་ནས། བསོད་ནམས་ཟླ་བས། དེ་བཞིན་དུ་གྱུར་ཅིག །ཅེས་གསུངས་སོ། །བློན་འབངས་རྣམས་ཀྱིས། དེའི་ཚེ་ན་བདག་ཅག་ཁྱེད་ལ་བརྟེན་ནས་གཞུང་ལུགས་རྒྱ་མཚོ་ལྟ་བུའི་དོན་ཡོངས་སུ་རྟོགས་པར་གྱུར་ཅིག །ཅེས་དང༌། རྒྱལ་བུས། དེ་བཞིན་དུ་གྱུར་ཅིག །ཅེས་གསུངས་སོ། །དེ་ནས་འོད་སྲུང་གིས་བཞེངས་པའི་མཆོད་རྟེན་དཔལ་ཡོན་ཅན་ལ་ཕྱིན་ནས། མཆོད་པ་དང་ཕྱག་བསྐོར་ཕུལ་ནས། བསོད་ནམས་ཟླ་བས་སྨྲས་པ། བདག་གིས་མ་འོངས་པའི་དུས་ན་མཐའ་འཁོབ་ཀྱི་གནས་སུ་བསྟན་པའི་སྒྲོན་མེ་རྟེན་མཆོག་འདི་ལྟ་བུའམ་འདི་བས་ཁྱད་པར་ཅན་ཞིག་བཞེངས་པར་གྱུར་ཅིག །ཅེས་དང༌། དེ་ནས་འགྲོགས་པ་ཐམས་ཅད་ཀྱིས། དེའི་ཚེ་ན་བདག་གིས་གྲོགས་བྱེད་པར་གྱུར་ཅིག །ཅེས་སོ། །བསོད་ནམས་ཟླ་བས། དེ་བཞིན་དུ་གྱུར་ཅིག །ཅེས་གསུངས་ནས་ཀྱང་འཁོར་ཐམས་ཅད་ནན་གྱིས་ཞལ་ཏ་མཛད་ནས་སླར་ལོག་གོ །དེ་ནས་ཡུལ་དུ་རྒྱལ་པོས་མཐོང་ནས་ད་ནི་རྒྱལ་བུ་ཤི་བ་རེད་སྙམ་ནས་སྨྲས་པ། ཀྱི་ཧུད་བསོད་ནམས་ཟླ་བ་ཨ་མྲའི་ཤིང༌། །ས་ཕྱོགས་གང་དུ་ཚེ་ཡི་དུས་བྱས་ལགས། །ཁྱེད་རྣམས་སྤུར་ནི་བཞག་གམ་མེ་ལ་བསྲེགས། །ད་ལྟ་ཉིད་དུ་གསལ་བར་འཆད་དུ་གསོལ། །ཞེས་དང༌། རྒྱལ་བུ་རྡོ་རྗེ་བློ་གྲོས་ཀྱིས་སྨྲས་པ། བདག་ཅག་འབྲས་སྤུངས་གནས་དང་དཔལ་ཡོན་ཅན། །ཕྱག་དང་བསྐོར་བ་བྱས་ནས་བདག་ཅག་ལ། །ཕྱི་རྗེས་སོང་ཞེས་བཀའ་ནན་ཡང་ཡང་གྱིས། །མ་ཉན་བཞིན་དུ་སླར་ཡང་ཡུལ་འདིར་ལོག །ཅེས་སོགས་ཕན་ཚུན་དགའ་བའི་གཏམ་མང་དུ་བྱས་སོ། །དེ་ནས་བསོད་ནམས་ཟླ་བ་དང་བྲན་ཕོ་གཉིས་ཕྱོགས་ཕྱོགས་སུ་འཁྱམས་ནས། བྲམ་ཟེ་ས་ར་ཧཱ་པ་ཕུག་གཅིག་ཏུ་བཞུགས་པས་གསན་ནས། ཉེ་གནས་ལ་སྨྲས་པ། རྒྱལ་བུ་བསོད་ནམས་ཟླ་བ་དེ་འཁྱམས་ཟེར་བ་བདེན་ནམ་གསུངས་པས། བདེན་ལགས་ཞུས་པས། བྲམ་ཟེ་ཆེན་པོས་སྨྲས་པ། དེ་འཚོལ་ལ་འདིར་བོས་ཤིག་གསུངས་སོ། །དེ་ནས་རྒྱལ་བུ་བོས་ནས། བྲམ་ཟེས་སྨྲས་པ། རྒྱལ་བུ་ནོར་བུ་རིན་ཆེན་ལྟ་བུ་ཁྱོད། །ཉེས་པ་ཅི་ཞིག་བྱས་ན་ཕ་མས་སྤྱུགས། །བཀའ་ཁྲིམས་བཤིག་གམ་ཡང་ན་ཇི་ལྟར་བྱས། །འཁྱམས་ན་ངལ་ལམ་ཆད་དམ་བདག་ལ་ཤོད། །ཅེས་གསུངས་ནས། བསོད་ནམས་ཟླ་བས་སྨྲས་པ། གྲུབ་ཆེན་ཞག་བདུན་ཟླ་བ་དྲུག །ཞག་དྲུག་ལོ་དྲུག་ཚེ་ཡང་བསྲིངས། །ད་ནི་ཐབས་མེད་མ་དགའ་ནས། །ཕྱོགས་རྣམས་ཀུན་ཏུ་འཁྱམས་པ་ལགས། །ཞེས་དང༌། གྲུབ་ཐོབ་ན་རེ། འོ་ན། རྒྱལ་པོ་རྣམ་པར་རྒྱལ་བའི་སྲས། །རིགས་གཟུགས་འབྱོར་ལྡན་གཞོན་ནུ་ཁྱོད། །ཉོན་མོངས་གཉིད་ཀྱིས་མ་ལོག་པར། །ཞག་བདུན་གསོལ་བ་བཏབ་ནུས་སམ། །ཞེས་དང༌། རྒྱལ་བུ་ན་རེ། ལས་ངན་བསགས་པའི་རྒྱལ་བུ་ང༌། །རྒྱལ་སྲས་སྐྱེས་ཀྱང་སྤྲང་པོར་འཁྱམས། །དེ་རིང་ཁྱེད་ཀྱིས་ཐུགས་རྗེ་བཟུང༌། །ཞག་བདུན་གཉིད་སྤངས་གསོལ་བཏབ་བྱ། །ཞེས་བྱས་སོ། །དེ་ཡང་ལྷག་བསམ་བསྐུལ་བའི་མདོར། གང་གི་རྨུགས་དང་གཉིད་ལ་དགའ་འགྱུར་བ། །དེ་ནི་ཤེས་རབ་ཤིན་ཏུ་ཉམ་ཆུང་འགྱུར། །དེ་ཡི་བློ་ཡང་ཡོངས་སུ་ཉམས་པར་འགྱུར། །ཡེ་ཤེས་ལས་ནི་རྟག་ཏུ་ཉམས་པར་འགྱུར། །གང་གི་རྨུགས་དང་གཉིད་ལ་དགའ་འགྱུར་བ། །མི་ཤེས་ལེ་ལོ་སྙོམ་ལས་ཤེས་རབ་འཆལ། །མི་མ་ཡིན་དག་གིས་ཀྱང་ཀླགས་རྙེད་དེ། །ནགས་ན་གནས་པའི་ཚེ་ན་འཚེ་བར་འགྱུར། །ཞེས་སོགས་མང་དུ་གསུངས་སོ། །དེ་ནས་ཞག་བདུན་དུ་གཉིད་སྤངས་ཏེ། གསོལ་བ་བཏབ་པས། ཚེ་དཔག་མེད་ཀྱི་དབང་བསྐུར་ནས་བསྒྲུབ་པ་མཛད། རྟགས་ཁྱད་པར་ཅན་བྱུང་ནས། བྲམ་ཟེའི་ཞལ་ནས། བསོད་ནམས་ཟླ་བ་གཟའ་ལས་ཐར་པ་ལྟར། །འཆི་བདག་བདུད་ལས་ཁྱོད་ནི་རྣམ་པར་རྒྱལ། །ཚེ་ལོ་དྲུག་བརྒྱ་ལྷག་པའི་ལོ་བཅུ་ཐོབ། །ད་ནི་རབ་བྱུང་གྱིས་ལ་ཚེ་ཡི་དོན་ཆེན་མཛོད། །ཅེས་གསུངས་ནས། རྒྱལ་བུ་ན་རེ། ལེགས་སོ་བྲམ་ཟེ་ཆེན་པོ་སྐུ་དྲིན་ཅན། །ད་ལྟ་ཉིད་དུ་བདག་ལ་སྡོམ་པ་སྩོལ། །ལུས་སེམས་སྙིང་པོ་མེད་ལ་སྙིང་པོ་ཡིས། །འབྲས་བུ་མྱུར་དུ་ཐོབ་པའི་ཆོས་རྣམས་སྩོལ། །ཞེས་དང༌། བྲམ་ཟེས་གསུངས་པ། ཕ་མས་གནང་བ་སྩོལ་ལམ་མི་སྩོལ་བའི། །དྲིས་ནས་སྩོལ་བ་གནང་སྟེ་བཏང་གྱུར་ན། །ནཱ་ལེནྡྲ་རུ་སྒྲ་གཅན་བཟང་པོ་ཞེས། །དེ་ལ་རབ་བྱུང་གྱིས་དང་དོན་མཆོག་འགྲུབ། །ཅེས་གསུངས་ནས། རྒྱལ་བུས་བྲམ་ཟེ་ལ་ཕྱག་དང་བསྐོར་བ་བྱས་ནས། ཕྱི་མིག་ཡང་ཡང་བྱས་ནས་བེ་ཏ་ལའི་གྲོང་དུ་བཞུད་དོ། །ཕ་མ་ལ་སོགས་འཁོར་འབངས་རྣམས་ཀྱིས་རྒྱལ་བུ་བྱ་རྒོད་འཕུར་བ་བཞིན་དུ་རྒྱང་རིང་པོ་ནས་འོང་བ་མཐོང་ངོ༌། །མཐོང་ནས་རབ་ཏུ་དགའ་སྟེ་མགུལ་དུ་འཁྱུད་དོ། །ལ་ལས་གོས་བསྐོན། ལ་ལས་སྟན་བཏིང༌། ལ་ལས་གསོལ་བ་འདྲེན། ལ་ལས་རོལ་མོ་བརྡུང་ངོ༌། །རྒྱལ་པོ་ན་རེ། ཀྱེ་མ་བསོད་ནམས་ཟླ་བ་དཔལ་ལྡན་པ། །ད་ལྟ་གསོན་ནས་ཕྲད་པ་སྲིད་དམ་ཅི། །སུ་ཡིས་ཁྱེད་ལ་གསོ་བའི་ཐབས་སུ་བསྟན། །ལེགས་པར་སྨྲོས་ཤིག་བུ་མཆོག་ཆོས་ཀྱི་རྗེ། །ཞེས་དང༌། བསོད་ནམས་ཟླ་བས། ཕ་མ་གཉིས་ལ་ཕྱག་དང་བསྐོར་བ་བྱས་ནས་སྨྲས་པ། རྒྱལ་པོ་ཆེན་པོ་བྲམ་ཟེ་རྣམ་པར་རྒྱལ། །གཙུག་ལག་ཁང་ཆེན་དེ་ཝི་ཞེས་བྱ་བར། །བྲམ་ཟེ་ཆེན་པོ་དཔལ་ལྡན་ས་ར་ཧཱས། །ཁོ་བོ་ཐུགས་རྗེའི་ལྕགས་ཀྱུས་ལེགས་བཟུང་ནས། །མི་ལོ་དྲུག་བརྒྱ་ཐོབ་པའི་ལུང་བསྟན་མཛད། །བདག་ལ་རབ་བྱུང་ཞེས་པའི་བཀའ་སྩལ་གནང༌། །ཁྱིམ་གྱི་བྱ་བས་ཐར་པའི་ལམ་ནི་རིང༌། །རབ་བྱུང་བྱང་ཆུབ་སྙིང་པོ་ཐོབ་པར་བྱེད། །ཐར་པའི་གྲོགས་ཆེན་མཛོད་ཅིག་རྣམ་པར་རྒྱལ། །བྱང་ཆུབ་གྲོགས་མཛད་པད་མའི་འོད་ཟེར་ཅན། །ཞེས་དང༌། རྒྱལ་པོ་ན་རེ། བསོད་ནམས་ཟླ་བ་ཡིད་འོང་རྣམ་དག་པ། །དལ་འབྱོར་ཐོབ་པའི་དོན་མཆོག་རབ་བྱུང་ཡིན། །དགེ་བ་ཀུན་གྱི་གཞི་རྟེན་ཚུལ་ཁྲིམས་ཏེ། །དཔལ་ལྡན་ས་ར་ཧཱ་ཡི་བཀའ་བཞིན་གྱིས། །ཞེས་དང༌། པད་མའི་འོད་ཟེར་ན་རེ། བུ་ལེགས་མི་ལུས་ཐོབ་པ་རེས་འགའ་ཙམ། །དེ་བས་སངས་རྒྱས་ཆོས་དང་ཕྲད་པར་དཀའ། །བཤེས་གཉེན་ཐོབ་པའང་ཤིན་ཏུ་དཀའ་བ་ལགས། །དེ་ཕྱིར་ཕ་མས་གནང་སྟེ་རབ་བྱུང་གྱིས། །ཞེས་དང༌། བསོད་ནམས་ཟླ་བས་ཕ་མ་གཉིས་ལ་ཕྱག་དང་བསྐོར་བ་བྱས་ནས་སྨྲས་པ། ལེགས་སོ་བྲམ་ཟེ་རྒྱལ་པོ་རྣམ་པར་རྒྱལ། །ཐུགས་ལ་བཏགས་སོ་པད་མའི་འོད་ཟེར་ཅན། །རབ་བྱུང་གྲོགས་བྱེད་མདོ་སྡེ་དུ་མ་ལས། །བསོད་ནམས་མཐའ་ཡས་ཐོབ་པར་གསུངས་ལ་རྟོགས། །ཞེས་གསུངས་སོ། །དེ་ནས་དཔལ་ལྡན་ནཱ་ལེནྡྲར་བྱོན་ནས། པཎྜི་ཏ་ཆེན་པོ་སྒྲ་གཅན་འཛིན་བཟང་པོ་ལ། དུང་དཀར་གཅིག །གསེར་ཀྱི་མཎྜལ་གཅིག །མུ་ཏིག་དམར་པོའི་ཕྲེང་བ་འདོམ་གང་ཕུལ་ནས་སྨྲས་པ། སློབ་དཔོན་ཆེན་པོ་འཕགས་པ་ཀུན་གྱི་ཡབ། །དངོས་གྲུབ་རྒྱ་མཚོ་ཡོན་ཏན་རིན་ཆེན་གཏེར། །བདག་ནི་མི་ལུས་ཐོབ་པའི་དོན་ཡོད་ཕྱིར། །སྡོམ་གསུམ་ཡིད་བཞིན་ནོར་བུ་བསྩལ་དུ་གསོལ། །ཞེས་དང༌། སློབ་དཔོན་ནམ་མཁན་པོ་ན་རེ། ལེགས་སོ་ལེགས་སོ་བསོད་ནམས་ཟླ་བའི་དཔལ། །མདང་གི་རྨི་ལམ་མཁའ་ལ་ཉི་མ་གཅིག །ཤར་ནས་འཛམ་གླིང་འོད་ཀྱིས་ཁྱབ་པར་མཐོང༌། །བུ་ཁྱོད་བསྟན་དང་འགྲོ་ལ་ཕན་པར་འོང༌། །ཞེས་གསུངས་ནས། སློབ་དཔོན་སྒྲ་གཅན་འཛིན་བཟང་པོས་མཁན་པོ་མཛད་དེ། པཎྜི་ཏ་ཞི་བ་བློ་གྲོས་ལས་ཀྱི་སློབ་དཔོན་མཛད་ནས་རབ་ཏུ་བྱུང་ངོ༌། །དེ་ཡང༌། འཇམ་དཔལ་ཡོན་ཏན་བཀོད་པའི་མདོར། ཤཱ་རིའི་བུ། འདི་ལྟ་སྟེ། ཁྱིམ་གྱི་གནས་ནས་མངོན་པར་བྱུང་བ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྙེད་པའི་མཆོག་གོ །ཞེས་གསུངས། འཕགས་པ་སྡོང་པོ་བཀོད་པའི་མདོར། དགེ་བའི་བཤེས་གཉེན་གྱིས་ཟིན་པའི་བྱང་ཆུབ་སེམས་དཔའ་ནི། བག་མེད་པའི་གནས་ལས་ཡང་དག་པར་བཟློགས་པའོ། །འཁོར་བའི་གྲོང་ཁྱེར་ལས་འདས་པའོ། །རིགས་ཀྱི་བུ། དེ་ལྟ་བས་ན་ཡིད་བྱ་བ་རྒྱུན་མི་འཆད་པར། དགེ་བའི་བཤེས་གཉེན་རྣམས་ཀྱི་དྲུང་དུ་འགྲོ་བར་འགྲོ་སྟེ་བྱའོ། །ཞེས་གསུངས། དེ་ནས་རིག་པའི་གནས་ལྔ་ལ་སྦྱངས་པ་མཛད་པས་འཛམ་གླིང་དུ་མཁས་པར་གྲག་གོ །བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། དེ་བཞིན་གཤེགས་པའི་ཆོས་འཛིན་པ། །ཚུལ་ཁྲིམས་ཐོས་དང་འཕགས་པའི་ཆོས་ལ་སྤྱོད། །མཁས་དང་མངོན་ཤེས་ལྔ་ལ་མྱུར་དུ་རེག །མ་སྨད་བསམ་གཏན་རྣམ་པར་ཐར་པ་ཐོབ། །ཅེས་སོ། །དེ་ནས་ནཱ་ལེནྡྲར་དགེ་འདུན་པ་རྣམས་ཀྱི་ཞལ་ཏ་ལོ་བདུན་དུ་མཛད་དེ། སོ་སོར་ཐར་པའི་མདོར། ཆོས་དང་མཐུན་པ་དང༌། ཆོས་ཉན་པ་དང༌། དེ་བཞིན་གཤེགས་པའི་མཆོད་པའི་ཞལ་ཏ་ལ་བརྩོན་པར་བྱའོ། །ཞེས་སོ། །དེ་ནས་དཔལ་ལྡན་ནཱ་ལེནྡྲ་ལ་ཞལ་ཏ་མཛད་པའི་དུས་སུ་མུ་གེ་བྱུང་ནས་གསེར་འགྱུར་མཛད་ནས། དགེ་འདུན་པ་རྣམས་ལ་འཚོ་བ་སྦྱོར་རོ། །རིན་པོ་ཆེ་ཕུང་པོའི་མདོར། འོད་སྲུང་དེ་ལ་དགེ་སློང་གང་ལ་རྣལ་འབྱོར་སྤྱོད་པ་གང་ཡིན་པ་དེ་དག་ལ་དགེ་སློང་ཞལ་ཏ་བྱེད་པས། མཐུན་པའི་འཚོ་ཆས་དང༌། ན་བའི་གསོ་སྨན་དང༌། ཡོ་བྱད་རྣམས་སྦྱིན་པར་བྱའོ། །ཞེས་གསུངས། དེ་ནས་བཟོའི་གནས་དང༌། སྒྱུ་རྩལ་གྱི་ང་རྒྱལ་ཅུང་ཟད་སྐྱེས་ནས། དེ་འདུལ་བའི་ཕྱིར་དུ་ཡང༌། གནས་ཁང་དུ་ས་ར་ཧཱ་ནམ་མཁའ་ལ་བཞུགས་སོ། །བཞུགས་ནས། བུ་ཁྱོད་དགེ་འདུན་དག་ལ་ལོག་འཚོ་སྦྱར། །གསེར་འགྱུར་བཟོ་གནས་མུ་སྟེགས་དག་གིས་ཤེས། །ང་རྒྱལ་འཁོར་བའི་སྒྱོགས་ཀྱིས་ངན་འགྲོར་འཕེན། །དེ་བས་ཞི་དུལ་རིན་ཆེན་སྦྱོང་བར་གྱིས། །ཞེས་གསུངས་ནས། གྱང་ངོས་ལ་མ་ཧེ་ཅིག་འཛུབ་རིས་སུ་བྲིས་ནས། དངོས་སུ་བཞོས་ནས་དགེ་འདུན་པ་ལ་དྲངས་ནས་ཚིམས་པར་མཛད་དེ། དེ་ནས་བཟོའི་གནས་ཀྱི་ང་རྒྱལ་ཞིའོ། །ང་རྒྱལ་གྱི་བཤགས་པར་གསེར་འགྱུར་གྱི་ལྷག་མ་རྣམས་གསེར་གྱི་མཆོད་རྟེན་བྱེ་བ་དང་གཙུག་ལག་ཁང་མང་དུ་བཞེངས་སོ། །དེ་ནས་ཨོ་ཏན་ཏ་པཱུ་རིའི་དགོན་པར་བྱོན་ནས། དགེ་འདུན་པ་སྟོང་ཕྲག་བཅུ་གཉིས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་སུ། ཁྱེའུ་དཀར་པོ་གཟུགས་བཟང་བ་གཉིས་ཀྱིས་ཉིན་རེ་བཞིན་དུ་ཆོས་ཉན་ནས། འགྲོ་བའི་དུས་སུ་རྒྱང་གྲགས་གཅིག་ཙམ་དུ་ན་ས་འོག་ཏུ་འགྲོ་བར་གཟིགས་སོ། །དེ་ནས་ཉིན་ཅིག་ཏུ་འཕགས་པས། ཁྱོད་གཉིས་སུ་ཡིན་དྲིས་པས། ངེད་གཉིས་ཀླུའི་རྒྱལ་པོ་ནོར་རྒྱས་ཞེས་བྱ་བའི་བུ་ལགས་སོ། །ཞེས་ཟེར་རོ། །དེ་ནས་འཕགས་པས། ཁྱེད་ཀྱི་ཡུལ་ན་གནོད་སྦྱྀན་གྱི་འདམ་ཡོད་དམ། དྲིས་པས། ཡོད་བྱས་ཏེ། འཕགས་པས། དེ་ཁྱེར་ལ་ཤོག་གསུངས་ནས། དེ་གཉིས་ཀྱིས་ཕ་ལ་དྲིས་པས། ཀླུའི་རྒྱལ་པོ་ན་རེ། དེ་སྤྱན་དྲངས་ལ་འབུལ་ཟེར་ནས། ཁྱེའུ་གཉིས་ཀླུའི་པད་མ་གསེར་གྱི་རྡོ་རྗེ་གཅིག་བཟུང་ནས་འཕགས་པའི་མདུན་དུ་ལྷགས་ནས་ཕུལ་ཏེ་སྨྲས་པ། དུས་གསུམ་གཟིགས་མཛད་འཕགས་པའི་མཆོག་རྒྱལ་པོ། །བདག་ཅག་ཡུལ་དུ་ཆོས་ཀྱི་མུ་གེ་དང༌། །རིན་ཆེན་ཆོས་ཀྱི་དབུལ་བ་བསལ་བའི་ཕྱིར། །ཕ་རྒན་དེ་ཡིས་འབོད་པ་བདག་ནི་བཏང༌། །ཞེས་ཞུ་བ་ཕུལ་ནས། དེ་ནས་འཕགས་པ་ཀླུ་ཡུལ་དུ་བྱོན་དུས་སུ་བདག་བས་ཚེ་རིང་བ་འཛམ་བུའི་གླིང་དུ་མ་མཆིས་སོ་སྙམ་ནས་ལམ་གར། དགེ་སློང་ཤིན་ཏུ་རྒས་ལ་འཁོགས་པ་འདར་ཕྲི་ལི་ལི་བྱེད་པ། འཁར་བ་ལ་བརྟེན་པ་ཞིག་གིས་ཕྱག་ཕུལ་ལོ། །ཕུལ་ནས། འཕགས་པ་ན་རེ། ཁྱོད་ལོ་ཅི་ཙམ་ལོན། ཞེས་གསུངས་ནས། རྒན་པོས་ཆ་མེད་དེ་སངས་རྒྱས་འོད་སྲུང་གི་སྐུ་རིང་ན་ཡོད་ཅེས་ཟེར་ནས། སྐུ་ཚེ་རིང་བའི་ང་རྒྱལ་ཞིའོ། །དེ་ནས་སོང་སོང་བ་ལ། རྫུ་འཕྲུལ་ལ་ང་ལྟ་བུ་མེད་སྙམ་ནས། ལམ་དུ་ཞ་ཉེའི་འདམ་ལས་མ་ཐར་ཏེ་ཁྱེའུ་གཉིས་ཐག་ཐོགས་མེད་པར་འགྲོ་ནའང༌། སྒྲོལ་མ་ནམ་མཁའ་ལ་བྱོན་ནས་བཞད་དེ་འདི་སྐད་དུ། ཀྱེ་མ་རྒྱལ་བུ་འཕགས་པ་པཎྜི་ཏ། །ཞ་ཉེའི་འདམ་ལས་རྐང་པ་མ་ཐར་ཀྱང༌། །འཁོར་བའི་འདམ་ལས་བརྒལ་ལམ་མ་བརྒལ་ལམ། །ལེགས་པར་དཔྱོད་ཅིག་སྐལ་ལྡན་འཇིག་རྟེན་མགོན། །ཞེས་གསུངས་པས་རྫུ་འཕྲུལ་གྱི་ང་རྒྱལ་ཞིའོ། །དེ་ནས་ཀླུ་ཡུལ་དུ་ཆོས་ཀྱི་འཁོར་ལོ་ལོ་གསུམ་དུ་བསྐོར་ཅིང༌། ཀླུ་རིགས་མང་པོ་ཆོས་ལ་བཀོད་དོ། །དེ་ནས་འཕགས་པས་བདག་པས་ཐོས་པ་རྒྱ་ཆེ་བ་གཟིགས་རྒྱ་ཡངས་པ་མེད་དོ་སྙམ་ནས། ཉིན་ཅིག་ཏུ་འཕགས་པའི་སྐུ་རིམ་ལ་གླེགས་བམ་དཔག་ཏུ་མེད་པ་གདན་དྲངས་ནས། གཟིགས་པས་སྔར་མིང་ཙམ་མ་ཐོས་པའི་གསུང་རབ་མང་དུ་སྣང་ནས་ཐོས་པའི་ང་རྒྱལ་ཞིའོ། །དེ་ནས་ཡུམ་སྟོང་ཕྲག་བརྒྱ་པ་གཟིགས་རྟོགས་མཛད་པས་གླེགས་བམ་བཅུ་གཉིས་ཐུགས་སུ་ཆུད་དེ། སླར་རྡོ་རྗེའི་གདན་དུ་བྱོན་ནས། ཨ་སུ་རའི་གནས་ལ་ཡི་གེར་བཏབ་བོ། །དེ་ནས་ནཱ་ལེནྡྲ་རུ་བྱོན་ནས། སྒྲོལ་མ་ལ་སོགས་གཙུག་ལག་ཁང་མང་དུ་བཞེངས་སོ། །སློབ་དཔོན་ཀླུ་སྒྲུབ་སྙིང་པོ་ཞེས་ཡོངས་སུ་གྲག་གོ །དེ་ནས་ཨོ་རྒྱན་ཡུལ་དུ་བྱོན་ནས་ས་གཞི་དམར་པོ་པད་མ་རཱ་ག་ལྟ་བུ་ས་རྡོ་ཐམས་ཅད་རྡོ་རྗེ་བསྣོལ་མ་ལྟ་བུ། མཚོ་རྫིང་ཐམས་ཅད་དར་དཀར་འཕྱར་བ་ལྟ་བུ། ཤིང་ཐམས་ཅད་ལྷའི་འོད་འཆར་བ། དཔའ་བོ་དཔའ་མོ་ཐམས་ཅད་འདུས་པའི་གླིང་གི་ཤར་དུ་ཕྱིན་ནས། བྲག་དཀར་པོ་ཅོག་པུ་བཙུག་པ་ལྟ་བུ་ལ་བུད་མེད་དཀར་མོ་གཅིག་ཕྱིན་ནས་ཕྱག་ཕུལ་ནས་སྨྲས་པ། བདག་གི་མིང་པོ་བྱོན་ལགས་སམ། །ངལ་ལམ་ཆད་དམ་འཕགས་པའི་མཆོག །འབའ་ཞིག་འདིར་བཞུགས་ཨ་ལ་ལ། །ཡེ་ཤེས་རྒྱ་མཚོའི་ཆོས་སྒོ་ཕྱེ། །ཞེས་དང༌། ཀླུ་སྒྲུབ་ཀྱིས་གསོལ་པ། བདག་གིས་སེམས་ཅན་རྒྱ་མཚོ་སྨིན་པའི་ཕྱིར། །མཁའ་འགྲོའི་གླིང་དུ་རྒྱུད་སྡེ་དུ་མ་བཞུགས། །སྲིང་མོ་རྡོ་རྗེ་ཕག་མོ་ཁྱོད་ཉིད་ཀྱིས། །ལམ་སྣ་དྲོངས་ལ་གྲོང་ཁྱེར་པད་མོའི་གླིང༌། །མཁའ་འགྲོའི་ཚོགས་ལ་བརྡ་སྤྲོད་ཡང་དག་མཛོད། །ཅེས་དང༌། ཕག་མོ་ན་རེ། ལེགས་སོ་ལེགས་སོ་དཔའ་བོ་ཧེ་རུ་ཀ །མཁའ་འགྲོའི་གླིང་དུ་བདག་གིས་དྲངས་པར་བགྱི། །གསུང་རབ་རྒྱ་མཚོའི་ཀློང་དུ་ཁོ་མོས་ཁྲིད། །ཡེ་ཤེས་རྒྱ་མཚོའི་ཆོས་ལ་ཡང་དག་བགྱི། །ཞེས་དང༌། པད་མའི་གྲོང་ཁྱེར་དུ་ཕྱིན་ནས། གུར། སམ་བྷུ་ཊི། རྡོ་རྗེ་སྙིང་འགྲེལ། མཁའ་འགྲོ་ཀུན་སྤྱོད་ལ་སོགས་མང་པོ་གདན་ཡང་དྲངས་ནས་ནཱ་ལེནྡྲར་སྤེལ་ལོ། །ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ཐོབ་པས་ཨོ་རྒྱན་གླིང་པར་ཡོངས་སུ་གྲག་གོ །གཏམ་ཚོགས་རིགས་ཚོགས་བསྟོད་ཚོགས་ལ་སོགས་ཆོས་མང་དུ་གསུངས་སོ། །དེ་ནས་ཆུ་བོ་གང་གཱའི་འགྲམ་དུ་བྱོན་ནས། རྡོ་སྐུ་བྱིན་རླབས་ཅན་གཅིག་གཟིགས་ནས། གཏོར་མ་ཕུལ་ནས་ཁྱོད་མུ་སྟེགས་པ་ལ་མངོན་པར་ཕྱོགས་པ་ཞིག་ཡིན་ན་རང་སར་སྡོད། འོ་ན་སངས་རྒྱས་པའི་བསྟན་སྐྱོང་ཡིན་ན། ང་ནཱ་ལེནྡྲ་པའི་ཆོས་སྐྱོང་དུ་བྱོན་པར་ཞུ་གསུངས་ནས། སང་ནངས་པར་ནཱ་ལེནྡྲའི་ལྕགས་རིའི་ནང་དུ་བྱོན་ནས། འཕགས་པ་དུས་གསུམ་སངས་རྒྱས་པའི་བཀའ་བསྲུང་ཞིག་ཡིན་པར་དགོངས་ནས། གཉེར་པ་དགེ་འདུན་པ་རྣམས་གྱིས་གཏོར་མ་རྒྱུན་མ་ཆད་པར་ཕུལ་ཅིག་གསོལ་བ་ཐོབ་དང་བཀའ་དྲིན་ཆེ་བར་འགྱུར་རོ་གསུངས་ནས། དེ་ནས་དུར་ཁྲོད་བསིལ་བའི་ཚལ་དུ་ཆོས་སྐྱོང་བྱ་རོག་གདོང་ཅན་གྱི་ཞལ་གཟིགས་ནས། དཔལ་ལྡན་ནཱ་ལེནྡྲ་པའི་ཆོས་སྐྱོང་དུ་བསྐོས་སོ། །དེ་ནས་ནཱ་ལེནྡྲར་ཙན་དན་དང་རིན་པོ་ཆེ་སྣ་ཚོགས་པས་བྱ་རོག་གདོང་ཅན་གྱི་སྐུ་གཟུགས་བཞེངས་ནས། འཕགས་པ་དཔལ་གྱི་རི་ལ་བྱོན་ནས་སྒྲུབ་པ་མཛད་པས། བསིལ་བའི་ཆབ་འདོར་སར་པད་མ་ཅིག་སྐྱེས་ནས་ཁྱེའུ་ཞིག་སྐྱེས་པས། ཨཱརྻ་དེ་བ་ཞེས་བཏགས། གཉིས་ཀ་ཏིང་ངེ་འཛིན་བསྒྲུབས་པས་ཉམས་མྱོང་སྣ་ཚོགས་རྡོལ་བའི་རིང་ལ། ནཱ་ལེནྡྲ་རུ་མུ་སྟེགས་དུ་རུ་ཀའི་དམག་གིས་ཁ་ཟུག་གོ །མུ་སྟེགས་ཀྱི་སྟོན་པ་མ་གོལ་ཞེས་བྱ་བ་དེ་ནཱ་ལེནྡྲའི་པཎྜི་ཏ་རྣམས་ནི་རྩོད་པ་ལ་མ་ཐུབ་པས་ནཱ་ལེནྡྲའི་ཕྱེད་མུ་སྟེགས་པས་ཐོབ་ཅིང་མ་གོལ་དེར་སྟོན་པའི་ཚུལ་དུ་འདུག་གོ །སའི་སྙིང་པོ་ལ་སོགས་ནང་པའི་པཎྜི་ཏ་རྣམས་སེམས་སྡུག་ནས། ཆོས་སྐྱོང་ཁྱོད་ཀླུ་སྒྲུབ་ཀྱི་བཀའ་མ་དྲན་ནམ་བསྟན་པ་འདི་འདྲར་ཐུག་ཅེས་སྐུ་གཟུགས་ལ་སྨྲས་ནས། ནངས་པར་ངའི་སྤྲུལ་པ་ཅིག་འོང་ནས་དཔལ་གྱི་རི་ལ་སློབ་དཔོན་གྱི་དྲུང་དུ་ཁྱེར་རོ་ཞེས་སྨྲས་སོ། །སང་ནངས་པར་སྐུ་གཟུགས་ལ་གཏོར་མ་ཕུལ་ཏེ་གསོལ་བ་བཏབ་པས། བྱ་རོག་ཅིག་བྱུང་ནས་གོག་གོག་གི་སྒྲ་འོང་ནས། ཤོག་གུ་ལ། ཤིན་ཏུ་ཁུར་དཀའ་ཁུར་བའི་བསྟན་པ་ལ། །མ་གོས་རྨ་ཅན་རོལ་པས་བཤིག་ལ་ཁད། །ནུས་ལྡན་ཁྱེད་ལས་རེ་བ་གཞན་མ་མཆིས། །འཁོར་ལོའི་འོད་ཅན་ཤིང་རྟ་མྱུར་ཏུ་དྲོངས། །ཞེས་བྱ་རོག་གི་མགུལ་དུ་བཏགས་ནས་བཏང་ངོ༌། །ཀླུ་སྒྲུབ་ཀྱི་སྒོ་དྲུང་དུ་གཏོར་སྟེགས་ཀྱི་ཁར་བྱ་རོག་ཅིག་བབ་ནས་སྐད་དྲག་ཏུ་འབྱིན་ནས། ཉེ་གནས་གྷནྚི་སྣ་གསང་གཟིགས་པས། སློབ་དཔོན་ལ་ཞུས་པས། སློབ་དཔོན་གྱིས་བྱ་རོག་བཟུང་ནས། བྱང་བུ་བཀྲོལ་ཏེ་གཟིགས་ནས། དཔལ་གྱི་རི་ལ་གནས་པའི་པཎྜི་ཏ་སྟོང་ཕྲག་དྲུག་ལ་བཀའ་བསྒྲགས་པས། ནཱ་ལེནྡྲ་ལ་སོགས་པ་མུ་སྟེགས་པས་བཟུང་བ་ལ། སང་ནངས་པར་འགྲོ་དགོས་ཞེས་དང༌། དེའི་ནུབ་མོར་མུ་སྟེགས་པ་ཕལ་ཆེར་གྱི་རྨི་ལམ་དུ་དཀོན་མཆོག་གི་རྟེན་ལ་ཕྱག་བྱེད་པ་དང༌། ལ་ལས་ཉི་མ་ནུབ་པ་དང༌། ལ་ལས་ཀླུ་སྒྲུབ་ལ་སྐྲ་དང་ཁ་སྤུ་བྲེག་པ་དང༌། མ་གོལ་གྱི་རིག་བྱེད་ཀྱི་གླེགས་བམ་ཐམས་ཅད་བསྲེགས་པར་རྨིས་སོ། །སང་ནངས་པར་བཟློག་པ་བྱེད་དོ། །དེ་ནས་པཎྜི་ཏ་ཨཱརྻ་དེ་བ། ཟླ་བ་གྲགས་པ། པཎྜི་ཏ་འབུམ་ཕྲག་གསུམ་པ། ཞི་བའི་རྒྱལ་མཚན། གྷུ་ཎ་མ་ཏི་ལ་སོགས་པ་པཎྜི་ཏ་འབུམ་ཕྲག་སེར་ཕྲེང་མཛད་དེ། རྒྱང་གྲགས་གསུམ་དུ་ཁྱབ་པས། ཁ་ཆེ་གུར་གུམ་ལྟ་བུའི་ཆོས་གོས་གྱོན་པ། ལྷུང་བཟེད་དང་བསིལ་ཡབ་རེ་རེ་ཐོགས་པ། ང་རྒྱལ་མེད་པའི་པཎྜི་ཏའི་ཞྭ་རེ་རེ་གསོལ་བ། གཉའ་ཤིང་གང་ཙམ་དུ་ལྟ་བ་ཞི་ཞིང་དུལ་བའི་ངང་ཚུལ་དང་ལྡན་པ་ཀླུ་སྒྲུབ་ཆེན་པོ་ཤིང་རྟ་ལ་གདན་དྲངས་ནས་ནཱ་ལེནྡྲ་ལ་ཚུར་ཚུར་ཉེ་ནས། མུ་སྟེགས་པས་ཚོར་ནས་ཕལ་ཆེར་རང་བྲོས་སུ་སོང༌། ཕལ་ཆེར་འབྲོས་ལ་དགའ་བར་བྱེད་དོ། །དེ་མ་ཡིན་པ་ཐམས་ཅད་སེམས་ཟི་ཟི་བར་འདུག་གོ །དེ་ནས་ནཱ་ལེནྡྲར་བྱོན་ནས། འཇའ་འོད་དང༌། མེ་ཏོག་གི་ཆར་འབབ་པས། མུ་སྟེགས་པ་ཕལ་ཆེར་རང་བཞིན་གྱིས་དད་པ་ཐོབ། སང་ནངས་པར་རྩོད་པའི་སྒྲ་སྒྲོགས་པས། ཕྱི་ནང་གི་པཎྜི་ཏ་ཐམས་ཅད་འཚོགས་པས། སློབ་དཔོན་དང་མ་གོལ་གཉིས་རྩོད་པ་ལ་རྩོམ་པས། མུ་སྟེགས་སྟོན་པའི་ཁ་འཐམས་ནས་འདུག་གོ །ནེ་ཙོ་ཅིག་གིས་སངས་རྒྱས་མི་བདེན་ཆོས་མི་བདེན་དགེ་འདུན་མི་བདེན་ཟེར་ནས། སློབ་དཔོན་གྱིས་ཐལ་སྐད་ཅིག་དང༌། ཐལ་མོ་བརྡབས་པའི་བར་ན་བྱ་རོག་ཅིག་བྱུང་ནས་ནེ་ཙོ་བསད་དོ། །དེ་ནས་མ་གོས་གྱིས་རྡོ་ལེབ་བསྐུར་བའི་སྲོལ་དུ། སངས་རྒྱས་མི་བདེན་སོགས་གོང་བཞིན་དུ་བྱུང་ནས། རྡོ་བསྒུལ་དུ་གཤོམ་པས། འཕགས་པའི་བྱིན་རླབས་ཀྱིས་རྡོ་འགུལ་མི་ཤེས་སོ། །ཇི་ལྟར་བྱས་ཀྱང་ཀླུ་སྒྲུབ་རྒྱལ་ནས། ད་ནི་རྫུ་འཕྲུལ་ལ་འགྲན་བྱས་པས། རྫུ་འཕྲུལ་བྱ་བར་རྩོམ་པའི་ཚེ་རྫུ་འཕྲུལ་གྱི་སྟོབས་དང་བྲལ་ལོ། །རྩོད་པའི་ཚེ་ན་མུ་སྟེགས་པ་རྣམས་ཀྱི་ཁ་འཐམས་ནས་སྨྲ་བ་མ་ནུས་སོ། །རྩོད་པའི་ཆ་དུ་མ་ལས་ཕམ་ནས། ཀླུ་སྒྲུབ་ཀྱིས་གསུངས་པ། རྒོལ་ངན་ཁྱོད་རྣམས་ངའི་བསྟན་པ་ལ་འཇུག་གམ་མི་འཇུག་ན་ཆོས་སྐྱོང་ལ་གཏད་གསུངས་ནས། མ་གོལ་མིན་པ་ནང་པར་འཇུག །མ་གོལ་ནམ་མཁར་འཕུར་དུ་འགྲོ་སྙམ་ནས། བྱ་གཤོག་པ་དང་བྲལ་བ་བཞིན་དུ་མྱ་ངན་གྱིས་ནོན་ཏེ། གཙུག་ལག་ཁང་དུ་ཕྱིན་ནས། ད་ནི་འགག་ཏུ་ཤི་བར་བྱ་སྙམ་ནས་གླེགས་ཐག་བཀྲོལ་པའི་ཞོར་ལ་ཡི་གེ་ལྡེབ་ཅིག་ཐོན་ནས། རང་སྲོག་རང་གིས་བཅད་ན་ངན་སོང་གསུམ་ལས་མི་ཐར་པར་གྱུར་ཏ་རེ་ཞེས་བྱུང་ནས། འཕགས་པའི་སྐུ་མདུན་ལ་སྐྲ་དང་ཁ་སྤུ་བྲེག་སྟེ། རབ་ཏུ་བྱུང་ནས་པཎྜི་ཏ་དཔའ་བོ་ཞེས་གྲག་གོ །སངས་རྒྱས་བསྟན་པ་ཤིན་ཏུ་དར་བར་མཛད་དོ། །དེ་ནས་རྒྱལ་པོ་བདེ་སྤྱོད་བཟང་པོས་སྤྱན་དྲངས་ཏེ་བཞུགས་པའི་དུས་སུ་འཕགས་པའི་གཟུགས་བཟང་བས་བུད་མེད་ཐམས་ཅད་དང་ཁྱད་པར་དུ་རྒྱལ་པོའི་བཙུན་མོ་དེར་ཆགས་སོ། །དུས་རེ་ཞིག་ན་རྒྱལ་པོ་འཁོར་བཅས་ཤ་ཏ་ཀ་རའི་ཡུལ་དུ་སོང་བའི་ཤུལ་དུ། བཙུན་མོས་སློབ་དཔོན་ལ་སྨྲས་པ། གཟུགས་བཟང་མཆོག་མངའ་འཇིག་རྟེན་གསུམ་ན་དཀོན། །སྙིང་རྗེའི་ཐུགས་ལྡན་སེམས་ཅན་ཡོངས་ལ་དགོངས། །བདག་ནི་ཆགས་པའི་སྡུག་བསྔལ་མང་དུ་གཟིར། །ད་ལྟ་མི་བཟད་སྡུག་བསྔལ་དག་ལས་སྐྱོབས། །ཞེས་དང༌། འཕགས་པས་སྨྲས་པ། ས་བདག་རྒྱལ་པོ་བཙུན་མོ་རིན་ཆེན་ཁྱོད། །སངས་རྒྱས་གཉིས་པ་ལྟ་བུའི་བླ་མ་ལ། །སྡོམ་གསུམ་བདུད་རྩི་རྒྱ་མཚོ་བདག་གིས་བླང༌། །བག་མེད་ཚུལ་འཆལ་བྱེད་པ་ག་ལ་རུང༌། །ཞེས་གསུངས་ནས། སྒོ་གོང་དུ་ཡི་གེ་འདི་རྣམས་བྲིས་སོ། །ཚོང་པ་འཕྲོག་པ་མེད་བཞིན་དུ། །ཆོམ་རྐུན་ལོག་ནས་ཚོལ་མི་དགོས། །བུད་མེད་དུག་མངའ་མེད་བཞིན་དུ། །བག་མེད་རྩ་བ་ཚོལ་མི་དགོས། །ཡོང་མི་མཛའ་ཞིང་གཟུགས་པ་དང༌། །མགྲིན་དང་ཅན་ནི་འཕུར་ན་ལེགས། །ཞེས་གསུངས་པ་དང༌། དཔལ་གྱི་རི་ལ་གཤེགས་པའི་ལམ་དུ་མགར་བ་ཞིག་གདུགས་ཚོད་བསླངས་པའི་ཚེ་ན། ཁོའི་གསེར་སྟོར་ནས་འཕགས་པ་ལ་བཙུགས་པ་དང༌། འཕགས་པའི་ཞལ་ནས། མགར་བའི་གསེར་ནི་མ་བརྐུས་ཤིང༌། །རྒྱལ་པོའི་བཙུན་མོ་གནད་ཆེན་ལ། །ཆགས་པའི་སེམས་ནི་མ་བསྐྱེད་ན། །འོག་རྡོ་འདི་ནི་གསེར་ཏུ་འགྱུར། །ཞེས་གསུངས་ནས། འཁར་བསིལ་གྱི་རྡང་བས་རྡོ་ལ་བསྣུན་ནས། འོག་རྡོ་ཡང་གསེར་དུ་འགྱུར་ཏེ། མགར་བའི་ཡིད་དགའ་ནས་རྡོ་བསྒྱུར་བས་སྟོར་བ་དེའི་ཞབས་སུ་སྣང་ནས། མགར་བས་སློབ་དཔོན་ལ་སྟོར་བའི་གསེར་ཕུལ་ནས་ཕྱག་དང་བསྐོར་བ་བྱས་ནས་སྨྲས་པ། མ་རིག་གཏི་མུག་གཡོགས་པའི་མགར་བ་ང༌། །དཀོན་མཆོག་འཕགས་པ་ཁྱོད་ལ་སྐུར་བ་བཏབ། །སྟོར་བའི་གསེར་འདི་བཞེས་ལ་ཉེས་པ་བཤགས། །མ་འོངས་བསོད་ནམས་དཔག་མེད་ཐོབ་པར་ཤོག །ཅེས་དང༌། འཕགས་པས། ཁྱོད་ལ་ཉེས་པ་མེད་དེ་གསེར་མི་འདོད། །དེ་བས་ང་ལ་བདའ་མི་བྱུང་ན་ཡང༌། །ཧོར་ཁྲ་གཟན་ལ་ལེགས་པར་བཞུད་པ་བཞིན། །དཔལ་གྱི་རི་ལ་སོང་ཞེས་ཞིབ་ཏུ་སྨྲོས། །ཞེས་གསུངས་ནས་བཞུད་དོ། །དེའི་རྗེས་སུ་བཙུན་མོས་རང་གི་སྐྲ་འབལ་ནས་སོར་མོས་གདོང་པ་ཡང་བྲད་དོ། །མགུལ་རྒྱན་ཡང་དུམ་བུར་གཏུབས་སོ། །སྡུག་སྡུག་ཏུ་འདུག་ནས། རྒྱལ་པོས་མཐོང་ངོ༌། །མཐོང་ནས་སྨྲས་པ། ནུ་མ་འབུར་ཞིང་རྐེད་ཕྲ་པད་མའི་གདོང༌། །གཞོན་ཤ་རྒྱས་པའི་ཨུཏྤལ་མིག་ལྡན་མ། །དགྲ་ཡིས་བཅོམ་མམ་རང་ཉིད་ལྷུང་བའམ། །བཙུན་མོས་བདག་ལ་ད་ནི་མྱུར་དུ་ཤོད། །ཅེས་དང༌། བཙུན་མོ་ན་རེ། རྒྱལ་ཆེན་བདག་ནི་དགྲ་ཡིས་བཅོམ་མ་ལགས། །འཕགས་པས་བདག་ལ་ཆགས་པ་སྤྱོད་ཅེས་ནས། །ཁོ་མོ་མ་ཉན་དེ་ནས་སྐྲ་ཡང་འབལ། །བྲང་ཡང་བརྡུངས་ནས་ངོ་ཚ་བུད་ནས་ཐལ། །ཞེས་ཟེར་ནས། རྒྱལ་པོ་ན་རེ། སློབ་དཔོན་དེ་ཁྱེད་རྣམས་དེད་ལ་སོད་ཅིག་ཟེར་ནས། རྟ་པ་ལྔ་བཅུས་བདའ་བས། ད་ཅི་མགར་བའི་རྩར་ཕྱིན་ནས། མགར་བས་ལོ་རྒྱུས་ཞིག་ཏུ་སྨྲས་ནས། ཕོ་ཉ་རྣམས་ཤིན་ཏུ་དད་པ་སྐྱེས་ནས་སླར་ལོག་སྟེ། རྒྱལ་པོ་ལ་གསོལ་པས། རྒྱལ་པོས་བཙུན་མོ་ལ་སྨྲས་པས། བཙུན་མོས་གདོང་ཕབ་ནས་སྨྲ་མ་ནུས་སོ། །རྒྱལ་པོས་བཙུན་མོ་ཕྱུང་ནས་ཁྱིམ་དམན་ལ་སྤྱུག་གོ །འཕགས་པ་སྤྱན་འདྲེན་དུ་བཏང་ནས་བྱོན་དུ་མ་གནང་ངོ༌། །དེ་ནས་བཙུན་མོ་འདི་སྙམ་སྟེ། བདག་གིས་རྒྱལ་པོ་དང་བླ་མཆོད་འདི་གཉིས་མེད་པར་བྱ་བའི་ཐབས་ཅིག་ཨེ་རྙེད་སྙམ་ནས། བུ་ལ་གསེར་གྱི་གོས་ཅིག་བྱིན་ནས། བུས་སྨྲས་པ། མ་གོས་འདི་རེ་ཞིག་ཟུངས་ལ་རྒྱལ་ས་འཛིན་པའི་ཚེ་ན་དགོས་ཞེས་ཟེར་ནས། མ་ན་རེ། ཁྱོད་རྒྱལ་སྲིད་འཛིན་པ་མི་འོང༌། རྒྱལ་པོ་ཀླུ་སྒྲུབ་ལ་དབང་བསྐུར་ཐོབ་པས་རྒས་དུས་མེད། སྔར་ནས་བཙུན་མོ་དང་བུ་མང་པོ་རྒས་ནས་ཤི། འོ་ཅག་ཀྱང་སྔོན་དུ་འཆི་ཞེས་ཟེར་ནས། བུ་ན་རེ། འོ་ན་ཅི་ཕན་ཟེར་བ་དང༌། མ་ན་རེ། དཔལ་གྱི་རི་ལ་ཀླུ་སྒྲུབ་ཀྱིས་རྒྱལ་པོའི་ཚེ་བསྲིང་བས། དེ་འགུམ་ན་རྒྱལ་པོ་འཆི་ཟེར་ནས། དམུ་ཤའི་རལ་གྲི་བཟུང་ནས་འཕགས་པའི་སྐུ་མདུན་དུ་ཕྱིན་ནས། ཇི་ལྟར་བརྒྱབ་ཀྱང་ཕ་འོང་ལ་ཕོག་པ་ལྟར་རལ་གྲི་དུམ་བུ་དུམ་བུར་ཆག་གོ །དེ་ནས་མཆི་མ་བབ་ནས་ཆོ་ངེ་འདེབས་ཤིང་གནས་ངན་ལེན་ནོ། །དེ་ནས་འཕགས་པས་མཁྱེན་ནས། སྔོན་རྒྱལ་པོའི་ཁབ་ཏུ་ལངས་པའི་ཚེ་ཆབ་མ་རྙེད་ནས། རྩྭ་ཆོད་པའི་གསེབ་ཏུ་སྲིད་བུ་ཞིག་བསད་པ་དེ་ཡིན་པར་དགོངས་ནས། རིགས་ཀྱི་བུ། མ་ངུ་ཤིག་བདག་ལ་འཇག་མས་བརྒྱབ་པ་དང་དོན་འགྲུབ་བོ་གསུངས་ནས། འཇག་མས་བརྒྱབ་ནས་སྐུའི་ཆ་ལ་འོ་མ་བབ་པས། སྤུར་ནི་གསེར་གྱི་བྱང་ཆུབ་ཆེན་པོའི་མཆོད་རྟེན་ནམ་མཁའ་ལ་འཕགས་པ། དྲིལ་བུ་བརྒྱ་སྟོང་གིས་ཆོས་ཀྱི་སྒྲ་སྒྲོགས་པ་ཞིག་ཏུ་གྱུར་ནས་དངོས་མེད་དུ་ཡལ་ལོ། །དེ་ནས་རྒྱལ་བུ་ལོག་ནས་ཡབ་ཀྱང་ཤིའོ། །དེ་ནས་རྒྱལ་པོ་ཨུ་དུ་ཀ་ལས་དམག་བཤམས་ནས། རྒྱལ་བུའི་ཡུལ་བཅོམ་ནས་མཐའ་འཁོབ་ཏུ་བསྐྲད་དོ། །འཕགས་པ་ཀླུ་སྒྲུབ་ཏུ་སྐྱེས་པའི་རབས་ཏེ་ཉེར་བརྒྱད་པའོ།། །།

༣༠ ཉེར་དགུ་པ། མཐའ་འཁོབ་རྒྱལ་པོར་སྐྱེས་པའི་རབས།

༈ ཡང་དཔལ་ལྡན་བླ་མ་འདི་མཐའ་འཁོབ་ཏུ་རྒྱལ་པོ་ཞིག་ཏུ་སྐྱེས་ནས་སེམས་ཅན་གྱི་དོན་མཛད་དེ། ཚུལ་ཇི་ལྟར་ཞེ་ན། འཕགས་པ་མཛངས་བླུན་ཆེན་པོའི་མདོ་ལས། བཅོམ་ལྡན་འདས་དང་ཀུན་དགའ་བོ་གཉིས་བསོད་སྙོམས་ལ་གཤེགས་པའི་ལམ་ན། བྱིས་པ་མང་པོ་རྩེ་ནས་ཁྱེའུ་གཅིག་གིས་སངས་རྒྱས་རྒྱང་མ་ནས་གཤེགས་པར་མཐོང་ནས་རབ་ཏུ་དགའ་སྟེ། བང་ས་ཞེས་ཁྱིམ་དུ་བསྔོས་པའི་ས་ལ་སྙིམ་པ་གང་དུ་བླང་སྟེ། སངས་རྒྱས་ལ་ཕུལ་བར་སྙམ་ནས། ཁྱེའུ་ཉམ་ཆུང་ཚེ་ཆུང་བས་མ་སླེབས་ནས་གྲོགས་ཁྱེའུ་ཆུང་གཅིག་ལ་ཁྱེད་ཀྱིས་བདག་ཁུར་དུ་ཁྱེར་ལ་བླུགས་སོ། །ཞེས་སྨྲས་སོ། །གྲོགས་པོས་ཀྱང་དེ་བཞིན་དུ་བྱའོ། །ཞེས་སྨྲས་ཏེ། ཁྱེའུ་ཁུར་ནས་འཇིགས་ནས་ས་སྙིམ་པ་གང་སངས་རྒྱས་ལ་ཕུལ་ལོ། །བཅོམ་ལྡན་འདས་ཀྱིས་ཁྱེའུ་འདི་དག་གིས་དགེ་སེམས་ཀྱིས་ང་ལ་ཕུལ་ཏེ། བསོད་ནམས་འདིས་སོ་སོར་ང་མྱ་ངན་ལས་འདས་པའི་འོག་ཏུ་བརྒྱ་ལམ་ཞིག་ན་མཐའ་འཁོབ་ཀྱི་རྒྱལ་པོ་ཞེས་བྱ་བར་འགྱུར་རོ། །ཁྱེའུ་ཅིག་ཤོས་འདི་དེའི་ཚེ་བློན་པོར་འགྱུར་རོ། །མཐའ་འཁོབ་ཀྱི་གླིང་དུ་དབང་བྱེད་ཅིང་དཀོན་མཆོག་གསུམ་གྱི་ཡོན་ཏན་ཡང་ཡུལ་ཐམས་ཅད་དུ་བསྒྲགས་ནས་སྲས་ལ་མཆོད་པ་རྒྱས་པར་བྱེད་དེ། མཐའ་འཁོབ་ཏུ་གཙུག་ལག་ཁང་བརྒྱད་ཁྲི་བཞི་སྟོང་བྱེད་པར་འགྱུར་རོ། །ཞེས་གསུངས་ནས། ཀུན་དགའ་བོ། མགུ་རངས་ནས་བཅོམ་ལྡན་འདས་ལ་བསྟོད་དོ། །ཞེས་ལུང་བསྟན་ཏོ། །བུ་མོ་དྲི་མེད་བྱིན་ལུང་བསྟན་པའི་མདོར། ང་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་ལོ་ཉིས་སྟོང་ལྔ་བརྒྱ་ནས། གདོང་དམར་གྱི་ཡུལ་དུ་ངའི་བསྟན་པ་འབྱུང་བར་འགྱུར་རོ། །ཞེས་གསུངས་སོ། །སངས་རྒྱས་མྱ་ངན་ལས་འདས་ནས་མི་ལོ་ཉིས་སྟོང་ལྔ་བརྒྱ་ལོ་གསུམ་ལྷག་པའི་དུས་སུ་བོད་དུ་གཉའ་ཁྲི་བཙན་པོ་བྱུང་ངོ༌། །དེའི་རྒྱལ་རབས་ཉི་ཤུ་རྩ་དྲུག་པའི་འོག་རོལ་ཏུ། རྒྱལ་པོ་ཐོ་ཐོ་རི་སྙན་ཤལ་བྱུང་སྟེ། ཕོ་བྲང་ཡུམ་བུ་བླ་སྒང་ན་བཞུགས་དུས་སུ་དཀོན་མཆོག་ཟ་མ་ཏོག་གི་མདོ་དང༌། བྱང་ཆུབ་ཤེལ་གྱི་མཆོད་རྟེན་དང༌། ཕྱག་རྒྱའི་དམ་ཁ་དང་གསུམ་ནམ་མཁར་རང་བྱོན་དུ་བབ་པ་ནས་ངོ་མ་ཤེས་པས། ལ་ལས་འདྲེ་ཡིན་ཟེར་རོ། །ལ་ལས་ངོ་མཚར་བྱེད་དོ། །ཕྱི་དུས་ཁ་ཆེའི་པཎྜི་ཏ་ལེགས་སྦྱིན་བྱོན་ནས། རྒྱལ་པོས་ཞུས་པའི་ཚེ་ན་ཡང་པཎྜི་ཏས་བོད་སྐད་མ་ཤེས་སོ། །རྒྱལ་པོས་རྒྱ་སྐད་མ་གོ་བས་བརྡ་མ་འཕྲོད་པས་བསྒྱུར་མ་ནུས་སོ། །ཐུགས་ཁར་ཐལ་མོ་སྦྱར་ནས་བརྡ་བྱས་སོ། །དེ་ནས་རྒྱལ་པོས་གསེར་ཁྲི་དང་གཡུའི་ཕག་སྐར་ལ་བཞུགས་སུ་གསོལ། མཆོད་པ་རྒྱུན་དུ་བྱས་པས་བཀྲ་ཤིས་སོ། །དེ་ནས་རྒྱལ་རབས་ལྔ་ནས་ཆོས་རྒྱལ་སྲོང་བཙན་སྒམ་པོ་བྱོན་ནོ། །དེ་ཡང་ཕོ་བྲང་བྱམས་པའི་སྟེང་དུ་ཡབ་རྒྱལ་པོ་གནམ་རི་སྲོང་བཙན་དང་ཡུམ་ཆེན་ཡོང་ཟ་འབྲི་མོ་ཐོད་གར་གཉིས་ཀྱི་སྲས་སུ་བལྟམས་སོ། །བལྟམས་ནས་སྒྲ་དང༌། འོད་དང༌། འཇའ་འོད་དང༌། མེ་ཏོག་གི་ཆར་ཕབས་ཏེ། ཁྱེའུ་དཀར་པོ་གཅིག་རལ་པའི་ཐོར་ཅོག་དང་ལྡན་པར་བལྟམས་སོ། །དེ་མ་ཐག་ཏུ་སྨྲས་པ། ཀྱེ་མ་ཁ་བ་ཅན་གྱི་རྒྱལ་ཁམས་འདིར། །ཆོས་མེད་མུན་པའི་སེམས་ཅན་སྙིང་རེ་རྗེ། །ཆོས་ཀྱི་ཉི་མའི་འོད་ཟེར་འཆར་བྱས་པའི། །བདག་གི་འཕྲིན་ལས་རྒྱ་མཚོས་འདྲེན་པར་བྱ། །ཞེས་གསུངས་ནས། རྒྱལ་འབངས་རེ་རེ་ཐེ་ཚོམ་ཟ། རེ་རེ་ངོ་མཚར་སྐྱེས་སོ། །བློན་པོ་ཨ་ནུ་ར་མི་ཆུང་དང༌། ཡབ་ཡུམ་གཉིས་སོགས་རྒྱལ་བུའི་མགོ་ཐོག་ལ་ལྷ་ཞལ་དམར་པོ་ཞིག་ལན་རེ་མཐོང་ངོ༌། །དེ་ནས་རྒྱལ་བུས་མཚམས་བཅད་ནས་བསམ་གཏན་ལ་གནས་པའི་ཚེ། གཡས་སུ་འཇམ་དཔལ། གཡོན་དུ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་བུམ་ཁྲུས་གསོལ་ལོ། །སྟེང་དུ་སྣང་བ་མཐའ་ཡས་ཀྱིས་ཕྱག་བརྐྱངས་ནས་བྱིན་རླབས་མཛད་དེ། དེ་ནས་རྒྱལ་སར་བཏོན་ནས་མཐའི་རྒྱལ་པོ་མང་པོས་ཀྱང་བཀུར་སྟི་བྱས་སོ། །དེ་ནས་འདི་སྙམ་སྟེ་ཁ་བ་ཅན་དུ་ཆོས་ཇི་ལྟར་སྤེལ་དགོས་སྙམ་པས། དེ་ནས་བློན་འབངས་རེ་རེ་ལ་དབྱངས་དང་གསལ་བྱེད་ཀྱི་ཡི་གེ་བཀོད་པས། ཡི་གེའི་གྲལ་ལ་འཇུག་པས་ཀློག་འདོན་པར་ཤེས་སོ། །དེ་ནས་བློན་པོ་སམ་བྷོ་ཊ་རྒྱ་གར་དུ་བཏང་ནས། དམ་ཆོས་པད་མ་དཀར་པོ། སྙིང་རྗེ་པད་མ་དཀར་པོ། ཟ་མ་ཏོག་བཀོད་པ་སྟེ་གསུམ་བསྒྱུར་རོ། །དེ་ནས་བོད་ཁམས་སུ་ཆོས་ཀྱི་སྲོལ་བཏོད་པ་ནི། ལྷ་སྒོམ་པའི་དུས་སུ་ལྷ་ངོ་མི་ཤེས་པས། ད་ནི་ཡི་དམ་གྱི་སྐུ་གཟུགས་བྱ་དགོངས་ཏེ། ག་རེ། ས་རྡོས་བྱས་ན་བསོད་ནམས་ཆུང༌། རིན་པོ་ཆེས་བྱས་ན་མཐར་བླུན་པོ་ངན་པ་རེ་རེས་བཤིག་དོགས་སྙམ་ནས། ས་གའི་ཚེས་བརྒྱད་དུ་སངས་རྒྱས་སྨན་པའི་རྒྱལ་པོ་ལ་ལྷའི་བུ་མང་པོས་བསྐོར་ནས་བྱོན་པས། འདི་སྐད་ཅེས་གསོལ་ཏོ། །ཆོས་སྐྱོང་རྒྱལ་པོ་འཕགས་པ་སྤྱན་རས་གཟིགས། །ཡིད་འོང་རྒྱ་གར་རྡོ་རྗེའི་ཤར་ཕྱོགས་སུ། །སིང་གྷ་ལ་ཡི་མཚོ་འགྲམ་བྱེ་མའི་གླིང༌། །དེ་རུ་སོང་དང་དོན་མཆོག་འགྲུབ་པར་འགྱུར། །ཞེས་གསུངས་ནས། མི་སྣང་བར་གྱུར་ཏོ། །དེ་ནས་རྒྱལ་པོས་སྤྲུལ་པའི་དགེ་སློང་གཅིག་སྤྲོས་ནས། སིང་གྷ་ལར་བྱོན་ནས་ས་བསྐོས་པས་ཙན་དན་གྱི་སྡོང་པོ་འདོམ་པ་གཅིག་ཕྱུང་ངོ༌། །སྟས་གཤགས་པའི་ཚེ་ན་སྐུ་རང་བྱུང་ཞལ་བཅུ་གཅིག་པ་དཀར་པོ་དེའི་དྲི་བསུང་དཔག་ཚད་བཅུ་གསུམ་དུ་ཁྱབ་པ་ཞིག་བྱོན་ནས། བཟུང་སྟེ་མཆོད་རྟེན་པད་མའི་འཁོར་ལོ་ཅན་ལ་ཕྱིན་ནས། སངས་རྒྱས་འཁོར་བ་འཇིག་དང༌། གསེར་ཐུབ་དང༌། འོད་སྲུང་དང༌། ཤཱཀྱ་ཐུབ་པ་རྣམས་ཀྱི་རིང་བསྲེལ་རྣམས་བླངས་ཤིང༌། ཆུ་བོ་ནཱ་ར་ཛ་ནས་བྱེ་མ། རྒྱ་མཆོའི་གླིང་གི་འཇག་མ། མ་ག་དྷཱའི་བྱང་ཆུབ་ཀྱི་ཤིང༌། ཀླུ་སྒྲུབ་ཀྱི་ཕྱག་མཁར། རིན་པོ་ཆེའི་སྤྱན་འབྲས། རྟ་ངང་པའི་མཆེ་བ་རྣམས་བླངས་ནས་སྤྱན་དྲངས་ཏེ། རྒྱལ་པོ་ལ་ཕུལ་ཏེ། དགེ་སློང་ཡང་རྒྱལ་པོའི་ཐུགས་ཀར་ཐིམ་པར་གྱུར་ཏོ། །དེ་ནས་རྒྱལ་པོ་དང་སྣ་ཆེན་གཉིས་སྐྱི་ཤོད་ལ་འགྲོ་བའི་དུས་སུ་ཀྱི་རེ་ཡང་ཕྲེང་དུ་མ་ཎི་རང་བྱོན་གཟིགས་སོ། །དེ་ནས་ཙན་དན་གྱི་སྐུ་ལ་གསོལ་བ་བཏབ་པས། ལྷ་དེའི་སྨིན་མཚམས་སུ་འོད་ཟེར་པད་མ་དཀར་པོའི་ཕྲེང་བ་ལྟ་བུ་གཅིག་ནུབ་ཏུ་སོང་ངོ༌། །ཨུཏྤལ་མཐིང་ག་ལྟ་བུ་གཅིག་ཤར་དུ་སོང་ངོ༌། །རྒྱལ་པོས་གཟིགས་པས། བལ་ཡུལ་དུ་ཡམ་བྷུའི་གྲོང་ཁྱེར་དུ་རྒྱལ་པོ་འོད་ཟེར་གོ་ཆའི་བུ་མོ། ཁྲི་བཙུན་སྐུ་མདོག་དཀར་མོ་ཁ་ནས་ཨུཏྤ་ལའི་དྲི་བྲོ་བ་བཅུ་དྲུག་ལོན་པ་རིན་པོ་ཆེའི་བང་མཛོད་ལ་མངའ་བརྙེས་པ། རང་གི་ཁབ་ཏུ་འོང་བར་གཟིགས་སོ། །ཡང་ཤར་གྱི་འོད་ཟེར་ལ་བརྟགས་ནས། རྒྱ་ནག་གི་ཡུལ་གིང་ཤའི་གྲོང་ཁྱེར་དུ་རྒྱལ་པོ་ཀོང་ཙེའི་སྲས་མོ་ཨོ་ཅུང་སྐུ་མདོག་སྔོ་ལ་བཅུ་དྲུག་ལོན་པ། རིག་པའི་ཆོས་ལ་མངའ་བརྙེས་པ་ལྷ་རྟེན་དང་བཅས་པ་ཁབ་ཏུ་འོང་བར་གཟིགས་སོ། །དེ་ནས་མགར་དང་སམ་བྷོ་ཊ་གཉིས་ལ་གསུངས་ནས། ཐབས་ཇི་ལྟར་དུ་བླངས་ཞུས་པས། རྒྱལ་པོས་ང་ནུབ་ཕྱོགས་སུ་འགྲོ་དགོས་གསུངས་ནས། གསེར་གྱི་དུང་ཙེ་བརྒྱ་དང༌། གསེར་ཁྲབ་གཅིག་དང༌། རྟ་པ་བརྒྱ་བལ་པོར་ཕྱིན་ནས། ཞུ་བ་ཞུས་ལན་མང་དུ་མཛད་ནས། ལོ་ཙཱ་བ་སམ་བྷོ་ཊས་གོ་བརྡ་སྤྲད་པས། ཇོ་མོ་ཁྲོ་གཉེར་འོད་ཟེར་ཅན་གྱི་སྤྲུལ་པ་ཁྲི་བཙུན་བོད་དུ་བྱོན་པའི་ཚེ་ཡབ་ལ་ཞུས་པས། ཀྱེ་མ་ཡབ་མཆོག་རྒྱལ་པོ་འོད་ཟེར་ཅན། །བོད་ཡུལ་མཐའ་འཁོབ་གནས་སུ་བདག་འགྲོ་ན། །མཆོད་གནས་མི་བསྐྱོད་རྡོ་རྗེ་བྱམས་པ་དང༌། །སྒྲོལ་མ་ལ་སོགས་བང་མཛོད་གནང་བར་ཞུ། །ཞེས་དང༌། ཡབ་ན་རེ། ལྷ་མོ་མཛེས་ལྡན་བཀྲ་ཤིས་ཡིད་འོང་མ། །ཤིན་ཏུ་གཅེས་པའི་ཁྱོད་ནི་ཕངས་ན་ཡང༌། །མི་བསྐྱོད་རྡོ་རྗེ་བྱམས་པ་སྒྲོལ་མ་ཀུན། །བརྩེ་བས་བུ་མོ་ཁྱོད་ལ་རྫོངས་པར་བྱེད། །ཅེས་གསུངས་ནས། ལྷ་མོ་གླང་པོ་རྟ་ལྡན་ལ་བསྐྱོན། རྟེན་རྣམས་ཁལ་དུ་བཀལ། རིན་པོ་ཆེ་གླང་ཁལ་བདུན་དང་བཅས་པ་བོད་ཀྱི་ས་མཚམས་སུ་བསྐྱལ་ལོ། །དེ་ནས་ཤར་དུ་མགར་གྱིས་དབུ་མཛད་པའི་རྟ་པ་བརྒྱ། གསེར་གྱི་དུང་ཙེ་བརྒྱ་དང་ཕྱེད། བང་མིག་བདུན། བཻ་ཌཱུརྱའི་རྨོག་མོ་རྣམས་བཟུང་ནས་རྒྱ་ནག་ཏུ་ཕྱིན་ནས་ཡང་ཞུ་བ་ཞུས་ལན་བྱས་ཏེ། མཐར་ཇོ་མོ་སྒྲོལ་མའི་སྤྲུལ་པ་བོད་དུ་བྱོན་པའི་ཆས་སུ་ཡབ་རྒྱལ་པོ་ལ་ཞུས་པ། ཀྱེ་མ་ཡབ་ཅིག་འཇམ་པའི་དབྱངས་ཀྱི་རྒྱལ། །བོད་ཡུལ་ཆོས་མེད་གླིང་དུ་བདག་འགྲོ་ན། །ཤཱཀྱ་མུ་ནེ་རྒྱ་ཆོས་གོས་ཟབ་དང༌། །གཡོག་མོ་ལྔ་བརྒྱ་རྟ་གླང་བདག་གིས་ཞུ། །ཞེས་དང༌། ཡབ་ན་རེ། སྙིང་དང་འདྲ་བ་ཁྱོད་ནི་བཏང་ན་ཡང༌། །ཤཱཀྱ་མུ་ནེ་རྒྱ་ཆོས་གཙུག་ལག་རྣམས། །གོས་དར་རིན་ཆེན་གླང་ཁལ་གཡོག་མོར་བཅས། །བརྩེ་བས་བུ་མོ་ཁྱོད་ལ་བདག་གིས་བསྐུར། །ཞེས་གསུངས་ནས། ཤཱཀྱ་མུ་ནེ་ཤིང་རྟ་ལས་དྲངས་པས་ཀྱང་ལྷ་དགའོ། །ཨོ་ཅུང་གི་ཤིང་རྟ་ཀླུ་དགས་དྲངས་སོ། །གཡོག་མོ་དམ་པ་བཞི་བུ་མོ་ཉེར་གཅིག་ལོན་པ་ལྔ་བརྒྱ་དང་བཅུ་དྲུག་ལོན་པ་ལྔ་བཅུ་རྣམས་དང་ཁལ་རྟ་རྣམས་རིམ་གྱིས་བྱོན་ནས། ཕོ་བྲང་དུ་ཕྱིན་ནས། རྒྱལ་པོའི་སྤྲུལ་པ་ནི་རྔ་བརྡུངས་པ་སྟོང༌། བ་དན་ཐོགས་པ་སྟོང༌། དུང་འབུད་པ་སྟོང༌། སྤོས་ཐོགས་པ་སྟོང༌། འཁར་རྔ་བརྡུངས་པ་སྟོང་དང་ལྔ་སྟོང་གིས་གསུས་སོ། །དེ་ནས་ཕོ་བྲང་བྱམས་པའི་སྒོ་བཞིར་དུས་ཅིག་ཏུ་ཨོ་ཅུང་འཁོར་བཅས་བྱོན་པར་མཐོང་ངོ༌། །དེ་ནས་ཁྲི་བཙུན་གྱིས་གཙུག་ལག་ཁང་བཞེངས་པར་རྩོམ་པའི་ཕྱིར། ཨོ་ཅུང་ལ་གསེར་ཕྱེ་བྲེ་གང་དུ་ཕུལ་ནས་ཁྲི་བཙུན་གྱིས་སྨྲས་པ། བཀྲ་ཤིས་ལྷ་མོ་དཔལ་འབར་མ། །འགྲོ་ཀུན་བསོད་ནམས་སྤེལ་སླད་དུ། །གཙུག་ལག་ཁང་ཅིག་བཞེངས་སྙམ་ནས། །ས་དཔྱད་ལེགས་པར་མཛད་དུ་གསོལ། །ཞེས་དང༌། ཨོ་ཅུང་གིས་ཕྱག་གཡོན་ཁྲི་བཙུན་གྱི་ལག་ཏུ་འཇུས་ཏེ། གཡས་པས་དངུལ་གྱི་རྟ་ལྕག་ཚིག་གསུམ་པ་འོ་ཐག་གི་མཚོ་ལ་གཏད་དེ། འདི་སྐད་གསུངས། ལྷ་ས་རི་བཞི་ཕྱོགས་རྒྱབ་ན། །ལྷོ་ཕྱོགས་གསེར་གྱི་མཆོད་རྟེན་འདྲ། །ནུབ་ཕྱོགས་མན་འཇིལ་དུང་ཕོར་མཚུངས། །བྱང་ཕྱོགས་པདྨ་ཁ་ཕྱེ་རིགས། །ཤར་ཕྱོགས་ལྷུང་བཟེད་འཕྲུལ་དུ་མཛེས། །འོ་ཐང་མཚོ་ལ་གཞི་བརྟེན་གྱིས། །མ་འོངས་དགེ་འདུན་རྒྱ་མཚོ་འདུ་བའི་རྟགས། །སྟེང་ན་འཁོར་ལོ་རྩིབ་སྟོང་ལྟར། །འོག་ཏུ་པད་མ་འདབ་བརྒྱད་རྒྱས། །ཕྱི་རབ་ཡོན་ཏན་ཐམས་ཅད་འབྱུང་བའི་རྟགས། །ས་སློང་རྡོ་སློང་མང་དུ་སྣང༌། །དེ་དག་ང་ཡི་ཤཱཀྱ་ནུ་ནེ་ཡིས། །འཇོམས་ནས་ཉམ་ང་མེད་པ་ལགས། །ཞེས་གསུངས་ནས། ཁྲི་བཙུན་གྱིས་རྒྱལ་པོ་ལ་སྨྲས་པ། རྒྱལ་པོས་ཐུགས་རྗེ་ཆེན་པོ་ཙན་དན་ལ་གསོལ་བ་བཏབ་པས། ལྷའི་ཐུགས་ཀར་འོད་ཟེར་གསེར་གྱི་རྡོ་རྗེ་ལྟ་བུ་འཕྲོས་པས། འོ་ཐང་གི་མཚོའི་སྟེང་དུ་དྲ་བ་དྲ་ཕྱེད་དུ་ཁྱབ་པས། འོད་ཟེར་རེ་རེའི་སྟེང་དུ་ཤིང་ལེབ་རེ་རེ་བརྐྱངས་པ་སྟེ་གདུང་སྣ་གཏད་དོ། །དོ་ནས་ཁྲོ་ཆུའི་གཡའ་བ་བཀྲམ་ནས་སོ་ཕག་དང་སྤང་ལེབ་དང་རྡོ་གཅལ་བཀྲམ། དེ་ནས་ས་བཟང་ར་ལ་བཀལ་ནས་རིམ་པར་བརྫངས། དེའི་སྟེང་དུ་ལྷ་ཁང་རྒྱལ་གར་ལོག་གི་ཚད་བཏིང༌། དེ་ནས་རྒྱལ་པོའི་སྐུ་ལུས་ཀྱི་བཀོད་པ་ལྔ་སྟོང་དུ་སྤྲུལ་ནས། སྟོང་གིས་རྡོ་བཅོག །སྟོང་གིས་ཤིང་གཏུབ། ལ་ལས་ཆུ་ལེན། ལ་ལས་རྡོ་བླངས། རེ་རེས་འདམ་བསྒྱུར་ནས་ར་སའི་གཙུག་ལག་ཁང་བརྩིགས་སོ། །དེ་ནས་སྤྲུལ་པའི་བཟོ་བོ་བརྒྱར་བཀོད་ནས་ཉི་མ་གཅིག་ཏུ་ཚར་བའི་སྔ་དྲོ། གཡོག་མོ་འཇང་བཟའ་ལ་གསོལ་བ་བསྐུར་ནས་སླར་ལོགས་གཅིག་གཅིག་འདྲ་བ་མང་པོ་འདུག་གོ །ངས་མི་ཤེས་ཟེར་ནས། དབུས་སུ་དར་དམར་པོས་སྐྲ་བཅིངས་པ་དེ་ཡིན་འདྲེན་མ་ནུས་ན་བཞག་ཀྱང་ཆོག་གསུངས་ནས། གཡོག་མོས་དེ་བཞིན་དུ་བྱས་ནས་རྒྱལ་པོས་མི་རིགས་པར་མཁྱེན་ནས། སྤྱན་ཟུར་གྱིས་གཟིགས་པ་སྟེལ་གྱིས་ཁ་འཕྱར་བས་སེང་གེའི་སྣ་བཞོག་སྟེ། གཞན་ཐམས་ཅད་ཀྱང་སྣ་ལྷན་ཅིག་ཏུ་བཅད་དོ། །དེ་ནས་ངས་སྤྲུལ་པ་མཛད་པ་དེ་ནག་ཆག་གཅིག་གིས་ཤེས་ན་ཅི་ཕན་སྙམ་ནས། སྤྲུལ་པ་ཐམས་ཅད་བསྡུས་ནས་གནས་སྟོང་ནས། འཇང་བཟའ་སྐྲག་པས་ཁྲི་བཙུན་ལ་བསྙད་དོ། །བལ་བཟའ་སྐྲག་ནས་འདོང་ནས་སྐྱིད་ཆུའི་འགྲམ་དུ་མཇལ་ནས་ཕྱག་ཕུལ་ཏེ་སྨྲས་པ། སྤྲུལ་པའི་རྒྱལ་པོ་སངས་རྒྱས་བཅོམ་ལྡན་འདས། །གཉིས་སུ་མེད་པའི་ཆོས་རྒྱལ་དགོངས་སུ་གསོལ། །གཏི་མུག་དབང་གིས་ཉེས་པ་གང་བགྱིས་བཤགས། །ད་ནི་ལས་ཀ་བཙུགས་པའི་ཐུགས་རྗེས་གཟུང༌། །ཞེས་དང༌། རྒྱལ་པོ་ན་རེ། ལྷ་མོ་རྣམ་དག་དཀར་གསལ་བློ་གྲོས་མ། །མ་རིག་ཕལ་ཆེར་དག་དང་ང་མི་མཐུན། །དེ་ཕྱིར་བདག་གིས་ཡིད་ནི་ཞུམ་པ་སྐྱེས། །བདེན་ནམ་ལེགས་སམ་ཁྲི་བཙུན་མཛེས་མ་ཁྱོད། །དེ་ནས་ར་སའི་གཙུག་ལག་ཁང་རྫོགས་པར་མཛད་དོ། །དེ་ནས་བལ་པོ་ལྷ་བཟོ་གཅིག་བོས་ནས། རྒྱལ་པོ་ན་རེ། ཁྱེད་ཀྱིས་སྐུ་གཟུགས་བྱེད་ནུས་སམ། གསུངས་ནས། ནུས་བྱས་སོ། །དེ་ནས་གོང་གི་རྟེན་རྣམས་དང༌། གླང་པོ་ཆེའི་འོ་མ་དང༌། སྤཽས་ཀྱི་ལྡེ་གུ་བྱས་ཏེ་སྟ་གོན་དུ་བཞུགས་པའི་ནམ་གྱི་ཐོ་རངས་སུ་སངས་རྒྱས་ཐམས་ཅད་ཀྱི་འོད་ཟེར་ལྡེ་གུ་ལ་ཐིམ་པར་གཟིགས་སོ། །ད་ནི་སྐུ་བྱིན་རླབས་ཅན་གཅིག་འོང་སྙམ་ནས་ནམ་ལངས་ཏེ་རྒྱལ་པོ་བྱོན་ནས། ཞལ་བཅུ་གཅིག་པ་ཕྱག་བརྒྱད་པ་རྩ་ཞལ་དཀར་པོ། གསུམ་བརྩེགས་ཞི་བ། དེའི་ཐོག་ཏུ་རྒྱས་པའི་ཞལ་སེར་པོ་གསུམ། དེའི་སྟེང་དུ་དབང་ཞལ་དམར་པོ་གཉིས། དེའི་སྟེང་དུ་ཁྲོ་ཞལ་ནག་པོ་གཉིས། དེའི་སྟེང་དུ་འོད་དཔག་མེད་དང་བཅུ་གཅིག་གོ །པུནྚ་རི་ཀའི་མེ་ཏོག་ལྟར་དཀར་བ་ཞིག་མཐོང་ངོ༌། །ལྷ་བཟོ་ལ་རྒྱལ་པོས་གསོལ་པ། ཀྱེ་སྤྲུལ་པའི་ལྷ་བཟོ་བློ་གྲོས་དཔལ། །སྐུ་གཟུགས་ལེགས་པར་རྣམ་དག་ཐོན་ལགས་ཀྱང༌། །ཙན་དན་སྐུ་དང་རིང་བསྲེལ་རྟེན་མཆོག་རྣམས། །སྙིང་པོར་མ་བཅུག་ད་ནི་འགྱོད་མི་ཕན། །ཞེས་གསུངས་ནས། ལྷ་བཟོ་ན་རེ། ཀྱེ་སྤྲུལ་པའི་རྒྱལ་པོ་རྒྱལ་བའི་སྲས། །ད་ལྟ་རྒྱལ་པོ་ཁྱེད་ལ་ཞུ་སྙམ་ནས། །ལྷ་འདི་རང་ཆས་འདི་ལྟར་སྣང་བ་ལགས། །རང་བྱུང་དྲི་མེད་འགྲོ་བའི་མགོན་དུ་གྱུར། །ཅེས་གསུངས། དེ་མ་ཐག་ཏུ་ཙན་དན་གྱི་སྐུ་དང་རྟེན་ཐམས་ཅད་ལྷའི་ཐུགས་ཀར་ཐིམ་པར་གྱུར་ཏོ། །དེ་ནས་རྒྱལ་པོའི་ཐུགས་རབ་ཏུ་དགྱེས་སོ། །དེའི་ནངས་པར་གཙུག་ལག་ཁང་དབུས་མར་སངས་རྒྱས་མི་འཁྲུགས་པ་གཟིགས་ནས་ཆོས་ཀྱི་གསུངས་མང་དུ་ཞུས་སོ། །གཡས་སུ་སྣང་བ་མཐའ་ཡས་གཟིགས་སོ། །གཡོན་དུ་བྱམས་པ་གཟིགས་སོ། །ལྷོར་མི་བསྐྱོད་པ་གནོད་སྦྱིན་ཕོ་མོ་དང་བཅས་པར་གཟིགས་སོ། །སང་ནངས་པར་སྐུ་དེ་འདིར་གདན་དྲངས་སྙམ་ནས་སྒོར་བྱོན་ནས། ཀླུའི་རྒྱལ་པོ་ཨུཏྤལ་དང་ཕྲད་ནས་སྨྲས་པ། ཁྱོད་ཀྱི་གནས་འདི་ལོ་སྟོང་དུ་ངས་སྐྱོབ་ཟེར་རོ། །དེ་ནས་གནོད་སྦྱིན་ནཱ་ག་ཀུ་བེ་རས་མེའི་འཇིགས་པ་ལ་ངས་སྐྱོབ་ཟེར་རོ། །ལྷོ་ངོས་སུ་མགོན་པོ་ལྕམ་དྲལ་གཉིས་ཀྱིས་ཆུའི་འཇིགས་པ་ལ་ངས་སྐྱོབ་ཅེས་གསུངས་སོ། །དེ་ནས་རྒྱལ་པོས། གཟིགས་པའི་ལྷ་དེ་དག་གི་སྐུ་བྲིས་སོ། །དེ་ནས་ར་སའི་གཙུག་ལག་ཁང་དུ་ཐུགས་རྗེ་ཆེན་པོ་བཞུགས་སུ་གསོལ། མ་འོངས་པའི་དུས་སུ་ངའི་ར་ས་འདིར་དགེ་འདུན་པ་དང་སྐྱེ་བོ་མང་པོ་རྟག་ཏུ་འཚོགས་པའི་བརྡ་ཡིན་གསུངས་སོ། །དེ་ནས་རྒྱལ་པོ་རྒྱ་ནག་ག་སོ་ཀ་འདུལ་བར་བྱོན་པའི་ཤུལ་དུ་ཁྲི་བཙུན་གྱིས་ཕ་མྱེས་རྣམས་བོས་ཏེ། འོག་ཁང་ལ་དཔེ་བླངས་ཏེ་སྟེང་ཁང་བཟོ་བརྩེགས་ལོ་བཅུ་གསུམ་དུ་མཛད་དོ། །དེ་ནས་རྒྱལ་པོ་བྱོན་ནས། སྟེང་ཁང་དུ་གཟིགས་པས་འཕྲུལ་དུ་སྣང་གསུངས་ཏེ་འཕྲུལ་སྣང་དུ་བཏགས་སོ། །ལི་ཡུལ་དུ་དགེ་སློང་གཉིས་འཇམ་དཔལ་ལོ་བཅུ་གཉིས་སུ་བསྒྲུབས་ཀྱང་མ་འགྲུབ་པར་ཡི་ཆད་པས། ནུབ་གཅིག་ཏུ་རྨི་ལམ་དུ་ང་དང་ལས་འབྲེལ་མེད་དེ་བོད་དུ་སོང་ངོ༌། །རྒྱལ་པོ་སྲོང་བཙན་སྒམ་པོ་དེ་སྤྱན་རས་གཟིགས་ཡིན་པས་སོང་ཅིག་ཞེས་རྨིས་སོ། །སོང་ནས་བོད་དུ་ཕྱིན་ནས་ཕྱིའི་ལྕགས་རིའི་གད་ཁ་ལ་སེམས་ཅན་མང་པོའི་ཆད་པ་གཅོད་པའི་རྣམ་པར་མཐོང་ནས། དེ་གཉིས་དད་པ་ལོག་ནས་སླར་ལོག་གོ །ཆོས་ལ་སེམས་ཅན་བཙུད་ནས་ཁོང་གཉིས་ལས་མ་དག་གོ །དེ་གཉིས་དད་ལོག་ཁུར་བར་མཁྱེན་ནས་བློན་པོ་བསེ་རུ་གོང་སྟོན་ལ་རྟ་འདི་ཞོན་ལ་སྟོད་ལུང་དུ་དགེ་སློང་གཉིས་ང་ལ་དད་ལོག་བྱས་ནས་འབྲོས་ཏེ་ངལ་མ་སོས་པར་ངའི་དྲུང་དུ་ཁྲིད་ལ་ཤོག་གསུངས་ནས། དེར་བདའ་སྟེ་བཟུང་ནས་ཁོང་གཉིས་ཤིན་ཏུ་སྐྲག་ནས་རྒྱལ་པོ་ལ་གཏད་དེ། རྒྱལ་པོས་དེ་གཉིས་ལ་ལིའི་སྐད་དུ༌། དགེ་སློང་རྣམ་དག་ལེགས་པའི་བསོད་ནམས་དཔལ། །མ་སྐྲག་མ་སྔངས་ང་ནི་སྤྱན་རས་གཟིགས། །དངོས་གྲུབ་ཟག་མེད་ཡིད་ལ་ཅི་འདོད་ཀུན། །སྨྲོས་ནས་མྱུར་དུ་མྱུར་དུ་གནང་བར་འགྲུབ། །ཅེས་དང༌། དགེ་སློང་ཆེ་བ་དེ་སྐད་འདར་ནས་སྨྲས་པ། ལེགས་པའི་རྒྱལ་པོ་མི་དབང་ཁ་ལོ་བསྒྱུར། །བདག་ཅག་རྣམ་གཉིས་མགོན་མེད་གླིང་དུ་འཁྱམས། །དངོས་གྲུབ་གཞན་ནི་གང་ཡང་མི་སེམས་ལགས། །རང་ཡུལ་སླེབས་ན་བསམ་པའི་དོན་མཆོག་འགྲུབ། །ཅེས་ཟེར་ནས། རྒྱལ་པོས། དགེ་སློང་གཉིས་འཕྲུལ་སྣང་གི་བྱང་ཕྱོགས་ཕག་གཅིག་ཏུ་ཁྲིད་ནས། དབུའི་དར་ཐོད་བཀྲོལ་ནས་འོད་དཔག་མེད་བསྟན་ཀྱང་མ་རང་ངོ༌། །དེ་ནས་ནུབ་སྒོར་ནེའུ་ཀར་ཁྲིད་ནས། ངའི་རྐང་པ་ལ་འཇུས་ཏེ་རང་ཡུལ་ཡིད་ལ་གྱིས་གསུངས་ནས་དེ་གཉིས་རྣལ་དུ་སོང་སྟེ་སད་ཙམ་ན་རང་གི་སྒོ་གར་ཐོན་ནས་འགྱོད་པ་སྐྱེས་སོ། །ཡང་ཁྲ་འབྲུག་ཏུ་མཆོད་རྟེན་དབུ་ལྔ་པ་དེ་ལ་དགེ་སློང་ཞིག་གིས་ནམ་མཁའ་ལ་བསྐོར་བ་ཀར་ར་མཛད་པར་གཟིགས་སོ། །རྒྱལ་པོས་དེ་ལ་ཕྱག་འཚལ་ནས། དགེ་སློང་དེས་མཆོད་རྟེན་བླངས་ནས་རྒྱལ་པོའི་བྱིན་རླབས་མཛད་དོ། །རྒྱལ་པོས་ཀྱང་དབུའི་དར་བཀྲོལ་ནས་འོད་དཔག་མེད་བསྟན་ཏོ། །དགེ་སློང་དེས་བྲང་ཁ་ཕྱེ་ནས་གསང་བ་འདུས་པའི་ལྷ་ཚོགས་བཞི་བཅུ་ཞེ་གཉིས་བསྟན་ཏོ། །དེ་ནས་རྒྱལ་པོས་ཀྱང་སྤྱན་རས་གཟིགས་ཞལ་བཅུ་གཅིག་པ་ཕྱག་སྟོང་སྤྱན་སྟོང་སྐུ་ལ་འོད་ཟེར་དུ་མ་འཕྲོ་བར་མཛད་དོ། །དེ་ནས་བཞེད་པ་མཐའ་དག་རྫོགས་པའི་ཚེ་ན། དཔྱིད་ཟླ་ར་བའི་ཚེས་བཅུ་ལ་ར་སའི་གློ་འབུར་བྱང་གི་འཕགས་པའི་དྲུང་དུ་རྒྱལ་པོ་ཡབ་ཡུམ་གསུམ་བྱོན་ནས། དེ་རིང་ནི་ལྷ་རྟེན་ལ་རབ་གནས་བྱེད་དགོས། བློན་པོ་ཐམས་ཅད་ཀྱིས་ཡོ་བྱད་ཚོལ་དང་སྣ་ཆེན་པོ་ཁྱོད་ཀྱིས་ངའི་སྐུ་བསྲུངས་ཀྱིས་གསུངས་ནས། ཁྲི་བཙུན་གཡས་སུ་བཞེངས། ཨོ་ཅུང་གཡོན་དུ་བཞེངས། ཁྲི་ལྕམ་ཐེམ་པའི་ཁར་བཞེངས། སྣ་ཆེན་པོ་ཐེམ་པའི་ཕྱིར་རྐང་པ་གཉིས་བསྒྲད། ལག་པ་གཉིས་སྒོ་སྐྱེས་ལ་འཇུས་སོ། །མགོ་ཡ་ཐེམ་ལ་གཏད་དེ་འགྲེང་ངོ༌། །དེ་ནས་སྣ་ཆེན་པོ་ན་རེ། རྒྱལ་པོ་ངའི་ཉེ་བ་རྣམས་མཇལ་ཟེར་ནས། རྒྱལ་པོ་ཞལ་ཕྱིར་ལོག་ནས། ངའི་ལྷ་ཐུགས་རྗེ་ཆེན་པོ་ལ་བྱིན་རླབས་ཐོབ་ཅིག་ཨང་ཞེས་གསུངས། བལ་པོ་རྣམས་ཁྲི་བཙུན་དང་མཇལ་འདོད་ཟེར་ནས། ངའི་ལྷ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་ཐོབ་ཅིག་ཨང་གསུངས། ཁྲི་ལྕམ་ན་རེ། ངའི་གློ་ནས་ཉེ་བ་རྣམས་ཨོ་ཅུང་དང་མཇལ་འདོད་ཟེར་ནས། ངའི་ལྷ་ཐུགས་རྗེ་ཆེན་པོ་ལ་མཆོད་པ་ཕུལ་ཅིག་ཨང་གསུངས། དེ་ནས་རྒྱལ་པོའི་ཞལ་ནས། ཁ་བ་ཅན་གྱི་རྒྱལ་ཁམས་འདིར། །ང་ནས་གདུང་རབས་ལྔ་ཉིད་ནས། །ལྷ་ཞེས་བྱ་བའི་རྒྱལ་པོ་འབྱུང༌། །དམ་ཆོས་མ་ལུས་རྒྱས་པར་བྱེད། །དེ་ནས་གདུང་རབས་གཉིས་ནས་ཀྱང༌། །རྒྱལ་པོ་དུད་འགྲོའི་མིང་ཅན་འབྱུང༌། །དམ་ཆོས་མ་ལུས་བསྣུབ་པར་བྱེད། །ཐ་མ་དེ་ནི་གྲི་རུ་འཆི། །དེ་ལ་གང་ཕྱོགས་དམྱལ་བར་འགྲོ། །ཁ་བ་ཅན་གྱི་རྒྱལ་ཁམས་འདིར། །དམ་ཆོས་མེ་སྟག་ཙམ་ཞིག་འབྱུང༌། །མར་མེ་འཆི་ཁར་གསལ་བ་བཞིན། །རྟག་པར་འཛིན་པའི་དུས་སུ་ཡང༌། །བསྟན་པ་ཤིན་ཏུ་གསལ་བར་འབྱུང༌། །དད་ཅན་མ་ལུས་འབྱུང་བ་སྟེ། །སྟོན་པའི་རིང་བསྲེལ་མཆོད་པར་འགྱུར། །དེ་ཡང་མ་འོངས་སངས་རྒྱས་འགྱུར། །ང་ཡི་དམ་ཆོས་ཟླ་བ་སྒྲོན་མེ་དང༌། །དཀོན་མཆོག་སྤྲྀན་དང་པད་མ་དཀར། །མྱང་འདས་ཆེན་པོའི་མདོ་མཆོག་དང༌། །ལས་རྣམས་འབྱེད་དང་ལྔ་པོ་རྣམས། །ཁྱོད་ལ་གཏད་ཀྱིས་སྣ་ཆེན་པོ། །ཕྱི་མར་ཆོས་ཀྱི་རྒྱལ་པོ་དེ་ལ་གཏད། །ཞེས་གསུངས་ནས། ཡབ་ཡུམ་གསུམ་ཞལ་ལོག་གིས་བྱས་ནས། ཕྱག་གཡས་གཡོན་བརྐྱངས་ནས་བཙུན་མོ་གཉིས་ཀྱི་དབུ་ལ་རེག་པས། ཁྲི་བཙུན་པད་མ་དཀར་པོ་གཅིག་ཏུ་གྱུར་ཏོ། །ཨོ་ཅུང་ཨུཏྤལ་མཐིང་ག་གཅིག་ཏུ་གྱུར་ནས། རྒྱལ་པོའི་དགུང་ལོ་བརྒྱད་ཅུ་རྩ་བཞི་ལ་ཤིང་ཕོ་སྟག་གི་ལོ། རྟ་ཟླ་ཚེས་བཅུའི་སྔ་དྲོ་ལ་སྤྱན་རས་གཟིགས་ཀྱི་ཐུགས་ཀར་ཐིམ་པར་གྱུར་ཏོ། །དེ་ནས་སྣ་ཆེན་པོའི་འགྲེ་ལོག་བྱས་པས། ཀྱེ་མ་རྒྱལ་པོ་ཆེན་པོ་མཉམ་མེད་རིན་པོ་ཆེ། །ཐུགས་རྗེའི་མངའ་བདག་འཛམ་གླིང་རྒྱན་གཅིག་པོ། །སངས་རྒྱས་བསྟན་འཛིན་སྐྱོང་བར་མི་མཛད་པར། །ཐུབ་པའི་རྒྱལ་ཚབ་སྲོང་བཙན་གང་དུ་གཤེགས། །ཞེས་སོགས་དང༌། ཐུགས་རྗེ་ཆེན་པོའི་ཐུགས་ཀར་ཞལ་བསྟན་ནས་འདི་སྐད་དུ། ཨ་ཙ་མ་མི་ཤི་བྱ་བ་ག་ལ་ཡོད། །འདུས་བྱས་སྐད་ཅིག་མི་སྡོད་མྱུར་དུ་འཇིག །ལུས་ལ་སྙིང་པོ་མེད་པས་ནམ་འཆི་ཆ་མེད་ཡིན། །ད་ལྟ་གཟུགས་ཕུང་གཟུགས་བརྙན་ལྟ་བུར་རྟོགས། །ཞེས་དང༌། ནུ་མ་གཡས་སུ་ཁྲི་བཙུན་གྱི་ཞལ་བསྟན་ནས། ནམ་འཆི་ཆ་མེད་ཚེ་ལ་ངེས་པ་མེད། །འཆི་བའི་རྐྱེན་ནི་ཤིན་ཏུ་མང་གྱུར་ན། །རིང་གནས་བྱ་བ་དེ་ནི་ག་ལ་རུང༌། །ད་ལྟ་གཟུགས་ཕུང་སྒྲ་བརྙན་ལྟ་བུར་གྱིས། །ཞེས་གསུངས། ནུ་མ་གཡོན་དུ་ཨོ་ཅུང་གི་ཞལ་བསྟན་ནས། འཆི་བ་བསོགས་པའི་ནོར་གྱིས་མི་སྟོང་ལ། །ཚེ་འདི་གཉེན་དང་འབྲེལ་བས་མི་སྟོང་སྟེ། །རང་གི་སྟོབས་ཀྱིས་མི་སྟོང་འཆི་འགྱུར་ན། །ལུས་འདི་སྒྱུ་མ་ལྟ་བུར་ཤེས་པར་གྱིས། །ཞེས་གསུངས་ནས། མི་སྣང་བར་གྱུར་ཏོ། །དེ་ནས་སྤྱན་རས་གཟིགས་ཀྱི་དྲུང་དུ། ལོ་ཙཱ་བ་སཾ་བྷོ་ཊས་སྨྲེ་སྔགས་བྱས་པ་ནི། སྤྲུལ་པའི་རྒྱལ་པོ་དགོངས་སུ་གསོལ། །སངས་རྒྱས་བཅོམ་ལྡན་ཤཱཀ་ཐུབ་ཀྱིས། །ཞིང་ཁམས་མི་མཇེད་འཇིག་རྟེན་འདིར། །ཁྱད་པར་ཁ་བ་ཅན་གྱི་ལྗོངས། །བཀྲ་ཤིས་ཉམས་དགའ་ལྷ་ས་རུ། །སངས་རྒྱས་གཉིས་པ་ལྟར་གྲགས་པ། །སྲོང་བཙན་སྒམ་པོ་སྤྲུལ་པའི་སྐུ། །ར་ས་འཕྲུལ་སྣང་ཕོ་བྲང་དུ། །འགྲོ་བའི་དོན་ལ་མི་བཞུགས་པར། །ཕ་རིན་པོ་ཆེ་དེ་གང་དུ་གཤེགས། །རྗེ་བཙུན་མྱ་ངན་འདས་པ་ལ། །བློན་འབངས་འཁང་ར་ཅུང་ཟད་མཆིས། །བལ་པོར་ཁྲི་བཙུན་བླངས་པའི་དུས། །ཁོ་བོས་སྡུག་བསྔལ་ཅི་ཙམ་ཁུར། །ཕ་རིན་པོ་ཆེ་དེས་མི་དགོངས་སམ། །ཁྲོ་གཏུམ་རྒྱལ་པོ་ཞེ་སྡང་ཅན། །ཁྱེད་ཞལ་མཐོང་ཙམ་བྱམས་སེམས་ལྡན། །རོལ་པའི་རྒྱལ་པོ་འོད་ཟེར་ཅན། །ཁྱེད་ལ་མི་ཕྱེད་དད་པ་བརྙེས། །ལྷུན་པོ་ཙམ་གྱིས་སྒྲོན་མེ་ཐོགས། །ཞིང་ཁམས་དཔག་མེད་བཙལ་གྱུར་ཀྱང༌། །ཁྱེད་འདྲའི་རྒྱལ་པོ་རྙེད་མི་འགྱུར། །དེ་རིང་གདུགས་ཀྱི་སྔ་དྲོ་ལ། །སྒྲ་དང་རོལ་མོ་འཇའ་དང་གུར། །བློན་པོ་ཕྲད་ནས་འོང་ཙམ་ན། །རྒྱལ་པོ་ཡབ་ཡུམ་གཤེགས་པར་ཐལ། །ཀྱི་ཧུད་དྲིན་ཅན་ཆོས་ཀྱི་རྗེ། །ཀྱི་ཧུད་བློན་འབངས་སྟོང་བར་བཞག །ང་ནི་མྱ་ངན་འདས་འོག་ཏུ། །མ་འོངས་དུས་སུ་ལྷ་ས་འདིར། །རྒྱལ་པོ་བཟང་ངན་ཅི་འདྲ་འབྱུང༌། །བསྟན་པ་འཛིན་པའི་སྐྱེས་བུ་དང༌། །རྟེན་དང་གཙུག་ལག་ཁང་རྣམས་དང༌། །དམ་ཆོས་དར་ནུབ་ཇི་ལྟར་འབྱུང༌། །གབ་སྒྲིབ་མེད་པར་ལུང་བསྟན་མཛོད། །ཀྱེ་མ་རྒྱལ་པོ་ཆེན་པོ་རིན་པོ་ཆེ། །ང་ཡི་སྨྲེ་སྔགས་གསན་ལགས་སམ། །ལུས་རྡེབ་པའི་འགྲེ་ལོག་གཟིགས་ལགས་སམ། །ཚེ་འདི་དང་ཕྱི་མ་བར་དོ་རུ། །ཕ་ཁྱེད་དང་རྟག་ཏུ་འབྲལ་མེད་ཤོག །ཅེས་དང༌། རྒྱལ་པོའི་སྐུ་མི་སྣང་ཡང་འཕགས་པའི་སྐུ་སྟོད་ནས་གསུངས་ཕྱུང་སྟེ། ཆོས་སྐུ་མི་ཟད་རྒྱན་གྱི་འཁོར་ལོ་ལ། །ལོངས་སྐུ་འབད་མེད་གསུང་སྒྲ་ཅི་ཡང་འཆར། །འདས་འགྲོ་གཤེགས་པ་བདག་ལ་མེད་པ་ན། །ང་ཡི་ཞལ་མཐོང་གསུང་ཐོས་སྨོས་ཅི་དགོས། །ཀུན་གྱིས་གསོལ་བ་ཐོབ་ཅིག་བོད་འབངས་རྣམས། །བོད་ཡུལ་ཁ་བ་ཅན་གྱི་རྒྱལ་ཁམས་འདིར། །འཕགས་པ་སྤྱན་རས་གཟིགས་ཀྱིས་རབ་ཏུ་བསྔགས། །ཁྱད་པར་ཅན་གྱི་ར་ས་འཕྲུལ་སྣང་འདིར། །བྱང་ཆུབ་སེམས་དཔའ་མང་པོ་འབྱུང་བར་འགྱུར། །ད་ནས་གདུང་རབ་ལྔ་ནས་རྒྱལ་པོ་ནི། །སོ་སོའི་སྐྱེ་བོ་བྱང་ཆུབ་སེམས་དཔའ་འབྱུང༌། །ཁྲི་སྲོང་མཚན་ཅན་བོད་ཁམས་སྐྱོང་བར་བྱེད། །མཐའ་འཁོབ་རྒྱལ་ཁམས་མང་པོ་དབང་དུ་བསྡུས། །སྤྲུལ་པའི་རྒྱལ་པོ་བྱང་ཆུབ་སེམས་དཔའ་དེས། །ཆོས་གཞི་གཙུག་ལག་ཁང་ནི་མང་དུ་བརྩིགས། །རྒྱ་གར་གསང་མཛོད་དམ་ཆོས་མང་པོ་བསྒྱུར། །ལོ་པཎ་སྤྱན་དྲངས་བསྟན་པའི་མཐའ་རྒྱ་སྤེལ། །སྦྱངས་པ་ཅན་གྱི་སྐྱེ་བོ་མང་པོ་འབྱུང༌། །བརྩོན་འགྲུས་ཅན་གྱི་སྔགས་པ་མང་པོ་བྱོན། །དེ་ལྟར་ཆོས་སྐྱོང་རྒྱལ་པོ་ཆེན་པོ་དེས། །བོད་འབངས་བདེ་སྐྱིད་དགའ་བའི་དཔལ་ལ་སྤྱོད། །རྒྱལ་བའི་ཆོས་ལུགས་ཕུན་སུམ་ཚོགས་པར་བྱེད། །དེ་ཡི་སྲས་ནི་བྱང་ཆུབ་སེམས་དཔའ་འབྱུང༌། །མཚན་ཀྱང་མུ་ནི་བཙད་པོ་ཞེས་པར་གྲགས། །དེས་ཀྱང་ཆོས་ཁྲིམས་རྒྱལ་ཁྲིམས་ཡང་དག་མཛད། །དེ་ནས་བདུད་རིགས་རྒྱལ་པོ་དག་ཏུ་འགྱུར། །སྤྲེའུའི་མིང་ཅན་བོད་ཁམས་ཕུང་བ་འབྱུང༌། །གནམ་ཐེལ་དཀར་པོའི་སྤྲུལ་པ་བློན་པོར་སྐྱེས། །ནག་པོའི་ཕྱོགས་ཀྱི་ལྷ་འདྲེ་ཐམས་ཅད་ཀྱང༌། །བདུད་རིགས་རྒྱལ་པོ་དེ་ཡི་དབང་བྱས་ནས། །གཙུག་ལག་ཁང་རྣམས་འཇིག་ཅིང་གསུང་རབ་གཏོར། །དགེ་སློང་རྣམས་ལ་ཉེས་མེད་ཆད་པ་གཅོད། །སྡིག་པ་སྤྱོད་ལ་ལེགས་པའི་བྱ་དགའ་སྟེར། །དགོན་པའི་གནས་སུ་རི་དྭགས་རྔོན་པ་གཞུག །གཙུག་ལག་ཁང་དུ་ར་ལུག་ཕྱུགས་རྣམས་བཙུད། །ང་ཡི་ཡི་དམ་སྐུ་གཟུགས་གཏེར་དུ་སྦེད། །ཀྱི་ཧུད་སངས་རྒྱས་བསྟན་པ་ནུབ་པར་བྱེད། །ནག་པོའི་ཕྱོགས་ནི་ཤིན་ཏུ་དར་བར་འགྱུར། །དེ་ཚེ་རྒྱལ་ཁྲིམས་ཆོས་ཁྲིམས་གཉིས་ཀ་ཉམས། །བོད་ཁམས་ཐམས་ཅད་མཐའ་ནས་མི་བདེ་ཞིང༌། །མི་དགེའི་སྤྱོད་པ་སྣ་ཚོགས་འབྱུང་བའི་ཚེ། །བྱང་ཆུབ་སེམས་དཔའ་རྡོ་རྗེའི་མཚན་ཅན་འབྱུང༌། །བདུད་ཀྱི་རྒྱལ་པོ་གྲི་རུ་འགུམ་པར་བྱེད། །བདེ་གཤེགས་སྐུ་གཟུགས་དེ་ཡང་གཏེར་ནས་བཏོན། །ཆོས་ཀྱི་མེ་རོ་མདོ་ཁམས་སྨད་ནས་སློང༌། །དགེ་འདུན་སྡེ་བ་མང་དུ་སྤེལ་བར་འགྱུར། །ང་ཡི་ར་ས་སྐུ་གཟུགས་འདི་དག་ལ། །མཆོད་པ་ཞབས་དོག་ཕུན་སུམ་ཚོགས་པར་བྱེད། །ཕྱོགས་རྣམས་ཀུན་ཏུ་གཙུག་ལག་ཁང་སྐྱོང་ཞིང༌། །དམ་པའི་སྤྱོད་དང་ཚུལ་བཞིན་བྱེད་པར་འགྱུར། །དེ་ནས་རྒྱལ་པོ་རལ་པའི་མིང་ཅན་འབྱུང༌། །དེ་ཡིས་དམ་ཆོས་མ་ལུས་རྒྱས་པར་བྱེད། །གཙུག་ལག་ཁང་དང་གསུང་རབ་རྒྱ་མཚོ་སྤེལ། །དེ་ནས་བདུད་རིགས་སྤྲུལ་པ་མང་པོ་ཡིས། །སྡེ་རྩོད་བྱས་ནས་རྒྱལ་ཁྲིམས་ཉམས་སྨད་འགྱུར། །གནས་དགོན་འཐབ་ར་བསྐོར་ཞིང་མདུང་ཁ་འགྱེད། །གཙུག་ལག་ཁང་ལ་འཕྲོག་བཅོམ་བྱེད་པར་འགྱུར། །ཀྱི་ཧུད་སངས་རྒྱས་བསྟན་པ་ཉམས་པར་འགྱུར། །དབང་ཕྱུག་མིང་ཅན་ལོག་ལྟའི་སྟོན་པ་འབྱུང༌། །སྔགས་ལོག་སུན་འབྱིན་ཞེས་པའི་སྲོལ་བཏོད་ནས། །བོད་ཁམས་མང་པོ་ཆོས་མིན་ལམ་ལ་བསྒྱུར། །ནག་པོའི་ཕྱོགས་རྣམས་རིམ་བཞིན་དར་བར་འགྱུར། །འཚོ་བ་ལྷ་འདྲེ་རྣམས་དང་ཐུན་མོང་བྱེད། །གནོད་སྦྱིན་མི་རྒོད་སྣ་ཚོགས་འོང༌། །ར་ས་འདི་ལ་འཚོ་བ་སྣ་ཚོགས་གཏོང༌། །དེ་ཚེ་ནུབ་ཕྱོགས་དག་ཏུ་སྐུ་འཁྲུངས་པ། །དགེ་སློང་བྱ་གདོང་མཆོག་ཏུ་གཟུགས་བཟང་བ། །བྱང་ཆུབ་སེམས་དཔའ་བློ་གྲོས་བསྒྲུབ་པར་ལྡན། །རཏྣ་བྷ་དྲ་ཞེས་སུ་མཚན་གྲགས་པ། །དེ་ཡིས་འདི་ལ་བསྙེན་བཀུར་བྱེད་པར་འགྱུར། །དེ་ཚེ་རྒྱལ་པོ་འོད་ཀྱི་མིང་ཅན་ཅིག །བྱང་ཆུབ་སེམས་དཔའ་བློ་གྲོས་མིག་ལྡན་འབྱུང༌། །དེ་ཡིས་བྱང་ཆུབ་སེམས་དཔའ་པཎྜི་ཏ། །རྣམ་དག་ཚུལ་ཁྲིམས་གསུམ་དང་རབ་ལྡན་ཞིང༌། །རིགས་གསུམ་ཡོན་ཏན་ལྡན་པ་སྤྱན་དྲངས་ནས། །ང་ཡི་སྐུ་གཟུགས་འདི་དག་ཐམས་ཅད་ལ། །བསྙེན་བཀུར་བསྔགས་པ་ཕུན་སུམ་ཚོགས་པར་བྱེད། །རྒྱལ་པོ་དེས་ཀྱང་སངས་རྒྱས་བསྟན་པ་ནི། །ཤིན་ཏུ་གསལ་ཞིང་རྒྱས་པའི་གོ་ཁུར་མཛད། །བསྟན་པའི་མངའ་བདག་དགེ་སློང་དམ་པ་ཞིག །བྱང་ཆུབ་སེམས་དཔའ་འཛམ་གླིང་མཚན་གྲགས་པ། །འཁོར་ནི་སྟོང་ཕྲག་ཕྱེད་དང་གསུམ། །བྱོན་ནས་འདི་ལ་བཀུར་སྟི་བྱེད་པར་འགྱུར། །ལུང་རིགས་སྨྲ་བའི་སྤངས་རྟོགས་མཐར་ཕྱིན་པ། །སྟོན་པ་རྣམས་ནི་ནམ་ལངས་སྐར་མ་བཞིན། །དཀར་ཕྱོགས་རྣམས་ཀྱང་མཐུ་སྟོབས་ཆུང་བ་དང༌། །ནག་པོའི་ཕྱོགས་རྣམས་རྒྱས་པར་གྱུར་པ་ལ། །སངས་རྒྱས་བསྟན་པ་འདྲེ་ཆོས་མང་པོས་དཀྲུགས། །མེད་པར་ལྟ་བའི་ཕྱོགས་ཀྱི་ཆ་བཟུང་ནས། །ཆོས་ཉིད་བདེན་པ་ཁྱད་དུ་གསོད་པར་བྱེད། །དུས་ངན་ཐ་མའི་མགོ་བོ་ཟུག་པའི་ཚེ། །དགེ་སློང་གཟུགས་ཅན་བདུད་ཀྱི་སྤྲུལ་པ་ཞིག །ཙོང་གི་མིང་ཅན་ཤར་གྱི་ཕྱོགས་སུ་འོང༌། །ང་ཡི་རྟེན་ལ་ལོག་པའི་རྒྱན་ཆ་འདོགས། །དམ་སྲི་ཟིལ་གནོན་གནས་སུ་བཏོན་ནས་ཀྱང༌། །བོད་ཁམས་ལོ་ཏོག་སྐྱེ་འཁྲུངས་ཞན་པར་འགྱུར། །ཆར་ཆུ་མི་སྙོམས་རྩི་ཤིང་ཕྱུག་རྣམས་སྐམ། །ས་རྡོ་རི་རྙིལ་ངམ་གྲོག་ཚེར་མ་རྩུབ། །བཀྲ་མི་ཤིས་པའི་ལྟས་རྣམས་འབྱུང་བར་བྱེད། །ལུང་མ་བསྟན་གྱི་ལྟ་བ་མང་དུ་འབྱུང༌། །ཕྱོགས་མེད་རིས་མེད་ཟེར་བ་སེར་གྱོན་པ། །རྩིང་ཞྭ་རེ་བ་གྱོན་པ་བེ་རྒ་ཐོགས། །བསོད་སྙོམས་པ་ཞེས་གྲུབ་ཐོབ་ཆ་འཛིན་འབྱུང༌། །དེ་ཚེ་ང་ཡི་ར་ས་རྟེན་དང་བརྟེན་པ་ལ། །བྱང་ཆུབ་སེམས་ལྡན་སྐྱེས་བུ་དུ་མ་ཡིས། །ལོ་ནི་གཉིས་བརྒྱར་བསྟི་སྟང་བྱེད་པར་འགྱུར། །ཁྱད་པར་ལྷ་ས་འདི་ལ་བསྙེན་བཀུར་བྱེད་པར་འགྱུར། །བྱང་ཆུབ་སེམས་དཔའ་ཤར་ཕྱོགས་སྐུར་བལྟམས་པ། །གསང་སྔགས་འཛིན་པ་གྲགས་པའི་མཚན་འཆང་བ། །སྙིང་པོའི་མཐའ་སྟོན་སྐྱེས་བུ་དམ་པ་ཞིག །ཞལ་ཡང་བསྒྱུར་ཅིང་བསྙེན་བཀུར་མཛད་པར་འགྱུར། །བསྟན་པ་འཛིན་པ་མང་དུ་འབྱུང་བ་ལགས། །ཞེས་གསུངས་པ་དང༌། མགར་རྒྱ་ནག་ཏུ་ཡོད་པའི་སྙིང་གིས་ཚོར་ནས་དེ་མ་ཐག་འོང་ནས་སྨྲེ་སྔགས་བྱས་པ་ནི། རྗེ་རྒྱལ་སྲོང་བཙན་སྒམ་པོ་ཁྱོད། །མི་མངོན་དབྱིངས་ནས་སྙན་གསན་འཚལ། །ཕྱི་སྐོར་ལྷོ་རྒྱལ་འཛམ་བུ་གླིང༌། །ནང་སྐོར་སྐུ་རྒྱལ་བོད་ཀྱི་དབུས། །དགའ་ལྡན་བཀྲ་ཤིས་ལྷ་ས་རུ། །རྗེ་རྒྱལ་དངོས་ཅིག་བཞུགས་པ་ནི། །མཚན་ཡང་སྲོང་བཙན་སྒམ་པོ་ཞེས། །སྙན་པ་རྒྱ་གར་ཡུལ་དུ་གྲགས། །བྷ་རའི་རྒྱལ་པོ་ཤིང་རྟ་ཅན། །ཐལ་མོ་སྦྱར་ཏེ་བཛྲ་སཏྭ་བརྗོད། །ཁྱོད་ཀྱི་ཆེ་བའི་ཡོན་ཏན་རྣམས། །རྒྱ་ནག་མཐའ་དབུས་མེད་པར་གྲགས། །ཁྲིམས་སྒོ་རྒྱལ་པོ་དེ་དག་གིས། །ཕྱོགས་སུ་ཞལ་གཟིགས་འདུད་པར་བྱེད། །མུ་ཉག་ཙ་མིའི་རྒྱལ་པོས་ཀྱང༌། །ཁྱེད་ཀྱི་མཚན་ཐོས་རྒྱང་ནས་གསན། །མཚན་བརྗོད་མཁན་ལ་བྱ་དགའ་སྟེར། །གེ་སར་དམག་གི་རྒྱལ་པོས་ཀྱང༌། །ཞབས་དྲུང་སྐྱེ་བར་སྨོན་ལམ་འདེབས། །ཁོང་དེ་ལྟ་བུ་ཡི་རྒྱལ་པོ་དེ། །སྐུ་འཁྲུངས་པ་དབུས་ཀྱི་ལུང་པར་འཁྲུངས། །དགུང་ལོ་གྱ་བཞིར་འགྲོ་དོན་མཛད། །དེང་སང་མྱ་ངན་འདས་པ་ལ། །བློན་པོ་འཁང་ར་ཅུང་ཟད་མཆིས། །རྒྱ་ནག་ཡུལ་དུ་ཨོ་ཅུང་འདི། །བླངས་ཚེ་ཁོ་བོའི་སྡུག་བསྔལ་རྣམས། །བཤད་ན་དགྲ་ཡི་མཆི་མ་ཤོར། །ད་ལྟར་ཞི་བར་གཤེགས་པ་ལ། །བློན་པོ་མ་བསྒུག་ཇི་ལྟར་ཡིན། །གྱི་ལིང་ཐེར་གྱི་ན་བཟའ་དེ། །ཟུང་ཅུ་རྒྱ་ཡི་ཚོང་འདུས་སུ། །ཁོ་བོས་དཀའ་བ་སྣ་ཚོགས་བྱས། །རྒྱ་དར་གཞན་བས་རིན་ཐང་ཆེ། །ཐག་རིང་འགྲོ་ཚེ་མི་གསོལ་བར། །བུང་དེར་འཇོག་པ་ཇི་ལྟར་ལགས། །བཅིབས་རྟ་ནག་པོ་ཁྱུང་ཆེན་འདི། །བྱང་ཕྱོགས་ཙ་མིའི་ཡུལ་ནས་བཏོན། །བྱོལ་སོང་ལུས་ལ་མི་སེམས་ཅན། །གྱི་ལིང་ཡིག་ཚང་ཁོང་ལ་རྫོགས། །ཤུལ་རིང་ལམ་དུ་གཤེགས་པའི་ཚེ། །མི་བཅིབས་འཇོག་པ་ཇི་ལྟར་ཡིན། །རྒྱ་ནག་ཡུལ་དུ་རྨི་ལམ་ངན། །རྒྱལ་པོ་ཆེན་པོ་སེམས་ལ་དྲན། །མཐོང་བར་འདོད་ནས་ཡར་ཡར་འོང༌། །དགྲ་ཡུལ་ས་མཚམས་གེ་ཤང་གེ་ཤོད་ནས། །ཤ་སྤུ་དྭངས་མ་ཁོང་ཁྲག་སྐམ། །ལམ་དུ་ཞུགས་ཚེ་འོང་ཙམ་ན། །ཆོས་སྐྱོང་རྒྱལ་པོ་དགུང་དུ་གཤེགས། །སྐུ་མྱ་ངན་ལས་ནི་འདས་སོ་སྐད། །སུ་ལ་དྲིས་ཀྱང་བདེན་ནོ་ཟེར། །ཐོས་པ་ཙམ་གྱིས་གློ་སྙིང་འདར། །ཁ་རྩང་རྒྱལ་པོའི་ཁབ་ཏུ་སླེབས། །གནས་མཆོག་ལྷ་ས་ཡེར་གྱིས་མཐོང༌། །རྒྱལ་པོ་སེམས་ལ་དྲན་པའི་ཚེ། །སྐམ་ལ་བསྒྱུར་བའི་ཉ་བཞིན་དུ། །བློན་པོ་བདག་ནི་རབ་ཏུ་བརྒྱལ། །རང་དབང་མེད་པར་མཆི་མ་ཤོར། །ལུས་ཀྱང་བྱ་ཕྲུག་བཞིན་དུ་འདར། །ཀྱི་ཧུད་རྒྱལ་པོ་རིན་པོ་ཆེ། །མཐའ་འཁོབ་བོད་ཀྱི་རྒྱལ་ཁམས་སུ། །གནམ་ས་གཉིས་ཀྱི་ཀ་གདུང་འགྱེལ། །མུན་པའི་གླིང་དུ་མར་མེ་རྒས། །འཇིགས་པའི་འཕྲང་ལ་སྐྱེལ་མི་བོར། །ཤཱཀྱ་ཐུབ་པའི་གདུང་རྒྱུད་ཆད། །མགོན་པོ་བྱམས་པའི་གདན་ས་སྟོང༌། །ཇི་ལྟར་བསམས་ཀྱང་ཆོས་རྒྱལ་དྲན། །འཆི་བ་མི་སྔར་ཤི་ན་དགའ། །གདོང་ལ་མཆི་མ་རྒྱུན་ཆད་མེད། །སྨྲེ་སྔགས་བརྗོད་པས་གྲེ་བ་འཛེར། །ཀྱི་ཧུད་དྲིན་ཅན་ཆོས་ཀྱི་རྗེ། །ཕྱི་སྐོར་འཛམ་གླིང་སྨག་རུམ་ཁེངས། །དབུས་རུ་ལྷ་ས་མགོན་དང་བྲལ། །ད་སྔ་བདག་ལ་གདུང་བའི་སེམས། །ཅི་ཙམ་ཆེ་བ་མཛད་པ་ལ། །དེ་རིང་དུས་ན་མི་གཟིགས་སམ། །སྐུ་ཞལ་དངོས་སུ་ལན་ཅིག་སྟོན། །གསུང་མཆོག་ཚིག་ཅིག་བྱོན་པར་ཞུ། །མྱ་ངན་འདས་པའི་འོག་རོལ་ཏུ། །ཁ་བ་ཅན་གྱི་རྒྱལ་ཁམས་འདིར། །ཆོས་རྒྱལ་ཡབ་ཡུམ་སྐུ་བཞེངས་སམ། །མཚན་དང་ས་ཕྱོགས་གང་དུ་འབྱུང༌། །བདག་ཅག་ནང་བློན་བཅུ་གསུམ་ཀྱང༌། །གོ་རིམ་བཞིན་དུ་ལུང་བསྟན་གསོལ། །ཆོས་རྒྱལ་བཞུགས་པའི་ཞབས་དྲུང་དུ། །མཛེས་པའི་སྤྱོད་ལམ་སྣ་ཚོགས་ཀྱིས། །རྟག་ཏུ་ཞབས་ཏོག་བྱེད་པར་ཤོག །ཅེས་དང༌། འཕགས་པའི་ཐུགས་ཀར་རྒྱལ་པོས་ཞལ་བསྟན་ནས་མགར་ལ་འདི་སྐད་དོ། །ང་ནི་ཀུན་ནས་གཤེགས་པ་མ་ཡིན་ཏེ། །འཕགས་པའི་སྙིང་པོར་འདི་རུ་འདུག་ཡིན་པས། །མྱ་ངན་མ་བྱེད་གསོལ་བ་དྲག་པོ་ཐོབ། །བདག་ཅག་མ་འོངས་པ་ནས་ལྷན་ཅིག་ཏུ། །སྐྱེ་བ་མཉམ་པོར་གདུལ་བྱའི་དོན་བྱེད་ཅིང༌། །དང་པོར་པད་མའི་གླིང་དང་རྡོ་རྗེ་གདན། །ཟ་ཧོར་ཁ་ཆེ་རྔ་ཡབ་གླིང་ལ་སོགས། །སྐྱེ་བ་མང་པོ་འགྲོ་བ་འདྲེན་ནས་སུ། །བོད་ཁམས་རྩོད་དུས་སྲིད་པའི་ཐ་མ་ལ། །མ་བང་རྒྱ་མཚོས་བསྐོར་བའི་མངའ་རིས་སུ། །ཏེ་ཙེ་གངས་གར་དྲིལ་བུ་བཀོད་པ་འདྲ། །རི་བོ་གཎྜི་སྤོས་གླིང་འགྱིང་བ་བཞིན། །ཀོ་ཀིང་གཡའ་མ་མེ་ཏོག་བཀྲམ་པ་འདྲ། །དབུས་སུ་པད་དཀར་རྒྱས་པའི་ལྟེ་བ་རུ། །དུང་དཀར་གཡས་སུ་འཁྱིལ་བའི་ཀ་ཡོ་རི། །ཤིང་སྣ་རི་དྭགས་བྱ་ཚོགས་འདུ་བའི་གནས། །གྲོང་བཞིའི་དབུས་སུ་གྲོང་ཁྱེར་ངོ་མཚར་ཅན། །པན་ཚང་གྲོང་ཁྱེར་དམག་གིས་མི་ཚུགས་པར། །མི་བདག་ཛྙཱ་ན་ཤྭ་རའི་རྒྱལ་བུ་རུ། །ནོར་བུ་སྙིང་པོ་ཆུ་ཕོ་འབྲུག་ལས་འབྱུང༌། །སྐྱེས་མཆོག་ཁྱད་འཕགས་ཁབ་ནས་མངོན་འབྱུང་སྟེ། །བསྟན་པའི་སྲོག་ཤིང་ཀུན་མཁྱེན་མཚན་དུ་གྲགས། །ད་ལྟ་བཙུན་མོ་རྣམ་ལྔ་འདི་དག་ཀྱང༌། །དེ་ཚེ་སྲིང་མོའི་ཚུལ་དུ་འཁྲུངས་པར་འགྱུར། །དེ་ཀུན་ཁྲིམས་ལྡན་དགེ་སློང་མ་ལ་འགོད། །འཇིག་རྟེན་མགོན་པོ་བདག་གིས་དེ་ཡི་ཚེ། །སྐྱེ་དགུའི་བསོད་ནམས་རྒྱ་མཚོ་སྤེལ་བའི་ཕྱིར། །ངོ་མཚར་ཁྱད་འཕགས་བཀྲ་ཤིས་སྒོ་མང་སོགས། །རྒྱལ་བའི་སྐུ་རྟེན་གསུང་རབ་རྒྱ་མཚོ་རྣམས། །རྡོ་རྗེ་གྲག་མོ་རྒྱལ་གྱི་གནས་སུ་བཞེངས། །ཐེག་ཆེན་ཆོས་ཀྱི་དུང་འབུད་དར་ཆེན་འཕྱར། །འཆད་རྩོད་རྩོམ་པའི་རྔ་བརྡུངས་དཔལ་ལ་སྤྱོད། །མཐོང་ཐོས་དྲན་པའི་འགྲོ་བ་དེ་དག་ཀྱང༌། །བྱང་ཆུབ་ལ་ནི་མྱུར་དུ་རེག་པར་འགྱུར། །དེ་ཚེ་ནང་བློན་ཆེན་པོ་བཅུ་གསུམ་ཀྱང༌། །ཡོན་ཏན་ང་དང་མཉམ་པའི་སྐྱེས་བུ་འབྱུང༌། །བོད་ཁམས་མུན་སེལ་སྟོན་པའི་བྱ་བ་བྱེད། །འདི་ལ་ཐེ་ཚོམ་མ་ཟ་དྲང་པོར་ལོངས། །དེ་ཚེ་དལ་འབྱོར་ཐོབ་པའི་བློན་པོ་མགར། །སེམས་སྟོབས་བསྐྱེད་ལ་རྩོལ་བ་མ་ཞན་ཅིག །དངོས་པོས་ཅིས་ཀྱང་མི་སྟོང་སྙིང་ལ་ཞོག །ནམ་འཆི་ངེས་པ་མེད་དེ་བརྩོན་འགྲུས་རྩོམ། །སྡུག་བསྔལ་སྡིག་ལས་འབྱུང་བས་མི་དགེ་སྤོང༌། །འཁོར་རྒྱུ་ཉོན་མོངས་ཡིན་པས་བག་མེད་འདོར། །ད་བོད་ཁ་བ་ཅན་གྱི་ཡུལ་དབུས་སུ། །སྐྱེས་པའི་དལ་འབྱོར་མི་ལུས་ཐོབ་པ་ཀུན། །ཡོན་ཏན་སློབ་ལ་རྩོལ་བ་མ་ཆུང་ཅིག །དད་གུས་མོས་པ་བྱ་བ་གཞན་མི་དགོས། །ར་ས་འདི་ལ་ཕྱག་དང་བསྐོར་བ་གྱིས། །བཅུ་གཉིས་སྐུ་ཚད་རྒྱལ་བས་ལུང་བསྟན་ནས། །ལྷ་ཡི་ནོར་བུ་ཐུགས་ཀར་རབ་བཞུ་ནས། །བྱམས་པས་རྒྱུ་སྦྱོར་ཀརྨ་བི་ཤོས་བཞེངས། །ལྷ་ཡི་དོན་དུ་ཀར་མའི་གནས་སུ་དྲངས། །དེ་ནས་ལྷ་ཡུལ་སྲིན་པོ་ཨོ་རྒྱན་དུ། །མི་ལོ་ལྔ་བརྒྱ་ལྔ་བརྒྱར་འགྲོ་དོན་མཛད། །གསལ་རྒྱལ་ཁབ་ནས་རྒྱ་ནག་ཡུལ་དུ་དྲངས། །བསོད་ནམས་སྟོབས་ཀྱིས་བོད་ཡུལ་དབུས་སུ་ཕེབས། །སོ་ལྔའི་སྐུ་ཚད་མཁའ་འགྲོས་ལུང་བསྟན་ནས། །ཙཀྲ་ས་མེས་ཀླུ་ཡི་ནོར་བུས་བཞེངས། །རྒྱལ་པོ་རྣམ་པར་རྒྱལ་བའི་ཁབ་ཏུ་དྲངས། །དེ་ནས་ཟ་ཧོར་ཡུལ་དུ་ལྔ་བརྒྱར་བཞུགས། །དེ་ནས་བལ་པོར་སྤྱན་དྲངས་མཆོད་གནས་མཛད། །དེས་ཀྱང་བདག་ལ་དགྱེས་བཞིན་གནང་བ་ཡིན། །ཇོ་བོ་མི་བསྐྱོད་རྡོ་རྗེ་ཞེས་པར་གྲགས། །འདི་གཉིས་སངས་རྒྱས་ཉིད་དང་ཐ་དད་མེད། །ང་སོ་བཞི་ཡི་སྐུ་ཚད་འཕགས་པའི་སྐུ། །མི་ཡི་ནོར་བུ་ཐུགས་ཀར་རབ་བཞུགས་པས། །རྟེན་མཆོག་ཁྱད་འཕགས་ཇོ་བོ་རང་བྱུང་འདི། །སྤྱན་རས་གཟིགས་དབང་ཉིད་དང་ཁྱད་པར་མེད། །རྟེན་འདི་ཁྱེད་ལ་གཏད་དོ་བློན་པོ་མགར། །མ་འོངས་ལྷ་ས་ཆུ་ཡིས་འཇིགས་པའི་ཚེ། །ཀླུ་ཡི་དོན་དུ་རྒྱ་མཚོར་བྱོན་གྱི་བར། །དེ་སྲིད་བར་དུ་བསྟི་སྟང་ལེགས་པར་གྱིས། །བདག་གིས་ཁྱོད་ལ་དེ་སྐད་འདོམས་པར་བྱེད། །རྙེད་ཕྱིར་མ་ཡིན་གྲགས་པའི་ཕྱིར་མ་ཡིན། །གུས་པའི་ཡིད་ཀྱིས་སྤྱི་བོར་ལོངས་པར་མཇོད། །ཅེས་གསུངས་མ་ཐག་ཏུ་སྤྱན་རས་གཟིགས་ཀྱི་ཐུགས་ཀར་འོད་ཟེར་ཟླ་བ་ལྟ་བུ་དང༌། བར་ཁང་དུ་རྟ་མགྲིན་གྱི་ཐུགས་ཀར་འོད་ཟེར་དུང་གི་ཕྲེང་བ་ལྟ་བུ་དང༌། བྱང་ངོས་སུ་སྒྲོལ་མའི་ཐུགས་ཀར་འོད་ཟེར་ལྗང་ཁུ་ལྕགས་སྒྲོག་ལྟ་བུ་དང༌། འོག་ཏུ་བྱམས་པའི་ཐུགས་ཀར་འོད་ཟེར་གུར་གུམ་ལྟ་བུ་དང༌། རྡོ་རྗེ་སེམས་དཔའི་ཐུགས་ཀར་འོད་ཟེར་རྡོ་རྗེ་ལྟ་བུ་དང༌། ཁྲོ་བོ་སྨེ་བརྩེགས་ཀྱི་ཐུགས་ཀར་འོད་ཟེར་རལ་གྲི་ལྟ་བུ་དང༌། སྣང་བ་མཐའ་ཡས་ཀྱི་ཐུགས་ཀར་འོད་ཟེར་འཇའ་ཚོན་ལྟ་བུ་དང༌། མི་འཁྲུགས་པའི་ཐུགས་ཀར་འོད་ཟེར་གསེར་ལྟ་བུ་དང༌། སྨན་བླའི་ཐུགས་ཀར་འོད་ཟེར་བཻཌཱུརྱ་ལྟ་བུ་བྱུང་ནས། འོད་ཟེར་དེ་དག་གིས་ར་སའི་གཙུག་ལག་ཁང་ཐམས་ཅད་ཕྱི་ནང་མེད་པར་བྱས་སོ། །འོད་ཟེར་སྣ་ཚོགས་པའི་དྲ་བ་དྲ་ཕྱེད་ཀྱིས་ནམ་མཁར་ཁེངས་སོ། །དྲ་མིག་རེ་རེ་ལ་མཁའ་འགྲོ་མ་རེ་རེས་གར་དང་རོལ་མོ་བསྒྲགས་སོ། །འཇའ་འོད་དང་མེ་ཏོག་གི་ཆར་བབ་པ་དང༌། ས་གཡོས་དང་བཅས་པར་སྐུ་ཞི་བར་གཤེགས་སོ། །མཐའ་འཁོབ་རྒྱལ་པོར་སྐྱེས་པའི་རབས་ཏེ་ཉེར་དགུ་པའོ།། །།

༣༡ སུམ་ཅུ་པ། འབྲི་གུང་དུ་དཔལ་ལྡན་འཇིག་རྟེན་མགོན་པོར་སྐྱེས་པའི་རབས།

༈ ཡང་ཕལ་པའི་གཟུགས་ཀྱིས་འགྲོ་བ་སེམས་ཅན་གྱི་དོན་མཛད་དེ། ཇི་ལྟ་བུ་ཞེ་ན། འཕགས་པ་གཞོན་ནུ་ལུང་བསྟན་པའི་མདོར། འོད་སྲུང་གཞོན་ནུ་ལི་ཙ་བཱི་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་འདིའི་ཡུལ་ནི་བསམ་གྱིས་མི་ཁྱབ་པའོ། །སྔོན་གྱི་དེ་བཞིན་གཤེགས་པ་མང་པོས་ཀྱང་སྔོན་ཆད་དུ་ལུང་བསྟན་པ་མཆིས་པ་འདི་ལྟ་སྟེ། བཅོམ་ལྡན་འདས་པད་མའི་བླ་མ་དང༌། ཆོས་ཀྱི་ཏོག་དང༌། ཡོན་ཏན་འབྱུང་གནས་དང༌། འོད་ཟེར་ཆེན་པོ་དང༌། བྱུ་རུའི་རྒྱལ་མཚན་དང༌། གཟུགས་བཟང་པོ་དང༌། མེ་ཏོག་རྒྱས་པ་དང༌། རིན་ཆེན་གྲགས་པ་དང༌། སྒྲ་སྙན་རྒྱལ་པོ་དང༌། དགེ་ཚུལ་བཟང་པོ་དང༌། ཡོན་ཏན་ཕུང་པོ་དང༌། དགྲ་ལས་རྒྱལ་བ་དང༌། ཡང་དག་མཆོག་དང༌། རྣམ་པར་གཟིགས་དང༌། གཙུག་ཏོར་ཅན་དང༌། ཐམས་ཅད་སྐྱོབ་དང༌། འཁོར་བ་འཇིག་དང༌། གསེར་ཐུབ་དང༌། དེ་བཞིན་གཤེགས་པ་འོད་སྲུང་གིས་ཀྱང་བྱང་ཆུབ་ཏུ་ལུང་བསྟན་ཏོ། །སྐྱེ་བོ་མང་པོ་ལ་ཕན་པ་དང༌། སྐྱེ་བོ་མང་པོ་ལ་བདེ་བའི་ཕྱིར། འཇིག་རྟེན་ལ་ཐུགས་བརྩེ་བས། སྐྱེ་བོ་ཕལ་པོ་ཆེ་དང༌། ལྷ་དང་མི་རྣམས་ཀྱི་དོན་དུ་ད་ལྟར་ངས་ཀྱང་ལུང་བསྟན་ཏོ། །དུས་ནམ་ཞིག་ཏུ་མཐའ་འཁོབ་ཀྱི་གླིང་དུ་ངའི་བསྟན་པ་ཁུར་དུ་ཁྱེར་རོ། །འཇིག་རྟེན་མགོན་པོ་ཞེས་པའི་དགེ་སློང་དུ་འགྱུར་ཏེ། སེམས་ཅན་ཡོངས་སུ་དག་པར་འགྱུར་རོ། །ཞེས་སོགས་ལུང་བསྟན་པ་ལྟར། ཡུལ་འབྲུག་སྒྲ་ཞེས་བྱ་བ་ན་ཡབ་འཇམ་པའི་རྡོ་རྗེ་དང༌། ཡུམ་ལྷ་བཟའ་བཞིན་བཟང་ཞེས་བྱ་བའི་སྲས་སུ་འཁྲུངས་ཏེ། ལྷུམས་སུ་ཞུགས་པའི་ཚེ་ན་སེང་གེའི་ཕྲུ་གུ་ཞིག་རུམ་དུ་ཞུགས་པ་རྨིས་སོ། །མའི་ལུས་བདེ་ཞིང་འཇམ་ནས་སྐྱིད་པར་བྱུང་ངོ༌། །བལྟམས་པའི་དུས་སུ་རིན་པོ་ཆེའི་གཏེར་ཆེན་པོ་རྡོལ་བ་ཡབ་ཀྱིས་རྨིས་སོ། །ཡུམ་གྱིས་མར་མེ་གཅིག་སྦར་ནས་འཛམ་གླིང་ཐམས་ཅད་གསལ་བར་རྨིས་སོ། །བལྟམས་པའི་ཚེ་ན་ཁྱེའུ་ཀ་ཤི་ཀའི་མེ་ཏོག་ལྟ་བུ་ཤིན་ཏུ་མཛེས་པ་སྡུག་པ་ཞིག་བཙས་སོ། །ཡབ་ཡུམ་གཉིས་ཀྱིས་ངོ་མཚར་སྐྱེས་སོ། །ནམ་མཁའ་ལ་འཇའ་འོད་དང་མེ་ཏོག་ཞག་དུ་མར་བབ་བོ། །ཁྱིམ་དུ་དྲི་བཟང་པོ་དང༌། སྙན་པའི་སྒྲ་སྐད་དེར་གྲག་གོ །ཡུལ་མི་ཐམས་ཅད་ཀྱིས་བྱིས་པ་ནམ་མཐོང་སྙམ་མོ། །ཆེར་སྐྱེས་ནས། ལོ་བཞི་ལོན་པའི་ཚེ་ན་གཅོད་པ་དང་བཟང་སྤྱོད་གཉིས་ཁོང་དུ་ཆུད་དོ། །ལྔ་དྲུག་ལོན་ནས་ཀློག་མཁས་པར་གྱུར་ཏོ། །འཕགས་པ་འཇམ་དཔལ་དམར་པོ་ཡང་གཟིགས་སོ། །རྨི་ལམ་དུ་མི་གཡོ་བ་དང༌། སྒྲོལ་མ་གཉིས་ཡང་ཡང་དུ་རྨིས་སོ། །མིང་ཡང་ཉི་མའི་བློ་བཟང་ཞེས་བཏགས་སོ། །ལོ་བརྒྱད་ལོན་པའི་དུས་སུ་ཁྱུང་པོ་དཔལ་ལས་རབ་ཏུ་བྱུང་ངོ༌། །ཀ་རི་ཀཱ་དང༌། འདུལ་བ་ཕྲན་ཚེགས་དང༌། སྤྱོད་འཇུག་ལ་སོགས་ཆོས་མང་དུ་གསན་ཏོ། །དེ་ནས་ཕག་མོ་གྲུབ་པའི་དྲུང་དུ་ཕྱིན་ནས། རྟ་གྲོ་མར་དང་གཅིག །དངུལ་གྱི་བུམ་པ་དང་གཉིས། རལ་གྲི་དང་གསུམ་ཕུལ་ནས། བླ་མ་ན་རེ། བུ་རྟེན་འབྲེལ་བཟང་ཐུགས་ལ་བཏགས། རྟ་འདི་རྫུ་འཕྲུལ་གྱི་རྐང་པ་ཐོབ་པའི་རྟགས་སོ། །བུམ་པ་འདི་དམ་ཆོས་ཀྱི་རྒྱ་མཚོ་འཁྱིལ་བའི་རྟགས་ཡིན་ནོ། །རལ་གྲི་འདི་ཉོན་མོངས་པའི་གཟུང་འཛིན་གཅོད་པའི་རྟགས་ཡིན་ནོ། །དེ་ནས་ཕག་མོ་གྲུབ་པས་མཁན་པོ་མཛད་དེ། སྤྱང་ར་བས་ལས་ཀྱི་སློབ་དཔོན་མཛད་ནས། དགེ་སློང་ཆེན་པོའི་སྡོམ་པ་བླང་སྟེ་མཚན་ནི་འཇིག་རྟེན་མགོན་པོ་ཞེས་བཏགས་སོ། །སློབ་དཔོན་ལ་ཅི་མངའ་བའི་ཆོས་ཐམས་ཅད་ཞུས་ཤིང་ཐུགས་སུ་ཆུད་དོ། །གསང་ཕུག་དང༌། གདན་ས་མཐིལ་དང༌། རྩེ་ཆེན་སོགས་ལ་གྲྭ་སྐོར་མང་དུ་མཛད། དེ་ནས་ཀློ་བུ་རྒྱལ་པོས་གདན་དྲངས་ནས། འབུལ་བ་ཞབས་ཏོག་ཕུན་སུམ་ཚོགས་པ་ཕུལ་ནས། རྒྱལ་པོས་ཐུགས་ཀར་ཐལ་མོ་སྦྱར་ནས་ཞུས་པ། འཇིག་རྟེན་མགོན་པོ་མཁས་པ་ཀུན་གྱི་རྒྱལ། །བདག་གི་སྒོ་གར་ཆུ་འཁྱོག་རྦ་རླབས་འདི། །དབྱར་དགུན་གཉིས་སུ་ལམ་བཅད་འཇིགས་པ་ཆེ། །དེ་རིང་འདི་ནི་བཟློག་པའི་ཐུགས་རྗེ་ཟུངས། །ཞེས་དང༌། བློ་གྲོས་རྡོ་རྗེ་ལ་སོགས་སློབ་མ་དགེ་སློང་སུམ་ཅུ་རྩ་དྲུག་ཀྱང་སྐྲག་རྔུལ་བྱུང་ནས། དེ་ནས་ཆོས་རྗེ་བས་བཅོམ་ལྡན་འདས་འདབ་ཆགས་མགོན་པོའི་ཏིང་ངེ་འཛིན་ལ་བཞུགས་ནས། ཆུ་ལ་གཟིགས་ཤིང་ཆུ་འཁྱོག་ལ་བྱ་ཁྱུང་གི་ཕྱག་རྒྱ་བསྟན་མ་ཐག་ཏུ་ཆུ་བོའི་འཁྱོག་པ་ཕར་འཕངས་ཏེ། དེའི་སྲོལ་དུ་ཆུ་ལ་གནས་པའི་སྲོག་ཆགས་ཕྲ་མོ་རྣམས་ཀྱང་ལྷ་བྲན་དུ་བསྒྱུར་ནས་བརྒྱ་བྱིན་གྱི་གནས་སུ་འཕངས་སོ། །དེ་དག་གིས་མེ་ཏོག་གི་ཆར་ཕབ་ནས་དེ་དག་གིས་ངོ་མཚར་བྱས་སོ། །དེ་ནས་འབྲི་གུང་དུ་བྱོན་ནས། བཀྲ་ཤིས་སྒོ་མང་གི་མཆོད་རྟེན་ཆེན་པོ་བཞེངས་པའི་དུས་དང༌། རབ་གནས་མཛད་པའི་ཚེ་ན་ཡང་ས་གཡོས་པ་དང༌། འཇའ་འོད་སྣ་ཚོགས་དང༌། མེ་ཏོག་གི་ཆར་དང༌། སྤོས་སྣ་ཚོགས་དང༌། རོལ་མོ་ལ་སོགས་ངོ་མཚར་བའི་ལྟས་མང་པོ་བྱུང་ངོ༌། །དུས་རེ་ཞིག་ན་སྟག་ལུང་རྒྱལ་པོས་འགྱེད་ཆེན་བྱས་པའི་ཉིན་པར། ཆར་འབབ་པ་དང་དགེ་འདུན་པ་རྣམས་བླ་བྱེར་མ་ཤོང་ནས། ཆོས་རྗེས་སྒོ་བཅད་དུ་ཡོད་པ་ལ་འཚོགས་པའི་གསེབ་ཏུ་བྱོན་ནས། དགེ་འདུན་པ་རྣམས་དང་རྒྱལ་པོ་ཡང་ཤིན་ཏུ་དགའ་ནས་ཕྱག་དང་བྱིན་རླབས་ཞུ་བར་འུར་ནས། ནམ་མཁའ་ལ་འཕགས་ཏེ་བླ་བྱེའི་རྩིག་པ་རྣམས་ཕྱིར་འཐེན་ནས་ཤིན་ཏུ་ཡངས་པར་མཛད་དོ། །ཐམས་ཅད་མི་ཕྱེད་པའི་དད་པ་ཕུལ་ལོ། །དེ་ནས་བླ་བྱེའི་སྒོ་འགྲམ་དུ་ཕ་འོང་ཤིན་ཏུ་སྲ་བའི་སྟེང་ངོས་སྔོན་པོ་ཞིག་ལ་ཞབས་ཡ་ཅིག་བཞག་ནས་གསུངས་པ། རྡོ་ལ་ཞབས་སྲོལ་བཏོད་མི་མང་ལགས་ཏེ། །རྡོ་སྔོན་འབར་བའི་སྟེང་ན་ཞབས་རྗེས་ནི། །ཤིན་ཏུ་དཀར་ལ་དྭངས་གསལ་རི་མོ་བཅས། །དངོས་སུ་ཕྱུང་བ་ཨ་མི་ཁོ་བོ་ཙམ། །ཞེས་གསུངས་པས་རྡོ་སྔོན་པོ་ལ་ཞབས་རྗེས་དཀར་པོ་ལྟེ་བར་པད་མའི་རི་མོ་དང་བཅས་པར་ཕྱུང་ངོ༌། །དེ་ནས་ལྷ་སར་བྱོན་ནས་བར་སྐོར་ལ་བྱོན་ནས་ཕྱག་འཁར་གྱིས་རྡོ་གཅལ་དུ་གང་ལ་བཙུགས་པའི་སར་སྲོལ་རེ་རེ་ཕྱུང་བར་མཛད་དོ། །དེ་ཡང་ཟླ་བ་གསུམ་དུ་ལྷ་སར་དྲན་པ་ཉེ་བར་བཞག་པའི་མདོ་དང་རྒྱུད་འབུམ་གསུངས་པའི་དུས་སུ། ནམ་མཁའ་ལ་སྒྲ་འོད་གསལ། མེ་ཏོག་གི་ཆར་བབ་བོ། །དེ་ནས་འབྲི་གུང་དུ་བྱོན་ནས་མདོ་མང་གི་ལུང་ཚར་ཅིག་གསུངས་པའི་དུས་སུ་འཇའ་འོད་དང་སྒྲ་སོགས་གོང་ལྟར་རོ། །དེ་ནས་སློབ་མ་གཅིག་ཕ་ཡུལ་དུ་འགྲོ་འདིར་ལོ་ཉི་ཤུར་མཚམ་གཡོག་བྱས་ཀྱང༌། ཆོས་མི་འོང་སྙམ་སྟེ་སོང་ནས་གདན་ས་མཐིལ་གྱི་གོང་དུ་ཕྱིན་ཙམ་ན་ཆོས་རྗེ་སྒོ་བཅད་དུ་ཡོད་ཀྱང་པད་མའི་སྡོང་པོ་གཅིག་གི་ལྟེ་བར་བཞུགས་ནས་འདི་སྐད་གསུངས་སོ། །ལར་སྟོང་རྒྱུ་མེད་པའི་འཁོར་བ་དེ་དང་གཅིག །ཟད་རྒྱུད་མེད་པའི་ལས་སྐལ་དེ་དང་གཉིས། །ཟིན་ནི་རྒྱུ་མེད་པའི་ལོང་གཏམ་དེ་དང་གསུམ། །དེ་གསུམ་དམ་པའི་ཆོས་དང་འགལ། །ཁོ་བོས་དེ་གསུམ་སྤངས་བས་འཚེངས། །བུ་ཁྱོད་རང་དེ་གསུམ་སྤངས་ན་ལེགས། །ཕ་ཡུལ་བདུད་ཀྱི་བཙོན་ར་ཡིན། །ཉེ་དུ་འཁོར་བའི་བཤལ་ཐག་ཡིན། །སྡིག་བསོགས་སེར་སྣའི་མདུད་པ་ཡིན། །དེ་གསུམ་དམ་པའི་ཆོས་དང་འགལ། །ཁོ་བོས་དེ་གསུམ་སྤངས་བས་འཚེངས། །བུ་ཁྱོད་རང་དེ་གསུམ་སྤངས་ན་ལེགས། །ཡོན་ཏན་མེད་པའི་བླ་མ་དང༌། །མོས་གུས་མེད་པའི་སློབ་མ་དང༌། །གཤེ་ཞིང་འཕྱ་བའི་གྲོགས་པོ་སྟེ། །དེ་གསུམ་དམ་པའི་ཆོས་དང་འགལ། །ཁོ་བོས་དེ་གསུམ་སྤངས་བས་འཚེངས། །བུ་ཁྱོད་རང་དེ་གསུམ་སྤངས་ན་ལེགས། །བདག་འཛིན་གྱི་དགོན་པ་བཟུང་བ་དང༌། །ཟས་ཁས་ལེན་དགོས་པའི་ཚོགས་བསོགས་དང༌། །ངོ་བསྲུང་མེད་པའི་ཡོན་བདག་སྟེ། །དེ་གསུམ་དམ་པའི་ཆོས་དང་འགལ། །ཁོ་བོས་དེ་གསུམ་སྤངས་བས་འཚེངས། །བུ་ཁྱོད་རང་དེ་གསུམ་སྤངས་ན་ལེགས། །ས་སྟོད་ཀྱང་ར་ས་སྐོར་བ་དང༌། །ཕྱི་ཐག་མེད་པའི་མཛའ་བོ་དང༌། །དགྲ་བོ་ཕུགས་སུ་ཞུགས་པའི་བུ་ཆུང་སྟེ། །དེ་གསུམ་དམ་པའི་ཆོས་དང་འགལ། །ཁོ་བོས་དེ་གསུམ་སྤངས་བས་འཚེངས། །བུ་ཁྱོད་རང་དེ་གསུམ་སྤངས་ན་ལེགས། །ཞེས་གསུངས་ནས་སློབ་མས་ཆགས་ཞེན་ལྡོག་སྟེ་སླར་ལོག་ནས་བླ་མའི་སྒོ་འགྱུར་མེད་དུ་སྒོམ་ཁང་ལ་བཞུགས་པར་མཇལ་ལོ། །དེའི་རིང་ལ་ཅོག་རུང་བ་ཀླུའི་རྒྱལ་མཚན་རྒྱ་གར་དུ་ཕྱིན་ནས། སྒྲ་སློབ་པ་ལ་ལོ་གསུམ་དུ་པཎྜི་ཏ་ཞི་བ་བཟང་པོ་བསྟེན་ཏོ། །དེ་ནས་སློབ་དཔོན་བི་མ་ལ་མི་ཊ་ལ་མདོ་མང་དུ་ཞུས་ཏེ་སླར་བོད་དུ་འོང་བའི་དུས་སུ་སློབ་དཔོན་ལ་བཀའ་དྲིན་ཆེ་དྲིན་བཟོ་དུས་མེད་བྱས་པ་དང༌། པཎྜི་ཏ་ན་རེ། མེ་ཏོག་ཟླུམ་པོ་དཀར་པོ་གཅིག་བྱིན་ནས། བོད་དུ་སྤྱན་རས་གཟིགས་བཞུགས་པས་དེ་ལ་ཕུལ་ནས་དྲིན་གཟོ་བ་ཡིན་ནོ། །གསུངས་པས། ལོ་ཙཱ་བ་ན་རེ། སློབ་དཔོན་ཆེན་པོ་པཎྜི་ཏ། །བདག་ནི་གཏི་མུག་ཕུར་དུ་ཆུད། །སྤྱན་རས་གཟིགས་དབང་གར་བཞུགས་པ། །ས་ཕྱོགས་ཙམ་དུ་ཤེས་མ་ལགས། །ཞེས་དང༌། པཎྜི་ཏས། ཤེས་རབ་དོན་གསལ་རིགས་ཀྱི་བུ། །མ་སྐྲག་མ་འཇིགས་རིགས་ཀྱི་བུ། །གང་དུ་ཐོན་པར་མེ་ཏོག་རྒྱས། །དེ་ཚེ་དེ་ལ་ཕུལ་བ་གྱིས། །ཞེས་གསུངས་ནས། བོད་དུ་ཕྱིན་ནས་ས་ཆ་དགོན་པ་མང་དུ་གཅོད་ཀྱང་མ་གྱེས་སོ། །དེ་ནས་གདན་ས་མཐིལ་དུ་ཕྱིན་ནས། མེ་ཏོག་གི་ཁ་རྒྱས་ཏེ། ཆུའི་སྒྲས་ཀྱང་ནཱ་ག་རྫུ་ནའི་སྒྲ་ཧྲིག་ཧྲིག་བྱེད་དོ། །དེ་ནས་འདི་སྙམ་སྟེ་འཕགས་པ་ཀླུ་སྒྲུབ་ནི་སྤྱན་རས་གཟིགས་དངོས་སུ་པཎྜི་ཏ་མང་པོ་ལ་ཐོས་སྙམ་ནས་རྫི་བུ་འགའ་རེ་སྣང་ནས་དྲིས་པས། རྫི་བུ་ན་རེ། འདིའི་ཡར་སྟོད་ན་འབྲི་གུང་ཡོད་དོ། །དེ་ལ་ཆོས་རྗེ་འཇིག་རྟེན་མགོན་པོ་བཞུགས་ཟེར་རོ། །ལོ་ཙཱ་བ་བུ་ཆུང་ཕ་མ་མཐོང་བ་ཙམ་དུ་དགའ་ནས་ཕྱིན་ནས་ཆོས་རྗེ་དང་མཇལ་ནས། ལོ་ཙཱ་བས། ཆོས་རྗེ་སྤྱན་རས་གཟིགས་དངོས་སུ་མཐོང༌། ཕན་ཚུན་དགའ་བའི་དྲི་རྨེད་མང་དུ་བྱས་སོ། །དེ་ནས་གསུང་གི་བཀའ་འབུམ་རང་བཤད་གཞན་བཤད་ཀྱི་ཕྱེ་བ་བདེན་གཉིས་རྣམ་དབྱེ་གསུང་ཆོས་མང་པོ་མཛད་དོ། །བསྟན་པ་དང་སེམས་ཅན་ལ་ཕན་པའི་མཛད་སྤྱོད་ཡོངས་སུ་རྫོགས་ནས། འཆི་འཕོ་མེད་ཀྱང་བྱིས་པའི་ངོར་རེ་ཞིག་ངོ་མཚར་བའི་ལྟས་དང་བཅས་ཏེ་ཞི་བར་གཤེགས་སོ། །དཔལ་ཀྱེ་རྡོ་རྗེའི་རྩ་རྒྱུད་ལས། ང་ནི་མྱ་ངན་འདའ་བ་མེད། །ང་ནི་རྡོ་རྗེ་ལྟ་བུའི་སྐུ། །དུས་རྣམས་ཀུན་ཏུ་ང་འདུག་སྟེ། །བྱིས་པ་རྣམས་ལ་འཕོ་བར་བསྟན། །ཞེས་གསུངས་པ་ལྟར་རོ། །འབྲི་གུང་དུ་དཔལ་ལྡན་འཇིག་རྟེན་མགོན་པོར་སྐྱེས་པའི་རབས་ཏེ་སུམ་ཅུ་པའོ།། །།

༣༢ སོ་གཅིག་པ། ཀུན་མཁྱེན་ཆོས་ཀྱི་རྗེར་སྐྱེས་པའི་རབས།

༈ དེ་ནས་རང་གི་གཟུགས་ཀྱིས་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་དེ། རྒྱལ་བའི་ཕྱག་མཐིལ་ལས་འཁྲུངས་སྤྱན་རས་གཟིགས། །གཉིས་སུ་མེད་པའི་ཀུན་མཁྱེན་ཆོས་ཀྱི་རྗེ། །སྡཻ་སྣོད་ཀུན་ཤེས་ཤེས་རབ་རྒྱལ་མཚན་དཔལ། །ཀུན་ཏུ་བཟང་པོས་བདག་ཅག་བྱིན་གྱིས་རློབས། །
དེ་ཡང་སེམས་ཅན་གྱི་དོན་དུ་ཐབས་སྣ་ཚོགས་བསྟན་ནས་གཟུགས་སྐུ་མཐའ་ཡས་སུ་སྤྲུལ་ཏེ། གསེར་འོད་དམ་པའི་མདོར། སངས་རྒྱས་བཅོམ་ལྡན་བསམ་མི་ཁྱབ། །དེ་བཞིན་གཤེགས་པ་རྟག་པའི་སྐུ། །སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །བཀོད་པ་རྣམ་པ་སྣ་ཚོགས་སྟོན། །ཞེས་གསུངས། འཕགས་པ་ལག་ན་མེ་ཏོག་གི་མདོར། ལ་ལ་དེ་བཞིན་གཤེགས་པའི་གཟུགས་ཀྱིས་འདུལ་ལོ། །སེམས་ཅན་ལ་ལ་ལྷའི་ལུས་སུ་མཐོང་བས་འདུལ་ལོ། །ལ་ལ་སྐྱེས་པའི་ལུས་དང་བུད་མེད་ཀྱི་གཟུགས་ཀྱིས་འདུལ་ལོ། །ལ་ལ་ཆེན་པོ་དང་ཆུང་ངུའི་ཚུལ་གྱིས་འདུལ་ལོ། །ཞེས་མང་དུ་གསུངས་སོ། །
ཁྱད་པར་དུ་དཔལ་ལྡན་བླ་མ་འདི་ཉིད་ཀྱིས་སེམས་ཅན་འདུལ་བར་གསུངས་པ་ནི། འཕགས་པ་དཀོན་མཆོག་སྤྲིན་གྱི་མདོ་ལས། དེ་ནས་བཅོམ་ལྡན་འདས་ལྷོ་ཕྱོགས་འདབ་བཟང་ཟིལ་གྱི་རིར་བྱོན་ནས། ལྷའི་བུ་རྣམས་ཀྱིས་བར་སྣང་ཏཱ་ལ་བདུན་སྲིད་ཙམ་དུ་འཁོད་ནས། དེ་བཞིན་གཤེགས་པ་ལ་མེ་ཏོག་སིལ་མ་གཏོར་ནས། ཚིག་འདི་སྐད་དུ། ཀྱེ་མ་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ནས། མདོ་འདི་ལྟ་བུ་འཆང་བའི་དགེ་སློང་ཅི་འདྲ་བ་ཞིག་འབྱུང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་དག་ང་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ། དགེ་བའི་རྩ་བ་བྱས་པ་རྣམས་དང༌། སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ་དེ་དག་མདོ་འདི་འཆང་བར་འགྱུར་ཏེ། གཞན་དག་ལ་ཡང་རྒྱས་པར་བསྟན་པར་འགྱུར་རོ། །སྤྲིན་ཆེན་པོའི་མདོ་འདི་ཡང་ལོ་བཞི་བཅུའི་བར་དུ་འཛམ་གླིང་དུ་སྤྱོད་པར་འགྱུར་ཏེ། རྒྱས་པར་ཡང་འགྱུར་རོ། །དེའི་འོག་ཏུ་ཕྱི་མའི་དུས་ན་དམ་པའི་ཆོས་སྤོང་བ་དང༌། རྒྱལ་པོ་འཁྲུགས་པ་དང༌། དམ་པའི་ཆོས་ནུབ་པའི་དུས་སུ། དགེ་སློང་དང༌། དགེ་སློང་མ་དང༌། དགེ་བསྙེན་དང༌། དགེ་བསྙེན་མས་ལུས་ཡོངས་སུ་མ་སྦྱོང་བ། ཚུལ་ཁྲིམས་ཡོངས་སུ་ཉམས་པ། ཤེས་རབ་འཆལ་བ་དང༌། ལུག་ལྟར་ལྐུགས་པ་དག་གིས། མདོ་འདི་འཆང་བ་མཐོང་ནས་ཡིད་མི་ཆེས། བཞད་གད་བྱེད། སངས་རྒྱས་ཀྱིས་གསུངས་པ་མ་ཡིན་གྱི་སྙན་ངག་མཁན་གྱིས་རང་བཟོ་ཡིན་ཞེས་ཟེར་རོ། །ཆོས་རིན་པོ་ཆེ་ལས་ཕྱི་རོལ་ཏུ་གྱུར་པས། མུ་གེའི་མགོ་བྱི་འདུལ་དཀའ་བ། དམུ་རྒོད་དག་ཀྱང་འབྱུང་བར་འགྱུར་རོ། །བྲན་ཕོ་དང་བྲན་མོ་འཛིན་པ་དང༌། དབྱིག་དང་གསེར་ཡོངས་སུ་འཛིན་པ་དང༌། དུང་དང་མན་ཤེལ་དང༌། འཁར་བ་དང་བྱུ་རུ་འཛིན་པ་དང༌། བ་ལང་དང་མ་ཧེ་འཛིན་པ་དང༌། ཞིང་གི་དངོས་པོ་འཛིན་པ་དང༌། ངང་པ་དང་བྱ་གག་དང་ཕག་ལ་སོགས་རྫས་ཡོངས་སུ་འཛིན་པ་དང༌། དུག་སྦྱོར་དུ་འཇུག་པ་དག་ཀྱང་འབྱུང་བར་འགྱུར་ཏེ། དགེ་སྦྱོར་མ་ཡིན་པ་དུ་མ་བྱེད་པ་དང༌། དེ་ལྟར་གཏི་མུག་ཡོངས་སུ་འཕེལ་བའི་དུས་དང༌། དམ་པའི་ཆོས་ཉམས་པའི་དུས་ན། འོད་སྲུང་དང་འདྲ་བའི་དགེ་སློང་ཞིག་འཛམ་བུའི་གླིང་དུ་སྐྱེས་པར་འགྱུར་རོ། །ངའི་ཉན་ཐོས་ཀྱི་ནང་དུ་རབ་ཏུ་བྱུང་ནས་རིམ་གྱིས་མུ་གེའི་མགོ་བྱི་འདུལ་དཀའ་བ། དམུ་རྒོད་རྣམས་ཀྱི་ནང་དུ་དེ་བཞིན་གཤེགས་པས་གསུངས་པའི་མདོ་རྣམས་ཀྱི་བསྔགས་པ་བརྗོད་ཅིང༌། སོ་སོར་ཐར་པའི་སྡཽམ་པ་བསྡམས་ཏེ་མཇུག་ཏུ་རང་གི་སྲོག་དང་བསྡོས་ནས། བསླབ་པའི་གཞི་བཅས་པའི་བསྔགས་པ་རྣམས་བརྗོད་པར་འགྱུར་རོ། །དེའི་འོག་ཏུ་ཤིང་དྲུང་གི་བསྔགས་པ་བརྗོད་པར་འགྱུར་རོ། །དེ་བཞིན་དུ། ཕྱག་དང་མཆོད་པ་དང་དགོན་པ་ན་གནས་པ་དང༌། འདུལ་བའི་བསྔགས་པ་བརྗོད་ཅིང༌། མ་དུལ་བ་རྣམས་ཚར་གཅོད་པར་འགྱུར་རོ། །ལྷའི་བུ་དག་ཁྱོད་ཀྱིས་དེའི་ཚེ། ངའི་ཉན་ཐོས་ཀྱི་དགེ་སློང་དེ་ལ་ཀུན་ཏུ་སྲུངས་ཤིག །ལྷའི་བུས་གསོལ་པ། བཅོམ་ལྡན་འདས་བདག་ཅག་གིས་ཀྱང་དགེ་སློང་དེ་ལ་བསྙེན་བཀུར་དང་གཡོག་བགྱིས་ཏེ། ཀུན་ཏུ་བསྲུང་བར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་དག་ལེགས་སོ་ལེགས་སོ། ཁྱོད་ཀྱིས་རྐྱེན་དུ་བབ་པར་དམ་བཅས་ཤིང་སྨོན་ལམ་བཏབ་སྟེ། དགེ་སློང་སྐྱེས་བུ་དམ་པ་དེ་ལ་ལྷ་རྣམས་ཀྱིས་ཀྱང་བསྲུང་ངོ༌། །དེ་ནས་ལྷའི་བུ་མང་པོ་དག་གིས་བཅོམ་ལྡན་འདས་ཇི་སྲིད་ཅིག་ན་དེ་བཞིན་གཤེགས་པའི་སྲས། འོད་སྲུང་དང་འདྲ་བའི་དགེ་སློང་འབྱུང་བར་འགྱུར། ཡུལ་ནི་གང་དུ་སྐྱེ་བར་འགྱུར། དེའི་མིང་ཇི་སྐད་ཅེས་བཟུང་བར་འཚལ། ལྷའི་བུ་དག་ང་འདས་པའི་འོག་ཏུ་ལོ་བརྒྱ་ཕྲག་མང་པོ་འདས་པ་ནས། ལྷོ་ཕྱོགས་ཀྱི་རྒྱུད་དུ་འཁོར་གྱི་མི་མང་པོའི་ནང་ནས་འབྱུང་བར་འགྱུར་རོ། །དེའི་ལོ་བརྒྱད་ཅུ་ན་དམ་པའི་ཆོས་ནུབ་པར་འགྱུར་པའི་ལྷག་མ་ཙམ་ལུས་པའི་ཚེ་ན། ངའི་ཉན་ཐོས་འབྱུང་བར་འགྱུར་ཏེ། དམ་པའི་ཆོས་ཀྱང་འབྱོན་པར་འགྱུར་རོ། །ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར་རོ། །ཐེག་པ་ཆེན་པོ་ཡང་གཞན་དག་ལ་རྒྱས་པར་འཆད་པར་འགྱུར་རོ། །མདོ་འདི་ལྟ་བུ་དག་བཤད་པ་ཐོས་ན་ཡིད་ཆེས་པར་འགྱུར་རོ། །དེ་ནས་ལྷའི་བུ་མཐོང་ན་དགའ་བ། དྲི་ཟའི་རྒྱལ་པོས། བཅོམ་ལྡན་འདས་ལ་བསྐོར་བ་བྱས་ཏེ། ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འོད་སྲུང་ཆེན་པོ་དང་འདྲ་བ། དེ་བཞིན་གཤེགས་པ་དང་མིང་མཐུན་པའི་དགེ་སློང་ཆེན་པོ། བྱམས་པ་ཆེན་པོ་ལ་གནས་པ། ཚུལ་ཁྲིམས་ཆེན་པོ་ལ་རྟག་ཏུ་གནས་པ། ཤིན་ཏུ་མཆོག་ཏུ་མཛེས་པ། རིགས་ཆེན་པོར་སྐྱེས་པ། ཚུལ་ཁྲིམས་དང་ལྡན་པ་ཆེན་པོའི་དགེ་སློང་གིས་ཡོངས་སུ་བསྐོར་བ། དུས་དང་བཅས། གནས་དང་བཅས། གྲོང་དང་རྣམ་པ་ཅི་འདྲ་བ་ཡང༌། བཅོམ་ལྡན་འདས་ཀྱིས་རྒྱས་པར་འཆད་དུ་གསོལ། བཅོམ་ལྡན་འདས་དགེ་སློང་དེ་བདག་གིས་ཇི་སྲིད་འཚོའི་བར་དུ་བསྲུང་བར་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲི་ཟའི་རྒྱལ་པོ། དགེ་སློང་དེ་ལུང་སྟོན་པ་ཉོན་ཅིག །དེ་ནི་ང་ལ་དབེན་པ་དང༌། ངའི་བསྟན་པ་བྱུང་བར་བྱེད་ཅིང་ཁུར་ཁྱེར་བ་ནི། ངའི་གཞོན་ནུ་ལི་ཙ་བཱི་འདི་ཉིད་ཡིན་ནོ། །དྲི་ཟའི་རྒྱལ་པོ། ང་འདས་པའི་འོག་ཏུ་ལྷོ་ཕྱོགས་ཀྱི་རྒྱུད་དུ་དྲང་སྲོང་དོལ་པོ་ཞེས་བྱ་བའི་ཡུལ་འཁོར་ཀ་ཡོ་རི་བསོད་ནམས་ལྡན་པའི་གྲོང་ཁྱེར་བྱེ་མ་ཆེན་པོ་ཞེས་བྱ་བ་འབྱུང་སྟེ། གྲོང་དེ་ལ་འབབ་ཆུ་མཛེས་སྦྱོར་ཞེས་བྱ་སྟེ། དེའི་བྱང་ཕྱོགས་ཀྱི་འགྲམ་དུ་འབྱུང་བར་འགྱུར་རོ། །དེའི་རིགས་ཆེན་རྣམ་པར་དག་པ་འབྲ་ཀོ་ཅན་ཞེས་བྱ་བའི་ས་ཕྱོགས་སུ་འབྱུང་བར་འགྱུར་རོ། །ཤཱཀྱའི་རིགས་ཆེན་པོ་གཞོན་ནུ་ལི་ཙ་བཱི་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་དེ་ངའི་མིང་དེའི་མིང་དུ་འདོགས་པར་འགྱུར་རོ། །འབྲ་ཀོ་ཅན་གྱི་རྗེ་རིགས་ཆེན་པོའི་རིགས་ཀྱང༌། དེ་བཞིན་གཤེགས་པའི་རིགས་ཡིན་པར་བལྟ་བར་བྱའོ། །དེའི་ཚེ་དྲང་སྲོང་དོལ་པོ་ཞེས་བྱ་བའི་ཡུལ་འཁོར་ཡང་འབྱོར་ཅིང་རྒྱས་ལ་སྐྱེ་བོ་མང་པོས་ཡོངས་སུ་གང་བར་འགྱུར་རོ། །དེ་བཞིན་གཤེགས་པ་དང་མིང་མཐུན་པའི་དགེ་སློང་གི་གྲོང་ཁྱེར་དེ་ཡང་སྐྱེ་བོ་ཐམས་ཅད་ཀྱི་སྙིང་དུ་སྡུག་པར་འགྱུར་ཞིང༌། སྐྱེ་བོ་ཐམས་ཅད་ཀྱིས་བཀུར་བར་འགྱུར་རོ། །གང་གི་ཚེ་ཁྱེའུ་དེ་རབ་ཏུ་བྱུང་ནས་ཚངས་པ་མཚུངས་པར་སྤྱོད་པའི་འཁོར་དང༌། དགེ་སློང་གི་ཚོགས་རྣམས་ཁྲིད་དེ་རང་གི་སྲོག་དང་བསྡཽས་ནས་དམ་པའི་ཆོས་སྟོན་པར་འགྱུར་རོ། །དེ་བཞིན་གཤེགས་པའི་སྤྱོད་པ་འབྱུང་བར་བྱེད་དེ། མཆོག་ཏུ་དགའ་བ་སྤྱོད་པར་འགྱུར་རོ། །དགེ་སློང་དམ་པའི་ཆོས་འདོད་པ་གང་ཡིན་པ་རྣམས་ཀྱང༌། རང་གི་སྲོག་བསམ་པ་ཡོངས་སུ་བཏང་ནས། དམ་པའི་ཆོས་བསྲུང་བར་འགྱུར་ཏེ། དགེ་སློང་གི་མཆོག་དེ་དག་ཀྱང་མཆོག་ཏུ་དགའ་བར་བྱེད་དེ། ང་ལ་དབེན་པ་དང༌། ཚུལ་ཁྲིམས་ཡོངས་སུ་དག་པར་འགྱུར་ཞིང༌། སོ་སོར་ཐར་པའི་སྡོམ་པ་བསྡམས་ལ་སྤྱོད་པ་དང༌། སྤྱོད་ཡུལ་ཕུན་སུམ་ཚོགས་པ་དང༌། ཁ་ན་མ་ཐོ་བ་ཕྲ་རགས་ཙམ་ཡང་འཇིགས་པར་བལྟ་བར་འགྱུར་རོ། །དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མའམ། གང་དག་ངའི་ཉན་ཐོས་མཆོག་ཏུ་དགའ་བར་བྱེད་པའི་ཚིག་ལ་ཡིད་ཆེས་པ་དེ་དག་ཐམས་ཅད་ཀྱང་སྤྲིན་ཆེན་པོའི་མདོའི་སྙིང་པོ་དང་འདྲ་བར་བལྟའོ། །དྲི་ཟའི་རྒྱལ་པོ། གཞན་ཡང་སྐྱེས་བུ་དེ་དག་ནི་གང་དག་གིས། ངའི་ཉན་ཐོས་ཀྱི་ཚིག་ཐོས་ནས་དམ་པའི་ཆོས་ཀྱི་ཕྱོགས་སུ་འཇུག་པར་བྱེད་པའི་སེམས་ཅན་དེ་དག་ཀྱང་ང་ལ་བྱས་པ་གཟོ་བ་དང༌། ང་ལ་དབེན་པ་བསྟན་པ་ཡིན་ཏེ། དམ་པའི་ཆོས་ཀྱི་ཕྱིར་རང་གི་སྲོག་བསམ་པ་ཡང་བཏང༌། ནོར་དང་བཅས་པ་དང༌། བུ་དང་བཅས་པ་དང༌། ཆུང་མ་དང་བཅས་པ་དང༌། བུ་མོ་དང་བཅས་པ་སྟེ་ཕྱོགས་རྣམས་སུ་སྲོག་གི་བསམ་པ་ཡང་བཏང་ནས། དམག་དཔུང་ཆེན་པོའི་གཡུལ་དུ་འཇུག་ཅིང་དཔུང་ཆེན་པོའི་གཡུལ་ཟད་པར་བྱེད་དོ། །བདུད་ཀྱི་སྟོབས་འཇོམས་པར་བྱེད་དོ། །ཇི་ལྟར་ཐབས་ཀྱིས་ཀྱང་དམ་པའི་ཆོས་ལ་འཇུག་པར་བྱེད་དོ། །ངའི་དམ་པའི་ཆོས་ཀྱི་མཐུ་ཡང་བསྐྱེད་པར་འགྱུར་རོ། །སེམས་ཅན་དེ་དག་གིས་ནི་རྙེད་པ་ལེགས་པར་རྙེད་པར་འགྱུར་ཏེ། དེ་དག་གིས་ནི་བྱང་ཆུབ་སེམས་དཔའ་མི་མཆོག་ཡིན་པར་བལྟ་བར་བྱའོ། །དགེ་སློང་ངམ། དགེ་སློང་མ་དེ་དག་ནི་བསྙེན་གནས་ཡོངས་སུ་དག་པར་འགྱུར་རོ། །དགེ་འདུན་ནི་ཡོངས་སུ་དག་པར་འགྱུར་རོ། །དགེ་འདུན་གྱི་སྡེ་དེ་དག་ནི་འཚང་རྒྱ་བར་འགྱུར་རོ། །དམ་པའི་ཆོས་ལ་ནན་ཏན་དུ་བསྒྲུབ་པར་འགྱུར་ཏེ། དྲི་ཟའི་རྒྱལ་པོ། འོན་ཀྱང་ངའི་ཉན་ཐོས་ཀྱི་ཚིག་ལ་ཡིད་ཆེས་པའི་སེམས་ཅན་ནི་ཉུང་སྟེ། ཕལ་ཆེར་ནི་ཤིན་ཏུ་མོས་པར་མི་འགྱུར་རོ། །དྲི་ཟའི་རྒྱལ་པོ། རྣམ་པ་བཞི་དང་ལྡན་ན་ངའི་ཉན་ཐོས་དེ་བཞིན་གཤེགས་པ་དང་མིང་མཐུན་པའི་དགེ་སློང་གི་ཚིག་ལ་ཡིད་ཆེས་པར་འགྱུར་རོ། །བཞི་གང་ཞེ་ན། སྔོན་གྱི་མཐོང་བར་ཡང་དག་པར་རྫོགས་པའི་སངས་རྒྱས་སྔ་མ་རྣམས་ལ་ཟབ་མོ་བརྟན་པ་ཆུའི་རྒྱ་མཚོའི་དུས་ཚོད་ཀྱི་ཏིང་ངེ་འཛིན་འདི་ཐོས་པ་དང༌། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བ་དང༌། ལྷག་པའི་བསམ་པ་ལ་ཞུགས་ཤིང་དགེ་བའི་རྩ་བ་བརྟན་པ་དང༌། རྒྱ་ཆེན་པོ་ལ་མོས་པ་ལུས་ཀྱིས་མངོན་སུམ་དུ་བྱས་པ་སྟེ། དྲི་ཟའི་རྒྱལ་པོ། རྣམ་པ་བཞི་པོ་དེ་དག་གིས་ནི་ངའི་ཉན་ཐོས་ཀྱི་ཚིག་ལ་ཡིད་ཆེས་པར་འགྱུར་རོ། །གང་དག་ཡིད་མི་ཆེས་པའི་སེམས་ཅན་དེ་དག་ནི་བདུད་ཀྱིས་བྱིན་གྱིས་བརླབས་པའི་གཏི་མུག་ཅན་ཡིན་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དང་མིང་མཐུན་པའི་དགེ་སློང་དེ་ནི་སངས་རྒྱས་མང་པོས་ཡོངས་སུ་བཟུང་བ་དང༌། འཁོར་ཤིན་ཏུ་རྣམ་པར་དག་པ་དང༌། དགེ་སློང་གི་ཚོགས་དང་དགེ་སློང་མའི་ཚོགས་དང་ལྡན་པའི་ཕྱིར་རོ། །གང་དག་ངའི་ཉན་ཐོས་ཀྱི་ཚིག་ལ་ཡིད་ཆེས་པའི་སེམས་ཅན་དེ་དག་ནི་རྡོ་རྗེའི་རང་བཞིན་ཡིན་པར་རིག་པར་བྱའོ། །དྲི་ཟའི་རྒྱལ་པོ། གཞན་ཡང་དེ་བཞིན་གཤེགས་པ་དང་མིང་མཐུན་པའི་དགེ་སློང་གི་ཆེ་བ་ཉིད་ལ་ལྟོས། གང་གི་ཕྱིར་ན་དགེ་སློང་དེ་ནི་དེ་བཞིན་གཤེགས་པ་ཀླུ་རིག་པའི་སྒྲོན་མའི་ཐད་དུ་དམ་བཅས་ཤིང་སྨོན་ལམ་བཏབ་ལ། ངའི་བསྟན་པ་ཡང་དམ་པའི་ཆོས་བསྲུང་བའི་ཕྱིར་རང་གི་སྲོག་ཀྱང་ཡོངས་སུ་བཏང་ངོ༌། །དམ་པའི་ཆོས་ཀྱི་སྒྲ་ལན་གསུམ་དུ་མངོན་པར་བསྒྲགས་པས་ན། འདས་པའི་དུས་ན་ཡང་ངའི་ཉན་ཐོས་དཀའ་བ་བྱེད་པ་ཡིན། ད་ལྟ་ཡང་དཀའ་བ་བྱེད་པ་ཡིན། རྒྱལ་པོ་བརྩོན་འགྲུས་ཆེན་པོའི་ཀླུ་དེ་ནི་ད་ལྟ་གཞོན་ནུ་ལི་ཙ་བཱི་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་འདི་ཉིད་ཡིན་ནོ། །ལི་ཙ་བཱི་འདི་ཉིད་དེ་བཞིན་གཤེགས་པ་དང་མིང་མཐུན་པའི་དགེ་སློང་དུ་གྱུར་པར་རིག་པར་བྱའོ། །དྲི་ཟའི་རྒྱལ་པོ། གཞན་ཡང་དེ་བཞིན་གཤེགས་པ་དང་མིང་མཐུན་པའི་དགེ་སློང་གི་ཆེ་བ་ཉིད་རྣམ་པར་དག་པ་ལ་ལྟོས། དགེ་སློང་དེ་ལ་སེམས་ཅན་གང་དག་གིས་བསྙེན་བཀུར་བྱས་པ་དེ་དག་གིས་ནི། འདས་པ་དང༌། མ་བྱོན་པ་དང༌། དེ་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་བྱས་པ་ཡིན་ནོ། །དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་དག་གིས་རང་གི་སྲོག་བསམ་པ་ཡོངས་སུ་བཏང་སྟེ། །དགེ་སློང་དེའི་ཐད་དུ་ཆེད་ཀྱིས་གནས་པར་བྱེད་པ་དེ་དག་གིས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ལ་རིམ་གྲོ་བྱས་པ་ཡིན་ནོ། །དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་དག་གིས་ངའི་དགེ་སློང་དེས་ཇི་ལྟར་བསྒོ་བ་བཞིན་དུ་བྱེད་ན་དེ་དག་གིས་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀའ་བསྒྲུབ་པ་ཡིན་ནོ། །དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་དག་གིས་ནི། ངའི་དགེ་སློང་དེ་ཡིས་ཆོས་བཤད་པ་དང༌། ཉན་པ་དང༌། འབྲེལ་བའི་གཏམ་གྱིས་ཁུར་བླངས་ནས་སྟོན་པར་བྱེད་པའི་ཐབས་ཀྱིས་བསླབ་པ་ལ་གུས་པ་ནི་སྒྲ་གཅན་འཛིན་དང་འདྲ་བར་བལྟའོ། །ངའི་དགེ་སློང་གི་ལུང་བསྟན་པ་འདི་ཐོས་ན་སེམས་ཅན་བསོད་ནམས་ཆུང་བའི་དགེ་སློང་དང༌། དགེ་སློང་མ་དང༌། དགེ་བསྙེན་དང༌། དགེ་བསྙེན་མ་རྣམས་ཀྱིས་འདི་སྙམ་དུ་སེམས་བསྐྱེད་པར་འགྱུར་ཏེ། ཀྱེ་མ་དགེ་སློང་ལྟར་བཅོས་པ་དེ་བཞིན་གཤེགས་པ་དང་མིང་མཐུན་པའི་དགེ་སློང་དང༌། སྤྲིན་ཆེན་པོའི་མདོ་འདི་སངས་རྒྱས་ཀྱིས་མ་གསུངས་པ་དེར་བདག་ཉིད་ཀྱིས་བྱས་སོ། །བདག་ཉིད་ཀྱི་ལུང་བསྟན་པར་ཡང་བཅུག་སྟེ། སངས་རྒྱས་ཀྱིས་མ་གསུངས་པར་ཡང་རང་བཟོ་བསླབ་གཞི་སྣང་བ་ཐ་དད་པ་བདག་ཉིད་ཀྱིས་བསྟན་པ་འཆད་པར་བྱེད་དོ། །ཚེ་དང་ལྡན་པ་དག་དགེ་སློང་འདི་ཅིའི་ཕྱོགས་སུ་གྱུར་ཏེ། ཚེ་དང་ལྡན་པ་སུ་ཅག་ནི། བྲན་ཕོ་དང༌། བྲན་མོ་དང༌། བ་ལང་དང༌། མ་ཧེ་ལ་སོགས་པ་ཡོངས་སུ་འཛིན་པ་ཡིན་ནོ། །དེས་ནི་ང་སྤངས་པ་ཡིན་ནོ། །དགེ་སློང་ད་ཕྱིན་ཅི་ལོག་ཏུ་གྱུར་པ་འདིའི་ཚིག་གིས་ནི་འོ་ཅག་གི་སྲོག་དང་བསྡོས་ཏེ། འདི་ནི་ཕྱོགས་སུ་བླངས་ནས་ཁྱེད་དང་བདག་གིས་ཀྱང་མཆོག་ཏུ་དགའ་བ་བྱེད་པར་འགྱུར་རོ། །དེ་ལ་ཅི་བྱས་པ་དང༌། ཅི་བྱིན་པ་རྣམས་ནི་ཚེ་འདི་དང་ཕྱི་མ་ལ་བདག་གིས་ཐབས་སུ་མྱོང་བར་འགྱུར་བ་ཙམ་ཚོད་ན་ཇི་ལྟར་བྱ་ཞེ་སྡང་ཞིང་ལྐོག་ཏུ་སོང་ནས་ཕན་ཚུན་སུན་འབྱིན་པར་འགྱུར་ཏེ། དྲི་ཟའི་རྒྱལ་པོ། སེམས་ཅན་དེ་དག་ནི་མུན་པའི་དབང་དུ་གྱུར་ཅིང༌། བསོད་ནམས་ཆུང་བ་ཡིན་པར་རིག་པར་བྱའོ། །དྲི་ཟའི་རྒྱལ་པོ། སེམས་ཅན་གང་དག་དགེ་བའི་རྩ་བ་བྱས་པ་དང༌། བྱང་ཆུབ་སེམས་དཔའ་ཐབས་ལ་བརྟེན་པའི་དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་དེ་དག་གིས་ནི་ངའི་ཉན་ཐོས་ཀྱི་ལུང་བསྟན་པ་འདི་ཐོས་ནས། འདི་ལྟར་སེམས་བསྐྱེད་དེ། ཀྱེ་མ་དགེ་སློང་མཁས་པ་འདི་གལ་ཏེ་བྱང་ཆུབ་སེམས་དཔའ་མ་ཡིན་དུ་ཟིན་ནས། སྐྱེ་བོ་ཕལ་བས་རྒྱ་མཚོ་ཆེན་པོ་འདི་ལྟ་བུ་དཀྲུགས་པ་ག་ལ་ནུས། ཚེ་དང་ལྡན་པ་དག་ཁྱེད་དང་བདག་ཅག་དེའི་གཏམ་ཟླར་གྱུར་ན་ནི། བདག་གིས་སྐྱེས་པ་དང་ཚོང་པ་དང༌། རབ་ཏུ་བྱུང་བའི་འབྲས་བུ་རྙེད་པ་ལེགས་པར་རྙེད་དོ། །དེ་ནི་སའི་སྟེང་ན་གྲགས་པ་དེ་བཞིན་གཤེགས་པའི་ཞབས་དྲུང་ནས་ལུང་བསྟན་པ་ཐོབ་ཅིང༌། ལྷའི་མིག་གིས་ལེགས་པར་མཐོང་བའི་ཆོས་ཐོབ་པ་ཡིན་ནོ། །ཞེས་གྲགས་པས་བདག་གིས་སྲོག་དང་བསམ་པ་གཏོང་ལ། འདི་ནི་བདག་ཅག་ལ་སྟོན་པའི་སློབ་དཔོན་དུ་བྱས་ཏེ། ཆོས་ཉན་པར་རིགས་སོ། །བདག་ཅག་བཞི་ཡང་རུང༌། གསུམ་ཡང་རུང༌། སློབ་དཔོན་གྱི་གྲོགས་བྱ། ཚེ་དང་ལྡན་པ་དག་དམ་པའི་ཆོས་འབྱུང་བའི་ཕྱིར། སྲོག་ཡོངས་སུ་བཏང་ཡང་བླའོ། །ཞེས་ཟེར་ནས། དྲི་ཟའི་རྒྱལ་པོ། ཁྱོད་ཀྱིས་དེའི་ཚེ་དམ་པའི་ཆོས་ལ་དགའ་བའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ཀུན་ཏུ་བསྲུང་བར་གྱིས་ཤིག །རིགས་ཀྱི་བུ། གང་དག་ཆོས་འདོད་པ་དང༌། དགེ་སློང་དང༌། དགེ་སློང་མ་དང༌། དགེ་བསྙེན་ནམ། དགེ་བསྙེན་མ་མང་པོ་ཡང་རུང༌། གཉིས་ཀྱང་རུང༌། གཅིག་ཀྱང་རུང་སྟེ། སེམས་ཅན་དེ་དག་ནི་ངའི་ཉན་ཐོས་ཀྱི་ལུང་བསྟན་པ་ཐོས་ནས། ངའི་ཉན་ཐོས་ཀྱི་དགེ་སློང་ལ་ཆོས་སྟོན་པ་ཕྱོགས་བྱ་བའི་ཕྱིར། འཁོད་པའི་སེམས་ཅན་དེ་དག་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱོགས་དང༌། དམ་པའི་ཆོས་ལ་འཇུག་པ་ཡིན་ནོ། །སེམས་ཅན་དེ་དག་ནི་ལྷ་མ་ཡིན་གྱི་དབང་པོ་ཡུལ་མ་ཡིན་པའི་ལུས་དང༌། བསམ་གྱིས་མི་ཁྱབ་པའི་ལུས་དང་ལྡན་ཞིང༌། གཟུགས་ཐམས་ཅད་ཡང་དག་པར་མཐོང་བ་ཡིན་ནོ། །དྲི་ཟའི་རྒྱལ་པོ། དེའི་ཚེ་ངའི་དམ་པའི་ཆོས་ཀྱི་ཚོགས་ནུབ་པའི་དུས་སུ་དེ་ནི་ཐ་མར་འབྱུང་བར་འགྱུར་རོ། །དེ་དང་འདྲ་བའི་ཉན་ཐོས་གཞན་མི་སྲིད་དོ། །ཞེས་གསུངས་པ་དང༌།
འཕགས་པ་རྔ་བོ་ཆེའི་མདོ་ལས། དེ་ནས་བཅོམ་ལྡན་འདས་ཀྱིས་འོད་སྲུང་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འོད་སྲུང་ཁྱོད་ནི་ཞིང་སྲུང་བ་ལྟ་བུར་མི་ནུས་ཏེ། ཞིང་སྲུང་བ་བཞིན་དུ་ཐབས་ལ་མཁས་པའི་གཞོན་ནུས་མདོ་འདི་མཉན་ནས་ལུས་ལ་ཐོགས་ཏེ་འཇིག་རྟེན་དུ་མངོན་གསུམ་དུ་འབྱིན་པར་འགྱུར་རོ། །དེ་ནི་ངས་ས་བདུན་པ་ལ་བཞག་སྟེ། མི་ཕལ་པ་ཞིག་ཏུ་བྱིན་གྱིས་བརླབ་བོ། །གང་གི་ཚེ་ལོ་བརྒྱད་ཅུ་པ་ལ་བསྟན་པ་ཉམས་པར་འགྱུར་བ་དེའི་ཚེ་ན། ལྷོ་ཕྱོགས་སུ་ཡུལ་མུ་རྒྱུན་དུ་ཞེས་བྱ་བ་ནི། ཆུའི་འགྲམ་ལ་བརྟེན་པའི་གྲོང་ཁྱེར་དམག་གིས་མི་ཚུགས་པ་ཞེས་བྱ་བ་དང༌། ཉེ་བའི་གྲོང་ཁྱེར་ཕྲེང་བ་ཆེན་པོ་ཞེས་བྱ་བར་ཀ་ཡོ་རི་ཞེས་བྱ་བའི་རིགས་རྒྱུད་དེར་སྐྱེས་ནས། ངའི་མིང་འཆང་བའི་དགེ་སློང་ཞིག་ཏུ་འགྱུར་ཏེ། ཞིང་སྲུང་བའི་ཐབས་ལ་མཁས་པས། ངའི་དགེ་སྦྱོང་གཡེལ་བ་རྣམས་ཀྱི་ནང་དུ་རབ་ཏུ་བྱུང་ནས། འདི་དག་བསྡུ་བའི་དངོས་པོས་བསྡུས་ནས་མདོ་འདི་རྙེད་ནས་ཡིད་ལ་བཅངས་ཏེ། དགེ་འདུན་དག་པར་བྱས་ནས། དང་པོ་རུང་བ་མ་ཡིན་པའི་གཞི་ཆེན་པོ་ཡོངས་སུ་སྤངས་ཏེ། ཆོས་ཆེན་པོ་ཡོངས་སུ་སྒྲོགས་པར་འགྱུར་རོ། །རྔ་པོ་ཆེ་ཆེན་པོའི་མདོ་ལས་གསུངས་པའི་ཆོས་ཀྱི་དུང་འབུད། ཆོས་ཀྱི་རྒྱལ་མཚན་འཛུགས། ཆོས་ཀྱི་རྔ་ཆེན་སྒྲོགས་པར་འགྱུར་རོ། །གཉིས་པ་ཐེག་པ་ཆེན་པོའི་མདོ་སྟོང་པ་ཉིད་ཀྱི་གཏམ་སྨྲ་བར་འགྱུར་རོ། །གསུམ་པ་སེམས་ཅན་གྱི་ཁམས་རྟག་པའི་གཏམ་དང༌། རྔ་བོ་ཆེ་ཆེན་པོ་མདོའི་གཏམ་སྨྲ་བར་འགྱུར་རོ། །ཆོས་ཆེན་པོའི་རྔ་བོ་ཆེ་བརྡུང་བར་འགྱུར་རོ། །ཆོས་ཆེན་པོའི་དུང་འབུད་པར་འགྱུར་རོ། །ཆོས་ཀྱི་རྒྱལ་མཚན་འཛུགས་པར་འགྱུར་རོ། །ངའི་མངོན་སུམ་དུ་གོ་གྱོན་པར་འགྱུར་རོ། །ཕྱིས་མདོ་འདི་ཐོས་ནས་ན་ཚོད་ཆེན་པོ་འགྱུར་ཏེ། ལོ་བརྒྱད་ཅུར་མདོ་འདི་ཡི་གཏམ་སྨྲ་ཞིང་ཆོས་ཀྱི་ཆར་འབེབས་པར་འགྱུར་རོ། །ལོ་བརྒྱད་ཅུ་འདས་པའི་འོག་ཏུ་ལྷོ་ཕྱོགས་ཀྱི་མི་རྣམས་ཀྱི་ནང་དུ་རྣམས་པར་འཕྲུལ་པ་ཆེན་པོས་རྣམ་པར་འཕྲུལ་ཅིང་ཡོངས་སུ་མྱ་ངན་ལས་འདས་པ་སྟོན་པར་འགྱུར་རོ། །ཀྱེ་མ་དགེ་སློང་ཀུན་མཐོང་དགའ། །བརྟན་པོ་དགེ་སློང་གཟུགས་གྱུར་ནས། །རིང་ཞིག་བསྟན་པ་འབྱིན་བྱེད་ཅིང༌། །ཆོས་ཀྱི་རྔ་ཆེན་བརྡུང་བར་འགྱུར། །དེ་ནི་མྱ་ངན་ཡོངས་འདས་ནས། །རེ་ཞིག་འཇིག་རྟེན་སྟོང་པར་འགྱུར། །ཆོས་སྨྲ་དེ་ནི་འདས་གྱུར་ནས། །དེ་འདྲ་གཞན་ནི་འགའ་མི་འབྱུང༌། །དེ་འདྲའི་དགེ་སློང་རྙེད་དཀའ་སྟེ། །རིམ་གྱིས་སྣང་བ་ཉམས་པར་འགྱུར། །འདི་ལྟར་དེ་ནི་ལྷོ་ཕྱོགས་སུ། །འབྱུང་བ་ཐ་མ་ཅིག་ཡིན་ནོ། །དམ་པའི་ཆོས་ནི་ནུབ་པའི་དུས། །ཆོས་སྨྲ་དེ་ནི་འབྱུང་བར་འགྱུར། །ཞེས་གསུངས་སོ། །
འཕགས་པ་མྱང་འདས་སིལ་བུའི་མདོ་ལས། རྒྱལ་བ་འདི་ནས་མྱ་ངན་འདས་འོག་ནས། །མི་ལོ་བདུན་བརྒྱ་ལོན་པའི་དུས་སུ་ཡང༌། །ཆུ་བོ་གཡས་སུ་འཁྱིལ་བའི་ལྷོ་ཕྱོགས་ན། །ང་ཡི་མིང་ཅན་དགེ་སློང་དམ་པ་འབྱུང༌། །ལོ་བརྒྱར་ཆོས་ཀྱི་དུང་འབུད་དར་འཕྱར་ཞིང༌། །ཆོས་ཀྱི་མཆོད་སྦྱིན་ང་དང་ང་འདྲ་འབྱུང༌། །ཞེས་གསུངས་པ་ལྟར། སྐུ་འཁྲུངས་ཡུལ་ནི་མངའ་རིས་ཀྱི་ས་ཆ་དོལ་པོའི་གླིང་སྟེ། ས་གཞི་ཟླུམ་པོར་འཁྱིལ་བའི་སྟེང་དུ་གྲོང༌། རྟ་ནག །ནང་ཁུང༌། ཕུལ་ཆུ། བེ་ཆེར་སྟེ་གྲོང་བཞིའི་དབུས་སུ། པན་ཚང་དེའི་ནང་དུ་སུམ་མདོ་ཞེས་བྱ་བ་ཀ་ཡོ་རི་ཞེས་ཀེ་ལ་ཤ་ལྟར་དཀར་ལ་མཐོ་བའི་སྟེང་ན་ཁང་བཟང་རྣམ་དཀར་རོལ་པ་ཞེས་བྱ་བ་ལ་འཁྲུངས། དེ་ཡང་མཐའ་སྐོར་དུ། ཆུའི་ར་བ་དང༌། ཤིང་སྣ་ཚོགས་དུ་མས་བསྐོར་བ། མཛེས་པའི་བྱ་སྣ་ཚོགས་པར་སྒྲ་སྒྲོགས་པ། བདེ་བ་ལོ་ལེགས་པ། འབྱོར་བ་རྒྱས་པ། མི་རིགས་ཆེ་བ་ནམ་རིངས་གྲགས་པའི་རྒྱལ་པོ་ཞེས་བྱ་བ་སྔགས་འཆང༌། དེའི་སྲས་གཉིས་ཡོད་པའི་ཆེ་བ་ཨ་དཔལ་དང༌། ཆུང་བ་ཡེ་ཤེས་དབང་ཕྱུག་ཅེས་བྱ་བ། གཟུགས་བཟང་བ། ཤེས་རབ་ཆེ་བ་རིག་པ་ཆོས་ལ་བསྒྱུར་ཞིང་མིས་བཀུར་བ་དང༌། ཡུམ་སྐྱི་སྟེངས་རྒྱལ་པོའི་སྲས་མོ་ཚུལ་ཁྲིམས་རྒྱན་ཞེས་བྱ་བ། མདོག་སྔོ་ལ་ཤིན་ཏུ་མཛེས་ཤིང་རིག་པ་གསལ་བ། དད་པ་ཆེ་བ་སེམས་ཅན་ལ་ལྷག་པའི་སྙིང་རྗེ་དང་ལྡན་པ། དགུན་ཟླ་འབྲིང་པོའི་ཉ་ལ་གསོ་སྦྱོང་མཛད་པའི་ཕྱིར། ཁང་བཟང་རྣམ་དཀར་རོལ་པའི་སྟེང་དུ་སྤོས་ཆུས་ཁྲུས་བྱས་མ་ཐག་ཏུ་ནམ་མཁར་ལ་པད་མ་དཀར་པོའི་ལྟེ་བར་ཧྲཱིཿམཚན་པ་ཞིག་ཐོན་ནས་སྤྱི་བོར་ཐིམ་པས། ནམ་མཁའ་ལ་འཇའ་འོད་དང༌། མེ་ཏོག་གི་ཆར་དང༌། རོལ་མོའི་སྒྲ་དང་ས་གཡོས་སོ། །དེ་ནས་ཡུམ་གྱི་ཉམས་མྱོང་དུ་མ་ཤར་རོ། །སེམས་ཅན་གྱི་དོན་དུ་བྱང་ཆུབ་སེམས་དཔའ་མངལ་སྐྱེས་མཛད་དེ། འགྲེལ་ཆེན་དྲི་མེད་འོད་ལས། གང་ཞིག་ཆེན་པོའི་མི་རྣམས་སྨིན་པར་བྱ་བའི་དོན་དུ་མངའ་ནི་འཛིན་པ་འདི་མཛད་ཅིང༌། །སྲིད་པའི་འཆིང་ལས་གྲོལ་ཡང་སྲོག་ཆགས་རྣམས་ཀྱི་ལམ་ནི་སྟོན་པའི་སླད་དུ་སྲིད་པ་སྟེ། །སྣ་ཚོགས་སྐྱེས་རབས་ཕྲེང་བ་ཡོན་ཏན་དང་ལྡན་སེམས་ཅན་དོན་གཉེར་རྣམས་ཀྱིས་མཐོང་གྱུར་པ། །དང་པོའི་སངས་རྒྱས་རྫུ་འཕྲུལ་ཆེ་ལྡན་སྤྱོད་པ་དག་སྟེ་སྐྱོབ་པ་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས། མངལ་སྐྱེས་མཛད་ན་སྐྱོན་ཡོད་དམ་མེད་ཅེ་ན། འོད་སྲུང་གིས་ཞུས་པའི་མདོར། པད་མ་ཆུ་ལས་སྐྱེས་གྱུར་ཀྱང༌། །ཆུ་ཡི་རྫབ་ཀྱིས་གོས་པ་མེད། །དེ་བཞིན་བྱང་ཆུབ་འཇིག་རྟེན་སྐྱེས་གྱུར་ཀྱང༌། །འཇིག་རྟེན་ཆོས་ཀྱིས་ནམ་ཡང་ཡང་གོས་པ་མེད། །ཅེས་དང༌། ཟ་མ་ཏོག་བཀོད་པར། འཇམ་དཔལ་ལ་འདི་ལྟ་སྟེ། དཔེར་ན། བྱ་ཀ་ལ་པིང་ཀའི་ཕྲུ་གུ་སྒོ་ངའི་སྦུབས་ཀྱི་ནང་དུ་འདུག་པ་སྒོ་ང་མ་རྡོལ་ཞིང༌། སྦུབས་ནས་མ་བྱུང་ཡང་ཀ་ལ་པིང་ཀའི་སྒྲ་ཉིད་དུ་འབྱིན་ཏོ། །འཇམ་དཔལ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་མ་རིག་པའི་མངལ་གྱིས་སྦུབས་ལ་འདུག་པ། བདག་ཏུ་ལྟ་བ་མ་བཏུལ་ཞིང་ཁམས་གསུམ་ལས་མ་བྱུང་ཡང༌། སངས་རྒྱས་ཀྱི་སྒྲ་ཉིད་དུ་འདི་ལྟ་སྟེ། སྟོང་པ་ཉིད་དང༌། མཚན་མ་མེད་དང༌། སྨོན་པ་མེད་པའི་སྒྲ་ཉིད་འབྱིན་ཏོ། །ཞེས་གསུངས་པ་ལྟར་ལྷུམས་སུ་ཞུགས་པའི་ཚེ་ནའང༌། ཆོས་ཀྱི་སྒྲ་བྱུང་ཡི་གེ་དྲུག་མའི་འོད་འཆར། ཡུམ་གྱི་རྨི་ལམ་དུ་རང་ལུས་གཞལ་ཡས་ཁང་ལ་སྤྱན་རས་གཟིགས་བཞུགས་པ་དང༌། རུམ་དུ་མར་མེའི་འོད་གསལ་ལས་འོད་ཟེར་སྣ་ཚོགས་འཕྲོས་པ་དང༌། ལྷ་མོ་ཉིད་ལ་ལྷ་མང་པོས་བསྐོར་བ་བྱེད་པ་རྨིས་སོ། །ལུས་ལ་ནད་མེད་ཅིང་བདེ་བའི་ངང་ནས་སྨྱོ་འབོག་ལ་སོགས་ནད་པ་རྣམས་ལ། ས་ཉོག་བྱིན་ནས་ཕན་པར་གྱུར་ཏོ། །དེ་ནས་ཟླ་བ་བརྒྱད་དུ་ཆུ་ཕོ་འབྲུག་ལ་བལྟམས་སོ། །དེའི་ནུབ་མོར་ཡབ་ཀྱི་རྨི་ལམ་དུ་བྱང་ཆུབ་ཆེན་པོའི་མཆོད་རྟེན་ཅིག་བཞེངས་ནས། མཆོད་རྟེན་ནམ་མཁར་སླེབས་པའི་འོད་ཟེར་སྣ་ཚོགས་པ་འཕྲོས་པས་འཛམ་གླིང་ཐམས་ཅད་དུ་ཁྱབ་པས་མུན་པ་སེལ་ཞིང་དྲིལ་བུ་བརྒྱ་སྟོང་གིས་ཆོས་ཀྱི་སྒྲ་སྒྲོགས་པ། སེམས་ཅན་ཐམས་ཅད་ལ་དགའ་བར་བྱེད་ཅིང༌། མཆོད་རྫས་ཐམས་ཅད་ཐོགས་ནས་བསྐོར་བ་བྱེད་པ་རྨིས་སོ། །ཡུམ་གྱི་རྨི་ལམ་དུ་ཁོང་གི་ཁྱིམ་དུ་རིན་པོ་ཆེའི་གཏེར་རྡོལ་བས་སེམས་ཅན་ཐམས་ཅད་ཚིམས་པར་རྨིས་སོ། །སྲིང་མོ་རྣམས་ཀྱི་རྨི་ལམ་ལ་མར་མེ་ཅིག་བལྟམས་ནས་བོད་ཁམས་ཐམས་ཅད་གསལ་བར་བྱས་པ་དང༌། ལ་ལས་ཉི་མ་ཤར་བ་དང༌། ལ་ལས་བསྟན་པའི་བ་དན་ཅིག་འཕྱར་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་ལ་དགྱེས་པ་རྨིས་སོ། །གཅུང་པོས་དུང་ཅིག་འབུད་པའི་སྒྲས་དགའ་ལྡན་མར་བཅད་རྫོགས་ལྡན་གྱི་ཆོས་ལ་འགོད་དོ། །ཞེས་སོགས་ངོ་མཚར་དཔག་ཏུ་མེད་དོ། །དེ་ནས་ཁྱེའུ་དཀར་ལ་དྭངས་པ་ཤིན་ཏུ་མཛེས་པ་གཅིག་ལག་མཐིལ་གཉིས་ལ་པད་མ་དཀར་པོའི་རི་མོ་བཀྲ་བ། ཨུཏྤལའི་སྤྱན་འབྲས་ཅན། རྣ་བ་སྲབ་ལ་འཇམ་པ་ཐུགས་ཀར་དཔལ་བེའུ་སྲོལ་དང་ལྡན་པ་ཞིག་བལྟམས་སོ། །བལྟམས་མ་ཐག་ཏུ་ཡི་གེ་དྲུག་མའི་སྒྲས་འཛམ་གླིང་དུ་ཁྱབ་པར་གྲགས་སོ། །དེ་ནས་གནས་ཉི་ཤུ་རྩ་བཞིའི་དཔའ་བོ་དང་དཔའ་མོ་རྣམས་འདུས་ནས། ཁྱེའུའི་རྐང་པར་གཏུགས་ནས་ཕྱག་དང་བསྐོར་བ་བྱས་ནས་བཏང་ངོ༌། །དེ་ནས་ས་གཡོས་པས་འཐབ་བྲལ་མན་ཆད་འགུལ་ལྡེག་སྟེ། འདོད་གཟུགས་གཉིས་ཀྱི་ལྷ་ཀླུ་རྣམས་ཀྱིས་མེ་ཏོག་གི་ཆར་ཕབ་ཅིང༌། ནམ་མཁའ་ལ་འཇའ་འོད་སྣ་ཚོགས་དང༌། རོལ་མོའི་སྒྲ་སྣ་ཚོགས་གྲག་གོ །
དེ་ནས་དགུང་ལོ་གསུམ་ན་བླ་མ་སྐྱི་སྟེངས་པས་མཚན་ཤེས་རབ་མགོན་པོ་ཞེས་བཏགས་སོ། །དེ་བཞིན་དུ་སྐུ་ལ་རེག་པ་ཙམ་གྱིས་ཡིད་བདེ་བ་དང་ལྡན་ཞིང༌། གང་གིས་པང་དུ་བླངས་པ་ཙམ་གྱིས་འདོད་ཆགས་ཞེ་སྡང་ལ་སོགས་ཉོན་མོངས་པ་ཞི་བར་མཛད་དོ། །མཐོང་བ་ཙམ་གྱིས་མྱ་ངན་དང་ནད་ལ་སོགས་པ་ཞི་བར་མཛད་དོ། །ཐོས་པ་ཙམ་གྱིས་ཕོངས་པའི་ཉམ་ཐག་ལས་གྲོལ་བར་མཛད་དོ། །ཨ་དྲ་ཤི་ལ་བཀོད་པའི་མདོ་ལས། བཅོམ་ལྡན་འདས་ཀྱི་སྨིན་མཚམས་སུ་རྟོག་པ་ལས་བྱུང་བའི། དམྱལ་ཁམས་ཐམས་ཅད་རབ་ཏུ་འཇོམས་པའི་འོད་ཟེར་སྣ་ཚོགས་པ་འཕྲོས་ནས། མུན་ནག་ཐམས་ཅད་སངས་ཏེ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཞི་ནས། སངས་རྒྱས་ཀྱི་སྒྲ་དང༌། ཆོས་ཀྱི་སྒྲ་དང༌། དགེ་འདུན་གྱི་སྒྲས་ཁྱབ་པས། གཤིན་རྗེའི་རྒྱལ་པོ་ཡང་ཁྲི་ལས་བབ་ནས་ཕྱག་འཚལ། དེ་ནས་ཨ་ཀ་ཤི་ལས་བཅོམ་ལྡན་འདས་ལ་ཞུས་ནས། ཆོས་ཀྱི་རྒྱལ་པོས་གསོལ་པ། རྟག་ཏུ་གཟིགས་པ་སྤྱན་རས་གཟིགས། །མ་འོངས་དུས་ཀྱི་ཐ་མ་ལ། །སྙིགས་དུས་སེམས་ཅན་སྐྱོབ་པའི་ཕྱིར། །མཧཱ་སུ་རའི་བྱང་ཕྱོགས་སུ། ཁ་བ་ཅན་གྱི་ཡུལ་དབུས་ན། །གྲོང་ཁྱེར་ཆེན་པོ་ཀ་ཡོ་རི། །རྣམ་པར་གྲགས་པའི་ས་བདག་ནི། །ཡེ་ཤེས་དབང་ཕྱུག་ཡབ་སྨོས་པ། །དེ་ཡི་སྲས་སུ་བལྟམས་པར་མཐོང༌། །དེ་ལ་གང་འབྲེལ་སེམས་ཅན་ཀྱང༌། །འཕགས་པའི་གང་ཟག་ཤ་སྟག་གོ །ཞེས་སོགས་མང་དུ་གསུངས། དེ་ལ་སྲིང་མོ་ནི་རིན་ཆེན་དབྱངས། བསོད་ནམས་དབྱངས། བསོད་ནམས་ལྕམ་མོ། ཡུམ་མི་གཅིག་པའི་གཅུང་པོ་རྡོ་རྗེ་རྒྱལ་མཚན། ཆོས་རྗེ་པ་ཉིད་ཤིན་ཏུ་ཆུང་ངུ་ཉིད་དུ་མ་ཎི་དང་གཟུངས་སྔགས་ཕལ་ཆེར་འདོན་པ་ཅིག་བྱུང་ངོ༌། །ཁྱིམ་ཚེས་རྣམས་ཀྱིས་ངོ་མཚར་སྐྱེས་སོ། །
དགུང་ལོ་དྲུག་ན་བླ་མ་སྐྱི་སྟེངས་པ་ལ་འཇམ་དཔལ་དམར་པོའི་དབང་ཞུས་ནས། སྒྲུབ་པ་མཛད་ནས། འཇའ་འོད་ཀྱི་དྲྭ་བ་འཁྱིལ་བའི་དབུས་སུ་བཅོམ་ལྡན་འདས་འཇམ་དབྱངས་དམར་པོ་གཟིགས་ཤིང་པོ་ཏིའི་ཆར་འབབ་པའི་སྣང་བ་འཆར་རོ། །ཤེས་རབ་ཤིན་ཏུ་འབར་ཞིང་ཆོས་ཟུར་ཙམ་ཐོས་ནས་མཁྱེན་པར་འགྱུར་ཏོ། །གུར་ལས། འཇམ་པའི་དབྱངས་ཀྱིས་བློ་ངན་སེལ། །ཞེས་གསུངས།
དགུང་ལོ་བཅུ་ཕྲག་ལོན་པའི་ཚེ་ན་བླ་མ་བྱང་ཆུབ་སེང་གེ་ཟེར་བ་ལ་ཡང་དག་ཐུགས་བསྒྲུབ་གསན། དེ་སོགས་རྙིང་ཆོས་ཐམས་ཅད་ལ་མཁས་པར་གྲག་གོ ། གཏོར་རྫས་ལ་བསད་ཤ་བཀག་ཅིང༌། ཉེས་དམིགས་གསུང་རབ་ལས་ཚད་མ་མཛད་དོ། །སྐྱེས་རབས་ལས། འཇིག་རྟེན་དག་ན་གང་ལ་སྐྱབས་བཙལ་བ། །དེ་དག་བསད་པ་ཆོས་སུ་འགྱུར་བ་ནི། །དེ་ཡི་བསྟན་ཞུགས་སྐྱེ་བོ་ལམ་ངན་སོང༌། །ངན་སོང་མི་བདེ་དོག་པའི་ནང་ན་འཁོད། །ཅེས་སོགས་རིག་པར་མཛད་དོ། །མི་དགེ་བའི་རིགས་ཕྲ་མོ་ཙམ་ཡང་མི་མཛད། དགེ་བའི་རིགས་ཀྱི་བྱིས་པའི་ཚོགས་ལ་ཆོས་གཏམ་གྱིས་འགྱུ་བ་ཅུང་ཟད་མཛད། རབ་ཏུ་བྱུང་བ་ནི། ཡོན་ཏན་ཐམས་ཅད་ཀྱི་གཞིར་དགོངས་ནས་ཕ་མ་གཉིས་ལ་ཞུས་སོ།
།ཏིང་ངེ་འཛིན་དམ་པའི་མདོ་ལས། ཇི་ལྟར་བུམ་པ་བཟང་པོ་རིན་ཆེན་སྣོད། །དེ་བཞིན་ཚུལ་ཁྲིམས་ཆོས་ཀུན་བསྐྱེད་པའི་གཞི། །ཞེས་གསུངས་པ་ལྟར། བླ་མ་སྐྱི་སྟོན་ཚུལ་ཁྲིམས་དཔལ་ལ་དགེ་ཚུལ་གྱི་སྡོམ་པ་བླངས་ནས། མཚན་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་ཞེས་བཏགས་སོ། །འདུལ་བ་ལུང་ལས། འོད་སྲུང་རབ་ཏུ་བྱུང་ལ་ཞུས་པའི་མིང་ནི་དཔལ་གྱི་མཐའ་ཅན་དུ་གདགས་སོ། །ཞེས་གསུངས་སོ། །དེ་ནས་ཀ་རི་ཀཱ་ལ་སོགས་པ་རྒྱས་པར་གསན་ཅིང་ཐུགས་སུ་ཆུད་དོ། །
དེ་ནས་སྐྱི་སྟོན་འཇམ་དབྱངས་དང་མཇལ་ནས། ཕར་ཚད་མངོན་གསུམ། མངོན་པ་ཀུན་བཏུས་རྣམས་སློབ་གཉེར་དུས་གཅིག་ཏུ་མཛད། དེ་ཡང་བླ་མ་ནི་སྨན་པའི་འདུ་ཤེས་དང༌། ཆོས་ནི་སྨན་གྱི་འདུ་ཤེས་དང༌། ཁོ་བོ་ནད་པའི་འདུ་ཤེས་སུ་བསྟེན་པ་ཆོས་གསན་ཏོ། །སྡོང་པོ་བཀོད་པའི་མདོར། རིགས་ཀྱི་བུ། ཁྱོད་ཀྱིས་བདག་ལ་ནི་ནད་པའི་འདུ་ཤེས་བསྐྱེད་དོ། །དགེ་བའི་བཤེས་གཉེན་ནི་སྨན་པའི་འདུ་ཤེས་དང༌། རྗེས་སུ་བསྟན་པའི་ཆོས་ནི་སྨན་གྱི་འདུ་ཤེས་སུ་བསྐྱེད་པར་བྱའོ། །ཞེས་གསུངས།
དེ་ནས་དགུང་ལོ་ཉི་ཤུར་གློ་བོ་དང༌། དཔལ་ས་སྐྱར་བྱོན་ནས་མཁས་མཆོག་སྐྱི་སྟོན་གྲགས་པ་རྒྱལ་མཚན་གྱིས་དྲི་གཞུང་གང་ཟིན་ལ་ནས་ཁལ་བཅུ་གནང་བར་གསུངས་ཏེ། ཆོས་རྗེ་པས་ཕར་ཚད་མངོན་གསུམ་དུས་གཅིག་ཏུ་མཛད་ནས། མཆེད་གྲོགས་རྣམས་ན་རེ། སློབ་གཉེར་གྱི་སྣ་མང་བས་འགོ་མི་ཐོན། གཅིག་ལ་དྲིལ་བ་དྲག་ཟེར་ཡང་མ་གསན་པར། དེ་རྣམས་ཀྱི་སྟེང་དུ་སྤྱོད་འཇུག་དང༌། སངས་རྒྱས་ཐོད་པའི་རྒྱུད་དང༌། རྡོ་རྗེ་ཕྲེང་བའི་རྒྱུད་རྣམས་བསྣན་ནས་སློབ་གཉེར་དཔག་ཏུ་མེད་པར་མཛད་དོ། །དེ་ནས་ཀྱང་ནས་ཁལ་བཅོ་ལྔ་བླངས་སོ། །བླ་མ་ཡང་ཤིན་ཏུ་དགྱེས་སོ། །སྟོན་པ་ཤཱཀ་འབུམ་དང༌། བླ་མ་བདག་ཆེན་པ་ལ་རྒྱུད་སྡེ་སྤྱིའི་རྣམ་བཞག་དང༌། བརྟག་གཉིས་དང་ཚད་མ་རིགས་གཏེར་རྣམས་གསན་ཅིང༌། ཕར་ཚད་མངོན་གསུམ་གྱི་གཞུང་འགྲེལ་རྣམས་ཐུགས་སུ་ཆུད་དོ། །བླ་མ་དང་མཆེད་གྲོགས་རྣམས་ཀྱིས་ཆོས་འཆད་པའི་ཞུ་བ་ཡང་དང་ཡང་དུ་འབུལ་ཏེ་མ་གསན་ཏོ། །འཁྲུངས་ཡུལ་ནས་ཡབ་ཡུམ་གཉིས་ཀྱིས་ཚོར་ནས་བཤད་སྟོན་གྱི་ཆས་ཀ་བསྐུར་རོ། །ཡང་ཤར་པའི་བླ་མ་སེང་གེ་དཔལ་ལ་སོགས་པ་ས་སྐྱའི་མཚན་ཉིད་པ་རྣམས་ཀྱིས་གདན་དྲངས་ཏེ། དུང་དཀར་ཆ་ལྔ། འཁར་རྔ་གསུམ། ཆོས་གོས་གཅིག །རྨ་བྱའི་གདུགས་གསུམ། མཎྜལ་དང་བཅས་པ་བཤད་སྟོན་གྱི་མཆོད་པ་རྒྱ་ཆེན་པོ་བཤམས་ནས། ཕར་ཚད་མངོན་གསུམ་འདུལ་བ་ཕྲན་ཚེགས་རྣམས་དུས་གཅིག་ཏུ་བཤད་པའི་ཚེ། ནམ་མཁའ་ལ་སྒྲ་འོད་དང༌། མེ་ཏོག་གི་ཆར་བབ་བོ། །ལ་ལས་པོ་ཏིའི་གྲངས་མང་བ་འདི་འདྲ་སྔར་མ་བྱུང་ཟེར་ནས། སྐུར་བ་འདེབས་ལ་འགའ་རེ་བྱུང༌། ཕལ་ཆེར་ངོ་མཚར་བའི་གནས་སུ་གྱུར་ཏོ། །དགུན་ཆོས་ཚར་མ་ཐག་ཏུ། ཚོགས་ཁང་གི་ཤར་སྒོ་བྱང་མའི་ཆོས་ཁྲི་ལ། དབྱར་ཆོས་སུ་སྔ་དྲོ་ལ་མངོན་པ་དང་ཕར་ཕྱིན། ཇ་གྲོལ་མ་ཐག་ཏུ་རྣམ་ངེས་དང་འདུལ་བ་གཉིས་ངེས་པར་གསུངས་སོ། །བླ་བགྲེས་མི་ཆེན་ཐམས་ཅད་ཤིན་ཏུ་མི་ཕྱེད་པའི་དད་པས་འབུལ་བ་མང་དུ་བྱུང་ངོ༌། །དེ་ནས་གྲྭ་སྐོར་ལ་བྱོན་ནས་བོ་དོང་བྱ་རྒོད་གཤོང་བུར་ཇོ་བོ་ལ་གསོལ་བ་བཏབ་པས། བསྟན་པ་དང་སེམས་ཅན་ལ་ཕན་པའི་ལྟས་ཁྱད་པར་ཅན་བྱུང་ངོ༌། །དེ་ནས་ཁྲོ་ཕུར་བྱོན་ནས་བྱམས་པའི་སྐུ་དང་མཆོད་རྟེན་ལ་དར་གྱི་ཅོད་པན་དང་དུང་དཀར་སོགས་མཆོད་པ་འབུལ་ཞིང་གསོལ་བ་བཏབ་པ་ནི། བདག་ཀྱང་མ་འོངས་པའི་དུས་སུ་མཆོད་རྟེན་ཆེན་པོ་འདི་ལྟ་བུའམ་འདི་བས་ཁྱད་པར་འཕགས་པ་ཅིག་བཞེངས་པར་གྱུར་ཅིག །ཅེས་སོགས་སྨོན་ལམ་མང་དུ་མཛད་དོ། །ཤིན་ཏུ་མཁས་པའི་གྲགས་པས་ཁྱབ་བོ། །
དེ་ནས་དགུང་ལོ་ཉེར་གཉིས་ལ་ཞ་ལུར་བྱོན་ནས། མཁན་ཆེན་བསོད་ནམས་གྲགས་པས་དབུ་མཛད་པས། ཇོ་གདན་ཚོགས་པའི་དྲུང་དུ་བསྙེན་རྫོགས་མཛད། མཁན་ཆེན་པ་ལ་འདུལ་བ་མདོ་རྩ་ལ་སོགས་འདུལ་བ་ཐམས་ཅད་གསན་ཏོ། །སློབ་དཔོན་སྟོན་མཆོག་དཔལ་ལ་སྡོམ་ཚིག་བྱམས་ཆོས་ལྔ་པོ་རྣམས་གསན་ཅིང་རྣམ་བཞག་མཛད་དོ། །སེམས་ཅན་ཐམས་ཅད་ལ་ཚད་མེད་པའི་སྙིང་རྗེ་ཆེན་པོའི་མཐུས་བསད་ཤ་གསོལ་མ་མྱོང་སྐྱེ་བ་ཕྱི་མར་མི་གསོལ་བའི་སྨོན་ལམ་མཛད་དོ། །དེའི་རྒྱུ་མཚན་ནི། ལང་ཀར་གཤེགས་པའི་མདོར། ངས་ནི་ཤ་ཡང་རྣམ་པར་སྤངས། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །ཉན་ཐོས་རྣམས་ཀྱིས་སྨད་པ་དང༌། །ངོ་མི་ཚ་བར་ཟ་བ་ནི། །རྟག་ཏུ་སྨྱོན་པར་སྐྱེ་བར་འགྱུར། །ཞེས་སོགས་མདོ་རིགས་དུ་མར་གསུངས། དུས་ཀྱི་འཁོར་ལོ་རྩ་བའི་རྒྱུད་ལས། གདུལ་དཀའི་སྡིག་པ་བྱེད་རྣམས་ཀྱིས། །གནོད་བྱེད་མིན་པའི་སེམས་ཅན་བསད། །དེ་ཡི་ཤ་ནི་ཉོ་བ་དང༌། །ཟ་འདོད་ཁ་ན་མ་ཐོ་བཅས། །ཞེས་གསུངས། འཇམ་དཔལ་རྩ་རྒྱུད་ལས། གསོད་པོ་ནོར་ལ་སྲེད་པ་དག །བསྐལ་པ་འབུམ་དུ་འཚེད་པའོ། །ཟ་བོ་ཤ་ལ་སྲེད་པ་དག །བསྐལ་པ་བྱེ་བར་འཚེད་པའོ། །ཞེས་སོགས་རྒྱུ་མཚན་གཞན་ལ་ཡང་ཡང་གསུངས་སོ། །
དེ་ནས་ས་སྐྱར་བྱོན་ནས། ཀུན་སྤངས་གྲགས་པ་རྒྱལ་མཚན་ལ། ཕར་ཚད་འདུལ་གསུམ། དུས་འཁོར་རྒྱུད་འགྲེལ་ལ་སོགས་རྒྱུད་མང་དུ་གསན་ནས་ཐུགས་སུ་ཆུད་དོ། །སྐྱི་སྟོན་གྱི་དྲུང་དུ་མངོན་པ་མཛོད་རྩ་འགྲེལ། འདུལ་བའི་མདོ་ཕྲན་ལ་སོགས་འདུལ་བའི་སྐོར་དང༌། དབང་བཀའ་བསྒྲུབ་སྐོར་རྒྱུད་དང་འགྲེལ་པ་མང་པོ་གསན་ཏོ།།
དེ་ནས་རྒྱ་མ། འཕན་ཡུལ། བསམ་ཡས། གསང་ཕུ། འབྲི་གུང༌། དགའ་ལྡན། ནུབ་ཆོས་ལུང༌། བདེ་བ་ཅན་ལ་སོགས་དབུས་གཙང་གཉིས་ཀྱི་དགོན་སྡེར་གྲྭ་སྐོར་མཛད་པས། འགྲན་ཟླ་མེད་པར། བོད་ཁམས་སུ་མཁས་པར་གྲག་གོ །བླ་མ་རྡོ་རྗེ་རྒྱལ་མཚན་ལ། ཕྱག་རྒྱ་གའུ་མ་ལ་སོགས་ཕྱག་ཆེན་སྐོར་ཐམས་ཅད་དང༌། ཐེག་ཆེན་བློ་སྦྱོང་གི་ཁྲིད་རིགས། ཞུ་བྱེད་སྐོར་གསུམ་གཅོད་རིགས་ལ་སོགས་མང་དུ་གསན་ཏོ།།
དེ་ནས་ས་སྐྱར་ཕེབས་ནས་མདོ་མང་གི་ལུང་མཛད་དེ། ནམ་མཁའ་ལ་མེ་ཏོག་གི་ཆར་བབ། སྒྲ་དང་འོད་གསལ་གྱིས་ཁྱབ་བོ། །གཞན་ཡང་དབང་སྐོར་ཁྲིད་ལ་སོགས་འཆད་པས་ཆོས་ཀྱིས་དུས་འདའ་བར་མཛད་དོ། །བྱམས་པ་སེང་གེ་སྒྲའི་མདོར། སྟོང་གསུམ་འཇིག་རྟེན་ཁམས་ནི་གསེར་དག་གིས། །བཀང་སྟེ་གང་ལ་སྦྱིན་པ་བྱིན་པ་བས། །ཚིག་བཞིའི་ཚིགས་སུ་བཅད་པ་གཅིག་བརྗོད་པ། །དེ་ཡི་ཕན་འདོགས་དེ་ལྟར་འགྱུར་མ་ཡིན། །ཞེས་གསུངས། མཛོད་ལས། ཆོས་སྦྱིན་ཉོན་མོངས་ཐམས་ཅད་འཕྲོག །མདོ་སོགས་ཡང་དག་ཇི་བཞིན་སྟོན། །ཞེས་སོགས་ཕན་ཡོན་མང་དུ་གསུངས།
ཡོན་ཏན་ཡོངས་བཟུང་གི་རྒྱུད་ལས། ཚོགས་འཕེལ་བ་དང་བགེགས་ཞིའི་ཕྱིར། །ཐམས་ཅད་མཁྱེན་པའི་ལམ་ཤེས་པ། །སྔོན་དུ་བསྙེན་པ་བྱ་བ་ཡིན། །བསྙེན་པ་མེད་ན་འགྲུབ་མི་འགྱུར། །ཞེས་གསུངས་པ་ལྟར། དུས་ལུང་དགའ་ལྡན་དུ་ཀྱེ་རྡོ་རྗེ་བསྒྲུབས་པས། ཚོམ་བུ་ཐམས་ཅད་མེ་ཏོག་ཆུ་ཤོག་ཙམ་ཆ་དགུར་འགྱུར་ཏེ་ཀྱེ་རྡོ་རྗེ་ལྷ་དགུའི་ཞལ་གཟིགས་སོ། །བུམ་ཆུ་ཁོལ་བས་འཆི་མེད་བདུད་རྩིར་གྱུར་ཏོ། །དེ་སོགས་ངོ་མཚར་བའི་ལྟས་ཁྱད་པར་ཅན་མང་དུ་བྱུང་ངོ༌། །
དེ་ནས་ས་སྐྱར་བླ་མ་ཤཱཀ་འབུམ་ཚང་ལ་རྫོགས་ཆེན་གཅོད་སྐོར་མང་དུ་ཞུས། དགུང་ལོ་སུམ་ཅུའི་བར་དུ་བླ་མ་ཡོངས་འཛིན་ཁྱད་པར་ཅན་མང་པོ་ལ་བསྟེན་ནས་ཐོས་པ་མཐར་ཕྱིན་པར་མཛད་དོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། ཐོས་པས་ཆོས་རྣམས་ཤེས་པར་འགྱུར། །ཐོས་པས་སྡིག་ལས་ལྡོག་པར་འགྱུར། །ཐོས་པས་དོན་མིན་ཡོངས་སུ་སྤོངས། །ཐོས་པས་རྣམ་པར་གྲོལ་བ་ཐོས། །ཞེས་གསུངས་སོ། །སྐྱེས་རབས་ལས། ཐོས་པ་གཏི་མུག་མུན་སེལ་སྒྲོན་མེ་ཡིན། །ཐོས་པ་རྐུན་པོས་མི་ཁྱེར་ནོར་གྱི་མཆོག །ཀུན་ཏུ་རྨོངས་པའི་དགྲ་འཇོམས་མཚོན་ཆ་ཡིན། །ཐབས་ཚུལ་མན་ངག་སྟོན་པ་གྲོགས་ཀྱི་མཆོག །ཅེས་སོགས་གསུངས། ཕན་ཡོན་ནི། མདོ་ལས། ཆོས་ཉན་པའམ། ཆོས་བསྟན་པའི་རྒྱུར་ཐ་ན་གོམ་པ་ཅིག་འདོར་རམ་དབུགས་འབྱིན་ནམ་བརྔུབས་ཀྱང་རུང་སྟེ། དེ་ཡང་དམ་པའི་ཆོས་འཛིན་པར་འགྱུར་རོ། །ཞེས་གསུངས། འཕགས་པ་གྷཎྜིའི་མདོ་ལས། དམ་ཆོས་བསྟན་པའི་ས་ཕྱོགས་སུ། །རྔ་འམ་གྷཎྜི་བརྡུངས་པའི་སྒྲས། །ཐོས་པས་བྱང་ཆུབ་ཐོབ་གྱུར་ན། །ཉན་ཕྱིར་ལྷག་པ་སྨོས་ཅི་དགོས། །ཞེས་དང༌། དེ་བཞིན་གཤེགས་པ་གསང་བའི་མདོར། དམ་ཆོས་འཛིན་པའི་བསོད་ནམས་ནི། །སངས་རྒྱས་ཀུན་གྱིས་ནན་ཏན་དུ། །བསྐལ་པ་བྱེ་བར་བརྗོད་མཛད་ཀྱང༌། །མཐར་ཕྱིན་པར་ནི་འགྱུར་མ་ལགས། །ཞེས་གསུངས་པ་བཞིན་ནོ། །
དེ་ནས་དགུང་ལོ་སོ་གཅིག་ལོན་པའི་དུས་སུ་ཆུ་ཕོ་ཁྱི་ལོ་ལ་ཇོ་ནང་དཔལ་དུ་བྱོན་པའི་ནུབ་མོར། ས་སྐྱར་གྲགས་པ་རྒྱལ་མཚན་གྱི་རྨི་ལམ་དུ་སྤྱན་རས་གཟིགས་ལ་དགེ་སློང་མང་པོས་བསྐོར་ནས་ཇོ་ནང་དུ་བྱོན་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་རྨིས་སོ། །ཇོ་ནང་དུ་ཡོན་ཏན་རྒྱ་མཚོའི་རྨི་ལམ་དུ་ཡང་རིགས་ལྡན་པད་མ་དཀར་པོ་ལ་རྒྱན་དྲུག་མཆོག་གཉིས་ཀྱིས་བསྐོར་ནས་ཇོ་ནང་དུ་ཆོས་ཀྱི་རྒྱལ་མཚན་འཕྱར་བ་རྨིས་སོ། །དེ་ནས་དགེ་སློང་རིན་ཆེན་དཔལ་དང་བློ་གྲོས་དཔལ་ལ་སོགས་དགེ་སློང་བརྒྱད་དང་བྱོན་ནས། ཡོན་ཏན་རྒྱ་མཚོའི་དྲུང་དུ། དུང་དཀར་གསུམ། གསེར་སྲང་དགུ། བེར་ཐུལ་གཉིས། ཆོས་གོས་གཅིག །གསེར་སྐུ་རྣམས་ཕུལ་ནས། དུས་འཁོར་དབང་མོ་ཆེ་ཞུས་པའི་ཚེ། འཇའ་གུར་མེ་ཏོག་ལ་སོགས་ངོ་མཚར་བའི་ལྟས་སྣ་ཚོགས་བྱུང་ངོ༌། །ཕྱག་རྒྱ་ཆེན་པོ་ཐིག་ལེའི་རྒྱུད་ལས། དེ་ནས་འབད་པ་ཐམས་ཅད་ཀྱིས། །བླ་མ་ལ་ནི་དབང་དོན་ཞུས། །ཞེས་གསུངས་སོ། །དེ་ནས་རྒྱུད་འགྲེལ་དང༌། ཟབ་ཁྲིད་ཞུས། གཟིམས་ཁང་བདེ་བ་ཅན་ཕུལ་ནས། ཆོས་རྗེ་དེར་བཞུགས་ཏེ་ཐུགས་དམ་གཙོ་བོར་མཛད་དོ། །དེ་ནས་ཡོན་ཏན་རྒྱ་མཚོའི་དྲུང་དུ་སེམས་འགྲེལ་སྐོར་གསུམ་དེའི་ཆ་ལག་དང་བཅས་པ། ཁ་ཆེ་པཎ་ཆེན་གྱི་སྦྱོར་དྲུག །ཨ་བྷ་ཡའི་སྦྱོར་དྲུག །རྒ་ལོའི་སྦྱོར་དྲུག །ནཱ་རོ་པའི་སྦྱོར་དྲུག །ཤ་བ་རི་པའི་སྦྱོར་དྲུག །བྲམ་ཟེ་བསོད་ནམས་པའི་སྦྱོར་དྲུག །དཔལ་གསང་བ་འདུས་པའི་སྦྱོར་དྲུག །ཀྱེ་རྡོ་རྗེའི་སྦྱོར་དྲུག །གཉོས་ཁོང་པའི་སྦྱོར་དྲུག །ཞང་གཡུ་བྲག་པའི་སྦྱོར་དྲུག་ལ་སོགས་རྒྱ་གཞུང་གི་སྦྱོར་དྲུག་མང་པོ་ཞུས་ཤིང༌། ཉམས་རྟོགས་རང་རང་གི་ཐད་ཀར་སྐྱེས་ཤིང་ཚིག་དོན་མ་ལུས་པར་ཐུགས་སུ་ཆུད་དོ། །གཞན་ཡང༌། ཙ་མི་ལོ་ཙཱ་བའི་སྦྱོར་དྲུག །གྱི་ཇོ་ལོ་ཙཱ་བའི་སྦྱོར་དྲུག །འབྲོ་ལོ་ཙཱ་བའི་སྦྱོར་དྲུག །རྭ་ལོ་ཙཱ་བའི་སྦྱོར་དྲུག །འཇམ་དབྱངས་གསར་མའི་སྦྱོར་དྲུག་ལ་སོགས་པ་བོད་གཞུང་མང་དུ་གསན་ཏོ། །ཉམས་རྟོགས་ཐུགས་ལ་མངའ་བར་མཛད་དོ། །
དེ་ནས་འཛུམ་ཆོས་ལུང་དུ་བྱོན་ནས་འཛུམ་ཆོས་རྗེའི་དྲུང་དུ་རྫོགས་ཆེན་ནཱ་རོ་ཆོས་དྲུག་རྣམས་ཞུས་པའི་ཚེ། བདག་ཀྱང་མཇལ་བ་ལགས་ཏེ། དེའི་དུས་སུ་ཆོས་རྗེ་ལ་འོད་ཟེར་དུ་མ་འཕྲོས་པས་འོད་ཟེར་རེ་རེ་ལ་པད་མ་རེ་རེ། མེ་ཏོག་རེ་རེ། སྤྱན་རས་གཟིགས་རེ་རེ་སྤྲོ་བར་མཐོང་ནས། ཇོ་ནང་དུ་བྱོན་པའི་ཞབས་ཏོག་ཁོ་བོས་བྱས་ཏེ་སྐྱིད་ཕུག་སྟབས་སུ་བཞུགས་པའི་ཚེ། བདག་གིས་དུང་དཀར་གཅིག །འཁར་རྔ་གཅིག་དང༌། གསེར་གྱི་མཎྜལ་རྣམས་ཕུལ་ནས། ཡང་ནས་ཡང་དུ་གསོལ་བ་བཏབ་ནས། རྒྱུད་འགྲེལ་ཚར་གཅིག་གསུངས། གཞན་ཡང་རྡོ་རྗེ་ཕྲེང་བ་བྱམས་ཆོས་ལ་སོགས་མང་དུ་གསུངས་སོ། །ལོ་གཅིག་ཏུ་འབྲལ་མེད་དུ་གཟིམ་གཡོག་བྱས་སོ། །དེ་ནས་དཔྱིད་ཀར་ཡོན་ཏན་པའི་དྲུང་དུ་དུས་འཁོར་གྱི་དབང་ཞུས་པའི་ཚེ། ཆོས་རྗེ་ལ་ཡོན་ཏན་པ་ཤིན་ཏུ་མཉེས་ནས། ན་བཟའ་བེར་ཐུལ་གཅིག །ཡང་ལོང་གི་ཞྭ་སེར་གཅིག །འཁར་རྔ་ལ་སོགས་གནང་སྦྱིན་ཆེན་པོ་མཛད་དེ། ཁྱེད་ཀྱིས་དགོན་པ་འདིར་ཚོགས་པ་རྣམས་ལ་ཆོས་གསུང་བར་ཞུ་གསུངས་པས། དེ་ནས་ཆོས་རྗེས་ཡོན་ཏན་པའི་དྲུང་དུ་ཕྱག་ཕུལ་ནས་གསུངས་པ། བདག་ལ་དེ་འདྲ་འོང་བའི་ལུགས་མི་བདོག་པས། གསུངས་དེ་ལྟ་བུ་མ་བྱོན་པར་ཞུ། ཞེས་སོགས་ཞུ་བར་ནན་ཅན་ཕུལ་ཡང་མ་གསན་པའི་སྟེང་དུ། ཁོ་བོ་ལ་སོགས་ཆེ་བགྲེས་རྣམས་ཀྱིས་ཕྱག་ཕུལ་ནས། ད་ནི་ཅིས་ཀྱང་ཡོན་ཏན་པའི་བཀའ་དང་དུ་ལེན་པར་ཞུ། ཞེས་ཞུ་བ་ནན་ཅན་ཕུལ་ནས། བླ་མ་སླར་མ་མཉེས་པའི་རྒྱུར་འགྲོ་དགོངས་ནས་གང་ནུས་ཤིག་ཁས་བླང་གསུངས་ནས། ཆོས་རྗེ་ཡོན་ཏན་པ་ལ་སོགས་ཐམས་ཅད་ཤིན་ཏུ་དགྱེས་པའི་མཉེས་ཚོར་ཆེན་པོ་དཔག་ཏུ་མེད་པ་བྱུང་ངོ༌། །དེ་ནས་ཚོགས་ཆོས་ལ། སྐྱེས་རབས། སྤྱོད་འཇུག །བསླབ་བཏུས། དཀོན་བརྩེགས་ལ་སོགས་མང་དུ་གསུངས་པའི་ཚེ། ནམ་མཁའ་ལ་སྒྲ་འོད་དང༌། མེ་ཏོག་ལ་སོགས་ངོ་མཚར་ཁྱད་པར་དུ་བྱུང༌། ཆོས་ཉན་པ་རྣམས་ཀྱིས་མི་ཕྱེད་པའི་དད་པ་བརྙེས་སོ། །ཆོས་རྗེ་ཡོན་ཏན་པས་ཀྱང་ཆོས་ཀྱི་ལྷག་མ་རྣམས་གཅིག་ཀྱང་མ་ལུས་པར་གནང་ངོ༌། །
གཞན་ཡང༌། ཡོན་ཏན་པའི་དྲུང་དུ། ལམ་འབྲས་ཆ་ལག་དང་བཅས་པ། གསང་འདུས་རིམ་ལྔ། བདེ་མཆོག་རིམ་ལྔ་ལ་སོགས་ཟབ་ཆོས་ཁྲིད་རིགས་ཐམས་ཅད། ཞི་བྱེད། གཅོད་སྐོར། དུས་འཁོར་སྦྱོར་དྲུག་ལ་སོགས་མང་དུ་གསན་ཏོ། །
དེ་ནས་ས་སྐྱར་གདན་དྲངས་ནས་ཏི་ཤྲི་ཀུན་དགའ་རྒྱལ་མཚན་གྱིས་དུས་འཁོར་གྱི་དབང་ཞུས་ནས། མེ་ཏོག་གི་ཆར་ལ་སོགས་ངོ་མཚར་མང་པོ་བྱུང་ངོ༌། །སླར་ཇོ་ནང་དུ་ཕེབས་པ་དང༌། བླ་མ་རོག་བུ་ཚང་བས། རྡོར་ཕྲེང་ལ་སོགས་དཀྱིལ་འཁོར་ཞེ་བཞིའི་དབང་དང༌། དཔལ་ལྡན་རྒྱུ་སྐར་བཅུ་གཅིག་གི་དབང་ཞུས་པའི་ཚེ་ན། ནམ་མཁའ་ལ་སྒྲ་འོད་གསལ་མེ་ཏོག་གི་ཆར་བབ་བོ། །དེ་ནས་གཟིམས་ཁང་མཁའ་སྤྱོད་བདེ་ལྡན་དུ་བཞུགས་ནས། ལོ་གཅིག་ཏུ་ཐུགས་དམ་རྩེ་གཅིག་ཏུ་མཛད་དེ། སོར་བསམ་གཉིས་ལ་བརྟེན་ནས་སངས་རྒྱས་ཀྱི་སྐུ་དང་ཞིང་ཁམས་དཔག་ཏུ་མེད་པ་གཟིགས་སོ། །སྲོག་རྩོལ་དང་འཛིན་པ་གཉིས་ལ་བརྟེན་ནས་བདེ་དྲོད་འབར་བས་ཉམས་རྟོགས་ཁྱད་པར་ཅན་འཁྲུངས་སོ། །
དེ་ནས་ཆོས་རྗེ་ཡོན་ཏན་པ་ལ་སོགས་ཆེ་བགྲེས་རྣམས་ཀྱིས་རྒྱལ་ཚབ་ཏུ་བཞུགས་པའི་ཞུ་བ་ནན་ཏན་དུ་ཕུལ་ནས། ཆོས་རྗེ་ཀུན་མཁྱེན་པས་རྟེན་འབྲེལ་ཅིག་བརྟག་དགོས་གསུངས་ནས། དེའི་དཔྱིད་དུ་སློབ་དཔོན་ཟླ་བ་དང༌། མཁས་མཆོག་ཚུལ་ཁྲིམས་འོད་གཉིས་ཞབས་ཏོག་ཏུ་བྱོན་ནས། ལྷ་སར་ཇོ་ཤཱཀ་གཉིས་ལ་གསོལ་བ་ཁྱད་པར་ཅན་བཏབ་ཅིང༌། ཁྱད་པར་དུ་བཅུ་གཅིག་ཞལ་གྱི་དྲུང་དུ་མཆོད་པ་རྒྱ་ཆེན་པོ་དང༌། དར་གྱི་ཅོད་པན་མང་པོ་དང༌། དཀར་མེ་དུ་མ་དང༌། སྤོས་ཀྱི་རེང་བུ་རྣམས་ཕུལ་ནས། ཁོ་བོས་ཇོ་ནང་གི་གདན་ས་བྱས་ན་བསྟན་པ་ལ་ཕན་ནམ། སྒྲུབ་པ་མཛད་ན་བསྟན་པ་ལ་ཕན་པའི་བརྟག་པ་མཛད་ཅིང་གསོལ་བ་བཏབ་པས། དེ་ནས་ལྷ་སའི་ཕྱོགས་སུ་མེ་ཏོག་གི་ཆར་བབ་ནས། སྤྱན་རས་གཟིགས་ཀྱི་ཐུགས་ཀར་འོད་ཟེར་པད་མ་ལྟ་བུའི་ཕྲེང་བ་འཕྲོས་ནས་སྒྲ་འདི་ལྟར་གྲག་གོ ། ཚོགས་གཉིས་མཐར་ཕྱིན་དཔལ་ལྡན་ཆོས་ཀྱི་རྗེ། །མཛད་པ་མཐའ་ཡས་རྫུ་འཕྲུལ་དཔག་མེད་སྟོན། །རྒྱལ་ཚབ་འཛིན་པས་སངས་རྒྱས་བསྟན་པ་དར། །འགྲོ་ལ་ཕན་པའི་དགེ་བ་བླ་མེད་འབྱུང༌། །ཞེས་སོགས་ངོ་མཚར་བའི་ལྟས་མང་དུ་བྱུང་ངོ༌། །སློབ་དཔོན་ཟླ་བ་དང་ཚུལ་ཁྲིམས་གཉིས་ལྷག་པར་དགའོ། །དེའི་དབྱར་ལྕགས་པོ་རི་ལ་བྱོན་ནས་དྲན་པ་ཉེ་བར་བཞག་པའི་མདོ་དང༌། ཁང་བུ་བརྩེགས་པའི་ལུང་གསུངས་སོ། །དེའི་ཚེ་ནམ་མཁའ་ལ་འཇའ་འོད་སྣ་ཚོགས་པ་དང༌། ས་གཡོ་བ་དང༌། རོལ་མོའི་སྒྲ་ཡང་གྲགས་སོ། །དེའི་སྟོན་ཁར་ཇོ་ནང་དཔལ་དུ་ཕེབས་ན་ཡང༌། ནམ་མཁའ་ལ་འཇའ་འོད་སྣ་ཚོགས་དང༌། རོལ་མོའི་སྒྲ་དང༌། སྤོས་ཀྱི་དྲི་དང༌། མེ་ཏོག་སིལ་མ་བབ་ནས། ཡོན་ཏན་པའི་དྲུང་དུ་གདན་དྲངས་ནས། མཇལ་མ་ཐག་ཏུ་སྤྱན་ཆབ་རང་དབང་མེད་པར་ཤོར་ཏེ། བླ་མའི་བྱིན་རླབས་ཆེན་པོ་ཐུགས་ལ་འཇུག་པ་ཉིད་དོ། །ཐོས་བསམ་སྒོམ་གསུམ་གྱི་མཛད་པས་དུས་འདའ་བར་སྟོན་ཏོ། །སྔར་ཡོན་ཏན་པ་ལ་ཆོས་རྗེ་ཀུན་སྤངས་ཆེན་པོས་འདི་སྐད་གསུངས། ངའི་རི་ཁྲོད་འདིར་བུ་བས་ཚ་བོ་བཟང༌། ཚ་བོ་བས་ཀྱང་ཡང་ཚ་བཟང་བར་འོང༌། མ་འོངས་པ་ན་བཟང་ལྡན་གོང་མར་ཆོས་འཆད། བཟང་ལྡན་འོག་མར་མཆོད་རྟེན་ཆེན་པོ་བཞེངས་ཞེས་གསུངས་པ་དེ་ཉིད་འདི་ཡིན་སྙམ་ནས། ཆོས་རྗེ་ཀུན་མཁྱེན་པ་བླ་བྲང་དུ་གདན་དྲངས་ནས། གནང་སྦྱིན་ཆེན་པོ་མཛད་ནས། ད་ཁྱོད་བླ་བྲང་འདིར་རྟག་ཏུ་བཞུགས་ལ། ངའི་རྒྱལ་ཚབ་ཏུ་བཞུགས་པའི་དུས་ལ་བབ་ཀྱི་བཞུགས་དགོས་པས་ཐུགས་ལ་འདོགས་པར་ཞུ་སྟེ། བླ་མ་སྐྱི་སྟོན་ཚུལ་ཁྲིམས་ཀྱིས་ཀྱང་གསུང་ནན་ཏན་དུ་བྱོན་ཞིང་བདག་གིས་ཀྱང་ཕྱག་རྟེན་ཆེན་པོ་ཕུལ་ནས་ཞུ་བ་ནན་ཅན་ཞུ། དེ་ནས་གདན་སར་བཞུགས་པ་ཞལ་གྱིས་བཞེས་པའི་དུས་སུ། ཀླུ་དང་ལྷ་བྲན་རྣམས་དགའ་ནས་མེ་ཏོག་སིལ་མ་ཕབ་བོ། །ས་གཡོས་ནས་སྒྲ་དང་འོད་གསལ་གྱིས་ས་སྟེང་ཐམས་ཅད་ཁྱབ་བོ། །དགུང་ལོ་སོ་ལྔ་བཞེས་པའི་མེ་ཕོ་སྟག་གི་ལོའི་སྟོན་ཁར་རྒྱལ་ཚབ་ཏུ་བཞུགས་སོ། །ཀུན་སྤངས་པ་ནས་ཆོས་རྗེ་ཡོན་ཏན་པའི་བར་གྱི། ལྷ་རྟེན། མཆོད་ཆ། ཕྱག་དཔེ། རྡོ་རྗེ་དྲིལ་བུ། རུས་རྒྱན། ཀ་པཱ་ལ། དར་གདུགས་ཁྱད་འཕགས་དྲུག །ན་བཟའ་ལ་སོགས་ཐམས་ཅད་ཤིན་ཏུ་དགྱེས་བཞིན་དུ་ཕྱག་ཏུ་ཕུལ་ལོ། །སླར་ཡང་བླ་མ་གྲོགས་པོ་ཡོན་བདག་རྣམས་ཀྱིས་འབུལ་བ་མང་དུ་ཕུལ་ལོ། །དེའི་དབྱར་དགུན་གཉིས་ལ་མཚམས་དམ་དུ་བཅད་ནས་མཉམ་བཞག་ལ་རྩེ་གཅིག་ཏུ་བཞུགས་སོ། །
དེ་ནས་ཆོས་རྗེ་ཡོན་ཏན་པས་ཆོས་སྟོན་པའི་གསུངས་བྱོན་ནས། སྟོན་དཔྱིད་གཉིས་སུ་ངེས་དོན་མདོ་བཅུ། བྱམས་ཆོས་དང་འབྲེལ་བའི་ཆོས་སྡེ་ཉི་ཤུ། འཕགས་པ་ཀླུ་སྒྲུབ་ཀྱི་རིགས་ཚོགས་བསྟོད་ཚོགས་གཏམ་ཚོགས་རྣམས་རྒྱུད་འགྲེལ་དང་མཐུན་པར་གསུངས་སོ། །དཔྱིད་དུས་སུ་དབང་དཀའ། བསྒྲུབ་དཀའ། ཁྲིད་དཀའ། སྣ་ཚོགས་གསུངས། དེའི་ཚེ་ན་ངོ་མཚར་བའི་ལྟས་སྣ་ཚོགས་བྱུང་ངོ༌། །
ཐུགས་དམ་གྱི་ངང་ནས་ཕྱོགས་རིས་མེད་པའི་གདུལ་བྱ་དཔག་ཏུ་མེད་པ་བསྐྱང་ཞིང༌། ཆོས་རྗེ་ཡོན་ཏན་པ་ཞི་བར་གཤེགས་པའི་ཐུགས་རྗེས་ཉེ་བར་བསྐུལ་ནས། སྦྲུལ་ལོའི་དཔྱིད་ཁར་བཟང་ལྡན་གོང་མར་མཆོད་རྟེན་བརྩིག་ཆས་ཀྱི་སྲོག་ཤིང་ལ་གཟུངས་སྔགས་དང་སྨན་སྣ་འབྲུ་མར་སྦྲང་རྩིས་བྱུག་པ་རྣམས་དང༌། ས་རྡོ་རྣམས་བསགས་ཏེ། དེའི་དབྱར་ཁྲིད་བཙུགས་ནས་ཐམས་ཅད་ཐུགས་དམ་ལ་རྩེ་གཅིག་ཏུ་བཞུགས་སོ། །དེའི་དུས་སུ་ཨོ་རྒྱན་པད་མ་བྱོན་ནས་ཐུགས་ཀར་འོད་ཟེར་ཟླ་བ་ལྟ་བུ་བྱུང་ནས་ཇོ་ནང་གི་གནས་ཐམས་ཅད་སྣང་བར་བྱས་སོ། །དེ་ནས་འདི་སྐད་ཅེས་གསུངས་སོ། །སྔོན་གྱི་འཕེན་པས་ཚོགས་གཉིས་རྒྱ་མཚོ་འཁྱིལ། །བཟང་ལྡན་འོག་མའི་ས་གཞི་པད་མ་རྒྱས། །ཕྱི་རབས་ལྷ་མིའི་ཚོགས་ཆེན་རྫོགས་པར་འགྱུར། །རྟེན་མཆོག་ཡིད་བཞིན་ནོར་བུ་ལེགས་པར་འགྲུབ། །ཅེས་གསུངས་ནས། ཆོས་རྗེའི་བྱིན་བརླབས་མཛད་དོ། །དེ་ནས་རྒྱལ་ཆེན་སྡེ་བཞིས་བཟང་ལྡན་གོང་མར་སྲོག་ཤིང་བཙུགས་པ་དེ། ནམ་མཁའ་ལ་མདའ་འཕངས་པ་བཞིན་དུ་ཐོན་ནས། སྒྲ་དང་བཅས་པར་བཟང་ལྡན་འོག་མའི་བྱེ་ཐང་དུ་བཙུགས་སོ། །དེ་ནས་མཚམས་བཀྲོལ་ནས་ཐམས་ཅད་ཀྱིས་སྲོག་ཤིང་བཙུགས་སར་བཞེངས་དགོས་བྱས་སོ། །དེའི་སྟོན་ཁར་དབང་རིགས་མང་པོ་དང༌། ཁྲིད་དུ་མ་རྣམས་གསུངས་སོ། །དེའི་དགུན་ཐུགས་དམ་ལ་བཞུགས་སོ། །
སོས་ཀར་ཐུགས་དམ་བཀྲོལ་བའི་དུས་སུ། རྟ་ལོ་ཟླ་བ་གསུམ་པའི་ཚེས་གསུམ་ལ་བཟང་ལྡན་འོག་མར་སྔར་སྲོག་ཤིང་བཙུགས་སར་ས་ཆོག་མཛད་པའི་ཉིན་པར། ཆོས་རྗེ་དུས་ཀྱི་འཁོར་ལོར་གྱུར་ཏོ། །ས་ཆེན་པོ་གཡོས་ཏེ། ཡངས་པ་ཅན་གྱི་གྲོང་ཁྱེར་དུ་འཇུག་པའི་མདོར། བྱང་ཆུབ་སྙིང་པོར་གཤེགས་པ་ན། །ས་དག་དྲུག་གི་རྣམ་གཡོས་ཤིང༌། །བདུད་ཡིད་མི་བདེར་གྱུར་པ་དེས། །ཁྱོད་ལ་བདེ་ལེགས་མཛད་པར་འགྱུར། །ཞེས་གསུངས་སོ། །ནམ་མཁའ་ཡོངས་སུ་དག་པའི་དཀྱིལ་དུ་འཇའ་ཚོན་སྣ་ཚོགས་དང༌། ཁྱད་པར་དུ་འཇའ་འོད་འཁྱིལ་བའི་དབུས་སུ་དཔལ་རྟ་མགྲིན་ཆེན་པོའི་ཞལ་གཟིགས།
དེ་ནས་བཟང་ལྡན་འོག་མར་ས་བཀྲ་ཤིས་འཁྱིལ་བའི་ཚུལ་དུ་གས་པའི་ལྟེ་བར་སའི་ལྷ་མོ་ཀ་ཤི་ཀའི་མེ་ཏོག་གི་མདོག་ཅན། དྷ་ནུ་སྐ་རའི་ཕྲེང་བ་དང་བུམ་པ་ཐོགས་ནས་སྨྲས་པ། པད་མ་འདབ་བརྒྱད་རྒྱས་པའི་ས་གཞི་འདི། །འགྲོ་ཀུན་ཐར་པའི་དཔལ་ལ་བགྲོད་པའི་ཕྱིར། །རྟེན་མཆོག་ཡིད་བཞིན་ནོར་བུའི་ཆ་རྐྱེན་ལ། །ཁོ་མོས་དད་པས་ཕུལ་ལགས་བཞེས་སུ་གསོལ། །ཞེས་དང༌།
ཡང་དེ་མ་ཐག་ཏུ་ཅན་ལུང་བྲག་དཀར་ལ་གྲུབ་ཆུ་རྡོལ་བའི་དཀྱིལ་དུ། ཀླུའི་རྒྱལ་པོ་སངས་རྒྱས་བཅོམ་ལྡན་འདས་བྱུ་རུའི་མདོག་ལྟ་བུ། པར་ཤི་ཀའི་མེ་ཏོག་དང་འཁོར་ལོ་འཛིན་པར་ཐོན་ནས་སྨྲས་པ། དྲི་མེད་བསིལ་ཆུ་ཡིད་འོང་དམ་པ་འདི། །ནད་ཀུན་མ་ལུས་འཇོམས་བྱེད་བདུད་རྩིའི་མཆོག །རྟེན་མཆོག་འདི་ཡི་ཆ་རྐྱེན་བདག་ཕུལ་ནས། །ནད་མེད་རྡོ་རྗེ་ལྟ་བུའི་སྐུ་ཐོབ་ཤོག །ཅེས་དང༌།
ཡང་ཐུགས་དམ་བུམ་པའི་གོང་ནས་སྤྲིན་ལངས་ནས་ལྟེ་བར་ཞིང་སྐྱོང་ཀྵེ་ཊ་པཱ་ལ་བྷུ་དྷ་རི་ཀའི་མེ་ཏོག་ལྟ་བུ་དུང་གི་ཐོར་ཚུགས་ཅན། སུམ་པ་ཀའི་ལྷུང་བཟེད་དང་བ་དན་ཐོགས་ནས་སྨྲས་པ། རྡོ་བཟང་སྲ་བརྟན་འཇམ་པའི་གཏེར་ཆེན་འདི། །སྐུ་འབུམ་རིངས་པར་ལྡང་བའི་ཆ་རྐྱེན་ཕུལ། །འགྲོ་ཀུན་ངན་འགྲོའི་སྡུག་བསྔལ་ལས་བཏོན་ནས། །མཐོ་རིས་རྣམ་དག་མཆོག་ལ་འགོད་པར་ཤོག །ཅེས་དང༌།
དེ་ནས་རོ་སྐམ་མདའ་ནས་ལྷ་མོ་འོད་འཆང་མ་ཞེས་བྱ་བ་མར་གད་ཀྱི་མདོག་ཅན་ཤིང་བསིལ་བའི་གོས་སུ་གྱོན་པ་ཀ་ཏ་རའི་མེ་ཏོག་དང་རོལ་བ་འཛིན་པས། ཤིང་ཤུག་པའི་ཁྱད་པར་ཅན་དྲི་བཟང་པོ་དང་ལྡན་པའི་ཙན་དན་གྱི་གཏེར་ཕུལ་ནས་སྨྲས་པ། དྲི་བཟང་བདེ་བའི་རོ་མཆོག་ཤིང་གི་གཏེར། །མགོན་པོའི་རྟེན་ལ་དགོས་ཕྱིར་བཞེས་སུ་གསོལ། །འགྲོ་ཀུན་སྡུག་བསྔལ་རྒྱ་མཚོ་ལས་བསྒྲལ་ནས། །བདེ་ཆེན་རྣམ་དག་ཡེ་ཤེས་སྐུ་ཐོབ་ཤོག །ཅེས་དང༌།
རྫ་མཆོག་གི་གོང་དུ་སྤྲིན་ཤུགས་འཇའ་འོད་འཁྱིལ་བའི་གསེབ་ཏུ་ཇོ་མོ་ནགས་རྒྱལ་ཞེས་བྱ་བ་ལུག་ནག་ཞོན་པ། དར་སྣ་ཚོགས་དང་མུ་ཏིག་དམར་པོའི་ཕྲེང་བས་བརྒྱན་པ། དྲིལ་བུ་དང་དུང་དཀར་འཛིན་པས་སྨྲས་པ། བསོད་ནམས་དཔལ་འབྱོར་རྒྱ་མཚོ་འབྱུང་བའི་གནས། །དྲིལ་བུའི་ཕྲེང་བས་སྙན་པའི་ཆོས་སྒྲ་སྒྲོགས། །རྟེན་མཆོག་དེ་ཡི་ཆ་རྐྱེན་མཆོད་པའི་རྫས། །འགྲོ་བ་ཀུན་ལ་ཕན་ཕྱིར་བཞེས་སུ་གསོལ། །ཞེས་དང༌།
ནམ་མཁའ་ལ་ལྷ་བྲན་མང་པོས་མེ་ཏོག་གི་ཆར་ཕབ། ལྷ་ཀླུས་མཐུན་རྐྱེན་སྦྱར་ནས། མཆོད་རྟེན་གྱི་ཐིག་ཚད་བརྐྱངས་བས་དྲུང་ན་ཡོད་པ་ཀུན་གྱི་བློར་མ་ཤོར་བར། གཟིམས་ཁང་ན་ཆ་རྐྱེན་ཅང་མི་འདུག་པས། འདི་ཙམ་མི་འགྲུབ་ཞུས་པས། ཆོས་རྗེས་ཆ་རྐྱེན་མེད་ཀྱང་བླ་མ་དཀོན་མཆོག་ལ་གསོལ་བ་བཏབ་ན་གང་འདོད་འོང་གིས། ཁྱེད་རྣམས་མ་འཇིགས་པར་ངས་ཅི་ཟེར་ལ་ཉོན་ཅིག་གསུངས་སོ། །
དེ་ནས་ཁོ་བོ་ཡང་ས་སྐྱའི་ཤར་གླིང་ནས་ཇོ་ནང་དུ་ཕྱིན་ནས། གསེར་སྲང་དགུ། ནས་ཁལ་བཅུ་གསུམ་ཕུལ། བུ་སློབ་མི་ཆེན་རྣམས་ཀྱིས་གྲོས་བྱས་ནས། དེ་ཙམ་ཆེ་བ་ནི་མི་འོང་གི་མཐར་གཞན་གྱིས་འཕྱ་བའི་གཞིར་འགྲོ་སྟེ། དེ་བས་མཆོད་རྟེན་རྨང་གི་ཕྱོགས་རེ་ལ་གོམ་པ་སོ་དྲུག་རེ་ཡོད་པ་ཅིག་བྱ་དགོས་ཞེས་ནང་དུ་བཀའ་གྲོས་བྱས་པ། ཆོས་རྗེ་ལ་ཞུས་པས། སྙིང་རྗེ་ཚད་མེད་པ་སྐྱེས་ནས་སྤྱན་ཆབ་བབ་ནས། ངས་གཟོད་བསྟན་གྱིས་གསུངས་སོ། །ཕལ་ཆེར་གྱིས་དངོས་པོ་དེ་ཙམ་དགེ་འདུན་པ་ལ་བསྙེན་བཀུར་བྱས་ན་བསོད་ནམས་ཆེ་ཟེར་ནས། ཆོས་རྗེས་གསུངས་པ། ངས་མཆོད་རྟེན་བཞེངས་པའི་ཆ་རྐྱེན་དུ། གསེར་ཞོ་གང༌། ནས་ཁལ་གསུམ་དང་ཁལ་ཕྱེད། དར་ཁ་བཅུ་གཅིག །གོས་ཆེན་ཁ་གསུམ་དེ་ལས་ཅང་མི་འདུག །དེ་འདྲ་ཅིག་གིས་དགེ་འདུན་གྱི་བསྙེན་བཀུར་དང་སྐྱེ་བོའི་སྦྱིན་གཏོང་ཅི་འགྲུབ། གལ་ཏེ་འགྲུབ་ཀྱང་དེ་བས་མཆོད་རྟེན་ལ་ཕུལ་ནས་བསོད་ནམས་བརྒྱ་འགྱུར་ཁྲི་འགྱུར་དུ་ཆེ་བར་གསུངས་སོ། །གསུང་རབ་ལས་གསུངས། འཕགས་པ་རྨད་དུ་བྱུང་བའི་མདོ་ལས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་རིན་པོ་ཆེ་སྣ་བདུན་གྱི་ཕུང་པོས་གང་བ་རྣམས། འཕགས་པའི་དགེ་འདུན་དང་ཕྱོགས་བཅུའི་དགེ་འདུན་ལ་ཕུལ་བ་བས། འཇིམ་བག་ལས་སངས་རྒྱས་ཀྱི་མཆོད་རྟེན་སྐྱུ་རུ་ར་ཙམ། སྲོག་ཤིང་ཁབ་ཙམ། གདུགས་རྒྱ་ཤུག་གི་ལོ་མ་ཙམ་ཞིག་བཞེངས་ན་བསོད་ནམས་ཆེ་བར་གསུངས་སོ། །འཕགས་པ་དགྲ་བཅོམ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོར། གླིང་བཞི་གང་བའི་འཕགས་པ་རྣམས་ཇི་སྲིད་མཚོའི་བར་དུ་དགེ་བའི་ཡོ་བྱད་ཀྱིས་མཆོད་པ་བྱེད་པ་བས། སངས་རྒྱས་ཀྱི་རིང་བསྲེལ་ཡུངས་འབྲུ་ཙམ་བཅུག་པའི་མཆོད་རྟེན་ནས་འབྲུ་ཙམ། བུམ་པ་སྐྱུ་རུ་ར་ཙམ། སྲོག་ཤིང་ཁབ་ཙམ། གདུགས་བ་ཀུ་ལའི་ལོ་མ་ཙམ་བཞེངས་སམ། སྐུ་གཟུགས་ཚོན་གང་ཙམ་བཞེངས་ན་བསོད་ནམས་ཆེས་མང་དུ་གསུངས་སོ། །གཞན་ཡང༌། དམ་ཆོས་པད་མ་དཀར་པོ། སྙིང་རྗེ་པད་མ་དཀར་པོ། ལས་རྣམ་འབྱེད་ཀྱི་མདོ། རྒྱ་ཆེར་རོལ་པ། འཕགས་པ་ཁང་བུ་བརྩེགས་པ། གསལ་རྒྱལ་གྱིས་ཞུས་པའི་མདོ། དགེ་བའི་རྩ་བ་ཡོངས་སུ་འཛིན་པ། དཀོན་མཆོག་ཏ་ལ་ལ། རྣམ་སྣང་རྒྱལ་བའི་གཟུངས། ལས་ཀྱི་སྒྲིབ་པ་རྒྱུན་གཅོད་པའི་གཟུངས། གཙུག་ཏོར་དྲི་མེད་དང༌། གཙུག་ཏོར་རྣམ་རྒྱལ། འཇམ་དཔལ་རྩ་བའི་རྟོག་པ། གསང་འདུས། བདེ་མཆོག །སྡོམ་བྱུང༌། དཔལ་དུས་ཀྱི་འཁོར་ལོ་ལ་སོགས་མདོ་རྒྱུད་དཔག་ཏུ་མེད་པར་ལུང་སྦྱོར་མཛད་ནས་སྐུ་གཟུགས་མཆོད་རྟེན་བཞེངས་པའི་ཕན་ཡོན་ནི། ཚད་མེད་པ་གཞལ་དུ་མེད་པར་གསུངས། མདོ་རྒྱུད་ལྟར་ན། དུད་འགྲོ་ལ་བྱིན་པ་བས་སོ་སོ་སྐྱེ་བོའི་ཕལ་པ་ལ་བྱིན་ན་བསོད་ནམས་ཆེ་གསུངས། དེ་བས་སོ་སོའི་སྐྱེས་བུའི་དགེ་འདུན་ལ་བསོད་ནམས་ཆེ། དེ་བས་འཕགས་པའི་དགེ་འདུན་ལ་ཆེ་གསུངས། དེ་བས་སྐུ་གཟུགས་དང་མཆོད་རྟེན་ལ་བཏགས་ན་དོན་ཤིན་ཏུ་ཆེ་བར་གསུངས་པས་དེ་སོམས་མཛོད། ཅེས་གསུངས། སྔར་གྱི་ཐིག་ཚད་ལས་ཕྱོགས་རེ་རེ་ལ་འདོམ་རེ་རེ་བསྐྱེད་ནས། ངས་དང་པོ་གྲྭ་སྐོར་གྱི་དུས་སུ། ཁྲོ་ཕུ་ལོ་ཙཱ་བའི་མཆོད་རྟེན་མཐོང་ནས་ལྷག་པར་དད་པའི་ཤུགས་ཀྱིས་སྨོན་ལམ་མང་པོ་བཏབ། མདོ་རྒྱུད་མང་པོ་ལས། སྐུ་གཟུགས་དང་མཆོད་རྟེན་གྱི་རྒྱ་དཔངས་ཚད་ཅན་བཞེངས་ནས་ཚོགས་རྫོགས་པའི་ལུང་མང་དུ་མཐོང༌། ཡིན་ལུགས་སུ་ཏིང་ངེ་འཛིན་བསྒྲུབས་པའི་དགེ་བའི་རྩ་བ་ཁྱད་པར་འཕགས་ཏེ། དེ་ལྟ་བུའི་གང་ཟག་ནི་ཉུང༌། སེམས་ཅན་སྤྱིའི་གནས་ལུགས་ལ་བསམ་ན་སྙིང་རྗེ་ཚད་མེད་པ་སྐྱེ། མཆོད་རྟེན་འདི་གང་གིས་མཐོང་ཐོས་རེག་པ་ཙམ་གྱིས་གྲོལ་བ་དང༌། ཐར་པའི་ས་བོན་ཐེབས་པ་དང༌། གཞན་དོན་རྒྱ་ཆེན་པོ་འབྱུང་བར་གདོན་མི་ཟ། ལོག་སྒྲུབ་ཅན་རྣམས་ཕྱིས་ནི་འགྱོད་པར་གྱུར་ཏ་རེ། ཞེས་སོགས་ཞལ་ཏ་ཁྱད་པར་ཅན་མང་དུ་མཛད་ཅིང༌། བླ་མ་དང་དཀོན་མཆོག་ལ་གསོལ་བ་བཏབ་པས། ཕྱོགས་སོ་སོ་ནས་དགེ་བ་ལ་བག་ཆགས་སད་པའི་བུ་སློབ་ཡོན་བདག་མང་པོས། མི་ཕྱེད་པའི་དད་པ་དང༌། མི་ཟད་པའི་འབྱོར་བ་དང༌། མི་ཆུང་བའི་བློ་སྟོབས་བསྐྱེད་དེ། གསེར་དངུལ་ཟངས་ལྕགས་དར་ཟབ་ནས་བུ་རམ་ཇ་མར་ཐུད་ནོར་ཁྲབ་ཤིང་ལ་སོགས་འུར་ལངས་སུ་བསྡུའོ། །བྱའི་མཐིལ་ནས་བཞུགས་པའི་སློབ་དཔོན་ཟླ་བ་ལ་སོགས་དང༌། ཞབས་རྡོའི་རི་ཁྲོད་དུ་བཞུགས་པ་ཐམས་ཅད་བྱོན་ནས་གོ་ཆ་བསྐྱེད་དོ། །དེ་ནས་ཁྲིའི་ཕྱོགས་རེ་ལ་ཁྲུ་ཉིས་བརྒྱ་བཅོ་ལྔའི་རྩིག་པ་བཏིང་ནས། ཐམས་ཅད་ཀྱིས་འདི་ཙམ་འགྲུབ་པ་གཤིས་ལ་མི་སྲིད་ཟེར་རོ། །ལ་ལས་དངོས་སུ་གྲོས་འདེབས། ལ་ལས་སྐུར་བ་བྱེད། ལ་ལས་འདི་འགྲུབ་ན་སངས་རྒྱས་ཡིན་ཟེར་ནས། ཀུན་གྱི་མཐོང་སྣང་དུ་ཆོས་རྗེའི་སྤྲུལ་པ་དུས་གཅིག་ཏུ་འབུམ་ཕྲག་དུ་མ་བཀོད་ནས། ལས་ཀ་བཙུགས་ཏེ། ལ་ལས་རྡོ་བླངས། ལ་ལས་ཆུ་ལེན། ལ་ལས་འདམ་བསྒྱུར་ནས། བུ་སློབ་ཡོན་བདག་གིས་ཡིད་ཆེས་ནས། རྩིག་རོགས་བྱས་ནས་འུར་ལངས་སུ་སེང་ཁྲི་ཚར་རོ། །ཕྱོགས་སོ་སོ་ནས་མི་མང་པོ་དང༌། དཀོན་མཆོག་འབུམ་དང༌། བྲ་བརྟན་དང༌། དཔོན་ལེགས་ལ་སོགས་ཤིང་བཟོ་མཁས་པ་བཅུ་དྲུག་རྣམས་འདུས་སོ། །ཤེས་རབ་འོད་ཟེར་ལ་སོགས་རྩིག་མཁན་དཔག་ཏུ་མེད་པ་འདུས་སོ། །དེའི་སྟེང་དུ་ཁྲིའི་ཕྱོགས་རེ་ལ་ཁྲུ་བརྒྱ་དང་བརྒྱད་ཅུ་རྩ་གཉིས་ཏེ། དེའི་སྟེང་དུ་ཉི་གདན་ཟླུམ་པོའི་མཐའ་སྐོར་དུ་ཁྲུ་བརྒྱ་དང་དགུ་བཅུ་རྩ་གཉིས། དེའི་སྟེང་དུ་ཟླ་གདན་གྱི་མཐའ་སྐོར་དུ་ཁྲུ་ལྔ་བརྒྱ་དང་ཉི་ཤུ་རྩ་བརྒྱད། རྨང་ནས་གསེར་ཐོག་གི་བར་གྱི་དཔངས་ལ་ཁྲུ་ཉིས་བརྒྱ་བཅོ་ལྔ་ཡོད་པ་ཉིན་མོར་ལྷ་མིས་བརྩིགས་སོ། །མཚན་མོར་ཀླུ་རྣམས་ཀྱིས་བཞེངས་སོ། །ལས་མི་རྣམས་ཀྱི་བསྒོམ་ཉམས་འཕེལ་བ་བྱུང་ངོ༌། །དུས་རེ་ཞིག་ནས་ནག་པོའི་ཕྱོགས་རྣམས་གྲོག་སྦུར་དུ་སྤྲུལ་ནས་ལས་མ་སྟེར་བས། ཆོས་རྗེ་ལ་ཞུས་ནས་ལྗགས་མཆིལ་བཏབ་ཅིང་སེ་གོལ་ཏོག་ཏོག་མཛད་པས། དེ་མ་ཐག་ཞི་བར་མཛད་ནས་ཐམས་ཅད་ཤིན་ཏུ་མོས་པར་གྱུར་ཏོ། །
དེ་ནས་གླང་མཚོ་ལ་གནས་པའི་ཀླུ་རྒྱལ་ནོར་བུ་རྒྱས་པ་ཞེས་བྱ་བ་མན་དྷུ་ཛི་པ་ཀའི་མེ་ཏོག་དང་རྒྱལ་མཚན་ཐོགས་ནས་ཆོས་རྗེའི་མདུན་དུ་ཕྱིན་ཏེ་སྨྲས་པ། བདག་གི་གནས་སུ་གསེར་ཕྱེ་གང་བའི་གཏེར། །སྐྱོགས་གང་མཆོད་རྟེན་ཆེན་པོའི་ཆ་རྐྱེན་ལ། །ཕུལ་ལགས་བདག་ཅག་རྟེན་འདི་བསྐལ་པའི་བར། །འབྱུང་བཞིའི་འཇིགས་ལས་ཡོངས་སུ་བསྐྱབ་པར་བགྱི། །ཞེས་སྤྲིན་ཆེན་པོའི་མདོ་ཚར་ཅིག་ཉན་ཏོ། །
དེའི་སྔ་དྲོ་ཆོས་རྗེས་དངོས་གྲུབ་དཔལ་ལ་སྐྱོགས་ཉ་རྔ་མ་ཀླུ་ཁོ་རང་གིས་ཕུལ་བ་གཏད་ནས་གླང་མཚོར་བཏང་སྟེ་ཕྱིན་ནས། མཚོའི་འགྲམ་དུ་འཛམ་བུ་ཆུ་བོའི་གསེར་ཕྱེ་གྲམ་བུར་བདལ་བ་སྣང་ནས། སྐྱོགས་ཀྱི་ཁ་མ་ཆོད་པར་སྤུངས་ནས་སྦྲུལ་དཀར་པོ་ཞིག་འོང་སྟེ་ཁ་ཆོད་པར་བྱེད་དོ། །
དེའི་དུས་སུ་ཇཽ་གདན་རྒྱལ་བ་བྱང་སེམས་ཞེས་བྱ་བ་དགྲ་བཅོམ་པ་ལྟ་བུ་ཅིག་གིས། མཆོད་རྟེན་བཞེངས་པའི་རྩིག་བཟོ་བ། ཤིང་བཟོ་བ། ལྕགས་མགར་བ། ཟངས་མགར་བ། བླུག་མཁན་པ། ལྷ་བཟོ་ལ་སོགས་ཕྱི་རོལ་ཏུ་བཟོ་བོ་རེ་རེའི་དྲུང་དུ་ཞལ་ཏ་མཛད་པའི་ཆོས་རྗེ་རེ་རེ་དང༌། ལ་ལར་ཚོགས་ཁང་དུ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། ནང་དུ་བལྟས་ནས་ཏིང་ངེ་འཛིན་དུ་བཞུགས་པར་དུས་གཅིག་ཏུ་མཐོང་ངོ༌། །སྐུའི་བཀོད་པ་དཔག་ཏུ་མེད་པ་དུས་མཉམ་དུ་སྤྲུལ་ལོ། །རྒྱུད་ལས། བག་ཆགས་སྟོབས་ཀྱིས་འཁོར་ལོར་གནས་པ་གཅིག་ནི་དུ་མར་མཐོང་སྟེ་སྨོན་ལམ་གྱི་ཡོན་ཏན་དབང་གིས་སོ། །ཞེས་གསུངས་པ་ལྟར་མཐོང་ནས། ལས་མི་རྣམས་དང༌། བུ་སློབ་ཐམས་ཅད་ཨེ་མ་འདི་ནི་སྤྲུལ་པའི་སྐུ་ཞེས་སོགས་ཕན་ཚུན་སྨྲས་སོ། །
དེ་ནས་སྲོག་ཤིང་ནི། ཨ་ཀ་རུ་ནག་པོའི་སྲོག་ཤིང་གཅིག །ཙན་དན་དཀར་དམར་གཉིས་གཙོར་བྱས་པའི་སྲོག་ཤིང་སུམ་ཅུ་རྩ་བདུན་གྱི་ནང་དུ། དེ་བཞིན་གཤེགས་པ་འོད་སྲུང་དང་ཤཱཀྱ་ཐུབ་པའི་གཙོར་བྱས་པའི་རིང་བསྲེལ་བརྒྱ་དང་དྲུག་ལྷག་པ་བཅུག་གོ །ཡང་ཕྱོགས་ཕྱོགས་ནས་རྟེན་བྱིན་རླབས་ཅན་མང་པོ་དང༌། གཏེར་ཆེན་པོ་ལ་སོགས་བཀྲ་ཤིས་ཀྱི་མཆོད་རྫས་ཁྱད་པར་ཅན་མང་པོས་ཉེ་བར་སྤྲས་སོ། །དེ་ནས་སྲོག་ཤིང་བཙུགས་པའི་དུས་སུ། ལ་ལའི་མཐོང་སྣང་དུ། ཨོ་རྒྱན་པད་མས་བཙུགས་པར་གཟིགས་སོ། །འགའ་ཞིག་གིས་རྒྱལ་ཆེན་སྡེ་བཞིས་བཙུགས་པར་གཟིགས་སོ། །བཙུགས་མ་ཐག་ཏུ་སྲོག་ཤིང་ལས་འོད་ཟེར་སྣ་ཚོགས་འཕྲོས་པས་འཛམ་གླིང་དུ་ཁྱབ་པར་མཛད་དོ། །ནམ་མཁའ་ལ་སྒྲ་འདི་ལྟར་གྲགས་སོ། །དགེ་བའི་སྲོག་ཤིང་བཙུགས་སོ་ཨཱ་ལ་ལ། །བསྟན་པའི་སྲོག་ཤིང་བཙུགས་སོ་ཨཱ་ལ་ལ། །ཆོས་ཀྱི་སྲོག་ཤིང་བཙུགས་སོ་ཨཱ་ལ་ལ། །ཐར་པའི་སྲོག་ཤིང་བཙུགས་སོ་ཨཱ་ལ་ལ། །ཞེས་སོགས་ལྷ་རྣམས་ཀྱིས་དགའ་བའི་སྒྲ་སྒྲོགས་སོ། །དེའི་དུས་སུ་ཚོགས་ཆོས་སུ་མཆོད་རྟེན་བཞེངས་པའི་ཕན་ཡོན་ཁང་བུ་བརྩེགས་པའི་མདོ་ཚར་གཅིག་གསུངས་ཏེ། བོ་དོང་པ་ཀུན་སྤངས་ནམ་མཁའ་གྲགས་པ། སློབ་དཔོན་ཆོས་གྲགས་གསར་མ། ཆོས་རྗེ་ཐང་བོ་ཆེ་བ་ལ་སོགས་འབུམ་ཕྲག་ཙམ་ལ་སེམས་འགྲེལ་སྐོར་གསུམ་ཆ་ལག་དང་བཅས་པ་གསུངས་ནས། ཆོས་རྗེའི་ཐུགས་དགྱེས་ནས། ཀུན་རྫོབ་རང་སྟོང་དང་དོན་དམ་གཞན་སྟོང་གི་དབྱེ་གསལ་ཆེན་མོ་དང༌། བདེན་གཉིས་གཤག་རལ་གྱི་མགོ་བཙུགས། དེའི་དུས་སུ་བང་རིམ་རྣམས་ཀྱི་ལྷ་ཁང་བྱེད་པ་ལ། དད་ལྡན་མང་པོས་སུ་ཐོབ་ཐོབ་བྱས་ནས་ཞལ་ལ་བྱེད་དོ། །
དེའི་དགུན་དུ་ཐུགས་དམ་ལ་ཁྲིད་བཙུགས་ནས་ཐུགས་དམ་མཛད་དོ། །དེ་སོང་བའི་ལུག་ལོ་ཟླ་བ་གསུམ་པར་ལས་འཕྲོ་བཙུགས་ནས། བྲེའི་རྩིག་པ་ཐོག་ཕིབས་དང༌། གདུང་འདེགས་པད་མ་དང་བཅས་པ་མཛད་དོ། །མཆོད་རྟེན་ལ་ན་བཟའ་ས་རྩི་སྣ་ཚོགས་པ་ཡང་གསོལ་ལོ། །དེ་ནས་རྒྱུད་འགྲེལ་གསུངས་པའི་མགོ་བཙུགས་སོ། །དེའི་ཞོར་ལ་སློབ་དཔོན་ཟླ་བ་ལ་སོགས་ཁྲིད་པ་ཉིས་བརྒྱ་ཙམ་ལ་ཁྲིད་གནང་ངོ༌། །དེ་དུས་ནུབ་ཅིག་ཏུ་གཟིམས་ཁང་ནས་མཆོད་པ་མཛད་པའི་དུས་སུ་ཆར་ཆེན་ཅིག་བབ་ནས། མཆོད་རྟེན་ལ་ཆུས་གང་བར་འདུག་སྟེ་འགྲོ་གསུངས་ནས། སྟོན་པ་ཚུལ་ཁྲིམས་སེང་གེས་མར་མེ་བཟུང༌། ཆོས་རྗེ་ཐང་པོ་པས་ཞབས་ཏོག་བགྱིས་ནས་བྱོན་པས། བུམ་པའི་ནང་དུ་ཆུས་གང་ནས་ལྷ་བྲན་དུ་མས་ཆུ་འདོར་ནས་གཟིགས་རྟོགས་མཛད་དེ་ཕྱིར་བྱོན་དུས་སུ། དྲི་བཟང་ཁྱད་འཕགས་དང་མར་མེ་དཔག་མེད་བྱུང་ནས། ཆོས་རྗེས་ཁྱེད་རྣམ་པས་མཆོད་པ་དེ་དག་མཐོང་ངམ་གསུངས་ནས། མཐོང་ལགས་ཞུས་པས། ཆོས་རྗེས་སྐུ་འབུམ་ལ་ལྷ་རྣམས་ཀྱིས་ནུབ་རེ་བཞིན་དུ་མཆོད་པ་འབུལ་བ་ཡིན་ནོ་གསུངས། དེ་ནས་བང་རིམ་ལ་གཟིགས་པར་བྱོན་ནས། མུན་པ་དང་ཆར་དྲག་ཏུ་ཆེ་བས། བླ་མ་ཐང་པས། འོ་བརྒྱལ་ཏོག་ཡོད་ཞུས་པས། ཆོས་རྗེས་ཆོས་ཉིད་འོད་གསལ་གྱི་སྣང་བ་ལ་མུན་པ་མེད། མཆོད་རྟེན་འདི་ཉིད་ཡོངས་སུ་མ་རྫོགས་པར། མགོ་བོ་རྡོའི་བར་དུ་ཡང་ཡང་བརྡུངས་བྱས་ཀྱང༌། ཁོ་བོ་འཆི་བའི་འཇིགས་པ་འབྱུང་བར་འགྱུར་བ་མེད། ཅེས་གསུངས་ནས། དེ་ནས་སང་གྷ་ཤྲཱི་ལ་སོགས་ལ་ཁྲིད་གནང་ཞིང་དབྱར་མཚམས་དྲག་ཏུ་བསྡམས་སོ། །དེའི་རྒྱུ་མཚན་མྱང་འདས་ཆེན་པོའི་མདོར། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་མཐུས། དེ་བཞིན་གཤེགས་པ་རྣམས། རྟག་པ་དང༌། བདེ་བ་དང༌། ཡོངས་སུ་གཙང་བར་འགྱུར་རོ། །ཞེས་གསུངས། དེ་བཞིན་གཤེགས་པ་ནི། བདེ་གཤེགས་སྙིང་པོའམ། ཆོས་ཉིད་དམ། ཆོས་དབྱིངས་ཞེས་མིང་དུ་མ་ཡོད་དེ། རྒྱན་སྟུག་པོ་བཀོད་པའི་མདོར། ཆོས་རྣམས་ཀྱི་ཆོས་ཉིད་དང་ཆོས་ཀྱི་དབྱིངས་དང༌། ཆོས་སྐྱོན་མེད་པ་ཉིད་ནི་དེ་བཞིན་གཤེགས་པའོ། །ཞེས་སོ། །ཤེར་ཕྱིན་བདུན་བརྒྱ་པར། འདི་ལྟར་ཆོས་ཀྱི་དབྱིངས་ཉིད་ནི། སངས་རྒྱས་བཅོམ་ལྡན་འདས་ཡིན་པའི་ཕྱིར། བཅོམ་ལྡན་འདས་ཉིད་ཆོས་ཀྱི་དབྱིངས་སོ། །ཞེས་གསུངས་པའི་ཆོས་ཉིད་རང་ལ་བཞུགས་པ་དེ་མངོན་དུ་གྱུར་ནས། འབྲས་བུ་དེ་བཞིན་གཤེགས་པར་གྱུར་ནས། སེམས་ཅན་གྱི་དོན་མཛད་པ་ཡིན་ནོ། །དེ་ཡང་མངོན་བྱེད་ནི་ལམ་ཤེར་ཕྱིན་ནོ། །སངས་རྒྱས་ཐམས་ཅད་ཀྱི་ཡུམ་ཞེས་བྱ་བ། མྱང་འདས་ཆེན་པོར། རིགས་ཀྱི་བུ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་ནི་མིང་ལྔ་ཡོད་དེ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཞེས་ཀྱང་བྱ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་ཀྱང་བྱ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཞེས་ཀྱང་བྱ། སེང་གེའི་སྒྲ་སྒྲོགས་པ་ཞེས་ཀྱང་བྱ། སངས་རྒྱས་ཀྱི་རང་བཞིན་ཞེས་ཀྱང་བྱ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཏེ་རང་བཞིན་མར་གྱི་ཉིང་ཁུ་དང་འདྲ་བས་སངས་རྒྱས་ཐམས་ཅད་ཀྱི་ཡུམ་མོ། །ཞེས་གསུངས་སོ། །
དེ་ནས་ཁྲིད་རྫོགས་ནས་སྐུ་མཚམས་བཀྲོལ་ནས། རྡོ་རྗེ་ཕྲེང་བ་དང༌། དུས་འཁོར་གྱི་དབང་མཛད་དུས་སུ། མེ་ཏོག་གི་ཆར་བ་བབ་ནས། འཚོགས་པ་རྣམས་ཀྱིས་མེ་ཏོག་བཟུང་ནས་འདབ་མ་བརྒྱད་པ། བཅུ་དྲུག་ལ་སོགས་པ་ཁ་དོག་སྣ་ཚོགས་པ་བྱུང་བས། ཐམས་ཅད་དད་མོས་ཆེན་པོ་སྐྱེས་སོ། །སྙན་པའི་གྲགས་པ་ཕྱོགས་བཅུར་ཁྱབ་བོ། །དེ་ནས་སྐུ་འབུམ་གྱི་ལས་འཕྲོ་བཛུགས་ཞོར་ལ། རྒྱུད་འགྲེལ་ཆེན་པོ་གསུངས་སོ། །
དེའི་དུས་སུ་ངམ་རིངས་དཔོན་པོའི་ལྕགས་ཟམ་གྱི་ཁྱུད་མོ་རེ་གསེར་ཞོ་ཕྱེད་རེ་རི་བ། བཞི་བརྒྱ་ལྔ་བཅུ་ཡོད་པ་ཞིག་ལྷ་འདྲེ་གཉན་པོས་བཟུང་ནས་སུས་ཀྱང་རེག་མི་ནུས་པར་དོན་མེད་དུ་བཞག་ནས། ཆོས་རྗེ་ལ་ཕུལ་ནས་སྨྲས་པ། བདག་གི་ལྕགས་ཟམ་ཐག་བཞི་རབ་ལྡན་པས། །ལྷ་འདྲེ་སྟོབས་ལྡན་དག་གིས་བདག་ཏུ་བཟུང༌། །བླ་མ་སུ་ལ་གཏད་ཀྱང་འདུལ་བ་མེད། །དོན་མེད་འཇོག་པ་ཁྱེད་ལ་འབུལ་ལགས་སོ། །ཞེས་དང༌།
ཆོས་རྗེ་མཉེས་ཏེ། དངུལ་བྲེ་གཅིག་དང་དངུལ་གཟན་གཅིག་གཏང་རག་ལ་གནང་ནས། ལྕགས་ཟམ་འདྲེན་པ་ལ་སློབ་དཔོན་ཟླ་བས་དབུ་མཛད་དགེ་བཤེས་ཉི་ཤུ་ཙམ་རྟ་དྲིལ་བཟུང་ནས་ཕྱིན་ཏེ། ཆོས་རྗེའི་བཀའ་ཤོག་བཀླག་ཡིག་རྟེན་དར་སྣ་ལྔ་དང་གསེར་ཞོ་རྣམས་བྲག་ལ་བཙུགས་ནས། དེ་ནུབ་དེ་ཉིད་དུ་ཉལ་བས། མི་ཀུན་གྱི་རྨི་ལམ་དུ་མི་ནག་སྐྲ་སེར་ཞིག་གིས། ལྕགས་ཀྱི་ཁྱུད་མོ་བཞི་བརྒྱ་ལྔ་བཅུ་འདི། །སྐུ་འབུམ་ཆེན་པོའི་ཆ་རྐྱེན་རྣམ་དག་ལ། །ཕུལ་བས་ཅི་དགའ་ཁྱེར་ཅིག་བཤེས་གཉེན་ཀུན། །མ་འཕྱིས་མ་བཤོལ་མྱུར་དུ་ལོངས་སྤྱོད་ཀྱིས། །ཞེས་ཟེར་བ་རྨིས་ནས། སང་ནངས་པར་ལྕགས་ཐག་ཐབས་ཀྱིས་ཕབ་ནས། ཡོན་བདག་སྡེ་པ་མང་པོས་ཤ་ཆང་ཁྱེར་ནས་བསྙེན་བཀུར་བྱས་པས། ཁྱེད་ཀྱི་བླ་མ་དེ་སངས་རྒྱས་དངོས་ཡིན་པར་འདུག་གོ །དེ་མིན་ལྕགས་ཟམ་འདི་ལ་རེག་ཙམ་མི་ནུས་ཟེར་ནས་ངོ་མཚར་བྱས་ཏེ། ཤིན་ཏུ་མོས་པར་གྱུར་ཏོ། །དེ་རྣམས་ཀྱིས་དྲེལ་རྟ་ལ་བཀལ་ནས། ཇོ་ནང་དུ་དྲངས་ཏེ་སྐུ་འབུམ་གྱི་སྒོ་ལྕགས་དང༌། ཆོས་འཁོར་གྱི་ལྕགས་འཛེར་ལ་སོགས་ཉེ་བར་མཁོ་བར་བགྱིས་སོ། །ཆོས་འཁོར་གྱི་སུམ་ཆ་མན་ཆད་ཟིན་ནས་དུས་ཀྱི་འཁོར་ལོའི་གཞལ་ཡས་ཁང་ཡང་བཞེངས་སོ། །དེའི་བཟོ་མཁན་ནི། བལ་པོ་གྷ་ཚན་ཨ་ཙ་ར། བཟོ་ཆུར་མ་ལ་སོགས་མང་པོ་དང༌། གཞན་ཡང༌། རྐོས་མཁན། ལྡེ་གུ་མཁན། བླུག་མཁན། རྫ་སྐུ་མཁན། བལ་པོ་མཉྫུ་ཤྲཱི་ལ་སོགས་རྒྱ་ཡིག་མཁན་མང་པོ་དང༌། མཁས་པ་ལེགས་པ་ལ་སོགས་བཟོ་རིགས་མི་འདྲ་བ་མང་པོ་སྤྱན་དྲངས་ནས། བྱ་ལོ་ཟླ་བ་དགུ་པའི་བར་དུ་བསྒྲུབ་བོ། །དེ་ནས་ཚེས་བཅུའི་ཉིན་པར་གདུགས་ཆེན་པོ་འགེལ་བའི་ཚེ་ན་ཡང༌། ནག་པོའི་ཕྱོགས་ཀྱི་མི་མ་ཡིན་རྣམས་མ་བཟོད་པར། རླུང་ཆེན་པོ་གློ་བུར་དུ་གཡོས་ནས། ཆོས་རྗེ་པ་རྡོ་རྗེ་ཤུགས་ཀྱི་ཏིང་ངེ་འཛིན་ལ་བཞུགས་པས། སྐད་ཅིག་དེ་ཉིད་དུ་ཞི་ནས་མྱུར་དུ་ཁེལ་ལོ། །
དེ་ནས་རབ་གནས་མཛད་པའི་ཚེ་ན་སྐུ་འབུམ་གྱི་མདུན་དུ། ཆོས་རྗེ་དཔོན་སློབ་ཐམས་ཅད་འདུས་ནས་ཆོ་གའི་གྲྭ་མང་པོ་བཙུགས་ནས་སྟ་གོན་མཛད་པའི་ནུབ་མོར། སྒྲ་ཆེན་པོ་དང༌། ས་ཆེན་པོ་གཡོས་སོ། །མེ་ཏོག་གི་ཆར་བབ་བོ། །ནམ་ལངས་ནས་བལྟས་པས། མེ་ཏོག་སྐྱེ་བོའི་ལག་མཐིལ་ཙམ། འདབ་མ་ཡུ་བ་དང་བཅས་པ་ལག་ཏུ་བླང་ཙམ་ན་ཡལ་ཏེ། འོད་ལྷག་པར་ཆེ་བ། བར་སྣང་གང་བར་འདུག་གོ །ཉི་མ་ཤར་མ་ཁད་མེ་ཏོག་ཆད་དེ་ནམ་མཁའ་ཡོངས་སུ་དྭངས་པའི་དཀྱིལ་དུ་འཇའ་འོད་སྣ་ཚོགས་པས་ཁེངས་སོ། །སྤོས་དྲི་བཟང་པོས་ས་གཞི་ཐམས་ཅད་དུ་ཁྱབ་བོ། །ཡུལ་ཤིན་ཏུ་འཇམ་ནས་ས་གཡོས་སོ། །དེའི་དུས་སུ་བསྒྲུབ་པ་མོ་འགའ་ཞིག་གི་མཐོང་སྣང་དུ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་བྱོན་ནས། བསྐོར་བ་ལམ་གསུམ་གསུམ་དུ་མཛད་ནས་མཆོད་རྟེན་ལ་ཐིམ་པར་མཐོང་ངོ༌། །ལ་ལས་ཁྲོ་བོ་མང་པོ་འདུས་ནས་བགེགས་བསྐྲད་པའི་ལས་མཛད་དེ། མཆོད་རྟེན་ལ་ཐིམ་པར་གཟིགས་སོ། །ལ་ལས་ཞི་ཁྲོའི་ལྷ་ཚོགས་དཔག་ཏུ་མེད་པ་བྱོན་ནས་མཆོད་རྟེན་ལ་ཐིམ་པར་མཐོང་ངོ༌། །ལ་ལས་མཆོད་རྟེན་རིན་པོ་ཆེའི་འོད་འབར་བར་གྱུར་ནས་འོད་ཟེར་སྣ་ཚོགས་འཕྲོས་པས་འཛམ་གླིང་ཁྱབ་པར་མཐོང་ངོ༌། །ལ་ལས་རྨི་ལམ་དུ་རྒྱ་གར་གྱི་གྲུབ་ཐོབ་མང་པོས་བོད་དུ་ཀླུ་སྒྲུབ་ཀྱིས་མཆོད་རྟེན་ཆེན་པོའི་རབ་གནས་མཛད་གསུངས་ནས། སྐུ་འབུམ་གྱི་སྟེང་གི་ནམ་མཁའ་ལ་བཞུགས་ནས་རབ་གནས་མཛད་པར་རྨིས་སོ། །ནམ་ལངས་ནས་མཚམས་བུག་ནས་བལྟས་ཏེ། ཆོས་རྗེའི་གདན་སར་ཨོ་རྒྱན་པད་མ་ཨ་ཙ་རའི་ཆ་བྱད་ཅན་ཞིག་གིས་རབ་གནས་ཀྱི་དཔོན་པོ་མཛད་པར་མཐོང་ངོ༌། །ཁ་ཅིག་གིས་ཅུང་ཟད་སོང་ནས་ཆོས་རྗེ་ཉིད་དུ་མཐོང་ངོ༌། །ཁ་ཅིག་གིས་དགའ་ལྡན་ནས་འོད་ཟེར་གསེར་གྱི་ཁ་དོག་ལྟ་བུ་བྱུང་ནས་མཆོད་རྟེན་ལ་ཐིམ་པར་མཐོང་ངོ༌། །ཤར་ཕྱོགས་སུ་དེ་བཞིན་གཤེགས་པ་བརྒྱད་འཁོར་དང་བཅས་པ་དང༌། གཙུག་ཏོར་དྲི་མེད་དང༌། ཆོས་ཀྱི་རྔ་བོ་ཆེ། མི་འཁྲུགས་པ་འཁོར་བཅས་བྱོན་ནས་མཆོད་རྟེན་ལ་ཐིམ་པར་མཐོང་ངོ༌། །ལྷོ་ཕྱོགས་སུ་གསེར་གྱི་སངས་རྒྱས་དྲུག་སྟོང་དང༌། གསེར་གྱི་མཆོད་རྟེན་དྲུག་སྟོང༌། སངས་རྒྱས་ཀྱི་རིང་བསྲེལ་མང་པོ། གསེར་གྱི་ཟ་མ་ཏོག །དངུལ་གྱི་གའུ། ཆོས་ཀྱི་དུང་ལ་སོགས་ངོ་མཚར་མང་པོ་བྱོན་ནས་ཐིམ་པར་གཟིགས་སོ། །ནུབ་ཕྱོགས་སུ་བྱང་ཆུབ་ཀྱི་ལྗོན་ཤིང༌། དེ་བཞིན་གཤེགས་པའི་རིང་བསྲེལ། ཀུན་སྤངས་ཆེན་པོ། གྲུབ་ཐོབ་རྨོག་ཅོག་པ། སྦྲུལ་སྐུ་དམར་པོ་ལ་སོགས་ཡ་མཚན་མང་པོ་བྱོན་ནས་ཐིམ་མོ། །བྱང་ཕྱོགས་སུ་རང་བྱུང་ཤེལ་གྱི་མཆོད་རྟེན། རང་བྱུང་རྡོའི་སྙིང་པོ། རང་བྱུང་དགའ་བ་འཁྱིལ་བ། བྱང་ཆུབ་སེམས་ཀྱི་སྐུད་པ། ཁ་ཆེ་ཟླ་མགོན་གྱི་རྒྱུད་འགྲེལ། ཕ་རོལ་ཏུ་ཕྱིན་པའི་གླེགས་བམ། གསེར་གྱི་མཆོད་རྫས་ལ་སོགས་པ་མཐའ་ཡས་པ་བྱོན་ནས་ཐིམ་མོ། །
དེ་ནས་ཀླུ་ཁང་བཞེངས་ནས་དེའི་ནང་དུ་ཡིག་དྲུག་ཡིག་བརྒྱ་མཚན་བརྗོད་སྒྲོལ་མ་ཚེ་དཔག་མེད་ཀྱི་གཟུངས་ལ་སོགས་པ་བྲིས་སོ། །
དེ་ནས་ཁྱི་ལོར་བདེ་བ་ཅན་དུ་བཞུགས་ནས། ལོ་ཙཱ་བ་བློ་གྲོས་རྣམ་གཉིས་ལ་དུས་ཀྱི་འཁོར་ལོའི་འགྱུར་གྱི་དག་པའི་གཞི་གྱིས་གསུངས་ནས། ཆོས་རྗེ་དང་ཁོ་བོ་གཉིས་དཔང་པོར་བཞག་ནས། སླར་ལེགས་པའི་ནང་ནས་ལེགས་པ་ཡང་དག་པར་མཛད་དོ། །དེ་ནས་བདག་གིས་བསྐུལ་ནས་ས་བཅད་དང་མཆན་བུ་མཛད་དོ། །
དེ་ནས་ཡུལ་དུ་སྲིང་མོ་གཉིས་དང་གཅུང་པོ་གསུམ་ག་འགྲོགས་ལ་འོང༌། སྲིང་མོ་གཉིས་ནི་སྔར་སྲོང་བཙན་སྒམ་པོར་འཁྲུངས་པའི་དུས་སུ་བལ་ཟ་དང་རྒྱ་ཟ་གཉིས་ཀྱི་སྤྲུལ་པར་བཤད་དོ། །རྒྱལ་པོ་ཡབ་ཡུམ་སྤྱན་རས་གཟིགས་ཀྱི་ཐུགས་ཀར་ཐིམ་པའི་དུས་སུ་སྣ་ཆེན་པོས་གཟོད་བོད་ཡུལ་དུ་སྐྱེ་བ་འཁྲུངས་སམ། འཁྲུངས་ན་ཅིའི་མིང་ཅན་དུ་འཁྲུངས། དེའི་ཚེ་ཅིའི་ཆོས་དར་ཞེས་སོགས་ཞིབ་ཏུ་ཞུས་ནས། འཕགས་པའི་སྐུ་སྟོད་དུ་གསུང་བྱོན་ནས་འདི་སྐད་དུ། ང་ནི་མ་འོངས་དུས་ཀྱི་ཐ་མ་ལ། །ཀ་ཡོ་རི་ལ་གདུང་རྒྱུད་བརྟེན་ནས་ཀྱང༌། །དགེ་སློང་ཀུན་མཁྱེན་ཞེས་པའི་མཚན་གྲགས་འབྱུང༌། །ད་ལྟ་ཁྲི་བཙུན་ཨོ་ཅུང་བསོད་ནམས་ལྕམ། །རིན་ཆེན་དབྱངས་ཞེས་དེ་ཚེ་སྲིང་མོར་འགྱུར། །སྨོན་ལས་དབང་གིས་བྱང་ཆུབ་སེམས་དཔའ་དེས། །སྒྱུ་རྩལ་རོལ་པས་ལྟ་ངན་མཐར་རྒུད་དེ། །ངོ་མཚར་ཁྱད་འཕགས་བཀྲ་ཤིས་སྒོ་མང་དང༌། །གསུང་རབ་སྐུ་གཟུགས་ཀུན་དགའ་ར་བ་སོགས། །བཀྲ་ཤིས་གནས་མཆོག་གཙང་ནག་ཕུག་ཏུ་བཞེངས། །དུས་ཅིག་མཉམ་པར་ལྷ་ཀླུ་མི་གསུམ་ལ། །རྫོགས་ལྡན་ཆོས་ཀྱི་དུང་འབུད་དར་འཕྱར་ནས། །གསང་སྔགས་བླ་མེད་ཐེག་པ་གཙོ་བོར་སྟོན། །དེ་ཡི་བསྟན་པ་ཕྱོགས་གཞན་དག་ནས་དར། །བསྟན་པ་རིན་ཆེན་གང་གཱའི་ཆུ་བས་རིང༌། །དེ་དག་ཅི་ཕྱིར་འཕགས་པ་ཡིན་ཞེ་ན། །སངས་རྒྱས་རྣམས་ལ་མཛད་པ་ཆེན་པོ་བྱས། །དེ་ཕྱིར་དེ་ཡང་འཕགས་པའི་གང་ཟག་གོ །དེ་ཡི་འཁོར་ནི་འཕགས་པའི་གང་ཟག་འབྱུང༌། ཞེས་གསུངས་ནས། དེ་ནས་ཞིང་ཁམས་ཤམ་བྷ་ལ་ཉེ་བར་གཟིགས་ནས་བསྟོད་པ་ནི། ན་མཿཤྲཱི་ཀཱ་ལ་ཙཀྲ་ཡཿ ཞིང་མཆོག་དཔལ་ལྡན་ཤམ་བྷ་ལ་ནི། །སྨོན་ལམ་རྒྱ་མཚོའི་དཔལ་ལས་སྤྲུལ་པ། །རྣམ་དག་ཡེ་ཤེས་དབྱིངས་ལས་གྲུབ་སླད། །དྲི་མེད་དག་པའི་ཞིང་ལ་ཕྱག་འཚལ། །ལས་ཀྱི་ས་འདིར་འཛམ་གླིང་ཆུང་ངུའི། །ཕྱེད་བཅས་དཔག་ཚད་བྱེ་བ་བཅུ་གཉིས། །བྱང་གི་ཆ་ལ་ལྷ་ཡི་ལེགས་བཀོད། །རབ་གསལ་གངས་རིས་བསྐོར་ལ་ཕྱག་འཚལ། །དེ་ནང་ཆུ་སྐྱེས་འདབ་བརྒྱད་རབ་མཛེས། །དབུས་སུ་སུམ་ཆ་གེ་སར་སྙིང་པོ། །ཀེ་ལ་ཤ་ཡི་རི་བོ་ཆེན་པོ། །དྲི་ཞིམ་མེ་ཏོག་ལྡན་ལ་ཕྱག་འཚལ། །རྣམ་མང་ལྗོན་ཤིང་སྣ་ཚོགས་ཁེབས་ཞིང༌། །རིན་ཆེན་སྨན་མཆོག་གྲུབ་པའི་གཞི་ལ། །མཚོ་རྫིང་ཡན་ལག་བརྒྱད་ལྡན་རབ་གཡོས། །རྨད་བྱུང་ངོ་མཚར་ཞིང་ལ་ཕྱག་འཚལ། །རབ་དཀར་ཟླུམ་ཞིང་མཐོ་བའི་སྟེང་ན། །ཐར་པའི་ཁང་བཟང་ཀ་ལ་པ་སྟེ། །ཆུ་ཞེང་ཐ་གྲུར་དཔག་ཚད་བཅུ་དྲུག །འཕགས་པའི་ཕོ་བྲང་མཆོག་ལ་ཕྱག་འཚལ། །ལྷོ་ཕྱོགས་མ་ལཱ་ཡ་ཡི་དབུས་སུ། །རྒྱལ་བ་བསྐྱེད་མཛད་དུས་ཀྱི་འཁོར་ལོ། །དཀྱིལ་འཁོར་རིན་ཆེན་སྣ་ལྔས་ཡོངས་རྫོགས། །ཁྲུ་ནི་བརྒྱ་ཕྲག་བཞི་ལ་ཕྱག་འཚལ། །ཕྱི་རོལ་རྡོ་རྗེ་ཕྲེང་བའི་རྒྱར་ཡང༌། ཁྲུ་ཏོ་བརྒྱ་ཕྲག་བཅུ་གཉིས་དང་ལྡན། །ཆོས་དབྱིངས་ཡེ་ཤེས་རོལ་པའི་ཁང་བཟང༌། །དྲི་མེད་འོད་འཕྲོ་དེ་ལ་ཕྱག་འཚལ། །དེ་ཡི་ཤར་དུ་ཉེ་བའི་ཡིད་དང༌། །ནུབ་ཏུ་པད་མ་དཀར་པོའི་མཚོ་ཆེན། །དྲི་ཞིམ་བསིལ་ཆུས་རབ་ཏུ་གང་བ། ཁ་ཚོན་འཇའ་འོད་འཁྱིལ་ལ་ཕྱག་འཚལ། །མཚོ་འགྲམ་གཉིས་སུ་མེ་ཏོག་སྣ་ཚོགས། །ཨ་ཀར་ཙན་དན་སྤོས་ཤིང་རབ་མཛེས། །སྨན་ཤིང་ལྗོན་ཤིང་སྣ་ཚོགས་དཔག་མེད། །སྤོས་སྨན་མེ་ཏོག་ལྡན་ལ་ཕྱག་འཚལ། །ཁལ་ཁོལ་དག་ན་རྨ་བྱ་ངང་པ། །ངུར་བ་བྱ་རྒོད་ཤང་ཤང་ལ་སོགས། །མཛེས་ལྡན་བྱ་ཚོགས་སྙན་པའི་སྒྲ་སྒྲོགས། །བཀྲ་ཤིས་ཉམས་དགའི་ཞིང་ལ་ཕྱག་འཚལ། །ཕྱི་རོལ་པད་འདབ་བརྒྱད་ལ་མཚུངས་པར། །ཕལ་བའི་རྣམ་པ་ཅན་གྱི་གྲོང་ཁྱེར། །བྱེ་བ་བཅུ་གཉིས་མཉམ་པར་ལེགས་བཀོད། །བྱེ་བ་དགུ་བཅུ་དྲུག་ལ་ཕྱག་འཚལ། །ཀུན་གྱི་གཙུག་རྒྱན་མི་བདག་ཆེན་པོ། །ཤཱཀྱའི་རིགས་འཁྲུངས་འདས་པའི་ཆོས་རྒྱལ། །བགེགས་ཀུན་མཐར་བྱེད་ཆེན་པོའི་སྤྲུལ་པ། །ཉི་མའི་འོད་ཟེར་དེ་ལ་ཕྱག་འཚལ། །དེ་སྲས་རྒྱལ་བའི་སྙན་མཆོག་གསང་བདག །རྩ་རྒྱུད་གསོལ་བ་འདེབས་མཛད་ཆོས་རྒྱལ། །ཕྱག་ན་རྡོ་རྗེའི་སྤྲུལ་པ་ཆེན་པོ། །དཔལ་ལྡན་ཟླ་བཟང་དེ་ལ་ཕྱག་འཚལ། །ས་ཡི་སྙིང་པོ་ཆོས་རྒྱལ་ལྷ་དབང༌། །གཤིན་རྗེ་མཐར་བྱེད་གཟི་བརྗིད་ཅན་དང༌། །སྒྲིབ་པ་རྣམ་སེལ་མི་དབང་ཟླས་བྱིན། །ཆོས་རྒྱལ་ཆེན་པོ་གསུམ་ལ་ཕྱག་འཚལ། །ཤེས་རབ་མཐར་བྱེད་ལྷ་ཡི་དབང་ཕྱུག །པད་མ་མཐར་བྱེད་སྣ་ཚོགས་གཟུགས་དང༌། །ནམ་མཁའི་སྙིང་པོ་ལྷ་ཡི་དབང་ལྡན། །མི་བདག་ཆེན་པོ་གསུམ་ལ་ཕྱག་འཚལ། །ཐམས་ཅད་མཚུངས་པར་ལོ་བརྒྱ་ཀུན་ཏུ། །ནོར་བུ་རིན་ཆེན་སེང་གེའི་ཁྲི་ལ། །རྩ་རྒྱུད་སྟོན་མཛད་ཡོན་ཏན་གཏེར་མངའ། །ས་བཅུའི་དབང་ཕྱུག་རྣམས་ལ་ཕྱག་འཚལ། །རིགས་ཀུན་ཅིག་མཛད་ཀླ་ཀློ་མཐར་བྱེད། །རྩ་རྒྱུད་བསྡུས་མཛད་རིགས་ལྡན་ཆེན་པོ། །དཔལ་ལྡན་འཇམ་པའི་རྡོ་རྗེའི་སྤྲུལ་པ། །མི་བདག་གྲགས་པའི་ཞབས་ལ་ཕྱག་འཚལ། །དེ་སྲས་རྒྱལ་བ་ཀུན་གྱི་ཐུགས་རྗེ། །འཇིག་རྟེན་དབང་ཕྱུག་སྤྲུལ་པའི་རིགས་ལྡན། །རྒྱས་འགྲེལ་མཛད་པ་ལྷ་མིའི་སྐྱབས་མཆོག །དཔལ་ལྡན་པད་མ་དཀར་ལ་ཕྱག་འཚལ། །གཤིན་རྗེ་གཤེད་པོ་རིགས་ལྡན་བཟང་པོ། །ས་སྙིང་སྤྲུལ་པ་རྣམ་རྒྱལ་ཆེན་པོ། །བགེགས་དགྲའི་ངོ་བོ་བཤེས་གཉེན་བཟང་པོ། །ཕྱག་རྡོར་རིན་ཆེན་ཕྱག་ལ་ཕྱག་འཚལ། །ས་སྙིང་སྤྲུལ་པ་ཁྱབ་འཇུག་སྦས་པ། །གཤིན་རྗེ་མཐར་བྱེད་ཉི་མ་གྲགས་པ། །སྒྲིབ་པ་རྣམ་སེལ་ཤིན་ཏུ་བཟང་པོ། །རྒྱལ་བའི་རིགས་ལྡན་གསུམ་ལ་ཕྱག་འཚལ། །རྨུགས་བྱེད་སྤྲུལ་པ་རྒྱ་མཚོ་རྣམ་རྒྱལ། །ཁེངས་བྱེད་སྤྲུལ་པ་རྒྱལ་དཀའ་ཆེན་པོ། །འཇམ་དཔལ་སྤྲུལ་པ་སྣ་ཚོགས་གཟུགས་ཅན། །འཇིག་རྟེན་མགོན་པོ་ཟླ་འོད་ཕྱག་འཚལ། །གཤིན་རྗེ་མཐར་བྱེད་མཐའ་ཡས་ཆེན་པོ། །ས་སྙིང་ས་སྐྱོང་བགེགས་དགྲ་དཔལ་སྐྱོང༌། །ཕྱག་རྡོར་སྤྲུལ་པ་སེང་གེ་ཆེན་པོ། །ས་སྙིང་རྣམ་གནོན་དེ་ལ་ཕྱག་འཚལ། །གཤིན་རྗེ་མཐར་བྱེད་སྟོབས་པོ་ཆེན་པོ། །སྒྲིབ་པ་རྣམ་སེལ་མ་འགགས་པ་དང༌། །རྨུགས་བྱེད་སྤྲུལ་པ་མི་ཡི་སེང་གེ །ས་བཅུ་དབང་ཕྱུག་རྣམས་ལ་ཕྱག་འཚལ། །ཁེངས་བྱེད་སྤྲུལ་པ་དབང་ཕྱུག་ཆེན་པོ། །ནམ་མཁའི་སྙིང་པོ་མཐའ་ཡས་རྣམ་རྒྱལ། །འཇམ་དབྱངས་སྤྲུལ་པ་རིགས་ལྡན་དྲག་པོ། །ཀླ་ཀློའི་ཚོགས་འཇོམས་དེ་ལ་ཕྱག་འཚལ། །དེ་སྲས་ཚངས་པ་དང་ནི་ལྷ་དབང༌། །མདུན་རྒྱབ་དང་པོར་ཆོས་མཆོག་སྟོན་མཛད། །དེ་གཉིས་འཇམ་དབྱངས་འཇིག་རྟེན་མགོན་པོའི། །རྣམ་འཕྲུལ་བསམ་མི་ཁྱབ་ལ་ཕྱག་འཚལ། །དེ་སྲས་འོད་སྲུང་སོགས་བརྒྱད་མི་དབང༌། །འཁོར་ལོ་ཅན་དང་ཕྱེད་ཅན་དུམ་བུ། །མི་བདག་འཕགས་པའི་རྒྱལ་པོ་རྣམ་ལྔ། །སྐྱབས་གནས་ཀུན་ལ་རྟག་པར་ཕྱག་འཚལ། །བདག་ཅག་མི་ཤེས་མུན་ཞུགས་འགྲོ་ཀུན། །ལས་ཀྱི་ཞགས་པས་བཅིངས་པས་རབ་བསྲེགས། །ཀུན་ནས་ཉོན་མོངས་བདུད་ཀྱི་དབང་སོང༌། །འཇིགས་རུང་འཁོར་བ་འདི་ལས་སྐྱོབས་ཤིག །ནམ་ཞིག་ལུས་སེམས་འབྲལ་བའི་ཚེ་ན། །སྐྱེ་ངན་གཞན་གྱིས་བར་ཆད་མེད་པར། །དཔལ་ལྡན་ཀ་ལ་པ་རུ་སྐྱེས་ནས། །རིགས་ལྡན་རྗེས་བཟུང་བྱིན་གྱིས་རློབས་ཤིག །
དེ་ནས་གསང་ཕུར་གདན་དྲངས་ནས། སེར་ཕྲེང་སྟོང་ཕྲག་གཉིས་ཙམ་གྱིས་རོལ་ཆ་དུ་མ་དང༌། གདུགས་རྒྱལ་མཚན་བ་དན་སྣ་ཚོགས་པས་བསུས་ནས་རྔོག་ལོ་ཙཱ་བའི་གཟིམས་ཁང་དུ་བཞུགས་ནས། ཡུམ་ཉི་ཁྲི་པ་ཤེས་རབ་ཁྲི་བ་དང༌། མདོ་ཕལ་པོ་ཆེའི་བཤད་སྟོན་མཛད་དོ། །དེའི་ཚེ་ས་གའི་ཚེས་བཅོ་ལྔའི་སྔ་དྲོ་ལ་ཞིང་ཁམས་བདེ་བ་ཅན་ཉེ་བར་གཟིགས་ནས་ཚུལ་ཇི་ལྟ་བ་བཞིན་དུ་བསྟོད་པ་མཛད་པ་ནི།ན་མོ་གུ་རུ་བྷྱཿ སྟོང་གསུམ་མི་མཇེད་འདི་ཡི་ནུབ་ཏུ། །སངས་རྒྱས་ཞིང་ཁམས་བདེ་བ་ཅན་ཞེས། །གསེར་གྱི་ས་གཞི་ལག་མཐིལ་ལྟར་མཉམ། །བདེ་བ་ཅན་ལ་གུས་པར་ཕྱག་འཚལ། །ཡན་ལག་བརྒྱད་ལྡན་མཚོ་རྫིང་དུ་མ། །ཁ་ཁྱེར་དཔག་ཚད་བཅུ་དང་ཉི་ཤུ། །སུམ་ཅུ་དང་ནི་བཞི་བཅུ་ལྔ་བཅུ། །བསིལ་ཆུས་ཁྱབ་པའི་ཞིང་ལ་ཕྱག་འཚལ། །ཁ་ཅིག་དཔག་ཚད་བརྒྱ་སྟོང་ཚད་ཙམ། །ཟབས་སུ་དཔག་ཚད་བཅུ་གཉིས་ལ་སོགས། །ཆུ་ཀླུང་དག་ལ་ལྷ་ཡི་སྒྲ་དབྱངས། །སྣ་ཚོགས་སྒྲ་དབྱངས་འབྱུང་ལ་ཕྱག་འཚལ། །ཆུ་འགྲམ་གནས་པའི་ལྷ་བྲན་དུ་མ། །ལོང་བུ་པུས་མོ་རྐེད་པ་ཙམ་དང༌། །དེ་བཞིན་མཆན་ཁུང་ཙམ་ཡང་ནུབ་སྟེ། །ཇི་ལྟར་འདོད་བཞིན་འགྱུར་ལ་ཕྱག་འཚལ། །གྲང་དྲོ་ལ་སོགས་ཇི་ལྟར་བསམ་བཞིན། །རྒྱ་སྤོས་ཙན་དན་སྦྲུལ་སྙིང་ལ་སོགས། །དྲི་ཞིམ་སྤོས་ཆུས་ཁྱབ་པའི་ཞིང་ཁམས། །བདེ་བ་ཅན་ལ་གུས་པར་ཕྱག་འཚལ། །ཕྱོགས་རྣམས་ཀུན་ཏུ་ལྷ་ཡི་མེ་ཏོག །ཨུཏྤ་ལ་དང་པད་མ་དཀར་པོ། །མན་དྷ་ར་བས་ཁྱབ་པའི་ཞིང་ཁམས། །བདེ་བ་ཅན་ལ་གུས་པར་ཕྱག་འཚལ། །པད་མོ་དག་གིས་དཔག་ཚད་གཅིག་དང༌། །གཉིས་གསུམ་བཞི་ལྔའི་ཚད་ཙམ་ཡོད་ཅིང༌། །མེ་ཏོག་སྣ་ཚོགས་གང་བའི་ཞིང་ཁམས། །བདེ་བ་ཅན་ལ་གུས་པར་ཕྱག་འཚལ། །མཛེས་ལྡན་པད་མོ་རེ་རེ་དག་ལས། །འོད་ཟེར་སྟོང་ཕྲག་སོ་དྲུག་འབྱུང་བས། །ཉི་ཟླའི་འོད་ལས་ལྷག་པའི་ཞིང་ཁམས། །བདེ་བ་ཅན་ལ་གུས་པར་ཕྱག་འཚལ། །འོད་ཟེར་རེ་རེའི་རྩེ་མོ་དག་ལས། །སངས་རྒྱས་སྐུ་ནི་གསེར་གྱི་མདོག་ཅན། །མཚན་དཔེས་རབ་ཏུ་བརྒྱན་པའི་ཞིང་ཁམས། །བདེ་བ་ཅན་ལ་གུས་པར་ཕྱག་འཚལ། །མཐའ་སྐོར་དག་ལ་ལྗོན་ཤིང་སྣ་ཚོགས། །མ་ར་ཀ་ཏ་བྱུ་རུ་ལ་སོགས། །རིན་ཆེན་དག་ལས་གྲུབ་པའི་ཞིང་ཁམས། །བདེ་བ་ཅན་ལ་གུས་པར་ཕྱག་འཚལ། ཁ་ཅིག་རྩ་བ་གསེར་གྱི་རང་བཞིན། །སྡོང་བུ་རྣམས་ཀྱང་དངུལ་ལས་གྲུབ་པའི། །ཡལ་ག་རྣམས་ནི་བཻ་ཌཱུར་ཞིང་ཁམས། །བདེ་བ་ཅན་ལ་གུས་པར་ཕྱག་འཚལ། །ལོ་མ་རྣམས་ནི་ཤེལ་ལས་གྲུབ་པ། །འདབ་མ་རྣམས་ཀྱང་མུ་ཏིག་རང་བཞིན། །མེ་ཏོག་མུ་ཏིག་དམར་པོའི་ཞིང་ཁམས། །བདེ་བ་ཅན་ལ་གུས་པར་ཕྱག་འཚལ། །ཏ་ལའི་ཕྲེང་བས་བསྐོར་བའི་ཞིང་མཆོག །ཐམས་ཅད་དྲིལ་བུ་གཡེར་ཁས་མཛེས་པ། །དྲ་བ་དྲ་ཕྱེད་ཁྱབ་པའི་ཞིང་ཁམས། །བདེ་བ་ཅན་ལ་གུས་པར་ཕྱག་འཚལ། །ལྗོན་ཤིང་དག་ལ་སྤྲུལ་པའི་བྱ་ཚོགས། །ཁྱུང་དང་རྨ་བྱ་ཤང་ཤང་ངང་པ། །ཀ་རན་ཏ་ཀ་འཕུར་བའི་ཞིང་ཁམས། །བདེ་བ་ཅན་ལ་གུས་པར་ཕྱག་འཚལ། །ནེ་ཙོ་རི་སྐེགས་དང་ནི་ཁུ་བྱུག །ཀུ་ན་ལ་དང་ཀ་ལ་པིང་ག །འདབ་སྟེགས་སྒྲ་སྙན་སྒྲོགས་པའི་ཞིང་ཁམས། །བདེ་བ་ཅན་ལ་གུས་པར་ཕྱག་འཚལ། །འདམ་རྫབ་མེད་པའི་གསེར་དངུལ་མུ་ཏིག །བྱུ་རུ་མུ་མིན་བཻ་ཌཱུརྱ་དང༌། །པད་མ་རཱ་གའི་བྱེ་མ་ལ་སོགས། །གྲམ་བུར་བདལ་བའི་ཞིང་ལ་ཕྱག་འཚལ། །སྤོས་དང་ཕྲེང་བ་བྱུག་པ་ཕྱེ་མ། །གདུགས་དང་རྒྱལ་མཚན་བ་དན་བླ་རེ། །སིལ་སྙན་སྣ་ཚོགས་རྔ་དང་འཁར་རྔ། །མཆོད་སྤྲིན་ཁྱབ་པའི་ཞིང་ལ་ཕྱག་འཚལ། །དབུ་རྒྱན་རྣ་ཆ་མགུལ་རྒྱན་མཛེས་པ། །ལག་སོར་རྐང་གདུབ་ཅོད་པན་གདུ་བུ། །དཔུང་རྒྱན་དོ་ཤལ་སེ་མོ་དོ་སོགས། །རྒྱན་ཕྲེང་ཁེབས་པའི་ཞིང་ལ་ཕྱག་འཚལ། །གསེར་གྱི་ཙོང་ཙོང་མུ་ཏིག་དྲ་བ། །རྔ་ཡབ་ནོར་བུ་དངུལ་གྱི་ཕྲེང་བ། །རྒྱན་ཕྲེང་དཔག་མེད་ལྡན་པའི་ཞིང་ཁམས། །བདེ་བ་ཅན་ལ་གུས་པར་ཕྱག་འཚལ། །རིན་ཆེན་གསེར་གྱི་ས་གཞིའི་སྟེང་དུ། །རྐང་པ་འཇོག་ན་སོར་བཞི་དམའ་ཞིང༌། །བཏེགས་ན་སོར་བཞི་ཙམ་ལ་མཐོ་སྟེ། །ཆོས་དབྱིངས་ཉམས་དགའི་ཞིང་ལ་ཕྱག་འཚལ། །སྔ་དྲོའི་དུས་སུ་རླུང་གིས་ལྗོན་ཤིང༌། །དེ་དག་བསྒུལ་ནས་སྒྲ་སྙན་སྣ་ཚོགས། །རྒྱུན་འཆད་མེད་པར་འབྱུང་བའི་ཞིང་ཁམས། །བདེ་བ་ཅན་ལ་གུས་པར་ཕྱག་འཚལ། །ཡིད་འོང་མེ་ཏོག་སྣ་ཚོགས་སིལ་མ། །མི་འགྲེང་བདུན་སྲིད་ཙམ་དུ་འབབ་ཅིང༌། །སངས་རྒྱས་ཞིང་དུ་མཉམ་པར་བཀྲ་ཞིང༌། །དེ་བཞིན་དུས་དྲུག་འབྱུང་ལ་ཕྱག་འཚལ། །སངས་རྒྱས་ཞིང་ནི་སྔ་དྲོ་འདས་ནས། །མེ་ཏོག་མེད་ཅིང་དབེན་ཞིང་ཉམས་དགའ། །ཉིན་མཚན་མེད་ཅིང་འོད་གསལ་རང་བཞིན། །མུན་ནག་མེད་པའི་ཞིང་ལ་ཕྱག་འཚལ། །སྐྱེ་རྒ་ན་འཆི་མེད་ཅིང་བདེ་བ། །ངན་སོང་གསུམ་གྱི་སྒྲ་ཡང་མི་གྲགས། །འཇིགས་མེད་རྟག་ཏུ་གནས་པའི་ཞིང་ཁམས། །བདེ་བ་ཅན་ལ་གུས་པར་ཕྱག་འཚལ། །དབུས་སུ་མགོན་པོའི་ཕོ་བྲང་ཆེན་པོ། །རྒྱར་ནི་དཔག་ཚད་སྟོང་ཕྲག་བཅུ་པ། །རིན་ཆེན་སྣ་ཚོགས་ལས་གྲུབ་མཛེས་པ། །ལྷ་མོ་བདུན་སྟོང་བསྐོར་ལ་ཕྱག་འཚལ། །པད་མོ་ཆུ་ཞེས་བྱ་བའི་ཤིང་མཆོག །རྩ་བའི་སྦོམ་ནི་དཔག་ཚད་ལྔ་བརྒྱ། །དཔངས་སུ་དཔག་ཚད་སྟོང་དང་དྲུག་བརྒྱ། །སྨན་མཆོག་དགོས་འདོད་འབྱུང་ལ་ཕྱག་འཚལ། །འདབ་མ་དཔག་ཚད་བརྒྱ་ཕྲག་ཁེབས་ལ། །རྟག་ཏུ་ལོ་མ་མེ་ཏོག་འབྲས་བུ། །དབྱར་དགུན་མེད་པར་སྨིན་པའི་ཞིང་ཁམས། །བྱང་ཆུབ་ཤིང་མཆོག་དེ་ལ་ཕྱག་འཚལ། །ཟླ་བ་ནོར་བུ་དོན་ཡོད་ཞགས་པ། །ཡན་ལག་ཀུན་ལ་གསེར་གྱི་སྐུད་པ། །དངུལ་གྱི་སེ་མོ་དོ་དང་རིན་ཆེན། །གཡེར་ཁའི་དྲ་བ་འཕྱང་ལ་ཕྱག་འཚལ། །སེང་གེའི་ཁ་ནས་འཕྱང་བའི་སྐེ་རགས། །དུང་ཕྲེང་གཡུང་དྲུང་དགའ་བ་འཁྱིལ་པ། །དྷ་ནུ་སྐ་རའི་ཕྲེང་བ་རབ་གཡོས། །ཟ་ར་ཚགས་ཀྱིས་བརྒྱན་ལ་ཕྱག་འཚལ། །ཆུ་སྲིན་མ་ཀ་རི་ཡི་ཁ་ནས། །མུ་ཏིག་དམར་པོའི་ཕྲེང་བ་རབ་མཛེས། །བཀྲ་ཤིས་འཁྱིལ་པས་སྤྲས་པ་ཆེན་པོ། །ཅོད་པན་དར་དཔྱངས་བརྒྱན་ལ་ཕྱག་འཚལ། །གང་གི་རྣ་ལམ་བྱང་ཆུབ་ཤིང་སྒྲ། །ཐོས་ནས་ལྷ་ཡི་རྣ་བའི་དཔལ་བསྐྱེད། །དབང་པོ་གཞན་རྣམས་དེ་བཞིན་ནད་མེད། །བྱང་ཆུབ་ཐོབ་པར་མཛད་ལ་ཕྱག་འཚལ། །སངས་རྒྱས་དེ་ཡི་འོད་ནི་དཔག་མེད། །ཚད་ཀྱིས་གཞལ་བ་མེད་པ་ཆེན་པོ། །དེ་ཕྱིར་འོད་དཔག་མེད་པ་ཞེས་གྲགས། །སྐྱབས་མཆོག་དེ་ལ་གུས་པར་ཕྱག་འཚལ། །གཡས་ན་འཕགས་པ་སྤྱན་རས་གཟིགས་དབང༌། །གཡོན་ན་མཐུ་ཆེན་ཐོབ་པ་ལ་སོགས། །བྱང་ཆུབ་སེམས་དཔའ་ཚད་མེད་མཐའ་ཡས། །ཉན་ཐོས་གྲངས་མེད་བསྐོར་ལ་ཕྱག་འཚལ། །གང་གིས་བདེ་བ་ཅན་དུ་སྐྱེ་བར། །བརྗོད་པ་ཙམ་གྱིས་ཐེ་ཚོམ་མེད་པར། །དེ་རུ་ངེས་པར་སྐྱེ་བ་ཡིན་པས། །སྨོན་ལམ་འབྲས་བུ་ལྡན་ལ་ཕྱག་འཚལ། །གང་ཞིག་སངས་རྒྱས་དེ་ཡི་མཚན་འཛིན། །འཆི་བའི་ཚེ་ན་འོད་དཔག་མེད་པ། །དགེ་སློང་དུ་མས་བསྐོར་ནས་དངོས་སུ། །མདུན་དུ་བདར་ནས་བསུས་ལ་ཕྱག་འཚལ། །ཚེ་འདི་སྣང་བ་འཕོས་མ་ཐག་ཏུ། །བདེ་བ་ཅན་དུ་རྫུས་ཏེ་སྐྱེ་ཞིང༌། །རྫོགས་པའི་སངས་རྒྱས་དངོས་སུ་མཐོང་ནས། །བྱང་ཆུབ་ལུང་བསྟན་ཐོབ་པར་མཛོད་ཅིག །
དེ་ནས་སླར་ཇོ་ནང་དཔལ་དུ་བྱོན་ནས། སྐྱིད་ཕུག་ཏུ་བཞུགས་ནས། དབང་ཆོག་ཡེ་ཤེས་རྒྱ་མཚོ། དབང་གི་ལེགས་བཤད་ལུང་སྦྱོར། དབང་གི་ཆོ་ག་བསྡུས་པ་རྡོ་རྗེ་ཕྲེང་བ། གར་གྱི་བརྗེད་བྱང༌། དབང་མདོར་གྱི་ས་བཅད། རྡོ་རྗེ་འཇིགས་བྱེད། མཁའ་འགྲོ་རྒྱ་མཚོ། བདེ་མཆོག་ལ་སོགས་པའི་ཡི་དམ་མང་པོའི་ཞལ་གཟིགས་ནས་བསྟོད་པ་རེ་རེ་མཛད། གཞན་ཡང༌། རྩིས་ཀྱི་རྒྱུ་མཚན། གཟའ་ལྔ། གཟའ་འཛིན་ལ་སོགས་རྩིས་རིགས་མང་པོ་མཛད། ཤགས་འབྱེད་ཆེ་ཆུང༌། ཐིག་རྩ་མང་པོ་མཛད་དེ། སྦྱོང་རྒྱུད་ཀྱི་དབང༌། རྒྱ་ཆེར་རོལ་པ། མཛངས་བླུན། ས་ལུ་ལྗང་པ། གསེར་འོད་ས་བཅུ་མ་དང༌། རྔ་སྒྲ་མ། རྒྱ་ཆེར་རོལ་པ། རྒྱུད་འབུམ་གྱི་བཤད་ལུང་མཛད་དོ། །
དེ་ནས་གཟིམས་ཁང་བདེ་བ་ཅན་དུ་བྱོན་ནས། ཐུགས་དམ་ལ་བཞུགས་ནས་ཏིང་ངེ་འཛིན་གྱི་ངང་དུ་ཤར་ཕྱོགས་སུ་བྱོན་ནས། ས་གཞི་དཀར་ལ་ཉམས་དགའ་བ། གྲོང་ཁྱེར་སྤོས་ལྡན་ཞེས་བྱ་བ། དབུས་སུ་ཕོ་བྲང་རིན་པོ་ཆེའི་ཁང་པ་འོད་གསལ་བ་ན། བྱང་ཆུབ་སེམས་དཔའ་ཆོས་འཕགས་ཞེས་བྱ་བ་ལ་འཁོར་བྱང་ཆུབ་སེམས་དཔའ་མང་པོ་དང་བཅས་པ་མཐོང་ནས་ཕྱག་དང་བསྐོར་བ་ཡང་ཡང་དུ་བྱས་ཏེ། ཆོས་འཕགས་ན་རེ། བུ་འོང་བ་ལེགས་སོ་ལེགས་སོ། ཁྱཽད་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པས་སླར་ཡང་སྐྱོ་ངལ་མེད་པར་གྱིས་ཤིག་གསུངས་སོ། །
ལྷོ་ཕྱོགས་སུ་བྱོན་ནས། ས་གཞི་སྔོ་ལ་དྲི་ཞིམ་པོས་ལྡན་པའི་དབུས་སུ་ལྷ་ཁང་ཆེན་པོ་ཅིག་ལ་ཕྱོགས་ཐམས་ཅད་དུ་ཡང་གསེར་དངུལ་མུ་ཏིག་ཤེལ་གྱི་ཡར་སྐས་རེ་རེ་ལ་དགེ་སློང་མང་པོས་གདུགས་དང་རྒྱལ་མཚན་བ་དན་སྤོས་དང་མར་མེ་མེ་ཏོག་རྔ་ཡབ་དུང་དང་གླིང་བུ་ལ་སོགས་ཐོགས་ནས་ཡར་འགྲོ་འདུག་གོ །དགེ་སློང་སེར་པོ་ཞིག་ན་རེ། རིགས་ཀྱི་བུ། སྐས་ལ་ཤོག་གསུངས་ནས། འགྲོ་སྙམ་ནས་སྐས་ལ་རྐང་པ་བཞག་ཏུ་མ་བཏུབ་བསམས་ནས་ཕྱག་གཉིས་གཤོག་པའི་ཚུལ་དུ་མཛད་ནས་ཡར་འཕུར་ཏེ། བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་དང་མཇལ་ནས། བུ་འོང་བ་ལེགས་སོ། སེམས་ཅན་ཐམས་ཅད་ལ་ཕན་ཐོགས་པར་སྐྱོ་ངལ་མེད་པར་ཆོས་ཀྱི་འཁོར་ལོ་བསྐོར་ཅིག་གསུངས་སོ། །
དེ་ནས་ནུབ་ཕྱོགས་སུ་བྱོན་ནས། ས་གཞི་སེར་ལ་མཉམ་པ། ལོ་འདབ་རྒྱས་པའི་ལྗོན་ཤིང་སྣ་ཚོགས་ཀྱིས་ཁེབས་པ་བྱ་རིགས་སྣ་ཚོགས། རི་དྭགས་སྣ་ཚོགས་རྒྱུ་བ། མཚོ་རྫིང་དུ་མས་བརྒྱན་པ། མེ་ཏོག་སྣ་ཚོགས་ཀྱི་སིམ་མ་བཀོད་པ། གསེར་དངུལ་ཤེལ་གྱིས་གྲམ་བུར་བདལ་བ་ཞིག་གི་དབུས་སུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཁང་པ་ལ། མདའ་ཡབ་དང་རྒྱལ་མཚན་བ་དན་དང་དར་དཔྱངས་རླུང་གིས་བསྐྱོད་པ། གསེར་གྱི་དྲིལ་བུ་གཡེར་ཁ་འཁྲོལ་བ་ཞིག་ལ་བྱང་ཆུབ་སེམས་དཔའ་མང་པོས་བཀུར་སྟི་མཛད་དོ། །དེ་ནས་ཐུགས་རབ་ཏུ་དགྱེས་ནས། བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ་པ་ན་རེ། བུ་ཡར་ཤོག་གསུངས་ནས། ཐར་པའི་གྲོང་ཁྱེར་གྱི་ནང་དུ་ཕྱིན་ནས། དེ་བཞིན་གཤེགས་པ་ཚེ་དཔག་མེད་དང་མཇལ་ནས། ཕྱག་དང་བསྐོར་བ་ཡང་ཡང་བྱས་ནས། དེ་བཞིན་གཤེགས་པའི་ཞལ་ནས། བུ་འོང་བ་ལེགས་སོ། ཁྱོད་སེམས་ཅན་ཐམས་ཅད་ལ་ཕན་ཐོགས་པར་སྐྱོ་ངལ་མེད་པར་ཐེག་ཆེན་གྱི་དུང་བུས་ཤིག །རྔ་བརྡུང་ལ་ཆོས་ཀྱི་དར་འཕྱར་གྱིས་ཤིག་གསུངས་སོ། །
དེ་ནས་བྱང་ཕྱོགས་སུ་བྱོན་ནས། ཤུ་ཤའི་ཚལ་གྱི་དུར་ཁྲོད་དུ་ཀེང་རུས་གཅལ་དུ་བཀྲམ་པ། ཤ་ཁྲག་ཕྲང་ཕྲིང་འཐོར་བའི་དབུས་སུ་ཙན་དན་དཀར་པོ་ཤི་ཤའི་སྡོང་པོ་ཞིག་གི་རྩར་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་འཁོར་བཅས་དང་མཇལ་ནས། མགོན་པོའི་ཞལ་ནས། བུ་འོང་བ་ལེགས་སོ། སེམས་ཅན་ཐམས་ཅད་ལ་ཕན་ཐོགས་པར་སྐྱོ་ངལ་མེད་པར་ཟབ་མོའི་ཆོས་རྒྱ་ཆེན་པོར་སྒྲོགས་ཤིག་དང་ངས་བསྟན་པ་སྐྱོང་གསུངས་སོ། །
དེ་ནས་ཆོས་གོས་འཕྱར་ཏེ་གཤོག་པའི་ཚུལ་མཛད་ནས་གཟིམས་ཁང་དུ་བྱོན་ན་སྙམ་སྟེ། ད་ནི་ང་འདིར་ཤི་ན་ཞིང་ཁམས་དག་པར་སྐྱེ་བར་ངེས་སོ་ཐུགས་ལ་དགོངས་སོ། །
དེ་ནས་ཡང་ཏིང་ངེ་འཛིན་བསྒོམས་པའི་སྟོབས་ཀྱིས་སྔར་མ་མཐོང་བའི་དོན་ཡང་དག་པར་མཐོང་བ་ཡིན་ནོ། །ཡེ་ཤེས་ལེའུའི་རྒྱུད་ལས། གཙོ་བོའི་སྐུ་ཡི་མཐུ་ལས་རྣལ་འབྱོར་རྣམ་དག་མཆོག་གི་ལུས་ལ་ལྷ་ཡི་སྤྱན་དུ་འགྱུར། །དེ་ཡི་གསུང་གི་མཐུ་ལས་ལྷ་ཡི་རྣ་བ་དེ་ཡི་ཐུགས་ལས་གཞན་གྱི་སྙིང་ལ་གནས་པ་ཤེས་པར་འགྱུར། །ཤེས་རབ་སྐུ་ཡི་མཐུ་ལས་རྣམ་གསུམ་སྲིད་པ་ལ་གནས་སྔོན་གྱི་སྐྱེ་བ་དྲན་པར་འགྱུར། །ཤེས་རབ་ཀྱིས་ནི་གསུང་གི་མཐུ་ལས་ནམ་མཁའ་ཐམས་ཅད་དུས་སུ་ཀུན་འགྲོའི་རྫུ་འཕྲུལ་རབ་ཏུ་འགྱུར། །ཤེས་རབ་ཐུགས་ཀྱི་རང་བཞིན་ལས་ནི་གང་གིས་བདེ་ཉམས་ཐམས་ཅད་དུས་སུ་གཞོམ་དུ་མེད་པར་འགྱུར། །ལྷ་ཡི་སྤྱན་གྱི་མཐུ་ལས་མིག་གིས་མ་མཐོང་བ་དང་སྲིད་པ་རྣམ་པ་གསུམ་ཡང་མཐོང་བར་འགྱུར། །ཞེས་གསུངས། ཡེ་ཤེས་སྤྱན་བསྒྲུབ་ལས། དབང་པོ་ཀུན་ཚང་ཐོགས་མེད་འགྲོ། །ལུས་ཀྱི་རྫུ་འཕྲུལ་བསམ་མི་ཁྱབ། །ཅེས་གསུངས།
དེ་ནས་བླ་བྲང་ཀ་བཞི་མར་བྱོན་ནས། རྒྱུད་འགྲེལ་ཚར་གཅིག་དང༌། གསང་བ་འདུས་པའི་རྒྱུད་དང༌། འབྱུང་པོ་འདུལ་བྱེད་ཀྱི་རྒྱུད་གསུངས་སོ། །
དེ་ནས་ཕུག་མོའི་རི་ཁྲོད་དུ་བྱོན་ནས། རྟ་མགྲིན་ཆེན་པོ་ཡང་གསང་འཁྲོས་པ་བསྒྲུབས་པས། རྟ་སྐད་ལན་གསུམ་དུ་འཚེར་བ་ལ་དབུ་གཙང་གཉིས་ལ་མ་ཚོར་བ་མེད་ཀྱང༌། ཡུལ་འོན་ལོང་ཟེར་བ་དང༌། རི་བོ་དགའ་ལྡན་གཉིས་ཀྱིས་མ་ཚོར་ཏེ།
དེ་ནས་བྲག་ཀར་ཀླུ་ཕུག་ཏུ་བྱོན་ནས། བདག་མེད་ལྷ་མོ་བཅོ་ལྔའི་ཞལ་གཟིགས་ཤིང༌། གུར་བརྟག་སཾ་གསུམ་གསན་དག་པའི་སྣང་བས་ཞིང་ཁམས་བདེ་བ་ཅན་ཡང་གཟིགས་སོ། །
དེ་ནས་ཇོ་ནང་དཔལ་དུ་བྱོན་ནས། བླ་མ་ཀུན་དགའ་རྒྱལ་མཚན་གྱིས་གསེར་ཕྱེ་བྲེ་ཅིག་ཕུལ་ནས། ཞབས་དྲུང་དུ་སྐྱེ་བའི་སྨོན་ལམ་ཡང་བཏབ། དེ་བཞིན་དུ། ཆོས་རྗེ་རང་བྱུང་རྡོ་རྗེས་གསེར་གྱི་མཎྜལ་དང་དུང་འཁར་རྔ་སོགས། ཏཱ་དབེན་གྷུ་ན་ཤྲཱི་དང༌། སྟོན་པ་ནམ་མཁའ་སེང་གེ་ལ་སོགས། གོང་མ་ཡོན་མཆོད་སྡེ་པ་རྣམས་ཀྱི་ཕྱག་རྟེན་བཟང་པོ་ཕུལ་ནས་སྨོན་ལམ་ཡང་ཡང་དུ་གདབ་བོ། །
ཡང་རྩེའི་དབོན་རྡོ་རྗེ་དཔལ་སོགས་སྐུ་མཆེད་དང༌། ཤང་རྡོའི་དབོན་ཆོས་གྲགས་གསར་མ་ལ་སོགས་བུ་སློབ་མང་པོས་གསེར་དངུལ་གོས་དར་ཁྱད་པར་ཅན་མང་པོ་ཕུལ་ནས། སྨོན་ལམ་བཏབ་ནས། བཟོ་བོ་རྣམས་ལ་ཟང་ཟིང་དང་ཆོས་མཉེས་མཉེས་ཀྱིས་གཏང་རག་ཡང་དག་པར་མཛད་དོ། །
དེ་ནས་གཟིམས་ཁང་བདེ་བ་ཅན་དུ་སྒོ་བཅད་ནས་ཐུགས་དམ་ལ་རྩེ་གཅིག་ཏུ་བཞུགས་པའི་ཚེ་ན་སྔ་དྲོ་ཐུགས་དམ་བཀྲོལ་ནས། ཁྲིད་གཉེར་བ་ལ་ད་ནངས་ནམ་ཕྱེད་དེ་ང་ཤམ་བྷ་ལར་ཕྱིན་ནོ་གསུངས་ནས། གཟིམ་གཡོག་པའི་ཐེ་ཙོམ་སྐྱེས་ནས། ཆོས་རྗེས་རིག་པས། མ་ལཱ་ཡའི་ལོ་མ་རློན་པ་ཞིག་བསྟན་ནས། དེར་ཤམ་བྷ་ལའི་གནས་ཚུལ་ཞུས་ནས། བླ་བྱེར་ཞལ་བ་བྱས་ནས་ཤམ་བྷ་ལའི་བཀོད་ཚུལ་དང༌། ཕྱི་འཇིག་རྟེན་གྱི་བཀོད་ལུགས། འབྱུང་བཞིའི་སྟེང་དུ་འཛམ་གླིང་གནས་ཚུལ། གླིང་དུམ་བུ་བཅུ་གཉིས། རིགས་དྲུག་གནས་ཚུལ། མཚོ་དྲུག །གླིང་དྲུག །དབུས་སུ་ལྷུན་པོའི་རྒྱ་དཔངས། ནམ་མཁའ་ལ་ཁྱིམ་གྱི་གོ་ལ་འཁོར་ཚུལ། དེ་འཁོར་བས་ས་ལ་དུས་ཚིགས་འཁོར་ལུགས། ནང་རྡོ་རྗེ་ལུས་ཀྱི་གནས་ཚུལ། རྩ་རླུང་ཐིག་ལེ་ཇི་ལྟར་ཆགས་ལུགས་ཇི་ལྟར་གནས་པ་དང༌། མཐར་ཇི་ལྟར་དུ་འདོར་ཚུལ་ལ་སོགས་པ་དང༌། སྒྲ་སྒྲུབ་པ་རྩིས་རིགས། རྒྱུ་མཚན། བྲི་ཐིག་གཤེད་སྐོར་གྱི་འཁྲུལ་འཁོར་ལ་སོགས་མཛད་ནས། བླ་མ་སྐྱིད་ཕུག་པ་ལ་སོགས་ཉིས་བརྒྱ་ཙམ་ལ་གནང་ངོ༌། །
དེ་ནས་བྱི་བ་ལོ་ཡི་སྟོན་ཀར་ས་སྐྱར་གདན་དྲངས་ནས། མཁན་ཆེན་གཏོར་རྒྱལ། གནས་དྲུག་པ། འཇམ་སྟོན། འཇམ་སྒེག་ལ་སོགས་པ་ས་སྐྱ་པ་བརྒྱ་སྟོང་དུ་མ་ལ་ཁྲིད་བཙུགས། ཆོས་ཀྱི་བཤད་སྒྲུབ་མཛད་དེ། མཐར་གྲུབ་མཐའི་རྩོད་པ་ཆེན་པོ་མཛད་ནས། མདོ་རྒྱུད་ཐམས་ཅད་དཔང་པོར་བཞག་སྟེ། བདེན་གཉིས་དང་རང་སྟོང་དང་གཞན་སྟོང་གིས་གཤག་རལ་མཛད་དེ། ཡུམ་ཁྲི་བརྒྱད་སྟོང་པ་ལ། ཆོས་ཉིད་དང༌། ཆོས་ཀྱི་དབྱིངས་དང༌། ཆོས་སྐྱོན་མེད་པ་ཉིད་དང༌། དེ་བཞིན་ཉིད་དང༌། མ་ནོར་བ་དེ་བཞིན་ཉིད་དང༌། ཡང་དག་པའི་མཐའ་རྣམས་དེ་ལྟར་གཞན་གྱིས་སྟོང་པ་གང་ཡིན་པ་དེ་ནི་རང་བཞིན་གྱིས་སྟོང་པ་ཉིད་ཅེས་པའོ། །རབ་འབྱོར། དེ་ནི་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོ་ཡིན་ནོ། །ཞེས་གསུངས། ལང་ཀར་གཤེགས་པར། ལྟ་བ་དང་ཉེས་པའི་བག་ཆགས་ཐམས་ཅད་ཀྱིས་སྟོང་སྟེ། དེ་ན་དོན་དམ་འཕགས་པའི་ཡེ་ཤེས་ཀྱི་སྟོང་པ་ཉིད་ཅེས་བྱའོ། །ཞེས་སོ། །རབ་རྩལ་གྱིས་ཞུས་པའི་མདོར། ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་རྟེན་འབྲེལ་ལ་སོགས་པའི་ཆོས་ཐམས་ཅད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །ཆོས་རྣམས་ཀྱི་དེ་བཞིན་ཉིད་དང༌། མ་ནོར་བའི་དེ་བཞིན་ཉིད་དང༌། གཞན་མ་ཡིན་པའི་དེ་བཞིན་ཉིད་དང༌། ཇི་ལྟ་བའི་དེ་བཞིན་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་གསུངས་སོ། །ཡུམ་བར་མར། ཀོའུ་ཤི་ཀ །དེ་བཞིན་ཉིད་དང༌། ཡང་དག་པའི་མཐའ་དང༌། བསམ་གྱིས་མི་ཁྱབ་པའི་དབྱིངས་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །ཞེས་སོགས་དང༌། ཤེར་ཕྱིར་ཉིད་ནི་གང་ཞེ་ན། རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ཁོ་ན་ཡིན་ཏེ། མདོ་ལས། ཤཱ་རིའི་བུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་རྟོག་འཇིག་རྟེན་ལས་འདས་པ་ཡེ་ཤེས་རྣམ་པར་མི་རྟོག་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བསྒྲུབ་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ཞེས་སོགས་མདོ་རྒྱུད་ཡུམ་སྐོར་དཔང་པོ་མཛད་ནས་ཐམས་ཅད་ཤིན་ཏུ་དད་པར་གྱུར་ཏོ། །
དེ་ནས་ཇོ་ནང་དུ་གདན་དྲངས་ནས། རིན་ཆེན་དཔལ་ལ་སོགས་བརྒྱ་ཙམ་ལ་དུས་འཁོར་དབང་མོ་ཆེ་གསུངས་པའི་དུས་སུ་བང་འཇི་བ་གྲགས་པ་ཚ་ནད་ཀྱིས་ཕོག་པས་འདི་སྙམ་སྟེ། ཆོས་རྗེ་རིན་པོ་ཆེ་ཚང་ལ་འཆི་ཁའི་གདམས་ངག་ཅིག་ཞུ་དགོས་བསམ་མ་ཐག་བེམ་རིག་བྲལ་ནས་རིག་པ་ཇོ་ནང་དུ་དབང་གྲལ་ལ་ཕྱིན་ནས། ཆོས་རྗེས་གཟིགས་ཏེ། བར་དོའི་ངོ་སྤྲོད་དང་འཆི་ཁའི་གདམས་ངག་བསྟན་ནས། སླར་རིག་པ་ལུས་ལ་ཞུགས་ཏེ། གོས་ཚགས་བསྡམས་ནས་ལངས་པས། ཁོའི་སློབ་དཔོན་བཟང་པོ་དཔལ་གྱིས། རོ་ལངས་སམ་མ་ཤི་ནས་གསོན་ནམ། ཁྱོད་གར་འགྲོ་ཟེར་ནས། གར་མི་འགྲོ་ལགས་ཟེར་ནས་མགྱོགས་པར་བུད་དེ། ཇོ་ནང་དུ་ཉི་མ་ཤར་རྟིང་ལ་སླེབས་པས། མཆོད་གཡོག་པ་ལ་ངའི་དབང་འཕྲོ་ཞུ་བྱས་ནས། ཁྱོད་ཁར་རྩང་དབང་གྲལ་ལ་མེད་ཟེར་བ་ལ། ཁོས་དབང་ཞུས་པའི་གྲོགས་འདི་འདྲ་ཡོད། ཆོས་མཚམས་འདི་ན་ཡོད་ཅེས་བཤད་པས། དབང་གཡོག་པས་ཆོས་རྗེ་ལ་ཞུས་པས་མཁྱེན་ནས། ཆོས་འཕྲོ་རྫོགས་པར་གནང་སྟེ། ལོ་བཅུ་གསུམ་བར་དུ་ཚེ་བསྲིང་ངོ༌། །གཞན་ཡང༌། བར་དོའི་སེམས་ཅན་རྣམས་མངོན་སུམ་དུ་གཟིགས་ནས་དེ་རྣམས་ལ་བར་དོའི་ཆོས་ཟབ་མོ་བསྟན་ནས་གྲོལ་བར་མཛད་དོ། །
དེ་ནས་ཟླ་བ་བཞི་ལས། གསེར་གདུགས་ཆེན་པོ་གྲུབ་ནས། གསེར་སྲང་བརྒྱ་དང་སོ་བཞི་བསྐུས་སོ། །གཉྫི་རའི་ནང་དུ་སངས་རྒྱས་ཀྱི་རིང་བསྲེལ་ལ་སོགས་རྟེན་ཁྱད་པར་འཕགས་པ་མང་པོ་བཞུགས་སུ་གསོལ། དེ་དག་གིས་གནས་སྐབས་ཐམས་ཅད་དུ་ཆོས་ཉིད་འོད་གསལ་གྱི་སྣང་བ་ལས། སངས་རྒྱས་ཀྱི་སྐུ་དང་ཞིང་ཁམས་དཔག་ཏུ་མེད་པ་གཟིགས་སོ། །ཁྱད་པར་དུ་སྤྱན་རས་གཟིགས་དང༌། ཉེ་བའི་སྲས་བརྒྱད། ཨོ་རྒྱན་པད་མ་རྣམས་ཡང་ཡང་དུ་གཟིགས་སོ། །དེ་དག་གིས་ལུང་བསྟན་དང་བྱིན་རླབས་མཛད་དོ། །དེའི་ཚེ་སྤྱན་རས་གཟིགས་ཀྱི་སྐུ་མང་པོ་དང༌། མ་ཎིའི་རླུང་འཁོར་དང་ཆུ་འཁོར་མང་པོ་བཙུགས་སོ། །
ཁོ་བོ་ལ་སོགས་བུ་ཆེན་རྣམས་ཀྱིས་ཞུ་བ་ཕུལ་ནས། ངེས་དོན་རྒྱ་མཚོ་ལ་སོགས་མདོ་རྒྱུད་ཀྱི་འགྲེལ་པ་མང་པོ་དང༌། བདེན་གཉིས་རྣམ་དབྱེའི་བསྟན་ཆོས་ཀྱི་བཀའ་འབུམ་གསུངས་སོ། །ས་སྐྱའི་བླ་མ་གཞི་ཐོག་པ། ཀུན་སྤངས་པ། དཔོན་ཆེན་རྒྱལ་བཟང༌། བྱང་པ་སི་ཏུ། གཡག་སྡེ་པཎ་ཆེན་ལ་སོགས་དབུས་གཙང་གི་མཁས་མཆོག་མང་པོ་ལ་ཁྲིད་གསུངས་སོ། །མཁས་པ་དེ་དག་གིས་ཞབས་དྲུང་དུ་སྐྱེས་པར་སྨོན་ལམ་བཏབ། ཤིན་ཏུ་ཐུགས་མཐུན་ནས་འབྲལ་མི་ཕོད་དོ། །ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། མཁས་པ་དང་ནི་མཁས་པའི་སྐྱེས་བུ་དང༌། །མཐུན་ཞིང་འབྱོར་པ་མར་དང་ཉིང་ཁུ་བཞིན། །ཞེས་སོ། །ཀླུ་སྒྲུབ་ཀྱིས། དམ་པ་དང་ནི་དམ་པར་མཐུན། །མཁས་པ་དང་ནི་མཁས་པར་མཐུན། །ཞེས་སོ། །
དེ་ནས་སྣར་ཐང་དུ་གདན་དྲངས་ནས། མཚན་ཉིད་པ་རྣམས་ལ་བདེན་གཉིས་རྣམ་དབྱེའི་བཤད་པ་རྒྱས་པར་གསུངས་སོ། །ཡབ་སྲས་མཇལ་བར། འཇིག་རྟེན་མཁྱེན་པས་གཞན་ལ་མ་གསན་པར། །བདེན་པ་འདི་གཉིས་ཀྱིས་ནི་རྣམ་དབྱེ་མཛད། །གང་ཟག་ཀུན་རྫོབ་གཞན་ནི་དོན་དམ་སྟེ། །བདེན་པ་གསུམ་ནི་ཡང་དག་མ་མཆིས་སོ། །ཞེས་གསུངས་པ་ལྟར། ཀུན་རྫོབ་མེད་པ་ཡོད་པར་འཛིན། དོན་དམ་ཡོད་ལ་མེད་པར་འཛིན་པ་ལ། མཁས་པས་སྤངས་ནས་མཐའ་བྲལ་དབུ་མར་གནས་པར་བྱ་སྟེ། དབུ་མ་རྩ་ཤེར་ལས། ཡོད་ཅེས་བྱ་བ་རྟག་པར་འཛིན། །མེད་ཅེས་བྱ་བ་ཆད་པར་བལྟ། །དེ་ཕྱིར་ཡོད་དང་མེད་པ་ལ། །མཁས་པ་གནས་པར་མི་བྱའོ། །ཞེས་དང༌། འཕགས་པ་ཁང་བུ་བརྩེགས་པའི་མདོར། བཙུན་པ་ཤཱ་ར་དྭ་ཏིའི་བུ། གཞན་ཡང༌། དེ་བཞིན་གཤེགས་པའི་གསུང་གང་ཡིན་པ་དེ་ནི་ཆོས་ཀྱི་སྐུའོ། །ཆོས་སྐུ་གང་ཡིན་པ་དེ་ནི་ཆོས་རྣམས་ཀྱི་དབུ་མའི་ལམ་དུ་བལྟའོ། །ཞེས་གསུངས། ཆོས་ཡང་དག་པའི་མདོར། དེ་བཞིན་གཤེགས་ཉིད་མ་གཏོགས་པར། །ཆོས་གཞན་རྣམས་ནི་བརྫུན་པའོ། །ཞེས་སོགས་གཤག་རལ་རྒྱས་པར་མཛད་ནས། ཆོས་ཀྱི་བཀའ་ལུང་མང་དུ་གསུངས་སོ། །
དེ་ནས་ལྷ་རྩེར་བྱོན་ནས། ཆོས་རྗེ་ཡོན་ཏན་པའི་རྣམ་ཐར་དང༌། འབུམ་དང་ཉི་ཁྲི་བའི་མཆན་བུ་མཛད་པའི་དུས་སུ་ནམ་མཁའ་ལ་སྤྲིན་ཤིན་ཏུ་འཇིགས་སུ་རུང་བ་གློ་བུར་དུ་ལངས་ཏེ། རྡོ་རྗེའི་མེ་དང༌། འབྲུག་སྒྲ་དང༌། གློག་འོད་རབ་ཏུ་འཁྱིལ་ནས་ཕྱོགས་ཐམས་ཅད་སེར་བའི་སྒྲ་སྒྲོགས་པའི་དུས་སུ། ཆོས་རྗེ་པས། དཔལ་རྟ་མགྲིན་ཆེན་པོའི་ཏིང་ངེ་འཛིན་ལ་བཞུགས་ཏེ་སྤྲུལ་པའི་འོད་ཟེར་ལྕགས་ཀྱི་རྡོ་རྗེ་ལྟ་བུ་དཔག་ཏུ་མེད་པ་སྤྲོས་ནས། དེ་མ་ཐག་ཏུ་ཞི་བར་མཛད་ནས། སྡེ་བརྒྱད་ཐམས་ཅད་དབང་དུ་བསྡུས་སོ། །ས་ལམ་གྱི་ཡོན་ཏན་རྫོགས་ནས་ཤེས་བྱ་ཐམས་ཅད་ལག་མཐིལ་དུ་སྐྱུ་རུ་ར་ལྟ་བུར་གཟིགས་པའི་ཚེ། ས་བཅུའི་སྨོན་ལམ་འདི་གསུངས་སོ། །ན་མོ་གུ་རུ་མཧཱ་བྷྱཿ རབ་དགའི་ས་བརྙེས་སྟོང་གསུམ་གསེར་གྱིས་གང༌། །སྐུ་ལུས་བརྒྱ་ཕྲག་ཅིག་ཆར་བཀོད་བྱས་ནས། །སེམས་ཅན་བརྒྱ་ཕྲག་ཡོངས་སུ་སྨིན་བྱེད་པ། །སྦྱིན་པའི་ཕ་རོལ་ཕྱིན་པ་ཡོངས་རྫོགས་ཤོག །དྲི་མེད་ས་བརྙེས་ལག་མཐིལ་ལྟར་མཉམ་སྟེང༌། །སྤྲུལ་པ་གསུམ་སྟོང་འགྱེད་ནས་སེམས་ཅན་འདྲེན། །ཏིང་འཛིན་གསུམ་སྟོང་བརྒྱ་ཕྲག་མྱུར་ཐོབ་ནས། །ཚུལ་ཁྲིམས་ཕ་རོལ་ཕྱིན་པ་ཡོངས་རྫོགས་ཤོག །འོད་བྱེད་ས་བརྙེས་རྒོལ་ངན་ཚར་གཅོད་ཅིང༌། །སྤྲུལ་པ་བརྒྱ་སྟོང་བཀོད་ནས་ཞིང་ཁམས་བརྒྱར། །སེམས་ཅན་བརྒྱ་སྟོང་འདྲེན་པའི་དཔལ་གྱུར་པ། །བཟོད་པའི་ཕ་རོལ་ཕྱིན་པ་ཡོངས་རྫོགས་ཤོག །འོད་འཕྲོ་ས་བརྙེས་མེ་ཏོག་སིལ་མ་འཐོར། །ལུས་ནི་ཁྲག་ཁྲིག་སྟོན་པ་འཇིག་རྟེན་དུ། །འགྲོ་བ་ཁྲག་ཁྲིག་བདེ་བར་བཀོད་བྱེད་པ། །བརྩོན་འགྲུས་ཕ་རོལ་ཕྱིན་པ་ཡོངས་རྫོགས་ཤོག །སྦྱང་དཀའ་ས་བརྙེས་མེ་ཏོག་ཙམ་པ་ཀ །ཕྲེང་རྒྱན་ལུས་ནི་ཁྲག་ཁྲིག་སྟོང་བཀོད་ནས། །སེམས་ཅན་ཁྲག་ཁྲིག་སྟོང་རྣམས་འདྲེན་བྱེད་པ། །བསམ་གཏན་ཕ་རོལ་ཕྱིན་པ་ཡོངས་རྫོགས་ཤོག །མངོན་གྱུར་ས་བརྙེས་མཚོ་རྫིང་མེ་ཏོག་རྒྱས། །ལུས་ནི་ཁྲག་ཁྲིག་བརྒྱ་སྟོང་བཀོད་བྱས་ནས། །སེམས་ཅན་བྱེ་བ་ཁྲག་ཁྲིག་རྣམ་པར་འདྲེན། །ཤེས་རབ་ཕ་རོལ་ཕྱིན་པ་ཡོངས་རྫོགས་ཤོག །རིང་སོང་ས་བརྙེས་ངན་སོང་གནས་སུ་ལྡོག །ལུས་ནི་ཁྲག་ཁྲིག་བརྒྱ་སྟོང་དཔག་མེད་འགྱེད། །སེམས་ཅན་ཁྲག་ཁྲིག་བརྒྱ་སྟོང་འདྲེན་གྱུར་པ། །ཐབས་ཀྱི་ཕ་རོལ་ཕྱིན་པ་ཡོངས་རྫོགས་ཤོག །མི་གཡོ་ས་བརྙེས་སེང་ཆེན་ཕྲག་ལ་གཟར། །སྐུ་ལུས་སྟོང་ཕྲག་བཅུ་གཉིས་རྡུལ་སྙེད་བཀོད། །སེམས་ཅན་སྟོང་ཕྲག་བཅུ་གཉིས་རྣམ་པར་འདྲེན། །སྨོན་ལམ་ཕ་རོལ་ཕྱིན་པ་ཡོངས་རྫོགས་ཤོག །ལེགས་པའི་ས་བརྙེས་གདུགས་དཀར་གཡས་སུ་འཁྱིལ། །ལུས་ནི་གྲངས་མེད་སྟོང་ཕྲག་བཅུ་སྙེད་འགྱེད། །སེམས་ཅན་སྟོང་ཕྲག་གྲངས་མེད་རྣམ་པར་འདྲེན། །སྟོབས་ཀྱི་ཕ་རོལ་ཕྱིན་པ་ཡོངས་རྫོགས་ཤོག །ཆོས་སྤྲིན་ས་བརྙེས་སངས་རྒྱས་གསེར་གྱི་མདོག །འཁོར་ནི་དཔག་མེད་སངས་རྒྱས་ཆོས་སྟོན་མཐོང༌། །རང་ལུས་མཐའ་ཡས་སྟོན་ནས་སེམས་ཅན་འདྲེན། །ཡེ་ཤེས་ཕ་རོལ་ཕྱིན་པ་ཡོངས་རྫོགས་ཤོག །
དེ་ནས་ལོ་ཙཱ་བ་བྱང་ཆུབ་རྩེ་མོ་ལ་སོགས་མཁས་པ་བརྒྱ་ཤར་ཙམ་ལ་སྨན་བླའི་རྗེས་གནང་མཛད་པའི་ཚེ་ན། ནམ་མཁར་བདེ་གཤེགས་བརྒྱད་གསལ་བར་བྱོན་ནས་མེ་ཏོག་གི་ཆར་བབ་ནས་གསུངས་པ། རིན་ཆེན་ས་གཞི་མཚོ་རྫིང་ཡན་ལག་བརྒྱད། །ལྗོན་ཤིང་བྱ་ཚོགས་པད་མ་བཅལ་བཀྲམ་དབུས། །སེང་ཁྲི་པད་ཟླ་འོད་གསལ་རྒྱས་པའི་སྟེང༌། །བདེ་གཤེགས་བརྒྱད་པོ་འཁོར་བཅས་གཤེགས་སུ་གསོལ། །ཤར་ཕྱོགས་གཞན་གྱི་མི་ཐུབ་ཞིང་ཁམས་ནས། །སངས་རྒྱས་མཚན་ལེགས་སྙིགས་མའི་འགྲོ་བ་ཀུན། །ནད་མང་དབང་ཉམས་ལོག་པའི་ལམ་དུ་ལྟུང༌། །དབུལ་ཕོངས་གཅན་གཟན་དགྲ་འཇིགས་འདི་ལ་སྐྱོབས། །ཤར་ཕྱོགས་རིན་ཆེན་ལྡན་པའི་ཞིང་ཁམས་ནས། །རིན་ཆེན་ཟླ་བས་དུས་ངན་སེམས་ཅན་ཀུན། །གཡེང་བཅས་སྐྱེ་སྡིག་ལུས་དམན་མུན་འཐིབས་དང༌། །ཐེག་དམན་མྱ་ངན་སྐྱབས་མེད་འདི་ལ་སྐྱོབས། །ཤར་ཕྱོགས་སྤོས་ལྡན་ཞིང་ན་དེ་བཞིན་གཤེགས། །གསེར་བཟང་སྙིགས་མའི་སེམས་ཅན་ཚེ་ཐུང་ཞིང༌། །དབུལ་ཕོངས་འཐབ་རྩོད་ཉོན་མོངས་རིགས་ཅན་རྣམས། །བསམ་ངན་འཆལ་བའི་ངང་ཚུལ་འདི་རྣམས་སྐྱོབས། །ཤར་ཕྱོགས་མྱ་ངན་མེད་པའི་ཞིང་ཁམས་ནས། །སངས་རྒྱས་མྱ་ངན་མེད་མཆོག་དཔལ་གྱི་རྒྱལ། །ལས་ངན་སེམས་འཁྲུགས་འདོད་བྲལ་མུན་པ་དང༌། །ཉམ་ཐག་བཀྲེས་པའི་ངང་ཚུལ་འདི་ལ་སྐྱོབས། །ཤར་ཕྱོགས་ཆོས་ཀྱི་རྒྱལ་མཚན་ཞིང་ཁམས་ནས། །བདེ་བར་གཤེགས་པ་ཆོས་བསྒྲགས་རྒྱ་མཚོའི་དབྱངས། །ལོག་ལྟ་སྡིག་ཕྱོགས་དབུལ་ཕོངས་འཐབ་རྩོད་དང༌། །གསོད་པའི་མཚོན་ཆ་འགྱེད་པ་འདི་རྣམས་སྐྱོབས། །ཤར་ཕྱོགས་རིན་ཆེན་རྒྱ་མཚོའི་ཞིང་ཁམས་ནས། །མངོན་མཁྱེན་རྒྱལ་པཽའི་དུས་ངན་སེམས་ཅན་གྱི། །ཞིང་ལས་ཉོ་ཚོང་མི་དགེ་ཀུན་ལ་སྤྱོད། །བཅིངས་རྡེག་ཚེ་ཐུང་འདི་ཀུན་མྱུར་དུ་སྐྱོབས། །ཤར་ཕྱོགས་བཻ་ཌཱུར་སྣང་བའི་ཞིང་ཁམས་ནས། །སངས་རྒྱས་སྨན་པའི་རྒྱལ་པོ་བཅོམ་ལྡན་འདས། །མུན་ནག་ལམ་ངན་ཁྲིམས་འཆལ་མདོག་ངན་དང༌། །སྐྱེ་དམན་ཚ་གྲང་སྡུག་བསྔལ་འདི་རྣམས་སྐྱོབས། །སྤོས་ལྡན་བྱ་རྒོད་ཕུང་པོའི་ཞིང་ཁམས་སུ། །བསྟན་པའི་བདག་པོ་སངས་རྒྱས་བཅོམ་ལྡན་འདས། །ལས་སྒྲིབ་ནད་མང་མྱ་ངན་གདུངས་པ་ཡི། །ཉམ་ཐག་འགྲོ་ཀུན་མ་ལུས་བསྐྱབ་ཏུ་གསོལ། །དམ་ཆོས་ཚུལ་འཛིན་རིགས་གསུམ་མགོན་པོ་དང༌། །བསྟན་སྐྱོང་ཚངས་པ་བརྒྱ་བྱིན་རྒྱལ་ཆེན་བཞི། །ཕྱོགས་སྐྱོང་གནོད་སྦྱིན་བཅུ་གཉིས་བཀའ་སྡོད་བཅས། །བདག་གི་ས་ལམ་བར་ཆད་བསམ་དུ་གསོལ། །གང་ཞིག་རྒྱལ་བ་སྲས་བཅས་འདི་དག་གི། མཚན་ནས་བརྗོད་དེ་སྨོན་ལམ་བཏབ་པའི་མཐུས། །གནས་སྐབས་ཀུན་ཏུ་བདེ་སྐྱིད་ཕུན་སུམ་ཚོགས། །མཐར་ཐུག་བདེ་གཤེགས་སྙིང་པོ་ཐོབ་པར་ཤོག །ཅེས་བསྟོད་པའི་ཚེ་ན་བདེ་གཤེགས་བརྒྱད་འཁོར་བཅས་མངོན་དུ་མཐོང་ནས་བུ་སློབ་ཀུན་གྱི་མོས་གུས་ལྷག་པར་སྐྱེས་སོ། །
གཙང་པོའི་འགྲམ་གྱི་གོང་འོག་ཐམས་ཅད་དུ་ཞིང་ལ་ཤུ་ཙ་ཀ་ཞུགས་ནས་བརླག་ཏུ་ཡོད་པ་ལས། ཨ་ཙ་རའི་རྫས་སྔགས་དང༌། བླ་མ་མང་པོས་མན་ངག་སྣ་ཚོགས་བྱས་ཀྱང་ཕན་དུ་མ་བཏུབ་པས། ཆོས་རྗེ་ལ་ཞུས་པས། བཀའ་ཤོག་གནང་བས། ཞིང་ལ་འདི་ལྟར་བཀླགས་སོ། །དཔལ་དུས་ཀྱི་འཁོར་ལོའི་བཀའ་ལུང་གིས་ཤེས་རབ་རྒྱལ་མཚན་དཔལ་བཟང་པོས། སྡེ་བརྒྱད་ཁྱེད་རྣམས་ལ་ཟློ་བ། གཙང་ཆུ་གོང་འོག་ཐམས་ཅད་ང་ལ་སྐྱབས་སུ་སོང་བ་ཡིན་གྱི། ད་ཕྱིན་ཆད་འཚེ་བ་མ་བྱེད་ཅིག །གལ་ཏེ་བྱས་ན་འགྱོད་པར་གྱུར་ཏ་རེ། ཞེས་བཀླགས་པ་ཙམ་གྱིས་གྲོལ་བ་དང༌།
གཞན་ཡང༌། རྒྱལ་འགོང་ཁ་ཟུག་པའི་དཀོན་མཆོག་དཔལ་དང༌། ཆོས་ཀྱི་རྒྱལ་མཚན་ལ་སོགས་ཉིན་རེ་བཞིན་དུ་མི་ཉི་ཤུ་སུམ་ཅུ་རེ་འོངས་ནས། དེ་དག་གིས་བླ་མ་གྲགས་པ་ཅན་འདི་དང་འདི་ལྟ་བུས་མ་ཐུལ་ཟེར་ནས། བཀའ་ཤོག་བསྐུར་བ་ཙམ་གྱིས་བར་ཆད་ལས་གྲོལ་བ་ཤ་སྟག་གོ །དེ་ནས་ཆོས་རྗེའི་བཀའ་ཤོག་ལ། འབྱུང་པོ་གདུག་པ་ཅན་རྣམས་འདའ་བར་མི་ནུས་པའི་གྲགས་པ་ཕྱོགས་བཅུར་ཁྱབ་བོ། །
ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱིས་དར་ཡུག་ལྔ་བཅུ་ཙམ་ཕུལ་ནས་ཞབས་དྲུང་དུ་སྐྱེ་བར་སྨོན་ལམ་བཏབ། དམར་ཁྲིད་ཞུས་སོ། །
ཆོས་རྗེ་འདི་སྤྱན་རས་གཟིགས་དངོས་ཡིན་པའི་རྒྱུ་མཚན་ནི། བྲག་རམ་པའི་བླ་མ་དཀོན་མཆོག་བཟང་གིས། ཆོས་རྗེ་ལ་དུས་ཀྱི་འཁོར་ལོའི་དབང་ཞུས་པའི་དུས་སུ། ཆོས་རྗེ་སྤྱན་རས་གཟིགས་ཞལ་བཅུ་གཅིག་ཕྱག་སྟོང་དང་ལྡན་པ་སྐུ་ལ་འོད་ཟེར་དུ་མ་འཕྲོ་བར་གཟིགས་སོ། །ཞབས་ལ་ཡང་དང་ཡང་དུ་ཕྱག་འཚལ་དག་པའི་སྣང་བ་དུ་མ་འཆར་རོ། །
ཉེ་གནས་དད་པ་སེང་གེ་དགོང་མོ་ཞུ་དོན་ལ་གཟིམས་ཁང་དུ་ཕྱིན་ཙམ་ན། ནང་དུ་ཏོག་སྒྲ་མང་པོ་ཅིག་གྲགས་ནས་སྒོ་གསེབ་ནས་བལྟས་པས། ཆོས་རྗེ་པ་སྤྱན་རས་གཟིགས་ཞལ་བཅུ་གཅིག་ཕྱག་སྟོང་དང་བཅས་པར་གྱུར་ནས། ལྷ་བྲན་མང་པོ་དང་ཀླུ་རྒྱལ་འཁོར་དང་བཅས་པ་དང༌། མིའམ་ཅི་རྟའི་མགོ་ཅན་དང༌། དྲི་ཟ་ཟུར་ཕུད་ཅན། ནམ་མཁའ་ལྡིང་འདབ་མ་ཅན་ལ་སོགས་ཆོས་ཉན་ནས་བསྐོར་བ་བྱེད་པར་མཐོང་ངོ༌། །མོས་གུས་སྐྱེས་ཏེ། དྲུང་ན་སུ་ཡང་མི་འདུག་སྟེ་ཆོས་རྗེ་རང་གཟུགས་སུ་བཞུགས་པར་གྱུར་ཏོ། །
བླ་མ་མཚོ་སྐྱེས་རྡོ་རྗེས་སྤྱི་བོ་ལྷ་སར་མཚམས་བསྡམས་ནས་ཐུགས་དམ་ལ་བཞུགས་པའི་རྨི་ལམ་དུ། བྱ་རྒོད་གཤོང་གི་ཁང་པར་སྤྱན་རས་གཟིགས་དབང་ཕྱུག་སྐུ་ལ་འོད་ཟེར་མཐའ་ཡས་པ་འཕྲོས་པ་ཅིག་བཞུགས་ནས། ཁྱམས་ནས་ཁྲོ་བོ་ཆེན་པོ་མི་གཡོ་བ་དང༌། འདོད་པའི་རྒྱལ་པོ། དབྱུག་སྔོན་ཅན། སྟོབས་པོ་ཆེ་སྡེ་བཞི་ལ་དམ་ཆོས་པད་མ་དཀར་པོ་གསུངས་པ་རྨིས་སོ། །སད་ནས་མཚམས་བཀྲོལ་ཏེ་གཤེགས་པས་བྲང་ཁང་ནས། ཆོས་རྗེ་ཀུན་མཁྱེན་པ་བཞུགས་ནས། འབྲི་གུང་ལོ་ཙཱ་བ་དང༌། གཅུང་པོ་རྡོ་རྗེ་རྒྱལ་མཚན། སློབ་དཔོན་ཟླ་བ། འོད་ཟེར་རྒྱལ་མཚན་སྡེ་བཞི་ལ་དམ་ཆོས་པད་མ་དཀར་པོ་གསུངས་འདུག་གོ །མི་ཕྱེད་པའི་དད་པས་ཉམས་རྟོགས་འཕེལ་ལོ། །
ཡང་ནུབ་ཅིག་ཏུ་དཀོར་གཉེར་བས་གཟིམས་ཁང་དུ་མར་མེ་ཁྱེར་ནས་ནང་དུ་འོད་ལྷག་པར་འཚེར་བ་ཅིག་འདུག་ནས་ཅི་ཡིན་སྙམ་ནས་སྒོར་བལྟས་པས། ཆོས་རྗེའི་ལུས་ཀྱི་བ་སྤུའི་ཁུང་བུ་རེ་རེ་ནས་འོད་ཟེར་སྣ་ཚོགས་དུ་མ་འཕྲོ་ཞིང༌། ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ལ་ཕོག་ནས་སླར་འོད་ཟེར་དེ་དག་སྤྱན་རས་གཟིགས་སུ་གྱུར་ནས། ཆོས་རྗེའི་བ་སྤུའི་བུ་གར་ཐིམ་པར་མཐོང་ངོ༌། །དེ་ཡང་རྗེས་དྲན་མཐར་ཕྱིར་པའི་རྟགས་ཡིན། རྒྱུད་ཀྱི་རྒྱལ་པོ་ལས། རྗེས་སུ་དྲན་པ་ལེགས་པར་དག་པ་དྲི་མེད་འོད་ཀྱི་དཀྱིལ་འཁོར་དག་ཀྱང་ཡེ་ཤེས་གཟུགས་ལའོ། །ཞེས་གསུངས། སྙན་རྒྱུད་ལས། རྗེས་དྲན་ལ་ནི་རྟགས་ཞུགས་ནས། །འོད་ཀྱི་དཀྱིལ་འཁོར་འབྱུང་བར་འགྱུར། །གཞན་ཡང་ཡེ་ཤེས་སྐུ་ལ་སོགས། །ཞེས་སོ། །
ཡང་ཆོས་རྗེ་ལྷ་སར་བཞུགས་དུས་སུ། གནས་པོ་མགོན་པོ་རྒྱལ་མཚན་གྱི་རྨི་ལམ་དུ་སེང་ལྡེང་སྒྲོལ་མའི་སྒོ་ཁར། ཁྲི་ཆེན་པོ་ལ་རྒྱལ་པོ་སྲོང་བཙན་སྒམ་པོ་ཡིན་ཟེར་བའི་སྐུ་ཤིན་ཏུ་སྦོམ་པ་ཐུང་ཅན་ཞིག་གིས་ཆོས་གསུངས་པ་ལ་དགེ་བཤེས་མང་པོ་ཉན་པར་འགྲོ་བར་རྨིས་སོ། །ནངས་པར་སེང་ལྡེང་སྒྲོལ་མར། ཆོས་ཁྲི་ལ་ཀུན་མཁྱེན་ཆེན་པོ་བཞུགས་ནས། རྨི་ལམ་དུ་ཇི་ལྟར་ཤར་བ་བཞིན་དུ་སྣང་ནས་མོས་གུས་ཆེན་པོ་སྐྱེས་སོ། །
ཡང་མཚུར་ཕུའི་གནས་ནང་ནས། གྲགས་པ་སེང་གེ་ཞེས་བྱ་བ་མངོན་ཤེས་དང་ལྡན་པ་ཅིག་ལ་སློབ་མ་ཆོས་རྗེ་ལ་ཤིན་ཏུ་མ་གུས་པ་ཞིག་ཡོད་པ་དེ། ཇོ་ནང་དུ་ཕྱིན་ནས་ཆོས་རྗེ་གདན་འདར་བས་དྲངས་ཏེ། སྐོར་ལམ་དུ་མཇལ་ནས་གཟི་བརྗིད་མ་བཟོད་པར་ཕྱག་ཅིག་འཚལ་ཏེ་བྱིན་རླབས་དང་ཆོས་མ་ཞུས་པར་ལོག་ནས། རྟོགས་ལྡན་པའི་དྲུང་དུ་ཕྱིན་ནས། རྟོགས་ལྡན་པས་མཁྱེན་ནས་ཁོ་ལ་ན་རེ། ཁྱོད་ཇོ་ནང་དུ་ཕྱིན་ནམ། ཆོས་རྗེ་ཐམས་ཅད་མཁྱེན་པའི་སྐུ་ཁམས་བཟང་ངམ་ཞེས་སོགས་དྲིས་པ་ལས། ཁོས་ལོ་རྒྱུས་ཞིབ་ཏུ་ཞུས་པས། རྟོགས་ལྡན་པས་དབུ་ཧྲིལ་གྱིས་ཕུར་ནས་སྤྱན་ཆབ་མང་དུ་བྱུང་ནས། ཁོ་སྐྲག་སྟེ་ཅི་ལགས་ཞུས་པས། རྟོགས་ལྡན་པས་ཁྱོད་སྙིང་རེ་རྗེ། ཆོས་རྗེ་པ་དེ་ཤམ་བྷ་ལའི་རིགས་ལྡན་ས་བཅུའི་དབང་ཕྱུག་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡིན། ཁྱོད་ལས་ངན་བསགས་པས་འགྲོ་ས་དམྱལ་བ་ལས་མེད་གསུངས་པས། དེ་ལ་ཅི་ཕན་ཞུས་པས། ད་ལྟ་སོང་ལ་ཆོས་རྗེའི་དྲུང་དུ་བཤགས་པ་ཕུལ་ལ་གསོལ་བ་རྩེ་གཅིག་ཏུ་ཐོབ་ཅིག་དད་པ་དྲག་པོ་གྱིས་གསུངས་ཏེ། ཁོས་ཀྱང་དེ་བཞིན་དུ་བྱས་སོ། །ལར་བླ་མ་ལ་སྨོད་པ་ནི་ཉེས་པ་ཤིན་ཏུ་ཆེ་བར་གསུངས་ཏེ། དཔལ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས། །སློབ་དཔོན་སྨོད་པར་བྱེད་པ་དག །རྨི་ལམ་དུ་ཡང་མཐོང་མི་བྱ། །སློབ་དཔོན་སྨོད་པ་གང་ཡིན་པ། །བགེགས་དང་ལོག་འདྲེན་རྣམས་ཀྱིས་བཟུང༌། །ངན་པ་གཏུམ་པོའི་ལས་བྱེད་པ། །མཁས་པས་རྟག་ཏུ་སྤང་བར་བྱ། །ཞེས་སོ། །ཟླ་བ་གྲགས་པས། བླ་མ་སྨོད་བརྩོན་མ་རུངས་པ། །དེ་ལ་ཐར་པ་ཀ་ལ་ཡོད། །ཅེས་གསུངས། དུས་ཀྱི་འཁོར་ལོའི་བསྡུས་རྒྱུད་ལས། རྒྱལ་བ་རབ་ཏུ་གསལ་བའི་སློབ་དཔོན་ལ་ཡང་མཁས་པའི་ཉན་ཐོས་གང་ཡིན་གང་གིས་སྨོད་བྱེད་པ། །དེ་རྣམས་བགེགས་ཀྱི་མགོན་པོས་བསད་དེ་མཆོག་ཏུ་འཇིགས་པ་བྱེད་པ་མནར་མེད་དུ་ནི་མྱུར་དུ་འགྲོ། །ཞེས་སོགས་ཉེས་དམིགས་མང་དུ་གསུངས་པས། འཛེམ་པར་བྱའོ། །
དེ་ནས་མཁན་པོ་རིན་ཚུལ་བས་འཕྲིན་ཡིག་བསྐུར་ནས། བྱོན་པར་ཞལ་བཞེས་མཛད་དོ། །དེའི་སྟོན་ཁར་གདན་འདྲེན་དུ་ཆོས་རྗེ་རིན་ཚུལ་བ་བྱོན་ནས། རིམ་གྱིས་ལྷ་སར་བྱོན་པའི་ཞོར་ལ། ནུབ་ཆོས་ལུང་དུ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་གདན་དྲངས་ནས། དགེ་བའི་བཤེས་གཉེན་ཉིས་བརྒྱ་ཙམ་ལ་ཁྲིད་གནང༌། བཀའ་བསྡུ་བཞི་པའི་གླེགས་བམ་གཞུང་འགྲེལ་ལ་སོགས་མང་པོ་མཛད་པར་བསྐུལ་ནས་ཞུས་སོ། །
དེ་ནས་ཆོས་རྗེ་ཐང་པོ་ཆེ་བས་གདན་དྲངས་པས། དེར་དབང་མདོར་བསྟན་ཚར་གཅིག་གསུངས་ནས། དབུས་ཕྱོགས་སུ་རིམ་གྱིས་བྱོན་ཏེ། ཆོས་རྗེ་རིན་ཚུལ་བས་ཞབས་ཏོག་རྒྱ་ཆེན་པོ་བཀྱག་སྟེ། དབང་རིགས་ཁྲིད་ཚོགས་ཟབ་ཆོས་མང་དུ་འགྲོ་བ་མང་པོ་ལ་གསུངས་སོ། །
དེ་ནས་སྐྱོར་མོ་ལུང་གི་ཐད་ཀར་ཕེབས་ནས། ཆོས་རྗེ་དཔོན་སློབ་རྣམས་ཀྱིས། ཇོ་ཤཱཀ་གཉིས་ལ་ཡན་ལག་བདུན་པ་ཕུལ་བའི་དུས་སུ། ལྷ་སའི་བར་ཁྱམས་དང༌། ར་སའི་གཙུག་ལག་ཁང་དུ་མེ་ཏོག་སིལ་མའི་ཆར་བབ་ནས། མི་རྣམས་ཀྱིས་ཅི་ཡིན་ཞེས་གླེང་བ་བྱུང་ངོ༌། །ནམ་མཁའ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཞལ་གཟིགས་སོ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པའི་རྟགས་ཡིན་ཏེ། དུས་ཀྱི་འཁོར་ལོའི་རྒྱུད་ལས། ཁྲོ་བོ་སངས་རྒྱས་ལྷ་མོ་དང་བཅས་ངེས་པར་རོ་ཡི་རྡོ་རྗེ་རྣམས་དང་ས་ཡི་སྙིང་པོ་སོགས། །རབ་ཏུ་དགའ་བའི་ཐུགས་རྣམས་རྣལ་འབྱོར་པ་ལ་གྲུབ་པའི་དུས་སུ་ནམ་མཁའ་ལ་ནི་མངོན་སུམ་འགྱུར། །དེ་ཡི་འདོད་པའི་དངོས་གྲུབ་རི་བོང་ཅན་གྱི་ཞག་གི་ཐོ་རངས་དང་ནི་མཚན་མོའི་ཕྱེད་ལ་འགྱུར། །རིན་པོ་ཆེའམ་མེ་ཏོག་ཆར་ནི་མཆོག་གྱུར་དུས་ཀྱི་སྦྱོར་བས་ས་ཡི་སྟེང་དུ་འབབ་པར་འགྱུར། །ཞེས་གསུངས། དེ་ནས་ལྷ་སར་ཕྱགས་ཕེབས་ནས། ཇོ་ཤཱཀ་གཉིས་ལ་གསེར་ཆབ་བསྐུས། དཀར་མེ་དང་བདུག་སྤོས་བསམ་གྱིས་མི་ཁྱབ་པ་ཕུལ་ནས། ལྷ་སར་དགེ་བཤེས་བཞི་བརྒྱ་ཙམ་ལ་དུས་ཀྱི་འཁོར་ལོའི་དབང་ཁྲིད་ཟབ་ཆོས་དུ་མ་གནང་ངོ༌། །
དེ་ནས་བྲག་ལྷ་ཀླུ་ཕུག་ཏུ་བྱོན་ནས། འབུམ་དུས་འཁོར་ལྟར་བཤད་པ་ཚར་གཅིག་གསུངས་སོ། །དགུན་སྟོད་ཁྲིད་རྫོགས་པར་གནང་ངོ༌། །
ཟླ་བ་གསུམ་ནས་བཅག་སྟེ། འབྲི་གུང༌། སྟག་ལུང༌། གདན་ས་མཐིལ། གསང་ཕུ་ལ་སོགས་པར་གདན་དྲངས་ནས། དབང་བཀའ་མང་པོ་དང༌། ཕལ་པོ་ཆེའི་ལུང་ལ་སོགས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་ཏེ། བསྟན་པ་དང་སེམས་ཅན་ལ་ལྷག་པར་ཕན་པར་བྱུང་ངོ༌། །
དེའི་རིང་ལ་བུ་སྟོན་པས་རང་རེ་གངས་ཅན་བོད་ཁམས་སུ་མཁས་པ་ཡིན་པས། སངས་རྒྱས་ཀྱི་བསྟན་པ་གད་དར་ཅིག་བྱེད་པ་ཐུགས་ལ་འདོགས་པར་ཞུ་ཞེས་པའི་ཡི་གེ་བསྐུར་ནས། ཆོས་རྗེའི་ཐུགས་དགྱེས་ནས་ཞ་ལུར་བྱོན་ཏེ། ཞབས་ཏོག་རྒྱ་ཆེན་པོ་ཕུལ་ནས། ཆོས་རྗེས་ཀྱང་གནང་སྦྱིན་ཆེན་པོ་མཛད་ནས། ཁ་རྩང་ཡི་གེ་བསྐུར་བ་ལེགས་པར་འཕྲོད་པས་ང་ཡང་དགའ་ནས་འདིར་མཆིས་སོ། །བསྟན་པ་དང་སེམས་ཅན་ལ་ཕན་པའི་དོན་དུ་གསུང་གླེང་བྱེད་པ་རན་ཞེས་གསུངས་པས། འཇམ་དབྱངས་དཀར་པོ་ལ་སོགས་ཞ་ལུ་བ་རྣམས་སྐྲག་སྟེ། རིན་ཆེན་དོན་གྲུབ་ལ་ཞུས་པས། ཆོས་རྗེ་རིན་ཆེན་དོན་གྲུབ་ཀྱང་སྐྲག་ནས་རྟེན་འབྲེལ་ཞིག་བརྟག་དགོས། གསུང་རབ་རྣམས་ལ་ཅི་སྣང་ལོངས་ལ་ཕྱེ་ཤིག་བྱས་པས། གཟིམ་གཡོག་པས་དེ་བཞིན་དུ་གླེགས་བམ་ཞིག་བླངས་ནས་ཕྱེ་སྟེ། འཕགས་པ་རྔ་བོ་ཆེ་རེད། ཐོན་གསུངས་ནས། ལོ་བརྒྱད་ཅུ་ནས་དམ་པའི་ཆོས་རབ་ཏུ་རྣམ་པར་འཇིག་པར་འགྱུར་བ་དེའི་ཚེ་དེའི་དུས་སུ། གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བས་དེའི་ཚེ་ཐོག་མར་བདུད་ཀྱིས་བསྒྱུར་བའི་སེམས་ཅན་སྐྲ་དང་ཁ་སྤུ་བྲེག་པ་དག་གནས་པ་དང༌། དེའི་ཚེ་གཞོན་ནུས་སྡིག་ཅན་འཁོར་དང་བཅས་པ་གཟུགས་དང་བཅས་པ། བཅིང་བ་ལྔས་བཅིངས་ནས། རི་བོང་བཞིན་དུ་སྟོན་པར་འགྱུར་ཞིང༌། རྔ་བོ་ཆེའི་མདོ་ལས་གསུངས་པའི་ཆོས་ཆེན་པོ་སྒྲོགས་པར་འགྱུར། ཆོས་ཆེན་པོའི་རྔ་བོ་ཆེ་བརྡུང་བར་འགྱུར། ཆོས་ཆེན་པོའི་དུང་འབུད་པར་འགྱུར། ཆོས་ཀྱི་མཆོད་སྦྱིན་བྱེད་པར་འགྱུར། ཆོས་ཀྱི་རྒྱལ་མཚན་འཛུགས་པར་འགྱུར་རོ། །ཞེས་བྱུང་ནས། ཆོས་རྗེ་རིན་གྲུབ་ཀྱིས་ཆོག་གསུངས་པས། ཉེ་གནས་ན་རེ། རྟེན་འབྲེལ་འགྲིག་གམ་ཞུས་པས། བུ་སྟོན་ན་རེ། དེ་ནི་ཁོང་གི་ལུང་བསྟན་ཡིན་ཏེ། རྟེན་འབྲེལ་མི་འཐད་གསུངས་ནས། དགོན་སྡེ་པ་ཐམས་ཅད་སྐྲག་གོ །སྐྲག་ནས་གྲོས་བྱས་ཏེ་དུང་དཀར་གསུམ་གསེར་སྐུ་གཉིས་ཀྱིས་སྣ་དྲངས་པའི་འབུལ་བ་མང་པོ་བཀྱགས་ནས་ཁམས་མི་བདེ་ཞེས་ཞུས་པ་དང༌། ཆོས་རྗེ་རིན་པོ་ཆེས་མཁྱེན་ནས་ཐལ་སྐད་གཅིག་འཕངས་ནས་རིན་གྲུབ་པའི་ཁང་པ་བཀས་སོ། །རྫུ་འཕྲུལ་དུ་མ་བསྟན་ནས་ཐམས་ཅད་མི་ཕྱེད་པའི་དད་པ་བརྙེས་སོ། །དཀོན་མཆོག་ཏ་ལ་ལའི་མདོར། དེ་དག་ཀུན་བརྗོད་རྫུ་འཕྲུལ་རྗེས་བསྟན་ནས། །གཟུགས་ཀྱི་བྱིན་རླབས་མཐུ་སྟོབས་ཐམས་ཅད་དུ། །དེ་བཞིན་གཤེགས་པའི་རྫུ་འཕྲུལ་སྟོན་མཛད་ཅིང༌། །རྫུ་འཕྲུལ་རྣམ་པར་འཕྲུལ་བས་སེམས་ཅན་འདུལ། །ཞེས་གསུངས།
དེ་ནས་བྱ་ལོའི་ཟླ་བ་ལྔ་པའི་ཚེས་བཅུ་དྲུག་ལ་ཇོ་ནང་དུ་ཕེབས་ནས། བུ་སློབ་ཆེན་པོ་སྒྲུབ་པ་ཕོ་མོ་རྣམས་ལ་ཆོས་དང་གནང་སྦྱིན་ཆེན་པོ་མཛད་དོ། །དད་པ་ཅན་རྣམས་ཀྱིས་ཕུལ་བའི་དངོས་པོ་ཐམས་ཅད་ཟངས་དང་གསེར་དུ་བསྒྱུར་ནས། སྐུ་འབུམ་ཆེན་པོའི་ཕྱི་ནང་གི་སུར་ཁེབས་དང་རིན་པོ་ཆེ་དུ་མས་སྤྲས་པའི་འོད་ཟེར་འབར་བར་མཛད་དོ། །ལྷ་ཁང་མ་ཚར་བ་རྣམས་ཡོངས་སུ་རྫོགས་པར་མཛད་དོ།།
དེ་ནས་གཟིམས་ཁང་བདེ་བ་ཅན་དུ་ཐུགས་དམ་ལ་རྩེ་གཅིག་ཏུ་བཞུགས་པའི་ཚེ་ན། ཟླ་བ་གསུམ་དུ་ཆར་བ་མེད་པས་སེམས་ཅན་མང་པོ་ཉེན་ནས་བླ་མ་མང་པོ་དང༌། ཨ་ཙ་ར་མང་པོས་སེམས་ཅན་ལ་ཁྲལ་བསྡུས་ནས། ཆར་སློང་རྫས་སྔགས་མང་པོ་ལ་བརྟེན་ནས། མཚོ་དང་ཆུ་མིག་ལ་མ་ཐོན་ས་མེད་ཀྱང༌། ནམ་མཁའ་ལ་སྤྲིན་གཡག་རྔ་ཙམ་སྐྱེ་མ་མྱོང་ངོ༌། །མཚོ་དང་ཆུ་བོ་རྣམས་ཉམ་ཆུང་ན་ལོ་ཏོག་རྣམས་སྨོས་ཅི་དགོས། དེ་ནས་ཕྱོགས་ཕྱོགས་སུ་བླ་མ་མང་པོ་དང༌། རྒྱ་མཁར་རྩེ་པ་ལ་སོགས་སྡེ་པ་རྣམས་ཀྱིས། འབུལ་བ་མང་པོ་དང་བཅས་པར་ཞུ་བ་ཕུལ་ནས། སྙིང་རྗེ་ཚད་མེད་པ་སྐྱེས་ནས་མཚམས་བཀྲོལ་ཏེ་གཟིམས་ཁང་གི་སྟེང་དུ་བྱོན་ནས། ཀླུ་རྣམས་རབ་ཏུ་བསྐུལ་བའི་ཏིང་ངེ་འཛིན་ལ་བཞུགས་ནས་བཀའ་བསྒོ་མཛད་མ་ཐག་ཏུ་ཀླུའི་རྒྱལ་པོ་པད་མ་དང༌། སྐྱ་རེངས་དང༌། ཡོན་ཏན་གཙུག་ཕུད་དང༌། པན་ཊ་ཀ་དང༌། དུང་སྒྲ་དང༌། གསེར་འོད་དང༌། ཆར་འཛིན་དང༌། བཀྲ་ཤིས་དང༌། ཨེ་ལའི་འདབ་མ་ལ་སོགས་ཀླུ་རྒྱལ་རང་རང་གི་འཁོར་དུ་མས་བསྐོར་ནས། ཕྱོགས་མཚམས་ཐམས་ཅད་དུ་སྤྲིན་དང་ན་བུན་གྱི་གསེབ་ཏུ་གར་བསྒྱུར་ནས། ལ་ལས་ཆུ་འཛིན་གྱི་གཟར་བུ་ཕུལ། ལ་ལས་དུང་འབུད། ལ་ལས་གླུ་ལེན། ལ་ལས་སྤྲིན་གྱི་འཁོར་ལོ་བསྐོར། ཉི་མའི་འོད་བཅིངས། ཟླ་བའི་ལམ་བཅད། སྐར་མའི་དཔུང་བཤིག །འབྲུག་སྒྲ་དང་གློག་འོད་འཁྱིལ་ནས། ཆར་པ་ཞག་གསུམ་དུ་བབ་ནས་ལོ་ཏོག་དང་རྩི་ཏོག་ཐམས་ཅད་ལེགས་པར་བསྐྱེད་དོ། །དེ་ནས་བུ་སློབ་དང་ཆར་སློང་གི་ཞུ་བ་པོ་རྣམས་དང༌། ཀླུ་རྣམས་ལ་གཏང་རག་ཏུ་རྡོ་རྗེ་ལྗགས་ཀྱི་མདོ་དང༌། རྡོ་རྗེ་རྐན་གྱི་མདོ་དང༌། རྡོ་རྗེ་མཆུའི་མདོ་རྣམས་ཀྱི་ལུང་མཛད་དོ། །
སྐྱིད་ཕུག་ཏུ་བྱོན་ནས། ཨེ་ཝཾཾ་སྒྲ་སྒྲུབ་ཚར་གཅིག་གསུང་དུས་སུ། ཐ་སྐར་གྱི་ཟླ་བའི་ཚེས་བཅོ་ལྔའི་སྔ་དྲོ་ལ། ནམ་མཁའ་དྭངས་པའི་དཀྱིལ་དུ་འཇའ་འོད་སྣ་ཚོགས་གུར་ཁྱིམ་གྱི་དབུས་སུ་རྡོ་རྗེ་འཆང་དང་གྲུབ་ཆེན་བརྒྱད་བྱོན་ནས། བྱིན་རླབས་དང་ལུང་བསྟན་མཛད་དོ། །ཁྱད་པར་དུ་ཨིནྡྲ་བྷོ་དྷི་ལ་སེམས་འགྲེལ་སྐོར་གསུམ་གསན་ཏོ། །དེའི་ཚེ་ན་འདི་གསུངས་སོ། །ན་མོ་གུ་རུ་བྷྱཿ ནམ་མཁའི་མདོག་ཅན་ཆོས་སྐུ་རྡོ་རྗེ་འཆང༌། །འགྱིང་བག་རུས་རྒྱན་རྡོ་རྗེ་དྲིལ་བུ་འཛིན། །མཁའ་སྤྱོད་དཀར་དམར་མཁའ་འགྲོ་ཡུམ་དང་བཅས། །ཕ་མཆོག་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །གུར་གུམ་མདངས་ལྡན་ཀླུ་སྒྲུབ་འཛམ་གླིང་རྒྱན། །ནགས་ཀྱི་ལྷ་མོས་འཆི་མེད་བདུད་རྩི་ཕུལ། །དངོས་གྲུབ་བརྙེས་ནས་གཞན་དོན་རྒྱུན་མི་འཆད། །མཁས་མཆོག་གྲུབ་ཆེན་ཞབས་ལ་གསོལ་བ་འདེབས། །ཨིནྡྲ་བྷོ་དྷི་ལྗང་སྔོན་དུ་བའི་མདོག །རྒྱལ་རིགས་སྤྱོད་པ་ཨོ་རྒྱན་གནས་སུ་བཞུགས། །སྲས་དང་ལྷན་ཅིག་མཁའ་སྤྱོད་ཞིང་དུ་གཤེགས། །གསང་སྔགས་བསྟན་འཛིན་ཞབས་ལ་གསོལ་བ་འདེབས། །རྒྱལ་བའི་སྲས་མཆོག་ཌོམ་བྷི་ཧེ་རུ་ཀ །སྨུག་ནག་གཅེར་བུས་རྫུུ་འཕྲུལ་སྟག་ལ་ཞོན། །གདིང་བ་བཏིང་ནས་ཆུ་བོ་གང་གཱ་བརྒལ། །རྫུ་འཕྲུལ་དབང་ཐོབ་ཞབས་ལ་གསོལ་བ་འདེབས། །བྲམ་ཟེ་ཆེན་པོ་དཔལ་ལྡན་ས་ར་ཧཱ། །གསེར་མདོག་ཉོན་མོངས་འབིགས་པའི་མདའ་སྤྱོད་ཅིང༌། །དཔལ་གྱི་རི་ཡི་གནས་སུ་ནམ་མཁར་གཤེགས། །རླུང་སེམས་དབང་ཐོབ་ཞབས་ལ་གསོལ་བ་འདེབས། །གྲུབ་ཆེན་རས་མའི་མདོག་ཅན་དྲིལ་བུ་པ། །ཡུམ་སྲས་འཇའ་གུར་འཁྱིལ་བའི་འོད་ལམ་དུ། །རྡོ་རྗེ་དྲིལ་བུ་བསིལ་ནས་ནམ་མཁར་གཤེགས། །མཁའ་སྤྱོད་དབང་ཐོབ་ཞབས་ལ་གསོལ་བ་འདེབས། །ཀར་ཤམ་མདོག་ཅན་དཔལ་ལྡན་ཀུ་ཀུ་རི། །མཉེས་བྱེད་མཁའ་འགྲོ་ཁྱི་གཟུགས་པང་ནས་རོལ། །དངོས་གྲུབ་བརྙེས་ནས་ཐོགས་མེད་མཁའ་ལ་གཤེགས། །གྲུབ་ཆེན་རྒྱལ་པོའི་ཞབས་ལ་གསོལ་བ་འདེབས། །དུད་ཁའི་མདངས་ལྡན་རྒྱལ་སྲས་ལུ་ཧཱི་པ། །གདུག་པའི་ཉ་ལྟོ་གསོལ་ནས་དངོས་གྲུབ་བརྙེས། །དགེ་སློང་ཚུལ་འཛིན་འཁོར་བའི་རྒྱ་མཚོ་བརྒལ། །བརྟུལ་ཞུགས་མཆོག་ལྡན་ཞབས་ལ་གསོལ་བ་འདེབས། །པད་མ་བཛྲ་མདོག་དཀར་ཁྱིམ་པའི་གཟུགས། །ཤིང་ཏོག་གསོལ་ཞིང་ལམ་མཆོག་བསྒོམ་པར་མཛད། །རྫུ་འཕྲུལ་སྟག་མོ་བཅིབས་ཏེ་ནམ་མཁར་གཤེགས། །གདུག་ཅན་འདུལ་མཛད་ཞབས་ལ་གསོལ་བ་འདེབས། །གྲུབ་ཆེན་བརྒྱད་ལ་གསོལ་བ་བཏབ་པའི་མཐུས། །བདག་ཅག་དཔོན་སློབ་འཁོར་བཅས་ཐམས་ཅད་ཀྱི། །གནས་སྐབས་ཀུན་ཏུ་མི་མཐུན་བར་ཆད་སེལ། །མཐུན་པའི་ལམ་སྣ་ཆོས་ལ་དྲང་དུ་གསོལ། །ཞེས་ཞལ་གཟིགས་པའི་དུས་སུ་མཛད་པའོ། །
དེ་ནས་དབུས་གཙང་གཉིས་ལ་ནད་སྣ་བདུན་དྲུག་གིས་མི་ཀུན་ཁ་བཏགས་ནས་བླ་མ་སྔགས་པ་ནུས་པ་ཅན་ཐམས་ཅད་ཀྱིས་ཐབས་ཇི་ལྟར་བྱས་ཀྱང་ཕན་དུ་མ་བཏུབ་པས་ཆོས་རྗེ་ལ་ཞུས་པས། ཆོས་རྗེས་བདེན་སྟོབས་བརྗོད་ཅིང་ཆོས་སྐྱོང་ལ་གཏོར་མ་བཏང་ནས། བར་སྣང་ལ་མེ་ལྕེ་དམར་ནག་མཆེད་པ་འུར་སྒྲ་དང་བཅས་པའི་དབུས་སུ་གུར་གྱི་མགོན་པོ་ཟླུམ་པོའི་སྟབས་ཅན་གཡས་གྲི་གུག་འཕྱར་བ། གཡོན་ན་ཀ་པཱ་ལ་འཛིན་པ་འཇིགས་སུ་རུང་བའི་གཟི་བརྗིད་ཤིན་ཏུ་ཆེ་བ། ལྷ་མོ་རེ་མ་ཏིས་རལ་གྲི་འཕྱར་བ། གཡོན་ནས་བདུད་རྩིའི་བུམ་པ་སྦྲེང་བ། གནོད་སྦྱིན་དང་བཅས་པ་བྱོན་ནས། ནད་སྣའི་ར་མདའ་བཟློག་ཅིང༌། བཀའ་བསྲུང་གི་ཚུལ་དུ་བཞུགས་སོ། །
དེ་ནས་འཛུམ་ཆོས་ལུང་དུ་བྱོན་ནས། རྣམ་རྒྱལ་མཆོད་རྟེན་བཞེངས་པའི་དུས་སུ། གཟིམས་ཁང་དུ་དཔལ་རི་ཁྲོད་མགོན་པོ་ལ་པད་མ་ཝ་ཏི་དང་ཛྙཱ་ན་ཝ་ཏི་ལ་སོགས་མཁའ་འགྲོ་མང་པོས་བསྐོར་ནས་ནམ་མཁར་བྱོན་ནས། ཕྱག་གཉིས་གླང་པོ་ཆེའི་སྣ་ལྟར་བརྐྱངས་ནས། དེ་བཞིན་གཤེགས་པ་དཔག་ཏུ་མེད་པའི་དགོངས་པ་གཅིག་ཏུ་བསྡུས་པའི་བྱིན་རླབས་ཆོས་རྗེ་ལ་སྤྲོས་ནས་སྦྱོར་བ་ཡན་ལག་དྲུག་གི་མན་ངག་ཟབ་མོ་རྫོགས་པར་གསན་ཏོ། །ཟབ་མོ་ནི་གང་ཞེ་ན། རབ་འབྱོར། ཟབ་མོ་ཞེས་བྱ་བ་ནི། དེ་བཞིན་ཉིད་དང༌། ཡང་དག་པའི་མཐའ་དང༌། ཆོས་ཀྱི་དབྱིངས་ཀྱི་ཚིག་བླ་དྭགས་སོ། །ཡུམ་བར་མ་ལས། ཆོས་ཉིད་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །ཞེས་སོ། །ཆོས་ཉིད་ནི་སེམས་ཅན་ཐམས་ཅད་ལ་གཞི་གདོད་མ་ནས་བཞུགས་པའི་དེ་བཞིན་གཤེགས་པའི་སྙིང་པོ་ཡིན་ཏེ། དེ་ཡང་མདོ་རྒྱུད་ཡུམ་གསུམ་ལས་གསུངས་ཏེ། སངས་རྒྱས་ཕལ་པོ་ཆེར་གང་ལ་དེ་བཞིན་གཤེགས་པའི་ཡེ་ཤེས་མཐའ་དག་རྗེས་སུ་མ་བཞུགས་པའི་སེམས་ཅན་དེ་ནི་སེམས་ཅན་གྱི་རིགས་ནི་འགའ་ཙམ་ཡང་མེད་དོ། །ཞེས་སོ། །དེ་བཞིན་གཤེགས་པའི་སྙིང་པོའི་མདོར། དེ་བཞིན་གཤེགས་པ་རྣམས་ནི་བྱུང་ཡང་རུང༌། མ་བྱུང་ཡང་རུང༌། སེམས་ཅན་རྣམས་ནི་རྟག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ། །ཞེས་སོ། །རྔ་བོ་ཆེའི་མདོར། དེ་ལ་སེམས་ཅན་གྱི་ཁམས་ནི་དེ་བཞིན་གཤེགས་པའི་སྙིང་པོ་རྟག་པ་ཡོད་དོ། །ཞེས་གསུངས། སོར་ཕྲེང་ལ་ཕན་པའི་མདོར། སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་དེ་ཉོན་མོངས་པ་བྱེ་བས་གཡོགས་ནས་བུམ་པའི་ནང་གི་མར་མེ་བཞིན་དུ་འདུག་གོ །ཞེས་གསུངས། མདོ་སྡེ་ཉི་མའི་སྙིང་པོར། སེམས་ཅན་རྣམས་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ། །ཞེས་སོགས་དུ་མར་གསུངས་སོ། །
རྒྱུད་ལས་གསུངས་པ་ནི། དུས་ཀྱི་འཁོར་ལོའི་རྒྱུད་ཕྱི་མར། སེམས་ཅན་རྣམས་ནི་སངས་རྒྱས་ཉིད་དེ་ཆེན་པོའི་སངས་རྒྱས་གཞན་ནི་འཇིག་རྟེན་ཁམས་ན་ཡོད་མ་ཡིན། །ཞེས་གསུངས། བརྟག་གཉིས་རྒྱུད་ལས། འཇིག་རྟེན་འདི་ན་གང་དུ་ཡང༌། །སངས་རྒྱས་གཞན་དུ་རྙེད་མི་འགྱུར། །སེམས་ནི་རྫོགས་པའི་སངས་རྒྱས་ཉིད། །སངས་རྒྱས་གཞན་ལ་བསྟན་དུ་མེད། །ཅེས་གསུངས། སམ་བུ་ཊིའི་རྒྱུད་ལས། རང་གི་ལུས་ལ་སངས་རྒྱས་བཞུགས། །གཞན་དུ་གང་ན་སངས་རྒྱས་མེད། །མི་ཤེས་མུན་པས་བསྒྲིབས་པ་རྣམས། །ལུས་ལས་གཞན་དུ་སངས་རྒྱས་འདོད། །ཅེས་སོགས་དང༌། ཡུམ་མཆོག་ལས། ཀུན་ཏུ་བཟང་པོ་སེམས་ཅན་ཐམས་ཅན་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ། །ཞེས་སོ། །ཡུམ་བར་མ་གཅིག་པུ་ཁོ་ན་ལས། དོན་དམ་པའི་བདེན་པ་ནི་སེམས་ཅན་ཐམས་ཅད་ལ་ཡོད་དོ། །ཞེས་སོགས་གསུང་རབ་མང་པོར་གཞིའི་མཐར་ཐུག་དྲི་བཅས་བདེ་གཤེགས་སྙིང་པོའི་ཡོན་ཏན་ཀུན་ཚང་གི་སངས་རྒྱས་བཞུགས། ཞེས་གསལ་བར་གསུངས་ཏེ། ལྟ་ངན་འགལ་ཞིག་གིས། རང་སེམས་རྟོགས་ན་ཆོས་སྐུ་ཡིན་ལ་མ་རྟོགས་ན་འཁོར་བ་ཞེས་འདོད་དེ། དེ་ནི་གསུང་རབ་དང་ཆེས་ཆེར་འགལ་བར་ཐལ། རྣམ་ཤེས་དང་ཡེ་ཤེས་ཀྱི་ཕྱེ་བ་མི་ཤེས་པའི་ཕྱིར་རོ། །དཔལ་ལྡན་དྲི་མེད་འོད་ལས། རྣམ་པར་ཤེས་པ་དོན་དམ་དུ། །ཡོད་པར་མཁས་རྣམས་མི་འདོད་དོ། །ཞེས་གསུངས། མཚན་ཡང་དག་པར་བརྗོད་པ་ལས། རྣམ་པར་ཤེས་པ་ཆོས་ཉིད་འདས། །ཞེས་སོགས་དུ་མར་གསུངས་ཏེ། གཞན་དུ་ཤེས་པར་བྱའོ། །དེ་ལྟར་སེམས་ཅན་ཐམས་ཅད་ལ་བཞུགས་པའི་སངས་རྒྱས་ཏེ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པས་མ་མཐོང་ནས་ལམ་སྦྱོར་བ་ཡན་ལག་དྲུག་གི་སྒོ་ནས་དྲི་མ་སྦྱངས་པར་མདོ་རྒྱུད་ཡུམ་གསུམ་ལ་སོགས་མང་པོར་གསུངས་སོ། །མྱང་འདས་ཆེན་པོའི་མདོར། སེམས་ཅན་ཐམས་ཅད་ལ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཡོད་མོད་ཀྱི། མ་བསྒོམས་པས་མ་མཐོང་སྟེ། དེའི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མ་གྱུར་ཏོ། །ཞེས་གསུངས་སོ། །
དེ་ནས་ལམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་དགོས་པ་གལ་ཆེ་བར་གསུངས་སོ། །གསང་བ་འདུས་པའི་རྒྱུད་ལས། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ནི། །ཟུང་དུ་འཇུག་པའི་ཏིང་འཛིན་གྱིས། །རྣམ་རྟོག་མེད་པར་བཞུགས་པ་ནི། །ཐོབ་པ་འདི་ལ་ཐེ་ཚོམ་མེད། །ཅེས་གསུངས། སཾ་བུ་ཊི་ལས། རྟོག་པའི་གནས་སུ་སྤངས་ནས་ནི། །བློ་ལྡན་གང་ཞིག་མི་རྟོག་གནས། །ཐུགས་ཀྱི་རྡོ་རྗེས་གསུངས་པ་བཞིན། །དེ་ལས་དངོས་གྲུབ་ཐེ་ཚོམ་མེད། །ཅེས་སོ། །ཡུམ་ལས། རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པར་མི་རྟོག་པའོ། །རྣམ་པར་མི་རྟོག་པ་ནི་སངས་རྒྱས་སུ་བརྗོད་པའོ། །རྣམ་པར་མི་རྟོག་པ་ནི་བྱང་ཆུབ་ཏུ་བརྗོད་དོ། །ཞེས་གསུངས། གསེར་འོད་དམ་པའི་མདོར། རིགས་ཀྱི་བུ། རྣམ་པར་མི་རྟོག་པའི་ཡེ་ཤེས་ལས་གུད་ནས་ཡེ་ཤེས་འཕགས་པ་མེད་དོ། །ཞེས་དང༌། ཡུམ་ཉི་ཁྲི་པར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གང་གི་རྣ་ལམ་དུ་གྲགས་པ་དེ་ནི་སྔོན་གྱི་རྒྱལ་བ་རྣམས་ལ་བསྙེན་བཀུར་དང་དགེ་བའི་རྩ་བ་བསྐྱེད་པའོ། །ཞེས་གསུངས་པའི་ལམ་གྱི་ཤེར་ཕྱིན་རྡོ་རྗེའི་རྣལ་འབྱོར་ཡན་ལག་དྲུག་ཡིན་ནོ། །གསང་འདུས་ལས། དེ་ནས་ཕྱག་རྒྱ་ཆེན་པོ་ཡི། །དངོས་གྲུབ་བསྒྲུབ་ཕྱིར་བསྒྲུབ་པ་ནི། །སྦྱོར་བ་ཡན་ལག་དྲུག་པོ་ཡིས། །རྣལ་འབྱོར་པ་ཡིས་བསྒྲུབ་པར་བྱ། །དེ་ཡང་བསྙེན་བསྒྲུབ་ཡན་ལག་བཞིར་བསྡུས་པ་ནི། རྒྱུད་དེ་ཉིད་དུ། བསྙེན་པའི་ཆོ་ག་དང་པོ་སྟེ། །ཉེ་བར་བསྒྲུབ་པ་གཉིས་པ་ཡིན། །བསྒྲུབ་པ་ངེས་པར་གསུམ་པ་ཡིན། །བསྒྲུབ་པ་ཆེན་པོ་བཞི་པའོ། །ཞེས་གསུངས་པའི་རྣམ་པར་མི་རྟོག་པ་ལ་གནས་པ་ནི་མཆོད་པའི་མཆོག་ཏུ་གྱུར་པར་གསུངས་སོ། །བདེ་མཆོག་རྩ་རྒྱུད་ལས། རང་རིག་སྟོང་པར་རྟོགས་པ་ནི། །འོད་གསལ་དེ་ཉིད་ཆོས་ཀྱི་སྐུ། །ཞེན་པ་རྣམས་དང་བྲལ་བ་ན། །བླ་ན་མེད་པའི་མཆོད་པའོ། །ཞེས་གསུངས་པ་ལྟར། ཁམས་ནས་བཞུགས་པའི་སངས་རྒྱས་ལ། །ཕྱི་ཡི་མཆོད་རྫས་ཐམས་ཅད་དང༌། །ཕྱག་དང་བསྐོར་བ་སྔགས་བཟླས་སོ། །ཕུལ་ཀྱང་མཉེས་པར་མི་འགྱུར་ཏེ། །རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་གྱིས་མཆོད་ནས་སངས་རྒྱས་སུ་འགྱུར་གསུངས་སོ། །རྒྱུད་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད་དེ་འཇིག་རྟེན་ཁམས་འདིར་ཆེན་པོའི་སངས་རྒྱས་གཞན་ནི་ཡོད་མ་ཡིན། །དེ་ལ་རྣམ་པར་མི་རྟོག་པ་ཡིས་མཉེས་པར་བྱས་ནས་དཔག་ཏུ་མེད་པའི་སྲིད་པ་གཅོད་པར་བྱེད། །ཅེས་གསུངས་སོ། །འདི་ཐོས་པ་ཙམ་གྱིས་ཕན་ཡོན་ཆེ་བར་གསུངས་སོ། །མདོ་ལས། ཤཱ་རིའི་བུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཐོས་སམ། གནས་པ་དེ་ནི་ཤི་འཕོས་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོའོ། །ཞེས་པའི་ཕན་ཡོན་ཆེ་ནས་དངོས་སུ་བསྒོམ་པ་ལ་སྨོས་ཅི་དགོས་སོ། །དེ་ཡང་ཡུམ་སྟོང་ཕྲག་བརྒྱ་པ་ལས། རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་འཚོའི་བར་དུ། སེམས་ཅན་དེ་དག་ཐམས་ཅད་ལ་གོས་དང་ཟས་དང་མལ་ཆ་དང་ཡོ་བྱད་དང་བདེ་བའི་འཚོགས་ཆས་ཐམས་ཅད་ཀྱིས་རིམ་གྲོར་བྱས་ན། རབ་འབྱོར། དེ་ཅི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་གཞི་ལས་བསོད་ནམས་མང་དུ་བསྐྱེད་དམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་མང་ལགས་སོ། །བདེ་བར་གཤེགས་པ་མང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ། ཆུང་ནས་སེ་གོལ་གཏོགས་པའི་སྲིད་དུ་བསྒོམས་ནས། དེ་བས་ཆེས་བསོད་ནམས་མང་དུ་བསྐྱེད་དོ། །ཏིང་ངེ་འཛིན་གང་གིས་བསྒྲུབ་པ་དེ་ནི་ཉོན་མོངས་པ་མེད་པ་ཞེས་བྱའོ། །ཞེས་གསུངས་པ་ལྟར། མན་ངག་ཟབ་མོའི་ལམ་ཤིན་ཏུ་ཉེ་རྒྱུད་དེ། རྡོ་རྗེ་འཆང༌། ཤ་བ་རི་པ། ཆོས་རྗེ་ཐམས་ཅད་མཁྱེན་པ། དེས་བདག་ལའོ། །ཆོས་རྗེ་ཐམས་ཅད་མཁྱེན་པ་ལ། ཤ་བ་རི་པས་ཞལ་གཟིགས་ནས་བསྟོད་པ་འདི་གསུངས་སོ། །ཨོཾ་སྭ་སྟི། ཆུ་འཛིན་བྲལ་བའི་མཁའ་དབྱིངས་དག་པ་ལ། །སྤྲོས་མེད་འཇའ་འོད་གུར་ཁྱིམ་གཞལ་ཡས་སུ། །རཱ་གའི་མདངས་ལྡན་དཔལ་ལྡན་ཤ་བ་རི། །སྐྱོན་བྲལ་ཡོན་ཏན་རྒྱས་ལ་གསོལ་བ་འདེབས། །རུ་རུའི་པགས་པ་འཕྱར་ཐབས་གོས་སུ་གྱོན། །ཐུང་ཞིང་སྦོམ་ལ་རིན་ཆེན་རུས་རྒྱན་སྤྲས། །ཕྱེད་བཅས་སྐྱིལ་ཀྲུང་གར་གྱིས་རྣམ་པར་རོལ། །ཞལ་གདངས་ཁྲོ་འཛུམ་ཅན་ལ་གསོལ་བ་འདེབས། །ད་ནུ་སྐ་རའི་ཕྲེང་བ་སེ་རོལ་བརྒྱན། །བ་མེན་རྭ་ཆུང་གཡས་ཀྱི་ཕྱག་ན་ཐོགས། །གཡོན་ན་མི་རྐང་གླིང་བུ་ཀྱུ་རུ་རུ། །རྣལ་འབྱོར་རི་ཁྲོད་མགོན་ལ་གསོལ་བ་འདེབས། །གནས་གསུམ་དཔའ་བོ་བྲོ་བརྡུང་ཁྲིགས་སེ་ཁྲིགས། །དཔའ་མོ་གསུང་དབྱངས་གླུ་ལེན་འུ་རུ་རུ། །སྣ་ཚོགས་ཆོས་ཀྱི་སྒྲ་དབྱངས་སི་ལི་ལི། །དཔལ་ལྡན་རི་ཁྲོད་ཞབས་ལ་གསོལ་བ་འདེབས། །རི་ཁྲོད་དབང་ཕྱུག་ཁྱོད་ལ་བསྟོད་པའི་མཐུས། །ལས་ངན་ཆུ་འཛིན་བག་ཆགས་སྒྲིབ་གཉིས་ཀུན། །མི་རྟོག་ཡེ་ཤེས་སེར་བུས་རས་བསྐྱོད་དེ། །ཆོས་ཉིད་ནམ་མཁའ་བཞིན་དུ་མཐོང་བར་ཤོག །ཅེས་གསུངས། དེ་ནས་ཟླ་བ་དྲུག་པར་ཇོ་ནང་དཔལ་དུ་བྱོན་ནས་བཞུགས། ས་ཆོག་མཛད་ཚེ། སྐུ་འབུམ་ཆེན་པོའི་བྲེའི་ནང་དུ་ཐ་སྐར་གྱི་ཚེས་བཅོ་ལྔར་ཨོ་རྒྱན་པད་མ་དང༌། ཨིནྡྲ་བྷོ་དྷི་དང༌། ཀུ་ཀུ་རི་པ་དང༌། ཉ་ལྟོ་པ། བིར་བཱ་པ། ལུ་ཧཱི་པ། དྲིལ་བུ་པ། ས་ར་ཧཱ་པ་སྟེ་བརྒྱད་འཇའ་འོད་ཀྱི་གསེབ་ཏུ་བྱོན་ནས། ལ་ལས་མེ་ཏོག་འཐོར། ལ་ལས་སྤོས་འདེབས། ལ་ལས་རོལ་མོ་དཀྲོལ། གསུང་གླེང་མང་དུ་མཛད་དེ། དུས་ཅིག་ཏུ་དེ་དག་ལ་སེམས་འགྲེལ་སྐོར་གསུམ་གསན་ཏོ། །དེ་ནས་ཉེ་གནས་ཀྱིས་ཚོར་ནས་ནང་དུ་ཕྱིན་མ་ཐག་ཏུ་འཇའ་འོད་ལམ་ལམ་དུ་སོང་ནས་ཡལ་བས། ཆོས་རྗེས་ཅི་དགོས་གསུངས་སོ། །
དེ་ནས་གློ་འབུར་ཆེན་པོའི་སྟེང་དུ་བྱོན་ནས། སངས་རྒྱས་སྨན་པའི་རྒྱལ་པོ་འཁོར་བཅས་བྱོན་ནས། འོད་ཟེར་སྣ་ཚོགས་པའི་དྲ་བ་དྲ་ཕྱེད་དུ་ཁྱབ་པས། དྲ་མིག་རེ་རེ་ལ་སངས་རྒྱས་འཁོར་བཅས་རེ་རེ་བཞུགས་ནས། ཆོས་ཀྱི་གསུང་གླེང་ཡང་ཡང་མཛད་པ་དང༌། དྲན་པ་ཉེར་བཞག་ཚར་གཅིག་གསན་ཏོ། །
དེ་ནས་ཁམས་པ་ལས་སད་པ་ཞིག་སྐུ་འབུམ་ལ་བསྐོར་བ་བྱས་ནས། འོད་ཟེར་ཆེན་པོའི་ནང་དུ་ཆོས་རྗེ་པ་བཞུགས་ནས། སྣ་ཚོགས་པའི་ཙན་དན་གྱི་དྲི་བསུང་གིས་ཕྱོགས་ཀུན་རྣམ་པར་ཁེངས་ནས། མི་ཕྱེད་པའི་མོས་གུས་སྐྱེས་ཏེ། ཉེ་གནས་ལ་ཞུ་བ་ཕུལ་ནས། དར་ཡུག་གཅིག་གསེར་སྲང་གཉིས་ཆོས་གོས་གཅིག་ཕུལ་ཏེ། མཇལ་ནས་དྲི་བ་མང་དུ་བྱས་སོ། །མཐར་བྱང་ཆུབ་སེམས་དཔའ་ལི་ཙ་བཱི་དང༌། ཀླུ་སྒྲུབ་དང༌། བར་སྐབས་སུ་ཆོས་རྗེ་འབྲི་གུང་བ། རེས་འགའ་རྒྱལ་པོ་སྲོང་བཙན་སྒམ་པོར་གྱུར་པ། ད་ལྟ་ཀུན་མཁྱེན་ཆེན་པོ་ཉིད་ཡིན་ནམ་ཞུས་པས། ཆོས་རྗེས་ཡིན་གསུངས་ནས་ཞལ་གྱིས་བཞེས་སོ། །དེ་མིན་གྱི་སྐུའི་སྐྱེ་བ་གང་དང་གང་དུ་བཞེས་པའི་ཚུལ་དཔག་ཏུ་མེད་པ་ཞིག་ངས་ཤེས་ཏེ། སོ་སོའི་སྐྱེ་བོ་རྣམས་ཀྱི་བློར་མི་ཤོང་བས་སྐུར་བ་འདེབས་པའི་གཞིར་གྱུར་པས་མི་འབྲི་གསུངས་ནས་མ་གནང་ངོ༌། །
མཉམ་མེད་སྐུ་དྲིན་ཅན་གྱི་དྲུང་དུ་ཞུ། །རྣམ་ཤེས་ཡེ་ཤེས་ཕྱེ་བའི་ཁྱད་པར་ཅན། །དཔེ་ཉུང་དོན་གསལ་གོ་བདེ་གཅིག །བཀའ་སྩལ་པ་ནི་བདག་ལ་གནང་བར་ཞུ། །ན་མ་ཤྲཱི་ཀ་ལ་ཙཀྲ་ཡཿ བདེ་སྟོང་རོལ་བའི་དཔག་བསམ་ཡལ་འདབ་རྒྱས། །ཏིང་འཛིན་མེ་ཏོག་འོད་གསལ་འདུས་མ་བྱས། །དུས་འཁོར་བདེ་གཤེགས་སྙིང་པོ་བཅོམ་ལྡན་འདས། །སྐྱབས་མཆོག་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །ཐར་པའི་དོན་གཉེར་སྐྱེས་བུ་དམ་པ་ཁྱོད། །བསྟན་པའི་མཐར་ཐུག་ཐེག་པ་ཀུན་གྱི་རྩེ། །གཞན་སྟོང་ཟབ་མོའི་བ་དན་མཁའ་ལ་འཕྱར། །ཆོས་གྱི་དུང་ཆེན་འབུད་པའི་དུས་སུ་ཉོན། །བུམ་པའི་ནང་དུ་སྦྲང་མ་འཁོར་བ་བཞིན། །ཁམས་གསུམ་མཐའ་དག་སྡུག་བསྔལ་རང་བཞིན་སྤྱོད། །དེ་ལས་ཐར་བྱེད་དམ་ཆོས་དགོས་འགྱུར་གསུངས། །དེ་སྣོད་དལ་འབྱོར་མིན་པ་བྱེད་པ་མེད། །དཔེ་གྲངས་རྒྱུ་གསུམ་སྒོ་ནས་རྙེད་དཀའ་བ། །གལ་ཏེ་རྙེད་ཀྱང་ཆུ་ཡི་ཆུ་བུར་བཞིན། །རྩྭ་རྩེའི་ཟིལ་བ་རླུང་གསེབ་མར་མེ་ལྟར། །འཆི་བ་མི་རྟག་ཡིན་པར་ཐུགས་ལ་ཞོག །འཆི་ཙམ་མི་ཕན་སྡིག་པའི་ཡོ་ལང་གིས། །འཆི་ཁར་བར་དོའི་འཇིགས་སྐྲག་སྣ་ཚོགས་དང༌། །ངན་སོང་གསུམ་གྱི་སྡུག་བསྔལ་ཡ་ང་བ། །ལེ་ལོ་མི་ཁོམ་ཤིན་ཏུ་འབད་པར་འཚལ། །ལར་ཕྱི་ནང་སྣོད་བཅུད་ཐམས་ཅད་ཀུན། །གདོད་ནས་མ་གྲུབ་རང་རང་ངོ་བོས་སྟོང༌། །དཔེར་ན་ནམ་མཁའི་མེ་ཏོག་ལྟ་བུ་སྟེ། །འོན་ཀྱང་རྣམ་ཤེས་བག་ཆགས་དག་གིས་བསླང༌། །ལར་དེ་འདྲ་མི་ཤེས་ཕལ་བ་ཡི། །འཁྲུལ་སྣང་དངོས་པོ་བདེན་པར་བཟུང་བ་ལ། །ལས་དང་ཉོན་མོངས་སྣ་ཚོགས་ཉིད་དུ་འཆར། །འདི་དག་འགྲོ་བ་མང་པོ་བསླུས་པར་བྱེད། །བསླུས་ཀྱང་མི་ཕན་རླུང་སེམས་མ་འགགས་པར། །འཁྲུལ་སྣང་སྲིད་པའི་རྦ་རླབས་སྣ་ཚོགས་འཆར། །དཔེར་ན་མཁྲིས་ནད་རྒྱས་པའི་གང་ཟག་ལ། །དུང་དཀར་དྲི་མེད་སེར་པོར་མཐོང་བ་ལྟར། །དེ་ནས་རླུང་སེམས་འགྱུ་བ་འགགས་པའི་ཐབས། །བྱང་ཕྱོགས་ཤམ་བྷ་ལ་ཡི་ཁྱད་ཆོས་མཆོག །དུས་འཁོར་བདེ་གཤེགས་སྙིང་པོ་མཆོག་ཏུ་བསྔགས། །ཆོས་གཞན་ཐར་ཐོར་དག་གིས་དགག་མི་ནུས། །རྣམ་ཤེས་འགགས་ནས་ཡེ་ཤེས་མངོན་དུ་འགྱུར། །མཁྲིས་ནད་དག་པས་དུང་དཀར་གསལ་བ་བཞིན། །དེ་ལྟར་རྟོགས་པ་ཆོས་ཤེས་ནང་ན་དཀོན། །སྐྱེ་བོ་ཕལ་པའི་ཁྲོད་ནས་སྨོས་ཅི་འཚལ། །རང་བཞིན་འོད་གསལ་གློ་བུར་དྲི་མའི་སེམས། །གཉིས་སུ་ཕྱེ་བ་ཅུང་ཟད་ཁྱོད་ལ་བསྟན། །རང་བཞིན་འོད་གསལ་རྫོགས་པའི་སངས་རྒྱས་ཏེ། །གློ་བུར་དྲི་མ་ཉོན་མོངས་མ་རིག་བདུད། །རང་བཞིན་འོད་གསལ་ཕྱག་རྒྱ་ཆེན་མོ་སྟེ། །བུམ་ནང་མར་མེ་འབར་བ་ལྟ་བུར་བཞུགས། །གློ་བུར་དྲི་མའི་སྒྲིབ་གཡོགས་བཀག་པ་ཡི། །བུམ་པ་ནག་པོ་བཞིན་དུ་རྟོགས་པར་འཚལ། །རང་བཞིན་འོད་གསལ་དུས་ཀྱི་འཁོར་ལོ་ནི། །མཁའ་ལ་ཉི་ཟླའི་དཀྱིལ་འཁོར་ལྟ་བུར་བཞུགས། །གློ་བུར་དྲི་མ་ནག་པོའི་སྒྲིབ་གཡོགས་ནི། །སྤྲིན་དང་དུ་བ་ཁུག་རྣ་ལྟ་བུར་གནས། །རང་བཞིན་འོད་གསལ་དང་པོའི་སངས་རྒྱས་ནི། །དབུལ་པོའི་ཁང་པར་རིན་ཆེན་གཏེར་ལྟ་བུ། །གློ་བུར་དྲི་མའི་སྒྲིབ་གཡོགས་ངན་པ་ནི། །རིན་ཆེན་བཀབ་པའི་ས་རྡོ་ཉིད་དང་མཚུངས། །རང་བཞིན་འོད་གསལ་ཆོས་སྐུ་རྡོ་རྗེ་འཆང༌། །ས་ཡི་ནང་དུ་གསེར་གྱི་གར་བུ་བཞིན། །གློ་བུར་དྲི་མའི་སྒྲིབ་གཡོགས་རྣམ་རྟོག་ནི། །གར་བུ་བསྒྲིབས་པའི་ས་འདམ་དཔེ་དང་མཚུངས། །རང་བཞིན་འོད་གསལ་དགྱེས་པ་རྡོ་རྗེ་ནི། །སྙེ་མའི་ནང་དུ་འབྲས་བུ་ལྟ་བུར་བཞུགས། །གློ་བུར་དྲི་མའི་རྣམ་ཤེས་དེ་ཉིད་ནི། །སྙིང་པོ་གཡོགས་པའི་ཤུན་པ་བཞིན་དུ་གནས། །རང་བཞིན་འོད་གསལ་བདེ་མཆོག་འཁོར་ལོ་ནི། །དཔེར་ན་སྦྲང་རྩིའི་གོང་བུ་ལྟ་བུར་བཞུགས། །གློ་བུར་དྲི་མའི་སྒྲིབ་གཡོགས་འགྱུ་བ་ནི། །དེ་ལ་འདུས་པའི་སྦྲང་མ་བཞིན་དུ་གནས། །རང་བཞིན་འོད་གསལ་མཧཱ་མ་ཡ་ནི། །སངས་རྒྱས་སྐུ་གཟུགས་རིན་ཆེན་ལྟ་བུར་བཞུགས། །གློ་བུར་དྲི་མ་འཁོར་བའི་སྒྲིབ་གཡོགས་ནི། །དར་གྱི་ན་བཟའ་ལྟ་བུར་གནས་པར་འདོད། །རང་བཞིན་འོད་གསལ་རྡོ་རྗེ་འཇིགས་བྱེད་ནི། །གཡའ་དག་མཁའ་ལ་འཇའ་ཚོན་ལྟ་བུར་བཞུགས། །གློ་བུར་དྲི་མ་སྐྱེ་བའི་རྒྱ་མཚོ་ནི། །སྒྲིབ་བྱེད་ནག་པོའི་སྤྲིན་དཔུང་བཞིན་དུ་གནས། །རང་བཞིན་འོད་གསལ་གསང་བ་འདུས་པ་ནི། །ས་ལ་པད་མ་འདབ་སྟོང་ལྟ་བུར་བཞུགས། །གློ་བུར་དྲི་མ་རྒས་པའི་རྒྱ་མཚོ་ནི། །སྒྲིབ་གཡོགས་སྐྱོན་མང་ས་འདམ་བཞིན་དུ་གནས། །རང་བཞིན་འོད་གསལ་སངས་རྒྱས་ཐོད་པ་ནི། །ཏིལ་ནང་མར་ཁུ་ལྟ་བུར་བཞུགས་པ་སྟེ། །གློ་བུར་དྲི་མ་ན་བའི་རྒྱ་མཚོ་ནི། །དེ་ཡི་སྒྲིབ་གཡོགས་ཏིལ་ནག་བཞིན་དུ་གནས། །རང་བཞིན་འོད་གསལ་རྟ་མགྲིན་ཡང་གསང་ཁྲོས། །བརྟན་སྐྱེས་དག་ལ་མེ་ལྟར་བཞུགས་པ་སྟེ། །གློ་བུར་དྲི་མ་འཆི་བའི་རྒྱ་མཚོ་ནི། །སྒྲིབ་བྱེད་གེལ་བ་ཤིང་ཚོམ་ལྟ་བུར་གནས། །རང་བཞིན་འོད་གསལ་རྡོ་རྗེ་གདན་བཞི་ནི། །དངུལ་དཀར་དྲི་མེད་དག་པའི་མེ་ལོང་བཞིན། །གློ་བུར་དྲི་མ་སྡུག་བསྔལ་རྒྱ་མཚོ་ནི། །མེ་ལོང་གཡོགས་པའི་ས་རྡུལ་ལྟ་བུར་གནས། །རང་བཞིན་འོད་གསལ་རྡོ་རྗེ་མཁའ་འགྲོ་ནི། །གྲུབ་པའི་རལ་གྲི་འབར་བ་ལྟ་བུར་བཞུགས། །གློ་བུར་དྲི་མ་ཉོན་མོངས་རྩ་བ་ནི། །རལ་གྲི་གཡོགས་པའི་ཤུན་པ་ལྟ་བུར་གནས། །རང་བཞིན་འོད་གསལ་རྡོ་རྗེ་ཕག་མོ་ནི། །འདུས་མ་བྱས་པའི་ནམ་མཁའ་ལྟ་བུར་བཞུགས། །གློ་བུར་དྲི་མ་འཁོར་བའི་ས་བོན་ནི། །དེ་ཡི་སྒྲིབ་གཡོགས་སྤྲིན་དང་རྡུལ་བཞིན་གནས། །རང་བཞིན་འོད་གསལ་རིགས་གསུམ་མགོན་པོ་ནི། །དྲི་མེད་ཆོས་ཀྱི་དུང་དཀར་ལྟ་བུར་བཞུགས། །གློ་བུར་དྲི་མ་ལྟ་ངན་རྒྱ་མཚོ་ནི། །དེ་ལ་གཡོགས་པའི་ཤུབས་ཀྱི་ལྟ་བུར་གནས། །རང་བཞིན་འོད་གསལ་བདེ་གཤེགས་སྙིང་པོ་ནི། །ས་ཡི་དཀྱིལ་ན་ཆུ་གཙང་ལྟ་བུར་བཞུགས། །གློ་བུར་དྲི་མ་མུན་པའི་རྒྱ་མཚོ་ནི། །དེ་ལ་སྒྲིབ་བྱེད་རྙོག་མ་བཞིན་དུ་གནས། །དེ་ལྟར་ཕྱེ་བའི་ཆོས་མཆོག་མ་ཤེས་ན། །དུག་ལ་སྨན་དང་ར་གན་གསེར་བཟུང་ལྟར། །གློ་བུར་སེམས་དང་སེམས་འབྱུང་གྱ་གྱུ་འདི། །སྐུ་དང་ཡེ་ཤེས་བཟུང་ན་རང་གཞན་ཕུང༌། །སེམས་ཉིད་ངོ་བོ་ཤེས་ན་སངས་རྒྱས་ཏེ། །མ་ཤེས་ཙམ་ན་འཁོར་བའི་རྒྱུ་ཞེས་པ། །འདི་དག་རྒྱལ་བའི་བཀའ་དང་མི་མཐུན་པས། །བསྟན་པའི་ཆོམ་རྐུན་ཉིད་དུ་རྟོགས་པར་འཚལ། །དེ་དག་འདོད་པའི་ལྟ་ངན་ནག་པོ་ཁྱོད། །དཔེར་ན་མེ་ནི་ཤེས་ན་བསིལ་བ་དང༌། །མ་ཤེས་ཉིད་ན་ཚ་བ་འདོད་པ་འམ། །དེ་བཞིན་དཔེར་ན་སེམས་ཉིད་ཆོས་སྐུ་ཞེས། །བཙན་དུག་ཤེས་ན་བདུད་རྩི་མ་ཤེས་ན། །དུག་ཞེས་གཡང་ས་ཤེས་ན་ཐང་ཆེན་པོ། །མ་ཤེས་པ་ལ་གཡང་ས་སྤུ་གྲི་འདི། །ཤེས་ན་མི་གཅོད་མ་ཤེས་ཚེ་ན་གཅོད། །དེ་ལྟར་འདོད་པས་དཔེར་ན་བྱིས་པ་ཡིས། །སྣག་ཚ་བརྡར་ན་དཀར་པོ་བྱ་ཞེས་འདྲ། །དེ་བཞིན་རྣམ་ཤེས་ཆོས་དཀར་མི་འགྱུར་ཞེས། །རྒྱུས་མེད་ལྟ་ངན་མགོ་བོ་དེ་ཀས་བསྐོར། །ལྟ་ངན་མེད་པའི་དཔལ་ལྡན་ཤམ་བྷ་ལར། །སེམས་ཉིད་མཁྱེན་པའི་སྐྱེ་བོ་མང་དུ་བཞུགས། །ཡུལ་གངས་ཅན་ཁྲོད་ན་ཁོ་བོ་ཙམ། །བུ་ཁྱོད་ཡང་དག་ཆོས་ལ་འཇུག་པར་འཚལ། །དེ་ཡང་འཇུག་པ་ཙམ་དུ་ཆོག་པར་མི་འགྱུར་ཏེ། །གློ་བུར་དྲི་མའི་སྦུབས་ལས་གྲོལ་དགོས་ན། །གྲོལ་བྱེད་ཟབ་ལམ་རྡོ་རྗེ་རྣལ་འབྱོར་ནི། །སྐད་ཅིག་གཡེལ་བ་མེད་པར་བསྒོམ་པར་འཚལ། །སྐལ་ལྡན་ཁྱོད་ལ་སྤྲིངས་པའི་ཡི་གེ་འདི། །དཔལ་ལྡན་ཤམ་བྷ་ལའི་ཁྱད་ཆོས་མན་ངག་སྟེ། །རྒྱལ་བ་རིགས་གསུམ་མགོན་པོའི་སྙིང་གཏམ་ཡིན། །ཁྱོད་རང་མ་གཏོགས་གཞན་ལ་གནང་བ་མེད། །ཅི་སླད་ཅེ་ན་གཞན་སྟོང་ཟབ་མོ་ཡི། །ཆོས་མཆོག་བོད་ཀྱི་ཡུལ་དུ་གྲགས་པ་ཆུང༌། །ཁྱད་པར་བློ་དམན་ཐོས་ཆུང་ལོག་པ་ཅན། །དེ་དག་ཐོས་ནས་སྐུར་བ་འབྱུང་བ་ལགས། །དེ་ཕྱིར་གསང་བ་གལ་ཆེ་བཀའ་རྒྱ་ཡོད། །ཡི་གེའི་རྟེན་ལ་བསྲུང་དར་ཁ་གང་བདོག །ང་རང་གྱོན་པའི་ཞྭ་སེར་ཕྱམ་ཚེ་གཉིས། །ཁྱོད་ལ་བཀྲ་ཤིས་འབྱུང་བའི་རྟེན་དུ་འབུལ། །དགེ་བ་འདི་ཡིས་གློ་བུར་དྲི་མའི་ཚོགས། །སྲོག་དང་ཐུར་སེལ་རྩ་དང་ལྷན་ཅིག་ཏུ། །འཇོམས་པར་ནུས་པའི་ཐབས་ཟབ་ལ་བརྟེན་ནས། །གཞན་མཆོག་བདེ་གཤེགས་སྙིང་པོ་མྱུར་ཐོབ་ཤོག །ཤུ་བྷཾ།
ཨོཾ་སྭ་སྟི་སིདྷཾཿ བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །འཁོར་འདས་འཇིགས་པ་ཀུན་ལས་སྐྱོབ་པའི་སྐྱབས། །ཚུལ་ཁྲིམས་རྣམ་དག་ཤིན་ཏུ་རྒྱལ་གྱུར་ཅིག །བདུད་ཀྱི་དབང་གྱུར་མཛེས་པའི་གཞོན་ནུ་ཁྱོད། །བདག་གིས་མ་བཟོད་སྨྲ་བའི་ངག་འདི་ནི། །བརྩེ་བས་ཕན་པར་སྨྲ་བའི་ཚིག་འདི་གསོན། །དུག་ཅན་སྣོད་དང་འཕྲད་ན་ཞེ་སྡང་འཕེལ། །ཤེས་ལྡན་རྣམས་ཀྱིས་ཐོས་ན་ངོ་མཚར་སྐྱེ། །དད་པ་ཅན་གྱིས་ཐོས་ན་དང་བ་འདྲེན། །རིགས་བཟང་བློ་གྲོས་གསལ་ལྡན་གཞོན་ནུ་ཁྱོད། །མཁས་པའི་གཙུག་རྒྱན་ཐོབ་པར་བྱར་ཡོད་ཀྱང༌། །ལུང་རིགས་འོ་མའི་རྒྱ་མཚོ་སྤངས་པའི་མཐུས། །མི་གཙང་འདམ་དུ་བྱིང་བ་མ་ཚོར་རམ། །བདུད་ཀྱིས་ཕོ་ཉ་མངགས་པའི་མཛེས་མ་ཡིས། །བཞིན་རས་གཞུ་ལས་ཟུར་མིག་མདའ་བཀང་སྟེ། །གཞོན་ནུ་ཁྱོད་ཀྱི་སྙིང་གི་དཀྱིལ་དེར་འཕངས། །ཐར་པའི་རྩ་བ་བཅད་པ་མ་ཚོར་རམ། །ན་ཆུང་བཞིན་རས་པད་མོ་རྒྱས་པ་ལ། །གཞོན་ནུ་འཛུམ་པའི་ཚ་ཟེར་ཕོག་པ་ཡིས། །དགའ་བ་སོ་ཡི་ཟེའུ་འབྲུ་བསྟན་པའི་ཚེ། །གཞོན་ནུ་ཡིད་ཀྱི་བུང་བ་མ་གཡོས་སམ། །ན་ཅུང་ཟླ་བའི་བསིལ་ཟེར་ཕོག་པ་ཡིས། །གཞོན་ནུ་བག་ཡོད་ཆུ་སྐྱེས་ཟུམ་གྱུར་ཅིང༌། །ཉེས་སྐྱོན་ཀུ་མུ་ཏ་ཡི་ཁ་ཕྱེས་ནས། །ལྟུང་བའི་སྦྲང་རྩིས་གང་བས་མ་བསླུས་སམ། །གཞོན་ནུ་རི་དྭགས་ཡུལ་དུ་རྒྱུ་བའི་ཚེ། །ན་ཆུང་རྔོན་པའི་དམག་གིས་མཐའ་བསྐོར་ཏེ། །གླིང་བུའི་སྐད་ལྟར་སྙན་པའི་གླུ་ཡིས་བསླུས། །དགེ་ལེགས་སྲོག་དང་བྲལ་བ་མ་ཤེས་སམ། །ཕ་ཡུལ་འཕྲང་ལ་བསྒུགས་པའི་ཆོམ་པོ་ཡིས། །དབང་མེད་འདོད་ཆགས་ཞགས་པས་རབ་བཅིངས་ཏེ། །མཐོ་རིས་ཐར་པའི་དགོས་འདོད་འབྱུང་བའི་གནས། །ཚུལ་ཁྲིམས་ནོར་མཆོག་འཕྲོག་པ་མི་ཤེས་སམ། །བླ་མ་མཁས་པ་རྣམས་ལ་བརྟེན་པའི་མཐུས། །ལེགས་ཉེས་བླང་དོར་བྱ་བ་ཤེས་བཞིན་དུ། །རྟག་ཏུ་ཉེས་པ་འབའ་ཞིག་བསྒྲུབ་པ་ཡི། །གཞོན་ནུ་ཁྱོད་ནི་འཆི་ཁར་མི་འགྱོད་དམ། །རྙེད་པར་དཀའ་བའི་མི་ལུས་ཐོབ་ན་ཡང༌། །སངས་རྒྱས་བསྟན་པའི་བདུད་རྩི་མི་འཐུང་པར། །འདོད་ཆགས་ཆང་གིས་མྱོས་པའི་གཞོན་ནུ་ཁྱོད། །ཚེ་འདི་སྟོང་ཟད་བྱས་པ་མ་ཚོར་རམ། །གསུང་རབ་རྒྱ་མཚོར་བརྩོན་པའི་གཟིངས་བཅས་ཏེ། །མཁས་པའི་ནོར་མཆོག་བླང་དུ་ཡོད་བཞིན་དུ། །བདུད་ཀྱི་བཙོན་རར་འཐབ་རྩོད་འབྱུང་བའི་གཞི། །ཕ་ཡུལ་སྒྲོག་གིས་བཅིངས་པ་ཁྱོད་རེ་འཁྲུལ། །ཆང་གི་བུམ་པ་ཕྱི་དོར་བྱས་པ་ལྟར། །བཤང་གཅི་ལ་སོགས་མི་གཙང་ཕུང་པོ་ལ། །མ་བརྟགས་མཛེས་པར་སྣང་བའི་པགས་པས་གཡོགས། །མི་གཙང་སྣོད་ལ་ཆགས་པ་ཁྱོད་རེ་འཁྲུལ། །བདེ་བའི་འབྱུང་གནས་ཐར་ལམ་རིང་དུ་སྤངས། །སྐྱེ་རྒ་ན་འཆིའི་སྡུག་བསྔལ་མི་བཟོད་པ། །འཁོར་བའི་འདམ་ལས་ཐོན་པ་མ་མཆིས་ན། །གཞོན་ནུ་ཁྱོད་ནི་བདུད་ཀྱིས་མ་བསླུས་སམ། །ལན་ཚྭའི་སྡོང་པོ་འདོད་ཆགས་སྐོམ་གྱིས་ངོམས། །ཉེས་སྤྱོད་སྡིག་ཏོའི་སྒྲོན་མེ་ཆེར་འབར་བས། །དགེ་ལེགས་དཔག་བསམ་རྒྱ་མཚོ་སྐམ་བྱས་ནས། །ངན་འགྲོའི་མུན་མཚམས་མེད་པར་མི་འཇིགས་སམ། །ཚུལ་ཁྲིམས་འཆལ་པས་མནར་མེད་ལྟུང་བའི་ཚེ། །ཡིད་ལ་ཆགས་པའི་གྲོགས་མོས་མདུན་ནས་བོས། །སྤུ་གྲིས་གཏམས་པའི་ལམ་ལ་གཤེགས་པའི་ཚེ། །སྡུག་བསྔལ་མི་བཟོད་མྱོང་བས་མི་འཇིགས་སམ། །བུ་ཁྱོད་ཕྱི་མའི་སྡུག་བསྔལ་མི་སེམས་ཀྱང༌། །ཚེ་འདིར་སྐྱེ་བོ་ཀུན་གྱིས་སྨོད་པར་འགྱུར། །ཉེ་དུ་འབྲེལ་པ་རྣམས་ཀྱིས་བྲན་བཞིན་བཀོལ། །ཚེ་འདིར་སྡུག་བསྔལ་འབའ་ཞིག་མི་ཤེས་སམ། །ལན་ཆགས་འགྲོ་བ་མཛེས་པའི་བུ་འཁྲུངས་ཏེ། །གཞོན་ནུ་སྐྱེ་བོའི་སྡུག་བསྔལ་མི་བཟད་བསྐྱེད། །ལང་ཚོ་རྒྱས་ན་ཚུར་ལ་རྒོལ་བར་བྱེད། །དེ་ལ་གཉེན་དུ་འཛིན་པ་ཁྱོད་རེ་འཁྲུལ། །སྡིག་དང་སྡུག་དང་གཏམ་ངན་མི་འཇིགས་སམ། །སེར་སྣའི་གཞི་མར་བསགས་པའི་ནོར་ཟས་རྣམས། །དབང་མེད་ཧོར་འདྲའི་དམག་དཔུང་ཆེར་ལྷགས་ཏེ། །དབང་མེད་འཕྲོག་པར་བྱེད་པ་མི་ཤེས་སམ། །ཕན་པར་སྨྲ་བའི་མཁན་སློབ་རྒྱབ་ཏུ་སྤངས། །ཕུང་བྱེད་བདུད་ཀྱི་བུ་མོ་པང་དུ་བླངས། །ཆོས་ཀྱི་ལོངས་སྤྱོད་ནམ་མཁའི་སྤྲིན་ལྟར་དེངས། །སྡུག་བསྔལ་བདེ་བར་འཛིན་པ་ཁྱོད་རེ་འཁྲུལ། །ཚུལ་ཁྲིམས་ཉམས་པའི་ཉེས་པས་མི་ཆོག་པར། །ཚུལ་ཁྲིམས་འཆལ་པའི་ལུས་ཅན་གཞོན་ནུ་ཁྱོད། །དགེ་སློང་ཚུལ་དུ་མ་འཆོས་དཀར་པོ་གྱོན། །ཚུལ་ཁྲིམས་འཆལ་པའི་ཉེས་པའི་མི་ཆོག་པར། །ཚུལ་འཆོས་ཉེས་པས་གོས་ན་མི་རུང་ངོ༌། །གཞོན་ནུ་ཁྱོད་ནི་ཁྱིམ་པའི་ཚུལ་འཛིན་ན། །ཁྱྀམ་པའི་བྱ་བ་བདག་གིས་བཤད་ཀྱིས་ཉོན། །ཡོན་ཏན་རྒྱ་མཚོ་མ་ལུས་འབྱུང་པའི་གཞི། །དཀོན་མཆོག་རིན་ཆེན་གསུམ་ལ་སྐྱབས་སུ་སོང༌། །སྔར་བྱས་སྡིག་པའི་ལས་ལ་འགྱོད་པ་བསྐྱེད། །སེམས་ཅན་དོན་དུ་ཉེས་ལྟུང་སོ་སོར་བཤགས། །སྦྱོར་བ་བྱང་ཆུབ་སེམས་དང་རབ་ལྡན་ཞིང༌། །དངོས་གཞི་ཆོས་རྣམས་སྒྱུ་མ་ལྟ་བུར་བལྟ། །མཐར་ནི་མཐའ་ཡས་སེམས་ཅན་དོན་དུ་བསྔོ། །བྱང་ཆུབ་མཆོག་ཏུ་བསྔོ་བས་རྒྱས་བཏབ་ནས། །མི་དགེ་བཅུ་སྤང་དགེ་བཅུ་དང་དུ་བླངས། །སངས་རྒྱས་ཆོས་དང་དགེ་འདུན་རྒྱ་མཚོ་དང༌། །ཕ་མ་ལ་སོགས་མཆོད་ཡུལ་གུས་པས་མཆོད། །ཤིན་ཏུ་ཉམ་ཐག་གྱུར་པའི་སེམས་ཅན་རྣམས། །སྙིང་རྗེའི་དབང་གིས་རྟག་ཏུ་སྐྱོང་བར་མཛོད། །ཡན་ལག་བདུན་དང་གཏོར་མ་བྱ་བ་དང༌། །རིམ་གསུམ་ཟུང་འཇུག་ཡི་དམ་བསྒོམ་བཟླས་དང༌། །དྲི་མེད་མདོ་ནི་ཀློག་པ་ལ་སོགས་པ། །བླ་མེད་ཆོས་ཀྱི་ཐེག་པར་གནས་པ་ན། །ཚེ་རིང་ནད་མེད་དཔལ་འབྱོར་རྒྱས་པར་འགྱུར། །སེམས་ཅན་ཀུན་ལ་བྱམས་དང་སྙིང་རྗེ་དང༌། །དགའ་དང་བཏང་སྙོམས་ཆེན་པོ་བསྒོམ་པར་བྱ། །ཡུལ་མི་སྤྱི་སེམས་ལྡན་པས་སྐྱོང་བར་མཛོད། །ལྟོས་པའི་མི་རྣམས་བསླུ་བར་མ་བྱེད་ཅིག །མང་པོས་བཀུར་བའི་རྒྱལ་པོ་ཇི་བཞིན་དུ། །ཡུལ་མི་ཀུན་གྱིས་བཀུར་གནས་ཆེན་པོར་འགྱུར། །མདོར་ན་སྒོ་གསུམ་བྱ་བ་མ་ལུས་ཀུན། །སྔར་བཤད་བསམ་པ་གསུམ་གྱིས་རྒྱས་བཏབ་ནས། །ཟབ་ཅིང་དགའ་བའི་རྒྱ་མཚོ་འཕེལ་བར་འགྱུར། །ཕྱི་མ་གཞོན་ནུ་རབ་བྱུང་ཚུལ་ཁྲིམས་ལྡན། །ཤེས་བྱ་ཀུན་ལ་བློ་གྲོས་མིག་ལྡན་པ། །བསྟན་པའི་གསལ་བྱེད་ཆེན་པོར་སྨོན་ལམ་ཐོབ། །བདག་གིས་ཕན་པར་སྨྲ་བའི་ངག་འདི་ནི། །གཞོན་ནུ་ཁྱོད་ཀྱི་རྣ་བར་མི་སྙན་ཡང༌། །རྡུལ་བྲལ་འཕགས་པའི་ལུང་དང་མི་འགལ་བར། །ཤེས་ལྡན་རྣམས་ཀྱིས་དང་དུ་བླང་བར་རིགས། །ཞེས་སྤྲིངས་མ་ཐག་ཏུ་ཉེས་པ་རྗེས་སུ་དྲན་ནས། ཡིག་ལན་བསྐུར་བ་ནི། ཤཱི་ལ་པ་ར་མི་ཏ་ཡ་ན་མཿ བདག་ལུས་རིན་ཆེན་མེ་ཏོག་རྒྱས་པའི་སྟེང༌། །ཚོགས་གཉིས་དགེ་བ་པད་ཟླ་བརྩིགས་པའི་དབུས། །སྐྱབས་གནས་ཁྱད་འཕགས་ཀུན་མཁྱེན་ཆོས་ཀྱི་རྗེ། །མཁྱེན་བརྩེ་ཆེན་པོས་བདག་ལ་སྙན་གསན་འཚལ། །བདག་གི་འདུ་ཤེས་ཕྱིན་ཅི་ལོག་པར་སྣང༌། །གཟུགས་མཆོག་བུད་མེད་ཡིད་འོང་ཟུར་ཕུད་ལྡན། །སྐྲ་ནག་སྣུམ་འབག་རལ་པ་མཛེས་པ་ཅན། །སྐད་སྙན་ཞི་དུལ་དག་ལ་ཡིད་ཆགས་པར། །ཡན་ལག་འཇམ་མཉེན་གཞོན་ཤ་པད་མོ་རྒྱས། །ཨུཏྤལ་འདབ་མའི་མིག་གཉིས་རབ་ཏུ་མཛེས། །ནུ་འབུར་རྐེད་ཕྲ་རྡོ་རྗེ་ལྟ་བུར་སྣང༌། །དེས་ཀྱང་བདག་སེམས་ཆགས་པས་འཕྲོག་པ་ལགས། །ཁ་རྩང་དེ་དང་ལྷན་ཅིག་ཉལ་བའི་དུས། །ར་ཀ་ར་ཏིའི་ལས་ལ་རྩོམ་པའི་ཚེ། །མཚུངས་མེད་ཁྱོད་ཉིད་སྔས་སུ་ལྷང་ངེར་སྣང༌། །ངོ་ཚ་སྐྱེས་ནས་འཁྲིག་པའི་ལས་ལས་བྱོལ། །བུད་མེད་ཁྲོས་ནས་ཁྱོད་ལ་ཐལ་བ་གཏོར། །དེ་ཚེ་བདག་གི་གདོང་ལ་མཆི་མ་འབབ། །ཕྲ་མོ་རྡུལ་གྲངས་དེ་སྙེད་མེ་ཏོག་འགྱུར། །བུད་མེད་བསོད་ནམས་ཚོགས་སུ་འགྱུར་བར་མཐོང༌། །བསྐལ་སྟོང་གནས་པའི་མུན་ཁང་ནག་པོ་ལ། །སྒྲོན་མེ་བཏེགས་མ་ཐག་ཏུ་སྣང་བ་ལྟར། །བདག་ཀྱང་རྨོངས་པའི་ཁང་པར་ཆུད་པ་ལ། །ཁྱེད་གསུང་ཐོས་པས་འཁོར་བའི་འདམ་ལས་བརྒལ། །དུས་འཁོར་བདེ་གཤེགས་སྙིང་པོའི་ནམ་མཁའ་ལ། །སྤྲུལ་སྐུ་རྟ་བདུན་རྒྱལ་པོ་འོད་སྟོང་ཅན། །ནང་རིག་འགྱུར་མེད་ཆེན་པོའི་སྐུ་དྲུང་དུ། །རྟག་པར་མཇལ་ནས་བཀའ་བཞིན་བགྱིད་པར་ཤོག །ཅེས་སྤྲིངས་ནས་སླར་ཆོས་ལ་འཇུག་གོ །
དེ་ནས་བྲག་རམ་དུ་ཐོག་སེར་རྒྱུན་དུ་འོང་ནས། གཞན་སུས་ཀྱང་ཕན་པར་མ་བཏུབ་པར་ཆོས་རྗེ་ལ་ཞུས་པས། གདམས་ངག་འདི་ཉིད་གནང་སྟེ། ཨོཾ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྟོང་པའི་ངང་ལས་བྷྲུཾ་ཡོངས་སུ་གྱུར་པ་ལས། སྣ་ཚོགས་རྡོ་རྗེ་ཧཱུཾ་ལས་བསྲུང་བའི་འཁོར་ལོ་ཆེན་པོ་དེའི་ཕྱི་རོལ་གྱི་སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ་ཨཽཾ་ལས་འཁོར་ལོའི་གུར་ཁཾ། དེའི་ཕྱི་རོལ་ཏུ་ཧཱུཾ་ལས་རྡོ་རྗེའི་གུར་ཁཾ། དེའི་ཕྱི་རོལ་ཏུ་དྲཾ་ལས་རིན་པོ་ཆེའི་གུར་ཁཾ། དེའི་ཕྱི་རོལ་ཏུ་ཧྲཱིཿལས་པད་མའི་གུར་ཁཾ། དེའི་ཕྱི་རོལ་ཏུ་ཨཱཿལས་རྒྱ་གྲམ་གྱི་གུར་ཁཾ། དེའི་ཕྱི་རོལ་ཐམས་ཅད་ཡེ་ཤེས་ཀྱི་མེ་འབར་བའི་དབུས་སུ་རང་ཉིད་ཧྲཱིཿལས་རྟ་མགྲིན་ཡང་གསང་ཁྲོས་པ། ཞལ་གསུམ་ཕྱག་དྲུག་པ་ཞབས་བཞི་བསྒྲད་པ། སྐུ་མདོག་གློག་དམར་ལྟ་བུ། གཡས་ཞལ་དཀར་བ། གཡོན་ཞལ་ལྗང་གུ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་མེ་ལྟར་འབར་བ། མཆེ་བ་བཞི་བཞི་མྱུ་གུའི་རྣམ་པར་གཙིགས་པ། སྨ་ར་སྐྲ་སེར་ལྗགས་འདྲིལ་བ། རྡོ་རྗེ་རོལ་བའི་གཤོག་པ་ནམ་མཁར་གདེངས་པ། ཡུམ་མཁའ་འགྲོ་མ་གར་གྱི་དབང་ཕྱུག་མ་སྔོན་མོ་སྐུ་ལ་འཁྲིལ་ཞིང༌། ཡབ་ཡུམ་གཉིས་ཀྱི་ཕྱག་ན་མཚོན་ཆ་སྣ་ཚོགས་འཛིན་པ། དབུའི་སྐྲ་གསེབ་ཏུ་རྟ་མགོ་ལྗང་ཞུར་གསུམ་ཕྱོགས་བཅུར་འཚེར་བ། དུར་ཁྲོད་ཆས་བརྒྱད་དང་དཔལ་ཆས་ཅན། སྡེ་བརྒྱད་ཐམས་ཅད་འདར་ཤིག་ཤིག་ཏུ་གྱུར། དེའི་ངག་ཏུ། ཧྲཱིཿཔད་མ་ཏ་ཀྲིཏ་བཛྲ་ཀྲོ་དྷ་ཧ་ཡ་གྲི་བ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། སརྦ་ཨཥྟ་ནན། ཨཽཾ་བྷན་དྷ་བྷན་དྷ་ཆོམ། ཏིག་སྣ་ཏིག་སྣ་ཤིག །གརྫ་གརྫ་ཧཱུཾ། ཚིན་དྷ་ཚིན་དྷ་ཕཊ། ཧ་ལ་ཧ་ལ་བམ། མ་ར་མ་ར་ཧཱུཾ། ཏ་ར་ཏ་ར་རམ། ད་ཧ་ད་ཧ་ཧཱུཾ། ཧ་ན་ཧ་ན་ཕཊ། བེ་ར་ཊི་བི་ཙུར་ཎ་ཡཱ་བི་ཙུར་ཎ་ཡཱཿ ཏ་ཊི་ན་ཤ་ཡ་ན་ཤ་ཡ། ཤྭ་ཏི་གི་རྀ་གི་རྀ། ཛྙཱ་ན་ཙཀྲ་སེར་བ་མཱ་ར་ཡ། ཨུར་ནན་ཕཊ། ཅེས་བྱེ་བ་ཕྲག་གཅིག་གིས་དྲེགས་པ་ཐམས་ཅད་ཟིལ་གྱིས་གནོན་པར་འགྱུར་རོ། །གདོང་བཟློག་ལ་དྲན་པས་ཆོག་གོ །བསྟོད་པ་ནི། ཧྲཱིཿ ཆོས་ཉིད་ཁྲོ་རྒྱལ་དཔའ་བོ་རོལ་པའི་སྐུ། །སྦོམ་ཐུང་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད། །རྡོ་རྗེ་རོལ་པའི་གཤོག་པ་ནམ་མཁར་གདེངས། །རྟ་མགྲིན་རོལ་པའི་སྐུ་ལ་ཕྱག་འཚལ་བསྟོད། །ཞལ་གདངས་ཚེམས་དཀར་མཆེ་གཙིགས་ལྗགས་འདྲིལ་ཞིང༌། །སྐྲ་སེར་སྨ་ར་ཐོད་རློན་སྦྲུལ་གྱིས་བརྒྱན། །དབུ་ལ་རྟ་མགོ་ལྗང་ཞུར་རྟ་སྐད་འཚེར། །མ་རུངས་སྐྲག་པར་མཛད་ལ་ཕྱག་འཚལ་ལོ། །གང་ཞིག་མཐོང་ཐོས་དྲན་པའི་རྣལ་འབྱོར་གྱིས། །རླུང་སེམས་བདུད་དཔུང་གཡུལ་བཅས་ཐོག་སེར་དང༌། །ནད་མུག་མཚོན་གསུམ་རྐྱེན་ངན་ཀུན་བསལ་ནས། །རྟ་མགྲིན་རོལ་པའི་གོ་འཕང་མྱུར་ཐོབ་ཤོག །ཅེས་སྐབས་དོན་འགྲུབ་བོ། །
འབྲུག་རྒོད་པའི་དུས་སུ་སྲོག་འཚོ་བ་ནི། རང་ཉིད་རྟ་མགྲིན་དུ་གསལ་བའི་སྤྱི་བོར་ནམ་མཁའ་ཁྱབ་ཚད་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ། རྩིབས་རེ་རེ་ལ་སངས་རྒྱས་སྟོང་རྩ་གཉིས། ལྟེ་བར་ཧྲཱིཿལས་སྤྱན་རས་གཟིགས་ཉི་འོད་དམར་ཐག་གི་མདོག་ཅན། དབུ་སྟོང་སྤྱན་སྟོང་ཕྱག་གཉིས་སྟོང༌། གཡས་སྟོང་ན་གསེར་གྱི་འཁོར་ལོ་རེ་རེ། གཡོན་ན་རིན་པོ་ཆེ་ཟ་མ་ཏོག་གི་གླེགས་བམ་རེ་རེ་འཛིན་པ། དེའི་དབུ་ཐོག་ཏུ་སངས་རྒྱས་ཤཱཀྱ་ཐུབ་པ་གསལ་བཏབ་ལ། སེར་སྤྲིན་ཐམས་ཅད་མཆོད་པའི་ལྷ་མོ། འབྲུག་སྒྲ་སྔགས་ཀྱི་རྣམ་པ། གློག་འོད་སྟོང་གཟུགས་སུ་བསམས་ཏེ། ངག་ཏུ་འདི་སྐད་བརྗོད་དོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །བསྐལ་པ་བཟང་པོའི་སངས་རྒྱས་སྟོང་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཀུན་དགའ་བོ། འདི་ལྟ་སྟེ། ཤར་ཕྱོགས་ན་ཡིད་འོང་ཞེས་བྱ་བའི་གློག་ཡོད་དོ། །ལྷོ་ཕྱོགས་ན་སྐད་བརྒྱ་པ་ཞེས་བྱ་བའི་གློག་ཡོད་དོ། །ནུབ་ཕྱོགས་ན་འོད་མཉམ་པ་ཞེས་བྱ་བའི་གློག་ཡོད་དོ། །བྱང་ཕྱོགས་ན་རྒྱུན་གྱི་བདག་པོ་ཞེས་བྱ་བའི་གློག་ཡོད་དོ། །ཀུན་དགའ་བོ། གློག་ཆེན་པོ་བཞིའི་མིང་ཤེས་པ་དེ་ལ་ནི། གནམ་ལྕགས་ཀྱི་མེ་འབར་བ་འབྱུང་བར་མི་འགྱུར་རོ། །ཡིད་བཞིན་གྱི་ནོར་བུའི་གཟུངས་ཆེན་པོ་འདི་ལྟ་སྟེ། ཏདྱ་ཐཱ། ཨོཾ་མུ་ནི་མུ་ནི་མཧཱ་མུ་ནི་དྷ་ར་ཡེ་སྭཱཧཱ། དྲཻལོཀྱ། ལོ་ཀ་ནི། ཤུ་པ་ལས་ནི་རཀྵ་རཀྵ་ཀུ་རུ་ཡེ་སྭཱཧཱ། ཀུན་དགའ་བོ། གང་ཞིག་སྔགས་འདིའི་སྒྲ་སྒྲོགས་པའི་ས་ཕྱོགས་སུ་ཐོག་ལྷུང་བར་མི་འགྱུར་རོ། །ཞེས་སྤྱན་རས་གཟིགས་དབང་ཕྱུག་གི་གཟུངས་ལེའུ་བདུན་ཅུ་རྩ་གཉིས་ཀྱི་ནང་ནས་འཇིགས་པ་བརྒྱད་སྐྱོབས་ཀྱིས་ལེའུར་བསྡུས་པ་འདི་གནང་བས། ཐོག་སེར་གྱི་འཇིགས་པ་ལས་གྲོལ།
དེ་ནས་ས་སྐྱར་ཞལ་ཏ་བ་ཞིག་འཆི་བས་སེང་ཆེན་བྲག་གི་ནང་དུ་སྐྱེ་བར་གཟིགས་ནས། དེའི་རྩར་བྱོན་ནས་བདེ་བར་བཀོད་པའི་ཚེ། དངོས་གྲུབ་དཔལ་གྱིས་དཀོར་སྦྱོང་གི་ཆོ་ག་ཞུས་ནས་འདི་ཉིད་གནང་ངོ༌། །ཨོཾ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྟོང་པའི་ངང་ལས་རང་ཉིད་ཧྲཱིཿལས་འཕགས་པ་སྤྱན་རས་གཟིགས་རྡོ་རྗེ་རབ་འཇོམས་ཞལ་བཅུ་གཅིག་པ། ཕྱག་སྟོང་སྤྱན་སྟོང༌། རྩ་ཞལ་སྔོན་པོ། གཡས་དཀར་བ། གཡོན་དམར་བ། ཕྱག་དང་པོ་གཉིས་ཐུགས་ཁར་ཐལ་མོ་སྦྱར་བ། གཡས་ན་རྡོ་རྗེ། བགྲང་ཕྲེང༌། ལྕགས་ཀྱུ། གཡོན་ན་པད་མ་དམར་པོ། འཁོར་ལོ། མདའ་གཞུ། མེ་དཔུང་འཛིན་པ། མེ་དཔུང་གི་ནང་དུ་བཞུགས་པ། རྩ་ཞལ་མ་གཏོགས་པ་སྤྱི་དང་མཐུན། ཐུགས་ཀར་ཧྲཱིཿའི་མཐའ་བསྐོར་དུ། ཨོཾ་ཨཱཿཧཱུཾ། ཨོཾ་མ་ཎི་པད་མེ་ཧཱུཾ། ན་མོ་རཏྣ་དྲ་ཡཱ་ཡ། ན་མོ་བྷ་ག་ཝ་ཏེ། མཧཱ་ཀ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། བཛྲ་སཱ་རེ་པྲ་མར་ཏ་ནི། ཏ་ཐཱ་ག་ཏཱ་ཡ། ཨ་ར་ཧ་ཏེ། སམྱཀྶཾ་བྷུདྡྷ་ཡཱ། ཏདྱ་ཐཱ། ཨོཾ་དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཨི་ཊི་ཝི་ཊི། ཙ་ལེ་ཙ་ལེ། པྲ་ཙ་ལེ་པྲ་ཙ་ལེ། སརྦ་ཀ་ལེ་ཤ །སརྦ་ཨ་ཝ་ར་ཎ། ཤུདྡྷེ་ཤུདྡྷེ། སྭ་བྷཱ་ཝ་བི་ཤུདྡྷེ། ག་ག་ན། སྭ་བྷཱ་ཝ་བི་ཤུདྡྷེ་སྭཱཧཱ། ཞེས་པ་དང༌། མཐར་ཡང་ཏིང་ངེ་འཛིན་དུ་བཞག་ནས། རྣམ་རྟོག་རང་གྲོལ་དུ་སོང་སྟེ། གཞི་གདོད་མ་ནས་བཞུགས་པའི་ཆོས་ཉིད་མངོན་དུ་གྱུར་པ་སོགས་ཕན་ཡོན་དཔག་ཏུ་མེད་པ་གསུངས་སོ། །
དེ་ནས་མངའ་རིས་པ་འགའ་ཞིག་ཕ་ཡུལ་དུ་འགྲོ་བའི་ཚེ། ཆོས་རྗེ་ལ་ཞུས་པས། སྤྱིར་ཆོས་པ་རབ་དང་ཁྱད་པར་དུ་རི་ཁྲོད་པའི་ཆ་རྐྱེན་དུ་གྱུར་པ་དང༌། བདུད་སོག་དམར་ཉམས་པའི་དོན་དུ་མོ་ཅིག་མཛད་པར་ཞུ། ཞེས་དང༌། ཆོས་རྗེས་གསུངས་པས། རི་ཁྲོད་པ་དང་ཆོས་པ་རབ། །སེམས་ཅན་ཀུན་ལ་ལེགས་ཉེས་དང༌། །སོག་དམར་ཁ་ཆིངས་བསམ་རྩིས་བརྒྱད། །གོ་རིམ་བཞིན་དུ་བཤད་པར་འཚལ། །བླ་མ་ཡི་དམ་དཀོན་མཆོག་དང༌། །མཁའ་འགྲོ་ཆོས་སྐྱོང་བདེན་པ་བདར། །སརྦ་བྷུདྡྷ་ཨཱ་བྷི་ཛྙཱ་མེ་དན་དཾ་ཧཱུཾ་ཕཊ། ཅེས་པས་ནས་ལ་བསྔགས་ཏེ་གཏོར། །དྲིལ་བུ་ལ་ནི་རེག་གྱུར་ན། །ཇི་ལྟར་ལྷུན་པོ་བརྟན་པ་ལྟར། །ས་གཞི་ཡུལ་མཁར་བསྐྱོད་པ་མེད། །གཏམ་སྙན་ཐོས་ཏེ་ཀུན་ལ་བཟང༌། །རླུང་རས་དག་ལ་བབ་གྱུར་ན། །དེ་ཡི་བྱ་བ་གང་མི་བརྟན། །དབུལ་འགོང་ཤི་ཆད་ནག་མོ་གདོན། །མགྲོན་པོ་ལ་སོགས་ཀུན་ལ་ངན། །དུང་དཀར་དག་ལ་རེག་གྱུར་ན། །ནོར་དང་གྲགས་པ་དབང་ཕྱུག་ཐོབ། །རྟ་ལ་བཟང་སྟེ་རེ་སྨོན་འགྲུབ། །འགྲོ་འདུག་ལ་སོགས་ཀུན་ལ་བཟང༌། །ཕུར་བུ་དག་ལ་བབ་གྱུར་ན། །ཡུན་རིང་ན་སྟེ་བྱད་མ་གདོན། །དགྲ་སོགས་ཕུང་ཁྲོལ་འབྱུང་བ་སྟེ། །བཀྲ་ཤིས་བྱ་བ་སྤང་བར་བྱ། །པོ་ཏི་ཉིད་ལ་རེག་གྱུར་ན། །སློབ་གཉེར་ལ་སོགས་ཀུན་ལ་བཟང༌། །ཚོང་ལ་རྒྱལ་ཏེ་མགྲོན་ལ་བཟང༌། །མཐུ་དང་གྲོགས་ཕྱྭ་ཀུན་ལ་བཟང༌། །ཌ་མ་རུ་ལ་བབ་གྱུར་ན། །རྐུན་པོས་འཇིགས་ཏེ་སྙིང་ནོར་སྟོར། །ཀླུ་ནད་བཏབ་སྟེ་མགྲོན་ལ་སོགས། །བྱ་བ་ཀུན་ལ་རབ་ཏུ་ངན། །ནོར་བུ་དག་ལ་རེག་གྱུར་ན། །ནོར་མང་རྙེད་དང་མགྲོན་ཕྱྭ་དང༌། །དཔལ་འབྱོར་ཇག་པ་ནོར་ཐོབ་བོ། །ཡིད་ལ་བསམ་པ་འགྲུབ་པར་འགྱུར། །ལྷུང་བཟེད་དག་ལ་བབ་གྱུར་ན། །ཁང་ཁྱིམ་མེས་ཚིག་འཇིགས་པ་འོང༌། །ནད་བྱ་དག་ལ་རྫས་ནག་གདོན། །ཚེ་ཐུང་ནད་མང་ཀུན་ལ་ངན། །སོག་དམར་ཁ་ཆིངས་བསམ་རྩིས་བརྒྱད། །འདི་དག་ཐེངས་གསུམ་བཏབ་པར་བྱ། །བཟང་ངན་འདྲེས་པར་སྟོན་ན་ཡང༌། །བབ་ལེན་ཉིད་ལ་ཤེས་པར་བྱ། །ཆོས་པ་རི་ཁྲོད་མ་གཏོགས་པར། །སྡིག་ཕྱོགས་གཞན་ལ་གནང་བ་མེད། །སོག་དམར་ཁ་ཆིངས་ཁྱོད་ལ་སྦྱིན། །ཁྱོད་ཀྱི་དོན་མཆོག་འགྲུབ་པར་འགྱུར། །རྒྱས་པར་འདོད་ན་ཆོས་རྗེ་མ་ཏི་པཎ་ཆེན་གྱི་དོན་འགྲེལ་རབ་གསལ་ལས་ཤེས་པར་བྱའོ། །
དེ་ནས་གཟིམས་ཁང་བདེ་བ་ཅན་དུ་བྱོན་ནས་བཞུགས་པའི་ཚེ། རྡོ་རྗེ་འཇིགས་བྱེད་དང༌། རྟ་མགྲིན་ཡང་གསང་ཁྲོས་པ་དང༌། དབྱུ་གུ་མ་སྤུན་གསུམ་ཞལ་གཟིགས་ནས། དེ་རྣམས་ཀྱི་གཏོར་བསྐངས་རེ་རེ་མཛད་དོ། །ཙན་དན་གྱི་ཤིང་མདུད་པ་ལ་སོགས་རྫུ་འཕྲུལ་དུ་མ་མཛད་དོ། །
དེ་ནས་ཛྭ་ལ་ཀ་ར་ཞེས་བྱ་བ་ཞིག་རྒྱ་ནག་གི་མཁས་པ་གཅིག་དབུས་གཙང་གཉིས་ལ་གནས་སྐོར་དུ་ཕྱིན་ནས། ལྷ་སར་ཆོས་རྗེ་ཆེ་བའི་ཡོན་ཏན་ཐོས་པས། ཇོ་ནང་དུ་འོང་ནས། འཁར་རྔ་སྐུ་འབྲས་གསེར་དངུལ་མང་དུ་ཕུལ་ལོ། །ཆོས་རྗེས་ཀྱང༌། རྒྱའི་སྐད་ཀྱིས་ཆོས་དང་དྲི་བ་མང་དུ་མཛད་ནས། ཁོང་གིས་ཀྱང་ཆོས་རྗེ་སྤྱན་རས་གཟིགས་དངོས་སུ་ཡང་མཐོང་ནས་མི་ཕྱེད་པའི་དད་པ་ཐོབ་ནས། སླར་རྒྱ་ནག་ཏུ་བཞུད་དེ། ཕོ་བྲང་ཀེ་ཤཾ་ཀ་རར་ཕྱིན་ནས། རྒྱལ་པོས་བོས་ནས། རྒྱལ་པོ་འཇམ་པའི་འཁོར་ལོ་ན་རེ། དབུས་གཙང་གཉིས་ལ་མཁས་པར་གྲགས་པ་སུ་ཞིག་མཆིས། ཞེས་སོགས་དྲི་བ་ཞིབ་ཞིབ་བྱས་ནས། ཛྭ་ལ་ཀ་རས་རྒྱལ་པོ་ལ་ཕྱག་ཕུལ་ནས་སྨྲས་པ། རྒྱལ་པོ་ཆེན་པོ་དབུས་གཙང་གཉིས་ལ་ལར་མཁས་པ་མང་སྟེ། ཆོས་རྗེ་ཐམས་ཅད་མཁྱེན་པ་ཞེས་བྱ་བ་མཁས་པ་ཐམས་ཅད་ཀྱི་གཙུག་རྒྱན། སྔགས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་ཆོས་ཐམས་ཅད་ཀྱི་འཁོར་ལོ་བསྐོར་བ། རྫུ་འཕྲུལ་དང་མངོན་པར་ཤེས་པ་ལ་ཁྱད་པར་འཕགས་པ། སེམས་ཅན་རང་རང་གི་སྐད་ལ་གསུང་གླེང་མཛད་པ། དབུས་གཙང་གཉིས་ལ་མཁས་པར་གྲགས་པ་ཞིག་མཆིས་ལགས། ཞེས་ཞུས་ནས། རྒྱལ་པོའི་སྤུ་ཟང་ཟིང་བྱས་ནས་སྨྲས་པ། བདག་གིས་ཆོས་རྗེ་དེ་སྤྱན་དྲངས་པ་ཨེ་ཐུབ་ལན་ཅིག་མི་མཇལ་ཁ་མེད་བྱས་པས། ཛྭ་ལ་ཀ་རས་སྨྲས་པ། རྒྱལ་པོ་ཆོས་རྗེ་འདིར་མི་འོང༌། ཏིང་ངེ་འཛིན་ཆེན་པོའི་ཐུགས་དམ་པ་ལ་བཞུགས་པས་དབུས་གཙང་གཉིས་སུ་ཉི་མ་ལྟ་བུར་གྱུར་པ་བོད་འབངས་རྣམས་ཀྱིས་མི་སྟེར་ལགས་སོ་ཞེས་སྨྲས་ནས། རྒྱལ་པོ་བཤུམས་ནས་དུས་རྟག་ཏུ་ཡིད་ལ་དྲན་པར་བྱེད་དོ། །ཞག་གཅིག་ནས་ལྔའི་བར་གྲོས་བྱས་ནས། གཞན་སུས་མ་ཚོར་བར་གདན་དྲངས་པར་འཆམ་སྟེ། ཛྭ་ལ་ཀ་ར་དང༌། བློན་པོ་ཙ་ཀ་ར་ལ་སོགས་དྲུག །གླང་ཆེན་པད་མ་ལ་སོགས་གྱད་བཞི། ཛ་ཀ་ཏ་ལ་སོགས་འབངས་ལྔ་བཅུ་ལ། དུས་འཁོར་ཕྱག་མང་ལ་སོགས་གསེར་སྐུ་བཅུ་གཉིས། མཆོད་རྟེན་གསུམ། གོས་ཆེན་སེར་པོ་ལ་མེ་ཏོག་དཀར་པོའི་རི་མོ་ཅན་དང༌། དམར་པོ་ལ་རི་མོ་ལྗང་གུ་ཅན་དང༌། ཟ་འོག་གི་འབོལ་ཁྱད་ཅན་གསུམ། གསེར་ནག་གི་བདུན་ཚར་ཆ་གཅིག་ལ་སོགས་འབོད་སྟབ་དུ་མ་དང་ཆས་ནས་ཇོ་ནང་དུ་ཕྱིན་ནས། གཞན་ཐམས་ཅད་སྦས་ནས་ཛྭ་ལ་ཀ་ར་ཞེས་བྱ་བས་ཉེ་གནས་ལ་ཞུ་བ་ཕུལ་ནས་ནང་ཕྱིན་ཏེ། ཡོལ་བའི་ཕྱི་རོལ་ཏུ་ཕྱག་འཚལ་ནས། སི་ལ་ལ་སོགས་སྤོས་སྣ་ཚོགས་བདུག་ཅིང༌། རྒྱའི་སྐད་ལ་རྒྱལ་པོས་ཇི་ལྟར་བསྒོས་པ་བཞིན་དུ་ཆོས་རྗེ་ལ་ཡང་དག་པར་ཞུས་ནས། ཆོས་རྗེས་ཀྱང་རྒྱ་ནག་གི་སྐད་ཀྱིས་ལན་འདེབས་པར་མཛད་པས་ཉེ་གནས་མ་གོ་བར་འདུག་ནས། དེའི་ནམ་ཕྱེད་ཙམ་ན་རྒྱ་མི་ཐམས་ཅད་ཆོས་རྗེའི་དྲུང་དུ་འདུས་ཏེ་ཕྱག་དང་བྱིན་རླབས་ཞུས་པས་མི་ཐམས་ཅད་བསམ་གཏན་དང་པོ་ཐོབ་པ་ཙམ་དུ་དགའ་བའམ། ཡང་ན་བྱིས་པས་ཕ་མ་མཐོང་བའི་དགའ་བའམ། རྔ་མོས་ཕྲུ་གུ་སྟོར་ནས་རྙེད་པའི་དགའ་བ་ཙམ་སྐྱེས་སོ། །མི་ཐམས་ཅད་སྨྲ་མ་ནུས་ཏེ་སྤུ་ཟང་ཟིང་དུ་གྱུར་ཏོ། །ཕྱག་རྟེན་རྣམས་ཆོས་རྗེ་ལ་ཕུལ་ནས། ཆོས་རྗེས་རྟེན་འབྲེལ་མི་འགྲིག་པར་འདུག་གསུངས་ནས། ཛྭ་ལ་ཀ་རས་ཅི་ལགས་ཞེས་པས། ཆོས་རྗེས་རྒྱ་ནག་གི་སྐད་དུ་གསུངས་པ། རིག་པ་གསལ་བའི་ཛྭ་ལ་ཀ་ར་ཁྱོད། །གསེར་སྐུ་མཆོད་རྟེན་རྣམས་ནི་འགྲོ་འོང་བྲལ། །གོས་འབོལ་གསུམ་ནི་བསམ་གཏན་བསྒོམ་པའི་གདན། །དེ་ཕྱིར་བདག་ཀྱང་འགྲོ་ནི་བཤོལ་བའི་རྟགས། །ཞེས་སོགས་གསུངས་ནས། རྒྱ་མི་ཐམས་ཅད་བཤུམས་ནས། ཆོས་རྗེས་སྙིང་རྗེ་རུ་དགོངས་ནས་བྱོན་པ་ཞལ་གྱི་བཞེས་པས། དེ་དག་ཐམས་ཅད་དགའ་ནས་ཟླ་བ་གསུམ་ལོན་ནས། ལྷ་སར་འདུས་པའི་ཆད་བྱས་ཏེ། རྒྱ་མི་ཐམས་ཅད་སུས་མ་ཚོར་བར་ལྷ་སར་སོང་སྟེ། དེ་ནས་ཆོས་རྗེས་བུ་ཆེན་རྣམས་བསྡུས་ནས། གསོལ་ཇ་བསྐོལ་ཏེ་རྒྱའི་གསེར་སྐུ་དུས་འཁོར་མ་གཏོགས་པ་མཆོད་རྟེན་དང་བཅས་པ་རེ་རེ་གནང་ཞིང་སྨོན་ལམ་མང་དུ་བཏབ་བོ། །
དེ་ནས་ཆོས་རྗེས་ང་ལྷ་སར་ཇོ་ཤཱཀ་གཉིས་ལ་ཐེབས་ཅིག་མཇལ་འགྲོ། ལོ་ཙཱ་བ་བློ་གྲོས་དཔལ་ཁྱོད་ང་འདིར་མ་ཕེབས་བར་དུ་གདན་ས་གྱིས། ཀུན་སྤངས་ཆོས་གྲགས་དཔལ་དང༌། ས་བཟང་པ། བྱང་རྩེ་ལོ་ཙཱ་བ་དང༌། མ་ཎི་ཀ་ཤྲཱི་ལ་སོགས་བུ་ཆེན་དྲུག །དོན་ཡོད་བཟང་པོ་ལ་སོགས་དགེ་སློང་ཉི་ཤུ། བློ་གྲོས་རྡོ་རྗེ་ལ་སོགས་དགེ་ཚུལ་བརྒྱད། ངའི་ཞབས་ཏོག་ལ་ཤོག་གསུངས་ནས། བུ་སློབ་ཀྱིས་གསོལ་བ་བཏབ་ཀྱང་མ་གནང་བར། སྤྲེལ་ལོ་དབོ་ཟླར་བཅགས་ནས་ཆོས་རྗེ་ཙན་དན་གོ་ཤིརྵའི་ཤིང་རྟ་ལ་གདན་དྲངས་ནས། ལམ་དུ་བླ་མ་ཆེན་པོ་རྣམས་དང་ཡོན་བདག་སྡེ་པ་མང་པོས་བསུས་ཏེ་ཆོས་ཞུས་པའི་གསོལ་བ་བཏབ་ཀྱང༌། ཡར་འགྲོ་ལ་བྱེད་གསུངས་ནས་མ་གནང་བར། ལྷ་སར་ཕྱིན་ནས་ནམ་མཁའ་ལ་སྒྲ་དང་འོད་གསལ་འཇའ་ཚོན་སྣ་ཚོགས་དང་མེ་ཏོག་གི་ཆར་འབབ་པས། རྒྱ་མི་རྣམས་ལྷག་པར་དགའ་ཞིང་དད་དོ། །ཆོས་རྗེས་ཇོ་ཤཱཀ་གཉིས་ལ་མཆོད་ལ་རྒྱ་ཆེན་པོ་བཤམས་ནས། རྒྱ་ནག་ཏུ་འགྲོ་ན་བསྟན་པ་དང་སེམས་ཅན་ལ་ཕན་ནམ། བོད་ཁམས་སུ་བསྡད་ན་ཕན་ཞེས་རྒྱ་མི་ཆེ་ཤོས་ལྔ་དང་ལྷན་ཅིག་ཏུ་གསོལ་བ་བཏབ་པས། ཤཱཀྱ་མུ་ནེའི་ཐུགས་ཀར་འོད་ཟེར་ནག་པོ་ལྷུང་བཟེད་ལྟ་བུ་བྱུང་ནས་སྤྱན་རས་གཟིགས་ཀྱི་ཐུགས་ཀར་ཐིམ། སྤྱན་རས་གཟིགས་ཀྱི་ཐུགས་ཀར་འོད་ཟེར་ལྕགས་ཀྱི་རྡོ་རྗེ་ལྟ་བུ་འཕྲོས་པས། ར་སའི་གཙུག་ལག་ཁང་དུ་ཁྱབ་པས་རྒྱའི་སྐད་ཀྱིས་སྒྲ་འདི་ཞིག་ཡང་གྲག་གོ །སྙིང་རྗེ་ཆེན་པོ་བདག་ཉིད་སྤྱན་རས་གཟིགས། །རྒྱ་དང་སྔོན་འབྲེལ་ཞེས་ནི་མ་མཆིས་ཏེ། །ཁྱོད་ནི་མ་བཞུད་བོད་ཁམས་རྒྱལ་པོ་འཁྲུགས། །ཆོས་ཁྲིམས་ཉམས་ནས་ནད་ཡམས་ལྕགས་འབྲུམ་དར། །བུད་མེད་ཁྲག་སྐྱུགས་བྱིས་པ་མཐའ་ནས་ཆད། །ལོ་ཏོག་ཚིག་ཅིང་རྩི་སྨན་ནུས་པ་ཡལ། །གཤང་གཤོང་ཚེར་རྩུབ་ལོ་ངན་མུ་གེ་དར། །ཞེས་སོགས་རྟེན་འབྲེལ་མི་འགྲིག་པའི་ལུང་བསྟན་བྱུང་བས། རྒྱ་མི་རྣམས་ཤིན་ཏུ་སྡུག་བསྔལ་གྱིས་སེམས་གདུངས་ནས། ཆོས་རྗེའི་སྙིང་རྗེ་མ་བཟོད་པར་བྱོན་གསུངས་ནས། མི་ཐམས་ཅད་རབ་ཏུ་དགའ་བར་གྱུར་ཏོ། །
དེ་ནས་ཆོས་རྗེས་རིན་ཚུལ་བ་ལ་སྦྲན་ཏེ། ངའི་ཞབས་ཏོག་ལ་ཤོག་གསུངས་ནས། རིན་ཚུལ་བའི་སྙིང་སྟོར་ནས་སྤྱན་ཆབ་འབབ་པས་བཤོལ་བ་ཡང་ཡང་འདེབས་ཏེ་མ་གནང་བར། གསང་དུ་ལོ་གཅིག་ནས་ཡར་བྱོན་པའི་མནའ་ཚིག་བྱས་སོ། །
དེ་ནས་རིན་ཚུལ་བས་ཡར་བྱོན་ཁར་ཆོས་རྗེའི་སྐུ་འདྲ་ཞིག་བཞེངས་ནས་རབ་གནས་མཛད་པའི་ཞུ་བ་ཕུལ་ནས་ཞལ་བཞེས་མཛད་དེ། དེ་ནས་བུ་སློབ་རྣམས་ལ་ཀཽང་སྨད་དུ་ཨོ་རྒྱན་པད་མའི་བསྒྲུབ་གནས་སུ་མཇལ་དུ་འགྲོ་གསུངས་ནས། ཆོས་རྗེ་དང་བུ་སློབ་རྣམས་ཀོང་ཡུལ་དུ་བྱོན་པའི་འགྲོ་རོགས་ཀྱི་ཚུལ་དུ་རྒྱ་མི་རྣམས་དང་ལྷན་ཅིག་ཏུ་བྱོན་ནས། རྭ་སྒྲེང་ལ་བོད་ཀྱི་འགྱུར་ཚད་བཞུགས་ཟེར། ཐོག་མར་དེར་འགྲོ་གསུངས་ནས། བྱང་ལམ་དུ་བྱོན་ཏེ། ལམ་དུ་བླ་མ་གྲགས་པ་ཅན་མང་པོ་དང་བྱང་བ་ཁྲི་དཔོན་ལ་སོགས་ཀྱིས་གདན་དྲངས་ནས་ཡར་འགྲོ་དོགས་ལ་ཡིན་གསུངས་ནས་མ་གནང་ངོ༌། །ལྷོ་ལམ་ཀོང་སྨད་ནས་ཡུལ་མཐར་ཡར་བུད་དགོས་གསུངས་པའི་ཚེ་ན་བུ་སློབ་རྣམས་ཀྱིས་རྟོགས་ནས། ལ་ལ་ངུ༌། ལ་ལ་བཤོལ་འདེབས། ལ་ལ་བརྒྱལ། ཆོས་རྗེ་ལོ་གཅིག་ནས་ཡར་བྱོན་པའི་དཔང་པོ་དཀོན་མཆོག་བཞག་གོ །བུ་སློབ་དང་རྒྱ་མི་རྣམས་ཀྱང་ལོ་གཅིག་ནས་ཡར་བྱོན་པའི་མནའ་ཚིག་དམ་པོར་བགོས་ནས་འདམ་གཞུང་བར་དུ་བྱོན་པས་དེར་བཞུགས་ནས། དབུས་གཙང་གཉིས་སུ་ཆོས་རྗེ་སངས་རྒྱས་འཕྲོག་ཅེས་ཡོངས་སུ་གྲགས་ནས། སྡེ་པ་རྩེ་གཉིས་ཀྱིས་བྱང་བའི་རྒྱལ་པོ་ལ་ཡི་གེ་བསྐུར་ཏེ། དེས་དམག་དྲངས་པས་དབུས་གཙང་གཉིས་ཀྱི་དམག་བསྡུས་ནས་དེད་ལ་ཆས་པ་དེ་ཆོས་རྗེ་རིན་པོ་ཆེའི་ཐུགས་ལ་ཤར་བས། བུ་སློབ་རྣམས་ལ་གསུངས་པ། ཆོས་གྲགས་དཔལ་དང་ས་བཟང་པ། །མ་ཎི་ཀ་ཤྲཱི་བུ་སློབ་ཁྱོད། །བདག་ཅག་འགྲོ་བར་མི་བཏུབ་སྟཻ། །དམག་མི་དེད་པ་རྒྱབ་ཏུ་ཉེ། །ཞེས་སོགས་གསུངས་པས། བདག་ཅག་དགའ་ནས། རྒྱ་མིས་ཤིང་རྟ་འཐེན་ནས་ཤིང་རྟ་ཐོགས་ནས་བསྒུལ་ཙམ་མ་ནུས་སོ། །གླང་པོ་ཆེ་པད་མ་ལ་སོགས་གྱད་དང་དམག་ཀུན་གྱིས་ལྕགས་ཐག་དང་གསེར་གྱི་ལྕགས་སྒྲོག་དང༌། ཟངས་དང་མཁར་བའི་ལྕགས་སྒྲོག་དུ་མ་དང༌། ཐག་པ་སྣ་ཚོགས་པ་ལྔ་བཅུས་འཐེན་ཀྱང་ཐག་པ་རྣམས་དུམ་བུ་དུམ་བུར་ཆད་དོ། །དེ་ནས་ལ་ལས་ས་བརྐོས། ལ་ལས་ཞབས་བཏེགས། ལ་ལས་སྣ་དྲངས། ལ་ལས་རྒྱབ་ནོན་ཀྱང་བསྒུལ་མ་ཉན་ནས། ཆོས་རྗེ་ཁོ་རང་ཁུར་ཁྱེར་སྙམ་སྟེ། དམག་མི་རྣམས་རེས་མོ་བྱས་པ་དང༌། ལྷན་ཅིག་ཏུ་ཁུར་ཀྱང་ཕ་བོང་ལ་གྲོག་མའི་ཕུང་པོ་བཞིན་ནོ། །
དེ་ནས་དེ་དག་ལ་ཆོས་རྗེས་རྒྱའི་སྐད་དུ་གསུངས་པས། ཉོན་ཅིག་དད་ལྡན་རྒྱལ་པོའི་ཕོ་ཉ་རྣམས། །དམག་དཔུང་མཚོན་ཐོགས་རྒྱབ་ཏུ་སླེབ་ལ་ཁད། །ཁྱེད་རྣམས་བསད་ཁྱེར་ལ་སོགས་ཆད་པ་གཅོད། །དེ་བས་རང་གི་གནས་སུ་འགྲོ་ན་ལེགས། །ཞེས་གསུངས་ནས། མ་ར་ཙི་ཏ་ཟེར་བ་ཞིག་གིས། ཆོས་རྗེ་ལ་རལ་གྲིས་བརྒྱབ་པས་རལ་གྲི་དུམ་བུ་དུམ་བུ་ཆག་གོ །དེ་ནས་དེའི་ཆད་པ་འབབ་པས། ཆོས་རྗེས་དེ་དག་ལ་གསུངས་པས། ཁྱེད་རྣམས་འདི་བདེ་བར་ཐོངས་ཤིག །འདིས་སྔོན་ངའི་སྐྱེ་བ་ཞིག་ལ་གནོད་པ་ཅི་བྱས་པ་ཅུང་ཟད་བཤད་དོ། །ཞེས་གསུངས་ནས། དེ་དག་གིས་མི་གཏོང་ངོ༌། །སྔོན་ང་བྲམ་ཟེ་ཆེན་པོའི་མདུན་དུ་ཡོད་པའི་དུས་སུ། རྒྱལ་པོ་བདེ་སྤྱོད་བཟང་པོས་བླ་མཆོད་དུ་སྤྱན་དྲངས་པའི་ཚེ། ཁོ་བོའི་གཟུགས་བྱད་ལ་བུད་མེད་ཐམས་ཅད་དང་རྒྱལ་པོའི་བཙུན་མོ་ལྷག་པར་ཆགས་སོ། །དུས་རེ་ཞིག་ནས་རྒྱལ་བློན་རྣམས་མཧཱ་བྷོ་དྷི་ལ་མཇལ་ནས་ཐལ། ངའི་འཁོར་པཎྜི་ཏ་ཐམས་ཅད་གྲོང་དེའི་ཉེ་འདབས་སུ་བོས་པའི་ཚེ། ཕོ་བྲང་ཁང་བརྩེགས་ཆེན་པོ་ལྔ་ཁྱམས་རིམ་པ་གསུམ་དུ་སྒོ་ལྕགས་དུ་མས་བརྒྱབ་སྟེ་རྩེ་མོར་ཁོ་བོ་སྒོ་བཅད་དུ་ཡོད་པའི་ཚེ། ཕོ་བྲང་ལོགས་སུ་ཡོད་པའི་རྒྱལ་པོའི་བཙུན་མོ་ཞིག་གིས་སྒོ་ལྕགས་ཐམས་ཅད་རིམ་པར་ཕྱེ་ནས་ངའི་རྩར་ཐོན་ནས་བརྡ་བྱས་པས། དེའི་ཚེ་ཁོ་བོས་འདི་སྐད་དུ། རྡོ་རྗེ་ལྟ་བུའི་ཏིང་འཛིན་བསྒོམས་པ་ལ། །གང་ཞིག་དེ་ལ་བར་ཆད་བྱེད་པ་ནི། །ཉེ་བའི་མཚམས་མེད་ཐོབ་པར་མདོ་ལས་གསུངས། །ད་ནངས་བདུད་ཆེན་འོང་བ་སུ་ཞིག་ཡིན། །ཞེས་དང༌། བུད་མེད་ན་རེ། ང་ནི་ས་བདག་རྒྱལ་པོའི་བཙུན་མོ་ལགས། །རྒྱལ་པོ་ལ་སོགས་སྐྱེ་བོ་ཕལ་བ་ཀུན། །ཁྱོད་ཀྱི་གཟུགས་བྱད་མཐོང་ན་ཨ་ཐང་ཆད། །འཕགས་པས་བདག་གི་འདོད་པ་སྤྱད་དུ་གསོལ། །ཁོ་བོས་འདོད་པའི་ཡོན་ཏན་མྱ་ངན་གནོད་པ་མང༌། །འཇིགས་བཅས་རྟག་ཏུ་དགྲ་བྱེད་ཉོན་མོངས་མང༌། །རལ་གྲི་སོ་འདྲ་དུག་སྡོང་ལོ་མ་མཚུངས། །ངན་སྐྱུགས་སྣོད་ལྟར་འཕགས་པའི་སྐྱེ་བོ་སྤངས། །བུད་མེད་ན་རེ། ཁོ་མོ་འདོད་པའི་ནད་ཀྱིས་བཟོད་གླགས་མེད། །ཉིན་མཚན་ཀུན་ཏུ་གཉིད་མེད་ཁྱོད་ཉིད་དྲན། །ཤིན་ཏུ་དཀའ་བས་ད་ལྟ་འདིར་ཐོན་ཀྱང༌། །འདོད་པ་མི་སྤྱོད་རང་སྲོག་གཅོད་པ་ལགས། །དེ་ནས་ངས་འདི་སྙམ་དུ་སེམས་ཏེ། བདག་ལ་བརྟེན་ནས་བུད་མེད་སྲོག་དང་བྲལ། དེ་ལ་རྫུ་འཕྲུལ་ཅིག་བསྟན་ནས་ག་ཤེད་དུ་འགྲོ་སྙམ་ནས། ལངས་པའི་ཚེ་ན་ཆབ་མ་རྙེད་ནས་རྩྭ་སྔོན་ཟིལ་པའི་ཕྲེང་བ་ཅན་ཞིག་མཐོང་ནས་རྩྭ་ཆོད་པའི་ཞོར་ལ་སྲིན་བུ་གཅིག་བསད་པར་གྱུར་ཏོ། །ཤིན་ཏུ་འགྱོད་ནས་ཕུས་བཏབ་ནས་བུད་མེད་དེའི་ལྟོ་རུ་ཞུགས་པར་མཐོང་ནས་སྲིན་བུ་འདི་མི་ལུས་ཐོབ་སྙམ་ནས། དེ་ནས་དྭངས་གསལ་ཁུང་ངུ་ཐོན་ནས་མཆོད་འགྲམ་དུ་གླིང་བུའི་ནང་དུ་ཞུགས་ནས་འདི་སྐད་དོ། །སྒྱུ་མའི་བདུད་མོ་འདོད་ལྡན་མ། །ཟངས་དཀར་གླིང་བུའི་ནང་དུ་ཤོག །དབེན་པ་འདི་ལ་འདོད་པ་སྤྱོད། །མ་འོང་ང་ལ་ཁག་ཁུར་མེད། །བུད་མེད་ན་རེ། ཀྱེ་མ་བདག་ནི་ལས་ངན་མ། །གླིང་བུ་དོག་མོར་འཛུལ་ས་མེད། །ཚུར་བྱོན་འཕགས་པ་གཟུགས་བཟང་བ། །ཡངས་ས་འདི་ལ་འདོད་པ་སྩོལ། །དེ་ནས་ཁོ་བོ་གླིང་བུའི་ཁ་ལ་ཡར་བུད་ནས་བར་སྣང་ལ་འདུག་ནས་འདི་སྐད་དོ། །ཡར་ཤོག་བུད་མེད་འདོད་ལྡན་མ། །ཡངས་པར་འདོད་ན་ནམ་མཁའ་འདི། །ཡངས་པ་ཀུན་གྱི་མཆོག་ཡིན་ནོ། །བག་ཡོད་བདུད་རྩི་སྦྱིན་པར་བྱ། །ཞེས་དང༌། ངའི་ཕྱི་བཞིན་དུ་པཎྜི་ཏ་རྣམས་འབྲངས་ནས་ནམ་མཁར་གཤེགས་སོ། །དེ་ནས་བུད་མེད་ཀྱང་རང་གི་ཁང་པར་ཐལ་ནས་སྐྲ་དང་སོར་གདུབ་རྣམས་བཅགས་ནས་འདུག་གོ །རྒྱལ་པོ་འཁོར་བཅས་འོང་ནས། ཕྱིན་ཅི་ལོག་གིས་བཤད་པ་སྨྲས་པའི་ཚེ། རྒྱལ་པོའི་དཀོར་བདག་གིས་སྨྲས་པ། རྒྱལ་པོ་ཆེན་པོ་བདེ་སྤྱོད་བཟང༌། །བཙུན་མོ་བདུད་ཀྱི་ཕོ་ཉ་འདིས། །བསམ་གཏན་ཁང་པར་ཞུགས་ནས་ཀྱང༌། །འཕགས་པ་ཐར་པའི་གནས་སུ་གཤེགས། །ཞེས་ཞིབ་ཏུ་བཤད་ནས་བུད་མེད་སྤྱུག་གོ །བང་ཆེན་པ་བཏང་སྟེ། འཕགས་པ་གདན་དྲངས་ནས་འབྱོན་དུ་མ་གནང་ངོ༌། །སྤྲིངས་ཡིག་བསྐུར་རོ། །བུད་མེད་ལ་བུ་གཅིག་སྐྱེས་ནས་མས་བུ་ལ་སྔོན་གྱི་རྫུན་ཚིག་སྨྲས་པ། བུས་རལ་གྲི་བཟུང་ནས། ང་ལ་བརྒྱབ་ཀྱང་བསད་པའི་ལས་མ་རྙེད་དོ། །དེ་ནས་ནཱ་ག་ཀུ་བེ་རས་དབྱུག་ཏོ་འཕྱར་བའི་ཚེ། ངས་བཀའ་སྐྱོང་ཆེན་པོ་ཀུ་བེ་རེ། །སྲིན་བུ་བསད་པའི་ལན་ཆགས་ཡིན། །ང་ལ་བྱང་ཆུབ་ཐོབ་པའི་གེགས། །མ་བྱེད་ངོ་འཛུམ་དཀར་པོ་སྟོན། །ཞེས་དང༌། ཀུ་བེ་རེས་ཆོ་ངེ་འདེབས་སོ། །དེ་ནས་འཇག་མས་སྐུ་བཤིག་གོ །བཞིན་བཟང་དག་ཁྱོད་ཀྱི་རྒྱལ་པོ་དེ་སྔོན་བདེ་སྤྱོད་བཟང་པོ་ཡིན། འཕགས་པ་དེ་ད་ལྟ་སྤྲང་བན་ང་ཡིན། མ་ར་ཙི་ཏ་དེ་སྲིན་བུ་དེ་ཡིན། ད་ལྟ་ང་འབོད་པ་དེ་སྔོན་བཞིན་དུ་རྟེན་འབྲེལ་མ་འགྲིག་པ་ཡིན་ནོ། །ཞེས་གསུངས་ནས། ཐམས་ཅད་ཡིད་ཆེས། དེ་ནས་བློན་པོ་ཀརྨ་ཀྲི་ཏས་དུང་གི་གའུ་དང་གོས་བཟང་ཕུལ་ནས་སྨྲས་པ། སྤངས་རྟོགས་མཐར་ཕྱིར་ཆོས་ཀྱི་རྗེ། །རྒྱལ་པོའི་རྟོགས་པ་འཕེལ་བའི་ཕྱིར། །ཕྱི་ནང་གྲུབ་མཐའི་བྱེ་བྲག་གི །ཚིག་ཉུང་དོན་གསལ་གནང་བར་ཞུ། །ཞེས་དང༌།
ཆོས་རྗེའི་ཞལ་ནས། ན་མཿཤྲཱི་ཀ་ལ་ཙཀྲ་ཡ། ཐམས་ཅད་མཁྱེན་པའི་ཡེ་ཤེས་སྐུ། །ཉི་མའི་སྐུ་གང་མི་བཟད་པ། །དཔལ་ལྡན་པད་མ་རྒྱས་པའི་སྤྱན། །སངས་རྒྱས་སེང་ཁྲིར་བཞུགས་ལ་འདུད། །རི་དྭགས་རུ་རུ་ཤ་ར་བྷ། །རྩེ་གཅིག་སྒྲ་ལ་ཉན་པ་ལྟར། །བདག་གིས་སྤྲིངས་པའི་གླུ་དབྱངས་འདི། །མི་དབང་ཁྱོད་ཀྱིས་གསན་པར་འཚལ། །དཔེར་ན་དར་གྱི་སྲིན་བུ་ལ། །ཡ་རབས་དག་གི་གོས་རྒྱན་འབྱུང༌། །དེ་བཞིན་བདག་གི་བསྟན་ཆོས་འདི། །ཐར་པ་འདོད་པའི་ཆོས་མཆོག་འབྱུང༌། །སྟེང་དུ་འགྲོ་བའི་མི་དག་གིས། །འོག་གི་ལམ་དུ་མི་འཇུག་ལྟར། །དེ་བཞིན་ཐར་པའི་དོན་གཉེར་བས། །ལོག་པའི་ལམ་དུ་འཇུག་མི་འཚལ། །ཕ་རོལ་འགྲོ་བའི་མི་དག་གིས། །མིག་དང་རྐང་པ་མེད་ཐབས་མེད། །དེ་བཞིན་འཁོར་བའི་ཕ་རོལ་ལ། །འགྲོ་འདོད་ཚུལ་ཁྲིམས་ལྟ་བ་གཅེས། །རྣམ་ཤེས་ཡོ་ལངས་འཁོར་བ་འབྱུང༌། །ཡེ་ཤེས་རོལ་པ་མྱ་ངན་འདས། །དེ་བཞིན་འཁྲུལ་དབང་མུ་སྟེགས་འབྱུང༌། །ཡང་དག་ལམ་ནི་སངས་རྒྱས་ལགས། །མུ་སྟེགས་ལ་ཡང་རྣམ་པ་གཉིས། །སྤྲུལ་པ་དང་ནི་རང་རྒྱུད་པ། །འདི་དག་རྟག་ཆད་གྲུབ་མཐའ་ཡིས། །ཡང་དག་ལྟ་བ་ལོག་པར་མཐོང༌། །བརྟན་གཡོ་ཐམས་ཅད་དབང་ཕྱུག་གིས། །བྱས་པར་འདོད་པ་ཡིན་པ་ལ། །རྟེན་འབྲེལ་མ་གཏོགས་བྱེད་གཞན་མེད། །ཀུན་རྫོབ་ལས་སྣང་གྲུབ་པར་ཐལ། །ཁྱབ་འཇུག་རྟག་པ་རང་དབང་ཅན། །ཡིན་ཞེས་ཟེར་བ་འདོད་པ་ལ། །སྐྱེ་འཆི་གཉིས་ཀྱི་སྡུག་བསྔལ་དག །མྱོང་བས་རང་དབང་ཅན་དུ་འགལ། །ཨ་ཤྭ་མི་རྟའི་སྲོག་གཅོད་ཀྱིས། །མཆོད་སྦྱིན་བྱས་ན་མཐོ་རིས་ཟེར། །སྡིག་ལས་ཐར་པ་ཐོབ་གྱུར་ན། །ངན་འགྲོའི་སྡུག་བསྔལ་གང་ལས་འབྱུང༌། །གེལ་བའི་ཤིང་གི་ལུས་ཚད་ནི། །སྲོག་ཀྱང་རྟག་པ་དེ་ཙམ་འདོད། །དུམ་བུར་བྱས་ན་སྲོག་ནི་ཡང༌། །དེ་བཞིན་མང་དུ་འགྲོ་འམ་ཅི། །སྲིད་གསུམ་རྟག་པའི་སྟེང་ནས་ཀྱང༌། །ཐར་པ་གཟུགས་ཅན་ཡོད་པར་འདོད། །གཟུགས་ཅན་ཡིན་ན་ཕྲ་རབ་རྡུལ། །ཉིད་ལས་གྲུབ་ཕྱིར་རྟག་པར་འགལ། །གང་གཱའི་ཆུ་ནི་འཐུངས་པ་དང༌། །མེ་ལྔ་བསྟེན་ཚད་སྡིག་སྒྲིབ་རྣམས། །དག་པར་འདོད་པའི་སེམས་ཅན་ལ། །མེ་དང་ཆུ་ནི་མི་འཐུང་མེད། །དེ་སོགས་ལྟ་ངན་བཅུ་བཞི་དང༌། །འཇིགས་ཚོགས་ལྟ་བ་ཉི་ཤུ་དང༌། །ལྟ་ངན་དྲུག་ཅུ་རྩ་གཉིས་ཀུན། །མི་དབང་ཁྱོད་ཀྱིས་སྤོང་འཚལ་ལོ། །ནང་པ་ལ་ཡང་གྲུབ་མཐའ་བཞི། །བྱེ་བྲག་སྨྲ་དང་མདོ་སྡེ་བ། །རྣམ་རིག་ངོ་བོ་ཉིད་མེད་སྨྲ། །སོ་སོར་རྣམ་བཤད་བསྡུས་པར་འཚལ། །བྱེ་བྲག་སྨྲ་བས་ཤེས་བྱ་རྫས། །ཆོས་དང་གང་ཟག་བདེན་འདོད་པ། །མདོ་རྒྱུད་ནང་དུ་འགལ་བར་བཤད། །མདོ་སྡེ་བས་ནི་མྱང་འདས་ཀྱི། །འབྲས་བུ་མར་མེ་མནལ་བ་ལྟར། །དཔྱད་ན་ཅུང་ཟད་མེད་པར་འདོད། །གཅེར་བུ་པ་དང་མཚུངས་པའི་ཕྱིར། །སེམས་ཙམ་པས་ནི་ཆོས་རྣམས་ཀུན། །སྟོང་པ་ནམ་མཁའི་མེ་ཏོག་ལྟར། །ཆད་པར་ལྟ་བ་མ་རུང་པ། །མི་དབང་ཁྱོད་ཀྱིས་ཤེས་པར་འཚལ། །དབུ་མ་པས་ནི་ཆོས་རྣམས་ཀུན། །གདོད་ནས་མ་བཅོས་རང་བཞིན་སྟོང༌། །ཡོད་མེད་མཐའ་གཉིས་རྣམ་གྲོལ་བ། །མཐའ་བྲལ་རྣམ་དག་ཉིད་དུ་འདོད། །ཀུན་རྫོབ་བདེན་པ་རང་གིས་སྟོང༌། །དོན་དམ་བདེན་པ་གཞན་སྟོང་སྟེ། །སྟོང་ཚུལ་དེ་ལྟར་མ་ཤེས་ན། །རྒྱལ་བའི་བཀའ་ལ་རྨོངས་པ་ཡིན། །ཐོག་མ་མེད་པའི་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གཞི་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་ཀྱང༌། །མྱ་ངན་འདས་པ་ཐོབ་པ་ཡིན། །སེམས་ནི་ཀུན་གཞིའི་རྣམ་ཤེས་ཏེ། །རང་སེམས་དེ་ནི་ཉོན་མོངས་ཡིན། །ནང་གི་ཡུལ་རྣམས་འཛིན་པས་ན། །དེ་ལ་རྣམ་ཤེས་ཞེས་བརྗོད་དོ། །ཁྱད་པར་ལྟ་བ་ངན་པ་ཡིས། །ཡེ་ཤེས་རྒྱུན་ཆད་འདོད་པ་དང༌། །རྣམ་ཤེས་དོན་དམ་ཡོད་པ་སྟེ། །རྣམ་རྟོག་ཆོས་སྐུ་འདོད་པ་མང༌། །ཁ་ཅིག་འདི་སྐད་བདག་ཐོས་ཀྱི། །ཆོས་སྐད་མེད་པར་གྱུར་ནས་ཀྱང༌། །རྩ་རྒྱུད་སངས་རྒྱས་གསུངས་མིན་ཞེས། །སྐུར་འདེབས་འབའ་ཞིག་སྨྲ་བར་བྱེད། །རེ་རེས་འཛག་བདེའི་བག་ཆགས་ལ། །སྦྱོར་གྲོལ་ཟེར་ནས་སངས་རྒྱས་འདོད། །ཤ་ཆང་སྐྱོན་མེད་སྤྱོད་པར་བྱེད། །ཡང་དག་ལྟ་བ་ལོག་པར་མཐོང༌། །དེ་སོགས་ལྟ་བ་ངན་པ་རྣམས། །འཕགས་པ་འཇིག་རྟེན་དབང་ཕྱུག་གིས། །དྲི་མེད་འོད་ལས་གསལ་བར་བཀག །མི་དབང་ཁྱོད་ཀྱིས་རྟོགས་པར་འཚལ། །སྤྲང་བན་བདག་གི་ལྟ་བ་ནི། །ཆོས་ཉིད་དོན་དམ་བདེན་པ་སྟེ། །ཆ་མེད་ཀུན་འགྲོ་སངས་རྒྱས་ནི། །བརྟན་གཡོ་ཀུན་ལ་ཁྱབ་པར་འདོད། །གང་ཞིག་བདེ་གཤེགས་སྙིང་པོ་ལ། །རྟག་བརྟན་སྐུ་རུ་འདུ་ཤེས་བསྐྱེད། །དེ་ནི་ཡང་དག་ལྟ་བ་ཡིན། །སངས་རྒྱས་སྲས་ཀྱི་ཐུ་བོར་གསུངས། །དེ་བཞིན་གཤེགས་པའི་སྙིང་པོ་ལ། །རྡོ་རྗེ་ལྟ་བུའི་སྐུ་སྨྲས་པ། །ལྟ་བ་ཕུན་སུམ་ཚོགས་པ་དང༌། །ལྟ་བའི་རྒྱ་མཚོ་ཡིན་པར་བཤད། །ཀུན་ནས་ཕྱག་དང་ཞབས་ལ་སོགས། །ཀུན་ནས་སྤྱན་དང་ཞལ་དང་དབུ། །ཀུན་ནས་ཐོས་ལྡན་འཇིག་རྟེན་དུ། །ཐམས་ཅད་དུ་ནི་ཁྱབ་པར་བཞུགས། །གཞི་ལ་བཞུགས་པའི་སངས་རྒྱས་ནི། །མཚན་དང་དཔེ་བྱད་རྒྱན་དང་ལྡན། །སྟོབས་བཅུ་མི་འཇིགས་བཞི་ལ་སོགས། །ཡོན་ཏན་ཐམས་ཅད་གདོད་ནས་རྫོགས། །བུམ་ནང་མར་མེ་དབུལ་པོའི་གཏེར། །པད་མའི་སྦུབས་ན་དེ་བཞིན་གཤེགས། །གོས་རུལ་ནང་དུ་རྒྱལ་བའི་སྐུ། །དཔེ་དགུ་དོན་དགུར་སྟོན་པ་ལགས། །དུས་ཀྱི་འཁོར་ལོ་ཧེ་རུ་ཀ །དང་པོ་སངས་རྒྱས་རྡོ་རྗེ་འཆང༌། །ཆོས་ཉིད་ཆོས་དབྱིངས་ཡང་དག་མཐའ། །བདེ་གཤེགས་སྙིང་པོ་ལ་སོགས་མིང༌། །དེ་ཉིད་སྒྲིབ་བྱེད་རྣམ་རྟོག་སྟེ། །རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །མི་རྟོག་ཏིང་འཛིན་བསྒོམ་པར་འཚལ། །རྣམ་པར་རྟོག་པ་མ་གཏོགས་པ། །འཁོར་བ་ཞེས་བྱ་ཅི་ཡང་མེད། །རྣམ་རྟོག་དེ་དང་བྲལ་བ་ན། །ཁྱོད་ནི་རྟག་ཏུ་མྱ་ངན་འདས། །ཐར་པ་སྒྲིབ་བྱེད་ཉོན་མོངས་པ། །ཐམས་ཅད་མཁྱེན་པ་སྒྲིབ་བྱེད་ནི། །ཤེས་སྒྲིབ་པ་ནི་ཡིན་པར་བཤད། །དེ་གཉིས་སྒྲིབ་པ་ཐམས་ཅད་ཡིན། །དཔའ་བར་འགྲོ་བའི་ཏིང་འཛིན་གྱིས། །གཞི་ལ་བཞུགས་པའི་སངས་རྒྱས་ནི། །དྲི་མ་ཀུན་སྤངས་དྲི་མེད་ཚེ། །མཁའ་ལྟར་ཡོངས་སུ་དག་པར་གསུངས། །རྟག་ཏུ་སྣང་བའི་རང་བཞིན་ཅན། །དོན་དམ་པ་ཡི་མཚན་ཉིད་ནི། །ཡེ་ཤེས་རང་བཞིན་འོད་གསལ་བ། །ཡེ་ཤེས་མིག་གིས་མཐོང་བར་འགྱུར། །སྙིང་པོ་མེད་པའི་འཁོར་བ་ལ། །ཉོན་མོངས་གསེབ་དང་བྲལ་གྱུར་ན། །དེ་ཡི་འབྲས་བུ་སངས་རྒྱས་ཉིད། །ལུས་ཅན་ཀུན་གྱི་བདུད་རྩིར་འགྱུར། །གྲུ་དང་གཟིངས་བཅས་མཉན་པ་ཞིག །གང་དག་དེ་ཡིས་སྒྲོལ་བྱེད་ཀྱང༌། །བདག་ཉིད་དེ་ནས་ཤི་བ་བཞིན། །མ་བསྒོམ་ཆོས་ཀྱང་དེ་བཞིན་ནོ། །འཇིག་རྟེན་ཁམས་ནི་གང་ན་ཡང༌། །སངས་རྒྱས་གཞན་དུ་རྙེད་མི་འགྱུར། །སེམས་ནི་རྫོགས་པའི་སངས་རྒྱས་ཉིད། །སངས་རྒྱས་གཞན་དུ་བསྟན་པ་མེད། །འཇིག་རྟེན་པ་ཡི་ཡང་དག་ལྟ། །ཆེན་པོ་སུ་ལ་ཡོད་གྱུར་པ། །དེ་ནི་བསྐལ་པ་སྟོང་དག་ཏུ། །ངན་པར་འགྲོ་བར་མི་འགྱུར་རོ། །གོང་དུ་ལྟ་ངན་མ་བཀག་ན། །སེམས་ཅན་མང་པོ་ལམ་ངན་དུ། །འཇུག་ནས་ཉེས་པ་འོང་བར་ཐལ། །བཟློག་ན་ཕན་ཡོན་ཡོད་ཕྱིར་རོ། །ཁྱད་པར་དེང་སང་དུས་ངན་འདིར། །ལྟ་བའི་སྙིགས་མ་དར་བ་སྟེ། །སངས་རྒྱས་བསྟན་པའི་མཇུག་མ་ལ། །ནག་པོའི་ཕྱོགས་རྣམས་ཁ་རྒྱལ་བས། །བདུད་རིགས་སྤྲུལ་པ་དུ་མ་ཡིས། །བླ་མ་ཡི་དམ་གྲུབ་ཐོབ་སོགས། །བཟང་པོར་གྲགས་པའི་ཆ་བཟུང་ནས། །ཉེ་ལམ་ཞེས་སོགས་ཆོས་ལོག་སྟོན། །ཡང་ན་དངོས་སམ་རྨི་ལམ་དང༌། །གཟུགས་མེད་སྒྲ་ཙམ་ལུང་བཤད་སོགས། །ཕྱིན་ཅི་ལོག་གི་ཆོས་ལུགས་ལ། །ཡང་དག་མཐར་ཐུག་ཡིན་པར་སྟོན། །ལྷད་ཅན་ཆོས་ལུགས་འཕེལ་གྱུར་ན། །ཆོས་ལོག་སྤྱོད་པའི་སེམས་ཅན་རྣམས། །འཁོར་བའི་རྒྱ་མཚོར་ཐར་མི་སྲིད། །དེ་ཕྱིར་བརྩེ་བས་བཀག་པ་ལགས། །འོན་ཀྱང་གྲུབ་མཐའ་བསྐུར་པ་ལ། །དད་པའི་རྗེས་འབྲང་དམན་པའི་རིགས། །གཟུ་ལུམ་དབང་ཅན་འགའ་ཞིག་གིས། །འདི་ལ་མ་གུས་སྲིད་མོད་ཀྱང༌། །དེ་རྣམས་ལ་ཡང་སྡང་སེམས་མིན། །ལམ་ངན་ལྷད་ཅན་ལྟ་བ་ལ། །ལྡོག་ཕྱིར་ཕན་པའི་སེམས་ཀྱིས་སྨྲས། །ཡང་དག་ལམ་ལ་ཞུགས་ནས་གྲོལ། །རང་བཟོ་ཕྱོགས་ཞེན་མ་གོས་ཤིང༌། །ལུང་དང་ཚད་མ་དཔང་བྱས་ནས། །སྐྱེས་བུ་དམ་པའི་གསུང་དང་མཐུན། །མ་འོངས་འགྲོ་ལ་ཕན་སེམས་བཀོད། །གལ་ཏེ་ལུང་རིགས་རྣམ་དག་དང༌། །བྲལ་བའི་ཤན་ཕྱེ་གཟུ་ལུམ་གྱིས། །མི་ཟབ་ཟབ་པར་བྱས་པ་དང༌། །ཉེ་ལམ་རིང་ལམ་བྱས་ན་འགལ། །འཇིག་རྟེན་འདི་ལ་ཕལ་པ་ཡི། །རྫས་ལ་ལྟོས་པ་མཁས་གྱུར་ཀྱང༌། །ལུང་རིགས་ཆོས་ལ་ལྟོས་མི་ཤེས། །དཔེར་ན་འུག་པ་ཉིན་ལོང་བཞིན། །དྲང་དོན་མཁས་པའི་བླ་མ་ཡང༌། །ངེས་དོན་ཉིད་ལ་རྨོངས་པ་མང༌། །དཔེར་ན་རྐུན་མས་མཚན་མོ་ལ། །ཕུབ་མའི་སྒྲོ་བ་ཁྱེར་བ་བཞིན། །བརྒྱ་བྱིན་མིག་སྟོང་ལྡན་པ་ཡང༌། །བདེ་གཤེགས་སྙིང་པོ་མི་མཐོང་ངོ༌། །ཨཱརྻ་དེ་བ་སྤྱན་གཅིག་པོས། །ཆོས་ཉིད་སྒྲིབ་མེད་གསལ་བར་གཟིགས། །སེམས་ཅན་རྣམ་པ་ཐམས་ཅད་ལ། །བདེ་གཤེགས་སྙིང་པོ་ཡོད་དོ་ཞེས། །མོས་པ་རྣམ་དག་བྱེད་ནུས་ན། །སངས་རྒྱས་བཀའ་དྲིན་འཚོ་བ་ཡིན། །མཉྫུ་རྒྱལ་པོ་ཆེན་པོ་ཁྱོད། །རྫོགས་ལྡན་ཆོས་ཀྱི་ཁྱབ་བྱས་ནས། །གསུམ་ལྡན་མན་ཆད་ལྟ་ངན་ཀུན། །ཆོས་ལོག་ཐམས་ཅད་མྱུར་ཉམས་མཛོད། །འདི་ནི་ཐུན་མོང་ཉིད་དུ་བཀོད། །ཐུན་མོང་མིན་པའི་ཆོས་མཆོག་ནི། །བཞེད་ན་སླར་ཡང་སྤྲིང་བ་ལགས། །སྤྲོ་དགའ་ང་དང་ཕྲད་པ་བཞིན། །དགེ་བ་འདི་ཡིས་མི་དབང་ཁྱོད། །ཏང་ཀུན་རྒྱལ་པོ་འཁོར་བཅས་ཀྱི། །མངའ་ཐང་སྟོབས་ཤུགས་དཔལ་དང་གྲགས། །ཆུ་བོའི་རྒྱུན་བཞིན་རིང་བར་ཤོག །ཅེས་གསུངས་ནས།
ཡང་ཆོས་རྗེ་རིན་པོ་ཆེས་དེ་དག་ལ་བྱིན་རླབས་མཛད་པར་གསུངས་པ། སོང་ཞིག་སོང་ཞིག་ཀརྨ་ཀྲི་ཏ་ཁྱོད། །སང་ཉིད་ཉི་མ་སྔ་དྲོ་རྒྱས་པའི་ཚེ། །དམག་དཔུང་སྟོང་ཕྲག་ཧ་སྒྲ་ཅན། །བདའ་བས་རང་གི་ཡུལ་དུ་སོང༌། །ཞེས་གསུངས་ནས། རྒྱ་མི་རྣམས་སྐྲག་ནས། བློན་པོ་ཙ་ཀ་ར་ཞེས་བྱ་བས་གསེར་གྱི་ཤང་ལང་དུང་ལག་ཅན་ཕུལ་ནས་ཞུས་པ། སངས་རྒྱས་རྣམ་འཕྲུལ་བླ་མ་རིན་པོ་ཆེ། །རྒྱལ་འབངས་ཀུན་གྱི་བྱིན་རླབས་འཇུག་པའི་ཆེད། །ཡི་དམ་འཆག་མིན་བྱ་བའི་ཆ་ཙམ་ཞིག །ཉིད་ཀྱི་བསྟོད་པ་བདག་ལ་གསུངས་པར་ཞུ། །ཞེས་དང༌། ཆོས་རྗེས། ན་མོ་ལོ་ཀི་ཤྭ་ར་ཡ། ཤེས་བྱ་ཀུན་མཁྱེན་ཤེས་རབ་རྒྱལ་མཚན་དཔལ། །འཕྲིན་ལས་བཟང་པོ་ཉི་མའི་དཀྱིལ་འཁོར་གྱིས། །གླིང་བཞི་མུན་སེལ་ཁམས་གསུམ་ཆོས་ཀྱི་རྗེ། །ཐུབ་བསྟན་རྒྱལ་མཚན་འཛིན་ལ་སྤྱི་བོས་འདུད། །སྐུ་མཆོག་བདེ་གཤེགས་སྙིང་པོའི་ཁང་བཟང་ལ། །ལེགས་བཤད་གསུང་གི་སྒྲ་དབྱངས་རྡོ་རྗེ་འཛིན། །འཁྲུལ་མེད་ཐུགས་ལྡན་འོད་གསལ་ཆོས་ཀྱི་དབྱིངས། །མཐའ་འཁོབ་མུན་སེལ་ཁྱོད་ལ་སྤྱི་བོས་འདུད། །དུས་གསུམ་རྒྱལ་བ་རྒྱ་མཚོས་ལུང་བསྟན་ནས། །གངས་ཅན་ཁྲོད་དུ་སངས་རྒྱས་བསྟན་པ་སྤེལ། །སྙིགས་དུས་མགོན་མེད་དཔལ་གྱུར་དོལ་པོ་པ། །མཚུངས་མེད་ཆོས་རྗེའི་ཞབས་ལ་སྤྱི་བོས་འདུད། །དེ་ལྟར་བསྟོད་པའི་དགེ་བས་འགྲོ་བ་ཀུན། །དངོས་གྲུབ་རྣམ་གཉིས་ཆར་གྱིས་མཉེས་བྱས་ནས། །བྱིན་རླབས་ཆོས་ཀྱི་དཔལ་ལ་འགོད་གྱུར་ཅིང༌། །ཀུན་མཁྱེན་རྒྱལ་བའི་གོ་འཕང་མྱུར་ཐོབ་ཤོག །ཅེས་གསུངས་ནས། གདན་འདྲེན་པ་རྣམས་རྒྱ་ནག་ཏུ་བཞུད་དོ། །
དེ་ནས་ཆོས་རྗེས་ཟད་པར་རླུང་གི་ཏིང་ངེ་འཛིན་ལ་བཞུགས་ནས་སྐུ་མཆེད་རྣམས་སླར་ལོག་སྟེ། དམག་མི་དང་རྭ་སྒྲེང་དུ་ཕྲད་དེ། ས་ལུ་ལྗང་བའི་མདོ་དང༌། རྒྱུད་འབུམ་ཚར་གཅིག་གསུངས་ནས། ལྷ་སར་བྱོན་པས། ད་ཅི་རིན་ཚུལ་བས་སྐུ་འདྲ་བཞེངས་པ་དེ་ཆོས་རྗེས་རབ་གནས་མཛད་པར་དྲུང་དུ་བྱོན་ནས། འདི་སྐད་གསུངས་སོ། །རྟེན་འདི་ལ་གདན་ཆུང་བ་དང་གཅིག །ཤིན་ཏུ་རྒན་པོའི་གཟུགས་དང་གཉིས། སྐུ་བོང་ཆུང་བ་དང་གསུམ་སྟེ། ལྷ་ས་ལ་སོགས་དབུས་ཕྱོགས་སུ་ངའི་བསྟན་པ་འོང་བར་མི་འདུག་གོ །མ་འོངས་པའི་དུས་སུ་འདིའི་མཆོད་རྫས་རྣམས་ཧ་བཤའ་བྱེད་པ་མང་དུ་འབྱུང་བར་འགྱུར་རོ། །འོན་ཏེ་མཚན་བཟང་བ་ལ་གསུམ་སྣང༌། སྒོ་ལ་ཉེ་བ་ནི་ཐར་པའི་སྒོ་འཛིན་པའི་རྟགས། ས་གནོན་མཛད་པ་ནི་ལོག་སྨྲ་མང་པོ་འདུལ་བར་འགྱུར་རོ། །ངས་རབ་གནས་མཛད་པ་ནི་ཆོས་ཀྱི་རྒྱལ་པོར་མངའ་གསོལ་བ་ཡིན། དད་པ་གང་ཐོབ་ཀྱི་ཚོགས་རྫོགས་པར་འགྱུར་རོ། །ཞེས་སོགས་མང་དུ་གསུངས་སོ། །
དེ་ནས་རིམ་པ་བཞིན་དུ་ཡར་བྱོན་ནས། ཇོ་ནང་དུ་ཕེབས་པས། གཡའ་བཟང་རིན་པོ་ཆེས་བསྐུལ་ནས། སྒྲུབ་ཐབས་དཔག་བསམ་ལྗོན་ཤིང་ལ་སོགས་སྒྲུབ་ཐབས་མང་དུ་མཛད་དོ། །ཆོས་རྗེ་ཕུན་ཚོགས་དཔལ་གྱིས་བསྐུལ་ནས་རྒྱུད་བླ་མའི་འགྲེལ་པ་ལ་སོགས་བསྟན་ཆོས་མང་དུ་མཛད་དོ། །
དེ་ནས་གདན་འདྲེན་པ་རྣམས་ཕོ་བྲང་དུ་ཐོན་ནས། ལ་ལ་ངུ༌། ལ་ལས་སྐྲ་འབལ་བ་སོགས་ཆོས་རྗེས་ཐོས་ཤིང་གཟིགས་ནས། རྫུ་འཕྲུལ་གྱིས་དེ་རུ་བྱོན་ནས་ཆོས་ཀྱིས་མཉེས་པར་མཛད་ནས། རྒྱལ་པོས་ཀར་ཤ་པ་ནི་གཉིས་ཕུལ་ཏེ་ཐུགས་དམ་བཀྲོལ་ནས་ཉེ་གནས་ལ་གསུངས་པས། ཉེ་གནས་ཀྱི་ཐེ་ཚོམ་སྐྱེས་ཏེ། ཆོས་རྗེས་རིག་ནས་ཀར་ཤ་པ་ནི་གཉིས་བསྟན་ནས་ཐེ་ཚོམ་ཞིའོ། །དེ་ཡང་རྒྱུད་ལས། མཐོང་དང་མ་མཐོང་གཟུགས་ནི་ཡིད་དང་ནམ་མཁའ་ལ་ཡང་བལྟ་བར་བྱེད་པ་གང་ཡིན་དེ་ནི་མིག །རིང་ནས་རབ་ཏུ་གསལ་བ་བཞིན་དུ་སྒྲ་ནི་ཐོས་པ་འདི་ནི་རྒྱལ་བའི་རྣ་བ་ཆེན་པོའོ། །ཞེས་སོགས་གསུངས། ཡུམ་ཉི་ཁྲི་པར། དེ་ལ་བྱང་ཆུབ་སེམས་དཔའ་ཤའི་སྤྱན་གྱིས་དཔག་ཚད་བརྒྱ་མཐོང་བ་ཡོད་དོ། །དེ་བཞིན་དུ། དཔག་ཚད་སྟོང་དང༌། རི་རབ་གླིང་བཞི་དང༌། སྟོང་གསུམ་གྱི་སྟོང་ཆེན་པོ་མཐོང་བ་ཡོད་དོ། །ཞེས་སོགས་རྒྱས་པར་གསུངས། སྤྱན་ལྔ་མངོན་ཤེས་དྲུག་ལ་རང་དབང་བརྟན་པོ་ཐོབ་པའི་མཛད་སྤྱོད་མང་དུ་ཡོད་དེ། གཞན་དུ་ཤེས་པར་བྱའོ། །དེ་ནས་དགོངས་པ་མཐའ་དག་རྫོགས་པས་མྱང་འདས་ཀྱི་ཚུལ་ནི། དོན་དམ་པར་ཆོས་ཀྱི་སྐུ་ལ་སྐྱེ་འཆི་མི་མངའ་སྟེ་གདུལ་བྱ་སེམས་ཅན་གྱི་དོན་དུ་གཟུགས་སྐུར་སྤྲུལ་ནས་མྱ་ངན་འདས་ཚུལ་བསྟན་ཏོ། །དམ་ཆོས་པད་མ་དཀར་པོ་ལས། རིགས་ཀྱི་བུ་དག་འདི་ལྟར་ཡོངས་སུ་མྱ་ངན་ལས་མི་འདའ་མོད་ཀྱིས་ཡོངས་སུ་མྱ་ངན་ལས་འདའ་བར་སྨྲས་སོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་དག་ངས་རྣམ་གྲངས་འདིས་སེམས་ཅན་རྙེད་དཀའ་བའི་འདུ་ཤེས་མི་བསྐྱེད་དེ། དེ་བཞིན་གཤེགས་པ་དང་བདག་ཉེའོ། །ཞེས་ཁམས་ནས་འབྱུང་བའི་ཕྱིར་རོ། །བརྩོན་འགྲུས་མི་བརྩོན་ཞིང་དེ་བཞིན་གཤེགས་པ་དཀོན་པའི་འདུ་ཤེས་མི་བསྐྱེད་པར་འགྱུར་རོ། །ཞེས་གསུངས། ཀྱེ་རྡོ་རྗེའི་རྒྱུད་ལས། ང་ནི་མྱ་ངན་ཡོངས་མི་འདའ། །ང་ནི་རྡོ་རྗེ་ལྟ་བུའི་སྐུ། །དུས་རྣམས་ཀུན་ཏུ་ང་འདུག་སྟེ། །བྱིས་པ་རྣམས་ལ་འཕོ་བར་བསྟན། །ཞེས་སོ། །གསེར་འོད་དམ་པའི་མདོར། སངས་རྒྱས་མྱ་ངན་ཡོངས་མི་འདའ། །ཆོས་ཀྱང་ནུབ་པར་མི་འགྱུར་རོ། །སེམས་ཅན་ཡོངས་སུ་སྨིན་མཛད་ཕྱིར། །ཡོངས་སུ་མྱ་ངན་འདས་པར་སྟོན། །ཞེས་གསུངས་པ་ལྟར་རོ། །
དགུང་ལོ་བདུན་ཅུ་ཐམ་པར་ལྕགས་མོ་གླང་ལ་སྐུའི་གཟི་བརྗིད་ཆེ་བར་ཀུན་གྱི་མཐོང་སྣང་དུ་ཁྲིད་སྣ་ཚོགས་པས་བུ་ཆེན་རྣམས་ཀྱི་ཆོས་སྐལ་ཡིན་གསུངས། ད་ལོ་ནི་དྲོ་ས་ཅིག་སྙེག་དགོས་བོད་ཡུལ་དུ་རིགས་དབྱར་དྲོ་དགུན་འཁྱག་པས་ངའི་བག་མི་དྲོ་གསུངས་པས། ཉེ་གནས་དངོས་གྲུབ་དཔལ་ན་རེ། དྲོ་ས་གང་དུ་གཤེགས་ཞུས་པས། དྲོ་ས་བདེ་བ་ཅན་དུ་འགྲོ་གསུངས་ནས། འགའ་ཞིག་གི་གཟིམས་ཁང་བདེ་བ་ཅན་ལ་གོ །ལ་ལས་ཞིང་ཁམས་བདེ་བ་ཅན་དུ་གོ་ནས་བ་སྤུ་གཡོས་སོ། །
དེ་ནས་ཟླ་བ་བཅུ་གཅིག་པའི་ཚེས་བཞིར་ཚོགས་པ་རྣམས་ལ། ངེས་དོན་རྒྱ་མཚོ་ཁྱེད་རྣམས་ཀྱི་ཆོས་སྐལ་ཡིན་གསུངས་ནས། ཞག་གསུམ་དུ་གསུངས་པའི་ཚེ། སྔར་བས་གཟི་མདངས་ཆེ་ནས་ནམ་མཁའ་ལ་སྒྲ་འོད་གསལ་འཇའ་འོད་མེ་ཏོག་གི་ཆར་གཡོས་སོ། །ཚེས་དྲུག་གི་ཉིན་པར་ཆོས་གསུངས་པའི་དུས་སུ། སྔར་བས་ཕྱོགས་ཕྱོགས་སུ་རོལ་མོ་སྣ་ཚོགས་དང་མེ་ཏོག་འཇའ་ཚོན་སྣ་ཚོགས་པས་ཁེངས་ཏེ། ནམ་མཁའ་ལ་ཡང་ཡང་གཟིགས་སོ། །
དེ་ནས་གཟིམ་གཡོག་པ་དངོས་གྲུབ་བཟང་པོས་ཞུས་པས། ནམ་མཁར་ཡང་ཡང་དུ་ཅི་ལ་གཟིགས་ཞེས་ཞུས་པ་དང༌། ཆོས་རྗེ་བཞད་ནས་གསུངས་པ། ལུས་བཟང་ངོ་ཚ་ཤེས་པའི་བློ་གྲོས་ཅན། །བཞིན་རས་གདོང་ལ་དགའ་བའི་སྤྱན་རྒྱས་པ། །ལྷག་བསམ་ཡངས་པའི་མཆོག་ཁྱོད་ལེགས་པར་ཉོན། །ཨུཏྤལ་མདོག་ཅན་སངས་རྒྱས་མི་འཁྲུགས་པ། །འཁོར་ཡང་བྱང་སེམས་རྒྱལ་པོ་དཔག་ཏུ་མེད། །ཕྱག་སྒང་སྟེང་དུ་ལག་པ་ཡུག་ཡུག་མཛད། །དེ་མཐོང་ཕྱིར་ན་བདག་གིས་ནམ་མཁར་བལྟས། །རས་མའི་མདོག་ལྡན་སྒྲོལ་མ་འཛུམ་པའི་ཞལ། །འཁོར་བཅས་ཕྱག་ནི་བདག་ལ་ཡུག་ཡུག་མཛད། །དེ་མཐོང་ཕྱིར་ན་བདག་གིས་ནམ་མཁར་བལྟས། །ཉི་འོད་དམར་ཐག་ལྟ་བའི་འོད་དཔག་མེད། །དགེ་སློང་བརྒྱ་སྟོང་མང་པོས་ཕྱག་ཕུལ་མཛད། །དེ་མཐོང་ཕྱིར་ན་བདག་གིས་ནམ་མཁར་བལྟས། །དམར་སྨུག་མདངས་སྡན་གྲུབ་ཆེན་ཤ་བ་རི། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྤྲིན་ལྟར་བྱོན། །བཟང་ལྡན་གོང་མར་བདག་ལ་ཕྱག་ཡུག་མཛད། །དེ་མཐོང་ཕྱིར་ན་བདག་གིས་ནམ་མཁར་བལྟས། །ཀ་ཤིའི་མེ་ཏོག་ལྟ་བུ་བཅོམ་ལྡན་འདས། །སངས་རྒྱས་བྱང་སེམས་དཔག་མེད་དག་གིས་བསྐོར། །ར་ཙའི་གདོང་ན་བདག་ལ་ཕྱག་ཡུག་མཛད། །དེ་མཐོང་ཕྱིར་ན་བདག་གིས་ནམ་མཁར་བལྟས། །དེ་སོགས་རྒྱལ་བ་སྲས་བཅས་མང་པོ་རྣམས། །བསུ་བའི་ཚུལ་དུ་ཕྱོགས་རྣམས་ཀུན་ཏུ་བྱོན། །དེ་མཐོང་ཕྱིར་ན་བདག་གིས་ནམ་མཁར་བལྟས། །བུ་དེ་ལྟ་ཡིན་གྱི་གཞན་མ་ཡིན། །ཞེས་སོགས་གསུངས་སོ། །
དེ་ནས་ནང་དུ་གདན་དྲངས་ཏེ། གསོལ་ཇ་བསྐོལ་ནས། དངོས་གྲུབ་བཟང་པོ་ལ་ཆེ་བགྲེས་རྣམས་འདིར་བོས་ཤིག་དང་གསང་གྲོས་ཞིག་བྱེད་གསུངས་པས། དེ་རྣམས་སྐུ་དྲུང་དུ་འདུས་ཏེ། རྣམ་བཅུ་དབང་ལྡན་གྱི་བཤད་པ་ཞིབ་ཏུ་མཛད་དོ། །དེའི་ཚེ་ཕྱི་རོལ་ཏུ་ཆོས་ཁྲི་ལ་གསུང་འཕྲོ་ངེས་དོན་རྒྱ་མཚོ་བསྡུས་ནས་སྐུ་གཉེར་བས་ནང་དུ་བསྐྱལ་ནས། འོ་ཆོས་འཕྲོ་བསྡུས་ཚགས་ལེགས་པར་གྱིས་ཤིག །སྐྱེ་བ་འདི་ལ་ཆོས་མཚམས་དེ་ཀ་ཙམ་ཡིན་གསུངས་སོ། །
དེ་ནས་ཆེ་བགྲེས་རྣམས་ལ་གསུང་གླེང་མཉེས་མཉེས་དང༌། ཀུ་རེ་བཞད་གད་ཀྱི་རྣམ་པ་མང་པོ་དང༌། བར་བར་དུ་ཞལ་ཏ་ཡང་ཡང་མཛད། ཁྱད་པར་དུ་འདི་སྐད་གསུངས་སོ། །སྐྲ་དཀར་ལྕགས་ཀྱུས་བདག་གི་མགོ་ལ་བཏབ། །གཉེར་མའི་ཞགས་པས་ལུས་ནི་དམ་པོར་བཅིངས། །རྟ་བདུན་རྒྱལ་པོ་ནུབ་ཀྱི་ལ་ཁར་སླེབས། །དེ་ཕྱིར་ད་ལོ་འདི་ནས་བདག་ནི་འགྲོ། །གནས་འདི་སྤྲེལ་འདྲ་ཉ་འདྲ་རྨ་བྱ་འདྲ། །སྤྲེལ་འདྲའི་དུས་སུ་བུ་ཆེན་ཁྱེད་རྣམས་ཀྱང༌། །ད་ལྟར་ལྟ་སྒོམ་སྤྱོད་འབྲས་ཡང་དག་སྤྱོད། །བསྟན་པ་འཛིན་པའི་དགེ་སློང་མང་དུ་འབྱུང༌། །དམ་ཆོས་མ་ལུས་རྒྱས་པར་རབ་ཏུ་སྟོན། །དེ་ནས་གདུང་རབས་གཅིག་ནས་རྒྱལ་པོ་ནི། །རྒྱལ་འགོང་སྙིང་དུ་ཞུགས་པ་བྱང་ནས་འབྱུང༌། །ཐེག་ཆེན་སྨོད་ཅིང་ཆོས་ལ་སྡང་བར་བྱེད། །ཀྱེ་མ་ཀྱི་ཧུད་བདུད་རིགས་རྒྱལ་པོ་དེས། །སྐྱེས་མཆོག་དཔལ་ལྡན་བླ་མ་ཆོས་གྲགས་དཔལ། །དེ་སོགས་ཡོངས་འཛིན་ཁྱད་འཕགས་མང་པོ་རྣམས། །དགེ་བའི་ལས་སུ་མཐོང་ནས་བཀྲོང་བར་འགྱུར། །མཚམས་མེད་ལས་ཀྱིས་མནར་བའི་རྒྱལ་པོ་དེས། །སྡིག་སེམས་སྟོབས་ཀྱིས་སྒྲ་གཅན་མཁའ་ལ་མཐོང༌། །བྲང་འགྲོས་ཁ་གདངས་ཕ་རོལ་ཕྱོགས་པའི་ཚེ། །དགྲ་ལ་རྒོལ་བས་མི་རིགས་མང་པོ་གསོད། །དགོན་གནས་བདག་པོ་ཀུན་ཀྱང་སྐྲག་པར་བྱེད། །ཐ་མ་དེ་ཡང་གྲི་རུ་འགུམ་པར་འགྱུར། །
དེ་ནས་དཔལ་ལྡན་ཇོ་མོ་ནགས་རྒྱལ་འདིར། །འཕགས་མཆོག་ཀུན་བཟང་སྤྲུལ་པ་མཁྱེན་བརྩེ་ཅན། །མཁས་བཙུན་སངས་རྒྱས་ཞེས་པ་རྒྱལ་ཚབ་འབྱུང༌། །མཐའ་འཁོབ་ཆོས་ལ་བསྒྱུར་བའི་གཟི་འོད་ཅན། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་གཅིག་པོ། །དགུང་ལོ་བརྒྱད་ཅུ་རྩ་ལྔར་བོད་ཁམས་སྐྱོང༌། །དེ་ཚེ་བྱང་ཕྱོགས་དག་ཏུ་སྐུ་འཁྲུངས་པ། །ཆོས་ལ་དབང་བསྒྱུར་སྤྲུལ་པའི་རྒྱལ་པོ་འབྱུང༌། །བྱང་ཕྱོགས་གནས་སུ་དུས་ཀྱི་འཁོར་ལོ་ཡི། །ཆོས་ཀྱི་རྔ་ཆེན་འཛམ་གླིང་ཁྱབ་པར་བརྡུངས། །བསྟན་པའི་བ་དན་ལྷུན་པོའི་རྩེ་མོར་འཕྱར། །དངུལ་དཀར་གཏེར་གྱིས་དུས་འཁོར་ཁང་བར་མཛད། །ང་ཡིས་བསྟན་རྒྱུད་བྱང་ཕྱོགས་དེ་ནས་དར། །སྐྱེས་མཆོག་དེ་གཉིས་ཞིང་མཆོག་ཙམ་པ་ཀར། །བྱོན་ནས་ཁ་བ་ཅན་གྱི་རྒྱལ་ཁམས་འདིར། །མེད་པར་ལྟ་བའི་རིགས་ཅན་ཁ་རྒྱལ་ཆེ། །བསམ་ཡས་ཆོས་འབར་སྙིང་ལ་ཞུགས་པ་ཡི། །དགེ་སློང་གཟུགས་ཅན་མདའ་ཡི་མིང་ཅན་འབྱུང༌། །ཀྱེ་མ་ཀྱི་ཧུད་བདུད་རིགས་ནག་པོ་དེས། །གཞི་ཡི་མཐར་ཐུག་བདེ་གཤེགས་སྙིང་པོ་བཀག །ལམ་གྱི་མཐར་ཐུག་རྡོ་རྗེ་རྣལ་འབྱོར་སྨོད། །འབྲས་བུའི་མཐར་ཐུག་དྲི་བྲལ་མེད་པར་སྒྲོག །རྩ་རྒྱུད་འདི་སྐད་བདག་ཐོས་མེད་དོ་སྐད། །བསྡུས་པའི་རྒྱུད་ལ་གཤེ་བ་སྣ་ཚོགས་བྱེད། །རྒྱུད་འགྲེལ་དཔེ་ཆ་བསྡུས་ནས་ཆུ་ལ་བསྐུར། །བསྟན་པའི་སྙིང་པོ་རིན་ཆེན་ཉམ་ཆུང་བྱེད། །བཀྲ་མི་ཤིས་པ་དེ་ནི་ཤི་ནས་ཀྱང༌། །ཐེག་ཆེན་རྒྱུད་སྡེ་སྙིང་པོ་གསལ་བྱེད་པ། །གནས་འདིར་འཇམ་དབྱངས་རྣམ་འཕྲུལ་ཆོས་ཀྱི་རྗེ། །ཀུན་མཁྱེན་བོ་དྷི་སིང་ཧའི་མཚན་གྲགས་པ། །ཉི་ཤར་ལྟ་བུའི་རྒྱལ་ཚབ་འཛིན་པ་འབྱུང༌། །དེ་ཚེ་གནས་འདིར་རྒྱ་གར་འཕགས་ཡུལ་བཞིན། །ནོར་བུ་ལྟ་བུ་དགོས་འདོད་འབྱུང་གནས་ཀྱི། །དགུང་ལོ་དགུ་བཅུ་ཕྲག་གསུམ་བསྟན་པ་སྐྱོང༌། །དེ་ཡི་གྲོགས་མཛད་ཆོས་ཀྱི་རྒྱལ་པོ་ཞིག །འཕགས་པའི་མིང་ཅན་ནུབ་ཀྱི་ཕྱོགས་སུ་འབྱུང༌། །དཔལ་འཁོར་གནས་སུ་མཐོང་གྲོལ་ཆེན་པོ་བཞེངས། །དགེ་འདུན་རྒྱ་མཚོ་བསྡུ་ཞིང་འཚོ་བ་དྲངས། །རྒྱལ་འབངས་མ་ལུས་དགའ་བའི་དཔལ་ལ་སྤྱོད། །དེ་ཡི་གནས་འདི་སྤྱི་བོའི་གཙུག་ཏུ་ལེན། །ཡོངས་འཛིན་དེ་གཉིས་མཁའ་སྤྱོད་ཞིང་བཞུད་ནས། །མདའ་ལྔ་འཛིན་པའི་ཆོས་ལོག་སྨད་ནས་དར། །བོད་ཁམས་མི་བདེ་ལྷ་ས་ཁྱིམ་པས་སྤྱོད། །རྫོང་ནག་གནས་སུ་མེ་ཡིས་འཇིགས་པའི་ཚེ། །སྒྲིབ་རྣམ་སེལ་གྱི་སྤྲུལ་པའི་འོད་སྟོང་ཅན། །རིགས་ལྡན་རྒྱལ་བ་ཇོ་བཟང་མཚན་གྲགས་འབྱུང༌། །དེ་ཚེ་གནས་འདི་ཨོ་རྒྱན་ཞིང་ཁམས་བཞིན། །ཆོས་ཀྱི་དཔལ་འབྱོར་ནམ་མཁའི་ཁྱོན་ལྟར་ཡངས། །ཤིན་ཏུ་རྙེད་པར་དཀའ་བའི་སྐྱེས་མཆོག་དེས། །དགུང་ལོ་བདུན་ཅུ་ཕྲག་བརྒྱད་ཧྲིལ་པོ་རུ། །ང་ཡི་བསྟན་པ་མཐའ་དབུས་མེད་པར་སྐྱོང༌། །དེ་ཡི་གྲོགས་བཟང་ཆོས་ཀྱི་རྒྱལ་པོ་ནི། །དོལ་པོའི་མིང་ཅན་བྱམས་པའི་གླིང་ནས་འབྱུང༌། །སྤྲུལ་པའི་རྒྱལ་པོ་བྱང་ཆུབ་སེམས་དཔའ་དེས། །རྟེན་མཆོག་མཐོང་བ་དོན་ཡོད་བཞེངས་པར་འགྱུར། །ལོ་མང་གཞན་སྟོང་ཆོས་ཀྱི་རྒྱལ་ཁམས་སྤེལ། །གནས་འདིར་བཀུར་སྟི་རིམ་གྲོའི་དཔལ་ལ་སྤྱོད། །སྙིང་པོའི་མཐའ་སྟོན་དེ་གཉིས་གཤེགས་གྱུར་ན། །རེ་ཞིག་འཇིག་རྟེན་ཁམས་ནི་སྟོང་པར་འགྱུར། །རྒྱལ་བའི་བསྟན་པ་ནམ་ལངས་སྐར་མ་བཞིན། །གནས་འདི་རྒུད་ཅིང་ས་སྐྱ་ཕལ་པས་བཟུང༌། །དེ་ཚེ་ལྗང་ལོ་འབར་བ་རི་ཡི་རྩེ་མོ་ལ། །མཐུ་སྟོབས་སྤྲུལ་པ་དྷརྨ་ན་ཐའི་མཚན། །རྒྱལ་ཚབ་འཛིན་པ་སྐྱི་ཤོད་ལུང་པར་འབྱུང༌། །ལུང་རིགས་གནམ་ལྕགས་འཁྱིལ་པའི་སྒྱོགས་ཆེན་གྱིས། །མཐའ་གཉིས་ལྟ་བའི་ཡུལ་རྫོང་རྨིང་ནས་བསྒྱེལ། །དེ་ཚེ་གནས་འདི་རྒྱལ་བྱེད་ཚལ་དང་མཉམ། །རྣམ་དཀར་རོལ་པའི་ཆོས་ཀྱི་ཆར་ཕབ་ནས། །བོད་འབངས་ཡོངས་ཀྱང་དགའ་བའི་དཔལ་ལ་སྤྱོད། །བསྟན་པའི་སྲོག་ཤིང་དགུང་ལོ་དྲུག་ཅུ་ལྔར། །ཁ་བ་ཅན་དུ་རྒྱལ་པའི་བསྟན་པ་སྐྱོང༌། །དེ་ཡི་ཐུགས་སྲས་གནས་བརྟན་སྤྲུལ་པའི་སྐུ། །པུཎྱ་བྷ་དྲའི་མཚན་ཅན་འགྲོ་བའི་དཔལ། །སྐྱེས་མཆོག་དེ་ཡང་སྐྱིར་ཕུའི་ལུང་བར་འབྱུང༌། །ང་ཡི་བསྟན་པ་གད་དར་རྒྱས་པར་མཛད། །དགུང་ལོ་དགུ་བཅུ་ཕྲག་གསུམ་འགྲོ་བ་སྐྱོང༌། །ཡང་དག་མཐའ་སྟོན་དེ་ནི་བཞུད་པའི་ཚེ། །ལྷ་ཡུལ་སྒྲོན་མེའི་བདག་པོ་འོད་སྟོང་ཅན། །བྱམས་པའི་རྣམ་འཕྲུལ་གཟུགས་བཟང་ཁྱད་པར་འཕགས། །འདྲེན་མཆོག་ཤེས་རབ་བཟང་པོ་མཚན་གྲགས་པ། །རྒྱལ་ཚབ་དམ་པ་མངའ་རིས་ཕྱོགས་སུ་འབྱུང༌། །དེ་ཚེ་གནས་འདི་ཆོས་འཕགས་ཞིང་ཁམས་བཞིན། །སྐྱིད་ཕུག་གནས་སུ་སྒྲོལ་མས་ལུང་བསྟན་ནས། །རྩེ་གཅིག་ཅེས་པའི་དགོན་སྡེ་རྒྱས་པ་བཏབ། །བཤད་སྒྲུབ་ཉལ་འགྲོའི་རྒྱུན་བཞིན་འབབ་པར་འགྱུར། །བསྟན་པ་འཛིན་པའི་སྐྱེ་བོ་མང་དུ་འབྱུང༌། །དེད་དཔོན་ཁྱབ་བདག་བདེ་བར་གཤེགས་པའི་ཚེ། །ཆོས་ལུགས་ཉམས་པར་བྱེད་པའི་རིགས་ངན་ཅན། །སྣང་ཞིག་བལ་ནག་སྤྲེ་གཟུགས་ཞྭ་དཀར་ཅན། །ཟུང་ཅུའི་ཁམས་སུ་འབྱུང་ནས་བོན་རྒྱུད་སྤེལ། །འདུལ་ཐབས་ཆོས་ལོག་ཕྱུག་གི་དམྱལ་ཐག་བཅད། །གོང་བུའི་གཤོག་པས་བ་ལང་རྐེད་པ་གདར། །ལྟ་ངན་མུན་པའི་གུར་ཆེན་བསྐོར་བའི་ཚེ། །མཐར་མཛད་རིགས་ལྡན་དྲག་པོའི་སྤྲུལ་པ་སྟེ། །ཆོས་ཀྱི་འོད་སྟོང་རཏྣའི་མཚན་གྲགས་པ། །མདོ་ཁམས་ཚ་བ་རོང་དུ་འབྱུང་བར་འགྱུར། །ཡང་དག་ལྟ་བའི་སེང་གེའི་སྒྲ་སྒྲོགས་པ། །ལྟ་ངན་རིགས་ཅན་མ་ལུས་ཚར་བཅད་ནས། །མདོ་ཁམས་གནས་སུ་ང་ཡི་བསྟན་པ་འབྱུང༌། །དེ་ཡི་སྲས་ལ་ཡོངས་འཛིན་དཔག་ཏུ་མེད། །རྒྱལ་བའི་ཆོས་ལུགས་ཡུན་རིང་གནས་པར་འགྱུར། །དེ་ཚེ་གནས་འདིར་རྒྱལ་ཚབ་འཛིན་པ་ནི། །འཇམ་དབྱངས་རྣམ་འཕྲུལ་དཀོན་མཆོག་བཟང་པོ་འབྱུང༌། །སྐུ་ལ་རྒྱང་གྲགས་གཅིག་ཏུ་ཁྱབ་པ་ཡིས། །ཚུལ་ཁྲིམས་དྲི་བསུང་ཁོར་ཡུག་རྣམ་པར་སྣོམ། །བྱམས་པའི་ཐུགས་ལྡན་བདག་གི་བསྟན་པ་སྐྱོང༌། །དེ་ཡི་ཐུགས་སྲས་བསྟན་འཛིན་མང་པོ་འབྱུང༌། །ཆུ་བོ་གྱེན་དུ་འཁྱིལ་པའི་ལྷོ་ཕྱོགས་སུ། །ཀུ་མ་ར་ཡི་མཚན་གྲགས་ཁམས་སུ་འོང༌། །ཁོ་བོའི་གསུང་འབུམ་རྙེད་ནས་ཁམས་སུ་སྤེལ། །བསྟན་དང་འགྲོ་ལ་ཕན་པའི་བཀྲ་ཤིས་འབྱུང༌། །གནས་འདིར་རྒྱལ་ཚབ་འཛིན་པའི་དགེ་སློང་ནི། །འཇིག་རྟེན་དབང་ཕྱུག་སྤྲུལ་པ་ཆོས་ཀྱི་རྗེ། །རྒྱུད་འཛིན་དཀོན་མཆོག་རྒྱལ་མཚན་ཞེས་པ་འབྱུང༌། །མཁས་པར་གྲགས་པ་ཟ་ཧོར་ཡུལ་དུ་ཁྱབ། །བསྟན་འཛིན་སྐུ་ཚེ་བདུན་ཅུ་ཕྲག་ལྔའི་བར། །གནས་འདིར་སྐལ་ལྡན་མཐའ་ཡས་བདེ་བར་འདྲེན། །སྐྱེས་མཆོག་དམ་པ་མངོན་དགར་བྱོན་པའི་ཚེ། །འཁོར་ལོ་བདེ་མཆོག་རྣམ་འཕྲུལ་བདག་གི་ཡབ། །མཁས་གྲུབ་ཆོས་དཔལ་བཟང་པོའི་མཚན་གྲགས་པ། །ཚད་མའི་སྐྱེས་བུ་ཁྱུང་པོའི་ཕྱོགས་སུ་འབྱུང༌། །ནོར་བུ་ལྟ་བུར་གནས་འདིར་རྒྱལ་ཚབ་འཛིན། །རྒྱལ་བའི་བསྟན་འཛིན་རྒྱལ་མཚན་རྩེ་མོར་བཏགས། །སྐལ་ལྡན་དཔག་མེད་ཐར་པའི་གནས་སུ་འདྲེན། །སྐྱེས་མཆོག་དམ་པ་མྱ་ངན་འདས་པའི་ཚེ། །རྡོ་རྗེ་ཕག་མོའི་རྣམ་འཕྲུལ་བདག་གི་མ། །སྐྱེ་དགུའི་ཡིད་འཕྲོག་འོད་གསལ་སྐྱིད་ཞེས་འབྱུང༌། །རྒྱལ་ཚབ་འཛིན་པས་སྐྱེ་བ་དེ་ཉིད་དུ། །བུད་མེད་ལུས་སྤངས་སྐྱེས་པའི་མཚན་དང་ལྡན། །རྫ་བུའི་རྩེ་ལ་རྡོ་རྗེ་རྣལ་འབྱོར་གྱི། །དུང་འབུད་དར་འཕྱར་འགྲོ་བ་དཔག་མེད་འདྲེན། །ཏ་ར་དཀར་ལྗང་ལྷ་མོ་བདག་མེད་མ། །གཉིས་སུ་མེད་པའི་བདག་གི་སྲིང་མོ་གསུམ། །ཡེ་ཤེས་རྒྱན་དང་ལྷ་མོ་ཏིང་འཛིན་སྒྲོན། །དོན་འགྲུབ་མ་ཞེས་དེ་དག་མཚན་དུ་བཏགས། །མངོན་ཤེས་བརྟན་པོ་ཐོབ་པའི་བསྒྲུབ་པ་མོས། །གནས་འདིར་ང་ཡི་བསྟན་པ་ལེགས་པར་སྐྱོང༌། །དེ་དག་མཁའ་སྤྱོད་ཞིང་དུ་བྱོན་པའི་ཚེ། །འཇའ་འོད་གུར་ཁྱིམ་མེ་ཏོག་ཆར་ཆེན་གཡོས། །ངོ་མཚར་དཔག་མེད་དགའ་སྟོན་རབ་ཏུ་འགྱེད། །མ་དད་ལོག་ལྟའི་ཚོགས་རྣམས་དད་པར་འཇུག །ཉི་འོད་ནུབ་ནས་མུན་པ་ལངས་པ་ལྟར། །ཁ་བ་ཅན་དུ་ཆོས་ལོག་འབྱུང་བ་ནི། །བལ་པོ་ཀ་རོ་འཛིན་གྱི་བསམ་ཡས་སུ། །པད་མའི་ཆ་འཛིན་བཟུང་ནས་བོད་ཁམས་སུ། །ཆོས་ལོག་སྣ་ཚོགས་བསྟན་པས་བོད་ཁམས་བསླུས། །དེ་བཞིན་མ་འོང་དུས་ཀྱི་ཐ་མ་ལ། །པད་མ་གླིང་པ་ཞེས་པའི་གཏེར་སྟོན་འབྱུང༌། །ལྷོ་རྒྱུད་ཁམས་སུ་གཏེར་ཆོས་མཐའ་རྒྱ་སྤེལ། །སྐལ་མེད་མཐའ་ཡས་ལམ་ངན་ཕྱོགས་སུ་འཕང༌། །དེ་ཚེ་གྲི་ཐོགས་ནད་ཀྱི་དབང་པོ་དར། །བུད་མེད་མཁྱེན་པའི་ཁ་བདར་བྱེད་པ་འབྱུང༌། །རྐ་མོ་བླ་མའི་ཆ་འཛིན་གྲོང་འགྲིམ་བྱེད། །ངུར་སྨྲིག་བོར་ཞིང་ཕྱར་གྱོན་རྔ་ཡབ་དང༌། །དབྱུག་ཏོ་ཇོ་དར་བེ་རྒ་སྣ་ཚོགས་ཐོགས། །རྨི་ལམ་ཙམ་གྱིས་མངོན་ཤེས་ལུང་བསྟན་བྱེད། །ཆོས་ལུགས་དག་པའི་བཤད་པ་དོར་ནས་ནི། །འཁྲུལ་སྣང་ཤི་ལོག་དཔེ་ཆ་ཆོས་སུ་སྟོན། །དགེ་བའི་ཆོས་ལ་གླུ་གར་སྣ་ཚོགས་ཅན། །ཆོས་མིན་ལྟ་བ་རྒྱལ་ཁམས་དར་བའི་ཚེ། །པར་སི་ཀ་ཡི་དམག་གིས་བོད་མཐའ་བསྐོར། །ཀྱེ་མ་ཁ་བ་ཅན་གྱི་རྒྱལ་ཁམས་སུ། །འཇིགས་སྐྲག་ལན་རེ་སྟེང་དང་འོག་ནས་སྟེར། །གསེར་བྱའི་ཡུལ་དུ་ཀླ་ཀློའི་ཆོས་མིན་དར། །རུག་མའི་ཡུལ་དུ་ནད་ཀྱི་བསྐལ་པ་འབྱུང༌། །བོད་ཀྱི་ཁམས་སུ་མེད་པར་ལྟ་བ་ཡི། །ཆོས་མིན་སྣ་ཚོགས་ཡུལ་འདིར་དར་བའི་ཚེ། །ཡེ་ཤེས་སྤྱན་ལྡན་འཕགས་པ་མཐུ་ཆེན་ཐོབ། །གཉིས་སུ་མེད་པའི་བདག་གི་གཅུང་པོ་འདི། །དད་པའི་བཞིན་རས་དགའ་བའི་སྤྱན་རྒྱས་པ། །ལྷག་བསམ་ཡངས་པའི་བློ་གྲོས་ཁ་རྒྱས་ཅན། །རིགས་གཟུགས་འབྱོར་ལྡན་འདར་བྱར་ལུང་བར་འབྱུང༌། །གྲུབ་ཆེན་རབ་འབྱམས་འཛིན་པའི་མཚན་གྲགས་པ། །གཟུགས་བཟང་རྣམ་དག་བྱམས་པའི་ཐུགས་ལྡན་པ། །འཁོར་ནི་དགེ་སློང་འབུམ་ཕྲག་སྟོང་དང་བཅས། །གནས་འདིར་ཆོས་ལུགས་ཇི་བཞིན་རྒྱལ་ཚབ་འཛིན། །ང་ཡི་བསྟན་པ་ཁུར་ཆེན་ཁུར་བར་བྱེད། །ཁྱད་པར་བཅོམ་ལྡན་དུས་ཀྱི་འཁོར་ལོ་ཡི། །ལོ་གསུམ་ཆོས་ཀྱི་དུང་འབུད་དར་འཕྱར་ནས། །སྐྱབས་མཆོག་གསུང་རབ་རྒྱ་མཚོའི་བདག་པོ་དེས། །གདུལ་བྱ་གཞན་ལ་ཕན་པ་མི་མཛད་དེ། །སྐུ་ཚེ་གཞོན་ནུ་ཉིད་ལ་ཤར་ཕྱོགས་སུ། །སངས་རྒྱས་སྨན་པའི་རྒྱལ་པོའི་ཞིང་དུ་འགྲོ། །དེ་ནས་སླར་ཡང་ནུབ་ཀྱི་ཕྱོགས་སུ་བཞུད། །
ཉ་འདྲའི་དུས་སུ་ང་ཡི་རི་ཁྲོད་འདི། །ཤིན་ཏུ་ཉམ་དམའ་དགེ་སློང་སྡུག་བསྔལ་ཚེ། །སྙིག་ཞེས་བྱ་བའི་རྒྱལ་པོ་ནག་ཁམས་འབྱུང༌། །དེ་ཡིས་རི་ཁྲོད་འདི་ལ་འཇིགས་པ་སྟེར། །དེ་ཚེ་བསམ་གཏན་ཁང་བུ་གཞན་བོར་ནས། །ང་ཡི་མཆོད་རྟེན་འདི་ལ་འཐབ་ར་བསྐོར། །དགེ་སློང་རྣམས་ཀྱིས་གོ་མཚོན་བཅའ་ཁྲལ་བསྡུ། །དེ་ལྟར་བདུད་རིགས་རྒྱལ་པོའི་དབང་པོ་དར། །ལྷ་སར་དབང་ཐོབ་ཤཱཀྱ་མུ་ནེ་ཡི། །སྐུ་ཤ་ཟ་ཞིང་དགེ་སློང་གཞན་ལ་དང༌། །རྩོད་དུས་ངན་པའི་མགོ་བོ་དེ་ནས་འཛུགས། །དེ་ཡི་རྟགས་སུ་སྡེ་འཁྲུགས་འཐབ་རྩོད་འབྱུང༌། །ནད་མང་མུ་གེ་འདྲེ་ཆོས་མང་པོ་དར། །རྩི་ཤིང་སྐམ་སྟེ་ས་རྡོ་རི་རྙིལ་རྒོད། །ས་བཅུད་ཉམས་ཤིང་སད་སེར་འབྲུ་ནད་མང༌། །ང་ཡི་གནས་འདིར་དེ་ལྟར་འགྱུར་བའི་དུས། །དེ་ཡི་ཚེ་ན་ཁོ་བོ་ཡུལ་འདིར་འོང༌། །མིང་ནི་བསོད་ནམས་བརྒྱ་ཡི་མཚན་འཆང་བ། །བྱང་ཆུབ་སེམས་དཔའ་ནུབ་ཀྱི་ཕྱོགས་སུ་སྐྱེ། །གནས་འདིར་བསྙེན་བཀུར་བྱེད་པ་ཤིན་ཏུ་དར། །ང་ཡི་རྟེན་ལ་གསེར་གྱི་ཅོད་པན་གསོལ་བྱེད་ཅིང༌། །དགེ་སློང་ཚུལ་བཞིན་བྱེད་པ་མང་དུ་འབྱུང༌། །གཙང་གི་དགོན་གནས་ཀུན་གྱི་བདག་པོར་འགྱུར། །མཐའ་འཁོབ་རྒྱལ་པོ་མང་པོ་དབང་དུ་བསྡུ། །བཤད་སྒྲུབ་བསྟན་པ་རབ་ཏུ་རྒྱས་པར་མཛད། །སྙིང་པོའི་མཐའ་སྟོན་སྐྱེས་བུ་དམ་པ་དེ། །མི་ལོ་བརྒྱད་ཅུར་བསྟན་པའི་རྒྱལ་མཚན་འཛུགས། །བདག་ལ་རྒོལ་ངན་དུར་ཞེས་བྱ་བ་འབྱུང༌། །ང་ཡི་རྟེན་ལ་སྐུར་བ་ལྷག་པར་འདེབས། །གཞན་ཡང་མདོ་རྒྱུད་གཞུང་གི་ནང་འགལ་དུ། །རྩོམ་ངན་དུ་མས་དུག་མདའ་མང་པོ་བྱེད། །སྐྱེ་བོ་མང་པོ་ལམ་ངན་ལམ་ལ་སྦྱོར། །ང་ཡི་ཆོས་ལུགས་མཐོང་ན་མི་དགའ་ཞིང༌། །ཚིག་ལ་རྟོན་པའི་དགག་པ་ཡང་ཡང་འདེབས། །རྒོལ་ངན་དེ་ཡི་ཆོས་སྐྱོང་ར་ཧུ་ལས། །སྡོང་གྲོགས་བྱེད་པས་མཐུ་རྩལ་ཆེ་བ་ཡི། །གྲགས་པ་ཆེ་བས་མི་མང་དད་པར་འགྱུར། །བསྙེན་བཀུར་ཆེ་ཞིང་ཆོས་ངན་སྤྱོད་པར་བྱེད། །དེ་ཚེ་བདག་གི་གནས་འདི་ཉམ་ཆུང་འགྱུར། །དགེ་སློང་མ་ཡི་ཚོགས་ཀྱིས་བཅུད་པའི་དུས། །བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་ནི། །ཆོས་སྐྱོང་མཚན་ཅན་འདར་གྱི་ཕྱོགས་སུ་འབྱུང༌། །ང་ཡི་རྒྱལ་ཚབ་འཛིན་པས་བསྟན་པ་སྤེལ། །རྒྱུད་སྡེའི་སྙིང་པོ་ཐེག་པ་ཀུན་གྱི་རྩེར། །གཞན་སྟོང་ཟབ་མོ་གསལ་བར་བྱས་པར་འགྱུར། །ང་ཡི་རྟེན་ལ་རིམ་གྲོ་ལྷག་པར་བྱེད། །སྒྲུབ་པའི་ཆོས་ཀྱིས་འགྲོ་བ་སྐྱོང་མཛད་ཅིང༌། །ལོ་མང་དུ་ཡང་བསྟན་པ་ལྷག་པར་སྐྱོང༌། །
གནས་འདིར་རྨ་བྱ་འདྲ་བའི་དུས་སུ་ཡང༌། །བཤད་སྒྲུབ་ཉམས་ཤིང་དགེ་སློང་འབྱོར་གཡེང་ཆེ། །མཆོད་རྫས་དག་ལ་ཧབ་ཤ་བྱེད་པར་འགྱུར། །རྟེན་རྣམས་ཁྱེར་ལ་མི་ཡི་མགོ་བོ་བསྐོར། །ཨ་བྷི་ར་ཡི་རྒྱལ་ཁམས་ཀུན་ཏུ་རྒྱུག །ང་ཡི་གནས་འདི་བྱ་ཚང་རྙིང་པ་བཞིན། །གྲགས་པ་ཆུང་ཞིང་དགེ་འདུན་ཉུང་བའི་དུས། །རིན་ཞེས་བྱ་བའི་རྒྱལ་པོ་སྟོབས་ཅན་འབྱུང༌། །དབུས་གཙང་གཉིས་ལ་མངའ་ཐང་རྒྱས་པའི་ཚེ། །སྡེ་པ་རྩེ་གཉིས་དེ་ལ་མགོ་བོ་བཅོལ། །དེ་ཡིས་བདག་གི་གནས་འདི་ཅུང་ཟད་བཀུར། །དེ་ཚེ་ས་ཡི་སྙིང་པོའི་སྤྲུལ་པ་ནི། །བྱང་ཆུབ་སེམས་དཔའ་དཔལ་ལྡན་མཚན་གྲགས་འབྱུང༌། །དེ་བཞིན་མཁས་གྲུབ་ཨོ་རྒྱན་མཚན་ཅན་སོགས། །རྒྱལ་ཚབ་འཛིན་པ་མང་པོ་འབྱུང་བ་ཡིས། །ལྟ་སྒོམ་སྤྱོད་འབྲས་ཡང་དག་སྟོན་པར་བྱེད། །གནས་བདག་བཀའ་བསུང་རྡོ་རྗེ་གྲགས་མོ་རྒྱལ། །རྒྱལ་ཚབ་འཛིན་པའི་སྐྱེས་མཆོག་དེ་དག་གི །བསྟན་པ་རིན་ཆེན་མ་ཉམས་རྒྱས་པར་མཛད། །
དེ་ནས་གཟིམས་ཁང་ཀ་བཞི་མར་གདན་དྲངས་པས། བུ་སློབ་ཐམས་ཅད་ལ་ཞུ་བ་ཞུས་ལན་མཉེས་མཉེས་སུ་མཛད་ཅིང་སྐུ་བསྙུང་བའི་རྣམ་པ་ཅུང་ཟད་ཀྱང་མེད་པའི་ངང་ལས་ཏིང་ངེ་འཛིན་དུ་བཞུགས་ནས། ཚེས་དྲུག་གི་དགོང་མོར་བདེ་བར་གཤེགས་སོ། །དེ་ནས་ཡོལ་བའི་ཕྱི་རོལ་ཏུ་གཟིམ་གཡོག་པ་དངོས་གྲུབ་བཟང་པོས་ད་རུང་གཟིམ་པ་ལགས་སམ་ཞུས་པས། ཅང་མི་གསུངས་ནས། ལན་གཉིས་ལན་གསུམ་ཡང་དེ་བཞིན་ནོ། །དེ་ནས་ཡོལ་བ་བཀྱགས་ཏེ་བལྟས་པས། སྤྱན་ལྟ་སྟངས་མཛད་ནས་འགྱུར་ལྡོག་མ་མཛད་དོ། །ལུས་གནད་དྲག་ཏུ་བསྡམས་ནས་སྣང་སྟེ་ཅི་ཡིན་སྙམ་མོ། །ཞལ་ནས་འོད་ཟེར་སྣ་ཚོགས་པ་ནམ་མཁའ་ལ་འཕྲོ་ཞིང་འདུག་གོ །
དེ་ནས་རིང་པོར་བརྟགས་ནས། མཁན་ཆེན་དགེ་འདུན་དཔལ་དང༌། སློབ་དཔོན་ལྷ་རྗེ་ལ་སོགས་ཉམས་རྟོགས་ནང་གི་ཆེ་བ་རྣམས་ལ་བསྙད་དེ་བུ་ཆེན་རྣམས་ལ་རིམ་པར་སྦྲན་ནས། མདུན་དུ་འཚོགས་ནས། སྤོས་མཆོག་སྔར་མ་མྱོང་བའི་དྲི་བཟང་ཁྱད་པར་ཅན་ཞིམ་པོ་བྲོ་སྟེ། དེ་ནས་མཐའ་བསྐོར་དུ་མཆོད་རྫས་དཔག་ཏུ་མེད་པས་བསྐོར་མ་ཐག་ནམ་མཁའ་ལ་རོལ་མོ་སྣ་ཚོགས་གྲག་སྟེ་ནམ་ལངས་ཀྱི་བར་དུའོ། །ནམ་ལངས་ཏེ་ཉི་མ་ཤར་ཙམ་ན་ཕྱི་རོལ་ཏུ་ནམ་མཁའ་ཡོངས་སུ་དྭངས་པའི་དཀྱིལ་དུ། འཇའ་འོད་སྣ་ཚོགས་པ་དང༌། མེ་ཏོག་གི་ཆར་ཞག་དུ་མར་བབ་ཀྱང༌། དྲུང་བསྐོར་བས་མ་མཐོང་སྟེ་གླིང་གསེབ་པ་རྣམས་ཀྱིས་ཇོ་ནང་དུ་ལྷགས་སོ། །ཚེས་བདུན་གྱི་ནུབ་མོར་སྐུ་གཤེགས་པའི་དུས་ཙམ་ན་ས་གཡོས་ནས་སྤུར་ལ་བལྟས་པས། ཁམས་དཀར་པོ་སྟེང་དུ་ལུད་པས། གཙང་པོ་གྱེན་དུ་ལོག །དམར་པོ་ཆུ་ལམ་དུ་བྱོན་ནས་གཙང་པོའི་གཏིང་རྡོ་མང་པོ་མཐོང་སྟེ། ཕྱི་ནང་རྟེན་འབྲེལ་གྱི་རྟགས་ཁྱད་འཕགས་འཁོར་འདས་ཀྱིས་ཤན་ཕྱེ་སྟེ། དབང་མདོར་བསྟན་པའི་རྒྱུད་ལས། ལུས་ཅན་རྣམས་ནི་འཆི་བ་ན། །ཟླ་བ་བདུད་རྩི་ཐུར་དུ་འགྲོ། །སྟེང་དུ་ཉི་མ་རྡུལ་སྒྲ་གཅན། །ཞེས་སོགས་འཁོར་བ་པ་རྣམས་ཀྱི་ཁམས་ཕྱིན་ཅི་ལོག་ཏུ་འབབ་བོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དེ་ལས་བཟློགས་ནས་དཀར་པོ་སྟེང་དང་དམར་པོ་འོག་ཏུའོ། །སངས་རྒྱས་ཀུན་གྱི་མཛོད་སྤུ་ཡི། །པད་མར་ཟླ་བ་བདུད་རྩི་ཉ། །ཉི་རྡུལ་གནམ་སྟོང་གསང་བ་སྟེ། །ཞེས་གསུངས། དཔལ་ཀྱེ་རྡོ་རྗེ་རྩ་རྒྱུད་ལས། དཔལ་ལྡན་དེ་བཞིན་སྟེང་དུ་གཤེགས། །དེ་བཞིན་དུ་ཡང་བྱོན་པ་ཉིད། །ཤེས་རབ་ལྡན་པ་ཉིད་ཀྱིས་ནི། །དེ་བཞིན་གཤེགས་པ་མངོན་བརྗོད་བྱ། །ཞེས་གསུངས་པའི་དོན་ཤིན་ཏུ་གསང་དགོས་པས་གཞན་དུ་ཤེས་པར་བྱའོ། །
དེ་ནས་ཕྱོགས་ཕྱོགས་སུ་བང་ཆེན་པ་བཏང་སྟེ་དབུས་གཙང་གི་མི་གང་མོས་འདུས་ཏེ། བླ་མ་མང་པོ་དང༌། དགེ་འདུན་པ་མི་ཆེན་མང་པོ་འདུས་ཏེ་ངུ་ཞིང་གཤེགས་རྫོངས་མང་པོ་བསྡུས་སོ། །
ཚེས་བཅོ་བརྒྱད་ཀྱི་ཉིན་པར། ཨ་ཀར་དཀར་དམར་དང༌། ཙན་དན་དཀར་དམར་གྱི་ཤིང་སྒྲོམ་ལ་གདན་དྲངས་ཏེ། སྐུ་ལུས་དྲི་བཟང་པོ་སྣ་ཚོགས་ཀྱི་ངད་པ་ལྡང་ཞིང༌། བླ་བྲང་གི་སྟེང་དུ་གདན་དྲངས་པས་ཐམས་ཅད་མཇལ་དུ་བཅུག་གོ ། དེའི་ཉིན་པར་མེ་ཏོག་གི་ཆར་དང༌། འཇའ་འོད་སྣ་ཚོགས་དང༌། རི་ཐམས་ཅད་འུར་སྒྲ་སྒྲོགས་པ་དང༌། རོལ་མོ་སྣ་ཚོགས་པ་གྲག་གོ །
སྟག་ལོ་ཟླ་བ་དང་པོའི་ཚེས་དྲུག་ལ་སྤུར་སྦྱངས་པའི་ཚེ་ན་ངོ་མཚར་བའི་ལྟས་ཇི་ལྟ་བུ་བྱུང་ཞེ་ན། ཆུ་འཛིན་བྲལ་བའི་ནམ་མཁའ་དྭངས་པ་ལ། །འཇའ་འོད་ཤིན་ཏུ་གསལ་བའི་ཟླུམ་པོ་མཆོག །ཉི་ཁྱིམ་ཟླ་ཁྱིམ་ལྟ་བུའི་ཆེ་ཆུང་ནི། །ནམ་མཁའི་དཀྱིལ་དུ་རྣམ་པར་མཛེས་པར་ཁེབས། །ལ་ལར་འཇའ་ཡི་དྲ་བ་དྲ་ཕྱེད་རྣམ་པར་ཁྱབ། །དྲ་མིག་རེ་རེར་མེ་ཏོག་སྣ་ཚོགས་སྤྲས། །ཁུག་རྣ་བྲལ་བའི་བར་སྣང་དག་པ་ལ། །འདོད་གཟུགས་ལྷ་རྣམས་ཕུལ་བའི་མེ་ཏོག་ཆར། །ཆུ་ཤོག་འཁར་རྔ་ལི་ལྟིར་ཕུབ་ཙམ་དང༌། །གཞན་ཡང་ཆེ་ཆུང་སྐྱེ་བོའི་ལག་མཐིལ་ཙམ། །ལ་ལ་དཀྱིལ་དཀར་འདབ་མ་དམར་པོ་སྟེ། །ལྟེ་བ་སེར་པོ་འདབ་མ་སྔོན་པོ་དང༌། །འདབ་མ་ལྗང་ཁུ་ལྟེ་བ་དམར་པོ་དང༌། །གེ་སར་རྒྱལ་པོ་འདབ་མ་དམར་སྐྱ་སྟེ། །སྡོང་བུ་ལྗང་ལ་ཟེའུ་འབྲུ་སེར་པོ་དང༌། །རྩ་བ་གཅིག་ལ་སྡོང་བུ་དཔག་ཏུ་མེད། །རེ་རེ་ལ་ཡང་མེ་ཏོག་སྣ་ཚོགས་འབྱར། །གཡས་སྣོལ་གཡོན་སྣོལ་དཔག་ཏུ་མེད་པ་འབྱུང༌། །ལག་པ་བརྐྱངས་ནས་མི་ཟིན་མཁའ་ལ་འབྲོས། །ས་ལ་རེག་པའི་ཚད་དུ་མེ་ཏོག་ཆར། །ནམ་མཁས་ས་གཞིའི་བར་དུ་རྣམ་པར་ཁེངས། །ལྷ་ཡི་རོལ་མོ་མཁའ་ལ་རྒྱུན་མི་འཆད། །གཟུགས་མེད་སྒྲ་སྙན་ཕྱོགས་མཚམས་རྣམས་སུ་གྲགས། །འོད་གསལ་ཟླུམ་པོ་རྫ་མའི་ཕྲེང་བ་ཙམ། །ཆུ་འཛིན་བྲལ་བའི་མཁའ་ལ་རྣམ་པར་ཁེངས། །སྲོད་ཀྱི་ཆ་ལ་ནགས་ཕུག་ཤར་ཕྱོགས་སུ། །བྱུང་ནས་ནུབ་རིའི་རྩེ་ལ་རིམ་བཞིན་སོང༌། །ལ་ལས་ས་གཡོས་ཤིག་ཤིག་འུར་འུར་སོགས། །རྣམ་པ་དྲུག་གིས་གཡོས་ནས་ལྷག་པར་བརྟེན། །སྐུ་མཆོག་གཤེགས་པའི་ནུབ་མོར་ལ་ལ་ཡིས། །རང་ཁྱིམ་གནས་སུ་ཆོས་རྗེ་སྐུ་མདོག་དཀར། །ཆོས་གོས་ངུར་སྨྲིག་སྤྲས་ནས་དངོས་དུ་བྱོན། །ཆོས་ཀྱི་གསུང་གླེང་ཞིབ་ཞིབ་སྣ་ཚོགས་མཛད། །གསོལ་བ་འདྲེན་ཚེ་མཁའ་ལ་གཤེགས་པར་མཐོང༌། །ལ་ལས་ཆོས་རྗེ་སྐུ་མདོག་སེར་པོ་ཅན། །ཕྱག་གཉིས་རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣམས། །ཆོས་དང་བྱིན་རླབས་ཞུས་པའི་སྣང་བ་ལ། །ཁ་ཅིག་ཐང་ཆེན་ཡངས་པའི་དགོན་པ་ལ། །གསེར་ཁྲི་སེང་གེ་བརྒྱད་ཀྱིས་བཏེག་པའི་སྟེང༌། །མདོག་དམར་ཆོས་རྗེ་བཞུགས་ནས་འཛུམ་པའི་ཞལ། །འཁོར་ཚོགས་མང་པོ་དག་ལ་ཆོས་གསུངས་རྨིས། །འགའ་ཞིག་དག་གིས་ཚེས་དྲུག་སྲོད་དུས་སུ། །འཇའ་འོད་གུར་ཆེན་འཁྱིལ་བའི་ནམ་མཁའ་ལ། །མདོག་ལྡན་དབུ་རྒྱན་རྡོ་རྗེ་དྲིལ་བུ་བསྣམས། །རང་གཟུགས་ཆོས་གོས་གསིག་ནས་ཕྲག་ལ་གཟར། །གྲུབ་ཆེན་བརྒྱད་ཅུས་བསྐོར་ནས་མཆོད་སྤྲིན་ཕུལ། །ལྷ་ཚོགས་མང་པོ་ཞིག་ལ་ཆོས་གསུངས་རྨིས། །ཁ་ཅིག་ལྷ་སའི་བར་ཁྱམས་གནས་དག་ཏུ། །བྱམས་པ་འཇམ་དབྱངས་སྐུ་མཆེད་ལ་སོགས་པ། །ཉེ་སྲས་བརྒྱད་ལ་ངེས་དོན་རྒྱ་མཚོ་གསུངས། །དེ་བཞིན་འཕོ་བ་ཁྱད་འཕགས་འཆད་པར་མཐོང༌། །སྤུར་ནི་ཡེ་ཤེས་མེ་ལ་བཞུས་པའི་ཚེ། །མེ་ལྕེ་ཅིག་ཏུ་འབར་ནས་ཆོས་སྒྲ་སྒྲོགས། །དུ་བ་སྔོ་ལྗང་དར་ཡུག་བརྐྱངས་པ་ལྟར། །སྣེ་མོར་འཇའ་འོད་གུར་ཁྱིམ་ཕུབ་པའི་དབུས། །ཆོས་རྗེ་དངོས་སུ་བཞུགས་ནས་ནམ་མཁར་འཕགས། །སླར་ཡང་སྐུ་འབུམ་སྨད་ནས་རིམ་བཞིན་དུ། །གཡས་བསྐོར་ལན་མང་བྱས་ནས་དབུ་རྩེ་རུ། །ནུབ་ཕྱོགས་ཁོ་ནར་སོང་བ་ཀུན་གྱིས་མཐོང༌། །ལ་ལས་སྤུར་ཁང་སྟེང་ན་བཅུ་གཅིག་ཞལ། །ཕྱག་སྟོང་སངས་རྒྱས་སྟོང་རྣམས་འོད་ཟེར་འཕྲོ། །གླུ་ལེན་མཁའ་འགྲོ་དག་གིས་བསྐོར་བར་མཐོང༌། ཁ་ཅིག་སྤུར་ཁང་ལྷ་ཡི་གཞལ་ཡས་ཁང༌། །ཞལ་བཞི་ཕྱག་ནི་ཉེར་བཞི་མཚོན་ཆས་སྤྲས། །གསེར་མདོག་ལྷ་མོས་འཁྱུད་པའི་བཅོམ་ལྡན་འདས། །དུས་ཀྱི་འཁོར་ལོའི་ལྷ་ཚོགས་རྣམས་སུ་མཐོང༌། །ཁ་ཅིག་སྤུར་ཁང་སྟེང་ན་པད་མ་རྒྱས། །དགྱེས་མཛད་རྡོ་རྗེ་ཞལ་བརྒྱད་བདུད་བཞིའི་སྟེང༌། །རི་མ་ལ་སོགས་མཁའ་འགྲོ་བརྒྱད་ཀྱིས་བསྐོར། །བརྟག་གཉིས་གཞུང་འགྲེལ་ལྷང་ལྷང་འཆད་པར་མཐོང༌། །ཁ་ཅིག་གདུང་གི་མེ་ཡི་འོད་དཀྱིལ་དུ། །རྡོ་རྗེ་འཇིགས་བྱེད་མཐིང་ནག་མ་ཧེའི་ཞལ། །ཁྲོ་གཟུགས་རོ་ལངས་དཔའ་བོ་བརྒྱད་ཀྱིས་བསྐོར། །གཤིན་རྗེའི་གྲོང་ཁྱེར་ཟིལ་གྱིས་གནོན་པར་མཐོང༌། །ལ་ལས་སྤུར་ཁང་ཆོས་ཁྲིའི་རྣམ་པར་མཐོང༌། །སེང་ཁྲི་པད་ཉིའི་སྟེང་ན་ཆོས་རྗེ་བཞུགས། །སྐུ་ནི་འགྱིང་བག་འཛུམ་པའི་ཞལ་མདངས་ལྡན། །རྒྱུད་འགྲེལ་གཞུང་བཤད་ལྷང་ལྷང་འཆད་པར་མཐོང༌། །ལ་ལས་སྤུར་ཁང་པད་མོ་སྟོང་ལས་འདས། །དབུས་མར་བསྟན་པའི་གཙོ་བོ་བཅོམ་ལྡན་འདས། །འདབ་མར་ཕྱོགས་བཅུའི་སངས་རྒྱས་དག་གིས་བསྐོར། །བསྟན་པའི་བྱ་ར་ལེགས་པར་མཛད་པར་མཐོང༌། །ཁ་ཅིག་སྤུར་གྱི་དུད་པ་མཆོད་པའི་ལྷ། །དཔག་མེད་སྤྲུལ་ནས་བསྐོར་བའི་དབུས་སུ་ཡང༌། །ཀླུ་སྒྲུབ་རྟ་མཆོག་སྟེང་ན་དྲིལ་བུ་བསིལ། །རྒྱན་དྲུག་མཆོག་གཉིས་དག་གིས་བསྐོར་བར་མཐོང༌། །རེ་རེས་རང་གཟུགས་ཆོས་འཆད་ཕྱག་རྒྱ་མཛད། །གླང་ཆེན་ཐལ་ཀར་སྟེང་ན་འགྱིང་བག་བཞུགས། །རྒྱལ་ཆེན་བཞི་ཡིས་མཁའ་ལ་བཏེག་པར་མཐོང༌། །ཁ་ཅིག་སོར་འབྲང་ལྷ་ལྔ་འཁོར་བཅས་ལ། །མཆོད་རྫས་ཐོགས་པ་མཁའ་འགྲོ་མང་པོས་བསྐོར། །སྤུར་ཁང་སྟེང་ན་བཀྲ་ཤིས་ཚིག་རྣམས་གསུངས། །ངན་སོང་གནས་པའི་འགྲོ་བ་འདྲེན་པར་མཐོང༌། །ལ་ལས་ཆོས་རྗེ་རང་གཟུགས་ཤིན་ཏུ་མཛེས། །ངང་པ་འདབ་བཟང་སྟེང་ནས་སེམས་འགྲེལ་འཆད། །འོད་ཟེར་སྣ་ཚོགས་འཕྲོ་ཞིང་འདུ་བར་མཛད། །མཁའ་སྤྱོད་གནས་སུ་གཤེགས་པར་རེ་རེས་མཐོང༌། །སྤུར་གྱི་དུ་བ་པད་མ་རྒྱས་པའི་དབུས། །རིགས་ལྡན་པད་མ་དཀར་པོ་པད་མ་འཛིན། །མཐིང་ནག་ཁྲོ་ཆུང་མང་པོ་དག་གིས་བསྐོར། །ཁ་ཅིག་དག་གིས་གསལ་བར་ཡང་ཡང་མཐོང༌། །ཁ་ཅིག་སྤུར་ཁང་མཆོད་རྟེན་མཁའ་ལ་འཕགས། །འཇའ་གུར་ནང་དུ་རྣམ་རྒྱལ་ལྷ་དགུ་སྟེ། །ལྷ་ཡི་བུ་མོ་བྱེ་བས་ཕྱག་བསྐོར་བྱེད། །དེ་ལ་གནས་པའི་རིགས་ལ་ཚེ་བསྲིང་མཛད། །རེ་རེས་འཇའ་ཚོན་འཁོར་ལོ་འཁྱིལ་བའི་དབུས། །སེང་སྔོན་སྟེང་ན་མདོག་དཀར་འཇམ་པའི་དབྱངས། །སྨྲ་བའི་སེང་གེ་ལྷ་བྲན་དུ་མས་བསྐོར། །འོག་མིན་གནས་སུ་གཤེགས་པར་ཁ་ཅིག་མཐོང༌། །ལ་ལས་དུ་བའི་གསེབ་ནས་འཇའ་འོད་འཚེར། །རང་གཟུགས་མདོག་དཀར་རྒྱུད་འགྲེལ་གླེགས་བམ་ཐོགས། །ཉེ་བའི་སྲས་བརྒྱད་དག་གིས་བསྐོར་བར་མཛད། །སེང་གེ་བཅིབས་ནས་མཁའ་ལ་གཤེགས་པར་མཐོང༌། །ཁ་ཅིག་སྤུར་ཁང་གསེར་ཁྲི་དར་གྱིས་སྤྲས། །བྱུ་རུའི་མདོག་ཅན་ཆོས་གོས་ལྷུང་བཟེད་འཛིན། །རྨ་བྱ་དུ་མས་བཏེག་པའི་འོད་དཔག་མེད། །དགེ་སློང་བརྒྱ་ཕྲག་དག་གིས་བསྐོར་བར་མཐོང༌། །ཁ་ཅིག་སྤུར་ཁང་ལྷ་ཡི་གཞལ་ཡས་ཁང༌། །ཞལ་བཞི་ཕྱག་ནི་བཅུ་གཉིས་མཚོན་ཆས་སྤྲས། །རྡོ་རྗེ་ཕག་མོས་འཁྱུད་པའི་བདེ་མཆོག་ལ། །མཁའ་འགྲོ་སོ་གཉིས་དག་གིས་བསྐོར་བར་མཐོང༌། །ཁ་ཅིག་སྤུར་ཁང་སྟེང་ན་འོད་གསལ་བ། །གུར་གུམ་མདོག་ཅན་བྱམས་པ་གཙུག་ཏོར་ཅན། །གནས་བརྟན་བཅུ་དྲུག་དག་གིས་བསྐོར་ནས་ཀྱང༌། །བྱམས་ཆོས་སྡེ་ལྔ་མ་ལུས་འཆད་པར་མཐོང༌། །ཁ་ཅིག་སྤུར་ལས་འོད་ཟེར་མཁའ་ལ་འཕྲོས། །འཇའ་འོད་དྲ་བ་དྲ་ཕྱེད་རིགས་སུ་ཁྱབ། །ལྷ་ཡི་ཁྱེའུ་བུ་མོ་དཔག་མེད་རྣམས། །དྲ་མིག་ཀུན་ལ་སྐུ་སྟོད་ཕྱུང་ནས་ཀྱང༌། །གླུ་གར་རོལ་མོ་གདུགས་དང་བ་དན་འཕྱར། །ཟངས་དུང་འཁར་རྔ་གླིང་བུ་རྒྱུན་དུ་སྒྲོགས། །ལ་ལས་སྤུར་ཁང་རྡོ་རྗེ་ཁང་བརྩེག་སྟེ། །ཤིན་ཏུ་འཇིགས་བྱེད་ཁྲོ་རྒྱལ་རྡོ་རྗེ་ཤུགས། །སྲུང་མ་དྲུག་ཅུའི་ཚོགས་ཀྱིས་བསྐོར་ནས་ཀྱང༌། །ཟབ་ལམ་བསྟན་པ་མ་ལུས་བསྲུང་བར་མཐོང༌། །ལ་ལས་སྤུར་ཁང་དུར་ཁྲོད་གཞལ་ཡས་ཁང༌། །ཡེ་ཤེས་མགོན་པོ་དཔལ་ལྡན་ཕྱག་དྲུག་པ། །ཕྱོགས་སྐྱོང་བཅུ་དང་གཙང་རིགས་མགོན་པོས་བསྐོར། །ནག་ཁྲིད་འགྲོ་ལ་འཆད་པར་གསལ་བར་མཐོང༌། །ཁ་ཅིག་སྤུར་ཁང་ཆོས་འབྱུང་རོལ་པའི་སྟེང༌། །ཡུམ་ཆེན་རྡོ་རྗེ་རྣལ་འབྱོར་དཔའ་མོ་ཆེ། །རྒྱན་དྲུག་རུས་པའི་ཕྲེང་བ་སྣ་ཚོགས་ཅན། །མཁའ་འགྲོ་དཔག་མེད་དག་གིས་བསྐོར་བར་མཐོང༌། །ཁ་ཅིག་སྤུར་ཁང་རྫིང་བུ་ཡན་ལག་བརྒྱད། །ཆུ་སྐྱེས་སྟེང་ན་སྒྲོལ་མ་འཛུམ་པའི་ཞལ། །རས་མའི་མདོག་ཅན་བརྐྱང་བསྐུམ་འགྱིང་བག་སྟེ། །འཇིགས་པ་བརྒྱད་སྐྱོབ་དག་གིས་བསྐོར་བར་མཐོང༌། །ཁ་ཅིག་སྤུར་ཁང་འཇའ་འོད་བྲག་རི་ལ། །གངས་དཀར་ལྟ་བུ་ཐུགས་རྗེ་ཆེན་པོ་ནི། །ཕྱག་བཞི་གཙོ་འཁོར་གསུམ་པ་བཞད་པའི་ཞལ། །མ་ཎིའི་སྒྲ་དབྱངས་འཛམ་གླིང་ཁྱབ་པར་མཐོང༌། །ཁ་ཅིག་དུ་བའི་སྟེང་ན་སེང་གེའི་ཁྲི། །ནམ་མཁའི་མདོག་ཅན་སངས་རྒྱས་སྨན་པའི་རྒྱལ། །བདེ་བར་གཤེགས་པ་བྱང་ཆུབ་སེམས་དཔའི་ཚོགས། །གདུགས་དང་རྒྱལ་མཚན་འཕྱར་བས་བསྐོར་བར་མཐོང༌། །ཁ་ཅིག་དག་གིས་མེ་ལྕེ་པད་འདབ་སྟོང༌། །སྟེང་ན་དེ་བཞིན་གཤེགས་པ་མི་འཁྲུགས་པ། །སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཀུན་ཏུ་ཡང༌། །སངས་རྒྱས་སོ་ལྔ་དག་གིས་བསྐོར་བར་མཐོང༌། །སྤུར་གྱི་ཕུང་པོ་ཤེས་གྱི་མཆོད་རྟེན་ཞིག །ཤིན་ཏུ་ཆེ་བ་དྲིལ་བུ་བརྒྱ་སྟོང་སྤྲས། །སངས་རྒྱས་སྟོང་ལ་བྱང་སེམས་དཔག་མེད་བསྐོར། །འཁོར་བ་སྲིད་དུ་གཞན་ཕན་མཛད་པར་མཐོང༌། །ལ་ལས་སྤུར་ཁང་སྟེང་དུ་རྩ་བ་ཟུག །སྡོང་བུ་གཉིས་སུ་བྱུང་ནས་མཁའ་ལ་འཕགས། །ཆུ་སྐྱེས་གཉིས་ལ་འཇམ་མགོན་རྩོད་པའི་ཚུལ། །ཆོས་ཀྱི་དགོངས་པ་མ་ལུས་སྡུད་པར་མཐོང༌། །རེ་རེའི་དུ་བའི་གསེབ་ཏུ་རྨ་བྱའི་མདོངས། །ཤིན་ཏུ་བཀྲ་བའི་འོད་ཟེར་ཕྲེང་བས་བརྒྱན། །དབུས་སུ་མི་གཡོ་གངས་རིའི་མདོག་ཅན་བཞུགས། །རལ་གྲི་ཀླད་ལ་བསྐོར་བའི་རྣམ་པར་མཐོང༌། །ཁ་ཅིག་དུ་བའི་ཕྲེང་བ་མཁའ་ལ་འཕྲོས། །དུང་དཀར་པད་མ་བུམ་པ་དཔལ་བེའུ། །གསེར་ཉ་རྒྱལ་མཚན་གདུགས་དཀར་འཁོར་ལོའི་ཚུལ། །མཆོད་རྫས་དུ་མར་ཁྱབ་པའི་གཟུགས་སུ་མཐོང༌། །རེས་འགའ་འཇའ་འོད་གྲུ་བཞི་ཟླུམ་པོ་དང༌། །གདུགས་དང་རྒྱལ་མཚན་བ་དན་བླ་རེའི་གཟུགས། །ཤིན་ཏུ་གསལ་ལ་དྭངས་པ་མཐའ་ཡས་རྣམས། །ཆུ་འཛིན་བྲལ་བའི་མཁའ་ལ་རྣམ་པར་བཀྲ། །ལ་ལས་མེ་ཏོག་འདབ་མ་བཞི་པ་བརྒྱད། །བཅུ་དྲུག་སྟོང་ཕྲག་ས་ཡ་འབུམ་ལ་སོགས། །ཁ་དོག་སྣ་ཚོགས་ཡུ་བ་ཟེའུ་འབྲུ་བཅས། །འདོད་གཟུགས་ལྷ་ཡིས་རྒྱུད་དུ་འབབ་པར་མཐོང༌། །སྐབས་འགར་ཨ་ཀར་ཙན་དན་གོ་ཤིརྵ། །ས་ལ་སྦྲུལ་སྙིང་ག་བུར་སྤོས་ཀྱི་རིགས། །དྲི་བཟང་ཁྱད་འཕགས་ཕྱོགས་དང་ཕྱོགས་རྣམས་སུ། །དྲི་བསུང་ངོ་མཚར་ས་གཞི་རྣམ་པར་ཁེངས། །ལ་ལར་འཁར་རྔ་གླིང་བུ་དུང་དཀར་དང༌། །ཟངས་དུང་ལྷ་རྔ་དྲིལ་བུ་ཌཱ་མ་རུ། །རྫ་རྔ་ལ་སོགས་གཟུགས་མེད་རོལ་མོ་ཀུན། །སྟེང་ཕྱོགས་རྣམས་སུ་རྒྱུན་དུ་དཀྲོལ་བར་ཐོས། །དེ་ཚེ་བུ་སློབ་མང་པོ་ཀུན་རྣམས་ཀྱང༌། །ལ་ལ་ངུ་སྟེ་ལ་ལ་ཤིན་ཏུ་བརྒྱལ། །ལ་ལ་འགྲེ་ལྡོག་ལ་ལ་ཆོ་ངེ་འདེབས། །མྱ་ངན་མུན་པའི་ཕྲེང་བས་ཁྱབ་པར་བྱེད། །དེ་དུས་སྤུར་ཁང་ནང་དུ་མགོན་པོ་ཉིད། །དངོས་སུ་བྱོན་ནས་བྱིན་རླབས་ཞིབ་ཞིབ་མཛད། །ཞལ་ཏ་དུ་མ་གསུངས་པའི་སྣང་བ་བྱུང༌། །ཀུན་ཀྱང་མྱ་ངན་དག་ལ་གཞོལ་བར་མཛད། །དེ་ནས་སྤུར་ཁང་ཆེན་པོའི་ཞལ་ཕྱེ་བས། །སོག་འདབ་བར་ལ་དུས་འཁོར་ཕྱག་མང་དང༌། །དཔྲལ་བའི་ཆ་ལ་རྟ་མགྲིན་ཡང་གསང་ཁྲོས། །དཔུང་པ་གཡས་སུ་ཁྲོ་རྒྱལ་མི་གཡོ་དཀར། །ལྟག་པའི་ཆ་ལ་སངས་རྒྱས་ཐོད་པ་བྱོན། །ཚངས་པའི་གནས་སུ་སངས་རྒྱས་བཅོམ་ལྡན་འདས། །ཕྱག་སོར་ཚིགས་ལ་ཁ་སར་པ་ཎི་ཏ། །རྣ་ལྟག་གཡས་གཡོན་གཉིས་ཀ་རྣམས་སུ་ཡང༌། །སྒྲོལ་མ་འཇམ་དཔལ་སྐུ་ཡི་རྟེན་རྣམས་བྱོན། །དེ་དག་འབུར་དོད་སྐྱེ་མཆེད་ཤིན་ཏུ་གསལ། །སྙན་ཁུང་གཉིས་དང་མགྲིན་པའི་ཆ་དག་ལ། །དུང་དཀར་གཡས་སུ་འཁྱིལ་པ་རེ་རེ་དང༌། །འཁྲིག་མ་གཉིས་ལ་རྡོ་རྗེ་རྩེ་ལྔ་གསལ། །རྗེ་ངར་དག་ལ་ཨོཾ་མ་ཎི་པད་མེ་ཧཱུཾ། །འགྲམ་པ་གཉིས་ལ་ཨི་རྀ་ཨུ་ལྀ་དང༌། །རྩིབས་བུ་རྣམས་ལ་བཀྲ་ཤིས་རྟགས་བརྒྱད་དང༌། །སྙིང་པོ་ཧྂཀྵམལཝརཡ། །གསུང་གི་རྟེན་མཆོག་དུ་མ་འབུར་དུ་དོད། །ཤ་རི་རམ་དང་འཕྲུལ་མ་རུས་གདན་སོགས། །ཆུ་ཤེས་ལྟར་དཀར་རིང་བསྲེལ་དཔག་ཏུ་མེད། །ཐུགས་ཀྱི་རྟེན་མཆོག་ངོ་མཚར་ཁྱད་འཕགས་སོགས། །སྐལ་ལྡན་ཀུན་གྱིས་མཐའ་ཡས་རྙེད་པར་འབྱུང༌། །གཞན་ཡང་གདུང་ཐལ་སྤར་གང་བགོས་པ་ལ། །ཡི་གེ་ཨཱཿདང་ཧྲཱིཿདཀར་དུང་དང་བཅས། །རྗེ་བཙུན་མ་དང་རྣམ་སྲས་གུར་གྱི་མགོན། །རིང་བསྲེལ་ཁྱད་འཕགས་མཐའ་ཡས་མུ་མེད་བྱུང༌། །བདེ་བར་གཤེགས་ནས་སྤུར་བཞུས་ཞལ་ཕྱེ་དང༌། །ཟླ་མཆོད་དུས་མཆོད་ལོ་མཆོད་བཙུགས་པའི་དུས། །ཆུ་འཛིན་བྲལ་བའི་མཁའ་ལ་འཇའ་འོད་དང༌། །ཁུག་རྣ་བྲལ་བའི་བར་སྣང་དག་ལ་ཡང༌། །ལྷ་ཡི་མེ་ཏོག་སྣ་ཚོགས་ཆར་ཆེན་གཡོས། །རླུང་འཚུབ་བྲལ་བའི་ས་གཞི་ཁྱོན་ལས་ཀྱང༌། །དྲི་བཟང་ཁྱད་འཕགས་ཕྱོགས་ཀུན་རྣམ་པར་ཁེངས། །འཇའ་འོད་ཐུང་རིང་ཆེ་བ་དར་ཡུག་ཙམ། །སྐེ་རགས་ཙམ་དང་ཆུང་བ་དར་སྐུད་ཙམ། །བར་སྣང་ཉེ་རིང་དག་ལ་གཡས་སུ་འཁྱོག །གཡོན་དུ་འཁྱོག་ནས་ཕར་འཁོར་ཚུར་འཁོར་བྱེད། །རེས་འགའ་དབང་པོའི་གཞུ་ལྟར་འཇའ་ཡི་གུར། །ཨ་ལོང་ལྟ་བུར་ནམ་མཁའ་ཡོངས་སུ་ཁྱབ། །ཕྱོགས་མཚམས་སྟེང་འོག་ཐམས་ཅད་ཀུན་ཏུ་ཡང༌། །གཟུགས་མེད་ལྷ་ཡི་རོལ་མོ་སྣ་ཚོགས་འཚེར། །དེ་སོགས་ངོ་མཚར་མཐའ་ཡས་དཔག་མེད་རྣམས། །རྒྱས་པར་གཞན་དུ་དད་ལྡན་ཤེས་པར་གྱིས། །
དེ་ནས་གདུང་ཐལ་ལྷག་མ་རྣམས་བསྡུས་ནས། སྐུ་འབུམ་ཆེན་པོའི་ནང་དུ་ཆོས་རྗེའི་སྐུ་འདྲ་བཞེངས་པའི་ནང་རྫོངས་ལ། དེ་བཞིན་གཤེགས་པའི་རིང་བསྲེལ་གསུམ། ཤཱ་རི་བུའི་རིང་བསྲེལ་གཅིག །རྟ་ངང་པའི་རིང་བསྲེལ་གཅིག །ཆོས་རྗེ་ཡོན་ཏན་རྒྱ་མཚོ། དུས་གསུམ་མཁྱེན་པ། ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས། བྱང་སེམས་རྒྱལ་བ་ཡེ་ཤེས་ཏེ་དེ་རྣམས་ཀྱི་རིང་བསྲེལ་རེ་རེ། གནས་བརྒྱད་ཀྱི་ས་འདམ། ཀླུ་སྒྲུབ་ཀྱི་ཕྱག་འཁར་གྱི་དུམ་བུ། འབྲི་གུང་འཇིག་རྟེན་མགོན་པོའི་རིང་བསྲེལ། རྒྱ་མཚོ་གླིང་གི་འཇག་མ། ཆུ་བོ་གང་གཱའི་བྱེ་མ། མ་ག་དྷཱའི་བྱང་ཆུབ་ཀྱི་ཤིང་སྣ། ཆོས་རྗེ་ཉིད་ལ་བྱོན་པའི་དུང་དཀར་གཅིག །བཅོམ་ལྡན་འདས། འཇམ་དཔལ། བྱམས་པ། སྒྲོལ་མ། སངས་རྒྱས་ཐོད་པ། རྣམ་བཅུ་དབང་ལྡན། བཀྲ་ཤིས་རྫས་བརྒྱད། རིང་བསྲེལ་ཁྱད་འཕགས་བརྒྱད་དང༌། སྤོས་སྣ་ཚོགས། རིན་པོ་ཆེ་དུ་མ། གཟུངས་སྔགས་རྣམས་བཅུག་ནས་བཞེངས་སོ། །
དེའི་རྒྱུ་མཚན་ནི། ཨ་ཏི་ཡོ་གའི་རྒྱུད་ལས། བླ་མའི་སྐུ་འབག་སུས་བྲིས་པ། །གསེར་དངུལ་ལ་སོགས་རྒྱུ་ལས་ནི། །སངས་རྒྱས་དཔག་ཏུ་མེད་པ་ཡི། །སྐུ་གཟུགས་དཔག་མེད་བྱས་པ་བས། །བརྒྱ་སྟོང་ཁྲི་འབུམ་ཆར་མི་ཕོད། །ཅེས་གསུངས་པ་ལྟར། ཕན་ཡོན་དཔག་ཏུ་མེད་དོ། །དེ་ནས་གསེར་དངུལ་ཨ་སྨ་ཀར་བ་ལ་སོགས་ཚོན་རྩི་སྣ་ཚོགས་པས་སུ་ཐོབ་ཐོབ་བྱས་ནས་ལེགས་པར་བསྐུས་སོ། །གསལ་རྒྱལ་གྱིས་ཞུས་པའི་མདོ་ལས། སུ་ཞིག་སངས་རྒྱས་མཆོད་རྟེན་སྐུ་གཟུགས་ཁང༌། །ཚོན་རྩི་སྣ་ཚོགས་རྣམས་ཀྱིས་མཛེས་པར་བྱེད། །དེ་ནི་བདེ་གཤེགས་མང་པོའི་ཡོན་ཏན་རྣམས། །སྣ་ཚོགས་ལྡན་པ་ཀུན་གྱིས་བརྩེགས་པར་འགྱུར། །ཞེས་སོགས་ཕན་ཡོན་མཐའ་ཡས་པར་གསུངས་སོ། །སྐུ་གཟུགས་མཆོད་རྟེན་རྣམས་ལ་རྡུལ་ཕྲ་རབ་ཇི་སྙེད་སོང་བ་དེ་སྙེད་ཀྱི་བསོད་ནམས་ཐོབ་པར་གསུངས་སོ། །མདོ་དེ་ཉིད་ལས། སྐུ་གཟུགས་རྣམས་ལ་རྡུལ་ཕྲན་ཅི་སོང་བ། །དེ་ཡི་གྲངས་སྙེད་དེ་བྱེད་མི་རྣམས་ཀྱི། །ལྷ་ཡུལ་ས་སྟེང་ངེས་པར་རྒྱལ་སྲིད་ཐོབ། །ཅེས་གསུངས། སྐུ་གཟུགས་མཐོང་བའི་ཕན་ཡོན་ནི། མཚམས་མེད་ལྔ་ལ་སོགས་ཤིན་ཏུ་མི་བཟད་པའི་སྡིག་པ་བྱང་ནས་བསོད་ནམས་དཔག་ཏུ་མེད་པ་ཐོབ་པར་གསུངས་ཏེ། འཇམ་དཔལ་རྩ་བའི་རྒྱུད་ལས། གང་གིས་མཚམས་མེད་ལྔ་ལ་སོགས། །སྡིག་པ་ཤིན་ཏུ་མི་བཟད་པ། །སྐུ་གཟུགས་འདི་འདྲ་མཐོང་མ་ཐག །དེ་ཡི་མོད་ལས་བྱང་བར་འགྱུར། །ཞེས་གསུངས།
དེ་ནས་བུ་སློབ་རྣམས་དང༌། བླ་མ་གྲགས་པ་ཅན་མང་པོ་དང༌། སྡེ་པ་ཡོན་བདག་རྣམས་ཀྱིས་གཤེགས་རྫོངས་དངོས་པོ་གསེར་དངུལ་རྟ་དྲིལ་ནས་ཞིང་ལ་སོགས་པ་མང་པོ་བསྡུས་ནས་དུས་མཆོད་ཟླ་མཆོད་བཙུག་གོ །དེའི་ཕན་ཡོན་ནི། ཡོན་ཏན་ཡོངས་བཟུང་གི་རྒྱུད་ལས། བླ་མ་འདས་ཚེ་ལོ་ཟླ་ཞག་གྲངས་དག །ངེས་པར་བཟུང་སྟེ་མཆོད་པ་བྱས་གྱུར་པ། །བསྐལ་པ་བྱེ་བར་བསགས་པའི་སྡིག་བཅོམ་ནས། །ཤིན་ཏུ་མི་བཟད་གཤིན་རྗེའི་གྲོང་ལས་ཐར། །ཞེས་གསུངས། །མཁའ་འགྲོ་ཟིལ་གནོན་གྱི་རྒྱུད་ལས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་བསྙེན་བཀུར་བས་ནི། རྡོ་རྗེ་སློབ་དཔོན་གྱི་བ་སྤུ་གཅིག་ལ་ཏིལ་མར་གྱིས་བྱུག་པའི་བསོད་ནམས་ཁྱད་པར་འཕགས་སོ། །ཞེས་སོ། །རིམ་ལྔ་ལས། མཆོད་པ་ཐམས་ཅད་རྣམ་སྤངས་ནས། །བླ་མ་མཆོད་པ་ཡང་དག་བརྩོན། །དེ་མཉེས་པས་ནི་ཀུན་མཁྱེན་གྱི། །ཡེ་ཤེས་མཆོག་ནི་ཐོབ་པར་འགྱུར། །ཞེས་གསུངས། གསང་བ་འདུས་པའི་རྒྱུད་ལས། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་བས། །བླ་མའི་བ་སྤུ་གཅིག་མཆོད་ལྷག །ཅེས་སོ། །དཔལ་དུས་ཀྱི་འཁོར་ལོ་ལས། བསྐལ་པ་དུས་གསུམ་ཐམས་ཅད་དུ། །དཀོན་མཆོད་གསུམ་པོ་མཆོད་པ་དང༌། །སྲོག་ཆགས་བྱེ་བ་ཚེ་བསྐྱབས་པས། །ཚེ་འདིར་སངས་རྒྱས་མི་ཐོབ་སྟེ། །ཡོན་ཏན་རྒྱ་མཚོའི་བླ་མ་ལ། །དང་བའི་ཡིད་ཀྱིས་མཉེས་བྱས་ན། །མཆོག་དང་ཐུན་མོང་དངོས་གྲུབ་ནི། །ཚེ་འདི་ཉིད་དུ་ཐོབ་པར་འགྱུར། །ཞེས་གསུངས། དོན་དམ་བསྙེན་པ་ལས། འདོད་པའི་དངོས་གྲུབ་སློབ་དཔོན་ཞལ་གྱི་རྗེས་འབྲངས་པས། །མ་ལུས་རྡོ་རྗེ་ཐེག་པར་ཐམས་ཅད་མཁྱེན་པས་གསུངས། །ཞེས་སོགས་ཕན་ཡོན་དཔག་ཏུ་མེད་པར་གསུངས་སོ། །
དེ་ནས་ཚོགས་ཁང་དུ་སྐུ་འདྲ་དང༌། བྱང་ཆུབ་ཆེན་པོའི་མཆོད་རྟེན་རྣམས་བཞེངས་སོ། །དེའི་ཕན་ཡོན་ནི། ལག་ན་མེ་ཏོག་ཚོགས་ཀྱི་མདོར། སློབ་དཔོན་གྱི་གདུང་ལ་མཆོད་པ་བྱས་པའི་ཕྱིར། རྣམ་པ་ཤིང་རྣམས་སྤུངས་ནས་བསྲེགས། །རིན་ཆེན་སྣ་ཚོགས་ལས་བྱས་པའི། །མཆོད་རྟེན་དཔག་ཚད་བརྒྱ་འམ་གང་རུང་བྱས། །སློབ་དཔོན་རུས་བུ་བསྡུས་ནས་དེ་རུ་བཅུག །རྟག་ཏུ་སྤོས་དང་མེ་ཏོག་སྣ་ཚོགས་མཆོད། །ཚད་མེད་སངས་རྒྱས་རྣམས་དང་འཕྲད་པར་འགྱུར། །ཞེས་གསུངས། གསང་བ་འདུས་པའི་རྒྱུད་ལས། དུས་གསུམ་སངས་རྒྱས་ཀུན་མཆོད་པས། །བླ་མའི་བ་སྤུ་གཅིག་མཆོད་ན། །དེ་ཡི་བསོད་ནམས་ཁྱད་པར་འཕགས། །ཞེས་སོ། །རྡོ་རྗེ་ཕྲེང་བའི་རྒྱུད་ལས། རྡོ་རྗེ་འཛིན་པ་བླ་མ་མཆོག །རྗེས་སུ་མཐུན་པར་མཉེས་པར་བྱ། །དེ་མཉེས་པས་ནི་སངས་རྒྱས་ཐམས་ཅད་མཉེས། །ཞེས་སོ། །དངོས་སུ་བཞུགས་སམ་མྱ་ངན་ལས་འདས་ནས། རིང་བསྲེལ་ཡོངས་འབྲུ་ཙམ་ལ་མཆོད་ནས་བསོད་ནམས་ཐོབ་པའི་ཁྱབ་པར་ཅུང་ཟད་མེད་པར་གསུངས་ཏེ། སེང་གེ་རྣམ་པར་བརྩེགས་པའི་མདོར། གང་ཕྱིར་རྒྱལ་བ་བཞུགས་པ་འམ། །ཡོངས་སུ་མྱ་ངན་འདས་ཀྱང་རུང༌། །བསོད་ནམས་འདི་དང་ཁྱད་པར་མེད། །ཅེས་གསུངས། དམ་ཆོས་པད་མ་དཀར་པོའི་མདོ་ལས། སངས་རྒྱས་མྱ་ངན་འདས་པའི་ཚེ་ན་ཡང༌། །རྒྱལ་བའི་རིང་བསྲེལ་དག་ལ་སུས་མཆོད་པ། །དེ་དག་བྱང་ཆུབ་མྱུར་དུ་ཐོབ་པར་འགྱུར། །ཞེས་སོགས་མདོ་རྒྱུད་རྣམས་ལས་ཕན་ཡོན་མང་དུ་གསུངས་སོ། །
དེ་ནས་ཙ་མི་རྒྱལ་པོས་ཕུལ་བའི་དོམ་ལྤགས། རྒྱའི་རྒྱལ་པོས་ཕུལ་བའི་གོས་འབོལ། བྷ་ར་རྒྱལ་པོས་ཕུལ་བའི་སྐུ་ཆིངས། བྱང་བ་རྒྱལ་པོས་ཕུལ་བའི་བཞུགས་ཁྲི། ཤིང་རྟ་རྒྱལ་པོས་ཕུལ་བའི་ཞབས་ལྷམ། མཁས་བཙུན་ཡོན་ཏན་རྒྱ་མཚོས་ཕུལ་བའི་ཆོས་གོས། ཚུལ་ཁྲིམས་དཔལ་བས་ཕུལ་བའི་ཕྱག་ཕྲེང་རྣམས་མཐོང་གྲོལ་ཆེན་པོར་བཞུགས་སུ་གསོལ།
སྐུ་འདྲ་ལ་རབ་གནས་མཛད་པའི་ཚེ། ཆོས་རྗེ་ས་བཟང་བ་ལ་སོགས་རང་འདྲ་བུ་སློབ་མང་པོས། དུས་འཁོར། ཀྱེ་རྡོར། འཇིགས་བྱེད། བདེ་མཆོག་ལ་སོགས་ཆོ་གའི་གྲྭ་བརྒྱ་ཙམ་བཙུགས་ཏེ། རབ་གནས་དངོས་གཞི་མཛད་པའི་ཉིན་བར་དུ་ངོ་མཚར་བའི་ལྟས་ཀྱི་རྣམ་པ་ནི། རྡོ་རྗེ་ས་གཞི་མི་བཟོད་བཞིན་དུ་གཡོས། །མཁའ་ལ་རོལ་མོའི་སྒྲ་བརྙན་སྣ་ཚོགས་སྒྲོགས། །སྤྲིན་མེད་ཡུལ་འཇམ་ནམ་མཁའ་སྔོ་བསངས་ལ། །ཀུན་གྱི་མཐོང་སྣང་འཇའ་དང་འོད་དཀར་སྤེལ། །མཐོང་གྲོལ་སྟེང་ན་འཇའ་ཚོན་འཁོར་ལོ་འཁྱིལ། །ལ་ལར་ནོར་བུ་མཐིང་གའི་འོད་ཆགས་པ། །ཡུན་རིང་གཡོ་ཞིང་མཁའ་ལ་ཡལ་མ་ཐག །བཻ་ཌཱུརྱ་ཡི་ཕྲེང་ལྟར་འོད་ཟླུམ་སྣ་ཚོགས་དང༌། །སྣ་ཚོགས་ཚོན་གསལ་མཁས་པས་སྤེལ་ལྟ་བུ། །འཇའ་ཡི་ཚོགས་རྣམས་ཉིན་བཞིན་མཁའ་ལ་འགྱེད། །སྐབས་སྐབས་ལྷ་ཡི་མེ་ཏོག་སྣ་ཚོགས་ཀུན། །ལག་པའི་མཐིལ་ཙམ་ཆར་ཆེན་རབ་ཏུ་འབབ། །མཁའ་ལ་ལྡིང་ཞིང་གཡས་སྐོར་གཡོན་སྐོར་བྱེད། །སྐྱེས་བུ་ཀུན་གྱི་མཐོང་སྣང་རྩོད་མེད་པར། །ལྷ་མོ་རོ་སྨད་འཇའ་འོད་གསེབ་ཏུ་སྦས། །བར་སྣང་དག་ལ་ཕྱོགས་ཀུན་རྣམ་པར་ཁེངས། །ལ་ལ་དག་གིས་སྣང་བ་འཁྲུལ་མེད་དུ། །ཆོས་རྗེས་སྣམ་སྦྱར་སེར་པོ་ཕྲག་ལ་བཟར། །རྡོ་རྗེ་དྲིལ་བུ་གསོལ་ཞིང་འཛུམ་པའི་ཞལ། །བྱང་སེམས་དུ་མས་བསྐོར་ཞིང་རྟེན་ལ་ཐིམ། །ཁ་ཅིག་སྐུ་གཟུགས་ཆོས་རྗེ་དངོས་སུ་མཐོང༌། །ཐུགས་ཀར་པད་མ་དམར་པོ་འདབ་བརྒྱད་ལ། །དགྱེས་མཛད་རྡོ་རྗེ་ལྷ་ཚོགས་བཞུགས་པར་མཐོང༌། །ཁ་ཅིག་སྐུ་འདྲ་ལྷ་ཡི་གཞལ་ཡས་ཁང༌། །སྒོ་བཞིར་རྒྱལ་ཆེན་བཞི་ཡི་ཆོས་སྒྲ་སྒྲོགས། །སྨན་བླའི་ལྷ་ཚོགས་བཞུགས་པར་ཞལ་ངོ་མཐོང༌། །ལ་ལས་སྐུ་གཟུགས་རྡོ་རྗེ་ཕག་མོར་གྱུར། །གཅེར་བུ་རུས་རྒྱན་ཐོད་ཁྲག་འཛིན་པ་ཅན། །མཁའ་འགྲོ་ཀེང་ཆེན་མང་པོས་བསྐོར་བར་མཐོང༌། །ཁ་ཅིག་སྐུ་འདྲ་འཕགས་པ་སྤྱན་རས་གཟིགས། །ཕྱག་སྟོང་སྤྱན་སྟོང་བཅུ་གཅིག་ཞལ་ནི་མཛེས། །ལྷ་བྲན་ཚོགས་ཀྱིས་ཡོངས་སུ་བསྐོར་བར་མཐོང༌། །རེ་རེས་སྐུ་འདྲ་དཔལ་ལྡན་རྡོ་རྗེ་འཆང༌། །གྲུབ་ཆེན་བརྒྱད་ཅུས་ཡོངས་སུ་ཕྱག་འཚལ་མཐོང༌། །ཁ་ཅིག་སེང་དཀར་སྟེང་ན་ཆོས་རྗེ་བཞུགས། །ཡུམ་བཞིས་བསྐོར་ནས་རྟེན་ལ་ཐིམ་པར་མཐོང༌། །ལ་ལས་སྐུ་འདྲ་པད་མ་འདབ་སྟོང་ཚུལ། །ལྟེ་བར་དུས་ཀྱི་འཁོར་ལོ་ཕྱག་མང་ཅན། །དྲུག་བརྒྱ་ཉི་ཤུ་ཡོངས་རྫོགས་ལྷ་ཡི་ཚོགས། །པད་འདབ་སྟེང་ན་བཞུགས་པ་གསལ་བར་མཐོང༌། །ཁ་ཅིག་སྐུ་འདྲ་ཆོས་ཁྲི་གཟི་བརྗིད་འབར། །གསེར་ཁྲི་སེང་གེ་བརྒྱད་ཀྱིས་བཏེག་པའི་སྟེང༌། །ཆོས་རྗེ་བཞུགས་ནས་རྒྱུད་འགྲེལ་འཆད་པར་མཐོང༌། །ཁ་ཅིག་བར་སྣང་ཀུན་ཏུ་འཇའ་ཡི་དྲ་བས་ཁྱབ། །དྲ་མིག་རྣམས་ལ་ལྷ་བྲན་རེ་རེ་བཞུགས། །སྤོས་དང་མར་མེ་མེ་ཏོག་ཆར་བ་འཐོར། །ཁ་ཅིག་པད་དཀར་སྟེང་ན་གསེར་གྱི་མདོག །རྒྱལ་བའི་ཡུམ་ཆེན་ཞལ་གཅིག་ཕྱག་བཞི་མ། །མཁའ་འགྲོ་དཔག་མེད་དག་གིས་བསྐོར་བར་མཐོང༌། །རེ་རེས་སྐུ་འདྲ་ཆོས་རྗེ་དངོས་སུ་བཞུགས། །འཛུམ་ཞལ་སྐུ་ལ་འོད་ཟེར་སྣ་ཚོགས་འཕྲོ། །ངེས་དོན་རྒྱ་མཚོ་འགྲོ་ལ་འཆད་པར་མཐོང༌། །ཁ་ཅིག་སྐུ་གཟུགས་མཆོག་གི་མཐའ་སྐོར་དུ། །འཇའ་ཚོན་གུར་ཁྱིམ་འཁོར་ཡུག་བཀོད་པའི་དབུས། །བཅོམ་ལྡན་སྨན་པའི་རྒྱལ་པོ་ནམ་མཁའི་མདོག །སངས་རྒྱས་བྱང་སེམས་དག་གིས་འདུད་པར་མཐོང༌། །ལ་ལས་ཁྲོ་རྒྱལ་མི་གཡོ་གངས་རིའི་མདོག །ཁྲོ་ཆུང་དུ་མས་མཆོད་སྤྲིན་ཐོགས་ནས་བསྐོར། །ནམ་མཁར་ཐོན་ནས་རྟེན་ལ་ཐིམ་པར་མཐོང༌། །ལ་ལས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ། །རེ་རེ་ལ་ཡང་བྱང་སེམས་དཔག་མེད་བསྐོར། །མེ་ཏོག་སིལ་མའི་ཆར་དང་བཅས་པ་ཐིམ། །ཁ་ཅིག་སྐུ་གཟུགས་མེ་ཏོག་དཀར་དམར་ལ། །སྒྲོལ་མ་དཀར་ལྗང་འཛུམ་རེས་འཛུམ་རེས་མཛད། །འདུལ་བ་ཕྲན་ཚེགས་འགྲོ་ལ་གསུངས་པར་མཐོང༌། །ཆོས་འབྱུང་གཡུང་དྲུང་དགའ་བ་འཁྱིལ་པའི་སྟེང༌། །ཉི་མའི་མདོག་ཅན་རྡོ་རྗེ་རྣལ་འབྱོར་མ། །གཅེས་བུ་གྲི་ཐོད་ཁ་ཊྭཱཾ་རུས་རྒྱན་སྤྲས། །མཁའ་འགྲོ་མང་པོ་སྤྲིན་ལྟར་རྒྱུན་དུ་འཕྲོ། །སིལ་སྙན་སྣ་ཚོགས་དཀྲོལ་བ་དངོས་སུ་མཐོང༌། །སྐུ་འདྲའི་ཐུགས་ཀར་གླེགས་བམ་ཆར་པ་འབབ། །འཛམ་གླིང་ཀུན་ཏུ་ཆོས་ཀྱི་སྒྲ་དབྱངས་སྒྲོགས། །རྫོགས་ལྡན་ཆོས་ཀྱི་ཕྱོགས་ཀུན་ཁྱབ་བྱས་ནས། །གསུམ་ལྡན་མན་ཆད་ལྟ་ངན་བསལ་བྱས་ཏེ། །སླར་ཡང་རྟེན་ལ་ཐིམ་པར་ཁ་ཅིག་མཐོང༌། །སྐབས་འགར་དག་པའི་སྣང་བ་སྣ་ཚོགས་ཀྱིས། །སྐུ་འདྲ་རྒྱལ་ཆེན་རྣམ་སྲས་འཁོར་བཅས་དང༌། །ཕྱག་དྲུག་འཁོར་བཅས་གདོང་བཞི་ཡབ་ཡུམ་དང༌། །དམ་ཅན་རྒྱ་མཚོའི་ལྷ་ཚོགས་དུ་མར་མཐོང༌། །དེ་སོགས་ཀུན་གྱིས་རྩོད་མེད་མཐོང་སྣང་ལ། །ངོ་མཚར་དཔག་མེད་སྣ་ཚོགས་བརྗོད་ལས་འདས། །རྟེན་མཆོག་བཀྲ་ཤིས་འོད་འབར་བོད་ཡུལ་གྲགས། །མཐོང་ཐོས་རེག་པའི་ཡོན་ཏན་བསམ་མི་ཁྱབ། །གང་ཞིག་བྱང་ཆུབ་ཐོབ་པར་གདོན་མི་ཟ། །
དེ་ནས་སྐུ་གཤེགས་པའི་རྫོངས་ལ་ཕྱི་རྟེན་གསུམ་བཞེངས་པ་ཚར་ནས། འདུལ་བའི་སྡེ་སྣོད་ཀྱི་བཀའ་འབབ་པ་དཀོན་མཆོག་རྣམ་རྒྱལ་གདན་ས་ལ་བཞག །དེས་ཚད་མའི་སྡེ་སྣོད་ལ་བཀའ་བབ་པའི་ས་བཟང་ལོ་ཙཱ་བ་ལ་གཏད། དེས་མངོན་པའི་སྡེ་སྣོད་ལ་བཀའ་བབ་པའི་མཁན་ཆེན་ཕྱོགས་ལས་རྣམ་རྒྱལ་ལ་གཏད། དེས་ཕར་ཕྱིན་གྱི་བཀའ་བབ་པའི་ཆོས་རྗེ་ནམ་ཡེ་སོགས་ལ་གཏད་དོ། །ཞེས་ད་ལྟར་ཀུན་མཁྱེན་ཆོས་ཀྱི་རྗེར་སྐྱེས་པའི་རབས་ཏེ་སོ་གཅིག་པའོ།། །།

༣༣ སོ་གཉིས་པ། མ་འོངས་པའི་དུས་སུ་སངས་རྒྱས་སུ་འགྱུར་བའི་རབས།

༈ ད་ནི་མ་འོངས་པའི་དུས་སུ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་མཐའ་ཡས་པའི་དོན་མཛད་པར་གསུངས་ཏེ། འཕགས་པ་སྤྲིན་ཆེན་པོའི་མདོ་ལས། ལྷའི་བུ་དྲི་ཟའི་རྒྱལ་པོ་མཐོང་ན་དགའ་བས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དང་མིང་མཐུན་པའི་དགེ་སློང་དེ་ཤི་འཕོས་ནས་གང་དུ་སྐྱེ་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲི་ཟའི་རྒྱལ་པོ་ངའི་ཉན་ཐོས་དེ་ནི་འདི་ནས་ཤི་འཕོས་ནས་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ལ་སྨན་པའི་སླད་དུ། དགེ་སློང་དེ་ནི་ཤི་འཕོས་ནས་ཇི་ལྟར་མངོན་པར་རྫོགས་པར་སངས་རྒྱས་པར་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ལེགས་སོ་ལེགས་སོ། རིགས་ཀྱི་བུ། ཁྱོད་ཀྱིས་ཞུས་པ་ལེགས་སོ་ལེགས་སོ། རིགས་ཀྱི་བུ། ངའི་མིང་འཆང་བའི་ཉན་ཐོས་ཀྱི་ཆེ་བ་ཉིད་ཉོན་ཅིག །རིགས་ཀྱི་བུ། བསྐལ་པ་འདི་འདས་ཏེ། སངས་རྒྱས་སྟོང་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ། བསྐལ་པ་དྲུག་ཅུ་རྩ་གཉིས་སུ་སངས་རྒྱས་འབྱུང་བར་མི་འགྱུར་ཏེ། རང་སངས་རྒྱས་བྱེ་བ་ཕྲག་འབྱུང་བར་འགྱུར་རོ། །རིགས་ཀྱི་བུ། བསྐལ་པ་དྲུག་ཅུ་རྩ་གཉིས་པོ་དེ་དག་འདས་ནས། སངས་རྒྱས་བདུན་འབྱུང་བར་འགྱུར་རོ། །དེ་ནས་སངས་རྒྱས་བདུན་པོ་དེ་དག་ཡོངས་སུ་མྱ་ངན་ལས་འདས་ནས་དེའི་ཚེ་དེའི་དུས་སུ། འཇིག་རྟེན་གྱི་ཁམས་མངོན་པར་དང་བ་ཞེས་བྱ་བར་འགྱུར་ཏེ། འཇིག་རྟེན་གྱི་ཁམས་མངོན་པར་དང་བ་ཞེས་བྱ་བ་དེ་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བར་འགྱུར་རོ། །དེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་གནས་ཀྱི་ཞིང་ཁམས་ན་སེམས་ཅན་འཁོད་པ་དེ་དག་གིས་མཛེས་ཤིང་དད་པ་ཐོབ་པར་འགྱུར་རོ། །ད་ལྟ་དགེ་སློང་དེ་ལ་གང་དག་དམ་པའི་ཆོས་ཀྱི་ཕྱོགས་བྱེད་པ་དང༌། དམ་པའི་ཆོས་འབྱུང་བར་བྱེད་པའི་རིགས་དེ་དག་ཐམས་ཅད་ཀྱང༌། དེའི་ཚེ་འཇིག་རྟེན་གྱི་ཁམས་མངོན་པར་དང་བའི་ཞིང་དེར་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་གནས་ཀྱི་འཁོར་ཉན་ཐོས་ཀྱི་མཆོག་ཏུ་འགྱུར་རོ། །ཞིང་ཁམས་དེ་ན་སེམས་ཅན་སུ་ཡང་འདོད་ཆགས་དང༌། ཞེ་སྡང་དང༌། ང་རྒྱལ་གཏི་མུག་ཉོན་མོངས་པ་ཀུན་ནས་ལྡང་བ་འབྱུང་བར་མི་འགྱུར་རོ། །སེམས་ཅན་དེ་དག་ཐམས་ཅད་ཀྱང་ཆོས་ལ་དད་པ་ཐོབ་ཅིང་ཆོས་སྤྱོད་པར་འགྱུར་རོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡེ་ཤེས་འབྱུང་གནས་འོད་ཀྱི་སྐུ་ཚེའི་ཚད་ནི་བར་གྱི་བསྐལ་པ་བཅོ་བརྒྱད་ཐུབ་པར་འགྱུར་རོ། །སེམས་ཅན་ཐམས་ཅད་ཀྱང་ཐེག་པ་གསུམ་གྱིས་ཀྱང་ངེས་པར་འབྱུང་བར་འགྱུར་རོ། །དེ་ན་འཁོར་གྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཚད་མེད་གྲངས་མེད་པའོ། །རིགས་ཀྱི་བུ། དེའི་ཚེ་དེའི་དུས་ན། བདུད་དང་བདུད་ཀྱི་རིགས་ཀྱི་ལྷ་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་ཐེག་པ་གསུམ་གྱི་ངེས་པར་འབྱུང་བར་འགྱུར་རོ། །སེམས་ཅན་ཐམས་ཅད་ལ་སྙིང་རྗེ་རུ་གནས་པའོ། །སངས་རྒྱས་ཀྱི་ཞིང་དེ་ནས་ངན་སོང་གསུམ་གྱི་སྒྲ་ཡང་མེད་དོ། །མི་ཁོམ་པ་བརྒྱད་ཀྱང་མེད་དོ། །རྟག་ཏུ་དལ་བས་བརྒྱན་པར་འགྱུར་རོ། །བྱང་སྒྲ་མི་སྙན་གྱི་གླིང་དང་འདྲའོ། །སངས་རྒྱས་ཡེ་ཤེས་འབྱུང་གནས་ཀྱིས་བདུད་དང་ཕྱིར་རྒོལ་བ་ཐམས་ཅད་ཀྱང་བཅོམ་པར་འགྱུར་རོ། །དེའི་ཚེ་དེའི་དུས་སུ་ལྟ་བ་ངན་པ་ཐམས་ཅད་ཚར་གཅོད་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་གནས་དེ་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང༌། བདེ་བར་གཤེགས་པའི་གསུང་རབ་དམ་པའི་ཆོས་ལོ་མང་པོ་བྱེ་བ་ཕྲག་སྟོང་དུ་གནས་པར་འགྱུར་རོ། །དེ་ནས་འཁོར་ཆེན་པོའི་ནང་ནས་ལྷ་དང་མི་དང་མི་མ་ཡིན་དང༌། ནམ་མཁར་ལྡིང་དང༌། མིའམ་ཅི་དང༌། ལྟོ་འཕྱེ་ཆེན་པོ་ལ་སོགས་དུ་མས། དེ་བཞིན་གཤེགས་པ་ལ་མེ་ཏོག་སིལ་མས་གཏོར་ཏེ། སིལ་སྙན་དཀྲོལ། སྤོས་དང་བྱུག་པ་དག་གིས་བཅོམ་ལྡན་འདས་ལ་བསམ་གྱིས་མི་ཁྱབ་པའི་མཆོད་པ་བྱས་ནས། དེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་གནས་འོད་ཀྱི་འཁོར་དུ་སྐྱེ་བར་སྨོས་ཅི་དགོས། བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་དུ་སེམས་བསྐྱེད་དོ། །ཞེས་གསུངས། འཕགས་པ་རྔ་བོ་ཆེའི་མདོ་ལས་གསུངས་ཏེ། ལི་ཙ་བཱི་གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་འདི་ཉིད་ཡིན་ཏེ། ཕྱི་མའི་དུས་ན་ལྷོ་ཕྱོགས་ཀྱི་མཁས་པར་གྱུར་ནས། ཆོས་ཀྱི་རྔ་བོ་ཆེ་བརྡུང་བར་འགྱུར་རོ། །ཆོས་ཀྱི་དུང་འབུད་པར་འགྱུར་རོ། །ངའི་མིང་འཛིན་པའི་དགེ་སློང་དེས་ཀྱང་ཇི་སྲིད་ཀུན་ཏུ་བསྡུས་པའི་དུས་ཡིན་པ་དེ་སྲིད་དུ་གཡེལ་བའི་ཚོགས་ཉེ་བར་བསྡུས་ཏེ། བཀུར་སྟི་དང་རིམ་གྲོ་དང་གླེགས་བམ་དང་ཟང་ཟིང་དང༌། བ་ལང་གི་ཚོགས་དང་ཟས་ཀྱི་སྦྱིན་པས་ཡིད་དགའ་བར་མཛད་པར་འགྱུར་རོ། །དེའི་འོག་ཏུ་ཚར་གཅད་པའི་དུས་ཤེས་ནས་ཚར་གཅད་པར་འགྱུར་རོ། །ལོ་བརྒྱད་ཆོས་ཀྱི་ཆར་ཕབ། ཆོས་ཀྱི་རྔ་བོ་ཆེ་བརྡུངས་ཏེ། ཆོས་ཀྱི་དུང་འབུད། ཆོས་ཀྱི་མཆོད་སྦྱིན་བྱེད་པར་འགྱུར་རོ། །ཆོས་ཀྱི་རྒྱལ་མཚན་བཙུགས་ནས་རྣམ་པར་འཕྲུལ་པ་ཆེན་པོས་དུས་བྱེད་པར་འགྱུར་རོ། །དེ་ནས་ཕྱིས་སངས་རྒྱས་སུ་འགྱུར་ཏེ། སངས་རྒྱས་སྟོང་རྣམས་ཡོངས་སུ་མྱ་ངན་ལས་འདས་ནས་བསྐལ་པ་དྲུག་ཅུ་རྩ་གཉིས་འདས་ཏེ། རང་སངས་རྒྱས་འབུམ་ཡོངས་སུ་མྱ་ངན་ལས་འདས་ཤིང༌། གཞན་ཡང་མགོན་པོ་བརྒྱད་ཡོངས་སུ་མྱ་ངན་ལས་འདས་ནས། དེའི་འོག་ཏུ་ངའི་མིང་འཆང་བའི་དགེ་སློང་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་འདི། སངས་རྒྱས་ཀྱི་ཞིང་འདི་ཉིད་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བར་འགྱུར་རོ། །ཞེས་འབྱུང་ངོ༌། །འཕགས་པ་བསྐལ་པ་བཟང་པོའི་མདོར། དེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་གནས་སྐྱེ་བའི་ཡུལ། །གྲོང་ཁྱེར་བསོད་ནམས་འབྱོར་དང་ལྡན་ཞེས་བྱ། །དེ་ཡི་རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་བཅུ་ཡོད་ཡབ་ནི་མྱ་ངན་མེད། །དགའ་བ་རྒྱ་མཚོ་ཞེས་བྱ་ཡུམ་ཡིན་ནོ། །སྲས་ནི་ཡིད་གཞུང་ལེགས་སྦྱིན་རིམ་གྲོ་པ། །ཡེ་ཤེས་ཡང་དག་འཕགས་པ་མཁས་པ་སྟེ། །བསོད་ནམས་དགའ་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་དང་པོར་བྱེ་བ་ཕྲག་སྟོང་ཡོད། །གཉིས་པ་བྱེ་བརྒྱ་གསུམ་པར་བྱེ་བ་བདུན། །སྐུ་ཚེ་ལོ་གྲངས་སྟོང་ཕྲག་བརྒྱད་ཅུ་སྟེ། །ལྔ་འགྱུར་དག་ཏུ་དམ་པའི་ཆོས་ཀྱང་གནས། །རྒྱལ་བ་དེ་ཡི་སྐུ་གདུང་རྒྱས་འགྱུར་ལ། །སྐད་ཅིག་དེ་ལ་བདེ་བར་གཤེགས་པ་དེ། །མཚན་ནི་གང་དག་ཉན་པར་བྱེད་པ་རྣམས། །བྱང་ཆུབ་ལ་ནི་མྱུར་དུ་རེག་པར་འགྱུར། །ཞེས་གསུངས། གཞོན་ནུ་ལུང་བསྟན་པའི་མདོ་ལས། ང་ཡི་མིང་འཛིན་དགེ་སློང་ཆེན་པོ་ནི། །རིང་ཞིག་བསྟན་པ་ཁུར་ཆེན་རབ་ཏུ་ཁུར། །དེ་ཡང་མྱ་ངན་ཡོངས་སུ་འདས་གྱུར་ནས། །མངོན་པར་དང་བ་ཞེས་བྱའི་ཞིང་ཁམས་སུ། །སངས་རྒྱས་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ། །སྐྱེ་བའི་ཡུལ་ནི་གྲོང་ཁྱེར་བསོད་ནམས་འབྱོར། །རིགས་ནི་རྒྱལ་རིགས་འོད་ནི་དཔག་ཚད་བཅུ། །ཡབ་ནི་འཁོར་ལོས་སྒྱུར་རྒྱལ་མྱ་ངན་མེད། །རྒྱལ་བའི་ཡུམ་ནི་དགའ་བའི་རྒྱ་མཚོ་ཡིན། །སྲས་ནི་ཡིད་གཞུངས་ལེགས་སྦྱིན་རིམ་གྲོ་པ། །ཤེས་རབ་ཅན་དང་རྫུ་འཕྲུལ་ཅན་གྱི་མཆོག །ཡེ་ཤེས་ཡང་དག་བསོད་ནམས་དགའ་ཞེས་བྱ། །ཆོས་འཁོར་དང་པོར་བསྐོར་བའི་ཉན་པ་པོ། །འདུས་པ་དང་པོར་བྱེ་བ་སྟོང་ཕྲག་ཡོད། །བར་མ་དང་ནི་ཐ་མའི་ཉན་པ་པོ། །བྱེ་བ་བརྒྱ་དང་གསུམ་པར་བྱེ་བ་བདུན། །སངས་རྒྱས་ཞིང་ན་སེམས་ཅན་གང་འཁོད་པ། །ཐེག་ཆེན་དག་ལ་ཤིན་ཏུ་སྤྱད་པ་སྤྱོད། །དགེ་སློང་དེ་ལ་སུ་ཞིག་མོས་བྱེད་པ། །དང་བ་ཅན་གྱི་ཞིང་དེར་སྐྱེ་བར་འགྱུར། །སངས་རྒྱས་ཡེ་ཤེས་འབྱུང་གནས་མཐོང་གྱུར་ན། །བྱང་ཆུབ་སེམས་དཔའ་མི་མཆོག་ཁ་ལོ་བསྒྱུར། །སྐྱེ་བ་གཅིག་རྗེས་སངས་རྒྱས་ཉིད་འགྱུར་ཏེ། །ཞིང་ཁམས་དེ་ན་སེམས་ཅན་ངན་སོང་དང༌། །འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་མེད། །ཉིན་མཚན་མེད་ཅིང་ཆོས་དབྱིངས་ཡེ་ཤེས་འོད། །སྐྱེ་རྒ་ན་འཆིའི་སྒྲ་ཡང་མི་གྲག་ཅིང༌། །སྐུ་གསུམ་ཡེ་ཤེས་ལྔ་ཡི་འོད་གསལ་བ། །རྒྱལ་བའི་སྐུ་ཚེའི་ཚད་ནི་མཐའ་ཡས་ཏེ། །བར་གྱི་བསྐལ་པ་ཆེན་པོ་བཅོ་བརྒྱད་ཡིན། །སེམས་ཅན་ཐམས་ཅད་ཐེག་པ་གསུམ་གྱིས་འདུལ་བར་བྱེད། །སངས་རྒྱས་དེ་ཡིས་བདུད་དང་ཕྱིར་རྒོལ་བཅོམ། །འཇིག་རྟེན་མཁྱེན་པ་མྱ་ངན་འདས་ནས་ཀྱང༌། །སྐུ་གདུང་མཆོད་རྟེན་རྒྱས་པའི་ཐད་དུ་ཡང༌། །མར་མེ་བྱེ་བ་ཕྲག་ནི་ཉིན་མཚན་འབར། །བདེ་བར་གཤེགས་པ་དམ་པའི་ཆོས་དག་ཀྱང༌། །ལོ་གྲངས་བྱེ་བ་སྟོང་ཕྲག་སྟོང་དུ་གནས། །རྒྱལ་བ་དེ་ཡི་མཚན་ནི་འཛིན་ནམ་འཆང༌། །མཐོང་ཐོས་རེག་གམ་དྲན་པ་དག་ཀྱང་རུང༌། །བྱང་ཆུབ་མཆོག་ལ་ཡང་དག་རེག་པར་འགྱུར། །ཞེས་གསུངས། དེ་ལྟ་བུའི་མངོན་པར་སངས་རྒྱས་པ་ནི་གཞི་གདོད་མ་ཉིད་ཀྱི་ཁམས་ནས་དེ་བཞིན་གཤེགས་པའི་སྙིང་པོའི་ཚུལ་དུ་བཞུགས་པ་དེ་མངོན་དུ་གྱུར་པ་ཡིན་པར་ཤེས་པར་བྱའོ། །མདོ་སྡེ་རྒྱན་ལས། གང་ལ་ཉོན་མོངས་ཤེས་བྱའི་སྒྲིབ་པའི་ས་བོན་དུས་རྟག་ཏུ་ལྡན་པ། །སྤོབས་པ་ཤིན་ཏུ་རྒྱ་ཆེན་རྣམ་པ་ཀུན་གྱིས་རབ་ཏུ་བཅོམ་གྱུར་ཅིང༌། །གནས་གྱུར་ཆོས་དཀར་ཡོན་ཏན་མཆོག་རབ་ལྡན་པ་ཐོབ་པ་སངས་རྒྱས་ཉིད། །དེ་ནི་མི་རྟོག་རབ་དག་ཤིན་ཏུ་ཡུལ་ཅན་ཡེ་ཤེས་ལམ་གྱིས་འཐོབ། །ཅེས་གསུངས་སོ། །འགྲེལ་ཆེན་དྲི་མེད་འོད་ལས། ཟླ་བ་ཉི་མའི་རྒྱུ་བ་ཉམས་ཤིང་ལམ་ནི་གཉིས་ཀ་ལ་ཡང་སྲོག་གི་རླུང་ནི་ཆེན་པོ་འགགས། །ཆུ་སྐྱེས་རྡོ་རྗེ་རབ་ཏུ་སད་ཅིང་རི་བོང་ཅན་ཞུ་ཉི་མའི་གཟུགས་ཅན་ལ་ནི་རབ་ཏུ་ཞུགས། །དངོས་དང་དངོས་མེད་གཅིག་གྱུར་རྣམ་གསུམ་སྲིད་པར་གནས་པའི་གཞོམ་མེད་ལེགས་པར་རབ་ཏུ་རྟོགས་གྱུར་པ། །དེ་ཡི་དུས་སུ་རྣལ་འབྱོར་པ་དེ་གང་ལ་གཉིས་ནི་ཅུང་ཟད་མེད་པ་མཆོག་གི་གོ་འཕང་འགྲོ། །ཞེས་གསུངས་ཏེ། ལམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པས་སྒྲིབ་པའི་རྩ་བ་གཡས་གཡོན་གྱི་ལས་རླུང་མ་ལུས་པ་འགགས་ཤིང་ཐིག་ལེ་འཕོ་མེད་དུ་བཅིངས་ནས་ལས་རྒྱ་ལ་བརྟེན་ནས་ལྟེ་བའི་ཨཱཿཤད་ཀྱི་གཏུམ་མོ་འབར་བས། དཔྲལ་བར་ཧཾ་གིས་བྱང་སེམས་ཞུས་ཏེ་དགའ་བཞིའི་འགྲོས་ཀྱིས་མར་དབབ་ཅིང༌། སླར་ཡང་སྐུ་བཞིའི་འགྲོས་ཀྱིས་ཡར་བསྐྱལ་ནས་བདེ་སྟོང་གི་ཏིང་ངེ་འཛིན་ལ་བརྟེན་ནས་ཡེ་ཤེས་ཆོས་ཉིད་འོད་གསལ་གྱི་དབྱིངས་སུ་བཞུགས་པ་དང༌། དངོས་དང་དངོས་མེད་ཀྱི་མཐའ་དང་བྲལ་བའི་སྲིད་གསུམ་གཞན་མཆོག་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་མངོན་དུ་བྱས་ནས། གཞི་གདོད་མ་ནས་བཞུགས་པའི་བདེ་གཤེགས་སྙིང་པོ་མཆོག་གི་གོ་འཕང་ཐོབ་པ་ཡིན་ནོ། །གཞི་ལ་བཞུགས་པའི་དེ་བཞིན་གཤེགས་པའི་སྙིང་པོ་མ་གཏོགས་པར་སངས་རྒྱས་ཐོབ་པའི་ཚུལ་མ་མཆིས་སོ། །གོ་སྐབས་མེད་པའི་ཕྱིར་རོ། །དཔལ་བརྟག་པ་གཉིས་པའི་རྒྱུད་ལས། འཇིག་རྟེན་ཁམས་ནི་གང་དུ་ཡང༌། །སངས་རྒྱས་གཞན་དུ་རྙེད་མི་འགྱུར། །སེམས་ནི་རྫོགས་པའི་སངས་རྒྱས་ཉིད། །སངས་རྒྱས་གཞན་དུ་བསྟན་པ་མེད། །ཅེས་གསུངས་སོ། །སཾ་བྷུ་ཊིའི་རྒྱུད་ལས། རང་གི་ལུས་ལ་སངས་རྒྱས་བཞུགས། །གཞན་དུ་གང་ན་སངས་རྒྱས་མེད། །མི་ཤེས་མུན་པས་བསྒྲིབས་པ་རྣམས། །ལུས་ལས་གཞན་དུ་སངས་རྒྱས་འདོད། །ཅེས་གསུངས། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད་དེ་ཆེན་པོའི་སངས་རྒྱས་གཞན་ནི་འཇིག་རྟེན་དག་ན་ཡོད་མ་ཡིན། །ཞེས་གསུངས། རྩོད་མེད་ཀྱི་གྲུབ་ཆེན་མང་པོས་ཀྱང་གསུངས་ཏེ། རྣལ་འབྱོར་གྱི་དབང་ཕྱུག་བཱིར་བ་པས། རང་གི་ལུས་ལ་སངས་རྒྱས་བཞུགས། །གཞན་དུ་གང་ན་སངས་རྒྱས་མེད། །སངས་རྒྱས་རྣམས་ཀྱི་ཡེ་ཤེས་སྐུ། །གཞན་དུ་བཙལ་བས་རྙེད་མི་འགྱུར། །ས་ར་ཧཱ་པས། མཁས་པ་བསྟན་བཅོས་འཆད་པ་ཐམས་ཅད་ཀྱིས། །ལུས་ལ་སངས་རྒྱས་ཡོད་པར་མ་རྟོགས་སོ། །དེ་ལྟར་རྟོགས་ནའང་གང་དུ་ཡང་ནི་འགྲོ་བ་མེད། །མཁས་པ་ངོ་ཚ་མེད་པས་དེ་མ་རྟོགས། །ཞེས་སོ། །རྗེ་བཙུན་དམ་པ་རྒྱ་གར་གྱིས། མྱང་འདས་ཆུང་ངུ་རྫོགས་པའི་སངས་རྒྱས་དང་གཏན་དུ་འགྲོགས་ཀྱང་རྒྱུས་མེད་པ་མང་པོ་གཅིག་གདའོ། །ཞེས་གསུངས། མ་ལབ་སྒྲོན་གྱིས། ཡེ་ནས་སངས་རྒྱས་ཡིན་པར་མ་རྟོགས་པར། །སངས་རྒྱས་གསར་བུ་དེས་ཀྱང་མི་འོང་ནས། །ཞེས་སོགས། མང་དུ་གསུངས་ཏེ། རང་ལ་གཞི་གདོད་མ་ནས་བཞུགས་པའི་སངས་རྒྱས་དེ་ལམ་མཆོག་བསྒོམས་པའི་སྟོབས་ཀྱིས་མངོན་དུ་གྱུར་པའི་ཚེ་ན་འབྲས་བུ་སངས་རྒྱས་ཉིད་དོ། །ཆོས་རྗེ་རིན་པོ་ཆེ་ཉིད་ཀྱིས་གསུངས་པ། གཞི་ལ་བཞུགས་པའི་ལམ་གྱི་ཐབས་མཆོག་གིས། །སྤྲིན་དང་རྡུལ་སོགས་སངས་པའི་ནམ་མཁའ་བཞིན། །དྲི་མ་ཀུན་སྤངས་དྲི་མེད་དེ་བཞིན་ཉིད། །མངོན་དུ་གྱུར་ཙམ་འབྲས་བུར་སྟོན་ལ་འདུད། །ཅེས་གསུངས། དེ་ལྟར་གཞི་ལ་བཞུགས་པའི་བདེ་གཤེགས་སྙིང་པོ་ནི། ཆོས་ཉིད། ཆོས་དབྱིངས། །ཆོས་སྐུ། དེ་བཞིན་ཉིད། ཡང་དག་པའི་མཐའ། གཞན་སྟོང༌། དེ་བཞིན་གཤེགས་པའི་སྙིང་པོ། ཐེག་པ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་མང་ངོ༌། །ཁང་བུ་བརྩེགས་པའི་མདོ་ལས། དེ་བཞིན་ཉིད་དང༌། སྟོང་པ་ཉིད་དང༌། མཐའ་ལས་འདས་པ་སྟོང་པ་ཉིད་དང༌། ཕྱི་མའི་མཐའ་སྟོང་པ་ཉིད་དང༌། ཆོས་ཉིད་རང་གི་ངོ་བོ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ཞེས་གསུངས་སོ། །མདོ་ལས། དེ་ལ་གཞན་གྱི་སྟོང་པ་ཉིད་གང་ཞེ་ན། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང༌། མ་བྱུང་ཡང་རུང༌། ཆོས་ཉིད་དང༌། ཆོས་ཀྱི་གནས་ཉིད་དང༌། ཆོས་ཀྱི་དབྱིངས་ཉིད་དང༌། ཆོས་སྐྱོན་མེད་པ་ཉིད་དང༌། མ་ནོར་བ་དེ་བཞིན་ཉིད་དང༌། གཞན་མ་ཡིན་པ་དེ་བཞིན་ཉིད་དང༌། ཡང་དག་པའི་མཐའ་དེ་བཞིན་ཉིད་ནི་གནས་ཏེ། ཆོས་དེ་དག་གཞན་གྱིས་སྟོང་པ་ཉིད་གང་ཡིན་པ་དེ་ནི་གཞན་གྱིས་དངོས་པོ་སྟོང་པ་ཉིད་ཅེས་བྱ་སྟེ། རབ་འབྱོར། ཆོས་དེ་དག་ནི་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོ་ཞེས་བྱའོ། །ཞེས་སོགས་མང་དུ་གསུངས་ཏེ། བདེ་བར་གཤེགས་པའི་སྙིང་པོའི་གོ་འཕང་ཐོབ་ན་ལྟ་ཅི་སྨོས། ཐོས་པ་ཙམ་གྱིས་དགེ་བའི་རྩ་བ་ཡོངས་སུ་རྫོགས་ནས་མཐར་སངས་རྒྱས་ཐོབ་པར་གསུངས་སོ། །ཡུམ་ཉི་ཁྲི་པར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་གང་གི་རྣ་ལམ་དུ་གྲགས་པ་དེ་ནི་སྔོན་གྱི་རྒྱལ་བ་རྣམས་ལ་བསྙེན་བཀུར་དང་དགེ་བའི་རྩ་བ་བསྐྱེད་པའོ། །ཞེས་དང༌། སོར་ཕྲེང་ལ་ཕན་པའི་མདོར། དེ་བཞིན་གཤེགས་པའི་སྙིང་པོ་ཐོས་པའི་བསོད་ནམས་ཀྱི་རྒྱུས་ནད་མེད་པ་དང༌། འཚེ་བ་མེད་པ་དང༌། ཚེ་རིང་བ་དང༌། འགྲོ་བ་ཐམས་ཅད་དགའ་བར་འགྱུར་རོ། །ཞེས་གསུངས། དབུ་མ་ཤེས་རབ་ཀྱི་སྒྲོན་མར། སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་དོ་སྟོན་པར་བྱེད་པའི་སེམས་ཅན་དེ་དག་གི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་སྟེ། དམ་པའི་ཆོས་འདོད་པའི་རིགས་ཀྱི་བུ་དེ་དག་ནི། སྡིག་པའི་ལས་གྲངས་མེད་པར་བྱས་པ་རྣམས་ནི། ཀླད་པ་ན་བ་དང༌། རིམས་ཀྱིས་བཏབ་པ་དང༌། ཟུག་རྔུ་དང་སྐུར་བ་བཏབ་པ་ཐམས་ཅད་བྱང་བར་འགྱུར་རོ། །ཞེས་སོ། །རྟོགས་པ་ཆེན་པོ་ཡོངས་སུ་རྒྱས་པའི་མདོར། ང་ནི་འདི་ནས་གཤེགས་ཕྱིན་ནས། །མི་ཡི་ནང་ནས་ལ་ལ་ཞིག །སེམས་ཅན་རྣམ་པ་ཐམས་ཅད་ལ། །བདེ་གཤེགས་སྙིང་པོ་ཡོད་དོ་ཞེས། །མོས་པ་རྣམ་དག་བྱེད་ནུས་ན། །སངས་རྒྱས་བཀའ་དྲིན་འཚོ་བ་ཡིན། །ཞེས་དང༌། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལས། ཐ་ན་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བའི་མིང་ཐོས་པ་དེ་དག་ཐམས་ཅད། མཐར་གྱིས་དགེ་བའི་རྩ་བ་ཡོངས་སུ་སྨིན་ནས་ཡོན་ཏན་བཀོད་པ་དེ་འདྲ་བ་ཉིད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །ཞེས་སོགས་མདོ་རྒྱུད་མང་པོར་ཕན་ཡོན་དཔག་ཏུ་མེད་པར་གསུངས་སོ།།
མ་གུས་ཤིང་ཐེ་ཚོམ་ཅན་ལ་ཉེས་དམིགས་ཡང་གསུངས་ཏེ། མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་སྤོང་བར་བྱེད་པ་གང་ཡིན་པ་དེ་དག་ནི་བ་ལང་དང་འདྲ་སྟེ། དཔེར་ན་དྲིན་དུ་མི་བཟོ་བ་དག་གིས་བདག་བསད་པར་སེམས་པ་ལྟ་བུ་དེ་དག་མཆོག་ཏུ་མྱ་ངན་བྱ་བ་དེ་བཞིན་དུ། དེ་བཞིན་གཤེགས་པའི་སྙིང་པོ་སྤངས་ནས། བདག་མེད་པར་སྟོན་པའི་སེམས་ཅན་གང་ཡིན་པ་དེ་དག་ནི་མཆོག་ཏུ་མྱ་ངན་བྱ་བར་ཡིན་པར་རིག་པར་བྱའོ། །ཞེས་གསུངས། འཕགས་པ་རྔ་བོ་ཆེའི་མདོ་ལས། དེ་བཞིན་གཤེགས་པའི་སྙིང་པོའི་གཏམ་བསྟན་པ་ལ་སྨོད་པས། སངས་རྒྱས་རྟག་པ་ཉིད་ཀྱི་གཏམ་ཡོངས་སུ་སྤོང་བར་འགྱུར་རོ། །དེ་ཉིད་ཡོངས་སུ་མྱ་ངན་ལས་འདས་པར་མི་འགྱུར་ཏེ། ཞེས་སོགས་མང་དུ་གསུངས་སོ། །དེ་བཞིན་གཤེགས་པའི་སྙིང་པོ་ནི་འདུས་མ་བྱས་པའི་ཆོས་ཐམས་ཅད་ཀྱི་ས་བོན་ནམ་སྙིང་པོ་ཡིན་ནོ། །ལྷ་མོ་དཔལ་ཕྲེང་གི་མདོ་ལས། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་ནི་འདུས་བྱས་ཀྱི་མཚན་ཉིད་ཀྱི་ཡུལ་ལས་འདས་པ་ལགས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་ནི་དོན་དམ་པའི་ཆོས་ཀྱི་དབྱིངས་ཀྱི་སྙིང་པོ་ལགས་སོ། །ཆོས་ཀྱི་སྐུའི་སྙིང་པོ་ལགས་སོ། །འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྙིང་པོ་ལགས་སོ། །རང་བཞིན་གྱིས་ཡོངས་སུ་དག་པའི་སྙིང་པོ་ལགས་སོ། །ཞེས་སོགས་དེ་བཞིན་གཤེགས་པའི་སྙིང་པོ་ཡོན་ཏན་མཐའ་ཡས་པར་གསུངས་སོ། །
དེ་ཡང་བདག་གི་དཔལ་ལྡན་བླ་མ་ཆོས་རྗེ་ཐམས་ཅད་མཁྱེན་པ་འདིས་ཀྱང་ཚོགས་གཉིས་ཀྱི་དགེ་བ་རྒྱ་ཆེན་པོར་བསགས་པས་རང་དོན་དམ་པ་གཞི་གདོད་མ་ནས་བཞུགས་པའི་ཆོས་ཉིད་ཀྱི་སྐུ་ཐོབ་ཅིང༌། སྨོན་ལམ་གྱི་སྟོབས་དང་གདུལ་བྱ་རང་གི་མོས་པའི་སྟོབས་ཀྱིས་གཞན་དོན་སྤྲུལ་པའི་སྐུར་གྱུར་ནས་གང་ལ་གང་འདུལ་གྱིས་ཐབས་ཚུལ་དཔག་ཏུ་མེད་པ་སྟོན་པར་མཛད་དོ། །འཕགས་པ་གསེར་འོད་དམ་པའི་མདོ་ལས། ནམ་མཁའི་སྙིང་པོས་གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ནི་སྐུ་མངོན་པར་འདུ་བགྱི་བ་ཐམས་ཅད་དང་བྲལ་བ་ལགས་ན། འོ་ན་མངོན་པར་འདུ་བགྱི་བ་མེད་པར་ཇི་ལྟར་སེམས་ལ་གཟུགས་སྐུ་འབྱུང་བར་འགྱུར། བཀའ་སྩལ་པ། དེ་བཞིན་གཤེགས་པ་ཐམས་ཅད་ལ་སྐུ་གསུམ་མངའ་སྟེ། འདི་ལྟ་སྟེ། ཆོས་ཀྱི་སྐུ་དང༌། ལོངས་སྤྱོད་རྫོགས་པའི་སྐུ་དང༌། སྤྲུལ་པའི་སྐུའོ། །གསོལ་པ། བཅོམ་ལྡན་འདས་དེ་བཞིན་ཉིད་ཀྱི་ཡེ་ཤེས་ལ་རྣམ་པར་རྟོག་པ་མི་མངའ་བ་བཞིན་དུའང་འཕྲིན་ལས་ཐམས་ཅད་ལས་མངའ་བརྙེས་པ་ལགས་སམ། བཀའ་སྩལ་པ། ནམ་མཁའི་སྙིང་པོ་དཔེར་ན་ཉི་ཟླ་དང་ཆུ་དང་མེ་ལོང་ལ་རྟོག་པ་མེད་བཞིན་དུ་གཟུགས་བརྙན་འབྱུང་ངོ༌། །དེ་བཞིན་དུ། དེ་བཞིན་ཉིད་ཀྱི་ཡེ་ཤེས་ལ་རྣམ་པར་རྟོག་པ་མི་མངའ་ཡང༌། སྨོན་ལམ་གྱི་སྟོབས་ཀྱིས་སེམས་ཅན་སྐལ་བ་དང་ལྡན་པ་རྣམས་ལ་གཟུགས་ཀྱི་སྐུ་གཉིས་ཀྱིས་འགྲོ་བའི་དོན་མཛད་དོ། །ཞེས་གསུངས་སོ། །ལག་ན་མེ་ཏོག་ཚོགས་ཀྱི་མདོར། སེམས་ཅན་ལ་ལར་དེ་བཞིན་གཤེགས་པའི་གཟུགས་སྟོན་ཏོ། །སེམས་ཅན་ལ་ལར་ལྷ་ཡི་ལུས་མཐོང་བས་འདུལ་ལོ། །སེམས་ཅན་ལ་ལར་སྐྱེས་པའི་གཟུགས་ཀྱིས་འདུལ་ལོ། །ལ་ལར་བུད་མེད་ཀྱི་གཟུགས་སུ་མཐོང་བས་འདུལ་ལོ། །ལ་ལར་ལུས་ཆེན་པོས་འདུལ་ལོ། །ལ་ལར་ལུས་ཆུང་ངུས་འདུལ་ལོ། །ཞེས་སོ། །སྤྱོད་འཇུག་ལས། ཡིད་བཞིན་ནོར་བུ་དཔག་བསམ་ཤིང༌། །ཇི་ལྟར་རེ་བ་ཡོངས་བསྐང་བ། །དེ་བཞིན་གདུལ་བྱ་སྨོན་ལམ་གྱི། །དབང་གིས་རྒྱལ་བའི་སྐུར་སྣང་ངོ༌། །ཞེས་གསུངས། རྒྱུད་བླ་མར། ཇི་ལྟར་བཻ་ཌཱུར་ས་གཞི་གཙང་མ་ལ། །ལྷ་དབང་འོད་ཀྱིས་གཟུགས་བརྙན་འཆར་བ་ལྟར། །དེ་བཞིན་གདུལ་བྱའི་འགྲོ་སེམས་དག་པ་ལ། །ཐུབ་པའི་དབང་པོའི་སྐུ་ནི་གཟུགས་བརྙན་འཆར། །ཞེས་གསུངས། ཆོས་དབྱིངས་བསྟོད་པ་ལས། དྲི་མ་མེད་པའི་ཆོས་སྐུ་ལ། །ཡེ་ཤེས་རྒྱ་མཚོར་གནས་གྱུར་ན། །སྣ་ཚོགས་ནོར་བུ་ཇི་བཞིན་དུ། །དེ་ལས་སེམས་ཅན་དོན་མཛད་འབྱུང༌། །ཞེས་གསུངས་པ་ལྟར། བདག་གི་དཔལ་ལྡན་བླ་མ་འདིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་དགེ་བ་རྒྱ་ཆེན་པོར་ཡོངས་སུ་རྫོགས་པས་རྒྱལ་བའི་སྐུ་གཉིས་ཀྱི་ཚུལ་དུ་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་སུ་སྒྱུ་མ་སྤྲུལ་པ་མཐའ་ཡས་པས། མཐའ་ཡས་པའི་སེམས་ཅན་ལ་མཐའ་ཡས་པའི་སྐད་ཀྱིས་ཐམས་ཅད་མཁྱེན་པའི་གསུང་གིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་སྟོན་པར་མཛད་དོ། །དཔེར་ན་སྐྱེས་བུ་སྒྱུ་མ་མཁན་ཆེན་པོ་ཞིག་གིས་སྒྱུ་མའི་གཟུགས་དུ་མར་སྤྲུལ་ཏེ། ཤིང་རྩ་ཆེན་པོ་འབྱིན་ཅིང་རི་རབ་རྩེ་མོ་ཡང་བསྐྱོད་དོ། །ལྷ་དང་མིའི་ཁྱབ་འཇུག་ལ་སོགས་སྒྱུ་མའི་གཟུགས་མཐའ་ཡས་པ་དུས་གཅིག་ཏུ་སྤྲུལ་པར་སྟོན་ཏོ། །དེ་བཞིན་དུ། སངས་རྒྱས་ཀྱང་སྒྱུ་མའི་སྤྲུལ་པའི་སྐུ་སྤྲུལ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དང་སྲིད་པ་གསུམ་དུ་སེམས་ཅན་ཐམས་ཅད་ཀྱི་དོན་དུས་གཅིག་ཏུ་མཛད་དོ། །འགྲེལ་ཆེན་དྲི་མེད་འོད་ལས། རྣམ་པ་ཀུན་གྱི་མཆོག་ལྡན་པ། །སྐུ་ནི་མོས་པ་སྣ་ཚོགས་ལས། །རང་རང་བསམ་པ་སེམས་ཅན་གྱི། །མཐོང་བ་སྤྲུལ་པའི་མཚན་ཉིད་དོ། །གང་ཞིག་སེམས་ཅན་ཀུན་གྱི་སྒྲས། །རྫུ་འཕྲུལ་དག་གིས་རབ་གསལ་བྱེད། །སེམས་ཅན་བསམ་པའི་དབང་གིས་ནི། །ལོངས་སྤྱོད་རྫོགས་སྐུའི་མཚན་ཉིད་དོ། །མི་རྟག་པ་མིན་རྟག་པའང་མིན། །གཅིག་མིན་དུ་མའི་མཚན་ཉིད་མིན། །དངོས་མིན་དངོས་པོ་མེད་པའང་མིན། །འདི་ནི་རྟེན་འབྲེལ་ཆོས་སྐུའོ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་ཅིང༌། །ཆགས་དང་ཆགས་བྲལ་རྣམ་པར་སྤངས། །ཤེས་རབ་མ་ཡིན་ཐབས་ཀྱང་མིན། །འདི་ནི་ངོ་བོ་ཉིད་སྐུ་གཞན། །དུས་ཀྱི་འཁོར་ལོ་ཞེས་པར་གྲགས། །སྐུ་བཞིའི་བདག་ཉིད་ཞི་བ་ལ། །དངོས་པོ་ཀུན་གྱིས་ཕྱག་འཚལ་ཏེ། །ཞེས་གསུངས་ཏེ། གདུལ་བྱའི་དོན་དུ་སངས་རྒྱས་སྐུ་བཞིར་ཕྱེ་སྟེ་ཆོས་ཀྱི་སྐུ་ལས་དོན་དམ་པའི་སྤྲུལ་སྐུ་འབྱུང་ནས། མོས་པ་སྣ་ཚོགས་པའི་སྟོབས་ལས་སེམས་ཅན་གྱི་རང་གི་བསམ་པ་དང་མཐུན་པར་སྐུའི་བཀོད་པ་སྣ་ཚོགས་པ་ཤར་བ་ནི་ཀུན་རྫོབ་ཀྱི་སྤྲུལ་སྐུའོ། །དེ་ལས་གཞོམ་དུ་མེད་པའི་རྣམ་པ་ཐམས་ཅད་པའི་སྒྲའི་ངོ་བོར་གནས་པ་ནི་དོན་དམ་པའི་ལོངས་སྤྱོད་རྫོགས་པའི་སྐུའོ། །དེ་ལས་སེམས་ཅན་རྣམས་ལ་མཐའ་ཡས་པའི་སེམས་ཅན་ལ་རང་རང་གི་སྐད་དུ་ཆོས་སྟོན་པ་ནི་ཀུན་རྫོབ་ཀྱི་ལོངས་སྐུ་ནི་ངེས་པ་ལྔ་ལྡན་གྱི་གཟུགས་སྐུའོ། །ཡོད་མེད་རྟག་ཆད་སོགས་ཀྱི་མཐའ་ལས་འདས་པའི་འདུས་མ་བྱས་པའི་ཡེ་ཤེས་ནི་ཆོས་ཀྱི་སྐུའོ། །ཐབས་ཤེས་དབྱེར་མེད་མི་འགྱུར་བདེ་སྟོང་གི་ཡེ་ཤེས་ནི་ངོ་བོ་མཉམ་ཉིད་ལྷན་ཅིག་སྐྱེས་པའི་སྐུའོ། །དེ་ལ་ལྷན་ཅིག་སྐྱེས་པའི་སྐུ་ནི་རང་དོན་ཕུན་སུམ་ཚོགས་པ་དང༌། ཆོས་ཀྱི་སྐུ་ནི་གཞན་དོན་ཕུན་སུམ་ཚོགས་སུ་གསུངས་ཤིང༌། ལྷན་ཅིག་སྐྱེས་པའི་སྐུ་ལས་ཆོས་ཀྱི་སྐུ་འབྱུང་ངོ༌། །ཆོས་ཀྱི་སྐུ་ལས་ལོངས་སྐུ་འབྱུང༌། ལོངས་སྐུ་ལས་སྤྲུལ་སྐུ་འབྱུང་གསུངས་སོ། །འདི་དག་ནི་སྔགས་ཀྱི་ཐེག་པ་ཐུན་མོང་མ་ཡིན་པའི་རྣམ་གཞག་གོ །འཇམ་དཔལ་ལྟ་འདོད་ལས། སངས་རྒྱས་ཤཱཀྱ་སེང་གེ་ཡིས། །སེམས་ཅན་བསམ་པའི་དབང་གིས་ནི། །སྐུ་ནི་གཅིག་གཉིས་གསུམ་དང་ནི། །བཞི་དང་ལྔ་རུ་གསུངས་པ་སྟེ། །ཞེས་སོགས་དུ་མར་གསུངས་སོ། །དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ལས། དཔལ་ལྡན་ཟླ་བ་དང་ནི་ཟླ་བ་ཆུ་ཤེལ་རྣམ་རྟོག་མེད་པའི་རང་བཞིན་ལས་ནི་ཆུ་འབྱུང་བ། །དེ་བཞིན་འཇིག་རྟེན་དུ་ནི་རྒྱལ་བའི་བདག་པོ་ཕུང་པོ་ལ་བརྟེན་ཐམས་ཅད་མཁྱེན་པའི་ཆོས་འཛགས་ཏེ། །ཆུ་ནི་ས་བོན་ཁམས་ལ་ཀུན་ཏུ་བརྟེན་ནས་རོ་མཉམ་འགྱུར་བ་ཇི་བཞིན་ཉིད་དུ་ཆོས་དག་ནི། །སེམས་ཅན་རྣམས་ཀྱིས་དག་པའི་སེམས་ཀྱི་རྣམ་པ་མང་པོར་འགྱུར་ཏེ་སྔོན་གྱི་མཐུ་ལས་སོ། །ཞེས་གསུངས་པ་ནི་རང་དོན་དམ་པ་ཆོས་སྐུ་ཐོབ་ཅིང༌། གཞན་དོན་དམ་པ་གཟུགས་སྐུ་ཐོབ་པས། ཀུན་སློང་གི་རྣམ་རྟོག་མེད་བཞིན་དུ་སེམས་ཅན་གྱི་དོན་མཛད་དེ། ཆོས་གསུངས་པ་ཡང་གདུལ་བྱ་རྣམས་ལ་མོས་པའི་དབང་གིས་ཐེག་པ་གསུམ་དུ་གྱུར་ཏེ། དཔེར་ན་ཆུ་ཉིད་གཅིག་ཀྱང་ས་བོན་སྣ་ཚོགས་པ་དང་ཕྲད་ཅིང་འདྲེས་པས་མྱུ་གུ་སྣ་ཚོགས་པ་འབྱུང་བ་བཞིན་ནོ། །རྒྱུད་ལས། དེ་དག་རྣམས་ཀྱིས་དུས་ཀྱི་འཁོར་ལོའི་རྫུ་འཕྲུལ་རབ་ཏུ་གསལ་བྱེད་ཆེན་པོ་དུ་མ་སྤྲུལ་པའི་སྐུ། །རྡོ་རྗེ་འབར་བ་འཕྲོ་བ་རྣམས་ཀྱིས་འདོད་པའི་ཁམས་ན་གནས་པ་ལྷ་མིན་དང་ནི་མི་རྣམས་དང༌། །ལོངས་སྤྱོད་རྫོགས་པའི་གཟུགས་ཅན་རྣམས་དང་མཁའ་ལ་རྒྱལ་བའི་སྲས་སོགས་དགྲ་བཅོམ་རྣམས་ལ་ཆོས་སྐུ་ཡིས། །སྟོང་པ་ཆ་ཡི་སྲིད་གསུམ་མཐའ་དག་སྟོང་པའི་ཟད་པར་རླུང་རྣམས་ཀྱིས་ནི་རླུང་གི་ཟད་པར་ཏེ། །མེ་ཡི་ཆ་ཤས་རྣམས་ཀྱིས་མེ་ཡི་ཟད་པར་ཆུ་ཡང་འགྲོ་ལ་སྤྲོས་པའི་ཆུ་ཡི་ཆ་རྣམས་ཀྱིས། །འཛིན་མའི་ཆ་ཤས་རྣམས་ཀྱིས་ས་ཡི་ཟད་པར་ཚོགས་པའི་ཡུལ་རྣམས་ཀྱིས་ནི་དངོས་པོའི་རང་བཞིན་ཀུན། །ཀུན་ནས་ནམ་མཁའ་དག་དང་མཚུངས་པའི་གཅིག་གིས་བདག་ཉིད་འདི་ནི་དག་པའི་ས་ལ་སྟོན་པར་མཛད། །ཅེས་གསུངས་པ་ལྟར་རོ། །སངས་རྒྱས་ཀྱི་འཕྲིན་ལས་ལྷུན་གྲུབ་རྒྱུན་མི་འཆད་པར་འབྱུང་བར་གསུངས་ཏེ། རྒྱུད་བླ་མར། གདུལ་བྱའི་ཁམས་དང་འདུལ་བའི་ཐབས་དང་ནི། །གདུལ་བྱའི་ཁམས་ཀྱིས་འདུལ་བར་བྱ་བ་དང༌། །དེ་ཡི་ཡུལ་དང་དུས་སུ་གཤེགས་པ་ལ། །ཁྱབ་འཇུག་རྟག་ཏུ་ལྷུན་གྱིས་གྲུབ་པར་འཇུག །ཅེས་སོ། །གཞན་གྱི་དབང་གིས་ངེས་འབྱུང་དང༌། །བདག་དང་སེམས་ཅན་མཚུངས་གཟིགས་ཏེ། །མཛད་པ་ཡོངས་སུ་མ་རྫོགས་པར། །འཁོར་བ་སྲིད་དུ་འཛད་མི་འཆད། །ཅེས་གསུངས་སོ། །
ཁྱད་པར་དུ་བདག་གི་དཔལ་ལྡན་བླ་མ་འདི་ཉིད་མ་འོངས་པར་སངས་རྒྱས་སུ་ལུང་བསྟན་པ་ནི། གོང་བཞིན་དུ་གསུངས་ཏེ། འཕགས་པ་མེ་ཏོག་འཁོར་ལོས་ཞུས་པའི་མདོ་ལས། སའི་སྙིང་པོས་གསོལ་པ། བཅོམ་ལྡན་འདས། དེ་བཞིན་གཤེགས་པ་དང་མིང་མཐུན་པའི་དགེ་སློང་དེ་ཤི་འཕོས་ནས་གང་དུ་སྐྱེ་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དག་ཉོན་ཅིག །ངའི་མིང་འཆང་བའི་དགེ་སློང་དེ་ཤི་འཕོས་ནས་འཚང་རྒྱ་བར་འགྱུར་ཏེ། སངས་རྒྱས་སྟོང་ཡོངས་སུ་མྱ་ངན་ལས་འདས་ཏེ། བསྐལ་པ་དྲུག་ཅུ་རྩ་གཉིས་འདས་པའི་འོག་ཏུ། འཇིག་རྟེན་གྱི་ཁམས་མངོན་པར་དང་བའི་འོད་ཞེས་བྱ་བའི་ཞིང་དུ་སངས་རྒྱས་ཏེ། ཞིང་ཁམས་དེ་ན་ངན་སོང་གསུམ་གྱི་སྒྲ་ཙམ་ཡང་མི་གྲག་གོ །ཉོན་མོངས་པ་བག་ལ་ཉལ་བ་དང་ཀུན་ནས་ལྡང་བ་འབྱུང་བར་མི་འགྱུར་རོ། །སངས་རྒྱས་ཡེ་ཤེས་འབྱུང་གནས་འོད་དེ་ཡི་སྐྱེ་བའི་ཡུལ་ནི་གྲོང་ཁྱེར་ཆེན་པོ་བསོད་ནམས་འབྱོར་དང་ལྡན་པ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་ཏེ་འོད་ནི་དཔག་ཚད་བཅུ་དགུ་ཡོད་དོ། །སངས་རྒྱས་ཡེ་ཤེས་འབྱུང་གནས་ཀྱི་ཡབ་ནི་མྱ་ངན་མེད་པའི་རྒྱ་མཚོ་ཞེས་བྱའོ། །ཡུམ་ནི་དགའ་བའི་རྒྱ་མཚོ་ཞེས་བྱའོ། །སངས་རྒྱས་དེའི་སྲས་ནི་ཡིད་གཞུངས་ལ་མཁས་པ་ཞེས་བྱའོ། །རིམ་གྲོ་པ་ནི་འཕགས་པ་ལེགས་པར་སྦྱིན་པ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡེ་ཤེས་ཡང་དག་འཕགས་པ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བསོད་ནམས་དགའ་བ་ཞེས་བྱའོ། །འདས་པ་དང་པོ་ལ་ནི་འཁོར་ཉན་ཐོས་བྱེ་བ་ཕྲག་སྟོང་ཡོད་དོ། །གཉིས་པ་ལ་ནི་ཉན་ཐོས་བྱེ་བ་ཕྲག་བརྒྱ་ཡོད་དོ། །གསུམ་པ་ལ་ནི་ཉན་ཐོས་བྱེ་བ་ཕྲག་བདུན་ནོ། །ད་ལྟ་དགེ་སློང་དེ་ལ་དད་པ་ཐོབ་པར་འགྱུར་བ་གང་ཡིན་པ་དང༌། གང་དག་ཆོས་ཉན་པ་དང་ཕྱོགས་སུ་གྱུར་པ་ཐམས་ཅད་ཀྱང་མ་འོངས་པའི་སངས་རྒྱས་ཀྱི་ཞིང་དེ་རུ་སྐྱེ་བར་འགྱུར་རོ། །སའི་སྙིང་པོ་དེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་གནས་འདི་ཉིད་ཀྱི་འཁོར་ཉན་ཐོས་ཀྱི་མཆོག་ཏུ་འགྱུར་རོ། །རྫུ་འཕྲུལ་ཆེན་པོ་དང་མངོན་པར་ཤེས་པ་ལྔའི་འབྱོར་བ་དང་ལྡན་པར་འགྱུར་རོ། །རྟག་ཏུ་དལ་བ་དང་ལྡན་པར་འགྱུར་རོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བ། ཁ་ལོ་བསྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཡེ་ཤེས་འབྱུང་གནས་འོད་ཀྱི་སྐུ་ཚེའི་ཚད་ནི་བར་གྱི་བསྐལ་པ་བཅོ་བརྒྱད་དོ། །དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང༌། དམ་པའི་ཆོས་ནི་ལོ་གྲངས་བྱེ་བ་སྟོང་ཕྲག་སྟོང་དུ་གནས་པར་འགྱུར་རོ། །སངས་རྒྱས་ཡེ་ཤེས་འབྱུང་གནས་ཀྱི་མཚན་ཐོས་ནས་འཛིན་པའི་སེམས་ཅན་དེ་དག་གི་བསོད་ནམས་ཚད་མེད་གྲངས་མེད་པ་ཐོབ་པར་འགྱུར་རོ། །བསྐལ་པ་སྟོང་དུ་འཁོར་བ་བསྙིལ་བར་འགྱུར་རོ། །སངས་རྒྱས་ཀྱི་བྱང་ཆུབ་ཀྱང་ཐོབ་པར་འགྱུར་རོ། །རིགས་ཀྱི་བུ། དགེ་སློང་ངའི་མིང་འཆང་བ་དང་ཕྲད་དཀའ་བའི་འདུ་ཤེས་བསྐྱེད་པར་གྱིས་ཤིག །སངས་རྒྱས་དང་ཆོས་དང་དགེ་འདུན་ནི་ཤིན་ཏུ་དཀོན་པའི་འདུ་ཤེས་བསྐྱེད་པར་གྱིས་ཤིག །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་གསུངས་ནས། འཁོར་ཐམས་ཅད་ཀྱིས་ཀྱང་མ་འོངས་པའི་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བའི་སྤྲོ་བ་བསྐྱེད་དོ། །ཞེས་གསུངས་སོ། །མ་འོངས་པའི་དུས་སུ་སངས་རྒྱས་སུ་འགྱུར་བའི་རབས་སོ་གཉིས་པ་སྟེ་ཐ་མའོ།། །།
༈ དེ་ལྟར་མཚན་ཉིད་དང་ལྡན་པའི་དཔལ་ལྡན་བླ་མ་ཡོངས་འཛིན་ཁྱད་པར་ཅན་དང་ཕྲད་པ་དང༌། རང་ཉིད་དལ་འབྱོར་ཕུན་ཚོགས་ཐོབ་པ་དང༌། དམ་པའི་ཆོས་ཀྱི་ཕྱོགས་སུ་བློ་འཇུག་པ་རྣམས་ནི་ཤིན་ཏུ་དཀའ་བར་རིག་པར་བྱའོ། །དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཕྱི་མར། འཁོར་བར་མི་ཉིད་དུ་ནི་འགྱུར་བ་དག་ཀྱང་བརྒྱ་ལམ་ན་སྟེ་ཆོས་ཀྱི་བློ་ནི་རེས་འགའ་ན། །དེ་ལས་དགེ་བའི་དབང་གིས་སངས་རྒྱས་ལ་ནི་རྗེས་ཆགས་གྱུར་ཀྱང་དང་པོའི་ཐེག་པར་རབ་ཏུ་འཇུག །དེ་ལས་དཔལ་ལྡན་རྡོ་རྗེའི་ཐེག་པ་བསྒོམ་པ་ལ་ནི་བློ་གྲོས་མ་ལུས་བརྒྱ་ལམ་དག་ན་འཇུག །དེ་ལ་སངས་རྒྱས་ཉིད་འདོད་མཆོག་གི་བདེ་བའི་གོ་འཕང་དག་ལ་འཇུག་པ་ཨེ་མ་ཤིན་ཏུ་དཀའ། །ཞེས་གསུངས། འཕགས་པ་སྡོང་པོ་བཀོད་པའི་མདོ་ལས། མི་ཁོམ་པ་བརྒྱད་ལས་ལྡོག་པ་ཡང་རྙེད་པར་དཀའོ། །མིར་གྱུར་པ་ཡང་རྙེད་པར་དཀའོ། །དལ་བ་ཕུན་སུམ་ཚོགས་པ་ཡང་རྙེད་པར་དཀའོ། །སངས་རྒྱས་རྒྱས་འབྱུང་བ་ཡང་རྙེད་པར་དཀའོ། །སངས་རྒྱས་ཀྱི་ཆོས་ཉན་པར་བྱེད་པ་ཡང་རྙེད་པར་དཀའོ། །ཡང་དག་པའི་བཤེས་གཉེན་རྣམས་ཀྱང་རྙེད་པར་དཀའོ། །ཞེས་དང༌། མྱ་ངན་འདས་པ་ཆེན་པོའི་མདོར། སངས་རྒྱས་ཨུ་དུམ་ཝཱ་ར་ལྟར། །ཕྲད་པའི་དུས་ཀྱང་ཤིན་ཏུ་དཀའ། །མི་ལུས་ཐོབ་པ་ཤིན་ཏུ་དཀའ། །ཇི་ལྟར་རྒྱ་མཚོ་ཆེན་པོའི་ནང༌། །རུ་སྦལ་ལོང་བ་འབྱུང་བ་དེ། །གཉའ་ཤིང་བུ་གར་མགོ་ཚུད་བཞིན། །སངས་རྒྱས་འབྱུང་བ་དེ་བས་དཀའ། །ཞེས་གསུངས། འཕགས་པ་ཀུན་ནས་དགེ་བའི་མདོར། །རྫོགས་པའི་སངས་རྒྱས་གྲགས་ལྡན་པ། །དེ་དག་མཐོང་བར་རྙེད་པར་དཀའ། །ཨུ་དུམ་ཝཱ་རའི་མེ་ཏོག་བཞིན། །བསྐལ་པ་བྱེ་བར་རྙེད་པར་དཀའ། །ཞེས་གསུངས། སྨན་བླའི་མདོར། ཀུན་དགའ་བོ། མིར་གྱུར་པ་ནི་རྙེད་པར་དཀའོ། །དཀོན་མཆོག་གསུམ་ལ་དད་ཅིང་རྙེད་པར་དཀའོ། །དེ་བཞིན་གཤེགས་པའི་མཚན་ཐོས་པ་ཡང་རྙེད་པར་དཀའོ། །ཞེས་གསུངས། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམ་ཝཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ༌། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །ཞེས་སོགས་མདོ་རྒྱུད་རྣམས་ལས་མང་དུ་གསུངས་སོ། །དེ་ལྟ་བུའི་རྙེད་པར་དཀའ་བའི་ཆོས་ནི་དཔལ་ལྡན་བླ་མའི་ཞལ་ནས་བརྟེན་དགོས་པར་གསུངས་སོ། །བཅོམ་ལྡན་འདས་ཀྱིས་རྩ་བའི་རྒྱུད་ལས། བླ་མའི་ཞལ་ལ་མ་བརྟེན་པར། །དེ་ཡི་མན་ངག་མ་ཐོབ་པར། །འཁོར་བའི་རྒྱ་མཚོ་རྒྱ་ཆེ་ལས། །ཕ་རོལ་ཕྱིན་པར་མི་འགྱུར་རོ། །ཞེས་གསུངས་པས། དེ་བས་ན་བླ་མའི་རྒྱུ་དང་རང་གི་རྐྱེན་འཛོམས་པ་ལས་ཐུན་མོང་དང་མཆོག་གི་དངོས་གྲུབ་ཐོབ་པར་གསུངས་སོ། །དཔལ་དོན་དམ་བསྙེན་པ་ལས། འདོད་པའི་དངོས་གྲུབ་སློབ་དཔོན་ཞལ་གྱི་རྗེས་འབྲང་བར། །མ་ལུས་རྡོ་རྗེ་ཐེག་པར་ཐམས་ཅད་མཁྱེན་པས་གསུངས། །ཞེས་དང༌། གསང་འདུས་རིམ་ལྔ་ལས། རི་དབང་རྩེ་ལ་འགའ་ཞིག་ལྷུང་གྱུར་ན། །ལྷུང་བར་མི་འགྱུར་སྙམ་ཡང་ལྷུང་བར་འགྱུར། །བླ་མའི་དྲིན་གྱིས་ཕན་པའི་ལུང་ཐོབ་ནས། །གྲོལ་བར་མི་འགྱུར་སྙམ་ཡང་གྲོལ་བར་འགྱུར། །ཞེས་གསུངས། གྲུབ་ཆེན་དྲིལ་བུ་པས། ཉི་མའི་དཀྱིལ་འཁོར་རབ་ཚ་ཡང༌། །མེ་ཤེལ་མེད་པས་མེ་མི་འབྱུང༌། །དེ་བཞིན་སངས་རྒྱས་བྱིན་རླབས་ཀྱང༌། །བླ་མ་མེད་ན་འབྱུང་མི་འགྱུར། །ཞེས་གསུངས། བདེ་མཆོག་རིམ་ལྔ་ལས། རང་སེམས་སྟོན་པའི་བླ་མ་ནི། །སྙིང་གི་དཀྱིལ་ལམ་ལག་པའི་མཐིལ། །སྤྱི་བོའི་གཙུག་ཏུ་སུས་བསྒོམ་པ། །སངས་རྒྱས་སྟོང་གི་ཡོན་ཏན་ནི། །གང་ཟག་དེ་ཡིས་འཛིན་པར་འགྱུར། །ཞེས་གསུངས་ཏེ། རང་སེམས་གཞི་གདོད་མ་ནས་བཞུགས་པའི་བདེ་བར་གཤེགས་པའི་སྙིང་པོ་གསལ་བར་སྟོན་པའི་དཔལ་ལྡན་བླ་མ་དམ་པ་དེ་ནི། སྙིང་པད་མ་འདབ་བརྒྱད་ཀྱི་དཀྱིལ་ལམ། ལག་མཐིལ་གཉིས་སམ། འདུག་པའི་ཚེ་ན་སྤྱི་བོའི་གཙུག་གམ། འགྲོ་བའི་ཚེ་ན་མདུན་གྱི་ནམ་མཁར་སུས་བསྒོམས་པའི་གང་ཟག་དེས། སངས་རྒྱས་སྟོང་གི་ཡོན་ཏན་ཐམས་ཅད་ཀྱང་གང་ཟག་དེ་ཡིས་ཐོབ་པའམ་འཛིན་པར་འགྱུར་རོ། །གསུངས་སོ། །དུས་རྟག་ཏུ་བླ་མ་ལ་ཇི་ལྟར་འདོད་པའི་དོན་དུ་གསོལ་བ་བཏབ་ཅིང་ཤིན་ཏུ་མོས་གུས་དྲག་པོ་བྱ་དགོས་པར་གསུངས་སོ། །གསང་བ་འདུས་པའི་རྒྱུད་ལས། མཚན་ཉིད་ལྡན་པའི་སློབ་དཔོན་ལ། །མོས་གུས་ལྡན་པའི་སློབ་མ་ཡིས། །སྐད་སྙན་མཐོན་པོས་གསོལ་བ་བཏབ། །དེ་ལ་ང་ཡིས་དངོས་གྲུབ་སྟེར། །ཞེས་སོགས་མདོ་རྒྱུད་བསྟན་བཅོས་ཐམས་ཅད་ལས་བླ་མ་ལ་དད་པ་ཆེན་པོ་བསྐྱེད་པ་དང༌། མ་གུས་པ་རིང་དུ་སྤངས་པའི་ཐབས་སྣ་ཚོགས་པ་གསུངས་སོ། །ཁྱད་པར་དུ་མོས་གུས་ཆེན་པོ་དྲག་པོ་འབྱུང་བའི་གཞི་བླ་མའི་རྣམ་ཐར་དང་སྐྱེས་རབས་རྒྱས་བསྡུས་ཅི་རིགས་པ་ལ་བལྟ་བར་གལ་ཆེ་གསུངས་སོ། །དྲི་མེད་འོད་ཟེར་རྒྱས་པའི་རྒྱུད་ལས། རྡོ་རྗེ་སློབ་དཔོན་ཐམས་ཅད་མཁྱེན། །ཀུན་མཁྱེན་ཡེ་ཤེས་དབང་གི་རྒྱལ། །མོས་གུས་དྲག་པོ་འབྱུང་བའི་གཞི། །བླ་མའི་རྣམ་ཐར་རྒྱས་བསྡུས་རྣམས། །ཡིད་བཞིན་ནོར་བུ་ལྟ་བུ་ཅན། །ཡང་ཡང་བལྟ་བར་བརྩོན་གྱུར་ན། །དངོས་གྲུབ་ཐོབ་པར་ཐེ་ཚོམ་མེད། །ཅེས་གསུངས་སོ། །
དེ་ལས་བཟློགས་ནས་བླ་མ་ལ་ཆོས་ཉན་ཀྱང་མ་དད་པས་རྡོ་རྗེ་སློབ་དཔོན་དུ་མི་འཛིན་ན་སྐྱེ་བ་ལྔ་བརྒྱའི་བར་དུ་ཁྱིའི་ལུས་བླངས་པ་ལ་སོགས་པ་ཉེས་དམིགས་དཔག་ཏུ་མེད་པར་གསུངས་སོ། །དགྲ་ནག་གི་རྒྱུད་ལས། ཀ་ཁ་གཅིག་ཙམ་སྟོན་པ་ཡི། །སློབ་དཔོན་ཞེས་སུ་མི་འཛིན་ན། །ཁྱི་ཡི་སྐྱེ་བ་བརྒྱར་བླངས་ཏེ། །དེ་ནས་སྨེ་ཤ་ཅན་དུ་འགྱུར། །ཞེས་གསུངས་པས། གཏི་མུག་དབང་གིས་བླ་མ་ཕལ་པར་བཟུང་བའི་ཉེས་པ་ལས་ལྡོག་པའི་དོན་དུ་ཆོས་རྗེའི་སྐྱེས་རབས་འདི་བཀོད་པ་ལགས་པས། གྲུབ་མཐའ་ངན་པ་རྣམས་ཀྱིས་མ་གུས་པ་སྤངས་པ་དང༌། དད་ལྡན་རྣམས་ཀྱིས་ལྷག་པར་མོས་པའི་ཕྱིར། འདིའི་ལུང་འབོག་ཅིང་མཐར་ཆོས་རྗེའི་སྐུ་གཟུགས་བཞེངས་སམ། གསུང་འབུམ་བྲིས་སམ་ཡི་གེ་འདི་ཉིད་ཙམ་བྲིས་སམ། མ་ཎི་ལ་སོགས་དགེ་བ་ཆེ་འབྲིང་ཆུང་གསུམ་གྱི་རང་རང་གང་ནུས་ཁས་ལེན་གྱི་སྐུལ་མ་འདེབས་པར་བྱའོ། །མདོ་ལས། རྒྱལ་བའི་མཚན་བཟང་སུམ་ཅུ་རྩ་གཉིས་དང༌། །མ་འདྲེས་སངས་རྒྱས་ཆོས་ནི་བརྒྱད་སོགས། །མཚན་བཟང་རྣམས་དང་དམ་པའི་ཆོས་ཀུན་ཡང༌། །དེ་དག་དགེ་བ་ཁས་ལེན་དག་ལས་འབྱུང༌། །ཞེས་སོགས་ཕན་ཡོན་གལ་པོ་ཆེ་མང་དུ་གསུངས་སོ། །
དཔལ་ལྡན་བླ་མའི་སྐྱེས་རབས་ཁྱད་འཕགས་འདི། །མདོ་རྒྱུད་རྒྱ་མཚོའི་ནང་དུ་ལེགས་ཕྱུང་བས། །ངོ་མཚར་ཁྱད་འཕགས་ནམ་མཁའི་ཁྱོན་ལྟར་ཡངས། །དཔལ་འབྱོར་རྟ་ལྗང་ནོར་བུ་ལྟར་གྱུར་པ། །འཕྲིན་ལས་རབ་དཀར་ཡེ་ཤེས་རོལ་པ་ཡིས། །ཆུ་སྲིན་རྒྱལ་མཚན་ཅན་གྱི་སྡེ་རིགས་བཅས། །མདའ་ལྔའི་དབང་པོ་ཉིན་སྐར་ལྟར་སེལ་བ། །ཐུབ་པའི་རྒྱལ་ཚབ་ཀུན་མཁྱེན་ཆོས་ཀྱི་རྗེ། །བསྟན་པའི་སྒྲོན་མེ་འཛམ་གླིང་མཁས་པའི་རྒྱན། །འཆད་པའི་ལེགས་བཤད་ཐམས་ཅད་མཁྱེན་པའི་སྐད། །རྩོད་པའི་དུས་སུ་ལུང་རིགས་ཐོག་ལྕགས་འཕྲོ། །རྩོམ་པའི་ལེགས་བཤད་རྟ་བདུན་རྒྱལ་པོ་འོད། །བདག་བློ་པད་མོའི་འདབ་སྟོང་རབ་ཕྱེ་སྟེ། །ནང་རིག་འགྱུར་མེད་གེ་སར་གསལ་མཛད་པ། །བཀའ་དྲིན་མཉམ་ལེན་དཔལ་ལྡན་ཆོས་ཀྱི་རྗེ། །སྟོན་ཟླ་དྲི་མེད་ཞབས་རྡུལ་དཀྱིལ་འཁོར་དུ། །རྟག་ཏུ་གུས་པས་སྤྱི་བོར་བསྟེན་བགྱི་ཞིང༌། །ཁྱེད་ཀྱི་མཛད་སྤྱོད་ཚུལ་བཞིན་ལེགས་བརྟགས་ནས། །དད་པའི་ཤུགས་ཀྱིས་མཆི་མ་རྒྱུན་དུ་བབ། །མོས་གུས་སྟོབས་ཀྱིས་བ་སྤུ་རབ་ཏུ་གཟེངས། །སྐྱེ་བ་སྔོན་དུ་བྲམ་ཟེ་པད་མ་ཕྲེང༌། །སངས་རྒྱས་ཆོས་ཀྱི་སྣང་བ་དེ་བཞིན་དུ། །རྒྱལ་བུ་རིན་ཆེན་འབྱུང་གནས་དེ་བཞིན་གཤེགས། །འོད་ཟེར་ཀུན་ནས་མངོན་འཕགས་རྒྱལ་པོ་དང༌། །འཕགས་པ་སྤྱན་རས་གཟིགས་དང་བརྩོན་འགྲུས་ཀླུ། །གླིང་བཞི་རྒྱལ་པོ་དེ་བཞིན་ལོ་ཙ་བཱི། །བློ་འཆང་རྟ་རྒྱལ་རུ་རུ་པར་ཙི་ཀ །འཇིག་རྟེན་དབང་ཕྱུག་བསོད་ནམས་ལྡན་པ་དང༌། །འོད་བཟང་རྨ་བྱ་མཛེས་པའི་བློ་གྲོས་དང༌། །རྒྱལ་བུ་མཛེས་ལྡན་གླང་ཆེན་ངང་པ་དང༌། །སྤོས་ཀྱི་གླང་པོ་མཛེས་བཟང་བློ་གྲོས་ཆེ། །རྒྱལ་བུ་མྱ་ངན་མེད་པ་དེ་བཞིན་གཤེགས། །ཟླ་བའི་རྒྱལ་མཚན་རྒྱལ་པོ་ནོར་བུའི་ཕྲེང༌། །པད་མ་དཀར་པོ་ཀླུ་སྒྲུབ་སྙིང་པོ་ཞེས། །སྲོང་བཙན་སྒམ་པོ་རྒྱལ་བ་འབྲི་གུང་བ། །ད་ལྟ་ཀུན་མཁྱེན་ཆེན་པོར་སྐུ་ཚེ་བཞེངས། །ནོར་བུ་ལྟ་བུར་འགྲོ་བའི་དོན་མཛད་པ། །མ་འོངས་སངས་རྒྱས་ཡེ་ཤེས་འབྱུང་གནས་ཞེས། །མཚན་བཟང་སོ་གཉིས་རོལ་པའི་རྣམ་དག་པ། །སྐྱེས་རབས་སོ་གཉིས་རྣམ་བཤད་ཁྱད་པར་འཕགས། །དཔེ་བྱད་བཟང་པོ་བརྒྱད་ཅུའི་ངོ་བོ་ཉིད། །ངོ་མཚར་རྨད་བྱུང་བརྒྱད་ཅུའི་ལེགས་བཤད་འདི། །མདོ་རྒྱུད་དག་ལས་ལེགས་པར་བསྡུས་ནས་ནི། །དད་པ་ཅན་རྣམས་མོས་གུས་བསྐྱེད་པ་དང༌། །ལོག་སྨྲ་ཅན་རྣམས་སྤྲོ་བ་རྙེད་པ་དང༌། །སྡིག་ཅན་ཐམས་ཅད་ཆོས་ལ་དགོད་པའི་ཕྱིར། །རྣམ་བཤད་ཁྱད་འཕགས་ཞེས་བྱའི་བསྟན་བཅོས་འདི། །མཁའ་ལྟར་དྲི་མེད་ཡངས་པའི་བློ་གྲོས་ཅན། །མཛེས་པའི་གདོང་ལ་དགའ་བའི་སྤྱན་རྒྱས་པ། །མཚུངས་མེད་ཆོས་རྗེ་ཉིད་ལ་མི་ཕྱེད་པའི། །དད་པ་རྒྱ་མཚོ་ལྷག་བསམ་རྣམ་དག་ཅན། །སྡེ་སྣོད་རྒྱ་མཚོ་དག་ལ་སྦྱངས་སྟོབས་ལྡན། །ཆོས་ཀྱི་གྲགས་པ་ཞེས་བྱས་བསྐུལ་བ་དང༌། །ཁྱད་པར་ས་བདག་རྒྱལ་པོ་སྲས་ཀྱི་མཆོག །རྡོ་རྗེ་རྒྱལ་མཚན་ཞེས་བྱའི་དགེ་སློང་གིས། །ཆོས་གོས་དུང་དཀར་ལ་སོགས་བརྟེན་ནས་བསྐུལ། །གཞན་ཡང་དད་ལྡན་མང་པོས་བསྐུལ་བྱས་ནས། །རང་ཉིད་ཤིན་ཏུ་མོས་པའི་སྒོ་ནས་སྦྱར། །འགལ་བ་ཅི་མཆིས་དཔལ་ལྡན་བླ་མ་དང༌། །སངས་རྒྱས་བྱང་ཆུབ་ཚོགས་ལ་སོ་སོར་འཆགས། །ལེགས་པའི་དགེ་བས་བདག་གཞན་སེམས་ཅན་ཀུན། །དཔལ་ལྡན་བླ་མའི་དྲིན་གྱིས་རྗེས་བཟུང་ནས། །འགྱུར་མེད་འོད་གསལ་ཕྱག་རྒྱ་ཆེན་པོ་ཡི། །མཆོག་གི་དངོས་གྲུབ་རྒྱ་ཆེན་མྱུར་ཐོབ་ཤོག །དཔལ་ལྡན་བླ་མའི་ཞབས་པད་ལེགས་བསྟེན་ནས། །འཁོར་ལོ་གསུམ་དང་རྒྱུད་སྡེ་རྣམ་བཞིའི་ཚོགས། །དགོངས་པ་དེ་ཉིད་མཆོག་ཏུ་རབ་ཐོབ་ནས། །ཟང་ཟིང་མེད་པར་འགྲོ་ལ་སྟོན་པར་ཤོག །
ཆོས་རྗེ་ཐམས་ཅད་མཁྱེན་པའི་སྐྱེས་རབས་ཁྱད་འཕགས་ཞེས་བྱ་བ་འདི་ནི། སྡེ་སྣོད་འཛིན་པའི་དགེ་སློང་རྡོ་རྗེ་རྒྱལ་མཚན་དང༌། མཁས་པའི་དབང་པོ་ཆོས་ཀྱི་གྲགས་པ་དང༌། གཞན་ཡང་བཙུན་པ་རྡོ་རྗེ་དཔལ་ལ་སོགས་པ་དད་ལྡན་མང་པོས་ཡང་དང་ཡང་དུ་བསྐུལ་བ་ལ་བརྟེན་ནས། དཔལ་ལྡན་བླ་མ་དེ་ཉིད་ཀྱི་ཞབས་རྡུལ་པད་མོ་དྲི་མ་མེད་པ་སྤྱི་བོར་ལེན་པའི་བཙུན་པ་ཀུན་སྤངས་ཆོས་གྲགས་དཔལ་བཟང་པོས་མཁའ་ལྡིང་ཕུང་པོའི་དགོན་པར་ཆུ་སྟོད་ཀྱི་ཚེས་བཞི་ནས་བརྩམས་ཏེ། བཅོ་ལྔའི་ཉིན་པར་རྫོགས་པར་བྱ་བ་ལགས་སོ།། །།
བསྟན་པ་རིན་པོ་ཆེ་དང་སེམས་ཅན་ཐམས་ཅད་ལ་ཕན་ཐོགས་པར་གྱུར་ཅིག།
ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་ཝ་དཏ་ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་བཾ་བཱ་ཏཱི་མཧཱ་ཤྲ་མ་ཎ་ཡེ་སྭཱཧཱ། །།