cover

ཀུན་མཁྱེན་དོལ་པོ་པའི་གསུང་འབུམ།

གླེགས་བམ། ཁ

ཀུན་མཁྱེན་དོལ་པོ་པ།

Nitartha International

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

རི་ཆོས་ངེས་དོན་རྒྱ་མཚོའི་ས་བཅད་བཞུགས་སོ། །

སྟོན་པའི་ཞལ་ནས་བྱུང་བ་སྐྱེ་བོའི་མིག་གི་རབ་རིབ་ཞི་བར་བྱེད་པ་བཀྲ་ཤིས་ཀྱི།།

འབྱུང་གནས་སེམས་ལ་ཞོག་ཤིག་གང་ཕྱིར་འདི་ནི་ལུས་ཅན་རྣམས་ཀྱི་རྣ་བའི་བདུད་རྩི་དང༌།།

ཉོན་མོངས་པ་ཡི་ནད་ཀུན་ཞི་བར་མཛད་པ་ཡིན་པས་དེ་དོན་ཡང་དག་བསམ་པར་རིགས།།

རྒྱུ་འདི་རྣམས་ཀྱིས་རྟག་ཏུ་གུས་པར་སངས་རྒྱས་ཀྱི་ནི་གསུང་དག་མཉམ་པར་བྱ་བའི་རིགས།།

ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿན་མཿ རྗེ་བཙུན་བླ་མ་དམ་པ་དང༌། སྟོང་གཞི་དོན་དམ་ཆོས་ཀྱི་དབྱིངས་ལ་ཕྱག་འཚལ་ཞིང་སྐྱབས་སུ་སོང་ནས། འདིར་ངེས་དོན་མཐར་ཐུག་པའི་གསུང་རབ་ཟབ་དགུའི་སྙིང་པོ་བསྡུས་པའི་མན་ངག་ཐུན་མོང་མ་ཡིན་པ་འདི་བཤད་པ་ལ་གསུམ། བཤད་པ་ལ་འཇུག་པ[ཨོཾ་གུ་རུ་]། ཞུགས་པའི་བཤད་པ་དངོས། བཤད་པའི་དགེ་བ་བསྔོ་བ[དེ་ལྟར་རྒྱལ་བའི་]འོ། །

བཤད་པ་དངོས་ལ་གསུམ།གཞི་ལམ་འབྲས་བུ་མདོར་བསྟན་པ།དེ་རྣམས་སོ་སོར་རྒྱས་པར་བཤད་པ། དེ་རྣམས་ཉེ་བར་བསྡུས་ཏེ་གདམས་པ[དེ་ལྟར་དོན་དམ་]འོ།།

དང་པོ་ལ་གསུམ། ངེས་དོན་གྱི་གཞི་ལམ་འབྲས་བུ་བསྡུས་ནས་བསྟན་པ[འདིར་ཐར་པའི་མཆོག་]། དེ་རྣམས་ལུང་གིས་གྲུབ་ཚུལ་བསྡུས་ནས་བསྟན་པ[འདིར་དེ་དག་དེ་ལྟར་ཡིན་]། སྐུ་གཉིས་ཀའི་གཞི་ལམ་འབྲས་བུ་བསྡུས་ནས་བསྟན་པ[དེ་ལྟར་ཆོས་ཉིད་རྣམ་པར་]འོ། །སོ་སོར་རྒྱས་བཤད་ལ་གསུམ། གཞི་ལ་དོན་དམ་གྱི་སངས་རྒྱས་གདོད་ནས་བཞུགས་ཚུལ། དེ་ཐོབ་པར་ནུས་པའི་ལམ་མཆོག་ཟབ་མོ་བསྟེན་ཚུལ། ལམ་དེས་བྲལ་བ་དང་བསྐྱེད་པའི་འབྲས་བུ་ཐོབ་ཚུལ་བཤད་པའོ། །

དང་པོ་ལ་བདུན། ཆོས་ཉིད་ཟབ་མོ་ཀུན་གཞི་ཡེ་ཤེས་སུ་བསྟན་པ[ད་ནི་དེ་]། དེ་རྣམ་དག་ལུང་གིས་ལེགས་པར་སྒྲུབ་པ། ལུང་ལ་མི་མཁས་པས་བརྟགས་པའི་ལྟ་ངན་སྤང་བར་གདམས་པ། དེ་ལ་མ་དད་པའི་ཉེས་དམིགས་སྤང་བར་གདམས་པ། དེ་ལ་དད་པའི་ཕན་ཡོན་བླང་བར་གདམས་པ། དེ་ལ་འཆལ་བའི་ལོག་རྟོག་སྣ་ཚོགས་སྤང་བ། དེ་རྣམས་ཀྱི་དོན་བསྡུས་ནས་བསྟོད་ཅིང་ཕྱག་འཚལ་བ[གནས་ལུགས་ཟབ་མོ་]འོ། །

གཉིས་པ་ལ་བཅུ་བཞི། དབྱིངས་རིག་དབྱེར་མེད་ཀྱི་ལྷ་ཐམས་ཅད་བརྟན་གཡོ་ཀུན་ལ་ཁྱབ་པར་བཞུགས་ཚུལ། དེ་ལྟར་བཞུགས་པ་དེ་ཉིད་དོན་དམ་ཆོས་ཉིད་ཀྱི་དཀོན་མཆོག་གསུམ་ག་ཡིན་ཚུལ[འདིར་དོན་དམ་གྱི་]། ཡང་དེ་ཉིད་བདེ་གཤེགས་སྙིང་པོ་ཡིན་ཚུལ་དཔེ་དོན་མང་པོས་བསྟན་པ[གཞན་ཡང་དེ་བཞིན་གཤེགས་]། ཡང་དེ་ཉིད་རང་བཞིན་དུ་གནས་པའི་རིགས་དང་དོན་གཅིག་ཏུ་བསྟན་པ[དབུ་མ་ཆེན་པོ་རྒྱུད་བླ་]། ཡང་དེ་ཉིད་རྒྱུད་སྡེར་གསུངས་པའི་རིགས་ཀྱི་དབྱེ་བསྡུ་དང་དོན་གཅིག་ཏུ་བསྟན་པ[རིགས་དེ་ཡང་]། ཡང་དེ་ཉིད་ཆོས་ཉིད་ཟབ་མོའི་རྒྱུད་དང་རྡོ་རྗེའི་རིགས་སུ་བཞུགས་ཚུལ[དེ་བཞིན་དུ་རང་]། ཡང་དེ་ཉིད་ནམ་མཁའ་ལྟར་གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་རྒྱུད་དུ་བཞུགས་ཚུལ[དེ་བཞིན་དུ་གཞིའམ་]། ཡང་དེ་ཉིད་དོན་དམ་ཆོས་སྐུའི་གནས་སྐབས་གསུམ་དུ་བཞུགས་ཚུལ[ཡང་དེ་ཉིད་དུ། མ་དག་]། ཡང་དེ་ཉིད་དེ་བཞིན་ཉིད་ལ་སོགས་པའི་གནས་སྐབས་གསུམ་དུ་བཞུགས་ཚུལ[འབུམ་པ་རྒྱ་ཆེར་]། ཡང་དེ་ཉིད་ཉོན་མོངས་ཆེན་པོ་ལ་སོགས་པ་སྔགས་ཀྱི་རིགས་དུ་མར་བཞུགས་ཚུལ[དེ་བཞིན་དུ་རང་བཞིན་གྱིས་]། ཡང་དེ་ཉིད་གཞི་འབྲས་དབྱེར་མེད་ཀྱི་མྱང་འདས་དང་ཆོས་སྐུ་ལ་སོགས་པར་བཞུགས་ཚུལ[མྱང་འདས་ཆེན་པོར་]། ཡང་དེ་ཉིད་གཞི་འབྲས་དབྱེར་མེད་ཀྱི་ཆོས་ཉིད་ཡོངས་གྲུབ་ཏུ་བཞུགས་ཚུལ[དེ་བཞིན་དུ་ལང་ཀར་]། ཡང་དེ་ཉིད་དོན་དམ་ཆོས་སྐུ་དང་དེའི་ཡོན་ཏན་ཀུན་འདུས་སུ་བཞུགས་ཚུལ[དེ་ལྟར་ཆོས་ཐམས་ཅད་ཀྱི་]། དོན་དེ་ཉིད་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱང་བཞེད་པར་བསྟན་པ[གལ་ཏེ་གཞན་]འོ། །

དང་པོ་ལ་གཉིས། རྒྱུའི་མཚན་ཉིད་ཕ་རོལ་ཏུ་ཕྱིན་པ་ལས་གསུངས་ཚུལ[དེ་ཡང་ཐེག་པ་]། འབྲས་བུའི་མཚན་ཉིད་གསང་སྔགས་ཟབ་མོ་ལས་གསུངས་ཚུལ་[དེ་བཞིན་དུ་དཔལ་ཀྱེའི་]ལོ། །ལུང་ལ་མི་མཁས་པས་བརྟགས་པའི་ལྟ་ངན་སྤང་བར་གདམས་པ་ལ་བཅུ་གཅིག །དགོས་པ་བསྟན་པས་དྲང་དོན་དུ་འཁྲུལ་བའི་སྡིག་ལྟ་སྤང་བ། བདེ་གཤེགས་སྙིང་པོ་དོན་ལ་མེད་ན་ཧ་ཅང་ཐལ་བའི་ཤེས་བྱེད་དགོད་པ[གལ་ཏེ་བདེ་གཤེགས་]། དག་པའི་བདག་སོགས་དོན་ལ་མེད་ན་ཧ་ཅང་ཐལ་བའི་ཤེས་བྱེད་དགོད་པ[གལ་ཏེ་བདག་གི་]། བདག་ཡོད་མེད་ལ་སོགས་པ་འགལ་བར་སྣང་ཡང་སྐྱོན་མེད་པའི་རྒྱུ་མཚན་བསྟན་པ[སྔར་བདག་མེད་གསུངས་]། དག་པའི་བདག་དང་ཨ་ཧཾ་ལ་སོགས་པ་དོན་གཅིག་ཏུ་བསྟན་པ[དེ་བཞིན་དུ་ཕྱག་རྒྱ་]། དག་པའི་བདག་གི་དབྱིངས་དང་ཤེར་ཕྱིན་དོན་གཅིག་ཏུ་བསྟན་པ[དེ་བཞིན་དུ། ཡུམ་]། གནས་ལུགས་ལ་མི་མཁས་པ་བཀག་ནས་གཞི་ཇི་བཞིན་པའི་བཞུགས་ཚུལ་བསྟན་པ[དེ་བཞིན་དུ། ཨུ་དུམ་]། བདེ་གཤེགས་སྙིང་པོ་ས་བོན་ལ་གསུངས་པའི་དགོངས་པ་བསྟན་པ[གལ་ཏེ་བདེ་གཤེགས་]། དེས་ན་དོན་དམ་གྱི་ཡོན་ཏན་ཚང་བར་བཞུགས་ཚུལ་བསྡུས་ཏེ་བསྟན་པ[དེ་བས་ན་ཆོས་]། དེ་ལྟར་གཞི་ལ་རྟག་ཏུ་བཞུགས་ཀྱང་རྣམ་ཤེས་ལ་མི་སྣང་བའི་རྒྱུ་མཚན་བསྟན་པ[དེ་ལྟ་ན་ཡང་སེམས་ཅན་]། དེ་ལྟར་མི་བཞུགས་ན་དོན་དམ་ཡང་མེད་པར་ཧ་ཅང་ཐལ་བས་གནོད་ཚུལ་[གལ་ཏེ་བདེ་གཤེགས་]ལོ། །

དང་པོ་ལ་གཉིས། རྒྱུད་བླ་མར་དགོས་པ་བསྟན་པ་ལས་དྲང་དོན་དུ་འཁྲུལ་བའི་སྡིག་ལྟ་སྤང་བ་[གལ་ཏེ་རྒྱུད་བླར་]དང༌། ལང་ཀར་གཤེགས་པར་དགོས་པ་བསྟན་པ་ལས་དྲང་དོན་དུ་འཁྲུལ་བའི་སྡིག་ལྟ་སྤང་བ[དེའི་ཕྱིར་དེ་ལྟར་]འོ། །དེ་ལ་མ་དད་པའི་ཉེས་དམིགས་སྤང་བར་གདམས་པ་ལ་གཉིས། ཉེས་དམིགས་མང་པོ་སྤང་བར་གདམས་པ་[དེ་ལྟ་མ་ཡིན་ན་ཉེས་]དང༌། དེའི་ཐབས་ལ་གུས་པར་གདམས་པ[དེ་ཡང་མྱང་འདས་]འོ། །དེ་ལ་དད་པའི་ཕན་ཡོན་བླང་བར་གདམས་པ་ལ་གཉིས། ཕན་ཡོན་རླབས་ཆེན་ཐོབ་པར་བྱ་བ་[དད་ཅིང་གུས་པ་དང་]དང༌། དེའི་ཐབས་ལ་བརྩོན་པར་གདམས་པ[དེ་ལྟར་བདེ་གཤེགས་སྙིང་པོའི་]འོ། །དེ་ལ་འཆལ་བའི་ལོག་རྟོག་སྣ་ཚོགས་སྤང་བ་ལ་གསུམ།

༈ དེ་ཐོབ་པར་ནུས་པའི་ལམ་མཆོག་ཟབ་མོ་བསྟེན་པ་ལ་གསུམ། ཐེག་ཆེན་ལམ་གྱི་རྣམ་བཞག་སྤྱིར་བསྟན་པ། ཐུན་མོང་མ་ཡིན་པའི་ལྟ་བ་ཁྱད་པར་དུ་བཤད་པ། བཤད་པའི་དོན་བསྡུས་ཏེ་གདམས་ཤིང་སྨོན་ལམ་གདབ་པ[དེ་ལྟ་བས་ན་ཡང་དག་]འོ། །དང་པོ་ལ་བཅུ། ལམ་རྣམ་དག་དགོས་པའི་རྒྱུ་མཚན་བསྟན་པ[དེ་ལྟར་དོན་དམ་]། རང་སྟོང་རྟོགས་པའི་ལྟ་བ་རྣམ་དག་བསྟན་པ[དེ་ལ་ཡང་དག་པའི་]། རྟོག་མེད་སྤྲོས་བྲལ་གྱི་སྒོམ་པ་རྣམ་དག་བསྟན་པ[དེའི་ངང་ལ་]། དེ་ལ་མན་ངག་གི་གནད་ཟབ་མོ་དགོས་པར་བསྟན་པ[དེ་ལྟར་མི་སྒོམ་པའི་]། ཐུན་མོང་གི་སྒོམ་པ་དང་སྤྱོད་པ་རྣམ་གཉིས་གཞན་དུ་བསྟན་པ[བྱམས་སྙིང་རྗེ་]། འདིར་ཡོད་མེད་ལ་སོགས་པ་ལེགས་པར་ཕྱེ་ནས་ངོ་སྤྲད་པ[དེ་ལྟར་ལུས་སེམས་]། དེ་ལ་འཁོར་ལོ་གསུམ་དང་སྔགས་ཀྱི་དོན་ཤེས་དགོས་པར་བསྟན་པ[དེ་ཅིའི་ཕྱིར་]། འཁོར་ལོ་གསུམ་གྱིས་དྲི་མ་རིམ་གསུམ་སྦྱོང་ཚུལ་དཔེས་བསྟན་པ[དེ་ལ་འཁོར་ལོ་]། འཁོར་ལོ་གསུམ་གྱི་ཁྱད་པར་ལེགས་པར་ཕྱེ་སྟེ་གཏན་ལ་དབབ་པ[འཁོར་ལོ་གསུམ་ལ་]། དེ་ལ་འཁྲུལ་བའི་ལོག་རྟོག་མང་པོ་བསལ་བ[འདིར་ཁ་གཅིག་]འོ། །

ཐུན་མོང་མ་ཡིན་པའི་ལྟ་བ་ཁྱད་པར་དུ་བཤད་པ་ལ་གཉིས། བཤད་པར་དམ་བཅའ་བ་[དེའི་ཕྱིར་འཁོར་ལོ་]དང༌། བཤད་པའི་དོན་དངོས་སོ། །འདི་ལ་ལྔ། སྟོང་མི་སྟོང་དང་ཡོད་མེད་ལ་སོགས་པར་གསུངས་པས་རང་སྟོང་འདི་ལས་གཞན་པའི་སྟོང་ཉིད་ཟབ་མོ་གྲུབ་ཚུལ། སྟོང་གཞིའི་རྣམ་གྲངས་མང་པོ་གསུངས་པའི་རྒྱུ་མཚན་གྱིས་རང་སྟོང་འདི་ལས་གཞན་པའི་ཆོས་ཉིད་གྲུབ་ཚུལ། རྣམ་དག་ཆོས་ཉིད་ཀྱི་གཟུགས་ནས་རྣམ་མཁྱེན་གྱི་བར་གསུངས་པས་རང་སྟོང་ལས་གཞན་པའི་དོན་དམ་གྲུབ་ཚུལ། དེ་རྣམས་ལ་ལོག་རྟོག་སྣ་ཚོགས་བསལ་ནས་དོན་ཇི་ལྟར་ཡིན་པ་བཞིན་གཏན་ལ་དབབ་པ[གལ་ཏེ་རྒྱལ་བའི]། དེ་ལྟར་དོན་བཞིན་རྟོགས་པའི་ཡང་དག་ལྟ་བས་ཕྱིན་ཅི་ལོག་ཐམས་ཅད་སྤོང་ཚུལ་[དེ་ལྟར་ཡང་དག་པའི་]ལོ། །

དང་པོ་ལ་གཉིས། སྟོང་ཚུལ་གྱི་རྣམ་དབྱེ་དུ་མ་མདོར་བསྟན་པ། དེ་དག་གི་དོན་རྒྱས་པར་བཤད་པས་གཏན་ལ་དབབ་པའོ། །དང་པོ་ལ་བཞི། ཆོས་དང་ཆོས་ཉིད་རང་གི་ངོ་བོས་སྟོང་མི་སྟོང་དུ་དབྱེ་བ[དེ་ཡང་ཨུ་དུམ་བ་རའི་]། དེ་ཉིད་སྟོང་པའི་སྟོང་པ་དང་མི་སྟོང་བའི་སྟོང་པར་གསུངས་ཚུལ[གཞན་ཡང་ཐམས་ཅད་]། ཡང་དེ་ཉིད་གློ་བུར་དྲི་མ་དང་བདེ་གཤེགས་སྙིང་པོའི་སྟོང་ཚུལ་དུ་གསུངས་པ[ཡང་མདོ་དེ་ཉིད་]། དེ་དག་ལས་གསང་སྔགས་ཟབ་མོའི་སྟོང་ཆེན་ཁྱད་པར་དུ་ངོས་གཟུང་བ[དེ་བཞིན་དུ། དཔལ་]འོ། །དེ་དག་གི་དོན་རྒྱས་པར་བཤད་པས་གཏན་ལ་དབབ་པ་ལ་དགུ། གང་གིས་སྟོང་པ་དང་སྟོང་པའི་གཞི་གང་ཡིན་གཏན་ལ་དབབ་པ[དེ་ལྟར་རང་སྟོང་]། དེ་ཉིད་གཤིས་ལ་ཡོད་པ་དང་མེད་པའི་དོན་དུ་གསུངས་ཚུལ[གཞན་ཡང་ཡང་དག་པར་]། དེ་ལྟར་རྟོགས་ན་ཡོད་མེད་རྟག་ཆད་སྒྲོ་སྐུར་ལས་འདས་ཚུལ[འདིར་ཡོད་མིན་]། སྟོང་ཚུལ་དེ་ཉིད་རྒྱལ་བའི་ཡུམ་གྱི་དགོངས་པ་ཡིན་པར་བསྟན་པ[འབུམ་པ་རྒྱ་ཆེར་]། སྟོང་ཚུལ་དེ་ཉིད་བསལ་བཞག་མེད་པ་དང་སྟོང་མི་སྟོང་གི་དོན་དུ་གསུངས་ཚུལ[རྒྱུད་བླ་མ་རྩ་]། སྟོང་ཚུལ་དེ་ཉིད་གནས་ལུགས་ལ་ཡོད་མེད་དང་སྤངས་རྟོགས་ལ་སོགས་པའི་དོན་དུ་གསུངས་ཚུལ[མྱང་འདས་ཆེན་པོར་]། སྟོང་གཞི་དོན་དམ་གཞན་སྟོང་ལ་ལུང་འགལ་གྱི་ལོག་རྟོག་བསལ་བ[འདིར་གལ་ཏེ་]། སྟོང་གཞི་དེ་ཉིད་གནས་ལུགས་ཟབ་མོའི་སྟོང་ཉིད་ཆེན་པོར་གསུངས་ཚུལ[གཞན་ཡང་དོན་དམ་]། དེ་ལྟར་སྟོན་པའི་གཞུང་ལུགས་རྣམས་ལ་སྒྲོ་སྐུར་སྤང་བའོ། །འདི་ལ་བཅུ། འཁོར་ལོ་གསུམ་པ་སེམས་ཙམ་དུ་འདོད་པ་ལ་ཤེས་བྱེད་མེད་ཅིང་གནོད་བྱེད་ཡོད་པར་བསྟན་པ[གལ་ཏེ་བཀའ་]། དེའི་དགོངས་འགྲེལ་ཟབ་མོ་རྣམས་ཀྱང་དེ་དང་མཐུན་པར་བསྟན་པ[དེ་རྣམས་ཀྱི་དགོངས་པ་]། ཁྱད་པར་དབུས་མཐའ་སེམས་ཙམ་དུ་འདོད་པ་ལ་ཡང་སྐྱོན་དེ་མཚུངས་པར་བསྟན་པ[དེ་བཞིན་དུ། དབུས་]། སེམས་ཙམ་ལ་བདེན་གཉིས་ཀྱི་དབྱེ་བ་མ་ཤེས་པས་འགའ་ཞིག་འཁྲུལ་བར་བསྟན་པ[དེ་བཞིན་དུ། ལང་ཀར་]། དོན་དམ་གྱི་སེམས་ཙམ་གསང་སྔགས་ཟབ་མོ་རྣམས་སུ་ཡང་བསྟན་ཚུལ[དེ་དང་རྗེས་སུ་]། འགའ་ཞིག་ཏུ་ཀུན་རྫོབ་ཀྱི་སེམས་ཙམ་གསུངས་པའི་དགོངས་པ་བསྟན་པ[ཡང་གལ་ཏེ་འདི་]། མངོན་པ་ལ་སོགས་པ་གཞུང་གཞན་ལ་ཡང་སྐུར་འདེབས་ཀྱི་སྐྱོན་བསལ་བ[དེ་བཞིན་དུ། ཆོས་མངོན་]། གནས་སྐབས་སུ་སེམས་ཙམ་སྟོན་པས་དེའི་རང་གཞུང་དུ་འགྱུར་ན་ཧ་ཅང་ཐལ་བ[གལ་ཏེ་གནས་སྐབས་]། རྒྱུད་སྡེ་རྣམས་ཀྱང་སེམས་ཙམ་དུ་འདོད་ན་དེ་དག་གི་དགོངས་པ་མ་ཤེས་པར་བསྟན་པ[དེ་བཞིན་དུ། དུས་འཁོར་]། དེས་ན་ཤན་འབྱེད་པའི་མན་ངག་ཡོད་མེད་ཀྱི་ཕན་ཡོན་དང་ཉེས་དམིགས་བསྟན་པ[དེ་ཉིད་ཀྱི་ཕྱིར་ན་གནས་]འོ། །

སྟོང་གཞིའི་རྣམ་གྲངས་མང་པོ་གསུངས་པའི་རྒྱུ་མཚན་གྱིས་རང་སྟོང་འདི་ལས་གཞན་པའི་ཆོས་ཉིད་གྲུབ་ཚུལ་ལ་གཉིས། རྣམ་གྲངས་དངོས་དང༌། རྣམ་གྲངས་ཀྱི་དགོས་པ[དེ་ལྟར་དོན་གཅིག་]འོ། །དང་པོ་ལ་གཉིས། རྣམ་གྲངས་མང་པོ་ཅན་གྱི་སྟོང་ཆེན་ཟབ་མོ་མདོར་བསྟན་པ[དེའི་ཕྱིར་ལྟ་བ་]། རང་སྟོང་དང་དོན་དམ་ལ་སོགས་པ་རྣམ་གྲངས་སུ་འདོད་པ་ལ་གནོད་བྱེད་རྒྱས་པར་བཤད་པའོ། །འདི་ལ་བཅུ་གསུམ། རང་སྟོང་དང་དེ་བཞིན་ཉིད་རྣམ་གྲངས་ཡིན་ན་ཧ་ཅང་ཐལ་བ[གལ་ཏེ་དེ་བཞིན་]། རང་སྟོང་དང་ཡང་དག་པའི་མཐའ་རྣམ་གྲངས་ཡིན་ན་ཧ་ཅང་ཐལ་བ[དེ་བཞིན་དུ་ཡང་དག་]། རང་སྟོང་དང་མཚན་མ་མེད་པའི་དབྱིངས་རྣམ་གྲངས་ཡིན་ན་ཧ་ཅང་ཐལ་བ[དེ་བཞིན་དུ་རང་སྟོང་]། རང་སྟོང་དང་དོན་དམ་བདེན་པ་རྣམ་གྲངས་ཡིན་ན་ཧ་ཅང་ཐལ་བ[དེ་བཞིན་དུ་]། རང་སྟོང་དང་ཆོས་ཀྱི་དབྱིངས་རྣམ་གྲངས་ཡིན་ན་ཧ་ཅང་ཐལ་བ[དེ་བཞིན་དུ་རང་སྟོང་]། རང་སྟོང་དང་དོན་དམ་བྱང་སེམས་རྣམ་གྲངས་ཡིན་ན་ཧ་ཅང་ཐལ་བ[གཞན་ཡང་དོན་དམ་]། དེ་རྣམས་ལ་ཉེས་སྤོང་གི་ལན་ཡང་སྐབས་ཇི་ལྟ་བར་དགག་པ[གལ་ཏེ་སྡིག་པ་]། གནས་ལུགས་ཀྱི་བྷ་ག་དང་རང་སྟོང་རྣམ་གྲངས་ཡིན་ན་ཧ་ཅང་ཐལ་བ[གཞན་ཡང་མཐར་ཐུག་]། གནས་ལུགས་ཀྱི་རྡོ་རྗེ་དང་རང་སྟོང་རྣམ་གྲངས་ཡིན་ན་ཧ་ཅང་ཐལ་བ[གཞན་ཡང་རྒྱུད་སྡེ་]། གནས་ལུགས་ཀྱི་ཕྱག་རྒྱ་ཆེན་མོ་ལ་སོགས་པ་དང་རང་སྟོང་རྣམ་གྲངས་ཡིན་ན་ཧ་ཅང་ཐལ་བ[གཞན་ཡང་རང་སྟོང་ལས་]། གནས་ལུགས་ཀྱི་གསང་བ་གསང་ཆེན་ལ་སོགས་པ་དང་རང་སྟོང་རྣམ་གྲངས་ཡིན་ན་ཧ་ཅང་ཐལ་བ[གཞན་ཡང་དཔལ་]། གནས་ལུགས་ཀྱི་གྲུ་གསུམ་ཆོས་འབྱུང་ལ་སོགས་པ་དང་རང་སྟོང་རྣམ་གྲངས་ཡིན་ན་ཧ་ཅང་ཐལ་བ[གཞན་ཡང་དཔལ་]། དོན་དམ་གྱི་རྣམ་གྲངས་གཞན་མང་པོ་གསུངས་པ་ཡང་རང་སྟོང་ལས་གཞན་དུ་བསྟན་པའོ། །འདི་ལ་གསུམ། སྤྱོད་བསྡུས་སྒྲོན་མར་གསུངས་པ་ཡང་རང་སྟོང་ལས་གཞན་དུ་བསྟན་པ[དེ་བཞིན་དུ། སློབ་དཔོན་]། དོན་དམ་གྱི་མཚན་བརྗོད་དུ་གསུངས་པ་ཡང་རང་སྟོང་ལས་གཞན་དུ་བསྟན་པ། མྱང་འདས་ཆེན་པོ་ལ་སོགས་པར་གསུངས་པ་ཡང་རང་སྟོང་ལས་གཞན་དུ་བསྟན་པ[དེ་བཞིན་དུ། མྱང་འདས་]འོ། །བར་པ་ལ་བཅུ་གསུམ། ཞུས་ལན་གྱི་སྐབས་སུ་གསུངས་པ[དེ་ཡང༌། དཔལ་]། སྔགས་ཀྱི་རིགས་དྲུག་ལ་གཟིགས་པའི་སྐབས་སུ་གསུངས་པ[གསང་སྔགས་མཐའ་]། སྒྱུ་འཕྲུལ་དྲྭ་བས་བྱང་ཆུབ་པར་གསུངས་པ[སྔགས་ཀྱི་རྒྱལ་པོ་]། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་གསུངས་པ[ཨ་ལས་བྱུང་]། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་གསུངས་པ[སངས་རྒྱས་ཆེན་]། མེ་ལོང་ལྟ་བུའི་ཡེ་ཤེས་སུ་གསུངས་པ[རྡོ་རྗེ་འཇིགས་]། སོ་སོར་རྟོག་པའི་ཡེ་ཤེས་སུ་གསུངས་པ[ཡང་དག་པའི་]། མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་གསུངས་པ[འདོད་པའི་དོན་]། བྱ་བ་གྲུབ་པའི་ཡེ་ཤེས་སུ་གསུངས་པ[སངས་རྒྱས་ཀུན་]། ཡེ་ཤེས་ལྔ་ལ་ཕྱག་འཚལ་བར་གསུངས་པ[མཆོག་སྦྱིན་]། དེ་རྣམས་ཀྱི་དོན་གཞན་སྟོང་དུ་གཅིག་པར་བསྟན་པ[དེའི་ཕྱིར་རྒྱུད་]། དེ་ལ་ཀླན་ཀ་སྤངས་ནས་དོན་ལ་གནས་པ་བསྟན་པ[གལ་ཏེ་མཐར་ཐུག་]། གདམས་པའི་ཚུལ་གྱིས་མཇུག་བསྡུ་བ[དེ་ལྟ་བས་ན་]འོ། །

རྣམ་དག་ཆོས་ཉིད་ཀྱི་གཟུགས་ནས་རྣམ་མཁྱེན་གྱི་བར་གསུངས་པས་རང་སྟོང་ལས་གཞན་པའི་དོན་དམ་གྲུབ་ཚུལ་ལ་བཅུ། རྣམ་དག་ཆོས་ཉིད་ཀྱི་གཟུགས་སོགས་མདོར་བསྟན་པ[དེ་ལྟར་རྣམ་གྲངས་]། དེ་རྣམས་སྔགས་དང་སྦྱར་ནས་རྒྱས་པར་བཤད་པ། ཁམས་གསུམ་དང་དུས་གསུམ་ལས་འདས་པའི་གཟུགས་སོགས་ཀྱང་དེ་དང་མཚུངས་ཚུལ[ཡང་དེ་རྣམས་ཉིད་]། དེ་ལྟར་མ་རྟོགས་ན་རང་སྟོང་བསྒོམས་པས་སངས་རྒྱས་མི་ཐོབ་པར་བསྟན་པ[དེ་ལྟ་བས་ན་རང་]། དེ་རྣམས་ལ་ལུང་འགལ་མང་པོ་སྤངས་ནས་ཡིན་ལུགས་གཏན་ལ་དབབ་པ[གལ་ཏེ་ཆོས་ཀྱི་]། དེ་རྣམས་ཐོབ་པ་ལ་མ་དག་པའི་ཕུང་པོ་འདི་རྣམས་འགག་དགོས་པར་བསྟན་པ[དེ་ལྟར་རང་བཞིན་]། དེ་རྣམས་ཐོབ་ན་གཞན་ཨེ་ཝཾ་ལ་སོགས་པ་གནས་ལུགས་ཟབ་མོ་ཀུན་ཐོབ་པར་བསྟན་པ[དེ་ལྟར་མི་རྟག་]། ཐོབ་བྱ་དེ་ཉིད་ཕྱི་ནང་ཀུན་རྫོབ་འདི་ལས་གཞན་མཆོག་ཕ་རོལ་ཡིན་པར་བསྟན་པ[གདོད་ནས་སྒྲིབ་བྲལ་]། དེ་རྣམས་རང་སྟོང་དང་དོན་གཅིག་ཏུ་དོགས་པའི་མཐའ་མང་པོ་བསལ་བ[གལ་ཏེ་རང་སྟོང་]། ཐོབ་བྱ་དེ་ལ་དད་པ་ལ་སོགས་པའི་ཕན་ཡོན་རླབས་ཆེན་བསྟན་པ[ཐེག་པ་ཆེན་པོའི་]འོ། །

གཉིས་པ་ལ་བཅོ་བརྒྱད། རྣམ་དག་ཆོས་ཉིད་ཀྱི་ཕུང་པོ་རྣམས་རྒྱལ་བ་ལྔ་དང་ཡེ་ཤེས་ལྔར་རྟག་ཏུ་བཞུགས་ཚུལ[དེ་ལ་རྣམ་པར་དག་]། རྣམ་དག་ཆོས་ཉིད་ཀྱི་དབང་པོ་རྣམས་དོན་དམ་གྱི་རྒྱལ་སྲས་རྣམས་སུ་བཞུགས་ཚུལ[དེ་བཞིན་དུ་རྣམ་པར་]། རྣམ་དག་ཆོས་ཉིད་ཀྱི་ཡུལ་དྲུག་པོ་དོན་དམ་གྱི་སེམས་མ་རྣམས་སུ་བཞུགས་ཚུལ[དེ་བཞིན་དུ་རྣམ་པར་]། རྣམ་དག་ཆོས་ཉིད་ཀྱི་ཕུང་པོ་སུམ་ཅུ་རྩ་དྲུག་དོན་དམ་གྱི་རྒྱལ་བ་རྣམས་སུ་བཞུགས་ཚུལ[དེ་བཞིན་དུ་གདོད་]། རྣམ་དག་ཆོས་ཉིད་ཀྱི་ཁམས་དྲུག་པོ་དོན་དམ་གྱི་དེ་བཞིན་གཤེགས་མ་དྲུག་ཏུ་བཞུགས་ཚུལ[ད་ནི་སྔར་འཆད་]། རྣམ་དག་ཆོས་ཉིད་ཀྱི་ཡན་ལག་བཅུ་གཉིས་དོན་དམ་གྱི་ས་དང་བདེན་དོན་བཅུ་གཉིས་ལ་སོགས་པར་བཞུགས་ཚུལ[དེ་བཞིན་དུ་ཀུན་བརྟགས་]། རྣམ་དག་ཆོས་ཉིད་ཀྱི་ཕར་ཕྱིན་རྣམས་དོན་དམ་གྱི་ནུས་མ་དང་རིག་མ་དང་མཁའ་འགྲོ་མ་དང་ཕྱག་རྒྱ་མར་བཞུགས་ཚུལ[དེ་བཞིན་དུ་སྦྱིན་]། རྣམ་དག་ཆོས་ཉིད་ཀྱི་སྟོང་ཉིད་ཐམས་ཅད་དོན་དམ་གྱི་ལྷ་དང་སྙིང་རྗེ་དང་བདེ་བ་ཆེན་པོར་བཞུགས་ཚུལ། རྣམ་དག་ཆོས་ཉིད་ཀྱི་བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་དོན་དམ་གྱི་ལྷ་དང་རྒྱུད་དང་གནས་ལ་སོགས་པར་བཞུགས་ཚུལ[དེ་བཞིན་དུ་བྱང་ཆུབ་]། རྣམ་དག་ཆོས་ཉིད་ཀྱི་འཕགས་པའི་བདེན་བཞི་ལ་སོགས་པ་ཆོས་ཐམས་ཅད་དོན་དམ་གྱི་ལྷ་རྣམས་སུ་བཞུགས་ཚུལ[དེ་བཞིན་དུ་བཅོམ་ལྡན་]། མ་དག་པ་ཀུན་རྫོབ་ཀྱི་གཟུགས་སོགས་ནི་རྣམ་དག་ཆོས་ཉིད་ཀྱི་ལྷ་རྣམས་མ་ཡིན་པར་བསྟན་པ[དེ་ལྟ་བས་ན་ཡང་དག་]། ཚུལ་དེ་ལྟར་མཁས་གྲུབ་ཆེན་པོ་དག་གིས་ཀྱང་མདོ་རྒྱུད་སྦྱར་ནས་གསུངས་ཚུལ[དེ་ལྟར་མདོ་སྔགས་]། རྣམ་དག་ཆོས་ཉིད་ཀྱི་ཆགས་སོགས་དང་དུས་གསུམ་ལ་སོགས་པ་ཆོས་ཐམས་ཅད་དོན་དམ་གྱི་ལྷར་བཞུགས་ཚུལ[དཔལ་མཆོག་]། རྣམ་དག་ཆོས་ཉིད་ཀྱི་བདག་དང་སེམས་ཅན་ལ་སོགས་པ་ཡང་དོན་དམ་གྱི་ལྷ་རྣམས་སུ་བཞུགས་ཚུལ[དེ་བཞིན་དུ་བདག་དང་]། རང་བཞིན་འོད་གསལ་གྱི་གཟུགས་སོགས་ཀྱང་སྔར་བསྟན་པ་རྣམས་དང་དོན་གཅིག་ཚུལ[དེ་བཞིན་དུ་གཟུགས་རང་བཞིན་]། འཕོ་འགྱུར་དང་སྐྱེ་འགག་མེད་པའི་གཟུགས་སོགས་ཀྱང་སྔར་བསྟན་པ་དང་དོན་གཅིག་ཚུལ[གཟུགས་ལ་འཕོ་བ་མེད་]། དོན་དེ་དག་ཡུམ་རྒྱས་འབྲིང་ལ་སོགས་པའི་དགོངས་པ་ཡིན་པར་བསྟན་པ[ཡུམ་རྒྱས་པ་]། དེ་རྣམས་གནས་ལུགས་ཀྱི་སྔགས་དང་རྒྱུད་དང་དཀྱིལ་འཁོར་དང་ཕྱག་རྒྱ་ལ་སོགས་པར་ཡང་བཞུགས་ཚུལ་[དེ་ལྟར་གདོད་ནས་]ལོ། །

བརྒྱད་པ་ལ་ལྔ། སྟོང་ཉིད་ཐམས་ཅད་རང་སྟོང་གཞན་སྟོང་གཉིས་སུ་ལེགས་པར་གཏན་ལ་དབབ་པ[དེ་བཞིན་དུ་སྟོང་ཉིད་]། དེ་དག་ལས་སྟོང་གཞི་གང་ཡིན་ཐམས་ཅད་དོན་དམ་གྱི་ལྷ་དང་སྙིང་རྗེ་ལ་སོགས་པར་བཞུགས་ཚུལ[རྒྱུད་སྡེ་རིན་པོ་ཆེ་]། དེ་ལྟར་རྟོགས་ན་མཐའ་གཉིས་སྤངས་པའི་དབུ་མའམ་བར་མ་མ་ནིང་དང་དཔེ་བྲལ་དང་ཕུང་པོ་གསུམ་པར་རྟོགས་ཚུལ[དེ་རྟོགས་ན་]། དེ་ལ་འཁྲུལ་བའི་ལོག་རྟོག་མང་པོ་སྤངས་ནས་དོན་ཡིན་ལུགས་བཞིན་བསྟན་པ[གལ་ཏེ་དེ་ལྟ་ན་]། སྟོང་ཉིད་ཇི་སྙེད་གསུངས་པ་ཐམས་ཅད་ཀྱི་སྟོང་ཚུལ་གཉིས་གཉིས་སུ་བསྡུས་ནས་བསྟན་པ[དེ་ལྟར་སྟོང་པ་]འོ། །ལམ་གྱི་སྐབས་[རྣམ་དག་]སོ། །།།

༈ ལམ་དེས་བྲལ་བ་དང་བསྐྱེད་པའི་འབྲས་བུ་བཤད་པ་ལ་གསུམ། ཐེག་ཆེན་འབྲས་བུ་སྤྱིར་བསྟན་པ[དེ་ལྟར་ཡང་དག་པའི་]། དེའི་དོན་རྒྱས་པར་བཤད་པ། ཕྱག་འཚལ་ཞིང་ཉེ་བར་བསྡུ་བ[ད་ནི་དེ་དག་ཉིད་ལ་]འོ། །བར་པ་ལ་དྲུག །ཤིན་ཏུ་ངོ་མཚར་བའི་སྐུ་ཕུན་ཚོགས་བཤད་པ། ཡེ་ཤེས་ཕུན་ཚོགས་བཤད་པ། ཡོན་ཏན་ཕུན་ཚོགས་བཤད་པ། འཕྲིན་ལས་ཕུན་ཚོགས་བཤད་པ། ཞིང་ཁམས་དང་གླེང་གཞིའི་ཁྱད་པར་བསྟན་པ[དེ་ལྟར་ཆེས་ཤིན་ཏུ་]། ཁྱད་པར་གཞན་ཡང་རྒྱ་ཆེར་བསྟན་པའོ། །

དང་པོ་ལ་དྲུག །ཐེག་ཆེན་ཐུན་མོང་བ་ལ་གྲགས་པའི་སྐུའི་དབྱེ་བ། ཐུན་མོང་མ་ཡིན་པ་གསང་སྔགས་ཀྱི་སྐུའི་དབྱེ་བ། དེ་དག་འཕགས་པ་འཇམ་དཔལ་གྱིས་ཇི་ལྟར་གསུངས་པའི་ཚུལ[དེ་བཞིན་དུ། འཕགས་པ་]། ལོངས་སྤྱོད་རྫོགས་པ་དང་སྤྲུལ་སྐུ་ལ་བདེན་གཉིས་སུ་དབྱེ་བ[འདིར་ལོངས་སྤྱོད་]། དོན་དམ་བདེན་པ་ཉིད་གནས་ལུགས་ཀྱི་སྐུ་བཞིར་བཞུགས་ཚུལ། ཆོས་ཉིད་ཀྱི་སྐུ་ལྔ་དང་རིགས་དྲུག་ལ་རྨོངས་མི་རྨོངས་ཀྱི་ཁྱད་པར་བསྟན་པ[དེ་བཞིན་དུ་ཆོས་ཉིད་]འོ། །དང་པོ་ལ་གསུམ། གཤིས་ལུགས་ཟབ་མོའི་སྐུ་གཅིག་ཏུ་བས་ཚུལ[དེ་ལ་སངས་རྒྱས་]། བདེན་པ་གཉིས་ཀྱི་སྐུ་གཉིས་སུ་དབྱེ་བ[དེ་ལ་སྐུ་གཉིས་ནི།]། བདེན་གཉིས་ཀྱིས་བསྡུས་པའི་སྐུ་གསུམ་དུ་དབྱེ་བ[དེ་ལ་སྐུ་གསུམ་ནི།]འོ། །

ཐུན་མོང་མ་ཡིན་པ་གསང་སྔགས་ཀྱི་སྐུའི་དབྱེ་བ་ལ་གཉིས། སྐུ་གཅིག་ནས་ལྔའི་བར་དུ་དབྱེ་བ་[ཐུན་མོང་མ་ཡིན་པ་]དང༌། དེ་རང་བཞིན་གྱི་རིགས་དང་དོན་གཅིག་ཚུལ་[དེ་ལྟར་དེ་རྣམས་]ལོ། །དོན་དམ་བདེན་པ་ཉིད་གནས་ལུགས་ཀྱི་སྐུ་བཞིར་བཞུགས་ཚུལ་ལ། བསྟན་པ། བཤད་པ། བསྡུ་བ་[དེ་བཞིན་དུ། འཇམ་དཔལ་]གསུམ་ལས། དང་པོ་ལ་གཉིས། གནས་ལུགས་ཟབ་མོའི་སྐུ་བཞི་བསྟན་པ་[དེའི་ཕྱིར་སྟོང་གཞི་]དང༌། དེ་གཟུགས་ཀྱི་སྐུ་མ་ཡིན་པར་བསྟན་པ[དེ་ཡང་རྗེ་བཙུན་]འོ། །

རྒྱས་བཤད་ལ་བཅུ། གནས་ལུགས་དེ་ཉིད་སྐུ་བཞི་དང་བཅུ་དྲུག་ལ་སོགས་པར་བཞུགས་ཚུལ[དེ་བཞིན་དུ། རྣམ་པར་]། དེ་ཉིད་སྐུ་ལྔ་ཡེ་ཤེས་ལྔའི་བདག་ཉིད་དུ་ཀུན་ལ་ཁྱབ་པར་བཞུགས་ཚུལ[དེའི་ཕྱིར་དོན་དམ་]། དེ་ཉིད་ཕྱོགས་དང་བྲལ་བའི་མྱང་འདས་དེ་ཁོ་ན་ཉིད་དུ་བཞུགས་ཚུལ[རྗེ་བཙུན་འདི་ཉིད་ཀྱི་]། དེ་ཉིད་འདུས་མ་བྱས་ཀྱི་དགའ་བ་བཞི་དང་བཅུ་དྲུག་ཏུ་ཡང་བཞུགས་ཚུལ[དེ་ཉིད་སེམས་ཅན་]། དེ་ཉིད་སྐུའི་རབ་ཏུ་དབྱེ་བ་བཅུ་དྲུག་ཏུ་ཡང་བཞུགས་ཚུལ[དེ་ཉིད་ཁོ་ན་]། དེ་ཉིད་རྣམ་ཐར་བཞི་དང་རྣལ་འབྱོར་བཞི་ལ་སོགས་པར་ཡང་བཞུགས་ཚུལ[དེ་ཉིད་ལྷན་ཅིག་]། དེ་ཉིད་ཐམས་ཅད་མཁྱེན་པ་ལ་སོགས་པ་སྐུ་བཞིའི་རྣམ་གྲངས་དང་མཁྱེན་པ་བཞིར་ཡང་བཞུགས་ཚུལ[སྟོང་པ་ཉིད་ཀྱི་]། དེ་ཉིད་མངོན་པར་བྱང་ཆུབ་པ་བཞི་དང་དོན་ཀུན་གཟིགས་པ་ལ་སོགས་པ་བཞིར་ཡང་བཞུགས་ཚུལ[དེ་བཞིན་དུ་སྐད་ཅིག་]། དེ་རྣམས་ཐམས་ཅད་ལུས་ཀྱི་འཁོར་ལོ་བཞི་ལ་བཞུགས་ཚུལ། འཁོར་ལོ་བཞིར་དབུགས་ཀྱི་རྒྱུན་འགགས་པས་དེ་རྣམས་ཐོབ་ཚུལ་[དེ་བཞིན་དུ། དུས་ཀྱི་]ལོ། །

དགུ་པ་ལ་བཅུ་བདུན། དེ་རྣམས་ཉིད་བརྗོད་དུ་མེད་པའི་ཨཱ་ལི་ཀཱ་ལི་ལ་སོགས་པར་བཞུགས་ཚུལ[དེ་བཞིན་དུ། འཕགས་པ་]། དེ་རྣམས་ཉིད་འགྱུར་མེད་ཡོངས་གྲུབ་ཀྱི་སྐུར་བཞིར་ཡང་བཞུགས་ཚུལ[ལྷན་ཅིག་སྐྱེས་]། དེ་རྣམས་ཉིད་གནས་སྐབས་གཞན་དོན་དམ་གྱི་གནས་སྐབས་བཞིར་ཡང་བཞུགས་ཚུལ[ལྟེ་བར་བཞི་པ་]། དེ་རྣམས་ཉིད་སྟོང་གཞི་དོན་དམ་གཞན་སྟོང་གི་རྡོ་རྗེ་བཞིར་ཡང་བཞུགས་ཚུལ[དཔྲལ་བར་སྐུ་]། དེ་རྣམས་ཉིད་ཆོས་སྐུའི་ཨེ་ཝཾ་མ་ཡཱ་དང་ཡུམ་བཞིར་ཡང་བཞུགས་ཚུལ[ལྟེ་བར་ཨེ་]། དེ་རྣམས་ཉིད་སྐད་ཅིག་གཞན་དཔེ་བྲལ་དབུ་མའི་སྐད་ཅིག་མ་བཞིར་ཡང་བཞུགས་ཚུལ[སྐད་ཅིག་མ་]། དེ་རྣམས་ཉིད་དགའ་བ་གཞན་རང་བཞིན་འགྱུར་མེད་ཀྱི་དགའ་བ་བཞིར་ཡང་བཞུགས་ཚུལ[དེ་བཞིན་དུ་དགའ་]། དེ་རྣམས་ཉིད་བདེན་བཞི་གཞན་ཆོས་སྐུའི་བདེན་པ་བཞིར་ཡང་བཞུགས་ཚུལ[དེ་བཞིན་དུ་སྡུག་]། དེ་རྣམས་ཉིད་གནས་ལུགས་བདེ་གཤེགས་སྙིང་པོའི་དེ་ཁོ་ན་ཉིད་བཞིར་ཡང་བཞུགས་ཚུལ[དེ་ཁོ་ན་ཉིད་]། དེ་རྣམས་ཉིད་དེ་བཞིན་ཉིད་ཀྱི་ངར་བྱེད་པ་དང་སྒྲ་བརྗོད་པ་ལ་སོགས་པ་བཞིར་ཡང་བཞུགས་ཚུལ[དཔྲལ་བར་ངར་]། དེ་རྣམས་ཉིད་སྡེ་པ་གཞན་ཆོས་ཉིད་ཀྱི་སྡེ་པ་བཞིར་ཡང་བཞུགས་ཚུལ[སྡེ་པ་བཞི་]། དེ་རྣམས་ཉིད་རང་བཞིན་གཉུག་མའི་ཟླ་ཉི་སྒྲ་གཅན་ལ་སོགས་པར་ཡང་བཞུགས་ཚུལ[ཟླ་བ་ནི་]། དེ་རྣམས་ཉིད་འཕོ་བ་གཞན་འགལ་འདུས་སྐྱོན་མེད་ཀྱི་འཕོ་བ་བཅུ་དྲུག་ལ་སོགས་པར་བཞུགས་ཚུལ[དཔྲལ་བར་འཕོ་]། དེ་རྣམས་ཉིད་ཐུན་མཚམས་གཞན་རང་བཞིན་འོད་གསལ་གྱི་ཐུན་མཚམས་བཞིར་ཡང་བཞུགས་ཚུལ[སྔར་བཤད་པའི་]། དེ་རྣམས་ཉིད་ཀུན་སྤྱོད་གཞན་རང་བཞིན་ལྷན་སྐྱེས་ཀྱི་ཀུན་སྤྱོད་བཞིར་ཡང་བཞུགས་ཚུལ[དཔྲལ་བར་ནི་]། དེ་རྣམས་ཉིད་དོན་དམ་འགོག་བདེན་གྱི་བྱང་ཆུབ་ཕྱོགས་ཆོས་རྣམས་སུ་ཡང་བཞུགས་ཚུལ[བྱང་ཆུབ་ཀྱི་]། དེ་རྣམས་ཀྱི་དོན་བསྡུས་ཏེ་ཐམས་ཅད་ལ་བདེན་གཉིས་རྣམ་དབྱེ་ཤེས་དགོས་པར་གདམས་པ[འདིར་ཡང་གནས་སྐབས་]འོ། །

ཤིན་ཏུ་ངོ་མཚར་བའི་ཡེ་ཤེས་ཕུན་ཚོགས་བཤད་པ་ལ་གསུམ། རང་བྱུང་གཞན་བྱུང་གི་ཡེ་ཤེས་མདོར་བསྟན་པ[དེ་ལྟར་དོན་དམ་པའི་]། དེ་དག་སོ་སོར་ཕྱེ་སྟེ་རྒྱས་པར་བཤད་པ། དེ་དག་གི་ཁྱད་པར་གསུང་རབ་དང་མཐུན་ཚུལ་ལོ། །བར་པ་ལ་གཉིས། གཞན་བྱུང་ཡེ་ཤེས་རྒྱུ་དང་བཅས་པར་བཤད་པ[དེ་ཡང་མདོ་སྡེའི་]། རང་བྱུང་ཡེ་ཤེས་རྒྱུ་མེད་རྐྱེན་མེད་བཤད་པའོ། །

འདི་ལ་བདུན། ཕུང་པོ་གཞན་རང་བཞིན་གྱིས་འཇིག་རྟེན་ལས་འདས་པའི་ཕུང་པོ་རྣམས་ཡེ་ཤེས་ལྔར་བཞུགས་ཚུལ[རྒྱུད་སྡེ་ཟབ་མོ་]། གཟུགས་གཞན་གཟུགས་ཆེན་པོ་ལ་སོགས་པ་རྒྱལ་བ་རྣམས་སུ་བཞུགས་ཚུལ[དེ་བཞིན་དུ། བསྡུས་པའི་]། ཁམས་གཞན་ཆོས་ཉིད་གཉུག་མའི་ཁམས་རྣམས་བདེ་བར་གཤེགས་མ་རྣམས་སུ་བཞུགས་ཚུལ[གཞན་ནི་ཁམས་དྲུག་]། དོན་དམ་པའི་མཚན་བརྗོད་ཀྱིས་རང་བྱུང་ཡེ་ཤེས་ལྔ་རྒྱས་པར་བསྟན་ཚུལ[དེ་བཞིན་དུ། མཚན་]། སྟོང་པ་ཆེན་པོ་ཡི་གེ་ལྔས་ཀྱང་རང་བྱུང་ཡེ་ཤེས་ལྔ་གསལ་བར་བསྟན་ཚུལ[དཔལ་ལྡན་རྒྱུད་དུ་]། ཐིག་ལེ་སྟོང་པ་འགྱུར་མེད་དྲུག་ཀྱང་དེ་དང་དབྱེར་མེད་པར་བསྟན་པ[གཅིག་དང་དུ་མ་དག་ཀྱང་]། དེ་རྣམས་ཉིད་དཀྱིལ་འཁོར་འཁོར་ལོ་ལ་སོགས་པར་ཡང་བཞུགས་ཚུལ་[ཀྱེའི་རྡོ་རྗེར་ཡང་]ལོ། །དེ་དག་གི་ཁྱད་པར་གསུང་རབ་དང་མཐུན་ཚུལ་ལ་བཞི། སངས་རྒྱས་ལྟར་ཡེ་ཤེས་ལ་ཡང་བདེན་གཉིས་ཀྱི་རྣམ་དབྱེ་ཤེས་དགོས་པར་བསྟན་པ[དེ་ལྟ་བས་ན་]། བདེན་གཉིས་ཀྱིས་བསྡུས་པའི་ཡེ་ཤེས་དེ་དག་ཡོངས་གྲུབ་གཉིས་དང་དོན་གཅིག་ཏུ་བསྟན་པ[དེ་བཞིན་དུ་ངོ་བོ་ཉིད་]། ཡང་དེ་དག་ཉིད་དེ་བཞིན་ཉིད་དང་ཡང་དག་ཡེ་ཤེས་ཀྱི་དོན་དུ་ཡང་གནས་ཚུལ[དེ་བཞིན་དུ་མིང་དང་]། དེས་ན་སངས་རྒྱས་ལ་བདེན་གཉིས་ཀྱི་ཡེ་ཤེས་དགུའམ་བཅུ་བཞི་མངའ་བར་བསྟན་པ[དེ་ལ་ཤིན་ཏུ་]འོ། །

ཤིན་ཏུ་ངོ་མཚར་བའི་ཡོན་ཏན་ཕུན་ཚོགས་བཤད་པ་ལ་ལྔ། སངས་རྒྱས་ཀྱི་ཡོན་ཏན་རྣམས་བདེན་གཉིས་སུ་བསྡུས་ཏེ་བཤད་པ་དངོས། དེ་ལས་འཕྲོས་པའི་བརྒལ་ལན་གྱིས་དགོངས་པ་ཟབ་མོ་ཕྱེ་སྟེ་བསྟན་པ། ཐེག་ཆེན་ལ་ཐུན་མོང་དུ་གྲགས་པའི་སྐུ་གསུམ་གྱི་ཤེས་བྱེད་དང་ཡོན་ཏན་བསྟན་པ[དེ་ལྟར་བདེན་པ་]། ཡོན་ཏན་གྱི་ཁྱད་པར་རྨད་དུ་བྱུང་བ་གཞན་ཡང་བསྟན་པ[བྱང་ཆུབ་སེམས་]། དེ་ཐམས་ཅད་བསམ་གྱིས་མི་ཁྱབ་ཅིང་ངོ་མཚར་བར་བསྟན་པ[དད་པའི་སྟོབས་]འོ། །དང་པོ་ལ་གཉིས། དོན་དམ་ཆོས་སྐུའི་ཡོན་ཏན་[དེ་ལྟར་དོན་དམ་]དང༌། ཀུན་རྫོབ་གཟུགས་སྐུའི་ཡོན་ཏན་[ཀུན་རྫོབ་གཟུགས་]ནོ། །དེ་ལས་འཕྲོས་པའི་བརྒལ་ལན་གྱིས་དགོངས་པ་ཟབ་མོ་ཕྱེ་སྟེ་བསྟན་པ་ལ་ལྔ། སངས་རྒྱས་བསམ་གྱིས་མི་ཁྱབ་པ་དང་ཁས་ལེན་མེད་པའི་དགོངས་པ་བཤད་པ[གལ་ཏེ་སངས་རྒྱས་གཅིག་]། གནས་ལུགས་ལ་ཡོངས་གཅོད་དུ་གྲུབ་པའི་ཆོས་མེད་པར་འདོད་པ་སྤང་[དེ་བཞིན་དུ་གནས་]། མྱང་འདས་ཆེན་པོ་འཁོར་འདས་དབྱེར་མེད་ཀྱི་དོན་དུ་བསྟན[གལ་ཏེ་མྱང་འདས་]། དེ་ཡང་འགལ་འདུས་སྐྱོན་མེད་ཕུང་པོ་གསུམ་པའི་དོན་དུ་བསྟན[དེ་བཞིན་དུ་སྲིད་མེད]། དེ་ལྟར་ཤེས་ན་རྒྱལ་སྲས་དགོངས་ཆེན་མཐོང་བའི་རྟགས་སུ་བཤད་པ[དེ་ལྟར་མཐོང་ན་]འོ། །

ཤིན་ཏུ་ངོ་མཚར་བའི་འཕྲིན་ལས་ཕུན་ཚོགས་བཤད་པ་ལ་གསུམ། འཕྲིན་ལས་དང་དེའི་འབྱུང་གནས་མདོར་བསྟན་པ[དེ་ལྟར་དེ་བཞིན་གཤེགས་]། དཔེ་དང་བཅས་ཏེ་རྒྱས་པར་བཤད་པ[འདི་ན་འཇིག་རྟེན་]། དཔེ་ཤིན་ཏུ་མང་པོས་རབ་ཏུ་རྒྱས་པར་བཤད་པ[རྒྱུད་བླ་མར་]འོ། །

ཁྱད་པར་གཞན་ཡང་རྒྱ་ཆེར་བསྟན་པ་ལ་བཅུ་དྲུག །གཞི་འབྲས་ངོ་བོ་དབྱེར་མེད་ལ་རྩོད་པ་སྤངས་ནས་སྐུ་གཉིས་ཐོབ་ཚུལ་བསྟན་པ[གལ་ཏེ་གཞི་འབྲས་]། དྲི་མ་སྦྱོང་ཚུལ་དང་ས་ལམ་བགྲོད་ཚུལ་བསྡུས་ཏེ་བསྟན་པ[གསེར་འོད་དམ་པ་]། ས་ལམ་བགྲོད་པ་ལ་དབུགས་ཀྱི་རྒྱུན་འགག་དགོས་པར་བསྟན་པ[དྲི་མ་ཟད་པས་]། དེ་འགགས་པས་མཐར་ཐུག་གི་གནས་གྱུར་ཟབ་མོ་ཐོབ་ཚུལ[དེ་ལྟར་དབུགས་]། དེ་ཐོབ་པའི་ཚེ་སྦྱང་བྱ་དྲི་མ་ཟད་ཀྱང་སྦྱང་གཞི་སྙིང་པོ་མི་ཟད་པར་བསྟན་པ[དེ་བཞིན་དུ་ལྗོན་ཤིང་]། དེ་དག་ཟད་མི་ཟད་ཀྱི་དཔེ་རྣམས་ལས་ནམ་མཁའ་ཉིད་མཆོག་ཏུ་བསྟན་པ[དེ་དག་ལས་ཀྱང་]། སྦྱང་གཞི་མི་ཟད་པར་གྲུབ་པས་ཡེ་ཤེས་རྒྱུན་ཆད་པར་འདོད་པ་ལ་སོགས་པ་ཡང་ཁེགས་པར་བསྟན་པ[གསུང་རབ་འདི་དག་]། འཁྲུལ་བ་ཟད་པའི་ཡེ་ཤེས་ལ་འཁྲུལ་སྣང་འདི་མི་འཆར་བར་བསྟན་པ[དེ་བཞིན་དུ་གློ་བུར་]། དེ་ཙམ་གྱིས་ཆད་པར་ལྟ་བའི་སྐྱོན་དུ་ཡང་མི་འགྱུར་བར་བསྟན་པ[དེ་ཙམ་གྱིས་ཆད་]། འཁྲུལ་བ་ཟད་པ་ལ་མི་སྣང་ཡང་མ་ཟད་པ་ལ་སྣང་བ་མི་འགལ་བར་བསྟན་པ[དེ་ལྟར་ཆོས་ཉིད་]། ཡེ་ཤེས་ལ་སྣང་བ་དེ་རྣམ་ཤེས་ལ་མི་སྣང་ཞིང་རྣམ་ཤེས་ལ་སྣང་བ་དེ་ཡེ་ཤེས་ལ་མི་སྣང་བར་བསྟན་པ[ཆོས་དང་ཆོས་ཉིད་]། ཡེ་ཤེས་དེས་དོན་ལ་མེད་པའི་ཁམས་གསུམ་འདི་གཟིགས་ན་དོན་ལ་གནས་པའི་ཆོས་ཉིད་མི་གཟིགས་པར་ཧ་ཅང་ཐལ་བ[ཡང་དེ་ཉིད་དུ།]། རྣམ་ཤེས་ལས་མ་འདས་པའི་ཁམས་གསུམ་འདི་སྣང་ན་དེ་རྣམ་ཤེས་ལས་མ་འདས་པར་ཧ་ཅང་ཐལ་བ[གཞན་ཡང་ཁམས་གསུམ་]། ཡང་དག་མ་ཡིན་པའི་ཁམས་གསུམ་འདི་སྣང་ན་དེ་ཡང་དག་མཐོང་བའི་ཡེ་ཤེས་མ་ཡིན་པར་ཧ་ཅང་ཐལ་བ[གལ་ཏེ་འདི་]། སྡུག་བསྔལ་ཀུན་འབྱུང་འདི་སྣང་ན་སྲིད་པའི་ས་བོན་དང་གཉིས་སྣང་རྣམས་མ་འགགས་པར་ཧ་ཅང་ཐལ་བ[གཞན་ཡང་ཁམས་གསུམ]། དེ་རྣམས་ལ་སྐྱོན་མེད་སྐྱོན་དུ་མཐོང་བའི་ལོག་རྟོག་བསལ་བའོ། །

འདི་ལ་བཅུ་གསུམ། ལུང་དང་འགལ་བར་འཁྲུལ་བའི་ལོག་རྟོག་དགོད་པ[གལ་ཏེ་དེ་ལྟ་ན་]། མི་འགལ་བར་ལུང་ཉིད་ཀྱིས་ལེགས་པར་སྒྲུབ་པ[སྐྱོན་མེད་དེ་]། དེས་མ་མཐོང་བ་ཉིད་མཐོང་བར་གསུངས་པའི་དགོངས་པ་ཡང་གསལ་བར་གྱུར་ཚུལ[དེ་ལྟར་མི་སྣང་]། ལྷག་མཐོང་ཡོད་མེད་ཀྱི་སྣང་ཚུལ་ཡང་མི་གཅིག་པར་བསྟན་པ[སངས་རྒྱས་ཕལ་པོ་]། མཁྱེན་པ་ལ་ཆོས་དེ་སྣང་དགོས་ན་ཧ་ཅང་ཐལ་བས་གནོད་ཚུལ[གལ་ཏེ་མཁྱེན་]། ཡེ་ཤེས་ལ་ཆོས་ཉིད་མི་སྣང་བ་ལ་སོགས་པར་འཁྲུལ་བའི་འཁྲུལ་གཞི་བསྟན་པ[དེའི་ཕྱིར་ཡེ་ཤེས་]། དོན་ལ་གནས་པ་བསྟན་པས་ལོག་རྟོག་གཞན་ཡང་སེལ་ཚུལ[དེ་ལྟ་བས་ན་དོན་དམ་]། ལུང་གིས་མི་གནོད་ཀྱང་གནོད་པར་འཁྲུལ་བའི་ལོག་རྟོག་བསལ་བ[གལ་ཏེ་ཁམས་གསུམ་]། དེས་ན་སེམས་ཅན་ལ་སྣང་བ་བཞིན་སངས་རྒྱས་ལ་སྣང་ན་ཧ་ཅང་ཐལ་བ[གལ་ཏེ་དེ་ལྟ་]། དེས་ན་ལས་སྣང་ཁམས་གསུམ་པ་འདྀ་གནས་ལུགས་ལ་སྣང་བ་ཙམ་དུ་ཡང་མ་གྲུབ་པ[དེས་ན་སེམས་ཅན་]། གནས་ལུགས་ལ་མི་སྣང་ཡང་འཁྲུལ་ལུགས་ལ་སྣང་བ་མི་འགལ་བར་བསྟན་པ[གལ་ཏེ་དེ་ལྟ་]། མཉམ་བཞག་རིགས་པའི་ཤེས་པ་ལ་གང་སྣང་དེ་དོན་དམ་དུ་བསྟན་པ[དེ་ལྟ་བས་ན།]། མཉམ་པར་མ་བཞག་པའི་གོ་སྐབས་སངས་རྒྱས་ལ་མི་སྲིད་པར་བསྟན་པ[གལ་ཏེ་རྒྱལ་བའི་]འོ། །འབྲས་བུའི་སྐབས་[ལམ་གྱིས་དྲི་]སོ། །།།

༈ ས་བཅད་ཅེས་པ་གཞུང་དོན་ཚན་ཚན་དུ། །བསྡུས་ནས་འབྱེད་པ་སྡོང་ཆེན་ལྟ་བུ་ཡིན། །དེ་ཡི་ཡལ་ག་སོ་སོར་འགྱེས་པ་ལ། །ཡི་གེ་གྲངས་མཉམ་དགོས་ཞེས་མཁས་གཞན་བཞེད། །དེ་དང་རྗེས་མཐུན་བདག་གིས་གཞན་དུ་བཀོད། །འདིར་ནི་རྗེ་བཙུན་དག་གི་ཞལ་སྔ་ནས། །ཚིག་ལ་མ་རྟོན་དོན་ལ་རྟོན་ཅིག་ཅེས། །ལེགས་པར་གསུངས་པའི་རྗེས་སུ་འབྲངས་པ་ཡིན། །གཙོ་བོའི་དོན་དེ་དངོས་སུ་སྨོས་པ་ཡིས། །འཁོར་དུ་གཞན་ཡང་ཞོར་ལ་འབྱུང་སྲིད་མོད། །གཙོ་བོ་དེ་ཉིད་སྨོས་པ་མཁས་པའི་ལུགས། །སླ་བའི་གནས་སུ་ཕྲ་མོར་མ་ཕྱེ་ཡང༌། །བློ་ལྡན་རྣམས་ལ་གེགས་སུ་འགྱུར་བ་མེད། །འདིར་འབད་དགེ་བ་རྒྱ་ཆེན་རབ་དཀར་དེས། །འཁྲུལ་བ་ཐམས་ཅད་མྱུར་དུ་རབ་འགགས་ཏེ། །མ་འཁྲུལ་གནས་ལུགས་ཟབ་མོ་མྱུར་ཐོབ་ཤོག ། །།ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ ཞུས་དག་གོ།

རི་ཆོས་ངེས་དོན་རྒྱ་མཚོ་ཞེས་བྱ་བ་མཐར་ཐུག་ཐུན་མོང་མ་ཡིན་པའི་མན་ངག་བཞུགས་སོ། །

བཤད་པ་ལ་འཇུག་པ། ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭེ་བྷྱོ་ན་མོ་ན་མཿ [ཨོཾ་བླ་མ་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ་མཆོད་དོ།།]རི་ཆོས་ངེས་དོན་རྒྱ་མཚོ་ཞེས་བྱ་བ་མཐར་ཐུག་ཐུན་མོང་མ་ཡིན་པའི་མན་ངག །[འགྲོ་བ་ཀུན་གྱི་]དཔལ་[དུ་གྱུར་པ་གཉིས་མེད་ཡེ་ཤེས་]རྡོ་རྗེ་[མི་ཕྱེད་ཞེས་བྱར་བརྗོད་]སེམས་དཔའ་[སྲིད་པ་གསུམ་གཅིག་པ་]ལ་ཕྱག་འཚལ་ལོ། །[གློ་བུར་]དྲི་མ་སྦྱང་བའི་གཞི་བདེ་གཤེགས་སྙིང་པོ་ལ་ཕྱག་འཚལ་ལོ། །[གློ་བུར་]དྲི་མ་སྦྱོང་བའི་ལམ་རྡོ་རྗེའི་རྣལ་འབྱོར་ལ་ཕྱག་འཚལ་ལོ། །[གློ་བུར་]དྲི་མས་དག་པའི་གཞི་བྲལ་འབྲས་ཆོས་སྐུ་ལ་ཕྱག་འཚལ་ལོ། །

གང་གསུང་འོད་ཀྱི་ཆ་ཤས་ཕྲ་བས་ཀྱང༌། །སྙིང་གི་མུན་སྟུག་དཔག་ཡས་རབ་བསལ་ནས། །ཡང་དག་རྟོགས་པའི་སྣང་བ་རྒྱས་མཛད་པ། །རྗེ་བཙུན་བླ་མ་མཆོག་ལ་དང་པོར་འདུད། །གང་ཞིག་[ཀུན་རྫོབ་ཀྱི་]ཆོས་རྣམས་ཀུན་གྱིས་དབེན་ཡང་ཟག་མེད་བགྲང་ཡས་[དོན་དམ་གྱི་]ཆོས་[རྣམས་]ཀྱི་སྐུ། །ཆོས་དང་གང་ཟག[གི་]བདག་དང་[གདོད་ནས་རང་བཞིན་གྱིས་]བྲལ་ཡང་དེ་བཞིན་ཉིད་བདག་དག་པའི་བདག །ཡོད་མེད་རྟག་ཆད་མཐའ་ལས་འདས་ཀྱང་[དེ་དག་གི་དབུས་མའམ་བར་མ་སྐད་ཅིག་ལས་འདས་པ་དོན་དམ་གྱི་དབྱིངས་ཡིན་པས་]རྟག་བརྟན་གཡུང་དྲུང་ཉིད་དུ་བཞུགས། །དངོས་རྣམས་ཀུན་གྱི་རང་བཞིན་མེད་ཀྱང་རང་བཞིན་འོད་གསལ་ལ་བཏུད་ནས། །རང་ཁྱིམ་ས་འོག་གཏེར་ཆེན་བཞིན་དུ་ཤེས་པར་བྱ་བ་གང་ཡིན་[པ་གཞི་]དང༌། །དེ་ཐོབ་ཐབས་ལ་བརྩོན་པ་བཞིན་དུ་ཉམས་སུ་བླང་བ་གང་ཡིན་[པ་ལམ་]དང༌། །དེ་ཐོབ་དོན་ཀུན་གྲུབ་པ་བཞིན་དུ་ཐོབ་པར་བྱ་བ་གང་ཡིན་[པ་འབྲས་བུ་]རྣམས། །ལྷ་མིག་ལྡན་པས་སྟོན་པ་བཞིན་དུ་རྣམ་དག་ལུང་བཞིན་བསྟན་བྱ་ཞིང༌། །རྒྱལ་བའི་ས་བོན་བཟང་པོ་[རྒྱས་པའི་རིགས་སད་པ་]ལས་བྱུང་བསོད་ནམས་ཚོགས་ལས་གང་འཁྲུངས་པ། །རྣམ་སྨིན་འབྲས་བུ[མཚན་དཔེ་ལ་སོགས་པ]འི་ཡོན་ཏན་དང་ལྡན་གཟུགས་ཀྱི་སྐུ་ལའང་ཕྱག་འཚལ་ནས། །འབྲས་མཆོག་ལྷགས་པའི་ཤིང་ཆེན་བསྐྱེད་བཞྀིན་དྲང་སྲོང་[ཆེན་པོ་]རྣམས་ཀྱི་བརྡ་ཡི་སྐུ། །[རྒྱུ་]གང་གིས་[ཚུལ་]ཇི་ལྟར་བསྐྱེད་པ་དེ་ཡང་ལུང་ལས་བྱུང་བཞིན་བྲི་བར་བྱ[འདི་དག་ལ་སོགས་པ་སྐབས་ཐམས་ཅད་དུ་ཡོད་པ་ལ་མཐར་ལྷུང་མ་ལྷུང་གཉིས་དང༌། མེད་པ་ལ་མཐར་ལྷུང་མ་ལྷུང་གཉིས་དང༌། རྟག་པ་ལ་མཐར་ལྷུང་མ་ལྷུང་གཉིས་དང༌། ཆད་པ་ལ་མཐར་ལྷུང་མ་ལྷུང་གཉིས་ལ་སོགས་པར་འབྱེད་པའི་མན་ངག་ཟབ་མོ་དྲན་པར་བྱའོ། །

ངེས་དོན་གྱི་གཞི་ལམ་འབྲས་བུ་བསྡུས་ནས་བསྟན་པ། འདིར་ཐར་པའི་མཆོག་རང་བཞིན་འོད་གསལ་ཆོས་ཀྱི་སྐུ་རང་བྱུང་གི་ཡེ་ཤེས་གཙང་བདག་བདེ་དང་རྟག་པའི་མཐར་ཐུག་པ་གང་ཡིན་པ་[མཁའ་ཁྱབ་ཏུ་ནམ་ཡང་བཞུགས་པ་]དེ་ཐོབ་ནས་གཟུགས་ཀྱི་སྐུས་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བར་འདོད་པ་དག་གིས་དང་པོ་ཉིད་དུ་ཤེས་པར་བྱ་བ་ནི་དབུལ་པོའི་ཁྱིམ་གྱི་ས་འོག་ན་རིན་པོ་ཆེའི་གཏེར་ཆེན་པོ་ཡོད་ཀྱང་མི་བདུན་སྲིད་ཀྱི་ས་རྡོས་བསྒྲིབས་ནས་མ་མཐོང་ཞིང་མ་རྟོགས་ལ་མ་ཐོབ་པས་སྡུག་བསྔལ་བ་ཉིད་དུ་གནས་པ་ཇི་ལྟ་བ་དེ་བཞིན་དུ་འོད་གསལ་ཆོས་སྐུའི་ཡོན་ཏན་གྱི་གཏེར་ཆེན་པོ་རང་གཞན་ཐམས་ཅད་ལ་དུས་ཐམས་ཅད་དུ་[ནམ་མཁའ་ལྟར་ཁྱབ་པར་]ཡོད་ཀྱང་གློ་བུར་དྲི་མས་བསྒྲིབས་ནས་མ་མཐོང་ཞིང་མ་རྟོགས་ལ་མ་ཐོབ་པས་རྟག་ཏུ་སྡུག་བསྔལ་བ་ཉིད་དུ་གནས་པ་གང་ཡིན་པ་སྟེ། དེ་ནི་བླ་མ་དམ་པའི་མན་ངག་ཁྱད་པར་ཅན་དང་ལྡན་པའི་ལུང་དང་རིགས་པ་དྲི་མ་མེད་པ་དག་ལས་[གནས་ལུགས་སྙིང་པོ་ནི་]ཐོབ་པར་བྱ་བ་ཉིད་དང་[འཁྲུལ་ལུགས་དྲི་མ་ནི་]སྤང་བར་བྱ་བ་ཉིད་དུ་ལེགས་པར་ཁོང་དུ་ཆུད་པར་བྱ་བའོ། །འདི་ནི་ལྷའི་མིག་དང་ལྡན་པ་དག་གིས་གཏེར་དེ་ལེགས་པར་བསྟན་པ་ལས་གཏེར་ཆེན་པོ་ཉིད་ནི་ཐོབ་པར་བྱ་བ་དང༌། དེ་ལ་གཡོགས་པའི་ས་རྡོ་རྣམས་ནི་དོར་བར་བྱ་བ་ཉིད་དུ་ཤེས་པ་དང་མཚུངས་ཏེ། [སྒྲིབ་གཡོགས་]དེ་མ་བསལ་ན་[གཏེར་]དེ་མི་ཐོབ་པ་དང༌། [སྒྲིབ་གཡོགས་]དེ་བསལ་བ་ཙམ་གྱིས་[གཏེར་]དེ་ཐོབ་པར་ཤེས་པ་དང་ཡང་ཆོས་མཚུངས་སོ། །དེ་ལྟར་ཁོང་དུ་ཆུད་ནས་ཉམས་སུ་བླང་བར་བྱ་བ་ནི་གློ་བུར་དྲི་མ་མཐའ་དག་བསལ་བའི་ཆེད་དུ་རྣམ་པར་དག་པའི་ཡེ་ཤེས་ཀྱི་ཚོགས་འཁོར་དང་བཅས་པ་སྒྲུབ་པ་ལ་བརྩོན་པ་གང་ཡིན་པ་སྟེ། འདི་ནི་མི་བདུན་སྲིད་ཀྱི་ས་རྡོ་དེ་རྣམས་སེལ་བར་བྱེད་པ་དང་མཚུངས་སོ། །དེ་ལྟར་ཉམས་སུ་བླངས་པ་ལས་ཐོབ་པ་ནི་བྲལ་འབྲས་ཆོས་ཀྱི་སྐུ་ཟག་པ་མེད་ཅིང་[དོན་དམ་དང་]མི་འབྲལ་བ[ངོ་བོ་གཅིག་པ]འི་ཡོན་ཏན་གྱི་གཏེར་ཆེན་པོ་ཐོབ་པ་གང་ཡིན་པ་སྟེ། འདི་ནི་རིན་པོ་ཆེའྀི་གཏེར་དེ་ཉིད་ལེགས་པར་ཐོབ་པ་དང་མཚུངས་སོ། །

དེ་རྣམས་ལུང་གིས་གྲུབ་ཚུལ་བསྡུས་ནས་བསྟན་པ།

འདིར་དེ་དག་དེ་ལྟར་ཡིན་པར་གང་ལས་ཤེས་ཞེ་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ལེགས་པར་གསུངས་པ་ལས་ཤེས་ཏེ། ཇི་སྐད་དུ། དེ་བཞིན་གཤེགས་པའྀ་སྙིང་པོའི་མདོར། རིགས་ཀྱི་བུ་དག་གཞན་ཡང་འདི་ལྟ་སྟེ། དཔེར་ན་དབུལ་པོ་ཞིག་གི་ཁྱིམ་གྱི་ནང་གི་མཛོད་ཀྱི་འོག་གི་ས་ལ་གཏེར་ཆེན་པོ་དབྱིག་དང་གསེར་གྱིས་གང་བ་མཛོད་ཀྱི་ཚད་ཙམ་ཞིག་མི་བདུན་སྲིད་ཀྱི་སས་གཡོགས་པའི་འོག་ན་ཡོད་ལ། གཏེར་ཆེན་པོ་དེས་མི་དབུལ་པོ་དེ་ལ་འདི་སྐད་དུ། ཀྱེ་མི་ང་ནི་གཏེར་ཆེན་པོ་སྟེ་སས་གཡོག་ཅིང་འདུག་གོ་ཞེས་མི་སྨྲ་སྟེ། འདི་ལྟ་སྟེ། གཏེར་ཆེན་པོ་ནི་སེམས་ཀྱི་ངོ་བོ་[ཅན་]ཉིད་ཀྱིས་སེམས་ཅན་མ་ཡིན་[པས་སྨྲ་མི་ཤེས་]པའོ། །མི་དབུལ་པོ་ཁྱིམ་གྱི་བདག་པོ་དེ་ནི་དབུལ་བའྀྀ་སེམས་ཀྱིས་རྗེས་སུ་སེམས་ཤིང་[གཏེར་]དེ་ཉིད་ཀྱི་སྟེང་ན་རྣམ་པར་རྒྱུ་ཡང་སའི་འོག་ན་གཏེར་ཆེན་པོ་ཡོད་པ་དེ་མ་ཐོས་མི་ཤེས་མ་མཐོང་ངོ༌། །རིགས་ཀྱི་བུ་དག་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་མངོན་པར་ཞེན་པའི་ཡིད་ལ་བྱེད་པ་ཁྱིམ་ལྟ་བུར་གྱུར་པའི་འོག་ན་དེ་བཞིན་གཤེགས་པའི་སྙིང་པོ་[དོན་དམ་ཆོས་ཉིད་ཀྱི་]སྟོབས་དང་མི་འཇིགས་པ་དང་[སངས་རྒྱས་ཀྱི་ཆོས་]མ་འདྲེས་པ་དང་[གཞན་ཡང་དོན་དམ་པའི་]སངས་རྒྱས་ཀྱི་ཆོས་[གང་གཱའི་ཀླུང་གི་བྱེ་མ་སྙཻད་ལས་འདས་པ་]ཐམས་ཅད་ཀྱི་མཛོད་ཀྱི་གཏེར་ཆེན་པོ་ཡོད་ཀྱང་སེམས་ཅན་དེ་དག་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་པ་ལ་ཆགས་པས་སྡུག་བསྔལ་བས་འཁོར་བ་ན་འཁོར་ཏེ་[དོན་དམ་པའི་]དོན་དཆོས་ཀྱི་གཏེར་ཆེན་པོ་དེ་[རང་གཞན་ཀུན་ལ་བཞུགས་པ་]མ་ཐོས་པས་ཐོབ་པར་མ་གྱུར་ཅིང་[གློ་བུར་དྲི་མ་]ཡོངས་སུ་སྦྱང་བའི་ཕྱིར་བརྩོན་པར་ཡང་མི་བྱེད་དོ། །རིགས་ཀྱི་བུ་དག་དེ་ནས་[ཀུན་རྫོབ་ཀྱི་]དེ་བཞིན་གཤེགས་པ་འཇིག་རྟེན་དུ་བྱུང་སྟེ། བྱང་ཆུབ་སེམས་དཔའི་ནང་དུ་འདི་ལྟ་བུ[དོན་དམ་པ]འི་ཆོས་ཀྱི་གཏེར་ཆེན་པོ་[རང་གཞན་ཀུན་ལ་བཞུགས་པ་]ཡང་དག་པར་རབ་ཏུ་སྟོན་ཏོ། །དེ་དག་ཀྱང་ཆོས་ཀྱི་གཏེར་ཆེན་པོ་དེ་ལ་མོས་ནས་བརྐོ་སྟེ། དེའི་ཕྱིར་འཇིག་རྟེན་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཞེས་བྱ་སྟེ། ཆོས་ཀྱི་གཏེར་ཆེན་པོ་ལྟ་བུ[དེ་ཐོབ་པ]ར་གྱུར་ནས་སེམས་ཅན་རྣམས་ལ་སྔོན་མ་བྱུང་བ་སྔོན་མ་བྱུང་བའི་གཏན་ཚིགས་ཀྱི་རྣམ་པ་དང་དཔེ་དང་བྱེད་པའི་གཏན་ཚིགས་དང་[ཆོས་གཏེར་དེ་ཐོབ་པའི་ཐབས་ཀྱི་]བྱ་བ་རྣམས་སྟོན་པ་གཏེར་ཆེན་པོའི་མཛོད་ཀྱི་སྦྱིན་བདག་ཆགས་པ་མེད་པའི་སྤོབས་པ་དང་ལྡན་ཞིང་[བདེན་པ་གཉི་གས་བསྡུས་པའི་]སྟོབས་དང་མི་འཇིགས་པ་དང་སངས་རྒྱས་ཀྱི་ཆོས་མང་པོའི་མཛོད་དུ་གྱུར་པ་ཡིན་ནོ། །རིགས་ཀྱི་བུ་དག་དེ་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་དེ་བཞིན་གཤེགས་པའི་མིག་ཡོངས་སུ་དག་པས་སེམས་ཅན་ཐམས་ཅད་[དོན་དམ་པའི་སངས་རྒྱས་ཀྱི་སྙིང་པོ་ཅན་]དེ་ལྟ་བུར་མཐོང་ནས་[དོན་དམ་གྱི་]དེ་བཞིན་གཤེགས་པའི་ཡེ་ཤེས་དང་སྟོབས་དང་མི་འཇིགས་པ་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་མཛོད་[མཁའ་ཁྱབ་ཏུ་ནམ་ཡང་བཞུགས་པའི་གློ་བུར་དྲི་མ་རྣམས་]ཡོངས་སུ་སྦྱང་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་སྟོན་ཏོ། །ཞེས་དང༌། རྒྱུད་བླ་མ་རྩ་འགྲེལ་དུ་ཡང༌། ཉོན་མོངས་པ་ནི་[གཏེར་ལ་གཡོགས་པའི་]སའི་མཐིལ་དང་འདྲ་ལ། དེ་བཞིན་གཤེགས་པའི་ཁམས་[དྷཱ་ཏུ་ཞེས་པ་ཁམས་སུ་བསྒྱུར་ན་ལེགས་པ་སྐབས་གཞན་དུ་ཡོད་ཀྱང༌། དོན་དམ་གྱི་སྐབས་འདི་དག་ཏུ་དབྱིངས་སུ་བསྒྱུར་བ་ལེགས་པས་ཕྱི་མ་རྣམས་སུ་ཡང་དྲན་དགོས་པ་]ནི་རིན་པོ་ཆེའི་གཏེར་བཞིན་ཏེ། ཇི་ལྟར་མི་དབུལ་ཁྱིམ་ནང་ས་འོག་ན། །མི་ཟད་པ་ཡྀ་[རིན་ཆེན་]གཏེར་ནི་ཡོད་གྱུར་ལ། །མི་དེས་[གཏེར་]དེ་མ་ཤེས་ཤིང་གཏེར་དེ་ཡང༌། །[མི་]དེ་ལ་ང་འདིར་ཡོད་ཅེས་མི་སྨྲ་ལྟར། །དེ་བཞིན་[དུ་གློ་བུར་དྲི་མའི་]ཡིད་ཀྱི་ནང་[དུ་]ཆུད་[པ་དོན་དམ་གྱི་]རིན་ཆེན་གཏེར། །[གདོད་ནས་རང་བཞིན་གྱིས་]དྲི་[མ་]མེད་[པའི་ཡོན་ཏན་བསྣན་ལ་]གཞག་[དགོས་མེད་པ་]དང་[ངོ་བོའྀ་སྐྱོན་]བསལ་[དགོས་]མེད་[སྤངས་རྟོགས་རང་བཞིན་པ་ཚང་བའི་]ཆོས་ཉིད་ཀྱང༌། །མ་རྟོགས་པས་ན་དབུལ་བའི་སྡུག་བསྔལ་ནི། །རྣམ་མང་རྒྱུན་དུ་སྐྱེ་དགུ་འདིས་མྱོང་ངོ༌། །ཇི་ལྟར་དབུལ་པོའི་ཁྱིམ་ནང་དུ་ནི་རིན་ཆེན་གཏེར་ཆུད་གྱུར་པ་མི་ལ་ནི། །རིན་ཆེན་གཏེར་བདག་ཡོད་ཅེས་བརྗོད་པར་མི་བྱེད་[གཏེར་]དེ་ནི་མི་ཡིས་ཤེས་མིན་ལྟར། །དེ་བཞིན་[དོན་དམ་པའི་]ཆོས་གཏེར་ཡིད་ཀྱི་ཁྱིམ་གནས་སེམས་ཅན་དག་ནི་དབུལ་པོ་ལྟ་བུ་སྟེ། །[སེམས་ཅན་]དེ་དག་རྣམས་ཀྱིས་[གཏེར་]དེ་ཐོབ་[པར་]བྱ་ཕྱིར་[ཆོས་སྟོན་པ་ལ་]འཇིག་རྟེན་དུ་ནི་དྲང་སྲོང་ཡང་དག་བལྟམ་[སྟེ་ཀུན་རྫོབ་ཀྱི་སངས་རྒྱས་གཞན་སྣང་ལ་བྱོན]། །ཞེས་གསུངས་སོ། །དེ་དང་རྗེས་སུ་མཐུན་པར་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལྷའི་ཟླ་བས་བསྒྱུར་བ་ལས་ཀྱང༌། བཅོམ་ལྡན་འདས་ཅི་ལགས་སྲིད་པ་ཉི་ཤུ་རྩ་ལྔ་བདག་མཆིས་ཞེས་བགྱི་འམ་མ་མཆིས་ཞེས་བགྱི། བཀའ་སྩལ་པ། བདག་ཅེས་བྱ་བ་ནི་[སྐབས་འདིར་དེ་བཞིན་ཉིད་བདག་དག་པའི་བདག་ཡིན་པས་]དེ་བཞིན་གཤེགས་པའི་སྙིང་པོའི་དོན་ནོ། །སངས་རྒྱས་ཀྱི་ཁམས་[ཏེ་དྷཱ་དུ་ཞེས་པ་དབྱིངས་]ནི་སེམས་ཅན་ཐམས་ཅད་ལ་ཡོད་མོད་ཀྱི། དེ་ཡང་ཉོན་མོངས་པའི་རྣམ་པ་[མང་པོ་]རྣམས་ཀྱིས་བསྒྲིབས་ཏེ། བདག་ཉིད་ལ་ཡོད་བཞིན་དུ་སེམས་ཅན་རྣམས་ཀྱིས་མཐོང་བར་མ་ནུས་སོ། །འདི་ལྟ་སྟེ། དཔེར་ན་གྲོང་ཁྱེར་ཆེན་པོ་ཞིག་ན་དབུལ་བའི་ཁྱིམ་ཞིག་ན་གསེར་གྱི་གཏེར་ཟད་མི་ཤེས་པ་ཞིག་ཡོད་ལ། དེ་ལ་བུད་མེད་དབུལ་མོ་ཞིག་འདུག་པ་དེས་ཀྱང་བདག་གི་ཁྱིམ་གྱི་སའི་འོག་ན་གཏེར་ཆེན་པོ་ཡོད་པར་མི་ཤེས་ཏེ། དེར་ཐབས་དང་ལྡན་པའི་མི་ཞིག་གིས་བུད་མེད་དེ་ལ་སྨྲས་པ་ཞེས་པ་ནས། ཁྱོད་ཉིད་ཀྱི་ཁྱིམ་ན་གཏེར་ཡོད་མོད་ཀྱི་ཁྱོད་བདག་[ཉིད་ཀྱིས་]ཀྱང་མི་ཤེས་ན་གཞན་གྱིས་ལྟ་ཤེས་པར་ག་ལ་ནུས། དེ་ནས་[གཏེར་]དེ་བདག་གིས་ཐོབ་པར་འཚལ་ལོ་ཞེས་[དབུལ་མོ་]དེས་[དམ་པ་]དེ་ལ་གསོལ་བ་འདེབས་སོ། །དེ་ནས་[དམ་པ་]དེས་ཁྱིམ་དེའི་ནང་ནས་གཏེར་དེ་བརྐོས་ནས་[དབུལ་མོ་]དེ་ཉིད་ལ་བྱིན་ནོ།།དེ་ནས་[དབུལ་མོ་]དེས་[གཏེར་]དེ་མཐོང་ནས་ངོ་མཚར་དུ་གྱུར་ཏེ། [དམ་པ་]དེ་ལ་སྐྱབས་སུ་སོང་བ་དེ་བཞིན་དུ་རིགས་ཀྱི་བུ་དེ་བཞིན་གཤེགས་པའི་སྙིང་པོ་ནི་སེམས་ཅན་ཐམས་ཅད་ལ་ཡོད་ལ་མཐོང་བར་མ་ནུས་པ་ཙམ་དུ་ཟད་དེ། བུད་མེད་དབུལ་མོ་དེ་ཉིད་ལ་གཏེར་ཡོད་པ་དང་འདྲའོ། །རིགས་ཀྱི་བུ་ད་ངས་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་[དོན་དམ་པའི་ཆོས་རྣམས་ཀྱི་གཏེར་ཆེན་]ཡོད་དོ་ཞེས་ཡང་དག་པར་བསྟན་པར་བྱ་སྟེ། ཇི་ལྟར་དབུལ་མོ་དེས་གཏེར་ཆེན་པོ་ཡོད་པར་བསྟན་ཀྱང་[སྒྲིབ་གཡོགས་མ་བསལ་ན་མངོན་སུམ་གྱིས་]མི་ཤེས་པ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་[དོན་དམ་པའི་ཆོས་རྣམས་ཀྱི་གཏེར་ཆེན་]ཡོད་པ་ཡང་ཉོན་མོངས་པའི་རྣམ་པ་[མང་པོ]ས་བསྒྲིབས་པས་སེམས་ཅན་རྣམས་ཀྱིས་མི་ཤེས་ཤིང་མ་མཐོང་ནས་དེ་དག་ལ་དེ་བཞིན་གཤེགས་པས་བསྟན་ཏེ་དེ་དག་མགུ་ནས་དེ་བཞིན་གཤེགས་པ་ལ་སྐྱབས་སུ་འགྲོའོ་ཞེས་པ་ལ་སོགས་པ་དང༌། དེ་བཞིན་དུ་མྱང་འདས་ཆེན་པོ་རྒྱ་ནས་བརྒྱུད་པར་ཡང༌། རིགས་ཀྱི་བུ་ངས་ཀྱང་འདི་སྐད་དུ་སེམས་ཅན་གྱི་སངས་རྒྱས་ཀྱི་རང་བཞིན་ནི་དཔེར་ན་བུད་མེད་དབུལ་མོའི་ཁྱིམ་གྱི་རིན་པོ་ཆེའི་གཏེར་དང་[གྱད་]སྟོབས་པོ་ཆེའི་དཔྲལ་བའི་རིན་པོ་ཆེའྀ་ནོར་བུ་རྡོ་རྗེ་དང་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་ཟིལ་དངར་གྱི་ཆུ་མིག་དང་མཚུངས་སོ། །ཞེས་པ་ལ་སོགས་པ་རབ་ཏུ་རྒྱས་པར་བཞུགས་ཤིང༌། རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་སུ་ཡང༌། རིགས་ཀྱི་བུ་དག་འདི་ལྟ་སྟེ་དཔེར་ན་བྲག་གཅིག་ཏུ་མཁྲེགས་ཤིང་སྲ་བའི་འོག་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཆེན་པོ་སྣ་ཚོགས་འོད་གསལ་བ་འདི་ལྟ་སྟེ། དངུལ་རིན་པོ་ཆེ་དང་གསེར་རིན་པོ་ཆེ་དང་རྡོའི་སྙིང་པོ་རིན་པོ་ཆེ་ཐ་དད་པས་ཡོངས་སུ་གང་བའི་གཏེར་ཆེན་པོ་ཞིག་ཡོད་ལ། དེ་ནས་གཏེར་ཆེན་པོ་འདོད་པའི་མི་ལ་ལ་ཞིག་འོངས་པ་དེ་ལ་གཏེར་ཆེན་པོ་མངོན་པར་ཤེས་པའི་མིས་འདི་སྐད་དུ་ཀྱེ་སྐྱེས་བུ་བྲག་གཅིག་ཏུ་མཁྲེགས་ཤིང་སྲ་བ་དེའི་འོག་ན་རིན་པོ་ཆེ་འོད་གསལ་བས་ཡོངས་སུ་གང་བའི་རིན་པོ་ཆེའི་གཏེར་ཆེན་པོ་ཡོད་དེ་དེའི་འོག་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་གཏེར་ཡོད་ཀྱིས་ཁྱོད་ཀྱིས་ཐོག་མ་ཁོ་ནར་རྡོའི་རང་བཞིན་ཐམས་ཅད་རྐོས་ཤིག །དེ་བརྐོས་དང་དངུལ་དུ་སྣང་བའི་རྡོ་ཁྱོད་ལ་སྣང་བར་འགྱུར་ཏེ། དེ་ལ་ཁྱོད་ཀྱིས་གཏེར་ཆེན་པོར་འདུ་ཤེས་མི་བྱའི། དེ་ཡོངས་སུ་ཤེས་པར་བྱོས་ཏེ་རྐོས་ཤིག །དེ་བརྐོས་དང་གསེར་དུ་སྣང་བའི་རྡོ་སྣང་བར་འགྱུར་ཏེ། དེ་ལ་ཡང་ཁྱོད་ཀྱིས་གཏེར་ཆེན་པོར་འདུ་ཤེས་མི་བྱའི། དེ་ཡང་ཡོངས་སུ་ཤེས་པར་བྱོས་ཏེ་རྐོས་ཤིག །དེ་བརྐོས་དང་རིན་པོ་ཆེ་སྣ་ཚོགས་སུ་སྣང་བའི་རྡོ་སྣང་བར་འགྱུར་ཏེ། དེ་ལ་ཡང་ཁྱོད་ཀྱིས་གཏེར་ཆེན་པོར་འདུ་ཤེས་མི་བྱའི། དེ་ཡང་ཡོངས་སུ་ཤེས་པར་བྱོས་ཏེ་རྐོས་ཤིག །ཀྱེ་སྐྱེས་བུ་ཁྱོད་ཀྱིས་དེ་ལྟར་བརྩོན་པར་བྱས་ན་[ཕྱིས་]བརྐོ་བའི་མངོན་པར་འདུ་བྱ་བ་མེད་ཅིང་འབད་མི་དགོས་པར་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་གཏེར་ཆེན་པོ་མཐོང་བར་འགྱུར་རོ། །ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་གཏེར་ཆེན་པོ་དེ་རྙེད་ན་ཁྱོད་ཕྱུག་ཅིང་ནོར་ཆེ་ལ་ལོངས་སྤྱོད་ཆེ་བར་འགྱུར་ཏེ། བདག་དང་གཞན་གྱི་དོན་ལ་མཐུ་ཡོད་པར་འགྱུར་རོ་ཞེས་སྨྲ་བ་ལྟར་རིགས་ཀྱི་བུ་དག་ཇི་ཙམ་དུ་[གློ་བུར་དྲི་མ་དང་བདེ་གཤེགས་སྙིང་པོའི་]དོན་འདི་ཤེས་པར་བྱ་བའི་ཕྱིར་[སྒྲིབ་གཡོགས་དང་བཅས་པའི་གཏེར་ཆེན་]འདི་དཔེར་བྱ་སྟེ་བྲག་གཅིག་ཏུ་མཁྲེགས་ཤིང་སྲ་བ་ཞེས་བྱ་བ་དེ་ནི་འདུ་བྱེད་ཀྱི་རྣམ་པ་ཀུན་ནས་ཉོན་མོངས་པ[འི་སྒྲིབ་པ་]དང་[གཟུང་འཛིན་]གཉིས་ལ་སོ་སོར་ཉེ་བར་གནས་པ[ཤེས་བྱའི་སྒྲིབ་པ]འི་ཚིག་བླ་དྭགས་སོ[ཞེས་པ་ནི་དེ་དང་འདྲ་བའི་དོན་ཏེ་ཕྱི་མ་རྣམས་སུ་ཡང་དེ་བཞིན་ནོ]། །འོག་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་གཏེར་ཆེན་པོ་ཞེས་བྱ་བ་དེ་ནི་[དོན་དམ་]རྣམ་པར་མི་རྟོག་པའི་དབྱིངས་ཀྱི་ཚིག་བླ་དྭགས་སོ། །ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་གཏེར་ཆེན་པོ་འདོད་པའི་མི་ཞེས་བྱ་བ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚིག་བླ་དྭགས་སོ། །གཏེར་ཆེན་པོ་མངོན་པར་ཤེས་པའི་མི་ཞེས་བྱ་བ་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཚིག་བླ་དྭགས་སོ། །བྲག་ཅེས་བྱ་བ་དེ་ནི་རང་བཞིན་ལ་རྟོག་པའི་མཚན་མ་རྣམས་ཀྱི་ཚིག་བླ་དྭགས་སོ། །རྐོས་ཤིག་ཅེས་བྱ་བ་དེ་ནི་[གང་ཡང་]ཡིད་ལ་མི་བྱེད་པ་[ཞི་ལྷག་ཟུང་འཇུག་ཏིང་འཛིན་སྒོམ་པ་]འི་ཚིག་བླ་དྭགས་སོ། །དངུལ་དུ་སྣང་བའི་རྡོ་ཞེས་བྱ་བ་དེ་ནི་གཉེན་པོ་ལ་རྣམ་པར་རྟོག་པའི་མཚན་མ་རྣམས་ཀྱི་ཚིག་བླ་དྭགས་སོ། །གསེར་དུ་སྣང་བའི་རྡོ་ཞེས་བྱ་བ་དེ་ནི་སྟོང་པ་ཉིད་ལ་སོགས་པ་[དེ་ཁོ་ན་ཉྀད་]ལ་རྣམ་པར་རྟོག་པའི་མཚན་མ་རྣམས་ཀྱི་ཚིག་བླ་དྭགས་སོ། །རིན་པོ་ཆེ་སྣ་ཚོགས་སུ་སྣང་བའི་རྡོ་ཞེས་བྱ་བ་དེ་ནི་འཐོབ་པ་[འབྲས་བུ་]ལ་རྣམ་པར་རྟོག་པའི་མཚན་མ་རྣམས་ཀྱི་ཚིག་བླ་དྭགས་སོ། །ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་གཏེར་ཆེན་པོ་རྙེད་ཅེས་བྱ་བ་དེ་ནི་[དོན་དམ་]རྣམ་པར་མི་རྟོག་པའི་དབྱིངས་ལ་རེག་[ཅིང་ཐོབ་]པའི་ཚིག་བླ་དྭགས་སོ། །རིགས་ཀྱི་བུ་དག་དེ་ལྟར་དཔེ་ཉེ་བར་བཀོད་པ་འདིས་[དོན་དམ་]རྣམ་པར་མི་རྟོག་པའི་དབྱིངས་སུ་འཇུག་པ་ཁོང་དུ་ཆུད་པར་བྱའོ། །ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་ཏེ། རྒྱས་པར་མདོ་སྡེ་རིན་པོ་ཆེ་དེ་རྣམས་དང་དེ་རྣམས་ཀྱི་དགོངས་འགྲེལ་ཟབ་མོ་[རྒྱུད་བླ་རྩ་འགྲེལ་]དེ་ངེས་པར་བལྟ་དགོས་སོ། །

སྐུ་གཉིས་ཀའི་གཞི་ལམ་འབྲས་བུ་བསྡུས་ནས་བསྟན་པ།

དེ་ལྟར་ཆོས་ཉིད་རྣམ་པར་མི་རྟོག་ཅིང་འོད་གསལ་བའི་དབྱིངས་གང་ཡིན་པ་དེ་ནི་རང་བཞིན་གྱི་རིགས་སོ། །དེ་ལ་བརྟེན་པ་རྒྱས་པའི་རིགས་ནི་ཐར་པའི་ས་བོན་ཐེབས་ཤིང་བརྟས་པ་ལས་དགེ་བ་ཁྱད་པར་ཅན་ཡང་དག་པར་བླངས་པ་སྟེ། དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུ་[སྔར་མེད་གསར་དུ་]སྐྱེད་པར་བྱེད་པའོ། །འདི་ནི་འབྲས་བུ[ཕུན་ཚོགས་ལྷགས་པ]འི་ལྗོན་ཤིང་བཟང་པོ་[སྔར་མེད་གསར་དུ་]བསྐྱེད་པ་དང་མཚུངས་སོ། །དེ་ལྟར་བདེན་པ་གཉིས་ཀྱི་བདག་ཉིད་གཤིས་ཀྱི་གནས་ལུགས་ལ་ཡོད་པ་དང་མེད་པའི་རིགས་རྣམ་པ་གཉིས་གཞིར་གྱུར་པ་ལས་ལམ་ཡེ་ཤེས་ཀྱི་ཚོགས་དང་བསོད་ནམས་ཀྱི་ཚོགས་ཉམས་སུ་བླངས་པས་[བྲལ་བ་དང་བསྐྱེད་པའི་]འབྲས་བུ་[དོན་དམ་]ཆོས་ཀྱི་སྐུ་དང་[ཀུན་རྫོབ་]གཟུགས་ཀྱི་སྐུ་རྣམ་པ་གཉིས་འཐོབ་བར་གསུངས་ཏེ། ཇི་སྐད་དུ། ཐེག་པ་ཆེན་པོ་རྒྱུད་བླ་མར། གཏེར་དང་འབྲས་བུའི་ཤིང་བཞིན་དུ། །རིགས་དེ་རྣམ་གཉིས་ཤེས་བྱ་སྟེ། །ཐོག་[མ་]མེད་[པ་ནས་]རང་བཞིན་[གཉུག་མར་]གནས་པ་[དོན་དམ་རང་བཞིན་གྱི་རིགས་]དང༌། །[གློ་བུར་དུ་དགེ་བ་ཁྱད་པར་ཅན་]ཡང་དག་བླངས་པ་མཆོག་[རྒྱས་པའི་རིགས་]ཉིད་དོ། །རིགས་འདི་གཉིས་ལས་སངས་རྒྱས་ཀྱི། །སྐུ་གསུམ་ཐོབ་པར་འདོད་པ་ཡིན། །[རིགས་]དང་པོ[རྣམ་པར་དག་པ]ས་སྐུ་ནི་དང་པོ་[ངོ་བོ་ཉིད་ཀྱི་སྐུ་]སྟེ། །[རིགས་]གཉིས་པ་[རྫོགས་པ་]ཡིས་ནི་[སྐུ་]ཕྱི་མ་[གཟུགས་སྐུ་]གཉིས[འཐོབ]། །ཞེས་སོ། ། ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་ཞེས་བྱ་བ་དབུ་མ་ཆེན་པོའི་གཞུང་དུ་ཡང༌། རང་བཞིན་དང་ནི་རྒྱས་པ་དང༌། །[རང་བཞིན་]དེ་ནི་རྟེན་དང་[རྒྱས་པ་དེ་ནི་]བརྟེན་པ་དང༌། །[རང་བཞིན་དེ་ནི་གཤིས་ཀྱི་གནས་ལུགས་ལ་]ཡོད་[ཉིད་དང་རྒྱས་པ་དེ་ནི་གཤིས་ཀྱི་ལུགས་ལ་]མེད་ཉིད་དང༌། ཞེས་གསུངས་[ལ་དེ་དག་རྒྱུར་ནི་ཡོད་ལ་འབྲས་བུར་ནི་མེད་ཅེས་ཀྱང་འགྲེལ་པས་འཆད་]ཏེ། འདི་ནི་རེ་ཞིག་མདོར་བསྟན་པའོ། །

༈ ཆོས་ཉིད་ཟབ་མོ་ཀུན་གཞིའི་ཡེ་ཤེས་སུ་བསྟན་པ།

ད་ནི་[གཞི་ལམ་འབྲས་བུ་]དེ་རྣམས་ཉིད་ཀྱི་རྒྱས་པ་བཤད་པ་ཡང་བརྗོད་པར་བྱའོ། །དེ་ལ་མཐར་ཐུག་གི་སངས་རྒྱས་ཆོས་ཀྱི་སྐུ་དེ་བཞིན་གཤེགས་པའི་སྙིང་པོ་དོན་དམ་འོད་གསལ་ཆོས་ཀྱི་དབྱིངས་རང་བྱུང་གི་ཡེ་ཤེས་བདེ་བ་ཆེན་པོ་ཆ་མེད་ཀུན་འགྲོ་ཁྱབ་པ་པོ་དེ་ཉིད་ཆོས་ཐམས་ཅད་ཀྱི་གཞི་དང་གནས་སུ་གསུངས་ཤིང་ཡང་དག་པར་ན་ཆོས་ཐམས་ཅད་ཀྱིས་སྟོང་པའི་གཞི་དང་དབེན་པའི་གཞི་དང་དྲི་མ་ཐམས་ཅད་ཀྱིས་དག་པའི་གཞིར་ཡང་གསུངས་ལ། ཆོས་སྐུའི་ཡོན་ཏན་གང་གཱའི་ཀླུང་གི་བྱེ་མ་སྙེད་ལས་འདས་པ་རྣམས་རང་བཞིན་དབྱེར་མེད་དུ་ལྡན་པར་ཡང་གསུངས་སོ། །

དབྱིངས་རིག་དབྱེར་མེད་ཀྱི་ལྷ་ཐམས་ཅད་བརྟན་གཡོ་ཀུན་ལ་ཁྱབ་པར་བཞུགས་ཚུལ་ལ་གཉིས་ལས། རྒྱུའི་མཚན་ཉིད་ཕ་རོལ་ཏུ་ཕྱིན་པ་ལས་གསུངས་ཚུལ།

དེ་ཡང་ཐེག་པ་ཆེན་པོ་རྒྱུད་བླ་མའི་འགྲེལ་པར་མདོ་དྲངས་ནས་བཤད་པ། ཐོག་མ་མེད་དུས་ཅན་གྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང༌། །མྱ་ངན་འདས་པའང་ཐོབ་པ་ཡིན། །ཞེས་གསུངས་སོ། །དེ་ལ་ཇི་ལྟར་ན་ཐོག་མ་མེད་པའི་དུས་ཅན་ཡིན་ཞེ་ན། དེ་བཞིན་གཤེགས་པའི་སྙིང་པོ་ཉིད་ཀྱི་དབང་དུ་མཛད་ནས་སྔོན་གྱི་མཐའ་མི་དམིགས་སོ་ཞེས་བསྟན་ཅིང་རབ་ཏུ་གཞག་པ་གང་ཡིན་པའོ། །དབྱིངས་ཞེས་བྱ་བ་ནི། ཇི་སྐད་དུ། [དཔལ་ཕྲེང་གི་མདོར།]བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་གང་ལགས་པ་འདི་ནི་[རང་བཞིན་གྱིས་]འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྙིང་པོ་རང་བཞིན་གྱིས་ཡོངས་སུ་དག་པའི་ཆོས་ཀྱི་སྙིང་པོ་ཞེས་གསུངས་པའོ། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །ཞེས་བྱ་བ་ནི། ཇི་སྐད་དུ། བཅོམ་ལྡན་འདས་དེའི་སླད་དུ་དེ་བཞིན་གཤེགས་པའི་སྙིང་པོ་ནི་[བདག་གཅིག་ཏུ་]འབྲེལ་བ་[ངོ་བོ་ཐ་དད་དུ་]རྣམ་པར་དབྱེ་བ་མེད་པ་བྲལ་མི་ཤེས་པ་[སྟེ་འབྲལ་དུ་མི་རུང་བ་]འདུས་མ་བྱས་པ[དོན་དམ་པ]འི་ཆོས་[གང་གཱའི་ཀླུང་གི་བྱེ་མ་སྙེད་ལས་ཀྱང་འདས་པ་]རྣམས་ཀྱི་གནས་དང་གཞི་དང་རྟེན་ལགས་ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་ནི་[བདག་གཅིག་དེ་བྱུང་གང་དུ་ཡང་]མ་འབྲེལ་བ་རྣམ་པར་དབྱེ་བ་དང་བཅས་པའི་ཆོས་བྲལ་ཤེས་པ[སྟེ་འབྲལ་དུ་རུང་བ]། འདུས་བྱས་ཀྱི་ཆོས་རྣམས་ཀྱི་ཡང་གཞི་དང་གནས་དང་རྟེན་ལགས་སོ་ཞེས་གསུངས་པ[དེ་ལ་དང་པོ་ནི་རྟེན་དང་བརྟེན་པ་ཐ་མི་དད་ཡིན་ཞིང༌། གཉིས་པ་ནི་རྟེན་དང་བརྟེན་པ་ཐ་དད་ཡིན་ནོ]འོ། །དེ་ཡོད་པས་ན་འགྲོ་ཀུན་དང༌། །ཞེས་བྱ་བ་ནི། ཇི་སྐད་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་མཆིས་ན་[གློ་བུར་དྲི་མ་དང་ལྡན་པ་དེ་སྲིད་དུ་]དེ་ལ་འཁོར་བ་ཞེས་ཚིག་གིས་བཏགས་པ་ལགས་སོ་ཞེས་གསུངས་པའོ། །མྱ་ངན་འདས་པའང་ཐོབ་པར་འགྱུར་ཞེས་བྱ་བ་ནི་ཇི་སྐད་དུ། བཅོམ་ལྡན་འདས་གལ་ཏེ་དེ་བཞིན་གཤེགས་པའི་སྙིང་པོ་མ་མཆིས་ན་སྡུག་བསྔལ་ལ་ཡང་ཡིད་འབྱུང་བར་མི་འགྱུར་ཞིང༌། མྱ་ངན་ལས་འདས་པ་ལ་ཡང་འདོད་པ་དང་དོན་དུ་གཉེར་བ་དང་སྨོན་པར་ཡང་མི་འགྱུར་རོ། །ཞེས་རྒྱས་པར་གསུངས་པའོ། །ཞེས་དང༌། རྒྱུད་བླ་མར་ཡང༌། ཇི་ལྟར་འཇིག་རྟེན་ཐམས་ཅད་དུ[འདུས་བྱས་ཐམས་ཅད]། །ནམ་མཁའ་ལ་ནི་སྐྱེ་ཞིང་འཇིག །དེ་བཞིན་འདུས་མ་བྱས་[དོན་དམ་གྱི་]དབྱིངས་ལ། །[ཕུང་པོ་ཁམས་དང་]དབང་པོ་རྣམས་ནི་སྐྱེ་ཞིང་འཇིག །ཇི་ལྟར་ནམ་མཁའ་མེ་རྣམས་ཀྱིས། །སྔོན་ཆད་ནམ་ཡང་ཚིག་པ་མེད། །དེ་བཞིན་[དུ་དོན་དམ་བདེ་གཤེགས་སྙིང་པོ་]འདི་ནི་འཆི་བ་དང༌། །ན་དང་རྒ་བའི་མེས་མི་འཚིག །ས[འི་དཀྱིལ་འཁོར་]ནི་ཆུ[འི་དཀྱིལ་འཁོར་]ལ་[གནས་]ཆུ[འི་དཀྱིལ་འཁོར་ནི་]རླུང་[གི་དཀྱིལ་འཁོར་]ལ[འབྲེལ་ཏེ་གནས]། །རླུང་[གི་དཀྱིལ་འཁོར་]ནི་མཁའ་ལ་[མ་འབྲེལ་བར་]རབ་ཏུ་གནས། །མཁའ་ནི་རླུང་དང་ཆུ་དག་དང༌། །ས་ཡི་ཁམས་ལ་[འབྲེལ་ཏེ་]གནས་[པ་]མ་ཡིན། །དེ་བཞིན་ཕུང་པོ་ཁམས་དབང་རྣམས། །ལས་དང་ཉོན་མོངས་དག་ལ་[འབྲེལ་ཏེ་]གནས། །ལས་དང་ཉོན་མོངས་[ནི་]ཚུལ་བཞིན་མིན། །ཡིད་ལ་བྱེད་ལ་[འབྲེལ་ཏེ་]རྟག་ཏུ་གནས། །ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །སེམས་ཀྱི་དག་པ་[སྟེ་དག་པའི་སེམས་རང་བཞིན་འོད་གསལ་]ལ་རབ་[ཏུ་]གནས། །སེམས་ཀྱི་རང་བཞིན་[འོད་གསལ་དོན་དམ་ཆོས་ཉིད་ནི་]ཆོས་[ཀུན་རྫོབ་པ་]རྣམས་ནི། །ཐམས་ཅད་ལ་ཡང་[འབྲེལ་བའི་ཚུལ་གྱིས་]གནས་པ་མེད། །ཅེས་པ་ལ་སོགས་པ་རྒྱས་པར་གསུངས་ཤིང༌། དེའི་འགྲེལ་པར་མདོ་དྲངས་པ་ཡང༌། ས་དང་ཆུ་ལ་སོགས་པ་ནམ་མཁའ་ལ་གནས་པ་དཔེར་མཛད་ནས་དེ་བཞིན་དུ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ནི་ལས་དང་ཉོན་མོངས་པ་ལ་རབ་ཏུ་གནས་པ། ལས་དང་ཉོན་མོངས་པ་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལ་རབ་ཏུ་གནས་པ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ནི་རང་བཞིན་གྱིས་ཡོངས་སུ་དག་པ་[འོད་གསལ་ཆོས་ཉིད་]ལ་[མ་འབྲེལ་ཡང་ཁྱབ་སྟེ་]རབ་ཏུ་གནས་པའོ། །དེས་ན་སེམས་ཀྱི་རང་བཞིན་ནི་[གདོད་ནས་དག་ཅིང་]འོད་གསལ་བ་སྟེ། གློ་བུར་གྱི་ཉེ་བའི་ཉོན་མོངས་པ[རྣམས་གནས་ཀྱང་དེ]ས་[རང་བཞྀན་འོད་གསལ་གྱི་ངོ་བོ་]ཉོན་མ་མོངས་པའོ་ཞེས་བརྗོད་དོ། །ཞེས་སོགས་དང༌། རྒྱན་སྟུག་པོའི་མདོར་ཡང༌། [དོན་དམ་པའི་]ས་རྣམས་སྣ་ཚོགས་[ཚང་བ་དེ་བཞིན་ཉིད་ནི་འཁོར་འདས་]ཀུན་[གྱི་]གཞི་[རང་བྱུང་ཡེ་ཤེས་]སྟེ། །བདེ་གཤེགས་སྙིང་པོ[འང་དེ་ཡིན་ལ་དོན་དམ་པའི་]དགེ་བའང་དེ[ཡིན་ཞིང་]། །[བདེ་གཤེགས་]སྙིང་པོ་དེ་ལ་ཀུན་གཞིའི་སྒྲས། །དེ་བཞིན་གཤེགས་རྣམས་སྟོན་པར་མཛད། །[བདེ་གཤེགས་]སྙིང་པོ་ཀུན་གཞིར་བསྒྲགས་པ་ཡང༌། །བློ་ཞན་རྣམས་ཀྱིས་མི་ཤེས་[ཏེ་ཀུན་གཞི་རྣམ་ཤེས་སམ་དེ་ལ་ཟག་མེད་ཀྱི་ས་བོན་ཡོད་པ་ལ་དགོངས་ཞེས་སོགས་འཁྲུལ་པ་མང་དུ་སྨྲ་བས་]སོ། །ཞེས་དང༌། ཀུན་གཞིའི་[ཡེ་ཤེས་གང་ཡིན་པ་བདེ་གཤེགས་]སྙིང་པོར་བསྒྲགས་པ་ནི། །རྟོག་པའི་སེམས་ཀྱི་ཡུལ་མ་ཡིན། །རང་བཞིན་[གཉུག་མ་རྟོག་གེ་ལས་འདས་པ་ནི་]རྣམ་པར་བརྟགས་པ་ན། །བརྟག་པར་ནུས་པ་མ་ཡིན་དང༌། །[འགྱུར་མེད་]ཡོངས་སུ་གྲུབ་པའི་རང་བཞིན་ཡང་[ཡིན་པས]། །རྣལ་འབྱོར་[བཟང་པོ་ཅན་དང་རླུང་སེམས་]ཐུབ་[པ་]ཅན་[རླུང་སེམས་འགགས་པས་]རྟག་ཏུ་མཐོང༌། །ཞེས་གསུངས་ཏེ[ཟབ་མོ་མཐར་ཐུག་གསལ་བར་སྟོན་པའི་མདོ་འདི་ངེས་པར་བལྟ་དགོས་སོ]། འདིར་དོན་དམ་པའི་ས་རྣམས་ཚང་བའི་ཆོས་ཀྱི་དབྱིངས་ཉིད་ཀུན་གཞི་དང་བདེ་གཤེགས་སྙིང་པོ་དང་དོན་དམ་པའི་དགེ་བ་ཡང་ཡིན་པར་བསྟན་ལ་དོན་དམ་པའི་ས་རྣམས་ནི་རྡོ་རྗེའི་སྙིང་པོ་རྒྱན་གྱི་རྒྱུད་དང་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གྲུབ་པ་དང་ནཱ་རོ་འགྲེལ་ཆེན་རྣམས་ནས་རྒྱས་པར་སྟོན་ཅིང༌། དོན་དམ་པའི་མཚན་ཡང་དག་པར་བརྗོད་པ་ལ་སོགས་པར་[དག་པ་རྣམ་པ་བཅུ་གཉིས་འཆང༌། །བདེན་དོན་རྣམ་པ་བཅུ་གཉིས་ལྡན། །ཞེས་སོགས་སུ་]ཉེ་བར་བསྡུས་ནས་གསུངས་ཏེ། དམ་པའི་མན་ངག་ཐུན་མོང་མ་ཡིན་པ་ལས་[དེ་དག་གི་དོན་དེ་ལྟར་ཡིན་པར་]ཁོང་དུ་ཆུད་པར་བྱ་བ་[ཡིན་གྱི་དེ་ལས་གཞན་གྱི་ནི་སྤྱོད་ཡུལ་མ་ཡིན་པ་]ཁོ་ནའོ། །[ཀུན་གཞི་ཡེ་ཤེས་དེ་]དོན་དམ་པའི་དགེ་བ་ཡིན་པར་ནི། ལང་ཀར་གཤེགས་པ་ཞེས་བྱ་བ་དབུ་མ་ཆེན་པོའི་མདོར། དེ་བཞིན་གཤེགས་པའི་སྙིང་པོ་དགེ །རྟོག་གེ་ཅན་གྱི་སྤྱོད་ཡུལ་མིན། །ཞེས་དང༌། [དོན་དམ་པའྀ་]སེམས་ནི་རང་བཞིན་འོད་གསལ་ཏེ།།དེ་བཞིན་གཤེགས་པའི་སྙིང་པོ་དགེ[ཞེས་དང༌། མཚན་བརྗོད་དུ་ཡང༌། གྲགས་པ་བཀྲ་ཤིས་སྙན་གྲགས་དགེ །ཞེས་དང༌། རྒྱུད་བླ་མར་ཡང༌། མ་རིག་སོགས་འབྲས་ཀྱི། །ལྤགས་སྦུབས་ནང་ཆུད་ཆོས་ཁམས་དགེ་བ་ཡང་]། །ཞེས་པ་ལ་སོགས་པས་[དེ་བཞིན་ཉིད་དགེ་བར་]གསུངས་ཤིང༌། དབུ་མ་པ་ཆེན་པོ་འཕགས་པ་ཐོགས་མེད་ཞབས་ཀྱི་ཞལ་སྔ་ནས་ཀྱང༌། དོན་དམ་པའི་དགེ་བ་གང་ཞེ་ན་དེ་བཞིན་ཉིད་དོ། །ཞེས་[ཆོས་མངོན་པར་]གསུངས་ལ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོར་ཡང་བདེ་གཤེགས་སྙིང་པོ་སངས་རྒྱས་ཀྱི་རང་བཞིན་དགེ་བ་ཡིན་པར་གསུངས་ཏེ། རིགས་ཀྱི་བུ་ངས་འདི་སྐད་དུ་རྩ་བ་བཞི་ཉམས་པ་དང་ལོག་སྲེད་ཅན་དང༌། ཤིན་ཏུ་རྒྱས་པའི་མདོ་ལ་སྐུར་བ་དང་མཚམས་མེད་པའི་སྡིག་པ་བྱས་པ་ལ་ཡང་[དེ་བཞིན་ཉིད་ཡོད་པས་]སངས་རྒྱས་ཀྱི་རང་བཞིན་ཡོད་དེ་སེམས་ཅན་དེ་དག་ལ་[བྱས་པའི་]དགེ་བའི་ཆོས་ཡོང་མེད་མོད་ཀྱི་སངས་རྒྱས་ཀྱི་རང་བཞིན་ནི་[མ་བྱས་པའི་]དགེ་བའོ། །ཞེས་སོགས་དང༌། རིགས་ཀྱི་བུ་ངས་མདོ་སྡེ་འདི་ལས་སངས་རྒྱས་ཀྱི་རང་བཞིན་ནི་[འདུས་མ་བྱས་ཀྱི་]དངོས་པོ་དྲུག་དང་ལྡན་ཏེ། [སྐད་ཅིག་ལས་འདས་པས་]རྟག་པ་དང༌། ཡང་དག་པ[འི་མཐའ་]དང༌། [དོན་དམ་དུ་]བདེན་པ་དང༌། [མ་བྱས་པ་དང་ཡོད་པའི་]དགེ་བ་དང༌། [གདོད་ནས་རང་བཞིན་གྱིས་]རྣམ་པར་དག་པ་དང༌། [མཉམ་གཞག་རིགས་པའི་ཤེས་པས་]མཐོང་བའོ། །ཞེས་པ་ལ་སོགས་པ་རབ་ཏུ་རྒྱས་སོ། །རྒྱལ་བའི་ཡུམ་ལས་ཀྱང༌། [ཀུན་རྫོབ་ཀྱི་]དེ་བཞིན་གཤེགས་པ་རྣམས་[འཇིག་རྟེན་དུ་]བྱུང་ཡང་རུང༌། [ཀུན་རྫོབ་ཀྱི་]དེ་བཞིན་གཤེགས་པ་རྣམས་[འཇིག་རྟེན་དུ་]མ་བྱུང་ཡང་རུང༌། ཆོས་རྣམས་ཀྱི་ཆོས་ཉིད་དང་ཆོས་ཀྱི་དབྱིངས་དང༌། ཆོས་ཀྱི་གནས་ཉིད་དང་ཆོས་སྐྱོན་མེད་པ་དེ་ནི་[སྔ་ཕྱི་ཁྱད་པར་མེད་པར་རྟག་ཏུ་]དེ་བཞིན་དུ་[མི་འགྱུར་བར་]གནས་པ་ཡིན་ཏེ། དེ་ནི་དེ་བཞིན་གཤེགས་པས་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་ཐུགས་སུ་ཆུད་དོ། །མངོན་པར་རྫོགས་པར་སངས་རྒྱས་ཏེ་མངོན་པར་ཐུགས་སུ་ཆུད་ནས་ཀྱང་གསུང་ངོ་སྟོན་ཏོ་བརྗོད་དོ་འགྲེལ་ཏོ། །རྣམ་པར་འབྱེད་དོ་གསལ་བར་བྱེད་དོ་ཡང་དག་པར་སྟོན་ཏོ། །ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་ཤིང༌། ལང་ཀར་གཤེགས་པར་ཡང༌། བློ་གྲོས་ཆེན་པོ་གང་[ཤཱཀྱ་ཐུབ་པ་]ང་དང་དེ་བཞིན་གཤེགས་པ་[གཞན་]དེ་དག་གིས་ཐུགས་སུ་ཆུད་པའི་ཆོས་ཉིད་དང༌། ཆོས་ཀྱི་གནས་ཉིད་དང༌། ཆོས་མི་འགྱུར་བ་ཉིད་དང༌། དེ་བཞིན་ཉིད་དང༌། ཡང་དག་པ་ཉིད་དང༌། བདེན་པ་ཉིད་དེ་ནི་[ནམ་ཡང་གང་ནའང་]འདུག་པ་སྟེ། ཞེས་པ་དང༌། དབུ་མ་ཆེན་པོའི་མདོ་གཞན་དང་གཞན་མང་པོར་ཡང་[དོན་དམ་པའི་དབྱིངས་རིག་དབྱེར་མེད་ཆོས་ཀྱི་སྐུ་ནམ་ཡང་གང་ནའང་བཞུགས་པའི་]ཚུལ་འདི་ཉིད་ཡང་དང་ཡང་དུ་གསུངས་ལ། དེ་བཞིན་གཤེགས་པའི་སྙིང་པོའི་མདོར་ཡང༌། རིགས་ཀྱི་བུ་དག་[བདེ་གཤེགས་སྙིང་པོ་]འདི་ནི་ཆོས་རྣམས་ཀྱི་ཆོས་ཉིད་དེ། དེ་བཞིན་གཤེགས་པ་[གཟུགས་སྐུ་]རྣམས་[འཇིག་རྟེན་དུ་]བྱུང་ཡང་རུང་མ་བྱུང་ཡང་རུང༌། སེམས་ཅན་འདི་དག་[ཐམས་ཅད་]ནི་རྟག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ནོ། །ཞེས་པ་ལ་སོགས་པས་ཆོས་ཀྱི་དབྱིངས་[དང་དེ་བཞིན་ཉིད་]ལ་སོགས་པའི་རྣམ་གྲངས་མང་པོ་ཅན་བདེ་གཤེགས་སྙིང་པོ་གང་ཡིན་པ་དེ་ཉིད་ཆོས་ཐམས་ཅད་ཀྱི་གཞི་དང༌། གནས་སུ་གསུངས་པའི་ཕྱིར་དྲི་མས་མ་དག་པའི་གནས་སྐབས་ན་དྲི་མ་གནས་པའི་གཞི་དང་མ་དག་པ་དང་དག་པའི་གནས་སྐབས་ན་དྲི་མ་སྦྱོང་བའི་གཞི་དང་ཤིན་ཏུ་རྣམ་དག་གི་གནས་སྐབས་ན་དྲི་མས་དག་པའི་གཞིར་བཞུགས་པས། ནམ་མཁའ་ལྟར་ཀུན་ཁྱབ་ཏུ་ནམ་ཡང་བཞུགས་པ་ཡིན་ནོ། །

འབྲས་བུའི་མཚན་ཉིད་གསང་སྔགས་ཟབ་མོ་ལས་གསུངས་ཚུལ།

དེ་བཞིན་དུ་དཔལ་ཀྱེའི་རྡོ་རྗེར་ཡང༌། སེམས་ཅན་རྣམས་[ཀྱི་རང་གཞིན་འོད་གསལ་བའི་སེམས་]ནི་[དོན་དམ་གྱི་]སངས་རྒྱས་ཉིད[ཡིན་ཏེ]། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས[པས་དེ་མ་བསལ་བར་ལ་སངས་རྒྱས་མི་ཐོབ་ཅིང་]། །[གློ་བུར་དྲི་མ་]དེ་ཉིད་[མ་ལུས་པར་]བསལ་ན་སངས་རྒྱས་[ཐོབ་པ་]ཉིད[ཡིན]། །ཅེས་པ་དང༌། རང་དང་རང་གིས་རྟོགས་པ་ལས། །སངས་རྒྱས་[ཀྱི་སྙིང་པོ་ཅན་]མ་ཡིན་[པའི་]སེམས་ཅན་ནི། །གཅིག་ཀྱང་ཡོད་པ་མ་ཡིན་[ཏེ]ནོ། །དམྱལ་བ་ཡི་དྭགས་བྱོལ་སོང་དང༌། །ལྷ་དང་ལྷ་མིན་མི་རྣམས་དང༌། །བཤང་བའི་སྲིན་བུ་ལ་སོགས་པ། །ལྷ་དང་ལྷ་མ་ཡིན་གྱི་ཡང་[སྙིང་པོར་གྱུར་པ]། །[རང་བཞྀན་ལྷན་སྐྱེས་ཀྱི་]བདེ་བ་[གདོད་ནས་རང་ཆས་སུ་བཞུགས་ཀྱང་]གང་ཕྱིར་[དེ་]མི་ཤེས་པས[སེམས་ཅན་ཞེས་བརྗོད་མོད]། །རྟག་ཏུ་རང་བཞིན་[ལྷན་སྐྱེས་ཀྱི་]བདེ་བ་[བཞུགས་པ་]ཅན[ཡིན་པས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་ནོ]། །[དེས་ན་]འཇིག་རྟེན་ཁམས་ནི་གང་དུ་ཡང༌། །[དོན་དམ་གྱི་]སངས་རྒྱས་[ནི་སེམ་ཅན་ལ་བཞུགས་པ་དེ་ལས་རང་བཞིན་]གཞན་དུ་[གྱུར་པ་]རྙེད་མི་འགྱུར། །[གདོད་ནས་དག་པའི་]སེམས་[རང་བཞིན་འོད་གསལ་]ནི་རྫོགས་པའི་སངས་རྒྱས་ཉིད[ཡིན་པས]། །སངས་རྒྱས་[ཆོས་སྐུ་ནི་བདེ་གཤེགས་སྙིང་པོ་དེ་ལས་]གཞན་དུ་བསྟན་དུ་མེད། །ཅེས་པ་ལ་སོགས་པ་སེམས་ཅན་ཐམས་ཅད་ལ་ཡང་བཞུགས་པའི་རང་བཞིན་འོད་གསལ་བའི་སེམས་སངས་རྒྱས་སུ་གསུངས་ཤིང༌། དེ་ཉིད་གློ་བུར་དྲི་མ་མཐའ་དག་དང་བྲལ་བ་ཙམ་གྱིས་ཐོབ་པར་གསུངས་པ་དང༌། [སེམ་ཅན་ཐམས་ཅད་ཀྱི་]ལུས་ལ་[རང་བྱུང་]ཡེ་ཤེས་ཆེན་པོ་གནས་[ཤིང་]། །[དེ་ཡང་]རྟོག་པ་ཐམས་ཅད་[གདོད་ནས་རང་བཞིན་གྱིས་]ཡང་དག་སྤངས[པས་སྤངས་པ་རང་བཞིན་པ་ཚང་ལ]།།[ཆ་མེད་ཀུན་འགྲོ་ཡིན་པས་ལུས་ཁོ་ནར་མ་ཟད་]དངོས་པོ་ཀུན་ལ་ཁྱབ་པ་པོ[ཡིན་ཞིང་]། །ལུས་ལ་གནས་ཀྱང་[དེ་]ལུས་[ལས་]སྐྱེས་[པ་]མིན[ཏེ]། །[འདུས་མ་བྱས་ཡིན་པས་གང་ལས་ཀྱང་མ་སྐྱེས་པའི་ཕྱིར་རོ། །དེ་ལུས་དང་བདག་གཅིག་པ་ཡང་མ་ཡིན་ཏེ། འདུས་བྱས་དང་འདུས་མ་བྱས་ཀྱི་ཁྱད་ཞུགས་པའི་ཕྱིར་རོ། །དེས་ན་མ་འབྲེལ་བཞིན་དུ་ཁྱབ་པར་བཞུགས]། །ཞེས་སེམས་ཅན་ཐམས་ཅད་ཀྱི་ལུས་ལ་[ཁྱབ་པར་]བཞུགས་པའྀ་རང་བྱུང་ཡེ་ཤེས་བདེ་གཤེགས་སྙིང་པོ་དེ་ཉིད་དངོས་པོ་ཀུན་ལ་ནམ་མཁའ་ལྟར་ཁྱབ་པར་བཞུགས་ཀྱང་དངོས་པོ་གང་ལས་ཀྱང་མ་སྐྱེས་པར་གསུངས་པ་དང༌། དཔལ་སཾ་བུ་ཊིར་ཡང༌། རང་གི་ལུས་ལ[དོན་དམ་གྱི་]སངས་རྒྱས་[གདོད་ནས་]བཞུགས། །[དེ་ལས་]གཞན་དུ་གང་ནའང་[དོན་དམ་གྱི་]སངས་རྒྱས་མེད། །མི་ཤེས་མུན་པས་བསྒྲིབས་པ་རྣམས། །ལུས་[ལ་བཞུགས་པའི་ཆོས་ཉིད་འོད་གསལ་དེ་མ་རྟོགས་པར་དེ་]ལས་གཞན་དུ་[གྱུར་པའི་]སངས་རྒྱས་[ཆོས་སྐུ་]འདོད[པ་ནི་འཁྲུལ་ཏེ]། །རྟོག་པ་ཐམས་ཅད་རྣམ་སྤངས་པའི། །[རང་བྱུང་]ཡེ་ཤེས་ཆེན་པོ་ལུས་ལ་[ཡང་]གནས་[ཤིང་]། །དངོས་པོ་[གཞན་]ཀུན་ལ་ཁྱབ་པ[འི་ཕྱིར་]སྟེ། །ལུས་ལ་གནས་ཀྱང་[སྐད་ཅིག་དང་རྟེན་འབྲེལ་ལས་འདས་པས་]ལུས་[ལས་]མི་སྐྱེ། །ཞེས་སོགས་དང༌། དཔལ་གསང་བ་འདུས་པའི་བཤད་རྒྱུད་རྡོ་རྗེ་ཕྲེང་བར་ཡང༌། རྡོ་རྗེ་སློབ་དཔོན་ལུས་འདི་ལ། །[དོན་དམ་ཆོས་ཉིད་ཀྱི་]རྒྱལ་བའི་སྐུ་ནི་རིམ་བཞིན་གནས[ཏེ]། །དང་པོ་སྐུ་ཡི་རྡོ་རྗེ་[རྣམ་སྣང་]ནི། །[ཀུན་རྫོབ་ཀྱི་]གཟུགས་ཕུང་ལ་ནི་ཡང་དག་བཞུགས། །རྗེས་སུ་ཆགས་པའི་རྡོ་རྗེ་[རིན་ཆེན་འབྱུང་ལྡན་]ནི། །[ཀུན་རྫོབ་ཀྱི་]ཚོར་བ་ཡི་ནི་ཕུང་པོ[ལ་ཁྱབ་པ]ར་བཞུགས། །བཅོམ་ལྡན་གསུང་གི་རྡོ་རྗེ་[འོད་དཔག་མེད]ནི། །[ཀུན་རྫོབ་]འདུ་ཤེས་ཀྱི་ནི་ཕུང་པོ[ལ་ཁྱབ་པ]ར་བཞུགས། །མཆོད་པ་[ལས་རྣམས་ཟེར་]ཀུན་གྱི་རྡོ་རྗེ་[དོན་ཡོད་གྲུབ་པ་]ནི། །[ཀུན་རྫོབ་ཀྱི་]འདུ་བྱེད་ཀྱི་ནི་ཕུང་པོ[ལ་ཁྱབ་པ]ར་བཞུགས། །བཅོམ་ལྡན་ཐུགས་ཀྱི་རྡོ་རྗེ་[མི་བསྐྱོད་པ་]ནི། །[ཀུན་རྫོབ་ཀྱི་]རྣམ་ཤེས་ཕུང་པོ[ལ་ཁྱབ་པ]ར་ཡང་དག་བཞུགས། །ཡང་[ཀུན་རྫོབ་]འདིའི་ཤ་སོགས་ས་ཁམས་ལ། །བཅོམ་ལྡན་འདས་[མ་]ཡུམ་[སངས་རྒྱས་]སྤྱན་[མ་]བཞུགས་སོ། །ཁྲག་སོགས་ཆུ་ཡི་ཁམས་ལ་ནི། །བཅོམ་ལྡན་འདས་ཡུམ་མཱ་མ་[ཀཱི་]བཞུགས། །དྲོ་བ་ལ་སོགས་མེ་ཁམས་ལ། །བཅོམ་ལྡན་འདས་ཡུམ་གོས་དཀར་[མོ་]བཞུགས། །བསྐྱོད་པ་ལ་སོགས་རླུང་ཁམས་ལ། །བཅོམ་ལྡན་འདས་[མ་]ཡུམ་སྒྲོལ་མ་བཞུགས། །དེ་ཡི་མིག་གི་དབང་[པོ་]གཉིས་ལ། །དེ་བཞིན་གཤེགས་པ་ས[འི་]སྙྀང་པོ[བཞུགས]། །དེ་ཡི་རྣ་བའི་དབང་[པོ་]གཉིས་ལ། །བདེ་གཤེགས་ཕྱག་ན་རྡོ་རྗེ་[བཞུགས་པ]འོ། །དེ་ཡི་སྣ་ཡི་དབང་པོ་ལ། །དེ་བཞིན་གཤེགས་པ་[ནམ་]མཁའ[འི་]སྙིང་པོ[བཞུགས]། །དེ་ཡི་ལྕེ་དབང་ལ་བཞུགས་པ[ནི]། །དེ་བཞིན་གཤེགས་པ་འཇིག་རྟེན་དབང་[ཕྱུག་གོ]། །ཁམས་བཞིའི་རང་བཞིན་གོང་བུ་ནི། །ལུས་ཞེས་བྱ་བར་གདགས་པ་ལ། །སྒྲིབ་པ་ཐམས་ཅད་རྣམ་སེལ་བ[ཞེས་བྱ་བའི]། །དེ་བཞིན་གཤེགས་པ་དེ་བཞུགས་སོ། །དེ་ཡི་ཡིད་ཀྱི་དབང་པོ་ལ། །དེ་བཞིན་གཤེགས་པ་འཇམ་དབྱངས་བཞུགས། །ལུས་ཀྱི་ཚིགས་ནི་ཐམས་ཅད་ལ། །དེ་བཞིན་གཤེགས་པ་ཀུན་ཏུ་བཟང་[པོ་བཞུགས]། །ལུས་ཀྱི་རྩ་རྒྱུས་ཐམས་ཅད་ལ། །དེ་བཞིན་གཤེགས་པ་བྱམས་པ་འོ། །ལག་པ་གཡས་པའི་རྩ་བར་ནི། །དེ་བཞིན་གཤེགས་པ་གཤིན་རྗེའི་གཤེད[བཞུགས]།།ལག་པ་གཡོན་པའི་རྩ་བར་ནི། །བདེ་གཤེགས་གཞན་གྱིས་མི་ཐུབ་པ[ཤེས་རབ་མཐར་བྱེད་བཞུགས]། །ཁ་ཡི་པད་མར་བཞུགས་པ་ནི། །དེ་བཞིན་གཤེགས་པ་[པད་མ་མཐར་བྱེད་]རྟ་མགྲིན་ནོ། །གསང་བའི་གནས་སུ་བཞུགས་པ་ནི། །དེ་བཞིན་གཤེགས་པ་བདུད་རྩི་འཁྱིལ[པ་བགེགས་མཐར་བྱེད་དཽ]། །དཔུང་པ་གཡས་ལ་བཞུགས་པ་ནི། །དེ་བཞིན་གཤེགས་པ་མི་གཡོ་བ[འོ]། །དཔུང་པ་གཡོན་པར་བཞུགས་པ་ནི། །དེ་བཞིན་གཤེགས་པ་འདོད་པའི་རྒྱལ[པོའོ]། །པུས་མོ་གཡས་ལ་བཞུགས་པ་ནྀ། །དེ་བཞིན་གཤེགས་པ་དབྱིག་པ་སྔོ། །པུས་མོ་གཡོན་པར་བཞུགས་པ་ནི། །དེ་བཞིན་གཤེགས་པ་སྟོབས་པོ་ཆེ། །རང་གི་སྤྱི་བོར་བཞུགས་པ་ནི། །དེ་བཞིན་གཤེགས་པ་[གཙུག་ཏོར་]འཁོར་ལོས་བསྒྱུར། །འོག་གི་རྐང་པར་བཞུགས་པ་ནི། །དེ་བཞིན་གཤེགས་པ་གནོད་མཛེས་ཏེ། །ལུས་ནི་འདི་ཉིད་ཀུན་ལ་འདིར། །དེ་བཞིན་གཤེགས་པ་ཐམས་ཅད་བཞུགས། །ཞེས་པ་ལ་སོགས་པས་དོན་དམ་གྱི་རྒྱལ་བ་ཡབ་ཡུམ་དང་རྒྱལ་སྲས་དང་ཁྲོ་རྒྱལ་ལ་སོགས་པ་རང་བྱུང་ཡེ་ཤེས་ཀྱི་ལྷ་ཐམས་ཅད་ལུས་ལ་བཞུགས་པར་གསུངས་ཏེ།

དེ་ལྟར་བཞུགས་པ་དེ་ཉིད་དོན་དམ་ཆོས་ཉིད་ཀྱི་དཀོན་མཆོག་གསུམ་ག་ཡིན་ཚུལ།

འདིར་དོན་དམ་གྱི་རྒྱལ་སྲས་ལ་སོགས་པ་དགེ་འདུན་དཀོན་མཆོག་ཏུ་སྣང་བ་རྣམས་ཀྱང་སངས་རྒྱས་དངོས་ཡིན་ཞིང་དོན་དམ་གྱི་དཀོན་མཆོག་གསུམ་ག་ངོ་བོ་གཅིག་པ་ཉིད་དུ་རྟོགས་དགོས་སོ། །འདི་དག་ལ་དགོངས་ནས་ལྷག་པའི་བསམ་པ་བསྟན་པའི་ལེའུར། ཀུན་དགའ་བོ་[མཐར་ཐུག་དོན་དམ་གྱི་]དེ་བཞིན་གཤེགས་པ་ནི་བསྟན་དུ་མེད་པ་སྟེ། དེ་ནི་མིག་གིས་བལྟ་བར་མི་ནུས་སོ། །ཀུན་དགའ་བོ་[མཐར་ཐུག་དོན་དམ་གྱི་]ཆོས་ནི་བརྗོད་དུ་མེད་པ་སྟེ། དེ་ནི་རྣ་བས་མཉན་པར་མི་ནུས་སོ། །ཀུན་དགའ་བོ་[མཐར་ཐུག་དོན་དམ་གྱི་]དགེ་འདུན་ནི་འདུས་མ་བྱས་པ་སྟེ། དེ་ནི་ལུས་དང་ངག་དང་སེམས་ཀྱིས་བསྙེན་བཀུར་བྱ་བར་མི་ནུས་སོ། །ཞེས་དང༌། རྡོ་རྗེ་ཕྲེང་བའི་རྒྱུད་དུ་ཡང༌། [གདོད་ནས་]དྲི་མེད་[འོད་གསལ་བའི་]སེམས་ནི་[དོན་དམ་གྱི་]སངས་རྒྱས་ཏེ། །[དོན་དམ་གྱི་]ཆོས་[དཀོན་མཆོག་]ནི་[རང་བཞིན་འོད་གསལ་གྱི་]ངག་ཏུ་ཡང་དག་གསུངས། །[རང་བཞིན་འོད་གསལ་གྱི་]སྐུ་ནི་[དོན་དམ་གྱི་]དགེ་འདུན་ཞེས་བྱ་སྟེ། །བྱང་ཆུབ་སེམས་དཔའི་ཚོགས་ཀྱི་གནས་[སོ་རྐང་པ་འདི་ནི་བདེན་གཉིས་གང་དུའང་བཤད་དུ་རུང་ངོ་]། །[དོན་དམ་གྱི་]སངས་རྒྱས་[ནི་དོན་དམ་གྱི་]ཡྀ་གེ་ཧཱུཾ་དུ་བཤད། །[དོན་དམ་གྱི་]གསུང་[དམ་ཆོས་]ནི་[དོན་དམ་གྱི་]ཡི་གེ་ཨཱཿརུ་བརྗོད། །[དོན་དམ་གྱི་]དགེ་འདུན་ཞེས་བྱ་བ་[དོན་དམ་གྱི་]ཡི་གེ་ཨོཾ[ཡིན་ཏེ]། །[དེ་ཡང་]ཀུན་ནས་[འོད་]འཕྲོ་བའི་བདག་ཉིད་དོ། །[དོན་དམ་གྱི་]སངས་རྒྱས་[ནི་དོན་དམ་གྱི་]ཨ་བ་དྷཱུ་ཏཱིར་འགྱུར། །[དོན་དམ་གྱི་]ཆོས་ཀྱང་[དོན་དམ་གྱི་]ལ་ལ་ནཱ་རུ་བརྗོད། །[དོན་དམ་གྱི་]དགེ་འདུན་[ནི་དོན་དམ་གྱི་]ར་ས་ནཱ་རུ་བརྗོད། །འདི་ནི་[དོན་དམ་གྱྀ་རྩ་གསུམ་དང་དཀོན་མཆོག་]གསུམ་པོའི་མཚན་ཉིད་དོ། །[དོན་དམ་གྱི་]གཟུགས་མེད་ཁམས་ནི་[དོན་དམ་གྱི་]སངས་རྒྱས་སོ། །[དོན་དམ་གྱི་]གཟུགས་ཀྱི་ཁམས་ནི་[དོན་དམ་གྱི་]ཆོས་དང་ནི། །[དོན་དམ་གྱི་]འདོད་ཁམས་དེ་བཞིན་[དོན་དམ་གྱི་]དགེ་འདུན་ནོ། །དེ་ལྟར་ཁམས་གསུམ་མཚན་ཉིད་མཆོག[གམ་གཞན་ནམ་ཕ་རོལ་ཏེ]། །[བདེ་གཤེགས་]སྙིང་པོར་གྱུར་པ་[ནམ་ཡང་མི་འཆད་པས་]རང་སྲོག་[ཆེན་པོ་]ལས། །ཁམས་གསུམ་ན་ནི་གཞན་མེད་དེ[ཆོས་ཀྱི་དབྱིངས་ལས་གཞན་པའི་ཆོས་འགའ་ཡང་གཤིས་ལ་མེད་པའི་ཕྱིར་རོ]། །སྒྱུ་མ་རླུང་གི་ཁམས་གསུམ་པ། །རྨི་ལམ་རྨི་ལམ་བཞིན་དུ་མཐོང་[རྐང་པ་འདི་གཉིས་ནི་བདེན་གཉིས་གང་དུ་ཡང་བཤད་དུ་རུང་ངོ་]།།[དོན་དམ་གྱི་]ཁམས་གསུམ་བདག་ཉིད་[ནི་]དེ་བཞིན་ཉིད་[ཡིན་ལ]། །[ཆོས་གཞན་མེད་པས་]གཅིག་པུ་[སྟེ་ཡེ་ཤེས་སྐྱེས་ན་དེ་]མྱུར་བར་མཐོང་བ་ཉིད། །[བདག་]བྱིན་གྱིས་བརླབས་ནས་དེ་བཞིན་ཉིད། །[ཁམས་གསུམ་གྱི་རྣམ་པ་ཅན་མཆོག་གི་]དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར། །[དོན་དམ་གྱི་]སངས་རྒྱས་[ནི་དོན་དམ་གྱི་]ལོངས་སྤྱོད་རྫོགས་པའི་སྐུ། །[དོན་]དམ་པའི་ཆོས་ནི་ཆོས་ཀྱི་སྐུ། །[དོན་དམ་གྱི་]དགེ་འདུན་[ནི་དོན་དམ་གྱི་]སྤྲུལ་པའི་སྐུར་ནི་འགྱུར། །དེ་ནི་[དོན་དམ་གྱི་]སྐུ་གསུམ་བདག་ཉིད་ཅན[ནོ]། །[དོན་དམ་གྱི་སྣང་མཆེད་ཐོབ་གསུམ་ལས་]སྣང་བ་[དོན་དམ་གྱི་]སངས་རྒྱས་ཀྱི་ནི་གཟུགས། །[དོན་དམ་གྱི་]ཆོས་ནི་སྣང་བ་ཐོབ་པ་འོ། །[དོན་དམ་གྱི་]དགེ་འདུན་[ནི་]སྣང་བ་མཆེད་པར་འགྱུར། །དེ་ནི་[དོན་དམ་གྱི་]སྣང་བ་གསུམ་མཚན་ཉིད། །ཅེས་དང༌། དཔལ་སྡོམ་པ་འབྱུང་བའི་རྒྱུད་དུ་ཡང༌། [དོན་དམ་གྱི་]སངས་རྒྱས་དེ་བཞིན་ཆོས་དགེ་འདུན། །གཅིག་ཀྱང་གསུམ་དུ་བཏགས་པའོ། །[དོན་དམ་གྱི་]སྐྱབས་གསུམ་དང་ནི་[དོན་དམ་གྱི་]དེ་ཉིད་གསུམ། །[དོན་དམ་གྱི་]སྐུ་གསུམ་[དོན་དམ་གྱི་]རྣམ་པར་ཐར་པ་གསུམ[ཡིན]། །[དོན་དམ་གྱི་]ཞལ་གསུམ་[དོན་དམ་གྱི་]ཡིག་[གེ་]གསུམ་[དོན་དམ་གྱི་]ལྷ་[ཚངས་པ་ཁྱབ་འཇུག་དབང་ཕྱུག་]གསུམ་དང༌། །[དོན་དམ་གྱི་]ཁམས་གསུམ་པ་ཡི་རང་བཞིན་འགྱུར། །[དོན་དམ་པའི་སྐུ་གསུང་ཐུགས་ཀྱི་]དཀྱིལ་འཁོར་གསུམ་དང་[རྡོ་རྗེ་གསུམ་གྱི་]རྣལ་འབྱོར་གསུམ། །[དོན་དམ་གྱི་ཐེག་པ་གསུམ་གྱི་]ལམ་གསུམ་དུ་ནི་བསྟན་པ་ཡིན། །[རྡོ་རྗེ་གསུམ་གྱི་]དམ་ཚིག་གསུམ་དང་[ཐོག་མཐའ་བར་དུ་]དགེ་བ་[འམ་སྐུ་གསུམ་གྱི་དགེ་བ་]གསུམ། །[རྡོ་རྗེའི་]སྐུ་དང་གསུང་དང་ཐུགས་ཉིད་ཀྱང་[ཡིན]། །[རྡོ་རྗེའི་]ཤེས་རབ་དང་ནི་ཐབས་ཀྱང་སྟེ། །[ཐབས་ཤེས་]དེ་ཡི་སྦྱོར་བ་གསུམ་པ་འོ། །[སྐུ་གསུང་ཐུགས་ཀྱི་]གསང་[བ་]གསུམ་ཇི་ལྟར་མཐོང་བ་དང༌། །ཆོས་ཀྱི་འབྱུང་གནས་[གྲུ་གསུམ་གྱི་]རང་བཞིན་ལས། །འཁོར་གསུམ་མི་དམིགས་རྣལ་འབྱོར་གྱིས། །[རྡོ་རྗེ་གསུམ་གྱི་]སྔགས་གསུམ་གྱི་ནི་རང་བཞིན་དང༌། ། [རྡོ་རྗེའི་ལུས་ཀྱི་]རྩ་གསུམ་གྱི་ནི་རང་བཞིན[ཏེ་དོན་དམ་ཉིད་དེ་རྣམས་ཐམས་ཅད་ཡིན་]ནོ། །ཞེས་པ་ལ་སོགས་པས་དོན་དམ་བདེ་གཤེགས་སྙིང་པོ་ཉིད་[རང་བཞིན་གཉུག་མའི་]སྐྱབས་གསུམ་དང་དེ་ཉིད་གསུམ་དང་སྐུ་གསུམ་དང་རྣམ་ཐར་གསུམ་དང་ཞལ་གསུམ་དང་ལྷ་གསུམ་དང་ཆོས་ཉིད་ཀྱི་ཁམས་གསུམ་དང༌། དཀྱིལ་འཁོར་གསུམ་[དང་རྩ་གསུམ་]ལ་སོགས་པར་བསྟན་པའི་ཕྱིར་མཐར་ཐུག་གི་དཀོན་མཆོག་གསུམ་གཅིག་པ་ཡིན་ཏེ། དོན་དམ་པའི་དཀོན་མཆོག་གསུམ་ནི་[སྟོང་གཞི་]ཆོས་ཀྱི་དབྱིངས་ཉིད་ཡིན་པའི་ཕྱིར་རོ[ཀུན་རྫོབ་ཀྱི་དཀོན་མཆོག་གསུམ་ནི་རབ་ཏུ་གྲགས་ཏེ]། །དེ་ལྟར་དཀོན་མཆོག་གསུམ་[དང༌། ཡི་གེ་གསུམ་དང༌། ཁམས་གསུམ་དང༌། ལྷ་གསུམ་ལ་སོགས་པ་མང་པོ་]ལ་ཡང་བདེན་གཉིས་རྣམ་དབྱེ་ཤེས་ན་ཐུབ་པའི་བཀའ་ལ་མི་རྨོངས་པར་འགྱུར་རོ། །དེ་བཞིན་དུ་མྱང་འདས་ཆེན་པོར། སངས་རྒྱས་ཀྱི་རང་བཞིན་[ནམ་རང་བཞིན་གྱི་སངས་རྒྱས་དེ་བཞིན་ཉིད་]ནི་འདུས་མ་བྱས་པས་ན་རྟག་པ་ཞེས་བྱའོ། །ནམ་མཁའ་[གཞན་ཆོས་ཉིད་ཀྱི་ནམ་མཁའ་]ཞེས་བྱ་བ་ནི་སངས་རྒྱས་ཀྱི་རང་བཞིན་ནོ། །སངས་རྒྱས་ཀྱི་རང་བཞིན་ནི་དེ་བཞིན་གཤེགས་པ[ཆོས་སྐུ་]འོ། །དེ་བཞིན་གཤེགས་པ་[དེ་]ནི་འདུས་མ་བྱས་པའོ། །འདུས་མ་བྱས་པ[འི་སངས་རྒྱས་དེ་]ནི་རྟག་པའོ། །རྟག་པ[འི་སངས་རྒྱས་དེ་]ནི་ཆོས་སོ། །ཆོས་[དེ་]ནི་དགེ་འདུན་ནོ། །དགེ་འདུན་[དེ་]ནི་འདུས་མ་བྱས་པའོ། །འདུས་མ་བྱས་པ་ནི་རྟག་པའོ། །ཞེས་དང༌། རིགས་ཀྱི་བུ་གཞན་ཡང༌། [དོན་དམ་པའི་]སངས་རྒྱས་དང་ཆོས་དང་དགེ་འདུན་ལ་རྟག་ཏུ་དྲན་ཞིང་ནན་ཏན་བྱའོ། །[དོན་དམ་པའི་]ཆོས་རྣམ་པ་གསུམ་པོ་འདི་ནི་ཐ་དད་པ་མ་ཡིན་པའི་མཚན་ཉིད། མི་རྟག་པ་མ་ཡིན་པའི་མཚན་ཉིད། མི་འཕོ་བའི་མཚན་ཉིད་དོ། །གང་ཞིག་[དོན་དམ་གྱི་དཀོན་མཆོག་གསུམ་གྱི་]ཆོས་རྣམ་པ་གསུམ་པོ་འདི་ལ་ཐ་དད་པར་འདུ་ཤེས་ན་སྐྱེ་བོ་དེ་ནི་སྐྱབས་སུ་འགྲོ་བ་གསུམ་ལ་མི་གནས་པ། ཚུལ་ཁྲིམས་དང་མི་ལྡན་པ་ཞེས་བྱ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་ཀྱང་ཐོབ་པར་མི་ནུས་སོ། །གང་བསམ་གྱིས་མི་ཁྱབ་པ[འི་དབྱིངས་དོན་དམ་གྱི་དཀོན་མཆོག་]དེ་ལ་རྟག་པའི་འདུ་ཤེས་ཀྱིས་ནན་ཏན་བྱེད་ན། དེ་ནི་སྐྱབས་སུ་འགྲོ་བའི་གནས་ཡིན་ནོ། །རིགས་ཀྱི་བུ་དཔེར་ན་ཤིང་ཡོད་པའི་རྐྱེན་གྱིས་[ཚད་པ་ལས་སྐྱོབ་པའི་]གྲིབ་མ་ཡོད་དོ། །དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། རྟག་པའི་ཆོས་ཡོད་པས་སྐྱབས་སུ་འགྲོ་བའི་གནས་ཡོད་ཀྱི། མི་རྟག་པ་ནི་[གཏན་གྱི་སྐྱབས་མཆོག་]མ་ཡིན་ནོ། །གང་གིས་དེ་བཞིན་གཤེགས་པ་ལ་མི་རྟག་པའོ། །ཞེས་སྨྲ་ན་དེ་བཞིན་གཤེགས་པ་ཡང་ལྷ་དང་འཇིག་རྟེན་དུ་བཅས་པའི་སྐྱབས་སུ་འགྲོ་བའི་གནས་མ་ཡིན་ནོ། །ཞེས་དང༌། དེ་བས་ན་[གདོད་ནས་]རབ་ཏུ་ཞི་བ་ཞེས་བྱ་བ་ནི་ཡང་དག་པར་རྣམ་པར་གྲོལ་བའོ། །[གདོད་ནས་]ཡང་དག་པར་རྣམ་པར་གྲོལ་བ་[དེ་]ནི་དེ་བཞིན་གཤེགས་པའོ། །[དོན་དམ་གྱི་]དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་[དོན་དམ་གྱི་]ཆོས་སོ། །ཞེས་དང༌། གང་གིས་དེ་བཞིན་གཤེགས་པ་ནི་ཆོས་དང་དགེ་འདུན་ཐ་དད་དོ། །ཞེས་སྨྲ་ན་དེ་ནི་སྐྱབས་སུ་འགྲོ་བའི་གནས་གསུམ་པོར་མི་འགྱུར་རོ། །ཞེས་སོགས་དང༌། རྒྱུད་བླ་མར་ཡང༌། དམ་པའི་དོན་དུ་འགྲོ་བ་ཡི། །སྐྱབས་ནི་སངས་རྒྱས་ཉག་གཅིག་ཉིད། །ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེ་ཡི་མཐར་ཐུག་ཕྱིར། །ཞེས་གསུངས་པ་ཡང་སྔར་བསྟན་པ་དང་དོན་གཅིག་གོ །

ཡང་དེ་ཉིད་བདེ་གཤེགས་སྙིང་པོ་ཡིན་ཚུལ་དཔེ་དོན་མང་པོས་བསྟན་པ།

གཞན་ཡང༌། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལ་སོགས་པའི་དོན་བསྡུས་ནས། རྒྱུད་བླ་མར་གསུངས་པ། སངས་རྒྱས་[ཀྱི་སྐུ་]པད་ངན་[གྱི་སྦུབས་ན་གནས་པ་དང་]སྦྲང་རྩི་སྦྲང་མ་[མང་པོའི་ཁོངས་]ལ[གནས་པ་དང་]། །སྦུན་[པ་]ལ་[འབྲས་བུའི་]སྙིང་པོ་[གནས་པ་དང་]མི་གཙང་[བའི་འདམ་གྱི་]ནང་ན་གསེར[གྱི་གོང་བུ་གནས་པ་དང་]། །ས་ལ་གཏེར་[གནས་པ་]དང་མྱུག་སོགས་འབྲས་[བུ་]ཆུང་[ངུ་ལ་གནས་པ་]དང༌། །གོས་ཧྲུལ་ནང་ན་རྒྱལ་བའི་སྐུ་དང་ནི། །བུད་མེད་ངན་མའི་ལྟོ་ན་མི་བདག་[འཁོར་ལོས་བསྒྱུར་རྒྱལ་]དང༌། །[ལུགས་བཏང་བའི་]ས་ལ་རིན་ཆེན་གཟུགས་ཡོད་[པ་]ཇི་ལྟ་བར། །གློ་བུར་ཉོན་མོངས་དྲི་མས་བསྒྲིབས་པ་ཡི། །སེམས་ཅན་རྣམས་ལ་དེ་བཞིན་[དོན་དམ་གྱི་]ཁམས་[ཏེ་དབྱིངས་]འདི་གནས[ཏེ་བཞུགས་སོ]། །[དེ་ལ་གློ་བུར་]དྲི་མ་[ནི་པད་མ་]ངན་པ་[དང་]སྲོག་ཆགས་[སྦྲང་མ་དང་]སྦུན་པ་[དང་]མི་གཙང་[བའི་འདམ་དང་གཏེར་ལ་གཡོགས་པའི་]ས་[དང་]འབྲས་[ཆུང་དང་]གོས་ཧྲུལ་དང༌། །སྡུག་བསྔལ་འབར་བས་མངོན་པར་གདུངས་པའི་བུད་མེད་[དང་རིན་ཆེན་གར་ལུགས་ལ་གཡོགས་པའི་]ས་ཡི་ཁམས་དང་མཚུངས[ཏེ་དྲི་མའི་དཔེ་དགུའོ]། །[སྙིང་པོའི་དཔེ་དགུ་ནི་པད་མའི་སྦུབས་ན་བཞུགས་པའི་]སངས་རྒྱས་[དང་]སྦྲང་རྩི་[དང་འབྲས་བུའི་]སྙིང་པོ་[དང་]གསེར་[གྱི་གོང་བུ་]དང་[རིན་ཆེན་]གཏེར་དང་ནྱ་གྲོ་[ཏའི་མྱུག་སོགས་དང་]རིན་ཆེན་[ལས་བྱས་པའི་རྒྱལ་བའི་]སྐུ[དང་]། །གླྀང་བདག་མཆོག་[འཁོར་ལོས་སྒྱུར་རྒྱལ་]དང་རིན་ཆེན་[གར་ལུགས་ཀྱི་]གཟུགས་[རྣམས་]དང་[གདོད་ནས་]དྲི་མེད་[ཀྱི་]ཁམས་[ཏེ་དབྱིངས་]མཆོག་མཚུངས་པ་ཉིད། །ཅེས་དང༌། སེམས་ཅན་ཁམས་ཀྱི་ཉོན་མོངས་སྦུབས[ནི]། །[སྙིང་པོ་དང་]མ་འབྲེལ་[ཡང་]ཐོག་མ་མེད་པ་ན[ཀུན་རྫོབ་ཙམ་དུ་གནས་པ]འོ། ། སེམས་ཀྱི་རང་བཞིན་དྲི་མེད་[འོད་གསལ་བདེ་གཤེགས་སྙིང་པོ་]ནི། །ཐོག་མ་མེད་པ་[ནམ་མཁའ་ལྟ་བུ་]ཡིན་པར་བརྗོད། །ཅེས་སོགས་དང༌། སོ་སོའི་སྐྱེ་[བོ་དང་]འཕགས་[པ་རྒྱལ་སྲས་དང་]རྫོགས་སངས་[རྒྱས་རྣམས་]ཀྱི། །དེ་བཞིན་ཉིད་[གནས་སྐབས་གསུམ་དུ་]དབྱེ[བ]འི་འཇུག་པ་ལས། །དེ་ཉིད་གཟིགས་པས་སེམས་ཅན་ལ། །རྒྱལ་བའི་སྙིང་པོ་འདི་[བཞུགས་པར་]བསྟན་ཏོ། །ཞེས་དང༌། ཡང༌། དེ་ལ་དྲི་མ་དང་བཅས་པའི་དེ་བཞིན་ཉིད་ཀྱི་དབང་དུ་མཛད་ནས་སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ། །ཞེས་གསུངས་པ་གང་ཡིན་པ་དེ་དོན་གང་གིས་ཡིན་ཞེ་ན། [དོན་དམ་འདུས་མ་བྱས་ཀྱི་]རྫོགས་སངས་[རྒྱས་ཀྱི་]སྐུ་ནི་[སྔར་མངོན་དུ་མ་གྱུར་པ་ལས་ཕྱིས་]འཕྲོ་[བ་སྟེ་མངོན་དུ་འགྱུར་བའི་]ཕྱིར་དང༌། །[སངས་རྒྱས་དང་སེམས་ཅན་གྱི་]དེ་བཞིན་ཉིད་[ཀྱི་ངོ་བོ་]དབྱེར་མེད་[པའི་]ཕྱིར་དང༌། །[རང་བཞིན་གྱིས་དག་པའི་]རིགས་[ཀུན་ལ་]ཡོད་[པའི་]ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན[ནོ]། །ཞེས་སོགས་དང༌།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལྔ་བཅུ་པར་ཡང༌།[ཆོས་ཉིད་ནི་ཆོས་]ཐམས་ཅད་ཀྱི་[ཁྱབ་བྱེད་ཀྱི་]རང་བཞིན་ཡིན་པས་སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ། །ཐམས་ཅད་རྡོ་རྗེའི་སྙིང་པོས་[ཁྱབ་པར་]དབང་བསྐུར་བ་ཉིད་པས་སེམས་ཅན་ཐམས་ཅད་ནི་རྡོ་རྗེ[མི་ཤིགས་པ་དོན་དམ་པ]འི་སྙིང་པོ་ཅན་ནོ། །[ཆོས་ཉིད་ཀྱི་]ངག་ཐམས་ཅད་རང་བྱུང་[ཡིན་གྱི་གཞན་བྱུང་མ་ཡིན་]བས་སེམས་ཅན་ཐམས་ཅད་ནི་[དོན་དམ་པའི་]ཆོས་ཀྱི་སྙིང་པོ་ཅན་ནོ། །ཞེས་དང༌།

ཡང་དེ་ཉིད་རང་བཞིན་དུ་གནས་པའི་རིགས་དང་དོན་གཅིག་ཏུ་བསྟན་པ།

དབུ་མ་ཆེན་པོ་རྒྱུད་བླ་མའི་འགྲེལ་པར་ཡང༌། [རང་བཞིན་གྱིས་]ཡོངས་སུ་དག་པའི་རིགས་[གང་ཡིན་པ་]དེ་བཞིན་གཤེགས་པའི་ཁམས་[ཏེ་དབྱིངས་]འདི་ཉིད་ལ་དགོངས་ནས། ཇི་ལྟར་[གསེར་ཡོད་པའི་]རྡོ་ཡི་ཕྱེ་མ་ལ། །ས་ལེ་སྦྲམ་ནི་མི་མཐོང་བ། །ཡོངས་སུ་སྦྱངས་པས་དེ་མཐོང་བཞིན། །འཇིག་རྟེན་ལ་ནི་[དོན་དམ་གྱི་]དེ་བཞིན་གཤེགས[པ་བཞུགས་ཀྱང་གློ་བུར་དྲི་མ་མ་སྦྱངས་བར་ལ་མི་མཐོང་ཞིང༌། སྦྱངས་ན་མཐོང་]ཞེས་དང༌། ཡང༌། རང་བཞིན་གྱིས་རྣམ་པར་དག་པའི་རིགས་[ཀུན་ལ་]ཡོད་པའི་ཕྱིར་འགའ་ཡང་[གློ་བུར་དྲི་མས་]གཏན་རྣམ་པར་དག་པར་མི་འགྱུར་བ་[སྟེ་དག་པར་མི་རུང་བ་]ནི་འོས་པ་མ་ཡིན་ཏེ། གང་གི་ཕྱིར་བཅོམ་ལྡན་འདས་ཀྱིས་ཁྱད་པར་མེད་པར་སེམས་ཅན་ཐམས་ཅད་ལ་[གློ་བུར་དྲི་མས་]རྣམ་པར་དག་པ་[ཐོབ་ཏུ་]རུང་བ་ཉིད་ཡོད་པ་ལ་དགོངས་ནས། [གློ་བུར་དྲི་མ་ལ་]ཐོག་[མ་]མེད་[པར་]གྱུར་ཀྱང་[ལམ་མཆོག་བསྒོམས་པ་ལ་]ཐ་མ་དང་ལྡན་པ། །རང་བཞིན་གྱིས་དག་[ཅིང་འོད་གསལ་བ་]རྟག་པའི་ཆོས་ཅན་[བདེ་གཤེགས་སྙིང་པོ་]ནི། །ཐོག་མེད་[གློ་བུར་དྲི་མའི་]སྦུབས་ཀྱིས་བསྒྲིབས་ཕྱིར་མི་མཐོང་སྟེ། །ཇི་ལྟར་གསེར་གྱི་གཟུགས་ནི་བསྒྲིབས་པ་བཞིན། །ཞེས་གསུངས་པ་བཞིན་ནོ། །ཞེས་དེ་བཞིན་གཤེགས་པའི་སྙིང་པོ་གང་ཡིན་པ་དེ་རང་བཞིན་གྱིས་ཡོངས་སུ་དག་པའི་རིགས་ཡིན་པར་གསུངས་ལ།

ཡང་དེ་ཉིད་རྒྱུད་སྡེར་གསུངས་པའི་རིགས་ཀྱི་དབྱེ་བསྡུ་དང་དོན་གཅིག་ཏུ་བསྟན་པ།

རིགས་དེ་ཡང་རིགས་གསུམ་དང་ལྔ་ལ་སོགས་པའི་བདག་ཉིད་ནམ་ཡང་རྒྱུན་ཆད་མེད་པ་རང་བཞིན་ཆོས་ཉིད་ཀྱི་རྒྱུད་དུ་གསུངས་ཏེ། དཔལ་འདུས་པར། [དབྱེ་བསྡུ་མང་པོ་ཅན་རང་བཞིན་གྱི་]རིགས་ནི་[རྒྱུན་མ་ཆད་པ་དོན་དམ་གྱི་]རྒྱུད་ཅེས་བྱ་བར་བཤད། །རྒྱུད་[དེ་]ནི་ཐོག་མ[འི་སངས་རྒྱས་སམ་དང་པོའི་སངས་རྒྱས་]ཞེས་བརྗོད་དེ། །[འདུས་མ་བྱས་ཡིན་པས་]མི་འཇིག་[ཅིང་]སྐྱེ་བ་མེད་[པ་]གང་ཡིན[པའི]། །མགོན་པོ་[རྡོ་རྗེ་འཆང་]དེ་ནི་ཡིན་པར་བཤད། །ཅེས་དང༌། [ཟབ་མོ་སྔགས་ཀྱི་]རྒྱུད་[དོན་དམ་]ནི་[རྒྱུན་ཆད་པ་མི་སྲིད་ཅིང་]རྒྱུན་ཆགས་སུ་བརྗོད་དོ། །ཞེས་དང༌། [རང་བཞིན་གྱི་]རིགས་ནི་[དོན་གྱི་རྒྱལ་བ་]ལྔ་དང་[རྡོ་རྗེ་]གསུམ་དག་དང༌། །ངོ་བོ་ཉིད་ཀྱིས་[གྲུབ་པའི་]རིགས་བརྒྱ་[ལ་སོགས་པ་དབྱེ་བསྡུ་མང་པོ་རུང་བ་]འོ། །ཞེས་སོགས་དང༌། དཔལ་ཀྱེའི་རྡོ་རྗེའི་རྒྱུད་དུ་ཡང༌། [རང་བཞིན་གྱི་]རིགས་ནི་[དོན་དམ་གྱི་རྒྱལ་བ་]རྣམ་པ་དྲུག་[ཏུ་]བརྗོད་ཅིང༌། །[དེ་ཡང་]མདོར་བསྡུས་པས་ནི་[རྒྱལ་བ་]རྣམ་པ་ལྔ། །སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །ཕྱི་ནས་[དེ་ཡང་བསྡུ་ན་རྡོ་རྗེ་]རྣམ་པ་གསུམ་དུ་འགྱུར། །[དོན་དམ་གྱི་]རིགས་དང་[དོན་དམ་གྱི་]འབྱུང་བ་ལྔ་རྣམས་[ཡུམ་ལྔ་]དང༌། །[དོན་དམ་གྱི་]ཕུང་པོ་ལྔ་[ཡབ་ལྔ་]ཡི་རང་བཞིན་གྱི། །རིགས་[སུ་བྱེད་པ་]དང་[དབྱེ་བསྡུ་དུ་མར་]བགྲང་བྱ་འདི་ཡིས་ནི། །རིགས་ཞེས་མངོན་པར་བརྗོད་པར་བྱ། །ཞེས་དང༌། སེམས་ནི་ཆེན་པོ་[དོན་དམ་གྱི་སེམས་]གཅིག་ཉིད་ལ། །[རིགས་]ལྔ་ཡི་གཟུགས་ཀྱིས་རྣམ་པར་མཚོན། །རིགས་ནི་ལྔ་པོ་དེ་ཉིད་ལས། །[དོན་དམ་གྱི་ལྷའི་ཚོགས་]སྟོང་ཕྲག་དུ་མ་སྐྱེས་པ་ཉིད[དེ་སྐྱེས་པ་གཞན་འགལ་འདུས་སྐྱོན་མེད་ཀྱི་སྐྱེས་པའོ]། །དེ་ཕྱིར་[དོན་དམ་གྱི་ལྷ་མང་ཉུང་]འདི་དག་རང་བཞིན་གཅིག[ཡིན་ཏེ]། །[རང་བཞིན་ལྷན་སྐྱེས་ཀྱི་]བདེ་ཆེན་མཆོག་ཏུ་ཕན་པ་ཉིད[དོ]། །[དེ་ཉིད་ལ་དོན་དམ་པའི་]འདོད་ཆགས་ལ་སོགས་སེམས་ལྔ་ཡི། །དབྱེ་བས་[ཡབ་སམ་ཡུམ་]ལྔ་རུ་འགྲོ་བར་འགྱུར། །གང་གཱའི་ཀླུང་ནི་བཅུ་ཡི་བྱེ་སྙེད་ཉིད[དུ་འགྱུར་ཞིང་]། །[རང་བཞིན་གྱི་]རིགས་གཅིག་ལ་ནི་[དོན་དམ་གྱི་]དེ་བཞིན་གཤེགས་པའི་ཚོགས། །རིགས་ཀྱི་ཚོགས་[གང་གཱའི་ཀླུང་བཅུའི་བྱེ་སྙེད་དེ་]ལ་[ཡང་]རིགས་ནི་དུ་མ་རྣམས[སུ་འགྱུར་ཞིང་]། །དེ་རྣམས་རིགས་[ཏེ་རིགས་དེ་རྣམས་]ལ་[ཡང་]རིགས་ནི་རྣམ་པ་བརྒྱ[བརྒྱར་འགྱུར་ལ]། །དེ་རྣམས་[རེ་རེ་]ལ་ཡང་འབུམ་ཕྲག་རིགས་ཆེན་རྣམས[སུ་འགྱུར་ཞིང་དེ་རེ་རེ་ལ་ཡང་]། །བྱེ་བའི་རིགས་[སུ་འགྱུར་བས་རིགས་དེ་]ལ་[རྣམ་པའི་དབྱེ་བ་]གྲངས་ནི་མེད་པར་འགྱུར། །[དེ་ལྟར་གནས་པ་]དེ་ལ་རིགས་[རང་བཞིན་གཅིག་པ་]ལ་[རྣམ་]གྲངས་མེད་རིགས་རྣམས་ཉིད[ཏེ]། །[དེ་ཐམས་ཅད་ནི་རང་བཞིན་ལྷན་སྐྱེས་]མཆོག་ཏུ་དགའ་བ[འགྱུར་མེད་ཡོངས་སུ་གྲུབ་པ]འི་རིགས་ལས་བྱུང་བ་རྣམས[ཡིན་པས་དེ་བཞིན་ཉིད་རྣམ་པ་དུ་མ་ཅན་ངོ་བོ་རོ་གཅིག་པ་གསལ་བར་བསྟན་ཏོ]། །ཞེས་དང༌། དོན་དམ་པའི་མཚན་[མང་པོ་]ཡང་དག་པར་བརྗོད་པ[འི་རྒྱུད་]ལས་ཀྱང༌། གསང་སྔགས་རིགས་ཆེན་ཐམས་ཅད་དང༌། །གསང་སྔགས་རིག་པ་འཆང་བའི་རིགས། །རིགས་གསུམ་ལ་ནི་རྣམ་པར་གཟིགས། །འཇིག་རྟེན་འཇིག་རྟེན་འདས་པའི་རིགས། །འཇིག་རྟེན་སྣང་བྱེད་རིགས་ཆེན་དང༌། །ཕྱག་རྒྱ་ཆེན་པོའི་རིགས་མཆོག་དང༌། །གཙུག་ཏོར་ཆེན་པོ་རིགས་ཆེན་ནོ། །ཞེས་གསུངས་པའི་དོན། དཔལ་དུས་ཀྱི་འཁོར་ལོར། གཙུག་ཏོར་[ཆེན་པོའི་རིགས་ཆེན་ནི་]སྟོང་པ་[ཆེན་པོ་འགྱུར་མེད་]ལྔ་སྟེ་རིགས་གསུམ་[ལ་ནི་རྣམ་པར་གཟིགས་]དག་ཀྱང་དེ་བཞིན་སྐུ་[རྡོ་རྗེ་ཨོཾ་]དང་གསུང་[རྡོ་རྗེ་ཨཱཿ]དང་ཐུགས་ཀྱི་རྡོ་རྗེ[ཧཱུཾ]འོ། །ཨ་སོགས་[ཞེས་པ་ཨ་ཨི་རྀ་ཨུ་ལྀ་]ཕྱག་རྒྱ[ཆེན་པོ]འི་རིགས་[མཆོག་རྒྱལ་བ་ལྔ་ཡིན་]ཏེ་ཧ་ཡ་ར་ཝ་ལ་[ཀྵ་]དང་ལྡན་པའི་ཀ་སོགས་སྡེ་པ་[དྲུག་པོའི་གསལ་བྱེད་]མཐའ་དག་[གི་ལྷའམ་རྒྱུད་སུམ་བཅུ་རྩ་དྲུག་]རྣམས[ནི]། །འཇིག་རྟེན་སྣང་བྱེད་[རིགས་ཆེན་ནོ་]དབྱངས་[བཅུ་གཉིས་སྲོག་ཏུ་ཞུགས་པ་]དང་བཅས་པའི་ཧ་ཡ་ར་ཝ་ལར་ལྡན་[དྲུག་བཅུ་དང༌། གསལ་བྱེད་སུམ་ཅུ་ལ་དབྱངས་བཅུ་གཉིས་ཀྱིས་ཕྱེ་བ་དང༌། ཡོན་ཏན་དང་འཕེལ་བའི་ཕྱེ་བ་དང༌། ཡ་ཎར་བསྒྱུར་བས་ཕྱེ་བ་སྟོང་བརྒྱད་བཅུ་ནི་]འཇིག་རྟེན་འཇིག་རྟེན་འདས་པ[འི་རིགས་ཞེས་བྱ]འོ། །[གསང་སྔགས་རིག་པ་འཆང་བའི་རིགས། ཞེས་པ་]རིགས་སྔགས་འཆང་གི་དབང་པོར་འགྱུར་ཏེ་[དེ་གང་ཞེ་ན་]ཀ་སོགས་[སྡེ་པ་དྲུག་གི་ཡི་གེ་ལྔ་ལྔ་པོ་]མཐའ་དག་བརྩེགས་པར་གནས་པ[དང༌། ལཝརཡཧ་བརྩེགས་པ་དང༌། ལཝརཡཀྵ་བརྩེགས་པ]འི་སྡེ་པ་[སྟེ་དོན་དམ་གྱི་སྡེ་པ་]བརྒྱད་རྣམས་སོ། །ཞེས་གསུངས་ཤིང༌། དེ་བཞིན་དུ། [བརྗོད་དུ་མེད་པ་དོན་དམ་གྱི་]སྡེ་པ་ཀ་ལ་སོགས་པ་དྲུག་པོ་རིམ་པར་ཡོངས་སུ་བཀོད་པ་རྣམས་ཀྱི་རིགས་[དྲུག་]ནི་རིམ་པ་ཡིས[ཏེ]། །[ཀ་སྡེ་ནི་]རྡོ་རྗེ[འི་རིགས་ཙ་སྡེ་ནི་]རལ་གྲི་[ཊ་སྡེ་ནི་]རིན་ཆེན་[ཏ་སྡེ་ནི་]འཁོར་ལོ་[པ་སྡེ་ནི་]ཆུ་སྐྱེས་དེ་བཞིན་[ས་སྡེ་ནི་]གྲི་གུག་[གི་རིགས་]ཉིད་[དོ་དེས་ན་དེ་རྣམས་]ནི་རྒྱལ་བ་[དྲུག་པོ་]རྣམས་ཀྱི་[རིགས་]སྟེ། །སླར་ཡང་སྡེ་པ་རེ་རེ་ལ་ཡང་མཐའ་དག་རྒྱལ་བ་མཆོག་གི་དབྱེ་བ་[དོན་དམ་གྱི་ཡི་གེ་]ལྔ་རྣམས་དག་གིས་དབྱེ[སྟེ་དོན་དམ་གྱི་བརྗོད་བྱ་རྗོད་བྱེད་དབྱེར་མེད་པའི་ཕྱིར་ཡི་གེའི་དབྱེ་བ་ཉིད་ཀྱིས་ལྷའི་དབྱེ་བར་ཡང་འགྱུར]།།ཞེས་པ་ལ་སོགས་པས་རང་བཞིན་གྱིས་དག་པའི་རིགས་དེ་ཉིད་ལ་རིགས་ཀྱི་དབྱེ་བ་དུ་མ་གསུངས་སོ། །དེ་བཞིན་དུ། [དོན་དམ་གྱི་]རིགས་ལྔ་སྟོན་པ་ལ། གདོང་ལྔ་ཟུར་ཕུད་ལྔ་དང་ལྡན། །ཞེས་དང༌། [དོན་དམ་གྱི་]རིགས་དྲུག་སྟོན་པ་ལ། ཁྲོ་བོའི་རྒྱལ་པོ་གདོང་དྲུག་འཇིགས། །ཞེས་དང༌། [དོན་དམ་གྱི་]རིགས་བརྒྱ་སྟོན་པ་ལ། ཧ་ལཱ་ཧ་ལ་གདོང་བརྒྱ་པ། །ཞེས་པས་གསུངས་ཤིང༌། རྗེ་བཙུན་སྤྱན་རས་གཟིགས་ཀྱི་ཞལ་སྔ་ནས་ཀྱང༌། འདིར་[དོན་དམ་གྱི་]རིགས་གསུམ་གྱི་བདག་ཉིད་ཀྱི་རྒྱུད་ཀྱྀ་རྒྱལ་པོ་ལ་[དོན་དམ་གྱི་]སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་ཅན་ཞལ་གསུམ་པ་བརྗོད་པར་བྱ་བའོ། །[དོན་དམ་གྱི་]རིགས་བཞིའི་བདག་ཉིད་ལ་[དོན་དམ་གྱི་]སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་བདག་ཉིད་ཅན་ཞལ་བཞི་པ་བརྗོད་པར་བྱ་བའོ། །[རིགས་གསུམ་ནི་]རང་བཞིན་གྱི་རིགས་གཅིག་དང་ལྷན་ཅིག་རིགས་བཞིའི་བདག་ཉིད་ཅན་གྱི་རྒྱུད་དང་བརྗོད་པར་བྱ་བར་འགྱུར་[ཏེ། བྱིས་པ་ལ་ལོ་བཅོ་ལྔའི་བར་དུ་གནས་སྐབས་གསུམ་དང༌། བཅུ་དྲུག་པ་ནས་བཞི་པའི་གནས་སྐབས་སྣོན་པ་ཇི་ལྟ་བར་]རོ། །དེ་བཞིན་དུ་རིགས་ལྔའི་བདག་ཉིད་[ནི་]རང་བཞིན་གྱི་གཅིག་དང་ལྷན་ཅིག་རིགས་དྲུག་གི་བདག་ཉིད་དུ་འགྱུར་[ཏེ། བྱིས་པ་ལ་ལོ་བཅོ་ལྔའི་བར་དུ་ཁམས་ལྔ་དང༌། བཅུ་དྲུག་པ་ནས་ཡེ་ཤེས་ཀྱི་ཁམས་སྣོན་པ་ཇི་ལྟ་བར་]རོ། །ཞེས་སོགས་དང༌། དཔལ་མཆོག་དང་པོའི་རྒྱུད་དུ་ཡང༌། རྡོ་རྗེ་[འགྱུར་མེད་བདེ་བ་]ཆེན་པོ་འཛིན་པ[དོན་དམ་པ]འི་རྒྱུད། །[གང་ཡིན་པ་]དེ་ཉིད་[རྣམ་སྣང་]དེ་བཞིན་གཤེགས་པའི་རིགས[ཀྱང་ཡིན་ལ]།།དེ་ཉིད་[མི་བསྐྱོད་པ་]རྡོ་རྗེའི་རིགས་ཆེན་པོ[འང་ཡིན་ཞིང་]། །དེ་ཉིད་[སྣང་བ་མཐའ་ཡས་]པད་མའི་རིགས་དག་པ[ཡང་ཡིན་ལ]། །དེ་ཉིད་[རིན་འབྱུང་]ནོར་བུའི་རིགས་ཆེན་[དུ་ཡང་]བཤད། །དེ་[རྣམས་]ཉིད་[དོན་དམ་གྱི་]འདོད་ཆགས་[ཀྱང་ཡིན་ཞིང་ཀུན་རྫོབ་ཀྱི་]ཆགས་བྲལ་ཉིད། །ཅེས་དང༌། རྡོ་རྗེ་ཕྲེང་བའི་རྒྱུད་དུ་ཡང༌། [དོན་དམ་པའི་]རིགས་ཀྱི་དབྱེ་བའི་དོན་བསྡུས་པ། །དེ་ཚེ་[རང་བྱུང་ཡེ་ཤེས་ཀྱི་]རིགས་ནི་རྣམ་པ་ལྔར། །རྩ་བའི་རྒྱུད་དུ་གསལ་བར་གསུངས། །ཞེས་སོགས་དང༌། མཆོག་གྀ་དང་པོའི་སངས་རྒྱས་སུ་ཡང༌།[སྟོང་གཞི་དོན་དམ་ཀྱི་]རིགས་གསུམ་དང་ནི་རིགས་ལྔ་ཉིད། །རང་བཞིན་གཅིག་དང་རིགས་བརྒྱའོ། །ཞེས་པ་ལ་སོགས་པས་རྒྱུད་སྡེ་ཟབ་མོ་རྣམས་སུ་རིགས་ཀྱི་དབྱེ་བསྡུ་ཇི་སྙེད་གསུངས་པ་ཐམས་ཅད་རང་བཞིན་གྱི་རིགས་ཀྱི་དབྱེ་བསྡུ་ཡིན་པར་ཁོང་དུ་ཆུད་པར་བྱའི། རྒྱས་པའི་རིགས་ཀྱི་ནི་མ་ཡིན་ནོ། །གལ་ཏེ། མངོན་པར་རྟོགས་པའི་རྒྱན་དུ་ཡང༌། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །རིགས་ནི་ཐ་དད་རུང་མ་ཡིན། །ཞེས་རང་བཞིན་གྱི་རིགས་ལ་དབྱེ་བ་ཐ་དད་མི་རུང་བར་བཤད་པ་དང་འགལ་བ་མ་ཡིན་ནམ་ཞེ་ན་མ་ཡིན་ཏེ། དེར་ནི་ངོ་བོ་ཐ་དད་མེད་པ་ལ་དགོངས་ཤིང༌། རྒྱུད་སྡེ་ཟབ་མོ་རྣམས་སུ་ནི་ངོ་བོ་དབྱེར་མེད་ཀྱང༌། རྣམ་པ[ཐ་དད་པ]འི་སྒོ་ནས་རིགས་ཀྱི་དབྱེ་བ་གསུངས་པའི་ཕྱིར་རོ། །དེས་ན་འགལ་བ་ཅུང་ཟད་ཀྱང་མེད་དོ། །སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་[དབུ་མ་རྩ་ཤེའི་འགྲེལ་པ་]ཤེས་རབ་སྒྲོན་མར། དཀོན་མཆོག་བརྩེགས་པའི་ལུང་དྲངས་པར་གང་ལ་ལས་མེད་པ་དང༌། ལས་ཀྱི་འབྲས་བུ་མེད་པ་དེ་ནི་འཕགས་པ་རྣམས་ཀྱི་རིགས་ཡིན་ལ། འཕགས་པ་རྣམས་ཀྱི་རིགས་གང་ཡིན་པའི་རིགས་དེ་ལ་ནི། ལུས་ཀྱི་ལས་མི་བྱེད། ངག་གི་ལས་མི་བྱེད། ཡིད་ཀྱི་ལས་མི་བྱེད་དོ། །ཞེས་པ་ཡང་ལས་འབྲས་མེད་པའི་གཞི་ཆོས་ཉིད་འདུས་མ་བྱས་ཀྱི་དབྱིངས་ལ་དགོངས་སོ། །དེ་ལྟར་རང་བཞིན་གྱི་རིགས་ཉིད་མདོ་རྒྱུད་ཟབ་མོ་རྣམས་སུ་གསུངས་པའི་དོན་ནི། དེ་བཞིན་ཉིད་རང་བཞིན་གྱིས་འོད་གསལ་བ་དེ་བཞིན་གཤེགས་པའི་སྙིང་པོ་ཆོས་དབྱིངས་ཡེ་ཤེས་ཉིད་དུ་གཅིག་ཀྱང་དེའི་རྣམ་པ་དང་ཡོན་ཏན་ལ་སོགས་པ་ཁྱད་པར་གྱི་ཆོས་ཤིན་ཏུ་མང་བ་རྣམས་ལ་རྨོངས་པ་དང་མ་རྨོངས་པའི་ཁྱད་པར་ནྀ་ཡོད་པར་གསུངས་པས་རྒྱུད་སྡེའི་དགོངས་པ་ཟབ་མོའི་གནམ་འཕང་བཅད་དེ་མཐོ་ས་ནས་ལྟ་བ་ཉིད་མན་ངག་གི་རྒྱལ་པོ་ཡིན་[པས་སྐབས་ཐམས་ཅད་དུ་དྲན་ན་ལེགས་པ་ཡིན་]ནོ། །

ཡང་དེ་ཉིད་ཆོས་ཉིད་ཟབ་མོའི་རྒྱུད་དང་རྡོ་རྗེའི་རིགས་སུ་བཞུགས་ཚུལ།

དེ་བཞིན་དུ་རང་བཞིན་གྱི་རིགས་དེ་ཉིད་མཐར་ཐུག་གི་སྟོང་ཉིད་སྙིང་རྗེ་དབྱེར་མེད་ཀྱི་རྒྱུད་ཀྱང་ཡིན་ཞིང༌། དེ་ཉིད་ཆོས་ཐམས་ཅད་ཀྱི་གཞིར་རྟག་ཏུ་བཞུགས་པ་ནི་རྒྱུའི་རྒྱུད་དེ་རྡོ་རྗེའི་རིགས་ཞེས་གསུངས་སོ། །དེ་ཡང་དཔལ་ཀྱེའི་རྡོ་རྗེའི་རྒྱུད་ཀྱི་དང་པོར། རྡོ་རྗེ་རིགས་ཀྱི་ལེའུར་གསུངས་པ་ཇི་སྐད་དུ། ཧེ་ཡིག་གིས་ནི་[སྟོང་གཞི་དོན་དམ་གྱི་]སྙིང་རྗེ་[ཆེན་པོ་བདེ་བ་]ཆེ། །བཛྲའང་[སྟོང་གཞི་དོན་དམ་གྱི་]ཤེས་རབ་[སྟོང་ཆེན་དུ་]བརྗོད་པར་བྱ། །[སྟོང་གཞི་དོན་དམ་གྱི་]ཤེས་རབ་ཐབས་ཀྱི་བདག་ཉིད་[དབྱེར་མེད་པའི་]རྒྱུད[མཁའ་ཁྱབ]། །དེ་ནི་ང་ཡིས་བཤད་ཀྱིས་ཉོན། །ཞེས་དང༌། རྩ་བའི་རྒྱུད་འབུམ་ཕྲག་ལྔ་པར་ཡང༌། སེམས་ཅན་[ལ་དམིགས་པ་དང་]ཆོས་[ལ་དམིགས་པ་]དང་དམིགས་པ་མེད[པའི]། །སྙིང་རྗེ་[སྟེ་]འདི་[གསུམ་]ནི་[དགའ་བ་]རྣམ་གསུམ་[དུ་]བཤད། །ཆེན་པོའི་སྒྲ་ལས་དམིགས་པ་མེད[པའི་སྙིང་རྗེ་ཆེན་པོ་རང་བཞིན་ལྷན་སྐྱེས་ཀྱི་དགའ་བ་སྟེ]། །[དེ་ལྟར་རང་བཞིན་འགྱུར་མེད་ཀྱི་དགའ་བ་བཞི་ནི།]ཧེ་ཡིག་གིས་ནི་མངོན་བརྗོད་བྱ། །[དེ་ཡང་ཐིག་ལེ་ཟླ་བ་ཞུ་བ་]སྐུ་[རྣམ་པར་བཅད་པ་རྡུལ་ཉི་]གསུང་[ཨ་ཡིག་མུན་ཅན་]ཐུགས་[རབ་བརྗོད་]ཀྱི་སྦྱོར་བ་ཡིས[གཅིག་ཏུ་གྱུར་པ]། །སྔར་གྱི་ཝཾ་ཡིག་དེ་ཉིད་དོ། །རྡོ་རྗེའི་སྒྲས་ཀྱང་ཨེ་ཡིག་སྟེ། །རྣམ་པ་ཀུན་དོན་སྟོང་པ་ཉིད། །[གཤིས་ཀྱི་གནས་ལུགས་]གང་ཞིག་[དོན་དམ་བདེ་ཆེན་སྟོང་ཆེན་]འདི་དག་[གཉིས་མེད་དུ་]སྙོམས་འཇུག་པ། །རྣལ་འབྱོར་སྒྲ་ཡིས་བརྗོད་པར་བྱ། །[སྟོང་གཞི་དོན་དམ་གྱི་]ཤེས་རབ་ཐབས་ཀྱི་བདག་ཉིད་རྒྱུད། །རྣལ་འབྱོར་རྒྱུད་དུ་བརྗོད་པར་བྱ། །ཞེས་དང༌། [སྟོང་གཞི་དོན་དམ་གྱི་]སངས་རྒྱས་ཀུན་གྱི་སྡོམ་པ་ནི། །[སྟོང་གཞི་དོན་དམ་གྱི་]ཨེ་ཝཾ་ཡི་གེར་རབ་ཏུ་གནས། །[དེ་ལྟར་ཐབས་ཤེས་ཀྱི་རིགས་གཉིས་སུ་ཕྱཻ་བའི་]ཕྱི་ནས་[སྟོང་གཞི་དོན་དམ་གྱི་]རིགས་གསུམ་དབྱེ་བ་ཡིས[རང་བྱུང་གི་སྐུ་གསུང་ཐུགས་དང་]། །[སྟོང་གཞི་དོན་དམ་གྱི་]རིགས་ལྔར་རྣམ་པར་དབྱེ་བ་ལས[རང་བྱུང་ཡེ་ཤེས་ལྔ་དང་]། །[སྟོང་གཞི་དོན་དམ་གྱི་]རིགས་དྲུག་རྣམས་ཀྱི་དབྱེ་བ་ཡིས[རྒྱལ་བ་དྲུག་གམ་དྲུག་ཚན་དྲུག་དང་]། །དེ་བཞིན་བཞི་རུ་རྣམ་དབྱེ་ལས[རང་བྱུང་གི་སྐུ་བཞི་དང་རྡོ་རྗེ་བཞི་ལ་སོགས་པ་དབྱེ་བསྡུ་མང་པོ་ཅན]། །[སྟོང་གཞི་དོན་དམ་གྱི་]ཤེས་རབ་ཐབས་ཀྱི་བདག་ཉིད་རྒྱུད། །ང་ཡིས་བསྟན་པར་བྱ་ཡིས་ཉོན། །ཞེས་པ་ལ་སོགས་པ་སྟེ། དེ་ལྟར་[སྟོང་གཞི་དོན་དམ་གྱི་]རིགས་གཉིས་ནི་[སྟོང་གཞི་དོན་དམ་གྱི་]ཤེས་རབ་དང་ཐབས་ཀྱི་རིགས་སོ། །[སྟོང་གཞི་དོན་དམ་གྱི་]རིགས་གསུམ་ནི་[སྟོང་གཞི་དོན་དམ་གྱི་]སྐུ་དང་གསུང་དང་ཐུགས་ཀྱི་རིགས་སོ། །[སྟོང་གཞི་དོན་དམ་གྱི་]རིགས་བཞི་ནི་[སྟོང་གཞི་དོན་དམ་གྱི་]སྐུ་བཞི་དང་རྡོ་རྗེ་བཞི་ལ་སོགས་པའི་རིགས་ཏེ། དེ་ཡང་རིགས་ཀྱི་ལེའུ་འདི་ཉིད་དུ་བཀའ་སྩལ་པ། [གང་གིས་ཀྱང་]མི་ཕྱེད་[པ་དོན་དམ་གྱི་བདེ་བ་ནི་]རྡོ་རྗེ་ཞེས་པར་བརྗོད། །སེམས་དཔའ་[འམ་སེམ་ཅན་གཞན་ནི་]སྲིད་པ་གསུམ་[ཡང་ཡིན་ལ་]གཅིག་[ཀྱང་ཡིན་པས་འགལ་འདུས་སྐྱོན་མེད་དོན་དམ་གྱི་སྲིད་གསུམ་]ཉིད། །ཤེས་རབ་[མ་སྟེ་ཐབས་དང་དབྱེར་མེད་པའི་]རིགས་པ་འདི་ཡིས་ནི། །རྡོ་རྗེ་སེམས་དཔའ་[ངོ་བོ་ཉིད་སྐུ་]ཞེས་པར་བཤད། །[སྟོང་གཞི་དོན་དམ་གྱི་]བྱང་ཆུབ་ལ་གནས་སེམས་དཔའ་[སྲིད་གསུམ་གཅྀག་པ་]དེ། །[སྟོང་གཞི་དོན་དམ་གྱི་]བྱང་ཆུབ་སེམས་པ[ཆོས་སྐུ]ར་བརྗོད་པར་བྱ། །ཡེ་ཤེས་ཆེན་པོའི་རོས་གང་བ།།སེམས་དཔའ་ཆེན་པོ[ལོངས་སྤྱོད་རྫོགས་སྐུ]ར་བརྗོད་པར་བྱ། །རྟག་ཏུ་དམ་ཚིག་ལ་གནས་པས། །དམ་ཚིག་སེམས་དཔ[འ་སྤྲུལ་སྐུ]ར་མངོན་པར་བརྗོད། །ཅེས་དང༌། རྩ་བའི་རྒྱུད་འབུམ་ཕྲག་ལྔ་པར་ཡང༌། མི་ཕྱེད་རྡོ་རྗེ་ཞེས་བཤད་གང༌། །[སྟོང་གཞི་དོན་དམ་གྱི་]ཝཾ་གི་ཡི་གེར་དེ་རབ་གྲགས། །[སྟོང་གཞི་དོན་དམ་གྱི་]སྐུ་གསུང་ཐུགས་ནི་མི་ཕྱེད་པ། །[སྟོང་གཞི་དོན་དམ་གྱི་]ཡི་གེ་ཝཾ་གིས་མངོན་བརྗོད་བྱ། །[སྟོང་གཞི་དོན་དམ་གྱི་]སེམས་དཔའ་སྲིད་གསུམ་གཅིག་ཉིད་ནི། །[སྟོང་གཞི་དོན་དམ་གྱི་]ཡི་གེ་ཨེ་ཡིས་བརྗོད་པར་བྱ། །[སྟོང་གཞི་དོན་དམ་གྱི་]ཨེ་ཡིག་ཤེས་རབ་དང་ལྷན་ཅིག །[སྟོང་གཞི་དོན་དམ་གྱི་]ཝཾ་ཡིག་རིགས་གསུམ་བདག་ཉིད་ཅན། །[སྟོང་གཞི་དོན་དམ་གྱི་]ལྟེ་བའི་དབུས་གནས་དཔའ་བོ་ནི། །[སྟོང་གཞི་དོན་དམ་གྱི་]ཟེ་འབྲུ་གསང་བའི་སྤྱོད་ཡུལ་ན། །རང་འདྲའི་ཤེས་རབ་དང་ལྡན་ཏེ། །རྡོ་རྗེ་སེམས་དཔར་རབ་བརྗོད་བྱ། །[སྟོང་གཞི་དོན་དམ་གྱི་]ཕྱག་གཉིས་ཧེ་རུ་ཀ་རུ་བཤད། །དེ་ཉིད་[ཏྲེ་ལོ་ཀྵ་ཨ་ཀྵེ་པ་]འཇིག་རྟེན་གསུམ་བསྐྱོད་ཉིད། །དེ་ཉིད་[སྐུ་ཉིད་]ངོ་བོ་ཉིད་དུ་བརྗོད། །སངས་རྒྱས་སྐུ་སྟེ་བདེ་བ་ཆེ། །དེ་ཉིད་[རྡོ་རྗེ་བཞི་པ་]ཡེ་ཤེས་རྡོ་རྗེར་འགྱུར། །དེ་ནི་[རང་བཞིན་འགྱུར་མེད་གྱི་དགའ་བ་བཞི་པ་]ལྷན་ཅིག་སྐྱེས་དགའ་ཉིད། །[འབྲས་བུ་གཞན་བཞི་པ་]རྒྱུ་མཐུན་པར་ཡང་དེ་ཉིད་བཤད། །[མཚན་མ་བཞི་པ་]རྡོ་རྗེ་རྩེ་གཅིག་པ་རུ་བརྗོད། །དེ་ཡང་[ཀུན་རྫོབ་ཀྱི་]བཞི་པའི་གནས་སྐབས་ཟད[པའི་གཞི]། །རྣམ་དག་མཆོག་ཏུ་མི་འགྱུར་བ[འི་བདེ་བ་སྟེ་ལུས་ཀྱི་ལྟེ་བར་བཞུགས་པ]འོ། །[སྟོང་གཞི་དོན་དམ་གྱི་]བྱང་ཆུབ་ལ་གནས་གང་ཡང་ནི། །[སྟོང་གཞི་དོན་དམ་གྱི་]སྙིང་ཁའི་པད་མའི་དབུས་གནས་པ། །[སྟོང་གཞི་དོན་དམ་གྱི་]ཧཱུཾ་ཡིག་ཁོ་ན་སེམས་དཔར་བཤད། །[སྟོང་གཞི་དོན་དམ་གྱི་]མྀ་བསྐྱོད་པ་ནི་དེ་ཁོ་ན། །[སྟོང་གཞི་དོན་དམ་གྱི་]ཐུགས་ཀྱི་རྡོ་རྗེར་དེ་ཉིད་བརྗོད། །[སྟོང་གཞི་དོན་དམ་གྱི་]ཁྱབ་འཇུག་ཉིད་དེ་[སྟོང་གཞི་དོན་དམ་གྱི་]ཕྱག་བཞི་པ[འི་ཧེ་རུ་ཀ]། །དེ་ཉིད་ཛྭ་ལ་[འབར་བ་]ཛྭ་ལ་[འབར་བ་]བྷྱོ། །དེ་ཉིད་ཆོས་ཀྱི་སྐུ་རུ་བཤད།།[སྙིང་ཁ་]ཆོས་འཁོར་ལོར་གནས་རྡོ་རྗེ་ཅན། །[རང་བཞིན་འགྱུར་མེད་ཀྱི་]ཁྱད་དགའི་དགའ་བའི་ཚུལ་འཆང་བ། །དེ་ཉིད་རྣམ་སྨིན་[གྱི་འབྲས་བུ་གཞན་]དུ་ཡང་བཤད། །[ཀུན་རྫོབ་ཀྱི་]གཉིད་སྟུག་ཟད་[ཅིང་ཟད་]པར་བྱེད་པ[སྟེ་དེ་རྣམས་ལུས་ཀྱི་སྙིང་ཁར་བཞུགས་པ]འོ། །[སྟོང་གཞི་དོན་དམ་གྱི་]ཡེ་ཤེས་ཆེན་པོའི་རོས་གང་བ། །[སྟོང་གཞི་དོན་དམ་གྱི་]སེམས་དཔའ་ཆེན་པོར་དེ་བརྗོད་བྱ། །[སྟོང་གཞི་དོན་དམ་གྱི་]མགྲིན་པར་ལོངས་སྤྱོད་འཁོར་ལོའི་དབང་[ཕྱུག]། །འོད་དཔག་མེད་དུ་མངོན་བརྗོད་བྱ། །དེ་ཉིད་[སྟོང་གཞི་དོན་དམ་གྱི་]གསུང་གི་རྡོ་རྗེར་བཤད[ཏེ་ཨཱཿ]། །པད་མའི་ཕྱག་ཅན་དེ་བཞིན་གཤེགས། །དེ་ཉིད་[སྟོང་གཞི་དོན་དམ་གྱི་]མཆོག་ཏུ་དགའ་བར་བཤད། །སྐྱེས་བུ་བྱེད་པ[འི་འབྲས་བུ་གཞན་ཡིན་པ]ར་རབ་བརྗོད་བྱ། །ཀུན་རྫོབ་[གཞན་]དང་ནི་དོན་དམ་[དབྱེར་མེད་]གྱིས [གནས་པ]། །དེ་ཡང་[ཀུན་རྫོབ་ཀྱི་]རྨི་ལམ་[གྱི་]གནས་སྐབས་ཟད[པའི་གཞི་ཡིན་ལ]། །དེ་ཉིད་[སྟོང་གཞི་དོན་དམ་གྱི་]ལོངས་སྤྱོད་རྫོགས་སྐུར་འགྱུར། །[སྟོང་གཞི་དོན་དམ་གྱི་]སངས་རྒྱས་རྣམས་ཀྱིས་ཆོས་སྟོན་མཛད། །དེ་ཉིད་[སྟོང་གཞི་དོན་དམ་གྱི་]བདེ་བྱེད་[དུ་]རབ་ཏུ་བརྗོད། །[སྟོང་གཞི་དོན་དམ་གྱི་]ཞལ་གསུམ་རྣམ་པ་ཕྱག་དྲུག་[པའི་ཧེ་རུ་ཀ་]སྟེ། །ཀི་ཊི་ཀི་ཊི་རྡོ་རྗེ་ཉིད། །[སྟོང་གཞི་དོན་དམ་གྱི་]ཧེ་རུ་ཀ་ཉིད་གསུམ་པར་འགྱུར། །[དེ་རྣམས་ལུས་ཀྱི་མགྲིན་པར་བཞུགས་]རྟག་ཏུ་དམ་ཚིག་ལ་གནས་པས། །གང་ཞིག་གནས་པ་དེ་བརྗོད་བྱ། །[སྟོང་གཞི་དོན་དམ་གྱི་]དམ་ཚིག་རི་བོང་འཛིན་ཁུ་བ། །[སྟོང་གཞི་དོན་དམ་གྱི་]བདེ་བ་ཆེན་པོ་[སྟོང་གཞི་དོན་དམ་གྱི་]དཔྲལ་བར་གནས། །[སྟོང་གཞི་དོན་དམ་གྱི་]བདུད་རྩིར་ལེགས་གནས་སེམས་དཔའ་འོ། །[སྟོང་གཞི་དོན་དམ་གྱི་]ཨོཾ་གྱི་ཡི་གེར་ཡོངས་བཤད་བྱ། །དེ་ཉིད་[སྟོང་གཞི་དོན་དམ་གྱི་]རྣམ་པར་སྣང་མཛད་བརྗོད། །[སྟོང་གཞི་དོན་དམ་གྱི་]སྐུ་ཡི་རྡོ་རྗེ་དེ་ཁོ་ནའོ། །[སྟོང་གཞི་དོན་དམ་གྱི་]ཚངས་པ་སྐུ་ཡི་རྡོ་རྗེ་འཛིན། །དེ་ཉིད་ཡོངས་སུ་བརྗོད་པར་བྱ། །[སྟོང་གཞི་དོན་དམ་གྱི་]དགའ་བ་ཚངས་པའི་ངོ་བོ་སྟེ། །[སྟོང་གཞི་དོན་དམ་གྱི་]གཟུགས་ཀྱི་སྐུ་རུ་དེ་བརྗོད་བྱ། །དེ་ཉིད་[སྟོང་གཞི་དོན་དམ་གྱི་]ཕྱག་ན་འཁོར་ལོར་བཤད།།སྐུ་ནི་[སྟོང་གཞི་དོན་དམ་གྱི་]སྤྲུལ་པའི་མཚན་ཉིད་ཅན། །[བྱང་སེམས་གྱེན་དུ་]བཟློག་པས་དེ་ཡང་དྲི་མ་མེད[པའི་འབྲས་བུ་མཆོག་ཡིན་ལ]། །དེ་ཉིད་སད་པ[འི་གནས་སྐབས་]ཟད་པ་ཉིད། །དེ་ཉིད་[དེ་བ་]པི་ཙུ་བཛྲར་འགྱུར། །[སྟོང་གཞི་དོན་དམ་གྱི་]ཞལ་བརྒྱད་ཧེ་རུ་ཀ་རུ་བཤད།།དཔའ་བོ་ཆེན་པོ་ཞབས་བཞི་པ། །བཅུ་དྲུག་ཕྱག་དང་ཡང་དག་ལྡན། །དེ་ལྟར་[སྟོང་གཞི་དོན་དམ་གྱི་]སྐུ་ཡི་དབྱེ་བ་ཡིས། །[སྟོང་གཞི་དོན་དམ་གྱི་]ཧེ་རུ་ཀ་ནི་བཞི་པར་བཤད[དེ་རྣམས་ལུས་ཀྱི་དཔྲལ་བར་བཞུགས]། །ངོ་བོ་ཉིད་ཅན་[ཏེ་ངོ་བོ་ཉིད་སྐུ་]ལས་ཆོས་[སྐུར་]འགྱུར། །ཆོས་ལས་ལོངས་སྤྱོད་རྫོགས་པ་ཉིད། །དེ་ལས་སྤྲུལ་པའི་སྐུར་འགྱུར་ཏེ། །དེ་ལྟར་[སྟོང་གཞི་དོན་དམ་གྱི་]སྐུ་ནི་བཞི་ཡིན་ནོ། །[སྟོང་གཞི་དོན་དམ་གྱི་]ཚངས་པ་སྐུ་ཡི་རྡོ་རྗེ་འཛིན། །གསུང་གི་རྡོ་རྗེ་[སྟོང་གཞི་དོན་དམ་གྱི་]དབང་ཕྱུག་ཆེ། །[སྟོང་གཞི་དོན་དམ་གྱི་]ཁྱབ་འཇུག་ཐུགས་ཀྱི་རྡོ་རྗེ་འཛིན། །རྡོ་རྗེ་སེམས་དཔའ་བདེ་བ་ཆེ། །ཞེས་དང༌། ཡང་རིགས་ཀྱི་ལེའུའི་འགྲེལ་པར་འཕགས་པ་རྡོ་རྗེ་སྙིང་པོའི་ཞལ་སྔ་ནས། [སྟོང་གཞི་དོན་དམ་གྱི་]རིགས་ནི་གསུམ་དུ་བརྗོད་པར་བྱ། །ངོ་བོ་ཉིད་[ཀྱི་རིགས་]དང་ལྡན་པ་ནི། །རིགས་བཞི་ཞེས་པར་བཤད་པ་ཡིན། །[སྐུ་བཞིའི་]མཛད་པ་བཞི་ཡི་དབྱེ་བ་ཡིས། །[སྟོང་གཞི་དོན་དམ་གྱི་]རིགས་རྣམས་ཀྱི་ནི་རྣམ་གཞག་དེའོ། །སངས་རྒྱས་ལམ་ནི་མངོན་འདོད་པའི། །རྣལ་འབྱོར་ལྡན་པས་ཤེས་པར་བྱ[འི་རྟོག་གེའི་སྤྱོད་ཡུལ་ནི་མ་ཡིན་ནོ]། །ཞེས་དང༌། [སྟོང་གཞི་དོན་དམ་གྱི་]ཨེ་ཝཾ་གི་ཡི་གེ་ནི་རྡོ་རྗེ་སེམས་དཔའ་སྟེ། [སྟོང་གཞི་དོན་དམ་གྱི་]ཧཱུཾ་ཡིག་ནི་ཐུགས་རྡོ་རྗེའོ། །[སྟོང་གཞི་དོན་དམ་གྱི་]ཨཱཿ་ཡིག་ནི་གསུང་རྡོ་རྗེའོ། །[སྟོང་གཞི་དོན་དམ་གྱི་]ཨོཾ་ཡིག་ནི་སྐུ་རྡོ་རྗེའོ། །ཞེས་གཞིའི་རྒྱུད་དམ་རྒྱུའི་རྒྱུད་དེ་ཉིད་[སྟོང་གཞི་དོན་དམ་གྱི་]ཧེ་རུ་ཀ་བཞི་ལ་སོགས་པ་དོན་དམ་གྱི་ལྷ་རིགས་བཞིའི་བདག་ཉིད་དུ་གསུངས་སོ། །གལ་ཏེ་ལེའུ་དང་པོ་འདི་ནི་འབྲས་བུའི་རྒྱུད་དུ་གྲགས་པའི་ཕྱིར་གཞིའམ་རྒྱུའི་རྒྱུད་མ་ཡིན་ནོ་སྙམ་དུ་འགའ་ཞིག་སེམས་པར་གྱུར་ན། དེའི་ཕྱིར་བརྗོད་པར་བྱ་སྟེ། འདིར་རྡོ་རྗེའི་རིགས་ཀྱི་ལེའུ་ཞེས་ཐམས་ཅད་མཁྱེན་པས་གསུངས་ཀྱི། འབྲས་བུའི་ལེའུ་ཞེས་གསུངས་པ་ནི་མི་སྣང་བར་མཐུན་སྣང་དུ་གྲུབ་བོ། །གཞིའམ་རྒྱུའི་རྒྱུད་ཐོག་མར་གསུང་བ་མི་རིགས་པ་ཡང་མ་ཡིན་ཏེ། ཇི་སྐད་དུ། [མདོ་སྡེའི་རྒྱན་ལས།]རིགས་དང་ཆོས་ལ་མོས་པ་དང༌། །དེ་བཞིན་སེམས་ནི་བསྐྱེད་པ་དང༌། །སྦྱིན་ལ་སོགས་པ་སྒྲུབ་པ་དང༌། །སྐྱོན་མེད་པ་ལ་འཇུག་ཉིད་དང༌། །སེམས་ཅན་རྣམས་ཡོངས་སྨིན་བྱེད་དང༌།།ཞིང་ནི་རྣམ་པར་སྦྱོང་བ་དང༌། །མི་གནས་མྱ་ངན་འདས་པ་དང༌། །བྱང་ཆུབ་མཆོག་དང་སྟོན་པའོ། །ཞེས་[རྒྱལ་བ་བྱམས་པས་]གསུངས་པ་ལྟར། དང་པོ་གཞྀའམ་རིགས་ནས་བརྩམས་ཏེ་ལམ་དང་འབྲས་བུ་ལ་ཐུག་པ་སྟོན་པར་མཛད་པ་ནི་གཞུང་ལུགས་ཆེན་པོ་རྣམ་པར་དག་པ་རྣམས་ཀྱི་ལུགས་ལ་མི་འོས་པ་ཡང་མ་ཡིན་ནོ། །གཞན་ཡང༌། དེ་བཞིན་ཉིད་དེ་[འཁོར་འདས་]ཐམས་ཅད་ལ[བཞུགས་པ]། །ཁྱད་པར་མེད་ཀྱང་[གང་ལ་གློ་བུར་དྲི་མས་]དག་གྱུར་པ[དེ]། །དེ་བཞིན་གཤེགས[པ་ཐོབ་པ་]ཉིད་[ཡིན་ནོ། །གློ་བུར་དྲི་མ་ཟད་པ་ཙམ་གྱིས་དེ་བཞིན་ཉིད་ཐོབ་པ་]དེ་ཡི་ཕྱིར། །འགྲོ་ཀུན་[དེ་བཞིན་ཉིད་]དེ་ཡི་སྙིང་པོ་ཅན། །ཞེས་པ་ལྟར། [གནས་ལུགས་གཉུག་མའི་]གཞི་དང་འབྲས་བུའི་ངོ་བོ་དེ་བཞིན་ཉིད་དུ་གཅིག་པ་ལ་དགོངས་ནས་འདིར་གཞིའམ་རྒྱུའི་རྒྱུད་ལ་འབྲས་བུའི་རྒྱུད་དུ་ཡང་བརྗོད་པ་ཡིན་ན་ནི་སྐྱོན་མེད་དེ། འཕགས་པ་བརྒྱད་སྟོང་པར་ཡང༌། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དོ། །ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །ཞེས་སོགས་དང། ཡུམ་རྒྱས་པ་ལ་སོགས་པ་མང་པོར་ཡང༌། སངས་རྒྱས་དང་སེམས་ཅན་གྱི་དེ་བཞིན་ཉིད་ལ་དབྱེ་བ་མེད་པར་གསུངས་པའི་ཕྱིར་རོ། །

ཡང་དེ་ཉིད་ནམ་མཁའ་ལྟར་གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་རྒྱུད་དུ་བཞུགས་ཚུལ།

དེ་བཞིན་དུ་གཞིའམ་རིགས་ཀྱི་ངོ་བོ་དེ་བཞིན་ཉིད་ཆོས་ཀྱི་སྐུ་གང་ཡིན་པ་དེ་ཉིད་ནམ་མཁའ་ལྟར་ཆོས་ཐམས་ཅད་ལ་ཡང་ཁྱབ་པར་གསུངས་ཏེ། ཇི་སྐད་དུ། མཁའ་འགྲོ་མ་རྡོ་རྗེ་གུར་ལས། ནམ་མཁའི་ཁམས་ནི་ཇི་སྙེད་དང༌། །འཇིག་རྟེན་ཁམས་ནི་སྟོང་ཕྲག་ན། །[རང་བཞིན་འགྱུར་མེད་ཀྱི་]བདེ་ཆེན་ཕུན་ཚོགས་ཕྱག་རྒྱ་ཆེ[གང་ཡིན་པ]། །[དོན་དམ་གྱི་]སངས་རྒྱས་ནམ་མཁའ་འདྲ་བར་[བརྟན་གཡོ་ཀུན་ལ་ཁྱབ་པར་ནམ་ཡང་]བཞུགས། །ཞེས་པ་ལ་སོགས་པས་རྡོ་རྗེའི་རིགས་སམ། རང་བཞིན་གྱིས་ཡོངས་སུ་དག་པའི་རིགས་དེ་ཉིད་[སྟོང་གཞི་དོན་དམ་གྱི་]གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་སངས་རྒྱས་དང་ཕྱག་རྒྱ་ཆེན་པོ་དང་བདེ་ཆེན་ཕུན་ཚོགས་ཡིན་པ་དང༌། དེ་ཡང་ནམ་མཁའ་ལྟར་ཀུན་ལ་ཁྱབ་ཅིང་ཀུན་གྱི་གཞིར་བསྟན་ལ། མྱ་ངན་ལས་འདས་པ་ཆེན་པོར་ཡང༌། སེམས་ཅན་གྱི་སངས་རྒྱས་ཀྱི་རང་བཞིན་ནི་ནམ་མཁའ་དང་འདྲ་སྟེ། ནམ་མཁའ་ནི་འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་མ་ཡིན། ནང་མ་ཡིན། ཕྱི་རོལ་མ་ཡིན་ཏེ། གཟུགས་སྒྲ་དྲི་རོ་རེག་བྱས་མ་བསྡུས་པ་ལྟར་སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲའོ། །ཞེས་སོགས་དང༌། རིགས་ཀྱི་བུ་དཔེར་ན། ནམ་མཁའ་ནི་སེམས་ཅན་ཐམས་ཅད་ཀྱི་ནང་ཡང་མ་ཡིན། ཕྱི་རོལ་ཡང་མ་ཡིན། ཕྱི་ནང་གཉི་ག་ཡང་མ་ཡིན་པའི་ཕྱིར་ཐོགས་པ་མེད་དེ། སེམས་ཅན་གྱི་སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲའོ། །ཞེས་དང༌། [སྟོང་གཞི་དོན་དམ་གྱི་]དེ་བཞིན་གཤེགས་པ་ནི་སྐྱེ་བ་མེད་པ། [འདུས་བྱས་ཀྱི་]རིགས་མེད་པ་སྟེ་སྐྱེ་བ་དང༌། [འདུས་བྱས་ཀྱི་]རིགས་མེད་པས་ན་རྟག་པའོ། །རྟག་པའི་ཆོས་[དེ་བཞིན་ཉིད་]ནི་ཐམས་ཅད་ཀུན་ཏུ་ཁྱབ་སྟེ། ཇི་ལྟར་ནམ་མཁའ་ཀུན་ཏུ་ཁྱབ་པ་བཞིན་ནོ། །ཞེས་དང༌། བློ་གྲོས་མི་ཟད་པས་བསྟན་པར་ཡང༌། གནས་གང་ན་ཆོས་ཀྱི་དབྱིངས་འདུག་པའི་གནས་དེ་ན་སེམས་ཅན་གྱི་ཁམས་[ཏེ་དབྱིངས་]ཀྱང་འདུག་གོ །སེམས་ཅན་གྱི་ཁམས་[ཏེ་དབྱིངས་]གནས་གང་ན་འདུག་པ་དེ་ན་ནམ་མཁའི་ཁམས་ཀྱང་འདུག་སྟེ། དེ་བས་ན་ཆོས་ཐམས་ཅད་ནམ་མཁའ་དང་མཚུངས་པ་ཞེས་བྱའོ། །ཞེས་སངས་རྒྱས་ཀྱི་རང་བཞིན་དང་དེ་བཞིན་གཤེགས་པ་ཆོས་ཀྱི་སྐུ་དང་ཆོས་ཀྱི་དབྱིངས་ནམ་མཁའ་ལྟར་ཀུན་ལ་ཁྱབ་པར་བཞུགས་ཤིང་ཆོས་ཐམས་ཅད་ཀྱི་གཞི་དང་གནས་སུ་ཡང་གསུངས་སོ། །དེ་བཞིན་དུ། རྒྱུད་བླའི་འགྲེལ་པར་ཡང༌། གང་ཞིག་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ལས་ཕྱི་རོལ་ཏུ་གྱུར་པའི་སེམས་ཅན་ནི་འགའ་ཡང་སེམས་ཅན་གྱི་ཁམས་ན་མེད་དེ། ནམ་མཁའི་ཁམས་ཀྱི་[ཁོངས་ན་མེད་པའི་]གཟུགས་[མི་སྲིད་པ་]བཞིན་ནོ། །ཞེས་དང༌། རྡོར་སྙིང་འགྲེལ་པར་ཡང༌། ཇི་ལྟར་བུམ་པ་ཞིག་གྱུར་ཀྱང༌། །ནམ་མཁའ་ལ་ནི་འཇིག་པ་མེད། །དེ་བཞིན་ལུས་ནི་ཞིག་གྱུར་ཀྱང༌། །[དེ་ལ་ཁྱབ་པར་བཞུགས་པའི་རང་བྱུང་]ཡེ་ཤེས་ལ་ནི་འཇིག་པ་མེད། །ཅེས་དང༌། དཔལ་ལྡན་རྒྱུད་དུ་ཡང༌། བུམ་པའི་ནང་དུ་ཆུ་ནི་ལེན་པར་བྱེད་པ་ན་[བུམ་པ་འགྲོ་བ་]ཡང་ནམ་མཁའ་འགྲོ་བ་མིན་པ་ཇི་ལྟ་བར། །མཁའ་ཁྱབ་[ཏུ་ནམ་ཡང་བཞུགས་པ་]མཁའ་ཡི་རྡོ་རྗེ་ཅན་[རྡོ་རྗེ་འཆང་]ནི་ཡུལ་དང་རྣམ་པར་བྲལ་བ[འི་ཡུལ་ཏེ་འགལ་འདུས་སྐྱོན་མེད་གཟུང་འཛིན་དང་བྲལ་བའི་དབྱིངས་]ལུས་ཀྱི་དབུས་སུ་[བཞུགས་པ་ཡང་འགྲོ་འོང་མེད་པ་]དེ་བཞིན་ནོ། །ཞེས་དང༌། མདོ་སྡེའི་རྒྱན་དུ་ཡང༌། ཇི་ལྟར་ནམ་མཁའ་རྟག་ཏུ་ཀུན་སོང་འདོད། །དེ་བཞིན་[དུ་ཆོས་ཉིད་ངོ་བོ་ཉིད་སྐུ་]དེ་ཡང་རྟག་ཏུ་ཀུན་སོང་འདོད། །ཇི་ལྟར་ནམ་མཁའ་གཟུགས་གྱུར་ཀུན་ཏུ་སོང༌། །དེ་བཞིན་[དུ་ཆོས་ཉིད་ངོ་བོ་ཉིད་སྐུ་]དེ་ཡང་སེམས་ཅན་ཚོགས་ཀུན་[ལ་]སོང༌། །ཞེས་[ཕྱིར་ཀུན་ལ་ཁྱབ་པ་དང་ཁྱད་པར་སེམས་ཅན་ལ་ཁྱབ་པར་བསྟན་པ་]དང༌། དེ་བཞིན་གཤེགས་པའི་གསང་བ་བསམ་གྱིས་མི་ཁྱབ་པའི་མདོར་ཡང༌། ཞི་བའི་བློ་གྲོས་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་གཟུགས་སུ་སྣང་བ་ཐམས་ཅད་དུ་ཞུགས་པའོ། །ཞི་བའི་བློ་གྲོས་དེ་བཞིན་དུ། དེ་བཞིན་གཤེགས་པའི་[ཆོས་ཀྱི་]སྐུ་ཡང༌། སེམས་ཅན་དུ་སྣང་བ་ཐམས་ཅད་དུ་ཞུགས་པའོ། །ཞྀ་བའི་བློ་གྲོས་འདི་ལྟ་སྟེ། དཔེར་ན་ནམ་མཁའི་ནང་དུ་ནི་གཟུགས་སུ་སྣང་བ་ཐམས་ཅད་འདུས་སོ། །ཞི་བའི་བློ་གྲོས་དེ་བཞིན་དུ། དེ་བཞིན་གཤེགས་པའི་[ཆོས་ཀྱི་]སྐུའི་ནང་དུ་ཡང་སེམས་ཅན་དུ་སྣང་བ་ཐམས་ཅད་འདུས་སོ། །ཞེས་དང༌། རྒྱུད་བླ་མར་ཡང༌། ཇི་ལྟར་རྟོག་མེད་བདག་ཉིད་ཅན། །ནམ་མཁའ་ཀུན་ཏུ་རྗེས་སོང་ལྟར། །སེམས་ཀྱི་རང་བཞིན་[འོད་གསལ་]དྲི་མེད་དབྱིངས།།དེ་བཞིན་ཀུན་ཏུ་འགྲོ་བ་ཉིད། །དེ་སྤྱི[ལ་ཁྱབ་པ]འི་མཚན་ཉིད་[ཡིན་པས་]ཉེས་པ་[ཅན་སེམས་ཅན་]དང༌། །ཡོན་ཏན་[ཅན་རྒྱལ་སྲས་དང་ཡོན་ཏན་གྱི་]མཐར་ཐུག་[པ་སངས་རྒྱས་ལ་]ཁྱབ་[པར་རྟག་ཏུ་བཞུགས་]པ་སྟེ། །གཟུགས་ཀྱི་རྣམ་པ་དམན་པ་དང༌། །བར་མ་[དང་]མཆོག་ལ་ནམ་མཁའ་[ཁྱབ་པར་ནམ་ཡང་ཡོད་པ་]བཞིན། །ཞེས་དང༌། ཇི་ལྟར་[འདུས་མ་བྱས་]ནམ་མཁའ་ཀུན་[ཏུ་]སོང་བ། །ཕྲ་ཕྱིར་[དངོས་པོ་གང་ལ་ཡང་]ཉེ་བར་གོས་པ་མེད། །དེ་བཞིན་སེམས་ཅན་ཐམས་ཅད་ལ། །[འཁོར་འདས་ཀུན་གྱི་]གནས་[སམ་གཞིར་གྱུར་པ་དེ་བཞིན་ཉིད་]འདི་ཉེ་བར་གོས་པ་མེད[དེ་མ་འདྲེས་པར་བཞུགས་སོ]། །ཇི་ལྟར་འཇིག་རྟེན་ཐམས་ཅད་དུ། །ནམ་མཁའ་ལ་ནི་སྐྱེ་ཞིང་འཇིག །དེ་བཞིན་འདུས་མ་བྱས་[དོན་དམ་གྱི་]དབྱིངས་ལ། །[ཀུན་རྫོབ་ཀྱི་]དབང་པོ་རྣམས་ནི་སྐྱེ་ཞིང་འཇིག །ཅེས་སོགས་དང༌། སེམས་ཀྱི་རང་བཞིན[འོད་གསལ་ནི་]ནམ་མཁའ་ཡི། །ཁམས་ལྟར་རྒྱུ་མེད་རྐྱེན་མེད་དེ། །[འདུས་བྱས་གང་ཡང་]ཚོགས་པ་མེད་ཅིང་སྐྱེ་བ་དང༌། །འཇིག་དང་གནས་པའང་ཡོད་མ་ཡིན། །སེམས་ཀྱི་རང་བཞིན་འོད་གསལ་གང་ཡིན་པ། །དེ་ནི་ནམ་མཁའ་བཞིན་དུ་འགྱུར་མེད་དེ། །ཡང་དག་མིན་རྟོག་ལས་བྱུང་འདོད་ཆགས་སོགས། །གློ་བུར་དྲི་མས་[རང་བཞིན་འོད་གསལ་]དེ[འི་ངོ་བོ་]ཉོན་མོངས་[པར་]མི་འགྱུར། །ཞེས་སོགས་ཀྱིས་དེ་བཞིན་ཉིད་ནམ་མཁའ་དང་འདྲ་བར་གསུངས་ལ།

ཡང་དེ་ཉིད་དོན་དམ་ཆོས་སྐུའི་གནས་སྐབས་གསུམ་དུ་བཞུགས་ཚུལ།

ཡང་དེ་ཉིད་དུ། [དྲི་མ་གློ་བུར་བས་]མ་དག་[པའི་གནས་སྐབས་དང་ལ་ལས་]མ་དག་[ལ་ལས་]དག་པ[འི་གནས་སྐབས་]དང༌།།ཤིན་ཏུ་རྣམ་དག་[གི་གནས་སྐབས་དང་གསུམ་ལ་]གོ་རིམ་བཞིན། །སེམས་ཅན་[པ་དང་]བྱང་ཆུབ་སེམས་དཔའ་དང༌། །དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །ཞེས་ཆོས་སྐུའི་གནས་སྐབས་གསུམ་གསུངས་ཤིང༌། དེའི་འགྲེལ་པར་ཡང༌། མ་དག་པའི་གནས་སྐབས་སུ་ནི་སེམས་ཅན་གྱི་ཁམས་[ཏེ་དབྱིངས་]ཞེས་བྱ་བ་དང༌། མ་དག་པ་དང་དག་པའི་གནས་སྐབས་སུ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དང༌། ཤིན་ཏུ་རྣམ་པར་དག་པའི་གནས་སྐབས་སུ་ནི་དེ་བཞིན་གཤེགས་པ་ཞེས་བྱ་བའོ། །ཇི་སྐད་དུ། ཤཱ་རིའི་བུ་ཆོས་ཀྱི་སྐུ་དེ་ཉིད་ཉོན་མོངས་པའི་སྦུབས་བྱེ་བ་མཐའ་ཡས་པས་བཏུམས་པ་[དང་འདྲ་བར་བསྒྲིབས་པས་]འཁོར་བའི་རྒྱུན་གྱིས་ཁྱེར་བ། ཐོག་མ་དང་ཐ་མ་མེད་པའི་འཁོར་བའི་འཁོར་བར་འཆི་བ་དང་སྐྱེ་བ་དག་ཏུ་འཁོར་བ་ནི་སེམས་ཅན་གྱི་ཁམས་[ཏེ་དབྱིངས་]ཞེས་བརྗོད་དོ། །ཤཱ་རིའི་བུ་ཆོས་ཀྱི་སྐུ་དེ་ཉིད་འཁོར་བའི་རྒྱུན་གྱི་སྡུག་བསྔལ་ལ་སྐྱོ་བར་གྱུར་པ། འདོད་པའི་ཡུལ་ཐམས་ཅད་ལ་ཆགས་པ་དང་བྲལ་བ་ཕ་རོལ་ཏུ་ཕྱིན་པ་བཅུའི་ཁོངས་སུ་གཏོགས་པ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གིས་བྱང་ཆུབ་ཀྱི་དོན་དུ་སྤྱད་པ་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་ཞེས་བརྗོད་དོ། །ཤཱ་རིའི་བུ་ཆོས་ཀྱི་སྐུ་དེ་ཉིད་ཉོན་མོངས་པའི་སྦུབས་ཐམས་ཅད་ལས་ཡོངས་སུ་གྲོལ་བ་སྡུག་བསྔལ་ཐམས་ཅད་ལས་འདས་པ། ཉེ་བའི་ཉོན་མོངས་པའི་དྲི་མ་མཐའ་དག་དང་བྲལ་བ། དག་པ་རྣམ་པར་དག་པ་མཆོག་ཏུ་ཡོངས་སུ་དག་པའི་ཆོས་ཉིད་ལ་གནས་པ། སེམས་ཅན་ཐམས་ཅད་ཀྱིས་བལྟ་བར་བྱ་བའི་ས་ལ་བཞུགས་པ། ཤེས་བྱའི་ས་ཐམས་ཅད་ལ་གཉིས་སུ་མེད་པའི་སྐྱེས་བུའི་མཐུ་ཐོབ་པ་སྒྲིབ་པ་མེད་པའི་ཆོས་ཅན། ཆོས་ཐམས་ཅད་ཀྱི་དབང་ཕྱུག་གི་སྟོབས་ཐོགས་པ་མེད་པ་ཐོབ་པ་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་[ཐོབ་པ་]ཞེས་བརྗོད་དོ། །ཞེས་དང༌། ཤཱ་རིའི་བུ་དེའི་ཕྱིར་སེམས་ཅན་གྱི་ཁམས་[ཏེ་དབྱིངས་]གཞན་ལ་ཆོས་ཀྱི་སྐུ་ཡང་གཞན་པ་ནི་མ་ཡིན་ཏེ། སེམས་ཅན་གྱི་ཁམས་[ཏེ་དབྱིངས་]ཉིད་ཆོས་ཀྱི་སྐུ། ཆོས་ཀྱི་སྐུ་ཉིད་སེམས་ཅན་གྱི་ཁམས་[འོད་གསལ་བ་ཉིད་]དེ། འདི་ནི་དོན་གྱིས་གཉིས་སུ་མེད་དེ། ཡི་གེ་ཙམ་ཐ་དད་པ་ཡིན་ནོ། །ཞེས་དང༌།

ཡང་དེ་ཉིད་དེ་བཞིན་ཉིད་ལ་སོགས་པའི་གནས་སྐབས་གསུམ་དུ་བཞུགས་ཚུལ།

འབུམ་པ་རྒྱ་ཆེར་བཤད་པར་ཡང༌། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ནོ། །ཞེས་གཞུང་[མཆོག་ཁྱད་འཕགས་རྣམས་]ལས་འབྱུང་བས། སེམས་ཅན་ཐམས་ཅད་ནི་དེ་བཞིན་ཉིད་ཀྱི་རང་བཞིན་ཅན་ཡིན་ནོ། །དེ་བཞིན་ཉིད་དེ་ལ་ཡང་གནས་སྐབས་གསུམ་ཡོད་དེ། མ་དག་པའི་གནས་སྐབས་དང༌། [དྲི་མ་ལ་ལས་]དག་པ་དང་[ལ་ལས་]མ་དག་པའི་གནས་སྐབས་དང་ཤིན་ཏུ་ཡོངས་སུ་དག་པའི་གནས་སྐབས་སོ། །དེ་ལ་མ་དག་པའི་གནས་སྐབས་ནི་སོ་སོའི་སྐྱེ་བོ་ཐམས་ཅད་ཡིན་ཏེ། དེ་དག་ལ་བྱང་ཆུབ་ཀྱི་གནས་སྐབས་[ཐོབ་པ་]ནི་མེད་ཀྱི། སེམས་དཔ[འ་སཏྭ་ཞེས་པ་སེམས་ཅན་པ]འི་གནས་སྐབས་འབའ་ཞིག་ཏུ་ཟད་པས་དེ་བཞིན་ཉིད་དེ་ལ་སེམས་དཔའ་[སཏྭ་ཞེས་པ་སེམས་ཅན་པ་]ཞེས་བྱ་བའི་མིང་དུ་བརྗོད་དོ། །[དྲི་མ་ལ་ལས་]དག་པ་དང་མ་དག་པའི་གནས་སྐབས་ནི། [བྱང་སེམས་]འཕགས་པ་རྣམས་ཡིན་ཏེ། དེ་དག་ལ་བྱང་ཆུབ་ཀྱི་གནས་སྐབས་[ཅི་རིགས་མངོན་དུ་གྱུར་པ་]དང༌། སེམས་དཔའི་གནས་སྐབས་[རྣམ་ཤེས་ཀྱི་ལྷག་མའང་ཡོད་པའི་ཕྱིར་དེ་]གཉི་ག་ཡོད་པས་དག་པ་དང་མ་དག་པའི་དེ་བཞིན་ཉིད་དེ་ལ་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་མིང་དུ་བརྗོད་དོ། །[ཤིན་ཏུ་]ཡོངས་སུ་དག་པའི་གནས་སྐབས་ན་ནི་བྱང་ཆུབ་ཀྱི་གནས་སྐབས་འབའ་ཞིག་ཏུ་ཟད་པས་དེ་བཞིན་ཉིད་དེ་ལ་དེ་བཞིན་གཤེགས་པ་[ཐོབ་པ་]ཞེས་བྱ་བའི་མིང་དུ་བརྗོད་དེ། ཇི་སྐད་དུ། རབ་འབྱོར་[སྟོང་གཞི་དོན་དམ་གྱི་]དེ་བཞིན་གཤེགས་པ་ཞེས་བྱ་བ་དེ་ནི་ཡང་དག་པ་དེ་བཞིན་ཉིད་ཀྱི་ཚིག་བླ་དྭགས་སོ། །ཞེས་གསུངས་པ་ལྟ་བུའོ། །ཞེས་དང༌། ཡུམ་རྒྱས་པ་དང༌། ཉི་ཁྲི་ལྔ་སྟོང་པ་དང༌། ཁྲི་བརྒྱད་སྟོང་པ་རྣམས་ཀྱི་འགྲེལ་པ[གནོད་འཇོམས་མཁས་མཆོག་དབྱིག་གཉེན་གྱིས་མཛད་པ]ར་ཡང༌། དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བའི་དེ་བཞིན་ཉིད་དེ་ལ་ཡང་གནས་སྐབས་གསུམ་སྟེ། སོ་སོའི་སྐྱེ་བོའི་ས་ལ་མ་དག་པའི་གནས་སྐབས་དང༌། བྱང་ཆུབ་སེམས་དཔའི་ས་ལ་དག་པ་དང་མ་དག་པའི་གནས་སྐབས་དང༌། དེ་བཞིན་གཤེགས་པའི་ས་ལ་དག་པའི་གནས་སྐབས་སོ། །དེ་ལ་མ་དག་པའི་དེ་བཞིན་ཉིད་ལ་ནི་སེམས་ཅན་ཞེས་བྱ་སྟེ། དེ་ཡང༌། [དེ་བཞིན་ཉིད་ཀྱི་ངོ་བོ་ལ་]ཀུན་ནས་ཉོན་མོངས་པའི་སྐྱོན་མེད་པ་ཉིད་ཅེས་བྱའོ། །དག་པ་དང་མ་དག་པའི་གནས་སྐབས་ལ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། བྱང་ཆུབ་ཀྱི་གནས་སྐབས་དག་པ་དང༌། སེམས་ཅན་གྱི་གནས་སྐབས་མ་དག་པའི་ཕྱིར་རོ། །དེ་ཉིད་ལ་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ཉིད་ཅེས་བྱའོ། །དག་པའི་གནས་སྐབས་ལ་ནི་དེ་བཞིན་གཤེགས་པ་ཞེས་བྱ་སྟེ། རབ་འབྱོར་དེ་བཞྀན་གཤེགས་པ་ཞེས་བྱ་བ་ནི་ཡང་དག་པ་དེ་བཞིན་ཉིད་ཀྱི་ཚིག་བླ་དྭགས་སོ། །ཞེས་འབྱུང་བའི་ཕྱིར་རོ། །དེ་ཉིད་ལ་ཆོས་སྐྱོན་མེད་པ་ཉིད་ཅེས་བྱའོ། །ཞེས་དང༌། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ནི་དུས་ཐམས་ཅད་དུ་[ཡུལ་གང་ནའང་]ཡོད་པའི་ཕྱིར་རོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱང་དེ་ལས་གཞན་མ་ཡིན་པའི་ཕྱིར་དུས་ཐམས་ཅད་དུ་[ཡུལ་གང་ནའང་]ཡོད་དོ། །ཞེས་དང༌། སངས་རྒྱས་ཀྱི་རིགས་སུ་སྐྱེ་བར་འདོད་པས། ཞེས་བྱ་བ་ལ། དེ་བཞིན་གཤེགས་པའི་རིགས་[རང་བཞིན་པ་]ནི་འདིར་ཡོངས་སུ་གྲུབ་པའི་དེ་བཞིན་ཉིད་ལ་བྱ་སྟེ། ཞེས་དང༌། འཇིག་རྟེན་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ་ཞེས་བྱ་བ་ནི་སེམས་ཅན་གྱི་འཇིག་རྟེན་ལ་བྱ་སྟེ། སེམས་ཅན་གྱི་འཇིག་རྟེན་ལ་ཡང་མཐའ་མེད་པའི་ཕྱིར། དེ་བཞིན་གཤེགས་པའི་སྙིང་པོས་ཀླས་ཞེས་བྱའོ། །ཞེས་དང༌། སེམས་ཅན་གྱི་ཞིང་ཡོངས་སུ་དག་པའི་ཕྱིར་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཉིད་ཡིན་པས། སེམས་ཅན་གྱི་ཞིང་ཡོངས་སུ་དག་པའོ། །ཞེས་སོགས་རྒྱ་ཆེར་གསུངས་པ་དང༌། ཡོན་ཏན་རིན་ཆེན་སྡུད་པར་ཡང༌། འདས་པའི་དེ་བཞིན་ཉིད་གང་[ཡིན་པ་དེ་]མ་བྱོན་[པའི་]དེ་བཞིན་ཉིད[ཡིན་ལ]། །ད་ལྟར་[བའི་དངོས་པོ་ཀུན་གྱི་]དེ་བཞིན་ཉིད་གང་[ཡིན་པ་དེ་]དགྲ་བཅོམ་[པའི་]དེ་བཞིན་ཉིད[ཡིན་ཞིང་]།།[དུས་གསུམ་གྱི་]ཆོས་ཀུན་[གྱི་]དེ་བཞིན་ཉིད་གང་[ཡིན་པ་དེ་]རྒྱལ་བའི་དེ་བཞིན་ཉིད[ཡིན་པས]། །ཆོས་[ཐམས་ཅད་]ཀྱི་དེ་བཞིན་ཉིད་འདི་ཐམས་ཅད་བྱེ་བྲག་[ཐ་དད་]མེད། །ཅེས་དང༌། འཇིག་རྟེན་[པའི་]དེ་བཞིན་ཉིད་དང་དགྲ་བཅོམ་[པའི་]དེ་བཞིན་ཉིད[དང་]།།རང་རྒྱལ་[བའི་]དེ་བཞིན་ཉིད་དང་རྒྱལ་སྲས་[ཀྱི་]དེ་བཞིན་ཉིད[རྣམས]། །གཅིག་པ་ཉིད་དེ་དངོས་[པོ་ཀུན་དང་]བྲལ་[བའི་གཞི་ཆོས་ཉིད་དེ་ཁོ་ནར་ངེས་ཀྱི་]གཞན་[དུ་འགྱུར་བ་]མིན་[པ་]དེ་བཞིན་ཉིད[གང་ཡིན་པ་དབྱིངས་རིག་དབྱེར་མེད་དེ]། །ཤེས་རབ་ཕ་རོལ་ཕྱིན་པ་[ཡིན་ལ་]དེ་བཞིན་གཤེགས་པས་[མངོན་སུམ་དུ་]མཁྱེན། །མཁས་པ་[སངས་རྒྱས་གཟུགས་སྐུ་]འཇིག་རྟེན་[དུ་]གནས་སམ་མྱ་ངན་འདས་[ཏེ་གྲོངས་]ཀྱང་རུང༌། །ཆོས་ཉིད་སྐྱོན་[གདོད་ནས་]མེད་[པ་]ཆོས་རྣམས་[ཀྱི་]སྟོང་པ[འི་གཞི་བདེ་གཤེགས་སྙིང་པོ་]འདི་[ནམ་ཡང་གང་ནའང་]གནས་ཏེ། །བྱང་ཆུབ་སེམས་དཔས་དེ་བཞིན་ཉིད་[བདེ་གཤེགས་སྙིང་པོ་]འདི་རྗེས་སུ་རྟོགས། །དེ་ཕྱིར་[དེ་བཞིན་ཉིད་མངོན་གསུམ་གྱིས་རྫོགས་པར་རྟོགས་པ་ལ་]དེ་བཞིན་གཤེགས་ཞེས་སངས་རྒྱས་མཚན་གསོལ་[ཏེ་གཤེགས་པ་རྟོགས་པའི་དོན་གྱི་ཕྱིར་ཞེས་པའི་དོན་]ཏོ། །ཞེས་དང༌། [དོན་དམ་གྱི་དབྱིངས་རིག་དབྱེར་མེད་ཤེར་ཕྱིན་]འདི་ནི་[དོན་དམ་གྱི་]ཆོས་[བགྲང་ཡས་ཀྱི་]གཏེར་[ཆེན་]མཆོག་དང་[དོན་དམ་གྱི་]ཆོས་[བགྲང་ཡས་ཀྱི་]མཛོད་དམ་པ་ཡིན[ཞིང་]། །སངས་རྒྱས་[ཀྱི་]རིགས་[རང་བཞིན་པ་]ཡིན་[ལ་]འགྲོ་བའི་བདེ་དང་སྐྱིད་པའི་མཛོད[ཀྱང་ཡིན]། །འདས་དང་མ་བྱོན་ཕྱོགས་བཅུའི་འཇིག་རྟེན་མགོན་པོ་རྣམས། །དེ་དག་[དོན་དམ་གྱི་དབྱིངས་རིག་དབྱེར་མེད་ཤེར་ཕྱིན་]འདི་ལས་འཁྲུངས་ཀྱང་ཆོས་དབྱིངས་[རང་རིག་ཤེར་ཕྱིན་དེ་]ཟད[པར་]མི་འགྱུར། །ཤིང་དང་འབྲས་བུ་མེ་ཏོག་ནགས་ཚལ་ཇི་སྙེད་པ། །དེ་དག་ཐམས་ཅད་ས་ལས་ཡང་དག་འབྱུང་ཞིང་འཐོན། །འོན་ཀྱང་ས་ལ་ཟད་པ་མེད་ཅིང་འཕེལ་བ་མེད། །ཡོངས་སུ་མི་ཉམས་རྣམ་པར་མི་རྟོག་སྐྱོ་བ་མེད། །[དེ་བཞིན་དུ་ཀུན་རྫོབ་ཀྱི་]སངས་རྒྱས་[དང་དེའི་]སྲས་དང་ཉན་ཐོས་[དང་]རང་རྒྱལ་[དང་]ལྷ་རྣམས་དང༌། །[མི་ལ་སོགས་པ་]འགྲོ་བ་ཀུན་གྱི་བདེ་སྐྱིད་ཆོས་རྣམས་ཇི་སྙེད་པ། །དེ་ཀུན་ཤེས་རབ་ཕ་རོལ་ཕྱིན་པ་མཆོག་ལས་བྱུང༌། །ཤེས་རབ་ནམ་ཡང་ཟད་པ་མེད་ཅིང་འཕེལ་བ་མེད། །[ཡོངས་སུ་མི་ཉམས་རྣམ་པར་མི་རྟོག་སྐྱོ་བ་མེད་]ཅེས་གནས་སྐབས་གསུམ་པོ་ཀུན་ཏུ་འགྲོ་བའྀ་ཆོས་སྐུ་བདེ་གཤེགས་སྙིང་པོ་ཆོས་དབྱིངས་དེ་བཞིན་ཉིད་[རང་བྱུང་ཡེ་ཤེས། འགྱུར་མེད་ཡོངས་གྲུབ། ཕྱག་རྒྱ་ཆེན་པོ། ལྷན་ཅིག་སྐྱེས་སྦྱོར། སངས་རྒྱས་མཉམ་སྦྱོར། དབུ་མ་ཆེན་པོ་]གང་ཡིན་པ་གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་ཤེར་ཕྱིན་དེ་ཉིད་སངས་རྒྱས་ཀྱི་རིགས་དང༌། ཆོས་ཐམས་ཅད་ཀྱི་གཞིར་དུས་ཐམས་ཅད་དུ་[གང་ནའང་]ཡོད་པར་གསུངས་ལ། དེ་ཉིད་ཧེ་རུ་ཀ་བཞི་ལ་སོགས་པ་དོན་དམ་པའི་ལྷ་དང་སྔགས་དང་རྒྱུད་དང་དཀྱིལ་འཁོར་[དང་ཕྱག་རྒྱ་དང་དངོས་གྲུབ་]ལ་སོགས་པ་ཡང་ཡིན་པའི་ཕྱིར་[མདོ་སྔགས་ཀྱི་]གསུང་རབ་ཟབ་མོ་འདི་དག་གི་དགོངས་པ་མི་འགལ་ཞིང་དོན་གཅིག་པ་ཉིད་དུ་ཡིད་ཆེས་པར་བྱ་སྟེ། [དེ་ཡང་རིགས་གསུམ་མགོན་པོ་དང༌། མ་ཕམ་པ་ལ་སོགས་པ་]དཔལ་ལྡན་ས་བཅུ་པ་རྣམས་ཀྱི་མན་ངག་མཆོག་ལ་བརྟེན་ནས་སོ། །འདི་དང་འདི་འདྲ་བ་དག་ལ་ཉེ་བར་དགོངས་ནས། མགོན་པོ་སྤྱན་རས་གཟིགས་དབང་ཕྱུག་གིས། [གནས་ལུགས་ཟབ་མོའི་སྐབས་]འདིར་[དོན་]གཅིག་ལ་ཡང་[ཡོན་ཏན་གྱི་]དངོས་པོ་[སྟེ་ངོ་བོ་ཡོད་པ་]དང་[སྐྱོན་གྱི་]དངོས་པོ་མེད་པའི་[ཆ་ནས་སྨོས་པའི་]མིང་སྣ་ཚོགས་[མང་པོ་གསུངས་]ཏེ། དེའི་ཕྱིར་དངོས་པོ་གཅིག་ལ་ཡང་མིང་སྣ་ཚོགས་ཀྱིས་བསྟན་པ་ལ་རྣལ་འབྱོར་པ་རྣམས་ཀྱིས་མིང་[ཐ་དད་ལས་དོན་ཐ་དད་དུ་འཛིན་པ་དག་]གི་རྣམ་པར་རྟོག་པ་མི་བྱ་སྟེ། བླ་མ་དམ་པ[ས་བཅུ་པ]འི་མན་ངག་གིས་[བསྲེགས་བཅད་བརྡར་བས་]གསེར་[བརྟག་པ་]བཞིན་དུ་ལེགས་པར་ཡོངས་སུ་བརྟགས་ཏེ་དོན་ལ་རྟོན་པ་ལ་བརྟེན་པ་ཉིད་ལས་སོ་ཞེས་གསུངས་པ་ཡིན་ནོ། །

ཡང་དེ་ཉིད་ཉོན་མོངས་ཆེན་པོ་ལ་སོགས་པ་སྔགས་ཀྱི་རིགས་དུ་མར་བཞུགས་ཚུལ།

[འོད་དཔག་ཏུ་མེད་པ་]དེ་བཞིན་དུ་རང་བཞིན་གྱིས་ཡོངས་སུ་དག་པའི་རིགས་དེ་བཞིན་གཤེགས་པའི་དབྱིངས་ཉིད་ལ་དགོངས་ནས། དཔལ་གསང་བ་འདུས་པར་ཡང༌། རྣམ་སྣང་[ནི་སྟོང་གཞི་དོན་དམ་གྱི་]ཞེ་སྡང་རིགས་མཆོག་དང༌། །[དོན་དམ་གཞན་སྟོང་གི་]ང་རྒྱལ་[ནི་]རིན་ཆེན་དབང་གི་རིགས[ཡིན་ལ]། །[དོན་དམ་གཞན་སྟོང་གི་]འདོད་ཆགས་[ནི་]ཆོས་ཆེན་པོ་[འོད་དཔག་ཏུ་མེད་པ་]ཡི་རིགས[ཡིན་ཞིང་]། །[དོན་དམ་གཞན་སྟོང་གི་]ཕྲག་དོག་[ནི་]དོན་ཡོད་གྲུབ་པ་སྟེ། །མི་བསྐྱོད་[པ་ནི་དོན་དམ་གྱི་]གཏི་མུག་[གི་]རིགས་ཆེན་པོ་[ཡིན་ལ]། །[རིགས་ལྔའི་]རྒྱུད་འདྀ[ལ་རྒྱས་འདེབས་པ]འི་རྒྱུ་ནི་བྱེད་པ་པོ། །རྡོ་རྗེ་དེ་ཉིད་སེམས་དཔའ་སྟེ། །[ཆོས་ཀུན་ལ་ཁྱབ་ཀྱང་ཆོས་ཀུན་ལ་འབྲེལ་ནས་]རབ་ཏུ་མི་གནས་[པ་བདེ་གཤེགས་]སྙིང་པོ་[རྡོ་རྗེ་སེམས་དཔའ་]ནི། །མི་བསྐྱོད་[པའི་]རིགས་ལ་[ཡང་]ཡོད་ཕྱིར་རོ། །ཞེས་དོན་དམ་པའི་ཞེ་སྡང་དང་ང་རྒྱལ་ལ་སོགས་པ་རྣམས་རྒྱལ་བ་རིགས་ལྔར་གསུངས་པ་དང༌། དཔལ་སཾ་བུ་ཊིར་ཡང༌། [རྣམ་པ་]སྣ་ཚོགས་སྒྱུ་མ[ཆེན་མོ]འི་ཕྱག་རྒྱ་[ཆེན་མོ་]འདི། །བརྡ་ཡིས་[དོན་དམ་གྱི་]མཁའ་འགྲོ་མ་ཞེས་བྱ། །འདི་ནི་ནམ་མཁར་[ཀུན་ཁྱབ་ཏུ་]འགྲོ་མ་ཞེས། །འདིར་ནི་[ཊེ་ཞེས་པའི་]ཁམས་ལས་རྣམ་པར་བཏགས[ཏེ]། །ནམ་མཁའ་ཀུན་ཏུ་[ཁྱབ་པར་]རྒྱུ་[བར་]གྲུབ་པས། །མཁའ་འགྲོ་མ་ཞེས་རབ་ཏུ་གྲགས། །ཀུན་ཏུ་[བཟང་མོ་དང་]སྣ་ཚོགས་[ཡུམ་དང་]ཕྱག་རྒྱ་[ཆེན་མོ་]དང༌། །ཀུན་ཏུ་[བཟང་པོ་དང་]སྣ་ཚོགས་[རྡོ་རྗེ་དང་འཁོར་ལོ་]སྡོམ་པ་སྟེ། །[དེ་རྣམས་ཉིད་]རྡོ་རྗེ་[ཡང་ཡིན་ཞིང་]རྡོ་རྗེ་འཛིན་[པ་]ཉིད་དང༌། །པད་མ་[དང་]པད་མ་འཛིན་[པ་དང་]དེ་བཞིན་[དུ]། །ནོར་བུ[དང་]ནོར་བུ་འཛིན་[པ་]ཉིད་ཀྱི། །རིགས་རྣམས་སུ་ནི་[དོན་དམ་གྱི་མཁའ་འགྲོ་མ་]འདི་གྱུར་ཏོ། །ཞེས་སྟོང་གཞི་ཆོས་ཀྱི་དབྱིངས་ཉིད་དོན་དམ་པའི་མཁའ་འགྲོ་མ་སྣ་ཚོགས་གཟུགས་ཅན་ཕྱག་རྒྱ་ཆེན་མོ་ཡིན་པ་དང༌། དེ་ཉིད་རྡོ་རྗེ་དང་པདྨ་ལ་སོགས་པའི་རིགས་སུ་གསུངས་ཏེ། འདི་དག་ཀྱང་རང་བཞིན་གྱི་རིགས་སོ། །མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མར་ཡང༌། [དུ་མ་རོ་གཅིག་ཆོས་ཀྱི་དབྱིངས་ཉིད་ལྷ་དང་སྔགས་དང་རྒྱུད་དང་དཀྱིལ་འཁོར་]སྣ་ཚོགས་དུ་མའི་རིགས་སུ་བཤད། །[དེ་རྣམས་]མདོར་བསྡུས་ན་ནི་[རིགས་]གསུམ་དང་ལྔ། །དྲུག་ཏུ་ཡང་ནི་རབ་ཏུ་གྲགས། །[དེ་རྣམས་ཉིད་རྡོ་རྗེའི་]རྣལ་འབྱོར་[དང་ཐབས་ཤེས་རབ་]སྦྱོར་བའི་བླ་མ་སྟེ། །[དོན་དམ་གྱི་]མཁའ་འགྲོ་མ་[དང་རིག་མ་དང་ཕྱག་རྒྱ་མ་དང་ཤེས་རབ་མ་ལ་]སོགས་[པ་མིང་དང་རྣམ་པ་མང་པོས་མཁའ་ཁྱབ་]ཀུན་ཏུ་འཁོར། །[དོན་དམ་གྱི་]ཁམས་གསུམ་དག་ནི་མ་ལུས་པ། །[རང་བཞིན་གྱི་]རིགས་ལས་ཡང་དག་འབྱུང་བ་[རང་བྱུང་བ་]ཡིན། །[དོན་དམ་གྱི་]སྐུ་ཀུན་[ཆོས་ཉིད་ཀྱི་ཀློང་དུ་]སོ་སོར་འབྱུང་བ་སྟེ། །[དེ་ཐམས་ཅད་ཕྱི་ནས་ཀུན་རྫོབ་འདི་ལས་]གཞན་དུ་[གྱུར་པ་ཆོས་ཉིད་རྣམ་པ་]ཐམས་ཅད་[པ་]མ་མོའི་རིགས་[དང་མཁའ་འགྲོ་མའི་རིགས་ཏེ]། །[རང་བཞིན་འགྱུར་མེད་ཀྱི་དགའ་བ་བཞི་དང་བཅུ་དྲུག་འོད་གསལ་བ་ཡིན་པས་]དགའ་ཞིང་དགྱེས་པ་ཡིད་འོང་བ། །ཡིད་[གཞན་ཀུན་བཟང་]ལས་སྐྱེ་ཞིང་འབྱུང་བ་[འགལ་འདུས་སྐྱོན་མེད་ཀྱི་སྐྱེ་བ་དང་འབྱུང་བ་]ཡིན། །ཞེས་པ་ལ་སོགས་པ་རང་བཞིན་གྱིས་ཡོངས་སུ་དག་པའི་རིགས་སངས་རྒྱས་ཀྱི་རང་བཞིན་[བདེ་གཤེགས་སྙིང་པོ་འོད་གསལ་ཆོས་སྐུ་]ལས་བརྩམས་ཏེ་རྒྱ་ཆེར་གསུངས་ལ། དེ་བཞིན་དུ། དཔལ་རྡོ་རྗེ་སྙིང་པོའི་ཞལ་སྔ་ནས་ཀྱང༌། རང་བཞིན་གྱིས་རྣམ་པར་དག་པའི་རྀགས་དེ་ཉིད་རིགས་དྲུག་ལ་སོགས་པའི་བདག་ཉིད་དོན་དམ་པའི་ལྷར་གསུངས་ཏེ། དེ་ལྟར་རིགས་དྲུག་གི་བདག་ཉིད་ཅན་གྱི་ཧེ་རུ་ཀ་དུས་ཀྱི་འཁོར་ལོ་སྟེ། དེ་ཁོ་ན་དང་པོའི་སངས་རྒྱས་[དང་གཞིའི་སངས་རྒྱས་དང་གདོད་ནས་གྲོལ་བའི་སངས་རྒྱས་]ཞེས་ཀྱང་བརྗོད་པར་བྱའོ། །[དོན་དམ་གྱི་ཧེ་རུ་ཀ་]འདིའི་ཞལ་བརྒྱའི་མགོ་བོ[བརྒྱ]འི་ཕྲེང་བ་ནི་[དོན་དམ་གྱི་]རིག་བྱེད་ཀྱི་ཡལ་ག་བརྒྱ་[རིགས་བརྒྱ་སྟེ་ཧ་ལཱ་ཧ་ལ་]ཡིན་ལ། [འཇིག་རྟེན་མེས་པོ་]ཚངས་པའི་མགོ་བོ་བཅད་པ་[བདུད་རིགས་བརྒྱ་]རྣམས་[གདོད་ནས་བཅད་པ་རྣམས་]ཀྱིས་རྡོ་རྗེ་[སྟོང་ཆེན་དང་]ཐོད་པ་[བདེ་ཆེན་དག་གཅིག་པ་]ཅན་ཆེན་པོ་བཅོམ་ལྡན་འདས་སོ། །ཞེས་པའོ། །[འཁོར་ལོ་སྡོམ་པ་ཆུང་བ་]ཉིས་འགྱུར་གྱི་མཁའ་འགྲོ་མའི་དྲ་བ་སྡོམ་པ་[ཆེན་པོ་]ནྀ་རིགས་དྲུག་གི་བདག་ཉིད་[ནམ་མཁའ་རླུང་མེ་ཆུ་ས་ཡེ་ཤེས་ཀྱི་འཁོར་ལོ་དྲུག་རྩེག་]ཅན་ནོ། །རྒྱུད་གཞན་དང་གཞན་དུ་ནི་རིགས་ལྔའི་བདག་ཉིད་ཅན་ནོ། །དེའི་ཕྱིར་[དོན་དམ་གྱི་]རིགས་ནི་[འཁོར་ལོ་སྡོམ་ཆེན་ལ་སོགས་སུ་]རྣམ་པ་དྲུག་བཤད་པ། །མདོར་བསྡུས་པས་ནི་[རྒྱུད་གཞན་དུ་]རྣམ་པ་ལྔ། །སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །ཕྱི་ནས་རྣམ་པ་གསུམ་ཉིད་[བཤད་པར་]འགྱུར། །ཞེས་པའོ། །དེ་ལྟར་བཤད་པའི་རིམ་པས། [སྟོང་གཞི་དོན་དམ་གྱི་]རིགས་དང་[སྟོང་གཞི་དོན་དམ་གྱི་]འབྱུང་བ་ལྔ་རྣམས་དང༌། །[སྟོང་གཞི་དོན་དམ་གྱི་]ཕུང་པོ་ལྔ་ཡི་རང་བཞིན་ཅན། །འདི་ཡི་[ལྷའི་]རིགས་[སུ་]བྱེད་[ཅིང་དུ་མར་]བགྲང་བྱེད་པ། །[དེ་ལ་]རིགས་ཞེས་མངོན་པར་བརྗོད་པར་བྱ། །ཞེས་པ་[སྟོང་གཞི་དོན་དམ་གྱི་]རིགས་དྲུག་དང་[སྟོང་གཞི་དོན་དམ་གྱི་]རིགས་ལྔ་དང་[སྟོང་གཞི་དོན་དམ་གྱི་]རིགས་གསུམ་གྱི་ངེས་པའོ། །ཞེས་པ་ལ་སོགས་པ་དང༌། དེ་བཞིན་དུ། དཔལ་ཟླ་གསང་ཐིག་ལེའི་རྒྱུད་དུ་ཡང༌། [སྟོང་གཞི་དོན་དམ་གྱི་]རིགས་ནི་རྣམ་པ་བརྒྱར་བསྟན་དང༌། །མདོ་རུ་བསྡུ་ན་རྣམ་པ་ལྔ། །[སྟོང་གཞི་དོན་དམ་གྱི་]ལུས་དང་ངག་[དང་]ཡིད་སྦྱོར་བ་[རྡོ་རྗེ་གསུམ་གྱི་སྦྱོར་བ་]ཡིས། །[རིགས་]གསུམ་དུ་ཡང་ནི་འགྱུར་བ་ཡིན། །ཞེས་དང༌། དཔལ་ཡེ་ཤེས་ཐིག་ལེའི་རྒྱུད་ལས་ཀྱང༌། [སྟོང་གཞི་དོན་དམ་གྱི་]སྐུ་ནི་དེ་བཞིན་གཤེགས་[པ་འཇིགས་པ་ཀུན་ལས་]སྐྱབས་སྦྱིན[པ་ཡིན་ལ]། །[སྟོང་གཞི་དོན་དམ་གྱི་]སེམས་ནི་རྡོ་རྗེ་འཛིན་པར་དྲན། ། [སྟོང་གཞི་དོན་དམ་གྱི་]ཕུང་པོ་ལྔ་ལས་གྲུབ་པའི་སྐུ། །[རྒྱལ་བ་]རིགས་ལྔ་ཡིས་ནི་བདག་ཉིད་མཆོག །རིགས་ནི་དྲུག་པ་[རྡོ་རྗེ་སེམས་དཔའ་]ཐུགས་རྡོ་རྗེ[སྟེ]། །[དེ་ནི་]གྲངས་མེད་རིགས་[རྣམ་ཀུན་]ཀྱི་གཙོ་བོའོ། །འཁོར་ལ[འི་རིགས་དང་]རིན་ཆེན་[རིགས་དང་]དེ་བཞིན་པད[མའི་རིགས་དང་]། །རལ་གྲི[འི་རིགས་དང་]རྡོ་རྗེ[འི་རིགས་ཏེ་]ལྔ་པ་འོ། །[དེ་རྣམས་རིམ་པ་བཞིན་དོན་དམ་གྱི་]གཟུགས་དང་[སྟོང་གཞི་དོན་དམ་གྱི་]ཚོར་བ་[དང་སྟོང་གཞི་དོན་དམ་གྱི་]འདུ་ཤེས་དང༌། །[སྟོང་གཞི་དོན་དམ་གྱི་]འདུ་བྱེད་[དང་སྟོང་གཞི་དོན་དམ་གྱི་]རྣམ་ཤེས་དེ་བཞིན[ཡིན་]ནོ། །[སྟོང་གཞི་དོན་དམ་གྱི་]གཟུགས་ནི་རྣམ་པར་སྣང་མཛད་[དུ་]གྲགས[ཏེ]། །[དེ་ཉིད་སྟོང་གཞི་དོན་དམ་གྱི་]གཏི་མུག་རྡོ་རྗེ[འི་ངོ་བོ་ཉིད་ཟེར་]རང་ངོ་བོ[ཡིན་ནོ]། །[སྟོང་གཞི་དོན་དམ་གྱི་]ཚོར་བ་དེ་ནི་རིན་ཆེན་རྒྱལ[པོ་རིན་འབྱུང་སྟེ]། །[དེ་ནི་སྟོང་གཞི་དོན་དམ་གྱི་]ང་རྒྱལ་རྡོ་རྗེ[འི་ངོ་བོ་ཉིད་ཟེར་]རང་ངོ་བོ[ཡིན་ནོ]། །[སྟོང་གཞི་དོན་དམ་གྱི་]འདུ་ཤེས་དེ་ནི་སྣང་མཐའ་ཡས[ཏེ]། །[དེ་ནི་སྟོང་གཞི་དོན་དམ་གྱི་]ཆགས་པའི་རྡོ་རྗེར་རབ་ཏུ་གྲགས། །[སྟོང་གཞི་དོན་དམ་གྱི་]འདུ་བྱེད་དོན་ཡོད་གྲུབ་པ་སྟེ། །[དེ་ཉིད་སྟོང་གཞི་དོན་དམ་གྱི་]ཕྲག་དོག་རྡོ་རྗེ་རུ་ནི་བསྟན། །[སྟོང་གཞི་དོན་དམ་གྱི་]རྣམ་པར་ཤེས་འདིར་མི་བསྐྱོད་པ[སྟེ]། །[དེ་ནི་སྟོང་གཞི་དོན་དམ་གྱི་]ཞེ་སྡང་རྡོ་རྗེ་[ཡིན་པར་]རབ་ཏུ་བསྒོམ། །[སྟོང་གཞི་དོན་དམ་གྱི་]ནམ་མཁའ་[ནི་]རྡོ་རྗེ་སེམས་དཔར་གྲགས[ཏེ]། ། [དེ་ཐམས་ཅད་]རྣམ་པ[འི་དངོས་པོ་]དང་བྲལ་[བའི་རྣམ་པ་ཐམས་ཅད་པ་འགྱུར་མེད་ཡོངས་སུ་]གྲུབ་[པའི་]མངའ་བདག[གོ]། [སྟོང་གཞི་དོན་དམ་གྱི་]གཏི་མུག་[ནི་]མེ་ལོང་ཡེ་ཤེས་[བལྟ་ཟེར་]ཏེ[གཏི་མུག་གཞན་ནམ་མཆོག་གོ]། །[སྟོང་གཞི་དོན་དམ་གྱི་]ང་རྒྱལ་[ནི་]མཉམ་པ་ཉིད་དུ་དྲན[ཏེ་ང་རྒྱལ་གཞན་ནམ་མཆོག་གོ]། །སོ་སོར་རྟོག་པ་[སྟོང་གཞི་དོན་དམ་གྱི་]འདོད་ཆགས་ཡིན[ཏེ་འདོད་ཆགས་གཞན་ནོ]། །བྱ་བ་གྲུབ་པ་[སྟོང་གཞི་དོན་དམ་གྱི་]ཕྲག་དོག་[ཆེ་ཟེར་]སྟེ[ཕྲག་དོག་གཞན་ནོ]། །[སྟོང་གཞི་དོན་དམ་གྱི་]ཞེ་སྡང་[ནི་]ཆོས་དབྱིངས་རྣམ་པར་དག[པའི་ཡེ་ཤེས་ཏེ་ཞེ་སྡང་གཞན་ནམ་མཆོག་གོ]།[སྟོང་གཞི་དོན་དམ་གྱི་]བདེ་ཆེན་གཅིག་པུ་ལས་ནི་འདིར། །[རིགས་ཀྱི་]བྱེ་བྲག་ལྔ་རུ་གྱུར་པར་[གདོད་ནས་ཀུན་ལ་]གནས། །[སྟོང་གཞི་དོན་དམ་གྱི་]བདེ་བ་དཀར་པོ་བསྲུབས་པ་ལས།།ཞལ་བཟང་མོ་[སངས་རྒྱས་སྤྱན་མ་]ནི་སྲ་བ་[གཞན་]གང་[ཡིན་པ]། །དེ་ནི་རྣམ་པར་སྣང་མཛད་[དུ་]ཤེས[ཏེ]། །[དེ་ནི་སྟོང་གཞི་དོན་དམ་གྱི་]གཏི་མུག་ཆོས་ཀྱི་མཚན་ཉིད་ཅན[ཡིན་ནོ]། །[སྟོང་གཞི་དོན་དམ་གྱི་]བདེ་བ་ནག་པོ་ཞུ་བའི་གཟུགས། །དེ་ནི་མི་བསྐྱོད་པ་རུ་དྲན། །[སྟོང་གཞི་དོན་དམ་གྱི་]བདེ་བ་དམར་པོའི་འོད་ཀྱི་ཕྱིར། །[དེ་ནི་སྟོང་གཞི་དོན་དམ་གྱི་]འོད་དཔག་མེད་པ་དེ་བཞིན་གཤེགས[པའོ]། །[སྟོང་གཞི་དོན་དམ་གྱི་]རླུང་གིས་ཁྱབ་ཕྱིར་བདེ་བ་སྔོ[བསངས་སམ་ལྗང་ཁུ་ནི]། །དོན་ཡོད་གྲུབ་པ་དེ་རབ་བསྟན། །[སྟོང་གཞི་དོན་དམ་གྱི་]ང་རྒྱལ་ལས་ནི་འདིར་བདེ་སེར། །དེ་ནི་རིན་ཆེན་འབྱུང་ལྡན་ཡིན། །[ཐ་མལ་པའི་]ནམ་མཁའ་[ཡིན་པ་]དང་བྲལ་[པའི་ནམ་མཁའ་གཞན་བདེ་ཆེན་ལྷུན་གྱིས་]གྲུབ་[པའི་]མགོན་པོ། །རྡོར་སེམས་རྒྱལ་བ་ཀུན་མངའ་བདག །སྤྱན་རིངས་[ཏེ་སྤྱན་ཡངས་མ་ཕྱག་རྒྱ་]བཟང་མོ་[ཤེར་ཕྱིན་ཡིན་པ་]དེ་ཕྱིར་[ཆོས་ཀྱི་]སྐུ། །[སྟོང་གཞི་དོན་དམ་གྱི་]ལྷ་མོ་རྣམ་པར་[ཐམས་ཅད་རྣམ་པ་མེད་པ་]རབ་ཏུ་མཆོག[གམ་གཞན་ནམ་ཕ་རོལ་ལོ།]།འབད་པ་ཡིས་ནི་དེ་[ཅིར་ཡང་མི་རྟོག་པ་ལ་སོགས་པས་]མཆོད་[པར་]བྱ།།ནམ་ཡང་སྨད་པར་མི་བྱའོ། །ཞེས་པ་ལ་སོགས་པས་དོན་དམ་པའི་གཟུགས་དང་ཚོར་བ་ལ་སོགས་པ་རྣམས་འཁོར་ལོ་དང་རིན་ཆེན་ལ་སོགས་པའི་རིགས་སུ་བསྟན་ཅིང༌། དོན་དམ་པའི་གཏི་མུག་ལ་སོགས་པ་རྣམས་མེ་ལོང་ཡེ་ཤེས་ལ་སོགས་པ་རང་བྱུང་ཡེ་ཤེས་ལྔའི་རིགས་སུ་བསྟན་ལ་དོན་དམ་པའི་བདེ་བ་དཀར་པོ་ལ་སོགས་པ་རྣམས་སངས་རྒྱས་རྣམ་པར་སྣང་མཛད་ལ་སོགས་པའི་རིགས་སུ་བསྟན་ཏོ། །འདིར་དོན་དམ་པའི་བདེ་བ་ཁ་དོག་དཀར་པོ་ལ་སོགས་པར་གསུངས་པ་ཡང་ཀུན་རྫོབ་ཀྱི་ཁ་དོག་ནི་མ་ཡིན་གྱི། ཁ་དོག་ཆེ་ཞིང་ལུས་བོང་ཆེ། །ཞེས་གང་གསུངས་པ་དེ་བཞིན་ཉིད་ཀྱི་ཁ་དོག་སྟེ་ཁ་དོག་གཞན་འགལ་འདུས་སྐྱོན་མེད་ཀྱི་ཁ་དོག་[མན་ངག་ཁྱད་འཕགས་ཀྱིས་རྟོགས་པར་བྱ་བ་དག་]གོ །དོན་དམ་པའི་ཁ་དོག་གི་རིགས་འདི་རྣམས་ལ་དགོངས་ནས། དཔལ་ཀྱེའི་རྡོ་རྗེར་ཡང༌། [སྟོང་གཞི་དོན་དམ་གྱི་]བདེ་བ་ནག་ཅིང་བདེ་བ་སེར། །[སྟོང་གཞི་དོན་དམ་གྱི་]བདེ་བ་དམར་པོ་བདེ་བ་དཀར། །[སྟོང་གཞི་དོན་དམ་གྱི་]བདེ་བ་ལྗང་ཁུ་བདེ་བ་སྔོ། །[སྟོང་གཞི་དོན་དམ་གྱི་]བདེ་བ་རྒྱུ་[བ་སེམས་ཅན་]དང་མི་རྒྱུ་[བ་སྣོད་ཀྱི་འཇིག་རྟེན་]ཀུན[གྱི་རྣམ་པ་ཅན་ནོ]། །[སྟོང་གཞི་དོན་དམ་གྱི་]བདེ་བ་ཤེས་རབ་[ཨེ་ཡིག་]བདེ་བ་ཐབས[ཝཾ་ཡིག་སྟེ]། །[དེ་དག་གང་དང་འདྲ་ན་]ཀུན་ཏུ་རུ་སྐྱེས་[དབང་པོ་གཉིས་སྦྱོར་གྱི་]བདེ་[བ་]དེ་བཞིན[ནོ]།།[སྟོང་གཞི་དོན་དམ་གྱི་]བདེ་བ་དངོས་[པོའི་རྣམ་པ་]དང་དངོས་མེད་[ཀྱི་རྣམ་པའི་]བདེ[བའམ་ཀུན་རྫོབ་ཀྱི་དངོས་པོ་མེད་པའི་གཞིའི་དངོས་པོ་སྟེ་ངོ་བོའི་བདེ་བའོ]། །[སྟོང་གཞི་དོན་དམ་གྱི་]བདེ་བ་རྡོ་རྗེ་སེམས་དཔར་བརྗོད། །ཅེས་པ་གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་རྡོ་རྗེ་སེམས་དཔའ་རྣམ་པ་ཐམས་ཅད་པ་ཉིད་ཀྱི་ཕྱིར་[དབྱིབས་དང་]ཁ་དོག་[གི་རྣམ་པ་]ཐམས་ཅད་པའོ། །དེའི་ཕྱིར་དོན་དམ་པའི་གཞི་འབྲས་ངོ་བོ་དབྱེར་མེད་དུ་གནས་པ་ཉིད་ཀྱིས་རྡོ་རྗེའི་རིགས་ཀྱི་ལེའུ་དེ་ཉིད་འབྲས་བུ་ཡང་ཡིན་ནོ། །

ཡང་དེ་ཉིད་གཞི་འབྲས་དབྱེར་མེད་ཀྱི་མྱང་འདས་དང་ཆོས་སྐུ་ལ་སོགས་པར་བཞུགས་ཚུལ།

མྱང་འདས་ཆེན་པོར་ཡང༌། [སྟོང་གཞི་དོན་དམ་གྱི་]གཞི་འབྲས་ངོ་བོ་དབྱེར་མེད་གསུངས་པ་ཡོད་དེ། ཇི་སྐད་དུ། མོའུ་འགལ་མྱ་ངན་ལས་འདས་པ་ཞེས་བྱ་བ་ནི་[སྟོང་གཞི་དོན་དམ་གྱི་]ཚིག་གི་ཐ་སྙད་དོ། །[སྟོང་གཞི་དོན་དམ་གྱི་]རྐང་པའི་རྗེས་སོ། །མཐར་ཕྱིན་པའི་གནས་[ཏེ་ཡང་དག་མཐའ་ལ་རྣམ་པར་གནས་]སོ། །འཇིགས་པ་མེད་པའོ། །[སྟོང་གཞི་དོན་དམ་གྱི་]སྟོན་པ་ཆེན་པོའོ། །[བྲལ་བའི་]འབྲས་བུ་ཆེན་པོའོ། །མཐར་ཕྱིན་པའི་ཡེ་ཤེས་སོ། །[སྟོང་གཞི་དོན་དམ་གྱི་]བཟོད་པ་ཆེན་པོའོ། །ཐོགས་པ་མེད་པའི་ཏིང་ངེ་འཛིན་ནོ། །ཆོས་ཀྱི་དབྱིངས་ཆེན་པོའོ། །[སྟོང་གཞི་དོན་དམ་གྱི་]ཟིལ་དངར་གྱི་རོའོ། །[རྣམ་ཤེས་ཀྱིས་]མཐོང་དཀའ་བ་ཡིན་ནོ། །ཞེས་ཀུན་གྱི་གཞིར་གྱུར་པའི་ཆོས་ཀྱི་དབྱིངས་དེ་ཉིད་འབྲས་བུ་ཆེན་པོ་དང་མཐར་ཕྱིན་པའི་ཡེ་ཤེས་དང་སྟོན་པ་ཆེན་པོ་ལ་སོགས་པ་ཡང་ཡིན་པར་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་གསེར་འོད་དམ་པའི་མདོར་ཡང༌། ཆོས་ཀྱི་སྐུ་དེ་ཉིད་རྒྱུ་དང་གནས་དང་འབྲས་བུ་དང་གཞི་དང་ཐེག་པ་ཆེན་པོ་དང་དེ་བཞིན་གཤེགས་པའི་ངོ་བོ་ཉིད་དང་དེ་བཞིན་གཤེགས་པའི་སྙིང་པོ་ལ་སོགས་པར་གསུངས་ཏེ། ཇི་སྐད་དུ། ཆོས་ཀྱི་སྐུ་དེ་ནི་དེ་བཞིན་གཤེགས་པའི་མཛད་པ་སྣ་ཚོགས་མངོན་དུ་གྱུར་པའོ། །རིགས་ཀྱི་བུ་[ཆོས་]སྐུ་འདི་ནི་[དྲི་མ་བྲལ་]རྒྱུ་དང་[རང་རིག་ཡེ་ཤེས་ཀྱི་]སྤྱོད་ཡུལ་དང་[འགྱུར་མེད་བདེ་བའི་]གནས་དང་[དྲི་མ་བྲལ་བའི་]འབྲས་བུ་དང་གཞི་[ཆོས་]ཉིད་ལ་བརྟེན་པ་བསམ་གྱིས་མི་ཁྱབ་པ་སྟེ། དོན་དེ་མངོན་པར་ཤེས་ན་[ཆོས་]སྐུ་དེ་ཉིད་ཐེག་པ་ཆེན་པོའོ། །དེ་ཉིད་དེ་བཞིན་གཤེགས་པའི་ངོ་བོ་ཉིད་དོ། །[དེ་ཉིད་]དེ་བཞིན་གཤེགས་པའི་སྙིང་པོ་སྟེ་སྐུ་དེ་ལ་བརྟེན་ནས་སེམས་དང་པོ་བསྐྱེད་པ་དང༌། ས་[རྣམས་]ཡོངས་སུ་སྦྱོང་བའི་སེམས་མངོན་པར་འབྱུང་སྟེ། [སངས་རྒྱས་ཀྱི་]ས་ལས་[ཕྱིར་]མི་ལྡོག་པའི་སེམས་ཀྱང་མངོན་དུ་འགྱུར་པ་དང༌། [སངས་རྒྱས་ཐོབ་པ་ལ་]སྐྱེ་བ་གཅྀག་གིས་ཐོགས་པ་ལ་གནས་པའི་སེམས་དང༌། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང༌། དེ་བཞིན་གཤེགས་པའི་དགོངས་པ་ཡང་མངོན་པར་འབྱུང༌། དེ་བཞིན་གཤེགས་པའི་དམ་པའི་ཆོས་ཚད་མེད་གྲངས་མེད་པ་ཐམས་ཅད་ཀྱང་མངོན་དུ་འགྱུར་རོ། །ཆོས་ཀྱི་སྐུ་[རང་བཞིན་འོད་གསལ་]དེ་ལ་བརྟེན་ནས་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་ཆེན་པོ་ཡང་མངོན་དུ་འབྱུང་བར་འགྱུར་རོ། །ཆོས་ཀྱི་སྐུ་[རང་བཞིན་འོད་གསལ་]འདི་ལ་བརྟེན་ནས་ཡེ་ཤེས་ཆེན་པོ་ཐམས་ཅད་ཀྱང་སྣང་བར་འགྱུར་རོ། །དེ་ལྟ་བས་ན་[གཟུགས་]སྐུ་གཉིས་ནི་ཏིང་ངེ་འཛིན་དང༌། ཡེ་ཤེས་ལ་བརྟེན་ནས་འབྱུང་བར་འགྱུར་རོ། །ཆོས་ཀྱི་སྐུ་[འདུས་མ་བྱས་]འདི་རང་གི་ངོ་བོ་ཉིད་[མི་འགྱུར་བ་]ལ་བརྟེན་པས་རྟག་པ་ཞེས་བྱའོ། །[དག་པའི་]བདག་ཅེས་བྱའོ། །ཏིང་ངེ་འཛིན་ཆེན་པོ་ལ་བརྟེན་པས་ན་[དོན་དམ་གྱི་]བདེ་བ་ཞེས་བྱའོ། །ཡེ་ཤེས་ཆེན་པོ་[རང་བཞིན་འོད་གསལ་]ལ་བརྟེན་པས་ན་རྣམ་པར་དག་པ་ཞེས་བྱ་སྟེ་དེའི་ཕྱིར་དེ་བཞིན་གཤེགས་པ་རྟག་པར་བདེ་བ་དང་རྣམ་པར་དག་པ་ལ་མངའ་བརྙེས་ཤིང་བཞུགས་པའོ་ཞེས་སོ། །

ཡང་དེ་ཉིད་གཞི་འབྲས་དབྱེར་མེད་ཀྱི་ཆོས་ཉིད་ཡོངས་གྲུབ་ཏུ་བཞུགས་ཚུལ།

དེ་བཞིན་དུ་ལང་ཀར་གཤེགས་པར་ཡང༌། བློ་གྲོས་ཆེན་པོ་དེ་ལ་[འགྱུར་མེད་]ཡོངས་སུ་གྲུབ་པའི་རང་བཞིན་གང་ཞེ་ན་འདི་ལྟ་སྟེ། མཚན་མ་དང་མིང་དང་དངོས་པོའི་མཚན་ཉིད་[ཅན་]རྣམ་པར་རྟོག་པ་དང་བྲལ་བའི་[གཞིར་གྱུར་པ་]དེ་བཞིན་ཉིད་[འོད་གསལ་བ་རྣམ་ཤེས་ཀྱི་སྤྱོད་ཡུལ་མ་ཡིན་ཞིང་]འཕགས་པའི་ཡེ་ཤེས་[ཀྱིས་]རྟོགས་པ་ཐོབ་པས། འཕགས་པ་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་[དུས་གསུམ་རྒྱལ་བའི་ཡུམ་ཡིན་]ཏེ་བློ་གྲོས་ཆེན་པོ་[འགྱུར་མེད་]ཡོངས་སུ་གྲུབ་པའི་རང་བཞིན་འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་སྙིང་པོ་[སྟེ་]ཐུགས་སོ། །ཞེས་ཆོས་ཉིད་ཡོངས་སུ་གྲུབ་པ་གང་ཡིན་པ། དེ་ཉིད་དེ་བཞིན་གཤེགས་པའི་སྙིང་པོ་དང་ཐུགས་ཡིན་པར་གསུངས་ལ། དེ་ཉིད་རང་བྱུང་ཡེ་ཤེས་ལྔ་ཡང་ཡིན་པའི་ཕྱིར་གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་ཡོངས་གྲུབ་ལ་འདི་ཡང་དགོངས་པ་ཡིན་ནོ།།

ཡང་དེ་ཉིད་དོན་དམ་ཆོས་སྐུ་དང་དེའི་ཡོན་ཏན་ཀུན་འདུས་སུ་བཞུགས་ཚུལ།

དེ་ལྟར་ཆོས་ཐམས་ཅད་ཀྱི་གཞིར་གྱུར་པའི་ཆོས་ཀྱི་དབྱིངས་འདི་ཉིད་ཆོས་ཀྱི་སྐུར་ཡང་གསུངས་ཏེ། ཇི་སྐད་དུ། འགྲིབ་པ་མེད་པ་དང་འཕེལ་བ་མེད་པ་[ཆོས་]ཉིད་བསྟན་པའི་མདོ་ལས། ཤཱ་རིའི་བུ་དོན་དམ་པ་ནི་[སངས་རྒྱས་ཀྱི་བཀའ་ལ་]དད་པས་རྟོགས་པར་བྱ་བ་ཡིན་ནོ། །ཤཱ་རིའི་བུ་དོན་དམ་པ་ཞེས་བྱ་བ་འདི་ནི་སེམས་ཅན་གྱི་ཁམས་[ཏེ་དབྱིངས་]ཀྱི་ཚིག་བླ་དྭགས་སོ། །ཤཱ་རིའི་བུ་སེམས་ཅན་གྱི་ཁམས་[ཏེ་དབྱིངས་]ཞེས་བྱ་བ་འདི་ནི་དེ་བཞིན་གཤེགས་པའི་སྙིང་པོའི་ཚིག་བླ་དྭགས་སོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བ་འདི་ནི་ཆོས་ཀྱི་སྐུའི་ཚིག་བླ་དྭགས་སོ། །ཞེས་སོ། །གལ་ཏེ་[ཆོས་སྐུ་བདེ་གཤེགས་སྙིང་པོ་]དེ་ནི་སངས་རྒྱས་ཀྱི་ས་བོན་ཙམ་ལ་དགོངས་པའམ། ཆོས་ཐམས་ཅད་ཅིར་ཡང་མ་གྲུབ་ཙམ་གྱི་སྟོང་པ་ཉིད་ལ་དགོངས་པ་མ་ཡིན་ནམ་ཞེ་ན་མ་ཡིན་ཏེ། [ཆོས་སྐུ་བདེ་གཤེགས་སྙིང་པོ་]དེ་ནི་ཚད་མེད་པའི་སངས་རྒྱས་ཀྱི་ཡེ་ཤེས་ཡོན་ཏན་མཐའ་ཡས་པ་དང་ལྡན་པ་ལ་གསུངས་པའི་ཕྱིར། ཇི་སྐད་དུ། རྒྱུད་བླ་མར། རྣམ་པར་དབྱེ་བ་མེད་ཆོས་ཕྱིར། །ཞེས་པའི་འགྲེལ་པར། དེ་ལ་དྲི་མ་མེད་པའི་སངས་རྒྱས་ཀྱི་ཡོན་ཏན་[སྟོབས་སོགས་སུམ་ཅུ་རྩ་གཉིས་ལ་སོགས་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་]ནི་[མཐའ་]གཅིག་ཏུ་ཀུན་ནས་ཉོན་མོངས་པའི་སོ་སོའི་སྐྱེ་བོའི་ས་ལ་ཡང་[ཡོད་དེ་དེ་ལྟར་འཁོར་འདས་ཀུན་ལ་ཁྱབ་པའི་ཆོས་ཉིད་ཀྱི་ངོ་བོ་ལ་]རྣམ་པར་དབྱེར་མེད་པར་ཆོས་ཉིད་[རོ་གཅིག་པ་དེ་ཉིད་]སྔ་[མ་དྲི་བཅས་སེམས་ཅན་པ་དང་]ཕྱི་[མ་དྲི་མེད་སངས་རྒྱས་ཀྱི་གནས་སྐབས་ལ་]ཁྱད་པར་མེད་པར་[ཁྱབ་པར་]ཡོད་པའྀ་ཕྱིར་གནས་འདི་བསམ་གྱིས་མི་ཁྱབ་སྟེ། གང་གི་ཕྱིར་གང་ལ་[གཤིས་ལུགས་ཀྱི་]དེ་བཞིན་གཤེགས་པའི་ཡེ་ཤེས་མཐའ་དག་རྗེས་སུ་མ་ཞུགས་པའི་སེམས་ཅན་དེ་ནི་སེམས་ཅན་གྱི་རིས་ན་འགའ་ཡང་མེད་དེ། འོན་ཀྱང་འདུ་ཤེས་ཀྱི་འཛིན་པས་[བསྒྲིབས་ནས་]དེ་བཞིན་གཤེགས་པའི་ཡེ་ཤེས་མི་མངོན་ནོ། །འདུ་ཤེས་ཀྱི་འཛིན་པ་དང་བྲལ་བ་ལས་ནི་[གཤིས་ལུགས་ཀྱི་]ཐམས་ཅད་མཁྱེན་པའི་ཡེ་ཤེས་རང་བྱུང་གི་ཡེ་ཤེས་ཐོགས་པ་མེད་པ་[མངོན་དུ་གྱུར་པ་]རབ་ཏུ་འབྱུང་ངོ༌། །[སངས་རྒྱས་ཕལ་པོ་ཆེ་ལས།]ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ། དཔེར་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་དང་ལྡན་པའི་དར་ཡུག་ཆེན་པོ་གཅིག་ཡོད་པར་གྱུར་[པའི་དབང་དུ་བྱས་]ལ། དར་ཡུག་ཆེན་པོ་དེ་ལ་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་རྫོགས་པར་བྲིས་པར་གྱུར་[པའི་དབང་དུ་བྱས་]ཏེ། འདི་ལྟ་སྟེ་ཁོར་ཡུག་ཆེན་པོའི་ཚད་དུ་ནི་ཁོར་ཡུག་ཆེན་པོ་བྲིས། ས་ཆེན་པོའི་ཚད་དུ་ནི་ས་ཆེན་པོ[བྲིས]། སྟོང་གཉིས་པའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་དུ་ནི་སྟོང་གཉིས་པའི་འཇིག་རྟེན་གྱི་ཁམས། སྟོང་གི་འཇིག་རྟེན་གྱི་ཁམས་ཀྱི་ཚད་དུ་ནི་སྟོང་གི་འཇིག་རྟེན་གྱི་ཁམས། གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་དུ་ནི་གླིང་བཞི་པའི་འཇིག་རྟེན་གྱི་ཁམས། རྒྱ་མཚོ་ཆེན་པོའི་ཚད་དུ་ནི་རྒྱ་མཚོ་ཆེན་པོ། འཛམ་བུའི་གླིང་གི་ཚད་དུ་ནི་འཛམ་བུའི་གླིང༌། ཤར་གྱི་ལུས་འཕགས་གླིང་གི་ཚད་དུ་ནི་ཤར་གྱི་ལུས་འཕགས་གླིང༌། ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་གི་ཚད་དུ་ནི་ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང༌། བྱང་གི་སྒྲ་མི་སྙན་གྱི་གླིང་གི་ཚད་དུ་ནི་བྱང་གི་སྒྲ་མི་སྙན། རི་རབ་ཀྱི་ཚད་དུ་ནི་རི་རབ། ས་ལ་སྤྱོད་པའི་ལྷའི་གཞལ་ཡས་ཁང་གི་ཚད་དུ་ནི་ས་ལ་སྤྱོད་པའི་ལྷའི་གཞལ་ཡས་ཁང༌། འདོད་པ་ན་སྤྱོད་པའི་ལྷའི་གཞལ་ཡས་ཁང་གི་ཚད་དུ་ནི་འདོད་པ་ན་སྤྱོད་པའི་ལྷའི་གཞལ་ཡས་ཁང༌། གཟུགས་ན་སྤྱོད་པའི་ལྷའི་གཞལ་ཡས་ཁང་གི་ཚད་དུ་ནི་གཟུགས་ན་སྤྱོད་པའི་ལྷའི་གཞལ་ཡས་ཁང་བྲིས་[པའི་དབང་དུ་བྱས་ཏེ་ཡོན་ཏན་དང་རྣམ་པ་དུ་མའི་དཔེ་རྣམས་]སོ། །དར་ཡུག་ཆེན་པོ་དེ་ཡང་ཆུ་ཞེང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་ཙམ་དུ་གྱུར་[པའི་དབང་དུ་བྱས་ཏེ་ཆོས་ཉིད་རྒྱ་ཆེ་བའི་དཔེ་ཡིན་]ལ། དར་ཡུག་ཆེན་པོ་དེ་ཡང་རྡུལ་ཕྲ་རབ་ཀྱི་རྡུལ་གཅིག་ཏུ་བཅུག་པར་གྱུར་ཏོ[དེ་ནི་གློ་བུར་དྲི་མས་བསྒྲིབས་ནས་བཏུམས་པ་ལྟར་གྱུར་པའི་དཔེའོ]། །ཇི་ལྟར་རྡུལ་ཕྲ་རབ་ཀྱི་རྡུལ་གཅིག་ཏུ་དར་ཡུག་ཆེན་པོ་བཅུག་པ་དེ་བཞིན་དུ་རྡུལ་ཕྲ་རབ་ཀྱི་རྡུལ་མ་ལུས་པ་རྣམས་སུ་[སྟོང་གསུམ་]དེའི་ཚད་ཀྱི་དར་ཡུག་ཆེན་པོ་བཅུག་པར་གྱུར་ཏོ[དེ་ནི་སེམས་ཅན་ཀུན་ལ་ཡོད་ཀྱང་ཀུན་གྱིས་མ་མཐོང་བའི་དཔེའོ]། །དེ་ནས་མཁས་པ། མཛངས་པ། གསལ་བ་ཡིད་གཞུངས་པ། དེར་ཉེ་བར་ཞུགས་པའི་དཔྱོད་པ་དང་ལྡན་པའི་སྐྱེས་བུ་འགའ་ཞིག་སྐྱེས་ཏེ། དེའི་མིག་ལྷ་ཡིར་[མིག་ཏུ་]གྱུར་ཅིང་ཡོངས་སུ་དག་པ་འོད་གསལ་བར་གྱུར་པ་ཞིག་ལ། དེའི་ལྷའི་མིག་གིས་རྣམ་པར་བལྟས་ཏེ། འདི་ལྟ་བུར་གྱུར་པའི་དར་ཡུག་ཆེན་པོ་འདི་རྡུལ་ཕྲ་རབ་ཀྱི་རྡུལ་ཆུང་ངུ་འདི་ཉིད་ལ་གནས་ཏེ་སེམས་ཅན་འགའ་ལ་ཡང་ཉེ་བར་མཁོ་བར་མ་གྱུར་ཏོ། །དེ་འདི་སྙམ་དུ་སེམས་ཏེ། ཀྱེ་མའོ་གང་བདག་གིས་བརྩོན་པ་ཆེན་པོའི་སྟོབས་དང་མཐུས་རྡུལ་ཕྲ་རབ་ཀྱི་རྡུལ་འདི་ཕྱེ་སྟེ། དར་ཡུག་ཆེན་པོ་འདི་འགྲོ་བ་ཐམས་ཅད་ཀྱི་ཉེ་བར་འཚོ་བར་བྱའོ་སྙམ་པས། དེ་བརྩོན་པ་ཆེན་པོའི་སྟོབས་ཀྱིས་མཐུ་བསྐྱེད་དེ་རྡོ་རྗེ་ཕྲ་མོས་རྡུལ་ཕྲ་རབ་ཀྱི་རྡུལ་དེ་ཕྱེ་ནས་བསམ་པ་ཇི་ལྟ་བ་བཞིན་དུ་དར་ཡུག་ཆེན་པོ་དེ་འགྲོ་བ་མཐའ་དག་ལ་ཉེ་བར་འཚོ་བར་བྱེད་ཅིང༌། གཅིག་ལ་ཇི་ལྟ་བ་བཞིན་དུ་རྡུལ་ཕྲ་རབ་ལུས་པ་མེད་པ་མཐའ་དག་ལ་དེ་ཁོ་ན་བཞིན་བྱེད་དོ[དེ་ནི་བདེ་གཤེགས་སྙིང་པོ་སྟོན་པ་སངས་རྒྱས་ཀྱི་དཔེའོ]། །ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ་[སྟོང་གཞི་དོན་དམ་གཞན་སྟོང་གི་]དེ་བཞིན་གཤེགས་པའི་ཡེ་ཤེས་ཚད་མེད་པའི་ཡེ་ཤེས། སེམས་ཅན་ཐམས་ཅད་ཉེ་བར་འཚོ་བའི་ཡེ་ཤེས་ཀྱང་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་ལ་མ་ཚང་བ་མེད་པར་རྗེས་སུ་ཞུགས་ཏེ། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་དེ་དག་ཀྱང་[སྟོང་གཞི་དོན་དམ་གཞན་སྟོང་གི་]དེ་བཞིན་གཤེགས་པའི་ཡེ་ཤེས་དང་འདྲ་བར་ཚད་མེད་དོ། །དེ་ལྟ་མོད་ཀྱི་འདུ་ཤེས་ཀྱི་འཛིན་པས་བཅིངས་པའི་བྱིས་པ་རྣམས་ཀྱིས་[སྟོང་གཞི་དོན་དམ་གཞན་སྟོང་གི་]དེ་བཞིན་གཤེགས་པའི་ཡེ་ཤེས་མི་ཤེས་རབ་ཏུ་[རང་གཞན་ཀུན་ལ་བཞུགས་པ་]མི་ཤེས་ཤིང༌། ཉམས་སུ་མི་མྱོང་མངོན་དུ་མི་བྱེད་དོ། །དེས་ན་[སྟོང་གཞི་དོན་དམ་གཞན་སྟོང་གི་]དེ་བཞིན་གཤེགས་པའི་ཆགས་པ་མེད་པའི་ཡེ་ཤེས་ཀྱིས་[སྟོང་གཞི་དོན་དམ་གཞན་སྟོང་གི་]དེ་བཞིན་གཤེགས་པའི་ཆོས་ཀྱི་དབྱིངས་[རྣམ་པ་དང་ཡོན་ཏན་མང་པོ་ཅན་རང་བཞིན་འོད་གསལ་བ་]སེམས་ཅན་ཐམས་ཅད་ལ་གནས་པ་རྣམ་པར་གཟུགས་ནས་སློབ་དཔོན་གྱི་འདུ་ཤེས་སུ་གྱུར་ཏེ། ཀྱེ་མ་མ་ལ་སེམས་ཅན་འདི་དག་ནི་[སྟོང་གཞི་དོན་དམ་གཞན་སྟོང་གི་]དེ་བཞིན་གཤེགས་པའི་ཡེ་ཤེས་ཡང་དག་པ་ཇི་ལྟ་བ་བཞིན་མི་ཤེས་པ་དང༌། [སྟོང་གཞི་དོན་དམ་གཞན་སྟོང་གི་]དེ་བཞིན་གཤེགས་པའི་ཡེ་ཤེས་[རང་གཞན་ཀུན་ལ་]རྗེས་སུ་ཞུགས་པ་དག་[ཏུ་མཁྱེན་]སྟེ། གང་ཡང་ངས་སེམས་ཅན་འདི་དག་ལ་[རྡོ་རྗེ་ཕྲ་མོ་དང་འདྲ་བར་རྣམ་རྟོག་གིས་མི་ཕྱེད་པའི་]འཕགས་པའི་ལམ་ཉེ་བར་བསྟན་པས། འདུ་ཤེས་ཀྱིས་བྱས་པའི་འཆིང་བ་མཐའ་དག་བསལ་བར་བྱ་སྟེ། ཇི་ལྟར་[ཀུན་རྫོབ་ཀྱི་སངས་རྒྱས་]རང་ཉིད་[སྔར་སློབ་ལམ་གྱི་གནས་སྐབས་སུ་]འཕགས་པའི་ཡེ་ཤེས་ཀྱི་སྟོབས་བསྐྱེད་པས་འདུ་ཤེས་ཀྱི་མདུད་པ་ཆེན་པོ་བསལ་ནས་[སྟོང་གཞི་དོན་དམ་གཞན་སྟོང་གི་]དེ་བཞིན་གཤེགས་པའི་ཡེ་ཤེས་སོ་སོར་མངོན་པར་ཤེས་ཤིང་[སྐུ་གཉིས་ཐོབ་ནས་]དེ་བཞིན་གཤེགས་པ་[གཞན་]དང་མཉམ་པ་ཉིད་རྗེས་སུ་ཐོབ་པ་[དེ་]བཞིན་དུ་[སེམས་ཅན་]དེ་དག་[ལ་]དེ་བཞིན་གཤེགས་པའི་ལམ་[རྡོ་རྗེ་དང་འདྲ་བ་]བསྟན་པས། འདུ་ཤེས་ཀྱིས་བྱས་པའི་འཆིང་བ་ཐམས་ཅད་ཟློག་པར་བྱེད་དོ། །འདུ་ཤེས་ཀྱི་འཆིང་བ་ཐམས་ཅད་ལོག་པ་དག་ལ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཚད་མེད་པ་དེ་འགྲོ་བ་མཐའ་དག་གི་ཉེ་བར་འཚོ་བར་འགྱུར་རོ། །ཞེས་[གཤིས་ཀྱི་]གནས་ལུགས་ཀྱི་སངས་རྒྱས་ཆོས་སྐུའི་ཡོན་ཏན་དང་རྣམ་པ་ཚད་མེད་པ་དེ་རྣམས་སེམས་ཅན་ཐམས་ཅད་ལ་མ་ཚང་བ་མེད་པར་བཞུགས་པར་གསུངས་ཤིང༌། འཕགས་པ་དཔལ་ཕྲེང་གི་མདོར་ཡང༌། [དོན་དམ་ལས་གུད་དུ་]རྣམ་པར་དབྱེར་མེད་པ་བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཆོས་གང་གཱའི་ཀླུང་གི་བྱེ་མ་ལས་འདས་པ་དང་ལྡན་པ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུར་བསྟན་པ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་འདི་ཉིད་ཉོན་མོངས་པའི་སྦུབས་ལས་མ་གྲོལ་བ་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བགྱིའོ། །ཞེས་ཆོས་སྐུ་བདེ་གཤེགས་སྙིང་པོ་དེ་ཉིད་ཆོས་ཉིད་དང་དབྱེར་མེད་པའྀ་སངས་རྒྱས་ཀྱི་ཡོན་ཏན་གང་གཱའི་ཀླུང་གི་བྱེ་མ་སྙེད་ལས་ཀྱང་འདས་པ་རྣམས་དང་རང་བཞིན་དབྱེར་མེད་དུ་གསུངས་ལ། མྱང་འདས་ཆེན་པོར་ཡང༌། བདེ་གཤེགས་སྙིང་པོ་སངས་རྒྱས་ཀྱི་རང་བཞིན་ནམ་རང་བཞིན་གྱི་སངས་རྒྱས་དེ་ཉིད་[སྟོང་གཞི་དོན་དམ་གཞན་སྟོང་གི་]སྟོབས་དང་མི་འཇིགས་པ་དང་ཏིང་ངེ་འཛིན་ཚད་མེད་པ་ལ་སོགས་པ་ཆོས་སྐུའི་ཡོན་ཏན་ཚད་མེད་པའི་བདག་ཉིད་དུ་གསུངས་ཏེ། ཇི་སྐད་དུ། རིགས་ཀྱྀ་བུ་[སྟོང་གཞི་དོན་དམ་གཞན་སྟོང་གི་]དེ་བཞིན་གཤེགས་པའི་སྟོབས་བཅུ་དང་མི་འཇིགས་པ་བཞི་དང་བྱམས་པ་ཆེན་པོ་དང༌། ཐུགས་རྗེ་ཆེན་པོ་དང༌། དྲན་པ་ཉེ་བར་གཞག་པ་གསུམ་དང༌། དཔའ་བར་འགྲོ་བ་ལ་སོགས་པ་[སྟོང་གཞི་དོན་དམ་གཞན་སྟོང་གི་]ཏིང་ངེ་འཛིན་གྱི་རྣམ་གྲངས་བྱེ་བ་ཕྲག་བརྒྱད་ཁྲི་རྣམས་དང་[སྟོང་གཞི་དོན་དམ་གཞན་སྟོང་གི་]མཚན་སུམ་བཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་བཅུ་དང༌། ཡེ་ཤེས་ཀྱི་ཕྱག་རྒྱ་ལྔ་ལ་སོགས་པ་[སྟོང་གཞི་དོན་དམ་གཞན་སྟོང་གི་]ཏིང་ངེ་འཛིན་གྱི་རྣམ་གྲངས་སུམ་ཁྲི་ལྔ་སྟོང་རྣམས་དང༌། [སྟོང་གཞི་དོན་དམ་གཞན་སྟོང་གི་]རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་སོགས་པ་[སྟོང་གཞི་དོན་དམ་གཞན་སྟོང་གི་]ཏིང་ངེ་འཛིན་གྱི་རྣམ་གྲངས་བཞི་སྟོང་ལྔ་བརྒྱ་རྣམས་དང༌། [སྟོང་གཞི་དོན་དམ་གཞན་སྟོང་གི་]ཐབས་ཀྱི་ཏིང་ངེ་འཛིན་ཚད་མེད་མཐའ་ཡས་པ་རྙེད་དང༌། དེ་ལྟ་བུ་ལ་སོགས་པའི་[སྟོང་གཞི་དོན་དམ་གཞན་སྟོང་གི་]ཆོས་[རང་བཞིན་གྱིས་གྲུབ་པ་གྲངས་མེད་རྣམས་]ནི་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་རང་བཞིན་ཡིན་ནོ། །དེ་ལྟར་[སྟོང་གཞི་དོན་དམ་གཞན་སྟོང་གི་]སངས་རྒྱས་ཀྱི་རང་བཞིན་དེ་ནི་དངོས་པོ་[སྟེ་ཆོས་]རྣམ་པ་བདུན་དང་ལྡན་ཏེ། [སྐད་ཅིག་ལས་འདས་པས་]རྟག་པ་དང་[དེ་བཞིན་ཉིད་བདག་དག་པའི་]བདག་དང་[རང་བཞིན་ལྷན་སྐྱེས་ཀྱི་]བདེ་བ་དང་[རང་བཞིན་གྱིས་]ཡོངས་སུ་དག་པ་དང༌། ཡང་དག་པ[འི་མཐའ་]དང་[དོན་དམ་དུ་]བདེན་པ་དང་[ཡོད་པའི་]དགེ་བ་སྟེ་དེ་ནི་རྣམ་པར་ཕྱེ་ནས་ལན་བཏབ་པ་ཞེས་བྱའོ། །ཞེས་དང༌། རིགས་ཀྱི་བུ་དཔེར་ན་ཟླ་བ་ཚེས་[མ་ཐག་]པ་ནི་མི་མཐོང་མོད་ཀྱི་མེད་ཅེས་བྱར་མི་རུང་ངོ༌། །[སྟོང་གཞི་དོན་དམ་གཞན་སྟོང་གི་]སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲ་སྟེ་བུས་པ་མ་རབས་ཐམས་ཅད་ཀྱྀས་མི་མཐོང་མོད་ཀྱི་དེ་ལ་སངས་རྒྱས་ཀྱི་རང་བཞིན་མེད་ཅེས་བྱར་མི་རུང་ངོ༌། །རིགས་ཀྱི་བུ་སངས་རྒྱས་ཀྱི་རང་བཞིན་ནི་འདྀ་ལྟ་སྟེ། [སྟོང་གཞི་དོན་དམ་གཞན་སྟོང་གི་]སྟོབས་བཅུ་དང་མི་འཇིགས་པ་བཞི་དང་སྙིང་རྗེ་ཆེན་པོ་དང་དྲན་པ་ཉེ་བར་བཞག་པ་གསུམ་སྟེ། སེམས་ཅན་ཐམས་ཅད་ལ་རྣམ་པ་གསུམ་པོ་ཡོད་པ་ཡང་ཉོན་མོངས་པ་ཡོངས་སུ་བཅོམ་ན་གདོད་མཐོང་བར་འགྱུར་རོ། །ལོག་སྲེད་ཅན་དག་ནི་ལོག་སྲེད་ཡོངས་སུ་བཅོམ་ན་གདོད་[སྟོང་གཞི་དོན་དམ་གཞན་སྟོང་གི་]སྟོབས་བཅུ་དང་མི་འཇིགས་པ་བཞི་དང༌། སྙིང་རྗེ་ཆེན་པོ་དང་དྲན་པ་ཉེ་བར་བཞག་པ་གསུམ་ཐོབ་པར་འགྱུར་རོ། །དོན་དེ་ལྟ་བས་ན་ངས་རྟག་ཏུ་སེམས་ཅན་ཐམས་ཅད་ལ་[སྟོང་གཞི་དོན་དམ་གཞན་སྟོང་གི་]སངས་རྒྱས་ཀྱི་རང་བཞིན་ཡོད་དོ། །ཞེས་གསུངས་སོ། །ཞེས་དང༌། [སྟོང་གཞི་དོན་དམ་གཞན་སྟོང་གི་]དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་རང་བཞིན་ནི་[རང་བཞིན་གྱིས་གྲུབ་པའི་སྤངས་རྟོགས་]རྣམ་པ་གཉིས་ཏེ་[རང་བཞིན་གཉུག་མའི་ཡོན་ཏན་རྣམས་]ཡོད་པ་དང་[བཅོས་མ་གློ་བུར་པའི་སྐྱོན་རྣམས་]མེད་པའོ། །དེ་ལ་ཡོད་པ་ནི་འདི་ལྟ་སྟེ། [སྟོང་གཞི་དོན་དམ་གཞན་སྟོང་གི་]མཚན་སུམ་བཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་བཅུ་དང་སྟོབས་བཅུ་དང་མི་འཇིགས་པ་བཞི་དང་དྲན་པ་ཉེ་བར་བཞག་པ་གསུམ་དང༌། བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་དང་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་སོགས་པ་ཏིང་ངེ་འཛིན་ཚད་མེད་པ་སྙེད་དང་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་སོགས་པ་ཏིང་ངེ་འཛིན་ཚད་མེད་པ་སྙེད་དང་ཐབས་མཁས་པ་ལ་སོགས་པའི་ཏིང་ངེ་འཛིན་ཚད་མེད་པ་སྙེད་དང༌། ཡེ་ཤེས་ལྔ་ལ་སོགས་པའི་ཏིང་ངེ་འཛིན་ཚད་མེད་པ་སྙེད་ནི་ཡོད་པ་ཞེས་བྱའོ། །དེ་ལ་མེད་པ་ནི་འདི་ལྟ་སྟེ། དེ་བཞིན་གཤེགས་པའི་འདས་པའི་དགེ་བ་རྣམས་དང་མི་དགེ་བ་དང་ལུང་དུ་མི་སྟོན་པ་དང་ལས་དང་རྒྱུ་དང་འབྲས་བུ་དང་རྣམ་པར་སྨིན་པ་དང་ཉོན་མོངས་པ་དང་ཕུང་པོ་ལྔ་དང་རྟེན་ཅིང་འབྲེལ་ཏེ་བྱུང་བ་བཅུ་གཉིས་ནི་མེད་པ་ཞེས་བྱའོ། །ཞེས་པ་ལ་སོགས་པས་གང་ཞིག་གང་ན་མེད་པ་དེ་དེས་སྟོང་པ་དང༌། དེ་ལ་ལྷག་མ་གང་ཡིན་པ་དེ་རྟག་ཏུ་ཡོད་པའི་ཚུལ་རྒྱས་པར་གསུངས་ཤིང༌། དེ་ཉིད་རང་བཞིན་གྱིས་གྲུབ་པའི་སྤངས་[པ་དང་]རྟོགས་[པའི་ཁྱད་པར་]དང༌། མེད་དགག་[དང་]མ་ཡིན་དགག་གི་ཁྱད་པར་དང༌། མེད་ཙམ་དང་མེད་པའི་གཞིའི་ཁྱད་པར་དང་རྣམ་གཅོད་དང་ཡོངས་གཅོད་ཀྱི་ཁྱད་པར་དང༌། སྟོང་ཞིང་དབེན་ལ་སྤྲོས་པ་དང་བྲལ་བ་ཙམ་དང༌། དེ་རྣམས་ཀྱི་གཞིའི་ཁྱད་པར་ལ་སོགས་པར་ཡང་དོན་ལ་གནས་པས། དོན་ལ་རྟོན་པའི་མན་ངག་ལ་བརྟེན་ནས་ཤིན་ཏུ་ཟབ་ཅིང་རྟོགས་དཀའ་ལ་ཕྲ་བའི་གནས་གལ་པོ་ཆེ་འདི་དག་ཚུལ་བཞིན་དུ་[ངེས་པར་]རྟོགས་དགོས་སོ། །རྗེ་བཙུན་མ་ཕམ་པའི་ཞལ་སྔ་ནས་ཀྱང༌། [རང་བཞིན་]འོད་གསལ་[བ་ནི་རྒྱུ་རྐྱེན་གང་གིས་ཀྱང་]བྱས་[པ་]མིན་[ལ་དེ་དང་]དབྱེར་མེད་པར། །འཇུག་[པ་]ཅན་གང་གཱའི་ཀླུང་གི་ནི། །རྡུལ་ལས་འདས་པའི་[སྟོང་གཞི་དོན་དམ་གཞན་སྟོང་གི་]སངས་རྒྱས་ཀྱི། །ཆོས་རྣམས་ཀུན་དང་ལྡན་པ་ཉིད། །ཅེས་པ་ལ་སོགས་པས་བདེ་གཤེགས་སྙིང་པོ་རང་བཞིན་འོད་གསལ་འདུས་མ་བྱས་པའི་དབྱིངས་དེ་ཉིད་མི་འབྲལ་བའི་སངས་རྒྱས་ཀྱི་ཆོས་གང་གཱའི་ཀླུང་གི་རྡུལ་སྙེད་ལས་འདས་པ་རྣམས་དབྱེར་མེད་དུ་ལྡན་པར་གསུངས་ལ། དེ་བཞིན་དུ། འཕགས་པ་སོར་མོའི་ཕྲེང་བ་ལ་ཕན་པ་ཨུ་དུམ་ཝཱ་རའི་མེ་ཏོག་ལྟར་དཀོན་པའི་མདོར་ཡང༌། སྐྱེ་འགག་ལ་སོགས་པ་སྐྱོན་གྱི་ཆ་རྣམས་རང་བཞིན་གྱིས་མེད་པ་དང༌། ཆོས་ཉིད་ཀྱི་མཚན་དཔེ་མཐའ་ཡས་པ་ལ་སོགས་པ་རང་བཞིན་གྱིས་གྲུབ་པའི་ཡོན་ཏན་མང་པོ་ཅན་སངས་རྒྱས་ཀྱི་དབྱིངས་སམ་དབྱིངས་ཀྱི་སངས་རྒྱས་དེ་ཉིད་སེམས་ཅན་ཐམས་ཅད་ལ་ཡོད་པར་གསུངས་ཏེ། ཇི་སྐད་དུ། སངས་རྒྱས་ཐམས་ཅད་ཀྱིས་ཀུན་ཏུ་ནན་ཏན་དུ་བཙལ་ཡང་དེ་བཞིན་གཤེགས་པའི་སྙིང་པོ་སྐྱེས་པ་མ་བརྙེས་ཏེ། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་དབྱིངས་མ་སྐྱེས་པ་མཚན་དང་དཔེ་བྱད་བཟང་པོ་མཐའ་ཡས་པས་བརྒྱན་པའི་དབྱིངས་ཡོད་དོ། །སངས་རྒྱས་ཐམས་ཅད་ཀྱིས་ཤིན་ཏུ་ནན་ཏན་དུ་བདག་ཉིད་ཀྱིས་བཙལ་ཡང་དབྱིངས་བྱུང་བ་མ་བརྙེས་ཏེ། སེམས་ཅན་ཐམས་ཅད་ལ་མ་བྱུང་བའི་དབྱིངས་སངས་རྒྱས་ཀྱི་དབྱིངས་མཚན་དང་དཔེ་བྱད་བཟང་པོ་མཐའ་ཡས་པས་བརྒྱན་པའི་དབྱིངས་ཡོད་དོ། །སངས་རྒྱས་ཐམས་ཅད་ཀྱིས་ཤིན་ཏུ་ནན་ཏན་དུ་བདག་ཉིད་ཀྱིས་བཙལ་ཡང་དབྱིངས་མི་རྟག་པ་མ་བརྙེས་ཏེ་སེམས་ཅན་ཐམས་ཅད་ལ་རྟག་པའི་དབྱིངས་སངས་རྒྱས་ཀྱི་དབྱིངས་མཚན་དང་དཔེ་བྱད་བཟང་པོ་མཐའ་ཡས་པས་བརྒྱན་པའི་དབྱིངས་ཡོད་དོ། །སངས་རྒྱས་ཐམས་ཅད་ཀྱིས་ཤིན་ཏུ་ནན་ཏན་དུ་བཙལ་ཡང་དེ་བཞིན་གཤེགས་པའི་སྙིང་པོ་ཐེར་ཟུག་མ་ཡིན་པ་མ་བརྙེས་ཏེ་སེམས་ཅན་ཐམས་ཅད་ལ་ཐེར་ཟུག་གི་དབྱིངས་སངས་རྒྱས་ཀྱི་དབྱིངས་མཚན་དང་དཔེ་བྱད་བཟང་པོ་མཐའ་ཡས་པས་བརྒྱན་པའི་དབྱིངས་ཡོད་དོ། །སངས་རྒྱས་ཐམས་ཅད་ཀྱིས་ཤིན་ཏུ་ནན་ཏན་ཏུ་བཙལ་ཡང༌། དེ་བཞིན་གཤེགས་པའི་སྙིང་པོ་གཡུང་དྲུང་མ་ཡིན་པ་མ་བརྙེས་ཏེ་སེམས་ཅན་ཐམས་ཅད་ལ་གཡུང་དྲུང་གི་དབྱིངས་སངས་རྒྱས་ཀྱི་དབྱིངས་མཚན་དང་དཔེ་བྱད་བཟང་པོ་མཐའ་ཡས་པས་བརྒྱན་པའི་དབྱིངས་ཡོད་དོ། །སངས་རྒྱས་ཐམས་ཅད་ཀྱིས་ཤིན་ཏུ་ནན་ཏན་ཏུ་བཙལ་ཡང་དེ་བཞིན་གཤེགས་པའི་སྙིང་པོ་ལ་ནད་མ་བརྙེས་ཏེ་སེམས་ཅན་ཐམས་ཅད་ལ་ནད་མེད་པའི་དབྱིངས་མཚན་དང་དཔེ་བྱད་བཟང་པོ་མཐའ་ཡས་པས་བརྒྱན་པའི་དབྱིངས་ཡོད་དོ། །སངས་རྒྱས་ཐམས་ཅད་ཀྱིས་ཤིན་ཏུ་ནན་ཏན་ཏུ་བཙལ་ཡང་དེ་བཞིན་གཤེགས་པའི་སྙིང་པོ་ལ་རྒ་ཤི་མ་བརྙེས་ཏེ། སེམས་ཅན་ཐམས་ཅད་ལ་རྒ་ཤི་མེད་པའི་དབྱིངས་སངས་རྒྱས་ཀྱི་དབྱིངས་མཚན་དང་དཔེ་བྱད་བཟང་པོ་མཐའ་ཡས་པས་བརྒྱན་པའི་དབྱིངས་ཡོད་དོ། །སངས་རྒྱས་ཐམས་ཅད་ཀྱིས་ཤིན་ཏུ་ནན་ཏན་ཏུ་བཙལ་ཡང་དེ་བཞིན་གཤེགས་པའི་སྙིང་པོ་འཇིག་པ་མ་བརྙེས་ཏེ་མི་འཇིག་པའི་དབྱིངས་སངས་རྒྱས་ཀྱི་དབྱིངས་སེམས་ཅན་ཐམས་ཅད་ལ་མཚན་དང་དཔེ་བྱད་བཟང་པོ་མཐའ་ཡས་པས་བརྒྱན་པའི་དབྱིངས་ཡོད་དོ། །སངས་རྒྱས་ཐམས་ཅན་ཀྱིས་ཤིན་ཏུ་ནན་ཏན་ཏུ་བཙལ་ཡང་དེ་བཞིན་གཤེགས་པའི་སྙིང་པོ་གཞིག་ཏུ་རུང་བ་མ་བརྙེས་ཏེ་མི་ཤིགས་པའི་དབྱིངས། སངས་རྒྱས་ཀྱི་དབྱིངས་སེམས་ཅན་ཐམས་ཅད་ལ་མཚན་དང་དཔེ་བྱད་བཟང་པོ་མཐའ་ཡས་པས་བརྒྱན་པའི་དབྱིངས་ཡོད་དོ། །སངས་རྒྱས་ཐམས་ཅད་ཀྱིས་ཤིན་ཏུ་ནན་ཏན་ཏུ་བཙལ་ཡང་དེ་བཞིན་གཤེགས་པའི་སྙིང་པོ་ལ་དྲི་མ་མ་བརྙེས་ཏེ། སེམས་ཅན་ཐམས་ཅད་ལ་དྲི་མ་མེད་པའི་དབྱིངས་སངས་རྒྱས་ཀྱི་དབྱིངས་མཚན་དང་དཔེ་བྱད་བཟང་པོ་མཐའ་ཡས་པས་བརྒྱན་པའི་དབྱིངས་ཡོད་དེ། དཔེར་ན་ཆུ་དང་འབྲུ་མར་བསྲེས་པ་[ཐ་དད་དུ་]མི་དམིགས་པ་དེ་བཞིན་དུ། སངས་རྒྱས་ཀྱི་དབྱིངས་ཀྱང་ཉོན་མོངས་པ་བྱེ་བས་གཡོགས་མོད་ཀྱི་ཉོན་མོངས་པ་དང་སངས་རྒྱས་ཀྱི་དབྱིངས་འདྲེས་པར་གྱུར་པའི་གནས་མེད་དོ། །དབྱིངས་ཀྱང་ཉོན་མོངས་པ་བྱེ་བའི་ནང་ན་འདུག་མོད་ཀྱི། བུམ་པའི་ནང་ན་མར་མེ་འདུག་པ་བཞིན་དུ། བུམ་པ་བཅག་ན་མར་མེ་རབ་ཏུ་འབར་ཞིང་མཛེས་ཏེ། དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པར་བྱེད་པ་ནི་རྫོགས་པའི་སངས་རྒྱས་སོ། །ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་ཏེ། འདིར་མཚན་དང་དཔེ་བྱད་རྣམས་ལ་ཡང་བདེན་གཉིས་རྣམ་དབྱེ་ཤེས་ན་ཐུབ་པའི་བཀའ་ལ་མི་རྨོངས་པར་འགྱུར་རོ། །དེ་ཡང་བདེ་གཤེགས་སྙིང་པོ་ཆོས་ཀྱི་དབྱིངས་ཉིད་ལ་རང་བཞིན་གྱིས་ཚང་བར་གསུངས་པའི་མཚན་དང་དཔེ་བྱད་རྣམས་ནི་དོན་དམ་ཆོས་སྐུའི་ཡོན་ཏན་ཡིན་གྱི། ཀུན་རྫོབ་གཟུགས་སྐུའི་ནི་མ་ཡིན་ཏེ། སུམ་བཅུ་རྩ་གཉིས་མཚན་འཆང་བ། །ཞེས་པ་ལ་སོགས་པ་རྒྱུད་སྡེ་ཟབ་མོ་རྣམས་སུ་[ངེས་དོན་]མཐར་ཐུག་གི་མཚན་དང་དཔེ་བྱད་གསུངས་པ་རྣམས་ཀྱང་དེ་ཁོ་ན་བཞིན་དུ་བླ་མ་དམ་པའི་མན་ངག་[ཁྱད་འཕགས་བསྒོམས་པ་]ལས་ཁོང་དུ་ཆུད་པར་བྱ་བ་ཡིན་པས་རྟོག་གེའི་སྤྱོད་ཡུལ་ནི་མ་ཡིན་ནོ། །དབུ་མ་པ་ཆེན་པོ་འཕགས་པ་ཐོགས་མེད་ཀྱི་ཞལ་སྔ་ནས་ཀྱང༌། [རྒྱུད་བླའི་འགྲེལ་པར།]དེ་ཡོངས་སུ་དག་པའི་ཡོན་ཏན་ཡོངས་སུ་སྦྱོང་བ[འི་ཐབས་བྱང་ཆུབ་སེམས་དཔའི་རྒྱན་བཞི། སྣང་བ་བརྒྱད། སྙིང་རྗེ་བཅུ་དྲུག །འཕྲིན་ལས་སུམ་ཅུ་རྩ་གཉིས་ཏེ་]རྣམ་པ་དྲུག་བཅུ་[གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོར་]བསྟན་པས་སངས་རྒྱས་ཀྱི་དབྱིངས་[ཡོན་ཏན་མང་པོ་ཅན་]གསལ་བར་མཛད་དེ། ཡོངས་སུ་དག་པར་བྱ་བའི་དོན་ཡོན་ཏན་[མང་པོ་]དང་ལྡན་པ་དེ་ཡོད་ན་དེ་ཡོངས་སུ་དག་པའི་ཡོངས་སུ་སྦྱོང་བ་འཐད་[ཀྱི་དེ་མེད་ན། དེ་སྟོན་པ་མི་འཐད་]པའི་ཕྱིར་རོ། །ཞེས་གསུངས་ཏེ། སྦྱོང་བྱེད་གཉེན་པོ་གསུངས་པ་ཉིད་ཀྱིས་ཀྱང་སྦྱང་གཞི་བདེ་གཤེགས་སྙིང་པོ་ཡོན་ཏན་མང་པོ་ཅན་གསུངས་པར་བསྟན་པའི་ཕྱིར་བདེ་གཤེགས་སྙིང་པོ་དངོས་སུ་མི་སྟོན་ཡང༌། སྦྱོང་བྱེད་གཉེན་པོ་སྟོན་པའི་གསུང་རབ་ཐམས་ཅད་ལས་ཀྱང༌། སྦྱང་གཞི་བདེ་གཤེགས་སྙིང་པོ་དོན་གྱིས་བསྟན་པར་འགྱུར་རོ། །ཞེས་ཉེ་བར་དགོངས་སོ། །དེ་ལྟ་བས་ན། ཀུན་རྫོབ་བདེན་པ་ལ་ཀུན་རྫོབ་ཀྱི་ཡོན་ཏན་རྣམས་ཡོད་པ་ཇི་ལྟ་བ་དེ་བཞིན་དུ། དོན་དམ་བདེན་པ་ལ་ཡང་དོན་དམ་གྱི་ཡོན་ཏན་རྣམས་ཡོད་ཅིང༌། དེ་རྣམས་ཀྱང་དོན་དམ་བདེན་པ་དང་དབྱེར་མེད་པའི་ཕྱིར་མི་འབྲལ་བའི་ཡོན་ཏན་གང་གཱའི་ཀླུང་གི་བྱེ་མ་སྙེད་ལས་འདས་པ་དང་ལྡན་པ་ཞེས་ཡང་དང་ཡང་དུ་གསུངས་པའི་དགོངས་པ་ཆེན་པོའི་དོན་ལ་མཁས་པར་བྱའོ། །[དེ་ལས་གཞན་དུ་ནི་བདེ་གཤེགས་སྙིང་པོ་བློར་ཤོང་ཙམ་བྱུང་ཡང་དེ་ལ་ཆོས་སྐུའི་ཡོན་ཏན་ཚང་བ་བློར་མི་ཤོང་ན་ལུང་གསལ་པོ་དེ་རྣམས་དང་འགལ་ཞིང་འཆད་འགྱུར་མང་པོ་དང་ཡང་འགལ་བར་འགྱུར་རོ།།]

དོན་དེ་ཉིད་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱང་བཞེད་པར་བསྟན་པ།

གལ་ཏེ་གཞན་དག་བདེ་གཤེགས་སྙིང་པོ་ངེས་དོན་དུ་འདོད་ཀྱང་དབུ་མ་པའི་ལུགས་ལ་མི་འདོད་དོ་ཞེ་ན། འཕགས་པ་ཀླུ་སྒྲུབ་ཞབས་ཀྱི་ཞལ་སྔ་ནས་ནི་བཞེད་དེ། ཇི་སྐད་དུ། ཆོས་ཀྱི་དབྱིངས་ལ་བསྟོད་པར། གང་ཞིག་ཀུན་ཏུ་མ་ཤེས་ན། །སྲིད་པ་གསུམ་དུ་རྣམ་འཁོར་བ། །སེམས་ཅན་ཀུན་ལ་ངེས་གནས་པ། །ཆོས་ཀྱི་དབྱིངས་[དོན་དམ་གཞན་སྟོང་]ལ་ཕྱག་འཚལ་འདུད། །གང་ཞིག་[གློ་བུར་དྲི་མས་བསྒྲིབས་ན་]འཁོར་བའི་རྒྱུར་གྱུར་པ། །དེ་ཉིད་སྦྱང་བ་བྱས་པ་ལས། །དག་པ་[གཉིས་ལྡན་]དེ་ཉིད་མྱ་ངན་འདས[པ་ཐོབ་པ་ཡིན་ལ]། །ཆོས་ཀྱི་སྐུ་[ཐོབ་པ་]ཡང་དེ་ཉིད་དོ། །ཇི་ལྟར་འོ་མ་དང་འདྲེས་པས། །མར་གྱི་སྙིང་པོ་མི་སྣང་བ། །དེ་བཞིན་ཉོན་མོངས་དང་འདྲེས་པས། །ཆོས་ཀྱི་དབྱིངས་ཀྱང་མི་མཐོང་ངོ༌། །ཇི་ལྟར་འོ་མ་རྣམ་སྦྱངས་པས། །མར་གྱི་སྙིང་པོ་དྲི་མེད་འགྱུར། །དེ་བཞིན་ཉོན་མོངས་རྣམ་སྦྱངས་པས། །ཆོས་དབྱིངས་ཤིན་ཏུ་དྲི་མེད་[མངོན་དུ་]འགྱུར། །ཇི་ལྟར་མར་མེ་བུམ་ནང་གནས། །ཅུང་ཞིག་སྣང་བར་མི་འགྱུར་བ། །དེ་བཞིན་ཉོན་མོངས་བུམ་ནང་གནས། །ཆོས་ཀྱི་དབྱིངས་ཀྱང་མི་མཐོང་ངོ༌། །ཕྱོགས་ནི་གང་དང་གང་དག་ནས། །བུམ་པ་བུ་ག་བཏོད་གྱུར་པ། །དེ་དང་དེ་ཡི་ཕྱོགས་ཉིད་ནས། །འོད་ཀྱི་རང་བཞིན་འབྱུང་བར་འགྱུར། །གང་ཚེ་ཏིང་འཛིན་རྡོ་རྗེ་ཡིས། །[རྣམ་རྟོག་གི་]བུམ་པ་དེ་ནི་བཅག་གྱུར་ན། །དེ་ཚེ་[འོད་གསལ་ཆོས་ཀྱི་དབྱིངས་]དེ་ནི་ནམ་མཁའ་ཡི། །མཐར་ཐུག་བར་དུ་སྣང་བར་བྱེད།།[དེ་ལྟར་ཡེ་ཤེས་ལ་སྣང་བ་]ཆོས་ཀྱི་དབྱིངས་ནི་[ནམ་ཡང་]སྐྱེ་མ་ཡིན། །ནམ་ཡང་འགག་པར་འགྱུར་བ་མེད། །དུས་རྣམས་ཀུན་ཏུ་ཉོན་མོངས་མེད། །ཐོག་མ་བར་མཐའ་དྲི་མ་བྲལ[ཏེ་འགོག་བདེན་རང་བཞིན་པ་ཡིན་པའི་ཕྱིར་རོ]། །ཇི་ལྟར་རིན་ཆེན་བཻཌཱུརྻ། །དུས་རྣམས་ཀུན་ཏུ་འོད་གསལ་ཡང༌། །[ས་]རྡོ་ཡི་ནང་ན་གནས་གྱུར་ན། །དེ་ཡི་འོད་ནི་གསལ་མ་ཡིན། །དེ་བཞིན་ཉོན་མོངས་ཀྱིས་བསྒྲིབས་པའི། །[འོད་གསལ་]ཆོས་དབྱིངས་ཤིན་ཏུ་དྲི་[མ་རང་བཞིན་གྱིས་]མེད་པའང༌། །འཁོར་བར་འོད་ནི་གསལ་མ་ཡིན[ཏེ་བསྒྲིབས་ཀྱི་བར་ལ་མི་མཐོང་]། །མྱ་ངན་འདས་ན་[གདོད་ནས་རྟག་ཏུ་བཞུགས་པའི་]འོད་གསལ་[དེ་མངོན་དུ་]འགྱུར། །ཞེས་དང༌། དྲི་མེད་ཉི་མ་ཟླ་བ་ཡང༌། །སྤྲིན་དང་ཁུག་རྣ་དུ་བ་དང༌། །སྒྲ་གཅན་གདོང་དང་རྡུལ་ལ་སོགས། །སྒྲིབ་པ་ལྔ་ཡིས་བསྒྲིབས་པར་གྱུར། །དེ་བཞིན་འོད་གསལ་བ་ཡི་སེམས། །འདོད་དང་གནོད་སེམས་ལེ་ལོ་དང༌། །རྒོད་པ་དང་ནི་ཐེ་ཚོམ་སྟེ། །སྒྲིབ་པ་ལྔ་ཡིས་བསྒྲིབས་པར་གྱུར། །ཇི་ལྟར་མེ་ཡིས་དག་པ[རྡོ་ཏྲེག་སྐུད་པ]འི་གོས། །སྣ་ཚོགས་དྲི་མས་དྲི་མ་ཅན[དུ་གྱུར་པ]། །ཇི་ལྟར་མེ་ཡི་ནང་བཅུག་ན། །དྲི་མ་ཚིག་[པར་]འགྱུར་[གྱི་]གོས་[ཚིག་པ་]མིན་[པ་]ལྟར། །དེ་བཞིན་འོད་གསལ་བ་ཡི་སེམས། །འདོད་ཆགས་ལ་སོགས་དྲི་མ་ཅན[དུ་གྱུར་ན་ལམ་གྱི]། །ཡེ་ཤེས་མེ་ཡིས་དྲི་མ་བསྲེག །དེ་ཉིད་འོད་གསལ་[སྲེག་པ་]མ་ཡིན་ནོ། །སྟོང་པ་ཉིད་ནི་སྟོན་པའི་མདོ། །རྒྱལ་བས་ཇི་སྙེད་གསུངས་པ་གང༌། །དེ་དག་[གི་དོན་བསྒོམས་པས་]ཀུན་གྱིས་ཉོན་མོངས་ལྡོག །ཁམས་[ཞེས་པ་དབྱིངས་རང་བཞིན་འོད་གསལ་]དེ་ཉམས་པར་བྱེད་མ་ཡིན། །ས་ཡི་དཀྱིལ་ན་ཡོད་པའི་ཆུ། །དྲི་མ་མེད་པར་གནས་པ་ལྟར། །ཉོན་མོངས་ནང་ན་[དོན་དམ་གྱི་དབྱིངས་རིག་དབྱེར་མེད་རང་བྱུང་]ཡེ་ཤེས་ཀྱང༌། །དེ་བཞིན་དྲི་མ་[གདོད་ནས་]མེད་པར་གནས། །ཞེས་དང༌། ཇི་ལྟར་སྦྲུམ་མའི་ལྟོ་ན་བུ། །ཡོད་ཀྱང་མཐོང་བ་མ་ཡིན་པ། །དེ་བཞིན་ཉོན་མོངས་ཀྱིས་གཡོགས་པའི། །ཆོས་ཀྱི་དབྱིངས་ཀྱང་མཐོང་མ་ཡིན། ཞེས་དང༌། ཇི་ལྟར་སོ་ཀའི་དུས་སུ་ཆུ། །དྲོ་འོ་ཞེས་ནི་རྗོད་པར་བྱེད། །དེ་ཉིད་གྲང་བའི་དུས་སུ་ནི། །གྲང་ངོ་ཞེས་པ་ནི་བརྗོད་པ་ཡིན། །ཉོན་མོངས་དྲ་བས་གཡོགས་པ[འི་ཆོས་དབྱིངས་]ལ། །སེམས་ཅན་ཞེས་ནི་བརྗོད་པ་སྟེ། །[ཆོས་དབྱིངས་]དེ་ཉིད་ཉོན་མོངས་[གློ་བུར་པ་དང་]བྲལ་གྱུར་ན། །སངས་རྒྱས་[ཐོབ་པ་]ཞེས་ནི་རྗོད་པར་བྱེད། །ཅེས་པ་ལ་སོགས་པས། ཆོས་ཀྱི་དབྱིངས་དང༌། ཆོས་ཀྱི་སྐུ་དང་རང་བཞིན་འོད་གསལ་བའི་སེམས་དང༌། རང་བྱུང་གི་ཡེ་ཤེས་ལ་སོགས་པ་དོན་གཅིག་པའི་བདེ་གཤེགས་སྙིང་པོ་དཔེ་དུ་མའི་སྒོ་ནས་རྒྱས་པར་གསུངས་ཤིང༌། དེ་ཉིད་སངས་རྒྱས་ཀུན་གྱི་གནས་སུ་ཡང་སློབ་དཔོན་[འཕགས་པ་ཀླུ་སྒྲུབ་]འདིས་གསུངས་པ། [རང་བཞིན་འོད་གསལ་]འདི་ནི་དོན་དམ་བདེན་པ་སྟེ། །[དེ་རྣམ་ཤེས་ལ་]སྣང་བ་མེད་ཅིང་[དེ་ལའང་ཁམས་གསུམ་གྱི་དངོས་པོའི་སྣང་བ་མེད་ལ་]མཚན་མ་མེད[པའི་གཞི]། །དོན་དམ་བདེན་པ་ཞེས་བྱ་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཞེས་དང༌། འདིའི་རྣམ་གྲངས་གཞན་ཡང་གསུངས་པ། [རྣམ་དག་ཆོས་ཉིད་ཀྱི་]རྣམ་ཤེས་དང་[ཀྱང་]ནི་[རང་བཞིན་]འོད་གསལ་དང༌། །[རང་བཞིན་གྱིས་]མྱ་ངན་[ལས་]འདས་[པ་]དང་[ཆོས་]ཀུན་[གྱིས་]སྟོང་[པའི་གཞི་]དང༌། །ཆོས་ཀྱི་སྐུར་ཡང་བཤད་པ་ཡིན། །ཞེས་[འཕགས་པས་གསུངས་པ་]སློབ་དཔོན་བྷ་བྱ་[ལེགས་ལྡན་བྱེད་པ་]ཡིས་དབུ་མ་རིན་ཆེན་སྒྲོན་མར་དྲངས་སོ། །སྐབས་འདིའི་རྣམ་ཤེས་ནི། ཆོས་ཉིད་ཀྱི་རྣམ་ཤེས་དང་རྣམ་ཤེས་རྣམ་པར་དག་པ་[དང་ཁམས་གསུམ་དང་དུས་གསུམ་ལས་འདས་པའི་རྣམ་ཤེས་]ལ་དགོངས་པ་ཡིན་ཏེ། འོད་གསལ་ཆོས་སྐུའི་རྣམ་གྲངས་སུ་གསུངས་པའི་ཕྱིར་རོ། །འཕགས་པ་ལྷའི་ཞལ་སྔ་ནས་ཀྱང་[བདེ་གཤེགས་སྙིང་པོ་དཔེ་ངེས་དོན་དུ་]བཞེད་དེ། སྤྱོད་བསྡུས་སྒྲོན་མར། [སྟོང་གཞི་]དོན་དམ་པའི་བདེན་པ་ནི་ལུས་མེད་[ལུས་ཏེ་ལུས་ཀྱི་མཆོག་ཡིན་]པ། [འགལ་འདུས་སྐྱོན་མེད་ཡིན་པས་]དཔེ་མེད་པ། [འདུས་མ་བྱས་ཡིན་པས་]རྩོམ་པ་ཐམས་ཅད་དང་བྲལ་བ། སོ་སོ་རང་གི་རིག་པ་[ཡེ་ཤེས་ཀྱི་སྤྱོད་ཡུལ་]སྟེ། དེ་བས་ན་བླ་མའི་ཁ་ནས་བསྟན་པ[འི་དོན་བསྒོམས་པ་]མེད་པར་ཤེས་པར་མི་འགྱུར་རོ། །ཇི་སྐད་དུ་གསུངས་པའི་ཚིག་ལས་ཀྱང༌། ཇི་ལྟར་མར་མེ་བུམ་ནང་གནས། །ཕྱི་རོལ་དུ་ནི་སྣང་མི་འགྱུར། །བུམ་པ་དེ་ཉིད་བཅག་གྱུར་ན། །དེ་འོག་མར་མེའི་འོད་སྣང་འགྱུར། །དེ་བཞིན་བུམ་པ་[དང་འདྲ་བ་]རང་ལུས་[ཕུང་པོ་ལྔ་རྣམས་]ཉིད[ཡིན་ལ]། །དེ་[ཁོ་ན་]ཉིད་[དོན་དམ་ནི་]མར་མེ་ལྟ་བུ་ཉིད[ཡིན་པས]། །བླ་མའི་ཁ་ཡིས་[ཏེ་ཞལ་གྱི་གདམས་པ་བསྒོམས་པས་]ལེགས་བཅག་ན། །སངས་རྒྱས་ཡེ་ཤེས་[གདོད་ནས་བཞུགས་པ་དེ་]གསལ་བར་[མངོན་དུ་]འགྱུར། །ནམ་མཁའ་[གཞན་སྟོང་ཆེན་]ལས་ནི་[བདེ་ཆེན་གྱི་]ནམ་མཁའ་འབྱུང་[བ]། ། ནམ་མཁས་[དོན་དམ་གྱི་]ནམ་མཁའ་མཐོང་གྱུར་པ[དབྱིངས་རིག་དབྱེར་མེད་པ]འི། །དེ་ཉིད་[ནི་]བླ་མའི་ཁ་ཉིད་ལས། །སྦྱོར་བ་[སྟེ་རྡོ་རྗེའི་རྣལ་འབྱོར་]ལེགས་པར་སྟོན་[ཅིང་དེ་བསྒོམས་པས་མཐོང་]པ་ཡིན། ཞེས་པ་ལ་སོགས་པའོ། །གལ་ཏེ་སློབ་དཔོན་ཟླ་བ་གྲགས་པས་དབུ་མ་ལ་འཇུག་པར། དེ་བཞིན་གཤེགས་པའི་སྙིང་པོ་ངེས་དོན་ཡིན་པ་བཀག་པ་མ་ཡིན་ནམ་ཞེ་ན། གསང་འདུས་ཀྱི་འགྲེལ་པ་སྒྲོན་གསལ་དུ་ནི་གསལ་པར་བསྟན་ཏེ། ཇི་སྐད་དུ། ཡི་གེ་ཨོཾ་ནི་དེ་བཞིན་གཤེགས་པའི་སྙིང་པོ་[ཅན་]སྟེ། དེས་རྣལ་འབྱོར་པའི་མི་ཕྱེད་པའི་ལུས་བསྐྱེད་པས་ན། རྡོ་རྗེའི་སྐུ་ནི་ཐོབ་བྱེད་པའོ། །ཞེས་དང༌། རྒྱལ་བ་ཀུན་གྱི་གནས་ནི་སེམས་ཅན་ཐམས་ཅད་དེ་དེ་བཞིན་གཤེགས་པའི་སྙིང་པོ་[ཅན་]ཡིན་པའི་ཕྱིར་རོ། །ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ། །དབུ་མ་ལ་འཇུག་པར་ཡང༌། སངས་རྒྱས་རྣམས་ནི་བྱུང་བའམ། །མ་བྱུང་ཡང་རུང་དངོས་སུ་ན། །དངོས་པོ་ཀུན་གྱི་[ཆོས་ཉིད་]སྟོང་པ་ཉིད[ནི]། །གཞན་གྱི་དངོས་པོར་རབ་ཏུ་བསྒྲགས། །[དེ་ནི་]ཡང་དག་མཐའ་དང་དེ་བཞིན་ཉིད[ཡིན་ཏེ]། །དེ་[ནི་ཀུན་རྫོབ་འདི་ལས་]གཞན་[གྱི་]དངོས་པོ[སྟེ་ངོ་བོ་དོན་དམ་པ]འི་སྟོང་ཉིད་དོ། །[ཀུན་རྫོབ་འདི་ལས་]གཞན་གྱི་དངོས་པོ་[སྟེ་ངོ་བོ་]ནི་[ཕ་རོལ་ལམ་]མཆོག་ཏུ་བྱུང་བའི་དེ་ཁོ་ན་ཉིད་དོ། །དེའི་མཆོག་ཏུ་བྱུང་བ་[དོན་དམ་པའི་བདེན་པ་]ཉིད་ནི་རྟག་ཏུ་ཡོད་པ་ཉིད་དོ། །ཞེས་པ་ཡང་བྱུང་བས་ནང་འགལ་གསུང་བ་ཡིན་ནམ་ཅི་ཞེས་དཔྱད་པར་རིགས་ཏེ། སྔར་མཚན་ཉིད་པའི་དུས་ན་[མུ་སྟེགས་པས་བརྟགས་པའི་བདག་དང༌། བདེ་གཤེགས་སྙིང་པོ་འདྲ་སྙམ་པ་]དེ་འདྲའི་ཐུགས་རྟོག་སྐྱེས་ཀྱང༌། ཕྱིས་གསང་སྔགས་ཟབ་མོ་ལ་ཞུགས་པས་ཐུགས་སྐྱེད་ཐོན་ནས་གྲུབ་མཐའ་འགྱུར་བ་ཡིན་ནམ་སྙམ་དུ་ཡང་སེམས་སོ། །

ལུང་ལ་མི་མཁས་པས་བརྟགས་པའི་ལྟ་ངན་སྤང་བར་གདམས་པ་ལ་བཅུ་གཅིག །དགོས་པ་བསྟན་པས་དྲང་དོན་དུ་འཁྲུལ་བའི་སྡིག་ལྟ་སྤངས་པ་ལ་གཉིས། རྒྱུད་བླ་མར་དགོས་པ་བསྟན་པ་ལས་དྲང་དོན་དུ་འཁྲུལ་བའི་སྡིག་ལྟ་སྤང་བ།

གལ་ཏེ་རྒྱུད་བླ་མར། སྤྲིན་དང་རྨི་ལམ་རྒྱུ་བཞིན་[འཁོར་ལོ་བར་པ་]དེ་དང་དེར། །ཤེས་བྱ་ཐམས་ཅད་རྣམ་ཀུན་སྟོང་པ་ཞེས། །གསུངས་ནས་ཡང་[འཁོར་ལོ་ཐ་མ་]འདིར་རྒྱལ་[བ་]རྣམས་སེམས་ཅན་ལ། །སངས་རྒྱས་སྙིང་པོ་ཡོད་ཅེས་ཅི་སྟེ་གསུང་[སྙམ་ན]། །སེམས་ཞུམ་སེམས་ཅན་དམན་ལ་བརྙས་པ་དང༌། །ཡང་དག་མི་འཛིན་ཡང་དག་ཆོས་ལ་སྐུར། །བདག་ཆགས་ལྷག་པའི་སྐྱོན་ལྔ་གང་དག་ལ། །ཡོད་པ་དེ་དག་དེ་སྤང་དོན་དུ་གསུངས། །ཞེས་བདེ་གཤེགས་སྙིང་པོ་དྲང་དོན་དུ་གསུངས་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། གཞུང་དེ་ལ་དྲང་དོན་དུ་སྟོན་པའི་ཚིག་ནི་འགའ་ཡང་མེད་དོ། །གལ་ཏེ་དེ་སྤང་དོན་དུ་གསུངས། ཞེས་པ་འདིས་དྲང་དོན་དུ་གྲུབ་བོ་ཞེ་ན། དེ་ནི་དགོས་པ་བསྟན་པ་ཡིན་ཏེ། འདི་ཉིད་ཀྱི་སྔ་འགྲེལ་དུ། [གཤིས་ཀྱི་གནས་ལུགས་]ཁམས་[ཏེ་དབྱིངས་]འདི་བལྟ་བར་དཀའ་བ་དེས་ན་བྱིས་པ་སོ་སོའི་སྐྱེ་བོ་ལ་བརྩམས་ཏེ་བསྟན་པ་འདིས་ཅི་ཞིག་བྱ་ཞེ་ན།

[གཤིས་ལ་གནས་པ་གསལ་བར་]བསྟན་པའི་དགོས་པ་བསྡུས་པ་ཚིགས་སུ་བཅད་པ་གཉིས་ཏེ། གཅིག་གིས་དྲིས་ལ་གཉིས་པས་ནི་ལན་བསྟན་པའོ། །ཞེས་གསུངས་པའི་ཕྱིར་རོ། །དགོས་པ་བསྟན་པས་དྲང་དོན་དུ་འགྱུར་ན་ནི། [དགོས་པ་བསྟན་པའི་]ངེས་དོན་རྣམས་ལ་ཡང་[དྲང་དོན་གྱིས་ཁྱབ་པར་]ཧ་ཅང་ཐལ་བར་འགྱུར་རོ། །དགོས་པ་དེ་དག་རྒྱས་པར་བཤད་པ་ནི། ཡང་དག་མཐའ་ནི་འདུས་བྱས་ཀྱི། །རྣམ་པ་ཐམས་ཅད་[ཀྱིས་]དབེན་པ་སྟེ[དེས་ན་གཞན་སྟོང་ངོ་]། །ཉོན་མོངས་ལས་དང་རྣམ་སྨིན་དོན། །སྤྲིན་ལ་སོགས་པ་བཞིན་དུ་[རང་སྟོང་དུ་]བརྗོད[ཏེ]། །ཉོན་མོངས་[ནི་]སྤྲིན་འདྲ་བྱ་བ་ཡི། །ལས་ནི་རྨི་ལམ་ལོངས་སྤྱོད་བཞིན། །ཉོན་མོངས་ལས་ཀྱི་[འབྲས་བུ་]རྣམ་པར་སྨིན[པ]། །ཕུང་པོ་[རྣམས་ནི་]སྒྱུ་མ་[སྣ་ཚོགས་]སྤྲུལ་པ་བཞིན[དུ་དོན་ལ་མེད་ཅིང་སྟོང་ངོ་ཞེས]། །སྔར་ནི་དེ་ལྟར་རྣམ་གཞག་ནས། །སླར་ཡང་བླ་མའི་རྒྱུད་[དམ་ཕྱི་མའི་གཞུང་]འདིར་ནི། །ཉེས་པ་ལྔ་དག་སྤང་བྱའི་ཕྱིར། །[གཤིས་ཀྱི་གནས་ལུགས་ལ་ཆོས་རྣམས་མེད་ཀྱང་ཆོས་ཀྱི་]ཁམས་[ཏེ་དབྱིངས་ཡང་དག་མཐའ་ནི་]ཡོད་ཉིད་ཅེས་[གསལ་བར་]བསྟན་པ་ཡིན། །[དེ་མ་བསྟན་ན་ཉེས་པ་ལྔ་མི་སྤོང་ཞིང༌། བསྟན་ན་སྤོང་བའི་རྒྱུ་མཚན་]འདི་ལྟར་[བདེ་གཤེགས་སྙིང་པོ་]དེ་ནི་མ་ཐོས་པས། ། [བདག་ཉིད་ཀྱིས་]བདག་[རང་]ལ་བརྙས་པའི་ཉེས་པ་ཡིས། །སེམས་ནི་ཞུམ་པ་འགའ་ཞིག་ལ། །བྱང་ཆུབ་སེམས་ནི་སྐྱེ་མི་འགྱུར། །གང་[འགའ་ཞིག་]ལ་བྱང་ཆུབ་སེམས་སྐྱེས་པས། །བདག་ནི་མཆོག་ཅེས་རློམ་པ་ན། །བྱང་ཆུབ་སེམས་མ་སྐྱེས་པ་ལ། །དམན་པའི་འདུ་ཤེས་རབ་ཏུ་འཇུག[ཅིང་བརྙས་པར་འགྱུར]། །དེ་ལྟར་སེམས་དཔའ་དེ་ལ་ནི། །[དོན་བཞིན་རྟོགས་པའི་]ཡང་དག་ཤེས་པ་མི་སྐྱེ་བ། །དེས་ན་ཡང་དག་མིན་[པ་ཆོས་རྣམས་རང་སྟོང་ལ་དོན་དམ་དུ་]འཛིན་ཅིང༌། །ཡང་དག་[པའི་]དོན་[སྟོང་གཞི་དོན་དམ་གཞན་སྟོང་ལ་]ནི་རིག་མི་འགྱུར། །བཅོས་མ་གློ་བུར་བ་ཉིད་ཕྱིར། །སེམས་ཅན་[གྱི་]སྐྱོན་[དུ་གྱུར་པའི་ཕུང་པོ་ཁམས་དང་སྐྱེ་མཆེད་]དེ་ཡང་དག་མིན། །ཡང་དག་[མཐའ་ནི་སེམས་ཅན་གྱི་]ཉེས་[པ་]དེ་[རྣམས་ཀྱི་]བདག་[ཉིད་དུ་]མེད་པ[དང་]། །[རང་བཞིན་གཉུག་མའི་]ཡོན་ཏན་[བགྲང་ཡས་ཚང་ཞིང་]རང་བཞིན་[གྱིས་གདོད་ནས་]དག་པ་[འོད་གསལ་བ་]ཡིན[པ་ལ་འགའ་ཞིག་དེ་ལས་བཟློག་ནས]། །ཡང་དག་མིན་པའི་ཉེས་[པ་ཆོས་རྣམས་རང་སྟོང་ལ་དོན་དམ་དུ་]འཛིན་ཅིང༌། །ཡང་དག་[པའི་]ཡོན་ཏན་[མང་པོ་ཅན་དོན་དམ་གཞན་སྟོང་ལ་]སྐུར་[བ་]འདེབས་པས། །བློ་ལྡན་བདག་དང་སེམས་ཅན་[ཐམས་ཅད་]ནི། །[བདེ་གཤེགས་སྙིང་པོ་ཅན་དུ་མཚུངས་པ་དང་དེ་དྲི་མ་མ་བསལ་ན་མི་འཐོབ་ཅིང་བསལ་བ་ཙམ་གྱིས་ཐོབ་པར་]མཚུངས་[པར་]མཐོང་[བའི་]བྱམས་པ་འཐོབ་མི་འགྱུར། །[འཁོར་ལོ་ཐ་མའི་གཞུང་]འདི་ལས་[དོན་དམ་བདེ་གཤེགས་སྙིང་པོ་]དེ་ནི་ཐོས་པ་ལས།།[རང་ཉིད་ལམ་བསྒོམ་པ་ལ་]སྤྲོ་[བ་ཆེན་པོ་]དང་[སེམ་ཅན་ཐམས་ཅད་ལ་]སྟོན་པ་བཞིན་གུས་[པ་]དང༌། །[ཡང་དག་མིན་པ་རང་སྟོང་ལ་དོན་དམ་དུ་འཛིན་པ་སྤངས་པའི་]ཤེས་རབ་[དང་སྟོང་གཞི་དོན་དམ་གཞན་སྟོང་མངོན་སུམ་དུ་བྱེད་པའི་]ཡེ་ཤེས་[དང་རང་གཞན་ཐམས་ཅད་བདེ་གཤེགས་སྙིང་པོ་ཅན་དུ་མཚུངས་པར་མཐོང་བའི་]བྱམས་ཆེན་སྐྱེ། །[དེ་ལྟར་]ཆོས་ལྔ་སྐྱེ་ཕྱིར་དེ་ལས་ནི། །[ཞུམ་ནས་ལམ་ལ་བརྩོལ་བ་དོར་བའི་]ཁ་ན་མ་ཐོ་[པ་]མེད་[པ་དང་གཞན་ལ་མི་བརྙས་པར་སངས་རྒྱས་དང་]མཚུངས་[པ་ཙམ་དུ་]ལྟ[བ་དང་]། །[རང་སྟོང་ལ་དོན་དམ་དུ་འཛིན་པའི་]སྐྱོན་མེད་[པ་དང་དོན་དམ་མངོན་དུ་གྱུར་པའི་]ཡོན་ཏན་ལྡན་པ་དང༌། །བདག་དང་སེམས་ཅན་[ཐམས་ཅད་བདེ་གཤེགས་སྙིང་པོ་ཅན་དུ་]མཚུངས་[པར་མཐོང་བའི་བྱམས་ཆེན་འཕེལ་བར་]བྱས་ཏེ། །སངས་རྒྱས་ཉིད་ནི་མྱུར་དུ་ཐོབ། ། ཅེས་ཉེས་པ་ཆེན་པོ་ལྔ་སྤངས་ཤིང་ཡོན་ཏན་ཆེན་པོ་ལྔ་ཐོབ་ནས་སངས་རྒྱས་མྱུར་དུ་ཐོབ་པ་ནི་འཁོར་ལོ་ཐ་མར་བདེ་གཤེགས་སྙིང་པོ་གསལ་བར་བསྟན་པའི་དགོས་པ་ཡིན་པར་གསུངས་སོ། །དེའི་ཕྱིར་དགོས་པ་སྟོན་པའི་གཞུང་འདིས་དྲང་དོན་དུ་བསྟན་པར་སྨྲ་བ་ནི་[སྟོང་ཉིད་ལ་བདེན་གཉིས་རྣམ་དབྱེ་མ་ཤེས་པའི་]མུ་ཅོར་རོ། །གཞུང་འདི་ཉིད་དུ་ཡང༌། དེ་ལྟར་རྒྱལ་བའི་སྙིང་པོ་ནི། །[ངོ་བོ་རྒྱུ་འབྲས་ལས་ལྡན་འཇུག་པ་ལ་སོགས་]རྣམ་གཞག་རྣམ་པ་བཅུ་ཞེས་བརྗོད། །ཅེས་པ་ལ་སོགས་པས་རྣམ་གཞག་བཅུ་དང༌། [སངས་རྒྱས་པད་ངན་ཞེས་སོགས་]དཔེ་དགུས་བདེ་གཤེགས་སྙིང་པོ་དྲི་བཅས་དེ་བཞིན་ཉིད་རྣམ་པ་མང་པོ་ནས་རྒྱ་ཆེར་གཏན་ལ་ཕབ་ཅིང་གལ་པོ་ཆེའི་དོན་དུ་ཡང་དང་ཡང་དུ་གཏན་ལ་ཕབ་པའི་ཕྱིར་རོ། །གལ་ཏེ་སྔར་བསྟན་པ་དེ་རྣམས་ཉིད་འདིར་དྲང་དོན་དུ་བསྟན་པ་ཡིན་ནོ་ཞེ་ན། དེ་ལྟ་མ་ཡིན་ཏེ། འདིའི་རྗེས་ནས། དྲི་མེད་དེ་བཞིན་ཉིད་ཀྱི་སྐབས་སུ་ཡང༌། །ཐུབ་པའི་ཁྱུ་མཆོག་[དང་]སྦྲང་རྩི་[དང་འབྲས་བུའི་]སྙིང་པོ་དང༌། །རིན་ཆེན་གསེར་[གྱི་གོང་བུ་]དང་[གསེར་དང་རིན་ཆེན་གཏེར། ཞེས་པར་ཡོད་དམ་རྒྱ་དཔེ་བལྟ་དགོས་]གཏེར་དང་ལྗོན་པ་བཞིན། །དྲི་མེད་རིན་ཆེན་[ལས་བྱས་པའི་]བདེ་གཤེགས་སྐུ་དང་ནི། །ས་བདག་[འཁོར་ལོས་བསྒྱུར་རྒྱལ་དང་]གསེར་[གར་ལུགས་]གྱི་གཟུགས་འདྲ་རྒྱལ་བ་ཉིད། །ཅེས་སྔར་དྲི་བཅས་དེ་བཞིན་ཉིད་ཀྱི་སྐབས་སུ་བདེ་གཤེགས་སྙིང་པོའི་དཔེ་དགུ་གསུངས་པ་དེ་ཉིད་འབྲས་བུའི་སྐབས་འདིར་ཡང་གསུངས་པ་ནི། གློ་བུར་དྲི་མ་ཡོད་མེད་ལས་གཞི་དང་འབྲས་བུར་བཞག་པ་མ་གཏོགས་པ་ངོ་བོ་སྔ་ཕྱི་ཁྱད་པར་མེད་པ་ལ་དགོངས་པ་ཡིན་པས། གཞིའི་ངོ་བོ་བདེ་གཤེགས་སྙིང་པོ་དྲང་དོན་ཡིན་ན། འབྲས་བུའི་ངོ་བོ་ཆོས་ཀྱི་སྐུ་ཡང་དྲང་དོན་ཡིན་པར་འགྱུར་ཏེ། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་[རྒྱུད་བླ་མར་]གསུངས་པའི་ཕྱིར་དང༌། གཞི་འབྲས་ཀྱི་དེ་བཞིན་ཉིད་ལ་ངོ་བོ་ཁྱད་པར་མེད་པའི་ཕྱིར་རོ། །གཞན་ཡང་འཕྲིན་ལས་ཀྱི་སྐབས་སུ། ཡོན་ཏན་[གྱི་]རིན་ཆེན་མཆོག་ཚོགས་དང་ལྡན་ཡེ་ཤེས་ཆུ་མཚོ་བསོད་ནམས་ཡེ་ཤེས་ཉི་འོད་ཅན[གྱི]། །ཐེག་པ་མ་ལུས་ངེས་པར་བསྒྲུབས་ཏེ་[སངས་རྒྱས་ཐོབ་ནས་གཞན་དོན་མཛད་པ་ན་ཆོས་དབྱིངས་]མཐའ་དང་དབུས་མེད་རྒྱ་ཆེ་ནམ་མཁའ་ལྟར་[ཀུན་ལ་]ཁྱབ་པ[གང་ཡིན་པ]། །[དོན་དམ་གྱི་]སངས་རྒྱས་ཉིད་ནི་[དོན་དམ་གྱི་]ཡོན་ཏན་དྲི་མ་མེད་[པ་མང་པོའི་]གཏེར་[གང་ཡིན་པ་དེ་]སེམས་ཅན་ཀུན་ལ་ཁྱད་མེད་[དུ་བཞུགས་པ་]རྣམ་[པར་]གཟིགས་ནས། །ཉོན་མོངས་ཤེས་བྱའི་[སྒྲིབ་པའི་]སྤྲིན་གྱི་དྲ་བ་སངས་རྒྱས་རྣམས་ཀྱི་ཐུགས་རྗེའི་རླུང་གིས་རྣམ་པར་གཏོར[བས་ནམ་མཁའ་སྤྲིན་ཡོད་ལས་སྤྲིན་མེད་དུ་གྱུར་པ་ལྟར། ངོ་བོ་མི་འགྱུར་བའི་གནས་གྱུར་ཐོབ་པར་མཛད་ཅིང༌། དེས་ཀྱང་གཞན་དག་དེ་ལྟར་མཛད་དོ]། །ཞེས་ཆོས་སྐུའི་ཡོན་ཏན་མཐའ་ཡས་པ་ཚང་བའི་སངས་རྒྱས་སེམས་ཅན་ཀུན་ལ་ཁྱད་མེད་དུ་གནས་པ་གཟིགས་པར་གསུངས་པ་དང༌། མཐར་ཡང༌། དཀོན་མཆོག་[གསུམ་དང་གདོད་ནས་རང་བཞིན་གྱིས་]རྣམ་པར་བྱང་[བའི་]ཁམས་[ཏེ་དབྱིངས་བདེ་གཤེགས་སྙིང་པོ་དང་]དྲི་མེད་བྱང་ཆུབ་[དག་པ་གཉིས་ལྡན་གྱི་སངས་རྒྱས་དང་སངས་རྒྱས་ཀྱི་]ཡོན་ཏན་[དང་སངས་རྒྱས་ཀྱི་]འཕྲིན་ལས་ཏེ། །དོན་གནས་རྣམ་བདུན་ཚུལ་བཞིན་བཤད་ལས་བདག་གིས་དགེ་བ་གང་ཐོབ་པ། །དེས་ནི་འགྲོ་འདི་མཐའ་ཡས་འོད་མངའ་དྲང་སྲོང་ཚེ་དཔག་མེད་མཐོང་ཞིང༌། །མཐོང་ནས་ཀྱང་ནི་ཆོས་མིག་དྲི་མེད་སྐྱེས་ཏེ་བྱང་ཆུབ་མཆོག་ཐོབ་ཤོག །ཅེས་དོན་གྱི་གནས་བདུན་པོ་དོན་ལ་གནས་པར་[དོན་གྱིས་]གསུངས་པས། དྲི་བཅས་དེ་བཞིན་ཉིད་ཀྱང་དོན་ལ་གནས་པར་གྲུབ་པ་ཡིན་ནོ། །གཞན་ཡང༌། བདེ་གཤེགས་སྙིང་པོ་དྲང་དོན་ཡིན་ན། ཆོས་དབྱིངས་དེ་བཞྀན་ཉིད་ཀྱང་དྲང་དོན་ཡིན་པར་འགྱུར་[ཏེ་དེ་དང་དེ་རྣམ་གྲངས་ཡིན་པའི་ཕྱིར་ཞེས་པས་གནོད་]ལ། དེ་འདོད་ན་དོན་དམ་འདུས་མ་བྱས་ཀྱི་སངས་རྒྱས་ཆོས་ཀྱི་སྐུ་ཡང་དྲང་དོན་ཡིན་པར་འགྱུར་[ཏེ་དེ་དང་དེ་རྣམ་གྲངས་ཡིན་པའི་ཕྱིར་ཞེས་པས་གནོད་]ཞིང༌། དེ་ཡང་འདོད་ན། བདེ་དགྱེས་དུས་འཁོར་གསང་འདུས་ལ་སོགས་པ་དོན་དམ་གྱི་ལྷ་དང་སྔགས་དང་རྒྱུད་དང་ཕྱག་རྒྱ་དང་དཀྱིལ་འཁོར་ལ་སོགས་པ་ཆ་མེད་ཀུན་འགྲོ་ཀུན་ཁྱབ་ཏུ་ནམ་ཡང་བཞུགས་པ་ཐམས་ཅད་དྲང་དོན་ཡིན་པར་ཧ་ཅང་ཐལ་བར་འགྱུར་ཏེ་དེ་ལྟ་ཡང་མ་ཡིན་ནོ། །གཞན་ཡང་གཞུང་གཅིག་ཉིད་དུ་སྔ་ཕྱི་ནང་འགལ་བ་ནི་རྒྱལ་པ་བྱམས་པ་ལ་མི་སྲིད་ཅིང༌། བདེ་གཤེགས་སྙིང་པོ་དོན་ལ་མེད་ན་མདོ་རྒྱུད་ཟབ་མོ་རྣམས་དང་འགལ་ལ། སེམས་འགྲེལ་ཁྱད་པར་དུ་འཕགས་པ་རྣམས་དང་ཡང་འགལ་བ་ཡིན་ནོ། །

ལང་ཀར་གཤེགས་པར་དགོས་པ་བསྟན་པ་ལས་དྲང་དོན་དུ་འཁྲུལ་བའི་སྡིག་ལྟ་སྤང་བ།

དེའི་ཕྱིར་དེ་ལྟར་དོན་ལ་གནས་པའི་བདེ་གཤེགས་སྙིང་པོ་དེ་བཞིན་ཉིད་ཀྱི་དབྱིངས་གསལ་བར་བསྟན་པས། ཉེས་པ་ཆེན་པོ་ལྔ་སྤོང་ཞིང་ཡོན་ཏན་ཆེན་པོ་ལྔ་འཐོབ་པའི་དགོས་པ་ཡོད་པ་དེ་བཞིན་དུ། བདག་མེད་པས་འཇིགས་པ་སྤང་བའི་དགོས་པ་ཡང་ཡོད་དོ། །དེ་ལ་སྟོང་པ་ཉིད་དང་ཡང་དག་པའི་མཐའ་དང་མྱ་ངན་ལས་འདས་པ་དང་མ་སྐྱེས་པ་དང༌། མཚན་མ་མེད་པ་དང༌། བདག་མེད་པའི་གཞི་དང༌། བདེ་གཤེགས་སྙིང་པོ་[དོན་]གཅིག་མོད་ཀྱི། སྟོང་ཉིད་དང་བདག་མེད་པ་ལ་སོགས་པའི་[མིང་གི་]སྒོ་ནས་བསྟན་ན། ཁ་ཅིག་མིང་ཙམ་ལས་སྐྲག་པ་སྐྱེ་བར་གཟིགས་ནས། དོན་དམ་པའི་བདག་ཉིད་མ་ཆད་པ་བདེ་གཤེགས་སྙིང་པོའི་[མིང་གི་]སྒོ་ནས་བསྟན་པས། སྟོང་པ་ཉིད་དང་བདག་མེད་པའི་དོན་རང་བཞིན་འོད་གསལ་རྣམ་པར་མི་རྟོག་པའི་དབྱིངས་གློ་བུར་དྲི་མའི་སྣང་བ་མེད་པ་ལ་འཇུག་པར་མཛད་དེ། ཇི་སྐད་དུ། ལང་ཀར་གཤེགས་པར་བློ་གྲོས་ཆེན་པོས་ཞུས་པ། བཅོམ་ལྡན་འདས་ཀྱིས་མདོ་གཞན་བརྗོད་པ་ལས་དེ་བཞིན་གཤེགས་པའི་སྙིང་པོ་གསུངས་པ་དེ། བཅོམ་ལྡན་འདས་ཀྱིས་རང་བཞིན་གྱིས་འོད་གསལ་བ་རྣམ་པར་དག་པས་ཐོག་མ་ནས་རྣམ་པར་དག་པ་ཉིད་[སྟོང་གཞི་དོན་དམ་གྱི་]མཚན་སུམ་བཅུ་རྩ་གཉིས་དང་ལྡན་པ་སེམས་ཅན་ཐམས་ཅད་ཀྱི་[ཕུང་པོ་ལྔས་བསྡུས་པའི་]ལུས་ཀྱི་ནང་ན་མཆིས་པར་བརྗོད་དེ། བཅོམ་ལྡན་འདས་ཀྱིས་རིན་པོ་ཆེ་རིན་ཐང་ཆེན་པོ་གོས་དྲི་མ་ཅན་གྱིས་ཡོངས་སུ་དཀྲིས་པ་ལྟར། [ཉེར་ལེན་གྱི་]ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་གོས་ཀྱིས་ཡོངས་སུ་དཀྲིས་པ[ལྟར་མི་མཐོང་བར་གྱུར་པ]། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གིས་ཟིལ་གྱིས་ནོན་པ[ལྟར་མི་མཐོང་བར་གྱུར་པ]། ཡོངས་སུ་རྟོག་པའི་དྲི་མས་དྲི་མ་ཅན་དུ་གྱུར་པ། རྟག་པ། བརྟན་པ། ཐེར་ཟུག་པར་ནི་བརྗོད་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོར་སྨྲ་བ་འདི་ནི་མུ་སྟེགས་བྱེད་ཀྱི་བདག་ཏུ་སྨྲ་བ་དང་ཇི་ལྟར་མི་འདྲ་བ་ལགས། བཅོམ་ལྡན་འདས་མུ་སྟེགས་བྱེད་རྣམས་ཀྱང་རྟག་པ་བྱེད་པ་ཡོན་ཏན་མེད་པ་ཁྱབ་པ་མི་འཇིག་པའོ། །ཞེས་བདག་ཏུ་སྨྲ་བ་སྟོན་པར་བགྱིད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་ངའི་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་ནི། མུ་སྟེགས་ཅན་གྱི་བདག་ཏུ་སྨྲ་བ་དང་མཚུངས་པ་མ་ཡིན་ཏེ། བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི། སྟོང་པ་ཉིད་དང༌། ཡང་དག་པའི་མཐའ་དང་མྱ་ངན་ལས་འདས་པ་དང་མ་སྐྱེས་པ་དང་མཚན་མ་མེད་པ་དང༌། སྨོན་པ་མེད་པ་ལ་སོགས་པའི་ཚིག་གི་དོན་རྣམས་ལ། དེ་བཞིན་གཤེགས་པའི་སྙིང་པོར་བསྟན་པ་བྱས་ནས། བྱིས་པ་རྣམས་བདག་མེད་པས་འཇིགས་པར་འགྱུར་བའི་གནས་རྣམ་པར་སྤང་བའི་དོན་དུ། དེ་བཞིན་གཤེགས་པའི་སྙིང་པོའི་སྒོ་[ནས་]བསྟན་པས་[དོན་དམ་ཅིར་ཡང་]རྣམ་པར་མི་རྟོག་པ[བདེ་བ་ཆེན་པོ]འི་གནས་[ཀུན་རྫོབ་ཐམས་ཅད་]སྣང་བ་མེད་པའི་[རང་བྱུང་ཡེ་ཤེས་ཀྱི་]སྤྱོད་ཡུལ་[རང་བཞིན་འོད་གསལ་དེ་བཞིན་ཉིད་]སྟོན་ཏེ། འདི་ལ་བློ་གྲོས་ཆེན་པོ་མ་འོངས་པ་དང༌། ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་[གང་ཟག་དང་ཆོས་ཀྱི་]བདག་ཏུ་མངོན་པར་ཞེན་པར་མི་བྱའོ། །[དེའི་རྒྱུ་མཚན་བདེ་གཤེགས་སྙིང་པོ་ནི། བདག་གཉིས་ཀྱིས་སྟོང་བའི་གཞི་ཡིན་པའི་ཕྱིར་རོ།།]བློ་གྲོས་ཆེན་པོ་དཔེར་ན། རྫ་མཁན་ནི་འཇིམ་བའི་རྡུལ་གྱི་ཕུང་པོ་གཅིག་ལས། ལག་པ་དང༌། བཟོ་དང༌། ལག་ཟུངས་དང༌། ཆུ་དང༌། སྲད་པུ་དང༌། ནན་ཏན་དང་ལྡན་པ་ལས་སྣོད་རྣམ་པ་སྣ་ཚོགས་བྱེད་དོ། །བློ་གྲོས་ཆེན་པོ་དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱང་[དོན་དམ་གྱི་]ཆོས་ལ་བདག་[གཉི་ག་]མེད་པ། རྣམ་པར་རྟོག་པའི་མཚན་ཉིད་ཐམས་ཅད་[གདོད་ནས་རང་བཞིན་གྱིས་]རྣམ་པར་ལོག་པ་[རང་བཞིན་འོད་གསལ་དེ་བཞིན་ཉིད་]དེ་ཉིད་ཤེས་རབ་དང་ཐབས་ལ་མཁས་པ་དང་ལྡན་པ་རྣམ་པ་སྣ་ཚོགས་ཀྱིས་དེ་བཞིན་གཤེགས་པའི་སྙིང་པོ་[ཞེས་པའི་མིང་གིས་]བསྟན་པའམ་བདག་མེད་པ་[ཞེས་པའི་མིང་གིས་]བསྟན་པས་ཀྱང་རུང་སྟེ། རྫ་མཁན་བཞིན་དུ་ཚིག་དང་ཡི་གེའི་རྣམ་གྲངས་རྣམ་པ་སྣ་ཚོགས་ཀྱིས་[རང་བཞིན་འོད་གསལ་དེ་བཞིན་ཉིད་]སྟོན་ཏོ། །དེའི་ཕྱིར་བློ་གྲོས་ཆེན་པོ། དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་མུ་སྟེགས་བྱེད་ཀྱི་བདག་ཏུ་སྨྲ་བའི་བསྟན་པ་དང་མི་འདྲའོ། །བློ་གྲོས་ཆེན་པོ་དེ་ལྟར་དེ་བཞིན་གཤེགས་པ་རྣམས་ནི་མུ་སྟེགས་བྱེད་བདག་ཏུ་སྨྲ་བ་ལ་མངོན་པར་ཞེན་པ་རྣམས་[ཟབ་མོ་ལ་]དྲང་བའི་ཕྱིར་དེ་བཞིན་གཤེགས་པའི་སྙིང་པོ་[ཞེས་པའི་མིང་གིས་]བསྟན་པས་དེ་བཞིན་གཤེགས་པའི་སྙིང་པོ་[བདག་མེད་པའི་གཞི་]སྟོན་ཏེ། [མིང་དེས་དོན་དེ་བསྟན་པའི་དགོས་པ་ནི་]ཡང་དག་པ་མ་ཡིན་པའི་བདག་ཏུ་རྣམ་པར་རྟོག་པའི་ལྟ་བར་ལྷུང་བའི་བསམ་པ་ཅན་[བདག་མེད་པས་འཇིག་པ་]དག་[སྟོང་ཉིད་མཚན་མེད་སྨོན་མེད་ཀྱི་]རྣམ་པར་ཐར་པ་གསུམ་གྱི་སྤྱོད་ཡུལ་ལ་གནས་པའི་བསམ་པ་དང་ལྡན་ཞིང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་ཇི་ལྟར་འགྱུར་[ཏེ་བདག་འཛིན་དང་མ་བྲལ་ན་སངས་རྒྱས་མི་ཐོབ་པས་བདག་མེད་པའི་དབྱིངས་ལ་གཞུག་དགོས་]ཞེས་དགོངས་ཏེ། བློ་གྲོས་ཆེན་པོ་[བདག་ཏུ་ཞེན་པ་རྣམས་བདག་མེད་པའི་དབྱིངས་ལ་འཇུག་པ་]དེའི་དོན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི། དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པར་མཛད་དོ། །དེ་ལྟ་བས་ན་[བདེ་གཤེགས་སྙིང་པོ་]དེ་ནི་མུ་སྟེགས་བྱེད་ཀྱི་བདག་ཏུ་སྨྲ་བ་དང་མཚུངས་པ་མ་ཡིན་ནོ། །བློ་གྲོས་ཆེན་པོ་དེ་ལྟ་བས་ན་མུ་སྟེགས་བྱེད་ཀྱི་[བདག་ཏུ་]ལྟ་བ་རྣམ་པར་བཟློག་པའི་ཕྱིར། དེ་བཞིན་གཤེགས་པའི་སྙིང་པོ་[དེ་བཞིན་ཉིད་བདག་དག་པའི་བདག་ནི་གང་ཟག་དང་ཆོས་ཀྱི་]བདག་མེད་པའི་རྗེས་སུ་འཇུག་པར་བྱའོ། །འདི་ལྟ་སྟེ། ཆོས་[ཐམས་ཅད་ཀྱིས་]སྟོང་པ[འི་གཞི་]ཉིད་དང༌། སྐྱེ་བ་མེད་པ[འི་གཞི་]དང༌། [ངོ་བོ་གཅིག་ཏུ་ཟད་ཀྱི་]གཉིས་མ་ཡིན་པ་དང༌། [དངོས་པོ་ཀུན་གྱི་]རང་བཞིན་མེད་པར་བསྟན་པ་[དེ་བཞིན་ཉིད་]འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གྲུབ་པའི་མཐའ་བླ་ན་མེད་པའོ། །[གང་གིས་སྟོང་བ་དང་སྟོང་བའི་གཞི་གང་ཡིན་པའི་]ཆོས་ཟབ་མོ་བསྟན་པ་འདི་ཡོངས་སུ་བཟུང་བས་ཐེག་པ་ཆེན་པོའི་མདོ་སྡེ་ཐམས་ཅད་ཡོངས་སུ་བཟུང་བ་ཡིན་ནོ། །ཞེས་གསུངས་སོ། །དེ་ལ་བདེ་གཤེགས་སྙིང་པོ་བདག་གཉིས་ཀྱིས་སྟོང་བའི་ཕྱིར་མུ་སྟེགས་བྱེད་ཀྱི་བདག་དང་མི་མཚུངས་ཤིང༌། ཆོས་ཉིད་འདུས་མ་བྱས་སྐད་ཅིག་ལས་འདས་པའི་ཕྱིར་རྟག་བརྟན་ཐེར་ཟུག་ཡིན་ཡང་སངས་རྒྱས་ཀྱི་ཡོན་ཏན་དང་ནུས་པ་དང་རྣམ་པ་འགའ་ཡང་མེད་པ་ནམ་མཁའ་ལྟ་བུའམ། མུ་སྟེགས་རྣམས་ཀྱིས་གང་ཟག་གི་བདག་རྟག་པར་ཀུན་བརྟགས་པ་དང་ཡང་མི་མཚུངས་སོ། །དེ་བཞིན་དུ་བདེ་གཤེགས་སྙིང་པོ་ལ་ཚང་བའི་མཚན་དང་དཔེ་བྱད་རྣམས་ཀྱང་ཆོས་ཉིད་རྣམ་པ་ཐམས་ཅད་པ་དང་ནུས་པ་ཐམས་ཅད་པ་དང༌། དབང་པོ་ཐམས་ཅད་པ་དང་ཡོན་ཏན་ཐམས་ཅད་པའི་ངོ་བོ་ཡིན་པའི་ཕྱིར། ཀུན་རྫོབ་གཟུགས་སྐུའི་མཚན་དཔེ་རྣམས་དང་མི་གཅིག་གོ །འདིར་བདག་ཏུ་སྨྲ་བ་ལ་མངོན་པར་ཞེན་པ་རྣམས་དྲང་བའི་ཕྱིར་ཞེས་པ་འདིས་དགོས་པ་བསྟན་པ་ཡིན་གྱི། མའི་ལ་དུའི་ཚིག་ལྟར་དོན་ལ་མེད་ཀྱང་ཡོད་པ་སྐད་སྟོན་པའི་དྲང་དོན་དུ་གསུངས་པར་ནི་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་ཉིད་དང་སྟོང་པ་ཉིད་ལ་སོགས་པ་རྣམས་ལ་དགོངས་ཏེ། དེ་བཞིན་གཤེགས་པའི་སྙིང་པོ་ཞེས་གསུངས་པ་ཡང་ཡོད་ཅིང༌། དེ་བཞིན་གཤེགས་པའི་སྙིང་པོ་ལ་དགོངས་ནས། སྟོང་པ་ཉིད་དང་དེ་བཞིན་ཉིད་ལ་སོགས་པ་རྣམ་གྲངས་མང་པོས་གསུངས་པ་ཡང་ཡོད་མོད་ཀྱི། དེ་དག་ཐམས་ཅད་དོན་གཅིག་པའི་ཕྱིར་རོ། །དེ་ལྟ་བས་ན་དེ་བཞིན་ཉིད་ལ་སོགས་པ་དོན་ལ་གནས་པ་ཉིད་ཀྱི་ཕྱིར་བདེ་གཤེགས་སྙིང་པོ་ཡང་དོན་ལ་གནས་སོ། །དོན་གཅིག་ཉིད་ཡིན་ཡང་མིང་གི་སྒོ་ནས་གང་ཟག་འགའ་ཞིག་གི་བསམ་པ་དང་མཐུན་པ་དེ། འགའ་ཞིག་གི་བློ་དང་མི་མཐུན་ཞིང་དེའི་བློ་དང་མཐུན་པ་དེ་གཞན་དག་གི་བློ་དང་མི་མཐུན་པ་ནི་ཡོད་དོ། །དེ་ཉིད་ཀྱི་ཕྱིར་ཆོས་ཐམས་ཅད་ཀྱིས་སྟོང་པའི་གཞི་ཆོས་ཉིད་དོན་དམ་པའི་དབྱིངས་གཅིག་ཉིད་ལ་མདོ་རྒྱུད་ཟབ་མོ་རྣམས་སུ་སྟོང་པ་ཉིད་དང༌། མཚན་མ་མེད་པ་ལ་སོགས་པ་དང༌། རང་བཞིན་གྱིས་མྱ་ངན་ལས་འདས་པ་དང༌། བདག་གི་དབྱིངས་དང༌། སངས་རྒྱས་ཀྱི་རང་བཞིན་ལ་སོགས་པ་དང༌། ཧེ་རུ་ཀ་དང་རྡོ་རྗེ་སེམས་དཔའ་དང༌། ཨེ་ཝཾ་ཡི་གེ་དང༌། ཨ་ཧཾ་དང༌། ཕྱག་རྒྱ་ཆེན་པོ་དང༌། ཆོས་འབྱུང་དང༌། བྷ་ག་དང༌། རྡོ་རྗེ་དང་ཨ་ཡིག་ལ་སོགས་པ་མིང་གི་རྣམ་གྲངས་ཤིན་ཏུ་མང་པོ་རྣམས་ཀྱིས་གསུངས་པ་ལས། འདིར་མུ་སྟེགས་བྱེད་འགའ་ཞིག་ལ་སྟོང་པ་ཉིད་དང་བདག་མེད་པའི་མིང་གིས་བསྟན་ན་དོན་དུ་མི་འགྱུར་ཞིང༌། བདེ་གཤེགས་སྙིང་པོའི་མིང་གིས་བསྟན་ན་དོན་ཆེན་པོར་འགྱུར་བ་གཟིགས་ནས་དེ་སྐད་གསུངས་ཞེས་པའི་དོན་ཏེ། དེ་ལྟ་བས་ན་དོན་ལ་གནས་པར་གཅིག་ཀྱང་མིང་དང་ཚིག་ལ་རྟོན་པ་འགའ་ཞིག་ལ་མིང་གི་སྒོ་ནས་སྟོན་ཚུལ་ལ་ཁྱད་པར་མེད་པ་ཡང་མ་ཡིན་ནོ། །དེའི་ཕྱིར་ལྷའི་ཟླ་བས་བསྒྱུར་བའི་མྱང་འདས་ཆེན་པོར་ཡང༌། དེ་བཞིན་གཤེགས་པའི་སྙིང་པོ་ནི་སྟོང་པ་ཡིན་ནོ་ཞེས་བསྟན་ན། བྱིས་པ་[ལྟར་བློ་ཞན་ཅིང་ངེས་དོན་ལ་ཤེད་མ་བྱེ་བ་]རྣམས་ཆད་པ་འཇིགས་སུ་རུང་བའི་ཡོན་པོ་[ཕྱོགས་ལྷུང་ཅན་]སྒོམ་པར་བྱེད་དོ། །ཤེས་རབ་ཅན་རྣམས་ཀྱིས་ནི་རྟག་པ་དང་ཐེར་ཟུག་པ[འི་དབྱིངས་འོད་གསལ་བ་]དེ་[སྣ་ཚོགས་སུ་སྣང་ཡང་དེ་རྣམས་ཀྱི་དངོས་པོ་མེད་པས་]སྒྱུ་མ་[དང་མཚུངས་པ་]ཙམ་དུ་[གཤིས་ཀྱི་གནས་ལུགས་ལ་]ཡོད་པར་ཤེས་སོ། །ཞེས་སོགས་གསུངས་པ་ཡིན་ནོ། །དེ་ལྟ་མ་ཡིན་པར་དྲང་བའི་ཕྱིར་ཞེས་པ་འདི་ཙམ་གྱི་དྲང་དོན་དུ་འགྱུར་ན་ནི། [མདོ་སྡེའི་རྒྱན་དུ་]ཁ་ཅིག་དག་ནི་དྲང་ཕྱིར་དང༌། །ཞེས་མཐར་ཐུག་ཐེག་པ་གཅིག་ཏུ་བསྟན་པའི་དགོས་པ་གསུངས་པ་འདི་ཡང་དྲང་དོན་དུ་སྟོན་པའི་གཞུང་དུ་ཧ་ཅང་ཐལ་བར་འགྱུར་ཞིང༌། གཞན་ཡང་ངེས་དོན་གྱི་ལམ་ཟབ་མོ་ཐམས་ཅད་གདུལ་བྱ་སྲིད་ཞིའི་གནས་ནས་ཐར་པ་ཆེན་པོའི་གྲོང་ཁྱེར་མཆོག་ཏུ་དྲང་བའི་ཕྱིར་གསུངས་པ་ཡིན་པས་དེ་ཐམས་ཅད་དྲང་དོན་ཉིད་དུ་ཧ་ཅང་ཐལ་བར་འགྱུར་རོ། །དེ་བས་ན་དྲང་དོན་དང་གདུལ་བྱ་དྲང་བའི་ཕྱིར་དུ་གསུངས་པ་ལ་ཁྱད་པར་ཆེན་པོ་ཡོད་ཀྱང་དེ་མ་རྟོགས་པ་ཁ་ཅིག་ལང་ཀར་གཤེགས་པ་ལས་བདེ་གཤེགས་སྙིང་པོ་དྲང་དོན་དུ་གསུངས་ཞེས་འཁྲུལ་བའི་གཞི་ནི་དེ་ཡིན་ཏེ། གཞུང་འདིར་དྲང་དོན་ཞེས་གསུངས་པ་མེད་པའི་ཕྱིར་རོ། །

བདེ་གཤེགས་སྙིང་པོ་དོན་ལ་མེད་ན་ཧ་ཅང་ཐལ་བའི་ཤེས་བྱེད་དགོད་པ།

གལ་ཏེ་བདེ་གཤེགས་སྙིང་པོ་དོན་ལ་མེད་ན་ལང་ཀར་གཤེགས་པ་ཉིད་ལས། དེ་བཞིན་གཤེགས་པའི་སྙིང་པོ་སངས་རྒྱས་ཀྱི་ས་ལ་ནང་དུ་སྙོམས་པར་ཞུགས་པ་ལ་གནས་ཤིང་སངས་རྒྱས་ཀྱི་བློས་ནམ་མཁའ་དང༌། ནང་ནས་[དོན་དམ་གྱི་]སྒྲ་ཐོས་པ། ལང་ཀའི་བདག་པོ་ལེགས་སོ་ལེགས་སོ། །ཡང་ལང་ཀའི་བདག་པོ་ཁྱོད་ནི་ལེགས་སོ། །ཇི་ལྟར་ཁྱོད་སློབ་པ་དེ་ལྟར་རྣལ་འབྱོར་ཅན་རྣམས་ཀྱིས་བསླབ་བོ། །ཇི་ལྟར་ཁྱོད་ཀྱིས་[ཆོས་ཉིད་]མཐོང་བ་དེ་བཞིན་དུ་[དོན་དམ་གྱི་]དེ་བཞིན་གཤེགས་པ་རྣམས་དང་[དོན་དམ་གྱི་]ཆོས་རྣམས་[ཀུན་རྫོབ་ཏུ་མེད་ཀྱང་དོན་དམ་དུ་བཞུགས་པར་]བལྟ་བར་བྱའོ། །[དེ་ལས་]རྣམ་པ་གཞན་དུ་[དོན་དམ་པ་རང་སྟོང་དང༌། དོན་དམ་དུ་གང་ཡང་མ་གྲུབ་པ་དང༌། ཡོངས་གཅོད་དུ་གྲུབ་པའི་ཆོས་གང་ཡང་དོན་དམ་པར་མེད་ཅེས་སོགས་སུ་]བལྟས་ན་ཆད་པ་ལ་གནས་པར་འགྱུར་རོ། །ཞེས་སོགས་དང༌། [དོན་དམ་གྱི་]སེམས་ནི་རང་བཞིན་འོད་གསལ་ཏེ། [དེ་ཉིད་]དེ་བཞིན་གཤེགས་པའི་སྙིང་པོ[ཡང་ཡིན་ལ་མ་བྱས་པའི་]དགེ་[བའམ་དོན་དམ་པའི་དགེ་བ་རང་བཞིན་རྣམ་དག་ཡིན་པས]། །སེམས་ཅན་རྣམས་ཀྱི་ཉེར་ལེན་[གྱི་ཕུང་པོ་]ནི། །[དངོས་པོའི་]མཐའ་[ཡིན་པ་]དང་[ཐོག་མའི་]མཐའ་མེད་[ཀྱང་ཡིན་ཏེ་དེ་རྣམས་གཤིས་ལ་]རྣམ་[པར་]སྤངས་པའོ། །[དྲི་མ་སེལ་བའི་]བྱི་དོར་བྱས་པས་གསེར་མདོག་[གསལ་བ་]དང༌། །ས་ལེ་སྦྲམ་དང་འཁར་བ་དག །ཇི་ལྟར་[དྲི་མ་ཕྱིས་པས་]མཐོང་བ་དེ་བཞིན་དུ། །[མཐོང་བའི་དོན་དམ་གྱི་]ཕུང་པོ་རྣམས་ལ་[ཀུན་རྫོབ་ཀྱི་]སེམས་ཅན་དང༌། །གང་ཟག་མེད་ཅིང་ཕུང་པོ་མེད[པའི་གཞི་དོན་དམ་གྱི]། །སངས་རྒྱས་ཡེ་ཤེས་ཟག་[པ་]མེད་[ཅིང་བདེ་]ལ། །རྟག་ཏུ་ཞི་བ་རྣམ་བསྒོམས་ཏེ། །དེ་ལ་བདག་ནི་སྐྱབས་སུ་མཆི། །[དེ་ལྟར་མཐར་ཐུག་གི་སྐྱབས་གནས་སུ་གྱུར་པའི་]སེམས་ནི་རང་བཞིན་འོད་གསལ་བ། །[སེམས་དང་]ཡིད་[དང་རྣམ་ཤེས་]ལ་སོགས་པའི་ཉོན་མོངས་དང༌། །བདག་[འཛིན་]དང་ལྷན་ཅིག་ལྡན་པར་[དྲི་བཅས་དེ་བཞིན་ཉིད་]ནི། །སྨྲ་བའི་མཆོག་གིས་རབ་ཏུ་བསྟན། །ཞེས་དང༌། དེ་བཞིན་གཤེགས་པའི་སྙིང་པོ་དེ། །རྟོག་གེ་ཅན་གྱི་སྤྱོད་ཡུལ་མིན། །ཞེས་པ་ལ་སོགས་པས་དོན་དམ་པའི་ས་བཅུ་གཉིས་ཀྱི་བདག་ཉིད་རང་བཞིན་འོད་གསལ་པ་རྟོག་གེ་ལས་འདས་པའི་སེམས་སངས་རྒྱས་ཀྱི་སྙིང་པོ་ངོ་བོ་ཉིད་ཀྱིས་དགེ་བ་མཐའ་ཐམས་ཅད་དང་བྲལ་བའི་གཞི་སྐྱབས་གནས་ཀྱི་མཐའ་ཐུག་པ་སངས་རྒྱས་ཀྱི་ཡེ་ཤེས་ལ་བདེ་གཤེགས་སྙིང་པོར་གསུངས་པ་དང་འགལ་བའི་སྐྱོན་དུ་འགྱུར་བ་གང་གིས་ཟློག་པར་བྱེད། དེ་བཞིན་དུ། དཔལ་རྡོ་རྗེ་རྩེ་མོའི་རྒྱུད་དུ་ཡང༌། དེ་བཞིན་གཤེགས་པའི་སྙིང་པོ་དག །ཆོས་ཀྱི་དབྱིངས་ཀྱི་ཚུལ་ཆེན་ཏེ། །[ངོ་བོ་]ཉོན་མོངས་འདམ་གྱིས་མ་གོས་[ཤིང་མ་བསླད་]པ། །[དེ་]རྡོ་རྗེ་[བདེ་ཆེན་དང་]པད་མ[སྟོང་ཆེན་དབྱེར་མེད་པ]འི་དབང་བསྐུར་ཡིན། །ཞེས་དང༌། པད་མ་[ཆུ་དང་འདམ་ལ་གནས་ཀྱང་]ཆུ་ཡིས་མ་གོས་ཤིང༌།།འདམ་གྱི་ཉེས་པས་གོས་མི་འགྱུར། །དེ་བཞིན་སེམས་ཅན་ཐམས་ཅད་[ལ་བཞུགས་པ་གདོད་ནས་]དག[པའི]། །ཆོས་ཉིད་གཟོད་ནས་མ་སྐྱེས་པའི། །[དབྱིངས་གང་ཡིན་པ་]དེ་བཞིན་གཤེགས་[པའི་]སྙིང་[པོ་]འདི་གང་ཞིག[ནི]། །[དོན་དམ་གྱི་]ཆོས་དང་ཆོས་ཉིད་[ཏེ་]སྟོང་[པའི་གཞི་]གང་ཡིན[པའོ]། །[དེ་ནི་]གཟུགས་སོགས་[ཀུན་རྫོབ་ཀྱི་]ཆོས་རྣམས་ཐམས་ཅད་ཀྱི[ཁྱབ་བྱེད་དུ་གྱུར་པ]། །ཆོས་ཉིད་དེ་བཞིན་ཉིད་དུ་འདོད། །ཅེས་དང༌། [དོན་དམ་གྱི་]ཆོས་ཀུན་[གདོད་ནས་]རྣམ་པར་དག་པའི་ཕྱིར། །ཉེས་པ་ཀུན་དང་[རང་བཞིན་གྱིས་]བྲལ་བ་སྟེ། །ཐོག་མ་མེད་[པ་ནས་]བྱུང་[བ་]ཆོས་[ཀུན་གྱི་]སྙིང་པོ[དེ་སེམས་ཅན་ལ་བཞུགས་ཀྱང་]། །གློ་བུར་དྲི་མས་[སེམས་ཅན་དེ་]ཉོན་མོངས་[པར་]གྱུར[མོད]། །[བདེ་གཤེགས་སྙིང་པོ་ཨ་ཧཾ་]ང་ནི་[ཉོན་མ་མོངས་པ་]ཁོ་ན་[ཡིན་ཞིང་]ཆོས་ཆེན་པོ[དོན་དམ་གྱི་ཆོས་ཀྱང་ཡིན་ལ]། །[ཨ་ཧཾ་]ང་ནི་ཆོས་[ཀུན་]ཀྱི་སྙིང་པོར་བཤད། །དེ་བས་[ཨ་ཧཾ་]ང་ནི་[ཆོས་རྒྱལ་]རྒྱལ་པོ་ཆེ། །ཞེས་དང༌། [གདོད་ནས་]དག་པ་དེ་བཞིན་གཤེགས་[པའི་]སྙིང་པོ[ནི]། །སེམས་དཔའ་[སྟེ་སེམས་ཅན་གྱི་]སྙིང་པོ་ཞེས་བྱར་བཤད། །[ཨ་ཧཾ་]ང་ནི་དེ་བཞིན་གཤེགས་སྙིང་པོ། །[དོན་དམ་གྱི་]སེམས་ཅན་ཐམས་ཅད་[སངས་རྒྱས་ཀྱི་]བདག་དང་[ཨ་ཧཾ་]མཚུངས། །ཞེས་པ[འམ་ཀུན་རྫོབ་ཀྱི་སངས་རྒྱས་བདག་དང་སེམས་ཅན་ཐམས་ཅད་ལ་དོན་དམ་གྱི་སངས་རྒྱས་བཞུགས་པར་མཚུངས་ཞེས་པ་]ལ་སོགས་པས། གཟོད་མ་ནས་མ་སྐྱེས་པའི་བདེ་གཤེགས་སྙིང་པོ་དེ་བཞིན་ཉིད་སེམས་ཅན་ཐམས་ཅད་ལ་ཡང་ཁྱད་མེད་དུ་བཞུགས་བཞིན་དུ་སེམས་ཅན་གྱི་ཉེས་པས་མ་གོས་པར་གསུངས་པ་དང་ཡང་[བདེ་གཤེགས་སྙིང་པོ་དོན་ལ་མི་གནས་པར་འདོད་པ་]འགལ་བར་འགྱུར་རོ། །དེ་བཞིན་དུ། དཔལ་དགོངས་པ་ལུང་སྟོན་པའི་རྒྱུད་དུ་ཡང༌། [བདེ་གཤེགས་]སྙིང་པོ་ཞེས་[པ་]ནི་སངས་རྒྱས་ཀྱི། །ཆོས་ཉིད་དག་པ་འདི་ཡིན་ཞིང༌། །[དོན་དམ་གྱི་]སྔགས་ཀྱི་སྤྱོད་དོན་སྤྱོད་རྣམས་ཀྱི། །བྱང་ཆུབ་སྤྱོད་པའི་མཆོག་འདི་ཡིན། །ཞེས་སྔགས་ཀྱི་སྤྱོད་མཆོག་ཟབ་མོའི་དོན་ཆོས་ཉིད་དག་པ་སངས་རྒྱས་ཀྱི་སྙིང་པོར་གསུངས་པ་དང༌། དོན་དམ་པའི་མཚན་བརྗོད་དུ་ཡང༌། སངས་རྒྱས་ཀུན་གྱི་སྙིང་པོ་ཆེ། །ཞེས་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོར་གྱུར་པའོ། །ཞེས་དོན་དམ་ཡེ་ཤེས་ཀྱི་སྐུ་དེ་ཉིད་བདེ་གཤེགས་སྙིང་པོར་གསུངས་པ་དང༌། མགོན་པོ་སྤྱན་རས་གཟིགས་དབང་ཕྱུག་གི་ཞལ་སྔ་ནས་ཀྱང༌། [དོན་དམ་རང་གིས་མི་སྟོང་ལ་གཞན་གྱིས་]སྟོང་པ་ཆེན་པོ་འགྱུར་མེད་[རང་བྱུང་ཡེ་ཤེས་]ལྔ་གཅིག་ཏུ་[གདོད་ནས་]འདྲེས་པར་གྱུར་པའི་རྣལ་འབྱོར་[གཞི་འབྲས་ཀྱིས་བསྡུས་པ་]ནི་དེ་བཞིན་གཤེགས་པ་རྣམས་ཀྱི་སྙིང་པོ་སྟེ། ཞེས་སོགས་དང༌། དཔལ་དུས་ཀྱི་འཁོར་ལོར་ཡང༌། སེམས་ཅན་རྣམས་[ཀྱི་རང་བཞིན་འོད་གསལ་བའི་སེམས་]ནི་སངས་རྒྱས་ཡིན་ཏེ་སངས་རྒྱས་ཆེན་པོ་[དེ་ལས་]གཞན་འདིར་འཇིག་རྟེན་ཁམས་ན་ཡོད་མ་ཡིན། །ཞེས་སེམས་ཅན་རྣམས་ལ་བཞུགས་པའི་རང་བཞིན་འོད་གསལ་གྱི་སེམས་ལས་གཞན་པའི་སངས་རྒྱས་ཆེན་པོ་འཇིག་རྟེན་ཁམས་ན་མེད་པར་གསུངས་པ་དང༌། སེམས་ལ་གནས་པ[འི་རང་བཞིན་འོད་གསལ་བ་བདེ་བ་ཆེན་པོ་ཡིད་བཞིན་ནོར་བུ་]དེ་ནི་མི་དགེའི་འབྲས་བུའི་དབང་གིས་སྡིག་པའི་ལས་ཅན་སེམས་ཅན་གྱིས་མི་མཐོང་[ཡང་]། །ཡིད་བཞིན་ནོར་བུའི་སྐྱོན་མིན་[གྱི་སེམས་ཅན་གྱི་སྐྱོན་ཡིན་ཞིང་]མི་དགེ་བ་དང་དགེ་བ[གང་བྱས་པ]འི་འབྲས་བུ་སེམས་ཅན་ཐམས་ཅད་རབ་ཏུ་སྤྱོད། །[རང་བཞིན་དག་པའི་]སེམས་ནི་[གློ་བུར་དྲི་མས་]དག་ན་མི་དེ་ཡང་ནི་[དག་པ་གཉིས་ལྡན་གྱི་]རྒྱལ་བའི་དབང་པོར་འགྱུར་ཏེ་རྒྱལ་བ་གཞན་གྱིས་ཅི་ཞིག་བྱ། །ཞེས་བཅོས་མ་གློ་བུར་བའི་སེམས་ལ་གནས་པའི་རང་བཞིན་གཉུག་མའི་སེམས་འོད་གསལ་བ་ཡིད་བཞིན་ནོར་བུ་ལྟ་བུའི་སྙིང་པོ་དེ་གློ་བུར་དྲི་མའི་ཚོགས་ཀུན་འགགས་པ་ཙམ་གྱིས་ཐོབ་པའི་ཕྱིར་བདེ་གཤེགས་སྙིང་པོ་དོན་ལ་གནས་པར་གསུངས་པ་དང་ཡང་[བདེ་གཤེགས་སྙིང་པོ་དོན་ལ་མེད་པར་འདོད་པ་]འགལ་བར་འགྱུར་རོ། །དེ་བཞིན་དུ་མཁའ་འགྲོ་མ་རྡོ་རྗེ་གུར་དུ་ཡང༌། [གཟུང་འཛིན་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པས་]བདག་དང་གཞན་དུ་འཛིན་སྤངས་ཤིང༌། །[དོན་དམ་]རང་གིས་[དོན་དམ་རང་]རིག་པའི་ཡེ་ཤེས་དེ[དངོས་པོ་དངོས་མེད་སྤངས་པའི་བར་མ་ཕུང་པོ་གསུམ་པ་ཡིན་ནོ]། །[དེ་ཡང་གཉིས་མེད་ཡེ་ཤེས་ལ་དངོས་པོའི་རྣམ་པར་སྣང་བས་]དངོས་[པོ་]དང་དངོས་[པོར་གྲུབ་པ་]མེད་[པས་དངོས་མེད་ཀྱི་]བདག་ཉིད་མཆོག[སྟེ་གཉི་ག་ཡིན་པའི་ཕུང་གསུམ་མོ། །ཡང་དེ་ཉིད་གཉི་ག་མིན་པའི་ཕུང་གསུམ་ཡང་ཡིན་ཏེ་སྐབས་གཞན་དུ་ཡང་ཡང་གསུངས་པའོ།]།མཁའ་མཉམ་སྟོང་པ་རྡུལ་དང་བྲལ[བའི་གཟུགས་ཏེ། ནམ་མཁའ་འདྲ་ཞིང་རྡུལ་བྲལ་གཟུགས་བཟང་བ་ཞེས་སོགས་གསུངས་པའོ]། །[དེ་ཉིད་དོན་དམ་གྱི་འདོད་ཆགས་ཀྱང་ཡིན་ལ། ཀུན་རྫོབ་ཀྱི་འདོད་ཆགས་དང་བྲལ་བ་ཡིན་པས]འདོད་ཆགས་[དང་]ཆགས་བྲལ་འདྲེས་པ་[དེ་ནི་ཕུང་པོ་གསུམ་པའམ་མ་ནིང་]སྟེ། །[དེ་ཉིད་]ཐབས་དང་ཤེས་རབ་ཤིན་ཏུ་འདྲེས[པ་མ་ནིང་གི་གོ་འཕང་ངོ་]། །དེ་ཉིད་སྲོག་ཆགས་རྣམས་ཀྱི་སྲོག[ཆེན་པོ་ནམ་ཡང་མི་འཆད་པ་ཡིན་ལ།]།དེ་ཉིད་མི་འགྱུར་དམ་པ་སྟེ། །དེ་ཉིད་ཀྱིས་ནི་[བརྟན་གཡོ་]ཐམས་ཅད་[ལ་]ཁྱབ[པ]། །[བདེ་གཤེགས་སྙིང་པོ་]དེ་འདིར་[དོན་དམ་གྱི་]སངས་རྒྱས་ཡེ་ཤེས་ཏེ། །དཔལ་ལྡན་ཧེ་རུ་ཀ་ཞེས་བྱ། །ཞེས་དང༌། དཔལ་བརྟག་པ་གཉིས་པར་ཡང༌། [བདེ་གཤེགས་སྙིང་པོ་]དེ་ཉིད་[དོན་དམ་གྱི་]དཀྱིལ་འཁོར་འཁོར་ལོ་དང༌། །[དོན་དམ་གྱི་]ཡེ་ཤེས་ལྔ་ཡི་རང་བཞིན་ཅན། །[བདེ་གཤེགས་སྙིང་པོ་]དེ་ནི་[དོན་དམ་གྱི་]མེ་ལོང་ཡེ་ཤེས་གཟུགས། །[དོན་དམ་གྱི་]མཉམ་ཉིད་ཡེ་ཤེས་དངོས་པོ[འི་རྣམ་པ་]ཅན། །ཡང་དག་[པའི་མཐར་]གྱུར་པ་སོ་སོར་རྟོག[པའི་ཡེ་ཤེས་དང།]།[བདེ་གཤེགས་སྙིང་པོ་]དེ་ཉིད་[དོན་དམ་གྱི་]བྱ་བ་ནན་ཏན་[གྱི་ཡེ་ཤེས་]ཏེ། །ཆོས་དབྱིངས་ཤིན་ཏུ་རྣམ་དག་པ[འི་ཡེ་ཤེས་ཀྱང་ངོ་]། །[བདེ་གཤེགས་སྙིང་པོ་]དེ་ཉིད་[དོན་དམ་གྱི་]དཀྱིལ་འཁོར་བདག་པོ་ང་[ཨ་ཧཾ]། །[བདེ་གཤེགས་སྙིང་པོ་]དེ་ཉིད་[དོན་དམ་གྱི་]བདག་མེད་རྣལ་འབྱོར་མ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན། །ཞེས་དང༌། [བདེ་གཤེགས་སྙིང་པོ་]འདི་ཉིད་[རང་བྱུང་]ཡེ་ཤེས་ཆེན་པོ་ཉིད། །ཐམས་ཅད་ལུས་ལ་རྣམ་པར་གནས། །[ཐབས་ཤེས་རབ་སྙིང་རྗེ་སྟོང་ཉིད་བདེ་ཆེན་སྟོང་ཆེན་གཉིས་]གཉིས་[སུ་བཞུགས་པ་]དང་[དེ་དག་]གཉིས་སུ་མེད་པ[ར་འདྲེས་པ]འི་ཚུལ། །དངོས་དང་དངོས་མེད་བདག་ཉིད་གཙོ[བོ་ནི་སྔར་དངོས་དང་དངོས་མེད་བདག་ཉིད་མཆོག་ལ་བཤད་པ་བཞིན་ནོ]། །བརྟན་དང་གཡོ་བ་ཁྱབ་[ནས་]གནས། །སྒྱུ་མ[དང་པྲ་ཕབ་པ]འི་གཟུགས་ཅན་ཉིད་དུ་འདོད། །ཅེས་དང༌། [བདེ་གཤེགས་སྙིང་པོ་]དེ་ཉིད་སྲོག་ཆགས་རྣམས་ཀྱི་སྲོག[ཆེན་པོ་སྟེ།]།[བདེ་གཤེགས་སྙིང་པོ་]དེ་ཉིད་[དོན་དམ་པའི་ཡི་གེ་ཡིན་པས་]ཡི་གེ་དམ་པ་ཉིད[དམ་འགྱུར་མེད་མཆོག་གོ]། །[བདེ་གཤེགས་སྙིང་པོ་]དེ་ཉིད་[དོན་དམ་གྱི་]འགྲོ་བའི་བདག་ཉིད་དེ[འགྲོ་བ་གཞན་ནམ་མཆོག་གོ]། །[བདེ་གཤེགས་སྙིང་པོ་]དེ་ཉིད་[ཀྱིས་]ཐམས་ཅད་[ལ་]ཁྱབ་པ་པོ། །ཐམས་ཅད་ལུས་ལ་རྣམ་པར་གནས། །དངོས་[པོ་གཞན་]དང་དངོས་མེད་[གཞན་]དེ་ལས་བྱུང་[སྟེ་དེ་དང་དེའི་རྣམ་པ་ཅན་ནོ]། །ཞེས་སོགས་དང༌། མངོན་པར་བརྗོད་པའི་རྒྱུད་བླ་མར་ཡང༌། [བདེ་གཤེགས་སྙིང་པོ་]དེ་ནི་སྲོག་ཆགས་རྣམས་ཀྱི་སྲོག[ཆེན་པོ་སྟེ།]།དེ་ཉིད་མི་འགྱུར་དམ་པ་ཡིན། །དེ་ཉིད་ཐམས་ཅད་མཁྱེན་བྱེད་དེ། །ལུས་ཀུན་ལ་ནི་རྣམ་པར་གནས། །དེ་ཉིད་སངས་རྒྱས་ཡེ་ཤེས་ཏེ། །ཧེ་རུ་ཀ་དཔལ་ཡིན་པར་བཤད། །ཅེས་སོགས་དང༌། དོན་དམ་པའི་མཚན་བརྗོད་དུ་ཡང༌། [བརྗོད་དུ་མེད་པའི་]ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་འགྱུར་མེད་དམ་པ་ཡིན། ། [དེ་ཉིད་སྲོག་ཆགས་ཀུན་གྱི་]སྲོག་ཆེན་པོ་སྟེ་སྐྱེ་བ་མེད། །[ཡི་གེ་ཡིན་ཡང་]ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག[དེས་ན་འགལ་འདུས་སྐྱོན་མེད་འཇིག་རྟེན་དཔེ་ལས་འདས་པའོ།]།ཅེས་པ་ལ་སོགས་པས་རང་བྱུང་ཡེ་ཤེས་ལྔའི་དབྱིངས་བརྟན་གཡོ་ཀུན་ལ་ཁྱབ་པར་བཞུགས་པ་དེ་ཉིད་ཧེ་རུ་ཀ་དང༌། དཀྱིལ་འཁོར་འཁོར་ལོ་དང༌། དཀྱིལ་འཁོར་བདག་པོ་དང༌། ཨ་ཡིག་ལ་སོགས་པའི་རང་བཞིན་སྲོག་ཆགས་ཀུན་གྱི་སྲོག་ཆེན་པོར་གསུངས་ཤིང༌། དཔལ་འདུས་པ་ལ་སོགས་པར། སེམས་ཅན་ཀུན་གྱི་སེམས་ཆེན་པོ[དོན་དམ་པའི་སེམས]། །ཞེས་པ་ལ་སོགས་པས་བདེ་གཤེགས་སྙིང་པོ་དེ་ཉིད་སེམས་ཆེན་པོར་ཡང་གསུངས་ལ། [མཚན་བརྗོད་དུ་]མཆོད་པ་ཆེན་པོ་འདོད་ཆགས་ཆེ། །ཞེས་པ་ལ་སོགས་པས་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལ་སོགས་པ་ཉོན་མོངས་ཆེན་པོར་ཡང་གསུངས་ཤིང༌། དཔལ་དུས་ཀྱི་འཁོར་ལོར། གང་དུ་ངེས་པར་[ཀུན་རྫོབ་ཀྱི་]རིགས་ཀྱི་གཟུགས་ནི་[གདོད་ནས་]ཉམས་པ་ཉིད་དུ་གྱུར་པ[འི་གཞི་]དེ་ནི་ཆེན་པོའི་གཟུགས་[རྣམ་སྣང་མེ་ལོང་ཡེ་ཤེས་]སུ་གསུངས། །གང་དུ་འཁོར་བའི་སྡུག་བསྔལ་[གདོད་ནས་]ཉམས་པ་ཉིད་དུ་གྱུར་པ[འི་གཞི་]དེ་ནི་ཚོར་བ་ཆེན་པོར་[རིན་འབྱུང་མཉམ་ཉིད་ཡེ་ཤེས་ཡིན་པ་]གསུངས་པ་སྟེ། །ཞེས་པ་ལ་སོགས་པས་ཕུང་པོ་དང་ཁམས་ལ་སོགས་པ་ཆེན་པོར་གསུངས་པ་ཐམས་ཅད་བདག་ཆེན་པོ་དང་སྟོང་ཉིད་ཆེན་པོའི་དོན་ཡིན་ལ། དེ་ཡང་བདེ་གཤེགས་སྙིང་པོའི་དོན་ཡིན་པས་བདེ་གཤེགས་སྙིང་པོ་དོན་ལ་མི་གནས་ན་དེ་རྣམས་ཀྱང་དོན་ལ་མི་གནས་པར་ཧ་ཅང་ཐལ་བར་འགྱུར་རོ། །གལ་ཏེ་བདེ་གཤེགས་སྙིང་པོ་དང་བདག་གི་དབྱིངས་རྣམ་གྲངས་ཡིན་ན་མུ་སྟེགས་བྱེད་ཀྱི་བདག་དང་ཁྱད་པར་མེད་པར་འགྱུར་ལ། རྣམ་གྲངས་མ་ཡིན་ན་མིང་དེས་བསྟན་ཡང་མུ་སྟེགས་ཅན་བདག་ཏུ་མངོན་པར་ཞེན་པ་རྣམས་དྲང་བར་མི་ནུས་སོ་ཞེ་ན། སྐྱོན་མེད་དེ། རྣམ་གྲངས་ཡིན་ཡང་འདི་ནི་བདག་གཉིས་ཀྱིས་སྟོང་བའི་གཞི་དེ་བཞིན་ཉིད་ཀྱི་བདག་དང་དག་པའི་བདག་ལ་སོགས་པ་ཡིན་པའི་ཕྱིར་རོ། །

དག་པའི་བདག་སོགས་དོན་ལ་མེད་ན་ཧ་ཅང་ཐལ་བའི་ཤེས་བྱེད་དགོད་པ།

གལ་ཏེ་བདག་གི་དབྱིངས་དང་བདག་ཆེན་པོ་དང་དག་པའི་བདག་ལ་སོགས་པ་རང་གཏན་ནས་མི་སྲིད་དེ། བདག་གང་ཡང་མི་སྲིད་པའི་ཕྱིར་རོ་ཞེ་ན། དེ་ལྟ་ན་ནི་དེ་བཞིན་ཉིད་བདག་དག་པའི་བདག་ཀྱང་མི་སྲིད་པར་འགྱུར་ཞིང༌། དེ་བཞིན་དུ། རྡོ་རྗེ་ལས་སྐྱེས་རྡོ་རྗེའི་བདག་དང༌། །གཅིག་པུ་སྲ་མཁྲེགས་རྡོ་རྗེའི་བདག་དང༌། ཤེས་དང་ཤེས་བྱའི་བདག་པོ་མཆོག་དང༌། མི་གཡོ་རབ་ཏུ་དང་བའི་བདག་དང༌། སངས་རྒྱས་ཀུན་བདག་དངོས་པོ་མཆོག་དང༌། སྐྱེས་མ་ཐག་པ་འགྲོ་བའི་བདག་དང༌། ནམ་མཁའི་བདག་པོ་སྣ་ཚོགས་སྟོན་དང༌། འཇིག་རྟེན་དབང་ཕྱུག་ཀུན་གྱི་བདག་དང༌། ཁྱབ་བདག་རིན་ཆེན་ཀུན་གྱི་མཆོག་དང༌། ཁྱབ་བདག་དམ་ཤེས་དམ་ཚིག་ལྡན་དང༌། ཁྱབ་བདག་ཆེན་པོ་རིན་ཆེན་གདུགས་དང༌། རྒྱུད་ཀུན་གྱི་ནི་བདག་པོ་མཆོག་དང༌། ཤིན་ཏུ་སད་པ་སད་པའི་བདག་དང༌། ཉོན་མོངས་ཁམས་རྣམས་དག་པའི་བདག་ཀྱང་མི་སྲིད་པར་འགྱུར་[ཏེ་བདག་གང་ཡང་མི་སྲིད་པའི་ཕྱིར་]རོ། །དེ་བཞིན་དུ། དཔལ་[གསང་བ་]འདུས་པར་ཡང༌། [དོན་དམ་པའི་]སངས་རྒྱས་སྐལ་[བ་]མཆོག་[ལྡན་གདོད་ནས་]དག་པའི་བདག །ཅེས་དང༌། རྣམ་ཤེས་མིན་[པའི་]བདག་[གི་]ཆོས་རྣམས་ནི། །དོན་དམ་[བདེན་པ་]མི་འགྱུར་[བའི་]བདག་[ཏུ་]གྱུར་[པ་]ཉིད། །ཅེས་དང༌། གཟུགས་རྡོ་རྗེ་ལ་སོགས་པ་དྲུག །རྡོ་རྗེའི་བདག་པོ་ཞེས་བཤད་དོ། །ཞེས་དང༌། བསམ་གཏན་རྡོ་རྗེ་[འམ་རྡོ་རྗེའི་བསམ་གཏན་]རབ་སྒོམ་པ། །འདི་ཡིས་སངས་རྒྱས་ཆེ་བའི་བདག [གང་ཡིན་པ།]།འཇིག་རྟེན་ཐམས་ཅད་[དུ་]དབང་བྱེད་པ[དེ་ཡང་]། །ཚེ་འདི་ཉིད་ཀྱིས་ཐོབ་པར་འགྱུར། །ཞེས་དང༌། དཔལ་རྙོག་པ་མེད་པའི་རྒྱུད་དུ་ཡང༌། སངས་རྒྱས་ཐམས་ཅད་འདུས་པའི་བདག །མྱུར་བར་བྱིན་གྱིས་རློབ་པར་འགྱུར། །སངས་རྒྱས་ཐམས་ཅད་འདུས་པའི་བདག །སངས་རྒྱས་ཀུན་གྱི་སྡོམ་པའི་བདག །ཅེས་པ་ལ་སོགས་པའི་དོན་ཡང་མི་སྲིད་པར་འགྱུར་ཏེ། དེ་དག་ལས་དོན་གཞན་དུ་གྱུར་པའི་བདག་[གཤིས་ལ་གནས་པ་]ནི་ཐམས་ཅད་མཁྱེན་པས་མ་གསུངས་ཤིང༌། ཁོ་བོ་ཅག་ཀྱང་མི་འདོད་ལ། མིང་གཞན་ནི་ཤིན་ཏུ་མང་བར་གསུངས་པའི་ཕྱིར། མིང་ཙམ་ལས་འཁྲུལ་བར་མི་བྱ་སྟེ། དོན་ལ་རྟོན་པ་ཉིད་ལས་སོ། །དེའི་ཕྱིར་བདག་གཉིས་ཀྱིས་སྟོང་བའི་གཞི་དོན་དམ་རང་བྱུང་ཡེ་ཤེས་ཀྱི་བདག་ཉིད་ནམ་ཡང་མ་ཆད་པ་ལ་དགོངས་ནས། དབུ་མ་པ་ཆེན་པོ་འཕགས་པ་ཐོགས་མེད་ཞབས་ཀྱི་ཞལ་སྔ་ནས་ཀྱང༌། དེ་ལྟར་[གང་ཟག་དང་ཆོས་ཀྱི་]བདག་ནི་མེད་ཀྱི་བདག་[དེ་གཉིས་]མེད་པ[འི་གཞི་དོན་དམ་པའི་བདག་ཉིད་]ནི་[མ་ཆད་པར་ནམ་ཡང་]ཡོད་པར་[རྟོགས་ནས་བདེན་གཉིས་ཀྱི་]སྟོང་པ་ཉིད་[གཉི་ག་]ཁོང་དུ་ཆུད་པར་བྱའོ། །[སྟོང་ཙམ་དང་སྟོང་བའི་གཞི་]འདི་ལ་དགོངས་ནས། བཅོམ་ལྡན་འདས་ཀྱིས་[སྟོང་གཞི་དོན་དམ་]ཡོད་པ་ཡང་ཡོད་པར། [སྟོང་ཙམ་ཀུན་རྫོབ་]མེད་པ་ཡང་མེད་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཞེས་གསུངས་པའི་ལུང་དྲངས་སོ། །གཞན་ཡང་དོན་དམ་པའི་སངས་རྒྱས་ནི་བདག་གི་ཕ་རོལ་ཏུ་ཕྱིན་ཡང་འཇིག་རྟེན་པའི་བདག་དང་མི་མཚུངས་ཏེ། ཇི་སྐད་དུ། རྔ་བོ་ཆེ་ཆེན་པོའི་མདོར། འཇིག་རྟེན་པ་རྣམས་ཀྱི་བདག་ཅེས་བྱ་བ་དེ་དག་གཞིག་པའི་ཕྱིར་བདག་མེད་པ་བསྟན་ཏོ། །གལ་ཏེ་དེ་ལྟར་སྟོན་པའི་བསྟན་པ་ལས་[བདག་མེད་པ་]མ་གསུངས་ན་ཇི་ལྟར་གྲོང་པ་ཡིན་པར་མི་འགྱུར་[ཏེ་གྲོང་བ་དང་ཁྱད་མེད་དུ་འགྱུར་རོ། །དེའི་གཉེན་པོར་བདག་མེད་གསུངས་པས་]སངས་རྒྱས་བཅོམ་ལྡན་འདས་ནི་བདག་མེད་པར་གསུང་བར་གྲག་གོ །ཞེས་ཡ་མཚན་སྐྱེས་པར་གྱུར་པ་དང༌། དེའི་འོག་ཏུ་རྒྱུ་དང་གཏན་ཚིགས་བརྒྱ་སྟོང་གིས་[བདག་གཉིས་མེད་པའི་]བསྟན་པ་ལ་འཛུད་དོ། །དེ་ལྟར་བཙུད་པ་ལས་གང་གི་ཚེ་ཡང་[བདག་ཡོད་ཀྱི་བསྟན་པ་ལས་]གོང་མ་[བདག་མེད་པའི་བསྟན་པ་ལ་]དད་པ་སྐྱེས་ཤིང་ཞུགས་པ་ན་སྟོང་པ་ཉིད་ཀྱི་ཆོས་རྣམས་ལ་སློབ་པར་བྱེད། བརྩོན་པར་བྱེད་[དོ་]འབད་པར་བྱེད[དོ]། དེ་ནས་དེའི་འོག་ཏུ་དེ་དག་ལ་ཐར་པ་[མཐར་ཐུག་]ནི་[གདོད་ནས་]ཞི་བ་རྟག་པ་གཟུགས་དང་བཅས་པའོ། །ཞེས་[དག་པའི་བདག་]སྟོན་[ཏེ་དེ་ལྟར་བདག་མེད་པ་དང་ཡོད་པ་རིམ་གྱིས་སྟོན་]ཏོ། །གཞན་ཡང་འཇིག་རྟེན་པ་ཁ་ཅིག་[འདུས་བྱས་ཀྱི་]ཐར་པ་[བདེན་པ་ཡང་དག་པ་]ཡོད་དོ་ཟེར་ཏེ་ངས་དེ་དག་གཞིག་པའི་ཕྱིར་ཐར་པ་ནི་ཅུང་ཟད་མེད་དོ་ཞེས་བྱ་བ་འདི་གསུངས་སོ། །གལ་ཏེ་དེ་ལྟར་སྟོན་པས་[འདུས་བྱས་ཀྱི་ཐར་པ་ཡོད་པར་]ལྟ་བ་[དེ་]ཆུད་གཟོན་པར་བྱེད་པ་དང་འདྲ་བར་མ་བསྟན་ན་ཇི་ལྟར་སྟོན་པའི་བསྟན་པ་[གཤིས་ལ་འདུས་བྱས་ཀྱི་ཐར་པ་མེད་པ་]ལ་ཡིད་ཆེས་པར་འགྱུར། དེ་ལྟ་བས་ན་རྒྱུ་དང་གཏན་ཚིགས་བརྒྱ་སྟོང་གིས་[འདུས་བྱས་ཀྱི་]ཐར་པ་ཆུད་གཟོན་པ་ཉིད་ཀྱི་[ཐབས་]བདག་མེད་པ་གསུངས་སོ། །དེ་ནས་དེའི་འོག་ཏུ་[ཐར་པ་གང་ཡང་མེད་པས་དོན་དམ་གྱི་ཐར་པ་ཡང་མེད་ཅེས་གནས་ལུགས་ཟབ་མོའི་]ཐར་པ་ཆུད་གཟོན་པའི་ལྟ་བ་མཐོང་ན་མི་བླུན་པོ་རྣམས་ཉམས་པར་འགྱུར་བས། དེའི་འོག་ཏུ་ངས་ཡང་རྒྱུ་དང་གཏན་ཚིགས་བརྒྱ་སྟོང་གིས་[དོན་དམ་གྱི་]ཐར་པ་ཡོད་པ་ཉིད་དུ་གསུངས་སོ། །ཞེས་དང༌། ངས་ཀྱང་གལ་ཏེ་ཐོག་མ་ཁོ་ནར་བདག་ཡོད་དོ་ཞེས་བསྟན་ན་སུ་ཞིག་དད་པར་འགྱུར། གལ་ཏེ་དེ་[དང་པོར་བདག་ཡོད་ལ་]དད་པར་གྱུར་ན་འཇིག་ཚོགས་ལ་ལྟ་བའི་བདག་ཏུ་འཛིན་པ་[ཅན་དུ་འགྱུར་ཞིང་དེ་]ནི་འཇིག་རྟེན་གྱི་སྤྱི་ཐུན་[ཡིན་]པས་ངའི་[བསྟན་པ་དེ་]ཡང་[འཇིག་རྟེན་པའི་བདག་འཛིན་ཅན་]དེར་འགྱུར་རོ། །ངས་ཀྱང་ཡུལ་ཙམ་པ་ཀ་ན་གནས་པའི་མི་[ཐབས་ལ་མཁས་པས་སྔ་ཕྱི་འགལ་བ་ལྟ་བུའི་ཚིག་གིས་ཕན་པའི་དོན་བཟང་པོ་བསྟན་ཚུལ་མདོར་གསུངས་པ་དེ་]བཞིན་དུ་ཐོག་མར་[གང་ཟག་དང་ཆོས་ཀྱི་]བདག་མེད་པ་བསྟན་ནས། དེའི་འོག་ཏུ་[སྟོང་གཞི་དོན་དམ་གྱི་]བདག་ཡོད་པ་ཉིད་སྟོན་པར་འགྱུར་ཏེ་[དག་པའི་བདག་]དེ་ཉིད་དང་བདག་གི་དེ་ཁོ་ན་ཉིད་ཀྱང་བཤད་དོ། །[དེ་ལྟར་སྔོན་དུ་བདག་མེད་གསུངས་པ་ནི་གཤིས་ལུགས་ལ་ཀུན་བརྟགས་དང་གཞན་དབང་མེད་པར་དགོངས་ཤིང་ཕྱི་ནས་བདག་ཡོད་གསུངས་པ་ནི་སྟོང་གཞི་ཆོས་ཉིད་ཡོངས་གྲུབ་ནམ་ཡང་གང་ནའང་བཞུགས་པ་ལ་དགོངས་ཏེ། དེ་ནི་རྒྱུད་སྡེར་དེ་ཁོ་ན་ཉིད་བཞི་གསུངས་པ་ལས་བདག་གི་དེ་ཁོ་ན་ཉིད་དོ།།]འོད་སྲུང་དེ་ལྟ་བས་ན་[བདག་མེད་པ་དང་ཡོད་པ་རིམ་གྱིས་སྟོན་པའི་]ཐབས་ལ་མཁས་པར་བྱའོ། །འོད་སྲུང་གཞན་ཡང་དཔེར་ན་མི་ཞིག་ལམ་པོ་ཆེ་ཞིག་ནས་འབྲོག་དགོན་པར་སོང་བ་ལས་བྱ་རབ་གནོད་ཅེས་བྱ་བས་སྒྲ་ཕྱུང་བ་དང༌། དེ་ནས་མི་དེས་ལམ་དུ་ཞུགས་ཏེ་འགྲོ་བ་ལས་བྱའི་སྐད་དེ་ཐོས་ནས་བསམས་པ། ཅི་ཆོམ་རྐུན་མ་བྱུང་ངམ་ཞེས་[ལོག་རྟོག་སྐྱེས་པའི་མི་]དེ་ཆོམ་རྐུན་པས་འཇིགས་སྐྲག་སྟེ་[ལམ་གཞན་དུ་]བྱོལ་བ་ལས་[འབྲོག་]དགོན་པ་གང་ན་སྟག་ཡོད་པ་དེར་ཆུད་ནས་ཚུལ་མ་ཡིན་པས་སྡུག་བསྔལ་བར་གྱུར་ཏོ། །འོད་སྲུང་དེ་བཞིན་དུ་མ་འོངས་པའི་དུས་ན་དགེ་སློང་དང་དགེ་སློང་མ་དང་དགེ་བསྙེན་དང་དགེ་བསྙེན་མ་རྣམས་བདག་དང་བདག་གི་ཞེས་བྱ་བའི་སྒྲ་ཙམ་གྱིས་སྐྲག་ནས་འཇིག་རྟེན་པའི་འཇིག་ཚོགས་ལ་ལྟ་བ་ནི་བདག་[གང་ཡང་]མེད་པ་སེམས་ཤིང་སྟོང་པ་ཉིད་ཆེན་པོ་[སྟེ་ཐམས་ཅད་རང་སྟོང་ཡིན་ཞེས་]ཆད་པའི་ལྟ་བ་སྨྲ་བའི་བདག་ཉིད་དུ་འགྱུར་བས། [དོན་དམ་གྱི་]དེ་བཞིན་གཤེགས་པ་རྟག་པ་[དོན་དམ་གྱི་]སངས་རྒྱས་རྟག་པའི་བདག་ཉིད་དང་ལྡན་པའི་མདོ་སྡེ་[ཟབ་མོ་ཁྱད་འཕགས་]འདི་ལྟ་བུ་འདི་དག་ལ་དད་པར་མི་འགྱུར་རོ། །ཞེས་དང༌། གང་མདོ་སྡེ་[ཟབ་མོ་ཁྱད་འཕགས་]འདི་ལྟ་བུ་དག་འཆད་པར་མི་འགྱུར་བ་དེར་ཕན་པ་སྟོན་[པར་འདོད་]པ་དག་འདི་ལྟ་སྟེ། སྟོང་པ་ཉིད་ཀྱི་ལེའུ་དང་ལྡན་པ་[སྟེ་ཐམས་ཅད་རང་སྟོང་ཡིན་ཞེས་]ཕལ་པ་གཞན་དག་སྟོན་ཅིང་འཆད་པར་འགྱུར་རོ། །དེའི་ཚེ་[སེམས་ཅན་]དེ་དག་གིས་[རང་སྟོང་སྟོན་པའི་]མདོ་སྡེ་དེ་ལྟ་བུ་མང་པོ་དག་མཐོང་[ཞིང་]ཐོས་ནས་སེམས་ཅན་དེ་དག་སློབ་ཅིང༌། དེ་དག་གིས་ལོབས་ནས་གང་གི་ཚེ་དེ་བཞིན་གཤེགས་པའི་སྙིང་པོ་དེ་བཞིན་གཤེགས་པ་རྟག་པའི་བདག་ཉིད་དང་ལྡན་པའི་མདོ་སྡེ་[ཟབ་མོ་ཁྱད་འཕགས་]འདི་ལྟ་བུ་འདི་དག་ཐོས་ན་[རང་སྟོང་ཙམ་གོ་བའི་གང་ཟག་]དེ་དག་ཡིད་གཉིས་དང་ཐེ་ཚོམ་འཐོབ་ཅིང་[རང་སྟོང་ལས་ལྷག་པའི་སྟོང་ཉིད་མེད་ཅེས་དང༌། རང་སྟོང་གང་ཡིན་དོན་དམ་དང༌། ཆོས་སྐུ་དང༌། ཕྱག་རྒྱ་ཆེན་པོ་དང༌། རང་བྱུང་ཡེ་ཤེས་ཡིན་པས་ངོ་ཤེས་པས་ཆོག །རང་བཞིན་ངོ་ཤེས་པས་གྲོལ་ཞེས་སོགས་]བློ་ཕྱིན་ཅི་ལོག་[དཔག་མེད་]ཏུ་འགྱུར་རོ། །ཞེས་དང༌། འོད་སྲུང་ངས་སེམས་ཅན་མོས་པ་སྣ་ཚོགས་རྣམས་[སྟོང་མི་སྟོང་དང་བདག་མེད་པ་དང་ཡོད་པ་ལ་སོགས་པ་]ལ་དགོངས་པ་སྣ་ཚོགས་ཀྱི་མདོ་རྣམས་བསྟན་པ་ན་དེ་ལ་སྙོམ་ལས་ཅན་ཚུལ་ཁྲིམས་འཆལ་བ་ལུས་དང་ངག་དང་ཡིད་མ་བསྡམས་པ་རྣམས་དེ་བཞིན་གཤེགས་པའི་སྙིང་པོ་སངས་རྒྱས་རྟག་པ་ཉིད་ཀྱི་མདོ་[ཟབ་མོ་ཁྱད་འཕགས་]འདི་ལྟ་བུ་འདི་དག་བོར་ནས། [རང་སྟོང་ཙམ་སྟོན་པ་]སྟོང་པ་ཉིད་ཀྱི་ལེའུའི་མདོ་དག་ལ་སློབ་པར་བྱེད་ཅིང༌། དེ་ལ་ཁ་ཅིག་ནི་[དགོངས་པའི་དོན་མ་ཡིན་པ་ལ་]ཚིག་དང་ཡི་གེ་འདྲེན་པར་བྱེད། ཁ་ཅིག་ནི་ཕན་ཚུན་ཚིག་དང་ཡི་གེ་དག་[ཕྱིས་ནས་སྤོང་བའམ་ངེས་དོན་ཡིན་ཡང་དྲང་དོན་ཡིན་ཞེས་སོགས་ཀྱི་]སྤོང་བར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱི་གསུང་ཐམས་ཅད་ལས་ནི་སྟོང་པ་ཉིད་དང་བདག་མེད་པ་སྟོན་ཏོ[ཞེས་དེ་ཙམ་རྒྱུ་མཚན་དུ་བྱས་ནས་སྟོང་གཞི་དོན་དམ་གཞན་སྟོང་བདེ་གཤེགས་སྙིང་པོ་སྤོང་བར་བྱེད་དེ]། །[དོན་དམ་དེ་བཞིན་ཉིད་དང་དོན་གཅིག་པའི་]སྟོང་པ་ཉིད་དང་བདག་མེད་པའི་དོན་[ནི་ཀུན་རྫོབ་ཀྱིས་སྟོང་བའི་གཞི་དང་བདག་གཉིས་ཀྱིས་སྟོང་བའི་གཞི་དང༌། རང་བཞིན་འོད་གསལ་ཡིན་པ་ལ་དེ་]མ་ཤེས་པའི་མི་བླུན་པོ་རྣམས་ནི་[ཆད་ལྟར་ལྷུང་ཞིང་དོན་དམ་གྱི་དཀོན་མཆོག་ཐམས་ཅད་ལ་སྐུར་བ་བཏབ་སྟེ་ལམ་ལས་]ཉམས་པར་འགྱུར་རོ། །ཞེས་པ་དང༌། མྱང་འདས་ཆེན་པོར་ཡང༌། མུ་སྟེགས་ཅན་གདུལ་བའི་ཕྱིར་འདི་སྐད་དུ་བདག་མེད་དོ། །གང་ཟག་མེད། སེམས་ཅན་མེད། འཚོ་བ་[འམ་སྲོག་]མེད། ཤེད་ཅན་མེད། ཤེད་བདག་མེད། ཤེས་པ་[པོ་]དང༌། མཐོང་བ་[པོ་]དང༌། བྱ་བ་དང༌། བྱེད་པ་པོ་མེད་དོ། །ཞེས་བརྗོད་པ་གསུངས་སོ། །དགེ་སློང་དག་མུ་སྟེགས་ཅན་གྱིས་བདག་ཅེས་བརྗོད་པ་ནི་སྲིན་བུའི་རྗེས་ལ་ཡི་གེར་གྱུར་པ་དང་འདྲ་སྟེ[ཆོས་ཉིད་ཡོངས་གྲུབ་ཀྱི་བདག་ལེགས་པར་རྟོགས་ནས་སྨྲ་བ་ནི་མ་ཡིན་ནོ]། །དེ་བས་ན་དེ་བཞིན་གཤེགས་པས་ནི་[བདག་གཉིས་པོ་མེད་པ་ལ་དགོངས་ནས་]སངས་རྒྱས་ཀྱི་ཆོས་ལ་བདག་མེད་དོ། །ཞེས་གསུངས་ཏེ། དེ་ནི་སེམས་ཅན་གདུལ་བའི་ཕྱིར། དུས་མཁྱེན་པའི་ཕྱིར། དེ་ལྟར་བདག་མེད་ཅེས་[སྔར་]གསུངས་པ་ཡང༌། [གདུལ་བྱ་ལ་ཕན་པའི་]རྒྱུ་ཡོད། རྐྱེན་ཡོད་པས་ན། [ཕྱིས་དེ་བཞིན་ཉིད་བདག་དག་པའི་]བདག་ཡོད་ཅེས་གསུངས་པ་ནི[སྔ་ཕྱི་འགལ་བ་ལྟར་སྣང་ཡང་དགོངས་པའི་དོན་མི་འགལ་ཞིང༌། དོན་ཆེ་སྟེ]། ཇི་ལྟར་སྨན་པ་མཁས་པས་འོ་མ་ལ་སྨན་དུ་རུང་བ་དང་མི་རུང་བ་ཤེས་[ནས་སྔ་ཕྱི་འགལ་བ་ལྟ་བུའི་ཚིག་གིས་བསྟན་]པ་དང་འདྲ་སྟེ་བྱིས་པ་མ་རབས་ཀྱིས་བདག་ཏུ་འཛིན་པ་ལྟ་བུ་ནི་མ་ཡིན་ནོ། །བྱིས་པ་མ་རབས་ཀྱིས་བདག་ཏུ་འཛིན་པ་ནི་[གང་ཟག་གི་བདག་]མཐེ་བོ་ཙམ་ཞེའམ། ཡུངས་དཀར་ཙམ་ཞེའམ། རྡུལ་ཕྲ་མོ་ཙམ་[ཞེས་སོགས་མང་པོ་དག་]དུ་འཛིན་ཏོ། །དེ་བཞིན་གཤེགས་པས་[སྟོང་གཞི་དོན་དམ་གྱི་]བདག་ཅེས་བརྗོད་པ་ནི། [མུ་སྟེགས་བྱེད་ཀྱིས་བརྟགས་པ་]དེ་ལྟ་བུ་མ་ཡིན་པས་ཆོས་ཐམས་ཅད་ལ་བདག་མེད་དོ། །ཞེས་གསུངས་ཀྱང་ཡང་དག་པར་ན་[སྟོང་གཞི་དོན་དམ་གྱི་]བདག་མེད་པ་མ་ཡིན་ཏེ། [སྟོང་གཞི་དོན་དམ་གྱི་]བདག་ཅེས་བྱ་བ་ནི་ཆོས་གང་བདེན་པ། ཡང་དག་པ། རྟག་པ། གནས་པ། བདག་པོར་གྱུར་པ། མི་འགྱུར་མི་འཕོ་བ་དེ་ནི་[སྟོང་གཞི་དོན་དམ་གྱི་]བདག་ཅེས་བྱ་སྟེ། ཇི་ལྟར་སྨན་པ་ཆེན་པོ་དེ་སྨན་འོ་མ་ལ་མཁས་པ་བཞིན་ནོ། །ཞེས་དང༌། བདག་མེད་པ་ནི་འཁོར་བ་[སྟེ་འཁོར་བའི་བདག་ཉིད་གཤིས་ལ་རི་བོང་གི་རྭ་བཞིན་དུ་གཏན་མ་གྲུབ་པའི་ཕྱིར་]ཞེས་བྱའོ། །[སྟོང་གཞི་དོན་དམ་གྱི་]བདག་ཅེས་བྱ་བ་ནི་དེ་བཞིན་གཤེགས་པའོ། །ཞེས་དང༌། [སྟོང་གཞི་དོན་དམ་གྱི་]བདག་ཅེས་བྱ་བ་ནི་སངས་རྒྱས་ཞེས་བྱ་བའི་དོན་ཏོ། །ཞེས་པ་ལ་སོགས་པས་དག་པའི་བདག་ལ་རྣམ་པ་དུ་མར་བསྔགས་པ་མཛད་དོ། །

བདག་ཡོད་མེད་ལ་སོགས་པ་འགལ་བར་སྣང་ཡང་སྐྱོན་མེད་པའི་རྒྱུ་མཚན་བསྟན་པ།

སྔར་བདག་མེད་གསུངས་པ་དང་འགལ་བར་སྣང་ཡང་སྐྱོན་མེད་པར་གསུངས་ཏེ། མྱང་འདས་ཆེན་པོར། རིགས་ཀྱི་བུ་གཞན་ཡང་སྔོན་ཝཱ་རཱ་ཎ་སཱིར་ཆོས་ཀྱི་འཁོར་ལོ་བསྐོར་བ་ན་[ཀུན་རྫོབ་གློ་བུར་དྲི་མ་ལ་དགོངས་ནས་]མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པ་བསྟན་ཏོ། །ད་རྩྭ་མཆོག་གི་གྲོང་ཁྱེར་འདིར་ཆོས་ཀྱི་འཁོར་ལོ་བསྐོར་བ་ན་[དོན་དམ་བདེ་གཤེགས་སྙིང་པོ་ལ་དགོངས་ནས་]རྟག་པ་དང་བདེ་བ་དང་བདག་དང་ཡོངས་སུ་དག་པར་བསྟན་ཏོ། །ཞེས་དང༌། རིགས་ཀྱི་བུ་རྟག་པ་དང་བཅས་[རང་བཞིན་འགྱུར་མེད་ཀྱི་]བདེ་བ་དང་བཅས། [སྟོང་གཞི་དོན་དམ་གྱི་]བདག་དང་བཅས། [གདོད་ནས་རང་བཞིན་གྱིས་]ཡོངས་སུ་དག་པ་དང་བཅས་པ་ནི་ཡང་དག་པའི་བདེན་པའི་དོན་ཞེས་བྱའོ། །ཞེས་དང༌། འདུས་མ་བྱས་[དེ་བཞིན་ཉིད་]ནི་མྱ་ངན་ལས་འདས་པ་ཆེན་པོ་རྟག་པ་[ཉིད་དུ་]མྱ་ངན་ལས་འདས་པའོ། །རྟག་པ་[དེ་]ནི་[སྟོང་གཞི་དོན་དམ་གྱི་]བདག་གོ་[སྟོང་གཞི་དོན་དམ་གྱི་]བདག་ནི་ཡོངས་སུ་དག་པའོ། །[གདོད་ནས་རང་བཞིན་གྱིས་]ཡོངས་སུ་དག་པ་ནི་[རང་བཞིན་འགྱུར་མེད་ཀྱི་]བདེ་བ་ཞེས་བྱ་སྟེ། [དེ་ལྟར་]རྟག་པ་དང་བདེ་བ་དང་བདག་དང་ཡོངས་སུ་དག་པ[འི་དབྱིངས་]ནི་[སྟོང་གཞི་དོན་དམ་གྱི་]དེ་བཞིན་གཤེགས་པའོ། །ཞེས་དང༌། རིགས་ཀྱི་བུ་[སྟོང་གཞི་དོན་དམ་གྱི་]བདག་ཅེས་བྱ་བ་ནི་དེ་བཞིན་གཤེགས་པའི་སྙིང་པོའི་དོན་ཏོ། །སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པ་ནི་[སྟོང་གཞི་དོན་དམ་གྱི་]བདག་ཅེས་བྱ་བའི་དོན་ཏོ། །ཞེས་དང༌། སངས་རྒྱས་ཀྱི་རང་བཞིན་ནི་རང་བཞིན་གྱིས་མེད་པར་བྱེད་ནུས་པ་མ་ཡིན་ཏེ་མེད་པར་བྱ་བའི་གནས་མེད་དོ། །[སྟོང་གཞི་དོན་དམ་གྱི་]བདག་ཅེས་བྱ་བའི་རང་བཞིན་ཉིད་ནི་དེ་བཞིན་གཤེགས་པའི་གསང་བའི་སྙིང་པོ་སྟེ། དེ་ལྟར་གསང་བའི་སྙིང་པོ་དེ་ནི་[གཞོམ་མེད་ནཱ་དའི་དབྱིངས་ཡིན་པས་]གང་གིས་ཀྱང་འཇིག་ཅིང་མེད་པར་བྱེད་ནུས་པ་མ་ཡིན་ཞེས་དང༌། [གདོད་ནས་རང་བཞིན་གྱིས་]འཇིག་རྟེན་ལས་འདས་པའི་བདག་གི་མཚན་ཉིད་ནི་སངས་རྒྱས་ཀྱི་རང་བཞིན་ཞེས་བྱ་སྟེ། དེ་ལྟར་[སྟོང་གཞི་དོན་དམ་གྱི་]བདག་[གཤིས་ལ་བཞུགས་པ་ཉིད་]ཏུ་འཛིན་པ་[སྟེ་རྟོགས་པ་]ནི་ཤིན་ཏུ་མཆོག་ཅེས་བྱའོ། །ཞེས་དང༌། [སྟོང་གཞི་དོན་དམ་གྱི་]དེ་བཞིན་གཤེགས་པའི་དབང་པོ་གཅིག་གིས་[སྟོང་གཞི་དོན་དམ་གྱི་]གཟུགས་མཐོང་སྒྲ་ཐོས་དྲི་ཚོར་རོ་མྱོང་རེག་བྱ་ཚོར་ཞིང་ཆོས་ཤེས་ཀྱང་[སྟོང་གཞི་དོན་དམ་གྱི་]དེ་བཞིན་གཤེགས་པའི་དབང་པོ་དྲུག་[ལ་སྣང་བའི་ཚུལ་དག་]གིས་[ཀུན་རྫོབ་ཀྱི་]གཟུགས་མི་མཐོང་སྒྲ་མི་ཐོས་དྲི་མི་ཚོར་རོ་མི་མྱོང་རེག་བྱ་མི་ཚོར་ཆོས་མི་ཤེས་ཏེ་[དེ་རྣམས་གཤིས་ལ་མ་གྲུབ་པའི་ཕྱིར་རོ། །དེ་རྣམས་མེད་པ་ཤུགས་་ལ་རྟོགས་ཤིང༌། དོན་དམ་གྱི་གཟུགས་སོགས་སྣང་ནས་དངོས་སུ་རྟོགས་པའི་]དབང་གི་ཕྱིར་དབང་པོས་དབང་མཛད་དེ། དེ་ལྟ་བུའི་དབང་ནི་བདག་ཆེན་པོ་ཞེས་བྱ་བ་

[བདག་ཉིད་ཆེན་པོའི་བདག་]ཡིན་ཞེས་སོགས་དང༌། སྤྲིན་ཆེན་པོའི་མདོར་ཡང༌། མི་རྟག་པ་དང་སྟོང་པ་དང་[ཉན་རང་གི་]ཡོངས་སུ་མྱ་ངན་ལས་འདས་པ་དང་བདག་མེད་པའི་བསྔགས་པ་བརྗོད་པའི་སེམས་ཅན་རྣམས་ལ་[སྟོང་གཞི་དོན་དམ་གྱི་]སངས་རྒྱས་ཀྱི་ཡོན་ཏན་གྱི་ཆེ་བ་ཡོངས་སུ་མྱ་ངན་ལས་འདས་པ་[ཆེན་པོ་]རྟག་པ་དང་ཐེར་ཟུག་པ་དང་བརྟན་པ་དང་[གདོད་ནས་]ཞི་བའི་རང་བཞིན་གྱི་བདག་ཉིད་དུ་གནས་པར་ཡོངས་སུ་བསྟན་པའི་དོན་དང་ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་ཤིང༌། ལྷའི་ཟླ་བས་བསྒྱུར་བའི་མྱང་འདས་ཆེན་པོར་ཡང༌། གྱད་གཉིས་སྟོབས་འགྱེད་པ་ན་གཅིག་གི་དཔྲལ་བའི་རྡོ་རྗེ་རིན་པོ་ཆེ་རྨ་ནང་དུ་ནུབ་པ་མ་ཚོར་ཏེ་སྟོར་བར་འདུ་ཤེས་པ་ལ། སྨན་པས་རྡོ་རྗེ་དེ་ཕྱུང་ནས་བསྟན་པས་ངོ་མཚར་དུ་གྱུར་པ་དཔེར་མཛད་ནས་བཀའ་སྩལ་པ། སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་མོད་ཀྱི་སེམས་ཅན་རྣམས་ཀྱིས་ནི་དེ་མི་ཤེས་ཏེ། ཞེས་དང༌། ཇི་ལྟར་གྱད་དེ་རང་གི་ལུས་ལ་རྡོ་རྗེ་འདུག་ཀྱང་འདུ་ཤེས་ཉམས་པས་སྟོར་བའི་འདུ་ཤེས་སུ་རྟོག་པ་དེ་བཞིན་དུ་སེམས་ཅན་འཇིག་རྟེན་པ་རྣམས་བདག་གི་དེ་ཁོ་ན་ཉིད་མ་རྟོགས་པ་དང༌། མི་དགེ་བའི་གྲོགས་པོའི་དབང་དུ་གྱུར་པ་དང༌། དགོངས་པའི་ཚིག་མི་ཤེས་པས་[སྟོང་གཞི་དོན་དམ་གྱི་]བདག་ཡོད་བཞིན་དུ་[སྟོང་གཞི་དོན་དམ་གྱི་]བདག་མེད་པར་སྒོམ་པར་བྱེད་དོ། །[གང་ཟག་དང་ཆོས་ཀྱི་]བདག་མེད་པ་མི་བསྒོམ་པ་རྣམས་ནི་འཇིག་རྟེན་པའི་བདག་[མཐོ་བོང་ཙམ་ཞེས་སོགས་]སྒོམ་པར་བྱེད་དོ། །ཇི་ལྟར་འཇིག་རྟེན་པའི་བདག་ཡོད་དོ་ཞེས་བདག་གི་དེ་ཁོ་ན་ཉིད་མ་རྟོགས་བཞིན་དུ་འཇིག་རྟེན་ལས་འདས་པའི་[བདག་གི་དེ་ཁོ་ན་]ཡང་[འཇིག་རྟེན་བའི་བདག་]དེ་དང་འདྲ་[བར་མེད་དོ་ཞེས་སྨྲ་]སྟེ། མི་དགེ་བའི་གྲོགས་པོ་ལ་བརྟེན་པ་དང༌། དགོངས་པའི་ཚིག་གི་མཐའ་མི་ཤེས་པས་བདག་མེད་དོ་བདག་མེད་དོ་ཞེས་སྒོམ་བཞིན་དུ། བདག་[གཉིས་པོ་]མེད་པའི་[གཞིའི་]དེ་ཁོ་ན་ཉིད་མི་ཤེས་ཏེ། བདག་ག་ལ་ཡོད། གང་ན་གནས། ཅི་རྫ་མའི་ནང་ན་རྫ་མ་འདུག་པ་ལྟ་བུ་ཞིག་གམ། འོན་ཏེ་རླན་ལྟ་བུར་ཁྱབ་པར་འདུག་གམ། གྱད་རྨོངས་པའི་སྨིན་མཚམས་ཀྱི་རྒྱན་ལྟ་བུར་འདུག་གམ་སྙམ་པ་ལ། སྨན་པ་[མཁས་པ་མདོ་ལས་གསུངས་པ་དེ་]བཞིན་དུ་དེ་བཞིན་གཤེགས་པས་དེ་དག་ལ་འདི་སྐད་དུ། [སྟོང་གཞི་དོན་དམ་གྱི་]བདག་ནི་ཐམས་ཅད་དུ་[ཀུན་ལ་སྣང་བར་]གནས་པ་མ་ཡིན་ལ། རིན་པོ་ཆེ་རྡོ་རྗེ་ལྟར་[རང་བཞིན་]འོད་གསལ་[བར་བཞུགས་]ཞིང་ཉོན་མོངས་པའི་རྣམ་པས་བསྒྲིབས་པ་ཡིན་ནོ་ཞེས་བཀའ་སྩལ་ཏེ། དེ་སྐད་ཅེས་བཀའ་སྩལ་པ་ལ་སེམས་ཅན་རྣམས་ཡིད་ཆེས་པར་འགྱུར་ལ། ཉོན་མོངས་པ་ཟད་པར་བྱ་དགོས་པ་ཙམ་དུ་ཟད་དོ། །[ཉོན་མོངས་ཟད་པ་]དེ་ནས་[གྱད་ཀྱི་]རྡོ་རྗེ་བཞིན་དུ་དེ་བཞིན་གཤེགས་པའི་སྙིང་པོ་མཐོང་བར་འགྱུར་རོ། །རིགས་ཀྱི་བུ་དེ་ལྟར་ན་དེ་བཞིན་གཤེགས་པའི་སྙིང་པོ་ནི་[བསམ་གྱིས་མི་ཁྱབ་ཅིང་ཡོན་ཏན་]དཔག་ཏུ་མེད་དོ། །ཞེས་དང༌། ཡང་ཇི་ལྟར་རྒྱལ་པོའི་སྨན་པ་མཁས་པས་སྔར་སྨན་དུ་འོ་མ་བཀག་ཅིང༌། ཕྱིས་མ་བཀག་པས་སྔ་ཕྱི་འགལ་བ་ལྟར་སྣང་ཡང༌། ཕྱི་ནས་ལེགས་པར་ཕྱེ་སྟེ་བསྟན་པས་སྔ་ཕྱི་མི་འགལ་བར་བསྒྲུབས་པ་དཔེར་མཛད་ནས། སངས་རྒྱས་སྨན་པའི་རྒྱལ་པོས་ཀྱང་གདུལ་བའི་དབང་གིས་སྔར་བདག་མེད་པ་བསྟན་ཅིང་ཕྱི་ནས་བདག་གི་དབྱིངས་ཡོད་པར་གསུངས་ཏེ། ཇི་སྐད་དུ། བདག་མེད་པ་ནི་སངས་རྒྱས་ཀྱི་ཚིག་ཡིན་ནོ་ཞེས་ཆོས་ཀྱི་བཀའ་འདོགས་པར་མཛད་ནས། ཡང་གདུལ་བར་བྱ་བ་རྣམས་ཀྱི་དབང་དང་སེམས་ཅན་རྣམས་ལ་ཕན་པའི་ཕྱིར་དུས་མཁྱེན་པར་མཛད་ནས། ཆོས་ཐམས་ཅད་བདག་མེད་པར་བསྟན་པའི་སྐབས་དེ་ཉིད་དུ་སྨན་པ་བཟང་པོ་བཞིན་དུ་[ཕྱི་ནས་དོན་དམ་གྱི་]བདག་ཡོད་དོ་ཞེས་ཡང་དག་པར་སྟོན་པར་མཛད་དེ། འཇིག་རྟེན་པ་རྣམས་ཀྱི་བདག་མཐེ་བོང་ཙམ་དང་ཁྲེ་རྒོད་ཀྱི་འབྲུ་ཙམ་ཞེས་བྱ་བ་དེ་ལྟ་བུ་ནི་མ་ཡིན་ནོ། །འཇིག་རྟེན་པ་རྣམས་ཀྱི་བདག་ཏུ་ལྟ་བ་གང་ཡིན་པ་དེ་ལྟ་བུ་ཡང་མ་ཡིན་ཏེ། འདིར་ཆོས་ཐམས་ཅད་ནི་[གང་ཟག་དང་ཆོས་ཀྱི་]བདག་མེད་པ་ཞེས་བྱའོ། །[སྟོང་གཞི་དོན་དམ་གྱི་]ཆོས་ཐམས་ཅད་ནི་བདག་མེད་པ་ཡང་མ་ཡིན་ཏེ་[སྟོང་གཞི་དོན་དམ་གྱི་]བདག་ནི་དེ་ཁོ་ན་ཉིད་དོ། །[སྟོང་གཞི་དོན་དམ་གྱི་]བདག་ནི་རྟག་པ་ཉིད་དོ། །[སྟོང་གཞི་དོན་དམ་གྱི་]བདག་ནི་ཡོན་ཏན་ཉིད་དོ། །[སྟོང་གཞི་དོན་དམ་གྱི་]བདག་ནི་ཐེར་ཟུག་པ་ཉིད་དོ། །[སྟོང་གཞི་དོན་དམ་གྱི་]བདག་ནི་བརྟན་པ་ཉིད་དོ། །[སྟོང་གཞི་དོན་དམ་གྱི་]བདག་ནི་ཞི་བ་ཉིད་དོ། །ཞེས་སྨན་པ་བཟང་པོའི་འོ་མ་བཞིན་དུ། དེ་བཞིན་གཤེགས་པ་ཡང་[སྔར་བདག་མེད་པ་སྟོན་ཅིང་ཕྱི་ནས་བདག་གི་]དེ་ཁོ་ན་ཉིད་དང་ལྡན་པ་སྟོན་པར་མཛད་དེ། དེ་བསྒོམ་པ་ལ་[དགེ་སློང་དགེ་སློང་མ་དགེ་བསྙེན་དགེ་བསྙེན་མ་སྟེ་]འཁོར་བཞི་པོ་རྣམས་ཀྱིས་བརྩོན་པར་གྱིས་ཤིག ། ཅེས་དང༌། ཡང་མའི་ནུ་མ་ལ་ནིམ་པའི་ལོ་མའི་ལྡེ་གུ་བསྐུས་ཏེ། བུའི་སྨན་མར་མ་ཞུའི་བར་དུ་འཐུང་དུ་མ་བཅུག་ལ། ཞུ་བ་དང་འཐུང་དུ་བཅུག་པ་དཔེར་མཛད་ནས་བཀའ་སྩལ་པ། རིགས་ཀྱི་བུ་དེ་བཞིན་དུ་ངས་ཀྱང་སྔར་ནི་གདུལ་བར་བྱ་བའི་དབང་གིས། བྱིས་པའི་སྨན་མར་ཞུ་བར་བྱ་བ་བཞིན་དུ། དགེ་སློང་རྣམས་ཀྱི་འཇིག་རྟེན་པའི་[བདག་ཏུ་]ལྟ་བ་གཞོམ་པར་བྱ་བའི་ཕྱིར་དང༌། འཇིག་རྟེན་ལས་འདས་[པ་བདག་གཉིས་མེད་]པའི་ཆེ་བ་ཉིད་ཡང་དག་པར་བསྟན་པའི་ཕྱིར་དང༌། འཇིག་རྟེན་པའི་བདག་ཉིད་[ཀྱི་]དེ་ཁོ་ན་ཉིད་[སྨྲ་བ་དེ་]བརྫུན་པར་ཡང་དག་པར་བསྟན་པའི་ཕྱིར་དང༌། བདག་[གཉིས་]མེད་པར་བསྒོམས་པས་ལུས་རྣམ་པར་དག་པར་བྱ་བའི་ཕྱིར་དགེ་སློང་དག་ཆོས་ཐམས་ཅད་བདག་མེད་པར་སྒོམས་ཤིག །དེ་ལྟར་བསྒོམས་དང་ངར་འཛིན་པ་སྤོང་བར་འགྱུར་རོ། །ངར་འཛིན་པ་ཡོངས་སུ་སྤོངས་ན་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་རོ། །ཞེས་བྱས་ཏེ། ཇི་ལྟར་བྱིས་པའི་མས་རང་གི་ནུ་མ་ལ་ནིམ་པའི་ལོ་མའི་ལྡེ་གུས་བསྐུས་པ་དེ་བཞིན་དུ། ངས་ཀྱང་[སྔར་ནི་]ཆོས་ཐམས་ཅད་བདག་མེད་པར་སྟོང་པ་ཉིད་དུ་སྒོམས་ཤིག་ཅེས་བྱས་སོ། །ཇི་ལྟར་བྱིས་པའི་མ་དེས་ཕྱིས་རང་གི་ནུ་མ་བཀྲུས་ཏེ། བུ་ལ་སྨྲས་པ། སྔར་ནི་ཁྱོད་ཀྱི་སྨན་མར་ཞུ་བར་བྱ་བའི་ཕྱིར་ནུ་མ་ནུར་མ་བཅུག་གིས་ད་ནི་ནུས་ཤིག་ཅེས་ཟེར་བ་དེ་བཞིན་དུ། ངས་ཀྱང་འཇིག་རྟེན་པའི་[བདག་ཏུ་ལྟ་བའི་]ཆོས་ལས་བསྒྱུར་བའི་ཕྱིར། དེ་སྐད་ཅེས་བསྟན་ཏེ། བདག་[གཉིས་]མེད་དོ་ཞེས་བྱས་ནས། ད་ནི་ང་དེ་བཞིན་གཤེགས་པའི་སྙིང་པོ་[དེ་བཞིན་ཉིད་བདག་དག་པའི་བདག་]ཡོད་དོ་ཞེས་སྟོན་གྱིས། དགེ་སློང་དག་བྱིས་པ་[ལ་མས་ནུ་མ་བཀྲུས་ནས་ནུར་བཅུག་ཀྱང་ནིམ་པའི་རོ་ཁ་བས་སྐྲག་ནས་མི་ནུ་བ་དེ་]བཞིན་དུ་[ཁྱེད་ཀྱང་བདག་ཅེས་པའི་སྒྲ་ཙམ་ལ་]མ་སྐྲག་པར་ཇི་ལྟར་བྱིས་པ་དེས་[མའི་ནུ་མ་ལ་རོ་ཁ་བ་ཡོད་མེད་ལེགས་པར་]བརྟགས་ན་[མེད་པར་ཤེས་ནས་]ཕྱིར་ཡང་མའི་ནུ་མ་ནུ་བར་བྱེད་པ་དེ་བཞིན་དུ། དགེ་སློང་དག །ཁྱེད་ཀྱིས་ཀྱང་[ཀུན་བརྟགས་གཞན་དབང་གིས་སྟོང་པའི་གཞི་ཆོས་ཉིད་ཡོངས་གྲུབ་ནམ་ཡང་གང་ནའང་བཞུགས་པ་རྟོགས་པར་བྱ་སྟེ]། བདག་ཅག་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་དོ་སྙམ་དུ་[ཀུན་བརྟགས་གཞན་དབང་གི་བདག་ཡོད་མེད་དང་ཆོས་ཉིད་ཡོངས་གྲུབ་ཀྱི་བདག་ཡོད་མེད་ལེགས་པར་]བརྟགས་ནས་བསྒོམ་པ་ལ་བརྩོན་པར་གྱིས་ཤིག་དང་ད་བསྟན་ཏོ། །ཞེས་དང༌། ཆོས་ཁ་ཅིག་[ཀུན་བརྟགས་གཞན་དབང་]ནི་བདག་[ཉིད་གཤིས་ཀྱི་གནས་ལུགས་སུ་]མེད་ལ་ཆོས་ཁ་ཅིག་ལ་[ཆོས་ཉིད་ཡོངས་གྲུབ་]བདག་[ཉིད་གཤིས་ཀྱི་གནས་ལུགས་སུ་]ཡོད་པ་ནི་དཔེར་ན་ས་ལ་འདུག་པའི་མི་ལྷའི་མིག་མེད་པས་ནམ་མཁའ་ལ་བྱ་འཕུར་བའི་རྗེས་མི་མཐོང་བ་དེ་བཞིན་དུ་ཉོན་མོངས་པ་ལ་གནས་པ་རྣམས་ཀྱིས་བདག་ཉིད་ལ་[བདེ་གཤེགས་]སྙིང་པོའི་མཆོག་ཡོད་པ་བདག་[རང་]གིས་མི་མཐོང་སྟེ། དེ་བས་ན་ངས་དགོངས་པའི་ཚིག་གིས་བདག་མེད་དོ་ཞེས་བསྟན་ཏོ། །ལྷའི་མིག་མེད་པའི་མི་རྣམས་ཀྱིས་ནི་བདག་[རང་]ལ་[ཆོས་ཉིད་ཀྱི་]བདག་ཡོད་དུ་ཟིན་ཀྱང་མི་མཐོང་སྟེ། ཉོན་མོངས་[པས་བསྒྲིབས་]པ་ཡིན་ནོ། །ཞེས་ང་ཟེར་རོ། །ཞེས་པ་ལ་སོགས་པས་སྔར་གདུལ་བྱའི་དབང་གིས་ཐར་པ་[དང་མྱང་འདས་དང་རང་བཞིན་དང་སྙིང་པོ་]ལ་སོགས་པ་ཐམས་ཅད་མེད་ཅིང་སྟོང་པ་དང༌། བདག་མེད་པ་[དང་སེམས་ཅན་དང་སྲོག་མེད་པ་]ལ་སོགས་པར་གསུངས་པ་ནི། གང་ཞིག་གང་ན་མེད་པ་[མེད་དགག་དང་རང་སྟོང་དང་མེད་ཙམ་དང་སྟོང་ཙམ་]ལ་དགོངས་པ་ཡིན་ལ། ཕྱི་ནས་མི་སྟོང་བ་དང་བདག་ཡོད་པ་ལ་སོགས་པར་གསུངས་པ་རྣམས་ནི་མེད་པའི་ལྷག་མ་གང་ཡིན་པ་[མ་ཡིན་དགག་དང་གཞན་སྟོང་དང་མེད་པའི་གཞི་དང་སྟོང་པའི་གཞི་]ལ་དགོངས་པ་ཡིན་པས་གསུང་རབ་སྔ་ཕྱི་འགལ་འགལ་འདྲ་ཡང་ལེགས་པར་བརྟགས་ན་མི་འགལ་བ་ནི་མེད་དགག་གི་གཞི་ལ་མ་ཡིན་དགག་ཡོད་པའི་ཕྱིར་དང༌། སྐྱོན་ཐམས་ཅད་ཀྱིས་གདོད་ནས་རང་བཞིན་གྱིས་དག་ཅིང་སྤངས་པའི་གཞི་ལ་[རང་བཞིན་]གཉུག་མའི་ཡོན་ཏན་ཐམས་ཅད་[གདོད་ནས་རང་བཞིན་གྱིས་]ཚང་བའི་ཡེ་ཤེས་མཁའ་ཁྱབ་[སྤངས་རྟོགས་རང་བཞིན་པ་ཚང་ཞིང་ཚོགས་གཉིས་རང་བཞིན་པ་གདོད་ནས་རྫོགས་པའི་སངས་རྒྱས་རང་བཞིན་གྱིས་གྲུབ་ཅིང་ལྷུན་གྱིས་གྲུབ་ལ་]ཡོངས་སུ་གྲུབ་པར་བཞུགས་པའི་ཕྱིར་རོ། །དེས་ན་དགོངས་པ་ཆེན་པོའི་དོན་དང་དགོངས་ཏེ་གསུངས་པ་རྣམས་ཀྱི་དོན་ལ་མཁས་པར་བྱ་དགོས་ཏེ། དཔལ་ལྡན་ས་བཅུ་པའི་མན་ངག[ཟབ་མོ་ཁྱད་འཕགས་ཐུན་མོང་མ་ཡིན་པ་]ཉམས་སུ་མྱོང་བ་དང་[གང་ཟག་དང༌། ཚིག་དང༌། དྲང་དོན་དང༌། རྣམ་ཤེས་ལ་མི་རྟོན་པར། ཆོས་དང༌། དོན་དང༌། ངེས་དོན་དང༌། ཡེ་ཤེས་ལ་རྟོན་པ་སྟེ་]རྟོན་པ་བཞི་ལ་ཡང་དག་པར་བརྟེན་ནས་སོ། །

དག་པའི་བདག་དང་ཨ་ཧཾ་ལ་སོགས་པ་དོན་གཅིག་ཏུ་བསྟན་པ།

དེ་བཞིན་དུ་ཕྱག་རྒྱ་ཆེན་པོ་ཐིག་ལེའི་རྒྱུད་དུ་ཡང༌། [ཆོས་ཉིད་ཡོངས་གྲུབ་ཀྱི་]བདག་ནི་དངོས་པོ་ཐམས་ཅད་ལ། །ཁྱབ་པར་དེ་ནི་ཡོད་པ་སྟེ། །[ཆོས་ཉིད་ཡོངས་གྲུབ་ཀྱི་]བདག་ནི་མེད་ན་འགྲོ་བ་ཀུན[ལ་སྲོག་ཆེན་པོ་མེད་པར་འགྱུར་བས]། །ཇི་ལྟར་རྩ་བཅད་ཤིང་བཞིན་ནོ། །ཞེས་དང༌། དཔལ་རྡོ་རྗེ་ཕྲེང་བ་མངོན་པར་བརྗོད་པ་རྒྱུད་ཐམས་ཅད་ཀྱི་སྙིང་པོ་གསང་བ་རྣམ་པར་ཕྱེ་བར་ཡང༌། [ཆོས་ཉིད་ཡོངས་གྲུབ་ཀྱི་]ཨ་ཧཾ་[སྟེ་ང་]དངོས་པོ་ཐམས་ཅད་ལ། །ཁྱབ་པ་ཡིས་ནི་ལྷག་པར་གནས། །[ཆོས་ཉིད་ཡོངས་གྲུབ་ཀྱི་]ཨ་ཧཾ་དང་བྲལ་སྐྱེས་བུ་ནི[མི་སྲིད་གལ་ཏེ་སྲིད་ན་དེ]། །རྩ་བ་བཅད་པའི་ཤིང་བཞིན་ནོ། །ཞེས་དང༌། དཔལ་ཡེ་ཤེས་ཐིག་ལེའི་རྒྱུད་དུ་ཡང༌། གཞན་མིན་[ཆོས་ཉིད་ཡོངས་གྲུབ་ཀྱི་]བདག་རང་[རྟག་ཏུ་བཞུགས་ཀྱི་]ཁྱོད་མེད་པ[ནི་མི་སྲིད་པས]། །སངས་རྒྱས་ཀྱིས་ཀྱང་རྙེད་པར་དཀའ[སྟེ་རྙེད་མི་སྲིད་དོ]། །ཁྱོད་མེད་ན་ནི་ཁམས་གསུམ་པོ། །མགོ་བོ་བཅད་པའི་མི་བཞིན་[སྲོག་མེད་དུ་འགྱུར་བ་ཡིན་]ནོ། །ཞེས་པ་ལ་སོགས་པས་དོན་དམ་ཆོས་ཉིད་ཀྱི་བདག་མེད་པ་སངས་རྒྱས་ཀྱིས་ཀྱང་མི་རྙེད་པ་དང་དེ་མེད་ན་ཉེས་པ་ཆེན་པོར་འགྱུར་ཚུལ་གསུངས་སོ། །རྒྱལ་བ་བྱམས་པའི་ཞལ་སྔ་ནས་ཀྱང་མདོ་སྡེའི་རྒྱན་དུ། [དོན་དམ་]སྟོང་པ་ཉིད་[རང་བཞིན་རྣམ་དག་]ནི་[གློ་བུར་དྲི་མས་]རྣམ་དག་ན། །བདག་མེད་[པའི་གཞི་]མཆོག་གི་བདག་ཐོབ་པས། །སངས་རྒྱས་དག་པའི་བདག་ཐོབ་ཕྱིར། །བདག་ཉིད་ཆེན་པོའི་བདག་ཏུ་འགྱུར། །ཞེས་གསུངས་ཤིང༌། དེ་ཉིད་ཀྱི་འགྲེལ་པར། ཟག་པ་མེད་པ[དོན་དམ་པ]འི་དབྱིངས་དེ་ལ་སངས་རྒྱས་རྣམས་ཀྱི་བདག་གི་མཆོག་སྟོན་ཏོ། །ཅིའི་ཕྱིར་ཞེ་ན། བདག་[གཉིས་]མེད་པ[འི་གཞིའི་]མཆོག་གི་བདག་ཉིད་ཀྱི་ཕྱིར་རོ། །བདག་མེད་པའི་[གཞིའི་]མཆོག་ནི་དེ་བཞིན་ཉིད་[གདོད་ནས་རང་བཞིན་གྱིས་]རྣམ་པར་དག་པའོ། །དེ་ཡང་ངོ་བོ་ཉིད་ཀྱི་[སྐུའི་]དོན་གྱིས་སངས་རྒྱས་རྣམས་ཀྱི་བདག་ཡིན་ནོ། །[རང་བཞིན་རྣམ་དག་གི་དབྱིངས་]དེ་[གློ་བུར་དྲི་མས་]རྣམ་པར་དག་ན་སངས་རྒྱས་རྣམས་ཀྱིས་བདག་མེད་པ[འི་གཞིའི་]མཆོག་གི་བདག་[གདོད་ནས་]དག་པ་འཐོབ་བོ། །དེ་བས་ན་སངས་རྒྱས་རྣམས་ཀྱིས་དག་པའི་བདག་ཐོབ་པའི་ཕྱིར་བདག་ཉིད་ཆེན་པོའི་བདག་ཏུ་གྱུར་པ་ཡིན་ཏེ། དགོངས་པ་འདིས་ནི་ཟག་པ་མེད་པ[དོན་དམ་པ]འི་དབྱིངས་ལ་སངས་རྒྱས་རྣམས་ཀྱི་བདག་གི་མཆོག་རྣམ་པར་འཇོག་གོ །ཞེས་དང༌། རྒྱུད་བླ་མར་ཡང༌། གཙང་[པ་དང་]བདག་[དང་]བདེ་[བ་]དང་རྟག་[པ་]ཉིད་ཀྱི། །ཡོན་ཏན་[གྱི་]ཕ་རོལ་ཕྱིན་པ་[ཐོབ་པ་ནི་བདེ་གཤེགས་སྙིང་པོ་བྲལ་]འབྲས[ཡིན]། །ཞེས་དང༌། བདག་དང་བདག་མེད་སྤྲོས་པ་དག །ཉེ་བར་ཞི་བས་དམ་པའི་བདག[ཐོབ]། །ཅེས་དང༌། གྲུབ་པའི་སློབ་དཔོན་ཆེན་པོ་ཉི་མ་སྦས་པའི་ཞལ་སྔ་ནས་ཀྱང༌། གཙང་བདག་བདེ་དང་རྟག་པ་ཉིད་ཐོབ་པ། །ན་རྒ་སྐྱེ་འཆི་མེད་པ་ཆོས་ཀྱི་སྐུ། །ཞེས་སྒྲོལ་མ་ལ་བསྟོད་པར་གསུངས་སོ། །དེ་བཞིན་དུ་བདག་གཉིས་ཀྱིས་སྟོང་པའི་གཞི་ཆོས་ཉིད་ཡོངས་གྲུབ་སངས་རྒྱས་ཀྱི་རང་བཞིན་དང་བདག་གི་དབྱིངས་སུ་གང་གསུངས་པ་དེ་ཉིད་མཐར་ཐུག་གི་ཨ་ཧཾ་དུ་གསུངས་ཏེ། ཇི་སྐད་དུ། དཔལ་ཕྱག་རྒྱ་ཆེན་པོ་ཐིག་ལེའི་རྒྱུད་ལས། བདག་[ཨ་ཧཾ་]གིས་སྒྲ་ཡི་ངེས་པའི་དོན། །ཉོན་ཅིག་བདག་[ཨ་ཧཾ་]གི་དེ་ཉིད་བཤད[པར་བྱའོ]། །[དོན་དམ་གྱི་]ཨ་ནི་ཡིག་འབྲུ[འི་མཆོག་དང་]གཟུགས་ཀྱི་མཆོག[སྟེ།]།[དེ་]ཐམས་ཅད་[བརྟན་གཡོ་]ཀུན་གྱི་ལུས་[ཀྱི་]ནང་[ལའང་ཁྱབ་པར་]ཡོད། །[དེ་ནི་]རྣམ་པ་ཐམས་ཅད་[རྣམ་པ་མེད་པ་]རབ་[དང་ཕུལ་དུ་]གནས་[པ་]མཆོག །ཀུན་[ལ་ཀུན་ཏུ་ཁྱབ་པར་]ཡོད་[ཀྱང་སྒྱུ་ལས་]མ་སྐྱེས་[པ་]ཐམས་ཅད་མཁྱེན[པའི་ཡེ་ཤེས་ཏེ]། །རྟག་ཏུ་[ཀུན་རྫོབ་ཀྱིས་]སྟོང་པ[འི་གཞི་དོན་དམ་བདེན་པས་]ཐམས་ཅད་ཁྱབ། །[རྣམ་པ་]ཐམས་ཅད་[པ་དུས་]ཀུན་[ཏུ་བཞུགས་ཀྱང་ངོ་བོ་]གཅིག་[པ་]འབྱུང་[བ་གཞན་གྱི་]བདག་པོ། །སྲིད་པ་[གཞན་དང་]སྲིད་བདག་[གཞན་གྱི་རྣམ་པར་]ཤར་བ་[རང་བཞིན་འོད་གསལ་]ནི། །[དོན་དམ་གྱི་]སྤྲུལ་པའི་སྐུ་ཡི་བདེ་བའོ། །[དོན་དམ་གྱི་]སྐུ་ཡི་དེ་བཞིན་གཤེགས་[པ་འཇིགས་པ་ཀུན་ལ་]སྐྱབས་སྦྱིན[པས]། །ཐམས་ཅད་དོན་ནི་བྱེད་ནུས་པའོ། །[དོན་དམ་གྱི་]ཧཾ་གི་ཡིག་འབྲུ་[ནི་ཀུན་རྫོབ་ཀྱི་]གཟུགས་[སོགས་དངོས་པོ་]མེད་མ[བདེ་གཤེགས་སྙིང་པོ]འོ། །[དེ་ཀུན་གྱི་]ལུས་[ལ་]ཡོད་ན་ཡང་ལུས་[ལས་]མ་སྐྱེས་[ཤིང་]། །རྣམ་པ་ཐམས་ཅད་[པ་ཡིན་ཡང་དེའི་དངོས་པོ་]དང་བྲལ་བ། །ཐམས་ཅད་[ཀྱི་]བྱད་གཟུགས་[དང་]དཔེ་བྱད་[ཚང་ཡང་དེ་རྣམས་ཀྱི་དངོས་པོ་]མེད[པ]། །དངོས་[པོ་]དང་དངོས་མེད་[ལས་]རྣམ་པར་གྲོལ[ཏེ་གཉི་ག་མིན་པའི་ཕུང་པོ་གསུམ་པ]། །[སྐྱེ་འཇིག་དང་བྲལ་ཡང་]སྐྱེ་[བ་]དང་འཇིག་[པ་གཞན་ནམ་དམ་]པའི་བྱེད་པའོ། །དངོས་པོ་ཐམས་ཅད་[གདོད་ནས་རང་བཞིན་གྱིས་]ནུབ་པའི་[གཞིའི་]མཚན[ཉིད]། །ཆོས་ཀྱི་སྐུ་ཡི་རང་བཞིན་ཅན། །[དོན་དམ་གྱི་]སེམས་ནི་རྡོ་རྗེ་སྐྱབས་སྦྱིན་ཡིན། །[དེ་རྣམས་]ཐམས་ཅད་[བརྗོད་དུ་མེད་པས་]ཡི་གེ་མེད་པའོ། །[དོན་དམ་གྱི་]སྟོང་པའི་རྣམ་པ་[རང་བཞིན་གྱིས་]མྱ་ངན་འདས། །[རང་བྱུང་]ཡེ་ཤེས་སྐུ་ཡི་རང་བཞིན་ཅན། །[ནམ་ཡང་]དྲི་མེད་བརྗོད་མེད་ཞི་བ་སྟེ། །དེ་ནི་[དོན་དམ་གྱི་]ཧཾ་དུ་ཀུན་ཏུ་གྲགས། །[དེ་ལྟར་]བདག་[ཨ་ཧཾ་]ནི་[ཡུལ་]ཐམས་ཅད་[དང་དུས་]ཐམས་ཅད་ན། །[རྣམ་པ་]ཐམས་ཅད་[ཀྱི་]བདག་ཉིད་[དུ་]རྟག་ཏུ་བཞུགས། །ཞེས་དང༌། [དོན་དམ་གྱི་]ཧཾ་གི་ཡིག་འབྲུ་[ཀུན་རྫོབ་ཟད་པའི་]མཚམས་[ཀྱི་]མཐའ་མ[སྟེ]། །[དོན་དམ་གྱི་]ཨ་ཡི་ཡིག་འབྲུ་[རྡོ་རྗེ་]ཟླ་བ་དག །[དོན་དམ་གྱི་]ཧཾ་གི་ཡིག་འབྲུ་[རྡོ་རྗེ་]ཉི་མའི་འོད། །[དོན་དམ་གྱི་]ཨ་ཡི་ཡིག་འབྲུ་རྟེན་ཡིན་ཏེ། །[དོན་དམ་གྱི་]ཧཾ་གི་ཡིག་འབྲུ་བརྟེན་པར་བཤད། །[དོན་དམ་གྱི་]ཨ་ཡི་ཡིག་འབྲུ་སྲོག་[གཞན་ནམ་མཆོག་]ཅེས་བཤད། །[དོན་དམ་གྱི་]ཧཾ་གི་ཡིག་འབྲུ་རྩོལ་བ[གཞན་མཆོག་ཡིན་པ]ར་དྲན། །གང་ཞིག་[རང་བཞིན་གྱི་]གནས་སུ་[ཨ་ཧཾ་]དེ་ཉིད་[གཉིས་ཟེར་]སྦྱོར[བ]། །དེ་ནི་[དོན་དམ་གྱི་]བདག་ཉིད་གསལ་བར་འགྱུར། ། རྒྱུད་རྣམས་ཀུན་ལས་རྙེད་དཀའ་བ། །[ཨ་ཧཾ་]དེ་ནི་ཡང་དག་[པའི་]བདག་[གི་]སྒྲར་བཤད། །ཅེས་དང༌། དཔལ་རྡོ་རྗེ་ཕྲེང་བར་ཡང༌། ཨ་ཧཾ་འཁོར་བའི་འཆིང་བ་དག །དེ་ནི་ཡོངས་ཟད་གྲོལ་བའོ། །[ཞེས་དཔེ་ཁ་ཅིག་ཏུ་བྱུང་བས་རྒྱ་དཔེ་རྙེད་ན་བརྟག །]ཨ་ཧཾ་[གཞན་ནི་གདོད་ནས་]ཡོངས་སུ་གྲོལ་བའོ། །[དོན་དམ་གྱི་]ཨ་ནི་དངོས་པོ་ཀུན་གྱི་[རྣམ་པ་ཅན་]མཆོག[དང་ཕ་རོལ་ཏེ།]།}[དེ་ནི་]ལུས་རྣམས་ཀུན་ལ་ལྷག་པར་གནས། །རྣམ་པ་ཀུན་གྱི་མཆོག་དང་ལྡན། །[བརྟན་གཡོ་]ཀུན་ཁྱབ་[ཤེས་བྱ་]ཀུན་མཁྱེན་[ནམ་ཡང་]ཟད་པ་མེད། །ཐོག་མ་ཐ་མ་མེད་ཅེས་བྱ། །[ཟེར་བས་བརྟག །]ཐམས་ཅད་[ཀྱི་རྣམ་པ་ཚང་ཡང་ངོ་བོ་]གཅིག་ཏུ་[མི་སྐྱེད་པའི་]སྐྱེད་པར་བྱེད། །[ཟེར་བས་བརྟག །]དུས་རྣམས་ཀུན་ཏུ་[རྟོག་མེད་ཡེ་ཤེས་ལ་]འཆར་ཞིང་ཁྱབ། །[དོན་དམ་པའི་སྤྲུལ་སྐུ་ཡིན་པས་]སྤྲུལ་པའི་སྐུ་ཡི་མཆོག་དང་ནི། །དོན་ཀུན་བྱེད་པ་ལ་མཁས་པ། །ཡོན་ཏན་དེ་བཞིན་གཤེགས་དབུགས་དབྱུང༌། །[ཟེར་བས་ཀྱང་ངོ༌།།][དོན་དམ་གྱི་]ཧཾ་ནི་དངོས་པོ་དང་བྲལ་བ[འི་གཞི་སྟེ]། །ལུས་ལ་གནས་ཀྱང་ལུས་སྐྱེས་མིན། །[རྟེན་འབྲེལ་གྱི་]དབང་པོ་ལས་འདས་[ཤིང་རྣམ་ཤེས་ལ་]མི་གསལ་བ། །རྣམ་པ་ཐམས་ཅད་[པ་ཡིན་ཡང་]རྣམ་པ[འི་དངོས་པོ་]སྤངས། །དངོས་དང་དངོས་མེད་ལས་གྲོལ་[བ་ཕུང་པོ་གསུམ་པ་ཡིན་]ཞིང༌། །གང་དུའང་ལྷག་པར་མི་[ཟེར་]གནས་[ཤིང་མ་ཆད་པའམ་འབྲེལ་ཏེ་མི་གནས་]པ། །དངོས་པོ་ཐམས་ཅད་[གདོད་ནས་]ནུབ་པ[འི་གཞི]འོ། །[དེ་ནི་]ཆོས་ཀྱི་སྐུ་ཡི་རང་ངོ་བོ་[ཟེར]། །སེམས་[ཆེན་པོ་]ནི་རྡོ་རྗེ་འཆང་[གི་]དབུགས་དབྱུང་[བ་སྟེ]། །དོན་ཀུན་བྱེད་[ཀྱང་དེའི་འབད་]པ་དང་བྲལ་བ། །སྟོང་པའི་རང་བཞིན་མྱ་ངན་འདས། །ཡེ་ཤེས་སྐུ་ཡི་རང་བཞིན་ཉྀད། །རྗོད་དང་བརྗོད་བྱ་[ཐ་དད་ལས་]རྣམ་པར་གྲོལ[བའི་གཞི]། །དེ་ཡང་ཡི་གེ་ཧཾ་དུ་གྲགས། །[དོན་དམ་གྱི་ཆོས་]ཐམས་ཅད་ཨ་ཧཾ་[སྟེ་]ཀུན་འགྲོ་[ཟེར][ཀུན་]ཁྱབ། །[རྣམ་པ་]ཐམས་ཅད་[པའི་]བདག་ཉིད་རྟག་ཏུ་བཞུགས། །ཞེས་དང༌། དཔལ་ཡེ་ཤེས་ཐིག་ལེའི་རྒྱུད་དུ་ཡང༌། [དོན་དམ་གྱི་]ལྷ་མོ་ཁྱོད་ནི་[རྒྱུ་རྐྱེན་ལས་]འབྱུང་བ་མིན། །སྐྱེ་བ་དང་ནི་འཕོ་[བ་]མེད་[ཅིང་]རབ[དང་]། །མཆོག་[དང་ཕ་རོལ་ཡིན་པ་]ནི་རྣམ་རྟོག་[གི་]རླབས་དང་བྲལ[བའི]། །རང་གི་ངོ་བོ་[རང་བྱུང་]ཡེ་ཤེས་འོད[གསལ་བ་དག་པའི]། །བདག་རང་གི་ནི་ཡེ་ཤེས་སྐུ། །མཆོག་[གམ་ཕ་རོལ་]ནི་[ཆོས་ཀྱི་དབྱིངས་ཀྱི་]དབང་ཕྱག་མ་ཁྱོད་[ཡྀན་ཏེ་རང་བཞིན་འོད[གསལ་བའོ]། །ཅེས་དང༌། གྲངས་མེད་འཇིག་རྟེན་གྱི་ནི་ཁམས[གཞན་ནམ་ཕ་རོལ]། །ཁྱོད་ནི་[རང་བྱུང་]ཡེ་ཤེས་འོད་བྱེད་པ། །ཁྱོད་ནི་ཐམས་ཅད་དངོས་ཀུན་གྱི[རྣམ་པ་ཅན]། །ཐམས་ཅད་བདག་ཉིད་འབྱུང་བ་ཀུན[ཞེས་པ་བདག་གཞན་དང་འབྱུང་བ་གཞན་ཏེ]། ། [དོན་དམ་གྱི་]ཆོས་ནི་ཐམས་ཅད་[རང་རིག་གིས་]ཡོངས་ཤེས་ནས་[ཟེར]། །དེ་ནི་ཐམས་ཅད་མཁྱེན་རབ་གྲགས། །ཞེས་པ་ལ་སོགས་པ་དང་དོན་གཅིག་པར། དཔལ་བརྟག་པ་གཉིས་པའི་རྒྱུད་དུ་ཡང༌། [དོན་དམ་ཀྱཻའི་རྡོ་རྗེ་]ང་ལས་[ཆོས་ཉིད་ཀྱི་]འགྲོ་བ་ཐམས་ཅད་བྱུང༌། །[དོན་དམ་ཀྱཻའི་རྡོ་རྗེ་]ང་ལས་[ཆོས་ཉིད་ཀྱི་]གནས་གསུམ་པོ་ཡང་བྱུང༌། །[དོན་དམ་ཀྱཻའི་རྡོ་རྗེ་]ང་ཡིས་[བརྟན་གཡོ་]འདི་ཀུན་ཁྱབ་པ་སྟེ། །འགྲོ་བའི་རང་བཞིན་[དེ་ལས་]གཞན་མ་མཐོང་[སྟེ་ཀུན་རྫོབ་ཀྱི་འགྲོ་བ་གཤིས་ལ་མེད་པའི་ཕྱིར་རོ]། །ཞེས་དང༌།[ཆོས་]འཆད་པ་པོ་[དོན་དམ་ཀྱཻའི་རྡོ་རྗེ་]ང་ཆོས་ཀྱང་[དོན་དམ་ཀྱཻའི་རྡོ་རྗེ་]ང་[ཡིན]། །རང་གི་ཚོགས་ལྡན་[ཆོས་]ཉན་པ་[དོན་དམ་ཀྱཻའི་རྡོ་རྗེ་]ང་[ཡིན]། །འཇིག་རྟེན་སྟོན་པ་[སངས་རྒྱས་དང་མཐར་ཐུག་གི་]བསྒྲུབ་བྱ་[དོན་དམ་ཀྱཻའི་རྡོ་རྗེ་]ང་[ཡིན]། །[འཁོར་འདས་དབྱེར་མེད་ཡིན་པས་]འཇིག་རྟེན་[དང་]འཇིག་རྟེན་[ལས་]འདས་པ་[དོན་དམ་ཀྱཻའི་རྡོ་རྗེ་]ང་[ཡིན]། །ལྷན་ཅིག་སྐྱེས་དགའི་རང་བཞིན་[དོན་དམ་ཀྱཻའི་རྡོ་རྗེ་]ང་[ཡིན]། །ཞེས་དང༌། མཁའ་འགྲོ་མ་རྡོ་རྗེ་གུར་དུ་ཡང༌། སངས་རྒྱས་ཀྱི་དེ་ཁོ་ན་ཉིད་ཅེས་བགྱི་བ་དེ་ཇི་ལྟ་བུ། རྣམ་པ་ཐམས་ཅད་མཁྱེན་པ[རང་བྱུང་བ་]འོ། །དེ་ཅི། ལུས་ཅན་ཞིག་གམ། དེ་བཞིན་དུ་བདེན་ནོ། །དེ་ཅིའི་ཕྱིར་ཞེ་ན། རྡོ་རྗེ་འཛིན་པས་བཀའ་སྩལ་པ། [དོན་དམ་གྱི་]མཚན་སུམ་བཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པའི་[ཆོས་]སྐུ་འདི་ནི་[དོན་དམ་ཀྱཻའི་རྡོ་རྗེ་]ང་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། [དོན་དམ་གྱི་]ཡུལ་རྣམས་ཀྱི་[ཡེ་ཤེས་མངོན་དུ་གྱུར་པའི་]རྒྱུས་[རྒྱུད་ལ་ཐོབ་པར་]བསྒྲུབ་པར་བྱ་བ་ཡིན་པས་ནའོ།།ཕྱག་ན་རྡོ་རྗེས་ཡང་གསོལ་པ། ཅི་བཅོམ་ལྡན་འདས་བེམ་པོའམ། རྡོ་རྗེ་འཛིན་པས་བཀའ་སྩལ་པ། [དོན་དམ་ཀྱཻའི་རྡོ་རྗེ་]ང་ནི་[བེམ་པོ་མིན་ཏེ་]མེ་ལོང་ལྟ་བུའི་ཡེ་ཤེས་སོ། །མེ་ལོང་ལྟ་བུའི་ཡེ་ཤེས་ཇི་ལྟ་བུ། རྡོ་རྗེ་འཛིན་གྱིས་བཀའ་སྩལ་པ། དེ་[ཀུན་རྫོབ་ཏུ་]བདེན་པ་ཡང་མ་ཡྀན། [དོན་དམ་གྱི་]བརྫུན་པ་ཡང་མ་ཡིན་པ། བླང་བར་བྱ་བ་ཡང་མ་ཡིན་ལ་དོར་བར་བྱ་བ་ཡང་མ་ཡིན་[ཞེས་པ་བླང་དོར་གྱི་བློའི་ཡུལ་ལས་འདས་པ་ཡིན་]ནོ། །དེ་བཞིན་དུ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱང་[དོན་དམ་ཀྱཻའི་རྡོ་རྗེ་]ངའོ། །སོ་སོར་རྟོག་པའི་ཡེ་ཤེས་ཀྱང་[དོན་དམ་ཀྱཻའི་རྡོ་རྗེ་]ངའོ། །བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱང་[དོན་དམ་ཀྱཻའི་རྡོ་རྗེ་]ངའོ། །དེ་བཞིན་དུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱང་[དོན་དམ་ཀྱཻའི་རྡོ་རྗེ་]ངའོ། །དེ་བས་ན་བྱང་ཆུབ་སེམས་དཔའ་ཆེན་པོ། [གཤིས་ལུགས་ཟབ་མོའི་]བྱང་ཆུབ་འདི་[རྨོངས་པ་འགའ་ཞིག་གཤིས་ལ་སངས་རྒྱས་མེད་པ་དང༌། སྟོར་བ་དང༌། ཨར་སངས་པ་ལ་སོགས་པ་ཆད་པར་སྨྲ་བ་]དེ་སྐད་དུ་དངོས་པོ[འམ་ངོ་བོ་]མེད་པར་མ་སྨྲ་ཞིག །[དེའི་རྒྱུ་མཚན་]དངོས་མེད་ཉིད་དང་དངོས་པོ་[སྟེ་གཉི་ག་ཡིན་པའི་ཕུང་པོ་གསུམ་པ་དཔེ་བྲལ་ཨ་ཧཾ་]ངའོ། །དེ་བཞིན་གཤེགས་པ་གདོད་ནས་[རང་བཞིན་གྱིས་]གྲོལ། །[གཞན་ནམ་ཕ་རོལ་ལ་]མཆོག་གི་སྐུ་དང་ལྡན་པ་སྟེ། །ཟབ་ཅིང་རྒྱ་ཆེ[དོན་དམ་པ]འི་སྐུ་མངའ་བ། །ཧེ་རུ་ཀ་ང་འོ་སེམས་དཔའ་ཆེ། །བདག་མེད་མ་དང་ཐབས་གཅིག་སྦྱོར། །བེམ་པོ་མ་ཡིན་བདེ་ཆེན་ང་[ཨ་ཧཾ]། །འཇིག་རྟེན་གཞུག་ཕྱིར་བེམ་པོ[འི་རྣམ་པ་ཅན་]ང་[ཨ་ཧཾ]། །བུད་མེད་སྐྱེས་པ་མ་ནིང་དང༌། །འགྲོ་བ་ལྔ་ལ་[དོན་དམ་ཀྱཻའི་རྡོ་རྗེ་]ངས་ཁྱབ་པོ[དེས་ན་གཤིས་ལ་སངས་རྒྱས་མེད་པ་མ་ཡིན་ནོ། །ལུང་འདི་དག་གིས་ཀྱང་ལྟ་བ་བཟང་པོ་དང་མཐོན་པོར་འདོད་པ་མང་པོ་ཞིག་ཆད་ལྟ་ལ་ཤོར་བ་མ་ཚོར་བར་བསྟན་ནོ]། །ཞེས་དང༌། དཔལ་རྡོ་རྗེ་རྩེ་མོའི་རྒྱུད་དུ་ཡང༌། [དོན་དམ་རྡོ་རྗེ་རྩེ་མོ་]ང་[ཨ་ཧཾ་]ནི་ཁོ་ན་[གཤིས་ལ་གནས་པའི་]ཆོས་ཆེན་པོ། །[དོན་དམ་རྡོ་རྗེ་རྩེ་མོ་]ང་[ཨ་ཧཾ་]ནི་ཆོས་ཀྱི་སྙིང་པོར་བཤད། །དེ་བས་[དོན་དམ་རྡོ་རྗེ་རྩེ་མོ་]ང་[ཨ་ཧཾ་]ནི་རྒྱལ་པོ་ཆེ། །[དོན་དམ་རྡོ་རྗེ་རྩེ་མོ་]ང་[ཨ་ཧཾ་]ནི་སྲིད་པ་གསུམ་[གཞན་ནམ་མཆོག་]དུ་བསྒྲགས། །འཇིག་རྟེན་གསུམ་[གཞན་ནམ་མཆོག་]ནི་ཅི་ཡིན་[དེ་ཡིན་པར་]བརྗོད[ཏེ]། །འདོད་པ[ཁམས་པ]འི་འཇིག་རྟེན་[དང་]དེ་བཞིན་གཟུགས[ཁམས་དང་]། །གཟུགས་མེད་པ་ཡི་སྐྱེ་དགུ་རྣམས[ཏེ]། །འཇིག་རྟེན་གསུམ་པོ་[གཞན་ནམ་མཆོག་]ཞེས་པ་སྟེ། །[དེ་ནི་]རང་བྱུང་[དོན་དམ་རྡོ་རྗེ་རྩེ་མོ་]ང་[ཨ་ཧཾ་]ཉིད་ཁོ་ན་ཉིད། །འདོད་པ་[ཆེན་པོ་]ཞེས་བྱ་ཆོས་ཅན་[གཞན་]ཏེ། །[གདོད་ནས་]དག་པ[འི་དབྱིངས་]བཙལ་བར་བྱ་བའི་ཕྱིར། །གཟུང་འཛིན་ཆོས་རྣམས་[གཞན་ནམ་མཆོག་]ཞེས་བྱ་བའི། །དེ་བཞིན་ཉིད་ལ་སོ་སོར་རྟོག །ཆོས་ཀྱི་དབྱིངས་དང་དབྱེར་མེད་ཕྱིར། །[དོན་དམ་རྡོ་རྗེ་རྩེ་མོ་]ང་[ཨ་ཧཾ་]ནི་[གདོད་ནས་དག་པའི་]ཆོས་དེ་[གློ་བུར་དྲི་མ་]དག་པར་བྱེད། །དེ་བས་[དོན་དམ་རྡོ་རྗེ་རྩེ་མོ་]ང་[ཨ་ཧཾ་]ནི་རྒྱལ་པོ་ཆེ། །འཇིག་རྟེན་གསུམ་[གཞན་ནམ་མཆོག་]གྱི་བདག་པོར་བསྟན[ཏེ]། །ཇི་ལྟར་འདོད་པ[འི་ཁམས་དང་]དེ་བཞིན་གཟུགས[ཁམས་དང་]། །དེ་བཞིན་གཟུགས་མེད་[གཞན་ནམ་མཆོག་]རབ་ཏུ་བསྒྲགས།།[མི་སྟོང་བའི་]སྟོང་པ་ཉིད་དང་དབྱེར་མེད་པས། །[དོན་དམ་རྡོ་རྗེ་རྩེ་མོ་]ང་[ཨ་ཧཾ་]ནི་[བདེ་གཤེགས་]སྙིང་པོ་[གདོད་ནས་]དག་པར་བཤད། །[དོན་དམ་གྱི་]ཁམས་གསུམ་པོ་ཡི་དོན་ཅི་ཞིག[ཡིན་ན།]།འདོད་ཁམས་དེ་བཞིན་གཟུགས་ཁམས་དང༌། །གཟུགས་མེད་པ་ནི་ཉིད་དག་དང༌། །ཁམས་གསུམ་[གཞན་ནམ་མཆོག་]བཟང་པོ་འདི་དག་ནི། །རང་བྱུང་[དོན་དམ་རྡོ་རྗེ་རྩེ་མོ་]ང་[ཨ་ཧཾ་]ཉིད་ཁོ་ན་ཡིན། །འདི་ནི་ཁམས་[ཏེ་དབྱིངས་]དང་[དྲི་མ་བྲལ་]རྒྱུ་དང་དོན[དམ་པའི]། །ཁམས་གསུམ་གྱི་ནི་རྒྱུ་[གཞན་དང་]སེམས་དཔའ[སྟེ་སེམས་ཅན་གཞན་དང་]། །སྟོང་[པ་ཉིད་]དང་མཚན་མ་མེད་བཤད་ཅིང༌། །སྨོན་པ་མེད་པ་[དོན་དམ་རྡོ་རྗེ་རྩེ་མོ་]ང་[ཨ་ཧཾ་]ཉིད་[ཡིན་པར་]བཤད། །[ཀུན་རྫོབ་ཀྱི་]འཁོར་བའི་དོན་ནི་ཅི་ཞིག་ཡིན[ན]། །བྱིས་པ་རྣམས་ནི་[ལས་དང་ཉོན་མོངས་པ་ལས་]ཀུན་ཏུ་བྱུང༌། །དེ་བཞིན་ཡང་དང་ཡང་དུ་འཁོར[བ་སྟེ་མ་དག་པའི་འཁོར་བའོ]། །འཁོར་བ་[གཞན་ནི་གདོད་ནས་]དག་པའི་བདག་ཉིད་དེ། །[དེ་ནི་]རང་བྱུང་[དོན་དམ་རྡོ་རྗེ་རྩེ་མོ་]ང་[ཨ་ཧཾ་]ཉིད་ཁོ་ན་ཡིན། །གང་ལ་འཁོར་བ་[ཀུན་རྫོབ་ཏུ་]ཡོད་པ་ཡི། །ཆོས་ནི་རྡུལ་ཙམ་[ཡང་གཤིས་ལ་]ཡོད་མ་ཡིན། །[ཀུན་རྫོབ་ཀྱི་འཁོར་བ་ནི་]ཡང་དག་མ་ཡིན་ཀུན་བརྟགས་ཕྱིར། །དེ་ནི་ཐོག་མཐའ་མེད་པ་ཡིན། །[ཆོས་རྣམས་]མེད་དོ་[དོན་དམ་རྡོ་རྗེ་རྩེ་མོ་]ང་[ཨ་ཧཾ་]ནི་སྟོང་པ[འི་གཞི་]སྟེ། །སྟོང་པ་[གཞན་ནམ་མཆོག་]གང་ཡིན་[དོན་དམ་རྡོ་རྗེ་རྩེ་མོ་]ང་[ཨ་ཧཾ་]ཉིད་དོ། །དེ་བས་[ན་]འཁོར་བ་[གཞན་ནམ་མཆོག་]དེ་ཉིད་ནི། །རྡོ་རྗེ་འཆང་རྒྱལ་ང་ཉིད་ནི། །མྱ་ངན་འདས་པ་ཅི་[གཞན་ནམ་མཆོག་]ཡིན་[པ་དེ་ཡིན་པར་]བརྗོད། །གང་ཞིག་དེ་བཞིན་ཉིད་དག་སྟོང༌། །བདེན་བཞི་རང་བཞིན་བཟང་པོ་[ཆོས་ཉིད་ཀྱི་བདེན་བཞི་]ཉིད[དེ]། །[དེ་ནི་]མཚན་ཉིད་དང་ནི་དངོས་པོ་[དང་]གཟུགས[དང་]། །མཚན་མ་ཉིད་ཀྱང་རྣམ་པར་སྤངས། །ཚིག་དང་སྒྲ་ཡིས་གཟུང་བྱ་མིན། །རྣམ་པར་རྟོག་པ་ཡོད་མ་ཡིན། །དེ་བས་མྱ་ངན་འདས་སྒྲ་རུ། །[དོན་དམ་རྡོ་རྗེ་རྩེ་མོ་]ང་[ཨ་ཧཾ་]ཉིད་ཁོ་ནར་རབ་ཤེས་བྱ། །ཞེས་དང༌། [དོན་དམ་རྡོ་རྗེ་རྩེ་མོ་]ང་[ཨ་ཧཾ་]ནི་བྱེད་པོ་སྐྱེད་བྱེད་[གཞན་ནམ་མཆོག་]དང༌། །[དོན་དམ་རྡོ་རྗེ་རྩེ་མོ་]ང་[ཨ་ཧཾ་]ནི་སྐྱེ་དགུའི་བདག་པོ་[གཞན་ནམ་མཆོག་]ཡྀན། །[དོན་དམ་རྡོ་རྗེ་རྩེ་མོ་]ང་[ཨ་ཧཾ་]ནི་སྣ་ཚོགས་བདག་པོ་[གཞན་ནམ་མཆོག་]སྟེ། །བྱེད་པོ་སྐྱེད་བྱེད་མེས་པོ་[གཞན་ནམ་མཆོག་]ཡིན། །ཞེས་དང༌། [དོན་དམ་རྡོ་རྗེ་རྩེ་མོ་]ང་[ཨ་ཧཾ་]ནི་རྒྱལ་པོ་སེམས་དབང་ཕྱུག[གཞན་ནམ་མཆོག]།ཅི་ཕྱིར་[དོན་དམ་རྡོ་རྗེ་རྩེ་མོ་]ང་[ཨ་ཧཾ་]ནི་བྱེད་པར་བརྗོད། །ཇི་སྐད་གསང་བ་གཞན་ལ་གསུངས། །[དོན་དམ་རྡོ་རྗེ་རྩེ་མོ་]ང་[ཨ་ཧཾ་]ཉིད་རང་ལས་བྱུང་བ་སྟེ། །མྱ་ངན་འདས་པ་[ཆེན་པོ་]ས་འོག་[གཞན་ནམ་མཆོག་]སྟེ། །ས་བླ་སྲིད་གསུམ་[གཞན་ནམ་མཆོག་]འཇིག་རྟེན་གསུམ[གཞན་ནམ་མཆོག]། །གང་ཞིག་[ཆོས་ཀུན་གྱི་]གནས་ཞེས་བྱ་བའི་སེམས། །[ཆོས་གང་ལ་ཡང་འབྲེལ་ཏེ་]གནས་མེད་ལས་བྱུང་གང་ཡིན་པ། །ཞེས་དང༌། [དོན་དམ་རྡོ་རྗེ་རྩེ་མོ་]ང་[ཨ་ཧཾ་]ནི་རྡོ་རྗེ་ཅན་ཡང་ཡིན། །སྡུག་བསྔལ་ཐམས་ཅད་[སྤངས་ཤིང་]སྤང་བ་དང༌། །ཉེས་པ་ཐམས་ཅད་ཟད་པ་དང༌། །[དོན་དམ་རྡོ་རྗེ་རྩེ་མོ་]ང་[ཨ་ཧཾ་]ནི་བྱང་ཆུབ་སེམས་རྡོ་རྗེ[ཡིན་ལ]། །[དོན་དམ་རྡོ་རྗེ་རྩེ་མོ་]ང་[ཨ་ཧཾ་]ཉིད་རང་ནི་བྱུང་བའོ། །[དོན་དམ་རྡོ་རྗེ་རྩེ་མོ་]ང་[ཨ་ཧཾ་]ཉིད་ཡང་ནི་ཁྱབ་འཇུག་[གཞན་ནམ་མཆོག་]སྟེ། །གཟུང་བ་[དང་འཛིན་པ་]ལ་སོགས་[སྐྱོན་]ཀུན་སྤངས་ཏེ། །དག་པ་དེ་བཞིན་ཉིད་[དང་]རྣམ་ཤེས [གཞན་ནམ་མཆོག]། །བདག་དང་ཉོན་མོངས་མེད་པ[འི་གཞི་]སྟེ། །དེ་བས་[དོན་དམ་རྡོ་རྗེ་རྩེ་མོ་]ང་[ཨ་ཧཾ་]ནི་ཁྱབ་འཇུག་[གཞན་དུ་]བཤད། །ཅེས་དང༌། ཇི་ལྟར་དེ་[ཁོ་ན་]ཉིད་ཅེས་བཤད་པ། །ཟབ་མོའི་ཆོས་ནི་ངས་རྟོགས་པ། །དེ་ཕྱིར་རང་བྱུང་[དོན་དམ་རྡོ་རྗེ་རྩེ་མོ་]ང་[ཨ་ཧཾ་]ཉིད་ནི། །[རྡོ་རྗེ་]ཉི་མ་ཞེས་ནི་རབ་ཏུ་བརྗོད། །[དོན་དམ་རྡོ་རྗེ་རྩེ་མོ་]ང་[ཨ་ཧཾ་]ནི་[རྡོ་རྗེ་]ཟླ་བ་རུ་བརྗོད་དེ། ། [དོན་དམ་རྡོ་རྗེ་རྩེ་མོ་]ང་[ཨ་ཧཾ་]ནི་ཆོས་རྣམས་ཐམས་ཅད་ཀྱི། །[གདོད་ནས་]ཞི་བ་ཉིད་ནི་རྟོགས་པར་བཤད། །ཅེས་དང༌། [དོན་དམ་རྡོ་རྗེ་རྩེ་མོ་]ང་[ཨ་ཧཾ་]ཉིད་ཁོ་ན་མེས་པོ་[གཞན་ནམ་མཆོག་]ཡིན། །[དོན་དམ་རྡོ་རྗེ་རྩེ་མོ་]ང་[ཨ་ཧཾ་]ནི་འདོད་པའི་འཇིག་རྟེན་[གཞན་ནམ་མཆོག་]ཡིན། །ངོ་བོ་ཉིད་དང་ལོངས་སྤྱོད་རྫོགས། །སྤྲུལ་པའི་སྐུ་ནི་རབ་འཇུག་བྱེད། །ཅེས་དང༌། སྲིད་པའི་ཞགས་པ་གཅོད་བྱེད་པ། །[དོན་དམ་རྡོ་རྗེ་རྩེ་མོ་]ང་[ཨ་ཧཾ་]ནི་སྲིད་པའི་རྒྱལ་པོ་ཆེ། །ཞེས་དང༌། [དོན་དམ་རྡོ་རྗེ་རྩེ་མོ་]ང་[ཨ་ཧཾ་]ནི་ཐེག་པ་གསུམ་[གཞན་ནམ་མཆོག་]འཛིན་པས། །[དོན་དམ་རྡོ་རྗེ་རྩེ་མོ་]ང་[ཨ་ཧཾ་]ནི་[ཆོས་ཉིད་ཀྱི་]ཁམས་གསུམ་པ་རུ་བཤད། །ཅེས་དང༌། ཇི་ལྟར་ས་ནི་[གཞན་ནམ་མཆོག་]འཛིན་པའི་མཆོག །དེ་བཞིན་[དོན་དམ་རྡོ་རྗེ་རྩེ་མོ་]ང་[ཨ་ཧཾ་]ནི་ཆོས་[གཞན་ནམ་མཆོག་]འཛིན་པ། །ཞེས་དང༌།[ཨ་ཧཾ་ནི་]ས་སྟེང་[དང་]ནམ་མཁའ་[གཞན་ནམ་མཆོག་]ཞེས་སུ་བརྗོད། །[དོན་དམ་རྡོ་རྗེ་རྩེ་མོ་]ང་[ཨ་ཧཾ་]ནི་རང་བཞིན་ཉིད་ཀྱིས་[ཀུན་ལ་]མཚུངས[པར་ཁྱབ]། །ཆོས་དང་གང་ཟག་[གི་]བདག་མེད་པ[འི་གཞི]། ། [དོན་དམ་རྡོ་རྗེ་རྩེ་མོ་]ང་[ཨ་ཧཾ་]ནི་ས་སྟེང་[གི་]དེ་[ཁོ་ན་]ཉིད་[དུ་]བཤད། །ཅེས་དང༌། [དོན་དམ་རྡོ་རྗེ་རྩེ་མོ་]ང་[ཨ་ཧཾ་]ནི་གཟོད་ནས་མ་སྐྱེས་བྱུང་བ་མེད། །[ཆོས་དང་གང་ཟག་གི་]བདག་མིན་བདག་མེད་[དོན་དམ་རྡོ་རྗེ་རྩེ་མོ་]ང་[ཨ་ཧཾ་]ནི་སྐྱེ་དགུའི་བདག[གཞན་ནམ་མཆོག]།སྲིད་པའི་འཁྲི་ཤིང་གིས་བཅིངས་སེམས་ཅན་[ཉོན་མོངས་ཀྱིས་]གདུངས[པ་ལ]། །[དོན་དམ་རྡོ་རྗེ་རྩེ་མོ་]ང་[ཨ་ཧཾ་]ནི་གྲོལ་བྱེད་འཁྲི་ཤིང་དག་བྱེད་པ། །ཞེས་དང༌། མཚན་མ་མེད་པ་འདུས་མ་བྱས[ཀྱི་དབྱིངས་དོན་དམ]། །བྱང་སེམས་[ནི་སྲིད་པའི་]འཁྲི་ཤིང་[དང་]ཞགས་པ་དག །འཐོར་བྱེད་དེ་བཞིན་རླུང་ཡིན་ཏེ། །[དོན་དམ་རྡོ་རྗེ་རྩེ་མོ་]ང་[ཨ་ཧཾ་]ནི་དབང་ཕྱུག་ཆེན་པོ་[གཞན་ནམ་མཆོག་]སྟེ། །རྡོ་རྗེ་ཚོགས་ཀྱི་བདག་པོ་ཆེན་པོ་[གཞན་ནམ་མཆོག་]བྱེད། །[དོན་དམ་རྡོ་རྗེ་རྩེ་མོ་]ང་[ཨ་ཧཾ་]ནི་སངས་རྒྱས་དབང་ཕྱུག་གཞན་ཞེས་སྨོས། །བདུད་རྩི་ཆེན་པོ་ཐར་པའི་གྲོང་ཁྱེར་ཆེ། །[དོན་དམ་རྡོ་རྗེ་རྩེ་མོ་]ང་[ཨ་ཧཾ་]ནི་དབང་ཕྱུག་དབང་བསྐུར་དབང་ཕྱུག་ཆེ། །ཞེས་དང༌། [དོན་དམ་རྡོ་རྗེ་རྩེ་མོ་]ང་[ཨ་ཧཾ་]ནི་བརྟུལ་ཞུགས་[གཞན་ནམ་མཆོག་]ཞེས་བཤད་དེ། ། [དོན་དམ་རྡོ་རྗེ་རྩེ་མོ་]ང་[ཨ་ཧཾ་]ནི་ཉོན་མོངས་འཇོམས་པར་བཤད། །[དོན་དམ་རྡོ་རྗེ་རྩེ་མོ་]ང་[ཨ་ཧཾ་]ནི་རྒ་དང་འཆི་བ་ལས། །ངེས་པར་གྲོལ་བས་[ཆོས་ཉིད་ཀྱི་]ཚངས་པར་བཤད། །འཇིག་རྟེན་གསུམ་[གཞན་ནམ་མཆོག་]གྱི་ལུས་ཀྱི་ནི། །ཆགས་པའི་[རང་བཞིན་དང་]ཞེ་སྡང་[དང་]གཏི་མུག་[གཞན་ནམ་མཆོག་]ནི། །ཁམས་གསུམ་འཇིག་རྟེན་གསུམ་[གཞན་ནམ་མཆོག་]ཡིན་ཏེ། །[དོན་དམ་རྡོ་རྗེ་རྩེ་མོ་]ང་[ཨ་ཧཾ་]ནི་སྲུང་མ་[དང་]བྲན་དུ་འགྱུར། །ཞེས་དང༌། སངས་རྒྱས་[རྣམ་སྣང་གི་རིགས་དང་]རྡོ་རྗེ་

[མི་བསྐྱོད་པའི་རིགས་དང་]རིན་ཆེན་[འབྱུང་ལྡན་]དང༌། །[རྡོ་རྗེ་]ཆོས་[པད་མའི་རིགས་]དང་ལས་[ཀྱི་རིགས་དོན་ཡོད་གྲུབ་པ་]དང་གསང་འཛིན་[རྡོ་རྗེ་སེམས་དཔའ་དང་]བཅས[པའི་རིགས]། །རྣམ་པ་དྲུག་ནི་[ཆོས་ཀྱི་]འཁོར་ལོ་ཆེ[སྟེ་དེ་ལྟར]། །[དོན་དམ་རྡོ་རྗེ་རྩེ་མོ་]ང་[ཨ་ཧཾ་]ནི་[རིགས་དྲུག་གི་]གདོང་དྲུག་མཆོག་ཆེན་པོ[ཡིན]། །ཞེས་དང༌། གཞན་ཡང་གཟའ་དང་ཚོགས་སོགས་གང་ཡིན་པ། །ང་བདག་ཉིད་ཅེས་ཇི་ལྟར་རུང་བར་འགྱུར། །གང་ཞིག་གདོན་ལ་སོགས་པ་ཀུན། །སེམས་ལས་ཀུན་ཏུ་འབྱུང་བའི་རླབས། །ང་ནི་ཐུགས་འཛིན་རྒྱལ་པོ་སྟེ། །དེ་བས་ང་ནི་སྲིད་པའི་གནས། །ཞེས་དང༌། [ཞེས་དཔེ་གཅིག་ན་བཞུགས།][ཆོས་ཉིད་ཀྱི་]ཐར་པའི་རང་བཞིན་གྲོང་ཁྱེར་ཆེ། །དགོངས་པ་མཐར་ཐུག་པ་ཡིས་བཤད། །[དོན་དམ་རྡོ་རྗེ་རྩེ་མོ་]ང་[ཨ་ཧཾ་]ནི་སེམས་ཅན་ཀུན་[གཞན་ནམ་མཆོག་]ལ་འདོད། །དེ་བས་[དོན་དམ་རྡོ་རྗེ་རྩེ་མོ་]ང་[ཨ་ཧཾ་]ནི་[ཆོས་ཉིད་ཀྱི་]འདོད་པར་བཤད། །ཅེས་དང༌། [དོན་དམ་རྡོ་རྗེ་རྩེ་མོ་]ང་[ཨ་ཧཾ་]ཉིད་ཐར་པའི་སེམས་ཅན་ཀུན[ཡྀན་ལ]། །[སེམས་ཅན་]སོ་སོར་ཡང་ནི་གྲོལ་བར་བྱེད། །དེ་བས་རང་བྱུང་[དོན་དམ་རྡོ་རྗེ་རྩེ་མོ་]ང་[ཨ་ཧཾ་]ཉིད་ནི། །ཐར་པ་འཛིན་པའི་རྒྱལ་པོ་ཡིན། །ཞེས་དང༌། [དོན་དམ་རྡོ་རྗེ་རྩེ་མོ་]ང་[ཨ་ཧཾ་]ནི་བདག་[གཉིས་]དང་[ཀུན་རྫོབ་ཀྱི་]ཆོས་རྣམས་མིན། །[དོན་དམ་རྡོ་རྗེ་རྩེ་མོ་]ང་[ཨ་ཧཾ་]ནི་ཆགས་[སོགས་དྲི་མ་]དང་ཀུན་ཏུ་བྲལ། །[དོན་དམ་རྡོ་རྗེ་རྩེ་མོ་]ང་[ཨ་ཧཾ་]ཡིས་འཆི་མེད་ལམ་བསྟན་པ། །[དོན་དམ་རྡོ་རྗེ་རྩེ་མོ་]ང་[ཨ་ཧཾ་]ནི་དམྱལ་བའི་དམྱལ་བ་[གཞན་ནམ་མཆོག་ཡིན་]ལ། །ཞེས་དང༌། མངོན་པར་འདོད་པ་དེ་ཡིས་ཐོབ། །སེམས་ཅན་[ཆོས་ཀྱིས་]སྐོམ་ལ་[ཆོས་ཀྱིས་]སྨིན་པར་བྱེད། །[དོན་དམ་རྡོ་རྗེ་རྩེ་མོ་]ང་[ཨ་ཧཾ་]ཡིས་དགའ་བའི་གནས་ཐོབ་པ། །[དོན་དམ་རྡོ་རྗེ་རྩེ་མོ་]ང་[ཨ་ཧཾ་]ནི་ཡི་དྭགས་ཡི་དྭགས་སྐྱེས[གཞན་ནམ་མཆོག་ཡིན]། །ཞེས་དང༌། འཁོར་བའི་ཆུ་བོ་བརྒལ་དཀའ་ལས། །སེམས་ཅན་དག་ནི་ཐམས་ཅད་གནས། །ཇི་ལྟར་མི་ཤེས་རྨོངས་འགྱུར་བས། །དེ་བཞིན་[དོན་དམ་རྡོ་རྗེ་རྩེ་མོ་]ང་ཡིས་གྲོལ་བར་བྱེད། །གཞན་ཡང་[དོན་དམ་རྡོ་རྗེ་རྩེ་མོ་]ང་[ཨ་ཧཾ་]ནི་ཆགས་པ་[གཞན་ནམ་མཆོག་ཡིན་]སྟེ། །སེམས་ཅན་གྲོལ་ལ་རྗེས་ཆགས་ཕྱིར། །སྲིད་པ་གཅོད་ཕྱིར་ཞེ་སྡང་[གཞན་ནམ་མཆོག་ཡིན་]དང༌། །གསང་མཛོད་འཛིན་པས་སེར་སྣ་ཅན[གཞན་ནམ་མཆོག་ཡིན]། །སེམས་ཅན་འདོད་པས་འདོད་པ་

[གཞན་ནམ་མཆོག་ཡིན་]དང༌། །སེམས་ཅན་སྨིན་བྱེད་སེམས་ཅན་[དོན་དམ་རྡོ་རྗེ་རྩེ་མོ་]ང་[ཨ་ཧཾ]། །གསང་བ་འཛིན་པའི་རྒྱལ་པོ་གང༌། །དེ་ནི་[དོན་དམ་རྡོ་རྗེ་རྩེ་མོ་]ང་[ཨ་ཧཾ་]ཡི་འཇིགས་མེད་སྲས། །དེས་ན་གསང་བ་ཆེན་པོ་ཡིན། །[དོན་དམ་རྡོ་རྗེ་རྩེ་མོ་]ང་[ཨ་ཧཾ་]ནི་ཆོས་ཀྱི་མཛོད་འཛིན་པ། །སངས་རྒྱས་བྱང་ཆུབ་གསང་ཆེན་པོ། །དེ་བས་[དོན་དམ་རྡོ་རྗེ་རྩེ་མོ་]ང་[ཨ་ཧཾ་]ནི་གསང་བའི་བདག །ཅེས་དང༌། ཀྱེའི་རྡོ་རྗེར་ཡང༌། སྐྱེས་བུ་སྔོན་རབས་དབང་ཕྱུག་[གཞན་ནམ་མཆོག་ཡིན་]དང༌། །བདག་དང་གསོ་བ་སེམས་ཅན་[གཞན་ནམ་མཆོག་ཡིན་]དང༌། །དུས་དང་གང་ཟག་[གཞན་ནམ་མཆོག་ཡིན་]ཉིད་དང་ནི། །དངོས་པོ་ཀུན་གྱི་རང་བཞིན་འདི། །[པྲ་ཕབ་པ་དང་]སྒྱུ་མའི་གཟུགས་ཀྱིས་ཡང་དག་གནས། །ཞེས་པ་ལ་སོགས་པ་མིང་ཚིག་ཡི་གེ་རྣམ་པ་མང་པོས་རྒྱུད་སྡེ་ཟབ་མོ་ཆེས་མང་བ་རྣམས་སུ་བདག་གཉིས་ཀྱི་དངོས་པོ་གདོད་ནས་མེད་པའི་གཞིའི་ངོ་བོ་དོན་དམ་སྟོང་ཉིད་རང་བཞིན་འོད་གསལ་རྣམ་པ་ཐམས་ཅད་པ་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས། སྐད་ཅིག་ལས་འདས་པ་དེ་ཉིད་ནམ་ཡང་མ་ཆད་པར་དེ་བཞིན་ཉིད་བདག་དག་པའི་བདག་ཏུ་བཞུགས་པར་གསུངས་པའི་དགོངས་པ་ཆེན་པོའི་དོན་མཐོང་བར་བྱ་སྟེ། སེམས་འགྲེལ་སྐོར་གསུམ་ལ་སོགས་པ་དཔལ་ལྡན་ས་བཅུ་པ་རྣམས་ཀྱིས་ལེགས་པར་གསུངས་པའི་དོན་ཉམས་སུ་མྱོང་བའི་མན་ངག་ཟབ་མོ་ལ་ཡང་དག་པར་བརྟེན་ནས་སོ། །

དག་པའི་བདག་གི་དབྱིངས་དང་ཤེར་ཕྱིན་དོན་གཅིག་ཏུ་བསྟན་པ།

དེ་བཞིན་དུ། ཡུམ་ཆེན་མོ་ལས་ཀྱང༌། སྐྱེ་བ་མེད་པའི་དབྱིངས་དང༌། ཆོས་ཀྱི་དབྱིངས་དང༌། བསམ་གྱིས་མི་ཁྱབ་པའི་དབྱིངས་དང༌། བདག་གི་དབྱིངས་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དབྱིངས་རྣམས་ཐ་དད་མེད་པར་གསུངས་ཤིང༌། བདག་རྣམ་པར་དག་པ་དང་སེམས་ཅན་རྣམ་པར་དག་པ་ནས་མཐོང་བ་པོའི་བར་དུ་རྣམ་པར་དག་པར་གསུངས་པ་ཡང༌། རྣམ་པར་དག་པའི་བདག་དང་སེམས་ཅན་ལ་སོགས་པར་གསུངས་པ་དང་དོན་གཅིག་སྟེ། གང་ཞིག་གང་ན་མེད་པ་དེ་དེས་དག་པ་དང༌། དེའི་ལྷག་མ་དག་གཞི་གང་ཡིན་པ་དེ་རྟག་ཏུ་བཞུགས་སོ་ཞེས་པ་མན་ངག་གོ །

གནས་ལུགས་ལ་མི་མཁས་པ་བཀག་ནས་གཞི་ཇི་བཞིན་པའི་བཞུགས་ཚུལ་བསྟན་པ།

དེ་བཞིན་དུ། ཨུ་དུམ་ཝཱ་རའི་མེ་ཏོག་ལྟར་དཀོན་པའི་མདོར་ཡང༌། དེ་ནས་ཡང་སོར་མོའི་ཕྲེང་བས་གང་པོ་བྱམས་མའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །སངས་རྒྱས་ཀུན་དང་ཉན་ཐོས་ཀྱིས། །གང་དེ་ཀུན་ཏུ་མ་བརྙེས་པ། །ཆོས་དེ་མངོན་པར་སངས་རྒྱས་ནས། །སྲོག་ཆགས་རྣམས་ལ་བསྟན་པར་བྱ། །དེ་སྐད་གསུངས་པའི་དོན་ཅི། གང་པོས་སྨྲས་པ། འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་ཆོས་ཐམས་ཅད་ལ་སེམས་ཅན་གྱི་དབྱིངས་དང་བདག་དང་སྲོག་དང་གང་ཟག་དང་ཤེད་ལས་སྐྱེས་པ་དང་ཤེད་བུ་ཤིན་ཏུ་ནན་ཏན་དུ་བཙལ་ཀྱང་མ་རྙེད་ནས་བདག་མེད་པ་ནི་སངས་རྒྱས་ཀྱི་ཚིག་གོ་སྙམ་སྟེ་འདས་སོ། །དེ་བཞིན་དུ་སྦྱར་ཏེ། ད་ལྟར་དང་མ་བྱོན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་མི་བརྙེས་བརྙེས་པར་མི་འགྱུར། དེ་བཞིན་དུ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལ་ཡང་སྦྱར་ཏེ་གསུངས་ནས་དེ་ལྟར་སྲོག་དང་གང་ཟག་དང་ཤེད་ཅན་དང་ཤེད་བུ་དང་སེམས་ཅན་དང་བདག་གི་དབྱིངས་མེད་པར་སྟོན་ཏེ། དེ་ལྟར་བདག་མེད་པར་སྟོན། དེ་ལྟར་སྟོང་པར་སྟོན་ཏེ། དེ་ལྟ་བུའི་ཆོས་ཀྱི་གཏམ་སྟོན་ཏོ། །སོར་མོའི་ཕྲེང་བས་གང་པོ་བྱམས་མའི་བུ་ལ་སླར་འདི་སྐད་ཅེས་སྨྲས་སོ། །ཀྱེ་མ་བཙུན་པ་གང་པོ་ཁྱོད་ནི་སྦྲང་བུའི་སྤྱད་པ་སྤྱོད་དེ། ཆོས་ཀྱི་གཏམ་སྟོན་མི་ཤེས་སོ། །སྦྲང་བུ་ཡང་ཟི་ཟི་ཞེས་སྒྲ་འབྱིན་ཤེས་ཀྱིས། སྦྲང་བུ་ལྟར་བླུན་པོ་ཁྱོད་ཅང་མ་ཟེར་ཅིག །གང་པོ་དེ་བཞིན་གཤེགས་པའི་ལྡེམ་པོའི་ངག་མི་ཤེས་པས་བདག་མེད་པ་[ཙམ་]ལ་ཆོས་སུ་སེམས་པ་ནི་[སྟོང་གཞི་དོན་དམ་གྱི་བདག་ལ་རྨོངས་པས་]གཏི་མུག་གི་ཆོས་ཀྱི་མར་མེའི་ནང་དུ་ཕྱེ་མ་ལེབ་ལྟར་ལྟུང་ངོ༌། །གང་དེ་སངས་རྒྱས་ཀྱིས་མ་བརྙེས་ཞེས་བྱ་བ་ནི་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སེམས་ཅན་ཐམས་ཅད་ལ་[དོན་དམ་གྱི་]དེ་བཞིན་གཤེགས་པའི་སྙིང་པོ་མེད་པ་མ་བརྙེས་ནས་འདས་སོ། །ད་ལྟར་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་སེམས་ཅན་ཐམས་ཅད་ལ་[དོན་དམ་གྱི་]བདག་གི་ཁམས་[ཏེ་དབྱིངས་བདེ་གཤེགས་སྙིང་པོ་]མེད་པ་མི་བརྙེས་སོ། །མ་བྱོན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་སེམས་ཅན་ཐམས་ཅད་ལ་སེམས་ཅན་གྱི་ཁམས་[ཏེ་དབྱིངས་བདེ་གཤེགས་སྙིང་པོ་]མེད་པ་བརྙེས་པར་མི་འགྱུར་རོ། །རང་སངས་རྒྱས་དང་ཉན་ཐོས་རྣམས་ཀྱིས་ཀྱང་དུས་གསུམ་དུ་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་མེད་པ་མ་བརྙེས་མི་བརྙེས་བརྙེས་པར་མི་འགྱུར་ཏེ། ཚིགས་སུ་བཅད་པ་དེའི་དོན་ནི་འདིའོ།།ཡང་སངས་རྒྱས་ཀུན་གྱིས་གང་མ་བརྙེས་ཞེས་བྱ་བ་ནི་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་ཆོས་ཐམས་ཅད་ལ་ནན་ཏན་དུ་བཙལ་ཀྱང་འཇིག་རྟེན་པའི་བདག་མཐེ་བོང་ཙམ་དང་ཅི་ཙེའི་འབྲུ་དང་འབྲས་དང་ཡུངས་འབྲུ་དང་ཏིལ་གྱི་རིལ་བུ་ཙམ་དམར་པོ་དང་སྔོན་པོ་དང་སེར་པོ་དང་དཀར་པོ་དང་ཐུང་ངུ་དང་རིང་པོ་དང་ཤིན་ཏུ་རིང་པོ་ལ་སོགས་པ་སྙིང་ཁ་ན་འབར་ཞིང་འདུག་ཅེས་བྱ་བ་དང༌། ཞེས་པ་ནས། གང་དེ་དག་གི་རྟག་པ་བརྟན་པ་ཐེར་ཟུག་སྟེ་བདག་དེ་ནི་འདི་འདྲའོ།།ཞེས་བྱ་བ་སངས་རྒྱས་ཐམས་ཅད་དང་ཉན་ཐོས་ཐམས་ཅད་ཀྱིས་མ་བརྙེས་ནས་མངོན་པར་རྫོགས་པར་སངས་རྒྱས་ནས་སྲོག་ཆགས་རྣམས་ལ་བཤད་དོ། །ཞེས་བྱ་སྟེ་ཚིགས་སུ་བཅད་པ་དེའི་དོན་ནི་འདི་ཡིན་གྱི། གང་པོ་ཡི་[བཤད་པ་དེ་]ནི་ཕྱིན་ཅི་ལོག་ཏུ་རྣམ་པར་བརྟགས་པས་ན་[མདོ་]དེའི་དོན་[དེ་ལྟར་]མ་ཡིན་ནོ། །སངས་རྒྱས་རྣམས་ཀྱིས་གང་མ་བརྙེས་ཞེས་བྱ་བ་དེ་ནི་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་[དོན་དམ་གྱི་]དེ་བཞིན་གཤེགས་པའི་སྙིང་པོ་བྱས་པ་མ་བརྙེས་ནས་འདས་ཏེ། མ་བྱས་པའི་སངས་རྒྱས་ཀྱི་ཁམས་[ཏེ་དབྱིངས་]མཚན་དང་དཔེ་བྱད་བཟང་པོ་མཐའ་ཡས་པས་བརྒྱན་པ་སེམས་ཅན་ཐམས་ཅད་ལ་ཡོད་དོ། །ད་ལྟར་གྱྀ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང༌། དེ་བཞིན་གཤེགས་པའི་སྙིང་པོ་བྱས་པ་ནི་ནན་ཏན་དུ་བཙལ་ཀྱང་མ་བརྙེས་ཏེ། སེམས་ཅན་ཐམས་ཅད་ལ་མ་བྱས་པའི་སངས་རྒྱས་ཀྱི་དབྱིངས་མཐའ་ཡས་པའི་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་ཡོད་དོ། །དུས་གསུམ་དུ་ཉན་ཐོས་དང་རང་སངས་རྒྱས་སྦྲང་མ་ལྟ་བུ་རྣམས་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་ཅེས་གྲག་སྟེ། མིག་གིས་ནི་བལྟ་མི་ནུས་སོ་ཞེས་འདྲི་བ་དེ་ལ་བྱེད་པའི་རྒྱུ་ནི་བསྟན་ཏོ། །འདི་ལྟ་སྟེ་སྒྲ་གཅན་ཟིན་དཔལ་གྱི་བསླབ་པ་དང་ཚུལ་ཁྲིམས་ལྷུར་བྱེད་པས་སྲོག་ཆགས་ཅན་གྱི་ཆུ་ལ་ཤིན་ཏུ་ནན་ཏན་དུ་བལྟ་སྟེ། སྲོག་ཆགས་ཡིན་ནམ་མ་ཡིན་འོན་ཏེ་རྡུལ་འདྲ་བ་ཞིག་སྟེ། ཐམས་ཅད་མ་ཡིན་ནོ་སྙམ་པ་ལས་རིམ་གྱིས་བརྟགས་ན་སྲོག་ཆགས་ཕྲ་མོ་ཡིན་པར་མཐོང་བ་དེ་བཞིན་དུ། ས་བཅུ་ཐོབ་པའི་བྱང་ཆུབ་སེམས་དཔའ་སྟག་[དང་འདྲ་བར་དཔའ་བ་]རྣམས་ཀྱིས་རང་གི་ལུས་ལ་[དོན་དམ་གྱི་]བདག་གི་དབྱིངས་ཡོད་པར་བདག་ཉིད་ཀྱིས་མཐོང་སྟེ། འདི་འདྲ་བ་དེ་ལྟ་བུ་མཐའ་ཡས་པའི་དབྱིངས་སུ་མཐོང་ངོ༌། །དེ་ལྟར་དེ་བཞིན་གཤེགས་པའི་སྙིང་པོ་ལ་འཇུག་པ་ནི་ཤིན་ཏུ་དཀའ་བ་བྱེད་པ་ཡིན་ཏེ། གང་དག་ཀུན་ཏུ་འབར་བ་དང་རབ་ཏུ་འབར་བ་ལྟ་བུའི་འཇིག་རྟེན་དུ་རང་གི་སྲོག་ཀྱང་བཏང་སྟེ་སྟོན་པར་འགྱུར་བ་ནི་རབ་ཏུ་དཀའ་བ་བྱེད་པ་ཕན་པར་སྟོན་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་སྟག་[དང་འདྲ་བར་དཔའ་བ་]དེ་དག་ལ་ང་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་གྱི་གཞན་[ཝ་ལྟ་བུ་རྣམས་]ལ་མི་སྟོན་ཏོ། །སེམས་ཅན་དག་ནི་བདག་ཉིད་དེ་བཞིན་གཤེགས་པ[འི་སྙིང་པོ་ཅན་]ཡིན་ནོ། །དཔེར་ན་འཕྲུལ་གྱི་མིག་དང་ལྡན་པའི་ནང་ན་མ་འགགས་པ་བཞིན་ཏེ། མ་འགགས་པ་དང་ལྷན་ཅིག་ཏུ་བྱིས་པ་ཤའི་མིག་ཅན་[ཏཻ་ཆུ་བུར་གྱི་མིག་ཅན་]སོང་ནས་ནམ་མཁའ་ལ་བྱ་སོང་བའི་རྗེས་ལ་བལྟས་ན་བྱིས་པ་ཤའི་མིག་ཅན་[ཏཻ་ཆུ་བུར་གྱི་མིག་ཅན་]གྱིས་ཅི་ནམ་མཁའི་བྱ་རྗེས་མཐོང་ངམ། གནས་བརྟན་མ་འགགས་པས་ནི་གསལ་བར་མཐོང་སྟེ། སྐྱེས་བུ་ཤའི་མིག་ཅན་[ཏཻ་ཆུ་བུར་གྱི་མིག་ཅན་]ཡང་གནས་བརྟན་གྱི་དྲིང་ལ་རབ་ཏུ་ཡིད་ཆེས་ནས་འགྲོ་བ་དེ་བཞིན་དུ། བྱིས་པ་ཤའི་མིག་ཅན་[ཏཻ་ཆུ་བུར་གྱི་མིག་ཅན་]དང་འདྲ་བ་ཉན་ཐོས་དང་རང་སངས་རྒྱས་ཀྱིས་མདོ་སྡེ་ཐམས་ཅད་ཀྱི་ཚུལ་ལ་ཡིད་ཆེས་ནས་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པར་ཤེས་ཀྱི། དེ་བཞིན་གཤེགས་པའི་[སྤྱོད་]ཡུལ་གྱི་དབྱིངས་ལྟ་ཡང་དག་པར་ག་ལ་མཐོང༌། དེ་སྟེ་ཉན་ཐོས་དང་རང་སངས་རྒྱས་[རྣམས་ཀྱང་]གཞན་གྱི་དྲིང་ལ་འཇོག་[དགོས་ཀྱི་རང་གིས་མི་མཐོང་བ་ཡིན་]ན་མི་དམུས་ལོང་[ལྟ་བུ་]ཙམ་[སོ་སོ་སྐྱེ་བོ་རྣམས་བདེ་གཤེགས་སྙིང་པོ་ལ་]ལྟ་ཡིད་ག་ལ་ཆེས། སྔོན་བྱུང་བ་ས་[གཞི་]འདི་དངར་སྣ་བཞི་ཅན་དུ་གྱུར་ཏོ། །ཞེས་སྔོན་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་གཞན་དུ་མི་གསུང་བ་རྣམས་ལས་ཁོ་བོས་ཐོས་ཏེ་སེམས་ཅན་གང་དག་གིས་དངར་སྣ་བཞི་མྱོང་བའི་སེམས་ཅན་དེ་དག་ད་དུང་ཡང་བྱིས་པའི་ཚེ་ས་ཟ་སྟེ། གང་གིས་ཡུན་རིང་པོ་ནས་བསྙེན་པ་རོ་ཞིམ་པོ་དེ་སེམས་ཅན་རྣམས་ད་དུང་ཡང་གཏོང་མི་ནུས་སོ། །དེ་བཞིན་དུ་སྔོན་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་མང་པོའི་དྲུང་དུ་གང་གིས་དེ་བཞིན་གཤེགས་པའི་སྙིང་པོ་ལ་བསྒོམས་ཤིང་[བྱ་བ་]མང་དུ་བྱས་པའི་སེམས་ཅན་དེ་དག་ནི་ད་དུང་ཡང་དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡིད་ཆེས་ཏེ། སེམས་ཅན་དེ་དག་ནི་ཡུན་རིང་པོ་ནས་བསྒོམས་ཤིང་དེ་བཞིན་གཤེགས་པ་ལ་བྱས་པ་བཟོ་བ་སྟེ། གཞན་མ་ཡིན་ནོ། །མ་འོངས་པའི་དུས་ན་ཡང་སེམས་ཅན་གང་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པ་དང་ཐོས་ནས་ཡྀད་ཆེས་པར་འགྱུར་བའི་སེམས་ཅན་དེ་དག་ནི་གཞན་མ་ཡིན་ཏེ། དེ་བཞིན་གཤེགས་པའི་སྲས་[དངར་སྣ་བཞི་མྱོང་བའི་བྱིས་པ་]ས་ལ་ཟ་བ་ལྟ་བུ་དེ་བཞིན་གཤེགས་པ་ལ་བྱས་པ་བཟོ་བའོ། །ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་པས་དགོངས་པ་ཆེན་པོའི་དོན་ཟབ་མོ་མཐར་ཐུག་པ་རྟོགས་པར་འདོད་ན་མདོ་མཆོག་ཁྱད་པར་དུ་འཕགས་པ་དེ་ཡང་ཚུལ་བཞིན་དུ་ངེས་པར་ཐོས་ཤིང་མཐོང་ནས་དགོངས་པ་བཞིན་དུ་ལེགས་པར་རྟོགས་དགོས་སོ། །

བདེ་གཤེགས་སྙིང་པོ་ས་བོན་ལ་གསུངས་པའི་དགོས་པ་བསྟན་པ།

གལ་ཏེ་བདེ་གཤེགས་སྙིང་པོ་ཆོས་སྐུའི་ཡོན་ཏན་མཐའ་ཡས་པ་དང་ལྡན་པ་ཡིན་ན་ས་བོན་ལ་གསུངས་པ་རྣམས་དང་འགལ་བར་འགྱུར་ཏེ། [ཆོས་ཀྱི་དབྱིངས་ལ་བསྟོད་པར།]ས་བོན་གྱུར་པ་[ཆོས་ཉིད་ཀྱི་]ཁམས་[ཏེ་དབྱིངས་]དེ་ཉིད། །ཆོས་རྣམས་ཀུན་གྱི་རྟེན་དུ་འདོད། །རིམ་གྱིས་[གློ་བུར་དྲྀ་མ་]སྦྱངས་པར་གྱུར་པ་ལས། །སངས་རྒྱས་བྱང་ཆུབ་ཐོབ་པར་འགྱུར། །ཞེས་སོགས་གསུངས་པའི་ཕྱིར་རོ། །སྙམ་དུ་འགའ་ཞིག་སེམས་པར་གྱུར་ན། དེའི་ཕྱིར་བརྗོད་པར་བྱའོ། །འདིར་ས་བོན་ཞེས་པ་ཐར་པའི་ས་བོན་བཏབ་པ་ལྟ་བུ་འདུས་བྱས་ཀྱི་ས་བོན་ནི་མ་ཡིན་ཏེ། ཆོས་ཀྱི་དབྱིངས་ཉིད་འདིར་ས་བོན་ཡིན་པར་གསུངས་པའི་ཕྱིར་དང༌། བདེ་གཤེགས་སྙིང་པོ་ཉིད་ས་བོན་ཡིན་པར་གསུངས་པའི་ཕྱིར་རོ། །དེ་ཡང་ཕྱག་རྒྱ་ཆེན་པོ་ཐིག་ལེའི་རྒྱུད་དུ། གཞན་ཡང་ཆོས་ཀྱི་དབྱིངས་གྲགས་པ། །དེ་ཉིད་ཉོན་ཅིག་བདག་གིས་བཤད[པར་བྱའོ]། །ནམ་མཁའ་[གཞན་དོན་དམ་གྱི་ནམ་མཁའ་]ཆོས་ཀྱི་དབྱིངས་ཡིན་ཏེ། །[ཆོས་ཉིད་ཀྱི་]དབྱིངས་ནི་ས་བོན་ཞེས་སུ་དྲན། །[ཀུན་རྫོབ་ཀྱི་]ཆོས་རྣམས་ཀུན་གྱི་ནང་ན་[བུམ་ནང་མར་མེ་བཞིན་དུ་]ཡོད། །མཆོག་གི་གནས་[ཀྱང་ཡིན་]ལ་[དྲི་མ་སྦྱང་]རྒྱུ་[ཡང་]ཡིན་ནོ། །[ཟེར།]ཇི་ལྟར་ཏིལ་ནང་[ན་]མར་ཡོད་བཞིན། །ཇི་ལྟར་ཤིང་རྣམས་[ལ་]མེ་ཡོད་པ། །དེ་བཞིན་ཆོས་རྣམས་ཀུན་ལ་[དོན་དམ་དབྱིངས་ཀྱི་ས་བོན་]ཡོད། །[ཆོས་ཀྱི་དབྱིངས་ཀྱིས་ཁྱབ་པར་ནི། །ཞེས་པ་ལ་ལ་ན་ཡོད།]དེ་ལྟར་ཆོས་རྣམས་ཐམས་ཅད་ལ། །[ས་བོན་གྱི་མིང་ཅན་ཆོས་ཀྱི་དབྱིངས།།]ཡོད་ན་ཡང་ནི་[རྣམ་ཤེས་ཀྱིས་]མཐོང་མི་འགྱུར།།ཞེས་པ་ལ་འདིར་ནམ་མཁའ་ཆོས་ཀྱི་དབྱིངས་སུ་བཤད་པ་ནི་དོན་དམ་པའི་ནམ་མཁའ་ལ་རིག་པར་བྱ་སྟེ། མཁའ་ཁམས་དང༌། ཆོས་འབྱུང་དང༌། ཆུ་སྐྱེས་ལ་སོགས་པ་[དོན་དམ་]ཆོས་ཉིད་ཀྱི་རྣམ་གྲངས་སུ་གསུངས་པ་ཉིད་ལས་སོ། །དབྱིངས་ནི་ས་བོན་ཞེས་སུ་དྲན། །ཞེས་པ་ས་བོན་གཞན་དོན་དམ་པའི་ས་བོན་ཏེ་འཇིག་རྟེན་དཔེ་ལས་འདས་པ་འགལ་འདུས་སྐྱོན་མེད་ཀྱི་ས་བོན་[རྣམ་ཤེས་དང་རྟོག་གེ་ལས་འདས་པ་ཡིན་]ནོ། །ཆོས་རྣམས་ཀུན་གྱི་ནང་ན་ཡོད། །ཅེས་པ་ལ་སོགས་པས་གློ་བུར་དྲི་མའི་ཆོས་ཤུན་པ་དང་འདྲ་བ་རྣམས་ཀྱི་ནང་ན་བདེ་གཤེགས་སྙིང་པོ་ས་བོན་དང་འདྲ་བར་བཞུགས་ཀྱང་མི་མཐོང་བ་དཔེ་དང་བཅས་ཏེ་བསྟན་པ་དང༌། མྱང་འདས་ཆེན་པོར། བདག་ལ་སངས་རྒྱས་སུ་འགྱུར་བའི་ས་བོན་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བ་ཡོད་དོ། །ཞེས་བདེ་གཤེགས་སྙིང་པོ་ཉིད་ས་བོན་ཡང་ཡིན་པར་གསུངས་པ་དང་དོན་གཅིག་པ་ཡིན་ཏེ། དེའི་ཕྱིར་བདེ་གཤེགས་སྙིང་པོ་ཆོས་ཀྱི་དབྱིངས་ཀྱང་ཡིན་ལ། ས་བོན་ཡང་ཡིན་པ་ནི་ཀུན་རྫོབ་འདུས་བྱས་གང་ལ་ཡང་མི་སྲིད་པས་འདི་ནི་ས་བོན་གཞན་ནམ་མཆོག་གམ་ཕ་རོལ་[འགལ་འདུས་སྐྱོན་མེད་]ལ་དགོངས་པ་ཡིན་ནོ། །དེ་བཞིན་དུ། མྱང་འདས་ཆེན་པོར། རིགས་ཀྱི་བུ་སངས་རྒྱས་ཀྱི་རང་བཞིན་ཞེས་བྱ་བ་[དོན་དམ་པའི་དབྱིངས་རིག་དབྱེར་མེད་]འདི་ནི་སངས་རྒྱས་ཐམས་ཅད་ཀྱི་བླ་ན་མེད་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ལམ་དབུ་མའི་ས་བོན་ནོ། །ཞེས་དང༌། ལྷའི་ཟླ་བས་བསྒྱུར་བའི་མྱང་འདས་ཆེན་པོར་ཡང༌། ཤེས་རབ་ཅན་རྣམས་ཀྱིས་ནི་ངའི་ལུས་ལ་ཆོས་ཀྱི་སྐུའི་ས་བོན་[དོན་དམ་བདེན་པ་]དེ་ལྟ་བུ་ཡོད་དོ་སྙམ་དུ་ཤེས་པས་[དེ་མངོན་དུ་བྱེད་པའི་ཐབས་སུ་ཆོས་]ཐམས་ཅད་[དེ་གང་ཡང་]འཛིན་པར་མི་བྱེད་དོ། །ཞེས་པ་ལ་སོགས་པ་འདི་འདྲ་བའི་གསུང་རབ་གཞན་རྣམས་ཀྱི་དགོངས་པ་ཡང་དེ་ལྟར་རྟོགས་དགོས་ཏེ། གཞན་དུ་ན། [དོན་དམ་ཉིད་]ཕྲ་མོ་[ཡང་ཡིན་ཞིང་]ས་བོན་[ཡང་ཡིན་ལ་]ཟག་པ་མེད། །ཅེས་[དོན་དམ་པའི་མཚན་བརྗོད་དུ་གསུངས་པ་]དང༌། [དོན་དམ་གྱི་]ཆོས་ཀྱི་ཕུང་པོ་མཐའ་ཡས་པ། །[སངས་རྒྱས་]བདག་གི་ཆོས་ཀྱི་སྐུར་རབ་བསྒྲགས། །ཞེས་སོགས་[འཇམ་དཔལ་གྱི་རང་གི་ལྟ་བའི་འདོད་པ་མདོར་བསྟན་པར་གསུངས་པ་]དང༌། ཆོས་ཀྱི་དབྱིངས་ཉིད་སྟོབས་དང་མི་འཇིགས་པ་ལ་སོགས་པ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་བདག་ཉིད་ཕྱག་རྒྱ་ཆེན་མོ་ཆོས་འབྱུང་དུ་[རྗེ་བཙུན་སྤྱན་རས་གཟིགས་ཀྱིས་]གསུངས་པ་དང༌། གཞན་ཡང་སྔར་བསྟན་པའི་གསུང་རབ་རྣམས་དང་ཕན་ཚུན་ནང་འགལ་བར་འགྱུར་བ་ལས་དེ་ལྟ་བུའི་གནས་མེད་པའི་ཕྱིར་རོ། །

དེས་ན་དོན་དམ་གྱི་ཡོན་ཏན་ཚང་བར་བཞུགས་ཚུལ་བསྡུས་ཏེ་བསྟན་པ།

དེ་བས་ན་ཆོས་སོ་སོ་ལ་རང་རང་གི་ཡོན་ཏན་ཡོད་པ་ལྟར་ཆོས་ཉིད་དོན་དམ་པ་ལ་ཡང་རང་རང་གི་ཡོན་ཏན་གང་ཡིན་པ་རྣམས་ཚང་དགོས་ཏེ། དེ་ཡང་ཉི་ཚེ་བ་མ་ཡིན་ཞིང་ཀུན་ནས་ཁྱབ་པ་དང་ཐམས་ཅད་པ་ཡིན་ནོ། །དེའི་ཕྱིར་དོན་དམ་ཆོས་སྐུའི་ཡོན་ཏན་དབྱེར་མེད་དུ་རང་བཞིན་གྱིས་ཚང་བ་གང་ཡིན་པ་རྣམས་བདེ་གཤེགས་སྙིང་པོ་ལ་ཡང་ཚང་དགོས་ཏེ། དེ་དང་དེ་རྣམ་གྲངས་ཡིན་པའི་ཕྱིར་རོ། །

དེ་ལྟར་གཞི་ལ་རྟག་ཏུ་བཞུགས་ཀྱང་རྣམ་ཤེས་ལ་མི་སྣང་བའི་རྒྱུ་མཚན་བསྟན་པ།

དེ་ལྟ་ན་ཡང་སེམས་ཅན་རྣམས་ཀྱིས་མི་མཐོང་བ་ནི་གློ་བུར་དྲི་མས་བསྒྲིབས་པའི་ཕྱིར་ཏེ། [དོན་དམ་བདེ་གཤེགས་སྙིང་པོ་]དེ་ནི་རྣམ་ཤེས་ཀྱི་ཡུལ་མ་ཡིན་པའི་ཕྱིར་དང༌། ཡེ་ཤེས་རང་རིག་ཉིད་ཀྱི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ། །དེ་ཡང་མྱང་འདས་ཆེན་པོར། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེང་གེ་སྒྲས་གསོལ་པ། བཅོམ་ལྡན་འདས་གལ་ཏེ་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་རྡོ་རྗེ་མཐུ་བོ་ཆེ་ལྟ་བུ་མཆིས་ན། དོན་ཅིའི་སླད་དུ་སེམས་ཅན་ཐམས་ཅད་ཀྱིས་མི་མཐོང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དཔེར་ན་གཟུགས་ནི་སྔོན་པོ་དང་སེར་པོ་དང་དམར་པོ་དང་དཀར་པོ་དང་རིང་པོ་དང་ཐུང་ངུ་ཐ་དད་དེ་ཐོགས་པ་ཡོད་ཀྱང་དམུས་ལོང་གིས་མི་མཐོང་ངོ༌། །དེ་ལྟར་མི་མཐོང་མོད་ཀྱི་སྔོན་པོ་དང་སེར་པོ་དང་དམར་པོ་དང་དཀར་པོ་ཐ་དད་པ་དང་དབྱིབས་རིང་ཐུང་མེད་ཅེས་བྱར་མི་རུང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། དམུས་ལོང་གིས་མི་མཐོང་ཡང༌། མིག་ཅན་གྱིས་མི་མཐོང་བ་མ་ཡིན་ནོ། །སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲ་སྟེ་[ལམ་གྱི་ཡེ་ཤེས་མ་སྐྱེས་པའི་]སེམས་ཅན་ཐམས་ཅད་ཀྱིས་མི་མཐོང་མོད་ཀྱི། བྱང་ཆུབ་སེམས་དཔའ་ས་བཅུ་པས། ཕྱོགས་ཙམ་ཞིག་མཐོང་ལ། དེ་བཞིན་གཤེགས་པས་ནི་མ་ལུས་པར་གཟིགས་སོ། །བྱང་ཆུབ་སེམས་དཔའ་ས་བཅུ་པས་སངས་རྒྱས་ཀྱི་རང་བཞིན་ལ་མཚན་མོའི་གཟུགས་[ཟླ་བའི་འོད་ཀྱིས་གསལ་བ་]ལྟ་བུར་མཐོང༌། དེ་བཞིན་གཤེགས་པས་ཉིན་པར་གྱི་གཟུགས་ལྟ་བུར་གཟིགས་སོ། །རིགས་ཀྱི་བུ་དཔེར་ན། ཞར་བ[སྟེ་ལོང་བ]ས་ནི་གཟུགས་གསལ་བར་མི་མཐོང་སྟེ། དེ་ལ་སྨན་པ་མཁས་པས་མིག་བཅོས་ན། སྨན་དེའི་སྟོབས་ཀྱིས་གསལ་བར་མཐོང་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ས་བཅུ་པ་ཡང་དེ་དང་འདྲ་སྟེ། སངས་རྒྱས་ཀྱི་རང་བཞིན་མཐོང་མོད་ཀྱི་མི་གསལ་ལོ། །དེ་ལ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་རབ་ཏུ་གསལ་བར་མཐོང་བར་འགྱུར་རོ། །ཞེས་དང༌། གཞན་ཡང་ཤེས་ལ་མི་མཐོང་བ་ཡོད་དོ། །དེ་ལ་ཤེས་པ་ནི་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པར་ནི་[ལུང་རིགས་རྣམ་དག་གིས་]ཤེས་ན[འང་]ཉོན་མོངས་པས་ཟིལ་གྱིས་ནོན་ཏེ་བསྒྲིབས་ནས་མི་མཐོང་བས་ན་དེ་ནི་ཤེས་ལ་མི་མཐོང་བ་ཞེས་བྱའོ། །གཞན་ཡང་ཤེས་ལ་ཅུང་ཟད་མཐོང་བ་ཡོད་དོ། །ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དག་ནི་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པར་ཤེས་ཀྱང་གསལ་བར་མི་མཐོང་པ་ནི་ཟླ་བ་ཉིན་མོ་[མཚན་མོའི་ཟླ་འོད་]མི་གསལ་བ་དང་འདྲའོ། །གཞན་ཡང་མཐོང་ཡང་མཐོང་ལ་ཤེས་ཀྱང་ཤེས་པ་ནི་སངས་རྒྱས་བཅོམ་ལྡན་འདས་སོ། །དེ་ནི་གཟིགས་པ་དང་མཁྱེན་པ་ཞེས་བྱའོ། །ཞེས་དང༌། མྱ་ངན་ལས་འདས་པ་[ཆེན་པོ་]ཉིད་ནི་ཐོག་མ་མེད་ལ། ད་ལྟར་ཡོད་པ་མ་ཡིན་ནོ། །གལ་ཏེ་མྱ་ངན་ལས་འདས་པ་ཉིད་ཐོག་མ་མེད་ལ་ད་ལྟར་ཡོད་ན་[འདུས་བྱས་སུ་འགྱུར་བས་]ཟག་པ་མེད་པ་རྟག་ཏུ་གནས་པའི་ཆོས་མ་ཡིན་པར་འགྱུར་རོ། །[ཀུན་རྫོབ་ཀྱི་]སངས་རྒྱས་རྣམས་ནི་བྱུང་ཡང་རུང༌། [ཀུན་རྫོབ་ཀྱི་]སངས་རྒྱས་རྣམས་ནི་མ་བྱུང་ཡང་རུང༌། རང་བཞིན་[གཉུག་མ་]དང་[སྟོང་གཞི་དོན་དམ་གྱི་]མཚན་ཉིད་ནི་རྟག་ཏུ་གནས་ཏེ་སེམས་ཅན་དག་ཉོན་མོངས་པས་བསྒྲིབས་པས་མྱ་ངན་ལས་འདས་པ་མི་མཐོང་བའི་ཕྱིར་མེད་དོ་སྙམ་[དུ་ལོག་པར་]སེམས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་ལ་གོམས་པ་དག་ནི་ཉོན་མོངས་པ་བཅད་ནས་[བདེ་གཤེགས་སྙིང་པོ་]མཐོང་བར་འགྱུར་ཏེ། དེ་བས་ན་མྱ་ངན་ལས་འདས་པ་[ཆེན་པོ་]ནི་[སྐད་ཅིག་ལས་འདས་པའི་དབྱིངས་ཡིན་པས་]རྟག་ཏུ་གནས་པའི་ཆོས་ཅན་ཏེ། སྔོན་མེད་པ་ལ་ད་ལྟར་ཡོད་པ་མ་ཡིན་པར་[ནམ་ཡང་བཞུགས་པ་འདུས་མ་བྱས་སུ་]རིག་པས་དེ་བས་ན་རྟག་པ་ཞེས་བྱའོ། །ཞེས་དང༌། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་དེ་ཉོན་མོངས་པས་ཡོངས་སུ་ཁེབས་པས་མི་མཐོང་ངོ་ཞེས་སོགས་དང༌། རྔ་བོ་ཆེ་ཆེན་པོའི་མདོར་ཡང༌། འོད་སྲུང་བཞི་པོ་འདི་དག་ནི་སེམས་ཅན་གྱི་ཁམས་ན་སྒྲིབ་པའི་རྒྱུ་དང་གཏན་ཚིགས་ཀྱི་དཔེ་ཡིན་ཏེ་བཞི་གང་ཞེ་ན། མིག་ལིང་ཏོག་སེར་པོའམ་སྔོན་པོས་རབ་རིབ་ཏུ་གྱུར་པ་ལྟ་བུ་དང༌། ཟླ་བ་སྤྲིན་གྱིས་ཁེབས་པ་ལྟ་བུ་དང༌། ཁྲོན་པ་རྐོ་བ་ལྟ་བུ་དང༌། བུམ་པའི་ནང་གི་སྒྲོན་མ་ལྟ་བུའོ། །འོད་སྲུང་བཞི་པོ་འདི་དག་ནི་[བདེ་གཤེགས་]སྙིང་པོ་ཡོད་དོ་ཞེས་བྱ་བའི་རྒྱུ་དང་གཏན་ཚིགས་ཡིན་ཏེ། རྒྱུ་དང་གཏན་ཚིགས་དེ་དག་གིས་སེམས་ཅན་ཐམས་ཅད་དང་སྲོག་ཆགས་ཐམས་ཅད་ལ་སངས་རྒྱས་ཀྱི་ཁམས་[ཏེ་དབྱིངས་]ཡོད་དེ་[དོན་དམ་གྱི་]མཚན་དང་དཔེ་བྱད་བཟང་པོ་མཐའ་ཡས་པས་བརྒྱན་པ་[མཉམ་བཞག་རིགས་པའི་ཤེས་པ་ལ་]སྣང་བར་འགྱུར་ཞིང༌། ཁམས་དེ[མཐོང་ཞིང་རྟོགས་ནས་ཐོབ་པ]ས་སེམས་ཅན་རྣམས་ཀྱིས་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་རོ། །དེ་ལ་མིག་རབ་རིབ་ཅན་ཞེས་བྱ་བ་ནི་ལིང་ཏོག་སེར་པོ་དང་སྔོན་པོས་གཡོགས་ནས་རབ་རིབ་ཏུ་གྱུར་པ་བཅོས་སུ་རུང་བ་ནི་ཇི་སྲིད་དུ་སྨན་པ་མ་རྙེད་པ་དེ་སྲིད་དུ་ལོང་བར་འགྱུར་ཞིང༌། སྨན་པ་རྙེད་ན་ཡང་མྱུར་དུ་མཐོང་བར་འགྱུར་རོ། ། སྔོན་པོས་གཡོགས་ནས་རབ་རིབ་ཏུ་གྱུར་པ་དེ་བཞིན་དུ་ཉོན་མོངས་པ་བྱེ་བའི་སྦུབས་ཀྱིས་ཁེབས་པའི་ཁམས་[ཏེ་དབྱིངས་]འདི་ཇི་སྲིད་དུ་ཉན་ཐོས་དང་རང་སངས་རྒྱས་རྣམས་[ཀྱི་ཐེག་པ་]ལ་དགའ་བར་བྱེད་པ་དེ་སྲིད་དུ་[དོན་དམ་གྱི་]བདག་[བཞུགས་པ་]ནི་[དོན་དམ་གྱི་]བདག་[བཞུགས་པ་]མ་ཡིན་པ[ལྟ]ར་འགྱུར་ཞིང༌། [ཆོས་ཀྱི་]བདག་གི་བདག་ཏུ་[འཛིན་པ་དང་བཅས་པར་]འགྱུར་རོ། །གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་དགའ་བར་གྱུར་པ་དེའི་ཚེ་[དོན་དམ་གྱི་]བདག་[རྟོགས་རུང་]ཏུ་འགྱུར་ཞིང་དེའི་འོག་ཏུ་[སངས་རྒྱས་]སྒྲུབ་ཏུ་རུང་བའི་མིར་འགྱུར་རོ། །[སྔར་དཔེར་བཀོད་པའི་]མི་དེའི་མིག་ནད་ལིང་ཏོག་སེར་པོ་དང་སྔོན་པོའི་རབ་རིབ་གང་ཡིན་པ་ལྟར་ཉོན་མོངས་པ་རྣམས་བལྟ་བར་བྱའོ། །དེ་བཞིན་གཤེགས་པའི་སྙིང་པོ་ནི་མིག་བཞིན་དུ་ངེས་པར་ཡོད་དོ། །ཟླ་བ་སྤྲིན་གྱིས་ཁེབས་པ་ཞེས་བྱ་བ་ནི་ཇི་ལྟར་སྤྲིན་སྟུག་པོས་ཁེབས་པའི་ཟླ་བའི་དཀྱིལ་འཁོར་མི་སྣང་བ་དེ་བཞིན་དུ་ཉོན་མོངས་པའི་སྦུབས་ཀྱིས་ཁེབས་པའི་ཁམས་[ཏེ་དབྱིངས་]མི་སྣང་ངོ༌། །གང་གི་ཚེ་ཉོན་མོངས་པའི་ཚོགས་སྤྲིན་[སངས་པ་]བཞིན་དུ་བྲལ་བར་གྱུར་ན་དེའི་འོག་ཏུ་ཟླ་བ་ཉ་བ་བཞིན་དུ་ཁམས་[ཏེ་དབྱིངས་མཉམ་གཞག་རིགས་པའི་ཤེས་པ་ལ་]སྣང་བར་འགྱུར་རོ། །དེ་ལ་ཁྲོན་པ་རྐོ་བ་ཞེས་བྱ་བ་ནི་དཔེར་ན་མི་ཞིག་ཁྲོན་པ་རྐོ་ཞིང་རྐོ་བ་ན་ཇི་ཙམ་ཇི་ཙམ་དུ་ས་སྐམ་པོ་བྱུང་བ་དེ་ཙམ་དེ་ཙམ་དུ་རྟགས་དེས་ན་འདི་ནས་ཆུ་རིང་ངོ་སྙམ་དུ་སེམས་ཤིང༌། གང་གི་ཚེ་འཇིམ་པ་བྱུང་བ་དེའི་ཚེ་རྟགས་དེས་ན་འདི་ནས་ཆུ་ཉེའོ་ཞེས་ཤེས་པར་འགྱུར་རོ། །གང་གི་ཚེ་ཆུ་ལ་ཐུག་པ་དེའི་ཚེ་རྐོ་བའི་མཐར་ཕྱིན་པ་ཡིན་ནོ། །དེ་བཞིན་དུ་ཉན་ཐོས་དང་རང་སངས་རྒྱས་རྣམས་དེ་བཞིན་གཤེགས་པ་རྣམས་མཉེས་པར་བྱེད་ཅིང་ལེགས་པར་སྤྱད་པ་སྤྱོད་པ་བརྟེན་པས་ཉོན་མོངས་པ་རྐོ་བར་བྱེད་དེ་བརྐོས་ནས་[ཁྲོན་པའི་]ཆུ་བཞིན་དུ་དེ་བཞིན་གཤེགས་པའི་སྙིང་པོ་རྙེད་པར་འགྱུར་རོ། །བུམ་པའི་ནང་གི་སྒྲོན་མ་ཞེས་བྱ་བ་ནི་ཇི་ལྟར་བུམ་པའི་ནང་ན་སྒྲོན་མ་ཡོད་པའི་འོད་ལམ་མེར་མ་ཡིན་ལྷན་ནེར་མ་ཡིན་ཞིང་སེམས་ཅན་རྣམས་ལ་[གསལ་བའི་བྱ་བ་]ཅི་ཡང་མི་བྱེད་པ་བཞིན་དུ་དེ་བཞིན་གཤེགས་པའི་སྙིང་པོ་[དོན་དམ་གྱི་]མཚན་དང་དཔེ་བྱད་མཐའ་ཡས་པ་དང་ལྡན་པར་གསུངས་པ་ཡང་སེམས་ཅན་རྣམས་ཀྱི་དོན་མི་བྱེད་དོ། །གང་གི་ཚེ་ཡང་བུམ་པ་ཆག་ནས་དེ་ནས་སྒྲོན་མ་རང་སྣང་བས། སྲོག་ཆགས་རྣམས་ཀྱི་དོན་བྱེད་པར་གྱུར་པ་དེ་བཞིན་དུ། ཉོན་མོངས་པ་བྱེ་བའི་སྦུབས་ཅན་འཁོར་བའི་བུམ་པ་ན་དེ་བཞིན་གཤེགས་པའི་སྙིང་པོ་གནས་པ་སྒྲོན་མ་བཞིན་རབ་ཏུ་འབར་བས། འཁོར་བའི་ཉོན་མོངས་པ་ཟད་པའི་ཚེ་བུམ་པ་ཆག་པའི་སྒྲོན་མ་བཞིན་དུ་དེ་བཞིན་གཤེགས་པ་སེམས་ཅན་རྣམས་ཀྱི་དོན་བྱེད་པར་འགྱུར་རོ། །གཏན་ཚིགས་བཞི་པོ་འདི་དག་གིས་ཇི་ལྟར་ང་ལ་སེམས་ཅན་གྱི་ཁམས་[ཏེ་དབྱིངས་]ཡོད་པ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ལ་ཡང་ཡོད་པར་རིག་པར་བྱའོ། །ཞེས་སོགས་དང་འགའ་ཞིག་བདག་ལྟ་བར་འདོད་ནས་དེ་འདི་སྙམ་དུ་སེམས་ཏེ། མ་ལ་རེ་ཞིག་བདག་གིས་ཉོན་མོངས་པ་རྣམས་དང་བདག་གི་དང་པོ་དང་ཐ་མ་བཙལ་ལོ་སྙམ་ན་ཅི་རྙེད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་མི་འགྱུར་ལགས་སོ། །གལ་ཏེ་ཉོན་མོངས་པ་སྦྱང་བ་བྱས་ན་དེའི་འོག་ཏུ་[ཆོས་ཉིད་ཀྱི་]བདག་རྙེད་པར་འགྱུར་རོ། །ཞེས་པ་ལ་སོགས་པས་ངེས་དོན་གྱི་མདོ་སྡེ་ཟབ་མོ་ཆེས་མང་བ་རྣམས་སུ་སེམས་ཅན་ཐམས་ཅད་ལ་རང་བཞིན་རྣམ་དག་བདེ་གཤེགས་སྙིང་པོ་རྟག་ཏུ་བཞུགས་ཀྱང་གློ་བུར་དྲི་མ་དང་མ་བྲལ་ན་མི་མཐོང་ཞིང་མི་ཐོབ་པའི་དཔེ་དང་རྒྱུ་མཚན་མང་པོ་གསུངས་སོ། །དཔལ་ལྡན་རྒྱུད་དུ་ཡང༌། [ཀུན་འགྲོ་ཡེ་ཤེས་སེམས་དཔའ་དོན་དམ་དེ་]ཀུན་ནས་ནི། །དང་ཞིང་མ་སྐྱེས་མ་འགགས་མཆོག་གི་བདེ་བྱེད་[རྣམ་ཤེས་ཀྱིས་]གོས་པ་མེད་ཅིང་ཡེ་ཤེས་ཀྱིས་ནི་རྟོགས་བྱ་སྟེ། །ཁམས་གསུམ་དག་ཏུ་[ཡེ་ཤེས་ལས་]གཞན་གྱི་གཟུང་བྱ་[མིན་པ་]དང་ནི་མཐའ་དག་འགྲོ་བའི་དབང་པོ[ཉི་ཚེ་བ]འི་སྒོ་ཡིས་རྟོགས་བྱ་མིན། །ཞེས་དང༌། སྲིད་གསུམ་གནས་ན་སེམས་ཅན་དོན་གྱི་བྱེད་པོ་[ཆོས་སྐུ་]དང་ནི་ཡིད་བཞིན་ནོར་བུ་ལ་ཡང་[རྟོག་པའི་]བསམ་པ་མེད། །སེམས་ལ་གནས་པ་[ཆོས་སྐུ་ཡིད་བཞིན་ནོར་བུ་]དེ་ནི་མི་དགེའི་འབྲས་བུའི་དབང་གིས་སྡིག་པའི་ལས་ཅན་སེམས་ཅན་གྱིས་མི་མཐོང༌། །[ཡང་དེ་]ཡིད་བཞིན་ནོར་བུའི་སྐྱོན་མིན་མི་དགེ་བ་དང་དགེ་བའི་འབྲས་བུ་སེམས་ཅན་ཐམས་ཅད་རབ་ཏུ་སྤྱོད། །སེམས་ནི་དག་ན་མི་དེ་ཡང་ནི་རྒྱལ་བའི་དབང་པོར་འགྱུར་ཏེ་རྒྱལ་བ་གཞན་གྱིས་ཅི་ཞིག་བྱ། །ཞེས་དང༌། [དོན་དམ་ཆོས་སྐུ་ནི་]རྣམ་པ་ཀུན་ལྡན་ཡིན་ཡང་[རྣམ་ཤེས་ཀྱིས་]མཐོང་བ་མིན་ཏེ་རང་སྙིང་དྲི་མ་ཉོན་མོངས་བདུད་ཀྱི་མཐུ་ལས་[རྣམ་ཤེས་རྒྱུ་བས་]སོ། །ཞེས་དང༌། དེའི་འགྲེལ་པར། རྣམ་པ་ཀུན་ལྡན་[ཆོས་སྐུ་བྱིས་པ་རྣམས་ལ་བཞུགས་པ་]ཡིན་ཡང་དུས་ཐམས་ཅད་དུ་བྱིས་པ་རྣམས་ཀྱིས་མཐོང་བ་མིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཉོན་མོངས་བདུད་ཀྱི་མཐུ་ལས་ཏེ། གཡོན་པ་དང་གཡས་པའི་རྩ་ལ་སྲོག་རབ་ཏུ་རྒྱུ་བ་ལས་[རྣམ་ཤེས་རྒྱུ་བས་]སོ། ། ཞེས་པ་ངེས་པའོ། །ཞེས་སོགས་རྒྱ་ཆེར་གསུངས་ཏེ་གློ་བུར་དྲི་མ་ནི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ཡིན་ལ་དེའི་བཞོན་པའམ་རྩ་བ་ནི་གཡོན་དང་གཡས་ལ་དབུགས་རྒྱུ་བ་སྟེ་[རིམ་པ་ལྟར་]ཉོན་མོངས་པ་དང་བདུད་ཀྱི་རླུང་ངོ༌། །དེའི་ཕྱིར་དེ་མ་འགགས་ན་གློ་བུར་དྲི་མ་མི་འགག་ཅིང་དེ་མ་འགགས་ན་བདེ་གཤེགས་སྙིང་པོ་མངོན་དུ་འགྱུར་བའམ་ཐོབ་པར་མི་ནུས་པ་ནི་ངེས་པའོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་དབུགས་ཀྱི་ལྷག་མ་ཡོད་པ་ཉིད་ཀྱིས་བདེ་གཤེགས་སྙིང་པོ་ཡོངས་སུ་རྫོགས་པར་མངོན་དུ་གྱུར་པའམ་ཐོབ་པ་མེད་ན་སེམས་ཅན་གཞན་དག་ལྟ་ཅི་སྨོས། དེ་ཡང༌། ལྷའི་ཟླ་བས་བསྒྱུར་བའི་མྱང་འདས་ཆེན་པོར། སྨན་པས་ལོང་བ་མང་པོའི་མིག་ཕྱེ་ནས་སོར་མོ་ལན་གཉིས་ལན་གསུམ་གྱི་བར་དུ་བསྟན་ཡང་དེའུ་མ་མཐོང་བ་ལས་མཐར་མཐོང་བ་དཔེར་མཛད་ནས་གསུངས་པ། དེ་བཞིན་དུ་རིགས་ཀྱི་བུ་ས་བཅུ་ཐོབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་སྦྱང་བའི་དཔྱད་ཐམས་ཅད་བྱས་པ་རྣམས་ཀྱང་དེ་དང་འདྲ་སྟེ། དེ་ལྟར་ཡོངས་སུ་སྦྱང་བ་བྱས་ཀྱང་མི་དེ་དག་དང་འདྲ་བར་བདག་ཉིད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པར་ལན་གཉིས་ལན་གསུམ་གྱི་བར་དུ་ངས་བསྟན་པ་དང༌། དེའུ་མ་མཐོང་སྟེ་མཐོང་ནས་འདི་སྐད་ཅེས་ཟེར་ཏེ་བདག་ཅག་ཀྱང་ཡུན་འདི་སྲིད་ཀྱི་བར་དུ་བདག་མེད་པའི་འཁོར་ལོ་གཅིག་པུས་ཡོངས་སུ་བསྐོར་ན་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ལྟ་མཐོང་རེ་སྐན། ཞེས་ཟེར་ཏེ་རིགས་ཀྱི་བུ་དེ་ལྟར་ན་ངའི་ཁམས་[ཏེ་དབྱིངས་]ཀྱི་བསྟན་བཅོས་ལ་འཇུག་པ་ནི་མཐོང་བར་དཀའ་བ་ཡིན་ནོ། །ཞེས་དང༌། ས་བཅུ་ཐོབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཀྱང་བདག་ཅག་གིས་རང་རང་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པར་འོལ་སྤྱིར་མཐོང་ངོ་སྙམ་དུ་སེམས་ན། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་ལྟ་མཐོང་རེ་སྐན། དཔེར་ན་མི་ལ་ལ་ལམ་དུ་ཞུགས་པ་ལས་འཁྲིས་པ་འཁྲུགས་ཏེ་ཕྱོགས་སླད་ནས་ལེགས་པར་བརྟགས་ན་ལམ་དང་གཟུགས་འོལ་སྤྱིར་མཐོང་བ་དེ་བཞིན་དུ་ས་བཅུ་ཐོབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཀྱང༌། ལེགས་པར་བརྟགས་ན་རང་གི་ལུས་ལ་དེ་བཞིན་གཤེགས་པའི་སྙིང་པོ་བྱས་པ་མ་ཡིན་པའི་ཁམས་

[ཏེ་དབྱིངས་]ཡོད་པར་འོལ་སྤྱིར་མཐོང་བར་ཟད་དོ། །ཞེས་སོགས་རྒྱ་ཆེར་གསུངས་པའི་མཐར་ཡང༌། རིགས་ཀྱི་བུ་དེ་ལྟར་ན་དེ་བཞིན་གཤེགས་པའི་སྙིང་པོ་ནི་[རྣམ་ཤེས་ཀྱིས་]མཐོང་བར་ཤིན་ཏུ་དཀའ་སྟེ[མཐོང་མི་སྲིད་དོ]། [དེས་ན་]དེ་བཞིན་གཤེགས་པའི་ཡུལ་ཡིན་གྱི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡུལ་མ་ཡིན་ནོ། །རིགས་ཀྱི་བུ་དེ་ལྟར་ན་ངའི་བསྟན་པ་ནི་མཁས་པས་རིག་པར་བྱ་བ་ཡིན་ཏེ། འཇིག་རྟེན་ཐམས་ཅད་དང་མི་མཐུན་ནོ། །ཞེས་སོགས་དང༌། གསང་བདག་ཕྱག་ན་རྡོ་རྗེའི་ཞལ་སྔ་ནས་ཀྱང༌། [རང་བྱུང་]ཡེ་ཤེས་འདི་ནི་ལྷན་ཅིག་སྐྱེས་པ་དང་ཆོས་དང་[དོན་དམ་གྱི་]ལོངས་སྤྱོད་རྫོགས་པ་དང༌། [དོན་དམ་གྱི་]སྤྲུལ་པའི་བདག་ཉིད་[དོན་དམ་གྱི་]ཡེ་ཤེས་དང་[དོན་དམ་གྱི་]ཐུགས་དང་[དོན་དམ་གྱི་]གསུང་དང་[དོན་དམ་གྱི་]སྐུ་[གདོད་ནས་]གཅིག་ཏུ་འདྲེས་པར་གྱུར་པ་[དོན་དམ་བདེ་གཤེགས་སྙིང་པོ་ནི་]འཇིག་རྟེན་གསུམ་[ལ་ཁྱབ་པར་བཞུགས་ཏེ་]མཐོ་རིས་དང་ས་སྟེང་དང་ས་འོག་རྣམས་སུ་ཆོས་ཐམས་ཅད་ལ་ཡང་དག་པར་གནས་པ[ཡིན་ཡང་]། བསོད་ནམས་དམན་པ་རྣམས་ཀྱིས་རྙེད་པར་དཀའ་བའོ། །ཞེས་སྐུ་བཞི་རྡོ་རྗེ་བཞིའི་བདག་ཉིད་རང་བྱུང་ཡེ་ཤེས་བདེ་གཤེགས་སྙིང་པོ་ཀུན་ལ་ཁྱབ་པར་བཞུགས་ཀྱང་བསོད་ནམས་དམན་པ་རྣམས་ཀྱིས་རྙེད་པར་དཀའ་བར་གསུངས་ལ། དེ་བཞིན་དུ། ལྷ་མོ་དཔལ་ཕྲེང་གི་མདོར་ཡང༌། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་ཡང་བདག་མ་ལགས་སེམས་ཅན་མ་ལགས་སྲོག་མ་ལགས་གང་ཟག་མ་ལགས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་ནི་སེམས་ཅན་འཇིག་ཚོགས་ལ་ལྟ་བ[བདག་དང་བདག་གི་བ]ར་ལྷུང་བ་དག་དང་[གཙང་བདག་བདེ་དང་རྟག་པ་ལས་]ཕྱིན་ཅི་ལོག་[ཏུ་རྟོགས་པ་དག་]གིས་ཉམས་པར་གྱུར་པ་དག་དང༌། སྟོང་པ་ཉིད་ལ་སེམས་གཡེངས་[ནས་མི་རྟོག་ཡེ་ཤེས་མ་སྐྱེས་]པ་རྣམས་ཀྱི་སྤྱོད་ཡུལ་མ་ལགས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་འདི་ནི་དམ་པའི་ཆོས་ཀྱི་དབྱིངས་ཀྱི་སྙིང་པོ་ལགས་སོ། །ཆོས་ཀྱི་སྐུའི་སྙིང་པོ་ལགས་སོ། །[རང་བཞིན་གྱིས་]འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྙིང་པོ་ལགས་སོ། །རང་བཞིན་གྱིས་ཡོངས་སུ་དག་པའི་ཆོས་ཀྱི་སྙིང་པོ་ལགས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་རང་བཞིན་གྱིས་ཡོངས་སུ་དག་པ་གློ་བུར་གྱི་ཉེ་བའི་ཉོན་མོངས་པས་ཉེ་བར་ཉོན་མ་མོངས་པ་འདི་ནི་དེ་བཞིན་གཤེགས་པའི་ཡུལ་ཏེ་བསམ་གྱིས་མི་ཁྱབ་པོ་སྙམ་དུ་བདག་བགྱིད་དོ། །ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་པའི་ཕྱིར་བདེ་གཤེགས་སྙིང་པོ་ཡོད་ཀྱང་སེམས་ཅན་གྱིས་མི་མཐོང་བ་ནི་སེམས་ཅན་གྱི་སྐྱོན་གྱིས་བསྒྲིབས་པ་ཡིན་ནོ། །

དེ་ལྟར་མི་བཞུགས་ན་དོམ་དམ་ཡང་མེད་པར་ཧ་ཅང་ཐལ་བས་གནོད་ཚུལ།

གལ་ཏེ་བདེ་གཤེགས་སྙིང་པོ་མེད་ན་དོན་དམ་པ་ཡང་མེད་པར་འགྱུར་ཏེ་དེ་དང་དེ་དོན་གཅིག་པའི་ཕྱིར་རོ། །འདོད་པར་མི་ནུས་ཏེ། དཀོན་མཆོག་སྤྲིན་གྱི་མདོར། རིགས་ཀྱི་བུ་[སྟོང་གཞི་]དོན་དམ་པ[འི་དབྱིངས་རིག་དབྱེར་མེད་]ནི་[ཀུན་རྫོབ་ཀྱི་]དེ་བཞིན་གཤེགས་པ་རྣམས་སྐྱེས་ཀྱང་རུང་མ་སྐྱེས་ཀྱང་རུང་[ནམ་ཡང་]མི་འཇིག་པ[ར་རྟག་ཏུ་བཞུགས་པ་]སྟེ། རིགས་ཀྱི་བུ་དེའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་ནས་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ༌། །རབ་ཏུ་བྱུང་ནས་ཀྱང་[དོན་དམ་པའི་]ཆོས་[དབྱིངས་རིག་དབྱེར་མེད་]འདྀ་ཁོ་ན་ཐོབ་པར་བྱ་བའི་ཕྱིར། མགོ་འམ་གོས་ལ་མེ་འབར་བ་བཞིན་དུ་བརྩོན་འགྲུས་བརྩམས་ཤིང་གནས་སོ། །རིགས་ཀྱི་བུ་གལ་ཏེ་དོན་དམ་པ་མེད་[དབྱིངས་རིག་དབྱེར་མེད་]དུ་ཟིན་ན་ཚངས་པར་སྤྱོད་པ་དོན་མེད་པར་འགྱུར་རོ། །དེ་བཞིན་གཤེགས་པ་རྣམས་འབྱུང་བ་ཡང་དོན་མེད་པར་འགྱུར་རོ། །གང་གི་ཕྱིར་དོན་དམ་པ་[དབྱིངས་རིག་དབྱེར་མེད་]ཡོད་པས་ན་དེའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་དོན་དམ་པ་ལ་མཁས་པ་ཞེས་བྱ[འི་སོ་སོ་སྐྱེ་བོ་མཁས་ཀྱང་ཀུན་རྫོབ་ལ་མཁས་པ་ཡིན་གྱི། དོན་དམ་ལ་མཁས་པ་མ་ཡིན་ཞེས་བྱ]འོ། །ཞེས་གསུངས་པའི་ཕྱིར་རོ། །[ཟབ་མོ་མཐར་ཐུག་གསལ་བར་སྟོན་པས་མདོ་འདི་ཡང་ངེས་པར་བལྟ་དགོས་སོ།།]དེ་བཞིན་དུ་སོར་ཕྲེང་གི་མདོར་ཡང༌། གཞན་ཡང་འཇམ་དཔལ། བའི་འོ་མ་ལ་མར་ཡོད་པར་རྟོགས་པས་[མར་འདོད་པའི་]མི་རྣམས་སྲུབ་ལ། ཅིའི་ཕྱིར་ཆུ་ལ་མི་རྣམས་མི་སྲུབ་ཅེ་ན། [མར་གྱི་]རྫས་མེད་པའི་ཕྱིར་ཏེ། དེ་བཞིན་དུ་འཇམ་དཔལ་དེ་བཞིན་གཤེགས་པའི་སྙིང་པོ་[དབྱིངས་རིག་དབྱེར་མེད་]ཡོད་པའི་ཕྱིར་མི་རྣམས་ཚུལ་ཁྲིམས་སྲུང་ཞིང་ཚངས་པར་སྤྱད་པ་སྤྱོད་དོ། །གཞན་ཡང་འཇམ་དཔལ་མི་གསེར་འདོད་པ་རྟོག་པ་དང་ལྡན་པ་[གསེར་ཡོད་པའི་]བྲག་ལ་བརྐོ་ལ། ཅིའི་ཕྱིར་ཤིང་ལ་མི་བརྐོ། རྡོ་བ་གསེར་གྱི་ཁམས་ཡོད་པ་ལ་ནི་བརྐོ་ཡི། ཤིང་གསེར་མེད་པ་ལ་ནི་མི་བརྐོའོ། །དེ་བཞིན་དུ་འཇམ་དཔལ་[དོན་དམ་གྱི་]དབྱིངས་ཡོད་པ་ལ་རྟོག་པའི་མི་རྣམས་བདག་སངས་རྒྱས་སུ་འགྱུར་རོ་སྙམ་སྟེ་ཚུལ་ཁྲིམས་སྲུང་ཞིང་ཚངས་པར་སྤྱོད་དོ། །གཞན་ཡང་འཇམ་དཔལ་དབྱིངས་མེད་ན་ནི་[ཆོས་སྐུ་མེད་པར་འགྱུར་ཞིང་དེ་མེད་ན་གཟུགས་སྐུ་ཡང་མེད་པར་འགྱུར་བས་]ཚངས་པར་སྤྱོད་པ་དོན་མེད་པར་འགྱུར་རོ། །ལོ་བྱེ་བར་ཆུ་ལ་བསྲུབས་ཀྱང་སྣུམ་མི་འབྱུང་བ་དེ་བཞྀན་དུ། གལ་ཏེ་[དོན་དམ་གྱི་]བདག་གི་དབྱིངས་མེད་ན་[དོན་དམ་གྱི་]བདག་ལ་ཆགས་པ[སྟེ་འདོད་ཅིང་དོན་དུ་གཉེར་བ]ས་ཚངས་པ་དང་ཚུལ་ཁྲིམས་སྤྱོད་པ་རྣམས་དོན་མེད་པར་འགྱུར་རོ། །ཞེས་སོགས་དང༌། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང༌། [རྡོ་བ་ལ་གསེར་གྱི་]ཁམས་ཡོད་ན་ནི་ལས་བྱས་པས། །ས་ལེ་སྦྲམ་དག་མཐོང་བར་འགྱུར། །ཁམས་མེད་པར་ནི་ལས་བྱས་ཀྱང༌། །ཉོན་མོངས་[ཏེ་སྡུག་བསྔལ་]འབའ་ཞིག་སྐྱེད་པར་ཟད། །ཅེས་དང༌། རྒྱལ་བ་བྱམས་པའི་ཞལ་སྔ་ནས་ཀྱང༌། གལ་ཏེ་སངས་རྒྱས་[ཀྱི་]ཁམས་[ཏེ་དབྱིངས་]མེད་ན། །སྡུག་[བསྔལ་]ལ་སྐྱོ་བར་མི་འགྱུར་ཞིང༌། །མྱ་ངན་འདས་ལ་འདོད་པ་དང༌། །དོན་གཉེར་སྨོན་པའང་མེད་པར་འགྱུར། །སྲིད་དང་མྱ་ངན་འདས་ལ་དེའི། །སྡུག་[བསྔལ་དང་]བདེ[བ]འི་སྐྱོན་ཡོན་[རིམ་པ་ལྟར་]མཐོང་བ་དེ། །[རང་བཞིན་གྱི་]རིགས་ཡོད་[པའི་བྱེད་]ལས་ཡིན་[ཏེ་]གང་ཕྱིར་[སྡུག་བདེའི་སྐྱོན་ཡོན་མཐོང་བ་]དེ། །རིགས་མེད་དག་ལ་མེད་ཕྱིར་རོ། །ཞེས་དང༌། འཕགས་པ་དཔལ་ཕྲེང་གི་མདོར་ཡང༌། བཅོམ་ལྡན་འདས་གལ་ཏེ་དེ་བཞིན་གཤེགས་པའི་སྙིང་པོ་མ་མཆིས་ན་ནི། སྡུག་བསྔལ་ལ་སྐྱོ་བར་ཡང་མི་འགྱུར་ལ། མྱ་ངན་ལས་འདས་པ་ལ་འདོད་པ་དང་དོན་དུ་གཉེར་བ་དང་སྨོན་པ་ཡང་མེད་པར་འགྱུར་རོ། །ཞེས་པ་ལ་སོགས་པས་དོན་དམ་བདེ་གཤེགས་སྙིང་པོ་མེད་པར་འདོད་པ་ལ་སྐྱོན་མང་པོ་དང༌། ཡོད་པར་རྟོགས་པ་ལ་ཡོན་ཏན་མང་པོ་གསུངས་ཏེ། རྒྱས་པར་མྱང་འདས་ཆེན་པོ་དང༌། རྔ་བོ་ཆེ་ཆེན་པོ་དང༌། སོར་ཕྲེང་གི་མདོ་ལ་སོགས་པ་འཁོར་ལོ་ཐ་མའི་མདོ་མཆོག་ཤིན་ཏུ་ཟབ་པ་རྣམས་དང་རྒྱུད་སྡེ་ཟབ་མོ་རྣམས་བལྟས་ཤིང་མཉན་ནས་ངེས་པར་བདེ་གཤེགས་སྙིང་པོ་ལ་ཡིད་ཆེས་པར་བྱ་དགོས་སོ། །

དེ་ལ་མ་དད་པའི་ཉེས་དམིགས་སྤང་བར་གདམས་པ་ལ་གཉིས། ཉེས་དམིགས་མང་པོ་སྤང་བར་གདམས་པ།

དེ་ལྟ་མ་ཡིན་ན་ཉེས་དམིགས་ཆེན་པོ་དཔག་ཏུ་མེད་པ་འབྱུང་བར་བཀའ་སྩལ་པའི་ཕྱིར་ཏེ། སོར་ཕྲེང་གི་མདོར། གང་སྔོན་ཕྱུགས་སུ་གྱུར་ཏེ་རང་གི་མ་ལ་བརྒལ་ཞིང་[ལོག་པར་ཞུགས་ནས་]རྣམ་པར་མྱོས་པའི་སེམས་ཅན་དེ་དག་ནི་ད་དུང་ཡང་ཉལ་བའི་ཚེ་སོ་སྒྲ་ཁྲིག་ཁྲིག་ཟེར་ཞིང་དེ་བཞིན་གཤེགས་པའི་སྙིང་པོ་[ཟབ་མོ་མཐར་ཐུག་གི་]ཆོས་དེ་ཁོ་ན་ཉིད་ལ་ཡིད་མི་ཆེས་སོ། །མ་འོངས་པའི་དུས་ན་ཡང་སེམས་ཅན་གང་སོ་སྒྲ་ཁྲིག་ཁྲིག་ཟེར་ཞིང་དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡིད་མི་ཆེས་པའི་སེམས་ཅན་དེ་དག་ནྀ་གཞན་མ་ཡིན་ཏེ་བཙུན་པ་གང་པོ་དེ་དག་ནི་ཕྱུགས་སུ་གྱུར་པ་ཆོས་ཉིད་མི་ཤེས་པ་[རྣམས་སུ་སྐྱེ་བ]འོ། །སྔོན་ཕུག་རོན་དུ་སྐྱེས་པའི་སེམས་ཅན་དེ་དག་ནི་ཤིན་ཏུ་གཟུགས་འདོད་ཅིང་གཡེམ་པའི་དབང་དུ་སོང་སྟེ་ཕལ་ཆེར་དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡིད་མི་ཆེས་ཤིང་དྲག་ཤུལ་གྱིས་ལས་[ངན་པ་]བྱེད་དོ། །མ་འོངས་པ་ན་ཡང་སེམས་ཅན་གང་གཡེམ་པའི་དབང་དུ་སོང་བ་དག་ཕལ་ཆེར་དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡིད་མི་ཆེས་[པར་འགྱུར་]ཏེ་སེམས་ཅན་དེ་དག་ནི་གཞན་མ་ཡིན་གྱི། ཕུག་རོན་དུ་གྱུར་པ་ཡུན་རིང་པོ་ནས་ཉོན་མོངས་པ་ལ་གོམས་པ་གང་ཡིན་པ[རྣམས་སུ་སྐྱེ་བ]འོ། །གང་སྔོན་ངོ་ཚ་མེད་པའི་ཁྭར་གྱུར་པ་ཤིན་ཏུ་བྱས་པ་མི་བཟོ་བ་མི་གཙང་བ་ཟ་བའི་སེམས་ཅན་དེ་དག་ནི་ད་དུང་ཡང་དབུལ་ཞིང་ངོ་ཚ་བ་མེད་དེ། དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡིད་མི་ཆེས་སོ། །མ་འོངས་པ་ན་ཡང་སེམས་ཅན་གང་ཕན་པར་སྟོན་པའི་དྲུང་ནས་དེ་བཞིན་གཤེགས་པའི་སྙིང་པོ་ཐོས་ན་[མུ་སྟེགས་གསལ་བྱེད་པ་ལྟར་]རྒོད་དེ་[ཁྲེལ་བ་ལྟར་བྱས་ནས་]འགྲོའོ། །བདག་གི་དབྱིངས་ལ་ཡིད་མི་ཆེས་པའི་སེམས་ཅན་དེ་དག་ནི་གཞན་མ་ཡིན་གྱི། བཙུན་པ་གང་པོ་དེ་ནི་ངོ་ཚ་བ་མེད་པ་མི་གཙང་བ་ཟ་བའི་ཁྭ་[རྣམས་སུ་སྐྱེ་བ་]ཡིན་ནོ། །སྔཽན་སྤྲེའུ་མི་སྡུག་པར་གྱུར་ཏེ། ཡིད་རྒྱ་མཚོ་སྣ་ཚོགས་རྣམ་པར་བཀྲ་བའི་རླབས་ལྟ་བུར་གཡོ་བའི་སེམས་ཅན་དེ་དག་ནི་ད་དུང་ཡང་དེ་བཞིན་གཤེགས་པའི་སྙིང་པོ་ཐོས་ན་སེམས་འཁྲུག་པར་འགྱུར་ཏེ། དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡིད་མི་ཆེས་སོ། །མ་འོངས་པ་ན་ཡང་སེམས་ཅན་གང་དེ་བཞིན་གཤེགས་པའི་སྙིང་པོ་ཐོས་ནས་སེམས་འཁྲུག་ཅིང་དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡིད་མི་ཆེས་པའི་སེམས་ཅན་དེ་དག་ནི་གཞན་མ་ཡིན་ཏེ་བཙུན་པ་གང་པོ་སྤྲེའུ་ལྟ་བུར་[སེམས་]རྒོད་པ་[བློ་]དམའ་བ་[རྣམས་སུ་སྐྱེ་བ་]ཡིན་ནོ། །སེམས་ཅན་གང་སྔོན་འུག་པར་གྱུར་པ་ཉིན་པར་ཤིན་ཏུ་མི་མཐོང་ཞིང་མཚན་མོ་མཐོང་བ་དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡིད་མི་ཆེས་པའི་སེམས་ཅན་དེ་དག་ད་དུང་ཡང་འཇིག་རྟེན་ན་[བདེ་གཤེགས་སྙིང་པོ་སྟོན་པའི་]བླ་མ་མཐོང་ན་ལྟ་ཡང་མི་འདོད་དོ། །མ་འོངས་པའི་དུས་ན་ཡང་སེམས་ཅན་གང་དག་ཕན་པར་སྟོན་པའི་དྲུང་དུ་དེ་བཞིན་གཤེགས་པའི་སྙིང་པོ་ཐོས་ལ་སངས་རྒྱས་ཀྱི་ལུང་བསྟན་པ་ལ་ཡིད་མི་ཆེས་པའི་སེམས་ཅན་དེ་དག་ནི་བཙུན་པ་གང་པོ་གང་འུག་པར་གྱུར་པ་ཡིད་མི་ཆེས་པ་[རྣམས་སུ་སྐྱེ་བ་]ཡིན་ཏེ། མོ་མཁན་[ཅལ་ཅོལ་ཤབ་ཤོབ་ཅན་]གྱི་ཚིག་བཞིན་ནོ། །བཙུན་པ་གང་པོ་གང་སྔོན་གྲམ་ཁྲོད་དུ་སྐྱེས་པ་ཤིན་ཏུ་དོན་མེད་པའི་གཞུང་གིས་གོས་པ་དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡིད་མི་ཆེས་པའི་སེམས་ཅན་དེ་དག་ནི་ད་དུང་ཡང་བདག་མེད་པ་ཞེས་བྱ་བ་དགོངས་པའི་ཚིག་ཏུ་མི་ཤེས་པས་[བདག་གི་དབྱིངས་ལ་སྐྲག་པའི་]སེམས་ཅན་གྲམ་ཁྲོད་པ་རྣམས་དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡིད་མི་ཆེས་སོ། །མ་འོངས་པའི་དུས་ན་ཡང་ཤིན་ཏུ་དོན་མེད་པའི་གཞུང་ལ་ཆགས་པའི་[དབང་གིས་བདག་མེད་པ་]ལྡེམ་པོ་ངག་ཏུ་གསུངས་པ་མི་ཤེས་པ་གྲམ་ཁྲོད་པ་དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡིད་མི་ཆེས་པ་དེ་དག་ནི་གཞན་མ་ཡིན་ཏེ། བཙུན་པ་གང་པོ་ངེས་པར་གྲམ་ཁྲོད་པ་དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡིད་མི་ཆེས་པ་[རྣམས་སུ་སྐྱེ་བ་]ཡིན་ནོ། །གང་སྔོན་སྒོ་གང་ཡང་རུང་བ་ན་འདུག་ཅིང་རྐུན་པོ་དམའ་བའི་སེམས་ཅན་དེ་དག་ནི་ཁྱི་ལྟ་བུ་ཞེས་བྱ་སྟེ། མ་འོངས་པའི་དུས་ན་ཡང་སེམས་ཅན་གང་གཞན་གྱི་ཁྱིམ་རྒྱུ་ཞིང་དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡིད་མི་ཆེས་པའི་སེམས་ཅན་དེ་དག་ནི་གཞན་མ་ཡིན་ཏེ་བཙུན་པ་གང་པོ་དེ་དག་ནི་ཁྱི་དང་འདྲ་བར་དམའ་བ་[རྣམས་སུ་སྐྱེ་བ་]ཡིན་ནོ། །སྔོན་བྱི་ལར་གྱུར་པའི་སེམས་ཅན་གང་རྟག་ཏུ་ཤ་ཟ་བ་ལ་ཆགས་ཤིང་དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡིད་མི་ཆེས་པའི་སེམས་ཅན་དེ་དག་ནི་ད་དུང་ཡང་ཤ་ལ་ཆགས་ཤིང་སྲོག་གཅོད་པའི་བྱི་ལའི་གཟུགས་སུ་བསྒྱུར་བའི་སྲིན་པོར་འགྱུར་རོ། །མ་འོངས་པ་ན་ཡང་སེམས་ཅན་གང་བྱི་ལའི་གཟུགས་སུ་བསྒྱུར་བའི་སྲིན་པོ་གཞན་གྱི་སྲོག་གཅོད་ཅིང་ཤ་ཟ་བ་མི་བཟད་པ་དེ་བཞིན་གཤེགས་པའི་སྙིང་པོ་ལས་ཕྱིར་ཕྱོགས་པ་དེ་དག་ནི་གཞན་མ་ཡིན་ཏེ་གཞན་གྱི་སྲོག་གཅོད་ཅིང༌། ཤ་ཟ་བ་བྱི་ལའི་གཟུགས་སུ་བསྒྱུར་བའི་སྲིན་པོ[རྣམས་སུ་སྐྱེ་བ]འོ། །གང་བྱི་བ་དང་མ་ནིང་དུ་གྱུར་པ་དེ་བཞིན་གཤེགས་པའི་སྙིང་པོ་ལས་ཕྱིར་ཕྱོགས་པའི་སེམས་ཅན་དེ་དག་ནི་ད་དུང་ཡང་ཆང་འཐུང་ཞིང་བྱི་བ་དང་མ་ནིང་དུ་གྱུར་ཏེ། ཤིན་ཏུ་མི་གཙང་བ་འཐུང་བ་ཡིན་ནོ། །མ་འོངས་པ་ན་ཡང་སེམས་ཅན་གང་ཆང་འཐུང་ཞིང་མ་ནིང་ལྟ་བུ་དམའ་བ་དེ་དག་ནི་འཇིག་རྟེན་པའི་[འདོད་ཡོན་གྱི་]རོས་ངོམས་པས་དེ་བཞིན་གཤེགས་པའི་སྙིང་པོ་མི་འདོད་དེ་དེ་དག་ནི་གཞན་མ་ཡིན་གྱི་མ་ནིང་དང་བྱི་བ་གང་ཡིན་པ་དེ་དག་ཏུ་[སྐྱེ་བར་]བལྟའོ། །གང་ལྕེ་སྤྱང་དུ་གྱུར་པའི་སེམས་ཅན་ཁྲེལ་མེད་ཅིང་གཡོ་ངན་པ་དེ་བཞིན་གཤེགས་པའི་སྙིང་པོ་ལས་ཕྱིར་ཕྱོགས་པ་དེ་དག་ནི་ད་དུང་ཡང་དེ་བཞིན་གཤེགས་པའི་སྙིང་པོ་[ལ་དགོངས་ནས་བདག་མེད་གསུངས་པ་བདག་མེད་པའི་གཞི་ལ་དགོངས་པའི་]ལྡེམ་པོ་ངག་ཏུ་བཤད་པ་[ཡིན་པར་]མི་ཤེས་ཤིང་སེམས་ཅན་གཡོ་ཅན་ལྕེ་སྤྱང་ལྟ་བུར་གྱུར་ཏེ། མ་འོངས་པ་ན་ཡང་སེམས་ཅན་གང་དེ་བཞིན་གཤེགས་པའི་སྙིང་པོ་[ལ་དགོངས་ནས་བདག་མེད་གསུངས་པ་བདག་མེད་པའི་གཞི་ལ་དགོངས་པའི་]ལྡེམ་པོ་ངག་ཏུ་བཤད་པ་མི་ཤེས་པ་[བདག་མེད་གསུངས་པ་]འདི་ལྟར་སྣང་ངོ་ཞེས་[བདག་གི་དབྱིངས་ལ་]ལོག་པར་རྟོག་པ་དེ་དག་ནི་ངེས་པར་ལྕེ་སྤྱང་དུ་གྱུར་པ[རྣམས་སུ་སྐྱེ་བ]འོ། །སྔོན་སེམས་ཅན་གང་སྲིན་བུ་མི་སྡུག་པ་སྡིག་པར་གྱུར་པ་དེ་བཞིན་གཤེགས་པའི་སྙིང་པོ་ལས་ཕྱིར་ཕྱོགས་པའི་སེམས་ཅན་དེ་དག་ནི་ད་དུང་ཡང་དེ་བཞིན་གཤེགས་པའི་སྙིང་པོ་ཐོས་ན་[ཉོན་མོངས་ཀྱི་མེ་]རབ་ཏུ་འབར་ཏེ། སྙིང་ཞེ་སྡང་བར་གྱུར་པ་དེ་ནི་ངེས་པར་སྡིག་པ་དང་མཚུངས་པ་ཡིན་ནོ། །མ་འོངས་པ་ན་ཡང་སེམས་ཅན་གང་དེ་བཞིན་གཤེགས་པའི་སྙིང་པོ་ཐོས་ན་སངས་རྒྱས་ཀྱི་བཤད་པ་མ་ཡིན་ནོ། །ཞེས་ཡིད་མི་ཆེས་པ་དེ་དག་ནི་གཞན་མ་ཡིན་ཏེ་བཙུན་པ་གང་པོ་ངེས་པར་སྡིག་པ་ལྟ་བུ་ཚ་བའི་ལས་བྱེད་པ[རྣམས་སུ་སྐྱེ་བ]འོ། །གང་སྔོན་སྦྲུལ་གདུག་པ་མི་བཟད་པར་གྱུར་པ་དེ་བཞིན་གཤེགས་པའི་སྙིང་པོ་ལ་མི་བསྔགས་པར་སྨྲ་བའི་སེམས་ཅན་དེ་དག་ནི་ད་དུང་ཡང་ང་རྒྱལ་ཆེ་ཞིང་འཇིགས་པའི་གཟུགས་སྦྲུལ་གདུག་པ་མི་བཟད་པ[རྣམས་སུ་སྐྱེ་བ]ར་འགྱུར་རོ། །མ་འོངས་པ་ན་ཡང་སེམས་ཅན་གང་དེ་བཞིན་གཤེགས་པའི་སྙིང་པོ་ཕན་པར་བསྟན་པ་ལ་མི་བསྔགས་པར་སྨྲ་ཞིང་སྡིག་པ་སྤྱོད་པའི་སེམས་ཅན་དེ་དག་ནི་གཞན་མ་ཡིན་ཏེ། བཙུན་པ་གང་པོ་ངེས་པར་སྦྲུལ་གདུག་པ་མི་བཟད་པ[རྣམས་སུ་སྐྱེ་བ]འོ། །སྔོན་སེམས་ཅན་གང་ལུག་ཏུ་གྱུར་པ་གླེན་ཞིང་ཁོ་རུ་ཆུང་བ་ཡོན་ཏན་མི་ཤེས་པ་དེ་བཞིན་གཤེགས་པའི་སྙིང་པོ་[དབང་]བཙན་པར་མི་བྱེད་ཅིང་[འཁོར་ལོ་ཐ་མའི་]མདོ་སྡེ་ལ་[སེམས་ཙམ་གྱི་གཞུང་ཡིན་ཞེས་]སྨོད་པ་དེ་དག་ད་དུང་ཡང་[འཁོར་ལོ་ཐ་མའི་]མདོ་སྡེ་ལ་[སེམས་ཙམ་གྱི་གཞུང་ཡིན་ཞེས་]སྨོད་དེ་སེམས་ཅན་དེ་དག་ནི་ངེས་པར་ལུག་ཏུ་གྱུར་པ་གླེན་ཞིང་ཁོ་རུ་ཆུང་བ་ཡིན་ཏེ། མ་འོངས་པ་ན་ཡང་སེམས་ཅན་གང་གཉིད་ཆེ་ཞིང་དེ་བཞིན་གཤེགས་པའི་སྙིང་པོ་ཐོས་ན་སྨོད་པ་དེ་དག་ནི་གཞན་མ་ཡིན་ཏེ་ངེས་པར་ཁོ་རུ་ཆུང་ཞིང་ཞན་པ[རྣམས་སུ་སྐྱེ་བ]འོ། །སྔོན་མ་ཧེ་ཁོ་རུ་ཆུང་བར་གྱུར་པ་དེ་བཞིན་གཤེགས་པའི་སྙིང་པོ་ལས་ཕྱིར་ཕྱོགས་པའི་སེམས་ཅན་དེ་དག་ནི་ད་དུང་ཡང་ངེས་པར་ཞན་ཞིང་བརྐམ་སྟེ་[དུག་གསུམ་གྱི་]ལྟ་བ་གསུམ་གྱིས་འཇུངས་པའི་མ་ཧེ་ལྟ་བུའོ། །མ་འོངས་པ་ན་ཡང་བརྐམ་ཞིང་ཁྲོ་ལ་ཞན་ཞིང་ཁོ་རུ་ཆུང་སྟེ། དེ་བཞིན་གཤེགས་པའི་སྙིང་པོ་ལས་ཕྱིར་ཕྱོགས་པའི་སེམས་ཅན་དེ་དག་ནི་གཞན་མ་ཡིན་ཏེ། ངེས་པར་[དུག་གསུམ་གྱི་]ལྟ་བ་གསུམ་གྱིས་འཇུངས་པའི་མ་ཧེ་[རྣམས་སུ་སྐྱེ་བ]འོ། །སེམས་ཅན་གང་སྔོན་དོམ་དུ་གྱུར་པ་དེ་དག་ནི་དེ་བཞིན་གཤེགས་པའི་སྙིང་པོ་ལས་ཕྱིར་ཕྱོགས་ཤིང་ཡིད་མི་ཆེས་ཏེ། སེམས་ཅན་དེ་དག་ནི་ད་དུང་ཡང་ཡིད་དུ་མི་འོང་བ་སྒྲོགས་ཏེ་ངེས་པར་དོམ་དང་ལྕེ་སྤྱང་ལྟ་བུའོ། །མ་འོངས་པ་ན་ཡང་སེམས་ཅན་གང་དེ་བཞིན་གཤེགས་པའི་སྙིང་པོ་ལས་ཕྱིར་ཕྱོགས་ཤིང་ཡིད་དུ་མི་འོང་བ་སྒྲོགས་པ་དེ་དག་ནི་གཞན་མ་ཡིན་ཏེ། བཙུན་པ་གང་པོ་དོམ་དང་ལྕེ་སྤྱང་ལྟ་བུ[རྣམས་སུ་སྐྱེ་བ]འོ། །གང་སྔོན་བྱ་ཀ་ལན་ད་ཀར་གྱུར་པ་དེ་བཞིན་གཤེགས་པའི་སྙིང་པོ་ལས་ཕྱིར་ཕྱོགས་ཤིང་ཡིད་མི་ཆེས་ཏེ། ད་དུང་ཡང་སེམས་ཅན་གང་མིག་རྟུལ་བ་དེ་དག་ནི་ངེས་པར་བྱ་ཀ་ལན་ད་ཀར་གྱུར་པའོ། །མ་འོངས་པ་ན་ཡང་སེམས་ཅན་གང་དེ་བཞིན་གཤེགས་པའི་སྙིང་པོ་ཤེས་པ་འཆབ་ཅིང་མ་རུངས་པ་སྡིག་པའི་ལས་བྱེད་པ་དེ་དག་ནི་གཞན་མ་ཡིན་ཏེ། དེ་བཞིན་གཤེགས་པའི་སྙིང་པོ་མི་སྟོན་པ་དེ་ནི་ངེས་པར་མིག་རྟུལ་བའི་བྱ་ཀ་ལན་ད་ཀ་[རྣམས་སུ་སྐྱེ་བ་]ཡིན་ནོ། །གང་སྔོན་བོང་བུར་གྱུར་པ་དེ་བཞིན་གཤེགས་པའི་སྙིང་པོ་ལ་མི་དགོས་པར་སེམས་བསྐྱེད་པ་དེ་དག་ནི་ད་དུང་ཡང་དབུལ་ཞིང་བོང་བུ་ལྟ་བུར་ཟས་རྩུབ་པོ་ཟ་བར་འགྱུར་རོ། །མ་འོངས་པ་ན་ཡང་དབུལ་པོ་གཞན་གྱིས་མངག་པའི་རིགས་ངན་པར་སྐྱེའོ། །གང་དེ་བཞིན་གཤེགས་པའི་སྙིང་པོ་[བདག་གི་དབྱིངས་]ལ་ཡིད་མི་ཆེས་ཤིང་བདག་མེད་པ་[ཙམ་]ལ་[ཡིད་ཆེས་ནས་]སྒོམ་པ་དེ་དག་ནི་གཞན་མ་ཡིན་ཏེ། བཙུན་པ་གང་པོ་འདོད་ལྡན་དང་གདོལ་པ་དང་བྱ་བ་བོང་བུ་ལྟ་བུ[རྣམས་སུ་སྐྱེ་བ]འོ། །གང་སྔོན་ལྷ་མ་ཡིན་ལུས་ཐུང་ངུར་གྱུར་ཅིང་མཆེ་བ་རིང་བ་མི་སྡུག་པ་ཁོག་པ་ལྟ་བུ་དེ་བཞིན་གཤེགས་པའི་སྙིང་པོ་ལ་ཁ་ཟེར་བ་དེ་དག་ནི་ད་དུང་ཡང་ལུས་ཐུང་ཞིང་ཁོག་པ་ལྟ་བུར་གྱུར་ཏེ་དེ་དག་ནི་ངེས་པར་ལྷ་མ་ཡིན་ནོ། །མ་འོངས་པ་ན་ཡང་སེམས་ཅན་གང་ཁོག་པ་ལྟ་བུ་ཐུང་ཞིང་མཆེ་བ་རིང་བ་གཏུམ་པོ་དེ་བཞིན་གཤེགས་པའི་སྙིང་པོ་ལ་ཁ་ཟེར་བ་དེ་དག་ནི་གཞན་མ་ཡིན་ཏེ། བཙུན་པ་གང་པོ་ལྷ་མ་ཡིན་གྱི་རིགས་སུ་གཏོགས་པའི་སེམས་ཅན་[རྣམས་སུ་སྐྱེ་བ]ཡིན་ནོ། །གང་སྔོན་ཡི་དྭགས་ཁ་ནས་མེ་ལྕེ་འབྱུང་བར་གྱུར་པ་དེ་བཞིན་གཤེགས་པའི་སྙིང་པོ་ལ་སྨོད་ཅིང་འཕྱ་བའི་སེམས་ཅན་དེ་དག་ནི་ད་དུང་ཡང་མཆུ་དང་རྐན་སྐམ་ཞིང་ཡི་དྭགས་རིད་པ་ཁ་ནས་མེ་ལྕེ་འབྱུང་བའི་སྲོག་ཆགས་སུ་འགྱུར་རོ། །མ་འོངས་པ་ན་ཡང་སེམས་ཅན་གང་ལུས་ཤིན་ཏུ་རིད་པ་དེ་བཞིན་གཤེགས་པའི་སྙིང་པོ་ལ་སྨོད་ཅིང་འཕྱ་བ་དེ་དག་ནི་བཙུན་པ་གང་པོ་གཞན་མ་ཡིན་ཏེ་ངེས་པར་ཡི་དྭགས་ཁ་ནས་མེ་འབྱུང་བ་ཉམ་ཆུང་བ་[རྣམས་སུ་སྐྱེ་བ་]ཡིན་ནོ།།ཞེས་སོགས་དང༌། སྤྲིན་ཆེན་པོར་ཡང༌། སྤྲིན་ཆེན་སྙིང་པོ་སེམས་ཡོངས་སུ་རྨོངས་ཤིང་རྣམ་པར་འཁྲུལ་བ་རྣམས་དེ་བཞིན་གཤེགས་པ་མི་རྟག་ཅིང་ཐེར་ཟུག་པ་མ་ཡིན་ལ་མི་བརྟན་ཞིང་ནུབ་པར་འགྱུར་རོ། །ཞེས་ལོག་པར་སྨྲ་བ་རྣམས་འཁྲིས་པས་བརྒྱལ་ཞིང་དུག་གི་ཟུག་རྔུས་རྣམ་པར་བསྲེགས་པའི་ལྟ་བའི་གཉིད་ཀྱི་མུན་པས་གནོད་པར་བྱས་པའི་ཁྱིམ་དུ་ཉལ་ནས་གཉིད་ལོག་སྟེ། རྨི་ལམ་མི་བཟད་པའི་ལྟ་བས་བསྲེགས་ནས་མྱོས་ཤིང་རྨིས་ཏེ་སྐྲག་པའི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་བ་རྒན་གྲུམ་མོ་དང་འདྲ་བའི་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་ཡོན་ཏན་གྱི་ཆེ་བ་ཉིད་རྟག་པའི་རང་བཞིན་ཤེས་པའི་འབྲུ་མར་དང་དེ་ཁོ་ན་རིག་པའི་སྙིང་པོ་རབ་ཏུ་འབར་པར་གྱིས་ཤིག །དེ་བཞིན་གཤེགས་པའི་ཡོན་ཏན་གྱི་རང་བཞིན་རྟག་པ[འི་དབྱིངས་གསལ་བར་བྱེད་པ་]མར་མེ་[ལྟ་བུའི་ཆོས་མཆོག་]ལ་འཇུག་པ་སྤངས་ནས་ཤཱཀྱའི་རིགས་ལ་[བདེ་གཤེགས་སྙིང་པོ་དྲང་དོན་ཡིན། གཞན་སྟོང་གིས་སྟོང་ཉིད་ཀྱི་གོ་མི་ཆོད་པས། དོན་དམ་ཡང་དོན་དམ་གྱིས་སྟོང༌། ཆོས་སྐུ་ཡང་ཆོས་སྐུས་སྟོང༌། དེས་ན་གཤིས་ལ་རྣམ་གཅོད་ཙམ་མ་གཏོགས་པ། ཡོངས་གཅོད་དུ་གྲུབ་པའི་ཆོས་འགའ་ཡང་མེད་པས་སངས་རྒྱས་ཀྱང་མེད། ཅེས་སོགས་ཀྱིས་]བསྔགས་པ་མ་ཡིན་པར་བརྗོད་པའི་སེམས་ཅན་[གནས་ལུགས་]མི་ཤེས་པའི་ལྟ་བ་མང་བ་དེ་དག་ལ་[གནས་ལུགས་]དེ་ཁོ་ན་ཤེས་པའི་ཀ་ཏ་ཀའི་འབྲས་བུའི་མིག་སྨན་གྱིས་ཕྱི་བར་གྱིས་ཤིག །དེ་བཞིན་གཤེགས་པའི་[རང་བཞིན་གྱི་]རིགས་ཀྱི་ཆེ་བ་[སྤངས་རྟོགས་རང་བཞིན་པ་གདོད་ནས་ཚང་ཞིང༌། ཚོགས་གཉིས་རང་བཞིན་པ་གདོད་ནས་རྫོགས་པ་]ཉིད་ཀྱི་ཡང་དག་པའི་ཡེ་ཤེས་སྤངས་ལ། དེ་བཞིན་གཤེགས་པའི་རྗེས་སུ་རབ་ཏུ་བྱུང་སྟེ་[བདེ་གཤེགས་སྙིང་པོ་ལ་]ཉེས་པ་རྗོད་པར་བྱེད་པ་དེ་དག་གི་ལྕེ་ཆོད་དེ་འོང་ཅིག །དེ་བཞིན་གཤེགས་པའི་ལྡེམ་པོ་ངག་ཤེས་རབ་ཀྱིས་རྟོགས་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པའི་རྗེས་སུ་རབ་ཏུ་བྱུང་སྟེ་སངས་རྒྱས་ཀྱི་སྲས་སུ་གྱུར་པ་དེ་དག་ལ་ལྟ་བ་ཐམས་ཅད་ལ་རྣམ་པར་འཕྲུལ་བ་[བདེན་ལུགས་གཉིས་དང༌། སྣང་ལུགས་གཉིས་དང༌། སྟོང་ལུགས་གཉིས་དང༌། ཡོད་ལུགས་གཉིས་དང༌། མེད་ལུགས་གཉིས་དང༌། འཁོར་འདས་དབྱེར་ཡོད་དབྱེར་མེད། བདེན་གཉིས་དབྱེར་ཡོད་དབྱེར་མེད། བདེན་བཞི་དབྱེར་ཡོད་དབྱེར་མེད། འགལ་འདུས་སྐྱོན་ཡོད་སྐྱོན་མེད་ལ་སོགས་པར་ལེགས་པར་ཕྱེ་བ་]འདི་གཏད་པར་གྱིས་ཤིག །ཅེས་པ་ལ་སོགས་པ་དང༌། སོར་ཕྲེང་ལ་ཕན་པར་ཡང༌། སྔོན་ཡང་སེམས་ཅན་གང་དེ་བཞིན་གཤེགས་པའི་སྐུ་རྟག་པ་ལ་མི་རྟག་པར་ལྟ་བ་རྣམས་མཛེ་ན་བར་གྱུར་ཏེ། ད་དུང་ཡང་སེམས་ཅན་གང་ཞན་ཅིང་མཛེ་ན་བར་གྱུར་པ་དེ་དག་ནི་ངེས་པར་དེ་བཞིན་གཤེགས་པའི་སྐུ་ལ་[མི་རྟག་གོ་ཞེས་]སྨོད་པ་ཡིན་ནོ། །མ་འོངས་པ་ན་ཡང་སེམས་ཅན་གང་དེ་བཞིན་གཤེགས་པའི་སྐུ་རྟག་པ་ལ་མི་རྟག་པར་ལྟ་བ་མཛེ་ན་བར་གྱུར་པ་དེ་དག་ནི་གཞན་མ་ཡིན་ཏེ། བཙུན་པ་གང་པོ་དེ་བཞིན་གཤེགས་པའི་སྐུ་རྟག་པ་ལ་[མི་རྟག་གོ་ཞེས་]སྨོད་པ་ཡིན་ནོ། །ཞེས་དང༌། གང་སྔོན་ཕུན་སུམ་ཚོགས་པའི་དུས་ན་རྒུད་པར་གྱུར་ཏེ། ནད་མང་བའི་སེམས་ཅན་རྣམ་པ་མང་པོ་དེ་དག་ནི་དེ་བཞིན་གཤེགས་པའི་གཡུང་དྲུང་གི་སྐུ་ལ་གཡུང་དྲུང་མ་ཡིན་པར་བལྟ་བ་ཡིན་ནོ། །ད་དུང་ཡང་ཕུན་སུམ་ཚོགས་པའི་དུས་ན་རྒུད་པར་གྱུར་པའི་སེམས་ཅན་དེ་དག་ནི་དེ་བཞིན་གཤེགས་པའི་གཡུང་དྲུང་གི་སྐུ་ལ་གཡུང་དྲུང་མ་ཡིན་པར་ལྟ་བ་ཡིན་ནོ། །མ་འོངས་པ་ན་ཡང་སེམས་ཅན་གང་ཕུན་སུམ་ཚོགས་པའི་དུས་ན་རྒུད་པར་གྱུར་པ་དེ་དག་ནི་དེ་བཞིན་གཤེགས་པའི་གཡུང་དྲུང་གི་སྐུ་ལ་གཡུང་དྲུང་མ་ཡིན་པར་ལྟ་བ་སྟེ། བཙུན་པ་གང་པོ་དེ་དག་ནི་ངེས་པར་གཞན་མ་ཡིན་གྱི་དེ་བཞིན་གཤེགས་པའི་[འོད་]གསལ་བའི་སྐུ་[འོད་]མི་གསལ་བའོ་ཞེས་སུན་འབྱིན་པའོ། །སྔོན་གང་དེ་བཞིན་གཤེགས་པའི་སྐུ་ཐེར་ཟུག་ལ་ཐེར་ཟུག་མ་ཡིན་པར་ལྟ་བའི་སེམས་ཅན་དེ་དག་ནི་རྒྱལ་པོའི་བཙུན་མོ་དམ་པའི་མངལ་དུ་སྐྱེས་ནས་ཤི་སྟེ་མི་རྟག་པར་གྱུར་ཏོ། །ད་དུང་ཡང་སེམས་ཅན་གང་ལ་ལ་རྒྱལ་པོའི་བཙུན་མོ་དམ་པའི་མངལ་དུ་སྐྱེས་ནས་ཤི་བ་དེ་དག་ནི་ངེས་པར་དེ་བཞིན་གཤེགས་པའི་སྐུ་ཐེར་ཟུག་དང་[རང་བཞིན་འོད་]གསལ་བ་ལ་སྨོད་པའོ། །མ་འོངས་པ་ན་ཡང་སེམས་ཅན་གང་མི་རྟག་ཅིང་ཚེ་ཐུང་བར་འགྱུར་བ་དེ་དག་ནི་ཐེར་ཟུག་གི་སྐུ་ལ་སྨོད་པ་ཡིན་ཏེ། བཙུན་པ་གང་པོ་དེ་དག་[ནི་]གཞན་མ་ཡིན་གྱི་ངེས་པར་དེ་བཞིན་གཤེགས་པ་ཐེར་ཟུག་གི་སྐུ་ལ་སྨོད་པའོ། །ཞེས་དང༌། རྔ་བོ་ཆེའི་མདོར་ཡང༌། དེ་བཞིན་གཤེགས་པའི་སྙིང་པོའི་གཏམ་བསྟན་པ་ན་[དྲང་དོན་ཡིན་ཞེས་]སྨོད་པས་སངས་རྒྱས་རྟག་པ་ཉིད་ཀྱི་གཏམ་སྤོང་བར་འགྱུར་ཏེ། དེ་ཉིད་ཀྱིས་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་རོ། །ཞེས་སོགས་རྒྱ་ཆེར་གསུངས་པ་ལ་རང་བཞིན་དེ་ཁོ་ན་ཉིད་ཀྱི་སངས་རྒྱས་སྐད་ཅིག་ལས་འདས་པའི་དོན་གྱིས་རང་བཞིན་[གྱིས་]རྟག་པར་གྲུབ་ན་བདེ་གཤེགས་སྙིང་པོ་གྲུབ་པ་ཡིན་ཏེ། སྔར་མེད་གསར་དུ་སྐྱེ་བའི་སངས་རྒྱས་ནི་བདེ་གཤེགས་སྙིང་པོར་མི་རུང་བའི་ཕྱིར་རོ། །དེ་ཡང་འཕགས་པ་འཇིག་རྟེན་དབང་ཕྱུག་གི་ཞལ་སྔ་ནས། སྐད་ཅིག་གཅིག་དང་དུ་མ་དང་བྲལ་བའི་ཡེ་ཤེས་ནི་རྒྱལ་བ་རྣམས་ཀྱིས་དེ་ཁོ་ན་ཉིད་ཅེས་གསུངས་སོ། །ཞེས་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་སྐད་ཅིག་ལས་འདས་པར་གསུངས་པ་དང༌། རྒྱལ་བ་བྱམས་མགོན་གྱི་ཞལ་སྔ་ནས་ཀྱང༌། [མདོ་སྡེའི་རྒྱན་དུ།]རང་བཞིན་དང་ནི་རྒྱུན་མི་འཆད། །རྒྱུན་གྱིས་དེ་དག་རྟག་པར་འདོད། །ཅེས་ཆོས་ཉིད་ངོ་བོ་ཉིད་ཀྱི་སྐུ་རང་བཞིན་[གྱིས་]རྟག་པར་གསུངས་པ་དང༌། [རྒྱུད་བླ་མར།]འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །ཅེས་པ་ལ་སོགས་པས་མཐར་ཐུག་གི་སངས་རྒྱས་འདུས་མ་བྱས་སུ་གསུངས་པ་ཡང་སྐད་ཅིག་དང་བྲལ་བ་ལ་དགོངས་པ་ཡིན་ནོ། །དེའི་ཕྱིར་གང་དག་ཆོས་སྐུ་འམ་ཡེ་ཤེས་རྟག་པར་གསུངས་པ་ཐམས་ཅད་རྒྱུན་རྟག་པ་ལ་དགོངས་ཀྱི་སྐད་ཅིག་གིས་ནི་མི་རྟག་གོ །ཞེས་འདོད་པ་དང༌། སངས་རྒྱས་སམ་ཡེ་ཤེས་འདུས་མ་བྱས་སུ་གསུངས་པ་ཐམས་ཅད་ལས་དང་ཉོན་མོངས་པས་འདུས་མ་བྱས་པ་ཙམ་ལ་དགོངས་པ་ཡིན་ནོ། །ཞེས་འདོད་པ་དེ་དག་གིས་ནི་དགོངས་པ་ཆེན་པོའི་དོན་འདི་དག་མ་རྟོགས་པ་ཉིད་དུ་ཟད་ཅིང༌། ལུང་ཟབ་མོ་འདི་དག་ཀྱང་མ་མཐོང་བ་ཉིད་དུ་བས་[ལ་མདོ་སྔགས་ཀྱི་གསང་ཚིག་ཟབ་མོའི་ཁུངས་ཀྱང་མ་ཆོད་པ་ཉིད་དུ་བས་]སོ། །དེ་བཞིན་དུ་ལྷའི་ཟླ་བས་བསྒྱུར་བའི་མྱང་འདས་ཆེན་པོར་ཡང༌། དེ་བཞིན་གཤེགས་པའི་སྙིང་པོ[འི་]བདག་མེད་པར་བསྒོམས་ཤིང་གཏན་དུ་[ཐམས་ཅད་རང་རང་ངོ་བོས་]སྟོང་པ་ཉིད་བསྒོམས་པས་ནི་སྡུག་བསྔལ་རྣམས་མི་འགག་པར་ཕྱེ་མ་ལེབ་མར་མེའི་ནང་དུ་སོང་བ་བཞིན་དུ་འགྱུར་རོ། །དེ་ལྟ་མ་ཡིན་པར་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པར་བསྒོམས་པའི་སེམས་ཅན་རྣམས་ནི་ཉོན་མོངས་པ་རྣམས་ཡོད་བཞིན་དུ་ཉོན་མོངས་པའི་རྣམ་པ་འགོག་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པའི་སྙིང་པོའི་རྐྱེན་གྱི་ཕྱིར་ཏེ། ཞེས་དང༌། དགེ་སློང་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དེ་བཞིན་གཤེགས་པ་འདུས་མ་བྱས་པ་ལ་དེ་བཞིན་གཤེགས་པ་འདུས་བྱས་ཡིན་ནོ། །ཞེས་ཟེར་[བ་]བས་ནི། མུ་སྟེགས་པར་གྱུར་ཏེ་ཤི་ཡང་བླའོ། །དེ་བཞིན་གཤེགས་པ་འདུས་མ་བྱས་ཡིན་བཞིན་དུ། དེ་བཞིན་གཤེགས་པ་འདུས་བྱས་ཡིན་ནོ་ཞེས་ཟེར་བ་གང་ཡིན་པ་དེ་དག་ནི་བརྫུན་དུ་སྨྲ་བ་ཡིན་ནོ། །དེ་བཞིན་གཤེགས་པ་འདུས་བྱས་ཡིན་ནོ་ཞེས་ཟེར་བ་རྣམས་ནི་རང་གི་ཁྱིམ་[དུ་འགྲོ་བ་]དང་འདྲ་བར་སེམས་ཅན་དམྱལ་བར་[ཚམ་ཚོམ་མེད་པར་]འགྲོ་བར་འགྱུར་རོ། །བཙུན་པ་འཇམ་དཔལ་དེ་བཞིན་གཤེགས་པ་ལ་འདུས་བྱས་དང་འདྲ་བར་[མི་རྟག་པར་]མ་ལྟ་ཞིག །ད་ཕྱིན་ཆད་འཁོར་བར་རྒྱུ་བ་ན་མི་ཤེས་པ་ལས་བཟླས་ཏེ་བཅོམ་ལྡན་འདས་ནི་འདུས་མ་བྱས་པའོ་སྙམ་པའི་ཤེས་པ་འབའ་ཞིག་རྟོགས་པར་གྱིས་ཤིག །དེ་ལྟར་བྱས་ཀྱང་[སྟེ་བྱས་ན་]སྒོམ་པ་དེའི་འབྲས་བུས་ཁྱོད་མྱུར་བ་ཁོ་ནར་དེ་བཞིན་གཤེགས་པ་བཞིན་དུ་མཚན་སུམ་བཅུ་རྩ་གཉིས་དང་ལྡན་པར་འགྱུར་རོ། །ཞེས་སོགས་དང༌། འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ལས་ཀྱང༌། ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་ནི། རྒྱུ་གཉིས་ཀྱིས་བདག་ལ་རྨ་འབྱིན་ཏེ་ཆོས་ཟབ་མོ་ལ་ངེས་པར་སེམས་པར་མི་འགྱུར་རོ། །གཉྀས་གང་ཞེ་ན། སྔོན་མ་ཐོས་པའི་མདོ་སྡེ་ཟབ་མོ་ཐོས་ན་སྐྲག་ཅིང་ཐེ་ཚོམ་དུ་གྱུར་ནས་རྗེས་སུ་ཡི་རང་བར་མི་བྱེད་ཀྱི་སྟེང་དུ། འདི་སྟོན་པར་གྱུར་ཀྱང་འདི་ལྟ་བུ་བདག་ཅག་གིས་སྔོན་མ་ཐོས་ན་ད་གང་ནས་འོངས་ཞེས་སྤོང་བར་བྱེད་པ་དང༌། རིགས་ཀྱི་བུ་གང་མདོ་སྡེ་ཟབ་མོ་འཛིན་པ་དང༌། ཆོས་ཟབ་མོའི་སྣོད་དུ་གྱུར་པ་དང༌། ཆོས་ཟབ་མོ་སྟོན་པ་དེ་དག་ལ་མི་བསྟེན་མི་འགྲོགས་བསྙེན་བཀུར་མི་བྱེད་ཅིང་དེ་དག་ལ་སྟི་སྟང་མི་བྱེད་པར་འགྱུར་ཏེ། བར་བར་དུ་དེ་དག་ལ་མི་སྙན་པ་ཡང་བརྗོད་པའོ། །ཞེས་པ་ལ་སོགས་པ་གསུངས་ཏེ། དེ་བཞིན་ཉིད་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་རང་བཞིན་གྱིས་མྱ་ངན་ལས་འདས་པ་དང༌། དག་པའི་བདག་དང༌། བདག་གི་དེ་ཁོ་ན་ཉིད་དང༌། སངས་རྒྱས་ཀྱི་རང་བཞིན་དང༌། རང་བཞིན་པའི་སྐུ་ལ་སོགས་པ་རྣམས་དང་དོན་གཅིག་པའི་བདེ་གཤེགས་སྙིང་པོ་ལ་ཡིད་མི་ཆེས་པ་དང་མ་གུས་པ་དང་སུན་འབྱིན་པ་ལ་སོགས་པ་བྱེད་ན་ཉེས་པ་ཆེན་པོ་འབྱུང་བར་བསྟན་ལ། འཕགས་པ་འཇིག་རྟེན་དབང་ཕྱུག་གི་ཞལ་སྔ་ནས་ཀྱང༌། དྲུག་པ་གྲུབ་པའི་མཐའ་ལ་སྨོད་པ་སྟེ་གྲུབ་པའི་མཐའ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་སྔགས་ཀྱི་ཚུལ་ལ་དེ་ཁོ་ན་ཉིད་ཀྱི་ལེའུ[དོན་གཅིག་པ]འོ། །དེ་ལ་སྨོད་པ་གང་ཡིན་པ་དེ་ནི་དྲུག་པའོ། །ཞེས་དང༌། རང་གི་གྲུབ་པའི་མཐའ་དང་གཞན་གྱི་གྲུབ་པའི་མཐའ་ལ་སྐྱོན་འཛིན་ན་རྩ་བའི་ལྟུང་བ་དྲུག་པར་འགྱུར་རོ། །དེའི་ཕྱིར་རྒྱུད་[གཞན་དང་]གཞན་ལ་སྔ་མ་དང་ཕྱི་མར་[མིང་དུ་མའི་དོན་གཅིག་ཏུ་]འབྲེལ་བར་ཤེས་ནས་[དུ་མ་རོ་གཅིག་ཤེས་པའི་]ཡོན་ཏན་དང་[མི་ཤེས་པའི་]སྐྱོན་རྟོགས་པར་བྱའོ།།རྣམ་པ་གཞན་དུ་ན་གདུག་པའི་སློབ་དཔོན་དེ་བཞིན་གཤེགས་པའི་སྙིང་པོ་[རྟོགས་པ་]ལས་ཕྱི་རོལ་ཏུ་གྱུར་པ་[ཕུང་པོ་ལྔ་རྒྱལ་བ་ལྔ་ཡིན་པས་མཆོད་པ་དོན་ཆེ་ཞེས་]ཡུལ་ལ་དབང་པོ་ཉེ་བར་ལོངས་སྤྱཽད་པ་ལ་ཆགས་ཤིང་བརྫུན་དུ་སྨྲ་བ་རྣམས་མ་མཐོང་བའི་སྐྱོན་བཟུང་བ་ལས་མནར་མེད་པར་འགྲོ་བར་འགྱུར་རོ། །ཞེས་པ་ལ་སོགས་པས་མཐར་ཐུག་སྔགས་དང་ཕ་རོལ་ཏུ་ཕྱིན་པའི་དོན་དེ་བཞིན་ཉིད་དུ་གཅིག་ཅིང༌། དེ་ཡང་བདེ་གཤེགས་སྙིང་པོ་དང་ཤེར་ཕྱིན་ལ་སོགས་པའི་རྣམ་གྲངས་སུ་མ་ཤེས་པར་དེ་དག་ཕན་ཚུན་ཐ་དད་དུ་བཟུང་སྟེ་རྩོད་ཅིང་སྨོད་པར་བྱེད་ན་སྔགས་ལ་ཞུགས་པ་རྣམས་ལ་རྩ་བའི་ལྟུང་བར་འགྱུར་ཞིང་དོན་གཅིག་ལ་རྣམ་གྲངས་མང་པོ་ཡོད་པ་མ་མཐོང་བའི་རྒྱུས་སྐྱོན་མེད་པ་ལ་སྐྱོན་བཟུང་ན་མནར་མེད་པར་འགྲོ་བར་བསྟན་ལ། དེ་བཞིན་དུ། ཡུམ་རྒྱས་པ་ལས་ཀྱང༌། བཙུན་པ་ཤ་ར་དྭ་ཏིའི་བུ། གལ་ཏེ་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མདུན་དུ་[གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་]ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བཤད་ན་ཉེས་པ་ཅིར་འགྱུར། ཤ་ར་དྭ་ཏིའི་བུས་སྨྲས་པ། ཀེའུ་ཤི་ཀ་གལ་ཏེ་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མདུན་དུ་[གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་]ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་ན་དེ་[གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་]ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ནས་འཇིགས་པར་འགྱུར། དངངས་པར་འགྱུར། སྐྲག་པར་འགྱུར་ཏེ། ཕྱིར་ཟློག་པར་འགྱུར་རོ། །སྤོང་བར་འགྱུར་རོ། །དེ་ནི་མོས་པར་ཡང་མི་འགྱུར་ཏེ། ཀེའུ་ཤི་ཀ་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་[གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་]ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཐོས་ནས་སྤངས་པའི་ཕྱིར་དེ་ལོག་པར་ལྟུང་བར་འགྱུར་བའི་ལས་མངོན་པར་འདུ་བྱེད་ཅིང༌། སྩོགས་པ་དང༌། ལས་བྱས་པ་དང་བརྩགས་པ་དེས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་ཡང་དཀའ་བ་དེ་ལྟ་བུའི་གནས་ཡོད་དོ། །ཞེས་སོགས་རབ་ཏུ་རྒྱས་ཤིང༌། ཡུམ་པར་མ་དང༌། བསྡུས་པ་ལས་ཀྱང༌། རྒྱ་ཆེར་གསུངས་ལ། ཡོན་ཏན་རིན་ཆེན་སྡུད་པར་ཡང༌། སྔོན་སྤྱོད་ཚེ་ན་སངས་རྒྱས་ཁྲག་ཁྲིག་བཀུར་བྱས་ཀྱང༌། །[གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་]རྒྱལ་བའི་ཤེས་རབ་ཕ་རོལ་ཕྱིན་ལ་མ་དད་ན། །ཐོས་ནས་བློ་ཆུང་དེ་ཡིས་འདི་ནི་སྤོང་བྱེད་དེ། །སྤངས་ནས་སྐྱབས་མེད་གྱུར་པ་དེ་ནི་མནར་མེད་འགྲོ། །དེ་ལྟ་བས་ན་གལ་ཏེ་སངས་རྒྱས་ཡེ་ཤེས་མཆོག །རེག་པར་འདོད་ན་[གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་]རྒྱལ་བའི་ཡུམ་འདིར་དད་པར་གྱིས། །ཞེས་པ་ལ་སོགས་པས་ཤེར་ཕྱིན་ལ་སྐྲག་ཅིང་སྤོང་བ་དང་ཡིད་མི་ཆེས་ཤིང་མ་གུས་པ་ལ་སོགས་པའི་ཉེས་དམིགས་ཇི་སྙེད་གསུངས་པ་ཐམས་ཅད་བདེ་གཤེགས་སྙིང་པོ་དང་དག་པའི་བདག་ལ་སོགས་པའི་སྒྲ་ཙམ་གྱིས་སྐྲག་ནས་སྤོང་བ་དང༌། ཡིད་མི་ཆེས་པ་ལ་སོགས་པའི་ཉེས་དམིགས་སུ་འགྱུར་ཏེ་དེ་དང་དེ་དག་དོན་གཅིག་པའི་ཕྱིར་རོ། །དེ་བཞིན་དུ་ལྷའི་ཟླ་བས་བསྒྱུར་བའི་མྱང་འདས་ཆེན་པོར་ཡང༌། དཔེར་ན་བའི་འོ་མ་ཞིམ་པ་བཞིན་དུ་མདོ་འདིའི་རོ་ཡང་དེ་དང་འདྲའོ། །མདོ་སྡེ་འདི་ལས་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་སྤོང་བར་བྱེད་པ་གང་ཡིན་པ་དེ་དག་ནི་བ་ལང་དང་འདྲ་སྟེ། དཔེར་ན་དྲིན་དུ་མི་བཟོ་བ་བདག་གིས་བདག་བསད་པར་སེམས་པ་དེ་དག་མཆོག་ཏུ་མྱ་ངན་དུ་བྱ་བ་[ཡིན་པ་]དེ་བཞིན་དུ། དེ་བཞིན་གཤེགས་པའི་སྙིང་པོ་སྤངས་ནས་བདག་མེད་པ་ཙམ་སྟོན་པའི་སེམས་ཅན་གང་ཡིན་པ་དེ་དག་ནི་མཆོག་ཏུ་མྱ་ངན་དུ་བྱ་བ་ཡིན་པར་རིག་པར་བྱའོ། །ཞེས་པ་ལ་སོགས་པས་བདེ་གཤེགས་སྙིང་པོ་དང༌། དག་པའི་བདག་ལ་སོགས་པ་སྤོང་བ་དང་དེ་དག་ལ་ཡིད་མི་ཆེས་པའི་ཉེས་སྐྱོན་རྒྱ་ཆེར་གསུངས་པ་རྣམས་ཀྱང་ཤེར་ཕྱིན་ཟབ་མོ་སྤངས་པ་ལ་སོགས་པའི་ཉེས་སྐྱོན་དུ་འགྱུར་ཏེ་དེ་དང་དེ་དག་དོན་གཅིག་པ་ཉིད་ཀྱིས་སོ། །དེ་བཞིན་དུ། རྒྱུད་བླ་མར་ཡང༌། ཉོན་མོངས་[ཤིང་]རྨོངས་[པའི་]བདག་[ཉིད་]རྣམས་ཀྱིས་འཕགས་[པ་]ལ་སྐུར་བ་དང༌། །དེས་གསུངས་ཆོས་ལ་བརྙས་[པ་]གང་[ཡིན་པ་]དེ་ཀུན་[ལོག་པ་ལ་ཡང་དག་ཏུ་]ཞེན་ལྟས་བྱས། །དེས་ན་ཞེན་ལྟའི་དྲི་ཅན་དེ་ལ་བློ་མི་སྦྱར། །གོས་གཙང་ཚོན་གྱིས་རྣམ་བསྒྱུར་སྣུམ་གྱིས་གོས་པ་[བཟང་པོ་]མིན[པ་བཞིན་ནོ]། །[ཆོས་སྤོང་བའི་རྒྱུ་བཅུ་ནི་]བློ་དམན་ཕྱིར་དང་དཀར་མོས་བྲལ་ཕྱིར་ལོག་པའི་ང་རྒྱལ་ལ་བརྟེན་ཕྱིར། །དམ་ཆོས་[ཀྱིས་]ཕོངས་པས་བསྒྲིབས་པའི་བདག་ཕྱིར་དྲང་དོན་དེ་ཉིད་ངེས་འཛིན་ཕྱིར། །རྙེད་[པ་]ལ་བརྐམ་ཕྱིར་ལྟ་བ[ངན་པ]འི་དབང་[དུ་སོང་བའི་]ཕྱིར་ཆོས་སུན་འབྱིན་པ་བསྟེན་ཕྱིར་དང༌།།ཆོས་འཛིན་བསྲིངས་ཕྱིར་མོས་པ་དམན་ཕྱིར་དགྲ་བཅོམ་[ཆེན་པོ་]རྣམས་ཀྱི་ཆོས་སྤོང་བྱེད། །[དེས་ན་ཆོས་སྤོང་གི་ལས་སྤོང་བ་ལ་གཞན་གང་བས་ཀྱང་གལ་ཆེ་བར་བྱ་དགོས་ཏེ།]ཇི་ལྟར་ཟབ་མོའི་ཆོས་ཉམས་དེ་བཞིན་མཁས་པ་རྣམས་ཀྱིས་མེ་དང་ནི། །མི་བཟད་སྦྲུལ་གདུག་གཤེད་མ་དང་ནི་ཐོག་ལའང་ཤིན་ཏུ་འཇིགས་མི་བྱ། །མེ་སྦྲུལ་དགྲ་དང་རྡོ་རྗེའི་མེས་ནི་སྲོག་དང་བྲལ་བ་ཙམ་བྱེད་དེ། །དེ་ལས་མནར་མེད་རྣམས་ཀྱི་འགྲོ་བ་ཤིན་ཏུ་འཇིགས་པར་འགྲོ་མི་འགྱུར[ལ་ཆོས་སྤོང་གིས་ནི་དེར་འགྲོ་བར་འགྱུར་བས་སོ]། །[གཞན་ཡང་]གང་ཞིག་ཡང་ཡང་སྡིག་གྲོགས་བསྟེན་པས་སངས་རྒྱས་[ལ་]ངན་སེམས་ལྡན་གྱུར་དང༌། །ཕ་མ་[དང་]དགྲ་བཅོམ་གསོད་པ་བྱ་བ་མིན་བྱེད་མཆོག་ཚོགས་[མཐུན་པའི་དགེ་འདུན་]འབྱེད་པའི་མི། །དེ་ཡང་ཆོས་ཉིད་[བདེ་གཤེགས་སྙིང་པོ་]ངེས་པར་བསམས་ན་མྱུར་དུ་དེ་ལས་ཐར་འགྱུར་གྱི། །གང་ཞིག་ཡིད་ནི་[དོན་དམ་གཞན་སྟོང་གི་]ཆོས་ལ་སྡང་བ་དེ་ལ་ཐར་པ་ག་ལ་ཡོད། །ཅེས་དང༌། མདོ་སྡེའི་རྒྱན་དུ་ཡང༌། འགྲོ་བ་[གང་དག་སྐྲག་པ་]དེའི་གནས་མིན་[ས་བདག་ཞེས་པ་ཙམ་དང༌། རྟག་པ་དང་ཐེར་ཟུག་དང་གཡུང་དྲུང་དང་བདེན་པ་དང་ཡང་དག་པ་དང་ཡོད་པ་དང་མི་སྟོང་བ་ཞེས་པ་ལ་སོགས་པའི་མིང་ཙམ་]ལ་སྐྲག་པ་[རྣམས་སྡུག་བསྔལ་གྱིས་]གདུང་བྱེད་འགྱུར། །བསོད་ནམས་མ་ཡིན་[པའི་]ཕུང་[པོ་]ཆེན་[པོ་]བསགས་བྱས་ཡུན་རིང་དུ། །[ཆོས་ཟབ་མོས་སྐྲག་པའི་རྒྱུ་བཞི་ནི་རྒྱས་པའི་]རིགས་[སད་པ་]མེད་[པ་དང་]གྲོགས་ངན་[དང་འགྲོགས་པ་དང་]སྔཽན་དགེ་[བ་]མ་བསགས་[པ་དང་ཐེག་ཆེན་མཐར་ཐུག་ལ་]བློ་མ་སྦྱངས[པ་སྟེ་དེ་རྣམས]། །[སྟོང་གཞི་དོན་དམ་གྱི་]ཆོས་འདིས་སྐྲག་འགྱུར་འདི་ན་དོན་ཆེན་འདི་ལས་ལྟུང༌། །ཞེས་དང༌། བདག་གིས་མི་ཤེས་[པ་དང་]སངས་རྒྱས་[ཀྱིས་]ཟབ་མོ་མཁྱེན་མ་ཡིན [ཞེས་པ་དང་]། །ཟབ་མོ་ཅི་ཡི་ཕྱིར་ན་རྟོག་གེའི་ཡུལ་མ་ཡིན[ཞེས་པ་དང་]། །ཅི་ཕྱིར་ཟབ་མོའི་དོན་རིག་པ་དག་ཐར་འགྱུར་ཞེས། །བྱ་བ་[རྒྱུ་མཚན་ལྟར་སྣང་བཞི་པོ་]དེ་ནི་སྐྲག་པའི་གནས་སུ་རིགས་མ་ཡིན། ཞེས་དང༌། [དོན་གཅིག་པོ་]དེ་ལས་གཞན་དང་གཞན་[ཐ་དད་དུ་སོང་བ་]མེད་[ལ་]ཤིན་ཏུ་ཟབ་ཅིང་[ཀུན་ལ་]རྗེས་སོང་ཕྱིར། །[གཤིས་ལུགས་ཟབ་མོ་གཅིག་ཉིད་རྣམ་པ་]སྣ་ཚོགས་[ཀྱིས་]སྟོན་ཅིང་[མིང་ཚིག་ཡི་གེ་]མང་པོའི་སྒོ་ནས་རྟག་ཏུ་སྟོན་དང་ལྡན[ཡང་]། །[སྟོང་ཉིད་བདག་མེད་ལ་སོགས་]ཇི་སྐད་བཤད་བཞིན་དོན་མིན་[སྟོང་གཞི་དང་བདག་མེད་པའི་གཞི་ལ་དགོངས་པ་ལ་སོགས་]བཅོམ་ལྡན་དགོངས་པ་ཤིན་ཏུ་ཟབ། །མཁས་པ་རྣམས་ཀྱིས་[མེད་པ་དང་མེད་པའི་གཞི་གང་ཡིན་ཞེས་སོགས་སུ་]ཚུལ་བཞིན་བརྟགས་ན་[དོན་དམ་གཞན་སྟོང་གི་]ཆོས་འདིར་སྐྲག་མི་འགྱུར[ཡང་ན་འགྲེལ་པ་ལྟར་བཤད་དོ]། །ཞེས་དང༌། དོན་[ལ་]སྒྲ་ཇི་བཞིན་ཡོངས་རྟོག་ན། །[རང་སྟོང་གང་ཡིན་དོན་དམ་དང་ཆོས་སྐུ་ལ་སོགས་པ་ཡིན་ཞིང༌། རང་སྟོང་མ་ཡིན་པ་འགལ་ཡང་མེད་པས་གང་ཤར་ཐམས་ཅད་ཆོས་སྐུ་ཡིན་པའི་ཕྱིར་འབྲས་བུ་ཕྱི་དུས་ལ་མ་ལུས་པར་ད་ལྟ་ཉིད་དུ་ཐོབ་ཟིན་པས་ཉམས་རེ་དགའ་ཞེས་སོགས་སུ་]བདག་ཉིད་སྙེམས་ཤིང་བློ་ཉམས་འགྱུར། །[སྟོང་ཙམ་དང་སྟོང་གཞི་ལ་སོགས་པའི་ཁྱད་པར་]ལེགས་པར་གསུངས་པའང་སྤངས་པས་ན། །བརླག་[པར་]འགྱུར་[བས་]ཆོས་ལ་ཁོང་ཁྲོ་[ནི་]སྒྲིབ[པ་ཆེ]། །ཅེས་[པའི་བཤད་པ་འདི་དག་བྱ་རྒོད་ཀྱི་ལྟ་ལུགས་ལྟར་གནམ་འཕང་བཅད་དེ་མཐོ་ས་ནས་བལྟས་པ་ཡིན་པས་འགའ་ཞིག་ལ་སྔར་གྲགས་པ་དང་མི་མཐུན་ཡང་སྐྱོན་མེད་པ་]དང༌། དབུ་མའི་ཆོས་མངོན་པར་ཡང༌། ཅིའི་ཕྱིར་ཤིན་ཏུ་རྒྱས་པ་ལ་སེམས་ཅན་ཁ་ཅིག་རྒྱ་ཆེ་བ་དང་ཟབ་པར་མི་མོས་ཤིང་སྐྲག་པར་འགྱུར་ཞེ་ན། ཆོས་ཉིད་[ཇི་ལྟར་རྟོགས་པའི་ཤེས་རབ་]དང་བྲལ་བ་དང༌། དགེ་བའི་རྩ་བ་མ་བསྐྱེད་པ་དང༌། སྡིག་པའི་གྲོགས་པོས་ཡོངས་སུ་ཟིན་པའི་ཕྱིར་རོ། །ཞེས་དང༌། ཅིའི་ཕྱིར་ཤིན་ཏུ་རྒྱས་པ་ལ་སེམས་ཅན་ཁ་ཅིག་མོས་ཀྱང་ངེས་པར་འབྱུང་བར་མི་འགྱུར་ཞེ་ན། བདག་ཉིད་ལྟ་བ་མཆོག་ཏུ་འཛིན་པ་ལ་གནས་པ་དང༌། [བདག་མེད་ཐར་པ་མེད་ཆོས་ཐམས་ཅད་སྟོང་ཞེས་སོགས་]དོན་ལ་སྒྲ་ཇི་བཞིན་དུ་མངོན་པར་ཞེན་པའི་ཕྱིར་རོ། །འདི་ལ་དགོངས་ནས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་མེ་ལོང་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལས་གསུངས་པ། བྱང་ཆུབ་སེམས་དཔའ་སྒྲ་ཇི་བཞིན་དུ་ཚུལ་བཞིན་མ་ཡིན་པར་ཆོས་རྣམ་པར་འབྱེད་པ་ལ་ལྟ་བ་ངན་པ་ཉི་ཤུ་རྩ་བརྒྱད་འབྱུང་སྟེ། ལྟ་བ་ངན་པ་ཉི་ཤུ་རྩ་བརྒྱད་པོ་གང་ཞེ་ན། [ཐམས་ཅད་མེད་པ་ལ་སོགས་པར་ཞེན་པའི་]མཚན་མར་ལྟ་བ་དང༌། བཏགས་པ་[ཀུན་བརྟགས་]ལ་སྐུར་བ་འདེབས་པའི་ལྟ་བ་དང༌། ཀུན་ཏུ་རྟོག་པ་[གཞན་དབང་]ལ་སྐུར་བ་འདེབས་པའི་ལྟ་བ་དང༌། དེ་ཁོ་ན་ལ་[ཆོས་ཉིད་ཡོངས་གྲུབ་]སྐུར་བ་འདེབས་པའི་ལྟ་བ་དང༌། [དེ་ལྟར་ཐམས་ཅད་མེད་པར་སྒྲུབ་པ་ལ་རིགས་པ་ལྟར་སྣང་]ཡོངས་སུ་འཛིན་པའི་ལྟ་བ་དང༌། [སྟོང་གཞི་སྟོན་པའི་ལུང་རྣམས་ཀྱང་ཆད་ལྟ་དེ་དང་མཐུན་པར་]སྒྱུར་བའི་ལྟ་བ་དང༌། [དེ་ལྟར་ཐམས་ཅད་རང་སྟོང་དུ་རྟོགས་ན་སྡིག་པ་བྱས་ཀྱང་]ཁ་ན་མ་ཐོ་བ་མེད་པར་ལྟ་བ་དང༌། [དེས་སྔོན་གྱི་སྒྲིབ་པ་ལས་]ངེས་པར་འབྱུང་བར་ལྟ་བ་དང༌། [ལྟ་བ་དེ་ལས་བཟློག་པ་ལ་ཁྱད་གསོད་བྱེད་པས་]དབང་ཟ་བའི་ལྟ་བ་དང༌། [ལྟ་བ་དེ་ལ་མི་མོས་པ་ལ་]རབ་ཏུ་འཁྲུག་པའི་ལྟ་བ་དང༌། [ལྟ་བ་དེ་དག་གསུང་རབ་དང་མི་མཐུན་ཡང་མཐུན་ནོ་སྙམ་པ་]ཕྱིན་ཅི་ལོག་ཏུ་ལྟ་བ་དང༌། [ལྟ་བ་དེ་ལྟ་བུ་ལ་བཀོད་ན་བསོད་ནམས་]འཕེལ་[སྙམ་]བའི་ལྟ་བ་དང༌། [གཞན་གྱིས་དྲིས་ན་ངེད་ལ་ཁས་ལེན་མེད་ཅེས་སོགས་]ཁས་མི་ལེན་པའི་ལྟ་བ་དང༌། [ཚིག་དོར་དང་ལྟག་གཅོད་ཀྱིས་གཞན་ལ་ཅོ་འདྲི་བ་]ངན་གཡོའི་ལྟ་བ་དང༌། [དེ་ལྟར་སྒྲུབ་ན་སངས་རྒྱས་ལ་]བཀུར་སྟིའི་[མཆོག་ཏུ་འགྱུར་སྙམ་དུ་]ལྟ་བ་དང༌། [ཤེས་བྱེད་ཡང་དག་གི་ལྟ་ངན་དེ་བཟློག་ཀྱང་མི་བཟློགས་པ་ནི་]རྨོངས་པ་བརྟན་བའི་ལྟ་བ་དང༌། [ལྟ་ངན་དེ་དག་གི་གནས་ངན་ལེན་ནི་]རྩ་བའི་ལྟ་བ་དང༌། [སྔར་བསྟན་པའི་མཚན་མར་ལྟ་བ་ནི་]ལྟ་བ་ལ་ལྟ་བ་མ་ཡིན་པར་ལྟ་བ་དང༌། [ངོ་བོ་ཉིད་གསུམ་ལ་སྐུར་བ་འདེབས་པ་ནི་]སྦྱོར་བ་སེལ་བའི་ལྟ་བ་དང༌། [ཡོངས་སུ་འཛིན་པའི་ལྟ་བ་དང་བསྒྱུར་བའི་ལྟ་བ་ནི་]ངེས་པར་འབྱིན་པ་མ་ཡིན་པའི་ལྟ་བ་དང༌། [ཁ་ན་མ་ཐོ་བ་མེད་པར་ལྟ་བ་དང་ངེས་པར་འབྱུང་བར་ལྟ་བ་ནི་]སྒྲིབ་པ་སྩོགས་པའི་ལྟ་བ་དང༌། [དབང་ཟ་བའི་ལྟ་བ་དང་རབ་ཏུ་འཁྲུག་པའི་ལྟ་བ་ནི་]བསོད་ནམས་མ་ཡིན་པ་འཕེལ་བའི་ལྟ་བ་དང༌། [ཕྱིན་ཅི་ལོག་ཏུ་ལྟ་བ་དང་འཕེལ་བའི་ལྟ་བ་ནི་]འབྲས་བུ་མེད་པའི་ལྟ་བ་དང༌། [ཁས་མི་ལེན་པའི་ལྟ་བ་དང་ངན་གཡོའི་ལྟ་བ་ནི་]ཆད་པས་བཅད་པའི་ལྟ་བ་དང༌། [བཀུར་བསྟིའི་ལྟ་བ་ནི་]སྐུར་བ་འདེབས་པའི་ལྟ་བ་དང༌། [རྨོངས་པ་བརྟན་པའི་ལྟ་བ་ནི་]བསྙད་པ་མ་ཡིན་པའི་ལྟ་བ་[སྟེ་དེ་དང་འབེལ་གཏམ་བྱ་བ་བཀག་པའི་ཕྱིར་]དང༌། [རྩ་བའི་ལྟ་བ་ནི་]ལྟ་བ་ཆེན་པོ་[སྟེ་དེ་ལས་ལྟ་ངན་ཐམས་ཅད་རྒྱས་པར་འགྱུར་བའི་ཕྱིར་]དང༌། [དེ་ལྟར་ལྟ་ངན་ཉེར་བདུན་པོ་ཐམས་ཅད་ནི་]མངོན་པའི་ང་རྒྱལ་གྱི་ལྟ་བའོ། །[ཡང་མདོ་དེ་ཉིད་ལས། འདི་དག་ནི་བཅུ་བདུན་ཡིན་ཡང་བཅུར་འགྱུར་རོ། །བཅུ་ཡིན་ཡང་བཅུ་བདུན་དུ་འགྱུར་རོ། །ཉི་ཤུ་རྩ་བདུན་ཡིན་ཡང་གཅིག་ཏུ་འགྱུར་རོ། །གཅིག་ཡིན་ཡང་ཉི་ཤུ་རྩ་བདུན་དུ་འགྱུར་རོ།།]ཞེས་གསུངས་[ཤིང་ཐེག་པ་ཆེན་པོ་ལ་དད་པ་རབ་ཏུ་སྒོམ་པའི་མདོར་ཡང་འདི་དང་མཐུན་པ་ཞིབ་བཤད་བཅས་པ་བཀའ་སྩལ་]པས་འགའ་ཞིག་ཏུ་སྒྲ་ཇི་བཞིན་པར་བཟུང་བ་དང༌། དགོངས་པའི་དོན་ནམ་དགོངས་ཏེ་གསུངས་པའི་དོན་མ་ཤེས་པ་དང་ཟབ་མོའི་དོན་གཅིག་ཉིད་རྣམ་གྲངས་མང་པོས་བཀའ་སྩལ་པར་མ་རྟོགས་པ་ལས། བདེ་གཤེགས་སྙིང་པོ་དག་པའི་བདག་ཉིད་སྤོང་བ་ལ་སོགས་པ་ཆོས་སྤོང་གི་ལས་རླབས་པོ་ཆེར་འགྱུར་བ་དགག་པའི་དོན་དུ། མྱང་འདས་ཆེན་པོ་ལ་སོགས་པ་འཁོར་ལོ་ཐ་མའི་མདོ་སྡེ་ཟབ་མོ་རྣམས་དང༌། སེམས་འགྲེལ་གྱིས་གསལ་བར་བྱས་པའི་རྒྱུད་སྡེ་ཟབ་མོ་རྣམས་ཀྱི་མན་ངག་ལས་བདེ་གཤེགས་སྙིང་པོ་དག་པའི་བདག་ལ་དགོངས་ཏེ། སྟོང་ཉིད་དང་བདག་མེད་ལ་སོགས་པར་གསུངས་པ་དང༌། སྟོང་ཞིང་བདག་མེད་པའི་གཞི་ལ་དགོངས་ཏེ་བདེ་གཤེགས་སྙིང་པོ་དང་ཆོས་ཉིད་ཀྱི་བདག་ལ་སོགས་པར་གསུངས་པ་རྣམས་ཀྱི་དགོངས་པ་མི་འགལ་ཞིང་དོན་གཅིག་པ་ཉིད་དུ་རྟོགས་དགོས་སོ། །

དེའི་ཐབས་ལ་གུས་པར་གདམས་པ།

དེ་ཡང་མྱང་འདས་ཆེན་པོར། གཞན་ཡང་རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ཤིང་པ་ལ་ཤ་དང་ཀ་ནི་ཀ་དང༌། ཨ་ཤོ་ཀ་ནི་ཐན་ཆེན་བྱུང་ན་མེ་ཏོག་དང་འབྲས་བུ་མི་སྐྱེ་སྟེ། གཞན་ཡང་ཆུ་ལས་སྐྱེ་བ་ཐམས་ཅད་ཀྱང་སྣུམ་[སྟེ་རླན་]མེད་ན་ཚད་དུ་ཕྱིན་པར་མི་སྐྱེ་ཞིང་སྨན་ཐམས་ཅད་ཀྱང་མཐུ་ཆུང་བར་འགྱུར་རོ། །རིགས་ཀྱི་བུ་ཐེག་པ་ཆེན་པོའི་མདོ་སྡེ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་འདི་ཡང་དེ་དང་འདྲ་སྟེ། ང་མྱ་ངན་ལས་འདས་ནས་སེམས་ཅན་དག་སྟི་སྟང་མི་བྱེད་དོ། །གཟི་བརྗིད་ཀྱང་ཆུང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་དེ་དག་དེ་བཞིན་གཤེགས་པས་[སྟོང་ཉིད་དང་བདག་མེད་ལ་དགོངས་ཏེ་བདེ་གཤེགས་སྙིང་པོ་དང་བདེ་གཤེགས་སྙིང་པོ་ལ་]དགོངས་ཏེ་[སྟོང་ཉིད་དང་བདག་མེད་]གསུངས་པ[འི་དགོངས་པ་]མི་ཤེས་པའི་ཕྱིར་རོ།།དེ་ཡང་ཇི་ལྟར་ཞེ་ན། སེམས་ཅན་དག་བསོད་ནམས་ཆུང་བའི་ཕྱིར་རོ། །རིགས་ཀྱི་བུ་གཞན་ཡང་དེ་བཞིན་གཤེགས་པའི་དམ་པའི་ཆོས་རྣམ་པར་འཇིག་ཅིང་ཟད་དུ་ཉེ་བ་ན། དེའི་ཚེ་དེའི་དུས་ན། དགེ་སློང་སྡིག་པ་སྤྱོད་པ་མང་སྟེ། དེ་བཞིན་གཤེགས་པས་[ཆོས་ཐམས་ཅད་ཀྱིས་སྟོང་པའི་གཞི་དང་བདག་མེད་པའི་གཞི་ལ་]དགོངས་ཏེ་གསུངས་པའི་[བདེ་གཤེགས་]སྙིང་པོ་མི་ཤེས་པས་ལེ་ལོ་དང་སྙོམ་ལས་བྱེད་དེ། དེ་བཞིན་གཤེགས་པའི་ཡང་དག་པའི་ཆོས་ཀློག་པ་དང་འདོན་པ་དང་རྣམ་པར་འབྱེད་ཅིང་སྟོན་མི་ནུས་སོ། །དཔེར་ན་རྐུན་པོ་གླེན་པ་དག་རིན་པོ་ཆེ་ཡང་དག་པ་བོར་ནས་ཕུབ་མ་ཁུར་དུ་ཁྱེར་བ་དང་འདྲ་བར་དེ་བཞིན་གཤེགས་པས་[ཆོས་ཐམས་ཅད་ཀྱིས་སྟོང་པའི་གཞི་དང་བདག་མེད་པའི་གཞི་ལ་]དགོངས་ཏེ་གསུངས་པའི་[བདེ་གཤེགས་]སྙིང་པོ་མི་ཤེས་པས་[བདེ་གཤེགས་སྙིང་པོ་གསལ་པར་སྟོན་པའི་]མདོ་སྡེ་འདི་ལ་ལེ་ལོ་བྱེད་དེ་བརྩོན་འགྲུས་མི་བསྐྱེད་དོ། །ཀྱེ་ཧུད་དེ་དག་ནི་མ་འོངས་པའི་དུས་སུ་ཤིན་ཏུ་འཇིགས་པའི་གཡང་ས་ཆེན་པོར་ལྟུང་བར་འགྱུར་རོ།།ཀྱེ་ཧུད་སེམས་ཅན་དེ་དག་ནི་[བདེ་གཤེགས་སྙིང་པོ་གསལ་པར་སྟོན་པའི་]ཐེག་པ་ཆེན་པོའི་མདོ་སྡེ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་འདི་ལ་བརྩོན་པར་མི་བྱེད་ཀྱི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འབའ་ཞིག་གིས་ནི་[བདེ་གཤེགས་སྙིང་པོ་གསལ་པར་སྟོན་པའི་]མདོ་སྡེ་འདིའི་དོན་ཡང་དག་པ་ཇི་ལྟ་བ་བཞིན་དུ་[རྟོགས་ནས་]འཇུག་སྟེ། [ཡིག་]འབྲུ་དང་ཚིག་ལ་མི་ཆགས་པར་[དོན་ཟབ་མོ་]དེའི་རྗེས་སུ་གཞོལ་ཞིང་[དགོངས་པ་དང་]འགལ་བར་མི་བྱེད་ཀྱི་སེམས་ཅན་རྣམས་ལ་ཡང་དེ་བཞིན་དུ་སྟོན་ཏོ། །ཞེས་སོགས་དང༌། མདོ་སྡེ་[གསུང་རབ་ཡན་ལག་]བཅུ་གཉིས་ལས་ནི་མདོའི་སྡེ་འབྱུང་ངོ༌། །མདོའི་སྡེ་ལས་ནི་ཤིན་ཏུ་རྒྱས་པའི་སྡེ་འབྱུང་ངོ༌། །ཤིན་ཏུ་རྒྱས་པའི་མདོ་སྡེ་ལས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་ངོ༌། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་མར་གྱི་སྙིང་པོ་ལྟ་བུ་འབྱུང་ངོ༌། །མར་གྱི་སྙིང་པོ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་རང་བཞིན་གྱི་དཔེའོ། །སངས་རྒྱས་ཀྱི་རང་བཞིན་ཞེས་བྱ་བ་ནི་[གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་]དེ་བཞིན་གཤེགས་པའོ། །ཞེས་དང༌། རིགས་ཀྱི་བུ་ཁྱོད་ཀྱིས་གོང་དུ་དེ་བཞིན་གཤེགས་པ་འོད་སྲུང་ལ་མདོ་སྡེ་འདི་ཡོད་དམ་ཞེས་དྲིས་པ་ནི་རིགས་ཀྱི་བུ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་[ཆོས་ཐམས་ཅད་ཀྱིས་སྟོང་ཞིང་བདག་མེད་པའི་གཞི་ལ་]དགོངས་ཏེ་གསུངས་པའི་[བདེ་གཤེགས་]སྙིང་པོ[སྟོན་པ]འོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་རྣམས་ལ་མདོ་སྡེ་བཅུ་གཅིག་མངའ་མོད་ཀྱི། དེ་དག་ལ་སངས་རྒྱས་ཀྱི་རང་བཞིན་དང༌། དེ་བཞིན་གཤེགས་པའི་རྟག་པ་དང་བདེ་བ་དང་བདག་དང་ཡོངས་སུ་དག་པ་[གསལ་བར་]མི་འཆད་པ་[དོན་དམ་གྱི་]སངས་རྒྱས་བཅོམ་ལྡན་འདས་རྣམས་མཐའ་ཡུན་དུ་མྱ་ངན་ལས་མི་འདའ་[བ་སྟེ་མི་རྟག་པར་མི་འགྱུར་]བས། དེའི་ཕྱིར་[སངས་རྒྱས་ཐེར་ཟུག་གསལ་བར་སྟོན་པའི་]མདོ་སྡེ་འདི་ནི་དེ་བཞིན་གཤེགས་པའི་དགོངས་པ[མཐར་ཐུག་པ]འི་སྙིང་པོ་[གསལ་བར་སྟོན་པ་]ཞེས་བྱའོ། །ཞེས་སོགས་དང༌། རིགས་ཀྱི་བུ་ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་འདི་ནི། ཚད་མེད་དཔག་ཏུ་མེད་བསམ་གྱིས་མི་ཁྱབ་པའི་བསོད་ནམས་ཀྱི་ཕུང་པོར་རིག་པར་བྱའོ། །དེ་ཅྀའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པའི་གསང་བའི་སྙིང་པོ་[གསལ་བར་]འཆད་པའི་ཕྱིར་རོ། །དེ་བས་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དག་དེ་བཞིན་གཤེགས་པའི་གསང་བའི་སྙིང་པོ་མྱུར་དུ་ཤེས་པར་འདོད་ན། མདོ་སྡེ་འདི་ལ་སྦྱཽར་བའི་ནན་ཏན་ལ་བརྩོན་འགྲུས་སུ་བྱའོ། །ཞེས་སོགས་དང༌། ལྷའི་ཟླ་བས་བསྒྱུར་བའི་མྱང་འདས་ཆེན་པོར་ཡང༌། དཔེར་ན་ནམ་མཁའ་ལས་འབྲུག་སྒྲ་གྲགས་ན་ཤ་མོ་མྱུར་དུ་རབ་ཏུ་སྐྱེ་བར་འགྱུར་ལ། སོས་ཀ་ནི་ཤ་མོའི་མིང་ཡང་མེད་དོ། །འབྲུག་སྒྲས་འཐོན་པར་འགྱུར་བ་དེ་བཞིན་དུ་དེ་བཞིན་གཤེགས་པའི་སྙིང་པོ་དེ་ཡང༌། ཉོན་མོངས་པའི་རྣམ་པས་བསྒྲིབས་པས་[དག་པའི་]བདག་[ཡོད་ཀྱང་]མེད་པ་བཞིན་དུ་སྣང་ལ། མདོ་ཆེན་པོ་འདི་ཐོས་པ་གང་ཡིན་པ་དེ་དག་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་འདི་ཐོས་མ་ཐག་ཏུ་ཤ་མོ་བཞིན་དུ་དེ་བཞིན་གཤེགས་པའི་སྙིང་པོའི་ཤེས་པ་སྐྱེ་བར་འགྱུར་རོ། །[སྟོང་གཞི་དོན་དམ་གཞན་སྟོང་བདེ་གཤེགས་སྙིང་པོ་མི་གསལ་བའི་]མདོ་སྡེ་ཐམས་ཅད་དང་ཏིང་ངེ་འཛིན་ཐམས་ཅད་ནི་སོས་ཀའི་དུས་དང་འདྲ་སྟེ། [སྟོང་གཞི་དོན་དམ་གཞན་སྟོང་བདེ་གཤེགས་སྙིང་པོ་མི་གསལ་བའི་]མདོ་སྡེ་ཐམས་ཅད་དང་ཏིང་ངེ་འཛིན་ཐམས་ཅད་ཐོས་པས་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པར་ཡང་དག་པར་མི་ཤེས་སོ། །དབྱར་གྱི་ནམ་ལ་ཤ་མོ་སྐྱེ་བ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་འདི་ལས་དགོངས་པའི་ཚིག་གསང་བ་ཐམས་ཅད་འབྱུང་སྟེ། མདོ་སྡེ་འདི་ཐོས་མ་ཐག་ཏུ་དབྱར་གྱི་ནམ་ལ་ཤ་མོ་སྐྱེ་བ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པར་ཡང་དག་པར་ཤེས་པར་འགྱུར་རོ། །ཞེས་དང༌། རིགས་ཀྱི་བུ་གཞན་ཡང་དཔེར་ན། ཆུ་ཀླུང་ཐམས་ཅད་ནི་རྒྱ་མཚོའི་ཁོངས་སུ་འདུས་སོ། །རིགས་ཀྱི་བུ་དེ་བཞིན་དུ་མདོ་སྡེ་ཐམས་ཅད་དང༌། ཏིང་ངེ་འཛིན་ཐམས་ཅད་དང༌། ཐེག་པ་ཆེན་པོ་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་འདིའི་ཁོངས་སུ་འདུས་སོ། །ཅིའི་ཕྱིར་ཞེ་ན། འདི་ལས་དེ་བཞིན་གཤེགས་པའི་སྙིང་པོ་ཤིན་ཏུ་ཡོངས་སུ་མཐར་ཐུག་པ་གསལ་བར་བསྟན་པའི་ཕྱིར་ཏེ། ཞེས་སོགས་རྒྱ་ཆེར་བཀའ་སྩལ་པའི་ཕྱིར་དེ་བཞིན་ཉིད་དང་ཡུམ་ཆེན་མོ་དང་ངོ་བོ་ཉིད་སྐུ་དང་ཕྱག་རྒྱ་ཆེན་པོ་དང་རྡོ་རྗེ་འཆང་ཆེན་དང༌། རྡོ་རྗེ་སེམས་དཔའ་ལ་སོགས་པ་དང་དོན་གཅིག་པའི་བདེ་གཤེགས་སྙིང་པོ་དག་པའི་བདག་ཉིད་སངས་རྒྱས་ཀྱི་རང་བཞིན་ནམ་རང་བཞིན་གྱི་སངས་རྒྱས་ལ་སྨོད་ཅིང་སྐུར་བ་གདབ་པར་མི་བྱའི།

དེ་ལ་དད་པའི་ཕན་ཡོན་བླང་བར་གདམས་པ་ལ་གཉིས། ཕན་ཡོན་རླབས་ཆེན་ཐོབ་པར་བྱ་བ།

དད་ཅིང་གུས་པ་དང་ཡིད་ཆེས་པ་ཉིད་དུ་བྱ་སྟེ། དེ་ལྟར་བྱས་ན་ཕན་ཡོན་ཆེན་པོ་དཔག་ཏུ་མེད་པ་འབྱུང་བའི་ཕྱིར་རོ། །དེ་ཡང་སོར་ཕྲེང་གི་མདོར། དེ་བཞིན་གཤེགས་པའི་སྙིང་པོ་རྟག་པ་སེམས་ཅན་ཐམས་ཅད་ལ་ཡོད་པར་ཤེས་པའི་རྒྱུས་འཇིག་རྟེན་ན་བདེ་བའི་རྣམ་པ་མཆོག་རྣམས་དང་ཕུན་སུམ་ཚོགས་པ་ཇི་སྙེད་ཡོད་པ་ཐམས་ཅད་རྙེད་པར་འགྱུར་རོ། །དེ་བཞིན་གཤེགས་པའི་སྙིང་པོ་རྟག་པ་ཐོས་པས་སྔོན་བྱུང་བ་དང་ད་ལྟར་དང་མ་འོངས་པ་དང༌། དུས་གསུམ་དུའང་ཕུན་སུམ་ཚོགས་པ་ཐམས་ཅད་དང་མཐོ་རིས་དང་ས་སྟེང་གི་བདེ་བ་ཐམས་ཅད་རྟག་ཏུ་ཐོབ་པར་འགྱུར་རོ། །ཞེས་དང༌། དེ་བཞིན་གཤེགས་པ་རྟག་པའོ་ཞེས་བསྟན་པ་མི་འཆི་བའི་ཚིག་འདི་ལས་ཤེས་རབ་ཆེན་པོ་སྐྱེ་སྟེ། དེ་ལྟར་སྟོན་པ་ཤེས་རབ་དང་ལྡན་པ་དེ་ནི་སངས་རྒྱས་ཡིན་ནོ། །ཞེས་དང༌། ལེགས་སོ་ལེགས་སོ་དེ་བཞིན་གཤེགས་པའི་སྙིང་པོ་སྟོན། །ལེགས་བརྗོད་གར་བགྱིད་དེ་བཞིན་གཤེགས་པའི་སྙིང་པོ་ཐོས། །[དྲང་སྲོང་]མེ་སྦྱིན་ལྟ་བུར་སྒྲ་སྙན་ཐེག་ཆེན་མདོ་སྡེ་ཀླག །མི་འམ་ཅི་དང་དྲི་ཟའི་རྔ་དང་རྔ་ཕྲན་དང༌། །སིལ་སྙན་དག་གིས་[དོན་དམ་བདེ་གཤེགས་སྙིང་པོ་སྟོན་པའི་]གླེགས་བམ་ལ་ཡང་མཆོད་པར་བགྱི། །སེམས་ཅན་གང་རྣམས་དེ་ལྟར་རྟག་ཏུ་མཆོད་བགྱིད་པ། །དེ་དག་འཇིག་རྟེན་དུ་ནི་ཁོར་མོར་མིག་གཅིག་པུ[རྣམས་སུ་སྐྱེ་ལ]། །ཕྱི་དུས་སངས་རྒྱས་འགྱུར་ཞེས་དེ་བཞིན་གཤེགས་པ་གསུང༌། །ཞེས་དང༌། ཡང་འཇམ་དཔལ་དེ་བཞིན་ཏེ། ལྷོ་ཕྱོགས་ཀྱི་རྒྱུད་དུ་ངའི་བསྟན་པ་ལོ་དུ་མ་ཞིག་གནས་པར་འགྱུར་རོ། །ཁྱོད་ལྟ་བུ་ཤིན་ཏུ་དཀའ་བ་བྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་རང་གི་སྲོག་ཀྱང་བཏང་ནས། དེ་བཞིན་གཤེགས་པ་རྟག་པ་དང་དེ་བཞིན་གཤེགས་པ་ཐེར་ཟུག་དང༌། དེ་བཞིན་གཤེགས་པ་གཡུང་དྲུང་ངོ༌། །ཞེས་སེམས་ཅན་ཐམས་ཅད་ལ་ཕན་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པར་འགྱུར་ཏེ། ཞེས་དང༌། འཇམ་དཔལ་ཁྱོད་ལྟ་བུ་ནི་དམ་པའི་ཆོས་ལོ་བརྒྱད་བཅུའི་བར་དུ་གནས་པར་འགྱུར་བའི་ཚེ་དམ་པའི་ཆོས་ཀྱི་ཁུར་ཆེན་པོ་ཁྱེར་ཏེ། བདག་གིས་དམ་པའི་ཆོས་ཕྲག་པར་བཀུར་རོ་སྙམ་ནས་འཛམ་བུའི་གླིང་དང་གླིང་ཕྲན་ཐམས་ཅད་ཀྱི་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་པོ་རྟག་པ་ཐེར་ཟུག་ཞི་བ་གཡུང་དྲུང་ཡིན་ནོ། །ཞེས་རང་གི་སྲོག་ཀྱང་བཏང་སྟེ་རབ་ཏུ་བསྟན་པར་བྱའོ། །སེམས་ཅན་རྣམས་ཡིད་ཆེས་ཀྱང་རུང་མི་ཆེས་ཀྱང་རུང་ངའི་[སྟེ་བདག་རང་གི་]ལུས་བསད་དམ་དུམ་བུར་བྱས་ཀྱང་རུང་གདོད་བདག་གིས་ལུས་རྟག་པའི་སྐུར་འགྱུར་ཏེ། ཁུར་ཁྱེར་བ་རབ་ཏུ་དཀའ་བ་བྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་ལྷོ་ཕྱོགས་ཀྱི་རྒྱུད་ནས་འབྱུང་ངོ༌། །ཞེས་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སོར་མོའི་ཕྲེང་བ་དེ་བཞིན་གཤེགས་པ་ཡང་ཤིན་ཏུ་དཀའ་བ་མཛད་པ་ཡིན་ཏེ། ནམ་མ་འོངས་པའི་དུས་ན་དམ་པའི་ཆོས་ལོ་བརྒྱད་ཅུའི་བར་དུ་གནས་པར་འགྱུར་བ་དེའི་ཚེ། ཐེག་པ་ཆེན་པོའི་མདོ་སྡེ་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པ་དེ་ནི་སེམས་ཅན་ཐམས་ཅད་ལ་ཕན་པར་སྟོན་ཅིང་ཤིན་ཏུ་བྱ་དཀའ་བ་བྱེད་པའོ། །སེམས་ཅན་གང་དག་དེའི་ཕྱོགས་འཛིན་པ་དེ་དག་ཀྱང་ཤིན་ཏུ་བྱ་དཀའ་བ་བྱེད་པར་བསྟན་ཏོ། །ཞེས་དང༌། ལྷོ་ཕྱོགས་པའི་རྒྱུད་དུ་ཐེག་པ་ཆེན་པོ་སྟོན་པར་འགྱུར་ཏེ་ནན་ཏན་སྙིང་པོར་བྱེད་པ་དེ་བཞིན་གཤེགས་པའི་སྤྱད་པ་སྤྱོད་པ་དངོས་པོ་ཆེན་པོ་བརྒྱད་དང་བྲལ་བ་དེ་བཞིན་གཤེགས་པ་རྟག་པ་དང་ཐེར་ཟུག་དང་ཞི་བ་དང་དེ་བཞིན་གཤེགས་པའི་སྙིང་པོ་བརྟན་པའོ་ཞེས་སྟོན་པར་འགྱུར་རོ། །ངའི་ཉན་ཐོས་དགེ་སློང་དང༌། དགེ་སློང་མ་དང༌། དགེ་བསྙེན་དང༌། དགེ་བསྙེན་མ་རྣམས་[ཆོས་དེ་ལ་]ནན་ཏན་སྙིང་པོར་བྱེད་པར་འགྱུར་རོ། །ངའི་བསྟན་པ་ཁུར་དུ་ཐོགས་པར་འགྱུར་རོ། །ཞེས་སོགས་དང༌། དེ་བཞིན་གཤེགས་པའི་སྙིང་པོ་ཐོས་པའི་བསོད་ནམས་ཀྱི་རྒྱུས་ནད་མེད་པ་དང་[གཞན་གྱིས་]གཙེ་བ་[སྟེ་གཙེས་པ་]མེད་པ་དང་ཚེ་རིང་བ་དང་འགྲོ་བ་ཐམས་ཅད་དགའ་བར་འགྱུར་རོ། །[རང་བཞིན་གཉུག་མའི་]དེ་བཞིན་གཤེགས་པ་རྟག་པ་གཡུང་དྲུང་ཐེར་ཟུག་སྟེ་ཡོངས་སུ་མྱ་ངན་ལས་འདས་པ་ཡང་འཆི་བ་མེད་པར་ཐོས་པས་ཐམས་ཅད་འབྱོར་ཞིང་ཡུན་རིང་དུ་སྲ་བ་དང་རྟག་པར་འགྱུར་རོ། །ཞེས་དང༌། ཆོས་སྟོན་པར་འདོད་པས་འདི་ལྟར་བསྟན་ཏེ། [རང་བཞིན་གཉུག་མའི་]དེ་བཞིན་གཤེགས་པ་རྟག་པ་དང་ཡང་དག་པ་ཉིད་དུ་བསྔགས་པར་བྱའོ། །དེ་ལྟར་མི་སྟོན་ཏེ། དེ་བཞིན་གཤེགས་པའི་སྙིང་པོ་འདོར་བ་དེ་དག་ནི། དཔེར་ན་གདོལ་པ་ལ་རྒྱལ་པོའི་བ་ལང་ལྟ་བུར་དེ་ལ་སེང་གེའི་ཁྲི་ཡང་མི་འོས་སོ། །ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་ཤིང༌། མྱང་འདས་ཆེན་པོར་ཡང༌། དེ་བས་ན་འཇམ་དཔལ་རིགས་ཀྱི་བུ་དག་ཁྲེལ་ཞིང་ངོ་ཚ་བ་དང་ལྡན་པ་རྣམས་ནི་[རང་བཞིན་གཉུག་མའི་]སངས་རྒྱས་བཅོམ་ལྡན་འདས་ལ་འདུས་བྱས་རྣམས་དང་མཐུན་པར་མི་ལྟའོ། །འཇམ་དཔལ་མུ་སྟེགས་ཅན་ངན་པར་ལྟ་བ་ནི་[རང་བཞིན་གཉུག་མའི་]དེ་བཞིན་གཤེགས་པ་ལ་འདུས་བྱས་དང་མཐུན་ནོ་ཞེས་སྨྲའི། ཚུལ་ཁྲིམས་སྲུང་བའི་དགེ་སློང་དག་ནི་དེ་ལྟར་[རང་བཞིན་གཉུག་མའི་]དེ་བཞིན་གཤེགས་པ་ལ་འདུས་བྱས་པ་ཡིན་པར་མི་ལྟའོ། །ཇི་སྟེ་[རང་བཞིན་གཉུག་མའི་]དེ་བཞིན་གཤེགས་པ་ལ་འདུས་བྱས་ཡིན་ནོ་ཞེས་བརྗོད་ན་དེ་ནི་བརྫུན་དུ་སྨྲ་བ་ཡིན་ཏེ། གང་ཟག་དེ་ནི་ཤི་མ་ཐག་ཏུ་སེམས་ཅན་དམྱལ་བར་སྐྱེ་བར་རིག་པར་བྱ་བ་ནི། ཇི་ལྟར་གང་ཟག་བདག་[རང་]གི་ཁྱིམ་ན་གནས་པ་བཞིན་[དམྱལ་བར་གནས་པ་ཡིན་]ནོ། །འཇམ་དཔལ་[རང་བཞིན་གཉུག་མའི་]དེ་བཞིན་གཤེགས་པ་ནི་ཡང་དག་པར་འདུས་མ་བྱས་པའི་ཆོས་ཅན་ཡིན་པས། འདུས་བྱས་ཞེས་བརྗོད་པར་མི་བྱའོ། །འཇམ་དཔལ་དེང་སླན་ཆད་འཁོར་བར་འཁོར་བ་ན་[གཤིས་ལུགས་]ཤེས་པ་མེད་པ་སྤངས་ཏེ་[གཤིས་ལུགས་]ཡང་དག་པའི་ཡེ་ཤེས་བཙལ་བར་བྱའོ། །[རང་བཞིན་གཉུག་མའི་]དེ་བཞིན་གཤེགས་པ་ནི་འདུས་མ་བྱས་པ་སྟེ་གང་ཞིག་[རང་བཞིན་གཉུག་མའི་]དེ་བཞིན་གཤེགས་པ་ལ་དེ་ལྟ་བུའི་ཚུལ་དུ་ལྟ་ན་མཚན་སུམ་ཅུ་རྩ་གཉིས་དང་ལྡན་ཞིང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱའོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་ཙུན་དཱ་ལ་སྨྲས་པ། ལེགས་སོ་ལེགས་སོ་རིགས་ཀྱི་བུ་ཁྱོད་ནི་ཤིན་ཏུ་ཚེ་རིང་བར་འགྱུར་བའི་རྒྱུ་མངོན་སུམ་དུ་གྱུར་ཏེ། [རང་བཞིན་གཉུག་མའི་]དེ་བཞིན་གཤེགས་པ་རྟག་པའི་ཆོས་ཅན་མི་འགྱུར་མི་འཕོ་བའི་ཆོས་ཅན་འདུས་མ་བྱས་པའི་ཆོས་སུ་རྟོགས་པ་ལེགས་སོ། །ཁྱོད་ཀྱིས་[རང་བཞིན་གཉུག་མའི་]དེ་བཞིན་གཤེགས་པ་ལ་འདུས་བྱས་ཀྱི་མཚན་ཉིད་དུ་མ་བརྗོད་པ་ལེགས་སོ། །ཇི་ལྟར་མེས་ཚིག་པའི་གང་ཟག་དེ་ཁྲེལ་ཞིང་ངོ་ཚ་བ་དང་ལྡན་པས། གོས་ཀྱིས་ལུས་གཡོགས་པ་དང༌། བསམ་པ་དེ་དགེ་བས་སུམ་ཅུ་རྩ་གསུམ་གནམ་གྱི་ལྷར་སྐྱེས། ཚངས་པའི་རྒྱལ་པོ་དང་འཁོར་ལོས་སྒྱུར་བའི་རྒྱལ་བོར་གྱུར་ཏེ། རྟག་ཏུ་གནས་བདེ་བར་སྐྱེས་ཀྱི་ངན་སོང་དུ་མ་སྐྱེས་སོ། །དེ་བཞིན་དུ་ཁྱོད་ཀྱང་[རང་བཞིན་གཉུག་མའི་]དེ་བཞིན་གཤེགས་པ་འདུས་བྱས་ཀྱི་མཚན་ཉིད་དུ་མ་བརྗོད་པས་ཕྱི་མ་མ་འོངས་པའི་དུས་སུ་གདོན་མི་ཟ་བར་མཚན་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུ་དང༌། མ་འདྲེས་པའི་[སངས་རྒྱས་ཀྱི་]ཆོས་བཅོ་བརྒྱད་དང༌། ཚེ་ཚད་མེད་པ་དང༌། འཁོར་བར་མི་གནས་པ་དང༌། རབ་ཏུ་བདེ་བ་དང༌། རིང་པོར་མི་ཐོགས་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་རོ། །ཞེས་དང༌། [རང་བཞིན་གཉུག་མའི་]དེ་བཞིན་གཤེགས་པ་ལ་རྟག་པའི་ཆོས་ཅན་དུ་ཡིད་ཆེས་ན་གང་ཟག་དེ་ནི་མེ་ཏོག་ཨུ་དུམ་ཝ་ར་ལྟར་ཤིན་ཏུ་དཀོན་པའོ། །ང་མྱ་ངན་ལས་འདས་ནས་གང་གིས་ཐེག་པ་ཆེན་པོའི་མདོ་སྡེ་ཤིན་ཏུ་ཟབ་མོ་འདི་ཐོས་ནས་དད་པའི་སེམས་སྐྱེས་ན། དེ་ནི་མ་འོངས་པའི་དུས་སུ་བསྐལ་པ་བརྒྱ་སྟོང་གི་བར་དུ་ངན་སོང་དུ་མི་ལྟུང་བར་རིག་པར་བྱའོ། །ཞེས་དང༌། དེ་ལ་སེང་གེའི་སྒྲ་སྒྲོགས་པ་ནི་ཆོས་ཐམས་ཅད་མི་རྟག་པ་སྡུག་བསྔལ་བ་བདག་མེད་པ་ཡོངས་སུ་མ་དག་པ་ཞེས་མི་འཆད་དེ། [རང་བཞིན་གཉུག་མའི་]དེ་བཞིན་གཤེགས་པ་རྟག་པ་བདེ་བ་བདག་དང་ཡོངས་སུ་དག་པ་འབའ་ཞིག་འཆད་དོ། །ཞེས་དང༌། [རྒྱན་སྟུག་པོའི་མདོར་ཡང༌། ཆོས་འདི་འཛིན་ཅིང་སྨྲ་བ་དེ་མཐོང་ངམ་རེག་གམ་མཆོད་དམ། དེའི་དུར་རམ་རོའམ་རོ་བམ་པོ་མཐོང་ངམ་དེའི་ཤ་ཟོས་པས་ཀྱང་མཚམས་མེད་པ་རྣམས་བྱང་ཞིང་ངན་སོང་ལས་གྲོལ་ནས་ཕྱིར་མི་ལྡོག་པ་དང༌། རྫོགས་པའི་བྱང་ཆུབ་ཀྱང་ཐོབ་པར་འགྱུར་བ་ལ་སོགས་པ་ཕན་ཡོན་དཔག་མེད་གསུངས་པས་རྒྱས་པར་མདོ་དེ་ཉིད་བལྟ་བར་བྱའོ།།]སློབ་དཔོན་ལེགས་ལྡན་འབྱེད་ཀྱིས། དབུ་མའི་འགྲེལ་པ་ཤེས་རབ་སྒྲོན་མར། མྱང་འདས་ཆེན་པོ་ཤེས་བྱེད་དུ་དྲངས་པ་ཡང༌། སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་དོ། །ཞེས་སྟོན་པར་བྱེད་པའི་སེམས་ཅན་དེ་དག་ནི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་སྟེ། དམ་པའི་ཆོས་འདོད་པའི་རིགས་ཀྱི་བུ་དེ་དག་ནི། སྡིག་པའི་ལས་གྲངས་མེད་པ་བྱས་པ་རྣམས་ཀླད་པ་ན་བ་དང༌། རིམས་ཀྱིས་བཏབ་པ་དང༌། ཟུག་རྔུ་དང་སྐུར་བ་བཏབ་པ་ཙམ་གྱིས་བྱང་བར་འགྱུར་རོ། །ཞེས་གསུངས་སོ། །[དེས་ན་སློབ་དཔོན་འདི་ཡང་བདེ་གཤེགས་སྙིང་པོ་ངེས་དོན་དུ་བཞེད་པར་གསལ་ལོ།།]དེ་བཞིན་གཤེགས་པའི་ཡོན་ཏན་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་བསྟན་པའི་མདོར་ཡང༌། བྱང་ཆུབ་སེམས་དཔའ་གང་ལ་ལ་ཞིག་གིས་བསྐལ་པ་བྱེ་བ་སྟོང་ཕྲག་བརྒྱད་དུ་ཕ་རོལ་ཏུ་ཕྱིན་པ་ལྔ་ལ་སྤྱད་པ་བས། འཇམ་དཔལ་བྱང་ཆུབ་སེམས་དཔའ་གཞན་གང་ཞིག་[རང་བཞིན་གཉུག་མའི་]དེ་བཞིན་གཤེགས་པ་ནི་རྟག་པའོ་སྙམ་དུ་མོས་པར་བྱེད་ན་འདི་ནི་[སྔ་མ་]དེ་བས་ཆེས་བསོད་ནམས་གྲངས་མེད་པར་བསྐྱེད་དོ། །ཞེས་སོགས་དང༌། [རབ་ཞི་རྣམ་ངེས་ཀྱི་མདོར་ཡང༌། དེ་བཞིན་གཤེགས་པ་ནི་རྟག་པའོ། །གཡུང་དྲུང་ངོ་ཞེས་ཚིག་ཏུ་སྨྲ་ན་ཡང་བསྐལ་པ་བྱེ་བར་དགེ་འདུན་དཔག་ཡས་ལ་ཅི་འདོད་པ་ཕུལ་བ་བས་ཀྱང་བསོད་ནམས་ཆེས་ལྷག་པར་གསུངས་སོ།།]སྤྲིན་ཆེན་པོའི་མདོར་ཡང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྲིན་ཆེན་སྙིང་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་མདོ་གང་དང་ལྡན་ན་ཏིང་ངེ་འཛིན་གྱི་རྒྱ་མཚོར་ཡང་འགྱུར་བ་དང༌། ཞེས་པ་ནས། དེ་བཞིན་དུ་སྦྱར་ཏེ་[རང་བཞིན་གཉུག་མའི་]དེ་བཞིན་གཤེགས་པ་ལ་རྟག་པ་ཉིད་དུ་མཐོང་བར་ཡང་འགྱུར་བ་དང༌། [རང་བཞིན་གཉུག་མའི་]དེ་བཞིན་གཤེགས་པའི་རྟག་པ་དང་ཐེར་ཟུག་པ་ཉིད་ཤིན་ཏུ་གསལ་བར་མཐོང་ནས་བདག་ཉིད་བསྔགས་པ་བརྗོད་པའི་རྒྱལ་པོར་ཡང་འགྱུར་བ་དང༌།[རང་བཞིན་གཉུག་མའི་]དེ་བཞིན་གཤེགས་པ་ནི་ཐེར་ཟུག་པའི་སྐུ་ཡིན་ནོ་ཞེས་ཐེར་ཟུག་ཏུ་སྨྲ་བར་ཡང་འགྱུར་བ་དང་[རང་བཞིན་གཉུག་མའི་]དེ་བཞིན་གཤེགས་པའི་ཞི་བའི་རང་བཞིན་ལ་མངོན་པར་དགའ་བའི་ལྟ་བ་ཕུན་སུམ་ཚོགས་པར་ཡང་འགྱུར་བ་དང༌། [རང་བཞིན་གཉུག་མའི་]དེ་བཞིན་གཤེགས་པ་ནི་རྟག་པ་དང་ཐེག་ཟུག་པ་དང་བརྟན་པ་དང་ཞི་བའོ། །ཞེས་རྣམ་པ་ཐམས་ཅད་དུ་ལྟ་བའི་རྒྱ་མཚོ་ཐམས་ཅད་དུ་ཡང་འགྱུར་བ་དང༌། ཞེས་དང༌། མི་རྟག་པ་དང་སྟོང་པ་དང་ཡོངས་སུ་མྱ་ངན་ལས་འདས་པ་དང་བདག་མེད་པའི་བསྔགས་པ་བརྗོད་པའི་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་ཡོན་ཏན་གྱི་ཆེ་བ་ཉིད་ཡོངས་སུ་མྱ་ངན་ལས་འདས་པ་རྟག་པ་དང་ཐེར་ཟུག་པ་དང་བརྟན་པ་དང་ཞི་བའི་རང་བཞིན་གྱི་བདག་ཉིད་དུ་གནས་པར་ཡོངས་སུ་བསྟན་པའི་དོན་དང༌། ཆོས་ནུབ་པར་འགྱུར་བར་སྨྲ་བའི་སེམས་ཅན་ལ་[རང་བཞིན་གཉུག་མའི་]དམ་པའི་ཆོས་བརྟན་པའི་རང་བཞིན་གྱི་མིག་རྣམ་པར་སྦྱང་བའི་དོན་དང༌། ཞེས་དང༌། [རང་བཞིན་གཉུག་མའི་]དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཁྱོད་དང་འཚམ་པའི་ཚིག་གི་དོན་ཕྲ་ཞིང་ཟབ་མོའི་ཚིག་དང་ཡི་གེ་སྤེལ་བ་དང༌། སེམས་ཅན་ཐམས་ཅད་ཀྱི་[རང་བཞིན་གཉུག་མའི་]དེ་བཞིན་གཤེགས་པའི་ཡོན་ཏན་གྱི་ཆེ་བ་ཉིད་རྟག་པའི་མཚན་ཉིད་དམ་པའི་ཆོས་བསྟན་པའི་གཏེར་དང་ཁྱོད་དང་འདྲ་བ་དག་གི་མཚུངས་པ་མེད་པའི་མདོའི་རྒྱལ་པོའི་གཏེར་དང༌། དམ་པའི་ཆོས་བསྟན་པའི་གཏེར་དང༌། སེམས་ཅན་ཐམས་ཅད་ཀྱི་བདུད་རྩི་མི་ཟད་པའི་གཏེར་དེ་བཞིན་གཤེགས་པ་ལ་ཞུས་པ་ལེགས་ཏེ་སེམས་ཅན་ཐམས་ཅད་ཀྱི་[ཆོས་ཉིད་རིན་པོ་ཆེའི་]གཏེར་བརྟན་པར་བཞག་པ་ངས་བཤད་པར་བྱའོ། །ཞེས་དང༌། [རང་བཞིན་གཉུག་མའི་]སངས་རྒྱས་བཅོམ་ལྡན་བཅོས་མ་མིན། །[རང་བཞིན་གཉུག་མའི་]དེ་བཞིན་གཤེགས་རྣམས་མ་སྐྱེས་ཏེ། །རྡོ་རྗེ་ལྟ་བུར་མཁྲེགས་པའི་སྐུ། །སྤྲུལ་པའི་སྐུ་ཡང་སྟོན་པར་མཛད། །ཡུངས་འབྲུ་ཙམ་གྱི་རིང་བསྲེལ་ཡང༌། །འབྱུང་བར་འགྱུར་བ་ཡོང་མེད་དེ། །རུས་པ་ཁྲག་དང་ཤ་མེད་ལ། །རིང་བསྲེལ་ཡོད་པར་ག་ལ་འགྱུར། །སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །ཐབས་ཀྱིས་རིང་བསྲེལ་བཞག་པ་མཛད། ། [རང་བཞིན་གཉུག་མའི་]བཅོམ་ལྡན་སངས་རྒྱས་ཆོས་ཀྱི་སྐུ། །[རང་བཞིན་གཉུག་མའི་]དེ་བཞིན་གཤེགས་པ་ཆོས་ཀྱི་དབྱིངས། །[རང་བཞིན་གཉུག་མའི་]བཅོམ་ལྡན་སྐུ་ནི་དེ་འདྲ་ལ། །[རང་བཞིན་གཉུག་མའི་]ཆོས་བསྟན་པ་ཡང་དེ་འདྲ་སྟེ། །[ཞེས་སོགས་དང༌། གསེར་འོད་དམ་པ་ལ་སོགས་སུ་ཡང༌། སངས་རྒྱས་མྱ་ངན་ཡོང་མྀ་འདའ། །ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། །]ཞེས་སོགས་དང༌། རྒྱུད་བླ་མར་ཡང༌། སངས་རྒྱས་ཁམས་[ཏེ་དབྱིངས་]དང་སངས་རྒྱས་བྱང་ཆུབ་དང༌། །སངས་རྒྱས་[ཀྱི་]ཆོས་[ཡོན་ཏན་]དང་སངས་རྒྱས་[ཀྱི་]འཕྲིན་ལས་ཏེ། །[རྡོ་རྗེའི་གནས་བདུན་པོ་བསམ་གྱིས་མྀ་ཁྱབ་པས་]དག་པའི་སེམས་ཅན་གྱིས་ཀྱང་བསམ་བྱ་མིན། །འདི་ནི་འདྲེན་པ་རྣམས་ཀྱི་སྤྱོད་ཡུལ་ཡིན། །བློ་ལྡན་རྒྱལ་བའི་ཡུལ་འདི་ལ་མོས་པ། ། སངས་རྒྱས་ཡོན་ཏན་ཚོགས་ཀྱི་སྣོད་གྱུར་ཏེ། །བསམ་[དུ་]མེད་[པའི་]ཡོན་ཏན་ཚོགས་ལ་མངོན་དགའ་བས། །སེམས་ཅན་ཀུན་གྱི་བསོད་ནམས་ཟིལ་གྱིས་གནོན། །གང་ཞིག་བྱང་ཆུབ་དོན་དུ་གཉེར་བས་གསེར་[གྱྀ་]ཞིང་[ཁམས་]ནོར་བུས་སྤྲས་པ་ནི། །སངས་རྒྱས་[ཀྱི་]ཞིང་རྡུལ་[དང་]མཉམ་པ་ཉིན་རེ་[བཞིན་]ཆོས་རྒྱལ་རྣམས་ལ་རྟག་འབུལ་ལ། །གཞན་གང་[བདེ་གཤེགས་སྙིང་པོ་སྟོན་པ་ལ་]འདི་ལས་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་[སྟོང་གཞི་དོན་དམ་གཞན་སྟོང་བདེ་གཤེགས་སྙིང་པོ་ལ་]མོས་ན་འདི།།སྦྱིན་པ་ལས་བྱུང་དགེ་བ་དེ་ལས་བསོད་ནམས་ཆེས་མང་ཐོབ་པར་འགྱུར། །བློ་ལྡན་གང་ཞིག་བླ་མེད་བྱང་ཆུབ་འདོད་པས་བསྐལ་པ་དུ་མར་ཡང༌། །ལུས་ངག་ཡིད་ཀྱིས་འབད་པ་མེད་པར་ཚུལ་ཁྲིམས་དྲི་མེད་སྲུང་བྱེད་ལ། །གཞན་གང་[བདེ་གཤེགས་སྙིང་པོ་སྟོན་པ་ལ་]འདི་ལས་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་[སྟོང་གཞི་དོན་དམ་གཞན་སྟོང་བདེ་གཤེགས་སྙིང་པོ་ལ་]མོས་ན་འདི། །ཚུལ་ཁྲིམས་ལས་བྱུང་དགེ་བ་དེ་ལས་བསོད་ནམས་ཆེས་མང་ཐོབ་པར་འགྱུར། །གང་ཞིག་འདི་ན་སྲིད་པ་གསུམ་གྱི་ཉོན་མོངས་མེ་འཇོམས་བསམ་གཏན་ནི། །ལྷ[འི་གནས་པ་བསམ་གཏན་བཞི་]དང་ཚངས་[པའི་]གནས་[པ་ཚད་མེད་པ་བཞི་ནི་ཡོན་ཏན་གྱི་]མཐར་སོན་རྫོགས་པའི་བྱང་ཆུབ་འཕོ་མེད་[ཐོབ་པའི་]ཐབས་[སུ་]བསྒོམས་ལ། །གཞན་གང་[བདེ་གཤེགས་སྙིང་པོ་སྟོན་པ་ལ་]འདི་ལས་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་[སྟོང་གཞི་དོན་དམ་གཞན་སྟོང་བདེ་གཤེགས་སྙིང་པོ་ལ་]མོས་ན་འདི། །བསམ་གཏན་ལས་བྱུང་དགེ་བ་དེ་ལས་བསོད་ནམས་ཆེས་མང་ཐོབ་པར་འགྱུར། །[དེ་ཙམ་དུ་ཁྱད་ཞུགས་པའི་རྒྱུ་མཚན་ནི་]གང་ཕྱིར་སྦྱིན་པས་ལོངས་སྤྱོད་དག་ནི་སྒྲུབ་བྱེད་ཅིང༌། །ཁྲིམས་ཀྱིས་མཐོ་རིས་[ཐོབ་ཅིང་བསམ་གཏན་བཞི་སོགས་]བསྒོམས་པས་ཉོན་མོངས་སྤོང་བྱེད་ལ། །[གཤིས་ལུགས་རྟོགས་པའི་]ཤེས་རབ་[དང་ཅིར་ཡང་མི་རྟོག་པའི་ཤེས་རབ་ཀྱིས་]ཉོན་མོངས་[པའི་སྒྲིབ་པ་དང་]ཤེས་བྱ[འི་སྒྲིབ་པ་]ཀུན་སྤོང་དེ་ཡི་ཕྱིར། །[ཤེས་རབ་]འདི་མཆོག་ཉིད་དེ་[ཤེས་རབ་]དེ་ཡི་རྒྱུ་ནི་[བདེ་གཤེགས་སྙིང་པོ་]འདི་ཐོས་[པ་]ཡིན[པས་སོ]། །ཞེས་གསུངས་ལ། སྔོན་གྱི་དེ་བཞིན་གཤེགས་པ་རྟག་ཏུ་འོད་ཟེར་གཏོང་ཞེས་བྱ་བས་གདན་གཅིག་ལ་འདུག་བཞིན་དུ་བསྐལ་པ་ཆེན་པོ་ལྔ་བརྒྱར། དེ་བཞིན་གཤེགས་པའི་སྙིང་པོའི་ཆོས་འདི་དཔེ་འབུམ་ཕྲག་དུ་མས་བསྟན་པ་ན་ཕྱོགས་བཅུ་ཀུན་ཏུ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་སུ་ཡང་ཚེགས་ཆུང་ངུས་གོ་བར་གྱུར་ཅིང་ཐ་ན་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་པའི་མིང་ཐོས་པ་དེ་དག་ཐམས་ཅད་ཀྱང་རིམ་གྱིས་དགེ་བའི་རྩ་བ་ཡོངས་སུ་སྨིན་ནས་སངས་རྒྱས་ཐོབ་པར་གསུངས་ཤིང༌། བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ་དང་སྤྱན་རས་གཟིགས་དང་འཇམ་དཔལ་དང་རྡོ་རྗེའི་བློ་གྲོས་ཏེ་བཞི་ནི་མ་གཏོགས་སོ། །ཞེས་པའི་དོན་འདི་དེ་བཞིན་གཤེགས་པའི་སྙིང་པོའི་མདོར་གསལ་ཞིང་རྒྱས་པར་གསུངས་ནས། ཡང་དེ་ཉིད་དུ། ང་ཡང་སྔོན་ནི་སྤྱད་པ་སྤྱོད་པའི་ཚེ། །བདེ་བར་གཤེགས་པ་སེང་གེའི་རྒྱལ་མཚན་ལས། །མདོ་སྡེ་འདི་ཡི་མིང་ནི་ཐོས་པར་གྱུར། །གུས་པར་བྱས་ཏེ་ཐོས་ནས་ཐལ་མོ་སྦྱར། །ང་ནི་ལེགས་པར་བྱས་པའི་ལས་དེ་ཡིས། །བྱང་ཆུབ་དམ་པ་མྱུར་དུ་ཐོབ་པར་གྱུར། །དེ་བས་བྱང་ཆུབ་སེམས་དཔའ་མཁས་རྣམས་ཀྱིས། །རྟག་ཏུ་མདོ་མཆོག་འདི་ནི་གཟུང་བར་བྱ། །ཞེས་[དང༌། རྟོགས་པ་ཆེན་པོ་ཡོངས་སུ་རྒྱས་པར་ཡང༌། ང་ནི་འདས་ནས་གཤེགས་ཕྱི་ན། །མི་ཡི་ནང་ན་ལ་ལ་ཞིག །སེམས་ཅན་རྣམ་པ་ཐམས་ཅད་ལ། །བདེ་གཤེགས་སྙིང་པོ་ཉིད་ཡོད་ཅེས། །མོས་པ་རྣམ་དག་བྱེད་ནུས་ན། །སངས་རྒྱས་བཀའ་དྲིན་འཚོབ་པ་ཡིན། ཞེས་]པ་ལ་སོགས་པས་བདེ་གཤེགས་སྙིང་པོ་ལ་དད་ཅིང་གུས་པ་ལ་སོགས་པའི་ཕན་ཡོན་རླབས་ཆེན་པོ་བཀའ་སྩལ་ཏོ། །

དེའི་ཐབས་ལ་བརྩོན་པར་གདམས་པ།

དེ་ལྟར་བདེ་གཤེགས་སྙིང་པོའི་མཚན་ཐོས་པ་ཙམ་གྱིས་ཀྱང་སངས་རྒྱས་ཐོབ་པར་འགྱུར་ན། དད་ཅིང་གུས་པ་དང་མངོན་དུ་བྱས་ནས་སྒོམ་པ་ལ་སོགས་པ་ལྟ་ཅི་སྨོས། དེའི་ཕྱིར་མཁས་པ་སྙྀང་རྗེ་དང་ལྡན་པ་རྣམས་ཀྱིས་རང་གི་སྲོག་ལ་སོགས་པ་དོར་ནས་ཀྱང་བསྟན་པར་བྱ་བ་དང༌། ཐར་པ་དོན་དུ་གཉེར་བ་རྣམས་ཀྱིས་མེའི་འོབས་ཆེན་པོ་ལ་འབོགས་ནས་ཀྱང་བཙལ་ཞིང་མཉན་པ་ལ་སོགས་པ་བྱ་བ་ཡིན་ཏེ། ཇི་སྐད་དུ། མྱང་འདས་ཆེན་པོར། དེ་ནས་བྱང་ཆུབ་སེམས་དཔའ་འོད་སྲུང་གིས་ཡང༌། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པས་གསུངས་པ་ལྟར་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་ནི། མར་གྱི་སྙིང་པོ་ལྟར་མཆོག་ཏུ་གྱུར་ཕུལ་དུ་གྱུར་ཏེ། གང་ཞིག་གིས་འཐུངས་ན་ནད་ཀྱི་རྣམ་པ་ཡང་འབྱང་བར་འགྱུར་ལ་སྨན་ཐམས་ཅད་ཀྱི་ནང་དུ་ཡང་འགྲོའོ་ཞེས་གསུངས་པ་ཐོས་ནས་བདག་འདི་སྙམ་དུ་གྱུར་ཏེ། གང་[ཟབ་མོ་མཐར་ཐུག་བདེ་གཤེགས་སྙིང་པོ་གསལ་བར་སྟོན་པའི་]མདོ་སྡེ་འདི་མི་ཉན་ཅིང་མི་འདོད་པ་དེ་ནི་ཤིན་ཏུ་ཡང་གཏི་མུག་ཆེ་བ་སྟེ། དགེ་བའི་སེམས་མ་མཆིས་པར་འཚལ་ལོ། །བཅོམ་ལྡན་འདས་བདག་ནི་ལྤགས་པ་བཤུས་ཏེ་ཡི་གེ་འདྲི་བའི་གཞིར་བྱས་ལ། ཁྲག་ཕྱུང་སྟེ་སྣག་ཚར་བྱ་བ་དང༌། རྐང་ཕྱུང་སྟེ་ཆུར་བྱ་བ་དང༌། རུས་པ་བཞོགས་ཏེ་སྨྱུག་གུར་བྱས་ལ་[ཟབ་མོ་མཐར་ཐུག་བདེ་གཤེགས་སྙིང་པོ་གསལ་བར་སྟོན་པའི་]ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་འདི་བྲི་བར་བཟོད་དོ། །བྲིས་ནས་ཀྱང་ཀློག་པ་དང་འདོན་པ་དང་ཁོང་དུ་ཆུད་པར་བྱ་བ་དང་གཞན་དག་ལ་རྒྱ་ཆེར་སྟོན་ཅིང་འཆད་ཀྱང་བཟོད་དོ། །བཅོམ་ལྡན་འདས་གལ་ཏེ་སེམས་ཅན་གང་ཞིག་ལོངས་སྤྱོད་ལ་ཆགས་པར་གྱུར་ན་བདག་གིས་དེ་ལ་སྔར་ལོངས་སྤྱོད་བྱིན་ཏེ་དེའི་འོག་ཏུ་[ཟབ་མོ་མཐར་ཐུག་བདེ་གཤེགས་སྙིང་པོ་གསལ་བར་སྟོན་པའི་]ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་འདི་ཀློག་པར་བསྐུལ་ལོ། །གལ་ཏེ་ལོངས་སྤྱོད་ཆེན་པོ་དང་ལྡན་པ་ཞིག་[ཡིན་]ན་སྔར་ཡིད་ལ་འདོད་པའི་གཏམ་སྙན་པ་བྱས་ཏེ། དེའི་འོག་ཏུ་ཐེག་པ་ཆེན་པོ་[ཟབ་མོ་མཐར་ཐུག་བདེ་གཤེགས་སྙིང་པོ་གསལ་བར་སྟོན་པའི་]ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་འདི་ཀློག་པར་བསྐུལ་ལོ། །གལ་ཏེ་མ་རབས་ཞིག་ཡིན་ན་ཡང་མཐུས་ནན་གྱིས་ཀློག་ཏུ་གཞུག་གོ །གལ་ཏེ་ང་རྒྱལ་ཅན་ཞིག་ཡིན་ནའང་བདག་གིས་སྔར་ཡིད་བཞིན་དུ་གཡོག་བྱས་ཏེ་ཤིན་ཏུ་དགའ་ཞིང་མགུ་བར་བྱས་ལ་དེའི་འོག་ཏུ་[ཟབ་མོ་མཐར་ཐུག་བདེ་གཤེགས་སྙིང་པོ་གསལ་བར་སྟོན་པའི་]ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་འདི་བསྟན་ཏོ། །གལ་ཏེ་ཤིན་ཏུ་རྒྱས་པའི་མདོ་སྡེ་ལ་སྐུར་བ་[འདེབས་པ་]ཞིག་མཆིས་ན་མཐུ་སྟོབས་ཀྱིས་གདུལ་བར་འཚལ་ལོ། །བཏུལ་ནས་དེའི་འོག་ཏུ་[ཟབ་མོ་མཐར་ཐུག་བདེ་གཤེགས་སྙིང་པོ་གསལ་བར་སྟོན་པའི་]ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་འདི་ཀློག་ཏུ་གཞུག་གོ །གལ་ཏེ་ཐེག་པ་ཆེན་པོའི་མདོ་སྡེ་ལ་དད་ཅིང་མོས་པ་ཞིག་[ཡིན་]ན་བདག་དེའི་དྲུང་དུ་མཆིས་ཏེ་ཤིན་ཏུ་སྟི་སྟང་དུ་བཅས་པས་རིམ་གྲོ་དང་བཀུར་སྟི་དང་མཆོད་པ་དང་བསྟོད་པ་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་འོད་སྲུང་ལ་བཀའ་སྩལ་པ། ལེགས་སོ་ལེགས་སོ་ཞེས་པ་ལ་སོགས་པ་བཀའ་སྩལ་པའི་མཐར་ཁྱོད་ནི་རིང་པོ་མི་ཐོགས་པར་འཁོར་གྱི་དཀྱིལ་འཁོར་མང་པོ་ལ་[ཟབ་མོ་མཐར་ཐུག་བདེ་གཤེགས་སྙིང་པོ་གསལ་བར་སྟོན་པའི་]ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་རང་བཞིན་[ཆོས་ཐམས་ཅད་ཀྱིས་སྟོང་ཞིང་བདག་མེད་པའི་གཞི་ལ་]དགོངས་ཏེ་གསུངས་པའི་[བདེ་གཤེགས་]སྙིང་པོ་སྟོན་ཅིང་འཆད་པར་འགྱུར་རོ། །ཞེས་དང༌། རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ། སེམས་ཅན་གང་ཞིག་དེ་བཞིན་གཤེགས་པ་ལ་རྟག་པ་ཉིད་དུ། མི་ཤེས་ན་གང་ཟག་དེ་ནི་དམུས་ལོང་དུ་རིག་པར་བྱའོ། །སེམས་ཅན་གང་ཞིག་དེ་བཞིན་གཤེགས་པ་ལ་རྟག་པ་ཉིད་དུ་ཤེས་ན་གང་ཟག་དེ་ནི་[ད་ལྟ་ཆུ་བུར་ལྟ་བུའི་]ཤའི་མིག་ཅན་ཡིན་མོད་ཀྱི་[རིང་པོ་མི་ཐོགས་པར་]ལྷའི་མིག་དང་ལྡན་པར་ངས་བཤད་དོ། །ཞེས་དང༌། སོར་ཕྲེང་གི་མདོར་ཡང༌། དེ་བཞིན་གཤེགས་པའི་སྙིང་པོ་རབ་ཏུ་ནན་ཏན་དུ་མི་འཆབ་ཅིང་སེམས་ཅན་ཐམས་ཅད་ལ་ཕན་པར་བསྟན་པ་སྟོན་ན་དེས་[རིང་པོ་མི་ཐོགས་པར་]ལྷའི་མིག་ཐོབ་པར་འགྱུར་ཏེ་དེ་ནི་འཇིག་རྟེན་ན་[རིང་པོ་མི་ཐོགས་པར་]ལྷའི་མིག་ཅན་ནོ། །ཞེས་དང༌། དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པར་བྱེད་པ་ནི་ཉོན་མོངས་པ་དང་བཅས་པའམ་ཉོན་མོངས་པ་མེད་པའམ་སུ་ཡང་རུང་སྟེ་དེ་ཉིད་[རིང་པོ་མི་ཐོགས་པར་]རྫོགས་པའི་སངས་རྒྱས་ཞེས་བྱའོ། །ཞེས་དང༌། དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པར་བྱེད་པ་ནི་[རིང་པོ་མི་ཐོགས་པར་]རྫོགས་པའི་སངས་རྒྱས་སོ། །ཞེས་སོགས་དང༌། རྔ་བོ་ཆེ་ཆེན་པོར་ཡང༌། དེ་ལས་གཞན་པ་རྒྱ་ཆེན་པོ་ལ་ལྷག་པར་མོས་པ་དེ་བཞིན་གཤེགས་པའི་ཆེ་བའི་བདག་ཉིད་རྟག་པ་དང་བརྟན་པ་དང་ཞི་བ་དང་ཐེར་ཟུག་པ་འདོད་པའི་སེམས་ཅན་གང་ཡིན་པ་དེ་དག་ལ་ནི་དེ་བཞིན་གཤེགས་པས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐེག་པ་ཆེན་པོ་དབང་བསྐུར་བའི་ཅོད་པན་འཆིང་བར་མཛད་དོ། །ཞེས་དང༌། གང་དུ་སངས་རྒྱས་རྟག་པ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་དོ་ཞེས་བསྟན་པ་གཞན་[ལ་]ཡང་སྒྲོགས་ཤིང་མི་སྤོང་བ། [གྲུབ་མཐའ་བཟང་པོ་ལ་]བརྟན་པ་འཇིག་ཚོགས་ལ་ལྟ་བས་སྟོང་པ་ཉིད་[ཙམ་]མ་ཡིན་གྱི་འདུས་བྱས་ཐམས་ཅད་རང་བཞིན་གྱིས་སྟོང་པ[འི་གཞི་དོན་དམ་འདུས་མ་བྱས་]ཐེར་ཟུག་མཆོག་གི་གཞི་དེ་[ཐོབ་པར་]འདོད་པ་དེ་ལྟ་བུ་ལ་སོགས་པའི་ཡོན་ཏན་ལ་[བློ་]བརྟན་པ་དག་སྟེ་ཡོན་ཏན་ལྷག་མ་ནི་བསམ་གྱིས་མི་ཁྱབ་བོ། །ཞེས་དང༌། ང་ལ་གང་དག་ཕྱི་མའི་ཚེ་ཕྱི་མའི་དུས་ན་དམ་པའི་ཆོས་འཛིན་པར་འགྱུར་བའི་སློབ་མ་མང་དུ་ཡོད་དེ། གོང་དུ་མདོ་འདི་ལས་གསུངས་པ་བཟང་སྐྱོང་དང་ཕུག་སྦས་ལ་སོགས་པ་བརྒྱ་པོ་དེ་དག་གི་ཕྱི་མ་ཤོས་གང་ཡིན་པ་དེ་ཡིན་པར་འགྱུར་རོ། །འོད་སྲུང་དེ་གང་ཞེ་ན། ལི་ཙ་བྱི་གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་འདི་ཉིད་ཡིན་ཏེ། ཕྱི་མའི་དུས་ན་ལྷོ་ཕྱོགས་ཀྱི་མཁས་པར་གྱུར་ནས་ཆོས་ཀྱྀ་རྔ་བོ་ཆེ་རྡུང་བར་འགྱུར། ཆོས་ཀྱི་དུང་འབུད་པར་འགྱུར་རོ། །ཞེས་དང༌། དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་འོད་སྲུང་ལ་འདི་སྐད་ཅེས་བཀའ་བསྩལ་ཏོ། །འོད་སྲུང་ཁྱོད་ནི་ཞིང་སྲུང་བ་ལྟ་བུར་མ་ནུས་ཏེ། ཞིང་སྲུང་བ་བཞིན་དུ་ཐབས་ལ་མཁས་པའི་གཞོན་ནུས་མདོ་འདི་ཐམས་ཅད་མཉན། མཉན་ནས་ལུས་ལ་ཐོགས་ཏེ་འཇིག་རྟེན་དུ་མངོན་སུམ་དུ་འབྱིན་པར་འགྱུར་རོ། །དེ་ནི་ངས་ས་བདུན་པ་ལ་བཞག་སྟེ་མི་ཕལ་བ་ཞིག་ཏུ་བྱིན་གྱིས་བརླབས་ནས་གང་གི་ཚེ་ལོ་བརྒྱད་ཅུ་པ་ལ་བསྟན་པ་ཉམས་པར་འགྱུར་བ་དེའི་ཚེ་ལྷོ་ཕྱོགས་སུ་ཡུལ་མུ་རུན་ཏེ་ཞེས་བྱ་བ་ན། ཆུ་བོའི་འགྲམ་ལ་རྟེན་པའི་གྲོང་ཁྱེར་དམག་གིས་མི་ཚུགས་པ་ཞེས་བྱ་བ་དང༌། ཉེ་བའི་གྲོང་ཕྲེང་བ་ཆེན་པོ་ཞེས་བྱ་བར་ཀར་ཡོ་རི་ཞེས་བྱ་བའི་རིགས་རྒྱུད་དེར་སྐྱེས་ནས་ངའི་མིང་འཆང་བའི་དགེ་སློང་ཞིག་ཏུ་གྱུར་ཏེ། ཞིང་སྲུང་བ[ལྟ་བུ]འི་ཐབས་མཁས་པས་ངའི་དགེ་སྦྱོང་གཡེལ་བ་རྣམས་ཀྱི་ནང་དུ་རབ་ཏུ་བྱུང་ནས་དེ་དག་བསྡུ་བའི་དངོས་པོས་བསྡུས་ཏེ། མདོ་འདི་རྙེད་ནས་ལུས་ལ་བཅངས་ཏེ། དགེ་འདུན་དག་པར་བྱས་ནས་དང་པོ་རུང་བ་མ་ཡིན་པའི་གཞི་ཆེན་པོ་ཡོངས་སུ་སྤངས་ཏེ། ཆོས་ཆེན་པོ་སྒྲོགས་པར་འགྱུར། རྔ་བོ་ཆེ་ཆེན་པོ་ལས་གསུངས་པའི་ཆོས་ཀྱི་དུང་དང་ཆོས་ཀྱི་རྒྱལ་མཚན་སྒྲོགས་པར་འགྱུར་རོ། །གཉིས་པ་ཐེག་པ་ཆེན་པོའི་མདོ་སྟོང་པ་ཉིད་ཀྱི་གཏམ་སྨྲ་བར་འགྱུར་རོ། །གསུམ་པ་སེམས་ཅན་གྱི་ཁམས་[ཏེ་དབྱིངས་]རྟག་པའི་གཏམ་དང༌། རྔ་བོ་ཆེ་ཆེན་པོའི་མདོའི་གཏམ་སྨྲ་བར་འགྱུར། ཆོས་ཆེན་པོའི་རྔ་བོ་ཆེ་བརྡུང་བར་འགྱུར། ཆོས་ཆེན་པོའི་དུང་འབུད་པར་འགྱུར། ཆོས་ཀྱི་རྒྱལ་མཚན་འཛུགས་པར་འགྱུར། ངའི་མངོན་སུམ་དུ་གོ་གྱོན་པར་འགྱུར་རོ། །ཞེས་དང༌། དེར་ཡང་གདུལ་བའི་སེམས་ཅན་དག་ཡོད་ན་སེམས་ཅན་དེ་འདྲ་བ་དག་གི་ནང་དུ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འདི་བྱོན་པ་ལ་ལྟོས་ཞེས་སྨྲ་ཞིང༌། དེ་བཞིན་གཤེགས་པ་ནི་རྟག་པ་བརྟན་པ་ཞི་བ་ཐེར་ཟུག་པ་ཡིན་པ་དེ་ལྟ་བུ་དེ་ལ་ལྟོས་ཤིག །ངས་བརྟན་པ་དང་བདེ་བ་བསྟན་པ་བཤད་པ་ནི་དེ་ལྟ་བུ་ཡིན་པར་ཤེས་པར་གྱིས་ཤིག་ཅེས་ལུང་སྟོན་པར་འགྱུར་རོ། །དེ་ནས་ཕྱོགས་བཅུ་ནས་ནམ་མཁའ་ལས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སོ་སོའི་ཞལ་དེ་ལ་སྟོན་ཅིང་འདི་སྐད་ཅེས་དེ་ནི་དེ་ལྟ་ཡིན་ནོ་ཞེས་གསུང་བར་འགྱུར། འཇིག་རྟེན་ཐམས་ཅད་ཀྱང་དེའི་ཆོས་བསྟན་པ་ལ་ལེགས་པར་བསྟན་ཏོ། །ཞེས་ཡིད་ཆེས་པར་འགྱུར་རོ། །ཞེས་དང༌། འགྲོ་བ་ལ་[དོན་དམ་པའི་]དཀོན་མཆོག་གསུམ་གྱི་བསྔགས་པའི་སྒྲ་བརྗོད་པའི་ཚུལ་གྱིས་སངས་རྒྱས་ཀྱི་གསང་བ་འདི་ལྟ་སྟེ། དེ་བཞིན་གཤེགས་པ་རྟག་པ་བརྟན་པ་ཞི་བ་ཐེར་ཟུག་པའོ། །ཞེས་སངས་རྒྱས་ཀྱི་གསང་བ་འདི་སྒྲོགས་སོ། །ཞེས་དང༌། སྤྲིན་ཆེན་པོའི་མདོར་ཡང༌། དེ་བཞིན་གཤེགས་པའི་ཡོན་ཏན་གྱི་ཆེ་བ་ཉིད་ཟབ་པ་དང་མཉམ་པ་ཉིད་དང༌། རྟག་པ་དང༌། ཐེར་ཟུག་པ་དང༌། བརྟན་པ་འཆད་པའི་མདོའི་མིང་གི་དོན་ཡང་རུང་སྟེ། [སྟོང་གཞི་དོན་དམ་གཞན་སྟོང་གི་ཆོས་]གང་ན་ཡང་དག་པར་གནས་པ་དེར་ནི་མེའི་ལམ་གྱི་བཞི་མདོའི་དབུས་སུ་[འགྲོ་དགོས་ན་]ཡང་འགྲོ་བར་བྱའོ། །སྤྲིན་ཆེན་སྙིང་པོ་གཞན་ཡང་[སྟོང་གཞི་དོན་དམ་གཞན་སྟོང་གི་ཆོས་]མཉན་པའི་དོན་དང༌། བཀུར་སྟི་བྱ་བ་དང༌། རི་མོ་བྱ་བ་དང༌། མཆོད་པ་དང༌། རིམ་གྲོ་བྱ་བའི་ཕྱིར་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་མེས་ཤིན་ཏུ་གང་བའི་ནང་དུ་ཡང་ཞུགས་ཏེ་འགྲོ་བར་བྱའོ། །ཞེས་པ་ལ་སོགས་པ་རྒྱ་ཆེར་ཡང་དང་ཡང་དུ་ལེགས་པར་བཀའ་སྩལ་པའི་ཕྱིར་[ཕྱི་ནང་ཀུན་རྫོབ་འདི་ལས་]གཞན་ནང་གི་རིག་པ་[འགྱུར་མེད་]སངས་རྒྱས་ཀྱི་རང་བཞིན་མྱ་ངན་ལས་འདས་པ་ཆེན་པོ་དེ་བཞིན་ཉིད་བདག་དག་པའི་བདག་བདེ་གཤེགས་སྙིང་པོ་རང་བཞིན་འོད་གསལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་འབྱུང་ཕྱག་རྒྱ་ཆེན་མོ་ཨ་ཡིག་དོན་དམ་པའི་བདེན་པ་ཨེ་ཝཾ་ཡི་གེ་རྡོ་རྗེ་སེམས་དཔའ་མ་ནིང་གི་གོ་འཕང་ཆ་མེད་ཀུན་འགྲོ་ཁྱབ་པ་པོ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། རྡོ་རྗེའི་ཟླ་ཉི་དེ་ཉིད་བཅུ་དྲུག་བདེན་དོན་བཅུ་གཉིས་འགྱུར་བ་མེད་པའི་ཡོངས་གྲུབ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་སྔགས་ཀྱི་དབྱིངས་ཀྱི་སྙིང་པོ་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བ་རྣམ་པ་ཀུན་ལྡན་རྣམ་པ་མེད་པ་འཇིག་རྟེན་དཔེར་བྱ་ཀུན་ལས་འདས་པ་ཡིད་བཞིན་ནོར་བུ་ཆེན་པོ་དང༌། དཔག་བསམ་ཤིང་ཆེན་རྒྱས་པའི་མཆོག་ལ་དད་ཅིང་གུས་པས་ཐོས་པ་དང་བསམ་པ་དང་སྒོམ་པ་ལ་ཉིན་དང་མཚན་དུ་བརྩོན་པ་ཆེན་པོ་དང་ལྡན་པར་གྱུར་ཅིག །དེ་དག་ནི་དོན་དམ་པའི་སངས་རྒྱས་གཞི་ལ་རྟག་ཏུ་གདོད་ནས་བཞུགས་པ་རང་བཞིན་གྱི་རིགས་ཏེ་དྲི་མ་སྦྱང་བའི་གཞིའོ། །དེ་ལ་བརྟེན་པ་རྒྱས་པའི་རིགས་ནི་ཐར་པའི་ས་བོན་ཐེབས་ཤིང་བརྟས་པ་ལས་དགེ་བའི་རྩ་བ་ཁྱད་པར་ཅན་ཡང་དག་པར་བླངས་པ་སྟེ་མཁས་པ་རྣམས་ལ་ཡོངས་སུ་གྲགས་པ་ཡིན་ནོ། །དེས་ན་འདིར་ཡི་གེ་མང་དུ་དོགས་ནས་མ་བྲིས་ཏེ་རྒྱས་པར་ནི་མདོ་སྡེའི་རྒྱན་དང༌། བྱང་ཆུབ་སེམས་དཔའི་ས་ལ་སོགས་པར་བལྟ་དགོས་སོ། །

དེ་ལ་འཆལ་བའི་ལོག་རྟོག་སྣ་ཚོགས་སྤང་བ་ལ་གསུམ། སེམས་ཅན་ཐམས་ཅད་ལ་སྤངས་རྟོགས་ཚང་བར་ཐལ་བ་སྤང་བ།

གལ་ཏེ་སེམས་ཅན་ཐམས་ཅད་ལ་དོན་དམ་པའི་སངས་རྒྱས་རང་ཆས་སུ་ཡོད་ན་སྤངས་པ་དང་རྟོགས་པ་མཐར་ཐུག་པ་རང་ཆས་སུ་ཡོད་པར་འགྱུར་རོ། །ཞེ་ན། འདི་ལ་རྣམ་པར་ཕྱེ་སྟེ་བསྟན་དགོས་པས། སྤངས་པ་ལ་ཡང་གཉིས་ཏེ་དྲི་མ་ཐམས་ཅད་གདོད་ནས་རང་བཞིན་གྱིས་མ་གྲུབ་པའི་སྤངས་པ་དང༌། རྟོགས་པ་མཐར་ཐུག་པ་དང༌། [ཞེས་དཔེ་གཅིག་ན་བཞུགས།]དྲི་མ་གློ་བུར་བ་གཉེན་པོས་བཅོམ་ནས་ཟད་པའོ།།དེ་ལ་དང་པོ་ནི་ཆོས་ཉིད་ལ་ཚང་སྟེ། [གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པར། གཤིས་ལུགས་ཟབ་མོའི་སྐབས་སུ་ཟག་པ་ཟད་པ་ཞེས་པའི་]ཟད་པ་[དེ་]གཉེན་པོས་ཟད་པ་མ་ཡིན་ཏེ། །སྔོན་[ཉིད་]ནས་[རང་བཞིན་གྱིས་]ཟད་པས་དེའི་ཕྱིར་ཟད་ཅེས་བསྟན། །ཞེས་དང༌། [རྒྱུད་བླ་མར། ཆོས་ཉིད་]རང་བཞིན་གྱིས་ནི་ཡོངས་དག་ཕྱིར། །ཉོན་མོངས་གདོད་ནས་ཟད་ཕྱིར་རོ། །ཞེས་དང༌། [ཆོས་ཀྱི་དབྱིངས་ལ་བསྟོད་པར། ཆོས་ཀྱི་དབྱིངས་ལ་]དུས་རྣམས་ཀུན་ཏུ་ཉོན་མོངས་[རང་བཞིན་གྱིས་]མེད། །ཐོག་མ་བར་མཐའ་དྲི་མ་[རང་བཞིན་གྱིས་]བྲལ། །ཞེས་དང༌། [དྲི་མེད་འོད་ལས། བྷ་ག་ཆོས་འབྱུང་ཀུན་འགྲོ་ཡེ་ཤེས་སེམས་དཔའ་]དུས་ཐམས་ཅད་དུ་སྒྲིབ་པ་ཐམས་ཅད་དང་བྲལ་བ་ཞེས་སོགས་[ཐམས་ཅད་]ཀྱི་དོན་ཚང་བའི་ཕྱིར་དང༌། [དོན་དམ་]དེ་ནི་[དོན་དམ་པའི་མཚན་གྱི་རྣམ་གྲངས་མང་པོ་བརྗོད་པའི་རྒྱུད་དུ་གསུངས་པ་]རྣམ་པར་ཤེས་པའི་ཆོས་ལས་[རང་བཞིན་གྱིས་]འདས་པ་ཡིན་པའི་ཕྱིར་དང༌། སྒྲིབ་པ་ཀུན་ལས་ངེས་པར་[རང་བཞིན་གྱིས་]གྲོལ་བ་ཡིན་པའི་ཕྱིར་དང༌། ཉོན་མོངས་[དང་]ཉེ་[བའི་]ཉོན་[མོངས་ཏེ་]ཀུན་[ནས་]ཉོན་མོངས[པ་ཐམས་ཅད]། བག་ཆགས་[དང་]བཅས་པ་[རང་བཞིན་གྱིས་]གཏན་སྤངས་པ་ཡིན་པའི་ཕྱིར་དང༌། [རང་བཞིན་གྱིས་]རྡུལ་མེད་རྡུལ་བྲལ་དྲི་མ་མེད[དང་]། །[རང་བཞིན་གྱིས་]ཉེས་པ་སྤངས་པ་[རང་བཞིན་གྱིས་]སྐྱོན་མེད་པ་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་རང་བཞིན་གྱི་སྤངས་པ་དེ་ནི་དོན་དམ་ཆོས་ཉིད་ཀྱི་སངས་རྒྱས་ལ་གདོད་མ་ཉིད་ནས་ཚང་སྟེ། ཆོས་ཉིད་དེ་ནི་[རྡོ་རྗེ་གུར་དུ་གསུངས་པ་]གདོད་ནས་གྲོལ་བའི་དེ་བཞིན་གཤེགས་པ་ཡིན་པའི་ཕྱིར་དང༌། [ངན་སོང་སྦྱོང་རྒྱུད་དུ་གསུངས་པ་]སངས་རྒྱས་[གཟུགས་སྐུ་]ཀུན་པས་སྔར་སངས་རྒྱས་ཡིན་པའི་ཕྱིར་དང༌། [རིན་པོ་ཆེ་ཏོག་གི་གཟུངས་ལས་གསུངས་པ་དོན་དམ་གྱི་]ནམ་མཁའི་རང་བཞིན་གཟོད་ནས་རྣམ་གྲོལ་ཐུགས་ཡིན་པའི་ཕྱིར་རོ། །དེས་ན་ཆོས་ཉིད་གང་ལ་ཡོད་པ་དེ་ལ་སྤངས་པ་[རང་བཞིན་པ་]དེ་ཡང་ཡོད་དེ་ཆོས་ཉིད་དེ་ནི་རང་བཞིན་གྱིས་རྣམ་པར་དག་པ་ཡིན་པའི་ཕྱིར་རོ། །སྤངས་པ་གཉིས་པ་ནི་ལམ་མ་བསྒོམས་པའི་སེམས་ཅན་ལ་མེད་ཀྱང་[སེམས་ཅན་གྱི་སྐྱོན་དུ་ཟད་མོད་]གྲུབ་མཐའ་ལ་སྐྱོན་དུ་འགྱུར་བ་མེད་དེ། སེམས་ཅན་ཐམས་ཅད་སངས་རྒྱས་ཡིན་པའམ་སངས་རྒྱས་ཐོབ་པ་ཡིན་པར་ཁས་མ་བླངས་པའི་ཕྱིར་དང༌། སེམས་ཅན་ཐམས་ཅད་ལ་[དོན་དམ་གྱི་སངས་རྒྱས་བཞུགས་པར་ཁས་བླངས་ཀྱི་]ཀུན་རྫོབ་ཀྱི་སངས་རྒྱས་ཡོད་པར་ཡང་ཁས་མ་བླངས་པའི་ཕྱིར་རོ། །དེ་བཞིན་དུ་སངས་རྒྱས་ཀྱི་རྟོགས་པ་ལ་ཡང་གཉིས་ཏེ། གདོད་ནས་ཆོས་ཉིད་རང་གིས་རང་རིག་པའི་རྟོགས་པ་རང་བྱུང་ཡེ་ཤེས་དང༌། ལམ་ཟབ་མོ་བསྒོམས་པ་ལས་སྐྱེས་པའི་རྟོགས་པ་གཞན་བྱུང་ཡེ་ཤེས་སོ། །དང་པོ་ནི་དོན་དམ་ཆོས་ཉིད་ལ་རང་བཞིན་གྱིས་ཚང་སྟེ། [དོན་དམ་]དེ་ནི་བདག་རིག་གཞན་རིག་ཐམས་ཅད་པ་ཡིན་པའི་ཕྱིར་དང༌། ཀུན་ཤེས་ཀུན་རིག་དམ་པ་པོ་ཡིན་པའི་ཕྱིར་དང༌། སོ་སོ་རང་རིག་མི་གཡོ་བ་ཡིན་པའི་ཕྱིར་དང༌། ཁྱབ་བདག་[རང་བྱུང་]ཡེ་ཤེས་ལྔ་ཡི་བདག་ཡིན་པའི་ཕྱིར་དང༌། གཉིས་མེད་ཡེ་ཤེས་ཚུལ་འཆང་བ་ཡིན་པའི་ཕྱིར་དང༌། [རང་བྱུང་ཡེ་ཤེས་ལྔ་ལ་ཐབས་དང་ཤེས་རབ་ཀྱིས་ཕྱེ་བའི་]ཤེས་བཅུ་རྣམ་དག་བདག་ཉིད་ཅན་ཡིན་པའི་ཕྱིར་དང༌། [རང་བྱུང་ཡེ་ཤེས་ལྔ་ལ་ཐབས་དང་ཤེས་རབ་ཀྱིས་ཕྱེ་བའི་]ཤེས་བཅུ་རྣམ་དག་འཆང་བ་པོ་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་རང་བཞིན་གཉུག་མའི་སྤངས་པ་དང་རྟོགས་པ་ནི་དོན་དམ་ཆོས་ཉིད་ལ་ཚང་སྟེ། [རྒྱུད་བླ་མར།]རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །[ཀུན་རྫོབ་]གློ་བུར་[བ་]དག་གིས་[དོན་དམ་ཆོས་ཀྱི་]དབྱིངས་སྟོང་གི །རྣམ་དབྱེ་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་[དོན་དམ་གྱི་སྟོབས་སོགས་གང་གཱའི་ཀླུང་གི་རྡུལ་ལས་འདས་པ་རྣམས་]ཀྱིས་སྟོང་མ་ཡིན། །ཞེས་དང༌། [གཤིས་ལུགས་ཟབ་མོ་]འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཅེས་སོགས་དང་ཡང་དོན་གཅིག་པའི་ཕྱིར་རོ། །དེས་ན་རྟོགས་པ་དང་པོ་ནི་ཆོས་ཉིད་ལ་དབྱེར་མེད་དུ་ཚང་བས་[ཆོས་ཉིད་]དེ་ཡོད་པ་ན་[རྟོགས་པ་རང་བཞིན་པ་]དེ་ཡང་ཡོད་ལ། རྟོགས་པ་གཉིས་པ་[གླཽ་བུར་བ་]ནི་ལམ་ལ་མ་ཞུགས་པའི་སེམས་ཅན་ལ་མ་ཚང་ཞིང་[སེམས་ཅན་]དེས་བདག་མེད་པ་མངོན་སུམ་གྱིས་མ་རྟོགས་ཀྱང་གྲུབ་མཐའ་ལ་སྐྱོན་དུ་འགྱུར་བ་མེད་དེ་[སེམས་ཅན་རྣམས་སངས་རྒྱས་ཡིན་པར་ཁས་མ་བླངས་པ་ལ་སོགས་]རྒྱུ་མཚན་སྔ་མ་བཞིན་ནོ། །

སེམས་ཅན་ཐམས་ཅད་ཀྱིས་ཚོགས་གཉིས་བསགས་པར་ཐལ་བ་སྤང་བ།

ཡང་སེམས་ཅན་ལ་སངས་རྒྱས་རང་ཆས་སུ་བཞུགས་ན། སེམས་ཅན་རྣམས་ཚོགས་གཉིས་བསགས་ཤིང་སྒྲིབ་གཉིས་སྤངས་པ་ཡིན་པར་འགྱུར་རོ་ཞེ་ན། འདི་ལ་ཡང་ཁྱབ་པ་མེད་དེ་[སེམས་ཅན་རྣམས་སངས་རྒྱས་ཡིན་པར་ཁས་མ་བླངས་པ་ལ་སོགས་པ་]རྒྱུ་མཚན་སྔ་མ་བཞིན་ནོ། །གཞན་ཡང་ཚོགས་གཉིས་བསགས་པ་ལ་བདེན་གཉིས་རྣམ་དབྱེ་ཤེས་དགོས་ཤིང༌། དོན་དམ་པའི་ཚོགས་གཉིས་བསགས་པ་ནི། དོན་དམ་པའི་བདེན་པ་ལ་གདོད་ནས་རང་བཞིན་གྱིས་ཚང་སྟེ། དོན་དམ་བདེན་པ་ནི་[གདོད་ནས་རང་བཞིན་པའི་]བསོད་ནམས་ལྡན་པ་[དང་]བསོད་ནམས་ཚོགས[ཡིན་ཞིང་]། །[གདོད་ནས་རང་བཞིན་པའི་]ཡེ་ཤེས་[དང་]ཡེ་ཤེས་འབྱུང་གནས་ཆེ[ཡིན་ལ]། །[གདོད་ནས་རང་བཞིན་པའི་]ཡེ་ཤེས་ལྡན་པ་ཡོད་མེད་ཤེས[ཡིན་པས]། །[གདོད་ནས་རང་བཞིན་པའི་]ཚོགས་གཉིས་ཚོགས་ནི་བསགས་པ་པོ་ཡིན་པའི་ཕྱིར་དང༌། [གདོད་ནས་རང་བཞིན་པའི་]སངས་རྒྱས་རྣམ་པར་སྣང་མཛད་ཆེ[དང་]། །[གདོད་ནས་རང་བཞིན་པའི་]ཐུབ་པ་ཆེན་པོ་[དང་]ཐུབ་ཆེན་ལྡན་ཡིན་པའི་ཕྱིར་དང༌། [གདོད་ནས་རང་བཞིན་པའི་]ཐུབ་དབང་[གདོད་ནས་རང་བཞིན་པའི་]སྟོབས་བཅུ་ཁྱབ་པའི་བདག་ཡིན་པའི་ཕྱིར་དང༌། མཆོག་གི་དང་པོ་[གདོད་ནས་རང་བཞིན་པའི་]སྐུ་གསུམ་འཆང་[བ་དང་]། །[གདོད་ནས་རང་བཞིན་པའི་]སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན་ཡིན་པའི་ཕྱིར་དང༌། [གདོད་ནས་རང་བཞིན་པའི་]རྫོགས་པའི་སངས་རྒྱས་འཇིག་རྟེན་འདྲེན་ཡིན་པའི་ཕྱིར་རོ། །ལམ་ལ་མ་ཞུགས་པའི་སེམས་ཅན་རྣམས་ཀུན་རྫོབ་ཀྱི་ཚོགས་གཉིས་བསགས་པ་མ་ཡིན་ཡང་གྲུབ་མཐའི་སྐྱོན་དུ་མི་འགྱུར་ཏེ་[སེམས་ཅན་རྣམས་སངས་རྒྱས་ཡིན་པར་ཁས་མ་བླངས་པ་ལ་སོགས་པ་]རྒྱུ་མཚན་སྔ་མ་བཞིན་ནོ། །དེ་བཞིན་དུ་སྒྲིབ་གཉིས་སྤངས་པ་ལ་ཡང་ཚུལ་གཉིས་ཏེ་སྔར་སྤངས་པའི་སྐབས་སུ་བཤད་པ་བཞིན་ནོ། །དེས་ན་ཁ་ཅིག་སེམས་ཅན་ལ་སངས་རྒྱས་ཡོད་ན་ལས་དང་ཉོན་མོངས་དང་སྡུག་བསྔལ་ཐམས་ཅད་མེད་པར་འགྱུར་རོ། །ཞེས་སོགས་དང༌། སེམས་ཅན་གྱིས་ཤེས་བྱ་ཐམས་ཅད་མཁྱེན་པར་འགྱུར་རོ། །ཞེས་སོགས་ལོག་པའི་ཀླན་ཀ་ཤིན་ཏུ་མང་པོ་རྣམས་ནི་ཡོད་པ་དང་ཡིན་པའི་ཁྱད་པར་མ་ཤེས་པ་རྣམས་ཀྱི་རླབ་ཅོལ་ཡིན་ཏེ་ཡོད་པས་ཡིན་པར་མི་འགྲུབ་པའི་ཕྱིར་རོ། །གལ་ཏེ་འགྲུབ་ན་མི་[འདི་]རྣམས་ལ་བཤང་བ་ཡོད་པས་མི་[འདི་]རྣམས་བཤང་བ་ཡིན་ནམ་ཅི། དེས་ན་ཀུན་རྫོབ་བདེན་པར་རྟོགས་པའི་སྤངས་རྟོགས་དང་ཚོགས་གཉིས་ནི་ལམ་བདེན་ཡིན་ལ། དོན་དམ་བདེན་པར་གཏོགས་པའི་སྤངས་རྟོགས་དང་ཚོགས་གཉིས་ནི་འགོག་བདེན་ཡིན་པས། དེ་དག་རིམ་པ་ལྟར་ཀུན་རྫོབ་གཟུགས་སྐུ་དང༌། དོན་དམ་ཆོས་སྐུ་ལ་ཚང་ཞིང༌། དང་པོ་ནི་རབ་ཏུ་གྲགས་ལ། གཉིས་པའི་དབང་དུ་མཛད་ནས་[དོན་དམ་པའི་མཚན་གྱི་རྣམ་གྲངས་མང་པོ་བརྗོད་པའི་རྒྱུད་དུ་གསུངས་པ་]རྒྱལ་བ་དགྲ་རྒྱལ་[གདོད་ནས་རང་བཞིན་གྱིས་]རྣམ་པར་རྒྱལ་དང༌། [གདོད་ནས་རང་བཞིན་གྱིས་]ཆོས་ཀྱི་དབང་ཕྱུག་ཆོས་ཀྱི་རྒྱལ་དང༌། [གདོད་ནས་རང་བཞིན་གྱིས་]སངས་རྒྱས་ཀུན་བདག་དངོས་པོ་མཆོག་དང༌། [གདོད་ནས་རང་བཞིན་གྱིས་]མི་གནས་མྱ་ངན་འདས་པ་པོ་དང༌། [གདོད་ནས་རང་བཞིན་གྱིས་]སུམ་བཅུ་རྩ་གཉིས་མཚན་འཆང་བ་དང༌། [གདོད་ནས་རང་བཞིན་གྱིས་]ཐམས་ཅད་མཁྱེན་པ་ཡེ་ཤེས་མཚོ་དང༌། [གདོད་ནས་རང་བཞིན་གྱིས་]ཡེ་ཤེས་སྐུ་རྣམས་མ་ལུས་འཆང་དང༌། [གདོད་ནས་རང་བཞིན་གྱིས་]ཡེ་ཤེས་སྐུ་སྟེ་རང་བྱུང་བ་དང༌། [གདོད་ནས་རང་བཞིན་གྱིས་]ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས་དང༌། [གདོད་ནས་རང་བཞིན་གྱིས་]ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ་དང༌། [གདོད་ནས་རང་བཞིན་གྱིས་]སངས་རྒྱས་ཀུན་གྱི་རང་བཞིན་འཆང་དང༌། [གདོད་ནས་རང་བཞིན་གྱིས་]སངས་རྒྱས་བྱང་ཆུབ་བླ་ན་མེད་དང༌། [གདོད་ནས་རང་བཞིན་གྱིས་]རྫོགས་པའི་སངས་རྒྱས་ཨ་ལས་བྱུང་དང༌། [གདོད་ནས་རང་བཞིན་གྱིས་]རྡོ་རྗེ་དཀྱིལ་ཀྲུང་རྫོགས་སངས་རྒྱས་དང༌། [གདོད་ནས་རང་བཞིན་གྱིས་]སྟོན་པ་གཅིག་པུ་འགྲོ་བའི་བླ་[མ་]དང༌། [གདོད་ནས་རང་བཞིན་གྱིས་]སངས་རྒྱས་ཀུན་གྱི་སྙིང་པོ་ཆེ་དང༌། [གདོད་ནས་རང་བཞིན་གྱིས་]སངས་རྒྱས་ཀུན་གྱི་ཐུགས་ཆེ་བ་ལ་སོགས་པ་རྒྱ་ཆེར་གསུངས་པ་རྣམས་ཀྱི་དགོངས་པ་ནི་དོན་དམ་བདེན་པ་ཉིད་རང་བཞིན་གཉུག་མ་གནས་ལུགས་ཟབ་མོའི་སངས་རྒྱས་ཡིན་ཞེས་པའི་དོན་ཡིན་ལ། དེ་སེམས་ཅན་ཀུན་ལ་བཞུགས་པ་ནི་དྲི་བཅས་ཏེ་དེ་བཞིན་ཉིད་ཡིན་པས་དྲི་མ་སྦྱང་བའི་གཞིར་བཞུགས་པ་ཡིན་ནོ། །[དེ་སངས་རྒྱས་ལ་བཞུགས་པ་ནི་དྲི་མེད་དེ་བཞིན་ཉིད་ཡིན་པས་སྦྱངས་འབྲས་སུ་བཞུགས་པ་ཡིན་ལ། གཉི་གའྀ་ཆོས་ཉིད་ངོ་བཽ་གཅིག་པའི་ཕྱིར་གཞི་འབྲས་ངོ་བོ་དབྱེར་མེད་ཡིན་ནོ། །]ལུང་དང་རིགས་པ་རྒྱས་པར་ནི་[སྟོང་གཞི་དོན་དམ་གྱི་]རྣམ་གྲངས་མང་པོའི་སྐབས་ལ་སོགས་པར་ཡང་བཤད་པར་བྱའོ། །

སྦྱང་གཞི་སྦྱང་བྱ་ལ་སོགས་པ་འཁྲུལ་བའི་ལོག་རྟོག་སྤང་བ།

གལ་ཏེ་སྦྱང་གཞི་དེ་ལྟར་[དོན་དམ་ལ་འདོད་པ་]ཡིན་ན་སྦྱང་གཞི་ཕུང་པོ་ཁམས་དང་སྐྱེ་མཆེད་ཅེས་[འདི་ན་ཡོངས་སུ་]གྲགས་པ་དང་འགལ་ལོ་ཞེ་ན། [མི་ལ་ལ་ལ་གྲགས་པ་དང་འགལ་བ་]བདེན་མོད་ཀྱི་གསུང་རབ་དང་ནི་འགལ་བ་མེད་དེ། དེ་བཞིན་གཤེགས་པའི་སྙིང་པོའི་མདོར། ཇི་ལྟར་འདི་ན་སྦྲང་ཚང་ཡོད་པ་ལ། །བུང་བས་ཀུན་ཏུ་བསྲུངས་ཤིང་སྦས་གྱུར་པ། །མི་གང་སྦྲང་རྩི་འདོད་པས་དེ་མཐོང་ནས། །དེ་ནི་བུང་བ་རབ་ཏུ་སྐྲོད་པར་བྱེད། །དེ་བཞིན་འདིར་ཡང་སྦྲང་ཚང་ལྟ་བུ་ནི། །སྲིད་པ་གསུམ་གྱི་སེམས་ཅན་ཐམས་ཅད་དོ། །[སེམས་ཅན་]དེ་དག་ཉོན་མོངས་བྱེ་བ་མང་བ་སྟེ། །ཉོན་མོངས་དབུས་ན་[དོན་དམ་གྱི་]དེ་བཞིན་གཤེགས་[པ་]འདུག་[པར་]མཐོང༌། །ང་ཡང་སངས་རྒྱས་རྣམ་པར་སྦྱང་དོན་དུ། །བུང་བ་སྐྲོད་པ་ལྟ་བུར་ཉོན་མོངས་སེལ། །ཞེས་གསུངས་སོ། །འདིར་སངས་རྒྱས་རྣམ་པར་སྦྱང་དོན་དུ་ཞེས་པ་ལ་སངས་རྒྱས་ནི་དང་པོའི་སངས་རྒྱས་ཡིན་ཏེ་སངས་རྒྱས་ཀུན་བས་སྔར་སངས་རྒྱས་ཞེས་པ་བདེ་གཤེགས་སྙིང་པོའོ། །དེ་རྣམ་པར་སྦྱང་ཞེས་པ་སྦྱང་བའི་གཞི་ཡིན་གྱི་སྦྱང་བྱའི་དྲི་མ་ནི་མ་ཡིན་ནོ། །ཉེར་ལེན་གྱི་ཕུང་པོ་ལ་སོགས་པ་ནི་སངས་རྒྱས་མ་ཡིན་[པས་སྦྱང་གཞི་མ་ཡིན་]ཏེ་སྦྱང་བྱ་དྲི་མ་ཡིན་པའི་ཕྱིར་རོ། །ཡང་མདོ་དེ་ཉིད་དུ། རིགས་ཀྱི་བུ་དག་[དོན་དམ་བདེ་གཤེགས་སྙིང་པོ་]འདི་ནི་ཆོས་རྣམས་ཀྱི་ཆོས་ཉིད་དེ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་སེམས་ཅན་འདི་དག་ནི་རྟག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ན། རིགས་ཀྱི་བུ་དག་སྨད་པར་འོས་པའི་ཉོན་མོངས་པའི་སྤུབས་རྣམས་ཀྱིས་གཡོགས་པས་དེ་དག་གི་ཉོན་མོངས་པའི་སྦུབས་གཞིག་པ་དང་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱང་ཡོངས་སུ་སྦྱང་བའི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་སྟོན་ཏེ། བྱ་བ་འདི་ལ་ཡང་མོས་པར་བྱེད་དོ་ཞེས་གསུངས་སོ། །འདིར་ཡང་དེ་བཞིན་གཤེགས་པའི་ཡེ་ཤེས་ཡོངས་སུ་སྦྱང་བའི་ཕྱིར་ཞེས་པ་ལ་དེ་བཞིན་གཤེགས་པའི་ཡེ་ཤེས་ནི་རང་བྱུང་ཡེ་ཤེས་ཏེ། གདོད་ནས་གྲོལ་བའི་དེ་བཞིན་གཤེགས་པ་ཞེས་པ་བདེ་གཤེགས་སྙིང་པོའོ། །དེ་ཡོངས་སུ་སྦྱང་བ་ཞེས་པ་སྦྱང་བའི་གཞི་ཡིན་གྱི་སྦྱང་བྱའི་དྲི་མ་ནི་མ་ཡིན་ནོ། །ཟག་བཅས་ཀྱི་ཕུང་པོ་ལ་སོགས་པ་ནི་གློ་བུར་དྲི་མ་ཡིན་པའི་ཕྱིར་དེ་བཞིན་གཤེགས་པའི་ཡེ་ཤེས་མ་ཡིན་ནོ། །ཡང་མདོ་དེ་ཉིད་དུ། རིགས་ཀྱི་བུ་དག་གཞན་ཡང་འདི་ལྟ་སྟེ། དཔེར་ན་འབྲས་སཱ་ལུ་འམ་ནས་སམ་ཅི་ཚེའམ་འབྲུའི་རྣམ་པ་རྣམས་ནི་སྙིང་པོ་ཕུབ་མ་ནས་ཡོངས་སུ་བསྲུངས་པ་ཡིན་ཏེ། དེ་རང་གི་ཕུབ་མ་ལས་མ་བྱུང་གི་བར་དུ་བཟའ་བ་དང་བཅའ་བ་དང་མྱང་བའི་བྱ་བ་མི་བྱེད་ཀྱི་རིགས་ཀྱི་བུ་དག་སྐྱེས་པའམ་བུད་མེད་གང་དག་བཟའ་བ་དང་བཅའ་བ་ལ་སོགས་པ་ཟས་སྐོམ་གྱི་བྱ་བ་འདོད་པ་དེ་དག་གིས་བརྔས་ཤིང་བརྡུངས་ཏེ་ཕུབ་མའི་སྦུབས་དང་ཕྱི་ཤུན་སེལ་ཏོ། །རིགས་ཀྱི་བུ་དག་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་[དོན་དམ་གྱི་]དེ་བཞིན་གཤེགས་པའི་སྤྱན་གྱིས་སེམས་ཅན་ཐམས་ཅད་ལ་[དོན་དམ་གྱི་]དེ་བཞིན་གཤེགས་པ་ཉིད་སངས་རྒྱས་ཉིད་རང་བྱུང་ཉིད་ཉོན་མོངས་པའི་སྦུབས་ཀྱི་ཤུན་པས་དཀྲིས་ཤིང་གནས་པར་མཐོང་ངོ༌། །རིགས་ཀྱི་བུ་དག་དེ་ལ་དེ་བཞིན་གཤེགས་པ་ཡང་ཉོན་མོངས་པའི་སྦུབས་ཀྱི་ཤུན་པ་བསལ་བ་དང༌། དེ་བཞིན་གཤེགས་པ་ཉིད་ཡོངས་སུ་སྦྱང་བ་དང༌། སེམས་ཅན་འདི་དག་ཇི་ལྟར་ཉོན་མོངས་པའི་སྤུབས་ཀྱི་ཤུན་པ་ཐམས་ཅད་ལས་གྲོལ་ཏེ། འཇིག་རྟེན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བའི་གྲངས་སུ་འགྲོ་བར་འགྱུར་སྙམ་ནས་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ།།དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །ཇི་ལྟར་འབྲུའམ་སཱ་ལུའི་འབྲས་ཀྱང་རུང༌། །ཅི་ཚེའམ་ནི་འོན་ཏེ་ནས་ཀྱང་རུང༌། །ཇི་སྲིད་བར་དུ་དེ་དག་ཕུབ་བཅས་པ། །དེ་སྲིད་བར་དུ་བྱ་བ་མི་བྱེད་དེ། །དེ་དག་གི་ནི་བརྡུངས་ནས་ཕུབ་བསལ་ན། །བྱ་བ་རྣམ་པ་མང་པོ་དག་ཀྱང་བྱེད། །སྙིང་པོ་ཕུབ་མ་ལྡན་པ་དེ་དག་ནི། །སེམས་ཅན་རྣམས་ལ་བྱ་བ་མི་བྱེད་དོ། །དེ་བཞིན་སེམས་ཅན་ཀུན་གྱི་སངས་རྒྱས་ས། །ཉོན་མོངས་རྣམས་ཀྱིས་ཁེབས་པར་ངས་མཐོང་ནས། །ངས་ནི་དེ་དག་རྣམ་པར་སྦྱང་བ་དང༌། །སངས་རྒྱས་མྱུར་ཐོབ་བྱ་ཕྱིར་ཆོས་སྟོན་ཏོ། །སེམས་ཅན་ཀུན་ལ་ང་འདྲའི་ཆོས་ཉིད་ནི། །ཉོན་མོངས་བརྒྱ་ཡིས་དཀྲིས་ནས་གང་ཡོད་པ། །དེ་ནི་རྣམ་[པར་]སྦྱང་[ཞིང་སྦྱངས་པ་]ཐམས་ཅད་ཇི་ལྟ་བུར། །རྒྱལ་བར་མྱུར་འགྱུར་བྱ་ཕྱིར་ཆོས་སྟོན་ཏོ། །ཞེས་དོན་དམ་རང་བྱུང་གི་བདེ་གཤེགས་སངས་རྒྱས་ཀྱི་ས་གང་ཡིན་པ་སེམས་ཅན་ཐམས་ཅད་ལ་བཞུགས་པ་དེ་ཉིད་སྦྱང་གཞིར་གསུངས་ཀྱི། ཕུང་པོ་དང་ཉོན་མོངས་པ་རྣམས་ནི་[སྦྱང་གཞི་]མ་ཡིན་ནོ། །ཉོན་མོངས་པའི་སྦུབས་ཀྱི་ཤུན་པ་བསལ་བ་དང༌། ཞེས་པ་ལ་སོགས་པས་སྦྱང་བར་བྱ་བའི་དྲི་མ་བསྟན་ཏེ་རིམ་པ་ལྟར་འབྲུའི་སྙིང་པོ་དང་ཤུན་པ་བཞིན་ནོ། །ཡང་མདོ་དེ་ཉིད་དུ། ཇི་ལྟར་མི་ཡི་གསེར་གྱི་གར་བུ་ནི། །ཉལ་ཉིལ་རྣམ་པའི་ནང་དུ་ལྷུང་གྱུར་ལ། །དེར་དེ་ལོ་ནི་མི་ཉུང་བ་ཞིག་ཏུ། །དེ་ལྟར་གནས་ཀྱང་མི་འཇིག་ཆོས་ཅན་ནོ། །ལྷ་ཡིས་ལྷ་ཡི་མིག་གིས་དེ་མཐོང་ནས། །རྣམ་པར་སྦྱང་ཕྱིར་གཞན་ལ་སྨྲས་པ་ནི། །འདི་ན་རིན་ཆེན་མཆོག་གི་གསེར་ཡོད་པ། །རྣམ་པར་སྦྱོངས་ལ་དེས་ནི་བྱ་བ་གྱིས། །དེ་བཞིན་ངས་ནི་སེམས་ཅན་ཐམས་ཅད་ཀྱང༌། །ཉོན་མོངས་རྣམས་ཀྱིས་ཡུན་རིང་རྟག་ནོན་མཐོང༌། །དེ་དག་གི་ནི་གློ་བུར་ཉོན་མོངས་[སྦྱང་རུང་དུ་]ཤེས[ནས]། །རང་བཞིན་སྦྱང་ཕྱིར་ཐབས་ཀྱིས་ཆོས་སྟོན་ཏོ། །ཞེས་གསུངས་ཏེ། འདིར་ཡང་རང་བཞིན་སྦྱང་ཕྱིར་ཞེས་པ་ལ་རང་བཞིན་ནི་རང་བཞིན་གྱི་སྐུ་སྟེ། [དབུ་མ་རྩ་ཤེར།]རང་བཞིན་དག་ནི་བཅོས་མིན་དང༌། །གཞན་ལ་ལྟོས་པ་མེད་པ་ཡིན། །རང་བཞིན་གཞན་དུ་འགྱུར་བ་ནི། །ནམ་ཡང་འཐད་པ་མ་ཡིན་ནོ། །ཞེས་པ་བདེ་གཤེགས་སྙིང་པོའོ། །དེ་སྦྱང་ཞེས་པ་སྦྱང་བའི་གཞི་ཡིན་གྱི་སྦྱང་བྱའི་དྲི་མ་ནི་མ་ཡིན་ཏེ་རང་བཞིན་འོད་གསལ་ཡིན་པའི་ཕྱིར་རོ། །ཟག་བཅས་ཀྱི་ཕུང་པོ་རྣམས་ནི་གློ་བུར་དྲི་མ་ཡིན་པའི་ཕྱིར་རང་བཞིན་འོད་གསལ་མ་ཡིན་ཏེ་རྒྱུ་རྐྱེན་གྱིས་བྱས་པའི་ཕྱིར་རོ། །དེ་ཡང་[དབུ་མ་རྩ་ཤེར།]རྒྱུ་དང་རྐྱེན་ལས་བྱུང་བ་ཡི། །རང་བཞིན་བྱས་པ་ཅན་དུ་འགྱུར། །ཞེས་སོགས་དང༌། [ཚད་མ་རྣམ་འགྲེལ་དུ།]སེམས་ཀྱི་རང་བཞིན་འོད་གསལ་ཏེ། །དྲི་མ་རྣམས་ནི་གློ་བུར་བ། །ཞེས་སོགས་རྒྱ་ཆེར་གསུངས་པའི་ཕྱིར་རོ། །ཡང་[སྙིང་པོའི་]མདོ་དེ་ཉིད་དུ། རིགས་ཀྱི་བུ་དག་གཞན་ཡང་འདི་ལྟ་སྟེ། དཔེར་ན་སྤྲ་ཚིལ་ལས་རྟའི་གཟུགས་སམ་གླང་པོ་ཆེའི་གཟུགས་སམ་བུད་མེད་ཀྱི་གཟུགས་སམ་སྐྱེས་པའི་གཟུགས་དག་ཅིག་བྱས་ཏེ། འཇིམ་པའི་ནང་དུ་བཅུག་ནས་གཡོགས་ལ་[སྤྲ་ཚིལ་]བཞུ་སྟེ་ཟགས་པར་བྱས་ལ་[དེའི་ཤུལ་]གསེར་བཞུ་སྟེ་ཞུ་བར་གྱུར་པས་བཀང་ན་རིམ་གྱིས་གྲང་བར་གྱུར་ནས་མཉམ་པར་གནས་པར་གྱུར་པའི་གཟུགས་དེ་དག་ཐམས་ཅད་ཕྱི་རོལ་གྱི་འཇིམ་པ་ནག་ཅིང་ཁ་དོག་མི་སྡུག་ཀྱང་ནང་གི་རྣམས་ནི་གསེར་ལས་བྱས་པ་དག་གོ །དེ་ནས་འགར་བའམ་འགར་བའི་སློབ་མ་ཞིག་གིས་དེ་ལས་གཟུགས་གང་དང་གང་དག་གྲང་བར་གྱུར་པ་མཐོང་བ་དེ་དང་དེ་དག་གི་ཕྱི་རིམ་གྱི་འཇིམ་པ་ཐོ་བས་བཀོགས་ན། དེ་ནས་སྐད་ཅིག་དེ་ལ་ནང་ན་གསེར་ལས་བྱས་པའི་གཟུགས་ཡོད་པ་དག་ཡོངས་སུ་དག་པ[མཐོང་བ]ར་འགྱུར་རོ།།རིགས་ཀྱི་བུ་དག་དེ་བཞིན་དུ་དེ་གཤེགས་པ་ཡང་དེ་བཞིན་གཤེགས་པའི་སྤྱན་གྱིས་སེམས་ཅན་ཐམས་ཅད་འཇིམ་པའི་གཟུགས་ལྟ་བུ་ཡིན་ལ་ཕྱི་རོལ་གྱི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་སྦུབས་ཀྱི་ནང་གི་སྦུ་གུ་[དོན་དམ་པའི་]སངས་རྒྱས་ཀྱི་ཆོས་[སྟོབས་སོགས་གང་གཱའི་ཀླུང་གི་རྡུལ་ལས་འདས་པ་རྣམས་]ཀྱིས་གང་སྟེ་ཟག་པ་མེད་པའི་[རང་བྱུང་]ཡེ་ཤེས་རིན་པོ་ཆེ་དེ་བཞིན་གཤེགས་པ་མཛེས་པ་ནང་ན་འདུག་པ་མཐོང་ངོ༌། །རིགས་ཀྱི་བུ་དག་དེ་ལ་དེ་བཞིན་གཤེགས་པས་སེམས་ཅན་ཐམས་ཅད་དེ་ལྟར་མཐོང་ནས་བྱང་ཆུབ་སེམས་དཔའི་ནང་དུ་སོང་སྟེ་[གློ་བུར་དྲི་མ་བསལ་དུ་རུང་ཞིང༌། དེ་བསལ་བ་ཙམ་གྱིས་བདེ་གཤེགས་སྙིང་པོ་སུས་ཀྱང་བསལ་དུ་མི་རུང་བ་དེ་ཐོབ་པར་སྟོན་པ་]འདི་ལྟ་བུའི་ཆོས་ཀྱི་རྣམ་གྲངས་འདི་དག་ཡང་དག་པར་རབ་ཏུ་སྟོན་ཏོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཞི་ཞིང་བསིལ་བར་གྱུར་པ་དེ་དག་གི་དེ་བཞིན་གཤེགས་པའི་ཡེ་ཤེས་རིན་པོ་ཆེ་ཡོངས་སུ་སྦྱང་བའི་ཕྱིར་དེ་བཞིན་གཤེགས་པ་ཆོས་ཀྱི་རྡོ་རྗེའི་ཐོ་བས་ཕྱི་རོལ་གྱི་ཉོན་མོངས་པ་ཐམས་ཅད་འགོགས་སོ། །ཞེས་དེ་བཞིན་གཤེགས་པའི་ཡེ་ཤེས་རིན་པོ་ཆེ་སྦྱང་གཞིར་གསུངས་ཀྱི་གློ་བུར་བའི་ཕུང་པོ་རྣམས་ནི་[སྦྱང་གཞི་]མ་ཡིན་ནོ། །དེ་ལྟར་སྦྱང་གཞི་བདེ་གཤེགས་སྙིང་པོ་ཉིད་སངས་རྒྱས་དང་སངས་རྒྱས་ཀྱི་ས་དང་དེ་བཞིན་གཤེགས་པའི་ཡེ་ཤེས་སུ་གསུངས་པ་འདི་དག་གིས་ནི། ཁ་ཅིག་བདེ་གཤེགས་སྙིང་པོ་སངས་རྒྱས་མ་ཡིན་པར་འདོད་པ་ཡང་བསལ་བ་ཡིན་ནོ། །དེ་བཞིན་དུ་དཔེ་གཞན་དང་གཞན་རྣམ་པ་མང་པོའི་སྒོ་ནས་བདེ་གཤེགས་སྙིང་པོ་ལ་གཡོགས་པའི་གློ་བུར་དྲི་མའི་སྦུབས་སྦྱང་བ་དང་བསལ་བའི་ཕྱིར་ཆོས་སྟོན། ཞེས་གསུངས་པ་ཐམས་ཅད་ཀྱིས་ཀྱང་སྦྱང་བའི་གཞི་བདེ་གཤེགས་སྙིང་པོ་དང་སྦྱང་བྱའི་སྐྱོན་གློ་བུར་དྲི་མ་ཡིན་པར་བསྟན་པས་རྒྱས་པར་མདོ་དེ་ཉིད་བལྟ་བར་བྱའོ། ། དེ་བཞིན་དུ། རྒྱུད་བླ་མར་ཡང༌། རྟོགས་བྱ་[བདེ་གཤེགས་སྙིང་པོ་དྲི་བཅས་དེ་བཞིན་ཉིད་དང་དེ་]རྟོགས་པ་[དྲི་མེད་དེ་བཞིན་ཉིད་དང་]དེ་ཡི་ནི། །ཡན་ལག་[སངས་རྒྱས་ཀྱི་ཡོན་ཏན་དང་དེ་རྣམས་]རྟོགས་པར་བྱེད་ཕྱིར་[སངས་རྒྱས་ཀྱི་འཕྲིན་ལས་]ཏེ། །གོ་རིམ་ཇི་བཞིན་གནས་གཅིག་[དྲི་བཅས་དེ་བཞིན་ཉིད་]ནི། །དག་[པར་བྱ་]རྒྱུ་[ཡིན་ལ་གནས་ལྷག་མ་]གསུམ་ནི་[དག་པར་བྱེད་པའི་]རྐྱེན་ཡིན་ནོ། །ཞེས་བདེ་གཤེགས་སྙིང་པོ་དག་པར་བྱ་རྒྱུ་ཡིན་པར་གསུངས་ལ། དག་པར་བྱ་རྒྱུའི་དྲི་མ་ནི་མ་ཡིན་པས་དག་པར་བྱ་རྒྱུའི་གཞི་ཉིད་ལས་འོས་མེད་དུ་གྲུབ་བོ། །གཞན་ཡང་དེ་བཞིན་ཉིད་གང་ཡིན་པ་དེ་ཉིད་གློ་བུར་དྲི་མ་དང་བཅས་པའི་དུས་ན་སྦྱང་གཞི་དང༌། དྲི་མ་དེས་དག་པའི་དུས་ན་སྦྱངས་འབྲས་ཡིན་པར་གསུངས་ཤིང༌། སྙིང་པོའི་དཔེ་དགུས་བསྟན་པ་རྣམས་སྦྱང་གཞི་དང༌། དྲི་མའི་དཔེ་དགུས་བསྟན་པ་རྣམས་སྦྱང་བྱ་དྲི་མར་གསུངས་ཏེ། དྲི་མ་ནི་ཉེར་ལེན་གྱི་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་སོ། །འཕགས་པ་སྒོ་མཐའ་ཡས་པ་རྣམ་པར་སྦྱོང་བའི་མདོར་ཡང༌། བདེ་གཤེགས་སྙིང་པོ་དང་དོན་གཅིག་པའི་རང་བྱུང་ཡེ་ཤེས་དང་ཐམས་ཅད་མཁྱེན་པའི་ཡེ་ཤེས་དག་པར་བྱ་བ་དང་སྦྱང་བར་བྱ་བའི་གཞིར་གསུངས་ཏེ། ཇི་སྐད་དུ། སྒོ་དེ་ནི་ཆོས་ཀྱི་མཆོག་ཏུ་གྱུར་ཅིང་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣམ་པར་དག་པར་བྱེད་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ནི་[ཆོས་མཆོག་གི་]སྒོ་དེས་རང་བྱུང་གི་ཡེ་ཤེས་རྣམ་པར་སྦྱོང་བར་བྱེད་དེ། རང་བྱུང་གི་ཡེ་ཤེས་ཐོབ་ནས་ཆོས་ཀྱི་འཁོར་ལོ་སྐོར་བར་བྱེད་ཅིང་རིམ་གྱིས་སེམས་ཅན་དཔག་ཏུ་མེད་པ་དག་ཆོས་ཀྱི་སྒོ་རྣམ་པར་སྦྱང་བ་དང༌། མྱ་ངན་ལས་འདས་པའི་སྒོ་ཡོངས་སུ་དག་པར་བྱ་བའི་ཕྱིར་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྒོ་ཉེ་བར་ལེན་དུ་ཡང་འཛུད། ཅེས་པ་ལ་སོགས་པའོ། །གཞན་ཡང་ཆོས་ཉིད་ལ་སོགས་པ་རྣམ་གྲངས་མང་པོ་ཅན་གྱི་བདེ་གཤེགས་སྙིང་པོ་དེ་བཞིན་ཉིད་གང་ཡིན་པ་དེ་ཉིད་ཆོས་ཐམས་ཅད་ཀྱི་གཞི་ཡིན་པའི་ཕྱིར་དྲི་མ་གནས་པའི་གཞི་དང་དེ་སྦྱང་བའི་གཞི་ཡང་ཡིན་ནོ། །འོ་ན་ཀྱེའི་རྡོ་རྗེར། [དོན་དམ་ཀྱེའི་རྡོ་རྗེའི་]ཕུང་པོ་ལྔ་དང་དབང་པོ་དྲུག །སྐྱེ་མཆེད་དྲུག་དང་འབྱུང་ཆེན་ལྔ། །རང་བཞིན་གྱིས་ནི་རྣམ་པར་དག །ཉོན་མོངས་ཤེས་བྱའི་སྒྲིབ་སྦྱང་བྱ། །ཞེས་ཕུང་པོ་ཁམས་སོགས་སྦྱང་གཞིར་གསུངས་པ་མ་ཡིན་ནམ་ཞེ་ན། དེ་ནི་རང་བཞིན་གྱིས་དག་པའི་ཕུང་པོ་ཁམས་སོགས་ལ་དགོངས་པ་ཡིན་ཞིང༌། དེའང་དོན་དམ་བདེ་གཤེགས་སྙིང་པོ་དང་དོན་གཅིག་ལ། ཉོན་མོངས་ཤེས་བྱའི་སྒྲིབ་སྦྱང་བྱ་ཞེས་པ་འདིས། མ་དག་པའི་ཕུང་པོ་ཁམས་སོགས་ནི་[སྒྲིབ་པ་གཉིས་ལས་མ་འདས་པས་]སྦྱང་བྱ་དྲི་མ་ཡིན་པར་བསྟན་ཏོ། །དེ་བཞིན་དུ། ཞེ་སྡང་ལ་སོགས་རྣམ་སྦྱོང་བ། །ཞེས་དང༌། འདིས་ནི་ཕུང་པོ་སྦྱང་བར་བྱ། །ཞེས་དང༌། དེ་བཞིན་དངོས་པོའི་རྣམ་རྟོག་ཀྱང༌། །རྣམ་པར་ངེས་པར་སྦྱང་བར་བྱ། །ཞེས་དང༌། གང་ཞིག་ཡུལ་རྣམས་རྣམ་སྦྱོང་བ། །དེས་ནི་བླ་མེད་རྙེད་པར་འགྱུར། །ཞེས་སོགས་མང་པོ་ལ་ཡང་བདེན་གཉིས་རྣམ་དབྱེ་ཤེས་པར་བྱས་ནས་སྦྱང་བའི་གཞི་[དོན་དམ་དབྱིངས་རིག་དབྱེར་མེད་]དང་སྦྱང་བྱ་དྲི་མ་[ཀུན་རྫོབ་གློ་བུར་བ་སྟེ་དེ་གཉིས་ངོ་བོ་གཅིག་པ་བཀག་པའི་]ཐ་དད་པའི་ཚུལ་རིག་པར་བྱ་ཞིང༌། དཔལ་དང་པོའི་སངས་རྒྱས་སུ་ཡང༌། ཆགས་སོགས་དྲི་མ་ལྡན་པའི་སེམས། །འགྱུར་བ་འཁོར་བའི་རྒྱུ་ཡིན་ཏེ། །དེ་དང་བྲལ་བས་རྣམ་པར་དག[པ་གཉིས་ལྡན་ཐོབ་པར་འགྱུར་ཏེ]། །རང་བཞིན་[འོད་གསལ་ནི་གདོད་ནས་]དྲི་མེད་དག་པའོ། །ཞེས་གསུངས་པའི་ཕྱིར། གསུང་རབ་མང་པོར་ཕུང་པོ་ཁམས་སོགས་སྦྱང་གཞིར་གསུངས་པ་རྣམས་ཀྱི་དགོངས་པ་ནི་དེ་ལྟར་[དོན་དམ་གྱི་ཕུང་པོ་ཁམས་སོགས་ལ་]རིག་པར་བྱ་སྟེ། རང་བཞིན་གྱིས་དག་པའི་ཆོས་རྣམས་ནི་སྦྱང་གཞི་དང༌། མ་དག་པའི་ཆོས་རྣམས་ནི་སྦྱང་བྱ་དྲི་མ་ཡིན་པའི་ཕྱིར་རོ། །འོ་ན་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱང་སྦྱང་གཞི་ཡིན་པར་འགྱུར་བས་སངས་རྒྱས་ལ་ཡང་དྲི་མ་སྦྱང་དགོས་ཡོད་པར་འགྱུར་རོ་ཞེ་ན། སངས་རྒྱས་ལ་སྦྱངས་འབྲས་སུ་བཞུགས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ཉིད་སེམས་ཅན་རྣམས་ལ་སྦྱང་གཞིར་བཞུགས་ཤིང༌། སེམས་ཅན་ལ་སྦྱང་གཞིར་བཞུགས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ཉིད། སངས་རྒྱས་ལ་སྦྱངས་འབྲས་སུ་བཞུགས་པ་ཡིན་ཏེ། སེམས་ཅན་དང་སངས་རྒྱས་ཀྱི་དེ་བཞིན་ཉིད་ལ་ངོ་བོ་ཐ་དད་ཅུང་ཟད་ཀྱང་མེད་པའི་ཕྱིར། སྤྲིན་ཡོད་མེད་ཐམས་ཅད་ལ་ཁྱབ་པའི་ནམ་མཁའ་ལ་ངོ་བོ་ཐ་དད་ཅུང་ཟད་ཀྱང་མེད་པ་ཇི་ལྟ་བ་བཞིན་ནོ། །དེས་ན་རང་བཞིན་གྱིས་དག་པའི་དེ་བཞིན་ཉིད་ནི་གང་ཟག་གི་དབང་གིས་དྲི་བཅས་ཀྱང་ཡིན་ལ་དྲི་མེད་ཀྱང་ཡིན་པ་དང༌། སྦྱང་གཞི་ཡང་ཡིན་ལ་སྦྱངས་འབྲས་ཀྱང་ཡིན་པས་འགལ་འདུས་སྐྱོན་མེད་ཀྱི་གནད་ཟབ་མོ་ལ་མཁས་པར་བྱ་དགོས་སོ། །

དེ་རྣམས་ཀྱི་དོན་བསྡུས་ནས་བསྟོད་ཅིང་ཕྱག་འཚལ་བ།

གནས་ལུགས་ཟབ་མོ་ཀུན་གཞི་ཡེ་ཤེས་དབྱིངས། །འགའ་ཞིག་ལ་ནི་དྲི་མ་སྦྱང་གཞིར་བཞུགས། །འགའ་ཞིག་ལ་ནི་དྲི་མ་བྲལ་གཞིར་བཞུགས། །དབྱེར་མེད་དེ་བཞིན་ཉིད་ལ་ཕྱག་འཚལ་འདུད། །

གཞིའི་སྐབས།

གཞི་ལ་སངས་རྒྱས་རྟག་ཏུ་བཞུགས་པའི་སྐབས་སོ། །།།

༈ དེ་ཐོབ་པར་ནུས་པའི་ལམ་མཆོག་ཟབ་མོ་བསྟེན་པ་ལ་གསུམ། ཐེག་ཆེན་ལམ་གྱི་རྣམ་བཞག་སྤྱིར་བསྟན་པ་ལ་བཅུ། ལམ་རྣམ་དག་དགོས་པའི་རྒྱུ་མཚན་བསྟན་པ།

དེ་ལྟར་དོན་དམ་པའི་སངས་རྒྱས་ཆོས་ཀྱི་སྐུ་མི་འབྲལ་བའི་ཡོན་ཏན་མཐའ་ཡས་པའི་བདག་ཉིད་སེམས་ཅན་ཐམས་ཅད་ལ་རང་ཆས་སུ་བཞུགས་ཀྱང་ལམ་ཚོགས་གཉིས་མི་དགོས་པ་མ་ཡིན་ཏེ། གློ་བུར་དྲི་མ་བསལ་དགོས་པའི་ཕྱིར་དང༌། ཀུན་རྫོབ་གཟུགས་སྐུ་བསྐྱེད་ནས་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་དགོས་པའི་ཕྱིར་རོ། །དེ་ལ་འདིར་རྣམ་དག་ལེགས་པའི་ལམ་དུ་འགྱུར་བ་ལ་ཡང་ལྟ་བ་དང་སྒོམ་པ་དང་སྤྱོད་པ་རྣམ་པར་དག་ཅིང་ཕུན་སུམ་ཚོགས་པ་ཚང་དགོས་ལ། དེ་རྣམས་ཀྱང་སོ་སོར་ཐུན་མོང་བ་དང་ཐུན་མོང་མ་ཡིན་པ་གཉིས་གཉིས་སུ་ལེགས་པར་གནས་སོ། །

རང་སྟོང་རྟོགས་པའི་ལྟ་བ་རྣམ་དག་བསྟན་པ།

དེ་ལ་ཡང་དག་པའི་ལྟ་བ་ཐུན་མོང་དུ་གྲགས་པ་ལེགས་པར་རྟོགས་པ་ལ་ནི། [ཀུན་རྫོབ་ཀྱི་]ཆོས་ཐམས་ཅད་གནས་ལུགས་ལ་རི་བོང་གི་རྭ་དང་མོ་ཤམ་གྱི་བུ་ལྟར་ཅིར་ཡང་མ་རེད་ཅིང༌། གང་དུ་ཡང་མ་གྲུབ་པས་ནམ་མཁའི་མེ་ཏོག་ལྟ་བུར་[སྣང་བ་ཙམ་དུ་ཡང་མ་གྲུབ་པར་]ཐག་ཆོད་པ་དགོས་ཏེ། འདིའི་ཤེས་བྱེད་རྣམས་ནི་བཀའ་འཁོར་ལོ་བར་པ་དང༌། དབུ་མ་རིགས་པའི་ཚོགས་ལ་སོགས་པ་རྣམས་སུ་རབ་ཏུ་གྲགས་པའི་ཕྱིར་དང༌། འདིར་ཡི་གེ་མང་འགྲོ་བའི་ཕྱིར་མ་བྲིས་སོ། །

རྟོག་མེད་སྤྲོས་བྲལ་གྱི་སྒོམ་པ་རྣམ་དག་བསྟན་པ།

དེའི་ངང་ལ་མཉམ་པར་འཇོག་པ་ཡང་བླ་མ་དམ་པའི་མན་ངག་ལས་རིག་པར་བྱ་ཞིང༌། ཤེས་བྱེད་ཀྱི་ལུང་ཡང་རྒྱལ་བའི་ཡུམ་ལ་སོགས་པ་རྣམས་ན་རབ་ཏུ་རྒྱས་པར་བཞུགས་སོ། །དེ་ཡང་ཤཱ་རིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྣལ་འབྱོར་དམ་པ་ཡིན་ཏེ། འདི་ལྟ་སྟེ་[དངོས་པོ་མེད་པའི་ངོ་བོ་ཉིད་དང་གཞན་གྱི་དངོས་པོ་]སྟོང་པ་ཉིད་ཀྱི་རྣལ་འབྱོར་རོ། །ཞེས་དང༌། ཤཱ་རིའི་བུ་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་གང་ལ་ཡང་སློབ་པ[འི་རྟོག་པ་]མེད་དོ། །ཞེས་དང༌། དྲན་པ་མེད་ཅིང་ཡིད་ལ་བྱ་བ་མེད་པ་[ལ་མཉམ་པར་འཇོག་པའི་ཏིང་ངེ་འཛིན་མཆོག་]ནི་སངས་རྒྱས་རྗེས་སུ་དྲན་པའོ། །ཞེས་དང༌། [མཉམ་བཞག་ཏུ་]ཆོས་[ཀྱི་རྣམ་རྟོག་]ཀྱང་སྤང་བར་བྱ་ན་ཆོས་མ་ཡིན་པ[འི་རྣམ་རྟོག་]སྤོང་བ་ལྟ་ཅི་སྨོས། ཞེས་སོགས་དང༌། འདུ་ཤེས་[ནི་]ཚུ་རོལ་[འཁོར་བ་]ཡིན་ཞེས་འདྲེན་པས་ཡོངས་སུ་བསྒྲགས། །འདུ་ཤེས་རྣམ་པར་བཤིག་ནས་སྤོང་བ་ཕ་རོལ་འགྲོ། །ཞེས་སོགས་དང༌། སྐྱེ་བ་མེད་དང་སྐྱེ་བ་གཉི་གར་མི་རྟོག་པ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་དང༌། ཕུང་འདི་སྟོང་ཞེས་རྟོག་ནའང་བྱང་ཆུབ་སེམས་དཔའ་ནི། །མཚན་མ་ལ་སྤྱོད་[པ་ཡིན་གྱི་]སྐྱེ་མེད་གནས་[ཆོས་ཉིད་]ལ་དད་མ་ཡིན། །ཞེས་དང༌། སྣ་ཚོགས་འདུ་ཤེས་བྲལ་ཞིང་ཉེ་བར་ཞི་སྤྱོད་པ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་སོགས་དང༌། དེ་བཞིན་དུ་གཟུགས་ལ་སོགས་པ་ཆོས་གང་ལ་ཡང་མི་རྟོག་རྣམ་པར་མི་རྟོག་པ་དང༌། དེ་དག་གི་མཚན་མ་དང་རང་བཞིན་དུ་མི་རྟོག་རྣམ་པར་མི་རྟོག་ཅེས་སོགས་དང༌། ཆོས་དང་ཆོས་མ་ཡིན་པ་དང་དུས་གསུམ་དང་ཁམས་གསུམ་དང་ཕ་རོལ་ཏུ་ཕྱིན་པ་རྣམས་ནས་རྣམ་མཁྱེན་གྱི་བར་དུ་ཡང་དག་པར་རྗེས་སུ་མི་མཐོང་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །ཞེས་སོགས་དང༌། དེ་བཞིན་དུ་ཅི་ནས་ཀྱང་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་མི་རྒྱུ་བ་དེ་ལྟར་བསྒོམ་པར་བྱའོ། །ཞེས་དང༌། ཆོས་གང་ལ་ཡང་བདེ་སྡུག་དང༌། རྟག་མི་རྟག་དང༌། བདག་ཡོད་མེད་དང༌། ཞི་མ་ཞི་དང༌། སྟོང་མི་སྟོང་དང༌། མཚན་མ་ཡོད་མེད་དང༌། སྨོན་པ་ཡོད་མེད་དང༌། འདུས་བྱས་མ་བྱས་དང༌། སྐྱེ་མི་སྐྱེ་དང༌། འགག་མི་འགག་དང༌། དབེན་མི་དབེན་དང༌། དགེ་མི་དགེ་དང༌། ཁ་ན་མ་ཐོ་བ་ཡོད་མེད་དང༌། ཟག་པ་ཡོད་མེད་དང༌། ཉོན་མོངས་པ་ཡོད་མེད་དང༌། འཇིག་རྟེན་ལས་འདས་མ་འདས་དང༌། ཉོན་མོངས་རྣམ་བྱང་དང༌། བརྩོན་མི་བརྩོན་ལ་སོགས་པ་གང་དུ་ཡང་མི་མཐོང་ཞིང་མི་དམིགས་ལ་མི་འཛིན་པ་དང༌། མི་སེམས་པ་དང༌། མི་སྒོམ་པ་དང༌། མི་གནས་པ་དང༌། མི་འདྲེ་བ་དང༌། མི་ཆགས་པ་དང༌། མི་ཞེན་པ་དང༌། ཡིད་ལ་མི་བྱེད་པ་དང༌། མི་སྦྱོར་མི་འབྱེད་པ་ལ་སོགས་པ་རྣམ་པ་མང་པོས་རབ་ཏུ་རྒྱས་པར་བཀའ་སྩལ་པ་རྣམས་རབ་ཏུ་གྲགས་མོད་ཀྱི། [དེ་རྣམས་ཀྱི་དགོངས་པ་ཇི་ལྟ་བ་བཞིན་རྟོག་པ་ལ་]དཔལ་ལྡན་ས་བཅུ་པ་རྣམས་ཀྱི་མན་ངག་དང་ལྡན་པར་བྱས་ཏེ་བལྟ་བར་བྱའོ། །དེས་ན་འདིར་རྒྱ་ཆེར་མ་བྲིས་སོ། །

དེ་ལ་མན་ངག་གི་གནད་ཟབ་མོ་དགོས་པར་བསྟན་པ།

དེ་ལྟར་མི་སྒོམ་པའི་ཚུལ་གྱིས་བསྒོམས་པ་ན། རིན་ཆེན་སྒྲོན་མ་ཞེས་བྱ་བ་ལ་སོགས་པ་ཞི་གནས་དང་ལྷག་མཐོང་ཟུང་དུ་ཆུད་པའི་ཏིང་ངེ་འཛིན་གྱི་སྒོ་མང་པོ་སྐྱེ་བ་ལ་ནི་དབུགས་འགག་པ་དང་རྩ་འཆིངས་པ་ལ་སོགས་པ་ཐུན་མོང་མ་ཡིན་པའི་མན་ངག་ཟབ་མོ་དགོས་ཏེ། དེ་དག་ནི་ལོགས་ཤིག་ཏུ་བསྟན་པར་བྱའོ། །

ཐུན་མོང་གི་སྒོམ་པ་དང་སྤྱོད་པ་རྣམ་དག་གཉིས་གཞན་དུ་བསྟན་པ།

བྱམས་སྙིང་རྗེ་དང་བདག་གཞན་མཉམ་བརྗེ་དང་བསྐྱེད་རིམ་སྒོམ་པ་ལ་སོགས་པ་རྟོག་པ་དང་བཅས་པའི་སྒོམ་པ་ཐུན་མོང་བ་རྣམས་ཀྱང་གཞན་དུ་གྲགས་པའི་ཕྱིར་དང༌། འདིར་ཡི་གེ་མང་དུ་དོགས་པའི་ཕྱིར་མ་བྲིས་སོ། །ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྤྱོད་པ་ཡང་གཞན་དུ་བསྟན་པར་བྱའོ། །

འདིར་ཡོད་མེད་ལ་སོགས་པ་ལེགས་པར་བྱས་ནས་ངོ་སྤྲད་པ།

དེ་ལྟར་ལུས་སེམས་ལ་གནད་དུ་བསྣུན་པས་རྩ་འཆིངས་ཤིང་རླུང་སེམས་འགགས་པ་ན་ཞི་གནས་དང་ལྷག་མཐོང་ཟུང་དུ་ཆུད་པའི་ཏིང་ངེ་འཛིན་ལེགས་པར་སྐྱེས་པའི་ཚེ། ཡོད་པ་ལ་ཡང་ཡོད་པར་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་ཤིང༌། མེད་པ་ལ་ཡང་མེད་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པའི་ལྟ་བ་རྣམ་པར་དག་པ་དགོས་ཏེ། རང་བཞིན་དང་བཅོས་མ་དང༌། གཉུག་མ་དང་གློ་བུར་བ་དང༌། སྙིང་པོ་དང་ཤུན་པ་དང༌། ཡེ་ཤེས་དང་རྣམ་ཤེས་དང༌། སྣང་བཅས་དང་སྣང་མེད་[དང༌། ཡེ་ཤེས་ལ་ཡང་རང་བྱུང་གཞན་བྱུང་དང༌། རང་རིག་ལ་ཡང་རྣམ་ཤེས་རང་རིག་དང༌། ཡེ་ཤེས་རང་རིག་དང༌། བདེན་པ་གཉིས་དང༌། བཞི་དང༌། ངོ་བོ་ཉིད་གསུམ་དང༌། ཆོས་ལྔ་]ལ་སོགས་པ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་ཀྱི་འཁོར་ལོ་ཇི་ལྟ་བ་བཞིན་དུ་དང༌། ཕྱི་ནང་གཞན་གསུམ་ལ་སོགས་པ་ལེགས་པར་རྣམ་པར་ཕྱེ་བའི་གསང་སྔགས་ཟབ་མོ་ཇི་ལྟ་བ་བཞིན་དུ་ངོ་འཕྲོད་དགོས་པའི་ཕྱིར་རོ། །

དེ་ལ་འཁོར་ལོ་གསུམ་དང་སྔགས་ཀྱི་དོན་ཤེས་དགོས་པར་བསྟན་པ།

དེ་ཅྀའི་ཕྱིར་ཞེ་ན། འཁོར་ལོ་གསུམ་གྱི་དོན་ཉམས་སུ་བླངས་པས་བདེ་གཤེགས་སྙིང་པོ་ཡིད་བཞིན་ནོར་བུ་ལྟ་བུའི་དྲི་མ་རགས་པ་དང་ཕྲ་བ་དང་ཤིན་ཏུ་ཕྲ་བ་རྣམས་སྦྱོང་བར་མཐུན་ཞིང༌། དེ་ཡང་འཁོར་ལོ་དང་པོ་ནི་ཐེག་ཆེན་གྱི་ངེས་དོན་ཟབ་མོ་སྒོམ་པའི་སྔོན་འགྲོ་དང་ཡང་རྗེས་སུ་མཐུན་ལ། འཁོར་ལོ་གཉིས་པ་ནི་ཟབ་མོའི་དོན་ལ་མཉམ་པར་འཇོག་པའི་ཏིང་ངེ་འཛིན་ཁྱད་པར་ཅན་ཉམས་སུ་ལེན་པ་དང་མཐུན་ཞིང༌། འཁོར་ལོ་གསུམ་པ་ནི་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེས་པ་ན་ཡོད་མེད་ལ་སོགས་པར་ལེགས་པར་ཕྱེ་སྟེ་ངོ་སྤྲོད་པ་གསང་སྔགས་ཟབ་མོ་དང་ཡང་མཐུན་པའི་ཕྱིར་རོ། །

འཁོར་ལོ་གསུམ་གྱིས་དྲི་མ་རིམ་གསུམ་སྦྱོང་ཚུལ་དཔེས་བསྟན་པ།

དེ་ལ་འཁོར་ལོ་གསུམ་གྱིས་བདེ་གཤེགས་སྙིང་པོའི་དྲི་མ་རྣམས་རིམ་པ་ལྟར་སྦྱོང་བ་ནི། དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་བསྟན་པ[འམ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པ]འི་མདོར། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་ནོར་བུ་མཁན་མཁས་པ་ནོར་བུ་སྦྱོང་བའི་ཚུལ་ལེགས་པར་ཤེས་པ་དེས་ནོར་བུ་རིན་པོ་ཆེའི་རིགས་ནས་ཡོངས་སུ་མ་དག་པ[མི་གཙང་བའི་འདམ་གྱི་གཡོགས་པ]འི་ནོར་བུ་རིན་པོ་ཆེ་[བཻཌཱུརྻ་]བླངས་ཏེ་ལན་ཚྭའི་ཆུ་རྣོན་པོས་སྦངས་ནས་སྐྲའི་རེ་བའི་ཡོངས་སུ་སྦྱོང་བས་ཡོངས་སུ་སྦྱོང་བར་བྱེད་དོ། །དེ་ཙམ་གྱིས་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་ཟས་ཀྱི་ཁུ་བ་རྣོན་པོས་སྦངས་ནས་བལ་གྱི་ལ་བའི་ཡོངས་སུ་སྦྱོང་བས་ཡོངས་སུ་སྦྱོང་བར་བྱེད་དོ། །དེ་ཙམ་གྱིས་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་སྨན་[བཟང་པོ་]ཆེན་པོའི་ཁུ་བ་ལ་ཡང་སྦངས་ནས་རས་སྲབ་མོའི་ཡོངས་སུ་སྦྱོང་བས་ཡོངས་སུ་སྦྱོང་བར་བྱེད་དོ། །ཡོངས་སུ་སྦྱངས་ཏེ་དྲི་མ་དང་བྲལ་བ་ནི་བཻཌཱུརྻ[དག་པ]འི་རིགས་ཆེན་པོ་ཞེས་བརྗོད་དོ། །རིགས་ཀྱི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་[གློ་བུར་དྲི་མས་]ཡོངས་སུ་མ་དག་པའི་སེམས་ཅན་གྱི་ཁམས་[ཏེ་དབྱིངས་བདེ་གཤེགས་སྙིང་པོ་]མཁྱེན་ནས་མི་རྟག་པ་དང༌། སྡུག་བསྔལ་བ་དང་བདག་མེད་པ་དང༌། མི་གཙང་བ་ཡིད་འབྱུང་བའི་གཏམ་གྱིས་འཁོར་བ་ལ་དགའ་བའི་སེམས་ཅན་རྣམས་སྐྱོ་བ་སྐྱེད་པར་མཛད་དེ། འཕགས་བའི་ཆོས་འདུལ་བ་[འཁོར་ལོ་དང་པོ་]ལ་འཛུད་པར་མཛད་དོ། །དེ་ཙམ་གྱིས་དེ་བཞིན་གཤེགས་པ་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་[ཐེག་པ་ཆེན་པོ་པ་རྣམས་ལ་]སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པའི་གཏམ་གྱིས་[འཁོར་ལོ་གཉིས་པ་བསྟན་ནས་]དེ་བཞིན་གཤེགས་པའི་ཚུལ་རྟོགས་པར་མཛད་དོ། །དེ་ཙམ་གྱིས་དེ་བཞིན་གཤེགས་པ་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་[འཁོར་ལོ་གསུམ་པ་དོན་དམ་རྣམ་ངེས་]ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོའི་གཏམ་འཁོར་གསུམ་ཡོངས་སུ་དག་པའི་གཏམ་གྱིས་རང་བཞིན་སྣ་ཚོགས་ཀྱི་རྒྱུ་ཅན་གྱི་སེམས་ཅན་[ཐེག་པ་ཐམས་ཅད་ལ་ཞུགས་པ་]དེ་དག་དེ་བཞིན་གཤེགས་པའི་ཡུལ་ལ་འཇུག་པར་མཛད་དོ། །ཞུགས་པར་གྱུར་ཅིང་དེ་བཞིན་གཤེགས་པའི་ཆོས་ཉིད་[ལུས་ཀྱིས་མངོན་སུམ་དུ་]རྟོགས་ན་ནི་བླ་ན་མེད་པའི་ཡོན་གནས་ཞེས་བརྗོད་དོ། །ཞེས་གསུངས་ལ།

འཁོར་ལོ་གསུམ་གྱི་ཁྱད་པར་ལེགས་པར་ཕྱེ་སྟེ་གཏན་ལ་དབབ་པ།

འཁོར་ལོ་གསུམ་ལ་དྲང་དོན་དང་ངེས་དོན་གང་ཡིན་པ་དང༌། ལེགས་པར་རྣམ་པར་ཕྱེ་སྟེ་གསལ་བར་སྟོན་པ་ཡིན་མིན་གྱི་ཁྱད་པར་ལ་སོགས་པ་ནི། དགོངས་པ་ངེས་པར་འགྲེལ་པའི་མདོར། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་དང་པོར་ཡུལ་ཝཱ་རཱ་ཎ་སཱི་དྲང་སྲོང་སྨྲ་བའི་རི་དྭགས་ཀྱི་ནགས་སུ་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ལ་འཕགས་པའི་བདེན་པ་བཞི་རྣམ་པར་བསྟན་པས། ཆོས་ཀྱི་འཁོར་ལོ་ངོ་མཚར་རྨད་དུ་བྱུང་བ་སྔོན་ལྷར་གྱུར་པའམ་མིར་གྱུར་པ་སུས་ཀྱང་ཆོས་དང་མཐུན་པར་འཇིག་རྟེན་དུ་མ་བསྐོར་བ་ཅིག་རབ་ཏུ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡང་བླ་ན་མཆིས་པ་[བར་]སྐབས་[སམ་བར་ལགས་]མཆིས་པ་དྲང་བའི་དོན་རྩོད་པའི་གཞིའི་[སྐད་དོད་པཱ་ད་ཞེས་པ་ཚིག་ལའང་འཇུག་པ་འདིར་ཚིག་གི་]གནས་སུ་གྱུར་པ་ལགས་ལ། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས། སྐྱེ་བ་མ་མཆིས་པ་དང་འགག་པ་མ་མཆིས་པ་དང་གཟོད་མ་ནས་ཞི་བ་དང་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ལ་སྟོང་པ་ཉིད་སྨོས་པའི་རྣམ་པས་ཆེས་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡང་བླ་ན་མཆིས་པ་[བར་]སྐབས་[སམ་བར་ལགས་]མཆིས་པ་དྲང་བའི་དོན་རྩོད་པའི་གཞིའི་[སྐད་དོད་པཱ་ད་ཞེས་པ་ཚིག་ལའང་འཇུག་པ་འདིར་ཚིག་གི་]གནས་སུ་གྱུར་པ་ལགས་ཀྱི། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས། སྐྱེ་བ་མ་མཆིས་པ་ཉིད་དང་འགག་པ་མ་མཆིས་པ་ཉིད་དང༌། གཟོད་མ་ནས་ཞི་བ་ཉིད་དང་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས་ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་རྣམས་ལ། ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པ་ཤིན་ཏུ་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གསུམ་པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་འདི་ནི་བླ་ན་མ་མཆིས་པ་[བར་]སྐབས་[སམ་བར་ལགས་]མ་མཆིས་པ་ངེས་པའི་དོན་ལགས་ཏེ། རྩོད་པའི་གཞིའི་[སྐད་དོད་པཱ་ད་ཞེས་པ་ཚིག་ལའང་འཇུག་པ་འདིར་ཚིག་གི་]གནས་སུ་གྱུར་པ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས། རང་བཞིན་གྱིས་ཡོངས་སུ་མྱ་ངན་འདས་པ་ཉིད་ཀྱི་བར་ལས་བརྩམས་ནས། བཅོམ་ལྡན་འདས་ཀྱིས་ངེས་པའི་དོན་བསྟན་པ་[འཁོར་ལོ་གསུམ་པ་]འདི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས་ཐོས་ནས་མོས་པར་བགྱིད་པ་དང༌། ཡི་གེ་འདྲིར་རྩོལ་བ་དང༌། ཡི་གེ་བྲིས་ནས་ཀྱང་འཆང་བ་དང་ཀློག་པ་དང༌། མཆོད་པ་དང་[གཞན་དག་ལ་]ཡང་དག་པར་འགྱེད་པ་དང་ལུང་ནོད་པ་དང་ཁ་ཏོན་བགྱིད་པ་དང་སེམས་པ་དང་སྒོམ་པའི་རྣམ་པས་སྦྱོར་བར་བགྱིད་པ་དེ་བསོད་ནམས་ཇི་ཙམ་ཞིག་སྐྱེད་པར་གྱུར་པ་ལགས། དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དོན་དམ་ཡང་དག་འཕགས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་ནི་བསོད་ནམས་དཔག་ཏུ་མེད་གྲངས་མེད་པ་བསྐྱེད་དེ་དེའི་དཔེ་བྱ་བར་སླ་བ་མ་ཡིན་མོད་ཀྱི། འོན་ཀྱང་མདོར་བསྡུས་ཏེ་ཁྱོད་ལ་བཤད་པར་བྱའོ། །དོན་དམ་ཡང་དག་འཕགས་འདི་ལྟ་སྟེ་དཔེར་ན། སེན་མོའི་རྩེ་མོ་ལ་གནས་པའི་སའི་རྡུལ་གང་ཡིན་པ་དེ་དག་ནི་ས་[བྱིན་པོ་]ལ་གནས་པའི་སའི་རྡུལ་རྣམས་དང་བསྒྲུན་ན་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་ཞིང་སྟོང་གི་ཆ་དང་འབུམ་གྱི་ཆ་དང་གྲངས་དང་ཆ་དང་བགྲང་བ་དང་དཔེ་དང་རྒྱུར་ཡང་ཉེ་བར་མི་འགྲོའོ། །བ་ལང་གི་རྗེས་ཀྱི་ཆུ་ནི་རྒྱ་མཚོ་ཆེན་པོ་བཞིའི་ཆུ་དང་བསྒྲུན་ན་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས་རྒྱུའི་བར་དུ་ཡང་ཉེ་བར་མི་འགྲོའོ། །དོན་དམ་ཡང་དག་འཕགས་དེ་བཞིན་དུ་ངས་དྲང་བའི་དོན་གྱི་མདོ་སྡེ་ལ་མོས་པ་ནས་སྒོམ་པའི་རྣམ་པས་སྦྱོར་བར་བྱེད་པའི་བར་གྱི་བསོད་ནམས་གང་བཤད་པ་དེ་ནི་ངེས་པའི་དོན་བསྟན་པ་ལ་མོས་པ་ལས་ཡང་དག་པར་གྲུབ་པ་ནས་སྒོམ་པའི་རྣམ་པས་སྦྱོར་བ་ལས་ཡང་དག་པར་གྲུབ་པའི་བར་གྱི་བསོད་ནམས་འདི་དང་བསྒྲུན་ན་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས་རྒྱུའི་བར་དུ་ཡང་ཉེ་བར་མི་འགྲོའོ། །ཞེས་པ་ལ་སོགས་པ་གསུངས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་པའི་ཚེ་རྟོག་པ་ཐམས་ཅད་དང་བྲལ་དགོས་པས་ཡུལ་ཅན་འཛིན་པ་འགོག་པའི་དོན་དུ་ཡུལ་ཐམས་ཅད་དགག་པའི་ཕྱིར་ཐམས་ཅད་མེད་པ་དང་མ་གྲུབ་པ་དང་དབེན་པ་ལ་སོགས་པ་རྣམ་པ་མང་པོས་ཐམས་ཅད་སྟོང་པ་ཉིད་དུ་སྟོན་པ་ལྷུར་མཛད་ཀྱི་ཡོད་མེད་ལ་སོགས་པར་རྣམ་པར་ཕྱེ་བ་ལྷུར་མཛད་པ་ནི་མ་ཡིན་པའི་ཕྱིར་འཁོར་ལོ་གཉིས་པ་ནི་སྟོང་པ་ཉིད་སྨོས་པའི་རྣམ་པས་ཞེས་སོ། །དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱས་པས་ཞི་གནས་ལྷག་མཐོང་ཟུང་འཇུག་གི་ཏིང་ངེ་འཛིན་སྐྱེས་པ་ན་ཡོད་མེད་དང་སྟོང་མི་སྟོང་ལ་སོགས་པར་ཕྱེ་ནས་བསྟན་ཅིང་ཇི་ལྟར་གནས་པ་དང་ཇི་ལྟར་ཡིན་པ་བཞིན་དུ་ངོ་སྤྲོད་པ་དགོས་ཏེ། [དེའི་རྒྱུ་མཚན་]ཐམས་ཅད་མེད་ཅིང་མ་གྲུབ་པ་ལ་སོགས་པར་གནས་པ་མ་ཡིན་གྱི་མེད་ཅིང་སྟོང་པ་དང་དེ་དག་གི་གཞི་[གང་ཡིན་]ལ་སོགས་པ་མེད་དགག་གི་གཞི་ལ་མ་ཡིན་དགག་ཡོད་པའི་ཕྱིར་དང༌། རྣམ་གཅོད་ཀྱི་གཞི་ལ་ཡོངས་གཅོད་བཞུགས་པའི་ཕྱིར་དང༌། སྐྱོན་ཐམས་ཅད་རང་བཞིན་གྱིས་སྤངས་པའི་གཞི་ལ། མཐར་ཐུག་གི་ཡོན་ཏན་ཐམས་ཅད་ཚང་བའི་རྟོགས་པ་ལྷུན་གྲུབ་ཏུ་བཞུགས་པའི་ཕྱིར་རོ། །དེ་བས་ན་འཁོར་ལོ་གསུམ་པ་ནི་ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པ་ཞེས་སོ། །དེ་བཞིན་དུ་འཁོར་ལོ་གཉིས་པར་དགོས་པའི་དབང་གིས་རང་སྟོང་མ་ཡིན་པ་རྣམས་ཀྱང་རང་སྟོང་དུ་སྟོན་པ་ལ་སོགས་པ་དང་ལེགས་པར་ཕྱེ་སྟེ་ནང་འགལ་མེད་པར་མ་བྱས་པ་ལ་སོགས་པའི་རྒྱུ་མཚན་འགའ་ཞིག་གིས། བླ་ན་མཆིས་པ་སྐབས་མཆིས་པ་དྲང་བའི་དོན་རྩོད་པའི་གཞིའམ་ཚིག་གི་གནས་སུ་གྱུར་ཞེས་གསུངས་ལ། འཁོར་ལོ་གསུམ་པར་ནི་དེ་དག་ལས་བཟློག་ནས་དོན་ཇི་ལྟ་བ་བཞིན་ལེགས་པར་ཕྱེ་བ་ལ་སོགས་པའི་རྒྱུ་མཚན་གྱིས་བླ་ན་མ་མཆིས་པ་སྐབས་མ་མཆིས་པ་ངེས་པའི་དོན་ལགས་ཏེ་རྩོད་པའི་གཞིའམ་ཚིག་གི་གནས་སུ་གྱུར་པ་མ་ལགས་ཞེས་པའོ། །

དེ་ལ་འཁྲུལ་བའི་ལོག་རྟོག་མང་པོ་བསལ་བ།

འདིར་ཁ་ཅིག་མདོ་འདི་དྲང་དོན་དུ་འདོད་པ་ནི་མི་རིགས་ཏེ་དེ་ལྟར་གསུངས་པ་མེད་ཅིང༌། རིགས་པ་ཡང་མེད་ལ་ངེས་དོན་ཡིན་པ་ལ་གནོད་བྱེད་ཀྱང་མེད་པའི་ཕྱིར་རོ། །གལ་ཏེ་འཁོར་ལོ་བར་པ་དབུ་མ་ཡིན་ཞིང་ཐ་མ་སེམས་ཙམ་ཡིན་པའི་ཕྱིར། བར་པ་ངེས་དོན་དང་ཐ་མ་དྲང་དོན་དུ་གནས་པ་ཉིད་ཀྱིས་གནོད་དོ་ཞེ་ན། འདི་ནི་ཧ་ཅང་ཡང་མི་རིགས་པ་ཆེན་པོ་སྟེ་འཁོར་ལོ་ཐ་མ་སེམས་ཙམ་གྱི་རང་གཞུང་ཡིན་པའི་ལུང་དང་རིགས་པ་འགའ་ཡང་མེད་པའི་ཕྱིར་དང༌། དེ་སེམས་ཙམ་ལས་འདས་པར་སྟོན་པ་དང་དབུ་མ་ཆེན་པོ་མཐར་ཐུག་པའི་དོན་སྟོན་པ་དང་རྡོ་རྗེའི་ཐེག་པ་མཐར་ཐུག་པའི་དོན་དང་མཐུན་པར་སྟོན་པའི་ཕྱིར་རོ། །ལུང་འདི་ཉིད་ནས་ཀྱང་འཁོར་ལོ་གསུམ་པར་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པ་དང་མ་སྐྱེས་པ་དང་མ་འགགས་པ་དང་གཟོད་མ་ནས་ཞི་བ་དང༌། རང་བཞིན་གྱིས་མྱ་ངན་ལས་འདས་པ་སྟོན་པར་གསུངས་པ་ལས་ཀྱང་སེམས་ཙམ་གྱི་རང་གཞུང་མ་ཡིན་པར་གྲུབ་བོ། །གལ་ཏེ་འཁོར་ལོ་གཉིས་པར་ཤེར་ཕྱིན་སྟོན་པའི་ཕྱིར་ངེས་པའི་དོན་དང་བླ་ན་མེད་པ་ཡིན་པ་ལ། [འདིར་]དེ་ལས་བཟློག་པར་བསྟན་པ་ཉིད་ཀྱི་ཕྱིར་ལུང་འདི་དྲང་དོན་དགོངས་པ་ཅན་ཡིན་ནོ་ཞེ་ན། འདི་ནི་ལེགས་པར་མ་བརྟགས་པའི་ཚིག་སྟེ་ཤེར་ཕྱིན་སྟོན་པའི་རྒྱུ་མཚན་གྱིས་དྲང་དོན་དང་བླ་ན་ཡོད་པ་ལ་སོགས་པར་སྟོན་པ་ནི་མ་ཡིན་གྱི། རང་སྟོང་མ་ཡིན་པ་རང་སྟོང་དུ་སྟོན་པ་ལ་སོགས་པའི་རྒྱུ་མཚན་གཞན་རྣམས་ཀྱིས་དེ་ལྟར་སྟོན་པའི་ཕྱིར་རོ། །མ་སྐྱེས་མ་འགགས་གཟོད་མ་ནས་ཞི་བ་ལ་སོགས་པ་དང༌། ཤེར་ཕྱིན་ནི་འཁོར་ལོ་གསུམ་པར་ཡང་སྟོན་ཅིང་རྡོ་རྗེ་ཐེག་པར་ཡང་སྟོན་ཏེ་[འོན་ཀྱང་]མི་གསལ་བ་དང་གསལ་བ་དང་རབ་ཏུ་གསལ་བར་སྟོན་པའི་རྒྱུ་མཚན་གྱིས་དེ་དག་གི་དོན་ལ་རྨོངས་པ་དང་མ་རྨོངས་པ་ལ་སོགས་པའི་ཁྱད་པར་ནི་ཆེ་བ་དང་ཤིན་ཏུ་ཆེ་བར་ཡང་ཡོད་དོ། །དེའི་ཕྱིར་བླ་ན་ཡོད་མེད་དང་སྐབས་ཡོད་མེད་ལ་སོགས་པའི་ཁྱད་པར་གསུངས་པ་ཡང་གཞུང་ལུགས་དེ་དག་ཏུ་མཐར་ཐུག་ཟབ་མོའི་དོན་མི་གསལ་ཞིང་མ་རྫོགས་པ་དང་གསལ་ཞིང་རྫོགས་པ་ལ་སོགས་པར་སྟོན་པའི་ཁྱད་པར་ལས་ཡིན་གྱི། དོན་གྱི་ངོ་བོ་ལས་ནི་མ་ཡིན་ཏེ་མཐར་ཐུག་དོན་གྱི་ངོ་བོ་གཅིག་པའི་ཕྱིར་རོ། །དེ་བཞིན་དུ་རྡོ་རྗེ་ཐེག་པ་དང་ཡང་འཁོར་ལོ་[ཕྱི་མ་]འདི་གཉིས་ཀྱི་མཐར་ཐུག་དོན་གྱི་ངོ་བོ་གཅིག་པ་ཡིན་ཏེ། ཇི་སྐད་དུ། [ཚུལ་གསུམ་གྱི་སྒྲོན་མར།]དོན་གཅིག་ན་ཡང་མ་རྨོངས་དང༌། །[ཐབས་མང་དཀའ་བ་མེད་པ་དང༌།།]ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ། །དོན་གང་དུ་ཇི་ལྟར་གཅིག་ཅེ་ན། [སྟོང་གཞི་དོན་དམ་གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་]ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་གཅིག་སྟེ། [དེ་བཞིན་དུ་]རྡོ་རྗེ་སེམས་དཔའ་དང༌། [སྟོང་གཞི་དོན་དམ་གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་]རྡོ་རྗེ་འཆང་དང༌། [སྟོང་གཞི་དོན་དམ་གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་]ཕྱག་རྒྱ་ཆེན་པོ་དང༌། [སྟོང་གཞི་དོན་དམ་གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་]སྣ་ཚོགས་ཡུམ་དང༌། [སྟོང་གཞི་དོན་དམ་གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་]རྡོ་རྗེ་བདག་མེད་མ་དང༌། [སྟོང་གཞི་དོན་དམ་གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་]རྡོ་རྗེ་ཕག་མོ་དང༌། [སྟོང་གཞི་དོན་དམ་གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་]ཨེ་ཝཾ་དང༌། [སྟོང་གཞི་དོན་དམ་གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་]ཨ་ཧཾ་དང༌། [སྟོང་གཞི་དོན་དམ་གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་]ཆོས་འབྱུང་དང༌། [སྟོང་གཞི་དོན་དམ་གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་]བྷ་ག་དང༌། [སྟོང་གཞི་དོན་དམ་གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་]རྡོ་རྗེ་དང༌། [སྟོང་གཞི་དོན་དམ་གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་]གསང་བ་དང༌། [སྟོང་གཞི་དོན་དམ་གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་]གསང་ཆེན་དང༌། [སྟོང་གཞི་དོན་དམ་གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་]ཆུ་སྐྱེས་དང༌། [སྟོང་གཞི་དོན་དམ་གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་]མཁའ་ཁམས་ལ་སོགས་པ་རྣམས་དང༌། [སྟོང་གཞི་དོན་དམ་གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་]བདེ་གཤེགས་སྙིང་པོ་དང༌། [སྟོང་གཞི་དོན་དམ་གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་]མྱ་ངན་ལས་འདས་པའི་དབྱིངས་དང༌། [སྟོང་གཞི་དོན་དམ་གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་]སངས་རྒྱས་ཀྱི་རང་བཞིན་དང༌། [སྟོང་གཞི་དོན་དམ་གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་]དག་པའི་བདག་དང༌། [སྟོང་གཞི་དོན་དམ་གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་]རང་བཞིན་འོད་གསལ་བའི་སེམས་དང༌། [སྟོང་གཞི་དོན་དམ་གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་]རང་བཞིན་གྱིས་དག་པའི་སེམས་དང༌། [སྟོང་གཞི་དོན་དམ་གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་]དོན་དམ་བྱང་ཆུབ་ཀྱི་སེམས་དང༌། [སྟོང་གཞི་དོན་དམ་གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་]དེ་ཁོ་ན་ཉིད་དང༌། [སྟོང་གཞི་དོན་དམ་གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་]སྟོང་པ་ཉིད་དང༌། [སྟོང་གཞི་དོན་དམ་གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་]མཚན་མ་མེད་པ་དང༌། [སྟོང་གཞི་དོན་དམ་གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་]ཡང་དག་པའི་མཐའ་དང༌། [སྟོང་གཞི་དོན་དམ་གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་]དེ་བཞིན་ཉིད་དང༌། [སྟོང་གཞི་དོན་དམ་གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་]ཆོས་ཀྱི་སྐུ་དང༌། [སྟོང་གཞི་དོན་དམ་གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་]ཆོས་ཀྱི་དབྱིངས་དང༌། [སྟོང་གཞི་དོན་དམ་གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་]ངོ་བོ་ཉིད་ཀྱི་སྐུ་དང༌། [སྟོང་གཞི་དོན་དམ་གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་]རང་བཞིན་གྱིས་དག་པའི་རིགས་[དང༌། བསལ་བཞག་མེད་པའི་ཆོས་ཉིད་ཀུན་འགྲོ་དང༌། མཐའ་གཉིས་སྤངས་པའི་དབུས་མའམ་བར་མ་དང༌། རང་བྱུང་ཡེ་ཤེས་དང༌། རང་བཞིན་ལྷན་སྐྱེས་དང༌། རང་བཞིན་ལྷུན་གྲུབ་དང༌། འགྱུར་མེད་ཡོངས་གྲུབ་]ལ་སོགས་པ་རྣམ་པ་མང་པོས་གསུངས་པ་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་དབྱིངས་དོན་དམ་པའི་བདེན་པ་ཉིད་རང་གིས་རང་རིག་པའི་ཡེ་ཤེས་སུ་གཅིག་པ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་དོན་དམ་ཆོས་ཀྱི་དབྱིངས་ནི་ཤེར་ཕྱིན་མཚན་ཉིད་པ་མ་ཡིན་གྱི་ཡུལ་ལ་ཡུལ་ཅན་གྱི་མིང་གིས་བཏགས་པ་ཙམ་མོ་ཞེ་ན། འདི་ཡང་དོན་དང་མི་མཐུན་པ་ཆེན་པོ་སྟེ། [དོན་དམ་]དེ་ཤེར་ཕྱིན་དངོས་ཡིན་པ་ལ་གནོད་བྱེད་[རྣམ་དག་]མེད་[ཅིང་ཤེས་བྱེད་རྣམ་དག་ཡོད་]པའི་ཕྱིར་དང༌། བཏགས་པ་བ་ཡིན་པར་སྟོན་པའི་ལུང་དང་རིགས་པ་འགའ་ཡང་མེད་པའི་ཕྱིར་རོ། །གལ་ཏེ་སློབ་དཔོན་ཕྱོགས་ཀྱི་གླང་པོས།[བརྒྱད་སྟོང་དོན་བསྡུས་སུ།]ཤེས་རབ་ཕ་རོལ་ཕྱིན་[པ་ནི་]གཉིས་མེད། །ཡེ་ཤེས་[ཡིན་ལ་]དེ་ནི་དེ་བཞིན་གཤེགས[པ་ཡང་ཡིན]། །བསྒྲུབ་བྱ་དོན་དེ་དང་ལྡན་པས། །གཞུང་ལམ་དག་ལ་དེའི་སྒྲ་ཡིན། །ཞེས་ཤེར་ཕྱིན་མཚན་ཉིད་པ་དེ་བཞིན་གཤེགས་པའི་གཉིས་མེད་ཡེ་ཤེས་ལ་གསུངས་པའི་ཕྱིར་དང༌། དོན་དམ་ཆོས་ཉིད་ནི་གཉིས་མེད་ཡེ་ཤེས་དང་ཆོས་རབ་ཏུ་རྣམ་པར་འབྱེད་པ་མ་ཡིན་པའི་ཕྱིར་རོ། །ཞེ་ན་དེ་ལྟ་མ་ཡིན་ཏེ་དོན་དམ་ཆོས་ཉིད་གང་ཡིན་པ་དེ་ནི། བེམ་པོ་མིན་ཕྱིར་རང་རིག་ཉིད། །ཅེས་པ་ལ་སོགས་པ་ལུང་དང་རིགས་པ་རྣམ་དག་མང་པོས་གཉིས་མེད་ཡེ་ཤེས་ཡིན་པར་རྒྱ་ཆེར་སྟོན་པར་འགྱུར་བའི་ཕྱིར་[དང་སྔར་ཡང་མང་དུ་དྲངས་ནས་བཤད་པའི་ཕྱིར་]རོ། །འདིར་གཉིས་མེད་ཡེ་ཤེས་ཞེས་པ་ལ། གང་དང་གང་གཉིས་སུ་མེད་ན་ཆོས་ཀྱི་དབྱིངས་དང་རང་བྱུང་ཡེ་ཤེས་གཉིས་སུ་མེད་པར་གཅིག་ཏུ་[གདོད་ནས་]འདྲེས་ཤིང་རོ་མཉམ་པ་སྟེ། དེ་ཉིད་མཐར་ཐུག་[དོན་དམ་]གི་སྟོང་ཉིད་སྙིང་རྗེ་དང་ཐབས་དང་ཤེས་རབ་དང་བདེ་སྟོང་དབྱེར་མེད་ཟུང་འཇུག་རོ་གཅིག་པ་ཡང་ཡིན་ལ་མཐར་ཐུག་[གཤིས་ཀྱི་]གནས་ལུགས་ཀྱི་ཤེས་དང་ཤེས་བྱ་གཅིག་པ་དང༌། དབྱིངས་རིག་དབྱེར་མེད་རོ་གཅིག་པ་ཡང་ཡིན་ནོ། །དེ་ལྟ་བུའི་ཤེར་ཕྱིན་མཚན་ཉིད་པ་དེ་ནི་གཞི་ཤེར་ཕྱིན་དང་འབྲས་བུ་ཤེར་ཕྱིན་མཐར་ཐུག་པ་སྟེ་ངོ་བོ་དབྱེར་མེད་པའི་དེ་བཞིན་ཉིད་དོ། །དེ་མངོན་དུ་བྱེད་པའི་ལམ་[བསྒྲུབ་བྱ་དང་ལྡན་པ་]དང་དེ་དག་སྟོན་པའི་གཞུང་[བརྗོད་བྱའི་དོན་དང་ལྡན་པ་]ལ་ནི་བཏགས་པ་ཙམ་སྟེ། དེ་བཞིན་དུ་དབུ་མ་ཆེན་པོ་དང་ཕྱག་རྒྱ་ཆེན་པོ་དང་ལྷན་ཅིག་སྐྱེས་སྦྱོར་དང་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་དང་རྡོ་རྗེའི་རྣལ་འབྱོར་དང༌། ཤིན་ཏུ་རྣལ་འབྱོར་དང་བདེ་དགྱེས་དང་གསང་འདུས་དང་དུས་འཁོར་[དང་མཁའ་འགྲོ་རྒྱ་མཚོ་]ལ་སོགས་པ་དེ་བཞིན་ཉིད་ཀྱི་རྣམ་གྲངས་སུ་གཏོགས་པ་ཇི་སྙེད་གསུངས་པ་ཐམས་ཅད་ལ་ཡང་གཞུང་དང་ལམ་གང་ཡིན་པ་བཏགས་པ་བ་དང་གཞི་དང་འབྲས་བུ་ངོ་བོ་དབྱེར་མེད་གང་ཡིན་པ་ཐམས་ཅད་མཚན་ཉིད་པ་ཉིད་དུ་དོན་ལ་གནས་ཏེ་འདི་ནི་མདོ་རྒྱུད་ཟབ་མོ་མཐར་ཐུག་པ་ཐམས་ཅད་ཀྱི་སྤྱི་འགྲེལ་ཆེན་པོ་དང༌། རྡོ་རྗེའི་ཚིག་ཏུ་གསུངས་པ་ཐམས་ཅད་ཀྱི་མདུད་འགྲོལ་ཆེན་པོ་དང༌། དགོངས་ཏེ་གསུངས་པའམ་དགོངས་ཆེན་ཟབ་མོ་ཐམས་ཅད་ཀྱི་དོན་འགྲེལ་ཆེན་པོ་ཡིན་ནོ། །འོན་ཀྱང་དེ་དག་དེ་ལྟར་ཚུལ་བཞིན་དུ་རྟོགས་པ་ལ་སྐྱོ་མ་སྔ་བཙན་གྱི་བག་ཆགས་སྤངས་ནས་རྟོན་པ་བཞི་དང་ས་བཅུ་པ་རྣམས་ཀྱི་མན་ངག་ཟབ་མོ་ཉམས་སུ་མྱོང་བའི་སྒྲོན་མེ་བཟང་པོ་ལ་བརྟེན་དགོས་སོ། །

ཐུན་མོང་མ་ཡིན་པའི་ལྟ་བ་ཁྱད་པར་དུ་བཤད་པ་ལ་གཉིས། བཤད་པར་དམ་བཅའ་བ།

དེའི་ཕྱིར་འཁོར་ལོ་ཕྱི་མ་གཉིས་དང་རྡོ་རྗེ་ཐེག་པའི་དོན་གཅིག་མོད་ཀྱི་ཉམས་སུ་ལེན་པ་ན་[གང་ཡང་བློས་དོར་བས་]ལ་ཟློ་བ་[སྟེ་]ཆོས་ཉིད་ཟབ་མོ་ལ་འཁོར་ལོ་བར་པ་དང་མཐུན་པར་[གཉིད་ལོག་པ་བཞིན་]རྟོག་མེད་སྤྲོས་བྲལ་དུ་མཉམ་པར་བཞག་ནས་རྗེས་ཐོབ་ཏུ་ཤན་འབྱེད་པའི་ཚེ་[གཉིད་སངས་པ་བཞིན་]ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ན་འཁོར་ལོ་ཐ་མ་དང་རྡོ་རྗེའི་ཐེག་པ་ལས་གསུངས་པ་བཞིན་དུ་ལེགས་པར་རྣམ་པར་ཕྱེ་སྟེ་ངོ་སྤྲད་ན་ཐེག་པ་ཆེན་པོའི་གསུང་རབ་ཐམས་ཅད་ཀྱི་དོན་ཟབ་མོ་ཉམས་སུ་ལེན་པ་ཚང་ལ་མ་ནོར་ཞིང་ཡོངས་སུ་དག་པ་ཉིད་དུ་འགྱུར་རོ། །དེས་ན་འདིར་གནས་ལུགས་ལ་ཡོད་མེད་དང༌། རང་གི་ངོ་བོས་སྟོང་མི་སྟོང་དང་[སྐྱོན་]རྣམ་གཅོད་[དང་ཡོན་ཏན་]ཡོངས་གཅོད་དང་མེད་དགག་མ་ཡིན་དགག་དང་སྤངས་པ་དང་རྟོགས་པ་ལ་སོགས་པ་གཤིས་ལ་ཇི་ལྟར་གནས་པ་བཞིན་དུ་ལེགས་པར་ཕྱེ་སྟེ་བསྟན་པར་བྱའོ། །

བཤད་པའི་དོན་དངོས་ལ་ལྔ། སྟོང་མི་སྟོང་དང་ཡོད་མེད་ལ་སོགས་པར་གསུངས་པས་རང་སྟོང་འདི་ལས་གཞན་པའི་སྟོང་ཉིད་ཟབ་མོ་གྲུབ་ཚུལ་ལ་གཉིས། སྟོང་ཚུལ་གྱི་རྣམ་དབྱེ་དུ་མ་མདོར་བསྟན་པ་ལ་བཞི། ཆོས་དང་ཆོས་ཉིད་རང་གི་ངོ་བོས་སྟོང་མི་སྟོང་དུ་དབྱེ་བ།

དེ་ཡང་ཨུ་དུམ་བཱ་རའི་མེ་ཏོག་ལྟར་དཀོན་པའི་སོར་ཕྲེང་གི་མདོར། སོར་མོའི་ཕྲེང་བས་འཇམ་དཔལ་ལ་སྨྲས་པ། འཇམ་དཔལ་ཁྱོད་སྟོང་པ་ཆེན་པོ་མཐོང་བའི་མཆོག་ན་འཇིག་རྟེན་ན་སྟོང་པ་མཐོང་བ་གང་ཡིན། སྟོང་པ་སྟོང་པ་ཞེས་བྱ་བའི་དོན་ཅི། ཤེས་པ་ཆེན་པོ་དང་ལྡན་པ་མྱུར་དུ་སྨྲོས་ཏེ་ངའི་ཐེ་ཚོམ་མྱུར་དུ་ཆོད་ཅིག །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་སོར་མོའི་ཕྲེང་བ་ལ་ཚིགས་སུ་བཅད་དེ་སྨྲས་པ། སངས་རྒྱས་ནམ་མཁའ་ལྟ་བུ་སྟེ། །ནམ་མཁའ་མཚན་ཉིད་མེད་པའོ། །སངས་རྒྱས་ནམ་མཁའ་ལྟ་བུ་སྟེ། །ནམ་མཁའ་མཚན་མ་མེད་པས་སྐྱེས། །སངས་རྒྱས་ནམ་མཁའ་ལྟ་བུ་སྟེ། །ནམ་མཁའ་གཟུགས་མེད་གྱུར་པའོ།།ཆོས་རྣམས་ནམ་མཁའ་ལྟ་བུ་སྟེ། །དེ་བཞིན་གཤེགས་པ་ཆོས་ཀྱི་སྐུ། །ཡེ་ཤེས་ནམ་མཁའ་ལྟ་བུ་སྟེ། །དེ་བཞིན་གཤེགས་པ་ཡེ་ཤེས་སྐུ། །གཟུང་དུ་མེད་ཅིང་རེག་ཏུ་མེད།།ཆགས་མེད་ཡེ་ཤེས་དེ་བཞིན་གཤེགས།།ཐར་པ་ནམ་མཁའ་ལྟ་བུ་སྟེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ཐར་པ་སངས་རྒྱས་དེ་བཞིན་གཤེགས། །སྟོང་པ་ཅི་ཡང་མེད་པ་དག །སོར་ཕྲེང་ཁྱོད་ཀྱིས་ག་ལ་ཤེས། །དེ་ནས་སོར་མོའི་ཕྲེང་བས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་སླར་འདི་སྐད་ཅེས་སྨྲས་སོ། །འདི་ལྟ་སྟེ་དཔེར་ན། སྤྲིན་ཆེན་པོ་ལས་ཆར་རབ་ཏུ་བབ་པ་དང༌། སྐྱེས་བུ་བྱིས་པའི་རང་བཞིན་ཅན་གྱིས་སེར་བའི་འབྲུ་བླངས་ཏེ་ནོར་བུ་རིན་པོ་ཆེ་བཻཌཱུརྻ་བསམས་ནས་ཁྱིམ་དུ་ཁྱེར་བ་དང༌། ཧ་ཅང་གྲང་ཆེས་ནས་བཟུང་མ་ནུས་ཏེ་གཏེར་དུ་བྱའོ་སྙམ་ནས་བུམ་པའི་ནང་དུ་ལེགས་པར་བཅུག་པ་དང༌། སེར་བའི་རིལ་བུ་དེ་ཞུ་[ནས་སྐམ་]བ་མཐོང་ནས་སྟོང་པའོ་སྙམ་སྟེ་ཅང་མི་ཟེར་བར་གྱུར་པ་དེ་བཞིན་དུ། བཙུན་པ་འཇམ་དཔལ་ཤིན་ཏུ་སྟོང་པ་[རང་སྟོང་]ཉིད་ལ་བསྒོམས་ཤིང་སྟོང་པར་ཟབ་ཏུ་བསམས་པས་ཆོས་ཐམས་ཅད་[ཡང་དག་པར་དཔྱད་ན་]ཞིག་པ་མི་བཟོད་པར་མཐོང་ངོ༌། །[དོན་དམ་གྱི་]ཐར་པ་[རང་གི་ངོ་བོས་]སྟོང་པ་མ་ཡིན་པ་ཡང་[རང་གི་ངོ་བོས་]སྟོང་པར་མཐོང་ཞིང་རྟོག་གོ །འདི་ལྟ་སྟེ། དཔེར་ན་སེར་བའི་རིལ་བུ་ནོར་བུའོ་སྙམ་དུ་བསམས་ནས་ནོར་བུ་ཡང་[བུམ་པར་བཅུག་ནས་མེད་ཅིང་]སྟོང་པར་[འགྲོ་སྙམ་དུ་]སྒོམ་པ། དེ་བཞིན་དུ་ཁྱོད་ཀྱང་[རང་གི་ངོ་བོས་]སྟོང་པ་མ་ཡིན་པ[དོན་དམ་པ]འི་ཆོས་ལ་[རང་གི་ངོ་བོས་]སྟོང་པར་སེམས་ཏེ་[ཀུན་རྫོབ་ཀྱི་]ཆོས་[རང་གི་ངོ་བོས་]སྟོང་པར་མཐོང་ནས་[རང་གི་ངོ་བོས་]སྟོང་པ་མ་ཡིན་པ[དོན་དམ་པ]འི་ཆོས་ལ་ཡང་[རང་གི་ངོ་བོས་]སྟོང་པར་འཇིག་པར་བྱེད་དོ། །[རང་གི་ངོ་བོས་]སྟོང་པའི་ཆོས་ཀྱང་གཞན། [རང་གི་ངོ་བོས་]སྟོང་པ་མ་ཡིན་པའི་ཆོས་རྣམས་ཀྱང་གཞན་ཏེ། སེར་བའི་རིལ་བུ་ལྟ་བུ་ཉོན་མོངས་པ་བྱེ་བ་ནི་[རང་གི་ངོ་བོས་]སྟོང་པའོ། །སེར་བའི་རིལ་བུ་ལྟ་བུར་མི་དགེ་བའི་ཕྱོགས་ཀྱི་ཆོས་རྣམས་ནི་མྱུར་དུ་འཇིག་གོ །ནོར་བུ་བཻ་ཌཱུརྻ་[ཞུ་ནས་མི་འགྲོ་བ་]བཞིན་དུ་[དོན་དམ་གྱི་]སངས་རྒྱས་ནི་རྟག་པ་སྟེ་ཐར་པའི་མཐའ་ཡང་ནོར་བུ་བཻཌཱུརྻ་[ཞུ་ནས་མི་འགྲོ་བ་]བཞིན་ནོ། །[དོན་དམ་གྱི་]ནམ་མཁའ་ཡང་སངས་རྒྱས་རྣམས་ཀྱི་གཟུགས་ཡིན་ཏེ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་[ཐར་པ་]གཟུགས་མེད་པ་ཡིན་ནོ། །[དོན་དམ་གྱི་]སངས་རྒྱས་ཀྱི་ཐར་པ་ཡང་གཟུགས་[གཞན་]ཡིན་ཏེ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཐར་པ་གཟུགས་མེད་པ་ཡིན་ན་ཇི་ལྟར་ཐར་པའི་མཚན་ཉིད་[རང་གི་ངོ་བོས་]སྟོང་པ་ཞེས་བྱ་བ་དབྱེ་བ་མེད་པའི་འདུ་ཤེས་སུ་མ་བྱེད་ཅིག །འཇམ་དཔལ་གང་གྲོང་ཁྱེར་བརྩིགས་པའི་ཁྱིམ་སྟོང་པ་ནི་མི་མེད་པས་[ན་དེས་]སྟོང་ངོ༌། །བུམ་པ་ནི་ཆུ་མེད་པས་[ན་དེས་]སྟོང་ངོ༌། །ཀླུང་[སྟེ་གྲོག་པོ་]ནི་ཆུ་མི་འབབ་པས་[ན་དེས་]སྟོང་ངོ༌། །ཅི་གྲོང་གི་བར་སྐབས་ཁྱིམ་མེད་པ་ལ་སྟོང་པ་སྟོང་པ་ཞེས་བྱའམ། ཅི་ཁྱིམ་ཐམས་ཅད་སྟོང་པ་ཡིན་ནམ། ཐམས་ཅད་སྟོང་པ་མ་ཡིན་གྱི་མི་མེད་པས་སྟོང་པ་ཞེས་བྱའོ། །ཅི་བུམ་པ་ཐམས་ཅད་སྟོང་པ་ཡིན་ནམ། ཐམས་ཅད་སྟོང་པ་མ་ཡིན་གྱི་ཆུ་མེད་པས་སྟོང་པ་ཞེས་བྱའོ། །ཅི་ཀླུང་[སྟེ་གྲོག་པོ་]ཐམས་ཅད་སྟོང་པ་ཡིན་ནམ། ཐམས་ཅད་སྟོང་པ་མ་ཡིན་གྱི་ཆུ་མི་འབབ་པའི་ཕྱིར་སྟོང་པ་ཞེས་བྱ་སྟེ། དེ་བཞིན་དུ་[དོན་དམ་གྱི་]ཐར་པ་[ནི་དོན་དམ་གྱི་ཡོན་ཏན་]ཐམས་ཅད་ཀྱིས་སྟོང་པ་མ་ཡིན་གྱི་ཉེས་པ་ཐམས་ཅད་དང་བྲལ་བའི་ཕྱིར་ཐར་པ་སྟོང་པ་ཞེས་བྱའོ། །སངས་རྒྱས་བཅོམ་ལྡན་འདས་ནི་[ཡོན་ཏན་གྱིས་]སྟོང་པ་མ་ཡིན་ཏེ་ཉེས་པ་ཐམས་ཅད་དང་བྲལ་ཞིང་ཉོན་མོངས་པ་བྱེ་བའི་མི་དང་ལྷ་མེད་པའི་ཕྱིར་སྟོང་པ་ཞེས་བྱའོ། །ཀྱེ་མ་བཙུན་པ་འཇམ་དཔལ་ནི་སྦྲང་བུའི་སྤྱད་པ་སྤྱོད་དེ། སྟོང་པ་དང་མི་སྟོང་པའི་དོན་དེ་ཁོ་ན་མི་ཤེས་སོ། །གཅེར་བུ་པ་ཡང་ཐམས་ཅད་སྟོང་པར་བསྒོམ་སྟེ་གཅེར་བུ་པའི་སྦྲང་མ་ཁྱོད་ཅང་མ་ཟེར་ཞིག་ཅེས་གསུངས་སོ། །དེ་ལ། སངས་རྒྱས་ནམ་མཁའ་ལྟ་བུ་སྟེ། །ཞེས་པ་ལ་སོགས་པ་ནས། སྟོང་པ་ཅི་ཡང་མེད་པ་ནི། །སོར་ཕྲེང་ཁྱོད་ཀྱིས་ག་ལ་ཤེས། །ཞེས་པའི་མཐར་ཐུག་པས། འགའ་ཞིག་གི་འདོད་པ་ལྟར་ཐམས་ཅད་ཅིར་ཡང་མེད་པའི་རང་སྟོང་ཉིད་དུ་བསྟན་པ་ནི་འཕགས་པ་འཇམ་དཔལ་གྱིས་མཁྱེན་བཞིན་དུ། རང་སྟོང་གཞན་སྟོང་གི་ཁྱད་པར་གཏན་ལ་དབབ་པའི་ཕྱིར་གླེང་བསླང་བའོ། །དེ་ནས་སོར་མོའི་ཕྲེང་བས་སེར་བའི་རིལ་བུ་ཞུ་ནས་མེད་པར་སོང་བ་དཔེར་མཛད་དེ་ཉོན་མོངས་པ་དང་མི་དགེ་བའི་ཆོས་རྣམས་སྟོང་པར་བསྟན་པ་འདིས་ནི་འཇིག་རྟེན་ཀུན་རྫོབ་ཀྱི་བདེན་པར་གཏོགས་པ་ཐམས་ཅད་རང་རང་ངོ་བོས་སྟོང་པར་བསྟན་ལ། ཞུ་ནས་མེད་པར་འགྲོ་བ་མ་ཡིན་པའི་ནོར་བུ་བཻཌཱུརྻ་དཔེར་མཛད་ནས་ཐར་པའི་མཐར་ཐུག་པ་[དོན་དམ་གྱི་]སངས་རྒྱས་མི་སྟོང་པར་བསྟན་པ་འདིས་ནི་དོན་དམ་པ་འཇིག་རྟེན་ལས་འདས་པའི་བདེན་པ་ཆོས་ཀྱི་སྐུ་རང་གི་ངོ་བོས་སྟོང་པ་མ་ཡིན་པར་བསྟན་ཏོ། །ཁྱིམ་སྟོང་པ་དང་བུམ་པ་སྟོང་པ་དང་ཀླུང་སྟོང་པ་དཔེར་མཛད་ནས་ཉེས་པ་ཐམས་ཅད་ཀྱིས་སྟོང་པར་བསྟན་པ་འདིས་ནི་མཐར་ཐུག་གི་ཐར་པ་[རང་གིས་མི་སྟོང་པའི་]གཞན་སྟོང་དུ་བསྟན་ཏོ། །ཐར་པ་ཐམས་ཅད་ཀྱིས་སྟོང་པ་མ་ཡིན། ཞེས་པ་དང༌། སངས་རྒྱས་བཅོམ་ལྡན་འདས་ནི་སྟོང་པ་མ་ཡིན་ཞེས་པ་དང༌། སྟོང་པ་མ་ཡིན་པའི་ཆོས་རྣམས་ཀྱང་གཞན་ཏེ། ཞེས་པ་ལ་སོགས་པ་མི་སྟོང་པར་བཤད་པ་ཐམས་ཅད་དོན་དམ་ཆོས་ཉིད་རང་གིས་རང་མི་སྟོང་ཞེས་པའི་དོན་ཏེ་མདོ་རྒྱུད་གཞན་མང་པོར་སྟོང་པ་མ་ཡིན་ཞེས་པ་དང༌། མི་སྟོང་ཞེས་གསུངས་པ་ཤིན་ཏུ་མང་པོ་དེ་རྣམས་ཀྱང་དེ་བཞིན་ནོ། །འཕགས་པ་འཇམ་དཔལ་གྱིས་ནི་རང་སྟོང་གཞན་སྟོང་གཉི་ག་ལེགས་པར་མཁྱེན་མོད་ཀྱི་མི་མཁས་པ་དག་ཐམས་ཅད་རང་སྟོང་ཁོ་ན་ཡིན་ཞེས་འདོད་པ་གང་ཡིན་པ་དེ་དག་གཅེར་བུ་པ་དང་མཚུངས་པར་བསྟན་པའི་ཕྱིར་དང༌། ཐམས་ཅད་རང་སྟོང་ཉིད་དུ་སྨྲ་བ་ནི་རང་སྟོང་ཡིན་མིན་གྱི་ཁྱད་པར་ལེགས་པར་ཕྱེ་སྟེ་སྨྲ་བ་ལ་ལྟོས་ནས་སྦྲང་མ་ཙམ་དུ་བསྟན་པའི་ཕྱིར་བཙུན་པ་འཇམ་དཔལ་ནི་སྦྲང་བུའི་སྤྱད་པ་སྤྱོད་དེ། སྟོང་པ་དང་མི་སྟོང་པའི་དོན་དེ་ཁོ་ན་མི་ཤེས་སོ། །གཅེར་བུ་པ་ཡང་ཐམས་ཅད་སྟོང་པར་བསྒོམ་སྟེ་གཅེར་བུ་པའི་སྦྲང་མ་ཁྱོད་ཅང་མ་ཟེར་ཞིག །ཅེས་པ་དང༌། བཙུན་པ་འཇམ་དཔལ་ཤིན་ཏུ་སྟོང་པ་ཉིད་ལ་བསྒོམས་ཤིང་སྟོང་པར་ཟབ་ཏུ་བསམས་པས་ཆོས་ཐམས་ཅད་ཞིག་པ་མི་བཟོད་པར་མཐོང་ངོ༌། །ཐར་པ་སྟོང་པ་མ་ཡིན་པ་ཡང་སྟོང་པར་མཐོང་ཞིང་རྟོག་གོ །ཞེས་དང༌། ཁྱོད་ཀྱང་སྟོང་པ་མ་ཡིན་པའི་ཆོས་ལ་སྟོང་པར་སེམས་ཏེ་ཆོས་སྟོང་པ་མཐོང་ནས་སྟོང་པ་མ་ཡིན་པའི་ཆོས་ལ་ཡང་སྟོང་པར་འཇིག་པར་བྱེད་དོ། །ཞེས་པ་ལ་སོགས་པ་རྣམས་ནི་དཔྱད་མི་བཟོད་ཅིང་མཐར་འཇིག་པའི་ཆོས་ཅན་རང་རང་ངོ་བོས་སྟོང་པའི་རང་སྟོང་ལ་ཟབ་མོ་མཐར་ཐུག་ཡིན་ནོ་ཞེས་ཕྱོགས་གཅིག་ཏུ་ཁ་ཚོན་གཅོད་པ་རྣམས་ལ་གདམས་པ་དང་རྗེས་སུ་བསྟན་པ་ཡིན་ནོ། །སངས་རྒྱས་རྟག་པ་དང་སངས་རྒྱས་ཀྱི་ཐར་པ་གཟུགས་ཡིན་པ་དང་ནམ་མཁའ་ཡང་སངས་རྒྱས་ཀྱི་གཟུགས་ཡིན་ཞེས་པ་ལ་སོགས་པའི་དོན་ནི་གཟུགས་སོགས་གཞན་དང༌། གཟུགས་སོགས་རྣམ་པར་དག་པ་དང༌། ཆོས་ཉིད་ཀྱི་གཟུགས་སོགས་དང༌། དེ་བཞིན་ཉིད་ཀྱི་གཟུགས་སོགས་དང༌། ཁམས་གསུམ་དང་དུས་གསུམ་ལས་འདས་པའི་གཟུགས་སོགས་ཞེས་པ་ལ་སོགས་པ་འཆད་པར་འགྱུར་བའི་སྐབས་སུ་རིག་པར་བྱ་ཞིང་གཞན་རྣམས་ནི་རྟོགས་པར་སླའོ། །གཞན་ཡང་དོན་དམ་ཆོས་ཉིད་ཀྱི་སྟོང་ལུགས་མདོ་འདི་ཉིད་ལས་ཡང་དང་ཡང་དུ་གསལ་བར་གསུངས་པའི་ཕྱིར་དབུ་མའི་མདོ་སྡེ་མཐར་ཐུག་པ་འདི་ནི་ངེས་པར་མཐོང་དགོས་སོ། །གལ་ཏེ་སོར་ཕྲེང་ཅན་ནི་སྡིག་ཅན་ཆེན་པོ་ཡིན་པས་དེའི་ངག་བཞིན་མི་བདེན་ནོ་སྙམ་དུ་ཡང་བསམ་པར་མི་བྱ་སྟེ་དེ་ནི་སངས་རྒྱས་ཡིན་པའི་ཕྱིར་རོ། །དེ་ཡང་ཞིང་འདི་ནས་ལྷོ་ཕྱོགས་སུ་གང་གཱའི་ཀླུང་དྲུག་ཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་འདས་པ་ན་རིན་པོ་ཆེ་ཐམས་ཅད་ཀྱིས་བརྒྱན་པ་ཞེས་བྱ་བའི་ཞིང་ཁམས་ཡོད་ལ་དེ་ན་འཇིག་རྟེན་ཐམས་ཅད་མཐོང་ན་དགའ་བ་མངོན་པར་འཕགས་པ་བརྩོན་པ་ཆེན་པོ་ཞེས་བྱ་བའི་སངས་རྒྱས་བཞུགས་པར་བཤད་ཅིང་དེ་སོར་ཕྲེང་ཅན་དུ་སྤྲུལ་པར་མདོ་འདི་ཉིད་ལས་གསུངས་པའི་ཕྱིར་རོ། །

དེ་ཉིད་སྟོང་པའི་སྟོང་པ་དང་མི་སྟོང་པའི་སྟོང་པར་གསུངས་ཚུལ།

གཞན་ཡང་ཐམས་ཅད་རང་སྟོང་ཡིན་ན་རྣམ་གྲོལ་ཆོས་ཀྱི་སྐུ་ཡང་རང་སྟོང་དུ་འགྱུར་ཞིང་དེ་འདོད་ན་དེའང་ཅང་མེད་དུ་འགྱུར་བས་མུ་སྟེགས་གཅེར་བུ་པ་ལ་སོགས་པའི་ལུགས་དང་མཐུན་པར་འགྱུར་ཏེ། ཇི་སྐད་དུ། མྱང་འདས་ཆེན་པོའི་མདོར། གཞན་ཡང་རྣམ་པར་གྲོལ་བ་ནི་[རང་གི་ངོ་བོས་]མི་སྟོང་པའི་སྟོང་པའོ། །སྟོང་པའི་སྟོང་པ་ཞེས་བྱ་བ་[རང་སྟོང་]ནི་ཅི་ཡང་མེད་པའོ། །ཅི་ཡང་མེད་པ་ནི་མུ་སྟེགས་ཅན་གཅེར་བུ་པ་ལ་སོགས་པའི་རྣམ་པར་གྲོལ་བ་ལྟ་བུའོ། །གཅེར་བུ་པ་ལ་ནི་ཡང་དག་པར་རྣམ་པར་གྲོལ་བ་མེད་པས་སྟོང་པའི་སྟོང་པ་ཞེས་བྱའོ། །ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་ལྟ་བུ་མ་ཡིན་པས་[རང་གི་ངོ་བོས་]མི་སྟོང་པའི་སྟོང་པའོ། །[རང་གི་ངོ་བོས་]མི་སྟོང་པའི་སྟོང་པ་[དོན་དམ་གཞན་སྟོང་]ནི་ཡང་དག་པར་རྣམ་པར་གྲོལ་བའོ། །ཡང་དག་པར་རྣམ་པར་གྲོལ་བ་[མཐར་ཐུག་]ནི་དེ་བཞིན་གཤེགས་པའོ། །གཞན་ཡང་རྣམ་པར་གྲོལ་བ་ནི་[རང་གི་ངོ་བོས་]མི་སྟོང་པའོ།།དཔེར་ན་ཆུ་དང་མར་དང་ཞོ་དང་ཆང་དང་སྦྲང་རྩིའི་སྣོད་རྫེའུ་[སྟོང་པ་]ལྟ་བུ་ཆུ་དང་མར་དང་ཞོ་དང་ཆང་དང་སྦྲང་རྩི་མེད་ཀྱང་དེ་ལ་ཆུ་ལ་སོགས་པའི་རྫེའུ་ཞེས་འདོགས་ཏེ། རྫེའུ་དེ་ལ་ནི་སྟོང་ཞེའམ་མི་སྟོང་ཞེས་གདགས་སུ་མེད་དོ། །དེ་ལ་[ཀུན་རྫོབ་ཏུ་]སྟོང་པ་ཞེས་བྱར་ནི་[རྫིའུ་ཡི་]གཟུགས་དང་དྲི་དང་རོ་དང་རེག་བྱ་མེད་ཅེས་གདགས་སུ་མི་རུང་ངོ༌། །མི་སྟོང་ཞེས་བྱར་ནི་[དེ་ན་]ཆུ་[དང་མར་]ལ་སོགས་པ་གང་ཡང་མེད་དོ། །[དེས་ན་དེ་ཀུན་རྫོབ་ཏུ་རྫེའུའི་དངོས་པོས་མི་སྟོང་ཡང་ཆུ་ལ་སོགས་པའི་དངོས་པོས་སྟོང་ཞེས་པའི་དོན་ཏོ།།]རྣམ་པར་གྲོལ་བ་[དོན་དམ་པ་]ཡང་དེ་དང་འདྲ་སྟེ་གཟུགས་ཞེའམ་གཟུགས་མ་ཡིན་ཞེའམ་སྟོང་ཞེའམ་མི་སྟོང་ཞེས་གདགས་སུ་མེད་[པ་ནི་ཀུན་རྫོབ་ཀྱི་གཟུགས་སོགས་ཀྱིས་སྟོང་ཞིང་དོན་དམ་གྱི་གཟུགས་སོགས་ཀྱི་མི་སྟོང་པ་ཉིད་]དོ། །ཞེས་དང༌། འདི་ལྟ་སྟེ་སྲིད་པ་ཉི་ཤུ་རྩ་ལྔ་པོ་དང༌། ཀུན་ནས་ཉོན་མོངས་པ་དང་སྡུག་བསྔལ་བ་ཐམས་ཅད་དང༌། མཚན་མ་ཐམས་ཅད་དང༌། འདུས་བྱས་ཀྱི་འདུ་བྱེད་ཐམས་ཅད་མེད་པའི་ཕྱིར་རྫེའུ་ན་ཞོ་མེད་པ་དང་འདྲ་སྟེ་སྟོང་པ་ཞེས་བྱའོ། །མི་སྟོང་པ་ཞེས་བྱ་བ་ནི་ཡང་དག་པའི་གཟུགས་རྟག་པ་དང་བདེ་བ་དང་བདག་དང་དག་པ་ཞེས་བྱ་བ་མི་གཡོ་བ་མི་འཕོ་བ་དཔེར་ན་རྫེའུ་ཡི་གཟུགས་དང་དྲི་དང་རོ་དང་རེག་བྱ་ཡོད་པས་མི་སྟོང་པ་ཞེས་བྱ་སྟེ་དེ་བས་ན་རྣམ་པར་གྲོལ་བ་ནི་རྫེའུ་དེ་དང་འདྲའོ། །[ཀུན་ནས་འདྲ་བ་ཡང་མ་ཡིན་ཏེ་]རྫེའུ་དེ་ནི་རྐྱེན་དང་ཕྲད་ན་ཆག་པའམ་འཆག་པར་འགྱུར་གྱི་[དོན་དམ་གྱི་]རྣམ་པར་གྲོལ་བ་[ལ་]ནི་དེ་ལྟ་བུ་མ་ཡིན་ཏེ་[འདུས་མ་བྱས་ཡིན་པས་]གཞིག་ཏུ་མེད་དོ། །གཞིག་ཏུ་མེད་པ་[དོན་དམ་གྱི་]ནི་ཡང་དག་པར་རྣམ་པར་གྲོལ་བའོ། །ཡང་དག་པར་རྣམ་པར་གྲོལ་བ་དེ་ནི་དེ་བཞིན་གཤེགས་པའོ། །ཞེས་སོགས་རབ་ཏུ་རྒྱས་པར་གསུངས་པའི་ཕྱིར་རོ། །ཡང་མདོ་དེ་ཉིད་དུ། བ་ལང་ལ་རྟ་མེད་པ་དང་རྟ་ལ་བ་ལང་མེད་པ་དཔེར་མཛད་ནས། དོན་དམ་ཆོས་ཉིད་མྱང་འདས་ཆེན་པོ་རང་གིས་མི་སྟོང་པའི་གཞན་སྟོང་དུ་བཀའ་སྩལ་པ། འདི་ལྟ་སྟེ། རིགས་ཀྱི་བུ་འདི་ལྟར་མྱ་ངན་ལས་འདས་པ་ནི་སྔ་ནས་མེད་པ་སྟེ། འཇིམ་པའི་ཚེ་རྫ་མ་མེད་པ་ལྟ་བུ་མ་ཡིན། འགགས་ཏེ་མེད་པ་སྟེ་རྫ་མ་ཞིག་ནས་མེད་པ་ལྟ་བུ་ཡང་མ་ཡིན། གཏན་མེད་པ་སྟེ་རུས་སྦལ་གྱི་སྤུ་དང་རི་བོང་གི་རྭ་ལྟ་བུ་ཡང་མ་ཡིན་ཏེ་གཅིག་ལ་གཅིག་མེད་པ་དང་ནི་མཐུན་ནོ། །[འདིས་ནི་དོན་དམ་བདེན་པ་ཤེས་བྱ་ལ་མི་སྲིད་པར་འདོད་པ་བསལ་བ་ཡིན་ནོ།།]རིགས་ཀྱི་བུ་ཁྱོད་སྨྲ་བ་ལྟར་བ་ལང་ལ་རྟ་མེད་མོད་ཀྱི་བ་ལང་མེད་ཅེས་བྱར་མི་རུང་ངོ༌། །རྟ་ལ་བ་ལང་མེད་མོད་ཀྱི་རྟ་ཡང་མེད་ཅེས་བྱར་མི་རུང་ངོ༌། །མྱ་ངན་ལས་འདས་པ་ཡང་དེ་དང་འདྲ་སྟེ། ཉོན་མོངས་པ་ལ་མྱ་ངན་ལས་འདས་པ་མེད། མྱ་ངན་ལས་འདས་པ་ལ་ཉོན་མོངས་པ་མེད་དེ་དེ་བས་ན་གཅིག་ལ་གཅིག་མེད་པ་ཞེས་བྱའོ། །ཞེས་སོགས་རབ་ཏུ་རྒྱས་པར་བཞུགས་སོ། །

[དྲི་མེད་འོད་དུ་ཡང༌། སྲིད་པ་དང་མྱ་ངན་ལས་འདས་པ་ནི་གཅིག་པ་ཉིད་མ་ཡིན་ཏེ། གྲིབ་མ་དང་ཉི་མ་བཞིན་ནོ། །ཞེས་གསུངས་སོ།།]

ཡང་དེ་ཉིད་གློ་བུར་དྲི་མ་དང་བདེ་གཤེགས་སྙིང་པོའི་སྟོང་ཚུལ་དུ་གསུངས་པ།

ཡང་མདོ་དེ་ཉིད་དུ་སྟོང་པའི་གཟུགས་ལ་སོགས་པ་དང་མི་སྟོང་པའི་གཟུགས་ལ་སོགས་པ་ལེགས་པར་ཕྱེ་སྟེ། བཀའ་སྩལ་པ་འདི་ལྟ་སྟེ། ཀེའུ་དི་ནྱ་[གློ་བུར་དྲི་མའི་]གཟུགས་ནི་[རང་གི་ངོ་བོས་]སྟོང་པའོ། །སྟོང་པའི་གཟུགས་[དེ་]འགགས་པའི་རྐྱེན་གྱིས་[རང་གི་ངོ་བོས་]སྟོང་པ་མ་ཡིན་པ[བདེ་གཤེགས་སྙིང་པོ]འི་གཟུགས་ཀྱི་རྣམ་པར་གྲོལ་བ་ཐོབ་པར་འགྱུར་ཏེ། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའི་བར་དུ་ཡང་དེ་བཞིན་དུ་རྒྱས་པར་[གཉིས་གཉིས་སུ་]རིག་པར་བྱའོ། །ཞེས་པ་ལ་དེ་དག་ནི་རིམ་པ་ལྟར་གློ་བུར་དྲི་མའི་གཟུགས་སོགས་དངོས་པོ་མེད་པ་སྟོང་པ་ཉིད་[དང་སྟོང་པའི་སྟོང་པ་ཉིད་]དེ་རང་རང་ངོ་བོས་སྟོང་པ་དང༌། བདེ་གཤེགས་སྙིང་པོའི་གཟུགས་སོགས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་[དང་མི་སྟོང་པའི་སྟོང་པ་ཉིད་]དེ་དོན་དམ་གཞན་སྟོང་ངོ༌། །

དེ་དག་ལས་གསང་སྔགས་ཟབ་མོའི་སྟོང་ཆེན་ཁྱད་པར་དུ་ངོས་བཟུང་བ།

དེ་བཞིན་དུ། དཔལ་ཕྱག་ན་རྡོ་རྗེའི་ཞལ་སྔ་ནས་ཀྱང༌། དེ་ལྟར་རྣམ་པ་ཀུན་ལྡན་རྣམ་པ་མེད་ནི་རྒྱུ་[གཞན་ནམ་མཆོག་]སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་ཆེན་པོ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའོ་ཞེས་[བདེ་མཆོག་འཁོར་ལོའི་འགྲེལ་པར་]གསུངས་སོ། །དེ་བས་ན་དམིགས་པ་དང་བཅས་པའི་སྟོང་པ་ཉིད་ཅེས་དང༌། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཅེས་[ཡང་ཡང་གསུངས་]པ་ཡང་དོན་དམ་གཞན་སྟོང་ལ་དགོངས་ཀྱི། གཟུགས་སོགས་རང་སྟོང་གིས་ནི་[རྣམ་ཀུན་མཆོག་ལྡན་ཤེར་ཕྱིན་]དེ་དག་གི་གོ་མི་ཆོད་དེ། [རྣམ་ཀུན་མཆོག་ལྡན་ཤེར་ཕྱིན་]དེ་དག་གི་ཡོན་ཏན་[རང་བཞིན་པ་]དཔག་ཡས་གསུངས་པ་རྣམས་[གཟུགས་སོགས་རང་སྟོང་]དེ་ལ་མ་ཚང་བའི་ཕྱིར་རོ། །དེ་བཞིན་དུ་སྟོང་པ་ཆེན་པོ་ཡི་གེ་ལྔ་དང་ཐིག་ལེ་སྟོང་པ་ཡི་གེ་དྲུག་ཅེས་གསུངས་པ་ཡང་རང་སྟོང་མ་ཡིན་ཏེ། དེ་དག་ནི་གདོད་མ་ཉིད་ནས་སྒྲིབ་བྲལ་རོ་མཉམ་གཞོམ་མེད་རྡོ་རྗེའི་རང་བཞིན་རྣམ་པར་དག་པའི་ཕུང་པོ་གཞན་དང༌། ཁམས་གཞན་དང༌། དབང་པོ་གཞན་དང༌། ཡུལ་གཞན་[དང་ལས་དབང་གཞན་]ལ་སོགས་པ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་རང་བྱུང་གི་ཡེ་ཤེས་རྟེན་འབྲེལ་ལས་འདས་པ་ལ་གསུངས་པའི་ཕྱིར་རོ། །གཞན་ཡང་ཆ་མེད་ཀུན་འགྲོ་ཁྱབ་པ་པོ་དང༌། རྣམ་བཅུ་དབང་ལྡན་ཆེ་བ་པོ་དང༌། རྡོ་རྗེ་ཉི་མ་སྣང་བ་ཆེ་དང༌། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག་དང༌། དངོས་པོ་ཀུན་གྱི་རང་བཞིན་མཆོག་དང༌། གཟུགས་མེད་གཟུགས་བཟང་དམ་པ་ལ་སོགས་པ་རྒྱུད་སྡེ་ཟབ་མོ་རྣམས་སུ་ངེས་དོན་མཐར་ཐུག་གི་སྟོང་ཉིད་གསུངས་པ་ཐམས་ཅད་དོན་དམ་གཞན་སྟོང་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་དགོངས་པ་ཡིན་པར། མན་ངག་ཟབ་མོའི་སྒྲོན་མེ་ལ་བརྟེན་ནས་རིག་པར་བྱའོ། །དེ་བཞིན་དུ་མདོ་རྒྱུད་བསྟན་བཅོས་ཁྱད་པར་འཕགས་ཤིང་དྲི་མ་མེད་པ་རྣམས་སུ། དེ་བཞིན་ཉིད་དང༌། ཡང་དག་པའི་མཐའ་དང༌། མཚན་མ་མེད་པའི་དབྱིངས་དང༌། དོན་དམ་པའི་བདེན་པ་དང༌། ཆོས་ཀྱི་དབྱིངས་དང༌། དོན་དམ་བྱང་ཆུབ་ཀྱི་སེམས་དང༌། ཨེ་ཡིག་དང༌། གསང་བ་དང༌། གསང་ཆེན་དང༌། མཁའ་ཁམས་དང༌། བྷ་ག་དང༌། ཆོས་འབྱུང་དང༌། ཆུ་སྐྱེས་དང༌། རྡོ་རྗེ་དང༌། གྲུ་གསུམ་དང༌། ཨ་ཡིག་དང༌། སེང་གེའི་ཁྲི་དང༌། བདེ་བའི་གནས་དང༌། བདེ་བ་ཅན་དང༌། ཕྱག་རྒྱ་ཆེན་མོ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དང༌། སྣ་ཚོགས་ཡུམ་དང༌། རྡོ་རྗེ་ཕག་མོ་དང༌། རྡོ་རྗེ་བདག་མེད་མ་དང༌། སྣ་ཚོགས་གཟུགས་ཅན་མ་ལ་སོགས་པ་དུ་མ་དང་དོན་གཅིག་ཅིང༌། རྣམ་གྲངས་སུ་གསུངས་པའི་སྟོང་ཉིད་གང་ཡིན་པ་ཐམས་ཅད་རང་སྟོང་དངོས་པོ་མེད་པ་སྟོང་པ་ཉིད་[དང༌། སྟོང་པའི་སྟོང་པ་ཉིད་དང༌། སྐྱེས་པའི་སྟོང་པ་ཉིད་དང༌། ཆད་པའི་སྟོང་པ་ཉིད་དང༌། ཀུན་འགྲོ་མ་ཡིན་པའི་སྟོང་པ་ཉིད་དང༌། ཀུན་རྫོབ་དང་འབྲེལ་བའི་སྟོང་པ་ཉིད་དང༌། སྒྲུབ་ཆོས་ཀྱིས་དོར་བའི་སྟོང་པ་ཉིད་]ཙམ་ནི་མ་ཡིན་གྱི། སྟོང་གཞི་དོན་དམ་གཞན་སྟོང་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་[དང༌། མི་སྟོང་པའི་སྟོང་པ་ཉིད་དང༌། མ་སྐྱེས་པའི་སྟོང་པ་ཉིད་དང༌། རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་དང༌། ཀུན་འགྲོའི་སྟོང་པ་ཉིད་དང༌། ཀུན་རྫོབ་དང་མ་འབྲེལ་བའི་སྟོང་པ་ཉིད་དང༌། སྒྲུབ་ཆོས་ཀྱིས་མ་དོར་བའི་སྟོང་པ་ཉིད་]ལ་དགོངས་པ་ཡིན་ནོ། །

དེ་དག་གི་དོན་རྒྱས་པར་བཤད་པས་གཏན་ལ་དབབ་པ་ལ་དགུ། གང་གིས་སྟོང་པ་དང་སྟོང་པའི་གཞི་གང་ཡིན་གཏན་ལ་དབབ་པ།

དེ་ལྟར་རང་སྟོང་གཞན་སྟོང་དུ་ཕྱེ་ནས་སྟོང་པ་ཉིད་ལེགས་པར་གཏན་ལ་འབེབས་པའི་ཚུལ་འདི་ནི་དབུ་མ་པ་ཆེན་པོ་འཕགས་པ་ཐོགས་མེད་ཀྱི་ཞལ་སྔ་ནས་ཀྱང་གསུངས་ཏེ། ཇི་སྐད་དུ། མཐར་ཐུག་དབུ་མའི་ཆོས་མངོན་པར། སྟོང་པའི་མཚན་ཉིད་གང་ཞེ་ན། གང་ལ་གང་མེད་པ་དེ་ནི་དེས་སྟོང་པར་ཡང་དག་པར་རྗེས་སུ་མཐོང་སྟེ་འདི་ལ་ལྷག་མ་གང་ཡིན་པ་དེ་ནི་འདིར་ཡོད་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །འདི་ནི་སྟོང་པ་ཉིད་ལ་འཇུག་པ་ཡང་དག་པ་ཇི་ལྟ་བ་སྟེ་ཕྱིན་ཅི་མ་ལོག་པ་ཞེས་བྱའོ། །གང་ལ་ཅི་ཞིག་མེད་ཅེ་ན། ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ལ། རྟག་པ་དང༌། བརྟན་པ་དང༌། ཐེར་ཟུག་དང༌། མི་འགྱུར་བའི་ཆོས་ཅན་[གང་ཟག་གི་བདག་]དང་[ཆོས་ཀྱི་]བདག་དང་བདག་གི་མེད་དོ། །དེ་ལྟ་བས་ན་དེ་དག་ནི་[བདག་གཉིས་པོ་]དེས་སྟོང་ངོ༌། །དེ་ལ་ལྷག་མ་ཡོད་པ་ཅི་ཞིག་ཅེ་ན། གང་བདག་མེད་པ[འི་གཞི་]དེ་ཉིད་དེ་དེ་ལྟར་བདག་ནི་མེད་ཀྱི། བདག་མེད་པ[འི་གཞི་]ནི་ཡོད་པར་སྟོང་པ་ཉིད་ཁོང་དུ་ཆུད་པར་བྱའོ། །འདི་ལ་དགོངས་ནས་བཅོམ་ལྡན་འདས་ཀྱིས་ཡོད་པ་ཡང་ཡོད་པར། མེད་པ་ཡང་མེད་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཞེས་གསུངས་སོ། །ཞེས་འབྱུང་སྟེ་སྟོང་པའི་གཞི་གང་ལ་སྟོང་པའི་ཆོས་གང་མེད་པ་དེ་ནི་ཆོས་དེས་སྟོང་པར་ཡང་དག་པར་རྗེས་སུ་མཐོང་སྟེ་འདི་ལ་ཆོས་དེས་སྟོང་པའི་ལྷག་མ་སྟོང་པའི་གཞི་གང་ཡིན་པ་ཆོས་ཉིད་ཡོངས་གྲུབ་དེ་ནི་འདིར་ནམ་ཡང་ཡོད་པའོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་ལྟར་སྟོང་པའི་ཆོས་རང་སྟོང་དང་སྟོང་པའི་གཞི་གཞན་སྟོང་དུ་རྟོགས་པ་འདི་ནི་སྟོང་པ་ཉིད་ལ་འཇུག་པ་ཡང་དག་པ་ཇི་ལྟ་བ་སྟེ་ཕྱིན་ཅི་མ་ལོག་པ་ཞེས་བྱའི་དེ་ལས་གཞན་དུ་ཐམས་ཅད་རང་སྟོང་ཉིད་དུ་འདོད་པའམ། ཐམས་ཅད་གཞན་སྟོང་ཉིད་དུ་འདོད་ན་ནི་ཕྱིན་ཅི་མ་ལོག་པ་མ་ཡིན་ནོ་ཞེས་པའི་དོན་ཏོ། །གལ་ཏེ་བདག་དང་བདག་གི་བས་སྟོང་པའི་གཞི་ནི་འདིར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ལ་བཤད་པ་མ་ཡིན་ནམ། འདིར་ཅིའི་ཕྱིར་སྟོང་པའི་གཞི་ཆོས་ཉིད་ཡོངས་གྲུབ་ལ་འདོད་ཅེས་འགའ་ཞིག་སེམས་པར་གྱུར་ན་དེའི་ཕྱིར་བརྗོད་པར་བྱ་སྟེ། འདིར་རེ་ཤིག་གཞན་དབང་དུ་གཏོགས་པའི་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་ཀུན་བརྟགས་དང་བདག་དང་བདག་གི་བས་སྟོང་པའི་གཞིར་གསུངས་ཀྱང༌། མཐར་སྟོང་གཞི་གཞན་དབང་གིས་ཀྱང་སྟོང་པའི་གཞི་ཆོས་ཉིད་ཡོངས་གྲུབ་ཡིན་པའི་ཕྱིར་དོན་གཅིག་གོ །གང་ཡང་འདུས་མ་བྱས་སུ་གཏོགས་པའི་ཕུང་པོ་ཁམས་དང་སྐྱེ་མཆེད་འགའ་ཞིག་ལ་དེ་བཞིན་ཉིད་ཀྱང་གསུངས་པའི་ཕྱིར། དེ་བདག་དང་བདག་གི་བས་སྟོང་པའི་གཞིར་གསུངས་པ་ལས་ཀྱང་མཐར་སྟོང་པའི་གཞི་ཆོས་ཉིད་ཡོངས་གྲུབ་ཡིན་པར་གྲུབ་པའི་ཕྱིར་སྐྱོན་མེད་དོ། །དེ་ལ་ལྷག་མ་ཡོད་པ་ཅི་ཞིག་ཅེ་ན། གང་བདག་མེད་པ་དེ་ཉིད་དེ་དེ་ལྟར་བདག་ནི་མེད་ཀྱི་བདག་མེད་པ་ནི་ཡོད་པར་སྟོང་པ་ཉིད་ཁོང་དུ་ཆུད་པར་བྱའོ། །ཞེས་པ་ཡང་ཀུན་བརྟགས་མེད་པའི་ལྷག་མ་གཞན་དབང་བདག་མེད་པ་ནི་རེ་ཤིག་ཡོད་པའོ། །གཞན་དབང་དེས་ཀྱང་སྟོང་པའི་ལྷག་མ་ཆོས་ཉིད་ཡོངས་གྲུབ་བདག་མེད་པ་ནི་ཡང་དག་པར་ཡོད་པ་སྟེ་གྲངས་བཞིན་དུ་ཀུན་རྫོབ་ཏུ་ཡོད་པ་དང༌། དོན་དམ་པར་ཡོད་པའོ། །འདི་ལ་དགོངས་ནས་བཅོམ་ལྡན་འདས་ཀྱིས་ཡོད་པ་ཡང་ཡོད་པར་མེད་པ་ཡང་མེད་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་གསུངས་སོ། །དེ་ལྟར་ཀུན་བརྟགས་ཀྱིས་སྟོང་པའི་གཞི་ནི་གཞན་དབང་ངོ༌། །གཞན་དབང་གིས་ཀྱང་སྟོང་པའི་གཞི་ནི་ཆོས་ཉིད་ཡོངས་གྲུབ་བོ། །ཆོས་ཉིད་ཡོངས་གྲུབ་ཀྱིས་སྟོང་པའི་གཞི་ནི་གཏན་ནས་མི་སྲིད་དེ། དེ་ནི་ནམ་ཡང་གང་ནའང་ལྷུན་གྲུབ་ཏུ་བཞུགས་པ་དེ་བཞིན་ཉིད་ཡིན་པའི་ཕྱིར་རོ། །[གལ་ཏེ་ཆོས་ཉིད་ཀྱིས་སྟོང་པའི་གཞི་སྲིད་ན་དེ་ལ་ཆོས་ཉིད་མེད་པར་འགྱུར་བས་ཆོས་ཉིད་ཀུན་འགྲོ་མ་ཡིན་པར་འགྱུར་རོ།།]དེ་ལྟར་ངོ་བོ་ཉིད་གསུམ་སྟོང་པའི་སྟོང་ཚུལ་མི་འདྲ་བ་འདི་དག་ལ་དགོངས་ནས་མཐར་ཐུག་གི་དབུ་མ་མདོ་སྡེའི་རྒྱན་དུ་ཡང༌། མེད་པའི་སྟོང་པ་ཉིད་ཤེས་ཤིང༌། །དེ་བཞིན་ཡོད་པའི་སྟོང་ཉིད་དང༌། །རང་བཞིན་སྟོང་པ་ཉིད་ཤེས་ན། །སྟོང་པ་ཤེས་པ་ཞེས་བརྗོད་དོ། །ཞེས་གསུངས་ཏེ། ཀུན་བརྟགས་ནི་རྟག་ཏུ་མེད་པའི་སྟོང་པ་ཉིད་དོ། །གཞན་དབང་ནི་རེ་ཤིག་ཡོད་ཀྱང་དེ་ཁོ་ནར་མེད་པའི་སྟོང་པ་ཉིད་དེ་དེ་གཉིས་ནི་བཅོས་མ་གློ་བུར་བའོ། །ཆོས་ཉིད་ཡོངས་གྲུབ་ནི་རང་བཞིན་གཉུག་མ་ཡིན་པ་ཉིད་ཀྱིས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དེ་རང་གི་ངོ་བོས་མི་སྟོང་པའི་ཕྱིར་ཡོད་པ་དང༌། གཞན་དབང་གིས་ཀྱང་སྟོང་པའི་ཕྱིར་མེད་པ་ཞེས་ཀྱང་བྱ་སྟེ། ངོ་བོ་ཉིད་གསུམ་[ལས་ཀུན་བརྟགས་ནི་ཀུན་རྫོབ་བདེན་པར་ཡང་མེད་པས་]རྟག་ཏུ་]མེད་[པ་]དང༌། །[གཞན་དབང་ནི་ཀུན་རྫོབ་བདེན་པར་]ཡོད་ཀྱང་[དེ་]ཁོ་ན་མ་ཡིན་[པ་]དང༌། ། [ཆོས་ཉིད་ཡོངས་གྲུབ་ནི་དོན་དམ་དུ་]ཡོད་[པ་]དང་[ཀུན་རྫོབ་ཏུ་]མེད་[པ་དོན་དམ་པའི་]དེ་ཁོ་ན་སྟེ། ། ཞེས་མཐར་ཐུག་གི་དབུ་མ་དབུས་མཐའ་རྣམ་འབྱེད་དུ་ཡང་གསུངས་པའི་ཕྱིར་རོ། །མཐར་ཐུག་གི་དབུ་མ་ཆོས་མངོན་པར། ཡང་སྟོང་པ་ཉིད་རྣམ་པ་གསུམ་སྟེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་[ཀུན་བརྟགས་]དང༌། དེ་བཞིན་དུ་ཡོད་པ་མ་ཡིན་པའི་སྟོང་པ་ཉིད་[གཞན་དབང་]དང༌། རང་བཞིན་གྱིས་སྟོང་པ་ཉིད་[ཡོངས་གྲུབ་ཆོས་ཉིད་]དོ། །ཞེས་གསུངས་པ་ཡང་ངོ་བོ་ཉིད་གསུམ་ལ་[དེ་ལྟར་]སྦྱར་རོ། །[དེ་བཞིན་དུ། ཤེར་ཕྱིན་ལྔ་བརྒྱ་པར་ཡང༌། དངོས་པོ་མེད་པ་སྟོང་པ་ཉིད་དང༌། དེ་ལྟར་དངོས་པོ་སྟོང་པ་ཉིད་དང༌། རང་བཞིན་སྟོང་པ་ཉིད་ཅེས། སྟོང་ཉིད་ལ་སྟོང་ལུགས་རྣམ་པ་གསུམ་དུ་ཕྱེ་ནས་བཀའ་སྩལ་པས་རྒྱས་པར་མདོ་མཆོག་དེ་ཡང་མཐོང་བར་གྱུར་ཅིག །]

དེ་ཉིད་གཤིས་ལ་ཡོད་པ་དང་མེད་པའི་དོན་དུ་གསུངས་ཚུལ།

གཞན་ཡང་ཡང་དག་པར་མེད་པ་དང་ཡོད་པའི་དོན་ནི་[རིམ་པ་ལྟར་]ཆོས་དང་ཆོས་ཉིད་ལ་རྒྱལ་བ་བྱམས་པས་གསུངས་ཏེ། མཐར་ཐུག་གི་དབུ་མ་ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པ་ལས། [ཆོས་དང་ཆོས་ཉིད་]གཉིས་པོ་དག་ནི་[ངོ་བོ་]གཅིག་ཉིད་དང༌། །[ངོ་བོ་]སོ་སོ་བ་ཡང་མ་ཡིན་ཏེ། ། [ཆོས་ནི་འགལ་འདུས་སྐྱོན་ཡོད་ཡིན་པས་]ཡོད་པ་དང་ནི་མེད་པ་དག །ཁྱད་པར་ཡོད་[དེ་ཡོད་ན་ཡང་མེད་པར་འགལ་ཞིང་མེད་ན་ཡོད་པར་འགལ་བའི་ཕྱིར་]དང་[ཆོས་ཉིད་ནི་འགལ་འདུས་སྐྱོན་མེད་ཡིན་པས་ཡོད་པ་དང་མེད་པ་ཁྱད་པར་]མེད་[པའི་]ཕྱིར་རོ། །[དེས་ན་དེ་གཉིས་ངོ་བོ་གཅིག་པ་བཀག་པའི་ཐ་དད་ཡིན།]ཞེས་དང༌། མདོ་སྡེའི་རྒྱན་དུ་ཡང༌། བྱིས་པ་[རྣམས་ལ་]ཡང་དག་[པའི་མཐའ་]ཉིད་[རྣམ་ཤེས་ཀྱི་]བསྒྲིབས་ནས[མི་མཐོང་ཞིང་]། །ཡང་དག་མིན་པ་[ལས་གཟུགས་]ཀུན་ཏུ་སྣང༌། །བྱང་ཆུབ་སེམས་དཔའ་[སྒྲིབ་གཡོགས་]དེ་བསལ་ནས། །ཡང་དག་[པའི་མཐའ་བདེ་གཤེགས་སྙིང་པོ་]ཉིད་ནི་ཀུན་ཏུ་སྣང༌། །ཞེས་དང༌། [གནས་ལུགས་ཀྱི་]དོན་[ལ་]མེད་པ[འི་ཆོས་ཀུན་རྫོབ་]དང་[གནས་ལུགས་ཀྱི་]དོན་[ལ་]ཡོད[པ་དོན་དམ་ཆོས་ཉིད་]དག །[གོ་རིམ་བཞིན་དུ་ཡེ་ཤེས་ལ་]མི་སྣང་[བ་དང་]སྣང་བ་ཉིད་[དུ་]ཤེས་[པར་]བྱ། །ཞེས་དང༌། འགྲོ་བ་དག་ན་[ཆོས་ཉིད་དོམ་དམ་]དེ་ལས་གཞན་ཡང་ཅུང་ཟད་ཡོད་མིན་ལ། །འགྲོ་བ་མ་ལུས་པ་ཡང་[ཆོས་ཉིད་དོམ་དམ་]དེ་ལ་ཀུན་ཏུ་རྨོངས་པའི་བློས། །[གཤིས་ལ་]ཡོད་པ་[ཆོས་ཉིད་དོམ་དམ་]ཀུན་ནས་སྤངས་ཏེ་[གཤིས་ལ་]མེད་[པ་ཆོས་ཀུན་རྫོབ་]ལ་མངོན་ཞེན་གང་ཡིན་པ། །འཇིག་རྟེན་རྨོངས་པའི་རྣམ་པ་ཚབས་ཆེན་འདི་ཀོ་ཇི་ལྟ་བུ། ། ཞེས་པ་ལ་སོགས་པས་ཀུན་བརྟགས་གཞན་དབང་གི་ཆོས་རྣམས་ནི་ཡང་དག་པར་མེད་པ་དང༌། ཆོས་ཉིད་ཡོངས་གྲུབ་ནི་ཡང་དག་ཏུ་ཡོད་པར་བསྟན་ཏེ་འདི་དག་གིས་ཀྱང་རང་སྟོང་དང་གཞན་སྟོང་གི་དོན་[དང༌། སྟོང་ཙམ་དང༌། སྟོང་གཞིའི་དོན་དང༌། སྟོང་པའི་སྟོང་པ་ཉིད་དང༌། མི་སྟོང་པའི་སྟོང་པ་ཉིད་ཀྱི་དོན་དང༌། ཀུན་འགྲོ་མིན་པ་དང་ཡིན་པའི་སྟོང་ཉིད་ཀྱི་དོན་ལ་སོགས་པ་]བསྟན་པ་ཡིན་ནོ། །འདི་ལ་དགོངས་ནས། [དོན་དམ་པའི་མཚན་མང་པོ་བརྗོད་པའི་རྒྱུད་དུ།]ཡེ་ཤེས་ལྡན་པ་ཡོད་མེད་ཤེས། །ཞེས་གསུངས་ཏེ། འདིར་ཡང་[གཤིས་ཀྱི་]གནས་ལུགས་ལ་ཡོད་པ་ནི་[སྟོང་གཞི་དོན་དམ་]གཞན་སྟོང་དང༌། མེད་པ་ནི་[སྟོང་ཙམ་ཀུན་རྫོབ་]རང་སྟོང་ངོ༌། །མདོ་སྡེའི་རྒྱན་གྱི་དེ་ཁོ་ན་ཉིད་སྟོན་པའི་སྐབས་སུ་ཡང༌། དོན་དམ་པ་གཞན་སྟོང་དུ་གསུངས་ཏེ། འདི་ལྟར་དོན་དམ་པའི་མཚན་ཉིད་དུ་ཚིགས་སུ་བཅད་པ། ཡོད་མིན་མེད་མིན་དེ་བཞིན་མིན་གཞན་མིན། །སྐྱེ་དང་འཇིག་མེད་འབྲི་བར་མི་འགྱུར་ཏེ། །འཕེལ་བ་མེད་ཅིང་རྣམ་པར་དག་པའང་མེད། །རྣམ་པར་དག་འགྱུར་དེ་ནི་དོན་དམ་མཚན། །ཞེས་པའཽ། །འདིའི་དོན་ནི་ཡོད་མིན་ཞེས་པ་ཀུན་བརྟགས་དང་གཞན་དབང་ནི་ཡང་དག་པར་ཡོད་པ་མ་ཡིན་ནོ། །མེད་མིན་ཞེས་པ་ཆོས་ཉིད་ཡོངས་གྲུབ་ནི་ཡང་དག་པར་མེད་པ་མ་ཡིན་ནོ། །དེ་བཞིན་མིན་ཞེས་པ་དེ་དག་ངོ་བོ་གཅིག་པ་མ་ཡིན་ལ། གཞན་མིན་ཞེས་པ་དེ་དག་ངོ་བོ་ཐ་དད་པ་ཡང་མ་ཡིན་ཏེ། ཀུན་བརྟགས་དང་གཞན་དབང་ལ་ཡང་དག་པར་ངོ་བོ་མ་གྲུབ་པའི་ཕྱིར་རོ། །[དེས་ན་དེ་དག་ངོ་བོ་གཅིག་པ་བཀག་པའི་ཐ་དད་ཡིན་ཏེ་བདེན་པ་གཉིས་ཀྱི་ཐ་དད་ལུགས་ཇི་ལྟ་བ་བཞིན་ནོ།།]དེ་ལྟར་[ཀུན་བརྟགས་གཞན་དབང་]དེ་གཉིས་ཀྱིས་སྟོང་པའི་གཞི་ཆོས་ཉིད་ཡོངས་གྲུབ་ནི་འདུས་མ་བྱས་ཡིན་པའི་ཕྱིར་སྐྱེ་འཇིག་དང་འཕེལ་འགྲིབ་མེད་ལ། རང་བཞིན་གྱིས་དག་པའི་ཕྱིར་ངོ་བོ་རྣམ་པར་དག་པར་བྱ་དགོས་པ་ཡང་མེད་ཅིང༌། དེ་ཐོབ་པ་ལ་གློ་བུར་དྲི་མ་རྣམ་པར་དག་དགོས་པ་སྟེ། དེ་ལྟར་གཉིས་མེད་པའི་མཚན་ཉིད་ལྔ་ཚང་བ་དེ་ནི་དོན་དམ་པའི་མཚན་ཉིད་དོ། །ཞེས་པ་དགོངས་པ་སྟེ། དེ་ཉིད་ཀྱི་འགྲེལ་པ་ལྟར་བཤད་པའོ། །དེས་ན་འདི་ཡང་ཀུན་བརྟགས་དང་གཞན་དབང་གིས་སྟོང་པའི་[གཞི་]ཆོས་ཉིད་ཡོངས་གྲུབ་དོན་དམ་དུ་ཡོད་པར་གསུངས་པའི་ཕྱིར། དོན་དམ་གཞན་སྟོང་ཉིད་དུ་ལེགས་པར་གྲུབ་བོ། །

དེ་ལྟར་རྟོགས་ན་ཡོད་མེད་རྟག་ཆད་སྒྲོ་སྐུར་ལས་འདས་ཚུལ།

འདིར་ཡོད་མིན་མེད་མིན་གྱི་དོན་དེ་ལྟར་གསུངས་པ་དང་མཐུན་པར། དབུས་མཐའ་རྣམ་འབྱེད་དུ་ཡང༌། [ཀུན་བརྟགས་གཞན་དབང་]ཡོད་པ་མ་ཡིན་[ཆོས་ཉིད་ཡོངས་གྲུབ་]མེད་པའང་མིན། །ཞེས་དང༌། གཞན་ཡང་དབུ་མའི་གཞུང་ལུགས་དྲི་མ་མེད་པ་ཆེས་མང་བ་རྣམས་སུ། ཡོད་པ་དང་མེད་པའི་མཐའ་དང་བྲལ་བར་གསུངས་པ་ཐམས་ཅད་ཀྱི་དགོངས་པ་ཀུན་རྫོབ་རྟེན་འབྲེལ་ཐམས་ཅད་ཡང་དག་པར་ཡོད་པ་མ་ཡིན་པས་དེ་ལྟར་རྟོགས་ན་ཡོད་པའི་མཐར་མ་ལྷུང་བ་དང༌། སྒྲོ་འདོགས་ཀྱི་མཐའ་ལས་གྲོལ་བར་འགྱུར་ལ། དོན་དམ་རྟེན་འབྲེལ་ལས་འདས་པའི་ཆོས་ཉིད་ནམ་ཡང་མེད་པ་མ་ཡིན་པས་དེ་ལྟར་རྟོགས་ན་མེད་པའི་མཐར་མ་ལྷུང་བ་དང་སྐུར་འདེབས་ཀྱི་མཐའ་ལས་གྲོལ་བར་འགྱུར་གྱི། དེ་ལས་གཞན་དུ་འགའ་ཞིག་གི་འདོད་ལུགས་ལྟར་དོན་དམ་པ་ཉིད་དོན་དམ་པར་ཡོད་པ་ཡང་མ་ཡིན་དོན་དམ་པར་མེད་པ་ཡང་མ་ཡིན། ཞེས་པ་ལ་སོགས་པ་ཆོས་གཅིག་ཉིད་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པ་མཐའ་བྲལ་ངེས་དོན་དུ་འདོད་པ་རྣམས་ནི། གནས་ལུགས་ཀྱི་དོན་དང་མི་མཐུན་ཞིང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགོངས་པ་དང་འགལ་བ་ཡིན་ནོ། །

སྟོང་ཚུལ་དེ་ཉིད་རྒྱལ་བའི་ཡུམ་གྱི་དགོངས་པ་ཡིན་པར་བསྟན་པ།

འབུམ་པ་རྒྱ་ཆེར་བཤད་པར་ཡང༌། [ཆོས་ཉིད་]ཡོངས་སུ་གྲུབ་པའི་མཚན་ཉིད་ནི་ཀུན་བརྟགས་པའི་མཚན་ཉིད་[ཅན་ཀུན་རྫོབ་ཐམས་ཅད་]ཀྱིས་སྟོང་སྟེ། ཞེས་དང༌། ཀུན་བརྟགས་པ་དང་རྣམ་པར་བརྟགས་པའི[གཞན་དབང་གི་]གཟུགས་དེ་གཉིས་ཀྱི་རྣམ་པ་དང་བྲལ་བ[འི་གཞི་]ཡོངས་སུ་གྲུབ་པ་དེ་བཞིན་ཉིད་ཙམ་དུ་ཟད་པ་གང་ཡིན་པ་དེ་ལ་ནི་ཆོས་ཉིད་ཀྱི་གཟུགས་ཞེས་བྱའོ།།ཞེས་དང༌། ཀུན་བརྟགས་པ་དང་རྣམ་པར་བརྟགས་པའི་གཟུགས་ཀྱིས་སྟོང་པ[འི་གཞི་]གང་ཡིན་པ་དེ་བཞིན་ཉིད་ཡོངས་སུ་གྲུབ་པའི་མཚན་ཉིད་ཆོས་ཉིད་ཀྱི་གཟུགས་ཞེས་བྱ་བ་དེ་ནི་[ཀུན་རྫོབ་ཀྱི་]གཟུགས་ཀྱི་ངོ་བོ་ཉིད་མ་ཡིན་ཏེ། རྣམ་པ་ཐམས་ཅད་དུ་[ཀུན་རྫོབ་ཀྱི་]གཟུགས་ཀྱི་རྣམ་པ་ལས་དབེན་པའི་ཕྱིར་རོ། །ཞེས་དང༌། དེ་ལ་གཞན་གྱི་དངོས་པོ་སྟོང་པ་ཉིད་གང་ཞེ་ན། ཞེས་བྱ་བ་ལ་སོགས་པ་ནི་གཞན་གྱི་དངོས་པོ་སྟོང་པ་ཉིད་བསྟན་པ་སྟེ། ཆོས་ཀྱི་གནས་ཉིད་དང༌། ཆོས་ཉིད་ལ་སོགས་པ་དེ་བཞིན་ཉིད་ཀྱི་རྣམ་གྲངས་སུ་གཏོགས་པ་འདི་རྣམས་[ཀུན་རྫོབ་ཀྱི་]དེ་བཞིན་གཤེགས་པ་རྣམས་འཇིག་རྟེན་དུ་བྱུང་ཡང་རུང༌། མ་བྱུང་ཡང་རུང་སྟེ། ཆོས་རྣམས་ཀྱི་ཆོས་ཉིད་ནི་[མི་འགྱུར་བར་ནམ་ཡང་]ཡེ་ནས་དེ་བཞིན་དུ་གནས་པ་སྟེ། དེ་དག་ལ་ཕུང་པོ་[དང་ཁམས་]ལ་སོགས་པ་ཆོས་གཞན་རྣམས་ཀྱི་དངོས་པོ་མེད་པ་དེ་བཞིན་ཉིད་གཞན་གྱི་དངོས་པོ་སྟོང་པ་ཉིད་ཅེས་བྱའོ། །ཞེས་པ་ལ་སོགས་པ་རྣམ་པ་མང་པོས་དོན་དམ་གཞན་སྟོང་གི་ཚུལ་རྒྱས་པར་གསུངས་ལ། ཡུམ་རྒྱས་པ་དང༌། ཉི་ཁྲི་ལྔ་སྟོང་པ་དང༌། ཁྲི་བརྒྱད་སྟོང་པ་རྣམས་ཀྱི་འགྲེལ་པར་ཡང༌། [དོན་དམ་ཆོས་ཉིད་ཀྱི་རྣམ་གྲངས་སུ་གྱུར་པའི་]སྟོང་པ་ནི་[རང་གིས་སྟོང་པའམ་རང་དང་བྲལ་བ་མ་ཡིན་གྱི་]གཞན་དང་གཞན་[ཀུན་རྫོབ་དང་]བྲལ་བ་སྟེ། དཔེར་ན་ཆུ་དང་བྲལ་བའི་ཕྱིར་བུམ་པ་སྟོང་པ་ཞེས་བྱ་བ་ལྟ་བུའོ། །ཞེས་པ་ལ་སོགས་པས་དོན་དམ་གཞན་སྟོང་གསུངས་ཤིང་དེ་ཉིད་ཡོངས་གྲུབ་རྣམ་པ་དགུར་ཡང་གསུངས་ཏེ། དེ་བཞིན་ཉིད་དང༌། མ་ནོར་བ་དེ་བཞིན་ཉིད་དང༌། གཞན་མ་ཡིན་པ་དེ་བཞིན་ཉིད་དང༌། ཆོས་ཉིད་དང༌། ཆོས་ཀྱི་དབྱིངས་དང༌། ཆོས་གནས་པ་ཉིད་དང༌། ཆོས་སྐྱོན་མེད་པ་ཉིད་དང༌། ཡང་དག་པའི་མཐའ་དང༌། བསམ་གྱིས་མི་ཁྱབ་པའི་དབྱིངས་རྣམས་ལ་གོ་རིམ་བཞིན་དུ། འཇིག་པ་མེད་པར་ཡོངས་སུ་གྲུབ་པ་དང༌། ཕྱིན་ཅི་མ་ལོག་པར[ཡོངས་སུ་གྲུབ་པ་དང་]། འགྱུར་བ་མེད་པར[ཡོངས་སུ་གྲུབ་པ་དང་]། ངོ་བོ་ཉིད་དུ[ཡོངས་སུ་གྲུབ་པ་དང་]། རྣམ་པར་བྱང་བའི་ཆོས་ཀྱི་རྒྱུ་ཉིད་དུ[ཡོངས་སུ་གྲུབ་པ་དང་]། དུས་ཐམས་ཅད་དུ[ཡོངས་སུ་གྲུབ་པ་དང་]། ཕྱིར་མི་ལྡོག་པར[ཡོངས་སུ་གྲུབ་པ་དང་]། དེ་ཁོ་ན་ཉིད་དུ[ཡོངས་སུ་གྲུབ་པ་དང་]། རྟོག་གེའི་ལམ་ལས་འདས་པར། ཡོངས་སུ་གྲུབ་པའོ། །

སྟོང་ཚུལ་དེ་ཉིད་བསལ་བཞག་མེད་པ་དང་སྟོང་མི་སྟོང་གི་དོན་དུ་གསུངས་ཚུལ།

རྒྱུད་བླ་མ་རྩ་འགྲེལ་དུ་ཡང༌། དེ་ལ་[དོན་དམ་པའི་དབྱིངས་རིག་དབྱེར་མེད་ཉིད་]སྟོང་པ་ཉིད་ཀྱི་ཚུལ་དུ་བརྗོད་པ་དེ་བཞིན་གཤེགས་པའི་སྙིང་པོ་གང་ཞེ་ན། [གཤིས་ཀྱི་གནས་ལུགས་]འདི་ལ་བསལ་[བར་]བྱ་[དགོས་པའི་སྐྱོན་]ཅི་ཡང་མེད[ཅིང་]། །[ཡོན་ཏན་བསྣན་ལ་]གཞག་པར་བྱ་[དགོས་]བ་ཅུང་ཟད་མེད[ཏེ་སྤངས་རྟོགས་རང་བཞིན་པ་གདོད་ནས་ཚང་བ་དང་པོའི་སངས་རྒྱས་དང་གཞིའི་སངས་རྒྱས་ཡིན་པའི་ཕྱིར]། །[དེ་ནི་]ཡང་དག་[པའི་མཐའ་]ཉིད་[ཡིན་ཞིང་དེ་]ལ་ཡང་དག་[པར་]ལྟ[བར་བྱ་སྟེ]། །ཡང་དག་མཐོང་ན་[རྣམ་ཤེས་ཀྱི་འཆིང་བ་ལས་]རྣམ་པར་གྲོལ[བ་ཡིན་ནོ]། །རྣམ་དབྱེ་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་[ཏེ་དབྱིངས་]སྟོང་གི །རྣམ་དབྱེ་མེད་པའི་མཚན་ཉིད་ཅན། །བླ་མེད་[ཀྱི་]ཆོས་[གང་གཱའི་ཀླུང་གི་བྱེ་མ་ལས་འདས་པ་རྣམས་]ཀྱིས་སྟོང་མ་ཡིན། །འདིས་ཅི་བསྟན་ཞེ་ན། གང་གི་ཕྱིར་རང་བཞིན་གྱིས་ཡོངས་སུ་དག་པ་དེ་བཞིན་གཤེགས་པའི་ཁམས་[ཏེ་དབྱིངས་འོད་གསལ་]འདི་ལ་བསལ་བར་བྱ་བ་ཀུན་ནས་ཉོན་མོངས་པའི་རྒྱུ་མཚན་ནི་འགའ་ཡང་མེད་དེ། གློ་བུར་བའི་དྲི་མ་དང་[གདོད་ནས་]བྲལ་བ་ནི་འདིའི་རང་བཞིན་ཡིན་པའི་ཕྱིར་རོ། །འདི་ལ་རྣམ་པར་བྱང་བའི་རྒྱུ་མཚན་ཅན་[ཟག་མེད་ཀྱི་ཡོན་ཏན་བསྣན་ལ་]གཞག་པར་བྱ་བ་ཅུང་ཟད་ཡོད་པ་མ་ཡིན་ཏེ། [སྙིང་པོ་ལས་]རྣམ་པར་དབྱེ་བ་མེད་པའི་ཆོས་[གང་གཱའི་ཀླུང་གི་བྱེ་མ་ལས་འདས་པ་རྣམས་]དག་པའི་ཆོས་ཉིད་ཡིན་པ་ནི་རང་བཞིན་ཡིན་པའི་ཕྱིར་རོ། །དེས་ན་དེ་བཞིན་གཤེགས་པའི་སྙིང་པོ་ནི་རྣམ་པར་དབྱེ་བ་ཡོད་པ། བྲལ་ཤེས་པ་ཉོན་མོངས་པའི་སྦུབས་ཐམས་ཅད་ཀྱིས་ནི་སྟོང་པ་ཡིན་ལ། རྣམ་པར་དབྱེ་བ་མེད་པ་བྲལ་མི་ཤེས་པ་བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཆོས་གང་གཱའི་ཀླུང་གི་བྱེ་མ་སྙེད་ལས་འདས་པས་ནི་མི་སྟོང་ངོ༌། །ཞེས་གསུངས་སོ། །དེ་ལྟར་ན་གང་ཞིག་གང་ན་མེད་པ་དེ་ནི་དེས་སྟོང་ངོ་ཞེས་ཡང་དག་པར་རྗེས་སུ་མཐོང་ལ་གང་ཞིག་དེ་ལ་ལྷག་མར་གྱུར་པ་དེ་ནི་དེ་ལ་རྟག་པར་ཡོད་དོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ། །ཚིགས་སུ་བཅད་པ་འདི་གཉིས་ཀྱིས་ནི་[ཀུན་རྫོབ་ཡོད་ཅེས་]སྒྲོ་འདོགས་པ་དང་[དོན་དམ་མེད་ཅེས་]སྐུར་བ་འདེབས་པའི་མཐའ་དང་བྲལ་བའི་ཕྱིར་ཕྱིན་ཅི་མ་ལོག་པར་སྟོང་པ་ཉིད་ཀྱི་མཚན་ཉིད་བསྟན་ཏོ། །ཞེས་[བདེན་པ་གཉིས་ལ་]རང་གི་ངོ་བོས་སྟོང་མི་སྟོང་གི་དོན་[དང་མེད་དགག་ཡིན་མིན་དང༌། ཀུན་འགྲོ་ཡིན་མིན་དང༌། ཆོས་ཅན་དང་འབྲེལ་མ་འབྲེལ་གྱི་སྟོང་པ་ཉིད་ཀྱི་དོན་]གསུངས་ལ།

སྟོང་ཚུལ་དེ་ཉིད་གནས་ལུགས་ལ་ཡོད་མེད་དང་སྤངས་རྟོགས་ལ་སོགས་པའི་དོན་དུ་གསུངས་ཚུལ།

མྱང་འདས་ཆེན་པོར་ཡང༌། དེ་ལྟར་རྟག་པ་དང་བདེ་བ་དང་བདག་དང་ཡོངས་སུ་དག་པ་དང་ཆོས་རྣམ་པ་བཞི་པོ་འདི་དག་ནི་[རང་གི་ངོ་བོས་]སྟོང་པ་ཉིད་ཅེས་མི་བྱ་སྟེ། ཞེས་པ་ལ་སོགས་པས་རང་གིས་མི་སྟོང་པའི་སྟོང་ཉིད་ཟབ་མོ་ཡང་དང་ཡང་དུ་གསུངས་ཤིང༌། གང་རང་གི་ངོ་བོས་སྟོང་པ་དེ་གཤིས་ཀྱི་གནས་ལུགས་ལ་མེད་པ་དང༌། དེའི་ལྷག་མ་གང་ཡིན་པ་དེ་གཤིས་ཀྱི་གནས་ལུགས་ལ་ཡོད་པར་ཡང༌། མདོ་དེ་ཉིད་དུ་གསུངས་ཏེ། ཇི་སྐད་དུ། དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་རང་བཞིན་ནི་རྣམ་པ་གཉིས་ཏེ། [ཡོན་ཏན་རྣམས་]ཡོད་པ་དང་[སྐྱོན་རྣམས་]མེད་པའོ། །དེ་ལ་[རང་བཞིན་པའི་ཡོན་ཏན་]ཡོད་པ་ནི་འདི་ལྟ་སྟེ། [དོན་དམ་པའི་]མཚན་སུམ་ཅུ་རྩ་གཉིས་དང༌། [དོན་དམ་པའི་]དཔེ་བྱད་བཟང་པོ་བརྒྱད་ཅུ་དང༌། [དོན་དམ་པའི་]སྟོབས་བཅུ་དང༌། [དོན་དམ་པའི་]མི་འཇིགས་པ་བཞི་དང༌། [དོན་དམ་པའི་]དྲན་པ་ཉེ་བར་གཞག་པ་གསུམ་དང༌། [དོན་དམ་པའི་]བྱམས་པ་ཆེན་པོ་དང༌། [དོན་དམ་པའི་]སྙིང་རྗེ་ཆེན་པོ་དང༌། [དོན་དམ་པའི་]དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་སོགས་པ་[དོན་དམ་པའི་]ཏིང་ངེ་འཛིན་ཚད་མེད་པ་སྙེད་དང༌། [དོན་དམ་པའི་]རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་སོགས་པ་ཚད་མེད་པ་སྙེད་དང༌། [དོན་དམ་པའི་]ཐབས་མཁས་པ་ལ་སོགས་པའི་ཏིང་ངེ་འཛིན་ཚད་མེད་པ་སྙེད་དང༌། [དོན་དམ་པའི་]ཡེ་ཤེས་ལྔ་ལ་སོགས་པའི་ཏིང་ངེ་འཛིན་ཚད་མེད་པ་སྙེད་ནི་[གདོད་ནས་རང་བཞིན་གྱིས་ལྷུན་གྲུབ་ཏུ་]ཡོད་པ་ཞེས་བྱའོ། །དེ་ལ་[བཅོས་མ་གློ་བུར་བ་རྣམས་]མེད་པ་ནི་འདི་ལྟ་སྟེ། དེ་བཞིན་གཤེགས་པའི་འདས་པའི་དགེ་བ་རྣམས་དང༌། མི་དགེ་བ་དང་ལུང་དུ་མི་སྟོན་པ་དང་ལས་དང་རྒྱུ་དང་འབྲས་བུ་དང་རྣམ་པར་སྨིན་པ་དང་ཉོན་མོངས་པ་དང་ཕུང་པོ་ལྔ་དང་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་ནི་[རང་བཞིན་དུ་]མེད་པ་ཞེས་བྱའོ། །རིགས་ཀྱི་བུ་ཇི་ལྟར་ཡོད་པ་དང་མེད་པ་[ཚང་བ་]དང་འདྲ་བར་[ཡིན་པ་དང་མ་ཡིན་པ་ཡང་ཚང་སྟེ། མ་བྱས་པ་དོན་དམ་པའི་]དགེ་བ་[ཡིན་པ་]དང་མི་དགེ་བ་[མ་ཡིན་པ་]དང་ཟག་པ་དང་བཅས་པ་[མ་ཡིན་པ་]དང༌། ཟག་པ་མེད་པ་[ཡིན་པ་]དང༌། འཇིག་རྟེན་[མ་ཡིན་པ་]དང༌། འཇིག་རྟེན་མ་ཡིན་[ཏེ་འཇིག་རྟེན་ལས་འདས་]པ་[ཡིན་པ་]དང༌། འཕགས་པ་[ཡིན་པ་]དང༌། འཕགས་པ་མ་ཡིན་པ་[མ་ཡིན་པ་]དང༌། འདུས་བྱས་[མ་ཡིན་པ་]དང༌། འདུས་མ་བྱས་[ཡིན་པ་]དང༌། ཡང་དག་པ་[ཡིན་པ་]དང༌། ཡང་དག་པ་མ་ཡིན་པ་[མ་ཡིན་པ་]དང༌། ཞི་བ་[ཡིན་པ་]དང༌། མ་ཞི་བ་[མ་ཡིན་པ་]དང༌། རྩོད་པ་[མ་ཡིན་པ་]དང༌། རྩོད་པ་མ་ཡིན་པ་[ཡིན་པ་]དང༌། [ཆོས་ཉིད་]ཁམས་[ཏེ་དབྱིངས་ཡིན་པ་]དང༌། ཁམས་[ཏེ་དབྱིངས་]མ་ཡིན་པ་[མ་ཡིན་པ་]དང༌། ཉོན་མོངས་པ་[མ་ཡིན་པ་]དང༌། ཉོན་མོངས་པ་མ་ཡིན་པ་[ཡིན་པ་]དང༌། [ཉེ་བར་]ལེན་པ་[མ་ཡིན་པ་]དང༌། ལེན་པ་མ་[ཡིན་པ་]ཡིན་པ་དང༌། [དགེ་བ་ཡིན་པས་]ལུང་སྟོན་པ་[ཡིན་པ་]དང༌། ལུང་སྟོན་པ་མ་ཡིན་པ་[མ་ཡིན་པ་]དང༌། [གཤིས་ལ་]ཡོད་པ་[ཡིན་པ་]དང༌། ཡོད་པ་མ་ཡིན་པ་[མ་ཡིན་པ་]དང༌། དུས་གསུམ་[མ་ཡིན་པ་]དང་དུས་གསུམ་མ་ཡིན་པ་[ཡིན་པ་]དང༌། དུས་[མ་ཡིན་པ་]དང་དུས་མ་ཡིན་པ་[ཡིན་པ་]དང༌། རྟག་པ་[ཡིན་པ་]དང་མི་རྟག་པ་[མ་ཡིན་པ་]དང༌། [དོན་དམ་གྱི་]བདག་[ཡིན་པ་]དང་[དོན་དམ་གྱི་]བདག་མེད་པ་[མ་ཡིན་པ་]དང༌། [དོན་དམ་གྱི་]བདེ་བ་[ཡིན་པ་]དང་བདེ་བ་མེད་པ་[མ་ཡིན་པ་]དང༌། [གདོད་ནས་]ཡོངས་སུ་དག་པ་[ཡིན་པ་]དང་[གདོད་ནས་]ཡོངས་སུ་མ་དག་པ་[མ་ཡིན་པ་]དང༌། [དོན་དམ་གྱི་]གཟུགས་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་[ཡིན་པ་]དང༌། [ཀུན་རྫོབ་ཀྱི་]གཟུགས་དང་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་མ་ཡིན་པ་དང༌། [དོན་དམ་གྱི་]ནང་གི་སྐྱེ་མཆེད་[དྲུག་ཡིན་པ་]དང༌། [ཀུན་རྫོབ་ཀྱི་]ནང་གི་སྐྱེ་མཆེད་[དྲུག་]མ་ཡིན་པ་དང༌། [དོན་དམ་གྱི་]ཕྱིའི་སྐྱེ་མཆེད་[དྲུག་ཡིན་པ་]དང༌། [ཀུན་རྫོབ་ཀྱི་]ཕྱིའི་སྐྱེ་མཆེད་[དྲུག་]མ་ཡིན་པ་དང༌། [དོན་དམ་གྱི་]རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་[ཡིན་པ་]དང༌། [ཀུན་རྫོབ་ཀྱི་]རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་མ་ཡིན་པ་ནི་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་རང་བཞིན་ཡོད་པ་དང་མེད་པ་[དང་ཡིན་པ་དང་མ་ཡིན་པ་]ཞེས་བྱ་སྟེ། ལོག་སྲེད་ཅན་གྱི་སངས་རྒྱས་ཀྱི་རང་བཞིན་ཡོད་པ་དང་མེད་པ[དང་ཡིན་པ་དང་མ་ཡིན་པ]འི་བར་དུ་དེ་དང་འདྲའོ། །ཞེས་སོགས་རྒྱ་ཆེར་གསུངས་ཏེ་འགལ་འདུས་སྐྱོན་མེད་ཀྱི་མན་ངག་ཟབ་མོ་ལ་བརྟེན་ནས་ཡོད་མེད་དང༌། སྤངས་རྟོགས་དང༌། རྣམ་གཅོད་ཡོངས་གཅོད་དང༌། མེད་དགག་མ་ཡིན་དགག་ལ་སོགས་པའི་དོན་ལེགས་པར་རྣམ་པར་ཕྱེ་སྟེ་བདེན་པ་གཉིས་ཀྱི་གནས་ལུགས་སམ་བདེ་གཤེགས་སྙིང་པོ་དང་གློ་བུར་དྲི་མའི་གནས་ལུགས་[སམ་རང་བཞིན་གཉུག་མ་དང༌། བཅོས་མ་གློ་བུར་བའི་ཁྱད་པར་]ཇི་ལྟར་ཡིན་པ་བཞིན་ལེགས་པར་ཁོང་དུ་ཆུད་པར་བྱ་དགོས་སོ། །གཞན་དུ་ན་ཟབ་མོའི་དེ་ཉིད་མཐོང་བར་མི་འགྱུར་ཏེ། ཇི་སྐད་དུ། གང་དག་བདེན་པ་དེ་གཉིས་ཀྱི། །རྣམ་དབྱེ་རྣམ་པར་མི་ཤེས་པ། །དེ་ཡིས་སངས་རྒྱས་བསྟན་པ་ཡི། །ཟབ་མོའི་དེ་ཉིད་རྣམ་མི་མཐོང༌། །ཞེས་གསུངས་པའི་ཕྱིར་རོ། །

སྟོང་གཞི་དོན་དམ་གཞན་སྟོང་ལ་ལུང་འགལ་གྱི་ལོག་རྟོག་བསལ་བ།

འདིར་གལ་ཏེ་ལང་ཀར་གཤེགས་པའི་མདོར། སྟོང་ཉིད་བདུན་གསུངས་པ་ལས། གཅིག་གིས་གཅིག་སྟོང་པའི་སྟོང་ཉིད་ནི་བདུན་པོ་ཀུན་གྱི་ཐ་ཤལ་དུ་གསུངས་ཤིང་དེ་འདྲའི་སྟོང་ཉིད་དེ་ཡོངས་སུ་སྤང་བར་བྱའོ། །ཞེས་གསུངས་པས། ཁྱེད་ཀྱི་དོན་དམ་གཞན་སྟོང་ཡང་དེ་ལས་ཁྱད་པར་ཅི་ཞིག་ཡོད་སྙམ་དུ་སེམས་ན། དེ་ལྟ་མ་ཡིན་ཏེ། ལང་ཀར་གཤེགས་པའི་མདོར། གཅིག་གིས་གཅིག་སྟོང་པའི་སྟོང་ཉིད་ཐ་ཤལ་དུ་གསུངས་པ་དེ་ནི་ཁང་པ་མིས་སྟོང་པའམ་བུམ་པ་ཀ་བས་སྟོང་པ་ལྟར། ཀུན་རྫོབ་ཀྱི་ཆོས་རྣམས་ཉིད་ཕན་ཚུན་གཅིག་གིས་གཅིག་སྟོང་པའི་སྟོང་ཉིད་དེ་ལྟ་བུ་དེ་ལ་དགོངས་པར་མདོ་དེ་ཉིད་ལས་གསུངས་ཤིང༌། དེ་དང་དོན་དམ་རང་བཞིན་པ་དེ་ཀུན་རྫོབ་གློ་བུར་བའི་ཆོས་རྣམས་[ཐམས་ཅད་]ཀྱིས་སྟོང་པ་ནི་ཁྱད་པར་ཆེ་བ་ལས་ཀྱང་ཆེས་ཤིན་ཏུ་ཆེ་བའི་ཕྱིར་ཏེ། མདོ་དེ་ཉིད་ལས། བློ་གྲོས་ཆེན་པོ་འཕགས་པའི་ཡེ་ཤེས་སྟོང་པ་ཉིད་ཆེན་པོ་གང་ཞེ་ན་འདི་ལྟ་སྟེ། བདག་གི་སོ་སོ་རང་གིས་འཕགས་པའི་ཡེ་ཤེས་ཁོང་དུ་ཆུད་པ་ནི། ལྟ་བ་དང་ཉེས་པའི་བག་ཆགས་ཐམས་ཅད་ཀྱིས་སྟོང་སྟེ་དེའི་ཕྱིར་དོན་དམ་པ་འཕགས་པའི་ཡེ་ཤེས་སྟོང་པ་ཆེན་པོ་ཉིད་ཅེས་བྱའོ། །ཞེས་སྟོང་ཉིད་བདུན་གྱི་ནང་ནས་དོན་དམ་པ་འཕགས་པའི་ཡེ་ཤེས་དེ་ལྟ་བ་དང་ཉེས་པའི་བག་ཆགས་ཐམས་ཅད་ཀྱིས་སྟོང་པའི་གཞན་སྟོང་ལ་སྟོང་པ་ཆེན་པོ་ཞེས་གསུངས་པའི་ཕྱིར་རོ། །དེས་ན་ཁང་པ་རྟ་གླང་གིས་སྟོང་པ་ལ་སོགས་པ་ནི་དོན་དམ་གཞན་སྟོང་གི་དཔེར་གསུངས་ཀྱི་སྟོང་ཉིད་ཀྱི་དོན་དུ་མ་གསུངས་ཏེ། དེ་ནི་ཀུན་རྫོབ་སྟོང་ཉིད་ཀྱང་མ་ཡིན་ལ་དོན་དམ་སྟོང་ཉིད་ཀྱང་མ་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་རང་སྟོང་གིས་དོན་དམ་སྟོང་ཉིད་ཀྱི་གོ་མི་ཆོད་པ་ཇི་ལྟ་བ་དེ་བཞིན་དུ། གཞན་སྟོང་གིས་ཀྱང་ཀུན་རྫོབ་སྟོང་ཉིད་ཀྱི་གོ་མི་ཆོད་དོ། །དེའི་ཕྱིར་ཀུན་རྫོབ་སྟོང་ཉིད་ལ་དགོངས་ནས་གཅིག་གིས་གཅིག་སྟོང་པ་དེ་སྟོང་ཉིད་ཀྱི་ཐ་ཤལ་ཡིན་པས་སྤང་བར་གསུངས་ལ། དེ་ནི་དེ་ཁོ་ན་ལྟར་ཁོ་བོ་ཅག་ཀྱང་འདོད་པ་ཡིན་ནོ། །དེའི་ཕྱིར་ལུང་དང་འགལ་བའི་སྐྱོན་མེད་དོ། །

སྟོང་གཞི་དེ་ཉིད་གནས་ལུགས་ཟབ་མོའི་སྟོང་ཉིད་ཆེན་པོར་གསུངས་ཚུལ།

གཞན་ཡང༌། དོན་དམ་གཞན་སྟོང་ནི་ཆོས་སྐུའི་ཡོན་ཏན་མཐའ་ཡས་པའི་བདག་ཉིད་ཡིན་པའི་ཕྱིར་དང༌། ཅིར་ཡང་མ་གྲུབ་ཙམ་གྱི་སྟོང་ཉིད་མ་ཡིན་པའི་སྟོང་ཉིད་ཁྱད་འཕགས་ཡིན་པ་ཉིད་ཀྱིས་སྟོང་པ་ཉིད་ཆེན་པོ་ཡང་ཡིན་ཏེ། མདོ་འདི་ཉིད་དུ། དོན་དམ་པ་འཕགས་པའི་ཡེ་ཤེས་སྟོང་པ་ཆེན་པོར་གསུངས་པ་དང༌། མྱང་འདས་ཆེན་པོར་ཡང༌། རིགས་ཀྱི་བུ་སྟོང་པ་ཆེན་པོ་ཞེས་བྱ་བ་ནི་འདི་ལྟ་སྟེ། [གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་]ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་སྟོང་པ་ཆེན་པོ་ཞེས་བྱའོ། །ཞེས་དང༌། གསང་སྔགས་ཟབ་མོ་རྣམས་སུ། སྟོང་པ་ཆེན་པོ་འགྱུར་མེད་ལྔའམ། སྟོང་པ་ཆེན་པོ་ཡི་གེ་ལྔ་ཞེས་དང༌། དཔལ་ཕྱག་ན་རྡོ་རྗེའི་ཞལ་སྔ་ནས་ཀྱང༌། དེ་ལྟར་རྣམ་པ་ཀུན་ལྡན་རྣམ་པ་མེད་ནི་རྒྱུ་[གཞན་མི་སྐྱེད་པའི་རྒྱུ་]སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་ཆེན་པོ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའོ། །ཞེས་དང༌། དངོས་གྲུབ་ནི་དམིགས་པ་དང་བཅས་པའི་སྟོང་པ་ཉིད་ཆེན་པོ་སྟེ། རྣལ་འབྱོར་པ་རྣམས་[ཀྱི་ཡེ་ཤེས་]ཀྱིས་རང་རིག་པ་ཉིད་ཀྱི་ཕྱིར་རོ། །ཞེས་དང༌། འཕགས་པ་འཇིག་རྟེན་དབང་ཕྱུག་གི་ཞལ་སྔ་ནས་ཀྱང༌། སངས་རྒྱས་ཀུན་གྱི་ཐུགས་ཆེན་པོ་ནི་[རྡོ་རྗེ་]ཟླ་བ་ཆ་བཅུ་དྲུག་པའི་མཐར་[ཡེ་ཤེས་ཀྱི་ལྷན་ཅིག་སྐྱེས་དགའམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་]སྟོང་པ་ཆེན་པོའོ། །ཞེས་དང༌། དེ་བཞིན་དུ། སངས་རྒྱས་ཀུན་གྱི་སྐུ་ཆེ་བ་ནི་སྟོང་པ་ཆེན་པོའོ། །ཞེས་དང༌། རྡོ་རྗེ་ཟླ་བ་དྲི་མེད་འོད་ནི་སྟོང་པ་ཆེན་པོ་འགྱུར་མེད་ལྔའོ། །ཞེས་སོགས་དྲི་བྲལ་འོད་དུ་རྒྱས་ཤིང༌། གཞུང་ལུགས་རྣམ་དག་གཞན་མང་པོར་ཡང་སྟོང་གཞི་དོན་དམ་གཞན་སྟོང་ལ་སྟོང་པ་ཆེན་པོའི་མིང་གིས་གསུངས་པ་ཤིན་ཏུ་མང་བ་རྣམས་ཀྱི་དགོངས་པ་ལ་མཁས་དགོས་སོ། །སྟོང་པ་ཉིད་ཆེན་པོའི་མདོར་ཡང༌། ཀུན་དགའ་བོ་འདི་ལྟ་སྟེ། དཔེར་ན་རི་དྭགས་འཛིན་གྱི་མའི་ཁང་བཟང་འདི་གླང་པོ་ཆེ་དང་རྟ་དང་བ་ལང་དང་ལུག་དང་བྱ་གག་དང་ཕག་གིས་སྟོང་ཞིང་ནོར་དང་འབྲུ་དང་མགྲོན་བུ་དང་གསེར་གྱིས་སྟོང་ལ་བྲན་དང་བྲན་མོ་ལས་བྱེད་པ་དང༌། ཞོ་ཤས་འཚོ་བ་དག་དང་སྐྱེས་པ་དང་བུད་མེད་དང་ཁྱེའུ་དང་བུ་མོ་དག་གིས་སྟོང་ཡང་འདི་ན་འདི་ལྟ་སྟེ། དགེ་སློང་གི་དགེ་འདུན་ཁོ་ནའམ། དེ་ལས་གཞན་ཞིག་ལ་བརྟེན་ནས་མི་སྟོང་པ་ཡང་ཡོད་དོ། །ཀུན་དགའ་བོ་དེ་བཞིན་དུ་གང་ལ་གང་མེད་པ་དེ་དེས་སྟོང་ངོ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མཐོང་ཡང་དེ་ལ་ལྷག་མ་གང་ཡོད་པ་དེ་དེ་ལ་ཡོད་དོ། །ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། ཀུན་དགའ་བོ་སྟོང་པ་ཉིད་ལ་འཇུག་པ་འདི་ནི་ཡང་དག་པ་ཇི་ལྟ་བ་བཞིན་ཏེ་ཕྱིན་ཅི་མ་ལོག་པ་ཡིན་ནོ། །ཞེས་སོགས་གཞན་སྟོང་གི་ཚུལ་རྒྱ་ཆེར་གསུངས་པའི་མཐར་ཡང་བཀའ་སྩལ་པ། དེ་ལ་འདོད་པའི་ཟག་པ་དང་སྲིད་པའི་ཟག་པ་དང་མ་རིག་པའི་ཟག་པ་ལ་བརྟེན་པ་ཉོན་མོངས་པའི་གནས་གང་དག་ཡིན་པ་དེ་དག་མེད་ཀྱང་དེ་ལ་འདི་ལྟ་སྟེ། སྲོག་རྐྱེན་དུ་བྱས་པའི་སྐྱེ་མཆེད་དྲུག་གི་ལུས་དེ་ཁོ་ན་ལ་བརྟེན་པ་ཙམ་གྱི་ཉོན་མོངས་པའི་གནས་ནི་ཡོད་དོ། །ཀུན་དགའ་བོ་དེ་ལྟ་བས་ན་གང་ལ་གང་མེད་པ་དེ་དེས་སྟོང་ངོ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མཐོང་ཡང་དེ་ལ་ལྷག་མ་གང་ཡོད་པ་དེ་དེ་ལ་ཡོད་དོ། །ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། ཀུན་དགའ་བོ་འདི་ལྟ་སྟེ། ཟག་པ་རྣམས་ཟད་པས་ཟག་པ་མེད་ཅིང་[མེད་པའི་གཞི་ཆོས་ཉིད་]མངོན་པར་འདུས་མ་བྱས་པ་རྣམ་པར་གྲོལ་བ་གང་ཡིན་པ་འདི་ནི་སྟོང་པ་ཉིད་ལ་འཇུག་པ་བླ་ན་མེད་པ་ཡིན་ནོ། །ཀུན་དགའ་བོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་དག་འདས་པའི་དུས་ན་བྱུང་བར་གྱུར་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཀྱང༌། འདི་ལྟ་སྟེ། ཟག་པ་རྣམས་ཟད་པས་ཟག་པ་མེད་ཅིང་[མེད་པའི་གཞི་ཆོས་ཉིད་]མངོན་པར་འདུས་མ་བྱས་པ་རྣམ་པར་གྲོལ་བའི་སྟོང་པ་ཉིད་ལ་འཇུག་པ་བླ་ན་མེད་པ་འདི་ཉིད་སྐུས་མངོན་སུམ་དུ་མཛད་ནས་བསྒྲུབས་ཏེ་བཞུགས་པར་གྱུར་ཏོ། །ཞེས་པའི་མཐར་ད་ལྟར་དང་མ་འོངས་པའི་དེ་བཞིན་གཤེགས་པ་རྣམས་ལའང་སྦྱར་ཏེ་གསུངས་སོ། །དེ་ལ་རི་དྭགས་འཛིན་གྱི་མའི་ཁང་བཟང་རྟ་གླང་ལ་སོགས་པས་སྟོང་ཡང་དགེ་འདུན་ལ་སོགས་པས་མི་སྟོང་པ་དཔེར་མཛད་ནས། ཆོས་འགའ་ཞིག་གིས་སྟོང་ཡང་འགའ་ཞིག་གིས་མི་སྟོང་པའི་ཚུལ་མང་དུ་གསུངས་པའི་མཐར། སངས་རྒྱས་རྣམས་ཟག་པ་ཐམས་ཅད་ཀྱིས་སྟོང་ཡང་རྣམ་པར་གྲོལ་བའི་སྟོང་ཉིད་འདུས་མ་བྱས་ཀྱིས་མི་སྟོང་པར་གསུངས་ཏེ་འདིས་ཀྱང་སྟོང་གཞི་དོན་དམ་གཞན་སྟོང་གསལ་བར་བསྟན་པ་ཡིན་ནོ། །སྟོང་པ་ཉིད་ལ་འཇུག་པ་འདི་ནི་ཡང་དག་པ་ཇི་ལྟ་བ་བཞིན་ཏེ། ཕྱིན་ཅི་མ་ལོག་པ་ཡིན་ནོ། །ཞེས་པ་འདིས་ནི། ཐམས་ཅད་རང་རང་ངོ་བོས་སྟོང་པའི་སྟོང་པ་ཉིད་ལ་འཇུག་པ་རྣམས་ཡང་དག་པ་མ་ཡིན་པར་དོན་གྱིས་བསྟན་ཏོ། །

དེ་ལྟར་སྟོན་པའི་གཞུང་ལུགས་རྣམས་ལ་སྒྲོ་སྐུར་སྤང་བ་ལ་བཅུ། འཁོར་ལོ་གསུམ་པ་སེམས་ཙམ་དུ་འདོད་པ་ལ་ཤེས་བྱེད་མེད་ཅིང་གནོད་བྱེད་ཡོད་པར་བསྟན་པ།

གལ་ཏེ་བཀའ་འཁོར་ལོ་ཐ་མ་དགོངས་འགྲེལ་དང་བཅས་པ་ནི་སེམས་ཙམ་པའི་རང་གཞུང་ཡིན་པས་མཐར་ཐུག་གི་དབུ་མར་འཆད་པ་མི་རིགས་སོ། །ཞེ་ན། དེ་རྣམས་སེམས་ཙམ་གྱི་རང་གཞུང་ཡིན་པར་སྟོན་པའི་ཤེས་བྱེད་རྣམ་དག་ནི་འགའ་ཡང་མེད་དོ། །གལ་ཏེ་དེ་དག་ཏུ་ངོ་བོ་ཉིད་གསུམ་བསྟན་པའི་ཕྱིར་སེམས་ཙམ་གྱི་རང་གཞུང་ཉིད་དུ་གྲུབ་བོ། །ཞེ་ན། དེ་ལྟ་ན་ནི་རྒྱལ་བའི་ཡུམ་ཡང་སེམས་ཙམ་གྱི་རང་གཞུང་ཡིན་པར་འགྱུར་ཏེ། དེར་ངོ་བོ་ཉིད་གསུམ་བསྟན་པའི་ཕྱིར་རོ། །དེ་ཡང་ཇི་སྐད་དུ། ཡུམ་བར་མར། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ། བྱམས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཆོས་རབ་ཏུ་དབྱེ་བ་ལ་མཁས་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམ་པ་གསུམ་གྱིས་གཟུགས་རབ་ཏུ་དབྱེ་བ་གདགས་པར་རྗེས་སུ་ཤེས་པར་བྱའོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་ནས་སངས་རྒྱས་ཀྱི་ཆོས་ཀྱི་བར་དུ་རྣམ་པར་དབྱེ་བ་གདགས་པར་རྗེས་སུ་ཤེས་པར་བྱ་སྟེ། འདི་ལྟར་འདི་ནི་ཡོངས་སུ་བརྟགས་པ[སྟེ་ཀུན་ཏུ་བརྟགས་པ]འི་གཟུགས། འདི་ནི་རྣམ་པར་བརྟགས་པའི་[གཞན་དབང་གི་]གཟུགས། འདི་ནི་ཆོས་ཉིད་[ཡོངས་གྲུབ་]ཀྱི་གཟུགས་སོ། །ཞེས་པ་ནས། དེ་བཞིན་དུ་སྦྱར་ཏེ། ཚོར་བ་དང་འདུ་ཤེས་ལ་སོགས་པ་ནས་སངས་རྒྱས་ཀྱི་ཆོས་ཀྱི་བར་དུ་རྒྱས་པར་སྦྱར་ནས་གསུངས་ཏེ། རིམ་པ་བཞིན་དུ་ཀུན་བརྟགས་དང་གཞན་དབང་དང་ཡོངས་གྲུབ་ཀྱི་གཟུགས་ལ་སོགས་པ་རྣམས་སོ། །ཡང་དེ་ཉིད་དུ། ཀུན་བརྟགས་དང་གཞན་དབང་གི་སྟོང་པའི་གཞི་ཆོས་ཉིད་དོན་དམ་གྱི་དབྱིངས་ཡོངས་གྲུབ་ཏུ་གསུངས་ཏེ། ཇི་སྐད་དུ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང༌། དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་སྟེ། ཆོས་ཉིད་དང་ཆོས་ཀྱི་གནས་ཉིད་ཀྱི་དབྱིངས་འདི་དག་ནི་[ནམ་ཡང་གང་ནའང་]གནས་པ་ཉིད་དེ་ཡོངས་སུ་བརྟགས་པ[ཀུན་བརྟགས་པ]འི་གཟུགས་གང་ཡིན་པ་དེས་རྣམ་པར་བརྟགས་པའི་[གཞན་དབང་གི་]གཟུགས་དེ་རྟག་ཅིང་རྟག་པའི་དུས། བརྟན་ཞིང་བརྟན་པའི་དུས་སུ་ངོ་བོ་ཉིད་མེད་ཅིང༌། [གཞན་དབང་གི་]ཆོས་[ཀྱི་]བདག་མེད་[པའི་གཞི་]དང༌། དེ་བཞིན་ཉིད་དང་ཡང་དག་པའི་མཐའ་གང་ཡིན་པ་འདི་ནི་ཆོས་ཉིད་ཀྱི་གཟུགས་སོ། །འདི་ནི་ཆོས་ཉིད་ཀྱི་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་ནས་འདི་དག་ནི་ཆོས་ཉིད་ཀྱི་སངས་རྒྱས་ཀྱི་ཆོས་སོ་ཞེས་བྱ་བའི་བར་དུའོ། །ཞེས་དང༌། ཡང་དེ་ཉིད་དུ་ངོ་བོ་ཉིད་གསུམ་ཇི་ལྟར་ཡིན་པ་ཡང་གསུངས་ཏེ། བྱམས་པ་ཡོངས་སུ་བརྟགས་པའི་གཟུགས་གང་ཡིན་པ་དེ་ནི་[ཀུན་རྫོབ་བདེན་པར་ཡང་མ་གྲུབ་པས་]རྫས་མེད་པར་བལྟ་བར་བྱའོ། །རྣམ་པར་བརྟགས་པའི་གཟུགས་གང་ཡིན་པ་དེ་ནི་རྣམ་པར་རྟོག་པ་རྫས་ཡོད་པའི་ཕྱིར་རྫས་ཡོད་པར་བལྟའི་[གཞན་དབང་དུ་སོང་བས་]རང་དབང་དུ་འཇུག་པ་ནི་མ་ཡིན་ནོ། །ཆོས་ཉིད་ཀྱི་གཟུགས་གང་ཡིན་པ་དེ་ནི་[དོན་དམ་གྱི་]རྫས་[ཏེ་ངོ་བོ་]མེད་པ་ཡང་མ་ཡིན་[ཀུན་རྫོབ་ཀྱི་]རྫས་ཡོད་པ་ཡང་མ་ཡིན་ཏེ་དོན་དམ་པས་རབ་ཏུ་ཕྱེ་བ་ཡིན་པར་བལྟ་བར་བྱའོ། །ཞེས་སོགས་སངས་རྒྱས་ཀྱི་ཆོས་ཀྱི་བར་དུ་སྦྱར་ནས་[གསུངས་ཤིང༌། ཁྲི་བརྒྱད་སྟོང་པར་ཡང་འདི་དང་མཐུན་པར་གསུངས་ལ། ཤེར་ཕྱིན་ལྔ་བརྒྱ་པར་ཡང༌། གཟུགས་སོགས་ཆོས་རྣམས་ལ་དངོས་པོ་མེད་པ་དང༌། དངོས་པོ་ངན་པ་དང༌། དངོས་པོ་ཡོད་པའི་གཟུགས་སོགས་ཞེས་ལེའུ་གསུམ་དུ་ཕྱེ་ནས་རིམ་པ་ལྟར་ཡོངས་སུ་ཤེས་པ་དང༌། སྤང་བ་དང༌། སྦྱང་བ་བྱས་པས་སངས་རྒྱས་འཐོབ་ཀྱི། གཞན་དུ་ཉན་རང་གི་བྱང་ཆུབ་ཀྱང་མི་འཐོབ་ཅིང་འཁོར་བར་སྡུག་བསྔལ་བར་]གསུངས་པ་སྟེ།

དེའི་དགོངས་འགྲེལ་ཟབ་མོ་རྣམས་ཀྱང་དེ་དང་མཐུན་པར་བསྟན་པ།

དེ་རྣམས་ཀྱི་དགོངས་པ་ཡང༌། ངོ་བོ་ཉིད་གསུམ་རྟག་མེད་དང༌། །ཡོད་ཀྱང་ཁོ་ན་མ་ཡིན་དང༌། །ཡོད་དང་མེད་དེ་ཁོ་ན་སྟེ། །ངོ་བོ་ཉིད་ནི་གསུམ་དུ་འདོད། །ཅེས་[སྔར་བཤད་པ་]དང༌། ཀུན་ཏུ་རྟོག་དོན་[ཀུན་བརྟགས་དང་]རྣམ་རྟོག་དོན[གཞན་དབང་དང་]། །ཆོས་ཉིད་དོན་གྱིས་[ཡོངས་གྲུབ་སྟེ་དེ་ལྟར་ངོ་བོ་ཉིད་གསུམ་]དེ་དང་དེར། །ཞེས་དང༌། ཡང་དག་མ་ཡིན་ཀུན་རྟོག་[གཞན་དབང་ནི་ཀུན་རྫོབ་ཀྱི་བདེན་པར་]ཡོད། །དེ་ལ་[བདག་]གཉིས་པོ་ཡོད་མ་ཡིན། །[བདག་དང་གཟུང་འཛིན་གཉིས་ཀྱིས་]སྟོང་པ་ཉིད་[ཀྱི་གཞི་དོན་དམ་]ནི་[ཀུན་རྫོབ་]དེ་ལ་ཡོད། །[དོན་དམ་]དེ་ལ་ཡང་ནི་[ཀུན་རྫོབ་]དེ་ཡོད་དོ། །[དོན་དམ་གྱིས་]སྟོང་པ་མ་ཡིན་[ཀུན་རྫོབ་ཀྱིས་]མི་སྟོང་[པ་]མིན། །དེ་ལྟ་བས་ན་[བདེན་གཉིས་སུ་གཏོགས་པ་]ཐམས་ཅད་བཤད། །[ཡང་དག་མིན་པའི་ཀུན་རྟོག་ཏུ་]ཡོད་པས་[གཞན་དབང་དང་ལོག་པའི་ཀུན་རྫོབ་ཏུ་ཡོད་ཀྱང་ཡང་དག་ཀུན་རྫོབ་ཏུ་]མེད་པས་[ན་ཀུན་བརྟགས་དང་དོན་དམ་དུ་]ཡོད་པས་ན། །[ཆོས་ཉིད་ཡོངས་གྲུབ་སྟེ་]དེ་ནི་[མཐའ་གཉིས་སྤངས་པ་]དབུ་མའི་ལམ་ཡིན་ནོ། །ཞེས་དབུ་མ་པ་ཆེན་པོ་རྒྱལ་བ་བྱམས་པས། ལེགས་པར་ཕྱེ་སྟེ་གསུངས་པ་དང་དོན་གཅིག་གོ །དེ་ལྟ་བས་ན་ངོ་བོ་ཉིད་གསུམ་སྟོན་པའི་རྒྱུ་མཚན་གྱིས་སེམས་ཙམ་གྱི་རང་གཞུང་དུ་མི་འགྱུར་ཏེ། དབུ་མ་ཆེན་པོའི་གཞུང་ལུགས་ཡུམ་རྒྱས་པ་དང༌། བར་མ་དང༌། ཁྲི་བརྒྱད་སྟོང་པ་རྣམས་ཀྱི་འགྲེལ་པ་དང༌། འབུམ་པ་རྒྱ་ཆེར་བཤད་པ་ལ་སོགས་པ་[དབུ་མའི་གཞུང་]གཞན་དང་གཞན་མང་པོར་ཡང་ངོ་བོ་ཉིད་གསུམ་གྱི་རྣམ་གཞག་ཡང་དང་ཡང་དུ་གསུངས་ཤིང༌། ཀུན་བརྟགས་ཀྱིས་སྟོང་པའི་གཞི་གཞན་དབང༌། དེས་ཀྱང་སྟོང་པའི་གཞི་ཆོས་ཉིད་ཡོངས་གྲུབ། དེས་སྟོང་པའི་གཞི་མི་སྲིད་པ་དང༌། ཡང་སྔ་མ་གཉི་ག་ཀུན་བརྟགས་སུ་གསུངས་ནས། དེས་སྟོང་པའི་གཞི་དོན་དམ། དེས་སྟོང་པའི་གཞི་མི་སྲིད་པར་གསུངས་པའི་ཕྱིར་དང༌། བརྒྱད་སྟོང་དོན་བསྡུས་སུ་ཡང༌། ཤེས་རབ་ཕ་རོལ་ཕྱིན་པར་ནི། །བསྟན་པ་གསུམ་ལ་ཡང་དག་བརྟེན། །[ཀུན་ཏུ་]བརྟགས་པ་དང་ནི་གཞན་དབང་དང༌། །ཡོངས་སུ་གྲུབ་པ་ཁོ་ནའོ། །མེད་ཅེས་བྱ་ལ་སོགས་ཚིག་གིས། །[ཀུན་ཏུ་]བརྟགས་པ་ཐམས་ཅད་[ཀུན་རྫོབ་ཏུ་བདེན་པའང་]འགོག་པ་སྟེ། །སྒྱུ་མ་ལ་སོགས་དཔེ་རྣམས་ཀྱིས། །གཞན་གྱི་དབང་ནི་ཡང་དག་བསྟན།།[རང་བཞིན་དང༌། དྲི་བྲལ་དང༌། དམིགས་པ་དང༌། རྒྱུ་མཐུན་པའི་རྣམ་བྱང་སྟེ་]རྣམ་པར་བྱང་བ་བཞི་[ཞེས་སློབ་དཔོན་དཀོན་མཆོག་འབངས་ཀྱིས་བཀྲལ་བ་]ཡིས་ནི། །ཡོངས་སུ་གྲུབ་པ་རབ་ཏུ་བསྒྲགས། །ཤེས་རབ་ཕ་རོལ་ཕྱིན་པར་ནི། །སངས་རྒྱས་ཀྱིས་ནི་གཞན་བསྟན་མེད། །ཅེས་སོགས་གསུངས་པའི་ཕྱིར། ངོ་བོ་ཉིད་གསུམ་སེམས་ཙམ་པའི་ཆོས་སྐད་ཐུན་མོང་མ་ཡིན་པར་འདོད་པ་རྣམས་ནི་ཤིན་ཏུ་འཁྲུལ་ལོ། །གཞན་ཡང་དབུ་མ་སྣང་བར། དབུ་མ་པ་རྣམས་ཀྱང་ངོ་བོ་ཉིད་གསུམ་རྣམ་པར་གཞག་པ་ཁས་མི་ལེན་པ་ནི་མ་ཡིན་ཏེ། གཞན་དུ་ན་མཐོང་བ་ལ་སོགས་པ་དང་འགལ་བ་ཇི་ལྟར་སྤོངས་པར་འགྱུར། ཞེས་དང༌། ངོ་བོ་ཉིད་མེད་པ་རྣམ་པ་གསུམ་གྱི་དགོངས་པ་བསྟན་པས་དབུ་མའི་ལམ་མཐའ་གཉིས་དང་བྲལ་བར་རབ་ཏུ་བསྟན་པའི་ཕྱིར། ངེས་པའི་དོན་ཁོ་ན་གཞུང་འཛུགས་པར་མཛད་པ་ཡིན་ནོ། །ཞེས་དང༌། ཆོས་ཐམས་ཅད་རང་བཞིན་མེད་པར་གྲུབ་པ་ཞེས་བྱ་བ་དབུ་མ་ཆེན་པོའི་གཞུང་དུ་ཡང༌། ངོ་བོ་ཉིད་རྣམ་པ་གསུམ་ནི། ངས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་རྣམ་པ་གསུམ་ལ་དགོངས་ནས། ངོ་བོ་ཉིད་གསུམ་དུ་གསུངས་སོ། ། ཞེས་བསྟན་པ་གང་ཡིན་པ་དེ་དང་ཡང་མི་འགལ་བ་ཉིད་དེ། འདིར་ཡང་ངོ་བོ་ཉིད་གསུམ་རྣམ་པར་གཞག་པ་འགལ་བ་མེད་པའི་ཕྱིར་རོ། །འདི་ལྟར་མ་བརྟགས་པ་གྲགས་པ་དངོས་པོ་རྣམས་ཀྱི་རྟེན་ཅིང་འབྲེལ་བར་འབྱུང་བའི་ངོ་བོ་ཉིད་གང་ཡིན་པ་དེ་ནི་གཞན་གྱི་དབང་གི་ངོ་བོ་ཉིད་དེ། ཀུན་རྫོབ་ཏུ་སྒྱུ་མ་ལ་སོགས་པ་བཞིན་དུ་རྐྱེན་གྱི་དབང་གིས་སྐྱེ་བས་ངོ་བོ་ཉིད་མེད་པའི་ཕྱིར། སྐྱེ་བ་[ཡང་དག་པར་]ངོ་བོ་ཉིད་མེད་པ་ཡིན་ནོ། །ཞེས་སོགས་རྒྱས་པ་དང༌། དབུ་མ་པ་ཆེན་པོ་སློབ་དཔོན་ཀླུའི་བཤེས་གཉེན་གྱིས་མཛད་པའི་སྐུ་གསུམ་ལ་འཇུག་པའི་སྒོར་ཡང༌། ངོ་བོ་ཉིད་ནི་རྣམ་གསུམ་པོ[ལས]། །[ཀུན་བརྟགས་ནི་]ཡོངས་སུ་ཤེས་དང་[གཞན་དབང་ནི་]སྤངས་[པ་དང་ཡོངས་གྲུབ་ནི་གློ་བུར་དྲི་མས་]དག་པས། །སྐུ་གསུམ་པོ་དང་འཐོབ་འགྱུར་ཏེ། །དེ་ཕྱིར་དེ་དག་དེ་ཡིས་བསྡུས།།ཞེས་དང༌། དེའི་འགྲེལ་པ་སློབ་དཔོན་དབུ་མ་པ་ཆེན་པོ་ཡེ་ཤེས་ཟླ་བས་མཛད་པར་ཡང༌། ཀུན་བརྟགས་པ་དང་གཞན་གྱི་དབང་དང༌། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་རྣམས་དཔེས་ཡོངས་སུ་ཤེས་པར་བྱ་བ་དང༌། སྤང་བ་དང་མངོན་སུམ་དུ་བྱ་བ་རྣམས་ཀྱིས་སྟོན་ཏོ། །ཞེས་པ་ལ་སོགས་པ་ཡང་[ཁ་ཅིག་]དབུ་མ་པའི་ལུགས་ལ་ངོ་བོ་ཉིད་གསུམ་གྱི་རྣམ་གཞག་མེད་དོ། །ཞེས་འདོད་པ་རྣམས་ལ་གནོད་བྱེད་དུ་འགྱུར་ཏེ། དེ་སྐད་སྨྲ་བ་དེ་དག་གིས་གཞུང་དེ་དག་མ་མཐོང་བའམ་མ་ངེས་པ་ཉིད་དུ་ཟད་དོ། །[ཤེར་ཕྱིན་ལྔ་བརྒྱ་པར་ཡང༌། གཟུགས་སོགས་ཆོས་རྣམས་ལ་དངོས་པོ་མེད་པ་དང༌། དངོས་པོ་ངན་པ་དང༌། དངོས་པོ་ཡོད་པ་སྟེ་ལེའུ་གསུམ་གསུམ་དུ་འབྱེད་ཤེས་པའི་ཕན་ཡོན་དང༌། མ་ཤེས་པའི་ཉེས་དམིགས་རླབས་པོ་ཆེ་གསུངས་པ་ཡང་མ་མཐོང་བའམ་མ་ངེས་པ་ཉིད་དུ་ཟད་དོ། །དེ་ལྟ་བས་ན་མདོ་དེ་ཉིད་མཁས་པ་རྣམས་ཀྱིས་ངེས་པར་མཐོང་ཞིང་ལེགས་པར་ཁོང་དུ་ཆུད་ནས་གཞན་མང་པོ་ལའང་སྟོན་པར་གྱུར་ཅིག །]གཞན་ཡང་དོན་ལ་སེམས་ཙམ་ལས་འདས་པར་སྟོན་ཡང༌། འགའ་ཞིག་སེམས་ཙམ་དུ་འཁྲུལ་ནས་དེ་ལྟར་བསྒྲགས་པའི་གཞུང་ལུགས་མང་པོར་ངོ་བོ་ཉིད་གསུམ་བསྟན་པ་ཡོད་དེ། དགོངས་འགྲེལ་གྱི་མདོར། དེ་འདི་ལྟར་[གཤིས་ལ་ཀུན་རྫོབ་ཡོད་དོ་ཞེས་]སྒྲོ་བཏགས་པའི་མཐའ་དང༌། [གཤིས་ལ་དོན་དམ་མེད་དོ་ཞེས་]སྐུར་བའི་མཐའ་སྤངས་ནས་དབུ་མའི་ལམ་གྱིས་ངེས་པར་འབྱུང་བར་འགྱུར་བ་དེ་ནི་དེའི་ཤེས་རབ་ཡིན་ནོ། །ཤེས་རབ་དེས་ཀྱང་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང༌། སྨོན་པ་མེད་པ་དང༌། མཚན་མ་མེད་པ་གསུམ་ལ་རྣམ་པར་ཐར་པའི་སྒོའི་དོན་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཀུན་བརྟགས་པ་དང༌། གཞན་གྱི་དབང་དང༌། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་གསུམ་ལ། ངོ་བོ་ཉིད་ཀྱི་དོན་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཞེས་སོགས་མཐའ་བྲལ་དབུ་མ་སྟོན་པའི་གཞུང་རྣམས་སུ་ངོ་བོ་ཉིད་གསུམ་བསྟན་པ་རྣམས་ཀྱི་དགོངས་པ་ལ་ཤིན་ཏུ་མཁས་པར་གྱུར་ཅིག །[དེ་ལྟ་མ་ཡིན་ན་ངོ་བོ་ཉིད་གསུམ་བསྟན་པ་ཙམ་གྱིས་སེམས་ཙམ་ལས་འོས་མེད་སྙམ་དུ་འགའ་ཞིག་འཁྲུལ་ནས། དབུ་མ་པ་ཆེན་པོ་སློབ་དཔོན་དབྱིག་གཉེན་དང༌། ཕྱོགས་གླང་དང༌། མཆེ་བའི་སྡེ་ལ་སོགས་པས་ཤེར་ཕྱིན་སེམས་ཙམ་དུ་བཀྲལ་ཞེས་སོགས་འཆལ་གཏམ་གྱིས་ཆོས་སྤོང་ལ་སྦྱོར་རོ།།]

ཁྱད་པར་དབུས་མཐའ་སེམས་ཙམ་དུ་འདོད་པ་ལ་ཡང་སྐྱོན་དེ་མཚུངས་པར་བསྟན་པ།

དེ་བཞིན་དུ། དབུས་མཐའ་རྣམ་འབྱེད་ལ་སོགས་པར། ངོ་བོ་ཉིད་གསུམ་དང་རྣམ་ཤེས་ཚོགས་བརྒྱད་ལ་སོགས་པ་སྟོན་པའི་རྒྱུ་མཚན་གྱིས་སེམས་ཙམ་གྱི་རང་གཞུང་དུ་འདོད་པ་རྣམས་ཀྱང་འཁྲུལ་ཏེ། [ངོ་བོ་ཉིད་གསུམ་དང་རྣམ་ཤེས་ཚོགས་བརྒྱད་]དེ་དག་ནི་མཐར་ཐུག་དབུ་མའི་མདོ་རྒྱུད་རྣམས་སུ་ཡང་སྟོན་[ཅིང་མཁའ་འགྲོ་རྒྱ་མཚོའི་འགྲེལ་པ་གྲུ་གཟིངས་སུ་ཡང་ངོ་བོ་ཉིད་གསུམ་གྱི་རྣམ་གཞག་མང་དུ་གསུངས་]པའི་ཕྱིར་རོ། །གཞན་ཡང་དབུས་མཐར། ཐམས་ཅད་མིང་ཙམ་ཁོ་ན་སྟེ། །ཞེས་གསུངས་པའི་དོན་ཡང༌། སེམས་ཙམ་པའི་ལྟ་བ་[རྣམ་ཤེས་དོན་དམ་དུ་བདེན་པར་འདོད་པ་]དང་འགལ་ཞིང༌། ཆོས་ཀྱི་དབྱིངས་ལས་མ་གཏོགས་པ། །འདི་ལྟར་ཆོས་[རྣམས་]ཡོད་[པ་]མ་ཡིན་ཏེ། །ཞེས་དང༌། ཆོས་ཀྱི་དབྱིངས་ནི་རང་བཞིན་གྱིས། །རྣམ་པར་དག་ཕྱིར་ནམ་མཁའ་བཞིན། །[གཟུངས་འཛིན་]གཉིས་ནི་གློ་བུར་[དུ་]བྱུང་བ་སྟེ། །ཞེས་དང༌། ཐ་དད་པ་དང་གཅིག་མཐའ་དང༌། །ཞེས་པ་ལ་སོགས་པས་མཐའ་[གཉིས་ཚན་དུ་སྦྱར་བ་]བཅོ་ལྔ་དང་བྲལ་བའི་དབུ་མ་བསྟན་པ་ཡང་སེམས་ཙམ་པ་དང་འགལ་བ་ཡིན་ནོ། །དེ་བཞིན་དུ། དེ་ནི་དབུ་མའི་ལམ་ཡིན་ནོ་ཞེས་པའི་འགྲེལ་པར། དེ་ལྟར་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ནང་ནས་འདི་ཐམས་ཅད་ནི་[དོན་དམ་གྱིས་]སྟོང་པ་ཡང་མ་ཡིན་[ཀུན་རྫོབ་ཀྱིས་]མི་སྟོང་པ་ཡང་མ་ཡིན་ནོ། །ཞེས་འབྱུང་བ་དང་མཐུན་པར་བྱས་པ་ཡིན་ཞེས་པ་ཡང་སེམས་ཙམ་པ་དང་འགལ་ཞིང༌། དོན་དང་སེམས་ཅན་བདག་རྣམ་རིག །སྣང་བའི་རྣམ་པར་ཤེས་པ་ནི། །རབ་ཏུ་སྐྱེའོ་དེའི་དོན་མེད། །དེ་མེད་པས་ན་དེ་ཡང་མེད། །ཅེས་པའི་འགྲེལ་པར། དེའི་དོན་མེད་ཅེས་བྱ་བ་ནི་དོན་དང་སེམས་ཅན་དུ་སྣང་བ་རྣམ་པ་མེད་པ་དང༌། བདག་དང་རྣམ་པར་རིག་པར་སྣང་བ་ནི་ལོག་པར་སྣང་བའི་ཕྱིར་རོ། །དོན་མེད་པས་འཛིན་པའི་རྣམ་པར་ཤེས་པ་དེ་ཡང་མེད་དོ། །ཞེས་སེམས་དང་ཡིད་དང་རྣམ་པར་ཤེས་པ་རྣམས་ཀུན་རྫོབ་ཏུ་ཡོད་ཀྱང་དོན་དམ་པར་མེད་པ་ཉིད་དུ་བསྟན་པ་འདི་ཡང་སེམས་ཙམ་པ་དང་འགལ་བ་ཡིན་ནོ། །གལ་ཏེ། [རྣམ་པར་རིག་པ་ཙམ་དུ་]དམིགས་པ་ལ་ནི་བརྟེན་ནས་སུ། །[དོན་]མི་དམིགས་པ་ནི་རབ་ཏུ་སྐྱེ། །[དོན་]མི་དམིགས་པ་ལ་བརྟེན་ནས་སུ། །[རྣམ་པར་རིག་པ་ཙམ་ཡང་]མི་དམིགས་པ་ནི་རབ་ཏུ་སྐྱེ། །ཞེས་པ་འདིས་སེམས་ཙམ་གྱི་གཞུང་དུ་གྲུབ་བོ་ཞེ་ན། དེ་ལྟ་མ་ཡིན་ཏེ། དོན་མི་དམིགས་པ་ལ་བརྟེན་ནས་རྣམ་པར་རིག་པ་ཙམ་ཡང་མི་དམིགས་པ་སྐྱེ་སྟེ། ཞེས་པ་དང༌། མཐའ་[གཉིས་ཚན་དུ་སྦྱར་བ་]བཅོ་ལྔ་དང་བྲལ་བའི་འགྲེལ་པར་ཡང༌། དོན་དངོས་པོ་མེད་པར་ཤེས་པ་དེས་ཀྱང་རྣམ་པར་རིག་པ་ཙམ་དུ་ཤེས་པ་དེ་ཉིད་རྣམ་པར་བཟློག་གོ །དོན་དངོས་པོ་མེད་ན་རྣམ་པར་རིག་པ་མི་སྲིད་པའི་ཕྱིར་ཏེ། ཞེས་སེམས་ཙམ་ལས་འདས་པར་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་སེམས་འགྲེལ་སྐོར་གསུམ་གྱི་མན་ངག་ཐུན་མོང་མ་ཡིན་པ་དང་ལྡན་པས་ལེགས་པར་བལྟས་ན་ཐེག་པ་ཆེན་པོའི་ལམ་གཞི་འབྲས་དང་བཅས་པ་ཚང་བར་སྟོན་གྱི་སེམས་ཙམ་ལ་ཚོད་འཛིན་པའི་གཞུང་ནི་མ་ཡིན་པ་ཉིད་དུ་རྟོགས་པར་འགྱུར་རོ། །

སེམས་ཙམ་ལ་བདེན་གཉིས་ཀྱི་དབྱེ་བ་མ་ཤེས་པས་འགའ་ཞིག་འཁྲུལ་བར་བསྟན་པ།

དེ་བཞིན་དུ། ལང་ཀར་གཤེགས་པའི་མདོར་ཡང༌། གནས་སྐབས་སུ་སེམས་ཙམ་སྟོན་མོད་ཀྱི། མཐར་དེ་ལས་ཡང་དག་པར་འདས་ནས་སྣང་མེད་དབུ་མ་དང༌། དེ་ལས་ཀྱང་འདས་ནས་སྣང་བཅས་དབུ་མ་སྟོན་ཅིང༌། དེ་ལ་མ་སླེབ་ན་ཐེག་ཆེན་གྱི་དོན་ཟབ་མོ་མི་མཐོང་བར་གསུངས་ཏེ། ཇི་སྐད་དུ། སེམས་ཙམ་ལ་ནི་བརྟེན་ནས་སུ། །ཕྱི་རོལ་དོན་དུ་མི་བརྟག་གོ །[ཀུན་རྫོབ་]སྣང་བ་མེད་པ་ལ་བརྟེན་ནས། །སེམས་ཙམ་ལས་ནི་འདའ་བར་བྱ། །ཡང་དག་[པའི་མཐའ་]དམིགས་པ་ལ་བརྟེན་ནས། །སྣང་བ་མེད་[པ་ཙམ་]ལས་འདའ་བར་བྱ། །རྣལ་འབྱོར་སྣང་བ་མེད་[པ་ཙམ་ལ་]གནས་ན། །ཐེག་པ་ཆེན་པོ་མི་མཐོང་ངོ༌། །ཞེས་པ་ལ་སོགས་པའོ། །དེ་བཞིན་དུ། གང་གི་ཚེ་ན་འདུས་བྱས་རྣམས[ཀྱི]། །དམིགས་[པ་ཡུལ་]དང་དམིགས་པར་བྱེད་[པ་ཡུལ་ཅན་དང་]བྲལ་ཞིང༌། །[ཀུན་རྫོབ་ཀྱི་]སེམས་མེད་[པའི་གཞི་དོན་དམ་གྱི་]སེམས་ཙམ་མཐོང་བ་ལ། །སེམས་ཙམ་དུ་ནི་ངས་བཤད་དོ། །ཙམ་ནི་ངོ་བོ་ཉིད་ཀྱི་དབྱིངས[དང་]། །[འདུས་མ་བྱས་ཡིན་པས་]རྐྱེན་དང་དངོས་པོ་སྤངས་པ་སྟེ། །མཐར་ཕྱིན་ངོ་བོ་[ཉིད་ཀྱི་སྐུ་]ཚངས་བའི་མཆོག །[སྐུ་རྡོ་རྗེ་རྣམ་པར་སྣང་མཛད་མེ་ལོང་ཡེ་ཤེས་]དེ་ལ་ངས་ནི་ཙམ་ཞེས་བཤད། །ཅེས་འདུས་བྱས་ཀྱི་ཡུལ་དང་ཡུལ་ཅན་དང་རྐྱེན་དང་བྲལ་ཞིང༌། ཀུན་རྫོབ་ཀྱི་སེམས་མེད་པའི་གཞི། དོན་དམ་པའི་སེམས་ངོ་བོ་ཉིད་ཀྱི་དབྱིངས་དང་སྐུ་རྡོ་རྗེ་ཚངས་པའི་མཆོག་ལ་སེམས་ཙམ་དུ་གསུངས་པ་དང༌། དེ་བཞིན་དུ། ལྟ་བ་[ངན་པ་]ཐམས་ཅད་རྣམ་བཟློག་པ། །བརྟག་པར་བྱ་དང་རྟོག་པ་སྤངས། །དམིགས་པ་མེད་ཅིང་སྐྱེ་མེད་[ཆོས་ཉིད་འོད་གསལ་]ལ། །སེམས་ཙམ་དུ་ནི་ངས་བཤད་དོ། །[ཀུན་རྫོབ་ཀྱི་]དངོས་མིན་[དོན་དམ་གྱི་]དངོས་[པོ་སྟེ་ངོ་བོ་]མེད་པ་ཡང་མིན། །དངོས་དང་དངོས་མེད་རྣམ་སྤངས་པའི། །དེ་བཞིན་ཉིད་[ཕུང་པོ་གསུམ་པ་]ནི་སེམས་བྲལ་བ། །[དེ་ལ་]སེམས་ཙམ་དུ་ནི་ངས་བཤད་དོ། །སྟོང་པ[འི་གཞི་དང་ཡང་དག་]མཐའ་དང་དེ་བཞིན་ཉིད[དང་]། །མྱ་ངན་འདས་དང་ཆོས་ཀྱི་དབྱིངས[དང་]། །ཡིད་[ཀུན་བཟང་]ཀྱི་ལུས་ནི་སྣ་ཚོགས་པ[ལ]། །སེམས་ཙམ་དུ་ནི་ངས་བཤད་དོ། །ཞེས་ཀུན་རྫོབ་ཀྱི་སེམས་དང་བྲལ་བའི་གཞི། དེ་བཞིན་ཉིད་དང༌། ཡང་དག་པའི་མཐའ་དང༌། རང་བཞིན་གྱིས་མྱ་ངན་ལས་འདས་པ་དང༌། ཆོས་ཀྱི་དབྱིངས་དང༌། ཡིད་ཀུན་ཏུ་བཟང་པོའི་ལུས། སྣ་ཚོགས་འོད་གསལ་ཞིང་ཡོད་མེད་ལ་སོགས་པ་མཐའ་ཐམས་ཅད་དང་བྲལ་བའི་གཞི་ལ་སེམས་ཙམ་དུ་གསུངས་ཤིང༌། ཡང་དེ་ཉིད་དུ། ཕྱི་རོལ་གྱི་ནི་སྣང་བ་མེད། །ལུས་དང་ལོངས་སྤྱོད་གནས་ལྟ་བུར། །[དོན་དམ་གྱི་]སེམས་ནི་སྣ་ཚོགས་པར་སྣང་བ། །[དེ་ལ་]སེམས་ཙམ་དུ་ནི་ངས་བཤད་དོ། །ཞེས་ཕྱི་རོལ་གློ་བུར་དྲི་མའི་སྣང་བ་མེད་པའི་གཞི་དང་བདེ་གཤེགས་སྙིང་པོ་ཆོས་ཀྱི་དབྱིངས་ཉིད་ལུས་དང་ལོངས་སྤྱོད་གནས་ལ་སོགས་པ་སྣ་ཚོགས་ཀྱི་རྣམ་པར་སྣང་བ་དོན་དམ་པའི་སེམས་ལ་སེམས་ཙམ་དུ་གསུངས་ཏེ། དེ་ལྟར་ཀུན་རྫོབ་ཀྱི་སེམས་ཙམ་ལས་འདས་པ་དོན་དམ་པའི་སེམས་ཙམ་ཡང་ཡང་གསུངས་པའི་དོན། སེམས་འགྲེལ་སྐོར་གསུམ་གྱི་མན་ངག་ཟབ་མོ་ལ་བརྟེན་ནས་ཁོང་དུ་ཆུད་པར་བྱའོ། །དེ་ལྟ་བས་ན་ལང་ཀར་གཤེགས་པ་ལ་སོགས་པ་རྣམས་སུ། དོན་དམ་པའི་སེམས་ཙམ་གསུངས་པ་ལས་འཁྲུལ་ནས། རྣམ་ཤེས་ལས་མ་འདས་པའི་སེམས་ཙམ་གྱི་རང་བཞུང་དུ་སྨྲ་བར་མི་བྱ་སྟེ། རྣམ་ཤེས་ལས་འདས་མ་འདས་ཁྱད་པར་ཤིན་ཏུ་ཆེ་བའི་ཕྱིར་རོ། །ཡང་གཞུང་དེ་དག་ཏུ་འཇིག་རྟེན་པའི་སེམས་ཙམ་གསུངས་པ་ནི་དེ་ཁོ་ན་ཉིད་ལ་འཇུག་པའི་སྒོ་དང་ཐབས་སུ་གྱུར་པ་ཡིན་གྱི། དེ་ལ་མཐར་ཐུག་ཏུ་བྱེད་པ་ནི་མ་ཡིན་ནོ། །དེ་ལ་འཇིག་རྟེན་པའི་སེམས་ཙམ་ནི་མདོ་དེ་ཉིད་དུ། རྣམ་པར་རྟོག་པའི་བག་ཆགས་འབྲེལ། །སེམས་ལས་བྱུང་བ་སྣ་ཚོགས་པ། །མི་ལ་ཕྱི་རོལ་སྣང་བ་ནི། །འཇིག་རྟེན་པ་ཡི་སེམས་ཙམ་མོ། །ཞེས་གསུངས་ཏེ། རྟོག་གེ་བ་དག་ལ་གྲགས་པའི་སེམས་ཙམ་དང་གཅིག་གོ །དེས་ནི་མཐར་ཐུག་གི་སེམས་ཙམ་དུ་མི་རུང་སྟེ། མདོ་དེ་ཉིད་དུ། ཇི་སྲིད་སེམས་ནི་འཇུག་པའི་བར། །དེ་སྲིད་འཇིག་རྟེན་རྒྱང་འཕན་[པ་དང་འདྲ་བར་ཆོས་སྐུ་མ་ཐོབ་པ་]ཡིན། །ཞེས་དང༌། གཟུང་དང་འཛིན་པའི་དངོས་པོར་ནི། །གལ་ཏེ་སེམས་ནི་འཇུག་འགྱུར་ན། །དེ་ནི་འཇིག་རྟེན་པ་ཡི་སེམས[ཡིན་པས]། །[དོན་དམ་གྱི་]སེམས་ཙམ་དུ་ཡང་མི་རུང་ངོ༌། །ཞེས་དང༌། ནམ་མཁའ་ལ་ནི་སྤྲིན་བཞིན་དུ། །དེ་བཞིན་[གློ་བུར་པའི་]སེམས་ཀྱང་[ཡེ་ཤེས་ལ་]མི་སྣང་ངོ༌། །[ཀུན་རྫོབ་ཀྱི་]སེམས་ནི་ལས་ཀྱང་སྩོགས་པར་བྱེད། །ཡེ་ཤེས་ཀྱིས་ནི་རྣམ་པར་སེལ། །[རྣམ་པར་མི་རྟོག་པའི་]ཤེས་རབ་ཀྱིས་ནི་[གློ་བུར་པའི་ཆོས་རྣམས་]སྣང་མེད་དང༌། །[མངོན་ཤེས་ལ་སོགས་པའི་]མཐུ་ཡང་རབ་ཏུ་ཐོབ་པར་བྱེད། །ཅེས་པ་ལ་སོགས་པས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སེམས་ཙམ་རྣམ་པ་གཉིས་ཀྱི་ཁྱད་པར་རྒྱ་ཆེར་གསུངས་པའི་ཕྱིར་རོ། །

དོན་དམ་གྱི་སེམས་ཙམ་གསང་སྔགས་ཟབ་མོ་རྣམས་སུ་བསྟན་ཚུལ།

དེ་དང་རྗེས་སུ་མཐུན་པར་དབུ་མ་ཆེན་པོའི་མཐར་ཐུག་པ་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་དུ་ཡང༌། ཀུན་རྫོབ་ཀྱི་སེམས་གདོད་ནས་འགགས་པའི་གཞི་དོན་དམ་པའི་སེམས་ཙམ་གསུངས་པ་འདི་ལྟ་སྟེ། [དོན་དམ་གྱི་]སེམས་ཙམ་[དོན་དམ་གྱི་]སྔགས་ཀྱི་ངོ་བོ་[དོན་དམ་གྱི་]ལྷ་ཡིས་ཡོངས་སུ་བསྐོར་བ་[བདེན་བཞི་དབྱེར་མེད་ཡིན་པས་]སྡུག་བསྔལ་དང་ནི་བདེ་བའི་རང་བཞིན་ཏེ། །ཞེས་སོགས་དང༌། [དོན་དམ་གྱི་]སེམས་ཀྱི་སྣང་བ་ཙམ་སྟེ་རང་གི་ཡིད་[ཀུན་བཟང་]ལས་སྐྱེས་པ་[པྲ་ཕབ་པའི་]མེ་ལོང་གི་ནི་གཟུགས་བརྙན་ལྟ་བུ་ཉིད། །གང་ཞིག་མཐའ་དག་རྒྱལ་བའི་སྲས་དང་སངས་རྒྱས་རྣམས་ཀྱིས་བསྟེན་པ་རྣལ་འབྱོར་དབང་པོས་བསྟེན་བྱ་སྟེ། །ཞེས་པ་ལ་སོགས་པས། རང་བྱུང་དོན་དམ་པའི་དབྱིངས་རིག་དབྱེར་མེད་རྡོ་རྗེ་སེམས་དཔའ་དང་ཕྱག་རྒྱ་ཆེན་མོ་ལ་སེམས་ཙམ་དུ་གསུངས་པ་ཡང༌། དོན་དམ་པའི་སེམས་ཙམ་ལ་དགོངས་པ་ཡིན་ཏེ། ལང་ཀར་གཤེགས་པ་ལ་སོགས་པ་འཁོར་ལོ་གསུམ་པའི་གཞུང་ལུགས་ཟབ་མོ་རྣམས་སུ་གསུངས་པའི་དོན་དམ་པའི་སེམས་ཙམ་དང་གཅིག་པ་ཡིན་ནོ། །དེ་བཞིན་དུ་རྗེ་བཙུན་སྤྱན་རས་གཟིགས་དབང་ཕྱུག་གི་ཞལ་སྔ་ནས་ཀྱང༌། གང་ཞིག་[དོན་དམ་གྱི་]སེམས་དམིགས་པ་དང་བཅས་པའི་སྟོང་པ་ཉིད་དང་དམིགས་པ་མེད་པའི་སྙིང་རྗེའི་བདག་ཉིད། ཅེས་པ་ལ་སོགས་པས་དོན་དམ་པའི་སེམས་གསུངས་པ་ཡང་དེ་བཞིན་ནོ། །མཁའ་འགྲོ་མ་རྡོ་རྗེ་གུར་དུ་ཡང༌། ཇི་ལྟར་ནམ་མཁའ་དེ་བཞིན་[དོན་དམ་གྱི་]སེམས[བཞུགས་པའི]། །སྐྱེ་[བོ་]འདི་སངས་རྒྱས་མཆོག་ཉིད་དུ། །[དོན་དམ་གྱི་]སེམས་བསྒོམས་པས་ནི་འཚང་རྒྱའོ། །རིན་ཆེན་[འབྱུང་ལྡན་དང་གཅིག་པའི་]སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་[གཤིས་ལ་]མེད་ཅིང་སེམས་ཅན་མེད། །ཞེས་དང༌། [དཔེར་ན་འདུས་མ་བྱས་]ནམ་མཁའ་འབྱུང་བ་[བཞི་པོ་]ཐམས་ཅད་དང༌། །ཆོས་རྣམས་ཀུན་གྱི་གཞིར་གྱུར་བཞིན། །[རང་བཞིན་འགྱུར་མེད་]བདེ་མཆོག་[གདོད་ནས་]དག་པའི་སེམས་ཉིད་[འོད་གསལ་]ཏེ། །མཁའ་བཞིན་[གདོད་ནས་]དག་པའི་སེམས་ཉིད་ཀྱང་[ཆོས་རྣམས་ཀུན་གྱི་གཞི་ཡིན་ལ]། །[དོན་དམ་གྱི་]ཡུལ་དང་དབང་པོའི་རང་བཞིན་ནི།།[དོན་དམ་གྱི་]སེམས་ལས་ཕྱི་རོལ་གྱུར་མིན་ཡང༌། །[དོན་དམ་གྱི་]གཟུགས་སོགས་སོ་སོར་སྣང་བ་རྣམས། །[དོན་དམ་གྱི་]སེམས་ཉིད་ཁོ་ནར་སྣང་བ་ཡིན། །ཞེས་པ་ལ་སོགས་པས་ཀྱང་དོན་དམ་པའི་སེམས་གསལ་བར་མཛད་དེ། དོན་དམ་པའི་སངས་རྒྱས་ནམ་མཁའ་ལྟར་རྒྱ་ཆེ་ཞིང་འདུས་མ་བྱས་པའི་སེམས་བསྒོམས་པས་འཚང་རྒྱ་བ་དང༌། འཁོར་འདས་ཀུན་གྱི་གཞིར་གྱུར་པའི་དོན་དམ་གྱི་སེམས་རིན་པོ་ཆེ་དང༌། ནམ་མཁའ་ལྟར་ཆོས་ཐམས་ཅད་ཀྱི་གཞིར་གྱུར་པ་བདེ་མཆོག་[འཁོར་ལོ་གདོད་ནས་]དག་པའི་སེམས་ཉིད་ཡུལ་དང་དབང་པོ་ལ་སོགས་པ་རྣམ་པ་ཀུན་ལྡན་རྣམ་པ་མེད་པའི་སེམས་ནི་དོན་དམ་པའི་སེམས་སོ། །ས་ར་ཧ་པའི་ཞལ་སྔ་ནས་ཀྱང༌། [དོན་དམ་གྱི་]སེམས་ཉིད་གཅིག་པུ་ཀུན་གྱིས་ས་བོན་ཏེ། །གང་ལས་སྲིད་དང་མྱ་ངན་འདས་འཕྲོ་བ། །འདོད་པའི་འབྲས་བུ་སྟེར་བར་བྱེད་པ་ཡི། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་འཁོར་འདས་ཀུན་གྱི་གཞིར་གྱུར་པའི་ཆོས་ཉིད་དོན་དམ་གྱི་སེམས་ཡིད་བཞིན་ནོར་བུ་ལྟ་བུར་གསུངས་ལ། [སེམས་འདི་དག་ཀུན་རྫོབ་ཀྱི་སེམས་ལ་འཆད་པ་ནི་དགོངས་པ་མ་ཡིན་ནོ།།]དེ་བཞིན་དུ། དཔལ་རྡོ་རྗེ་ཕྲེང་བའི་རྒྱུད་དུ་ཡང༌། དབྱིངས་ནི་བྱང་ཆུབ་སེམས་སུ་གསུངས། །ཞེས་ཆོས་ཀྱི་དབྱིངས་ཉིད་དོན་དམ་གྱི་སེམས་སུ་གསུངས་ཤིང༌། ཕྱག་རྒྱ་ཆེན་པོ་ཐིག་ལེའི་རྒྱུད་དུ་ཡང༌། དབྱིངས་ནི་སེམས་སུ་ཤེས་པར་དྲན། །ཞེས་པ་ལ་སོགས་པས། ཆོས་ཀྱི་དབྱིངས་ཉིད་དོན་དམ་གྱི་སེམས་སུ་གསུངས་སོ། །དེ་བཞིན་དུ་དཔལ་སམ་པུ་ཊིར་ཡང༌། [སྟོང་གཞི་དོན་དོན་གྱི་སེམས་ནི་ནམ་མཁའ་ལྟར་]ཆ་[ཤས་]མེད་[ཅིང་]མཆོག་ཏུ་ཕྲ་བ་སྟེ། །ཐིག་ལེའི་གཟུགས་ཅན་[ནམ་རང་བཞིན་ཅན་དོན་དམ་གྱི་]ཡིད་ཀྱི་དངོས། །གཟི་བརྗིད་ཆེན་པོའི་འོད་དང་ལྡན། །རྟག་ཏུ་སྙིང་གི་དབུས་ན་གནས། །ཞེས་དང༌། དྲི་མེད་ཤེལ་དང་མཚུངས་པའི་འོད། །[དོན་དམ་གྱི་]བྱང་ཆུབ་སེམས་ནི་འོད་གསལ་བ། །ཡེ་ཤེས་ལྔ་ཡི་དངོས་པོ་[སྟེ་ངོ་བོ་]ཉིད། །ཅེས་པ་ལ་སོགས་པས་ཀྱང་དོན་དམ་པའི་སེམས་གསལ་བར་མཛད་དེ། རྟག་ཏུ་ཀུན་གྱི་སྙིང་ལ་གནས་པའི་རང་བཞིན་འོད་གསལ་ཆ་མེད་མཆོག་ཏུ་ཕྲ་བའི་ཐིག་ལེ་ཡེ་ཤེས་ལྔ་དང༌། དོན་དམ་པའི་ཡིད་ཀུན་ཏུ་བཟང་པོ་ལ་དོན་དམ་བྱང་ཆུབ་ཀྱི་སེམས་སུ་གསུངས་པ་ཡིན་ནོ། །དེ་བཞིན་དུ། དཔལ་མཁའ་འགྲོ་རྒྱ་མཚོར་ཡང༌། འཇིག་རྟེན་གསུམ་དུ་རྙེད་དཀའ་བ། །ཐོག་མ་དབུས་མཐར་ཡང་དག་གནས[ཏེ]། །[ནམ་ཡང་བཞུགས་པ་]གང་ཞིག་མཐའ་བྲལ་རྣམས་ཀྱི་[སྟེ་མཐའ་རྣམས་དང་བྲལ་བའི་]སེམས། །[བདེ་སྟོང་གི་]སེམས་དེ་རོ་མཉམ་གྱུར་བའོ། །ཞེས་པ་ལ་སོགས་པས་ཀྱང་མཐའ་བྲལ་རོ་མཉམ་དོན་དམ་གྱི་སེམས་ཐོག་མ་དབུས་མཐར་རྟག་ཏུ་བཞུགས་ཀྱང༌། འཇིག་རྟེན་པས་རྙེད་དཀའ་བ་གསུངས་སོ། །དེ་བཞིན་དུ། དཔལ་དང་པོའི་སངས་རྒྱས་ལས་ཀྱང༌། མ་སྐྱེས་པ་དང་མ་འགགས་པའི། །ཤེས་བྱ་གང་ཞིག་འདིར་མཐོང་བ། །དེ་ནི་རང་སེམས་[དོན་དམ་པ་ཡིན་གྱི་དེ་ལས་]གཞན་མ་ཡིན། །ཞེས་པ་ལ་སོགས་པས་དོན་དམ་པའི་ཤེས་བྱ་ཡང་ཡིན་ལ། དོན་དམ་པའི་སེམས་ཀྱང་ཡིན་པ་གསུངས་སོ། །

འགའ་ཞིག་ཏུ་ཀུན་རྫོབ་ཀྱི་སེམས་ཙམ་གསུངས་པའི་དགོངས་པ་བསྟན་པ།

ཡང་གལ་ཏེ་འདི་སྙམ་དུ། བྱང་ཆུབ་སེམས་དཔས་བསོད་ནམས་ཡེ་ཤེས་ཀྱི། །མཐའ་ཡས་ཕ་རོལ་ཚོགས་རྣམས་ལེགས་བསགས་ནས། །ཆོས་ལ་སེམས་པ་ཤིན་ཏུ་རྣམ་ངེས་ཕྱིར། །དོན་གྱི་རྣམ་པ་བརྗོད་པའི་རྒྱུ་ཅན་རྟོགས། །[རྒྱལ་སྲས་མོས་སྤྱོད་ལ་གནས་པ་]དེ་ཡིས་བརྗོད་པ་ཙམ་དུ་དོན་རིག་ནས། །དེར་སྣང་སེམས་ཙམ་ལ་ནི་ཡང་དག་གནས། །དེ་ནས་[ས་དང་པོར་]ཆོས་དབྱིངས་[བདག་གཉིས་དང་གཟུངས་འཛིན་]གཉིས་ཀྱི་མཚན་ཉིད་དང༌། །བྲལ་བ་མངོན་སུམ་ཉིད་དུ་རྟོགས་པར་འགྱུར། །[དེ་ལྟར་མོས་སྤྱོད་ཀྱི་གནས་སྐབས་སུ་]སེམས་ལས་གཞན་མེད་པར་ནི་བློས་རིག་ནས། །དེ་ནས་[ས་དང་པོར་]སེམས་ཀྱང་མེད་པ་ཉིད་དུ་རྟོགས། །བློ་དང་ལྡན་པས་[གཟུང་འཛིན་]གཉིས་པོ་མེད་རིག་ནས། །དེ་མི་ལྡན་པའི་ཆོས་ཀྱི་དབྱིངས་ལ་གནས། །བློ་དང་ལྡན་པའི་མི་རྟོག་ཡེ་ཤེས་སྟོབས། །རྟག་ཏུ་ཀུན་ནས་མཉམ་པར་སོང་བ་ཡིས། །དེ་ལ་བརྟེན་པའི་ཉེས་ཚོགས་ཚང་ཚིང་དག །དུག་སྨན་ཆེན་པོས་དུག་བཞིན་སེལ་བར་བྱེད། །ཅེས་གསུངས་པའི་ཕྱིར། སེམས་ཙམ་གྱི་རང་གཞུང་ཉིད་དུ་གྲུབ་བོ་སྙམ་ན་དེ་ལྟ་མ་ཡིན་ཏེ། དེ་ནས་སེམས་ཀྱང་མེད་པ་ཉིད་དུ་རྟོགས། །ཞེས་པ་འདིས་ཀྱང་སེམས་ཙམ་ལས་འདས་པར་བསྟན་པའི་ཕྱིར་རོ། །གཞན་ཡང་ཐེག་པ་ཆེན་པོ་འདི་ལ་ཚོགས་བསགས་པའི་བྱང་ཆུབ་སེམས་དཔས་སྲིད་པ་གསུམ་དུ་གཏོགས་པ་ཐམས་ཅད་བདག་གཉིས་ཀྱིས་སྟོང་པར་རྟོགས་ནས་དེ་ཁོ་ན་ཉིད་ལ་རྣམ་པར་རིག་པ་ཙམ་གྱི་སྒོ་ནས་འཇུག་པ་ཡང་ཡོད་དེ། དེའི་དབང་དུ་མཛད་ནས། བློ་དང་ལྡན་པས་སྲིད་[པ་གསུམ་དུ་]གཏོགས་[པ་ཐམས་ཅད་]བདག་མེད་རྣམ་པ་གཉི་གའང་[ཡིན་པར་]རིག་གྱུར་ལ། །དེ་ཡང་[ཆོས་ཐམས་ཅད་བདག་མེད་དུ་]མཉམ་པར་ཤེས་ནས་[རྒྱལ་སྲས་]དེ་ནི་[རྣམ་རིག་ཙམ་ཞེས་]འཛིན་པ[མ་འགགས་པ]འི་སྒོ་ནས་དེ་[ཁོ་ན་]ཉིད་[ལ་]འཇུག །དེ་ནས་[རྣམ་རིག་ཙམ་]དེ་ལ་ཡིད་གནས་ཕྱིར་ན་དེ་ལ་[དོན་]དེ་ཡང་མི་སྣང་ངོ༌། །[དོན་མེད་པས་རྣམ་རིག་ཙམ་ཡང་མེད་པའི་ཕྱིར་རྣམ་རིག་]དེ་མི་སྣང་བ་གྲོལ་བ་ཡིན་ཏེ་མཆོག་ཏུ་དམིགས་[པ་འཛིན་པ་]དང་བྲལ་བའོ། །ཞེས་དང༌། ཚོགས་[བསགས་པ་ཉིད་]ཀྱི་གཞི་[ཐོས་བསམ་]དང་བསྐྱེད་[པ་སྒོམ་བྱུང་]ཡོད་ན། །མིང་ཙམ་དུ་ནི་མཐོང་བར་འགྱུར། །མིང་ཙམ་མཐོང་སྟེ་[རྣམ་རིག་ཙམ་]དེར་མཐོང་ན། །[རྣམ་རིག་ཙམ་]དེ་ཡང་ཕྱིས་ནི་མི་མཐོང་ངོ༌། །ཞེས་གསུངས་པ་ཡིན་ནོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའི་ངེས་འབྱེད་ཆ་མཐུན་གྱི་གནས་སྐབས་སུ་སེམས་ཙམ་ལ་གནས་ཤིང༌། དེའི་རྗེས་ཐོགས་ཉིད་དུ་སེམས་ཀྱང་མེད་པར་མངོན་སུམ་གྱིས་རྟོགས་ཏེ་འཚམས་དེ་ནས་སེམས་ཙམ་ལས་ཡང་དག་པར་འདས་པ་ཡིན་ནོ། །ཚུལ་འདི་ལ་མེད་པའི་མཚན་ཉིད་ལ་འཇུག་པའི་ཐབས་ཞེས་དབུས་མཐའ་རྣམ་འབྱེད་ཀྱི་འགྲེལ་པར་ཡང་གསུངས་ཤིང༌། ཐེག་པ་ཆེན་པོ་བསྡུས་པར་ཡང༌། དེར་འཇུག་དང༌། ཞེས་དེ་ཁོ་ན་ཉིད་ལ་འཇུག་པའི་ཐབས་དང་སྒོ་ཡིན་པར་གསུངས་སོ། །སེམས་ཙམ་ཉིད་ལ་ཚོད་འཛིན་པ་ནི་མ་ཡིན་ཏེ། [ཐེག་བསྡུས་]དེ་ཉིད་ལས། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ལ་ཇི་ལྟར་འཇུག་ཅེ་ན། རྣམ་པར་རིག་པ་ཙམ་གྱི་འདུ་ཤེས་ཀྱང་བཟློག་ནས་འཇུག་སྟེ། དེའི་ཚེ་བྱང་ཆུབ་སེམས་དཔའ་དོན་གྱི་འདུ་ཤེས་རྣམ་པར་བཤིག་པ་དེ་ལ་ཡིད་ཀྱི་བརྗོད་པ་ཐོས་པའི་ཆོས་ཀྱི་བག་ཆགས་ཀྱི་རྒྱུ་ལས་བྱུང་བ་དེ་དག་ལ་དོན་དུ་སྣང་བ་ཐམས་ཅད་འབྱུང་བའི་སྐབས་མེད་པ་ཡིན་ནོ། །དེས་ན་རྣམ་པར་རིག་པ་ཙམ་དུ་སྣང་བ་ཡང་མི་འབྱུང་སྟེ། ཞེས་དང༌། ཡེ་ཤེས་རྒྱུ་བ་རྟོག་མེད་ལ། །དོན་རྣམས་ཐམས་ཅད་མི་སྣང་ཕྱིར། །དོན་མེད་ཁོང་དུ་ཆུད་པར་བྱ། །དེ་མེད་པས་ན་རྣམ་རིག་མེད། །ཅེས་པ་ལ་སོགས་པས་རྣམ་རིག་མེད་པར་གསུངས་པ་རྣམས་སེམས་ཙམ་པ་རྣམ་ཤེས་དོན་དམ་དུ་བདེན་པར་འདོད་པ་དང་ཤིན་ཏུ་འགལ་བ་ཡིན་ནོ། །

མངོན་པ་ལ་སོགས་པ་གཞུང་གཞན་ལ་ཡང་སྐུར་འདེབས་ཀྱི་སྐྱོན་བསལ་བ།

དེ་བཞིན་དུ། ཆོས་མངོན་པ་ཀུན་ལས་བཏུས་པ་ལ་སོགས་པར་ཀུན་གཞི་རྣམ་ཤེས་སྟོན་པའི་རྒྱུ་མཚན་གྱིས་སེམས་ཙམ་གྱི་རང་གཞུང་དུ་འདོད་པ་ཡང་འཁྲུལ་ཏེ། རྒྱུད་སྡེ་ཟབ་མོ་རྣམས་དང༌། སེམས་འགྲེལ་སྐོར་གསུམ་ལ་སོགས་པ་དབུ་མའི་གཞུང་ལུགས་མཐར་ཐུག་པ་རྣམས་སུ་ཡང༌། ཀུན་གཞི་རྣམ་ཤེས་ཡང་དང་ཡང་དུ་བསྟན་པའི་ཕྱིར་རོ། །ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་རྣམ་གཞག་བསྟན་པས་ཀྱང་སེམས་ཙམ་གྱི་རང་གཞུང་དུ་མི་འགྱུར་ཏེ། དེ་དག་ནི་དབུ་མ་ཆེན་པོའི་མདོ་རྒྱུད་ཟབ་མོ་འགྲེལ་པ་དང་བཅས་པ་རྣམས་སུ་ཡང༌། ཡང་དང་ཡང་དུ་གསུངས་པའི་ཕྱིར་རོ། །གཞན་ཡང་གཞུང་འདིར། [མོས་སྤྱོད་ལ་གནས་པའི་]བྱང་ཆུབ་སེམས་དཔའ་མཉམ་བཞག་པས། །[དོན་ཐམས་ཅད་]ཡིད་ཀྱི་གཟུགས་བརྙན་[ཙམ་དུ་]མཐོང་བས་ན། །དོན་གྱི་འདུ་ཤེས་ལྡོག་དེ་ནས། །[རྣམ་རིག་ཙམ་]རང་གི་འདུ་ཤེས་ངེས་པར་གཟུང༌། །དེ་ལྟར་ནང་གི་སེམས་[ཙམ་]གནས་ཤིང༌། །གཟུང་བ་མེད་པར་རྟོགས་པར་བྱ[སྟེ་སྦྱོར་ལམ་དུའོ།]། །དེ་ཡི་འོག་ཏུ་འཛིན་[པའང་]མེད་པར[འགྱུར་ཞིང་]། །དེ་ནས་[གཟུང་འཛིན་གཉི་ག་]མི་དམིགས་[པ་ཆོས་ཉིད་ལ་]རེག་པར་བྱ[སྟེ་ས་དང་པོ་ལ་སོགས་སུའོ]། །ཞེས་སེམས་ཙམ་ལས་འདས་པའི་མདོ་དྲངས་པ་དང༌། གང་དུ་མིག་དང་རྣ་བ་དང༌། །དེ་བཞིན་སྣ་དང་ལྕེ་དང་ལུས། །ཡིད་དང་དེ་བཞིན་མིང་དང་གཟུགས། །མ་ལུས་པ་ནི་འགག་འགྱུར་བ། །ཞེས་དང༌། གང་དུ་མིག་འགག་པ་དང༌། །ཁ་དོག་གི་འདུ་ཤེས་མེད་པར་འགྱུར་བ་དང༌། །ཆོས་ཀྱི་བར་དུ་འགག་པ་དང༌། །ཆོས་ཀྱི་འདུ་ཤེས་མེད་པར་འགྱུར་བ་དེ་ནི་གནས་སུ་རིག་པར་བྱའོ། །ཞེས་སེམས་ཙམ་ལས་འདས་པའི་ལུང་དྲངས་པ་དང༌། གཞན་ཡང༌། རྟེན་འབྲེལ་མཐའ་བཞི་ལས་སྐྱེ་བ་བཀག་པ་དང༌། སྐྱེ་བ་ངོ་བོ་ཉིད་མེད་པར་གསུངས་པ་དང། ཆོས་ཐམས་ཅད་མ་སྐྱེས་པ་དང་མ་འགགས་པ་དང༌། གཟོད་མ་ནས་ཞི་བ་དང༌། རང་བཞིན་གྱིས་མྱ་ངན་ལས་འདས་པ་དང༌། བདག་གཉིས་ཀྱིས་སྟོང་པ་ལ་སོགས་པ་གསུངས་པའི་ཕྱིར། སེམས་འགྲེལ་སྐོར་གསུམ་གྱི་མན་ངག་ཟབ་མོ་དང་ལྡན་པས། འདོད་མཁན་མང་ཉུང་[གིས་བདེན་བརྫུན་དུ་འཇོག་པ་]དང༌། སྐྱོ་མ་སྔ་བཙན་གྱི་བག་ཆགས་སྤངས་ཏེ་ལེགས་པར་བལྟས་ན་གནས་སྐབས་སུ་སེམས་ཙམ་སྟོན་ཡང་མཐར་སེམས་ཙམ་ལས་འདས་པའི་གཞུང་དུ་གསལ་བར་འགྱུར་རོ། །གཞན་ཡང་བདག་གཉིས་ཀྱིས་སྟོང་པའི་གཞི་ཆོས་ཉིད་དོན་དམ་པ་ཡོད་པར་གསུངས་པས་ཀྱང་སེམས་ཙམ་གྱི་རང་གཞུང་དུ་མི་འགྱུར་ཏེ། དབུ་མའི་གཞུང་ལུགས་དོན་དམ་གཞན་སྟོང་སྟོན་པ་རྣམས་ལ་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་བཞིན་དུ་རྒྱུ་མཚན་དེ་དག་གིས་ནི་མདོ་སྡེའི་རྒྱན་སེམས་ཙམ་དུ་འདོད་པ་ཡང་བསལ་བ་ཡིན་ནོ། །གལ་ཏེ། [ཉན་ཐོས་མ་ངེས་པ་]ཁ་ཅིག་དག་ནི་[ཐེག་ཆེན་ལ་]དྲང་[བའི་]ཕྱིར་དང༌། །[རྒྱལ་སྲས་མ་ངེས་པ་]གཞན་དག་[ཐེག་ཆེན་ལ་བློ་བརྟན་པར་]ཡང་དག་གཟུང་བའི་ཕྱིར། །རྫོགས་པའི་སངས་རྒྱས་རྣམས་ཀྱིས་ནི། །[རིགས་]མ་ངེས་[པ་]རྣམས་ལ་[མཐར་ཐུག་གི་]ཐེག་[པ་]གཅིག་[ཏུ་དོན་ལ་གནས་པ་དེ་གསལ་བར་]བསྟན། །ཞེས་ཐེག་གཅིག་དྲང་དོན་དུ་བསྟན་པའི་ཕྱིར། [མདོ་སྡེའི་རྒྱན་]དེ་སེམས་ཙམ་གྱི་གཞུང་དུ་གྲུབ་བོ། །ཞེ་ན། གཞུང་འདིས་ཐེག་ག ཅིག་དྲང་དོན་དུ་བསྟན་པ་ཅུང་ཟད་ཀྱང་མེད་དོ། །ཁ་ཅིག་དྲང་བའི་ཕྱིར་དང༌། གཞན་དག་ཡང་དག་གཟུང་བའི་ཕྱིར། ཞེས་པ་འདི་དག་ནི། མཐར་ཐུག་གི་ཐེག་པ་གཅིག་ཏུ་[དོན་ལ་གནས་པ་དེ་གསལ་བར་]བསྟན་པའི་དགོས་པ་བསྟན་པ་ཡིན་ལ། དགོས་པ་བསྟན་པས་དྲང་དོན་དུ་འགྱུར་ན་ནི་ཧ་ཅང་ཐལ་བར་འགྱུར་རོ། ། [དེས་ན་ཉན་ཐོས་མ་ངེས་པ་ཐེག་ཆེན་ལ་དྲང་བའི་ཕྱིར་གསུངས་པ་དང༌། དྲང་དོན་ལ་ཁྱད་ཆེན་པོ་ཡོད་དོ།།]ཡང་གལ་ཏེ། ལ་ལ་གཅིག་ཏུ་ཉེས་པར་སྤྱོད་ངེས་ཡོད། །ལ་ལ་དཀར་པོའི་ཆོས་རྣམས་ཀུན་ཏུ་བཅོམ། །ལ་ལ་ཐར་པའི་ཆ་མཐུན་དགེ་བ་མེད། །[ལ་ལ་]དཀར་པོ་དམན་པ་[ཙམ་]ཡོད་པ་[སྟེ་དེ་རྣམས་ནི་]རྒྱུ་[རྒྱས་པའི་རིགས་]དང་བྲལ། །ཞེས་རིགས་ཆད་བཤད་པའི་རྒྱུ་མཚན་གྱིས་སེམས་ཙམ་གྱི་རང་གཞུང་དུ་གྲུབ་བོ་ཞེ་ན། འདི་ལ་ཡང་ཁྱབ་པ་མེད་དེ། རང་བཞིན་གྱི་རིགས་ཆད་པ་ནི་སུ་ཡང་མི་སྲིད་ཅིང༌། རྒྱས་པའི་རིགས་ཆད་པ་ནི་མང་པོ་ཡོད་ལ། དེ་ལྟར་དོན་ལ་གནས་པ་བཞིན་དུ་དབུ་མའི་གཞུང་ལུགས་མྱང་འདས་ཆེན་པོ་དང༌། སོར་མོའི་ཕྲེང་བ་ལ་ཕན་པ་དང༌། རྒྱུད་བླ་མ་ལ་སོགས་པ་རྣམས་སུ་ཡང་[རང་བཞིན་གྱི་རིག་ཆད་པ་ནི་མི་སྲིད་ཅིང༌། རྒྱས་པའི་རིག་ཆད་པ་ཡོད་ཚུལ་]ལེགས་པར་གསུངས་པ་ཡིན་ནོ། །དེ་ཡང་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན་ཡང༌། ཐར་པའི་ས་བོན་མ་ཐེབས་པ་དང༌། དགེ་བ་མ་བསྐྱེད་པ་མང་དུ་ཡོད་པ་ལས་ཁོང་དུ་ཆུད་པར་བྱའོ། །རང་བཞིན་གྱི་རིགས་ཆད་པ་མི་སྲིད་པ་ནི་གཞུང་[མདོ་སྡེའི་རྒྱན་]དེ་ཉིད་དུ། དེ་བཞིན་ཉིད་དེ་ཐམས་ཅད་ལ། །ཁྱད་པར་མེད་ཀྱང་དག་གྱུར་པ། །དེ་བཞིན་གཤེགས་[པ་ཐོབ་པ་]ཉིད་[ཡིན་པ་]དེ་ཡི་ཕྱིར། །འགྲོ་ཀུན་དེ་ཡི་སྙིང་པོ་ཅན། །[ཞེས་དང༌། ཇི་ལྟར་ནམ་མཁའ་གཟུགས་གྱུར་ཀུན་ཏུ་སོང༌། །དེ་བཞིན་དེ་ཡང་སེམས་ཅན་ཚོགས་ཀུན་སོང༌།།]ཞེས་པ་ལ་སོགས་པ་རྒྱས་པར་གསུངས་སོ། །གཞན་ཡང་དེ་ཉིད་དུ། དེ་བཞིན་ཉིད་དམིགས་ཡེ་ཤེས་དང༌། །གཉིས་སུ་འཛིན་པ་རྣམ་སྤངས་དང༌། །གནས་ངན་ལེན་ལུས་མངོན་སུམ་པ། །བློ་ལྡན་དེ་ཟད་བྱེད་པར་འདོད། །ཅེས་པའི་འགྲེལ་པར། འདིས་ནི་ངོ་བོ་ཉིད་གསུམ་ཇི་ལྟར་ཡོངས་སུ་ཤེས་པས་གཞན་གྱི་དབང་གི་ངོ་བོ་ཉིད་ཟད་པར་འགྱུར་བ་དེ་ཡོངས་སུ་བསྟན་ཏེ། དེ་བཞིན་ཉིད་ལ་དམིགས་པ་ཉིད་ཀྱིས་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཡོངས་སུ་ཤེས་པ་དང༌། གཉིས་སུ་འཛིན་པ་རྣམ་པར་སྤངས་པ་ཉིད་ཀྱིས་ཀུན་བརྟགས་པ་དང༌། གནས་ངན་ལེན་གྱི་ལུས་མངོན་སུམ་པ་ཉིད་གྱིས་གཞན་གྱི་དབང་ཡོངས་སུ་ཤེས་ནས་གནས་ངན་ལེན་གྱི་ལུས་ཀུན་གཞི་རྣམ་པར་ཤེས་པ་གཞན་གྱི་དབང་དེ་ཉིད་ཟད་པར་འགྱུར་རོ། །ཞེས་གསུངས་ཏེ། གཞན་དབང་ཟད་པ་དང་ཀུན་གཞི་རྣམ་ཤེས་ཟད་པ་ནི་སེམས་ཙམ་ལས་ཡང་དག་པར་འདས་པ་ཡིན་ནོ། །དེ་ལྟར་བས་ན་སེམས་ཙམ་པ་རིགས་ཆད་འདོད་ཀྱི་དབུ་མ་པ་མི་འདོད་ཅེས་པ་དང༌། སེམས་ཙམ་པ་ཐེག་ཅིག་དྲང་དོན་དུ་འདོད་ཅེས་པ་དང༌། ངོ་བོ་ཉིད་གསུམ་སེམས་ཙམ་པ་ཁོ་ནའི་ཆོས་སྐད་ཡིན་ཞེས་པ་དང༌། ཀུན་གཞི་རྣམ་ཤེས་ལ་སོགས་པ་རྣམ་ཤེས་ཚོགས་བརྒྱད་སྟོན་པས་སེམས་ཙམ་ཉིད་དུ་གྲུབ་ཅེས་པ་ལ་སོགས་པར་གྲགས་པ་ངན་པས་ཁྱབ་[པར་བྱས་]པ་ལ་ནི་ཤེས་བྱེད་རྣམ་དག་ཅུང་ཟད་ཀྱང་མི་སྣང་ཞིང་གནོད་བྱེད་ཆེན་པོ་ཤིན་ཏུ་མང་བར་འདུག་པས་དུག་བཞིན་དུ་དོར་བར་བྱ་སྟེ། དེ་དག་ནི་སེམས་འགྲེལ་གྱི་མན་ངག་ཟབ་མོ་དང་མ་མཇལ་བས་སེམས་ཙམ་ལ་བདེན་གཉིས་སུ་འབྱེད་མ་ཤེས་པ་དང༌། གཞུང་འགའ་ཞིག་གི་འབྲུ་མ་ནོན་པ་ལ་བརྟེན་ནས་འཁྲུལ་ཞིང་[བརྒྱུད་མར་]འཁྲུལ་བའི་ཕྱིར་རོ། །དེ་བཞིན་དུ་རྒྱུད་སྡེ་ཟབ་མོ་གཞན་དང༌། གཞན་རྣམས་སུ། སེམས་ཆེན་པོ་དང༌། རྡོ་རྗེའི་སེམས་དང༌། བྱང་ཆུབ་སེམས་དང༌། བདེ་བའི་སེམས་དང༌། ཆགས་པ་ཆེན་པོ་དང༌། ཞེ་སྡང་ཆེན་པོ་དང༌། གཏི་མུག་ཆེན་པོ་དང༌། སེམས་དང་སེམས་བྱུང་གཞན་དང༌། རྣམ་ཤེས་གཞན་ལ་སོགས་པ་རྣམ་པ་མང་པོའི་སྒོ་ནས་དོན་དམ་པའི་སེམས་ཉིད་ཡང་དང་ཡང་དུ་གསུངས་ཤིང༌། དེ་ལས་གཞན་པའི་ཆོས་འགའ་ཡང་གཤིས་ཀྱི་གནས་ལུགས་ལ་མེད་པའི་ཕྱིར། ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི་ཆོས་འགའ་ཡང་མེད་པར་གསུངས་པ་རྣམས་དང་དོན་གཅིག་པ་ཡིན་ནོ། །དེའི་ཕྱིར་གནས་སྐབས་སུ་སེམས་ཙམ་སྟོན་ཡང༌། མཐར་དེ་ལས་འདས་པ་དབུ་མ་ཆེན་པོའི་དོན་ཟབ་ཅིང་རྒྱ་ཆེ་བ་སྟོན་པའི་གཞུང་ལུགས་ཁྱད་པར་དུ་འཕགས་པ་རྣམས་སེམས་ཙམ་གྱི་རང་གཞུང་དུ་ཕབ་ན་དམ་པའི་ཆོས་སྤོང་བའི་ལས་སུ་འགྱུར་རོ། །

གནས་སྐབས་སུ་སེམས་ཙམ་སྟོན་པས་དེའི་རང་གཞུང་དུ་འགྱུར་ན་ཧ་ཅང་ཐལ་བ།

གལ་ཏེ་གནས་སྐབས་སུ་སེམས་ཙམ་སྟོན་པ་ཉིད་ཀྱིས་སེམས་ཙམ་གྱི་གཞུང་དུ་གྲུབ་བོ་སྙམ་ན། དེ་ལྟ་ན་ནི་རིགས་པ་མཚུངས་པས་ཡུམ་དང་མངོན་རྟོགས་རྒྱན་ལ་སོགས་པར་ཡང༌། ཉན་ཐོས་ཀྱི་ཐེག་པ་སྟོན་པའི་ཕྱིར་དེ་དག་ཉན་ཐོས་ཀྱི་གཞུང་དུ་འགྱུར་རམ་ཅི། དེ་ལྟ་བས་ན། དགོངས་པ་ངེས་པར་འགྲེལ་པ་ལ་སོགས་པ་འཁོར་ལོ་གསུམ་པའི་མདོ་སྡེ་ཟབ་མོ་རྣམས་དང༌། མདོ་སྡེའི་རྒྱན་དང༌། དབུས་མཐའ་རྣམ་འབྱེད་ལ་སོགས་པ་དང༌། རྣལ་འབྱོར་སྤྱོད་པའི་ས་དང༌། ཐེག་པ་ཆེན་པོ་བསྡུས་པ་དང༌། ཆོས་མངོན་པ་ཀུན་ལས་བཏུས་པ་ལ་སོགས་པ་གནས་སྐབས་སུ་སེམས་ཙམ་སྟོན་ཡང༌། མཐར་དེ་ལས་ཤིན་ཏུ་འདས་པ་དབུ་མ་ཆེན་པོ་གསང་སྔགས་དང་གཅིག་པའི་དོན་སྟོན་པ་རྣམས་ལ་སྐུར་བ་གདབ་པར་མི་བྱའོ། །གལ་ཏེ་ས་སྡེ་ནི་རྣལ་འབྱོར་སྤྱོད་པའི་ས་ཞེས་པ་བསྟན་བཅོས་ཀྱི་མིང་དེ་ཉིད་ཀྱིས་སེམས་ཙམ་དུ་གྲུབ་བོ་ཞེ་ན། དེ་ལྟ་ན་ནི་[འཕགས་པ་ལྷའི་དབུ་མ་]རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ཡང་སེམས་ཙམ་གྱི་གཞུང་དུ་ཧ་ཅང་ཐལ་བར་འགྱུར་རོ། །སའི་དངོས་གཞིར་གང་ཟག་ལ་བདག་མེད་པ་དང༌། ཆོས་ལ་བདག་མེད་པ་དང༌། [ཡོད་མེད་དང་རྟག་ཆད་ལ་སོགས་པའི་]མཐའ་གཉིས་རྣམ་པར་སྤངས་པའི་[གཞི་བར་མའམ་ནང་མ་]དབུ་མའི་ལམ་སྟེ། [ཆོས་གློ་བུར་བ་རྣམས་གཤིས་ལ་ཡོད་དོ་ཞེས་]སྒྲོ་བཏགས་པའི་མཐའ་རྣམ་པར་སྤངས་པ་དང་[ཆོས་ཉིད་གཉུག་མ་གཤིས་ལ་མེད་དོ་ཞེས་]སྐུར་བ་བཏབ་པའི་མཐའ་རྣམ་པར་སྤངས་པ་ཞེས་སོགས་མཐའ་བྲལ་དབུ་མ་ཡང་ཡང་གསུངས་པ་རྣམས་ཀྱང་མཐོང་ཞིང་རྟོགས་པར་གྱུར་ཅིག །སུམ་ཅུ་པའི་རབ་ཏུ་བྱེད་པ་ཡང་སེམས་ཙམ་གྱི་གཞུང་ཉིད་དུ་གྲགས་མོད་ཀྱི། ནམ་ཞིག་ཤེས་པའི་དམིགས་པ་རྣམས། །མི་དམིགས་དེ་ཡི་ཚེ་ན་ནི། །རྣམ་པར་རིག་པ་ཙམ་ལ་གནས། །ཞེས་པའི་མཐར་རྣམ་རིག་ཙམ་ལས་འདས་པར་གསུངས་ཏེ། འདི་ལྟར་དེའི་རྗེས་ཐོགས་ཉིད་དུ། གཟུང་བ་མེད་པས་དེ་འཛིན་མེད། །དེ་ནི་སེམས་མེད་མི་དམིགས་པ། །འཇིག་རྟེན་འདས་པའི་ཡེ་ཤེས་དེ། །གནས་ནི་གཞན་དུ་གྱུར་པ་སྟེ། །གནས་ངན་ལེན་གཉིས་སྤངས་པས་སོ། །དེ་ཉིད་ཟག་པ་མེད་དང་དབྱིངས། །བསམ་མི་ཁྱབ་དང་དགེ་དང་བརྟན། །དེ་ནི་བདེ་བ་རྣམ་གྲོལ་སྐུ། །ཐུབ་པ་ཆེན་པོའི་ཆོས་ཞེས་བྱ། །ཞེས་པའོ། །འདིར་སེམས་མེད་མི་དམིགས་པ་ཞེས་པ་ཡང་སེམས་ཙམ་པ་སེམས་རྣམ་ཤེས་དོན་དམ་དུ་ཡོད་པར་འདོད་པ་དང་འགལ་ཞིང༌། ཟག་པ་མེད་པའི་དབྱིངས་དང༌། བསམ་གྱིས་མི་ཁྱབ་པའི་དབྱིངས་དང༌། དོན་དམ་པའི་དགེ་བ་དང༌། ཆོས་ཉིད་མི་འགྱུར་ཞིང་བརྟན་པ་དང༌། དོན་དམ་གནས་ལུགས་ལ་བདེན་པ་དང༌། གདོད་ནས་རྣམ་པར་གྲོལ་བའི་སྐུ་དང༌། ཐུབ་པ་ཆེན་པོ་ཆོས་སྐུ་དང་དབྱེར་མེད་པའི་ཡོན་ཏན་གྱི་ཆོས་གང་གཱའི་ཀླུང་གི་བྱེ་མ་སྙེད་ལས་འདས་པ་རྣམས་ཀྱང་རྣམ་ཤེས་ཀྱི་ཆོས་ལས་ཤིན་ཏུ་འདས་པའི་ཕྱིར་སེམས་ཙམ་པ་རྣམ་ཤེས་དོན་དམ་དུ་བདེན་པར་འདོད་པ་དང་འགལ་བ་ཡིན་ནོ། །དེ་བཞིན་དུ། གྲུབ་ནི་དེ་ལ་སྔ་མ་པོ། །རྟག་ཏུ་མེད་པར་གྱུར་པ་གང༌། །ཞེས་པ་ལ་སོགས་པས་ཆོས་ཉིད་ཡོངས་གྲུབ་དེ་བཞིན་ཉིད་དུ་གསུངས་པ་ཡང་གཉིས་མེད་ཡེ་ཤེས་ཡིན་པ་ཉིད་ཀྱི་ཕྱིར། རྣམ་ཤེས་ཀྱི་ཆོས་ལས་ཡང་དག་པར་འདས་པ་ཡིན་ནོ། །དེ་ལྟ་བས་ན་གཞུང་འདིར་སེམས་ཙམ་སྟོན་མོད་ཀྱི་མཐར་ནི་དེ་ལས་ཤིན་ཏུ་འདས་པ་སྟོན་པའི་ཕྱིར། སེམས་ཙམ་གྱི་རང་གཞུང་ཉིད་དུ་ཕབ་ན་རྩོམ་པ་པོའི་དགོངས་པ་དང་མི་མཐུན་ནོ། །[ཉི་ཤུ་པའི་རབ་ཏུ་བྱེད་པར་ཡང༌། སེམས་ཙམ་སྟོན་མོད་ཀྱི་མཐར་ནི་དེ་ལས་འདས་པར་སྟོན་ཅིང༌། དེ་ཉིད་ཀྱི་རང་འགྲེལ་དུ་ནི་ཤིན་ཏུ་གསལ་བར་ཡང་སྟོན་པས་གཞུང་ལུགས་རྣམ་དག་རྣམས་ཀྱི་དགོངས་པ་ལེན་པ་ལ་ཤིན་ཏུ་མཁས་པར་གྱུར་ཅིག །]གཞན་ཡང་རྣམ་ཤེས་ཀྱི་ཆོས་ལས་འདས་པའི་ཡེ་ཤེས་དང༌། སངས་རྒྱས་དང་ཆོས་ཀྱི་སྐུ་དང་ངོ་བོ་ཉིད་ཀྱི་སྐུ་དང༌། དེ་བཞིན་ཉིད་ལ་སོགས་པ་ལེགས་པར་སྟོན་ན། སེམས་ཙམ་པའི་ལུགས་ལས་འདས་པར་འགྱུར་ཏེ། དཔལ་ལྡན་དྲི་མ་དང་བྲལ་བའི་འོད་དུ། འདིར་རྣམ་པར་ཤེས་པར་སྨྲ་བ་རྣམས་ཀྱི་ནང་ན་ཡེ་ཤེས་ཀྱི་སྐུ་ཉིན་མོར་བྱེད་པའི་སྐུ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་གྱུར་པ་ནི་འགའ་ཡང་མེད་དོ། །འདིར་ཅིའི་ཕྱིར་རྣམ་པར་ཤེས་པར་སྨྲ་བ་རྣམས་ཀྱི་ནང་ན་ཡེ་ཤེས་ཀྱི་སྐུ་ཉིན་མོར་བྱེད་པའི་སྐུ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་གྱུར་པ་འགའ་ཡང་མེད་ཅེ་ན། བརྗོད་པར་བྱ་སྟེ། འདིར་རྣམ་པར་ཤེས་པར་སྨྲ་བ་རྣམས་རྣམ་པར་ཤེས་པའི་ཆོས་ལ་གནས་པའི་ཕྱིར་དང་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་ཤེས་པའི་ཆོས་ཉིད་ལས་འདས་པའི་ཕྱིར་རོ། །དེ་ལྟར་ཡང༌། དེ་བཞིན་གཤེགས་པས་མཚན་ཡང་དག་པར་བརྗོད་པའི་སོ་སོར་རྟོག་པའི་ཡེ་ཤེས་ལ་བསྟོད་པར། ཚིགས་སུ་བཅད་པ་ཉི་ཤུ་རྩ་གསུམ་པས་གསུངས་པ་འདི་ལྟ་སྟེ། རྣམ་པར་ཤེས་པའི་ཆོས་ཉིད་འདས། །གཉིས་མེད་ཡེ་ཤེས་ཚུལ་འཆང་བ། །རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ། །དུས་གསུམ་སངས་རྒྱས་སྐུ་འཆང་བ། །ཞེས་སོགས་གསུངས་པའི་ཕྱིར་རོ། །གཞན་ཡང་བདག་གཉིས་ཀྱིས་སྟོང་པ་དང་གཟུང་འཛིན་དང་བྲལ་བར་གསུངས་པ་རྣམས་ཀྱང་སེམས་ཙམ་ལས་འདས་པར་འགྱུར་ཏེ། དཔལ་ལྡན་དྲི་མ་མེད་པའི་འོད་དུ། ད་ནི་རྣལ་འབྱོར་སྤྱོད་པ་པ་རྣམས་ཀྱི་འཛིན་པའི་སྐྱོན་གསུངས་པ། སྲིད་གསུམ་མཐའ་དག་རྣམ་པར་ཤེས་པ་ཉིད་དུ་སྨྲ་བ་པོ་ཡང་རྣམ་པར་ཤེས་པ་[དོན་དམ་དུ་བདེན་པ་]འདོད་པར་བྱེད། །ཅེས་དང༌། རྣལ་འབྱོར་སྤྱོད་པ་པ་རྣམས་ལ་ཡང་རྣམ་པར་ཤེས་པའི་འཛིན་པ་ཡོད་དེ། ཞེས་གསུངས་པའི་ཕྱིར་དང༌། འཛིན་པ་ཡོད་ན་ཆོས་ཀྱི་བདག་དང་བྲལ་བར་མི་རུང་བའི་ཕྱིར་རོ། །[ཁ་ཅིག་སེམས་ཙམ་པ་གཟུང་འཛིན་གཉི་ག་དང་བྲལ་བར་འདོད་པ་ལ་ནི་ལུང་གསལ་པོ་འདི་དག་གིས་གནོད་དོ།།]

རྒྱུད་སྡེ་རྣམས་ཀྱང་སེམས་ཙམ་དུ་འདོད་ན་དེའི་དགོངས་པ་མ་ཤེས་པར་བསྟན་པ།

དེ་བཞིན་དུ། དུས་འཁོར་ལ་སོགས་པ་རྒྱུད་སྡེ་ཟབ་མོ་རྣམས་སེམས་ཙམ་ལས་མ་འདས་པར་འདོད་པ་ཡང་ཤིན་ཏུ་མི་རིགས་ཏེ། དཔལ་ལྡན་དྲི་མ་མེད་པའི་འོད་དུ། རྣམ་ཤེས་དེ་ཡང་དོན་དམ་དུ། །ཡོད་པར་མཁས་རྣམས་མི་འདོད་དེ། །གཅིག་དང་དུ་མའི་རང་བཞིན་དང༌།།བྲལ་བས་ནམ་མཁའི་པད་མ་བཞིན། །ཡོད་མིན་མེད་མིན་ཡོད་མེད་མིན། །གཉི་གའི་བདག་ཉིད་མིན་པའང་མིན། །མཐའ་བཞི་རྣམ་པར་གྲོལ་བ་ཡི། །དེ་ཉིད་དབུ་མ་པ་ཡིས་རིག །ཅེས་དང༌། དེའི་ཕྱིར། གཅིག་དང་དུ་མ་དག་ཀྱང་གཅིག་ཅིང་མཉམ་དང་མི་མཉམ་པ་ཡང་མཉམ་པ། ཞེས་པ་ལ་སོགས་པ་དབུ་མ་པའི་གྲུབ་པའི་མཐའོ། །ཞེས་པ་ལ་སོགས་པ་སེམས་ཙམ་ལས་འདས་པའི་ཆོས་ཟབ་ཅིང་རྒྱ་ཆེ་བ་དུ་མ་གསུངས་པའི་ཕྱིར་དང༌། དུས་འཁོར་ལ་སོགས་པའི་རྒྱུད་དང་སྔགས་དང་ལྷ་དང་དཀྱིལ་འཁོར་མཐར་ཐུག་པ་ཐམས་ཅད་སེམས་དང་ཡིད་དང་རྣམ་ཤེས་ལས་འདས་པའི་རང་བྱུང་ཡེ་ཤེས་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་སེམས་ཙམ་ལས་ཡང་དག་པར་འདས་པའི་གསུང་རབ་ཟབ་མོ་རྣམས་ལ་སྐུར་བ་གདབ་པར་མི་བྱ་སྟེ། ཆོས་སྤོང་གི་ལས་ཆེན་པོར་འགྱུར་བའི་ཕྱིར་རོ། །

དེས་ན་ཤན་འབྱེད་པའི་མན་ངག་ཡོད་མེད་ཀྱི་ཕན་ཡོན་དང་ཉེས་དམིགས་བསྟན་པ།

དེ་ཉིད་ཀྱི་ཕྱིར་ན་གནས་ལུགས་ལ་ཡོད་མེད་དང་རང་སྟོང་གཞན་སྟོང་དང་མེད་དགག་མ་ཡིན་དགག་དང་རྣམ་གཅོད་ཡོངས་གཅོད་དང༌། སྤངས་པ་དང་ཡེ་ཤེས་དང་སྟོང་པའི་སྟོང་པ་དང་མི་སྟོང་པའི་སྟོང་པ་དང༌། གང་མེད་ཅིང་དེའི་ལྷག་མ་གང་ཡིན་པ་[དང་གང་ཟད་ཅིང༌། དེའི་ལྷག་མ་གང་ཡིན་པ་དང༌། གང་དང་བྲལ་ཞིང་དེའི་ལྷག་མ་གང་ཡིན་པ་དང༌། གང་གིས་དབེན་ཞིང་དེའི་ལྷག་མ་གང་ཡིན་པ་དང༌། གང་མ་གྲུབ་ཅིང་དེའི་ལྷག་མ་གང་ཡིན་པ་དང༌། གང་འགགས་ཤིང་དེའི་ལྷག་མ་གང་ཡིན་པ་]ལ་སོགས་པ་ལེགས་པར་རྣམ་པར་ཕྱེ་བ་འདི་ཡང་སེམས་འགྲེལ་རྣམས་ཀྱིས་ལེགས་པར་གསལ་བར་བྱས་པའི་འཁོར་ལོ་ཐ་མ་དང༌། རྒྱུད་སྡེ་ཟབ་མོའི་མན་ངག་ཐུན་མོང་མ་ཡིན་པ་དང་ལྡན་པ་ལས་གསལ་བར་འགྱུར་ཞིང་དེ་དག་དང་ལྡན་ན་འཁོར་ལོ་བར་པའི་དོན་དུ་ཡང་རབ་ཏུ་གསལ་བར་འགྱུར་ཏེ། རི་བོ་ཆེན་པོ་དག་ལ་སྟེང་གི་ནམ་མཁའ་མཐོན་པོ་ནས་བལྟ་བ་བཞིན་ནོ། །དེ་དག་དང་བྲལ་ན་ནི་རང་སྟོང་ལས་ལྷག་པའི་སྟོང་ཉིད་དང་དག་པའི་བདག་དང་འདུས་མ་བྱས་ཀྱི་ཡེ་ཤེས་དང་དབྱིངས་རིག་དབྱེར་མེད་དང་གཞི་འབྲས་དབྱེར་མེད་ལ་སོགས་པ་མི་སྲྀད་ཅིང་བདེ་གཤེགས་སྙིང་པོ་དྲང་དོན་ཡིན་པས་དོན་ལ་མེད་ཅེས་པ་ལ་སོགས་པ་ལྟ་ངན་གྱི་ཕྲེང་བ་དུ་མར་འགྱུར་བས་ལྟ་བའི་སྙིགས་མ་བརྡོ་བར་འགྱུར་རོ། །

སྟོང་གཞིའི་རྣམ་གྲངས་མང་པོ་གསུངས་པའི་རྒྱུ་མཚན་གྱིས་རང་སྟོང་འདི་ལས་གཞན་པའི་ཆོས་ཉིད་གྲུབ་ཚུལ་ལ་གཉིས། རྣམ་གྲངས་དངོས་ལ་གཉིས། རྣམ་གྲངས་མང་པོ་ཅན་གྱི་སྟོང་ཆེན་ཟབ་མོ་མདོར་བསྟན་པ།

དེའི་ཕྱིར་ལྟ་བ་ངན་པ་ཐམས་ཅད་སྤང་བར་འདོད་པ་དང༌། ཡང་དག་པའི་ལྟ་བ་ཕུན་སུམ་ཚོགས་པ་དང་ལྡན་པར་འདོད་པ་དང༌། དགོངས་ཏེ་གསུངས་པའམ་དགོངས་པ་ཆེན་པོའི་དོན་མཐོང་བར་འདོད་པ་དང༌། དེ་ཁོ་ན་ཉིད་ཀྱི་དོན་མཐོང་བར་འདོད་པས། རང་སྟོང་གཞན་སྟོང་ལ་སོགས་པའི་ཁྱད་པར་ལེགས་པར་གཏན་ལ་ཕབ་ནས། ཕྱིན་ཅི་མ་ལོག་པའི་ངེས་པ་རྙེད་པར་བྱ་དགོས་ཏེ། དེ་ཡང་རྒྱལ་བ་བྱམས་པའི་ཞལ་སྔ་ནས། [དབུས་མཐའ་རྣམ་འབྱེད་དུ།]སྟོང་པ་ཉིད་ནི་མདོར་བསྡུ་ན། །དེ་བཞིན་ཉིད་དང་ཡང་དག་མཐའ། །མཚན་མ་མེད་དང་དོན་དམ་དང༌། །ཆོས་ཀྱི་དབྱིངས་ནི་རྣམ་གྲངས་སོ། །གཞན་མིན་ཕྱིན་ཅི་ལོག་མ་ཡིན། །དེ་འགགས་འཕགས་པའི་སྤྱོད་ཡུལ་དང༌། །འཕགས་པའི་ཆོས་ཀྱི་རྒྱུ་ཡི་ཕྱིར། །རྣམ་གྲངས་དོན་དེ་གོ་རིམ་བཞིན། །ཞེས་དང༌། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང༌། [དོན་དམ་]བྱང་ཆུབ་སེམས་མཆོག་དེ་ཉིད་ནི། །དེ་བཞིན་ཉིད་དང་ཡང་དག་མཐའ། །མཚན་མ་མེད་དང་དོན་དམ་དང༌།།[མ་སྐྱེས་པའི་]སྟོང་པ་ཉིད་ཅེས་བཤད་པ་ཡིན། །ཞེས་དང༌། མཆོག་གི་དང་པོའི་སངས་རྒྱས་སྟོང་ཕྲག་བཅུ་གཉིས་པར་ཡང༌། ཨེ་གསང་མཁའ་ཁམས་བྷ་ག་འམ། །ཆོས་འབྱུང་ཆུ་སྐྱེས་སེང་གེའི་ཁྲིར། །ཞེས་དང༌། [ཇི་ལྟར་ས་ལ་རིན་ཆེན་མིང༌། །དབྱེ་བ་ཐ་དད་ཐ་དད་ནི། །ཡུལ་དང་ཡུལ་གྱི་དབང་གིས་བརྗོད། །རིན་ཆེན་དབྱེ་བ་འགའ་ཡང་མེད། །དེ་བཞིན་བདག་གི་དམ་པའི་ཆོས། །ཞེས་སོགས་དང༌།]བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་གི་ཞལ་སྔ་ནས་ཀྱང༌། དེ་བཞིན་དུ་ཨེ་ཡིག་དང་གསང་བ་དང་པད་མ་དང་ཆོས་འབྱུང་དང་ནམ་མཁའི་དབྱིངས་དང་བདེ་བ་ཆེན་པོའི་གནས་དང་སེང་གེའི་ཁྲི་དང་བྷ་ག་དང་གསང་བའི་མིང་རྣམས་ཀྱི་ནང་ནས་ཨེ་ཡིག་གཅིག་པུ་གཙོ་བོའི་མིང་མ་ཡིན་ཏེ། ཐམས་ཅད་ཀྱིས་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་གོ་བར་བྱེད་པའི་ཕྱིར་རོ། །ཞེས་གསུངས་ཏེ། གཅིག་ལ་རྣམ་པ་ཐམས་ཅད་ཚང་བ་ནི་ཀུན་རྫོབ་ཀྱི་ཆོས་གང་ལ་ཡང་མི་སྲིད་[པས་དོན་དམ་ལས་འོས་མེད་]དོ། །དེ་ལྟ་བས་ན་ཨེ་ཡིག་ལ་སོགས་པའི་རྣམ་གྲངས་དུ་མ་ཅན་དོན་གཅིག་ཉིད་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ནི་དོན་དམ་སྟོང་ཉིད་ཡིན་གྱི་ཀུན་རྫོབ་སྟོང་ཉིད་ཡིན་མི་སྲིད་[པས་དོན་དམ་ལས་འོས་མེད་]དོ། །

རང་སྟོང་དང་དོན་དམ་ལ་སོགས་པ་རྣམ་གྲངས་སུ་འདོད་པ་ལ་གནོད་བྱེད་རྒྱས་པར་བཤད་པ་ལ་བཅུ་གསུམ། རང་སྟོང་དང་དེ་བཞིན་ཉིད་རྣམ་གྲངས་ཡིན་ན་ཧ་ཅང་ཐལ་བ།

གལ་ཏེ་དེ་བཞིན་ཉིད་ལ་སོགས་པ་རྣམ་གྲངས་དུ་མ་ཅན་དུ་གསུངས་པའི་སྟོང་ཉིད་ནི། ཆོས་ཐམས་ཅད་རང་རང་ངོ་བོ་སྟོང་པའི་རང་སྟོང་ཁོ་ནའོ་ཞེ་ན། དེ་ལྟ་ན་ནི། འོ་ན་ལོག་སྲེད་ཅན་གཏན་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ཞེས་[མྱ་ངན་འདས་ཆེན་དང༌། རྒྱུད་བླ་མའི་འགྲེལ་པ་ལ་སོགས་པར་]གསུངས་པ་གང་ཡིན་པ་དེ་ཡང༌། དེ་བཞིན་ཉིད་ཡིན་པར་འགྱུར་ཏེ་རང་གི་ངོ་བོས་སྟོང་པའི་ཕྱིར་རོ། །འདོད་ན་དེ་སངས་རྒྱས་ཡིན་པར་འགྱུར་ཏེ་དེ་བཞིན་ཉིད་ཡིན་པའི་ཕྱིར་རོ། །འདི་ལ་ཁྱབ་པ་མེད་སྙམ་དུ་བསམ་པར་མི་བྱ་སྟེ། དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་བསྟན་པའི་མདོར། དེ་བཞིན་ཉིད་ཀྱི་དོན་གང་ཡིན་པ་དེ་དེ་བཞིན་གཤེགས་པའི་དོན་ཏོ། །ཞེས་དང༌། [རབ་བཞི་རྣམ་ངེས་སུ་ཡང༌། ཆོས་ཀྱི་དབྱིངས་ནི་སངས་རྒྱས་ཏེ། སངས་རྒྱས་ནི་ཡང་དག་པའི་མཐའོ། །སྡུག་བསྔལ་ནི་མེད་པའོ། །ཞི་བ་པོ། བསིལ་བར་གྱུར་པའོ། །མ་སྐྱེས་པའོ། །མ་འགགས་པའོ། །ཞེས་དང༌།]རྒྱལ་བ་བྱམས་པའི་ཞལ་སྔ་ནས་ཀྱང༌། [མདོ་སྡེའི་རྒྱན་དུ།]དེ་བཞིན་ཉིད་ནི་སངས་རྒྱས་འདོད། །ཅེས་དང༌། ཡུམ་རྒྱས་པར་ཡང༌། རབ་འབྱོར་ཡང་དག་པའི་དོན་ནི་སངས་རྒྱས་ཞེས་བྱ་སྟེ། ཞེས་དང༌། དེའི་འགྲེལ་པར་ཡང༌། ཡང་དག་པའི་དོན་དེ་བཞིན་ཉིད་ཆོས་ཀྱི་སྐུ་ལ་སངས་རྒྱས་ཞེས་བྱ་བའི་ཐ་ཚིག་གོ །ཞེས་དང༌། ཤེར་ཕྱིན་བདུན་བརྒྱ་པའི་འགྲེལ་པ་སློབ་དཔོན་བི་མ་ལ་མི་ཏྲས་མཛད་པར་ཡང༌། ཆོས་ཀྱི་དབྱིངས་ཉིད་བཅོམ་ལྡན་འདས་ཡིན་ཏེ། ཞེས་དང༌། ཆོས་ཀྱི་དབྱིངས་དེ་ཉིད་བྱང་ཆུབ་བོ། །ཞེས་མདོ་དྲངས་ཤིང༌། འཕགས་པ་བརྒྱད་སྟོང་པར་ཡང༌། དེ་བཞིན་ཉིད་ལ་ནི་འོང་བའམ་འགྲོ་བ་མེད་དེ་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །ཞེས་པ་[དང༌། བརྒྱད་སྟོང་དོན་བསྡུས་ཀྱི་འགྲེལ་པ་སློབ་དཔོན་དཀོན་མཆོག་འབངས་ཀྱིས་མཛད་པར་ཡང༌། དེར་གྱུར་དེ་བཞིན་ཉིད་རང་བཞིན། །བཅོམ་ལྡན་འདས་ཉིད་ཡིན་པར་བརྗོད། །ཅེས་པ་]ལ་སོགས་པ་དེ་བཞིན་ཉིད་གང་ཡིན་པ་དེ་ནི་སངས་རྒྱས་ཡིན་པར་སྟོན་པའི་ལུང་རྣམ་དག་ཤིན་ཏུ་མང་བའི་ཕྱིར་རོ། །གཞན་ཡང་དེ་དང་དེ་རྣམ་གྲངས་ཡིན་ན། གཞན་དང་གཞན་དུ་འགྱུར་བའི་དངོས་པོ་གློ་བུར་བ་རྣམས་ཀྱང་དེ་བཞིན་ཉིད་ཡིན་པར་འགྱུར་ཏེ་རང་རང་ངོ་བོས་སྟོང་པ་ཡིན་པའི་ཕྱིར་རོ། །དེ་འདོད་ན་གཞན་དང་གཞན་དུ་མི་འགྱུར་བ་ཡིན་པར་ཧ་ཅང་ཐལ་ཏེ། འཕགས་པ་ཐོགས་མེད་ཀྱི་ཞལ་སྔ་ནས། ཅིའི་ཕྱིར་དེ་བཞིན་ཉིད་ལ་དེ་བཞིན་ཉིད་ཅེས་བྱ་ཞེ་ན། གཞན་དུ་མི་འགྱུར་བ་ཉིད་ཀྱི་ཕྱིར་རོ། །ཞེས་དང༌། རྒྱལ་བ་བྱམས་པའི་ཞལ་སྔ་ནས་ཀྱང༌། གཞན་མིན་ཞེས་དེ་བཞིན་ཉིད་ཀྱི་དོན་གཞན་དུ་མི་འགྱུར་བ་ལ་གསུངས་པའི་ཕྱིར་རོ། །གཞན་ཡང་མི་དགེ་བ་རྣམས་ཀྱང་རང་སྟོང་ཡིན་པའི་ཕྱིར་དེ་བཞིན་ཉིད་ཡིན་པར་འགྱུར་ལ། འདོད་ན་དེ་དགེ་བ་ཡིན་པར་འགྱུར་ཏེ། དོན་དམ་པའི་དགེ་བ་དང༌། ཡོད་པའི་དགེ་བ་དང༌། འདུས་མ་བྱས་པའི་དགེ་བ་ཡིན་པའི་ཕྱིར་ཏེ་དེ་བཞིན་ཉིད་ཡིན་པའི་ཕྱིར་རོ། །རྟགས་འདི་ཁས་བླངས་ཤིང་དེ་བཞིན་ཉིད་ཡིན་ན་དོན་དམ་པའི་དགེ་བ་དང་ཡོད་པའི་དགེ་བ་དང་འདུས་མ་བྱས་ཀྱི་དགེ་བ་ཡིན་པར་ལུང་རྣམ་དག་རྣམས་སུ་ཡང་ཡང་གསུངས་པས་དེ་ལ་དེ་དང་དེས་ཁྱབ་པ་ཡང་ཡོད་དོ། །དེ་ལྟ་བས་ན་དངོས་པོ་འགྱུར་བའི་ཆོས་ཅན་གང་ཡིན་པ་རྣམས་སྟོང་པ་ཉིད་ཡིན་ཡང་དེ་བཞིན་ཉིད་མ་ཡིན་ནོ། །དེ་བཞིན་ཉིད་གང་ཡིན་པ་དེ་སྟོང་ཉིད་ཡིན་ཡང་རང་སྟོང་མ་ཡིན་ཞིང་རང་གིས་རང་མི་རིག་པའི་སྟོང་ཉིད་ཀྱང་མ་ཡིན་ནོ། །

རང་སྟོང་དང་ཡང་དག་པའི་མཐའ་རྣམ་གྲངས་ཡིན་ན་ཧ་ཅང་ཐལ་བ།

དེ་བཞིན་དུ་ཡང་དག་པའི་མཐའ་ལ་སོགས་པ་གཞན་རྣམས་ཀྱང༌། རང་སྟོང་དང་རྣམ་གྲངས་མ་ཡིན་པ་ཉིད་དུ་རིག་པར་བྱའོ། །གལ་ཏེ་རང་སྟོང་དང་ཡང་དག་པའི་མཐའ་རྣམ་གྲངས་ཡིན་ན་ཕྱིན་ཅི་ལོག་གང་ཡིན་པ་རྣམ་ཀྱང་ཡང་དག་པའི་མཐའ་ཡིན་པར་འགྱུར་ལ། དེ་འདོད་ན་ཕྱིན་ཅི་མ་ལོག་པར་ཡིན་པར་འགྱུར་ཏེ། རྒྱལ་བ་བྱམས་པའི་ཞལ་སྔ་ནས། ཕྱིན་ཅི་ལོག་མ་ཡིན་ཞེས་ཡང་དག་པའི་མཐའི་དོན་ཕྱིན་ཅི་མ་ལོག་པའི་མཐར་ཐུག་པ་ལ་གསུངས་པའི་ཕྱིར་རོ། །

རང་སྟོང་དང་མཚན་མ་མེད་པའི་དབྱིངས་རྣམ་གྲངས་ཡིན་ན་ཧ་ཅང་ཐལ་བ།

དེ་བཞིན་དུ་རང་སྟོང་དང་མཚན་མ་མེད་པའི་དབྱིངས་རྣམ་གྲངས་སུ་འདོད་ན་མཚན་མ་མ་འགགས་པའི་དངོས་པོ་རྣམས་ཀྱང་རང་སྟོང་ཡིན་པའི་ཕྱིར་མཚན་མ་མེད་པའི་དབྱིངས་ཡིན་པར་འགྱུར་ལ། དེ་འདོད་ན་མཚན་མ་འགགས་པ་ཡིན་པར་འགྱུར་ཏེ། རྗེ་བཙུན་བྱམས་པའི་ཞལ་སྔ་ནས། དེ་འགགས་ཞེས་མཚན་མ་མེད་པའི་དབྱིངས་ཀྱི་དོན་མཚན་མ་དེ་འགགས་པའི་གཞི་ལ་གསུངས་པའི་ཕྱིར་དང༌། འཕགས་པ་ཐོགས་མེད་ཀྱི་ཞལ་སྔ་ནས་ཀྱང༌། ཅིའི་ཕྱིར་མཚན་མ་མེད་པ་ཞེས་བྱ་ཞེ་ན། མཚན་མ་ཉེ་བར་ཞི་བའི་ཕྱིར། ཞེས་གསུངས་པའི་ཕྱིར་རོ། །

རང་སྟོང་དང་དོན་དམ་བདེན་པ་རྣམ་གྲངས་ཡིན་ན་ཧ་ཅང་ཐལ་བ།

དེ་བཞིན་དུ་རང་སྟོང་དང་དོན་དམ་པའི་བདེན་པ་རྣམ་གྲངས་སུ་འདོད་ན། སྒྲིབ་པ་གཉིས་ཀྱང་རང་སྟོང་ཡིན་པའི་ཕྱིར་དོན་དམ་པའི་བདེན་པར་འགྱུར་ལ། འདོད་ན་དེ་གཉེན་པོ་གང་གིས་ཀྱང་སྤང་དུ་མི་རུང་བར་འགྱུར་ཞིང༌། འཕགས་པའི་ཡེ་ཤེས་དམ་པའི་རང་རིག་གི་སྤྱོད་ཡུལ་ཡང་ཡིན་པར་འགྱུར་ཏེ། དཔལ་མགོན་བྱམས་པའི་ཞལ་སྔ་ནས། འཕགས་པའི་སྤྱོད་ཡུལ་དང༌། ཞེས་དང༌། འཕགས་པ་ཐོགས་མེད་ཞབས་ཀྱིས་ཀྱང༌། ཅིའི་ཕྱིར་དོན་དམ་པ་ཞེས་བྱ་ཞེ་ན། འཕགས་པའི་ཡེ་ཤེས་དམ་པའི་སྤྱོད་ཡུལ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར་རོ། །

རང་སྟོང་དང་ཆོས་ཀྱི་དབྱིངས་རྣམ་གྲངས་ཡིན་ན་ཧ་ཅང་ཐལ་བ།

དེ་བཞིན་དུ་རང་སྟོང་དང་ཆོས་ཀྱི་དབྱིངས་རྣམ་གྲངས་སུ་འདོད་ན། ངན་སོང་གི་རྒྱུར་གྱུར་པའི་ལས་དང་ཉོན་མོངས་པ་མི་བཟད་པ་རྣམས་ཀྱང་རང་སྟོང་ཡིན་པའི་ཕྱིར། ཆོས་ཀྱི་དབྱིངས་ཡིན་པར་འགྱུར་ལ། འདོད་ན་དེ་འཕགས་པའི་ཆོས་རྣམས་ཀྱི་རྒྱུ་ཡིན་པར་འགྱུར་སྟེ། ཇི་སྐད་དུ། [རྒྱལ་བ་བྱམས་མགོན་གྱིས།]འཕགས་པའི་ཆོས་ཀྱི་རྒྱུ་ཡི་ཕྱིར། །ཞེས་དང༌། [འཕགས་པ་ཐོགས་མེད་ཀྱིས།]ཅིའི་ཕྱིར་ཆོས་ཀྱི་དབྱིངས་ཞེས་བྱ་ཞེ་ན། ཉན་ཐོས་དང་རང་སངས་རྒྱས་དང༌། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྒྱུ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར་རོ། །

རང་སྟོང་དང་དོན་དམ་བྱང་སེམས་རྣམ་གྲངས་ཡིན་ན་ཧ་ཅང་ཐལ་བ།

གཞན་ཡང་དོན་དམ་བྱང་ཆུབ་ཀྱི་སེམས་དང་སྟོང་པ་ཉིད་ལ་སོགས་པ་རྣམ་གྲངས་སུ་[འཕགས་པ་ཀླུ་སྒྲུབ་ཀྱིས་]གསུངས་པའི་སྟོང་ཉིད་དེ། རང་སྟོང་ལ་དགོངས་པ་ཡིན་ན། དོན་དམ་བྱང་ཆུབ་ཀྱི་སེམས་མ་ཡིན་པ་སྡིག་པ་མི་བཟད་པའི་སེམས་གང་ཡིན་པ་རྣམས་ཀྱང་རང་སྟོང་ཡིན་པའི་ཕྱིར་དོན་དམ་བྱང་ཆུབ་ཀྱི་སེམས་ཡིན་པར་ཧ་ཅང་ཐལ་བར་འགྱུར་རོ། །

དེ་རྣམས་ལ་ཉེས་སྤོང་གི་ལན་ཡང་སྐབས་ཇི་ལྟ་བར་དགག་པ།

གལ་ཏེ་སྡིག་པ་ལ་སོགས་པའི་དངོས་པོ་སྔར་སྨོས་པ་དེ་རྣམས་ཀྱི་སྟོང་པའི་ཆ་གང་ཡིན་པ་དེ་དོན་དམ་བྱང་ཆུབ་ཀྱི་སེམས་དང༌། ཆོས་ཀྱི་དབྱིངས་ལ་སོགས་པའི་རྣམ་གྲངས་ཡིན་ལ། སྣང་བའི་ཆ་གང་ཡིན་པ་དེ། དེ་ལྟ་མ་ཡིན་པས་སྐྱོན་དེ་དག་མེད་དོ་སྙམ་ན། དེ་ལྟ་ན་ནི་སྣང་བའི་ཆ་དེ་སྟོང་ངམ་མི་སྟོང༌། གལ་ཏེ་སྟོང་ན་ནི་དེ་ཡང་དེ་བཞིན་ཉིད་ལ་སོགས་པ་ཡིན་པར་འགྱུར་ལ། མི་སྟོང་པའི་དངོས་པོ་ནི་མི་སྲིད་དེ། [འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས།]ཀུན་རྫོབ་སྟོང་པ་ཉིད་དུ་བཤད། །སྟོང་ཉིད་ཁོ་ན་ཀུན་རྫོབ་སྟེ། །བྱས་དང་མི་རྟག་པ་བཞིན་དུ།།མེད་ན་མི་འབྱུང་ངེས་ཕྱིར་རོ། །ཞེས་དང༌། [ཤེས་རབ་སྙིང་པོར།]གཟུགས་སྟོང་པའོ། ། སྟོང་པ་ཉིད་གཟུགས་སོ། །ཞེས་པ་ལ་སོགས་པའི་ཚུལ་དང༌། རིགས་པས་སྣང་བ་སྟོང་པ་ཉིད་དོ། །སྟོང་པ་ཉིད་སྣང་བའོ། །དེ་ལས་དེ་གཞན་མ་ཡིན་ཞིང༌། །དེ་ལས་ཀྱང་དེ་གཞན་མ་ཡིན་ནོ། །ཞེས་པའི་དོན་དུ་འགྱུར་བའི་ཕྱིར། [ཀུན་རྫོབ་ཀྱི་སྟོང་ཆ་དོན་དམ་དུ་འདོད་པ་]འདི་ནི་ཤིན་ཏུ་མི་རིགས་པ་ཁོ་ན[སྟེ། དོན་དམ་གྱི་སྣང་བ་ལ་ཡང་དོན་དམ་ལས་མ་འདས་ཤིང་ཀུན་རྫོབ་ཀྱིས་སྟོང་ཆ་ཡང་ཀུན་རྫོབ་ལས་མ་འདས་པས་སྣང་བ་ལ་ཡང་བདེན་པ་གཉིས་དང༌། སྟོང་པ་ལ་ཡང་བདེན་པ་གཉིས་སུ་གནས་པ་མ་གོ་བའི་ཕྱིར་ན་]འོ། །དེ་བཞིན་དུ་མི་དགེ་བའི་སྟོང་པའི་ཆ། དེ་བཞིན་ཉིད་དང་རྣམ་གྲངས་སུ་འདོད་ན་ཡང༌། [དེ་བཞིན་ཉིད་དགེ་བ་ཡིན་པའི་ཕྱིར་མི་དགེ་བའི་སྟོང་ཆ་]དེ་དགེ་བ་ཡིན་དགོས་པས། འདིར་སྣང་བའི་ཆ་མི་དགེ་བ་དང༌། སྟོང་པའི་ཆ་དགེ་བ་ཡིན་པར་ཁས་བླང་དགོས་པར་ཡང་འགྱུར་ཞིང༌། [དེ་འདོད་ན་སྣང་སྟོང་ཁྱབ་མཉམ་དབྱེར་མེད་མ་ཡིན་པར་འགྱུར་ལ་]མི་སྟོང་པའི་སྣང་ཆ་མི་སྲིད་པས་མི་དགེ་བའི་སྣང་ཆ་ཡང༌། རང་གི་ངོ་བོས་སྟོང་པའི་ཕྱིར། དེ་བཞིན་ཉིད་དང་དགེ་བ་ཡིན་པར་ཧ་ཅང་ཐལ་བར་འགྱུར་ཏེ། འཕགས་པ་ཐོགས་མེད་ཞབས་ཀྱི་ཞལ་སྔ་ནས། དོན་དམ་པའི་དགེ་བ་གང་ཞེ་ན། དེ་བཞིན་ཉིད་དོ། །ཞེས་གསུངས་པའི་ཕྱིར་རོ། །

གནས་ལུགས་ཀྱི་བྷ་ག་དང་རང་སྟོང་རྣམ་གྲངས་ཡིན་ན་ཧ་ཅང་ཐལ་བ།

གཞན་ཡང་མཐར་ཐུག་གི་བྷ་ག་[མཁའ་ཁྱབ་]ལ་སོགས་པ་སྟོང་ཉིད་ཀྱི་རྣམ་གྲངས་མང་པོ་གསུངས་པ་རྣམས་ཀྱང་སྟོང་གཞི་དོན་དམ་གཞན་སྟོང་གི་རྣམ་གྲངས་སུ་དགོངས་པ་ཡིན་གྱི། རང་སྟོང་གི་[རྣམ་གྲངས་སུ་དགོངས་པ་]ནི་མ་ཡིན་ནོ། །གལ་ཏེ་དེ་རང་སྟོང་དང་རྣམ་གྲངས་ཡིན་ན་ཀུན་མཁྱེན་གྱི་ཡོན་ཏན་མ་ཚང་བའི་གློ་བུར་དྲི་མ་མི་བཟད་པ་རྣམས་ཀྱང་[རང་སྟོང་ཡིན་པའི་ཕྱིར་]མཐར་ཐུག་གི་བྷ་ག་[མཁའ་ཁྱབ་]ཡིན་པར་འགྱུར་ལ། འདོད་ན་དེ་དབང་ཕྱུག་ལ་སོགས་པའི་ཡོན་ཏན་ཚང་བའི་སངས་རྒྱས་རིན་ཆེན་ཟ་མ་ཏོག་ཡིན་པར་འགྱུར་ཏེ། ཕྱག་རྒྱ་ཆེན་པོ་ཐིག་ལེའི་རྒྱུད་དུ། ཇི་ལྟར་ཏིལ་སོན་ཏིལ་མར་དང༌། །ཇི་ལྟར་ཤིང་ལ་གནས་པའི་མེ། །དེ་བཞིན་ཆོས་རྣམས་ཐམས་ཅད་ལ། །ཡང་དག་གནས་ཀྱང་མི་མཐོང་བ། །ཆོས་ཀྱི་དབྱིངས་ནི་[མཁའ་ཁྱབ་]བྷ་གར་བཤད། །[མཁའ་ཁྱབ་]བྷ་ག་[ནི་སྙིང་རྗེའི་སྙིང་པོ་ཅན་གྱི་སྟོང་ཉིད་ཡིན་པས་]རིན་ཆེན་[གྱི་སྙིང་པོ་ཅན་གྱི་]ཟ་མ་ཏོག[གཞན་ནམ་མཆོག་སྟེ།]།གང་ཕྱིར་[དོན་དམ་པའི་]དབང་ཕྱུག་སོགས་ཡོན་ཏན། །[དཔག་མེད་]ལྡན་པ་དེ་ཕྱིར་[སྐལ་ལྡན་ཏེ་]བྷ་གར་བཤད། །[དོན་དམ་པའི་]ཆོས་ནི་བྷ་ག་[མཁའ་ཁྱབ་]ཞེས་བྱར་གྲགས། །དབྱིངས་ནི་[དོན་དམ་པའི་]སེམས་སུ་ཤེས་པར་དྲན། ། ཞེས་གསུངས་པའི་ཕྱིར་རོ། །འདིས་ནི་ཆོས་ཐམས་ཅད་ལ་གནས་པའི་ཆོས་ཉིད་བདེ་གཤེགས་སྙིང་པོ་བྷ་ག་[མཁའ་ཁྱབ་]དོན་དམ་བྱང་ཆུབ་སེམས་སུ་གསུངས་པར་ཡང་རིག་པར་བྱའོ། །གཞན་ཡང་སེམས་ཅན་ངན་པ་སྡིག་པོ་ཆེ་རྣམས་ཀྱང་རང་སྟོང་ཡིན་པའི་ཕྱིར་མཐར་ཐུག་གི་བྷ་ག་[མཁའ་ཁྱབ་]ཡིན་པར་འདོད་དགོས་པས་དེའི་ཡོན་ཏན་ཐམས་ཅད་ཚང་བར་ཧ་ཅང་ཐལ་བར་འགྱུར་ཏེ། ཇི་སྐད་དུ། འདོད་པའི་འདོད་ཆགས་[གདོད་ནས་ཆད་ལ་གཞན་གྱི་འདོད་ཆགས་]གཅོད་བྱེད་ཅིང༌།།ཉོན་མོངས་རྣམས་[གདོད་ནས་རང་བཞིན་གྱིས་]བཅོམ་[ཞིང་]གཞན་[གྱིས་]མི་ཐུབ། །དེ་ཕྱིར་དེ་ནི་[མཁའ་ཁྱབ་]བྷ་གར་བརྗོད། །ཅེས་ནཱ་རོ་འགྲེལ་ཆེན་དུ་དྲངས་པའི་ཕྱིར་དང༌། [དོན་དམ་གྱི་]དབང་ཕྱུག་དང་ནི་གཟུགས་བཟང་དང༌། །དཔལ་དང་གྲགས་དང་ཡེ་ཤེས་དང༌། །བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ། །དྲུག་རྣམས་[ལྡན་པའི་ཕྱིར་སྐལ་ལྡན་ཏེ་]བྷ་ག་[མཁའ་ཁྱབ་]ཅེས་པར་བཤད། །[དོན་དམ་གྱི་]སུམ་བཅུ་རྩ་དྲུག་ཁམས་[གདོད་ནས་]དག་པ། ། [དོན་དམ་གྱི་]ས་སོགས་[ཁམས་དྲུག་ནི་]རྡོ་རྗེ་བཙུན་མོ་[སངས་རྒྱས་སྤྱན་མ་ལ་སོགས་པ་]རྣམས[ཡིན་ལ]། །དེ་ཡི་ཡོན་ཏན་[དོན་དམ་གྱི་]དབང་ཕྱུག་སོགས། །དྲུག་པོ་དེ་རྣམས་[མཁའ་ཁྱབ་]བྷ་གར་བསྒྲགས། །ཞེས་རྩ་རྒྱུད་མཆོག་གི་དང་པོའི་སངས་རྒྱས་སུ་གསུངས་པའི་ཡང་ཕྱིར་རོ། །དེ་བཞིན་དུ། དཔལ་ཀྱེའི་རྡོ་རྗེའི་ལུང༌། སློབ་དཔོན་ཨ་ཙ་ལ་གརྦྷས་[དྲི་མེད་འོད་ཀྱི་མདོར་བསྡུས་དང་པོའི་]བཤད་སྦྱར་དུ་དྲངས་པ་ཡང༌། འཇོམས་བྱེད་བྷ་ག་[མཁའ་ཁྱབ་]ཞེས་བྱ་སྟེ། །བདུད་དང་ཉོན་མོངས་དགྲ་འཇོམས་ཕྱིར། །ཤེས་རབ་ཀྱིས་གཞོམ་[གང་འཇོམས་ན་]ཉོན་མོངས་དེ[འོ]། །དེ་ཕྱིར་ཤེས་རབ་[ཀྱི་ཕ་རོལ་ཏུ་ཕྱིན་མ་མཁའ་ཁྱབ་]བྷ་གར་བརྗོད། །ཅེས་བདུད་དང་ཉོན་མོངས་པ་ལས་གདོད་ནས་རང་བཞིན་གྱིས་རྒྱལ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་[མཁའ་ཁྱབ་]བྷ་གར་གསུངས་པ་དང༌། དཔལ་རྡོ་རྗེ་རྩེ་མོའི་རྒྱུད་དུ་ཡང༌། ཉོན་མོངས་པ་དང་ལས་དང་དེ་བཞིན་[དུ་]སྐྱེ་[བའི་ཀུན་ནས་ཉོན་མོངས་པ་སྟེ་གསུམ་དང་]། །ཉོན་མོངས་[པའི་སྒྲིབ་པ་དང་]ཤེས་བྱའི་སྒྲིབ་[པ་དང་]དེ་བཞིན[དུ]། །[མདོར་ན་]མི་མཐུན་ཕྱོགས་ཀྱི་ཆོས་གང་[ཡིན་པ་ཐམས་ཅད་གདོད་ནས་རང་བཞིན་གྱིས་]བཅོམ[པའི་གཞི]། །དེ་ནི་བྷ་ག་[མཁའ་ཁྱབ་]ལྡན་ཞེས་བཤད། །ཅེས་མི་མཐུན་ཕྱོགས་ཀུན་གདོད་ནས་རང་བཞིན་གྱིས་བཅོམ་པའི་གཞི་ལ་[མཁའ་ཁྱབ་]བྷ་གར་གསུངས་པ་དང༌། དཔལ་ཀྱེའི་རྡོ་རྗེར་ཡང༌། སངས་རྒྱས་འདི་ལ་བྷ་ག་[མཁའ་ཁྱབ་]མངའ། །བཅོམ་ལྡན་ཞེས་ནི་བརྗོད་པར་བྱ། །བྷ་ག་[མཁའ་ཁྱབ་]རྣམ་པ་དྲུག་ཏུ་བརྗོད། །[དོན་དམ་གྱི་]དབང་ཕྱུག་ལ་སོགས་ཡོན་ཏན་ཀུན[ལྡན་པས་སྐལ་ལྡན་ནོ]། །ཡང་ན་ཉོན་མོངས་ལ་སོགས་བདུད[བཞི]། །འཇོམས་ཕྱིར་བྷ་ག་[མཁའ་ཁྱབ་]ལྡན་ཞེས་བརྗོད། །ཅེས་རང་བཞིན་ལྷུན་གྱིས་གྲུབ་པའི་ཡོན་ཏན་དང་སྤངས་པ་མཐར་ཐུག་པའི་སངས་རྒྱས་[མཁའ་ཁྱབ་]ལ་[མཁའ་ཁྱབ་]བྷ་གར་གསུངས་པ་དང༌། དཔལ་རྡོ་རྗེ་ཕྲེང་བའི་རྒྱུད་དུ་ཡང༌། ཆོས་དབྱིངས་བྷ་ག་[མཁའ་ཁྱབ་]ཞེས་ནི་བཤད། །བྷ་ག་[མཁའ་ཁྱབ་]རིན་ཆེན་ཟ་མ་ཏོག །གང་ཕྱིར་དབང་ཕྱུག་སོགས་ཡོན་ཏན། །ལྡན་པ་དེ་ཕྱིར་[མཁའ་ཁྱབ་]བྷ་གར་བརྗོད། །བྷ་ག་[མཁའ་ཁྱབ་]ཆོས་རྣམས་ཀུན་ཏུ་ནི། །དབྱིངས་ནི་བྱང་ཆུབ་སེམས་སུ་གསུངས། །ཞེས་དོན་དམ་པའི་ཡོན་ཏན་གྱི་ཆོས་ཀུན་ཚང་བའི་དབྱིངས་རིག་དབྱེར་མེད་བྱང་ཆུབ་ཀྱི་སེམས་ལ་[མཁའ་ཁྱབ་]བྷ་གར་གསུངས་པ་དང༌། དགོངས་པ་ལུང་སྟོན་པའི་རྒྱུད་དུ་ཡང༌། སངས་རྒྱས་ཀུན་གྱིས་གང་བསྟེན་པ། །བཅུ་གསུམ་པ་ཡི་སར་གྱུར་གང༌། །དེ་ནི་[རྡོ་རྗེ་]བཙུན་མོར་ཡང་དག་བཤད། །[དོན་]དམ་[གྱི་]ཆོས་བྷ་ག་[མཁའ་ཁྱབ་]ཞེས་པར་ཡང༌། །ཞེས་བདེན་དོན་བཅུ་གཉིས་ལྡན་པའི་གཞི་[ཁྱབ་བྱེད་པ་བཅུ་གསུམ་པ་]དོན་དམ་པའི་ཆོས་སངས་རྒྱས་ཀུན་གྱི་བཙུན་མོ་[མཁའ་ཁྱབ་]ལ་[མཁའ་ཁྱབ་]བྷ་གར་གསུངས་པ་དང༌། དཔལ་སངས་རྒྱས་[ཀ་པཱ་ལ་]ཐོད་པ[སྟེ་བདེ་བ་སྐྱོང་བ]འི་རྒྱུད་དུ་ཡང༌། [བདེ་བ་]མཆོག་གི་ཡེ་ཤེས་ཇི་བཞིན་པ། །[མཁའ་ཁྱབ་]བྷ་གའི་དབུས་ན་རྣམ་པར་བཞུགས། །བདེ་བ་ཆེན་པོ་[མཁའ་ཁྱབ་]སྟེར་བྱེད་པ། །འདི་ཉིད་དུ་ནི་[བརྟན་གཡོ་]ཀུན་གནས་ཀྱང༌། །བྱིས་པ་རྨོངས་པས་མི་ཤེས་སོ། །ཞེས་འགྱུར་མེད་མཆོག་གི་བདེ་བ་[མཁའ་ཁྱབ་]སྟེར་ཞིང༌། དེའི་བཞུགས་གནས་སུ་གྱུར་པའི་དབྱིངས་[མཁའ་ཁྱབ་]ལ་[མཁའ་ཁྱབ་]བྷ་གར་གསུངས་པ་དང༌། དཔལ་རྡོ་རྗེ་མཁའ་འགྲོའི་རྒྱུད་དུ་ཡང༌། གོང་བུ་དགུག་པ་པད་མ་[མཁའ་ཁྱབ་]ཉིད། །[མཁའ་ཁྱབ་]བྷ་གའི་ནང་དུ་ངེས་ཆུད་པ། །ཡེ་ཤེས་རྒྱ་མཚོ་[མཁའ་ཁྱབ་]བསམ་པར་བྱ། །ཞེས་བདེ་བའི་ཡེ་ཤེས་ཀྱི་གོང་བུ་འགུགས་པ་དོན་དམ་གཞན་སྟོང་གི་པད་མ་[མཁའ་ཁྱབ་]ལ་[མཁའ་ཁྱབ་]བྷ་གར་གསུངས་པ་དང༌། གསང་འདུས་ཀྱི་འགྲེལ་པ་སྒྲོན་གསལ་དུ་དྲངས་པ་ཡང༌། བཙུན་མོ་[མཁའ་ཁྱབ་]ལེགས་སྦྱངས་ཕྱག་རྒྱ་[མཁའ་ཁྱབ་]སྟེ། །[མཁའ་ཁྱབ་]བྷ་ག་ལེགས་སྦྱངས་[མཁའ་ཁྱབ་]པད་མའོ། །ཞེས་སངས་རྒྱས་[མཁའ་ཁྱབ་]ཀུན་གྱི་བཙུན་མོ་[མཁའ་ཁྱབ་]ཕྱག་རྒྱ་ཆེན་མོ་[མཁའ་ཁྱབ་]ལ་བྷ་ག་[མཁའ་ཁྱབ་]དང་[མཁའ་ཁྱབ་]པད་མར་གསུངས་པ་དང༌། དཔལ་ཕྱག་ན་རྡོ་རྗེས་འཁོར་ལོ་སྡོམ་པའི་འགྲེལ་པར་དྲངས་པ་ཡང༌། དབང་ཕྱུག་ལ་སོགས་ཡོན་ཏན་[གྱི་སྐལ་བ་]ལྡན[པས]། ། [མཁའ་ཁྱབ་]བྷ་ག[འོ་]ཡང་ན་བདུད་བཅོམ་ཕྱིར[བྷ་ག་སྟེ]། །གང་ལ་[སྤངས་རྟོགས་རང་བཞིན་པ་]དེ་མང[འ་བ]འི་ཕྱིར་ན་འདི། །བཅོམ་ལྡན་[ཏེ་བྷ་ག་ཝན་ནི་]ཁམས་གསུམ་[གཞན་གྱི་]དབང་ཕྱུག་[དུ་]གསུངས། །ཞེས་སྤངས་པ་དང་རྟོགས་པའི་ཡོན་ཏན་མཐར་ཐུག་པ་རང་བཞིན་གྱིས་ཚང་བའི་དབྱིངས་རིག་དབྱེར་མེད་ལ་[མཁའ་ཁྱབ་]བྷ་གར་གསུངས་ཤིང༌། བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་གི་ཞལ་སྔ་ནས་ཀྱང༌། བྷ་ག་ཝན་འཆད་པའི་སྐབས་སུ་བཅོམ་ལྡན་འདས་ནི། བདུད་དང་ཉོན་མོངས་པ་[གདོད་ནས་རང་བཞིན་གྱིས་]བཅོམ་པའི་ཕྱིར་བཅོམ་པའམ་དབང་ཕྱུག་ལ་སོགས་པ་ཐམས་ཅད་མཁྱེན་པའི་ཡོན་ཏན་གྱི་ཚོགས་ཀྱི་སྐལ་བ་སྟེ་དེ་འདི་ལ་[གདོད་ནས་རང་བཞིན་གྱིས་]ལྡན་པའི་ཕྱིར་བཅོམ་ལྡན་ནོ། །ཞེས་གསུངས་ཏེ། འདིར་བྷ་ག་ཝན་ཞེས་པ་བཅོམ་ལྡན་དུ་འགྱུར་བ་ལྟར་སྐལ་ལྡན་དུ་ཡང་འགྱུར་བས་སྐད་སོར་གཞག་ཉིད་ལ་བཤད་ན་འགྲིག་ཅིང་ལེགས་པ་ཡིན་ནོ། །དཔལ་དུས་ཀྱི་འཁོར་ལོ་རྒྱུད་ཀྱི་རྒྱལ་པོར་ཡང༌། [དེ་ལྟར་སྟོང་ཆེན་འགྱུར་མེད་ལྔ་རྡོ་རྗེ་སྟེ། ཝཾ་ཡིག་གི་རྟེན་ཆོས་འབྱུང་ཨེ་ཡིག་ནི་ཡེ་ཤེས་ཀྱི་རང་སྣང་ལ་]གཅིག་དང་དུ་མ[ར་སྣང་བ་]དག་ཀྱང་[ཆོས་ཉིད་དུ་རོ་]གཅིག་ཅིང་མཉམ་[པ་ཤེས་རབ་]དང་མི་མཉམ་པ་[ཐབས་ཞེས་པ་ལ་སོགས་པ་]ཡང་མཉམ་པ་[ཉིད་]གཡས་[དང་]གཡོན་[དང་]མདུན་[དང་]རྒྱབ་དང༌། །སྟེང་[དང་]འོག་[རྣམས་]ཀུན་ནས་[པ་དང་ཐམས་ཅད་པ་]དཀར་[པོ་དང་]ལྗང་[ཁུ་ལ་སོགས་པ་ཁ་དོག་དང་བྲལ་ཡང་ཁ་དོག་ཐམས་ཅད་པ་ཡིན་པས་]སྣ་ཚོགས་[པའི་]ཁ་དོག་ཆེན་པོ[ར་རོ་]གཅིག་གི་གཟུགས་ཏེ་ཐུང་ངུ་[དང་ལུས་ཏེ་སྙིང་སྟོབས་དང་]རིང་པོ་[ངག་སྟེ་རྡུལ་]དང༌། །ཤིན་ཏུ་རིང་པོ་[ཡིད་དེ་མུན་པའི་]ཡོན་ཏན་[རྣམས་]མེད་ཅེས་[པ་ཡང་ཡིན་ལ་སྟོབས་བཅུ་ལ་སོགས་པ་མི་འབྲལ་བའི་]ཡོན་ཏན་[ཀུན་]དང་བཅས་[པའི་བདེ་གཤེགས་སྙིང་པོ་]བུད་མེད་སྐྱེས་པ[འི་གཟུགས་སུ་སྣང་བ་]འང་སྐྱེས་པ་བུད་མེད་མིན[པའི་སྟོང་གཟུགས]། །གང་ཞིག་[བདེ་བ་]ཀུན་གྱི་རྟེན་གཅིག་[པུ་]བྷ་ག་[མཁའ་ཁྱབ་]བཟང་མོ་[མཁའ་ཁྱབ་]མཆོག་གི་བྷ་ག་[མཁའ་ཁྱབ་]ཁྱོད་ལ་འདུད་དེ་ཁྱོད་ལ་འདུད།།ཅེས་དང༌། དེའི་འགྲེལ་པར་ཡང༌། བྷ་ག་བཟང་མོ་[མཁའ་ཁྱབ་]ཞེས་པ་ནི་[དོན་དམ་གྱི་]དབང་ཕྱུག་ལ་སོགས་པའི་ཡོན་ཏན་[དཔག་མེད་]གྱི་བདག་ཉིད་དོ། །མཆོག་གི་བྷ་ག་[མཁའ་ཁྱབ་]ནི་[ཁམས་གསུམ་གཞན་ཏེ་]ཁམས་གསུམ་གྱི་མཆོག་གོ །རྒྱུ་དེས་ན་མགོ་བོས་འདུད་པ་སྟེ། ཞེས་དང༌། མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མར་ཡང༌། [དོན་དམ་གྱི་]དམ་ཚིག་[སྐུ་གསུང་ཐུགས་ཀྱི་]གསང་[བ་]གསུམ་སྦྱོར་བ་ཡིས། །[མཁའ་ཁྱབ་]བྷ་གའི་དབུས་སུ་བསྒོམ་པར་བྱ། ། ཞེས་དང༌། [མཁའ་ཁྱབ་]བྷ་གར་རྡོ་རྗེ་ཕག་མོ་[བདེ་ཆེན་]ནི། ། [དོན་དམ་གྱི་]གསང་བ་གསུམ་དུ་རྣམ་པར་བསྒོམ། །ཞེས་དང༌། [དོན་དམ་གྱི་]དཀྱིལ་འཁོར་[ལ་མཎྜལ་ཞེས་པ་སྙིང་པོ་ཡང་ཡིན་ཞིང་དེ་གཉིས་གང་དུ་བསྒྱུར་ཡང་རུང་བ་]བྷ་ག་[མཁའ་ཁྱབ་]ཡིན་པར་བཤད། །ཅེས་པ་ལ་སོགས་པས་དབུ་མ་ཆེན་པོའི་གསུང་རབ་ཟབ་མོ་མཐར་ཐུག་པ་ཤིན་ཏུ་མང་བ་རྣམས་སུ། [དོན་དམ་གྱི་]དབང་ཕྱུག་ལ་སོགས་པ་ཆོས་ཉིད་ཀྱི་ཡོན་ཏན་རང་བཞིན་གྱིས་ཡོངས་སུ་གྲུབ་པ་མཐའ་ཡས་པའི་བདག་ཉིད་དོན་དམ་པའི་ལྷ་དང་སྔགས་དང་ཕྱག་རྒྱ་དང་རྒྱུད་དང་དཀྱིལ་འཁོར་[དང་སྐྱབས་གནས་དཀོན་མཆོག་]ལ་སོགས་པ་མིང་དུ་མ་ཅན་སྟོང་གཞི་དེ་བཞིན་ཉིད་ལ་[མཁའ་ཁྱབ་]བྷ་གར་གསུངས་པ་རབ་ཏུ་མང་བར་བཞུགས་པས་རྒྱས་པར་དེ་རྣམས་སུ་བལྟ་བར་བྱའོ། །

གནས་ལུགས་ཀྱི་རྡོ་རྗེ་དང་རང་སྟོང་རྣམ་གྲངས་ཡིན་ན་ཧ་ཅང་ཐལ་བ།

གཞན་ཡང་རྒྱུད་སྡེ་རིན་པོ་ཆེ་རྣམ་པར་དག་པ་རྣམས་སུ། སྟོང་ཉིད་རྡོ་རྗེར་གསུངས་པ་རྣམས་ཀྱང་སྟོང་གཞི་དོན་དམ་གཞན་སྟོང་ཉིད་ལ་དགོངས་ཀྱི་རང་སྟོང་ལ་ནི་[དགོངས་པ་]མ་ཡིན་ནོ། །གལ་ཏེ་རང་སྟོང་གིས་རྡོ་རྗེ་དེའི་གོ་ཆོད་པར་འདོད་ན། སྙི་བ་དང་སྙིང་པོ་མ་ཡིན་པ་དང་ཁོང་སྟོང་ཅན་དང༌། གཅད་དུ་ཡོད་ཅིང་དབྱེར་ཡོད་པ་དང༌། འཚིག་པ་དང་འཇིག་པའི་དངོས་པོ་ངན་པ་སབ་སོབ་དང་ལྗན་ལྗིན་དང་ལུད་ཁུང་ལ་སོགས་པ་མི་གཙང་བའི་རྫས་རྣམས་ཀྱང་རང་རང་ངོ་བོས་སྟོང་པའི་ཕྱིར་མཐར་ཐུག་གི་རྡོ་རྗེ་ཡིན་པར་འགྱུར་ལ། འདོད་ན་དེ་རྣམས་སྲ་བ་དང་སྙིང་པོ་ཡིན་པ་དང་ཁོང་སྟོང་མེད་པ་ལ་སོགས་པར་འདོད་དགོས་ཏེ། དཔལ་རྡོ་རྗེ་རྩེ་མོའི་རྒྱུད་དུ། རྡོ་རྗེ་རྡོ་རྗེ་ཞེས་གསུངས་པ། །ཅིས་འདི་རྡོ་རྗེར་བརྗོད་ཅེ་ན། །སྲ་ཞིང་སྙིང་པོ་ཁོང་སྟོང་མེད། །གཅད་མེད་དབྱེར་མེད་མཚན་ཉིད་ཅན། །མི་འཚིག་འཇིག་པ་མ་ཡིན་པ། །[དོན་དམ་]སྟོང་ཉིད་[ལ་]རྡོ་རྗེར་བརྗོད་པར་བྱ། །ཞེས་དང༌། [དོན་དམ་དུ་]བདེན་ཞིང་དོན་ཡོད་དེ་བཞིན་ཉིད། །འགྱུར་བ་མེད་ཅིང་སྐྱེ་བ་མེད། །འགག་མེད་དེ་ཁོ་ན་ཉིད་གང་[ཡིན་པ་སྟོང་གཞི]། །དེ་ལྟ་བུ་ནི་[དོན་དམ་]རྡོ་རྗེ་[མཁའ་ཁྱབ་]ཡིན། །ཞེས་དང༌། འགྱུར་བ་མེད་པ་དེ་བཞིན་ཉིད། །ཆོས་ཀྱི་དབྱིངས་ནི་བརྟན་པ་གང༌། །དེ་ལྟ་བུ་ནི་འདིར་རྡོ་རྗེ[མཁའ་ཁྱབ]། །ཞེས་དང༌། འགྲོ་དྲུག་འཁོར་ལོ་ཉེས་བྱས་ཀྱང༌། །རྡོ་རྗེ་ཡིས་ནི་འཇོམས་པར་བྱེད། །[དོན་དམ་]བྱང་ཆུབ་སེམས་གང་[ཡིན་པ་]དེ་རྡོ་རྗེ[སྟེ]། །[དེ་ནི་]ཉོན་མོངས་ཐམས་ཅད་[གདོད་ནས་བཅོམ་ཞིང་དེ་སྒོམ་པ་པོ་རྣམས་ཀྱི་ཉོན་མོངས་]འཇོམས་པར་བྱེད། །ཅེས་དང༌། ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད[དང་རྣམ་གྲངས་སུ་གྱུར་པའི]། །སྟོང་པ་ཉིད་ནི་རྡོ་རྗེར་བརྗོད[ཀྱི་རང་སྟོང་ནི་རྡོ་རྗེ་མ་ཡིན་ནོ]། །ཅེས་པ་ལ་སོགས་པ་དང༌། དཔལ་རྡོ་རྗེ་ཕྲེང་བའི་རྒྱུད་དུ་ཡང༌། མི་ཆོད་མི་ཕྱེད་མི་འགྱུར་བ། །མི་འཚིག་པ་དང་མཆོག་ཏུ་འབིགས། །[དོན་དམ་གྱི་]སངས་རྒྱས་ཡེ་ཤེས་ལྔ་ཡི་མཆོག །རང་བཞིན་[གཉུག་མ་ལས་]རྡོ་རྗེ་[མཁའ་ཁྱབ་]ཞེས་ནི་བརྗོད། །ཅེས་དང༌། [གདོད་ནས་རང་བཞིན་གྱིས་]ཞི་བ་གཉིས་མེད་རྣམ་པ་བྲལ[ཡང་]། །དངོས་པོ་ཀུན་གྱི་རང་བཞིན་[ནམ་རྣམ་པའི་]བདག །[དོན་དམ་གྱི་]བདེ་ཆེན་[མཁའ་ཁྱབ་]ཞེས་ནི་འདི་ལ་བརྗོད། །རྡོ་རྗེ་[མཁའ་ཁྱབ་]ཡེ་ཤེས་[མཁའ་ཁྱབ་]ལྔའི་དངོས་[པོ་སྟེ་ངོ་བོ་]ཉིད། །[དོན་དམ་གྱི་]སངས་རྒྱས་ལྔ་བདག་རང་བཞིན་ཅན[མཁའ་ཁྱབ]། །ཞེས་སོགས་དང༌། དཔལ་ཐམས་ཅད་གསང་བའི་རྒྱུད་དུ་ཡང༌། རང་བཞིན་གྱིས་ནི་འོད་གསལ་བའི། །སེམས་ནི་[མཁའ་ཁྱབ་]རྡོ་རྗེར་མངོན་བརྗོད་བྱ། །ཞེས་དང༌། དཔལ་དུས་ཀྱི་འཁོར་ལོར་ཡང༌། རྡོ་རྗེ་[མཁའ་ཁྱབ་]དག་ཀྱང་ཡེ་ཤེས་སྐུ་ཆེན་[མཁའ་ཁྱབ་]རྣམ་པར་མི་ཕྱེད་པའོ། །ཞེས་སོགས་དང༌། དཔལ་ཀྱེའི་རྡོ་རྗེ་དང༌། དང་པོའི་སངས་རྒྱས་ལ་སོགས་པ་རྒྱུད་སྡེ་མང་པོ་རྣམས་སུ་ཡང༌། [གང་གིས་ཀྱང་]མི་ཕྱེད་[པ་ལྷན་སྐྱེས་ཀྱི་ཡེ་ཤེས་འདུས་མ་བྱས་ནི་]རྡོ་རྗེ་[མཁའ་ཁྱབ་]ཞེས་བྱར་བརྗོད། །ཅེས་སོགས་དང༌། འཕགས་པ་འཇིག་རྟེན་དབང་ཕྱུག་གི་ཞལ་སྔ་ནས་ཀྱང༌། རྡོ་རྗེ་[མཁའ་ཁྱབ་]ཞེས་པ་ནི་མི་ཕྱེད་པའི་ཡེ་ཤེས་བསམ་དུ་མེད་པའི་ཐུགས་རྡོ་རྗེ[དོན་དམ་པའི་བདེ་བ]འོ། །དེ་གང་ལ་ཡོད་པ་དེ་ནི་རྡོ་རྗེ་[མཁའ་ཁྱབ་]ཅན་ཏེ། ཞེས་པ་དང༌། རྡོ་རྗེ་ནི་མི་ཕྱེད་པ་དང་མི་ཆོད་པ་[བདེ་བ་ཆེན་པོ་དང་སྟོང་ཉིད་]ཆེན་པོ་[དབྱེར་མེད་རོ་མཉམ་དུ་གདོད་ནས་རང་བཞིན་གྱིས་འདྲེས་པ་]ཡིན་ལ་དེ་ཉིད་ཐེག་པ་[མཁའ་ཁྱབ་]ཡིན་པ་ནི་རྡོ་རྗེ་ཐེག་པ་[མཁའ་ཁྱབ་]སྟེ་[རིམ་པ་ལྟར་]སྔགས་ཀྱི་ཚུལ་[མཁའ་ཁྱབ་]དང་ཕ་རོལ་ཏུ་ཕྱིན་པའི་ཚུལ་[མཁའ་ཁྱབ་]འབྲས་བུ་[གཞན་]དང་རྒྱུ[གཞན་ནམ་དམ་པ]འི་བདག་ཉིད་གཅིག་ཏུ་[གདོད་ནས་]འདྲེས་པར་གྱུར་པ[མྱང་འདས་ཆེན་པོ]འོ། །ཞེས་དང༌། རྡོ་རྗེ་ཐེག་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐེག་པ་[མཁའ་ཁྱབ་]སྟེ། མུ་སྟེགས་པ་དང༌། ཉན་ཐོས་དང༌། རང་སངས་རྒྱས་ཀྱི་ཐེག་པ་རྣམས་ཀྱིས་མི་ཕྱེད་པའི་ཕྱིར་རྡོ་རྗེ་[མཁའ་ཁྱབ་]སྟེ་ཐར་པར་འདིས་འགྲོ་བའི་ཕྱིར་རྡོ་རྗེ་ཐེག་པ[མཁའ་ཁྱབ་]འོ། །ཞེས་སོགས་དང༌། རྡོ་རྗེ་རྣམ་འཇོམས་སུ་ཡང༌། མི་ཆོད་པ་[མཁའ་ཁྱབ་]མི་ཤིགས་པ་[མཁའ་ཁྱབ་]བདེན་པ་[མཁའ་ཁྱབ་]སྲ་བ་[མཁའ་ཁྱབ་]བརྟན་པ་[མཁའ་ཁྱབ་]ཐམས་ཅད་དུ་ཐོགས་པ་མེད་པ་[མཁའ་ཁྱབ་]ཞེས་པ་ལ་སོགས་པ་རྣམས་ཀྱིས། གང་གིས་ཀྱང་མི་ཆོད་ཅིང་མི་ཤིགས་པའི་དབྱིངས་བདེན་པ་ཡང་དག་པ་སྲ་ཞིང་བརྟན་པ་སྐྱེ་འགག་འཕོ་འགྱུར་མེད་པའི་དེ་བཞིན་ཉིད་རང་བྱུང་ཡེ་ཤེས་ལྔ་དང་སངས་རྒྱས་ལྔའི་བདག་ཉིད་རང་བཞིན་འོད་གསལ་བྱང་ཆུབ་ཀྱི་སེམས་གང་ཡིན་པ་དེ་ལ་[མཁའ་ཁྱབ་]རྡོ་རྗེར་གསུངས་པའི་ཕྱིར་རོ། །དོན་དམ་པའི་མཚན་བརྗོད་དུ་ཡང༌། [ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི་ཆོས་གཞན་གཤིས་ལ་མེད་པས་]གཅིག་པུ་[སྟེ་]སྲ་མཁྲེགས་རྡོ་རྗེའི་བདག [མཁའ་ཁྱབ།]།ཅེས་དང༌། རྡོ་རྗེ་ཤུགས་ཅན་འཇིགས་བྱེད་པ[མཁའ་ཁྱབ]། །རྡོ་རྗེའི་གྲགས་པ་རྡོ་རྗེའི་སྙིང་[མཁའ་ཁྱབ]། །སྒྱུ་འཕྲུལ་རྡོ་རྗེ་གསུས་པོ་ཆེ[མཁའ་ཁྱབ]། །རྡོ་རྗེ་ལས་སྐྱེས་[པ་ཡང་ཡིན་ལ། མ་སྐྱེས་པ་ཡང་ཡིན་པས་འགལ་འདུས་སྐྱོན་མེད་]རྡོ་རྗེའི་བདག[མཁའ་ཁྱབ།]།རྡོ་རྗེ་སྙིང་པོ་མཁའ་འདྲ་བ[ཡང་ཡིན་ལ། དཔེ་མེད་པ་ཡང་ཡིན་པ]། །ཞེས་དང༌། རྡོ་རྗེ་གད་མོ་ཆེར་སྒྲོགས་པ[མཁའ་ཁྱབ]། །རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ[མཁའ་ཁྱབ]། །རྡོ་རྗེ་རྒྱལ་པོ་བདེ་བ་ཆེ[མཁའ་ཁྱབ]། །རྡོ་རྗེ་དྲག་པོ་དགའ་བ་ཆེ[མཁའ་ཁྱབ]། །རྡོ་རྗེ་ཧཱུཾ་སྟེ་ཧཱུཾ་ཞེས་སྒྲོགས[མཁའ་ཁྱབ]། །མཚོན་དུ་རྡོ་རྗེའི་མདའ་ཐོགས་པ[མཁའ་ཁྱབ]། །རྡོ་རྗེ་རལ་གྲིས་[ཁམས་གསུམ་]མ་ལུས་གཅོད[མཁའ་ཁྱབ]། །རྡོ་རྗེ་ཀུན་འཆང་[མཁའ་ཁྱབ་]རྡོ་རྗེ་ཅན[མཁའ་ཁྱབ]། །རྡོ་རྗེ་གཅིག་པུ་[སྲིད་ཞིའི་]གཡུལ་སེལ་བ[མཁའ་ཁྱབ]། །རྡོ་རྗེ་འབར་བ་མིག་མི་བཟད[མཁའ་ཁྱབ]། །སྐྲ་ཡང་རྡོ་རྗེ་འབར་བ་སྟེ[མཁའ་ཁྱབ]། །རྡོ་རྗེ་འབེབས་པ་[མཁའ་ཁྱབ་]འབེབས་པ་ཆེ[མཁའ་ཁྱབ]། །མིག་བརྒྱ་པ་སྟེ་རྡོ་རྗེའི་མིག[མཁའ་ཁྱབ།]།ལུས་ནི་རྡོ་རྗེའི་བ་སྤུ་ཅན[མཁའ་ཁྱབ]། །རྡོ་རྗེའི་སྤུ་ནི་གཅིག་པུའི་ལུས[མཁའ་ཁྱབ]། །སེན་མོ་སྐྱེས་པ་རྡོ་རྗེའི་རྩེ[མཁའ་ཁྱབ]། །རྡོ་རྗེ་སྙིང་པོ་ལྤགས་པ་མཁྲེགས[མཁའ་ཁྱབ]། །རྡོ་རྗེ་ཕྲེང་ཐོགས་དཔལ་དང་ལྡན[མཁའ་ཁྱབ]། རྡོ་རྗེ་རྒྱན་གྱིས་བརྒྱན་པ་སྟེ[མཁའ་ཁྱབ]། །ཞེས་དང༌། ཡི་གེ་དྲུག་པ་རྡོ་རྗེའི་སྒྲ[མཁའ་ཁྱབ]། །ཞེས་དང༌། རྡོ་རྗེ་རིན་ཆེན་དབང་བསྐུར་དཔལ[མཁའ་ཁྱབ]། །ཞེས་དང༌། རྡོ་རྗེ་འཆང་བ་ཀུན་གྱི་རྗེ[མཁའ་ཁྱབ]། །ཞེས་དང༌། རྡོ་རྗེ་ཉི་མ་སྣང་བ་ཆེ[མཁའ་ཁྱབ]། །རྡོ་རྗེ་ཟླ་བ་དྲི་མེད་འོད[མཁའ་ཁྱབ]། །ཅེས་དང༌། རྡོ་རྗེ་རྣོན་པོ་རལ་གྲི་ཆེ[མཁའ་ཁྱབ]། །ཞེས་དང༌། མཚོན་ཆ་ཆེན་པོ་རྡོ་རྗེ་ཆོས[མཁའ་ཁྱབ]། །རྡོ་རྗེ་ཟབ་མོ་ཛི་ན་ཛིག[མཁའ་ཁྱབ།]།རྡོ་རྗེ་བློ་གྲོས་དོན་བཞིན་རིག[མཁའ་ཁྱབ།]།ཅེས་དང༌། རྡོ་རྗེའི་གདན་ནི་མ་ལུས་ལྡན[མཁའ་ཁྱབ]། །ཞེས་པ་ལ་སོགས་པས་དོན་དམ་པ་རང་བྱུང་ཡེ་ཤེས་གཅིག་པུ་སྲ་མཁྲེགས་ཀྱི་ཤུགས་དང་གྲགས་པ་དང༌། སྒྲ་དང་གད་མོ་དང་སྒྱུ་འཕྲུལ་དང་སྙིང་དང་སྙིང་པོ་དང་བདག་དང་བདེ་བ་དང་དགའ་བ་དང་མིག་དང་སྐྲ་དང་སྤུ་དང་བ་སྤུ་དང་སེན་མོ་དང་ལྤགས་པ་དང་གསུས་པ་དང་གདན་དང་ཕྲེང་བ་དང་རྒྱན་དང་མདའ་དང་རལ་གྲི་ལ་སོགས་པ་མཚོན་ཆ་རྣམས་དང༌། དབང་བསྐུར་དང་འབེབས་པ་དང་བློ་གྲོས་དང་དཔལ་དང་ཉི་ཟླ་ལ་སོགས་པ་[ཕྱི་ནང་ཀུན་རྫོབ་འདི་ལས་]གཞན་[དོན་དམ་]བདེ་གཤེགས་སྙིང་པོ[འགལ་འདུས་སྐྱོན་མེད་ཆ་མེད་ཀུན་འགྲོ]འི་རྣམ་པ་ཐམས་ཅད་རྡོ་རྗེ་ཉིད་དུ་གསུངས་ཤིང༌། དེ་བཞིན་དུ་རྐང་པ་བདུན་བཅུ་རྩ་གཉིས་པར་ཡང༌། རྡོ་རྗེ་འཇིགས་བྱེད[མཁའ་ཁྱབ]། རྡོ་རྗེའི་ཚོགས[མཁའ་ཁྱབ]། རྡོ་རྗེའི་སྐུ[མཁའ་ཁྱབ]། རྡོ་རྗེའི་སྤྱན[མཁའ་ཁྱབ]། རྡོ་རྗེའི་སྙན[མཁའ་ཁྱབ]། རྡོ་རྗེའི་ཤངས[མཁའ་ཁྱབ]། རྡོ་རྗེའི་ལྗགས[མཁའ་ཁྱབ]། རྡོ་རྗེའི་ཚེམས[མཁའ་ཁྱབ]། རྡོ་རྗེའི་སེན་མོ[མཁའ་ཁྱབ]། །རྡོ་རྗེའི་སྐྲ[མཁའ་ཁྱབ]། རྡོ་རྗེའི་བ་སྤུ[མཁའ་ཁྱབ]། རྡོ་རྗེའི་རྒྱན[མཁའ་ཁྱབ]། རྡོ་རྗེའི་བཞད་པ[མཁའ་ཁྱབ]། རྡོ་རྗེའི་གླུ[མཁའ་ཁྱབ]། རྡོ་རྗེའི་གར[མཁའ་ཁྱབ]། རྡོ་རྗེའི་མཚོན་ཆ[མཁའ་ཁྱབ]། ཞེས་པ་ལ་སོགས་པས་[འགལ་འདུས་སྐྱོན་མེད་ཆ་མེད་ཀུན་འགྲོ་]དོན་དམ་དེ་བཞིན་ཉིད་ཀྱི་ཐབས་དང་ཤེས་རབ་དབྱེར་མེད་པ་ཡེ་ཤེས་ཀྱི་ལྷའི་སྐྱེ་མཆེད་[མཁའ་ཁྱབ་]དང༌། ཡན་ལག་[མཁའ་ཁྱབ་]དང༌། གླུ་གར་[མཁའ་ཁྱབ་]དང༌། མཚོན་ཆ་[མཁའ་ཁྱབ་]ལ་སོགས་པ་ཐམས་ཅད་རྡོ་རྗེ་[མཁའ་ཁྱབ་]ཉིད་དུ་གསུངས་ལ། གསང་བདག་ཕྱག་ན་རྡོ་རྗེའི་ཞལ་སྔ་ནས་ཀྱང༌། ཆོས་དང་ལྷན་ཅིག་སྐྱེས་པའི་སྐུ་[མཁའ་ཁྱབ་]འདི་དག་གཅིག་པ་ཉིད་རྡོ་རྗེ་སེམས་དཔའ་[མཁའ་ཁྱབ་]ཞེས་བརྗོད་པར་བྱ་སྟེ། རྡོ་རྗེ་[མཁའ་ཁྱབ་]ཞེས་པ་ཆོས་ཀྱི་སྐུ་[མཁའ་ཁྱབ་]དང་སྟོང་པ་ཉིད་[མཁའ་ཁྱབ་]དང་ཤེས་རབ་[མཁའ་ཁྱབ་]བོ། །སེམས་དཔའ་[མཁའ་ཁྱབ་]ཞེས་པ་ལྷན་ཅིག་སྐྱེས་པའི་སྐུ་[མཁའ་ཁྱབ་]དང་སྙིང་རྗེ་[མཁའ་ཁྱབ་]དང་ཐབས་[མཁའ་ཁྱབ་]སོ། །དེ་ལྟར་[དོན་དམ་པའི་]ཤེས་རབ་དང་[སྟོང་ཉིད་དང་ཆོས་སྐུ་དང་དོན་དམ་པའི་]ཐབས་[དང་སྙིང་རྗེ་དང་ལྷན་ཅིག་སྐྱེས་སྐུ་]ཡང་དག་པར་སྦྱོར་བའི་བདག་ཉིད་[མཁའ་ཁྱབ་]ནི་རྡོ་རྗེ་སེམས་དཔར་མངོན་པར་བརྗོད་པར་བྱའོ། །ཞེས་ཆོས་སྐུ་[མཁའ་ཁྱབ་]དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་[མཁའ་ཁྱབ་]ཡང་ཡིན་ལ་སྟོང་ཉིད་[མཁའ་ཁྱབ་]ཀྱང་ཡིན་པའི་རྡོ་རྗེ་[མཁའ་ཁྱབ་]གསུངས་པ་འདི་ནི་སྟོང་གཞི་དོན་དམ་གཞན་སྟོང་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལས་འོས་མེད་པ་ཉིད་དུ་ཡིད་ཆེས་པར་བྱའོ། །དེ་བཞིན་དུ། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱུད་དུ་ཡང༌། [ཀུན་རྫོབ་ཀྱི་]སངས་རྒྱས་ཀུན་བས་སྔར་སངས་རྒྱས[པ་དང་པོའི་སངས་རྒྱས]། །མི་ཤེས་དྲི་མ་ཀུན་[གདོད་ནས་རང་བཞིན་གྱིས་]བཅོམ་པ[དེ་ཉིད]། །རྡོ་རྗེ་[ཡང་ཡིན་]རྡོ་རྗེ་འཛིན་[པའི་]རྒྱལ་པོ[ཡང་ཡིན]། །རྡོ་རྗེ་[ཅན་དང་]རྡོ་རྗེ་[སྔགས་དང་]རྡོ་རྗེ་འཛིན[པ་ཡང་ཡིན]། །རྡོ་རྗེ་སྐུ་སྟེ་སྐུ་ཆེ་བ[མཁའ་ཁྱབ]། །ཕྱག་ན་རྡོ་རྗེ་ཕྱག་འཚལ་བསྟོད། །རྡོ་རྗེ[འི་]ཡན་ལག་[གམ་ཡན་ལག་ཐམས་ཅད་རྡོ་རྗེ་སྟེ་]རྡོ་རྗེ་མཆོག[མཁའ་ཁྱབ།]།རྡོ་རྗེ་[ཆོས་ཉིད་ཀྱི་འོད་]འབར་བ་[མཁའ་ཁྱབ་]ཆེར་འབར་བ[མཁའ་ཁྱབ]། །རྡོ་རྗེ་[ཆོས་ཉིད་ཀྱི་]ཤུགས་[སམ་སྟོབས་]ཏེ་ཤུགས་ཆེ་བ[མཁའ་ཁྱབ]། །[མི་མཐུན་ཕྱོགས་ཀུན་འཇོམས་ཤིང་བཅོམ་པས་]རྡོ་རྗེ་མཚོན་ཆ་མཚོན་ཆ་ཆེ[མཁའ་ཁྱབ]། །ཕྱག་ན་རྡོ་རྗེ་ཕྱག་ཆེན་པོ[མཁའ་ཁྱབ]། །རྡོ་རྗེ་མདའ་སྟེ་[ཁམས་གསུམ་ཀུན་ལ་]རབ་འབིགས་པ[མཁའ་ཁྱབ]། །རྡོ་རྗེ་རྣོན་པོ་[དངོས་པོ་ཐམས་ཅད་ཆོད་པས་]རྣོ་བ་ཆེ[མཁའ་ཁྱབ]། །ཞེས་པ་ལ་སོགས་པ་ནས། ཐམས་ཅད་རྡོ་རྗེའི་བདག་ཉིད་གཙོ[མཁའ་ཁྱབ]། །ཞེས་པའི་མཐར་ཐུག་པ་རྣམས་ཀྱིས་དབྱིངས་རིག་དབྱེར་མེད་རང་བྱུང་ཡེ་ཤེས་ཀྱི་ལྷ་རྣམས་[ཐམས་ཅད་]རྡོ་རྗེར་གསུངས་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་འདུས་པར་ཡང༌། རྡོ་རྗེ་སེམས་དཔའ་[མཁའ་ཁྱབ་]སེམས་དཔའ་ཆེ[མཁའ་ཁྱབ]། །[དོན་དམ་གྱི་]རྡོ་རྗེ་དེ་བཞིན་གཤེགས་པ་ཀུན[མཁའ་ཁྱབ]། །རྡོ་རྗེ་དང་པོ[འི་སངས་རྒྱས་]ཀུན་ཏུ་བཟང་[མཁའ་ཁྱབ]། །ཕྱག་འཚལ་ཕྱག་ན་རྡོ་རྗེ་[མཁའ་ཁྱབ་]ལའོ། །[དོན་དམ་གྱི་]རྡོ་རྗེ་རྒྱལ་པོ་སངས་རྒྱས་མཆོག[མཁའ་ཁྱབ།]།[དོན་དམ་གྱི་]རྡོ་རྗེ་ལྕགས་ཀྱུ་དེ་བཞིན་གཤེགས[མཁའ་ཁྱབ]། །[དོན་དམ་རྣམ་པར་]ངེས་པའི་རྒྱལ་པོ་རྡོ་རྗེ་མཆོག[མཁའ་ཁྱབ།]།ཕྱག་འཚལ་རྡོ་རྗེ་འགུགས་[མཁའ་ཁྱབ་]ཁྱོད་ལ། །[དོན་དམ་གྱི་]རྡོ་རྗེ་ཆགས་པ་བདེ་ཆེན་པོ[མཁའ་ཁྱབ]། །[དོན་དམ་གྱི་]རྡོ་རྗེ་མདའ་ནི་དབང་བྱེད་པ[མཁའ་ཁྱབ]། །བདུད་ཀྱི་འདོད་པ་[གཞན་ནམ་བདུད་གསོད་པར་འདོད་པ་]རྡོ་རྗེ་ཆེ[མཁའ་ཁྱབ]། །ཕྱག་འཚལ་རྡོ་རྗེ་གཞུ་[མཁའ་ཁྱབ་]ཁྱོད་ལ། །ཞེས་པ་ལ་སོགས་པ་ནས་རྡོ་རྗེ་བསྡམས་པ་[སྡོམ་པའི་མཆོག་]ཕྱག་རྒྱ་ཆེ[མཁའ་ཁྱབ]། །ཞེས་པ་ལ་སོགས་པས་ཀྱང་བདེ་གཤེགས་སྙིང་པོ་ཡང་དག་པའི་མཐའ་དབང་པོ་ཐམས་ཅད་པ་[མཁའ་ཁྱབ་]དང་རྣམ་པ་ཐམས་ཅད་པའི་ལྷ་[མཁའ་ཁྱབ་]རྣམས་ཐམས་ཅད་རྡོ་རྗེར་གསུངས་སོ། །དཔལ་མཆོག་དང་པོའི་རྒྱུད་དུ་ཡང༌། སྐུ་དང་གསུང་དང་ཐུགས་ཐམས་ཅད་རྡོ་རྗེ་[མཁའ་ཁྱབ་]ཞེས་པ་ལ་སོགས་པ་དང༌། རྡོ་རྗེ་སྲ་བ་ཉིད་ཀྱི་ཕྱིར་རྡོ་རྗེ་མཉམ་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་བྱང་ཆུབ་[མཁའ་ཁྱབ་]ཆེན་པོའོ། །ཞེས་པ་ལ་སོགས་པས་བྱང་ཆུབ་ཆེན་པོའི་སྐུ་དང་གསུང་དང་ཐུགས་རྣམས་རྡོ་རྗེར་གསུངས་ཤིང༌། དཔལ་རྡོ་རྗེ་རྩེ་མོར་ཡང༌། རྡོ་རྗེ་དབྱིངས་ནི་ཤིན་ཏུ་བརྟན[མཁའ་ཁྱབ]། །དེ་ཉིད་ཡེ་ཤེས་[རང་བྱུང་ཡེ་ཤེས་]མངོན་སངས་རྒྱས[མཁའ་ཁྱབ]། །ཞེས་ཤིན་ཏུ་བརྟན་པའི་ཆོས་ཀྱི་དབྱིངས་ཉིད་[དོན་དམ་གྱི་]ཡེ་ཤེས་[མཁའ་ཁྱབ་]དང་སངས་རྒྱས་[མཁའ་ཁྱབ་]དང་རྡོ་རྗེར་གསུངས་སོ། །དཔལ་མཆོག་དང་པོའི་རྒྱུད་དུ་ཡང༌། [དོན་དམ་]བདེ་བ་ཆེན་པོ་རྡོ་རྗེ་ཆེ[མཁའ་ཁྱབ]། །[དོན་དམ་]རྡོ་རྗེ་ཀུན་གྱིས་ལེགས་བརྒྱན་པ[མཁའ་ཁྱབ]། ། ཞེས་དང༌། རྡོ་རྗེ་འཛིན་པ་ཀུན་གྱི་གནས[མཁའ་ཁྱབ]། །[རང་བཞིན་འགྱུར་མེད་ཀྱི་]བདེ་བ་ཆེན་པོ་རྡོ་རྗེ་ཆེ[མཁའ་ཁྱབ]། །ཞེས་དང༌། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་ཆོས་ཉིད་[བདེ་གཤེགས་སྙིང་པོ་]བརྙེས་པ་ཆོས་ཐམས་ཅད་སྤྲོས་པ་མེད་པ་ཡང་[དོན་དམ་]བདེ་བ་ཆེན་པོ་རྡོ་རྗེ་[མཁའ་ཁྱབ་]དོན་ཡོད་པའི་དམ་ཚིག་[མཁའ་ཁྱབ་]ཅེས་བྱ་བ་རྡོ་རྗེ་ཆོས་ཉིད་[གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་]ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ[མཁའ་ཁྱབ]། དཔལ་མཆོག་དང་པོ་[མཁའ་ཁྱབ་]ཐོག་མ་དང་ཐ་མ་དང་དབུས་མེད་པའི་དམ་པ་[བདེ་གཤེགས་སྙིང་པོ་]འདི་གསུངས་སོ། །ཞེས་སྤྲོས་པ་མེད་པའི་ཆོས་ཉིད་བདེ་བ་ཆེན་པོ་[གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་]ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་[བདེ་གཤེགས་སྙིང་པོ་]ལ་རྡོ་རྗེར་གསུངས་ཤིང༌། དཔལ་དྲི་མ་མེད་པའི་འོད་དུ་ཡང༌། སྟོང་པ་ཆེན་པོ་འགྱུར་མེད་ལྔ་ནི་[དོན་དམ་པའི་ལྷ་དང་རྒྱུད་]སུམ་བཅུ་རྩ་དྲུག་གི་བདག་ཉིད་རྒྱལ་བ་རྣམས་ཀྱིས་[མཁའ་ཁྱབ་]རྡོ་རྗེར་གསུངས་ཏེ། དེ་འཛིན་པའི་ཕྱིར་རྡོ་རྗེ་[མཁའ་ཁྱབ་]འཛིན་པའོ། །ཞེས་དབྱིངས་རིག་དབྱེར་མེད་དོན་དམ་གྱི་ཕུང་པོ་དྲུག་ལ་སོགས་པ་ལྷ་སུམ་བཅུ་རྩ་དྲུག་ལ་[མཁའ་ཁྱབ་]རྡོ་རྗེར་གསུངས་སོ། །དེ་བཞིན་དུ། སངས་རྒྱས་ཐམས་ཅད་ཀྱི་དཔལ་འདུས་པར་ཡང༌། དེ་ལ་མངོན་པར་ཤེས་པ་ལྔ་ནི། རྡོ་རྗེའི་སྤྱན་[མཁའ་ཁྱབ་]དང༌། རྡོ་རྗེའི་སྙན་[མཁའ་ཁྱབ་]དང༌། རྡོ་རྗེའི་ཐུགས་[མཁའ་ཁྱབ་]དང༌། རྡོ་རྗེའི་གནས་[མཁའ་ཁྱབ་]དང༌།[མཁའ་ཁྱབ་]རྡོ་རྗེའི་རྫུ་འཕྲུལ་ལོ་ཞེས་[རྡོ་རྗེའི་མངོན་ཤེས་]གསུངས་ཤིང༌། དེ་ཉིད་ཀྱི་འགྲེལ་པ་སྒྲོན་མ་གསལ་བར་ཡང༌། རྡོ་རྗེ་ནི་གཉིས་སུ་མེད་པའི་ཡེ་ཤེས་[མཁའ་ཁྱབ་]ཏེ། དེའི་ངོ་བོ་ཉིད་ཀྱིས་འཆང་བར་མཛད་པས་ན་རྡོ་རྗེ་འཛིན་པ་[མཁའ་ཁྱབ་]སྟེ་མཐར་ཐུག་པའོ། །ཞེས་གསུངས་ལ། དེ་བཞིན་དུ། རྒྱུད་དང་རྒྱུད་གཞན་ཤིན་ཏུ་མང་པོར་ཡང༌། སྐུ་རྡོ་རྗེ་[མཁའ་ཁྱབ་]གསུང་རྡོ་རྗེ་[མཁའ་ཁྱབ་]ཐུགས་རྡོ་རྗེ་[མཁའ་ཁྱབ་]ཡེ་ཤེས་རྡོ་རྗེ་[མཁའ་ཁྱབ་]ཞེས་སོགས་དང༌། རྡོ་རྗེའི་འདུ་ཤེས་[མཁའ་ཁྱབ་]རྡོ་རྗེའི་འདུ་བྱེད་[མཁའ་ཁྱབ་]ཅེས་སོགས་དང། རྡོ་རྗེའི་མིག་[མཁའ་ཁྱབ་]རྡོ་རྗེའི་གཟུགས་[མཁའ་ཁྱབ་]ཞེས་པ་ལ་སོགས་པ་རྡོ་རྗེའི་སྐྱེ་མཆེད་[མཁའ་ཁྱབ་]རྣམས་དང༌། རྡོ་རྗེ་འཆང་[མཁའ་ཁྱབ]། རྡོ་རྗེ་བདུད་རྩི[མཁའ་ཁྱབ]། །རྡོ་རྗེ་དབྱིངས[མཁའ་ཁྱབ]། རྡོ་རྗེ་ཧཱུཾ་མཛད[མཁའ་ཁྱབ]། རྡོ་རྗེ་འཇིགས་བྱེད[མཁའ་ཁྱབ]། རྡོ་རྗེ་དབང་ཕྱུག[མཁའ་ཁྱབ།]།རྡོ་རྗེ་མཁའ་འགྲོ[མཁའ་ཁྱབ]། རྡོ་རྗེ་རྩེ་མོ[མཁའ་ཁྱབ]། །རྡོ་རྗེ་གདན་བཞི་[མཁའ་ཁྱབ་]ཞེས་སོགས་དང༌། འདོད་ཆགས་རྡོ་རྗེ[མཁའ་ཁྱབ]། ཞེ་སྡང་རྡོ་རྗེ[མཁའ་ཁྱབ]། གཏི་མུག་རྡོ་རྗེ[མཁའ་ཁྱབ]། ཕྲག་དོག་རྡོ་རྗེ་[མཁའ་ཁྱབ་]ཞེས་སོགས་དང༌། རྡོ་རྗེ་སྟོན[མཁའ་ཁྱབ]། རྡོ་རྗེ་དགུན་[མཁའ་ཁྱབ་]ཞེས་སོགས་དང༌། རྡོ་རྗེའི་ཐེག་པ[མཁའ་ཁྱབ]། རྡོ་རྗེའི་སྔགས[མཁའ་ཁྱབ]། རྡོ་རྗེའི་རྣལ་འབྱོར[མཁའ་ཁྱབ]། རྡོ་རྗེ་ཕག་མོ[མཁའ་ཁྱབ]། རྡོ་རྗེ་སྒྲོལ་མ[མཁའ་ཁྱབ]། རྡོ་རྗེ་བདག་མེད་མ་[མཁའ་ཁྱབ་]ཞེས་པ་ལ་སོགས་པ་ཐམས་ཅད་ཆོས་ཉིད་[མཁའ་ཁྱབ་]དང༌། ཆོས་ཀྱི་དབྱིངས་[མཁའ་ཁྱབ་]དང༌། ཆོས་ཀྱི་གནས་ཉིད་[མཁའ་ཁྱབ་]དང༌། ཆོས་སྐྱོན་མེད་པ་ཉིད་[མཁའ་ཁྱབ་]དང༌། དེ་བཞིན་ཉིད་[མཁའ་ཁྱབ་]དང༌། མ་ནོར་བ་དེ་བཞིན་ཉིད་[མཁའ་ཁྱབ་]དང༌། གཞན་མ་ཡིན་པ་དེ་བཞིན་ཉིད་[མཁའ་ཁྱབ་]དང༌། ཡང་དག་པའི་མཐའ་[མཁའ་ཁྱབ་]དང༌། བསམ་གྱིས་མི་ཁྱབ་པའི་དབྱིངས་[མཁའ་ཁྱབ་]དང༌། མ་སྐྱེས་པ་[མཁའ་ཁྱབ་]དང༌། མ་འགགས་པ་[མཁའ་ཁྱབ་]དང༌། གཟོད་མ་ནས་ཞི་བ་[མཁའ་ཁྱབ་]དང༌། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་[མཁའ་ཁྱབ་]དང༌། གཟུགས་རྣམ་པར་དག་པ་[མཁའ་ཁྱབ་]ལ་སོགས་པ་རྣམ་དག་ལེའུ་རྒྱ་ཆེར་གསུངས་པ་དང༌། ཆོས་ཉིད་ཀྱི་གཟུགས་[མཁའ་ཁྱབ་]ལ་སོགས་པ་དང༌། ཁམས་གསུམ་དང་དུས་གསུམ་ལས་འདས་པའི་གཟུགས་[མཁའ་ཁྱབ་]ལ་སོགས་པ་རྣམས་དང་དོན་གཅིག་པ་ཁོ་ན་སྟེ། ཀུན་རྫོབ་ཀྱི་སངས་རྒྱས་འཇིག་རྟེན་དུ་བྱུང་རུང་མ་བྱུང་རུང༌། གང་ཟག་རྣམས་ཀྱིས་ཁུངས་ཆོད་རུང་མ་ཆོད་རུང༌། ཡིད་ཆེས་རུང་མ་ཆེས་རུང༌། གློ་བུར་དྲི་མ་འགགས་རུང་མ་འགགས་རུང་མཁའ་ལྟར་ཀུན་ཁྱབ་ཏུ་ནམ་ཡང་བཞུགས་པ་ཡིན་ནོ། །

གནས་ལུགས་ཀྱི་ཕྱག་རྒྱ་ཆེན་མོ་ལ་སོགས་པ་དང་རང་སྟོང་རྣམ་གྲངས་ཡིན་ན་ཧ་ཅང་ཐལ་བ།

གཞན་ཡང་རང་སྟོང་ལས་གཞན་པའི་སྟོང་ཉིད་ཟབ་མོ་མེད་པར་འདོད་ན་གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་ཕྱག་རྒྱ་ཆེན་མོ་[མཁའ་ཁྱབ་]དང༌། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་[མཁའ་ཁྱབ་]དང༌། ཡུམ་ཤེར་ཕྱིན་[མཁའ་ཁྱབ་]ཡང་མེད་པར་འགྱུར་ཏེ། རང་སྟོང་གིས་དེ་རྣམས་ཀྱི་གོ་མི་ཆོད་པའི་ཕྱིར་རོ། །གལ་ཏེ་ཆོད་ན་དུག་དང་བཤང་བ་ལ་སོགས་པ་དངོས་པོ་ངན་པ་རྣམས་ཀྱང་དེ་དང་དེ་ཡིན་པར་འགྱུར་ཏེ་རང་རང་ངོ་བོས་སྟོང་པའི་ཕྱིར་རོ། །འདོད་པར་མི་ནུས་ཏེ། བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་གི་ཞལ་སྔ་ནས། ཕྲ་རབ་རྡུལ་གྱི་ཆོས་ཉིད་འདས། །པྲ་ཕབ་པ་ཡི་རང་བཞིན་ཅན། །རྣམ་པ་ཀུན་གྱི་མཆོག་ལྡན་མ[མཁའ་ཁྱབ]། །ཕྱག་རྒྱ་ཆེན་མོ་[མཁའ་ཁྱབ་]དེ་ལ་འདུད། །ཅེས་དང༌། གང་ཞིག་ཕུང་པོ་ལ་སོགས་སྒྲིབ་པ་[གདོད་ནས་]རབ་[ཏུ་]བཅོམ་[པའི་གཞི་དོན་དམ་གྱི་ལ་སོགས་]ཡུལ་ནི་པྲ་ཕབ་བརྒྱད་ལྟ་བུ[མཁའ་ཁྱབ]། །ཀུན་མཁྱེན་[གྱི་]བདེ་སྟེར་དེ་ཉིད་གཅིག་པུ་རྡོ་རྗེ་འཛིན་པའི་ཕྱག་རྒྱ་ཆེན་མོ་[མཁའ་ཁྱབ་]སྟེ། །ཞེས་དང༌། ཕྱག་རྒྱ་ཆེན་མོ་ནི་[ཀུན་རྫོབ་ཀྱི་ཆོས་ཐམས་ཅད་ཀྱི་]རང་བཞིན་མེད་པའི་[གཞི་དོན་དམ་པའི་]ཆོས་ཐམས་ཅད་ཀྱི་མཚན་ཉིད་ཅན་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་[ཡང་རྣམ་པའི་དངོས་པོ་མེད་]པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་[མཁའ་ཁྱབ་]སངས་རྒྱས་[ཐམས་ཅད་]སྐྱེད་པར་མཛད་པའོ། །ཞེས་སོགས་རྒྱ་ཆེར་གསུངས་ཤིང༌། རྒྱུད་ཀྱི་རྒྱལ་པོར་ཡང༌། ཕྱག་རྒྱ་[ཆེན་མོ་]སྒྱུ་མའི་རྗེས་སུ་མཐུན་པ་ཡིད་དང་ནམ་མཁའ་ལ་ནི་[པྲ་ཕབ་པའི་]མེ་ལོང་དག་ལ་གཟུགས་བཞིན་ཏེ། །[དོན་དམ་གྱི་]འཇིག་རྟེན་གསུམ་པོ་[མཁའ་ཁྱབ་]སྣང་བར་བྱེད་ཅིང་དྲི་མེད་ཀློག་དང་མཚུངས་པའི་འོད་ཟེར་དུ་མ་འཕྲོ་བར་བྱེད། །ཅེས་སོགས་དང༌། མཁའ་འགྲོ་མ་རྡོ་རྗེ་གུར་དུ་ཡང༌། ནམ་མཁའི་ཁམས་ནི་ཇི་སྙེད་པ[ཁྱབ་ཅིང་]། །འཇིག་རྟེན་ཁམས་ནི་སྟོང་ཕྲག་ན[རྟག་ཏུ་བཞུགས་པའི]། །བདེ་ཆེན་ཕུན་ཚོགས་ཕྱག་རྒྱ་ཆེ[གང་ཡིན་པ་དེ་ཉིད]། །[དོན་དམ་གྱི་]སངས་རྒྱས་[ཏེ་བརྟན་གཡོ་ཀུན་ལ་ཁྱབ་པས་]ནམ་མཁའ་འདྲ་བར་བཞུགས། །ཞེས་དང༌། དེ་ཉིད་འདུས་པར་ཡང༌། [དོན་དམ་གྱི་]དེ་བཞིན་གཤེགས་པ་[ནི་]ཕྱག་རྒྱ་ཆེ[མཁའ་ཁྱབ]། །ཞེས་དང༌། ཕྱག་རྒྱ་ཆེན་པོའི་ཚུལ་དུ་ནི། །ཇི་ལྟར་རྡོ་རྗེ་འཛིན་[གདོད་ནས་ལྷུན་གྱིས་]གྲུབ་པ[མཁའ་ཁྱབ]། །ཞེས་དང༌། གསང་བདག་ཕྱག་ན་རྡོ་རྗེའི་ཞལ་སྔ་ནས་ཀྱང༌། [མཆོག་གི་]དངོས་གྲུབ་ནི་ཕྱག་རྒྱ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་[མཁའ་ཁྱབ་]རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་[ཡང་རྣམ་པའི་དངོས་པོ་མེད་]པའོ། །ཞེས་དང༌། ཕྱག་རྒྱ་ཆེན་པོ་འདོད་པའི་དངོས་གྲུབ་[མཁའ་ཁྱབ་]དེ་ནི་[དོན་དམ་སྐུ་བཞི་མཁྱེན་པ་བཞི་སྟེ་]ཐམས་ཅད་མཁྱེན་པ་ཉིད་[རང་བཞིན་པའི་སྐུ་མཁའ་ཁྱབ་]དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་[སྤྲུལ་པའི་སྐུ་མཁའ་ཁྱབ་]དང༌། ལམ་མཁྱེན་པ་ཉིད་[ལོངས་སྐུ་མཁའ་ཁྱབ་]དང་ལམ་གྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་[ཆོས་སྐུ་མཁའ་ཁྱབ་]དང༌། [དོན་དམ་གྱི་]སྟོབས་བཅུ་དང༌། མི་འཇིགས་པ་བཞི་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་[མཁའ་ཁྱབ་]མཐའ་དག་སྟེར་བར་བྱེད་པ་མོ་སྟེ། ཞེས་དང༌། ནང་དུ་ནི་[དོན་དམ་གྱི་]ཁམས་གསུམ་པ་མ་ལུས་པའི་སངས་རྒྱས་ཀྱི་གཟུགས་བརྙན་མཐོང་བ་སྟེ་ཕྱག་རྒྱ་ཆེན་པོ་མཐོང་བ་དང༌། ཞེས་དང༌། སྒྲིབ་པ་ཐམས་ཅད་དང་[གདོད་ནས་རང་བཞིན་གྱིས་]བྲལ་བ་པྲ་ཕབ་པ་ལྟ་བུ་ཕྱག་རྒྱ་ཆེན་པོ་སངས་རྒྱས་ཀྱི་འོད་ཟེར་གྱི་སྤྲིན་མཐའ་ཡས་པ་[མཁའ་ཁྱབ་]སྤྲོ་བར་བྱེད་[ཀྱང་སྤྲོ་བསྡུ་མེད་]པ་འོད་ཀྱི་དཀྱིལ་འཁོར་གྱིས་[གདོད་ནས་རང་བཞིན་གྱིས་]རྣམ་པར་སྤྲས་པ། ཞེས་དང༌། [སྟོང་གཞི་དོན་དམ་གཞན་སྟོང་]དེ་ནི་རྡོ་རྗེ་རྣལ་འབྱོར་མ་[མཁའ་ཁྱབ་]རང་གི་སེམས་[རང་བཞིན་དུ་གནས་པའི་རིགས་རང་བྱུང་ཡེ་ཤེས་]ཀྱི་སྣང་བ་ཙམ་ཕྱག་རྒྱ་ཆེན་པོ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་[མི་སྟོང་པའི་]སྟོང་པ་ཉིད་[མཁའ་ཁྱབ་]དང་དེ་བཞིན་ཉིད་དང༌། རིགས་ལྡན་མ་[མཁའ་ཁྱབ་]དང་པད་མ་[མཁའ་ཁྱབ་]ཞེས་བརྗོད་པར་བྱའོ། །ཞེས་སོགས་དང༌། དཔལ་ཀྱེའི་རྡོ་རྗེའི་རྒྱུད་དུ་ཡང༌། [དོན་དམ་གྱི་]བོ་ལའི་བདེ་བ་ཕྱག་རྒྱ་ཆེ[མཁའ་ཁྱབ]། །[དོན་དམ་གྱི་]རྡོ་རྗེའི་སྐྱེ་མཆེད་[སེམས་དཔའ་སེམས་མ་]ཐམས་ཅད་ཉིད[ཡིན་ལ]། །[དོན་དམ་གྱི་བོ་ལ་དང་བྷ་ག་སྦྱོར་བ་]གསང་བའི་སྙོམས་འཇུག་འདི་ཡིས་ནི། །[དོན་དམ་གྱི་]ཕྱི་རོལ་[ཀུན་རྫོབ་ཕོ་མོ་]གཉིས་[ཀྱིས་དབང་པོ་]གཉིས་[སྦྱོར་བ་ངེས་དོན་དུ་]བསྟན་པ་མེད། །ཅེས་སོགས་དང༌། [དོན་དམ་གྱི་]ག་པུར་[ཐིག་ལེ་]ཉིད་ནི་བདག་མེད་མ[མཁའ་ཁྱབ]། །[དོན་དམ་གྱི་]བདེ་བ་བདག་མེད་ཚུལ་ཅན་ཉིད[མཁའ་ཁྱབ]། །[དོན་དམ་]དེ་ཡི་བདེ་བ་ཕྱག་རྒྱ་ཆེ[མཁའ་ཁྱབ]། །[དོན་དམ་གྱི་]ལྟེ་བའི་དཀྱིལ་འཁོར་ཉིད་དུ་གནས། །དང་པོའི་དབྱངས་ཡིག་རང་བཞིན་[ཨ་ཡིག་]ཏེ། །[དོན་དམ་གྱི་]བློ་ཞེས་སངས་རྒྱས་རྣམས་ཀྱིས་བརྟགས། །ཞེས་དང༌། [དོན་དམ་]དེ་ཉིད་བཅོམ་ལྡན་ཤེས་རབ་མ[མཁའ་ཁྱབ]། །[དོན་དམ་]དེ་ནི་[ཀུན་རྫོབ་ཀྱི་]རིང་མིན་ཐུང་བ་མིན། །[ཀུན་རྫོབ་ཀྱི་]གྲུ་བཞི་མ་ཡིན་ཟླུམ་པོ་མིན། །[ཀུན་རྫོབ་ཀྱི་]དྲི་དང་རོ་དང་མྱང་ངན་འདས། །[དོན་དམ་གྱི་]ལྷན་ཅིག་སྐྱེས་དགའ་བྱེད་པ་ཅན། །[སྟོང་ཆེན་]དེ་ལས་སྐྱེས་པའི་[བདཻ་ཆེན་]རྣལ་འབྱོར་པ། །དེ་ཡི་བདེ་བ་ཟ་བ་[སྟེ་སྤྱོད་པ་]ཉིད། །[ཅེས་པར་བསྒྱུར་བ་བདེ།]།[དོན་དམ་བདེ་ཆེན་སྟོང་ཆེན་]དེ་དང་ལྷན་ཅིག་ཕྱག་རྒྱ་ཆེ[མཁའ་ཁྱབ]། །ཞེས་སོགས་དང༌། ཡང༌། [དོན་དམ་སྟོང་ཆེན་]དེ་ཉིད་ལྷན་ཅིག་སྐྱེས་པའི་གཟུགས[མཁའ་ཁྱབ]། །[དོན་དམ་]བདེ་ཆེན་[སྟོང་ཆེན་དེ་ཉིད་]བཟང་པོའི་རྣལ་འབྱོར་མ[མཁའ་ཁྱབ]། །[དོན་དམ་བདེ་ཆེན་སྟོང་ཆེན་]དེ་ཉིད་དཀྱིལ་འཁོར་འཁོར་ལོ་[མཁའ་ཁྱབ་]དང༌། །[དོན་དམ་བདེ་ཆེན་སྟོང་ཆེན་]ཡེ་ཤེས་ལྔ་ཡི་རང་བཞིན་ཅན[མཁའ་ཁྱབ]། །[དོན་དམ་བདེ་ཆེན་སྟོང་ཆེན་]དེ་ནི་མེ་ལོང་ཡེ་ཤེས་གཟུགས[མཁའ་ཁྱབ་དང་]། །མཉམ་ཉིད་ཡེ་ཤེས་དངོས་པོ་ཅན[དང་]། །ཡང་དག་[མཐར་]གྱུར་པ་སོ་སོར་རྟོག[པའི་ཡེ་ཤེས་ཀྱང་ཡིན་ལ།]།[དོན་དམ་བདེ་ཆེན་སྟོང་ཆེན་]དེ་ཉིད་བྱ་བ་ནན་ཏན་[གྱི་ཡེ་ཤེས་]ཏེ། །ཆོས་དབྱིངས་ཤིན་ཏུ་རྣམ་དག་པ[ཡང་ཡིན་ལ]། །[དོན་དམ་བདེ་ཆེན་སྟོང་ཆེན་]དེ་ཉིད་དཀྱིལ་འཁོར་བདག་པོ་[མཁའ་ཁྱབ་]ང་[ཨ་ཧཾ་ཡང་ཡིན་ཞིང་]། །[དོན་དམ་བདེ་ཆེན་སྟོང་ཆེན་]དེ་ཉིད་བདག་མེད་རྣལ་འབྱོར་མ[སྟེ]། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན[ནོ]། །ཞེས་དང༌། [མཆོག་གི་]དངོས་གྲུབ་[དོན་དམ་གྱི་]མཚན་ཉིད་[ཅན་གང་གིས་ཀྱང་]མི་ཕྱེད་པ། །[དོན་དམ་བདེ་ཆེན་སྟོང་ཆེན་]ཕྱག་རྒྱ་[ཆེན་པོ་རྡོ་རྗེའི་]རྣལ་འབྱོར་པ་ཡི་འགྲུབ། །ཅེས་དང༌། རྗེ་ནཱ་རོ་པཎ་ཆེན་གྱི་ཞལ་སྔ་ནས་ཀྱང༌། སྒྱུ་མ་ལ་སོགས་དཔེ་རྣམས་ཀྱིས། །[དོན་དམ་བདེ་ཆེན་སྟོང་ཆེན་]གང་གི་ངོ་བོ་རྟོགས་བྱ་བ། །ཕྱག་རྒྱ་ཆེན་མོ་[མཁའ་ཁྱབ་]དེ་ཉིད་ལ། །ཀུན་ཏུ་གུས་པས་བདག་ཕྱག་འཚལ། །ཞེས་དང༌། ཐོབ་བྱ་ཞེས་པ་[མཁའ་ཁྱབ་]ཕྱག་རྒྱ་ཆེན་པོ་[མཁའ་ཁྱབ་]སྟེ། ཞེས་པ་ལ་སོགས་པ་རྣམས་ཀྱིས་ཆོས་ཀྱི་དབྱིངས་དང་རང་བྱུང་ཡེ་ཤེས་དབྱེར་མེད་གཅིག་པ་དེ་ཉིད་ངེས་དོན་མཐར་ཐུག་གི་བོ་ལའི་བདེ་བ་[མཁའ་ཁྱབ་]དང་བདག་མེད་མ་[མཁའ་ཁྱབ་]དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་[མཁའ་ཁྱབ་]དང་ཨ་ཡིག་[མཁའ་ཁྱབ་]དང་པདྨ་[མཁའ་ཁྱབ་]དང་དེ་བཞྀན་ཉིད་[མཁའ་ཁྱབ་]དང་སྟོང་ཉིད་[མཁའ་ཁྱབ་]དང་རྡོ་རྗེ་རྣལ་འབྱོར་མ་[མཁའ་ཁྱབ་]དང་རིགས་ལྡན་མ་[མཁའ་ཁྱབ་]ལ་སོགས་པའི་རང་བཞིན་ཕྱག་རྒྱ་ཆེན་པོ་[མཁའ་ཁྱབ་]རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་[དོན་དམ་གཞན་སྟོང་]གསུངས་ལ། དེ་ཡང་རང་སྟོང་མ་ཡིན་པའི་སྟོང་ཉིད་ཟབ་མོ་ཡིན་པའི་ཕྱིར་ཤེས་བྱེད་ཁྱད་པར་དུ་འཕགས་པ་འདི་རྣམས་ཀྱིས་ཀྱང་མཐར་ཐུག་གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་ཕྱག་རྒྱ་ཆེན་མོ་[མཁའ་ཁྱབ་]དང༌། ཡུམ་ཆེན་མོ་[མཁའ་ཁྱབ་]དང་བདག་མེད་མ་[མཁའ་ཁྱབ་]དང༌། ཨ་ཡིག་[མཁའ་ཁྱབ་]དང་པདྨ་[མཁའ་ཁྱབ་]དང་ལྷན་ཅིག་སྐྱེས་པའི་སྐུའམ་དགའ་བ་[མཁའ་ཁྱབ་]དང་དཀྱིལ་འཁོར་འཁོར་ལོ་[མཁའ་ཁྱབ་]དང་ཡེ་ཤེས་ལྔ་[མཁའ་ཁྱབ་]དང་དེ་བཞིན་ཉིད་[མཁའ་ཁྱབ་]དང༌། རྡོ་རྗེ་རྣལ་འབྱོར་མ་[མཁའ་ཁྱབ་]དང་རིགས་ལྡན་མ་[མཁའ་ཁྱབ་]ལ་སོགས་པ་རྣམས་ནི་ཆོས་ཐམས་ཅད་ཀྱིས་སྟོང་པའི་གཞི་ཆོས་ཉིད་དོན་དམ་པའི་བདེན་པ་མི་འབྲལ་བའི་ཡོན་ཏན་མཐའ་ཡས་པའི་བདག་ཉིད་བདེ་གཤེགས་སྙིང་པོ་དང་སངས་རྒྱས་ཀྱི་རང་བཞིན་དེ་བཞིན་ཉིད་བདག་དག་པའི་བདག་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་[དང༌། གཞན་གྱི་དངོས་པོ་སྟོང་པ་ཉིད་དང༌། མི་སྟོང་པའི་སྟོང་པ་ཉིད་དང༌། མ་སྐྱེས་པའི་སྟོང་པ་ཉིད་དང༌། ཀུན་འགྲོའི་སྟོང་པ་ཉིད་དང༌། མེད་དགག་མ་ཡིན་པའི་སྟོང་པ་ཉིད་དང༌། ཀུན་རྫོབ་དང་མ་འབྲེལ་བའི་སྟོང་པ་ཉིད་དང༌། རྣམ་ཀུན་མཆོག་ལྡན་ཡེ་ཤེས་རང་རིག་གི་སྟོང་པ་ཉིད་]ལ་དགོངས་ནས་གསུངས་པ་སྟེ། དེ་ལྟར་མཐོང་ན་དགོངས་པ་ཆེན་པོའི་དོན་ཡང་དག་པ་མཐོང་བ་ཡིན་ནོ། །དེ་ལྟ་མ་ཡིན་ན་[གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་]ཕྱག་རྒྱ་ཆེན་མོ་[དང༌། དབུ་མ་ཆེན་པོ་དང༌། ལྷན་ཅིག་སྐྱེས་སྦྱོར་དང༌། ཤིན་ཏུ་རྣལ་འབྱོར་དང༌། སངས་རྒྱས་མཉམ་སྦྱོར་དང༌། བདེ་དགྱེས་གསང་འདུས་བདག་མེད་མ་རྡོ་རྗེ་ཕག་མོ་]ལ་སོགས་པ་རྣམས་ཀྱི་སྟོང་ཚུལ་རྡོ་རྗེ་འཆང་གི་དགོངས་པ་བཞིན་དུ་རྙེད་པར་མི་འགྱུར་རོ། །

གནས་ལུགས་ཀྱི་གསང་བ་གསང་ཆེན་ལ་སོགས་པ་དང་རང་སྟོང་རྣམ་གྲངས་ཡིན་ན་ཧ་ཅང་ཐལ་བ།

གཞན་ཡང་དཔལ་རྡོ་རྗེ་འཆང་ཆེན་པོས་རྒྱུད་སྡེ་རིན་པོ་ཆེ་རྣམས་སུ་གསང་བ་ཞེས་པ་དང་གསང་ཆེན་ཞེས་པ་ལ་སོགས་པས་སྟོང་ཉིད་མཐར་ཐུག་གི་རྣམ་གྲངས་གསུངས་པ་རྣམས་ཀྱང་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་གང་ཡིན་པ་སྟོང་གཞི་དོན་དམ་གཞན་སྟོང་ལ་དགོངས་པ་ཡིན་གྱི་དངོས་པོ་མེད་པ་སྟོང་པ་ཉིད་[དང༌། རང་གི་སྟོང་པ་ཉིད་དང༌། སྟོང་པའི་སྟོང་པ་ཉིད་དང༌། སྐྱེས་པའི་སྟོང་པ་ཉིད་དང༌། ཀུན་འགྲོ་མ་ཡིན་པའི་སྟོང་པ་ཉིད་དང༌། མེད་དགག་མ་ཡིན་པའི་སྟོང་པ་ཉིད་དང༌། ཀུན་རྫོབ་དང་འབྲེལ་བའི་སྟོང་པ་ཉིད་དང༌། ཆད་པའི་སྟོང་པ་ཉིད་དང༌། བེམ་པོའི་སྟོང་པ་ཉིད་]ཙམ་གང་ཡིན་པ་རང་སྟོང་ལ་ནི་དགོངས་པ་མ་ཡིན་ཏེ། དེ་དང་དེ་རྣམ་གྲངས་སུ་མི་རུང་བའི་ཕྱིར་རོ། །གལ་ཏེ་གསང་བ་ཞེས་པ་རང་སྟོང་གི་རྣམ་གྲངས་ཡིན་ན་ཉེར་ལེན་གྱི་ཕུང་པོ་ལྔ་ཡང་རང་སྟོང་ཡིན་པའི་ཕྱིར་མཐར་ཐུག་ངེས་དོན་གྱི་གསང་བ་ཡིན་པར་འགྱུར་ལ། འདོད་ན་དེ་རྣམས་ཤེར་ཕྱིན་ཡིན་པར་ཧ་ཅང་ཐལ་བ་འགྱུར་ཏེ། གསང་བདག་ཕྱག་ན་རྡོ་རྗེའི་ཞལ་སྔ་ནས། གསང་བ་ཞེས་པ་དྲང་བའི་དོན་གྱིས་ལས་ཀྱི་ཕྱག་རྒྱའི་བྷ་ག་བརྗོད་དོ། །ངེས་པའི་དོན་གྱིས་[གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་]ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་དོ། །ཞེས་གསུངས་པའི་ཕྱིར་རོ། །འདིར་གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་ཤེར་ཕྱིན་སྟོང་ཉིད་དུ་གསུངས་པ་འདི་ཡང་རང་སྟོང་ནི་མ་ཡིན་གྱི་སྟོང་གཞི་དོན་དམ་གཞན་སྟོང་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་[མཁའ་ཁྱབ་]ཡིན་ཏེ་ཤེར་ཕྱིན་[མཁའ་ཁྱབ་]ཡང་ཡིན་ལ་ཆོས་ཉིད་[མཁའ་ཁྱབ་]ཀྱང་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་མཐར་ཐུག་གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་སྟོང་ཉིད་ཟབ་མོའི་རྣམ་གྲངས་སུ། གསང་གནས་ཆེན་མོ་[མཁའ་ཁྱབ་]མཁའ་འགྲོ་མ[འི་]གསང་བ་[མཁའ་ཁྱབ་རྣམ་པ་]ཀུན་གྱི་བདག་ཉིད་དུ་[དོན་དམ་སྟོང་ཆེན་]ནི་[དོན་དམ་བདེ་ཆེན་]རྟག་ཏུ་བཞུགས། ཞེས་མཁའ་འགྲོ་མ་[མཁའ་ཁྱབ་]དང་ཀུན་གྱི་བདག་ཉིད་[དང༌། གསང་བ་དང༌། གསང་གནས་ཆེན་མོ་]ལ་སོགས་པ་དཔལ་ཕྱག་ན་རྡོ་རྗེས་རབ་ཏུ་གསུངས་ཤིང༌། དཔལ་འཁོར་ལོ་སྡོམ་པ་ཉུང་ངུའི་རྒྱུད་དུ་ཡང༌། གསང་ཆེན་[དང་]མཆོག་ཏུ་དགྱེས་པ་[མཁའ་ཁྱབ་]དང༌། །[རྣམ་པ་]ཀུན་གྱི་བདག་ཉིད་[དོན་དམ་སྟོང་ཆེན་]ན་[དོན་དམ་བདེ་ཆེན་]རྟག་[ཏུ་]བཞུགས། །ཞེས་པ་ལ་སོགས་པས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་གཞན་གྱི་དངོས་པོ་སྟོང་པ་ཉིད་[ལ་སོགས་པ་སྔར་སྨོས་པའི་རྣམ་གྲངས་མང་པོ་ཅན་]གང་ཡིན་པ་སྟོང་གཞི་དོན་དམ་གཞན་སྟོང་[མཁའ་ཁྱབ་]གི་རྣམ་གྲངས་མང་དུ་གསུངས་སོ།།

གནས་ལུགས་ཀྱི་གྲུ་གསུམ་དང་ཆོས་འབྱུང་ལ་སོགས་པ་དང་རང་སྟོང་རྣམ་གྲངས་ཡིན་ན་ཧ་ཅང་ཐལ་བ།

གཞན་ཡང་དཔལ་རྡོ་རྗེ་འཆང་གིས་མཐར་ཐུག་གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་ཆོས་འབྱུང་[མཁའ་ཁྱབ་]དང་གྲུ་གསུམ་[མཁའ་ཁྱབ་]དང་ཨེ་ཡིག་[མཁའ་ཁྱབ་]དང་རྡོ་རྗེ་རོལ་པ་[མཁའ་ཁྱབ་]དང་བཙུན་མོའི་བྷ་ག་[མཁའ་ཁྱབ་]དང་ཤེར་ཕྱིན་[མཁའ་ཁྱབ་]དང་བདེ་གཤེགས་སྙིང་པོ་[མཁའ་ཁྱབ་]ལ་སོགས་པ་སྟོང་ཉིད་ཀྱི་རྣམ་གྲངས་མང་པོ་གསུངས་པ་རྣམས་ཀྱང་སྟོང་གཞི་དོན་དམ་གཞན་སྟོང་ལ་དགོངས་པ་ཡིན་གྱི་རང་སྟོང་[ལ་སོགས་པ་སྔར་སྨོས་པའི་རྣམ་གྲངས་མང་པོ་ཅན་]ནི་དེ་རྣམས་ཀྱི་རྣམ་གྲངས་མ་ཡིན་ནོ། །གལ་ཏེ་ཡིན་ན་མཚམས་མེད་པ་ལྔ་ལ་སོགས་པ་སྡིག་པ་ཆེན་པོ་མི་བཟད་པ་རྣམས་ཀྱང་རང་རང་ངོ་བོས་སྟོང་པའི་ཕྱིར་[ཆོས་འབྱུང་དང་གྲུ་གསུམ་ལ་སོགས་པ་]དེ་རྣམས་ཡིན་པར་འགྱུར་ལ། འདོད་ན་[སྡིག་པ་]དེ་རྣམས་སངས་རྒྱས་ཀུན་གྱིས་བསྟེན་བྱ་དང་དཀྱིལ་འཁོར་ཉམས་དགའ་ལ་སོགས་པ་ཡང་ཡིན་པར་ཧ་ཅང་ཐལ་བར་འགྱུར་ཏེ། དཔལ་ཡང་དག་པར་སྦྱོར་བའི་རྒྱུད་དུ། སངས་རྒྱས་ཀུན་གྱིས་བསྟེན་པ་ཡི། །གྲུ་གསུམ་[མཁའ་ཁྱབ་]རྣམ་དག་[དོན་དམ་སྟོང་ཆེན་]འདི་ཉིད་ནི། །དབུས་སུ་[དོན་དམ་བདེ་ཆེན་]ཝཾ་གིས་བརྒྱན་པ་[མཁའ་ཁྱབ་]སྟེ། [དོན་དམ་བདེ་ཆེན་]ཨེ་ཡིག་ཆ་བྱད་ཇི་བཞིན་དུ། །གྲུ་གསུམ་དཀྱིལ་འཁོར་[མཁའ་ཁྱབ་]ཉམས་དགའ་བར། ། [དོན་དམ་བདེ་ཆེན་]རྡོ་རྗེ་རོལ་པ་[མཁའ་ཁྱབ་]ཞེས་བརྗོད་དེ། །[དོན་དམ་བདེ་ཆེན་]བཙུན་མོའི་བྷ་ག་[མཁའ་ཁྱབ་]ཞེས་བྱ་ཞིང༌། །ཆོས་འབྱུང་[མཁའ་ཁྱབ་]ཞེས་ཀྱང་བཤད་པ་ཡིན། །ཞེས་དང༌། [དོན་དམ་བདེ་ཆེན་]རྒྱུད་རྣམས་ཀུན་གྱི་རྩ་བ་[མཁའ་ཁྱབ་]སྟེ། །གྲུ་གསུམ་ཤིན་ཏུ་ཡངས་པ[ནམ་མཁའ་དང་མཉམ་པ་དོན་དམ་པ]འི་གཟུགས། །སེམས་ཅན་ཀུན་གྱི་[དེ་བཞིན་ཉིད་སུ་ལའང་ཉེ་རང་མེད་པས་]ཐུན་མོང་བ[ཡིན་ལ]། །ལྷ་མིན་ལྷར་བཅས་ཚངས་[པ་ལ་]སོགས་[སེམས་ཅན་ཐམས་ཅད་]ཀྱི། །གནས་སུ་[ཀུན་གཞི་ཡེ་ཤེས་]དེ་ནི་གྱུར་པ་སྟེ། །ཞེས་དང༌། [དོན་དམ་བདེ་ཆེན་]དེ་ཉིད་ཤེས་རབ་ཕ་རོལ་ཕྱིན[མཁའ་ཁྱབ]། །[དོན་དམ་བདེ་ཆེན་]དེ་ཉིད་[རྣམ་ཤེས་ཀྱི་]ཡུལ་ལས་འདས་པ་སྟེ[མཁའ་ཁྱབ]། །[སྲོག་ཆེན་པོ་ཡིན་པས་]སྲོག་ཆགས་ཀུན་གྱི་སྙིང་ལ་གནས། །ཞེས་སོགས་དང༌། མཁའ་འགྲོ་མ་རྡོ་རྗེ་གུར་དུ་ཡང༌། [དོན་དམ་གྱི་]བདེ་བ་ཅན་[མཁའ་ཁྱབ་]དང་[མཁའ་ཁྱབ་]གྲུ་གསུམ་[རྣམ་དག་]དང༌། །[གདོད་ནས་རང་བཞིན་གྱིས་]རྡུལ་མེད་དང་ནི་སྐྱོན་བྲལ་[མཁའ་ཁྱབ་]དང༌། །[གདོད་ནས་རང་བཞིན་གྱིས་]རྡུལ་བྲལ་དང་ནི་སྡིག་བཅོམ་[མཁའ་ཁྱབ་]དང༌། །རང་བཞིན་[གཉུག་མ་ལྷན་སྐྱེས་ཏེ་རྣམ་རྟོག་གི་]དཔའ་རླབས་མེད་པ་[མཁའ་ཁྱབ་]དང༌། ། [ཡང་དག་པའི་]མཐའ་ཡི་བདེ་[བ་]དང་བདེ་[བ་དེ་ཡེ་ཤེས་ཀྱིས་རང་]རིག་[པ་མཁའ་ཁྱབ་]དང༌། །གསང་བ་མཆོག་[མཁའ་ཁྱབ་]དང་དགྱེས་པ་[མཁའ་ཁྱབ་]དང༌། །ཞེས་པ་ལ་སོགས་པས་[ཆོས་འབྱུང་གྲུ་གསུམ་ལ་སོགས་པ་ནི་]རང་བཞིན་ལྷུན་གྱིས་གྲུབ་པའི་སྤངས་པ་དང་རྟོགས་པའི་ཡོན་ཏན་[མཁའ་ཁྱབ་]དུ་མའི་བདག་ཉིད་དུ་གསུངས་པའི་ཕྱིར་རོ། །དེ་བཞིན་དུ། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གི་ཞལ་སྔ་ནས་ཀྱང༌། སྟོང་ཉིད་ཟབ་མོའི་རྣམ་གྲངས་སུ་གྱུར་པའི་ཆོས་འབྱུང་གི་དོན་[མཆོག་མི་འགྱུར་དུ་]གསུངས་པ། ཆོས་འབྱུང་གི་སྒྲས་ཀྱང་[དོན་དམ་བདེ་ཆེན་]དེ་བརྗོད་དེ་ཆོས་འབྱུང་གང་ལས་[ཀུན་རྫོབ་ཀྱི་]རང་བཞིན་མེད་པའི་[གཞི་དོན་དམ་གྱི་]ཆོས་ཐམས་ཅད་འབྱུང་བར་འགྱུར་བའོ། །[ཀུན་རྫོབ་ཀྱི་]རང་བཞིན་མེད་པའི་[གཞི་དོན་དམ་གྱི་]ཆོས་རྣམས་ནི་[རང་བཞིན་གཉུག་མ་ཀུན་གཞི་ཡེ་ཤེས་ཀྱི་]སྟོབས་བཅུ་དང༌། མི་འཇིགས་པ་ལ་སོགས་པ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་[མཁའ་ཁྱབ་]རྣམས་སོ། །དེ་རྣམས་འབྱུང་བར་འགྱུར་བ་ནི་[ཡིན་ཡང་དེ་རྣམས་དང་དབྱེར་མེད་པས་འགལ་འདུས་སྐྱོན་མེད་]ཆོས་འབྱུང་སྟེ་[དོན་དམ་གྱི་]སངས་རྒྱས་ཀྱི་ཞིང་[ཡང་དོན་དམ་ཡེ་ཤེས་རང་སྣང་]ངོ༌། །ཞེས་དང༌། དེའི་ཕྱིར་ཆོས་འབྱུང་[མཁའ་ཁྱབ་]ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན་སྣ་ཚོགས་ཡུམ་[མཁའ་ཁྱབ་]བཅོམ་ལྡན་འདས་དུས་ཀྱི་འཁོར་ལོས་འཁྱུད་པ་དུས་ཐམས་ཅད་དུ་[གདོད་ནས་རང་བཞིན་གྱིས་]སྒྲིབ་པ་ཐམས་ཅད་དང་བྲལ་བ[སྟེ་དེ་གང་ཟག་གིས་ཐོབ་པ་ལ་ནི་གློ་བུར་དྲི་མ་བྲལ་དགོས་པ]འོ། །ཞེས་པ་ལ་འདིར་ཡང་བདེན་གཉིས་རྣམ་དབྱེ་ཤེས་དགོས་ཏེ། དོན་དམ་པའི་སྟོབས་བཅུ་ལ་སོགས་པ་ཆོས་ཀྱི་ཕུང་པོ་རྣམས་ནི་ཆོས་འབྱུང་ཉིད་དང་དབྱེར་མེད་པའི་ཕྱིར་འབྱུང་བ་མེད་པའི་འབྱུང་བ་ཞེས་འགལ་འདུས་སྐྱོན་མེད་ཀྱི་མན་ངག་ལས་རིག་པར་བྱའོ། །དེ་བཞིན་དུ། གསང་བདག་ཕྱག་ན་རྡོ་རྗེའི་ཞལ་སྔ་ནས་ཀྱང༌། གསང་ཆེན་མཆོག་ལ་བཞུགས་པ་ཞེས་པ་ལ། ཆོས་འབྱུང་ནམ་མཁའི་ཁམས་[གཞན་]ནི་གསང་ཆེན་[མཁའ་ཁྱབ་]ཏེ། དེ་ལ་བཞུགས་པ་ནི་གསང་ཆེན་མཆོག་[མཁའ་ཁྱབ་]ལ་བཞུགས་པའོ། །ཞེས་པ་ལ་སོགས་པ་གསུངས་ཤིང༌། དཔལ་འཁོར་ལོ་སྡོམ་པའི་འགྲེལ་པར་ཡང༌། ཨེ་དང་བྷ་ག་[དང་]པད་མ་[མཁའ་ཁྱབ་]དང༌། །[གདོད་ནས་]དག་[པ་]དང་བདེ་གནས་[དང་]བདེ་བ་ཅན[མཁའ་ཁྱབ་དང་]། །སེང་གེའི་ཁྲི་[མཁའ་ཁྱབ་]དང་དམིགས་པ་མེད[པའི་སྙིང་རྗེ་དང་]། །དེ་བཞིན་ཉིད་དང་[ཤེས་རབ་ཀྱི་]ཕ་རོལ་ཕྱིན[པ་རྣམས་དོན་གཅིག]། །ཞེས་པ་དང༌། དེ་བཞིན་དུ་མཁའ་འགྲོ་མ་རྡོ་རྗེ་གུར་དུ། བཅོམ་ལྡན་འདས་ཀྱིས་གསུངས་པ། མཁའ་དབྱིངས་[གཞན་དང་]བེམ་[པོ་]མིན་[པའི་སྟོང་ཉིད་སྲིད་གསུམ་ཀུན་ནས་]དང་བ་[མཁའ་ཁྱབ་]དང༌། །[བརྟན་གཡོ་ཀུན་གྱི་]གོ་འབྱེད་[ཅིང་འོད་]རབ་ཏུ་གསལ་བ་[མཁའ་ཁྱབ་]དང༌། །སྣ་ཚོགས་རྡོ་རྗེ་[དང་འཁོར་འདས་ཀུན་གྱི་]གནས་དང་གཞི[སྟེ་ཀུན་གཞི་ཡེ་ཤེས་དང་]། །ཀུན་གྱི་[ཆོས་]དབྱིངས་དང་[ལྷ་མོ་སྣ་ཚོགས་གཟུགས་ཅན་]ཡིད་འོང་བ[མཁའ་ཁྱབ]། །ཞེས་པ་ལ་སོགས་པ་ནས། གསང་ཆེན་མཆོག་ཏུ་དགྱེས་པ་དང༌། །ཀུན་གྱི་བདག་ཉིད་ན་རྟག་བཞུགས། །ཞེས་པའི་བར་གྱིས་མིང་སྣ་ཚོགས་ཀྱི་ཁྱད་པར་གྱིས་[དོན་དམ་བདེ་ཆེན་གྱི་]གནས་[དོན་དམ་སྟོང་ཆེན་ཡིན་པར་]བསྟན་པ་གསུངས་སོ། །ཞེས་པ་ལ་སོགས་པས་སྟོང་གཞི་དོན་དམ་གྱི་རྣམ་གྲངས་རྡུལ་མེད་[མཁའ་ཁྱབ་]དང་རྡུལ་བྲལ་[མཁའ་ཁྱབ་]དང་སྐྱོན་མེད་[མཁའ་ཁྱབ་]དང་སྡིག་བཅོམ་[མཁའ་ཁྱབ་]དང་རྦ་རླབས་མེད་པ་[མཁའ་ཁྱབ་]དང༌། མཐར་ཐུག་པའི་བདེ་བ་[མཁའ་ཁྱབ་]དང༌། དེ་རང་རིག་པ་[མཁའ་ཁྱབ་]དང་གསང་བ་མཆོག་[མཁའ་ཁྱབ་]དང་བདེ་བ་ཅན་[མཁའ་ཁྱབ་]དང་བདེ་བའི་གནས་[མཁའ་ཁྱབ་]དང་རང་བཞིན་རྣམ་དག་[མཁའ་ཁྱབ་]དང་དགྱེས་པ་[མཁའ་ཁྱབ་]དང་དམིགས་མེད་[སྙིང་རྗེ་མཁའ་ཁྱབ་]དང་[དོན་དམ་པའི་]མཁའ་དབྱིངས་[མཁའ་ཁྱབ་]དང་བེམ་པོ་མིན་པའི་སྟོང་ཉིད་[མཁའ་ཁྱབ་]དང་སྲིད་གསུམ་ཀུན་ནས་དང་བ་[མཁའ་ཁྱབ་]དང༌། གོ་འབྱེད་[དེ་ཐོགས་པ་མེད་པའི་སྲིད་གསུམ་མཁའ་ཁྱབ་]དང་[འོད་]རབ་གསལ་[མཁའ་ཁྱབ་]དང་སྣ་ཚོགས་རྡོ་རྗེ་[མཁའ་ཁྱབ་]དང་ཆོས་རྣམས་ཀྱི་གནས་[མཁའ་ཁྱབ་]དང་གཞི་[མཁའ་ཁྱབ་]དང་[ཡོན་ཏན་དང་རྣམ་པ་]ཀུན་གྱི་དབྱིངས་[མཁའ་ཁྱབ་]དང་གཟུངས་མ་ཡིད་འོང་[མཁའ་ཁྱབ་]དང་རང་བཞིན་[གཉུག་མ་མཁའ་ཁྱབ་]ཞེས་པ་ལ་སོགས་པ་རྣམ་པ་མང་པོ་གསུངས་སོ། །དེ་ལ་རང་བཞིན་ནི་རྒྱུ་རྐྱེན་ལས་མ་བྱུང་ཞིང་མ་བཅོས་ལ་[རང་དབང་དུ་རང་བཞིན་གྱིས་གྲུབ་པས་]གཞན་གང་ལ་ཡང་མི་ལྟོས་པར་གསུངས་ཏེ། འཕགས་པ་ཀླུ་སྒྲུབ་ཞབས་ཀྱི་ཞལ་སྔ་ནས། རང་བཞིན་རྒྱུ་དང་རྐྱེན་ལས་ནི། །འབྱུང་བར་རིགས་པ་མ་ཡིན་ནོ། །རྒྱུ་དང་རྐྱེན་ལས་བྱུང་བ་ཡི། །རང་བཞིན་བྱས་པ་ཅན་དུ་འགྱུར། །རང་བཞིན་བྱས་པ་ཅན་ཞེས་བྱར། །ཇི་ལྟ་བུར་ན་རུང་བར་འགྱུར། །རང་བཞིན་དག་ནི་[རྒྱུ་རྐྱེན་གང་གིས་ཀྱང་]བཅོས་མིན་དང༌། །[རང་དབང་དུ་གྲུབ་པས་]གཞན་[གང་]ལ་[ཡང་]ལྟོས་པ་མེད་པ་ཡིན། །ཞེས་སོ། །[གཞན་ལ་མི་ལྟོས་པའི་དོན་རྣམ་འཇོག་ཆོས་གཞན་ལ་མི་ལྟོས་ཞེས་ཁ་ཅིག་འཆད་པ་ནི་རང་བྱུང་ཡེ་ཤེས་ཀྱི་དོན་མ་གོ་བའི་རྣམ་འགྱུར་རོ།།]

དོན་དམ་གྱི་རྣམ་གྲངས་གཞན་མང་པོ་གསུངས་པ་ཡང་རང་སྟོང་ལས་གཞན་དུ་བསྟན་པ་ལ་གསུམ། སྤྱོད་བསྡུས་སྒྲོན་མར་གསུངས་པ་ཡང་རང་སྟོང་ལས་གཞན་དུ་བསྟན་པ།

དེ་བཞིན་དུ། སློབ་དཔོན་ཆེན་པོ་ཨཱརྻ་དེ་བའི་ཞལ་སྔ་ནས་ཀྱང༌། སྤྱོད་བསྡུས་སྒྲོན་མར། དོན་དམ་པའི་བདེན་པ་དེ་ཡང་[རྒྱུ་རྐྱེན་གང་གིས་ཀྱང་]མ་བཅོས་པ་[རྒྱ་]ནམ་མཁའ་དང་མཉམ་པ་དྲི་མ་[རང་བཞིན་གྱིས་]མེད་པའི་ངོ་བོ་ཉིད་[ཀྱི་སྐུ་ཡིན་]དེ། དོན་འདི་ཉིད་གསལ་བར་བྱ་བའི་ཕྱིར། ཚུལ་གཅིག་པར་བསྟན་པའི་མདོ་ལས། ཆོས་འདི་སྒྲ་སྐད་དག་གིས་ལུང་བསྟན་ཏེ། །ཆོས་དང་སྒྲ་དག་འདིར་ནི་སྣང་མི་འགྱུར། །[དེ་ལྟར་འགལ་འདུས་སྐྱོན་མེད་]ཆོས་ཉིད་[རྣམ་པ་མང་ཡང་]ཚུལ་གཅིག་དངོས་ལའང་འཇུག་བྱེད་པ། །བཟོད་མཆོག་བླ་ན་མེད་[པ་ཀུན་གཞི་ཡེ་ཤེས་མཁའ་ཁྱབ་]ལ་རེག་པར་འགྱུར། །ཞེས་དང༌། མཆོག་ཏུ་དགའ་བའི་ལུས་ཀྱི་ངོ་བོ་ཉིད་ཀྱི་གཟུགས་[དོན་དམ་གྱིས་]འབྱུང་བར་གྱུར་པའི་གཟུགས་ཀྱི་བདག་ཉིད་ཅན་གྱི་མིང་ནི་རྡོ་རྗེ་འཆང་ཆེན་པོ་[མཁའ་ཁྱབ་]ཞེས་བྱའོ། །འཁོར་བའི་འཆིང་བ་ལས་ངེས་པར་[གདོན་ནས་རང་བཞིན་གྱིས་]གྲོལ་བས་ན་ཐར་པ་[ཆེན་པོའི་གྲོང་མཆོག་མཁའ་ཁྱབ་]ཞེས་བྱའོ། །ཞེས་སོགས་དང༌། གང་མི་ཕྱེད་པ་དེ་མི་སྐྱེ་བའོ། །གང་མི་སྐྱེ་བ་དེ་མི་འཇིག་པར་འདོད་དོ། །གང་མི་འཇིག་པ[འི་དོན་དམ་]དེ་[རང་བཞིན་གྱིས་]དང་བའོ། །གང་[རང་བཞིན་གྱིས་]དང་བ་དེ་[རང་བཞིན་གྱིས་]དག་པའོ། །གང་[རང་བཞིན་གྱིས་]དག་པ་དེ་དྲི་མ་[རང་བཞིན་གྱིས་]མེད་པའོ། །གང་དྲི་མ་[རང་བཞིན་གྱིས་]མེད་པ་དེ་[རང་བཞིན་གྱིས་]འོད་གསལ་བའོ། །གང་[རང་བཞིན་གྱིས་]འོད་གསལ་བ་དེ་[རང་བཞིན་གྱིས་]སེམས་ཀྱི་རང་བཞིན་ནོ། །ཞེས་སོགས་དང༌། ཡང༌། དོན་དམ་པའི་བདེན་པ་བསྡུས་པའི་ཐེ་ཚོམ་གཅོད་པའི་ལེའུ་ལས། ད་ནི་མིང་ལ་མངོན་པར་ཞེན་པ་རྣམས་ཀྱི་འཁྲུལ་བ་བསལ་བར་བྱ་བའི་ཕྱིར། དོན་དམ་པའི་མིང་གི་རྣམ་གྲངས་འགའ་ཞིག་[བཤད་པ་]ལ་འཇུག་པར་བྱ་སྟེ། དེ་ལ་དང་པོར་ནི་[རང་བཞིན་གྱིས་]འོད་གསལ་བ་[རང་བཞིན་གྱིས་]དང༌། [ཆོས་]ཐམས་ཅད་[ཀྱིས་]སྟོང་པ[འི་གཞི་]དང༌། [དོན་དམ་གྱི་]སངས་རྒྱས་ཀྱི་ཡེ་ཤེས་[མཁའ་ཁྱབ་]དང་[དོན་དམ་གྱི་]རྡོ་རྗེའི་ཡེ་ཤེས་[མཁའ་ཁྱབ་]དང༌། བླ་ན་མེད་པའི་[དོན་དམ་གྱི་]ཡེ་ཤེས་[མཁའ་ཁྱབ་]དང༌། དྲི་མ་[གདོད་ནས་]མེད་པ་[མཁའ་ཁྱབ་]དང༌། དངོས་པོ་མེད་པ[འི་གཞི་]དང༌། [རྣམ་ཤེས་ལ་]སྣང་བ་མེད་པ་[མཁའ་ཁྱབ་]དང་བདག་མེད་པ[འི་གཞི་]དང༌། བདག་[གཉིས་]ལས་འདས་པ་[མཁའ་ཁྱབ་]དང༌། [ཀུན་རྫོབ་ཀྱི་]སེམས་ཅན་མེད་པ[འི་གཞི་]དང༌། [ཀུན་རྫོབ་ཀྱི་]སྲོག་མེད་པ[འི་གཞི་]དང༌། [ཀུན་རྫོབ་ཀྱི་]གང་ཟག་མེད་པ[འི་གཞི་]དང༌། [དྲི་མས་]གོས་པ་མེད་པ[འི་གཞི་]དང༌། [ཀུན་རྫོབ་ཀྱི་]སྐྱེ་བ་མེད་པ[འི་གཞི་]དང༌། [ཀུན་རྫོབ་ཀྱི་]འགག་པ་མེད་པ་[འི་གཞི་]དང༌། [ཀུན་རྫོབ་ཀྱི་]ཡི་གེ་མེད་པ[འི་གཞི་]དང༌། [ཀུན་རྫོབ་ཀྱི་]ཚིག་མེད་པ[འི་གཞི་]དང༌། དམིགས་སུ་མེད་པ[འི་སྙིང་རྗེ་]དང༌། བླ་ན་མེད་པ[འི་མཆོག་]དང༌། བརྗོད་དུ་མེད་པ[འི་མཆོག་]དང༌། བསམ་གྱིས་མི་ཁྱབ་པ[འི་མཆོག་]དང༌།[ཆེ་བའི་ཡོན་ཏན་]མཐའ་ཡས་པ[འི་མཆོག་]དང༌། [ཡོན་ཏན་དང་རྣམ་པ་]གྲངས་མེད་[ལ་རོ་གཅིག་]པ་དང༌། [རྣམ་ཤེས་ཀྱི་]དབང་པོ་ལས་འདས་པ་[མཁའ་ཁྱབ་]དང༌།[ཆོས་གང་ལ་ཡང་འབྲེལ་ཏེ་]གནས་[པ་]མེད་པ་དང༌། [དངོས་པོའམ་]མཚན་ཉིད་མེད་པ[འི་གཞི་]དང༌། འདུས་མ་བྱས་པ[འི་གཞི་]དང༌། མཚན་མ་མེད་པ[འི་གཞི་]དང༌། མི་གཡོ་བ[འི་གཞི་]དང༌། དམིགས་པ་དང་བྲལ་བ[འི་གཞི་]དང༌། [རྣམ་ཤེས་ཀྱིས་]རྣམ་པར་མི་ཤེས་པ[འམ་རྣམ་ཤེས་མ་ཡིན་པ་]དང༌། [རྟོག་གེས་]བརྟག་ཏུ་མེད་པ་དང༌། [ནམ་ཡང་]ཟད་པ་མེད་པ་དང༌། ཚིག་[གིས་བསྟན་དུ་]མེད་པ[འམ་ཀུན་རྫོབ་ཀྱི་ཚིག་མེད་པ་]དང༌། [རང་བཞིན་གྱིས་]སྒྲིབ་པ་མེད་པ[འི་གཞི་]དང༌། [རྣམ་པ་མང་ཡང་]ཚུལ་གཅིག་པ[འི་གཞི་]དང༌། ཞི་བ་ཉིད་དང༌། [ཡུལ་དང་དུས་ཀྱི་རྒྱ་]ནམ་མཁའ་དང་མཉམ་པ་དང༌། རང་བཞིན་གྱིས་དག་པ[མཁའ་ཁྱབ་]དང༌། ཐོག་མ་མེད་པ[འི་གཞི་]དང༌། དབུས་མེད་པ[འི་གཞི་]དང༌། ཐ་མ་མེད་པ[འི་གཞི་]དང༌། འགྲོ་བ་མེད་པ[འི་གཞི་]དང༌། འོང་བ་མེད་པ[འི་གཞི་]དང༌། [སུ་ལ་ཡང་]རིང་པོ་མ་ཡིན་པ་[མཁའ་ཁྱབ་]དང༌། [སུ་ལ་ཡང་]ཉེ་བ་མ་ཡིན་པ་[མཁའ་ཁྱབ་]དང༌། [རྣམ་པ་]གཅིག་པ་མ་ཡིན་པ་[མཁའ་ཁྱབ་]དང༌། [ངོ་བོ་]ཐ་དད་པ་མ་ཡིན་པ་[མཁའ་ཁྱབ་]དང༌། [རྣམ་ཤེས་ཀྱིས་]རེག་པར་དཀའ་བ་[མཁའ་ཁྱབ་]དང༌། [རྣམ་ཤེས་ཀྱིས་]རྣམ་པར་བསྒོམ་པར་དཀའ་བ་[མཁའ་ཁྱབ་]དང༌། [རང་བཞིན་གྱིས་]བསམ་གཏན་[མཁའ་ཁྱབ་]ཉིད་དང༌། ཡང་དག་པ[འི་དོན་མཁའ་ཁྱབ་]དང༌། ཆོས་ཀྱི་སྐུ་[མཁའ་ཁྱབ་]དང༌། ཡང་དག་པའི་མཐའ་[མཁའ་ཁྱབ་]དང༌། ཆགས་པ་མེད་པའི་མཐའ་[མཁའ་ཁྱབ་]དང༌། ཆོས་ཀྱི་དབྱིངས་[མཁའ་ཁྱབ་]དང༌། ལུས་མེད་པ[འི་ལུས་མཁའ་ཁྱབ་]དང༌། རྡུལ་མེད་[རྡུལ་བྲལ་དྲི་མ་མེད་]པ་དང༌། མཐའ་[ཐམས་ཅད་]མེད་པ[འི་གཞི་]དང༌། [གདོད་ནས་རང་བཞིན་གྱིས་རང་དབང་དུ་]གྲུབ་པ་[མཁའ་ཁྱབ་]དང༌། གསང་བ་[རང་བཞིན་གྱིས་]གྲུབ་པ་དང༌། [སྦྱིན་པ་ལ་སོགས་པའི་]ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་[མཁའ་ཁྱབ་]དང༌། ལྟ་བ་རྣམ་པར་དག་པ་[མཁའ་ཁྱབ་]དང༌། རྒྱུ་[གཞན་སྟོང་ཆེན་]རྣམ་པར་དག་པ་[མཁའ་ཁྱབ་]དང༌། འབྲས་བུ་[གཞན་བདེ་ཆེན་]རྣམ་པར་དག་པ་[མཁའ་ཁྱབ་]དང༌། ཁམས་གསུམ་རྣམ་པར་དག་པ་[འམ་རྣམ་པར་དག་པའི་ཁམས་གསུམ་]དང༌། བསོད་ནམས་[གདོད་ནས་རང་བཞིན་གྱིས་]རྣམ་པར་དག་པ་[མཁའ་ཁྱབ་]དང༌། སྡིག་པ་[གདོད་ནས་རང་བཞིན་གྱིས་]རྣམ་པར་དག་པ་[མཁའ་ཁྱབ་]དང༌། ཉོན་མོངས་པ་[གདོད་ནས་རང་བཞིན་གྱིས་]རྣམ་པར་དག་པ་[མཁའ་ཁྱབ་]དང༌། ལས་[གདོད་ནས་རང་བཞིན་གྱིས་]རྣམ་པར་དག་པ་[མཁའ་ཁྱབ་]དང༌། སྐྱེ་བ་[གདོད་ནས་རང་བཞིན་གྱིས་]རྣམ་པར་དག་པ་[མཁའ་ཁྱབ་]དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་[མཁའ་ཁྱབ་]དང༌། སངས་རྒྱས་ཐམས་ཅད་ཀྱི་ཡུམ་[མཁའ་ཁྱབ་]དང༌། ཐམས་ཅད་མཁྱེན་པ་[ངོ་བོ་ཉིད་སྐུ་]དང༌། ལམ་གྱི་རྣམ་པ་མཁྱེན་པ་[ཆོས་སྐུ་]དང༌། རྣམ་པ་ཐམས་ཅད་མཁྱེན་པ་[དོན་དམ་གྱི་སྤྲུལ་སྐུ་སྟེ། དོན་དམ་སྐུ་གསུམ་གྱི་མཁྱེན་པ་གསུམ་མཁའ་ཁྱབ་]དང༌། དེ་བཞིན་ཉིད་དང༌། མ་ནོར་བ་དེ་བཞིན་ཉིད་དང༌། མཉམ་པ་ཉིད་དང༌། བསོད་ནམས་དང༌། ཡེ་ཤེས་ཀྱི་ཚོགས་[རང་བཞིན་ལྷུན་གྲུབ་]མི་ཟད་པ་[མཁའ་ཁྱབ་]ཉིད་དང༌། ཡེ་ཤེས་འབབ་པ[འམ་རྡོ་རྗེ་འབེབས་པ་]ཉིད་[མཁའ་ཁྱབ་]དང༌། [དོན་དམ་གྱི་]བྱང་ཆུབ་སེམས་དཔའ་ཐམས་ཅད་བསྐྱེད་པ་[མཁའ་ཁྱབ་]དང༌། [དོན་དམ་གྱི་]ཉན་ཐོས་ཐམས་ཅད་ཀྱི་ཡུམ་[མཁའ་ཁྱབ་]དང༌། [དོན་དམ་གྱི་]རང་སངས་རྒྱས་ཐམས་ཅད་སྐྲུན་པ་[མཁའ་ཁྱབ་]དང༌། [དོན་དམ་གྱི་]འཇིག་རྟེན་ཐམས་ཅད་འབྱིན་པ་[མཁའ་ཁྱབ་]དང༌། [ཀུན་རྫོབ་ཀྱི་འཕགས་པ་རྣམས་དང་འཇིག་རྟེན་པ་རྣམས་སྐྱེ་བའི་གཞིར་གྱུར་པ་དང༌།]ལྷའི་མིག་རྣམ་པར་དག་པར་བྱེད་པ་དང༌། ལྷའི་རྣ་བ་རབ་ཏུ་སྟེར་བར་བྱེད་པ་དང༌། གཞན་གྱི་སེམས་ཤེས་པར་བྱེད་པ་དང༌། སྔོན་གྱི་གནས་རྗེས་སུ་དྲན་པར་བྱེད་པ་དང༌། རྫུ་འཕྲུལ་དཔག་ཏུ་མེད་པར་བྱེད་པ[སྟེ་མངོན་ཤེས་ལྔ་ལ་ཡང༌། བདེན་གཉིས་རྣམ་དབྱེ་ཤེས་དགོས་པ་ལས་དོན་དམ་གྱི་མངོན་ཤེས་ལྔ་དོན་དམ་དང་རོ་གཅིག་ཅིང༌། དེ་ལ་བརྟེན་ནས་ཀུན་རྫོབ་ཀྱི་མངོན་ཤེས་སྐྱེ་བའི་གཞི་]དང༌། [དེ་བསྒོམས་པས་]ཉོན་མོངས་པ་ཐམས་ཅད་ཟད་པར་བྱེད་པའོ། །ཞེས་དང༌། [ཐབས་ཤེས་]ཟུང་དུ་འཇུག་[པ་དོན་དམ་]པའི་སྐུ་ཡོངས་སུ་རྫོགས་པ་འདིའི་མིང་གི་རྣམ་གྲངས་འགའ་ཞིག་ལ་འཇུག་པར་བྱ་སྟེ། [དོན་དམ་གྱི་]རིག་པ་ཆེན་པོའི་སྐྱེས་བུའི་གཟུགས་[མཁའ་ཁྱབ་]དང༌།[ངོ་བོ་དོན་དམ་པ་རྣམ་པ་ཀུན་རྫོབ་ཡིན་པས་]བདེན་པ་གཉིས་ཀྱི་ཚུལ་ལ་གནས་པ་[མཁའ་ཁྱབ་]དང༌། རང་བཞིན་གྱིས་འོད་གསལ་བའི་བདག་ཉིད་ཅན་[མཁའ་ཁྱབ་]དང༌། [དོན་དམ་གྱི་]ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་[མཁའ་ཁྱབ་]དང༌། [དོན་དམ་གྱི་]འཇིག་རྟེན་གསུམ་གྱི་བདག་ཉིད་ཅན་[མཁའ་ཁྱབ་]དང༌། [དོན་དམ་གྱི་]ཐེག་པ་གསུམ་གྱི་བདག་ཉིད་ཅན་[མཁའ་ཁྱབ་]དང༌། [དོན་དམ་གྱི་]དཀྱིལ་འཁོར་གསུམ་གྱི་བདག་ཉིད་ཅན་[མཁའ་ཁྱབ་]དང༌། ཐབས་ཀྱི་བདག་ཉིད་ཅན་[མཁའ་ཁྱབ་]དང༌། དེ་བཞིན་དུ་[དོན་དམ་གྱི་]སྐྱེས་བུ་དམ་པ་[མཁའ་ཁྱབ་]དང༌། [དོན་དམ་གྱི་]སྐྱེས་བུ་མཆོག་[མཁའ་ཁྱབ་]དང༌། [དོན་དམ་གྱི་]སྐྱེས་བུ་ཆེན་པོ་[མཁའ་ཁྱབ་]དང༌། [དོན་དམ་གྱི་]སྐྱེས་བུ་ཅང་ཤེས་པ་[མཁའ་ཁྱབ་]དང༌། [དོན་དམ་གྱི་]སྐྱེས་བུ་དཔའ་བོ་[མཁའ་ཁྱབ་]དང༌། [དོན་དམ་གྱི་]སྐྱེས་བུ་བརྟན་པོ་[མཁའ་ཁྱབ་]དང༌། [དོན་དམ་གྱི་]སྐྱེས་བུ་འདུལ་བ་[མཁའ་ཁྱབ་]དང༌། [དོན་དམ་གྱི་]སྐྱེས་བུ་འདུལ་བ་པོ་[མཁའ་ཁྱབ་]དང༌། [དོན་དམ་གྱི་]སྐྱེས་བུ་མཆོག་[སྟེ་དམ་པ་མཁའ་ཁྱབ་]དང༌། [དོན་དམ་གྱི་]སྐྱེས་བུ་ཁ་ལོ་སྒྱུར་བ་[མཁའ་ཁྱབ་]དང༌། [དོན་དམ་གྱི་]སྐྱེས་བུ་སེང་གེ་[མཁའ་ཁྱབ་]དང༌། [དོན་དམ་གྱི་]སྐྱེས་བུ་ནམ་མཁའ་[གཞན་ནམ་མཆོག་མཁའ་ཁྱབ་]དང༌། [དོན་དམ་གྱི་]སྐྱེས་བུ་ཐམས་ཅད་ཀྱི་བདག་ཉིད་ཅན་[མཁའ་ཁྱབ་]དང༌། [དོན་དམ་གྱི་]སྐྱེས་བུ་དག་པའི་བདག་ཉིད་ཅན་[མཁའ་ཁྱབ་]ཞེས་བྱ་བ་དང༌། དེ་བཞིན་དུ་འཁོར་བ་ལས་[གདོད་ནས་རང་བཞིན་གྱིས་]བརྒལ་བ་[མཁའ་ཁྱབ་]དང༌། [གདོད་ནས་རང་བཞིན་གྱིས་]སྐམ་སར་ཕྱིན་པ་[མཁའ་ཁྱབ་]དང༌། [གདོད་ནས་རང་བཞིན་གྱིས་]བདེ་བ་ཐོབ་པ་[མཁའ་ཁྱབ་]དང༌། [གདོད་ནས་རང་བཞིན་གྱིས་]འཇིགས་པ་མེད་པ་ཐོབ་པ་[མཁའ་ཁྱབ་]དང༌། [གདོད་ནས་རང་བཞིན་གྱིས་]ཕ་རོལ་ཏུ་འགྲོ་བས་[གཟི་བརྗིད་]འབར་བ་[མཁའ་ཁྱབ་]དང༌། [གདོད་ནས་རང་བཞིན་གྱིས་]ཚེར་མ་དཀྲུགས་པ་[མཁའ་ཁྱབ་]དང༌། [གདོད་ནས་རང་བཞིན་གྱིས་]སྤྲོས་པ་མེད་པ་[མཁའ་ཁྱབ་]དང༌། [གདོད་ནས་རང་བཞིན་གྱིས་]དགེ་སློང་[མཁའ་ཁྱབ་]དང༌། [གདོད་ནས་རང་བཞིན་གྱིས་]དགྲ་བཅོམ་པ་[མཁའ་ཁྱབ་]དང༌། [གདོད་ནས་རང་བཞིན་གྱིས་]ཟག་པ་ཟད་པ[འི་གཞི་མཁའ་ཁྱབ་]དང༌། ཅི་ཡང་[ངམ་ཉོན་མོངས་པ་]མེད་པ[འི་གཞི་]དང༌། [དོན་དམ་གྱི་]དགེ་སྦྱོང་[མཁའ་ཁྱབ་]དང༌། [གདོད་ནས་རང་བཞིན་གྱིས་]བྲམ་ཟེ་[མཁའ་ཁྱབ་]དང༌། [དོན་དམ་གྱི་]རྒྱལ་རིགས་[མཁའ་ཁྱབ་]དང༌། [དོན་དམ་གྱི་]སངས་རྒྱས་ཀྱི་སྲས་[མཁའ་ཁྱབ་]དང༌། ཉོན་མོངས་པ་[གདོད་ནས་རང་བཞིན་གྱིས་]མེད་པ[འི་གཞི་]དང༌། [རང་]དབང་དུ་གྱུར་པ་[མཁའ་ཁྱབ་]དང༌། སེམས་[གདོད་ནས་རང་བཞིན་གྱིས་]རྣམ་པར་གྲོལ་བ་[མཁའ་ཁྱབ་]དང༌། ཤེས་རབ་[གདོད་ནས་རང་བཞིན་གྱིས་]རྣམ་པར་གྲོལ་བ་[མཁའ་ཁྱབ་]དང༌། [ཤེས་བྱ་]ཀུན་ཤེས་པ་[མཁའ་ཁྱབ་]དང༌། གླང་པོ་ཆེན་པོ[འི་མཆོག་]དང༌། [གདོད་ནས་རང་བཞིན་གྱིས་]བྱ་བ་བྱས་པ་[མཁའ་ཁྱབ་]དང༌། [གདོད་ནས་རང་བཞིན་གྱིས་]བྱེད་པ་བྱས་པ་[མཁའ་ཁྱབ་]དང༌། [གདོད་ནས་རང་བཞིན་གྱིས་]ཁུར་བོར་བ་[མཁའ་ཁྱབ་]དང༌། [གདོད་ནས་རང་བཞིན་གྱིས་]བདག་གི་དོན་རྗེས་སུ་ཐོབ་པ་[མཁའ་ཁྱབ་]དང༌། སྲིད་པར་སྦྱོར་བ་[གདོད་ནས་རང་བཞིན་གྱིས་]ཡོངས་སུ་ཟད་པ་[མཁའ་ཁྱབ་]དང༌། ཡང་དག་པའི་བཀས་སེམས་[གདོད་ནས་རང་བཞིན་གྱིས་]རྣམ་པར་གྲོལ་བ་[མཁའ་ཁྱབ་]དང༌། [གདོད་ནས་རང་བཞིན་གྱིས་]སེམས་ཐམས་ཅད་ལ་དབང་ཐོབ་པ་[མཁའ་ཁྱབ་]དང༌། [གདོད་ནས་རང་བཞིན་གྱིས་]མཆོག་ཏུ་ཕ་རོལ་ཏུ་ཕྱིན་པ་[མཁའ་ཁྱབ་]དང༌། [གདོད་ནས་རང་བཞིན་གྱིས་]འཁོར་བའི་ཕ་རོལ་གྱི་མཐའ་ལ་གནས་པ་[མཁའ་ཁྱབ་]དང༌། [གདོད་ནས་རང་བཞིན་གྱིས་]ཡེ་ཤེས་ཀྱི་སྐུ་[མཁའ་ཁྱབ་]དང༌། [གདོད་ནས་རང་བཞིན་གྱིས་]རང་བྱུང་[མཁའ་ཁྱབ་]ཞེས་བཤད་དོ། །ཞེས་གསུངས་ཏེ་གང་དུ་བཤད་ཅེ་ན། དོན་དམ་པའི་མཚན་བརྗོད་ལ་སོགས་པ་མཐར་ཐུག་ངེས་པའི་དོན་གྱི་གསུང་རབ་བླ་ན་མེད་པ་རྣམས་སུ[བཤད་པ་འཕགས་པ་ལྷས་བསྡུས་པ]འོ། །

དོན་དམ་གྱི་མཚན་བརྗོད་དུ་གསུངས་པ་ཡང་རང་སྟོང་ལས་གཞན་དུ་བསྟན་པ་ལ་བཅུ་གསུམ། ཞུས་ལན་གྱི་སྐབས་སུ་གསུངས་པ།

དེ་ཡང༌། [སྟོང་གཞི་དོན་དམ་གཞན་སྟོང་ཉིད་]དཔལ་ལྡན་ཤྲཱི་ཡིག་[ཀྱང་ཡིན་པ་]དང༌། [དེ་བཞིན་དུ་ཀུན་ལ་སྦྱར་ཏེ་]རྡོ་རྗེ་འཆང་[མཁའ་ཁྱབ་]དང༌། [རླུང་སེམས་ཐུལ་བས་]གདུལ་དཀའ་འདུལ་བའི་མཆོག་[མཁའ་ཁྱབ་]དང༌། [སྲོག་ཐམས་ཅད་ཆོད་པས་]དཔའ་བོའི་མཆོག་[མཁའ་ཁྱབ་]དང༌། འཇིག་རྟེན་གསུམ་[ལས་གདོད་ནས་རང་བཞིན་གྱིས་]རྒྱལ་[བ་]དང༌། རྡོ་རྗེའི་དབང་ཕྱུག་[མཁའ་ཁྱབ་]དང༌། གསང་བའི་རྒྱལ་པོ་[མཁའ་ཁྱབ་]དང༌། རྣམ་རྒྱས་པད་མ་དཀར་པོའི་སྤྱན་[ཏེ་ཀུན་ནས་སྤྱན་]དང༌། པད་མ་རྒྱས་པའི་ཞལ་[ཏེ་ཀུན་ནས་ཞལ་]དང༌། ལག་ན་རྡོ་རྗེ་[འཆང་]དང༌། ཁྱབ་བདག་[མཆོག་]དང༌། འགྲོ་བའི་བླ་མ་[མཁའ་ཁྱབ་]དང༌། འགྲོ་བའི་སྟོན་པ་པོ་[མཁའ་ཁྱབ་]དང༌། དམ་ཚིག་ཆེན་པོ་[མཁའ་ཁྱབ་]དང༌། དེ་ཁོ་ན་ཉིད་མཁྱེན་པ་[མཁའ་ཁྱབ་]དང༌། དབང་པོ་བསམ་པ་མཁྱེན་མཆོག་[མཁའ་ཁྱབ་]དང༌། ཡེ་ཤེས་སྐུ་[མཁའ་ཁྱབ་]དང༌། གཙུག་ཏོར་ཆེན་པོ་[མཁའ་ཁྱབ་]དང༌། ཚིག་གི་བདག་པོ་[མཁའ་ཁྱབ་]དང༌། རང་བྱུང་ཡེ་ཤེས་[མཁའ་ཁྱབ་]དང༌། འཇམ་དཔལ་[ཀུན་འགྲོ་]དང༌། ཡེ་ཤེས་སེམས་དཔའ་[ཀུན་འགྲོ་]དང༌། དོན་ཟབ་རྒྱ་ཆེན་གྱི་མཆོག་[མཁའ་ཁྱབ་]དང༌། དོན་ཆེན་གྱི་མཆོག་[མཁའ་ཁྱབ་]དང༌། མཚུངས་མེད་ཀྱི་མཆོག་[མཁའ་ཁྱབ་]དང༌། [གདོད་ནས་རང་བཞིན་གྱིས་]རབ་ཏུ་ཞི་བའི་མཆོག་[མཁའ་ཁྱབ་]དང༌། [ཐོག་མཐའ་བར་དུ་དགེ་བས་]རྟག་ཏུ་དགེ་བའི་མཆོག་[མཁའ་ཁྱབ་]དང༌། རྒྱུད་ཆེན་[མཁའ་ཁྱབ་]དང༌། སྒྱུ་འཕྲུལ་དྲྭ་བ་[མཁའ་ཁྱབ་]དང༌། སྔགས་འཆང་མཆོག་[མཁའ་ཁྱབ་]དང༌། རྫོགས་པའི་སངས་རྒྱས་རྐང་གཉིས་མཆོག་[མཁའ་ཁྱབ་]དང༌། ཡེ་ཤེས་ལུས་ཅན་གྱི་འཇམ་དཔལ་[མཁའ་ཁྱབ་]དང༌།

སྔགས་ཀྱི་རིགས་དྲུག་ལ་གཟིགས་པས་སྐབས་སུ་གསུངས་པ།

གསང་སྔགས་མཐའ་དག་གི་རིགས་ཆེན་[མཁའ་ཁྱབ་]དང༌། གསང་སྔགས་ཀྱི་མཆོག་[མཁའ་ཁྱབ་]དང༌། [དོན་དམ་པའི་]རིག་པ་འཆང་བའི་མཆོག་[མཁའ་ཁྱབ་]དང༌། རང་བཞིན་གྱི་རིགས་གསུམ་[མཁའ་ཁྱབ་]དང༌། འཇིག་རྟེན་འཇིག་རྟེན་འདས་པའི་རིགས་[མཁའ་ཁྱབ་]དང༌། འཇིག་རྟེན་སྣང་བྱེད་རིགས་ཆེན་[མཁའ་ཁྱབ་]དང༌། ཕྱག་རྒྱ་ཆེན་པོའི་རིགས་མཆོག་[མཁའ་ཁྱབ་]དང༌། གཙུག་ཏོར་ཆེན་པོའི་རིགས་ཆེན་[མཁའ་ཁྱབ་]དང༌། [རིགས་ཀྱི་དབྱེ་བ་འདི་རྣམས་སྔར་བཤད་ཟིན་ཏོ།།]

སྒྱུ་འཕྲུལ་དྲྭ་བས་བྱང་ཆུབ་པར་གསུངས་པ།

[ཡིད་སྐྱོབ་པའི་]སྔགས་ཀྱི་རྒྱལ་པོ་དྲུག་[མཁའ་ཁྱབ་]དང༌། གཉིས་སུ་མེད་པར་འབྱུང་བ་[མཁའ་ཁྱབ་]དང༌། མི་སྐྱེ་བའི་ཆོས་[མཁའ་ཁྱབ་]དང༌། བརྗོད་དུ་མེད་པའི་ཨ་ཨཱ་[མཁའ་ཁྱབ་]དང༌། ཨི་ཨཱི་[མཁའ་ཁྱབ་]དང༌། ཨུ་ཨཱུ་[མཁའ་ཁྱབ་]དང༌། ཨེ་ཨཻ་[མཁའ་ཁྱབ་]དང༌། ཨོ་ཨཽ་[མཁའ་ཁྱབ་]དང༌། ཨཾ་ཨཿ[མཁའ་ཁྱབ་]དང༌། [སྠི་ཏོ་ཧྲི་ཏི་ཛྙཱ་ན་མཱུརྟི་ཞེས་སོགས་ཀྱི་དོན་]སྙིང་ལ་གནས་པའི་ཡེ་ཤེས་སྐུ་[མཁའ་ཁྱབ་]དང༌། སངས་རྒྱས་ཀྱི་ང་འམ་བདག་[མཁའ་ཁྱབ་]དང༌། དུས་གསུམ་དུ་འཇུག་པའི་སངས་རྒྱས་[མཁའ་ཁྱབ་]དང༌། ཨོཾ་ཡིག་[མཁའ་ཁྱབ་]དང༌། རྡོ་རྗེ་རྣོན་པོ་[མཁའ་ཁྱབ་]དང༌། སྡུག་བསྔལ་གཅོད་པ་[མཁའ་ཁྱབ་]དང༌། ཤེས་རབ་ཡེ་ཤེས་སྐུ་[མཁའ་ཁྱབ་]དང༌། ཡེ་ཤེས་ཀྱི་ཚོགས་སམ་སྐུ་[མཁའ་ཁྱབ་]དང༌། གསུང་གི་དབང་ཕྱུག་[མཁའ་ཁྱབ་]དང༌། ཨ་ར་པ་ཙ་ན་[མཁའ་ཁྱབ་]དང༌།

རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་གསུངས་པ།

[དོན་དམ་གྱི་]ཨ་ལས་བྱུང་བའི་སངས་རྒྱས་[མཁའ་ཁྱབ་]དང༌། [དོན་དམ་གྱི་]ཨ་ཡིག་[མཁའ་ཁྱབ་]དང༌། དོན་ཆེན་འགྱུར་མེད་དམ་པ་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]སྲོག་ཆེན་པོ་[མཁའ་ཁྱབ་]དང༌། སྐྱེ་བ་མེད་པ[འི་གཞི་མཁའ་ཁྱབ་]དང༌། བརྗོད་དུ་མེད་པ[འི་གཞི་མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག་[འགལ་འདུས་སྐྱོན་མེད་]དང༌། འོད་གསལ་གྱི་ཚིག་ཀུན་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]མཆོད་པ་ཆེན་པོ་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]འདོད་ཆགས་ཆེན་པོ་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]ཞེ་སྡང་ཆེན་པོ་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]གཏི་མུག་ཆེན་པོ་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]ཁྲོ་བ་ཆེན་པོ་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]ཆགས་པ་ཆེན་པོ་[མཁའ་ཁྱབ་]དང༌། ཉོན་མོངས་ཐམས་ཅད་གདོད་ནས་[རང་བཞིན་གྱིས་]བཅོམ་པ[འི་གཞི་]དང༌། [ཆོས་ཉིད་ཀྱི་]འདོད་པ་ཆེན་པོ་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]བདེ་བ་ཆེན་པོ་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]དགའ་བ་ཆེན་པོ་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]མགུ་བ་ཆེན་པོ་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]གཟུགས་ཆེན་པོ་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]ལུས་ཆེན་པོ་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]ཁ་དོག་ཆེན་པོ་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]ལུས་བོང་ཆེན་པོ་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]མིང་[མང་པོ་]ཆེན་པོ་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]རྒྱ་ཆེན་པོ་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]དཀྱིལ་འཁོར་ཆེན་པོ་ཡངས་པ་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]ཤེས་རབ་ཆེན་པོའི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]མཚོན་འཆང་བའི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]ཉོན་མོངས་ཆེན་པོ་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]ལྕགས་ཀྱུ་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]གྲགས་པ་ཆེན་པོ་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]སྙན་གྲགས་ཆེན་པོ་[མཁའ་ཁྱབ་]དང༌། [ཡེ་ཤེས་ལ་]སྣང་བ་ཆེན་པོ་[མཁའ་ཁྱབ་]དང༌། [ཡེ་ཤེས་ལ་]གསལ་བ་ཆེན་པོ་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]མཁས་པ་ཆེན་པོའམ་རིག་པ་ཆེན་པོ་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]སྒྱུ་འཕྲུལ་ཆེན་པོ་འཛིན་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]སྒྱུ་འཕྲུལ་ཆེན་པོའི་དོན་སྒྲུབ་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]སྒྱུ་འཕྲུལ་ཆེན་པོའི་དགའ་བས་དགའ་བ་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]སྒྱུ་འཕྲུལ་ཆེན་པོའི་མིག་འཕྲུལ་ཅན་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]སྦྱིན་བདག་ཆེན་པོ་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]གཙོ་བོའི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]ཚུལ་ཁྲིམས་ཆེན་པོ་འཆང་བའི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]བཟོད་ཆེན་འཆང་བའི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]བརྟན་པ་ཆེན་པོའི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]བརྩོན་འགྲུས་ཆེན་པོའི་མཆོག་[མཁའ་ཁྱབ་]དང༌།[ཆོས་ཉིད་ཀྱི་]ཕ་རོལ་གནོན་པའི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]བསམ་གཏན་ཆེན་པོ་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]ཏིང་འཛིན་མཆོག་ལ་གནས་པ་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]ཤེས་རབ་ཆེན་པོའི་སྐུ་འཆང་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]སྟོབས་པོ་ཆེ་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]ཐབས་ཆེན་པོ་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]སྨོན་ལམ་རྒྱ་མཚོ་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]ཡེ་ཤེས་རྒྱ་མཚོ་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]བྱམས་པ་ཆེན་པོ་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]རང་བཞིན་དཔག་མེད་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]སྙིང་རྗེ་ཆེན་པོའི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]བློ་ཡི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]ཤེས་རབ་ཆེན་པོའི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]བློ་ཆེན་ལྡན་པའི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]ཐབས་ཆེན་གྱི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]བྱེད་པ་ཆེན་པོའི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]འཕྲུལ་ཆེན་གྱི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]སྟོབས་ལྡན་གྱི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]ཤུགས་ཆེན་གྱི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]མགྱོགས་ཆེན་གྱི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]རྫུ་འཕྲུལ་ཆེ་ཞིང་ཆེ་བར་གྲགས་པའི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]སྟོབས་ཆེན་ཕ་རོལ་གནོན་པའི་མཆོག་[མཁའ་ཁྱབ་]དང༌། སྲིད་པའི་རི་བོ་[རང་བཞིན་གྱིས་ཆོམས་ཤིང་]འཇོམས་པའི་མཆོག་[མཁའ་ཁྱབ་]དང༌། [དེ་བཞིན་ཉིད་]མཁྲེགས་པའི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]རྡོ་རྗེ་ཆེན་པོ་འཆང་བའི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]དྲག་པོ་ཆེན་པོའི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]དྲག་ཤུལ་ཆེ་བའི་མཆོག་[མཁའ་ཁྱབ་]དང༌། འཇིགས་ཆེན་[དབུགས་དང་ཀུན་གཞི་རྣམ་ཤེས་]ཡང་འཇིགས་པར་མཛད་པ་པོ་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]མགོན་པོའི་མཆོག་ཆེན་པོ་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]རིག་པའི་མཆོག་ཆེན་པོ་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]བླ་མ་ཆེན་པོའི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]གསང་སྔགས་ཆེན་པོའི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]ཐེག་ཆེན་ཚུལ་ལ་གནས་པའམ་བརྟན་པའི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]ཐེག་ཆེན་ཚུལ་གྱི་མཆོག་[མཁའ་ཁྱབ་]དང༌།

ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་གསུངས་པ།

[ཆོས་ཉིད་ཀྱི་]སངས་རྒྱས་ཆེན་པོ་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]རྣམ་པར་སྣང་མཛད་ཆེན་པོ་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]ཐུབ་པ་ཆེན་པོའི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]ཐུབ་ཆེན་ལྡན་པའི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]གསང་སྔགས་ཚུལ་ཆེན་ལས་བྱུང་བ་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]གསང་སྔགས་ཚུལ་ཆེན་གྱི་བདག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]ཕ་རོལ་ཕྱིན་བཅུ་ཐོབ་པའི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]ཕར་ཕྱིན་བཅུ་ལ་གནས་པའི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]ཕ་རོལ་ཕྱིན་བཅུ་དག་པའི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]ཕ་རོལ་ཕྱིན་བཅུའི་ཚུལ་གྱི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]ས་བཅུའི་དབང་ཕྱུག་གི་མགོན་པོ་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]ས་བཅུ་ལ་གནས་པའི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]ཤེས་བཅུ་རྣམ་དག་གི་བདག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]ཤེས་བཅུ་རྣམ་དག་འཆང་བ་པོ་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]རྣམ་པ་བཅུ་པོ་དོན་བཅུའི་དོན་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]ཐུབ་དབང་ཁྱབ་པའི་བདག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]སྟོབས་བཅུ་ཁྱབ་པའི་བདག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]ཀུན་དོན་མ་ལུས་མཛད་པ་པོ་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]རྣམ་བཅུ་དབང་ལྡན་ཆེ་བ་པོ་[མཁའ་ཁྱབ་]དང༌། [ཆོས་ཉིད་]ཐོག་མ་མེད་པའི་བདག་[མཁའ་ཁྱབ་]དང༌། སྤྲོས་པ་མེད་པའི་བདག་[མཁའ་ཁྱབ་]དང༌། དེ་བཞིན་ཉིད་ཀྱི་བདག་[མཁའ་ཁྱབ་]དང༌། གདོད་ནས་དག་པའི་བདག་[མཁའ་ཁྱབ་]དང༌། [ཆོས་ཉིད་]བདེན་པར་གསུང་བའི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]གསུང་མི་འགྱུར་བའི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་]ཇི་སྐད་སྨྲས་བཞིན་མཛད་པའི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་]གཉིས་སུ་མེད་པའི་མཆོག་[མཁའ་ཁྱབ་]དང༌།[ཆོས་ཉིད་]གཉིས་མེད་སྟོན་པའི་མཆོག་[མཁའ་ཁྱབ་]དང༌།[ཆོས་ཉིད་ཀྱི་]ཡང་དག་མཐར་བཞུགས་[མཁའ་ཁྱབ་]དང༌། བདག་མེད་པའི་སྒྲ་སྒྲོགས་མཆོག་[མཁའ་ཁྱབ་]དང༌། མུ་སྟེགས་ངན་པ་འཇིགས་མཛད་མཆོག་[མཁའ་ཁྱབ་]དང༌། ཀུན་མགྲོའི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་]དོན་ཡོད་པའི་གནས་སམ་སྟོབས་ཀྱི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]དེ་བཞིན་གཤེགས་པ་[མཁའ་ཁྱབ་]དང༌། [ཆོས་ཉིད་]ཡིད་ལྟར་མགྱོགས་པའི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]རྒྱལ་བའི་མཆོག་[མཁའ་ཁྱབ་]དང༌། དགྲ་ལས་[རང་བཞིན་གྱིས་]རྒྱལ་བའི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]རྣམ་པར་རྒྱལ་བའི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]འཁོར་ལོས་བསྒྱུར་བའི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]སྟོབས་པོ་ཆེའི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]ཚོགས་ཀྱི་སློབ་དཔོན་གྱི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]ཚོགས་ཀྱི་གཙོ་བོའི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]ཚོགས་རྗེའི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]ཚོགས་བདག་གི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]དབང་ལྡན་གྱི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]མཐུ་ཆེན་གྱི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་]གཅེས་པར་འཛིན་པའི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]ཚུལ་ཆེན་གྱི་མཆོག་[མཁའ་ཁྱབ་]དང༌། གཞན་གྱི་དྲིང་མི་འཇོག་གི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]ཚིག་རྗེའི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]ཚིག་བདག་གི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]སྨྲ་མཁས་ཀྱི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]ཚིག་ལ་དབང་བའི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]ཚིག་མཐའ་ཡས་པའི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]ཚིག་བདེན་པའི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་]བདེན་སྨྲའི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]བདེན་བཞི་སྟོན་པའི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]ཕྱིར་མི་ལྡོག་པའི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]ཕྱིར་མི་འོང་བའི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]འདྲེན་པའི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]རང་རྒྱལ་བའི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]བསེ་རུ་ལྟ་བུའི་མཆོག་[མཁའ་ཁྱབ་]དང༌། ངེས་འབྱུང་སྣ་ཚོགས་ཀྱིས་[གདོད་ནས་]ངེས་འབྱུང་གི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]འབྱུང་བ་ཆེན་པོའམ་ཡོད་པ་ཆེན་པོའམ་བདེན་པ་ཆེན་པོའམ་ཡང་དག་ཆེན་པོ་[མཁའ་ཁྱབ་]དང༌། ཀུན་གྱི་རྒྱུའམ་རྟེན་ནམ་གནས་གཅིག་པུ་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]དགེ་སློང་གི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]དགྲ་བཅོམ་པའི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་]ཟག་པ་ཟད་པའི་མཆོག་[མཁའ་ཁྱབ་]དང༌། ཆགས་བྲལ་གྱི་གཞིའི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་]དབང་པོ་ཐུལ་བའི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]བདེ་བ་རྙེད་པའི་མཆོག་[མཁའ་ཁྱབ་]དང༌། འཇིགས་མེད་ཐོབ་པའི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་]བསིལ་བར་གྱུར་པའི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་]རྙོག་པ་མེད་པའམ་གོས་པ་མེད་པའི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]རིག་པ་དང་རྐང་པར་ལྡན་པའི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]བདེ་གཤེགས་སམ་བདེར་གནས་སམ་བདེ་བ་རྟོགས་པ་[མཁའ་ཁྱབ་]དང༌། [བདེན་པ་གཉིས་ཀྱི་]འཇིག་རྟེན་རིག་པའི་མཆོག་[མཁའ་ཁྱབ་]དང༌། ང་བདག་ཏུ་མི་འཛིན་པ[འི་གཞི་རང་བྱུང་ཡེ་ཤེས་]དང༌། བདེན་གཉིས་[དབྱེར་མེད་ཀྱི་]ཚུལ་དུ་བཞུགས་པ་[མཁའ་ཁྱབ་]དང༌། གདོད་ནས་འཁོར་བའི་མཐར་སོན་[མཁའ་ཁྱབ་]དང༌། གདོད་ནས་བྱ་བ་བྱས་པ་[མཁའ་ཁྱབ་]དང༌། གདོད་ནས་སྐམ་སར་གནས་པ་[མཁའ་ཁྱབ་]དང༌། ཡེ་ཤེས་འབའ་ཞིག་པ་[མཁའ་ཁྱབ་]དང༌། [སྤང་བྱ་]ངེས་པར་བསལ་བའམ་ངེས་འབྱུང་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]ཤེས་རབ་མཚོན་ཆས་[གཞོམ་བྱ་]རྣམ་འཇོམས་ཀྱི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]དམ་ཆོས་ཀྱི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]ཆོས་ཀྱི་རྒྱལ་པོའི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]གསལ་བའམ་སྣང་བའི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]འཇིག་རྟེན་སྣང་བྱེད་ཀྱི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]ཆོས་ཀྱི་དབང་ཕྱུག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]ཆོས་ཀྱི་རྒྱལ་པོ་[མཁའ་ཁྱབ་]དང༌། ལེགས་པའི་ལམ་མམ་ལམ་མཆོག་སྟོན་པ་པོ་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]དོན་གྲུབ་པའི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]བསམ་པ་གྲུབ་པའི་མཆོག་[མཁའ་ཁྱབ་]དང༌། ཀུན་རྟོག་ཐམས་ཅད་[གདོད་ནས་རང་བཞིན་གྱིས་]སྤངས་པ་[མཁའ་ཁྱབ་]དང༌། [ཆོས་ཉིད་]རྣམ་པར་མི་རྟོག་པའི་དབྱིངས་[མཁའ་ཁྱབ་]དང༌། [ཆོས་ཉིད་]མི་ཟད་པའི་མཆོག་[མཁའ་ཁྱབ་]དང༌། ཆོས་དབྱིངས་དམ་པ་[མཁའ་ཁྱབ་]དང༌། ཟད་མི་ཤེས་པའི་མཆོག་[མཁའ་ཁྱབ་]དང༌། རང་བཞིན་གྱིས་བསོད་ནམས་ལྡན་པ་[མཁའ་ཁྱབ་]དང༌། གདོད་ནས་བསོད་ནམས་ཀྱི་ཚོགས་[མཁའ་ཁྱབ་]དང༌། གདོད་ནས་རང་བྱུང་གི་ཡེ་ཤེས་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]ཡེ་ཤེས་ཀྱི་འབྱུང་གནས་ཆེན་པོ་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]ཡེ་ཤེས་ལྡན་པའི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་]ཡོད་པ་ལ་ཡོད་པར་ཤེས་ཤིང་[ཆོས་རྣམས་]མེད་པ་ལ་མེད་པར་ཤེས་པའི་མཆོག་[མཁའ་ཁྱབ་]དང༌། གདོད་ནས་རང་བཞིན་གྱིས་ཚོགས་གཉིས་བསགས་པ་[མཁའ་ཁྱབ་]དང༌། [ཆོས་ཉིད་སྐད་ཅིག་ལས་འདས་པས་]རྟག་པའི་མཆོག་[མཁའ་ཁྱབ་]དང༌། [མི་མཐུན་ཕྱོགས་]ཀུན་ལས་རྒྱལ་བའི་མཆོག་[མཁའ་ཁྱབ་]དང༌། གདོད་ནས་[ཆོས་ཉིད་ཀྱི་]རྣལ་འབྱོར་ཅན་[མཁའ་ཁྱབ་]དང༌། གདོད་ནས་[ཆོས་ཉིད་ཀྱི་]བསམ་གཏན་གྱི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]བསམ་བྱའི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]བློ་ལྡན་གྱི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]བདག་གི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་]སོ་སོ་རང་རིག་གི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་]མི་གཡོ་བའི་མཆོག་[མཁའ་ཁྱབ་]དང༌། [ངོ་བོ་ཉིད་སྐུ་]མཆོག་གི་དང་པོ་[མཁའ་ཁྱབ་]དང༌། [དོན་དམ་གྱི་]སྐུ་[ལྷག་མ་]གསུམ་འཆང་བ་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]སངས་རྒྱས་སྐུ་ལྔའི་བདག་[མཁའ་ཁྱབ་]དང༌། ཀུན་ལ་ཁྱབ་པའི་བདག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]ཡེ་ཤེས་ལྔའི་བདག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]སངས་རྒྱས་ལྔ་བདག་གི་ཅོད་པན་[མཁའ་ཁྱབ་]དང༌། གདོད་ནས་[ཆོས་ཉིད་ཀྱི་]སྤྱན་ལྔ་ཆགས་མེད་འཆང་བ་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]སངས་རྒྱས་ཐམས་ཅད་སྐྱེད་པ་པོ་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]སངས་རྒྱས་སྲས་པོ་[མཁའ་ཁྱབ་]དང༌། དམ་པའམ་གཞན་ནམ་ཕ་རོལ་ལམ་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]ཤེས་རབ་ཀྱི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་]གདོད་ནས་སྲིད་འབྱུང་[མཁའ་ཁྱབ་]དང༌། [ཆོས་ཉིད་]སྐྱེ་གནས་མེད་པའམ་སྐྱེ་གནས་ཀྱི་མཆོག་[མཁའ་ཁྱབ་]དང༌། རང་བཞིན་གྱི་ཆོས་ལས་བྱུང་བའམ་ཆོས་ཀྱི་སྐྱེ་གནས་མཆོག་[མཁའ་ཁྱབ་]དང༌། གདོད་ནས་སྲིད་པ་གསལ་བའམ་སྲིད་པ་མཐར་མཛད་[མཁའ་ཁྱབ་]དང༌། [ཟླ་མེད་པས་]གཅིག་པུའི་བདག་[མཁའ་ཁྱབ་]དང༌། [གང་གིས་ཀྱང་མི་ཤིགས་པས་]སྲ་མཁྲེགས་ཀྱི་བདག་[མཁའ་ཁྱབ་]དང༌། རྡོ་རྗེའི་བདག་[མཁའ་ཁྱབ་]དང༌། ནམ་ཡང་སྐྱེས་མ་ཐག་པ་སྟེ་ནམ་ཡང་མི་རྒ་བ་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]འགྲོ་བའི་བདག་པོ་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]ནམ་མཁའ་ལས་བྱུང་རང་བྱུང་བའི་མཆོག་[མཁའ་ཁྱབ་]དང༌། [ཡེ་ཤེས་]རང་བྱུང་བ་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]ཤེས་རབ་ཡེ་ཤེས་ཀྱི་མེ་ཆེན་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]ཤེས་རབ་ཡེ་ཤེས་ཀྱི་འོད་ཆེན་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]ཤེས་རབ་ཡེ་ཤེས་ཀྱི་རྣམ་སྣང་མཛད་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]ཡེ་ཤེས་སྣང་བ་ལམ་མེ་བ་[མཁའ་ཁྱབ་]དང༌། འགྲོ་བའི་སྣང་གསལ་གྱི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]ཡེ་ཤེས་སྒྲོན་མ་[མཁའ་ཁྱབ་]དང༌། གདོད་ནས་[ཆོས་ཉིད་ཀྱི་]གཟི་བརྗིད་ཆེན་པོ་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]རང་བཞིན་འོད་གསལ་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]སྔགས་མཆོག་གི་མངའ་བདག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]རིག་པའི་རྒྱལ་པོ་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]གསང་སྔགས་རྒྱལ་པོ་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]དོན་ཆེན་མཛད་པ་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]གཙུག་ཏོར་ཆེན་པོ་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]གཙུག་ཏོར་རྨད་བྱུང་[མཁའ་ཁྱབ་]དང༌། [ཆོས་ཉིད་]ནམ་མཁའི་བདག་པོ་[མཁའ་ཁྱབ་]དང༌། [ཆོས་ཉིད་]སྣ་ཚོགས་སྟོན་པའི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]སངས་རྒྱས་ཀུན་བདག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]དངོས་པོའི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]འགྲོ་བའི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]ཀུན་དགའི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]མིག་ལྡན་གྱི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་]སྣ་ཚོགས་གཟུགས་ཅན་སྐྱེད་པ་པོའི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་]མཆོད་འོས་བརྗེད་འོས་ཀྱི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]དྲང་སྲོང་ཆེན་པོའི་མཆོག་[མཁའ་ཁྱབ་]དང༌། རང་བཞིན་གྱི་རིགས་གསུམ་འཆང་བ་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]གསང་སྔགས་ལྡན་པའི་མཆོག་[མཁའ་ཁྱབ་]དང༌། གདོད་ནས་[ཆོས་ཉིད་ཀྱི་]དམ་ཚིག་ཆེན་པོ་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]གསང་སྔགས་གདོད་ནས་འཛིན་པ་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]གཙོ་བོའི་མཆོག་[མཁའ་ཁྱབ་]དང༌། ཆོས་ཉིད་ཀྱི་དཀོན་མཆོག་གསུམ་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་དཀོན་མཆོག་གསུམ་]དེ་རྣམས་འཆང་བ་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]ཐེག་པ་གསུམ་མཆོག་སྟོན་པའི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]དོན་ཡོད་ཞགས་པའི་མཆོག་[མཁའ་ཁྱབ་]དང༌། རང་བཞིན་གྱིས་རྣམ་པར་རྒྱལ་བ་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]ཐིག་ལེ་འཛིན་པ་ཆེན་པོ་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]རྡོ་རྗེ་ཞགས་པའི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]རྡོ་རྗེ་ལྕགས་ཀྱུའི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]ཞགས་པ་ཆེན་པོའི་མཆོག་[མཁའ་ཁྱབ་]དང༌།

མེ་ལོང་ལྟ་བུའི་ཡེ་ཤེས་སུ་གསུངས་པ།

[ཆོས་ཉིད་ཀྱི་]རྡོ་རྗེ་འཇིགས་བྱེད་[མཁའ་ཁྱབ་]དང༌། འཇིགས་པའང་འཇིགས་མཛད་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]ཁྲོ་བོའི་རྒྱལ་པོ་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]གདོང་དྲུག་འཇིགས་པ་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]མིག་དྲུག་པ་སྟེ་དབང་པོ་ཐམས་ཅད་པ་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]ལག་པ་དྲུག་པ་སྟེ་ཡན་ལག་ཐམས་ཅད་པ་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]སྟོབས་ཐམས་ཅད་པ་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]ཀཾ་ཀ་ལའི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]མཆེ་བ་གཙིགས་པའི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]ཁྲོ་ཆེན་ཧ་ལཱ་ཧ་ལཱ་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]གདོང་བརྒྱ་པའམ་ཞལ་ཐམས་ཅད་པ་[མཁའ་ཁྱབ་]དང༌། གཤིན་རྗེའི་གཤེད་པོ་[མཁའ་ཁྱབ་]དང༌། [སྲིད་ཞིའི་]བགེགས་ཀྱི་རྒྱལ་པོའི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]རྡོ་རྗེ་ཤུགས་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]འཇིགས་བྱེད་ཀྱི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]རྡོ་རྗེ་དྲེགས་པ་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]རྡོ་རྗེའི་སྙིང་པོ་[མཁའ་ཁྱབ་]དང༌། རྡོ་རྗེའི་སྒྱུ་འཕྲུལ་[མཁའ་ཁྱབ་]དང༌། རྡོ་རྗེ་གསུས་པོ་ཆེ་[མཁའ་ཁྱབ་]དང༌། རྡོ་རྗེ་ལས་སྐྱེས་པའམ་རྡོ་རྗེའི་སྐྱེ་གནས་[མཁའ་ཁྱབ་]དང༌། རྡོ་རྗེའི་བདག་[མཁའ་ཁྱབ་]དང༌། རྡོ་རྗེའི་སྙིང་པོའམ་རྡོ་རྗེའི་དཀྱིལ་འཁོར་མཁའ་འདྲ་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]མི་གཡོ་བ་[མཁའ་ཁྱབ་]དང༌། བདེ་ཆེན་རལ་པ་གཅིག་པའམ་རལ་གཅིག་མ་[མཁའ་ཁྱབ་]དང༌། རྡོ་རྗེ་བསྒྱིངས་པ་[མཁའ་ཁྱབ་]དང༌། གླང་ཆེན་ཀོ་རློན་གྱོན་པ་སྟེ་འཆི་བདག་གདོད་ནས་བཅོམ་པ་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]དྲག་པོ་ཆེན་པོ་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]གང་རྒྱངས་ཀྱིས་འཇིགས་པར་བྱེད་པའི་མཆོག་[མཁའ་ཁྱབ་]དང༌། ཆོས་ཉིད་ཀྱི་གད་མོ་ཆེན་པོ་[མཁའ་ཁྱབ་]དང༌། དེ་བཞིན་ཉིད་ཀྱི་གང་རྒྱངས་[མཁའ་ཁྱབ་]ཅན་དང༌། རྡོ་རྗེའི་གད་མོ་ཆེར་སྒྲོགས་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]རྡོ་རྗེ་སེམས་དཔའ་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]སེམས་དཔའ་ཆེན་པོ་[མཁའ་ཁྱབ་]དང༌། རྡོ་རྗེ་རྒྱལ་པོ་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]བདེ་ཆེན་མཆོག་[མཁའ་ཁྱབ་]དང༌། རྡོ་རྗེ་དྲག་པོའམ་རྡོ་རྗེ་གཏུམ་པོ་[མཁའ་ཁྱབ་]དང༌། རྡོ་རྗེ་དགའ་བ་ཆེན་པོ་[མཁའ་ཁྱབ་]དང༌། རྡོ་རྗེ་ཧཱུཾ་[མཁའ་ཁྱབ་]དང༌། རྡོ་རྗེ་ཧཱུཾ་མཛད་[མཁའ་ཁྱབ་]དང༌། རྡོ་རྗེའི་མདའ་འམ་དེ་ཐོགས་པ་[མཁའ་ཁྱབ་]དང༌། རྡོ་རྗེའི་རལ་གྲི་[མཁའ་ཁྱབ་]དང༌། འཆིང་བ་ཀུན་གཅོད་[མཁའ་ཁྱབ་]དང༌། རྡོ་རྗེ་ཀུན་འཆང་[མཁའ་ཁྱབ་]དང༌། རྡོ་རྗེ་ཅན་[མཁའ་ཁྱབ་]དང༌། རྡོ་རྗེ་གཅིག་པུ་[མཁའ་ཁྱབ་]དང༌། གཡུལ་ལས་རྒྱལ་བའམ་གཡུལ་སེལ་[མཁའ་ཁྱབ་]དང༌། རྡོ་རྗེ་འབར་བའི་མིག་མི་བཟད་པ་[མཁའ་ཁྱབ་]དང༌། རྡོ་རྗེ་འབར་བའི་སྐྲ་[མཁའ་ཁྱབ་]དང༌། རྡོ་རྗེ་འབེབས་པ་[མཁའ་ཁྱབ་]དང༌། འབེབས་པ་ཆེན་པོ་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]སྤྱན་བརྒྱ་རྒྱས་པ་[མཁའ་ཁྱབ་]དང༌། རྡོ་རྗེའི་སྤྱན་[མཁའ་ཁྱབ་]དང༌། རྡོ་རྗེའི་བ་སྤུའམ་དེའི་ལུས་[མཁའ་ཁྱབ་]དང༌། རྡོ་རྗེའི་སྤུ་[མཁའ་ཁྱབ་]དང༌། རྡོ་རྗེ་གཅིག་པུའི་སྐུ་[མཁའ་ཁྱབ་]དང༌། རྡོ་རྗེའི་སེན་མོ་[མཁའ་ཁྱབ་]དང༌། རྡོ་རྗེའི་ལྤགས་པ་[མཁའ་ཁྱབ་]དང༌། རྡོ་རྗེའི་ཕྲེང་ཐོགས་[མཁའ་ཁྱབ་]དང༌། རྡོ་རྗེའི་དཔལ་ལྡན་[མཁའ་ཁྱབ་]དང༌། རྡོ་རྗེའི་རྒྱན་ནམ་དེས་བརྒྱན་པ་[མཁའ་ཁྱབ་]དང༌། བརྗོད་དུ་མེད་པའི་གང་རྒྱངས་[མཁའ་ཁྱབ་]དང༌། ཡི་གེ་དྲུག་པའམ་འགྱུར་མེད་དྲུག་པ་[མཁའ་ཁྱབ་]དང༌། རྡོ་རྗེའི་སྒྲ་[མཁའ་ཁྱབ་]དང༌། འཇམ་དབྱངས་ཆེན་པོ་[མཁའ་ཁྱབ་]དང༌། ཡི་གེ་མེད་པའི་སྒྲ་ཆེན་པོའམ་ནཱ་ད་ཆེན་པོ་[མཁའ་ཁྱབ་]དང༌། འཇིག་རྟེན་གསུམ་གཅིག་པའི་སྒྲའམ་འཇིག་རྟེན་གསུམ་གཞན་གྱི་སྒྲ་དུ་མ་རོ་གཅིག་པ་[མཁའ་ཁྱབ་]དང༌། སྒྲ་མེད་ཀྱི་སྒྲ་[འགལ་འདུས་སྐྱོན་མེད་]མཁའ་ཁྱབ་དང༌། སྒྲ་ལྡན་རྣམས་ཀྱི་མཆོག་[ཆོས་ཉིད་ཀྱི་སྒྲ་མཁའ་ཁྱབ་]དང༌།

སོ་སོར་རྟོག་པའི་ཡེ་ཤེས་སུ་གསུངས་པ།

ཡང་དག་པའི་དོན་[མཁའ་ཁྱབ་]དང༌། བདག་མེད་པའི་དབྱིངས་[མཁའ་ཁྱབ་]དང༌། དེ་བཞིན་ཉིད་[མཁའ་ཁྱབ་]དང༌། ཡང་དག་མཐའ་[མཁའ་ཁྱབ་]དང༌། [ཀུན་རྫོབ་ཀྱི་]ཡི་གེ་མེད་པའི་གཞི་[མཁའ་ཁྱབ་]དང༌། སྟོང་ཉིད་སྨྲ་བའི་ཁྱུ་མཆོག་[མཁའ་ཁྱབ་]དང༌། ཟབ་ཡངས་ཆོས་ཉིད་ཀྱི་སྒྲ་སྒྲོགས་པ་[མཁའ་ཁྱབ་]དང༌། རང་བཞིན་ལྷུན་གྲུབ་ཀྱི་ཆོས་དུང་[མཁའ་ཁྱབ་]དང༌། དེ་བཞིན་ཉིད་ཀྱི་གཎྜི་[མཁའ་ཁྱབ་]དང༌། མི་གནས་པའི་མྱང་འདས་[མཁའ་ཁྱབ་]དང༌། རྟག་ཏུ་ཀུན་ཁྱབ་ཡོངས་གྲུབ་ཀྱི་རྔ་ཆེན་[མཁའ་ཁྱབ་]དང༌། གཟུགས་མེད་པའི་གཟུགས་བཟང་[མཁའ་ཁྱབ་]དང༌། གཟུགས་མེད་པའི་གཟུགས་དམ་པ་[མཁའ་ཁྱབ་]དང༌། ཀུན་ཏུ་བཟང་པོ་ལས་བྱུང་བའི་སྣ་ཚོགས་གཟུགས་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]དཔལ་ཐམས་ཅད་ཀྱི་གཟུགས་རྣམས་སྣང་བ་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]གཟུགས་བརྙན་མ་ལུས་འཆང་བའི་ཆོས་སྐུ་[མཁའ་ཁྱབ་]དང༌། གང་གིས་ཀྱང་ཚུགས་པ་མེད་པའམ་འཛིན་པ་མེད་པ[འི་གཞི་]དང༌། [ཆོས་ཉིད་]ཆེ་བར་གྲགས་པའམ་གྲགས་པ་ཆེན་པོ་[མཁའ་ཁྱབ་]དང༌། ཁམས་གསུམ་གཞན་[མཆོག་མཁའ་ཁྱབ་]དང༌། [ཆོས་ཉིད་]དེའི་དབང་ཕྱུག་ཆེན་པོ་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]འཕགས་ལམ་ཤིན་ཏུ་མཐོན་པོ་[མཁའ་ཁྱབ་]དང༌། དེ་ལ་གནས་པའི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་]མ་རྒུད་ཅིང་དར་བ་ཆེན་པོའི་མཆོག་[མཁའ་ཁྱབ་]དང༌། ཆོས་ཀྱི་ཏོག་དམ་པ་[མཁའ་ཁྱབ་]དང༌། འཇིག་རྟེན་གསུམ་གཅིག་གཞོན་ནུའི་ལུས་ཏེ་ཆོས་ཉིད་ཀྱི་འཇིག་རྟེན་གསུམ་[མཁའ་ཁྱབ་]དང༌། [ཆོས་ཉིད་]གནས་བརྟན་གྱི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]རྒན་པོའི་མཆོག་[མཁའ་ཁྱབ་]དང༌། [ཆོས་ཉིད་ཀྱི་]སྐྱེ་དགུའི་བདག་གི་མཆོག་[མཁའ་ཁྱབ་]དང༌། ཆོས་འབྱུང་གི་མཚན་དཔེ་འཆང་བ་[མཁའ་ཁྱབ་]དང༌། [ཆོས་ཉིད་]སྡུག་གུའམ་ཡིད་དུ་འོང་བས་འདོད་པར་བྱ་བའི་མཆོག་[མཁའ་ཁྱབ་]དང༌། གསང་ཆེན་གྱི་འཇིག་རྟེན་གསུམ་མཛེས་པ་[མཁའ་ཁྱབ་]དང༌། འཇིག་རྟེན་ཤེས་པའི་མཆོག་[མཁའ་ཁྱབ་]དང༌། ཀུན་ནས་ལེགས་པའི་མཆོག་[མཁའ་ཁྱབ་]དང༌། ཀུན་གྱི་སློབ་དཔོན་གྱི་མཆོག་[མཁའ་ཁྱབ་]དང༌། འཇིག་རྟེན་སློབ་དཔོན་འཇིགས་མེད་ཀྱི་མཆོག་[མཁའ་ཁྱབ་]དང༌། འཇིག་རྟེན་མགོན་པོའི་མཆོག་[མཁའ་ཁྱབ་]དང༌། འཇིག་རྟེན་སྐྱོབ་པ་མཆོག་[མཁའ་ཁྱབ་]དང༌། འཇིག་རྟེན་གྱི་ཡིད་གཅུགས་པའི་གནས་སམ་འཇིག་རྟེན་གསུམ་ཁྱབ་[ཆ་མེད་ཀུན་འགྲོ་]དང༌། སྐྱབས་བླ་ན་མེད་པ་[ཆ་མེད་ཀུན་འགྲོ་]དང༌། སྐྱོབ་པ་བླ་ན་མེད་པ་[ཆ་མེད་ཀུན་འགྲོ་]དང༌། གཞན་ནམ་མཁའི་མཐའ་ལ་ལོངས་སྤྱོད་པའམ་ནམ་མཁའ་ཁྱབ་པར་ལོངས་སྤྱོད་པ་[ཆ་མེད་ཀུན་འགྲོ་]དང༌། ཀུན་མཁྱེན་ཡེ་ཤེས་རྒྱ་མཚོ་[ཆ་མེད་ཀུན་འགྲོ་]དང༌། མ་རིག་སྒོ་ངའི་སྦུབས་འབྱེད་[ཆ་མེད་ཀུན་འགྲོ་]དང༌། སྲིད་པའི་དྲ་བ་གདོད་ནས་བཅོམ་ཞིང་འཇོམས་པ་[ཆ་མེད་ཀུན་འགྲོ་]དང༌། ཉོན་མོངས་གདོད་ནས་ཞི་ཞིང་ཞི་བྱེད་[ཆ་མེད་ཀུན་འགྲོ་]དང༌། འཁོར་བའི་ཕ་རོལ་ཏུ་གདོད་ནས་རང་བཞིན་གྱིས་ཕྱིན་པ་[ཆ་མེད་ཀུན་འགྲོ་]དང༌། ཡེ་ཤེས་དབང་བསྐུར་གདོད་ནས་ཐོབ་པ་[ཆ་མེད་ཀུན་འགྲོ་]དང༌། གདོད་ནས་ཡེ་ཤེས་ལྔའི་ཅོད་པན་ཅན་[ཆ་མེད་ཀུན་འགྲོ་]དང༌། སངས་རྒྱས་ཀུན་གྱི་རྒྱན་དུ་རང་བཞིན་གྱིས་ཐོགས་པའམ་བརྒྱན་པ་[ཆ་མེད་ཀུན་འགྲོ་]དང༌། སྡུག་བསྔལ་ཐམས་ཅད་རང་བཞིན་གྱིས་ཞི་བ་[ཆ་མེད་ཀུན་འགྲོ་]དང༌། གསུམ་སེལ་བའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། མཐའ་ཡས་པའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། གྲོལ་བ་གསུམ་ཐོབ་པའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། སྒྲིབ་པ་ཀུན་ལས་ངོ་བོ་ཉིད་ཀྱིས་ངེས་པར་གྲོལ་བ་[ཆ་མེད་ཀུན་འགྲོ་]དང༌། མཁའ་ལྟར་མཉམ་པ་ཉིད་ལ་རྟག་ཏུ་གནས་པ་[ཆ་མེད་ཀུན་འགྲོ་]དང༌། ཉོན་མོངས་དྲི་མ་ཀུན་ལས་རྟག་ཏུ་འདས་པ་[ཆ་མེད་ཀུན་འགྲོ་]དང༌། དུས་མེད་པའི་དུས་གསུམ་མངོན་པར་རྟོགས་པ་[ཆ་མེད་ཀུན་འགྲོ་]དང༌། སེམས་ཅན་ཀུན་གྱི་[སྐྱིད་པའི་འབྱུང་གནས་]ཀླུ་ཆེན་མཆོག་[ཆ་མེད་ཀུན་འགྲོ་]དང༌། ཡོན་ཏན་གྱི་ཐོད་ཅན་[འཕགས་པ་]རྣམས་ཀྱི་ཐོད་[ཀྱི་མཆོག་ཏུ་གྱུར་པ་ཆ་མེད་ཀུན་འགྲོ་]དང༌། ཉོན་མོངས་ཀུན་ལས་གདོད་ནས་གྲོལ་བའམ་ལྷག་མ་ཀུན་ལས་གཟོད་མ་ནས་གྲོལ་བ་[ཆ་མེད་ཀུན་འགྲོ་]དང༌། གཞན་ནམ་མཁའི་ལམ་ལ་རབ་གནས་[ཆ་མེད་ཀུན་འགྲོ་]དང༌། གཞན་ཡིད་བཞིན་གྱི་ནོར་བུའམ་དེ་འཆང་བ་[ཆ་མེད་ཀུན་འགྲོ་]དང༌། ཀུན་ཁྱབ་ཀྱི་རིན་ཆེན་མཆོག་[ཆ་མེད་ཀུན་འགྲོ་]དང༌། གཞན་དཔག་བསམ་ཤིང་ཆེན་རྒྱས་པ་[ཆ་མེད་ཀུན་འགྲོ་]དང༌། གཞན་བུམ་པ་བཟང་པོའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། བྱེད་པ་པོའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། སེམས་ཅན་ཀུན་དོན་མཛད་པ་པོ་[ཆ་མེད་ཀུན་འགྲོ་]དང༌། སེམས་ཅན་ལ་ཕན་འདོགས་ཤིང་མཉེས་གཤིན་པའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། བཟང་ངན་ཤིས་པའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། དུས་ཤེས་པའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། ཁྱབ་བདག་གི་དམ་ཚིག་ཤེས་པའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། ཁྱབ་བདག་གི་དམ་ཚིག་ལྡན་པའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། ཁྱབ་བདག་གི་དུས་ཤེས་ཤིང་སེམས་ཅན་གྱི་དབང་པོ་ཤེས་པའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། རྣལ་གྲོལ་གསུམ་ལ་མཁས་པ་པོ་[ཆ་མེད་ཀུན་འགྲོ་]དང༌། བྷ་ག་བཟང་མོའི་ཡོན་ཏན་ཐམས་ཅད་ལྡན་ཞིང་ཤེས་པ་[ཆ་མེད་ཀུན་འགྲོ་]དང༌། ཆོས་ཀུན་ཤེས་པའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། རབ་ཏུ་ཞི་བའི་བཀྲ་ཤིས་འབྱུང་བའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། བཀྲ་ཤིས་ཀྱི་གྲགས་པའམ་གྲགས་པ་ཕུན་ཚོགས་[ཆ་མེད་ཀུན་འགྲོ་]དང༌། སྙན་པ་རྒྱས་པའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། ཡོད་པའི་དགེ་བའམ་དོན་དམ་པའི་དགེ་བའམ་མ་བྱས་པའི་དགེ་བ་[ཆ་མེད་ཀུན་འགྲོ་]དང༌། དབུགས་འབྱིན་པ་ཆེན་པོའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། དགའ་སྟོན་ཆེན་པོའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། དགའ་ཆེན་གྱི་རོལ་པ་ཆེན་པོའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། བཀུར་སྟི་རིམ་གྲོ་ཕུན་ཚོགས་བྱ་བའི་གནས་[ཆ་མེད་ཀུན་འགྲོ་]དང༌། མཆོག་ཏུ་དགའ་བའམ་རབ་ཏུ་དགའ་བའི་དཔལ་[ཆ་མེད་ཀུན་འགྲོ་]དང༌། གྲགས་པ་ཆེན་པོའི་བདག་གི་དཔལ་[ཆ་མེད་ཀུན་འགྲོ་]དང༌། མཆོག་ལྡན་གྱི་གཙོ་བོ་[ཆ་མེད་ཀུན་འགྲོ་]དང༌། མཆོག་སྦྱིན་གྱི་གཙོ་བོ་[ཆ་མེད་ཀུན་འགྲོ་]དང༌། སྐྱབས་ཀྱི་དམ་པ་[ཆ་མེད་ཀུན་འགྲོ་]དང༌། སྐྱབས་སུ་འོས་པའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། འཇིགས་ཆེན་ཀུན་གྱི་དགྲ[འི་མཆོག་]དང༌། འཇིགས་ཆེན་དགྲ་ཡི་རབ་མཆོག་[ཆ་མེད་ཀུན་འགྲོ་]དང༌། འཇིགས་པ་མ་ལུས་གདོད་ནས་བསལ་ཞིང་སེལ་བ་པོ་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]གཙུག་ཕུད་ཀྱི་མཆོག་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]ཕུད་བུའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]ལྕང་ལོ་ཅན་གྱི་མཆོག་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]རལ་བའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]མུན་ཛའམ་མགོ་རེག་གི་མཆོག་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]ཅོད་པན་ཐོགས་པའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]རིགས་ལྔ་པ་རྣམས་ཀྱི་མཆོག་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]མགོ་ཟླུམ་གྱི་མཆོག་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]བརྟུལ་ཞུགས་ཆེན་པོ་འཆང་བའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]ཚངས་སྤྱོད་ཀྱི་བརྟུལ་ཞུགས་མཆོག་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]དཀའ་ཐུབ་མཐར་ཕྱིན་པའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]དཀའ་ཐུབ་ཆེ་བའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་]གཙང་བར་གནས་པའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]གཽ་ཏ་མའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]བྲམ་ཟེའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]ཚངས་པའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]ཚངས་པའི་རིག་པའམ་ཤེས་པའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]ཚངས་པར་མྱ་ངན་འདས་པ་ཐོབ་པའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་]གྲོལ་བའི་ལུས་ཀྱི་མཆོག་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་]ཐར་པའི་ལུས་ཀྱི་མཆོག་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་]རྣམ་གྲོལ་ལུས་ཀྱི་མཆོག་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་]རྣམ་གྲོལ་ཞི་བའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། གདོད་ནས་སྤྲོས་པ་ཞི་བ་ཉིད་[ཆ་མེད་ཀུན་འགྲོ་]དང༌། རང་བཞིན་གྱིས་མྱ་ངན་ལས་འདས་པ་[ཆ་མེད་ཀུན་འགྲོ་]དང༌། ཉེ་བར་ཞི་བར་མྱ་ངན་ལས་འདས་པ་[ཆ་མེད་ཀུན་འགྲོ་]དང༌། ལེགས་པར་ངེས་འབྱུང་མཐར་མཛད་[ཆ་མེད་ཀུན་འགྲོ་]དང༌། ཟག་བཅས་ཀྱི་བདེ་སྡུག་སེལ་བའམ་མཐར་བྱེད་གནས་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་]ཆགས་བྲལ་གྱི་མཆོག་[ཆ་མེད་ཀུན་འགྲོ་]དང༌། [ཀུན་རྫོབ་ཀྱི་]ལུས་ལས་འདས་པའམ་བརྟགས་པ་ཟད་པའམ་ཉེར་ལེན་ཟད་པའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། [སུས་ཀྱང་]ཐུབ་པ་མེད་པའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། དཔེ་མེད་པའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། རྣམ་ཤེས་ལ་མི་མངོན་མི་སྣང་གསལ་བྱེད་མིན་པའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། ཆ་མེད་ཀུན་འགྲོ་ཀུན་ཁྱབ་ཀྱི་མཆོག་[ཆ་མེད་ཀུན་འགྲོ་]དང༌། ཕྲ་ཞིང་རྟོགས་པར་དཀའ་བའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། ཆོས་ཐམས་ཅད་ཀྱི་ས་བོན་ནམ་གཞིའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། ཟག་པ་མེད་པའི་དབྱིངས་[ཆ་མེད་ཀུན་འགྲོ་]དང༌། [གདོད་ནས་]རྡུལ་མེད་རྡུལ་བྲལ་དྲི་མེད་ཀྱི་མཆོག་[ཆ་མེད་ཀུན་འགྲོ་]དང༌། ཉེས་པ་ཐམས་ཅད་གདོད་ནས་སྤངས་པའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། རང་བཞིན་གྱིས་སྐྱོན་མེད་པའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། [རང་བྱུང་]ཡེ་ཤེས་ཤིན་ཏུ་སད་པའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། ཆོས་ཉིད་རྣམ་པར་སད་པའི་བདག་[ཆ་མེད་ཀུན་འགྲོ་]དང༌། ཀུན་མཁྱེན་ཀུན་རིག་གི་མཆོག་[ཆ་མེད་ཀུན་འགྲོ་]དང༌། རྣམ་ཤེས་ལས་འདས་པའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། གཉིས་མེད་ཡེ་ཤེས་ཀྱི་ཚུལ་[ཆ་མེད་ཀུན་འགྲོ་]དང༌། མི་རྟོག་ལྷུན་གྲུབ་[ཆ་མེད་ཀུན་འགྲོ་]དང༌། དུས་གསུམ་སངས་རྒྱས་ཀྱི་འཕྲིན་ལས་མཛད་པའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། ཐོག་མཐའ་མེད་པའི་སངས་རྒྱས་[ཆ་མེད་ཀུན་འགྲོ་]དང༌། དང་པོའི་སངས་རྒྱས་[ཆ་མེད་ཀུན་འགྲོ་]དང༌། [ཐབས་ཤེས་རབ་སོ་སོའི་]རྒྱུད་དམ་རིས་མེད་པར་འདྲེས་པའི་སངས་རྒྱས་[ཆ་མེད་ཀུན་འགྲོ་]དང༌། དྲི་མེད་ཡེ་ཤེས་ཀྱི་སྤྱན་གཅིག་པུ་[ཆ་མེད་ཀུན་འགྲོ་]དང༌། ཡེ་ཤེས་ལུས་ཅན་གྱི་དེ་བཞིན་གཤེགས་པ་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]ཚིག་གི་དབང་ཕྱུག་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]སྨྲ་བ་ཆེན་པོ་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]སྨྲ་བའི་སྐྱེས་མཆོག་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]སྨྲ་བའི་རྒྱལ་པོ་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]སྨྲ་བའི་དམ་པ་[ཆ་མེད་ཀུན་འགྲོ་]དང༌། [གཞན་ནམ་ཕ་རོལ་ལམ་]མཆོག་གི་གནས་སམ་གཞི་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]སྨྲ་བའི་སེང་གེ་ཚུགས་མེད་དམ་ཐུབ་པ་མེད་པའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། ཀུན་ཏུ་ལྟ་བའམ་ཀུན་ནས་གཟིགས་པའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། གདོད་ནས་མཆོག་ཏུ་དགའ་བ་[ཆ་མེད་ཀུན་འགྲོ་]དང༌། གདོད་ནས་གཟི་བརྗིད་ཕྲེང་བ་[ཆ་མེད་ཀུན་འགྲོ་]དང༌། བལྟ་ན་སྡུག་པའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། རང་བཞིན་འོད་བཟང་འབར་བ་[ཆ་མེད་ཀུན་འགྲོ་]དང༌། གདོད་ནས་དཔལ་གྱི་བེའུ་[ཆ་མེད་ཀུན་འགྲོ་]དང༌། གསལ་ཞིང་འོད་བྱེད་སྣང་བའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། སྨན་པ་ཆེན་པོའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། སྨན་པ་ཆེན་པོའི་གཙོ་བོ་[ཆ་མེད་ཀུན་འགྲོ་]དང༌། ཟུག་རྔུ་འབྱིན་པ་བླ་མེད་[ཆ་མེད་ཀུན་འགྲོ་]དང༌། སྨན་རྣམས་མ་ལུས་ཚང་བའི་ལྗོན་པ་མཆོག་[ཆ་མེད་ཀུན་འགྲོ་]དང༌། ནད་རྣམས་ཀུན་གྱི་དགྲ་ཆེན་མཆོག་[ཆ་མེད་ཀུན་འགྲོ་]དང༌། སྡུག་གུ་འཇིག་རྟེན་གསུམ་གྱི་མཆོག་སྟེ་སྲིད་གསུམ་གཞན་[ཆ་མེད་ཀུན་འགྲོ་]དང༌། དཔལ་ལྡན་རྒྱུ་སྐར་[གཞན་གྱི་ཆུ་ཚད་སྟོང་དྲུག་བརྒྱ་ཉི་ཤུ་གཞན་གྱི་ལྷའི་]དཀྱིལ་འཁོར་[ཆ་མེད་ཀུན་འགྲོ་]དང༌། ཆོས་ཀྱི་རྒྱལ་མཚན་མཁའ་ཁྱབ་[ཆ་མེད་ཀུན་འགྲོ་]དང༌། ཆོས་ཀྱི་གདུགས་མཆོག་ཡངས་པ་གཅིག་གིས་ཀུན་ཁྱབ་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]བྱམས་དང་ཐུགས་རྗེའི་དཀྱིལ་འཁོར་མཆོག་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]དཔལ་ལྡན་པད་མ་གར་གྱི་བདག་གམ་དབང་ཕྱུག་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]ཁྱབ་བདག་ཆོས་སྐུའི་རིན་ཆེན་གདུགས་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]སངས་རྒྱས་ཀུན་གྱི་གཟི་བརྗིད་དམ་རྒྱལ་པོ་ཆེན་པོ་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]སངས་རྒྱས་ཀུན་བདག་གི་ངོ་བོ་འཆང་བ་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]སངས་རྒྱས་ཀུན་གྱི་རྣལ་འབྱོར་ཆེན་པོ་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]སངས་རྒྱས་ཀུན་གྱི་བསྟན་པ་གཅིག་བུ་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]རྡོ་རྗེ་རིན་པོ་ཆེའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]དཔལ་གྱི་དབང་བསྐུར་བའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]རིན་ཆེན་ཀུན་གྱི་བདག་གི་མཆོག་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]རིན་ཆེན་ཀུན་གྱི་དབང་ཕྱུག་གི་མཆོག་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]འཇིག་རྟེན་དབང་ཕྱུག་ཀུན་གྱི་བདག་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]རྡོ་རྗེ་འཆང་བ་ཀུན་གྱི་རྗེ་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]སངས་རྒྱས་ཀུན་གྱི་ཐུགས་ཆེན་པོ་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]སངས་རྒྱས་ཀུན་གྱི་ཐུགས་ལ་གནས་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]སངས་རྒྱས་ཀུན་གྱི་སྐུ་ཆེན་པོ་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]སངས་རྒྱས་ཀུན་གྱི་གསུང་ཆེན་པོ་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]རྡོ་རྗེ་ཉི་མ་སྣང་བ་ཆེ་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]རྡོ་རྗེ་ཟླ་བ་དྲི་མེད་འོད་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]ཆགས་བྲལ་[གྱི་]དང་པོ་[ཆག་པའི་མཐའ་ལྷན་ཅིག་སྐྱེས་དགའ་]ཆགས་པ་ཆེ་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]ཁ་དོག་སྣ་ཚོགས་འབར་བའི་འོད་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]རྡོ་རྗེ་རྫོགས་སངས་རྒྱས་པའི་གནས་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]སངས་རྒྱས་གསུང་གི་ཆོས་འཛིན་པ་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]དཔལ་ལྡན་སངས་རྒྱས་པད་མ་ལས་སྐྱེས་པ་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]སྒྱུ་འཕྲུལ་སྣ་ཚོགས་འཆང་བའི་རྒྱལ་པོ་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]སངས་རྒྱས་རིག་པ་འཆང་བ་ཆེན་པོ་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]རྡོ་རྗེ་རྣོན་པོའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]རལ་གྲི་ཆེན་པོའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། [གདོད་ནས་]རྣམ་དག་འགྱུར་མེད་མཆོག་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]ཐེག་ཆེན་གྱི་མཆོག་[ཆ་མེད་ཀུན་འགྲོ་]དང༌། སྡུག་བསྔལ་གཅོད་པའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]མཚོན་ཆ་ཆེན་པོའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། རྡོ་རྗེ་ཆོས་[ཆ་མེད་ཀུན་འགྲོ་]དང༌། རྡོ་རྗེ་ཟབ་མོ་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]ཛི་ན་ཛིག་གམ་རྒྱལ་བའི་རྒྱལ་བ་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]རྡོ་རྗེའི་བློ་གྲོས་[ཆ་མེད་ཀུན་འགྲོ་]དང༌། དོན་བཞིན་དུ་རིག་པའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]ཕ་རོལ་ཕྱིན་ཀུན་གདོད་ནས་རྫོགས་པ་[ཆ་མེད་ཀུན་འགྲོ་]དང༌། ཆོས་ཉིད་ཀྱི་ས་རྣམས་ཀུན་[ཆ་མེད་ཀུན་འགྲོ་]དང༌། དེ་རྣམས་ཀྱི་རྒྱན་དང་ལྡན་པ་[ཆ་མེད་ཀུན་འགྲོ་]དང༌། [གདོད་ནས་]རྣམ་པར་དག་པའི་ཆོས་[ཆ་མེད་ཀུན་འགྲོ་]དང༌། བདག་[གཉིས་]མེད་པའི་ཆོས་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]ཡང་དག་ཡེ་ཤེས་[ཆ་མེད་ཀུན་འགྲོ་]དང༌། ཆོས་དབྱིངས་ཀྱི་ཟླ་འོད་བཟང་པོ་[ཆ་མེད་ཀུན་འགྲོ་]དང༌། ཆོས་ཉིད་ཀྱི་བརྩོན་ཆེན་ནམ་རྣལ་འབྱོར་ཆེན་པོ་[ཆ་མེད་ཀུན་འགྲོ་]དང༌། ཆོས་ཉིད་ཀྱི་སྒྱུ་འཕྲུལ་དྲྭ་བ་[ཆ་མེད་ཀུན་འགྲོ་]དང༌། ཆོས་ཉིད་ཀྱི་རྒྱུད་རྣམས་ཀུན་གྱི་བདག་པོ་མཆོག་[ཆ་མེད་ཀུན་འགྲོ་]དང༌། རྡོ་རྗེའི་གདན་ནམ་གནས་ཀུན་ལྡན་པའམ་རྡོ་རྗེ་ཀུན་གྱི་མཐར་ཐུག་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]ཡེ་ཤེས་སྐུ་རྣམས་མ་ལུས་འཆང་བ་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]ཀུན་ཏུ་བཟང་པོ་[ཆ་མེད་ཀུན་འགྲོ་]དང༌། ཆོས་ཉིད་ཀྱི་བློ་གྲོས་བཟང་པོ་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]ཀུན་ནས་སྤྱན་སའི་སྙིང་པོ་[ཆ་མེད་ཀུན་འགྲོ་]དང༌། འགྲོ་བ་འཛིན་པའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]སངས་རྒྱས་སྙིང་པོ་སྟེ་བདེ་གཤེགས་སྙིང་པོ་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]སྤྲུལ་བའི་འཁོར་ལོ་སྣ་ཚོགས་འཆང་བ་མཆོག་[ཆ་མེད་ཀུན་འགྲོ་]དང༌། ཆོས་ཉིད་ཀྱི་དངོས་པོ་ཀུན་གྱི་རང་བཞིན་མཆོག་[ཆ་མེད་ཀུན་འགྲོ་]དང༌། ཆོས་ཉིད་ཀྱི་དངོས་པོ་ཀུན་གྱི་རང་བཞིན་འཛིན་[ཆ་མེད་ཀུན་འགྲོ་]དང༌། སྐྱེ་མེད་ཀྱི་ཆོས་ཉིད་སྣ་ཚོགས་དོན་དུ་སྣང་བ་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]ཆོས་རྣམས་ཀུན་གྱི་ངོ་བོ་ཉིད་འཆང་བ་[ཆ་མེད་ཀུན་འགྲོ་]དང༌། སྐད་ཅིག་ཙམ་ལ་ཆོས་ཀུན་ཁོང་དུ་ཆུད་པའི་ཤེས་རབ་ཆེན་པོ་[ཆ་མེད་ཀུན་འགྲོ་]དང༌། ཆོས་ཀུན་མངོན་པར་རྟོགས་པའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། ཆོས་ཉིད་ཀྱི་ཐུབ་པ་བློ་མཆོག་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]འབྱུང་པོའི་མཐའ་འམ་ཡང་དག་མཐའ་འམ་ཡོད་པའི་མཐའ་འམ་བདེན་པའི་མཐའ་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་]མི་གཡོ་བའི་བདག་དམ་པ་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་]རབ་ཏུ་དང་བའི་བདག་དམ་པ་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]རྫོགས་པའི་སངས་རྒྱས་བྱང་ཆུབ་འཆང་[ཆ་མེད་ཀུན་འགྲོ་]དང༌། སངས་རྒྱས་ཀུན་གྱི་མངོན་སུམ་པ་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]ཡེ་ཤེས་མེ་ལྕེ་འོད་རབ་གསལ་[ཆ་མེད་ཀུན་འགྲོ་]དང༌།

མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་གསུངས་པ།

[ཆོས་ཉིད་ཀྱི་]འདོད་པའི་དོན་གྲུབ་དམ་པ་[ཆ་མེད་ཀུན་འགྲོ་]དང༌། ངན་སོང་ཐམས་ཅད་རྣམ་སྦྱོང་བའམ་ཉེས་པ་ཐམས་ཅད་སྦྱོང་མཛད་པ་[ཆ་མེད་ཀུན་འགྲོ་]དང༌། སེམས་ཅན་ཀུན་གྱི་མགོན་པོ་མཆོག་[ཆ་མེད་ཀུན་འགྲོ་]དང༌། སེམས་ཅན་ཐམས་ཅད་རབ་གྲོལ་མཛད་[ཆ་མེད་ཀུན་འགྲོ་]དང༌། ཉོན་མོངས་གཡུལ་ལས་[གདོད་ནས་]རྒྱལ་བའི་དཔའ་བོ་གཅིག་པུ་[ཆ་མེད་ཀུན་འགྲོ་]དང༌། མ་རིག་པའམ་མི་ཤེས་པའི་དགྲའི་དྲེགས་པ་འཇོམས་པ་[ཆ་མེད་ཀུན་འགྲོ་]དང༌། ཆོས་ཉིད་ཀྱི་བློ་ལྡན་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]སྒེག་འཆང་གི་མཆོག་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]དཔལ་ལྡན་གྱི་མཆོག་[ཆ་མེད་ཀུན་འགྲོ་]དང༌། ཆོས་ཉིད་བརྟན་པའི་མཆོག་གམ་དཔའ་བོ་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་]མི་སྡུག་གཟུགས་འཆང་ཁྲོས་པའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]ཀུན་ནས་ཕྱག་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]ཀུན་ནས་ཞབས་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]ཕྱག་ཐམས་ཅད་པ་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]གར་མཁན་གྱི་མཆོག་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]རྡུལ་དང་ཉི་མ་རང་བཞིན་གྱིས་དག་པ་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]ཁུ་བ་དང་ཟླ་བ་གདོད་ནས་དག་པ་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]དོན་གཅིག་གཉིས་མེད་ཆོས་ཀྱི་དོན་[ཆ་མེད་ཀུན་འགྲོ་]དང༌། དོན་དམ་འཇིག་པ་མེད་པ་[ཆ་མེད་ཀུན་འགྲོ་]དང༌། ཆོས་ཉིད་ཀྱི་རྣམ་རིག་སྣ་ཚོགས་གཟུགས་དོན་ཅན་[ཆ་མེད་ཀུན་འགྲོ་]དང༌། ཆོས་ཉིད་ཀྱི་སེམས་ཀྱི་རྒྱུད་དམ་ཡོད་པའི་སེམས་[ཆ་མེད་ཀུན་འགྲོ་]དང༌། ཆོས་ཉིད་ཀྱི་རྣམ་ཤེས་ཀྱི་རྒྱུད་དམ་ཡོད་པའི་རྣམ་ཤེས་[ཆ་མེད་ཀུན་འགྲོ་]དང༌། ཆོས་ཉིད་ཀྱི་དངོས་དོན་མ་ལུས་པ་[ཆ་མེད་ཀུན་འགྲོ་]དང༌། ཆོས་ཉིད་ཀྱི་དགའ་བ་མ་ལུས་པ་[ཆ་མེད་ཀུན་འགྲོ་]དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དགའ་བ་[ཆ་མེད་ཀུན་འགྲོ་]དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་འདོད་ཆགས་[ཆ་མེད་ཀུན་འགྲོ་]དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བློ་གྲོས་[ཆ་མེད་ཀུན་འགྲོ་]དང༌། སྲིད་པའི་ཉོན་མོངས་གདོད་ནས་སྤངས་པའི་གཞི་[ཆ་མེད་ཀུན་འགྲོ་]དང༌། སྲིད་གསུམ་གཞན་གྱི་དགའ་བ་ཆེན་པོ་[ཆ་མེད་ཀུན་འགྲོ་]དང༌། གདོད་ནས་དག་པའི་ཁུ་བའི་སྤྲིན་དཀར་[ཆ་མེད་ཀུན་འགྲོ་]དང༌། ཆོས་ཉིད་ཀྱི་སྟོན་ཟླའི་འོད་བཟང་[ཆ་མེད་ཀུན་འགྲོ་]དང༌། ཆོས་ཉིད་ཀྱི་ཉི་མ་གཞོན་ནུའི་དཀྱིལ་འཁོར་མཛེས་པ་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]འདོད་ཆགས་ཆེན་པོའི་སེན་མོའི་འོད་[ཆ་མེད་ཀུན་འགྲོ་]དང༌། ཆོས་ཉིད་ཀྱི་ཟུར་ཕུད་བཟང་པོ་མཐོན་ཀ་མཆོག་[ཆ་མེད་ཀུན་འགྲོ་]དང༌། ཆོས་ཉིད་ཀྱི་སྐྲ་མཆོག་མཐོན་ཀ་ཆེན་པོ་འཆང་[ཆ་མེད་ཀུན་འགྲོ་]དང༌། ཆོས་ཉིད་ཀྱི་ནོར་བུ་ཆེན་པོ་འོད་ཆགས་དཔལ་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]སངས་རྒྱས་སྤྲུལ་པའི་རྒྱན་ལྡན་མཆོག་[ཆ་མེད་ཀུན་འགྲོ་]དང༌། འཇིག་རྟེན་ཁམས་བརྒྱ་ཀུན་བསྐྱོད་མཆོག་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]རྫུ་འཕྲུལ་རྐང་པ་སྟོབས་ཆེན་ལྡན་པའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། དེ་ཉིད་དྲན་པ་ཆེན་པོ་འཆང་བའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]དྲན་པ་བཞི་པོའི་རྒྱལ་པོ་མཆོག་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]ཏིང་འཛིན་ཐམས་ཅད་ཀྱི་རྒྱལ་པོ་[ཆ་མེད་ཀུན་འགྲོ་]དང༌། ཆོས་དབྱིངས་བྱང་ཆུབ་ཡན་ལག་གི་མེ་ཏོག་སྤོས་སམ་མེ་ཏོག་དགའ་བ་[ཆ་མེད་ཀུན་འགྲོ་]དང༌། ཆོས་ཉིད་ཀྱི་དེ་བཞིན་གཤེགས་པའི་ཡོན་ཏན་མཚོ་[ཆ་མེད་ཀུན་འགྲོ་]དང༌། གཉུག་མའི་ལམ་གྱི་ཡན་ལག་བརྒྱད་ཚུལ་རིག་པའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]སངས་རྒྱས་ཀྱི་ལམ་ཡང་དག་པར་རིག་པའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]སེམས་ཅན་ཀུན་ལ་ཤས་ཆེར་ཆགས་པའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། ནམ་མཁའ་ལྟ་བུར་ཆགས་མེད་ཀྱི་མཆོག་[ཆ་མེད་ཀུན་འགྲོ་]དང༌། སེམས་ཅན་ཀུན་གྱི་ཡིད་ལ་གདོད་ནས་ཞུགས་པ་[ཆ་མེད་ཀུན་འགྲོ་]དང༌། སེམས་ཅན་ཀུན་གྱི་ཡིད་གཞན་གདོད་ནས་མགྱོགས་པ་[ཆ་མེད་ཀུན་འགྲོ་]དང༌། སེམས་ཅན་ཀུན་གྱི་དབང་དོན་ཤེས་པའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། སེམས་ཅན་ཀུན་གྱི་ཡིད་འཕྲོག་པའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]ཕུང་པོ་ལྔ་དོན་དེ་ཉིད་ཤེས་པའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]རྣམ་དག་ཕུང་པོ་ལྔ་འཆང་བའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། ངེས་འབྱུང་ཀུན་གྱི་མཐའ་ལ་གནས་པའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། ངེས་པར་འབྱུང་བ་ཀུན་ལ་མཁས་ཀྱི་མཆོག་[ཆ་མེད་ཀུན་འགྲོ་]དང༌། ངེས་འབྱུང་ཀུན་གྱི་ལམ་ལ་གནས་པའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། ངེས་པར་འབྱུང་བ་ཀུན་སྟོན་པའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། [ཀུན་རྫོབ་ཀྱི་]ཡན་ལག་བཅུ་གཉིས་སྲིད་རྩ་བཏོན་གྱི་མཆོག་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]དག་པ་རྣམ་པ་བཅུ་གཉིས་འཆང་གི་མཆོག་[ཆ་མེད་ཀུན་འགྲོ་]དང༌། ཆོས་ཉིད་བདེན་བཞིའི་རྣམ་པ་ཅན་[ཆ་མེད་ཀུན་འགྲོ་]དང༌། ཆོས་ཉིད་ཀྱི་ཤེས་པ་བརྒྱད་པོ་རྟོགས་པ་འཆང་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་]བདེན་དོན་རྣམ་པ་བཅུ་གཉིས་ལྡན་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]དེ་ཉིད་[དགའ་བ་]རྣམ་པ་བཅུ་དྲུག་རིག་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་རྐང་ལག་གི་སོར་མོ་]རྣམ་པ་ཉི་ཤུས་བྱང་ཆུབ་པ་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་]རྣམ་པར་སངས་རྒྱས་ཀུན་རིག་མཆོག་[ཆ་མེད་ཀུན་འགྲོ་]དང༌། སངས་རྒྱས་ཀྱི་སྤྲུལ་སྐུ་[བདེན་པ་གཉི་གས་བསྡུས་པ་]དཔག་མེད་འགྱེད་པ་པོ་[ཆ་མེད་ཀུན་འགྲོ་]དང༌། སྐད་ཅིག་[གཞན་]ཐམས་ཅད་མངོན་པར་རྟོགས་པའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། སེམས་ཀྱི་སྐད་ཅིག་གཅིག་[གི་ཡུན་ཙམ་]ལ་དོན་ཀུན་རིག་པའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། ཐེག་པ་སྣ་ཚོགས་ཀྱིས་འགྲོ་དོན་མཛད་པའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། ཐེག་པ་གསུམ་གྱིས་ངེས་འབྱུང་སྟོན་ཡང་ཐེག་པ་གཅིག་ཏུ་གདོད་ནས་གནས་པ་[ཆ་མེད་ཀུན་འགྲོ་]དང༌། ལས་དང་ཉོན་མོངས་གདོད་ནས་ཟད་པའི་བདག་[ཆ་མེད་ཀུན་འགྲོ་]དང༌། [སྐྱེ་བའི་]ཆུ་བོ་[དང་འཁོར་བའི་]རྒྱ་མཚོ་[དང་སྲིད་པར་]སྦྱོར་བ་ཀུན་ལས་གདོད་ནས་བརྒལ་བ་[ཆ་མེད་ཀུན་འགྲོ་]དང༌། ཉོན་མོངས་ཀྱི་བག་ཆགས་ཀྱང་གདོད་ནས་སྤངས་པ[འི་གཞི་]དང༌། [ཆོས་ཉིད་ཀྱི་]སྙིང་རྗེ་ཆེན་པོའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། ཤེས་རབ་ཐབས་ཀྱི་མཆོག་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་]དོན་ཡོད་པའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། འགྲོ་དོན་མཛད་པའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། འདུ་ཤེས་རྣམ་ཤེས་གདོད་ནས་འགགས་པའི་གཞིའི་དོན་[ཆ་མེད་ཀུན་འགྲོ་]དང༌། གཞན་སེམས་ཅན་ཀུན་གྱི་ཡིད་ཀྱི་ཡུལ་[ཆ་མེད་ཀུན་འགྲོ་]དང༌། སེམས་ཅན་ཀུན་གྱི་ཡིད་རིག་པའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། སེམས་ཅན་ཀུན་གྱི་ཡིད་ལ་གདོད་ནས་བཞུགས་པ་[ཆ་མེད་ཀུན་འགྲོ་]དང༌། དེ་དག་སེམས་དང་མཉམ་པར་འཇུག་[ཆ་མེད་ཀུན་འགྲོ་]དང༌། སེམས་ཅན་ཀུན་ཡིད་ཚིམ་པར་བྱེད་[ཆ་མེད་ཀུན་འགྲོ་]དང༌། སེམས་ཅན་ཀུན་གྱི་ཡིད་ལ་གནས་པའི་དགའ་བ་ཆེན་པོ་[ཆ་མེད་ཀུན་འགྲོ་]དང༌། གདོད་ནས་གྲུབ་པ་མཐར་ཕྱིན་འཁྲུལ་པ་མེད་[ཆ་མེད་ཀུན་འགྲོ་]དང༌། ནོར་བ་ཐམས་ཅད་གདོད་ནས་སྤངས་པའི་གཞི་[ཆ་མེད་ཀུན་འགྲོ་]དང༌། དོན་གསུམ་ཐེ་ཚོམ་མེད་པའི་བློ་[ཆ་མེད་ཀུན་འགྲོ་]དང༌། ཀུན་དོན་ཡོན་ཏན་གསུམ་གྱི་བདག་[ཆ་མེད་ཀུན་འགྲོ་]དང༌། ཕུང་པོ་དང་དུས་གསུམ་དུ་གཏོགས་པའི་སྐད་ཅིག་ཐམས་ཅད་བྱེ་བྲག་ཕྱེད་པ་[ཆ་མེད་ཀུན་འགྲོ་]དང༌། སྐད་ཅིག་གཅིག་མངོན་རྫོགས་སངས་རྒྱས་[ཆ་མེད་ཀུན་འགྲོ་]དང༌། སངས་རྒྱས་ཀུན་གྱི་རང་བཞིན་འཆང་[ཆ་མེད་ཀུན་འགྲོ་]དང༌། ལུས་མེད་པའི་ལུས་ཀྱི་མཆོག་[ཆ་མེད་ཀུན་འགྲོ་]དང༌། ལུས་ཀྱི་མཐའ་གདོད་ནས་རྟོགས་པའམ་སྐུ་བྱེ་བ་འགྱེད་པ་[ཆ་མེད་ཀུན་འགྲོ་]དང༌། ཆོས་ཉིད་ཀྱི་གཟུགས་རྣམས་མ་ལུས་ཀུན་ཏུ་སྟོན་[ཆ་མེད་ཀུན་འགྲོ་]དང༌། གསང་བའི་ནོར་བུ་ཆེན་པོ་རིན་ཆེན་ཏོག་[ཆ་མེད་ཀུན་འགྲོ་]དང༌།

བྱ་བ་གྲུབ་པའི་ཡེ་ཤེས་སུ་གསུངས་པ།

སངས་རྒྱས་ཀུན་གྱིས་རྟོགས་བྱའི་གསང་ཆེན་[ཆ་མེད་ཀུན་འགྲོ་]དང༌། གདོད་ནས་སངས་རྒྱས་བྱང་ཆུབ་བླ་ན་མེད་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]གསང་སྔགས་སྐྱེ་གནས་ཡི་གེ་མེད་པའི་གཞི་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]གསང་སྔགས་ཆེན་པོ་རིགས་གསུམ་པ་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]གསང་སྔགས་དོན་ཀུན་སྐྱེད་པ་པོ་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]ཐིག་ལེ་ཆེན་པོ་ཡི་གེ་མེད་[ཆ་མེད་ཀུན་འགྲོ་]དང༌། སྟོང་པ་ཆེན་པོ་ཡི་གེ་ལྔའམ་འགྱུར་མེད་ལྔ་[ཆ་མེད་ཀུན་འགྲོ་]དང༌། ཐིག་ལེ་སྟོང་པ་ཡི་གེ་དྲུག་གམ་འགྱུར་མེད་དྲུག་[ཆ་མེད་ཀུན་འགྲོ་]དང༌། རྣམ་པ་ཀུན་ལྡན་རྣམ་པ་མེད་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]ཐིག་ལེ་བཞི་གདོད་ནས་འཛིན་པ་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་ནག་པོའི་]ཆ་[ལ་ཞུགས་པ་]མེད་[དཀར་པོའི་]ཆ་ལས་འདས་པ་[ཡེ་ཤེས་ཀྱི་ལྷན་ཅིག་སྐྱེས་དགའ་འམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་]དང༌། ཆོས་ཉིད་ཀྱི་བསམ་གཏན་བཞིའི་རྩེ་མོའམ་མཐའ་གདོད་ནས་འཛིན་པ་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]བསམ་གཏན་མཆོག་གི་ཡན་ལག་གམ་ཆ་ཀུན་ཤེས་པ་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]ཏིང་འཛིན་རིག་དང་རྒྱུད་རིག་པའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། རང་བཞིན་གྱིས་གྲུབ་པའི་ཏིང་ངེ་འཛིན་གྱི་ལུས་ཅན་[ཆ་མེད་ཀུན་འགྲོ་]དང༌། ལུས་ཀྱི་མཆོག་དེ་བཞིན་ཉིད་ཀྱི་ལུས་[ཆ་མེད་ཀུན་འགྲོ་]དང༌། ལོངས་སྤྱོད་རྫོགས་སྐུ་ཀུན་གྱི་རྒྱལ་པོ་སྟེ་དེ་བཞིན་ཉིད་ཀྱི་ལོངས་སྤྱོད་རྫོགས་སྐུ་[ཆ་མེད་ཀུན་འགྲོ་]དང༌། སྤྲུལ་སྐུའི་མཆོག་ཆོས་ཉིད་ཀྱི་སྤྲུལ་སྐུ་[ཆ་མེད་ཀུན་འགྲོ་]དང༌། [བདེན་པ་གཉི་གའི་]སངས་རྒྱས་སྤྲུལ་པའི་རྒྱུད་འཆང་བ་[ཆ་མེད་ཀུན་འགྲོ་]དང༌། ཕྱོགས་བཅུར་[བདེན་པ་གཉི་གའི་]སྤྲུལ་པ་སྣ་ཚོགས་འགྱེད་[ཆ་མེད་ཀུན་འགྲོ་]དང༌། ཇི་བཞིན་འགྲོ་བའི་དོན་མཛད་པ་[ཆ་མེད་ཀུན་འགྲོ་]དང༌། ལྷའི་ལྷ་སྟེ་རང་བཞིན་འོད་གསལ་གྱི་ལྷ་[ཆ་མེད་ཀུན་འགྲོ་]དང༌། ལྷ་དབང་གི་མཆོག་ཆོས་ཉིད་ཀྱི་ལྷ་དབང་[ཆ་མེད་ཀུན་འགྲོ་]དང༌། ཆོས་ཉིད་ཀྱི་ལྷ་མིན་དབང་པོ་[ཆ་མེད་ཀུན་འགྲོ་]དང༌། ཆོས་ཉིད་ཀྱི་སྦྱིན་བྱེད་བདག་པོ་[ཆ་མེད་ཀུན་འགྲོ་]དང༌། ཆོས་ཉིད་ཀྱི་འཆི་མེད་དབང་པོ་[ཆ་མེད་ཀུན་འགྲོ་]དང༌། ལྷའི་བླ་མའི་མཆོག་རང་བྱུང་ཡེ་ཤེས་[ཆ་མེད་ཀུན་འགྲོ་]དང༌། འཇོམས་བྱེད་ཀྱི་མཆོག་གློ་བུར་དྲི་མ་འཇོམས་བྱེད་ཀྱི་[གཞི་འམ་]རྩ་བ་[ཆ་མེད་ཀུན་འགྲོ་]དང༌། འཇོམས་བྱེད་ཀྱི་དབང་ཕྱུག་གཉིས་མེད་ཀྱི་ཡེ་ཤེས་སམ་ཡང་ན་ལྷའི་ལྷ་ལ་སོགས་པ་དེ་རྣམས་ཚངས་པ་[གཞན་ནམ་མཆོག་]དང༌། ཁྱབ་འཇུག་[གཞན་ནམ་མཆོག་]དང༌། སྟོབས་ལྡན་[གཞན་ནམ་མཆོག་]དང༌། སྒྲ་གཅན་[གཞན་ནམ་མཆོག་]དང༌། བརྒྱ་བྱིན་[གཞན་ནམ་མཆོག་]དང༌། ཕུར་བུ་[གཞན་ནམ་མཆོག་]དང༌། ཚོགས་བདག་[གཞན་ནམ་མཆོག་]དང༌། དབང་ཕྱུག་གཞན་[གཞན་ནམ་མཆོག་]ཏེ། ཆོས་ཉིད་ཀྱི་ཚངས་པ་ལ་སོགས་པ་རྣམས་[ཆ་མེད་ཀུན་འགྲོ་]དང༌། སྲིད་པའི་དགོན་པ་ལས་རང་བཞིན་གྱིས་བརྒལ་བ་[ཆ་མེད་ཀུན་འགྲོ་]དང༌། འགྲོ་བའི་སྟོན་པ་[རང་བཞིན་པ་]གཅིག་པུ་[ཆ་མེད་ཀུན་འགྲོ་]དང༌། འགྲོ་བའི་བླ་མ་[རང་བཞིན་པ་]གཅིག་པུ་[ཆ་མེད་ཀུན་འགྲོ་]དང༌། འཇིག་རྟེན་ཕྱོགས་བཅུར་གྲགས་པའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། ཆོས་ཀྱི་སྦྱིན་བདག་ཆེ་བའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། བྱམས་པའི་གོ་ཆ་གྱོན་པའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]སྙིང་རྗེའི་ཡ་ལད་[དེ་གོ་ཁྲབ་]དགོས་པའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]ཤེས་རབ་རལ་གྲི་མདའ་གཞུ་ཐོགས་[ཆ་མེད་ཀུན་འགྲོ་]དང༌། སྒྲིབ་གཉིས་གཡུལ་ངོ་གདོད་ནས་བསལ་[ཆ་མེད་ཀུན་འགྲོ་]དང༌། བདུད་ཀྱི་དགྲ་[ཆ་མེད་ཀུན་འགྲོ་]དང༌། བདུད་རྣམས་གདོད་ནས་ཐུལ་བའི་དཔའ་བོ་[ཆ་མེད་ཀུན་འགྲོ་]དང༌། བདུད་བཞིའི་འཇིགས་པ་སེལ་མཛད་[ཆ་མེད་ཀུན་འགྲོ་]དང༌། བདུད་དཔུང་ཕམ་མཛད་[ཆ་མེད་ཀུན་འགྲོ་]དང༌། རྫོགས་པའི་སངས་རྒྱས་འཇིག་རྟེན་འདྲེན་པ་[ཆ་མེད་ཀུན་འགྲོ་]དང༌། མཆོད་འོས་བསྟོད་འོས་ཕྱག་གི་གནས་ཀྱི་མཆོག་[ཆ་མེད་ཀུན་འགྲོ་]དང༌། རྟག་ཏུ་རི་མོར་བྱ་བའི་འོས་ཀྱི་མཆོག་[ཆ་མེད་ཀུན་འགྲོ་]དང༌། བཀུར་འོས་རྗེད་པར་བྱ་བའི་འོས་ཀྱི་མཆོག་[ཆ་མེད་ཀུན་འགྲོ་]དང༌། ཕྱག་བྱར་འོས་པ་བླ་མའི་རབ་[ཆ་མེད་ཀུན་འགྲོ་]དང༌། འཇིག་རྟེན་གསུམ་ལ་གོམ་པ་གཅིག་གིས་བགྲོད་ཅིང་ཁྱབ་པ་[ཆ་མེད་ཀུན་འགྲོ་]དང༌། མཁའ་ལྟར་མཐའ་མེད་རྣམ་པར་གནོན་པའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། གསུམ་རིག་གཙང་མ་དག་པའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། མངོན་ཤེས་རྗེས་དྲན་ལ་སོགས་ཡོན་ཏན་ཀུན་གྱི་མཆོག་ལྡན་[ཆ་མེད་ཀུན་འགྲོ་]དང༌། རང་བྱུང་གི་བྱང་ཆུབ་སེམས་དཔའ་[ཆ་མེད་ཀུན་འགྲོ་]དང༌། དེ་བཞིན་ཉིད་ཀྱི་སེམས་དཔའ་ཆེན་པོ་[ཆ་མེད་ཀུན་འགྲོ་]དང༌། ཆོས་ཉིད་ཀྱི་རྫུ་འཕྲུལ་ཆེན་པོ་[ཆ་མེད་ཀུན་འགྲོ་]དང༌། ངོ་བོ་ཉིད་ཀྱིས་འཇིག་རྟེན་ལས་འདས་པ་[ཆ་མེད་ཀུན་འགྲོ་]དང༌། ཤེས་རབ་ཕ་རོལ་ཕྱིན་པའི་མཐའ་[ཆ་མེད་ཀུན་འགྲོ་]དང༌། ཤེས་རབ་ཀྱི་དེ་ཁོ་ན་ཐོབ་པ་[ཆ་མེད་ཀུན་འགྲོ་]དང༌། བདག་རིག་གཞན་རིག་ཐམས་ཅད་པ་[ཆ་མེད་ཀུན་འགྲོ་]དང༌། ཀུན་ལ་ཕན་པའི་གང་ཟག་མཆོག་[ཆ་མེད་ཀུན་འགྲོ་]དང༌། དཔེར་བྱ་ཀུན་ལས་འདས་པའམ་འཇིག་རྟེན་དཔེ་ལས་འདས་པའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། ཤེས་དང་ཤེས་བྱ་གཞན་གྱི་བདག་པོ་མཆོག་[ཆ་མེད་ཀུན་འགྲོ་]དང༌། གཙོ་བོ་ཆོས་ཀྱི་སྦྱིན་བདག་མཆོག་[ཆ་མེད་ཀུན་འགྲོ་]དང༌། [ལས་ཀྱི་ཕྱག་རྒྱ། ཆོས་ཀྱི་ཕྱག་རྒྱ། ཕྱག་རྒྱ་ཆེན་མོ། དམ་ཚིག་གི་ཕྱག་རྒྱ་སྟེ་]ཕྱག་རྒྱ་བཞིའི་དོན་སྟོན་མཆོག་[ཆ་མེད་ཀུན་འགྲོ་]དང༌། འགྲོ་བའི་བསྙེན་བཀུར་གནས་ཀྱི་མཆོག་[ཆ་མེད་ཀུན་འགྲོ་]དང༌། ངེས་འབྱུང་གསུམ་དང་བགྲོད་པ་རྣམས་ཀྱི་མཆོག་[ཆ་མེད་ཀུན་འགྲོ་]དང༌། དོན་གྱི་དམ་པ་རྣམ་དག་དཔལ་[ཆ་མེད་ཀུན་འགྲོ་]དང༌། སྐལ་བཟང་ཆེན་པོའི་འཇིག་རྟེན་གསུམ་[ཆ་མེད་ཀུན་འགྲོ་]དང༌། དཔལ་ལྡན་འབྱོར་བ་ཀུན་བྱེད་པ་[ཆ་མེད་ཀུན་འགྲོ་]དང༌། འཇམ་དཔལ་དཔལ་དང་ལྡན་པའི་མཆོག་[ཆ་མེད་ཀུན་འགྲོ་]དང༌།

ཡེ་ཤེས་ལྔ་ལ་ཕྱག་འཚལ་བར་གསུངས་པ།

མཆོག་སྦྱིན་རྡོ་རྗེའི་མཆོག་[ཆ་མེད་ཀུན་འགྲོ་]དང༌། ཡང་དག་མཐར་གྱུར་[ཆ་མེད་ཀུན་འགྲོ་]དང༌། སྟོང་ཉིད་ལས་བྱུང་བའམ་སྟོང་ཉིད་སྙིང་པོ་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]སངས་རྒྱས་བྱང་ཆུབ་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]སངས་རྒྱས་ཆགས་པ་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]སངས་རྒྱས་འདོད་པ་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]སངས་རྒྱས་དགྱེས་པ་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]སངས་རྒྱས་རོལ་པ་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]སངས་རྒྱས་འཛུམ་པ་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]སངས་རྒྱས་བཞད་པ་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]སངས་རྒྱས་ཀྱི་གསུང་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]སངས་རྒྱས་ཀྱི་ཐུགས་[ཆ་མེད་ཀུན་འགྲོ་]དང༌། ཆོས་ཐམས་ཅད་མེད་པའི་[གཞི་]ཆོས་ཉིད་ལས་བྱུང་བ་[ཆ་མེད་ཀུན་འགྲོ་]དང༌། [བདེན་པ་གཉི་གའི་]སངས་རྒྱས་ཐམས་ཅད་འབྱུང་བའི་གནས་[ཆ་མེད་ཀུན་འགྲོ་]དང༌། ཆོས་ཉིད་ཀྱི་ནམ་མཁའ་ལས་བྱུང་བ་[ཆ་མེད་ཀུན་འགྲོ་]དང༌། ཆོས་ཉིད་ཀྱི་ཡེ་ཤེས་ལས་བྱུང་བ་[ཆ་མེད་ཀུན་འགྲོ་]དང༌། ཆོས་ཉིད་ཀྱི་སྒྱུ་འཕྲུལ་དྲྭ་བ་[ཆ་མེད་ཀུན་འགྲོ་]དང༌། [ཆོས་ཉིད་ཀྱི་]སངས་རྒྱས་རོལ་སྟོན་ནམ་གར་མཛད་[ཆ་མེད་ཀུན་འགྲོ་]དང༌། ཡུལ་དུས་གནས་སྐབས་ཐམས་ཅད་དུ་རྣམ་པ་ཐམས་ཅད་ཀྱི་བདག་ཉིད་དུ་བཞུགས་པ་[ཆ་མེད་ཀུན་འགྲོ་]དང༌། རང་བྱུང་ཡེ་ཤེས་ཆོས་ཀྱི་སྐུ་[ཆ་མེད་ཀུན་འགྲོ་]སྟེ། དེ་ལྟར་དོན་དམ་པའི་མཚན་གྱི་རྣམ་གྲངས་མང་པོ་ཡང་དག་པར་སྟོན་པའི་ཕྱིར་རྒྱུད་ཐམས་ཅད་ཀྱི་དཔང་དུ་གྱུར་ཅིང་ཚད་མར་གྱུར་པ་འདི་ནི་ཆོས་ཐམས་ཅད་ཀྱིས་སྟོང་པའི་གཞི་ཆོས་ཉིད་དེ་བཞིན་ཉིད་ལ་སོགས་པ་རྣམ་གྲངས་མང་པོ་ཅན་དོན་དམ་པའི་མཚན་ཤིན་ཏུ་མང་ཞིང་རབ་ཏུ་མང་པོ་ཡང་དག་པར་བརྗོད་པའོ། །

དེ་རྣམས་ཀྱི་དོན་གཞན་སྟོང་དུ་གཅིག་པར་བསྟན་པ།

དེའི་ཕྱིར་རྒྱུད་འདིའི་དོན་བསྐྱེད་པའི་སངས་རྒྱས་དང་ལམ་གྱི་བདེན་པར་འཆད་པ་རྣམས་ནི་རྡོ་རྗེ་འཆང་གི་དགོངས་པ་དང་མི་མཐུན་ཏེ། དེ་རྣམས་ནི་ཀུན་རྫོབ་ཡིན་པའི་ཕྱིར་དང༌། འདི་ནི་འགོག་པའི་བདེན་པ་དོན་དམ་ཡིན་པའི་ཕྱིར་དང༌། ཀུན་རྫོབ་ཀྱི་མཚན་ཡང་དག་པར་བརྗོད་པ་ཞེས་མ་གསུངས་པའི་ཕྱིར་རོ། །དེས་ན་རྣམ་གྲངས་མང་པོ་འདི་རྣམས་དང་འདི་འདྲ་བ་གསུང་རབ་གཞན་རྣམས་ནས་ཀྱང་མང་ཞིང་ཆེས་མང་བར་གསུངས་པ་རྣམས་ཀྱི་དོན་ནི་མཐར་ཐུག་གི་གཞི་འབྲས་ངོ་བོ་དབྱེར་མེད་ཟག་པ་མེད་ཅིང་མི་འབྲལ་བའི་ཡོན་ཏན་མཐའ་ཡས་པ་མཁའ་ཁྱབ་ཀྱི་བདག་ཉིད་དོན་དམ་གཞན་སྟོང་ཆེན་པོའི་དབྱིངས་ཉིད་དུ་གཅིག་པ་ཡིན་ནོ། །དེའི་ཕྱིར་ཟབ་མོ་མཐར་ཐུག་སྟོན་པའི་སྐབས་འདིར་མིང་ཐ་དད་པ་ཙམ་ལས་དོན་ཐ་དད་པར་བཟུང་དུ་མི་རུང་ཞིང་རྒྱུད་སྡེ་ཐ་དད་ཐ་དད་ཀྱྀ་དགོངས་པ་ཐ་དད་ཐ་དད་ཡིན་ཞེས་འགའ་ཞིག་ལ་ཡོངས་སུ་གྲགས་པ་ཙམ་གྱིས་ཀྱང་འཁྲུལ་བར་མི་བྱའོ། །

དེ་ལ་ཀླན་ཀ་སྤངས་ནས་དོན་ལ་གནས་པར་བསྟན་པ།

གལ་ཏེ་མཐར་ཐུག་གི་གཞི་འབྲས་ངོ་བོ་དབྱེར་མེད་ཡིན་ན་ལམ་གྱིས་ཅི་ཞིག་བྱ་སྙམ་ན་འདི་ལ་རྣམ་པར་ཕྱེ་སྟེ་ལུང་བསྟན་པར་བྱའོ། །རྟག་ཏུ་ཀུན་ལ་ཁྱབ་པར་བཞུགས་པའི་རང་བྱུང་ཡེ་ཤེས་དོན་དམ་པའི་བདེན་པ་གང་ཡིན་པ་དེ་རང་བཞིན་གྱིས་རྣམ་པར་དག་པ་ཉིད་དུ་སུ་ལ་ཡང་ཁྱད་པར་མེད་མོད་ཀྱི་གློ་བུར་བའི་དྲི་མས་དག་པ་དང༌། མ་དག་པའི་ཁྱད་པར་ནི་གང་ཟག་གི་དབང་གིས་ཡོད་དེ་སྤྲིན་གྱི་ངོ་བོར་རང་བཞིན་གྱིས་མེད་ཅིང་དག་པའི་ནམ་མཁའ་གཅིག་ཉིད་ཡུལ་འགའ་ཞིག་ན་སྤྲིན་གྱིས་མ་དག་ཀྱང་འགའ་ཞིག་ན་དག་པ་བཞིན་ནོ། །དེའི་ཕྱིར་ཡུལ་གང་དུ་ཡང་སྤྲིན་གྱིས་མ་དག་པའི་ནམ་མཁའ་མེད་པ་ལྟར་ཡུལ་གང་དུ་ཡང་སྤྲིན་གྱིས་དག་པའི་ནམ་མཁའ་མེད་མོད་ཀྱི། ཡུལ་གྱི་དབང་གིས་མ་དག་པའི་ནམ་མཁའ་དང་དག་པའི་ནམ་མཁའ་ཞེས་པ་མི་འགལ་ལོ། །དེ་བཞིན་དུ་རང་བཞིན་རྣམ་དག་དོན་དམ་གྱི་དབྱིངས་གཅིག་ཉིད་གང་ཟག་འགའ་ཞིག་ལ་དྲི་བཅས་སུ་བཞུགས་པ་དང༌། འགའ་ཞིག་ལ་དྲི་མེད་དུ་བཞུགས་པ་ལ་གཞི་དང་འབྲས་བུར་འཇོག་པ་ནི་གང་ཟག་ལ་དྲི་མ་ཡོད་མེད་ཀྱི་དབང་གིས་ཡིན་གྱི་ཆོས་ཉིད་ཀྱི་ངོ་བོ་ལ་ཁྱད་པར་མེད་དོ། །དེའི་ཕྱིར་གློ་བུར་དྲི་མ་མཐའ་དག་སྤངས་ཟིན་པའི་གང་ཟག་གིས་ནི་ད་ཡང༌། ལམ་གྱི་བདེན་པ་ཉམས་སུ་བླང་དགོས་པ་མེད་དེ། བསླབ་པ་མཐར་ཕྱིན་པའི་ཕྱིར་དང༌། དོན་དམ་ཡེ་ཤེས་ཀྱི་སྐུ་ཐོབ་ཟིན་པ་ཉིད་ཀྱི་ཕྱིར་རོ། །དེ་ལས་གཞན་པའི་གང་ཟག་གིས་ནི་ལམ་གྱི་བདེན་པ་ཚུལ་བཞིན་ཉམས་སུ་ལེན་དགོས་པ་ཁོ་ན་སྟེ། མཐར་ཐུག་པའི་སངས་རྒྱས་དེ་རང་ལ་རང་ཆས་སུ་བཞུགས་ཀྱང་གློ་བུར་དྲི་མས་བསྒྲིབས་ནས་མ་ཐོབ་པའི་ཕྱིར་རོ། །དེ་ལྟར་ལམ་སྒོམ་པ་དེ་ཡང་འབྲས་བུ་ཆོས་སྐུ་བསྐྱེད་པའི་ཕྱིར་ནི་མ་ཡིན་ཏེ། [ཆོས་སྐུ་]རང་བཞིན་འགྱུར་བ་མེད་ཅིང་འདུས་མ་བྱས་པའི་དབྱིངས་ནི་རྒྱུ་རྐྱེན་གང་གིས་ཀྱང་བསྐྱེད་དུ་མི་རུང་བའི་ཕྱིར་དང༌། བསྐྱེད་མི་དགོས་པར་གདོད་མ་ཉིད་ནས་རང་བཞིན་ལྷུན་གྱིས་གྲུབ་པར་རྟག་ཏུ་བཞུགས་པའི་ཕྱིར་དང༌། ཡོད་ཀྱང་བསྐྱེད་དགོས་ན་ཐུག་མེད་དུ་འགྱུར་བར་ཧ་ཅང་ཐལ་བའི་ཕྱིར་རོ། །མྱང་འདས་ཆེན་པོར་ཡང༌། རིགས་ཀྱི་བུ། གཞན་ཡང་རྒྱུ་རྣམ་པ་གཉིས་ཡོད་དེ། བྱས་པའི་རྒྱུ་དང་གསལ་བའི་རྒྱུའོ། །ཇི་ལྟར་རྫ་མཁན་གྱི་འཁོར་ལོ་ནི་བྱས་པ[སྟེ་བྱེད་པ]འི་རྒྱུ་ཞེས་བྱའོ། །ཇི་ལྟར་མེ་སྒྲོན་ལ་སོགས་པས་མུན་པའི་རྫས་སྣང་བར་བྱེད་པ་ནི་[སྔར་ནས་ཡོད་པ་]གསལ་བའི་རྒྱུ་ཞེས་བྱའོ། །རིགས་ཀྱི་བུ། མྱ་ངན་ལས་འདས་པ་ཆེན་པོ་ནི་བྱས་པའི་རྒྱུ་ལས་གྲུབ་པ་མ་ཡིན་ཏེ། [སྔར་ནས་ཡོད་པ་]གསལ་བའི་རྒྱུ་འབའ་ཞིག་[གིས་གསལ་བར་བྱེད་པའོ།།]གོ །[སྔར་ནས་ཡོད་པ་]གསལ་བའི་རྒྱུ་ཞེས་བྱ་བ་ནི་འདི་ལྟ་སྟེ། [ལམ་བདེན་དུ་གཏོགས་པའི་]བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་ནི་[ཆོས་སྐུ་སྔར་ནས་ཡོད་པ་]གསལ་བ[ར་བྱེད་པ]འི་རྒྱུ་ཞེས་བྱའོ། །ཞེས་སོགས་རྒྱ་ཆེར་གསུངས་པ[འི་དགོངས་པ་རྒྱུ་ལ་སྐྱེད་བྱེད་དང་བྲལ་བྱེད་གཉིས་དང༌། འབྲས་བུ་ལ་སྐྱེད་འབྲས་དང་བྲལ་འབྲས་གཉིས་སུ་གནས་པ་]རིག་པར་བྱའོ། །འོན་ཏེ་ལམ་གྱིས་ཆོས་སྐུ་མི་བསྐྱེད་ན་འབྲས་བུར་འགལ་ལོ་ཞེ་ན། མི་འགལ་ཏེ་དྲི་མ་སྦྱངས་པས་ཆོས་སྐུ་ཐོབ་པ་ནི་བྲལ་འབྲས་ཡིན་པའི་ཕྱིར་རོ། །དེ་ལྟ་ན་ཡང་གཟུགས་སྐུ་རྣམ་པ་གཉིས་ནི་གདོད་མ་ནས་རང་ཆས་སུ་བཞུགས་པ་མ་ཡིན་གྱི་བསོད་ནམས་ཀྱི་ཚོགས་ཀྱིས་བསྐྱེད་པར་བྱ་དགོས་ཏེ་དེ་ལྟར་ན་སྤྱིར་[བྱེད་རྒྱུ། ལྷན་ཅིག་འབྱུང་རྒྱུ། སྐལ་མཉམ་གྱི་སྒྱུ། མཚུངས་ལྷན་གྱི་རྒྱུ། ཀུན་འགྲོའི་རྒྱུ། རྣམ་སྨིན་གྱི་རྒྱུ་སྟེ་]རྒྱུ་དྲུག་དང་[རྒྱུའི་རྐྱེན། བདག་པོའི་རྐྱེན། དམིགས་པའི་རྐྱེན། དེ་མ་ཐག་པའི་རྐྱེན་ཏེ་]རྐྱེན་བཞིར་གསུངས་པ་ཡང༌། དྲི་མ་བྲལ་བར་བྱེད་པ་དང༌། ངོ་བོ་སྐྱེད་པར་བྱེད་པ་གཉིས་སུ་འདུས་ཤིང་[རྒྱུ་མཐུན་གྱི། རྣམ་སྨིན་གྱི། སྐྱེས་བུ་བྱེད་པའི་དྲི་མ་བྲལ་བའི་དབང་གི་འབྲས་བུ་སྟེ་]འབྲས་བུ་ལྔ་གསུངས་པ་ཡང༌། བྲལ་བའི་འབྲས་བུ་དང་བསྐྱེད་པའི་འབྲས་བུ་གཉིས་སུ་འདུ་བའི་ཕྱིར་ཁྱད་པར་ལམ་གྱི་འབྲས་བུ་བདེན་པ་གཉིས་ཀྱི་སངས་རྒྱས་སམ་[གཤིས་ལ་]ཡོད་པ་དང་མེད་པའི་སངས་རྒྱས་སམ་རང་གི་དོན་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་སངས་རྒྱས་[ཆོས་སྐུ་གཟུགས་སྐུ་]ལ་ཡང་བྲལ་བའི་འབྲས་བུ་[ཆོས་སྐུ་]དང་བསྐྱེད་པའི་འབྲས་བུ་[གཟུགས་སྐུ་]གཉིས་སུ་གནས་པར་ཡང་དག་པའི་ལྟ་བས་ལེགས་པར་རྟོགས་དགོས་སོ། །དེའི་ཕྱིར་ཡང་དག་པའི་ལྟ་བས་ནི་གང་ཞིག་གང་ན་མེད་པ་ཡང་རྟོགས་ཤིང་དེ་ལ་ལྷག་མར་ཡོད་པ་གང་ཡིན་པ་ཡང་རྟོགས་ཏེ། རང་སྟོང་དང་གཞན་སྟོང་གི་ཁྱད་པར་རྟོགས་པའི་ཕྱིར་དང༌། མེད་ཅིང་མ་གྲུབ་ལ་དབེན་ཞིང་འགགས་པའམ་དག་པ་ཙམ་གང་ཡིན་པ་དང༌། དེ་རྣམས་ཀྱི་གཞི་གང་ཡིན་པའི་ཁྱད་པར་རྟོགས་པའི་ཕྱིར་དང༌། མེད་དགག་མ་ཡིན་དགག་དང་རྣམ་གཅོད་ཡོངས་གཅོད་དང༌། སྤངས་རྟོགས་རང་བཞིན་པའི་ཁྱད་པར་རྟོགས་པའི་ཕྱིར་དང༌། རང་གི་དངོས་པོ་སྟོང་པ་ཉིད་དང༌། གཞན་གྱི་དངོས་པོ་སྟོང་པ་ཉིད་དམ་སྟོང་པའི་སྟོང་པ་དང་མི་སྟོང་པའི་སྟོང་པའམ་དངོས་པོ་མེད་པ་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་[དམ་ཀུན་འགྲོ་མིན་པ་དང་ཡིན་པའི་སྟོང་ཉིད་དམ། མེད་དགག་ཡིན་མིན་གྱི་སྟོང་ཉིད་དམ། ཀུན་རྫོབ་དང་འབྲེལ་མ་འབྲེལ་གྱི་སྟོང་ཉིད་དམ། སྐྱེས་པ་དང་མ་སྐྱེས་པའི་སྟོང་ཉིད་དམ། ཆད་པའི་སྟོང་ཉིད་དང༌། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་]ཀྱི་ཁྱད་པར་ལེགས་པར་རྟོགས་པའི་ཕྱིར་རོ། །

གདམས་པའི་ཚུལ་གྱིས་མཇུག་བསྡུ་བ།

དེ་ལྟ་བས་ན་སྟོང་གཞི་དོན་དམ་གཞན་སྟོང་ནི་ཐར་པ་དོན་དུ་གཉེར་བའི་མཁས་པ་སྙིང་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱིས་རྟོགས་པར་བྱས་ནས་གཞན་དག་ལ་ཡང་རབ་ཏུ་བསྟན་པར་བྱ་སྟེ། དེ་མ་རྟོགས་ན་དང་པོ་མཆོག་གི་སངས་རྒྱས་མི་རྟོགས་ཤིང༌། དེ་མ་རྟོགས་ན་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ་མི་རྟོགས་ལ། དེ་མ་རྟོགས་ན་རྡོ་རྗེ་འཆང་གི་ཡེ་ཤེས་ཀྱི་སྐུ་དང་སྔགས་ཀྱི་ཐེག་པ་མི་རྟོགས་པས་སངས་རྒྱས་བཅོམ་ལྡན་འདས་ཀྱི་གོ་འཕང་བླ་ན་མེད་པ་ཐོབ་པར་མི་ནུས་པའི་ཕྱིར་རོ། །འདི་དག་ལ་དགོངས་ནས། བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་གི་ཞལ་སྔ་ནས་ཀྱང༌། གང་གིས་སེམས་ཅན་རྣམས་ཐེ་ཚོམ་མེད་པར་འགྱུར་བ་མཚན་ཡང་དག་པར་བརྗོད་པ་ཚད་མར་བྱས་ནས་ཏེ། དེས་ན་སྔགས་ཀྱི་ཚུལ་ཐམས་ཅད་ཀྱི་ངེས་པའི་དོན་མཚན་ཡང་དག་པར་བརྗོད་པར་བཅོམ་ལྡན་འདས་ཀྱིས་ཕྱག་ན་རྡོ་རྗེ་ལ་སྔགས་ཀྱི་ཐེག་པས་ཡང་དག་པར་བསྟན་ཏོ། །དེའི་ཕྱིར་གང་གིས་མཆོག་གི་དང་པོའི་སངས་རྒྱས་[སྟོང་གཞི་དོན་དམ་གཞན་སྟོང་བདེ་གཤེགས་སྙིང་པོ་]མི་ཤེས་པ་དེས་[དོན་དམ་ཡེ་ཤེས་ཀྱི་སྐུའི་]མཚན་ཡང་དག་པར་བརྗོད་པ་མི་ཤེས་སོ། །གང་གིས་[དོན་དམ་གྱི་]མཚན་ཡང་དག་པར་བརྗོད་པ་མི་ཤེས་པ་དེས་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མི་ཤེས་སོ། །གང་གིས་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མི་ཤེས་པ་དེས་སྔགས་ཀྱི་ཐེག་པ་མི་ཤེས་སོ། །གང་གིས་སྔགས་ཀྱི་ཐེག་པ་མི་ཤེས་པ་དེ་ཐམས་ཅད་ནི་འཁོར་བ་པ་སྟེ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི་ལམ་དང་བྲལ་བའོ། །དེ་ལྟ་བས་ན་མཆོག་གི་དང་པོའི་སངས་རྒྱས་[སྟོང་གཞི་དོན་དམ་གཞན་སྟོང་བདེ་གཤེགས་སྙིང་པོ་]ནི་བླ་མ་དམ་པ་རྣམས་ཀྱིས་[གལ་པོ་ཆེའི་དོན་དང་མེད་ཁ་མེད་ཀྱི་དོན་དུ་]བསྟན་པར་བྱ་ཞིང་ཐར་པ་དོན་དུ་གཉེར་བའི་སློབ་མ་དམ་པ་རྣམས་ཀྱིས་[གལ་པོ་ཆེའི་དོན་དང་མེད་ཁ་མེད་ཀྱི་དོན་དུ་]མཉན་པར་བྱའོ། །ཞེས་གསུངས་ཤིང་མཚན་གྱི་རྣམ་གྲངས་མང་པོ་དེ་རྣམས་ཀྱི་དོན་ཉེ་བར་བསྡུས་པ་ཡང༌། མགོན་པོ་[སྤྱན་རས་གཟིགས་ཐུགས་རྗེ་ཆེན་པོ་]འདི་ཉིད་ཀྱིས་གསུངས་ཏེ། དེ་བཞིན་དུ་མཚན་ཡང་དག་པར་བརྗོད་པ་ལས། བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་པོར་གྱུར་པ། གསོལ་བ་འདེབས་པ་དང་བཅས་པའི་ཚིགས་སུ་བཅད་པ་བརྒྱ་དྲུག་ཅུ་རྩ་གཉིས་ཀྱིས་དེ་བཞིན་གཤེགས་པས་རབ་ཏུ་བསྟན་ཏོ། །ཞེས་པ་ལ་སོགས་པའི་མཐར་ཡང་གསུངས་པ། ཚིགས་སུ་བཅད་པ་བརྒྱ་དྲུག་ཅུ་རྩ་གཉིས་པོ་འདི་རྣམས་ཀྱིས་ཐེག་པ་ཐམས་ཅད་ལས་[སྙིང་པོ་མཐར་ཐུག་]ཕྱུང་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི་སྙིང་པོ་ཀུན་ཏུ་བཟང་པོ་[ཀུན་བདག་ཉིད་]མཆོག་ཏུ་མི་འགྱུར་བའི་[སྟེ་འགྱུར་མེད་མཆོག་གི་]བདེ་བ་ཆེན་པོ་[རང་བཞིན་འོད་གསལ་]ནམ་མཁའི་ཁམས་ཀྱི་མཐར་ཐུག་པ་ཀུན་ནས་སྣང་བར་བྱེད་པ་[གདོད་ནས་རང་བཞིན་གྱིས་]རྣམ་པར་དག་པའི་ཡེ་ཤེས་ཀྱི་ཚོགས་[གདོད་ནས་རང་བཞིན་གྱིས་]བསགས་པ་ཟབ་ཅིང་རྒྱ་ཆེ་བའི་[དོན་དམ་གྱི་]གཟུགས་འཆང་བ་རང་བཞིན་གྱིས་འོད་གསལ་བ་ཐོག་མ་དང་ཐ་མ་མེད་པ[འི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ།།]བདག་དང་བདག་གི་བའི་གཟུང་བ་དང་འཛིན་པ་ལ་སོགས་པའི་རྣམ་པར་རྟོག་པའི་དྲི་མ་དང་[གདོད་ནས་རང་བཞིན་གྱིས་]བྲལ་བ་དུས་ཐམས་ཅད་[དུ་བཞུགས་]པ་ཀུན་ནས་ཉོན་མོངས་པ་[གདོད་ནས་རང་བཞིན་གྱིས་]མེད་པ་ཆོས་ཐམས་ཅད་ཀྱི་རང་བཞིན་[གཉུག་མ་]མཁྱེན་པ་འཁོར་བའི་བག་ཆགས་ལས་རྣམ་པར་གྲོལ་བ་[གདོད་ནས་རང་བཞིན་གྱིས་]འགྲོ་བ་དང་འོང་བ་དང་བྲལ་བ་[གདོད་ནས་རང་བཞིན་གྱིས་]སྤྲོས་པ་མེད་པའི་[གཞིའི་]ངོ་བོ་[ཉིད་ཀྱི་སྐུ་]རང་གི་ངང་གིས་འཇུག་ཅིང་འཕེལ་བའི་[དོན་དམ་གྱི་]ཏིང་ངེ་འཛིན་དང༌། གཟུངས་སྣ་ཚོགས་པ་རྣམས་ཀྱི་རྟེན་[ཏེ་རྟེན་དང་བརྟེན་པ་དབྱེར་མེད་]བུམ་པ་བཟང་པོ་དང་དཔག་བསམ་གྱི་ཤིང་དང་ཡིད་བཞིན་གྱི་ནོར་བུ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པ། ཐུབ་པ་ཆེན་པོ་[དྲང་སྲོང་དང་ཉན་རང་དགྲ་བཅོམ་]རྣམས་ཀྱི་ཡང་སྤྱོད་ཡུལ་མ་ཡིན་པ་སེམས་ཅན་གྱི་ཕུང་པོ་ཆེན་པོ་མཆོག་ཏུ་ཞི་བར་མཛད་པ[མ་འཁྲུལ་བའི་ཤེས་པ་ལ་སྣ་ཚོགས་སུ་སྣང་ཡང༌། དེ་དང་དེའི་དངོས་པོ་མེད་པས་]སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུ་གཟུགས་བརྙན་ལྟ་བུ་སྒྲ་བརྙན་ལྟ་བུས་ཡང་དག་པར་བསྡུས་པ་སྟེ། སྲིད་པ་གསུམ་གྱིས་མཆོད་པར་བྱ་བ[འི་འོས་སུ་གྱུར་པ་]རྣལ་འབྱོར་པའི་ཡེ་ཤེས་[ཀྱིས་སོ་སོ་]རང་རིག་པ་མཆོག་ཏུ་མི་འགྱུར་བའི་བདེ་བ་[དོན་དམ་གཞན་སྟོང་བདེ་གཤེགས་སྙིང་པོ་]འདི་ཉིད་ནི་རྣལ་འབྱོར་པས་[བློས་]དོར་བར་མི་བྱ[འི་ཉམས་སུ་བླང་བར་བྱ]འོ། །ཞེས་པ་དེ་བཞིན་གཤེགས་པའི་ངེས་པའོ། །ཞེས་སོ།།

མྱང་འདས་ཆེན་པོ་ལ་སོགས་པར་གསུངས་པ་ཡང་རང་སྟོང་ལས་གཞན་དུ་བསྟན་པ།

དེ་བཞིན་དུ། མྱང་འདས་ཆེན་པོར་ཡང༌། སྟོང་གཞི་དོན་དམ་གྱི་རྣམ་གྲངས་གསུངས་ཏེ། དེ་ལ་ཇི་ལྟར་ན་མིང་གཅིག་ལས་མིང་གྲངས་མེད་པར་འཆད་པ་ཞེ་ན། ཇི་ལྟར་ཡོངས་སུ་མྱ་ངན་ལས་འདས་པ་[དོན་དམ་གཞན་སྟོང་བདེ་གཤེགས་སྙིང་པོ་]ལ། [རང་བཞིན་གྱིས་]མྱ་ངན་ལས་འདས་པ་[མཁའ་ཁྱབ་]ཞེས་ཀྱང་བྱ། སྐྱེ་བ་མེད་པ[འི་གཞི་]ཞེས་ཀྱང་བྱ། འབྱུང་བ་མེད་པ[འི་གཞི་]ཞེས་ཀྱང་བྱ། བྱེད་པ་མེད་པ[འི་གཞི་]ཞེས་ཀྱང་བྱ། འདུས་མ་བྱས་པ[འི་གཞི་]ཞེས་ཀྱང་བྱ། སྐྱབས་སུ་འགྲོ་བ[འི་གནས་མཐར་ཐུག་]ཞེས་ཀྱང་བྱ། [ཆོས་ཐམས་ཅད་ཀྱི་]གནས་དང་རྟེན་[གྱི་མཁའ་ཁྱབ་]ཞེས་ཀྱང་བྱ། [གདོད་ནས་རང་བཞིན་གྱིས་]རྣམ་པར་གྲོལ་བ་[མཁའ་ཁྱབ་]ཞེས་ཀྱང་བྱ། [གདོད་ནས་རང་བཞིན་གྱིས་]འོད་སྣང་བ་[མཁའ་ཁྱབ་]ཞེས་ཀྱང་བྱ། [གདོད་ནས་རང་བཞིན་གྱིས་]སྒྲོན་མ་[མཁའ་ཁྱབ་]ཞེས་ཀྱང་བྱ། [གདོད་ནས་རང་བཞིན་གྱིས་]མཐར་ཕྱིན་པ་[མཁའ་ཁྱབ་]ཞེས་ཀྱང་བྱ། [གདོད་ནས་རང་བཞིན་གྱིས་]འཇིགས་པ་མེད་པ་[མཁའ་ཁྱབ་]ཞེས་ཀྱང་བྱ། [གདོད་ནས་རང་བཞིན་གྱིས་]ལྡོག་པ་མེད་པ་[མཁའ་ཁྱབ་]ཞེས་བྱ། [གདོད་ནས་རང་བཞིན་གྱིས་]བདེ་བའི་གནས་[མཁའ་ཁྱབ་]ཞེས་ཀྱང་བྱ། [གདོད་ནས་རང་བཞིན་གྱིས་]ཞི་བ་[མཁའ་ཁྱབ་]ཞེས་ཀྱང་བྱ། [གདོད་ནས་རང་བཞིན་གྱིས་]མཚན་ཉིད་མེད་པ་[མཁའ་ཁྱབ་]ཞེས་ཀྱང་བྱ། [གདོད་ནས་རང་བཞིན་གྱིས་]གཉིས་སུ་མེད་པ་[མཁའ་ཁྱབ་]ཞེས་ཀྱང་བྱ། [གདོད་ནས་རང་བཞིན་གྱིས་]སྤྱོད་པ་གཅིག་པ་[མཁའ་ཁྱབ་]ཞེས་ཀྱང་བྱ། [གདོད་ནས་རང་བཞིན་གྱིས་]ཡོངས་སུ་བསིལ་བ་[མཁའ་ཁྱབ་]ཞེས་ཀྱང་བྱ། [གདོད་ནས་རང་བཞིན་གྱིས་]མུན་པ་མེད་པ་[མཁའ་ཁྱབ་]ཞེས་ཀྱང་བྱ། [གདོད་ནས་རང་བཞིན་གྱིས་]ཐོགས་པ་མེད་པ་[མཁའ་ཁྱབ་]ཞེས་ཀྱང་བྱ། [གདོད་ནས་རང་བཞིན་གྱིས་]རྩོད་པ་མེད་པ་[མཁའ་ཁྱབ་]ཞེས་ཀྱང་བྱ། [གདོད་ནས་རང་བཞིན་གྱིས་]ཡངས་པ་ཆེན་པོ་[མཁའ་ཁྱབ་]ཞེས་ཀྱང་བྱ། [གདོད་ནས་རང་བཞིན་གྱིས་]ཟིལ་དངར་[གྱི་མཆོག་མཁའ་ཁྱབ་]ཞེས་ཀྱང་བྱ། [གདོད་ནས་རང་བཞིན་གྱིས་]བཀྲ་ཤིས་[མཁའ་ཁྱབ་]ཞེས་ཀྱང་བྱ་སྟེ། དེ་ནི་མིང་གཅིག་[གི་དོན་]ལས་མིང་གྲངས་མེད་པར་འབྱེད་པའོ། །ཞེས་དང༌། རིགས་ཀྱི་བུ་[གདོད་ནས་རང་བཞིན་གྱིས་]དཔའ་བར་འགྲོ་བའྀ་ཏིང་ངེ་འཛིན་ལ་ནི་མིང་རྣམ་པ་ལྔ་ཡོད་དེ། [གདོད་ནས་རང་བཞིན་གྱིས་]དཔའ་བར་འགྲོ་བའི་ཏིང་ངེ་འཛིན་[མཁའ་ཁྱབ་]ཞེས་ཀྱང་བྱ། [གདོད་ནས་རང་བཞིན་གྱིས་]ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་[མཁའ་ཁྱབ་]ཞེས་ཀྱང་བྱ། [གདོད་ནས་རང་བཞིན་གྱིས་]རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་[མཁའ་ཁྱབ་]ཞེས་ཀྱང་བྱ། [གདོད་ནས་རང་བཞིན་གྱིས་]སེང་གེ་སྒྲ་སྒྲོགས་པའི་ཏིང་ངེ་འཛིན་[མཁའ་ཁྱབ་]ཞེས་ཀྱང་བྱ། [གདོད་ནས་རང་བཞིན་གྱིས་]སངས་རྒྱས་ཀྱི་རང་བཞིན་[མཁའ་ཁྱབ་]ཞེས་ཀྱང་བྱ་སྟེ། [སྐྱོན་མེད་པའི་ཆ་དང་ཡོན་ཏན་ཡོད་པའི་ཆ་]ཅི་དང་ཅིར་ལྡན་པ་དེ་དང་དེའི་སྐབས་སུ་[དེ་དང་འཚམས་པའི་]མིང་འདོགས་[པས་མིང་མཐའ་ཡས་]སོ། །ཞེས་གསུངས་ཏེ། འདིར་ཡང་ཏིང་ངེ་འཛིན་རྣམས་ལ་བདེན་གཉིས་རྣམ་དབྱེ་ཤེས་དགོས་ཤིང་དོན་དམ་པའི་དཔའ་བར་འགྲོ་བ་ལ་སོགས་པ་ཏིང་ངེ་འཛིན་མཐའ་ཡས་པ་རྣམས་ནི་སངས་རྒྱས་ཀྱི་རང་བཞིན་བདེ་གཤེགས་སྙིང་པོ་ཉིད་ཡིན་ནོ། །དེ་ཡང་མདོ་མཆོག་དེ་ཉིད་དུ། གཞན་ཡང་རིགས་ཀྱི་བུ་སངས་རྒྱས་ཀྱི་རང་བཞིན་ཞེས་བྱ་བ་ནི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཏེ་རང་བཞིན་[གཉུག་མ། རང་བཞིན་འོད་གསལ། རང་བཞིན་ལྷན་སྐྱེས། རང་བཞིན་འགྱུར་མེད། རང་བཞིན་རྣམ་དག །རང་བཞིན་ལྷུན་གྲུབ། རང་བཞིན་མ་བཅོས་པ་ནི་]མར་གྱི་ཉིང་ཁུ་དང་འདྲ་བས་སངས་རྒྱས་ཐམས་ཅད་ཀྱི་ཡུམ་མོ། །[གདོད་ནས་རང་བཞིན་གྱིས་]དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་མཐུས་དེ་བཞིན་གཤེགས་པ་རྣམས་[གདོད་ནས་རང་བཞིན་གྱིས་]རྟག་པ་དང་[གདོད་ནས་རང་བཞིན་གྱིས་]བདེ་བ་དང་[གདོད་ནས་རང་བཞིན་གྱིས་]བདག་དང་[གདོད་ནས་རང་བཞིན་གྱིས་]ཡོངས་སུ་དག་པར་གྱུར་ཏོ། །སེམས་ཅན་ཐམས་ཅད་ལ་ཡང་[གདོད་ནས་རང་བཞིན་གྱིས་]དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཡོད་མོད་ཀྱི། མ་བསྒོམས་པའི་ཕྱིར་[ཡེ་ཤེས་མ་སྐྱེས་ལ། རྣམ་ཤེས་ཀྱིས་]མི་མཐོང་སྟེ། དེའི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མ་གྱུར་ཏོ། །ཞེས་སོགས་རྒྱ་ཆེར་གསུངས་པའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་བརྒྱ་རྩ་བརྒྱད་པ་ལས་ཀྱང༌། [སྟོང་གཞི་དོན་དམ་གཞན་སྟོང་གི་རྣམ་གྲངས་གསུངས་ཏེ་]འདས་དང་མ་བྱོན་ད་ལྟར་གྱི། །རྒྱལ་བ་གང་ལགས་དེ་ཀུན་གྱི། །ཡུམ་ནི་དགེ་མ་[དོན་དམ་ཤེར་ཕྱིན་]ཁྱོད་ལགས་ཏེ། །ཁྱོད་ནི་[དོན་དམ་གྱི་]ལྷ་མོ་[དང་དོན་གྱི་]རྒྱལ་བའི་སྲས་ལགས་ཤིང༌། །[ཀུན་རྫོབ་ཀྱི་]རང་བཞིན་མེད་པའི་[གཞི་དོན་དམ་གྱི་]རང་བཞིན་ཅན། །སངས་རྒྱས་ཡུམ་གྱུར་[དོན་དམ་ཤེར་ཕྱིན་]དེ་ཡི་མཚན། །དགེ་མ་བདག་གིས་བརྗོད་པར་བགྱི། །[ཚོགས་གཉིས་ཀྱི་དཔལ་གྱིས་]འབྱོར་པར་འདོད་པས་མཉན་པར་གྱིས། [གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་]ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་[མཁའ་ཁྱབ་]དང༌། [གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་]ཐམས་ཅད་མཁྱེན་པ་ཉིད་[མཁའ་ཁྱབ་]དང༌། [གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་]ལམ་གྱི་རྣམ་པ་མཁྱེན་པ་ཉིད་[མཁའ་ཁྱབ་]དང༌། [གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་]རྣམ་པ་ཐམས་ཅད་མཁྱེན་པ་ཉིད་[མཁའ་ཁྱབ་]དང༌། [གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་]ཡང་དག་པའི་མཐའ་[མཁའ་ཁྱབ་]དང༌། [གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་]དེ་བཞིན་ཉིད་[མཁའ་ཁྱབ་]དང༌། [གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་]མ་ནོར་བ་དེ་བཞིན་ཉིད་[མཁའ་ཁྱབ་]དང༌། [གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་]གཞན་མ་ཡིན་པ་དེ་བཞིན་ཉིད་[མཁའ་ཁྱབ་]དང༌། [གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་]བདེན་པ་[མཁའ་ཁྱབ་]དང༌། [གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་]དེ་ཁོ་ན་[མཁའ་ཁྱབ་]དང༌། [གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་]ཡང་དག་པ་[མཁའ་ཁྱབ་]དང༌། [གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་]ཕྱིན་ཅི་མ་ལོག་པ་ཉིད་[མཁའ་ཁྱབ་]དང༌། [གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་]སྟོང་པ་ཉིད་[མཁའ་ཁྱབ་]དང༌། [གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་]མཚན་མ་མེད་པ་[མཁའ་ཁྱབ་]དང༌། [གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་]སྨོན་པ་མེད་པ་[མཁའ་ཁྱབ་]དང༌། [གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་]དངོས་པོ་མེད་པ[འི་གཞི་]ཉིད་[མཁའ་ཁྱབ་]དང༌། [གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་]ངོ་བོ་ཉིད་[མཁའ་ཁྱབ་]དང༌། [གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་]དངོས་པོ་མེད་པ[འི་གཞི]འི་ངོ་བོ་ཉིད་[མཁའ་ཁྱབ་]དང༌། [གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་]ཆོས་ཉིད་[མཁའ་ཁྱབ་]དང༌། [གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་]ཆོས་ཀྱི་དབྱིངས་[མཁའ་ཁྱབ་]དང༌། [གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་]ཆོས་གནས་པ་ཉིད་[མཁའ་ཁྱབ་]དང༌། [གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་]ཆོས་མི་འགྱུར་བ་ཉིད་[མཁའ་ཁྱབ་]དང༌། [གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་]ཆོས་སྐྱོན་མེད་པ་ཉིད་[མཁའ་ཁྱབ་]དང༌། [གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་]ཆོས་ཀྱི་མཚན་ཉིད་[མཁའ་ཁྱབ་]དང༌། [གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་]ཆོས་བདག་[གཉིས་]མེད་པ་ཉིད་[མཁའ་ཁྱབ་]དང༌། [ཀུན་རྫོབ་ཀྱྀ་]ངོ་བོ་ཉིད་མེད་པ[འི་གཞི་]ཉིད་དང༌། [ཀུན་རྫོབ་ཀྱྀ་]སེམས་ཅན་མེད་པ[འི་གཞི་]ཉིད་[མཁའ་ཁྱབ་]དང༌། [ཀུན་རྫོབ་ཀྱྀ་]སྲོག་མེད་པ[འི་གཞི་]ཉིད་[མཁའ་ཁྱབ་]དང༌། [ཀུན་རྫོབ་ཀྱྀ་]གསོ་བ་མེད་པ[འི་གཞི་]ཉིད་[འི་གཞི་]དང༌། [ཀུན་རྫོབ་ཀྱྀ་]སྐྱེས་བུ་མེད་པ[འི་གཞི་]ཉིད་[མཁའ་ཁྱབ་]དང༌། [ཀུན་རྫོབ་ཀྱྀ་]གང་ཟག་མེད་པ[འི་གཞི་]ཉིད་[མཁའ་ཁྱབ་]དང༌། [དོན་དམ་གྱི་]བརྗོད་པར་བྱ་བ་[མཁའ་ཁྱབ་]དང༌། [ཀུན་རྫོབ་ཀྱྀ་]བརྗོད་པར་བྱ་བ་མ་ཡིན་པ་[མཁའ་ཁྱབ་]དང༌། [ཀུན་རྫོབ་ཀྱྀ་]སེམས་དང་ཡིད་དང་རྣམ་པར་ཤེས་པ་དང་བྲལ་བ[འི་གཞི་མཁའ་ཁྱབ་]དང༌། མཉམ་པ་མེད་པ་[མཁའ་ཁྱབ་]དང༌། མི་མཉམ་པ་དང་མཉམ་པ་[མཁའ་ཁྱབ་]དང༌། བདག་གི་མེད་པ[འི་གཞི་མཁའ་ཁྱབ་]དང༌། རྒྱགས་པ་མེད་པ[འི་གཞི་མཁའ་ཁྱབ་]དང༌། སྤྲོས་པ་མེད་པ[འི་གཞི་མཁའ་ཁྱབ་]དང༌། སྤྲོས་པ་དང་བྲལ་བ[འི་གཞི་མཁའ་ཁྱབ་]དང༌། སྤྲོས་པ་ཐམས་ཅད་དང་བྲལ་བ[འི་གཞི་མཁའ་ཁྱབ་]དང༌། སྤྲོས་པ་ཐམས་ཅད་ལས་ཤིན་ཏུ་འདས་པ[འི་གཞི་མཁའ་ཁྱབ་]དང༌། སངས་རྒྱས་ཐམས་ཅད་ཀྱི་ཡུམ་[མཁའ་ཁྱབ་]དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་བསྐྱེད་པ་[མཁའ་ཁྱབ་]དང༌། ཉན་ཐོས་ཐམས་ཅད་[རྗེས་སུ་]འཛིན་པ་[མཁའ་ཁྱབ་]དང༌། རང་སངས་རྒྱས་ཐམས་ཅད་བསྐྲུན་པ་དང་འཇིག་རྟེན་ཐམས་ཅད་[རྗེས་སུ་]འཛིན་པ་དང༌། [གདོད་ནས་]བསོད་ནམས་ཀྱི་ཚོགས་ཟད་མི་ཤེས་པ་[རང་བཞིན་གྱིས་]བསགས་པ་དང༌། [རང་བྱུང་]ཡེ་ཤེས་འབབ་པ་[རྡོ་རྗེ་འབེབས་པ་]དང༌། [བདེན་པ་གཉི་གའི་]རྫུ་འཕྲུལ་མཛད་པ་དང༌། [དོན་དམ་གྱི་]ལྷའི་མིག་[བྱང་ཞིང་ཀུན་རྫོབ་ཀྱི་ལྷའི་མིག་]རྣམ་པར་སྦྱོང་བར་མཛད་པ་དང༌། དོན་དམ་གྱི་]ལྷའི་རྣ་བ་[དང་ཞིང་ཀུན་རྫོབ་ཀྱི་ལྷའི་རྣ་བ་]རབ་ཏུ་དང་བར་མཛད་པ་དང༌། ཕ་རོལ་གྱི་སེམས་ཤེས་[ཤིང་ཤེས་]པར་མཛད་པ་དང༌། སྔོན་གྱི་གནས་རྗེས་སུ་དྲན་[ཞིང་དྲན་]པར་མཛད་པ་དང༌། འཆི་འཕོ་བ་དང༌། སྐྱེ་བ་རྗེས་སུ་དྲན་[ཞིང་དྲན་]པར་མཛད་པ་དང༌། ཉོན་མོངས་པ་ཐམས་ཅད་ཟད་[ཅིང་ཟད་]པར་མཛད་པ་དང༌། [གདོད་ནས་རང་བཞིན་གྱིས་]འཕགས་པ་[མཁའ་ཁྱབ་]དང༌། [གདོད་ནས་རང་བཞིན་གྱིས་]གཙང་བ་[མཁའ་ཁྱབ་]དང༌། [གདོད་ནས་རང་བཞིན་གྱིས་]བསགས་པ་[མཁའ་ཁྱབ་]དང༌། [གདོད་ནས་རང་བཞིན་གྱིས་]དྲན་པ་ཉེ་བར་བཞག་པ་[བཞི་]ལ་གནས་པ་[མཁའ་ཁྱབ་]དང༌། [གདོད་ནས་རང་བཞིན་གྱིས་]ཡང་དག་པར་སྤོང་བ[བཞྀ]འི་ཤུགས་དང་ལྡན་པ་[མཁའ་ཁྱབ་]དང༌། [གདོད་ནས་རང་བཞིན་གྱིས་]རྫུ་འཕྲུལ་གྱི་རྐང་བ་བཞིའི་ཞབས་དང་ལྡན་པ་[མཁའ་ཁྱབ་]དང༌། [གདོད་ནས་རང་བཞིན་གྱིས་]དབང་པོ[ལྔ་ཚང་ཞིང་དེ་]སྦྱོང་བར་མཛད་པ་[མཁའ་ཁྱབ་]དང༌། [གདོད་ནས་རང་བཞིན་གྱིས་]སྟོབས་[ལྔ་]མཛད་པ་[མཁའ་ཁྱབ་]དང༌། [གདོད་ནས་རང་བཞིན་གྱིས་]ཁ་ན་མ་ཐོ་བ་མེད་པ་[མཁའ་ཁྱབ་]དང༌། [གདོད་ནས་རང་བཞིན་གྱིས་]བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་རིན་པོ་ཆེས་མཛེས་པར་བྱས་པ་[མཁའ་ཁྱབ་]དང༌། [གདོད་ནས་རང་བཞིན་གྱིས་འཕགས་པའི་]ནོར་བདུན་[ཚང་ཞིང་དེ་]སྦྱིན་པར་མཛད་པ་[མཁའ་ཁྱབ་]དང༌། [གདོད་ནས་རང་བཞིན་གྱིས་]འཕགས་པའི་ལམ་ཡན་ལག་བརྒྱད་པ་[ཚང་ཞིང་དེ་]སྟོན་པ་[མཁའ་ཁྱབ་]དང༌། [གདོད་ནས་རང་བཞིན་གྱིས་]མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་[ཚང་ཞིང་དེ་]སྟོན་པར་མཛད་པ་[མཁའ་ཁྱབ་]དང༌། [གདོད་ནས་རང་བཞིན་གྱིས་]དབང་བཅུ་[གྲུབ་ཅིང་]སྒྲུབ་པ་[མཁའ་ཁྱབ་]དང༌། [གདོད་ནས་རང་བཞིན་གྱིས་]ས་བཅུ་ལ་གནས་[ཤིང་གནས་]པར་མཛད་པ་[མཁའ་ཁྱབ་]དང༌། [གདོད་ནས་རང་བཞིན་གྱིས་]སྟོབས་བཅུ་ཡོངས་སུ་རྫོགས་[ཤིང་རྫོགས་]པར་མཛད་པ་[མཁའ་ཁྱབ་]དང༌། [གདོད་ནས་རང་བཞིན་གྱིས་]ཟད་པར་གྱི་སྐྱེ་མཆེད་བཅུས་མཛེས་པར་བྱས་པ་[མཁའ་ཁྱབ་]དང༌། [གདོད་ནས་རང་བཞིན་གྱིས་]ཤེས་པ་བཅུ་[གྲུབ་ཅིང་]བསྒྲུབ་[པར་མཛད་]པ་[མཁའ་ཁྱབ་]དང༌། བག་ལ་ཉལ་བ་བཅུའི་དགྲ་[ཞིག་ཅིང་]འཇིག་པར་མཛད་པ་[མཁའ་ཁྱབ་]དང༌། [གདོད་ནས་རང་བཞིན་གྱིས་]བསམ་གཏན་རྣམས་[གྲུབ་ཅིང་]སྒྲུབ་པར་མཛད་པ་[མཁའ་ཁྱབ་]དང༌། གཟུགས་མེད་པའི་ཁམས་ལས་[གདོད་ནས་རང་བཞིན་གྱིས་]ཡང་དག་པར་[འདས་ཤིང་]འདའ་བར་མཛད་པ་[མཁའ་ཁྱབ་]དང༌། ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱིས་བསྟོད་པ[འི་གནས་མཁའ་ཁྱབ་]དང༌། [གདོད་ནས་རང་བཞིན་གྱིས་]ཤེས་པ་ཐམས་ཅད་མཛད་པ་[མཁའ་ཁྱབ་]དང༌། [དེ་ལྟར་འགོག་བདེན་དུ་གཏོགས་པའི་མངོན་ཤེས་དང༌། དྲན་པ་ཉེར་བཞག་ལ་སོགས་པ་ཡོན་ཏན་རྣམས་ནི་དོན་དམ་ཤེར་ཕྱིན་ལ་རང་བཞིན་གྱིས་ཚངས་ཞིང༌། དེའི་བྱིན་བརླབས་ཀྱིས་ཀུན་རྫོབ་ཀྱི་ཡོན་ཏན་རྣམས་གྲུབ་པར་མཛད་དོ། །དེ་བཞིན་དུ།]ནང་སྟོང་པ[འི་གཞི་]ཉིད་[མཁའ་ཁྱབ་]དང༌། ཕྱི་སྟོང་པ[འི་གཞི་]ཉིད་[མཁའ་ཁྱབ་]དང༌། ཕྱི་ནང་སྟོང་པ[འི་གཞི་]ཉིད་[མཁའ་ཁྱབ་]དང༌། སྟོང་པ་ཉིད་[རྟོགས་པའི་བློས་]སྟོང་པ[འི་གཞི་]ཉིད་[མཁའ་ཁྱབ་]དང༌། ཆེན་པོ་[སྣོད་ཀྱི་འཇིག་རྟེན་གྱིས་]སྟོང་པ[འི་གཞི་]ཉིད་[མཁའ་ཁྱབ་]དང༌། དོན་དམ་པ[འི་རྣམ་པར་མཐོང་བའི་དངོས་པོས་]སྟོང་པ[འི་གཞི་]ཉིད་[མཁའ་ཁྱབ་]དང༌། འདུས་བྱས་[ཀྱི་དགེ་བས་]སྟོང་པ[འི་གཞི་]ཉིད་[མཁའ་ཁྱབ་]དང༌། འདུས་མ་བྱས་[ཀྱི་དགེ་བ་ཐོབ་པར་བྱ་བའི་ཕྱིར་སྒྲུབ་པར་བྱེད་པས་]སྟོང་པ[འི་གཞི་]ཉིད་[མཁའ་ཁྱབ་]དང༌། [གཞན་ཕན་]མཐའ་ལས་འདས་པ[སྒྲུབ་པར་བྱེད་པས་]སྟོང་པ[འི་གཞི་]ཉིད་[མཁའ་ཁྱབ་]དང༌། ཐོག་མ་དང་ཐ་མ་མེད་པ[འི་འཁོར་བ་]སྟོང་པ[འི་གཞི་]ཉིད་[མཁའ་ཁྱབ་]དང༌། [དགེ་བ་]དོར་བ་མེད་པ[སྒྲུབ་པར་བྱེད་པས་]སྟོང་པ[འི་གཞི་]ཉིད་[མཁའ་ཁྱབ་]དང༌། རང་བཞིན་[གྱི་རིགས་དག་པར་བྱ་བའི་ཕྱིར་སྒྲུབ་པར་བྱེད་པས་]སྟོང་པ[འི་གཞི་]ཉིད་[མཁའ་ཁྱབ་]དང༌། [དོན་དམ་གྱི་]ཆོས་ཐམས་ཅད་[དག་པའི་ཕྱིར་སྒྲུབ་པར་བྱེད་པས་]སྟོང་པ[འི་གཞྀ་]ཉིད་[མཁའ་ཁྱབ་]དང༌། རང་གི་མཚན་ཉིད་[དེ་མཚན་དཔེ་ཐོབ་པར་བྱ་བའི་ཕྱིར་སྒྲུབ་པར་བྱེད་པས་]སྟོང་པ[འི་གཞི་]ཉིད་[མཁའ་ཁྱབ་]དང༌། མི་དམིགས་པ་སྟོང་པ་ཉིད་དང༌། དངོས་པོ་མེད་པ་སྟོང་པ་ཉིད་དང༌། ངོ་བོ་ཉིད་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་[དེ་འདི་གསུམ་སྔར་བཤད་ཟིན་པ་]དང༌། མ་བྱུང་བ[འི་གཞི་མཁའ་ཁྱབ་]དང༌། མ་སྐྱེས་པ[འི་གཞི་མཁའ་ཁྱབ་]དང༌། མ་འགགས་པ[འི་གཞི་མཁའ་ཁྱབ་]དང༌། [ནམ་ཡང་]ཆད་པ་མེད་པ[འི་གཞི་མཁའ་ཁྱབ་]དང༌། [ནམ་མཁའ་ལྟར་ནུས་མེད་ཀྱི་]རྟག་པ་མེད་པ་དང༌། དོན་[གྱི་རྣམ་པ་]གཅིག་པ་མ་ཡིན་པ་དང༌། དོན[གྱི་ངོ་བོ་]ཐ་དད་པ་མ་ཡིན་པ་དང༌། [འདུས་མ་བྱས་ཡིན་པས་]འོང་བ་མེད་པ་དང༌། འགྲོ་བ་མེད་པ་དང༌། རྟེན་ཅིང་འབྲེལ་པར་འབྱུང་བ་[གཞན་]རྣམ་པར་བསྒོམ་པ[འི་གནས་]དང༌། [རྟོག་གེའི་ཡུལ་ལས་འདས་པས་]རབ་ཏུ་བརྟག་པར་བྱ་བ་མ་ཡིན་པ་དང༌། [རྣམ་ཤེས་ཀྱི་ཡུལ་ལས་འདས་པས་]རྣམ་པར་ཤེས་པར་བྱ་བ་མ་ཡིན་པ་དང༌། [ཀུན་]གཞི་[རྣམ་ཤེས་]མེད་པ[འི་གཞི་མཁའ་ཁྱབ་]དང༌། [འདུས་བྱས་ཀྱི་]མཚན་ཉིད་མེད་པ[འི་གཞི་མཁའ་ཁྱབ་]དང༌། [རྟོག་གེའི་ཡུལ་ལས་འདས་པས་]བརྟག་པར་བྱ་བ་མ་ཡིན་པ་དང༌། [རྣམ་ཤེས་ཀྱིས་]རིག་པར་བྱ་བ་མ་ཡིན་པ་དང༌། ཐོག་མ་དང་ཐ་མ་འཇིག་པ་མེད་[ཅིང་མེད་པ་ཐོབ་]པར་མཛད་པ་དང༌། གཡོ་བ་མེད་[ཅིང་དེ་ཐོབ་]པར་མཛད་པ་དང༌། [ངོ་བོ་]གཉིས་མེད་པ[འི་གཞི་མཁའ་ཁྱབ་]དང༌། [རྣམ་པ་]གཉིས་མེད་པ་མ་ཡིན་པ་[སྟེ་ཐབས་ཤེས་གཉིས་དང་བདེ་སྟོང་གཉིས་ལ་སོགས་པའི་རྣམ་པ་ཅན་]དང༌། [གདོད་ནས་རང་བཞིན་གྱིས་]ཞི་བ[འི་གཞི་མཁའ་ཁྱབ་]དང༌། [རྣམ་ཤེས་ཀྱི་]བློ་འཇུག་པ་རྣམ་པར་སྤངས་པ[འི་གཞི་མཁའ་ཁྱབ་]དང༌། གཉེན་པོ་མེད་པ[འི་གཞི་མཁའ་ཁྱབ་]དང༌། [དྲི་མས་]མ་གོས་པ[འི་གཞི་མཁའ་ཁྱབ་]དང༌། [ཆ་མེད་ཀུན་འགྲོ་དང་རྟག་བརྟན་ཐེར་ཟུག་ལ་སོགས་པར་]ནམ་མཁའི་ལམ་དང་འདྲ་བ[འི་གཞི་མཁའ་ཁྱབ་]དང༌། [ཀུན་རྫོབ་]ཡོད་པ་དང་[དོན་དམ་]མེད་པར་བརྗོད་པ་མ་ཡིན་པ[འམ་སྨྲ་བསམ་བརྗོད་མེད་]དང༌། [མ་འཁྲུལ་བའི་ཤེས་པ་ལ་དངོས་པོར་སྣང་ཡང་དངོས་པོར་མེད་པས་]རྨི་ལམ་[ལྟ་བུ་ཉིད་]གྱི་ངོ་བོ་ཉིད་[དམ་རྨི་ལམ་གཞན་]དང༌། སྒྱུ་མ་ལྟ་བུའི་ཆོས་ཉིད་དང༌། འགལ་མེ་བསྐོར་བ་འདྲ་བ་དང༌། [དོན་དམ་གྱི་]ཆོས་ཐམས་ཅད་རོ་གཅིག་པ་ཉིད་དོ། །ཞེས་དང༌། དབུ་མ་རིན་ཆེན་སྒྲོན་མར། དོན་དམ་པའི་བདེན་པ་ཞེས་བྱ་བ་ནི་སྟོང་པ་ཉིད་བཅོ་བརྒྱད་ཅེས་བཅོམ་ལྡན་འདས་ཀྱི་ལུང་དྲངས་ཏེ། དེ་དག་ནི་སྟོང་གཞི་བཅོ་བརྒྱད་ལ་དགོངས་པ་ཡིན་ནོ། །ཤེར་ཕྱིན་ཡི་གེ་ཉུང་ངུ་ལས་ཀྱང༌། དོན་དམ་པ་[ཡང་ཡིན་ལ་]ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་[ཡང་ཡིན་པ་]འདི་ནི་སངས་རྒྱས་ཐམས་ཅད་བསྐྱེད་པ། བྱང་ཆུབ་སེམས་དཔའི་ཡུམ་འཕྲལ་དུ་སྡིག་པ་འཕྲོག་པ། བྱང་ཆུབ་སྦྱིན་པར་བྱེད་པ་ཞེས་སོགས་དང༌། ཤེར་ཕྱིན་ཚུལ་ལྔ་བཅུ་པ་ལས་ཀྱང་ཡང༌། ཨོཾ་[སྐུ་རྡོ་རྗེ་]བྱང་ཆུབ་ཀྱི་སེམས་ཀྱི་རྡོ་རྗེ། ཨོཾ་[རྣམ་པར་མཛད་]ཀུན་ཏུ་བཟང་པོའི་སྤྱོད་པ། ཨོཾ་[ཡེ་ཤེས་ལྔ་]ཡིད་བཞིན་གྱི་ནོར་བུ། ཨོཾ་[ཆོས་ཉིད་]འགག་པ་མེད་པ[མཁའ་ཁྱབ]། ཨོཾ་སྐྱེ་བ་ཟློག་པ[མཁའ་ཁྱབ]། ཨོཾ་རྣམ་པར་ཤེས་པ་[གཞན་མི་བསྐྱོད་པ་རྣམ་པ་]ཐམས་ཅད[པ]། ཨོཾ་འདོད་ཆགས་དང་བྲལ་བའི་ཆོས་ཉིད་ཆེན་པོ[མཁའ་ཁྱབ]། ཨོཾ་[དོན་དམ་པའི་]བརྩོན་འགྲུས་ཀྱི་གོ་ཆ[མཁའ་ཁྱབ]། ཨོཾ་[ཆོས་ཉིད་]ཀུན་ཏུ་འགྲོ་བ། ཨོཾ་རྡོ་རྗེ་སྲ་བའི་སེམས་[མཁའ་ཁྱབ]ཧཱུཾ། ཨོཾ་[དོན་དམ་གྱི་]དེ་བཞིན་གཤེགས་པ་ཐམས་ཅད[མཁའ་ཁྱབ]། ཨོཾ་ངོ་བོ་ཉིད་རྣམ་པར་དག་པ[མཁའ་ཁྱབ]། ཨོཾ་ཆོས་ཉིད་ཤེས་པ་རྣམ་པར་དག་པ[མཁའ་ཁྱབ]། ཞེས་དང༌། ཨོཾ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ[མཁའ་ཁྱབ]། ཞེས་དང༌། ཨོཾ་[དོན་དམ་གྱི་]དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རྣམ་པར་དག་པ[མཁའ་ཁྱབ]། ཨོཾ་[དོན་དམ་གྱི་]དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྡོ་རྗེ[མཁའ་ཁྱབ]། ཞེས་སོགས་ཀྱིས་སྟོང་གཞི་དོན་དམ་བདེ་གཤེགས་སྙིང་པོའི་རྣམ་གྲངས་གསུངས་ལ། དཀོན་མཆོག་སྤྲིན་གྱི་མདོར་ཡང༌། དེ་དག་ཉིད་ཀྱིས་སོ་སོ་རང་གིས་རིག་པ་དྲི་མ་མེད་པ་མ་གོས་པ་དང་བ་རྣམ་པར་དག་པ། གྱ་ནོམ་པ་མཆོག་དམ་པ་ཕུལ་རྟག་པ་བརྟན་པ་ཐེར་ཟུག་མི་འཇིག་པའི་ཆོས་ཅན་[མཁའ་ཁྱབ་]ཡིན་ཏེ། [ཀུན་རྫོབ་ཀྱི་]དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང༌། ཆོས་ཀྱི་དབྱིངས་[བདེ་གཤེགས་སྙིང་པོ་]འདི་ནི་[ནམ་ཡང་གང་ལའང་ཁྱབ་པར་]འདུག་པ་ཁོ་ནའོ། །ཞེས་དང༌། རིགས་ཀྱི་བུ་[བདེ་གཤེགས་སྙིང་པོ་]དེ་ནི་དེ་བཞིན་ཉིད་ཅེས་བྱའོ། །ཡང་དག་པའི་མཐའ་ཞེས་བྱའོ། །ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ། །བསམ་གྱིས་མི་ཁྱབ་པའི་དབྱིངས་ཞེས་བྱའོ། །གཉིས་སུ་མེད་པའི་དབྱིངས་ཞེས་བྱའོ། །ཞེས་དང༌། བཅོམ་ལྡན་འདས་ཡང་དག་པ་ཞེས་བགྱི་བ་འདི་ཅི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་གང་མི་སླུ་བ་དེ་ནི་ཡང་དག་པའོ། །གསོལ་པ། བཅོམ་ལྡན་འདས་མི་སླུ་བ་ཞེས་བགྱི་བ་འདི་ཅི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། [མི་སླུ་བ་]དེ་ནི་དེ་བཞིན་ཉིད་དང༌། མ་ནོར་བ་དེ་བཞིན་ཉིད་དང༌། གཞན་མ་ཡིན་པ་དེ་བཞིན་ཉིད་དོ། །ཞེས་པ་ལ་སོགས་པ་[སྟེ་འདི་དག་གིས་ནི་དོན་དམ་བདེན་པ་ཤེས་བྱ་ལ་མི་སྲིད་པར་འདོད་པ་ཡང་བསལ་བ་]འོ། །དེ་བཞིན་དུ་རབ་ཏུ་ཞི་བ་རྣམ་པར་ངེས་པ་ཆོ་འཕྲུལ་གྱི་ཏིང་ངེ་འཛིན་གྱི་མདོར་ཡང༌། གང་མི་བདེན་པ་དེ་[དོན་དམ་གྱི་]དེ་བཞིན་ཉིད་མ་ཡིན་ནོ། །གང་དེ་བཞིན་ཉིད་མ་ཡིན་པ་དེ་[དོན་དམ་གྱི་]དེ་བཞིན་གཤེགས་པ་མ་ཡིན་ནོ། །[དོན་དམ་གྱི་]དེ་བཞིན་གཤེགས་པ་ནི་བདེན་པ། ཡང་དག་པ་དེ་བཞིན་ཉིད། མ་ནོར་བ་དེ་བཞིན་ཉིད། གཞན་མ་ཡིན་པ་དེ་བཞིན་ཉིད། མ་ལོག་པ། བདེན་པ་སྨྲ་བ། ཡང་དག་པར་སྨྲ་བ། ཤེས་པ་སྨྲ་བ། ཡེ་ཤེས་ཀྱི་མཚོན་ཆ་ཅན། ཡེ་ཤེས་མཐའ་ཡས་པ་དང་ལྡན་པ། ཐམས་ཅད་མཁྱེན་པ། ཐམས་ཅད་གཟིགས་པ། [དོན་དམ་གྱི་]སྟོབས་བཅུ་དང་ལྡན་པ། [དོན་དམ་གྱི་]མི་འཇིགས་པ་བཞི་དམ་པའི་ཕ་རོལ་ཏུ་ཕྱིན་པ་[གདོད་ནས་རང་བཞིན་གྱིས་]ཐོབ་པ། མི་རྟོག་པ། རྣམ་པར་མི་རྟོག་པ། [རྣམ་ཤེས་ཀྱིས་]མི་གོས་པ། [ཆ་མེད་ཀུན་འགྲོ་སྐད་ཅིག་ལས་འདས་པ་ལ་སོགས་པར་]ནམ་མཁའ་དང་མཚུངས་པ། གྲངས་ཀྱི་ཆོས་རྣམས་ཀྱིས་མི་འགྲངས་པ། མ་བྱས་པ། མ་སྐྱེས་པ། མ་འགགས་པ། [ཀུན་རྫོབ་ལ་འབྲེལ་ཏེ་]འཇུག་པ་མེད་པ། མཐའ་ཡས་པ། [ཀུན་རྫོབ་འབྲེལ་ཏེ་]གནས་[པ་]མེད་པ། [རྣམ་ཤེས་ཀྱིས་]རྣམ་པར་མི་རིག་པ། རྣམ་པར་ཤེས་པར་བྱ་བ་མ་ཡིན་པ། [འགྲོ་འོང་མེད་པས་]ཀུན་ཏུ་རྒྱུ་བ་མེད་པ། [གདོད་ནས་རང་བཞིན་གྱིས་]ཤིན་ཏུ་དག་པ། [གདོད་ནས་རང་བཞིན་གྱིས་]ཉོན་མོངས་པ་མེད་པ། [རྒྱུ་ལས་]མ་བྱུང་བ། [འདུས་བྱས་ཀྱི་]སྤྱོད་པ་མེད་པ། [ཀུན་རྫོབ་ལ་འབྲེལ་ཏེ་]གནས་[པ་]མེད་པའོ། །ཞེས་སྟོང་གཞི་དེ་བཞིན་ཉིད་ཀྱི་རྣམ་གྲངས་གསུངས་ཤིང༌། [ཟབ་མོ་མཐར་ཐུགས་གསལ་བར་སྟོན་པས་མདོ་འདི་ཡང་ངེས་པར་བལྟ་དགོས་སོ།།]ལྷའི་ཟླ་བས་བསྒྱུར་བའི་མྱང་འདས་ཆེན་པོར་ཡང༌། ཐར་པ་གང་དེ་[དོན་དམ་གྱི་]དེ་བཞིན་གཤེགས་པ་[ཡིན་པ་]དང༌། [ཀུན་རྫོབ་ལ་འབྲེལ་ཏེ་]གཟུགས་ཅན་དང༌། འཆིང་བ་ཐམས་ཅད་དང་[གདོད་ནས་རང་བཞིན་གྱིས་]བྲལ་བ[འི་གཞི་མཁའ་ཁྱབ་]དང༌། མ་བྱུང་བ[འི་གཞི་མཁའ་ཁྱབ་]དང༌། མ་བྱས་པ[འི་གཞི་མཁའ་ཁྱབ་]དང༌། སྐྱེ་འཆི་མེད་པ[འི་གཞི་མཁའ་ཁྱབ་]དང༌། ནད་མེད་པ[འི་གཞི་མཁའ་ཁྱབ་]དང༌། འདུས་མ་བྱས་པ[འི་གཞི་མཁའ་ཁྱབ་]དང༌། ཉོན་མོངས་པ་མེད་པ[འི་གཞི་མཁའ་ཁྱབ་]དང༌། ཟག་པ་མེད་པ[འི་གཞི་མཁའ་ཁྱབ་]དང༌། ཞི་བ[འི་གཞི་མཁའ་ཁྱབ་]དང༌། བདེ་བ[འི་གཞི་མཁའ་ཁྱབ་]དང༌། ཟླ་མེད་པ[འི་གཞི་མཁའ་ཁྱབ་]དང༌། མྱ་ངན་མེད་པ[འི་གཞི་མཁའ་ཁྱབ་]དང༌། རྡུལ་མེད་པ[འི་གཞི་མཁའ་ཁྱབ་]དང༌། རྡུལ་དང་བྲལ་བ[འི་གཞི་མཁའ་ཁྱབ་]དང༌། སོབ་སོབ་མ་ཡིན་པ[འི་གཞི་མཁའ་ཁྱབ་]དང༌། ཅི་ཡང་བྱར་མེད་པའི་ཆོས་ཅན་[མཁའ་ཁྱབ་]དང༌། གནོད་པ་མེད་པ[འི་གཞི་མཁའ་ཁྱབ་]དང༌། ཉེན་པ་མེད་པ[འི་གཞི་མཁའ་ཁྱབ་]དང༌། [ཟག་བཅས་]ཅི་ཡང་མེད་པ[འི་གཞི་མཁའ་ཁྱབ་]དང༌། ངོ་མཚར་བ[འི་གཞི་མཁའ་ཁྱབ་]དང༌། རྨད་དུ་བྱུང་བ[འི་གཞི་མཁའ་ཁྱབ་]དང༌། སྐྱེ་བ་མེད་པ[འི་གཞི་མཁའ་ཁྱབ་]དང༌། དཔག་ཏུ་མེད་པ[འི་གཞི་མཁའ་ཁྱབ་]དང༌། མཆོག་[མཁའ་ཁྱབ་]དང༌། ཕུལ་[མཁའ་ཁྱབ་]དང༌། གཙོ་བོ་[མཁའ་ཁྱབ་]དང༌། རབ་[མཁའ་ཁྱབ་]དང༌། བླ་མ་[མཁའ་ཁྱབ་]དང༌། བླ་ན་མེད་པ[འི་གཞི་མཁའ་ཁྱབ་]དང༌། ངེས་པ[འི་གཞི་མཁའ་ཁྱབ་]དང༌། འཇིག་པའི་ཆོས་ཅན་མ་ཡིན་པ[འི་གཞི་མཁའ་ཁྱབ་]དང༌། [ཡོན་ཏན་དང་རྣམ་པ་]མཐའ་ཡས་པ[འི་གཞི་མཁའ་ཁྱབ་]དང༌། [རྣམ་ཤེས་ལ་]བསྟན་དུ་མེད་པ[འི་གཞི་མཁའ་ཁྱབ་]དང༌། ཟབ་མོ་[མཁའ་ཁྱབ་]དང༌། [རྣམ་ཤེས་ཀྱིས་]ལྟ་དཀའ་བ[འི་གཞི་མཁའ་ཁྱབ་]དང༌། ཉོན་མོངས་པ་མེད་པ[འི་གཞི་མཁའ་ཁྱབ་]དང༌། སྐྱོན་མེད་པའི་སྐུ་[མཁའ་ཁྱབ་]དང༌། [གདོད་ནས་]དག་པ[འི་གཞི་མཁའ་ཁྱབ་]དང༌། [གདོད་ནས་]གྲོལ་བ[འི་གཞི་མཁའ་ཁྱབ་]དང༌། [གདོད་ནས་]ཞི་བ[འི་གཞི་མཁའ་ཁྱབ་]དང༌། [གདོད་ནས་]ཉེ་བར་ཞི་བ[འི་གཞི་མཁའ་ཁྱབ་]དང༌། [གདོད་ནས་]ཕ་རོལ་[ཏུ་སོན་པ་]དང༌། [གདོད་ནས་]བཟང་པོ་[མཁའ་ཁྱབ་]དང༌། ཉེས་པ་ཐམས་ཅད་དང་བྲལ་བ[འི་གཞི་མཁའ་ཁྱབ་]དང༌། དུག་གསུམ་དང་བྲལ་བ[འི་གཞི་མཁའ་ཁྱབ་]དང༌། [གདོད་ནས་]འགོག་པ་དང༌།[གནས་མེད་ཀྱི་]གནས་[མཁའ་ཁྱབ་]དང༌། [སྐྱབས་མེད་ཀྱི་]སྐྱབས་[མཁའ་ཁྱབ་]དང༌། དཔུང་གཉེན་[མཁའ་ཁྱབ་]དང༌། ཉམ་ང་བ་མེད་པ[འི་གཞི་མཁའ་ཁྱབ་]དང༌། གནས་[ཏེ་ཀུན་གཞི་རྣམ་ཤེས་]བཅོམ་པ[འི་གཞི་མཁའ་ཁྱབ་]དང༌། ང་རྒྱལ་མེད་པ[འི་གཞི་མཁའ་ཁྱབ་]དང༌། སྙིང་པོ་མེད་པ་ཐམས་ཅད་རྣམ་པར་སྤངས་པ[འི་གཞི་མཁའ་ཁྱབ་]དང༌། [ཆོས་ཀྱི་]དབྱིངས་དང༌། [དོན་དམ་པའི་]དགེ་བ[འི་གཞི་མཁའ་ཁྱབ་]དང༌། [དོན་]དམ་པ[འི་གཞི་མཁའ་ཁྱབ་]དང༌། མི་གཡོ་བ[འི་གཞི་མཁའ་ཁྱབ་]དང༌། ཤིན་ཏུ་[གདོད་ནས་]སྦྱངས་པ[འི་གཞི་མཁའ་ཁྱབ་]དང༌། མཐར་ཐུག་པ[འི་གཞི་མཁའ་ཁྱབ་]དང༌། བཅོས་མ་མ་ཡིན་པའི་བདེ་བ[འི་གཞི་མཁའ་ཁྱབ་]དང༌། ཕུང་པོ་[གདོད་ནས་]སྤངས་པ་དང༌། [གདོད་ནས་]ལམ་ཆད་པ[འི་གཞི་མཁའ་ཁྱབ་]དང༌། [དོན་དམ་]སྟོང་པ་ཉིད་[མཁའ་ཁྱབ་]དང༌། [གདོད་ནས་]སྲེད་པ་ཟད་པ[འི་གཞི་མཁའ་ཁྱབ་]དང༌། [དོན་དམ་གྱི་]སངས་རྒྱས་[མཁའ་ཁྱབ་]དང༌། ཟད་མི་ཤེས་པའི་མྱ་ངན་ལས་འདས་པ[འི་གཞི་མཁའ་ཁྱབ་]སྟེ། དེ་ཐམས་ཅད་ཀྱང་ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །ཞེས་པའི་རྣམ་གྲངས་སུ་བསྟན་ནས་རེ་རེ་ཞིང་ཡང་འདུས་བྱས་ལས་ཡང་དག་པར་འདས་པར་དན་རྟགས་དང་བཅས་ཏེ་གསུངས་པས་རྒྱས་པར་མདོ་དེ་ཉིད་བལྟ་བར་བྱའོ། །ཐེག་པ་ཆེན་པོ་བསྡུས་པར་ཡང༌། རང་བཞིན་གྱིས་རྣམ་པར་བྱང་བ་ནི་འདི་ལྟ་སྟེ། དེ་བཞིན་ཉིད་དང༌། [དོན་དམ་པ་]སྟོང་པ་ཉིད་དང༌། ཡང་དག་པའི་མཐའ་དང༌། མཚན་མ་མེད་པ[འི་དབྱིངས་]དང༌། དོན་དམ་པ[འི་བདེན་པ་]སྟེ། ཆོས་ཀྱི་དབྱིངས་ཀྱང་དེ་ཡིན་ནོ། །དྲི་མ་[གློ་བུར་པ་]མེད་པས་རྣམ་པར་བྱང་བ་ནི་འདི་ལྟ་སྟེ། [རང་བཞིན་རྣམ་དག་]དེ་ཉིད་སྒྲིབ་པ་[གློ་བུར་པ་]ཐམས་ཅད་དང་[ཡང་]མི་ལྡན་པའོ། །ཞེས་[དག་པ་གཅིག་ལྡན་དང་གཉིས་ལྡན་གྱི་ཁྱད་པར་གསུངས་པ་ལས་འདིར་རྣམས་གྲངས་ཀྱི་སྐབས་སུ་སྔ་མས་ཀྱང་རུང་བ་]དང༌། དཔལ་རྡོ་རྗེ་ཕྲེང་བའི་རྒྱུད་དུ་ཡང༌། ཆོས་རྣམས་ཀུན་ལ་ཁྱབ་པ་ཡི[ཆོས་ཉིད]། །ཉོན་མོངས་ཐམས་ཅད་རབ་ཏུ་[བཅོམ་ཞིང་]འཇོམས[པ]། །དྲི་མེད་དྲི་བྲལ་[ཀུན་ནས་]དང་བ[འི་སྲིད་གསུམ་]དང༌། །[དོན་དམ་རང་གིས་]རང་རིག་པ་ཡི་གོ་འཕང་མཆོག །དང་པོའི་སངས་རྒྱས་རང་བཞིན་ཅན། །[རང་བཞིན་གྱི་]རིགས་ལྔ་རྣམས་ནི་རྒྱས་པར་བྱེད། །ཅེས་དང༌། རྣམ་པར་ཤེས་[པ་གཞན་ནམ་མཆོག་]དང་ཆོས་དབྱིངས་དང༌། །དོན་དམ་པ་དང་[རང་བཞིན་འགྱུར་མེད་]བདེ་བ་ཆེ[མཁའ་ཁྱབ]། །གཟུང་དང་འཛིན་པ་རྣམ་གྲོལ་བ། །[དོན་དམ་]བྱང་ཆུབ་སེམས་ནི་དྲི་མ་[རང་བཞིན་གྱིས་]མེད། །རྡོ་རྗེ་སེམས་དཔའ་[རང་བཞིན་གྱིས་]ཞི་བ་ཆེ[མཁའ་ཁྱབ]། །གཉིས་མེད་[ཡེ་ཤེས་]ཡང་དག་རྨད་དུ་བྱུང༌། །དབང་བསྐུར་བཞི་པ[འི་དོན་འགྱུར་མེད་]བདེ་བ་[མཁའ་ཁྱབ་]དང༌། །བཞི་པའི་དགའ་བའི་གོ་འཕང་མཆོག[མཁའ་ཁྱབ།]།དེ་སོགས་མིང་གི་བྱེ་བྲག་གི །[མཐའ་བྲལ་དབུས་མའམ་བར་མ་མ་ནིང་གི་]གོ་འཕང་མཆོག་[མཁའ་ཁྱབ་]ནི་གསུངས་པ་ཡིན། །ཞེས་དང༌། ཨེ་ཝཾ་ཞེས་བྱའི་ཡི་གེ་གཉིས། །ཨེ་ནི་[མི་སྟོང་པའི་]སྟོང་པ་ཉིད་[ཤེས་རབ་]དུ་གསུངས། །དེ་བཞིན་ཝཾ་ནི་[དོན་དམ་གྱི་]ཐུགས་རྗེ་ཐབས། །ཐིག་ལེ་[ཐབས་ཤེས་]དེ་གཉིས་སྦྱོར་ལས་བྱུང༌། །དེ་ནི་རྣལ་འབྱོར་རྨད་མཆོག་བྱུང་[མཁའ་ཁྱབ]། །ཨེ་ཝཾ་གཉིས་ནི་སངས་རྒྱས་[པ་]རྣམས[ཐམས་ཅད]། །མདོར་བསྡུས་ཆོས་ཀྱི་ཕྱག་རྒྱ་ཡིས། །[རྒྱས་བཏབ་པའི་ཆོས་ཀྱི་]རྒྱལ་པོ་ཆེན་པོ་ཕྱག་རྒྱ་[ཆེན་མོ་[གཉིས་][ཟེར་བའང་སྣང་བས་བརྟག]ཉིད། །རྒྱུད་རྣམས་སུ་ནི་ཐོག་མར་གསུངས། །ཞེས་དང༌། ཨེ་ནི་གསང་བ་[དོན་དམ་གྱི་]མཁའ་དབྱིངས་སམ། །བྷ་ག་[དང་]ཆོས་འབྱུང་[དང་]པད་མ་དང༌། །[རྡོ་རྗེའི་]རྣལ་འབྱོར་སེང་གེའི་གདན་ལ་བཞུགས[པ]། །མཆོག་ཏུ་རྨད་བྱུང་སྟོན་པར་མཛད[པ]། །རྡོ་རྗེ་སེམས་དཔའ་[དང་]ཝཾ་[དང་]རྡོ་རྗེ[དང་]། །རྡོ་རྗེ་འཇིགས་བྱེད་[དང་རྡོ་རྗེ་]དབང་ཕྱུག་དང༌།།ཧེ་རུ་ཀ་དང་དུས་འཁོར་ལོ[དང་]། །དང་པོའི་སངས་རྒྱས་ལ་སོགས་མཚན[སྣ་ཚོགས་པ་ཅན]། །ཨེ་ཝཾ་དེ་བཞིན་གཤེགས་པའི་[ཕྱག་]རྒྱ[སྟེ]། །[ཐབས་ཤེས་]གཉིས་སུ་མེད་པའི་མཚོན་བྱེད་[ཟེར་]དང༌། །[དོན་དམ་གྱི་]སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །[རྒྱུད་]གང་ལ་དེ་ཉིད་མངོན་པར་བརྗོད[པ]། །དེ་ལ་དེ་བཞིན་གཤེགས་པའི་[ཕྱག་]རྒྱ། །[སྟོན་པ་ཡོད་དེ་ཐབས་ཤེས་]གཉིས་མེད་ཡེ་ཤེས་མཚན་མ་[ཨེ་ཝཾ་ཨ་ཧཾ་ཧཾ་ཀྵ་ལ་སོགས་]ནི། །རྒྱུད་ཀུན་གྱི་ནི་གླེང་གཞིར་གསུངས། །རྒྱུད་ཀུན་གྱི་ནི་དོན་བསྡུས་པ། །སྟོང་ཉིད་སྙིང་རྗེ་མི་ཕྱེད་པ[མཁའ་ཁྱབ]། །གང་ལ་དེ་ཉིད་མངོན་པར་བརྗོད[པ]། །ཨེ་ཝཾ་ཞེས་བྱའི་ཡི་གེ་གཉིས། །གང་ལ་འདི་གཉིས་མེད་པ་ནི། །དེ་ལ་དེ་ཁོ་ན་ཉིད་མེད། །གང་ལ་འདི་གཉིས་ཡོངས་ཤེས་པ། །བཅོས་མའི་གསེར་ལྟར་གསལ་པོར་ནི། །རྒྱུད་ཀྱི་ལོག་བཤད་[དང༌། དེ་ཁོ་ན་ཉིད་ཀྱི་ཁྱད་པར་ཨེ་ཝཾ་གི་དོན་སྟོན་པ་དང༌། མི་སྟོན་པ་]དེ་ཉིད་[ཀྱིས་]ཤེས[པར་འགྱུར་རོ]། །སྔགས་ཀྱི་སྤྱོད་པ་[མཁའ་ཁྱབ་]ལ་གནས་པ། །དེ་ལྟར་[རྒྱུད་ཡང་དག་]འདིར་ནི་[ཨེ་ཝཾ་གི་དོན་]ཡང་དག་མཆོག[མཁའ་ཁྱབ།]།ཅེས་དང༌། འཇམ་དཔལ་ཞལ་གྱི་ལུང་ལས་ཀྱང༌། དེ་ལྟར་ཆོས་ཀུན་[གྱི་]དེ་བཞིན་ཉིད[མཁའ་ཁྱབ]། །དཔག་མེད་དམ་པའི་[ཡོན་ཏན་]ཕུན་སུམ་ཚོགས[མཁའ་ཁྱབ]། །དེ་དམིགས་[ཤིང་སྣང་བའི་ཡེ་ཤེས་]ཡང་དག་སྐྱེ་འགྱུར་བ། །སྒོམ་པའི་ཆོ་ག་རྣམ་བཤད་པ། །[བསྒོམ་བྱ་དོན་དམ་གྱི་]རྣམ་གྲངས་དག་ཀྱང་རབ་ཏུ་བསྟན[ཏེ]། །དེ་བཞིན་ཉིད་དང་ཡང་དག་མཐའ[མཁའ་ཁྱབ]། །བསམ་གྱིས་མི་ཁྱབ་པ་ཡི་དབྱིངས [མཁའ་ཁྱབ]། །ཆོས་ཉིད་[མཁའ་ཁྱབ་]དང་ནི་ཆོས་སྐྱོན་མེད[མཁའ་ཁྱབ]། །[གཞན་གྱི་དངོས་པོ་]སྟོང་པ་ཉིད་[མཁའ་ཁྱབ་]དང་མཚན་མ་མེད[པའི་གཞི་དང་]། །སྨོན་པ་མེད་པ་ཉིད་[མཁའ་ཁྱབ་]དང་ཡང༌། །ཉོན་མོངས་འཁྲུལ་འཁོར་འབོར་བྱེད་པ[མཁའ་ཁྱབ]། སྐྱེ་བ་མེད་དང་འོད་གསལ་བ[མཁའ་ཁྱབ]། །[གདོད་ནས་]མངོན་པར་བྱང་ནི་ཆུབ་པ་[མཁའ་ཁྱབ་]དང༌། །གཞན་གྱི་སེམས་ཤེས་བྱེད་པ་[མཁའ་ཁྱབ་]དང༌། །ལྷ་ཡི་རྣ་བ་བྱེད་པ་[མཁའ་ཁྱབ་]དང༌།།རང་བཞིན་ལྷ་ཡི་མིག་སྟེར་[མཁའ་ཁྱབ་]དང༌། །རྫུ་འཕྲུལ་དཔག་མེད་འཕྲུལ་བྱེད་[མཁའ་ཁྱབ་]དང༌། །དངོས་པོ་མཐར་ནི་ཕྱིན་པ་[མཁའ་ཁྱབ་]དང༌། །དོན་དམ་པ་ཡི་བདེན་པ་[མཁའ་ཁྱབ་]དང༌། །[རང་བཞིན་གྱིས་]རྫོགས་པ་ཡི་ནི་རིམ་པ[སྟེ་རྫོགས་རིམ་གཞན་]དང༌། །[རང་བཞིན་གྱིས་]ཡོངས་སུ་དག་པའི་སྐུ་གཙང་[མཁའ་ཁྱབ་]དང༌། །[འཕགས་པ་]ཀུན་གྱི་བསྟེན་བྱ་ཉིད་[མཁའ་ཁྱབ་]དག་དང༌། །[རང་བཞིན་གྱིས་]མཁའ་ལྟར་རྣམ་པར་དག་པ་[མཁའ་ཁྱབ་]དང༌། །[ངོ་བོ་ལ་]གློ་བུར་དྲི་མས་མི་གོས་དང༌། །གདོད་ནས་དག་པ་[འོད་]གསལ་བ་ཉིད[མཁའ་ཁྱབ]། །གང་གིས་ཀྱང་ནི་མི་ཤིགས་[མཁའ་ཁྱབ་]དང༌། །[ཆོས་ཉིད་ཀྱི་]དངོས་པོ་[སྟེ་ངོ་བོ་]དེ་ལ་མདོ་རྒྱུད་རྣམས[སུ]། །[མིང་མང་པོ་]དེ་འདྲ་རྣམ་པ་མཐའ་ཡས་པ། །གསུང་ཞིང་ཡང་དག་གསུང་འགྱུར་བ། །དེ་ནི་དེ་བཞིན་ཉིད་འདི་ལས། །གཞན་ནི་ཅི་[ལ་]ཡང་མ་གསུངས་[པས་གཤིས་ཡིན་ལུགས་འཆད་པའི་སྐབས་སུ་མིང་མི་འདྲ་བ་ཤིན་ཏུ་མང་ཡང་དོན་ཟབ་མོ་གཅིག་ཉིད་དུ་རྟོགས་དགོས་]སོ། །ཞེས་དང༌། [ཆོས་ཉིད་ཀྱི་]བདག་པོ་རྡོ་རྗེ་འཆང་བ་མཆོག[མཁའ་ཁྱབ།]། རྫོགས་པའི་རིམ་པའི་རྣལ་འབྱོར་པ[གཞན་ནམ་མཆོག]། །བྱ་བ་བྱས་པ་[གཞན་ནམ་མཆོག་]བྱེད་པ་བྱས[གཞན་ནམ་མཆོག]། །དབང་ཕྱུག་ཆེན་པོ་[གཞན་ནམ་མཆོག་]ཁུར་ཆེན་པོར[གཞན་ནམ་མཆོག]། །སེམས་མ་དཀྲུགས་པ་[གཞན་ནམ་མཆོག་]ཐམས་ཅད་མཁྱེན[མཁའ་ཁྱབ]། །སྐྱེས་བུ་དཔའ་བོ་[མཁའ་ཁྱབ་]ཅང་ཤེས་པ[མཁའ་ཁྱབ]། །གླང་པོ་ཆེན་པོ་[མཁའ་ཁྱབ་]དུལ་བ་པོ[མཁའ་ཁྱབ་]། །[གདོད་ནས་]འཁོར་བའི་མཐའ་ཡི་ཕ་རོལ་སོན[མཁའ་ཁྱབ]། །[ངོ་བོ་]དོན་དམ་དང་ནི་[རྣམ་པ་]ཀུན་རྫོབ་ཀྱི། །བདེན་པ་གཉིས་མེད་[ཀྱི་]རྣལ་འབྱོར་ཆེ[མཁའ་ཁྱབ]། །[གདོད་ནས་]ཐ་མ་སྤངས་པའམ་ལམ་ཀུན་རྫོགས[མཁའ་ཁྱབ]། །[གདོད་ནས་]ཡོན་ཏན་འབྱུང་གནས་ཀུན་ཏུ་བཟང་[མཁའ་ཁྱབ]། ། [གཤིས་རང་བཞིན་རྣམ་དག་གི་ལྷ་སྔགས་རྒྱུད། དཀྱིལ་འཁོར། ཕྱག་རྒྱ། དངོས་གྲུབ། སྐྱབས་གནས་དཀོན་མཆོག་གསུམ་ལ་སོགས་]ཐམས་ཅད་འདུས་པའི་ཁོ་ན་ཉིད[མཁའ་ཁྱབ]། །སྐུ་[གསུང་ཐུགས་ལ་]སོགས་[ཀྱིས་འཇིག་རྟེན་གྱི་]ཁམས་ཀུན་འགེགས་པ་[སྟེ་གང་བ་]པོ། །གོང་ན་མེད་པ་ཡང་དག་གནས[མཁའ་ཁྱབ]། །[དོན་ཟབ་མོ་]དེ་ལ་[མིང་ཆོས་ཉིད་ཞེས་པ་]དེ་[ལ་]སོགས་[པ་]རབ་གྲགས་པ། །མིང་ནི་རྣམ་པ་མཐའ་ཡས་པ[ཐམས་ཅད་ཀྱིས]། །[ཐབས་ཤེས་]གཉིས་[སུ་]མེད་[པ་རང་བྱུང་]ཡེ་ཤེས་[དེ་བཞིན་ཉིད་]མཚོན་[ཅིང་སྟོན་]པ་སྟེ། །མདོ་དང་རྒྱུད་[དང་བསྟན་བཅོས་ཁྱད་འཕགས་]རྣམས་ཐམས་ཅད་དུ། །བློ་ལྡན་རྣམས་ཀྱིས་[ཆོས་ཉིད་མིང་དུ་མའི་དོན་རོ་གཅིག་པ་]རྟོགས་པར་བྱ། །ཞེས་དང༌། ཡུམ་རྒྱས་པའི་རྒྱ་ཆེ་འགྲེལ་དུ་ཡང༌། དེ་བཞིན་ཉིད་དང༌། ཆོས་ཀྱི་དབྱིངས་དང༌། ཡང་དག་པའི་མཐའ་དང༌། མཉམ་པ་ཉིད་དང༌། བསམ་གྱིས་མི་ཁྱབ་པའི་དབྱིངས་དང༌། མི་གཡོ་བ་ཞེས་བྱ་བ་ནི། ཆོས་ཀྱི་དབྱིངས་སྟོང་པ་ཉིད་ཀྱི་རྣམ་གྲངས་སུ་གཏོགས་སོ། །ཞེས་དང༌། [འགྱུར་མེད་]ཡོངས་སུ་གྲུབ་པའི་ཆོས་རྣམས་ནི་[གདོད་ནས་རང་བཞིན་གྱིས་]འཇིག་རྟེན་ལས་འདས་པ་སྐྱེ་བ་མེད་པ་དང༌། འགག་པ་མེད་པ་དང༌། བཟོད་མ་ནས་ཞི་བ་དང༌། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་[མཁའ་ཁྱབ་]དང༌། དངོས་པོ་མེད་པའི་[གཞིའི་]ངོ་བོ་ཉིད་[མཁའ་ཁྱབ་]དང༌། [མི་སྟོང་པའི་]སྟོང་པ་ཉིད་[མཁའ་ཁྱབ་]ལ་སོགས་པའོ། །ཞེས་དང༌། རྒྱུད་བླ་རྩ་འགྲེལ་དུ་ཡང༌། ཤིན་ཏུ་རྣམ་པར་བྱང་བའི་མཐར་ཕྱིན་པ་དེ་བཞིན་གཤེགས་པའི་སྙིང་པོ་རྣམ་པར་དག་པའི་གནས་སྐབས་འདི་ཉིད་ལ་དབྱེ་བ་མེད་པའི་དོན་ལས་བརྩམས་ཏེ་ཚིགས་སུ་བཅད་པ། གང་ཕྱིར་[སྟོང་གཞི་བདེ་གཤེགས་སྙིང་པོ་]དེ་ནི་ཆོས་སྐུ་[དང་]དེ་ནི་དེ་བཞིན་གཤེགས[པ་དང་]། དེ་ནི་འཕགས་པའི་བདེན་པ་དོན་དམ་[པ་དང་]མྱ་ངན་འདས་[པ་ཆེན་པོ་ཞེས་ཀྱང་བྱའོ]། །དེ་ཕྱིར་ཉི་དང་ཟེར་བཞིན་ཡོན་ཏན་དབྱེར་མེད་པས། །སངས་རྒྱས་ཉིད་ལས་མ་གཏོགས་མྱ་ངན་འདས་པ་མེད། །དེ་ལ་ཚིགས་སུ་བཅད་པ་ཕྱེད་སྔ་མས་ཅི་སྟོན་ཞེ་ན། མདོར་ན་[སྟོང་གཞི་བདེ་གཤེགས་སྙིང་པོ་]ཟག་མེད་དབྱིངས་ལ་ནི། །དོན་གྱི་རབ་ཏུ་དབྱེ་བ་བཞིས། །ཆོས་ཀྱི་སྐུ་ལ་སོགས་པ་ཡི། །རྣམ་གྲངས་བཞིར་ནི་རིག་པར་བྱ། །[རྒྱས་པར་མིང་མཐའ་ཡས་ཀྱང་]མདོར་བསྡུ་ན་ཟག་པ་མེད་པའི་དབྱིངས་དེ་བཞིན་གཤེགས་པའི་སྙིང་པོ་ལ་དོན་བཞིའི་དབང་དུ་བྱས་ནས་མིང་གི་རྣམ་གྲངས་བཞིར་རིག་པར་བྱའོ། །དོན་བཞི་གང་ཞེ་ན། [དོན་དམ་གྱི་]སངས་རྒྱས་[ཀྱི་]ཆོས་[མཁའ་ཁྱབ་]དབྱེར་མེད་པ་[ཆོས་སྐུ་]དང༌། དེ[འི་]རིགས[རང་བཞིན་པ་ཇི་ལྟ་བ་]དེ་བཞིན་ཐོབ་པ[དེ་བཞིན་གཤེགས་པ་]དང༌། །བརྫུན་མེད་སླུ་མེད་ཆོས་ཉིད[དོན་དམ་བདེན་པ་]དང༌། གདོད་ནས་རང་བཞིན་[གྱིས་]ཞི་[བ་མྱང་འདས་ཆེན་པོ་]ཉིད་དོ། །ཞེས་དང༌། དཔལ་འདུས་པར་ཡང༌། དུས་གསུམ་[དུས་མེད་ནི་]རྡོ་རྗེའི་ཐུགས་[མཁའ་ཁྱབ་]ཡིན་སྲིད་[པ་གཞན་སྐྱེ་འཇིག་མེད་པའི་སྲིད་པ་]དང་[ཡང་དག་]མཐར་གྱུར་གང་[ཡིན་པ་གདོད་ནས]། །ཞི་ཞིང་སྒྲིབ་མེད་[དོན་དམ་གྱི་]ནམ་མཁའ་[རང་བཞིན་གྱིས་]དག་པའི་ངོ་བོ་ཉིད[མཁའ་ཁྱབ]། །[དོན་དམ་གྱི་]སངས་རྒྱས་རྣམ་རྒྱས་བྱང་ཆུབ་དབང་ཕྱུག་རྡོ་རྗེ་ཅན[མཁའ་ཁྱབ]། །དེ་ལ་ལུས་ངག་ཡིད་ཀྱིས་རྟག་ཏུ་ཕྱག་འཚལ་ལོ། །གང་ཞིག་གཟུགས་དང་ཚོར་བ་[དང་]འདུ་ཤེས་[དང་]འདུ་བྱེད་དང༌། །རྣམ་པར་ཤེས་དང་སྐྱེ་མཆེད་དྲུག་དང་དབང་པོ་དྲུག[དང༌།]།ས་[དང་]ཆུ་[དང་]མེ་དང་རླུང་དང་ནམ་མཁའ་[པྲ་བརྒྱད་ཕབ་པ་དང་མཚུངས་པ་]ཐམས་ཅད་ནི། །[དོན་དམ་གྱི་]བྱང་ཆུབ་སེམས་འདྲ་རྒྱ་ཆེན་[མཁའ་ཁྱབ་]དེ་ལ་ཕྱག་འཚལ་ལོ། །ཞེས་པ་ལ་སོགས་པས་སྟོང་གཞི་དོན་དམ་བདེ་གཤེགས་སྙིང་པོ་དག་པའི་བདག་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བ་ལ་མཚན་གྱི་རྣམ་གྲངས་ཤིན་ཏུ་མང་བ་ཡོད་པར་གསུངས་པ་ཇི་ལྟ་བ་དེ་བཞིན་དུ། འཕགས་པ་འཇིག་རྟེན་དབང་ཕྱུག་གི་ཞལ་སྔ་ནས་ཀྱང་གསུངས་ཏེ། ཇི་སྐད་དུ། གཉིས་མེད་[ཡེ་ཤེས་དང་]གཡོ་བ་མེད་[པའི་བདེ་བ་]དང་[དང་པོའི་སངས་རྒྱས་]རིས་མེད་དང༌། །འདོད་[བྱའི་མཐར་ཐུག་]དང་མཆོག་ཏུ་མི་འགྱུར་[བའི་བདེ་བ་དང་མཆོད་པ་ཆེན་པོ་]འདོད་ཆགས་ཆེ[དང་]། །དངོས་དང་དངོས་པོ་མེད་པ་མེད་པ[འི་གཞི་ཕུང་པོ་གསུམ་པ་]དང༌། །[རང་བྱུང་]ཡེ་ཤེས་དང་ནི་སེམས་དཔའ་[སྲིད་གསུམ་གཅིག་པ་དང་]ཀུན་ཏུ་བཟང་[པོ་དང་]། །[ཀུན་རྫོབ་ཀྱི་]ཉོན་མོངས་མེད་[པའི་གཞི་]དང་[དོན་དམ་གྱི་]ཉོན་མོངས་ཆེན་པོ་དང༌། །ལྷན་སྐྱེས་[ཡེ་ཤེས་དང་]དཔལ་ལྡན་[ཤྲཱི་ཡིག་དང་དོན་དམ་]བྱང་སེམས་[དང་ཨཱ་ལི་]ཐིག་ལེ་འཛིན[པ་དང་]། །དཔལ་ལྡན་དུས་ཀྱི་འཁོར་ལོ་[དང་]རྡོ་རྗེ་དང༌། །ཐབས་དང་ཤེས་རབ་[དབྱེར་མེད་ཀྱི་]བདག་ཉིད་[དང་རྡོ་རྗེའི་]རྣལ་འབྱོར་[ལ་སོགས་པ་མིང་དུ་མར་འགྱུར་]རོ། ། ཞེས་དང༌། [ཟབ་མོ་]སྔགས་ཀྱི་ཚུལ་དོན་[དམ་བདེན་པ་]འདི་ལ་ཨེ་ཝཾ་ཉིད་[དམ་ཁོ་ན་]མིང་མ་ཡིན་ཏེ། དངོས་པོ་གཅིག་ལ་ཡང་མིང་དུ་མའོ། །མིང་མང་པོ་ཉིད་ཀྱི་ཕྱིར་མིང་གཅིག་ཁོ་ན་གཙོ་བོ་མ་ཡིན་ཏེ། མིང་ཐམས་ཅད་ཀྱིས་དངོས་པོ་གཅིག་གོ་བར་བྱེད་པའི་ཕྱིར་རོ། །དཔེར་ན་བུད་མེད་དང་མི་མོ་དང་ན་ཆུང་མ་རྣམས་ལས་བུད་མེད་གཅིག་པུ་གཙོ་བོའི་མིང་མ་ཡིན་ཏེ་ཐམས་ཅད་ཀྱིས་ནུ་མ་དང་སྐྲར་ལྡན་པའི་དངོས་པོ་གོ་བར་བྱེད་པའི་ཕྱིར་རོ། །དེ་བཞིན་དུ་ཨེ་ཡིག་[མཁའ་ཁྱབ་]དང་གསང་བ་[མཁའ་ཁྱབ་]དང་པད་མ་[མཁའ་ཁྱབ་]དང་ཆོས་འབྱུང་[མཁའ་ཁྱབ་]དང་[དོན་དམ་པའི་]ནམ་མཁའི་དབྱིངས་[མཁའ་ཁྱབ་]དང༌། བདེ་བ་ཆེན་པོའི་གནས་[མཁའ་ཁྱབ་]དང༌། སེང་གེའི་ཁྲི་[མཁའ་ཁྱབ་]དང༌། བྷ་ག་[མཁའ་ཁྱབ་]དང༌། གསང་བའི་མིང་རྣམས་ཀྱི་ནང་ནས་ཨེ་ཡིག་གཅིག་པུ་གཙོ་བོའི་མིང་མ་ཡིན་ཏེ། ཐམས་ཅད་ཀྱིས་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་[མཁའ་ཁྱབ་]གོ་བར་བྱེད་པའི་ཕྱིར་རོ། །དེ་བཞིན་དུ་ཝཾ་ཡིག་[མཁའ་ཁྱབ་]དང་བདེ་བ་ཆེན་པོ་[མཁའ་ཁྱབ་]དང༌། ཆགས་པ་ཆེན་པོ་[མཁའ་ཁྱབ་]དང༌། [རང་བཞིན་]ལྷན་ཅིག་སྐྱེས་པ་[མཁའ་ཁྱབ་]དང༌། མཆོག་ཏུ་མི་འགྱུར་བ་[མཁའ་ཁྱབ་]དང༌། ཐིག་ལེ་[མཁའ་ཁྱབ་]དང༌། དེ་ཁོ་ན་[མཁའ་ཁྱབ་]དང༌།[རང་བྱུང་]ཡེ་ཤེས་[མཁའ་ཁྱབ་]དང༌། རྣམ་པར་དག་པའི་སེམས་ཀྱི་[མཁའ་ཁྱབ་]མིང་རྣམས་ཀྱི་ནང་ནས་ཝཾ་ཡིག་གཅིག་པུ་གཙོ་བོའི་མིང་མ་ཡིན་ཏེ། ཐམས་ཅད་ཀྱིས་ཀྱང་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་པའི་དགའ་བ་འགྱུར་བ་མེད་པའི་བདེ་བ་[མཁའ་ཁྱབ་]གོ་བར་བྱེད་པའི་ཕྱིར་རོ། །དེ་བཞིན་དུ་ཨེ་ཡིག་དང་ཝཾ་ཡིག་དག་གིས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་[མཁའ་ཁྱབ་]དང༌། ཆོས་ཐམས་ཅད་ལ་དམིགས་པ་མེད་པའི་སྙིང་རྗེ་[མཁའ་ཁྱབ་]དབྱེར་མེད་པའི་[དོན་དམ་]བྱང་ཆུབ་ཀྱི་སེམས་ཀྱི་དངོས་པོ་[མཁའ་ཁྱབ་]གོ་བར་བྱེད་པའི་ཕྱིར། ཨེ་ཝཾ་གི་ཡི་གེ་[མཁའ་ཁྱབ་]དང༌། རྡོ་རྗེ་སེམས་དཔའ་[མཁའ་ཁྱབ་]དང༌། བྱང་ཆུབ་ཀྱི་སེམས་[མཁའ་ཁྱབ་]དང༌། དུས་ཀྱི་འཁོར་ལོ་[མཁའ་ཁྱབ་]དང༌། དང་པོའི་སངས་རྒྱས་[མཁའ་ཁྱབ་]དང༌། ཤེས་རབ་དང་ཐབས་ཀྱི་བདག་ཉིད་[མཁའ་ཁྱབ་]དང༌། སྦྱོར་བ་[མཁའ་ཁྱབ་]དང༌། ཤེས་པ་[གཞན་]དང་ཤེས་བྱ[གཞན་དབྱེར་མེད་པ]འི་བདག་ཉིད་[མཁའ་ཁྱབ་]དང༌། [བདེ་སྟོང་]གཉིས་སུ་མེད་པ་[མཁའ་ཁྱབ་]དང༌། ཐོག་མ་དང༌། ཐ་མ་མེད་ཅིང་ཞི་བ་[མཁའ་ཁྱབ་]དང༌། [གསང་བ་]འདུས་པ་[མཁའ་ཁྱབ་]དང༌། [འཁོར་ལོ་]སྡོམ་པ་[མཁའ་ཁྱབ་]སྟེ་དེ་ལྟ་བུ་[དང༌། དགྱེས་པ་རྡོ་རྗེ། མཧཱ་མ་ཡ། རྡོ་རྗེ་གདན་བཞི། རྡོ་རྗེ་མཁའ་འགྲོ། རྡོ་རྗེ་བདུད་རྩི། རྡོ་རྗེ་འཇིགས་བྱེད། རྡོ་རྗེ་ཧཱུཾའ་མཛད་]ལ་སོགས་པའི་མིང་དུ་མ་རྣམས་ཀྱིས་རྣལ་འབྱོར་པས་ཤེས་རབ་དང་ཐབས་ཀྱི་བདག་ཉིད་གཉིས་སུ་མེད་པའི་རྣལ་འབྱོར་རིས་མེད་པ་[མཁའ་ཁྱབ་]རྟོགས་པར་བྱའོ། །ཞེས་དང༌། དེ་བཞིན་དུ་རྒྱུད་དང་རྒྱུད་གཞན་རྣམས་སུ་བསྟན་བཅོས་ཀྱི་[ལས་གྲགས་པའི་]མིང་[ལྷ་ལ་སྐབས་གསུམ་པ་ཞེས་པ་ལ་སོགས་པ་ལྟ་བུ་]དང༌། ཡུལ་[སྐད་]གྱི་མིང་[དུ་མ་]དང༌། སྔགས་ཀྱི་ཡི་གེའི་མིང་[ཀཱ་ལ་ཙཀྲ་ལྟ་བུ་]དང༌། [ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ་ཞེས་སོགས་]ཡི་གེ་རེ་རེའི་མིང་རྣམས་ཀྱིས་དངོས་པོ་གང་དག་དེ་བཞིན་གཤེགས་པས་ངེས་པར་བསྟན་ཅིང་སྡུད་པར་བྱེད་པ་པོ་རྣམས་ཀྱིས་ཀྱང་བྲིས་པ་དེ་ཐམས་ཅད་རྣལ་འབྱོར་པ་རྣམས་ཀྱིས་དྲང་བའི་དོན་དང་ངེས་པའི་དོན་གྱིས་རྟོགས་པར་བྱའོ། །འདིར་གཅིག་ལ་ཡང་དངོས་པོ་དང་དངོས་པོ་མེད་པའི་མིང་སྣ་ཚོགས་ཏེ། དེའི་ཕྱིར་དངོས་པོ་གཅིག་ལ་ཡང་མིང་སྣ་ཚོགས་ཀྱིས་བསྟན་པ་ལ་རྣལ་འབྱོར་པ་རྣམས་ཀྱིས་མིང་[ཐ་དད་]གི་[རྗེས་སུ་དོན་ཐ་དད་ཀྱི་]རྣམ་པར་རྟོག་པ་མི་བྱ་སྟེ། [བདེ་གཤེགས་སྙིང་པོ་རོ་གཅིག་སྟོན་པའི་]བླ་མ་དམ་པའི་མན་ངག་གིས་གསེར་བཞིན་དུ་[ལེགས་པར་]ཡོངས་སུ་བརྟགས་ཏེ་དོན་ལ་རྟོན་པ་ལ་བརྟེན་པ་ཉིད་ལས་སོ། །ཞེས་སོགས་དང༌། [གསུངས་རྣམ་པར་དག་པ་ལ་བསྟོད་པར་ཡང༌། སྨྲ་བའི་དམ་པ་ཁྱོད་ཀྱི་བཀའ། །རྣམ་གྲངས་དུ་མ་ཉིད་མཆིས་ཤིང༌། ། ཟློས་བུ་ཡང་ནི་མ་མཆིས་ལ། །སྦྱར་བའི་ལུགས་ཀྱང་རིགས་པ་ལགས། །ཞེས་དང༌།]གཞན་ཡང་མདོ་རྒྱུད་བསྟན་བཅོས་ཤིན་ཏུ་རྣམ་པར་དག་པ་མང་ཞིང་ཆེས་མང་བ་རྣམས་སུ། སྟོང་གཞི་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བ་གནས་ལུགས་ཟབ་མོ་མཐར་ཐུག་པ་དེ་ཉིད་ལྷ་དང་དཀྱིལ་འཁོར་དང་ཡི་གེ་དང་ཕྱག་མཚན་ལ་སོགས་པའི་མིང་གི་ཁྱད་པར་མང་པོ་དང༌། སྤངས་རྟོགས་ཀྱི་ཡོན་ཏན་དཔག་ཏུ་མེད་པ་ཚང་བའི་ཆ་ནས་སྨོས་པའི་མིང་གི་ཁྱད་པར་ཆེས་ཤིན་ཏུ་མང་བ་རྣམས་ཀྱིས་གསུངས་པ་གཞན་དང་གཞན་རྣམས་ནི་འདིར་ཡི་གེ་མང་དུ་དོགས་ནས་མ་བྲིས་མོད་ཀྱི་སྔར་བསྟན་པའི་རིགས་པ་དང་མན་ངག་དེ་ཙམ་གྱིས་ཀྱང་རྟོགས་པར་ནུས་པས། ངེས་དོན་གྱི་གཞུང་ལུགས་དྲི་མ་མེད་པ་གཞན་རྣམས་ཀྱང་རྒྱ་ཆེར་བལྟས་ནས་མིང་དུ་མའི་དོན་རོ་གཅིག་པ་དང༌། རྣམ་པ་དུ་མའི་ངོ་བོ་རོ་གཅིག་པའི་ཆོས་ཉིད་ཟབ་མོ་ཁོང་དུ་ཆུད་པར་བྱས་ཏེ་སྣོད་དུ་རུང་བ་གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པར་བྱའོ། །

རྣམ་གྲངས་ཀྱི་དགོས་པ།

དེ་ལྟར་དོན་གཅིག་ཉིད་མིང་གི་རྣམ་གྲངས་མང་པོས་བཀའ་སྩལ་པ་ལ་དགོས་པ་བརྒྱད་ཡོད་པར། རྣམ་བཤད་རིགས་པ་ལས་གསུངས་ཏེ། ཇི་སྐད་དུ། འདིར་དགོས་པ་གང་ཡིན་ཞེ་ན། དགོས་པ་དག་ནི་བརྒྱད་དེ། རྣམ་གྲངས་གསུངས་པ་ནི་འདུལ་བ་ཐ་དད་པའི་ཕྱིར་ཏེ་དེའི་ཚེ་དང་ཕྱི་མའི་ཚེ་[དོན་]ཁ་ཅིག་[གང་ཟག་]ལ་ལ་ལས་ཁོང་དུ་ཆུད་པར་བྱ་བའི་ཕྱིར་དང༌། དེའི་ཚེ་རྣམ་པར་གཡེངས་[ནས་མ་ངེས་]པ་རྣམས་ལ་བརྗོད་པ་དེ་ཉིད་ཀྱིས་[གསུངས་ན་]ནི་གཞན་དག་གིས་སྨད་པར་འགྱུར་བས་རྣམ་གྲངས་ཀྱིས་དེའི་དོན་བསྟན་པར་བྱ་བའི་ཕྱིར་དང༌། ཡིད་མི་གཞུངས་པ་རྣམས་ལ་ཡང་དང་ཡང་དུ་དེའི་དོན་ཡང་དག་པར་མཚོན་པས་མི་བརྗེད་པར་བྱ་བའི་ཕྱིར་དང༌། དོན་གཅིག་ལ་མིང་དུ་མ་བྱུང་བས་དོན་གཞན་དུ་རྟོག་པ་བསལ་བའི་ཕྱིར་དང༌། [སྐབས་]གཞན་དུ་མིང་དེ་རྣམས་ཀྱིས་དེའི་དོན་ཡང་དག་པར་སྒྲུབ་པའི་ཕྱིར་སྒྲ་ངེས་པར་སྦྱོར་བ་ལྟ་བུ་དང༌། ཆོས་སྒྲོགས་པ་རྣམས་དོན་གྱི་བཤད་སྦྱར་དང་གོ་བར་བྱེད་པ་གཉིས་ལ་ཐབས་མཁས་པ་ཉིད་དུ་སྒྲུབ་པའི་ཕྱིར་དང༌། [སངས་རྒྱས་]ཉིད་ལ་ཆོས་སོ་སོ་ཡང་དག་པར་རིག་པ་མངའ་བར་བསྟན་པའི་ཕྱིར་དང༌། [གདུལ་བྱ་]གཞན་དག་ལ་དེའི་ས་བོན་བསྐྱེད་པའི་ཕྱིར་ཏེ། རྣམ་པར་བཤད་པ་བྱེད་པ་ཐམས་ཅད་ཀྱང་རྣམ་གྲངས་བཤད་པ་དག་གིས་སློབ་མ་རྣམས་ལ་གོ་བར་བྱེད་པས་ན་[མིང་གི་རྣམ་གྲངས་མང་པོ་]དེ་ལྟ་བུའི་རང་བཞིན་ཅན་ལ་ཟློས་པའི་སྐྱོན་དུ་མི་འགྱུར་རོ། །ཞེས་སོ།།

རྣམ་དག་ཆོས་ཉིད་ཀྱི་གཟུགས་ནས་རྣམ་མཁྱེན་གྱི་བར་གསུངས་པས་རང་སྟོང་ལས་གཞན་པའི་དོན་དམ་གྲུབ་ཚུལ་ལ་བཅུ། རྣམ་དག་ཆོས་ཉིད་ཀྱི་གཟུགས་སོགས་མདོར་བསྟན་པ།

དེ་ལྟར་རྣམ་གྲངས་མང་པོ་ཅན་སྟོང་གཞི་དེ་བཞིན་ཉིད་ནི་ཆོས་གློ་བུར་བ་ཐམས་ཅད་ཀྱིས་གདོད་ནས་སྟོང་ཞིང་དབེན་ལ་དག་པའི་གཞི་ཡིན་པ་ཉིད་ཀྱི་ཕྱིར་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་གདོད་ནས་རྣམ་པར་དག་པ་[དང་ཡོངས་སུ་དག་པ་]རྣམས་དང༌། གཟུགས་ནས་སངས་རྒྱས་ཀྱི་ཆོས་ཀྱི་མཐར་ཐུག་པ་ངོ་བོ་ཉིད་གསུམ་དུ་ཕྱེ་ནས་ཚན་པ་གསུམ་དུ་གསུངས་པ་ལས་ཆོས་ཉིད་ཡོངས་གྲུབ་ཀྱི་གཟུགས་སོགས་དང་ཁམས་གསུམ་དང་དུས་གསུམ་ལས་འདས་པའི་གཟུགས་སོགས་ཀྱང་ཡིན་ཏེ། དཔལ་ཀྱེའི་རྡོ་རྗེར། ངེས་པར་དངོས་པོ་ཐམས་ཅད་ཀྱི། །[གདོད་ནས་རང་བཞིན་གྱིས་]དག་པ་དེ་བཞིན་ཉིད་དུ་བརྗོད[དེ་སྤྱིར་བསྟན་པའོ]། །ཕྱི་ནས་[བྱེ་བྲག་ཏུ་བཤད་པ་ནི་གཟུགས་ཀྱི་དེ་བཞིན་ཉིད་སངས་རྒྱས་རྣམ་པར་སྣང་མཛད་ཅེས་པ་ལ་སོགས་པ་]རེ་རེའི་དབྱེ་བ་ཡིས། །ལྷ་རྣམས་ཀྱི་[དག་པ་]ནི་བརྗོད་པར་བྱ། ། ཞེས་གང་གསུངས་པའོ། །དེ་བཞིན་དུ། [དེ་དང་དོན་གཅིག་པར་]རྗེ་བཙུན་བྱམས་མགོན་གྱི་ཞལ་སྔ་ནས་ཀྱང༌། [དྲི་མ་གློ་བུར་བ་བྲལ་བའི་]འབྲས་བུ་དག་པ[གང་ཡིན་པ་དེ་ཉིད་]གཟུགས་ལ་སོགས། །[གདོད་ནས་]དག་པ་ཉིད་དེ་གང་གི་ཕྱིར། །[དག་པ་]དེ་གཉིས་[ངོ་བོ་]ཐ་དད་མ་ཡིན་ཞིང༌། །གཅད་དུ་མེད་པས་[གདོད་ནས་རང་བཞིན་གྱིས་]དག་པར་བརྗོད། །ཅེས་[དག་པ་གཅིག་ལྡན་དང་གཉིས་ལྡན་གྱི་དག་གཞིའི་ངོ་བོ་གཅིག་པར་]གང་གསུངས་པ། རྒྱལ་བའི་ཡུམ་དུ། རབ་འབྱོར་[འགོག་བདེན་གྱི་]གཟུགས་[གདོད་ནས་རང་བཞིན་གྱིས་]རྣམ་པར་དག་པ་གང་ཡིན་པ་དེ་ནི་[དྲི་མ་གློ་བུར་བ་བྲལ་བའི་]འབྲས་བུ་[གདོད་ནས་རང་བཞིན་གྱིས་]རྣམ་པར་དག་པའོ། ། ཞེས་སོགས་[འགོག་བདེན་གྱི་]རྣམ་མཁྱེན་གྱི་བར་དུ་སྦྱར་བ་དང༌། [འགོག་བདེན་གྱི་]གཟུགས་[གདོད་ནས་རང་བཞིན་གྱིས་]ཡོངས་སུ་དག་པ་གང་ཡིན་པ་དེ་ནི་[འགོག་བདེན་གྱི་]ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་[གདོད་ནས་རང་བཞིན་གྱིས་]ཡོངས་སུ་དག་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་[གདོད་ནས་རང་བཞིན་གྱིས་]ཡོངས་སུ་དག་པ་གང་ཡིན་པ་དེ་ནི་[འགོག་བདེན་གྱི་]གཟུགས་[གདོད་ནས་རང་བཞིན་གྱིས་]ཡོངས་སུ་དག་པ་སྟེ། དེ་ལྟར་ན་[འགོག་བདེན་གྱི་]གཟུགས་[གདོད་ནས་རང་བཞིན་གྱིས་]ཡོངས་སུ་དག་པ་དང༌། [འགོག་བདེན་གྱི་]ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་[གདོད་ནས་རང་བཞིན་གྱིས་]ཡོངས་སུ་དག་པ་འདི་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དོ། །ཞེས་སོགས་[འགོག་བདེན་གྱི་]རྣམ་མཁྱེན་གྱི་བར་དུ་སྦྱར་བ་དང༌། དེ་བཞིན་དུ་[ཕྱི་མ་རྣམས་ལ་ཡང་]སྦྱར་ཏེ། [འགོག་བདེན་གྱི་]བདག་[གདོད་ནས་རང་བཞིན་གྱིས་རྣམ་པར་དག་ཅིང་ཡོངས་སུ་དག་པ་]དང༌། [འགོག་བདེན་གྱི་]སེམས་ཅན་[གདོད་ནས་རང་བཞིན་གྱིས་རྣམ་པར་དག་ཅིང་ཡོངས་སུ་དག་པ་]དང༌། [འགོག་བདེན་གྱི་]སྲོག་[གདོད་ནས་རང་བཞིན་གྱིས་རྣམ་པར་དག་ཅིང་ཡོངས་སུ་དག་པ་]དང༌། [འགོག་བདེན་གྱི་]གསོ་བ་[གདོད་ནས་རང་བཞིན་གྱིས་རྣམ་པར་དག་ཅིང་ཡོངས་སུ་དག་པ་]དང༌། [འགོག་བདེན་གྱི་]སྐྱེས་བུ་[གདོད་ནས་རང་བཞིན་གྱིས་རྣམ་པར་དག་ཅིང་ཡོངས་སུ་དག་པ་]དང༌། [འགོག་བདེན་གྱི་]གང་ཟག་[གདོད་ནས་རང་བཞིན་གྱིས་རྣམ་པར་དག་ཅིང་ཡོངས་སུ་དག་པ་]དང༌། [འགོག་བདེན་གྱི་]ཤེད་ཅན་[གདོད་ནས་རང་བཞིན་གྱིས་རྣམ་པར་དག་ཅིང་ཡོངས་སུ་དག་པ་]དང༌། [འགོག་བདེན་གྱི་]ཤེད་བདག་[གདོད་ནས་རང་བཞིན་གྱིས་རྣམ་པར་དག་ཅིང་ཡོངས་སུ་དག་པ་]དང༌། [འགོག་བདེན་གྱི་]བྱེད་པ་པོ་[གདོད་ནས་རང་བཞིན་གྱིས་རྣམ་པར་དག་ཅིང་ཡོངས་སུ་དག་པ་]དང༌། [འགོག་བདེན་གྱི་]ཚོར་བ་པོ་[གདོད་ནས་རང་བཞིན་གྱིས་རྣམ་པར་དག་ཅིང་ཡོངས་སུ་དག་པ་]དང༌། [འགོག་བདེན་གྱི་]ཤེས་པ་པོ་[གདོད་ནས་རང་བཞིན་གྱིས་རྣམ་པར་དག་ཅིང་ཡོངས་སུ་དག་པ་]དང༌། [འགོག་བདེན་གྱི་]མཐོང་བ་པོ་[གདོད་ནས་རང་བཞིན་གྱིས་]རྣམ་པར་དག་པ་དང༌། ཡོངས་སུ་དག་པ་གང་ཡིན་པ་དེ་ནི་[འགོག་བདེན་གྱི་]གཟུགས་[གདོད་ནས་རང་བཞིན་གྱིས་]རྣམ་པར་དག་པ་དང་ཡོངས་སུ་དག་པ་ཞེས་སོགས་[འགོག་བདེན་གྱི་]རྣམ་མཁྱེན་གྱི་བར་དུ་སོ་སོར་སྦྱར་བ་དང༌། [འགོག་བདེན་གྱི་]འདོད་ཆགས་[གདོད་ནས་རང་བཞིན་གྱིས་རྣམ་པར་དག་ཅིང་ཡོངས་སུ་དག་པ་]དང༌། [འགོག་བདེན་གྱི་]ཞེ་སྡང་[གདོད་ནས་རང་བཞིན་གྱིས་རྣམ་པར་དག་ཅིང་ཡོངས་སུ་དག་པ་]དང༌། [འགོག་བདེན་གྱི་]གཏི་མུག་[གདོད་ནས་རང་བཞིན་གྱིས་རྣམ་པར་དག་ཅིང་ཡོངས་སུ་དག་པ་]རྣམ་པར་དག་པ་དང༌། ཡོངས་སུ་དག་པ་གང་ཡིན་པ་དེ་ནི། [འགོག་བདེན་གྱི་]གཟུགས་ནས་[འགོག་བདེན་གྱི་]རྣམ་མཁྱེན་གྱི་བར་དུ་[གདོད་ནས་རང་བཞིན་གྱིས་]རྣམ་པར་དག་པ་དང༌། ཡོངས་སུ་དག་པ་ཞེས་རྒྱས་པར་སོ་སོར་སྦྱར་བ་དང༌། [འགོག་བདེན་གྱི་]མ་རིག་པ་[གདོད་ནས་རང་བཞིན་གྱིས་]རྣམ་པར་དག་པས་[འགོག་བདེན་གྱི་]འདུ་བྱེད་[གདོད་ནས་རང་བཞིན་གྱིས་]རྣམ་པར་དག་པ། [འགོག་བདེན་གྱི་]འདུ་བྱེད་[གདོད་ནས་རང་བཞིན་གྱིས་]རྣམ་པར་དག་པས་[འགོག་བདེན་གྱི་]མ་རིག་པ་[གདོད་ནས་རང་བཞིན་གྱིས་]རྣམ་པར་དག་པ་སྟེ། དེ་ལྟར་ན་ཞེས་སོགས་[འགོག་བདེན་གྱི་]རྣམ་མཁྱེན་གྱི་བར་དུ། སྔ་མ་སྔ་མ་དག་པས་ཕྱི་མ་ཕྱི་མ་དག་ཅིང༌། ཕྱི་མ་ཕྱི་མ་དག་པས་ཀྱང་སྔ་མ་སྔ་མ་དག་པ་རྒྱས་པར་སྦྱར་བ་དང༌། དེ་བཞིན་དུ། [འགོག་བདེན་གྱི་]ཤེར་ཕྱིན་[གདོད་ནས་རང་བཞིན་གྱིས་]རྣམ་པར་དག་པས་[འགོག་བདེན་གྱི་]གཟུགས་[གདོད་ནས་རང་བཞིན་གྱིས་]རྣམ་པར་དག་པ། [འགོག་བདེན་གྱི་]གཟུགས་[གདོད་ནས་རང་བཞིན་གྱིས་]རྣམ་པར་དག་པས་[འགོག་བདེན་གྱི་]རྣམ་པ་ཐམས་ཅད་མཁྱེན་པ་ཉིད་[གདོད་ནས་རང་བཞིན་གྱིས་]རྣམ་པར་དག་པ་སྟེ། དེ་ལྟར་ན་ཞེས་སོགས་[འགོག་བདེན་གྱི་]ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་བར་དུ་སྦྱར་བ་དང༌། དེ་བཞིན་དུ། [འགོག་བདེན་གྱི་]བསམ་གཏན་གྱི་ཕར་ཕྱིན་ལ་སོགས་པ་ནས་[འགོག་བདེན་གྱི་]རྣམ་མཁྱེན་གྱི་བར་དུ་[གདོད་ནས་རང་བཞིན་གྱིས་]རྣམ་པར་དག་པས་[འགོག་བདེན་གྱི་]གཟུགས་ནས་[འགོག་བདེན་གྱི་]ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་བར་དུ་[གདོད་ནས་རང་བཞིན་གྱིས་]རྣམ་པར་དག་པ། [འགོག་བདེན་གྱི་]ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་[གདོད་ནས་རང་བཞིན་གྱིས་]རྣམ་པར་དག་པས་[འགོག་བདེན་གྱི་]རྣམ་པ་ཐམས་ཅད་མཁྱེན་པ་ཉིད་[གདོད་ནས་རང་བཞིན་གྱིས་]རྣམ་པར་དག་པ་སྟེ། དེ་ལྟར་ན་ཞེས་སོགས་རྒྱས་པར་སོ་སོར་སྦྱར་བ་དང༌། དེ་བཞིན་དུ། [འགོག་བདེན་གྱི་]རྣམ་པ་ཐམས་ཅད་མཁྱེན་པ་ཉིད་[གདོད་ནས་རང་བཞིན་གྱིས་]རྣམ་པར་དག་པས་[འགོག་བདེན་གྱི་]གཟུགས་[གདོད་ནས་རང་བཞིན་གྱིས་]རྣམ་པར་དག་པ། [འགོག་བདེན་གྱི་]གཟུགས་[གདོད་ནས་རང་བཞིན་གྱིས་]རྣམ་པར་དག་པས་[འགོག་བདེན་གྱི་]ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་[གདོད་ནས་རང་བཞིན་གྱིས་]རྣམ་པར་དག་པ་སྟེ། དེ་ལྟར་ན་ཞེས་སོགས་[འགོག་བདེན་གྱི་]ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་བར་དང༌། [འགོག་བདེན་གྱི་]སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་བར་ལ་རྒྱས་པར་སྦྱར་བ་དང༌། གཞན་ཡང༌། [འགོག་བདེན་གྱི་]འདུས་བྱས་[གདོད་ནས་རང་བཞིན་གྱིས་]རྣམ་པར་དག་པས་[འགོག་བདེན་གྱི་]འདུས་མ་བྱས་[གདོད་ནས་རང་བཞིན་གྱིས་]རྣམ་པར་དག་པ་སྟེ། དེ་ལྟར་ན་[འགོག་བདེན་གྱི་]འདུས་བྱས་[གདོད་ནས་རང་བཞིན་གྱིས་]རྣམ་པར་དག་པ་དང༌། [འགོག་བདེན་གྱི་]འདུས་མ་བྱས་[གདོད་ནས་རང་བཞིན་གྱིས་]རྣམ་པར་དག་འདི་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དོ། །ཞེས་དང༌། དེ་བཞིན་དུ། [འགོག་བདེན་གྱི་]འདས་པ་[གདོད་ནས་རང་བཞིན་གྱིས་]རྣམ་པར་དག་པས་[འགོག་བདེན་གྱི་]མ་འོངས་པ་དང་[འགོག་བདེན་གྱི་]ད་ལྟར་བྱུང་བ་[གདོད་ནས་རང་བཞིན་གྱིས་]རྣམ་པར་དག་པ་སྟེ། དེ་ལྟར་ན་ཞེས་སོགས་དང༌། [འགོག་བདེན་གྱི་]མ་འོངས་པ་[གདོད་ནས་རང་བཞིན་གྱིས་]རྣམ་པར་དག་པས་[འགོག་བདེན་གྱི་]འདས་པ་དང་[འགོག་བདེན་གྱི་]ད་ལྟར་བྱུང་བ་[གདོད་ནས་རང་བཞིན་གྱིས་]རྣམ་པར་དག་པ་སྟེ། ཞེས་སོགས་དང༌། [འགོག་བདེན་གྱི་]ད་ལྟར་བྱུང་བ་[གདོད་ནས་རང་བཞིན་གྱིས་]རྣམ་པར་དག་པས་[འགོག་བདེན་གྱི་]འདས་པ་དང་[འགོག་བདེན་གྱི་]མ་འོངས་པ་[གདོད་ནས་རང་བཞིན་གྱིས་]རྣམ་པར་དག་པ་སྟེ། དེ་ལྟར་ན་ཞེས་སོགས་སྦྱར་བ་གསུངས་ཤིང༌། དེ་བཞིན་དུ་[འགོག་བདེན་གྱི་]གཟུགས[གདོད་ནས་རང་བཞིན་གྱིས་]རྣམ་པར་དག་པའི་ཕྱིར་[གདོད་ནས་རང་བཞིན་གྱིས་]རྣམ་པར་དག་པ་ཟབ་པོ་ཞེས་པ་ནས་[འགོག་བདེན་གྱི་]རྣམ་མཁྱེན་གྱི་བར་དུ་སྦྱར་བ་དང༌། [འགོག་བདེན་གྱི་]ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་[གདོད་ནས་རང་བཞིན་གྱིས་]རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །ཞེས་པ་ནས། [འགོག་བདེན་གྱི་]བསམ་གཏན་གྱི་ཕར་ཕྱིན་ལ་སོགས་པ་[འགོག་བདེན་གྱི་]རྣམ་མཁྱེན་གྱི་བར་དུ་སྦྱར་བ་དང༌། [འགོག་བདེན་གྱི་]གཟུགས་ལ་[གདོད་ནས་རང་བཞིན་གྱིས་]འཕོ་བ་མེད་ཅིང་ཉིང་མཚམས་སྦྱོར་བ་མེད་པ་ནི་རྣམ་པར་དག་པའོ་ཞེས་པ་ནས་[འགོག་བདེན་གྱི་]རྣམ་མཁྱེན་གྱི་བར་དུ་སྦྱར་བ་དང༌། [འགོག་བདེན་གྱི་]གཟུགས་རང་བཞིན་གྱིས་འོད་གསལ་བའི་ཕྱིར་རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་[གདོད་ནས་རང་བཞིན་གྱིས་]མེད་པའོ།།ཞེས་པ་ནས་[འགོག་བདེན་གྱི་]རྣམ་མཁྱེན་གྱི་བར་དུ་སྦྱར་བ་དང༌། [འགོག་བདེན་གྱི་]གཟུགས་[ལ་ཐོབ་བྱ་ཐོབ་བྱེད་ངོ་བོ་གཉིས་ཀྱི་ཚུལ་དུ་]ཐོབ་པར་བྱ་བ་མེད་པ་དང་[རྟོགས་བྱ་རྟོགས་བྱེད་ངོ་བོ་ཐ་དད་ཀྱི་ཚུལ་དུ་]མངོན་པར་རྟོགས་པར་བྱ་བ་[གདོད་ནས་རང་བཞིན་གྱིས་]མེད་པ་ནི་རྣམ་པར་དག་པའོ། །ཞེས་པ་ནས་[འགོག་བདེན་གྱི་]རྣམ་མཁྱེན་གྱི་བར་དུ་སྦྱར་བ་དང༌། [ཀུན་རྫོབ་ཀྱི་]གཟུགས་[གདོད་ནས་རང་བཞིན་གྱིས་]མངོན་པར་མ་གྲུབ་པ[འི་གཞི་]ནི་[གཟུགས་]རྣམ་པར་དག་པའོ། །ཞེས་པ་ནས་[ཀུན་རྫོབ་ཀྱི་]རྣམ་མཁྱེན་གྱི་བར་དུ་སྦྱར་བ་གསུངས་ནས། ཡང་བཀའ་སྩལ་པ། རབ་འབྱོར་[གདོད་ནས་རང་བཞིན་གྱིས་]ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཏེ། [གང་ཟག་དང་ཆོས་ཀྱི་]བདག་[གདོད་ནས་རང་བཞིན་གྱིས་]མེད་པའི་ཕྱིར་[ཀུན་རྫོབ་ཀྱི་]གཟུགས་[གདོད་ནས་རང་བཞིན་གྱིས་]མེད་པ[འི་གཞི་]ནི་ཤིན་ཏུ་རྣམ་པར་དག་པའོ། །ཞེས་པ་ལ་སོགས་པ་རབ་ཏུ་རྒྱས་སོ། །དེ་ལ་རྣམ་པར་དག་པ་ནི་གཉིས་ཏེ། [ལམ་ལ་མི་ལྟོས་པར་]རང་བཞིན་གྱིས་གདོད་ནས་དག་པ་དང༌། དྲི་མ་གློ་བུར་བ[ལམ་གྱི་བཅོམ་ན]ས་དག་པའོ། །གདོད་ནས་རང་བཞིན་གྱིས་དག་པ་ལ་ཡང༌། གང་གིས་དག་པ་ནི་ཀུན་བརྟགས་གཞན་དབང་གང་ཡིན་པ་ཀུན་རྫོབ་ཀྱི་གཟུགས་ལ་སོགས་པས་དག་པ་སྟེ། ཆོས་དེ་རྣམས་ནི་གཤིས་ཀྱི་གནས་ལུགས་ལ་མོ་ཤམ་གྱི་བུ་ལྟར་གཏན་ནས་མེད་ཅིང་[སྣང་བ་ཙམ་དུ་ཡང་]མ་གྲུབ་པའི་ཕྱིར་རོ། །དེ་རྣམས་ཀྱིས་དག་པའི་གཞི། དོན་དམ་ཆོས་ཉིད་ཀྱི་གཟུགས་ལ་སོགས་པ་ནི་ནམ་ཡང་མེད་པ་མ་ཡིན་ཏེ། ཀུན་རྫོབ་ཀྱི་དེ་བཞིན་གཤེགས་པ་རྣམས་འཇིག་རྟེན་དུ་བྱོན་ཡང་རུང་མ་བྱོན་ཡང་རུང་འགྲོ་བ་རྣམས་ཀྱིས་རིག་ཀྱང་རུང་མ་རིག་ཀྱང་རུང་སྟེ། དེ་རྣམས་ནི་རྣམ་པར་དག་པའི་གཟུགས་ལ་སོགས་པར་རྟག་ཏུ་བཞུགས་ཤིང༌། དེ་ཡང་དོན་དམ་ཡེ་ཤེས་ཀྱི་ལྷ་ཚོགས་[མཁའ་ཁྱབ་]རྣམས་སུ་བཞུགས་པའི་ཕྱིར་རོ། །

དེ་རྣམས་སྔགས་དང་སྦྱར་ནས་རྒྱས་པར་བཤད་པ་ལ་བཅོ་བརྒྱད། རྣམ་དག་ཆོས་ཉིད་ཀྱི་ཕུང་པོ་རྣམས་རྒྱལ་བ་ལྔ་དང་ཡེ་ཤཻས་ལྔར་རྟག་ཏུ་བཞུགས་ཚུལ།

དེ་ལ་རྣམ་པར་དག་པའི་གཞི་གཟུགས་ཀྱི་ཕུང་པོ་[གདོད་ནས་རང་བཞིན་གྱིས་]རྣམ་པར་དག་པའམ།[གདོད་ནས་རང་བཞིན་གྱིས་]རྣམ་པར་དག་པའི་གཟུགས་ཀྱི་ཕུང་པོ་[མཁའ་ཁྱབ་]གང་ཡིན་པ་དེ་ནི་དོན་དམ་ཡེ་ཤེས་ཀྱི་[མཁའ་ཁྱབ་]ལྷ་རྣམ་པར་སྣང་མཛད་[ཡིན་]དེ་[དེ་ཡང་]མེ་ལོང་ཡེ་ཤེས་སོ། །[དེ་ལྟར་གཤིས་ལ་གནས་པའི་ཆོས་ཉིད་ལ་སྤངས་རྟོགས་རང་བཞིན་པ་ཚང་ཞིང༌། ཚོགས་གཉིས་རང་བཞིན་པ་གདོད་ནས་རྫོགས་པའི་ཕྱིར་དང་པོའི་སངས་རྒྱས་ཏེ། དེ་ནམ་ཡང་གང་ནའང་ཁྱབ་པར་བཞུགས་ཀྱང་རླུང་སེམས་མ་འགགས་པ་རྣམས་ཀྱིས་མ་ཐོབ་པས་དེ་ཐོབ་པ་ལ་རླུང་སེམས་ཀྱི་རྒྱུན་འདི་ངེས་པར་འགག་དགོས་སོ། །ཕྱི་མ་རྣམས་སུ་ཡང་]དེ་བཞིན་དུ་[དྲན་དགོས་སོ། །གདོད་ནས་རང་བཞིན་གྱིས་]རྣམ་པར་དག་པའི་ཚོར་བ་[མཁའ་ཁྱབ་]དང༌། འདུ་ཤེས་[མཁའ་ཁྱབ་]དང༌། འདུ་བྱེད་[མཁའ་ཁྱབ་]དང༌། རྣམ་པར་ཤེས་པའི་ཕུང་པོ་[མཁའ་ཁྱབ་]རྣམས་ཀྱང་[གྲངས་བཞིན་དུ་རང་བྱུང་ཡེ་ཤེས་དོན་དམ་གྱི་ལྷ་]རིན་ཆེན་འབྱུང་ལྡན་[མཁའ་ཁྱབ་]དང༌། སྣང་བ་མཐའ་ཡས་[མཁའ་ཁྱབ་]དང༌། དོན་ཡོད་གྲུབ་པ་[མཁའ་ཁྱབ་]དང༌། མི་བསྐྱོད་པ་[མཁའ་ཁྱབ་]རྣམས་[ཡིན་]ཏེ། [དེ་རྣམས་ཀྱང་རིམ་པ་ལྟར་]མཉམ་པ་ཉིད་[མཁའ་ཁྱབ་]དང༌། སོ་སོར་རྟོག་པ་[མཁའ་ཁྱབ་]དང༌། བྱ་བ་གྲུབ་པ་[མཁའ་ཁྱབ་]དང༌། ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་[མཁའ་ཁྱབ་]རྣམས་སོ། །ཡང་དེ་རྣམས་ཉིད། [གདོད་ནས་དག་པའི་]གཟུགས་ཕུང་[ནི་]རྡོ་རྗེ་མ་[མཁའ་ཁྱབ་]ཡིན་ཏེ། །[གདོད་ནས་དག་པའི་]ཚོར་བ་ལ་ཡང་[མཁའ་ཁྱབ་]དཀར་མོར་བརྗོད། །[གདོད་ནས་དག་པའི་]འདུ་ཤེས་ཆུ་ཡི་རྣལ་འབྱོར་མ[མཁའ་ཁྱབ]། །[གདོད་ནས་དག་པའི་]འདུ་བྱེད་རྡོ་རྗེ་མཁའ་འགྲོ་མ[མཁའ་ཁྱབ]། །[གདོད་ནས་དག་པའི་]རྣམ་ཤེས་ཕུང་པོའི་ཚུལ་གྱིས་ནི། །བདག་མེད་རྣལ་འབྱོར་མ་[མཁའ་ཁྱབ་]གནས་སོ། །ཞེས་[ཀྱེའི་རྡོ་རྗེར་]གསུངས་པ་དང་ཡང་དོན་གཅིག་སྟེ། [དེ་ཡང་མཚན་བརྗོད་དུ་གསུངས་པའི་]རྣམ་དག་ཕུང་པོ་ལྔ་[མཁའ་ཁྱབ་]འཆང་བའོ། །

རྣམ་དག་ཆོས་ཉིད་ཀྱི་དབང་པོ་རྣམས་དོན་དམ་གྱི་རྒྱལ་སྲས་རྣམས་སུ་བཞུགས་ཚུལ།

དེ་བཞིན་དུ་[གདོད་ནས་རང་བཞིན་གྱིས་]རྣམ་པར་དག་པའི་མིག་[མཁའ་ཁྱབ་]དང༌། རྣ་བ་[མཁའ་ཁྱབ་]དང༌། སྣ་[མཁའ་ཁྱབ་]དང༌། ལྕེ་[མཁའ་ཁྱབ་]དང༌། ལུས་[མཁའ་ཁྱབ་]དང༌། ཡིད་[མཁའ་ཁྱབ་]ནི་དོན་དམ་ཡེ་ཤེས་ཀྱི་ལྷ་སའི་སྙིང་པོ་[མཁའ་ཁྱབ་]དང༌། ཕྱག་ན་རྡོ་རྗེ་[མཁའ་ཁྱབ་]དང༌། ནམ་མཁའི་སྙིང་པོ་[མཁའ་ཁྱབ་]དང༌། འཇིག་རྟེན་དབང་ཕྱུག་[མཁའ་ཁྱབ་]དང༌། སྒྲིབ་པ་རྣམ་སེལ་[མཁའ་ཁྱབ་]དང༌།ཀུན་ཏུ་བཟང་པོ་[མཁའ་ཁྱབ་]སྟེ། [དེ་རྣམས་ཉིད་དུ་]གཏི་མུག་རྡོ་རྗེ་མ་[མཁའ་ཁྱབ་]དང༌། ཞེ་སྡང་རྡོ་རྗེ་མ་[མཁའ་ཁྱབ་]དང༌། སེར་སྣ་རྡོ་རྗེ་མ་[མཁའ་ཁྱབ་]དང༌། འདོད་ཆགས་རྡོ་རྗེ་མ་[མཁའ་ཁྱབ་]དང༌། ཕྲག་དོག་རྡོ་རྗེ་མ་[མཁའ་ཁྱབ་]དང༌། བདག་མེད་རྣལ་འབྱོར་མ་[མཁའ་ཁྱབ་]རྣམས་སོ། །

རྣམ་དག་ཆོས་ཉིད་ཀྱི་ཡུལ་དྲུག་པོ་དོན་དམ་གྱི་སེམས་མ་རྣམས་སུ་བཞུགས་ཚུལ།

དེ་བཞིན་དུ་[གདོད་ནས་རང་བཞིན་གྱིས་]རྣམ་པར་དག་པའི་གཟུགས་[མཁའ་ཁྱབ་]དང༌། སྒྲ་[མཁའ་ཁྱབ་]དང༌། དྲི་[མཁའ་ཁྱབ་]དང༌། རོ་[མཁའ་ཁྱབ་]དང༌། རེག་བྱ་[མཁའ་ཁྱབ་]དང༌། ཆོས་ཀྱི་ཁམས་[མཁའ་ཁྱབ་]ནི་གཟུགས་རྡོ་རྗེ་མ་[མཁའ་ཁྱབ་]དང༌། སྒྲ་རྡོ་རྗེ་མ་[མཁའ་ཁྱབ་]དང༌། དྲི་རྡོ་རྗེ་མ་[མཁའ་ཁྱབ་]དང༌། རོ་རྡོ་རྗེ་མ་[མཁའ་ཁྱབ་]དང༌། རེག་བྱ་རྡོ་རྗེ་མ་[མཁའ་ཁྱབ་]དང༌། ཆོས་ཀྱི་ཁམས་ཀྱི་རྡོ་རྗེ་མ་[མཁའ་ཁྱབ་]སྟེ། [དེ་ཡང་]རྡོ་རྗེའི་གཟུགས་[དང་རྡོ་རྗེའི་སྒྲ་]ལ་སོགས་པ་དྲུག་གོ །ཡང་དེ་རྣམས་ཉིད།[དོན་དམ་གྱི་]གཟུགས་ལ་དཀར་མོར་རྟག་ཏུ་བཤད། །[དོན་དམ་གྱི་]སྒྲ་ལ་ཆོམ་རྐུན་མར་རབ་གྲགས། །[དོན་དམ་གྱི་]དྲི་ཡི་ཆ་ལ་རོ་ལངས་མ[མཁའ་ཁྱབ་]། །[དོན་དམ་གྱི་]རོ་ལ་གྷས་མ་རི་རབ་གྲགས། །[དོན་དམ་གྱི་]རེག་ལ་ས་སྤྱོད་མ་[མཁའ་ཁྱབ་]ཞེས་བཤད། །[དོན་དམ་གྱི་]ཆོས་ཀྱི་དབྱིངས་[དེ་འདིར་ཁམས་སུ་བསྒྱུར་བ་ལེགས་པ་]ལ་མཁའ་སྤྱོད་མ[མཁའ་ཁྱབ]། །ཞེས་[ཀྱེའི་རྡོར་]གསུངས་པ་དང་ཡང་དོན་གཅིག་གོ །

རྣམ་དག་ཆོས་ཉིད་ཀྱི་ཕུང་པོ་སུམ་ཅུ་རྩ་དྲུག་དོན་དམ་གྱི་རྒྱལ་བ་རྣམས་སུ་བཞུགས་ཚུལ།

དེ་བཞིན་དུ་གདོད་ནས་[རང་བཞིན་གྱིས་]དག་པའི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་རྣམ་ཤེས་དྲུག་ནི་སའི་སྙིང་པོའི་མི་བསྐྱོད་པ་[མཁའ་ཁྱབ་]དང༌། ཕྱག་ན་རྡོ་རྗེའི་མི་བསྐྱོད་པ་[མཁའ་ཁྱབ་]དང༌། ནམ་མཁའི་སྙིང་པོའི་མི་བསྐྱོད་པ་[མཁའ་ཁྱབ་]དང༌། འཇིག་རྟེན་དབང་ཕྱུག་གི་མི་བསྐྱོད་པ་[མཁའ་ཁྱབ་]དང༌། སྒྲིབ་པ་རྣམ་སེལ་གྱི་མི་བསྐྱོད་པ་[མཁའ་ཁྱབ་]དང༌། ཀུན་ཏུ་བཟང་པོའི་མི་བསྐྱོད་པ་[མཁའ་ཁྱབ་]སྟེ་རྡོ་རྗེའི་དབང་པོ་དྲུག་གིས་ཕྱེ་བའི་རྣམ་ཤེས་གཞན་རྡོ་རྗེའི་རྣམ་ཤེས་དྲུག་གོ །དེ་བཞིན་དུ་[གདོད་ནས་རང་བཞིན་གྱིས་]རྣམ་པར་དག་པའི་མིག་གི་འདུས་ཏེ་རེག་པ་ལ་སོགས་པ་རེག་པ་[གཞན་]དྲུག་ནི་དོན་དམ་པའི་འདུ་བྱེད་ཀྱི་ཕུང་པོར་འདུ་སྟེ། ཀུན་རྫོབ་ཀྱི་རེག་པ་དྲུག་པོ་ཀུན་རྫོབ་ཀྱི་འདུ་བྱེད་ཀྱི་ཕུང་པོར་འདུ་བ་ཇི་ལྟ་བ་བཞིན་ནོ། །གདོད་ནས་[རང་བཞིན་གྱིས་]རྣམ་པར་དག་པའི་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལ་སོགས་པ་ཚོར་བ་དྲུག་ནི་སའི་སྙིང་པོའི་རིན་ཆེན་འབྱུང་ལྡན་[མཁའ་ཁྱབ་]དང༌། ཕྱག་ན་རྡོ་རྗེའི་རིན་ཆེན་འབྱུང་ལྡན་[མཁའ་ཁྱབ་]དང༌། ནམ་མཁའི་སྙིང་པོའི་རིན་ཆེན་འབྱུང་ལྡན་[མཁའ་ཁྱབ་]དང༌། འཇིག་རྟེན་དབང་ཕྱུག་གི་རིན་ཆེན་འབྱུང་ལྡན་[མཁའ་ཁྱབ་]དང༌། སྒྲིབ་པ་རྣམ་སེལ་གྱི་རིན་ཆེན་འབྱུང་ལྡན་[མཁའ་ཁྱབ་]དང༌། ཀུན་ཏུ་བཟང་པོའི་རིན་ཆེན་འབྱུང་ལྡན་[མཁའ་ཁྱབ་]ཏེ། ཚོར་བ་གཞན་རྡོ་རྗེའི་ཚོར་བ་དྲུག་གོ །དེ་བཞིན་དུ། བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་གི་ཞལ་སྔ་ནས། [དོན་དམ་གྱི་]ཕུང་པོ་དྲུག་[དོན་དམ་གྱི་]དབང་པོ་དྲུག་གི་དབྱེ་བས་[དོན་དམ་གྱི་]ཕུང་པོ་སུམ་ཅུ་རྩ་དྲུག་ཏུ་འགྱུར་བ་འདི་ལྟ་སྟེ། [དོན་དམ་གྱི་]རྣ་བའི་རྣམ་པར་ཤེས་པ་ལ་སོགས་པ་[དོན་དམ་གྱི་]རྣམ་པར་ཤེས་པ་དྲུག་དང༌། དེ་བཞིན་དུ་[དོན་དམ་གྱི་]འདུ་བྱེད་དྲུག་དང༌། [དོན་དམ་གྱི་]ཚོར་བ་དྲུག་དང༌། [དོན་དམ་གྱི་]འདུ་ཤེས་དྲུག་དང༌། [དོན་དམ་གྱི་]གཟུགས་ཀྱི་ཕུང་པོ་དྲུག་དང༌། [དོན་དམ་གྱི་]ཡེ་ཤེས་ཀྱི་ཕུང་པོ་དྲུག་ནི་[དོན་དམ་གྱི་]ཕུང་པོའི་རྣམ་པར་འགྱུར་བའོ། །ཞེས་ཕྱི་ནང་ཀུན་རྫོབ་ཀྱི་ཆོས་[འདི་]ལས་གཞན་དོན་དམ་ཆོས་ཉིད་ཀྱི་ཕུང་པོ་སུམ་ཅུ་རྩ་དྲུག་གསུངས་པའི་ཕྱིར་ངོ་བོ་ཉིད་ཀྱིས་དག་པའི་མིག་གི་འདུ་ཤེས་[མཁའ་ཁྱབ་]དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ཀྱི་འདུ་ཤེས་[མཁའ་ཁྱབ་]རྣམས་ནི་སའི་སྙིང་པོའི་འོད་དཔག་མེད་[མཁའ་ཁྱབ་]དང༌། ཕྱག་ན་རྡོ་རྗེ་[མཁའ་ཁྱབ་]དང༌། ནམ་མཁའི་སྙིང་པོ་[མཁའ་ཁྱབ་]དང༌། འཇིག་རྟེན་དབང་ཕྱུག་[མཁའ་ཁྱབ་]དང༌། སྒྲིབ་པ་རྣམ་སེལ་[མཁའ་ཁྱབ་]དང༌། ཀུན་ཏུ་བཟང་པོ་[མཁའ་ཁྱབ་]རྣམས་ཀྱི་འོད་དཔག་མེད་[མཁའ་ཁྱབ་]དེ་འདུ་ཤེས་གཞན་རྡོ་རྗེའི་འདུ་ཤེས་དྲུག་གོ །དེ་བཞིན་དུ་ངོ་བོ་ཉིད་ཀྱིས་རྣམ་པར་དག་པའི་མིག་གི་འདུ་བྱེད་[མཁའ་ཁྱབ་]དང༌། རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱི་འདུ་བྱེད་[མཁའ་ཁྱབ་]རྣམས་ནི། སའི་སྙིང་པོའི་དོན་ཡོད་གྲུབ་པ་[མཁའ་ཁྱབ་]དང༌། ཕྱག་ན་རྡོ་རྗེ་[མཁའ་ཁྱབ་]དང༌། ནམ་མཁའི་སྙིང་པོ་[མཁའ་ཁྱབ་]དང༌། འཇིག་རྟེན་དབང་ཕྱུག་[མཁའ་ཁྱབ་]དང༌། སྒྲིབ་པ་རྣམ་སེལ་[མཁའ་ཁྱབ་]དང༌། ཀུན་ཏུ་བཟང་པོའི་དོན་ཡོད་གྲུབ་པ་[མཁའ་ཁྱབ་]སྟེ་འདུ་བྱེད་གཞན་རྡོ་རྗེའི་འདུ་བྱེད་དྲུག་གོ །དེ་བཞིན་དུ་རང་བཞིན་གྱིས་རྣམ་པར་དག་པའི་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་[མཁའ་ཁྱབ་]རྣམས་ཀྱི་གཟུགས་[མཁའ་ཁྱབ་]ནི་སའི་སྙིང་པོའི་རྣམ་པར་སྣང་མཛད་[མཁའ་ཁྱབ་]དང༌། ཕྱག་ན་རྡོ་རྗེ་[མཁའ་ཁྱབ་]དང༌། ནམ་མཁའི་སྙིང་པོ་[མཁའ་ཁྱབ་]དང༌། འཇིག་རྟེན་དབང་ཕྱུག་[མཁའ་ཁྱབ་]དང༌། སྒྲིབ་པ་རྣམ་སེལ་[མཁའ་ཁྱབ་]དང༌། ཀུན་ཏུ་བཟང་པོ་[མཁའ་ཁྱབ་]རྣམས་ཀྱི་རྣམ་པར་སྣང་མཛད་[མཁའ་ཁྱབ་]དེ། གཟུགས་ཀྱི་ཕུང་པོ་གཞན་རྡོ་རྗེའི་གཟུགས་ཀྱི་ཕུང་པོ་དྲུག་གོ །དེ་བཞིན་དུ་གདོད་ནས་རྣམ་པར་དག་པའི་མིག་གི་ཡེ་ཤེས་[མཁའ་ཁྱབ་]དང༌། རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱི་ཡེ་ཤེས་[མཁའ་ཁྱབ་]རྣམས་ནི་སའི་སྙིང་པོའི་རྡོ་རྗེ་སེམས་དཔའ་[མཁའ་ཁྱབ་]དང༌། ཕྱག་ན་རྡོ་རྗེ་དང༌། ནམ་མཁའི་སྙིང་པོ་དང༌། འཇིག་རྟེན་དབང་ཕྱུག་དང༌། སྒྲིབ་པ་རྣམ་སེལ་དང༌། ཀུན་ཏུ་བཟང་པོ་རྣམས་ཀྱི་རྡོ་རྗེ་སེམས་དཔའ་[མཁའ་ཁྱབ་]སྟེ་ཡེ་ཤེས་གཞན་རྡོ་རྗེའི་ཡེ་ཤེས་ཀྱི་ཕུང་པོ་དྲུག་གོ །དེ་ལྟར་གདོད་མ་ཉིད་ནས་རྣམ་པར་དག་པའི་འདུ་ཤེས་དྲུག་དང་འདུ་བྱེད་དྲུག་དང༌། གཟུགས་དྲུག་དང༌། ཡེ་ཤེས་དྲུག་ནི་གསུང་རབ་གཞན་དང་གཞན་དུ་གསུངས་པ་སྟེ། སྐབས་འདིར་ནི་ཞར་ལ་རྣམ་པར་འཕྲོས་པའོ། །

རྣམ་དག་ཆོས་ཉིད་ཀྱི་ཁམས་དྲུག་པོ་དོན་དམ་གྱི་དེ་བཞིན་གཤེགས་མ་དྲུག་ཏུ་བཞུགས་ཚུལ།

ད་ནི་སྔར་འཆད་བཞིན་པའི་འདྲེས་རྐང་གི་འཚམས་ལ་འཇུག་པར་བྱ་སྟེ། རང་བཞིན་གྱིས་རྣམ་པར་དག་པའི་སའི་ཁམས་[མཁའ་ཁྱབ་]གང་ཡིན་པ་དེ་ནི་སངས་རྒྱས་སྤྱན་མ་[མཁའ་ཁྱབ་]སྟེ། དེ་བཞིན་དུ་[གདོད་ནས་དག་པའི་]ཆུ་[མཁའ་ཁྱབ་]དང་[གདོད་ནས་དག་པའི་]མེ་[མཁའ་ཁྱབ་]དང་[གདོད་ནས་དག་པའི་]རླུང་[མཁའ་ཁྱབ་]དང༌། [གདོད་ནས་དག་པའི་]ནམ་མཁའ་[མཁའ་ཁྱབ་]དང༌།[གདོད་ནས་དག་པའི་]རྣམ་པར་ཤེས་པའི་ཁམས་[མཁའ་ཁྱབ་]རྣམས་ཀྱང༌། མཱ་མ་ཀཱི་[མཁའ་ཁྱབ་]དང༌། གོས་དཀར་མོ་[མཁའ་ཁྱབ་]དང༌། སྒྲོལ་མ་[མཁའ་ཁྱབ་]དང༌། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་[མཁའ་ཁྱབ་]དང༌། སྣ་ཚོགས་ཡུམ་[མཁའ་ཁྱབ་]རྣམས་སོ། །ཡང་དང་པོ་བཞི་ནི། ཀྱེའི་རྡོ་རྗེར། [གདོད་ནས་དག་པའི་]ས་ནི་པུཀྐ་སི་[མཁའ་ཁྱབ་]ཞེས་བཤད། །[གདོད་ནས་དག་པའི་]ཆུ་ཁམས་[ནི་]རྔོན་པ་མོ་[མཁའ་ཁྱབ་]ཞེས་བརྗོད། །[གདོད་ནས་དག་པའི་]མེ་ནི་[མཁའ་ཁྱབ་]གཏུམ་མོར་ཤེས་པར་བྱ། །[གདོད་ནས་དག་པའི་]རླུང་ནི་[མཁའ་ཁྱབ་]གཡུང་མོར་རབ་ཏུ་གྲགས། །ཞེས་གསུངས་པ་དང་ཡང་དོན་གཅིག་གོ །དེ་ལྟར་ཀུན་བརྟགས་གཞན་དབང་གི་ཕུང་པོ་ཁམས་སོགས་ཀྱིས་[གདོད་ནས་རང་བཞིན་གྱིས་]སྟོང་པའྀ་གཞི་གང་ཡིན་པ། ཆོས་ཉིད་ཡོངས་གྲུབ་ཀྱི་ཕུང་པོ་ཁམས་སོགས་རྣམས་ནི་གདོད་ནས་རྣམ་པར་དག་པ་དང༌། ཡོངས་སུ་དག་པའི་ཕུང་པོ་ཁམས་སོགས་རྣམས་[ཏེ་དེ་ཡང་རང་བྱུང་ཡེ་ཤེས་དོན་དམ་གྱི་ལྷ་ཚོགས་རྣམས་]སོ། །

རྣམ་དག་ཆོས་ཉིད་ཀྱི་ཡན་ལག་བཅུ་གཉིས་དོན་དམ་གྱི་ས་དང་བདེན་དོན་བཅུ་གཉིས་ལ་སོགས་པར་བཞུགས་ཚུལ།

དེ་བཞིན་དུ་ཀུན་བརྟགས་[དང་]གཞན་དབང་དུ་གཏོགས་པ་ཀུན་རྫོབ་ཀྱི་མ་རིག་པ་ལ་སོགས་པས་[གདོད་ནས་རང་བཞིན་གྱིས་]རྣམ་པར་དག་པའི་གཞི་གང་ཡིན་པ་དོན་དམ་ཆོས་ཉིད་ཀྱི་མ་རིག་པ་ལ་སོགས་པ་བཅུ་གཉིས་ནི་བདེན་པའི་དོན་རྣམ་པ་བཅུ་གཉིས་[དང༌། མ་རིག་པ་གཞན་ནས་རྒ་ཤི་གཞན་གྱི་བར་ཡིན་]ཏེ། དོན་དམ་པའི་ས་བཅུ་གཉིས་དང༌། གནས་ལ་སོགས་པ་བཅུ་གཉིས་དང། སྐུ་བཞིའི་ངོ་བོ་རྡོ་རྗེ་བཞིའི་ཡོན་ཏན་དང་ཞལ་བཅུ་གཉིས་ལ་སོགས་པའོ། །དེ་ཡང༌། དཔལ་ལྡན་དྲི་མ་མེད་པའི་འོད་ལས། བདེན་པ་བཅུ་གཉིས་ནི། མ་རིག་པ་[གཞན་]དང༌། འདུ་བྱེད་[གཞན་]དང༌། རྣམ་པར་ཤེས་པ་[གཞན་]དང༌། མིང་[གཞན་]དང༌། གཟུགས་[གཞན་]དང༌། སྐྱེ་མཆེད་དྲུག་[གཞན་]དང༌། རེག་པ་[གཞན་]དང༌།ཚོར་བ་[གཞན་]དང༌།སྲེད་པ་[གཞན་]དང༌། ལེན་པ་[གཞན་]དང༌། སྲིད་པ་[གཞན་]དང༌། སྐྱེ་བ་[གཞན་]དང༌། རྒ་ཤི་སྟེ་[དེ་ལྟར་]བདེན་པ[འི་དོན་]བཅུ་གཉིས་[མཁའ་ཁྱབ་]ནི་མངལ་སྐྱེས་[ལ་སོགས་པ་སེམས་ཅན་]རྣམས་ཀྱི་སྒྲིབ་པ་དང་བཅས་པ[ར་བཞུགས་པ་]ཡིན་ལ། སངས་རྒྱས་རྣམས་ཀྱི་ནི་སྒྲིབ་པ་དང་བྲལ་བ[ར་བཞུགས་པ]འོ། །[དེ་ཡང་]འཕོ་བ་བཅུ་གཉིས་ཀྱི་སྲོག་གི་དབྱེ་བས་སྲོག་གི་རླུང་རྒྱུ་བའི་ཕྱིར་[རྣམ་ཤེས་འགྱུ་བ་]མངལ་ནས་སྐྱེས་པ་རྣམས་ཀྱི་[བདེན་དོན་བཅུ་གཉིས་མཁའ་ཁྱབ་]སྒྲིབ་པ་དང་བཅས་པ་[དག་པ་གཅིག་ལྡན་]ཡིན་ལ། [འཕོ་བ་བཅུ་གཉིས་ཀྱི་རླུང་འགགས་པས་སྲིད་པའི་]ཡན་ལག་བཅུ་གཉིས་འགགས་པའི་ཕྱིར་སངས་རྒྱས་རྣམས་ཀྱི་[བདེན་དོན་བཅུ་གཉིས་མཁའ་ཁྱབ་]ནི་སྒྲིབ་པ་དང་བྲལ་བའོ། །[དག་པ་གཉིས་ལྡན་ནོ།།]ཞེས་བདེན་དོན་རྣམ་པ་བཅུ་གཉིས་[མཁའ་ཁྱབ་]ཀྱི་ངོ་བོ་སངས་རྒྱས་དང་སེམས་ཅན་ལ[ནམ་མཁའ་ལྟར་]ཁྱད་པར་མེད་པར་བཞུགས་ཀྱང་དུས་སྦྱོར་བཅུ་གཉིས་ཀྱི་རླུང་[རིམ་པ་ལྟར་]འགགས་པ་དང་མ་འགགས་པ་ལས་གློ་བུར་གྱི་སྒྲིབ་པ་དང་བྲལ་བ་དང་མ་བྲལ་བའི་དབང་གིས་ཐོབ་པ་དང་མ་ཐོབ་པའི་ཁྱད་པར་གསུངས་ལ། དེ་ཡང༌། དོན་དམ་པའི་མཚན་བརྗོད་དུ། ཡན་ལག་བཅུ་གཉིས་སྲིད་རྩ་[གདོད་ནས་]བཏོན། །[གདོད་ནས་]དག་པ[འི་གཞི་]རྣམ་པ་བཅུ་གཉིས་འཆང༌། །ཞེས་དང༌། བདེན་དོན་རྣམ་པ་བཅུ་གཉིས་ལྡན། །ཞེས་པའི་དོན་ནོ། །དྲི་མ་དང་བྲལ་བའི་འོད་དུ་ཡང༌། དེ་ལྟར་ཡེ་ཤེས་རྡོ་རྗེ་ལ་[གདོད་ནས་དག་པའི་]ཡོན་ཏན་གསུམ་[མཁའ་ཁྱབ་]ནི་[གདོད་ནས་དག་པའི་]མ་རིག་པ་[མཁའ་ཁྱབ་]དང་[གདོད་ནས་དག་པའི་]འདུ་བྱེད་[མཁའ་ཁྱབ་]དང་[གདོད་ནས་དག་པའི་]རྣམ་པར་ཤེས་པ[མཁའ་ཁྱབ་]འོ། །སྐུ་རྡོ་རྗེ་ལ་[གདོད་ནས་དག་པའི་]མིང་དང་གཟུགས་[མཁའ་ཁྱབ་]དང་[གདོད་ནས་དག་པའི་]སྐྱེ་མཆེད་དྲུག་[མཁའ་ཁྱབ་]དང་[གདོད་ནས་དག་པའི་]རེག་པ[མཁའ་ཁྱབ་]འོ། །གསུང་རྡོ་རྗེ་ལ་[གདོད་ནས་དག་པའི་]ཚོར་བ་[མཁའ་ཁྱབ་]དང་[གདོད་ནས་དག་པའི་]སྲཻད་པ་[མཁའ་ཁྱབ་]དང་[གདོད་ནས་དག་པའི་]ལེན་པ[མཁའ་ཁྱབ་]འོ། །ཐུགས་རྡོ་རྗེ་ལ་[གདོད་ནས་དག་པའི་]སྲིད་པ་[མཁའ་ཁྱབ་]དང་[གདོད་ནས་དག་པའི་]སྐྱེ་བ་[མཁའ་ཁྱབ་]དང་[གདོད་ནས་དག་པའི་]རྒ་ཤི་[མཁའ་ཁྱབ་]སྟེ་[གདོད་ནས་དག་པའི་]ཐིག་ལེའི་གཟུགས་[མཁའ་ཁྱབ་]ཀྱི་[རྡོ་རྗེ་བཞི་ལ་ཡོན་ཏན་གསུམ་གསུམ་དང་ཞལ་གསུམ་གསུམ་གྱི་]དབང་གིས་[བཅུ་གཉིས་]སོ། །དེ་ལྟར་[གདོད་ནས་དག་པའི་]མ་རིག་པ་ལ་སོགས་པ་[བདེན་དོན་བཅུ་གཉིས་མཁའ་ཁྱབ་]སྐྱེད་པར་བྱེད་[ཀྱང་རྒྱུ་ལས་མ་སྐྱེས་]པ་མཆོག་གི་བདེ་བྱེད་ཡེ་ཤེས་རྡོ་རྗེ་དག་ནི་བཞི་པའོ། །ཞེས་པ་ནི་[གདོད་ནས་དག་པའི་]སྔགས་རྣམས་ཀྱི་སྐྱེ་གནས་ཏེ་ཐམས་ཅད་དུ་[བདེན་པའི་དོན་]རྣམ་པ་བཅུ་གཉིས་པ་[གདོད་ནས་དག་པའི་]སྐུ་[མཁའ་ཁྱབ་]དང་གསུང་[མཁའ་ཁྱབ་]དང་ཐུགས་[མཁའ་ཁྱབ་]དང་ཡེ་ཤེས་[མཁའ་ཁྱབ་]རྡོ་རྗེའོ་ཞེས་པ་ནི་བཅོམ་ལྡན་འདས་ཀྱི་ངེས་པ[སྟེ་དེ་ལས་གཞན་དུ་འགྱུར་མི་སྲིད་པ]འོ། ། ཞེས་[གདོད་ནས་དག་པའི་]རྡོ་རྗེ་བཞིའི་ཡོན་ཏན་[མཁའ་ཁྱབ་]བདེན་པའི་དོན་རྣམ་པ་བཅུ་གཉིས་པ་དོན་དམ་པའི་སྔགས་རྣམས་ཀྱི་སྐྱེ་གནས་སུ་གྱུར་པའི་མ་རིག་པ་[མཁའ་ཁྱབ་]ལ་སོགས་པ་གསུངས་ཏེ། དེ་ཡང་རྣམ་པར་དག་པའི་མ་རིག་པ་[མཁའ་ཁྱབ་]ལ་སོགས་པ[དང་དོན་གཅིག་པ]ར་ཁོང་དུ་ཆུད་པར་བྱ་ཡི་ཀུན་རྫོབ་ཀྱི་མ་རིག་པ་ལ་སོགས་པ[འམ་དེ་རྣམས་རང་རང་ངོ་བོས་སྟོང་པའམ། དེ་ལྟར་རྟོགས་པའི་རྣམ་ཤེས་]རྣམས་ནི་གློ་བུར་དྲི་མ་ཡིན་པའི་ཕྱིར་[གདོད་ནས་]རྣམ་པར་དག་པ[འི་དོན་]མ་ཡིན་ནོ། །དཔལ་འཁོར་ལོ་དྲུག་གི་སྡོམ་པར་ཡང༌། [སྲིད་པའི་]ཡན་ལག་བཅུ་གཉིས་[གདོད་ནས་]འགགས་པ་ཡིས། །དུས་སྦྱོར་[བཅུ་གཉིས་ཀྱི་དབུགས་]རྣམས་ནི་[གདོད་ནས་]མི་འབབ་ཕྱིར། །[དོན་དམ་གྱི་]ས་རྣམས་བཅུ་གཉིས་ཞེས་གྲགས་པ། །གནས་[དང་ཉེ་བའི་གནས་]ལ་སོགས་པ་[བཅུ་གཉིས་ནི་འགོག་བདེན་ཏེ་]དོན་དམ་མོ། །ཞེས་སོགས་རྒྱ་ཆེར་གསུངས་ལ། དཔལ་ཀྱེའི་རྡོ་རྗེར་ཡང༌། གནས[དོན་དམ་གྱི་ས་དང་པོ་]དང་ཉེ་བའི་གནས་[ས་གཉིས་པ་]དང་ནི། །ཞིང་[ས་གསུམ་པ་]དང་ཉེ་བའི་ཞིང་[ས་བཞི་པ་]ཉིད་དང༌། །ཚན་དོ་[ཧ་ས་ལྔ་པ་]ཉེ་བའི་ཚན་དོ་ཧ[ས་དྲུག་པ]། །དེ་བཞིན་[དུ་]འདུ་བ་[ས་བདུན་པ་]ཉེ་འདུ་བ[ས་བརྒྱད་པ]། །འཐུང་གཅོད་[ས་བཅུ་གཅིག་པ་]ཉེ་བའི་འཐུང་གཅོད་[ས་བཅུ་གཉིས་པ་]ཉིད[མཁའ་ཁྱབ]། །དུར་ཁྲོད་[ས་དགུ་པ་]ཉེ་བའི་དུར་ཁྲོད[ས་བཅུ་པ་ཉིད་]དེ། །འདི་རྣམས་[དོན་དམ་གྱི་]ས་ནི་[མཁའ་ཁྱབ་]བཅུ་གཉིས་སོ། །ཞེས་གསུངས་ཏེ། འདིར་དུར་ཁྲོད་དང་འཐུང་གཅོད་གོ་བཟློག་པ་ནི་རྩ་རྒྱུད་ཀྱི་མན་ངག་དང་ལྡན་པའི་བླ་མ་དམ་པ་ལ་རག་ལས་པར་བསྟན་པའི་དོན་ཏོ། །དང་པོ་མཆོག་གི་སངས་རྒྱས་ལས་ཀྱང༌། [སྲིད་པའི་]ཡན་ལག་བཅུ་གཉིས་[གདོད་ནས་]འགགས་པ་ཡིས། །[དཀྱིལ་འཁོར་ཆོས་ཀྱི་དབྱིངས་ཀྱི་]སྒོ་ནི་བཅུ་གཉིས་པོ་[མཁའ་ཁྱབ་]རྣམས་ཏེ། །དེ་བཞིན་[དོན་དམ་གྱི་]ས་ནི་བཅུ་གཉིས་[མཁའ་ཁྱབ་]ཀྱིས། །[དཀྱིལ་འཁོར་ཆོས་ཀྱི་དབྱིངས་ཀྱི་]རྟ་བབས་དག་ནི་མཛེས་པ་[མཁའ་ཁྱབ་]རྣམས། །ཞེས་སོགས་གསུངས་པའི་ཕྱིར། ཡན་ལག་བཅུ་གཉིས་ལ་ཡང་བདེན་གཉིས་རྣམ་དབྱེ་ཤེས་པར་བྱས་ནས་གང་ཞིག་གང་ན་[གདོད་ནས་]མེད་པ་དེ་དེས་[གདོད་ནས་]དག་པ་དང༌། [གདོད་ནས་]དག་པའི་གཞི་གང་ཡིན་པ་དེ་ནི་ཡན་ལག་བཅུ་གཉིས་[གདོད་ནས་]རྣམ་པར་དག་པ་[མཁའ་ཁྱབ་]དང་ཡོངས་སུ་དག་པའི་དོན་[མཁའ་ཁྱབ་]དུ་རིག་པར་བྱའོ། །[འབུམ་དུ་འདུས་མ་བྱས་ཀྱི་རྟེན་འབྲེལ་བཅུ་གཉིས་ལ་སོགས་པ་གསུངས་ཤིང༌། དེ་བཞིན་དུ་འཇིག་རྟེན་ལས་འདས་པ་རྣམ་པར་བྱང་བ། ཉོན་མོངས་པ་མེད་པ། ཟག་པ་མེད་པ། ཁ་ན་མ་ཐོ་བ་མེད་པ། དགེ་བའི་མ་རིག་པ་ལ་སོགས་པ་རྒྱས་པར་གསུངས་ལ། ཡུམ་བར་མར་ཡང༌། དེ་དག་དང་དོན་མཐུན་པར་གསུངས་ཤིང༌། སངས་རྒྱས་ཕལ་པོ་ཆེར་ཡང༌། འདུས་མ་བྱས་ཀྱི་རྟེན་འབྲེལ་གསུངས་པ་རྣམས། རྟེན་འབྲེལ་གཞན་མཆོག་ཕ་རོལ་ལ་དགོངས་པ་ཡིན་པས། དོན་དམ་གཞན་སྟོང་གི་རྟེན་འབྲེལ་ལ་མཁས་པར་བྱའོ།།]

རྣམ་དག་ཆོས་ཉིད་ཀྱི་ཕར་ཕྱིན་རྣམས་དོན་དམ་གྱི་ནུས་མ་དང་རིག་མ་དང་མཁའ་འགྲོ་མ་དང་ཕྱག་རྒྱ་མར་བཞུགས་ཚུལ།

དེ་བཞིན་དུ་སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ཡང་ངོ་བོ་ཉིད་གསུམ་དང་བདེན་པ་གཉིས་ཀྱི་རྣམ་དབྱེ་ཤེས་ན་ཐུབ་པའི་བཀའ་ལ་མི་རྨོངས་པར་འགྱུར་རོ། །དེ་ལ་ཀུན་བརྟགས་ཀྱིས་སྟོང་པའི་གཞི་གཞན་དབང་དང་ལམ་གྱི་བདེན་པར་གཏོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་ནི་ཀུན་རྫོབ་འདུས་བྱས་ཡིན་པའི་ཕྱིར་གཤིས་ཀྱི་གནས་ལུགས་ལ་མ་གྲུབ་ཅིང་དེ་རྣམས་ཀྱིས་གདོད་ནས་རྣམ་པར་དག་པའི་གཞི་གང་ཡིན་པ་ཆོས་ཉིད་ཡོངས་གྲུབ་[དང་]འགོག་པའི་བདེན་པར་གཏོགས་པའི་སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་རྣམས་ནི་ནུས་མ་བཅུ་མཁའ་ཁྱབ་]དང་མཁའ་འགྲོ་མ་བཅུ་[མཁའ་ཁྱབ་]ལ་སོགས་པ་དོན་དམ་ཡེ་ཤེས་ཀྱི་ལྷ་[མཁའ་ཁྱབ་]ཉིད་ཡིན་པར་གསུངས་ཤིང༌། ཡང་དེ་རྣམས་ཉིད་ཕྱག་རྒྱ་དྲུག་[མཁའ་ཁྱབ་]དང་གསུམ་[མཁའ་ཁྱབ་]དང་གཅིག་[མཁའ་ཁྱབ་]སྟེ་མཐར་ཐུག་གི་ཕྱག་རྒྱ་[མཁའ་ཁྱབ་]བཅུར་ཡང་གསུངས་པའི་ཕྱིར་ཆོས་ཉིད་ཀྱི་སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་[གདོད་ནས་རང་བཞིན་གྱིས་]རྣམ་པར་དག་པ་[མཁའ་ཁྱབ་]དང་ཡོངས་སུ་དག་པའི་དོན་[མཁའ་ཁྱབ་]ནི་རང་བཞིན་ལྷུན་གྱིས་གྲུབ་པའི་ལྷ་[མཁའ་ཁྱབ་]རྣམས་སུ་རིག་པར་བྱའོ། །

རྣམ་དག་ཆོས་ཉིད་ཀྱི་སྟོང་ཉིད་ཐམས་ཅད་དོན་དམ་གྱི་ལྷ་དང་སྙིང་རྗེ་དང་བདེ་བ་ཆེན་པོར་བཞུགས་ཚུལ་ལ་ལྔ། སྟོང་ཉིད་ཐམས་ཅད་རང་སྟོང་གཞན་སྟོང་གཉིས་སུ་ལེགས་པར་གཏན་ལ་དབབ་པ།

དེ་བཞིན་དུ་སྟོང་ཉིད་བཅོ་བརྒྱད་དང་ཉི་ཤུར་གསུངས་པ་རྣམས་ནི་བཅུ་དྲུག་ཏུ་འདུ་ཞིང༌། དེ་ཡང༌། རྒྱལ་བ་བྱམས་པའི་ཞལ་སྔ་ནས། ཟ་བ་བཟའ་དང་དེ་ཡི་ལུས། །གནས་ཀྱི་གཞི་ཡི་སྟོང་པ་ཉིད། །དེ་ཡང་གང་གིས་ཇི་ལྟར་མཐོང༌། །གང་ཕྱིར་དེ་ཡང་སྟོང་པ་ཉིད། །དགེ་གཉིས་ཐོབ་པར་བྱ་བའི་ཕྱིར། །རྟག་ཏུ་སེམས་ཅན་ཕན་བྱའི་ཕྱིར། །འཁོར་བ་བཏང་བར་མི་བྱའི་ཕྱིར། །དགེ་བ་མི་ཟད་བྱ་བའི་ཕྱིར། །རིགས་ཀྱང་རྣམ་པར་དག་བྱའི་ཕྱིར། །མཚན་དང་དཔེ་བྱད་ཐོབ་བྱའི་ཕྱིར། །སངས་རྒྱས་ཆོས་རྣམས་དག་བྱའི་ཕྱིར། །བྱང་ཆུབ་སེམས་དཔའ་སྒྲུབ་པར་བྱེད། །ཅེས་གསུངས་པ་ལ། ཟ་བ་སྟོང་པ་ཉིད་ནི་ནང་གི་སྐྱེ་མཆེད་རྣམས་ཏེ། ཡུལ་ལ་ལོངས་སྤྱོད་པར་བྱེད་པའོ། །བཟའ་བ་སྟོང་པ་ཉིད་ནི་ཕྱིའི་སྐྱེ་མཆེད་རྣམས་ཏེ་ལོངས་སྤྱད་པར་བྱའོ། །དེའི་ལུས་ནི་ཟ་བ་དང་བཟའ་བ་དེ་གཉིས་ཀྱི་གནས་ཁོག་པ་སྟེ། དེའི་སྟོང་པ་ཉིད་ནི་ཕྱི་ནང་སྟོང་པ་ཉིད་དོ། །གནས་ཀྱི་གཞི་ནི་སྣོད་ཀྱི་འཇིག་རྟེན་རྒྱ་ཆེན་པོ་སྟེ། དེའི་སྟོང་པ་ཉིད་ནི་ཆེན་པོ་སྟོང་པ་ཉིད་དོ། །དེ་ལྟར་ནང་གི་སྐྱེ་མཆེད་ལ་སོགས་པ་དེ་ཡང་གང་གིས་སྟོང་པར་མཐོང་ཞེ་ན་སྟོང་པ་ཉིད་ཤེས་པས་མཐོང་སྟེ། དེའི་སྟོང་པ་ཉིད་ནི་སྟོང་པ་ཉིད་སྟོང་པ་ཉིད་དོ། །དེས་ན་འདི་ནི་སྟོང་ཉིད་རྟོགས་པའི་ཤེས་པ་དེ་སྟོང་པ་ཉིད་དུ་སྟོན་པ་ཡིན་གྱི། དེ་ལས་གཞན་དུ་[སྟོང་པའང་སྟོང་པས་སྟོང་ཞེས་སོགས་]སྨྲ་བ་དག་ནི་རྒྱལ་བ་རྣམས་ཀྱི་དགོངས་པ་མ་ཡིན་ནོ། །དེ་བཞིན་དུ་ཇི་ལྟར་མཐོང་བ་ནི་དོན་དམ་པའི་རྣམ་པར་མཐོང་བ་སྟེ། དེའི་སྟོང་པ་ཉིད་ནི་དོན་དམ་པ་སྟོང་པ་ཉིད་དོ། །འདིས་ཀྱང་དོན་དམ་པའི་རྣམ་པ་མཐོང་བའི་ཤེས་པ་དེ་སྟོང་པ་ཉིད་དུ་བསྟན་གྱི། དོན་དམ་རང་སྟོང་དུ་བསྟན་པ་ནི་མེད་དོ། །གང་གི་ཕྱིར་བྱང་ཆུབ་སེམས་དཔའ་སྒྲུབ་པར་བྱེད་པ་དེ་ཡང་སྟོང་པ་ཉིད་དོ། །དེ་ལ་རྣམ་པ་བརྒྱད་དེ། འདུས་བྱས་དང་འདུས་མ་བྱས་ཀྱི་དགེ་བ་གཉིས་ཐོབ་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་སྒྲུབ་པར་བྱེད་པ་ནི་འདུས་བྱས་སྟོང་པ་ཉིད་དང་འདུས་མ་བྱས་སྟོང་པ་ཉིད་དོ། །རྟག་ཏུ་སེམས་ཅན་ལ་ཕན་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་སྒྲུབ་པར་བྱེད་པ་ནི་[གཞན་ཕན་]མཐའ་ལས་འདས་པ་སྟོང་པ་ཉིད་དོ། །འཁོར་བ་བཏང་བར་མི་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་སྒྲུབ་པར་བྱེད་པ་ནི་[འཁོར་བ་]ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དོ། །ནམ་ཡངདགེ་བ་མི་ཟད་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་སྒྲུབ་པར་བྱེད་པ་ནི་[དགེ་བ་]དོར་བ་མེད་པ་སྟོང་པ་ཉིད་དོ། །རང་བཞིན་གྱི་རིགས་ཀྱང་[དྲི་མ་གློ་བུར་བས་]རྣམ་པར་དག་བྱའི་ཕྱིར་བྱང་ཆུབ་སེམས་དཔའ་སྒྲུབ་པར་བྱེད་པ་ནི་རང་བཞིན་སྟོང་པ་ཉིད་དོ། །སངས་རྒྱས་ཀྱི་མཚན་དང་དཔེ་བྱད་ཐོབ་བྱའི་ཕྱིར་བྱང་ཆུབ་སེམས་དཔའ་སྒྲུབ་པར་བྱེད་པ་ནི་རང་གི་མཚན་ཉིད་སྟོང་པ་ཉིད་དོ། །འདིར་འདུས་བྱས་ཀྱི་མཚན་ཉིད་[སྐྱེ་སོགས་]ལ་འཆད་པ་ནི་རྒྱལ་བའི་དགོངས་པ་དང་མི་མཐུན་ཏེ། དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ལས་ཀྱང༌། འདི་དང་མཐུན་པར་[རྡོ་རྗེ་འཆང་གིས་]གསུངས་པའི་ཕྱིར་རོ། །སྟོབས་དང་མི་འཇིགས་པ་ལ་སོགས་པ་གདོད་ནས་དག་པའི་སངས་རྒྱས་ཀྱི་ཆོས་རྣམས་[དྲི་མ་གློ་བུར་བས་]དག་བྱའི་ཕྱིར་བྱང་ཆུབ་སེམས་དཔའ་སྒྲུབ་པར་བྱེད་པ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དོ། །དེ་ལྟར་ཟ་བ་ལ་སོགས་པ་དང་པོ་བཞི་ནི་ཤེས་བྱའི་དངོས་པོ་ལས་བརྩམས་པའོ། །དེ་ཡང་གང་གིས་མཐོང་བ་དང༌། ཇི་ལྟར་མཐོང་བ་ནི་སྟོང་པ་ཉིད་དང་དོན་དམ་པའི་རྣམ་པ་མཐོང་བ་ཡུལ་ཅན་ལས་བརྩམས་པ་སྟེ་ལྔ་བ་དང་དྲུག་པའོ། །གང་གི་ཕྱིར་བྱང་ཆུབ་སེམས་དཔའ་སྒྲུབ་པར་བྱེད་པ་ལས་བརྩམས་པ་ནི་བདུན་པ་ལ་སོགས་པ་བཅུ་བཞི་པའི་མཐར་ཐུག་པ་སྟེ། དེ་ལྟར་རེ་ཤིག་སྟོང་པ་ཉིད་བཅུ་བཞི་རྣམ་པར་བཞག་ནས་དེ་རྣམས་ལ་ཇི་ལྟར་སྟོང་པའི་དོན་ནམ་མཚན་ཉིད་གསུངས་པ། གང་ཟག་དང་ནི་ཆོས་རྣམས་ཀྱི། །དངོས་པོ་མེད་འདིར་སྟོང་པ་ཉིད། །དེ་དངོས་མེད་པའི་དངོས་ཡོད་པ། །དེ་ནི་དེ་ལས་སྟོང་ཉིད་གཞན[མཁའ་ཁྱབ]། །ཞེས་པའོ། །དེ་ལ་གང་ཟག་དང་ཆོས་སུ་གཏོགས་པའི་དངོས་པོ་ཐམས་ཅད་[གཤིས་ཀྱི་]གནས་ལུགས་ལ་གཏན་ནས་མེད་ཅིང་མ་གྲུབ་པའི་ཕྱིར་རང་རང་ངོ་བོས་སྟོང་པ་སྟེ། ཀུན་རྫོབ་སྟོང་པ་ཉིད་དང༌། [གཤིས་ཀྱི་]གནས་ལུགས་ཀྱི་ཤེས་པ་ལ་སྣང་མེད་དོ། །ཆོས་དེ་དག་གིས་སྟོང་པའི་གཞི་ཆོས་ཉིད་ཀྱི་ངོ་བོ་ནམ་ཡང་བཞུགས་པ་ནི་རང་གིས་མི་སྟོང་ཡང་གློ་བུར་བའི་ཆོས་ཐམས་ཅད་ཀྱིས་སྟོང་བའི་ཕྱིར་དོན་དམ་གཞན་སྟོང་དང༌། [གཤིས་ཀྱི་]གནས་ལུགས་ཀྱི་ཤེས་པ་ལ་སྣང་བཅས་སོ། །དེ་ལྟར་བཅོ་ལྔ་པ་དངོས་པོ་མེད་པ་སྟོང་པ་ཉིད་ནི་གང་ཞིག་གང་ན་མེད་པ་དེ་དེས་སྟོང་ངོ༌། །ཞེས་ཡང་ཡང་གསུངས་པའི་དོན་ཏེ། རང་གི་དངོས་པོ་སྟོང་པ་ཉིད་[དང༌། སྟོང་པའི་སྟོང་པ་ཉིད་དང༌། ཆད་པའི་སྟོང་པ་ཉིད་དང༌། ཀུན་འགྲོ་མ་ཡིན་ཞིང་ཀུན་རྫོབ་དང་འབྲེལ་བའི་སྟོང་པ་ཉིད་དང༌། སྒྲུབ་ཆོས་ཀྱིས་དོར་བའི་སྟོང་པ་ཉིད་]གང་ཡིན་པ་ཀུན་རྫོབ་རང་སྟོང་ངོ༌། །བཅུ་དྲུག་པ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་[མཁའ་ཁྱབ་]ནི། དེ་ལ་ལྷག་མར་གྱུར་པ་གང་ཡིན་པ་དེ་ནི་འདིར་རྟག་ཏུ་ཡོད་པའོ། །ཞེས་ཡང་ཡང་གསུངས་པའི་དོན་ཏེ་གཞན་གྱི་དངོས་པོ་སྟོང་པ་ཉིད[དང༌། མི་སྟོང་པའི་སྟོང་པ་ཉིད་དང༌། རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་དང༌། ཀུན་འགྲོ་ཡིན་ཞིང་ཀུན་རྫོབ་དང་མ་འབྲེལ་བའི་སྟོང་པ་ཉིད་དང༌། སྒྲུབ་ཆོས་ཀྱིས་མ་དོར་བའི་སྟོང་པ་ཉིད་]གང་ཡིན་པ་དོན་དམ་གཞན་སྟོང་ངོ༌། །དོན་འདི་དག་ནི། རྒྱུད་ཀྱི་རྒྱལ་པོ་དཔལ་སཾ་པུ་ཊིའི་རྒྱུད་ཕྱི་མ་དང༌། དབུས་མཐའ་རྣམ་འབྱེད་ཀྱི་འགྲེལ་པར་ཡང་[མཐུན་པར་]གསུངས་ཏེ། ཇི་སྐད་དུ། དེ་ལ་ཟ་བ་སྟོང་པ་ཉིད་[བཀའ་སྩལ་པ་ཞེས་པ་སཾ་པུ་ཊི་ལ་བཞུགས་གཞན་འདྲ་བ་]ནི་ནང་གི་སྐྱེ་མཆེད་རྣམས་ལས་བརྩམས་སོ། །བཟའ་བ་སྟོང་པ་ཉིད་ནི་ཕྱི་རོལ་གྱི་[ཡུལ་]རྣམས་སོ། །དེའི་ལུས་ནི་ཟ་བ་དང་བཟའ་བ་གཉིས་ཀྱི་གནས་གང་ཡིན་པ་སྟེ་ཁོག་པའོ། །དེའི་སྟོང་པ་ཉིད་ནི་ཕྱི་ནང་སྟོང་པ་ཉིད་ཅེས་བྱའོ།།གནས་ཀྱི་གཞི་ནི་སྣོད་ཀྱི་འཇིག་རྟེན་ཏེ། དེ་རྒྱ་ཆེ་བའི་ཕྱིར་དེའི་སྟོང་པ་ཉིད་ནི་ཆེན་པོ་སྟོང་པ་ཉིད་ཅེས་བྱའོ། །ནང་གི་སྐྱེ་མཆེད་ལ་སོགས་པ་དེ་ཡང༌། གང་གིས་སྟོང་པར་མཐོང་ཞེ་ན། སྟོང་པ་ཉིད་ཤེས་པས་[མཐོང་]ཏེ། དེའི་སྟོང་པ་ཉིད་ནི་སྟོང་པ་ཉིད་སྟོང་པ་ཉིད་དོ། །ཇི་ལྟར་དོན་དམ་པའི་རྣམ་པར་མཐོང་བ་དེའི་སྟོང་པ་ཉིད་ནི་དོན་དམ་པ་སྟོང་པ་ཉིད་དོ། །གང་གི་ཕྱིར་བྱང་ཆུབ་སེམས་དཔའ་སྒྲུབ་པར་བྱེད་པ་[བརྒྱད་དེ་]དེ་ཡང་སྟོང་པ་ཉིད་དོ། །ཅིའི་ཕྱིར་སྒྲུབ་པར་བྱེད་ཅེ་ན། [བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་རྒྱུད་ལ་བཞུགས། གཞན་འདྲ།]དགེ་གཉིས་ཐོབ་པར་བྱ་བའི་ཕྱིར་ཞེས་བྱ་བ་སྟེ། དགེ་གཉིས་ནི་འདུས་བྱས་དང་འདུས་མ་བྱས་སོ། །རྟག་ཏུ་སེམས་ཅན་ཕན་བྱའི་ཕྱིར་ཞེས་བྱ་བ་ནི་སེམས་ཅན་ལ་གཏན་དུ་ཕན་པར་བྱ་བའི་ཕྱིར་རོ། །འཁོར་བ་གཏང་བར་མི་བྱའི་ཕྱིར་ཞེས་བྱ་བ་ནི་འཁོར་བ་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དུ་མ་མཐོང་ན་སྐྱོ་སྟེ་འཁོར་བ་ཡོངས་སུ་གཏོང་ངོ༌། །དགེ་བ་མི་ཟད་བྱ་བའི་ཕྱིར་ཞེས་བྱ་བ་ནི་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ན་ཡང༌། མི་གཏོང་ཞིང་མི་འདོར་བ་གང་ཡིན་པའོ། །རིགས་ཀྱང་རྣམ་པར་དག་བྱའི་ཕྱིར་ཞེས་བྱ་བ་ལ་རིགས་ནི་རང་བཞིན་[གྱི་རིགས་]ཏེ་ངོ་བོ་ཉིད་ཀྱི་[སྐུ་ཡིན་པའི་]ཕྱིར་རོ། །མཚན་དང་དཔེ་བྱད་ཐོབ་བྱའི་ཕྱིར་ཞེས་བྱ་བ་ནི་སྐྱེས་བུ་ཆེན་པོའི་མཚན་རྣམས་དཔེ་བྱད་བཟང་པོ་རྣམས་དང་བཅས་པ་ཐོབ་པར་བྱ་བའི་ཕྱིར་རོ།།སངས་རྒྱས་ཆོས་རྣམས་དག་བྱའི་ཕྱིར། །བྱང་ཆུབ་སེམས་དཔའ་སྒྲུབ་པར་བྱེད་ཅེས་བྱ་བ་ནི།[དོན་དམ་གྱི་]སྟོབས་དང་མི་འཇིགས་པ་དང་མ་འདྲེས་པ་ལ་སོགས་པའོ། །དེ་ལྟར་རེ་ཤིག་སྟོང་པ་ཉིད་བཅུ་བཞི་རྣམ་པར་གཞག་པར་ཤེས་པར་བྱའོ། །འདི་ལ་སྟོང་པ་ཉིད་[ཀྱི་དོན་]གང་ཡིན་ཞེ་ན། གང་ཟག་དང་ནི་ཆོས་རྣམས་ཀྱི། །དངོས་པོ་མེད་འདིར་སྟོང་པ་ཉིད། །དེ་དངོས་མེད་པ[འི་གཞི]འི་དངོས་ཡོད་པ། །དེ་ནི་[རང་སྟོང་]དེ་ལས་སྟོང་ཉིད་གཞན[མཁའ་ཁྱབ]། །ཞེས་བྱའོ། །གང་ཟག་དང་ཆོས་ཀྱི་དངོས་པོ་མེད་པ་ནི་[དངོས་པོ་མེད་པ་]སྟོང་པ་ཉིད་[དེ་རང་སྟོང་དང་སྟོང་པའི་སྟོང་པ་ཉིད་]དོ། །དངོས་པོ་མེད་པ་དེའི་[གཞིའི་]དངོས་པོ་[འམ་ངོ་བོ་]ཡོད་པ་ནི་[དངོས་པོ་མེད་པའི་ངོ་བོ་ཉིད་]སྟོང་པ་ཉིད་[དང་གཞན་སྟོང་དང་མི་སྟོང་པའི་སྟོང་པ་ཉིད་]དོ། །ཟ་བ་ལ་སོགས་པ་སྟོང་པ་ཉིད་ཅེས་གོང་དུ་ཇི་སྐད་སྨོས་པ་དེར་སྟོང་པ་ཉིད་ཀྱི་མཚན་ཉིད་བསྟན་པའི་ཕྱིར་དངོས་པོ་མེད་པ་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང༌། སྟོང་པ་ཉིད་རྣམ་པ་གཉིས་ཐ་མར་འཇོག་[རྣམ་པར་གཞག་ཅེས་པ་རྒྱུད་ལ་བཞུགས། གཞན་འདྲ་]སྟེ། གང་ཟག་དང་ཆོས་སུ་སྒྲོ་འདོགས་པ་དང༌། དེའི་སྟོང་པ་ཉིད་[ཀྱི་གཞི་]ལ་སྐུར་བ་འདེབས་པ་བསལ་བའི་ཕྱིར་གོ་རིམ་བཞིན་[སྟོང་ཉིད་དེ་གཉིས་གསུངས་པ་ཡིན་]ནོ། །དེ་ལྟར་སྟོང་པ་ཉིད་ཀྱི་རབ་ཏུ་དབྱེ་བ་ཤེས་པར་བྱའོ་ཞེས་སོ། །འདིའི་རྗེས་ཐོགས་ཉིད་ལ་སྟོང་པ་ཉིད་ཀྱི་དབྱེ་བ་སྒྲུབ་པ་ཡང༌། དཔལ་སཾ་པུ་ཊིའི་རྒྱུད་དུ་གསལ་བར་བཀའ་སྩལ་པ་དེ་ཉིད། རྒྱལ་བ་བྱམས་པ་དང༌། མཁས་པ་ཆེན་པོ་[དབུ་མ་པ་]སློབ་དཔོན་དབྱིག་གཉེན་གྱི་ཞལ་སྔ་ནས། དབུས་མཐའ་རྣམ་འབྱེད་རྩ་འགྲེལ་དུ། ཇི་ལྟ་བ་བཞིན་བཀོད་པ་འདི་ལྟ་སྟེ། སྒྲུབ་པ་ཇི་ལྟར་ཤེས་པར་བྱ་ཞེ་ན། གལ་ཏེ་ཉོན་མོངས་དེ་མ་གྱུར། །ལུས་ཅན་ཐམས་ཅད་གྲོལ་བར་འགྱུར། །གལ་ཏེ་རྣམ་དག་དེ་མ་གྱུར། །འབད་པ་འབྲས་བུ་མེད་པར་འགྱུར། །གལ་ཏེ་གཉེན་པོ་མ་སྐྱེས་པར་ཡང་ཆོས་རྣམས་ཀྱི་སྟོང་པ་ཉིད་གློ་བུར་དུ་ཉེ་བའི་ཉོན་མོངས་པ་རྣམས་ཀྱིས་ཀུན་ནས་ཉོན་མོངས་པར་མི་འགྱུར་ན་ནི་ཀུན་ནས་ཉོན་མོངས་པ་མེད་པས་འབད་པ་མེད་པར་སེམས་ཅན་ཐམས་ཅད་གྲོལ་བར་འགྱུར་རོ། །ཇི་སྟེ་གཉེན་པོ་སྐྱེས་ཀྱང་རྣམ་པར་དག་པར་མི་འགྱུར་ན་ནི་ཐར་པར་བྱ་བའི་ཕྱིར་བརྩོན་པ་འབྲས་བུ་མེད་པར་འགྱུར་རོ། །དེ་ལྟར་ན། ཉོན་མོངས་མ་ཡིན་མི་མོངས་མིན། །དེ་ནི་དག་དང་མ་དག་མིན། །ཇི་ལྟར་ཉོན་མོངས་པར་གྱུར་པ་མ་ཡིན་ལ། མ་དག་པ་ཡང་མ་ཡིན་ཞེ་ན། སེམས་རང་བཞིན་གྱིས་འོད་གསལ་བའི་ཕྱིར་རོ། །ཇི་ལྟར་ཉོན་མོངས་པར་གྱུར་པ་མ་ཡིན་པའང་མ་ཡིན་ལ་དག་པའང་མ་ཡིན་ཞེ་ན། གློ་བུར་གྱི་ཉོན་མོངས་པའི་ཕྱིར་རོ། །དེ་ལྟར་སྟོང་པ་ཉིད་ཀྱི་རབ་ཏུ་དབྱེ་བ་བསྟན་པ་བསྒྲུབས་པ་ཡིན་ནོ། །[དེ་ལྟར་རྒྱུད་དང་དབུས་མཐའ་རྩ་འགྲེལ་གྱི་རྒྱ་དཔེ་འདྲ་བར་བཞུགས་ནའང༌། འབྲོག་མི་ལ་སོགས་ལོ་ཙཱ་བ་ལ་ལས་དབུས་མཐའ་རྩ་འགྲེལ་བཞིན་དུ་ལེགས་པར་མ་འགྱུར་སྣང་བས། དེ་དག་གི་འགྱུར་ལ་བརྟེན་ནས་འདི་སུན་ཕྱུང་ན་སྤ་གྲོ་བའི་ལུགས་སུ་འགྱུར་རོ།།]ཞེས་སོ། །དེ་ལྟར་དབུ་མ་ཆེན་པོའི་མཐར་ཐུག་པ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྡེ་ཟབ་མོར། དཔལ་རྡོ་རྗེ་འཆང་ཆེན་པོས་ལེགས་པར་བཀའ་སྩལ་པ་ཉིད་ཀྱི་ཕྱིར། ཁ་ཅིག་དབུས་མཐའ་[རྣམ་འབྱེད་]སེམས་ཙམ་དུ་འཁྲུལ་བའི་གྲགས་པ་ངན་པས་ཁྱབ་པའི་རྗེས་སུ་འབྲང་བར་མ་གྱུར་ཅིག །འདི་ནི་འཕགས་པ་སོར་ཕྲེང་དང༌། མྱང་འདས་ཆེན་པོ་དང༌། རྒྱུད་བླ་རྩ་འགྲེལ་དང༌། ཡུམ་གྱི་ཆེ་འགྲེལ་ལ་སོགས་པ་དབུ་མའི་གཞུང་ལུགས་ཤིན་ཏུ་མང་བ་རྣམས་ལས་རབ་ཏུ་བསྟན་ཅིང༌། དབུས་མཐའ་རྣམ་འབྱེད་ཉིད་དུ་ཡང༌། དེ་བཞིན་ཉིད་ལ་སོགས་པ་དང་དོན་གཅིག་པའི་སྟོང་པ་ཉིད་ཀྱི་མཚན་ཉིད་གསུངས་པ། [བདག་]གཉིས་[ཀྱི་]དངོས་[པོ་]མེད་[པ་]དང་དངོས་[པོ་]མེད་པའི། [གཞིའི་]དངོས་པོ[འམ་ངོ་བོ་ནི་]སྟོང་པའི་མཚན་ཉིད་དོ། །ཞེས་པ་སྟེ་གཟུང་བ་དང་འཛིན་པ་ལ་སོགས་པ་གཉིས་ཀྱི་དངོས་པོ་རྣམས་གནས་ལུགས་ལ་གཏན་ནས་མེད་ཅིང་མ་གྲུབ་པའི་གཞིའི་ངོ་བོ་ཉིད་[མཁའ་ཁྱབ་]གང་ཡིན་པ་དོན་དམ་སྟོང་པ་ཉིད་ཀྱི་མཚན་ཉིད་དུ་བསྟན་ཏོ། །དེ་ལྟར་ཆོས་ཀྱི་དབྱིངས་ལ་སོགས་པ་དང་དོན་གཅིག་པའི་སྟོང་ཉིད་[མཁའ་ཁྱབ་]འདི་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་དང༌། གཞན་གྱི་དངོས་པོ་སྟོང་པ་ཉིད་ཅེས་དང༌། མི་སྟོང་པའི་སྟོང་པ་ཉིད་ཅེས་གསུང་རབ་དྲི་མ་མེད་པ་རྣམས་ལས་ཡང་དང་ཡང་དུ་གསུངས་པའི་དོན་ཡིན་གྱི། རང་སྟོང་ཙམ་གྱིས་ནི་དེའི་གོ་མི་ཆོད་དོ། །ཅིའི་ཕྱིར་ཞེ་ན། དོན་དམ་སྟོང་ཉིད་[མཁའ་ཁྱབ་]གང་ཡིན་པ་དེ་ནི་[རྒྱལ་བ་བྱམས་པའི་ཞལ་སྔ་ནས།]ཡོད་པ་མ་ཡིན་མེད་པ་མིན། །ཞེས་ཡོད་པའི་མཐའ་བསལ་བར་མ་ཟད་མེད་པའི་མཐའ་ཡང་བསལ་བ་[ལ་གསུངས་པ་]ཡིན་ལ། རང་སྟོང་གིས་ནི་མེད་པའི་མཐའ་བསལ་བ་མ་ཡིན་པའི་ཕྱིར་རོ། །དེ་ལ་ཡོད་པའི་མཐའ་ནི་ཀུན་རྫོབ་ཀྱི་ཆོས་རྣམས་[གཤིས་ཀྱི་]གནས་ལུགས་ལ་གཏན་ནས་མེད་པ་ཡིན་ཡང་ཡོད་དོ། །ཞེས་སྒྲོ་འདོགས་པ་གང་ཡིན་པའོ། །མེད་པའི་མཐའ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཆ་མེད་ཀུན་འགྲོ་ཀུན་ལ་ཁྱབ་པར་རྟག་ཏུ་བཞུགས་ཀྱང་མེད་ཅིང་མ་གྲུབ་ལ་རང་གི་ངོ་བོས་སྟོང་ངོ་ཞེས་སྐུར་བ་འདེབས་པ་གང་ཡིན་པའོ། །མཐའ་དེ་དག་དང་བྲལ་བའི་དབུས་གང་ཡིན་པ་དེ་ནི་ཡོད་མེད་དང་སྒྲོ་སྐུར་དང་རྟག་ཆད་ལ་སོགས་པ་མཐའ་ཐམས་ཅད་དང་བྲལ་བའི་གཞི་[ཕུང་པོ་གསུམ་པ་]ཡིན་པའི་ཕྱིར་དབུ་མ་ཆེན་པོ་མཐར་ཐུག་པ་སྟེ། [དེ་ནི་]བེམ་པོ་མ་ཡིན་པ[རང་བྱུང་ཡེ་ཤེས་རང་རིགས་པ]འི་སྟོང་པ་ཉིད་[མཁའ་ཁྱབ་]དང༌། ཆད་པའི་སྟོང་པ་ཉིད་ལས་རིང་དུ་གྱུར་པའི་སྟོང་པ་ཉིད་[མཁའ་ཁྱབ་]དང༌། འཕགས་པའི་ཡེ་ཤེས་དོན་དམ་པ་སྟོང་པ་ཉིད་ཆེན་པོ་[མཁའ་ཁྱབ་]དང༌། སྟོང་པ་ཆེན་པོ་འགྱུར་མེད་ལྔ་[མཁའ་ཁྱབ་]དང༌། ཐིག་ལེ་སྟོང་པ་འགྱུར་མེད་དྲུག་[མཁའ་ཁྱབ་]དང༌། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག་[མཁའ་ཁྱབ་]དང༌། སངས་རྒྱས་ཀུན་པས་སྔར་སངས་རྒྱས་[མཁའ་ཁྱབ་]དང༌། གདོད་ནས་གྲོལ་བའི་དེ་བཞིན་གཤེགས་པ་[མཁའ་ཁྱབ་]དང༌། དང་པོའི་སངས་རྒྱས་རྒྱུ་མེད་པ་[མཁའ་ཁྱབ་]དང༌། རྣམ་པ་ཀུན་ལྡན་རྣམ་པ་མེད་[མཁའ་ཁྱབ་]ཅེས་པ་ལ་སོགས་པ་གཞོམ་དུ་མེད་ཅིང་སྤང་དུ་མི་རུང་ལ་སྐུར་བ་གདབ་པར་བྱ་བ་མ་ཡིན་པ་བསམ་གྱིས་མི་ཁྱབ་པའི་དབྱིངས་རྣམ་པར་ཤེས་པའི་ཆོས་ལས་འདས་ཤིང་རྟོག་གེའི་སྤྱོད་ཡུལ་མ་ཡིན་ལ། རྣལ་འབྱོར་པས་སོ་སོར་རང་རིག་པར་བྱའོ། །དེའི་ཕྱིར་གང་དག་མཐའ་ཐམས་ཅད་དང་བྲལ་བ་ཙམ་ལ་དབུ་མ་ཞེས་བཏགས་པར་ཟད་ཀྱི། དབུ་མ་ཡང་དབུ་མས་སྟོང་ངོ་ཞེས་པ་དང༌། དོན་དམ་ཡང་དོན་དམ་གྱིས་སྟོང་ཞེས་པ་[དང༌། ཆོས་སྐུ་ཡང་ཆོས་སྐུས་སྟོང་ཞེས་པ་]ལ་སོགས་པར་ཁ་ཚོན་གཅོད་པ་དེ་དག་ནི། རྒྱལ་བའི་དགོངས་པ་དང་[ཤིན་ཏུ་]མི་མཐུན་ཏེ། གནས་ལུགས་མཐར་ཐུག་པའི་སྟོང་ཉིད་[མཁའ་ཁྱབ་]ཀྱི་མཚན་ཉིད་ལ་དངོས་པོ་མེད་པ་སྟོང་པ་ཉིད་ཙམ་གྱིས་མི་ཆོག་པར། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དགོས་པར་གསུངས་པའི་ཕྱིར་རོ། །དེ་ཡང་དབུས་མཐའ་རྣམ་འབྱེད་རྩ་འགྲེལ་དུ། དེ་ལྟར་[བདག་གཉིས་ཀྱི་]དངོས་པོ་མེད་པའི་[གཞྀའི་]ངོ་བོ་ཉིད་ནི་སྟོང་པ་ཉིད་[མཁའ་ཁྱབ་]ཀྱི་མཚན་ཉིད་དུ་ཡོངས་སུ་བསྟན་པ་ཡིན་ནོ། ། [བདག་གཉིས་ཀྱི་]དངོས་པོ་མེད་པ་དེའི་[གཞྀའི་]ངོ་བོ་ཉིད་[མཁའ་ཁྱབ་]གང་ཡིན་པ་དེ་ནི་[ཀུན་བརྟགས་གཞན་དབང་གི་བདག་]ཡོད་པ་མ་ཡིན་[ཆོས་ཉིད་ཡོངས་གྲུབ་ཀྱི་བདག་]མེད་པའང་མིན། ཇི་ལྟར་ཡོད་པ་མ་ཡིན་ཞེ་ན། འདི་ལྟར་[བདག་]གཉིས་པོའི་དངོས་པོ་མེད་པའོ། །ཇི་ལྟར་མེད་པའང་མ་ཡིན་ཞེ་ན། འདི་ལྟར་[བདག་]གཉིས་པོའི་དངོས་པོ་མེད་པའི་[གཞིའི་]དངོས་པོ[འམ་ངོ་བོ་]དེ་ནི་[དོན་དམ་]སྟོང་པ་ཉིད་[མཁའ་ཁྱབ་]ཀྱི་མཚན་ཉིད་དོ། །ཞེས་གསུངས་ལ། ཡུམ་རྒྱས་པ་དང༌། ཉི་ཁྲི་ལྔ་སྟོང་པ་དང༌། ཁྲི་བརྒྱད་སྟོང་པ་རྣམས་ཀྱི་འགྲེལ་པར་ཡང༌། དངོས་པོ་མེད་པའི་ངོ་བོ་ཉིད་ཅེས་བྱ་བ་ནི་གཟུགས་ལ་སོགས་པ་ཀུན་བརྟགས་པའི་ཆོས་[ཀུན་རྫོབ་]རྣམས་ལ་དངོས་པོ་མེད་པ་ཞེས་བྱའོ། །དེ་ལས་བཟློག་པ[དོན་དམ་པ]འི་ངོ་བོ་ཉིད་ཀྱང་དངོས་པོ་མེད་པའི་ངོ་བོ་ཉིད་[མཁའ་ཁྱབ་]ཅེས་བྱའོ། །དེའི་འོག་ཏུ་[དོན་དམ་དེ་ཉིད་]ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་[ཡང་ཡིན་ལ་]དངོས་པོ་མེད་པའི་ངོ་བོ་ཉིད་[ཀྱང་]ཡིན་པ་[མཁའ་ཁྱབ་]དང་ཐབས་མཁས་པ་དག་བསྟན་ཏོ། །ཞེས་གློ་བུར་དུ་ཀུན་བརྟགས་པ་ཀུན་རྫོབ་ཀྱིས་སྟོང་ཞིང་ཀུན་རྫོབ་ལས་བཟློག་པ་དོན་དམ་པའི་ངོ་བོ་ཉིད་ལ་དངོས་པོ་མེད་པའི་ངོ་བོ་ཉིད་[མཁའ་ཁྱབ་]དུ་གསུངས་ནས་དེ་ཡང་གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་ཤེར་ཕྱིན་[མཁའ་ཁྱབ་]དུ་གསུངས་པ་ལས་ཀྱང༌། དོན་དམ་ཆོས་ཉིད་དང་རྣམ་གྲངས་སུ་གྱུར་པའི་སྟོང་ཉིད་ཟབ་མོ་[མཁའ་ཁྱབ་]ནི་གཞན་སྟོང་ཉིད་དུ་གྲུབ་བོ། །དེ་བཞིན་དུ། འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་ཀྱང༌། དབུ་མ་སྒོམ་རིམ་དུ། མ་སྐྱེས་པ་[དོན་དམ་པ་]ཡི་སྟོང་ཉིད་གཅིག[ཡིན་ལ།]།གཅིག་ནི་སྐྱེས་པའི་[རྟེན་འབྲེལ་]སྟོང་པ་སྟེ། །[དེ་དག་ལས་ཀྱང་]མ་སྐྱེས་པ་[དོན་དམ་པ་]ཡི་སྟོང་ཉིད་[ནི་]མཆོག[གམ་གཞན་ནམ་ཕ་རོལ་ཡིན་ལ།]།སྐྱེས་པའི་སྟོང་པ་[ནི་]འཇིག་པ་ཡིན[པས་གཞན་མཆོག་ཕ་རོལ་མ་ཡིན་ནོ]། །ཞེས་[བཅོམ་ལྡན་འདས་ཀྱིས་ལང་གར་གཤེགས་པར་གསུངས་པ་དང་མཐུན་པར་]གསུངས་ཏེ། སྐྱེ་འཇིག་སྟོང་པ་ཉིད་དོ། །སྟོང་པ་ཉིད་སྐྱེ་འཇིག་གོ །དེ་ལས་དེ་གཞན་མ་ཡིན་ཞིང༌། དེ་ལས་ཀྱང་དེ་གཞན་མ་ཡིན་ཞེས་པའི་ཚུལ་གྱིས་འདིར་སྐྱེ་འཇིག་སྟོང་པ་ཉིད་ནི་རང་སྟོང་སྟེ་དངོས་པོ་མེད་པ་སྟོང་པ་ཉིད་[དང་སྐྱེས་པའི་སྟོང་པ་ཉིད་]དོ། །གཞན་སྟོང་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་[མཁའ་ཁྱབ་]ནི་མ་སྐྱེས་པའི་སྟོང་པ་ཉིད་དེ། དེ་ནི་སྔ་མ་ལས་མཆོག་དང་དམ་པ་དང་གཞན་ཡིན་ནོ། །དེ་ཡང༌། གང་ཟག་དང་ནི་ཆོས་རྣམས་ཀྱི། །དངོས་པོ་མེད་འདིར་སྟོང་པ་ཉིད། །དེ་དངོས་མེད་པའི་དངོས་ཡོད་པ། །དེ་ནི་དེ་ལས་སྟོང་ཉིད་གཞན[མཁའ་ཁྱབ]། །ཞེས་སྔར་དྲངས་པ་དང་དོན་གཅིག་པ་ཡིན་ནོ། །དེ་ལྟར་བཅུ་དྲུག་ལ། མི་དམིགས་པ་སྟོང་པ་ཉིད་དང༌། ངོ་བོ་ཉིད་སྟོང་པ་ཉིད་བསྣན་པས་བཅོ་བརྒྱད་ཡིན་ལ། རང་གི་དངོས་པོ་སྟོང་པ་ཉིད་དང༌། གཞན་གྱི་དངོས་པོ་སྟོང་པ་ཉིད་བསྣན་པས་ཉི་ཤུ་ཡང་ཡིན་ཞིང༌། ཕྱི་མ་འདི་གཉིས་ཀྱིས་ཀྱང་རང་སྟོང་དང་གཞན་སྟོང་བསྟན་པ་ཡིན་ལ། ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་ཀྱང༌། ཆོས་རྣམས་ཀྱིས་སྟོང་པའི་གཞིའི་ངོ་བོ་ཉིད་ཆོས་ཉིད་དོན་དམ་པ་སོ་སོ་རང་རིག་ཡེ་ཤེས་ཀྱི་ངོ་བོ་[མཁའ་ཁྱབ་]ཉིད་བསྟན་ཏོ། །[དེ་ལྟར་དངོས་པོ་མེད་པ་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དུ་མི་གཏོགས་པའི་སྟོང་པ་ཉིད་འགའ་ཡང་མེད་པ་ལྟར། རང་གི་དངོས་པོ་སྟོང་པ་ཉིད་དང༌། གཞན་གྱི་དངོས་པོ་སྟོང་པ་ཉིད་དུ་མི་གཏོགས་པའི་སྟོང་ཉིད་ཀྱང་མེད་པས། དེ་དག་ནི་སྟོང་ཉིད་ཀྱི་དབྱེ་བ་ཇི་སྙེད་གསུངས་པ་གཞན་ཐམས་ཅད་ཀྱི་སྡུད་བྱེད་ཡིན་ནོ།།]དེ་ལྟ་བས་ན་གནས་ལུགས་ཟབ་མོ་སྟོན་པའི་གཞུང་ལུགས་རྣམ་པར་དག་པ་རྣམས་སུ་ཡོད་མིན་མེད་མིན་ཞེས་པའམ། ཡོད་དང་མེད་ལས་རྣམ་པར་འདས་ཞེས་པའམ། ཡོད་མེད་ཀྱི་མཐའ་དང་བྲལ་ཞེས་པ་ལ་སོགས་པས་དེ་ཁོ་ན་ཉིད་གཏན་ལ་ཕབ་པ་རྣམས་ནི། རང་སྟོང་གང་ཡིན་པའི་ཆོས་དེ་ཡོད་པ་མ་ཡིན་པ་དང༌། སྟོང་གཞི་དོན་དམ་ཆོས་ཉིད་གང་ཡིན་པ་དེ་མེད་པ་མ་ཡིན་པའི་དོན་གྱིས་ཡོད་མིན་མེད་མིན་ལ་སོགས་པའི་དོན་ཁོང་དུ་ཆུད་པར་བྱ་སྟེ། དེ་ལྟར་མཐོང་ན་དགོངས་པ་ཆེན་པོའི་དོན་[ཡང་དག་པ་]མཐོང་བ་ཡིན་ནོ། །དེ་སྐད་དུ་ཡང༌། མདོ་སྡེའི་རྒྱན་དུ། ཡོད་མིན་མེད་མིན་དེ་བཞིན་མིན་གཞན་མིན། །ཞེས་སོགས་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་གསུངས་པའི་འགྲེལ་པར། ཀུན་བརྟགས་པ་དང་གཞན་གྱི་དབང་གི་མཚན་ཉིད་དག་གིས་ནི་ཡོད་པ་མ་ཡིན་ནོ། །[ཆོས་ཉིད་]ཡོངས་སུ་གྲུབ་པའི་མཚན་ཉིད་ཀྱིས་ནི་མེད་པ་མ་ཡིན་ནོ། །ཞེས་པ་ནས། རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་ཕྱིར་རྣམ་པར་དག་པར་འགྱུར་བ་མེད་དོ། །གློ་བུར་གྱི་ཉོན་མོངས་པ་དང་བྲལ་བས་རྣམ་པར་མི་འདག་པ་ཡང་མ་ཡིན། ཞེས་པའི་བར་གྱིས་འགལ་འདུས་སྐྱོན་མེད་[མཁའ་ཁྱབ་]ཀྱི་དོན་གསུངས་པ་ཡིན་ནོ། །དེ་བཞིན་དུ། འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་ཀྱང༌། དབུ་མ་སྒོམ་རིམ་དུ། དེ་ལྟར་ཤེས་རབ་དག་པ་ཡིས། །རང་གི་ངོ་བོ་དོན་དམ་[མཁའ་ཁྱབ་]འདི། །ཤིན་ཏུ་ཡང་ནི་[གཤིས་ལ་]གྲུབ་པས་ན། །རྟགས་པའི་གཞན་དངོས་འབྱུང་མ་ཡིན། །ཞེས་གསུངས་ཏེ། དོན་དམ་པའི་རང་གི་ངོ་བོ་[མཁའ་ཁྱབ་]ཤིན་ཏུ་ཡང་གྲུབ་པས་ན་མེད་པ་མ་ཡིན་ལ། དེ་ལས་གཞན་བརྟགས་པའི་དངོས་པོ་རྣམས་འབྱུང་བའམ་ཡོད་པ་མ་ཡིན་པས་ཡོད་མིན་མེད་མིན་གྱི་དོན་དེ་ལྟར་ཤེས་པ་ལ་ཤེས་རབ་ཡོངས་སུ་དག་པ་དགོས་ཞེས་པའི་དོན་ཏོ། །འདི་ནི་དཔལ་རྡོ་རྗེ་ཕྲེང་བའི་རྒྱུད་དུ། དེ་བཞིན་ཉིད་ཀྱི་སྦྱོར་ལྡན་པའི། །སྔགས་པ་རྣམས་ཀྱིས་ཤིན་ཏུ་མཐོང༌། །ཞེས་གསུངས་པ་དང་ཡང་དོན་གཅིག་སྟེ། མཉམ་བཞག་རིགས་པའི་ཤེས་པས་ཤིན་ཏུ་མཐོང་ཞེས་པའི་དོན་ཏོ། །[དབུ་མ་རྩ་ཤེའི་རང་འགྲེལ་ག་ལས་འཇིགས་མེད་དུ་ཡང༌། དོན་དམ་པར་བདེན་པ་ཉིད་ཡིན་པས་དོན་དམ་པའི་བདེན་པའོ། །ཞེས་དོན་དམ་དུ་བདེན་པའི་རྒྱུ་མཚན་གྱིས་དོན་དམ་བདེན་པར་འཇོག་ཚུལ་གསུངས་ཏེ། འདི་དག་གིས་ནི་ཁ་ཅིག་དོན་དམ་དུ་བདེན་པ་མི་སྲིད་པར་འདོད་པ་བསལ་བ་ཡིན་ནོ།།]དེས་ན་གཞུང་འདི་དག་གིས་ཀྱང་དོན་དམ་པ་རང་སྟོང་མ་ཡིན་པར་བསྟན་ཏོ། །དེ་ལ་དོན་དམ་པའི་རང་གི་ངོ་བོ་ནི། རང་བྱུང་བདེ་བར་གཤེགས་པའི་ཡེ་ཤེས་[མཁའ་ཁྱབ་]ཡིན་ཏེ། འཕགས་པ་རྡོ་རྗེ་སྙིང་པོའི་ཞལ་སྔ་ནས། [རང་བཞིན་གཉུག་མའི་]ངོ་བོ་[མཁའ་ཁྱབ་]ནི་རང་རིག་པར་བྱེད་པ་དེ་བཞིན་གཤེགས་པའི་ཡེ་ཤེས་[མཁའ་ཁྱབ་]ཏེ་ངོ་བོ་དེས་[ན་ཡུལ་]འཛིན་པར་བྱེད་པ་[དྲུག་]དང་གཟུང་བ་[དྲུག་]དང་འཛིན་པ་[དྲུག་སྟེ་]ཁམས་བཅོ་བརྒྱད་ཀྱི་རྣམ་འགྱུར་དང་[གདོད་ནས་]བྲལ་བ[འི་གཞི་]ཞེས་པ་ལ་སོགས་པ་ནས། དེ་ལྟར་ཁམས་བཅོ་བརྒྱད་དང་[གདོད་ནས་]བྲལ་བའི་[གཞི་]དེ་ཁོ་ན་ཉིད་རིན་པོ་ཆེ་[མཁའ་ཁྱབ་]རྣལ་འབྱོར་བས་[མོས་པ་དང༌། དེ་ཁོ་ན་ཡིད་ལ་བྱེད་པའི་ཚུལ་གྱིས་]བསྒོམ་པར་བྱ། ཞེས་པའི་བར་དུ་རྒྱས་པར་གསུངས་པའི་ཕྱིར་རོ། །དེ་ལྟར་དོན་དམ་པའི་བདེན་པ་རང་གིས་རང་རིག་པ་ཡོད་མེད་ཀྱི་མཐའ་དང་བྲལ་བ་[མཁའ་ཁྱབ་]དེ་ནི། རྟེན་འབྲེལ་གྱི་ཆོས་ལས་འདས་ཤིང་རང་གི་ངོ་བོ་ཉིད་ལས་ཉམས་པར་མི་འགྱུར་ལ། རང་གྀ་ངོ་བོས་མི་སྟོང་པའི་རང་བཞིན་ཡིན་ཏེ། སློབ་དཔོན་ཡེ་ཤེས་སྙིང་པོས། རྣལ་འབྱོར་སྒོམ་པའི་ལམ་ལས། གང་ཞིག་[རྒྱུ་རྐྱེན་ལ་]བརྟེན་ནས་མི་སྐྱེ་ཞིང་རང་གི་ངོ་བོ་ཉིད་ལས་ཉམས་པར་མི་འགྱུར་བ་[གཤིས་ཀྱི་འགོག་བདེན་]དེ་ནི་དོན་དམ་པའི་རང་བཞིན་[མཁའ་ཁྱབ་]ཞེས་བྱའོ། །ཞེས་གསུངས་ལ། རབ་ཏུ་དང་བ་ཆེན་པོ་སྐྱེས་པའི་མདོར་ཡང༌། གཞན་གྱི་རྐྱེན་[ལས་སྐྱེ་བ་]མིན་[ཞིང་གདོད་ནས་]ཞི་བ་[མཁའ་ཁྱབ་]དང༌། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ[མཁའ་ཁྱབ]། །རྣམ་པར་མི་རྟོག་[ཡེ་ཤེས་རང་བྱུང་ངོ་བོ་ཐ་དད་]སྣ་ཚོགས་མིན[པ]། །དེ་[ཁོ་ན་]ཉིད་དེ་བཞིན་ཉིད་[མཁའ་ཁྱབ་ཀྱི་]མཚན་ཉིད[དོ]།།ཅེས་དང༌། དབུ་མ་རྩ་ཤེར་ཡང༌། [སོ་སོར་རང་རིག་ཡེ་ཤེས་ཉིད་ཀྱི་སྤྱོད་ཡུལ་ཡིན་པས་]གཞན་[གྱིས་བསྟན་པ་]ལས་[མངོན་སུམ་དུ་]ཤེས་[པ་]མིན་[ཞིང་གདོད་ནས་]ཞི་བ་[མཁའ་ཁྱབ་]དང༌། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ[མཁའ་ཁྱབ]། །རྣམ་རྟོག་མེད་[པའི་རང་བྱུང་ཡེ་ཤེས་རྣམ་པ་མང་ཡང་]དོན་ཐ་དད་མིན[པ]། །དེ་ནི་དེ་[ཁོ་ན་]ཉིད་[མཁའ་ཁྱབ་]མཚན་ཉིད་དོ། །ཞེས་གདོད་ནས་རང་བཞིན་གྱིས་ཞི་ཞིང་སྤྲོས་པ་མེད་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་རོ་གཅིག་པའི་དེ་བཞིན་ཉིད་རྟེན་འབྲེལ་གྱི་ཆོས་ལས་འདས་པའི་དེ་ཁོ་ན་ཉིད་[མཁའ་ཁྱབ་]ཡང་དག་པར་བསྟན་[ཏེ་དེ་དག་གིས་ཀྱང་སྟོང་གཞི་དོན་དམ་གཞན་སྟོང་བསྟན་]ཏོ། །དེ་ལྟ་བས་ན་སྟོང་ཉིད་ཉི་ཤུ་པོ་ཐམས་ཅད་རང་སྟོང་ཉིད་དུ་སྨྲ་བ་ནི་རྒྱལ་བ་རྣམས་ཀྱི་དགོངས་པ་ཆེན་པོའི་དོན་མ་ཡིན་ཏེ། དོན་དམ་པའི་བདེན་པ་དང་རང་བཞིན་གྱི་རིགས་དང་ཆོས་སྐུའི་ཡོན་ཏན་གྱི་ཆོས་ཐམས་ཅད་དང༌། ངོ་བོ་ཉིད་དང་དངོས་པོ་མེད་པའི་ངོ་བོ་ཉིད་དང་གཞན་གྱི་དངོས་པོ་སྟོང་པ་ཉིད་རྣམས་སྟོང་ཉིད་ཡིན་ཡང་རང་སྟོང་མ་ཡིན་པའི་ཕྱིར་རོ། །དེ་ལ་ཟ་བ་དང་བཟའ་བ་ལ་སོགས་པ་ནི་རང་རང་ངོ་བོས་སྟོང་པའི་ཕྱིར་གང་ཞིག་གང་ན་མེད་པ་སྟེ་ཅིར་ཡང་མ་གྲུབ་ཅིང་ཅུང་ཟད་ཀྱང་མེད་པའོ། །ཆོས་དེ་རྣམས་ཀྱིས་སྟོང་པའི་གཞི་ཆོས་ཀྱི་དབྱིངས་ནི་ལྷག་མར་གྱུར་པ་[མཁའ་ཁྱབ་]གང་ཡིན་པ་སྟེ་ཡང་དག་པར་ཡོད་པའོ། །འདི་དག་ལ་ཉེ་བར་དགོངས་ནས། དབུ་མ་པ་ཆེན་པོ་འཕགས་པ་ཐོགས་མེད་ཞབས་ཀྱི་ཞལ་སྔ་ནས། ཇི་ལྟར་ན་སྟོང་པ་ཉིད་ལ་ལོག་པར་ཟིན་པ་ཡིན་ཞེ་ན། དགེ་སྦྱོང་ངམ་བྲམ་ཟེ་གང་ལ་ལ་གང་གིས་སྟོང་པ་ཉིད་[ཀྱི་གཞི་]དེ་ཡང་མི་འདོད་ལ། [དགག་བྱ་]གང་གིས་[དགག་གཞི་]གང་སྟོང་པ་དེ་ཡང་མི་འདོད་[པར་ཐམས་ཅད་རང་སྟོང་ཡིན་ཞེས་]པ་དེ་ལྟ་བུ་འདི་ནི་སྟོང་པ་ཉིད་ལ་ལོག་པར་ཟིན་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གང་གིས་སྟོང་པ[འི་ཆོས་]དེ་མེད་པ་དང་གང་སྟོང་པ[འི་གཞི་]དེ་ཡོད་པའི་སྟོང་པ་ཉིད་ནི་རིགས་པའི་ཕྱིར་རོ། །ཐམས་ཅད་མེད་ན་ནི་གང་དུ་ཅི་ཞིག་གང་གིས་སྟོང་པར་འགྱུར་ཏེ། [སྟོང་གཞི་ཆོས་ཉིད་]དེས་[སྟོང་གཞི་ཆོས་ཉིད་]དེ་ཉིད་སྟོང་པ་ཉིད་དུ་འགྱུར་དུ་མི་རུང་ངོ༌། །[གལ་ཏེ་ཆོས་ཉིད་ཀྱིས་སྟོང་པའི་གཞི་སྲིད་ན་ཆོས་ཉིད་ཀུན་འགྲོ་མ་ཡིན་པར་ཧ་ཅང་ཐལ་བས་གནོད་དོ། །]དེ་བས་ན་[ཐམས་ཅད་རང་སྟོང་དུ་འདོད་པ་]དེ་ལྟ་བུ་ནི་སྟོང་པ་ཉིད་ལ་ལོག་པར་ཟིན་པ་ཡིན་ནོ།།ཇི་ལྟར་ན་སྟོང་པ་ཉིད་ལ་ལེགས་པར་ཟིན་པ་ཡིན་ཞེ་ན། གང་གི་ཕྱིར་[གཞི་]གང་ལ་[ཆོས་]གང་མེད་པ་དེ་ནི་[ཆོས་]དེས་སྟོང་པར་ཡང་དག་པར་མཐོང་ལ། དེ་ལས་ལྷག་མ་[སྟོང་གཞི་]གང་ཡིན་པ་དེ་ནི་འདི་ན་ཡང་དག་པར་ཡོད་དོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དེ་ནི་སྟོང་པ་ཉིད་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཕྱིན་ཅི་མ་ལོག་པར་ཞུགས་པ་ཞེས་བྱའོ། །ཞེས་སོགས་རྒྱ་ཆེར་[བྱང་ཆུབ་སེམས་དཔའི་སར་]གསུངས་པས། བྱང་ཆུབ་སེམས་དཔའི་ས་ཡང་ངེས་པར་བལྟ་དགོས་སོ། །[དེ་དག་དང་མཐུན་པར་]དཀོན་མཆོག་བརྩེགས་པར་ཡང༌། འོད་སྲུང་གང་ཟག་ཏུ་ལྟ་བ་རི་རབ་ཙམ་ལ་གནས་པ་བླའི། མངོན་པའི་ང་རྒྱལ་ཅན་[ཐམས་ཅད་རང་རང་ངོ་བོས་]སྟོང་པ་ཉིད་དུ་ལྟ་བ་ནི་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འོད་སྲུང་ལྟ་བར་གྱུར་པ་ཐམས་ཅད་ལས་འབྱུང་བ[འི་ཐབས་]ནི་སྟོང་པ་ཉིད་ཡིན་ན། འོད་སྲུང་གང་[ཐམས་ཅད་རང་རང་ངོ་བོས་]སྟོང་པ་ཁོ་ནར་ལྟ་བ་དེ་ནི་གསོར་མི་རུང་ངོ༌། །ཞེས་ངས་བཤད་དོ། །ཞེས་སོགས་རྒྱས་པར་གསུངས་པའི་མཐར་ཡང༌། དཔེར་ན་སྨན་པས་ནད་ནི་བསལ་བའི་ཕྱིར། །མི་ཞིག་ལ་ནི་བཀྲུ་སྨན་བཏང་བ་ལས། །ནད་རྣམས་བསྐྱོད་ནས་འཁྲུས་པར་མ་གྱུར་ན། །དེ་ཡི་གཞི་ལས་ནད་ནི་སོས་མི་འགྱུར། །དེ་བཞིན་ལྟ་བའི་ཐིབས་པོར་གནས་པ་ལས། །འབྱུང་བའི་མཆོག་ནི་སྟོང་པ་ཉིད་ཡིན་ན། །གང་ཞིག་[ཐམས་ཅད་རང་རང་ངོ་བོས་]སྟོང་པ་ཁོ་ནར་ལྟ་གྱུར་པ། །དེ་ནི་གསོར་མི་རུང་ཞེས་རྒྱལ་བས་གསུངས། །ཞེས་དང༌། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང༌། རྒྱལ་བ་རྣམས་ཀྱིས་སྟོང་པ་ཉིད། །ལྟ་ཀུན་ངེས་པར་འབྱུང་བར་གསུངས། །གང་དག་[ཐམས་ཅད་རང་རང་ངོ་བོས་]སྟོང་པ་ཉིད་ལྟ་བ། །དེ་དག་སྒྲུབ་ཏུ་མེད་པར་གསུངས། །ཞེས་དང༌། སྟོང་པ་ཉིད་ལ་ལྟ་ཉེས་ན། །[ཆོས་ཉིད་ངོ་བོ་ཉིད་སྐུའང་རང་སྟོང་ཡིན་པས་གཤིས་ལ་མེད། དེས་ན་སངས་རྒྱས་མིང་སྟོང་ཡིན། འབྲས་བུ་སྟོར། ཨར་སངས་པས་ལམ་སྒྲུབ་མི་དགོས། དགེ་སྡིག་ཁྱད་མེད་ཅེས་སོགས་ལྟ་ངན་མང་པོ་དར་ནས་]ཤེས་རབ་ཆུང་ལྡན་[རྣམས་]ཕུང་བར་འགྱུར། །ཞེས་སོགས་ཐམས་ཅད་རང་སྟོང་ཉིད་དུ་ཐག་གཅོད་པ་ལ་སྐྱོན་ཆེན་པོ་ཡོད་པར་གསུངས་སོ། །[ཚུལ་དེ་ལས་འདི་ན་གཞན་དུ་འཆད་པ་རྣམས་ནི་དགོངས་པ་མ་ཡིན་ཏེ། རང་སྟོང་ལ་མཐར་ཐུག་ཏུ་བྱས་པའི་རྣམ་འགྱུར་རོ།།]

དེ་དག་ལས་སྟོང་གཞི་གང་ཡིན་ཐམས་ཅད་དོན་དམ་གྱི་ལྷ་དང་སྙིང་རྗེ་ལ་སོགས་པར་བཞུགས་ཚུལ།

[དེ་བཞིན་དུ་]རྒྱུད་སྡེ་རིན་པོ་ཆེ་རྣམས་སུ། སྟོང་ཉིད་བཅུ་དྲུག་ཀ་བ་[མཁའ་ཁྱབ་]རྣམས། ། ཞེས་[དང་པོའི་སངས་རྒྱས་སུ་གསུངས་པ་]དང༌། ཕྱག་[མཁའ་ཁྱབ་]ནི་སྟོང་པ་བཅུ་དྲུག་ཉིད། །ཅེས་[ཀྱེའི་རྡོ་རྗེར་གསུངས་པ་]དང༌། གཞན་ཡང༌། [འཁོར་ལོ་སྡོམ་ཆེན་དུ་སྙིང་པོའི་]པད་འདབ་བཅུ་དྲུག་[མཁའ་ཁྱབ་]དང༌། [ཕྱིའི་]དུར་ཁྲོད་བཅུ་དྲུག་[མཁའ་ཁྱབ་]དང༌། [རྒྱུད་མང་པོར་]དཀྱིལ་འཁོར་གྱི་ཕྱི་རོལ་གྱི་ཆ་བཅུ་དྲུག་ལ་སོགས་པས་སྟོང་ཉིད་བཅུ་དྲུག་བསྟན་པར་གསུངས་པ་རྣམས་ནི། ཨེ་ཡིག་[མཁའ་ཁྱབ་]དང་ཆོས་འབྱུང་[མཁའ་ཁྱབ་]དང་བྷ་ག་[མཁའ་ཁྱབ་]དང་མཁའ་ཁམས་[མཁའ་ཁྱབ་]དང་སེང་གེའི་ཁྲི་[མཁའ་ཁྱབ་]ལ་སོགས་པའི་དོན་ཡིན་པའི་ཕྱིར་རང་སྟོང་དངོས་པོ་མེད་པ་སྟོང་པ་ཉིད་[དང་སྟོང་པའི་སྟོང་པ་ཉིད་]ལ་དགོངས་པ་མ་ཡིན་གྱི་སྟོང་གཞི་དོན་དམ་རང་བཞིན་གྱི་རིགས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་གཞན་གྱི་དངོས་པོ་སྟོང་པ་ཉིད་དང༌། མི་སྟོང་པའི་སྟོང་པ་ཉིད་[མཁའ་ཁྱབ་]ལ་རྣམ་པའི་སྒོ་ནས་[བཅུ་དྲུག་ཏུ་]ཕྱེ་བ་ཡིན་ནོ། །དེ་ཡང༌། བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་གི་ཞལ་སྔ་ནས། སྟོང་པ་ཉིད་བཅུ་དྲུག་ཞེས་པ་ནི་ནག་པོའི་ཕྱོགས་[གཞན་]དང་ཉི་མ་[གཞན་]དང་ཤེས་རབ་[མཁའ་ཁྱབ་]པོ་[སྙིང་རྗེའི་བཅུ་དྲུག་ཅེས་པ་ནི་དཀར་པོའི་ཕྱོགས་དང༌། ཟླ་བ་ཐབས་སོ།།]ཞེས་དང༌། སྟོང་པ་ཉིད་[ཆེན་པོ་]ལ་དབྱེ་བ་གསུམ་སྟེ། སྟོང་པ་ཉིད་[མཁའ་ཁྱབ་]དང་ཆེན་པོ་སྟོང་པ་ཉིད་[མཁའ་ཁྱབ་]དང་དོན་དམ་པ་[མཁའ་ཁྱབ་]སྟོང་པ་ཉིད་དོ། །དེ་ལ་སྟོང་པ་ཉིད་[མཁའ་ཁྱབ་]ནི་[ཆོས་ཉིད་ཀྱི་]ཕུང་པོ་ལྔ་སྟོང་པ་[མཁའ་ཁྱབ་]ཉིད་དེ་ནག་པོའི་ཚེས་གཅིག་[གཞན་]ལ་སོགས་པ་ཚེས་[གཞན་]ལྔའོ། །ཆེན་པོ་སྟོང་པ་ཉིད་[མཁའ་ཁྱབ་]ནི། [ཆོས་ཉིད་ཀྱི་]ཁམས་ལྔ་སྟོང་པ་ཉིད་དེ་དྲུག་པ་ལ་སོགས་པ་ཚེས་[གཞན་]ལྔའོ། །དོན་དམ་པ་སྟོང་པ་ཉིད་ནི་དབང་པོ་[གཞན་]ལྔ་སྟོང་པ་ཉིད་དེ་བཅུ་གཅིག་པ་ལ་སོགས་པ་ཚེས་[གཞན་]ལྔའོ། །དེས་ན་གནམ་སྟོང་གི་མཐར་ཐུག་པ་ཚེ་[གཞན་]བཅོ་ལྔ་ནི་སྟོང་པ་ཉིད་[མཁའ་ཁྱབ་]བཅོ་ལྔའོ། །གནམ་སྟོང་[གཞན་]གི་མཐའ་དང་དཀར་པོའི་ཚེས་གཅིག་[གཞན་]འཇུག་པའི་དང་པོའི་དབུས་སུ་[ཆ་]བཅུ་དྲུག་པ་[ཕུང་པོ་དྲུག་པ། ཁམས་དྲུག་པ། དབང་པོ་དྲུག་པ་སྟེ་]རྣམ་པ་ཐམས་ཅད་པའི་སྟོང་པ་[མཁའ་ཁྱབ་]ཉིད་དོ། །ཞེས་[དང༌། དེ་བཞིན་དུ་དཀར་ཕྱོགས་ལ་སྙིང་རྗེ་བཅུ་དྲུག་གསུངས་པའི་མཐར་འདི་དག་གཅིག་པ་ཉིད་ནི་སྟོང་པ་ཉིད་བཅུ་དྲུག་དང༌། སྙིང་རྗེ་བཅུ་དྲུག་གི་བདག་ཉིད་བརྗོད་པར་བྱ་བ་སྟེ། ཞེས་ཕྱག་བཅུ་དྲུག་དང༌། ཐོད་པ་བཅུ་དྲུག་གི་དོན་ལ་སོགས་པ་]གསུངས་ཏེ་འདི་རྣམས་ཀྱི་དོན་ཇི་ལྟ་བ་བཞིན་རྟོགས་པ་ལ་ཕྱི་ནང་ཀུན་རྫོབ་[འདི་]ལས་གཞན་[མཆོག་གམ་ཕ་རོལ་]ཆོས་ཉིད་རྣམ་པ་ཐམས་ཅད་པའི་དོན་[འགལ་འདུས་སྐྱོན་མེད་]ལེགས་པར་རྟོགས་དགོས་སོ། །

དེ་ལྟར་རྟོགས་ན་མཐའ་གཉིས་སྤངས་པའི་དབུ་མའམ་བར་མ་མ་ནིང་དང་དཔེ་བྲལ་དང་ཕུང་པོ་གསུམ་པར་རྟོགས་ཚུལ།

དེ་རྟོགས་ན་མཐའ་བྲལ་དབུ་མའི་དོན་ཟབ་མོ་ཡང་རྟོགས་པར་འགྱུར་ཏེ། དེ་ནི་མཐའ་དང་བྲལ་ཙམ་གྱི་མེད་དགག་གམ། རྣམ་གཅོད་ཙམ་དུ་བས་པ་མ་ཡིན་གྱི། མཐའ་གཉིས་སྤངས་པའི་དབུས་མའམ་བར་མ་ཡོངས་གཅོད་དུ་གྲུབ་ཅིང་ཕུང་པོ་གསུམ་པ་ཡིན་པའི་ཕྱིར་རོ། །དེ་ཡང༌། འཕགས་པ་ལྷས་མཛད་པའི་ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་ཀྱི་བཤད་སྦྱར་དུ། ཡོད་མེད་མིན་ཞེས་སྨོས་ཏེ་ཕུང་པོ་གསུམ་པར་གྱུར་པའི་ཕྱིར་རོ། །ཞེས་མཁས་པ་ཆེན་པོ་སློབ་དཔོན་བྱང་ཆུབ་བཟང་པོས་གསུངས་ཤིང༌། དཀོན་མཆོག་བརྩེགས་པར་འོད་སྲུང་གིས་ཞུས་པར་ཡང༌། འོད་སྲུང་རྟག་ཅེས་བྱ་བ་[འདུས་མ་བྱས་ནམ་མཁའ་ལྟ་བུ་]དེ་ནི་མཐའ་གཅིག་གོ །མི་རྟག་ཅེས་བྱ་བ་དེ་ནི་[བུམ་པ་ལ་སོགས་པ་ལྟ་བུ་]མཐའ་[གཅིག་སྟེ་དེ་ལྟར་ན་མཐའ་]གཉིས་སོ། །མཐའ་དེ་གཉིས་ཀྱི་དབུས་[ནམ་མཁའ་ལྟར་ནུས་པ་མེད་པས་རྟག་པ་མ་ཡིན་ལ། མི་རྟག་པ་ཡང་མ་ཡིན་པས་ཕུང་པོ་གསུམ་པ་]གང་ཡིན་པ་[རང་བྱུང་ཡེ་ཤེས་]དེ་ནི་[རྟོག་གེས་]དཔྱད་དུ་མེད་པ། [རྣམ་ཤེས་ལ་]བསྟན་དུ་མེད་པ། [འབྲེལ་བའི་ཚུལ་གྱིས་ཆོས་རྣམས་ཀྱི་]རྟེན་མ་ཡིན་པ། [ཁམས་གསུམ་པོ་]སྣང་བ་མེད་པ། རྣམ་པར་རིག་པ་[སྟཻ་རྣམ་ཤེས་]མེད་པ། [ཆོས་རྣམས་ལ་འབྲེལ་ཏེ་]གནས[པ་]མེད་པ་སྟེ། འོང་སྲུང་འདི་ནི་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ[འི་ཡེ་ཤེས་རང་བྱུང་མཁའ་ཁྱབ་]འོ། །འོད་སྲུང་བདག་ཅེས་བྱ་བ་[མུ་སྟེགས་པ་འདོད་པ་ལྟ་བུ་]དེ་ནི་མཐའ་གཅིག་གོ །བདག་མེད་ཅེས་བྱ་བ་[ཐམས་ཅད་རང་སྟོང་དུ་འདོད་པ་ལྟ་བུ་]དེ་ནི་མཐའ[གཅིག་སྟེ་དེ་ལྟར་ན་མཐའ་]གཉིས་སོ། །མཐའ་དེ་གཉིས་ཀྱི་དབུས་[ཀུན་རྫོབ་ཀྱི་བདག་ཡོད་པ་མ་ཡིན་ལ། དོན་དམ་གྱི་བདག་མེད་པ་མ་ཡིན་པས་ཕུང་པོ་གསུམ་པ་]གང་ཡིན་པ་[རང་བྱུང་ཡེ་ཤེས་]དེ་ནི་དཔྱད་དུ་མེད་པ། བསྟན་དུ་མེད་པ། རྟེན་མ་ཡིན་པ། སྣང་བ་མེད་པ། རྣམ་པར་རིག་པ་མེད་པ། གནས་མེད་པ་སྟེ། འོད་སྲུང་འདི་ནི་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ[འམ་སོ་སོར་གཟིགས་པའི་ཡེ་ཤེས་མཁའ་ཁྱབ་]ཞེས་བྱའོ། །ཞེས་དང༌། འོད་སྲུང་ཡོད་ཅེས་བྱ་བ[དངོས་སྨྲ་བ་འདོད་པ་ལྟ་བུ་]དེ་ནི་མཐའ་གཅིག་གོ །མེད་ཅེས་བྱ་བ་[ཐམས་ཅད་རང་སྟོང་དུ་འདོད་པ་ལྟ་བུ་]དེ་ནི་མཐའ་[གཅིག་སྟེ་དེ་ལྟར་ན་མཐའ་]གཉིས་སོ། །དེ་གཉིས་ཀྱི་དབུས་[ཆོས་རྣམས་ཡོད་པ་མ་ཡིན་ལ། ཆོས་ཉིད་མཻད་པ་མ་ཡིན་པས་ཕུང་པོ་གསུམ་པ་]གང་ཡིན་པ་[རང་བྱུང་ཡེ་ཤེས་མཁའ་ཁྱབ་]དེ་ནི་དཔྱད་དུ་མེད་པ། བསྟན་དུ་མེད་པ། རྟེན་མ་ཡིན་པ། སྣང་བ་མེད་པ། རྣམ་པར་རིག་པ་མེད་པ། གནས་མེད་པ་སྟེ། འོད་སྲུང་འདི་ནི་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ[འམ་སོ་སོར་གཟིགས་པའི་ཡེ་ཤེས་མཁའ་ཁྱབ་]ཞེས་བྱའོ། །འོད་སྲུང་འཁོར་བ་ཞེས་བྱ་བ་དེ་ནི་མཐའ་གཅིག་གོ །མྱ་ངན་ལས་འདས་པ་ཞེས་བྱ་བ་[ཉན་རང་དགྲ་བཅོམ་ལྟ་བུ་]དེ་ནི་མཐའ་[གཅིག་སྟེ་དེ་ལྟར་ན་མཐའ་]གཉིས་སོ། །དེ་གཉིས་ཀྱི་དབུས་[མྱང་འདས་ཆེན་པོ་]གང་ཡིན་པ[འཁོར་འདས་དབྱེར་མེད་]དེ་ནི་དཔྱད་དུ་མེད་པ། བསྟན་དུ་མེད་པ། རྟེན་མ་ཡིན་པ། སྣང་བ་མེད་པ། རྣམ་པར་རིག་པ་མེད་པ། གནས་མེད་པ་སྟེ། འོད་སྲུང་འདི་ནི་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་[རང་བྱུང་ཡེ་ཤེས་མཁའ་ཁྱབ་]ཞེས་བྱའོ། །ཞེས་མཐའ་གཉིས་སྤངས་པའི་དབུས་གང་ཡིན་པ་ཆོས་ཉིད་དབུ་མའི་དོན་ནི་ཕུང་པོ་གསུམ་པའི་དོན་དུ་གསུངས་ལ། དེ་ཉིད་རྣམ་པར་མི་རྟོག་ཡེ་ཤེས་ཀྱི་མཚན་ཉིད་དུ་རྒྱལ་བ་བྱམས་པའི་ཞལ་སྔ་ནས་གསུངས་ཏེ། ཆོས་དང་ཆོས་ཉིད་རྣམ་འབྱེད་དུ། དེས་ན་[མཐའ་གཉིས་སྤངས་པའི་དབུས་མའམ་བར་མ་ཕུང་པོ་གསུམ་པ་]འདི་ནི་བརྟག་[ཏུ་]མེད་པ། །བསྟན་དུ་མེད་པ་གནས་མེད་པ། །སྣང་བ་མེད་ཅིང་རྣམ་རིག་མེད། །གནས་མེད་པ་ཞེས་བྱ་བ་སྟེ། །[ཆོས་དྲུག་པོ་དེ་ནི་]རྣམ་པར་མི་རྟོག་[རང་བྱུང་]ཡེ་ཤེས་ཀྱི། །མཚན་ཉིད་[ཡིན་པར་དཀོན་བརྩེགས་ཀྱི་]མདོ་བཞིན་བརྗོད་པ་ཡིན། །ཞེས་སོ། །གཞན་ཡང་མཐའ་བྲལ་དབུ་མའི་དོན་དཀོན་མཆོག་བརྩེགས་པར་གསུངས་པ་གང་ཡིན་པ་དབུས་མཐའ་རྣམ་འབྱེད་ཀྱི་འགྲེལ་པར་གསལ་བར་མཛད་པ་ཡང༌། གང་ཟག་དང་ཆོས་དེ་གཉིས་ཡོད་དོ། །ཞེས་བྱ་བ་ནི་[ཆོས་འདུས་བྱས་རྣམས་གཤིས་ལ་ཡོད་པར་ཁས་བླངས་ན་རྟག་པར་ཁས་བླངས་པར་འགྱུར་བས་མི་རྟག་པ་ལ་]རྟག་པ[ར་ལྟ་བ]འི་མཐའོ། །[ཐམས་ཅད་]མེད་དོ་ཞེས་བྱ་བ་ནི་[དོན་དམ་གྱི་བདག་ཉིད་ཀྱང་མེད་པར་ཁས་བླངས་པར་འགྱུར་བས་མ་ཆད་པ་ལ་]ཆད་པ[ར་ལྟ་བ]འི་མཐའོ། །དེ་[གཉིས་]ཡོངས་སུ་སྤངས་པའི་ཕྱིར་དབུ་མའི་ལམ་སྟེ། མཐའ་དེ་གཉིས་ཀྱི་དབུས་[གང་ཟག་དང་ཆོས་ཀྱི་བདག་ཡོད་པ་མ་ཡིན་ལ། བདག་ཉིད་ཆེན་པོའི་བདག་མེད་པ་མ་ཡིན་པས་ཕུང་པོ་གསུམ་པ་]གང་ཡིན་[པ་དོན་དམ་བདེན་]པའོ།།ཞེས་གསུངས་ཏེ། འདིས་ནི་ཁ་ཅིག་མཐའ་དང་བྲལ་བའི་དབུས་མ་གྲུབ་པར་འདོད་པ་བསལ་བ་ཡིན་ནོ། །དེ་བཞིན་དུ་གཞན་དག་དབུས་མི་འདོད་པར་དབུ་མ་འདོད་པ་ཡང་འཁྲུལ་ཏེ། འདིར་[སྐད་དོད་]མ་དྷྱ་ཞེས་པའི་སྒྲའི་དོན་ནང་ངམ། བར་རམ། དབུས་ཡིན་པས། ཟབ་མོ་ཆོས་ཀྱི་དབྱིངས་ནི་མཐའ་གང་ཡང་མ་ཡིན་གྱི་དབུས་མའམ་བར་མ་[འམ་ནང་]ཡིན་ཞེས་པའི་དོན་ཏེ། ཕུངཔོ་གསུམ་པར་གསུངས་པའི་དོན་ཡང་དེ་ཡིན་ལ། མ་ནིང་གི་གོ་འཕང་དུ་གསུངས་པའི་དོན་ཡང་དེ་ཡིན་ཞིང༌། འཇིག་རྟེན་དཔེ་ལས་འདས་པའི་དོན་ཡང་དེ་ཡིན་ཏེ། འགལ་འདུས་སྐྱོན་མེད་དང༌། དངོས་འགལ་གྱི་ཕུང་གསུམ་ནི་ཀུན་རྫོབ་བདེན་པ་ལ་མི་སྲིད་པའི་ཕྱིར་རོ། །[དབུ་མ་ཆེན་པོའི་གཞུང་]དབུས་མཐའ་རྣམ་འབྱེད་རྩ་འགྲེལ་དུ་ཡང༌། དབུས་[མ་དོན་དམ་ནི་མཐའ་མ་ཀུན་རྫོབ་ལས་]རྣམ་[པར་]འབྱེད་པའི་བསྟན་བཅོས་ཏེ། དབུ་མའི་ལམ་རབ་ཏུ་སྟོན་པའི་ཕྱིར་རོ། །འདི་ནི་དབུས་[དངོས་པོ་ཡོད་མེད་ལས་འདས་པའི་དོན་དམ་]དང་མཐའ་[དངོས་པོ་ཡོད་མེད་ལས་མ་འདས་པ་ཀུན་རྫོབ་དག་]རྣམ་པར་འབྱེད་པ་ཡང་ཡིན་ཏེ། དབུས་[དོན་དམ་]དང་མཐའ་[ཀུན་རྫོབ་]གཉིས་རབ་ཏུ་[ཕྱེ་ནས་]སྟོན་པའི་ཕྱིར་རོ། །ཡང་ན་ཐོག་མ་དང་ཐ་མ་སྤངས་པའི་དབུས་རབ་ཏུ་སྟོན་པའི་ཕྱིར་རོ། །ཞེས་གསུངས་ཤིང༌། བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་གི་ཞལ་སྔ་ནས་ཀྱང༌། [དངོས་པོ་ཡོད་མེད་ལས་འདས་པའི་དོན་དམ་]རྣམ་པ་ཐམས་ཅད་པ་ནམ་མཁའ་ལས་[རང་]བྱུང་བ་ཀུན་ཏུ་བཟང་པོ་དབང་པོ་ཐམས་ཅད་པ་སེམས་ཅན་[གཞན་]ཐམས་ཅད་ཀྱི་བདག་ཉིད་དུ་གནས་པ་[རང་བཞིན་]ལྷན་ཅིག་སྐྱེས་པའི་དགའ་བ་གཏན་ཚིགས་དང་དཔེ་སྤངས་པ་འདི་ཡི་དཔེར་[རུང་བ་ཚོལ་ན་]དངོས་པོ་དང་དངོས་པོ་མེད་པ་གཅིག་པ་ཉིད་[ཀུན་རྫོབ་བདེན་པ་ལ་སྲིད་ན་དེ་རུང་བར་]འགྱུར་ཏེ་[དོན་དམ་ནི་]ཆོས་མི་མཐུན་[པ་གཉིས་འདུས་ཀྱང་སྐྱོན་མེད་]པའི་ཕྱིར་རོ། །དཔེར་ན་འཇིག་རྟེན་པའི་དཔེ་བུམ་པ་དང་ཆོས་མི་མཐུན་པའི་ཕྱིར་ནམ་མཁའི་མེ་ཏོག་ནི་མེད་པ་ཐམས་ཅད་ཀྱིས་མེད་དོ། །དེ་བཞིན་དུ་ནམ་མཁའི་མེ་ཏོག་དང་ཆོས་མི་མཐུན་པའི་ཕྱིར་བུམ་པ་ནི་དངོས་པོ་ཐམས་ཅད་ཀྱིས་ཡོད་དོ། །ཞེས་འདི་གཉིས་ཕན་ཚུན་ཆོས་མི་མཐུན་པའི་ཕྱིར་[དེ་གཉིས་གཅིག་ཏུ་འདུས་པ་སྲིད་ན་དོན་དམ་གྱི་]དཔེར་འགྱུར་རོ། །དེ་བཞིན་དུ་ཆད་པ་དང་ཆོས་མི་མཐུན་པའི་ཕྱིར་སྲིད་པ་ནི་དངོས་པོ་ཐམས་ཅད་ཀྱིས་ཡོད་དོ། །སྲིད་པ་དང་ཆོས་མི་མཐུན་པའི་ཕྱིར་ཆད་པ་ནི་མེད་པ་ཐམས་ཅད་ཀྱིས་མེད་དོ། །ཆད་པའི་སྒྲས་ནི་མྱ་ངན་ལས་འདས་པ་[ཉན་རང་ལ་གྲགས་པ་མར་མེ་ཤི་བ་དང་མཚུངས་པ་ལྟ་བུ་]དངོས་པོ་མེད་པའི་མཚན་ཉིད་དོ། །[དེ་དག་གིས་ནི་འཁོར་འདས་དབྱེར་ཡོད་ཀྱང་བསྟན་ཏོ།།]དེ་བཞིན་དུ་[གདོད་ནས་རང་བཞིན་གྱིས་]འཇིག་རྟེན་ལས་འདས་པ[དོན་དམ་པ]འི་དཔེར་[འོས་པ་ཚོལ་ན་]བུམ་པ་དང་ནམ་མཁའི་མེ་ཏོག་འདི་གཉིས་གཅིག་པ་ཉིད་[སྲིད་ན་དེ་འོས་པར་]འགྱུར་ཏེ་[དོན་དམ་ནི་]ཆོས་མི་མཐུན་[པ་འདུས་པ་འགལ་འདུས་སྐྱོན་མེད་ཡིན་]པའི་ཕྱིར་རོ། །བུམ་པ་དང་ནམ་མཁའི་མེ་ཏོག་འདི་དག་འཇིག་རྟེན་ཀུན་རྫོབ་ཏུ་གཅིག་པ་ཉིད་མེད་དེ་ཕན་ཚུན་འགལ་བ[འདུས་པ་ཀུན་རྫོབ་བདེན་པ་ལ་མི་སྲིད་པ]འི་ཕྱིར་རོ། །ཞེས་དང༌། འཇིག་རྟེན་པའི་དཔེ་ལས་འདས་པ་ཉིད་ཀྱི་ཕྱིར། སེམས་གང་[གཤིས་ལ་]ཡོད་པའི་སེམས་[རང་བཞིན་འོད་གསལ་]དེ་ནི་[གློ་བུར་བའི་]སེམས་[སུ་]མེད་པ་རྟག་པ་དང་ཆད་པའི་ཆོས་ཀྱི་མཚན་ཉིད་དང་བྲལ་བ་[དོན་དམ་གྱི་]སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་[པས་དབྱིངས་རིག་དབྱེར་མེད་]པའོ། །ཞེས་དེ་ཁོ་ན་ཉིད་ཟབ་མོ་ནི་ཡོད་མེད་ཀྱི་དབུས་སམ་ཕུང་པོ་གསུམ་པ་ཡིན་པ་ཉིད་ཀྱིས་དེའི་དཔེ་འཇིག་རྟེན་དུ་མི་སྲིད་པར་གསུངས་པ་དང་དོན་གཅིག་པ་ཉིད་དུ་རིག་པར་བྱའོ། །

དེ་ལ་འཁྲུལ་བའི་ལོག་རྟོག་མང་པོ་སྤངས་ནས་དོན་ཡིན་ལུགས་བཞིན་བསྟན་པ།

གལ་ཏེ་དེ་ལྟ་ན་ཡོད་མེད་དང་དངོས་པོ་ཡོད་མེད་དང་གཟུགས་ཡོད་མེད་ལ་སོགས་དངོས་འགལ་ལ་ཕུང་གསུམ་མི་སྲིད་པར་གྲགས་པ་དང་འགལ་ལོ་ཞེ་ན་བདེན་མོད། དེ་དག་ནི་ཀུན་རྫོབ་ཉིད་ཀྱི་དབང་དུ་བྱས་པ་ཡིན་གྱི། དོན་དམ་པ་ནི་ཡོད་མེད་ལ་སོགས་པའི་དངོས་འགལ་གྱི་ཡ་གྱལ་དེ་དག་གང་ཡང་མ་ཡིན་ཏེ། [དུས་འཁོར་ལ་སོགས་པ་མང་པོར།]ཡོད་དང་མེད་ལས་རྣམ་པར་འདས། །ཞེས་དང༌། ཡོད་མིན་མེད་མིན་ཞེས་དང༌། [དུས་འཁོར་ལ་སོགས་པ་མང་པོར།]དངོས་དང་དངོས་མེད་ཟད་པའི་གཙོ། །ཞེས་དང༌། [ཀྱེའི་རྡོ་རྗེར།]དེ་ཕྱིར་སངས་རྒྱས་དངོས་པོ་མིན། །དེ་ཉིད་དངོས་མེད་ཚུལ་ཡང་མིན། །ཞེས་དང༌།[དབང་མདོར་བསྟན་དུ།]གཟུགས་དང་གཟུགས་མིན་རྣམ་པར་གྲོལ། །ཞེས་སོགས་[རྣམ་པ་མང་པོས་འགལ་འདུས་སྐྱོན་མེད་ཕུང་པོ་གསུམ་པ་]ལེགས་པར་བཀའ་སྩལ་པའི་ཕྱིར་རོ། །དེ་ལྟ་བས་ན་ཤེས་བྱ་ཐམས་ཅད་དངོས་པོ་དངོས་མེད་གཉིས་སུ་ཁ་ཚོན་ཆོད་པར་སྨྲ་བ་རྣམས་ཀྱིས་ནི་ཆོས་ཉིད་དོན་དམ་པའི་གནས་ལུགས་མ་རྟོགས་པ་ཉིད་དུ་ཟད་དེ། [དོན་དམ་]དེ་ནི་ཤེས་བྱ[འི་ཁྱད་པར་]ཡིན་ཡང་དངོས་པོ་དངོས་མེད་གང་ཡང་མ་ཡིན་པའི་ཕྱིར་རོ། །དེས་ན་དེ་ནི་ཕུང་པོ་གསུམ་པ་དང་དབུས་མའམ་བར་མ་ཉིད་དུ་ཡང་གྲུབ་བོ། །གལ་ཏེ་དོན་དམ་ཤེས་བྱ་ཡིན་ན། [སྤྱོད་འཇུག་ལས།]དོན་དམ་བློ་ཡི་སྤྱོད་ཡུལ་མིན། །ཞེས་དང༌། [རྡོ་རྗེ་གཅོད་པར།]ཆོས་ཉིད་ཤེས་པར་བྱ་མིན་པས། །དེ་ནི་རྣམ་པར་ཤེས་མི་ནུས། །ཞེས་གསུངས་པ་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ། དེ་དག་ནི་རྣམ་ཤེས་ཀྱི་བློའི་སྤྱོད་ཡུལ་མ་ཡིན་པ་དང༌། རྣམ་ཤེས་ཀྱིས་[མངོན་སུམ་དུ་]ཤེས་པར་མི་ནུས་པ་ལ་དགོངས་པའི་ཕྱིར་རོ། །ཡེ་ཤེས་ཀྱི་ཡུལ་མ་ཡིན་པར་ནི་མི་འགྱུར་ཏེ། [སློབ་དཔོན་རཏྣ་ཀཱརྟིས་སྦྱོར་བ་བཞིའི་ལྷ་ལ་བསྟོད་པར། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མ་འགག་ནམ་མཁའི་ངོ་བོ་ཉིད།།]སོ་སོར་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །ཞེས་དང༌། [རྒྱུད་བླ་མར།]དོན་དམ་གཟིགས་པ་རྣམས་ཀྱི་ཡུལ་ཉིད་དོ། །ཞེས་དང༌། [རྒྱུད་སྡཻ་མང་པོར་འགོག་བདེན་དོན་དམ་ནི།]བེམ་པོ་མིན་ཕྱིར་བདག་ཉིད་རིག །ཅེས་དང༌། བེམ་པོ་མིན་ཕྱིར་རང་རིག་ཉིད། །ཅེས་དང༌། བདག་རིག་གཞན་རིག་ཐམས་ཅད་པ། །ཞེས་དང༌། [ཀྱེའི་རྡོ་རྗེར་ཡང༌། འགོག་བདེན་དོན་དམ་ནི་རང་གིས་]རང་རིག་བདེ་བ་ཆེན་པོ་ཉིད[ཡིན་ལ]། །[དེ་ལམ་བདེན་ཡེ་ཤེས་ཀྱིས་]རང་རིག་ནས་ནི་བྱང་ཆུབ་[ཐོབ་པར་]འགྱུར། །ཞེས་དང༌། [ཡོན་ཏན་རིན་ཆེན་སྡུད་པར།]བྱང་ཆུབ་སེམས་དཔས་དེ་བཞིན་ཉིད་[འགོག་བདེན་ཡེ་ཤེས་]འདི་རྗེས་སུ་རྟོགས། །དེ་ཕྱིར་དེ་བཞིན་གཤེགས་ཞེས་སངས་རྒྱས་མཚན་གསོལ་ཏོ། །ཞེས་དང༌། [ལུང་རྣམ་དག་མང་པོར།]མཐར་ཐུག་གི་སྟོང་ཉིད་ནི་སྙིང་རྗེའི་བདག་ཉིད་དང་བྱང་ཆུབ་ཀྱི་སེམས་ཡིན་པར་ཡང་ཡང་གསུངས་པའི་ཕྱིར་རོ། །དེ་ལྟ་བས་ན་མཐའ་གཉིས་སྤངས་པའི་དབུས་གང་ཡིན་པ་ཟབ་མོ་ཆོས་ཀྱི་དབྱིངས་ནི་རྣམ་ཤེས་ཀྱིས་མངོན་སུམ་དུ་ཤེས་པར་བྱ་བ་མ་ཡིན་ཡང༌། ཡེ་ཤེས་ཀྱིས་མངོན་སུམ་དུ་ཤེས་པར་བྱ་བ་ཡིན་ཏེ། དེ་ཉིད་རང་བྱུང་ཡེ་ཤེས་རྣམ་པ་ལྔ་ཡིན་པའི་ཕྱིར་དང༌། གཞན་བྱུང་ཡང་དག་ཡེ་ཤེས་ཀྱིས་ཀྱང་མངོན་སུམ་དུ་རྟོགས་པའི་ཕྱིར་རོ། །དེ་ལྟར་ཡོད་མེད་ལ་སོགས་པའི་མཐའ་ཐམས་ཅད་བྲལ་བའི་གཞི་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བ་ནི་[གཤིས་ཀྱི་]གནས་ལུགས་ཀྱི་སངས་རྒྱས་ཡིན་ནོ། །གལ་ཏེ་སངས་རྒྱས་ཡོད་ཅེས་པའམ་མེད་ཅེས་བྱས་ན་ཡོད་མེད་ཀྱི་མཐར་ལྷུང་བའི་སྐྱོན་དུ་འགྱུར་ཏེ། མདོ་སྡེའི་རྒྱན་ལས་ཀྱང༌། དེ་ཕྱིར་སངས་རྒྱས་ཡོད་མིན་ཞིང༌། །མེད་པར་ཡང་ནི་མི་བརྗོད་དོ། །དེ་ལྟར་སངས་རྒྱས་དེ་སྐད་འདྲི། །ལུང་མ་བསྟན་པའི་ཚུལ་དུ་འདོད།།ཅེས་གསུངས་པའི་ཕྱིར་རོ་ཞེ་ན། འདིར་ཡོད་མེད་ཀྱི་མཐའ་དང་བྲལ་ཞེས་པའི་དོན་ལ་རྣམ་པ་གཉིས་ཏེ། ཆོས་ཉིད་ཟབ་མོ་ལ་ཤིན་ཏུ་མཉམ་པར་གཞག་པའི་སྐབས་སུ་ནི་ཡོད་མེད་ལ་སོགས་པའི་སྤྲོས་པ་ཐམས་ཅད་དོར་ཞིང་སྨྲ་བསམ་བརྗོད་དུ་མེད་པ་ཡིན་ལ། རྗེས་ཐོབ་ལ་སོགས་པར་གནས་ལུགས་ཇི་ལྟར་ཡིན་པ་གཏན་ལ་འབེབས་པའི་སྐབས་སུ་ནི་ཡོད་པ་ལ་ཡོད་ཅེས་པ་དང༌། མེད་པ་ལ་མེད་ཅེས་གནས་ལུགས་དང་མཐུན་པར་ཁ་ཚོན་གཅོད་ན་སྐྱོན་མེད་ཀྱི། དེ་ལས་བཟློག་ན་མཐར་ལྷུང་བའི་སྐྱོན་དུ་འགྱུར་རོ། །འདིར་སངས་རྒྱས་ཡོད་པ་མ་ཡིན་ཞིང་མེད་པ་ཡང་མ་ཡིན་ཞེས་པའི་དོན་ཡང༌། སེམས་ལ་[དབྱེར་མེད་དུ་]ཡོད་པ་མ་ཡིན་པ་དང་ཡེ་ཤེས་ལ་[དབྱེར་མེད་དུ་]མེད་པ་མ་ཡིན་པ་ལ་གསུངས་ཏེ། དེ་ཉིད་དུ། ཇི་ལྟར་ལྕགས་ལ་ཚ་བ་[ཞི་བ་]དང༌། །མིག་ལ་རབ་རིབ་ཞི་བ་[ན་ཡོད་དང་མེད་པར་བརྗོད་དུ་མེད་པ་]ལྟར། །[མཐར་ཐུག་གི་]སངས་རྒྱས་[ནི་]སེམས་དང་ཡེ་ཤེས་ལ[གོ་རིམ་བཞིན་དབྱེར་མེད་དུ]། །ཡོད་དང་མེད་པར་མི་བརྗོད་དོ།།ཞེས་ལྕགས་གྲང་བ་ན་ཚ་བ་ཡོད་པ་མ་ཡིན་ཞིང་ལྕགས་ཉིད་མེད་པ་མ་ཡིན་པ་དང༌། མིག་སྐྱོན་མེད་པ་ན་རབ་རིབ་ཡོད་པ་མ་ཡིན་ཞིང༌། མིག་ཉིད་མེད་པ་མ་ཡིན་པ་དཔེར་མཛད་ནས་སོ། །དེ་ལྟ་བས་ན་ཡོད་མིན་མེད་མིན་ཞེས་འགལ་བ་འདུས་པ་ལྟར་སྣང་ཡང་ལེགས་པར་བརྟགས་ན་འགལ་བའི་སྐྱོན་མེད་པའི་ཚུལ་དང་རྒྱུ་མཚན་ནི་དེ་ལྟ་བུ་ཡིན་ནོ། །དེ་ལྟ་མ་ཡིན་པར་གང་ཟག་འགའ་ཞིག་འདོད་པ་བཞིན་དུ་གནས་ལུགས་ལ་སངས་རྒྱས་ཡོད་པ་མ་ཡིན་ཞིང༌། སངས་རྒྱས་མེད་པ་ཡང་མ་ཡིན་ཞེས་པ་དང༌། ཀུན་རྫོབ་ཀྱི་ཆོས་ཐམས་ཅད་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་ཞེས་སོགས་ཆོས་གཅིག་པོ་དེ་ཉིད་ཡོད་པ་བཀག་ཀྱང་མེད་པར་མི་འགྲུབ་ལ། མེད་པ་བཀག་ཀྱང་ཡོད་པར་མི་འགྲུབ་པ་དེ་ལྟ་བུ་ནི་རྒྱལ་བ་རྣམས་ཀྱི་དགོངས་པ་དང་མི་མཐུན་ཞིང་དོན་དང་ཡང་འགལ་བ་ཡིན་ཏེ། ཡོད་མེད་ཕན་ཚུན་དངོས་འགལ་ཡིན་པའི་ཕྱིར་དང༌། དགག་པ་བཀག་པ་སྒྲུབ་པའི་རང་བཞིན་ཡིན་པའི་ཕྱིར་དང༌། དགག་པ་གཉིས་ཀྱིས་རྣལ་མ་གོ་བའི་ཕྱིར་དང༌། གཞི་མ་གྲུབ་པ་ཡང་མ་ཡིན་པའི་ཕྱིར་རོ། །འོ་ན་གནས་ལུགས་ཀྱི་སངས་རྒྱས་དེ་ཡོད་མེད་སྤངས་པའི་དབུས་དང་ཕུང་པོ་གསུམ་པ་ཡིན་པར་སྔར་བསྒྲུབས་པ་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ། སྔར་ནི་གཟུགས་སོགས་ཀྱི་དངོས་པོར་ཡོད་མེད་ཀྱི་མཐའ་སྤངས་པའི་དབང་དུ་བྱས་ལ། འདིར་ནི་མཐའ་བྲལ་དེ་ཉིད་གནས་ལུགས་ལ་ཡོད་མེད་ཀྱི་དབང་དུ་བྱས་པའི་ཕྱིར་རོ། །དེ་ལྟར་རྟོགས་ན་ཡོད་མེད་ལ་སོགས་པའི་མཐའ་གང་དུ་ཡང་མ་ལྷུང་བར་གསུངས་པ་དང༌། མཐའ་བྲལ་དེ་ཉིད་གནས་ལུགས་ལ་ནམ་ཡང་ཡོད་པར་གསུངས་པ་རྣམས་མི་འགལ་བ་ཉིད་དུ་རྟོགས་པར་འགྱུར་ཏེ། ཡོད་མེད་ལ་སོགས་པ་མཐའ་ཐམས་ཅད་དང་བྲལ་བའི་གཞི་གང་ཡིན་པ་དེ་ཉིད་གནས་ལུགས་ཟབ་མོའི་སངས་རྒྱས་ཡིན་པའི་ཕྱིར་རོ། །ཅི་སྟེ་ཆོས་ཉིད་དང་སངས་རྒྱས་ཤེས་བྱ་ལ་མ་གྲུབ་པའི་རྒྱུ་མཚན་གྱིས་ཡོད་པ་མ་ཡིན་ཞིང༌། དེ་ཉིད་མེད་པ་ཡང་མ་ཡིན་ནོ་སྙམ་ན། དེ་ལྟ་ན་ནི་རི་བོང་གི་རྭ་ལ་སོགས་པ་ཤེས་བྱ་ལ་མི་སྲིད་པ་ཐམས་ཅད་མེད་པ་མ་ཡིན་པར་ཧ་ཅང་ཐལ་བར་ཡང་འགྱུར་རོ། །གཞན་ཡང་ཆོས་ཉིད་ཀྱི་སངས་རྒྱས་ཤེས་བྱ་ལ་མེད་པར་འདོད་པ་ནི་ཆད་པར་ལྟ་བ་རྣམས་ཀྱི་ནང་ནས་མ་རུངས་པ་ཆེན་པོ་སྟེ་སྡིག་པའི་ལྟ་བ་ཆེན་པོ་མི་བཟད་པའོ། །འདི་འདྲ་བ་དག་ལ་དགོངས་ནས། བཅོམ་ལྡན་འདས་ཀྱིས་[མདོ་མང་པོར་]དེ་བཞིན་གཤེགས་པ་རྣམས་བྱོན་ཡང་རུང་མ་བྱོན་ཡང་རུང་ཞེས་སོགས་དང༌། སངས་རྒྱས་མེད་ཅེས་མི་བྱ་སྟེ། །སངས་རྒྱས་མཉམ་པར་བཞག་པ་ཡོད། །ཅེས་སོགས་རྒྱས་པར་བཀའ་སྩལ་ཏོ། །འཕགས་པ་ཀླུ་སྒྲུབ་ཞབས་ཀྱི་ཞལ་སྔ་ནས་ཀྱང༌། [ཆོས་ཀྱི་དབྱིངས་ལ་བསྟོད་པར།]ཉོན་མོངས་ཅན་གྱི་སེམས་ཅན་གྱིས། །དེ་བཞིན་གཤེགས་པ་[ཡོད་ཀྱང་]མི་མཐོང་སྟེ། །ཇི་ལྟར་ཡི་དྭགས་རྣམས་ཀྱིས་ནི། །རྒྱ་མཚོ་[ཡོད་ཀྱང་]སྐམ་པར་མཐོང་བ་བཞིན། །དེ་བཞིན་མི་ཤེས་པས་བསྒྲིབས་པས། །སངས་རྒྱས་རྣམས་ནི་[ཡོད་ཀྱང་]མེད་པར་[ཀུན་ཏུ་]བརྟགས། །[བློ་གྲོས་སམ་སྐལ་བ་]དམན་པ་བསོད་ནམས་དམན་པ་ལ། །བཅོམ་ལྡན་འདས་ཀྱིས་ཅི་བགྱིར་མཆིས། །ཇི་ལྟར་དམུས་ལོང་ལག་པ་རུ། །རིན་ཆེན་[འོད་འཕྲོ་བ་]མཆོག་ནི་བཞག་པ་འདྲ། །སེམས་ཅན་བསོད་ནམས་བྱས་རྣམས་ལ།།འོད་ཀྱིས་གསལ་ཞིང་དཔལ་ལྡན་པའི། །སུམ་ཅུ་རྩ་གཉིས་མཚན་འབར་བ། །སངས་རྒྱས་དེ་ཡི་མདུན་ན་བཞུགས། །ཞེས་དང༌། ཆུ་ཤིང་སྙིང་པོ་མེད་དོ་ཞེས། །འཇིག་རྟེན་ན་ནི་དཔེར་བྱེད་ཀྱང༌། །དེ་ཡི་སྙིང་པོ་འབྲས་བུ་ཉིད། །དངར་པོ་ཟ་བར་བྱེད་པ་ལྟར།།སྙིང་པོ་མེད་པའི་འཁོར་བ་ལས། །ཉོན་མོངས་གཟེབ་དང་བྲལ་གྱུར་ན། །དེ་ཡི་སྙིང་པོ་སངས་རྒྱས་ཉིད། །ལུས་ཅན་ཀུན་གྱི་བདུད་རྩིར་འགྱུར། །ཞེས་དང༌། དོན་དམ་པ[ལ་བསྟོད་པ་]དང༌། སྐུ་གསུམ་ལ་བསྟོད་པ[དང་སེམས་ཀྱི་རྡོ་རྗེ་ལ་བསྟོད་པ་]ལ་སོགས་[མང་དུ་]གསུངས་ཤིང༌། ཇོ་བོ་ཐུགས་རྗེ་ཆེན་པོའི་ཞལ་སྔ་ནས་ཀྱང༌། འཁོར་བ་སྙིང་པོ་མེད་[པ་]དེ་ཟད་གྱུར་པ། །དེ་ལས་སྐྱེས་བུའི་སངས་རྒྱས་ཉིད་འབྲས་[ཐོབ་]ཏེ། །ཆུ་ཤིང་གི་ནི་འབྲས་བུ་སྨིན་པ་དག །ཆུ་ཤིང་[མ་ཉམས་བར་ལ་མི་འབྱུང་ཞིང་]ཉམས་པས་ཡང་དག་འབྱུང་བ་བཞིན།།ཞེས་སོགས་གནས་ལུགས་ལ་སངས་རྒྱས་ཡོད་ཚུལ་དུ་མ་གསུངས་པས་དེ་ལ་སྐུར་བ་གདབ་པར་མི་བྱའོ། །གལ་ཏེ་སངས་རྒྱས་དོན་དམ་དུ་ཡོད་པ་མ་ཡིན་ཞིང་ཀུན་རྫོབ་ཏུ་མེད་པ་མ་ཡིན་པ་ལ་དགོངས་ནས་ཡོད་མིན་མེད་མིན་དུ་གསུངས་པ་ཡིན་ནོ་སྙམ་དུ་འགའ་ཞིག་སེམས་པར་གྱུར་ན། དེའི་ཕྱིར་བརྗོད་པར་བྱ་སྟེ། འདིར་དོན་དམ་དུ་མེད་ལ་ཀུན་རྫོབ་ཏུ་ཡོད་པས་སངས་རྒྱས་གང་ཡིན་པ་དེ་ནི་མཐར་ཐུག་གི་སངས་རྒྱས་མ་ཡིན་ཏེ། མཐར་ཐུག་ཆོས་སྐུ་གང་ཡིན་པ་དེ་ནི་ཀུན་རྫོབ་ཀྱི་ཆོས་གང་དུ་ཡང་མེད་ཅིང༌། དོན་དམ་དེ་བཞིན་ཉིད་ཀྱི་ངོ་བོར་རྟག་ཏུ་བཞུགས་པའི་ཕྱིར་རོ། །དེ་ལྟ་བས་ན་མཐར་ཐུག་གི་སངས་རྒྱས་ཆོས་ཀྱི་སྐུ་ནི་ཡང་དག་པའི་མཐའ་ཡིན་པའི་ཕྱིར། ཡོད་པའི་མཐར་ཐུག་པ་དང་བདེན་པའི་མཐར་ཐུག་པ་སྟེ། དོན་དམ་པར་ཡོད་པ་དང༌། དོན་དམ་པར་བདེན་པའི་ཕྱིར་རོ། །དེ་ཡང་བྷཱུ་ཏ་ཀོ་ཊི། ཞེས་པ་འདིར་ཡོད་པའི་མཐར་ཐུག་པ་དང་བདེན་པའི་མཐར་ཐུག་པ་ལ་འཇུག་པའི་དོན་ཉིད་ཀྱིས་ཤེས་པར་བྱའོ། །དེ་ཉིད་མཐར་ཐུག་གི་སངས་རྒྱས་ཡིན་ཞིང་འདི་ལ་དགོངས་ནས་བཅོམ་ལྡན་འདས་ཀྱིས། [ཁྱེའུ་བཞིའི་[རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་]ཏིང་ངེ་འཛིན་གྱི་མདོར།]གང་[དོན་དམ་དུ་]མི་བདེན་པ་དེ་དེ་བཞིན་ཉིད་[མཁའ་ཁྱབ་]མ་ཡིན་ནོ། །གང་དེ་བཞིན་ཉིད་[མཁའ་ཁྱབ་]མ་ཡིན་པ་དེ་དེ་བཞིན་གཤེགས་པ་[མཁའ་ཁྱབ་]མ་ཡིན་ནོ། །ཞེས་སོགས་རྒྱ་ཆེར་གསུངས་སོ། །གལ་ཏེ་ཆོས་གང་ལ་ཡང་བདེན་པ་མེད་པས་དོན་དམ་པར་བདེན་པ་མི་སྲིད་དོ། །ཞེ་ན་མ་ཡིན་ཏེ། ཀུན་རྫོབ་ཏུ་མི་བདེན་ན་ཀུན་རྫོབ་ཀྱི་བདེན་པར་མི་རུང་བས་ཀུན་རྫོབ་བདེན་པ་གང་ཡིན་པ་དེ་ཀུན་རྫོབ་ཏུ་བདེན་གྱི། དོན་དམ་དུ་མི་བདེན་པ་ཇི་ལྟ་བ་དེ་བཞིན་དུ། དོན་དམ་དུ་མི་བདེན་ན་དོན་དམ་བདེན་པར་མི་རུང་བས་དོན་དམ་བདེན་པ་གང་ཡིན་པ་དེ་དོན་དམ་དུ་བདེན་གྱི་ཀུན་རྫོབ་ཏུ་བདེན་པ་མ་ཡིན་ནོ། །དེ་ཡང༌། འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་རང་འགྲེལ་ག་ལས་འཇིགས་མེད་དུ། དོན་དམ་པའི་བདེན་པ་ནི་འཕགས་པ་རྣམས་ཀྱིས་[ཁམས་གསུམ་པ་]ཕྱིན་ཅི་ལོག་[ཏུ་]ཐུགས་སུ་ཆུད་པས་ཆོས་ཐམས་ཅད་སྐྱེ་བ་མེད་པར་གཟིགས་པ[འི་གཞི་མཁའ་ཁྱབ་]གང་ཡིན་པ་སྟེ། དེ་ནི་དེ་དག་ཉིད་ལ་དོན་དམ་པར་བདེན་པ་ཉིད་ཡིན་པས་དོན་དམ་པའི་བདེན་པ[མཁའ་ཁྱབ་]འོ། །ཞེས་དང༌། [འགྲེལ་མཆོག་འདི་བོད་མར་འདོད་པ་རྣམས་ནི་འཁྲུལ་ཏེ། སློབ་དཔོན་སྤྱན་རས་གཟིགས་བརྟུལ་བཞུགས་ཀྱིས་མཛད་པའི་ཊཱི་ཀ་དང༌། ཇོ་བོའི་ལམ་སྒྲོན་གྱི་རང་འགྲེལ་དུ། དབུ་མ་རྩ་ཤེ་ལ་འགྲེལ་པ་བརྒྱད་ཡོད་དེ། སློབ་དཔོན་བདག་ཉིད་ཀྱིས་མཛད་པའི་ག་ལས་འཇིགས་མེད་དང༌། ཞེས་སོགས་གསུངས་པའི་ཕྱིར་རོ།།]དགེ་སློང་དག་འདི་ལྟ་སྟེ་མི་སླུ་བའི་ཆོས་མྱ་ངན་ལས་འདས་པ་[མཁའ་ཁྱབ་]དེ་ནི་བདེན་པའི་མཆོག་གོ །ཞེས་དང༌། སློབ་དཔོན་ལེགས་ལྡན་བྱེད་ཀྱིས་མཛད་པའི་འགྲེལ་པ་ཤེས་རབ་སྒྲོན་མའི་འགྲེལ་བཤད། སློབ་དཔོན་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་མཛད་པར་ཡང་ཚིག་དེ་ཉིད་གསུངས་ཤིང༌། སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་འགྲེལ་པར་ཡང་ཚིག་དེ་ཉིད་དང༌། གཞན་ཡང་[གཤིས་ལ་]བདེན་པ་གཅིག་[མཁའ་ཁྱབ་]སྟེ་གཉིས་པ་མེད་ཅེས་དང༌། རིགས་པ་དྲུག་བཅུ་པར་ཡང༌། མྱ་ངན་འདས་པ་[མཁའ་ཁྱབ་]བདེན་[པ་]གཅིག་པུར། །རྒྱལ་བ་རྣམས་ཀྱིས་གང་གསུངས་པ། །དེ་ཚེ་ལྷག་མ་[ཀུན་རྫོབ་ཕྱིན་ཅི་]ལོག་མིན་ཞེས། །མཁས་པ་སུ་ཞིག་རྟོག་པར་བྱེད། །ཅེས་དང༌། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མདོར་ཡང༌། བདེན་པ་ནི་གཅིག་པུ་གཉིས་མ་ཡིན་པ་སྟེ། འདི་ལྟ་སྟེ་འགོག་པའི་བདེན་པ[མཁའ་ཁྱབ་]འོ། །ཞེས་དང༌། གང་སྐྱེ་བ་མེད་པ[འི་གཞི་མཁའ་ཁྱབ་]དེ་ནི་ངེས་པར་གྱུར་པའོ། །གང་ངེས་པར་གྱུར་པ་[ཆོས་ཉིད་]དེ་ནི་ངེས་པའི་དོན་ཏོ། །གང་ངེས་པའི་དོན་[མཁའ་ཁྱབ་]དེ་ནི་[དོན་]དམ་པའོ། །ཞེས་དང༌། གསེར་འོད་དམ་པར་ཡང༌། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་[མཁའ་ཁྱབ་]ནི་ཡང་དག་པའི་བདེན་པ་[མཁའ་ཁྱབ་]དེ་ཉིད་ཡིན་པས་དེ་ལ་མྱ་ངན་ལས་འདས་པ་[མཁའ་ཁྱབ་]ཞེས་བྱའོ། །ཞེས་དང༌། ཡབ་སྲས་མཇལ་བར་ཡང༌། བྱང་ཆུབ་[མཁའ་ཁྱབ་]ཅེས་བགྱི་བ་འདི་ནི་ཡང་དག་པའི་མཐའ་[མཁའ་ཁྱབ་]སྟེ། ཞེས་དང༌། དཔལ་ཕྲེང་དུ་ཡང༌། སྡུག་བསྔལ་འགོག་པའི་བདེན་པ་[མཁའ་ཁྱབ་]ཉིད་ནི་ཡང་དག་པར་ན་བདེན་པ་[མཁའ་ཁྱབ་]དང་རྟག་པ་[མཁའ་ཁྱབ་]དང་སྐྱབས་[མཁའ་ཁྱབ་]ལགས་སོ།།ཞེས་དང༌། དབུ་མ་ཚིག་གསལ་དུ་ཡང༌། བཅོམ་ལྡན་འདས་ཀྱིས་དགེ་སློང་དག་འདི་ནི་བདེན་པ་དམ་པ་[མཁའ་ཁྱབ་]སྟེ། འདི་ལྟ་སྟེ། སླུ་བ་མེད་པའི་ཆོས་ཅན་[མཁའ་ཁྱབ་]མྱ་ངན་ལས་འདས་པ[མཁའ་ཁྱབ་]འོ། །ཞེས་དང༌། གསང་སྔགས་ཟབ་མོ་རྣམས་སུ་ཡང༌། བདེན་དོན་རྣམ་པ་བཅུ་གཉིས་ལྡན་[མཁའ་ཁྱབ་]དང༌། བདེན་པ་གཉིས་ཀྱི་ཚུལ་[མཁའ་ཁྱབ་]དུ་བཞུགས་ཞེས་སོགས་རྒྱ་ཆེར་གསུངས་པའི་ཕྱིར། དོན་དམ་བདེན་པ་གང་ཡིན་པ་དེ་དོན་དམ་དུ་བདེན་ནོ། །དེ་བཞིན་དུ་ཀུན་རྫོབ་ཏུ་བདེན་པ་རྣམས་ཡང་དག་ཏུ་མི་བདེན་ཞིང་མ་སྐྱེས་ཀྱང་ཀུན་རྫོབ་ཏུ་སྐྱེ་བ་བཀག་ན་སྐྱོན་དུ་འགྱུར་ཏེ། དབུ་མ་བདེན་གཉིས་ལས། རྩོད་ངན་གྲགས་པ་ཁ་ཅིག་ནི། །ཡང་དག་པར་དངོས་མ་སྐྱེས་པ། །མོ་གཤམ་བུ་ལ་སོགས་བཞིན་དུ། །ཀུན་རྫོབ་ཏུ་ཡང་མི་སྐྱེ་ཟེར། །ཞེས་སོགས་དགག་པ་གསུངས་པའི་ཕྱིར་རོ། །གལ་ཏེ་མཐར་ཐུག་གི་སངས་རྒྱས་དེ་དོན་ལ་ཡོད་ཀྱང་ཡོད་པར་བལྟས་ན་མཐར་ལྷུང་བར་འགྱུར་ཏེ། ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། [ཟབ་མོ་ལ་ཤིན་ཏུ་མཉམ་པར་བཞག་པའི་སྐབས་སུ་]ཡོད་[པར་འཛིན་པ་]དང་མེད་[པར་འཛིན་]པ་གཉི་གའང་མཐའ། །དག་[པར་རྟོག་པ་]དང་མ་དག་[པར་རྟོག་པ་]འདི་ཡང་མཐའ། །དེ་ཕྱིར་མཐའ་གཉིས་[ཀྱི་རྟོག་པ་]རྣམ་[པར་]སྤངས་ནས། །[མཉམ་གཞག་ལ་]མཁས་པ་དབུས་ལའང་[སེམས་ཤིང་]གནས་[པར་]མི་བྱེད། །ཅེས་དང༌། དབུ་མ་རྩ་ཤེར་ཡང༌། ཡོད་ཅེས་བྱ་བ[ར་སེམས་ན་]རྟག་པར་འཛིན། །མེད་ཅེས་བྱ་བ[ར་སེམས་ན་]ཆད་པར་ལྟ། །དེ་ཕྱིར་ཡོད་དང་མེད་པ་ལ། །མཁས་པས་[སེམས་ཤིང་]གནས་པར་མི་བྱའོ། །ཞེས་གསུངས་པའི་ཕྱིར་རོ་ཞེ་ན། དེ་དག་ནི་མཉམ་བཞག་ཟབ་མོ་ཡོད་མེད་ལ་སོགས་པར་སྤྲོས་པ་མཐའ་དག་དང་བྲལ་བ་ལ་འཇོག་པ་ལ་ཟློ་བའི་སྐབས་ཡིན་ལ། འདིར་ནི་ཡོད་མེད་ཤན་འབྱེད་པའི་སྐབས་ཡིན་པས་སྐྱོན་མེད་དོ། །དེ་བཞིན་དུ། [རྩ་ཤེར།]བློ་ཆུང་གང་དག་དངོས་རྣམས་ལ། །ཡོད་པ་ཉིད་དང་མེད་ཉིད་དུ། །[རྟོག་ཅིང་]ལྟ་བ་དེས་ནི་[ཡེ་ཤེས་ཀྱིས་]ལྟ་བྱ་བ། །[གདོད་ནས་]ཉེ་བར་ཞི་བ[འི་དབྱིངས་རྣམ་རྟོག་]ཞི་[བའི་སྒོ་ནས་]མི་མཐོང༌།།ཞེས་པ་ཡང་ཡོད་མེད་ལ་སོགས་པར་ལྟ་བའམ་འཛིན[ཅིང་སེམས་]ན་ཉེ་བར་ཞི་བའི་དབྱིངས་མི་མཐོང་བས། དབྱིངས་དེ་མཐོང་བ་ལ་སྤྲོས་པ་ཐམས་ཅད་དང་བྲལ་བའི་མཉམ་བཞག་ཟབ་མོ་དགོས་ཞེས་པའི་དོན་ཏོ། །དེ་བཞིན་དུ་རྟག་མི་རྟག་ལ་སོགས་ཤན་ཕྱེ་ནས་གཏན་ལ་འབེབས་པའི་སྐབས་སུ་དེ་བཞིན་ཉིད་ལ་སོགས་པ་སྐད་ཅིག་གཅིག་དང་དུ་མ་དང་བྲལ་བའི་ཡེ་ཤེས་ཆ་མེད་ཀུན་འགྲོ་ཀུན་ཁྱབ་ནི་རྟག་བརྟན་ཐེར་ཟུག་གཡུང་དྲུང་མི་འགྱུར་བ་ཉིད་དུ་རྣམ་པར་བཞག་ཅིང་སྐད་ཅིག་ལས་མ་འདས་པའི་ཆོས་ཐམས་ཅད་ནི་མི་རྟག་ཅིང་མི་བརྟན་ལ་ཐེར་ཟུག་མ་ཡིན་འགྱུར་བའི་ཆོས་ཅན་དུ་རྣམ་པར་གཞག་ཀྱང༌། ལ་ཟློ་བ་མཉམ་བཞག་ཟབ་མོའི་སྐབས་སུ་ནི་རྟག་མི་རྟག་ལ་སོགས་པ་གང་དུ་ཡང་མ་སྤྲོས་པ་དགོས་ཏེ། དབུ་མ་རྩ་ཤེར། རྟག་དང་མི་རྟག་ལ་སོགས་བཞི[རུ་རྟོག་པ]། །ཞི་བ་[ཆོས་ཉིད་]འདི་ལ་ག་ལ་ཡོད། །མཐའ་དང་མཐའ་མེད་ལ་སོགས་བཞི[རུ་རྟོག་པ]། །ཞི་བ་[ཆོས་ཉིད་]འདི་ལ་ག་ལ་ཡོད[དེས་ན་དོན་དེ་དང་མཐུན་པར་འཇོག་དགོས]། །ཅེས་པ་ལ་སོགས་པ་སྤྲོས་པ་ཐམས་ཅད་དང་བྲལ་བ་དགོས་ཚུལ་གསུངས་ཤིང༌། དཀོན་མཆོག་བརྩེགས་པར་གཙུག་ན་རིན་པོ་ཆེས་ཞུས་པར་ཡང༌། རིགས་ཀྱི་བུ་གཞན་ཡང་བདག་དང་བདག་མེད་པ་ཞེས་བྱ་བ[ར་སེམས་པ་]དེ་གཉི་ག་ཡང་མཐའ་སྟེ། བདག་དང་བདག་མེད་པའི་ངོ་བོ་ཉིད་[དུ་རྟོག་པས་]རྣམ་པར་དག་པ་ནི་དབུ་མའི[དབྱིངས་ཐོབ་པའི་]ལམ་མོ། །སྲོག་དང་གང་ཟག་ཅེས་བྱ་བ[ར་རྟོག་པ་]དེ་གཉི་ག་ཡང་མཐའ་སྟེ། །སྲོག་དང་གང་ཟག་གི་ངོ་བོ་ཉིད་[དུ་འཛིན་པས་]རྣམ་པར་དག་པ་ནི་དབུ་མའི་ལམ་མོ། །མཚན་མ་དང་མཚན་མ་མེད་པ་ཞེས་བྱ་བ[ར་འཛིན་པ་]དེ་གཉི་ག་ཡང་མཐའ་སྟེ། མཚན་མ་དང་རྟོག་པ་མེད་པ་ནི་དབུ་མའི་ལམ་མོ། །དམིགས་པ་དང་མི་དམིགས་པ་ཞེས་བྱ་བ[ར་སེམས་པ་]དེ་གཉི་ག་ཡང་མཐའ་སྟེ། རྟོག་པ་དང་འཇིག་པ་མེད་པ་ནི་དབུ་མའི་ལམ་མོ། །བརྫུན་པ་དང་བདེན་པ་ཞེས་བྱ་བ[ར་རྟོག་པ་]དེ་གཉི་ག་ཡང་མཐའ་སྟེ། [སྨྲ་བསམ་]བརྗོད་དུ་མེད་པ་[ལ་མཉམ་པར་འཇོག་པ་]ནི་དབུ་མའི་ལམ་མོ། །ཚུ་རོལ་དང་ཕ་རོལ་ཞེས་བྱ་བ[ར་རྟོག་པ་]དེ་གཉི་ག་ཡང་མཐའ་སྟེ། འཇིག་[ཅིང་]ཚོགས་[པ་ཕུང་པོ་]འགག་པ[འི་ཐབས་]ནི་དབུ་མའི་ལམ་མོ། །འདུས་བྱས་དང་འདུས་མ་བྱས་ཞེས་བྱ་བ[ར་རྟོག་པ་]དེ་གཉི་ག་ཡང་མཐའ་སྟེ། དཔྱོད་པ[འམ་རྟོག་པ་]མེད་པ་ཡང་དབུ་མའི་ལམ་མོ། །འཁོར་བ་དང་མྱ་ངན་ལས་འདས་པ་ཞེས་བྱ་བ[ར་རྟོག་པ་]དེ་གཉི་ག་ཡང་མཐའ་སྟེ། རྣམ་པར་རིག་པ་[རྣམ་ཤེས་]མེད་པ[འི་གཞི་ཡེ་ཤེས་རང་བྱུང་]ནི་དབུ་མའི་ལམ་མོ། །ཞེས་སོགས་ཀྱང་མཉམ་བཞག་ཟབ་མོ་ཅིར་ཡང་མི་རྟོག་པའི་སྐབས་ལ་དགོངས་པ་ཡིན་གྱི། [རྗེས་ཐོབ་ཏུ་]སོ་སོར་རྟོག་པའི་སྐབས་ལ་དགོངས་པ་ནི་མ་ཡིན་ལ་གཞུང་ལུགས་རྣམ་དག་གཞན་དང་གཞན་རྣམས་སུ་ཡང༌། ཡོད་མེད་དང༌། བདེ་སྡུག་དང༌། བདེན་བརྫུན་དང༌། རྟག་མི་རྟག་དང༌། སྟོང་མི་སྟོང་དང༌། གཙང་མི་གཙང་དང༌། ཞི་མ་ཞི་དང༌། དབེན་མི་དབེན་དང༌། བདག་ཡོད་མེད་དང༌། སྐྱེ་འགག་ཡོད་མེད་དང༌། མཚན་མ་ཡོད་མེད་དང༌། ཟག་པ་ཡོད་མེད་དང༌། དགེ་མི་དགེ་དང༌། འཇིག་རྟེན་ལས་འདས་མ་འདས་དང༌། རྣམ་ཤེས་དང་རྟོག་གེ་ལས་འདས་མ་འདས་དང༌། སྐད་ཅིག་དང་རྟེན་འབྲེལ་ལས་འདས་མ་འདས་ལ་སོགས་པ་སྤྲོས་པ་ཐམས་ཅད་དང་བྲལ་བར་གསུངས་པ་རྣམས་ཀྱང༌། ལ་ཟློ་བ་མཉམ་བཞག་ཟབ་མོ་ཅིར་ཡང་མི་རྟོག་པའི་སྐབས་ལ་དགོངས་པ་ཡིན་པས་ཁུངས་དེ་རྣམས་ཡོད་མེད་ལ་སོགས་པར་ཤན་འབྱེད་པ་སོ་སོར་རྟོག་པའི་སྐབས་རྣམས་ལ་གནོད་བྱེད་དུ་མི་རུང་ངོ༌། །དེ་ལྟ་བས་ན་གསུང་རབ་ཀྱི་དགོངས་པ་ལ་མཁས་པར་འདོད་པ་རྣམས་ཀྱིས་སྐབས་སོ་སོ་དེ་དག་གི་དགོངས་པ་མ་འདྲེས་ཤིང་མ་འཆོལ་བར་བྱའོ། །དེ་བཞིན་དུ། ཚད་མ་རྟག་པ་ཉིད་ཡོད་མིན། །ཞེས་པ་ལ་སོགས་པ་ཡང་ཀུན་རྫོབ་ཀྱི་ཚད་མ་ལ་དགོངས་པ་ཡིན་[གྱི་དོན་དམ་གྱི་ཚད་མ་ལ་དགོས་པ་མ་ཡིན་]ཞིང༌། འགའ་ཞིག་ཏུ་ཤེས་པ་གང་ཡིན་འདུས་བྱས་སུ་སྟོན་པ་རྣམས་ཀྱང་ཀུན་རྫོབ་ཀྱི་ཤེས་པ་ལ་དགོངས་པ་ཡིན[གྱི་དོན་དམ་གྱི་ཤེས་པ་ལ་དགོངས་པ་མ་ཡིན་]ལ། དེ་བཞིན་དུ་འགལ་འདུས་སྐྱོན་མེད་མི་སྲིད་པ་དང༌། དངོས་འགལ་ལ་ཕུང་གསུམ་མི་སྲིད་པ་དང་ཤེས་བྱ་གང་ཡིན་དངོས་པོ་དངོས་མེད་གཉིས་སུ་ཁ་ཚོན་ཆོད་པ་ལ་སོགས་པ་རྣམས་ཀྱང་ཀུན་རྫོབ་ཀྱི་དབང་དུ་བྱས་པ་ཡིན་གྱི་དོན་དམ་པའི་བདེན་པ་ནི་དེ་རྣམས་གང་ལ་ཡང་མི་གཏོགས་སོ། །

སྟོང་ཉིད་ཇི་སྙེད་གསུངས་པ་ཐམས་ཅད་ཀྱི་སྟོང་ཚུལ་གཉིས་གཉིས་སུ་བསྡུས་ནས་བསྟན་པ།

དེ་ལྟར་སྟོང་པ་ཉིད་བཅོ་བརྒྱད་རྣམ་པར་དག་པ་དང༌། ཡོངས་སུ་དག་པའི་དོན་ནི་རྣམ་པར་དག་པ་དང་ཡོངས་སུ་དག་པའི་སྟོང་པ་ཉིད་བཅོ་བརྒྱད་དེ་ཀུན་བརྟགས་དང་གཞན་དབང་གི་སྟོང་པ་ཉིད་རྣམས་ཀྱིས་རྣམ་པར་དག་པ་དང་ཡོངས་སུ་དག་པའི་གཞི་གང་ཡིན་པ་ཆོས་ཉིད་ཡོངས་གྲུབ་ཀྱི་སྟོང་པ་ཉིད་བཅོ་བརྒྱད་དོ། །རྡོ་རྗེ་ཕྲེང་བའི་རྒྱུད་དུ་གསུངས་པའི་སྟོང་ཉིད་རྣམས་ནི་དེ་དང་དེར་རྟོག་ཅིང་འཛིན་པས་སྟོང་པ་ལ་བཤད་དེ། འདིར་ཡི་གེ་མང་དུ་དོགས་ནས་མ་བྲིས་སོ། །

རྣམ་དག་ཆོས་ཉིད་ཀྱི་བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་དོན་དམ་གྱི་ལྷ་དང་རྒྱུད་དང་གནས་ལ་སོགས་པར་བཞུགས་ཚུལ།

དེ་བཞིན་དུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་རྣམ་པར་དག་པ་དང་ཡོངས་སུ་དག་པའི་དོན་ཡང་ཀུན་བརྟགས་དང་གཞན་དབང་གི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱིས་དག་པའི་གཞི་གང་ཡིན་པ་ཆོས་ཉིད་ཡོངས་གྲུབ་ཀྱི་བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་ཡིན་ལ་དེ་རྣམས་ཀྱང་རྒྱུད་རྒྱལ་ཟབ་མོ་རྣམས་ཀྱི་གླེང་གཞིའི་ཡི་གེ་སུམ་བཅུ་རྩ་བདུན་དང་དོན་དམ་ཡེ་ཤེས་ཀྱི་ལྷ་རྣམས་སུ་གསུངས་ཏེ། ཇི་སྐད་དུ། འཕགས་པ་རྡོ་རྗེ་སྙིང་པོའི་ཞལ་སྔ་ནས། [ཨེ་ཝཾ་མ་ཡཱ་ཤྲུ་ཏཾ་ཨེ་ཀསྨིན་ས་མ་ཡེ་བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་ཡོ་ཥིཊ་བྷ་གེ་ཥུ་བི་ཛ་ཧཱ་ར། ཞེས་པ་འདི་སྐད་བདག་གིས་ཐོས་ཞེས་སོགས་ཀྱི་དོན་ཏེ་གླེང་གཞིའི་ཡི་གེ་རེ་རེའང་ལྷ་རེ་རེར་གསུངས་པ་]ཨེ་ཡིག་[མཁའ་ཁྱབ་]ནི་སྤྱན་[མཁའ་ཁྱབ་]མའོ། །ཝཾ་ཡིག་[མཁའ་ཁྱབ་]ནི་མཱ་མ་ཀཱི[མཁའ་ཁྱབ་]འོ། །མ་ཡིག་[མཁའ་ཁྱབ་]ནི་གོས་དཀར་མོ[མཁའ་ཁྱབ་]འོ། །ཡཱ་ཡིག་[མཁའ་ཁྱབ་]ནི་སྒྲོལ་མ[མཁའ་ཁྱབ་]འོ། །ཤྲུ་ཡིག་[མཁའ་ཁྱབ་]ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ[མཁའ་ཁྱབ་]འོ། །ཏཾ་ཡིག་[མཁའ་ཁྱབ་]ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་[མཁའ་ཁྱབ་]ཞེས་པ[ནི་ཁམས་གཞན་ཆོས་ཉིད་ཀྱི་ཁམས་དྲུག་གོ།]འོ། །དེ་ནས་[ཆོས་ཉིད་ཀྱི་]ཕུང་པོ་རྣམས་ནི་ཨེ་ཡིག་[མཁའ་ཁྱབ་]ནི་རྡོ་རྗེ་སེམས་དཔའ[མཁའ་ཁྱབ་]འོ། །ཀ་ཡིག་[མཁའ་ཁྱབ་]ནི་མི་བསྐྱོད་པ[མཁའ་ཁྱབ་]འོ། །སྨིན་ཡིག་[མཁའ་ཁྱབ་]ནི་དོན་ཡོད་གྲུབ་པ[མཁའ་ཁྱབ་]འོ། །ས་ཡིག་[མཁའ་ཁྱབ་]ནི་རིན་ཆེན་དབང་པོ[མཁའ་ཁྱབ་]འོ། །མ་ཡིག་[མཁའ་ཁྱབ་]ནི་འོད་དཔག་ཏུ་མེད་པ[མཁའ་ཁྱབ་]འོ། །ཡེ་ཡིག་[མཁའ་ཁྱབ་]ནི་རྣམ་པར་སྣང་མཛད་[མཁའ་ཁྱབ་]དོ། །བྷ་ཡིག་[མཁའ་ཁྱབ་]ནི་དྲི་རྡོ་རྗེ་མ[མཁའ་ཁྱབ་]འོ། །ག་ཡིག་[མཁའ་ཁྱབ་]ནི་རོ་རྡོ་རྗེ་མ[མཁའ་ཁྱབ་]འོ། །ཝཱན་ཡིག་[མཁའ་ཁྱབ་]ནི་གཟུགས་རྡོ་རྗེ་མ[མཁའ་ཁྱབ་]འོ། །ས་ཡིག་[མཁའ་ཁྱབ་]ནི་རེག་བྱ་རྡོ་རྗེ་མ[མཁའ་ཁྱབ་]འོ། །རྦ་ཡིག་[མཁའ་ཁྱབ་]ནི་སྒྲ་རྡོ་རྗེ་མ[མཁའ་ཁྱབ་]འོ། །ཏ་ཡིག་[མཁའ་ཁྱབ་]ནི་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མ[མཁའ་ཁྱབ་]འོ།།ཐཱ་ཡིག་[མཁའ་ཁྱབ་]ནི་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ[མཁའ་ཁྱབ་]འོ། །ག་ཡིག་[མཁའ་ཁྱབ་]ནི་འཇིག་རྟེན་དབང་ཕྱུག་[མཁའ་ཁྱབ་]གོ །ཏ་ཡིག་[མཁའ་ཁྱབ་]ནི་སའི་སྙིང་པོ[མཁའ་ཁྱབ་]འོ། །ཀཱ་ཡིག་[མཁའ་ཁྱབ་]ནི་ནམ་མཁའི་སྙིང་པོ[མཁའ་ཁྱབ་]འོ། །ཡ་ཡིག་[མཁའ་ཁྱབ་]ནི་ཕྱག་ན་རྡོ་རྗེ[མཁའ་ཁྱབ་]འོ། །ཝཱཀ་ཡིག་[མཁའ་ཁྱབ་]ནི་ཀུན་ཏུ་བཟང་པོ་[མཁའ་ཁྱབ་]སྟེ། དེ་ལྟར་[དོན་དམ་པའི་]སྐྱེ་མཆེད་བཅུ་གཉིས་རྣམས་སོ། །ཙི་ཡིག་[མཁའ་ཁྱབ་]ནི་རེངས་བྱེད་མ[མཁའ་ཁྱབ་]འོ། །ཏྟ་ཡིག་[མཁའ་ཁྱབ་]ནི་ང་རྒྱལ་མ[མཁའ་ཁྱབ་]འོ། །བ་ཡིག་[མཁའ་ཁྱབ་]ནི་རྨུགས་བྱེད་མ[མཁའ་ཁྱབ་]འོ། །ཛྲ་ཡིག་[མཁའ་ཁྱབ་]ནི་ཤིན་ཏུ་བརྩོན་འགྲུས་མ[མཁའ་ཁྱབ་]འོ། །ཡོ་ཡིག་[མཁའ་ཁྱབ་]ནི་ཤིན་ཏུ་སྔོན་མོ[མཁའ་ཁྱབ་]འོ། །ཥིཊ་ཡིག་[མཁའ་ཁྱབ་]ནི་དྲག་སྤྱན་མ[མཁའ་ཁྱབ་]འོ། །[དེ་ལྟར་དོན་དམ་པའི་ལས་དབང་གི་བྱ་བ་རྣམས་སོ།།]བྷ་ཡིག་[མཁའ་ཁྱབ་]ནི་གནོད་མཛེས་[མཁའ་ཁྱབ་]སོ།།གེ་ཡིག་[མཁའ་ཁྱབ་]ནི་གཙུག་ཏོར་[མཁའ་ཁྱབ་]རོ། །ཥུ་ཡིག་[མཁའ་ཁྱབ་]ནི་བགེགས་མཐར་བྱེད་[མཁའ་ཁྱབ་]དོ། །བི་ཡིག་[མཁའ་ཁྱབ་]ནི་ཤེས་རབ་མཐར་བྱེད་[མཁའ་ཁྱབ་]དོ། །ཛ་ཡིག་[མཁའ་ཁྱབ་]ནི་པད་མ་མཐར་བྱེད་[མཁའ་ཁྱབ་]དོ། །ཧཱ་ཡིག་[མཁའ་ཁྱབ་]ནི་གཤིན་རྗེ་མཐར་བྱེད་[མཁའ་ཁྱབ་]དོ། །[དེ་ལྟར་དོན་དམ་པའི་ལས་དབང་དྲུག་སྟེ་ཁྱབ་པར་བྱ་བ་སུམ་བཅུ་རྩ་དྲུག་གོ །དེ་རྣམས་ལ་ཁྱབ་པར་བྱེད་པ་]ར་ཡིག་[མཁའ་ཁྱབ་]ནི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་རྡོ་རྗེ་སེམས་དཔའ་གཙོ་བོ་[མཁའ་ཁྱབ་]སྟེ་སུམ་བཅུ་རྩ་བདུན་པའོ། །[འདིར་དོན་དམ་པའི་བརྗོད་བྱ་རྗོད་བྱེད་དབྱེར་མེད་པའི་གསང་ཚིག་ཟབ་མོ་དྲན་པར་བྱའོ།།]དེ་ལྟར་[འགོག་བདེན་གྱི་]སུམ་ཅུ་རྩ་བདུན་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་རིམ་པ་ཇི་ལྟ་བར་[གདོད་ནས་]ཡོངས་སུ་དག་པ་རྣམས་[དོན་དམ་གྱི་ལྷ་རྣམས་]ཏེ་[འགོག་བདེན་གྱི་]ཁམས་དྲུག་[མཁའ་ཁྱབ་]རྣམས་དང༌།[འགོག་བདེན་གྱི་]ཕུང་པོ་དྲུག་[མཁའ་ཁྱབ་]རྣམས་དང༌། [འགོག་བདེན་གྱི་]ཡུལ་དྲུག་[མཁའ་ཁྱབ་]རྣམས་དང༌། [འགོག་བདེན་གྱི་]དབང་པོ་དྲུག་[མཁའ་ཁྱབ་]རྣམས་དང༌། [འགོག་བདེན་གྱི་]ལས་ཀྱི་དབང་པོའི་བྱ་བ་དྲུག་[མཁའ་ཁྱབ་]རྣམས་དང༌། [འགོག་བདེན་གྱི་]ལས་ཀྱི་དབང་པོ་དྲུག་[མཁའ་ཁྱབ་]རྣམས་དང༌། [འགོག་བདེན་གྱི་]བདེ་བ་ཆེན་པོ[མཁའ་ཁྱབ་]འོ། །ཞེས་པ་སྟེ་བཞི་པ[གདོད་ནས་]ཟད་པ་ལས་སོ། །དེའི་ཕྱིར་[འགོག་བདེན་གྱི་]དྲན་པ་ཉེ་བར་བཞག་པ་བཞི་[མཁའ་ཁྱབ་]རྣམས་དང༌། [འགོག་བདེན་གྱི་]ཡང་དག་པར་སྤོང་བ་བཞི་[མཁའ་ཁྱབ་]རྣམས་དང༌། [འགོག་བདེན་གྱི་]རྫུ་འཕྲུལ་གྱི་རྐང་བ་བཞི་[མཁའ་ཁྱབ་]རྣམས་དང༌། [འགོག་བདེན་གྱི་]དབང་པོ་ལྔ་[མཁའ་ཁྱབ་]རྣམས་དང༌། [འགོག་བདེན་གྱི་]སྟོབས་ལྔ་[མཁའ་ཁྱབ་]རྣམས་དང༌། [འགོག་བདེན་གྱི་]འཕགས་པའི་ལམ་ཡན་ལག་བརྒྱད་[མཁའ་ཁྱབ་]དང༌། [འགོག་བདེན་གྱི་]བྱང་ཆུབ་ཀྱི་ཡན་ལག་བདུན་[མཁའ་ཁྱབ་]རྣམས་[འགོག་བདེན་གྱི་ལྷ་རྣམས་དང་རྒྱུད་རྣམས་]སོ། །ཞེས་པའོ། །དཔལ་ལྡན་དྲི་བྲལ་འོད་དུ་ཡང༌། ཆོས་ཉིད་ཡོངས་གྲུབ་དང་འགོག་པའི་བདེན་པར་གཏོགས་པའི་[འགོག་བདེན་གྱི་]བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དོན་དམ་པའི་རྣལ་འབྱོར་མ་རྣམས་དང་གནས་ལ་སོགས་པ་རྣམས་སུ་གསུངས་ཏེ། ཇི་སྐད་དུ། ད་ནི་དྲན་པ་ཞེས་པ་ལ་སོགས་པས་[འགོག་བདེན་གྱི་]བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་རྣམས་ཀྱིས་[འགོག་བདེན་གྱི་]རྣལ་འབྱོར་མ་རྣམས་ཀྱི་[གདོད་ནས་]རྣམ་པར་དག་པ་གསུངས་པ་འདིར་[འགོག་བདེན་གྱི་]ལྷ་མོ་བཞི་ནི་རིམ་པ་བཞིན་དུ་སྟེ། [འགོག་བདེན་གྱི་]ལུས་དྲན་པ་ཉེ་བར་བཞག་པ་[མཁའ་ཁྱབ་]ནི་[སངས་རྒྱས་]སྤྱན་མ་[མཁའ་ཁྱབ་]དང༌། [འགོག་བདེན་གྱི་]ཚོར་བ་དྲན་པ་ཉེ་བར་བཞག་པ་[མཁའ་ཁྱབ་]ནི་གོས་དཀར་མོ[མཁའ་ཁྱབ་]འོ། །ཞེས་པ་[འགོག་བདེན་གྱི་]རྒྱབ་དང་གཡས་སོ། །[འགོག་བདེན་གྱི་]སེམས་དྲན་པ་ཉེ་བར་བཞག་པ་[མཁའ་ཁྱབ་]ནི་མཱ་མ་ཀཱི་[མཁའ་ཁྱབ་]དང༌། [འགོག་བདེན་གྱི་]ཆོས་དྲན་པ་ཉེ་བར་བཞག་པ་[མཁའ་ཁྱབ་]ནི་སྒྲོལ་མ[མཁའ་ཁྱབ་]འོ། །ཞེས་པ། [འགོག་བདེན་གྱི་]གཡོན་[མཁའ་ཁྱབ་]དང་མདུན་[མཁའ་ཁྱབ་]ཏེ། [འགོག་བདེན་གྱི་]ལུས་ཀྱི་དབྱེ་བས་གནས་དང་ཉེ་བའི་གནས་[མཁའ་ཁྱབ་]གཉིས་སོ། །དུས་ཀྱི་འཁོར་ལོར་རབ་ཏུ་གྲགས་ཞེས་པ་རྒྱུད་གཞན་དུ་རབ་ཏུ་མ་གྲགས་ཏེ་བཅོམ་ལྡན་འདས་ཀྱིས་སྦས་སོ་ཞེས་པའི་དོན་ཏོ། །དེ་བཞིན་དུ་[འགོག་བདེན་གྱི་]བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་ནང་ནས་བྱང་ཆུབ་ཀྱི་ཡན་ལག་གཅིག་ནི་ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་[མཁའ་ཁྱབ་]སྟེ། རིགས་ཀྱི་གནས་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་[མཁའ་ཁྱབ་]གོ། གཞན་པ་རྣམས་ཀྱང་སྒྲའྀ་རྡོ་རྗེ་མ་ལ་སོགས་པ་དྲུག་ཅེས་པ་སྟེ། [འགོག་བདེན་གྱི་]དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་[མཁའ་ཁྱབ་]ནི་སྒྲ་རྡོ་རྗེ་མ་[མཁའ་ཁྱབ་]དང༌། [འགོག་བདེན་གྱི་]ཆོས་རབ་ཏུ་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་[མཁའ་ཁྱབ་]ནི་རེག་བྱ་རྡོ་རྗེ་མ་[མཁའ་ཁྱབ་]དང༌། [འགོག་བདེན་གྱི་]བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་[མཁའ་ཁྱབ་]ནི་གཟུགས་རྡོ་རྗེ་མ་[མཁའ་ཁྱབ་]སྟེ་[འགོག་བདེན་གྱི་]ལུས་ཀྱི་དབྱེ་བས་[མཁའ་ཁྱབ་]ཉེ་བའི་ཞིང་ངོ༌། །དེ་བཞིན་དུ་འགོག་བདེན་གྱི་]དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་[མཁའ་ཁྱབ་]ནི་དྲི་རྡོ་རྗེ་མ་[མཁའ་ཁྱབ་]དང༌། [འགོག་བདེན་གྱི་]ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་[མཁའ་ཁྱབ་]ནི་རོ་རྡོ་རྗེ་མ་[མཁའ་ཁྱབ་]དང༌། [འགོག་བདེན་གྱི་]ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་[མཁའ་ཁྱབ་]ནི་ཆོས་ཀྱི་ཁམས་ཀྱི་རྡོ་རྗེ་མ་[མཁའ་ཁྱབ་]སྟེ་ཞིང་[མཁའ་ཁྱབ་]རྣམ་པ་གཉིས་སོ། །དེ་བཞིན་དུ་ཆུ་གཏེར་ཡང་དག་སྤོང་བ་རྣམས་དང་ཞེས་པ་སྟེ་སྡིག་པ་མ་སྐྱེས་པ་རྣམས་མི་བསྐྱེད་པའི་ཕྱིར་སྤོང་བ་ནི་[འགོག་བདེན་གྱི་]ཙར་ཙི་ཀཱ་[མཁའ་ཁྱབ་]དང་སྡིག་པ་སྐྱེས་པ་རྣམས་སྤོང་བའི་དགེ་བའི་རྩ་བ་ནི་[འགོག་བདེན་གྱི་]ཁྱབ་འཇུག་མ་[མཁའ་ཁྱབ་]དང༌། མི་དགེ་བ་མ་སྐྱེས་པ་རྣམས་སྤོང་བའི་དགེ་བ་བསྐྱེད་པ་ནི་[འགོག་བདེན་གྱི་]དབང་ཕྱུག་མ་[མཁའ་ཁྱབ་]དང༌། དགེ་བ་སྐྱེས་པ་རྣམས་སངས་རྒྱས་ཉིད་དུ་ཡོངས་སུ་བསྔོ་བས་སྤོང་བ་ནི་[འགོག་བདེན་གྱི་]དཔལ་ཆེན་མོ་[མཁའ་ཁྱབ་]སྟེ་ཉེ་བའི་ཚན་དོ་ཧ་[མཁའ་ཁྱབ་]བཞིའོ། །གཞན་པ་ཆུ་གཏེར་ལྷ་མོ་བཞི་ནི་རྫུ་འཕྲུལ་གྱི་རྐང་བར་འགྱུར་ཏེ། དེ་ལ་[འགོག་བདེན་གྱི་]འདུན་པའི་རྫུ་འཕྲུལ་གྱི་རྐང་པ་[མཁའ་ཁྱབ་]ནི་[འགོག་བདེན་གྱི་]ཚངས་མ་[མཁའ་ཁྱབ་]དང༌། [འགོག་བདེན་གྱི་]བརྩོན་འགྲུས་ཀྱི་རྫུ་འཕྲུལ་གྱི་རྐང་བ་[མཁའ་ཁྱབ་]ནི་[འགོག་བདེན་གྱི་]དབང་མོ་[མཁའ་ཁྱབ་]དང༌། [འགོག་བདེན་གྱི་]སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པ་[མཁའ་ཁྱབ་]ནི་[འགོག་བདེན་གྱི་]ཕག་མོ་[མཁའ་ཁྱབ་]དང༌། [འགོག་བདེན་གྱི་]དཔྱོད་པའི་རྫུ་འཕྲུལ་གྱི་རྐང་པ་[མཁའ་ཁྱབ་]ནི་[འགོག་བདེན་གྱི་]གཞོན་ནུ་མ[མཁའ་ཁྱབ་]འོ། །ཞེས་པ་ཚན་དོ་ཧའི་དབྱེ་བ་[མཁའ་ཁྱབ་]སྟེ་དེ་ལྟར་བརྒྱད་དུ་འགྱུར་རོ། །དེ་བཞིན་དུ་[འགོག་བདེན་གྱི་]ཁྲོ་མོ་ལྔ་ནི་སྟོབས་རྣམས་དག་སྟེ་འདིར་[འགོག་བདེན་གྱི་]དད་པའི་སྟོབས་[མཁའ་ཁྱབ་]ནི་ཤིན་ཏུ་སྔོན་མོ་[མཁའ་ཁྱབ་]དང༌། [འགོག་བདེན་གྱི་]བརྩོན་འགྲུས་ཀྱི་སྟོབས་[མཁའ་ཁྱབ་]ནི་ཤིན་ཏུ་སྟོབས་མ་[མཁའ་ཁྱབ་]དང༌། [འགོག་བདེན་གྱི་]དྲན་པའི་སྟོབས་[མཁའ་ཁྱབ་]ནི་རྡོ་རྗེ་ལྕགས་སྒྲོག་མ་[མཁའ་ཁྱབ་]དང༌། [འགོག་བདེན་གྱི་]ཏིང་ངེ་འཛིན་གྱི་སྟོབས་[མཁའ་ཁྱབ་]ནི་ང་རྒྱལ་མ་[མཁའ་ཁྱབ་]དང༌། [འགོག་བདེན་གྱི་]ཤེས་རབ་ཀྱི་སྟོབས་[མཁའ་ཁྱབ་]ནི་ཙུན་དཱ་[མཁའ་ཁྱབ་]སྟེ་ཉེ་བའི་འདུས་པ[མཁའ་ཁྱབ་]འོ། །དེ་བཞིན་དུ་རབ་ཏུ་གསལ་ཞིང་ངེས་པར་དབང་པོ་རྣམས་ནི་ལྔ་ཉིད་དོ། །ཞེས་པ་སྟེ། དེ་བཞིན་དུ་[འགོག་བདེན་གྱི་]དད་པའི་དབང་པོ་[མཁའ་ཁྱབ་]ནི་རེངས་བྱེད་མ་[མཁའ་ཁྱབ་]དང༌། [འགོག་བདེན་གྱི་]བརྩོན་འགྲུས་ཀྱི་དབང་པོ་[མཁའ་ཁྱབ་]ནི་རྨུགས་བྱེད་མ་[མཁའ་ཁྱབ་]དང༌། [འགོག་བདེན་གྱི་]དྲན་པའི་དབང་པོ་[མཁའ་ཁྱབ་]ནི་འོད་ཟེར་ཅན་[མཁའ་ཁྱབ་]དང༌། [འགོག་བདེན་གྱི་]ཏིང་ངེ་འཛིན་གྱི་དབང་པོ་[མཁའ་ཁྱབ་]ནི་ཁྲོ་གཉེར་ཅན་[མཁའ་ཁྱབ་]དང༌། [འགོག་བདེན་གྱི་]ཤེས་རབ་ཀྱི་དབང་པོ་[མཁའ་ཁྱབ་]ནི་དྲག་སྤྱན་མ[མཁའ་ཁྱབ་]འོ། །ཞེས་པ་འདུས་པ་[མཁའ་ཁྱབ་]སྟེ་དེ་ལྟར་བཅུའོ། །ཡང་དག་ཡན་ལག་བརྒྱད་ཀྱི་ལམ་ནི་མི་ཡི་བདག་པོ་ལྷ་མིན་དག་ལས་སྐྱེས་པ་བརྒྱད་དུ་འགྱུར། ཞེས་པ་ལ། འདིར་[འགོག་བདེན་གྱི་]ཡང་དག་པའི་ལྟ་བ་[མཁའ་ཁྱབ་]ནི་ཁྱི་གདོང་མ་[མཁའ་ཁྱབ་]དང༌། [འགོག་བདེན་གྱི་]ཡང་དག་པའི་རྟོག་པ་[མཁའ་ཁྱབ་]ནི་བྱ་རོག་གདོང་མ་[མཁའ་ཁྱབ་]དང༌། [འགོག་བདེན་གྱི་]ཡང་དག་པའི་ངག་[མཁའ་ཁྱབ་]ནི་སྟག་གདོང་མ་[མཁའ་ཁྱབ་]དང༌། [འགོག་བདེན་གྱི་]ཡང་དག་པའི་ལས་ཀྱི་མཐའ་[མཁའ་ཁྱབ་]ནི་འུག་གདོང་མ་[མཁའ་ཁྱབ་]དང༌། [འགོག་བདེན་གྱི་]ཡང་དག་པའི་འཚོ་བ་[མཁའ་ཁྱབ་]ནི་ལྕེ་སྤྱང་གདོང་མ་[མཁའ་ཁྱབ་]དང༌། [འགོག་བདེན་གྱི་]ཡང་དག་པའི་རྩོལ་བ་[མཁའ་ཁྱབ་]ནི་མཁའ་ལྡིང་གདོང་མ་[མཁའ་ཁྱབ་]དང༌། [འགོག་བདེན་གྱི་]ཡང་དག་པའི་དྲན་པ་[མཁའ་ཁྱབ་]ནི་ཕག་གདོང་མ་[མཁའ་ཁྱབ་]དང༌། [འགོག་བདེན་གྱི་]ཡང་དག་པའི་ཏིང་ངེ་འཛིན་[མཁའ་ཁྱབ་]ནི་བྱ་རྒོད་གདོང་མ་[མཁའ་ཁྱབ་]སྟེ། དེ་ལྟར་ན་སུམ་ཅུ་རྩ་བདུན་རབ་ཏུ་དབྱེ་བས་སྲིད་པ་གསུམ་[གཞན་]གྱི་གནས་སུ་[འགོག་བདེན་གྱི་]བྱང་ཆུབ་ཕྱོགས་ཀྱི་ཆོས་གང་ཡིན་པ་དེ་རྣམས་མཐའ་དག་[འགོག་བདེན་གྱི་]རྣལ་འབྱོར་མ་རྣམས་སའི་སྟེང་གི་གནས་སུ[འང་བཞུགས་པར་]རྣལ་འབྱོར་པ་ཡིས་རིག་པར་བྱ་སྟེ་གཡུང་མོ་[གཞན་]ལ་སོགས་པའོ། །དེ་ལྟར་[འགོག་བདེན་གྱི་]བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱིས་[གདོད་ནས་]རྣམ་པར་སྦྱངས་པའི་གནས་ལ་སོགས་པ་[དོན་དམ་གྱི་ས་བཅུ་གཉིས་]ནི་ཆོས་ཀྱི་སྐུའི་མཚན་ཉིད་དུ་[རང་བཞིན་ལྷུན་གྲུབ་ཏུ་བཞུགས་པར་]འགྱུར་ཏེ་[ཀྱེ་]མིའི་བདག་པོ་ཕྱི་དང་ལུས་ལ་ཡང་[ནམ་མཁའ་ཇི་ལྟ་བ་]དེ་བཞིན་[དུ་ཁྱབ་པར་བཞུགས་]ཞེས་པ་ཐམས་ཅད་དུ་ངེས་པའོ། །ཞེས་པ་སྟེ་འདིར་ཡང་བདེན་གཉིས་རྣམ་དབྱེ་ཤེས་ན་ཐུབ་པའི་བཀའ་ལ་མི་རྨོངས་པར་འགྱུར་རོ། །དེ་ལ་རང་བཞིན་གཉུག་མའི་རྣལ་འབྱོར་མ་རྣམས་ནི་དོན་དམ་འགོག་པའི་བདེན་པར་གཏོགས་པའི་བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་ཏེ་ཕྱི་དང་ལུས་ལ་ཡང་ནམ་མཁའ་ལྟར་ཁྱབ་པར་བཞུགས་པ་བདེ་གཤེགས་སྙིང་པོའི་ངོ་བོ་གང་ཡིན་པའོ། །གཟུགས་ཀྱི་སྐུར་གཏོགས་པའི་རྣལ་འབྱོར་མ་རྣམས་དང༌། ལམ་གྱི་བདེན་པར་གཏོགས་པའི་བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་ནི་ཀུན་རྫོབ་ཀྱི་བདེན་པ་སྟེ་འདུས་བྱས་གློ་བུར་བའི་ཆོས་སོ། །དེ་ལྟར་ཀུན་རྫོབ་ལམ་གྱི་བདེན་པས་གློ་བུར་དྲི་མ་མཐའ་དག་སྦྱངས་ན་དེའི་གཞི་ལ་རང་བཞིན་གྱིས་གྲུབ་པའི་གནས་སོགས་བདེན་དོན་རྣམ་པ་བཅུ་གཉིས་ལ་སོགས་པ་ཡོན་ཏན་མཐའ་ཡས་པའི་བདག་ཉིད་ཆོས་ཀྱི་སྐུ་གདོད་ནས་ལྷུན་གྲུབ་ཏུ་བཞུགས་པ་ཐོབ་པར་འགྱུར་བ་ནི་དགོངས་པ་ཆེན་པོའི་དོན་ཡང་དག་པའོ། །དེ་བཞིན་དུ། དཔལ་ཕྱག་ན་རྡོ་རྗེའི་ཞལ་སྔ་ནས་ཀྱང༌། ངེས་པའི་དོན་གྱིས་མཁའ་འགྲོ་མའི་འཁོར་ལོ་སྡོམ་ཞེས་པ་[འགོག་བདེན་གྱི་]མཁའ་འགྲོ་མ་[མཁའ་ཁྱབ་]ནི་[འགོག་བདེན་གྱི་]བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་པོ་[མཁའ་ཁྱབ་]རྣམས་སོ། །དེ་རྣམས་ཀྱི་ཚོགས་པ་ནི་འཁོར་ལོ་[མཁའ་ཁྱབ་]སྟེ་ཆོས་ཀྱི་སྐུའི་མཚན་ཉིད་[མི་སྟོང་པའི་]སྟོང་པ་ཉིད་ཀྱི་བདག་ཉིད་ཅན་ནོ། །དེ་ནི་ངོ་བོ་ཉིད་ཀྱི་སྐུ་[མཁའ་ཁྱབ་]དམིགས་པ་མེད་པའི་སྙིང་རྗེའི་བདག་ཉིད་ཅན་དང་ལྷན་ཅིག་སྡོམ་པ་སྟེ་གཅིག་པ་[མཁའ་ཁྱབ་]ཉིད་དོ།།ཞེས་གསུངས་པའི་བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་ཀྱང་གདོད་ནས་རང་བཞིན་གྱིས་རྣམ་པར་དག་པ་དོན་དམ་འགོག་པའི་བདེན་པ་[མཁའ་ཁྱབ་]སྟེ་མཐར་ཐུག་ངོ་བོ་ཉིད་ཀྱི་སྐུ་[མཁའ་ཁྱབ་]དང་དབྱེར་མེད་པའི་ཆོས་ཀྱི་སྐུ་[མཁའ་ཁྱབ་]ཡིན་པའི་ཕྱིར་རོ། ། དེ་བཞིན་དུ་[འགོག་བདེན་གྱི་]ཀ་རྡོ་རྗེ་[མཁའ་ཁྱབ་]དང་[འགོག་བདེན་གྱི་]ཁ་རྡོ་རྗེ་[མཁའ་ཁྱབ་]ལ་སོགས་པ་[འགོག་བདེན་གྱི་]ལྷ་སུམ་ཅུ་རྩ་བདུན་རྩ་བདུན་གྱི་བདག་ཉིད་[འགོག་བདེན་གྱི་]རྒྱུད་ཀྱི་རྒྱལ་པོ་སུམ་ཅུ་རྩ་དྲུག་[མཁའ་ཁྱབ་]ལ་སོགས་པ་ཤིན་ཏུ་མང་བ་རྣམས་སུ་[འགོག་བདེན་གྱི་]ལྷའི་ཚོགས་རྣམས་[འགོག་བདེན་གྱི་]བྱང་ཆུབ་ཕྱོགས་ཀྱི་ཆོས་སུ་གསུངས་པ་ཇི་སྙེད་ཡོད་པ་ཐམས་ཅད་ཀྱང་ཀུན་བརྟགས་གཞན་དབང་གི་ཆོས་རྣམས་ཀྱིས་[གདོད་ནས་]དབེན་ཞིང་སྟོང་ལ་དག་པའི་གཞི་གང་ཡིན་པ་ཆོས་ཉིད་ཡོངས་གྲུབ་རང་བཞིན་རྣམ་དག་རང་བཞིན་འོད་གསལ་རང་བཞིན་ལྷུན་གྲུབ་རང་བཞིན་སྐྱེ་མེད་རང་བཞིན་དྲི་བྲལ་རང་བཞིན་པའམ་ངོ་བོ་ཉིད་ཀྱི་སྐུ་བདེ་ཆེན་སྟོང་ཆེན་རྣམ་པ་ཐམས་ཅད་པ་དང་ཡོན་ཏན་ཐམས་ཅད་པའི་ཡོན་ཏན་གྱི་ཆོས་རྣམས་ཉིད་དེ། དེ་རྣམས་བསགས་པ་ནི་ཆོས་ཀྱི་སྐུ་[མཁའ་ཁྱབ་]དང༌། ཉེ་བར་བསྡུས་པ་ནི་ཆོས་ཀྱི་ཕུང་པོ་[མཁའ་ཁྱབ་]ཞེས་གསུངས་སོ། །དེ་ཡང༌། འཕགས་པ་འཇམ་དཔལ་གྱི་རང་གི་ལྟ་བའི་འདོད་པ་མདོར་བསྟན་པ་ལས། [དོན་དམ་གྱི་]ཆོས་ཀྱི་ཕུང་པོ་མཐའ་ཡས་པ། །[མཁའ་ཁྱབ་ནི་སངས་རྒྱས་]བདག་གི་ཆོས་ཀྱི་སྐུར་རབ་བསྒྲགས། །ཞེས་དང༌། [དོན་དམ་གྱི་ཆོས་མང་པོ་]བསྡུས་པ་ཕུང་པོ་[དང་]དེ་བཞིན་སྐུ[ནི]། །[དོན་དམ་གྱི་ཆོས་མང་པོ་]ཡང་དག་བསགས་པར་ཡོངས་སུ་བསྒྲགས། །ཞེས་སོ། །གཞན་ཡང་དཔལ་ལྡན་འཁོར་ལོ་སྡོམ་པ་ཆེན་པོའི་[འགོག་བདེན་གྱི་]ལྷ་མོ་བདུན་ཅུ་རྩ་གཉིས་པོ་[མཁའ་ཁྱབ་]རྣམས་དོན་དམ་པའི་ཕ་རོལ་ཏུ་ཕྱིན་པ་བཅུ་[མཁའ་ཁྱབ་]དང་ཕུང་པོ་གཞན་ལྔ་[མཁའ་ཁྱབ་]དང་འབྱུང་བ་གཞན་ལྔ་[མཁའ་ཁྱབ་]དང་ཆོས་ཉིད་ཀྱི་ཡུལ་དང་ཡུལ་ཅན་བཅུ་གཉིས་[མཁའ་ཁྱབ་]དང་འགོག་བདེན་གྱི་དབང་པོ་ལྔ་[མཁའ་ཁྱབ་]དང་སྟོབས་ལྔ་[མཁའ་ཁྱབ་]དང་ས་བཅུ་[མཁའ་ཁྱབ་]དང་སྟོབས་བཅུ་[མཁའ་ཁྱབ་]དང་དབང་བཅུ་[མཁའ་ཁྱབ་]རྣམས་ལ་གསུངས་ཏེ། ཇི་སྐད་དུ། རྒྱུད་ཀྱི་རྒྱལ་པོར། [འགོག་བདེན་གྱི་]སྦྱིན་པ་སོགས་[བཅུ་]དང་ཕུང་པོ་[ལྔ་]འབྱུང་བ་[ལྔ་]ཡུལ་[དྲུག་]དང་ཡུལ་ཅན་[དྲུག་]གཞན་ཡང་དབང་པོ་ལྔ་[དང་]ལ་སོགས་པ[འི་སྒྲས་སྟོབས་ལྔ་]དང༌། །ཕྱོགས་ས་[སྟེ་ས་བཅུ་དང་]ཕྱོགས་ཀྱི་སྟོབས་[ཏེ་སྟོབས་བཅུ་]དང་དཔལ་ལྡན་རྒྱལ་སྲས་[ཀྱི་]དབང་[བཅུ་]རྣམས་ཀྱིས་ཀྱང་[འགོག་བདེན་གྱི་]ལྷ་མོ་[གདོད་ནས་བཞུགས་པ་]རྣམ་པར་སྦྱང་བར་བྱ། །ཞེས་པའོ། །འདིར་སྦྱང་བར་བྱ། ཞེས་པ་ལ་སྦྱང་བའི་གཞི་གང་ཡིན་པ་འགོག་པའི་བདེན་པར་གཏོགས་པ་དང༌། སྦྱང་བྱའི་དྲི་མ་གང་ཡིན་པ་སྡུག་བསྔལ་ཀུན་འབྱུང་དུ་གཏོགས་པ་དང༌། སྦྱོང་བྱེད་གང་ཡིན་པ་ལམ་གྱི་བདེན་པར་གཏོགས་པ་དང༌། སྦྱངས་འབྲས་གང་ཡིན་པ་གདོད་ནས་གྲུབ་པའི་འགོག་བདེན་ཐོབ་པ་སྟེ། ཚུལ་འདི་ནི་ཁྱད་པར་འཕགས་པའི་མན་ངག་ཟབ་མོ་ལས་ཁོང་དུ་ཆུད་པར་བྱ་བ[ཡིན་གྱི་རྒྱུད་ཀྱི་གསང་ཚིག་ཟབ་མོའི་དོན་མན་ངག་དང་བྲལ་བ་རྣམས་ཀྱིས་ནི་སྤྱོད་ཡུལ་མ་ཡིན་པ]འོ། །དེས་ན་འདིར་འགོག་བདེན་དང་འགོག་བདེན་[གང་ཟག་གིས་]ཐོབ་པའི་ཁྱད་པར་ཤེས་དགོས་ཏེ། ཆོས་སྐུ་དང་ཆོས་སྐུ་[གང་ཟག་གིས་]ཐོབ་པའི་ཁྱད་པར་ཇི་ལྟ་བ་བཞིན་དུའོ། །དེ་བཞིན་དུ། རང་བཞིན་གྱི་རིགས་དང་ངོ་བོ་ཉིད་ཀྱི་སྐུ་དང་བདེ་གཤེགས་སྙིང་པོ་དང་དོན་དམ་དང་དེ་བཞིན་ཉིད་དང་ཡང་དག་མཐའ་དང་སངས་རྒྱས་ཀྱི་རང་བཞིན་དང་མྱ་འདས་ཆེན་པོ་དང་ཨ་ཧཾ་དང་ཨེ་ཝཾ་དང་ཨ་ཡིག་དང་ཡུམ་ཆེན་མོ་དང་ཕྱག་རྒྱ་ཆེན་པོ་དང་ཀྱེའི་རྡོ་རྗེ་དང་འཁོར་ལོ་སྡོམ་པ་དང་གསང་བ་འདུས་པ་ལ་སོགས་པ་དོན་དམ་པའི་ལྷ་དང་སྔགས་དང་རྒྱུད་དང་ཕྱག་རྒྱ་དང་དཀྱིལ་འཁོར་[དང་སྐྱབས་གནས་དཀོན་མཆོག་]ལ་སོགས་པ་དོན་གཅིག་ཉིད་མིང་གི་རྣམ་གྲངས་མང་པོས་གསུངས་པ་ཐམས་ཅད་ལ་ཡང་[དེ་དང་དེའི་རང་བཞིན་གང་ཡིན་པ་དང༌། དེ་གང་ཟག་གིས་ཐོབ་པའི་ཁྱད་པར་ཤེས་དགོས་པར་སྣང་]ངོ༌། །

རྣམ་དག་ཆོས་ཉིད་ཀྱི་འཕགས་པའི་བདེན་བཞི་ལ་སོགས་པ་ཆོས་ཐམས་ཅད་དོན་དམ་གྱི་ལྷ་རྣམས་སུ་བཞུགས་ཚུལ།

དེ་བཞིན་དུ་བཅོམ་ལྡན་འདས་ཆོས་ཀྱི་དབྱིངས་གསུང་གི་དབང་ཕྱུག་གི་དཀྱིལ་འཁོར་དུ།[འགོག་བདེན་གྱི་]ས་བཅུ་གཉིས་[མཁའ་ཁྱབ་]དང་[འགོག་བདེན་གྱི་]ཕར་ཕྱིན་བཅུ་གཉིས་[མཁའ་ཁྱབ་]དང་[འགོག་བདེན་གྱི་]དབང་བཅུ་གཉིས་[མཁའ་ཁྱབ་]དང་[འགོག་བདེན་གྱི་]གཟུངས་བཅུ་གཉིས་[མཁའ་ཁྱབ་]དང་[འགོག་བདེན་གྱི་]སོ་སོ་ཡང་དག་པར་རིག་པ་བཞི་[མཁའ་ཁྱབ་]ཡང་རང་བྱུང་ཡེ་ཤེས་ཀྱི་ལྷ་མོར་གསུངས་པ་དང༌། གཞན་ཡང༌། ཀྱེའི་རྡོ་རྗེ་དང་དུས་ཀྱི་འཁོར་ལོ་ལ་སོགས་པ་སྔགས་ཀྱི་ཚུལ་ཟབ་མོ་གཞན་དང་གཞན་མང་པོར་འཕགས་པའི་བདེན་པ་དང༌། བསམ་གཏན་དང་ཚད་མེད་པ་ལ་སོགས་པ་ཡོན་ཏན་གྱི་ཆོས་གཞན་རྣམས་ཆོས་ཉིད་ཀྱི་ལྷར་གསུངས་པ་ཤིན་ཏུ་མང་པོ་རྣམས་ལ་ཡང་བདེན་གཉིས་ལ་སོགས་པའི་རྣམ་དབྱེ་ཤེས་པར་བྱས་ནས་རང་བཞིན་གྱིས་རྣམ་པར་དག་པའི་ཆོས་རྣམས་ནི་དོན་དམ་པའི་ཆོས་རྣམས་ལ་དགོངས་པ་ཡིན་པར་རིག་པར་བྱའོ། །དེ་ལ་དོན་དམ་པའི་ཆོས་རྣམས་ནི་རང་བཞིན་མེད་པའི་གཞིར་གྱུར་པའི་ཆོས་སྟོབས་བཅུ་ལ་སོགས་པ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་[མཁའ་ཁྱབ་]རྣམས་ཏེ་གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་ཕྱག་རྒྱ་ཆེན་མོ་[མཁའ་ཁྱབ་]དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་རང་བཞིན་[མཁའ་ཁྱབ་]ཆོས་འབྱུང་[མཁའ་ཁྱབ་]དང་ཆོས་ཀྱི་སྐུའི་ཞིང་[མཁའ་ཁྱབ་]ངོ༌། །དེ་ཡང༌། བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་གི་ཞལ་སྔ་ནས། ཕྱག་རྒྱ་ཆེན་མོ་ནི་རང་བཞིན་མེད་པའི་ཆོས་ཐམས་ཅད་ཀྱི་མཚན་ཉིད་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སངས་རྒྱས་བསྐྱེད་པར་མཛད་མའོ། །ཆོས་འབྱུང་གི་སྒྲས་ཀྱང་དེ་བརྗོད་དེ། ཆོས་འབྱུང་གང་ལས་རང་བཞིན་མེད་པའི་ཆོས་ཐམས་ཅད་འབྱུང་བར་འགྱུར་བའོ། །རང་བཞིན་མེད་པའི་ཆོས་རྣམས་ནི་སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་རྣམས་སོ། །དེ་རྣམས་འབྱུང་བར་འགྱུར་བ་ནི་ཆོས་འབྱུང་[མཁས་ཁྱབ་]སྟེ་སངས་རྒྱས་ཀྱི་ཞིང་[མཁའ་ཁྱབ་]ངོ༌། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གནས་ཏེ་བདེ་བའི་གནས་[མཁའ་ཁྱབ་]དང་སྐྱེ་བའི་གནས་[མཁའ་ཁྱབ་]སོ། །གང་ལས་ཁྲག་དང་གཅི་བ་དང་ཁུ་བ་རྣམས་འབྱུང་བ་[སྐྱེ་གནས་]དེ་ནི་ཆོས་འབྱུང་མ་ཡིན་ནོ། །འདིར་འཁོར་བ་པ་རྣམས་ཀྱི་ཆགས་པ་[སྐྱེ་བ་]དང་ཆགས་བྲལ་གྱི་ཞིང་[སྐྱེ་གནས་]ནི་དེ་བཞིན་གཤེགས་པ་རྣམས་ཀྱི་[ཞིང་ཁམས་]མ་ཡིན་ནོ། །དེའི་ཕྱིར་ཆོས་འབྱུང་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན་སྣ་ཚོགས་ཡུམ་[མཁའ་ཁྱབ་]བཅོམ་ལྡན་འདས་དུས་ཀྱི་འཁོར་ལོས་འཁྱུད་པ་དུས་ཐམས་ཅད་དུ་སྒྲིབ་པ་ཐམས་ཅད་དང་བྲལ་བའོ། །ཞེས་གསུངས་སོ། །དེ་ལ་དོན་དམ་པའི་སྟོབས་བཅུ་ལ་སོགས་པ་རང་བཞིན་མེད་པའི་ཆོས་རྣམས་འབྱུང་ཞེས་པ་ནི་རང་བྱུང་འགལ་འདུས་སྐྱོན་མེད་ཀྱི་འབྱུང་ཚུལ་ཏེ་འཇིག་རྟེན་དཔེ་ལས་འདས་པའོ། །དེའི་བྱིན་གྱིས་བརླབས་དང་བསྒོམས་པའི་སྟོབས་ལས་བྱུང་བའི་སྟོབས་བཅུ་ལ་སོགས་པ་གཞན་བྱུང་ཡེ་ཤེས་རྣམས་ནི་འདུས་བྱས་ཡིན་པའི་ཕྱིར་སྣ་ཚོགས་ཡུམ་དང༌། དུས་ཀྱི་འཁོར་ལོ་ལ་སོགས་པའི་རང་བཞིན་ཆོས་ཀྱི་དབྱིངས་མ་ཡིན་པས་དེ་ལྟར་ཆོས་འབྱུང་ཆོས་ཀྱི་དབྱིངས་དང་ཡེ་ཤེས་འདུས་བྱས་ལ་རང་བྱུང་དང་གཞན་བྱུང་གི་ཁྱད་པར་ཤེས་དགོས་སོ། །དེ་ལྟར་ཀུན་བརྟགས་ཀྱིས་སྟོང་པའི་གཞི་གཞན་དབང་གང་ཡིན་པ་ཀུན་རྫོབ་ཀྱི་བདེན་པས་སྟོང་པའི་གཞི་ཆོས་ཉིད་ཡོངས་གྲུབ་ཀྱི་འཕགས་པའི་བདེན་པ་བཞི་ལ་སོགས་པ་གདོད་ནས་དག་པའི་ཆོས་དེ་རྣམས་གསང་སྔགས་ཟབ་མོ་རྣམས་སུ་རང་བྱུང་ཡེ་ཤེས་ཀྱི་ལྷ་ཚོགས་རྣམ་པ་མང་པོར་གསུངས་པ་རྣམས་ནི་འདིར་ཡི་གེ་མང་དུ་དོགས་ནས་མ་བྲིས་ཤིང༌། བསམ་གྱིས་མི་ཁྱབ་པའི་ཡོན་ཏན་གྱི་ཆོས་རྣམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ལས་འདས་པས་མི་སྟོང་པ་ཞེས་གང་གསུངས་པ་དེར་འདུ་བ་ཉིད་དེ། [རྒྱུད་བླ་མར།]ཉེས་པ་གློ་བུར་དང་ལྡན་ཞིང༌། །ཡོན་ཏན་རང་བཞིན་ཉིད་ལྡན་ཕྱིར། །ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་གང་གསུངས་པའོ། །

མ་དག་པ་ཀུན་རྫོབ་ཀྱི་གཟུགས་སོགས་ནི་རྣམ་དག་ཆོས་ཉིད་ཀྱི་ལྷ་རྣམས་མ་ཡིན་པར་བསྟན་པ།

དེ་ལྟ་བས་ན་ཡང་དག་པའི་ལྟ་བས་ནི་གདོད་ནས་རང་བཞིན་གྱིས་རྣམ་པར་དག་པ་ལ་དག་པ་ཉིད་དུ་རྟོགས་ཤིང༌། མ་དག་པ་ལ་ཡང་མ་དག་པ་ཉིད་དུ་རྟོགས་པར་བྱེད་དོ།།དེ་ལ་རྣམ་པར་མ་དག་པ་ནི་གློ་བུར་དྲི་མས་བསྡུས་པའི་གཟུགས་ལ་སོགས་པ་ཐམས་ཅད་ཡིན་ཏེ། དཔལ་ཀྱེའི་རྡོ་རྗེའི་རྒྱུད་དུ། ཀྱེ་བཅོམ་ལྡན་འདས་རྣམ་པར་མ་དག་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་ལ་སོགས་པའོ། །ཅིའི་སླད་དུ་ཞེ་ན། གཟུང་བ་དང་འཛིན་པའི་དངོས་པོའི་ཕྱིར་རོ། །ཞེས་སོགས་རྒྱས་པར་གསུངས་པའོ། །འདིས་ནི་ཁ་ཅིག་རྣམ་དག་གི་དོན་རང་རང་ངོ་བོས་སྟོང་པ[འམ་དེ་ལྟར་ངོ་ཤེས་ཤིང་ཡིད་ཆེས་པ་]ལ་འདོད་པ་བསལ་བ་ཡིན་ཏེ། སྒྲིབ་པ་གཉིས་ཀྱི་བདག་ཉིད་གཟུང་འཛིན་གྱི་དངོས་པོ་ཐམས་ཅད་རང་རང་ངོ་བོས་སྟོང་ཡང་རྣམ་པར་དག་པ་མ་ཡིན་པར་གསུངས་[ཤིང་དེ་རྣམ་རང་སྟོང་དུ་ངོ་ཤེས་པའི་སེམས་ཀྱང་དྲི་མ་ཡིན་]པའི་ཕྱིར་རོ། །དེ་ལྟ་བས་ན་གདོད་ནས་རང་བཞིན་གྱིས་རྣམ་པར་དག་པ་ཡིན་མ་ཡིན་ལེགས་པར་ཕྱེ་སྟེ་རྟོགས་པ་ལ་ཡང་བདེ་གཤེགས་སྙིང་པོ་དང་གློ་བུར་དྲི་མའི་ཁྱད་པར་རྟོགས་དགོས་ཤིང་དེ་དག་གི་སྟོང་ཚུལ་[དང༌། སྣང་ཚུལ་དང༌། བདེན་ཚུལ་ལ་སོགས་པ་]ཇི་ལྟར་ཡིན་པ་ཡང་ལེགས་པར་རྟོགས་དགོས་སོ། །

ཚུལ་དེ་ལྟར་མཁས་གྲུབ་ཆེན་པོ་དག་གིས་ཀྱང་མདོ་རྒྱུད་སྦྱར་ནས་གསུངས་ཚུལ།

དེ་ལྟར་མདོ་སྔགས་ཟབ་མོའི་དགོངས་པ་མི་འགལ་བར་གཅིག་ཏུ་སྒྲུབ་པ་འདི་ནི་ཕྱག་རྒྱ་ཆེན་པོ་གྲུབ་པའི་སློབ་དཔོན་དཔལ་ལྡན་ནཱ་རོའི་ཞབས་ཀྱིས་ཀྱང་གསུངས་ཏེ། ཀྱེའི་རྡོ་རྗེའི་རྒྱུད་དུ། ངེས་པར་དངོས་པོ་ཐམས་ཅད་ཀྱི། །དག་པ་དེ་བཞིན་ཉིད་དུ་བརྗོད། །ཕྱི་ནས་རེ་རེའི་དབྱེ་བ་ཡིས། །ལྷ་རྣམས་ཀྱི་ནི་བརྗོད་པར་བྱ། །ཞེས་པའི་འགྲེལ་པར། ད་ནི་དེ་ལས་གཞན་ཞེས་པ་ལ་སོགས་པས་རྣམ་པར་དག་པ་དེ་ཁོ་ན་ཉིད་དང་དབྱེ་བས་ཏེ། ཐོག་མར་དེ་ཁོ་ན་ཉིད་ཀྱི་རྣམ་པར་དག་པ་གསུངས་ཏེ། དཔལ་རྡོ་རྗེ་རྩེ་མོར་གསུངས་པ། རྣམ་པར་དག་པ[འི་དོན་]ཅི་ཞེས་བརྗོད[ཅེ་ན]། །[ཀུན་རྫོབ་]ཡོད་མིན་[དོན་དམ་]མེད་པའང་མ་ཡིན་ལ། །[འདུས་བྱས་ཀྱི་]དངོས་པོ་མེད་ཅིང་[ཆོས་ཉིད་ཀྱི་]དངོས་[པོ་སྟེ་ངོ་བོ་]མེད་[པ་]མིན། །[འདུས་བྱས་ཀྱི་]སྨྲ་པོ་མིན་ཞིང་སྨྲ་བྱའང་མིན[པའི་གཞི་གདོད་ནས་]། །རྣམ་དག་མྱ་ངན་འདས་པ་[ཆེན་པོ་]ཉིད[ཡིན]། །ཅེས་སོ། །དངོས་པོ་ཐམས་ཅད་ཀྱི་ཞེས་པ་ལ་སོགས་པ་ཕྱི་རོལ་དང་ནང་གི་རྣམ་པར་རྟོག་པའི་དངོས་པོ་རྣམས་[འཛིན་མེད་དུ་]མཉམ་པ[འི་གཞི་]ནི་རྣམ་དག་དེ་བཞིན་ཉིད་[མཁའ་ཁྱབ་]དེ། དེ་ལྟ་ཁོ་ནར་རྟག་ཏུ་གནས་པ་ནི་དེ་བཞིན་ཉིད་དེ་[གདོད་ནས་]རང་བཞིན་གྱིས་དྲི་མ་མེད་པ་ཉིད་ཀྱིས་རྟག་ཏུ་རྣམ་པར་དག་པ་ནམ་མཁའ་བཞིན་དུ་འདུས་མ་བྱས་པའི་རང་བཞིན་[མཁའ་ཁྱབ་]དུ་བཤད་ལ། དེའི་ངོ་བོས་དེ་བཞིན་ཉིད་[རིམ་པ་གཉིས་ཀྱི་ཚུལ་གྱིས་]བསྒོམ་པར་བྱའོ། །ཞེས་པ་སྟེ། དཔལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་དེ་བཞིན་ཉིད་ཀྱི་ལེའུར་གསུངས་པ། ཇི་ལྟར་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་[མཁའ་ཁྱབ་]ནི་འགྱུར་བ་མེད་པ་རྣམ་པར་འགྱུར་བ་མེད་པ་རྟོག་པ་མེད་པ་རྣམ་པར་རྟོག་པ་མེད་པ། འགའ་ཞིག་ཏུ་ཡང་གཞོམ་དུ་མེད་པ་[མཁའ་ཁྱབ་]སྟེ། དེ་བཞིན་དུ་[གཟུགས་སོགས་]ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་[མཁའ་ཁྱབ་]ནི་འགྱུར་བ་མེད་པ་རྣམ་པར་འགྱུར་བ་མེད་པ། རྟོག་པ་མེད་པ་རྣམ་པར་རྟོག་པ་མེད་པ། འགའ་ཞིག་ཏུ་ཡང་གཞོམ་དུ་མེད་པའོ། །དེ་ཅིའི་ཕྱིར་ཞེ་ན། གང་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་[མཁའ་ཁྱབ་]དང་གང་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་[མཁའ་ཁྱབ་]ནི་གཅིག་པ་ཁོ་ན་སྟེ་དེ་བཞིན་ཉིད་[མཁའ་ཁྱབ་]ནི་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་པའོ། །ཞེས་སོ། །ཞེས་པ་དང༌། ཡང་[ནཱ་རོ་འགྲེལ་ཆེན་]དེ་ཉིད་དུ། [འགོག་བདེན་གྱི་]ཕུང་པོ་ལ་སོགས་པའི་དབྱེ་བས་[འགོག་བདེན་གྱི་]ལྷ་རྣམས་ཀྱི་རྣམ་པར་དག་པ་ཕྱི་ནས་རྟོགས་པར་བྱ་སྟེ། [འགོག་བདེན་གྱི་]གཟུགས་ཕུང་[འགོག་བདེན་གྱི་]རྡོ་རྗེ་མ་རུ་འགྱུར།།ཞེས་པ་ལ་སོགས་པས་སོ། །འོ་ན་དབང་པོ་ལ་སོགས་པ་རྣམས་ཅིའི་ཕྱིར་རྣམ་པར་དག་པར་བརྗོད་ཅེ་ན་གསུངས་པ། ཉོན་མོངས་མི་ཤེས་པས་བསྒྲིབས་པ། ཞེས་པ་སྟེ། མི་ཤེས་པ་ནི་མ་རིག་པ་ང་དང་ང་ཡི་འོ་སྙམ་དུ་འཛིན་པའོ། །ཉོན་མོངས་པ་རྣམས་ནི་འདོད་པ་དང་མི་འདོད་པའི་ལས་ཀྱི་རྒྱུ་སེམས་ཀྱི་བྱཻ་བྲག་རྣམས་སོ། །དེ་རྣམས་ཀྱིས་བསྒྲིབས་པ་ནི་[འགོག་བདེན་དོན་དམ་བདེ་གཤེགས་སྙིང་པོ་ལ་]གཡོགས་པ་[དེ་འདྲ་པ་]སྟེ་དེ་སྦྱང་བར་བྱའོ། །དཔལ་དྲི་མ་མེད་པའི་འོད་དུ་ཡང་གསུངས་པ། [ནམ་མཁའ་]སྟོང་པ་ལ་ནི་དངོས་པོའི་ཚོགས[གཞན]། །བརྟགས་པའི་གཟུགས་ནི་རྣམ་སྤངས་གང༌། །[མཉམ་བཞག་རིགས་པའི་ཤེས་པ་ལ་]སྣང་བ་མཐོང་སྟེ་མེ་ལོང་ལ། །པྲ་ཕབ[པའི་]གཞོན་ནུ་མ་ཡིས་[མཐོང་བ་]བཞིན། །ཞེས་པ་[གདོད་ནས་རང་བཞིན་གྱིས་]འཇིག་རྟེན་ལས་འདས་པ[དོན་དམ་པ]འི་བདེན་པས་[བསྡུས་པ་]གཟུགས་ཀྱི་ཕུང་པོ་[གདོད་ནས་རང་བཞིན་གྱིས་]རྣམ་པར་དག་པ་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ཞེས་པ་ལ་སོགས་པ་རྣམ་པར་ཤེས་པའི་ཕུང་པོ་[གདོད་ནས་རང་བཞིན་གྱིས་]རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །ཞེས་པའི་བར་དྲངས་ནས་སླར་ཡང་དེ་ཉིད་དུ་གསུངས་པ། རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ཀྱི་ཡེ་ཤེས་[མཁའ་ཁྱབ་]ནི་འཕོ་བའི་བདེ་བ་དང་རྟོག་པའི་སྒྲིབ་པ་ཟད་པ་ལ་སོགས་པ་སྟེ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་[གདོད་ནས་རང་བཞིན་གྱིས་]རྣམ་པར་དག་པའོ། །ཞེས་སོ། །དཔལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ཡང་རྣམ་པར་དག་པའི་ལེའུར་གསུངས་པ། རབ་འབྱོར་གང་[འགོག་བདེན་དོན་དམ་སྦྱང་གཞིའི་]གཟུགས་[གདོད་ནས་རང་བཞིན་གྱིས་]རྣམ་པར་དག་པ་དེ་ནི་[གཉེན་པོས་དྲི་མ་སྦྱངས་པའི་]འབྲས་བུ་རྣམ་པར་དག་པ་[གཉེན་པོས་དྲི་མ་སྦྱངས་པའི་]འབྲས་བུ་[གདོད་ནས་རང་བཞིན་གྱིས་]རྣམ་པར་དག་པ་གང་ཡིན་པ་དེ་ནི་[འགོག་བདེན་དོན་དམ་སྦྱང་གཞིའི་]གཟུགས་[གདོད་ནས་རང་བཞིན་གྱིས་]རྣམ་པར་དག་པ་སྟེ། རབ་འབྱོར་དེ་ལྟར་ན་[འགོག་བདེན་དོན་དམ་སྦྱང་གཞིའི་]གཟུགས་[གདོད་ནས་རང་བཞིན་གྱིས་]རྣམ་པར་དག་པ་དང་[གཉེན་པོས་དྲི་མ་སྦྱངས་པའི་]འབྲས་བུ་[གདོད་ནས་རང་བཞིན་གྱིས་]རྣམ་པར་དག་པ་འདི་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དོ། །རབ་འབྱོར་དེ་བཞིན་དུ་[འགོག་བདེན་གྱི་]ཚོར་བ་དང་[འགོག་བདེན་གྱི་]འདུ་ཤེས་དང་[འགོག་བདེན་གྱི་]འདུ་བྱེད་རྣམས་ཏེ། རབ་འབྱོར་[འགོག་བདེན་གྱི་]རྣམ་པར་ཤེས་པ་[གདོད་ནས་རང་བཞིན་གྱིས་]རྣམ་པར་དག་པ་གང་ཡིན་པ་དེ་ནི་[གཉེན་པོས་དྲི་མ་སྦྱངས་པའི་]འབྲས་བུ་[གདོད་ནས་རང་བཞིན་གྱིས་]རྣམ་པར་དག་པ། གང་[གཉེན་པོས་དྲི་མ་སྦྱངས་པའི་]འབྲས་བུ་[གདོད་ནས་རང་བཞིན་གྱིས་]རྣམ་པར་དག་པ་དེ་ནི་[འགོག་བདེན་གྱི་]རྣམ་པར་ཤེས་པ་[གདོད་ནས་རང་བཞིན་གྱིས་]རྣམ་པར་དག་པའོ། །ཞེས་སོ། །ཞེས་པ་དང༌། ཡང་དེ་ཉིད་དུ། རྡོ་རྗེ་གུར་གྱི་ལུང་དྲངས་པ། འཇིག་རྟེན་[གྱི་རྣམ་པ་]ཇི་བཞིན་[དུ་ཆོས་ཉིད་]དེ་[གདོད་ནས་རང་བཞིན་གྱིས་]སངས་རྒྱས[རྣམ་པ་ཐམས་ཅད་པ་ཡིན་ལ]། །ཇི་ལྟར་ཆོས་[དབྱིངས་]ནི་རྙོག་མེད་པ། །དེ་ལྟར་སེམས་ཅན་ཁམས་[ཏེ་དབྱིངས་འོད་གསལ་]རྣམས་[ཀྱང་རྙོག་པ་མེད་པར་]བཤད། །ནམ་མཁའ་བཞིན་དུ་[གདོད་ནས་རང་བཞིན་གྱིས་]དྲི་མ་མེད[ཀྱང་]། །དམ་[པ་]མིན་[པའི་]ཀུན་རྟོག་རྣམ་རྟོག་གིས། །སེམས་ཀྱི་[རང་བཞིན་འོད་གསལ་གྱི་]རིན་ཆེན་[གློ་བུར་]དྲི་མར་བཅས[པས་སེམས་ཅན་པ་ཡིན་ལ]། །[གདོད་ནས་དག་པའི་]སེམས་[དེ་དྲི་མ་གློ་བུར་བས་]དག་ན་ནི་དག་[པ་གཉིས་ལྡན་ཐོབ་]པར་འགྱུར། །[དྲི་མ་དག་རུང་མ་དག་རུང་ངོ་བོ་འགྱུར་མེད་དུ་གནས་ཏེ་]ནམ་མཁའ་འཇིག་མེད་[ལ་སྤྲིན་ཡོད་རུང་མེད་རུང་འགྱུར་མེད་དུ་གནས་པ་]ཇི་[ལྟ་བ་]བཞིན་ནོ། །ཞེས་སོགས་རྒྱ་ཆེར་གསུངས་ཤིང༌།

རྣམ་དག་ཆོས་ཉིད་ཀྱི་ཆགས་སོགས་དང་དུས་གསུམ་ལ་སོགས་པ་ཆོས་ཐམས་ཅད་དོན་དམ་གྱི་ལྷར་བཞུགས་ཚུལ།

དཔལ་མཆོག་དང་པོའི་རྒྱུད་དུ་ཡང༌། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ངོ་བོ་ཉིད་དག་པའི་ཆོས་ཉིད་ཐོབ་པས། ཡང་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་སྤྱན་རས་གཟིགས་དབང་ཕྱུག་གི་ཡེ་ཤེས་ཀྱི་ཕྱག་རྒྱ་ཞེས་བྱ་བ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ[མཁའ་ཁྱབ་]འདི་གསུངས་ཏེ། [འགོག་བདེན་གྱི་]འདོད་ཆགས་ཐམས་ཅད་[གདོད་ནས་རང་བཞིན་གྱིས་]རྣམ་པར་དག་པ་ཉིད་ཀྱིས་ཀྱང་[འགོག་བདེན་གྱི་]འཇིག་རྟེན་ན་[འགོག་བདེན་གྱི་]ཞེ་སྡང་ཐམས་ཅད་[གདོད་ནས་རང་བཞིན་གྱིས་]རྣམ་པར་དག་པར་འགྱུར་རོ། །[འགོག་བདེན་གྱི་]དྲི་མ་ཐམས་ཅད་[གདོད་ནས་རང་བཞིན་གྱིས་]རྣམ་པར་དག་པ་ཉིད་ཀྱིས་[འགོག་བདེན་གྱི་]འཇིག་རྟེན་ན་[འགོག་བདེན་གྱི་]སྡིག་པ་ཐམས་ཅད་[གདོད་ནས་རང་བཞིན་གྱིས་]རྣམ་པར་དག་པར་འགྱུར་རོ། །[འགོག་བདེན་གྱི་]ཆོས་ཐམས་ཅད་[གདོད་ནས་རང་བཞིན་གྱིས་]རྣམ་པར་དག་པ་ཉིད་ཀྱིས་[འགོག་བདེན་གྱི་]འཇིག་རྟེན་ན་[འགོག་བདེན་གྱི་]སེམས་ཅན་ཐམས་ཅད་[གདོད་ནས་རང་བཞིན་གྱིས་]རྣམ་པར་དག་པར་འགྱུར་རོ། །[འགོག་བདེན་གྱི་]ཤེས་པ་ཐམས་ཅད་[གདོད་ནས་རང་བཞིན་གྱིས་]རྣམ་པར་དག་པས་[འགོག་བདེན་གྱི་]འཇིག་རྟེན་ན་[འགོག་བདེན་གྱི་]ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་[གདོད་ནས་རང་བཞིན་གྱིས་]རྣམ་པར་དག་གོ །ཞེས་སོགས་དང༌། དཔལ་ཀྱེའི་རྡོ་རྗེར། [འགོག་བདེན་གྱི་]ཞེ་སྡང་[མཁའ་ཁྱབ་]ཞེས་བཤད་[འགོག་བདེན་གྱི་]རྡོ་རྗེ་མ[མཁའ་ཁྱབ]། །[འགོག་བདེན་གྱི་]འདོད་ཆགས་[མཁའ་ཁྱབ་]ཆུ་ཡི་རྣལ་འབྱོར་མ[མཁའ་ཁྱབ]། །[འགོག་བདེན་གྱི་]ཕྲག་དོག་[མཁའ་ཁྱབ་]རྡོ་རྗེ་མཁའ་འགྲོ་མ[མཁའ་ཁྱབ]། །[འགོག་བདེན་གྱི་]སེར་སྣ་[མཁའ་ཁྱབ་]གསང་བའི་དཀར་མོ་[མཁའ་ཁྱབ་]ཉིད། །[འགོག་བདེན་གྱི་]གཏི་མུག་[མཁའ་ཁྱབ་]དེ་བཞིན་[མཁའ་ཁྱབ་]རྡོ་རྗེར་བཤད། །ཅེས་གདོད་ནས་རྣམ་པར་དག་པ་ཆོས་ཉིད་ཀྱི་ཞེ་སྡང་ལ་སོགས་པ་རང་བྱུང་ཡེ་ཤེས་ཀྱི་ལྷ་མོ་[མཁའ་ཁྱབ་]རྣམས་སུ་གསུངས་ཤིང༌། རྒྱུད་གཞན་དང་གཞན་དུ་ཡང༌། [འགོག་བདེན་གྱི་]མཆོད་པ་ཆེན་པོ་འདོད་ཆགས་ཆེ[མཁའ་ཁྱབ]། །ཞེས་པ་ལ་སོགས་པ་དང༌། [འགོག་བདེན་གྱི་]ཞེ་སྡང་གཤིན་རྗེའི་གཤེད་[མཁའ་ཁྱབ་]དང༌། [འགོག་བདེན་གྱི་]གཏི་མུག་གཤིན་རྗེའི་གཤེད་[མཁའ་ཁྱབ་]ཅེས་པ་ལ་སོགས་པ་རྣམ་པ་མང་པོའི་སྒོ་ནས་རང་བཞིན་རྣམ་དག་དོན་དམ་པའི་ཞེ་སྡང་ལ་སོགས་པ་རྣམས་རང་བྱུང་ཡེ་ཤེས་ཀྱི་ལྷར་གསུངས་ལ། དེ་བཞིན་དུ་[འགོག་བདེན་གྱི་]འདུས་བྱས་དང་[འགོག་བདེན་གྱི་]དུས་གསུམ་ལ་སོགས་པ་[གདོད་ནས་རང་བཞིན་གྱིས་]རྣམ་པར་དག་པ་གསུངས་པའི་དོན་ཡང༌། [གདོད་ནས་རང་བཞིན་གྱིས་]རྣམ་པ་ཀུན་ལྡན་རྣམ་པ་མེད། །ཅེས་དང༌། དུས་གསུམ་དུས་མེད་རྟོགས་པ་པོ་ཞེས་པ་ལ་སོགས་པའི་དོན་[འགལ་འདུས་སྐྱོན་མེད་]གྱིས་ཁོང་དུ་ཆུད་པར་བྱ་སྟེ། [དེ་ཡང་]དཔལ་ལྡན་ས་བཅུ་པ་རྣམས་ཀྱི་མན་ངག་ཟབ་མོ་ལས་སོ། །

རྣམ་དག་ཆོས་ཉིད་ཀྱི་བདག་དང་སེམས་ཅན་ལ་སོགས་པ་ཡང་དོན་དམ་གྱི་ལྷ་རྣམས་སུ་བཞུགས་ཚུལ།

དེ་བཞིན་དུ་[འགོག་བདེན་གྱི་]བདག་[མཁའ་ཁྱབ་]དང་སེམས་ཅན་[མཁའ་ཁྱབ་]ནས་མཐོང་བ་པོའི་བར་དུ་[གདོད་ནས་རང་བཞིན་གྱིས་]རྣམ་པར་དག་པ་དང༌། ཡོངས་སུ་དག་པའི་དོན་ཡང༌། སྔར་བསྟན་པའི་[འགོག་བདེན་གྱི་]བདག་གི་མཐར་ཐུག་པ་དང་དེ་བཞིན་ཉིད་བདག་དག་པའི་བདག་[མཁའ་ཁྱབ་]ལ་སོགས་པ་རྣམས་ཀྱིས་རྟོགས་པར་ནུས་ཤིང༌། ལྷའི་ཟླ་བས་བསྒྱུར་བའི་མྱང་འདས་ཆེན་པོར་ཡང༌། དེ་བཞིན་གཤེགས་པའི་ཁམས་[ཏེ་དབྱིངས་]དེ་ནི་[འགོག་བདེན་གྱི་]སྐྱེས་བུའི་རང་བཞིན་[མཁའ་ཁྱབ་]ཡིན་ཏེ། དེ་བས་ན་[སེམས་ཅན་གྱི་]སྲོག་བཅད་[པའམ་ཆད་]པས་སྲོག་ཆགས་བསད་པར་མི་འགྱུར་རོ། །གལ་ཏེ་སྲོག་ཆགས་[གཞན་འགོག་བདེན་གྱི་སྲོག་ཆགས་]བསད་པར་འགྱུར་ན་ནི་འཚོ་བ་པོ་[གཞན་འགོག་བདེན་གྱི་འཚོ་བ་པོ་]གཏན་མེད་པར་བྱས་པར་འགྱུར་ལ། འཚོ་བ་པོ་[གཞན་འགོག་བདེན་གྱི་འཚོ་བ་པོ་]གཏན་མེད་པར་འགྱུར་བ་ནི་མི་སྲིད་དོ། །དེ་ལ་འཚོ་བ་པོ་[གཞན་འགོག་བདེན་གྱི་འཚོ་བ་པོ་]ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཡིན་ལ། [འགོག་བདེན་གྱི་]ཁམས་[མཁའ་ཁྱབ་]དེ་ནི་གཞིག་པའམ་བསད་པའམ། གཏན་མེད་པར་བྱ་མི་ནུས་ལ། སངས་རྒྱས་ཉིད་མ་ཐོབ་ཀྱི་བར་དུ། ཤིན་ཏུ་རྣམ་པར་དག་པ་མཐོང་བར་ཡང་མི་ནུས་སོ། །ཞེས་སྲོག་ཆེན་པོ་[མཁའ་ཁྱབ་]དང་རྡོ་རྗེའི་སྲོག་གམ་ཆོས་ཉིད་ཀྱི་སྲོག་[མཁའ་ཁྱབ་]དང་སྲོག་གཞན་ནམ་སྲོག་རྣམ་པར་དག་པ་[མཁའ་ཁྱབ་]ལ་སོགས་པའི་དོན་གསུངས་སོ། །

རང་བཞིན་འོད་གསལ་གྱི་གཟུགས་སོགས་ཀྱང་སྔར་བསྟན་པ་རྣམས་དང་དོན་གཅིག་ཚུལ།

དེ་བཞིན་དུ་[འགོག་བདེན་གྱི་]གཟུགས་རང་བཞིན་གྱིས་འོད་གསལ་བའི་ཕྱིར་རྣམ་པར་དག་པ་[གདོད་ནས་རང་བཞིན་གྱིས་]ཀུན་ནས་ཉོན་མོངས་པ་མེད་པའོ། །ཞེས་སོགས་དང༌།

འཕོ་འགྱུར་དང་སྐྱེ་འགག་མེད་པའི་གཟུགས་སོགས་ཀྱང་སྔར་བསྟན་པ་དང་དོན་གཅིག་ཚུལ།

[འགོག་བདེན་གྱི་]གཟུགས་[མཁའ་ཁྱབ་]ལ་འཕོ་བ་མེད་ཅིང་ཉིང་མཚམས་སྦྱོར་བ་[གདོད་ནས་]མེད་པ་ནི་[གདོད་ནས་རང་བཞིན་གྱིས་]རྣམ་པར་དག་པའོ། །ཞེས་སོགས་རྣམ་མཁྱེན་གྱི་བར་དུ་སྦྱར་བ་རྣམས་ནི་ཆོས་ཉིད་ཀྱི་གཟུགས་ནས་ཆོས་ཉིད་ཀྱྀ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་གསུངས་པ་དང་དོན་གཅིག་གོ །གཞན་རྣམས་ནི་ཡི་གེ་ཧ་ཅང་མང་དུ་དོགས་ནས་མ་བྲིས་མོད་ཀྱི་གང་གིས་དག་པ་དང་དག་པའི་གཞི་གང་ཡིན་པ་ལེགས་པར་འབྱེད་པའི་མན་ངག་ཡོད་པ་རྣམས་ཀྱིས་བདེ་བླག་ཏུ་རྟོགས་པར་འགྱུར་རོ། །

དོན་དེ་དག་ཡུམ་རྒྱས་འབྲིང་ལ་སོགས་པའི་དགོངས་པ་ཡིན་པར་བསྟན།

[དེ་བཞིན་དུ་]ཡུམ་རྒྱས་པ་དང་བར་མ་དང་ཁྲི་བརྒྱད་སྟོང་པ་རྣམས་ཀྱི་འགྲེལ་པར་ཡང༌། [འགོག་བདེན་གྱི་]གཟུགས་[གདོད་ནས་རང་བཞིན་གྱིས་]རྣམ་པར་དག་པ་གང་ཡིན་པ་དེ་ཉིད་[གཉེན་པོས་དྲི་མ་བྲལ་བའི་]འབྲས་བུ་[གདོད་ནས་རང་བཞིན་གྱིས་]རྣམ་པར་དག་པའོ། །ཞེས་བྱ་བ་ནི། [ལམ་བདེན་གྱི་]ཕ་རོལ་ཏུ་ཕྱིན་པ་དང༌། བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་རྣམ་པར་བྱང་བའི་ཆོས་རྣམས་ཀྱི[ས་དྲི་མ་བྲལ་བའི་]འབྲས་བུར་གྱུར་པ་རྣམ་པར་དག་པ་ཞེས་བྱ་བ་[གཞིའི་ངོ་བོ་ལས་]གུད་ན་གང་ཡང་མེད་ཀྱི་གང་ཆོས་ཉིད་ཀྱི་གཟུགས་ཡོངས་སུ་གྲུབ་པ[གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་]ངོ་བོ་ཉིད་[ཀྱི་སྐུ་ཉིད་]དུ་གྱུར་པ་རྟག་ཏུ་གནས་པ་རྣམ་པར་དག་པ་དེ་ཉིད་[དྲི་མ་བྲལ་བའི་]འབྲས་བུར་གྱུར་པའི་[གདོད་ནས་རང་བཞིན་གྱིས་]རྣམ་པར་དག་པའོ། །ཞེས་བྱ་བའི་ཐ་ཚིག་གོ །དེ་བཞིན་དུ་[གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་]ཆོས་ཐམས་ཅད་ལ་ཡང་[རང་བཞིན་རྣམ་དག་ཐ་མི་དད་པ་]སྦྱར་བར་བྱའོ། །ཞེས་དང༌། ཤཱ་རིའི་བུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རྣམ་པར་དག་པ་ནི་སྣང་བའོ། །ཞེས་བྱ་བ་ནི་འདི་ལྟ་སྟེ། དཔེར་ན། སྤྲིན་དང༌། ན་བུན་དང༌། ཁུག་སྣ་ལ་སོགས་པ་མེད་ན་ཉི་མ་དང་ཟླ་བ་ལ་སོགས་པ་ཤིན་ཏུ་རྣམ་པར་དག་སྟེ། རབ་ཏུ་སྣང་བར་འགྱུར་རོ། །དེ་བཞིན་དུ་ཆོས་ཉིད་ཀྱི་གཟུགས་ལ་སོགས་པ་[རྣམ་མཁྱེན་གྱི་བར་]ཡང་[དྲི་མས་]ཤིན་ཏུ་རྣམ་པར་དག་པའི་ཕྱིར་སྣང་བ་ཞེས་བྱའོ། །དེ་བས་ན་གཟུགས་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རྣམ་པར་དག་པ་སྣང་བའོ། །ཞེས་བྱ་བ་[རང་བཞིན་རྣམ་དག་དང་གློ་བུར་དྲི་བྲལ་གཉི་ག་ལ་བཤད་དུ་རུང་བ་]གསུངས་སོ། །བཅོམ་ལྡན་འདས་རྣམ་པར་དག་པ་ནི་ཉིང་མཚམས་སྦྱོར་བ་མ་མཆིས་པའོ་ཞེས་བྱ་བ་ནི་ཉོན་མོངས་པ་དང༌། རྣམ་པར་རྟོག་པའི་སྤྲོས་པའི་དྲི་མ་རྣམས་སྤངས་པ་ནི། སླར་ཉིང་མཚམས་མི་སྦྱོར་བའི་ཕྱིར་དྲི་མ་མེད་ཅིང་རྣམ་པར་དག་པས་ན་ཉིང་མཚམས་སྦྱོར་བ་མེད་པ་[རང་བཞིན་རྣམ་དག་དང་གློ་བུར་དྲི་བྲལ་གཉི་ག་ལ་བཤད་དུ་རུང་བ་]ཞེས་བྱའོ། །ཤཱ་རིའི་བུ་[འགོག་བདེན་གྱི་]གཟུགས་ལ་འཕོ་བ་མེད་པས་ཉིང་མཚམས་སྦྱོར་བ་མེད་པ་ནི་རྣམ་པར་དག་པའོ། །ཞེས་བྱ་བ་ནི། ཀུན་བརྟགས་[པ་གློ་བུར་]པའི་གཟུགས་ལ་སོགས་པ་ཡོངས་སུ་སྤངས་པ་རྣམས་ནི་ཡང་འཕོ་བ་མེད་པའི་ཕྱིར་རོ། །[རང་བཞིན་རྣམ་དག་དང་གློ་བུར་དྲི་བྲལ་གཉི་ག་ལ་བཤད་དུ་རུང་བ་]ཞེས་བྱ་བའི་ཐ་ཚིག་གོ །བཅོམ་ལྡན་འདས་[གདོད་ནས་རང་བཞིན་གྱིས་]རྣམ་པར་དག་པ་ནི་ཀུན་ནས་ཉོན་མོངས་པ་མ་མཆིས་པའོ། །ཞེས་བྱ་བ་ནི་སྤྲིན་དང༌། ན་བུན་དང༌། ཁུག་སྣ་ལ་སོགས་པ་ཡོད་དུ་ཟིན་ཀྱང་[རང་གི་ངོ་བོ་]ནམ་མཁའ་ལྟར་རྣམ་པ་ཐམས་ཅད་དུ། རང་བཞིན་གྱིས་ཡོངས་སུ་དག་པའོ། །ཞེས་བཤད་པའོ། །བཅོམ་ལྡན་འདས་[གདོད་ནས་རང་བཞིན་གྱིས་]རྣམ་པར་དག་པ་ནི། འཐོབ་པ་དང་མངོན་པར་རྟོགས་པ་མ་མཆིས་པའོ་ཞེས་བྱ་བ་ནི་ཐོབ་པར་བྱ་བ་དང་ཐོབ་པར་བྱེད་པའི་ཆོས་གཉིས་ཡོད་ན་འཐོབ་པ་ཡང་ཡོད་པར་འགྱུར་ལ། མངོན་པར་རྟོགས་པར་བྱ་བ་དང༌། མངོན་པར་རྟོགས་པར་བྱེད་པ[འི་ཆོས་]གཉིས་ཡོད་ན། མངོན་པར་རྟོགས་པ་ཞེས་བྱ་བ་ཡོད་པར་འགྱུར་ན་དེ་ལ་ཀུན་རྟོག་པ་དང༌། རྣམ་པར་རྟོག་པ་[གཞན་དབང་]རྣམས་མེད་པ་ཙམ་[གྱི་གཞི་]ལ། ཡོངས་སུ་གྲུབ་པའི་ཆོས་ཉིད་རྣམ་པར་དག་པ། ཞེས་རྣམ་པར་གཞག་པའི་ཕྱིར་[གདོད་ནས་རང་བཞིན་གྱིས་]རྣམ་པར་དག་པ་དེ་ལ་[འཐོབ་བྱ་ཐོབ་བྱེད་ངོ་བོ་ཐ་དད་ཀྱི་]འཐོབ་པའམ་[རྟོགས་བྱ་རྟོགས་བྱེད་ངོ་བོ་ཐ་དད་ཀྱི་]མངོན་པར་རྟོགས་པ་ཞེས་བྱ་བ་གང་ཡང་མེད་དོ། །བཅོམ་ལྡན་འདས་[གདོད་ནས་རང་བཞིན་གྱིས་]རྣམ་པར་དག་པ་ནི་མངོན་པར་མ་གྲུབ་པའོ། །ཞེས་བྱ་བ་ནི་ཀུན་བརྟགས་པ་དང༌། རྣམ་པར་བརྟགས་པའི་[གཞན་དབང་གི་]གཟུགས་ལ་སོགས་པའི་ཆོས་རྣམས་[གདོད་ནས་རང་བཞིན་གྱིས་]མངོན་པར་གྲུབ་པ་མེད་པ་ལ་རྣམ་པར་དག་པ་ཞེས་བྱ་བར་རྣམ་པར་གཞག་པའི་ཕྱིར་[ཆོས་རྣམས་]མངོན་པར་གྲུབ་པ་མེད་པའི་མཚན་ཉིད་ཅེས་བྱའོ། །རྣམ་པར་དག་པ་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་སུ་སྐྱེ་བ་མ་ལགས་སོ། །ཞེས་བྱ་བ་ནི། འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་རྣམས་ཀུན་བརྟགས་པ་སྟེ། གང་གི་ཚེ་དེ་རྣམས་སུ་མི་སྐྱེ་ཞིང་མི་འབྱུང་བ་དེ་ལ་རྣམ་པར་དག་པ། ཞེས་བྱ་སྟེ། དེ་བས་ན་འདོད་པའི་ཁམས་ཀྱི་རང་བཞིན་མི་དམིགས་པའི་ཕྱིར་རོ། །ཞེས་བྱ་བ་[རང་བཞིན་རྣམ་དག་དང་གློ་བུར་དྲི་བྲལ་གཉི་ག་ལ་བཤད་དུ་རུང་བ་]གསུངས་སོ། །ཞེས་དང༌། དེ་བཞིན་དུ་སོ་སོའི་སྐྱེ་བོའི་གནས་[སྐབས་]ཀྱི་ཚེ། དེ་བཞིན་གཤེགས་པའི་སྙིང་པོ་རང་བཞིན་གྱིས་ཡོངས་སུ་དག་པའི་ཕྱིར་ཀུན་ནས་ཉོན་མོངས་པ་མེད་ལ། གནས་གྱུར་པའི་ཚེ་ཡང་ནམ་མཁའ་བཞིན་དུ་སྔོན་མ་བྱུང་བའི་རྣམ་པར་བྱང་བ་མེད་པའི་ཕྱིར། [རང་བཞིན་རྣམ་དག་གི་ངོ་བོ་སྔར་]ཀུན་ནས་ཉོན་མོངས་པ་མ་ཡིན། [ཕྱིས་]རྣམ་པར་བྱང་བ[འི་ངོ་བོ་གསར་དུ་སྐྱེས་པ་]མ་ཡིན་ཞེས་བྱ་བ[གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་དོན་]གསུངས་སོ། །ཞེས་ཀུན་བརྟགས་གཞན་དབང་གི་གཟུགས་སོགས་ཀྱིས་སྟོང་ཞིང་དབེན་ལ་དག་པའི་གཞི་གང་ཡིན་པ་ཆོས་ཉིད་ཡོངས་གྲུབ་ཀྱི་གཟུགས་སོགས་ལ་གདོད་ནས་རང་བཞིན་གྱིས་དག་པའི་དོན་དུ་གསུངས་ཏེ་རྒྱས་པར་འགྲེལ་ཆེན་དེ་ཉིད་[ངེས་པར་]བལྟ་དགོས་སོ། །

དེ་རྣམས་གནས་ལུགས་ཀྱི་སྔགས་དང་རྒྱུད་དང་དཀྱིལ་འཁོར་དང་ཕྱག་རྒྱ་ལ་སོགས་པར་ཡང་བཞུགས་ཚུལ།

དེ་ལྟར་གདོད་ནས་རང་བཞིན་གྱིས་རྣམ་པར་དག་པ་ཆོས་ཉིད་ཀྱི་གཟུགས་སོགས་[སངས་རྒྱས་ཀྱི་ཆོས་ཀྱི་བར་]ཐམས་ཅད་ཆོས་ཉིད་ཀྱི་ལྷ་རྣམས་ཡིན་པ་ཇི་ལྟ་བ་དེ་བཞིན་དུ་དེ་རྣམས་ཐམས་ཅད་ཆོས་ཉིད་ཀྱི་སྔགས་[མཁའ་ཁྱབ་]དང༌། རྒྱུད་[མཁའ་ཁྱབ་]དང༌། དཀྱིལ་འཁོར་[མཁའ་ཁྱབ་]དང༌། ཕྱག་རྒྱ་[མཁའ་ཁྱབ་]ལ་སོགས་པར་ཡང་གདོད་ནས་རང་བཞིན་ལྷུན་གྲུབ་ཏུ་བཞུགས་པ་ཡིན་ལ།

ཁམས་གསུམ་དང་དུས་གསུམ་ལས་འདས་པའི་གཟུགས་སོགས་ཀྱང་དེ་དང་མཚུངས་ཚུལ།

ཡང་དེ་རྣམས་ཉིད་ཁམས་གསུམ་དང་དུས་གསུམ་ལས་འདས་པའི་ཕུང་པོ་ཁམས་དང་སྐྱེ་མཆེད་[མཁའ་ཁྱབ་]ལ་སོགས་པར་ཡང་ཡུམ་ལས་གསུངས་ཏེ། ལམ་ཤེས་ཀྱི་བསྔོ་བའི་སྐབས་སུ་ཇི་ལྟར་[འགོག་བདེན་དོན་དམ་གྱི་]གཟུགས་འདོད་པའི་ཁམས་དང༌། གཟུགས་ཀྱི་ཁམས་དང་གཟུགས་མེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་ཏེ། གང་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི་འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ནོ། །ཞེས་སོགས་རྣམ་མཁྱེན་གྱི་བར་དུ་སྦྱར་ཞིང་མི་ཉམས་པའི་ཆོས་ཉིད་[མཁའ་ཁྱབ་]དང་རྟག་ཏུ་བཏང་སྙོམས་སུ་གནས་པ་[མཁའ་ཁྱབ་]ལ་ཡང་སྦྱར་ནས། དེ་རྣམས་བསྔོ་རྒྱུ་མ་ཡིན་པར་ཡང་གསུངས་ཏེ། ཇི་སྐད་དུ། དེ་ལྟར་གཟུགས་གང་འདོད་པའི་ཁམས་དང་གཟུགས་ཀྱི་ཁམས་དང་གཟུགས་མེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི་འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན་ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་ལམ་དམིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་མེད་དོ། །གང་ལ་རང་བཞིན་མེད་པ་དེ་ནི་དངོས་པོ་མེད་པའོ། །དངོས་པོ་མེད་པ་ནི་དངོས་པོ་མེད་པས་ཡོངས་སུ་བསྔོ་བར་མི་ནུས་སོ། །ཞེས་སོགས་རྣམ་མཁྱེན་[མཁའ་ཁྱབ་]གྱི་བར་དང་མི་ཉམས་པའི་ཆོས་ཉིད་[མཁའ་ཁྱབ་]དང་རྟག་ཏུ་བཏང་སྙོམས་སུ་གནས་པ་[མཁའ་ཁྱབ་]ལ་ཡང་སྦྱར་ནས་གསུངས་པའི་ཕྱིར་རོ། །དེ་རྣམས་ནི་མགོན་པོ་མ་ཕམ་པས། ཁམས་གསུམ་གཏོགས་པ་མ་ཡིན་དང༌། །ཞེས་པར་བསྡུས་ལ། སྔར་བསྟན་པའི་རྣམ་དག་ལེའུ་ཡི་གཟུགས་སོགས་དང༌། ཆོས་ཉིད་ཀྱི་གཟུགས་སོགས་དང༌། [གཤིས་ཀྱི་]གནས་ལུགས་སྔགས་ཀྱི་ལྷ་ཚོགས་མཐའ་ཡས་པ་[མཁའ་ཁྱབ་]རྣམས་དང་གཅིག་པ་ཡིན་པའི་ཕྱིར། དེ་རྣམས་ཐམས་ཅད་ཆད་སྟོང་དང་བེམ་སྟོང་[གང་ཡིན་པ་རང་སྟོང་]ལས་རིང་དུ་གྱུར་པའི་སྟོང་ཉིད་ཟབ་མོ་ཡིན་པར་གསུངས་སོ། །[འབུམ་དུ་གཟུགས་ནས་མ་འདྲེས་བཅོ་བརྒྱད་ཀྱི་བར་དགེ་བ། ཁ་ན་མ་ཐོ་བ་མེད་པ། ཟག་པ་མེད་པ། ཉོན་མོངས་པ་མེད་པ། རྣམ་པར་བྱང་བ། འཇིག་རྟེན་ལས་འདས་པ། འདུས་མ་བྱས་པ་སྟེ་གང་དང་ཡང་བྲལ་བས་མ་ཡིན་ནོ། །ཞེས་སོགས་སོ་སོ་ལ་ཕྱེ་སྟེ་གསུངས་པ་དང༌། ཡུམ་བར་མར་ཆོས་ཐམས་ཅད་ནི་དགེ་བ་ཞེས་པ་ནས། འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ཞེས་པའི་བར་དུ་བསྡུས་ནས་གསུངས་པ་ནི་དོན་དམ་པའི་ཆོས་ཐམས་ཅད་ལ་དགོངས་པ་ཡིན་པས་གཟུགས་ནས་རྣམ་མཁྱེན་གྱི་བར་ལ་ཡང་སྦྱར་དུ་རུང་ཞིང༌། ངེས་དོན་གྱི་གནད་ཟབ་ཡངས་རྟོགས་པའི་རྒྱུ་མཚན་འདི་འདྲ་ལའང་ཐུག་གོ།།]

དེ་ལྟར་མ་རྟོགས་ན་རང་སྟོང་བསྒོམས་པས་སངས་རྒྱས་མི་ཐོབ་པར་བསྟན་པ།

དེ་ལྟ་བས་ན་རང་རང་ངོ་བོས་སྟོང་པ་ལས་ལྷག་པའམ་གཞན་པའི་སྟོང་ཉིད་ཟབ་མོ་མེད། ཅེས་འདོད་པ་རྣམས་ནི་རྒྱལ་བའི་དགོངས་པ་ལས་རིང་དུ་གྱུར་པ་སྟེ། རྒྱུད་ཀྱི་རྒྱལ་པོར། སྲིད་གསུམ་ཕྲ་རབ་གཟུགས་མིན་[ཏེ་དོན་དམ་བདེན་པ་མེད་ཀྱི་]འདིར་[སྲིད་གསུམ་འདི་]ནི་རྣམ་པར་ཤེས་[པ་ཙམ་ཡིན་]པའོ་དེ་བཞིན་རྣམ་པར་ཤེས་པ་ཉིད་[ཀྱང་གཤིས་ལ་]མེད་དེ། །[དེ་ལྟར་ཡུལ་སེམས་གང་ཡང་མེད་པས་]སངས་རྒྱས་ཤེས་རབ་གང་དུའང་[མ་གྲུབ་པས་ཅིར་ཡང་]གནས་པ་མ་ཡིན་ཞེས་པའི་ཚིག་ནི་སངས་རྒྱས་པ་རྣམས་སྟོན་པར་འགྱུར། །གང་གིས་འགྱུར་མེད་[མཆོག་གི་བདེ་བ་]དང་བྲལ་མི་རྣམས་ཀྱིས་ནི་སྟོང་པ་ཉིད་དེ་[ཡིད་ལ་]བཟུང་ནས་[ཐམས་ཅད་རང་རང་ངོ་བོས་]སྟོང་པར་ལྟ་བྱེད་པ[ལས་ཆད་ལྟ་དང་སྐུར་འདེབས་ཀྱི་ལྟ་བར་འགྱུར་བ]། །དེས་ན་[ཉེས་པ་དེ་སྤང་བའི་དོན་དུ་]གཙོ་བོས་གང་ཞིག་འཕོ་མེད་[རང་བཞིན་དང་ཞུ་བདེ་འགྱུར་མེད་]ལྷན་སྐྱེས་[བདེན་གཉིས་ཀྱི་]ལུས་ཀྱི་བདེ་བ་དག་ནི་སྔགས་ཀྱི་ཐེག་པར་བསྟན། །ཞེས་དང༌། [རླུང་སེམས་ཐིག་ལེ་འཆིངས་པ་]གང་གིས་རྒྱལ་བའི་དབང་པོ་[མངོན་དུ་འགྱུར་བ་དང་]བསྐྱེད་ཅིང་ཉིན་ཞག་སོ་སོ[རྣམས་སུ་གོམས་པ]འི་དབང་ལས་[ལམ་བདེན་ཡེ་ཤེས་]གང་གིས་མངལ་ནས་[སྐྱེས་པ་ལ་སོགས་སྡུག་བསྔལ་ཀུན་འབྱུང་ཡང་ཡང་འཁོར་བ་ལས་]ངེས་པར་འབྱུང་[བ་འགྱུར་མེད་བདེ་བའི]། །སྐད་ཅིག་གང་གིས་[རླུང་སེམས་ཐིག་ལེ་]འགྱུར་བ་དག་དང་རྣམ་པར་བྲལ་བ་གྲུབ་ཅིང་[རླུང་སེམས་ཐིག་ལེ་]གཡོ་བ་[ནི་]གཡོ་བ་མེད་གྱུར་པ། །སངས་རྒྱས་བྱ་བ་དེ་སྤངས་ནས་ནི་བདེ་མཉམ་དང་བྲལ་སྟོང་པ་[དོན་དམ་གཞན་སྟོང་ལས་]གཞན་[པ་ཐམས་ཅད་རང་སྟོང་]དག་[ཏུ་]གང་ཞིག་སྒོམ་བྱེད་པ། །དེ་ཡི་[ལྷ་བསྒོམ་]བསྐལ་པ་བྱེ་བ་དུ་མ་རྣམས་ཀྱིས་[བདེན་གཉིས་ཀྱི་]སངས་རྒྱས་ཉིད་དང་[རང་བཞིན་དང་ཞུ་བདེ་འགྱུར་མེད་]ལྷན་སྐྱེས་བདེ་བ་དག་ཀྱང་རིང་[སྟེ]། །[དཔེར་ན་]ནིམ་པའི་ཤིང་ལས་རྒུན་འབྲུམ་[འབྱུང་བ་]མིན་ཏེ་དུག་ལས་བདུད་རྩི་དང་ནི་ཚངས་པའི་ཤིང་[རྒྱ་སྐྱེགས་ཀྱི་ཤིང་]ལས་འདམ་སྐྱེས་[པད་མ་མི་འབྱུང་བ་]དང༌། །[མཚུངས་པར་ཐམས་ཅད་རང་རང་ངོ་བོས་]སྟོང་[པར་ལྟ་ཞིང་བསྒོམ་]པ་ལས་ནི་[མི་གནས་པའི་]མྱང་འདས་བདེ་བ་[མི་འཐོབ་བོ། །དེ་བཞིན་དུ་]མི་དགེའི་དབང་ལས་བདེ་བ་[མི་འཐོབ་]སྲོག་ཆགས་གསོད་ལས་གྲུབ་པ་རྣམས[མི་འཐོབ]། །[ཕྱུགས་གསོད་པའི་]མཆོད་སྦྱིན་དག་ལས་ཕྱུགས་རྣམས་མཐོ་རིས་[སུ་མི་འགྲོ་བ་]དང་ནི་དབང་པོ་འགོག་[ཙམ་ཞི་གནས་རྐྱང་པ་]ལས་མཆོག་ཏུ་ཞི་བ[དོན་དམ་པ]འི་གོ་འཕང་[འཐོབ་པ་]མིན། །[མུ་སྟཻགས་པའི་]རིག་བྱེད་[གོམས་པ་]ལས་ནི་ཀུན་མཁྱེན་གསུང་[སྐད་ཐམས་ཅད་པའི་བདག་ཉིད་མི་འཐོབ་པ་]དང་འགྱུར་མེད་བདེ་བ་གཡོ་མེད་[ཕྱག་རྒྱ་ཆེན་པོ་ནི་རླུང་སེམས་ཐིག་ལེ་]འགྱུར་བ་[ཅན་]མ་དག་[པའི་]སེམས་ལས་[འཐོབ་པ་]མིན། །ཞེས་སོགས་དང༌། འཇམ་དཔལ་གྱི་རང་གི་ལྟ་བའི་འདོད་པ་མདོར་བསྟན་པར་ཡང༌། ཕུང་པོ་[རྣམས་]རྣམ་[པར་]དཔྱད་[ན་རང་རང་ངོ་བོས་]སྟོང་པ་རྣམས། །[བཅོས་མ་གློ་བུར་པ་ཡིན་པས་]ཆུ་ཤིང་ཇི་བཞིན་སྙིང་པོ་མེད། །རྣམ་པ་ཐམས་ཅད་མཆོག་ལྡན་པའི། །སྟོང་ཉིད་[མ་བཅོས་གཉུག་མ་ནི་སྙིང་པོ་མེད་པ་]དེ་ལྟར་འགྱུར་[བ་]མ་ཡིན[གྱི་སྙིང་པོའི་མཆོག་ཡིན་པས་དེ་ནི]། །སྐྱེས་པ་མེད་པ་འགགས་མེད་པའི། །ཤེས་བྱ་[གཞན་མཆོག་ཕ་རོལ་]གང་ཞིག་འདིར་[ཡེ་ཤེས་ཀྱིས་]མཐོང་བ། །[ཆོས་རྣམས་ཀྱིས་]སྟོང་པའི་[གཞིའི་]དངོས་པོའི་སྟོང་པ་[ཆོས་]ཉིད[དེ]། །[དེ་ནི་ཀུན་རྫོབ་ཀྱི་]ཕུང་པོ་རྣམས་རྣམ་[པར་]དཔྱད་[ན་ཅིར་ཡང་མ་གྲུབ་ཙམ་ཆད་པའི་སྟོང་]པ་མིན། །ཞེས་པ་ལ་སོགས་པ་རྣམ་པ་མང་པོས་རང་སྟོང་ལས་གཞན་པའི་སྟོང་ཉིད་ཟབ་མོ་[མཐར་ཐུག་]ཡང་ཡང་གསུངས་པའི་ཕྱིར་རོ། །

དེ་རྣམས་ལ་ལུང་འགལ་མང་པོ་སྤངས་ནས་ཡིན་ལུགས་གཏན་ལ་དབབ་པ།

གལ་ཏེ་ཆོས་ཀྱི་དབྱིངས་དང་དེ་བཞིན་ཉིད་དང༌། ཡང་དག་པའི་མཐའ་ལ་སོགས་པ་རང་སྟོང་མ་ཡིན་ན། རྒྱལ་བའི་ཡུམ་ལས། ཆོས་ཀྱི་དབྱིངས་ནི་ཆོས་ཀྱི་དབྱིངས་ཀྱིས་སྟོང༌། དེ་བཞིན་ཉིད་ནི་དེ་བཞིན་ཉིད་ཀྱིས་སྟོང༌། ཡང་དག་པའི་མཐའ་ནི་ཡང་དག་པའི་མཐས་སྟོང༌། བསམ་གྱིས་མི་ཁྱབ་པའི་དབྱིངས་ནི་བསམ་གྱིས་མི་ཁྱབ་པའི་དབྱིངས་ཀྱིས་སྟོང༌། ཞེས་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སྟོང་སྟེ། གང་སྟོང་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ཏེ་སྐྱེ་བ་མེད་དོ། །ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྟོང་སྟེ། གང་སྟོང་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་ཏེ་སྐྱེ་བ་མེད་དོ། །ཞེས་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང༌། ཤིན་ཏུ་མེད་ན། དེ་ལ་འགྲོ་བའམ་འོང་བ་ལྟ་ག་ལ་ཡོད། ཅེས་པ་ལ་སོགས་པ་རྒྱ་ཆེར་གསུངས་པའི་དགོངས་པ་གང་ཞེ་ན། དེ་ནི་དྲང་བའི་དོན་དུ་དགོངས་ནས་གསུངས་པ་སྟེ། དགོངས་པ་ངེས་པར་འགྲེལ་པའི་མདོར། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས། སྐྱེ་བ་མ་མཆིས་པ་ཉིད་དང༌། འགག་པ་མ་མཆིས་པ་ཉིད་དང༌། གཟོད་མ་ནས་ཞི་བ་ཉིད་དང༌། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ཏེ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ལ་སྟོང་པ་ཉིད་སྨོས་པའི་ཚུལ་གྱིས། ཆེས་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡང་བླ་ན་མཆིས་པ་སྐབས་མཆིས་པ་དྲང་བའི་དོན་རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས་སོ། །ཞེས་གསུངས་པའི་ཕྱིར་རོ། །དེ་བཞིན་དུ། འཁོར་ལོ་བར་པའི་གཞུང་གཞན་དང་གཞན་དུ་ཡང༌། རང་སྟོང་མ་ཡིན་པ་ལ་རང་སྟོང་དུ་གསུངས་པ་ཐམས་ཅད་དྲང་དོན་དགོངས་པ་ཅན་ཉིད་དུ་ཁོང་དུ་ཆུད་པར་བྱ་སྟེ། ལེགས་པར་རྣམ་པར་ཕྱེ་བའི་མན་ངག་ཐུན་མོང་མ་ཡིན་པའི་སྒྲོན་མེ་ལ་བརྟེན་ནས་སོ། །འདིར་དེ་ལྟར་དགོངས་ཏེ་གསུངས་པའི་དགོས་པ་ནི། ཆོས་ཀྱི་དབྱིངས་ལ་སོགས་པ་དེ་དང་དེར་འཛིན་པ་དང་འདུ་ཤེས་པ་དང༌། རྣམ་པར་རྟོག་པ་ཉེ་བར་ཞི་བར་བྱ་བའི་ཕྱིར་རོ། །དེ་ངེས་དོན་ཡིན་པ་ལ་གནོད་བྱེད་ནི། ཆོས་ཀྱི་དབྱིངས་དང༌། དེ་བཞིན་ཉིད་དང༌། ཡང་དག་པའི་མཐའ་ལ་སོགས་པ་གང་ཡིན་པ་དེ་རྣམས་ཉིད། མཐར་ཐུག་གི་སངས་རྒྱས་སྐུ་བཞི་[མཁའ་ཁྱབ་]དང༌། ཡེ་ཤེས་ལྔ་[མཁའ་ཁྱབ་]དང༌། ཨེ་ཡིག་[མཁའ་ཁྱབ་]དང༌། བྷ་ག་[མཁའ་ཁྱབ་]དང༌། ཆོས་འབྱུང་[མཁའ་ཁྱབ་]དང༌། ཆུ་སྐྱེས་[མཁའ་ཁྱབ་]དང༌། གསང་བ་[མཁའ་ཁྱབ་]དང༌། གསང་ཆེན་[མཁའ་ཁྱབ་]དང༌། ཨ་ཡིག་[མཁའ་ཁྱབ་]དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་[མཁའ་ཁྱབ་]དང༌། སྣ་ཚོགས་ཡུམ་[མཁའ་ཁྱབ་]དང༌། རྡོ་རྗེ་ཕག་མོ་[མཁའ་ཁྱབ་]ལ་སོགས་པ་དང༌། ཝཾ་ཡིག་[མཁའ་ཁྱབ་]དང༌། བདེ་བ་ཆེན་པོ་[མཁའ་ཁྱབ་]དང༌། ཐིག་ལེ་[མཁའ་ཁྱབ་]དང༌། རྡོ་རྗེ་[མཁའ་ཁྱབ་]དང༌། ཧེ་རུ་ཀ་[མཁའ་ཁྱབ་]དང༌། དེ་ཁོ་ན་ཉིད་[མཁའ་ཁྱབ་]དང༌། རང་བྱུང་གི་སངས་རྒྱས་[མཁའ་ཁྱབ་]ལ་སོགས་པ་དང༌། རྡོ་རྗེ་འཆང་[མཁའ་ཁྱབ་]དང༌། རྡོ་རྗེ་སེམས་དཔའ་[མཁའ་ཁྱབ་]དང༌། ཨེ་ཝཾ་ཡི་གེ་[མཁའ་ཁྱབ་]དང༌། དུས་ཀྱི་འཁོར་ལོ་[མཁའ་ཁྱབ་]དང༌། རྡོ་རྗེ་འཇིགས་བྱེད་[མཁའ་ཁྱབ་]དང༌། རྡོ་རྗེའི་དབང་ཕྱུག་[མཁའ་ཁྱབ་]དང༌། འཁོར་ལོ་སྡོམ་པ་[མཁའ་ཁྱབ་]དང༌། གསང་བ་འདུས་པ་[མཁའ་ཁྱབ་]དང༌། ཀྱེའི་རྡོ་རྗེ་[མཁའ་ཁྱབ་]ལ་སོགས་པ་དོན་དམ་པའི་ལྷ་[མཁའ་ཁྱབ་]དང༌། སྔགས་[མཁའ་ཁྱབ་]དང༌། རྒྱུད་[མཁའ་ཁྱབ་]དང༌། དཀྱིལ་འཁོར་[མཁའ་ཁྱབ་]དང༌། ཕྱག་རྒྱ་[མཁའ་ཁྱབ་]ཐམས་ཅད་ཡིན་པར་གསུངས་ཤིང༌། [དོན་དམ་གྱི་སྐུ་བཞི་ཡེ་ཤེས་ལྔ་ལ་སོགས་པ་སྔར་སྨོས་པ་]དེ་རྣམས་ཉིད་ཀྱང༌། ཆོས་ཉིད་དེ་བཞིན་ཉིད་[དང་ཡང་དག་པའི་མཐའ་]ལ་སོགས་པ་ཡིན་པར་གསུངས་པའི་ཕྱིར་དང༌། དེ་རྣམས་རང་སྟོང་མ་ཡིན་པའི་ཡོན་ཏན་གྱི་ཆོས་[དོན་དམ་གྱི་]སྟོབས་[མཁའ་ཁྱབ་]དང་མི་འཇིགས་པ་[མཁའ་ཁྱབ་]ལ་སོགས་པ་མཐའ་ཡས་པའི་བདག་ཉིད་དུ་གསུངས་པའི་ཕྱིར་རོ། །འདིར་དགོངས་གཞི་ནི། ཆོས་ཀྱི་དབྱིངས་ལ་སོགས་པ་དེ་རྣམས་སུ་འཛིན་པ་དང༌། དེ་རྣམས་ཀྱིས་ཁྱབ་པའི་ཆོས་ཅན་ཀུན་རྫོབ་ཐམས་ཅད་རང་སྟོང་ཡིན་པ་ལ་དགོངས་ནས། དེ་སྐད་གསུངས་པ་སྟེ། གཟུགས་སོགས་ཆོས་ཐམས་ཅད་ལ་ཚན་པ་གསུམ་དུ་གསུངས་པ་ལས། རང་སྟོང་དུ་གསུངས་པ་རྣམས་ཀུན་བརྟགས་གཞན་དབང་གིས་གཟུགས་སོགས་ལ་དགོངས་པའི་ཕྱིར་རོ། །[འདིར་ཀུན་བརྟགས་དང་གཞན་དབང་དུ་བསྡུས་པའི་ཆོས་ཉིད་ནི་དེའྀ་དོན་སྤྱི་དང༌། དེར་རྟོགས་པ་ལ་ཆོས་ཉིད་ཀྱི་མིང་གིས་བརྟགས་པར་རིགས་པར་བྱའོ།།]དེ་བཞིན་དུ་ཆོས་ཀྱི་དབྱིངས་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ། །དེ་བཞིན་ཉིད་དང༌། ཡང་དག་པའི་མཐའ་དང༌། བསམ་གྱིས་མི་ཁྱབ་པའི་དབྱིངས་མེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ། །ཞེས་གསུངས་པ་གང་ཡིན་པ་དེ་ཡང༌། སྔ་མ་བཞིན་དུ་དྲང་དོན་དགོངས་པ་ཅན་ཡིན་ཏེ། ཆོས་དབྱིངས་དེ་བཞིན་ཉིད་མེད་པ་མ་ཡིན་ཡང༌། དེ་ལ་གློ་བུར་བའི་ཆོས་རྣམས་དབྱེར་མེད་དུ་མེད་པ་ལ་དགོངས་ནས་[ཆོས་ཀྱི་དབྱིངས་མེད་པའི་ཕྱིར་ཞེས་སོགས་]དེ་སྐད་གསུངས་ཏེ། [དགོས་པ་ནི་]དེ་དང་དེར་འདུ་ཤེས་པ་དང་རྣམ་པར་རྟོག་པ་ཞི་བར་བྱ་བའི་དོན་དུའོ། །དེ་བཞིན་དུ། ཆོས་ཀྱི་དབྱིངས་ངོ་བོ་ཉིད་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ། །དེ་བཞིན་ཉིད་དང་ཡང་དག་པའི་མཐའ་དང་བསམ་གྱིས་མི་ཁྱབ་པའི་དབྱིངས་ངོ་བོ་ཉིད་མེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ། །ཞེས་གསུངས་པ་ཡང༌། ཆོས་དབྱིངས་དེ་བཞིན་ཉིད་རང་གི་ངོ་བོ་མེད་པ་ལ་དགོངས་པ་མ་ཡིན་གྱི། གཞན་གློ་བུར་བའི་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པ་ལ་དགོངས་ནས་དེ་སྐད་གསུངས་ཏེ། འདིར་ཡང་དགོས་པ་ནི་སྔ་མ་བཞིན་ནོ། །དེ་དག་ངེས་དོན་ཡིན་པ་ལ་གནོད་བྱེད་ནི། རྒྱལ་བའི་ཡུམ་ཉིད་ལས་ཀྱང༌། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་སྟེ། ཆོས་དེ་དག་གི་དེ་བཞིན་ཉིད་དང༌། མ་ནོར་བ་དེ་བཞིན་ཉིད་དང༌། གཞན་མ་ཡིན་པ་དེ་བཞིན་དང༌། ཆོས་ཉིད་དང༌། ཆོས་ཀྱི་དབྱིངས་དང༌། ཆོས་ཀྱི་གནས་ཉིད་དང༌། ཆོས་སྐྱོན་མེད་པ་ཉིད་དང༌། ཡང་དག་པའི་མཐའ་དང༌། བསམ་གྱིས་མི་ཁྱབ་པའི་དབྱིངས་ནི་དེ་བཞིན་དུ་[ནམ་ཡང་གང་ནའང་]གནས་ཏེ། དེ་ལ་[ཀུན་རྫོབ་ཀྱི་]བདག་ཀྱང་མེད་[ཀུན་རྫོབ་ཀྱི་]སེམས་ཅན་དང་སྲོག་དང་འགྲོ་བ་དང་གསོ་བ་དང༌། སྐྱེས་བུ་དང་གང་ཟག་དང༌། ཤེད་ཅན་དང་ཤེད་བདག་དང༌། བྱེད་པ་པོ་དང༌། ཚོར་བ་པོ་དང༌། ཤེས་པ་པོ་དང༌། མཐོང་བ་པོ་ཡང་མེད་ན། དེ་ལ་[ཀུན་རྫོབ་ཀྱི་]གཟུགས་ལྟ་ག་ལ་ཡོད་ཅེས་པ་ནས། [ཀུན་རྫོབ་ཀྱི་]རྒ་ཤིའི་བར་དུ་ལྟ་ག་ལ་ཡོད། རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་རྣམས་ལྟ་ག་ལ་ཡོད་དེ། [ཀུན་རྫོབ་ཀྱི་]ཆོས་དེ་དག་མེད་ན་[ཀུན་རྫོབ་ཀྱི་]འགྲོ་བ་ལྔའི་འཁོར་བ་གང་ནས་སེམས་ཅན་རྣམས་དགྲོལ་བར་བྱ་བ་དེ་ལྟ་བུ་དག་ལྟ་ཡང་ག་ལ་ཡོད་ཅེས་པ་དང༌། དཀོན་མཆོག་བརྩེགས་པར་བྱང་ཆུབ་སེམས་དཔའི་སྡེ་སྣོད་དུ་ཡང༌། གཞན་ཡང་ཐམས་ཅད་དུ་སོང་བའི་སྟོང་པ་ཉིད་[དོན་དམ་]ནི་[གཤིས་ལ་]ཡོད་དོ། །འདི་ན་[ཀུན་རྫོབ་ཀྱི་]བདག་དང་སེམས་ཅན་དང་སྲོག་དང་སྐྱེས་བུ་དང་གང་ཟག་གོ །ཞེས་བྱ་བ་དེ་ནི་[གཤིས་ལ་]མེད་དོ་ཞེས་གསུངས་པའོ། །འདིས་སྟོང་གཞི་དེ་བཞིན་ཉིད་ནི་ནམ་ཡང་མེད་པ་མ་ཡིན་པ་དང༌། དེ་ལ་ཀུན་བརྟགས་གཞན་དབང་གི་ཆོས་རྣམས་གདོད་ནས་མེད་པའི་ཕྱིར་དེ་རྣམས་ཀྱིས་སྟོང་པར་བསྟན་ཏེ། དེས་ན་གཞན་སྟོང་ངོ༌། །ཚུལ་འདིས་ནི། ཡུམ་ཉིད་ལས། དེ་ལ་གཞན་གྱི་དངོས་པོ་སྟོང་པ་ཉིད་གང་ཞེ་ན། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང༌། དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་སྟེ། ཆོས་ཀྱི་གནས་ཉིད་དང༌། ཆོས་ཉིད་དང༌། ཆོས་ཀྱི་དབྱིངས་ཉིད་དང༌། ཆོས་སྐྱོན་མེད་པ་ཉིད་དང༌། དེ་བཞིན་ཉིད་དང༌། མ་ནོར་བ་དེ་བཞིན་ཉིད་དང༌། གཞན་མ་ཡིན་པ་དེ་བཞིན་ཉིད་དང༌། ཡང་དག་པའི་མཐའ་ནི་[ཇི་ལྟར་སྔར་བཞིན་ཕྱིས་]དེ་བཞིན་དུ་[ནམ་ཡང་གང་ནའང་]གནས་པ་སྟེ། དེ་ལྟར་ཆོས་དེ་དག་གི་གཞན་གྱི་དངོས་པོ་སྟོང་པ་གང་ཡིན་པ་དེ་ནི་གཞན་གྱི་དངོས་པོ་སྟོང་པ་ཉིད་ཅེས་བྱ་ཞེས་དང༌། དེའི་འགྲེལ་པར་ཡང༌། [ཆོས་ཀྱི་གནས་ཉིད་ལ་སོགས་པ་]དེ་དག་ལ་ཕུང་པོ་ལ་སོགས་པ་ཆོས་གཞན་རྣམས་ཀྱི་དངོས་པོ་མེད་པ་དེ་ཉིད་གཞན་གྱི་དངོས་པོ་[རྣམས་ཀྱིས་]སྟོང་པ་ཉིད་ཅེས་བྱའོ། །ཞེས་གསུངས་པ་ཡང་ལེགས་པར་བཤད་པ་ཡིན་ཏེ། དེ་ལྟར་ཆོས་ཉིད་དེ་བཞིན་ཉིད་ཀྱི་སྟོང་ལུགས་ནི་རང་གིས་མི་སྟོང་ལ་ཆོས་གཞན་གྱིས་སྟོང་པའི་གཞིར་གྱུར་པའོ། །འདིར་ཆོས་ཀྱི་གནས་ཉིད་ལ་སོགས་པ་རྣམ་གྲངས་མང་པོ་ཅན་ཡང་དག་པའི་མཐའ་ནི། སངས་རྒྱས་གཟུགས་ཀྱི་སྐུ་འཇིག་རྟེན་དུ་བྱོན་རུང་མ་བྱོན་རུང༌། གང་ཟག་རྣམས་ཀྱིས་རྟོགས་རུང་མ་རྟོགས་རུང་མཐོང་རུང་མ་མཐོང་རུང་ནམ་ཡང་གཞོམ་དུ་མེད་ཅིང་སྤང་དུ་མི་རུང་བར་དེ་བཞིན་ཉིད་དུ་འགྱུར་བ་མེད་ཅིང་སྔ་ཕྱི་ཁྱད་པར་མེད་པར་རྟག་ཏུ་ཆ་མེད་ཀུན་འགྲོ་ཀུན་ཁྱབ་ཏུ་བཞུགས་པ་སྟེ། དེ་ནི་རང་གི་ངོ་བོས་མི་སྟོང་པའི་དོན་ཡིན་ནོ། །དེ་ལ་གཞན་གྱི་དངོས་པོ་རྣམས་ཀྱིས་སྟོང་པ་ནི་[ཀུན་རྫོབ་ཀྱི་]བདག་དང༌། སེམས་ཅན་དང༌། སྲོག་དང༌། འགྲོ་བ་དང༌། གསོ་བ་དང༌། སྐྱེས་བུ་ལ་སོགས་པ་ཀུན་བརྟགས་ཀྱི་ཆོས་རྣམས་ཀྱིས་སྟོང་ཞིང༌། གཞན་དབང་གི་གཟུགས་ལ་སོགས་པ་ཀུན་རྫོབ་ཀྱི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང༌། རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་རྣམས་དང༌། འགྲོ་བ་ལྔའི་འཁོར་བར་འཁོར་བའི་སེམས་ཅན་རྣམས་ཀྱིས་ཀྱང་གདོད་ནས་སྟོང་པ་ནི་གཞན་གྱི་དངོས་པོ་རྣམས་ཀྱིས་སྟོང་པའི་དོན་ཡིན་ལ། གང་ཞིག་གང་ན་མེད་པ་དེ་དེས་སྟོང་པ་དང༌། སྟོང་པའི་ལྷག་མའམ་གཞི་གང་ཡིན་པ་དེ་ནམ་ཡང་ཡོད་པའི་དོན་ཡང་དེ་ཡིན་ནོ། །ཚུལ་འདིས་ནི། ཡུམ་ཉིད་ལས། ཆོས་ཀྱི་དབྱིངས་སྟོང་པ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ། །དེ་བཞིན་ཉིད་དང༌། ཡང་དག་པའི་མཐའ་དང༌། བསམ་གྱིས་མི་ཁྱབ་པའི་དབྱིངས་སྟོང་པ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ། །ཞེས་གསུངས་པའི་སྟོང་ཚུལ་ཡང་[རང་གི་མི་སྟོང་པའི་གཞན་སྟོང་དུ་]ལེགས་པར་བཤད་པ་ཡིན་ནོ། །དེ་བཞིན་དུ། ཆོས་ཀྱི་དབྱིངས་དབེན་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ། །དེ་བཞིན་ཉིད་དང་ཡང་དག་པའི་མཐའ་དང༌། བསམ་གྱིས་མི་ཁྱབ་པའི་དབྱིངས་དབེན་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ། །ཞེས་གསུངས་པ་ལ་ཡང༌། རང་གིས་དབེན་པ་མ་ཡིན་ཡང་གཞན་གྱིས་དབེན་པའི་ཚུལ་ཁོང་དུ་ཆུད་པར་བྱ་ཞིང་མ་གྲུབ་པ་དང་དག་པ་དང༌། རྣམ་པར་དག་པ་དང༌། ཡོངས་སུ་དག་པ་དང༌། འགགས་པ་དང༌། འགོག་པ་དང༌། ཟད་པ་དང༌། བྲལ་བ་དང༌། རྣམ་པར་བྲལ་བ་དང༌། རྣམ་པར་བྱང་བ་དང༌། སྤངས་པ་ཞེས་པ་ལ་སོགས་པའི་སྐབས་མང་པོར་ཡང་ལེགས་པར་བཤད་པའི་མན་ངག་གི་གནད་ཟབ་མོ་ཐུན་མོང་མ་ཡིན་པ་འདི་ཡང་དང་ཡང་དུ་དྲན་པར་བྱས་ནས། རང་གི་དངོས་པོ་སྟོང་པ་ཉིད་དང༌། གཞན་གྱི་དངོས་པོ་སྟོང་པ་ཉིད་ཀྱི་དོན་དང༌། སྟོང་པའི་སྟོང་པ་ཉིད་དང༌། མི་སྟོང་པའི་སྟོང་པ་ཉིད་ཀྱི་དོན་དང༌། དངོས་པོ་མེད་པ་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དོན། དགག་བྱའི་ཆོས་ཀྱིས་སྟོང་ཙམ་དང༌། སྟོང་པའྀ་གཞི་ཆོས་ཉིད་དེ་བཞིན་ཉིད་ལ་སོགས་པ་རྣམ་གྲངས་མང་པོ་ཅན་གྱི་སྟོང་པ་ཉིད་ལེགས་པར་ཁོང་དུ་ཆུད་པར་བྱའོ། །དེ་བཞིན་དུ། ཐམས་ཅད་ཤེས་པ་ཉིད་ནི་ཐམས་ཅད་ཤེས་པ་ཉིད་ཀྱིས་སྟོང༌། ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱིས་སྟོང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྟོང༌། ཞེས་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཤིན་ཏུ་མེད་ཅིང་མི་དམིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། ཅེས་དང༌། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤིན་ཏུ་མེད་ཅིང་མི་དམིགས་ན་དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། ཅེས་དང༌། དེ་བཞིན་གཤེགས་པའི་སྟོབས་རྣམས་དང༌། མི་འཇིགས་པ་རྣམས་དང༌། སོ་སོ་ཡང་དག་པར་རིག་པ་རྣམས་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ནི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་འཕགས་པའི་བདེན་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་བར་དུ་མེད། བྱང་ཆུབ་སེམས་དཔའ་མེད་དོ། །ཞེས་སོགས་དང༌། ཐམས་ཅད་མཁྱེན་པ་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ། །ཐམས་ཅད་མཁྱེན་པ་སྟོང་པ་ཉིད་དང༌། དབེན་པ་དང་ངོ་བོ་ཉིད་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ། །ཞེས་སོགས་རྣམས་ལ་ཡང༌། རང་སྟོང་དངོས་པོ་མེད་པ་སྟོང་པ་ཉིད་དང༌། གཞན་སྟོང་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཚུལ་ལེགས་པར་རྟོགས་དགོས་སོ། །དེ་ལ་ཐམས་ཅད་ཤེས་པ་ཉིད་དང༌། ལམ་གྱི་རྣམ་པ་ཤེས་པ་ཉིད་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང༌། སྟོབས་དང་མི་འཇིགས་པ་དང༌། སོ་སོ་ཡང་དག་པར་རིག་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང༌། སངས་རྒྱས་དང་བྱང་ཆུབ་དང༌། བྱང་ཆུབ་སེམས་དཔའ་ལ་སོགས་པ་རྣམས་ལ་བདེན་པ་གཉིས་ཀྱི་རྣམ་དབྱེ་ཤེས་ན་ཐུབ་པའི་བཀའ་ལ་མི་རྨོངས་པར་འགྱུར་རོ། །དེ་ལ་དོན་དམ་པའི་སྟོབས་བཅུ་ལ་སོགས་པ་ནི་སྟོང་གཞི་ཆོས་ཉིད་འདུས་མ་བྱས་ཀྱི་དབྱིངས་ཉིད་ཡིན་པའི་ཕྱིར་མཐར་ཐུག་འགོག་པའི་བདེན་པའོ། །ཀུན་རྫོབ་ཀྱི་སྟོབས་བཅུ་ལ་སོགས་པ་ནི་འདུས་བྱས་མི་རྟག་པ་ལམ་གྱི་བདེན་པར་གཏོགས་པ་ཡིན་པའི་ཕྱིར་རང་སྟོང་ངོ་ཞེས་པ་དོན་ལ་གནས་པའོ། །དེ་ལྟ་བས་ན་རང་སྟོང་དུ་གནས་པ་རྣམས་རང་སྟོང་དུ་སྟོན་པ་ལ་ནི་འགལ་བ་ཅུང་ཟད་ཀྱང་མེད་ཅིང༌། རང་སྟོང་མ་ཡིན་པ་ལ་རང་སྟོང་དུ་གསུངས་པ་ཇི་སྙེད་ཡོད་པ་རྣམས་ནི་སྔར་བསྟན་པ་བཞིན་དུ་དྲང་དོན་དགོངས་པ་ཅན་ཉིད་དུ་རིག་པར་བྱའོ། །འདི་ལ་དགོངས་ནས། འཕགས་པ་རྔ་བོ་ཆེ་ཆེན་པོའི་མདོར་ཡང༌། བཅོམ་ལྡན་འདས་ཐེག་པ་ཆེན་པོ་ལ་ཡང་སྟོང་པ་ཉིད་ཀྱི་དོན་སྟོན་པའི་མདོ་མང་དུ་མཆིས་ལགས་སོ།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། [ཐམས་ཅད་རང་རང་ངོ་བོས་]སྟོང་པ་ཉིད་སྟོན་པ་གང་ཅི་ཡང་རུང་བ་དེ་ཐམས་ཅད་ནི་[དྲང་དོན་]དགོངས་པ་ཅན་དུ་རིག་པར་བྱ་ལ། [སྟོང་ཉིད་ལ་རང་གི་ངོ་བོས་སྟོང་མི་སྟོང་དུ་འབྱེད་པར་སྟོན་པ་]བླ་ན་མེད་པའི་མདོ་འདི་ལྟ་བུ་འདི་དག་ནི་[དྲང་དོན་]དགོངས་པ་ཅན་མ་ཡིན་པར་རིག་པར་བྱའོ། །ཞེས་པ་ལ་སོགས་པ་གསུངས་སོ། །དེ་ལ་འདུས་བྱས་མི་རྟག་པར་གཏོགས་པ་ནི། ཡུམ་ཆེན་མོར། རབ་འབྱོར་འདུས་བྱས་ཀྱི་ཆོས་ཞེས་བྱ་བ་ནི་འདོད་པའི་ཁམས་དང༌། གཟུགས་ཀྱི་ཁམས་དང༌། གཟུགས་མེད་པའི་ཁམས་དང༌། གཞན་ཡང་དེ་མ་ཡིན་པའི་འདུས་བྱས་ཀྱི་ཁམས་སུ་གཏོགས་པའི་ཆོས་རྣམས་དང་[ལམ་བདེན་གྱི་]དྲན་པ་ཉེ་བར་བཞག་པ་བཞི་དང༌། ཡང་དག་པར་སྤོང་བ་བཞི་དང༌། རྫུ་འཕྲུལ་གྱི་རྐང་པ་བཞི་དང༌། དབང་པོ་ལྔ་དང༌། སྟོབས་ལྔ་དང༌། བྱང་ཆུབ་ཀྱི་ཡན་ལག་བདུན་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང༌། འཕགས་པའི་བདེན་པ་བཞི་དང༌། བསམ་གཏན་བཞི་དང༌། ཚད་མེད་པ་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང༌། རྣམ་པར་ཐར་པ་བརྒྱད་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང༌། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། མངོན་པར་ཤེས་པ་ལྔ་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་དང༌། སྟོང་པ་ཉིད་ཐམས་ཅད་དང༌། ཏིང་ངེ་འཛིན་ཐམས་ཅད་དང༌། གཟུངས་ཀྱི་སྒོ་ཐམས་ཅད་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། བྱམས་པ་ཆེན་པོ་དང༌། སྙིང་རྗེ་ཆེན་པོ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དག་སྟེ། དེ་དག་ནི་འདུས་བྱས་ཀྱི་ཆོས་ཞེས་བྱའོ། །ཞེས་གསུངས་ཏེ། འདིར་འདུས་བྱས་ཀྱི་དྲན་པ་ཉེར་བཞག་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་ནི་ལམ་གྱི་བདེན་པར་གཏོགས་པའི་ཕྱིར་རང་སྟོང་ངོ༌། །དེ་བཞིན་དུ། དཀོན་མཆོག་བརྩེགས་པར་ཡབ་སྲས་མཇལ་བའི་མདོར་ཡང༌། [ལམ་བདེན་དུ་གཏོགས་པའི་]སངས་རྒྱས་བརྡ་ཙམ་ཉིད་ལགས་ཏེ། །དེ་བཞིན་སྟོབས་དང་ཡེ་ཤེས་དང༌། །མི་འཇིགས་བཞི་ཡང་དེ་བཞིན་དུ། །ཀུན་རྫོབ་ཅེས་ནི་ཐུབ་པས་གསུངས།།ཞེས་དང༌། ཡུམ་ལས་ཀྱང༌།[ལམ་དང་གཞུང་]ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་རྟག་པ་སྟེ་གང་དང་ཡང་བྲལ་བས་མ་ཡིན་ནོ། །ཞེས་པ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུ་མི་རྟག་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ཞེས་སོགས་དང༌། སྦྱིན་པའི་ཕར་ཕྱིན་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱའོ། །[ཞེས་པ་ལམ་བདེན་དེ་དག་འགོག་བདེན་གྱི་སངས་རྒྱས་མ་ཡིན་ཞེས་པའི་དོན་ཏེ་]རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་[ལམ་བདེན་གྱི་]ཆོས་དེ་དག་ཐམས་ཅད་ཀྱང་འདུས་བྱས་པ་མངོན་པར་འདུས་བྱས་པ་སྟེ་འདུས་བྱས་པ་དང་མངོན་པར་འདུས་བྱས་པའི་ཆོས་ཀྱིས་ནི་[འགོག་བདེན་གྱི་]རྣམ་པ་ཐམས་ཅད་མཁྱེན་པ་ཉིད་[དབྱེར་མེད་དུ་]ཐོབ་པར་མི་ནུས་སོ།།[ཞེས་པ་ལམ་བདེན་དང་འགོག་བདེན་ངོ་བོ་གཅིག་པ་མ་ཡིན། ཞེས་པའི་དོན་དོ།།]རབ་འབྱོར་འོན་ཀྱང་ཆོས་དེ་དག་ནི། ཐམས་ཅད་ཀྱང་ལམ་སྒྲུབ་པ་དང༌། ལམ་སྐྱེད་པའི་རྒྱུར་འགྱུར་བ་སྟེ་[དྲི་མ་བྲལ་བའི་]འབྲས་བུ་[འགོག་བདེན་]ཐོབ་པ[དང་ཐོབ་བྱེད་ལམ་བདེན་ངོ་བོ་གཅིག་པ]འི་ཕྱིར་ནི་མ་ཡིན་ནོ། །ཞེས་གསུངས་སོ། །དེ་ལ་དོན་དམ་འདུས་མ་བྱས་འགོག་པའི་བདེན་པས་བསྡུས་པའི་སྟོབས་བཅུ་ལ་སོགས་པ་ནི། བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་གི་ཞལ་སྔ་ནས། ཕྱག་རྒྱ་ཆེན་པོ་ནི་རང་བཞིན་མེད་པའི་ཆོས་ཐམས་ཅད་ཀྱི་མཚན་ཉིད་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སངས་རྒྱས་སྐྱེད་པར་མཛད་པའོ། །ཆོས་འབྱུང་གི་སྒྲས་ཀྱང་དེ་བརྗོད་དེ། ཆོས་འབྱུང་གང་ལས་རང་བཞིན་མེད་པའི་ཆོས་ཐམས་ཅད་འབྱུང་བར་འགྱུར་བའོ། །རང་བཞིན་མེད་པའི་ཆོས་རྣམས་ནི་སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་རྣམས་སོ། །དེ་རྣམས་འབྱུང་བར་གྱུར་པ་ནི་ཆོས་འབྱུང་སྟེ་སངས་རྒྱས་ཀྱི་ཞིང་ངོ༌། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གནས་ཏེ་བདེ་བའི་གནས་དང་སྐྱེ་བའི་གནས་སོ། །གང་ལས་ཁྲག་དང་གཅི་བ་དང་ཁུ་བ་རྣམས་འབྱུང་བ་དེ་ནི་ཆོས་འབྱུང་མ་ཡིན་ནོ། །འདིར་འཁོར་བ་པ་རྣམས་ཀྱི་ཆགས་པ་དང་ཆགས་པ་དང་བྲལ་བའི་ཞིང་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་མ་ཡིན་ནོ། །དེའི་ཕྱིར་ཆོས་འབྱུང་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན་སྣ་ཚོགས་ཡུམ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོས་འཁྱུད་པ་དུས་ཐམས་ཅད་དུ་སྒྲིབ་པ་ཐམས་ཅད་དང་བྲལ་བའོ། །ཞེས་སོགས་དང༌། རྒྱལ་བ་བྱམས་པའི་ཞལ་སྔ་ནས་ཀྱང༌། དང་པོའི་སྐུ་ནི་སྟོབས་ལ་སོགས། །བྲལ་བའི་ཡོན་ཏན་རྣམས་དང་ལྡན། །ཞེས་ཆོས་སྐུ་འདུས་མ་བྱས་ཀྱི་ཡོན་ཏན་ཐམས་ཅད་གློ་བུར་དྲི་མ་བྲལ་བ་ཙམ་གྱིས་ཐོབ་པའི་ཕྱིར་བྲལ་བའི་ཡོན་ཏན་ཏེ་འདིར་སུམ་ཅུ་རྩ་གཉིས་ནི་གཙོ་བོ་བསྡུས་པའོ། །རྣམ་པའི་རབ་ཏུ་དབྱེ་བ་རྒྱས་པར་ནི་བགྲང་བ་ལས་འདས་ཤིང་མཐའ་ཡས་པར་གསུངས་ཏེ། འོད་གསལ་བྱས་མིན་དབྱེར་མེད་པར། །འཇུག་ཅན་གང་གཱའི་ཀླུང་གི་ནི། །རྡུལ་ལས་འདས་པའི་སངས་རྒྱས་ཀྱི། །ཆོས་རྣམས་ཀུན་དང་ལྡན་པ་ཉིད། །ཅེས་དང༌། རྣམ་དབྱེ་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་དང༌། དེའི་འགྲེལ་པར་ཡང༌། དེས་ན་དེ་བཞིན་གཤེགས་པའི་སྙིང་པོ་ནི་རྣམ་པར་དབྱེར་ཡོད་པ། བྲལ་ཤེས་པ། ཉོན་མོངས་པའི་སྦུབས་ཐམས་ཅད་ཀྱིས་ནི་སྟོང་པ་ཡིན་ལ། རྣམ་པར་དབྱེར་མེད་པ། བྲལ་མི་ཤེས་པ། བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཆོས་གང་གཱའི་ཀླུང་གི་བྱེ་མ་སྙེད་ལས་འདས་པས་ནི་མི་སྟོང་ངོ༌། །ཞེས་དཔལ་ཕྲེང་གི་མདོ་དྲངས་ཤིང༌། རྣམ་པར་དབྱེ་བ་མེད་ཆོས་ཕྱིར། ཞེས་པའི་འགྲེལ་པར་ཡང༌། དེ་ལ་དྲི་མ་མེད་པའི་སངས་རྒྱས་ཀྱི་ཡོན་ཏན་[འགོག་བདེན་དུ་གཏོགས་པ་]ནི་[མཐའ་]གཅིག་ཏུ་ཀུན་ནས་ཉོན་མོངས་པའི་སོ་སོ་སྐྱེ་བོའི་ས་ལ་ཡང་[བདེ་གཤེགས་སྙིང་པོ་དང་]རྣམ་པར་དབྱེར་མེད་པར། ཆོས་ཉིད་སྔ་ཕྱི་ཁྱད་པར་མེད་པར་ཡོད་པའི་ཕྱིར་གནས་འདི་བསམ་གྱིས་མི་ཁྱབ་སྟེ། ཞེས་དབུ་མ་པ་ཆེན་པོ་འཕགས་པ་ཐོགས་མེད་ཞབས་ཀྱི་ཞལ་སྔ་ནས་གསུངས་སོ། །དེ་ལྟར་[འགོག་བདེན་དུ་གཏོགས་པའི་]ཆོས་འབྱུང་ཕྱག་རྒྱ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྣ་ཚོགས་ཡུམ་ཆོས་དབྱིངས་དེ་བཞིན་ཉིད་དང་དབྱེར་མེད་ཅིང་འབྲལ་མི་ཤེས་ལ། [ཀུན་རྫོབ་ཀྱི་]རང་བཞིན་མེད་པའི་[གཞིར་གྱུར་པའི་]སྟོབས་བཅུ་ལ་སོགས་པ། དོན་དམ་པའི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ངམ་བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཆོས་གང་གཱའི་ཀླུང་གི་བྱེ་མ་སྙེད་ལས་འདས་པ་ནི་ཆོས་ཉིད་འདུས་མ་བྱས་ཡང་དག་པའི་མཐའི་ཡོན་ཏན་ཡིན་པའི་ཕྱིར་རང་སྟོང་མ་ཡིན་གྱི། སྟོང་གཞི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང༌། གཞན་གྱི་དངོས་པོ་སྟོང་པ་ཉིད་དང༌། མི་སྟོང་པའི་སྟོང་པ་ཉིད་དོ། །ཡུམ་ཆེན་མོར་[རྒྱས་འབྲིང་དུ་]ཡང༌། རབ་འབྱོར་འདུས་མ་བྱས་ཀྱི་ཆོས་ཞེས་བྱ་བ་ནི་གང་ལ་སྐྱེ་བ་མེད་ཅིང་འཇིག་པ་མེད་པ་དང༌། གནས་པ་ལས་གཞན་དུ་འགྱུར་བ་མེད་པ་སྟེ། འདོད་ཆགས་[གདོད་ནས་རང་བཞིན་གྱིས་]ཟད་པ། ཞེ་སྡང་[གདོད་ནས་རང་བཞིན་གྱིས་]ཟད་པ། གཏི་མུག་[གདོད་ནས་རང་བཞིན་གྱིས་]ཟད་པ[འི་གཞིར་གྱུར་པ]། དེ་བཞིན་ཉིད། མ་ནོར་བ་དེ་བཞིན་ཉིད། གཞན་མ་ཡིན་པ་དེ་བཞིན་ཉིད། ཆོས་ཉིད་ཆོས་ཀྱི་དབྱིངས་ཉིད་ཆོས་སྐྱོན་མེད་པ་ཉིད། བསམ་གྱིས་མི་ཁྱབ་པའི་དབྱིངས་ཡང་དག་པའི་མཐའ་སྟེ། རབ་འབྱོར་དེ་དག་ནི་འདུས་མ་བྱས་ཀྱི་ཆོས་ཞེས་བྱའོ། །ཞེས་དང༌། [ཡུམ་བར་མར་ཡང༌།]ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་གཞན་ཡང་[འགོག་བདེན་དོན་དམ་པའི་]ཆོས་ཐམས་ཅད་ནི་[གདོད་ནས་རང་བཞིན་གྱིས་]དགེ་བ། [འགོག་བདེན་དོན་དམ་པའི་]ཆོས་ཐམས་ཅད་ནི་[གདོད་ནས་རང་བཞིན་གྱིས་]ཁ་ན་མ་ཐོ་བ་མེད་པ། [འགོག་བདེན་དོན་དམ་པའི་]ཆོས་ཐམས་ཅད་ནི་[གདོད་ནས་རང་བཞིན་གྱིས་]ཟག་པ་མེད་པ། [འགོག་བདེན་དོན་དམ་པའི་]ཆོས་ཐམས་ཅད་ནི་[གདོད་ནས་རང་བཞིན་གྱིས་]ཉོན་མོངས་པ་མེད་པ། [འགོག་བདེན་དོན་དམ་པའི་]ཆོས་ཐམས་ཅད་ནི་[གདོད་ནས་རང་བཞིན་གྱིས་]རྣམ་པར་བྱང་བ། [འགོག་བདེན་དོན་དམ་པའི་]ཆོས་ཐམས་ཅད་ནི་[གདོད་ནས་རང་བཞིན་གྱིས་]འཇིག་རྟེན་ལས་འདས་པ། [འགོག་བདེན་དོན་དམ་པའི་]ཆོས་ཐམས་ཅད་ནི་[གདོད་ནས་རང་བཞིན་གྱིས་]འདུས་མ་བྱས་པ་སྟེ། [གཉེན་པོས་སྤང་བྱ་]གང་དང་ཡང་བྲལ་བས་[རྣམ་པར་བྱང་བ་ལ་སོགས་པ་]མ་ཡིན་ནོ། །ཞེས་[དང༌། ཡུམ་རྒྱས་པར་ནི་གཟུགས་ནས་མ་འདྲེས་པ་བཅོ་བརྒྱད་ལ་ཐུག་པ་སོ་སོ་ལ་སྦྱར་ནས་གསུངས་]པས་རང་བཞིན་གྱིས་འཇིག་རྟེན་ལས་འདས་ཤིང་རྣམ་པར་བྱང་བ[ལ]། དོན་དམ་པའི་དགེ་བ་འདུས་མ་བྱས་པའི་ཡོན་ཏན་གྱི་ཆོས་གང་གཱའི་ཀླུང་གི་བྱེ་མ་སྙེད་ལས་འདས་པ། ཞེས་གང་གསུངས་པ་དེ་དག་ཁོང་དུ་ཆུད་པར་བྱའི་འདི་དག་ཀུན་རྫོབ་ཀྱི་ཆོས་ནི་མ་ཡིན་ནོ། །དེ་བཞིན་དུ། དཀོན་མཆོག་བརྩེགས་པར་སངས་རྒྱས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པའི་མདོར་ཡང༌། དགེ་སློང་དག་མ་སྐྱེས་པ་དང༌། མ་བྱུང་བ་དང༌། མ་བྱས་པ་དང༌། མངོན་པར་འདུས་མ་བྱས་པ་དང༌། མངོན་པར་འདུ་མི་བྱེད་པ[འི་གཞི་དེ་བཞིན་ཉིད་]ནི་[གཤེས་ལ་]ཡོད་དེ། དགེ་སློང་དག་མ་སྐྱེས་པ་དང༌། མ་བྱུང་བ་དང༌། མ་བྱས་པ་དང༌། མངོན་པར་འདུས་མ་བྱས་པ་དང༌། མངོན་པར་འདུ་མི་བྱེད་པ[འི་གཞི་དེ་བཞིན་ཉིད་]ནི་[གཤིས་ལ་]མེད་པ་མ་ཡིན་ནོ། །ཞེས་པ་ལ་སོགས་པའི་དོན་ཡང་སྔར་བཤད་པ་དེ་དག་ཉིད་ཀྱིས་ལེགས་པར་བཤད་པ་ཡིན་ནོ། །

དེ་རྣམས་ཐོབ་པ་ལ་མ་དག་པའི་ཕུང་པོ་འདི་རྣམས་འགག་དགོས་པར་བསྟན་པ།

དེ་ལྟར་རང་བཞིན་མེད་པའི་སྟོབས་བཅུ་ལ་སོགས་པ་དོན་དམ་པའི་སངས་རྒྱས་ཀྱི་ཆོས་གང་གཱའི་ཀླུང་གི་བྱེ་མ་སྙེད་[ལས་འདས་པ་]ལ་སོགས་པ་རང་བཞིན་གྱིས་ལྷུན་གྲུབ་ཏུ་ཚང་བའི་བདག་ཉིད་ཆོས་ཉིད་ཀྱི་གཟུགས་སོགས་ནི་གློ་བུར་དྲི་མའི་གཟུགས་སོགས་འགགས་པས་ཐོབ་པར་གསུངས་ཏེ། མྱ་ངན་འདས་ཆེན་དུ། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་ཤེས་ཀེའུ་དི་ནྱ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །[སྡུག་བསྔལ་དང་ཀུན་འབྱུང་གི་]གཟུགས་ནི་མི་རྟག་པ་སྟེ། [སྡུག་བསྔལ་དང་ཀུན་འབྱུང་གི་]གཟུགས་[ལམ་བདེན་གྱིས་]འགགས་པའི་རྐྱེན་གྱིས་[འགོག་བདེན་གདོད་ནས་]རྣམ་པར་གྲོལ་བ་རྟག་ཏུ་གནས་པའི་གཟུགས་[མཁའ་ཁྱབ་]ཐོབ་པར་འགྱུར་རོ། །[སྡུག་བསྔལ་དང་ཀུན་འབྱུང་གྀ་]ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་ཡང་མི་རྟག་པ་སྟེ་[སྡུག་བསྔལ་དང་ཀུན་འབྱུང་གྀ་]རྣམ་པར་ཤེས་པ་[ལམ་བདེན་གྱིས་]འགགས་པའི་རྐྱེན་གྱིས་[འགོག་བདེན་གདོད་ནས་]རྣམ་པར་གྲོལ་བ་རྟག་ཏུ་གནས་པའི་རྣམ་པར་ཤེས་པ་[མཁའ་ཁྱབ་]ཐོབ་པར་འགྱུར་རོ། །ཀེའུ་དི་ནྱ་[སྡུག་བསྔལ་དང་ཀུན་འབྱུང་གྀ་]གཟུགས་ནི་སྡུག་བསྔལ་བ་སྟེ།[སྡུག་བསྔལ་དང་ཀུན་འབྱུང་གྀ་]གཟུགས་[ལམ་བདེན་གྱིས་]འགགས་པའི་རྐྱེན་གྱིས་[འགོག་བདེན་གདོད་ནས་]རྣམ་པར་གྲོལ་བའི་གཟུགས་བདེ་བ་[མཁའ་ཁྱབ་]ཐོབ་པར་འགྱུར་རོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་ཡང་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །ཀེའུ་དི་ནྱ་[སྡུག་བསྔལ་དང་ཀུན་འབྱུང་གྀ་]གཟུགས་ནི་[རང་རང་ངོ་བོས་]སྟོང་པའོ། །སྟོང་པའི་གཟུགས་[ལམ་བདེན་གྱིས་]འགགས་པའི་རྐྱེན་གྱིས་[རང་རང་ངོ་བོས་]སྟོང་པ་མ་ཡིན་པའི་[འགོག་བདེན་གྱི་]གཟུགས་ཀྱི་རྣམ་པར་གྲོལ་བ་[མཁའ་ཁྱབ་]ཐོབ་པར་འགྱུར་ཏེ། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའི་བར་དུ་ཡང་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །ཀེའུ་དི་ནྱ་[སྡུག་བསྔལ་དང་ཀུན་འབྱུང་གྀ་]གཟུགས་ནི་བདག་[གཉིས་]མེད་པའོ། །[སྡུག་བསྔལ་དང་ཀུན་འབྱུང་གྀ་]གཟུགས་[ལམ་བདེན་གྱིས་]འགགས་པའི་རྐྱེན་གྱིས་[འགོག་བདེན་གྱི་]རྣམ་པར་གྲོལ་བའི་གཟུགས་ཡང་དག་པའི་བདག་[མཁའ་ཁྱབ་]ཐོབ་པར་འགྱུར་ཏེ། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་ཡང་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །ཀེའུ་དི་ནྱ་[སྡུག་བསྔལ་དང་ཀུན་འབྱུང་གྀ་]གཟུགས་ནི་ཡོངས་སུ་མ་དག་པའོ། །[སྡུག་བསྔལ་དང་ཀུན་འབྱུང་གྀ་]གཟུགས་[ལམ་བདེན་གྱིས་]འགགས་པའི་རྐྱེན་གྱིས་[འགོག་བདེན་གདོད་ནས་]རྣམ་པར་གྲོལ་བའི་གཟུགས་ཡོངས་སུ་དག་པ་[མཁའ་ཁྱབ་]ཐོབ་པར་འགྱུར་ཏེ། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་ཡང་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །ཀེའུ་དི་ནྱ་[སྡུག་བསྔལ་དང་ཀུན་འབྱུང་གྀ་]གཟུགས་ནི་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བའོ། །[སྡུག་བསྔལ་དང་ཀུན་འབྱུང་གྀ་]གཟུགས་[ལམ་བདེན་གྱིས་]འགགས་པའི་རྐྱེན་གྱིས་[འགོག་བདེན་གདོད་ནས་]རྣམ་པར་གྲོལ་བའི་གཟུགས་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བ་མ་ཡིན་པ་[མཁའ་ཁྱབ་]ཐོབ་པར་འགྱུར་ཏེ། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་ཡང་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །ཀེའུ་དི་ནྱ་[སྡུག་བསྔལ་དང་ཀུན་འབྱུང་གྀ་]གཟུགས་ནི་མ་རིག་པའོ། །[སྡུག་བསྔལ་དང་ཀུན་འབྱུང་གྀ་]གཟུགས་[ལམ་བདེན་གྱིས་]འགགས་པའི་རྐྱེན་གྱི་[འགོག་བདེན་གདོད་ནས་]རྣམ་པར་གྲོལ་བའི་གཟུགས་མ་རིག་པ་མ་ཡིན་པ[འི་རང་བྱུང་ཡེ་ཤེས་མཁའ་ཁྱབ་]ཐོབ་པར་འགྱུར་ཏེ། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་ཡང་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །ཀེའུ་དི་ནྱ་[སྡུག་བསྔལ་དང་ཀུན་འབྱུང་གྀ་]གཟུགས་ནི་སྐྱེ་བའི་རྒྱུར་འགྱུར་རོ། །[སྡུག་བསྔལ་དང་ཀུན་འབྱུང་གྀ་]གཟུགས་[ལམ་བདེན་གྱིས་]འགགས་པའི་རྐྱེན་གྱིས་[འགོག་བདེན་གདོད་ནས་]རྣམ་པར་གྲོལ་བའི་གཟུགས་སྐྱེ་བ་མ་ཡིན་པ་[མཁའ་ཁྱབ་]ཐོབ་པར་འགྱུར་ཏེ། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་ཡང་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །ཀེའུ་དི་ནྱ་[སྡུག་བསྔལ་དང་ཀུན་འབྱུང་གྀ་]གཟུགས་ནི་ཕྱིན་ཅི་ལོག་བཞིའི་རྒྱུར་འགྱུར་རོ། །[སྡུག་བསྔལ་དང་ཀུན་འབྱུང་གྀ་]གཟུགས་[ལམ་བདེན་གྱིས་]འགགས་པའི་རྐྱེན་གྱིས་[འགོག་བདེན་གདོད་ནས་]རྣམ་པར་གྲོལ་བའི་གཟུགས་ཕྱིན་ཅི་ལོག་གི་རྒྱུ་མ་ཡིན་པ་[མཁའ་ཁྱབ་]ཐོབ་པར་འགྱུར་ཏེ། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའི་བར་དུ་ཡང་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །ཀེའུ་དི་ནྱ་[སྡུག་བསྔལ་དང་ཀུན་འབྱུང་གྀ་]གཟུགས་ནི་མི་དགེ་བའི་ཆོས་ཚད་མེད་པའི་རྒྱུ་ཡིན་ནོ། །འདི་ལྟ་སྟེ་ཕོ་དང་མོ་ལ་སོགས་པའི་ལུས་དང་ཟས་ལ་འདོད་པ་དང་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་སེར་སྣ་དང་ཕྲག་དོག་དང་མི་དགེ་བའི་སེམས་དང་འཇུངས་པའི་སེམས་དང་བཅངས་པའི་ཟས་[ཏེ་ཁམས་གྱི་ཟས་]དང་རྣམ་པར་ཤེས་པའི་ཟས་དང་བསམས་པའི་ཟས་དང་རེག་པའི་ཟས་[ལ་རྟེན་དགོས་པ་]དང༌། སྒོ་ང་ལས་སྐྱེས་པ་དང་མངལ་ནས་སྐྱེས་པ་དང༌། དྲོད་གཤེར་ལས་སྐྱེས་པ་དང་བརྫུས་ཏེ་སྐྱེས་པ་དང་འདོད་པ་ལྔ་དང་སྒྲིབ་པ་ལྔ་ལ་སོགས་བའི་ཆོས་ནི་[སྡུག་བསྔལ་དང་ཀུན་འབྱུང་གྀ་]གཟུགས་ལས་གྱུར་ཏོ། །[སྡུག་བསྔལ་དང་ཀུན་འབྱུང་གྀ་]གཟུགས་[ལམ་བདེན་གྱིས་]འགགས་པའི་རྐྱེན་གྱིས་[འགོག་བདེན་གདོད་ནས་]རྣམ་པར་གྲོལ་བའི་གཟུགས་ཉེས་པའི་སྐྱོན་ཚད་མེད་པ་དེ་སྙེད་མེད་པའི་ལུས་[མཁའ་ཁྱབ་]འཐོབ་པར་འགྱུར་ཏེ། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའི་བར་དུ་ཡང་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །ཀེའུ་དི་ནྱ་[སྡུག་བསྔལ་དང་ཀུན་འབྱུང་གྀ་]གཟུགས་ནི་འཆིང་བས་རྣམ་པར་བཅིངས་པའོ། །འཆིང་བའི་[སྡུག་བསྔལ་དང་ཀུན་འབྱུང་གྀ་]གཟུགས་[ལམ་བདེན་གྱིས་]འགགས་པའི་རྐྱེན་གྱིས་[འགོག་བདེན་གདོད་ནས་]རྣམ་པར་གྲོལ་བའི་གཟུགས་བཅིངས་པ་མེད་པ་[མཁའ་ཁྱབ་]ཐོབ་པར་འགྱུར་ཏེ། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའི་བར་དུ་ཡང་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །ཀེའུ་དི་ནྱ་[སྡུག་བསྔལ་དང་ཀུན་འབྱུང་གྀ་]གཟུགས་ནི་[སྡུག་བསྔལ་]རྒྱུན་མི་འཆད་པའི་རྒྱུ་ཡིན་ནོ། །[སྡུག་བསྔལ་དང་ཀུན་འབྱུང་གྀ་]རྒྱུན་གྱི་གཟུགས་[ལམ་བདེན་གྱིས་]འགགས་པའི་རྐྱེན་གྱིས་[འགོག་བདེན་གདོད་ནས་]རྣམ་པར་གྲོལ་བའི་གཟུགས་[སྡུག་བསྔལ་གྱི་]རྒྱུན་མ་ཡིན་པ་[བདེ་བའི་རྒྱུན་མཁའ་ཁྱབ་]ཐོབ་པར་འགྱུར་ཏེ། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའི་བར་དུ་ཡང་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །ཀེའུ་དི་ནྱ་[སྡུག་བསྔལ་དང་ཀུན་འབྱུང་གྀ་]གཟུགས་ནི་སྐྱབས་སུ་འགྲོ་བའི་རྒྱུ་[འམ་གནས་]མ་ཡིན་ནོ། །[སྡུག་བསྔལ་དང་ཀུན་འབྱུང་གྀ་]གཟུགས་[ལམ་བདེན་གྱིས་]འགགས་པའི་རྐྱེན་གྱིས་[འགོག་བདེན་གདོད་ནས་]རྣམ་པར་གྲོལ་བའི་གཟུགས་སྐྱབས་སུ་འགྲོ་བ[འི་གནས་མཁའ་ཁྱབ་]ཐོབ་པར་འགྱུར་ཏེ། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའི་བར་དུ་ཡང་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །ཀེའུ་དི་ནྱ་[སྡུག་བསྔལ་དང་ཀུན་འབྱུང་གྀ་]གཟུགས་ནི་རྨ་ལྟ་བུའོ། །[སྡུག་བསྔལ་དང་ཀུན་འབྱུང་གྀ་]གཟུགས་[ལམ་བདེན་གྱིས་]འགགས་པའི་རྐྱེན་གྱིས་[འགོག་བདེན་གདོད་ནས་]རྣམ་པར་གྲོལ་བའི་གཟུགས་རྨ་མེད་པ་[མཁའ་ཁྱབ་]ཐོབ་པར་འགྱུར་ཏེ། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའི་བར་དུ་ཡང་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །ཀེའུ་དི་ནྱ་[སྡུག་བསྔལ་དང་ཀུན་འབྱུང་གྀ་]གཟུགས་ནི་རབ་ཏུ་ཞི་བ་མ་ཡིན་ནོ། །[སྡུག་བསྔལ་དང་ཀུན་འབྱུང་གྀ་]གཟུགས་[ལམ་བདེན་གྱིས་]འགགས་པའི་རྐྱེན་གྱིས་[འགོག་བདེན་གདོད་ནས་]ཡོངས་སུ་མྱ་ངན་ལས་འདས་པའི་གཟུགས་རབ་ཏུ་ཞི་བ་[མཁའ་ཁྱབ་]ཐོབ་པར་འགྱུར་ཏེ། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའི་བར་དུ་ཡང་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །ཀེའུ་དི་ནྱ་[སྡུག་བསྔལ་དང་ཀུན་འབྱུང་གྀ་]གང་ཟག་སུ་ཞིག་[བདེན་བཞིའི་གནས་ལུགས་]དེ་ལྟ་བུའི་ཚུལ་དུ་ཤེས་ན་དེ་ནི་དགེ་སྦྱོང་ཞེས་ཀྱང་བྱ། བྲམ་ཟེ་ཞེས་ཀྱང་བྱ། དེ་ནི་དགེ་སྦྱོང་གི་ཆོས་དང་བྲམ་ཟེའི་ཆོས་དང་ལྡན་པ་ཞེས་ཀྱང་བྱའོ། །ཀེའུ་དི་ནྱ་[སྡུག་བསྔལ་དང་ཀུན་འབྱུང་གྀ་]སངས་རྒྱས་ཀྱི་ཆོས་མ་གཏོགས་པར་ལོགས་ཤིག་ན་དགེ་སྦྱོང་མེད་བྲམ་ཟེ་མེད་དེ་དགེ་སྦྱོང་དང་བྲམ་ཟེའི་ཆོས་ཀྱང་མེད་དོ། །མུ་སྟེགས་ཅན་ཐམས་ཅད་ནི་བརྫུན་དུ་སྨྲ་བར་ཟད་ཀྱི་ཡང་དག་པའི་སྤྱོད་པ་མེད་དོ། །[དགེ་སྦྱོང་དང་བྲམ་ཟེ་]རྣམ་པ་དེ་གཉིས་ལྟར་ཚུལ་འཆོས་མོད་ཀྱི་རྣམ་པ་དེ་གཉིས་ཀྱི་གནས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སྦྱོང་དང་བྲམ་ཟེའི་ཆོས་མེད་པར་ཅིའི་ཕྱིར་དགེ་སྦྱོང་དང་བྲམ་ཟེ་ཡོད་དོ་ཞེས་སྨྲ། ངས་ཀྱང་རྟག་ཏུ་འཁོར་གྱི་དཀྱིལ་འཁོར་[དོན་དམ་བདེ་གཤེགས་སྙིང་པོ་]འདིར་སེང་གེའི་སྒྲ་བསྒྲགས་ཀྱིས་ཁྱེད་ཀྱང་རྟག་ཏུ་འཁོར་གྱི་དཀྱིལ་འཁོར་ཆེན་པོར་[དོན་དམ་བདེ་གཤེགས་སྙིང་པོ་]སེང་གེའི་སྒྲ་སྒྲོགས་ཤིག་ཅེས་གསུངས་ཏེ། འདིར་དགག་བྱའི་གཟུགས་སོགས་དེ་རྣམས་ནི་སྤང་དུ་རུང་བའི་དྲི་མ་ཡིན་པའི་ཕྱིར་རང་སྟོང་ངོ༌། །དེ་རྣམས་[ལམ་བདེན་གྱིས་]འགགས་པའི་གཞི་ལ་རྟག་ཏུ་བཞུགས་པ་ཐོབ་བྱ་དོན་དམ་བདེ་གཤེགས་སྙིང་པོའི་གཟུགས་སོགས་ནི་སྤང་དུ་མི་རུང་བས་རང་བཞིན་འོད་གསལ་ཡིན་པའི་ཕྱིར་གཞན་སྟོང་ངོ༌། །

དེ་རྣམས་ཐོབ་ན་གཞན་ཨེ་ཝཾ་ལ་སོགས་པ་གནས་ལུགས་ཟབ་མོ་ཀུན་ཐོབ་པར་བསྟན་པ།

དེ་ལྟར་མི་རྟག་པ་དང་སྡུག་བསྔལ་བ་དང༌། སྟོང་པ་དང་བདག་མེད་པ་དང་མ་དག་པ་དང་མ་རིག་པ་ལ་སོགས་བའི་བདག་ཉིད་གློ་བུར་དྲི་མའི་གཟུགས་སོགས་ཀྱི་རྒྱུན་འགགས་པས་ཐོབ་པར་འགྱུར་བ་གང་ཡིན་པ་དོན་དམ་བདེ་གཤེགས་སྙིང་པོའི་གཟུགས་སོགས་ནི་ཕྱི་ནང་ཀུན་རྫོབ་[འདི་]ལས་གཞན་ཡིན་ལ། དེ་ཡང་རྡོ་རྗེ་སེམས་དཔའ་[མཁའ་ཁྱབ་]དང༌། རྡོ་རྗེ་པད་མ་[མཁའ་ཁྱབ་]དང༌། རྡོ་རྗེའི་ཁུ་རྡུལ་[མཁའ་ཁྱབ་]དང༌། རྡོ་རྗེའི་ཟླ་ཉི་[མཁའ་ཁྱབ་]དང༌། རྡོ་རྗེའི་ཤེས་དང་ཤེས་བྱ་[མཁའ་ཁྱབ་]དང༌། རྡོ་རྗེའི་ཨཱ་ལི་ཀཱ་ལི་[མཁའ་ཁྱབ་]ལ་སོགས་པའི་བདག་ཉིད་སྟོང་པ་ཆེན་པོ་འགྱུར་མེད་ལྔ་[མཁའ་ཁྱབ་]དང་ཐིག་ལེ་སྟོང་པ་འགྱུར་མེད་དྲུག་[མཁའ་ཁྱབ་]གདོད་ནས་དབྱེར་མེད་རོ་མཉམ་གཅིག་ཏུ་འདྲེས་པ་ཨེ་ཝཾ་ཡི་གེའི་བདག་ཉིད་[མཁའ་ཁྱབ་]དུ་གསུངས་ཏེ། རྒྱུད་འགྲེལ་ཆེན་པོར། འདིར་སྟོང་པ་ཡེ་ཤེས་ཀྱང་སྟེ་ཐིག་ལེ་མཆོག་དང་རྡོ་རྗེ་འཛིན་པ་ཞེས་པའི་ཡི་གེ་བཅུ་བཞི་པོ་འདིས་སྟོང་པ་ཞེས་པ་ལ་སོགས་པའི་མིང་རྣམས་ཀྱིས་ཁམས་དྲུག་གི་སྐྱེས་བུ་ཆེན་པོའི་གང་ཟག་[གཞན་དོན་དམ་གྱི་གང་ཟག་]འདི་བསྡུས་པ་འདི་ལྟ་སྟེ། ཡེ་ཤེས་ཀྱི་ཕུང་པོ་[གཞན་རྡོ་རྗེ་སེམས་དཔའ་]དང༌། རྣམ་པར་ཤེས་པའི་ཕུང་པོ་[གཞན་མི་བསྐྱོད་པ་]དང༌། ཡེ་ཤེས་ཀྱི་ཁམས་[གཞན་སྣ་ཚོགས་ཡུམ་]དང༌། ནམ་མཁའི་ཁམས་[གཞན་རྡོ་རྗེ་དབྱིངས་ཕྱུག་མ་]དང༌། ཡིད་[གཞན་ཀུན་བཟང་]དང༌། རྣ་བ་[གཞན་ཕྱག་རྡོར་]དང༌། སྒྲ་[གཞན་སྒྲ་རྡོ་རྗེ་མ་]དང༌། ཆོས་ཀྱི་ཁམས་[གཞན་ཆོས་ཁམས་རྡོ་རྗེ་མ་]དང༌། མཆོག་གི་དབང་པོ་[གཞན་གནོད་མཛེས་]དང༌། བྷ་ག་[གཞན་གཙུག་ཏོར་]དང༌། དྲི་ཆུ་འཛག་པ་[གཞན་ཤིན་ཏུ་སྔོན་མོ་]དང༌། ཁུ་བ་འཕོ་བ[གཞན་དྲག་སྤྱན་མ]འོ། །འདི་རྣམས་[གདོད་ནས་]སྒྲིབ་པ་དང་བྲལ་བ་ཉིད་དང༌། [གདོད་ནས་]རོ་མཉམ་པ་ཉིད་དང༌། [གདོད་ནས་]གཅིག་ཏུ་འདྲེས་པར་གྱུར་པ་[དོན་དམ་གཞན་སྟོང་གི་དབྱིངས་]ཉིད་ལ་སྟོང་པ་ཞེས་བརྗོད་དོ། །[སྟོང་པ་ཟེར་ཡང་]ཐམས་ཅད་དངོས་པོ་མེད་པ་[རང་སྟོང་ཆད་པའི་སྟོང་པ་ཉིད་]ནི་མ་ཡིན་ཏེ། རྣལ་འབྱོར་པས་[གཉིས་མེད་ཡེ་ཤེས་ཀྱིས་མངོན་སུམ་དུ་]རང་རིག་པ་ཉིད་ཀྱི་ཕྱིར་རོ། །[དོན་དམ་གཞན་སྟོང་གི་དབྱིངས་]དེ་ཉིད་ནི་[ཆོས་ཉིད་འདུས་མ་བྱས་པའི་དབྱིངས་ཉིད་ཡིན་པས་]རྒྱལ་བ་རྣམས་ཀྱིས་གཞོམ་དུ་མེད་པར་གསུངས་ཏེ་གཞོམ་དུ་མེད་པ་[དེ་ཉིད་གཞན་ལ་བརྟན་པར་དཀའ་ཡང་]འདིའི་མིང་གི་མཚན་མ[འི་སྒོ་ནས་སྟོན་པ་]ནི་ལྷོ་དང་བྱང་དང་ཤར་དང་ནུབ་ཀྱི་དབུས་སུ་གྲི་གུག་གི་རྣམ་པ་རི་མོ་ཙམ་[སྟེ་དབྱངས་གསལ་བྱེད་མ་ཡིན་པས་མིང་གི་མཚན་མ་ཡང་]བརྗོད་དུ་མེད་པ་སྟེ་སྟོང་པ་ཆེན་པོ་འགྱུར་མེད་དང་པོ[ཆོས་དབྱིངས་ཡེ་ཤེས་ཡིན་པ]འོ། །དེའི་འོག་ཏུ་ཡེ་ཤེས་ཀྱང་ཞེས་པ་འདིར་ཀྱང་ཡིག་ནི་སྡུད་པའི་དོན་དུ་བསྟན་ཏེ་སྡུད་པའི་དོན་གོ་བར་བྱེད་པའི་ཕྱིར་རོ། །ཡེ་ཤེས་ཞེས་པའི་མིང་འདིས་སྟོང་པ་[ཆེན་པོ་འགྱུར་མེད་]གསུམ་པ་ཞེས་པ་རྟོགས་པར་བྱ་བ་འདི་ལྟ་སྟེ་ཚོར་བའི་ཕུང་པོ་[གཞན་རིན་འབྱུང་]དང༌། མེའི་ཁམས་[གཞན་གོས་དཀར་མོ་]དང༌། མིག་[གཞན་ས་སྙིང་]དང༌། རོ་[གཞན་རྡོ་རྗེ་མ་]དང༌། ལག་པ་[གཞན་སྨུགས་བྱེད་]དང༌། འགྲོ་བ་[གཞན་རྨུགས་བྱེད་མ]འོ། །འདི་རྣམས་[གདོད་ནས་]སྒྲིབ་པ་མེད་པ་ཉིད་དང༌། [གདོད་ནས་]རོ་མཉམ་པ་ཉིད་དང༌། [གདོད་ནས་]གཅིག་ཏུ་འདྲེས་པར་གྱུར་པ་[དོན་དམ་གཞན་སྟོང་གི་དབྱིངས་]ཉིད་ནི་ཡེ་ཤེས་ཏེ་སྟོང་པ་ཆེན་པོ་འགྱུར་མེད་གསུམ་པ[མཉམ་ཉིད་ཡེ་ཤེས་ཡིན་པ]འོ། །འདིའི་མིང་གི་མཚན་མ་ནི་དབུས་མ་གཞོམ་དུ་མེད་པའི་མཚན་མའི་ལྷོ་རུ་ཐིག་ལེ་གཉིས་ཏེ་བརྗོད་དུ་མེད་པའོ། །ཐིག་ལེ་ཞེས་པའི་མིང་འདིས་སྟོང་པ་[ཆེན་པོ་འགྱུར་མེད་]བཞི་པ་རྟོགས་པར་བྱ་སྟེ་སྔ་མའི་ཀྱང་ཡིག་གི་ཕྱིར་རོ། །འདི་ལྟ་སྟེ། འདུ་ཤེས་ཀྱི་ཕུང་པོ་[གཞན་འོད་དཔག་མེད་]དང༌། ཆུའི་ཁམས་[གཞན་མཱ་མ་ཀཱི་]དང༌། ལྕེ་[གཞན་འཇིག་རྟེན་དབང་ཕྱུག་]དང༌། གཟུགས་[གཞན་གཟུགས་རྡོ་རྗེ་མ་]དང༌། རྐང་པ་[གཞན་ཁེངས་བྱེད་]དང་ལེན་པ[གཞན་ཁེངས་བྱེད་མ]འོ། །འདི་རྣམས་[གདོད་ནས་]སྒྲིབ་པ་མེད་པ་ཉིད་དང༌། [གདོད་ནས་]རོ་མཉམ་པ་ཉིད་དང༌།[གདོད་ནས་]གཅིག་ཏུ་འདྲེས་པར་གྱུར་པ་[དོན་དམ་གཞན་སྟོང་གི་དབྱིངས་]ཉིད་ནི་ཐིག་ལེ་སྟེ་སྟོང་པ་ཆེན་པོ་འགྱུར་མེད་བཞི་པ[སོ་སོར་རྟོག་པའི་ཡེ་ཤེས་ཡིན་པ་]འོ། །འདིའི་མིང་གི་མཚན་མ་ནི་དབུས་ཀྱི་མཚན་མའི་བྱང་དུ་ཐིག་ལེ་གཅིག་སྟེ་བརྗོད་དུ་མེད་པའོ། །མཆོག་དང་རྡོ་རྗེ་འཛིན་པ་ཞེས་པ་མཆོག་དང་མཆོག་དང་རྡོ་རྗེ་འཛིན་པ་ནི་མཆོག་དང་རྡོ་རྗེ་འཛིན་པ་སྟེ་གཅིག་བཟླས་དབྱེ་བའི་ཕྱིར་རོ། །སྔར་གྱི་ཀྱང་ཡིག་ལས་གསུམ་པོ་འདི་སྟོང་པ[ཆེན་པོ]འི་མིང་དུ་འགྱུར་རོ། །མཆོག་དང་པོའི་མིང་གིས་སྟོང་པ་གཉིས་པ་ཞེས་བརྗོད་པ་འདི་ལྟ་སྟེ། འདུ་བྱེད་ཀྱི་ཕུང་པོ་[གཞན་དོན་ཡོད་གྲུབ་པ་]དང༌། རླུང་གི་ཁམས་[གཞན་སྒྲོལ་མ་]དང༌། སྣ་[གཞན་ནམ་མཁའི་སྙིང་པོ་]དང༌། རེག་བྱ་[གཞན་རེག་བྱ་རྡོ་རྗེ་མ་]དང༌། ངག་གི་དབང་པོ་[གཞན་བགེགས་དགྲ་]དང༌། བཤང་བ་འཛག་པ[གཞན་ཤིན་ཏུ་སྟོབས་མ]འོ། །འདི་རྣམས་[ཀྱང་གདོད་ནས་གྲོལ་བའི་དེ་བཞིན་གཤེགས་པ་ཡིན་པས་གདོད་མ་ཉིད་ནས་]སྒྲིབ་པ་དང་བྲལ་བ་ཉིད་དང་རོ་མཉམ་པ་ཉིད་དང་གཅིག་ཏུ་འདྲེས་པར་གྱུར་པ་[དོན་དམ་གཞན་སྟོང་གི་དབྱིངས་]ཉིད་ནི་མཆོག་སྟེ་སྟོང་པ་ཆེན་པོ་འགྱུར་མེད་གཉིས་པ[བྱ་བ་སྒྲུབ་པའི་ཡེ་ཤེས་ཡིན་པ]འོ། །འདིའི་མིང་གི་མཚན་མ་ནི་དབུས་མ་གཞོམ་དུ་མེད་པའི་ཤར་དུ་དབྱུག་པའི་རྣམ་པ་རི་མོ་ཙམ་བརྗོད་དུ་མེད་པའོ། །མཆོག་གཉིས་པའི་མིང་གིས་སྟོང་པ་[ཆེན་པོ་འགྱུར་མེད་]ལྔ་པ་ཞེས་བརྗོད་པ་འདི་ལྟ་སྟེ། གཟུགས་ཀྱི་ཕུང་པོ་[གཞན་རྣམ་པར་སྣང་མཛད་]དང༌། སའི་ཁམས་[གཞན་སྤྱན་མ་]དང༌། ལུས་ཀྱི་དབང་པོ་[གཞན་སྒྲིབ་པ་རྣམ་སེལ་]དང༌། དྲི་[གཞན་དྲི་རྡོ་རྗེ་མ་]དང༌། བཤང་ལམ་[གཞན་རེངས་བྱེད་]དང་བརྗོད་པ་[གཞན་རེངས་བྱེད་མ]འོ། །འདི་རྣམས་[གདོད་ནས་]སྒྲིབ་པ་མེད་པ་ཉིད་དང༌། [གདོད་ནས་]རོ་མཉམ་པ་ཉིད་དང༌། [གདོད་ནས་]གཅིག་ཏུ་འདྲེས་པར་གྱུར་པ་[དོན་དམ་གཞན་སྟོང་གི་དབྱིངས་]ཉིད་ནི་མཆོག་སྟེ་སྟོང་པ་ཆེན་པོ་འགྱུར་མེད་ལྔ་པ[མེ་ལོང་ཡེ་ཤེས་ཡིན་པ]འོ། །འདིའི་མིང་གི་མཚན་མ་ནི་དབུས་མ་གཞོམ་དུ་མེད་པའི་ནུབ་ཏུ་ཐོང་པའི་རྣམ་པ་བརྗོད་དུ་མེད་པའོ། །དེ་ལྟར་བརྗོད་པའི་རིམ་པས་ཐམས་ཅད་གཅིག་ཏུ་འདྲེས་པར་གྱུར་པ་ལྔ་ནི་སྟོང་པ་ཆེན་པོ་འགྱུར་མེད་ལྔ་པ་[གྲི་གུག་ལུས། དབྱུག་པ་རྐང་པ། ཐོང་པ་མགོ་བོ། རྣམ་བཅད་སྟེང་དུ་ཟླ་ཚེས། དེའི་སྟེང་དུ་ཐིག་ལེ་སྟེ་]ཝཾ་ཡིག་རྡོ་རྗེ་སེམས་དཔའ་བདེ་བ་ཆེན་པོ་[བརྟེན་པ་]རྡོ་རྗེར་བརྗོད་དོ། །ཞེས་དང༌། དེ་ལྟར་ཝཾ་ཡིག་ནི་སྟོང་པ་ཆེན་པོ་འགྱུར་མེད་ལྔ་པ་དམིགས་པ་མེད་པའི་སྙིང་རྗེའི་[དོན་དམ་བདེ་བ་]བདག་ཉིད་རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་འདས་པ་པྲ་ཕབ་པའི་རང་བཞིན་དང་མཚུངས་པ་[རྡོ་རྗེའི་]རྣལ་འབྱོར་པས་[གཉིས་མེད་ཡེ་ཤེས་ཀྱིས་]རྟོགས་པར་བྱ་བའོ། །ཞེས་དང༌། སྟོང་པ་ཆེན་པོ་འགྱུར་མེད་ལྔ་ནི་[དོན་དམ་གྱི་ལྷ་]སུམ་བཅུ་རྩ་དྲུག་གི་བདག་ཉིད་དེ་དེ་ཉིད་རྒྱལ་བ་རྣམས་ཀྱིས་རྡོ་རྗེར་གསུངས་སོ། །དེ་འཛིན་པའི་ཕྱིར་རྡོ་རྗེ་འཛིན་པའོ། །ཐིག་ལེ་སྟོང་པ་འགྱུར་མེད་དྲུག་ནི་[ཝཾ་ཡིག་གི་རྟེན་]ཨེ་ཡིག་ཆོས་འབྱུང་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ཀྱི་གཟུགས་སོ། །འདི་ལྟ་སྟེ། རྣམ་པར་ཤེས་པའི་ཕུང་པོ་[གཞན་]དང༌། ནམ་མཁའི་ཁམས་[གཞན་]དང༌། རྣ་བ་[གཞན་]དང༌། ཆོས་ཀྱི་ཁམས་[གཞན་]དང༌། བྷ་ག་[གཞན་]དང༌། ཁུ་བ་འཕོ་བ་[གཞན་]སྟེ་འདི་རྣམས་[གདོད་ནས་]སྒྲིབ་པ་དང་བྲལ་བ་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་དོ། །དབུས་མ་གཞོམ་དུ་མེད་[པ་གྲི་གུག་གི་རྣམ་]པའི་སྟེང་དུ་འདིའི་མིང་གི་མཚན་མ་ཀ་སྡེའི་བདག་ཉིད་[མཚོན་པ་]ཀ་ཡིག་གསལ་བྱེད་[དབྱངས་མེད་པས་]བརྗོད་དུ་མེད་པ་སྟེ་ཐིག་ལེ་སྟོང་པ་[འགྱུར་མེད་]དང་པོའོ། །འདུ་བྱེད་ཀྱི་ཕུང་པོ་[གཞན་]དང༌། རླུང་གི་ཁམས་[གཞན་]དང༌། སྣ་[གཞན་]དང༌། རེག་བྱ་[གཞན་]དང༌། ངག་[གཞན་]དང༌། བཤང་བ་འཛག་པ་[གཞན་]སྟེ་འདི་རྣམས་[གདོད་ནས་]སྒྲིབ་པ་དང་བྲལ་བ་[དོན་དམ་]རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་དོ། །ཤར་གྱི་མཚན་མ[དབྱུག་པའི་རྣམ་པ]འི་ཤར་དུ་འདིའི་མིང་གི་མཚན་མ་ཙ་སྡེའི་བདག་ཉིད་ཙ་ཡིག་གསལ་བྱེད་[དབྱངས་མེད་པས་]བརྗོད་དུ་མེད་པ་སྟེ་ཐིག་ལེ་སྟོང་པ་[འགྱུར་མེད་]གཉིས་པའོ། །ཚོར་བའི་ཕུང་པོ་[མཆོག་]དང༌། མེའི་ཁམས་[མཆོག་]དང༌། མིག་[མཆོག་]དང༌། རོ་[མཆོག་]དང༌། ལག་པ་[མཆོག་]དང༌། འགྲོ་བ་[མཆོག་]སྟེ་འདི་རྣམས་[གདོད་ནས་]སྒྲིབ་པ་དང་བྲལ་བ་[དོན་དམ་]རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་དོ། །ལྷོའི་མཚན་མ[ཐིག་ལེ་གཉིས་པོ]འི་ལྷོར་འདིའི་མིང་གི་མཚན་མ་ཊ་སྡེའི་བདག་ཉིད་ཊ་ཡིག་གསལ་བྱེད་བརྗོད་དུ་མེད་པ་སྟེ་ཐིག་ལེ་སྟོང་པ་[འགྱུར་མེད་]གསུམ་པའོ། །[ཕ་རོལ་གྱི་]འདུ་ཤེས་ཀྱི་ཕུང་པོ་དང༌། [ཕ་རོལ་གྱི་]ཆུའི་ཁམས་དང༌། [ཕ་རོལ་གྱི་]ལྕེ་དང༌། [ཕ་རོལ་གྱི་]གཟུགས་དང༌། [ཕ་རོལ་གྱི་]རྐང་བའི་དབང་པོ་དང༌། [ཕ་རོལ་གྱི་]ལེན་པ་སྟེ། འདི་རྣམས་[གདོད་ནས་]སྒྲིབ་པ་དང་བྲལ་བ་[དོན་དམ་]རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་དོ།།བྱང་གི་མཚན་མ[ཐིག་ལེ]འི་བྱང་དུ་འདིའི་མིང་གི་མཚན་མ་པ་སྡེའི་བདག་ཉིད་པ་ཡིག་གསལ་བྱེད་བརྗོད་དུ་མེད་པ་སྟེ་ཐིག་ལེ་སྟོང་པ་[འགྱུར་མེད་]བཞི་པའོ། །[དོན་དམ་པའི་]གཟུགས་ཀྱི་ཕུང་པོ་དང༌། [དོན་དམ་པའི་]སའི་ཁམས་དང༌། [དོན་དམ་པའི་]ལུས་ཀྱི་དབང་པོ་དང༌། [དོན་དམ་པའི་]དྲི་དང༌། [དོན་དམ་པའི་]བཤང་ལམ་དང༌། [དོན་དམ་པའི་]བརྗོད་པ་སྟེ། འདི་རྣམས་[གདོད་ནས་]སྒྲིབ་པ་དང་བྲལ་བ་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་དོ། །ནུབ་ཀྱི་མཚན་མ[ཐོང་པའི་རྣམ་པ]འི་ནུབ་ཏུ་འདིའི་མིང་གི་མཚན་མ་ཏ་སྡེའི་བདག་ཉིད་ཏ་ཡིག་གསལ་བྱེད་བརྗོད་དུ་མེད་པ་སྟེ་ཐིག་ལེ་སྟོང་པ་[འགྱུར་མེད་]ལྔ་པའོ། །[མཐར་ཐུག་བདེ་གཤེགས་སྙིང་པོའི་]ཡེ་ཤེས་ཀྱི་ཕུང་པོ་དང༌། [མཐར་ཐུག་བདེ་གཤེགས་སྙིང་པོའི་]ཡེ་ཤེས་ཀྱི་ཁམས་དང༌། [མཐར་ཐུག་བདེ་གཤེགས་སྙིང་པོའི་]ཡིད་དང༌། [མཐར་ཐུག་བདེ་གཤེགས་སྙིང་པོའི་]སྒྲ་དང༌།[མཐར་ཐུག་བདེ་གཤེགས་སྙིང་པོའི་]མཆོག་གི་དབང་པོ་དང༌། [མཐར་ཐུག་བདེ་གཤེགས་སྙིང་པོའི་]དྲི་ཆུ་འཛག་པ་སྟེ། འདི་རྣམས་[གདོད་ནས་]སྒྲིབ་པ་དང་བྲལ་བ་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་དོ། །དབུས་མ་གཞོམ་དུ་མེད་པའི་མཚན་མའི་འོག་ཏུ་འདིའི་མིང་གི་མཚན་མ་ས་སྡེའི་བདག་ཉིད་ས་ཡིག་གསལ་བྱེད་བརྗོད་དུ་མེད་པ་སྟེ་ཐིག་ལེ་སྟོང་པ་[འགྱུར་མེད་]དྲུག་པའོ། །[དེ་ལྟར་སྟོང་པ་དྲུག་གི་དབུས་ན་བདེ་བ་ཆེན་པོ་ཝཾ་ཡིག་བཞུགས་པ་ནི་སྔགས་ཀྱི་དེ་ཁོ་ན་ཉིད་དེ་སངས་རྒྱས་རིན་ཆེན་ཟ་མ་ཏོག་གོ།]དེ་ལྟར་ན་ཐིག་ལེ་སྟོང་པ་འགྱུར་མེད་དྲུག་[ཕྱོགས་དྲུག་ན་མི་གནས་པའི་ཚུལ་གྱིས་གནས་པ་]ནི་[ཟུར་གསུམ་དང་ལོགས་གསུམ་གྱི་ཚུལ་ཅན་]ཆོས་འབྱུང་རྡོ་རྗེ་འཛིན་པ་ཨེ་ཡིག་སྟེ་སྟོང་པ་ཉིད་དམིགས་པ་[འམ་སྣང་བ་]དང་བཅས་པ་པྲ་ཕབ་པའི་རང་བཞིན་ཅན་ནོ། །[དེ་ལྟར་དབྱངས་རྣམས་ལས་གསལ་བྱེད་ཝཾ་དང༌། གསལ་བྱེད་རྣམས་ལས་ཀྱང་དབྱངས་ཨེ་ཡིག་གྲུབ་པ་ལས་ནི་བདེ་སྟོང་གཉི་ག་ཡང་གཉི་གའི་རང་བཞིན་རིས་མེད་པ་དང་མ་ནིང་དུ་གྲུབ་བོ། །]ཞེས་དང༌། འདིར་སྟོང་པ་ཆེན་པོ་འགྱུར་མེད་ལྔ་ནི་[དོན་དམ་གཞན་སྟོང་གི་]དབྱངས་ཀྱི་ཚོགས་ཏེ་ཁུ་བ་དང་ཟླ་བ་[གཞན་]ཞེས་བརྗོད་དོ། །ཐིག་ལེ་སྟོང་པ་འགྱུར་མེད་དྲུག་ནི་[དོན་དམ་གཞན་སྟོང་གི་]གསལ་བྱེད་ཀྱི་ཚོགས་ཏེ་རྡུལ་དང་ཉི་མ་[གཞན་]ཞེས་བརྗོད་དོ། །འདིར་ཁུ་བ་དང་ཟླ་བ་[གཞན་]ནི་ཝཾ་ཡིག་[མཁའ་ཁྱབ་]སྟེ་རྡོ་རྗེའོ། །རྡུལ་དང་ཉི་མ་[གཞན་]ནི་ཨེ་ཡིག་[མཁའ་ཁྱབ་]སྟེ་པད་མའོ། །[དོན་དམ་གཞན་སྟོང་གི་]རྡོ་རྗེ་དང་པད་མ་[མཁའ་ཁྱབ་]འདི་གཉིས་གཅིག་པ་ཉིད་ནི་རྡོ་རྗེ་སེམས་དཔའ་[མཁའ་ཁྱབ་]སྟེ། [མི་ཕྱེད་]རྡོ་རྗེ་ནི་མཆོག་གི་བདེ་བ་དང་ཤེས་པ་[གཞན་]དང་[ཟླ་བ་དང་]ཁུ་བ[གཞན་ནམ་དམ་པ་སྐུ་རྡོ་རྗེ་]འོ། །སེམས་དཔའ་[སྲིད་གསུམ་གཅིག་པ་]ནི་རྣམ་པ་ཐམས་ཅད་པའི་ཤེས་རབ་ཀྱི་གཟུགས་དང་ཤེས་བྱ་[གཞན་]དང་[རྡུལ་དང་]ཉི་མ་[གཞན་གསུངས་རྡོ་རྗེ་]སྟེ་[དེ་དག་རོ་མཉམ་པ་ནི་]ཡེ་ཤེས་[རྡོ་རྗེ་]དང་རྣམ་པར་ཤེས་པ[ཐུགས་རྡོ་རྗེ]ས་བྱིན་གྱིས་བརླབས་པ་དང་[གདོད་ནས་]སྒྲིབ་པ་དང་བྲལ་བ་དང་[གདོད་ནས་]གཅིག་ཏུ་འདྲེས་པར་གྱུར་པ་དང་[སྔགས་ཀྱི་]དེ་ཁོ་ན་ཉིད་དང་འགྲོ་བའི་དོན་མཛད་པ་པོ་[མཁའ་ཁྱབ་]ཡིན་ནོ། །ཞེས་དང༌། དེ་བཞིན་དུ་[ཕྱི་ནང་ཀུན་རྫོབ་རྣམ་ཤེས་འདི་ལས་]གཞན་ནང་གི་རིག་པ་[འགྱུར་མེད་རང་བྱུང་ཡེ་ཤེས་]ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་རང་བཞིན་གྱིས་འོད་གསལ་བ་ཕྱག་རྒྱ་ཆེན་མོ་ལྷན་ཅིག་སྐྱེས་པའི་དགའ་བའི་གཟུགས་ཅན་མ་ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པར་རྫོགས་པའི་གནས་སྐབས་[མཁའ་ཁྱབ་]ཏེ། རྡོ་རྗེ་སེམས་དཔའ་དང་སངས་རྒྱས་ཀྱི་ཡུམ་རྟེན་ཅིང་འབྲེལ་པར་འབྱུང་བའི་དབང་པོ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ་མཆོག་གི་དབང་པོའི་སྤྱོད་ཡུལ་མཆོག་ཏུ་མི་འགྱུར་བའི་བདེ་བའི་རང་བཞིན་རྡུལ་ཕྲ་རབ་ཀྱི་ཆོས་ལས་འདས་པ་མེ་ལོང་གི་པྲ་ཕབ་པ་དང་རྨི་ལམ་དང་མཚུངས་པ་[དོན་དམ་བདེ་གཤེགས་སྙིང་པོ་]དེ་ནི་རྒྱལ་བ་རྣམས་ཀྱི་[དོན་དམ་སྟོང་ཆེན་ཤེས་རབ་ཆོས་སྐུ་དང༌། དོན་དམ་བདེ་ཆེན་ཐབས་ངོ་བོ་ཉིད་སྐུ་དག་]ལྷན་ཅིག་[དབྱེར་མེད་དུ་]སྐྱེས་[པ་ཡང་ཡིན་ལ་མ་སྐྱེས་པ་ཡང་ཡིན་]པའི་སྐུར་གསུངས་ཏེ་མཆོག་ཏུ་མི་འགྱུར་བའི་རང་བཞིན་གྱི་ཕྱིར་རོ། །འདིར་འགྱུར་མེད་རྣམས་ནི་[འགོག་བདེན་གྱི་]གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་[གདོད་ནས་]སྒྲིབ་པ་མེད་པ་རྣམས་འགྱུར་མེད་[མཁའ་ཁྱབ་]ལྔ་སྟེ་སྟོང་པ་ཆེན་པོར་གསུངས་སོ། །དེ་བཞིན་དུ་[འགོག་བདེན་གྱི་]ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའི་ཁམས་[གདོད་ནས་]སྒྲིབ་པ་མེད་པ་རྣམས་འགྱུར་མེད་[མཁའ་ཁྱབ་]ལྔར་གསུངས་སོ། །[དེ་རྣམས་ནི་ཤེས་བཅུ་རྣམ་དག་བདག་ཉིད་ཅན་]འགྱུར་མེད་དྲུག་ནི་[འགོག་བདེན་གྱི་]མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་[གདོད་ནས་]སྒྲིབ་པ་མེད་པ་རྣམས་ཏེ་སོ་སོ་རང་རང་གི་ཡུལ་འཛིན་པ་སྤངས་པ་[མཁའ་ཁྱབ་]རྣམས་སོ། །དེ་བཞིན་དུ་[འགོག་བདེན་གྱི་]གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་དང་ཆོས་ཀྱི་ཁམས་[གདོད་ནས་]སྒྲིབ་པ་མེད་པ་རྣམས་ཀྱང་འགྱུར་མེད་དྲུག་ཏུ་གསུངས་[ཤིང་དེ་རྣམས་ནི་བདེན་དོན་བཅུ་གཉིས་]ཏེ་[འགོག་བདེན་གྱི་]ཕུང་པོ་དང་ཁམས་དང་སྐྱེ་མཆེད་འདི་རྣམས་[གདོད་ནས་]གཅིག་ཏུ་རོ་མཉམ་པར་གྱུར་པ་[མཁའ་ཁྱབ་]ནི་ཐིག་ལེ་སྟོང་པར་འགྱུར་རོ། །ཐིག་ལེ་དེ་ཡང་མི་འཕོ་བར་གྱུར་ན་མཆོག་ཏུ་མི་འགྱུར་བར་བརྗོད་དོ། །མཆོག་ཏུ་མི་འགྱུར་བ་ཡང་ཨ་ཡིག་[མཁའ་ཁྱབ་]སྟེ་ཨ་ཡིག་[མཁའ་ཁྱབ་]ལས་བྱུང་བ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་[མཁའ་ཁྱབ་]ཤེས་རབ་[ཆོས་སྐུ་]དང་ཐབས་[ངོ་བོ་ཉིད་སྐུ་དག་དབྱེར་མེད་]ཀྱི་བདག་ཉིད་རྡོ་རྗེ་སེམས་དཔའ་མ་ནིང་གི་གོ་འཕང་ལྷན་ཅིག་སྐྱེས་པའི་སྐུ་[མཁའ་ཁྱབ་]ཞེས་བརྗོད་དེ། [འགོག་བདེན་གྱི་]ཤེས་པ་དང་ཤེས་བྱའི་བདག་ཉིད་[འགོག་བདེན་གྱི་]རྒྱུ་དང་འབྲས་བུ་[གདོད་ནས་]དབྱེར་མེད་པའི་ཕྱིར་རོ། །དེ་ཡང་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་[མཁའ་ཁྱབ་]སྟེ་མཆོག་ཏུ་མི་འགྱུར་བའི་བདེ་བའི་གོ་འཕང་ངོ༌། །ཞེས་དང༌། འདིར་སྟོང་པ་ཆེན་པོ་འགྱུར་མེད་[མཁའ་ཁྱབ་]ལྔ་ནི་རྡོ་རྗེའོ། །ཞེས་དང༌། ཐིག་ལེ་སྟོང་པ་འགྱུར་མེད་དྲུག་ཅེས་པ་ནི་[རྡོ་རྗེའམ་ཐིག་ལེ་]འདིའི་རྟེན་དུ་གྱུར་པའི་ཆོས་འབྱུང་[མཁའ་ཁྱབ་]སངས་རྒྱས་ཀྱི་གཟུགས་[མཁའ་ཁྱབ་]ཀྱི་མཚན་ཉིད་[ཅན་]ཁམས་གསུམ་དང་དུས་གསུམ་པོ་ཐམས་ཅད་དུ་[ཁྱབ་པར་]འཇུག་པ[འམ་ཁམས་གསུམ་གཞན་དང་དུས་གསུམ་གཞན་དམ་པ]འོ། །འདིའི་འགོག་པ[བདེན་པ]འི་ཕུང་པོ་ལ་སོགས་པ་དྲུག་དང་ཁམས་སུམ་ཅུ་རྩ་དྲུག་དང་[ཁྱབ་བྱེད་]འགྱུར་བའི་[རྣམ་པ་ཅན་མི་འགྱུར་བའི་]ཡེ་ཤེས་སུམ་ཅུ་རྩ་བདུན་པ་སྟེ་འདི་རྣམས་སྒྲིབ་པ་[གདོད་ནས་]མེད་པ[འི་གཞི་མཁའ་ཁྱབ་]ཉིད་ནི་ཆོས་ཀྱི་སྐུ་[མཁའ་ཁྱབ་]ཆོས་འབྱུང་[མཁའ་ཁྱབ་]དུ་བརྗོད་ཅིང་རྡོ་རྗེ་བཞི་ནི་འགྱུར་མེད་ལྔ་སྟེ་འདི་དག་གི་སྤྲུལ་པ་ནི་སྤྲུལ་པའི་སྐུ་རྫུ་འཕྲུལ་སྣ་ཚོགས་སྟོན་པར་བྱེད་པའོ། །ཆོས་སྟོན་པ་པོའི་སྒྲ་[མཁའ་ཁྱབ་]ནི་ལོངས་སྤྱོད་རྫོགས་པ[མཁའ་ཁྱབ་]འོ། །ཞེས་པ་སྟེ།

ཐོབ་བྱ་དེ་ཉིད་ཕྱི་ནང་ཀུན་རྫོབ་འདི་ལས་གཞན་མཆོག་ཕ་རོལ་ཡིན་པར་བསྟན་པ།

གདོད་ནས་སྒྲིབ་བྲལ་དབྱེར་མེད་རོ་མཉམ་ཆོས་ཉིད་རྣམ་པ་ཐམས་ཅད་པའི་ཕུང་པོ་ཁམས་སོགས་དེ་རྣམས་ནི་ཕྱི་ནང་ཀུན་རྫོབ་ཀྱི་ཕུང་པོ་ཁམས་སོགས་[འདི་]ལས་གཞན་ནམ་མཆོག་གམ་ཕ་རོལ་ཡིན་ནོ། །དེ་ཡང་རྩ་རྒྱུད་འབུམ་ལྔར། [ཀུན་རྫོབ་ཀྱི་]རྒྱུ་དང་འབྲས་བུ་[གདོད་ནས་]འགགས་པ་ཡིས། །[དེའི་གཞི་ནི་]སངས་རྒྱས་ཉིད་དུ་ཐེ་ཚོམ་མེད། །[མཐར་ཐུག་གི་སངས་རྒྱས་ནི་]རྡུལ་མེད་རྡུལ་བྲལ་དྲི་མ་མེད། །ཉེས་པ་སྤངས་པ་སྐྱོན་མེད་པ། །[ཡེ་ཤེས་]ཤིན་ཏུ་སད་པ་[ཡང་ཡིན་ལ་]སད་པས་བདག [ཀྱང་ཡིན་ཞིང༌།]། ཀུན་ཤེས་ཀུན་རིག་དམ་པ་པོ[འང་ཡིན་ནོ]། །[ཀུན་རྫོབ་ཀྱི་]རྒྱུ་དང་འབྲས་བུ་[གདོད་ནས་]འགགས་པ་ཡིས། །རྒྱལ་བའི་དབང་པོའི་སྐུ་[ཀུན་རྫོབ་ལས་]གཞན་[ནམ་མཆོག་]ཡིན། །སྐུ་གསུང་ཐུགས་དང་བདེ་བ[འང་ཀུན་རྫོབ་ལས་]གཞན[ནམ་མཆོག]། །[དོན་དམ་གྱི་]ཕུང་པོའི་ཚོགས་ནི་[ཀུན་རྫོབ་འདི་ལས་]གཞན་ཡིན་ཏེ། །[དོན་དམ་གྱི་]ས་ཡི་ཁམས་ལ་སོགས་པ་[ཀུན་རྫོབ་འདི་ལས་]གཞན[ཡིན་ཞིང་]། །[དོན་དམ་གྱི་]ཡུལ་དང་དབང་པོ་རྣམས་དང་ནི། །དེ་བཞིན་[དོན་དམ་གྱི་]ལས་ཀྱི་དབང་པོ་དང༌། །[དོན་དམ་གྱི་]ལས་ཀྱི་དབང་པོའི་བྱ་བ་[ཀུན་རྫོབ་འདི་ལས་]གཞན[ཡིན་ལ]། །[དེ་ཡང་དབང་པོ་ཐམས་ཅད་པའམ་ཀུན་ནས་པ་ཡིན་པས་]ཀུན་ནས་ཕྱག་དང་[ཀུན་ནས་]ཞབས་ལ་སོགས། །ཀུན་ནས་སྤྱན་དང་[ཀུན་ནས་]ཞལ་དང་[ཀུན་ནས་]དབུ། །ཀུན་ནས་ཐོས་ལྡན་འཇིག་རྟེན་དུ། །ཐམས་ཅད་དུ་ནི་[ནམ་མཁའ་ལྟར་]ཁྱབ་པར་བཞུགས། །ཞེས་རྒྱུ་འབྲས་ཀྱིས་བསྡུས་པའི་ཕུང་པོ་རང་སྟོང་དུ་གནས་པ་འདི་རྣམས་འགགས་པས་ཕུང་པོ་གཞན་ལ་སོགས་པ་ཐོབ་པར་གསུངས་པ་འདིས་ཀྱང་རང་སྟོང་ལས་གཞན་པའི་ཕུང་པོ་ཁམས་སོགས་[གཤིས་ལ་]ཡོད་པར་གསུངས་ལ། དེ་རྣམས་སྟོང་པ་ཉིད་དུ་ཡང་གསུངས་པའི་ཕྱིར་རང་སྟོང་ལས་གཞན་པའི་སྟོང་ཉིད་ལེགས་པར་གྲུབ་ཅིང་དེ་ཡང་དོན་དམ་གཞན་སྟོང་ཡིན་ནོ། །དེ་ཉིད་ཀུན་ནས་ཕྱག་དང་ཞབས་ལ་སོགས་ཞེས་སོགས་ཀྱིས་ཐབས་ཤེས་[རབ་]ཟུང་འཇུག་དབྱེར་མེད་ཡེ་ཤེས་ཀྱི་སྐུ་དབང་པོ་ཐམས་ཅད[པའམ་ཀུན་ནས་]པར་བསྟན་ཅིང༌། དེ་ཉིད་ཀུན་ཁྱབ་ཏུ་བཞུགས་པར་ཡང་བསྟན་ཏེ། དེ་ནི་གཙང་བདག་བདེ་དང་རྟག་པར་[ཡང་ཡང་མདོ་མང་པོར་]གསུངས་པའི་ཆོས་སྐུ་མྱ་ངན་ལས་འདས་པ་ཆེན་པོ་དང་གཅིག་གོ །དོན་དེ་རྣམས་ཉིད། བློ་གྲོས་མི་ཟད་པས་བསྟན་པའི་མདོར་ཡང་གསུངས་ཏེ། ཇི་སྐད་དུ། ཆོས་ཀྱི་དབྱིངས་སའི་ཁམས་[གཞན་]ཡིན་མོད་ཀྱི་ཆོས་ཀྱི་དབྱིངས་སྲ་བའི་མཚན་ཉིད་ནི་མ་ཡིན་[པས་འགལ་འདུས་སྐྱོན་མེད་ཡིན་]ནོ། །ཆོས་ཀྱི་དབྱིངས་ཆུའི་ཁམས་[གཞན་]ཡིན་མོད་ཀྱི་ཆོས་ཀྱི་དབྱིངས་བརླན་པའི་མཚན་ཉིད་ནི་མ་ཡིན་[པས་འགལ་འདུས་སྐྱོན་མེད་ཡིན་]ནོ། །ཆོས་ཀྱི་དབྱིངས་མེའི་ཁམས་[གཞན་]ཡིན་མོད་ཆོས་ཀྱི་དབྱིངས་སྨིན་པར་བྱེད་པའི་མཚན་ཉིད་ནི་མ་ཡིན་[པས་འགལ་འདུས་སྐྱོན་མེད་ཡིན་]ནོ། །ཆོས་ཀྱི་དབྱིངས་རླུང་གི་ཁམས་[གཞན་]ཡིན་མོད་ཀྱི་ཆོས་ཀྱི་དབྱིངས་གཡོ་བའི་མཚན་ཉིད་ནི་མ་ཡིན་[པས་འགལ་འདུས་སྐྱོན་མེད་ཡིན་]ནོ། །ཆོས་ཀྱི་དབྱིངས་མིག་གི་ཁམས་[གཞན་]ཡིན་མོད་ཀྱི་ཆོས་ཀྱི་དབྱིངས་ལྟ་བའི་མཚན་ཉིད་ནི་མ་ཡིན་[པས་འགལ་འདུས་སྐྱོན་མེད་ཡིན་]ནོ། །ཆོས་ཀྱི་དབྱིངས་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་དང་མིག་གི་རྣམ་པར་ཤེས་པ་དང༌། རྣ་བའི་རྣམ་པར་ཤེས་པ་དང༌། སྣའི་རྣམ་པར་ཤེས་པ་དང༌། ལྕེའི་རྣམ་པར་ཤེས་པ་དང༌། ལུས་ཀྱི་རྣམ་པར་ཤེས་པ་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་[གཞན་]ཡིན་མོད་ཀྱི། ཆོས་ཀྱི་དབྱིངས་[གྲངས་བཞིན་དུ་]ཉན་པ་དང་སྣོམ་པ་དང་མྱང་བར་བྱེད་པ་དང་ནོམ་པ་དང༌། རྣམ་པར་རིག་པ་དང༌། གཟུགས་རྣམ་པར་རིག་པ་དང༌། སྒྲ་རྣམ་པར་རིག་པ་དང༌། དྲི་རྣམ་པར་རིག་པ་དང༌། རོ་རྣམ་པར་རིག་པ་དང༌། རེག་བྱ་རྣམ་པར་རིག་པ་དང༌། ཆོས་རྣམ་པར་རིག་པ་ཙམ་གྱི་མཚན་ཉིད་ནི་མ་ཡིན་[པས་འགལ་འདུས་སྐྱོན་མེད་ཡིན་]ནོ། །ཆོས་ཀྱི་དབྱིངས་གཟུགས་ཀྱི་ཁམས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་དང་ཆོས་ཀྱི་ཁམས་[གཞན་]ཡིན་མོད་ཀྱི་མིག་གི་རྣམ་པར་ཤེས་པ་དང༌། རྣ་བ[འི་རྣམ་པར་ཤེས་པ་]དང་སྣ[འི་རྣམ་པར་ཤེས་པ་]དང༌། ལྕེ[འི་རྣམ་པར་ཤེས་པ་]དང༌། ལུས་[ཀྱི་རྣམ་པར་ཤེས་པ་]དང༌། ཡིད་ཀྱི་རྣམ་པར་ཤེས་པས་རྣམ་པར་རིག་པར་བྱ་བའི་མཚན་ཉིད་ནི་མ་ཡིན[པས་འགལ་འདུས་སྐྱོན་མེད་ཡིན་]ནོ། །ཞེས་སོགས་རྒྱས་པར་སོ་སོར་སྦྱར་བས་མདོ་དེ་ཉིད་བལྟ་དགོས་[ཏེ་འདིར་ནི་བསྡུས་ནས་བརྗོད་པས་]སོ། །དེ་བཞིན་དུ། དཔལ་རྙོག་པ་མེད་པའི་རྒྱུད་དུ་ཡང༌། ཕུང་པོ་གཞན་[དང་ཁམས་གཞན་ལ་]སོགས་[ཡེ་ཤེས་ཀྱིས་]མཐོང་བའི་ཕྱིར། །[དོན་དམ་གྱི་]ཚོགས་ཀྱི་དཀྱིལ་འཁོར་[མཁའ་ཁྱབ་]ཞེས་བྱར་གསུངས། །ཞེས་དང༌། ཡེ་ཤེས་ལེའུར་ཡང༌། [དོན་དམ་]རྡོ་རྗེ་སེམས་དཔའ་གཅིག་པུ་[མཁའ་ཁྱབ་]འདི་ནི་དུས་མཐའི་སྤྲིན་དང་མཚུངས་པ་ཧེ་རུ་ཀར་ནི་བྱུང་བར་གྱུར[པ]། །གདུག་པ་རྣམས་ནི་སྨིན་པའི་དོན་ཏེ་དེ་ཡང་དམ་ཚིག་རྒྱལ་བ་རྨོངས་པ་རྣམས་ནི་བདེ་བའི་དོན། །རིན་ཆེན་དབང་པོ་སྡུག་བསྔལ་ལྡན་པ་རྣམས་ཀྱི་དེ་ཡང་པད་འཛིན་ཆགས་ཅན་རྣམས་ཀྱི་ཆགས་པའི་སླད། །བགེགས་རྣམས་དག་ནི་གཞོམ་པའི་དོན་དུ་ཕྱག་གི་པད་མ་རལ་གྲི་དོན་ཡོད་གྲུབ་པར་བྱུང་བར་གྱུར། །ཞེ་སྡང་ལས་ནི་སྣ་ཚོགས་ཡུམ་གང་དུས་མཐའི་རྩེ་མོ་ཅན་མཚུངས་དེ་ནི་མཁའ་འགྲོ་མར་བྱུང་གྱུར། །གཏི་མུག་དག་ལས་སྤྱན་མ་ཞེས་བྱ་མཆོག་གི་སྙིང་རྗེ་མཱ་མ་ཀཱི་ནི་ང་རྒྱལ་རྒྱུ་ལས་སོ། །ཆགས་ལས་དེ་ནི་གོས་དཀར་ཞེས་བྱ་མཐའ་དག་ཡོན་ཏན་གཏེར་ཏེ་སྒྲོལ་མ་ཡང་ནི་ཕྲག་དོག་ལས། །སྣ་ཚོགས་གཟུགས་ཅན་གཉིས་པོ་འདི་དག་ཡུལ་དང་ཡུལ་ཅན་གཞན་རྣམས་ཐམས་ཅད་དུ་ཡང་བྱུང་བར་གྱུར། །ཅེས་པའི་འགྲེལ་པར། སྔར་གསུངས་པའི་རྡོ་རྗེ་སེམས་དཔའ་དེ་ཉིད་གཅིག་པུ་འདི་ནི་དུས་མཐའི་སྤྲིན་དང་མཚུངས་པ་ནག་པོའི་ཧེ་རུ་ཀར་ནི་བྱུང་བར་གྱུར[པ]། །འཕོ་བ་མེད་པའི་ཆོས་ཀྱིས་རྣམ་པར་ཤེས་པ་གཞན་[འགོག་བདེན་གྱི་རྣམ་ཤེས་]དེ་ནི་ཧེ་རུ་ཀ་[མཁའ་ཁྱབ་]སྟེ་དེ་ཡང་གདུག་པ་རྣམས་ནི་སྨིན་པའི་དོན་དུ་རྡོ་རྗེ་སེམས་དཔས་སྤྲོས་པ་[ཡང་ཡིན་ལ་སྤྲོས་མེད་ཀྱང་ཡིན་པས་འགལ་འདུས་སྐྱོན་མེད་པ]འོ། །[དོན་དམ་]རྡོ་རྗེ་སེམས་དཔའ་དེ་ཡང་རྨོངས་པ་རྣམས་སྨིན་པའི་དོན་དུ་གཟུགས་གཞན་[འགོག་བདེན་གྱི་གཟུགས་]དེ་ནི་དམ་ཚིག་རྒྱལ་བ་སྟེ་རྣམ་པར་སྣང་མཛད་[མཁའ་ཁྱབ་]དུ་བྱུང་བར་གྱུར་ཏོ། །[དོན་དམ་རྡོ་རྗེ་སེམས་དཔའ་]དེ་ཡང་རིན་ཆེན་དབང་པོ་ནི་སྡུག་བསྔལ་ལྡན་པ་རྣམས་ལ་[བདེ་བ་]སྦྱིན་པའི་དོན་ཏེ་འཕོ་བ་མེད་པའི་ཆོས་ཀྱི་ཚོར་བ་གཞན་[འགོག་བདེན་གྱི་ཚོར་བ་]དེ་ནི་སྡུག་བསྔལ་ཐམས་ཅད་འཕྲོག་པར་བྱེད་པ་རིན་ཆེན་འབྱུང་ལྡན་[མཁའ་ཁྱབ་]དུ་བྱུང་བར་གྱུར་ཏོ། །[དོན་དམ་རྡོ་རྗེ་སེམས་དཔའ་]དེ་ཡང་པད་འཛིན་ཆགས་ཅན་རྣམས་ཀྱི་ཆགས་པའི་སླད་དུ་སྟེ་འཕོ་བ་མེད་པའི་ཆོས་ཀྱི་འདུ་ཤེས་གཞན་[འགོག་བདེན་གྱི་འདུ་ཤེས་]གང་ཡིན་པ་དེ་ནི་འཕོ་བ་མེད་པའི་བདེ་བ་སྟེར་བར་བྱེད་པ་པོ་[མཁའ་ཁྱབ་]སྣང་བ་མཐའ་ཡས་སུ་བྱུང་བར་གྱུར་ཏོ། །[དོན་དམ་རྡོ་རྗེ་སེམས་དཔའ་]དེ་ཡང་བགེགས་རྣམས་རྣམ་པར་གཞོམ་པའི་དོན་དུ་ཕྱག་གི་པད་མ་རལ་གྲི་སྟེ་འཕོ་བ་མེད་པའི་ཆོས་ཀྱི་འདུ་བྱེད་གཞན་[འགོག་བདེན་གྱི་འདུ་བྱེད་]གང་ཡིན་པ་དེ་དག་རྣམས་སེམས་སྒྲིབ་པ་མེད་པར་བྱེད་ཅིང་བདུད་ལ་སོགས་པའི་སྒྲིབ་པ་རྣམ་པར་འཇོམས་པར་བྱེད་པ་དོན་ཡོད་གྲུབ་པར་[མཁའ་ཁྱབ་]བྱུང་བར་གྱུར་ཏོ། །ཞེས་པ་སྟེ། [དོན་དམ་གྱི་]སངས་རྒྱས་[མཁའ་ཁྱབ་]ལྔ་[གདོད་ནས་]རྣམ་པར་དག་པའོ། །ད་ནི་[དོན་དམ་གྱི་]ཁམས་[མཁའ་ཁྱབ་]ལྔ་རྣམས་གསུངས་པ། ཞེ་སྡང་ཞེས་པ་ལ་སོགས་པ་སྟེ་འདིར་ཐ་མལ་པའི་ཞེ་སྡང་[གདོད་ནས་]ཟད་པའི་[གཞི་]ཞེ་སྡང་ཆེན་པོ་[མཁའ་ཁྱབ་]ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྟོང་པ་ཉིད་རྣམ་པ་ཐམས་ཅད་པ་སྣ་ཚོགས་ཡུམ་[མཁའ་ཁྱབ་]གང་ཡིན་པ་དེ་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་རྡོ་རྗེ་མཁའ་འགྲོ་མར་བྱུང་བར་གྱུར་ཏོ། །དེ་བཞིན་དུ་[ཐ་མལ་པའི་]གཏི་མུག་[གདོད་ནས་]ཟད་པའི་[གཞྀ་]གཏི་མུག་ཆེན་པོ་[མཁའ་ཁྱབ་]ལས་སྤྱན་མའོ། །མཆོག་གི་སྙིང་རྗེ་མཱ་མ་ཀཱི་ནི་[ཐ་མལ་པའི་]ང་རྒྱལ་[གདོད་ནས་]ཟད་པའི་[གཞྀ་]ང་རྒྱལ་ཆེན་པོའི་རྒྱུ་ལས་བྱུང་བར་གྱུར་ཏོ། །[ཐ་མལ་པའི་]ཆགས་པ་[གདོད་ནས་]ཟད་པའི་[གཞྀ་]ཆགས་པ་ཆེན་པོ་[མཁའ་ཁྱབ་]ལས་དེ་ནི་གོས་དཀར་མོ[མཁའ་ཁྱབ་]འོ། །[ཐ་མལ་པའི་]ཕྲག་དོག་[གདོད་ནས་]ཟད་པའི་[གཞི་]ཕྲག་དོག་ཆེན་པོ་[མཁའ་ཁྱབ་]ལས་དེ་ནི་མཐའ་དག་ཡོན་ཏན་གཏེར་གྱུར་སྒྲོལ་མར་བྱུང་བར་གྱུར་ཏེ། དེ་ལྟར་[དེ་བཞིན་གཤེགས་མ་ལྔ་ནི་]ནམ་མཁའི་ཁམས་གཞན་དང་སའི་ཁམས་གཞན་དང་ཆུའི་ཁམས་གཞན་དང་མེའི་ཁམས་གཞན་དང་རླུང་གི་ཁམས་གཞན་ནོ། །ཞེས་པ་[འགོག་བདེན་གྱི་]ཁམས་ཀྱི་མཚན་ཉིད་དེ་སྒྲིབ་པ་[གདོད་ནས་]མེད་པའི་གཟུགས་དང་མི་འཕོ་བའི་བདེ་བ་ལས་[སྤྲོས་]སོ། །ཞེས་གྲུབ་བོ། །[དོན་དམ་]དུས་ཀྱི་འཁོར་ལོ་དང་སྣ་ཚོགས་ཡུམ་ཐབས་དང་ཤེས་རབ་གཅིག་ཏུ་[གདོད་ནས་]འདྲེས་པར་གྱུར་པ་སྣ་ཚོགས་གཟུགས་ཅན་[སྟོང་ཆེན་བདེ་ཆེན་]གཉིས་པོ་འདི་དག་ནི་ཡུལ་[གཞན་]དང་ཡུལ་ཅན་གཞན་རྣམས་ཐམས་ཅད་དུ་ཡང་བྱུང་བར་གྱུར་ཏེ་[འགོག་བདེན་གྱི་]དྲི་ལ་སོགས་པ་ཡུལ་གཞན་དེ་དག་[སེམས་དཔའ་དྲུག་]རྣམས་དང་[འགོག་བདེན་གྱི་]རྣ་བ་ལ་སོགས་པ་ཡུལ་ཅན་གཞན་དེ་དག་[སེམས་མ་དྲུག་]རྣམས་དང༌། [འགོག་བདེན་གྱི་]ངག་དང་ལག་པ་ལ་སོགས་པ་[ལས་ཀྱི་དབང་པོ་]གཞན་[ཁྲོ་བོ་དྲུག་]རྣམས་དང༌། [འགོག་བདེན་གྱི་]ལས་ཀྱི་དབང་པོའི་བྱ་བ་ལ་སོགས་པ་གཞན་[ཁྲོ་མོ་དྲུག་]རྣམས་ཏེ། དེ་ལྟར་ན་[འགོག་བདེན་གྱི་ལྷ་ཐམས་ཅད་ནི་]ཀུན་ནས་ཕྱག་དང་[ཀུན་ནས་]ཞབས་ལ་སོགས། །ཀུན་ཏུ་སྤྱན་དང་[ཀུན་ནས་]དབུ་དང་[ཀུན་ནས་]ཞལ། །ཀུན་ཏུ་ཐོས་ལྡན་འཇིག་རྟེན་དུ།།ཐམས་ཅད་ཁྱབ་པར་བྱས་ཏེ་བཞུགས[པ་ནི]། །རྡོ་རྗེ་སེམས་དཔའོ་ཞེས་སོ། །དེ་ལྟར། [འགོག་བདེན་དོན་དམ་ནི།]བདག་རིག་གཞན་རིག་[རྣམ་པ་དང་དབང་པོ་]ཐམས་ཅད་པ། །ཀུན་ལ་ཕན་པའི་གང་ཟག་མཆོག[གམ་གཞན་འགལ་འདུས་སྐྱོན་མེད་ཡིན་པས།]།འཇིག་རྟེན་དཔེ་ལས་འདས་པ་སྟེ། །[འགོག་བདེན་གྱི་]ཤེས་དང་ཤེས་བྱའི་བདག་པོ་མཆོག །ཅེས་དང༌། སྒྲུབ་ཐབས་ལེའུར་ཡང༌། འདིར་ཀུན་རྫོབ་ཀྱི་ཆོས་[གདོད་ནས་]འགགས་པར་གྱུར་པ་ན་གཞན་འདུ་བྱེད་[མཁའ་ཁྱབ་]ལ་སོགས་པ་དེ་དག་རྣམས་སོ། །དེས་ན་[འགོག་བདེན་གྱི་]འདུ་བྱེད་[གདོད་ནས་]རྣམ་པར་དག་པ[འི་གཞི་]ནི་དོན་ཡོན་གྲུབ་པ་[མཁའ་ཁྱབ་]སྟེ་[དེ་གང་ཟག་གིས་ཐོབ་པ་ནི་]འདུ་བྱེད་ཀྱི་སྒྲིབ་པ་[ལམ་བདེན་གྱིས་]ཟད་པས་སོ། །[ལམ་དང་བྲལ་ན་ནི་སངས་རྒྱས་བཞུགས་ཀྱང་མི་ཐོབ་སྟེ་འདི་ནི་སྐབས་ཐམས་ཅད་དུ་དྲན་དགོས་སོ། །འགོག་བདེན་གྱི་]ཚོར་བ་ནི་དྲི་མེད་ནོར་བུའི་ཕྱག་ཅེས་པ་རིན་ཆེན་འབྱུང་ལྡན་[མཁའ་ཁྱབ་]ཏེ་དང་ཡིག་ནི་སྡུད་པའི་དོན་ཏོ། །དེ་བཞིན་དུ་[འགོག་བདེན་གྱི་]འདུ་ཤེས་ནི་སྣང་བ་མཐའ་ཡས་སོ། །[འགོག་བདེན་གྱི་]གཟུགས་ཀྱི་ཕུང་པོ་ནི་འཁོར་ལོ་ཅན་ཞེས་པ་[མཁའ་ཁྱབ་]རྣམ་པར་སྣང་མཛད་དོ།།[ཕུང་པོ་གཞན་]འདི་དག་ནི་སླར་ཡང་མི་བསྐྱོད་པ་ལ་སོགས་པ་སྟེ། རི་བོང་ཅན་ཞེས་པ་ཁུ་བ་[གཞན་]དང༌། སྟོབས་ཞེས་བྱ་བ་ཤ་[གཞན་]དང་ཁྲག་[གཞན་]དང་གཅི་བ་[གཞན་]དང་བཤང་བ་[གཞན་]སྟེ་འདི་རྣམས་[གདོད་ནས་]རྣམ་པར་དག་ཅིང་སྒྲིབ་པ་[གདོད་ནས་]མེད་པས་[འགོག་བདེན་གྱི་]རྣམ་པར་ཤེས་པ་ལ་སོགས་པའི་ཕུང་པོ[གཞན་]ལྔ་[གདོད་ནས་]རྣམ་པར་དག་པར་འགྱུར་རོ། །དེ་བཞིན་དུ་[འགོག་བདེན་གྱི་]ལྷ་མོ་དྲུག་ཅེས་པ་སྣ་ཚོགས་ཡུམ་[མཁའ་ཁྱབ་]དང༌། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་[མཁའ་ཁྱབ་]དང༌། སྒྲོལ་མ་[མཁའ་ཁྱབ་]དང༌། གོས་དཀར་མོ་[མཁའ་ཁྱབ་]དང༌། མཱ་མ་ཀཱི་[གདོད་ནས་]དང༌། སྤྱན་མ་[མཁའ་ཁྱབ་]སྟེ་ཁམས་[གཞན་]རྣམས་ཀྱིས་ཞེས་པ་[ཀུན་རྫོབ་ཀྱི་]ཡེ་ཤེས་དང་ནམ་མཁའ་དང་རླུང་དང་མེ་དང་ཆུ་དང་སའི་ཁམས་རྣམས་[གདོད་ནས་]འགགས་པས་གཞན་[འགོག་བདེན་གྱི་]ཁམས་[དྲུག་པོ་]དེ་དག་རྣམས་[གདོད་ནས་]རྣམ་པར་དག་པར་འགྱུར་རོ། །ཡུལ་དང་ཡུལ་ཅན་རྣམས་ཀྱིས་ཞེས་པ་[འགོག་བདེན་གྱི་]གཟུགས་ལ་སོགས་པ་ཡུལ་དྲུག་དང་[འགོག་བདེན་གྱི་]མིག་ལ་སོགས་པ་ཡུལ་ཅན་[གདོད་ནས་]རྣམ་པར་དག་པ་རྣམས་ཀྱིས་གཞན་གཟུགས་ལ་སོགས་པ་དེ་རྣམས་དང་གཞན་མིག་ལ་སོགས་པ་དེ་རྣམས་[གདོད་ནས་]རྣམ་པར་དག་པ་ནི། [འགོག་བདེན་གྱི་]གཟུགས་རྡོ་རྗེ་མ་[མཁའ་ཁྱབ་]ལ་སོགས་པ་[དྲུག་]རྣམས་དང་ལྷན་ཅིག་ཏུ་[འགོག་བདེན་གྱི་]སའི་སྙིང་པོ་[མཁའ་ཁྱབ་]ལ་སོགས་པ་[དྲུག་]སྟེ་[འགོག་བདེན་གྱི་]བྱང་ཆུབ་སེམས་དཔའ་ཕྱག་རྒྱར་བཅས་པ་དག་པའོ། །[འགོག་བདེན་གྱི་]ཁྲོ་བོ་ལྔ་ནི་[འགོག་བདེན་གྱི་]སྟོབས་རྣམས་ཀྱིས་ཞེས་པ་[འགོག་བདེན་གྱི་]དད་པའི་སྟོབས་[མཁའ་ཁྱབ་]དང༌།[འགོག་བདེན་གྱི་]བརྩོན་འགྲུས་ཀྱི་སྟོབས་[མཁའ་ཁྱབ་]དང༌། [འགོག་བདེན་གྱི་]དྲན་པའི་སྟོབས་[མཁའ་ཁྱབ་]དང་[འགོག་བདེན་གྱི་]ཏིང་ངེ་འཛིན་གྱི་སྟོབས་[མཁའ་ཁྱབ་]དང༌།[འགོག་བདེན་གྱི་]ཤེས་རབ་ཀྱི་སྟོབས་[མཁའ་ཁྱབ་]ཏེ་དད་པ་མེད་པ་དང༌། བརྩོན་འགྲུས་མེད་པ་དང༌། དྲན་པ་མེད་པ་དང༌། ཏིང་ངེ་འཛིན་མེད་པ་དང༌། ཤེས་རབ་མེད་པའི་སྒྲིབ་པ་[གདོད་ནས་]ཟད་པས་[འགོག་བདེན་གྱི་]དད་པ་ལ་སོགས་པའི་སྟོབས་[མཁའ་ཁྱབ་]རྣམས་སུ་འགྱུར་ཏེ། [འགོག་བདེན་གྱི་]སྟོབས་དེ་རྣམས་ཀྱིས་[མི་མཐུན་ཕྱོགས་རྣམས་གདོད་ནས་]རྣམ་པར་དག་པ་ནི་[འགོག་བདེན་གྱི་]གཙུག་ཏོར་[མཁའ་ཁྱབ་]དང༌། [འགོག་བདེན་གྱི་]བགེགས་མཐར་བྱེད་[མཁའ་ཁྱབ་]དང་[འགོག་བདེན་གྱི་]ཤེས་རབ་མཐར་བྱེད་[མཁའ་ཁྱབ་]དང་[འགོག་བདེན་གྱི་]པད་མ་མཐར་བྱེད་[མཁའ་ཁྱབ་]དང༌།[འགོག་བདེན་གྱི་]གཤིན་རྗེ་མཐར་བྱེད་[མཁའ་ཁྱབ་]དེ་[འགོག་བདེན་གྱི་]ཁྲོ་བོའི་རྒྱལ་པོ་[མཁའ་ཁྱབ་]རྣམས་[གདོད་ནས་]དག་པའོ། །[དེ་རྣམས་ནི་འགོག་བདེན་གྱི་ཐུགས་དཀྱིལ་གྱི་ལྷ་སྟེ་གཙུག་ཏོར་ནི་མ་གཏོགས་སོ།།]ངེས་པར་སླར་ཡང་གཞན་པ་ཞེས་པ་[འགོག་བདེན་གྱི་]གནོད་མཛེས་རྒྱལ་པོ་[མཁའ་ཁྱབ་]དང་[འགོག་བདེན་གྱི་]དབྱུག་པ་སྔོན་པོ་[མཁའ་ཁྱབ་]དང་[འགོག་བདེན་གྱི་]འདོད་པའི་རྒྱལ་པོ་[མཁའ་ཁྱབ་]དང་[འགོག་བདེན་གྱི་]མི་གཡོ་བ་[མཁའ་ཁྱབ་]དང་[འགོག་བདེན་གྱི་]སྟོབས་པོ་ཆེ་[མཁའ་ཁྱབ་]ནི་[འགོག་བདེན་གྱི་]བྷ་ག་[མཁའ་ཁྱབ་]དང་[འགོག་བདེན་གྱི་]ངག་[མཁའ་ཁྱབ་]དང་[འགོག་བདེན་གྱི་]ལག་པ་[མཁའ་ཁྱབ་]དང་[འགོག་བདེན་གྱི་]རྐང་བ་[མཁའ་ཁྱབ་]དང༌།[འགོག་བདེན་གྱི་]བཤང་ལམ་གྱི་ལས་ཀྱི་དབང་པོ་[མཁའ་ཁྱབ་]ལྔ་པོ་རྣམས་ཀྱིས་ཏེ། [འགོག་བདེན་གྱི་]ལས་ཀྱི་དབང་པོའི་བྱ་བ་[མཁའ་ཁྱབ་]རྣམས་ཀྱིས་[འགོག་བདེན་གྱི་]དྲག་སྤྱན་མ་[མཁའ་ཁྱབ་]ལ་སོགས་པ་དང་ལྷན་ཅིག་[གདོད་ནས་]ཡོངས་སུ་དག་པའོ། །[དེ་རྣམས་ནི་གཙུག་ཏོར་དང་ལྷན་ཅིག་སྐུ་དཀྱིལ་གྱི་ཁྲོ་བོ་ཁྲོ་མོ་རྣམས་སོ། །དེ་ནས་གསུངས་དཀྱིལ་དུ་]ཙཱ་མུཎ་ཌཱ་སོགས་[འགོག་བདེན་གྱི་]ཐུན་[ཚོད་]བརྒྱད་ཀྱིས་སོ། །[འགོག་བདེན་གྱི་]པད་མ[བརྒྱད་པོ]འི་འདབ་མར་གནས་པ་[འགོག་བདེན་གྱི་]འཇིགས་མ་[མཁའ་ཁྱབ་]ལ་སོགས་པ་[འགོག་བདེན་གྱི་རྣལ་འབྱོར་མ་དྲུག་ཅུ་པོ་]རྣམས་[འགོག་བདེན་གྱི་]ཉི་མའི་དུས་སྦྱོར་[ཏེ་དུས་སྦྱོར་བཅུ་གཉིས་ཀྱི་]ཆུ་ཚོད་དྲུག་ཅུ་རྣམས་ཀྱིས་སོ། །[ལྷག་མ་]བཞི་ནི་སྟོང་པའི་འདབ་མ་[བཞི་གདོད་ནས་]རྣམ་པར་དག་པས་སོ། །[ལྟེ་བ་]སྤྲུལ་པའི་འཁོར་ལོའི་སྒྲིབ་པ་[གདོད་ནས་]ཟད་པས་གཞན་ཙཱར་ཙི་ཀཱ་ལ་སོགས་པ་[གཙོ་མོ་བརྒྱད་]དང་གཞན་འཇིགས་མ་ལ་སོགས་པ[འཁོར་དྲུག་ཅུ་རྩ་བཞི]འོ་ཞེས་པ་[གདོད་ནས་]དག་པའོ། །[སྐུ་དཀྱིལ་དུ་འགོག་བདེན་གྱི་]ལྷ་མིན་ལ་སོགས་ཞེས་པ་[འགོག་བདེན་གྱི་]བདེན་བྲལ་[མཁའ་ཁྱབ་]དང་[འགོག་བདེན་གྱི་]རླུང་[མཁའ་ཁྱབ་]དང་[འགོག་བདེན་གྱི་]མེ་[མཁའ་ཁྱབ་]དང་[འགོག་བདེན་གྱི་]གདོང་དྲུག་པ་[མཁའ་ཁྱབ་]དང་[འགོག་བདེན་གྱི་]རྒྱ་མཚོ་[མཁའ་ཁྱབ་]དང་[འགོག་བདེན་གྱི་]ཚོགས་ཀྱི་དབང་པོ་[མཁའ་ཁྱབ་]དང་[འགོག་བདེན་གྱི་]བརྒྱ་བྱིན་[མཁའ་ཁྱབ་]དང་[འགོག་བདེན་གྱི་]ཚངས་པ་[མཁའ་ཁྱབ་]དང་[འགོག་བདེན་གྱི་]དྲག་པོ་[མཁའ་ཁྱབ་]དང་[འགོག་བདེན་གྱི་]གནོད་སྦྱིན་[མཁའ་ཁྱབ་]དང་[འགོག་བདེན་གྱི་]ཁྱབ་འཇུག་[མཁའ་ཁྱབ་]དང་[འགོག་བདེན་གྱི་]གཤིན་རྗེ་[མཁའ་ཁྱབ་]རྣམས་ནི་[འགོག་བདེན་གྱི་]ནག་པའི་ཟླ་བ་[མཁའ་ཁྱབ་]དང་[འགོག་བདེན་གྱི་]ས་གའི་ཟླ་བ་[མཁའ་ཁྱབ་]དང་[འགོག་བདེན་གྱི་]སྣྲོན་གྱི་ཟླ་བ་[མཁའ་ཁྱབ་]དང་[འགོག་བདེན་གྱི་]ཆུ་སྟོད་ཀྱི་ཟླ་བ་[མཁའ་ཁྱབ་]དང་[འགོག་བདེན་གྱི་]གྲོ་བཞིན་གྱི་ཟླ་བ་[མཁའ་ཁྱབ་]དང་[འགོག་བདེན་གྱི་]ཁྲུམས་སྟོད་ཀྱི་ཟླ་བ་[མཁའ་ཁྱབ་]དང་[འགོག་བདེན་གྱི་]ཐ་སྐར་གྱི་ཟླ་བ་[མཁའ་ཁྱབ་]དང་[འགོག་བདེན་གྱི་]སྨིན་དྲུག་གི་ཟླ་བ་[མཁའ་ཁྱབ་]དང་[འགོག་བདེན་གྱི་]མགོའི་ཟླ་བ་[མཁའ་ཁྱབ་]དང་[འགོག་བདེན་གྱི་]རྒྱལ་གྱི་ཟླ་བ་[མཁའ་ཁྱབ་]དང་[འགོག་བདེན་གྱི་]མཆུའི་ཟླ་བ་[མཁའ་ཁྱབ་]དང་[འགོག་བདེན་གྱི་]དབོའི་ཟླ་བ་[མཁའ་ཁྱབ་]སྟེ་བཅུ་གཉིས་པོ་[མཁའ་ཁྱབ་]རྣམས་ཀྱི་སྒྲིབ་པ་[གདོད་ནས་]ཟད་པས་དག་པའོ། །[ལྷ་བཅུ་གཉིས་པོ་]དེ་རྣམས་ཀྱི་པད་མའི་འདབ་མར་གནས་[པ་སུམ་བརྒྱ་བཞི་བཅུ་རྩ་བརྒྱད་པོ་]རྣམས་[ཐུགས་དཀྱིལ་གྱི་མཆོད་པའི་ལྷ་མོ་]སྒེག་མོ་ལ་སོགས་པ་[བཅུ་གཉིས་]དང་ལྡན་པ་སུམ་བརྒྱ་དྲུག་ཅུ་ནི་ཆུ་ཚོད་[གཅིག་གི་]དབུགས་ཀྱི་གྲངས་ཀྱི་[སྟེ་སུམ་བརྒྱ་དྲུག་ཅུའི་]ཉིན་ཞག་[གཞན་]རྣམས་ཀྱིས་ཏེ། ཉིན་ཞག་སུམ་བརྒྱ་དྲུག་ཅུའི་སྒྲིབ་པ་[གདོད་ནས་]ཟད་པས་དག་པ་གཞན་[འགོག་བདེན་གྱི་]ལྷ་[གཙོ་བོ་བཅུ་གཉིས་པོ་]དེ་རྣམས་དང་གཞན་འདབ་མའི་ལྷ་མོ་[སྒེག་སོགས་དང་བཅས་པ་སུམ་བརྒྱ་དྲུག་ཅུ་པོ་]དེ་རྣམས་སོ་ཞེས་པ་[གདོད་ནས་]དག་པའོ། །[འགོག་བདེན་གྱི་]གསང་བར་མི་བདག་[སྟཻ་བཅུ་དྲུག་]ཉིས་འགྱུར་[གྱི་]ཆུ་ཚོད་[གཞན་]རྣམས་ཀྱིས་[འགོག་བདེན་གྱི་]ཀླུ་[བརྒྱད་]རྣམས་དང་ནི་གཏུམ་མོ་[བརྒྱད་]རྣམས་ཀྱང་[གདོད་ནས་]རྣམ་པར་དག །ཅེས་པ་[ཀླུ་དང་གཏུམ་མོ་བཅུ་དྲུག་པོ་ཐམས་ཅད་ལ་]ཤེས་རབ་དང་ཐབས་ཀྱི་དབྱེ་བས་ཉིས་འགྱུར་[སུམ་བཅུ་རྩ་གཉིས་]ཉིད་དོ། །དེ་བཞིན་འདོད་མ་ལ་སོགས་ཞེས་པ་ནི་འདིར་[འགོག་བདེན་གྱི་]འདོད་མ་སུམ་ཅུ་རྩ་དྲུག་དང་[འགོག་བདེན་གྱི་]ཕྱིར་འདོད་མ་སུམ་ཅུ་རྩ་དྲུག་སྔར་[གསུང་དཀྱིལ་དང་སྐུ་དཀྱིལ་གྱི་སྟེགས་བུ་ལ་]གསུངས་པ་རྣམས་རང་བཞིན་ཡོན་ཏན་དབང་གིས་[འགོག་བདེན་གྱི་]ལུས་ཀྱི་བྱ་བས་རྣམ་པར་དག་སྟེ་ལུས་ཀྱི་བྱ་བའི་སྒྲིབ་པ་[འགོག་བདེན་གྱི་]ཟད་པས་གཞན་[འགོག་བདེན་གྱི་]འདོད་མ་[རྣམས་དང་]ལ་སོགས་པ[འི་སྒྲས་ཕྱིར་འདོད་མ་]དེ་རྣམས་དག་པའོ། །[འགོག་བདེན་གྱི་]སྐྲ་[མཁའ་ཁྱབ་]རྣམས་ཀྱིས་ནི་[འགོག་བདེན་གྱི་]གྲུབ་པ་[མཁའ་ཁྱབ་]མཐའ་དག་གོ །སྒྲིབ་པ་[གདོད་ནས་]མེད་པའི་[འགོག་བདེན་གྱི་]བ་སྤུ་བྱེ་བ་ཕྲག་ཕྱེད་དང་བཅས་པའི་གསུམ་པོ་[མཁའ་ཁྱབ་]རྣམས་ཀྱིས་[འགོག་བདེན་གྱི་]དུར་ཁྲོད་དུ་[འགོག་བདེན་གྱི་]འབྱུང་པོའི་ཚོགས་[གདོད་ནས་]རྣམ་པར་དག་པ་སྟེ། དེ་ལྟར་གཞན་གྲུབ་པ་[མཁའ་ཁྱབ་]དེ་རྣམས་དང་གཞན་འབྱུང་པོ་[མཁའ་ཁྱབ་]དེ་རྣམས་སོ། །ཞེས་པ་སྟེ། [ཕྱི་ནས་རེ་རེའི་དབྱེ་བ་ཡིས། །ལྷ་རྣམས་ཀྱི་ནི་]དག་པའོ། །[འགོག་བདེན་གྱི་]དེ་ཉིད་ཉི་ཤུ་རྩ་བཞི་སྒྲིབ་པ་[གདོད་ནས་]མེད་པ་རྣམས་ཀྱིས་[འགོག་བདེན་གྱི་]གཙོ་བོའི་མཚོན་ཆ་རྡོ་རྗེ་[རལ་གྲི་རྩེ་གསུམ་]ལ་སོགས་པ་རྣམས་[གདོད་ནས་]དག་པ་སྟེ། [ཀུན་རྫོབ་ཀྱི་]རྣམ་པ་ཉི་ཤུ་རྩ་བཞིའི་རང་བཞིན་མེད་པའི་[གཞི་ཡིན་པའི་]ཕྱིར་རོ། །རང་བཞིན་ཡོན་ཏན་དབང་གིས་ཞེས་པ་ལ་རང་བཞིན་ནི་[ཀུན་རྫོབ་ཀྱི་]ས་ལ་སོགས་པའི་ཁམས་ཀྱི་ཚོགས་སོ། །དེ་རྣམས་ཀྱི་ཡོན་ཏན་ནི་[ཀུན་རྫོབ་ཀྱི་]ཡུལ་དྲུག་སྟེ། དེ་རྣམས་ཀྱི་སྒྲིབ་པ་[གདོད་ནས་]ཟད་པ་ལས་གཞན་[དོན་དམ་གྱི་]དྲི་ལ་སོགས་པའི་ཁམས་རྣམས་ཀྱིས་[འགོག་བདེན་གྱི་ལྷ་རྣམས་ཀྱི་]ཕྱིའི་ཕྱག་རྒྱ་[འཁོར་ལོ། རྣ་ཆ། མགུལ་རྒྱན། གདུ་བུ། སྐ་རགས། ཐལ་བའི་དོན་ཕར་ཕྱིན་]དྲུག་[གདོད་ནས་]རྣམ་པར་དག་པའོ། །རྡོ་རྗེ་ཞེས་པ་[འགོག་བདེན་གྱི་]སྐུ་[མཁའ་ཁྱབ་]དང་[འགོག་བདེན་གྱི་]གསུང་[མཁའ་ཁྱབ་]དང་[འགོག་བདེན་གྱི་]ཐུགས་[མཁའ་ཁྱབ་]དང་[འགོག་བདེན་གྱི་]ཡེ་ཤེས་[མཁའ་ཁྱབ་]ཀྱི་རྡོ་རྗེ་སྟེ། སད་པ་དང་རྨི་ལམ་དང་ཤིན་ཏུ་གཉིད་ལོག་པ་དང་བཞི་པའི་མཚན་ཉིད་[གདོད་ནས་]རྣམ་པར་དག་པ་རྣམས་ཀྱིས་སྒྲིབ་པ་[གདོད་ནས་]མེད་པའི་ཕྱིར་ནང་གི་ཕྱག་རྒྱ་རྣམས་[གདོད་ནས་]དག་པ་སྟེ། གཞན་[དོན་དམ་ཡེ་ཤེས་ཀྱི་]སྐུའི་ཕྱག་རྒྱ་བཞི་པོ་དེ་རྣམས་[གདོད་ནས་]རྣམ་པར་དག་པའོ། །རྡོ་རྗེ་འཛིན་པའི་ཐུགས་ཁར་ཞེས་པ་[འགོག་བདེན་གྱི་]དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཁར་ཟླ་བའི་སྟེང་དུ་ཡང་དག་པར་གནས་པའོ། །[འགོག་བདེན་གྱི་]དཔལ་ལྡན་རྡོ་རྗེ་ཅན་ནི་[དོན་དམ་སྟོང་ཆེན་དང་]ལྷན་ཅིག་སྐྱེས་པའི་དགའ་བ་[དོན་དམ་བདེ་ཆེན་]མཆོག་ཏུ་འགྱུར་བ་མེད་པའོ། །[འགོག་བདེན་གྱི་]སྣ་ཚོགས་ཡུམ་ནི་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ཀྱི་ཡེ་ཤེས་དུས་གསུམ་[དུས་མེད་]གཟིགས་པ་སྟེ་འཕོ་བའི་བདེ་བ་བརྟགས་པའི་སྒྲིབ་པ་[གདོད་ནས་]ཟད་པའི་ཕྱིར་རོ། །ཞེས་པ་[གདོད་ནས་]དག་པའོ། །རྣམ་གསུམ་སྲིད་གནས་ཞེས་པ་ནི་ཐམས་ཅད་དུ་ཐམས་ཅད་ཀྱི་ཚེ་[འགོག་བདེན་གྱི་]ཕུང་པོ་ལ་སོགས་པ་ཐམས་ཅད་[གདོད་ནས་]རྣམ་པར་དག་པ་སྟེ་སྒྲིབ་པ་ཐམས་ཅད་[གདོད་ནས་]ཟད་པའི་[གཞི་ཡིན་པའི་]ཕྱིར་རོ། །ཞེས་པ་བཅོམ་ལྡན་འདས་ཀྱི་ངེས་པའོ། །དེ་ལྟར་སྲིད་པ་[གཞན་ཡེ་ཤེས་རང་རིག་གིས་]ཡོངས་སུ་ཤེས་པ་ནི་མྱ་ངན་ལས་འདས་པ་[ཆེན་པོ་]ཞེས་བརྗོད་དོ། །ཞེས་པ་ལ་སོགས་པས་རང་སྟོང་དུ་གནས་པའི་ཕུང་པོ་ཁམས་སོགས་ལས་གཞན་པའི་ཕུང་པོ་ཁམས་སོགས་ཡེ་ཤེས་ཀྱི་ལྷ་ཡང་ཡིན་ལ་སྟོང་ཉིད་ཀྱང་ཡིན་པ་ཤིན་ཏུ་མང་བར་གསུངས་པའི་ཕྱིར་རང་སྟོང་ལས་གཞན་པའི་སྟོང་ཉིད་ཟབ་མོ་[གཤིས་ལ་]ཡོད་པར་གྲུབ་བོ། །དེ་བཞིན་དུ་གློ་བུར་དྲི་མའི་ཕུང་པོ་ཁམས་སོགས་རང་སྟོང་དུ་གནས་པ་རྣམས་འགགས་པས་བདེ་གཤེགས་སྙིང་པོའི་ཕུང་པོ་ཁམས་སོགས་ཡེ་ཤེས་ཀྱི་ལྷར་བཞུགས་པ་རྣམས་ཐོབ་པར་གསུངས་པ་འདིས་ཀྱང་སྦྱང་བྱ་དྲི་མ་ཟད་པས་སྦྱང་གཞི་བདེ་གཤེགས་སྙིང་པོ་མི་ཟད་པར་བསྟན་པ་ཡང་ཡིན་ནོ། །འཕགས་པ་རྡོ་རྗེ་སྙིང་པོའི་ཞལ་སྔ་ནས་ཀྱང༌། [ཀུན་རྫོབ་ཀྱི་]དངོས་པོའི་འཆིང་བ་དེ་ཡིས་[ཀུན་རྫོབ་ཀྱི་]རྣམ་པར་ཤེས་པ་དང་མིག་ལ་སོགས་པ་བཅིངས་པའོ། །དེ་ཡོངས་སུ་ཤེས་པས་གྲོལ་བར་འགྱུར་བ་ནི་[སྡུག་བསྔལ་དང་ཀུན་འབྱུང་གི་]ཡུལ་དང་དབང་པོ་དེ་རྣམས་[ལམ་བདེན་གྱིས་]འགགས་པ་ནི་ཡོངས་སུ་ཤེས་པ་ཞེས་བྱ[འི་གཟུངས་འཛིན་རང་སྟོང་དུ་ཤེས་པ་ཙམ་གྱིས་ནི་དེའི་གོ་མི་ཆོད་པ]འོ། །དེ་བས་ན་དངོས་པོ་ཉིད་ཀྱིས་གྲོལ་བར་འགྱུར་བ་[ཞེས་གསུངས་པ་]ནི་[འགོག་བདེན་མཐོང་བའི་]ལྷའི་མིག་ལ་སོགས་པ་རྣམས་ཀྱིས་[འགོག་བདེན་གྱི་]འདས་པ་དང་[འགོག་བདེན་གྱི་]མ་འོངས་པའི་ཡུལ་[ཡང་ཡིན་ལ་དུས་གསུམ་ལས་འདུས་པ་ཡང་ཡིན་པས་འགལ་འདུས་སྐྱོན་མེད་]རྣམས་མཐོང་བས་[ཀུན་རྫོབ་ཀྱི་]རྣམ་པར་ཤེས་པ་དྲུག་[གི་འཆང་བ་]དག་[ལས་]གྲོལ་བར་འགྱུར་རོ། །[གྲོལ་བའི་གཞིར་གྱུར་པའི་]རྣམ་པར་ཤེས་པ་དེ་ནི་[འགོག་བདེན་ཡིན་པས་ཀུན་རྫོབ་འདི་ལས་]གཞན་ཡིན་ནོ། །ཞེས་བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པས་སོ། །[ཡང་ན་དེ་རྣམས་རང་བཞིན་རྣམ་དག་ཉིད་དུ་བཤད་པར་བྱའོ།།]དེ་བཞིན་དུ་[འགོག་བདེན་གྱི་]གཟུགས་[དང་ཚོར་བ་]ལ་སོགས་པ་[ཕུང་པོ་ཁམས་སོགས་མཁའ་ཁྱབ་]དེ་དག་ཀྱང་[ཀུན་རྫོབ་འདི་ལས་]གཞན་[ཁོ་ན་ཡིན་གྱི་འདི་མ་འདྲེས་]ཞེས་བྱའོ། །དེའི་ཕྱིར་[དེ་ལྟ་བུའི་འགོག་བདེན་དེ་ནི་]ཐམས་ཅད་དུ་ནི་ཕྱག་དང་ཞབས། །ཐམས་ཅད་དུ་ནི་སྤྱན་ཞལ་དབུ། །འཇིག་རྟེན་ཀུན་སྒྲ་གསན་དང་ལྡན། །ཐམས་ཅད་ལ་ནི་[ནམ་མཁའ་ལྟར་]ཁྱབ་པར་བཞུགས[ཀྱང་རྣམ་ཤེས་ཀྱིས་མཐོང་བ་མི་སྲིད་དོ]། །ཞེས་གསུངས་ཏེ། [སྡུག་བསྔལ་ཀུན་འབྱུང་གི་]ཡུལ་དང་དབང་པོ་རྣམས་[ལམ་བདེན་གྱིས་]མ་འགགས་ན་བཅིངས་པ་དང༌། འགགས་ན་གྲོལ་བར་བསྟན་ཅིང༌། རྣམ་པར་ཤེས་པ་གཞན་ལ་སོགས་པ་དབང་པོ་ཐམས་ཅད་པའི་ཡེ་ཤེས་ཀྱི་སྐུ་ཀུན་ཁྱབ་ཏུ་བཞུགས་པར་གསུངས་པ་འདི་ཡང་རང་སྟོང་ལས་གཞན་པའི་སྟོང་ཉིད་ཟབ་མོ་ཡིན་ནོ། །དཔལ་ལྡན་དྲི་མ་དང་བྲལ་བའི་འོད་དུ་ཡང༌། ས་ལ་སོགས་པ་འདི་དག་གི་དབུས་སུ་[འགོག་བདེན་གྱི་]རྡོ་རྗེ་ཅན་ནི་རང་བཞིན་མིན་ཞིང་རྣམ་འགྱུར་མིན་ཏེ་ཁྱབ་བྱེད་རང་བཞིན་མེད་པའོ། །གང་གི་ཕྱིར་འཁོར་བའི་བག་ཆགས་ལས་[གདོད་ནས་]གྲོལ་བའི་[འགོག་བདེན་གྱི་]སེམས་ཀྱི་ཆོས་ཡིན་པ་དེའི་ཕྱིར་གང་སེམས་[གཤིས་ལ་]ཡོད་པའི་སེམས་[རང་བཞིན་འོད་གསལ་]དེ་ནི་[ཀུན་རྫོབ་ཀྱི་]སེམས་མ་ཡིན་ནོ། །ཞེས་འཁོར་བའི་སེམས་དང་[གདོད་ནས་]བྲལ་བ་[རང་བཞིན་གྱིས་]མྱ་ངན་ལས་འདས་པ[ཆེན་པོ]འི་སེམས་གཞན་[ཞིག་གཤིས་ལ་]ཡོད་པ་ནི་རྡོ་རྗེ་ཅན་གྱི་མིང་གིས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །ཞེས་དང༌། མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཅན་ནི་[སྡུག་བསྔལ་དང་ཀུན་འབྱུང་གི་]ཡུལ་དང་རྣམ་བྲལ་[འགོག་བདེན་གྱི་ཡུལ་ཏེ་དེ་ཡང་ཟླ་ཉིའི་]ཡོན་ཏན་[བརྒྱད་པོ་གདོད་ནས་]མེད་ལ་རང་བཞིན་མེད་པ[འི་གཞི]འོ། །ཞེས་པ་སྟེ། རྒྱས་པར་བླ་མ[ས་བཅུ་པ]འི་མན་ངག་ལས་ཁོང་དུ་ཆུད་པར་བྱའོ། །གཞན་ཡང་དེ་ཉིད་དུ། འདིར་[འགོག་བདེན་གྱི་]སེམས་ཀྱི་རྡོ་རྗེ་བཞི་[གདོད་ནས་]རྣམ་པར་དག་པ་ནི་[འགོག་བདེན་གྱི་]སྐུ་བཞིའི་མཚན་ཉིད་དུ་འགྱུར་ཏེ། ཟློག་པར་དཀའ་བའི་འདོད་ཆགས་ཀྱི་དྲི་མས་ཀུན་ནས་བསྒོས་པ་བྷ་ག་དང་དབང་པོ[སྦྱོར་བ]འི་བདག་ཉིད་བཞི་པའི་སེམས་ཀྱི་དངོས་པོ་[གདོད་ནས་]མེད་པའི་[གཞིར་གྱུར་པ་འགོག་བདེན་གྱི་བཞི་པའི་]སེམས་ནི་ངོ་བོ་ཉིད་ཀྱི་སྐུ་[མཁའ་ཁྱབ་]སྟེ་[རྒྱུད་དུ་]ཐམས་ཅད་མཁྱེན་པ་ཞེས་པ[འི་མིང་གིས་གསུངས་པ]འོ། །མུན་པས་ཟིལ་གྱིས་མནན་པ་ཤིན་ཏུ་གཉིད་ལོག་པའི་སེམས་ཀྱི་དངོས་པོ་[གདོད་ནས་]མེད་པའི་[གཞི་འགོག་བདེན་གྱི་གཉིད་སྟུག་གྀ་]སེམས་ནི་ཆོས་ཀྱི་སྐུ་[མཁའ་ཁྱབ་]སྟེ་[རྒྱུད་དུ་]ཡེ་ཤེས་སྐུ། ཞེས་པ[འི་མིང་གིས་གསུངས་པ]འོ། །སྲོག་[སྟེ་རླུང་]གིས་བསྐྱེད་པ་ཡོད་པ་དང་མེད་པའི་རྨི་ལམ་གྱི་སེམས་ཀྱི་དངོས་པོ་[གདོད་ནས་]མེད་པའི་[གཞི་འགོག་བདེན་གྱི་རྨི་ལམ་གྱི་]སེམས་ནི་ལོངས་སྤྱོད་རྫོགས་པའི་སྐུ་[མཁའ་ཁྱབ་]སྟེ་[རྒྱུད་དུ་]ཉིན་མོར་བྱེད་པའི་སྐུ་ཞེས་པ[འི་མིང་གིས་གསུངས་པ]འོ། །རྣམ་པར་རྟོག་པ་དུ་མའི་དངོས་པོའི་འདུ་ཤེས་སད་པའི་སེམས་ཀྱི་དངོས་པོ་[གདོད་ནས་]མེད་པའི་[གཞི་འགོག་བདེན་གྱི་སད་པའི་]སེམས་ནི་སྤྲུལ་པའི་སྐུ་[མཁའ་ཁྱབ་]སྟེ་[རྒྱུད་དུ་]པད་མའི་འདབ་མ་རྒྱས་པའི་སྤྱན་ཞེས་པ[འི་མིང་གིས་གསུངས་པ]འོ། །ཞེས་གསུངས་ཏེ། འདི་དག་གིས་ཀྱང་ཀུན་རྫོབ་རང་སྟོང་དང་དོན་དམ་གཞན་སྟོང་དུ་བསྟན་པ་ཡིན་ནོ། །ཇི་ལྟར་བསྟན་ཞེ་ན་[སྡུག་བསྔལ་དང་ཀུན་འབྱུང་གི་]བཞི་པའི་སེམས་ཀྱི་དངོས་པོ་ནི་གློ་བུར་དྲི་མ་ཡིན་པའི་ཕྱིར་རང་སྟོང་ངོ༌། །དེ་མེད་པའི་གཞི་དོན་དམ་བདེ་གཤེགས་སྙིང་པོ་འགྱུར་མེད་བདེ་བའི་སེམས་[འགོག་བདེན་གྱི་བཞི་པ་]ནི་ངོ་བོ་ཉིད་ཀྱི་སྐུ་སྟེ་ནམ་ཡང་མེད་པ་མ་ཡིན་ཞིང་གཙང་བ་དང་བདེ་བ་དང་རྟག་པ་དང་བདག་གི་མཐར་ཐུག་པ་ཡིན་པའི་ཕྱིར། རང་སྟོང་ནི་མ་ཡིན་ལ་སྟོང་པ་ཆེན་པོ་ཡང་ཡིན་པའི་ཕྱིར་གཞུང་འདིས་ཀྱང་དོན་དམ་པ་གཞན་སྟོང་དུ་གྲུབ་བོ། །དེ་བཞིན་དུ་[སྡུག་བསྔལ་དང་ཀུན་འབྱུང་གི་]གཉིད་སྟུག་དང་རྨི་ལམ་དང་སད་པའི་སེམས་ཀྱི་དངོས་པོ་རྣམས་ནི་རང་སྟོང་ངོ༌། །དེ་རྣམས་མེད་པའི་གཞི་དོན་དམ་བདེ་གཤེགས་སྙིང་པོའི་ཐུགས་དང་གསུང་དང་སྐུའི་སེམས་[འགོག་བདེན་གྱི་གཉིད་སྟུག་དང་རྨི་ལམ་དང་སད་པ་]རྣམས་ནི་[རིམ་པ་ལྟར་]ཆོས་ཀྱི་སྐུ་དང་[དོན་དམ་གྱི་]ལོངས་སྤྱོད་རྫོགས་པའི་སྐུ་དང་སྤྲུལ་པའི་སྐུ་དོན་དམ་པས་བསྡུས་པ་དག་སྟེ་དེ་རྣམས་ཀྱང་གཞན་སྟོང་ངོ༌། །འདིར་སེམས་ཀྱི་དངོས་པོ་མེད་པའི་སེམས་ཞེས་པ་ལན་བཞི་གསུངས་པ་འདི་རྣམས་ཀྱང་སྔར་སྨོས་པའི། གང་ཞིག་གང་ན་མེད་པ་དེ་དེས་སྟོང་ངོ༌། །དེ་ལ་ལྷག་མ་གང་ཡིན་པ་དེ་རྟག་ཏུ་ཡོད་དོ། །ཞེས་སོགས་དང་ཤིན་ཏུ་མཐུན་ཏེ། [གཤིས་ལ་]ཡོད་མེད་ཤེས་ཚུལ་ཡང་དེ་བཞིན་ནོ། །འདི་དག་གིས་ནི་སྦྱང་བྱའི་དྲི་མ་དང་སྦྱང་བའི་གཞི་ཐ་དད་པར་ཡང་བསྟན་ཞིང༌། དེ་ཡང་ལྡོག་པ་ཐ་དད་པ་ཙམ་ནི་མ་ཡིན་ཏེ། བཅོས་མ་གློ་བུར་བ་དང་རང་བཞིན་གཉུག་མའི་ཁྱད་པར་ཡོད་པའི་ཕྱིར་དང༌། ཀུན་རྫོབ་དང་དོན་དམ་པའི་ཁྱད་པར་ཡོད་པའི་ཕྱིར་དང༌། ཆོས་དང་ཆོས་ཉིད་ཀྱི་ཁྱད་པར་ཡོད་པའི་ཕྱིར་དང༌། མཐའ་དང་དབུས་ཀྱི་ཁྱད་པར་ཡོད་པའི་ཕྱིར་དང༌། གཞན་བྱུང་དང་རང་བྱུང་གི་ཁྱད་པར་ཡོད་པའི་ཕྱིར་དང༌། ཀུན་བརྟགས་གཞན་དབང་དང་ཆོས་ཉིད་ཡོངས་གྲུབ་ཀྱི་ཁྱད་པར་ཡོད་པའི་ཕྱིར་དང༌། རྣམ་ཤེས་དང་ཡེ་ཤེས་ཀྱི་ཁྱད་པར་ཡོད་པའི་ཕྱིར་དང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཁྱད་པར་ཡོད་པའི་ཕྱིར་དང༌། འདུས་བྱས་དང་འདུས་མ་བྱས་ཀྱི་ཁྱད་པར་ཡོད་པའི་ཕྱིར་དང༌། སྡུག་བསྔལ་དང་བདེ་བའི་ཁྱད་པར་ཡོད་པའི་ཕྱིར་དང༌། ཟག་བཅས་དང་ཟག་མེད་ཀྱི་ཁྱད་པར་ཡོད་པའི་ཕྱིར་དང༌། ཆོས་སྐུའི་ཡོན་ཏན་མ་ཚང་བ་དང་ཚང་བའི་ཁྱད་པར་ཡོད་པའི་ཕྱིར་དང༌། གཞོམ་དུ་རུང་བ་དང་མི་རུང་བ་ལ་སོགས་པ་ཁྱད་པར་ཆེས་ཆེ་བ་མང་པོའི་སྒོ་ནས་ཁྱད་ཞུགས་པའི་ཕྱིར་རོ། །དེ་བཞིན་དུ་[ཡུམ་ལ་སོགས་པར་]སེམས་གང་ཞིག་[གཤིས་ལ་]ཡོད་[པ་དོན་དམ་]པའི་སེམས་དེ་ནི་[ཀུན་རྫོབ་ཀྱི་]སེམས་[སུ་]མེད་པ་ཞེས་རང་བཞིན་འོད་གསལ་གྱི་སེམས་ཡང་དང་ཡང་དུ་གསུངས་པ་ལས་ཀྱང་དོན་དམ་གཞན་སྟོང་གསུངས་པར་ཁོང་དུ་ཆུད་དེ། འདིར་དོན་དམ་གྱི་སེམས་ནི་[གཤིས་ཀྱི་]གནས་ལུགས་ལ་ཡོད་པའི་སེམས་སོ། །ཀུན་རྫོབ་ཀྱི་སེམས་ནི་[གཤིས་ཀྱི་]གནས་ལུགས་ལ་མེད་པའི་སེམས་སོ། །དེའི་ཕྱིར་སེམས་གང་ཞིག་ཡོད་པའི་སེམས་ཞེས་པ་དོན་དམ་བྱང་ཆུབ་ཀྱི་སེམས་རང་བཞིན་འོད་གསལ་བ་སྟེ། སེམས་ཅན་ཀུན་གྱི་[སེམས་ཆུང་ངུ་ཀུན་རྫོབ་ཀྱི་སེམས་ལ་ཁྱབ་པའི་]སེམས་ཆེན་པོ[དོན་དམ་གྱི་སེམས་ཏེ]། །[དེ་ནི་]རང་བཞིན་[གྱིས་]དག་ཅིང་དྲི་མ་མེད། །ཅེས་[གསང་འདུས་སུ་]གསུངས་པ་ཡང་[འགོག་བདེན་གྱི་སེམས་]དེ་ཡིན་ནོ། །དེ་ནི་[ཀུན་རྫོབ་ཀྱི་]སེམས་མེད་པ་ཞེས་པ་རང་གི་ངོ་བོར་སེམས་དང་ཡིད་དང་རྣམ་པར་ཤེས་པ་མེད་པ་སྟེ་རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར་རོ། །དེས་ན་ཀུན་རྫོབ་རང་སྟོང་གི་སེམས་ཀྱིས་སྟོང་པའི་གཞི་ལ་དོན་དམ་གཞན་སྟོང་གི་སེམས་རང་བཞིན་པ་རྟག་ཏུ་བཞུགས་པར་དགོངས་སོ། །དེ་བཞིན་དུ་[ཀུན་རྫོབ་ཀྱི་]སེམས་མེད་པའི་[གཞི་དོན་དམ་གྱི་]སེམས་ཀྱི་རྡོ་རྗེ་ཞེས་གསུངས་པའི་དོན་ཡང་སྔ་མ་དང་མཐུན་པར་ཁོང་དུ་ཆུད་པར་བྱ་སྟེ། འདིར་ཀུན་རྫོབ་ཀྱི་སེམས་མེད་པའི་གཞི་སེམས་ཀྱི་རྡོ་རྗེ་ནི་རྡོ་རྗེའི་སེམས་ཏེ། མི་ཆོད་པ་དང་མི་ཤིགས་པ་ཆེན་པོ་དོན་དམ་པའི་སེམས་སོ། །དེ་བཞིན་དུ་ལུས་མེད་ལུས་དང་སྲིད་མེད་སྲིད་པ་དང་གཟུགས་མེད་གཟུགས་བཟང་དང་རྣམ་པ་ཀུན་ལྡན་རྣམ་པ་མེད་པ་ལ་སོགས་པ་འགལ་འདུས་སྐྱོན་མེད་ཀྱི་གསུང་མང་པོས་སྟོང་གཞི་དོན་དམ་གཞན་སྟོང་ཟབ་མོ་འཇིག་རྟེན་དཔེ་ལས་འདས་པ་ཡང་ཡང་བསྟན་ལ། དགོངས་པ་ལུང་སྟོན་པའི་རྒྱུད་དུ་ཡང༌། མ་རིག་པ་དང་འདུ་བྱེད་དང༌།།རྣམ་པར་ཤེས་དང་མིང་དང་གཟུགས། །སྐྱེ་མཆེད་དྲུག་དང་རེག་པ་དང༌། །ཚོར་བ་དང་ནི་སྲེད་པ་དང༌། །ཉེར་ལེན་སྲིད་པ་སྐྱེ་བ་དང༌། །རྒ་ཤི་ཞེས་བྱ་རིག་མ་ཡིན། །ང་རྒྱལ་[དང་]ཆེ་བའི་ང་རྒྱལ་དང༌། །ངའོ་སྙམ་པའི་[ང་རྒྱལ་དང་]མངོན་[པའི་]ང་རྒྱལ[དང་]། །གཞན་ཡང་ང་རྒྱལ་[ལས་ཀྱང་]ང་རྒྱལ་དང༌། །ཅུང་ཟད་[སྙམ་པའི་]ང་རྒྱལ་[དང་]ལོག་པ[འི་ང་རྒྱལ་དང་]ར་བཅས[པ]། །འདི་དག་[ལ་ཡང་བདེན་གཉིས་རྣམ་དབྱེ་ཤེས་དགོས་ཤིང་དོན་དམ་གྱི་མ་རིག་པ་ལ་སོགས་པ་ནི་]རྡོ་རྗེའི་མཐའ་ཅན་[ནམ་ཆོས་ཉིད་ཀྱི་མཐའ་ཅན་ལ་སོགས་པ་གསུངས་ཏེ་དེ་ནི་ཀུན་རྫོབ་ཐམས་ཅད་ལས་]མཆོག [དང་གཞན་དང་ཕ་རོལ་ལོ།]།ཅེས་དང༌། སངས་རྒྱས་ཐམས་ཅད་ཀྱི་དཔལ་འདུས་པར་ཡང༌། མདོར་ན་[འགོག་བདེན་དོན་དམ་པའི་]ཕུང་པོ་ལྔ་རྣམས་ནི། །[འགོག་བདེན་གྱི་]སངས་རྒྱས་ལྔར་ནི་རབ་ཏུ་བསྒྲགས། །རྡོ་རྗེའི་སྐྱེ་མཆེད་[མཁའ་ཁྱབ་]ཉིད་དག་ཀྱང༌། །[འགོག་བདེན་གྱི་]བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །ཅེས་དང༌། [འགོག་བདེན་གྱི་]ས་ནི་སྤྱན་[མ་]ཞེས་བྱ་བ་ཡིན། །[འགོག་བདེན་གྱི་]ཆུ་ཡི་ཁམས་ནི་མཱ་མ་ཀཱི། །[གོས་]དཀར་[མོ་]དང་སྒྲོལ་མ་ཞེས་བྱ་བ། །[འགོག་བདེན་གྱི་]མེ་དང་རླུང་དུ་རབ་ཏུ་བསྒྲགས། །[འགོག་བདེན་གྱི་]མཁའ་དབྱིངས་རྡོ་རྗེའི་དམ་ཚིག་ནི། །རྡོ་རྗེ་འཛིན་པ་[མཁའ་ཁྱབ་]དེ་ཉིད་ཡིན། །ཞེས་སོགས་ཀྱིས་ཀྱང་བཅོས་མ་གློ་བུར་བའི་ཕུང་པོ་ཁམས་སོགས་ཀྱིས་གདོད་ནས་སྟོང་པའི་གཞི་རང་བཞིན་གཉུག་མ་ཆོས་ཉིད་ཀྱི་ཕུང་པོ་ཁམས་སོགས་རང་བཞིན་གྱིས་རྣམ་པར་དག་པ་རྒྱ་ཆེར་གསུངས་ཏེ། གཞན་དང་མཆོག་དང་ཕ་རོལ་དང་དམ་པའོ། །དེ་ལྟར་དོན་དམ་བདེན་པ་ནི་ཕྱི་ནང་ཀུན་རྫོབ་དམན་པ་འདི་ལས་གཞན་ནམ་ཕ་རོལ་ཏེ་དམ་པ་དང་མཆོག་གོ །དེ་ཡང་རྒྱུད་སྡེ་ཁྱད་འཕགས་དག་ཏུ། ཇི་ལྟར་ཕྱི་རོལ་དེ་བཞིན་ནང༌། །ཇི་ལྟར་ནང་ལ་དེ་བཞིན་གཞན། །ཞེས་འབྲུའི་ཤུན་པའི་ཕྱིའི་ཆ་དང་ནང་གི་ཆ་དང་འབྲུའི་སྙིང་པོ་རྣམས་ངོ་བོ་མི་གཅིག་ཀྱང་རྣམ་པ་མཚུངས་པར་གནས་པ་ཇི་ལྟ་བ་དེ་བཞིན་དུ། ཕྱི་སྣོད་ཀྱི་འཇིག་རྟེན་འདི་དང་ནང་བཅུད་ཀྱི་སེམས་ཅན་འདི་དང་[འདི་དག་ལས་]གཞན་བདེ་གཤེགས་སྙིང་པོ་དེ་བཞིན་ཉིད་ཀྱང་ངོ་བོ་མི་གཅིག་མོད་ཀྱི་རྣམ་པ་མཚུངས་པར་གསུངས་ལ། ཚུལ་འདི་ནི་དབུ་མ་ཆེན་པོའི་གཞུང་གཞན་དག་ཏུ། ཇི་ལྟར་སྣང་བ་འདི་ཁོ་ན། །ཀུན་རྫོབ་གཞན་ནི་གཅིག་ཤོས་ཡིན། །ཞེས་[དབུ་མ་བདེན་གཉིས་ལས་]གསུངས་པ་དང་ཡང་དོན་གཅིག་ཏུ་གནས་པ་ཡིན་ཏེ། ཇི་ལྟར་སྣང་བ་འདི་ཞེས་པ་ནི་རྣམ་ཤེས་ལ་སྣང་བའི་ཕྱི་ནང་འདི་ཀུན་རྫོབ་བོ། །འདི་ལས་གཞན་ནི་ཞེས་པ་ཆོས་ཀུན་རྫོབ་པ་འདི་ལས་གཞན་ཆོས་ཉིད་དོན་དམ་པ་སྟེ་ཕ་རོལ་ལམ་མཆོག་གམ་དམ་པའོ། །དེ་ནི་བདེན་པ་གཉིས་ལས་ཀུན་རྫོབ་བདེན་པའི་གཅིག་ཤོས་དོན་དམ་བདེན་པ་སྟེ། དེའི་ཕྱིར་གཅིག་ཤོས་ཡིན་ཞེས་པའོ། །དེ་ལྟར་དོན་དམ་གང་ཡིན་པ་དེ་ཀུན་རྫོབ་ལས་གཞན་དུ་གསུངས་པ་འདིས་ཀྱང་འགའ་ཞིག་བདེན་གཉིས་དབྱེར་མེད་དུ་འདོད་པ་བསལ་བ་ཡིན་ནོ། །ཡང་ཁ་ཅིག་རྣམ་ཤེས་ལ་སྣང་བའི་དངོས་པོ་འདི་ཀུན་རྫོབ་དང༌། དེ་དེ་ཉིད་ཀྱིས་སྟོང་པའི་ཆ་དོན་དམ་བདེན་པར་འདོད་པ་རྣམས་ནི་ཤིན་ཏུ་འཁྲུལ་ཏེ། རང་སྟོང་གང་ཡིན་པ་དེ་དོན་དམ་བདེན་པ་ཡིན་མི་སྲིད་ཅིང༌། དོན་དམ་བདེན་པ་གང་ཡིན་པ་དེ་རང་སྟོང་ཡིན་མི་སྲིད་པའི་ཕྱིར་དང༌། དེ་དག་གི་ཤེས་བྱེད་རྣམ་དག་མང་དུ་བཤད་ཅིང་འཆད་པར་འགྱུར་བའི་ཡང་ཕྱིར་རོ། །དེ་བཞིན་དུ་སྣང་བ་གང་ཡིན་ཀུན་རྫོབ་དང་སྟོང་པ་གང་ཡིན་དོན་དམ་དུ་འདོད་པ་ཡང་བབ་བཅོལ་ཏེ། ཀུན་རྫོབ་ལ་ཡང་སྣང་སྟོང་གཉིས་དང༌། དོན་དམ་ལ་ཡང་སྣང་སྟོང་གཉིས་ཚང་བའི་ཕྱིར་ཏེ། ཆོས་ཉིད་ཀྱི་སྣང་བ་ཡང་ཀུན་རྫོབ་ཡིན་པར་ཐལ་བ་དང༌། ཀུན་རྫོབ་སྟོང་ཉིད་ཀྱང་དོན་དམ་ཡིན་པར་ཧ་ཅང་ཐལ་བས་གནོད་པའི་ཕྱིར་རོ། །འདི་དག་གི་ཤེས་བྱེད་གཞན་ནི་མན་ངག་གཞན་དུ་ཡང་བསྟན་པར་བྱའོ། །

དེ་རྣམས་རང་སྟོང་དང་དོན་གཅིག་ཏུ་དོགས་པའི་མཐའ་མང་པོ་བསལ་བ།

གལ་ཏེ་རང་སྟོང་དང་ཆོས་ཀྱི་དབྱིངས་རྣམ་གྲངས་མ་ཡིན་ན། དཀོན་མཆོག་བརྩེགས་པར། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དབྱེར་མེད་པར་བསྟན་པའི་མདོར། བཙུན་པ་ཤཱ་ར་དྭ་ཏིའི་བུ་ཀུན་ནས་ཉོན་མོངས་པ་[གཞན་]དེ་ཡང་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཉིད་ཡིན་པས་ཀུན་ནས་ཉོན་མོངས་པ་[གཞན་དེ་]ཉིད་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་[སོ་སོ་རང་རིག་ཡེ་ཤེས་ཀྱིས་]ཡོངས་སུ་ཤེས་པ་གང་ཡིན་པ་དེ་ཉིད་རྣམ་པར་བྱང་བ་ཞེས་བྱ་སྟེ། ཞེས་གསུངས་པ་ཇི་ལྟར་དྲང་ཞེ་ན། འདི་ཡང་སྔར་བསྟན་པ་བཞིན་དུ་ཉོན་མོངས་པའི་དེ་བཞིན་ཉིད་དམ། དེ་བཞིན་ཉིད་ཀྱི་ཉོན་མོངས་པ་ལ་དགོངས་ནས་གསུངས་པ་སྟེ། དགོས་པ་ནི་སྔར་བསྟན་པ་བཞིན་ནོ། །དེ་བཞིན་དུ། བློ་གྲོས་མི་ཟད་པས་བསྟན་པའི་མདོར། [འགོག་བདེན་དོན་དམ་གྱི་]ཉོན་མོངས་པ་འདི་དག་[སོ་སོ་རང་རིག་ཡེ་ཤེས་ཀྱིས་]རྟོགས་པའི་ཕྱིར་[འགོག་བདེན་དོན་དམ་གྱི་]བྱང་ཆུབ་སྟེ། [འགོག་བདེན་དོན་དམ་གྱི་]ཉོན་མོངས་པའི་ངོ་བོ་ཉིད་གང་ཡིན་པ་[འགོག་བདེན་དོན་དམ་གྱི་]བྱང་ཆུབ་ཀྱི་ངོ་བོ་ཉིད་དེ་ཡིན་ནོ། །ཞེས་དེ་འདི་ལྟ་བུར་དྲན་པ་མངོན་དུ་གཞག་ཀྱང་གང་ལ་ཡང་ཉེ་བར་མི་འཇོག་རབ་ཏུ་མི་འཇོག་རྣམ་པར་མི་འཇོག །ཆོས་ཉིད་དེ་དག་[གཤིས་ལ་]གནས་པར་རབ་ཏུ་ཤེས་ཏེ། དེའི་ཕྱིར་ཆོས་ཀྱི་དབྱིངས་[གཤིས་ལ་]གནས་པ་ཞེས་བྱའོ། །ཞེས་གསུངས་པ་ཡང་ཉོན་མོངས་པའི་དེ་བཞིན་ཉིད་ལ་དགོངས་ནས་གསུངས་པ་སྟེ། དགོས་པ་ནི་སྔར་བསྟན་པ་བཞིན་ནོ། །དེ་བཞིན་དུ། ཡབ་སྲས་མཇལ་བར། བཅོམ་ལྡན་འདས་ཡང་དག་པའི་མཐའ་འདི་ནི་[ཆོས་]ཐམས་ཅད་ཀྱི་རྗེས་སུ་སོང་བ་ལགས་ཏེ། ཆོས་གང་ཡང་དག་པའི་མཐའ་མ་ལགས་པའི་ཆོས་དེ་གང་ཡང་[གཤིས་ལ་]མ་མཆིས་སོ། །བཅོམ་ལྡན་འདས་[འགོག་བདེན་དོན་དམ་གྱི་]བྱང་ཆུབ་ཅེས་བགྱི་བ་འདི་ནི་ཡང་དག་པའི་མཐའ་སྟེ། [འགོག་བདེན་དོན་དམ་གྱི་]བྱང་ཆུབ་གང་ཞེ་ན། བཅོམ་ལྡན་འདས་[ཀུན་རྫོབ་ཀྱི་]ཆོས་ཐམས་ཅད་[ཀྱི་]རང་བཞིན་མ་མཆིས་པ[འི་གཞི་ཆོས་ཉིད་]ནི་བྱང་ཆུབ་ལགས་པར་རིག་པར་བགྱིའོ།།ཐ་ན་[འགོག་བདེན་དོན་དམ་གྱི་]མཚམས་མེད་པ་རྣམས་ཀྱང་བྱང་ཆུབ་བོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་[འགོག་བདེན་དོན་དམ་གྱི་]བྱང་ཆུབ་ནི་རང་བཞིན་མ་མཆིས་པ[འི་གཞི་]སྟེ། [འགོག་བདེན་དོན་དམ་གྱི་]མཚམས་མེད་པ་རྣམས་ཀྱང་[བྱང་ཆུབ་]དེའི་རང་བཞིན་ནོ། ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་[འགོག་བདེན་གྱི་]ཆོས་ཐམས་ཅད་ནི་ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་ཏེ། [འགོག་བདེན་དོན་དམ་གྱི་]མཚམས་མེད་པ་རྣམས་ཀྱང་དེའི་རང་བཞིན་ནོ། །ཞེས་པ་ཡང་མཚམས་མེད་པ་ལ་སོགས་པའི་དེ་བཞིན་ཉིད་དང༌། ཆོས་ཐམས་ཅད་ཀྱི་ཡང་དག་མཐའ་འམ། ཡང་དག་པའི་མཐའི་ཆོས་ཐམས་ཅད་ལ་དགོངས་ནས་གསུངས་པ་སྟེ། འདིར་ཡང་དགོས་པ་ནི་སྔ་མ་བཞིན་ནོ། །དེ་བཞིན་དུ། ཀུན་རྫོབ་དང་དོན་དམ་པའི་བདེན་པ་བསྟན་པའི་མདོར་ཡང༌། ལྷའི་བུས་སྨྲས་པ། འཇམ་དཔལ་ཡང་དག་པར་སྦྱོར་བ་ནི་གང་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དོན་དམ་པར་ན་དེ་བཞིན་ཉིད་དང༌། ཆོས་ཀྱི་དབྱིངས་དང༌། ཤིན་ཏུ་མི་སྐྱེ་བ་གང་དང་མཉམ་པ་དོན་དམ་པར་ན་མཚམས་མེད་པ་ལྔ་པོ་དག་ཀྱང་དེ་དང་མཉམ་མོ། །དོན་དམ་པར་ན་དེ་བཞིན་ཉིད་དང༌། ཆོས་ཀྱི་དབྱིངས་དང༌། ཤིན་ཏུ་མི་སྐྱེ་བ་གང་དང་མཉམ་པ་དོན་དམ་པར་ན་ལྟ་བར་གྱུར་པ་རྣམས་ཀྱང་དེ་དང་མཉམ་མོ། །དོན་དམ་པར་ན་དེ་བཞིན་ཉིད་དང༌། ཆོས་ཀྱི་དབྱིངས་དང༌། ཤིན་ཏུ་མི་སྐྱེ་བ་གང་དང་མཉམ་པ་དོན་དམ་པར་ན་སོ་སོའི་སྐྱེ་བོའི་ཆོས་རྣམས་ཀྱང་དེ་དང་མཉམ་མོ་ཞེས་[པ་ཀུན་རྫོབ་ཐམས་ཅད་དོན་དམ་དུ་མེད་པར་མཉམ་ཞེས་]དང༌། འཇམ་དཔལ་གྱིས་སྨྲས་པ། དོན་དམ་པར་ན་ཆོས་ཐམས་ཅད་ཤིན་ཏུ་མི་འབྱུང་བར་མཉམ་པ་དང༌། དོན་དམ་པར་ན་ཆོས་ཐམས་ཅད་ཤིན་ཏུ་མི་སྐྱེ་བར་མཉམ་པ་དང༌། དོན་དམ་པར་ན་ཆོས་ཐམས་ཅད་ཤིན་ཏུ་དངོས་པོ་མེད་པར་མཉམ་པས་ལྷའི་བུ་དོན་དམ་པར་ན་ཆོས་ཐམས་ཅད་[མཉམ་པའི་ཚུལ་དེ་འདྲས་]མཉམ་མོ། །དེ་ཅྀའི་ཕྱིར་ཞེ་ན། ལྷའི་བུ་དོན་དམ་པར་ན་ཤིན་ཏུ་མི་འབྱུང་བ་ཉིད་ཀྱི་ཕྱིར། ཆོས་ཐམས་ཅད་ནི་[དོན་དམ་པར་ན་འབྱུང་མི་འབྱུང་]ཐ་དད་དུ་བྱ་བ་མེད་དོ། །ལྷའི་བུ་འདི་ལྟ་སྟེ་དཔེར་ན། ཁམ་པའི་སྣོད་ཀྱི་ནང་གི་ནམ་མཁའ་གང་ཡིན་པ་དང༌། རིན་པོ་ཆེའི་སྣོད་ཀྱི་ནང་གི་ནམ་མཁའ་གང་ཡིན་པ་དེ་ནི་ནམ་མཁའི་ཁམས་[གཅིག་པ་]ཉིད་ཡིན་ཏེ། དེ་ལ་དོན་དམ་པར་ན་ཅུང་ཟད་ཀྱང་ཐ་དད་དུ་བྱ་བ་མེད་དོ། །ལྷའི་བུ་དེ་བཞིན་ཉིད་དུ་ཉོན་མོངས་པ་གང་ཡིན་པ་དེ་ནི་དོན་དམ་པར་ན་[རི་བོང་གི་རྭ་དང་ཁྱད་མེད་པས་]ཤིན་ཏུ་མི་འབྱུང་བ་ཉིད་དོ། །རྣམ་པར་བྱང་བ་[འགོག་བདེན་]གང་ཡིན་པ་དེ་ཡང་དོན་དམ་པར་ན་[མེད་པ་མ་ཡིན་ཡང་རྒྱུ་རྐྱེན་ལས་]ཤིན་ཏུ་མི་འབྱུང་བ་ཉིད་དོ། །དོན་དམ་པར་ན་འཁོར་བ་ཡང་[རི་བོང་གི་རྭ་དང་ཁྱད་མེད་པས་]ཤིན་ཏུ་མི་འབྱུང་བ་ཉིད་དོ། །དོན་དམ་པར་ན་མྱ་ངན་ལས་འདས་པ[ཆེན་པོ]འི་བར་དུ་ཡང་[ངོ་བོ་ཡོད་རུང་མེད་རུང་རྒྱུ་རྐྱེན་ལས་]ཤིན་ཏུ་མི་འབྱུང་བ[ར་མཉམ་པ་]ཉིད་དོ། །འདི་ལ་དོན་དམ་པར་ན་ཐ་དད་དུ་བྱ་བ་ཅུང་ཟད་ཀྱང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དོན་དམ་པར་ན་ཆོས་ཐམས་ཅད་[ངོ་བོ་ཡོད་རུང་མེད་རུང་རྒྱུ་རྐྱེན་ལས་]ཤིན་ཏུ་མི་འབྱུང་བའི་ཕྱིར་རོ། །ཞེས་པ་ཡང་སོ་སོའི་སྐྱེ་བོའི་ཆོས་རྣམས་དང་ཉོན་མོངས་རྣམ་བྱང་དང་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་དགོངས་ནས་གསུངས་པ་སྟེ། འདིར་ཡང་དགོས་པ་ནི་སྔར་བསྟན་པ་བཞིན་ནོ། །གལ་ཏེ་འདའ་ཀ་ཡེ་ཤེས་ལ་སོགས་པར། [དོན་དམ་པའི་]སེམས་རྟོགས་ན་ཡེ་ཤེས་ཡིན་པར་གསུངས་པ་རྣམས་སེམས་སེམས་ཀྱིས་སྟོང་པར་རྟོགས་པ་ལ་དགོངས་པ་མ་ཡིན་ནམ་ཞེ་ན། དེ་ཙམ་གྱིས་དེར་མི་འགྱུར་ཏེ། གལ་ཏེ་འགྱུར་ན་དབུགས་ཀྱི་རྒྱུན་མ་འགགས་བཞིན་དུ་སེམས་སེམས་ཀྱིས་སྟོང་པར་རྟོགས་པ་རྣམས་ཀྱང་ཡེ་ཤེས་ཡིན་པར་འགྱུར་ལ། དེ་འདོད་ན་རྒྱུད་སྡེ་ཟབ་མོ་མཐར་ཐུག་པ་རྣམས་དང༌། རིགས་གསུམ་མགོན་པོ་ལ་སོགས་པ་ས་བཅུ་པ་རྣམས་ཀྱི་དགོངས་པ་དང་འགལ་བར་འགྱུར་རོ། །དེས་ན་[འདའ་ཀ་ཡེ་ཤེས་ཀྱི་ལུང་]འདི་ཡང་དོན་དམ་པའི་སེམས་ལ་དགོངས་པ་ཡིན་ནོ། །གལ་ཏེ་སྤྱོད་བསྡུས་སྒྲོན་མར། དེ་བཞིན་གཤེགས་པ་སྙིང་རྗེ་ཆེན་པོའི་བདག་ཉིད་ཅན་ཐམས་ཅད་ཀྱིས་སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་རྦ་ཀློང་དུ་ལྷུང་བར་གྱུར་ཅིང་སྐྱབས་མེད་པ་དཔུང་གཉེན་མེད་པ་རྣམས་ལ་གཟིགས་ནས་ཀུན་རྫོབ་ཀྱི་ཚུལ་གྱིས་[དང་པོར་]ཉོན་མོངས་པའི་ངོ་བོ་ཉིད་[རང་སྟོང་དུ་]ཡོངས་སུ་ཤེས་པས་ཉོན་མོངས་པ་[རགས་པ་ཙམ་]རྣམ་པར་དག་པར་མཛད་ཅིང༌། [དེ་ནས་ཉོན་མོངས་རང་སྟོང་དུ་ཤེས་པ་]ཀུན་རྫོབ་ཀྱི་བདེན་པ[ར་གཏོགས་པ་དེ་]ཡང་དོན་དམ་པའི་བདེན་པ[འི་བདེན་པ་མཐོང་བའི་ཡེ་ཤེས་ཀྱི]ས་རྣམ་པར་སྦྱངས་ནས་ཡང་དག་པའི་ཚུལ་གྱིས་བདག་ཉིད་ཅན་གྱི་ཏིང་ངེ་འཛིན་ལ་ཡང་དག་པར་འཇོག་པར་མཛད་པ་ཡིན་ནོ། །ཞེས་པ་ལ་སོགས་པས་ཉོན་མོངས་པའི་ངོ་བོ་རང་སྟོང་དུ་ཤེས་པ་ཉིད་ཀྱིས་དག་པར་གསུངས་པ་མ་ཡིན་ནམ་ཞེ་ན། དེ་ནི་རེ་ཤིག་ཉོན་མོངས་པ་རགས་པའི་རྩེ་འཇིལ་བའམ་མགོ་གནོན་པ་ལ་དགོངས་པ་སྟེ། མཐར་ནི་ཉོན་མོངས་རང་སྟོང་དུ་ཤེས་པ་ཀུན་རྫོབ་པ་དེ་ཡང་དོན་དམ་པ་མངོན་དུ་བྱེད་པའི་ཏིང་ངེ་འཛིན་མི་རྟོག་ཡེ་ཤེས་ཀྱིས་སྦྱང་དགོས་པར་གཞུང་འདི་ཉིད་ནས་ཀྱང་གསུངས་པའི་ཕྱིར་རོ། །དེ་བཞིན་དུ། [ཀྱེའི་རྡོ་རྗེ་ལས། དོན་དམ་གྱི་]དངོས་པོ་[ངོ་བོ་མཐོང་བ་]ཉིད་ཀྱིས་རྣམ་གྲོལ་ཞིང༌། །[སྡུག་བསྔལ་ཀུན་འབྱུང་གི་]དངོས་པོའི་འཆིང་བས་འཆིང་བར་འགྱུར། །[འགོག་བདེན་]དེ་[མངོན་སུམ་དུ་]ཡོངས་[སུ་]ཤེས་པས་གྲོལ་བ་ཡིན།།ཞེས་པ་ལ་སོགས་པའི་དོན་ཡང༌། [འགའ་ཞིག་འདོད་པ་ལྟར་]དངོས་པོ་རང་སྟོང་དུ་ཤེས་པ་ཙམ་གྱིས་གྲོལ་བ་ནི་མ་ཡིན་གྱི། འོན་ཀྱང་རླུང་སེམས་འགྱུ་བ་ལས་གྲོལ་ན་འཆིང་བ་ལས་གྲོལ་ཞིང༌། འཁྲུལ་བ་འཁྲུལ་སྣང་དང་བཅས་ཏེ་ཡལ་ནས་ཡེ་ཤེས་རང་སྣང་མངོན་དུ་འགྱུར་ཏེ་རྒྱས་པར་འཕགས་པ་རྡོ་རྗེ་སྙིང་པོའི་འགྲེལ་པ་ལ་སོགས་པ་སེམས་འགྲེལ་ཟབ་མོ་མན་ངག་དང་བཅས་པ་ལས་རིག་པར་བྱ་ཞིང༌། ངོ་ཤེས་པས་གྲོལ་བ་ལྟར་སྟོན་པ་གཞན་དང་གཞན་རྣམས་ཀྱི་དགོངས་པ་ཡང་དེ་ལྟར་རོ། །དེའི་ཕྱིར་འཆིང་བ་རྣམས་ཀྱི་གཙོ་བོ་བདག་འཛིན་གྱི་བཞོན་པ་དབུགས་ཀྱི་རྒྱུན་འགགས་ན། འཆིང་བ་མཐའ་དག་ལས་གྲོལ་ཞིང༌། སྟོང་གཞི་དོན་དམ་གཞན་སྟོང་ཡོན་ཏན་མཐའ་ཡས་པའི་བདག་ཉིད་ཐོབ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པར་འགྱུར་བའི་ཕྱིར་རང་སྟོང་དུ་གནས་པའི་ཆོས་ཐམས་ཅད་ཀྱིས་སྟོང་པའི་གཞི་ཆོས་ཉིད་དོན་དམ་པའི་བདེན་པ་ནི་དངོས་སུ་གསལ་བར་བསྟན་པའམ། ལྡེམ་པོ་ངག་གིས་བསྟན་པ་ཡང་རུང་སྟེ་གསུང་རབ་ཟབ་མོ་རྣམས་ཀྱི་མཐར་ཐུག་ངེས་པའི་དོན་ཡིན་ནོ། །དེ་ཡང༌། ལང་ཀར་གཤེགས་པའི་མདོར། བློ་གྲོས་ཆེན་པོ་ངའི་[འགོག་བདེན་]དོན་དམ་པ་རྟག་པ་དང༌། བསམ་གྱིས་མི་ཁྱབ་པ་[མཁའ་ཁྱབ་]ནི་[རྒྱུ་གཞན་]དོན་དམ་པའི་རྒྱུའི་མཚན་ཉིད་དང་ལྡན་པ་སྟེ། [ཀུན་བརྟགས་གཞན་དབང་]ཡོད་པ་དང་[བྲལ་བ་ཆོས་ཉིད་ཡོངས་གྲུབ་]མེད་པ་དང་བྲལ་བ། འཕགས་པ་སོ་སོ་རང་གིས་རིག་པའི་མཚན་ཉིད་ཀྱི་ཕྱིར་[རིག་བྱ་དོན་ལ་གནས་པའི་]མཚན་ཉིད་དང་ལྡན་པའོ། །དོན་དམ་པའི་ཡེ་ཤེས་[སྟོང་ཉིད་གཟུགས་བརྙན་འཛིན་པ་]རྒྱུར་གྱུར་པས་ན་རྒྱུ་དང་ལྡན་པའོ། །ཡོད་པ་དང་མེད་པ་དང་བྲལ་བས་ན་མ་བྱས་པའི་ནམ་མཁའ་དང༌། མྱ་ངན་ལས་འདས་པ་དང༌། འགོག་པའི་དཔེ་དང་ཆོས་འདྲ་བས་རྟག་པ་སྟེ། དེའི་ཕྱིར་བློ་གྲོས་ཆེན་པོ་[དོན་དམ་བདེ་གཤེགས་སྙིང་པོ་]འདི་ནི་མུ་སྟེགས་བྱེད་པ་རྟག་པ་དང་བསམ་གྱིས་མི་ཁྱབ་པར་སྨྲ་བ་དང་མཐུན་པ་མ་ཡིན་ནོ། །བློ་གྲོས་ཆེན་པོ་རྟག་པ་དང༌། བསམ་གྱིས་མི་ཁྱབ་པ[འི་དབྱིངས་]འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་འཕགས་པ་སོ་སོ་རང་གི་ཡེ་ཤེས་ཀྱིས་ཐུགས་སུ་ཆུད་པར་བྱ་བའི་དེ་བཞིན་ཉིད་དེ། ཞེས་སོགས་དང༌། གཞན་ཡང༌། གསུང་རབ་ཟབ་མོ་རྣམས་ཀྱི་དོན་བཤད་ཅིང་འཆད་པར་འགྱུར་བ་རྣམས་ཀྱང་ངོ༌། །སོར་ཕྲེང་གི་མདོར་ཡང༌། འཇམ་དཔལ་དེ་བཞིན་དུ་བདག་གི་དེ་ཁོ་ན་ནི་འདི་འདྲ། དེ་འདྲའོ། །ཞེས་ལོག་པར་ལྟ་བཞིན་དུ་འདི་ལྟ་སྟེ། ཐར་པ་དང་བདག་དང་འཇིག་རྟེན་ལས་འདས་པའང་[བདག་མེད་པའི་གཞི་ལ་དགོངས་པའི་]ལྡེམ་པོ་ངག་མི་ཤེས་པས་བདག་མེད་པ་སངས་རྒྱས་ཀྱི་ཚིག་གོ་ཞེས་མུར་འདུག་བྱུང་བ་ལྟར་རྣམ་པར་རྟོག་གོ །རྗེས་སུ་དཔག་པས་ཚུགས་པའི་འཇིག་རྟེན་པ་ལ་ཡང་[བདག་ཏུ་ལྟ་བས་]གཏི་མུག་གི་ཆོས་ཀྱི་དབང་དུ་སོང་ངོ༌། །འཇིག་རྟེན་ལས་འདས་པ་ལ་[བདག་མེད་གསུངས་པ་]ཡང་[བདག་མེད་པའི་གཞི་ལ་དགོངས་པའི་]ལྡེམ་པོ་ངག་ཏུ་བཤད་པ་མི་ཤེས་པས་[གཤིས་ལུགས་ཟབ་མོ་]ཤེས་པ་ཉམས་ཏེ། དེའི་ཕྱིར་[རྟག་ཆད་ཀྱི་]ཕྱོགས་གཉིས་སྤངས་ཏེ་[དོན་དམ་གྱིས་]བདག་ཏུ་གཏོགས་པའི་ཆོས་ཀྱི་དེ་ཁོ་ན་ཉིད་དང༌། དེ་བཞིན་གཤེགས་པ་དང༌། དགེ་འདུན་གྱི་དེ་བཞིན་ཉིད་ནི་[དོན་དམ་གྱི་]དེ་བཞིན་གཤེགས་པའི་ཐེག་པ་དབུ་མའི་ལམ་དུ་བསྟན་ཏོ། །དབུ་མའི་ལམ་ཞེས་བྱ་བ་ནི་ཐེག་པ་ཆེན་པོའི་བླ་དྭགས་སོ། །ཞེས་སོགས་གསུངས་ཏེ།

ཐོབ་བྱ་དེ་ལ་དད་པ་ལ་སོགས་པའི་ཕན་ཡོན་རླབས་ཆེན་བསྟན་པ།

ཐེག་པ་ཆེན་པོའི་མཐར་ཐུག་པ་ནི་ཆོས་ཉིད་ཀྱི་ཐེག་པ་ཡིན་ལ། དེ་ཡང་སྟོང་གཞི་དོན་དམ་གཞན་སྟོང་བདེ་གཤེགས་སྙིང་པོའི་ཐེག་པ་ཡིན་པས། དེ་ལ་ཡིད་ཆེས་ཤིང་དང་བ་བསྐྱེད་ན་སྒྲིབ་པ་མང་པོ་བྱང་བར་འགྱུར་རོ། །དེ་ཡང་བསྡུས་འཇོམས་ཀྱི་མདོ་ལས། ཀུན་ཏུ་དཔའ་བོ་གང་ལ་ལ་ཞིག་ཐེག་པ་ཆེན་པོ་ལ་རབ་ཏུ་དང་བ་བསྐྱེད་པར་འགྱུར་བ་དེ་ནི་བསྐལ་པ་སྟོང་ཕྲག་གཅིག་ཏུ་ངན་འགྲོ[འི་དམའ་ཤོས་དམྱལ་བ]ར་འགྲོ་བར་མི་འགྱུར་རོ།།བསྐལ་པ་སྟོང་ཕྲག་ལྔར་བྱོལ་སོང་གི་སྐྱེ་གནས་སུ་སྐྱེ་བར་མི་འགྱུར་རོ། །དེ་བཞིན་དུ་ཡི་དྭགས་རྣམས་སུ་ཡང་ངོ༌། །བསྐལ་པ་སྟོང་ཕྲག་ཉི་ཤུ་རྩ་ལྔར་ལྷའི་འཇིག་རྟེན་དང༌། ཚངས་པའི་འཇིག་རྟེན་ཉིད་དུ་སྐྱེ་བར་འགྱུར་རོ། །ཞེས་དང༌། དབུ་མ་བཞི་བརྒྱ་པར་ཡང༌། བསོད་ནམས་ཆུང་ངུས་[མཐར་ཐུག་ཟབ་མོའི་]ཆོས་འདི་ལ། །ཐེ་ཚོམ་ཟ་བར་ཡང་མི་འགྱུར། །ཐེ་ཚོམ་སྐྱེས་པ་ཙམ་ཞིག་གིས། །སྲིད་པ་ཧྲུལ་པོར་བྱས་པར་འགྱུར། །ཞེས་དང༌། གཞན་དག་ཏུ་ཡང་རྒྱ་ཆེར་གསུངས་ལ་སྔར་ཡང་མང་དུ་བསྟན་ཏོ། །དེ་ལ་སྐུར་བ་མི་འདེབས་ཤིང་ཡིད་ཆེས་པས་གཞན་དག་ལ་སྟོན་པ་དང༌། འཛིན་འཆང་ཀློག་པ་ལ་སོགས་པས་ཉམས་སུ་ལེན་པ་ལ་ནི་སངས་རྒྱས་མང་པོ་ལས་བྱང་ཆུབ་ཏུ་སེམས་བསྐྱེད་དགོས་པར་གསུངས་ཏེ། མྱང་འདས་ཆེན་པོར། རིགས་ཀྱི་བུ་སེམས་ཅན་གང་ཞིག་ཆུ་ཀླུང་དགའ་བསྐྱེད་ཀྱི་བྱེ་མ་སྙེད་ཀྱི་སངས་རྒྱས་ལས་བྱང་ཆུབ་ཏུ་སེམས་བསྐྱེད་ན། དེས་ནི་དུས་ངན་པའི་ཚེ་[སྟོང་གཞི་དོན་དམ་བདེ་གཤེགས་སྙིང་པོ་གསལ་བར་སྟོན་པའི་]མདོ་འདི་སྡེ་འཆང་བ་དང་འཛིན་པར་འགྱུར་ཏེ་སྐུར་བ་མི་འདེབས་སོ། །རིགས་ཀྱི་བུ་སེམས་ཅན་གང་ཞིག་ཀླུང་གང་གཱ་གཅིག་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ལས་བྱང་ཆུབ་ཏུ་སེམས་བསྐྱེད་ན། དེས་ནི་དུས་ངན་པའི་ཚེ་[སྟོང་གཞི་དོན་དམ་བདེ་གཤེགས་སྙིང་པོ་གསལ་བར་སྟོན་པའི་]ཆོས་འདི་ལ་མི་སྐུར་ཅིང་[སྟོང་གཞི་དོན་དམ་བདེ་གཤེགས་སྙིང་པོ་གསལ་བར་སྟོན་པའི་]མདོ་སྡེ་འདི་ལ་མོས་པར་འགྱུར་ཏེ། གཞན་ལ་རྣམ་པར་འབྱེད་ཅིང་སྟོན་ནི་མི་ནུས་སོ། །རིགས་ཀྱི་བུ་སེམས་ཅན་གང་ཞིག་ཀླུང་གང་གཱ་གཉིས་ཀྱི་བྱེ་མ་སྙེད་ཀྱི་སངས་རྒྱས་ལས་བྱང་ཆུབ་ཏུ་སེམས་བསྐྱེད་ན། དེས་ནི་དུས་ངན་པའི་ཚེ་[སྟོང་གཞི་དོན་དམ་བདེ་གཤེགས་སྙིང་པོ་གསལ་བར་སྟོན་པའི་]ཆོས་འདི་ལ་མི་སྐུར་ཏེ་དད་ཅིང་མོས་པ་དང་འཆང་ཞིང་འཛིན་པ་དང་ཀློག་པ་དང་འདོན་པར་འགྱུར་ཏེ། གཞན་ལ་རྒྱས་པར་སྟོན་ནི་མི་ནུས་སོ། །སེམས་ཅན་གང་ཞིག་ཀླུང་གང་གཱ་གསུམ་གྱི་བྱེ་མ་སྙེད་ཀྱི་སངས་རྒྱས་ལས་བྱང་ཆུབ་ཏུ་སེམས་བསྐྱེད་ན། དེས་ནི་དུས་ངན་པའི་ཚེ་[སྟོང་གཞི་དོན་དམ་བདེ་གཤེགས་སྙིང་པོ་གསལ་བར་སྟོན་པའི་]ཆོས་འདི་ལ་མི་སྐུར་ཏེ་འཆང་བ་དང་འཛིན་པ་དང་ཀློག་པ་དང་འདོན་པ་དང་གླེགས་བམ་དུ་འབྲི་བར་འགྱུར་ཏེ་གཞན་ལ་སྟོན་མོད་ཀྱི་དོན་ཟབ་མོ་ནི་མི་ཤེས་སོ། །སེམས་ཅན་གང་ཞིག་ཀླུང་གང་གཱ་བཞིའི་བྱེ་མ་སྙེད་ཀྱི་སངས་རྒྱས་ལས་བྱང་ཆུབ་ཏུ་སེམས་བསྐྱེད་ན། དེས་ནི་དུས་ངན་པའི་ཚེ་ན་[སྟོང་གཞི་དོན་དམ་བདེ་གཤེགས་སྙིང་པོ་གསལ་བར་སྟོན་པའི་]ཆོས་འདི་ལ་མི་སྐུར་ཏེ་འཆང་བ་དང་འཛིན་པ་དང་ཀློག་པ་དང་འདོན་པ་དང་གླེགས་བམ་དུ་འདྲི་བར་འགྱུར་ཏེ་དེས་ནི་གཞན་དག་ལ་དོན་ཟབ་མོ་བཅུ་དྲུག་གི་ཆ་གཅིག་ཙམ་སྟོན་པར་འགྱུར་རོ། །སྟོན་ཅིང་འཆད་མོད་ཀྱི་དེ་ཡང་རྫོགས་པར་ཤེས་པ་ནི་མ་ཡིན་ནོ། །སེམས་ཅན་གང་ཞིག་ཀླུང་གང་གཱ་ལྔའི་བྱེ་མ་སྙེད་ཀྱི་སངས་རྒྱས་ལས་བྱང་ཆུབ་ཏུ་སེམས་བསྐྱེད་ན། དེས་ནི་དུས་ངན་པའི་ཚེ་ན་[སྟོང་གཞི་དོན་དམ་བདེ་གཤེགས་སྙིང་པོ་གསལ་བར་སྟོན་པའི་]ཆོས་འདི་ལ་མི་སྐུར་ཏེ་འཆང་བ་དང་འཛིན་པ་དང་ཀློག་པ་དང་འདོན་པ་དང་གླེགས་བམ་དུ་འབྲི་བ་དང་གཞན་ལ་ཡང་དོན་ཟབ་མོ་བཅུ་དྲུག་གི་ཆའི་ཆ་བརྒྱད་སྟོན་ནུས་པར་འགྱུར་རོ། །སེམས་ཅན་གང་ཞིག་ཀླུང་གང་གཱ་དྲུག་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ལས་བྱང་ཆུབ་ཏུ་སེམས་བསྐྱེད་ན་དེས་ནི་དུས་ངན་པའི་ཚེ་ན་[སྟོང་གཞི་དོན་དམ་བདེ་གཤེགས་སྙིང་པོ་གསལ་བར་སྟོན་པའི་]ཆོས་འདི་ལ་མི་སྐུར་ཏེ་འཆང་བ་དང་འཛིན་པ་དང་ཀློག་པ་དང་འདོན་པ་དང་གླེགས་བམ་དུ་འབྲི་བ་དང་གཞན་ལ་ཡང་བཅུ་དྲུག་གི་ཆའི་ཆ་བཅུ་གཉིས་སྟོན་ནུས་པར་འགྱུར་རོ།།སེམས་ཅན་གང་ཞིག་ཀླུང་གང་གཱ་བདུན་གྱི་བྱེ་མ་སྙེད་ཀྱི་སངས་རྒྱས་ལས་བྱང་ཆུབ་ཏུ་སེམས་བསྐྱེད་ན། དེས་ནི་དུས་ངན་པའི་ཚེ་ན་[སྟོང་གཞི་དོན་དམ་བདེ་གཤེགས་སྙིང་པོ་གསལ་བར་སྟོན་པའི་]ཆོས་འདི་ལ་མི་སྐུར་ཏེ་འཆང་བ་དང་འཛིན་པ་དང་འདོན་པ་དང་ཀློག་པ་དང་གླེགས་བམ་དུ་འབྲི་བ་དང་གཞན་ལ་ཡང་བཅུ་དྲུག་གི་ཆའི་ཆ་བཅུ་བཞི་སྟོན་ནུས་པར་འགྱུར་རོ། །སེམས་ཅན་གང་ཞིག་ཀླུང་གང་གཱ་བརྒྱད་ཀྱི་བྱེ་མ་སྙཻད་ཀྱི་སངས་རྒྱས་ལས་བྱང་ཆུབ་ཏུ་སེམས་བསྐྱེད་ན། དེས་ནི་དུས་ངན་པའི་ཚེ་ན་[སྟོང་གཞི་དོན་དམ་བདེ་གཤེགས་སྙིང་པོ་གསལ་བར་སྟོན་པའི་]ཆོས་འདི་ལ་མི་སྐུར་ཏེ་འཆང་བ་དང་འཛིན་པ་དང་ཀློག་པ་དང་འདོན་པ་དང་གཞན་ལ་ཡང་གླེགས་བམ་དུ་འབྲི་བར་བསྐུལ་བ་དང༌། བདག་ཀྱང་ཉན་ཅིང་འཛིན་ལ་གཞན་དག་ཀྱང་ཉན་པ་དང་འཛིན་པ་དང་ཀློག་པ་དང་འདོན་པ་དང་ཁོང་དུ་ཆུད་པར་བྱེད་པར་བསྐུལ་བ་དང༌། འཇིག་རྟེན་ལ་སྙིང་བརྩེ་བའི་ཕྱིར་ཤིན་ཏུ་སྲུང་ཞིང་[སྟོང་གཞི་དོན་དམ་བདེ་གཤེགས་སྙིང་པོ་གསལ་བར་སྟོན་པའི་]མདོ་སྡེ་ལ་མཆོད་པ་བྱེད་པ་དང༌། གཞན་དག་ཀྱང་མཆོད་པ་དང་རིམ་གྲོ་དང་བཀུར་སྟི་དང་ཕྱག་བྱ་བ་དང་ཀློག་པ་དང་འདོན་པའི་བར་དུ་བསྐུལ་བ་ཡང་དེ་བཞིན་ནོ། །དེས་དོན་ཟབ་མོ་ཡང་རྫོགས་པར་ཁོང་དུ་ཆུད་པ་ནི་འདི་ལྟ་སྟེ། [དོན་དམ་གྱི་]དེ་བཞིན་གཤེགས་པ་ནི་རྟག་ཏུ་གནས་པའི་ཆོས་ཅན་མི་འགྱུར་བ་མཐར་བདེ་བ་དང་སེམས་ཅན་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པར་རྒྱས་པར་འཆད་པ་དང༌། དེ་བཞིན་གཤེགས་པའི་ཆོས་ཀྱི་གཏེར་ལ་ཤིན་ཏུ་མཁས་པ་དང༌། སངས་རྒྱས་དེ་དག་ལ་མཆོད་པ་བྱས་ནས་བླ་ན་མེད་པ་ཡང་དག་པའི་ཆོས་འདི་དག་འཆང་བ་དང་འཛིན་པ་དང་སྐྱོབ་པ་དང་རྣམ་པར་བཞག་པ་རྟོགས་པར་འགྱུར་རོ། །གང་ཞིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན། གང་ཟག་དེ་ནི་མ་འོངས་པའི་དུས་སུ་ཡང་དག་པའི་ཆོས་འདི་འཆང་བ་དང་འཛིན་པ་དང་སྐྱོབ་པར་འགྱུར་ཞིང་ངེས་པར་ཡང་དག་པའི་ཆོས་རྣམ་པར་གཞག་པར་རིག་པར་བྱའོ། །དེ་བས་ན་ཁྱོད་ཀྱིས་མ་འོངས་པའི་དུས་ངན་པའི་ཚེ་དམ་པའི་ཆོས་བསྲུང་བར་འགྱུར་བ་དག་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སེམས་བསྐྱེད་པ་དེ་དག་ནི་མ་འོངས་པའི་དུས་སུ་གདོན་མི་ཟ་བར་བླ་ན་མེད་པ་ཡང་དག་པའི་ཆོས་དག་སྲུང་ཞིང་འཛིན་ནུས་པའི་ཕྱིར་རོ། །ཞེས་སོ། །

དེ་རྣམས་ལ་ལོག་རྟོག་སྣ་ཚོགས་བསལ་ནས་དོན་ཇི་ལྟར་ཡིན་པ་བཞིན་གཏན་ལ་དབབ་པ།

གལ་ཏེ་རྒྱལ་བའི་ཡུམ་ལས། ལྷའི་བུ་དག་གཟུགས་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་གཟུགས་སོ། །ཞེས་པ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ཡང་སངས་རྒྱས་ཀྱི་ཆོས་མ་འདྲེས་པའོ་ཞེས་གསུངས་པའི་ཕྱིར། གཟུགས་སོགས་རང་རང་ངོ་བོས་སྟོང་པ་གང་ཡིན་པའམ་དེ་ལྟར་ངོ་ཤེས་ཤིང་རྟོགས་པ་དེ་ཉིད་དེ་བཞིན་ཉིད་དང༌། རྣམ་མཁྱེན་མ་ཡིན་ནམ་ཞེ་ན་མ་ཡིན་ཏེ། གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་རྣམ་མཁྱེན་གྱི་ཡེ་ཤེས་ཡིན་པ་ལ་དགོངས་ནས་དེ་སྐད་གསུངས་པར་མདོ་དེ་ཉིད་ན་ཡང་གསལ་བར་བཞུགས་ཏེ། ཇི་སྐད་དུ། གཟུགས་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །ཚོར་བ་ཉིད་དང༌། འདུ་ཤེས་ཉིད་དང༌། འདུ་བྱེད་ཉིད་དང༌། རྣམ་པར་ཤེས་པ་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཉིད་ཀྱི་བར་དུ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པའོ། །ཚོར་བ་དང༌། ཞེས་པ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པའོ། །ཞེས་གསུངས་པའི་ཕྱིར་རོ། །འདི་དག་ལ་དགོངས་ནས། གཟུགས་ཀྱི་དེ་བཞིན་ཉིད་ཤེས་ན་ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །ཞེས་སོགས་རྒྱ་ཆེར་གསུངས་པ་ཡིན་ནོ། །འོ་ན། རྩ་བ་ཤེས་རབ་ཏུ། གང་ཕྱིར་རྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་པ། །དེ་ཕྱིར་སྟོང་ཉིད་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རྟེན་འབྲེལ་གང་ཡིན་སྟོང་ཉིད་ཡིན་པ་ལྟར་སྟོང་ཉིད་གང་ཡིན་ཡང་རྟེན་འབྲེལ་ཡིན་དགོས་ལ་རྟེན་འབྲེལ་གང་ཡིན་རང་སྟོང་ཡིན་པས་སྟོང་ཉིད་ཐམས་ཅད་རང་སྟོང་ཁོ་ན་ཡིན་ནོ་སྙམ་དུ་འགའ་ཞིག་སེམས་པར་གྱུར་ན་དེའི་ཕྱིར་བརྗོད་པར་བྱ་སྟེ། ལུང་དེས་རྟེན་འབྲེལ་གང་ཡིན་སྟོང་ཉིད་དུ་གསུངས་པ་ཡིན་གྱི། སྟོང་ཉིད་གང་ཡིན་རྟེན་འབྲེལ་དུ་གསུངས་པ་ནི་མ་ཡིན་ནོ། །གལ་ཏེ་སྟོང་ཉིད་གང་ཡིན་ཐམས་ཅད་རྟེན་འབྲེལ་ཡིན་པར་འདོད་ན་ནི། དོན་དམ་ཆོས་ཉིད་ཡང་དག་པའི་མཐའ་ལ་སོགས་པ་སྟོང་གཞིའི་རྣམ་གྲངས་ཐམས་ཅད་སྟོང་ཉིད་ཡིན་པའི་ཕྱིར་རྟེན་འབྲེལ་ཡིན་པར་འགྱུར་ཞིང༌། འདུས་བྱས་མི་རྟག་པ་བརྫུན་པ་བསླུ་བ་ལ་སོགས་པར་ཡང་འདོད་དགོས་ལ། དེ་ཡང་རིགས་པ་མ་ཡིན་ཏེ། རྒྱལ་བའི་ཡུམ་ལས། རབ་འབྱོར་ཀུན་རྫོབ་ཀྱི་བདེན་པ་ཚད་མར་བྱས་ནས་འབྲས་བུ་རྣམ་པར་དགོད་པ་བསྟན་གྱི་དོན་དམ་པའི་བདེན་པས་ནི་འབྲས་བུ་རྣམ་པར་དགོད་པ་བསྟན་པར་མི་ནུས་སོ། །ཞེས་སོགས་དང༌། དགོངས་འགྲེལ་གྱི་མདོར་ཡང༌། རབ་འབྱོར་འདི་ལྟ་སྟེ། དེ་བཞིན་ཉིད་དོན་དམ་པ་ཆོས་ལ་བདག་མེད་པ་ནི་རྒྱུ་ལས་འབྲེལ་ཏེ་བྱུང་བ་མ་ཡིན་ལ། འདུས་བྱས་མ་ཡིན་ཏེ་དོན་དམ་པ་མ་ཡིན་པར་ཡང་མི་འགྱུར་ལ། དོན་དམ་པ་དེ་ལས་དོན་དམ་པ་གཞན། ཡོངས་སུ་བཙལ་བར་མི་བྱ་སྟེ། རྟག་པ་རྟག་པའི་དུས་དང༌། ཐེར་ཟུག་ཐེར་ཟུག་གི་དུས་སུ་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་སྟེ། ཆོས་རྣམས་ཀྱི་ཆོས་ཉིད། ཆོས་གནས་པའི་དབྱིངས་དེ་ནི་[ནམ་ཡང་གང་ནའང་འགྱུར་མེད་དུ་]འདུག་པ་ཡིན་གྱི་གཞན་དུ་[འགྱུར་བ་]མ་ཡིན་ནོ། །ཞེས་སོགས་རྒྱ་ཆེར་གསུངས་པ་རྣམས་དང༌། འགལ་བའི་ཉེས་པ་ཆེན་པོར་འགྱུར་བའི་ཕྱིར་རོ། །གཞན་ཡང་དོན་དམ་པའི་བདེན་པ་རྟེན་འབྲེལ་ལས་མ་འདས་ན་མཐར་ཐུག་འགོག་པའི་བདེན་པ་ཡང་རྟེན་འབྲེལ་ལས་མ་འདས་པར་འགྱུར་ལ། འདོད་ན་འདུས་བྱས་ལས་མ་འདས་པར་འགྱུར་ཞིང༌། དེ་ལྟ་ན་ཡང་མི་རྟག་པ་དང་བརྫུན་པ་དང་བསླུ་བའི་ཆོས་ཅན་དང༌། མཐར་ཐུག་གི་སྐྱབས་གནས་མ་ཡིན་པར་ཧ་ཅང་ཐལ་བར་འགྱུར་ཏེ། དཔལ་ཕྲེང་གི་མདོར། བཅོམ་ལྡན་འདས་འཕགས་པའི་བདེན་པ་བཞི་པོ་འདི་དག་ལས་བདེན་པ་གསུམ་ནི་མི་རྟག་པ་ལགས་སོ། །བདེན་པ་གཅིག་ནི་རྟག་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བདེན་པ་གསུམ་ནི་འདུས་བྱས་ཀྱི་མཚན་ཉིད་དུ་གཏོགས་པའི་སླད་དུ་སྟེ། བཅོམ་ལྡན་འདས་གང་འདུས་བྱས་ཀྱི་མཚན་ཉིད་དུ་གཏོགས་པ་དེ་ནི་མི་རྟག་པ་ལགས་སོ། །གང་མི་རྟག་པ[འི་སྐྱབས་གནས་]དེ་ནི་བརྫུན་པ་སླུ་བའི་ཆོས་ཅན་ལགས་སོ། །བཅོམ་ལྡན་འདས་གང་བརྫུན་པ་སླུ་བའི་ཆོས་ཅན་དེ་ནི་མི་བདེན་པ་དང་མི་རྟག་པ་ལགས་ཏེ་སྐྱབས་མ་ལགས་སོ། །བཅོམ་ལྡན་འདས་དེ་ལྟ་ལགས་པས་འཕགས་པའི་སྡུག་བསྔལ་བདེན་པ་དང༌། སྡུག་བསྔལ་ཀུན་འབྱུང་བའི་བདེན་པ་དང༌། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་ཡང༌། ཡང་དག་པར་ན་མི་བདེན་པ་དང༌། མི་རྟག་པ་ལགས་ཏེ་སྐྱབས་མ་ལགས་སོ། །བཅོམ་ལྡན་འདས་འདི་ལ་བདེན་པ་གཅིག་ནི་འདུས་བྱས་ཀྱི་མཚན་ཉིད་ཀྱི་ཡུལ་ལས་འདས་པ་ལགས་ཏེ། བཅོམ་ལྡན་འདས་གང་འདུས་བྱས་ཀྱི་མཚན་ཉིད་ཀྱི་ཡུལ་ལས་འདས་པ་དེ་ནི་རྟག་པ་ལགས་སོ། །གང་རྟག་པ[འི་སྐྱབས་གནས་]དེ་ནི་མི་སླུ་བའི་ཆོས་ཅན་ལགས་སོ། །བཅོམ་ལྡན་འདས་གང་མི་སླུ་བའི་ཆོས་ཅན་[འགོག་བདེན་]དེ་ནི་[དོན་དམ་དུ་]བདེན་པ་དང་རྟག་པ་དང་སྐྱབས་ལགས་སོ། །བཅོམ་ལྡན་འདས་དེ་ལྟ་ལགས་པས་འདི་ལ་སྡུག་བསྔལ་འགོག་པའི་བདེན་པ་ཉིད་ནི་ཡང་དག་པར་ན་བདེན་པ་དང་རྟག་པ་དང་སྐྱབས་ལགས་སོ། །བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ཀྱི་རྣམ་པར་ཤེས་པའི་ཡུལ་ལས་འདས་པ་སྡུག་བསྔལ་འགོག་པའི་བདེན་པ་[མཁའ་ཁྱབ་]ནི་བསམ་གྱིས་མི་ཁྱབ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཤེས་པའི་སྤྱོད་ཡུལ་མ་ལགས་སོ། །ཞེས་དང༌། དབུ་མ་རྩ་ཤེར་ཡང༌། བཅོམ་ལྡན་འདས་ཀྱིས་ཆོས་གང་ཞིག །བསླུ་བ་དེ་ནི་བརྫུན་ཞེས་གསུངས། །འདུས་བྱས་ཐམས་ཅད་སླུ་བའི་ཆོས། །དེས་ན་དེ་དག་བརྫུན་པ་ཡིན། །ཞེས་དང༌། དེའི་འགྲེལ་པ་[སློབ་དཔོན་ཟླ་གྲགས། ལེགས་ལྡན་འབྱེད། སངས་རྒྱས་བསྐྱངས་ལ་སོགས་པས་མཛད་པ་]རྣམས་སུ་ལུང་དྲངས་པ་ཡང༌། འདུ་བྱེད་ཐམས་ཅད་ནི་བརྫུན་པ་སླུ་བའི་ཆོས་ཅན་ནོ། །ཞེས་སོགས་རྒྱ་ཆེར་གསུངས་པའི་ཕྱིར་རོ། །དེས་བས་ན་འདུས་བྱས་རྟེན་འབྲེལ་གང་ཡིན། སྟོང་ཉིད་ཡིན་པས་ཁྱབ་ཀྱང༌། སྟོང་ཉིད་གང་ཡིན་ཐམས་ཅད་རྟེན་འབྲེལ་དུ་འདོད་པ་ནི་འཁྲུལ་ཏེ། དོན་དམ་སྟོང་ཉིད་རྟེན་འབྲེལ་ལས་འདས་ཀྱང་ཤིན་ཏུ་མཐར་ཐུག་པའི་སྟོང་ཉིད་ཟབ་མོ་ཡིན་པའི་ཕྱིར་རོ། །འོ་ན། [བྱང་ཆུབ་སེམས་ཀྱི་འགྲེལ་པར།]ཀུན་རྫོབ་སྟོང་པ་ཉིད་དུ་བཤད། །སྟོང་ཉིད་ཁོ་ན་ཀུན་རྫོབ་སྟེ། །བྱས་དང་མི་རྟག་པ་བཞིན་དུ། །མེད་ན་མི་འབྱུང་ངེས་ཕྱིར་རོ། །ཞེས་པ་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ། སྐབས་དེའི་སྟོང་ཉིད་ནི་རྟེན་འབྲེལ་རང་སྟོང་ཡིན་ལ་དེ་ནི་རྟེན་འབྲེལ་དང་ཁྱབ་མཉམ་ངོ་བོ་གཅིག་ཡིན་པར་བསྟན་ཅིང༌། དེ་ནི་ཁོ་བོ་ཅག་ཀྱང་དེ་ལྟར་འདོད་པའི་ཕྱིར་རོ། །གལ་ཏེ་དོན་དམ་ཆོས་ཉིད་རང་གི་ངོ་བོས་མི་སྟོང་ན། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་གསུངས་པ་དང་འགལ་ལོ། །ཞེ་ན། སྐྱོན་མེད་དེ། དེ་དང་དེའི་དགོངས་པ་མི་འགལ་བའི་ཕྱིར་རོ། །ཇི་ལྟར་མི་འགལ་ཞེ་ན། ཀུན་བརྟགས་ལ་ངོ་བོ་མེད་པ་ནི་རང་གི་མཚན་ཉིད་ཀྱིས་མེད་པ་སྟེ། ཀུན་རྫོབ་ཙམ་མམ་ལོག་པའི་ཀུན་རྫོབ་ཏུ་བས་ཀྱི་ཀུན་རྫོབ་བདེན་པའམ་ཡང་དག་ཀུན་རྫོབ་ཏུ་ཡང་མ་གྲུབ་བོ། །གཞན་དབང་ངོ་བོ་ཉིད་མེད་པ་ནི་ཀུན་རྫོབ་ཏུ་གཞན་ལས་སྐྱེ་བའི་ངོ་བོར་ཡོད་ཀྱང་རང་ལས་སྐྱེ་བའི་ངོ་བོར་མེད་ཅིང་ཡང་དག་པར་ན་ཅིར་ཡང་མ་གྲུབ་པ་སྟེ། དེ་ལྟར་དེ་གཉིས་ནི་རང་སྟོང་ཡིན་པའི་ཕྱིར་རང་གི་ངོ་བོ་མེད་པའོ། །དེ་གཉིས་མེད་པའི་གཞི་ཆོས་ཉིད་ཡོངས་གྲུབ་ནི་རང་གི་ངོ་བོ་མེད་པ་མ་ཡིན་ཡང་དེ་ལས་གཞན་པ་ཀུན་རྫོབ་ཀྱི་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པའི་གཞི་ཡིན་པའི་ཕྱིར། དོན་དམ་བདེན་པའི་ངོ་བོ་སྟེ། ངོ་བོ་ཉིད་ཀྱི་སྐུའམ་རང་བཞིན་པའི་སྐུ་རང་བཞིན་འོད་གསལ་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས། རང་བཞིན་རྣམ་དག །རང་བཞིན་ལྷུན་གྲུབ། རང་བཞིན་དུ་གནས་པའི་རིགས་སོ། །ངོ་བོ་མེད་ལུགས་དེ་ལྟར་ཤེས་ན། ཡོད་མེད་དང་རྟག་ཆད་དང་སྒྲོ་སྐུར་གྱི་མཐར་མ་ལྷུང་བའི་དབུས་རྟོགས་པའི་ཕྱིར་དབུ་མའི་ལམ་ལས་མི་ཉམས་པར་གསུངས་ཏེ། དགོངས་འགྲེལ་དུ། ཆོས་རྣམས་ངོ་བོ་ཉིད་མེད་ཆོས་རྣམས་མ་སྐྱེས་དང༌། །ཆོས་རྣམས་མ་འགགས་ཆོས་རྣམས་གཟོད་ནས་ཞི་བ་དང༌། །ཆོས་རྣམས་ཐམས་ཅད་རང་བཞིན་མྱ་ངན་འདས་པར་ནི། །དགོངས་པ་མེད་པར་མཁས་པ་སུ་ཞིག་སྨྲ་བར་བྱེད། །མཚན་ཉིད་ངོ་བོ་ཉིད་མེད་སྐྱེ་བ་ངོ་བོ་ཉིད་མེད་དང༌། །དོན་དམ་ངོ་བོ་ཉིད་མེད་དོ་ཞེས་ངས་བཤད་དེ། །མཁས་པ་གང་ཞིག་དགོངས་པ་དེ་ལྟར་ཤེས་པ་ནི། །ཡོངས་སུ་ཉམས་པར་འགྱུར་བའི་ལམ་དུ་དེ་མི་འགྲོ། །ཞེས་དང༌། འཕགས་པ་ཐོགས་མེད་ཀྱི་ཞལ་སྔ་ནས་ཀྱང༌། ཤིན་ཏུ་རྒྱས་པ་ལས། ཆོས་ཐམས་ཅད་ངོ་བོ་ཉིད་མེད་དོ་ཞེས་གང་གསུངས་པ་དེ་ལ་དགོངས་པ་གང་ཡིན་ཞེ་ན། བདག་ཉིད་ལས་མི་འབྱུང་བ་དང༌། རང་གི་བདག་ཉིད་དུ་མེད་པ་དང༌། རང་གི་ངོ་བོ་ལ་མི་གནས་པ་དང༌། བྱིས་པས་བཟུང་བ་བཞིན་དུ་མཚན་ཉིད་མེད་པའི་ཕྱིར་རོ། །ཡང་ཀུན་ཏུ་བརྟགས་པའི་ངོ་བོ་ཉིད་ལ་མཚན་ཉིད་ངོ་བོ་ཉིད་མེད་པ་དང༌། གཞན་གྱི་དབང་ལ་སྐྱེ་བ་ངོ་བོ་ཉིད་མེད་པ་དང༌། ཡོངས་སུ་གྲུབ་པ་ལ་དོན་དམ་པ་ངོ་བོ་ཉིད་མེད་པའི་ཕྱིར་རོ། །ཞེས་དང༌། དེ་དང་གནད་གཅིག་པ་རྒྱལ་བ་བྱམས་པའི་ཞལ་སྔ་ནས་ཀྱང་གསུངས་ཏེ། མེད་པའི་སྟོང་པ་ཉིད་ཤེས་ཤིང༌། །དེ་བཞིན་ཡོད་པའི་སྟོང་ཉིད་དང༌། །རང་བཞིན་སྟོང་པ་ཉིད་ཤེས་ན། །སྟོང་པ་ཤེས་པ་ཞེས་བརྗོད་དོ། །ཞེས་ཀུན་བརྟགས་གཞན་དབང་བཅོས་མ་གློ་བུར་པ་ཡིན་པས་རང་གི་ངོ་བོ་མེད་པ་རང་སྟོང་དང༌། ཆོས་ཉིད་ཡོངས་གྲུབ་རང་བཞིན་གཉུག་མ་ཡིན་པས་གཞན་གྱི་ངོ་བོ་མེད་པ་གཞན་སྟོང་བསྟན་ཏོ། །དེ་ལྟ་བས་ན། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་གསུངས་པས་ཆོས་ཉིད་རང་གི་ངོ་བོ་མེད་པར་མི་འགྱུར་ཏེ། ཆོས་དང་ཆོས་ཉིད་ཐ་དད་པའི་ཕྱིར་རོ། །དེ་དག་དབྱེར་མེད་དུ་འདོད་པ་ལ་ནི་ལུང་རིགས་ཀྱི་གནོད་པ་དཔག་ཏུ་མེད་དོ། །ཅི་སྟེ་འགའ་ཞིག་ཏུ། ཆོས་ཉིད་ངོ་བོ་མེད་པར་གསུངས་པ་བྱུང་སྲིད་ནའང་དེ་ལ་གཞན་གྱི་ངོ་བོ་མེད་པར་དགོངས་ནས་དེ་སྐད་གསུངས་སོ། །ཞེས་རིག་པར་བྱའི་རང་གི་ངོ་བོ་མེད་པ་ནི་གཏན་ནས་མི་སྲིད་དེ། མཐར་ཐུག་ངེས་དོན་གྱི་གསུང་རབ་དཔག་ཏུ་མེད་པ་དང་འགལ་བར་འགྱུར་བའི་ཕྱིར་རོ། །དེ་བཞིན་དུ་ཉེར་ལེན་གྱི་ཆོས་རྣམས་མི་རྟག་སྡུག་བསྔལ་སྟོང་པ་བདག་མེད་མི་གཙང་བར་གསུངས་པས་ཀྱང༌། དོན་དམ་ཆོས་སྐུ་གཙང་བདག་བདེ་དང་རྟག་པར་གསུངས་པ་ལ་མི་གནོད་དེ། དཔལ་གྱི་ཕྲེང་བའི་མདོར། བཅོམ་ལྡན་འདས་སེམས་ཅན་རྣམས་ནི་[གཤིས་ལུགས་ཀྱི་]དེ་བཞིན་གཤེགས་པ་ལ་དད་པས་རྟག་པར་འདུ་ཤེས་པ་དང༌། བདེ་བར་འདུ་ཤེས་པ་དང༌། བདག་ཏུ་འདུ་ཤེས་པ་དང༌། གཙང་བར་འདུ་ཤེས་པའི་སེམས་ཅན་དེ་དག་ནི། བཅོམ་ལྡན་འདས་[ལྟ་བ་]ཕྱིན་ཅི་ལོག་ཏུ་འགྱུར་བ་མ་ལགས་ཏེ། བཅོམ་ལྡན་འདས་སེམས་ཅན་དེ་དག་ནི་ཡང་དག་པའི་ལྟ་བ་ཅན་དུ་འགྱུར་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ཉིད་རྟག་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བདེ་བའི་ཕ་རོལ་ཏུ་ཕྱིན་པ་དང༌། བདག་གི་ཕ་རོལ་ཏུ་ཕྱིན་པ་དང༌། གཙང་བའི་ཕ་རོལ་ཏུ་ཕྱིན་པ་ལགས་པའི་སླད་དུའོ། །བཅོམ་ལྡན་འདས་སེམས་ཅན་གང་དག་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ལ་[གཙང་བདག་བདེ་དང་རྟག་པ་]དེ་ལྟར་མཐོང་བ་དེ་དག་ནི་ཡང་དག་པ་མཐོང་བ་ལགས་སོ། །བཅོམ་ལྡན་འདས་ཡང་དག་པ་མཐོང་བ་གང་དག་ལགས་པ་དེ་དག་ནི་བཅོམ་ལྡན་འདས་ཀྱི་སྲས་ཐུགས་ལས་སྐྱེས་པ་དང་ཞལ་ནས་སྐྱེས་པ་དང་ཆོས་ལས་སྐྱེས་པ་དང༌། ཆོས་ཀྱི་སྤྲུལ་པ་དང་ཆོས་ཀྱི་བགོ་སྐལ་ལ་སྤྱོད་པ་ཞེས་བགྱིའོ། །ཞེས་དོན་དང་མཐུན་པར་ལྟ་བ་ལ་སྐྱོན་མེད་པར་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་རྟག་ཆད་དུ་ལྟ་བ་ཞེས་པ་ཡང་དོན་དང་མི་མཐུན་ན་སྐྱོན་དུ་འགྱུར་གྱི། མཐུན་ན་ནི་སྐྱོན་མེད་པར་མདོ་དེ་ཉིད་དུ་གསུངས་ཏེ། བཅོམ་ལྡན་འདས་འདི་གཉིས་མཐར་ལྟ་བ་ཞེས་བགྱི་སྟེ། གཉིས་གང་ཞེ་ན་རྟག་པར་ལྟ་བ་དང་ཆད་པར་ལྟ་བ་ལགས་སོ། །བཅོམ་ལྡན་འདས་གལ་ཏེ་འདུ་བྱེད་རྣམས་ལ་མི་རྟག་པར་ལྟ་ན་དེ་ནི་དེའི་ཆད་པར་ལྟ་བ་མ་ལགས་ཏེ། [དོན་དང་མཐུན་པར་ལྟ་བས་ན་]དེ་ནི་དེའི་ཡང་དག་པའི་ལྟ་བ་ལགས་སོ། །བཅོམ་ལྡན་འདས་གལ་ཏེ་མྱ་ངན་ལས་འདས་པ་[ཆེན་པོ་]ལ་རྟག་པར་ལྟ་ན་དེ་ནི་དེའི་རྟག་པར་ལྟ་བ་མ་ལགས་ཏེ། [དོན་དང་མཐུན་པར་ལྟ་བས་ན་]དེ་ནི་དེའི་ཡང་དག་པའི་ལྟ་བ་ལགས་སོ། །ཞེས་པ[འི་ལུང་འདི་རྒྱུད་བླ་མའི་འགྲེལ་པར་ཕྱིན་ཅི་ལོག་ཏུ་སོང་བ་ནི་མི་མཁས་པ་འགའ་ཞིག་གིས་བཅོས་པར་མངོན་པ་]སྟེ་སོ་སོར་རྟོག་པའི་སྐབས་སུ་དོན་གྱི་གནས་ལུགས་དང་མཐུན་པར་ལྟ་ཡང༌། མཉམ་བཞག་སྤྲོས་བྲལ་གྱི་སྐབས་སུ་ནི་ཅིར་ཡང་མི་ལྟ་བ་དགོས་པར་བཤད་ཟིན་ལ། དེ་དང་དེ་དག་འགལ་བའི་སྐྱོན་ཡང་མེད་དེ་སྐབས་སོ་སོ་ཡིན་པའི་ཕྱིར་རོ། །གལ་ཏེ་ཤེས་པ་གང་ཡིན་ཐམས་ཅད་འདུས་བྱས་ཡིན་པས་ཤེར་ཕྱིན་དང་རྣམ་མཁྱེན་གྱི་ཡེ་ཤེས་ཀྱང་འདུས་བྱས་ཡིན་ལ། ཆོས་ཉིད་དེ་བཞིན་ཉིད་ལ་སོགས་པ་འདུས་མ་བྱས་ཡིན་པའི་ཕྱིར་དེ་དག་རྣམ་གྲངས་སུ་མི་རུང་ངོ་ཞེ་ན་[དེ་ལྟར་]མ་ཡིན་ཏེ། ཤེས་རབ་དང་ཡེ་ཤེས་ལ་ཡང་བདེན་གཉིས་རྣམ་དབྱེ་ཤེས་དགོས་པའི་ཕྱིར་རོ། །དེ་ལ་ལམ་གྱི་བདེན་པར་གཏོགས་པའི་ཤེས་རབ་དང་ཡེ་ཤེས་ནི་འདུས་བྱས་ཀུན་རྫོབ་ཡིན་ཡང་འགོག་པའི་བདེན་པར་གཏོགས་པའི་ཤེས་རབ་དང་ཡེ་ཤེས་ནི་དོན་དམ་འདུས་མ་བྱས་ཡིན་ལ། དེ་དང་ཆོས་ཉིད་ལ་སོགས་པ་རྣམ་གྲངས་ཡིན་པས་སྐྱོན་མེད་དོ། །[དེ་བཞིན་དུ་ཤེས་པ་དང་རིག་པ་དང་བློ་ལ་ཡང་བདེན་གཉིས་རྣམ་དབྱེ་ཤེས་དགོས་སོ།།]གལ་ཏེ་ཆོས་ཉིད་ནི་ཤེས་པར་བྱ་བ་ཡུལ་ཡིན་ཞིང༌། ཡེ་ཤེས་ནི་དེ་ཤེས་པར་བྱེད་པ་ཡུལ་ཅན་ཡིན་པས་དེ་གཉིས་དོན་གཅིག་པར་མི་འཐད་དེ་གཟུགས་དང་མིག་ཤེས་བཞིན་ནོ། །ཞེ་ན་སྐྱོན་མེད་དེ། ཤེས་དང་ཤེས་བྱ་མི་གཅིག་པ་ནི་ཀུན་རྫོབ་གཞན་རིག་ཡིན་གྱི། དོན་དམ་རང་རིག་གི་ཤེས་དང་ཤེས་བྱ་གཅིག་པའི་ཕྱིར་དང༌། ཆོས་ཀྱི་དབྱིངས་ཉིད་རང་གིས་རང་རིག་པའི་ཡེ་ཤེས་དང༌། དོན་དམ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་སྙིང་རྗེ་དབྱེར་མེད་དང་ཐབས་ཤེས་[དབྱེར་མེད་]དང་བདེ་སྟོང་དབྱེར་མེད་ཡིན་པའི་ཕྱིར་དང༌། དེ་དག་གཅིག་ཏུ་སྦྱོར་བ་མ་ནིང་གི་གོ་འཕང་ཡིན་པའི་ཕྱིར་དང༌། ཆོས་ཉིད་ཀྱི་ཨེ་ཝཾ་དང་ཨ་ཧཾ་དང་ཧཾ་ཀྵ་དང་ཨཱ་ལི་ཀཱ་ལི་དང་ཐིག་ལེ་གྲུ་གསུམ་དང༌། རྡོ་རྗེ་བྷ་ག་དང༌། རྡོ་རྗེ་པད་མ་དང༌། རྡོ་རྗེ་སེམས་དཔའ་དང༌། རྡོ་རྗེའི་ཟླ་ཉི་དང༌། རྡོ་རྗེའི་ཁུ་རྡུལ་དང༌། རྡོ་རྗེའི་ཉིན་མཚན་དང༌། རྡོ་རྗེའི་ཕྱོགས་གཉིས་དང༌། རྡོ་རྗེའི་བགྲོད་པ་གཉིས་དང༌། ཀཱ་ལ་ཙཀྲ་དང༌། ཧེ་བཛྲ་དང༌། འཁོར་ལོ་སྡོམ་པ་དང༌། གསང་བ་འདུས་པ་དང༌། སྒྱུ་འཕྲུལ་དྲྭ་བ་དང༌། རྡོ་རྗེ་གདན་གཞི་དང༌། རྡོ་རྗེ་ཧཱུཾ་མཛད་དང༌། རྡོ་རྗེ་མཁའ་འགྲོ་དང༌། མཁའ་འགྲོ་རྒྱ་མཚོ་ལ་སོགས་པ་དོན་དམ་གྱི་ལྷ་ཡབ་ཡུམ་དང་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཐམས་ཅད་དབྱེར་མེད་རོ་མཉམ་གཅིག་པ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་དོན་དམ་ཆོས་ཉིད་རང་སྟོང་མ་ཡིན་པར་གཞན་སྟོང་ཡིན་ན་དེ་ཉི་ཚེ་བའི་སྟོང་ཉིད་ཡིན་པས་མུ་སྟེགས་བྱེད་ཀྱི་ལུགས་སུ་འགྱུར་ཏེ། [སྲིད་པ་ཐམས་ཅད་ཡོང་ཡེ་སྟོང་པ་སྟེ།]ཉི་ཚེའི་སྟོང་ཉིད་མུ་སྟེགས་ཅན་རྣམས་ཀྱི་ཞེས་གསུངས་པའི་ཕྱིར་རོ་ཞེ་ན། ཉི་ཚེ་བའི་སྟོང་ཉིད་མ་ཡིན་ཏེ་ཆོས་ཐམས་ཅད་ཀྱིས་སྟོང་པའི་ཕྱིར་རཽ། །གལ་ཏེ་ཆོས་ཐམས་ཅད་ཀྱིས་སྟོང་ན། ཆོས་ཉིད་ཀྱིས་ཀྱང་སྟོང་པར་འགྱུར་ཏེ། ཐམས་ཅད་ཀྱི་ཁོངས་སུ་ཆོས་ཉིད་ཀྱང་གཏོགས་པའི་ཕྱིར་རོ་ཞེ་ན། ཐམས་ཅད་ཀྱིས་སྟོང་པ་མི་སྲིད་དེ་ཆོས་ཉིད་ཀྱིས་སྟོང་པ་མི་སྲིད་པའི་ཕྱིར་རོ། །ཆོས་ཐམས་ཅད་ཀྱིས་སྟོང་པའི་གཞི་ནི་སྲིད་དེ་ཆོས་ཉིད་དོ། །ཆོས་ཉིད་ཀྱིས་སྟོང་པའི་གཞི་ནི་མི་སྲིད་དེ་[ཆོས་ཉིད་ཀུན་འགྲོ་མ་ཡིན་པར་ཐལ་བ་ལ་སོགས་པ་]ཧ་ཅང་ཐལ་བ་དཔག་ཏུ་མེད་པས་གནོད་པའི་ཕྱིར་རོ། །དེས་ན་ཐམས་ཅད་ཀྱིས་སྟོང་པ་དང་ཆོས་ཐམས་ཅད་ཀྱིས་སྟོང་པ་ནི་ཁྱད་པར་ཤིན་ཏུ་ཆེ་སྟེ། གནས་ལུགས་ལ་ཆོས་ཀྱིས་སྟོང་ཡང་ཆོས་ཉིད་ཀྱིས་མི་སྟོང་པའི་ཕྱིར་རོ། །འདིས་ནི་ཆོས་དང་ཆོས་ཉིད་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དུ་འདོད་པ་དང་ཐ་དད་གཏན་མེད་དུ་འདོད་པ་ཡང་བསལ་བ་ཡིན་ཏེ། དེ་གཉིས་ནི་ངོ་བོ་གཅིག་པ་བཀག་པའི་ཐ་དད་ཡིན་པའི་ཕྱིར་རོ། །འོ་ན་དགོངས་འགྲེལ་དུ། འདུ་བྱེད་ཁམས་དང་དོན་དམ་མཚན་ཉིད་དག །[ངོ་བོ་]གཅིག་དང་[ངོ་བོ་]ཐ་དད་བྲལ་བའི་མཚན་ཉིད་དེ། །[ངོ་བོ་]གཅིག་དང་[ངོ་བོ་]ཐ་དད་ཉིད་དུ་གང་རྟོག་པ། །དེ་དག་ཚུལ་བཞིན་མ་ཡིན་ཞུགས་པ་ཡིན[ཏེ་ངོ་བོ་རོ་གཅིག་པ་བཀག་པའི་ཐ་དད་ཡིན་པའི་ཕྱིར་རོ]། །ཞེས་བདེན་གཉིས་གཅིག་དང་ཐ་དད་གང་ཡང་མ་ཡིན་པར་གསུངས་པ་དང་འགལ་ལོ་ཞེ་ན། ལུང་དེས་ནི་བདེན་གཉིས་ངོ་བོ་གཅིག་པ་དང་ངོ་བོ་ཐ་དད་པ་བཀག་པ་ཡིན་ཏེ་[གཤིས་ཀྱི་]གནས་ལུགས་ལ་དོན་དམ་གྱི་ངོ་བོ་གྲུབ་ཀྱང་ཀུན་རྫོབ་ཀྱི་ངོ་བོ་མ་གྲུབ་པའི་ཕྱིར་རོ། །འདི་ལས་གཞན་དུ་[ངོ་བོ་གཅིག་མ་ཡིན། ལྡོག་པ་ཐ་དད་མ་ཡིན། ཞེས་སོགས་སུ་]འཆད་པ་ཐམས་ཅད་ནི་བདེན་པ་གཉིས་ལ་བདེན་ལུགས་གཉིས་དང༌། སྣང་ལུགས་གཉིས་དང་སྟོང་ལུགས་གཉིས་དང་དེ་དག་མེད་པར་འདོད་ན་ཆད་པར་ལྟ་ལུགས་གཉིས་ཀྱི་ཁྱད་པར་གཏན་ནས་མ་ཕྱེད་པར་གཅིག་ཏུ་འདྲེས་པའི་དུག་གིས་མྱོས་པའི་བརླབ་བཅོལ་ཁོ་ན་ཡིན་ནོ། །འདི་ལ་ཤེས་བྱེད་ཀྱི་ལུང་རིགས་ཤིན་ཏུ་མང་བར་ཡོད་དེ་འདིར་ཡི་གེ་མང་དུ་དོགས་ནས་མ་བྲིས་སོ། །གལ་ཏེ་ཉོན་མོངས་པའི་སྦུབས་ལས་གྲོལ་བའི་དེ་བཞིན་ཉིད་ནི་བདེ་གཤེགས་སྙིང་པོ་མ་ཡིན་ཏེ། ཇི་སྐད་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་འདི་ཉིད་ཉོན་མོངས་པའི་སྦུབས་ལས་མ་གྲོལ་བ་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བགྱིའོ། །ཞེས་གསུངས་པའི་ཕྱིར་རོ་སྙམ་དུ་འགའ་ཞིག་སེམས་པར་གྱུར་ན་དེའི་ཕྱིར་བརྗོད་པར་བྱ་སྟེ། འདིར་གང་ཟག་སོ་སོ་རེ་རེའི་གནས་སྐབས་གསུམ་དུ་ཁྱབ་པར་བཞུགས་པའི་དེ་བཞིན་ཉིད་ལ་མ་དག་པ་དང༌། མ་དག་དག་པ་དང༌། ཤིན་ཏུ་རྣམ་དག་ཏུ་གསུངས་ཀྱང་སྤྲིན་ཚོགས་ཡོད་མེད་ཀྱི་ཡུལ་ལ་ཁྱབ་པའི་ནམ་མཁའ་བཞིན་དུ། དེ་བཞིན་ཉིད་ནི་[རྒྱུད་དབང་བཙན་དུ་བྱས་ཏེ་]གཅིག་ཏུ་དག་པ་ཡང་མ་ཡིན་ཞིང༌། [ངོ་བོ་དབང་བཙན་དུ་བྱས་ཏེ་]གཅིག་ཏུ་མ་དག་པ་ཡང་མ་ཡིན་ཏེ་དྲི་མ་ཡོད་མེད་གྱི་གང་ཟག་ཐམས་ཅད་ལ་ཁྱབ་པར་བཞུགས་པའི་ཕྱིར་རོ། །དེ་ལྟ་བས་ན་གང་ཟག་གི་དབང་གིས། འགའ་ཞིག་ལ་དྲི་བཅས་སུ་བཞུགས་པའི་དེ་བཞིན་ཉིད། གང་ཡིན་པ་དེ་ཉིད་འགའ་ཞིག་ལ་དྲི་མེད་དུ་བཞུགས་ཀྱང་དེ་བཞིན་ཉིད་ལ་དབྱེ་བ་མེད་དེ། སྤྲིན་ཡོད་མེད་ཀྱི་ནམ་མཁའ་བཞིན་ནོ། །འདི་ལ་དགོངས་ནས། དེ་བཞིན་གཤེགས་པའི་ངོ་བོ་ཉིད་དང༌། དེ་བཞིན་གཤེགས་པའི་སྙིང་པོ་དོན་གཅིག་པར་གསེར་འོད་དམ་པ་ལས་གསུངས་ཤིང༌། སངས་རྒྱས་ཀྱི་རང་བཞིན་དང་རང་བཞིན་གྱི་མྱ་ངན་ལས་འདས་པ་དང༌། བདག་གི་དབྱིངས་ལ་སོགས་པ་རྣམ་གྲངས་སུ་མྱང་འདས་ཆེན་པོ་ལ་སོགས་པར་གསུངས་ལ། བདེ་གཤེགས་སྙིང་པོ་དང་ཆོས་ཉིད་ཡོངས་གྲུབ་རྣམ་གྲངས་སུ་ལང་ཀར་གཤེགས་པར་ཡང་གསུངས་ཤིང༌། དོན་དམ་པའི་མཚན་གྱི་རྣམ་གྲངས་མང་པོ་བརྗོད་པའི་རྒྱུད་དུ་ཡང༌། རྡོ་རྗེའི་སྙིང་པོ་དང༌། སངས་རྒྱས་ཀུན་གྱི་སྙིང་པོ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་རྣམས་དོན་དམ་གྱི་རྣམ་གྲངས་སུ་གསུངས་ལ། དེ་བཞིན་གཤེགས་པའི་སྙིང་པོའི་མདོར་ཡང༌། རྒྱལ་བ་དང༌། དེ་བཞིན་གཤེགས་པ་དང༌། སངས་རྒྱས་རང་བྱུང་དང་སངས་རྒྱས་ཀྱི་ས་དང་ཆུད་མི་ཟ་བའི་ཆོས་ཉིད་དང་ཆོས་གཏེར་དང་དེ་བཞིན་གཤེགས་པའི་ཆོས་ཉིད་དང་བདེ་གཤེགས་ཀྱི་ལུས་དང་རྒྱལ་བའི་སྐུ་མཉམ་པར་བཞག་པ་དང༌། དེ་བཞིན་གཤེགས་པའི་རིགས་དང་ཆོས་ཉིད་དང་དེ་བཞིན་གཤེགས་པའི་ཡེ་ཤེས་རིན་པོ་ཆེ་དང༌། རང་བཞིན་དང༌། སངས་རྒྱས་ཀྱི་ཡེ་ཤེས་རྣམས་བདེ་གཤེགས་སྙིང་པོའི་རྣམ་གྲངས་སུ་གསུངས་ཤིང༌། རྒྱུད་བླ་རྩ་འགྲེལ་དུ་ཡང༌། ཆོས་སྐུ་དང་དེ་བཞིན་གཤེགས་པ་དང༌། དོན་དམ་བདེན་པ་དང༌། མྱང་འདས་ཆེན་པོ་རྣམས་བདེ་གཤེགས་སྙིང་པོའི་རྣམ་གྲངས་སུ་གསུངས་ལ། [དེ་དག་གི་ལུང་ཕལ་ཆེར་གཞུང་འདིར་ཡང་དྲངས་ཤིང་གཞུང་]གཞན་དག་དུ་ཡང་རྒྱ་ཆེར་གསུངས་པའི་ཕྱིར་དོན་གཅིག་ལ་མིང་གི་རྣམ་གྲངས་གང་དུ་བརྗོད་ཀྱང་ཉེས་པ་མེད་དོ། །

དེ་ལྟར་དོན་བཞིན་རྟོགས་པའི་ཡང་དག་ལྟ་བས་ཕྱིན་ཅི་ལོག་ཐམས་ཅད་སྤོང་ཚུལ།

དེ་ལྟར་ཡང་དག་པའི་ལྟ་བས་ནི་ཕྱིན་ཅི་ལོག་ཐམས་ཅད་སྤངས་ནས་[དོན་ལ་]ཇི་ལྟར་གནས་པ་བཞིན་དུ་རྟོགས་པར་འགྱུར་ཏེ། མྱང་འདས་ཆེན་པོར། རིགས་ཀྱི་བུ་གལ་ཏེ་སེམས་ཅན་གང་[ཆོས་ཉིད་ཡོངས་གྲུབ་ཀྱི་]བདག་ཡོད་པ་ལ་བདག་མེད་པར་ལྟ་བ་དང༌། [ཀུན་བརྟགས་གཞན་དབང་གི་]བདག་མེད་པ་ལ་བདག་ཡོད་པར་ལྟ་བ་དང༌། [མཐར་ཐུག་གི་དཀོན་མཆོག་གསུམ་]རྟག་པ་ལ་མི་རྟག་པར་ལྟ་བ་དང༌། [རང་སྟོང་གང་ཡིན་ཆོས་སྐུ་ཡིན་ན་འདུས་བྱས་རྣམས་ཀྱང་ཆོས་སྐུ་ཡིན་པར་འགྱུར་བས་]མི་རྟག་པ་ལ་རྟག་པར་[དོན་གྱིས་]ལྟ་བ་དང༌། [དོན་དམ་དོན་དམ་གྱིས་སྟོང་ན་དོན་དམ་གྱི་]བདེ་བ་[དོན་དམ་དུ་བཞུགས་པ་]ལ་མི་བདེ་བ[སྟེ་དོན་དམ་དུ་བདེ་བ་མ་གྲུབ་པ]ར་ལྟ་བ་དང༌། [འཁོར་བ་འདི་མྱང་འདས་དང་དབྱེར་མེད་དུ་འདོད་ན་]མི་བདེ་བ་ལ་བདེ་བར་ལྟ་བ་དང༌། [བདེ་གཤེགས་སྙིང་པོ་ལ་སྐུར་བ་འདེབས་པ་ལྟ་བུ་]ཡོངས་སུ་དག་པ་ལ་ཡོངས་སུ་མ་དག་པར་ལྟ་བ་དང༌། [འཁོར་བ་འདྀ་མྱང་འདས་དང་དབྱེར་མེད་དུ་འདོད་པ་ལ་སོགས་]ཡོངས་སུ་མ་དག་པ་ལ་ཡོངས་སུ་དག་པར་ལྟ་བ་དང༌། [འཁོར་བ་འདྀ་མྱང་འདས་དང་དབྱེར་མེད་དུ་འདོད་པ་ལ་སོགས་]མི་འགོག་པ་ལ་འགོག་པར་ལྟ་བ་དང༌། [བདེ་གཤེགས་སྙིང་པོ་ལ་སྐུར་བ་འདེབས་པ་ལྟ་བུ་]འགོག་པ་ལ་མི་འགོག་པར་ལྟ་བ་དང༌། [གཤིས་ལ་སངས་རྒྱས་མེད་པར་འདོད་པ་ལྟ་བུ་]སྡིག་པ་ལ་མི་སྡིག་པར་ལྟ་བ་དང༌། [དག་པའི་བདག་འདོད་ན་མུ་སྟེགས་དང་འདྲ་ཞེས་པ་ལྟ་བུ་]མི་སྡིག་པ་ལ་སྡིག་པར་ལྟ་བ་དང༌། [བཅས་པ་ཕྲ་མོ་འགའ་ཞིག་ལ་སྡིག་ཆེན་དུ་ལྟ་བ་ལྟ་བུ་]སྡིག་པ་ཡང་བ་ལ་ལྕི་བར་ལྟ་བ་དང༌། [གཤིས་ལ་སངས་རྒྱས་མེད་པར་འདོད་པ་ལྟ་བུ་]སྡིག་པ་ལྕི་བ་ནི་ཡང་བར་ལྟ་བ་དང༌། [བདེ་གཤེགས་སྙིང་པོ་ལ་སྐུར་བ་འདེབས་པ་ལྟ་བུ་]ཐེག་པ་ལ་ཐེག་པ་མ་ཡིན་པར་ལྟ་བ་དང༌། [གཤིས་ལ་སངས་རྒྱས་མེད་པར་འདོད་པ་ལྟ་བུ་]ཐེག་པ་མ་ཡིན་པ་ལ་ཐེག་པར་ལྟ་བ་དང༌། [མཐའ་གཉིས་སྤངས་པའི་དབུས་མི་སྲིད་ཞེས་སོགས་]ལམ་ལ་ལམ་མ་ཡིན་པར་ལྟ་བ་དང༌། [ཐམས་ཅད་རང་སྟོང་དུ་ཤེས་པས་གྲོལ་ཞེས་སོགས་]ལམ་མ་ཡིན་པ་ལ་ལམ་དུ་ལྟ་བ་དང༌། [བདེ་གཤེགས་སྙིང་པོ་ལ་སྐུར་བ་འདེབས་པ་ལྟ་བུ་]བྱང་ཆུབ་ཡང་དག་པ་ལ་ནི་བྱང་ཆུབ་མ་ཡིན་པར་ལྟ་བ་དང༌། [སྟོང་ཚད་ཆོས་སྐུར་འདོད་པ་ལྟ་བུ་]བྱང་ཆུབ་མ་ཡིན་པ་ལ་བྱང་ཆུབ་ཏུ་ལྟ་བ་དང༌། [དུག་ལྔ་ཡེ་ཤེས་ལྔར་འདོད་པ་ལ་སོགས་]སྡུག་བསྔལ་ལ་སྡུག་བསྔལ་མ་ཡིན་པར་ལྟ་བ་དང༌། [དག་པའི་བདག་འདོད་ན་མུ་སྟེགས་དང་འདྲ་ཞེས་པ་ལྟ་བུ་]སྡུག་བསྔལ་མ་ཡིན་པ་ལ་སྡུག་བསྔལ་དུ་ལྟ་བ་དང༌། [རྣམ་རྟོག་ཆོས་སྐུ་ཡིན་ཞེས་སོགས་]ཀུན་འབྱུང་ལ་ཀུན་འབྱུང་མ་ཡིན་པར་ལྟ་བ་དང༌། [བདེ་གཤེགས་སྙིང་པོ་ལ་སྐུར་བ་འདེབས་པ་ལྟ་བུ་]འགོག་པ་ལ་འགོག་པ་མ་ཡིན་པར་ལྟ་བ་དང༌། [དག་པའི་བདག་ལ་སྐུར་བ་འདེབས་པ་ལྟ་བུ་]བདེན་པ་ལ་བདེན་པ་མ་ཡིན་པར་ལྟ་བ་དང༌། [རང་སྟོང་གང་ཡིན་དོན་དམ་དུ་འདོད་ན་]ཀུན་རྫོབ་ལ་དོན་དམ་པར་ལྟ་བ་དང༌། [རང་བཞིན་འོད་གསལ་མི་རྟག་པར་འདོད་པ་ལྟ་བུ་]དོན་དམ་པ་ལ་ཀུན་རྫོབ་ཏུ་ལྟ་བ་དང༌། [དོན་དམ་གཞན་སྟོང་ལ་སྐུར་བ་འདེབས་པ་ལྟ་བུ་]སྐྱབས་སུ་འགྲོ་བ[འི་གནས་]ལ་སྐྱབས་སུ་འགྲོ་བ[འི་གནས་]མ་ཡིན་པར་ལྟ་བ་དང༌། [རང་སེམས་རྣམ་ཤེས་འདི་སངས་རྒྱས་སུ་འདོད་པ་ལ་སོགས་]སྐྱབས་སུ་འགྲོ་བ[འི་གནས་]མ་ཡིན་པ་ལ་སྐྱབས་སུ་འགྲོ་བར་[བྱ་བའི་གནས་སུ་]ལྟ་བ་དང༌། [མྱང་འདས་ཆེན་པོ་བཀའ་འགྱུར་དུ་མི་འདྲི་བ་ལ་སོགས་]སངས་རྒྱས་ཀྱི་བཀའ་ཡང་དག་པ་ལ་ནི་བདུད་ཀྱི་ཚིག་ཅེས་[དོན་གྱིས་]ཟེར་བ་དང༌། [བོད་ཀྱིས་བརྩམས་པའི་རྒྱུད་ལ་སོགས་]བདུད་ཀྱི་ཚིག་ཡང་དག་པ་[སྟེ་ཡིན་ངེས་]ལ་ནི་སངས་རྒྱས་ཀྱི་བཀའ་ཞེས་ཟེར་བ། དེ་ལྟ་བུའི་དུས་ན་དེ་བཞིན་གཤེགས་པ་རྣམས་ཀྱིས་གདོད་ཡོངས་སུ་མྱང་ངན་ལས་འདའ་བའི་མདོ་འདི་གསུང་ངོ༌། །ཞེས་དང༌། རིགས་ཀྱི་བུ་སངས་རྒྱས་ཀྱི་རང་བཞིན་ཞེས་བྱ་བ་ནི། [ཀུན་རྫོབ་སྟོང་པ་མ་ཡིན་གྱི་]དོན་དམ་པ་སྟོང་པའོ། །དོན་དམ་པ་སྟོང་པ་ནི་[རང་བྱུང་]ཡེ་ཤེས་ཞེས་བྱའོ། །དེ་ལ་[རང་རང་ངོ་བོས་]སྟོང་པ་ཞེས་བྱ་བ་ནི་[རང་རང་ངོ་བོས་]སྟོང་པ་དང་[རང་རང་ངོ་བོས་]མི་སྟོང་པ་གཉི་ག་མི་མཐོང་བ[ར་ཕྱོགས་གཅིག་ཏུ་ཆད་པ]འོ། །ཤེས་རབ་ཅན་གྱིས་ནི་[རང་རང་ངོ་བོས་]སྟོང་པ་[ཀུན་རྫོབ་]དང་[རང་རང་ངོ་བོས་]མི་སྟོང་པ་[དོན་དམ་]དང༌།[དོན་དམ་]རྟག་པ་དང་[ཀུན་རྫོབ་འདུས་བྱས་]མི་རྟག་པ་དང༌།[ཁམས་གསུམ་འདི་]སྡུག་བསྔལ་བ་དང་[ཁམས་གསུམ་གཞན་]བདེ་བ་དང་[དག་པའི་]བདག་[དོན་དམ་]དང་བདག་མེད་པ་[ཀུན་རྫོབ་སྟེ་བདེན་གཉིས་ཀྱི་གནས་ལུགས་]ཀུན་[ཇི་ལྟ་བར་]མཐོང་ངོ༌། །[རང་རང་ངོ་བོས་]སྟོང་པ་ཞེས་བྱ་བ་ནི་འཁོར་བ་ཐམས་ཅད་དོ། །[རང་རང་ངོ་བོས་]མི་སྟོང་པ་ཞེས་བྱ་བ་ནི་ཡོངས་སུ་མྱ་ངན་ལས་འདས་པ[ཆེན་པོ]འོ། །[མི་རྟག་པ་དང་སྡུག་བསྔལ་བ་དང་]བདག་མེད་པའི་བར་དུ་འཁོར་བའོ། །[རྟག་པ་དང་བདེ་བ་དང་དག་པའི་]བདག་ཅེས་བྱ་བ་ནི་ཡོངས་སུ་མྱ་ངན་ལས་འདས་པ་[མཁའ་ཁྱབ་]སྟེ། [དེ་ལྟར་རྟོགས་ན་མཐའ་གཉིས་སྤངས་པའི་དབུ་མ་རྟོགས་པ་ཡིན་གྱི་དེ་ལས་གཞན་དུ་]ཐམས་ཅད་སྟོང་པར་མཐོང་ལ། སྟོང་པ་མ་ཡིན་པ་མི་མཐོང་བ་ནི་[མེད་པ་དང་སྐུར་འདེབས་ཀྱི་མཐར་ལྷུང་བས་]ལམ་དབུ་མ་ཞེས་མི་བྱ། ཐམས་ཅད་[མི་རྟག་པ་དང་སྡུག་བསྔལ་བ་དང་]བདག་མེད་པའི་བར་དུ་མཐོང་ལ། [རྟག་པ་དང་བདེ་བ་དང་དག་པའི་]བདག་མི་མཐོང་བ་ནི་[མེད་པ་དང་སྐུར་འདེབས་ཀྱི་མཐར་ལྷུང་བས་]ལམ་དབུ་མ་ཞེས་མི་བྱའོ། །ལམ་དབུ་མ་ཞེས་བྱ་བ་ནི་[མཐའ་དེ་གཉིས་སྤངས་པའི་དབུས་གང་ཡིན་པ་ཕུང་པོ་གསུམ་པ་སྟེ་]སངས་རྒྱས་ཀྱི་རང་བཞིན་ནོ། །དོན་དེ་ལྟ་བས་ན་སངས་རྒྱས་ཀྱི་རང་བཞིན་ནི་རྟག་པ་མི་འགྱུར་ཞིང་འཕོ་བ་མེད་པ་[མཁའ་ཁྱབ་ཏུ་བཞུགས་པ་]སྟེ། མ་རིག་པས་ཁེབས་པས་སེམས་ཅན་ཐམས་ཅད་ཀྱིས་མཐོང་བར་མ་གྱུར་ཏོ། །ཉན་ཐོས་དང་རང་སངས་རྒྱས་ཀྱིས་ཐམས་ཅད་སྟོང་པར་མཐོང་སྟེ། མི་སྟོང་བར་མི་མཐོང་བ་ནས་ཐམས་ཅད་[མི་རྟག་པ་དང་སྡུག་བསྔལ་བ་དང་]བདག་མེད་པའི་བར་དུ་མཐོང་སྟེ། [རྟག་པ་དང་བདེ་བ་དང་དག་པའི་]བདག་ཏུ་མི་མཐོང་ངོ༌། །དེ་བས་ན་དོན་དམ་པའི་སྟོང་པ་མ་ཐོབ་བོ། །དོན་དམ་པའི་སྟོང་པ་[རང་བྱུང་ཡེ་ཤེས་མཁའ་ཁྱབ་]མ་ཐོབ་པའི་ཕྱིར། ལམ་དབུ་མ་མི་སྤྱོད། ལམ་དབུ་མ་མེད་པའི་ཕྱིར་སངས་རྒྱས་ཀྱི་རང་བཞིན་མི་མཐོང་ངོ༌། །ཞེས་དང༌། རིགས་ཀྱི་བུ་གང་ལ་ལ་ཞིག་གིས་ཆོས་ཐམས་ཅད་ལ་རྟག་པ་མེད་པ། བདག་མེད་པ། བདེ་བ་མེད་པ། ཡོངས་སུ་དག་པ་མེད་པར་མཐོང་བ་དང༌། ཆོས་མ་ཡིན་པ་[དོན་དམ་ཆོས་ཉིད་]ཐམས་ཅད་ལ་རྟག་པ་མེད་པ། བདག་མེད་པ། བདེ་བ་མེད་པ། ཡོངས་སུ་དག་པ་མེད་པར་མཐོང་བ་དེས་ནི། [ཆད་པའི་མཐར་ལྷུང་བའི་ཕྱིར་]སངས་རྒྱས་ཀྱི་རང་བཞིན་མི་མཐོང་ངོ༌། །དེ་ལ་[ཆོས་]ཐམས་ཅད་ཅེས་བྱ་བ་ནི་འཁོར་བའོ། །[ཆོས་]ཐམས་ཅད་མ་ཡིན་པ་[སྟེ་ཆོས་ཉིད་]ནི་[དོན་དམ་གྱི་]དཀོན་མཆོག་གསུམ་སྟེ། [མཐའ་གཉིས་སྤངས་པའི་དབུས་མའམ་བར་མ་ཕུང་པོ་གསུམ་པར་བཞུགས་པའོ།།]ཉན་ཐོས་དང་རང་སངས་རྒྱས་ཀྱིས་ཆོས་ཐམས་ཅད་མི་རྟག་པ་དང༌། བདག་མེད་པ། བདེ་བ་མེད་པ། ཡོངས་སུ་མ་དག་པར་མཐོང༌། ཆོས་མ་ཡིན་པ་[དོན་དམ་ཆོས་ཉིད་]ཐམས་ཅད་ལ་ཡང་མི་རྟག་པ། བདག་མེད་པ། བདེ་བ་མེད་པ། ཡོངས་སུ་མ་དག་པར་མཐོང་སྟེ། དོན་དེ་ལྟ་བས་ན་[ཕྱོགས་སུ་ལྷུང་བས་]སངས་རྒྱས་ཀྱི་རང་བཞིན་མི་མཐོང་ངོ༌། །བྱང་ཆུབ་སེམས་དཔའ་ས་བཅུ་པས་ནི་ཆོས་ཐམས་ཅད་ལ་མི་རྟག་པ། བདག་མེད་པ། བདེ་བ་མེད་པ། ཡོངས་སུ་དག་པ་མེད་པར་མཐོང་ལ། ཆོས་མ་ཡིན་པ་[དོན་དམ་ཆོས་ཉིད་]ཐམས་ཅད་ལ་ནི་རྟག་པ་དང༌། བདག་དང༌། བདེ་བ་དང༌། ཡོངས་སུ་དག་པར་ཕྱོགས་ཙམ་ཞིག་མཐོང་སྟེ། དོན་དེ་ལྟ་བས་ན་བཅུ་ཆ་གཅིག་ཙམ་མཐོང་ངོ༌། །སངས་རྒྱས་བཅོམ་ལྡན་འདས་ནི་[ཕྱོགས་སུ་མ་ལྷུང་བ་རྫོགས་པར་ཐུགས་སུ་ཆུད་པས་]ཆོས་ཐམས་ཅད་ལ་མི་རྟག་པ། བདག་མེད་པ། བདེ་བ་མེད་པ། ཡོངས་སུ་དག་པ་མེད་པར་གཟིགས་ལ། ཆོས་མ་ཡིན་པ་[དོན་དམ་ཆོས་ཉིད་]ཐམས་ཅད་ལ་རྟག་པ་དང༌། བདག་དང༌། བདེ་བ་དང༌། ཡོངས་སུ་དག་པར་གཟིགས་ཏེ་དེ་ལྟ་བས་ན་སངས་རྒྱས་ཀྱི་རང་བཞིན་ལག་མཐིལ་དུ་སྐྱུ་རུ་རའི་འབྲས་བུ་གཞག་པ་ལྟར་གཟིགས་སོ། །དོན་དེ་ལྟ་བས་ན་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ནི་མཐར་ཐུག་པ་ཞེས་བྱའོ། །ཞེས་དང༌། བདག་མེད་པ་ལ་བདག་ཏུ་འདུ་ཤེས། བདག་ལ་བདག་མེད་པར་འདུ་ཤེས་པ་ཡང་ཕྱིན་ཅི་ལོག་གོ །[དེ་དག་རྒྱས་པར་བཤད་ན་]འཇིག་རྟེན་པ་ཡང་[ཀུན་རྫོབ་ཀྱི་]བདག་ཡོད་པར་སྨྲ། སངས་རྒྱས་ཀྱི་ཆོས་ལ་ཡང་[དོན་དམ་གྱིས་]བདག་ཡོད་པར་སྨྲ་སྟེ། འཇིག་རྟེན་པ་དག་[ཀུན་རྫོབ་ཀྱི་]བདག་ཡོད་པར་སྨྲ་མོད་ཀྱི། སངས་རྒྱས་ཀྱི་རང་བཞིན་[དག་པའི་བདག་]ཡོད་[པར་རྟོགས་]པ་མ་ཡིན་པས་དེ་ནི་[ཀུན་རྫོབ་]བདག་མེད་པ་ལ་བདག་ཏུ་འདུ་ཤེས་པ་སྟེ་ཕྱིན་ཅི་ལོག་ཅེས་བྱའོ། །སངས་རྒྱས་ཀྱི་ཆོས་[ཉིད་]ཀྱི་བདག་ཡོད་པ་ནི་སངས་རྒྱས་ཀྱི་རང་བཞིན་ནོ། །འཇིག་རྟེན་པ་དག་ནི་སངས་རྒྱས་ཀྱི་ཆོས་ལ་བདག་[གང་ཡང་]མེད་ཅེས་སྨྲ་སྟེ། དེ་བས་ན་[ཆོས་ཉིད་ཀྱི་]བདག་ལ་བདག་མེད་པར་འདུ་ཤེས་པ་ཞེས་བྱའོ། །ཞེས་དང༌། མུ་སྟེགས་ཅན་གྱི་ཆོས་ལ་ནི་ངེས་པར་[ཆོས་ཉིད་ཀྱི་]བདག་[སྟོན་པ་]མེད་དོ། །གང་[ཆོས་ཉིད་ཀྱི་]བདག་ཅེས་བྱ་བ་ནི་[དོན་དམ་གྱི་]དེ་བཞིན་གཤེགས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། [ཆོས་ཉིད་ཀྱི་]སྐུ་མཐའ་ཡས་པ་ཐེ་ཚོམ་གྱི་དྲ་བ་མེད་པ་[རྒྱུ་རྐྱེན་གྱིས་]མི་བྱེད་པ་[སྲིད་པ་ཉེ་བར་]མི་ལེན་པའི་ཕྱིར་རྟག་པ་ཞེས་བྱའོ། །ཞེས་དང༌། དེ་ལ་ཤེས་རབ་ཅེས་བྱ་བ་ནི་འདི་ལྟ་སྟེ། [དོན་དམ་གྱི་]དེ་བཞིན་གཤེགས་པ་ལ་རྟག་པ་དང༌། བདེ་བ་དང༌། བདག་དང༌། ཡོངས་སུ་དག་པར་ལྟ་བ་དང༌། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པར་ལྟ་བ་དང༌། ཆོས་ཀྱི་མཚན་ཉིད་གཉིས་[གཉིས་]སུ་ལྟ་སྟེ། འདི་ལྟར་[རང་གི་ངོ་བོས་]སྟོང་པ་[ཀུན་རྫོབ་]དང་[རང་གི་ངོ་བོས་]སྟོང་པ་མ་ཡིན་པ་[དོན་དམ་]དང༌། [དོན་དམ་]རྟག་པ་དང༌། མི་རྟག་པ་[ཀུན་རྫོབ་]དང༌། [དོན་དམ་]བདེ་བ་དང༌། [རང་བཞིན་གྱི་]བདེ་བ་མེད་པ་[ཀུན་རྫོབ་]དང༌། [དག་པའི་]བདག་[དོན་དམ་]དང༌། བདག་མེད་པ་[ཀུན་རྫོབ་]དང༌། [གདོད་ནས་]ཡོངས་སུ་དག་པ་[དོན་དམ་]དང༌། [གདོད་ནས་]ཡོངས་སུ་མ་དག་པ་[ཀུན་རྫོབ་]དང༌། ཆོས་ཐ་དད་པ་གཅད་དུ་རུང་བ་[ཀུན་རྫོབ་]དང༌། ཆོས་ཐ་དད་པ་གཅད་དུ་མི་རུང་བ་[དོན་དམ་]དང༌། ཆོས་ཐ་དད་པ་རྐྱེན་ལས་སྐྱེ་བ་[ཀུན་རྫོབ་]དང༌། ཆོས་ཐ་དད་པ་རྐྱེན་ལས་མི་སྐྱེ་བ་[དོན་དམ་]དང༌། ཆོས་ཐ་དད་པ་རྐྱེན་ལས་འབྲས་བུར་གྱུར་པ་[ཀུན་རྫོབ་]དང༌། ཆོས་ཐ་དད་པ་རྐྱེན་ལས་འབྲས་བུར་གྱུར་པ་མ་ཡིན་[པ་དོན་དམ་སྟེ་དེ་ལྟར་བདེན་གཉིས་རྣམ་དབྱེ་ལེགས་]པར་རྟོགས་པ་ནི་ཤེས་རབ་དང་ལྡན་པ་ཞེས་བྱ་སྟེ[གཞན་ནི་དེ་ལྟ་མ་ཡིན་ནོ།]། ཞེས་དང༌། དེའི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། ལེགས་པར་ཉོན་ལ་ཤིན་ཏུ་ཡིད་ལ་ཟུང་ཤིག །ཁྱེད་ཀྱིས་མི་ར་རོ་བ་ལ་དཔེ་བླངས་པ་ནི་ཚིག་དང་འབྲུ་ཙམ་ཤེས་པར་ཟད་ཀྱི་དོན་ནི་མ་རྟོགས་སོ། །དེ་ལ་དོན་ཞེས་བྱ་བ་གང་ཞེ་ན། དཔེར་ན་མི་ར་རོ་བས་ཉི་ཟླ་ལ་སོགས་པ་མི་འཁོར་བ་[ལ་]འཁོར་བར་འདུ་ཤེས་པ་དང་འདྲ་བར། སོ་སོའི་སྐྱེ་བོ་ཡང་དེ་དང་འདྲ་སྟེ། ཀུན་ནས་ཉོན་མོངས་པའི་མ་རིག་པས་ཡོངས་སུ་ཁེབས་པས་ན་ཕྱིན་ཅི་ལོག་གི་སེམས་བསྐྱེད་དེ། [ཆོས་ཉིད་ཀྱི་]བདག་ལ་བདག་མེད་པར་འདུ་ཤེས། [དོན་དམ་སྟོང་ཉིད་]རྟག་པ་ལ་མི་རྟག་པར་འདུ་ཤེས། [དོན་དམ་སྟོང་ཉིད་]ཡོངས་སུ་དག་པ་ལ་ཡོངས་སུ་མ་དག་པར་འདུ་ཤེས། [དོན་དམ་སྟོང་ཉིད་]བདེ་བ་ལ་སྡུག་བསྔལ་བར་འདུ་ཤེས་ཏེ། ཀུན་ནས་ཉོན་མོངས་པས་ཡོངས་སུ་ཁེབས་པས་དེ་འདྲ་བར་འདུ་ཤེས་མོད་ཀྱི། དོན་ཁོང་དུ་མ་ཆུད་པས་མི་ར་རོ་བ་དེ་[ཉི་ཟླ་]འཁོར་བའི་གནས་མ་ཡིན་པ་ལ་འཁོར་བར་འདུ་ཤེས་བསྐྱེད་པ་བཞིན་ནོ། །[དག་པའི་]བདག་ཅེས་བྱ་བ་ནི་[དོན་དམ་གྱི་]སངས་རྒྱས་ཞེས་བྱ་བའི་དོན་ཏོ། །[ཆོས་ཉིད་]རྟག་པ་ནི་ཆོས་ཀྱི་སྐུ་ཞེས་བྱ་བའི་དོན་ཏོ། །[ཆོས་ཉིད་]བདེ་བ་ནི་མྱ་ངན་ལས་འདས་པ་[ཆེན་པོ་]ཞེས་བྱ་བའི་དོན་ཏོ། །[ཆོས་ཉིད་]ཡོངས་སུ་དག་པ་ནི་[དོན་དམ་གྱི་]ཆོས་ཞེས་བྱ་བའི་དོན་ཡིན་ན་ཅིའི་ཕྱིར་དགེ་སློང་ཁྱོད་བདག་ཏུ་འདུ་ཤེས་པ་ནི་ང་རྒྱལ་ཅན་ཡིན་ཏེ། འཁོར་བ་ན་འཁོར་རོ་ཞེས་སྨྲ། ཁྱོད་སྨྲ་བ་ལྟར་ན་བདག་[ཅག་]ཀྱང་མི་རྟག་པ་དང༌། སྡུག་བསྔལ་བ་དང༌། བདག་མེད་པའི་འདུ་ཤེས་ལ་ནན་ཏན་བྱེད་དོ་ཞེས་བྱ་བ་ནི་ཡང་དག་པར་དོན་མེད་དོ། །ནན་ཏན་བྱེད་པ་[མི་རྟག་སྡུག་བསྔལ་བདག་མེད་དེ་]གསུམ་པོ་དེ་ལ་ཡང་དག་པའི་དོན་མེད་པས་དེ་མ་ཡིན་པ་ནན་ཏན་བྱེད་པའི་ཆོས་[མི་རྟག་སྡུག་བསྔལ་བདག་མེད་དེ་]གསུམ་པོ་ལས་ལྷག་པ་ངས་བཤད་པར་བྱའོ། །[འཁོར་བ་]སྡུག་བསྔལ་ལ་བདེ་བར་འཛིན་པ་དང༌། [མྱང་འདས་བདེ་གཤེགས་སྙིང་པོ་]བདེ་བ་ལ་སྡུག་བསྔལ་དུ་འཛིན་པ་ནི་ཕྱིན་ཅི་ལོག་གི་ཆོས་[སུ་མཚུངས་]སོ། །[འཁོར་བ་]མི་རྟག་པ་ལ་རྟག་པར་འཛིན་པ་དང༌། [མྱང་འདས་བདེ་གཤེགས་སྙིང་པོ་]རྟག་པ་ལ་མི་རྟག་པར་འཛིན་པ་ནི་ཕྱིན་ཅི་ལོག་གི་ཆོས་[སུ་མཚུངས་]སོ། །[འཁོར་བ་]བདག་མེད་པ་ལ་བདག་ཏུ་འཛིན་པ་དང༌། [མྱང་འདས་བདེ་གཤེགས་སྙིང་པོ་]བདག་ལ་བདག་མེད་པར་འཛིན་པ་ནི་ཕྱིན་ཅི་ལོག་གི་ཆོས་[སུ་མཚུངས་]སོ། །[འཁོར་བ་]ཡོངས་སུ་མ་དག་པ་ལ་ཡོངས་སུ་དག་པར་འཛིན་པ་དང༌། [མྱང་འདས་བདེ་གཤེགས་སྙིང་པོ་]ཡོངས་སུ་དག་པ་ལ་ཡོངས་སུ་མ་དག་པར་འཛིན་པ་ནི་ཕྱིན་ཅི་ལོག་གི་ཆོས་[སུ་མཚུངས་]སོ། །ཕྱིན་ཅི་ལོག་གི་ཆོས་རྣམ་པ་བཞི་པོ་འདི་ནི་ཡང་དག་པ་ཇི་ལྟ་བར་ནན་ཏན་བྱ་བ་གང་ཟག་གིས་མི་ཤེས་སོ། །ཞེས་དང༌། འཇིག་རྟེན་ན་ཡང་རྟག་པ་དང༌། བདེ་བ་དང༌། བདག་དང་ཡོངས་སུ་དག་པ[ར་བརྟགས་པ་ཙམ་]ཡོད་དོ། །འཇིག་རྟེན་ལས་འདས་པ་ལ་ཡང་རྟག་པ་དང་བདེ་བ་དང་བདག་དང་ཡོངས་སུ་དག་པ[དོན་དམ་]ཡོད་དོ། །འཇིག་རྟེན་གྱི་ཆོས་ནི་བརྗོད་དུ་ཡོད་ལ་དོན་མེད་པའོ། །འཇིག་རྟེན་ལས་འདས་པ་ནི་བརྗོད་དུ་ཡང་ཡོད་ལ་དོན་ཡང་ཡོད་དོ། །དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་གྱི་ཆོས་ནི་ཕྱིན་ཅི་ལོག་བཞི་དང་བཅས་པས་དོན་མི་རྟོགས་སོ། །དེ་ཇི་ལྟ་ཞེ་ན། འདུ་ཤེས་ཕྱིན་ཅི་ལོག་དང༌། སེམས་ཕྱིན་ཅི་ལོག་དང༌། ལྟ་བ་ཕྱིན་ཅི་ལོག་དང༌། ཕྱིན་ཅི་ལོག་གསུམ་གྱིས་འཇིག་རྟེན་པ་ནི་[མྱང་འདས་བདེ་གཤེགས་སྙིང་པོ་]བདེ་བ་ལ་སྡུག་བསྔལ་དུ་ལྟ། [མྱང་འདས་བདེ་གཤེགས་སྙིང་པོ་]རྟག་པ་ལ་མི་རྟག་པར་ལྟ། [མྱང་འདས་བདེ་གཤེགས་སྙིང་པོ་]བདག་ལ་བདག་མེད་པར་ལྟ། [མྱང་འདས་བདེ་གཤེགས་སྙིང་པོ་]ཡོངས་སུ་དག་པ་ལ་ཡོངས་སུ་མ་དག་པར་ལྟ་སྟེ་ཕྱིན་ཅི་ལོག་ཅེས་བྱའོ། །ཕྱིན་ཅི་ལོག་པས་ན་འཇིག་རྟེན་པས་ནི་ཚིག་ཏུ་སྨྲ་བ་ཤེས་ཀྱི་དོན་མི་ཤེས་སོ། །དེ་ལ་དོན་ཞེས་བྱ་བ་གང་ཞེ་ན། བདག་མེད་པ་ནི་འཁོར་བ་ཞེས་བྱའོ། །བདག་ཅེས་བྱ་བ་ནི་དེ་བཞིན་གཤེགས་པའོ། །མི་རྟག་པ་ནི་ཉན་ཐོས་དང་རང་སངས་རྒྱས་སོ། །རྟག་པ་ནི་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའོ། །སྡུག་བསྔལ་བ་ནི་མུ་སྟེགས་ཅན་ཐམས་ཅད་དོ། །བདེ་བ་ནི་ཡོངས་སུ་མྱ་ངན་ལས་འདས་པའོ། །ཡོངས་སུ་མ་དག་པ་ནི་འདུས་བྱས་པའི་ཆོས་སོ། །ཡོངས་སུ་དག་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་དག་པའི་ཆོས་[ཉིད་]ཡིན་ཏེ། [དེ་ལྟར་ལེགས་པར་ཕྱེ་སྟེ་རྟོགས་པ་]དེ་བས་ན་[འདུ་ཤེས་དང་སེམས་དང་ལྟ་བ་]ཕྱིན་ཅི་མ་ལོག་པ་ཞེས་བྱའོ།།དེ་ལྟར་[འདུ་ཤེས་དང་སེམས་དང་ལྟ་བ་]ཕྱིན་ཅི་མ་ལོག་པས་ཚིག་ཏུ་བརྗོད་པ་ཡང་ཤེས་ལ་དོན་ཡང་ཤེས་སོ། །གང་ཞིག་ཕྱིན་ཅི་ལོག་བཞི་པོ་ཡོངས་སུ་སྤོང་བར་འདོད་ན། དེ་ལྟ་བུའི་ཚུལ་དུ་[མྱང་འདས་བདེ་གཤེགས་སྙིང་པོ་]རྟག་པ་དང་[མྱང་འདས་བདེ་གཤེགས་སྙིང་པོ་]བདེ་བ་དང་[མྱང་འདས་བདེ་གཤེགས་སྙིང་པོ་]བདག་དང་[མྱང་འདས་བདེ་གཤེགས་སྙིང་པོ་]ཡོངས་སུ་དག་པར་རིག་པར་བྱའོ། །ཞེས་སོགས་དང༌། ལྷའི་ཟླ་བས་བསྒྱུར་བའི་མྱང་འདས་ཆེན་པོར། ཡང་དེའི་ཚེ་བསླབ་པའི་གཞི་ལྔ་བླངས་ཤིང་ཚུལ་ཁྲིམས་དང་གོ་ཆ་དང་ཡོན་ཏན་དང་ལྡན་པའི་དགེ་བསྙེན་འོད་དྲི་མ་མེད་པར་གྲགས་པའི་རྒྱལ་པོ་ལ་སོགས་པ་དགེ་བསྙེན་གང་གཱའི་ཀླུང་གཉིས་ཀྱི་བྱེ་མ་སྙེད་ཐམས་ཅད་ཟུང་དང་ཟུང་དུ་ཤེས་པར་འདོད་པ་ཤ་སྟག་སྟེ། [འཁོར་བ་]སྡུག་བསྔལ་བ་དང༌། [མྱང་འདས་བདེ་གཤེགས་སྙིང་པོ་]བདེ་བ་དང༌། [མྱང་འདས་བདེ་གཤེགས་སྙིང་པོ་]རྟག་པ་དང༌། [འཁོར་བ་]མི་རྟག་པ་དང༌། [མྱང་འདས་བདེ་གཤེགས་སྙིང་པོ་]བདག་ཡོད་པ་དང༌། [འཁོར་བ་]བདག་མེད་པ་དང༌། [འཁོར་བ་]སྟོང་པ་དང༌། [མྱང་འདས་བདེ་གཤེགས་སྙིང་པོ་]སྟོང་པ་མ་ཡིན་པ་དང༌།[མྱང་འདས་བདེ་གཤེགས་སྙིང་པོ་]དེ་ཁོ་ན་དང༌། [འཁོར་བ་]དེ་ཁོ་ན་མ་ཡིན་པ་དང༌། [མྱང་འདས་བདེ་གཤེགས་སྙིང་པོ་]སྐྱབས་དང་[འཁོར་བ་]སྐྱབས་མ་ཡིན་པ་དང༌། [འཁོར་བ་]སེམས་ཅན་དང༌། [མྱང་འདས་བདེ་གཤེགས་སྙིང་པོ་]སེམས་ཅན་མེད་པ་དང༌།[མྱང་འདས་བདེ་གཤེགས་སྙིང་པོ་]བརྟན་པ་དང༌། [འཁོར་བ་]བརྟན་པ་མ་ཡིན་པ་དང༌། [མྱང་འདས་བདེ་གཤེགས་སྙིང་པོ་]ཞི་བ་དང༌། [འཁོར་བ་]ཞི་བ་མ་ཡིན་པ་དང༌། [འཁོར་བ་]འདུས་བྱས་དང༌།[མྱང་འདས་བདེ་གཤེགས་སྙིང་པོ་]འདུས་མ་བྱས་དང༌། [མྱང་འདས་བདེ་གཤེགས་སྙིང་པོ་]ཐེར་ཟུག་དང༌། [འཁོར་བ་]ཐེར་ཟུག་མ་ཡིན་པ་དང༌། [མྱང་འདས་བདེ་གཤེགས་སྙིང་པོ་]ཡོངས་སུ་མྱ་ངན་ལས་[རང་བཞིན་གྱིས་]འདས་པ་དང༌། [འཁོར་བ་]ཡོངས་སུ་མྱ་ངན་ལས་འདས་པ་མ་ཡིན་པ་ལ་སོགས་པའི་ཁྱད་པར་དང༌། [དེ་དག་གི་ནང་ནས་གཙང་བདག་བདེ་དང་རྟག་པའི་བདེ་གཤེགས་སྙིང་པོ་]ཁྱད་པར་དུ་འཕགས་པ་ཤེས་པར་འདོད་པ་ཤ་སྟག་སྟེ། ཞེས་དང༌། ཁྱེད་[འཁོར་བ་]སྟོང་པ་དང༌། [མྱང་འདས་བདེ་གཤེགས་སྙིང་པོ་]སྟོང་པ་མ་ཡིན་པའམ། [མྱང་འདས་བདེ་གཤེགས་སྙིང་པོ་]རྟག་པ་དང༌།[འཁོར་བ་]མི་རྟག་པའམ། [མྱང་འདས་བདེ་གཤེགས་སྙིང་པོ་]སྐྱབས་དང༌། [འཁོར་བ་]སྐྱབས་མ་ཡིན་པའམ། [འཁོར་བ་]འགྲོ་བ་དང༌། [མྱང་འདས་བདེ་གཤེགས་སྙིང་པོ་]མི་འགྲོ་བའམ། [མྱང་འདས་བདེ་གཤེགས་སྙིང་པོ་]རྟེན་དང་[འཁོར་བ་]རྟེན་མ་ཡིན་པའམ། [མྱང་འདས་བདེ་གཤེགས་སྙིང་པོ་]ཐེར་ཟུག་དང༌། [འཁོར་བ་]ཐེར་ཟུག་མ་ཡིན་པའམ། [མྱང་འདས་བདེ་གཤེགས་སྙིང་པོ་]བརྟན་པ་དང༌། [འཁོར་བ་]བརྟན་པ་མ་ཡིན་པའམ། [འཁོར་བ་]སེམས་ཅན་དང༌།[མྱང་འདས་བདེ་གཤེགས་སྙིང་པོ་]སེམས་ཅན་མ་ཡིན་པའམ། [མྱང་འདས་བདེ་གཤེགས་སྙིང་པོ་]ཡང་དག་པ་དང༌། [འཁོར་བ་]ཡང་དག་པ་མ་ཡིན་པའམ། [མྱང་འདས་བདེ་གཤེགས་སྙིང་པོ་]བདེན་པ་དང༌།[འཁོར་བ་]བདེན་པ་མ་ཡིན་པའམ། [བདེ་གཤེགས་སྙིང་པོ་རང་བཞིན་གྱིས་]མྱ་ངན་ལས་འདས་པ་དང༌།[འཁོར་བ་]མྱ་ངན་ལས་འདས་པ་མ་ཡིན་པའམ། [མྱང་འདས་བདེ་གཤེགས་སྙིང་པོ་]གསང་བ་དང༌། [འཁོར་བ་]གསང་བ་མ་ཡིན་པ་དང༌། [འཁོར་བ་གཟུངས་འཛིན་]གཉིས་དང༌། [མྱང་འདས་བདེ་གཤེགས་སྙིང་པོ་]གཉིས་སུ་མེད་པ་དང༌། དེ་བཞིན་དུ་ཆོས་རྣམ་པ་དུ་མ་དག་ལ་སོམ་ཉིའམ་ཡིད་གཉིས་སམ་ཐེ་ཚོམ་ཟ་བ་ཅི་དང་ཅི་ཡོད་པ་དེ་དང་དེ་དག་ཞུས་ཤིག་དང་[ཐེ་ཚོམ་གྱི་དྲ་བ་]ཐམས་ཅད་གཅད་པར་བྱའོ། །[མྱང་འདས་བདེ་གཤེགས་སྙིང་པོ་]བདུད་རྩིའི་མཆོག་ཀྱང་ཁྱེད་ལ་བསྟན་པར་བྱ་སྟེ་དེའི་འོག་ཏུ་ཡོངས་སུ་མྱ་ངན་ལས་འདའ་བར་བྱའོ། །ཞེས་སོགས་དང༌། རྒྱུད་བླ་མའི་འགྲེལ་པར། དེ་ལ་ཕྱིན་ཅི་ལོག་ལ་མངོན་པར་དགའ་བ་ནི་ཉན་ཐོས་དང༌། རང་སངས་རྒྱས་དག་ལ་བརྗོད་དེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ཀྱང་དེ་བཞིན་གཤེགས་པའི་སྙིང་པོ་རྟག་པ་ཉིད་དུ་བསྒོམ་པར་བྱ་བ་[ཡིན་པ་]ལས། སླར་དེ་རྟག་པའི་འདུ་ཤེས་སུ་སྒོམ་པ་ལས་བཟློག་ནས་མི་རྟག་པའི་འདུ་ཤེས་སུ་སྒོམ་པ་ལ་མངོན་པར་དགའ་བ་ཉིད་དང༌། དེ་བཞིན་གཤེགས་པའི་སྙིང་པོ་བདེ་བར་བསྒོམ་པར་བྱ་བ་[ཡིན་པ་]ལས། སླར་བདེ་བའི་འདུ་ཤེས་སྒོམ་པ་ལས་བཟློག་ནས་སྡུག་བསྔལ་བའི་འདུ་ཤེས་སུ་སྒོམ་པ་ལ་མངོན་པར་དགའ་བ་ཉིད་དང༌། དེ་བཞིན་གཤེགས་པའི་སྙིང་པོ་བདག་ཏུ་བསྒོམ་པར་བྱ་བ་[ཡིན་པ་]ལས། སླར་དེ་ལ་བདག་གི་འདུ་ཤེས་སྒོམ་པ་ལས་བཟློག་ནས། བདག་མེད་པའི་འདུ་ཤེས་སྒོམ་པ་ལ་དགའ་བ་ཉིད་དང༌། དེ་བཞིན་གཤེགས་པའི་སྙིང་པོ་གཙང་བར་བསྒོམ་པར་བྱ་བ་[ཡིན་པ་]ལས། སླར་དེ་ལ་གཙང་བའི་འདུ་ཤེས་སྒོམ་པ་ལས་བཟློག་ནས་མི་གཙང་བའི་འདུ་ཤེས་སྒོམ་པ་ལ་མངོན་པར་དགའ་བ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་རྣམ་གྲངས་འདིས་ནི་ཆོས་ཀྱི་སྐུ་ཐོབ་པ་དང་འགལ་བའི་ལམ་ལ་མངོན་པར་དགའ་བའི་ཕྱིར་མཆོག་ཏུ་རྟག་པ་དང༌། བདེ་བ་དང་བདག་དང་སྡུག་པའི་མཚན་ཉིད་ཀྱི་ཁམས་[ཏེ་དབྱིངས་]དེ་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཡང་སྤྱོད་ཡུལ་མ་ཡིན་ཞེས་བཤད་པ་ཡིན་ནོ། །ཇི་ལྟར་[བདེ་གཤེགས་སྙིང་པོ་]དེ་[ཉན་རང་]ཕྱིན་ཅི་ལོག་ལ་མངོན་པར་དགའ་བ་[ཐམས་ཅད་]མི་རྟག་པ་དང་[ཐམས་ཅད་]སྡུག་བསྔལ་བ་དང་[ཐམས་ཅད་]བདག་མེད་པ་དང་[ཐམས་ཅད་]མི་སྡུག་པའི་འདུ་ཤེས་ཅན་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ་དེ་ལྟར་རྒྱས་པར་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོར། བཅོམ་ལྡན་འདས་ཀྱིས་རྫིང་གི་ཆུའི་ནོར་བུའི་དཔེས་རབ་ཏུ་བསྒྲུབས་ཏེ། འདི་ལྟ་སྟེ། དགེ་སློང་དག་དཔེར་ན་སོ་ཀའི་དུས་ལ་བབ་པ་ན་སྐྱེ་བོ་དག་ཁྲུས་རས་བཅིངས་ཏེ། རང་རང་གི་རྒྱན་དང་ཉེ་བར་སྤྱོད་པ་དག་གིས་ཆུ་ལ་རྩེའོ། །དེ་ནས་དེར་གཅིག་གིས་རིགས་དང་ལྡན་པའི་ནོར་བུ་བཻཌཱུརྻ་ཆུའི་ནང་དུ་བཞག་པ་དང༌། དེ་ནས་བཻཌཱུརྻ་དེ་[ལེན་པ]འི་དོན་དུ་དེ་དག་ཐམས་ཅད་རྒྱན་བཞག་ནས་ཞུགས་པར་གྱུར་ཏོ། །རྫིང་གི་ཆུ་དེ་ཡང་ནོར་བུའི་མཐུས་ནོར་བུའི་འོད་དང་འདྲ་བར་སྣང་ངོ༌། །དེ་དག་དེ་ལྟར་སྣང་བའི་ཆུ་དེ་མཐོང་ནས་ཨེ་མའོ་ནོར་བུའོ་སྙམ་པའི་ཡོན་ཏན་གྱི་འདུ་ཤེས་རབ་ཏུ་ཞུགས་སོ། །དེ་ནས་[རྫིང་]དེ་ན་ཡོད་པའི་གསེག་མའམ་གྱོ་མོ་དེ་དག་ལ་ནོར་བུའོ་སྙམ་ནས་[ལག་པས་]བཟུང་སྟེ་བདག་གིས་ནོར་བུ་རྙེད་དོ་སྙམ་ནས་[ཕྱིར་]ཕྱུང་ངོ༌། །ཕྱུང་ནས་ཀྱང་རྫིང་བུའི་འགྲམ་དུ་བལྟས་པ་ན། འདི་ནི་ནོར་བུ་མ་ཡིན་ནོ་སྙམ་པའི་འདུ་ཤེས་རབ་ཏུ་འཇུག་གོ །དེ་ནས་དེ་ལ་ཐབས་མཁས་ཤིང་ཡིད་གཞུངས་པ་གཅིག་གིས་ནོར་བུ་དེ་ཡང་དག་པར་རྙེད་པར་གྱུར་ཏོ། །དགེ་སློང་དག་དེ་བཞིན་དུ་[རྫིང་གི་གསེག་མ་ལ་]ནོར་བུ་[འོ་སྙམ་དུ་འཛིན་པ་]ལྟར་ཆོས་ཀྱི་དེ་ཁོ་ན་མི་ཤེས་པ་ཁྱེད་ཀྱིས་ཐམས་ཅད་མི་རྟག་པ་དང༌། ཐམས་ཅད་སྡུག་བསྔལ་བ་དང༌། ཐམས་ཅད་བདག་མེད་པ་དང་ཐམས་ཅད་མི་སྡུག་པའོ། །ཞེས་འཛིན་པ་ཐམས་ཅད་ཀྱིས་བསྒོམས་ཤིང་བསྒོམས་པ་མང་དུ་བྱས་ཤིང་མང་དུ་བྱས་པས་ཉེ་བར་བཞག་པ་དེ་ཐམས་ཅད་ནི་[མཐར་ཐུག་གི་]དོན་མེད་དོ། །དགེ་སློང་དག་དེའི་ཕྱིར་[ནོར་བུར་བློས་བཟུང་ཡང་དོན་ལ་]རྫིང་གི་གསེག་མ་དང་གྱོ་མོར་རྣམ་པར་གནས་པ་ལྟར་མི་འགྱུར་བར་ཁྱེད་ཅག་རྣམས་ཐབས་ལ་མཁས་པར་གྱིས་ཤིག །དགེ་སློང་དག་ཁྱེད་ཀྱིས་གང་དང་གང་ཐམས་ཅད་མི་རྟག་པ་དང༌། ཐམས་ཅད་སྡུག་བསྔལ་བ་དང༌། ཐམས་ཅད་བདག་མེད་པ་དང༌། ཐམས་ཅད་མི་གཙང་བའོ་ཞེས་འཛིན་པ་ཐམས་ཅད་ཀྱིས་བསྒོམས་ཤིང་བསྒོམས་ལ་མང་དུ་བྱས་པ་དེ་དང་དེ་ཉིད་ལ་རྟག་པ་དང་བདེ་བ་དང་བདག་དང་སྡུག་པ[འི་མཐར་ཐུག་པ་རྟོགས་པ་དང་མཐོང་བ་དང་ཐོབ་པ་]ཉིད་ཡོད་པ་མ་ཡིན་ནོ། །ཞེས་རྒྱས་པར་ཆོས་ཀྱི་དེ་ཁོ་ན་ཉིད་དོན་དམ་པ་རྣམ་པར་བཞག་པ་ལས་བརྩམས་ཏེ། ཕྱིན་ཅི་ལོག་ཏུ་གྱུར་པ་བསྟན་པ་ནི་མདོ་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱའོ། །དེ་ལ་[དོན་དམ་]སྟོང་པ་ཉིད་ལས་སེམས་རྣམ་པར་གཡེངས་པ་ནི་ཐེག་པ་ལ་གསར་དུ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་[དོན་དམ་]སྟོང་པ་ཉིད་ཀྱི་དོན་གྱི་ཚུལ་དེ་བཞིན་གཤེགས་པའི་སྙིང་པོ་[མཐོང་ཞིང་རྟོགས་པ་]ལས་ཉམས་པ་དག་ལ་བརྗོད་དོ། །ཞེས་གསུངས་སོ། །

བཤད་པའི་དོན་བསྡུས་ཏེ་གདམས་ཤིང་སྨོན་ལམ་གདབ་པ།

དེ་ལྟ་བས་ན་ཡང་དག་པའི་ལྟ་བ་རྣམ་པར་དག་པས་ནི་ཆོས་རྣམས་ཀྱི་གནས་ལུགས་ཇི་ལྟར་ཡིན་པ་དང་ཇི་ལྟར་གནས་པ་བཞིན་དུ་ལེགས་པར་རྟོགས་དགོས་ཏེ། དོན་དང་མཐུན་པར་རྟོགས་དགོས་པའི་ཕྱིར་རོ། །དེ་ལ་དོན་ནི་བདེན་པ་གཉིས་དང་འཁོར་འདས་གཉིས་དང་བདེ་གཤེགས་སྙིང་པོ་དང་གློ་བུར་དྲི་མ་ལ་སོགས་པའི་རང་བཞིན་ནམ་མཚན་ཉིད་ཇི་ལྟར་གནས་པ་སྟེ། འགའ་ཞིག་ནི་མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པ་དང་མི་གཙང་བ་ལ་སོགས་པར་གནས་ལ། འགའ་ཞིག་ནི་དེ་རྣམས་ལས་བཟློག་པར་ཡང་གནས་སོ། །དེ་བཞིན་དུ་རང་སྟོང་གཞན་སྟོང་དང༌། རང་བྱུང་གཞན་བྱུང་དང༌། རང་རིག་གཞན་རིག་དང༌། རང་རིག་ལ་ཡང་རྣམ་ཤེས་རང་རིག་དང༌། ཡེ་ཤེས་རང་རིག་དང༌། ཡེ་ཤེས་རང་རིག་ལ་ཡང་རང་བྱུང་གཞན་བྱུང་ངམ་འགོག་བདེན་ཡེ་ཤེས་དང་ལམ་བདེན་ཡེ་ཤེས་སམ་ཡང་དག་ཡེ་ཤེས་[ཀྱི་རང་རིག་]དང་དེ་བཞིན་ཉིད་ཀྱི་རང་རིག་གམ་འདུས་བྱས་འདུས་མ་བྱས་ཀྱི་ཡོངས་གྲུབ་གཉིས་ཀྱི་རང་རིག་གི་ཁྱད་པར་དང༌། ཤེས་དང་ཤེས་བྱ་གཅིག་མི་གཅིག་དང༌། རྣམ་ཤེས་ཡེ་ཤེས་གཅིག་མི་གཅིག་དང༌། གཟུང་བ་དང་འཛིན་པ་གཅིག་མི་གཅིག་དང༌། སྲིད་གསུམ་གཅིག་མི་གཅིག་དང༌། སྲིད་གསུམ་སྐྱེ་འཇིག་ཡོད་མེད་དང༌། སྲིད་གསུམ་སྐད་ཅིག་ལས་འདས་མ་འདས་དང༌། ཀུན་ནས་དང་བ་ཡིན་མིན་གྱི་སྲིད་གསུམ་དང༌། སངས་རྒྱས་སམ་ཆོས་སྐུ་ཡིན་མིན་གྱི་ཁམས་གསུམ་[དང་སྲིད་གསུམ་]ལ་སོགས་པ་དང༌། བདེན་གཉིས་དབྱེར་ཡོད་དབྱེར་མེད་དང༌། བདེན་བཞི་དབྱེར་ཡོད་དབྱེར་མེད་དང༌། སྐུ་གསུམ་དབྱེར་ཡོད་དབྱེར་མེད་དང༌། འཁོར་འདས་དབྱེར་ཡོད་དབྱེར་མེད་དང༌། རྒྱུ་འབྲས་དབྱེར་ཡོད་དབྱེར་མེད་དང༌། གཞི་འབྲས་དབྱེར་ཡོད་དབྱེར་མེད་དང༌། གཟུང་འཛིན་དབྱེར་ཡོད་དབྱེར་མེད་དང༌། རྣམ་ཤེས་ཡེ་ཤེས་དབྱེར་ཡོད་དབྱེར་མེད་དང༌། རྟེན་དང་བརྟེན་པ་དབྱེར་ཡོད་དབྱེར་མེད་དང༌། བརྗོད་བྱ་རྗོད་བྱེད་དབྱེར་ཡོད་དབྱེར་མེད་དང༌། དབྱངས་དང་གསལ་བྱེད་དབྱེར་ཡོད་དབྱེར་མེད་དང༌། ཕུང་པོ་ཁམས་སོགས་དབྱེར་ཡོད་དབྱེར་མེད་[དང༌། གཙོ་འཁོར་དབྱེར་ཡོད་དབྱེར་མེད་དང༌། དུས་གསུམ་དབྱེར་ཡོད་དབྱེར་མེད་དང༌། ཁམས་གསུམ་དབྱེར་ཡོད་དབྱེར་མེད་དང༌། ཐེག་གསུམ་དབྱེར་ཡོད་དབྱེར་མེད་དང༌། སྐྱབས་གསུམ་དབྱེར་ཡོད་དབྱེར་མེད་དང༌། འགྲོ་བ་རིགས་དྲུག་དབྱེར་ཡོད་དབྱེར་མེད་]ལ་སོགས་པ་དང༌། འགལ་འདུས་སྐྱོན་ཡོད་སྐྱོན་མེད་དང༌། [ཡོད་པར་རྟོགས་པ་ལ་སྐྱོན་ཡོད་སྐྱོན་མེད་དང༌། མེད་པར་རྟོགས་པ་ལ་སྐྱོན་ཡོད་སྐྱོན་མེད་དང༌། རྟག་པར་རྟོགས་པ་ལ་སྐྱོན་ཡོད་སྐྱོན་མེད་དང༌། ཆད་པར་རྟོགས་པ་ལ་སྐྱོན་ཡོད་སྐྱོན་མེད་ལ་སོགས་པ་དང་]དངོས་འགལ་ལ་ཕུང་གསུམ་ཡོད་མེད་དང༌། [གཤིས་ཀྱི་]གནས་ལུགས་ལ་ཡོད་པ་དང་མེད་པ་དང༌། རྟེན་འབྲེལ་གྱི་ཆོས་ལས་འདས་མ་འདས་དང༌། རྣམ་ཤེས་ཀྱི་ཆོས་ལས་འདས་མ་འདས་དང༌། སྐད་ཅིག་གི་ཆོས་ལས་འདས་མ་འདས་དང༌། རྟོག་གེའི་ཆོས་ལས་འདས་མ་འདས་དང༌། འཇིག་རྟེན་དཔེ་ལས་འདས་མ་འདས་[དང༌། དངོས་པོར་ཡོད་མེད་ལས་འདས་མ་འདས་]ལ་སོགས་པའི་ཁྱད་པར་དང༌། རང་བཞིན་གཉུག་མ་དང་བཅོས་མ་གློ་བུར་བའི་ཁྱད་པར་དང༌། རྣམ་པར་དག་པ་ལ་རང་བཞིན་གྱིས་དག་པ་དང༌། གཉེན་པོས་དག་པར་བྱས་པའི་ཁྱད་པར་དང༌། དེ་བཞིན་དུ་བྲལ་བ་དང་གཙང་བ་དང་ཞི་བ་དང་དབེན་པ་དང་འགགས་པ་དང་སྤངས་པ་དང་ཟད་པ་དང་ནུབ་པ་ཞེས་བྱ་བ་ལ་སོགས་པ་རྣམས་ལ་ཡང་གཉིས་གཉིས་སུ་གནས་པ་དང༌། དེ་ལྟར་སྤངས་པ་དང་གནད་གཅིག་པའི་རྟོགས་པ་ལ་ཡང་ཚུལ་གཉིས་གཉིས་སུ་གནས་པ་དང༌། རང་བཞིན་གྱིས་སྟོང་པར་གསུངས་པ་ལ་གང་མེད་པ་དང༌། དེའི་ལྷག་མ་གང་ཡིན་པའི་ཁྱད་པར་དང༌། བདག་དང་སེམས་ཅན་དང་སྲོག་དང་གསོ་བ་ལ་སོགས་པ་མེད་པར་གསུངས་པ་ལ་གང་མེད་པ་དང༌། དེའི་ལྷག་མ་གང་ཡིན་པའི་ཁྱད་པར་དང༌། དེ་བཞིན་དུ་མ་སྐྱེས་པ་དང་མཚན་མ་མེད་པ་དང་སྤྲོས་པ་མེད་པ་དང༌། མཐའ་དང་བྲལ་བ་[དང༌། སྐྱེ་འགག་འཕོ་འགྱུར་དང་བྲལ་བ་]ལ་སོགས་པ་དང༌། དག་པ་དང་བྲལ་བ་[དང་དབེན་པ་]ལ་སོགས་པ་རྣམས་ལ་ཡང་གང་མ་སྐྱེས་པ་ནས་གང་དང་བྲལ་བའི་བར་དང༌། དེའི་གཞིའམ་ལྷག་མ་གང་ཡིན་པའི་ཁྱད་པར་དང༌། དབུ་མ་ལ་སྣང་བཅས་སྣང་མེད་ཀྱི་ཁྱད་པར་དང༌། སེམས་ཙམ་ལ་དོན་དམ་ཀུན་རྫོབ་[དང་]རང་བཞིན་བཅོས་མ་[དང་]གཉུག་མ་གློ་བུར་བའི་ཁྱད་པར་དང༌། ངོ་བོ་ཉིད་མེད་པ་ལ་མེད་ཚུལ་གྱི་ཁྱད་པར་[གསུམ་མམ་གཉིས་]དང༌། གནས་གྱུར་པ་ལ་གྱུར་ཚུལ་གྱི་ཁྱད་པར་[ངོ་བོ་འགྱུར་མི་འགྱུར་]དང༌། སྟོང་པ་ཉིད་ལ་དངོས་པོ་མེད་པ་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་དམ་རང་གི་དངོས་པོ་དང༌། གཞན་གྱི་དངོས་པོས་སྟོང་པ་ཉིད་ཀྱི་ཁྱད་པར་དང༌། རྨི་ལམ་སྒྱུ་མ་སོགས་དང་འདྲ་བར་གསུངས་པ་ལ་ཀུན་རྫོབ་འདྲ་ཚུལ་དང་དོན་དམ་འདྲ་ཚུལ་གྱི་ཁྱད་པར་དང༌། ནམ་མཁའ་དང་འདྲ་བར་གསུངས་པ་ལ་ཀུན་རྫོབ་འདྲ་ཚུལ་དང་དོན་དམ་འདྲ་ཚུལ་གྱི་ཁྱད་པར་དང༌། ཅི་ཡང་མེད་པར་གསུངས་པ་ལ་གློ་བུར་དྲི་མ་མེད་ཚུལ་དང༌། བདེ་གཤེགས་སྙིང་པོ་ལ་མེད་ཚུལ་གྱི་ཁྱད་པར་དང༌། ཡོད་མེད་ལས་འདས་པར་ཡང་གསུངས་ལ་ཡོད་པར་ཡང་གསུངས་པ་དང༌། རྟག་ཆད་ལས་འདས་པར་ཡང་གསུངས་ལ་རྟག་པར་ཡང་གསུངས་པ་དང༌། རང་བཞིན་མེད་པར་ཡང་གསུངས་ལ་རང་བཞིན་ལྷུན་གྱིས་གྲུབ་པར་ཡང་གསུངས་པ་དང༌། ངོ་བོ་ཉིད་མེད་པར་ཡང་གསུངས་ལ་ངོ་བོ་ཉིད་ཀྱི་སྐུ་ཡོངས་སུ་གྲུབ་པར་ཡང་གསུངས་པ་དང༌། འདུས་མ་བྱས་སུ་ཡང་གསུངས་ལ་འདུས་བྱས་འདུས་མ་བྱས་གཉི་ག་ལས་འདས་པར་ཡང་གསུངས་པ་དང༌། ཆོས་ཐམས་ཅད་ཀྱི་གནས་སུ་ཡང་གསུངས་ལ་ཆོས་གང་ཡང་མི་གནས་པར་གསུངས་པ་དང༌། ཆོས་ཐམས་ཅད་ལ་གནས་པར་ཡང་གསུངས་ལ་ཆོས་གང་ལ་ཡང་མི་གནས་པར་གསུངས་པ་དང༌། རྟེན་དང་བརྟེན་པར་ཡང་གསུངས་ལ། རྟེན་དང་བརྟེན་པ་མེད་པར་ཡང་གསུངས་པ་དང༌། བདག་མེད་པར་ཡང་གསུངས་ལ་བདག་ཡོད་པར་ཡང་གསུངས་པ་དང༌། སྟོང་པར་ཡང་གསུངས་ལ་མི་སྟོང་པར་ཡང་གསུངས་པ་དང༌། ཡོད་པར་ཡང་གསུངས་ལ་མེད་པར་ཡང་གསུངས་པ་དང༌། སྐྱེ་བར་ཡང་གསུངས་ལ་མི་སྐྱེ་བར་ཡང་གསུངས་པ་དང༌། [བྱུང་བར་ཡང་གསུངས་ལ་མ་བྱུང་བར་ཡང་གསུངས་པ་དང་]འགགས་པར་ཡང་གསུངས་ལ་འགག་པ་མེད་པར་ཡང་གསུངས་པ་དང༌། འགྱུར་བར་ཡང་གསུངས་ལ་འགྱུར་བ་མེད་པར་ཡང་གསུངས་པ་དང༌། སྤྲོས་པར་ཡང་གསུངས་ལ་སྤྲོས་པ་མེད་པར་ཡང་གསུངས་པ་དང༌། སྤྲོ་བསྡུ་མེད་པར་ཡང་གསུངས་ལ་སྤྲོ་བ་དང་བསྡུ་བར་ཡང་གསུངས་པ་དང༌། དབྱེ་བ་མེད་པར་ཡང་གསུངས་ལ་དབྱེ་བ་མང་པོར་ཡང་གསུངས་པ་དང། དམིགས་པ་དང་བཅས་པར་ཡང་གསུངས་ལ་དམིགས་པ་མེད་པར་ཡང་གསུངས་པ་དང༌། ཡེ་ཤེས་[དང་]རྣམ་ཤེས་ལ་སྣང་བར་ཡང་གསུངས་ལ་མི་སྣང་བར་ཡང་གསུངས་པ་དང༌། རྣམ་པར་རིག་པར་ཡང་གསུངས་ལ་རྣམ་རིག་མེད་པར་ཡང་གསུངས་པ་དང༌། ཁས་ལེན་དམ་བཅའ་མེད་པར་ཡང་གསུངས་ལ་ཡོད་པར་ཡང་གསུངས་པ་དང༌། མྱ་ངན་ལས་འདས་པ་མེད་པའམ་མི་བདེན་པར་ཡང་གསུངས་ལ་ཡོད་པའམ་བདེན་པར་ཡང་གསུངས་པ་དང༌། འབྲས་བུ་ཐོབ་པར་ཡང་གསུངས་ལ་ཐོབ་པ་མེད་པར་ཡང་གསུངས་པ་དང༌། ཆོས་བྱར་ཡོད་ཀྱང་གསུངས་ལ་བྱར་མེད་ཀྱང་གསུངས་པ་[དང༌། ལམ་དང་ཡེ་ཤེས་ཡོད་པར་ཡང་གསུངས་ལ་མེད་པར་ཡང་གསུངས་པ་]ལ་སོགས་པ་འགལ་འགལ་འདྲ་བ་རྣམས་ཀྱི་དགོངས་པ་མི་འགལ་ཞིང་མཐུན་པར་སྒྲུབ་པ་དང༌། ཀུན་གཞི་ལ་ཡེ་ཤེས་དང་རྣམ་ཤེས་སུ་འབྱེད་པའམ། སྦྱང་གཞི་དང་སྦྱང་བྱར་འབྱེད་པ་དང༌། རིགས་ལ་ཡོད་པ་དོན་དམ་རང་བཞིན་གྱི་རིགས་དང༌། མེད་པ་ཀུན་རྫོབ་རྒྱས་པའི་རིགས་ཀྱི་ཁྱད་པར་དང༌། ལམ་ལ་རྟོག་བཅས་རྟོག་མེད་དང༌། ཉེ་རིང་དང༌། མཉམ་རྗེས་ལ་སོགས་པའི་ཁྱད་པར་དང༌། འབྲས་བུ་ལ་བྲལ་འབྲས་བསྐྱེད་འབྲས[དང་]། རང་དོན་གཞན་དོན་[དང་]དོན་དམ་ཆོས་སྐུ། ཀུན་རྫོབ་གཟུགས་སྐུའི་ཁྱད་པར་དང༌། སྤང་བྱའམ་སྦྱང་བྱ་ལ་ཀུན་བརྟགས་[མཐོང་བས་སྤང་བར་བྱ་བ་དང་]ལྷན་སྐྱེས་[སྒོམ་པས་སྤང་བར་བྱ་བ་]དང༌། ཉོན་སྒྲིབ་ཤེས་སྒྲིབ་ལ་སོགས་པའི་ཁྱད་པར་དང༌། དེ་དག་གི་རྩ་བ་དང་བཞོན་པ་གང་ཡིན་པ་དང༌། གཉེན་པོ་ལ་མཉམ་བཞག་གི་ཤེས་རབ་དང༌། རྗེས་ཐོབ་ཀྱི་ཡེ་ཤེས་ལ་སོགས་པའི་ཁྱད་པར་དང༌། དེ་དག་གི་གནད་དམ་རྩ་བ་གང་ཡིན་པ་དང༌། བདེན་པ་གཉིས་དང་བཞི་དང་བཅུ་གཉིས་ཀྱི་ཁྱད་པར་དང༌། སྦྱང་གཞི་སྦྱང་བྱ་སྦྱོང་བྱེད་སྦྱངས་འབྲས་སྦྱོང་མཁན་སྦྱོང་ཚུལ་གྱི་ཁྱད་པར་དང༌། གཞི་ལམ་འབྲས་བུ་དང༌། ལྟ་སྒོམ་སྤྱོད་པ་རྣམས་ལ་དྲང་དོན་ངེས་དོན་དང༌། ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཁྱད་པར་དང༌། ཐེག་པ་གསུམ་དང་བསླབ་པ་གསུམ་དང༌། བཀའ་འཁོར་ལོ་གསུམ་དང༌། ངོ་བོ་ཉིད་གསུམ་དང༌། ཕྱི་ནང་གཞན་གསུམ་དང༌། རྒྱུ་དང་འབྲས་བུའི་རང་བཞིན་མདོ་དང་སྔགས་ཀྱི་ཚུལ་ལ་ཁྱད་པར་ཡོད་པ་དང་ཁྱད་པར་མེད་པ་ལ་སོགས་པ་གནས་ཚུལ་གང་ཡིན་པ་ཇི་ལྟ་བ་བཞིན་དུ་ལེགས་པར་རྟོགས་ན་ཡང་དག་པའི་ལྟ་བར་འགྱུར་གྱི་[དེ་དག་ལས་]གཞན་དུ་[ཐམས་ཅད་རང་སྟོང་དུ་རྟོགས་པའམ། དོན་དམ་དུ་ཅིར་ཡང་མ་གྲུབ་ཅིང༌། ཀུན་རྫོབ་ཀྱི་རྣམ་བཞག་ཐམས་ཅད་འཇིག་རྟེན་གྲགས་སྡཻའམ། སེམས་ཙམ་པའམ། མདོ་སྡེ་པའི་རྗེས་སུ་འབྲང་ཞེས་སོགས་དང༌། ཉོན་མོངས་རྣམ་རྟོག་ངོ་ཤེས་ན་ཡེ་ཤེས་དང་ཆོས་སྐུ་ཡིན་ཞེས་སོགས་སུ་ལྟ་]ན་[ཡང་དག་པའི་ལྟ་བ་]དེར་མི་འགྱུར་རོ། ། དེ་ལྟ་བས་ན་མདོ་རྒྱུད་ཟབ་མོ་རྣམས་ཀྱི་དགོངས་པ་ཇི་ལྟ་བ་བཞིན་དུ་ལེགས་པར་རྟོགས་པའི་ལྟ་བ་རྣམ་པར་དག་པ་དང་ནམ་དུ་ཡང་མི་འབྲལ་བར་གྱུར་ཅིག །དེ་ལྟར་རྣམ་པ་དུ་མར་རྣམ་པར་ཕྱེ་སྟེ་ལེགས་པར་གཏན་ལ་ཕབ་ཀྱང་མཉམ་གཞག་ཟབ་མོའི་སྐབས་སུ་ནི་རྟོག་མེད་སྤྲོས་བྲལ་མཉམ་པ་ཉིད་ལ་འཇོག་དགོས་ཤིང༌། གྲོགས་སྤྱོད་པ་དང་དམ་ཚིག་གི་ཚོགས་རྣམ་པར་དག་པ་ཡང་ཚང་དགོས་ཏེ། ལོགས་ཤིག་ཏུ་བསྟན་པ་ལས་ཤེས་པར་བྱའོ། །[དུང་དཀར་པོར་གནས་པ་ལྟ་བུ་]གནས་ལུགས་[དང་དེ་སེར་པོར་མཐོང་བ་ལྟ་བུ་]འཁྲུལ་ལུགས་[གང་ཡིན་]ཇི་བཞིན་ལེགས་རྟོགས་ནས། །[མཁྲིས་ནད་འཇོམས་པའི་སྨན་མཆོག་བསྟེན་པ་ལྟ་བུ་]འཁྲུལ་བ་བཟློག་པའི་ཐབས་ཀྱི་མཆོག་གྱུར་པ། །ཤིན་ཏུ་དག་པའི་ལྟ་སྒོམ་སྤྱོད་པ་རྣམས། །བདག་གཞན་ཀུན་གྱིས་མྱུར་དུ་རྫོགས་བྱེད་ཤོག །རྣམ་དག་ལེགས་པའི་ལམ་གྱི་སྐབས་སོ། །།།

༈ ལམ་དེས་བྲལ་བ་དང་བསྐྱེད་པའི་འབྲས་བུ་བཤད་པ་ལ་གསུམ། ཐེག་ཆེན་འབྲས་བུ་སྤྱིར་བསྟན་པ།

དེ་ལྟར་ཡང་དག་པའི་ལྟ་སྒོམ་སྤྱོད་པས་ལམ་ཚོགས་གཉིས་ཡོངས་སུ་རྫོགས་ཤིང༌། སྤང་བྱ་སྒྲིབ་པ་གཉིས་ཟད་པ་ལས་འབྲས་བུ་སངས་རྒྱས་འཐོབ་སྟེ། མདོ་སྡེའི་རྒྱན་དུ། [སྔར་ལམ་བསྒྲུབ་པ་ལ་]དཀའ་སྤྱོད་དཔག་མེད་བརྒྱ་ཕྲག་དང༌། །དཔག་མེད་དགེ་བ་བསགས་པ་དང༌། །[དེ་ཡང་]དཔག་ཏུ་མེད་པའི་དུས་[སུ་འབད་པ་]དང་ནི། །དཔག་མེད་སྒྲིབ་པ་[ཀུན་ནས་གཉེན་པོས་]ཟད་པའི་ཕྱིར། །སྒྲིབ་པ་ཀུན་གྱི་དྲི་མེད་པ། །རྣམ་པ་ཐམས་ཅད་མཁྱེན་ཉིད་[དག་པ་གཉིས་ལྡན་]འཐོབ། །རིན་ཆེན་སྣོད་ནི་ཕྱེ་བ་ལྟར། །སངས་རྒྱས་ཉིད་ནི་ཡང་དག་བསྟན། །[དེ་ཉིད་བཤད་ན་]ངལ་བརྒྱས་རྨད་[དུ་]བྱུང་[བའི་]དཀའ་[བ་]སྤྱད་[ཅིང་]དགེ་ཀུན་བསགས། །སྐལ་མཆོག་[གི་]དུས་རིང་[དུ་]སོང་བ[འི་]སྒྲིབ་ཀུན་ཟད། །[ས་དང་]སར་གཏོགས་[པའི་]སྒྲིབ་པ་ཕྲ་[མོ་རྣམས་]བཅོམ་[པ་]སངས་རྒྱས་ཏེ། །དེ་ནི་མཐུ་ཆེན་རིན་ཆེན་སྣོད་ཕྱེ་བཞིན། །ཞེས་དང༌། གང་ལ་ཉོན་མོངས་[དང་]ཤེས་བྱའི་སྒྲིབ་པའི་ས་བོན་དུས་རིང་[དུ་]རྟག་ལྡན་པ། །སྤོང་བ[འི་ཐབས་]ཤིན་ཏུ་རྒྱ་ཆེན་རྣམ་པ་ཀུན་གྱིས་རབ་ཏུ་བཅོམ་གྱུར་ཅིང༌། །[གློ་བུར་དྲི་མའི་སྣང་བ་ཟད་ནས་དེ་བཞིན་ཉིད་འབའ་ཞིག་སྣང་བས་ངོ་བོ་མི་འགྱུར་བའི་]གནས་གྱུར་ཆོས་དཀར་[པོའི་]ཡོན་ཏན་མཆོག་རབ་ལྡན་པ་ཐོབ་པ་སངས་རྒྱས་ཉིད། །དེ་ནི་མི་རྟོག་[པའི་ཤེས་]རབ་དག་ཤིན་ཏུ་[རྣམ་དག་དང་རྗེས་ཐོབ་ཤེས་བྱ་མང་པོའི་]ཡུལ་ཅན་ཡེ་ཤེས་ལམ་གྱིས་འཐོབ། །ཅེས་དང༌། རྒྱུད་བླ་མར་ཡང༌། རང་བཞིན་འོད་གསལ་ཞེས་བརྗོད་གང་ཡིན་ཉི་དང་མཁའ་བཞིན་གློ་བུར་གྱི། །ཉོན་མོངས་ཤེས་བྱའི་སྤྲིན་ཚོགས་སྟུག་པོའི་སྒྲིབ་པ་ཡིས་ནི་བསྒྲིབས་གྱུར་པ། །དྲི་མེད་སངས་རྒྱས་ཡོན་ཏན་ཀུན་ལྡན་རྟག་བརྟན་གཡུང་དྲུང་སངས་རྒྱས་ཉིད། །དེ་ནི་ཆོས་ལ་མི་རྟོག་རྣམ་འབྱེད་ཡེ་ཤེས་དག་ལ་བརྟེན་ནས་འཐོབ། །སངས་རྒྱས་ཉིད་ནི་དབྱེར་མེད་པ། །དག་པའི་ཆོས་ཀྱིས་རབ་ཕྱེ་བ། །ཉི་མཁའ་བཞིན་ཏེ་ཡེ་ཤེས་དང༌། །སྤངས་པ་གཉིས་ཀྱི་མཚན་ཉིད་དོ། །ཞེས་དང༌། ཐོག་མ་དབུས་མཐའ་མེད་ཅིང་རྣམ་དབྱེར་མེད། །[མཐའ་]གཉིས་མེད་[ཅིང་ཉོན་མོངས་ཤེས་བྱ་སྙོམས་འཇུག་གི་སྒྲིབ་པ་]གསུམ་[དང་]བྲལ་དྲི་མེད་རྣམ་རྟོག་མེད། །ཆོས་དབྱིངས་རང་བཞིན་གང་ཡིན་རྟགས་[ཏུ་]གནས་པ། ། [མཉམ་གཞག་མེད་པས་མི་མཐོང་གི་]མཉམ་པར་བཞག་པའི་རྣལ་འབྱོར་པ་ཡིས་མཐོང༌། །གཞལ་མེད་གང་གཱའི་བྱེ་མ་ལས་འདས་པ། །བསམ་མེད་མཉམ་མེད་ཡོན་ཏན་རྣམས་དང་ལྡན[པ]། །དེ་བཞིན་གཤེགས་པའི་དྲི་མེད་དབྱིངས་དེ་ནི། །བག་ཆགས་བཅས་པའི་ཉེས་པ་རྣམ་སྤངས་པ[དོན་དམ་ཆོས་སྐུ་ཐོབ་པ]འོ། །[དེའི་བྱིན་བརླབས་ལས་བྱུང་བའི་གཟུགས་སྐུ་ནི་]སྣ་ཚོགས་དམ་ཆོས་འོད་ཟེར་མངའ་བའི་སྐུས། །འགྲོ་བའི་རྣམ་གྲོལ་དོན་སྒྲུབ་ལ་བརྩོན་པ། །མཛད་པ་ཡིད་བཞིན་ནོར་བུའི་རྒྱལ་བཞིན་ཏེ། །སྣ་ཚོགས་དངོས་[རྣམས་སུ་སྣང་བ་]དང་དེ་ཡི་རང་བཞིན་[དུ་གྲུབ་པ་]མིན[ཏེ]། །[སྣ་ཚོགས་གཟུགས་ཀྱི་ནོར་བུ་བཞིན། ཞེས་པ་ལོངས་སྐུའོ། །སྤྲུལ་སྐུས་འཁོར་ལོ་དང་པོ་བསྟན་ནས།]འཇིག་རྟེན་ཞི་བའི་ལམ་ལ་འཇུག་པ་དང༌། །[ཐེག་ཆེན་ལ་]རབ་ཏུ་སྨིན་[པ་]དང་[བྱང་ཆུབ་མཆོག་ཏུ་]ལུང་སྟོན་[པའི་]རྒྱུ་ཡི་གཟུགས། །གང་ཡིན་[པའི་སངས་རྒྱས་]དེ་ཡང་[དོན་དམ་ཆོས་སྐུ་]འདིར་ནི་རྟག་གནས་ཏེ། །ནམ་མཁའི་ཁམས་སུ་གཟུགས་ཀྱི་ཁམས་[གནས་པ་]བཞིན་ནོ། །ཞེས་སོགས་གསུངས་ཏེ། སངས་རྒྱས་དེ་ནི་ཤིན་ཏུ་ངོ་མཚར་རྨད་དུ་གྱུར་པའི་སྐུ་དང་ཡེ་ཤེས་དང༌། ཡོན་ཏན་དང་འཕྲིན་ལས་ཕུན་སུམ་ཚོགས་པ་ཚད་མེད་ཅིང་གཞལ་དུ་མེད་ལ་དཔག་ཏུ་མེད་པའི་བདག་ཉིད་ནམ་མཁའ་ལྟར་རྒྱ་ཆེ་ཞིང་ཡིད་བཞིན་གྱི་ནོར་བུ་དང་དཔག་བསམ་གྱི་ཤིང་ལ་སོགས་པ་ལྟར་སེམས་ཅན་རྣམས་ཀྱི་འདོད་དགུའི་འབྱུང་གནས་དམ་པ་ཡིན་ནོ། །

དེའི་རྒྱས་པར་བཤད་པ་ལ་དྲུག །ཤིན་ཏུ་ངོ་མཚར་བའི་སྐུ་ཕུན་ཚོགས་བཤད་པ་ལ་དྲུག །ཐེག་ཆེན་ཐུན་མོང་བ་ལ་གྲགས་པའི་སྐུའི་དབྱེ་བ་ལ་གསུམ། གཤིས་ལུགས་ཟབ་མོའི་སྐུ་གཅིག་ཏུ་བབ་ཚུལ།

དེ་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་གཅིག་དང་གཉིས་དང་གསུམ་དང་བཞི་ལ་སོགས་པར་གང་གསུངས་པ་རྣམས་ལ་ཡང་བདེན་གཉིས་རྣམ་དབྱེ་ཤེས་ན་ཐུབ་པའི་བཀའ་ལ་མི་རྨོངས་པར་འགྱུར་རོ། །འདིར་གནས་ལུགས་མཐར་ཐུག་པའི་སྐུ་གཅིག་ཉིད་དུ་ཟད་པ་ནི་དོན་དམ་པའི་སྐུ་སྟེ། མྱ་ངན་འདས་པ་བདེན་གཅིག་པུ། །ཞེས་དང༌། གང་བྱང་ཆུབ་མ་ཡིན་པའི་ཆོས་དེ་གང་ཡང་མེད་དོ། །ཞེས་དང༌། ཆོས་ཀྱི་དབྱིངས་ལས་མ་གཏོགས་པ། །འདི་ལྟར་ཆོས་ཡོད་མ་ཡིན་ཏེ། །ཞེས་ཆོས་དབྱིངས་ཀྱི་སྐུ་མ་གཏོགས་པ་ཆོས་ཐམས་ཅད་གཤིས་ཀྱི་གནས་ལུགས་ལ་མེད་པར་གསུངས་པ་དང༌། གཅིག་པུ་སྲ་མཁྲེགས་རྡོ་རྗེའི་བདག །ཅེས་དང༌། བདེན་པ་གཅིག་སྟེ་གཉིས་པ་མེད། །ཅེས་དང༌། བདེན་པ་ནི་གཅིག་པུ་གཉིས་མ་ཡིན་པ་སྟེ། འདི་ལྟ་སྟེ། འགོག་པའི་བདེན་པའོ། །ཞེས་པ་ལ་སོགས་པས་གང་གསུངས་པ་མཐར་ཐུག་གི་གནས་ལུགས་ལ་བདེན་པ་གཅིག་པུ་དོན་དམ་པའི་བདེན་པ་[སྐུ་གཅིག་པུ་]ཆོས་ཉིད་ཀྱི་སྐུ་[སྤྱན་གཅིག་པུ་ཡེ་ཤེས་ཀྱི་སྤྱན་ལ་སོགས་པ་]སྟེ་དཔེ་ཟླ་མེད་པ་དང་འབའ་ཞིག་པ་དང༌། ཆོས་ཉིད་དུ་མ་རོ་གཅིག་པ་དང༌། ཤེས་དང་ཤེས་བྱ་གཅིག་པའི་སྐུའོ། །

བདེན་པ་གཉིས་ཀྱི་སྐུ་གཉིས་སུ་དབྱེ་བ།

དེ་ལ་སྐུ་གཉིས་ནི། དོན་དམ་ཆོས་ཀྱི་སྐུ་དང་ཀུན་རྫོབ་གཟུགས་ཀྱི་སྐུ་སྟེ་རང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་གནས་སོ། །དེ་ཡང༌། [རྒྱུད་བླ་མར།]རང་དོན་གཞན་དོན་[གྱི་སྐུ་]དོན་དམ་[ཆོས་]སྐུ་དང་ནི། །དེ་ལ་བརྟེན་པའི་ཀུན་རྫོབ་[གཟུགས་]སྐུ་ཉིད་དེ། །[དྲི་མ་]བྲལ་[བས་ཐོབ་པ་]དང་[ངོ་བོ་]རྣམ་པར་སྨིན་པའི་འབྲས་བུ་ཡི། །ཡོན་ཏན་དབྱེ་བ་དྲུག་ཅུ་བཞི་འདི་དག[དང་ལྡན་ནོ།]།[དེ་དག་བཤད་ན་]བདག་ཉིད་ཀྱི་ནི་འབྱོར་བའི་གནས། །དམ་པའི་དོན་གྱི་སྐུ་ཡིན་ཏེ། །དྲང་སྲོང་རྣམས་ཀྱི་བརྡ་ཡི་སྐུ། །[གཟུགས་སྐུ་ནི་]ཕ་རོལ་[ལ་]ཕུན་སུམ་ཚོགས་པ་[འབྱུང་བ]འི་གནས་སོ། ། [དེ་ལ་]དང་པོའི་སྐུ་[དོན་དམ་གྱི་སྐུ་]ནི་[དོན་དམ་གྱི་]སྟོབས་ལ་སོགས། །བྲལ་བའི་ཡོན་ཏན་རྣམས་དང་ལྡན། །གཉིས་པ་[ཀུན་རྫོབ་ཀྱི་སྐུ་ནི་]སྐྱེས་བུ་ཆེན་པོའི་མཚན། །རྣམ་སྨིན་ཡོན་ཏན་[ཀུན་རྫོབ་པ་]དག་དང་ལྡན། །ཞེས་བྲལ་འབྲས་ཆོས་སྐུ་གང་ཡིན་པ་འགྱུར་མེད་ཡོངས་གྲུབ་དང༌། དེ་བཞིན་ཉིད་ཀྱི་སྐུ་ལ་བྲལ་བའི་ཡོན་ཏན་[དོན་དམ་གྱི་]སྟོབས་ལ་སོགས་པ་ཚང་བ་དང༌། སྐྱེད་འབྲས་གཟུགས་སྐུ་གང་ཡིན་པ་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་དང་ཡང་དག་ཡེ་ཤེས་ལྡན་པ་ལ་བསྐྱེད་པའི་ཡོན་ཏན་མཚན་ལ་སོགས་པ་ཡོད་པར་གསུངས་སོ། །འདི་དག་གིས་ནི་ཁ་ཅིག་ཆོས་སྐུའང་བསྐྱེད་འབྲས་ཀུན་རྫོབ་ཏུ་འདོད་པ་དང༌། ཁ་ཅིག་གཟུགས་སྐུའང་བྲལ་འབྲས་དོན་དམ་དུ་འདོད་པ་བསལ་བ་ཡིན་ནོ། །སྐུ་གསུམ་ལ་འཇུག་པའི་སྒོར་ཡང༌། ཕུང་པོར་བཅས་པའི་མྱ་ངན་འདས། །ཐུབ་སྐུ་[གཟུགས་སྐུ་]གཉིས་ལ་བཞག་པ་ཡིན། །[འདུས་བྱས་ཀྱི་]ཕུང་པོ་ཀུན་དང་བྲལ་བའི་ཕྱིར། །ཆོས་ཀྱི་སྐུ་ལ་[འདུས་བྱས་ཀྱི་]ཕུང་པོ་མེད། །ཅེས་སོ། །དེ་བཞིན་དུ། ཁ་ཅིག་ཆོས་སྐུའང་སེམས་ཅན་རྣམས་ལ་དང་པོ་ནས་མེད་པར་འདོད་པ་དང༌། ཁ་ཅིག་གཟུགས་སྐུའང་སེམས་ཅན་རྣམས་ལ་དང་པོ་ནས་ཡོད་པར་འདོད་པ་ཡང་ཤིན་ཏུ་འཁྲུལ་ཏེ། གཏེར་དང་འབྲས་བུའི་ཤིང་བཞིན་དུ། །[རིགས་ཏེ་རྣམ་གཉིས་ཤེས་བྱ་སྟེ། །ཐོག་མེད་རང་བཞིན་གནས་པ་དང༌། །ཡང་དག་བླངས་པ་མཆོག་ཉིད་དོ། །]ཞེས་སོགས་རྒྱ་ཆེར་གསུངས་པ[སྔར་དྲངས་པ]འི་ཕྱིར་རོ། །

བདེན་གཉིས་ཀྱིས་བསྡུས་པའི་སྐུ་གསུམ་དུ་དབྱེ་བ།

དེ་ལ་སྐུ་གསུམ་ནི། ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་སྟེ། བདེན་པ་གཉི་གས་བསྡུས་པའོ། །དེ་ཡང༌། སངས་རྒྱས་རྣམས་ཀྱི་སྐུ་དབྱེ་བ། །རང་བཞིན་[པའི་སྐུ་དང་]ལོངས་སྤྱོད་རྫོགས་པ[འི་སྐུ་]དང༌། །གཞན་ནི་སྤྲུལ་པའི་སྐུ་ཡིན་ཏེ། །དང་པོ་[ཆོས་སྐུ་ནི་གཟུགས་སྐུ་]གཉིས་པོའི་རྟེན་ཡིན་ནོ། །ཞེས་དང༌། སྐུ་གསུམ་དག་གིས་སངས་རྒྱས་ཀྱི། །སྐུ་བསྡུས་པར་ནི་ཤེས་བྱ་སྟེ། །སྐུ་གསུམ་དག་གིས་རང་གཞན་གྱི། །དོན་[མཛད་པའི་གཟུགས་སྐུ་གཉིས་པོ་]འདི་རྟེན་[དོན་དམ་ཆོས་སྐུ་]དང་བཅས་པར་བསྟན། །ཞེས་པ་ལ་སོགས་པས་མདོ་སྡེའི་རྒྱན་དང་གསེར་འོད་དམ་པ་ལ་སོགས་པར་རབ་ཏུ་གསལ་བ་སྟེ་དོན་དམ་གྱི་སྐུ་གཅིག་དང་ཀུན་རྫོབ་ཀྱི་སྐུ་གཉིས་སོ། །འོག་མིན་གྱི་ཕོ་བྲང་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་སེམས་ཀྱི་མདོར་ཡང༌། [དོན་དམ་གྱི་]སྟོབས་དང་མི་འཇིགས་པ་དང་མ་འདྲེས་པ་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་[བགྲང་ཡས་]འདུས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་གཉིས་སུ་མེད་ཅིང་ཐ་མི་དད་པར་གྱུར་པ་ནི་ཆོས་ཀྱི་སྐུའོ། །དེའི་བྱིན་བརླབས་ལས་བྱུང་བ་[ཆོས་སྐུ་]དེའི་གཞི་ལ་བརྟེན་པ་ལོངས་སྤྱོད་རྫོགས་པའི་སྐུའོ། །[ལོངས་སྤྱོད་རྫོགས་པའི་སྐུ་]དེའི་བྱིན་བརླབས་ལས་ངེས་པར་འབྱུང་བ་གདུལ་བྱ་ལ་ཇི་ལྟར་མོས་པར་[སྐུ་སྣ་ཚོགས་]འབྱུང་བ་ནི་སྤྲུལ་པའི་སྐུ་ཡིན་ནོ། །ཞེས་སོ། །མངོན་རྟོགས་རྒྱན་དུ། ངོ་བོ་ཉིད་[ཀྱི་སྐུ་]ལོངས་རྫོགས་བཅས་དང༌། །དེ་བཞིན་གཞན་པ་སྤྲུལ་པ་ནི། །ཆོས་སྐུ་མཛད་པ་དང་བཅས་པ། །རྣམ་པ་བཞིར་ནི་ཡང་དག་བརྗོད། །ཅེས་པའི་དོན་འཕགས་པ་རྣམ་གྲོལ་སྡེ་ལ་སོགས་པ་སྐུ་གསུམ་ཡིན་པར་བཞེད་ཅིང་གཞན་དག་ནི་སྐུ་བཞི་ཡིན་པར་ཡང་བཞེད་ལ། [འཕགས་པ་འཇམ་དཔལ་གྱི་]རང་གི་ལྟ་བའི་འདོད་པ་མདོར་བསྟན་པར་ཡང༌། སྐུ་བཞིའི་སྐབས་དང་སྦྱར་བར་མངོན་མོད་ཀྱི། དོན་དམ་གྱི་སྐུ་ལ་ངོ་བོ་ཉིད་སྐུ་དང་ཆོས་སྐུར་མ་ཕྱེ་བ་དང༌། ཕྱེ་བའི་ཁྱད་པར་ཙམ་དུ་ཟད་པས་གང་ལྟར་བྱས་ཀྱང་སྐྱོན་མེད་པར་གསལ་ལོ། །དེ་ལྟར་སྐུ་གསུམ་མམ་སྐུ་བཞི་གང་ལྟར་བཞག་ཀྱང་གཟུགས་སྐུ་གཉིས་ནི་ཀུན་རྫོབ་བརྡའི་སྐུ་སྟེ། དོན་དམ་གྱི་སྐུ་གཅིག་གམ་གཉིས་དང་ལྷན་ཅིག་སྐུ་གསུམ་དང་སྐུ་བཞིར་ཡོངས་སུ་གྲགས་པ་འདི་ནི་ཐེག་པ་ཆེན་པོ་ལ་ཐུན་མོང་དུ་[གྲགས་པ་]འོ། །

ཐུན་མོང་མ་ཡིན་པ་གསང་སྔགས་ཀྱི་སྐུའི་དབྱེ་བ་ལ་གཉིས། སྐུ་གཅིག་ནས་ལྔའི་བར་དུ་དབྱེ་བ།

ཐུན་མོང་མ་ཡིན་པ་སྔགས་ཀྱི་ཚུལ་ལ་ནི་རྡོ་རྗེའི་སྐུའམ་སྔགས་ཀྱི་སྐུ། དེ་བཞིན་ཉིད་བདག་དག་པའི་བདག་གང་ཡིན་པ་རྡོ་རྗེ་འཆང་ངམ་རྡོ་རྗེ་སེམས་དཔའ་གཅིག་ཉིད་ཤེས་དང་ཤེས་བྱ་གཅིག་པའི་སྐུ་སྟེ་སྟོང་ཉིད་སྙིང་རྗེ་དང༌། ཐབས་དང་ཤེས་རབ་གཅིག་ཏུ་འདྲེས་པ་མ་ནིང་གི་གོ་འཕང་དེ་ཉིད་མཐར་ཐུག་གི་སྐུ་གཅིག་ཀྱང་ཡིན་ལ། [དོན་དམ་གྱི་]ཐབས་ཤེས་རབ་དང་[དོན་དམ་གྱི་]སྟོང་ཉིད་སྙིང་རྗེ་ལ་སོགས་པས་ཕྱེ་ན་[དོན་དམ་གྱི་]སྐུ་གཉིས་ཀྱང་ཡིན་ཞིང་[དོན་དམ་གྱི་]ཐུགས་གསུང་སྐུ་དང་[དོན་དམ་གྱི་]དཀོན་མཆོག་གསུམ་ལ་སོགས་པས་ཕྱེ་ན་[དོན་དམ་གྱི་]སྐུ་གསུམ་ཡང་ཡིན་ལ། [དོན་དམ་གྱི་]རྡོ་རྗེ་བཞི་དང་[དོན་དམ་གྱི་]མཁྱེན་པ་བཞི་དང་[དོན་དམ་གྱི་]མངོན་བྱང་བཞི་ལ་སོགས་པས་ཕྱེ་ན་[དོན་དམ་གྱི་]སྐུ་བཞི་ཡང་ཡིན་ཞིང་[དོན་དམ་གྱི་]ཡེ་ཤེས་ཀྱི་སྐུ་དང་ལྔར་ཕྱེ་ན་[དོན་དམ་གྱི་]སྐུ་ལྔར་ཡང་འགྱུར་ཏེ། [དོན་དམ་གྱི་]སངས་རྒྱས་[དོན་དམ་གྱི་]སྐུ་ལྔའི་བདག་ཉིད་ཅན། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །ཅེས་པའོ། །

དེ་རང་བཞིན་གྱི་རིགས་དང་དོན་གཅིག་ཚུལ།

དེ་ལྟར་དེ་རྣམས་ཉིད་རང་བཞིན་གྱིས་དག་པའི་རིགས་གཅིག་དང༌། གཉིས་དང༌། གསུམ་དང༌། བཞི་དང༌། ལྔ་སྟེ། རིགས་གསུམ་དང་ནི་རིགས་ལྔ་ཉིད། །རང་བཞིན་གཅིག་དང་རིགས་བརྒྱའོ། །ཞེས་དང༌། སེམས་ནི་ཆེན་པོ་གཅིག་ཉིད་ལས། །ལྔ་ཡི་གཟུགས་ཀྱིས་རྣམ་པར་མཚོན། །རིགས་ནི་ལྔ་པོ་དེ་ཉིད་ལས། །སྟོང་ཕྲག་དུ་མ་སྐྱེས་པ་ཉིད། །དེ་ཕྱིར་འདི་དག་རང་བཞིན་གཅིག ། བདེ་ཆེན་མཆོག་ཏུ་ཕན་པ་ཉིད། །ཅེས་པ་ལ་སོགས་པ་སྔར་བསྟན་པའོ། །དེ་བཞིན་དུ་རིགས་དྲུག་ལ་སོགས་པ་ཡང་སྔར་གཞིའི་སྐབས་སུ་བསྟན་པ་ལྟར་འབྲས་བུའི་སྐབས་འདིར་ཡང་རིག་པར་བྱ་སྟེ། རང་བཞིན་གྱི་རིགས་ལ་དབྱེ་བསྡུ་ཇི་སྙེད་གསུངས་པ་ཐམས་ཅད་གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་དབྱེ་བསྡུ་ཡིན་པའི་ཕྱིར་རོ། །

དེ་དག་འཕགས་པ་འཇམ་དཔལ་གྱིས་ཇི་ལྟར་གསུངས་པའི་ཚུལ།

དེ་བཞིན་དུ། འཕགས་པ་འཇམ་དཔལ་གྱི་རང་གི་ལྟ་བའི་འདོད་པ་མདོར་བསྟན་པར། སངས་རྒྱས་ཤཱཀྱ་སེང་གེ་ཡིས། །སེམས་ཅན་བསམ་པའི་དབང་དག་གིས། །སྐུ་ནི་གཅིག་གཉིས་གསུམ་དང་ནི། །བཞི་དང་ལྔ་རུ་གསུངས་པ་སྟེ། །སངས་རྒྱས་ཐོག་མ་ཐ་མ་མེད། །དང་པོའི་སངས་རྒྱས་རིས་མེད་པ། །ཡེ་ཤེས་མིག་གཅིག་དྲི་མ་མེད། །དེ་བཞིན་གཤེགས་པ་ཡེ་ཤེས་[འབའ་ཞིག་པའི་]སྐུ[སྟེ་གཤིས་ལུགས་ཀྱི་སྐུ་གཅིག་ཏུ་བས་པའོ]། །ཇི་ལྟར་གཟུགས་ཀྱི་སྐུ་དང་ནི། །དེ་ལྟར་སངས་རྒྱས་ཆོས་སྐུ་སྟེ། །སེམས་ཅན་བསམ་པའི་དབང་གི་ཕྱིར། །བསྟན་བཅོས་སྐྱབས་གནས་གསུམ་པོས་[སྐུ་གཉིས་སུའང་]གསུངས། །ཐུགས་གསུང་སྐུ་ཡི་དབྱེ་བ་ཡིས། །སྐུ་གསུམ་དུ་ནི་རབ་ཏུ་བསྒྲགས[ཏེ་རིམ་པ་ལྟར]། །ཆོས་དང་ལོངས་སྤྱོད་[རྫོགས་པ་དང་]སྤྲུལ་པ་རྣམས། །སྔགས་ཀྱི་ཚུལ་ལ་མི་ཡིས་བསྒྲུབ[ཅེས་པ་སྐུ་གསུམ་གྱི་སྐབས་སོ]། །ངོ་བོ་ཉིད་[སྐུ་]ལོངས་རྫོགས་བཅས་དང༌། །དེ་བཞིན་གཞན་པ་སྤྲུལ་པ་དང༌།།ཆོས་སྐུ་མཛད་པར་བཅས་པ་སྟེ། །རྣམ་པ་བཞིར་ནི་ཡང་དག་བཤད[དེ་སྐུ་བཞིའི་སྐབས་སོ]། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག ། སངས་རྒྱས་ལྔ་བདག་ཅོད་པན་ཅན། །སྤྱན་ལྔ་ཆགས་པ་མེད་པ་འཆང་[ཞེས་པ་སྐུ་ལྔའི་སྐབས་སོ]། །[དེ་ལ་སྐུ་ལྔ་ནི་དོན་དམ་གྱི་]གཟུགས་ཀྱི་ཕུང་པོ་མཐའ་ཡས་པ། །[སངས་རྒྱས་]བདག་གི་སྤྲུལ་པའི་སྐུ་[གཞན་ནམ་]མཆོག་གོ །[དོན་དམ་གྱི་]སྒྲ་ཡི་ཕུང་པོ་མཐའ་ཡས་པ། །བདག་གི་ལོངས་སྤྱོད་རྫོགས་སྐུ་[གཞན་ནམ་]མཆོག །[དོན་དམ་གྱི་]ཆོས་ཀྱི་ཕུང་པོ་མཐའ་ཡས་པ། །བདག་གི་ཆོས་ཀྱི་སྐུར་རབ་བསྒྲགས། །[དོན་དམ་གྱི་]ཡེ་ཤེས་ཕུང་པོ་མཐའ་ཡས་པ། །བདག་གི་ཡེ་ཤེས་སྐུར་རབ་བསྒྲགས། །[དོན་དམ་གྱི་]བདེ་བའི་ཕུང་པོ་མཐའ་ཡས་པ། །བདག་གི་བདེ་སྐུ་འགྱུར་མེད་མཆོག[ཏེ་དོན་དམ་གྱི་སྐུ་ལྔའོ།]།[ཆོས་དུ་མ་]བསྡུས་པ་[ནི་ཆོས་ཀྱི་]ཕུང་པོ་[ཡིན་ལ་]དེ་བཞིན་[དུ་ཆོས་ཀྱི་]སྐུ[འི་དོན་ཡང་དོན་དམ་གྱི་ཆོས་དུ་མ]། །ཡང་དག་བསགས་པར་ཡོངས་སུ་བསྒྲགས། །ཞེས་གསུངས་སོ། །

ལོངས་སྤྱོད་རྫོགས་པ་དང་སྤྲུལ་སྐུ་ལ་བདེན་གཉིས་སུ་དབྱེ་བ།

འདིར་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་ལ་ཡང་བདེན་གཉིས་རྣམ་དབྱེ་ཤེས་ན་ཐུབ་པའི་བཀའ་ལ་མི་རྨོངས་པར་འགྱུར་རོ། །དེ་ལ་གཟུགས་སྐུ་རྣམ་པ་གཉིས་ནི་ཀུན་རྫོབ་ཀྱི་ལོངས་སྤྱོད་རྫོགས་པ་དང༌། སྤྲུལ་པའི་སྐུ་སྟེ་ཐུན་མོང་དུ་རབ་ཏུ་གྲགས་པའོ། །དོན་དམ་པའི་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་ནི་ཆོས་ཉིད་ཡོངས་གྲུབ་དེ་བཞིན་ཉིད་ལ་ཚང་སྟེ། དེ་བཞིན་ཉིད་ནི་མཐར་ཐུག་དོན་དམ་གྱི་སྐུ་བཞི་དང༌། རྡོ་རྗེ་བཞི་དང་དགའ་བ་བཞི་དང༌། མཁྱེན་པ་བཞི་དང་མངོན་པར་བྱང་ཆུབ་པ་བཞི་དང༌། སེམས་དཔའ་བཞི་དང་ཧེ་རུ་ཀ་བཞི་དང༌། ཡུམ་བཞི་དང་ཨེ་ཝཾ་མ་ཡཱ་བཞི་དང༌། ཀཱ་ལ་ཙཀྲ་བཞི་དང༌། སྐད་ཅིག་མ་བཞི་དང༌། དེ་ཁོ་ན་ཉིད་བཞི་དང༌། མཚན་མ་བཞི་དང༌། ཚངས་པའི་གནས་བཞི་དང༌། རྣམ་པར་ཐར་པ་བཞི་དང༌། རྡོ་རྗེའི་རྣལ་འབྱོར་བཞི་དང༌། འཕགས་པའི་གང་ཟག་བཞི་དང༌། འཕགས་པའི་བདེན་པ་བཞི་དང༌། སྡེ་པ་བཞི་དང༌། རྡོ་རྗེའི་གདན་བཞིའམ་གནས་བཞི་ལ་སོགས་པ་ཡིན་པའི་ཕྱིར་དང༌། དེ་ཉིད་བཅུ་དྲུག་རིག་པ་ཡིན་པའི་ཕྱིར་རོ། །དེ་ཡང་གསང་སྔགས་ཟབ་མོ་མཐར་ཐུག་པ་རྣམས་སུ་དེ་ལྟར་གསལ་བ་ཉིད་ཀྱི་ཕྱིར་མི་རྨོངས་ལ། གང་དུ་དེ་ལྟར་མི་གསལ་བ་དེར་དེ་ལ་རྨོངས་པར་འགྱུར་ཡང་དོན་ནི་གཅིག་པ་ཁོ་ན་སྟེ། ཆོས་ཉིད་ཡོངས་གྲུབ་དེ་བཞིན་ཉིད་དོ། །དེས་ན་དོན་དམ་གྱི་ལོངས་སྤྱོད་རྫོགས་པ་དང༌། སྤྲུལ་པའི་སྐུ་ནི་ཐུན་མོང་མ་ཡིན་པ་སྔགས་ཀྱི་ཚུལ་ལ་གྲགས་པའོ། །དེའི་ཕྱིར་བདེ་གཤེགས་སྙིང་པོ་དྲང་དོན་ཡིན་ན་དོན་དམ་གྱི་སྐུ་བཞི་ལ་སོགས་པ་དེ་རྣམས་ཀྱང་དྲང་དོན་ཡིན་པར་འགྱུར་ཞིང༌། ཆོས་ཉིད་ཡོངས་གྲུབ་དེ་བཞིན་ཉིད་ཀྱང་དྲང་དོན་ཡིན་པར་འགྱུར་ཏེ། དེ་དག་ཐམས་ཅད་དོན་གཅིག་པའི་ཕྱིར་རོ། །དེ་བཞིན་ཉིད་ལས་དོན་གཞན་དུ་གྱུར་པའི་བདེ་གཤེགས་སྙིང་པོ་ནི་འཕགས་མཆོག་རྣམས་ཀྱིས་མ་གསུངས་ཤིང༌། ཁོ་བོ་ཅག་ཀྱང་མི་འདོད་ལ། མིང་གཞན་ནི་ཤིན་ཏུ་མང་བར་གསུངས་པའི་ཕྱིར། མིང་ལས་འཁྲུལ་བར་མི་བྱ་སྟེ། དོན་ལ་རྟོན་པ་ཉིད་ལས་སོ། །

དོན་དམ་བདེན་པ་ཉིད་གནས་ལུགས་ཀྱི་སྐུ་བཞིར་བཞུགས་ཚུལ་ལ་གསུམ། བསྟན་པ་ལ་གཉིས། གནས་ལུགས་ཟབ་མོའི་སྐུ་བཞི་བསྟན་པ།

དེའི་ཕྱིར་སྟོང་གཞི་དོན་དམ་གྱི་སྐུ་བཞི་ནི་གཞི་འབྲས་ངོ་བོ་དབྱེར་མེད་བདེ་གཤེགས་སྙིང་པོའི་སྐུ་བཞི་སྟེ། དེ་ཡང་ཡེ་ཤེས་ལེའུར། ཤེས་རབ་[རྐྱང་པ་]མ་ཡིན་ཐབས་[ཉིད་]ཀྱང་མིན་པ་[མ་ནིང་གི་གོ་འཕང་]འདི་ནི་ལྷན་ཅིག་སྐྱེས་པའི་སྐུ་སྟེ་[དེ་ཉིད་]ཆོས་ཀྱི་སྐུར་གྱུར་པ[འང་]། །ཤེས་རབ་ཐབས་ཀྱི་རང་བཞིན་[གདོད་ནས་འདྲེས་པ་]ངེས་པར་[རྣམ་ཤེས་ཀྱི་]མུན་པ་དང་བྲལ་[བའི་གཞི་]ཡེ་ཤེས་དང་ནི་རྣམ་ཤེས་[གཞན་གྱི་]དབྱེ་བ་ལས[ཡུལ་ཡུལ་ཅན་དང་ཐབས་ཤེས་རབ་ཏུ་གནས་པའོ]། །[དོན་དམ་]འདི་ནི་[ཆོས་ཉིད་ཀྱི་]ལོངས་སྤྱོད་རྫོགས་པའི་སྐུ་[ཡང་ཡིན་པ་]སྟེ་[དེ་ཡང་]སྒྲ་བརྙན་ལྟ་བུ་སེམས་ཅན་དུ་མའི་དོན་ནི་བྱེད་པ་པོ[གཞོམ་དུ་མེད་པའི་རང་སྒྲའོ]། །སེམས་ཅན་རྣམས་ནི་སྨིན་པའི་སླད་དུ་སླར་ཡང་[དོན་དམ་]འདི་ནི་[དོན་དམ་གྱི་]སངས་རྒྱས་རྣམས་ཀྱི་སྤྲུལ་པའི་སྐུ་རུ་འགྱུར། །ཞེས་དོན་དམ་ཡེ་ཤེས་ཀྱི་སྐུ་བཞི་གསུངས་པ་དེ་ཉིད་རྡོ་རྗེ་བཞིར་ཡང་གསུངས་ཏེ། དེ་ཉིད་དུ། [གཤིས་ལུགས་ཀྱི་]རྒྱལ་བའི་སྐུ་ཡི་རྡོ་རྗེ་ཡུལ་དང་ཡུལ་ཅན་[འབྲེལ་པ་རྣམ་ཤེས་]རྣམས་ཀྱི་བགྲོད་བྱ་མིན་པ་རྣམ་པ་ཐམས་ཅད་[རྣམ་པ་མེད་]པ[ཆོས་ཉིད་ཀྱི་གཟུགས་སོ]། །[གཤིས་ལུགས་ཀྱི་]གསུང་གི་རྡོ་རྗེ་སེམས་ཅན་ཐམས་ཅད་རང་[རང་གི་]སྙིང་[ལ་རང་རང་གི་]སྐད་རྣམས་དག་གིས་ཆོས་ནི་གོ་བར་བྱེད་པ[གཞོམ་དུ་མེད་པའི་རང་སྒྲ]འོ། །རྡོ་རྗེ་ཅན་གྱི་ཐུགས་ཀྱི་རྡོ་རྗེ་[ནི་]སེམས་ཅན་རྣམས་ཀྱི་[ཁྱབ་བྱེད་]སེམས་ཀྱི་རང་བཞིན་[འོད་གསལ་]མཐའ་དག་ས་ལ་[སྟེ་བརྟན་གཡོ་ཀུན་ལ་ཁྱབ་པར་]གནས[སོ]། །དྲི་མེད་ནོར་བུ་[དངོས་པོ་གང་ལ་རེག་ཚད་ནོར་བུར་འགྱུར་བ་]ལྟ་བུ་དངོས་པོ་རྣམས་ཀྱི་[འགྱུར་མེད་བདེ་བ་]འཛིན་བྱེད་གང་ཡིན་དེ་ཉིད་ཡེ་ཤེས་རྡོ་རྗེའོ། །ཞེས་དང༌། རྗེ་བཙུན་གྱི་ཞལ་སྔ་ནས་ཀྱང༌། རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྐུ་ནི་མོས་པ་སྣ་ཚོགས་ལས། །རང་རང་བསམ་པས་སེམས་ཅན་གྱིས། །མཐོང་བ་སྤྲུལ་པའི་མཚན་ཉིད་དོ། །གང་ཞིག་སེམས་ཅན་ཀུན་གྱི་སྒྲས། །རྫུ་འཕྲུལ་བདག་ཉིད་རབ་གསལ་བྱེད། །སེམས་ཅན་བསམ་པའི་དབང་གིས་འདི། །ལོངས་སྤྱོད་རྫོགས་སྐུའི་མཚན་ཉིད་དོ། །མི་རྟག་པ་མིན་རྟག་པའང་མིན། །གཅིག་མིན་དུ་མའི་མཚན་ཉིད་མིན། །དངོས་མིན་དངོས་པོ་མེད་པའང་མིན[དེ་ལྟར་འགལ་འདུས་སྐྱོན་མེད་ཕུང་པོ་གསུམ་པ]། །འདི་ནི་རྟེན་བྲལ་ཆོས་སྐུའོ། །[སྟོང་གཞི་དོན་དམ་གྱི་]སྟོང་ཉིད་སྙིང་རྗེ་དབྱེར་མེད་ཅིང༌། །ཆགས་[པ་དཀར་ཕྱོགས་]དང་ཆགས་བྲལ་[ནག་ཕྱོགས་]རྣམ་པར་སྤངས[པའི་དབུས་ལྷན་ཅིག་སྐྱེས་དགའ]། །ཤེས་རབ་[རྐྱང་པ་]མ་ཡིན་ཐབས་[ཉིད་]ཀྱང་མིན[པ་མ་ནིང་]། །འདི་ནི་ངོ་བོ་ཉིད་སྐུ་[སྟེ་དེ་དག་ནི་ཀུན་རྫོབ་འདི་ལས་]གཞན། །དུས་ཀྱི་འཁོར་ལོ་ཞེས་གྲགས་པ། །སྐུ་བཞིའི་བདག་ཉིད་ཞི་བ་ལ། །དངོས་པོ་ཀུན་གྱིས་ཕྱག་འཚལ་ཏེ། །ཞེས་དང༌། གང་ལ་རྒྱུ་དང་[ཞི་བ་]མཚན་ཉིད་མེད[པ་དང་]། །གཡོ་[བ་མེད་པ་]དང་དེ་བཞིན་རིམ་མེད་པས། །[རིམ་པ་ལྟར་]ཀཱ་ལ་ཙཀྲར་མངོན་བརྗོད་པ། །གཉིས་མེད་[ཡེ་ཤེས་]དེ་ལ་བཏུད་བྱས་ཤིང༌། །གང་ཞིག་ཀཱ་སོགས་ཡི་གེ་[བཞི་]རྣམས་ཀྱིས་[སྐུ་བཞི་སྟོན་ཏེ། ཀཱ་ཡིག་ལས་ནི་རྒྱུ་ཞི་བ།།]སྤྲུལ་པ་དང༌། །[ལ་ཡིག་འདི་ལ་ཐིམ་པ་ཉིད།།]ལོངས་སྤྱོད་རྫོགས་དང་[ཙ་ཡིག་ལས་ནི་གཡོ་བའི་སེམས།།]བཟང་པོའི་ཆོས་དང་[ཀྲ་ཡིག་རིམ་པ་བཅིངས་ལས་སོ།།]དག་པ་ཡི[སྐུ་སྟེ]། །སྐུ་བཞི་གསུང་བ་དང་པོའི་སངས་རྒྱས་རིས་མེད་པ། །དེ་བཞིན་གཤེགས་པ་དེ་ལ་སྤྱི་བོས་རབ་ཏུ་འདུད། །ཅེས་པ་ལ་སོགས་པས་ཆོས་ཉིད་ཡོངས་གྲུབ་ཉིད་ངེས་དོན་མཐར་ཐུག་གི་སྐུ་བཞིར་གསུངས་ཏེ། འདུས་བྱས་གཟུགས་ཀྱི་སྐུ་ནི་ངེས་དོན་མཐར་ཐུག་གི་སངས་རྒྱས་སུ་མི་རུང་བའི་ཕྱིར་རོ། །

དེ་གཟུགས་ཀྱི་སྐུ་མ་ཡིན་པར་བསྟན་པ།

དེ་ཡང་རྗེ་བཙུན་འདི་ཉིད་ཀྱི་ཞལ་སྔ་ནས། [གཤིས་ལུགས་ཀྱི་]སངས་རྒྱས་བཅོམ་ལྡན་འདས་[ནི་]གཟུགས་ཀྱི་སྐུར་མི་འགྱུར་ཏེ། གང་གི་ཕྱིར་ནམ་མཁའ་ལས་བྱུང་བའི་ཕྱིར་དང༌། རང་བྱུང་བའི་ཕྱིར་དང༌། རྣམ་པ་ཀུན་ལྡན་རྣམ་པ་མེད་པའི་ཕྱིར་དང༌། [བཅུ་དྲུག་གི་ཕྱེད་ཀྱི་ཕྱེད་]ཐིག་ལེ་བཞི་འཛིན་པའི་ཕྱིར་དང༌། [ནག་ཕྱོགས་ཀྱི་]ཆ་[ལ་ཞུགས་པ་]མེད་[དཀར་ཕྱོགས་ཀྱི་]ཆ་ལས་འདས་པ[ཡེ་ཤེས་ཀྱི་ལྷན་ཅིག་སྐྱེས་དགའ་དང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡིན་པ]འི་ཕྱིར་དང༌། དགའ་བ་བཞི་པའི་རྩེ་མོ་[རང་བཞིན་འགྱུར་མེད་ཀྱི་ལྷན་ཅིག་སྐྱེས་དགའ་]འཛིན་པའི་ཕྱིར་དང༌། ཆགས་བྲལ་[གྱི་]དང་པོ་[ཆགས་པའི་མཐའ་ལྷན་ཅིག་སྐྱེས་དགའ་]ཆགས་པ་ཆེ་བའི་ཕྱིར་དང༌། བདག་གིར་མི་འཛིན་པའི་ཕྱིར་དང༌། ངར་མི་འཛིན་པའི་ཕྱིར་དང༌། ཁམས་ཐམས་ཅད་མི་ཟད་པའི་ཕྱིར་དང༌། གསང་སྔགས་དོན་ཀུན་སྐྱེད་པ་པོའི་ཕྱིར་དང༌། ཐིག་ལེ་ཆེན་པོ་ཡི་གེ་མེད་པའི་ཕྱིར་དང༌། སྟོང་པ་ཆེན་པོ་འགྱུར་མེད་ལྔའི་ཕྱིར་དང༌། ཐིག་ལེ་སྟོང་པ་འགྱུར་མེད་དྲུག་གི་ཕྱིར་དང༌། མཁའ་ལྟར་མཉམ་པ་ཉིད་ལ་གནས་པའི་ཕྱིར་རོ། །ཞེས་གསུངས་ཏེ། རྒྱུ་མཚན་འདི་རྣམས་ཀྱིས་ནི་འདུས་བྱས་སྐད་ཅིག་མ་དང་ནུས་པ་ཉི་ཚེ་བ་དང་རྟེན་འབྲེལ་ལས་འདས་པར་ཡང་གྲུབ་ཅིང༌། མཐར་ཐུག་གི་སངས་རྒྱས་གང་ཡིན་པ་དེ་གཟུགས་སྐུ་མ་ཡིན་པར་ཡུམ་དང་མྱང་འདས་ལ་སོགས་པ་གསུང་རབ་གཞན་མང་པོར་ཡང་རབ་ཏུ་གྲགས་པ་ཡིན་ནོ། །

རྒྱས་བཤད་ལ་བཅུ། གནས་ལུགས་དེ་ཉིད་སྐུ་བཞི་དང་བཅུ་དྲུག་ལ་སོགས་པར་བཞུགས་ཚུལ།

དེ་བཞིན་དུ། རྣམ་པར་བཅས་ཀྱང་རྣམ་མེད་བཅོམ་ལྡན་འདས་མ་ཤེས་རབ་[ཀྱི་ཕ་རོལ་ཏུ་ཕྱིན་]མ་སྟེ་དེ་ཡིས་འཁྱུད། །སྐྱེ་འཇིག་སྤངས་པའི་འགྱུར་མེད་བདེ་བ་དང་ལྡན་རྒོད་པ་[ལྟ་བ་ལག་བཅངས་]ལ་སོགས་[ཀྱི་]བདེ་བ་སྤངས[པའི་རང་བཞིན་འགྱུར་མེད་ཀྱི་བདེ་བ་ངོ་བོ་ཉིད་སྐུ་སྟེ་མི་བསྐྱོད་པ་ལ་སོགས་པ]། །སངས་རྒྱས་རྣམས་ཀྱི་བསྐྱེད་མཛད་[གཙོ་བོ་སྟེ་]སྐུ་[ལྷག་མ་]གསུམ་རྣམས་དང་ལྡན་ཞིང་དུས་གསུམ་ཡང་དག་རིག །ཀུན་མཁྱེན་མཆོག་གི་དང་པོའི་སངས་རྒྱས་བཅོམ་ལྡན་གཉིས་མེད་[ཡེ་ཤེས་]དེ་ཉིད་ལ་ཕྱག་འཚལ། །ཞེས་པ་དེ་བཞིན་ཉིད་འགྱུར་བ་མེད་པའི་ཡོངས་གྲུབ་གང་ཡིན་པ་དང་པོའི་སངས་རྒྱས་ངོ་བོ་ཉིད་ཀྱི་སྐུ་སྟེ། དོན་དམ་གྱི་སྐུ་ལྷག་མ་གསུམ་དབྱེར་མེད་རོ་གཅིག་ཏུ་ལྡན་པའི་ཕྱིར་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བའི་སྐུ་བཞིའོ། །དེ་ཡང༌། [མདོ་སྡེའི་རྒྱན་དུ།]སྔ་མ་[དྲི་བཅས་དང་]ཕྱི་མར་[དྲི་མེད་ལ་ངོ་བོ་]ཁྱད་མེད་ཀྱང༌། །སྒྲིབ་པ་ཀུན་གྱི་དྲི་མེད་པ། །དེ་བཞིན་ཉིད་ནི་སངས་རྒྱས་འདོད། །དག་པ་མ་ཡིན་མ་དག་མིན། །ཞེས་དང༌། [རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་[ཁྱེའུ་བཞིའི་[ཏིང་ངེ་འཛིན་གྱི་མདོར།]གང་དེ་བཞིན་ཉིད་མ་ཡིན་པ་དེ་དེ་བཞིན་གཤེགས་པ་མ་ཡིན་ནོ། །ཞེས་དང༌། [རྒྱུད་བླ་མར།]དྲི་བཅས་དེ་བཞིན་ཉིད་དང་དྲི་མ་མེད། །ཅེས་སོགས་གསུངས་པས་དེ་བཞིན་ཉིད་ལ་ཁྱད་པར་མེད་ཀྱང་གང་ལ་དྲི་བཅས་སུ་བཞུགས་པ་དེ་དག་པ་གཅིག་ལྡན་དང༌། གང་ལ་དྲི་བྲལ་དུ་བཞུགས་པ་དེ་དག་པ་གཉིས་ལྡན་ཡིན་པའི་ཕྱིར། འགའ་ཞིག་ལ་གཞིའི་ངོ་བོར་བཞུགས་པ་གང་ཡིན་པ་དེ་ཉིད་འགའ་ཞིག་ལ་འབྲས་བུའི་ངོ་བོར་བཞུགས་ཤིང༌། འགའ་ཞིག་ལ་འབྲས་བུའི་ངོ་བོར་བཞུགས་པ་གང་ཡིན་པ་དེ་ཉིད་འགའ་ཞིག་ལ་གཞིའི་ངོ་བོར་ཡང་བཞུགས་པ་ཉིད་ལས་གཞི་འབྲས་ངོ་བོ་དབྱེར་མེད་པ་ཞེས་བྱ་སྟེ། ཇི་ལྟར་ངོ་བོ་དབྱེར་མེད་པའི་ནམ་མཁའ་སྤྲིན་ཚོགས་ཡོད་མེད་ཀྱི་ཡུལ་ཐམས་ཅད་ལ་ཁྱབ་པ་བཞིན་ནོ། །དེའི་ཕྱིར་གཅིག་ཏུ་དག་པ་ཡང་མ་ཡིན་ལ་གཅིག་ཏུ་མ་དག་པ་ཡང་མ་ཡིན་པར་གསུངས་པ་རྣམས་ཀྱི་དགོངས་པ་ནི་དེ་ཡིན་ནོ། །དེ་བཞིན་དུ། ཐམས་ཅད་མཁྱེན་པ་[དང་]ཡེ་ཤེས་སྐུ་དང་ཉིན་མོར་བྱེད་པའི་སྐུ་སྟེ་པད་མའི་འདབ་མ་རྒྱས་པའི་སྤྱན། །སངས་རྒྱས་ཞེས་དཔལ་ལྡན་རྒྱུད་དུ་གང་གསུངས་པ། དེ་ཡང་གདོད་ནས་གྲོལ་བ་ཆོས་ཉིད་ཀྱི་སྐུ་བཞིར་[འགྲེལ་ཆེན་དུ་]གསུངས་པ། ཀུན་མཁྱེན་[དང་]ཡེ་ཤེས་སྐུ་ནི་[རིམ་པ་ལྟར་]རྒྱལ་བའི་བདག་པོའི་ལྷན་ཅིག་སྐྱེས་[སྐུ་]དང་དེ་བཞིན་ཆོས་ཀྱི་སྐུ[ཡིན་ལ]། །ལོངས་སྤྱོད་རྫོགས་དང་སྤྲུལ་པའི་སྐུ་ཡང་[གྲངས་བཞིན་དུ་]ཉིན་བྱེད་སྐུ་དང་པད་མའི་འདབ་མ་རྒྱས་པའི་སྤྱན[ཡིན་ཞིང་]། །[དེ་རྣམས་ཀྱང་རྡོ་རྗེའི་]རྣལ་འབྱོར་དག་པ་[བཞི་དང་]རྣམ་པར་ཐར་[པ་བཞི་]དང་སྲིད་བྲལ་[གྱི་]སྲིད་[གསུམ་ཀུན་ནས་དང་བར་]གནས་[པ་]སྐུ་གསུང་ཐུགས་[དང་]ཆགས་[པ་ཡེ་ཤེས་རྡོ་རྗེ་སྟེ་དེ་ཐམས་ཅད་]ཤེས་རབ་དང༌། །ཐབས་ནི་གཉིས་མེད་གང་ཞིག་ལྷ་མི་ལྷ་མིན་གྱིས་བསྟོད་[པའི་འོས་སུ་གྱུར་པ་]དང་པོའི་སངས་རྒྱས་[ཏེ་]དེ་ལ་འདུད། །ཅེས་པ་སྟེ་[རྒྱུད་དུ་]ཐམས་ཅད་མཁྱེན་པ་ལ་སོགས་པ་[སྐུ་]བཞི[འི་མིང་གཞན་གསུངས་པ་]ནི་ལྷན་ཅིག་སྐྱེས་པ་ལ་སོགས་པའི་སྐུ་བཞི་དང་དག་པའི་རྣལ་འབྱོར་ལ་སོགས་པ་རྡོ་རྗེའི་རྣལ་འབྱོར་བཞི་དང༌། སྟོང་པ་ཉིད་ལ་སོགས་པ་རྣམ་པར་ཐར་པའི་སྒོ་བཞི་དང༌། རྡོ་རྗེའི་སྐུ་ལ་སོགས་པ་རྡོ་རྗེ་བཞིའི་བདག་ཉིད་དེ་བཞིན་ཉིད་དུ་རོ་གཅིག་པ་ཡིན་ཡང་མིང་ཙམ་ཐ་དད་པ་ཉིད་ཀྱི་ཕྱིར། དེ་དང་དེ་དག་རྣམ་གྲངས་ཡིན་ཞིང་ཐམས་ཅད་ཀྱང་ཐབས་ཤེས་གཉིས་སུ་དབྱེར་མེད་པའི་ཡེ་ཤེས་སྲིད་ཞི་དབྱེར་མེད་འགལ་འདུས་སྐྱོན་མེད་ཀྱི་སྲིད་པར་གནས་པས་དཔེར་བྱ་ཀུན་ལས་འདས་པ་ཁམས་གསུམ་པའི་སངས་རྒྱས་སོ། །དེ་བཞིན་དུ། སངས་རྒྱས་སེང་གེའི་ཁྲིར་བཞུགས་[པ་ནི་ཨེ་ལ་ཝཾ་བཞུགས་པ་སྟེ་དེ་ཉིད་]རྡོ་རྗེའི་རྣལ་འབྱོར་[གདོད་ནས་]རྣམ་པར་དག་པ་སྲིད་པ་གསུམ་གྱིས་མཆོད། །དེ་ཉིད་གཅིག་པུ་སྐུ་ཡི་རབ་ཏུ་དབྱེ་བས་རྣམ་པ་བཅུ་དྲུག་སྲིད་མེད་སྲིད་པར་གནས། །ཤེས་[པ་གཞན་]དང་ཤེས་བྱ་[གཞན་གདོད་ནས་]གཅིག་གྱུར་རྒྱལ་བ་མཆོག་གི་དམ་ཚིག་ཡན་ལག་རྣམ་པ་བཅུ་གཉིས་ཀྱི། །བདེན་དོན་བྱང་ཆུབ་སེམས་ནི་རྒྱལ་བའི་རྡོ་རྗེའི་གནས་གྱུར་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ། །ཞེས་པ་ཡང༌། དོན་དམ་སྟོང་ཆེན་ལ་དབྱེར་མེད་དུ་བཞུགས་པའི་དོན་དམ་བདེ་ཆེན་དེ་ཉིད་གཅིག་པུ་རྡོ་རྗེའི་རྣལ་འབྱོར་བཞི་དང༌། རྡོ་རྗེའི་སྐུ་བཞིར་བཞུགས་ཤིང་སྐུ་རེ་རེའང་དོན་དམ་གྱི་སྐུ་གསུང་ཐུགས་དང་ཡེ་ཤེས་སམ་དོན་དམ་གྱི་དགའ་བ་བཞི་བཞིར་རྟག་ཏུ་བཞུགས་པའི་ཕྱིར། དེ་ཉིད་རྣམ་པ་བཅུ་དྲུག་རིག་པ་ཤེས་པ་གཞན་དང་བདེན་དོན་རྣམ་པ་བཅུ་གཉིས་ལྡན་པ་ཤེས་བྱ་གཞན་ཏེ་དེ་དག་དབྱེར་མེད་གཅིག་ཏུ་གདོད་ནས་འདྲེས་པ་[མ་ནིང་]དོན་དམ་བྱང་ཆུབ་ཀྱི་སེམས་རྒྱལ་བའི་རྡོ་རྗེའི་གནས་སུ་གྱུར་ཅིང༌། འཇིག་རྟེན་དཔེ་ལས་འདས་པ་སྲིད་གསུམ་གཞན་ནོ། །དེ་བཞིན་དུ། [དོན་དམ་གྱི་]ཡེ་ཤེས་[ནི་]སྟོང་ཉིད་[ཀྱི་རྣམ་ཐར་གྱི་]ཡེ་ཤེས་ཀྱིས། །ལེགས་[པར་]དག་[པ་]རྣམ་དག་འགྱུར་བ་མེད[པའི་རྣམ་འབྱོར་རོ]། །[དོན་དམ་གྱི་]སེམས་ནི་མཚན་མེད་[རྣམ་ཐར་གྱི་]ཡེ་ཤེས་ཀྱིས། །ལེགས་[པར་]དག་[པ་]གཉིས་མེད་ཆོས་[ཀྱི་]བདག་ཉིད[ཀྱི་རྣལ་འབྱོར་རོ]། །[དོན་དམ་གྱི་]ངག་ནི་སྨོན་མེད་[རྣམ་ཐར་གྱི་]ཡེ་ཤེས་ཀྱིས། །དག་པ་གསང་སྔགས་མི་ཟད་སྒྲ[སྟེ་སྔགས་ཀྱི་རྣལ་འབྱོར་རོ]། །དེ་བཞིན་[དོན་དམ་གྱི་]ལུས་[ནི་]མངོན་[པར་]འདུས་མ་བྱས[པའི་རྣམ་ཐར་གྱི]། །ཡེ་ཤེས་ཀྱིས་དག་[ཅིང་]དྲི་མ་མེད[པ]། །དབྱིབས་[ཀྱི་རྣམ་འབྱོར་]ཏེ་རྫུ་འཕྲུལ་བགྲོད་པ་ཅན[ནོ]། །[དེ་བཞི་ཀའང་]ཤེས་རབ་ཐབས་ཀྱི་བདག་ཉིད་[གཅིག་ཏུ་]སྦྱོར[བ་སྟེ]། །[དེ་རྣམས་]དེ་བཞིན་གཤེགས་པས་[གྲངས་བཞིན་དུ་]རྡོ་རྗེ་སེམས[དཔའ་དང་]། །བྱང་ཆུབ་སེམས་དཔའ་[དང་]སེམས་དཔའ་ཆེ[དང་]། །དམ་ཚིག་སེམས་དཔར་གསུངས་པ་གང༌། །དངོས་དང་དངོས་མེད་ཟད་པའི་གཙོ། །ཐོག་མཐའ་མེད་ཅིང་ཞི་བ་ཡི། །བྱང་ཆུབ་སེམས་དེ་ལ་ཕྱག་འཚལ། །ཞེས་སྔར་བསྟན་པ་དོན་དམ་གྱི་སངས་རྒྱས་ཆོས་ཉིད་ཡོངས་གྲུབ་དེ་ཉིད་ཐོག་མཐའ་མེད་ཅིང་གདོད་ནས་ཞི་བ་བྱང་ཆུབ་ཀྱི་སེམས་ཏེ། དངོས་པོ་དང་དངོས་མེད་ཀྱི་མཐའ་གཉིས་སྤངས་པའི་དབུས་[ཕུང་པོ་གསུམ་པ་]གང་ཡིན་པ་དོན་དམ་པའི་གཙོ་བོའམ་གཙོ་བོ་གཞན་ནོ། །དེ་ཡང་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བའི་ཡེ་ཤེས་དང༌། སེམས་དང་ངག་དང་ལུས་རྣམས་དོན་དམ་པའི་རྣམ་ཐར་སྒོ་བཞིའི་ཡེ་ཤེས་ཀྱིས་གདོད་ནས་དག་པ་རྡོ་རྗེའི་རྣལ་འབྱོར་བཞི་དང༌། སེམས་དཔའ་བཞིའི་བདག་ཉིད་དེ། ཐམས་ཅད་ཀྱང་ཤེས་རབ་ཐབས་ཀྱི་བདག་ཉིད་གདོད་ནས་གཅིག་ཏུ་སྦྱོར་བའོ། །དེ་བཞིན་དུ། སྔར་བསྟན་པའི་དེ་ཉིད་བཅུ་དྲུག་གསལ་བར་མཛད་ནས་ཕྱག་རྒྱ་ཆེན་པོ་ཨེ་ཝཾ་གསུངས་པ། སྤྲུལ་པ་ཡི་ནི་སྐུ་གསུང་ཐུགས། །ཡེ་ཤེས་[རྣམས་]གཅིག་[ཏུ་]སྦྱོར་[ཞིང་]སྡོམ་པ་[སྤྲུལ་པའི་དགའ་བ་བཞི་]དང༌། །ལོངས་སྤྱོད་རྫོགས་པའི་སྐུ་གསུང་ཐུགས། །ཡེ་ཤེས་གཅིག་སྦྱོར་སྡོམ་པ་[ལོངས་སྤྱོད་རྫོགས་པའི་དགའ་བ་བཞི་]དང༌། །དཔལ་ལྡན་ཆོས་ཀྱི་སྐུ་གསུང་ཐུགས། །ཡེ་ཤེས་གཅིག་སྦྱོར་སྡོམ་པ་[ཆོས་སྐུའི་དགའ་བ་བཞི་]དང༌། །ལྷན་ཅིག་སྐྱེས་པའི་སྐུ་གསུང་ཐུགས། །ཡེ་ཤེས་གཅིག་སྦྱོར་སྡོམ་པ་[ངོ་བོ་ཉིད་ཀྱི་དགའ་པ་བཞི་]ནི། །སད་[པ་དང་]རྨི་[ལམ་དང་]གཉིད་སྟུག་[དང་]བཞི་པ་ཡི། །[གནས་སྐབས་]དབང་པོ་གཉིས་སྐྱེས་[ཀྱི་]བདེ་[བ་]མིན་ཞིང༌། །ཡེ་ཤེས་[དང་]སེམས་དང་ངག་དང་ལུས[ཀྱི]། །གནས་[ལྟེ་བ་སྙིང་ཁ་མགྲིན་པ་དཔྲལ་བ་སྟེ་]བཞིར་[འབྲེལ་ནས་]ཡང་དག་མི་གནས་ཏེ། །ལས་ཀྱི་ཕྱག་རྒྱ་ཡོངས་དོར་ཞིང༌། །ཡེ་ཤེས་ཕྱག་རྒྱ་རྣམ་པར་སྤངས། །ཕྱག་རྒྱ་ཆེ་ལས་ཡང་དག་སྐྱེས། །ལྷན་སྐྱེས་གཞན་དང་འགྲོགས་པ་མིན། །རྣམ་རྟོག་སྒོམ་པ་ལས་འདས་པ། །ཕྱག་རྒྱ་ཆེན་པོ་མི་འགྱུར་བདེ། །གཟུང་དང་འཛིན་པ་དབྱིབས་དག་དང༌། །རྟོག་དང་བརྗོད་པ་རྣམ་པར་སྤངས། །དྲི་ཟའི་གྲོང་ཁྱེར་རྣམ་པ་དང༌། །པྲ་ཕབ་པ་ཡི་རང་བཞིན་ཅན། །ཐབས་དང་ཤེས་རབ་བདག་ཉིད་སྦྱོར། །ཨེ་ཝཾ་ཡི་གེ་དེ་ལ་འདུད། །ཅེས་པ་ལ་རང་བཞིན་གཉུག་མ་ཆོས་ཉིད་ཀྱི་དེ་ཉིད་བཅུ་དྲུག་ནི་ཀུན་རྫོབ་གློ་བུར་བའི་ཆོས་ཐམས་ཅད་ལས་གདོད་མ་ཉིད་ནས་རང་བཞིན་གྱིས་འདས་པའི་ཕྱིར་འཇིག་རྟེན་པའི་གནས་སྐབས་བཞི་དང་ཐིག་ལེ་བཞི་དང༌། བསྐྱེད་རིམ་གྱི་སྒོམ་བཟླས་ལ་སོགས་པ་རྣམ་རྟོག་ཐམས་ཅད་དང་གདོད་ནས་བྲལ་བའི་གཞི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་པྲ་ཕབ་པ་ལ་སོགས་པ་དང་མཚུངས་པ་ནི་དངོས་པོ་གཞན་དང་སྦྱོར་བ་མ་ཡིན་པས་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་སྤངས་ཀྱང་ཐབས་དང་ཤེས་རབ་ཀྱི་བདག་ཉིད་གདོད་ནས་རྟག་ཏུ་སྦྱོར་བ་མ་ནིང་གི་གོ་འཕང་ཕྱག་རྒྱ་ཆེན་མོ་ལས་སྐྱེས་པ་སྟེ། མ་སྐྱེས་པའི་སྐྱེས་པ་ཞེས་པ་འགལ་འདུས་སྐྱོན་མེད་འཇིག་རྟེན་དཔེ་ལས་འདས་[པའི་སྐྱེས་]པའོ། །དེའི་ཕྱིར་འབྲས་བུ་གཞན་དོན་དམ་གྱི་འབྲས་བུ་འགྱུར་མེད་བདེ་ཆེན་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་ནི་རྒྱུ་གཞན་དམིགས་བཅས་སྟོང་ཉིད་ཕྱག་རྒྱ་ཆེན་མོ་ལས་སྐྱེས་ཀྱང་འདུས་བྱས་མ་ཡིན་ཏེ་རྒྱུ་ཕྱག་རྒྱ་ཆེན་མོ་གང་ལས་ཀྱང་མ་སྐྱེས་པའི་ཕྱིར་རོ། །འདི་ལ་དགོངས་ནས་[དུས་འཁོར་]རྩ་བའི་རྒྱུད་དུ་ཡང༌། [ཐབས་ཤེས་བདེ་སྟོང་ཡུལ་ཡུལ་ཅན་རྟེན་དང་བརྟེན་པ་སྟོང་ཉིད་སྙིང་རྗེ་ལ་སོགས་]ཕན་ཚུན་འཁྱུད་པ་ཞི་བ་སྟེ། །མ་ནིང་གི་ནི་གོ་འཕང་མཆོག །ཤེས་རབ་[སྟོང་ཆེན་ནི་]རྒྱུ་ལས་མ་བྱུང་ཞིང༌། །ཤེས་རབ་[སྟོང་ཆེན་གྱི་]རྒྱུ་ལས་བྱུང་བ་[བདེ་ཆེན་]འབྲས[བུ་སྟེ]། །ཤེས་རབ་[སྟོང་ཆེན་]རྒྱུ་[གང་]ལས་[ཀྱང་]མ་སྐྱེས་ཕྱིར། །ཤེས་རབ་ལས་སྐྱེས་[པ་བདེ་ཆེན་དོན་དམ་ནི་]རྒྱུ་སྐྱེས་མིན། །དེ་ཕྱིར་[རང་བྱུང་]ཡེ་ཤེས་རྒྱུ་སྐྱེས་མིན[པས་དོན་དམ་གྱི]། །ཤེས་རབ་ཡེ་ཤེས་བླ་ན་མེད། །ཅེས་པ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་བཞིན་དུ། [གཤིས་ལུགས་ཟབ་མོའི་]མཁྱེན་པ་བཞི་དང༌། ཧེ་རུ་ཀ་བཞི་དང༌། མངོན་པར་བྱང་ཆུབ་པ་བཞི་དང༌། སྐད་ཅིག་མ་བཞི་དང༌། དེ་ཁོ་ན་ཉིད་བཞི་ལ་སོགས་པ་མཐར་ཐུག་དོན་དམ་གྱི་སྐུ་བཞི་དང་དོན་གཅིག་ཀྱང་མིང་ཐ་དད་པ་སྣ་ཚོགས་ཀྱིས་གསུངས་པ་ཐམས་ཅད་འགྱུར་མེད་ཡོངས་གྲུབ་དེ་བཞིན་ཉིད་ལས་ཕྱེ་བའི་སྐུ་བཞི་ཡིན་གྱི་ཡང་དག་ཡེ་ཤེས་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ལས་ཕྱེ་བའམ། གཟུགས་སྐུ་ཉིད་ལས་ཕྱེ་བའམ། ཆོས་སྐུ་གཟུགས་སྐུ་ཚོགས་པ་ལས་ཕྱེ་བ་ནི་མ་ཡིན་ནོ། །

དེ་ཉིད་སྐུ་ལྔ་ཡེ་ཤེས་ལྔའི་བདག་ཏུ་ཀུན་ལ་ཁྱབ་པར་བཞུགས་ཚུལ།

དེའི་ཕྱིར་དོན་དམ་གྱི་སྐུ་བཞི་དང༌། སྐུ་ལྔ་དང་ཡེ་ཤེས་ལྔའི་བདག་ཉིད་ནི་སྤྲིན་ཡོད་མེད་ཀྱི་ཡུལ་ལ་ཁྱབ་པའི་ནམ་མཁའ་ལྟར་ངོ་བོ་དབྱེར་མེད་ཀྱང༌། ཁམས་གསུམ་གྱི་སེམས་ཅན་དང་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ལ་རྟག་ཏུ་བཞུགས་པའི་དེ་བཞྀན་ཉིད་ཡིན་པའི་ཕྱིར། མཐར་ཐུག་གི་གཞི་འབྲས་ངོ་བོ་དབྱེར་མེད་དུ་ལེགས་པར་གྲུབ་པ་ཡིན་ནོ། །

དེ་ཉིད་ཕྱོགས་དང་བྲལ་བའི་མྱང་འདས་དེ་ཁོ་ན་ཉིད་དུ་བཞུགས་ཚུལ།

རྗེ་བཙུན་འདི་ཉིད་ཀྱི་ཞལ་སྔ་ནས། དེའི་ཕྱིར་རང་བཞིན་མེད་པའི་ཕྱོགས་ནི་བཅོམ་ལྡན་འདས་ཀྱིས་ཕྱོགས་མེད་པར་གསུངས་སོ། །ཕྱོགས་ཞེས་བྱ་བ་ནི་དངོས་པོ་དང་དངོས་པོ་མེད་པ་དང༌། ཡོད་པ་དང་མེད་པ་དང༌། ཡིན་པ་དང་མ་ཡིན་པ་དང༌། གཅིག་དང་གཅིག་མ་ཡིན་པ་དང༌། རྟག་པ་དང་ཆད་པ་དང༌། སྲིད་པ་དང་མྱ་ངན་ལས་འདས་པ་དང༌། གཟུགས་དང་གཟུགས་མ་ཡིན་པ་དང༌། སྒྲ་དང་སྒྲ་མ་ཡིན་པ་དང༌། སྐད་ཅིག་དང་སྐད་ཅིག་མ་ཡིན་པ་དང༌། ཆགས་པ་དང་ཆགས་པ་མ་ཡིན་པ་དང༌། ཞེ་སྡང་དང་ཞེ་སྡང་མ་ཡིན་པ་དང༌། གཏི་མུག་དང་གཏི་མུག་མ་ཡིན་པ་ཞེས་པ་དེ་ལྟ་བུ་ལ་སོགས་པ་རྣམས་ནི་ཕྱོགས་ཏེ་ཕན་ཚུན་ལྟོས་པ་དང་བཅས་པ་ཉིད་ཀྱི་ཕྱིར་རོ། །ཕྱོགས་འདི་དག་དང་བྲལ་བ[འི་དབུས་མའམ་བར་མ་ཕུང་པོ་གསུམ་པ་འགལ་འདུས་སྐྱོན་མེད་མ་ནིང་གི་གོ་འཕང་འཇིག་རྟེན་དཔེ་ལས་འདས་པ་]ནི་སངས་རྒྱས་རྣམས་ཀྱི་མི་གནས་པའི་མྱ་ངན་ལས་འདས་པ་རང་བཞིན་མེད་པ[འི་གཞི་]སྟེ་[ཤེས་པ་ཡིན་ཡང་]སྐད་ཅིག་གཅིག་དང་དུ་མ་དང་བྲལ་བའི་ཡེ་ཤེས་ནི་རྒྱལ་བ་རྣམས་ཀྱིས་དེ་ཁོ་ན་ཉིད་[བཅུ་དྲུག་རིག་]ཅེས་གསུངས་སོ། །[ལུང་འདིས་ཀྱང་ཁ་ཅིག་ཤེས་པའམ་རིག་པ་གང་ཡིན་འདུས་བྱས་སུ་འདོད་པ་བསལ་བ་ཡིན་ནོ།།]

དེ་ཉིད་འདུས་མ་བྱས་ཀྱི་དགའ་བ་བཞི་དང་བཅུ་དྲུག་ཏུ་ཡང་བཞུགས་ཚུལ།

དེ་ཉིད་སེམས་ཅན་རྣམས་ཀྱི་རང་གི་སེམས་ཀྱི་བསམ་པའི་དབང་གིས་[འགོག་བདེན་གྱི་དགའ་བ་]རྣམ་པ་བཞི་དང་[དེ་ཉིད་]རྣམ་པ་བཅུ་དྲུག་ཏུ་ཡང་སོ་སོར་སྣང་སྟེ།[དེ་ལ་དང་པོ་ནི་]དགའ་བ་དང་མཆོག་དགའ་དང་ཁྱད་པར་དགའ་བ་དང་ལྷན་ཅིག་སྐྱེས་པའི་[དགའ་བའི་]དབྱེ་བས་[དོན་དམ་གྱི་དགའ་བ་]རྣམ་པ་བཞིའོ། །དེ་ནས་[གཉིས་པ་ནི་འགོག་བདེན་གྱི་]སྐུའི་དགའ་བ་དང༌། གསུང་གི་དགའ་བ་དང༌། ཐུགས་ཀྱི་དགའ་བ་དང༌། ཡེ་ཤེས་ཀྱི་དགའ་བ་དང༌། དེ་བཞིན་དུ་སྐུའི་མཆོག་དགའ་དང༌། གསུང་གི་མཆོག་དགའ་དང༌། ཐུགས་ཀྱི་མཆོག་དགའ་དང༌། ཡེ་ཤེས་ཀྱི་མཆོག་དགའ་དང༌། དེ་བཞིན་དུ་སྐུའི་ཁྱད་པར་དགའ་བ་དང༌། གསུང་གི་ཁྱད་པར་དགའ་བ་དང༌། ཐུགས་ཀྱི་ཁྱད་པར་དགའ་བ་དང༌། ཡེ་ཤེས་ཀྱི་ཁྱད་པར་དགའ་བ་དང༌། དེ་བཞིན་དུ་སྐུའི་ལྷན་ཅིག་སྐྱེས་པའི་དགའ་བ་དང༌། གསུང་གི་ལྷན་ཅིག་སྐྱེས་པའི་དགའ་བ་དང༌། ཐུགས་ཀྱི་ལྷན་ཅིག་སྐྱེས་པའི་དགའ་བ་དང༌། ཡེ་ཤེས་ཀྱི་ལྷན་ཅིག་སྐྱེས་པའི་དགའ་བ་སྟེ། དེ་ལྟ་བུའི་[འགོག་བདེན་གྱི་]དེ་ཉིད་རྣམ་པ་བཅུ་དྲུག་གང་གི་ཚེ་རྣལ་འབྱོར་པས་རིག་པ་དེའི་ཚེ་དེ་ཉིད་རྣམ་པ་བཅུ་དྲུག་རིག་ཅེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །

དེ་ཉིད་སྐུའི་རབ་ཏུ་དབྱེ་བ་བཅུ་དྲུག་ཏུ་ཡང་བཞུགས་ཚུལ།

[འགོག་བདེན་དོན་དམ་]དེ་ཉིད་དེ་ཁོ་ན་ལ་ལྷན་ཅིག་སྐྱེས་པའི་སྐུ་ཞེས་བརྗོད་དེ། དེའི་འོག་ཏུ་ཆོས་ཀྱི་སྐུ་དང་དེའི་འོག་ཏུ་[དོན་དམ་གྱི་]ལོངས་སྤྱོད་རྫོགས་པའི་སྐུ་དང༌། དེའི་འོག་ཏུ་[དོན་དམ་གྱི་]སྤྲུལ་པའི་སྐུའོ།།དེ་བཞིན་དུ་[དོན་དམ་གྱི་]ལྷན་ཅིག་སྐྱེས་པའི་གསུང་དང༌། [དོན་དམ་གྱི་]ལྷན་ཅིག་སྐྱེས་པའི་ཐུགས་དང༌། ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང༌། དེ་བཞིན་དུ་ཆོས་ཀྱི་གསུང་དང༌། ཆོས་ཀྱི་ཐུགས་དང༌། ཆོས་ཀྱི་ཡེ་ཤེས་དང༌། [དོན་དམ་གྱི་]ལོངས་སྤྱོད་རྫོགས་པའི་གསུང་དང༌། ལོངས་སྤྱོད་རྫོགས་པའི་ཐུགས་དང༌། ལོངས་སྤྱོད་རྫོགས་པའི་ཡེ་ཤེས་དང༌། [དོན་དམ་གྱི་]སྤྲུལ་པའི་གསུང་དང༌། སྤྲུལ་པའི་ཐུགས་དང༌། སྤྲུལ་པའི་ཡེ་ཤེས་ཏེ། དེ་ལྟར་དེ་ཉིད་རྣམ་པ་བཅུ་དྲུག་ཏུ་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་ལྷག་པར་མོས་པའི་དབང་གིས་རབ་ཏུ་སྣང་ངོ༌། །

དེ་ཉིད་རྣམ་ཐར་བཞི་དང་རྣལ་འབྱོར་བཞི་ལ་སོགས་པར་ཡང་བཞུགས་ཚུལ།

[འགོག་བདེན་དོན་དམ་]དེ་ཉིད་ལྷན་ཅིག་སྐྱེས་པའི་སྐུ་སྟོང་པ་ཉིད་ཀྱི་རྣམ་པར་ཐར་པས་[གདོད་ནས་]རྣམ་པར་དག་པ་ཡེ་ཤེས་རྡོ་རྗེ་ཐམས་ཅད་མཁྱེན་པ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་རྣམ་པར་དག་པའི་རྣལ་འབྱོར་ཞེས་བརྗོད་དོ། །[འགོག་བདེན་དོན་དམ་]དེ་ཉིད་ཆོས་ཀྱི་སྐུ་མཚན་མ་མེད་པའི་རྣམ་པར་ཐར་པས་[གདོད་ནས་]རྣམ་པར་དག་པ་ཐུགས་རྡོ་རྗེ་ཡེ་ཤེས་སྐུ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཆོས་ཀྱི་བདག་ཉིད་ཀྱི་རྣལ་འབྱོར་ཞེས་བརྗོད་དོ། །[འགོག་བདེན་དོན་དམ་]དེ་ཉིད་ལོངས་སྤྱོད་རྫོགས་པའི་སྐུ་སྨོན་པ་མེད་པའི་རྣམ་པར་ཐར་པས་[གདོད་ནས་]རྣམ་པར་དག་པ་གསུང་རྡོ་རྗེ་ཉིན་མོར་བྱེད་པའི་སྐུ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་སྔགས་ཀྱི་རྣལ་འབྱོར་ཞེས་བརྗོད་དོ། །[འགོག་བདེན་དོན་དམ་]དེ་ཉིད་སྤྲུལ་པའི་སྐུ་མངོན་པར་འདུས་མ་བྱས་པའི་རྣམ་པར་ཐར་པས་[གདོད་ནས་]རྣམ་པར་དག་པ་སྐུ་རྡོ་རྗེ་པད་མའི་འདབ་མ་རྒྱས་པའི་སྤྱན་ཤེས་རབ་དང་ཐབས་ཀྱི་བདག་ཉིད་དབྱིབས་ཀྱི་རྣལ་འབྱོར་ཞེས་བརྗོད་དེ། དེ་ལྟ་བུའི་རྡོ་རྗེའི་རྣལ་འབྱོར་རྣམ་པ་བཞི་པོ་འདི་སངས་རྒྱས་ལ་ཕྱག་ན་རྡོ་རྗེས་ཞུས་སོ། །

དེ་ཉིད་ཐམས་ཅད་མཁྱེན་པ་ལ་སོགས་པ་སྐུ་བཞིའི་རྣམ་གྲངས་དང་མཁྱེན་པ་བཞིར་ཡང་བཞུགས་ཚུལ།

[འགོག་བདེན་དོན་དམ་]སྟོང་པ་ཉིད་ཀྱི་རྣམ་པར་ཐར་བས་[གདོད་ནས་]རྣམ་པར་དག་པའི་ཡེ་ཤེས་རྡོ་རྗེ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ལྷན་ཅིག་སྐྱེས་པའི་སྐུ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པ་ནི་ཐམས་ཅད་མཁྱེན་པ་སྟེ་ཐམས་ཅད་གཟིགས་པ་ཉིད་ཀྱི་ཕྱིར་རོ། །[འགོག་བདེན་དོན་དམ་]མཚན་མ་མེད་པའི་རྣམ་པར་ཐར་པས་[གདོད་ནས་]རྣམ་པར་དག་པ་ཐུགས་རྡོ་རྗེ། ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཆོས་ཀྱི་སྐུ་ལམ་གྱི་རྣམ་པ་མཁྱེན་པ་ཉིད་ཐོབ་པ་ནི་ཡེ་ཤེས་སྐུ་སྟེ་མཆོག་ཏུ་མི་འགྱུར་བའི་བདེ་བས་གནས་པ་ཉིད་ཀྱི་ཕྱིར་རོ། །[འགོག་བདེན་དོན་དམ་]སྨོན་པ་མེད་པའི་རྣམ་པར་ཐར་པས་[གདོད་ནས་]རྣམ་པར་དག་པ་གསུང་རྡོ་རྗེ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ལོངས་སྤྱོད་རྫོགས་པའི་སྐུ་ལམ་མཁྱེན་པ་ཉིད་ཐོབ་པ་ནི་ཉིན་མོར་བྱེད་པའི་སྐུ་སྟེ་མཐའ་ཡས་པ་མཐའ་ཡས་པའི་སེམས་ཅན་གྱི་སྐད་ཀྱིས་ཅིག་ཅར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་སྟོན་པ་པོ་ཉིད་ཡིན་པའི་ཕྱིར་རོ། །[འགོག་བདེན་དོན་དམ་]མངོན་པར་འདུས་མ་བྱས་པའི་[གདོད་ནས་]རྣམ་པར་ཐར་པས་[གདོད་ནས་]རྣམ་པར་དག་པ་སྐུ་རྡོ་རྗེ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་སྤྲུལ་པའི་སྐུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པ་ནི་པད་མའི་འདབ་མ་རྒྱས་པའི་སྤྱན་ཏེ། མཐའ་ཡས་པ་མཐའ་ཡས་པའི་སྤྲུལ་པའི་སྐུ་རྣམས་ཀྱིས་ཅིག་ཅར་རྣམ་པ་ཐམས་ཅད་པའི་སྐུའི་བཀོད་པའི་རྫུ་འཕྲུལ་སྤྲོ་བའི་ཕྱིར་རོ། །

དེ་ཉིད་མངོན་པར་བྱང་ཆུབ་པ་བཞི་དང་དོན་ཀུན་གཟིགས་པ་ལ་སོགས་པ་བཞིར་ཡང་བཞུགས་ཚུལ།

དེ་བཞིན་དུ་[འགོག་བདེན་དོན་དམ་]སྐད་ཅིག་གཅིག་གིས་མངོན་པར་རྫོགས་པར་སངས་རྒྱས་པ་ནི་ཡེ་ཤེས་རྡོ་རྗེ་སྟེ་དོན་ཐམས་ཅད་གཟིགས་པ[མཁའ་ཁྱབ་]འོ། །[འགོག་བདེན་དོན་དམ་]རྣམ་པ་ལྔས་མངོན་པར་རྫོགས་པར་སངས་རྒྱས་པ་ནི་ཐུགས་རྡོ་རྗེ་སྟེ་མཆོག་ཏུ་མི་འགྱུར་བའི་བདེ་བ[མཁའ་ཁྱབ་]འོ། །[འགོག་བདེན་དོན་དམ་]རྣམ་པ་ཉི་ཤུས་མངོན་པར་རྫོགས་པར་སངས་རྒྱས་པ་ནི་གསུང་རྡོ་རྗེ་སྟེ་བདེན་དོན་རྣམ་པ་བཅུ་གཉིས་པ་སེམས་ཅན་ཐམས་ཅད་ཀྱི་སྐད་ཀྱིས་ཆོས་སྟོན་པ[མཁའ་ཁྱབ་]འོ། །[འགོག་བདེན་དོན་དམ་]རྒྱུ་འཕྲུལ་དྲྭ་བས་མངོན་པར་རྫོགས་པར་སངས་རྒྱས་པ་ནི་སྐུ་རྡོ་རྗེ་སྟེ་དེ་ཉིད་རྣམ་པ་བཅུ་དྲུག་རིག་པ་མཐའ་ཡས་པའི་སྒྱུ་འཕྲུལ་དྲྭ་བ་རྣམས་ཀྱིས་སྤྲོས་པའི་སྐུ[མཁའ་ཁྱབ་]འོ། །ཞེས་གཞི་འབྲས་ངོ་བོ་དབྱེར་མེད་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བ་དེ་ཉིད་དོན་དམ་གྱི་དགའ་བ་བཞི་དང༌། དེ་ཉིད་བཅུ་དྲུག་ལ་སོགས་པ་རྣམ་པ་མང་པོའི་མིང་གིས་རྣམ་པའི་དབྱེ་བ་རྒྱ་ཆེར་གསུངས་ཤིང༌།

དེ་རྣམས་ཐམས་ཅད་ལུས་ཀྱི་འཁོར་ལོ་བཞི་ལ་བཞུགས་ཚུལ་ལ་བཅུ་བདུན། དེ་རྣམས་ཉིད་བརྗོད་དུ་མེད་པའི་ཨཱ་ལི་ཀཱ་ལི་ལ་སོགས་པར་བཞུགས་ཚུལ།

དེ་བཞིན་དུ། འཕགས་པ་རྡོ་རྗེ་སྙིང་པོའི་ཞལ་སྔ་ནས་ཀྱང༌། [དེ་བཞིན་ཉིད་ཀྱི་]དཔྲལ་བར་[འགོག་བདེན་དོན་དམ་གྱི་]ཨཱ་ལི[ཆོས་ཉིད་ཀྱི་སྤྲུལ་སྐུ]འོ། །[དེ་བཞིན་ཉིད་ཀྱི་]མགྲིན་པར་[འགོག་བདེན་དོན་དམ་གྱི་]ཀཱ་ལི[ཆོས་ཉིད་ལོངས་སྐུ]འོ། །[དེ་བཞིན་ཉིད་ཀྱི་]སྙིང་ཁར་[འགོག་བདེན་དོན་དམ་གྱི་]ཤེས་རབ་[ཆོས་སྐུ་གྲུབ་]བོ། །[དེ་བཞིན་ཉིད་ཀྱི་]ལྟེ་བར་[འགོག་བདེན་དོན་དམ་གྱི་]ཐབས་[ངོ་བོ་ཉིད་སྐུ་བཞུགས་]སོ། །

དེ་རྣམས་ཉིད་འགྱུར་མེད་ཡོངས་གྲུབ་གྱི་སྐུ་བཞིར་ཡང་བཞུགས་ཚུལ།

ལྷན་ཅིག་སྐྱེས་པའི་སྐུ་ནི་[འགོག་བདེན་དོན་དམ་གྱི་]ལྟེ་བར་རོ། །ཆོས་ཀྱི་སྐུ་ནི་[འགོག་བདེན་དོན་དམ་གྱི་]སྙིང་ཁར་རོ།།ལོངས་སྤྱོད་རྫོགས་པའི་སྐུ་ནི་[འགོག་བདེན་དོན་དམ་གྱི་]མགྲིན་པར་རོ། །སྤྲུལ་པའི་སྐུ་ནི་[འགོག་བདེན་དོན་དམ་གྱི་]དཔྲལ་བར་རོ། །

དེ་རྣམས་ཉིད་གནས་སྐབས་གཞན་དོན་དམ་གྱི་གནས་སྐབས་བཞིར་ཡང་བཞུགས་ཚུལ།

ལྟེ་བར་[འགོག་བདེན་དོན་དམ་གྱི་]བཞི་པ[ངོ་བོ་ཉིད་སྐུ]འོ། །སྙིང་ཁར་[འགོག་བདེན་དོན་དམ་གྱི་]ཤིན་ཏུ་གཉིད་ལོག་པ་[ཆོས་སྐུ་]འོ། །མགྲིན་པར་[འགོག་བདེན་དོན་དམ་གྱི་]རྨི་ལམ་[ལོངས་སྐུའོ་]མོ། །དཔྲལ་བར་[འགོག་བདེན་དོན་དམ་གྱི་]སད་པ་[སྤྲུལ་སྐུ]འོ། །

དེ་རྣམས་ཉིད་སྟོང་གཞི་དོན་དམ་གཞན་སྟོང་གི་རྡོ་རྗེ་བཞིར་ཡང་བཞུགས་ཚུལ།

[འགོག་བདེན་དོན་དམ་གྱི་]དཔྲལ་བར་སྐུ་རྡོ་རྗེའོ།།[འགོག་བདེན་དོན་དམ་གྱི་]མགྲིན་པར་གསུང་རྡོ་རྗེའོ།།[འགོག་བདེན་དོན་དམ་གྱི་]སྙིང་ཁར་ཐུགས་རྡོ་རྗེའོ། །[འགོག་བདེན་དོན་དམ་གྱི་]ལྟེ་བར་ཡེ་ཤེས་རྡོ་རྗེའོ།།

དེ་རྣམས་ཉིད་ཆོས་སྐུའི་ཨེ་ཝཾ་མ་ཡཱ་དང་ཡུམ་བཞིར་ཡང་བཞུགས་ཚུལ།

[དོན་དམ་གྱི་]ལྟེ་བར་[འགོག་བདེན་དོན་དམ་གྱི་]ཨེ་ཡིག་[ངོ་བོ་ཉིད་སྐུ་དག་]གོ །[དོན་དམ་གྱི་]སྙིང་ཁར་[འགོག་བདེན་དོན་དམ་གྱི་]ཝཾ་ཡིག་[ཆོས་སྐུ་དག་]གོ །[དོན་དམ་གྱི་]མགྲིན་པར་[འགོག་བདེན་དོན་དམ་གྱི་]མ་ཡིག་[དོན་དམ་གྱི་ལོངས་སྐུ་དག་]གོ །[དོན་དམ་གྱི་]དཔྲལ་བར་[འགོག་བདེན་དོན་དམ་གྱི་]ཡཱ་ཡིག་[དོན་དམ་གྱི་སྤྲུལ་སྐུ་དག་]གོ །[འགོག་བདེན་དོན་དམ་གྱི་]ལྟེ་བར་སྤྱན་མ[ངོ་བོ་ཉིད་སྐུ་]འོ། །[འགོག་བདེན་དོན་དམ་གྱི་]སྙིང་ཁར་མཱ་མ་ཀཱི་[ཆོས་སྐུ་]འོ། །[འགོག་བདེན་དོན་དམ་གྱི་]མགྲིན་པར་གོས་དཀར་མོ་[དོན་དམ་གྱི་ལོངས་སྐུ]འོ། །[འགོག་བདེན་དོན་དམ་གྱི་]དཔྲལ་བར་སྒྲོལ་མ་[དོན་དམ་གྱི་སྤྲུལ་སྐུ]འོ། །[དེ་ལྟར་འགོག་བདེན་གྱི་]དཀྱིལ་འཁོར་བཞི་རྣམས་སོ། །ཞེས་པའོ། །

དེ་རྣམས་ཉིད་སྐད་ཅིག་གཞན་དཔེ་བྲལ་དབུ་མའི་སྐད་ཅིག་མ་བཞིར་ཡང་བཞུགས་ཚུལ།

[འགོག་བདེན་དོན་དམ་གྱི་]སྐད་ཅིག་མ་བཞི་རྣམས་ནི། [འགོག་བདེན་དོན་དམ་གྱི་]རྣམ་པ་སྣ་ཚོགས་པ་ནི་[དོན་གྱི་སྤྲུལ་སྐུ་སྟེ་]དཔྲལ་བར་རོ། །[འགོག་བདེན་དོན་དམ་གྱི་]རྣམ་པར་སྨིན་པ་ནི་[དོན་དམ་གྱི་ལོངས་སྐུ་སྟེ་]མགྲིན་པར་རོ། །[འགོག་བདེན་དོན་དམ་གྱི་]རྣམ་པར་ཉེད་པ་ནི་[ཆོས་སྐུ་སྟཻེ་]སྙིང་ཁར་རོ། །[འགོག་བདེན་དོན་དམ་གྱི་]མཚན་ཉིད་དང་བྲལ་བ་ནི་[ངོ་བོ་ཉིད་སྐུ་སྟཻེ་]ལྟེ་བར་རོ། །

དེ་རྣམས་ཉིད་དགའ་བ་གཞན་རང་བཞིན་འགྱུར་མེད་ཀྱི་དགའ་བ་བཞིར་ཡང་བཞུགས་ཚུལ།

དེ་བཞིན་དུ་[འགོག་བདེན་དོན་དམ་གྱི་]དགའ་བ་ནི་[དོན་དམ་གྱི་སྤྲུལ་སྐུ་སྟེ་]དཔྲལ་བར་རོ། །[འགོག་བདེན་དོན་དམ་གྱི་]མཆོག་དགའ་ནི་[དོན་དམ་གྱི་ལོངས་སྐུ་སྟེ་]མགྲིན་པར་རོ། །[འགོག་བདེན་དོན་དམ་གྱི་]ཁྱད་དགའི་དགའ་བ་ནི་[ཆོས་སྐུ་སྟཻེ་]སྙིང་ཁར་རོ། །[འགོག་བདེན་དོན་དམ་གྱི་]ལྷན་ཅིག་སྐྱེས་པའི་དགའ་བ་ནི་[ངོ་བོ་ཉིད་སྐུ་སྟཻེ་]ལྟེ་བར་རོ། །

དེ་རྣམས་ཉིད་བདེན་བཞི་གཞན་ཆོས་སྐུ་བདེན་པ་བཞིར་ཡང་བཞུགས་ཚུལ།

དེ་བཞིན་དུ་[འགོག་བདེན་དོན་དམ་གྱི་]སྡུག་བསྔལ་གྱི་བདེན་པ་ནི་[དོན་དམ་གྱི་སྤྲུལ་སྐུ་སྟཻེ་]དཔྲལ་བར་རོ། །[འགོག་བདེན་དོན་དམ་གྱི་]ཀུན་འབྱུང་གི་བདེན་པ་ནི་[དོན་དམ་གྱི་ལོངས་སྐུ་སྟཻེ་]མགྲིན་པར་རོ། །[འགོག་བདེན་དོན་དམ་གྱི་]འགོག་པའི་བདེན་པ་ནི་[ཆོས་སྐུ་སྟཻ་]སྙིང་ཁར་རོ། །[འགོག་བདེན་དོན་དམ་གྱི་]ལམ་གྱི་བདེན་པ་ནི་[ངོ་བོ་ཉིད་སྐུ་སྟེ་]ལྟེ་བར་རོ། །

དེ་རྣམས་ཉིད་གནས་ལུགས་བདེ་གཤེགས་སྙིང་པོའི་དེ་ཁོ་ན་ཉིད་བཞིར་ཡང་བཞུགས་ཚུལ།

དེ་ཁོ་ན་ཉིད་བཞི་རྣམས་ཏེ། [འགོག་བདེན་དོན་དམ་གྱི་]བདག་གི་དེ་ཁོ་ན་ཉིད་ནི་[དོན་དམ་གྱི་སྤྲུལ་སྐུ་སྟཻ་]དཔྲལ་བར་རོ། །[འགོག་བདེན་དོན་དམ་གྱི་]སྔགས་ཀྱི་དེ་ཁོ་ན་ཉིད་ནི་[དོན་དམ་གྱི་ལོངས་སྐུ་སྟཻ་]མགྲིན་པར་རོ། །[འགོག་བདེན་དོན་དམ་གྱི་]ལྷའི་དེ་ཁོ་ན་ཉིད་ནི་[ཆོས་སྐུ་སྟེ་]སྙིང་ཁར་རོ། །[འགོག་བདེན་དོན་དམ་གྱི་]ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་ནི་[ངོ་བོ་ཉིད་སྐུ་སྟེ་]ལྟེ་བ་ལའོ། །

དེ་རྣམས་ཉིད་དེ་བཞིན་ཉིད་ཀྱི་ངར་བྱེད་པ་དང་སྒྲ་བརྗོད་པ་ལ་སོགས་པ་བཞིར་ཡང་བཞུགས་ཚུལ།

དཔྲལ་བར་[འགོག་བདེན་དོན་དམ་གྱི་]ངར་བྱེད་པ་[ནི་དོན་དམ་གྱི་སྤྲུལ་སྐུ]འོ། །མགྲིན་པར་[འགོག་བདེན་དོན་དམ་གྱི་]སྒྲ་བརྗོད་པ[ནི་དོན་དམ་གྱི་ལོངས་སྐུ]འོ། །སྙིང་ཁར་[འགོག་བདེན་དོན་དམ་གྱི་]ཐམས་ཅད་སེམས་པ[ནི་ཆོས་སྐུ]འོ། །ལྟེ་བར་[འགོག་བདེན་དོན་དམ་གྱི་]བདེ་བ་མྱོང་བ[ནི་ངོ་བོ་ཉིད་སྐུ]འོ།།

དེ་རྣམས་ཉིད་སྡཻ་པ་གཞན་ཆོས་ཉིད་ཀྱི་སྡཻ་པ་བཞིར་ཡང་བཞུགས་ཚུལ།

སྡེ་པ་བཞི་རྣམས་ཏེ། [འགོག་བདེན་དོན་དམ་གྱི་]གནས་བརྟན་པ་[ནི་ངོ་བོ་ཉིད་སྐུ་སྟེ་]ལྟེ་བར་རོ། །[འགོག་བདེན་དོན་དམ་གྱི་]ཐམས་ཅད་ཡོད་པར་སྨྲ་བ་[ནི་ཆོས་སྐུ་སྟེ་]སྙིང་ཁ་ནའོ། །མགྲིན་པར་[འགོག་བདེན་དོན་དམ་གྱི་]ཀུན་གྱིས་བཀུར་བ་[ནི་དོན་དམ་གྱི་ལོངས་སྐུ]འོ། །དཔྲལ་བར་[འགོག་བདེན་དོན་དམ་གྱི་]དགེ་འདུན་ཕལ་ཆེན་པ[ནི་དོན་དམ་གྱི་སྤྲུལ་སྐུ]འོ། །

དེ་རྣམས་ཉིད་རང་བཞིན་གཉུག་མའི་ཟླ་ཉི་སྒྲ་གཅན་ལ་སོགས་པར་ཡང་བཞུགས་ཚུལ།

[འགོག་བདེན་དོན་དམ་གྱི་]ཟླ་བ་ནི་[དོན་དམ་གྱི་སྤྲུལ་སྐུ་སྟེ་]དཔྲལ་བར་རོ། །[འགོག་བདེན་དོན་དམ་གྱི་]ཉི་མ་ནི་[དོན་དམ་གྱི་ལོངས་སྐུ་སྟེ་]མགྲིན་པ་ནའོ། །སྙིང་ཁར་[འགོག་བདེན་དོན་དམ་གྱི་]སྒྲ་གཅན་[ནི་ཆོས་སྐུ་ཡིན་]ནོ། །ལྟེ་བར་[འགོག་བདེན་དོན་དམ་གྱི་]དུས་མེ[ནི་ངོ་བོ་ཉིད་སྐུ་]འོ། །

དེ་རྣམས་ཉིད་འཕོ་བ་གཞན་འགལ་འདུ་སྐྱོན་མེད་ཀྱི་འཕོ་བ་བཅུ་དྲུག་ལ་སོགས་པར་བཞུགས་ཚུལ།

དཔྲལ་བར་[འགོག་བདེན་དོན་དམ་གྱི་]འཕོ་བ་བཅུ་དྲུག་[ནི་དོན་དམ་གྱི་སྤྲུལ་སྐུ་]རྣམས་སོ། །མགྲིན་པར་[འགོག་བདེན་དོན་དམ་གྱི་]སུམ་བཅུ་རྩ་གཉིས་[ནི་དོན་དམ་གྱི་ལོངས་སྤྱོད་རྫོགས་]སོ། །སྙིང་ཁར་[འགོག་བདེན་དོན་དམ་གྱི་]བརྒྱད་[ནི་ཆོས་སྐུ་]རྣམས་སོ། །ལྟེ་བར་[འགོག་བདེན་དོན་དམ་གྱི་]འཕོ་བ་དྲུག་བཅུ་རྩ་བཞི་[ནི་ངོ་བོ་ཉིད་སྐུ་]རྣམས་སོ། །

དེ་རྣམས་ཉིད་ཐུན་མཚམས་གཞན་རང་བཞིན་འོད་གསལ་གྱི་ཐུན་མཚམས་བཞིར་ཡང་བཞུགས་ཚུལ།

སྔར་བཤད་པའི་[འགོག་བདེན་དོན་དམ་གྱི་]ཐུན་མཚམས་བཞི་རྣམས་ཏེ། [འགོག་བདེན་དོན་དམ་གྱི་]སྔ་མའི་ཐུན་མཚམས་ནི་[དོན་དམ་གྱི་སྤྲུལ་སྐུ་སྟེ་]དཔྲལ་བར་རོ། །[འགོག་བདེན་དོན་དམ་གྱི་]ཉིན་གུང་གི་ཐུན་མཚམས་ནི་[དོན་དམ་གྱི་ལོངས་སྐུ་སྟེ་]མགྲིན་པར་རོ། །[འགོག་བདེན་དོན་དམ་གྱི་]ཉིན་མོའི་ཕྱི་མའི་ཐུན་མཚམས་ནི་[ཆོས་སྐུ་སྟེ་]སྙིང་ཁར་རོ། །[འགོག་བདེན་དོན་དམ་གྱི་]མཚན་ཕྱེད་ཀྱི་ཐུན་མཚམས་ནི་[ངོ་བོ་ཉིད་སྐུ་སྟེ་]ལྟེ་བ་ལའོ། །

དེ་རྣམས་ཉིད་ཀུན་སྤྱོད་གཞན་རང་བཞིན་ལྷན་སྐྱེས་ཀྱི་ཀུན་་སྤྱོད་བཞིར་ཡང་བཞུགས་ཚུལ།

[ཀུན་སྤྱོད་བཞི་རྣམས་ཏེ་]དཔྲལ་བར་ནི་[འགོག་བདེན་དོན་དམ་གྱི་]ལོངས་སྤྱོད་[དེ་དོན་དམ་གྱི་སྤྲུལ་སྐུ་ཉིད་]དོ། །མགྲིན་པར་ནི་[འགོག་བདེན་དོན་དམ་གྱི་]དབང་བྱེད་[དཻ་དོན་དམ་གྱི་ལོངས་སྐུ་ཉིད་]དོ། །སྙིང་ཁར་ནི་[འགོག་བདེན་དོན་དམ་གྱི་]ཐིམ་པ[སྟེ་ཆོས་སྐུ]འོ། །ལྟེ་བར་ནི་[འགོག་བདེན་དོན་དམ་གྱི་]བདག་པོ་[སྟཻ་ངོ་བོ་ཉིད་སྐུ་]ཉིད་དོ། །དེ་ལྟར་[དོན་དམ་སྐུ་བཞིའི་རྣམ་གྲངས་]ཐམས་ཅད་བཞི་[བཞི་]འོ། །

དེ་རྣམས་ཉིད་དོན་དམ་འགོག་བདེན་གྱི་བྱང་ཆུབ་ཕྱོགས་ཆོས་རྣམས་སུ་ཡང་བཞུགས་ཚུལ།

[འགོག་བདེན་དོན་དམ་གྱི་]བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་[ཁྱབ་བྱེད་བཏང་སྙོམས་ཡང་དག་བྱང་ཆུབ་ཡན་ལག་གི་ལྷག་མ་]སུམ་ཅུ་རྩ་དྲུག་རྣམས་དང༌། [འགོག་བདེན་དོན་དམ་གྱི་]ཁམས་སུམ་ཅུ་རྩ་དྲུག་རྣམས་སྔར་བཤད་པའི་ཆ་[བཞི་]བཞིར་བྱས་ནས་ཐམས་ཅད་བཞི་བཞིར་གྲངས་ཇི་ལྟ་བར་རིགས་ཀྱི་དབྱེ་བས་[འགོག་བདེན་དོན་དམ་གྱི་]འཁོར་ལོ་བཞི་རྣམས་ལ་[དབྱེར་མེད་དུ་]སྦྱར་བར་བྱ[ཞིང་སེམས་ཅན་གྱི་ལུས་ཀྱི་འཁོར་ལོ་བཞི་ལ་དབྱེར་ཡོད་དུ་བཞུགས་པ་]འོ། །ཞེས་གསུངས་ཏེ།

དེ་རྣམས་ཀྱི་དོན་བསྡུས་ཏེ་ཐམས་ཅད་ལ་བདེན་གཉིས་རྣམ་དབྱེ་ཤེས་དགོས་པར་གདམས་པ།

འདིར་ཡང་གནས་སྐབས་བཞི་དང་བདེན་པ་བཞི་དང་སྡེ་པ་བཞི་དང༌། ཟླ་ཉི་སྒྲ་གཅན་དུས་ཀྱི་མེ་དང༌། ཐུན་མཚམས་བཞི་དང་ཀུན་སྤྱོད་བཞི་ལ་སོགས་པའི་ཆོས་རྣམས་ལ་བདེན་གཉིས་རྣམ་དབྱེ་ཤེས་པར་བྱས་ནས་དོན་དམ་གྱི་གནས་སྐབས་བཞི་ལ་སོགས་པ་བཞི་ཚན་ཐམས་ཅད་གཞི་འབྲས་དབྱེར་མེད་བདེ་གཤེགས་སྙིང་པོའི་སྐུ་བཞི་ལ་རྣམ་པའི་དབྱེ་བ་དུ་མ་གསུངས་པར་རྣལ་འབྱོར་པས་རིག་པར་བྱའོ། །

འཁོར་ལོ་བཞིར་དབུགས་ཀྱི་རྒྱུན་འགགས་པས་དེ་རྣམས་ཐོབ་ཚུལ།

དེ་བཞིན་དུ། དུས་ཀྱི་འཁོར་ལོའི་རྒྱུད་ཕྱི་མར་ཡང༌། སྲོག་རླུང་[གདོད་ནས་]འགགས་པས་[འགོག་བདེན་དོན་དམ་གྱི་]ཕྱག་གཉིས་དགྱེས་རྡོར་ཞི་བ་འདིར་ནི་ང་རྒྱལ་འཇོམས་པ་རྡོ་རྗེ་སེམས། །སྲོག་རླུང་[གདོད་ནས་]བཀག་པས་[འགོག་བདེན་དོན་དམ་གྱི་]ཕྱག་བཞི་པ་ཡི་དགྱེས་རྡོར་བྱིན་ཟ་ཞེ་སྡང་འཇོམས་པ་བྱང་ཆུབ་སེམས། །[འགོག་བདེན་དོན་དམ་གྱི་]དགྱེས་པའི་རྡོ་རྗེ་འདོད་ཆགས་འཇོམས་པ་ཞལ་གསུམ་ཕྱག་དྲུག་སེམས་དཔའ་ཆེན་པོར་འགྱུར། །[འགོག་བདེན་དོན་དམ་གྱི་]ཞལ་བརྒྱད་[ཕྱག་བཅུ་དྲུག་]པ་ལ་ཞབས་བཞི་གཏི་མུག་འཇོམས་པ་ཚངས་པ་བདེ་བ་དང་བཅས་དམ་ཚིག་སེམས། །ལྟེ་བར་སྲོག་རླུང་[གདོད་ནས་]བཀག་པས་དྲི་མ་གསུམ་བྲལ་རྡོ་རྗེ་སེམས་དཔའ་དེ་ནི་[འགོག་བདེན་དོན་དམ་གྱི་]སངས་རྒྱས་ཉིད། །སྙིང་ཁར་[གདོད་ནས་དབུགས་]བཀག་པས་དྲི་མ་གསུམ་བྲལ་བྱང་ཆུབ་སེམས་དཔའ་[འགོག་བདེན་དོན་དམ་གྱི་]རང་རྒྱལ་དེ་ནི་སངས་རྒྱས་ཉིད། །མགྲིན་པར་ཉི་མ་དེ་ནི་དྲི་མ་གསུམ་བྲལ་སེམས་དཔའ་ཆེན་པོ་[འགོག་བདེན་དོན་དམ་གྱི་]ཉན་ཐོས་ཉིད་དུ་འགྱུར། །དཔྲལ་བར་རླུང་གི་དབང་པོ་[གདོད་ནས་]འགགས་པས་བདེ་བ་དང་བཅས་དམ་ཚིག་སེམས་དཔའ་[འགོག་བདེན་དོན་དམ་གྱི་]སྟོན་པའི་སྲས། །ཞེས་ཞི་བ་དང་བྱིན་ཟ་དང་ཚངས་པ་ལ་སོགས་པ་རྣམས་དང༌། སངས་རྒྱས་དང་རང་རྒྱལ་དང་ཉན་ཐོས་དང་རྒྱལ་སྲས་རྣམས་ལ་ཡང་བདེན་གཉིས་རྣམ་དབྱེ་ཤེས་པར་བྱས་ནས་དོན་དམ་པའི་ཞི་བ་ལ་སོགས་པ་བཞི་ཚན་ཇི་སྙེད་གསུངས་པ་ཐམས་ཅད་ཧེ་རུ་ཀ་བཞི་ལ་སོགས་པ་གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་སྐུ་བཞིའི་རྣམ་གྲངས་སུ་ཤེས་པར་བྱ་ཞིང༌། [དེ་ཐམས་ཅད་དོན་དམ་གྱི་འཁོར་ལོ་བཞི་ལ་དབྱེར་མེད་དུ་བཞུགས་པ་དང༌། ཀུན་རྫོབ་ཀྱི་འཁོར་ལོ་བཞི་ལ་དབྱེར་ཡོད་དུ་བཞུགས་ཀྱང༌། དབུགས་མ་འགགས་བར་ལ་མི་འཐོབ་ཅིང༌། དབུགས་འགགས་པ་ཙམ་གྱིས་ཐོབ་པ་ཡང་རིག་པར་བྱའོ།།]འབུམ་ཕྲག་ལྔ་པར། བཞི་ཚན་གཞན་ཡང་རྒྱ་ཆེར་གསུངས་པ་རྣམས་ཀྱང་དེ་བཞིན་ཏེ། ལུང་ནི་སྔར་གཞིའི་སྐབས་སུ་དྲངས་པ་གང་ཡིན་པའོ། །

བསྡུ་བ།

དེ་བཞིན་དུ། འཇམ་དཔལ་གྱི་རང་གི་ལྟ་བའི་འདོད་པ་རྗེ་ནཱ་རོ་པཎ་ཆེན་དང༌། སློབ་དཔོན་ཨ་ཙ་ལ་གརྦྷས་དྲངས་པ་ཡང༌། [འགོག་བདེན་དོན་དམ་གྱི་]གཟུགས་ཀྱི་ཕུང་པོ་མཐའ་ཡས་པ། །བདག་གི་སྤྲུལ་པའི་སྐུ་མཆོག་གོ །[འགོག་བདེན་དོན་དམ་གྱི་]སྒྲ་ཡི་ཕུང་པོ་མཐའ་ཡས་པ། །བདག་གི་ལོངས་སྤྱོད་རྫོགས་སྐུ་མཆོག །[འགོག་བདེན་དོན་དམ་གྱི་]ཆོས་ཀྱི་ཕུང་པོ་མཐའ་ཡས་པ། །བདག་གི་ཆོས་ཀྱི་སྐུར་རབ་བསྒྲགས། །[འགོག་བདེན་དོན་དམ་གྱི་]བདེ་བའི་ཕུང་པོ་མཐའ་ཡས་པ། །བདག་གི་བདེ་སྐུ་འགྱུར་མེད་མཆོག ། བསྡུས་པ་ཕུང་པོ་དེ་བཞིན་སྐུ། །ཡང་དག་བསགས་པར་ཡོངས་སུ་བསྒྲགས། །ཞེས་གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་སྐུ་བཞི་གསུངས་ཏེ། སྔར་བསྟན་པ་དོན་དམ་གྱི་བཞི་ཚན་རྣམས་དང་དོན་གཅིག་ཅིང༌། དེ་ཐམས་ཅད་འགྱུར་མེད་ཡོངས་གྲུབ་དེ་བཞིན་ཉིད་བསལ་བཞག་མེད་པའི་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བ་ཉིད་ལས་ཕྱེ་བ་[སྐུ་ནི་ནམ་མཁའ་ལྟ་བུར་ཁྱབ་དང་གཟུགས་མེད་རྟག་པ་ཉིད། །ཅེས་རྒྱུད་བླ་མར་གསུངས་པ་ལྟར་]ནམ་མཁའ་ལྟ་བུའི་སྐུ་བཞི་རྣམ་པ་མང་པོས་གསུངས་པ་ཡིན་ནོ། །

ཆོས་ཉིད་ཀྱི་སྐུ་ལྔ་དང་རིགས་དྲུག་ལ་རྨོངས་མི་རྨོངས་ཀྱི་ཁྱད་པར་བསྟན་པ།

དེ་བཞིན་དུ་ཆོས་ཉིད་ཡོངས་གྲུབ་དེ་བཞིན་ཉིད་གང་ཡིན་པ་དེ་སངས་རྒྱས་སྐུ་ལྔའི་བདག་ཉིད་དུ་ཡང་གསུངས་ཏེ། དོན་དམ་པའི་སྤྲུལ་པ་དང་ལོངས་སྤྱོད་རྫོགས་པ་དང་ཆོས་དང་ཡེ་ཤེས་དང་བདེ་བའི་སྐུའོ། །དེ་བཞིན་དུ་རྒྱལ་བ་རིགས་དྲུག་དང་ཡུམ་དྲུག་ལ་སོགས་པ་དོན་དམ་པའི་རོ་དང་ཁམས་ཀྱི་རྣམ་འགྱུར་སུམ་ཅུ་རྩ་དྲུག་དང༌། དོན་དམ་པའི་ཕུང་པོ་སུམ་ཅུ་རྩ་དྲུག་ལ་སོགས་པ་ཡེ་ཤེས་ཀྱི་ལྷར་གསུངས་པ་ཐམས་ཅད་ཆོས་ཉིད་ཡོངས་གྲུབ་ཉིད་ལ་དགོངས་པའི་ཕྱིར་བདེ་གཤེགས་སྙིང་པོ་དོན་ལ་མི་གནས་ན་དེ་རྣམས་ཀྱང་དོན་ལ་མི་གནས་པར་འགྱུར་ཏེ། དེ་དང་དེ་རྣམས་དོན་གཅིག་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟ་ན་ཡང་དེ་ལྟར་གསལ་བ་དང་མི་གསལ་བའི་གཞུང་ལུགས་ཀྱི་ཁྱད་པར་ལས་དེ་ལྟར་རྟོགས་པ་དང་མ་རྟོགས་པའི་ཁྱད་པར་གྱིས་མ་རྨོངས་པ་དང་རྨོངས་པའི་ཁྱད་པར་གསུངས་པ་གང་ཡིན་པ་དོན་གཅིག་ན་ཡང་[མ་རྨོངས་དང་]ཞེས་པ་ལ་སོགས་པ་སྟེ། ཇི་ལྟར་རི་བོ་མཐོན་པོ་དག་ལ་སྟེང་གི་ནམ་མཁའ་མཐོན་པོ་ནས་ལྟ་བ་དང་འོག་གམ་ཐད་ཀ་ནས་ལྟ་བའི་ཁྱད་པར་བཞིན་ནོ། །[དེ་ལྟར་འདུས་མ་བྱས་ཀྱི་སྐུ་བཞི། འདུས་བྱས་ཀྱི་སྐུ་གཉིས་ཏེ་བདེན་པ་གཉིས་ཀྱི་སྐུ་དྲུག་གམ། འགོག་བདེན་གྱི་སྐུ་ལྔ། ལམ་བདེན་གྱིས་བསྡུས་པའི་སྐུ་གཉིས་ཏེ། དེ་ལྟར་བདེན་པ་གཉིས་ཀྱི་སྐུ་བདུན་དུ་ཡང་བཞུགས་པས་དེ་རྣམས་ལ་ཤེས་ནས་དད་པ་ཐོབ་པར་གྱུར་ཅིག །]

ཤིན་ཏུ་ངོ་མཚར་བའི་ཡེ་ཤེས་ཕུན་ཚོགས་བཤད་པ་ལ་གསུམ། རང་བྱུང་གཞན་བྱུང་གི་ཡེ་ཤེས་མདོར་བསྟན་པ།

དེ་ལྟར་དོན་དམ་པའི་སངས་རྒྱས་ནི་རང་བྱུང་ཡེ་ཤེས་ལྔའི་སྐུ་ཡིན་ལ། དེ་ཡང་དེ་བཞིན་ཉིད་དང༌། འགྱུར་མེད་ཡོངས་གྲུབ་ཉིད་ཡེ་ཤེས་ལྔར་རྟག་ཏུ་བཞུགས་པའོ། །ཀུན་རྫོབ་གཟུགས་ཀྱི་སྐུ་ནི་ཡང་དག་ཡེ་ཤེས་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་དང་ལྡན་པ་སྟེ་ཐེག་ཆེན་མི་སློབ་པའི་ཡེ་ཤེས་སྐད་ཅིག་ལས་མ་འདས་པ་དང་ལྡན་པའོ། །

དེ་དག་སོ་སོར་ཕྱེ་སྟེ་རྒྱས་པར་བཤད་པ་ལ་གཉིས། གཞན་བྱུང་ཡེ་ཤེས་རྒྱུ་དང་བཅས་པར་བཤད་པ།

དེ་ཡང་མདོ་སྡེའི་རྒྱན་དུ། མེ་ལོང་ཡེ་ཤེས་མི་གཡོ་སྟེ། །ཡེ་ཤེས་[ལྷག་མ་]གསུམ་ནི་དེ་ལ་བརྟེན། །མཉམ་པ་ཉིད་དང་སོ་སོར་རྟོག །བྱ་བ་སྒྲུབ་པ་ཁོ་ན[སྟེ་དེ་གསུམ་ནི་སྔ་མ་ལ་བརྟེན་པ་དང་གཡོ་བ]འོ། །མེ་ལོང་ཡེ་ཤེས་[ནི་]ང་ཡི་མེད[པ་དང་]། །[ཡུལ་]ཡོངས་སུ་མ་ཆད་[པ་དང་དུས་]རྟག་ཏུ་ལྡན། །ཤེས་བྱ་ཀུན་ལ་[སྒྲིབ་པ་མེད་པས་]མ་རྨོངས་ལ། །རྟག་ཏུ་དེ་ལ་མངོན་ཕྱོགས་མིན[ཏེ་རྣམ་པ་མེད་པའི་ཕྱིར་རོ]། །[དེ་ནི་]ཡེ་ཤེས་ཀུན་གྱི་རྒྱུ་མཚན་ཕྱིར། །ཡེ་ཤེས་འབྱུང་གནས་ཆེན་པོ་འདྲ། །[དེ་ནི་]ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཉིད[ཀྱང་ཡིན་ལ]། །ཡེ་ཤེས་[ཀྱི་]གཟུགས་བརྙན་འབྱུང་[བའི་]ཕྱིར་[ཡེ་ཤེས་]ཏེ[མེ་ལོང་ལྟ་བུ་ཞེས་བྱའོ]། །བསྒོམ་པ་དག་པས་སེམས་ཅན་[རྣམས་]ལ། །མཉམ་པ་ཉིད་ཀྱི་ཡེ་ཤེས་[དེ་ཐོབ་པར་]འདོད[ཏེ་རྒྱུ་གང་གིས་ཐོབ་པའོ]། །མི་གནས་ཞི་བར་བཞུགས་པ་ནི། །མཉམ་ཉིད་ཡེ་ཤེས་ཡིན་པར་འདོད[འདི་ནི་ཐོབ་བྱ་ཡེ་ཤེས་ཀྱི་ངོ་བོའོ]། །དུས་རྣམས་ཀུན་ཏུ་བྱམས་པ་དང༌། །ཐུགས་རྗེ་ཆེན་པོ་དག་དང་ལྡན[པ་ནི་གྲོགས་དང་ལྡན་པའོ]། །སེམས་ཅན་རྣམས་ལ་མོས་པ་བཞིན། །སངས་རྒྱས་སྐུ་ནི་ངེས་པར་སྟོན[པ་ནི་ལས་སོ]། །སོ་སོར་རྟོག་པའི་ཡེ་ཤེས་ནི། །ཤེས་བྱ་ཀུན་ལ་རྟག་མི་ཐོགས། །ཏིང་ངེ་འཛིན་དང་གཟུངས་རྣམས་ཀྱི། །གཏེར་དང་འདྲ་བ་ཁོ་ན་ཡིན། །འཁོར་གྱི་དཀྱིལ་འཁོར་རྣམས་སུ་ནི། །འབྱོར་བ་ཐམས་ཅད་སྟོན་མཛད་པ། །ཐེ་ཚོམ་ཐམས་ཅད་གཅོད་པ་ཡི། །ཆོས་ཆེན་ཆར་ནི་རབ་ཏུ་འབེབས།།བྱ་བ་སྒྲུབ་པའི་ཡེ་ཤེས་ནི། །[འཇིག་རྟེན་གྱི་]ཁམས་རྣམས་ཀུན་ཏུ་[རྣམ་པ་]སྣ་ཚོགས་ཤིང༌། །དཔག་མེད་བསམ་ཡས་སྤྲུལ་པ་ཡིས། །སེམས་ཅན་ཀུན་དོན་སྒྲུབ་པའོ། །སངས་རྒྱས་[ཀྱི་]སྤྲུལ་པ་དེ་[ནི་]རྟག་ཏུ། །མཛད་པ་འགྲུབ་པའི་བྱེ་བྲག་དང༌། །གྲངས་དང་ཞིང་གི[སྒོ་ན]ས་རྣམ་[པ་]ཀུན་ཏུ། །བསམ་མི་ཁྱབ་པར་ཤེས་པར་བྱ། །ཞེས་གསུངས་པའི་ཡེ་ཤེས་བཞི་ནི་ཀུན་རྫོབ་འདུས་བྱས་ལམ་གྱི་བདེན་པ་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་སྟེ། ཆོས་ལྔ་ལས་ཡང་དག་པའི་ཡེ་ཤེས་སོ། །དེ་ལྟ་བུའི་ཡེ་ཤེས་བཞི་པོ་དེ་རྒྱུ་གང་ལས་འབྱུང་ན། [ཐོས་པའི་ཆོས་རྣམས་]འཛིན་པའི་ཕྱིར་དང་[སེམས་ཅན་ཐམས་ཅད་ལ་]སེམས་མཉམ་ཕྱིར[དང་]། །ཡང་དག་ཆོས་རབ་སྟོན་ཕྱིར་དང༌། །[ཕན་བདེའི་]བྱ་བ་སྒྲུབ་པ་ཉིད་ཀྱི་ཕྱིར། །[རིམ་པ་བཞིན་དུ་]ཡེ་ཤེས་བཞི་པོ་ཡང་དག་འབྱུང༌། །ཞེས་གང་གསུངས་པའོ། །སངས་རྒྱས་གཟུགས་སྐུའི་ཡེ་ཤེས་འདི་དག་ལ་དགོངས་ནས། ཡུམ་རྒྱས་འབྲིང་ལ་སོགས་པར། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་མི་འཇིགས་པ་བཞི་དང་སོ་སོ་ཡང་དག་པར་རིག་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་རྣམས་འདུས་བྱས་སུ་གསུངས་པ་ཡིན་ནོ། །

རང་བྱུང་ཡེ་ཤེས་རྒྱུ་མེད་རྐྱེན་མེད་བཤད་པ་ལ་བདུན། ཕུང་པོ་གཞན་རང་བཞིན་གྱིས་འཇིག་རྟེན་ལས་འདས་པའི་ཕུང་པོ་རྣམས་ཡེ་ཤེས་ལྔར་བཞུགས་ཚུལ།

རྒྱུད་སྡེ་ཟབ་མོ་རྣམས་ཀྱི་ཡེ་ཤེས་ལྔ་ནི་དོན་དམ་འདུས་མ་བྱས་འགོག་པའི་བདེན་པ་འགྱུར་བ་མེད་པའི་ཡོངས་གྲུབ་སྟེ་ཆོས་ལྔ་ལས་དེ་བཞིན་ཉིད་དོ། །དེ་ཡང༌། མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གྲུབ་པར། ཉན་ཐོས་དང་ཕ་རོལ་ཏུ་ཕྱིན་པ་དང་སྔགས་ཀྱི་ཚུལ་འདི་རྣམས་ཀྱི་མཆོག་ཏུ་མི་འགྱུར་བའི་སྙིང་པོ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ནི་མཚན་ཡང་དག་པར་བརྗོད་པ་ལས་དེ་བཞིན་གཤེགས་པས་བསྟན་ཏོ། །འདིའི་དོན་མི་ཤེས་པ་བླ་མ་དམ་པ་མ་ཡིན་པ་[ཡང་དག་པའི་ལྟ་བ་ལས་]ཉམས་པ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་[ལས་]ཉམས་པ་རྣམས་མ་འོངས་པའི་དུས་སུ་འབྱུང་བར་འགྱུར་ཏེ་[ལྟ་སྒོམ་སྤྱོད་པ་]རྣམ་པར་ཉམས་པ་དེ་རྣམས་ཀྱིས་སེམས་ཅན་རྣམས་[ཐར་པའི་ལམ་ལས་]ཉམས་པར་བྱེད་དོ། །དེས་ན། རྩ་བའི་རྒྱུད་ཀྱི་ཡེ་ཤེས་རྣམ་པ་ལྔའི་བསྟོད་པ་ལས་ཚིགས་སུ་བཅད་པ་ལྔས་རྣམ་པ་ལྔའི་སྒོམ་པ[འམ་ངོ་བོ་]བཅོམ་ལྡན་འདས་ཀྱིས་གསུངས་པ་འདི་ལྟ་སྟེ། [ནམ་མཁའ་]སྟོང་པ་ལ་ནི་དངོས་པོའི་ཚོགས། །བརྟགས་པའི་གཟུགས་སྤངས་བེམ་པོ་མིན། །འདི་ནི་མཐོང་སྟེ་མེ་ལོང་ལ། །པྲ་ཕབ་གཞོན་ནུ་མ་ཡིས་བཞིན། །ཞེས་པ་ནི་འཇིག་རྟེན་ལས་[གདོད་ནས་རང་བཞིན་གྱིས་]འདས་པ[འགོག་བདེན་དོན་དམ་པ]འི་བདེན་པ་ལ་གཟུགས་ཀྱི་ཕུང་པོ་[གཞན་]མེ་ལོང་ལྟ་བུའི་ཡེ་ཤེས་སོ། །[ཆོས་ཉིད་ཀྱི་]དངོས་ཀུན་མཉམ་པ་ཉིད་གྱུར་ནས། །དངོས་པོ[འམ་ངོ་བོ་]གཅིག་ཏུ་མི་འགྱུར་གནས། །མི་འགྱུར་ཡེ་ཤེས་ལས་བྱུང་བ། །ཆད་པ་མ་ཡིན་རྟག་པའང་མིན། །ཞེས་པ་ནི་ཚོར་བའི་ཕུང་པོ་[གཞན་]མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །[དོན་དམ་གྱི་]མིང་གི་བདག་ཉིད་ཡི་གེ་ཀུན། །ཨ་ཡིག་རིགས་ལས་ཡང་དག་བྱུང༌། ། མི་འགྱུར་ཆེན་པོའི་གནས་[གདོད་ནས་རང་བཞིན་གྱིས་]ཐོབ་པ། །[ཀུན་རྫོབ་ཀྱི་]མིང་མེད་མིང་ཅན་དག་ཀྱང་མེད[པའི་གཞི]། །ཅེས་པ་ནི་འདུ་ཤེས་ཀྱི་ཕུང་པོ་[གཞན་]སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་སོ། །[རྒྱུ་རྐྱེན་ལས་]སྐྱེས་པ་མ་ཡིན་པ་[དོན་དམ་པ་]ཡི་ཆོས། །[ཀུན་རྫོབ་ཀྱི་]འདུ་བྱེད་བྲལ་བ[འི་གཞི་]རྣམས་ལ་ཡང༌། །[ཀུན་རྫོབ་ཀྱི་]སངས་རྒྱས་ཉིད་མེད་བྱང་ཆུབ་མེད། །སེམས་ཅན་མེད་ཅིང་སྲོག་ཉིད་མེད། །ཅེས་པ་ནི་འདུ་བྱེད་ཀྱི་ཕུང་པོ་[གཞན་]བྱ་བ་ནན་ཏན་གྱི་ཡེ་ཤེས་སོ། །རྣམ་པར་ཤེས་པའི་ཆོས་ཉིད་[ལས་]འདས། །[རང་བྱུང་]ཡེ་ཤེས་དག་པ་[དྲི་མས་གདོད་ནས་]གོས་པ་མེད། །རང་བཞིན་འོད་གསལ་[གྱི་]ཆོས་[གང་གཱའི་ཀླུང་གི་བྱེ་མ་ལས་འདུས་པ་]རྣམས་ནི། །ཆོས་ཀྱི་དབྱིངས་ཀྱི་བགྲོད་པར་གནས། །ཞེས་པ་ནི་རྣམ་པར་ཤེས་པའི་ཕུང་པོ་[གཞན་]ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་སོ། །

གཟུགས་གཞན་གཟུགས་ཆེན་པོ་ལ་སོགས་པ་རྒྱལ་བ་རྣམས་སུ་བཞུགས་ཚུལ།

དེ་བཞིན་དུ། བསྡུས་པའི་རྒྱུད་ལས་ཀྱང་ལེའུ་ལྔ་པའི་ཚིགས་སུ་བཅད་པ་བརྒྱ་རྩ་གཅིག་པ་ལ་སོགས་པ་གསུམ་གྱིས་[འགོག་བདེན་དོན་དམ་གྱི་]འཁོར་ལོའི་མཚན་མ་ལ་སོགས་པ་དང་[འགོག་བདེན་དོན་དམ་གྱི་]དེ་བཞིན་གཤེགས་པའི་ཕུང་པོའི་མཚན་ཉིད་གསུངས་པ་འདི་ལྟ་སྟེ། འཁོར་ལོ་[ནི་]སྲིད་གསུམ་ཀུན་ནས་དང་བ་ཞེས་པ[གཟུགས་གཞན་ནམ་དམ་པ]འོ་[འགོག་བདེན་དོན་དམ་གྱི་]བདེ་བ་[ནི་]རིན་ཆེན་[ཏེ་ཚོར་བ་གཞན་ནོ་]འདི་ཡི་ཆགས་པ་ཉིད་དག་ནི། །པད་མ་[སྟེ་འདུ་ཤེས་གཞན་ནམ་དམ་པ]འོ་ཉོན་མོངས་ཟད་པ་རལ་གྲི་[སྟེ་འདུ་བྱེད་གཞན་ནོ་]རྡོ་རྗེ་དག་ཀྱང་ཡེ་ཤེས་སྐུ་ཆེན་རྣམ་པར་མི་ཕྱེད་པ[རྣམ་ཤེས་གཞན་ནམ་དམ་པ]འོ། །མི་ཤེས་གཅོད་པ་གྲི་གུག་[སྟེ་ཡེ་ཤེས་ཀྱི་ཕུང་པོ་གཞན་ནོ། །དེ་ལྟར་]མཆོག་གི་[རྒྱལ་བ་]རིགས་དྲུག་རྣམས་ཏེ་[མཚན་མ་དྲུག་པོ་]འདི་དག་རྣམས་ཀྱིས་བསྐྱེད་པ་གང་ཡིན་པ། །[འགོག་བདེན་དོན་དམ་གྱི་]ཕུང་པོ་ཁམས་དང་དབང་པོ་ལ་སོགས་མཁའ་བཞིན་རོ་མཉམ་[པའི་ལྷ་སུམ་ཅུ་རྩ་དྲུག་ལ་སོགས་པ་]དེ་དག་རྣམས་ཀྱང་[མཚན་མ་དྲུག་གམ་རྒྱལ་བ་དྲུག་པོ་]དེ་བཞིན་རིག་པར་བྱ[སྟེ]། །གང་དུ་ངེས་པར་རིགས་ཀྱི་གཟུགས་ནི་[གདོད་ནས་རང་བཞིན་གྱིས་]ཉམས་པ་ཉིད་དུ་གྱུར་པ[འི་གཞི་]དེ་ནི་[སྟོང་པ་]ཆེན་པོ[འགྱུར་མེད་ལྔ་པ]འི་གཟུགས་སུ་གསུངས། །གང་དུ་འཁོར་བའི་སྡུག་བསྔལ[གདོད་ནས་རང་བཞིན་གྱིས་]ཉམས་པ[འི་གཞི་]ཉིད་དུ་གྱུར་པ་དེ་ནི་ཚོར་བ་ཆེན་པོ[སྟོང་ཆེན་འགྱུར་མེད་གསུམ་པ]ར་གསུངས་པ་སྟེ། །གང་དུ་འཁོར་བའི་འདུ་ཤེས་[གདོད་ནས་རང་བཞིན་གྱིས་]ཉམས་པ་ཉིད་དུ་གྱུར་པ[འི་གཞི་]དེ་ནི་རྡོ་རྗེའི་འདུ་ཤེས་ཆེན་པོ[སྟོང་ཆེན་འགྱུར་མེད་བཞི་པ]འོ། །གང་དུ་འཁོར་བ་འཕེལ་བ་[གདོད་ནས་རང་བཞིན་གྱིས་]ཉམས་པ་ཉིད་དུ་གྱུར་པ[འི་གཞི་]དེ་ནི་རྡོ་རྗེའི་འདུ་བྱེད་ཁོ་[སྟོང་ཆེན་འགྱུར་མེད་གཉིས་པ་]ནའོ། །གང་དུ་གཉིད་ལ་སོགས་པའི་གནས་སྐབས་[གདོད་ནས་རང་བཞིན་གྱིས་]ཉམས་པ་ཉིད་དུ་གྱུར་པ[འི་གཞི་]དེ་ཡང་[རྡོ་རྗེའི་]རྣམ་པར་ཤེས་པ[སྟོང་ཆེན་འགྱུར་མེད་དང་པོ]ར་གསུངས། །གང་དུ་ཤེས་པ་མིན་པ[མ་རིག་པ]འི་དངོས་པོ་[གདོད་ནས་རང་བཞིན་གྱིས་]ཉམས་པ་ཉིད་དུ་གྱུར་པ[འི་གཞི་]དེ་ནི་ཐུབ་པའི་ཡེ་ཤེས་ཉིད[དེ་འདི་ཡང་སྟོང་ཆེན་འགྱུར་མེད་དང་པོར་འདུས་སོ]། །[དོན་དམ་གྱི་ཕུང་པོ་]འདི་རྣམས་རྣམ་པར་སྣང་མཛད་ལ་སོགས་དམ་པའི་རྒྱལ་བ་མཆོག་ནི་རྣམ་པ་དྲུག་སྟེ་རིགས་དྲུག་རྣམས། །

ཁམས་གཞན་ཆོས་ཉིད་གཉུག་མའི་ཁམས་རྣམས་བདེ་བར་གཤེགས་མ་རྣམས་སུ་བཞུགས་ཚུལ།

[དེ་རྣམས་ལས་]གཞན་[ཡུམ་དྲུག་]ནི་[འགོག་བདེན་དོན་དམ་གྱི་]ཁམས་དྲུག་དབྱེ་བ་རྣམས་ཏེ་[འགོག་བདེན་དོན་དམ་གྱི་]ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་[དང་]ཞི་བ་[ཡེ་ཤེས་]རྣམས། །ཞེས་པའོ། །

དོན་དམ་པའི་མཚན་བརྗོད་ཀྱིས་རང་བྱུང་ཡེ་ཤེས་ལྔ་རྒྱས་པར་བསྟན་ཚུལ།

དེ་བཞིན་དུ། མཚན་ཡང་དག་པར་བརྗོད་པ་ལས། བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་པོར་གྱུར་པ་གསོལ་བ་འདེབས་པ་དང་བཅས་པའི་ཚིགས་སུ་བཅད་པ་བརྒྱ་དྲུག་ཅུ་རྩ་གཉིས་ཀྱིས་དེ་བཞིན་གཤེགས་པས་རབ་ཏུ་བསྟན་ཏོ། །ཞེས་པ་ལ་སོགས་པ་དང༌།

སྟོང་པ་ཆེན་པོ་ཡི་གེ་ལྔས་ཀྱང་རང་བྱུང་ཡེ་ཤེས་ལྔ་གསལ་བར་བསྟན་ཚུལ།

དཔལ་ལྡན་རྒྱུད་དུ་ཡང༌། [གཤིས་ཀྱི་གནས་ལུགས་]གང་ལ་ཐོག་མཐའ་དབུས་མེད་གནས་དང་འཆི་དང་སྲིད་པ་དང་ནི་སྒྲ་དང་དྲི་དང་རོ་དག་དང༌། །རེག་བྱ་[དང་]གཟུགས་དང་སེམས་མེད་རང་བཞིན་[ཉེར་བཞི་]དང་ནི་[ཉེར་ལྔ་པ་]སྐྱེས་བུ་མེད་ཅིང་འཆིང་དང་གྲོལ་དང་བྱེད་པོ་མེད[པའི་གཞི]། །ས་བོན་དང་ནི་གསལ་བ[ངེས་པ]ར་དུས་[གསུམ་གྱི་དུས་]མེད་[ཅིང་]མཐའ་དག་སྲིད་པའི་སྡུག་བསྔལ་[དང་]བདེ་བ་ཉིད་ཀྱི་རང་བཞིན་མེད[པའི་གཞི]། །མྱ་ངན་འདས་པ་[ཆེན་པོ་]མཚན་མ་མེད་ཅིང་བྱེད་པ་རྣམ་བྲལ་[ཟླ་ཉིའི་]ཡོན་ཏན་[བརྒྱད་པོ་]མེད་[ཀྱང་ཆོས་སྐུའི་ཡོན་ཏན་དཔག་མེད་ལྡན་]པ་[སྟོང་ཆེན་འགྱུར་མེད་དང་པོ་]དེ་ལ་ཕྱག་འཚལ་ལོ། །དུས་[འཁོར་ལོ་]དང་སྣ་ཚོགས་[ཡུམ་]ལ་སོགས་[མིང་དང་རྣམ་པ་མང་པོ་ཅན་]རྡོ་རྗེ་[པད་མ་]དང་ནི་[འགོག་བདེན་དོན་དམ་གྱི་]སྐྱེས་བུ་དཔེ་མེད་ཀུན་འགྲོ་སྤྲོས་པ་མེད་པ་སྟེ། །ཐེར་ཟུག་ཏུ་གནས་[ཤིང་ཀུན་ནས་]སྙན་དང་ཤངས་དང་ཞལ་དང་སྤྱན་དང་དབུ་དང་ཕྱག་དང་ཞབས་ནི་ཐམས་ཅད་པ། །འབྱུང་པོའི་མཐའ་སྟེ་འབྱུང་པོའི་མགོན་པོ་མཆོག་གི་སྲིད་པ་གསུམ་འཛིན་[ཅིང་འཁོར་འདས་ཀྱི་]རྒྱུ་རྣམས་དག་གི་རྒྱུ[སྟེ་གཞི]ར་གྱུར་པ། །[གཞན་ནང་གི་]རིག་པ་[འགྱུར་མེད་དང་ཤེར་ཕྱིན་]ལ་སོགས་[མིང་མང་པོ་ཅན་]རྣལ་འབྱོར་དག་གི་རྟོགས་བྱ་[ཡིན་གྱི་རྟོག་གེའི་སྤྱོད་ཡུལ་མིན་པ་]མཆོག་བདེའི་གོ་འཕང་དུས་ཀྱི་འཁོར་ལོ་[སྟོང་ཆེན་འགྱུར་མེད་གཉིས་པ་]ལ་ཕྱག་འཚལ། །[ཡེ་ཤེས་ཀྱི་ལྷ་ཚོགས་]སྤྲོ་བྱེད་ནུས་[མ་ཁམས་གསུམ་]པའི་གཟུགས་ཅན་གློག་གི་མེ་དང་མཚུངས་ཤིང་[རྡོ་རྗེ་]ཉི་མ་[བདེན་དོན་]བཅུ་གཉིས་དག་གི་གཟི་བརྗིད་ཅན། །ཡེ་ཤེས་རྡོ་རྗེའི་སྣང་བ་མཆོག་གི་གོ་འཕང་[དུ་]བགྲོད་བྱེད་རྣམ་པར་བཅད་པ་[སྟོང་ཆེན་འགྱུར་མེད་གསུམ་པ་]དེ་ལ་ཕྱག་འཚལ་ལོ། །[ཐིག་ལེ་]དཀར་པོ་འཇིག་རྟེན་གསུམ་གྱི་མགོན་པོ་རི་བོང་འཛིན་པ་[གཞན་]ལས་འཛག་[ཅིང་]འཇིག་རྟེན་[ཀུན་གྱི་]སྤྱི་བོར་ཡང་དག་གནས། །བདུད་རྩི[འི་རང་བཞིན་]འཆི་བ་སེལ་ཞིང་སྲིད་པའི་འཇིགས་པ་འཇོམས་པར་བྱེད་པ་ཐིག་ལེའི་གཟུགས་[སྟོང་ཆེན་འགྱུར་མེད་བཞི་པ་]ལ་ཕྱག་འཚལ་ལོ། །[འགོག་བདེན་དོན་དམ་གྱི་]སེམས་ཙམ་སྔགས་ཀྱི་ངོ་བོ་[འགོག་བདེན་དོན་དམ་གྱི་]ལྷ་ཡིས་ཡོངས་སུ་བསྐོར་བ་[འགོག་བདེན་དོན་དམ་གྱི་]སྡུག་བསྔལ་དང་ནི་བདེ་བའི་རང་བཞིན་ཏེ། །[ཉེ་རིང་མེད་ཀྱང་]དམ་པ་རྣམས་ལ་ཞི་བའི་གཟུགས་[སུ་སྣང་བ་]ནི་རང་གིས་བྱས་པའི་[ལས་དང་མཐུན་པར་]ཉམས་[སུ་]མྱོང་[ལ་དེ་བཞིན་དུ་]མི་བཟད་[པ་]རྣམས་ལ་མི་བཟད་[པར་སྣང་]པ[ཡང་]། །[གང་ཟག་]གང་གིས་ལས་[གང་དང་]གང་རབ་[ཏུ་]བྱས་[པ་དེ་དང་འཚམ་པར་]རང་གི་སེམས་ལ་ཆོ་ག་བཞིན་དུ་[ལས་]དེ་ཡི་འབྲས་བུ་དེ་བསྐྱེད་པ[འི་གཞིར་གྱུར་པ]། །འཇིག་རྟེན་དབང་པོ་སྣ་ཚོགས་གཟུགས་ཅན་སྲིད་གསུམ་[གཞན་]སྐྱེད་མཛད་རྡོ་རྗེ་སེམས་དཔའ་[སྟོང་ཆེན་འགྱུར་མེད་ལྔ་པ་]ལ་ཡང་ཕྱག་འཚལ་ལོ། །

ཐིག་ལེ་སྟོང་པ་འགྱུར་མེད་དྲུག་ཀྱང་དེ་དང་དབྱེར་མེད་པར་བསྟན་པ།

གཅིག་དང་དུ་མ་དག་ཀྱང་གཅིག་ཅིང་མཉམ་དང་མི་མཉམ་པ་ཡང་མཉམ་པ་གཡས་གཡོན་མདུན་རྒྱབ་དང༌། །སྟེང་འོག་ཀུན་ནས་དཀར་ལྗང་སྣ་ཚོགས་ཁ་དོག་ཆེན་པོ་གཅིག་གི་གཟུགས་ཏེ་ཐུང་ངུ་རིང་པོ་དང༌། །ཤིན་ཏུ་རིང་པོ་ཡོན་ཏན་མེད་ཅེས་ཡོན་ཏན་དང་བཅས་བུད་མེད་སྐྱེས་པའང་སྐྱེས་པ་བུད་མེད་མིན། །གང་ཞིག་ཀུན་གྱི་རྟེན་གཅིག་བྷ་ག་བཟང་མོ་མཆོག་གི་བྷ་ག་ཁྱོད་ལ་འདུད་དེ་ཁྱོད་ལ་འདུད། །ཅེས་རང་བྱུང་ཡེ་ཤེས་ལྔའི་བདག་ཉིད་རྡོ་རྗེ་རྩེ་ལྔ་པ་དང་དེའི་རྟེན་པད་མའམ་བྷ་ག་སྟེ་སྟོང་པ་ཆེན་པོ་འགྱུར་མེད་ལྔ་དང་ཐེག་ལེ་སྟོང་པ་འགྱུར་མེད་དྲུག་པའོ། །

དེ་རྣམས་ཉིད་དཀྱིལ་འཁོར་འཁོར་ལོ་ལ་སོགས་པར་ཡང་བཞུགས་ཚུལ།

ཀྱེའི་རྡོ་རྗེར་ཡང༌། དེ་ཉིད་ལྷན་ཅིག་སྐྱེས་པའི་གཟུགས། །བདེ་ཆེན་བཟང་པོའི་རྣལ་འབྱོར་མ། །དེ་ཉིད་དཀྱིལ་འཁོར་འཁོར་ལོ་དང༌། །ཡེ་ཤེས་ལྔ་ཡི་རང་བཞིན་ཅན། །དེ་ནི་མེ་ལོང་ཡེ་ཤེས་གཟུགས། །མཉམ་ཉིད་ཡེ་ཤེས་དངོས་པོ་ཅན། །ཡང་དག་གྱུར་པ་སོ་སོར་རྟོག །དེ་ཉིད་བྱ་བ་ནན་ཏན་ཏེ། །ཆོས་དབྱིངས་ཤིན་ཏུ་རྣམ་དག་པ། །དེ་ཉིད་དཀྱིལ་འཁོར་བདག་པོ་དང༌། །དེ་ཉིད་བདག་མེད་རྣལ་འབྱོར་མ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན། །ཞེས་འགྱུར་མེད་ཡོངས་གྲུབ་དེ་བཞིན་ཉིད་གང་ཡིན་པ་རང་བཞིན་ལྷན་སྐྱེས་བདེ་བ་ཆེན་པོའི་དཀྱིལ་འཁོར་ཆེན་པོ་ཡངས་པ་དེ་ཉིད་རང་བྱུང་འདུས་མ་བྱས་ཀྱི་ཡེ་ཤེས་ལྔར་གསུངས་སོ། །

དེ་དག་གི་ཁྱད་པར་གསུང་རབ་དང་མཐུན་ཚུལ་ལ་བཞི། སངས་རྒྱས་ལྟར་ཡེ་ཤེས་ལ་ཡང་བདེན་གཉིས་ཀྱི་རྣམ་དབྱེ་ཤེས་དགོས་པར་བསྟན་པ།

དེ་ལྟ་བས་ན་སངས་རྒྱས་ལ་བདེན་པ་གཉིས་ཀྱི་རྣམ་དབྱེ་ཤེས་དགོས་པ་ཇི་ལྟ་བ་དེ་བཞིན་དུ་སངས་རྒྱས་ཀྱི་ཡེ་ཤེས་ལ་ཡང་བདེན་གཉིས་རྣམ་དབྱེ་ཤེས་ན་ཐུབ་པའི་བཀའ་ལ་མི་རྨོངས་པར་འགྱུར་ཏེ། སངས་རྒྱས་ཀྱི་སའི་མདོར། བྱང་ཆུབ་སེམས་དཔའ་ཤིན་ཏུ་འདུས་ལ་བཀའ་སྩལ་པ། ཤིན་ཏུ་འདུས་ཆོས་ལྔས་སངས་རྒྱས་ཀྱི་ས་བསྡུས་པ་ཡིན་ཏེ། ལྔ་གང་ཞེ་ན་འདི་ལྟ་སྟེ། ཆོས་ཀྱི་དབྱིངས་རྣམ་པར་དག་པ་[དེ་བཞིན་ཉིད་]དང༌། མེ་ལོང་ལྟ་བུའི་ཡེ་ཤེས་དང༌། མཉམ་པ་ཉིད་ཀྱི་ཡེ་ཤེས་དང༌། སོ་སོར་རྟོག་པའི་ཡེ་ཤེས་དང༌། བྱ་བ་གྲུབ་པའི་ཡེ་ཤེས་[ཏེ་ཡང་དག་ཡེ་ཤེས་བཞི་རྣམས་]ཀྱིས་སོ། །ཞེས་སོ་སོའི་རྒྱས་བཤད་ཞིབ་མོ་དང་བཅས་པ་བཀའ་སྩལ་པ་ལ། ཡེ་ཤེས་བཞི་ནི་མདོ་སྡེའི་རྒྱན་ལ་སོགས་པར་གཏན་ལ་ཕབ་པ་དང་དོན་གཅིག་ཅིང༌། ཆོས་ཀྱི་དབྱིངས་རྣམ་པར་དག་པ་ནི་རང་བྱུང་ཡེ་ཤེས་ཉིད་ཡིན་པའི་ཕྱིར་དོན་དམ་པའི་ཡེ་ཤེས་ལྔ་སྟེ། རྒྱུད་སྡེ་ཟབ་མོ་རྣམས་སུ་གསལ་བར་མཛད་པ་དོན་དམ་པའི་ཕུང་པོ་ལྔའམ་ཁམས་ལྔའོ། །དེ་ཡང་འཕགས་པ་རྡོ་རྗེ་སྙིང་པོའི་ཞལ་སྔ་ནས། མེ་ལོང་མཉམ་ཉིད་ཡེ་ཤེས་དང༌། །གསུམ་པ་སོ་སོར་རྟོག་པ་སྟེ། །བྱ་བ་སྒྲུབ་པར་བྱེད་པ་གཞན། །ཆོས་དབྱིངས་རྣམ་པར་དག་པ་སྟེ། །[འགོག་བདེན་དོན་དམ་གྱི་]གཟུགས་དང་ཚོར་བ་འདུ་ཤེས་དང༌། །འདུ་བྱེད་རྣམ་པར་ཤེས་པ་ཉིད། །[འགོག་བདེན་དོན་དམ་གྱི་]ས་དང་ཆུ་དང་མེ་དང་ནི། །རླུང་དང་ལྔ་པ་སྟོང་པ་སྟེ། །[འགོག་བདེན་དོན་དམ་གྱི་]ཡེ་ཤེས་ལྔ་པོ་རྣམ་དག་པ། །མངོན་པར་བྱང་ཆུབ་རྣམ་པ་ལྔ། ། [འགོག་བདེན་དོན་དམ་གྱི་]ཤེས་བཅུ་རྣམ་དག་བདག་ཉིད་ཅན། །ཤེས་བཅུ་རྣམ་དག་འཆང་བ་པོ། །ཞེས་གསུངས་པའོ། །དེའི་ཕྱིར། དོན་གཅིག་ན་ཡང་མ་རྨོངས་དང༌། །ཞེས་གང་གསུངས་པ་ལ་ཆོས་ཀྱི་དབྱིངས་རྣམ་པར་དག་པ་གང་ཡིན་པ་དེ་ཉིད་རང་བྱུང་ཡེ་ཤེས་ལྔ་ཡིན་པར་རྟོགས་ན་མ་རྨོངས་པ་དང༌། མ་རྟོགས་ན་རྨོངས་པར་འགྱུར་བའི་ཁྱད་པར་ཡོད་ཀྱང་དོན་ནི་གཅིག་པ་ཁོ་ན་སྟེ་གསང་སྔགས་ཟབ་མོ་རྣམས་སུ་གསལ་བར་མཛད་པའི་ཡེ་ཤེས་ལྔའམ་སྟོང་པ་ཆེན་པོ་འགྱུར་མེད་ལྔའི་དོན་རྡོ་རྗེ་རྩེ་ལྔ་པ་གང་ཡིན་པ་དེ་ཉིད་མདོ་རྒྱུད་ཟབ་མོ་ཐམས་ཅད་ལས་མཐུན་པར་གསུངས་པའི་ཆོས་ཀྱི་དབྱིངས་ཉིད་ཡིན་པའི་ཕྱིར་རོ། །

བདེན་གཉིས་ཀྱིས་བསྡུས་པའི་ཡེ་ཤེས་དེ་དག་ཡོངས་གྲུབ་གཉིས་དང་དོན་གཅིག་ཏུ་བསྟན་པ།

དེ་བཞིན་དུ་ངོ་བོ་ཉིད་གསུམ་ལས་ཡོངས་སུ་གྲུབ་པ་ལ་འགྱུར་བ་མེད་པའི་ཡོངས་གྲུབ་འདུས་མ་བྱས་སུ་གསུངས་པ་ཡང་གསང་སྔགས་ཟབ་མོ་རྣམས་སུ་གསལ་བར་མཛད་པའི་རང་བྱུང་ཡེ་ཤེས་ལྔ་དང་དོན་གཅིག་ལ། ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་འདུས་མ་བྱས་སུ་གསུངས་པ་དང་ནི་མདོ་སྡེའི་རྒྱན་ལ་སོགས་པར་གཏན་ལ་ཕབ་པའི་ཡེ་ཤེས་བཞི་དོན་གཅིག་གོ །

ཡང་དེ་དག་ཉིད་དེ་བཞིན་ཉིད་དང་ཡང་དག་ཡེ་ཤེས་ཀྱི་དོན་དུ་ཡང་གནས་ཚུལ།

དེ་བཞིན་དུ་མིང་དང་མཚན་མའམ་རྒྱུ་མཚན་དང་རྣམ་པར་རྟོག་པ་དང་དེ་བཞིན་ཉིད་དང་ཡང་དག་པའི་ཡེ་ཤེས་ཏེ།[ཆོས་ལྔ་དང་ནི་རང་བཞིན་གསུམ། །རྣམ་པར་ཤེས་པ་བརྒྱད་ཉིད་དང༌། །བདག་མེད་གཉིས་ཀྱི་དངོས་པོར་ནི། །ཐེག་པ་ཆེན་པོ་མཐའ་དག་འདུས། །ཞེས་]ཐེག་པ་ཆེན་པོར་ཆོས་ལྔ་གསུངས་པ་ལས་ཀྱང༌། དེ་བཞིན་ཉིད་ནི་གསང་སྔགས་ཟབ་མོའི་ཡེ་ཤེས་ལྔ་དང་དོན་གཅིག་ལ། ཡང་དག་པའི་ཡེ་ཤེས་ནི་སངས་རྒྱས་ཀྱི་སའི་མདོ་ལ་སོགས་པར་གཏན་ལ་ཕབ་པའི་ཡེ་ཤེས་བཞི་དང་དོན་གཅིག་སྟེ། རིམ་པ་བཞིན་དུ་དོན་དམ་ཆོས་སྐུ་འདུས་མ་བྱས་ཀྱི་ཡེ་ཤེས་དང༌། ཀུན་རྫོབ་གཟུགས་སྐུ་འདུས་བྱས་ཀྱི་ཡེ་ཤེས་སོ། །

དེས་ན་སངས་རྒྱས་ལ་བདེན་གཉིས་ཀྱི་ཡེ་ཤེས་དགུའམ་བཅུ་བཞི་མངའ་བར་བསྟན་པ།

དེ་ལ་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི་དོན་དམ་ཁོ་ན་ཡིན་ཡང་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་བཞི་ལ་ནི་འདུས་བྱས་ཀྱང་ཡོད་ཅིང་འདུས་མ་བྱས་ཀྱང་ཡོད་པས་ཀུན་རྫོབ་ཀྱང་ཡོད་ལ་དོན་དམ་ཡང་ཡོད་པ་ཉིད་དུ་རིག་པར་བྱ་དགོས་ཏེ། བདེན་པ་གཉིས་ཀྱི་དབྱེ་བས། ཡེ་ཤེས་བརྒྱད་དུ་ཡང་འགྱུར་ལ། གཞན་བྱུང་ཡེ་ཤེས་བཞི་དང་རང་བྱུང་ཡེ་ཤེས་ལྔ་སྟེ་ཡེ་ཤེས་དགུར་ཡང་འགྱུར་ཞིང༌། རང་བྱུང་ཡེ་ཤེས་ལྔ་པོ་ཉིད་ལ་ཐབས་དང་ཤེས་རབ་ཀྱི་དབྱེ་བས་གནས་ལུགས་ཀྱི་ཤེས་པའམ་ཡེ་ཤེས་བཅུར་གསུངས་པའི་ཕྱིར་ཡེ་ཤེས་འདུས་བྱས་བཞི་དང་སྡོམ་ན་བདེན་པ་གཉིས་ཀྱིས་བསྡུས་པའི་ཡེ་ཤེས་བཅུ་བཞིར་ཡང་འགྱུར་རོ། །དེའི་ཕྱིར་བདེ་གཤེགས་སྙིང་པོ་དོན་ལ་མེད་ན་དེ་བཞིན་ཉིད་དང་སྟོང་པ་ཆེན་པོ་འགྱུར་མེད་ལྔ་ལ་སོགས་པ་ཡང་དོན་ལ་མེད་པར་འགྱུར་ཏེ། དེ་དང་དེ་དག་དོན་གཅིག་པའི་ཕྱིར་རོ། །

ཤིན་ཏུ་ངོ་མཚར་བའི་ཡོན་ཏན་ཕུན་ཚོགས་བཤད་པ་ལ་ལྔ། སངས་རྒྱས་ཀྱི་ཡོན་ཏན་རྣམས་བདེན་གཉིས་སུ་བསྡུས་ཏེ་བཤད་པ་དངོས་ལ་གཉིས། དོན་དམ་ཆོས་སྐུའི་ཡོན་ཏན།

དེ་ལྟར་དོན་དམ་པའི་སྐུ་ལ་[འགོག་བདེན་དོན་དམ་གྱི་]སྟོབས་བཅུ་དང་མི་འཇིགས་པ་བཞི་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དེ། བྲལ་བའི་ཡོན་ཏན་སུམ་ཅུ་རྩ་གཉིས་ཚང་བར་[རྒྱུད་བླ་མ་ལ་སོགས་པར་]གསུངས་པ་ནི་ཡོན་ཏན་གྱི་གཙོ་བོ་བསྡུས་པ་ཡིན་གྱི་རྒྱས་པར་ནི་[དྲི་མེད་འོད་ལ་སོགས་པར་]ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཞེས་པ་དང༌།[དཔལ་ཕྲེང་ལ་སོགས་པར་]བསམ་གྱིས་མི་ཁྱབ་པའི་ཡོན་ཏན་གྱི་ཆོས་གང་གཱའི་ཀླུང་གི་བྱེ་མ་སྙེད་ལས་འདས་པ་ཞེས་པ་དང༌། [སོར་ཕྲེང་ལ་སོགས་པར་]སངས་རྒྱས་ཀྱི་དབྱིངས་མཚན་དང་དཔེ་བྱད་བཟང་པོ་མཐའ་ཡས་པས་བརྒྱན་པ། ཞེས་པ་ལ་སོགས་པ་རྣམ་པ་མང་པོས་[འགོག་བདེན་དོན་དམ་གྱི་]ཡོན་ཏན་ཚད་མེད་པར་གསུངས་ཤིང་འགའ་ཞིག་སྔར་བསྟན་པ་ཡང་ཡིན་ནོ། །དེ་བཞིན་དུ། རྒྱལ་བ་བྱམས་པས། ཆོས་ཉིད་ངོ་བོ་ཉིད་སྐུའི་ཡོན་ཏན་དང་དེ་དག་ཐོབ་པའི་མཚན་ཉིད་གསུངས་པ། མདོ་སྡེའི་རྒྱན་དུ། རང་བཞིན་[པའི་]སྐུ་ནི་[དུ་མ་རོ་གཅིག་པས་]མཉམ་པ་དང༌། །[ཤེས་པར་དཀའ་བས་]ཕྲ་ཞིང་[ལོངས་སྤྱོད་རྫོགས་སྐུ་]དེ་དང་འབྲེལ་བ་དང༌། །[ཇི་ལྟར་]དགྱེས་དགུར་ལོངས་སྤྱོད་བསྟན་པ[ར་བྱ་བ་]ལ། །ལོངས་སྤྱོད་རྫོགས་[པའི་]འབྱོར་[པའི་]རྒྱུར་འདོད་དོ། །ཞེས་དང༌། མངོན་པར་རྟོགས་པའི་རྒྱན་དུ། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཟག་པ་མེད་པའི་ཆོས་གང་དག །[གཤིས་ལ་གནས་པ་དེ་དག་]ཐོབ་གྱུར་རྣམ་ཀུན་རྣམ་དག་པ། །དེ་དག་རང་བཞིན་[མ་བཅོས་པར་གནས་པའི་]མཚན་ཉིད་ཅན[ཡིན་ནོ]། །[ཟག་མེད་ཀྱི་ཆོས་དེ་དག་གང་ཞེ་ན་]བྱང་ཆུབ་ཕྱོགས་མཐུན་[སོ་བདུན་དང་]ཚད་མེད་[བཞི་]དང༌། །རྣམ་པར་ཐར་[པ་བརྒྱད་]དང་མཐར་གྱིས་ནི། །སྙོམས་འཇུག་དགུ་ཡི་བདག་ཉིད་དང༌། །ཟད་པར་བཅུ་ཡི་བདག་ཉིད་དང༌། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་ནི། །རབ་ཏུ་དབྱེ་བས་རྣམ་བརྒྱད་དང༌། །ཉོན་མོངས་མེད་དང་སྨོན་[ནས་]མཁྱེན་[པ་]དང༌། །མངོན་ཤེས་[དྲུག་དང་]སོ་སོ་ཡང་དག་རིག[པ་བཞི་དང༌།]།རྣམ་པ་ཐམས་ཅད་[ཡོངས་སུ་]དག་[པ་]བཞི་དང༌། །དབང་བཅུ་དང་ནི་སྟོབས་བཅུ་དང༌།།མི་འཇིགས་པ་ནི་བཞི་དག་དང༌། །བསྲུང་བ་མེད་པ་རྣམ་གསུམ་དང༌། །[མ་འདྲེས་པའི་]དྲན་པ་ཉེར་བཞག་རྣམ་གསུམ་དང༌། །བསྙེལ་བ་མི་མངའི་ཆོས་ཉིད་དང༌། །བག་ཆགས་ཡང་དག་བཅོམ་པ་དང༌། །སྐྱེ་[བོ་ཀུན་]ལ་ཐུགས་རྗེ་ཆེན་པོ་དང༌། །ཐུབ་པ་ཁོ་ནའི་མ་འདྲེས་ཆོས། །བཅོ་བརྒྱད་བཤད་པ་གང་ཡིན་དང༌། །རྣམ་པ་ཐམས་ཅད་མཁྱེན་ཉིད་[ཀྱང་ཞེས་པར་རུང་ཞིང་བདེ་]དང༌། །ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཞེས་[ཆོས་དེ་རྣམས་འདུས་པ་ཆོས་སྐུར་གསུངས་པས་འགོག་བདེན་གྱི་ཆོས་རྣམས་སུ་གོ་དགོས་པ་]དང༌། ཡེ་ཤེས་ལེའུར་ཡང༌། གཙོ་བོའི་སྐུ་ཡི་མཐུ་ལས་རྣལ་འབྱོར་པ་རྣམས་དག་གི་མཆོག་གི་ལུས་ལ་ལྷ་ཡི་སྤྱན་དུ་འགྱུར། །[གཙོ་བོ་]དེ་ཡི་གསུང་གི་མཐུ་ལས་[ལྷའི་]རྣ་བ་[གཙོ་བོ་]དེ་ཡི་ཐུགས་[ཀྱི་མཐུ་]ལས་གཞན་གྱི་སྙིང་ལ་གནས་པ་[མངོན་སུམ་དུ་]ཤེས་པར་འགྱུར། །ཤེས་རབ་[མའི་]སྐུ་ཡི་མཐུ་ལས་རྣམ་གསུམ་སྲིད་པ་ལ་གནས་སྔོན་གྱི་སྐྱེ་བ[མང་པོ་]རྗེས་སུ་དྲན་པར་འགྱུར། །ཤེས་རབ་ཀྱི་ནི་གསུང་གི་མཐུ་ལས་མཁའ་མཉམ་ཐམས་ཅད་དུས་སུ་ཀུན་འགྲོའི་རྫུ་འཕྲུལ་དུ་རབ་འགྱུར། །ཤེས་རབ་ཐུགས་ཀྱི་རང་བཞིན་ལས་ནི་གང་ཞིག་བདེ་མཉམ་ཐམས་ཅད་དུས་སུ་གཞོམ་དུ་མེད་པ[ཟག་པ་ཐམས་ཅད་ཟད་པའི་མངོན་ཤེས་ཐོབ་པ]ར་འགྱུར། །ལྷ་ཡི་སྤྱན་གྱི་མཐུ་ལས་[ཕལ་བའི་]མིག་གིས་མ་མཐོང་བ་དང་སྲིད་པ་རྣམ་པ་གསུམ་ཡང་མཐོང་བར་འགྱུར། །ལྷ་ཡི་རྣ་བའི་མཐུ་ལས་སྲོག་ཆགས་རྣམས་ཀྱི་ཁ་ཡིས་བརྗོད་[པ་ཉེ་རིང་ཀུན་]དང་སྙིང་[པོ་དོན་དམ་མཐར་ཐུག་]གི་སྒྲ་ནི་ཐོས་པར་འགྱུར། ། དེ་བཞིན་སྐུ་གསུང་ཐུགས་ཀྱི་སྦྱོར་བ་དག་ལས་མི་ཡི་བདག་པོ་[འགོག་བདེན་དོན་དམ་གྱི་]རེག་བྱ་ལ་སོགས་ཐམས་ཅད་[མངོན་དུ་]འགྱུར། །ཞེས་པ་ལ་སོགས་པ་དང༌། ཆོས་ཡང་དག་པར་སྡུད་པའི་མདོར་ཡང༌། དེ་ལ་ངོ་བོ་ཉིད་ཀྱི་སངས་རྒྱས་གང་ཞེ་ན། [འགོག་བདེན་དོན་དམ་གྱི་]ངོ་བོ་ཉིད་ཀྱི་སངས་རྒྱས་ནི་གནས་ངན་ལེན་གྱི་གནས་གྱུར་པ། བསམ་གྱིས་མི་ཁྱབ་པ། དྲི་མ་མེད་པ། [འགོག་བདེན་དོན་དམ་གྱི་]གཟུགས་སྣ་ཚོགས་ཅན། ཆོས་ཀྱི་དབྱིངས་རྣམ་པ་ཐ་དད་[ཀྱང་ངོ་བོ་རོ་གཅིག་]པ། [འགོག་བདེན་དོན་དམ་གྱི་]གཟུགས་དང་བྱད་དང་དབྱིབས་སྣ་ཚོགས་པ། [འགོག་བདེན་དོན་དམ་གྱི་]སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པའི་སངས་རྒྱས་ཀྱི་གཟུགས་སུ་[ཡེ་ཤེས་ལ་]སྣང་བ་འདི་ནི་ངོ་བོ་ཉིད་ཀྱི་སངས་རྒྱས་ཞེས་བྱའོ། །ཞེས་པ་ལ་སོགས་པས་དོན་དམ་ཆོས་ཉིད་ལ་ཆོས་སྐུའི་ཡོན་ཏན་ཐམས་ཅད་གདོད་ནས་རང་བཞིན་ལྷུན་གྱིས་གྲུབ་ཅིང༌། དབྱེར་མེད་དུ་ཚང་བར་གསུངས་པའི་ཕྱིར་ཡོན་ཏན་དེ་རྣམས་ཀྱང་དོན་དམ་པའི་བདེན་པ་ཉིད་ལས་མ་འདས་སོ། །

ཀུན་རྫོབ་གཟུགས་སྐུའི་ཡོན་ཏན།

ཀུན་རྫོབ་གཟུགས་ཀྱི་སྐུ་ལ་རྣམ་པར་སྨིན་པའི་ཡོན་ཏན་མཚན་སུམ་ཅུ་རྩ་གཉིས་ཞེས་[རྒྱུད་བླ་མ་ལ་སོགས་པར་]གང་གསུངས་པ་དེ་ཡང་གཙོ་བོ་བསྡུས་པ་སྟེ་རྒྱས་པར་ནི་དཔེ་བྱད་བརྒྱད་ཅུ་དང༌། རི་མོའི་རྗེས་ཀྱི་མཚན་བརྒྱད་ཅུ་ལ་སོགས་པ་རྣམ་པ་དུ་མར་གསུངས་སོ། །དེ་ཡང་མདོ་སྡེའི་རྒྱན་དུ། ལོངས་སྤྱོད་རྫོགས་པ[འི་སྐུ་ནི་འཇིག་རྟེན་གྱི་]ཁམས་ཀུན་ཏུ། །འཁོར་[དག་པ་]ཡོངས་[སུ་]སྡུད་[པ་]དང་[སངས་རྒྱས་ཀྱི་]ཞིང་དང་མཚན[དང་]། །སྐུ་དང་ཆོས་[ལ་]རྫོགས་[པར་]ལོངས་སྤྱོད་[པ་]དང༌།།མཛད་པ་དག་གིས་ཐ་དད་དོ། །ཞེས་དང༌། མངོན་རྟོགས་རྒྱན་དུ། [ཀུན་རྫོབ་ལམ་བདེན་གྱིས་བསྡུས་པའི་]མཚན་ནི་སུམ་ཅུ་རྩ་གཉིས་[ཚང་བ་]དང༌། །དཔེ་བྱད་བརྒྱད་ཅུའི་བདག་ཉིད་[ཚང་བའི་སྐུ་]འདི། །ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། །ཕྱག་ཞབས་[ཀྱི་མཐིལ་ལ་རྩིབས་སྟོང་ལྟེ་བ་དང་བཅས་པའི་]འཁོར་ལོའི་མཚན་དང་རུས་སྦལ་[གྱི་ལྟོ་ལྟར་མཉམ་པའི་]ཞབས[མཐིལ་ཅན]། །ཕྱག་དང་ཞབས་[ཀྱི་]སོར་[མོ་རྣམས་ངང་པའི་ལྟར་]དྲ་བས་འབྲེལ་བ་དང༌། །ཕྱག་ནི་ཞབས་བཅས་འཇམ་ཞིང་གཞོན་ཤ་ཆགས།།འདི་ཡི་སྐུ་ནི་[བོལ་གོང་གཉིས། ཕྱག་གི་རྒྱབ་གཉིས། ཕྲག་གོང་གཉིས། ལྟག་པའི་ཕྱོགས་ཏེ་]བདུན་དག་མཐོ་བ་དང༌། །སོར་མོ་རིང་[བ་]དང་རྟིང་[པ་]ཡངས་[པ་དང་]སྐུ་ཆེ་[ཞིང་]དྲང[བའི་ཚད་ནི་ཡུམ་ལས། སྐུ་ལག་པ་བདུན་དུ་འཕགས་ལ་དྲང་བས་སྐུ་ཆེ་ཞིང་དྲང་བ་ཞེས་སོ]། །ཞབས་འབུར་[ལུང་བུ་]མི་མངོན་སྤུ་[རྣམས་ཀྱི་རྩེ་མོ་]ནི་གྱེན་དུ་ཕྱོགས[ཤིང་གཡས་སུ་འཁྱིལ]། །བྱིན་པ་[གཙང་གཞུག་ཆུང་ཞིང་འདྲིལ་བ་]ཨེ་ན་ཡ[ཤ་བ]འི་[བྱིན་པ་]འདྲ་[ལ་སྨྱིག་མ་དང་ལྡུམ་བུ་དར་བ་ལྟར་ཟླུམ་པ་དང་སྐུ་མ་བཏུད་ཀྱང་]ཕྱག་[མཐིལ་གྱིས་པུས་མོའི་ལྷ་ང་ལ་སླེབ་པར་]རིང་[ཞིང་]མཛེས། །འདོམས་ཀྱི་སྦ་བ་[གླང་པོ་ཆེའི་ལྟར་]སྦུབས་སུ་ནུབ་པའི་མཆོག །ལྤགས་པ་གསེར་མདོག་ལྤགས་པ་སྲབ་པ་དང༌། །[བ་སྤུའི་བུ་ག་རེ་རེ་ལས་]སྤུ་ནི་རེ་རེ་ནས་གཡས་[འཁྱིལ་དུ་]ལེགས་འཁྲུངས་དང༌། །ཞལ་[གྱི་སྨིན་མའི་དབུས་སུ་]མཛོད་སྤུ[རས་བལ་གྱི་སྐུད་པ་ལྟར་དཀར་ཞིང་ཕྲ་བ་སུམ་ཅུ་རྩ་གཉིས་གཡས་སུ་འཁྱིལ་བ]ས་བརྒྱན་[པ་དང་]རོ་སྟོད་[ཆེ་བ་]སེང་གེའི་འདྲ། །འདི་ཡི་དཔུང་པའི་མགོ་ཟླུམ་ཐལ་གོང་རྒྱས། ། འདི་ལ་རོ་མི་ཞིམ་པ་རོ་མཆོག་སྣང༌། །སྐུ་ནི་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ། །གཙུག་ཏོར་[གདུགས་ལྟར་ཡོངས་སུ་གྱུར་ཅིང་མཐོ་བའི་]དབུར་ལྡན་ལྗགས་[ཀྱིས་དབུ་སྐྲ་དང་སྙན་གྱི་བར་དུ་ཁྱབ་པས་]རིང་[ཞིང་]མཛེས་པ་དང༌། །ཚངས་[པའི་]དབྱངས་[ཀྱིས་འཁོར་མཐའ་ཡས་པ་ལ་ཕྱི་ནང་ཀུན་ཏུ་ཁྱབ་པ་དང་]འགྲམ་པ་སེང་གེའི་འདྲ་དང་ཚེམས། །ཤིན་ཏུ་དཀར་དང་ཚད་མཉམ་ཐགས་བཟང་དང༌། །གྲངས་ནི་བཞི་བཅུ་ཐམ་པ་ཚང་བ་དང༌། །སྤྱན་ནི་མཐོན་མཐིང་སྤྱན་[གྱི་]རྫི་[མ་]བ་མཆོག་གི །འདྲ་བ་[སྟེ་ཁྱི་མཆོག་གི་ལྟར་སྤྱན་གྱི་སྟེང་དང་འོག་ནས་བྱུང་བའོ། །དེ་ལྟར་]འདི་དག་སུམ་ཅུ་རྩ་གཉིས་མཚན། །ཞེས་དང༌། ཐུབ་པའི་སེན་མོ་ཟངས་མདོག་དང༌། །[སེན་མོའི་]མདོག་སྣུམ་[སེན་མོ་]མཐོ་དང་སོར་མོ་རྣམས། །ཟླུམ་རྒྱས་བྱིན་གྱིས་ཕྲ་བ་དང༌། །རྩ་མི་མངོན་དང་[རྩ་ལ་]མདུད་པ་མེད། །ལོང་བུ་མི་མངོན་ཞབས་མཉམ་དང༌།།སེང་གེ་གླང་ཆེན་བྱ་[ངང་པའི་རྒྱལ་པོ་]དང་ནི། །ཁྱུ་མཆོག་[གི་]སྟབས་[སུ་]གཤེགས་[ཤིང་]གཡས་ཕྱོགས་[སུ་ལྡོག་ཅིང་གཤེགས་པ་]དང༌། །མཛེས་[པར་]གཤེགས་[ཤིང་]དྲང་[པོར་གཤེགས་པ་]དང་[སྐུ་]འཁྲིལ་བག་ཆགས། །བྱི་དོར་བྱས་འདྲ་རིམ་པར་འཚམ། །གཙང་དང་འཇམ་དང་དག་པའི་སྐུ། །མཚན་ནི་ཡོངས་སུ་རྫོགས་པ་དང༌། ། [ཁྲི་ལྔ་གྲུ་བཞིར་མཉམ་པའི་]སྐུ་ཡི་ཁོ་ལག་ཡངས་ཤིང་བཟང༌། །གོམ་[པ་]སྙོམས་པ་དང་སྤྱན་གཉིས་ནི། །དག་དང་[སྐུ་]གཞོན་ཤ་ཅན་ཉིད་དང༌། །སྐུ་ཞུམ་མེད་དང་རྒྱས་པ་དང༌། །ཤིན་ཏུ་གྲིམས་པའི་སྐུ་ཉིད་དང༌། །ཡན་ལག་ཤིན་ཏུ་རྣམ་འབྱེས་དང༌། །གཟིགས་པ་སྒྲིབ་མེད་དག་པ་དང༌། །དཀུ་ཟླུམ་[ཕྱལ་གྱི་]སྐབས་ཕྱིན་[ཕྱལ་]མ་རྙོངས་དང༌། །[ཕྱལ་]ཕྱང་ངེ་བ་[འམ་ཕྱམ་མེ་བ་]དང་ལྟེ་བ་ནི། །ཟབ་དང་གཡས་ཕྱོགས་[སུ་]འཁྱིལ་བ་དང༌། །ཀུན་ནས་ལྟ་ན་སྡུག་པ་དང༌། །ཀུན་སྤྱོད་གཙང་དང་སྐུ་ལ་ནི། །སྨེ་བ་ནག་བག་མེད་པ་དང༌། །ཕྱག་ནི་ཤིང་བལ་ལྟར་འཇམ་དང༌། །ཕྱག་རིས་[སྣུམ་པའི་]མདངས་ཡོད་[ཕྱག་རིས་]ཟབ་[ལ་]རིང་[བ་]དང༌། །ཞལ་ནི་ཧ་ཅང་མི་རིང་དང༌། །མཆུ་ནི་བིམ་པ་ལྟར་དམར་དང༌། །ལྗགས་མཉེན་པ་དང་སྲབ་པ་དང༌། །[ལྗགས་]དམར་དང་འབྲུག་གི་སྒྲ་ཉིད་དང༌། །གསུང་མཉེན་འཇམ་དང་མཆེ་བ་ཟླུམ། །རྣོ་དང་དཀར་དང་མཉམ་པ་དང༌། །བྱིན་གྱིས་ཕྲ་དང་ཤངས་མཐོ་དང༌། །[ཤངས་]མཆོག་ཏུ་དག་པ་དག་དང་ནི། །སྤྱན་ཡངས་པ་དང་རྫི་མ་སྟུག །པད་མའི་འདབ་མ་འདྲ་བ་དང༌། །སྨིན་ཚུགས་རིང་དང་[སྨིན་མ་]འཇམ་པ་དང༌། །[སྨིན་མ་]སྣུམ་དང་[སྨིན་མའི་]སྤུ་ནི་མཉམ་པ་དང༌། །ཕྱག་རིང་རྒྱས་དང་སྙན་མཉམ་དང་[འདིར་མདོ་ལས། སྙན་ལེགས་ཤིང་སྙན་ཤལ་རིང་བ། །ཞེས་གསུངས་པས། སྙན་ལེགས་རྒྱས་དང་སྙན་མཉམ་དང༌། །ཞེས་པར་བྱུང་ན་འཐད]། །[སྙན་གྱི་དབང་པོ་]ཉམས་པ་རྣམ་པར་སྤངས་པ་དང༌། །དཔྲལ་བ་ལེགས་པར་འབྱེས་པ་དང༌། །[དཔྲལ་བའི་]དབྱེས་ཆེ་བ་དང་དབུ་རྒྱས་དང༌། །དབུ་སྐྲ་བུང་བ་ལྟར་ནག་དང༌། །[དབུ་སྐྲ་]སྟུག་དང་འཇམ་དང་མ་འཛིངས་དང༌། །མི་བཤོར་དྲི་ཞིམ་སྐྱེས་བུ་ཡི། །ཡིད་ནི་འཕྲོག་པར་བྱེད་པ་དང༌། །[ཕྱག་ཞབས་]དཔལ་གྱི་བེའུ་དང་བཀྲ་ཤིས་ནི། །གཡུང་དྲུང་འཁྱིལ་པས་བརྒྱན་པ་སྟེ། །སངས་རྒྱས་དཔེ་བྱད་བཟང་པོར་བཞེད། །ཅེས་དང༌། འཇམ་དཔལ་གྱིས་དྲིས་པའི་མདོར། དེ་བཞིན་གཤེགས་པའི་ཕྱག་ཞབས་ཀྱི་མཐིལ་ལ་རི་མོའི་རྗེས་ཀྱི་མཚན་བརྒྱད་ཅུ་གསུངས་པ་འདི་ལྟ་སྟེ། གདུགས་དང༌། རྒྱལ་མཚན་དང༌། དཔལ་བེའུ་དང༌། ཕྲེང་བ་དང༌། ཀྱོ་བ་ཐང་དང༌། ཅོད་པན་དང༌། དབྱིག་ཏོ་དང༌། བུམ་པ་དང༌། གླང་པོ་དང༌། རྟ་དང༌། སྟག་དང༌། ཆུ་སྲིན་དང༌། ཉ་དང༌། རུས་སྦལ་དང༌། རྨ་བྱ་དང༌། ཀ་ལ་པིང་ཀ་དང༌། ཤང་ཤང་ཏེའུ་དང༌། [སྲོག་ཆགས་]ཙཱ་ཤ་དང༌། ངུར་པ་དང༌། ནེ་ཙོ་དང༌། ངང་པ་དང༌། ཐི་བ་དང༌། ནས་དང༌། སྨན་ཆེན་པོ་དང༌། འོད་མ་དང༌། བ་མེན་དང༌། ཀླུ་དང༌། ར་དང༌། ཁྱུ་མཆོག་དང༌། བིལ་བ་དང༌། [ལྗོན་]ཤིང་དང༌། རི་དྭགས་ནག་པོ་དང༌། ནོར་བུ་རིན་པོ་ཆེ་དང༌། རལ་གྲི་[སྟེ་རལ་གྲི་]མཆོག་དང༌། རྡོ་རྗེ་དང༌། གཞུ་དང༌། མདའ་དང༌། ཤཱཀ་ཏི་དང༌། མདུང་རྩེ་གསུམ་པ་དང༌། བཤོལ་དང༌། གཏུན་དང༌། སྟ་རེ་དང༌། ཞགས་པ་དང༌། གྲུ་དང༌། མུ་ཏིག་གི་རྒྱན་དང༌། སྤྲིན་དང༌། ཚངས་པ་དང༌། དབང་པོ་དང༌། འཁོར་སྲུང་པོ་[སྟེ་ཡུལ་འཁོར་སྲུང་]དང༌། ཆུ་ཡི་ལྷ་དང༌། འཕགས་སྐྱེས་པོ་དང༌། མིག་མི་བཟང་དང༌། ནོར་སྦྱིན་དང༌། དྲང་སྲོང་ཆེན་པོ་དང༌། དཔལ་དང༌། ཉི་མ་དང༌། ཟླ་བ་དང༌། མེ་དང༌། རླུང་དང༌། པད་མོ་དང༌། གཡུང་དྲུང་དང༌། གྲུ་གསུམ་དང༌། དགེ་བའི་སྟན་དང༌། མེ་ལོང་དང༌། རྔ་ཡབ་དང༌། ཙྭ་དུར་བ་དང༌། པུ་རོ་ད་ཤ་དང༌། ཁྱེའུ་དང༌། བུ་མོ་དང༌། རྔ་དང༌། དུང་དང༌། མྲྀ་ཏང་ག་དང༌། གདུ་བུ་དང༌། དཔུང་རྒྱན་དང༌། རྣ་ཆ་དང༌། སོར་གདུབ་དང༌། རྣ་ཆ་འཕྱང་སྤྲུལ་ཅན་དང༌། མེ་ཏོག་བཟང་པོ་དང༌། དཔག་བསམ་ཤིང་དང༌། འཁོར་ལོའི་དཔུང་[སྟེ་དབུས་]གི་སེང་གེ་དང༌། འདི་རྣམས་ནི་རི་མོའི་རྗེས་ཀྱི་མཚན་བརྒྱད་ཅུ་ཡིན་ཏེ། འདི་དག་ནི་དེ་བཞིན་གཤེགས་པའི་ཕྱག་དང་ཞབས་ཀྱི་འཐིལ་ལ་འབྱུང་ངོ༌། །ཞེས་སོ། །ཡོན་ཏན་གྱི་ཁྱད་པར་མང་པོ་གསུངས་པ་གཞན་རྣམས་ནི་འདིར་[ཡི་གེ་མང་དུ་དོགས་ནས་]མ་བྲིས་སོ། །ཀུན་རྫོབ་སྤྲུལ་པའི་སྐུ་ནི། མདོ་སྡེའི་རྒྱན་དུ། སངས་རྒྱས་སྤྲུལ་པ[འི་བྱེ་བྲག་]དཔག་མེད་པ[སྟོན་པ་ནི]། །སྤྲུལ་པའི་སྐུར་ནི་འདོད་པ་སྟེ། །[རང་གཞན་གྱི་]དོན་གཉིས་ཕུན་སུམ་ཚོགས་པ་ནི། །རྣམ་པ་ཐམས་ཅད་[ཀྱང་རང་བཞིན་གྱི་སྐུ་དང་ལོངས་སྤྱོད་རྫོགས་སྐུ་སྟེ་]གཉིས་ལ་གནས། །[པི་ཝང་བསྒྱུར་བ་ལ་སོགས་པ་]བཟོ་[སྤྲུལ་པ་]དང་[སྣ་ཚོགས་སུ་]སྐྱེ་[བ་སྤྲུལ་པ་]དང་བྱང་ཆུབ་ཆེ[ན་པོ་མཆོག་གི་སྤྲུལ་པ་དང་]། །མྱ་ངན་འདས་པ་རྟག་སྟོན་པས། །སངས་རྒྱས་སྤྲུལ་པའི་སྐུ་འདི་ནི། །རྣམ་པར་གྲོལ་བའི་ཐབས་ཆེན་པོ[ཡིན]། །ཞེས་དང༌། མངོན་རྟོགས་རྒྱན་དུ་ཡང༌། གང་གིས་འཁོར་བ་ཇི་སྲིད་པར། །འགྲོ་ལ་ཕན་པ་སྣ་ཚོགས་དག །མཉམ་དུ་མཛད་པའི་སྐུ་དེ་ནི། །ཐུབ་པའི་སྤྲུལ་སྐུ་རྒྱུན་མི་འཆད། །ཅེས་གསུངས་སོ། །

དེ་ལས་འཕྲོས་པའི་བརྒལ་ལན་གྱིས་དགོངས་པ་ཟབ་མོ་ཕྱེ་སྟེ་བསྟན་པ་ལ་ལྔ། སངས་རྒྱས་བསམ་གྱིས་མི་ཁྱབ་པ་དང་ཁས་ལེན་མེད་པའི་དགོས་པ་བཤད་པ།

གལ་ཏེ་སངས་རྒྱས་གཅིག་ཡིན་ནམ་མང་པོ་ཡིན་ཞེ་ན། གཅིག་ཀྱང་མ་ཡིན་ལ་མང་པོ་ཡང་མ་ཡིན་ནོ། །དེའི་དགོངས་པ་ཇི་ལྟར་བལྟ་ཞེ་ན། གཟུགས་སྐུ་གཅིག་མ་ཡིན་ཏེ། སྔོན་གྱི་ལུས་རྗེས་འབྲངས་པའི་སྐུ་ཐོབ་པ་ཤིན་ཏུ་མང་བའི་ཕྱིར་རོ། །ཆོས་སྐུ་མང་པོ་མ་ཡིན་ཏེ་འདུས་བྱས་ཀྱི་ལུས་མེད་ཅིང་ཆོས་དབྱིངས་རོ་གཅིག་པའི་ཕྱིར་རོ། །དེ་ཡང༌། དབུ་མ་ཆེན་པོ་མདོ་སྡེའི་རྒྱན་དུ། ཟག་མེད་དབྱིངས་ན་སངས་རྒྱས་རྣམས། །མཁའ་ལྟར་ལུས་ནི་མེད་ཕྱིར་དང༌། །སྔོན་གྱི་ལུས་རྗེས་འབྲང་བའི་ཕྱིར། །[གཟུགས་སྐུ་]གཅིག་མིན་[ཆོས་སྐུ་]མང་པོ་ཉིད་མ་ཡིན། །ཞེས་པ་སྟེ་གཅིག་དང་དུ་མར་བརྗོད་དུ་མེད་ཅིང༌། ཁས་ལེན་མེད་པར་གསུངས་པའི་དགོངས་པ་ཡང་ཤན་འབྱེད་པའི་སྐབས་སུ་དེ་ཁོ་ན་ལྟར་ཡིན་ཞིང༌། ལ་ཟློ་བའི་སྐབས་སུ་ནི་སྨྲ་བསམ་བརྗོད་མེད་ལ་དགོངས་པ་ཡིན་ནོ། །གལ་ཏེ་སངས་རྒྱས་ཡོད་ཅེས་བརྗོད་ན་ཡོད་པའི་མཐར་ལྷུང་བར་འགྱུར་ལ། མེད་ཅེས་བརྗོད་ན་མེད་པའི་མཐར་ལྷུང་བར་འགྱུར་རོ་ཞེ་ན་སྐྱོན་མེད་དེ། ཡོད་པ་དང་མེད་པར་མི་བརྗོད་པའི་ཕྱིར་རོ། །དེའི་དགོངས་པ་ཇི་ལྟར་བལྟ་ཞེ་ན། [གཤིས་ཀྱི་]གནས་ལུགས་ལ་དོན་དམ་ཆོས་སྐུ་མེད་པ་མ་ཡིན་ཏེ། དེ་བཞིན་ཉིད་བདག་དག་པའི་བདག་ཏུ་གྱུར་པ་སངས་རྒྱས་ཀྱི་བདག་ཉིད་ཆེན་པོའི་བདག་[ནམ་ཡང་]མ་ཆད་པའི་ཕྱིར་རོ། །[གཤིས་ཀྱི་]གནས་ལུགས་ལ་ཀུན་རྫོབ་གཟུགས་སྐུ་ཡོད་པ་མ་ཡིན་ཏེ། ཀུན་རྫོབ་ཀྱི་ཆོས་གང་ཡང་མ་གྲུབ་པའི་ཕྱིར་རོ། །ཡང་སངས་རྒྱས་ཀྱི་བདག་ཉིད་ཆེན་པོའི་བདག་དེ་ཡང་སེམས་ལ་[དབྱེར་མེད་དུ་]ཡོད་པར་མི་བརྗོད་ཅིང་ཡེ་ཤེས་ལ་[དབྱེར་མེད་དུ་]མེད་པར་མི་བརྗོད་པའི་ཕྱིར་ཡོད་དང་མེད་པར་མི་བརྗོད་དོ། །དེ་ཡང་མདོ་སྡེའི་རྒྱན་དུ། སྔ་མ་ཕྱི་མར་ཁྱད་མེད་ཀྱང༌། །སྒྲིབ་པ་ཀུན་གྱི་དྲི་མེད་པ། །དེ་བཞིན་ཉིད་ནི་སངས་རྒྱས་འདོད། །དག་པ་མ་ཡིན་མ་དག་མིན། །སྟོང་པ་ཉིད་ནི་རྣམ་དག་ན། །བདག་མེད་མཆོག་གི་བདག་ཐོབ་པས། །སངས་རྒྱས་དག་པའི་བདག་ཐོབ་ཕྱིར། །བདག་ཉིད་ཆེན་པོའི་བདག་ཏུ་འགྱུར། །དེའི་ཕྱིར་སངས་རྒྱས་ཡོད་མིན་ཞིང༌། །མེད་པར་ཡང་ནི་མི་བརྗོད་དོ། །དེ་ལྟས་སངས་རྒྱས་[ཡོད་དམ་མེད་ཅེས་]དེ་སྐད་འདྲི[ན]། །[ཡོད་མེད་གང་དུའང་]ལུང་མ་བསྟན་པའི་ཚུལ་དུ་[ཡོད་པའང་མ་ཡིན་མེད་པའང་མ་ཡིན་ཞེས་བརྗོད་པར་]འདོད[དེ]། །ཇི་ལྟར་ལྕགས་ལ་ཚ་བ་[ཞི་བ་]དང༌། །མིག་ལ་རབ་རིབ་ཞི་བ་ལྟར། །སངས་རྒྱས་སེམས་དང་ཡེ་ཤེས་ལ། །[གྲངས་བཞིན་དུ་]ཡོད་དང་མེད་པར་མི་བརྗོད་དོ། །ཞེས་གསུངས་ཏེ། ཁས་ལེན་མེད་པར་གསུངས་པ་མང་པོའི་དགོངས་པ་ཡང་ཤན་འབྱེད་པའི་སྐབས་སུ་དེ་ཁོ་ན་ལྟར་ཡིན་ཞིང༌། ལ་ཟློ་བའི་སྐབས་སུ་ནི་སྨྲ་བསམ་བརྗོད་མེད་ལ་དགོངས་པ་ཡིན་ནོ། །གལ་ཏེ་སངས་རྒྱས་སྣང་བ་ཡིན་ནམ་མི་སྣང་བ་ཡིན་ཞེ་ན། སྣང་བ་མ་ཡིན་ཞིང་མི་སྣང་བ་ཡང་མ་ཡིན་ཞེས་[ལུང་མ་བསྟན་པའི་ཚུལ་དུ་]བརྗོད་པར་བྱའོ། །དེའི་དགོངས་པ་ཇི་ལྟ་བུ་ཞེ་ན། སངས་རྒྱས་མཐོང་བའི་སྐལ་བ་ཡོད་མེད་ལས་སོ། །དེ་ཡང་མདོ་སྡེའི་རྒྱན་དུ། ཇི་ལྟར་མེ་ནི་གཞན་དུ་འབར། །གཞན་དུ་ཞི་བར་འགྱུར་བ་ལྟར། །དེ་བཞིན་སངས་རྒྱས་རྣམས་ལ་ཡང༌། །[སྐལ་ལྡན་ལ་]སྣང་དང་[སྐལ་མེད་པ་]མི་སྣང་ཤེས་པར་བྱ། །ཞེས་དང༌། ཇི་ལྟར་ཉི་མའི་འོད་ཟེར་རྣམས། །སྤྲིན་ལ་སོགས་པས་བསྒྲིབས་པར་འདོད། །དེ་བཞིན་སངས་རྒྱས་ཡེ་ཤེས་རྣམས། །སེམས་ཅན་གྱི་ནི་ཉེས་པས་བསྒྲིབས། །ཞེས་དང༌། ཇི་ལྟར་ཆུ་ཡི་སྣོད་ཆག་ན། །ཟླ་བའི་གཟུགས་བརྙན་མི་སྣང་བ། །དེ་བཞིན་སེམས་ཅན་[སྐལ་བ་]ངན་པ་ལ། །སངས་རྒྱས་གཟུགས་ཀྱང་མི་སྣང་ངོ༌། །ཞེས་དང༌། མངོན་རྟོགས་རྒྱན་དུ་ཡང༌། ལྷ་ཡི་རྒྱལ་པོས་ཆར་ཕབ་ཀྱང༌། །ས་བོན་[དུ་]མི་རུང་[བ་རུལ་པ་ལྟ་བུ་ལས་མྱུ་གུ་]མི་འཁྲུང་ལྟར།།སངས་རྒྱས་རྣམས་ནི་[འཇིག་རྟེན་དུ་]བྱུང་གྱུར་ཀྱང༌། །སྐལ་བ་མེད་པས་བཟང་མི་མྱོང༌།།ཞེས་དང༌། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང༌། ཉོན་མོངས་ཅན་གྱི་སེམས་ཅན་གྱིས། །དེ་བཞིན་གཤེགས་པ་མི་མཐོང་སྟེ། །ཇི་ལྟར་ཡི་དྭགས་རྣམས་ཀྱིས་ནི། །རྒྱ་མཚོ་སྐམ་པར་མཐོང་བ་བཞིན། །དེ་བཞིན་མི་ཤེས་པས་བསྒྲིབས་པས། །སངས་རྒྱས་རྣམས་ནི་མེད་པར་བརྟགས། །དམན་པ་བསོད་ནམས་དམན་པ་ལ། །བཅོམ་ལྡན་འདས་ཀྱིས་ཅི་བགྱིར་མཆིས། །ཇི་ལྟར་དམུས་ལོང་ལག་པ་རུ། །རིན་ཆེན་མཆོག་ནི་བཞག་པ་འདྲ། །སེམས་ཅན་བསོད་ནམས་བྱས་རྣམས་ལ། །འོད་ཀྱིས་གསལ་ཞིང་དཔལ་ལྡན་པའི། །སུམ་ཅུ་རྩ་གཉིས་མཚན་འབར་བ། །སངས་རྒྱས་དེ་ཡི་མདུན་ན་བཞུགས། །ཞེས་གསུངས་སོ། །དེ་བཞིན་དུ། གཞི་འབྲས་ངོ་བོ་དབྱེར་མེད་དོན་དམ་བདེ་གཤེགས་སྙིང་པོ་ཡང་རྣམ་ཤེས་ལ་མི་མངོན་མི་སྣང་གསལ་བྱེད་མིན། ཞེས་པས་སྣང་བར་མི་བརྗོད་ཅིང༌། ཡེ་ཤེས་ལ་སྣང་བ་ཆེན་པོ་གསལ་བ་ཆེ་ཞེས་པས་མི་སྣང་བར་མི་བརྗོད་དོ། །དེ་བཞིན་དུ། དག་པ་མ་ཡིན་མ་དག་མིན། །ཞེས་དང༌། ཉོན་མོངས་མ་ཡིན་མི་མོངས་མིན། །ཞེས་དང༌། སྟོང་པ་མ་ཡིན་མི་སྟོང་མིན། །ཞེས་པ་ལ་སོགས་པ་རྣམས་ཀྱི་དགོངས་པ་དང༌། དེ་དག་ཏུ་ཁས་ལེན་མེད་པར་གསུངས་པ་རྣམས་ཀྱི་དགོངས་པ་ཡང་སྔ་མ་བཞིན་ནོ། །དབུ་མ་རྩ་ཤེར། སྟོང་ངོ་ཞེས་ཀྱང་མི་བརྗོད་དེ། །མི་སྟོང་ཞེས་ཀྱང་མི་བྱ་ཞིང༌། །གཉིས་དང་གཉིས་མིན་མི་བྱ་སྟེ། །ཞེས་པ་མཉམ་བཞག་ཟབ་མོའི་སྐབས་ལ་དགོངས་ཤིང༌། གདགས་པའི་དོན་དུ་བརྗོད་པར་བྱ། །ཞེས་པ་རྗེས་ཐོབ་ཀྱི་སྐབས་ལ་དགོངས་སོ། །རྩོད་པ་ཟློག་པར། གལ་ཏེ་ངས་དམ་བཅས་འགའ་ཡོད། །དེས་ན་ང་ལ་སྐྱོན་དེ་ཡོད། །ང་ལ་དམ་བཅའ་མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། །ཞེས་དང༌། བཞི་བརྒྱ་པར་ཡང༌། ཡོད་དང་མེད་དང་ཡོད་མེད་ཅེས། །གང་ལ་ཕྱོགས་ནི་ཡོད་མིན་པ། །དེ་ལ་ཡུན་ནི་རིང་པོ་ནའང༌། །ཀླན་ཀ་བརྗོད་པར་ནུས་མ་ཡིན། །ཞེས་སོགས་ཀྱི་དགོངས་པ་ཡང་མཉམ་བཞག་ཏུ་རྟོག་མེད་སྤྲོས་བྲལ་དང༌། རྗེས་ཐོབ་ཏུ་[གཤིས་ལ་]དངོས་པོར་ཁས་ལེན་པ་ལ་སོགས་པ་དོན་དང་མི་མཐུན་པའི་ཁས་ལེན་མེད་པ་ལ་དགོངས་པ་ཡིན་ཏེ། རིགས་པ་དྲུག་ཅུ་པར། [གཤིས་ལ་]དངོས་པོར་ཁས་ལེན་ཡོད་ན་ནི། །འདོད་ཆགས་ཞེ་སྡང་འབྱུང་བ་ཡི། །ལྟ་བ་མི་བཟད་མ་རུངས་འབྱུང༌། །དེ་ལས་བྱུང་བའི་རྩོད་པར་འགྱུར། །དེ་ནི་ལྟ་བ་[ངན་པ་]ཀུན་གྱི་རྒྱུ། །དེ་མེད་ཉོན་མོངས་མི་སྐྱེ་སྟེ། །དེ་ཕྱིར་དེ་ནི་ཡོངས་ཤེས་ན། །ལྟ་དང་ཉོན་མོངས་ཡོངས་སུ་འབྱང༌། ཞེས་སོགས་དང༌། དབུ་མ་རིན་ཆེན་སྒྲོན་མར་ཡང༌། སློབ་དཔོན་[ཀླུ་སྒྲུབ་]གྱི་ཞལ་སྔ་ནས། [གཤིས་ལ་]དངོས་པོར་ཁས་ལེན་ཡོད་ན་ནི། །དེ་ལ་ཆད་སོགས་འཇིགས་པ་འབྱུང༌། །[གཤིས་ལ་]དངོས་པོར་ཁས་ལེན་མེད་རྣམས་ལ། །ཆད་སོགས་འཇིགས་པ་ག་ལ་འབྱུང། །གལ་ཏེ་[གཤིས་ལ་]དངོས་[པོ་འདུས་བྱས་]ཤིག་ཡོད་ན་ནི། །དེ་ལ་འཇིག་རྟེན་མཐའ་ཡོད་དང༌། །མཐའ་མེད་ལ་སོགས་པར་ཡང་འགྱུར། །ཞེས་དང༌། གལ་ཏེ་[གཤིས་ལ་]དངོས་[པོ་འདུས་བྱས་]ཤིག་ཡོད་ན་ནི། །ཁས་ནི་བླང་བར་བྱ་དགོས་ན། །[གཤིས་ལ་]དངོས་པོ་སྐྱེ་བ་མེད་ཉིད་ལ། །ཁས་བླང་བར་ནི་ཇི་ལྟར་བྱ། །ཞེས་གསུངས་སོ། །ཞེས་དང༌། ཁས་བླངས་པ་ཡི་དངོས་པོ་ནི། །ཕྲ་རབ་ཙམ་ཡང་[གཤིས་ལ་]ཡོད་མིན་ཏེ། །གདོད་ནས་སྐྱེ་བ་མེད་པའི་ཕྱིར། །མོ་གཤམ་གྱི་ནི་བུ་བཞིན་ནོ། །དཔེར་ན་བུད་མེད་མོ་གཤམ་ལ། །ཁྱོད་ཀྱི་བུ་ནི་གང་ཡིན་དྲིས། །དེ་ལ་དེ་ནི་ཡོད་མིན་པས། །སྨྲ་བར་ནུས་པ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ཁས་ལེན་དམ་བཅའ་མེད་པར་གསུངས་པ་རྣམས་ཀྱི་དགོངས་པ་[རྗེས་ཐོབ་ཏུ་དོན་དང་མི་མཐུན་པའི་ཁས་ལེན་མེད་ཅིང༌། མཉམ་གཞག་ཏུ་དོན་དང་མཐུན་པའི་ཁས་ལེན་ཡང་མེད་པ་]དེ་ལྟར་མཐོང་ན་དགོངས་པ་ཆེན་པོའི་དོན་ཡང་དག་པར་མཐོང་བ་ཡིན་གྱི་གཞན་དག་གི་འདོད་པ་ལྟར་གནས་ལུགས་ལ་ཅི་ཡང་མ་གྲུབ་པས་ཁས་ལེན་དམ་བཅའ་གང་ཡང་མེད་ཅེས་འཆད་པ་ནི་དོན་དང་མི་མཐུན་ཏེ། སྟོང་གཞི་དོན་དམ་གྱི་ཡོན་ཏན་སྔར་སྨོས་པ་ཐམས་ཅད་[གཤིས་ཀྱི་]གནས་ལུགས་ལ་ནམ་ཡང་བཞུགས་[པར་གསུངས་]པའི་ཕྱིར་རོ། །

གནས་ལུགས་ལ་ཡོངས་གཅོད་དུ་གྲུབ་པའི་ཆོས་མེད་པར་འདོད་པ་སྤང༌།

དེ་བཞིན་དུ་[གཤིས་ཀྱི་]གནས་ལུགས་ལ་རྣམ་གཅོད་མེད་དགག་ཙམ་མ་གཏོགས་པ་ཡོངས་གཅོད་སྒྲུབ་པའི་ཆོས་དང་མ་ཡིན་དགག་ཏུ་གྲུབ་པ་ཅུང་ཟད་ཀྱང་མེད་དོ། །ཞེས་འདོད་པ་རྣམས་ཀྱང་ཤིན་ཏུ་འཁྲུལ་ཏེ། གནས་ལུགས་ཟབ་མོ་ལ་སྐྱོན་ཐམས་ཅད་རང་བཞིན་གྱིས་མེད་ཅིང་མ་གྲུབ་པས་རྣམ་གཅོད་དང་དགག་པ་དང་སྤངས་པ་རང་བཞིན་པ་ཚང་ཞིང༌། དེ་དག་གི་གཞི་ལ་ཆོས་ཉིད་ཀྱི་ཡོན་ཏན་ཐམས་ཅད་རང་བཞིན་གྱིས་ཚང་བས་ཡོངས་གཅོད་དང༌། སྒྲུབ་པ་དང་མ་ཡིན་དགག་ཏུ་གྱུར་པའི་རྟོགས་པ་རང་བཞིན་པ་གདོད་ནས་ཚང་བར་ཡང་ཡང་བཤད་ཅིང་འཆད་པར་འགྱུར་བའི་ཕྱིར་དང༌། དཀོན་མཆོག་གསུམ་གྱི་བསྟོད་པ་སློབ་དཔོན་མ་ཏི་ཙེ་ཊ[མའི་ཁོལ་པོ]ས་མཛད་པའི་འགྲེལ་པར་ཡང༌། དེ་ཕྱིར་མི་མངའ་ཞེས་བྱ་བའི་དགག་པ་འདི་ནི་མ་ཡིན་པར་དགག་པ་སྟེ་རྣམ་པར་རྟོག་པའི་རིགས་དེ་དག་ནི་ཡོད་པ་མ་ཡིན་ལ། དེས་དབེན་པའི་ཡེ་ཤེས་རང་བཞིན་གྱིས་འོད་གསལ་བ་ནི་མངའ་བས་སོ། །ཞེས་སློབ་དཔོན་མཁས་པ་ཆེན་པོ་རྒྱལ་བའི་སྲས་ཀྱིས་གསུངས་པའི་ཡང་ཕྱིར་རོ། །

མྱང་འདས་ཆེན་པོ་འཁོར་འདས་དབྱེར་མེད་ཀྱི་དོན་དུ་བསྟན་པ།

གལ་ཏེ་མྱང་འདས་ཆེན་པོ་གནས་ལུགས་ལ་གྲུབ་ན་མྱང་འདས་བརྟག་པའི་རབ་བྱེད་ལ་སོགས་པར། མྱང་འདས་བདེན་པར་འདོད་པ་སུན་ཕྱུང་བ་མ་ཡིན་ནམ་ཞེ་ན། དེའི་དགོངས་པ་ལ་ཡང་ཤིན་ཏུ་མཁས་དགོས་ཏེ། རྩ་བ་ཤེས་རབ་ཏུ། གང་ཞིག་[གཉེན་པོས་སྤང་བྱ་]སྤོང་དང་འགགས་པ་ལས། །མྱ་ངན་འདའ་བར་འགྱུར་བར་འདོད[པ་ཀུན་རྫོབ་ཀྱི་མྱང་འདས་གཤིས་ལ་མ་གྲུབ་ཅིང༌། གཤིས་ཀྱི་མྱང་འདས་ནི་གཉེན་པོས་སྤང་བྱ]། །སྤངས་པ་མེད་པ་[ཡོན་ཏན་སྔར་མེད་]ཐོབ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འགག་པ་མེད་པ་སྐྱེ་མེད་པ[འི་གཞི་དོན་དམ་བདེན་པ]། །དེ་ནི[རིགས་པས་མི་གནོད་པའི་]མྱ་ངན་འདས་པར་འདོད། །ཅེས་མྱང་འདས་གཉིས་གསུངས་པ་ལས་སྔ་མ་ལ་དོན་དམ་[པ་རྣམ་པར་དཔྱོད་]པའི་རིགས་པས་གནོད་ཅིང༌། ཕྱི་མ་[མྱང་འདས་ཆེན་པོ་]ནི་ཆོས་ཉིད་ཀྱི་རིགས་པས་གྲུབ་པ་ཉིད་ཀྱི་ཕྱིར། འཕགས་པ་ཀླུ་སྒྲུབ་ཞབས་ཀྱང་བཞེད་ལ། དེ་ཡང་སྲིད་ཞི་དབྱེར་མེད་དམ་འཁོར་འདས་དབྱེར་མེད་ཀྱི་དོན་དུ་བཞེད་དཻ། རིགས་པ་དྲུག་ཅུ་པར། སྲིད་པ་དང་ནི་མྱ་ངན་འདས[ཀུན་རྫོབ་པ]། །གཉིས་པོ་འདི་ནི་[གཤིས་ལ་]ཡོད་མ་ཡིན། །སྲིད་པ་[གཞན་རང་རིག་ཡེ་ཤེས་ཀྱིས་]ཡོངས་སུ་ཤེས་པ་ཉིད། །མྱ་ངན་འདས་[པ་ཆེན་པོ་]ཞེས་བྱ་བར་བརྗོད། །ཅེས་དང༌། དྲི་མེད་འོད་དུ་ཡང༌། སྲིད་པ་[གཞན་རང་རིག་ཡེ་ཤེས་ཀྱིས་]ཡོངས་སུ་ཤེས་པ་ནི་མྱ་ངན་ལས་འདས་པ་[ཆེན་པོ་]ཞེས་བརྗོད་དོ། །ཞེས་དང༌། ཀྱེའི་རྡོ་རྗེར་ཡང༌། [དོན་དམ་གྱི་]ཨེ་ཝཾ་རྣམ་པའི་རང་བཞིན་ཅན། །[དོན་དམ་གྱི་]བདེ་བ་སྲུང་བ[འམ་སྐྱོང་བ་]ཉིད་ཀྱི་ཕྱིར། །[ཆོས་དབྱིངས་ལ་]བདེ་བ་ཅན་ཞེས་རབ་ཏུ་བསྒྲགས། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །རྡོ་རྗེ་འཛིན་པ་རྣམས་ཀྱི་གནས། །[འགོག་བདེན་ཆོས་དབྱིངས་]འདི་ཉིད་[རྣམ་པ་]འཁོར་བ་ཞེས་བྱ་སྟེ། །[འགོག་བདེན་ཆོས་དབྱིངས་]འདི་ཉིད་[ངོ་བོ་]མྱ་ངན་འདས་པ་ཉིད། །འཁོར་བ[འི་རྣམ་པ་]སྤངས་ནས་གཞན་དུ་ནི། །མྱ་ངན་འདས་པ་རྟོགས་མི་འགྱུར། །འཁོར་བ་གཟུགས་དང་སྒྲ་ལ་སོགས། །འཁོར་བ་ཚོར་བ་ལ་སོགས་པ། །འཁོར་བ་དབང་པོ་རྣམས་ཉིད་དེ། །འཁོར་བ་ཞེ་སྡང་ལ་སོགས་པ། །འདི་རྣམས་[ཀྱི་]ཆོས་[ཉིད་འཁོར་བའི་རྣམ་པ་ཅན་]ནི་མྱ་ངན་འདས། །རྨོངས་ཕྱིར་འཁོར་བའི་གཟུགས་ཅན་ཉིད། །རྨོངས་མེད་[ཀྱི་]འཁོར་བ་[གདོད་ནས་]དག་པས་ནི། །འཁོར་བ[འི་རྣམ་པ་དེ་ཉིད་]མྱ་ངན་འདས་[པ་ཡིན་]པར་འགྱུར[ལ]། །[དེ་ཉིད་དོན་དམ་]བྱང་ཆུབ་སེམས་[ཡིན་ཏེ་དེ་]ནི་མྱ་ངན་འདས། །ཀུན་རྫོབ་དོན་དམ་[དབྱེར་མེད་ཀྱི་]ཚུལ་ཅན་ནོ[དོན་དམ་ཀུན་རྫོབ་ཚུལ་ཅན། ཞེས་པར་བྱུང་ནའང་ལེགས]། །ཞེས་དང༌། རྩ་བ་ཤེས་རབ་དང༌། རང་འགྲེལ་ག་ལས་འཇིགས་མེད་དུ་ཡང༌། འཁོར་བ་མྱ་ངན་འདས་པ་ལས། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །མྱ་ངན་འདས་པའང་འཁོར་བ་ལས། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །[དེའི་དགོངས་པ་ནི་]མྱ་ངན་འདས་[པའི་ཡང་དག་པའི་]མཐའ་གང་ཡིན་པ། །དེ་ནི་འཁོར་བའི་[ཡང་དག་པའི་]མཐའ་ཡིན་ཏེ། ། [འཁོར་འདས་ཀྱི་ཡང་དག་མཐའ་]དེ་གཉིས་ཁྱད་པར་ཅུང་ཟད་ནི། །ཤིན་ཏུ་ཕྲ་བའང་ཡོད་མ་ཡིན། །མྱ་ངན་ལས་འདས་པ་དང་འཁོར་བའི་ཡང་དག་པའི་མཐའ་དང་སྐྱེ་བ་མེད་པའི་མཐའ་དང་ཡང་དག་པའི་མཐར་ཐུག་པ་གང་ཡིན་པ་དེ་དག་ནི་[རྣམ་ཤེས་ཀྱིས་]དམིགས་སུ་མེད་པར་མཉམ་པ་ཉིད་ཀྱིས་ཁྱད་པར་ཤིན་ཏུ་ཕྲ་བ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་[ཞེས་དང༌། ཕུང་པོ་རྣམས་མི་འབྱུང་བ་ནི་མྱ་ངན་ལས་འདས་པ་ཡིན་]ནོ། །ཞེས་དང༌། དམ་པ་དང་པོའི་རྒྱུད་ལས་ཀྱང༌། ཁམས་གསུམ་པོ་ནི་མ་ལུས་པའི། །སངས་རྒྱས་གཟུགས་ནི་བསྒོམ་པར་བྱ། །ཞེས་དང༌། བདེ་མཆོག་སྟོད་འགྲེལ་དུའང༌། ཁམས་གསུམ་པའི་སངས་རྒྱས་ཀྱི་གཟུགས། ཞེས་སོགས་དང༌། དོན་དམ་པའི་མཚན་མང་པོ་གླུར་བླངས་པར་ཡང༌། སྡུག་གུ་འཇིག་རྟེན་གསུམ་གྱི་མཆོག །ཅེས་དང༌། སྡུག་གུ་འཇིག་རྟེན་གསུམ་མཛེས་པ། །ཞེས་སོགས་དང༌། [དཀྱིལ་འཁོར་ཆོ་ག་ཉི་ཤུ་པ་ལ་སོགས་པ་གཞུང་]གཞན་དུ་ཡང༌། [དོན་དམ་གྱི་]སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་ལྡན་པའི། །[དོན་དམ་གྱི་]སྲིད་པ་དམ་པ་[ཐོབ་པར་]བྱེད་པར་འགྱུར། །ཞེས་སོགས་རྒྱ་ཆེར་གསུངས་པ་རྣམས་ཀྱི་དགོངས་པ་ཟབ་མོ་ནི་བླ་མ་དམ་པའི་མན་ངག་ལས་[འཁོར་འདས་དབྱེར་མེད་ཀྱི་དོན་དུ་]ཁོང་དུ་ཆུད་པར་བྱ་བའོ། །

དེ་ཡང་འགལ་འདུ་སྐྱོན་མེད་ཕུང་པོ་གསུམ་པའི་དོན་དུ་བསྟན་པ།

དེ་བཞིན་དུ་སྲིད་མེད་སྲིད་པ་དང༌། སྲིད་གསུམ་གཅིག་པ་ལ་སོགས་པ་འགལ་འདུས་སྐྱོན་མེད་མང་དུ་གསུངས་པ་རྣམས་ཀྱི་དགོངས་པ་ཡང༌། མྱང་འདས་ཆེན་པོར། [གཤིས་ཀྱི་]དེ་བཞིན་གཤེགས་པའི་སྐུ་ནི་[འདུས་བྱས་ཀྱི་]སྐུ་མ་ཡིན་པའི་[ཆོས་]སྐུ་མི་སྐྱེ་མི་འགོག་པ[འི་འགོག་བདེན་]ཞེས་དང༌། [ཀུན་རྫོབ་ཀྱི་]སེམས་དང་བྲལ་བ་[དོན་དམ་གྱི་]སེམས་དང་བྲལ་བ་ཡང་མ་ཡིན་པ། སེམས་མཉམ་པ་མེད་པ། མེད་པ་ཡང་མ་ཡིན་པ། [ངོ་བོ་]སོང་བ་དང་འོང་བ་མེད་པ། [རྣམ་པ་]སོང་བ་དང་འོང་བ་མེད་པ་ཡང་མ་ཡིན་པ། ཞེས་དང༌། [ཀུན་རྫོབ་ཀྱི་]བདག་པོ་མེད་པ། [དོན་དམ་གྱི་]བདག་པོ་མེད་པ་ཡང་མ་ཡིན་པ། [ཀུན་རྫོབ་ཏུ་]ཡོད་པ་ཡང་མ་ཡིན་[དོན་དམ་དུ་]མེད་པ་ཡང་མ་ཡིན། ཞེས་དང༌། [ཀུན་རྫོབ་ཀྱི་]ཡི་གེ་མ་ཡིན་[དོན་དམ་གྱི་]ཡི་གེ་མེད་པ་ཡང་མ་ཡིན། [ཀུན་རྫོབ་ཀྱི་]ཏིང་ངེ་འཛིན་མ་ཡིན་ཏེ་[དོན་དམ་གྱི་]ཏིང་ངེ་འཛིན་མེད་པ་ཡང་མ་ཡིན། [རྣམ་ཤེས་ཀྱིས་]བལྟར་མེད་པ་[ཡེ་ཤེས་ལ་]མངོན་པར་སྣང་བ། [འབྲེལ་ཏེ་]གནས་མེད་པ་[མ་འབྲེལ་བར་]གནས་མེད་པ་མ་ཡིན་པ། [འབྲེལ་ཏེ་]རྟེན་མེད་པ་[མ་འབྲེལ་བར་]རྟེན་མེད་པ་ཡང་མ་ཡིན་པ། མུན་པ་མ་ཡིན་པ་[ཀུན་རྫོབ་ཀྱི་]སྣང་བ་མ་ཡིན་པ། ཞི་བ་[ཉན་རང་]མ་ཡིན་མ་ཞི་བ་[འཁོར་བ་]མ་ཡིན། [སྐྱོན་]ཇི་ཡང་མེད་པ། [ཡོན་ཏན་]ཇི་ཡང་མེད་པ་མ་ཡིན་པ། ཞེས་དང༌། [ཀུན་རྫོབ་ཀྱི་]ཆོས་མ་ཡིན་པ་[དོན་དམ་དུ་]ཆོས་མ་ཡིན་པ་ཡང་མ་ཡིན་པ། བསོད་ནམས་ཀྱི་ཞིང་[འདུས་བྱས་]མ་ཡིན་པ། བསོད་ནམས་ཀྱི་ཞིང་མ་ཡིན་པ་ཡང་མ་ཡིན་པ། ཞེས་དང༌། [དོན་དམ་]སྟོང་པ་[ཡིན་པ་]ཉིད་[ཀུན་རྫོབ་]སྟོང་པ་ཉིད་[ཡིན་པ་]དང་བྲལ་བ། [ངོ་བོ་]རྟག་ཏུ་གནས་པ་[རྣམ་པ་]རྟག་ཏུ་གནས་པ་མ་ཡིན་པ། ཞེས་དང༌། དེ་བཞིན་གཤེགས་པ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་བྱས་ཀྱང་སེམས་ཅན་གྱི་དོན་བྱས་པ[འི་རྟོག་པ་]མེད་པ། སེམས་ཅན་རྣམ་པར་བཀྲོལ་ཡང་རྣམ་པར་བཀྲོལ་བ[འི་རྟོག་པ་]མེད་པ། སེམས་ཅན་མངོན་པར་འཚང་རྒྱ་བར་མཛད་ཀྱང་མངོན་བར་འཚང་རྒྱ་བ[འི་རྟོག་པ་]མེད་པ། ཞེས་དང༌། རྟག་ཏུ་ཐེག་པ་གཅིག་ལ་སྤྱོད་ཀྱང་སེམས་ཅན་གྱིས་གསུམ་དུ་མཐོང་བ། [འདུས་བྱས་ཀྱི་]མཚན་ཉིད་མ་ཡིན་པ། [འདུས་མ་བྱས་ཀྱི་]མཚན་ཉིད་ལ་གནས་པ། ཞེས་དང༌། [ཀུན་རྫོབ་ཀྱི་]ཕུང་པོ་དང༌། སྐྱེ་མཆེད་དང༌། ཁམས་མ་ཡིན་པ། [དོན་དམ་གྱི་]ཕུང་པོ་དང༌། སྐྱེ་མཆེད་དང་ཁམས་མ་ཡིན་པ་ཡང་མ་ཡིན། འཕེལ་བ་མ་ཡིན། འབྲི་བ་མ་ཡིན། བཟང་པོ[འི་རྟོག་པའམ་ཀུན་རྫོབ་ཀྱི་བཟང་པོ་]མ་ཡིན། ངན་པ་མ་ཡིན་ནོ། །དེ་བཞིན་གཤེགས་པའི་སྐུ་ནི་དེ་ལྟར་ཡོན་ཏན་ཚད་མེད་པ་དང་ལྡན་ཏེ། [རྣམ་ཤེས་ཀྱིས་]ཤེས་པ་མེད་ཅིང་[ཡེ་ཤེས་ཀྱིས་]མི་ཤེས་པ་ཡང་མེད། [ཀུན་རྫོབ་]མཐོང་བ་མེད་ཅིང་[དོན་དམ་]མི་མཐོང་བ་ཡང་མེད། འདུས་བྱས་མ་ཡིན། འདུས་མ་བྱས་[ནམ་མཁའ་ལྟ་བུ་ནུས་པ་དང་རྣམ་པ་དང་ཡེ་ཤེས་མེད་]པ་ཡང་མ་ཡིན། [ངོ་བོ་]འཇིག་རྟེན་མ་ཡིན། [རྣམ་པ་]འཇིག་རྟེན་མ་ཡིན་པ་ཡང་མ་ཡིན། [ངོ་བོ་]བྱས་པ་མ་ཡིན། [རྣམ་པ་]མ་བྱས་པ་ཡང་མ་ཡིན། [ཆོས་རྣམས་ལ་འབྲེལ་ཏེ་]གནས་པ་མ་ཡིན། [མ་འབྲེལ་བཞིན་དུ་]མི་གནས་པ་ཡང་མ་ཡིན། [ཀུན་རྫོབ་ཀྱི་འབྱུང་བ་]ཆེན་པོ་བཞི་མ་ཡིན། [དོན་དམ་གྱི་འབྱུང་བ་]ཆེན་པོ་བཞི་མ་ཡིན་པ་ཡང་མ་ཡིན། རྒྱུ་[ཀུན་རྫོབ་པ་]མ་ཡིན། རྒྱུ་[གཞན་འགལ་འདུས་སྐྱོན་མེད་ཀྱི་རྒྱུ་]མེད་པ་མ་ཡིན། [ཀུན་རྫོབ་ཀྱི་]སེམས་ཅན་མ་ཡིན། [དོན་དམ་གྱི་]སེམས་ཅན་མེད་པ་མ་ཡིན། [འདུས་བྱས་ཀྱི་]སྐུ་མ་ཡིན་པ། [འདུས་མ་བྱས་ཀྱི་]སྐུ་མ་ཡིན་པ་ཡང་མ་ཡིན་པ། ཞེས་དང༌། [གཟུགས་སྐུ་]མྱ་ངན་ལས་འདའ་བ་[སྟེ་མི་རྟག་པར་སོང་བ་]ན། [ཆོས་སྐུ་]མྱ་ངན་ལས་མི་འདའ་བ་[ཞེས་པ་འདིར་མི་རྟག་པར་མི་འགྲོ་བ་]སྟེ། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ནི་དེ་ལྟ་བུའི་ཡོན་ཏན་ཚད་མེད་པ་དམ་པ་དང་ལྡན་ནོ། །འོད་སྲུང་དེ་ནི་དེ་བཞིན་གཤེགས་པ་ཉག་གཅིག་གིས་མཁྱེན་གྱི། ཉན་ཐོས་དང༌། རང་སངས་རྒྱས་ཀྱིས་ཤེས་པ་མ་ཡིན་ནོ། །ཞེས་སོགས་རྒྱ་ཆེར་གསུངས་པ་སྟེ་མན་ངག་ཟབ་མོ་བཞིན་དུ་རིག་པར་བྱའོ། །དེ་བཞིན་དུ་སྤྲིན་ཆེན་པོའི་མདོར་ཡང༌། [རྣམ་པ་]མི་མཉམ་ཞིང་ཤིན་ཏུ་མི་མཉམ་ལ་[ངོ་བོ་]མི་མཉམ་པ་ཡང་མ་ཡིན་པ་ཞེས་བྱ་བ་དང༌། [རྣམ་པ་]སྡུག་བསྔལ་ཞིང་མི་བདེ་ལ་[ངོ་བོ་]བདེ་བ་ཞེས་བྱ་བ་དང༌། [གཞན་དབང་གིས་]སྟོང་ཞིང་[ཀུན་བརྟགས་ཀྱིས་]ཤིན་ཏུ་སྟོང་ལ་[ཆོས་ཉིད་ཡོངས་གྲུབ་ཀྱིས་]སྟོང་པ་མ་ཡིན་པ་ཞེས་བྱ་བ་དང༌། [རྣམ་པ་]མི་རྟག་ཅིང་ཤིན་ཏུ་མི་རྟག་ལ་[ངོ་བོ་]ཤིན་ཏུ་རྟག་པ་ཞེས་བྱ་བ་དང༌། [ཀུན་རྫོབ་ཀྱི་]བདག་མེད་པར་གྱུར་པ་ལ་ཤིན་ཏུ་[དོན་དམ་གྱི་]བདག་ཉིད་དུ་གྱུར་པ་ཞེས་བྱ་བ་དང༌། [རྣམ་པ་]མི་སྡུག་ཅིང་ཤིན་ཏུ་མི་སྡུག་ལ་[ངོ་བོ་]ཤིན་ཏུ་སྡུག་པ་ཞེས་བྱ་བ་ཡོད་དེ། ཞེས་སོགས་དང༌། མདོ་སྡེའི་རྒྱན་དུ་ཡང༌། [ཆོས་རྣམས་]མེད་པ་གང་ཡིན་དེ་ཉིད་[ཀྱི་གཞི་]ནི། །[ཆོས་ཉིད་]ཡོད་པ་ཡི་ནི་དམ་པ་ཡིན། །[ཀུན་རྫོབ་]རྣམ་པ་ཀུན་ཏུ་མི་དམིགས་པ། །[དོན་དམ་]དམིགས་པ་ཡི་ནི་མཆོག་ཏུ་འདོད། །སྒོམ་པ་རྣམ་པར་མི་ལྟ་བའི། །[ཡེ་ཤེས་ནི་]སྒོམ་པ་དམ་པར་འདོད་པ་སྟེ། །ཐོབ་པར་ལྟ་བ[འི་རྟོག་པ་]མེད་རྣམས་ཀྱི། །[ཆོས་ཉིད་]ཐོབ་པ་ཡང་ནི་དམ་པར་འདོད། །ཅེས་པ་ལ་སོགས་པ་གསུངས་ཤིང༌། མདོ་རྒྱུད་ཟབ་མོ་གཞན་རྣམས་དང༌། སེམས་འགྲེལ་ཁྱད་འཕགས་རྣམས་སུ་དེ་དང་དེ་འདྲ་བ་དག་གི་འགལ་འདུས་སྐྱོན་མེད་ཤིན་ཏུ་མང་ཞིང༌། ཆེས་མང་བར་གསུངས་པ་རྣམས་ཀྱི་དགོངས་པ་ཡང་དོན་ལ་ཇི་ལྟར་གནས་པ་བཞིན་དུ་རྟོགས་པར་བྱ་སྟེ།

དེ་ལྟར་ཤེས་ན་རྒྱལ་སྲས་དགོངས་ཆེན་མཐོང་བའི་རྟགས་སུ་བཤད་པ།

དེ་ལྟར་མཐོང་ན་ཡང་དགོངས་པ་ཆེན་པོའི་དོན་མཐོང་བ་ཡིན་ཞིང༌། བརྩེ་དང་སྙན་པར་སྨྲ་བ་དང༌། །[བློ་]བརྟན་པ་ཉིད་དང་[སྦྱིན་པ་ལ་]ལག་བརྐྱང་ཉིད། །དགོངས་པ་ཟབ་མོ་ངེས་འགྲེལ་པ། ། འདི་དག་བློ་ལྡན་རྣམས་ཀྱི་རྟགས། །ཞེས་བྱང་ཆུབ་སེམས་དཔའི་རྟགས་ལྔ་[རྒྱལ་བ་བྱམས་པས་]གསུངས་པ་ལས་ཀྱང་འདི་ལྔ་པ་དང་མཐུན་པ་ཡིན་ནོ། །

ཐེག་ཆེན་ལ་ཐུན་མོང་དུ་གྲགས་པའི་སྐུ་གསུམ་གྱི་ཤེས་བྱེད་དང་ཡོན་ཏན་བསྟན་པ།

དེ་ལྟར་བདེན་པ་གཉིས་ཀྱིས་བསྡུས་པའི་སྐུ་གསུམ་ནི། གསེར་འོད་དམ་པའི་མདོར་ཡང༌། རིགས་ཀྱི་བུ་སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་པའི་སྐུ་ནི་སངས་རྒྱས་ཐམས་ཅད་དང་སྤྱོད་པ་མཐུན་པའོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་སངས་རྒྱས་ཐམས་ཅད་དང་དགོངས་པ་མཐུན་པའོ། །ཆོས་ཀྱི་སྐུ་ནི་སངས་རྒྱས་ཐམས་ཅད་དང་སྐུ་མཐུན་པའོ། །ཞེས་དང༌། རིགས་ཀྱི་བུ་སྤྲུལ་པའི་སྐུ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ལ་བརྟེན་ཏེ་མངོན་པར་སྣང་ངོ༌། །ལོངས་སྤྱོད་རྫོགས་པའི་སྐུ་ནི་ཆོས་ཀྱི་སྐུ་ལ་བརྟེན་ཏེ་མངོན་པར་སྣང་ངོ༌། །ཆོས་ཀྱི་སྐུ་ནི་ཡང་དག་པ་སྟེ་ཅི་ལ་ཡང་[འབྲེལ་ཏེ་]མི་གནས་པའོ། །ཞེས་དང༌། རིགས་ཀྱི་བུ་དེ་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ནི་མཚན་ཉིད་གསུམ་གྱི་ཕྱིར་འཆིང་བ་དང་སྒྲིབ་པ་ཡོད་པས་སྐུ་གསུམ་ལས་རིང་དུ་གྱུར་ཏོ། །གསུམ་གང་ཞེ་ན། ཀུན་བརྟགས་པའི་མཚན་ཉིད་དང༌། གཞན་གྱི་དབང་གི་མཚན་ཉིད་དང༌། ཡོངས་སུ་གྲུབ་པའི་མཚན་ཉིད་དོ། །མཚན་ཉིད་དེ་རྣམས་[རིམ་པ་ལྟར་]ཤེས་པ་དང་འགོག་པ་དང་ཡང་དག་པར་མ་གྱུར་པ་དེའི་ཕྱིར་སྐུ་གསུམ་མ་ཐོབ་བོ། །དེ་ལྟ་བུའི་མཚན་ཉིད་གསུམ་ཤེས་པ་དང་འགོག་པ་དང་རྣམ་པར་བྱང་བར་གྱུར་པས་སངས་རྒྱས་བཅོམ་ལྡན་འདས་རྣམས་སྐུ་གསུམ་ཡོངས་སུ་རྫོགས་པར་གྱུར་ཏོ། །རིགས་ཀྱི་བུ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་རྣམ་པར་ཤེས་པ་གསུམ་མ་སྤངས་པའི་ཕྱིར་སྐུ་གསུམ་ལས་རིང་དུ་གྱུར་ཏོ། །གསུམ་གང་ཞེ་ན། དངོས་པོ་ལ་འཇུག་པའི་རྣམ་པར་ཤེས་པ་[ཚོགས་དྲུག་]དང༌། ཀུན་གཞི་ལ་གནས་པའི་[ཉོན་]ཡིད་དང༌། ཀུན་གཞི་རྣམ་པར་ཤེས་པའོ། །ལམ་སྦྱོང་བ་དག་ལ་གནས་པས་འཇུག་པའི་རྣམ་པར་ཤེས་པ་[དྲུག་]སྦྱོང་ངོ༌། །གཅོད་པའི་ལམ་ལ་གནས་པས་ཀུན་གཞི་ལ་གནས་པའི་ཡིད་སྦྱོང་ངོ༌། །མཆོག་ཏུ་རྒྱལ་བའི་ལམ་ལ་གནས་པས་ཀུན་གཞི་རྣམ་པར་ཤེས་པ་སྦྱོང་ངོ༌། །འཇུག་པའི་རྣམ་པར་ཤེས་པ་སྦྱངས་ན་སྤྲུལ་པའི་སྐུ་མངོན་དུ་འགྱུར་རོ། །ཀུན་གཞི་ལ་གནས་པའི་ཡིད་སྦྱངས་པས་ལོངས་སྤྱོད་རྫོགས་པའི་སྐུ་སྟོན་ཏོ། །ཀུན་གཞི་རྣམ་པར་ཤེས་པ་སྦྱངས་པས་ནི་ཆོས་ཀྱི་སྐུ་འཐོབ་སྟེ། དེ་ལྟར་ན་དེ་བཞིན་གཤེགས་པ་ཐམས་ཅད་སྐུ་གསུམ་ལྷུན་གྱིས་གྲུབ་པ་ཞེས་བྱའོ། །ཞེས་དང༌། གཞན་ཡང་རིགས་ཀྱི་བུ་ཆོས་ཀྱི་སྐུ་ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པས་ལོངས་སྤྱོད་རྫོགས་པའི་སྐུ་སྣང་བར་འགྱུར་རོ། །ལས་ཀྱི་སྒྲིབ་པ་རྣམ་པར་དག་པས་སྤྲུལ་པའི་སྐུ་སྣང་བར་འགྱུར་རོ། །ཡེ་ཤེས་ཀྱི་སྒྲིབ་པ་རྣམ་པར་དག་པས་ཆོས་ཀྱི་སྐུ་སྣང་བར་འགྱུར་རོ། །དཔེར་ན་[ནམ་མཁའ་]སྟོང་པ་ལ་བརྟེན་ཏེ་གློག་འབྱུང་ངོ༌། །གློག་ལ་བརྟེན་ཏེ་འོད་སྣང་ངོ༌། །དེ་བཞིན་དུ་ཆོས་ཀྱི་སྐུ་ལ་བརྟེན་ཏེ་ལོངས་སྤྱོད་རྫོགས་པའི་སྐུ་སྣང་ངོ༌། །ལོངས་སྤྱོད་རྫོགས་པའི་སྐུ་ལ་བརྟེན་ཏེ་སྤྲུལ་པའི་སྐུ་སྣང་ངོ༌། །དེ་ལ་རང་བཞིན་རྣམ་པར་དག་པའི་ཕྱིར་ཆོས་ཀྱི་སྐུ་སྣང་ངོ༌། །ཡེ་ཤེས་རྣམ་པར་དག་པས་ལོངས་སྤྱོད་རྫོགས་པའི་སྐུ་སྣང་ངོ༌། །ཏིང་ངེ་འཛིན་རྣམ་པར་དག་པས་སྤྲུལ་པའི་སྐུར་སྣང་ངོ༌། །ཞེས་དང༌། ཡང་གཟུགས་སྐུ་གཉིས་བསྟན་པའི་རྗེས་སུ་བཀའ་སྩལ་པ། རིགས་ཀྱི་བུ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཀྱི་སྐུ་ཤེས་པར་བྱ་ཞེ་ན། ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་དང་བྲལ་བ། དགེ་བའི་ཆོས་ཐམས་ཅད་རྫོགས་པའི་ཕྱིར་དེ་ཁོ་ན་ཉིད་དང༌། ཡང་དག་པའི་[རང་བྱུང་]ཡེ་ཤེས་ཉིད་ཙམ་དུ་གནས་པ་དེ་ནི་ཆོས་ཀྱི་སྐུ་ཞེས་བྱའོ། །སྐུ་སྔ་མ་[གཟུགས་སྐུ་]དེ་གཉིས་ནི་བརྟགས་པ་ཙམ་མོ། །ཆོས་ཀྱི་སྐུ་ནི་ཡང་དག་པ་སྟེ་[གཟུགས་]སྐུ་དེ་གཉིས་ཀྱི་གཞི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་དེ་བཞིན་ཉིད་དང༌། རྣམ་པར་མི་རྟོག་པའི་ཡེ་ཤེས་ལས་གུད་ན་སངས་རྒྱས་རྣམས་ཀྱི་ཆོས་གང་ཡང་མེད་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་རྣམས་ནི་ཡེ་ཤེས་ཕུན་སུམ་ཚོགས་པ། ཉོན་མོངས་པ་ཐམས་ཅད་སྤངས་པའི་མཐར་ཕྱིན་པས་སངས་རྒྱས་ཀྱི་ས་རྣམ་པར་དག་པ་བརྙེས་པའི་ཕྱིར། ཆོས་ཀྱི་དེ་ཁོ་ན་ཉིད་དང༌། ཡང་དག་པའི་ཡེ་ཤེས་ཀྱིས་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་འཛིན་ཏོ། །གཞན་ཡང་རིགས་ཀྱི་བུ་སངས་རྒྱས་ཐམས་ཅད་ནི་བདག་དང་གཞན་གྱི་དོན་གྱི་མཐར་ཕྱིན་པ་སྟེ་དེ་ལ་ཆོས་ཀྱི་དེ་བཞིན་ཉིད་ཀྱིས་ནི་བདག་གི་དོན་མཛད། དེ་བཞིན་ཉིད་ཀྱི་ཡེ་ཤེས་ཀྱིས་ནི་གཞན་གྱི་དོན་མཛད་དོ། །བདག་དང་གཞན་ལ་ཕན་པའི་དོན་མཛད་པ་ལ་མངའ་བརྙེས་པའི་ཕྱིར་མཛད་པ་མཐའ་ཡས་པ་སྣ་ཚོགས་ལྷུན་གྱིས་གྲུབ་བོ། །ཞེས་པ་སྟེ་འདིར་དེ་བཞིན་ཉིད་ཀྱི་ཡེ་ཤེས་ཀྱིས་གཞན་དོན་མཛད་པར་གསུངས་པ་ལ་ཡེ་ཤེས་དེ་རང་བྱུང་ཡིན་ན་འགྱུར་མེད་ཡོངས་གྲུབ་ཡིན་པས། དུས་འཁོར་དུ། ཆོས་སྐུས་གཞན་དོན་མཛད་པར་གསུངས་པ་དང་དོན་གཅིག་ཅིང༌། ཡེ་ཤེས་དེ་གཞན་བྱུང་ཡིན་ན། རྒྱུད་བླ་མར༌། ཆོས་སྐུ་རྣམ་གཉིས་ཤེས་བྱ་སྟེ། །ཆོས་དབྱིངས་ཤིན་ཏུ་དྲི་མེད་དང༌། །དེ་ཡི་རྒྱུ་མཐུན་ཟབ་པ་དང༌། སྣ་ཚོགས་ཚུལ་ནི་སྟོན་པའོ། །ཞེས་ཆོས་སྐུ་མཚན་ཉིད་པ་རང་བཞིན་རྣམ་དག་གི་ཆོས་དབྱིངས་[ཡིན་]ཏེ། དེའི་བྱིན་བརླབས་ལས་བྱུང་བའི་ཡང་དག་ཡེ་ཤེས་ཀྱིས་ཆོས་ཟབ་རྒྱས་བསྟན་ནས་གཞན་དོན་མཛད་པར་གསུངས་པ་དང་དོན་གཅིག་གོ །

ཡོན་ཏན་གྱི་ཁྱད་པར་རྨད་དུ་བྱུང་བ་གཞན་ཡང་བསྟན་པ།

བྱང་ཆུབ་སེམས་དཔའི་ས་ལས་རྣམ་གྲངས་གཞན་ཡང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བརྒྱ་བཞི་བཅུ་དང༌། དེ་བཞིན་གཤེགས་པའི་ཉོན་མོངས་པ་མེད་པ་དང༌། སྨོན་ནས་མཁྱེན་པ་དང༌། སོ་སོ་ཡང་དག་པར་རིག་པ་གང་ཡིན་པ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅེས་བྱའོ། །དེ་ལ་སངས་རྒྱས་ཀྱི་ཆོས་བརྒྱ་བཞི་བཅུ་ནི་འདི་དག་ཡིན་ཏེ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུ་དང༌། རྣམ་པ་ཐམས་ཅད་ཡོངས་སུ་དག་པ་བཞི་དང༌། སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། དྲན་པ་ཉེ་བར་བཞག་པ་གསུམ་དང༌། བསྲུང་བ་མེད་པ་གསུམ་དང༌། སྙིང་རྗེ་ཆེན་པོ་དང༌། བསྙེལ་བ་མི་མངའ་བའི་ཆོས་ཉིད་དང༌། བག་ཆགས་ཡང་དག་པར་བཅོམ་པ་དང༌། རྣམ་པ་ཐམས་ཅད་དང་མཆོག་མཁྱེན་པའོ། །ཞེས་སོགས་རྒྱ་ཆེར་གསུངས་ལ། གནས་ཡོངས་སུ་གྱུར་པའི་ཡོན་ཏན་གྱི་འབྱོར་པ་དཔག་ཏུ་མེད་པ་ཡང༌། མདོ་སྡེའི་རྒྱན་དུ། ཉན་ཐོས་རྣམས་ཀྱི་འབྱོར་བས་ནི། འཇིག་རྟེན་པ་ཡི་ཟིལ་གྱིས་གནོན།།རང་སངས་རྒྱས་ཀྱི་ས་པ་ཡིས། །ཉན་ཐོས་ཀྱི་ཡང་ཟིལ་གྱིས་གནོན། །དེ་ཡིས་བྱང་ཆུབ་སེམས་དཔའ་ཡི། །འབྱོར་བའི་ཆར་ཡང་མི་ཕོད་དོ། །དེ་ཡིས་དེ་བཞིན་གཤེགས་པ་ཡི། །འབྱོར་བའི་ཆར་ཡང་མི་ཕོད་དོ། །སངས་རྒྱས་རྣམས་ཀྱི་འབྱོར་བ་ནི། །[གང་ཟག་]གང་གི་[དོན་དང་འཇིག་རྟེན་གྱི་ཁམས་]གང་དུ་[དང་ཚུལ་]ཇི་ལྟར་དང༌། །[མང་ཉུང་]ཇི་ཙམ་[པ་དང་]དུས་གང་[དུ་]འཇུག་པ་[རྣམས་]ནི། །[རེ་རེ་ཞིང་ཡང་]བསམ་ཡས་དཔག་ཏུ་མེད་པར་འདོད།།དབང་པོ་ལྔ་རྣམས་གཞན་གྱུར་ན། །[དབང་པོ་ཀུན་]དོན་ཀུན་[ལ་]འཇུག་[པ་]དང་[དེ་]ཐམས་ཅད་ཀྱི། །ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་[སོ་སོར་]འབྱུང་[བ་ལ]། །འབྱོར་བ་དམ་པ་ཐོབ་པར་འགྱུར། །[ཉོན་མོངས་པ་ཅན་གྱི་]ཡིད་ནི་གཞན་དུ་གྱུར་པ་ན། །འབྱོར་[བ་]དང་མཐུན་[པའི་]སྤྱོད་[པ་རྣམ་པར་]མི་རྟོག་པའི། །ཡེ་ཤེས་ཤིན་ཏུ་དྲི་མེད་ལ། །འབྱོར་བ་དམ་པ་ཐོབ་པར་འགྱུར། །དོན་[ལྔ་དང་]བཅས་[པའི་]འཛིན་པ་[དབང་ཤེས་ལྔ་]གཞན་གྱུར་ན། །ཇི་ལྟར་འདོད་བཞིན་ལོངས་སྤྱོད་དག །བསྟན་ཕྱིར་ཞིང་ནི་དག་པ་ལ། །འབྱོར་བ་དམ་པ་ཐོབ་པར་འགྱུར། །རྣམ་རྟོག་[ཡིད་ཀྱི་རྣམ་ཤེས་]གཞན་དུ་གྱུར་ན་ནི། །དུས་རྣམས་རྟག་ཏུ་ཡེ་ཤེས་དང༌། །[འཕྲིན་]ལས་རྣམས་ཀུན་ལ་ཐོགས་མེད་ལ། །འབྱོར་བ་དམ་པ་ཐོབ་པར་འགྱུར། །རྟེན་[ཀུན་གཞི་རྣམ་ཤེས་]ནི་གཞན་དུ་གྱུར་པ་ན། །སངས་རྒྱས་དྲི་མེད་གནས་ལ་ནི[སྟེ་ཟག་མེད་ཀྱི་དབྱིངས་སུ་སྲིད་ཞི་གང་ལ་ཡང་]། །མི་གནས་མྱ་ངན་འདས་པ་ཡི། །འབྱོར་བ་དམ་པ་ཐོབ་པར་འགྱུར། །འཁྲིག་པ་གཞན་དུ་གྱུར་ན་ནི། །སངས་རྒྱས་[ཀྱི་]བདེ་བར་གནས་པ་དང༌། །[བུ་]མོ་[མཛེས་པ་]མཐོང་[ཡང་]ཉོན་མོངས་[སྐྱེ་བ་]མེད་པ་ལ། །འབྱོར་བ་དམ་པ་ཐོབ་པར་འགྱུར། །ནམ་མཁའི་འདུ་ཤེས་གཞན་གྱུར་ན[ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་ཐོབ་ནས་གང་]། །བསམས་པའི་དོན་ནི་འབྱོར་བ་དང༌། །[ཇི་ལྟར་འདོད་བཞིན་ནམ་མཁའ་ལ་]འགྲོ་[བ་དང་]གཟུགས་[ཀྱི་གོ་]རྣམ་པར་འབྱེད་པ་ལ། །འབྱོར་བ་དམ་པ་ཐོབ་པར་འགྱུར། །དེ་ལྟར་[ན་]སངས་རྒྱས་[རྣམས་ཀྱི་]དྲི་མེད་པའི། །གནས་[ཟག་མེད་ཀྱི་དབྱིངས་]ན་གཞན་[དུ་]གྱུར་[པ་ཡང་]དཔག་མེད་པས། །བསམ་ཡས་བྱ་བ་སྒྲུབ་པ་ཡི། །[འཕྲིན་ལས་དཔག་ཏུ་མེད་པ་ལ་]འབྱོར་བ་དཔག་ཏུ་མེད་པ་འཐོབ། །[འདིར་གནས་གྱུར་གྱི་དོན་ནི་རྣམ་ཤེས་འགགས་པའི་ཤུལ་དུ་གཞན་བྱུང་ཡེ་ཤེས་སྐྱེ་ཞིང༌། རང་བྱུང་ཡེ་ཤེས་ཐོབ་པས་དེ་དང་དེའི་ཡོན་ཏན་ཐོབ་པ་གང་ཡིན་པ་སྟེ། འདི་ན་དེ་ལས་གཞན་དུ་སྨྲ་བ་རྣམས་ནི་དགོངས་པ་མ་ཡིན་ནོ།།]ཅེས་གསུངས་ཤིང༌། དབུ་མ་ལ་འཇུག་པར་ཡང༌། ཆོས་ཀྱི་སྐུ་ལས་བྱུང་བའམ་གཟུགས་ཀྱི་སྐུའི་མཐུ་ལས་བྱུང་བ་ཡིན་ཡང་རུང་སྟེ། ཇི་སྐད་དུ། བཤད་པའི་སྐུ་ལས་གཞན་དུ་གྱུར་པ། རྒྱུ་མཐུན་པའི་སྐུ་གང་དག་སེམས་ཅན་འདུལ་བའི་རྒྱུས་བྱུང་བ་དེ་དག་ལ་ཡང་མཐུའི་ཁྱད་པར་བསམ་གྱིས་མི་ཁྱབ་པ་མངའ་བར་བརྗོད་པའི་ཕྱིར་བཤད་པ། ཐུབ་དབང་དུས་གཅིག་ཁོ་ནར་དེའི་རྒྱུ་མཐུན། །གཟུགས་སྐུ་གཅིག་ལ་རང་གི་སྐྱེ་གནས་སྐབས། །སྔར་འགགས་གསལ་དང་མ་འཆོལ་བྱུང་ཚུལ་ནི། །མ་ལུས་ཀྱིས་བཀྲ་མཐའ་དག་སྟོན་པར་མཛད། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་གནས་སྐབས་ཀྱི་སྔ་རོལ་འཁོར་བ་ཐོག་མ་མེད་པར་རང་ཉིད་ཀྱི་སྐྱེ་བའི་གནས་སྐབས་འགགས་ཟིན་པ་བྱུང་[བའི་]མཐའ་མ་ལུས་པ་བསྟན་པའི་ཕྱིར་གསལ་བ་དང་མ་འཆོལ་བ་སྟེ། ཕན་ཚུན་མ་འདྲེས་པར་བྱུང་ཚུལ་དུ་མས་བཀྲ་བར་གྱུར་པ་དེ་དག་ཐམས་ཅད་ཅིག་ཅར་ཁོ་ནར་མེ་ལོང་གི་དཀྱིལ་འཁོར་ཤིན་ཏུ་ཡོངས་སུ་དག་པ་ལ་བཞིན་གྱི་གཟུགས་བརྙན་ལྟར་རྒྱུ་མཐུན་པའི་སྐུ་གཅིག་ཉིད་ལ་ལྷུན་གྱིས་གྲུབ་པ་སྟོན་པར་མཛད་དོ། །འདི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སྤྱད་པའི་བྱུང་ཚུལ་གང་དག་གང་དུ་ཇི་ལྟར་གང་གི་དོན་དུ་བྱུང་བ་དེ་དག་ཐམས་ཅད་ཀྱང་ལྷུན་གྱིས་གྲུབ་པར་སྐུ་གཅིག་ཁོ་ན་ལ་སྟོན་པར་སྤྱོད་པར་བརྗོད་པའི་ཕྱིར་བཤད་པ། སངས་རྒྱས་ཞིང་ཅི་འདྲར་ཐུབ་དབང་དེ་དང༌། །དེ་དག་སྐུ་སྤྱོད་མཐུ་སྟོབས་ཅི་འདྲ་དང༌། །ཉན་ཐོས་དགེ་འདུན་ཇི་སྙེད་ཇི་ལྟ་དང༌། །བྱང་ཆུབ་སེམས་རྣམས་དེར་གཟུགས་ཅི་འདྲ་དང༌། །ཇི་འདྲའི་ཆོས་དང་དེ་བདག་ཇི་འདྲ་དང༌། །ཆོས་ཐོས་སྤྱོད་པ་གང་ལ་སྤྱད་པ་དང༌། །སྦྱིན་གང་ཇི་ཙམ་དེ་དག་ལ་ཕུལ་བ། །དེ་ནི་མ་ལུས་སྐུ་གཅིག་ལ་སྟོན་མཛད། །བཅོམ་ལྡན་འདས་སྔོན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། སངས་རྒྱས་བཅོམ་ལྡན་འདས་གང་རྣམས་ལ་བསྙེན་བཀུར་མཛད་པ་དང༌། སངས་རྒྱས་ཀྱི་ཞིང་བཻཌཱུརྻ་དང༌། པད་མ་རཱ་ག་དང༌། ཨན་ད་རྙིལ་དང༌། ཤེལ་ལ་སོགས་པའི་རང་བཞིན་ཅན་རིན་པོ་ཆེའི་ལྗོན་ཤིང་ལ་སོགས་པས་མཛེས་པར་བྱས་པ། ཆུ་དང་ཞེང་དང་ཀུན་ནས་ཟླུམ་པ་དང་བཅས་པ། དེ་ལ་བརྟེན་པའི་སེམས་ཅན་གྱི་ཁྱད་པར་གྱིས་ཉེ་བར་མཛེས་པ་ཇི་འདྲ་བ་ཞིག་ན་སངས་རྒྱས་བཅོམ་ལྡན་འདས་བལྟམ་པ་ལ་སོགས་པ་སྟོན་པར་མཛད་པ་དེ་མ་ལུས་པར་སྐུ་གཅིག་ལ་སྟོན་པར་མཛད་དོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་སྐུ་དང༌། སྤྱོད་པ་དག་གི་མཐུ་ཕུལ་དུ་བྱུང་བ་གང་ཡིན་པ་དང༌། དེ་དག་གི་ཉན་ཐོས་ཀྱི་དགེ་འདུན་འདུས་པར་གྱུར་པ་ཇི་སྙེད་པའམ་ཇི་ལྟ་དང་སྟེ་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ཀྱི་ནན་ཏན་རྣམ་པ་གང་གིས་ཉན་ཐོས་ཀྱི་དགེ་འདུན་དེར་གྱུར་པ་དང༌། སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་སངས་རྒྱས་ཀྱི་ཞིང་ན་བྱང་ཆུབ་སེམས་དཔའ་མཚན་དང་དཔེ་བྱད་ཀྱིས་ལུས་སྤྲས་པ། དབྱིབས་དང་ལྡན་པ་ཆོས་གོས་དང་ཟས་དང་གནས་ལ་སོགས་པ་ཡོངས་སུ་ལོངས་སྤྱོད་པ་ཉེ་བར་ལོངས་སྤྱོད་པ་དང་ལྡན་པ་ཅི་འདྲ་བ་དེ་དག་ཡོད་པར་གྱུར་པ་དང༌། ཅི་འདྲ་བའི་ཆོས་དང་སྟེ། ཐེག་པ་གཅིག་དང་གསུམ་གྱི་རྟེན་ཅན་བསྟན་པ་དེ་དག་ཐམས་ཅད་སྐུ་གཅིག་ལ་སྟོན་པར་མཛད་དོ། །དེ་བདག་ཅི་འདྲ་དང་སྟེ་བྲམ་ཟེ་ལ་སོགས་པའི་རིགས་སུ་སྐྱེས་པ་གཟུགས་དང་བློ་དང་ལྡན་པ་ཁྱིམ་པ་དང་རབ་ཏུ་བྱུང་བར་གྱུར་པ་དང་ཆོས་ཐོས་ནས་ལྷག་མ་དང་བཅས་པ་དང༌། ལྷག་མ་མེད་པའི་བསླབ་པ་ཁས་བླངས་ཏེ་སྤྱོད་པ་གང་ལ་སྤྱད་པ་དང༌། སྦྱིན་པ་གང་ཇི་ཙམ་དེ་དག་ལ་ཕུལ་བ་སྟེ། སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་དང་བྱང་ཆུབ་སེམས་དཔའི་དགེ་འདུན་དང་བཅས་པ་དེ་དག་ལ་བཟའ་བ་ལ་སོགས་པ་དང༌། ཆོས་གོས་དང་རིན་པོ་ཆེའི་རྒྱན་ལ་སོགས་པ་གང་ཕུལ་བ་དང༌། ཇི་ཙམ་སྟེ་དུས་ཇི་ཙམ་པ་དང༌། ཚད་ཇི་ཙམ་ཕུལ་བ་དེ་མ་ལུས་པར་སྐུ་གཅིག་ལ་སྟོན་པར་མཛད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱུང་མཐའ་འདི་ཇི་ལྟར་སྟོན་པ། དེ་བཞིན་ཚུལ་ཁྲིམས་བཟོད་བརྩོན་ཏིང་འཛིན་དང༌། ཤེས་རབ་སྤྱོད་ཚེ་སྔར་གྱི་གནས་སྐབས་གང༌། མ་ཚང་མེད་དེ་མ་ལུས་སྐུ་གཅིག་ལ་སྟོན་མཛད། ཅེས་གོང་མ་དང་སྦྱར་རོ། །སྐུ་གཅིག་ལ་ཅིག་ཅར་གནས་སྐབས་ཐམས་ཅད་སྟོན་པ་ལྟ་ཞོག་གི་འོན་ཀྱང༌། ཉིད་སྤྱོད་པ་ཀུན། སྐུ་ཡི་བ་སྤུའི་ཁུང་བུར་འང་གསལ་བར་སྟོན། བདག་ཉིད་ཀྱི་སྤྱོད་པ་ཁོ་ན་སྟོན་པ་འབའ་ཞིག་ཏུ་མ་ཟད་ཀྱི། གཞན་ཡང༌། སངས་རྒྱས་གང་དག་འདས་དང་འབྱུང་འགྱུར་གང༌། །གང་དག་ད་ལྟར་ནམ་མཁའི་མཐར་ཐུག་པར། །གདངས་ཐོན་ཆོས་སྟོན་སྡུག་བསྔལ་གྱིས་བཟུང་བའི། །འགྲོ་དབུགས་འབྱིན་ཅིང་འཇིག་རྟེན་བཞུགས་པ་དང༌། །དང་པོའི་ཐུགས་གཟུང་བྱང་ཆུབ་སྙིང་པོའི་བར། །དེ་དག་སྤྱོད་ཀུན་དངོས་རྣམས་མིག་འཕྲུལ་གྱི། །རང་བཞིན་མཁྱེན་ནས་བདག་བཞིན་བ་སྤུ་ཡི། །ཁུང་བུར་དུས་གཅིག་ལ་ནི་གསལ་བར་སྟོན། །རེ་ཤིག་མིག་འཕྲུལ་གྱི་ཚུལ་ཤེས་པ་ཐ་མལ་པ་དག་ཀྱང་སྔགས་ཀྱི་མཐུ་རྣམ་པ་དེ་ལྟ་བུ་ཙམ་ཞིག་གིས་རང་གི་ལུས་ལ་དངོས་པོ་རྣམ་པ་སྣ་ཚོགས་པ་གནས་པར་སྟོན་ནུས་ན་ཅི་འགྲོ་བའི་དབང་ཕྱུག་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དངོས་པོའི་རང་བཞིན་མིག་འཕྲུལ་གྱི་རང་བཞིན་རྣམ་པ་དེ་ལྟ་བུ་དང་ཐ་མི་དད་པ་མཁྱེན་ནས་མི་སྤྱོད་པར་འགྱུར་རམ་[ཅི་]དེའི་ཕྱིར། མཁས་པ་གང་ཞིག་[སངས་རྒྱས་ཀྱི་ཡོན་ཏན་མཐའ་ཡས་པ་ལ་]སོམ་ཉི་ཟ་བར་[ཇི་ལྟར་]འགྱུར། །དེའི་ཕྱིར་མཁས་པས་དཔེ་འདིའི་སྒོ་ནས་གསལ་བར་[སངས་རྒྱས་ཀྱི་ཡོན་ཏན་རླབས་པོ་ཆེ་]འདི་ལ་ལྷག་པར་མོས་པར་བྱའོ། །ཇི་ལྟར་ཉིད་ཀྱི་སྤྱོད་པ་དང་དེ་བཞིན་གཤེགས་པ་གཞན་གྱི་སྤྱོད་པ་དག་དུས་གཅིག་ཏུ་རང་ཉིད་ཀྱི་བ་སྤུའི་ཁུང་བུར་སྟོན་པར་མཛད་པ། དེ་བཞིན་དུས་གསུམ་བྱང་ཆུབ་སེམས་དཔའ་དང༌། །རང་རྒྱལ་འཕགས་པ་ཉན་ཐོས་མ་ལུས་ཀྱི། །སྤྱོད་དང་དེ་ལྷག་སྐྱེ་བོའི་གནས་སྐབས་ནི། །ཐམས་ཅད་བ་སྤུའི་ཁུང་བུར་གཅིག་ཚེ་སྟོན། །སྐུ་ཕུན་སུམ་ཚོགས་པ་བརྗོད་ནས། རྣམ་པར་རྟོག་པ་མི་མངར་ཟིན་ཀྱང་བཞེད་པ་ལ་མངའ་བར་གྱུར་པ་ཉིད་ཕུན་སུམ་ཚོགས་པར་བསྟན་པའི་ཕྱིར་བཤད་པ། དག་པ་འདི་ནི་བཞེད་པ་འཇིག་པ་ཡིས། །རྡུལ་གཅིག་ཡུལ་ལ་མཁའ་གཏུགས་འཇིག་རྟེན་དང༌། །འཇིག་རྟེན་མཐའ་ཡས་ཕྱོགས་ཁྱབ་རྡུལ་སྟོན་མོད། །རྡུལ་རགས་མི་འགྱུར་འཇིག་རྟེན་ཕྲ་མི་འགྱུར།།སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ནི་བཞེད་པའི་སྒོ་ནས་ནམ་མཁའི་མཐས་གཏུགས་པའི་འཇིག་རྟེན་རྡུལ་ཕྲ་རབ་གཅིག་གི་ཡུལ་ལ་སྟོན་པར་སྤྱོད་དེ། འཇིག་རྟེན་ཕྲ་བར་ཡང་མི་འགྱུར་ཞིང་རྡུལ་ཕྲ་རབ་རགས་པར་ཡང་མི་འགྱུར་ལ། བཞེད་པ་ཉིད་ཀྱིས་རང་གི་ངོ་བོ་ཇི་ལྟར་གནས་པར་ཡང་དེ་ལྟར་ཡང་དག་པར་སྟོན་ཏོ། །འཇིག་རྟེན་མཐའ་ཡས་ཕྱོགས་ཁྱབ་རྡུལ་ཡང་སྟོན་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བཞེད་པ་ཙམ་གྱིས་མཐའ་ཡས་ཕྱོགས་ཏེ་འཇིག་རྟེན་མ་ལུས་པའི་འཇིག་རྟེན་རྡུལ་ཕྲ་རབ་གཅིག་གིས་ཁྱབ་པར་ཡང་སྟོན་པར་མཛད་དོ། །དེ་བཞིན་དུ། རྣམ་རྟོག་མི་མངའ་ཁྱོད་ཀྱི་སྲིད་མཐའི་བར། །སྐད་ཅིག་དེ་རེ་རེ་ལ་སྤྱོད་སྣ་ཚོགས། །ཇི་སྙེད་སྟོན་པ་དེ་སྙེད་འཛམ་བུའི་གླིང༌། །མ་ལུས་རྡུལ་གང་དེ་དག་ལ་གྲངས་མེད། །རྣམ་པར་རྟོག་པ་མི་མངའ་བ་ཁྱོད་འཁོར་བའི་བར་དུ་སྐད་ཅིག་དང་སྐད་ཅིག་ལ་སྤྱོད་པ་སྣ་ཚོགས་སྟོན་པའི་ཚད་གང་ཡིན་པའི་ཚད་དེའི་གྲངས་ནི་འཛམ་བུའི་གླིང་མ་ལུས་པ་ན། རྡུལ་ཕྲ་རབ་ཇི་སྙེད་ཡོད་པ་དེ་དག་ལ་ཡོད་པ་མ་ཡིན་ནོ། །ཞེས་འདི་ནི་ཐུན་མོང་མ་ཡིན་པའི་ཡོན་ཏན་ཕུལ་དུ་བྱུང་བར་བརྗོད་པའི་སྒོ་ནས་སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ་ཡིན་ནོ། །[འདི་རྣམས་ཀྱིས་ཀྱང་ཁ་ཅིག་སངས་རྒྱས་མེད་པར་འདོད་པ་དང༌། ཡེ་ཤེས་མེད་པར་འདོད་པ་དང༌། སངས་རྒྱས་ཀྱི་ཡོན་ཏན་མེད་པར་འདོད་པ་དང༌། རང་སྟོང་ངོ་ཤེས་པ་ཙམ་གྱིས་སངས་རྒྱས་ཐོབ་པར་འདོད་པ་དང༌། སངས་རྒྱས་ཐོབ་ཀྱང་དེའི་ཡོན་ཏན་མ་ཐོབ་པར་འདོད་པ་ལ་སོགས་པ་ལྟ་ངན་གྱི་ཟང་ཟིང་མང་པོ་འདི་རྣམས་བསལ་བ་ཡིན་ནོ།།]ཞེས་སོ། །

དེ་ཐམས་ཅད་བསམ་གྱིས་མི་ཁྱབ་ཅིང་ངོ་མཚར་བར་བསྟན་པ།

དད་པའི་སྟོབས་བསྐྱེད་པ་ལ་འཇུག་པའི་ཕྱག་རྒྱའི་མདོར་ཡང༌། འཇམ་དཔལ་འདི་ལྟ་སྟེ། [རྟག་པ་མཐའ་བཟུང་]དཔེར་[བྱས་ནས་དོན་རླབས་པོ་ཆེ་སེམས་ཅན་གྱི་བློ་ལས་འདས་པ་བསྟན་]ན་མཚོ་དཔག་ཚད་འབུམ་ཕྲག་ལྔ་པ་བྱ་རོག་གིས་བཏུང་ཏུ་རུང་བར་མུ་དང་ཁ་ད་ཆོད་དུ་གྱུར་པ། པད་མའི་འདབ་མས་གཡོགས་པ་ཞིག་ཡོད་[པའི་དབང་དུ་བྱས་]ལ། དེ་ལ་སྐྱེས་བུ་ལ་ལ་ཞིག་གིས་ལྕགས་ཀྱི་ཤིང་རྟ་འཕང་ལོའི་རྩིབས་མ་སྟོང་ཡོད་པ་ནམ་མཁའ་ལྡིང་གི་མགྱོགས་པ་བས་ཀྱང་ལྷག་པའི་རྟ་དེ་ལྟ་བུར་མགྱོགས་པས་ཤིང་རྟ་དྲངས་ཏེ། དེ་ལྟར་མགྱོགས་པའི་ཤིང་རྟ་དྲངས་ནས་འཕང་ལོ་ལའང་ཆུས་མི་རེག །རྟའི་རྨིག་པས་ཀྱང་པད་མའི་འདབ་མ་མི་རྟོལ་བ་དེ་ལྟ་བུའི་ཤིང་རྟ་དེ་དྲངས་པ་ལས། མཚོ་ཆེན་པོ་དེ་ནས་སྦྲུལ་གདུག་པ་ཞིག་སྟེང་དུ་བྱུང་སྟེ། སྐད་ཅིག་གང་ལ་ཤིང་རྟ་བསྒྱུར་བའི་སྐད་ཅིག་དེ་ལ་སྦྲུལ་གདུགས་པ་དེས་ཤིང་རྟ་དེ་ལན་བཅུར་བསྐོར་ཏེ། འཇམ་དཔལ་སྐད་ཅིག་གང་གིས་སྤྲུལ་གདུག་པས་ཤིང་རྟ་དེ་ལན་གཅིག་བསྐོར་བའི་སྐད་ཅིག་དེ་ལ་དགེ་སློང་ཀུན་དགའ་བོས་ཆོས་རྣམ་པ་བཅུ་བསྟན་པ་བཤད་དེ་དོན་ཀྱང་རིག་པར་བྱེད་དོ། །དགེ་སློང་ཀུན་དགའ་བོས་སྐད་ཅིག་གང་ལ་ཆོས་གཅིག་བསྟན་པ་བཤད་པའི་སྐད་ཅིག་དེ་ལ་དགེ་སློང་ཤཱ་རིའི་བུས་ཆོས་རྣམ་པ་སྟོང་བསྟན་པ་བཤད་ནས་དོན་ཀྱང་རིག་པར་བྱེད་དོ། །དགེ་སློང་ཤཱ་རིའི་བུས་སྐད་ཅིག་གང་ལ་ཆོས་གཅིག་བསྟན་པ་བཤད་པའི་སྐད་ཅིག་དེ་ལ་གནས་བརྟན་མོའུ་དགལ་གྱི་བུས་འཇིག་རྟེན་གྱི་ཁམས་བརྒྱད་ཁྲི་[རྫུ་འཕྲུལ་གྱིས་]འདའོ། །གནས་བརྟན་མོའུ་དགལ་གྱི་བུས་སྐད་ཅིག་གང་ལ་འཇིག་རྟེན་གྱི་ཁམས་གཅིག་འདས་པའི་སྐད་ཅིག་དེ་ལ་དེ་བཞིན་གཤེགས་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམས་ཐམས་ཅད་ཀྱི་གླིང་རེ་རེར་དགའ་ལྡན་གྱི་གནས་ན་གནས་པ་ལས་འཕོ་བ་དང༌། སྐྱེ་བ་དང༌། མངོན་པར་འབྱུང་བ་དང༌། དཀའ་བ་སྤྱོད་པ་དང༌། སྦྱོར་བ་[སྟེ་རྣལ་འབྱོར་མཛད་པ་]དང༌། བྱང་ཆུབ་ཀྱི་སྙིང་པོར་བཞུད་པ་དང། བདུད་འདུལ་བ་དང༌། མངོན་པར་རྫོགས་པར་བྱང་ཆུབ་པ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། མྱ་ངན་ལས་འདས་པ་ཆེན་པོ་[སྟོན་པ་]དང༌། ཆོས་གནས་པ་དང༌། ཆོས་ནུབ་པ[འི་བར་ཐམས་ཅད་]དུས་གཅིག་ཏུ་སྟོན་ཏོ། །མུ་སྟེགས་ཅན་གྱི་གནས་ཀྱི་སྤྱོད་པ་དང༌། སྐྱེས་པའི་རབས་ཐམས་ཅད་དུ་ཡང་དུས་གཅིག་ཏུ་སྣང་ངོ༌། །ཞེས་སོགས་བསམ་གྱིས་མི་ཁྱབ་པའི་ཚུལ་ཤིན་ཏུ་ངོ་མཚར་ཞིང་རྨད་དུ་གྱུར་པ་གསུངས་སོ། །[འདི་རྣམས་ཀྱིས་ཀྱང༌། ཁ་ཅིག་སྣང་ཚད་སྤྲུལ་སྐུ་དང༌། སྟོང་ཚད་ཆོས་སྐུ་དང༌། རིག་ཚད་ལོངས་སྐུ་དང༌། དབྱེར་མེད་ཚད་ངོ་བོ་ཉིད་སྐུར་འདོད་པས། ཁམས་གསུམ་འདི་ཐམས་ཅད་རྒྱལ་བ་སྐུ་གསུམ་མམ་སྐུ་བཞིར་འདོད་པ་ལ་སོགས་པ་ལྟ་བ་མཐོན་པོར་འདོད་པ་འདི་རྣམས་ལྟ་བའི་སྙིགས་མ་བདོ་བའི་རྣམ་འགྱུར་དུ་གསལ་བར་བྱས་སོ།།]

ཤིན་ཏུ་ངོ་མཚར་བའི་འཕྲིན་ལས་ཕུན་ཚོགས་བཤད་པ་ལ་གསུམ། འཕྲིན་ལས་དང་དེའི་འབྱུང་གནས་མདོར་བསྟན་པ།

དེ་ལྟར་དེ་བཞིན་གཤེགས་པ་ལ་རྟོག་པ་དང་རྩོལ་བ་མི་མངའ་བཞིན་དུ་གཞན་ལ་ཕན་པ་སྣ་ཚོགས་རྒྱུན་མི་འཆད་པར་ཕྱོགས་དུས་རབ་འབྱམས་ཀུན་ཏུ་ལྷུན་གྱིས་གྲུབ་པར་འཇུག་པའི་འཕྲིན་ལས་མངའ་སྟེ། དེ་ཡང་རྒྱུད་བླ་མར། གདུལ་བྱའི་ཁམས་[གང་ཞིག་]དང་[དེ་]འདུལ་བའི་ཐབས་[མང་པོ་གང་དག་]དང་ནི། །གདུལ་བྱའི་ཁམས་ཀྱིས་གདུལ་བའི་བྱ་བ་[མང་པོ་]དང༌། །དེ་ཡི་ཡུལ་དང་དུས་སུ་གཤེགས་པ་ལ། །ཁྱབ་བདག་རྟག་ཏུ་[མི་རྟོག་ཅིང་འབད་མེད་]ལྷུན་གྱིས་གྲུབ་པར་འཇུག །ཅེས་དང༌། གཞན་[གདུལ་བྱ་རྣམས་]གྱི་དབང་གིས་[སངས་རྒྱས་ཀྱི་ཐུགས་རྗེ་]ངེས་[པར་]འབྱུང་[བ་]དང༌། །བདག་དང་སེམས་ཅན་མཚུངས་གཟིགས་དང༌། །མཛད་པ་ཡོངས་སུ་མ་རྫོགས་[ཏེ་རྫོགས་པ་མི་སྲིད་པའི་]ཕྱིར། །འཁོར་བ་[ཇི་]སྲིད་དུ་མཛད་[པ་རྒྱུན་]མི་འཆད། །ཅེས་དང༌། མངོན་རྟོགས་རྒྱན་དུ་ཡང༌། དེ་བཞིན་འཁོར་བ་ཇི་སྲིད་[དུ་སངས་རྒྱས་]འདིའི། །[འཕྲིན་]ལས་ནི་རྒྱུན་མི་འཆད་པར་འདོད། །ཅེས་པ་ལ་སོགས་པ་ནས། ཆོས་ཀྱི་སྐུ་ཡི་འཕྲིན་ལས་ནི། །རྣམ་པ་ཉི་ཤུ་བདུན་དུ་བཞེད། །ཅེས་པའི་མཐར་ཐུག་པ་དང༌། གསེར་འོད་དམ་པའི་མདོར་ཡང༌། རིགས་ཀྱི་བུ་ཇི་ལྟར་ན་ཆོས་ཀྱི་དེ་བཞིན་ཉིད་དང༌། དེ་བཞིན་ཉིད་ཀྱི་ཡེ་ཤེས་ལ་རྣམ་པར་རྟོག་པ་མི་མངའ་བཞིན[དུ]། འཕྲིན་ལས་ལ་མངའ་བརྙེས་པ་ཡིན་ཞེ་ན། རིགས་ཀྱི་བུ་དཔེར་ན། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ཀྱང་སྨོན་ལམ་ལ་མངའ་བརྙེས་པས་འཕྲིན་ལས་ཀྱི་རྣམ་པ་ཐམས་ཅད་ཀྱང་མཛད་དེ། དེ་བཞིན་ཉིད་དང་དེ་བཞིན་ཉིད་ཀྱི་ཡེ་ཤེས་ཀྱིས་དོན་ཐམས་ཅད་གྲུབ་པར་མངའ་མཛད་པ་ཡང་དེ་བཞིན་ནོ། །ཞེས་སོགས་དང༌། མདོ་སྡེའི་རྒྱུན་དུ་ཡང༌། སྟོབས་སོགས་སངས་རྒྱས་[ཀྱི་]ཆོས་རྣམས་ལ། །བྱང་ཆུབ་[ཆེན་པོ་ནི་]རིན་ཆེན་འབྱུང་གནས་[དང་]འདྲ། །འགྲོ་བའི་དགེ་བའི་ལོ་ཐོག་[སྤེལ་བ་]ལ། །སྤྲིན་ཆེན་དང་ཡང་འདྲ་བར་འདོད། །བསོད་ནམས་ཡེ་ཤེས་[ཀྱི་ཆ་ཤས་རྣམས་]རབ་རྫོགས་ཕྱིར། །ཟླ་བ་ཉ་བ་ལྟ་བུར་འདོད། །ཡེ་ཤེས་སྣང་བ་བྱེད་པའི་ཕྱིར། །ཉི་མ་ཆེན་པོ་འདྲ་བར་འདོད། །ཇི་ལྟར་ཉི་མའི་དཀྱིལ་འཁོར་གྱི། །འོད་ཟེར་དཔག་ཏུ་མེད་འདྲེས་ཤིང༌། །རྟག་ཏུ་[སྨིན་པ་དང་སྐེམས་པ་ལ་སོགས་པ་]བྱ་བ་གཅིག་[པ་སྟེ་མཐུན་པ་]ལ་འཇུག །འཇིག་རྟེན་ལ་ཡང་སྣང་བར་བྱེད། །དེ་བཞིན་ཟག་མེད་དབྱིངས་ན་ཡང༌། །སངས་རྒྱས་དཔག་ཏུ་མེད་[པ་གཅིག་ཏུ་]འདྲེས་ཤིང༌། །མཛད་པ་[ཐམས་ཅད་གཞན་ཕན་དུ་]གཅིག་[པ་]ནི་མཛད་པ་ལ། །ཡེ་ཤེས་སྣང་བ་མཛད་པར་འདོད། །དཔེར་ན་ཉི་མའི་འོད་ཟེར་གཅིག །བྱུང་ན་འོད་ཟེར་ཀུན་འབྱུང་བ། །དེ་བཞིན་སངས་རྒྱས་རྣམས་ཀྱི་ཡང༌། །ཡེ་ཤེས་[དུས་གཅིག་ཏུ་]འབྱུང་བར་ཤེས་པར་བྱ། །ཇི་ལྟར་ཉི་མའི་འོད་ཟེར་དག །[སྨིན་སོགས་ཀྱི་བྱ་བ་ལ་]འཇུག་[པ་]ལ་བདག་གིར་བྱ་བ་མེད། །དེ་བཞིན་སངས་རྒྱས་ཡེ་ཤེས་ཀྱང༌། །འཇུག་ལ་བདག་གིར་མཛད་མི་མངའ། །ཉི་མའི་འོད་ཟེར་གཅིག་བཏང་བས། །འགྲོ་བ་སྣང་བར་བྱེད་པ་ལྟར། །དེ་བཞིན་ཤེས་བྱ་ཐམས་ཅད་ལ། །སངས་རྒྱས་ཡེ་ཤེས་ཅིག་ཅར་སྣང༌། །ཞེས་དང༌།

དཔེ་དང་བཅས་ཏེ་རྒྱས་པར་བཤད་པ།

འདི་ན་འཇིག་རྟེན་ཕྱོགས་ཕྱོགས་[སུ་]རྒྱལ་བའི་ལེགས་བཤད་པས། །དགེ་བ་[བསགས་ནས་]འཕེལ་བའི་འཇིག་རྟེན་[རྣམས་ནི་རྣམ་པར་གྲོལ་ནས་]རྣམ་དག་མཆོག་ཏུ་འགྲོ། །དགེ་བ་མ་བསགས་[པ་རྣམས་ནི་]དགེ་བ་འཕེལ་བའི་མཆོག་ཏུ་འགྲོ། །དེ་ལྟར་མ་སྨིན་[པ་རྣམས་ནི་]སྨིན་པ་[དང་སྨིན་པ་རྣམས་ནི་གྲོལ་བར་]རྟག་[ཏུ་]འགྲོའང་[འཇིག་རྟེན་མཐའ་ཡས་པའི་ཕྱིར་སེམས་ཅན་གཅིག་ཀྱང་]མ་ལུས་[པར་འགྲོ་བ་]མིན[ནོ]། །དེ་ལྟར་[ན་]འཇིག་རྟེན་ཕྱོགས་ཕྱོགས་[སུ་]བརྟན་[པ་རྒྱལ་སྲས་]རྣམས་རྟག་པར་དུས་ཀུན་ཏུ། །བྱང་ཆུབ་ཆེན་པོ་ཐོབ་དཀའ་ཡོན་ཏན་མཆོག་ལྡན་རྨད་བྱུང་ཅན། །རྟག་[ཅིང་]བརྟན་[ལ་མི་འགྱུར་བ་གང་ཞིག་སེམས་ཅན་]སྐྱབས་མེད་རྣམས་ཀྱི་སྐྱབས་གང་ཡིན་པ་ཐོབ་པ་དེ། །ཡ་མཚན་ཆེ་ལ་[རྣམ་པ་གཅིག་ཏུ་ན་དེ་དང་མཐུན་པའི་ལམ་]ཚུལ་བཟང་[པོ་]སྤྱད་ཕྱིར་ཡ་མཚན་ཆེ་བའང་མེད[དེ་རྒྱུ་དེ་ལ་འབྲས་བུ་དེ་ལས་འོས་མེད་པས་སོ]། །དེ་ནི་ཅིག་ཅར་[དུ་ཡུལ་དུས་]ལ་ལར་སྒོ་མང་བརྒྱ་[སྟོང་མཐའ་ཡས་པ་]ནས་ཆོས་ཀྱི་འཁོར་ལོ་[བསྐོར་བ་]དང༌། །[ཡུལ་དུས་]ལ་ལར་སྐྱེ་བ་མི་སྣང་[ཡུལ་དུས་]ལ་ལར་[སྐྱེས་རབས་ཀྱི་]སྐྱེ་བོའི་སྤྱོད་པ་སྣ་ཚོགས་དང༌། །[ཡུལ་དུས་]ལ་ལར་བྱང་ཆུབ་ཐམས་ཅད་[མངོན་པར་སངས་རྒྱས་པ་དང་ཡུལ་དུས་]ལ་ལར་[སངས་རྒྱས་]དེ་ནི་མྱ་ངན་འདས་[པ་སྟེ་གྲོངས་པའི་ཚུལ་]སྟོན་ཀྱང༌། །དེ་ནི་[ཟག་མེད་ཀྱི་]གནས་[སམ་དབྱིངས་]དེ་ལས་[ཐམས་ཅད་]ཀྱང་རྣམ་པར་གཡོ་མི་མངའ་ལ་[འཕྲིན་ལས་]ཐམས་ཅད་[ཀྱང་]མཛད། །སངས་རྒྱས་རྣམས་ནི་འདི་སྙམ་[དུ་]ལུས་ཅན་འདི་ནི་བདག་གིས་[སྔར་]སྨིན་པར་བྱས་ཞེའམ།།འདི་ནི་[ད་]རབ་ཏུ་སྨིན་བྱ་[ཞེའམ་]གཞན་ཡང་དེ་ལྟར་སྨིན་པར་བྱེད་སྙམ་དུ། །འདུ་མཛད་[པ་]མི་མངའ་བར་ཡང་ཕྱོགས་ཕྱོགས་ཀུན་ཏུ་རྟག་པར་[ཐེག་པ་གསུམ་གྱི་]སྒོ་གསུམ་ནས། །དགེ་བའི་ཆོས་རྣམས་ཀྱིས་ནི་སྐྱེ་བོར་རབ་ཏུ་སྨིན་པར་འགྱུར་བ་ཉིད། །ཇི་ལྟར་ཉི་མ་འབད་མེད་ཕྱོགས་ཕྱོགས་ཀུན་ཏུ་འོད་ཟེར་དག །རབ་འབྱམས་གསལ་བ་མང་པོས་ལོ་ཐོག་རྣམས་སྨིན་[པར་]བྱེད་པ་ལྟར། །དེ་བཞིན་[དུ་]ཆོས་ལྡན་[གྱི་]ཉི་མའང་རབ་ཞི་བྱེད་པ་ཆོས་ཀྱི་འོད། །རབ་འབྱམས་དག་གིས་ཕྱོགས་ཕྱོགས་ཀུན་ཏུ་སེམས་ཅན་རྣམས་སྨིན་མཛད། །ཇི་ལྟར་མར་མེ་གཅིག་ལས་མར་མེའི་ཚོགས་རབ་མང༌། །དཔག་མེད་གྲངས་མེད་བྱུང་ཡང་དེ་ལ་ཟད་པ་མེད། །དེ་བཞིན་སྨིན་པ་གཅིག་ལས་སྨིན་པའི་ཚོགས་རབ་མང༌། །གྲངས་མེད་དཔག་མེད་བྱུང་ཡང་དེ་ལ་ཟད་པ་མེད། །ཇི་ལྟར་རྒྱ་མཚོ་ཆེན་པོ་འདི་ནི་ཆུ་ཡིས་ངོམས་པར་མི་འགྱུར་ཞིང༌། །ཆུ་ཆེན་མང་པོ་རབ་ཏུ་འབབ་པས་འཕེལ་བར་ཡང་ནི་མི་འགྱུར་བ། །དེ་བཞིན་སངས་རྒྱས་ཁམས་[ཏེ་དབྱིངས་]ཀྱང་དག་པ་འཇུག་པ་རྟག་རྒྱུན་མི་འཆད་པས། །[ཆོས་ཀྱི་དབྱིངས་ལ་གོ་སྐབས་མཐའ་ཡས་པའི་ཕྱིར་]ངོམས་པ་མི་མངའ་[དེ་ལས་ལྷག་པར་འགྱུར་བ་མི་སྲིད་པའི་ཕྱིར་]འཕེལ་བར་མི་འགྱུར་[བ་]ཏེ་འདིར་རྨད་དུ་བྱུང་བའི་མཆོག །ཅེས་དང༌། ཇི་ལྟར་[ལྷའི་]རྔ་དག་མ་བརྡུངས་པར། །སྒྲ་ནི་ཀུན་ཏུ་འབྱུང་བ་ལྟར། །དེ་བཞིན་རྒྱལ་བ་གཟའ་[འམ་འཛིན་པ་སྟེ་རྣམ་རྟོག་]མེད་པར། །[སྔོན་གྱི་སྨོན་ལམ་གྱི་དབང་གིས་]བཤད་པ་དག་ནི་ཀུན་ཏུ་འབྱུང༌། །ཇི་ལྟར་ནོར་བུ་འབད་མེད་པར། །རང་གི་འོད་ནི་སྟོན་པ་ལྟར། །སངས་རྒྱས་རྣམས་ཀྱང་གཟའ་[འམ་འཛིན་པ་སྟེ་རྣམ་རྟོག་]མེད་པར། །དེ་བཞིན་མཛད་པ་ངེས་པར་སྟོན། །ཇི་ལྟར་མཁའ་ལ་འཇིག་རྟེན་གྱི། །བྱ་བ་རྒྱུན་མི་འཆད་པར་སྣང༌། །དེ་བཞིན་ཟག་མེད་[དོན་དམ་གྱི་]དབྱིངས་ན་ཡང༌། །རྒྱལ་བའི་མཛད་པ་རྒྱུན་མི་འཆད། །[ཇི་ལྟར་མཁའ་ལ་རྟག་ཏུ་ནི། །བྱ་བ་ཉམས་ཤིང་འབྱུང་བ་ལྟར། །དེ་བཞིན་ཟག་མེད་དབྱིངས་ན་ཡང༌། །སངས་རྒྱས་འཕྲིན་ལས་སྐྱེ་ཞིང་འབྲི།།]ཅེས་དང༌། [ཆུ་]ཀླུང་དག་ས་ཡི་འོག་ཏུ་མ་སོང་བ[རྣམས]། །གནས་རྣམས་ཐ་དད་ཆུ་ཡང་ཐ་དད་ལ། །ཆུ་ཡང་ཆུང་ཞིང་བྱ་བ་ཐ་དད་བྱེད། །ཆུ་གནས་སྲོག་ཆགས་ཕྲ་མོ[ཉུང་ངུ]འི་ཉེར་སྤྱད་འགྱུར། །རྒྱ་མཚོར་སོང་བར་གྱུར་ན་ཐམས་ཅད་ཀྱང༌། །གནས་རྣམས་གཅིག་ཅིང་ཆུ་ཡང་ཆེ་ལ་གཅིག །བྱ་བ་གཅིག་ཅིང་ཆུ་ལ་གནས་པ་ཡི། །སྲོག་ཆགས་མང་པོའི་རྟག་ཏུ་ཉེར་སྤྱད་ཆེ། །[དེ་བཞིན་དུ་]སངས་རྒྱས་[ཀྱི་རྒྱ་མཚོ་]ཉིད་དུ་མ་ཞུགས་[བར་གྱི་]བརྟན་པ་[རྒྱལ་སྲས་]རྣམས། །རྟེན་[ཀུན་གཞི་རྣམ་ཤེས་]ཀྱང་ཐ་དད་བློ་གྲོས་ཐ་དད་ཅིང༌། ། རྟོགས་[པ་]ཆུང་[ཞིང་རང་]རང་གི་བྱ་བ་ཐ་དད་[བྱེད་]ལ། །སེམས་ཅན་ཉུང་དོན་རྟག་ཏུ་ཉེར་སྤྱད་འགྱུར། །སངས་རྒྱས་[ཀྱི་རྒྱ་མཚོ་]ཉིད་དུ་ཞུགས་ན་དེ་དག་ཀུན། །རྟེན་[ཀུན་གཞི་ཡེ་ཤེས་]ཡང་གཅིག་ཅིང་རྟོགས་པ་ཆེ་ལ་གཅིག ། མཛད་པ་གཅིག་ཏུ་འདྲེས་ཤིང་རྟག་པར་ཡང༌། །སེམས་ཅན་ཚོགས་ཆེའི་ཉེ་བར་སྤྱད་པ་ཆེ། །ཞེས་སོགས་དང༌། ཡེ་ཤེས་ལེའུར་ཡང༌། སྐྱེ་བ་སྔ་མར་[སེམས་ཅན་རང་]རང་གི་སྙིང་གིས་[ཏེ་སེམས་ཀྱིས་]བསྐྱེད་པའི་ཞི་[བ་]དང་ཆགས་པ་[དང་ཁྲོ་བ་]ལ་སོགས་དངོས་པོ་རྣམས་ཀྱི་ནི། །བག་ཆགས་སྟོབས་ཀྱིས་[ཆོས་ཉིད་ཀྱི་]འཁོར་ལོ[སྲིད་གསུམ་ཀུན་ནས་དང་བ]ར་གནས་པ[འི་སངས་རྒྱས་བདེ་བ་ཆེན་པོར་རོ་]གཅིག་[པ་དེ་ཉིད་]ནི་[རྣམ་པ་]དུ་མར་མཐོང་སྟེ་[གདུལ་བྱའི་སྔོན་གྱི་]སྨོན་ལམ་[གྱི་]ཡོན་ཏན་དབང་གིས་སོ། །དོན་གཅིག་[ཉིད་ལ་]དུ་མའི་སྐད་ནི་[སེམས་ཅན་]རང་རང་[གི་བསམ་པའམ་ཁམས་ཀྱི་]དངོས་པོ་རྣམས་ཀྱིས་[གདུལ་བྱར་གྱུར་པའི་]སྲོག་ཆགས་རྣམས་ཀྱི་སྙིང་ལ་[མཐུན་པར་]རབ་ཏུ་འཇུག །[ཁྱིམ་ན་]གནས་[པ་]ཅན་རྣམས་ཀྱི་བསོད་ནམས་[སྤེལ་བའི་]སླད་དུ་[ཆོས་ཀྱི་]འཁོར་ལོ[སྲིད་གསུམ་ཀུན་ནས་དང་བ]ར་གནས་པ[འི་སྤྲུལ་པ་]བསོད་སྙོམས་ལ་ནི་རྣམ་པར་རྒྱུ་རུ་གཤེགས། །དུད་འགྲོ་[དང་]ཡི་དྭགས་[དང་]ལྷ་མིན་རྣམས་དང་ལྟོ་འཕྱེ་[ཆེན་པོ་ཀླུ་དང་]ལྷ་དང་མི་ནི་འཕགས་པ[འི་ཡུལ་རྒྱ་གར་དང་]བོད་[དང་རྒྱ་ནག་]ལ་སོགས་[པ་མཐའ་ཡས་པ་]རྣམས་ལ། །[ཆོས་]བྱུང་[བ་འདས་པ་]དང་འབྱུང་འགྱུར་[མ་འོངས་པ་དང་]ད་ལྟར་བྱུང་བ་རྣམ་པ་གསུམ་[གྱི་ཆོས་ཀུན་རྫོབ་པ་རྟག་ཏུ་བརྫུན་པ་]དང་[དོན་དམ་བདེ་གཤེགས་སྙིང་པོ་]རྟག་ཏུ་བདེན་པའི་ཆོས་ནི་གསུང་བྱེད་ཅིང༌། །རང་རང་སྐད་གཞན་དག་གིས་སྲིད་པ་གསུམ་པོ་མ་ཚང་མེད་པ་[ཐར་པའི་]ལམ་ལ་ཡང་དག་འགོད་བྱེད་པ། །འདི་ནི་[གདུལ་བྱ་ལ་]བདེ་མཉམ་[གྱི་]འབྲས་བུ་སྟེར་བ་ཐམས་ཅད་མཁྱེན་པའི་གསུང་སྟེ་[ལེགས་པར་སྦྱར་བ་]ལྷ་ཡི་སྐད་ཀྱང་མ་ཡིན་[ཞིང་ཀྱང་གི་སྒྲས་ཉི་ཚེ་བའི་སྐད་གཞན་རྣམས་ཀྱང་མ་ཡིན་]ནོ། །སངས་རྒྱས་རྣམས་ཀྱིའང་རྟོགས་བྱ་མིན་པ་[ཞེས་པ་ལ་དོར་བའི་ཚིག་སྟེ་ཤིན་ཏུ་རྟོགས་དཀའ་ཞེས་པའི་དོན་ཏོ།།]དཔག་མེད་ཡོན་ཏན་[ནི་བྲལ་བ་དང་རྣམ་པར་སྨིན་པའི་ཡོན་ཏན་རྣམས་ཏེ་དེ་རྣམས་]དང་ལྡན་[པ་]སངས་རྒྱས་སྤྲུལ་པ་སྒྱུ་མ་[ལྟ་བུ་]ནི། །སྲིད་པ་གསུམ་གྱི་གནས་སུ་བདག་ཉིད་སྟོན་པར་བྱེད་དེ་[དཔེར་ན་ནམ་མཁའ་ལ་]བརྒྱ་བྱིན་གཞུ་ནི་ཇི་བཞིན་ཉིད་དུའོ། །[སྐུ་དང་གསུང་གི་རྣམ་འགྱུར་དང་རིང་བསྲེལ་ལ་སོགས་པའི་སྣང་བ་]སྣ་ཚོགས་[ཀྱི་]དངོས་[པོ་]རྣམས་ཀྱིས་ཕྱེ་[བའི་]རྒྱལ་བ་དང་བཅས་[པ་]ལྷ་མི་རྣམས་ཀྱི་རང་རང་སེམས་ལ་རབ་ཞུགས་པ[འི་སྣང་བ]། །འདི་ནི་[སྐྱེས་པ་ལྟར་སྣང་ཡང་]མ་སྐྱེས་ཆོས་ཏེ་[དཔེར་ན་]ཆུ་[དང་བ་]ལ་ནམ་མཁའ[འི་ཁ་ཏོག་སྣང་བ་]བཞིན་དུ་འདིར་ནི་[སྐྱེ་བ་མེད་ཀྱང་]སྐྱེ་བ[ལྟ་བུ]ར་འཁྲུལ་བ་སྟེར་བའོ། །ཞེས་དང༌། [ཆོས་སྐུ་ཐོབ་པ་]དེ་དག་རྣམས་ཀྱིས་དུས་ཀྱི་འཁོར་ལོ་རྫུ་འཕྲུལ་རབ་ཏུ་གསལ་བྱེད་ཆེན་པོ་དུ་མ་སྤྲུལ་པའི་སྐུ[འཕྲོ་བས་གཞན་དོན་མཛད་དེ་འདི་ལྟར]། །རྡོ་རྗེ་འབར་བ་འཕྲོ་བ་[ཁྲོ་བོ་]རྣམས་ཀྱིས་འདོད་པའི་ཁམས་ན་གནས་པ་[གདུག་པའི་ལྷ་དང་]ལྷ་མིན་དང་ནི་མི་རྣམས་[ཀྱི་དོན་མཛད་པ་]དང༌། །ལོངས་སྤྱོད་རྫོགས་པ[འི་སྐུ]ས་གཟུགས་ཅན་[ཞེས་པ་གཟུགས་ཁམས་ཀྱི་ལྷ་]རྣམས་དང་[ནམ་]མཁའ་ལ་རྒྱལ་བའི་སྲས་[རྣམས་པ་དང་]སོགས་[ཀྱི་སྒྲས་རང་རྒྱལ་དང་]དགྲ་བཅོམ་རྣམས་ལ་ཆོས་སྐུ་ཡིས[དོན་མཛད་དོ]། །[བདེ་གཤེགས་སྙིང་པོ་ཁམས་ལྔར་གནས་པ་ལས་]སྟོང་པའི་ཆ་ཡིས་[ནི་]སྲིད་གསུམ་མཐའ་དག་སྟོང་པའི་ཟད་པར་[དུ་སྟོན་ཅིང་དེ་བཞིན་དུ་]རླུང་[གི་ཆ་]རྣམས་ཀྱིས་ནི་[སྲིད་གསུམ་མཐའ་དག་]རླུང་གི་ཟད་པར་[དུ་སྟོན་]ཏེ། །མེ་ཡི་ཆ་ཤས་རྣམས་ཀྱིས་[སྲིད་གསུམ་མཐའ་དག་]མེ་ཡི་ཟད་པར་[དུ་སྟོན་ལ་]ཆུ[འི་ཟད་པར་]ཡང་འགྲོ་ལ་སྤྲོས་[ནས་སྟོན་]པ[ནི་བདེ་གཤེགས་སྙིང་པོ]འི་ཆུ་ཡི་ཆ་རྣམས་ཀྱིས[སོ]། །འཛིན་མ[སྟེ་ས]འི་ཆ་ཤས་རྣམས་ཀྱི་[སྲིད་གསུམ་མཐའ་དག་]ས་ཡི་ཟད་པར་[དུ་སྟོན་ལ་]ཚོགས་པའི་ཡུལ་[གཟུགས་སོགས་གཞན་]རྣམས་ཀྱིས་ནི་[གཟུགས་སོགས་]དངོས་པོའི་རང་བཞིན་[གཞན་]ཀུན། །ཀུན་ནས་ནམ་མཁའ་དག་དང་མཚུངས་པ་[ཆོས་ཀྱི་དབྱིངས་]གཅིག་གི་བདག་ཉིད་འདི་ནི་དག་པའི་ས་[སྟེ་སེམས་དག་པ་]ལ་སྟོན་པར་མཛད། །དེ་ལྟར་སངས་རྒྱས་སྐུར་གྱུར་བདེ་བ་གཅིག་པུ[རྡོ་རྗེ་ལྟ་བུ]འི་རང་བཞིན་[ཡིན་པའི་]ཕྱིར་ན་[སྐྱེ་བར་མི་འགྱུར་ཞིང་]འཆི་བར་ཡང་ནི་མི་འགྱུར་རོ། །ཞེས་དང༌། དཔལ་ལྡན་ཟླ་བ་[ཉ་བའི་འོད་]དང་ནི་[ནོར་བུ་]ཟླ་བ་ཆུ་ཤེལ་[ཕྲད་པ་]རྣམ་རྟོག་མེད་པའི་རང་བཞིན་ལས་ནི་ཆུ་འབྱུང་བ། །དེ་བཞིན་[དུ་]འཇིག་རྟེན་དུ་ནི་རྒྱལ་བའི་བདག་པོ[རྡོ་རྗེ་སེམས་དཔའ་བདེ་གཤེགས་སྙིང་པོ]འི་ཕུང་པོ་[རྣམས་]ལ་བརྟེན་[ནས་]ཐམས་ཅད་མཁྱེན་པའི་ཆོས་འཛག་སྟེ[དེ་ཡང་སེམས་ཅན་གྱི་བསམ་པའི་དབང་གིས་དུ་མའོ]། །[ཇི་ལྟར་]ཆུ་ནི་ས་བོན་[སྣ་ཚོགས་ཀྱི་]ཁམས་[དང་ཕྲད་པ་]ལ་ཀུན་ཏུ་བརྟེན་ནས་[ཆུ་དང་ས་བོན་དུ་མ་]རོ་མཉམ་[དུ་]འགྱུར་[ཞིང་དེ་ལ་མྱུ་གུ་སྣ་ཚོགས་ལ་སོགས་པ་དུ་མར་འགྱུར་]བ་དེ་བཞིན་ཉིད་དུ་[སངས་རྒྱས་ཀྱི་]ཆོས་དག་ནི། །[གདུལ་བྱ་]སེམས་ཅན་རྣམས་ཀྱི་དག་པའི་སེམས་[སྣ་ཚོགས་]ཀྱི[དབང་གི]ས་རྣམ་པ་མང་པོར་འགྱུར་ཏེ་[སེམས་དག་ཚུལ་སྣ་ཚོགས་དེ་ཡང་]སྔོན་གྱི་ལས་[བཟང་པོ་སྣ་ཚོགས་]ཀྱི་མཐུ་ལས་སོ། །ཞེས་དང༌། དྲི་མེད་འོད་དུ་ཡང༌། དེའི་ཕྱིར་སེམས་ཅན་རྣམས་ཀྱི་སྐྱེ་བ་གཞན་གྱི་བག་ཆགས་ཀྱི་སྟོབས་ཀྱིས་རྨི་ལམ་དུ་མ་སྐྱེས་པའི་ལུས་[སྣང་བ་]བཞིན་དུ་བཅོམ་ལྡན་འདས་ཀྱི་སྐུའི་སྣང་བ་དང་གསུང་གི་སྣང་བར་འགྱུར་རོ། །ཇི་ལྟར་རྨི་ལམ་དུ་སློབ་མ་རྣམས་ཀྱིས་མཁན་པོ་མཐོང་ནས་ཐེ་ཚོམ་གྱི་དོན་འདྲི་བར་བྱེད་ཅིང༌། མཁན་པོས་ཀྱང་སློབ་མ་རྣམས་ཀྱི་ཐེ་ཚོམ་མེད་པར་བྱེད་ཀྱང་དེ་ན་མཁན་པོ་མེད་དེ་སློབ་མ་རྣམས་ཀྱི་སེམས་ཀྱི་བག་ཆགས་ཀྱི་སྣང་བའོ། །དེ་བཞིན་དུ་[སངས་རྒྱས་མཐོང་བ་ནི་]སེམས་ཅན་བསོད་ནམས་དང་ལྡན་པ་རྣམས་ཀྱི་རང་གི་སེམས་ཀྱི་སྣང་བ་སྟེ་བཅོམ་ལྡན་འདས་ནི་སྐྱེས་པ་མ་ཡིན་ཞིང་འགགས་པ་མ་ཡིན་ནོ། །ཞེས་དང༌།

དཔེ་ཤིན་ཏུ་མང་པོས་རབ་ཏུ་རྒྱས་པར་བཤད་པ།

རྒྱུད་བླ་མར་ཡང༌། ཇི་ལྟར་བཻཌཱུར་[ཡ་]དག་པ་ཡི། །རང་བཞིན་[དུ་]ས་སྟེང་འདིར་འགྱུར་ཏེ། །གང་ཕྱིར་ལྷ་ཡི་དབང་པོ་དེར།།ལྷ་ཡི་བུ་མོའི་ཚོགས་དང་བཅས། །རྣམ་པར་རྒྱལ་བའི་ཁང་བཟང་དང༌། །ལྷ་གནས་དེ་ལས་གཞན་དག་དང༌། དེ་ཡི་གཞལ་ཡས་[ཁང་]སྣ་ཚོགས་དང༌། །ལྷ་རྫས་རྣམས་མང་[གི་གཟུགས་བརྙན་ཤར་བ་]དེ་མཐོང་ངོ༌། །དེ་ནས་སྐྱེས་པ་བུད་མེད་ཚོགས། །ས་ཡི་སྟེང་ན་གནས་པ་རྣམས། །[གཟུགས་བརྙན་གྱི་]སྣང་བ་དེ་ནི་མཐོང་གྱུར་ཏེ། །ངེད་ཀྱང་རིང་པོ་མི་ཐོགས་པར། །ལྷ་དབང་འདི་འདྲར་གྱུར་ཅིག་ཅེས། །དེ་འདྲའི་སྨོན་ལམ་འདེབས་བྱེད་ཅིང༌། །དེ་ཐོབ་དོན་དུ་དགེ་བ་ནི། །ཡང་དག་བླངས་ཏེ་གནས་པར་གྱུར། །དེ་དག་དགེ་བའི་ལས་དེས་ན། །འདི་[ལྷ་དབང་སོགས་ཀྱི་གཟུགས་བརྙན་]སྣང་[བ་]ཙམ་[ཡིན་གྱི་དངོས་མ་ཡིན་]ཞེས་དེ་ལྟ་བུར། །ཤེས་པ་མེད་ཀྱང་ས་སྟེང་ནས། །འཕོས་ཏེ་ལྷར་ནི་སྐྱེ་བར་འགྱུར། །[གཟུགས་བརྙན་གྱི་]སྣང་བ་དེ་ནི་ཤིན་ཏུ་ཡང༌། །རྟོག་པ་མེད་ཅིང་གཡོ་བ་མེད། །དེ་ལྟ་མོད་ཀྱི་འཇིག་རྟེན་ན། །དོན་ཆེན་གྱིས་ནི་ཉེ་བར་གནས། །དེ་བཞིན་དད་སོགས་དྲི་མེད་ཅན། །རང་སེམས་དད་སོགས་བསྒོམས་པ་ལ། །སྣང་བ་རྫོགས་པའི་སངས་རྒྱས་ནི། །མཚན་དང་དཔེ་བྱད་དང་ལྡན་པ། །འཆག་པ་དང་ནི་བཞེངས་པ་དང༌། བཞུགས་པ་དང་ནི་གཟིམས་པ་དང༌། །སྤྱོད་ལམ་སྣ་ཚོགས་མཛད་པ་ཅན། །ཞི་བའི་ཆོས་ནི་གསུང་བ་དང༌། །མི་གསུང་མཉམ་པར་བཞག་གྱུར་པ། །ཆོ་འཕྲུལ་རྣམ་པ་སྣ་ཚོགས་དག །མཛད་པ་གཟི་མདངས་ཆེན་པོ་ཅན། །[བསོད་ནམས་བསགས་པའི་]སེམས་ཅན་རྣམས་ཀྱིས་མཐོང་བར་འགྱུར། །དེ་མཐོང་ནས་ཀྱང་[སངས་རྒྱས་ཐོབ་པར་]འདོད་[པ་དང་]ལྡན་པ[འི་ཕྱིར]། །སངས་རྒྱས་ཉིད་[ཐོབ་པའི་]ཕྱིར་[དུ་ལམ་ལ་]རབ་སྦྱོར་ཏེ།།དེ་[འཐོབ་པའི་]རྒྱུ་[ཚོགས་གཉིས་]ཡང་དག་བླངས་ནས་ནི། །འདོད་པའི་གོ་འཕང་ཐོབ་པར་བྱེད། །[སངས་རྒྱས་གཟུགས་སྐུའི་]སྣང་བ་དེ་ནི་ཤིན་ཏུ་ཡང༌། །རྟོག་མེད་གཡོ་བ་མེད་པ་ཉིད། །དེ་ལྟ་ན་ཡང་འཇིག་རྟེན་ན། །དོན་ཆེན་པོས་ནི་ཉེ་བར་གནས། །འདི་ནི་རང་སེམས་[དག་པ་ལ་]སྣང་བ་ཞེས། །སོ་སོའི་སྐྱེ་བོས་མི་ཤེས་མོད། །དེ་ལྟ་ན་ཡང་[སངས་རྒྱས་ཀྱི་]གཟུགས་མཐོང་[བ་]དེ། །[མཐོང་མཁན་]དེ་དག་ལ་ནི་དོན་ཡོད་འགྱུར[ཏེ]། །རིམ་གྱིས་དེ་མཐོང་ལ་བརྟེན་ནས། །ཐེག་པ་འདི་ལ་གནས་པ་རྣམས། །ནང་གི་དམ་པའི་ཆོས་སྐུ་ནི། །ཤེས་རབ་མིག་གིས་མཐོང་བར་འགྱུར། །[དེ་ཉིད་བཤད་པ་ནི་]ཇི་ལྟར་ས་ཀུན་ཉམ་ངའི་གནས་གཞན་དང་བྲལ་དྲི་མེད་བཻཌཱུརྻ། །གསལ་མཛེས་ནོར་བུའི་ཡོན་ཏན་དྲི་བྲལ་དཔལ་ལྡན་[སའི་]སྟེང་ནི་མཉམ་གྱུར་པ། །དག་[ཅིང་དྭངས་པའི་]ཕྱིར་དེར་ནི་ལྷ་བདག་[གི་]གནས་ཚོགས་[དང་]ལྷ་དབང་[དང་འཁོར་]ལྷ་ཡི་[བུ་མོ་སོགས་ཀྱི་]གཟུགས་ཤར་ཏེ། །རིམ་གྱིས་ས་ཡི་ཡོན་ཏན་[ཤིན་ཏུ་དྭངས་པ་དེ་དང་]བྲལ་ཕྱིར་དེ་ནི་སླར་ཡང་མི་སྣང་འགྱུར། །དེ་དངོས་ཐོབ་ཕྱིར་བསྙེན་གནས་བརྟུལ་ཞུགས་ངེས་པར་སྦྱིན་སོགས་[དགེ་བ་]ལ་ཕྱོགས་པ། །བུད་མེད་སྐྱེས་[པ་ལ་]སོགས་སྨོན་པའི་སེམས་ཀྱིས་མེ་ཏོག་ལ་སོགས་འཐོར་བ་ལྟར། །དག་པའི་བཻཌཱུརྻ་འདྲའི་སེམས་ལ་སྣང་བའི་ཐུབ་དབང་ཐོབ་བྱའི་ཕྱིར། །རབ་དགའི་སེམས་ལྡན་རྒྱལ་བའི་སྲས་རྣམས་དེ་བཞིན་[བྱང་ཆུབ་ཏུ་]སེམས་རབ་སྐྱེད་པར་བྱེད། །[དོན་བསྡུས་པ་ནི་]ཇི་ལྟར་བཻཌཱུརྻ་ས་གཞི་གཙང་མ་[དྭངས་པ་]ལ། །ལྷ་དབང་ལུས་ཀྱི་གཟུགས་བརྙན་སྣང་བ་ལྟར། །དེ་བཞིན་འགྲོ་སེམས་[དག་པའི་]ས་གཞི་གཙང་མ་ལ། །ཐུབ་པའི་དབང་པོའི་སྐུ་ཡི་གཟུགས་བརྙན་འཆར། །འགྲོ་བར་[ཆོས་སྐུའི་]གཟུགས་བརྙན་[གཟུགས་སྐུ་]འཆར་[བ་དང་]ནུབ་[པ་ནི་རིམ་པ་ལྟར་]རྙོག་མེད་དང༌།།རྙོག་པའི་རང་སེམས་རབ་[ཏུ་]འཇུག་[པའི་]དབང་གིས་འཇུག །ཇི་ལྟར་འཇིག་རྟེན་དག་ན་[གཞི་དྭངས་པ་ལ་]གཟུགས་[བརྙན་]སྣང་[ཞིང་བཟློག་པ་ལ་མི་སྣང་བ་]ལྟར། །དེ་བཞིན་[རང་སེམས་ཀྱི་སྣང་བ་ལས་གཞན་པའི་སངས་རྒྱས་]ཡོད་དང་ཞིག་[ནས་མེད་]ཅེས་[མཁས་པ་]དེ་མི་ལྟ[སྟེ་སྐུའི་སྣང་བའོ]། །[དེ་བཞིན་དུ་གསུང་གི་སྣང་བ་ཡང་]ཇི་ལྟར་ལྷ་[ཡུལ་]ན་ལྷ་རྣམས་ཀྱི། །སྔོན་གྱི་[ལས་]དཀར་པོའི་མཐུ་ཡིས་ནི། །འབད་དང་གནས་དང་ཡིད་གཟུགས་དང༌། །རྣམ་པར་རྟོག་པ་མེད་བཞིན་དུ། །མི་རྟག་སྡུག་བསྔལ་བདག་མེད་དང༌། ཞི་བའི་སྒྲ་ཡིས་[འདོད་ཡོན་ལ་]བག་མེད་པའི། །ལྷ་རྣམས་ཐམས་ཅད་ཡང་ནས་ཡང༌། །ཆོས་ཀྱི་རྔས་ནི་སྐུལ་བྱེད་ལྟར། །དེ་བཞིན་ཁྱབ་བདག་འབད་སོགས་དང༌། །བྲལ་ཡང་འགྲོ་བ་མ་ལུས་པ། །སངས་རྒྱས་གསུང་གིས་ཁྱབ་མཛད་དེ། །སྐལ་ལྡན་རྣམས་ལ་ཆོས་སྟོན་ཏོ། །[དེ་ཉིད་བཤད་པ་]ཇི་ལྟར་ལྷ་[ཡུལ་]ན་ལྷ་རྣམས་ཀྱི། །རྔ་སྒྲ་རང་གི་ལས་[བཟང་པོ་]ལས་འབྱུང༌། །དེ་བཞིན་འཇིག་རྟེན་[དུ་]ཐུབ་པའི་ཆོས། །གསུང་བ་[གདུལ་བྱ་]རང་གི་ལས་[བཟང་པོ་]ལས་འབྱུང༌། །འབད་གནས་ལུས་དང་སེམས་བྲལ་བའི། །[རྔ་]སྒྲ་དེ་ཇི་ལྟར་[བག་མེད་]ཞི་[བ་]སྒྲུབ་[པ་]ལྟར། །དེ་བཞིན་[འབད་ནས་ལུས་སེམས་]དེ་བཞི་དང་བྲལ་བའི། ། [སངས་རྒྱས་ཀྱི་]ཆོས་འདི་[ཉོན་མོངས་]ཞི་བ་སྒྲུབ་པར་བྱེད། །[རབ་ཏུ་བཤད་པ་ནི་]ཇི་ལྟར་ལྷ་ཡི་གྲོང་ན་རྔ་སྒྲའི་རྒྱུས་བྱུང་མི་འཇིགས་སྦྱིན་པ་ནི། །ཉོན་མོངས་[ལྷ་མིན་དང་]གཡུལ་དུ་འཇུག་ཚེ་ལྷ་མིན་[གྱི་]དཔུང་[ལས་]རྒྱལ་[ཞིང་]རྩེད་མོ་[ལ་བག་མེད་པ་]སེལ་བ་ལྟར། །དེ་བཞིན་འཇིག་རྟེན་དག་ན་བསམ་གཏན་གཟུགས་མེད་ལ་སོགས་རྒྱུས་བྱུང་བ། །སེམས་ཅན་ཉོན་མོངས་སྡུག་བསྔལ་རབ་འཇོམས་ཞི་བ་བླ་མེད་ལམ་ཚུལ་བརྗོད། །[ཀུན་ནས་འདྲ་བ་ཡང་མ་ཡིན་ཏེ་]གང་ཕྱིར་[སངས་རྒྱས་ཀྱི་གསུང་ནི་]སྐྱེ་[བོ་]ཀུན་[ལ་སྙོམས་]པ་ཉིད་དང༌།།ཕན་བདེ་ཆོ་འཕྲུལ་གསུམ་ལྡན་པ། །དེ་ཕྱིར་ཐུབ་དབྱངས་ལྷ་རྫས་ཀྱི། །སིལ་སྙན་རྣམས་ལས་ཁྱད་པར་འཕགས། །[སྐྱེ་ཀུན་པའི་རྒྱས་བཤད་ནི་]ལྷར་ནི་རྔ་ཡི་སྒྲ་ཆེན་པོ། །སར་གནས་རྣམས་ཀྱི་རྣར་མི་འགྲོ། །སངས་རྒྱས་[གསུང་གི་]རྔ་སྒྲ་འཁོར་བ་ཡི། །ས་འོག་འཇིག་རྟེན་དག་ཏུ་འགྲོ། །[ཕན་བདེའི་རྒྱས་བཤད་ནི་]ལྷར་ནི་ལྷ་ཡི་སིལ་སྙན་བྱེ་བ་མང༌། །འདོད་མེ་མངོན་པར་འཕེལ་བའི་དོན་དུ་སྒྲོགས། །ཐུགས་རྗེའི་བདག་ཉིད་རྣམས་ཀྱི་དབྱངས་གཅིག་ཀྱང༌། །སྡུག་བསྔལ་མེ་རབ་ཞི་བའི་དོན་དུ་འཇུག །ལྷར་ནི་མཛེས་ཤིང་ཡིད་འོང་སིལ་སྙན་སྒྲ། །སེམས་ཀྱི་རྒོད་པ་འཕེལ་བར་འགྱུར་བའི་རྒྱུ། །ཐུགས་རྗེའི་བདག་ཉིད་དེ་བཞིན་གཤེགས་པའི་གསུང༌། །ཏིང་འཛིན་[ལ་]སེམས་གཏོད་[པ་ལ་སོགས་པ་དགེ་བ་རྣམས་ལ་]བསམ་པ་སྐུལ་བྱེད་ཉིད[དོ]། །[དོན་བསྡུས་ནས་གདམས་པ་ནི་]མདོར་ན་མ་ལུས་འཇིག་རྟེན་ཁམས་སུ་ཡང༌། །ལྷ་དང་ས་[སྟེང་ན་གནས་པ་ལ་སོགས་པ་]ཡི་བདེ་བའི་རྒྱུ་གང་ཡིན[པ་སངས་རྒྱས་ཀྱི་དབྱངས]། །དེ་ནི་མ་ལུས་འཇིག་རྟེན་[ཁམས་རྣམས་ལ་]ཁྱབ་སྣང་བས། །[སངས་རྒྱས་ཀྱི་]དབྱངས་ཉིད་ལ་ནི་རབ་ཏུ་བརྟེན་པར་མཛོད། །[འཇིག་རྟེན་ཀུན་ཏུ་ཁྱབ་ཀྱང་ལ་ལས་མི་ཐོས་ཏེ་]ཇི་ལྟར་རྣ་བ་དང་བྲལ་བས། །ཕྲ་མོའི་སྒྲ་ནི་མི་ཐོས་བཞིན། །[སྒྲ་]ཐམས་ཅད་ལྷ་ཡི་རྣ་བར་ཡང༌། །རྣ་ལམ་དུ་ནི་མི་འགྲོ་བཞིན། །དེ་བཞིན་ཆོས་ཕྲ་[ཞིང་ཟབ་ལ་]མཆོག་ཏུ་ནི། །ཞིབ་མོའི་ཡེ་ཤེས་སྤྱོད་ཡུལ་ཡང༌། །ཉོན་མོངས་མེད་ཡིད་འགའ་ཞིག་གི །རྣ་བའི་ལམ་དུ་འགྱུར་བ་ཡིན[གྱི་དེ་ལས་གཞན་གྱིས་མི་ཐོས་སོ]། །[མཁྱེན་བརྩེས་ཁྱབ་ཚུལ་ནི་]ཇི་ལྟར་དབྱར་གྱི་དུས་ན་སྤྲིན། །ལོ་ཐོག་ཕུན་སུམ་ཚོགས་པའི་རྒྱུ། །ཆུ་ཡི་ཕུང་པོ་འབད་མེད་པར། །ས་ལ་རྒྱུན་དུ་འབེབས་པ་ལྟར། །དེ་བཞིན་ཐུགས་རྗེའི་སྤྲིན་ལས་ནི། །རྒྱལ་བའི་དམ་ཆོས་ཆུ་ཡི་ཆར། །འགྲོ་བའི་དགེ་བའི་ལོ་ཐོག་རྒྱུ། །རྣམ་པར་རྟོག་པ་མེད་པར་འབེབས། །[དེ་ཉིད་བཤད་པ་ནི་]ཇི་ལྟར་འཇིག་རྟེན་དགེ་བའི་ལམ་[དུ་]འཇུག་[པས་ལོ་ལེགས་ཀྱི་སྐལ་བ་ཡོད་པ་]ལ། །ཀླུང་སྐྱེ་[བའི་]ཆུ་ཆར་སྤྲིན་གྱིས་འབེབས་པ་ལྟར། །དེ་བཞིན་བརྩེ་[བའི་ཆུ་]ཀླུང་འགྲོ་[བའི་]དགེ་[བ་]མངོན་སྤེལ་ཕྱིར། །སངས་རྒྱས་སྤྲིན་ལས་དམ་ཆོས་ཆར་པ་འབེབས། །སྲིད་ལ་མཁྱེན་དང་བརྩེ་ཆེན་འགྱུར་བ་དང༌།།མི་འགྱུར་མ་གོས་ནམ་མཁའི་དཀྱིལ་གནས་པ། །ཏིང་འཛིན་གཟུངས་ཆུ་དྲི་མེད་སྙིང་པོ་ཅན། །ཐུབ་དབང་སྤྲིན་ནི་དགེ་བའི་ལོ་ཐོག་རྒྱུ། །ཇི་ལྟར་བསིལ་ཞིམ་མངར་དང་འཇམ་པ་དང༌། །ཡང་བའི་ཆུ་ནི་སྤྲིན་དེ་ལས་འཐོན་པ། །ས་ལ་[ལྷུང་ནས་]བ་ཚྭ་ལ་སོགས་[ཀྱི་]གནས་[དང་]འབྲེལ་བས། །ཤིན་ཏུ་མང་པོའི་རོར་ནི་འགྱུར་བ་བཞིན། །དེ་བཞིན་འཕགས་པའི་ཡན་ལག་བརྒྱད་ཅུའི་ཆར། །རབ་ཡངས་བརྩེ་སྤྲིན་[བདེ་གཤེགས་]སྙིང་པོ་ལས་འཐོན་པ། །འགྲོ་བའི་རྒྱུད་ཀྱི་གནས་ཀྱི་དབྱེ་བ་ལས། །རྣམ་པ་མང་པོའི་རོ་དང་ལྡན་པར་འགྱུར། །ཞེས་དང༌། [སྤྲུལ་པ་སྟོན་ཚུལ་ནི་]ཇི་ལྟར་ཚངས་པ་ཚངས་པ་ཡི།།གནས་ནས་འཕོ་བ་མེད་བཞིན་དུ། །ལྷ་ཡི་གནས་ནི་ཐམས་ཅད་དུ། །སྣང་བ་འབད་མེད་སྟོན་པ་ལྟར། །དེ་བཞིན་ཐུབ་པ་ཆོས་སྐུ་ལས། །བསྐྱོད་པ་མེད་པར་ཁམས་ཀུན་ཏུ། །སྐལ་ལྡན་རྣམས་ལ་འབད་མེད་པར། །སྤྲུལ་པ་དག་གིས་[ལམ་]སྟོན་པར་མཛད། །[དེའི་རྒྱས་བཤད་ནི་]ཇི་ལྟར་ཚངས་[པ་]རྟག་[ཏུ་རང་གི་]གཞལ་ཡས་ཁང་ལས་མི་གཡོ་[བཞིན་དུ་]འདོད་ཁམས་[ཀྱི་ལྷ་རྣམས་ཀྱི་ནང་དུ་]ཞུགས་པ་དེ། །ལྷ་རྣམས་ཀྱིས་མཐོང་[ལ་ཚངས་པ་]དེ་མཐོང་[བའི་ལྷ་]དེ་ཡང་ཡུལ་ལ་དགའ་བ་སྤོང་བྱེད་ལྟར། །དེ་བཞིན་བདེ་གཤེགས་ཆོས་ཀྱི་སྐུ་ལས་མི་བསྐྱོད་[བཞིན་དུ་]འཇིག་རྟེན་ཀུན་དུ་དེ། །སྐལ་ལྡན་གྱིས་མཐོང་[ལ་]དེ་མཐོང་[བ་]དེའི་ཡང་རྟག་ཏུ་དྲི་མ་ཀུན་སེལ་བྱེད། །[རབ་ཏུ་བཤད་པ་ནི་]སྔོན་གྱི་[ཚངས་པ་]རང་ཉིད་[ཀྱི་]སྨོན་ལམ་དང༌། །ལྷ་རྣམས་ཀྱི་ནི་དགེ་བའི་མཐུས། །ཇི་ལྟར་ཚངས་པ་འབད་མེད་[དུ་ལྷ་གནས་ཀུན་ཏུ་]སྣང༌། །རང་བྱུང་[སངས་རྒྱས་ཀྱི་]སྤྲུལ་སྐུ་དེ་བཞིན་ནོ། །[དགའ་ལྡན་ནས་]འཕོ་དང་[ཡུམ་གྱི་]ལྷུམས་[སུ་]འཇུག་[པ་དང་སྐུ་]བལྟམ་[པ་]དང་ཡབ་ཀྱི་ཁབ་[ཏུ་]གཤེགས་[པ་]དང༌། །[བཙུན་མོའི་འཁོར་ལ་]དགྱེས་རོལ་བ་དང་དབེན་པར་སྤྱོད་དང་བདུད་བཅོམ་དང༌། །བྱང་ཆུབ་ཆེ་བརྙེས་ཞི་བའི་གྲོང་ཁྱེར་ལམ་སྟོན་[པ་ཆོས་ཀྱི་འཁོར་ལོ་]དག །བསྟན་ནས་ཐུབ་པ་སྐལ་མེད་མིག་གི་ལམ་མི་འགྱུར། །[ཡེ་ཤེས་ཀྱི་འོད་ཟེར་འཕྲོ་བའི་ཚུལ་ནི་]ཇི་ལྟར་ཉི་མས་གདུངས་པས་དུས་གཅིག་ཚེ་ཉིད་ལ། །པད་སོགས་རྒྱས་དང་ཀུ་མུད་ཏ་ནི་རབ་ཟུམ་པ། །ཆུ་སྐྱེས་[ཁ་]བྱེ་[བ་]དང་[ཀུ་མུད་ཏ་]ཟུམ་པའི་ཡོན་ཏན་[དང་]སྐྱོན་དག་ལ། །ཉི་མ་རྟོག་མེད་[དུ་འཆར་བ་ལྟར་]འདིར་ནི་འཕགས་པའི་ཉི་[མ་]དེ་བཞིན[དུ་སེམས་ཅན་གྱི་སྐྱོན་ཡོན་ལ་མི་རྟོག་པར་འཆར་རོ]། །ཇི་ལྟར་ཉི་མ་རྟོག་མེད་པར། །རང་འོད་ཅིག་ཅར་འཕྲོས་པ་ཡིས། །པད་མ་རྒྱས་པར་བྱེད་པ་དང༌། །[ལོ་ཐོག་ལ་སོགས་པ་]གཞན་དག་སྨིན་པར་བྱེད་པ་ལྟར། །དེ་བཞིན་[དུ་]དེ་བཞིན་གཤེགས་པ་ཡི། །ཉི་མ་དམ་ཆོས་འོད་ཟེར་དག །གདུལ་བྱའི་སྐྱེ་བོའི་པད་མ་ལ། །རྣམ་པར་རྟོག་པ་མེད་པར་འཇུག །ཆོས་[ཀྱི་སྐུ་]དང་གཟུགས་ཀྱི་སྐུ་དག་གིས། །བྱང་ཆུབ་སྙིང་པོའི་མཁར་ཤར་བ། །ཀུན་མཁྱེན་ཉི་མ་འགྲོ་བར་ནི། །ཡེ་ཤེས་འོད་ཟེར་འཕྲོ་བར་མཛད། །གང་ཕྱིར་གདུལ་བྱ་དག་པ་ཡི། །ཆུ་ཡི་སྣོད་ནི་ཐམས་ཅད་ལ། །བདེ་གཤེགས་ཉི་མའི་གཟུགས་བརྙན་ནི། །དཔག་ཏུ་མེད་པ་ཅིག་ཅར་འཆར། །རྟག་ཏུ་ཐམས་ཅད་ལ་ཁྱབ་པ། །ཆོས་དབྱིངས་ནམ་མཁའི་དཀྱིལ་དུ་ནི། །སངས་རྒྱས་ཉི་མ་གདུལ་བྱ་ཡི། །རི་ལ་ཇི་ལྟར་འོས་པར་འབབ། །ཇི་ལྟར་རྒྱ་ཆེན་འོད་ཟེར་སྟོང་ལྡན་ཉི་ཤར་འདིར། །འཇིག་རྟེན་ཀུན་ཏུ་སྣང་བར་བྱས་ནས་རིམ་གྱིས་ནི། །མཆོག་དང་བར་མ་དམན་པའི་རི་ལ་འབབ་[པ་]དེ་བཞིན[དུ]། །རྒྱལ་བའི་ཉི་མ་སེམས་ཅན་ཚོགས་ལ་རིམ་གྱིས་འབབ། །[ཀུན་ནས་མཚུངས་པ་ཡང་མ་ཡིན་ཏེ་]ཞིང་ཀུན་[དང་]ནམ་མཁའི་མཐར་འཕྲོ་[བ་]ཉི་མ་ལ་མེད་ལ[སངས་རྒྱས་ཡེ་ཤེས་ལ་ཡོད]། །མི་ཤེས་[པའི་]མུན་[པས་]བཀབ་[པ་བསལ་ནས་]ཤེས་བྱའི་དོན་སྟོན་པ་ཡང་[ཉི་མ་]མིན[ཞིང་རྒྱལ་བའི་ཡེ་ཤེས་ཡིན་ཏེ]། །ཐུགས་རྗེའི་བདག་ཉིད་སྣ་ཚོགས་མདོག་བཀྱེའི་འོད་ཚོགས་ཀྱིས། །གསལ་བ་དག་ནི་འགྲོ་ལ་ཤེས་བྱའི་དོན་སྟོན་མཛད[དོ]། །སངས་རྒྱས་གྲོང་དུ་གཤེགས་ཚེ་མིག་དང་མི་ལྡན་པ་ཡི་སྐྱེ་བོ་རྣམས། །མཐོང་ཞིང་དོན་མེད་ཚོགས་བྲལ་དོན་[སངས་རྒྱས་]དེ་མཐོང་བ་ལས་ནི་[ཆོས་ཉིད་ཉམས་སུ་]མྱོང་བ་དང༌། །གཏི་མུག་གིས་ལྡོངས་སྲིད་པའི་མཚོར་ལྷུང་ལྟ་བའི་མུན་པས་བསྒྲིབས་པ་རྣམས། །སངས་རྒྱས་ཉི་མའི་འོད་ཀྱི་བློ[འི་]སྣང་[བ་ཐོབ་ནས་སྔར་]མ་མཐོང་བ་ཡི་གནས་[ཆོས་ཉིད་མངོན་སུམ་དུ་]མཐོང་[བར་]འགྱུར། །[ཐུགས་མི་རྟོག་བཞིན་དུ་འདོད་དགུ་སྩོལ་བ་ནི་]ཇི་ལྟར་ཡིད་བཞིན་ནོར་བུ་[དབང་གི་རྒྱལ་པོ་]ནི། །རྟོག་པ་མེད་ཀྱང་ཅིག་ཅར་དུ། །སྤྱོད་ཡུལ་གནས་པ་རྣམས་ཀྱི་ནི། །བསམ་ཀུན་སོ་སོར་རྫོགས་བྱེད་ལྟར། །དེ་བཞིན་སངས་རྒྱས་ཡིད་བཞིན་[ནོར་མཆོག་]ལ། །བརྟེན་ནས་བསམ་པ་ཐ་དད་རྣམས།།སྣ་ཚོགས་ཆོས་ནི་ཐོས་འགྱུར་ཡང༌། །དེ་ནི་དེ་ལ་རྣམ་མི་རྟོག །ཇི་ལྟར་ནོར་བུ་རིན་ཆེན་རྟོག་མེད་འདོད་པའི་ནོར། །འབད་པ་མེད་པར་གཞན་པ་དག་ལ་རབ་སྟེར་ལྟར། །དེ་བཞིན་ཐུབ་པ་འབད་མེད་ཇི་ལྟར་འོས་པར་ནི། །གཞན་གྱི་དོན་དུ་སྲིད་པ་ཇི་སྲིད་རྟག་ཏུ་བཞུགས། །གང་ཕྱིར་རྒྱ་མཚོ་ས་འོག་གནས་དེ་ལ་འདོད་པས། །ཇི་ལྟར་ནོར་བུ་བཟང་པོ་འགྲོ་འདིར་རབ་རྙེད་དཀའ། །དེ་བཞིན་འགྲོ་བ་ཤིན་ཏུ་སྐལ་ངན་ཉོན་མོངས་ཟིན[པ་རྣམས་ཀྱི]། །ཡིད་འདིར་བདེ་གཤེགས་མཐོང་བ་རྙེད་དཀར་ཤེས་པར་བྱ། །[གསུང་གི་འཆར་ཚུལ་ནི་]ཇི་ལྟར་སྒྲ་བརྙན་གྱི་ནི་སྒྲ། །གཞན་གྱི་རྣམ་རིག་ལས་བྱུང་བ། །རྣམ་རྟོག་མེད་ཅིང་བཟོ་བ་མེད། །ཕྱི་དང་ནང་ན་མི་གནས་ལྟར། །དེ་བཞིན་[དུ་]དེ་བཞིན་གཤེགས་པའི་གསུང༌། །གཞན་གྱི་རྣམ་རིག་ལས་བྱུང་བ། །རྣམ་པར་རྟོག་མེད་བཟོ་མེད་ཅིང༌། །ཕྱི་དང་ནང་ན་གནས་མ་ཡིན། །[སྐུ་ཡིས་ཀུན་ཏུ་ཁྱབ་ཚུལ་ནི་འདུས་བྱས་]ཅུང་ཟད་མེད་ཅིང་[རྣམ་ཤེས་ལ་]སྣང་བ་མེད། །དམིགས་པ[འམ་འཛིན་པ་]མེད་ཅིང་རྟེན་མེད་ལ། །མིག་གི་ལམ་ལས་རབ་འདས་པ། །གཟུགས་མེད་བསྟན་དུ་མེད་པ་ཡི། །[འདུས་མ་བྱས་ནམ་]མཁའ་ལ་ཇི་ལྟར་མཐོ་དང་དམའ། །མཐོང་ཡང་དེ་ནི་དེ་ལྟ་མིན། །དེ་བཞིན་[དུ་མཐོ་དང་དམའ་བ་ལ་སོགས་པ་]ཐམས་ཅད་སངས་རྒྱས་ལ། །མཐོང་ཡང་དེ་ནི་དེ་ལྟ་མིན། །[དཀར་པོའི་ཆོས་རྣམས་ཀྱི་གཞིར་གྱུར་ཚུལ་ནི་]ཇི་ལྟར་ས་ལས་སྐྱེ་བ་ཀུན། །རྟོག་མེད་ས་ལ་བརྟེན་ནས་ནི། །འཕེལ་དང་བརྟན་དང་ཡངས་འགྱུར་ལྟར། །དེ་བཞིན་རྫོགས་པའི་སངས་རྒྱས་ས། །རྣམ་རྟོག་མེད་པ་ལ་བརྟེན་ནས། །འགྲོ་བའི་དགེ་བའི་རྩ་བ་ནི། །མ་ལུས་པ་ནི་འཕེལ་བར་འགྱུར། །ཞེས་དང༌། དེ་རྣམས་ཀྱི་དོན་བསྡུས་པ། གང་ཞིག་བརྒྱ་བྱིན་རྔ་དང་སྤྲིན་བཞིན་དང༌། །ཚངས་ཉི་རིན་ཆེན་ཡིད་བཞིན་ནོར་རྒྱལ་བཞིན། །སྒྲ་བརྙན་ནམ་མཁའ་ས་བཞིན་སྲིད་པ[ཇི་སྲིད་གནས་པ]འི་བར[དུ]། །འབད་མེད་གཞན་དོན་བྱེད་དེ་རྣལ་འབྱོར་[པས་]རིག[གི་རྟོག་གེའི་སྤྱོད་ཡུལ་ལས་འདས་སོ།]།[དེ་རྣམས་བཤད་པ་སྣང་བ་]སྟོན་པ་[ནི་]རིན་ཆེན་[གྱི་གཞི་ལ་ཤར་བའི་]ལྷ་དབང་[གི་]གཟུགས་བརྙན་བཞིན། །ལེགས་པར་འདོམས་མཛད་ལྷ་ཡི་རྔ་དང་འདྲ། །ཁྱབ་བདག་[གི་]མཁྱེན་དང་བརྩེ་ཆེན་[གྱི་]སྤྲིན་ཚོགས་ནི། །མཐའ་ཡས་འགྲོ་བ་སྲིད་རྩེའི་བར་དུ་[ཀུན་ལ་]ཁྱབ། །ཚངས་བཞིན་ཟག་མེད་གནས་ལས་མ་བསྐྱོད་པར། །སྤྲུལ་པ་རྣམ་པ་དུ་མ་རབ་ཏུ་སྟོན། །ཉི་བཞིན་ཡེ་ཤེས་སྣང་བ་རབ་འཕྲོ་གང༌། །རྣམ་དག་རིན་ཆེན་ཡིད་བཞིན་ནོར་འདྲའི་ཐུགས། །རྒྱལ་བ་རྣམས་ཀྱི་གསུང་དེ་བྲག་ཆ་བཞིན་དུ་ཡི་གེ་མེད། །སྐུ་ནི་ནམ་མཁའ་ལྟ་བུར་ཁྱབ་དང་གཟུགས་མེད་རྟག་པ་ཉིད། །ས་བཞིན་འགྲོ་བའི་དཀར་པོའི་ཆོས་ཀྱི་སྨན་རྣམས་མ་ལུས་པའི། །རྣམ་པ་ཀུན་ཏུ་གཞིར་གྱུར་པ་ནི་སངས་རྒྱས་ས་ཡིན་ནོ། །དགེ་བ་བཻཌཱུརྻ་འདྲ་ཡི། །སེམས་ལ་སངས་རྒྱས་མཐོང་བའི་རྒྱུ། །དེ་དག་ལ་ནི་མི་བཟློགས་པའི། །དད་པའི་དབང་པོ་རྟས་པ་ཉིད། །དགེ་བ་སྐྱེ་དང་འཇིག་པས་ན། །སངས་རྒྱས་གཟུགས་ནི་སྐྱེ་དང་འཇིག །བརྒྱ་བྱིན་བཞིན་དུ་ཐུབ་པ་ནི། །ཆོས་ཀྱི་སྐུ་ཡི་སྐྱེ་འཇིག་མེད། །དེ་བཞིན་དུ་ནི་འབད་མེད་པར། །སྐྱེ་མེད་འགག་མེད་ཆོས་སྐུ་ལས། །སྲིད་པ་ཇི་སྲིད་གནས་བར་དུ། །སྟོན་པ་ལ་སོགས་མཛད་པ་འཇུག །ཅེས་དང༌། [མཚུངས་ལ་མི་མཚུངས་པས་ཁྱད་པར་དུ་འཕགས་པ་ནི་]སངས་རྒྱས་[ཀྱི་སྐུ་ནི་ལྷ་དབང་གི་]གཟུགས་བརྙན་ལྟ་བུ་སྟེ། །[གཟུགས་བརྙན་དེ་ལ་]དབྱངས་དང་མི་ལྡན་[པས་]དེ་[དང་]འདྲ་[བ་]མིན། །[ལེགས་པར་འདོམས་པ་]ལྷ་ཡི་རྔ་བཞིན་[ཡིན་ལ་རྔ་དེ་ཞིང་ཁམས་]ཐམས་ཅད་དུ། །དོན་བྱེད་[པ་]མིན་པ[ས་]དེ་འདྲ་མིན། །[མཁྱེན་བརྩེ་]སྤྲིན་ཆེན་དང་མཚུངས་[ལ་]དོན་མེད་པའི། །ས་བོན་སྤོང་མིན་དེ་འདྲའང་མིན། །[སྤྲུལ་པ་སྟོན་པ་]ཚངས་ཆེན་བཞིན་ཏེ་ཀུན་ཏུ་ནི། །སྨིན་པར་བྱེད་མིན་དེ་འདྲའང་མིན། །[ཡེ་ཤེས་ཀྱི་འོད་ཟེར་]ཉི་མའི་གཟུགས་བཞིན་གཏན་དུ་ནི། །མུན་པ་འཇོམས་མིན་དེ་འདྲའང་མིན། །[ཐུགས་]ཡིད་བཞིན་ནོར་འདྲ་འབྱུང་བ་ནི། །རྙེད་པར་མི་དཀའ་དེ་འདྲའང་མིན། །[གསུང་]སྒྲ་བརྙན་བཞིན་ཏེ་རྐྱེན་ལས་ནི། །བྱུང་བ་དེ་འདྲ་བ་ཡང་མིན། །[སྐུ་]ནམ་མཁའ་དང་འདྲ་དགེ་བ་ཡི། །གཞི་མིན་དེ་དང་འདྲ་བའང་མིན། །འཇིག་རྟེན་འཇིག་རྟེན་ལས་འདས་པ། །འགྲོ་བའི་ཕུན་ཚོགས་མ་ལུས་པ། །དེ་གནས་པ་ཡི་རྟེན་ཡིན་ཕྱིར། །ས་ཡི་དཀྱིལ་འཁོར་དག་དང་འདྲ། །སངས་རྒྱས་བྱང་ཆུབ་ལ་བརྟེན་ནས། །འཇིག་རྟེན་འདས་པའི་ལམ་འབྱུང་ཕྱིར། །དགེ་བའི་ལས་ལམ་བསམ་གཏན་དང༌། །ཚད་མེད་པ་དང་གཟུགས་མེད་འབྱུང༌། །ཞེས་དང༌། རྒྱལ་སྲས་ཞི་བ་ལྷས་ཀྱང༌། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་[དེ་ལས་]གཞན་[པའི་ཆོས་]མེད་པས། །[ཆོས་གང་ཡང་]དམིགས་པ་མེད་པར་[རྣམ་ཤེས་]རབ་ཏུ་ཞི[བའི་གཞིའི་ཡེ་ཤེས་ཐོབ་ནས་གཞན་དོན་མཛད་དེ]། །[དཔེར་ན་]ཡིད་བཞིན་ནོར་བུ་དཔག་བསམ་ཤིང་[གིས]། །ཇི་ལྟར་རེ་བ་ཡོངས་སྐོང་བ། །དེ་བཞིན་[དུ་]གདུལ་བྱ[འི་དབང་དང་]སྨོན་ལམ་གྱི། །དབང་གིས་རྒྱལ་བའི་སྐུར་སྣང་ངོ༌། །དཔེར་ན་ནམ་མཁའ་ལྡིང་གི་ནི། །མཆོད་སྡོང་བསྒྲུབས་ནས་[སྒྲུབ་མཁན་]འདས་གྱུར་པ། །[སྒྲུབ་མཁན་]དེ་འདས་[ནས་]ཡུན་རིང་ལོན་ཡང་[མཆོད་སྡོང་]དེ། །དུག་ལ་སོགས་པ་ཞི་བྱེད་བཞིན། །བྱང་ཆུབ་སྤྱོད་པ་རྗེས་མཐུན་པས། །རྒྱལ་བའི་མཆོད་སྡོང་བསྒྲུབས་པ་ཡང༌། །བྱང་ཆུབ་སེམས་དཔའ་མྱ་ངན་ལས། །འདས་ཀྱང་དོན་རྣམས་ཐམས་ཅད་མཛད། །[ལུང་འདི་དག་སངས་རྒྱས་དང་ཡེ་ཤེས་མེད་པའི་ཤེས་བྱེད་དུ་འདྲེན་པ་གང་ཡིན་པ་དེས། ལུང་སྤྱི་བབས་ཀྱི་དོན་མ་གོ་བར་བསྟན་ཏོ།།]སེམས་མེད་པ[འི་མཆོད་རྟེན་སོགས་]ལ་མཆོད་བྱས་པས། །ཇི་ལྟར་འབྲས་བུ་ལྡན་པར་འགྱུར[སྙམ་ན]། །གང་ཕྱིར་[སངས་རྒྱས་མ་གྲོངས་པར་]བཞུགས་པའམ་མྱ་ངན་འདས[ཏེ]། །[གྲོངས་པའི་མཆོད་རྟེན་ལ་མཆོད་ན་བསོད་ནམས་]མཚུངས་པ་ཉིད་དུ་བཤད་ཕྱིར་རོ། །ཞེས་གསུངས་སོ། །

ཞིང་ཁམས་དང་གླེང་གཞིའི་ཁྱབ་པར་བསྟན་པ།

དེ་ལྟར་ཆེས་ཤིན་ཏུ་ངོ་མཚར་རྨད་དུ་གྱུར་པའི་སྐུ་དང་ཡེ་ཤེས་དང་ཡོན་ཏན་དང་འཕྲིན་ལས་ཕུན་སུམ་ཚོགས་ཤིང་བསམ་གྱིས་མི་ཁྱབ་པའི་བདག་ཉིད་སངས་རྒྱས་ཀྱི་ཞིང་ཁམས་ལ་ཡང་བདེན་གཉིས་རྣམ་དབྱེ་ཤེས་དགོས་ལ། དོན་དམ་པའི་སངས་རྒྱས་ནི་རང་བཞིན་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོ་ཝཾ་ཡིག་ཡིན་པས་དེའི་ཞིང་ཁམས་ཨེ་ཡིག་ཆོས་འབྱུང་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་རྟེན་གྱི་དཀྱིལ་འཁོར་ཏེ་སྣོད་ཀྱི་འཇིག་རྟེན་གཞན་ནོ། །ཀུན་རྫོབ་གཟུགས་སྐུའི་ཞིང་ཁམས་ནི་མཁས་པ་རྣམས་ལ་རབ་ཏུ་གྲགས་པ་ཉིད་དེ། དེ་ཡང་ཡོངས་སུ་དག་པའི་ཞིང་ཁམས་རྣམས་ནི་ལམ་གྱི་བདེན་པར་གཏོགས་[པར་གསུངས་]ལ། མ་དག་པའི་ཞིང་ཁམས་རྣམས་ནི་སྡུག་བསྔལ་གྱི་བདེན་པར་གཏོགས་པའི་ཕྱིར་གཟུགས་སྐུའི་ཞིང་ཁམས་གང་ཡིན་པ་ཀུན་རྫོབ་ཀྱི་བདེན་པ་དང༌། ཆོས་སྐུའི་ཞིང་ཁམས་གང་ཡིན་པ་དོན་དམ་གྱི་བདེན་པར་གཏོགས་སོ། །དེ་བཞིན་དུ། མདོ་རྒྱུད་ཀྱི་གླེང་གཞི་ལ་ཡང་བདེན་པ་གཉིས་ཀྱི་རྣམ་དབྱེ་དང༌། གཙོ་འཁོར་[དང་རྟེན་དང་བརྟེན་པ་]ལ་སོགས་པ་[མང་པོ་ལ་ངོ་བོ་]ཐ་དད་དང་ཐ་མི་དད་ཀྱི་རྣམ་དབྱེ་ཤེས་དགོས་ཏེ། བླ་མ་དམ་པའི་མན་ངག་བཞིན་དུའོ། །

ཁྱད་པར་གཞན་ཡང་རྒྱ་ཆེར་བསྟན་པ་ལ་བཅུ་དྲུག །གཞི་འབྲས་ངོ་བོ་དབྱེར་མེད་ལ་རྩོད་པ་སྤངས་ནས་སྐུ་གཉིས་ཐོབ་ཚུལ་བསྟན་པ།

གལ་ཏེ་གཞི་འབྲས་ངོ་བོ་དབྱེར་མེད་ཡིན་ན་ལམ་གྱིས་ཅི་ཞིག་བྱ་ཞེ་ན། འདིར་གཞི་འབྲས་ངོ་བོ་དབྱེར་མེད་ཅེས་པ་ཡང༌། དོན་དམ་ཆོས་སྐུའི་དབང་དུ་བྱས་ཀྱི། ཀུན་རྫོབ་གཟུགས་སྐུ་ཡི་[དབང་དུ་བྱས་པ་]ནི་མ་ཡིན་ལ། ལམ་མི་དགོས་པ་ཡང་མ་ཡིན་ཏེ། མཉམ་བཞག་རྣམ་པར་མི་རྟོག་པའི་ཤེས་རབ་གང་ཡིན་པ་ཡེ་ཤེས་ཀྱི་ཚོགས་ཀྱིས་ཆོས་སྐུ་གདོད་ནས་བཞུགས་པའི་དྲི་མ་བྲལ་བར་བྱེད་ཅིང༌། རྗེས་ཐོབ་སྒྱུ་མ་ལྟ་བུར་རྟོགས་པའི་ཡེ་ཤེས་དང་ལྡན་པ་བསོད་ནམས་ཀྱི་ཚོགས་ཀྱིས་གཞན་དོན་བརྡའི་སྐུ་བསྐྱེད་པའི་ཕྱིར་རོ། །དེ་ཡང་རྒྱུད་བླ་མར། ཆུ་མཚོ་སོགས་བཞིན་འདོད་ཆགས་སོགས། །གློ་བུར་ཉོན་མོངས་དག་པ་ནི། །མདོར་ན་མི་རྟོག་ཡེ་ཤེས་ཀྱི། །འབྲས་བུ་ཡིན་པར་རབ་ཏུ་བརྗོད། །རྣམ་པ་ཀུན་གྱི་མཆོག་ལྡན་པ། །སངས་རྒྱས་སྐུ་ནི་ངེས་ཐོབ་པ། །དེ་ནི་རྗེས་ལས་ཐོབ་པ་ཡི། །ཡེ་ཤེས་འབྲས་བུ་ཡིན་པར་བསྟན། །ཞེས་པ་དང༌། དབུས་མཐའ་རྣམ་འབྱེད་དུ་ཡང༌། ཆུ་ཁམས་གསེར་དང་ནམ་མཁའ་རྣམས། །དག་པ་བཞིན་དུ་དག་པར་འདོད། །ཅེས་དང༌། འཕགས་པ་ཀླུ་སྒྲུབ་ཞབས་ཀྱི་ཞལ་སྔ་ནས། [རིན་ཕྲེང་བར།]སངས་རྒྱས་རྣམས་ཀྱི་གཟུགས་སྐུ་འདིར། །བསོད་ནམས་ཚོགས་ལས་འཁྲུངས་པ་སྟེ། །ཆོས་ཀྱི་སྐུ་དེ་[མངོན་དུ་གྱུར་པ་]མདོར་བསྡུ་ན། །རྒྱལ་པོ་[ཀྱེ་]ཡེ་ཤེས་ཚོགས་ལས་འཁྲུངས། །དེ་ལྟ་བས་ན་ཚོགས་འདི་གཉིས། །སངས་རྒྱས་ཉིད་ནི་ཐོབ་པའི་རྒྱུ། །ཞེས་དང༌། [རིགས་པ་དྲུག་ཅུ་པར།]བསོད་ནམས་ཡེ་ཤེས་ལས་བྱུང་བའི། །[གཟུགས་སྐུ་དམ་པ་དང༌། ཆོས་སྐུ་དམ་པ་སྟེ་]དམ་པ་གཉིས་པོ་ཐོབ་པར་ཤོག །ཅེས་གསུངས་ལ།

དྲི་མ་སྦྱོང་ཚུལ་དང་ས་ལམ་བགྲོད་ཚུལ་བསྡུས་ཏེ་བསྟན་པ།

གསེར་འོད་དམ་པའི་མདོར་ཡང༌། རིགས་ཀྱི་བུ་དཔེར་ན་གང་ལ་ལ་ཞིག་གསེར་འདོད་དེ། གནས་ཀུན་ཏུ་བཙལ་བ་ལས་གསེར་གྱི་སྦྲམ་བུ་[རྡོ་དང་འདྲེས་པ་]རྙེད་ནས་སྦྲམ་བུ་དེ་ཞིབ་ཏུ་བཏགས་ཏེ་སྙིང་པོ་བཞུ་ཞིང་སྦྱངས་ནས་རྣམ་པར་བྱང་བར་གྱུར་པ་དང༌། གསེར་དེ་གདུ་བུ་ལ་སོགས་པ་རྒྱན་རྣམ་པ་སྣ་ཚོགས་ཡིད་བཞིན་དུ་བསྒྱུར་ཏེ་སྤྱད་ཀྱང་གསེར་གྱི་རང་བཞིན་ནི་མི་འགྱུར་རོ། །རིགས་ཀྱི་བུ་གཞན་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་འཇིག་རྟེན་གྱི་དགེ་བ་སྤྱོད་པར་མོས་པ་དེ་དེ་བཞིན་གཤེགས་པའམ་དེ་བཞིན་གཤེགས་པའི་འཁོར་དག་མཐོང་སྟེ་ཉེ་བར་བསྙེན་ནས་དེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་བ་ནི་གང༌། མི་དགེ་བ་ནི་གང༌། ཡང་དག་པའི་སྒྲུབ་པ་གང་བགྱིས་པས་རྣམ་པར་དག་པའི་སྤྱོད་པ་འཐོབ་པར་འགྱུར། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་དེའི་འཁོར་དག་གིས་དེ་སྐད་ཅེས་འདྲི་བ་དེ་ལ་འདི་སྙམ་དུ་དགོངས་ཏེ། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་འདི་དག་ནི་དམ་པའི་ཆོས་ཉན་པར་མོས་པ་དང་རྣམ་པར་བྱང་བ་འདོད་པ་སྟེ་འདི་དག་ལ་ཡང་དག་པའི་ཆོས་བསྟན་ཏོ། །དེ་ཐོས་ནས་ཀྱང་ཚུལ་བཞིན་ཡིད་ལ་བྱས་ཏེ་ནན་ཏན་གྱི་བསམ་པ་སྐྱེས་ཤིང་བརྩོན་པར་གྱུར་པའི་མཐུས་ལེ་ལོའི་སྒྲིབ་པ་དང་སྡིག་པ་མི་དགེ་བའི་ཆོས་ཐམས་ཅད་བསལ་ཏེ། བསླབ་པའི་གནས་ཐམས་ཅད་ལ་རབ་ཏུ་གུས་པར་གནས་ཤིང་སེམས་བྱིང་བ་དང་རྒོད་པ་དག་བསལ་ཏེ་ས་དང་པོ་ལ་འཇུག་གོ །ས་དང་པོའི་སེམས་ལ་བརྟེན་ནས་སེམས་ཅན་མང་པོའི་དོན་ལ་བརྩོན་པའི་སྒྲིབ་པ་སྤངས་པས་ས་གཉིས་པ་ལ་འཇུག་གོ །ས་དེ་ལས་ཉོན་མོངས་པའི་སྒྲིབ་པ་སྤངས་ནས་ས་གསུམ་པ་ལ་འཇུག་གོ །ས་དེ་ལས་སེམས་རྣམ་པར་སྦྱོང་བ་ལ་སྒྲིབ་པ་སྤངས་ནས་ས་བཞི་པ་ལ་འཇུག་གོ །ས་དེ་ལས་ཐབས་མཁས་པའི་སྒྲིབ་པ་སྤངས་ནས་ས་ལྔ་པ་ལ་འཇུག་གོ །ས་དེ་ལས་དོན་དམ་པ་དང་ཀུན་རྫོབ་ཏུ་དམིགས་པའི་སྒྲིབ་པ་སྤངས་ནས་ས་དྲུག་པ་ལ་འཇུག་གོ །ས་དེ་ལས་མཚན་མ་དང་སྤྱོད་པ་ལ་དམིགས་པའི་སྒྲིབ་པ་སྤངས་ནས་ས་བདུན་པ་ལ་འཇུག་གོ །ས་དེ་ལས་མཚན་མ་འགོག་པར་ཡང་མི་དམིགས་པའི་སྒྲིབ་པ་སྤངས་ནས་ས་བརྒྱད་པ་ལ་འཇུག་གོ །ས་དེ་ལས་མཚན་མར་སྐྱེ་བ་ཡང་མི་དམིགས་པའི་སྒྲིབ་པ་སྤངས་ནས་ས་དགུ་པ་ལ་འཇུག་གོ །ས་དེ་ལས་དྲུག་མངོན་པར་ཤེས་པའི་སྒྲིབ་པ་སྤངས་ནས་ས་བཅུ་པ་ལ་འཇུག་གོ །ས་དེ་ལས་ཤེས་བྱའི་སྒྲིབ་པ་དང་ཀུན་གཞི་རྣམ་པར་ཤེས་པ་སྦྱངས་པས་དེ་བཞིན་གཤེགས་པའི་ས་ལ་འཇུག་གོ །དེ་བཞིན་གཤེགས་པའི་ས་ནི་རྣམ་པར་དག་པ་གསུམ་གྱི་ཕྱིར་རབ་ཏུ་རྣམ་པར་དག་པ་ཞེས་བྱའོ། །གསུམ་གང་ཞེ་ན། འདི་ལྟ་སྟེ། ཉོན་མོངས་པ་རྣམ་པར་དག་པ་དང༌། སྡུག་བསྔལ་རྣམ་པར་དག་པ་དང༌། མཚན་མ་རྣམ་པར་དག་པ་སྟེ། ཇི་ལྟར་གསེར་བཟང་པོ་བཞུ་ཞིང་བཏུལ་ཏེ་སྦྱངས་པ་ལ་རྡུལ་དང་དྲི་མས་ཕྱིར་མི་གོས་ཤིང་རང་བཞིན་རྣམ་པར་དག་པའི་གསེར་ཉིད་དུ་སྣང་སྟེ། གསེར་གྱི་དངོས་པོ་རྣམ་པར་དག་པ་ཡང་མེད་པར་གྱུར་པ་མ་ཡིན་པ་བཞིན་ནོ། །དཔེར་ན་ཆུ་རྙོག་མ་ཅན་དྭངས་ཏེ་རྣམ་པར་དྭངས་ནས་ཆུའི་རང་བཞིན་ཉིད་གསལ་བར་གྱུར་པ་ཡིན་གྱི་ཆུ་དེ་ཉིད་མེད་པར་གྱུར་པ་ཡང་མ་ཡིན་ནོ། །དེ་བཞིན་དུ་ཆོས་ཀྱི་སྐུ་ཡང་ཉོན་མོངས་པ་དང་སྡུག་བསྔལ་སྣ་ཚོགས་འདུས་པ་སྤངས་ནས་བག་ཆགས་མ་ལུས་པར་བསལ་ཏེ་སངས་རྒྱས་ཀྱི་ངོ་བོ་རྣམ་པར་དག་པ་ཉིད་སྣང་བར་གྱུར་པ་ཡིན་གྱི་དངོས་པོ་མེད་པར་གྱུར་པ་ཉིད་ནི་མ་ཡིན་ནོ། །ཡང་དཔེར་ན་ནམ་མཁའ་ལ་དུ་བ་དང་སྤྲིན་དང་རྡུལ་དང་ན་བུན་གྱིས་བསྒྲིབས་པར་གྱུར་པ་དེ་མེད་པར་གྱུར་ན་ནམ་མཁའི་ཁམས་དེ་རྣམ་པར་དག་པར་གྱུར་པ་ཡིན་གྱི་ནམ་མཁའ་དེ་ཉིད་མེད་པར་གྱུར་པ་ནི་མ་ཡིན་ནོ། །དེ་བཞིན་དུ་ཆོས་ཀྱི་སྐུ་ཉོན་མོངས་པ་ཐམས་ཅད་ཟད་པའི་ཕྱིར་རྣམ་པར་དག་པ་ཞེས་བྱའི་སྐུ་ཉིད་མེད་པར་གྱུར་པ་ནི་མ་ཡིན་ནོ། །ཞེས་དང༌། དེ་བཞིན་དུ་ཆོས་ཀྱི་དབྱིངས་ལ་རྣམ་པར་རྟོག་པ་ཐམས་ཅད་མི་སྐྱེ་བའི་ཕྱིར་རྣམ་པར་དག་པ་ཞེས་བྱ་སྟེ། སངས་རྒྱས་རྣམས་ཀྱི་ཡང་དག་པའི་སྐུ་ནི་མེད་པ་མ་ཡིན་ནོ། །[ལུང་ཟབ་མོ་འདི་རྣམས་ཀྱིས་ཀྱང༌། ཁ་ཅིག་རང་སྟོང་གང་ཡིན་དོན་དམ་དང༌། ཆོས་སྐུ་ལ་སོགས་པར་འདོད་པ་དང༌། ཆོས་སྐུ་དང་རང་བྱུང་ཡེ་ཤེས་ལ་སོགས་པ་དོན་དམ་དུ་མེད་པར་འདོད་པ་དང༌། རྣམ་རྟོག་ངོ་ཤེས་ན་ཆོས་སྐུ། དུག་ལྔ་ངོ་ཤེས་ན་ཡེ་ཤེས་ལྔ། ཞེས་སོགས་སུ་འདོད་པ་ལ་གནོད་དོ།།]ཞེས་པ་ལ་སོགས་པ་གསུངས་ཤིང༌། ས་ལམ་བགྲོད་ཚུལ་ལ་སོགས་པ་རྒྱས་པ་ནི་འདིར་མ་བྲིས་ཏེ་རབ་ཏུ་གྲགས་པའི་ཕྱིར་རོ། །

ས་ལམ་བགྲོད་པ་ལ་དབུགས་ཀྱི་རྒྱུན་འགག་དགོས་པར་བསྟན་པ།

དྲི་མ་ཟད་པས་ཆོས་སྐུ་འཐོབ་པ་ལ་ཡང་ངེས་པར་དབུགས་འགག་དགོས་པར་ནི་གསང་སྔགས་ཟབ་མོ་རྣམས་ལས་གསུངས་ཏེ། ཡེ་ཤེས་ལེའུར། [ལམ་བདེན་ཟབ་མོ་བསྒོམས་པས་]སྲོག་དང་ཐུར་སེལ་འགགས་པར་གྱུར་ན་རི་བོང་འཛིན་པ་[ཧཾ་ཡིག་ཞུ་ནས་]བསྐྱོད་པ[ར་བྱེད་པའི་]ཉི་མ[ཤེས་རབ་མ]འི་གཟུགས་སུ་རབ་ཏུ་[གསལ་བར་]འགྱུར། །རྡོ་རྗེ་[བདེ་བ་ཆེན་པོ་]པད་མ[སྟོང་གཟུགས་ཀྱི]ས་རབ་ཏུ་སད་ན་སླར་ཡང་[ཟླ་བ་ཧཾ་ཡིག་]འདི་ནི་ཉི་མའི་གཟུགས་ཀྱི་མེ་ལྕེ[གཏུམ་མོ་ཨ་ཡིག་གི]ས་ཞུ་བར་བྱེད། །རླུང་དང་ཟླ་བ་[ཁུ་བ་དང་]ཉི་མ་[རྡུལ་]འགགས་པར་གྱུར་ན་རྣམ་པར་ཤེས་པ་དང་ནི་ཡེ་ཤེས་[ཏེ་གཟུངས་འཛིན་ནམ་ཤེས་དང་ཤེས་བྱ་]གཅིག་ཏུ་འགྱུར། །དེ་ལྟ་[རླུང་འགག་ཅིང་སྟོང་གཟུགས་མཐོང་བ་དང་]དེ་ལྟར་[གཏུམ་མོའི་མེས་ཧཾ་ཡིག་བཞུ་བ་]དང་ནི་དེ་བཞིན་དེ་ལྟར་[ཟླ་ཉི་རྣམ་ཤེས་འགགས་པ་སྟེ་]རྣམ་[པ་]གསུམ་དུ་འགྱུར་[བས་བདེ་གཤེགས་སྙིང་པོ་འཐོབ་ཀྱི་དེ་ལས་]གཞན་[པའི་ཐབས་]ནི་ཅུང་ཟད་ཡོད་མ་ཡིན། །[གནམ་སྟོང་གི་མཐར་]ཟླ་བ་[དང་]ཉི་མའི་གཟུགས་ནི་[སྒྲ་གཅན་གྱིས་]ཟོས་ན་མཁའ་ལ་ཉིན་མོ་དང་ནི་མཚན་མོ་ནམ་ཡང་མིན་པ་ཉིད[ཀྱི]། །ཐུན་མཚམས་[ཇི་ལྟ་བ་]དེ་ནི་རྣལ་འབྱོར་རྣམས་ཀྱི་ལུས་ཀྱི་དབུས་སུ་[ཟླ་ཉི་འགགས་པས་ཉིན་མཚན་ནུབ་ནས་]དུས་ཀུན་[ཏུ་]བདུད་རྩི[འཆི་བ་མེད་པ]འི་གོ་འཕང་[ཟླ་བའི་ཆ་བཅུ་དྲུག་]ལ་གནས་པའོ། །[དཀར་པོ་དང་ནག་པོའི་]ཕྱོགས་ཟད་[པ་གནམ་སྟོང་གི་མཐར་]ཟླ་བ་མཁའ་ལ་གནས་པ་ཉི་མའི་གཟུགས་ལ་རོ་ནི་མཉམ་པར་འགྱུར་བ་ཇི་ལྟར་བར། །སྲོག་དང་ཐུར་སེལ་ཟད་པར་གྱུར་ན་གསལ་བར་ཡང་ནི་ལུས་ལ་དངོས་གྲུབ་དུས་སུ་[ཉི་ཟླ་]དེ་འགག་གོ །[དེ་ལྟར་]ཟླ་བ་[དང་]ཉི་མའི་རྒྱུ་བ་[ཞེས་པ་ཁུ་རྡུལ་ལམ་སྲོག་ཐུར་སེལ་གྱི་རྒྱུ་བ་ཉམས་ཤིང་[གཡས་གཡོན་གྱི་]ལམ་ནི་གཉི་ག་ཡི་ཡང་སྲོག་གི་རླུང་ནི་ཆེན་པོ་འགགས།།ཆུ་སྐྱེས་རྡོ་རྗེ་[དབྱེར་མེད་ཐབས་ཤེས་ཟུང་འཇུག་གདོད་ནས་བཞུགས་པ་]རབ་ཏུ་སད་ཅིང་[ལྟེ་བའི་ཨ་ཡིག་གཏུམ་མོའི་མེས་སྤྱི་བོའི་ཧཾ་ཡིག་]རི་བོང་ཅན་ཞུ་[བའི་བདེ་ཆེན་]ཉི་མ[སྟོང་པ]འི་གཟུགས་ཆེན་ལ་ནི་རབ་ཏུ་ཞུགས། །དངོས་དང་དངོས་མེད་གཅིག་[ཏུ་]གྱུར་[པའི་འོད་གསལ་]རྣམ་གསུམ་སྲིད་པ[འི་རྣམ་པ]ར་གནས་པའི་གཞོམ་མེད་[བདེ་བ་ཆེན་པོ་རང་རིག་གིས་]ལེགས་པར་རབ་ཏུ་རྟོགས་གྱུར་པ། །དེ་ཡི་དུས་སུ་རྣལ་འབྱོར་པ་དེ་[བདེ་གཤེགས་སྙིང་པོ་]གང་ལ་[གཟུང་འཛིན་སོགས་]གཉིས་[ཆོས་ཐམས་ཅད་]ནི་ཅུང་ཟད་[ཀྱང་]མེད་པ་[ཕ་རོལ་ལམ་གཞན་ནམ་]མཆོག་གི་གོ་འཕང་[དུ་]འགྲོ། །[དེའི་ཚེ་]ཁྲོ་བོ་[བཅུ་]སངས་རྒྱས་[ལྔ་]ལྷ་མོ་དང་བཅས་[པ་དང་]ངེས་པར་རོ་ཡི་རྡོ་རྗེ་[སྟེ་རྡོ་རྗེ་མ་དྲུག་]རྣམས་དང་ས་ཡི་སྙིང་པོ་སོགས[བྱང་ཆུབ་སེམས་དཔའ]། །རབ་ཏུ་དགའ་བའི་ཐུགས་[ཅན་]རྣམས་རྣལ་འབྱོར་པ་ལ་[ཕྱག་རྒྱ་ཆེན་པོ་]གྲུབ་པའི་དུས་སུ་ནམ་མཁའ་ལ་ནི་མངོན་སུམ་[དུ་]འགྱུར[ཞིང་]། །[རྣལ་འབྱོར་པ་]དེ་ཡི་འདོད་པའི་དངོས་གྲུབ་[མཆོག་ཐོབ་པའི་དུས་ནི་]རི་བོང་ཅན་གྱི་[ཉ་གང་བའི་]ཞག་གི་ཐོ་རངས་དང་ནི་མཚན་མོ་ཕྱེད་[དེ་ཆ་བཅུ་དྲུག་པའི་དུས་]ལ་[ཐོབ་པར་]འགྱུར། །[ཐོབ་པའི་དུས་ན་]རིན་པོ་ཆེའམ་མེ་ཏོག་ཆར་ནི་མཆོག་གྱུར་[དུས་འགགས་པའི་]དུས་ཀྱི་སྦྱོར་བས་ས་ཡི་སྟེང་དུ་འབབ་པར་འགྱུར། །[མཆོག་བདེ་གཤེགས་སྙིང་པོ་ཐོབ་པའི་]ལུས་ནི་[ཤིན་ཏུ་]དང་ཞིང་རྡུལ་ཕྲན་ཉམས་པ་[སྟེ་རྡུལ་མེད་རྡུལ་བྲལ་]ནམ་མཁའ་དང་མཚུངས་[པའི་]མཚན་[དང་དཔེ་བྱད་]ལ་སོགས་པ་[པྲ་ཕབ་པ་ལྟ་བུ་མཐའ་ཡས་པ་]རྣམས་ཀྱིས་རབ་རྫོགས་འགྱུར། །སྣ་ཚོགས་འཇིག་རྟེན་གསུམ་པོ་[གཞན་]ཉིད་ནི་དང་ཞིང་སྒྲིབ་པ་རྣམ་པར་བྲལ་བ་རྨི་ལམ་བཞིན་དུ་སྣང༌། །[ཆོས་སྟོན་པའི་གསུང་གི་]སྐད་ནི་[ཕྱོགས་སུ་]ཀུན་ནས་ཆད་པ་མེད་ཅིང་[འགྲོ་བ་]དུ་མའི་སྐད་གཞན་[དང་གཞན་མཐའ་ཡས་པ་]དག་གིས་[གདུལ་བྱ་]གཞན་གྱི་སྙིང་ལ་[བསམ་པ་དང་མཐུན་པར་]འཇུག་པ་སྟེ། །སེམས་ནི་དམ་པའི་བདེ་བས་གང་ཞིང་[ཅུང་ཟད་ཀྱང་]མི་གཡོ་[ལ་]ཐམས་ཅད་དུས་སུ་ལྷན་ཅིག་སྐྱེས་པ[འི་བདེ་བ་ཆེན་པོ]ས་འཁྱུད་པའོ། །ཞེས་སོགས་དང༌། སེམས་འགྲེལ་ཁྱད་འཕགས་རྣམས་སུ་ཡང༌། དབུགས་རྣམས་འགགས་པས་བདུད་བཞི་དང་རྟེན་འབྲེལ་ཡན་ལག་བཅུ་གཉིས་འགགས་ནས་ས་[བཅུ་གཉིས་པོ་]རྣམས་ཐོབ་ཚུལ་དང་འཕོ་བའི་སྐད་ཅིག་མ་[ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་]རྣམས་འགགས་ནས་འཕོ་མེད་བདེ་བའི་སྐད་ཅིག་མ་[ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་]རྣམས་རྫོགས་པས་ས་རྣམས་ཐོབ་ཚུལ་རྒྱས་པར་གསུངས་ལ། དཔལ་གསང་བ་འདུས་པར་ཡང༌། རླུང་ནི་ཐམས་ཅད་འགོག་པ་ཡང༌། །ཡང་དག་རིག་པ་བདག་གིས་བཤད། །ཅེས་དང༌། རྣམ་པར་རྟོག་པའི་རླུང་[གཡས་གཡོན་དང་སྟེང་འོག་]གཉིས་ནི། །[ལམ་མཆོག་བསྒོམས་པ་]དེ་ནས་རྣམ་པར་བཅད་ནས་[ཐར་པ་ཆེན་པོའི་གྲོང་དུ་]འགྲོ། །རྣམ་རྟོག་མེད་པའི་རླུང་ཆེན་པོ། །[དབུ་མའི་རླུང་ཡང་]སྐུ་གསུང་[ཐུགས་ཀྱི་]རྡོ་རྗེ་བཅད་ན་ནི། །རྣམ་རྟོག་མེད་པའི་བདེ་བ་སྟེར[བ]། །སྔགས་ཀྱི་དེ་ཉིད་[བསྒོམས་པ་ཉིད་]ཀྱིས་ནི་ཐོབ། །ཅེས་གསུངས་ཤིང༌། དཔལ་རྡོ་རྗེ་ཕྲེང་བའི་རྒྱུད་ལས་ཀྱང༌། རྡོ་རྗེ་བཟླས་པར་རབ་སྦྱོར་བས། །རླུང་གི་མཚན་ཉིད་[མན་ངག་བཞིན་དུ་]ཤེས་ནས་ནི། །རྣམ་རྟོག་རླུང་རྣམས་རྣམ་པར་གཅོད། །སེམས་ལ་དམིགས་པ་ཐོབ་པར་འགྱུར། །བདག་ལ་[བདག་ཉིད་ཀྱིས་]བྱིན་བརླབས་རིམ་པས་ཀྱང༌། །དངོས་གྲུབ་བརྒྱད་ནི་ཐོབ་པར་འགྱུར། །ཞེས་གསུངས་ལ། དཔལ་ས་ར་ཧ་པས་ཀྱང༌། མིག་མི་འཛུམས་པར་ལྟ་དང་མི་བསམ་དང༌། །རླུང་འགོག་པ་ནི་བླ་མ་དམ་པའི་གསུང༌། །ཞེས་པ་ལ་སོགས་པས། སྤང་བྱའི་རྒྱུན་འགག་པ་ལ་དབུགས་ཀྱི་རྒྱུན་འགག་དགོས་ཚུལ་རྒྱ་ཆེ་དུ་མར་ཡང་དང་ཡང་དུ་གསུངས་པ་རྣམས་ཡི་གེ་མང་དུ་དོགས་ནས་འདིར་མ་བྲིས་སོ། །

དེ་འགག་པས་མཐར་ཐུག་གི་གནས་གྱུར་ཟབ་མོ་ཐོབ་ཚུལ།

དེ་ལྟར་དབུགས་རྣམས་འགགས་པས་གློ་བུར་དྲི་མ་རྣམས་འགགས་ཀྱང་དོན་དམ་བདེ་གཤེགས་སྙིང་པོ་འགག་པ་མ་ཡིན་ཏེ། མཐར་ཐུག་གི་གནས་གྱུར་ཐོབ་པའི་ཕྱིར་རོ། །[མཐར་ཐུག་གི་གནས་གྱུར་]དེ་ནི་ངོ་བོ་མི་འགྱུར་ལ་གློ་བུར་དྲི་མ་མི་སྣང་བར་གྱུར་ཅིང༌། དེ་བཞིན་ཉིད་འབའ་ཞིག་སྣང་བར་གྱུར་པ་ལ་གསུངས་ཏེ། མདོ་སྡེའི་རྒྱན་རྩ་འགྲེལ་དུ། དོན་མེད་པ་དང་དོན་ཡོད་དག །མི་སྣང་སྣང་བ་ཉིད་དེ་ནི། །གནས་གཞན་གྱུར་པ་ཡིན་ཞེས་བྱ། །འདོད་དགུར་སྤྱོད་ཕྱིར་ཐར་པ་ཡིན། །དོན་མེད་པ་མཚན་མ་མི་སྣང་བ་ཉིད་དང༌། དོན་ཡོད་པ་དེ་བཞིན་ཉིད་སྣང་བ་ཉིད་ནི་གནས་གཞན་དུ་གྱུར་པ་ཡིན་པར་རིག་པར་བྱ་སྟེ། དེས་[ན་དྲི་མ་དང་སྙིང་པོ་]དེ་དག་[རིམ་པ་ལྟར་]མི་སྣང་བ་དང་སྣང་བ་ཡིན་ནོ། །[གནས་གྱུར་]དེ་ཉིད་ཐར་པ་ཡིན་པར་ཡང་རིག་པར་བྱའོ། །ཞེས་དང༌། ཆོས་དང་ཆོས་ཉིད་རྣམ་འབྱེད་དུ་ཡང༌། དེ་ལ་[གནས་གྱུར་གྱི་]ངོ་བོར་འཇུག་པ་ནི། །གློ་བུར་བ་ཡི་དྲི་མ་དང༌། །དེ་བཞིན་ཉིད་[དག་གོ་རིམ་བཞིན་དུ་]མི་སྣང་བ་དང༌། །སྣང་བའི་དོན་དུ་[གྱུར་པས་]དེ་བཞིན་ཉིད། །དྲི་མ་མེད་པ་གང་ཡིན་པའོ། །ཞེས་གློ་བུར་དྲི་མ་མི་སྣང་ཞིང་དེ་བཞིན་ཉིད་སྣང་བ་ལ་གནས་གྱུར་གྱི་ངོ་བོར་གསུངས་ཤིང༌། དབུས་མཐའ་རྣམ་འབྱེད་རྩ་འགྲེལ་དུ་ཡང༌། ཆུ་ཁམས་གསེར་དང་ནམ་མཁའ་རྣམས། །དག་པ་བཞིན་དུ་དག་པར་འདོད། །གློ་བུར་གྱི་དྲི་མ་དང་བྲལ་བ་ལ་[གནས་གྱུར་གྱི་དོན་དུ་]བྱའི་[དེ་བཞིན་ཉིད་]དེའི་ངོ་བོ་ཉིད་གཞན་དུ་འགྱུར་བ་ནི་མ་ཡིན་ནོ། །ཞེས་ངོ་བོ་མི་འགྱུར་ཡང༌། དྲི་བཅས་དྲི་མེད་དུ་སོང་བ་ལ། མཐར་ཐུག་གི་གནས་གྱུར་དུ་གསུངས་ཏེ། ནམ་མཁའ་སྤྲིན་དང་བཅས་པ་ལས་སྤྲིན་མེད་པར་སོང་བ་བཞིན་ནོ། །དེའི་ཕྱིར་ཁ་ཅིག་ཉེར་ལེན་གྱི་ཕུང་པོ་ལྔ་རྒྱལ་བ་རིགས་ལྔར་གྱུར་[པ་སོགས་ཁམས་རྣམས་ཡུམ་རྣམས་སུ་གྱུར། དུག་ལྔ་ཡེ་ཤེས་ལྔར་གྱུར་]ཞེས་པ་ལ་སོགས་པ་ངོ་བོ་འགྱུར་བའི་གནས་གྱུར་དང༌། སྔར་མེད་གསར་དུ་སྐྱེ་བར་འདོད་པ་ནི་ཆོས་ཉིད་འདུས་མ་བྱས་ལ་མི་རུང་སྟེ། མཐར་ཐུག་གི་ལྷ་དང་སྔགས་དང་རྒྱུད་དང་དཀྱིལ་འཁོར་དང་ཕྱག་རྒྱ་ཐམས་ཅད་ཆོས་ཉིད་འདུས་མ་བྱས་ཡིན་པ་ཉིད་ཀྱིས། སངས་རྒྱས་གཟུགས་སྐུ་[འཇིག་རྟེན་དུ་]བྱོན་རུང་མ་བྱོན་རུང་ནམ་ཡང་གང་ནའང་ཅིས་ཀྱང་འགྱུར་མེད་ཡོངས་གྲུབ་ཏུ་རྟག་པར་བཞུགས་པའི་ཕྱིར་རོ། །དེ་བཞིན་དུ། མདོ་སྡེའི་རྒྱན་དུ་ཡང༌། རྟག་ཏུ་གཉིས་བྲལ་འཁྲུལ་བའི་རྟེན་གང་ཡིན་དང་གང་ཞིག་རྣམ་ཀུན་ཏུ། །བརྗོད་པར་ནུས་མ་ཡིན་ཞིང་སྤྲོས་པ་མེད་པའི་བདག་ཉིད་དེ་ཁོ་ན། །ཤེས་བྱ་སྤང་བྱ་རང་བཞིན་དྲི་མེད་འདོད་གང་རྣམ་པར་སྦྱང་བྱ་སྟེ། །དེ་ནི་ནམ་མཁའ་གསེར་དང་ཆུ་ལྟར་ཉོན་མོངས་པ་ལས་རྣམ་དག་འདོད། །ཅེས་རྟག་ཏུ་གཉིས་དང་བྲལ་ཡང་གཉིས་སུ་སྣང་བ་གང་ཡིན་པ་ཀུན་བརྟགས་ནི་ཤེས་པར་བྱ་བ་དང༌། འཁྲུལ་བའི་རྟེན་གང་ཡིན་པ་གཞན་དབང་ནི་སྤང་བར་བྱ་བ་དང༌། སྤྲོས་བ་མེད་པའི་རང་བཞིན་རྣམ་དག་གང་ཡིན་པ་ཡོངས་གྲུབ་ནི་དྲི་མ་སྦྱང་བའི་གཞིར་གསུངས་པ་ལས་ཀྱང་དྲི་མ་དང་བྲལ་བའི་འབྲས་བུ་ཐོབ་པ་ན། ངོ་བོ་མི་འགྱུར་བའི་གནས་གྱུར་ཐོབ་པ་ཡིན་པར་ནམ་མཁའ་ལ་སོགས་པ་དཔེ་གསུམ་གྱིས་བསྟན་ཏོ། །གལ་ཏེ་ཆུ་དང་གསེར་ནི་འདུས་བྱས་ཡིན་པས་ངོ་བོ་མི་འགྱུར་བའི་དཔེར་མི་རུང་ངོ་སྙམ་ན། འདིར་དེ་གཉིས་སྐད་ཅིག་གིས་འགྱུར་ཡང་དེའི་ཆ་ནས་དཔེར་མི་སྦྱོར་གྱི་དྲི་མ་ཡོད་མེད་ཀྱི་གནས་སྐབས་སུ་རྒྱུན་མི་འགྱུར་བ་ལ་དགོངས་པའི་ཕྱིར་སྐྱོན་མེད་དེ། དེ་ཉིད་དུ། ཇི་ལྟར་ཆུ་རྙོགས་པ་ལས་དྭངས་པ་ན། །དྭངས་པ་ཉིད་དེ་དེ་ལས་སྐྱེས་མིན་གྱི། དེ་ནི་དེ་ལ་དྲི་མ་བྲལ་བར་ཟད། །དེ་བཞིན་རང་སེམས་དག་[པ་]ལ་ཚུལ་དེ་ཉིད། །སེམས་ནི་རྟག་ཏུ་རང་བཞིན་འོད་གསལ་འདོད། །དེ་ནི་གློ་བུར་ཉེས་པས་མ་རུང་བྱས། །ཆོས་ཉིད་སེམས་ལས་གཞན་པ་སེམས་གཞན་ནི། །འོད་གསལ་མ་ཡིན་རང་བཞིན་ལ་བརྗོད་དོ། །ཞེས་དང༌། དེའི་འགྲེལ་པར་ཡང༌། ཇི་ལྟར་ཆུ་རང་བཞིན་གྱིས་དྭངས་པ་ལས། གློ་བུར་གྱི་རྙོག་པས་རྙོགས་པ་ཡིན་པ་དེ་བཞིན་དུ། སེམས་རང་བཞིན་གྱིས་འོད་གསལ་བར་འདོད་པ་ལས་གློ་བུར་གྱི་ཉེས་པས་མ་རུང་བར་བྱས་སོ། །ཆོས་ཉིད་ཀྱི་སེམས་ལས་མ་གཏོགས་པ། སེམས་གཞན་ཏེ་གཞན་གྱི་དབང་གི་མཚན་ཉིད་ནི་རང་བཞིན་གྱིས་འོད་གསལ་བ་ཉིད་དུ་མི་བརྗོད་དོ། །དེ་ལྟ་བས་ན་[རང་བཞིན་འོད་གསལ་བའི་]སེམས་ནི་འདིར་ཆོས་ཉིད་ཀྱི་སེམས་ཁོ་ན་ཡིན་པར་རིག་པར་བྱའོ། །[གཞན་དབང་གི་སེམས་རང་བཞིན་འོད་གསལ་མ་ཡིན་པར་གསུངས་པ་འདིས་ནི། ཁ་ཅིག་རང་སྟོང་གང་ཡིན་རང་བཞིན་འོད་གསལ་དུ་འདོད་པ་བསལ་བ་ཡིན་ནོ།།]ཞེས་གསུངས་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་གློ་བུར་གྱི་ཉེས་པས་མ་རུང་བར་བྱས་ན། རང་བཞིན་འོད་གསལ་གྱི་སེམས་དེ་འདུས་མ་བྱས་ཡིན་པ་དང༌། རྡོ་རྗེ་ལྟ་བུར་མཁྲེགས་པ་དང༌། མི་ཆོད་པ་མི་ཤིགས་པ་བདེན་པ་སྲ་བ་བརྟན་པ་ལ་སོགས་པར་འགལ་ལོ་ཞེ་ན་སྐྱོན་མེད་དེ། རང་བཞིན་འོད་གསལ་གྱི་ངོ་བོ་ལ་གནོད་པ་མ་བྱས་ཀྱང༌། དེ་མངོན་དུ་འགྱུར་བའི་གེགས་བྱས་པ་ལ་དགོངས་ནས་དེ་སྐད་གསུངས་པའི་ཕྱིར་རོ། །རྒྱུད་བླ་མར་ཡང༌། འོད་གསལ་བྱས་མིན། ཞེས་དང༌། གློ་བུར་དྲི་མས་དེ་ཉོན་མོངས་མི་འགྱུར། །ཞེས་སོགས་རྒྱ་ཆེར་གསུངས་པ་ཡིན་ནོ།།

དེ་ཐོབ་པའི་ཚེ་སྦྱང་བྱ་དྲི་མ་ཟད་ཀྱང་སྦྱང་གཞི་སྙིང་པོ་མི་ཟད་པར་བསྟན་པ།

དེ་བཞིན་དུ་ལྗོན་ཤིང་རྙིངས་པ་དང༌། མར་མེ་ཟད་པ་དང༌། ལྕགས་གྲངས་པ་དང༌། ཟླ་བའི་དཀྱིལ་འཁོར་ལ་སོགས་པ་དཔེར་མཛད་ནས། གློ་བུར་དྲི་མ་ཟད་ཀྱང་བདེ་གཤེགས་སྙིང་པོ་མི་ཟད་པར་གསུངས་པ་རྣམས་ལ་ཡང༌། སྐད་ཅིག་ལས་འདས་མ་འདས་མི་མཚུངས་པའི་ཕྱིར། དེའི་ཆ་ནས་དཔེར་མི་སྦྱོར་ཡང༌། མཚུངས་པའི་ཆོས་གཞན་ཡོད་པའི་ཆ་དེ་དཔེར་སྦྱོར་བ་ཡིན་ནོ། །དེ་ཡང་མྱང་འདས་ཆེན་པོར། བཅོམ་ལྡན་འདས་དཔེར་ན་གྲོང་ཁྱེར་ཆེན་པོ་ཞིག་གི་ཕྱི་རོལ་ན་ཤིང་སཱ་ལའི་ཚལ་གྱི་ནང་ན་ཤིང་གཅིག་སྔར་སྐྱེས་ཏེ་ལོ་བརྒྱ་ལོན་ནོ། །དེའི་ཚེ་ཚལ་གྱི་བདག་པོ་དེ་དུས་དུས་སུ་ཆུ་འཆུ་ཞིང་ལས་བགྱིད་དོ། །ཤིང་དེའི་ཤུན་པ་རུལ་ནས་ཤུན་པ་དང་ལོ་མ་དང་ཡལ་ག་ཀུན་ས་ལ་ལྷུང་སྟེ། ནང་གི་སྙིང་པོ་འབའ་ཞིག་ལུས་སོ། །དེ་བཞིན་གཤེགས་པ་ཡང་དེ་དང་འདྲ་སྟེ། ཇི་ཙམ་དུ་རུལ་བར་གྱུར་པ་[དང་འདྲ་བར་དྲི་མ་]ཐམས་ཅད་ཟད་ནས་ཡང་དག་པའི་ཆོས་འབའ་ཞིག་ལུས་སོ། །ཞེས་དང༌། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་སྐྱེས་པའམ་བུད་མེད་ཅིག་མེ་མར་འཛུགས་ན་མེ་མར་གྱི་སྣོད་ཆེ་ཆུང་ལས་མར་གྱིས་བཀང་སྟེ་གཟུགས་སོ། །ཇི་སྲིད་མར་ཡོད་ཀྱི་བར་དུ་ནི་སྣང་བ་ཡང་ཡོད་དོ། །ཇི་ལྟར་མར་ཟད་ན་སྣང་བ་ཡང་མེད་པར་འགྱུར་རོ། །སྣང་བ་མེད་པར་གྱུར་པ་ནི་ཉོན་མོངས་པ་ཟད་པ་ལྟ་བུའོ། །སྣང་བ་ཟད་དེ་མེད་པར་སོང་ཡང་མེ་མར་གྱི་སྣོད་མེད་པར་གྱུར་པ་མ་ཡིན་ནོ། །དེ་བཞིན་གཤེགས་པ་ཡང་དེ་དང་འདྲ་སྟེ། ཉོན་མོངས་པ་ཟད་དེ་མེད་ཀྱང་ཆོས་ཀྱི་སྐུ་ནི་རྟག་ཏུ་ཡོད་དོ། །ཞེས་དང༌། སོ་སོའི་སྐྱེ་བོ་དག་ནི་དེ་བཞིན་གཤེགས་པ་ཡང་དག་པར་འགོག་པ་ཟད་དོ་སྙམ་སྟེ། དེ་བཞིན་གཤེགས་པ་ནི་མཐར་ཟད་པ་མ་ཡིན་པས་རྟག་ཏུ་གནས་པའི་ཆོས་ཅན་མི་འགྱུར་མི་འཕོ་བའི་ཆོས་ཅན་དུ་རིག་པར་བྱའོ། །རིགས་ཀྱི་བུ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཀྱི་དབྱིངས་སོ། །ཞེས་དང༌། ལྷའི་ཟླ་བས་བསྒྱུར་བར་ཡང༌། ཇི་ལྟར་ལྕགས་ཀྱི་མེ་གྲང་བར་འགྱུར་བ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང༌། བསྐལ་པ་མང་པོ་གྲངས་མེད་པ་བྱེ་བ་སྙེད་དུ་བསགས་པའི་ཉོན་མོངས་པ་རྣམས་ཟད་ནས་[ཆོས་སྐུ་]རྟག་པ་དང་བརྟན་པ་དང་ཐེར་ཟུག་པ[ཐོབ་པ]ར་འགྱུར་ཏེ། དེ་ལྟར་ན་ཡང་དག་པར་གྲོལ་བའི་དེ་བཞིན་གཤེགས་པ་ནི་རྟག་པ་དང་བརྟན་པ་དང་ཐེར་ཟུག་པ་ཡིན་ནོ། །ཞེས་དང༌། དབང་མདོར་བསྟན་པར་ཡང༌། ཇི་ལྟར་ཟླ་[བའི་དཀར་ཕྱོགས་ཀྱི་]ཤར་[བའི་]རིམ་པ་ཡིས། །ཆ་[བཅོ་ལྔ་]རྣམས་ཀྱིས་ནི་རྫོགས་པར་འགྱུར[བ་དེ་སྔར་བསྒྲིགས་པའི]། །གྲིབ་མ་[བཅོ་ལྔ་རིམ་གྱིས་]ཉམས་པ་[ལས་ཟླ་བའི་ཆ་རྣམས་]རྫོགས་པ་[སྣང་བ་]སྟེ། །ཟླ་བ[འི་དཀྱིལ་འཁོར་ནག་པོའི་ཕྱོགས་ལ་]ཆད་[པ་]དང་[དཀར་ཕྱོགས་ལ་སྐྱེས་ནས་]རྫོགས་པ་མིན། །དེ་བཞིན་[དུ་ལམ་བདེན་གྱི་]ཡེ་ཤེས་ཤར་[བའི་]རིམ་པས། །ས་རྣམས་ཀྱིས་ནི་[འགོག་བདེན་]རྫོགས་པ[ཐོབ་པ]ར་འགྱུར[བ་དེ་ཡང་]། །ཉོན་མོངས་ལ་སོགས་[སྒྲིབ་པ་]ཉམས་པ་[ལས་འགོག་བདེན་]རྫོགས[པ་ཐོབ་ཀྱི་རང་བྱུང་]། །ཡེ་ཤེས་[དྲི་བཅས་ཀྱི་དུས་ན་]ཆད་[པ་]དང་[དྲི་མེད་ཀྱི་དུས་ན་གསར་དུ་སྐྱེས་ནས་]རྫོགས་པ་མིན། །ཞེས་པ་ལ་སོགས་པ་དཔེ་མང་པོས་གསུངས་པ་དང་གཞན་ཡང་སྔར་སྨོས་པའི་སྙིང་པོ་དང་དྲི་མའི་དཔེས་བསྟན་པ་དེ་དག་ལས་ཀྱང་གནས་གྱུར་ཐོབ་པའི་ཚེ་དྲི་མ་ཐམས་ཅད་ཟད་པའི་ཤུལ་ན་བདེ་གཤེགས་སྙིང་པོ་ནམ་ཡང་མི་ཟད་པར་བཞུགས་པའི་ཕྱིར་ངོ་བོ་མི་འགྱུར་བའི་གནས་གྱུར་ཟབ་མོ་མཐར་ཐུག་པ་ཁོང་དུ་ཆུད་པར་བྱ་ཞིང༌།

དེ་དག་ཟད་མི་ཟད་ཀྱི་དཔེ་རྣམས་ལས་ནམ་མཁའ་ཉིད་མཆོག་ཏུ་བསྟན་པ།

དེ་དག་ལས་ཀྱང་ནམ་མཁའི་དཔེ་ནི་སྐད་ཅིག་ལས་འདས་པ་དང་ཆ་མེད་ཀུན་འགྲོ་ཀུན་ཁྱབ་ལ་སོགས་པས་ཁྱད་པར་དུ་འཕགས་ཏེ། རྔ་བོ་ཆེའི་མདོར། ནམ་མཁའ་ལ་བརྟེན་པའི་ཁང་བའམ་རི་གང་དང་གང་ཡིན་པ་ཞིག་ཀྱང་ནམ་མཁའ་ནི་མི་འཇིག་པ་ལྟར། མྱ་ངན་ལས་འདས་པའི་དབྱིངས་ཀྱིས་འགྲོ་བ་ཐམས་ཅད་ལ་ཁྱབ་པ་ཡང་དེ་དང་འདྲའོ། །ཞེས་དང༌། སྔར་དྲངས་པ། ཇི་ལྟར་བུམ་པ་ཞིག་གྱུར་ཀྱང༌། །ཞེས་པ་ལ་སོགས་པ་ནམ་མཁའི་དཔེས་བསྟན་པ་ཐམས་ཅད་འདིར་ཡང་དྲན་པར་བྱའོ། །

སྦྱང་གཞི་མི་ཟད་པར་གྲུབ་པས་ཡེ་ཤེས་རྒྱུན་ཆད་པར་འདོད་པ་ལ་སོགས་པ་ཡང་ཁེགས་པར་བསྟན་པ།

གསུང་རབ་འདི་དག་གིས་ནི་མཐར་ཐུག་གི་སངས་རྒྱས་ཅིར་ཡང་མ་གྲུབ་པར་འདོད་པ་དང༌། སངས་རྒྱས་ཀྱི་ཡེ་ཤེས་རྒྱུན་ཆད་པར་འདོད་པ་དང༌། སྦྱང་བྱ་ཟད་པས་སྦྱང་གཞིའང་ཟད་པར་འདོད་པ་རྣམས་བསལ་བ་ཡིན་ནོ། །

འཁྲུལ་བ་ཟད་པའི་ཡེ་ཤེས་ལ་འཁྲུལ་སྣང་འདི་མི་འཆར་བར་བསྟན་པ།

དེ་བཞིན་དུ་གློ་བུར་ཁམས་གསུམ་པའི་ཆོས་འདི་རྣམས་འཁྲུལ་བ་ཟད་པའི་ཡེ་ཤེས་ལ་སྣང་བར་འདོད་པ་ཡང་མི་རིགས་ཏེ། འཁྲུལ་བ་ཟད་པ་ལ་འཁྲུལ་སྣང་མི་སྲིད་པའི་ཕྱིར་དང༌། ཁམས་གསུམ་པའི་སྣང་བ་འདི་ཡང་འཁྲུལ་སྣང་ཉིད་དུ་གསུངས་པའི་ཕྱིར་རོ། །དེ་ཡང་འཕགས་པ་ལྷའི་ཞལ་སྔ་ནས། [བདེ་གཤེགས་སྙིང་པོ་]ཡོད་ལ་མེད་པར་འཁྲུལ་དང་[སྟོང་ཉིད་གང་ཡིན་རྟེན་འབྲེལ་དུ་འདོད་ན་དོན་དམ་ཡང་]མི་རྟག་ཉིད་ལ་[དུ་]འཁྲུལ། །[གང་ཤར་ཆོས་སྐུར་འདོད་ན་ཁམས་གསུམ་འདི་ཡང་ཆོས་སྐུར་ཡོད་དགོས་པས་]མེད་ལ་ཡོད་པར་འཁྲུལ་དང་རྟག་པ་ཉིད་དུ་འཁྲུལ། །[ལྟ་བ་]འཁྲུལ་བས་[གང་ཟག་]འཁྲུལ་བ་བསླུ་ཞིང་བསླུས་པས་[སླར་ཡང་]འཁྲུལ་བ་[ཁམས་གསུམ་འཁོར་བ་]འགྲུབ། །[བློ་]འཁྲུལ་བའི་དབང་གིས་ཡང་དག་དོན་ལ་སེམས་ཅན་འཁྲུལ། །རྒྱུ་ལ་འཁྲུལ་ཏེ་[ལས་ངན་བསགས་པས་]འབྲས་བུ་ངན་སོང་གསུམ་དུ་འཁྲུལ། །ཞེས་དང༌། [སློབ་དཔོན་དེ་ཉིད་ཀྱིས་]འཁྲུལ་བ་ཟློག་པའི་གཏན་ཚིགས་གྲུབ་པར་ཡང༌། དེ་ལ་འཁྲུལ་བའི་དབང་གིས་ཡང་དག་པའི་དོན་ལ་འཁྲུལ་བ་ནི་ཐམས་ཅད་རྟག་པར་རྟོག་པ་བཞིན། ཞེས་སོགས་དང༌། [འཁྲུལ་བའི་དབང་གིས་ཡི་དྭགས་སུ་སྐྱེས་པའི་ཚེ་]ཁབ་མིག་ཁ་དང་རྟ་རྔའི་མགྲིན། །ལྟོ་བ་རི་ཡི་གཏོས་ཙམ་ཉིད། །རྐང་ལག་ཐུར་མ་བཞིན་དུ་ཕྲ། ཤིང་རྟ་འཁྲོལ་འདྲ་དུད་པ་འཐུལ། །ཡིད་དུ་འོང་བའི་ཟས་དང་སྐོམ། །བཀོད་པ་བལྟས་ནས་ལག་[པས་]བརྙབས་ན། །རབ་འཇིགས་སྐྱེས་བུ་གོ་ཆ་ཅན། །མཚོན་རྣོན་[དང་]དབྱིག་པ་ཐོགས་པ་ཡིས། །བརྒྱབ་ནས་རྡུལ་བཞིན་[དུམ་བུ་མང་པོར་]གྱུར་[པ་]མཐོང་ནས།།[ཟས་སྐོམ་ཏེ་]ལེན་པའི་དབང་མེད་བཀྲེས་[པས་]གདུངས་[པར་]འགྱུར། །ལ་ལས་བཟའ་བཏུང་ཁར་བཅུག་པ། །མེ་ལྕེ་འབར་ཞིང་[ཁ་དང་ལུས་ཀུན་]འཚིག་འགྱུར་ཏེ། །ལ་ལར་རྣག་ཁྲག་དྲི་ང་ཡང༌། །མི་རྙེད་ལུས་ལས་བཙགས་ལས་འདོན། །ལ་ལས་བཟའ་བཏུང་མི་མཐོང་ཞིང༌། །མི་ཐོས་ཕྱོགས་བཅུར་རྒྱུག་པར་འགྱུར། །ཞེས་དང༌། [འཁྲུལ་བའི་དབང་གིས་དམྱལ་བར་སྡུག་བསྔལ་བ་ནི་]ཉེས་སྤྱད་རྣམ་སྨིན་མ་ཟད་བར། །དེ་དག་[བསད་ཀྱང་]འཆི་བར་མི་འགྱུར་ཏེ། །[དེ་དག་གི་གཟུགས་]བྲིས་[པ་]མཐོང་[བ་དང་]བཤད་[པ་]ཐོས་[པ་དང་ཡི་གེར་བྲིས་པ་]ཀླགས་[པ་དང་]དྲན་[པ་ལ་]ཡང༌། །འཇིགས་[པ་ཆེན་པོ་]སྐྱེ་[ན་རང་རྒྱུད་ལ་]ཉམས་[སུ་]མྱོང་[བ་ལྟ་]ཅི་ཞིག་སྨོས། །འཇིག་རྟེན་ཁམས་རྣམས་སྡུག་བསྔལ་གང༌། །མཐོང་བའི་ཆོས་ལ་ཡོད་དོ་ཅོག །གཅིག་ཏུ་བསྡུས་པས་དམྱལ་བ་ཡི། །སྡུག་བསྔལ་གང་ཆུང་[བའི་]འབུམ་གྱི་ཆ[ཡང་]། །མི་ཕོད་ཅུང་ཟད་[ཙམ་ཡང་]དེ་[དང་]མི་མཚུངས[པ་དེ་ཙམ་དུ་སྡུག་བསྔལ་བ]། །དེ་ཀུན་མ་རིག་ལྟ་ལས་བྱུང༌། །དེ་ཕྱིར་ངན་སོང་གསུམ་དུ་འཁྲུལ། །ཞེས་དང༌། [སློབ་དཔོན་དེ་ཉིད་ཀྱིས་]རབ་ཏུ་བྱེད་པ་ལག་པའི་ཚད་ལས་ཀྱང༌། །དེ་ཕྱིར་མཁས་པས་[ཁམས་གསུམ་འདི་]འཁྲུལ་བ་ཙམ[དུ་རྟོགས་ཀྱི]། །ཡང་དག་དོན་དུ་མིན་པར་བརྟག །[རྒྱུ་ལ་]འཁྲུལ་ནས་[འབྲས་བུ་]དེ་ཡང་མ་དག་ཕྱིར། །[ཁམས་གསུམ་འདི་]ཇི་ལྟར་སྣང་བ་དེ་ལྟར་[གཤིས་ལ་]མེད། །དོན་ཡོད་[པ་]མ་ཡིན་[བཞིན་དུ་]སྣང་བ་ནི[འཁྲུལ་སྣང་ཡིན་པས]། །ཇི་ལྟར་[དོན་བདེན་པ་]དེ་ཡི་བདག་ཉིད་[དུ་]འགྱུར། །གང་ཞིག་ཞིབ་མོའི་བློ་ཡིས་ནི། །[ཀུན་རྫོབ་]ཐམས་ཅད་བརྟགས་པ་ཁོ་ནར་ཤེས[པའི]། །བློ་ལྡན་དེས་ནི་ཆགས་[པ་]ལ་སོགས། །བདེ་བར་[རྟོག་པ་]སྦྲུལ་གྱིས་སྐྲག་བཞིན་སྤོང༌། །ཞེས་པ་ལ་སོགས་པས་ཁམས་གསུམ་པ་འདི་དག་ཀུན་བརྟགས་པ་དང༌། མ་རིག་པ་ལས་བྱུང་བ་དང༌། འཁྲུལ་བ་ཉིད་དུ་གསུངས་ལ། རིགས་པ་དྲུག་ཅུ་པར་ཡང༌། མ་རིགས་རྐྱེན་གྱིས་འཇིག་རྟེན་ཞེས། །གང་ཕྱིར་རྫོགས་པའི་སངས་རྒྱས་གསུང༌། །དེ་ཕྱིར་འཇིག་རྟེན་འདི་དག་ཀྱང༌། །རྣམ་པར་རྟོག་པར་ཅིས་མི་འཐད། །མ་རིག་འགགས་པར་གྱུར་ན་ནི། །སྐྱེ་བ་གང་རྣམས་འགག་གྱུར་པས། །དེས་ན་[འཇིག་རྟེན་འདི་དག་]མི་ཤེས་[པས་]ཀུན་བརྟགས་པར། །ཅི་ཡི་ཕྱིར་ན་གསལ་མི་འགྱུར། །ཞེས་འཇིག་རྟེན་འདི་དག་མ་རིག་པས་ཀུན་བརྟགས་པའི་འཁྲུལ་སྣང་ཡིན་པར་གསུངས་པའི་ཕྱིར། མ་རིག་པ་དང་ཀུན་བརྟགས་ཟད་པའི་ཡེ་ཤེས་ལ་འདི་དག་སྣང་བར་མི་རིགས་ཏེ། མིག་སྐྱོན་མེད་པར་གྱུར་པ་ལ་སྐྲ་ཤད་འཛག་པ་དང་དུང་སེར་པོ་ལ་སོགས་པར་མི་སྣང་བ་བཞིན་ནོ། །འཕགས་པ་ལྷའི་དབུ་མ་འཁྲུལ་བ་འཇོམས་པར་ཡང༌། གང་གི་ཚེ་བློ་གྲོས་ཀྱི་མིག་བྱེ་བར་གྱུར་ཅིང༌། མ་རིག་པའི་བག་ཆགས་ཀྱི་གཉིད་དང་བྲལ་བ་གྱུར་ནས་སད་པ་དང་འདྲ་བར་བདེ་བར་གཤེགས་པའི་ཡེ་ཤེས་དྲི་མ་མེད་པ་ཤར་བར་གྱུར་པ་དེའི་ཚེ་ན་[ཁམས་གསུམ་]ཅི་ཡང་མི་གཟིགས་ཏེ། དངོས་པོའི་ངོ་བོ་ཉིད་མི་དམིགས་པའི་ཕྱིར་རོ། །ཞེས་དང༌། སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་ཤེས་པའི་ཡང་དག་པའི་ཡེ་ཤེས་ཀྱི་ཉི་མ་ཤར་ནས་མི་ཤེས་པའི་བག་ཆགས་དང་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་བསལ་བའི་ཚེ་ན། སེམས་དང་སེམས་ལས་བྱུང་བ་སྤྱོད་ཡུལ་དང་བཅས་པ་རྣམས་དངོས་པོ་དང་ངོ་བོ་ཉིད་དུ་མ་གཟིགས་ཤིང་མི་དམིགས་ཏེ། བླ་ན་མེད་པའི་ཡེ་ཤེས་ཤར་བ་ན་དབུགས་ཕྱིན་པ་ཆེན་པོ་ཐོབ་པའི་ཕྱིར་རོ། །དེ་ལྟར་རིགས་པས་ཀུན་རྫོབ་ཏུ་ཆོས་ཐམས་ཅད་རྨི་ལམ་དང་སྐྲ་ཤད་འཛིངས་པ་དང་མིག་འཕྲུལ་ལྟ་བུར་བསྟན་ལ། དོན་དམ་པར་[ཀུན་རྫོབ་]དེ་དག་[གི་]དངོས་པོ་མེད་པ་དང༌། འོད་གསལ་བ་དང༌། [རྣམ་ཤེས་ལ་]སྣང་བ་མེད་པ་དང༌། སྤྲོས་པ་དང་བྲལ་བར་བསྟན་ནས། དེ་ནི་ལུང་གིས་ཀྱང་དེ་ལྟ་བུར་སྟོན་ཏེ། སློབ་དཔོན་[ཀླུ་སྒྲུབ་]གྱི་ཞལ་སྔ་ནས། རབ་རིབ་བྲལ་བར་གྱུར་པའི་མིག །རྣམ་དག་དྲི་མ་མེད་པ་ལ། །སྐྲ་དང་སྦྲང་བུ་ཟླ་གཉིས་དང༌། །རྨ་བྱའི་མདོངས་དག་མི་སྣང་ལྟར། །མཁས་པ་ཉོན་མོངས་ཤེས་བྱ་ཡི། །སྒྲིབ་མུན་རབ་རིབ་བྲལ་གྱུར་ཅིང༌། །ཡང་དག་མཁྱེན་སྤྱན་དྲི་མེད་ལའང༌། །དེ་བཞིན་[འཁྲུལ་བ་]ཅི་ཡང་སྣང་བ་མེད། །དཔེར་ན་གཉིད་ལོག་གཉིད་དབང་གིས། །བུ་དང་བུད་མེད་གཞལ་མེད་ཁང༌། །གནས་ལ་སོགས་པ་མཐོང་གྱུར་པ། །སད་ནས་དེ་ཡིས་མི་མཐོང་ལྟར། །དེ་བཞིན་ཀུན་རྫོབ་[དང་དེའི་]ཤེས་པ་དག །བློ་གྲོས་མིག་ནི་བྱེ་གྱུར་ཅིང༌། །མི་ཤེས་གཉིད་དང་བྲལ་གྱུར་ནས། །སད་པའི་ཚེ་ན་མི་གཟིགས་སོ། །དཔེར་ན་མཚན་མོ་མུན་ཁྲོད་ན། །འབྱུང་པོ་ཡང་དག་མིན་མཐོང་བ། །ཉི་མ་ཤར་ཅིང་མིག་ཕྱེའི་ཚེ། །སྣང་བར་གྱུར་པ་མ་ཡིན་ལྟར། །དེ་བཞིན་མཁས་པས་ཡང་དག་གི །ཤེས་པའི་ཉི་མས་མི་ཤེས་པའི། །བག་ཆགས་མ་ལུས་བཅོམ་པའི་ཚེ། །སེམས་དང་སེམས་བྱུང་ཡུལ་[དང་བཅས་པ་]མི་གཟིགས། །ཞེས་གཉིད་སངས་པའི་ཚེ་རྨི་ལམ་གྱི་སྣང་བ་ཡལ་བ་དང༌། མིག་རབ་རིབ་དང་བྲལ་བའི་ཚེ་སྐྲར་སྣང་ལ་སོགས་པ་ནུབ་པ་ལྟར། མ་རིག་པའི་གཉིད་སངས་ཤིང་རྣམ་ཤེས་ཀྱི་རབ་རིབ་དང་བྲལ་བའི་ཡེ་ཤེས་ལ། སེམས་དང་སེམས་བྱུང་ཡུལ་དང་བཅས་པ་ལ་སོགས་པ་ཁམས་གསུམ་པའི་ཆོས་རྣམས་མི་སྣང་བར་གསུངས་ཏེ། དེ་ལ་དེ་རྣམས་ས་བོན་དང་བཅས་པ་འགགས་ཤིང་ཟད་ལ་ནུབ་པའི་ཕྱིར་རོ། ། [སྐྱབས་འགྲོ་བདུན་ཅུ་པར་ཡང༌། མ་རིག་གཉིད་ཀྱིས་ལོག་པ་ཡི། །འགྲོ་ལ་གང་གང་སྣང་དེ་དེ། །བརྫུན་ཏེ་རྨི་ལམ་ལྟ་བུར་འདོད། །མ་རིག་གཉིད་ནི་རྒྱུན་ཆད་ཅིང༌།།ཡང་དག་ཡེ་ཤེས་ངེས་འབྱུང་བས། །གང་ཞིག་རྣམ་སད་དེ་སངས་རྒྱས། །སྐྱེས་བུ་གཉིད་སད་ཇི་བཞིན་ནོ། །ཞེས་སོ།།]

དེ་ཙམ་གྱིས་ཆད་པར་ལྟ་བའི་སྐྱོན་དུ་ཡང་མི་འགྱུར་བར་བསྟན་པ།

དེ་ཙམ་གྱིས་ཆད་པར་སྨྲ་བའི་སྐྱོན་དུ་ཡང་མི་འགྱུར་ཏེ། དབུ་མ་རིན་ཆེན་སྒྲོན་མར། དོན་དམ་པའི་ཤེས་རབ་ཅེས་བྱ་བ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཆོས་ཉིད་བྱང་ཆུབ་ཀྱི་སེམས་རང་བྱུང་གི་ཡེ་ཤེས་ཆེན་པོའི་མདུན་ན་[ཀུན་རྫོབ་]ཅི་ཡང་མེད་པས་ཆད་པར་སྨྲ་བ་ཡང་མ་ཡིན་ཞེས་གསུངས་པའི་ཕྱིར་དང༌། གློ་བུར་དྲི་མ་ཁམས་གསུམ་པ་འདི་ཟད་ཀྱང༌། ཁམས་གསུམ་གཞན་བདེ་གཤེགས་སྙིང་པོ་ཟད་པར་ཁས་མི་ལེན་པའི་ཕྱིར་རོ། །

འཁྲུལ་བ་ཟད་པ་ལ་མི་སྣང་ཡང་མ་ཟད་པ་ལ་སྣང་བ་མི་འགལ་བར་བསྟན་པ།

དེ་ལྟར་ཆོས་ཉིད་ཐོབ་པ་ལ་ཁམས་གསུམ་པའི་སྣང་བ་འདི་ཟད་ཀྱང་དེ་མ་ཐོབ་པ་རྣམས་ལ་མ་ཟད་པར་སྣང་བ་ཡང་མི་འགལ་ཏེ། དུང་དཀར་པོ་དང་སེར་པོར་སྣང་བའི་གང་ཟག་བཞིན་ནོ། །རྣམ་བཤད་རིགས་པར་ཡང༌། མ་རིག་གཉིད་ལས་སངས་ཕྱིར་དང༌། །ཤེས་བྱ་ལ་ཡང་བློ་རྒྱས་ཕྱིར། །ཞེས་སོགས་ཀྱིས་ཀྱང་མ་རིག་པའི་གཉིད་སངས་པའི་ཡེ་ཤེས་ལ་མ་རིག་པའི་སྣང་བ་ཁམས་གསུམ་པ་འདི་མི་སྣང་བར་གྲུབ་སྟེ། ཁམས་གསུམ་པ་འདི་ནི་རྣམ་ཤེས་ཀྱི་སྣང་བ་ཡིན་ལ་རྣམ་ཤེས་གང་ཡིན་པ་མ་རིག་པ་ཡིན་པའི་ཕྱིར་རོ། །འབུམ་པ་རྒྱ་ཆེར་འགྲེལ་དུ་ཡང༌། དེ་ལ་རྨི་ལམ་ལྟ་བུ་ཞེས་བྱ་བ་ནི་རྨི་ལམ་ན་མཐོང་བའི་ཆོས་རྣམས་གཉིད་སངས་པའི་ཚེ་དེ་ལྟར་མི་སྣང་བ་བཞིན་དུ། ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་སོགས་པ་ཀུན་བརྟགས་པའི་ཆོས་རྣམས་ཀྱང་མ་རིག་པའི་གཉིད་ཀྱིས་ལོག་པའི་ཚེ་སྣང་བ་རྣམས་མ་རིག་པ་སྤངས་ཏེ། འཕགས་པའི་ཤེས་རབ་ཐོབ་པའི་ཚེ་དེ་ལྟར་མི་སྣང་བའི་ཕྱིར་རོ། །ཞེས་གཉིད་ནང་དུ་ཤར་བའི་རྨི་ལམ་གྱི་སྣང་བ་རྣམས་གཉིད་སངས་པའི་ཚེ་ཡལ་བ་དེ་བཞིན་དུ། མ་རིག་པའི་གཉིད་སངས་པའི་ཡེ་ཤེས་ལ་རྨི་ལམ་ལྟ་བུའི་ཁམས་གསུམ་པ་འདི་མི་སྣང་བར་གསུངས་ཤིང༌། ཡང་དེ་ཉིད་དུ། ཆོས་ཐམས་ཅད་ཅེས་བྱ་བ་ལ་ཆོས་ལ་རྣམ་པ་གཉིས་ཏེ། ཀུན་བརྟགས་པའི་ཆོས་རྣམས་དང༌། ཡོངས་སུ་གྲུབ་པའི་ཆོས་རྣམས་སོ། །དེ་ལ་ཀུན་བརྟགས་པའི་ཆོས་རྣམས་ནི་ཁམས་གསུམ་དུ་གཏོགས་པ་དང་དུས་གསུམ་དུ་གཏོགས་པའོ། །ཞེས་ཁམས་གསུམ་པ་དང་དུས་གསུམ་པ་ཐམས་ཅད་ཀུན་བརྟགས་ཡིན་པར་ཡང་ཡང་གསུངས་ལ། ཡུམ་རྒྱས་པ་དང་བར་མ་ལ་སོགས་པའི་འགྲེལ་པར་ཡང༌། འདོད་པའི་ཁམས་དང་གཟུགས་ཀྱི་ཁམས་དང་གཟུགས་མེད་པའི་ཁམས་དག་ནི་ཡང་དག་པ་མ་ཡིན་པ་ཀུན་བརྟགས་པ་ལས་བྱུང་བར་རབ་ཏུ་མཁྱེན་ཏོ། །ཞེས་དང༌། གཟུགས་ནི་སྣང་བ་མེད་པ་སྟེ། ཅིའི་ཕྱིར་ཞེ་ན། ཀུན་བརྟགས་པའི་གཟུགས་ནི་རི་བོང་གི་རྭ་བཞིན་དུ་མེད་པའི་ཕྱིར་སྣང་བ་མེད་དོ། །ཞེས་དང༌། དེ་བཞིན་གཤེགས་པ་ཤེས་རབ་ཤིན་ཏུ་རྣམ་པར་དག་པས་ནི་སེམས་སམ། འདོད་ཆགས་སམ་སེམས་ལས་བྱུང་བའི་ཆོས་སམ་འདོད་ཆགས་དང་བཅས་པ་ལ་སོགས་པ་མི་གཟིགས་ཏེ། འདོད་ཆགས་དང་བཅས་པ་ལ་སོགས་པའི་གནས་སྐབས་ཀྱི་ཀུན་བརྟགས་པ་དེ་ཤིན་ཏུ་མེད་པའི་ཕྱིར་རོ། །ཞེས་པ་ལ་སོགས་པས་ཀུན་བརྟགས་ཁམས་གསུམ་པ་འདི་གནས་ལུགས་ལ་རི་བོང་གི་རྭ་བཞིན་གཏན་ནས་མེད་པའི་ཕྱིར་གནས་ལུགས་ཀྱི་ཤེས་པ་ལ་མི་སྣང་བར་གསུངས་ཏེ། མ་འཁྲུལ་བའི་ཤེས་པ་ལ་རི་བོང་གི་རྭ་མི་སྣང་བ་བཞིན་ནོ། །བྱང་ཆུབ་སྤྱོད་པ་ལ་འཇུག་པར་ཡང༌། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་རབ་ཏུ་ཞི་བ་མཐར་ཐུག་གི་ཡེ་ཤེས་ལ་ཁམས་གསུམ་པའི་དངོས་པོ་འདི་མི་སྣང་བར་གསུངས་ལ།

ཡེ་ཤེས་ལ་སྣང་བ་དེ་རྣམ་ཤེས་ལ་མི་སྣང་ཞིང་རྣམ་ཤེས་ལ་སྣང་བ་དེ་ཡེ་ཤེས་ལ་མི་སྣང་བར་བསྟན་པ།

ཆོས་དང་ཆོས་ཉིད་རྣམ་འབྱེད་དུ་ཡང༌། དེ་སྣང་ཆོས་ཉིད་མི་སྣང་ཞིང༌། །དེ་མི་སྣང་བས་ཆོས་ཉིད་སྣང༌། །ཞེས་ཆོས་སྣང་བའི་ཤེས་པ་དེ་ལ་ཆོས་ཉིད་མི་སྣང་ཞིང༌། ཆོས་ཉིད་སྣང་བའི་ཤེས་པ་དེ་ལ་ཆོས་མི་སྣང་བར་གསུངས་པའི་ཕྱིར། རང་བྱུང་ཡེ་ཤེས་ལ་ཁམས་གསུམ་པའི་ཆོས་འདི་སྣང་ན། ཆོས་ཉིད་དོན་དམ་མི་སྣང་བར་ཧ་ཅང་ཐལ་བར་འགྱུར་ཏེ་དེ་ལྟ་ཡང་མ་ཡིན་ནོ། །གཞན་ཡང༌། ཡེ་ཤེས་དེས་ཁམས་གསུམ་པའི་དངོས་པོ་འདི་གཟིགས་ན་འཁྲུལ་བ་གཟིགས་པར་འགྱུར་ཏེ། དེ་ལྟ་ཡང་མ་ཡིན་པར་དབུ་མ་སྒོམ་རིམ་དུ་[འཕགས་པ་ཀླུ་སྒྲུབ་ཀྱིས་]གསུངས་པ། འཕགས་པས་འཁྲུལ་བ་མ་གཟིགས་ཤིང༌། །ཞེས་སོ། །ཡང་[སྒོམ་རིམ་]དེ་ཉིད་དུ། ཇི་ལྟར་[གཤིས་ལ་]གནས་པའི་དངོས་པོ་ནི། །དེ་ལྟར་འཕགས་པའི་སྤྱོད་ཡུལ་ཡིན། །ཇི་ལྟར་བྱིས་[པ་]ལ་མི་སྣང་བ། །དེ་ལྟར་མཁས་[པ་འཕགས་མཆོག་]ལ་སྣང་བ་ཡིན། །ཞེས་བྱིས་པ་སོ་སོའི་སྐྱེ་བོ་དང་མཁས་པ་འཕགས་མཆོག་རྣམས་ལ་སྣང་བ་གཅིག་མ་ཡིན་གྱི་ཐ་དད་པར་གསུངས་པ་དང༌། མདོ་སྡེའི་རྒྱན་དུ་ཡང༌། བྱིས་པ་ཡང་དག་ཉིད་བསྒྲིབས་ནས། །ཡང་དག་མིན་པ་ཀུན་ཏུ་སྣང༌། །བྱང་ཆུབ་སེམས་དཔས་[ཡང་དག་མིན་པའི་སྣང་བ་]དེ་བསལ་ནས། །ཡང་དག་ཉིད་ནི་ཀུན་ཏུ་སྣང༌། །ཞེས་དང༌། དོན་མེད་པ་[ཀུན་རྫོབ་]དང་དོན་ཡོད་[པ་དོན་དམ་]དག །[རིམ་པ་ལྟར་ཡེ་ཤེས་ལ་]མི་སྣང་[བ་དང་]སྣང་བ་ཉིད་ཅེས་བྱ། །ཞེས་རྣམ་ཤེས་ལ་སྣང་བ་གང་ཡིན་པ་ཆོས་ཁམས་གསུམ་པ་འདི་ནི་དོན་ལ་མེད་པ་དང་ཡང་དག་མིན་པར་གསུངས་ཤིང༌། ཡེ་ཤེས་ལ་སྣང་བ་གང་ཡིན་པ་ཆོས་ཉིད་དོན་དམ་ནི་དོན་ལ་ཡོད་པ་དང༌། ཡང་དག་པ་ཉིད་དུ་གསུངས་ལ།

ཡེ་ཤེས་དེས་དོན་ལ་མེད་པའི་ཁམས་གསུམ་འདི་གཟིགས་ན་དོན་ལ་གནས་པའི་ཆོས་ཉིད་མི་གཟིགས་པར་ཧ་ཅང་ཐལ་བ།

ཡང་དེ་ཉིད་དུ། གང་ཞིག་[གཤིས་ལ་]ཡོད་པ་[དོན་དམ་]མི་མཐོང་[བར་གཤིས་ལ་]མེད་[པ་ཀུན་རྫོབ་]མཐོང་བ། །འདི་འདྲའི་མུན་ནག་རྣམ་པ་དེ་གང་ཞིག[ཡིན་ཏེ། མུན་པས་ནི་ཡོད་པ་མི་མཐོང་བར་བྱེད་ཀྱང་མེད་པ་མཐོང་བར་མི་བྱེད་པས་སོ།]།ཅེས་དང༌། འགྲོ་བ་དག་ན་[ཆོས་ཉིད་ངོ་བོ་ཉིད་སྐུ་]དེ་ལས་གཞན་ཡང་ཅུང་ཟད་[གཤིས་ལ་]ཡོད་མིན་ལ། །འགྲོ་བ་མ་ལུས་པ་ཡང་[ཆོས་ཉིད་ངོ་བོ་ཉིད་སྐུ་]དེ་ལ་ཀུན་ཏུ་རྨོངས་པའི་བློས། །[གཤིས་ལ་]ཡོད་པ་[ཆོས་ཉིད་ངོ་བོ་ཉིད་སྐུ་]ཀུན་ནས་སྤངས་ཏེ་[གཤིས་ལ་]མེད་[པ་ཀུན་རྫོབ་]ལ་མངོན་ཞེན་གང་ཡིན་པ། །འཇིག་རྟེན་རྨོངས་པའི་རྣམ་པ་ཚབས་ཆེན་འདི་ཀོ་ཇི་ལྟ་བུ། །ཞེས་དོན་ལ་ཡོད་པའི་ཆོས་ཉིད་མི་མཐོང་བར། མེད་པའི་ཆོས་ཁམས་གསུམ་པ་མཐོང་བའི་རྣམ་ཤེས་ནི་མུན་པ་ལྟ་བུ་དང་རྨོངས་ཚབས་ཆེན་པོར་གསུངས་པའི་ཕྱིར། དེ་འགགས་པའི་སངས་རྒྱས་ལ་དེའི་སྣང་བ་ཡང་འགགས་པ་ཉིད་དུ་གྲུབ་བོ། །སངས་རྒྱས་ཕལ་པོ་ཆེར་ཡང༌། རྣམ་པར་རྟོག་ལ་སྤྱོད་པ་ཡི། །མིག་ནི་ཤིན་ཏུ་འཁྲུལ་བ་ཡིན། །འཁྲུལ་བས་མཐོང་བ་ལོག་པ་སྟེ། །སངས་རྒྱས་ལ་ནི་ལོག་མི་མངའ། །ཞེས་འཁྲུལ་སྣང་ཁམས་གསུམ་པ་འདི་སྣང་མི་སྣང་ལ་ལོག་མ་ལོག་ཏུ་གསུངས་ལ། ཆོས་ཀྱི་དབྱིངས་ལ་བསྟོད་པར་ཡང༌། ཡུལ་དྲུག་སྣང་བ་མེད་པར་ནི། །ཡང་དག་ཇི་བཞིན་རིག་གྱུར་པའོ།།ཞེས་ཡང་དག་པའི་མཐའ་མངོན་སུམ་གྱིས་རིག་པའི་ཡེ་ཤེས་ལ་ཀུན་རྫོབ་ཀྱི་ཡུལ་དྲུག་སྣང་བ་མེད་པར་གསུངས་ཤིང༌། [སློབ་དཔོན་ཀ་མ་ལ་ཤཱི་ལས།]དབུ་མ་དེ་ཁོ་ན་ཉིད་སྣང་བར་ཡང༌། ཡེ་ཤེས་སྣང་བ་བྱུང་བ་ན། །མུན་པ་བཞིན་དུ་[འཁྲུལ་བ་]དེ་སྤོང་ངོ༌།།ཞེས་དང༌། [འཁྲུལ་སྣང་]མ་སྤངས་[ན་]ཕྱིན་ཅི་ལོག་གྱུར་ཅིང༌། །སྤངས་པས་རྣལ་འབྱོར་ཅན་དུ་འགྱུར། །ཞེས་དང༌། རྨོངས་བྱེད་སྒྱུ་མའི་མཁན་པོ་འདྲ། །ཞེས་པ་ལ་སོགས་པས། རྨོངས་པ་དག་པའི་ཡེ་ཤེས་ལ་ཁམས་གསུམ་པ་ཕྱིན་ཅི་ལོག་གི་ཆོས་མུན་པ་ལྟ་བུ་འདི་མི་སྣང་བར་གསུངས་སོ། །

རྣམ་ཤེས་ལས་མ་འདས་པའི་ཁམས་གསུམ་འདི་སྣང་ན་དེ་རྣམ་ཤེས་ལས་མ་འདས་པར་ཧ་ཅང་ཐལ་བ།

གཞན་ཡང་ཁམས་གསུམ་པ་འདི་ནི་རྣམ་པར་ཤེས་པ་ཙམ་མོ། །ཞེས་ལེགས་པར་བཀའ་སྩལ་པ་ལས་ཀྱང༌། རྣམ་ཤེས་ལས་འདས་པའི་ཡེ་ཤེས་ལ་ཁམས་གསུམ་པ་འདི་མི་སྣང་བར་གྲུབ་བོ། །

ཡང་དག་མ་ཡིན་པའི་ཁམས་གསུམ་འདི་སྣང་ན་དེ་ཡང་དག་མཐོང་བའི་ཡེ་ཤེས་མ་ཡིན་པར་ཧ་ཅང་ཐལ་བ།

གལ་ཏེ་[ཁམས་གསུམ་]འདི་[རང་བྱུང་ཡེ་ཤེས་]དེ་ལ་སྣང་ན་དེ་འཆིང་བ་དང་བཅས་པ་དང་ཀུན་ནས་ཉོན་མོངས་ཀྱི་རྒྱུ་ཡིན་པར་ཡང་འགྱུར་ཏེ། བུད་དྷ་པཱ་ལི་ཏའི་འགྲེལ་པར། ཡང་དག་མ་ཡིན་མཐོང་བ་འཆིང༌། །ཡང་དག་མཐོང་བ་རྣམ་པར་གྲོལ། །ཞེས་དང༌། ཆོས་དང་ཆོས་ཉིད་རྣམ་འབྱེད་དུ་ཡང༌། དེ་ལ་ཆོས་ཀྱི་མཚན་ཉིད་ནི། །གཉིས་དང་ཇི་ལྟར་མངོན་བརྗོད་པར། །སྣང་བ་ཡང་དག་མ་ཡིན་པའི། །ཀུན་རྟོག་པ་སྟེ་མེད་སྣང་ཕྱིར། །དེས་ན་ཡང་དག་མ་ཡིན་པའོ། །དེ་ཡང་ཐམས་ཅད་དོན་མེད་ཅིང༌། །རྟོག་ཙམ་ཡིན་པས་ཀུན་རྟོག་པའོ། །ཞེས་དང༌། མེད་པ་སྣང་ཕྱིར་འཁྲུལ་བ་ནི། །ཀུན་ནས་ཉོན་མོངས་རྒྱུ་ཡིན་ཏེ། །སྒྱུ་མའི་གླང་ཆེན་སོགས་སྣང་བཞིན། །ཡོད་པ[ཆོས་ཉིད་དོན་དམ་པ]འང་སྣང་བ་མིན་ཕྱིར་རོ། །མེད་[པ་དང་]སྣང་[བ་]དག་ལས་གང་རུང་ཞིག །མེད་ན་འཁྲུལ་དང་མ་འཁྲུལ་[གཉིས་]དང༌། །དེ་བཞིན་[དུ་]ཀུན་ནས་ཉོན་མོངས་དང༌། །རྣམ་པར་བྱང་བ་[གཉིས་]མི་འཐད་དོ། །ཞེས་དང༌། མེད་པའི་ཆོས་རྣམས་སྣང་བའི་དཔེ། །སྒྱུ་མ་རྨི་ལམ་ལ་སོགས་བཞིན། །གནས་ཡོངས་གྱུར་པ་དཔེར་བྱ་ན། །ནམ་མཁའ་གསེར་དང་ཆུ་སོགས་བཞིན། །ཞེས་པ་ལ་སོགས་པ་ཀུན་རྫོབ་ཁམས་གསུམ་པ་རྣམས་ཀུན་བརྟགས་པ་དང༌། འཁྲུལ་བ་དང༌། ཡང་དག་པ་མ་ཡིན་པའི་ཕྱིར་དེ་དག་ཟད་པའི་ཡེ་ཤེས་ལ་དེ་དག་མི་སྣང་བར་བསྟན་ཏོ། །

སྡུག་བསྔལ་ཀུན་འབྱུང་འདི་སྣང་ན་སྲིད་པའི་ས་བོན་དང་གཉིས་སྣང་རྣམས་མ་འགགས་པར་ཧ་ཅང་ཐལ་བ།

གཞན་ཡང་ཁམས་གསུམ་པ་འདི་སྡུག་བསྔལ་གསུམ་དང་བརྒྱད་ལས་མ་འདས་པར་གསུངས་པ་དང༌། འཕགས་པ་ཐོགས་མེད་ཞབས་ཀྱི་ཞལ་སྔ་ནས་ཀྱང༌། [ཆོས་མངོན་པར།]སྡུག་བསྔལ་གྱི་བདེན་པ་གང་ཞེ་ན། དེ་ནི་སེམས་ཅན་སྐྱེ་བ་དང་སྐྱེ་བའི་གནས་ཀྱིས་ཀྱང་རིག་པར་བྱའོ། །ཞེས་དང༌། དེའི་རྒྱུ་ཀུན་འབྱུང་དུ་གསུངས་པའི་ཕྱིར། དེ་རྣམས་ཀྱི་ས་བོན་གཏན་ནས་ཟད་པའི་ཡེ་ཤེས་ལ་དེ་རྣམས་ཀྱྀ་སྣང་བ་ཡང་ཟད་པར་རིགས་ལ། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང༌། [ཆོས་ཀྱི་དབྱིངས་ལ་བསྟོད་པར།]བདག་མེད་རྣམ་པ་གཉིས་མཐོང་ན། །སྲིད་པའི་ས་བོན་འགག་པར་འགྱུར། །ཞེས་དང༌། གང་ཕྱིར་གཉིས་ནི་བྱིས་པས་བརྟགས། །དེ་ཡི་གཉིས་མེད་རྣལ་འབྱོར་གནས། །ཞེས་སོགས་ཀྱིས་སྲིད་པའི་ས་བོན་འགགས་པའི་ཡེ་ཤེས་ལ་གཉིས་ཆོས་དང་གཉིས་སྣང་འགགས་པར་གསུངས་པའི་ཕྱིར་ཡང་གཉིས་ཆོས་དང་གཉིས་སྣང་ལས་མ་འདས་པའི་སྲིད་པ་འདི་ཡེ་ཤེས་དེ་ལ་མི་སྣང་བར་རིགས་སོ། །ཚུལ་འདི་ལ་ལུང་དང་རིགས་པ་རྣམ་དག་གཞན་ཡང་ཤིན་ཏུ་མང་བར་སྣང་སྟེ་འདིར་ཡི་གེ་མང་དུ་དོགས་ནས་མ་བྲིས་ཤིང༌། འགའ་ཞིག་ནི་སྔར་བསྟན་པ་རྣམས་ཀྱི་ཁྲོད་ན་ཡང་ཡོད་པས་དེ་རྣམས་ཀྱི་དགོངས་པ་ལྷག་མ་མ་ལུས་པར་རྟོགས་དགོས་སོ། །

དེ་རྣམས་ལ་སྐྱོན་མེད་སྐྱོན་དུ་མཐོང་བའི་ལོག་རྟོག་བསལ་བ་ལ་བཅུ་གསུམ། ལུང་དང་འགལ་བར་འཁྲུལ་བའི་ལོག་རྟོག་དགོད་པ།

གལ་ཏེ་དེ་ལྟ་ན་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་ཁམས་གསུམ་པའི་ཆོས་རྣམས་མི་མཁྱེན་པར་འགྱུར་ལ། ཡུམ་རྒྱས་འབྲིང་ལ་སོགས་པར་ཡང་སེམས་བསྡུས་པ་དང་སྤྲོས་པ་དང་འདོད་ཆགས་དང་བཅས་པ་ལ་སོགས་པ་ཇི་ལྟ་བ་བཞིན་མཁྱེན་པར་གསུངས་པ་དང་འགལ་ལོ་ཞེ་ན།

མི་འགལ་བར་ལུང་ཉིད་ཀྱིས་ལེགས་པར་སྒྲུབ་པ།

སྐྱོན་མེད་དེ་མི་སྣང་བཞིན་དུ་མཁྱེན་པ་དཔག་ཏུ་མེད་པས་མཁྱེན་པ་ལ་སྣང་བས་མ་ཁྱབ་པའི་ཕྱིར། བསྐལ་པ་མང་པོས་ཆོད་པའི་འདས་མ་འོངས་དང་བདག་མེད་པ[འི་མེད་དགག་]ལ་སོགས་པ་མི་སྣང་ཡང་མཁྱེན་པ་བཞིན་ནོ། །ཡུམ་ལས། དེ་ལྟར་གསུངས་པའི་དགོངས་པ་ཡང་སེམས་ཡང་དག་ཏུ་མ་གྲུབ་པས་དེའི་སྤྲོ་བསྡུ་ལ་སོགས་པ་ཡང་ཡང་དག་པར་མ་གྲུབ་ཅིང༌། དབེན་པར་མཁྱེན་པ་ལ་སེམས་སྤྲོ་བསྡུ་ལ་སོགས་པ་མཁྱེན་པའི་དོན་དུ་གསུངས་ཏེ། ཡུམ་དེ་རྣམས་ཀྱི་འགྲེལ་པར། རབ་འབྱོར་དེ་བཞིན་གཤེགས་པས་སེམས་ཅན་དེ་དག་གི་སེམས་བསྡུས་པ་དང་སྤྲོས་པ་ནི་ཆོས་ཉིད་ཀྱིས་ཡང་དག་པ་ཇི་ལྟ་བ་ཉིད་དུ་རབ་ཏུ་མཁྱེན་ཏོ། །ཞེས་བྱ་བ་ནི། སེམས་ཀྱི་ཆོས་ཉིད་གཟིགས་པས་སེམས་བསྡུས་པ་དང་སྤྲོས་པ་རྣམས་ཡང་དག་པ་ཇི་ལྟ་བ་ཉིད་མ་ཡིན་ཞིང་མེད་པར་མཁྱེན་པ་ལ་སེམས་བསྡུས་པ་དང་སྤྲོས་པ་མཁྱེན་པ་ཞེས་བྱའོ། །ཞེས་དང༌། སེམས་ཅན་ཐམས་ཅད་ཟད་པའི་ཆོས་ཉིད་དང༌། འདོད་ཆགས་དང་བྲལ་བའི་ཆོས་ཉིད་དང༌། འགགས་པའི་ཆོས་ཉིད་དང༌། སྤོང་བའི་ཆོས་ཉིད་དང༌། ངོ་བོ་ཉིད་ཀྱིས་དབེན་པར་མཁྱེན་པ་ལ་སེམས་དེ་དག་མཁྱེན་ཞེས་བཤད་དོ། །ཞེས་སོགས་གསུངས་པའི་ཕྱིར་རོ། །དེས་ན་ཆོས་ཐམས་ཅད་ཀྱིས་དབེན་པའི་གཞི་ཆོས་ཉིད་ཡོངས་གྲུབ་དངོས་སུ་སྣང་ནས་མཁྱེན་པས་ཆོས་རྣམས་མེད་པར་ཤུགས་ལ་མཁྱེན་པའི་ཕྱིར། དེ་ལ་ཆོས་ཐམས་ཅད་མཁྱེན་པ་ཞེས་གསུངས་ཏེ། དེ་ལྟར་མཐོང་ན་ཡང་དགོངས་པ་ཆེན་པོའི་དོན་ཡང་དག་པ་མཐོང་བ་ཡིན་ནོ། །

དེས་མ་མཐོང་བ་ཉིད་མཐོང་བར་གསུངས་པའི་དགོངས་པ་ཡང་གསལ་བར་གྱུར་ཚུལ།

དེ་ལྟར་མི་སྣང་བཞིན་དུ་མཁྱེན་པ་འདི་དག་ལ་དགོངས་ནས། [མངོན་རྟོགས་རྒྱན་དུ།]ཅིའི་ཕྱིར་ཞེ་ན་སངས་རྒྱས་ཀྱིས། །མཁྱེན་ནས་ཆོས་རྣམས་མ་གཟིགས་ཕྱིར། །ཞེས་གསུངས་ཏེ། ཆོས་རྣམས་མི་སྣང་བཞིན་དུ་མཁྱེན་ཞེས་པའི་དོན་ཏོ། །དེ་བཞིན་དུ། [ཡོན་ཏན་རིན་ཆེན་སྡུད་པར་ཡང༌།]གཟུགས་རྣམས་མི་མཐོང་ཚོར་བ་དག་ཀྱང་མི་མཐོང་ཞིང༌། །འདུ་ཤེས་མཐོང་བ་མེད་ལ་སེམས་པ་མི་མཐོང་ཞིང༌། །གང་ལ་རྣམ་པར་ཤེས་དང་སེམས་ཡིད་མཐོང་མེད་པ། །འདི་ནི་ཆོས་མཐོང་ཡིན་ཞེས་དེ་བཞིན་གཤེགས་པས་བསྟན། ། ནམ་མཁའ་མཐོང་ཞེས་སེམས་ཅན་ཚིག་ཏུ་རབ་བརྗོད་པ། །ནམ་མཁའ་ཇི་ལྟར་མཐོང་སྟེ་དོན་འདི་བརྟག་པར་གྱིས། །དེ་ལྟར་ཆོས་མཐོང་བ་ཡང་དེ་བཞིན་གཤེགས་པས་བསྟན། །མཐོང་བ་དཔེ་གཞན་གྱིས་ནི་བསྙད་པར་ནུས་མ་ཡིན། །གང་གིས་དེ་ལྟར་མཐོང་བ་དེ་ཡིས་ཆོས་ཀུན་མཐོང༌། །ཞེས་དང༌། མདོ་སྡེའི་རྒྱན་དུ་ཡང༌། རྣམ་པ་ཀུན་ཏུ་མི་དམིགས་པ། །དམིགས་པ་ཡི་ནི་མཆོག་ཏུ་འདོད། །ཅེས་དང༌། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མདོར་ཡང༌། ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་མཐོང་བ་གང་ཞེ་ན་འདི་ལྟ་སྟེ། མཐོང་བ་མེད་པ་ཡིན་ནོ། །ཞེས་དང༌། འཕགས་པ་ཆོས་ཡང་དག་པར་སྡུད་པའི་མདོར་ཡང༌། ཆོས་ཐམས་ཅད་མཐོང་བ་མེད་པ་ནི་མཐོང་བ་དམ་པ་ཡིན་ནོ། །ཞེས་སོགས་མ་མཐོང་བ་ཉིད་མཐོང་བ་ཡིན་པར་སྟོན་པ་རྣམས་ཀྱི་དགོངས་པ་ནི་དགག་བྱའི་ཆོས་མ་མཐོང་བ་ཉིད་ཀྱིས་དགག་གཞི་ཆོས་ཉིད་མཐོང་བ་དང༌། འཁྲུལ་ངོར་སྣང་བའི་ཆོས་ཐམས་ཅད་དོན་ལ་མ་གྲུབ་པར་མཁྱེན་པ་ཉིད་ཀྱིས་ཆོས་ཐམས་ཅད་མཁྱེན་པར་གསུངས་པ་སྟེ་བསམ་གྱིས་མི་ཁྱབ་པའི་མཁྱེན་པའོ། །སློབ་དཔོན་ཙནྡྲ་གོ་མིས་འཇམ་དབྱངས་ལ་བསྟོད་པར་ཡང༌། ཁྱོད་ནི་ཆོས་ལམ་ཉེ་བར་སྟོན་ལ་མཁས་ཀྱང་ཆོས་འདི་འགའ་ཡང་གཟིགས་པ་ཡོད་མ་ཡིན། །ཁྱོད་ནི་སེམས་ཅན་ཕན་ལ་དགྱེས་ཀྱང་སེམས་ཅན་ཉིད་ནི་འགའ་ཡང་དམིགས་པར་གྱུར་མ་ལགས། །ཞེས་སོགས་མ་མཐོང་བ་ཉིད་མཐོང་བར་སྟོན་པ་རྣམས་ཀྱི་དགོངས་པ་ལ་ཤིན་ཏུ་མཁས་དགོས་ཏེ། གཞན་དུ་ན་ལྟ་བ་ཕྱིན་ཅི་ལོག་ཏུ་འགྱུར་ཞིང་གསུང་རབ་ཟབ་མོ་རྣམས་ཀྱི་དགོངས་པ་སུན་ཕྱུང་བར་འགྱུར་བའི་ཕྱིར་རོ། །

ལྷག་མཐོང་ཡོད་མེད་ཀྱི་སྣང་ཚུལ་ཡང་མི་གཅིག་པར་བསྟན་པ།

སངས་རྒྱས་ཕལ་པོ་ཆེར་ཡང༌། ལྷག་མཐོང་མེད་པར་མཐོང་བ་ནི། །ཆོས་རྣམས་ངན་པར་[ཏེ་ངན་པའི་ཆོས་རྣམས་]མཐོང་བ་སྟེ། །ལྷག་མཐོང་གིས་ནི་[ཆོས་ཉིད་]མཐོང་གྱུར་ན། །[ཁམས་གསུམ་པ་]ཐམས་ཅད་མཐོང་བ་མེད་པ་ཡིན། །ཞེས་ལྷག་མཐོང་ཡོད་མེད་ལ་སྣང་བ་བཟང་ངན་དང༌། ལྷག་མཐོང་མེད་པ་ལ་སྣང་བ་དེ་ལྷག་མཐོང་ལ་མི་སྣང་བར་གསུངས་པའི་ཕྱིར་དང༌། རྒྱལ་བའི་ཡེ་ཤེས་ནི་ལྷག་མཐོང་གི་མཐར་ཐུག་པ་ཡིན་པའི་ཕྱིར་དེ་ལ་ཁམས་གསུམ་པ་འདི་མི་སྣང་བར་གྲུབ་སྟེ་འདི་ནི་ལྷག་མཐོང་མེད་པ་ལ་སྣང་བའི་ཕྱིར་རོ། །

མཁྱེན་པ་ལ་ཆོས་དེ་སྣང་དགོས་ན་ཧ་ཅང་ཐལ་བའི་གནོད་ཚུལ།

གལ་ཏེ་མཁྱེན་པ་ལ་ཆོས་དེ་ངེས་པར་སྣང་དགོས་ན། བདག་མེད་པ་དང་སེམས་ཅན་མེད་པ་དང་སྲོག་མེད་པ་དང་གསོ་བ་མེད་པ་ལ་སོགས་པ་ཤིན་ཏུ་མང་པོའི་མེད་དགག་རྣམས་དང༌། དུས་རིང་པོས་ཆོད་པའི་འདས་མ་འོངས་ཀྱི་ཆོས་ཐམས་ཅད་ཀུན་མཁྱེན་ཡེ་ཤེས་ལ་སྣང་བར་ཧ་ཅང་ཐལ་བར་འགྱུར་ཏེ། དེས་དེ་རྣམས་མཁྱེན་པའི་ཕྱིར་རོ། །ཡང་དེས་དེ་རྣམས་མི་མཁྱེན་པར་ཧ་ཅང་ཐལ་བར་འགྱུར་ཏེ་དེ་རྣམས་དེ་ལ་མི་སྣང་བའི་ཕྱིར་རོ། །

ཡེ་ཤཻས་ལ་ཆོས་ཉིད་མི་སྣང་བ་ལ་སོགས་པར་འཁྲུལ་བའི་འཁྲུལ་གཞི་བསྟན་པ།

དེའི་ཕྱིར་ཡེ་ཤེས་དེས་དགག་པའི་ཆོས་རྣམས་མི་སྣང་བཞིན་དུ་མཁྱེན་པ་དང༌། དགག་གཞི་ཆོས་ཉིད་སྣང་ནས་མཁྱེན་པར་གསུངས་པ་འདི་ནི་དོན་ལ་གནས་པའི་ཕྱིར་ཁ་ཅིག་ཡེ་ཤེས་དེ་ལ་ཆོས་ཉིད་མི་སྣང་བར་འདོད་པ་དང༌། དེས་ཆོས་ཉིད་རྟོགས་པ་ཤུགས་རྟོགས་སུ་འདོད་པ་ཡང་བསལ་བ་ཡིན་ཏེ། སྣང་བ་ཆེན་པོ་གསལ་བ་ཆེ། །ཞེས་པ་ལ་སོགས་པ་དང༌། པྲ་བརྒྱད་ཕབ་པ་ལ་སོགས་པའི་དཔེས་ཡེ་ཤེས་དེ་ལ་ཆོས་ཉིད་དངོས་སུ་སྣང་བར་ཡང་ཡང་བཀའ་སྩལ་པའི་ཕྱིར་དང༌། ཆོས་ཉིད་ནི་སྟོང་གཞི་དང་མ་ཡིན་དགག་ཡིན་གྱི་སྟོང་ཙམ་དང༌། མེད་དགག་མ་ཡིན་པའི་ཕྱིར་རོ། །དེས་ན་འཁྲུལ་བ་འདི་དག་ནི། ཆོས་ཉིད་དང་རང་སྟོང་དོན་གཅིག་ཏུ་འདོད་པའི་ལྟ་བ་ཕྱིན་ཅི་ལོག་ལས་གྱུར་པ་ཡིན་ལ། གནས་ལུགས་ལ་ཡོངས་གཅོད་དུ་གྲུབ་པའི་ཆོས་གང་ཡང་མེད་ཅེས་འཁྲུལ་བ་ཡང་དེ་བཞིན་ཏེ། ཐམས་ཅད་རང་སྟོང་ཡིན་ན། རང་སྟོང་གང་ཡིན་མེད་དགག་ཡིན་ཞིང༌། དེ་ཡང་སྒྲུབ་ཆོས་ཙམ་གྱིས་དོར་བ་ཡིན་པའི་ཕྱིར་རོ། །

དོན་ལ་གནས་པ་བསྟན་པས་ལོག་རྟོག་གཞན་ཡང་སེལ་ཚུལ།

དེ་ལྟ་བས་ན་དོན་དམ་གཟིགས་པའི་ཡེ་ཤེས་མཐར་ཐུག་པ་ནི་ཆོས་ཉིད་[གཤིས་ལ་]ཡོད་པར་མཁྱེན་པ་ལ་དངོས་རྟོགས་[ཚད་མ་]དང་ཆོས་རྣམས་[གཤིས་ལ་]མེད་པར་མཁྱེན་པ་ལ་ཤུགས་རྟོགས་ཚད་མ་ཡིན་པའི་ཕྱིར། ཁ་ཅིག་ཚད་མ་ལ་ཤུགས་རྟོགས་མེད་པར་སྨྲ་བ་ནི་མུན་སྤྲུལ་ཁོ་ན་ཡིན་ཞེས་དཔལ་ལྡན་བླ་མ་ཆོས་ཀྱི་རྒྱ་མཚོ་ལྟ་བུ་རྣམས་གསུང་བ་ཤིན་ཏུ་མད་པར་སྣང་ངོ༌། །[ཚད་མ་རྣམ་འགྲེལ་དུ་ཡང༌། གཅིག་དམིགས་ཉམས་སུ་མྱོང་བ་ལས། །འདི་ནི་དམིགས་སོ་ཞེས་བྱ་དང༌། །མི་དམིགས་སོ་ཞེས་རྟོག་ཅན་གྱི། །བློ་ནི་སྐྱེ་བར་འགྱུར་བ་ཡིན། །ཞེས་དང༌། རང་བཞིན་ཁྱད་པར་ཅན་མྱོང་ལས། །གཞན་བསལ་བ་ནི་གཞན་མ་ཡིན། །དེ་ཕྱིར་དེ་མ་དམིགས་པར་ཡང༌། །དེ་ལས་ཁྱད་པར་ཅན་དམིགས་ཉིད། །ཅེས་དགག་གཞི་དག་པ་སྣང་ནས་དངོས་སུ་རྟོགས་པས་དགག་བྱའི་ཆོས་མེད་པ་ཤུགས་ལ་རྟོགས་པའི་ཕྱིར་རོ། །ཡང་ཁ་ཅིག །]རྒྱལ་བའི་ཡེ་ཤེས་སྐད་ཅིག་གཉིས་པ་ཕན་ཆད་བཅད་ཤེས་དང་ཚད་མིན་དུ་སྨྲ་བ་ཡང་དེ་བཞིན་ནོ། །[གཤིས་ཀྱི་]གནས་ལུགས་ལ་ཆོས་ཉིད་ཡོད་པ་དང་ཆོས་རྣམས་མེད་པ་འདི་ནི་ཆོས་དང་ཆོས་ཉིད་རྣམ་འབྱེད་ལ་སོགས་པ་གཞུང་ལུགས་རྣམ་དག་ཁྱད་པར་འཕགས་པ་མང་པོ་ལས་གསུངས་ཤིང༌། དེ་བཞིན་དུ། དོན་དམ་ཡོད་ལ་ཀུན་རྫོབ་མེད་པ་དང༌། མྱང་འདས་[ཆེན་པོ་]ཡོད་ལ་འཁོར་བ་མེད་པ་དང༌། [དོན་དམ་]འགོག་བདེན་ཡོད་ལ་བདེན་པ་གཞན་གསུམ་མེད་པ་དང༌། ཆོས་ཉིད་ཡོངས་གྲུབ་ཡོད་ལ་རང་བཞིན་གཞན་རྣམས་མེད་པ་དང༌། དེ་བཞིན་ཉིད་ཡོད་ལ་ཆོས་གཞན་རྣམས་མེད་པ་དང༌། ཕྱི་ནང་གློ་བུར་དྲི་མ་མེད་ལ་གཞན་མཆོག་བདེ་གཤེགས་སྙིང་པོ་ཡོད་པ་ལ་སོགས་པ་[གཤིས་ཀྱི་]གནས་ལུགས་ལ་ཡོད་མེད་ཀྱི་དོན་རྒྱ་ཆེར་གསུངས་པའི་དགོངས་པ་ལ་མཁས་ན་ཡོད་མེད་ལེགས་པར་ཕྱེ་སྟེ་ཤེས་པ་ཡིན་ནོ། །

ལུང་གིས་མི་གནོད་ཀྱང་གནོད་པར་འཁྲུལ་བའི་ལོག་རྟོག་བསལ་བ།

གལ་ཏེ་ཁམས་གསུམ་པ་འདི་རྒྱལ་བའི་ཡེ་ཤེས་ལ་མི་སྣང་ན། [མདོ་སྡེའི་རྒྱན་དུ།]ཉི་མའི་འོད་ཟེར་གཅིག་བཏང་བས། །འགྲོ་བ་སྣང་བར་བྱེད་པ་ལྟར། །དེ་བཞིན་ཤེས་བྱ་ཐམས་ཅད་ལ། །སངས་རྒྱས་ཡེ་ཤེས་ཅིག་ཅར་སྣང༌། །ཞེས་པ་དང་འགལ་ལོ་ཞེ་ན་སྐྱོན་མེད་དེ། དེ་ནི་ཤེས་བྱ་ཐམས་ཅད་ཅིག་ཅར་མཁྱེན་པ་ལ་དགོངས་ནས་དེ་སྐད་གསུངས་པའི་ཕྱིར་དང༌། གཞུང་དེས་ཤེས་བྱ་ཀུན་ལ་རྒྱལ་བའི་ཡེ་ཤེས་སྣང་བར་གསུངས་ཀྱི་རྒྱལ་བའི་ཡེ་ཤེས་ལ་ཤེས་བྱ་ཐམས་ཅད་སྣང་བར་མ་བསྟན་པའི་ཕྱིར་དང༌། འདིར་སྣང་བ་ཞེས་པ་ཡང་ཉི་མའི་དཔེ་དང་གཟུགས་ཅན་སྦྱར་བ་ཙམ་གྱི་ཕྱིར་རོ། །དེ་ཡང་ཆོས་ཉིད་སྣང་ནས་མཁྱེན་པ་དང༌། ཆོས་རྣམས་མི་སྣང་ཞིང་མེད་པར་མཁྱེན་པ་ལ་ཆོས་རྣམས་མཁྱེན་པའི་དོན་དུ་སྔར་ལུང་གིས་བསྒྲུབས་ཟིན་ཏོ། །

དེས་ན་སེམས་ཅན་ལ་སྣང་བ་བཞིན་སངས་རྒྱས་ལ་སྣང་ན་ཧ་ཅང་ཐལ་བ།

གལ་ཏེ་དེ་ལྟ་མ་ཡིན་པར་ཁམས་གསུམ་པ་འདི་རྣམས་སེམས་ཅན་ལ་སྣང་བ་བཞིན་དུ་རྒྱལ་བའི་ཡེ་ཤེས་ལ་ཡང་སྣང་ན། [ཐེག་ཆེན་བསྡུས་པར།]དམྱལ་བ་ཡི་དྭགས་དུད་འགྲོ་དང༌། །ལྷ་རྣམས་ཇི་ལྟར་རིགས་རིགས་སུ། །དངོས་གཅིག་ཡིད་ནི་ཐ་དད་ཕྱིར། །ཞེས་དང༌། [དུས་ཀྱི་འཁོར་ལོར།]གང་དག་ས་ལ་དཔག་བསམ་ཤིང་དང་རོ་[བཅུད་]དང་མཆོག་གི་རོ་[བཅུད་]དང་སྨན་དང་རོ་ཡི་དབང་པོ་གཞན[དང་གཞན]། །མཐའ་དག་ནད་འཕྲོག་རྡུལ་ཕྲན་རྣམས་ཀྱིས་རབ་ཏུ་བསྐྱེད་པ་དེ་རྣམས་སེམས་ཅན་རྣམས་ཀྱིས་མི་མཐོང་སྟེ། །གང་ཞིག་ཕལ་བའི་རྩྭ་དང་ཤིང་དང་ཆུ་དང་རྡུལ་དང་རྡོ་བ་དང་ནི་ལྕགས་རྣམས་[སུ་]མཐོང་བར་འགྱུར། །ཡི་དྭགས་རྣམས་ཀྱིས་ཆུ་ནི་མེ་ཆེན་[དུ་མཐོང་ལ་]དམྱལ་བར་སོང་བའི་མི་རྣམས་དག་གིས་ཀུན་ནས་གཅོད་འབིགས་[ལ་སོགས་པར་མཐོང་བས་]སོ། །ཞེས་དངོས་པོ་གཅིག་ཉིད་ཀྱང་ལས་མི་འདྲ་བའི་སེམས་ཅན་མང་པོ་ལ་སྣང་བ་མི་འདྲ་བ་དུ་མ་འཆར་བར་གསུངས་པའི་ཕྱིར་དེ་རྣམས་གང་དང་མཐུན་པར་རྒྱལ་བའི་ཡེ་ཤེས་ལ་སྣང༌།

དེས་ན་ལས་སྣང་ཁམས་གསུམ་པ་འདི་གནས་ལུགས་ལ་སྣང་བ་ཙམ་དུ་ཡང་མ་གྲུབ་པ།

དེས་ན་སེམས་ཅན་རྣམས་ཀྱི་ལས་སྣང་འཁྲུལ་བ་འདི་ནི་སེམས་ཅན་པ་ཉིད་ཀྱི་སྒོས་ཆོས་ཡིན་གྱི་[གཤིས་ཀྱི་]གནས་ལུགས་ལ་རི་བོང་གི་རྭ་དང་མོ་གཤམ་གྱི་བུ་དང་ནམ་མཁའི་མེ་ཏོག་ལ་སོགས་པ་ལྟར་གཏན་ནས་མི་སྲིད་པའི་ཕྱིར། [གཤིས་ཀྱི་]གནས་ལུགས་ཀྱི་ཤེས་པ་ལ་སྣང་བ་ཙམ་དུ་ཡང་མ་གྲུབ་ལ། འཁྲུལ་ངོར་སྣང་བས་ནི་གནས་ལུགས་ལ་སྣང་བའི་གོ་མི་ཆོད་དོ། །འདི་དག་ལ་དགོངས་ནས་ཆོས་ཐམས་ཅད་མི་དམིགས་པ་དང་སྣང་བ་མེད་པ་དང༌། དམིགས་སུ་མེད་པ་ལ་སོགས་པ་རྣམ་པ་མང་པོ་ཡང་ཡང་གསུངས་སོ། །

གནས་ལུགས་ལ་མི་སྣང་ཡང་འཁྲུལ་ལུགས་ལ་སྣང་བ་མི་འགལ་བར་བསྟན་པ།

གལ་ཏེ་དེ་ལྟ་ན་སྤྱོད་འཇུག་ཏུ། ཇི་ལྟར་མཐོང་ཐོས་ཤེས་པ་དག །འདིར་ནི་དགག་པར་བྱ་མིན་ཏེ། །འདིར་ནི་སྡུག་བསྔལ་རྒྱུར་གྱུར་པ། །བདེན་པར་རྟོག་པ་བཟློག་བྱ་ཉིད། །ཅེས་གཟུང་འཛིན་གྱི་སྣང་བ་འདི་དགག་བྱ་མ་ཡིན་པར་བཤད་པ་དང་འགལ་ལོ་ཞེ་ན་སྐྱོན་མེད་དེ། དེ་ནི་[གཤིས་ཀྱི་]གནས་ལུགས་ལ་མི་བདེན་ཡང་འཁྲུལ་ངོར་སྣང་བ་མི་འགལ་བས། ཀུན་རྫོབ་ཙམ་དུ་དེའི་སྣང་བ་ལ་སྐུར་བ་མི་འདེབས་ཞེས་པའི་དོན་ཡིན་གྱི། དེ་གནས་ལུགས་ཀྱི་ཤེས་པ་ལ་སྣང་བར་མི་སྟོན་པའི་ཕྱིར་དང༌། ཇི་སྲིད་འཁྲུལ་བ་མ་འགགས་པ་དེ་སྲིད་དུ་འཁྲུལ་སྣང་འགག་པར་ཁོ་བོ་ཅག་ཀྱང་མི་འདོད་པའི་ཕྱིར་རོ། །

མཉམ་བཞག་རིགས་པའི་ཤེས་པ་ལ་གང་སྣང་དེ་དོན་དམ་དུ་བསྟན་པ།

དེ་ལྟ་བས་ན། རྒྱལ་བའི་ཡེ་ཤེས་ཀྱིས་མཁྱེན་པ་ལ་ཆོས་དེ་སྣང་དགོས་པ་མ་ཡིན་ཏེ། འཕགས་པ་ཐོགས་མེད་ཞབས་ཀྱི་ཞལ་སྔ་ནས། [ཐེག་ཆེན་བསྡུས་པར།]ཡེ་ཤེས་རྒྱུ་བ་རྟོག་མེད་ལ། །དོན་རྣམས་ཐམས་ཅད་མི་སྣང་ཕྱིར། །དོན་མེད་ཁོང་དུ་ཆུད་པར་བྱ། །དེ་མེད་པས་ན་རྣམ་རིག་མེད། །ཅེས་གསུངས་པའི་ཕྱིར། ཡེ་ཤེས་དེས་དོན་རྣམས་མི་མཁྱེན་པའམ་ཡང་ན་ཡེ་ཤེས་དེ་ལ་དོན་རྣམས་སྣང་བ་ཡིན་པར་ཧ་ཅང་ཐལ་བར་འགྱུར་ལ། དེ་འདོད་ན་དོན་གྱི་དངོས་པོ་དེ་རྣམས་ཆོས་ཉིད་དེ་བཞིན་ཉིད་ཡིན་པར་འགྱུར་ཏེ། མཉམ་བཞག་རིགས་པའི་ཤེས་པ་མཐར་ཐུག་པ་ལ་སྣང་བའི་ཕྱིར་རོ། །

མཉམ་པར་མ་བཞག་པའི་གོ་སྐབས་སངས་རྒྱས་ལ་མི་སྲིད་པར་བསྟན་པ།

གལ་ཏེ་རྒྱལ་བའི་ཡེ་ཤེས་ཀྱི་མཉམ་བཞག་ལ་མི་སྣང་ཡང་རྗེས་ཐོབ་ཀྱི་ཡེ་ཤེས་ལ་དོན་རྣམས་སྣང་ངོ་ཞེ་ན། ཡེ་ཤེས་དེ་ནི་མཉམ་བཞག་ཁོ་ནར་ཟད་དེ། ཇི་སྐད་དུ། [འདུལ་བ་ལུང་ལས།]གླང་ཆེན་བཞེངས་ཀྱང་མཉམ་པར་བཞག །ཅེས་སོགས་ཀྱིས་རྟག་ཏུ་མཉམ་བཞག་ཉིད་དུ་གསུངས་པའི་ཕྱིར་དང༌། འཕགས་པ་ལྷའི་ཞལ་སྔ་ནས་ཀྱང༌། སངས་རྒྱས་རྣམས་ནི་དུས་ཀུན་ཏུ། །དེ་བཞིན་ཉིད་ལ་མཉམ་པར་བཞག །བརྗོད་དུ་མེད་པའི་གནས་སྐབས་དེར། །འཇུག་པའམ་ལྡོག་པ་ཡོད་པ་མིན། །ཡེ་ཤེས་ཉིད་ཀྱང་ཇི་ལྟ་བུ། །མཉམ་བཞག་རྗེས་ཐོབ་ག་ལ་ཞིག །གལ་ཏེ་[སངས་རྒྱས་]དེ་ལ་[རྗེས་ཐོབ་]དེ་མངའ་ན། །སར་ཞུགས་[སློབ་ལམ་པ་]རྣམས་དང་ཁྱད་ཅི་ཡོད། །ཅེས་གསུངས་པའི་ཕྱིར་རོ། །དེ་ལྟ་བས་ན་སངས་རྒྱས་ཀྱི་ཡེ་ཤེས་ལ་མཉམ་པར་མ་བཞག་པ་ནམ་ཡང་མེད་དོ། །གལ་ཏེ་ནང་དུ་ཡང་དག་འཇོག་ལས་བཞེངས་པ་དང༌། ཏིང་ངེ་འཛིན་དེ་ལས་བཞེངས་ཏེ་ཞེས་སོགས་དང་འགལ་ལོ་ཞེ་ན། དེ་དག་ནི་ཀུན་ཏུ་སྟོན་པ་ཙམ་དུ་ཟད་ཀྱི། ཏིང་ངེ་འཛིན་ལས་བཞེངས་པར་སྣང་བ་སྟོན་ཡང༌། སངས་རྒྱས་ལ་ནི་མཉམ་པར་མ་བཞག་པའི་ཐུགས་མི་མངའ་སྟེ། ཀུན་གཞི་རྣམ་ཤེས་ས་བོན་དང་བཅས་པ་གཏན་ནས་ཟད་ཅིང་དབུགས་ཐམས་ཅད་ཀྱི་རྒྱུན་འགགས་ལ། སྒྲིབ་གཉིས་བག་ཆགས་དང་བཅས་པ་གཏན་ནས་ཟད་པའི་ཡེ་ཤེས་ཡིན་པའི་ཕྱིར་རོ། །དེས་ན་ལུང་དེ་འདྲ་བ་གཞན་དག་གི་ཡང་དགོངས་པ་ལ་མཁས་དགོས་ཤིང༌། རྗེས་ཐོབ་གཞན་གྱི་དགོངས་པ་ལ་ཡང་མཁས་དགོས་སོ།།

ཕྱག་འཚལ་ཞིང་ཉེ་བར་བསྡུ་བ།

ད་ནི་དེ་དག་ཉིད་ལ་བསྟོད་ཅིང་ཕྱག་འཚལ་བའི་སྒོ་ནས་ཉེ་བར་བསྡུ་བ་བརྗོད་པ། [དུས་འཁོར་རྒྱུད་ཕྱི་མར།]གང་དུ་ཡང་དག་[པའི་མཐའ་]ཡིན་ཞེས་[དོན་དམ་དུ་]བདེན་པ་དཀར་པོ་དགེ་བའི་ཚོགས་རྣམས་རྒྱལ་བ་རྣམས་ཀྱི་ཆོས་ཀྱི་སྐུ། །ཆོས་ལས་ལོངས་སྤྱོད་རྫོགས་པའི་སྐུ་སྟེ་མཐའ་དག་སྐད་ཀྱི་ཚོགས་སོ་མཚན་དང་དཔེ་བྱད་རྣམས་ཀྱི་ནི། །ཕུང་པོ་སྤྲུལ་པའི་སྐུ་སྟེ་མཆོག་ཏུ་མི་འགྱུར་བ་ཡི་བདེ་བ་[ངོ་བོ་ཉིད་སྐུ་ཡིན་གྱི་]ཆོས་སྐུ་མ་ཡིན་དེ་ཡི་ཕྱིར། །སྐུ་[བཞི་]རྣམས་ཀྱི་ནི་མཚན་ཉིད་གང་དེ་འདིར་ནི་བདེ་བར་གཤེགས་དང་འཕགས་པ་ཀླུས་བོད་ཀྱིས་ཀྱང་[གསུངས་པ་]ནི། །[ཆོས་དབྱིངས་]གང་ཞིག་[རྣམ་པ་]གཅིག་མིན་[ངོ་བོ་]དུ་མ་ཡང་མིན་རང་དང་གཞན་ལ་ཕན་པ་ཕུན་ཚོགས་ཆེན་པོའི་གཞིར་གྱུར་པ། །དངོས་མེད་ཉིད་མིན་དངོས་པོ་མ་ཡིན་[པའི་ཕུང་པོ་གསུམ་པ་]ནམ་མཁའ་བཞིན་དུ་རོ་མཉམ་[རྣམ་ཤེས་ཀྱིས་]རྟོགས་པར་དཀའ་བའི་རང་བཞིན་ཅན། །[དྲི་མས་]གོས་པ་མེད་ཅིང་[ངོ་བོ་]རྣམ་[པར་]འགྱུར་[བ་]མེད་པ་ཞི་ཞིང་མི་མཉམ་[པ་སྐྱེད་པའི་ཆ་དང་]མཉམ་[པ་སྡུད་པའི་ཆ་སྟེ་དེ་ལྟར་དངོས་པོ་ཀུན་]ལ་ཁྱབ་པ་རབ་ཏུ་སྤྲོས་མེད་པ། །སོ་སོ་རང་[རིག་ཡེ་ཤེས་མཆོག་]གིས་རིག་བྱ་རྒྱལ་བ་རྣམས་ཀྱི་ཆོས་སྐུ་[འགལ་འདུས་སྐྱོན་མེད་ཡིན་པས་]དཔེ་མེད་དེ་ལ་བདག་ནི་ཕྱག་འཚལ་ལོ། །གང་ཞིག་འཇིག་རྟེན་ལས་འདས་བསམ་གྱིས་མི་ཁྱབ་ལེགས་བྱས་བརྒྱ་ཡི་བདག་ཉིད་འབྲས་བུ་འབྱོར་བ་ནི། །རྣམ་པ་སྣ་ཚོགས་ཆེན་པོ་འཁོར་གྱི་ནང་དུ་བློ་ལྡན་རྣམས་ཀྱི་དགའ་བའི་རྒྱུར་ནི་རྒྱས་མཛད་ཅིང༌། །འཇིག་རྟེན་ཀུན་ཏུ་དམ་པའི་ཆོས་སྒྲ་རྒྱ་ཆེན་རྒྱུན་མི་འཆད་པར་རབ་ཏུ་སྤྲོ་མཛད་སངས་རྒྱས་ཀྱི། །ལོངས་སྤྱོད་རྫོགས་སྐུ་འདིར་ནི་ཆོས་ཀྱི་རྒྱལ་སྲིད་ཆེན་པོར་གནས་པ་དེ་ལ་བདག་ནི་ཕྱག་འཚལ་ལོ། །[སྤྲུལ་པ་]གང་ཞིག་སེམས་ཅན་རྣམས་ནི་སྨིན་པའི་སླད་དུ་འགའ་ཞིག་དག་ཏུ་མེ་བཞིན་འབར་བར་སྣང་བྱེད་ཅིང༌། །གང་ཞིག་རྫོགས་པའི་བྱང་ཆུབ་ཆོས་ཀྱི་འཁོར་ལོ་[བསྐོར་བ་དང་]ལ་ལར་ཡང་ནི་སླར་ཡང་རབ་ཏུ་ཞི་བ་[མྱ་ངན་ལས་འདས་པར་]སྟོན། །སྲིད་པ་གསུམ་གྱི་འཇིགས་པ་འཕྲོག་པ་སྣ་ཚོགས་ཐབས་ཚུལ་རྣམས་ཀྱིས་[གཞན་དོན་ལ་]རྣམ་པ་དུ་མར་རབ་འཇུག་པ། །ཐུབ་པ་རྣམས་ཀྱི་སྤྲུལ་སྐུ་དོན་ཆེན་ཕྱོགས་བཅུ་རྣམས་སུ་རྗེས་སུ་སོན་པ་དེ་ལ་ཕྱག་འཚལ་ལོ། །[ཞེས་པ་སྐུ་གསུམ་ལ་བསྟོད་པ་འཕགས་པ་ཀླུ་སྒྲུབ་ཀྱིས་གསུངས་པའོ།།]འཇིག་རྟེན་གསུམ་གྱི་སྤྱོད་པ་ལས་གྲོལ་ནམ་མཁའ་[དང་རྒྱ་]མཉམ་པར་གནས་པ་དངོས་པོ་ཐམས་ཅད་ཀྱི་[རྣམ་པའི་]རང་བཞིན[ཅན]། །[གདོད་ནས་]དག་པ་ཞི་ཞིང་རྣམ་པར་དབེན་ལ་མཆོག་ཏུ་ཞི་བའི་རང་བཞིན་རྣལ་འབྱོར་རྣམས་ཀྱི་[ཡེ་ཤེས་ཀྱིས་]རྟོགས་བྱ་ཉིད། །[རྣམ་ཤེས་ཀྱིས་]རྟོགས་པར་དཀའ་ཞིང་རྣམ་པར་དཔྱད་དཀའ་རང་དང་གཞན་ལ་ཕན་པ་[བརྟན་གཡོ་ཀུན་ལ་]ཁྱབ་པ་མཚན་མེད་རྣམ་རྟོག་དང༌། །[གདོད་ནས་]བྲལ་བ་[དཔེ་ཟླ་མེད་པས་]གཅིག་པུའི་སྐུ་ནི་རྒྱལ་བ་རྣམས་ཀྱི་མི་མཉམ་[པ་ཤེས་རབ་དང་]མཉམ་པ་[ཐབས་ཏེ་དེ་དག་དབྱེར་མེད་པ་]བདེ་བའི་སྐུ་ལ་ཕྱག་འཚལ་ལོ། །[ཞེས་པ་ངོ་བོ་ཉིད་ཀྱི་སྐུ་ལ་བསྟོད་པ་འདི་ནི་སངས་རྒྱས་ཀྱིས་གསུངས་པའོ། །མདོ་སྡེའི་རྒྱན་དུ།]སེམས་ཅན་རྣམས་ལ་[ཉེ་རིང་མེད་པར་]བརྩེ་བ་ཅན། །[སེམས་ཅན་ཐམས་ཅད་ཕན་བདེ་དང་]ཕྲད་[པར་བཞེད་པ་]དང་[དེའི་མི་མཐུན་ཕྱོགས་]བྲལ་བ[ར་བཞེད་པ]འི་དགོངས་པ་ཅན། །[ཕན་བདེ་དང་]མི་འབྲལ་བ[ར་བཞེད་པ]འི་དགོངས་པ་ཅན[ཏེ]། །[དེ་ལྟར་བཏང་སྙོམས་དང༌། བྱམས་པ་དང༌། སྙིང་རྗེ་དང་དགའ་བ་སྟེ་ཚད་མེད་པ་བཞིས་སེམས་ཅན་ལ་]ཕན་བདེ་དགོངས་ཁྱོད་ལ་ཕྱག་འཚལ། །[ཡང་ན་འགྲེལ་པ་ལྟར་བཤད་དོ།།]ཐུབ་པ་སྒྲིབ་ཀུན་[ལས་]ངེས་པར་གྲོལ[བ་རྣམ་ཐར་དང་]། །འཇིག་རྟེན་ཐམས་ཅད་ཟིལ་གྱིས་གནོན[པའི་སྐྱེ་མཆེད་དང་]། །ཁྱོད་ཀྱི་མཁྱེན་པས་ཤེས་བྱ་ཁྱབ[པ་ཟད་པར་གྱི་སྐྱེ་མཆེད་རྣམས་བརྙེས་པས་དེ་རྣམས་ཀྱི་མི་མཐུན་ཕྱོགས་ལས]། །ཐུགས་གྲོལ་ཁྱོད་ལ་ཕྱག་འཚལ་ལོ། །[ཉོན་མོངས་པ་མེད་པ་ནི་]སེམས་ཅན་དག་ནི་ཐམས་ཅད་ཀྱི། །ཉོན་མོངས་མ་ལུས་ཐམས་ཅད་འདུལ། །ཉོན་མོངས་[སྐྱེས་པ་དེ་དག་གཉེན་པོས་]འཇོམས་མཛད་[སེམས་ཅན་]ཉོན་མོངས་[པ་ཅན་]ལ། །བརྩེར་བཅས་ཁྱོད་ལ་ཕྱག་འཚལ་ལོ། །[སྨོན་ནས་མཁྱེན་པ་ནི།]ལྷུན་གྱིས་གྲུབ[པར་མངོན་སུམ་དུ་གྱུར་]ཅིང་ཆགས[པ]་མི་མངའ་[བར་མངོན་གྱུར་པ་དང་ཤེས་བྱ་ཐམས་ཅད་ལ་]ཐོགས་པ་མི་མངའ་[བ་དང་]རྟག་པར་ནི། །མཉམ་པར་གཞག་ཅིང་འདྲི་ཀུན་གྱི། །ལན་ལྡོན་ཁྱོད་ལ་ཕྱག་འཚལ་ལོ། །[སོ་སོ་ཡང་དག་པར་རིག་པ་བཞི་ལས།]རྟེན་[ཆོས་]དང་བརྟེན་པ་[དོན་ནི་]བཤད་བྱ་[ཡིན་པ་]དང༌། །གསུང་[ངེས་ཚིག་]དང་མཁྱེན་པ་[སྤོབས་པ་ནི་]འཆད་བྱེད་[ཡིན་]ལ། །[སངས་རྒྱས་ཀྱི་]བློ་གྲོས་རྟག་[ཏུ་]ཐོགས་[པ་]མི་མངའ་བ། །ལེགས་སྟོན་ཁྱོད་ལ་ཕྱག་འཚལ་ལོ། །[མངོན་ཤེས་དྲུག་ལས་རྫུ་འཕྲུལ་གྱིས་གདུལ་བྱའི་དྲུང་དུ་]གཤེགས་ནས་[གཞན་སེམས་ཤེས་པས་ཕ་རོལ་གྱི་]སྤྱོད་པ་མཁྱེན་མཛད་དེ། །[ལྷའི་རྣ་བས་སེམས་ཅན་]དེ་དག་[གི་]སྐད་[ཤེས་པ་ཉིད་]ཀྱིས་[སྔོན་གནས་རྗེས་སུ་དྲན་པས་]སེམས་ཅན་[སྔོན་]གྱི[མཐའ་ནས་འདིར]། །འོང་[བ་]དང་[འཆི་འཕོ་དང་སྐྱེ་བ་ཤེས་པས་འདི་ནས་གཞན་དུ་]འགྲོ་[བ་]དང་[ཟག་ཟད་ཤེས་པས་འཁོར་བ་ལས་]ངེས་འབྱུང་ལ[གདམས་ངག]། །ལེགས་འདོམས་ཁྱོད་ལ་ཕྱག་འཚལ་ལོ། །ལུས་ཅན་ཀུན་གྱིས་[མཚན་དཔེས་བརྒྱན་པ་]ཁྱོད་མཐོང་ན། །སྐྱེས་བུ་དམ་པ་ལགས་པར་འཚལ། །མཐོང་བ་ཙམ་གྱིས་[སེམས་]རབ་[ཏུ་]དང་བར། །མཛད་པ་ཁྱོད་ལ་ཕྱག་འཚལ་ལོ། །[ཡོངས་སུ་དག་པ་བཞི་ལས་རྟེན་ཡོངས་སུ་དག་པ་ནི་ལུས་]ལེན་[པ་]དང་གནས་[པ་]དང་གཏོང་བ་[ལ་དབང་བ་]དང༌། །[དམིགས་པ་ཡོངས་སུ་དག་པ་ནི་མེད་པ་]སྤྲུལ་[པ་]དང་[ཡོད་པ་]ཡོངས་སུ་བསྒྱུར་བ་[ལ་དབང་བ་]དང༌། །[ཐུགས་ཡོངས་སུ་དག་ནི་རྣམ་པ་ཐམས་ཅད་དུ་]ཏིང་ངེ་འཛིན་[ལ་དབང་བ་]དང་[ཤེས་རབ་ཡོངས་སུ་དག་པ་ནི་རྣམ་པ་ཐམས་ཅད་དུ་]ཡེ་ཤེས་ལ། །[དབང་བས་དེ་རྣམས་ལ་]མངའ་བརྙེས་ཁྱོད་ལ་ཕྱག་འཚལ་ལོ། །[སྟོབས་བཅུ་ལས་དང་པོས་]ཐབས་[ལ་སླུ་བའི་བདུད་]དང་[གཉིས་པས་]སྐྱབས་[ལ་སླུ་བའི་བདུད་]དང་[བདུན་པས་]དག་པ་[ལ་སླུ་བའི་བདུད་]དང༌། །[ལྷག་མ་རྣམས་ཀྱིས་]ཐེག་ཆེན་[ལམ་གྱིས་]ངེས་པར་འབྱུང་བ་ལ། །སེམས་ཅན་རྣམས་ལ་རབ་སླུ་བའི། །བདུད་འཇོམས་ཁྱོད་ལ་ཕྱག་འཚལ་ལོ། །[མི་འཇིགས་པ་བཞི་ལས་]རང་[དོན་དང་]གཞན་དོན་དུ་[གཉིས་གཉིས་ཏེ་དང་པོ་ནི་]ཡེ་ཤེས་དང༌། །སྤངས་[པ་]དང་[གཉིས་པ་ནི་]ངེས་འབྱུང་[དང་]བགེགས་བྱེད་པ། །སྟོན་[པར་]མཛད་[་པ་ལ་མི་འཇིགས་པ་ཐོབ་པས]་མུ་སྟེགས་གཞན་དག་གིས། །མི་རྫི་ཁྱོད་ལ་ཕྱག་འཚལ་ལོ། །[འཁོར་གྱི་ནང་དུ་]བསྲུང་[བ་]མེད་[པ་གསུམ་དང་དྲན་པ་ཉེར་བཞག་གིས་]བསྙེལ་བ་མི་མངའ་བ[སྟེ]། །[སྲུང་བ་མེད་པས་]འཁོར་གྱི་ནང་ན་བག་བརྐྱང་[སྟེ་]གསུང༌། །[བསྙེལ་བ་མི་མངའ་བས་]ཀུན་ནས་ཉོན་མོངས་[ཆགས་སྡང་]གཉིས་སྤངས་པའི[སྒོ་ནས]། །འཁོར་སྡུད་ཁྱོད་ལ་ཕྱག་འཚལ་ལོ། །[བག་ཆགས་ཡང་དག་བཅོམ་པ་ནི་]ཀུན་མཁྱེན་ཁྱོད་ལ་རྒྱུ་བ་[སྟེ་གཤེགས་པ་]དང༌། །གནས་པ་[སྟེ་བཞུགས་པ་]ཀུན་ལ་རྟག་པར་ནི། །ཀུན་མཁྱེན་མིན་[པའི་]སྤྱོད་[པ་]མི་མངའ་བ། །ཡང་དག་དོན་ལྡན་ཁྱོད་ཕྱག་འཚལ། །[བསྙེལ་བ་མི་མངའ་བ་ནི་]སེམས་ཅན་ཀུན་གྱི་བྱ་བ་ལ། ། ཁྱོད་ནི་དུས་ལས་མི་འདའ་བས། །མཛད་པ་རྟག་ཏུ་དོན་མངའ་བ། །མི་བསྙེལ་ཁྱོད་ལ་ཕྱག་འཚལ་ལོ། །[ཐུགས་རྗེ་ཆེན་པོ་ནི་]འཇིག་རྟེན་ཀུན་ལ་[སུ་ནི་ཉམས་སུ་ནི་འཕེལ། ཞེས་སོགས་ཀྱི་ཚུལ་གྱིས་]ཉིན་[ལན་གསུམ་]མཚན་[ལན་གསུམ་]དུ[གཟིགས་པས]། །ལན་དྲུག་ཏུ་ནི་སོ་སོར་གཟིགས། །ཐུགས་རྗེ་ཆེན་པོ་དང་ལྡན་པ། །ཕན་དགོངས་ཁྱོད་ལ་ཕྱག་འཚལ་ལོ། ། [སངས་རྒྱས་ཀྱི་ཆོས་མ་འདྲེས་པ་]སྤྱོད་པ[ས་བསྡུས་པ་དྲུག་]དང་ནི་རྟོགས་པ[ས་བསྡུས་པ་དྲུག་]དང༌།།ཡེ་ཤེས་[ཀྱིས་བསྡུས་པ་གསུམ་]དང་ནི་འཕྲིན་ལས་ཀྱིས[བསྡུས་པ་གསུམ་སྟེ་དེ་ལྟར་བཅོ་བརྒྱད་ཀྱིས]།།ཉན་ཐོས་རང་སངས་རྒྱས་ཀུན་གྱི[འང་]། །བླ་མ[ར་གྱུར་པས་གཞན་ཐམས་ཅད་ལས་ཆོས་མཆོག་ཏུ་གྱུར་པ་]ཁྱོད་ལ་ཕྱག་འཚལ་ལོ། །[རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་]སྐུ་གསུམ་དག་གིས་[རྣམ་པ་ཐམས་ཅད་དུ་]བྱང་ཆུབ་ཆེ[ན་པོའི]། །རྣམ་པ་ཀུན་བརྙེས་[པའི་ཕྱིར་དང་ཤེས་བྱ་ཐམས་ཅད་རྣམ་པ་]ཐམས་ཅད་དུ[མཁྱེན་པའི་ཕྱིར]། །སེམས་ཅན་ཀུན་གྱི་ཐེ་ཚོམ་དག །གཅོད་པ་ཁྱོད་ལ་ཕྱག་འཚལ་ལོ། །[ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པའི་ཚུལ་ནི། ལོངས་སྤྱོད་སོགས་ལ་]འཛིན་པ་མེད་ཅིང་ཉེས་མི་མངའ། །[ཁོང་ཁྲོས་]རྙོག་པ་མེད་ཅིང་[རྟོགས་པ་ངན་ངོན་ཙམ་ལ་]མི་གནས་པ། །[རྣམ་གཡེང་གིས་]མི་གཡོ་[ཞིང་]ཆོས་རྣམས་ཐམས་ཅད་ལ[ལྡོག་པའི]། །སྤྲོས་མེད་[དེ་དེ་ལྟར་གྲངས་བཞིན་དུ་ཕར་ཕྱིན་དྲུག་རྫོགས་པ་]ཁྱོད་ལ་ཕྱག་འཚལ་ལོ། །[སངས་རྒྱས་ཐོབ་པའི་ཚུལ་ནི་]དམ་པའི་དོན་ནི་[དྲི་མ་བྲལ་བས་]གྲུབ་པ་[ངོ་བོ་ཉིད་སྐུ་ཐོབ་པ་]སྟེ། །[དེ་ཡང་]ས་ཀུན་ལས་ནི་ངེས་པར་འབྱུང༌། །སེམས་ཅན་ཀུན་གྱི་མཆོག་ཏུ་གྱུར[ནས]། །སེམས་ཅན་ཐམས་ཅད་རྣལ་གྲོལ་མཛད། །ཡོན་ཏན་མི་ཟད་མཉམ་མེད་[རྣམས་དང་]ལྡན། །འཇིག་རྟེན་[གྱི་ཁམས་སྣ་ཚོགས]་དག་[ཏུ་སྣང་བ་སྤྲུལ་སྐུ་]དང་[འཁོར་གྱི་]དཀྱིལ་འཁོར་ནའང༌། །སྣང་[བ་ལོངས་སྐུ་ཡིན་]ལ་[ཆོས་ཉིད་ངོ་བོ་ཉིད་སྐུ་ནི་ཡེ་ཤེས་མ་སྐྱེས་པའི་]ལྷ་དང་མི་རྣམས་ཀྱིས། །རྣམ་པ་ཀུན་ཏུ་མི་མཐོང་[ཞིང་ཡེ་ཤེས་འབའ་ཞིག་གིས་མཐོང་]བ[སྟེ]། །[དེ་ལྟར་བདེན་པ་གཉིས་ཀྱིས་བསྡུས་པའི་]རྒྱལ་བ་ཀུན་ལ་ཕྱག་འཚལ་ཞིང༌། །མཆོད་སྤྲིན་རྒྱ་མཚོས་མཆོད་པ་དང༌། །བཀའ་བཞིན་སྒྲུབ་པ་རྩེ་གཅིག་ལ། །དུས་རྣམས་ཀུན་ཏུ་བརྩོན་པར་ཤོག །[ཅེས་པ་ཚིགས་བཅད་ཕྱི་མ་འདི་ནི་རང་གི་སྨོན་ལམ་མོ།།] ལམ་གྱིས་དྲི་མ་བྲལ་བ་དང༌། ངོ་བོ་བསྐྱེད་པའི་འབྲས་བུའི་སྐབས་སོ། །།།

༈ དེ་རྣམས་ཉེ་བར་བསྡུས་ཏེ་གདམས་པ།

དེ་ལྟར་དོན་དམ་ཆོས་སྐུའི་གཞི་འབྲས་ནི་ཆོས་ཀྱི་དབྱིངས་ཉིད་དུ་གཅིག་ཅིང་གློ་བུར་དྲི་མ་འཇོམས་བྱེད་ནི་རྣམ་པར་དག་པའི་ཡེ་ཤེས་ཀྱི་ཚོགས་འཁོར་དང་བཅས་པ་སྟེ། ནམ་མཁའ་ལ་སྤྲིན་འཐོར་བའི་རླུང་བཞིན་ནོ། །དེ་ཉིད་ཡིད་བཞིན་གྱི་ནོར་བུ་སྦྱོང་བའི་དཔེས་གསུངས་པ་ཡང༌། སྔར་བཤད་ཅིང་སླར་ཡང་རྒྱུད་བླ་མའི་འགྲེལ་པར་མདོ་དྲངས་པ། བློ་གྲོས་རྒྱ་མཚོ་དཔེར་ན། ནོར་བུ་རིན་པོ་ཆེ་བཻཌཱུརྻ་རིན་ཐང་མེད་པ་ཤིན་ཏུ་སྦྱངས་པ། ཤིན་ཏུ་ཡོངས་སུ་དག་པ། ཤིན་ཏུ་དྲི་མ་མེད་པ་འདམ་དུ་བཅུག་སྟེ་ལོ་སྟོང་ཕྲག་གནས་པར་གྱུར་ལ། དེ་ལོ་སྟོང་འདས་ནས་འདམ་དེ་ལས་ཕྱུང་སྟེ། སྦྱངས་ཤིང་བྱི་དོར་བྱས་ཏེ་ལེགས་པར་བཀྲུས། ལེགས་པར་སྦྱངས། ལེགས་པར་བྱི་དོར་བྱས་པ་ན། དྲི་མ་མེད་པ་ནོར་བུ་རིན་པོ་ཆེའི་ངོ་བོ་དེ་ཉིད་མི་འདོར་རོ། །བློ་གྲོས་རྒྱ་མཚོ་དེ་བཞིན་དུ་བྱང་ཆུབ་སེམས་དཔས་སེམས་ཅན་རྣམས་ཀྱི་[ཁྱབ་བྱེད་ཡིད་བཞིན་ནོར་བུ་ལྟ་བུའི་]སེམས་ཀྱི་རང་བཞིན་འོད་གསལ་བར་རབ་ཏུ་ཤེས་ཏེ། འོན་ཀྱང་[གང་ཟག་]དེ་གློ་བུར་གྱི་ཉེ་བའི་ཉོན་མོངས་པས་ཉོན་མོངས་[ཤིང་ཉམས་ཐག་]པར་མཐོང་ངོ༌། །དེ་ལ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། ཉོན་མོངས་པ་འདི་དག་ནི་སེམས་ཅན་རྣམས་ཀྱི་[ཁྱབ་བྱེད་ཡིད་བཞིན་ནོར་བུ་ལྟ་བུའི་]སེམས་ཀྱི་རང་བཞིན་འོད་གསལ་བར་ཞུགས་པ་མ་ཡིན་[ཞིང་རོ་གཅིག་ཏུ་འདྲེས་པ་མ་ཡིན་]ཏེ། ཉོན་མོངས་པ་འདི་དག་ནི་[བཅོས་མ་]གློ་བུར་བ་སྟེ་ཡང་དག་པ་མ་ཡིན་པ་ཀུན་ཏུ་རྟོག་པས་བསྐྱེད་པ[ཡིན་པས་གཉེན་པོ་བསྟེན་ན་སྤང་དུ་རུང་བ]འོ། །[དེ་ལྟ་བས་ན་]བདག་གིས་སེམས་ཅན་འདི་དག་གི་ཉེ་བའི་ཉོན་མོངས་པ་ཞི་བར་བྱ་བའི་ཕྱིར་ཆོས་བསྟན་པར་ནུས་སོ་སྙམ་སྟེ། དེ་ལྟར་[གློ་བུར་དྲི་མ་བསལ་ནས་བདེ་གཤེགས་སྙིང་པོ་ཐོབ་པའི་ཐབས་སྟོན་པ་]དེ་ལ་ཞུམ་པའི་སེམས་མི་སྐྱེ་བའོ། །དེ་ནི་ལན་མང་དུ་སེམས་ཅན་རྣམས་ཀྱི་ཐད་དུ་འགྲོ་བའི་སེམས་སྐྱེ་བའོ། །དེ་འདི་སྙམ་དུ་ཡང་སེམས་ཏེ། ཉོན་མོངས་པ་འདི་དག་ལ་སྟོབས་སམ་མཐུ་ཡང་ཡོད་པ་མ་ཡིན་ཏེ། ཉོན་མོངས་པ་འདི་དག་ནི་མཐུ་སྟོབས་ཆུང་བའོ། །འདི་དག་ལ་ཡང་དག་པའི་གནས་འགའ་ཡང་མེད་དོ། །ཉོན་མོངས་པ་འདི་དག་ནི་ཡང་དག་པ་མ་ཡིན་པར་ཀུན་ཏུ་བརྟགས་པ་སྟེ། དེ་དག་ནི་ཡང་དག་པ་ཇི་ལྟ་བ་བཞིན་ཚུལ་བཞིན་དུ་ཡིད་ལ་བྱེད་པས་བརྟགས་པ་ན་ཁྲོ་བར་མི་འགྱུར་རོ། །དེ་ནི་ཁོ་བོས་ཅི་ནས་ཀྱང་[ཤེས་རྒྱུད་ལ་]འབྲེལ་བར་མི་འགྱུར་བ་དེ་ལྟར་སོ་སོར་བརྟག་པར་བྱའོ། །ཉོན་མོངས་པ་རྣམས་དང་ནི་མ་འབྲེལ་ན་ལེགས་ཀྱི་འབྲེལ་ན་ནི་[ལེགས་པ་]མ་ཡིན་ནོ། །ཞེས་སོགས་རྒྱས་པར་གསུངས་ཤིང༌། སྙིང་པོ་དང་དྲི་མའི་དཔེ་གཞན་དང་གཞན་མང་པོས་གསུངས་པ་རྣམས་ལ། ཡང་དོན་དམ་གྱི་གཞི་འབྲས་[གཤིས་ལུགས་ཀྱི་]འགོག་བདེན་དུ་ངོ་བོ་གཅིག་ཚུལ་དང༌། དྲི་མ་འཇོམས་བྱེད་ལམ་བདེན་གྱི་ཡེ་ཤེས་ཡིན་པའི་ཚུལ་དང༌། དེས་དྲི་མ་ཐམས་ཅད་དག་པའི་ཚེ་གནས་གྱུར་ཐོབ་ཀྱང་ཆོས་ཉིད་ངོ་བོ་མི་འགྱུར་བའི་དཔེ་[འདུས་མ་བྱས་]ནམ་མཁས་ཤེས་པར་བྱའོ། །ཀུན་རྫོབ་གཟུགས་སྐུའི་གཞི་ནི་དེ་བསྐྱེད་བྱེད་ཀྱི་དང་པོ་[ལ་སོགས་པ་]སྟེ་རྒྱས་པའི་རིགས་སོ། །ལམ་ནི་དང་པོ་སེམས་བསྐྱེད་པ་ནས་བརྩམས་ཏེ། ཕལ་ཆེར་བསོད་ནམས་ཀྱི་ཚོགས་ཀྱིས་བསྡུས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་དང༌། བསྐྱེད་པའི་རིམ་པ་འཁོར་དང་བཅས་པ་རྣམས་དང༌། དཀོན་མཆོག་གི་རྟེན་གསུམ་བཞེངས་ཤིང་མཆོད་པ་ལ་སོགས་པ་དང༌། ཞིག་རལ་གསོ་བ་ལ་སོགས་པ་རྒྱལ་བའི་ཞིང་ལས་དགེ་བའི་ལོ་ཐོག་སྤེལ་བ་དང༌། མགོན་མེད་ཅིང་ཉམ་ཐག་པ་རྣམས་ལ་འདི་དང་གཞན་དུ་[རིམ་པ་ལྟར་]བདེ་བ་དང་ཕན་པ་སྒྲུབ་པ་ལ་སོགས་པ་སེམས་ཅན་གྱི་ཞིང་ལས་ཀྱང་དགེ་བའི་ལོ་ཐོག་[རྒྱ་ཆེར་]སྤེལ་ནས་སྨོན་ལམ་རླབས་ཆེན་སྒྲུབ་པ་[ལ་འབད་པ་]སྟེ། སློབ་པའི་ལམ་དུ་གཏོགས་པའི་བསོད་ནམས་ཀྱི་ཚོགས་ཤས་ཆེ་བའོ། །འབྲས་བུ་ནི་དེ་དག་གིས་བསྐྱེད་པའི་སངས་རྒྱས་གཟུགས་སྐུ་[ཡང་དག་]ཡེ་ཤེས་དང་ཡོན་ཏན་དང་འཕྲིན་ལས་ཕུན་སུམ་ཚོགས་པའི་བདག་ཉིད་སྔར་བསྟན་པ་རྣམས་དང༌། གཞན་ཡང་མདོ་རྒྱུད་ཟབ་མོ་རྣམས་ལས་རྒྱ་ཆེར་གསུངས་པ[ལྟར་ཡིན་གྱི། དེ་ལས་གཞན་དུ་ཁ་ཅིག་སྣང་ཚད་སྤྲུལ་སྐུ་སྟོང་ཚད་ཆོས་སྐུ་རིག་ཚད་ལོངས་སྐུར་འདོད་པ་ལ་སོགས་ནི་བོད་ཀྱིས་བརྩམས་པའི་རྒྱུད་མང་པོས་མགོ་བོ་བསྐོར་བའི་རྣམ་འགྱུར་དུ་རིག་པར་བྱ]འོ། །བྱང་ཆུབ་སེམས་དཔའི་ས་ལས། དང་པོ་སེམས་བསྐྱེད་པ་དང་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སྒྲུབ་པ་ལ་སོགས་པ་སློབ་ལམ་གྱི་ཆོས་རྣམས་ཀྱང་གཞིའི་ཁོངས་སུ་བསྡུས་ནས་གསུངས་པ་ནི་ཉུང་གཞི་ཞེས་པ་ལྟར་སྐྱེད་བྱེད་ལ་གཞིར་གསུངས་པ་སྟེ། [དེ་ནི་]རྒྱུ་འབྲས་གཉིས་སུ་བསྡུས་པའི་དབང་དུ་བྱས་པའོ། །གཞི་ལམ་འབྲས་གསུམ་དུ་ཕྱེ་བའི་ཚེ་ནི་རྒྱུ་ཉིད་ལ་གཞི་དང་ལམ་དུ་ཕྱེ་བ་ཡིན་པས་དེ་ལྟར་[གཞི་ལམ་འབྲས་བུ་]གསུམ་དུ་ཕྱེ་བ་དང་[རྒྱུ་འབྲས་]གཉིས་སུ་བསྡུས་པ་ལ་འགལ་བ་ཅུང་ཟད་ཀྱང་མེད་ཅིང༌། དོན་གཅིག་[ཡིན་]ལ་གཟུགས་སྐུའི་ཡེ་ཤེས་ལ་སོགས་པ་ཐེག་ཆེན་མི་སློབ་པའི་ལམ་དུ་གཏོགས་པ་རྣམས་ལམ་བདེན་ཡིན་ཡང་གཞི་ལམ་འབྲས་གསུམ་དུ་ཕྱེ་བའི་ཡ་གྱལ་གྱི་ལམ་ནི་མ་ཡིན་ཏེ། དེ་ནི་སློབ་ལམ་ཡིན་པར་ངེས་པའི་ཕྱིར་རོ། །དེ་ལྟར་བསྟན་པ་རྣམས་ལ་ཤེས་པར་བྱ་བ་ནི་གཞི་ལམ་འབྲས་བུ་ཐམས་ཅད་དོ། །ཤེས་ནས་ཉམས་སུ་བླང་བར་བྱ་བ་ནི་ཚོགས་གཉིས་ཀྱིས་བསྡུས་པའི་ལམ་རྣམ་དག་[གང་ཡིན་པ་]སྟེ། འབྲས་བུ་ནི་ཐོབ་བྱར་དམིགས་པ་དང་སྐྱབས་གནས་དང་ཕྱག་མཆོད་[བསྐོར་བ་]ལ་སོགས་པ་དད་གུས་ཀྱི་བྱ་བ་[རྣམ་པ་མང་པོ་དཔག་ཏུ་མེད་པ་]རྣམས་ཀྱི་ཡུལ་ཉིད་[དང་སྡིག་བཤགས་ཀྱི་ཡུལ་དང༌། གསོལ་བ་གཏབ་པ་ལ་སོགས་པའི་ཡུལ་ཉིད་]་དུ་གསུངས་པས་དེ་ལྟར་ཤེས་ནས་གཙོ་བོར་ལམ་ཚོགས་གཉིས་སྒྲུབ་པ་ལ་ཤིན་ཏུ་བརྩོན་པར་བྱའོ། །

བཤད་པའི་དགེ་བ་བསྔོ་བ།

དེ་ལྟར་རྒྱལ་བའི་གསུང་རབ་ཟབ་མོ་བཟང་དགུའི་ངེས་དོན་མཐར་ཐུག་ནི། །རིགས་གསུམ་མགོན་སོགས་རྒྱལ་སྲས་རྣམས་ཀྱི་ཞལ་གྱི་གདམས་པ་ཟབ་མོ་ཡིས། །གསལ་བར་མཛད་ལས་རྗེ་བཙུན་བླ་མའི་དྲིན་གྱིས་རྟོགས་པ་གང་ཡིན་འདི། །རི་ཁྲོད་དབེན་པར་ཟབ་མོའི་རྣལ་འབྱོར་སྤྱོད་པ་རྣམས་ཀྱི་རི༵་ཆོ༵ས་ཏེ། །རྣམ་པར་དག་པའི་མདོ་རྒྱུད་བསྟན་བཅོས་ཁྱད་པར་འཕགས་པ་ཐམས་ཅད་ཀྱི། །ངེས་དོན་ཆུ་བོ་མ་ལུས་འདུས་ཕྱིར་འདི་ནི་ངེ༵ས་དོ༵ན་རྒྱ༵་མཚོ༵་ཡང་[ཡིན་ལ]། །གཞི་ལམ་འབྲས་བུ་ཇི་སྙེད་པ་དང་ལྟ་སྒོམ་སྤྱོད་པའང་ཇི་སྙེད་པའི། །མཐར་ཐུག་ཐུན་མོང་མིན་པ་སྟོན་ཕྱིར་འདི་མིང་དོན་དང་ལྡན་པ་ལགས། །དགོངས་པ་ཟབ་མོ་ངེས་པར་འགྲེལ་སླད་འདི་ནི་རྒྱལ་བའི་དགོངས་འགྲེལ་ཏེ། །རྡོ་རྗེའི་ཚིག་ཀུན་ངེས་པར་འགྲེལ་སླད་རྡོ་རྗེའི་ཚིག་གི་མདུད་འགྲོལ་ཡང་[ཡིན་ཞིང་]།།[ཀུན་འགྲོ་ཡིན་མིན་གྱི་སྟོང་ཉིད་དང༌། དོན་དམ་ཡིན་མིན་གྱི་སྟོང་ཉིད་དང༌། དེ་བཞིན་ཉིད་ཡིན་མིན་གྱི་སྟོང་ཉིད་དང༌། ཤེར་ཕྱིན་ཡིན་མིན་གྱི་སྟོང་ཉིད་དང༌། ཕྱག་རྒྱ་ཆེན་པོ་ཡིན་མིན་གྱི་སྟོང་ཉིད་དང༌། རྡོ་རྗེ་སེམས་དཔའ་ཡིན་མིན་གྱི་སྟོང་ཉིད་དང༌། ཆོས་ཉིད་ཡིན་མིན་གྱི་སྟོང་ཉིད་ལ་སོགས་པར་ལེགས་པར་ཕྱེ་ནས་]ཆོས་ཉིད་ཟབ་མོ་གསལ་བར་སྟོན་ཕྱིར་བདེ་གཤེགས་སྙིང་པོ[གསལ་བར་སྟོན་པ]འི་སྒྲོན་མེ་དང༌། །ལུང་རིགས་མན་ངག་ཟབ་དགུ་འདུས་ཕྱིར་ཡིད་བཞིན་ནོར་བུའི་མཆོག་ཀྱང་ཡིན། །དེ་སླད་འདི་ན་རང་རིགས་རྒན་པོའི་ངག་ཙམ་དཔང་དུ་བྱེད་པ་དང༌། །དང་པོར་གང་ཐོས་དེ་ལ་ཞེན་སླད་ཕྲ་མ་སྔ་བཙན་དབང་སོང་དང༌། །རྟོན་པ་བཞི་བྲལ་འདོད་མི་མང་བས་བདེན་པར་འཇོག་པའི་མི་རྣམས་དང༌། །མཐུན་པར་དཀའ་མོད་སྲས་བཅས་རྒྱལ་བའི་དགོངས་པ་དང་མཐུན་དོན་དང་མཐུན། །འདི་ལ་གང་གིས་ཐུགས་དགོངས་བཟང་པོས་ཡང་ཡང་བསྐུལ་བར་མཛད་རྣམས་དང༌། །མཐུན་པའི་གྲོགས་དང་ལོངས་སྤྱོད་བཟང་པོ་འབུལ་བར་མཛད་པ་ལ་སོགས་པ། །འགྲོ་བ་ཀུན་གྱིས་དྲི་མ་མེད་པའི་མདོ་རྒྱུད་མན་ངག་ཟབ་མོའི་དོན།།མཐོང་ཞིང་རྟོགས་ནས་མྱུར་བར་ཐོབ་སྟེ་གཞན་དོན་རླབས་ཆེན་བྱེད་པར་ཤོག །གནས་སྐབས་ཀུན་ཏུ་སངས་རྒྱས་དགྱེས་པའི་དད་བརྩོན་ཤེས་རབ་སྙིང་རྗེ་དང༌། །སྙིང་སྟོབས་ཡིད་གཞུངས་ངོ་ཚ་ཁྲེལ་ཡོད་འཚོ་བ་མཆོག་དང་གཏོང་ཕོད་དང༌། །ཚུལ་ཁྲིམས་ཏིང་འཛིན་དམ་ཚིག་བཞི་དྲུག་བརྒྱད་དང་བཅུ་དང་བཅུ་དྲུག་གི །སྤྱོད་པ་བཟང་པོས་རྟག་ཏུ་གནས་གྱུར་ནམ་ཡང་ཉམས་པར་མ་གྱུར་ཅིག ། །།

འདི་ནི་སྐྱེས་བུ་དམ་པ་རྣམས་དང༌། ཆེན་པོ་རྣམས་ཀྱི་གཙུག་གི་ནོར་བུར་གྱུར་པ་མཁན་ཆེན་ཇོ་གདན་(བསོད་ནམས་གྲགས་)པ་དཔོན་སློབ་རྣམས་ཀྱི་གསུང་གིས་ཡང་ཡང་བསྐུལ་བ་དང༌། ལེགས་པར་སྦྱར་བའི་སྐད་ཀྱིས་བརྡ་སྤྲོད་ཅིང་ལུང་དང་མངོན་པར་རྟོགས་པའི་ཡོན་ཏན་མང་པོ་དང་ལྡན་པའི་བླ་མ་ལོ་ཙཱ་བ(བློ་གྲོས་དཔལ་བ)འི་གསུང་གིས་བསྐུལ་བ་དང༌། གཞན་ཡང་བླ་མ་ཕྱོགས་ལས་རྣམ་པར་རྒྱལ་བ་ལ་སོགས་པ་མཁས་བཙུན་བཟང་པོའི་ཡོན་ཏན་དང་ལྡན་པའི་དགེ་བའི་བཤེས་གཉེན་མང་པོ་དང༌། རྣལ་འབྱོར་གྱི་དབང་ཕྱུག་དམ་པ་བསམ་སྡིངས་ཅོག་པུ་(དཔལ་ལྡན་དབང་ཕྱུག་ཤེས་རབ་)པ་ལ་སོགས་པ་ངེས་དོན་གྱི་སྒྲུབ་པ་པོ་བཟང་པོ་རྣམས་ཀྱི་གསུང་གིས་བསྐུལ་བ་དང༌། ཁྱད་པར་དུ་བླ་མ་ཡེ་ཤེས་རྒྱལ་མཚན་པས་བརྒྱ་འབུལ་བཟང་པོ་དང་བཅས་པའི་བསྙེན་བཀུར་གྱིས་ལེགས་པར་བཏེག་ཅིང་དང་དོས་ཆེན་པོ་མཛད་དེ། རྒྱལ་ཁམས་པ(རྟོན་པ་བཞི་ལྡན་གྱི)ས་ངེས་དོན་ཟབ་མོ་མཐར་ཐུག་གི་ལུང་རིགས་མན་ངག་ཇི་ལྟ་བ་བཞིན་ཇོ་ནང་དཔལ་གྱི་གནས་ཆེན་དུ་བཀོད་པ་སྟེ། བློ་ལྡན་གཟུ་བོར་གནས་ཤིང་ངེས་དོན་ཆོས་ཉིད་བསྒོམས་པའི་ཉམས་མྱོང་ཅན་མ་ཡིན་པ་རྣམས་ལ་བསྟན་དུ་མི་རུང་བའི་བཀའ་རྒྱ་དམ་པོ་ཡོད་པས་དེ་ཁོ་ན་བཞིན་མཛད་པར་ཞུ། ཅི་སྟེ་དེ་ལས་འདས་ན་དམ་ཚིག་ལས་འདས་སོ། །།།

ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ གཅིག་ཞུས།

[འདི་ནི་ཆོས་ཟབ་མོ་སྣོད་མིན་ལ་བསྟན་དུ་མི་རུང་བར་གསུངས་པ་དང་མཐུན་པས་སྡིག་རྐྱེན་དུ་འགྱུར་བ་བཀག་པ་ཡིན་གྱི། སེར་སྣ་བྱེད་པ་ནི་མ་ཡིན་ཏེ། སྐལ་བ་དང་ལྡན་པའི་སློབ་མ་མཆོག་ལ་བསྟན་དུ་རུང་བའི་ཕྱིར་རོ། །གཞུང་མཆོག་མཆན་བུས་གསལ་བར་བྱས་འདིས་ཀྱང༌། །དམན་པའི་ལྟ་སྒོམ་སྤྱོད་པ་རབ་སྤངས་ནས། །ཡང་དག་ལྟ་སྒོམ་སྤྱོད་པ་རླབས་ཆེན་གྱིས། །སྐུ་གཉིས་ཐོབ་ནས་གཞན་དོན་བྱེད་པར་ཤོག །ཨ་ལ་ལ་ཧོ། ཨ་ཧཾ། གཞུང་འདིའི་གསལ་བྱེད་ཡིན་པས་མཆན་བུ་འདི་ཡང་ངེས་པར་དགོས་སོ། །མངྒ་ལཾ། བྷ་ཝཾ་ཏུ། ཡང་གཅིག་ཞུས།]

[འདིའི་མ་དཔེ་ནི་འབྲས་གནས་བཅུའི་དཔེ་རྙིང༌། ཕྱི་མ ༦༨༢ དབུ་ཅན་དང༌། ཨང་རྟགས་མི་གསལ་བའི་དབུ་མེད་ཅིག་འདི་གཉིས་གཙོ་བོར་བྱས་ནས། ཤིང་སྤར་རྙིང་པ་ཞིག་དང་འཛམ་ཐང་པར་མ་བཅས་ཡིན།