cover

ཀུན་མཁྱེན་དོལ་པོ་པའི་གསུང་འབུམ།

གླེགས་བམ། ང༽

ཀུན་མཁྱེན་དོལ་པོ་པ།

Nitartha International

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

ཚོགས་ཆོས་བདེན་བཞི་གསལ་བ་ཞེས་བྱ་བ་བཞུགས་སོ། །

ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭེ་བྷྱཿ གང་ཞིག་རང་བཞིན་དབྱིངས་ལ་གནས་ཀྱང་གང་འདུལ་སྣ་ཚོགས་སྤྲུལ་པ་སྟོན། །མཐའ་ཡས་སེམས་ཅན་གྲོལ་བར་མཛད་ཀྱང་མཐའ་བྲལ་དབྱིངས་སུ་མཉམ་ཉིད་དགོངས། །དེ་འདྲ་གང་ཡིན་རྒྱལ་བ་སྲས་བཅས་དེ་ལ་གུས་པས་ལན་བརྒྱར་འདུད། །རྒྱལ་གསུང་ཤིང་རྟ་ཆེན་པོའི་ལམ་སྲོལ་རྒྱལ་སྲས་རྣམས་ཀྱི་དགོངས་བཞིན་བཤད། །

འདིར་བཅོམ་ལྡན་འདས་ཀྱིས་ཐུགས་རྗེ་ཆེན་པོས་འགྲོ་བ་མཐའ་དག་སྨིན་ཅིང་གྲོལ་བར་བྱ་བའི་ཕྱིར་དུ། མ་ལུས་ཤིང་ལུས་པ་མེད་པའི་ཆོས་ཀྱི་སྒོ་འབྱེད་པར་མཛད་པ་ལས། དང་པོ་ཉིད་དུ་བདེན་པ་བཞིའི་གཏམ་གྱི་བདུད་རྩིའི་ཆར་ཆེན་པོ་འབེབས་པར་མཛོད་དེ། ཞེས་ཐོས་སོ། །འདིར་བདེན་པ་ནི་མི་བསླུ་བའི་དོན་ཡིན་ལ། ཁམས་གསུམ་གྱི་འཁོར་བ་ཇི་ལྟར་སྣང་བ་འདི། རྒྱུ་མེད་པར་ནི་མ་ཡིན་པས། རྒྱུ་ལས་དང་ཉོན་མོངས་ཀྱི་རྟེན་འབྲེལ་ལས། འབྲས་བུ་ཁམས་གསུམ་དུ་སྣང་བ་འདི་རྒྱུ་འབྲས་བསླུ་བ་མེད་པའི་ཚུལ་དུ་འབྱུང་བ་ནི་བདེན་པ་དང་པོ་གཉིས་ཡིན་ལ། གང་རྣམ་པར་གྲོལ་བ་ཐོབ་པ་ཡང་རྒྱུ་མེད་པ་མ་ཡིན་པས། རྣམ་པར་བྱང་བའི་རྒྱུ་བྱང་ཆུབ་ཀྱི་ཕྱོགས་ལ་འབད་པས་ཞི་བ་གྱ་ནོམ་པའི་འབྲས་བུ་ཐོབ་པ་དེ་ཡང་ངེས་ཤིང་མ་འཁྲུགས་ལ་མི་བསླུ་བ་ཉིད་ཀྱིས་ན་བདེན་པའོ། །དངོས་པོ་ལ་དེ་ལྟར་ཡིན་ཡང༌། སོ་སོ་སྐྱེ་བོ་རྣམས་ཀྱིས་མི་ཤེས་ཏེ། འཕགས་པ་རྣམས་ཉག་གཅིག་གིས་རྟོགས་པའི་ཕྱིར་འཕགས་པའི་བདེན་པ་ཞེས་བྱ་སྟེ། དེ་ཡང༌། སྡུག་བསྔལ་དང༌། ཀུན་འབྱུང་དང༌། འགོག་པ་དང༌། ལམ་སྟེ་བཞིའོ། །

དེ་ལ་དང་པོར་སྡུག་བསྔལ་བདེན་པ་གཏན་ལ་དབབ་པ།

རྟོག་དཔྱོད་ཀྱི་སར། གྲངས་དང་གནས་དང་ཚད་རྣམས་དང༌། །ཚེ་ཡི་ཚད་དང་ལོངས་སྤྱོད་དང༌། །སྐྱེ་བ་དང་ནི་ལུས་རྣམས་དང༌། །རྒྱུ་དང་རྐྱེན་རྣམས་རྒྱ་ཆེར་རོ། །ཞེས་གསུངས་པ་ལྟར་བརྒྱད་ལས།

དང་པོ་གྲངས་ཀྱིས་གཏན་ལ་དབབ་པ་ནི། ཐམས་ཅད་ཀྱང་ཁམས་ཀྱིས་ཕྱེ་ན་ཁམས་གསུམ་ཡིན་ཞིང༌། སེམས་ཅན་མི་འདྲ་བས་ཕྱེ་ན་དགུར་ཡང་འགྱུར་མོད། རིགས་ཀྱིས་ཕྱེ་ན་འགྲོ་བ་དྲུག་སྟེ། ཡབ་སྲས་མཇལ་བའི་མདོ་ལས། སེམས་ཅན་ཚོགས་ཀྱི་འགྲོ་དྲུག་གང་བསྟན་པ། །སེམས་ཅན་དམྱལ་བ་དུད་འགྲོ་ཡི་དྭགས་དང༌། །ལྷ་མིན་རིས་དང་མི་དང་ལྷ་རྣམས་སུ། །མི་ཡི་སེང་གེ་ཀུན་རྫོབ་བཏགས་པ་མཛད། །ཅེས་སོ། །རྒྱུད་དང་ལམ་གྱི་སྒོ་ནས་ལྔར་ཡང་གསུངས་ཏེ། སྲེད་སྲིད་མ་རིག་དབང་གིས་སྐྱེ་བོ་རྣམས། །མི་དང་ལྷ་གནས་ངན་སོང་ལམ་གསུམ་མོ། །འགྲོ་བ་ལྔ་པོ་དག་ཏུ་མི་མཁས་འཁོར། །དཔེར་ན་རྫ་མཁན་འཁོར་ལོ་བསྐོར་བ་བཞིན། །ཞེས་པ་དང༌། རྒྱུད་བླ་མར་ཡང༌། འཁོར་བའི་སྐྱེ་འཆི་ཐོག་མ་མེད། །འགྲོ་བའི་ལམ་ནི་རྣམ་པ་ལྔ། །ཞེས་པ་དང༌། དེ་བཞིན་དུ་མངོན་པའི་བསྟན་བཅོས་མཛོད་ལས་ཀྱང༌། དེར་ནི་དམྱལ་སོགས་འགྲོ་བ་ལྔ། །རང་གི་མིང་གིས་བསྟན་དེ་དག །ཉོན་མོངས་ཅན་མིན་ལུང་བསྟན་མིན། །སེམས་ཅན་ཞེས་བྱ་བར་སྲིད་མིན། །ཞེས་ཁམས་གསུམ་པ་དེར་འགྲོ་བ་རྣམས་རིགས་ལྔར་འདུས་ཤིང༌། འགྲོ་བའི་ངོ་བོ་མ་བསྒྲིབས་ལུང་མ་བསྟན་ཡིན་ལ། སྲིད་པ་བར་མ་ནི་སྐྱེ་གནས་བཞིས་བསྡུས་ཀྱང་འགྲོ་བ་ལྔས་མ་བསྡུས་པར་བཤད་དོ། །ལྷ་མ་ཡིན་ནི་མདོ་སྡེ་དྲན་པ་ཉེར་བཞག་ལས། དུད་འགྲོར་བསྡུས་པ་ནི། མི་བླུན་པོ་ལ་བ་གླང་ཞེས་དམད་པ་ལྟ་བུའོ། །ས་སྡེ་ལས། ལོངས་སྤྱོད་ལྷ་དང་འདྲ་བ་ལ་སོགས་པས་ལྷའི་འགྲོ་བར་བསྡུས་ཤིང༌། མདོ་གཞན་ལས་ཀྱང༌། འདི་དག་ནི་སྔོན་ནས་ལྷ་ཉིད་ལགས་སོ། །ཞེས་གསུངས་སོ། །མིའམ་ཅི་དང་ཀླུ་དང་ནམ་མཁའ་ལྡིང་དང་ལྟོ་འཕྱེ་ཆེན་པོ་ལ་སོགས་པ་ཡང་དུད་འགྲོར་བསྡུས་ཤིང༌། གྲུལ་བུམ་དང༌། སྲུལ་པོ་དང༌། ལུས་སྲུལ་པོ་དང༌། སྨྱོ་བྱེད་དང༌། རྗེད་བྱེད་དང༌། གྲིབ་གནོན་དང༌། ནམ་གྲུའི་གདོན་དང༌། བྱའི་གདོན་ལ་སོགས་པ་ནི་ཡི་དྭགས་སོ། །ཞེས་ཀྱང་འཆད་དོ། །མདོར་བསྡུ་ན། ནང་འགྲོ་དང༌། བདེ་འགྲོ་གཉིས་སོ།།

གནས་ཀྱིས་གཏན་ལ་དབབ་པ་ལ།

འདོད་པའི་ཁམས་ན་གནས་གཞན་སུམ་ཅུ་རྩ་དྲུག་སྟེ། ཉེ་འཁོར་བ་ནི་འཁོར་ཡིན་ཞིང༌། ཉེ་འཚེ་བ་ནི་གཞན་ནའང་ཡོད་པས་ལོགས་སུ་མི་བགྲང་བར། ཚ་དམྱལ་བརྒྱད། གྲང་དམྱལ་བརྒྱད། ཡི་དྭགས་དང༌། ལྷ་མ་ཡིན་དེ་བཅོ་བརྒྱད། དུད་འགྲོ་ནི་ལྷ་མི་དང་ཡང་ལྷན་ཅིག་ཏུ་རྒྱུ་བས་ལོགས་སུ་མི་བགྲང་བར། མི་ལ་གླིང་བཞི་དང་གླིང་ཕྲན་བརྒྱད་དེ། བཅུ་གཉིས་དང༌། འདོད་ལྷའི་གནས་དྲུག་པོ་རྣམས་སོ། །མཛོད་དུ་ནི། དམྱལ་བ་ཡྀ་དྭགས་དུད་འགྲོ་དང༌། །མི་རྣམས་དང་ནི་ལྷ་དྲུག་རྣམས། །འདོད་པའི་ཁམས་ཡིན་དམྱལ་བ་དང༌། །གླིང་དབྱེ་བ་ལས་དེར་ཉི་ཤུ། །ཞེས་དམྱལ་བ་བརྒྱད་དང༌། ཡི་དྭགས་དུད་འགྲོ་གཉིས་ཏེ། ངན་འགྲོའི་གནས་བཅུ་དང༌། མིའི་གླིང་བཞི་དང༌། ལྷའི་གནས་དྲུག་སྟེ། བདེ་འགྲོའི་གནས་བཅུ་རྣམས་བསྡོམས་པས་ཉི་ཤུར་བསྟན་ཏོ། །གཟུགས་ཀྱྀ་ཁམས་ན་གནས་གཞན་བཅོ་བརྒྱད་དེ། འདུ་ཤེས་མེད་པ་ནི་འབྲས་བུ་ཆེ་བའི་ནང་དུ་གཏོགས་པས། བསམ་གཏན་བཞི་ལ་ས་བཞི་གསུམ་གསུམ་དུ་ཕྱེ་བའི་བཅུ་གཉིས་དང༌། གནས་གཙང་མ་ལྔའོ། །བཅུ་བདུན་གྱི་སྟེང་དུ་གནས་གཙང་མ་ལས་ཀྱང་འདས་པ་ན། དབང་ཕྱུག་ཆེན་མོའི་གནས་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་ཁོ་ན་བཞུགས་པའི་འོག་མིན་ཆེན་པོ་དང་བཅས་པའོ། །དེ་ནི་སྡུག་བསྔལ་གྱི་བདེན་པ་དངོས་མ་ཡིན་ཡང་གཟུགས་ཁམས་ཡིན་པས་ཞར་ལས་བྱུང་བའོ། །མཛོད་ལས་ཀྱང༌། གོང་མའི་གནས་རྣམས་བཅུ་བདུན་ནི། །གཟུགས་ཁམས་ཡིན་དེར་སོ་སོ་ཡི། །བསམ་གཏན་ས་བཞི་གསུམ་པ་ཡིན། །བཞི་པ་ས་བཞི་བརྒྱད་པ་ཡིན། །ཞེས་སོ། །ཆོས་མངོན་པ་གོང་འོག་དེང་སང༌། ཕྱོགས་འདིར་ཡོད་པ་རྣམས་ནས་ནི། གཟུགས་མེད་ན་གཟུགས་ཡེ་མེད་དུ་འཆད་པའི་ལུགས་ཏེ། གཟུགས་མེད་པའི་ཁམས་ན་ནི། གཟུགས་མེད་པའི་ཕྱིར། གནས་གཞན་ཐ་དད་པ་མེད་ཅིང༌། སྐྱེ་བ་ལེན་ཚུལ་གྱིས་རྣམ་པ་བཞི་ཡིན་ཏེ། གཟུགས་མེད་ཁམས་ན་གནས་མེད་དོ། །སྐྱེ་བ་ལས་ནི་རྣམ་པ་བཞི། །ཞེས་སོ། །འོན་ཀྱང་ཕལ་པོ་ཆེ་སོགས་ལས་གནས་གཞལ་མེད་ཁང་སོགས་བཤད་པས། གཟུགས་ཡེ་མེད་མ་ཡིན་མོད། ཤིན་ཏུ་དྭངས་པ་རྣམ་ཤེས་དང་འདྲ་བས་རྣམ་ཤེས་ཀྱི་ལུས་ནི་ཡོད་ཅིང་གནས་ཀྱང་ཡོད་དོ། །འོན་ཀྱང་རགས་པ་མེད་པ་ལ་དགོངས་ཤིང༌། དེ་རྣམས་ས་དགུར་འཇོག་པ་ན། འདོད་པས་ཁམས་ས་གཅིག་དང༌། གཟུགས་ཁམས་བསམ་གཏན་བཞི་པོ་ས་བཞི་དང༌། གཟུགས་མེད་བཞིའང་ས་བཞིའོ། །དེ་ལ་ཁམས་ནི་སྲིད་པའི་རིས་སུ་བཅད་ཅིང་ལྟ་བས་བདག་གིར་བྱས་པ་ཡིན་ལ། ས་ནི་འདོད་པ་ལ་འདོད་ཆགས་དང་བྲལ་བ་ན་བསམ་གཏན་དང་པོ་ཐོབ་པ་ལྟ་བུ་ཆགས་བྲལ་གྱི་རིམ་པ་ཡིན་པས། ས་དགུས་ཁམས་གསུམ་བསྡུས་ཀྱང༌། ཁམས་གསུམ་གྱིས་ནི་ས་དགུ་མ་བསྡུས་ཏེ། བསམ་གཏན་དང་པོ་ནས་ཅི་ཡང་མེད་པའི་བར་ལ་མཐོང་ལམ་ལ་སོགས་པ་བརྟེན་པ་ན། ཁམས་ཟག་བཅས་ཡིན་ཡང་ས་ཟག་མེད་དུ་སྐྱེ་བའི་ཕྱིར་རོ། །དེས་ན་བསྡུས་བར་ཀུན་ཤེས་པའི་དབང་པོ་ལ་སོགས་ས་གསུམ་ཁམས་ཀྱིས་མ་བསྡུས་ཤིང་སས་བསྡུས་པར་བཤད་དོ། །

ལུས་ཀྱིས་ཚད་གཏན་ལ་དབབ་པ་ལ།

དོན་དངོས་དང་འཇལ་བྱེད་གཉིས་ལས། དངོས་ནི། ཆོས་མངོན་པར་ངན་སོང་གསུམ་གྱི་ལུས་ཚད་ངེས་པ་མ་བཤད་ཀྱང༌། རྒྱལ་བའི་ཡུམ་དུའང་དམ་པའི་ཆོས་སྤོང་བ་དམྱལ་བར་སྐྱེ་བའི་ལུས་ཚད་བཤད་དུ་མི་རུང་བར་གསུངས་མོད་ཀྱི། དྲན་པ་ཉེར་བཞག་ཏུ། མཚམས་མེད་གཅིག་ནས་ལྔའི་བར་དུ་བྱས་པའི་མནར་མེད་ཀྱི་ལུས་ལ་དཔག་ཚད་གཅིག་ནས་ལྔའི་བར་དུ་ཡོད་པ་ལ་སོགས་པ་གསུངས་ཤིང༌། མྱ་ངན་ལས་འདས་པའི་མདོར། མཚམས་མེད་བརྒྱད་བྱས་པའི་ལུས་ལ་དཔག་ཚད་བརྒྱད་ཁྲི་ཡོད་ཀྱང༌། གཅིག་ལ་གཅིག་ཐོགས་པ་མེད་པར་བཤད་ལ། དཀོན་མཆོག་ཏཱ་ལའི་མདོར། ཐེག་ཆེན་ལ་སྐུར་བ་བཏབ་པའི་དམྱལ་བའི་ལུས་སྤྱི་ལ་ཡང་དཔག་ཚད་འབུམ་ཡོད་པ་ལ་སོགས་པ་གསུངས། ཉི་མའི་སྙིང་པོའི་མདོར། ཡི་དྭགས་ཆུང་བ་ལ་མཐོ་གང་དང་ཆེ་བ་ལ་དཔག་ཚད་སྟོང་ཡོད་པར་གསུངས་ཤིང༌། དུད་འགྲོ་ཆུང་བ་ལ་སྐྲའི་རྩེ་མོའི་ལྔ་བཅུའི་ཆ་ཙམ་དང༌། ཉི་ཟེར་གྱི་རྡུལ་ཙམ་དང༌། རྒྱ་ཤུག་གི་ཚིག་གུའི་ཚད་ཙམ་དང༌། ཆེ་བ་ལ་དཔག་ཚད་ཁྲི་ཡོད་པའི་བར་དུ་གསུངས་ལ། གཞན་ཡང༌། གླང་པོ་རབ་བརྟན་དང་ས་སྲུང་གི་བུ་ལ་མཐའ་བསྐོར་དུ་དཔག་ཚད་བདུན་ཡོད་པ་དང༌། ཆུ་སྲིན་ཉའི་རིགས་ལ་དཔག་ཚད་ལྔ་བརྒྱ་ཡོད་པ་དང༌། ཉ་མིད་ཀྱིས་དེའང་མིད་པར་ནུས་པ་དང༌། དེ་མིད་ཀྱིས་ཉ་མིད་ཀྱང་མིད་པར་ནུས་པར་ལ་སོགས་པ་གསུངས་སོ། །ལས་བརྒྱ་པར། ཆུ་སྲིན་ཆེ་བ་ལ་དཔག་ཚད་ཉིས་སྟོང་བདུན་བརྒྱ་ཡོད་པར་བཤད་ཅིང༌། ཉི་མའི་སྙིང་པོར། ཀླུའི་རྒྱལ་པོ་རྣམས་ཀྱིས་རྒྱ་མཚོ་ལས་ལུས་མ་འཕགས་པར། སྟོད་ཀྱིས་སུམ་ཅུ་རྩ་གསུམ་དུ་ཕྱིན་ནས་སྟོན་པ་ལ་ཆོས་ཉན་པ་དང༌། རྣམ་པར་ཤེས་པ་འཕོ་བའི་མདོར། ཀླུའི་རྒྱལ་པོ་དགའ་བོ་དང༌། ཉེར་དགའི་ལུས་ཀྱི་རི་རབ་ཀྱང་གཡོ་ཞིང༌། དབུགས་ཀྱི་དུག་གིས་རྒྱ་མཚོའང་བཏུང་དུ་མི་རུང་བར་བྱེད་པ་དང༌། ལུང་དུ། ཀླུ་གཉིས་ཀྱིས་རི་རབ་ལ་ལན་གསུམ་གསུམ་དཀྲིས་པ་ལ་སོགས་པ་གསུངས་སོ། །ཀླུ་སོགས་ཀྱི་སྤྲུལ་པ་ཡིན་པའང་སྲིད་མོད་དེ་ལྟར་འབྱུང་བའང༌། མི་འགལ་ལོ། །ས་སྡེ་ལས། ངན་སོང་གསུམ་གྱི་ལུས་ཚད་ནི། སྡིག་པ་ཇི་ལྟར་ཆེ་བ་བཞིན་དུ་ལུས་ཆེ་ཞིང༌། དེ་ལ་བརྟེན་པའི་སྡུག་བསྔལ་ཡང་ཆེ་ལ། སྡིག་པ་ཆུང་པ་ལྟར་ལུས་ཆུང་ཞིང༌། སྡུག་བསྔལ་ཡང་ཆུང་བས་མཐའ་གཅིག་ཏུ་ངེས་པ་མེད་པར་གསུངས་སོ། །བདེ་འགྲོ་བ་ལ་མི་རྣམས་ཀྱི་ལུས་ཚད་ནི། འཛམ་བུ་གླིང་པ་རྣམས་ཀྱི་ཚད། །ཁྲུ་བཞི་པ་དང་ཕྱེད་དང་བཞི། །ཤར་དང་བ་ལང་སྤྱོད་དང་ནི། །བྱང་ཞེས་བྱ་བ་ཉིས་འགྱུར་བསྐྱེད། །ཅེས་འཛམ་བུ་གླིང་པའི་མི་རྣམས་བསྐལ་པ་དང་པོའི་དུས་ན་ཆེ་ཞིང༌། སྙིགས་མའི་དུས་ན་ཆུང་ཡང༌། ཕལ་ཆེར་རང་རང་གི་ཁྲུ་བཞི་པའམ་ཕྱེད་དང་བཞི་པར་ངེས་ལ། ཤར་ལུས་འཕགས་པོའི་མི་རྣམས་ལ་རང་རེའི་སྟོན་པ་བཞུགས་དུས་ཀྱི་འཛམ་བུ་གླིང་པའི་ལུས་ཀྱི་ཉིས་འགྱུར་དང༌། ནུབ་བ་ལང་སྤྱོད་པ་ལ་ཤར་གྱིའང་ཉིས་འགྱུར་དང༌། བྱང་སྒྲ་མི་སྙན་པ་ལ་ནུབ་ཀྱིའང་ཉིས་འགྱུར་གྱིས་ཆེ་བ་སྟེ། ས་སྡེར་དེ་རྣམས་ཀྱང་རང་རང་གི་ཁྲུ་ཕྱེད་དང་བཞི་པ་ཡིན་ལ་ལུས་ཤིན་ཏུ་ཆེ་བར་གསུངས་སོ། །བསོད་ནམས་དང་ལྡན་པའི་མི་འགའ་ཞིག་ནི་སུམ་ཅུ་རྩ་གསུམ་པ་དང་མཉམ་པ་སྟེ། ཡབ་སྲས་མཇལ་བར། རྒྱལ་པོ་སྤྱི་བོ་སྐྱེས་དང༌། བརྒྱ་བྱིན་གཉིས་གདན་གཅིག་ལ་འདུག་པ་ན་མིག་འབྱེད་འཛུམ་ཙམ་མ་གཏོགས་པ་ཁྱད་པར་མི་སྣང་བར་གསུངས། ལྷ་མ་ཡིན་རྣམས་ཀྱི་ལུས་ཚད་དང༌། ཚེ་ཚད་དང་ལོངས་སྤྱོད་ནི། ས་སྡེ་ལས། སུམ་ཅུ་རྩ་གསུམ་པ་དང་འདྲ་བ་གསུངས། དྲན་པ་ཉེར་བཞག་ལས། ཚེ་ཚད་སོགས་ཅུང་ཟད་མི་འདྲ་བར་ཡང་བཤད་དོ། །

འདོད་ལྷ་རིགས་དྲུག་གི་ལུས་ཚད་ནི།

འདོད་དང་ལྡན་པ་ལྷ་ཡི་ལུས། །བཞི་ཆ་ནས་ནི་རྒྱང་གྲགས་དག །ཕྱེད་དང་གཉིས་ཀྱི་བར་དུ་བསྐྱེད། །ཅེས་པ་ལྟར། རྒྱལ་ཆེན་རིགས་བཞི་པ་ལ། རྒྱང་གྲགས་བཞི་ཆ་གཅིག་དང༌། སུམ་ཅུ་རྩ་གསུམ་པ་ལ་རྒྱང་གྲགས་ཕྱེད་དང༌། འཐབ་བྲལ་པ་ལ་རྒྱང་གྲགས་བཞི་ཆ་གསུམ་དང༌། དགའ་ལྡན་པ་ལ་རྒྱང་གྲགས་གཅིག་དང༌། འཕྲུལ་དགའ་བ་ལ་རྒྱང་གྲགས་གཅིག་དང་བཞི་ཆ་དང༌། གཞན་འཕྲུལ་དབང་བྱེད་པ་ལ་རྒྱང་གྲགས་ཕྱེད་དང་གཉིས་ཏེ། འདོམ་བརྒྱ་ཉི་ཤུ་རྩ་ལྔ་ནས་ཕྱེད་དང་བརྒྱད་བརྒྱའི་བར་རོ། །གཟུགས་ཁམས་པ་རྣམས་ཀྱི་ལུས་ཚད་ནི། གཟུགས་ཅན་དང་པོ་དཔག་ཚད་ཕྱེད། །དེ་ཡི་གོང་མ་ཕྱེད་ཕྱེད་བསྐྱེད། །འོད་ཆུང་རྣམས་ཀྱི་ལྟག་ཡན་ཆད། །ལུས་ནི་ཉིས་འགྱུར་ཉིས་འགྱུར་ཏེ། །སྤྲིན་མེད་དཔག་ཚད་གསུམ་དོར་རོ། །ཞེས་པ་ལྟར་ཚངས་རིས་པའི་ལུས་དཔག་ཚད་ཕྱེད་དང༌། འདུན་ན་འདོན་པ་ལ་གཅིག་དང༌། ཚངས་པ་ལ་ཕྱེད་དང་གཉིས་དང༌། འོན་ཆུང་བ་ལ་གཉིས་དང༌། ཚད་མེད་འོད་པ་ལ་བཞི་དང༌། འོད་གསལ་བ་ལ་བརྒྱད་དང༌། དགེ་ཆུང་བ་ལ་བཅུ་དྲུག་དང༌། ཚད་མེད་དགེ་བ་ལ་སུམ་ཅུ་སོ་གཉིས་དང༌། དགེ་རྒྱས་པ་ལ་དྲུག་ཅུ་རྩ་བཞི་དང༌། སྤྲིན་མེད་པ་ལ་དེའི་ཉིས་འགྱུར་བརྒྱ་ཉི་ཤུ་རྩ་བརྒྱད་ལས་གསུམ་དོར་བས། བརྒྱ་ཉི་ཤུ་རྩ་ལྔ་དང༌། བསོད་ནམས་སྐྱེས་པ་ལ་ཉིས་བརྒྱ་ལྔ་བཅུ་དང༌། འབྲས་བུ་ཆེ་བ་ལ་ལྔ་བརྒྱ་དང༌། མི་ཆེ་བ་ལ་སྟོང་དང༌། མི་གདུང་བ་ལ་ཉིས་སྟོང་སྟེ་འཛམ་བུ་གླིང་གི་དཀྱུས་དང་མཉམ་པ་དང༌། གྱ་ནོམ་སྣང་བ་ལ་བཞི་སྟོང་དང༌། ཤིན་ཏུ་མཐོང་བ་ལ་བརྒྱད་སྟོང་དང༌། འོག་མིན་པའི་ལུས་ལ་དཔག་ཚད་ཁྲི་དྲུག་སྟོང་སྟེ། འཛམ་བུ་གླིང་གི་དཀྱུས་ལ་ནི་དེའི་མཐོ་གང་ངོ༌། །གཟུགས་མེད་པའི་ཁམས་ན་ལུས་ཀྱི་ཚད་ངེས་པ་མེད་དོ། །

འཇལ་བྱེད་ཀྱི་ཚད་ནི།

གཟུགས་མིང་དུས་མཐའ་རྡུལ་ཡིག་དང༌། །སྐད་ཅིག་ཕྲ་རབ་རྡུལ་དང་ནི། །རྡུལ་ཕྲན་དག་ནི་དེ་བཞིན་དུ། །ལྕགས་ཆུ་རི་བོང་ལུག་དང་གླང༌། །ཉི་ཟེར་རྡུལ་དང་སྲོ་མ་དང༌། །དེ་ལས་བྱུང་དང་དེ་བཞིན་ནས། །སོར་ཚིགས་ཞེས་བྱ་གོང་བདུན་བསྒྱུར། །ཞེས་པ་ལྟར། གཟུགས་ཀྱི་མཐའ་རྡུལ་ཕྲ་རབ་དང༌། དུས་ཀྱི་མཐའ་སྐད་ཅིག་མ་དང༌། མིང་གི་མཐའ་ཡི་གེ་ཡིན་པས། འདིར་ནི་གཟུགས་ཀྱི་ཆུང་ཤོས་ཀྱི་མཐར་ཐུག་པར་གྱུར་པ། རྡུལ་ཕྲ་རབ་ནི་གྲུ་མཐའ་ནས་བཞག་པ་ཐོགས་པ་མེད་པ་ཡིན་ལ། དེ་བདུན་ལ་རྡུལ་ཕྲན་ཞེས་བྱ་ཞིང༌། དེ་བཞིན་དུ། དེ་བདུན་ལ། ལྕགས་རྡུལ་དང༌། ཆུ་རྡུལ་དང༌། རི་བོང་གི་རྡུལ་དང༌། ལུག་གི་རྡུལ་དང༌། གླང་གི་རྡུལ་དང༌། ཉི་ཟེར་གྱི་རྡུལ་དང༌། སྲོ་མ་དང༌། དེ་ལས་བྱུང་བ་ཤིག་དང༌། ནས་རྣམས་ཀྱང་སྔ་མ་བདུན་ནི་ཕྱི་མའི་ཚད་དེ། ནས་བདུན་ལ་སོར་གང་ཞེས་བྱའོ། །གདགས་པ་དང་རྒྱ་ཆེར་རོལ་པ་ལ་སོགས་པར་བར་བ་རྣམས་ཀྱི་མིང་དང་གོ་རིམ་མི་འདྲ་བ་གསུངས་ཀྱང་གྲངས་མཐུན་པས་སོར་ནི་མཉམ་པ་ཉིད་དོ། །སོར་མོ་ཉི་ཤུ་བཞི་ལ་ཁྲུ། །ཁྲུ་བཞི་ལ་ནི་གཞི་གང་ངོ༌། །དེ་དག་ལྔ་བརྒྱ་རྣམས་ལ་ནི། །རྒྱང་གྲགས་དེ་ལ་དགོན་པར་འདོད། །དེ་བརྒྱད་དཔག་ཚད་ཅེས་བྱའོ། །ཞེས་པ་ལྟར་སོར་ཉི་ཤུ་རྩ་བཞི་ལ་གྲུ་གང་དང༌། ཁྲུ་བཞི་ལ་གཞུ་འདོམ་གང་དང༌། འདོམ་ལྔ་བརྒྱ་ལ་རྒྱང་གྲགས་ཞེས་བྱ་ཞིང༌། གྲོང་ལས་རྒྱང་གྲགས་ཡན་ཆད་འཕགས་པ་ནི་དགོན་པའི་ཚད་ཡིན་ལ། རྒྱང་གྲགས་བརྒྱད་ལ་ནི་དཔག་ཚད་ཅེས་བྱའོ། །

ཚེ་ཚད་ཀྱིས་གཏན་ལ་དབབ་པ་ལའང་གཉིས་ལས། དོན་དངོས་ནི། མིའི་ཚེ་ཚད་ནས་བརྩམས་ཏེ་བཤད་ན་གོ་སླ་བས། སྒྲ་མི་སྙན་ན་ཚེ་སྟོང་སྟེ། །གཉིས་ན་ཕྱེད་ཕྱེད་སྤངས་པའོ། །འདི་ནི་མ་ངེས་ཐ་མར་ནི། །ལོ་བཅུ་དང་པོ་དཔག་ཏུ་མེད། །ཅེས་པ་ལྟར་སྒྲ་མི་སྙན་ན་ཚེ་ལོ་སྟོང་པ་དང༌། བ་གླང་སྤྱོད་ན་ལྔ་བརྒྱ་པ་དང༌། ལུས་འཕགས་པོ་ན་ཉིས་བརྒྱ་ལྔ་བཅུ་པར་ངེས་ཤིང༌། འཛམ་བུ་གླིང་འདི་ན་མཐའ་གཅིག་ཏུ་མ་ངེས་པར་ཐུང་ཤོས་ལ་ཚེ་ལོ་བཅུ་པ་དང༌། བསྐལ་པ་དང་པོ་ཚེ་ལོ་དཔག་ཏུ་མེད་པ་དང༌། བར་སྐབས་སུ་བརྒྱད་ཁྲི་པ་ལ་སོགས་པར་འགྱུར་རོ། །

འདོད་ལྷ་དྲུག་གི་ཚེ་ཚད་ནི།

མི་རྣམས་ཀྱི་ལོ་ལྔ་བཅུ་ལ། །འདོད་ལྷ་འོག་མའི་ཉིན་ཞག་སྟེ། །དེ་ཡི་ཚེ་ལོ་ལྔ་བརྒྱའོ། །གོང་མ་གཉིས་ཀ་ཉིས་འགྱུར་ཉིད། །ཅེས་པ་ལྟར། མི་ལོ་ལྔ་བཅུ་ནི། རྒྱལ་ཆེན་རིགས་བཞི་པའི་ཉིན་ཞག་གཅིག་ཡིན་ལ། དེས་ནི་ཞག་ཆེན་པོ་སྟེ་སུམ་ཅུ་ལ་ཟླ་བ་དང༌། དེ་བཅུ་གཉིས་ལ་ལོར་བྱས་པའི་ཚེ་ལོ་ལྔ་བརྒྱ་ཐུབ་ཅིང༌། དེ་བཞིན་དུ་མི་ལོ་བརྒྱ་ནི། སུམ་ཅུ་རྩ་གསུམ་པའི་ཞག་གཅིག་སྟེ། དེས་དེ་བསགས་པའི་ལོ་སྟོང་དང༌། མི་ལོ་ཉིས་བརྒྱ་འཐབ་བྲལ་བའི་ཞག་གཅིག་སྟེ། དེས་ལོ་ཉིས་སྟོང་དང༌། མི་ལོ་བཞི་བརྒྱ་ནི་དགའ་ལྡན་པའི་ཞག་གཅིག་སྟེ། དེས་ལོ་བཞི་སྟོང་དང༌། མི་ལོ་བརྒྱད་བརྒྱ་ནི་འཕྲུལ་དགའ་བའི་ཞག་གཅིག་སྟེ། དེས་ལོ་བརྒྱད་སྟོང་དང༌། མི་ལོ་སྟོང་དྲུག་བརྒྱ་ནི་གཞན་འཕྲུལ་དབང་བྱེད་པའི་ཞག་གཅིག་སྟེ། དེས་ལོ་ཁྲི་དྲུག་སྟོང་ཐུབ་པའོ། །རི་གཉའ་ཤིང་འཛིན་ཡན་ཆད་ན་ཉི་ཟླ་མེད་ཀྱང༌། པདྨ་དང་ཀུ་མུད་བཞིན་དུ་མེ་ཏོག་གི་ཁ་བྱེ་ཟུམ་དང༌། བྱ་རྣམས་སྐད་འབྱིན་མི་འབྱིན་དང༌། གཉིད་སངས་པ་དང་བྲོ་བ་ལས་ཉིན་མཚན་དུ་འཇོག་ཅིང༌། སྣང་བའི་བྱ་བ་ནི་རང་གི་ལུས་ཀྱི་འོད་ཀྱིས་བྱེད་པར་བཤད་དོ། །

ངན་སོང་གསུམ་གྱི་ཚེ་ཚད་ནི།

ཡང་སོས་ལ་སོགས་དྲུག་རིམ་བཞིན། །འདོད་ལྷའི་ཚེ་དང་ཉིན་ཞག་མཉམ། །དེ་ཡིས་དེ་དག་རྣམས་ཀྱི་ཚེ། །འདོད་པའི་ལྷ་དང་མཉམ་པ་ཡིན། །ཞེས་པ་ལྟར། དམྱལ་བ་ཡང་སོས་པས་རྒྱལ་ཆེན་རིགས་བཞི་པའི་ཚེ་ཚད་ལ་ཞག་གཅིག་ཏུ་བྱས་པའི་ལོ་ལྔ་བརྒྱད་དང༌། ཐིག་ནག་པས་སུམ་ཅུ་རྩ་གསུམ་ཚེ་ཚད་ལ་ཞག་གཅིག་ཏུ་བྱས་པའི་ལོ་སྟོང་དང༌། བསྡུས་འཇོམས་པས་འཐབ་བྲལ་བའི་ཚེ་ཚད་ལ་ཞག་གཅིག་ཏུ་བྱས་པའི་ལོ་ཉིས་སྟོང་དང༌། ངུ་འབོད་པས་དགའ་ལྡན་པའི་ཚེ་ཚད་ལ་ཞག་གཅིག་ཏུ་བྱས་པའི་ལོ་བཞི་སྟོང་དང༌། ངུ་འབོད་ཆེན་པོ་པས་འཕྲུལ་དགའ་བའི་ཚེ་ཚད་ལ་ཞག་གཅིག་ཏུ་བྱས་པའི་ལོ་བརྒྱད་སྟོང་དང༌། ཚ་བ་པས་གཞན་འཕྲུལ་དབང་བྱེད་པའི་ཚེ་ཚད་ལ་ཞག་གཅིག་ཏུ་བྱས་པའི་ལོ་ཆེན་པོ་ཁྲི་དྲུག་སྟོང་ཐོབ་པའོ། །རབ་ཏུ་ཚ་བྱེད་མནར་མེད་ནི། །བར་གྱི་བསྐལ་པའོ་དུད་འགྲོ་རྣམས། །མཆོག་རིམ་བསྐལ་པའོ་ཡི་དྭགས་རྣམས། །ཟླ་བ་ཉིན་ཞག་གིས་ལྔ་བརྒྱ། །ཞེས་པ་ལྟར་རབ་ཏུ་ཚ་བའི་ཚེ་ཚད་བར་བསྐལ་ཕྱེད། མནར་མེད་པའི་ཚེ་ཚད་བར་བསྐལ་གཅིག་སྟེ། གདགས་པར། དམྱལ་བ་འདི་དག་དང༌། རིམ་པ་ལྟར་ཚངས་རིས་པ་དང༌། མདུན་ན་འདོན་པ་ཚེ་ཚད་མཉམ་པར་བཤད་དོ། །

དུད་འགྲོ་རྣམས་ནི་ཚེ་ཚད་ངེས་པ་མེད་པ་ཡིན་ཡང༌། མཆོག་ཏུ་རིང་ན་བསྐལ་པར་གནས་པ་ཡང་ཡོད་དེ། དགེ་སློང་དག་ཀླུ་བརྒྱད་པོ་ནི་ཀླུ་ཆེན་པོ་སྟེ་བསྐལ་པར་གནས་པ་ས་འཛིན་པའོ། །ཞེས་པ་ལྟར་རོ། །

ཡི་དྭགས་རྣམས་ཀྱིས་ནི་མིའི་ཟླ་བ་ལ་ཞག་གཅིག་ཏུ་བྱས་པའི་ལོ་ལྔ་བརྒྱ་པ་སྟཻ། བཤེས་སྤྲིང་དུ། ལྔ་སྟོང་དག་དང་ཁྲིར་ཡང་འཆིར་མི་རུང༌། །ཞེས་པ་ལྟར་རོ། །ཉི་མའི་སྙིང་པོའི་མདོར། དུད་འགྲོ་ཚེ་ཐུང་པས་ཡུད་ཙམ་དང༌། རིང་བས་བསྐལ་བར་ཐུབ་པ་དང༌། ཡི་དྭགས་ཚེ་ཐུང་བས་ལོ་སྟོང་དང༌། རིང་བས་སྟོང་ཕྲག་བརྒྱད་ཅུ་ཐུབ་པར་ཡང་གསུངས་སོ། །

གྲང་དམྱལ་རྣམས་ཀྱིས་ནི།

ཏིལ་སྦྱངས་ནང་ནས་ལོ་བརྒྱ་ཞིག །ཏིལ་གཅིག་ཕྱུང་བས་ཟད་གྱུར་པ། །ཆུ་བུར་ཅན་གྱི་ཚེ་ཡིན་ཏེ། །གཞན་ཀྱི་ཚེ་ནི་ཉི་ཤུར་བསྒྱུར། །ཞེས་པ་ལྟར། མ་གྷ་དྷའི་ཏིལ་ཁལ་བརྒྱད་ཅུས་གང་བའི་བང་བ་ནས། ལོ་བརྒྱ་བརྒྱ་ན་ཏིལ་རེ་རེ་ཕྱུང་བས་ཟད་པར་གྱུར་པ་ན། ཆུ་བུར་ཅན་གྱི་ཚེ་ཚད་ཡིན་ལ། ཆུ་བུར་རྡོལ་བ་ལ་སོགས་པ་ཕྱི་མ་ཕྱི་མ་རྣམས་ནི་སྔ་མ་སྔ་མ་ལས་ཉི་ཤུ་འགྱུར་གྱིས་རིང་བ་སྟེ། ཉེ་འཁོར་བ་དང་ཉི་ཚེ་བའི་ཚེ་ཚད་མ་ངེས་པར་གསུངས་སོ། །

ཁམས་གོང་མ་དག་ནི། གཟུགས་ཅན་ཉིན་མཚན་མེད་ཚེ་ནི། །རང་ལུས་གཞལ་བའི་བསྐལ་པ་ཡིན། །འོད་ཆུང་ནས་བཟུང་བསྐལ་ཆེན་ཏེ། །དེ་ཡི་འོག་མ་ཕྱེད་ཕྱེད་ཡིན། །ཞེས་པ་ལྟར། གཟུགས་ཁམས་ན་ཉིན་མཚན་མེད་པས་ལོའི་སྒོ་ནས་མི་འཇོག་པར། རང་གི་ལུས་ལ་དཔག་ཚད་གང་ཡོད་པ། དེའི་གྲངས་དང་མཉམ་པའི་བསྐལ་པ་ལ་འཇོག་གོ །

དེའི་འོག་མ་གསུམ་ལ་ནི། བསྐལ་ཆེན་ཕྱེད་ལ་བསྐལ་པར་བྱས་པའི་ཕྱེད་ཕྱེད་ཅེས་བྱ་སྟེ། ཚངས་རིས་པས་བར་བསྐལ་ཉི་ཤུ་དང༌། མདུན་ན་འདོན་པས་བཞི་བཅུ་དང༌། ཚངས་ཆེན་པས་དྲུག་ཅུ་ཐུབ་ཅིང༌། འོད་ཆུང་བས་བསྐལ་ཆེན་གཉིས་དང༌། ཚད་མེད་འོད་པས་བསྐལ་ཆེན་བཞི་དང༌། འོད་གསལ་བས་བརྒྱད་དང༌། དགེ་ཆུང་བས་བཅུ་དྲུག་དང༌། སྤྲིན་མེད་པས་བརྒྱ་ཉི་ཤུ་རྩ་ལྔ་དང༌། མི་ཆེ་བས་སྟོང་དང༌། འོག་མིན་པས་བསྐལ་ཆེན་ཁྲི་དྲུག་སྟོང་ཐུབ་ཅེས་བྱ་བའི་བར་ནི་སྔར་གྱི་རིགས་པས་ཤེས་སོ།།

གཟུགས་མེད་བསྐལ་པ་སྟོང་ཕྲག་ནི།

།ཉི་ཤུ་ལྷག་པས་ལྷག་པ་ཡིན། །ཞེས་པ་ལྟར། ནམ་མཁའ་མཐའ་ཡས་པས་བསྐལ་ཆེན་ཉི་ཁྲི་དང༌། རྣམ་ཤེས་མཐའ་ཡས་པས་བཞི་ཁྲི་དང༌། ཅི་ཡང་མེད་པ་པས་དྲུག་ཁྲི་དང༌། སྲིད་པའི་རྩེ་མོ་པས་བསྐལ་ཆེན་བརྒྱད་ཁྲི་ཐུབ་པའོ། །དེ་དག་ལ་ཡང་འཆི་ཞེས་པའི་སྒྲ་མི་སྙན་པའི་ཚེ་ཚད་ནི་ངེས་པ་ཅན་ཡིན་ལ། སྒྲ་མི་སྙན་མ་གཏོགས་པར་གཞན་རྣམས་ལ་ནི་ཚེ་ཚད་མ་རྫོགས་པར་འཆི་བ་ཡོད་དོ། །འོན་ཀྱང་བྱང་ཆུབ་སེམས་དཔའ་སྐྱེ་བ་གཅིག་གིས་ཐོགས་པ་དགའ་ལྡན་ན་བཞུགས་པ་དང༌། སྲིད་པ་ཐ་མ་པ་དང༌། རྒྱལ་བས་ལུང་བསྟན་པ་དང༌། རྒྱལ་བའི་དྲུང་དུ་བསྔགས་པའི་ཕོ་ཉ་བ་དང༌། དད་པས་ཆོས་ཀྱི་རྗེས་སུ་འབྲང་བ་དང༌། བྱང་ཆུབ་སེམས་དཔའ་དང་འཁོར་ལོས་སྒྱུར་བ་མངལ་ན་ཡོད་པའི་ཡུམ་ལ་སོགས་པ་རྣམས་ལའང་བར་སྐབས་སུ་འཆི་བ་མེད་དོ། །

འཇལ་བྱེད་ནི།

སྐད་ཅིག་མ་བརྒྱ་ཉི་ཤུ་ལ། །དེ་ཡི་སྐད་ཅིག་དེ་རྣམས་ཀྱང༌། །དྲུག་ཅུ་ལ་ནི་ཐང་ཅིག་གོ །ཡུད་ཙམ་ཉིན་ཞག་ཟླ་བ་གསུམ། །གོང་ནས་གོང་དུ་སུམ་ཅུ་འགྱུར། །ཞག་མི་ཐུབ་དང་བཅས་པ་ཡི། །ཟླ་བ་བཅུ་གཉིས་ལ་ལོ་གཅིག །ཅེས་པ་ལ། རྣམ་འགྲེལ་དུ། རྡུལ་གཅིག་བསྒྲེལ་དུས་ཐུང་བ་ཡི། །མཐར་ཐུག་དུས་ནི་སྐད་ཅིག་འདོད། །ཅེས་པའམ། ཆོས་མངོན་པ་བ་རྣམས་ནི། སྐྱེས་བུ་སྟོབས་ལྡན་གྱིས་སེ་གོལ་རྟོག་པ་ཙམ་གྱིས་སྐད་ཅིག་དྲུག་ཅུ་རྩ་བཞི་འདའོ། །ཞེས་པའི་ཚད་དང་ལྡན་པའི་སྐད་ཅིག་མ་བརྒྱ་ཉི་ཤུ་ལ། དེའི་སྐད་ཅིག་མ་དང༌། དེ་དྲུག་ཅུ་ལ་ཐང་ཅིག་དང༌། ཐང་ཅིག་སུམ་ཅུ་ལ་ཡུད་ཙམ་དང༌། ཡུད་ཙམ་སུམ་ཅུ་ལ་ཉིན་ཞག་དང༌། ཉིན་ཞག་སུམ་ཅུ་ལ་ཟླ་བ་དང༌། ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཅེས་བྱའོ། །

ལོངས་སྤྱོད་ཀྱིས་གཏན་ལ་དབབ་པ་ལ། སྡུག་བསྔལ་དང༌། བདེ་བ་དང༌། ཁ་ཟས་དང༌། འཁྲིག་པའི་ལོངས་སྤྱོད་དང་བཞི་ལས།

སྡུག་བསྔལ་གྱི་ལོངས་སྤྱོད་ནི། ཚ་དམྱལ་བརྒྱད་ན་འོག་ཐམས་ཅད་ལྕགས་བསྲེགས་ཀྱི་ས་གཞི་མེ་ལྕེ་རབ་ཏུ་འབར་བས་ཁྱབ་ཅིང་ཕྱོགས་ཐམས་ཅད་ལྕགས་ཀྱི་རྭ་བས་ཀུན་ནས་བསྐོར་ཏེ། མེ་ལྕེ་དཔག་ཚད་དུ་མར་འཕྲོ་བའི་ནང་དུ། བསྐལ་པ་འཇིག་དུས་ཀྱི་མེ་བས་ཀྱང་ཡང་སོས་ཀྱི་མེ་ཚ་ཞིང༌། དེ་བས་ཀྱང་འོག་མ་འོག་མ་བཞི་འགྱུར་གྱིས་ཚ་བའི་མེས་རྒྱུན་མི་ཆད་པར་སྲེག་པའི་སྡུག་བསྔལ་དང་ལྡན་ལ། ཁྱད་པར་དུ་ཡང་སོས་པ་རྣམས་ལ། ལས་ཀྱི་དབང་གིས་རལ་གྲི་ལ་སོགས་པའི་མཚོན་ཆ་རྣོན་པོ་སྣ་ཚོགས་པ་ལག་ཏུ་བྱུང་སྟེ། ཐམས་ཅད་ཕན་ཚུན་དགྲའི་འདུ་ཤེས་སུ་གྱུར་ནས་བསྣུན་རེས་བྱས་པས། ཤིན་ཏུ་སྡུག་བསྔལ་ནས་བརྒྱལ་ཞིང་ས་ལ་འགྱེལ་བ་ན། ནམ་མཁའ་ལས་ཁྱེད་རྣམས་ཡང་སོས་པར་གྱུར་ཅིག །ཅེས་པའི་སྒྲ་བྱུང་བའམ། རླུང་གྲང་མོ་ལངས་པས། སླར་ཡང་སོས་ཏེ་སྔ་མ་ལྟར་སྡུག་བསྔལ་དྲག་པོ་ལས་མ་ཟད་ཀྱི་བར་དུ་འབྱུང་བ་དང༌། ཐིག་ནག་པ་རྣམས་ཀྱི་ལུས་ལ་དམྱལ་སྲུང་རྣམས་ཀྱིས་ཐིག་ཆ་བཞིའམ། བརྒྱད་དམ། བཅུ་དྲུག་ལ་སོགས་པ་དུ་མར་བཏབ་ནས་ལྕགས་ཀྱི་སོག་ལེ་མེ་འབར་བས་གཤགས་པ་དང༌། སྟེའུ་དང་སྟ་རེ་ལ་སོགས་པས་བཞོག་པའི་སྡུག་བསྔལ་དང༌། བསྡུས་འཇོམས་པ་རྣམས་ཀྱི་ལུས་གཅིག་ཏུ་ཚོགས་པ་ན་དམྱལ་སྲུང་གིས་ལྕགས་ཀྱི་རི་རའི་གདོང་པ་ལྟ་བུ་དང༌། ལུག་དང་རྟ་དང་གླང་པོ་ཆེ་དང༌། སེངྒེ་དང༌། སྟག་གི་གདོང་པ་ལྟ་བུའི་བར་དུ་འཇུག་ཅིང༌། དེ་མ་ཐག་རི་དེ་དག་གིས་བཙིར་བས་བུ་ག་ཐམས་ཅད་ནས་ཁྲག་གི་རྒྱུན་འབབ་པ་དང༌། ཡང་འདུས་པ་ན། ལྕགས་ཀྱི་འཁྲུལ་འཁོར་ཆེན་པོས་བུར་ཤིང་ལྟར་པ་ཙིར་བ་དང༌། ཡང་འདུས་པ་ན་ལྕགས་བསྲེགས་ཀྱི་གཞི་ལ་ལྕགས་ཀྱི་ཕ་བོང་གི་ཆར་འབབ་པས་བརྡུང་ཞིང་འཇོམས་པའི་སྡུག་བསྔལ་དང༌། ངུ་འབོད་པ་རྣམས་ཀྱིས་གནས་ཚོལ་དུ་ཕྱིན་པ་ནི། ལྕགས་ཀྱི་ཁང་པ་རྙེད་དེ། དེར་ཞུགས་མ་ཐག་སྒོ་འགགས་ཤིང༌། ཕྱོགས་ཐམས་ཅད་ནས་མེ་འབར་བས་བསྲེགས་པས་ངུ་ཞིང༌། ཉམ་ཐག་པས་འབོད་ཀྱང་སྐྱབས་མི་སྙེད་པའི་སྡུག་བསྔལ་དང༌། ངུ་འབོད་ཆེན་པོ་པས་གཞན་སྔར་དང་འདྲ་བ་ལ། ལྕགས་ཀྱི་ཁང་པ་ཉིས་རིམ་ལ་སོགས་པར་ཚུད་པས་སྡུག་བསྔལ་ཤིན་ཏུ་དྲག་པོ་མྱོང་བ་དང༌། ཚ་བ་པ་རྣམས་ཀྱི་ལུས་ཀྱི་ཕྲུ་བ་དཔག་ཚད་དུ་མ་ཡོད་པ་མེ་འབར་བའི་ནང་དུ་བཅུག་ནས་ཉ་བཞིན་དུ་འཚེད་པ་དང༌། ལྕགས་ཀྱི་གསལ་ཤིང་འབར་བས་བཤང་ལམ་ནས་སྤྱི་བོར་ཕུག་སྟེ། བུ་ག་དང་བ་སྤུའི་ཁུང་བུ་ཐམས་ཅད་ནས་མེ་འབར་བ་དང༌། ལྕགས་བསྲེགས་ཀྱི་ས་གཞི་ལ་བསྒྱེལ་ནས་ལྕགས་ཀྱི་ཐོ་བ་ཆེན་པོ་མེ་འབར་བས་བརྡུང་བའི་སྡུག་བསྔལ་དང༌། རབ་ཏུ་ཚ་བ་པ་རྣམས་ཀྱི་ལུས་ལ་ལྕགས་ཀྱི་གསལ་ཤིང་རྩེ་གསུམ་མེ་འབར་བས་བཤང་ལམ་ནས་སྤྱི་བོ་དང་ཕྲག་པ་གཉིས་སུ་ཕུག་སྟེ། དབང་པོའི་སྒོ་ཐམས་ཅད་ནས་མེ་རབ་ཏུ་འབར་བ་དང༌། ལྕགས་ཀྱི་ལེབ་མ་མེ་ཆེན་པོ་འབར་བས་ལུས་ལ་ཀུན་ནས་འཁྲི་བ་དང༌། ལྕགས་ཟངས་འགྱུར་བྱེད་ཁོལ་བས་གང་བར་སྤྱིའུ་ཚུགས་སུ་བཅུག་ནས་འཚེད་པ་དང༌། ཤ་ཁྲག་ཟད་ནས་ཀེང་རུས་ཙམ་ལུས་པ་དང༌། ལྕགས་ཀྱི་ས་གཞི་ལ་བཀྲམ་པས་ཤ་ཁྲག་འཕྲལ་དུ་སྐྱེས་མ་ཐག་སླར་ཡང་འཚེད་པ་ལ་སོགས་པའི་སྡུག་བསྔལ་དང༌། མནར་མེད་པ་རྣམས་ཀྱི་ལུས་ལ་ལྕགས་ཀྱི་ས་གཞི་ལས་ཕྱོགས་ཐམས་ཅད་ནས་མེ་རབ་ཏུ་འབར་བས་འོངས་ཏེ། དེའི་པགས་པ་དང༌། ཤ་དང༌། རྒྱུས་པ་དང༌། རུས་པ་དང༌། རྐང་གི་བར་དུ་བསྲེག་ཅིང༌། མེའི་ཕུང་པོ་འབའ་ཞིག་ཏུ་སྣང་ལ། ཉམ་ཐག་པའི་སྐད་འབྱིན་པ་ལས་སེམས་ཅན་དུ་མངོན་ཙམ་དང༌། ལྕགས་ཀྱི་ཞིབ་མ་ཆེན་པོར་ལྕགས་ཀྱི་འདག་མེ་འབར་བ་དང་བསྲེས་ནས་རྔོད་པ་དང༌། ལྕགས་ཀྱི་རི་ཆེན་པོ་མེ་འབར་བ་ལ་འབབ་འཛེག་བྱེད་དུ་འཇུག་པ་དང༌། ལྕེ་ཕྱུང་སྟེ་ལྕགས་བསྲེགས་ཀྱི་ས་གཞི་ལ་རྒྱངས་ནས་ལྕགས་ཀྱི་ཕུར་བ་མང་པོས་འདེབས་པ་དང༌། པགས་པ་བཤུས་ཏེ་ལྕགས་ཀྱི་ས་གཞི་མེ་འབར་བ་ལ་གན་རྐྱལ་དུ་བསྒྱེལ་ནས། ཁ་ལྕགས་ཀྱི་འབྱེད་བཅད་ཀྱིས་ཕྱེ་ནས་ལྕགས་ཀྱི་ཐོ་ལུམ་འབར་བ་དང༌། ཟངས་ཞུན་བསྐོལ་བ་བླུག་པས་ཁ་དང་ལྐོག་མ་དང་ནང་ཁྲོལ་རྣམས་བསྲེགས་ཤིང་སྨད་ནས་ཕྱིར་སྤྱད་འབྱུང་བ་ལ་སོགས་པའི་སྡུག་བསྔལ་དྲག་ཅིང་རྩུབ་ལ་རྒྱུན་མི་ཆད་པ་མྱོང་བ་སྟེ། ཇི་སྐད་དུ། གཤིན་རྗེའི་སྐྱེས་བུས་པགས་པ་མ་ལུས་བཤུས་པས་ཤིན་ཏུ་ཉམ་ཐག་ཅིང༌། །རབ་ཏུ་ཚ་བའི་མེ་ཡིས་བཞུས་པའི་ཟངས་ཞུན་ལུས་ལ་བླུག་གྱུར་ལ། །འབར་བའི་རལ་གྲི་མདུང་ཐུང་གིས་བསྣུན་ཤ་ཡི་དུམ་བུ་བརྒྱར་བརླགས་ཤིང༌། །ཤིན་ཏུ་འབར་བའི་ལྕགས་ཀྱི་ས་གཞིར་ལྷུང་བ་མི་དགེ་མང་པོས་འགྱུར། །ཞེས་པ་ལྟར་རོ། །འདི་རྣམས་ཀྱི་སྡུག་བསྔལ་འགའ་ཞིག་ཡན་མན་དུའང་ཡོད་ལ། གོང་མ་གོང་མའི་སྡུག་བསྔལ་ཐམས་ཅད་ནི་འོག་མ་འོག་མ་ལ་ཚང་བར་ཡོད་ཅིང༌། ནད་རིགས་བཞི་བརྒྱ་རྩ་བཞི་པོ་ཐམས་ཅད་ཚང་བས་ཀྱང་སྡུག་བསྔལ་བར་གནས་པའོ། །

ཉེ་འཁོར་བ་ནི། བརྒྱད་པོ་ཀུན་ལས་ལྷག་བཅུ་དྲུག །དེ་དག་གི་ནི་ངོས་བཞི་ན། །མེ་མ་མུར་དང་རོ་མྱགས་འདམ། །སྤུ་གྲི་ལམ་སོགས་ཆུ་བོ་ཡིན། །ཞེས་པས་དམྱལ་བ་བརྒྱད་པོ་ཐམས་ཅད་ཀྱི་ཕྱོགས་བཞི་པོ་རེ་རེ་ནའང༌། མེ་མ་མུར་ལ་སོགས་པ་བཞི་བཞི་ཡོད་པས་ན་བཅུ་དྲུག་སྟེ། དེ་ཡང་མེ་མ་མུར་གྱི་ཐང་ཆེན་པོ་པུས་མོ་ནུབ་ཙམ་ལ་ཕྱིན་པ་ན། རྐང་པ་བཞག་མ་ཐག་པགས་པ་དང༌། ཤ་ཁྲག་རྣམས་བསྲེག་ཅིང་བཏེག་མ་ཐག་འཚོ་བ་དང༌། རོ་མྱགས་ཕྱི་སའི་འདམ་རྫབ་ཤིན་ཏུ་དྲི་ང་བར་ལུས་བྱིང་བ་ན་སྲིན་བུ་མཆུ་རྣོན་པོ་ཅན་རྣམས་ཀྱིས་པགས་པ་ནས་རྐང་གི་བར་དུ་ཕུག་སྟེ་ཟ་བ་དང༌། སྤུ་གྲིའི་སོ་གྱེན་དུ་བསྟན་ནས་བསླང་སྟེ་གཏམས་པའི་ལམ་ལ་ཕྱིན་པ་ན། རྐང་པ་བཞག་མ་ཐག་གཅོད་ཅིང༌། བཏེག་མ་ཐག་འཚོ་བ་དང༌། རལ་གྲི་ལོ་མའི་ནགས་ཚལ་དུ་གྲིབ་མ་ལ་འཁོད་པ་ན། རལ་གྲི་རྣམས་ལྷུང་པས་ཡན་ལག་དང་ཉིང་ལག་ཐམས་ཅད་གཅོད་ཅིང༌། དར་བརྒྱལ་ཏེ་འགྱེལ་བ་ན། ཁྱྀ་སྲེ་བོ་དག་ལྷག་ནས་བཤུལ་ཤ་འཐོག་ཅིང་ཟ་བ་དང༌། ལྕགས་ཀྱི་ཤིང་ཤལ་མ་ལའི་ནགས་ཚལ་དུ་ཕྱིན་པ་ན། ཚེར་མ་རྣོན་པོ་སོར་བཅུ་དྲུག་པ་ཡན་མན་དུ་ལྟ་བ་ལ་འབབ་འཛེག་བྱས་པས། ལུས་ཀུན་ནས་འབིགས་ཤིང་དེར་བྱ་ཁྭ་ཏ་ལྕགས་ཀྱི་མཆུ་ཅན་འོངས་ཏེ་ཕྲག་པ་ལ་འཁོད་ནས་མིག་འབྲས་འཐོག་ཅིང་ཟ་བ་རྣམས་དང༌། ཆུ་བོ་རབ་མེད་ཅེས་བྱ་བ་ཐལ་ཚན་ནམ་འགྱུར་བྱེད་ཀྱི་ཆུ་ཁོལ་བས་གང་བར་ལུས་ལྟུང་སྟེ་ངོས་གཉིས་ནས་སྐྱེས་བུ་མཚོན་ཆ་སྣ་ཚོགས་ཐོགས་པས་བསྲུང་ཞིང༌། ཤ་ཁྲག་ཐམས་ཅད་ཟད་ནས། རུས་གོང་རྣམས་མེ་ཏོག་ཀུན་ད་ལྟར་གྱུར་གྱི་བར་དུ་འཚེད་ལ་བར་བར་དུ་ལྕགས་ཀྱུས་ཕྱུང་ནས། གན་རྐྱལ་དུ་བཞག་སྟེ། ཅི་འདོད་དྲིས་པ་ན། བདག་ཅག་གིས་ནི་ཅི་ཡང་མི་ཤེས་མི་མཐོང་མོད། འོན་ཀྱང་བཀྲེས་སོ་སྐོམ་མོ། །ཞེས་པ་ལ་ཐུ་ལུམ་འབར་བ་དང༌། ཟངས་ཞུན་ཁོལ་བ་ཁར་བླུག་པ་ལ་སོགས་པའི་སྡུག་བསྔལ་མྱོང་བའོ། །དེ་དག་ལས་སྤུ་གྲི་དང༌། ནགས་ཚལ་དང༌། ཤལ་མ་ལི་རྣམ་རིགས་གཅིག་ཏུ་བསྡོམས་པས་ཉེ་འཁོར་བ་བཞི་པོ་དེ་དག་གོ །གྲང་དམྱལ་བརྒྱད་ན་ཉི་ཟླ་ལ་སོགས་པའི་སྣང་བ་མེད་པའི་གནས་མུན་པའི་ཁྲོད་འཁྱག་པའི་སྦུབས་ཆེན་པོ་རྣམས་སུ། ལུས་དང་སྒྲའི་རྣམ་འགྱུར་དང་མཐུན་པར་ཤིན་ཏུ་གྲང་བའི་སྡུག་བསྔལ་འོག་མ་འོག་མ་རྣམས་ཆེས་དྲག་པ་མྱོང་བ་སྟེ། དེ་ཡང་ས་དེ་ཉིད་ན་ཡོད་པའི་རླུང་ཆེན་པོས་བཏབ་ནས་གྲང་བས་ཉེན་པས་ལུས་ཐམས་ཅད་ཆུ་བུར་དུ་གྱུར་པ་ཅན་དང༌། དེ་བས་ཀྱང་གྲང་བར་གྱུར་པས། ཆུ་བུར་དེ་ཡང་བརྡོལ་བ་ཅན་དང༌། ཤིན་ཏུ་གྲང་ཆེས་པས་སོ་ཐམ་ཐམ་པ་དང༌། ཨ་ཆུ་ཞེས་ཤིབ་ཤིབ་པོ་ཟེར་བ་དང༌། ཀྱེ་ཧུད་ཉེན་སྐད་ཙམ་ཟེར་བ་དང༌། པགས་པ་སྔོན་པོར་གྱུར་ནས་ཁ་ལྔའམ་དྲུག་ཏུ་གྱེས་པ་ཨུཏྤལ་ལྟར་གས་པ་དང༌། སྔོ་བ་ལས་ཀྱང་ཐལ་ནས་དམར་པོར་གྱུར་ཅིང་ཁ་བཅུའམ། དེ་བས་ཀྱང་ལྷག་པར་གྱེས་པ་པདྨ་ལྟར་གས་པ་དང༌། ཤིན་ཏུ་དམར་བར་གྱུར་ནས་བརྒྱའམ་སྟོང་ལ་སོགས་པར་གྱེས་པ་པདྨ་ལྟར་ཆེས་གས་པའི་སྡུག་བསྔལ་མི་ཟད་པ་དང་ལྡན་པའོ། །ཉེ་ཚེ་བའི་སྡུག་བསྔལ་ནི་གཤེད་མ་འགའ་ཞིག་ཐལ་གོང་དང་ཁ་སྣ་ལ་བྱ་གཅན་གྱིས་འཐོག་པར་སྐྱེ་བ་དང༌། བཤན་པའི་སློབ་མ་རུས་གོང་དྲི་ང་བ་ལ་བྱ་རོག་ལ་སོགས་པས་འཐོག་པར་སྐྱེ་བ་དང༌། ཉ་བ་འགའ་ཞིག་ལུས་ལྕགས་ཀྱིས་དཀྲིས་པར་སྐྱེས་པ་ལ་སོགས་པ་མདོ་སྡེར་གསུངས་པ་དང༌། གཞན་ཡང་དགེ་འདུན་བསྲུངས་དང༌། གྲོ་བཞིན་སྐྱེས་ཀྱི་རྟོགས་བརྗོད་ལས་འབྱུང་བ་ལྟ་བུའོ། །བཤེས་སྤྲིང་དུ། འདི་ན་ཉིན་གཅིག་མདུང་ཐུང་སུམ་བརྒྱ་ཡིས། །རབ་ཏུ་དྲག་བཏབ་སྡུག་བསྔལ་གང་ཡིན་པ། །དེས་ནི་དམྱལ་བའི་སྡུག་བསྔལ་ཆུང་ངུའི་ཡང༌། །འོལ་ཡང་མི་མཆི་ཆར་ཡང་མི་ཕོད་དོ། །ཞེས་པ་ལྟར་དམྱལ་བའི་སྡུག་བསྔལ་ནི་དཔག་ཏུ་མེད་ཅིང་ཤིན་ཏུ་ཉམ་ང་བ་སྟེ། རྒྱས་པར་ནི། དམ་པའི་ཆོས་དྲན་པ་ཉེར་བཞག་ལ་སོགས་པ་ལས་ཤེས་པར་བྱའོ། །

ཡི་དྭགས་ལ་རིགས་སུམ་ཅུ་རྩ་དྲུག་ཡོད་ཀྱང༌། བསྡུས་ན་གསུམ་ལས། ཟས་སྐོམ་ལ་ཕྱིའི་སྒྲིབ་པ་ཅན་ནི།

བཀྲེས་པ་དང་སྐོམ་པས་ཉམ་ཐག་པའི་པགས་པ་དང་ཤ་ཁྲག་རྣམས་བསྐམས་ནས་ལུས་སྡོང་དུམ་མེས་ཚིག་པ་ལྟར་གྱུར་ཏེ། ཁ་སྐམ་པ་ལ་ལྕེ་ལྡག་ཅིང༌། རྫིང་བུ་ལ་སོགས་པར་རྒྱུག་པ་ན་མཚོན་ཆ་སྣ་ཚོགས་ཐོགས་པས་བསྲུངས་ནས་འཐུང་དུ་མི་འཇུག་ལ། གལ་ཏེ་མ་བསྲུངས་ཀྱང་ཆུ་དེ་རྣག་ཁྲག་ལ་སོགས་པར་མཐོང་ནས་བཏུང་དུ་མི་རུང་བའི་སྡུག་བསྔལ་དང༌། ནང་གི་སྒྲིབ་པ་ཅན་ནི། ཁ་ཅིག་ཁ་ནི་ཁབ་ཀྱི་མིག་ཙམ་ལ། །ལྟོ་བ་རི་ཡི་གཏོས་ཙམ་བཀྲེས་པས་ཉེན། །མི་གཙང་གྱི་ནར་བོར་བ་ཅུང་ཟད་ཀྱང༌། །འཚལ་བའི་མཐུ་དང་ལྡན་པ་མ་ལགས་སོ། །ཞེས་པ་ལྟར། གལ་ཏེ་ཟས་སྐོམ་རྙེད་ཀྱང་ཁར་མི་ཤོང་བ་ལ་སོགས་པའི་སྒོ་ནས་བཟའ་བཏུང་མི་ནུས་པའི་སྡུག་བསྔལ་དང༌། ཟས་སྐོམ་གྱི་སྒྲིབ་པ་ཅན་ནི། གལ་ཏེ་བཟའ་བཏུང་ནུས་ཀྱང༌། དེ་དག་མེ་ལྕེའི་ཕྲེང་བ་ལ་སོགས་པར་གྱུར་ནས་བསྲེགས་པ་དང༌། གཤང་གཅི་དང༌། དྲི་ང་བ་དང༌། དུག་དང༌། མཆིལ་མ་དང༌། ངར་སྣབས་ལ་སོགས་པ་ལྗན་ལྗིན་ཟ་བའི་སྡུག་བསྔལ་དང་ལྡན་པའོ། །

དུད་འགྲོ་རྣམས་ནི་ཆེ་བས་ཆུང་བ་མིད་དེ་ཟ་བ་དང༌། ཆུང་བས་ཆེ་བའི་ལུས་ཕུག་སྟེ་ཟ་བ་ལ་སོགས་པ་ཕན་ཚུན་གཅིག་གིས་གཅིག་གསོད་ཅིང་ཟ་བའི་སྡུག་བསྔལ་དང་ལྡན་ཞིང༌། ཁྱད་པར་ཀླུ་རྣམས་ནི་ཉིན་རེ་ཞིང་བྱེ་ཚན་གྱི་ཆར་བས་ཤ་ཐམས་ཅད་རུས་པ་ལ་ཐུག་པར་སྲེག་པ་དང༌། ནམ་མཁའ་ལྡིང་གིས་ཟ་བ་ལ་སོགས་པའི་སྡུག་བསྔལ་དང་ལྡན་ལ། ཁ་འཐོར་བ་རྣམས་ཀྱང་རང་དབང་མེད་པར། གསོད་པ་དང༌། བརྡེག་བཙོག་དང༌། བཀོལ་བ་ལ་སོགས་པའི་སྡུག་བསྔལ་སྣ་ཚོགས་དང་ལྡན་པའོ། །ཁ་ཅིག་མུ་ཏིག་བལ་དང་རུས་པ་ཁྲག །ཤ་དང་པགས་པའི་ཆེད་དུ་འཆི་བར་འགྱུར། །དབང་མེད་གཞན་ནི་རྡོག་པ་ལག་པ་དང༌། །ལྕགས་དང་ལྕགས་ཀྱུ་རྣམས་ཀྱིས་བཏབ་སྟེ་བཀོལ། །ཞེས་པ་ལྟར་རོ། །མི་རྣམས་ཀྱང་བཀྲེས་སྐོམ་དང༌། ཚ་གྲང་དང༌། འགྲོ་འོང་དང༌། ངལ་དུབ་དང༌། འཐབ་རྩོད་དང༌། གནོད་འཚེ་དང༌། སྐྱེ་རྒ་ན་འཆི་ལ་སོགས་པའི་སྡུག་བསྔལ་བརྒྱད་དང་ཡང་ལྡན་ཞིང༌། འབྱོར་ལྡན་རྣམས་ནི། འཁོར་དང་ལོངས་སྤྱོད་ཅི་ཙམ་ཆེ་བ་ཆེ་བ་ལྟར་དེ་དག་བསྲུང་བའི་སྡུག་བསྔལ་ཡང་ཆེ་ལ། དབུལ་པོ་རྣམས་ནི་འདོད་པའི་ཡོ་བྱད་ཀྱིས་འཕོངས་ནས་ཉམ་ཐག་པས་བཙལ་ཡང་མ་རྙེད་པ་ལ་སོགས་པའི་སྡུག་བསྔལ་དང་ལྡན་པ་སྟེ། སྐྱེས་རབས་ལས། གཅིག་ནི་སྲུང་བས་ཉོན་མོངས་ལ། །གཉིས་པ་ཚོལ་བས་ཤ་ཐང་ངོ༌། །ཕྱུག་གམ་ཡང་ན་དབུལ་ཡང་རུང༌། །གང་ནའང་དགའ་བ་མེད་འགྱུར་བ། །ཞེས་པ་ལྟར་རོ། །འདོད་ལྷ་རྣམས་ལ། བཤེས་སྤྲིང་དུ། ལུས་ཀྱི་ཁ་དོག་མི་སྡུག་འགྱུར་བ་དང༌། །གདན་ལ་མི་དགའ་མེ་ཏོག་ཕྲེང་སྙིང་དང༌། །གོས་ལ་དྲི་མ་ཆགས་དང་ལུས་ལ་ནི། །སྔོན་ཆད་མེད་པའི་རྔུལ་འབྱུང་ཞེས་བགྱི་བ། །མཐོ་རིས་འཆི་འཕོ་སྒྲོན་བྱེད་འཆི་ལྟས་ལྔ། །ཞེས་པ་ཐབས་ཀྱིས་མི་བཟློག་པ་རྩ་བའི་འཆི་ལྟས་ལྔ་དང༌། གོས་དང་རྒྱན་ལ་སྒྲ་མི་སྙན་པ་འབྱུང་བ་དང༌། འོད་ཆུང་བ་དང༌། ཁྲུས་ཀྱི་ཆུ་ཐིགས་ལུས་ལ་འཆགས་པ་དང༌། གཡོ་བའི་བདག་ཉིད་ཅན་ཡང༌། བློ་ཡུལ་གཅིག་ལ་མི་གནས་པ་དང༌། མིག་འབྱེད་འཛུམ་སྟེ་ཐབས་ཀྱིས་ཟློག་རུང་ཉེ་བའི་འཆི་ལྟས་ལྔ་ལྷའི་ཞག་ལྔའི་གོང་དུ་འབྱུང་བ་དང༌། རང་གི་ལྷ་མོ་རྣམས་གཞན་དང་དགའ་མགུར་སྤྱོད་པ་ན། སྡུག་བསྔལ་དང་ཡིད་མི་བདེ་བ་ཆེན་པོ་འབྱུང་ཞིང༌། ཁྱད་པར་ངན་སོང་དུ་སྐྱེ་ན་སྐྱེ་གནས་ཀྱི་སྡུག་བསྔལ་མངོན་སུམ་སུ་མཐོང་ནས། སེམས་ཀྱི་གདུང་བ་དམྱལ་བ་བས་ཀྱང་ཆེས་དྲག་པ་འབྱུང་སྟེ། དྲན་པ་ཉེར་བཞག་ལས། ལྷ་ཡི་གནས་ནས་ལྷུང་བ་ན། །སྡུག་བསྔལ་རབ་ཏུ་སྐྱེ་བ་གང༌། །དེ་ལ་སེམས་ཅན་དམྱལ་བ་ཡིས། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཞེས་པ་ལྟར་རོ། །གཞན་ཡང་ལྷ་བསོད་ནམས་ཆེ་བ་མཐོང་ན་ཆུང་བ་རྣམས་དཔའ་རྐོང་བ་དང༌། མཐུ་ཆེ་བ་ཆུང་ངུ་བསྐྲོད་པའི་སྡུག་བསྔལ་ཡོད་ཅིང༌། འོག་མ་གཉྀས་ལ་ལྷ་མ་ཡིན་དང༌། འཐབ་པ་ན་གཅོད་འདྲལ་དང༌། གསོད་པའི་སྡུག་བསྔལ་ཡང་ཡོད་དེ། དེ་ཡང་ལྷ་རྣམས་ལྷ་མ་ཡིན་གྱི་བུ་མོ་མཛེས་མ་འདོད་པ་དང༌། ལྷ་མ་ཡིན་རྣམས་ལྷའི་བདུད་རྩི་བཟང་པོ་འདོད་པས་ཞེ་འགྲས་ནས། རི་བར་ཀྱི་འོག་གི་ཁོང་སེང་ནས་ལྷ་མ་ཡིན་གྱི་དཔུང་ཚོགས་ཡན་ལག་བཞི། གསེར་དང་དངུལ་དང་བཻཌཱུཪྻ་དང་མན་ཤེལ་གྱི་གོ་ཆ་གྱོན་ཏེ། རལ་གྲི་དང་མདུང་དང་འཕང་མདུང་དང་མདའ་གཞུ་ལ་སོགས་པའི་མཚོན་ཆ་ཐོགས་ནས་ཆས་པ་དང༌། དམག་གི་ཤུགས་ཀྱིས་བརྒྱ་བྱིན་གྱི་གདན་འགུལ་བ་ལས་དམག་འོང་བ་ཤེས་སོ། །དེ་ནས་ཀླུ་དང་བང་རིམ་བཞིའི་ལྷ་སྟེ། སུམ་ཅུ་རྩ་གསུམ་པའི་སྲུང་མ་ལྔ་གོ་མཚོན་སྔར་དང་འདྲ་བ་བཟུང་བ་རྣམས་དང་རིམ་གྱིས་འཐབ་ཅིང༌། དང་པོར་ཀླུ་རྣམས་དང་འཐབ་པས། ལྷ་མིན་ཕམ་ན་རང་གི་གནས་སུ་ཟློག་ལ། གལ་ཏེ་རྒྱལ་ན་ཆུ་མཚམས་ནས་འཐོན་ཏེ་རྫུ་འཕྲུལ་གྱིས་ནམ་མཁའ་འཕགས་ནས་བང་རིམ་བཞིའི་ལྷ་རྣམས་དང་འཐབ་བོ། །དེའི་ཚེ་དྲན་པ་ཉེར་བཞག་ཏུ། ལྷའི་གནས་མི་གསལ་བར་བྱ་བའི་ཆེད་དུ། སྒྲ་གཅན་འཛིན་གྱིས་ཉི་མ་དང་ཟླ་བ་ལག་པས་སྒྲིབ་ཅིང༌། དེ་དག་གི་རྒྱལ་ཕམ་དང་སྐྱེ་དགུའི་བདེ་སྡུག་འཛམ་བུ་གླིང་པའི་དགེ་སྡིག་ལ་རག་ལས་པར་ཡང་གསུངས་ལ། དེ་དག་གིས་མ་ཐུབ་ན་རྒྱལ་ཆེན་བཞིས་བརྒྱ་བྱིན་ལ། ལྷའི་དབང་པོ་མཁྱེན་པར་མཛོད་ཅིག །བདག་ཅག་སྲུང་མ་རྣམས་ནི་ལྷ་མིན་གྱིས་ཕམ་པར་བྱས་ནས། རི་རབ་ཀྱི་སྟེང་དུ་འོངས་སོ་ཞེས་གསོལ་བ་བཏབ་པ་དང༌། དབང་པོས་གཞན་རྣམས་ལ་བཀའ་བསྒོ་ཞིང༌། གླང་པོ་ཆེ་རབ་བརྟན་ཡང་དབང་པོའི་བསམ་པ་ཤེས་ནས་འཁོར་དང་བཅས་པ་འཕྲལ་ལ་འོངས་ཏེ་སུམ་ཅུ་རྩ་གསུམ་ནས་དཔུང་གི་ཚོགས་དཔག་ཏུ་མེད་པ་ཆས་ནས་ཐོག་མར་རྩུབ་འགྱུར་གྱི་ཚལ་དུ་ཕྱིན་པ་ན་འཐབ་པར་འདོད་པའི་བློ་སྐྱེ་ཞིང༌། ལུས་ཀྱང་རྩུབ་པོར་འགྱུར་ལ། དེ་ནས་གྲོང་ཁྱེར་གྱི་ཕྱི་རོལ་ཏུ་ཐོན་ནས། རི་རབ་ཀྱི་ལྷོ་འམ་ནུབ་ཀྱི་ཕྱོགས་སུ་བཐབ་བོ། །དྲན་པ་ཉེར་བཞག་ཏུ། ལྷ་མ་ཡིན་རྣམས་རི་འཕེན་ཅིང་དེ་རྣམས་བརྒྱ་བྱིན་གྱི་རྡོ་རྗེས་བཅོམ་པའི་དུམ་བུ་རོལ་མཚོ་རྣམས་སུ་ལྷུང་བས་སྲོག་ཆགས་མང་པོ་ཤི་ནས། མཚོ་རྣམས་དམར་པོར་འགྱུར་བར་གསུངས་སོ། །ལྷ་རྣམས་ནི་མགོ་བོ་དང་སྐེད་པ་བཅད་ན་འཆི་ཡི་ཡན་ལག་དང་ཉིང་ལག་བཅད་པ་ལས་ནི་སྡུག་བསྔལ་དྲག་པོ་འབྱུང་ཡང༌། སླར་སྐྱེ་ཤིང་འཚོ་ལ། ལྷ་མ་ཡིན་རྣམས་ནི་མི་ལྟར་གནད་དུ་ཕོག་པ་ལས་འཆི་སྟེ། དེ་རྣམས་ཀྱི་གཟུགས་བརྙན་གསེར་གྱི་ས་གཞིའི་སྟེང་ན་མཚོ་ཀུན་སྣང་ཞེས་བྱ་བ་ལ་ཤར་ནས། དམག་མ་ལོག་པའི་སྔོན་དུ་ཉེ་དུ་རྣམས་མྱ་ངན་གྱིས་གདུང་བར་གསུངས་སོ། །ཕལ་ཆེར་ནི་ལྷ་རྒྱལ་ཞིང་གང་ཕམ་པ་དེ་དག་རང་རང་གི་གྲོང་ཁྱེར་དུ་ཞུགས་པ་ལས་ཕན་ཚུན་གནོད་པས་མི་ཚུགས་སོ། །ལྷ་མ་ཡིན་རྣམས་ནི་ལྷའི་འབྱོར་བ་ཆེན་པོ་མཐོང་ནས། ཕྲག་དོག་གིས་ཡིད་མི་བདེ་བས་ཀྱང་རྟག་ཏུ་སྡུག་བསྔལ་དང་ལྡན་པའོ། །གཟུགས་དང་གཟུགས་མེད་པ་དག་ན་སྡུག་བསྔལ་གྱི་སྡུག་བསྔལ་མེད་ཀྱང༌། ཉོན་མོངས་དང་ལྡན་ཞིང་སྒྲིབ་པ་དང་བཅས་པས་འཆི་འཕོ་བ་དང༌། སྐྱེ་བ་ལ་རང་དབང་མེད་པའི་ཕྱིར། འདུ་བྱེད་གནས་ངན་ལེན་གྱི་སྡུག་བསྔལ་དང་ལྡན་པས་འཁོར་བ་ཐམས་ཅད་སྡུག་བསྔལ་ལ་སྤྱོད་པ་སྟེ། མི་གཙང་བ་ལ་དྲི་ཞིམ་མེད་བཞིན་འགྲོ་ལྔ་དག་ན་བདེ་བ་མེད། །དེ་ཡི་སྡུག་བསྔལ་རྟག་ཏུ་མེ་མཚོན་རྒྱ་ཚྭ་ལ་སོགས་རེག་སྐྱེས་བཞིན། །ཞེས་པ་ལྟར་རོ།།

བདེ་བའི་ལོངས་སྤྱོད་ལ།

ས་སྡེར། དམྱལ་བ་གཞི་ན་བདེ་བ་མྱོང་བ་མེད། །ཅེས་གསུངས་པ་ནི། རྣམ་སྨིན་ལས་སྐྱེས་པ་མེད་པས་བདེ་བ་ཆེན་པོ་མེད་པའི་དབང་དུ་བྱས་པ་ཡིན་གྱི། རྒྱུ་མཐུན་ལས་སྐྱེས་པ་ཅུང་ཟད་ཡོད་དེ། ཤཱ་རིའི་བུས་ཏིང་ངེ་འཛིན་གྱི་མཐུས་བདེ་བ་མྱོང་བ་དང༌། བཅོམ་ལྡན་འདས་ཀྱིས་བྱིན་རླབས་ལས་ལྷས་བྱིན་གྱིས་བདེ་བ་མྱོང་བར་གསུངས་པའི་ཕྱིར་རོ། །མཛོད་འགྲེལ་དུ། མནར་མེད་དུ་བདེ་བ་གཏན་མེད་ལ། གཞན་ཡང་སོས་ལ་སོགས་པ་རྣམས་རླུང་བསིལ་བའི་རེག་པ་ལ་སོགས་པའི་བདེ་བ་རྒྱུ་མཐུན་ལས་སྐྱེས་པ་ཡོད་པར་གསུངས་སོ། །ཡི་དྭགས་རྫུ་འཕྲུལ་ཆེ་བ་ཆོས་ཀྱི་རྒྱལ་པོ་གཤིན་རྗེ་དང༌། དུད་འགྲོ་ཀླུའི་རྒྱལ་པོ་འགའ་ཞིག་ལ་ནི་ལྷའི་དཔལ་ལ་སྤྱོད་པ་ལྟ་བུའི་བདེ་བ་ཡོད་ཅིང༌། གླང་པོ་ཆེ་རབ་བརྟན་དང་ས་སྲུངས་ཀྱི་བུ་དང༌། རྟ་རིན་ཆེན་ལ་སོགས་པ་ལ་ཡང་བདེ་བ་ཅི་རིགས་པར་ཡོད་དོ། །མི་རྣམས་ནི་གདགས་པར། འཛམ་བུ་གླིང་ན་གཙོ་ཆེར་གསེར་དང་དངུལ་ལ་ཉོ་ཚོང་དང༌། ལོངས་སྤྱོད་དུ་བྱེད་ཅིང༌། ཤར་ན་རས་དང་བེའུ་རས་དང༌། ནུབ་ན་བ་གླང་དང་ནོར་བུ་ལ་སྤྱོད་དེ། བྱང་ན་ནི་ལོངས་སྤྱོད་ལ་ཡོངས་སུ་འཛིན་པ་མེད་དོ། །འདི་ན་ཁ་ཟས། འབྲས་ཆན་དང༌། འཁུར་བ་དང༌། ཟན་དང་ཕྱེ་དང༌། ཤ་ཆང་ལ་སོགས་པར་ཡོད་པ་ལྟར། ཤར་དང་ནུབ་ནའང་ཡོད་ལ། བྱང་ན་ནི་མ་རྨོས་མ་བཏབ་པའི་འབྲས་ས་ལུ་འབའ་ཞིག་ལ་ལོངས་སྤྱོད་དོ། །འདི་ན་ཆར་འབབ་མཁས་མི་མཁས་ལས་ལོ་ལེགས་ཉེས་དང༌། དེ་དག་ལ་བརྟེན་པའི་ལོངས་སྤྱོད་ལ་འཕེལ་འགྲིབ་དང༌། ཉོ་ཚོང་དང༌། ཁ་དོག་དུ་མ་དང༌། ཁང་པ་ཆེད་དུ་བྱས་པ་དང༌། གོས་སྟན་ལྗི་བ་དང༌། བག་མ་གཏོང་ལེན་དང༌། རྗེ་ཁོལ་དང་དེ་དག་ལ་ཞེན་པ་ཡོད་པ་ལྟར། ཤར་དང་ནུབ་ནའང་ཡོད་ཅིང༌། བྱང་ན་ནི་མེད་དེ། དེ་ན་ཁ་དོག་ཀྱང་དཀར་པོ་ཁོ་ན་དང༌། ཁང་པའང་ཆེད་དུ་མ་བྱས་པའི་ཁང་བཟང་འབའ་ཞིག་དང༌། གོས་ཀྱང་དཔག་བསམ་གྱི་ཤིང་ལས་བྱུང་བའི་སྲང་གཅིག་པ་ཁོ་ན་ཡོད་ལ། གང་ལ་ཡང་ཡོངས་འཛིན་མེད་པར་བྱིས་པ་རྣམས་ཀྱང་སྐྱེས་མ་ཐག་འདོར་ཞིང༌། རང་གི་མཐེ་བོ་ལས་ནུ་ཞོ་བྱུང་བས་འཚོ་བས་བཤད་དོ། །མིའི་ནང་ནས་འཁོར་ལོས་སྒྱུར་བའི་བདེ་བ་ནི་མཆོག་ཡིན་ཅིང༌། དེ་འཇིག་རྟེན་དུ་བྱུང་བ་ན། རིན་པོ་ཆེ་སྣ་བདུན་འབྱུང་སྟེ། དེ་ཚེས་བཅོ་ལྔ་ལ་ཁྲུས་བྱས་ནས་གསོ་སྦྱོང་ལ་གནས་ཤིང༌། བློན་པོའི་ཚོགས་ཀྱིས་བསྐོར་ཏེ་འདུག་པ་ན། ལྷའི་འཁོར་ལོ་རིན་པོ་ཆེ་རྩིབས་སྟོང་དང་ལྡན་པ་ལྟེ་བ་མུ་ཁྱུད་དང་བཅས་པ་དག་ཅིང་གཙང་བ། བརྒྱ་བྱིན་གྱི་བཀས་བཟོ་བ་ལས་ཐམས་ཅད་པས་སྤྲུལ་ཏེ། རྒྱལ་ཆེན་བཞི་ལ་བརྒྱུད་ནས། ལྷའི་ཕོ་ཉ་བས་ཤར་ཕྱོགས་ནས་འབུལ་བར་གསུངས་ཤིང༌།

དྲན་པ་ཉེར་བཞག་ཏུ།

གསེར་གྱི་འཁོར་ལོ་དཔག་ཚད་ལྔ་བརྒྱ་ཡོད་པ་རྩིབས་སྟོང་རང་ལྡན་ཞིང་མཛེས་པ། ཉི་མ་གཅིག་གིས་ནམ་མཁའ་ལ་དཔག་ཚད་འབུམ་དུ་འགྲོ་བར་ནུས་པ། དེའི་མཐུས་གླིང་བཞི་དང་ལྷའི་རིས་སུ་ཡང་གླང་པོ་ལ་སོགས་པ་ཐམས་ཅད་འགྲོ་བ། རྒྱལ་པོས་མ་ཐོབ་པ་ཐོབ་པར་བྱེད་ཅིང༌། འགྲན་ཟླ་སུ་ཡང་མེད་པར་བྱེད་པའོ། །ནོར་བུ་ནི་ཟུར་བརྒྱད་དང་ལྡན་པ། འོད་སྣ་ཚོགས་པ་འཕྲོ་ཞིང༌། མཚན་མོ་དཔག་ཚད་བརྒྱར་འོད་འབྱུང་བ་ཉིན་པར་ཚ་བ་ན་བསིལ་བར་བྱེད་ཅིང༌། སྐོམ་པ་ན་ཆུ་ཡན་ལག་བརྒྱད་དང་ལྡན་པ་འབྱུང་བ། རྒྱལ་པོས་ཅི་བསམ་པ་ཐམས་ཅད་འབྱུང་ཞིང༌། ལས་ཐམས་ཅད་ཇི་ལྟར་འདོད་པ་བཞིན་འགྲུབ་པ། དཔག་ཚད་བརྒྱད་ནད་མེད་པར་བྱེད་ཅིང༌། མྱ་ངམ་དང་གཡང་སའི་ཡུལ་ཐམས་ཅད་ཀྱང་ལྗོན་ཤིང་དང་འཚེའུ་ལ་སོགས་པའི་ཕུན་སུམ་ཚོགས་པ་དང་ལྡན་པར་འགྱུར་བ། མི་རྣམས་ལ་དུས་མ་ཡིན་པའི་འཆི་བ་མེད་པར་བྱེད་ཅིང་སྲོག་ཆགས་གདུག་པ་ཅན་གང་གིས་ཀྱང༌། གནོད་པ་མེད་པར་བྱེད་པ་ཞིག་ལྷའི་དབང་པོས་གནང་བར་འགྱུར་རོ། །བཙུན་མོ་ནི་ལུས་ལ་ཙནྡན་དང་ཁ་ལས་ཨུཏྤལའི་དྲི་འབྱུང་ཞིང༌། རེག་པ་ན་ཉོན་མོངས་པ་མེད་པར་འགྱུར་བ། གླིང་དེའི་བཀྲེས་སྐོམ་དང་མྱ་ངན་སེལ་བར་བྱེད་ཅིང༌། རྒྱལ་པོས་མཐོང་བ་ན་གྲང་དུས་སུ་དྲོ་བ་དང༌། དྲོ་དུས་སུ་བསིལ་བར་བྱེད་པ། མ་དང་སྲིང་མོ་ལྟར་ཐམས་ཅད་ཀྱི་བསམ་པ་དང་མཐུན་པ། ཁྱྀམ་ཐབ་བུད་མེད་གཞན་དང་འགྲོགས་ཀྱང་ཕྲག་དོག་མི་འབྱུང་ཞིང༌། འདོད་ཡོན་གྱི་དབང་དུ་མི་འགྱུར་བ་ཞིག་བློན་པོས་འབུལ་ཏེ་ཤི་འཕོས་ནས་ལྷར་སྐྱེ་བའོ། །བློན་པོ་ནི་མཁས་ཤིང་གསལ་ལ་གཞུངས་པས། བྱ་བ་ཐམས་ཅད་མ་བསླབ་པར་ཤེས་ནས། རྒྱལ་པོའི་བསམ་པ་དང་མཐུན་པར་སྒྲུབ་པ་ལ་སྐྱོ་བ་མེད་པ། མི་དགེ་བ་སྤངས་ཤིང་སྐྱེ་རྒུ་ཐམས་ཅད་ལ་ཕ་མ་ལྟར་ཕན་འདོགས་པའོ། །གླང་པོ་ནི་ཅང་ཤེས་ཤིང་བཀའ་ཉན་པ། ཆུ་དང་སྐམ་དང་བར་སྣང་ལ་གཡུལ་འགྱེད་ཅིང་ཕ་རོལ་ལས་རྒྱལ་བར་བྱེད་པ། ཉིན་གཅིག་ལ་འཛམ་བུའི་གླིང་ལན་གསུམ་དུ་བསྐོར་བར་ནུས་པ། རྐུད་པས་ཀྱང་དཀྲིར་རུང་ཞིང་རྒྱལ་པོས་ཞོན་པ་ན་གང་འདོད་པར་བསྐུལ་མི་དགོས་བར་དལ་གྱིས་འགྲོ་བ་ཞིག་བརྒྱ་བྱིན་གྱི་བཀའ་གནང་བར་འགྱུར་ཏེ་གླང་པོ་རབ་བརྟན་གྱི་བུ་ཐུ་བོའི་ཞེས་སོ། །རྟ་མཆོག་ཀྱང་ཀུན་མུད་དང་དུང་ལྟར་དཀར་གླང་པོ་དང་ཡོན་ཏན་མཚུངས་པ་ཞིག་དབང་པོས་གནང་སྟེ། རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་གྱི་བུ་ཐུ་བོར་གསུངས་སོ། །ཁྱིམ་བདག་ནི་ལོངས་སྤྱོད་ཆེ་ཞིང༌། ལྷའི་མིག་གིས་གཏེར་མཐོང་བ། བང་མཛོད་ཐམས་ཅད་རིན་པོ་ཆེས་འགེངས་ཤིང༌། །ནོར་གྱི་སྒོ་ནས་རྒྱལ་པོས་དོན་སྒྲུབ་པ། །གཡོ་སྒྱུ་མེད་ཅིང་གཞན་ལ་མི་གནོད་པ། །སྐྱེ་བོ་ཐམས་ཅད་དགའ་བར་བྱེད་པའོ། །རྒྱལ་པོ་སྲས་ཀྱིས། ཁྱིམ་བདག་ནི་མཛོད་ཀྱི་སྤྱན་ལྟ་བུ་དང་བློན་པོ་ནི་དམག་གི་སྤྱན་ལྟ་བུའོ། །ཞེས་བཤད་དོ། །དེ་བཞིན་དུ། རལ་གྲི་པགས་པ་ཁང་པ་ཚལ། །མལ་ཆ་གོས་དང་ལྷམ་གྱི་མཆོག །ཅེས་ཉེ་བའི་རིན་པོ་ཆེ་བདུན་ཡང་འབྱུང་སྟེ། རྒྱལ་པོ་དང་འགལ་བར་བྱེད་འདོད་པ་དེར་སོང་ནས་མ་བཏབ་ཀྱང༌། ཀུན་གྱིས་འདུད་པར་བྱེད་པའི་རལ་གྲི་དང༌། ཀླུའི་པགས་པ་མཆུར་དཔག་ཚད་བཅུ་དང་ཞེང་དུ་ལྔ་ཡོད་པ། ཆར་གྱིས་མི་བརླན་ཞིང༌། རླུང་གིས་མི་བསྐྱོད་པ། གྲང་དུས་ན་དྲོ་ཞིང༌། དྲོ་དུས་ན་བསིལ་བར་བྱེད་པ། བུད་མེད་མི་སྡུག་པ་མི་མཐོང་ཞིང༌། ཉི་ཟླའི་འོད་སྣང་བའི་པགས་པ་དང༌། མཆུར་དཔག་ཚད་བཅུ་གཉིས་དང་ཞེང་དུ་དཔག་ཚད་བདུན་ཡོད་པ། རིན་པོ་ཆེ་དང༌། ཟླ་བ་དང་རྒྱུ་སྐར་རྣམས་ཀྱང་ལྟ་བར་འདོད་ན་དེ་ཉིད་དུ་འོང་བ། བདེ་བར་གཉིད་དུ་འགྲོ་ཞིང་རྨི་ལམ་དགེ་བ་མཐོང་བ། གྲང་དུས་སུ་དྲོ་ཞིང་དྲོ་དུས་སུ་བསིལ་བའི་ཁང་པ་དང༌། ལྷ་རྫས་ཀྱི་མེ་ཏོག་དང༌། ལྗོན་ཤིང་ལ་སོགས་པས་བརྒྱན་ཅིང༌། ལྷའི་བུ་མོ་རྣམས་འོང་ནས། རོལ་མོ་སྣ་ཚོགས་པ་བྱེད་པ་དང༌། ལྷན་ཅིག་འདོད་ཡོན་ལ་རྩེ་བའི་ཚལ་དང༌། ཡངས་ཤིང་འཇམ་ལ་བསམ་གཏན་དང་མཐུན་པ། དེར་འདུག་ན་རྣམ་པར་གྲོལ་ཞིང༌། བློ་གསལ་ལ་ཀུན་ནས་ཉོན་མོངས་པ་མི་འབྱུང་བའི་ལམ་ཆ་དང༌། ཐགས་བཟང་ཞིང་འཇམ་ལ་དྲི་མ་མེད་པ་གྱོན་པ་ན། ཚ་གྲང་དང་བཀྲེས་སྐོམ་དང༌། ངལ་དུབ་ཀྱིས་མི་གནོད་ལ། མེས་མི་ཚུགས་ཤིང་མཚོན་གྱིས་མི་ཆོད་པའི་གོས་དང༌། གོན་པ་ན་ཆུ་ལ་མི་བྱིང་ཞིང༌། ཡུད་ཙམ་གྱིས་དཔག་ཚད་བརྒྱར་འགྲོ་བ་ལ་ཡང་ངལ་བ་ཅུང་ཟད་ཀྱང་མི་འབྱུང་བའི་ལྷམ་རྣམས་སོ། །གཞན་ཡང་བཙུན་མོའི་འཁོར་དཔག་ཏུ་མེད་པ་དང༌། མི་སྟོང་ཕྲག་རེ་ཐུབ་པའི་བུ་སྟོང་དང༌། དཔུང་གི་ཚོགས་ཡན་ལག་བཞི་པ་དང༌། དགྲ་སྡེ་ཟིལ་གྱིས་གནོན་པའི་མདའ་གཞུ་དང༌། རིན་པོ་ཆེའི་ཁྱད་པར་ཨིནྡྲ་ནཱི་ལ་ལ་སོགས་པ་འཁོར་དང་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པ་དང་ལྡན་པའོ། །འབྱུང་བའི་དུས་ནི། འཁོར་ལོས་སྒྱུར་བ་འབྱུང་བ་ནི། སྟོང་ཕྲག་བརྒྱད་ཅུ་ལས་མི་འཕྱི། ཞེས་པ་ལྟར་ཏེ། དེ་མན་ཆད་དུ་ཕུན་སུམ་ཚོགས་པའི་ཁྱད་པར་རྣམས་མི་རྫོགས་པས་ཚེ་ལོ་དཔག་མེད་ནས་བརྒྱད་ཁྲིའི་བར་ལ་འབྱུང་སྟེ། བསྐལ་པ་འདིའི་ལོ་འདི་འཇིག་རྟེན་གྱི་ཁམས་འདིའི་དབང་དུ་བྱས་པའོ། ཁྱད་པར་ནི། གསེར་དངུལ་ཟངས་ལྕགས་འཁོར་ལོ་ཅན། །དེ་དག་གླིང་གཅིག་གླིང་གཉིས་དང༌། །གསུམ་དང་བཞི་ལ་མས་རིམ་བཞིན། །ལྷན་ཅིག་གཉིས་མིན་སངས་རྒྱས་བཞིན། །ཞེས་པ་ལྟར་གླིང་བཞི་ཀ་ལ་དབང་བྱེད་པ་གསེར་གྱི་འཁོར་ལོ་ཅན་དང༌། བྱང་མ་གཏོགས་པ་གསུམ་ལ་དབང་བྱེད་པ་དངུལ་གྱི་འཁོར་ལོ་ཅན་དང༌། འདི་དང་ཤར་ལ་དབང་བྱེད་པ་ཟངས་ཀྱི་འཁོར་ལོ་ཅན་དང༌། འདི་ཁོ་ན་ལ་དབང་བྱེད་པ་ལྕགས་ཀྱི་འཁོར་ལོ་ཅན་ཏེ་བཞིའོ། །དེ་རྣམས་ཀྱང་མ་དག་པའི་ཞིང་ཁམས་གཅིག་ཏུ་སངས་རྒྱས་གཉིས་ཅིག་ཆར་མི་འབྱུང་བ་ལྟར། མངའ་རིས་གཅིག་ལ་རྒྱལ་པོ་གཉིས་ཆར་མི་འབྱུང་བར་རིམ་གྱིས་འབྱུང་སྟེ། འགྲན་ཟླ་མེད་པའི་ལས་ཀྱིས་གྲུབ་པའི་ཕྱིར་རོ། །དེ་དག་གིས་རྒྱལ་བར་བྱེད་ཚུལ་ཡང༌། ཕས་བསུ་རང་འགྲོ་གཡུལ་བཤམས་དང༌། མཚོན་བརྩམས་པས་རྒྱལ་གནོད་པ་མེད། ཅེས་པ་ལྟར་གསེར་གྱི་འཁོར་ལོ་ཅན་གང་དུ་བགྲོད་པའི་ཕྱོགས་དེར་ཁམས་ཀྱི་རྒྱལ་ཕྲན་རྣམས་ཀྱིས་བསུས་ནས་ཕྱག་འཚལ་ཏེ། འབྱོར་བ་རྒྱས་པ་དང༌། བདེ་བ་དང༌། ལོ་ལེགས་པ་དང༌། སྐྱེ་བོ་མང་པོས་གང་བའི་ལྗོངས་འདི་དག་ནི་ལྷའི་ལགས་ཀྱིས། ལྷས་འདི་དག་ལ་ལེགས་པར་རྗེས་སུ་བསྟན་དུ་གསོལ། བདག་ཅག་ནི་ལྷའི་རྗེས་སུ་འཆི་བ་ལགས་སོ། །ཞེས་གསོལ་བ་དང༌། དེས་གཙོ་བོ་དག་དེའི་ཕྱིར་ཁྱེད་ཅག་རང་རང་གི་རིགས་སུ་གཏོགས་པ་རྣམས་ལ་ཆོས་ཀྱིས་རྗེས་སུ་སྟོན་ཅིག །ཆོས་མ་ཡིན་པ་མ་བྱེད་ཅིག་ཁྱེད་ཀྱིས་ཆོས་མ་ཡིན་པ་སྤྱོད་པ་དང་ལོག་པར་སྤྱོད་པ་རྣམས་ཡུལ་དུ་འདུག་དུ་མ་གཞུག་ཅིག་ཅེས་བཀའ་བསྒོ་ཞིང༌། དེ་བཞིན་དུ་རྗེས་སུ་སྒྲུབ་པར་ཡང་བྱེད་དོ། །དངུལ་གྱི་འཁོར་ལོ་ཅན་གྱིས་དེ་དག་གི་ཐད་དུ་རང་ཉིད་སོང་བ་ཙམ་གྱིས་འདུལ་ཞིང༌། ཟངས་ཀྱི་འཁོར་ལོ་ཅན་གྱིས་སོང་སྟེ་གཡུལ་བཤམས་པ་ཙམ་གྱིས་འདུལ་ལ། ལྕགས་ཀྱི་འཁོར་ལོ་ཅན་གྱིས་གཡུལ་བཤམས་ནས་བསྡེག་མི་དགོས་པར་མཚོན་ཆ་གཟས་པའམ་བརྩམས་པ་ཙམ་གྱིས་འདུལ་ཏེ། ཐམས་ཅད་ལས་རྒྱལ་ཡང་གནོད་པ་མེད་པར་ཁྲིམས་དགེ་བ་བཅུ་ལ་བཀོད་ནས། རྒྱལ་སྲིད་ཆོས་དང་མཐུན་པར་སྐྱོང་བ་ཕྱི་མ་ལ་ལྷར་སྐྱེ་བར་གསུངས་སོ། །དེ་དག་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ཀྱང་མི་གཞན་ལས་ཁྱད་པར་དུ་འཕགས་པ་སྟེ། རིན་ཆེན་འཕྲེང་བར། འཁོར་ལོས་སྒྱུར་བ་ཐམས་ཅད་ལ། །འདི་དག་ཡོད་པར་འདོད་མོད་ཀྱི། །དག་དང་མཛེས་དང་གསལ་བ་ནི། །སངས་རྒྱས་རྣམས་ཀྱི་ཆར་མི་ཕོད། །ཅེས་པ་ལྟར་རོ། །

འདིའི་རྒྱུ་ནི་མཆོད་རྟེན་དང༌། གཙུག་ལག་ཁང་བཞེངས་པ་དང༌། བྱམས་པ་སྒོམ་པ་ལ་སོགས་ཏེ། མཛངས་བླུན་དུ། སེངྒེ་ཡི་དམ་བརྟན་པས་རང་ཉིད་གསོད་པའི་རྔོན་པ་ལ་བྱམས་པ་སྒོམ་པས། བསྐལ་པ་འབུམ་དུ་འཁོར་ལོས་སྒྱུར་བར་སྐྱེས་པར་བཤད་པ་ལྟར་རོ། །འདོད་ལྷའི་བདེ་བ་ནི་ཐམས་ཅད་ན་ས་གཞི་ཤིང་བལ་གྱི་འདབ་མ་ལྟར་རེག་ན་འཇམ་པ་ཚོན་སྣ་བརྒྱ་རྩ་གཅིག་གིས་མིག་མང་རིས་སུ་བྲིས་པ་དང༌། ཡན་ལག་བརྒྱད་དང་ལྡན་པའི་ཆུས་ཡོངས་སུ་གང་བའི་རྫིང་བུ་ཡིད་དུ་འོང་བ་དང༌། མཚོ་མེ་ཏོག་སྣ་ཚོགས་དང་བྱ་སྐད་སྙན་པ་འབྱིན་པས་བརྒྱན་པ་དང༌། འདོད་ཡོན་ལ་རྩེ་བའི་སྐྱེད་མོས་ཚལ་ཕུན་སུམ་ཚོགས་པ་ལ་སོགས་པ་རྣམས་ཡོད་ཅིང༌། གནས་གསེར་དང་དངུལ་དང་བཻ་ཌཱུཪྻ་དང་མན་ཤེལ་ལས་གྲུབ་པའི་གཞལ་མེད་ཁང་དང་བ་གམ་དང་བསིལ་ཁང་དང་སྟེགས་བུ་དང་སྐར་ཁུང་དྲ་བ་ཅན་ནོར་བུའི་ཚོགས་ཀྱིས་སྤྲས་པ། འོད་ཟེར་སྣ་ཚོགས་པའི་སྣང་བ་འགྱེད་པས་མཆོག་ཏུ་མཛེས་ཤིང་ཉམས་དགའ་བར་ལུས་ཕྱི་ནང་ཐམས་ཅད་གཙང་ཞིང་རྡུལ་དང༌། དྲི་མ་དང༌། རུས་པ་དང༌། རྩ་རུས་དང༌། ནང་ཁྲོལ་དང༌། བཤང་གཅི་མེད་པ། འོད་དང་ལྡན་ཞིང་རབ་ཏུ་མཛེས་པ་གོས་སྲབ་ཅིང་འཇམ་ལ་སྲང་ཕྱེད་ནས་དྲུག་ཅུ་རྩ་བཞི་ཆའི་བར་ཤིན་ཏུ་ཡངས་པ། རེག་ན་བདེ་བ་ཁ་དོག་སྣ་ཚོགས་པ་གསེར་གྱིས་སྤྲས་པ་རྣམས་གྱོན་ཞིང༌། རྒྱན་རིན་ཆེན་སྣ་ཚོགས་ལས་གྲུབ་པའི་ནོར་བུ་དང༌། རྣ་རྒྱན་དང༌། གདུ་བུ་དང༌། མགུལ་རྒྱན་དང༌། སྐེ་རགས་དང༌། དོ་ཤལ་ལ་སོགས་པས་རྣམ་པར་བརྒྱན་ནས། འཁོར་ལྷའི་བུ་དང་བུ་མོ་གཞོན་ནུ་སིལ་སྙན་དང་རོལ་མོ་སྣ་ཚོགས་པ་འཛིན་པས་ཡོངས་སུ་བསྐོར་ཏེ། ལོངས་སྤྱོད་བཟའ་བ། བདུད་རྩི་སྔོན་པོ་དང་སེར་པོ་དང་དཀར་པོ་དང༌། དམར་པོ་རྣམས་འབྱུང་བའི་ལྗོན་ཤིང་དང༌། བཏུང་བ་སྦྲང་རྩི་དང༌། སྤྲང་ཆང་ལ་སོགས་པ་འབྱུང་བའི་ལྗོན་ཤིང་དང༌། གཞོན་པ་ཤིང་རྟ་དང་འགྱོགས་དང་གཡོག་ལ་སོགས་པ་འབྱུང་བའི་ལྗོན་ཤིང་དང༌། གོས་དང་རྒྱན་གྱི་ཁྱད་པར་སྣ་ཚོགས་པ་འབྱུང་བའི་ལྗོན་ཤིང་དང༌། སྤོས་དང༌། བདུག་པ་དང༌། མེ་ཏོག་དང༌། ཕྲེང་བ་རྣམས་འབྱུང་བའི་ལྗོན་ཤིང་དང༌། བཞད་གད་དང༌། གླུ་གར་དང༌། རོལ་མོའི་སྒྲ་སྣ་ཚོགས་པ་འབྱུང་བའི་ལྗོན་ཤིང་དང༌། སྣོད་སྤྱད་དང་ཡོ་བྱད་སྣ་ཚོགས་པ་འབྱུང་བའི་ལྗོན་ཤིང་རྣམས་ལས་གང་དང་གང་འདོད་པ་དེ་དང་དེ་མདུན་དུ་བྱུང་བ་ལ་སྤྱོད་ཅིང༌། དུས་དུས་སུ་བག་མེད་པ་ལས་བསྐུལ་བར་བྱེད་པའི་རྔ་བོ་ཆེའི་སྒྲ་ལ་བརྟེན་ནས་དམ་པའི་ཆོས་ཀྱི་བདེ་བ་ལའང་སྤྱོད་དོ། །ཐམས་ཅད་ན་ན་བ་དང༌། རྒ་བ་དང༌། བཀྲེས་པ་དང༌། སྐོམ་པ་དང་ཕོངས་པའི་སྡུག་བསྔལ་ནི་མེད་ལ། ས་གཞི་ཐམས་ཅད་མེ་ཏོག་མན་དཱ་ར་བ་པུས་ནུབ་ཙམ་གྱིས་མཛེས་པར་ཁེབ་པའི་རྙིང་པ་རྣམས་རླུང་གིས་འདོར་ཞིང༌། གསར་པ་རྣམས་ལེགས་པར་འགྲེམས་པའི་བདེ་བ་དང་ཡང་ལྡན་ཏེ། ལྷ་རྣམས་བསོད་ནམས་དབང་རྐྱེན་གྱིས། །ལྷ་ཡི་དྲུང་དུ་རླུང་ཆེན་ལྡང༌། །མེ་ཏོག་རྙིང་པ་འདོར་བྱེད་ཅིང༌། །མེ་ཏོག་གསར་བ་ལེགས་པར་འགྲེམས། །ཞེས་པ་ལྟར་རོ། །

ཁྱད་པར་སུམ་ཅུ་རྩ་གསུམ་པའི་རྩེ་ཚུལ་ནི།

ཤིང་རྟ་སྣ་ཚོགས་ཀྱི་ཚལ་ན་གླང་པོ་ཆེ་ས་སྲུང་གི་བུ་གཟུགས་བཟང་ཞིང་མཛེས་པ་དཀར་བ། ཡན་ལག་བདུན་ལེགས་པར་གནས་པ་མགོ་དམར་བ་མཆེ་བ་དྲུག་དྲུག་དང་ལྡན་པ། སྲིད་དུ་དཔག་ཚད་གཅིག་དང་འཁོར་ཡུག་ཏུ་བདུན་ཡོད་པ། འཁོར་གླང་པོ་བརྒྱ་སྟོང་དང་ལྡན་པ་གནས་ཏེ། སྐྱེད་མོས་ཚལ་དུ་འགྲོ་བ་ན། དེའི་མགོ་བོ་སུམ་ཅུ་རྩ་གསུམ་དུ་སྤྲུལ་ཞིང༌། མགོ་བོ་རེ་རེ་ལ་མཆེ་བ་དྲུག་དྲུག་དང༌། མཆེ་བ་རེ་རེ་ལ་རྫིང་བུ་བདུན་བདུན་དང༌། རྫིང་བུ་རེ་རེ་ལ་པདྨའི་སྡོང་པོ་བདུན་བདུན་དང༌། པདྨ་རེ་རེ་ལ་ལྷ་མོ་བདུན་བདུན་དང༌། ལྷ་མོ་རེ་རེ་ལ་གཡོག་མོ་བདུན་བདུན་དང༌། གཡོག་མོ་རེ་རེ་ལ་འཁོར་སིལ་སྙན་འཁྲོལ་བ་བདུན་བདུན་ཡོད་པར་སྤྲུལ་ནས་མགོ་བོ་འབུས་མ་ལ་དབང་པོ་དང༌། གཞན་རྣམས་ལ་ཉིད་དབང་སུམ་ཅུ་རྩ་གཉིས་དང༌། གླང་པོ་གཞན་རྣམས་ལ་འཁོར་རྣམས་ཞོན་ཏེ། འགྲོ་བ་མི་མངོན་པ་ལྟ་བུའི་མགྱོགས་པས་ཡུད་ཙམ་གྱིས་སྐྱེད་མོས་ཚལ་ཡིད་དུ་འོང་བར་ཕྱིན་ནས། གླང་པཽ་འང་ལྷའི་ལུས་སུ་སྤྲུལ་ཞིང་ཐམས་ཅད་འདོད་པའི་ཡོན་ཏན་ལ་ལོངས་སྤྱོད་པར་གསུང་ངོ༌། །དེ་བས་ཀྱང་གོང་མ་གོང་མ་རྣམས་འདོད་ཡོན་གྱི་བདེ་བ་ལྷག་པར་ཡོད་ལ། དགའ་ལྡན་པ་ནི་ས་བཅུའི་དབང་ཕྱུག་གི་དྲུང་ན་རྟག་ཏུ་ཐེག་པ་ཆེན་པོའི་ཆོས་ལ་སྤྱོད་པས་ཀྱང་ལྷག་ཅིང་དེར་འགྲོ་བར་འདོད་པས་ནི། དམ་པའི་ཆོས་ལ་འབད་པར་རིགས་ཏེ། དྲན་པ་ཉེར་བཞག་ཏུ། ཐོས་པ་མང་དང་ཆོས་འཛིན་དང༌། །ཤེས་རབ་ལྡན་ཞིང་ཐར་པ་འདོད། །ཡོན་ཏན་རྣམས་ལ་དགའ་བའི་མི། །དེ་རྣམས་དགའ་ལྡན་ཉེ་བར་འགྲོ། །ཞེས་པ་ལྟར་རོ། །

ཁམས་ཀྱི་གོང་མ་དག་ནི་འདོད་ཡོན་གྱི་བདེ་བ་ལ། འདོད་ཆགས་དང་བྲལ་ནས། ཏིང་ངེ་འཛིན་ལ་མཉམ་པར་བཞག་པའི་བདེ་བ་ཕུན་སུམ་ཚོགས་པ་དང་ལྡན་པ་སྟེ། དེ་ཡང་ས་སྡེར། གཟུགས་ཁམས་བསམ་གཏན་བཞི་པོ་རྣམས་སུ་བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པ་དག་པ་དང༌། ཞི་བའི་བདེ་བ་མི་གཡོ་བ་ཅན་མྱོང་བ་དང༌། གཟུགས་མེད་པ་རྣམས་སུ་ཞི་བ་དང༌། རྣམ་པར་ཐར་པའི་བདེ་བ་ཁྱད་པར་ཅན་མྱོང་བར་གསུངས་སོ། །

ཁ་ཟས་ཀྱི་ལོངས་སྤྱོད་ལ།

ས་སྡེར། དམྱལ་བ་ནི་རླུང་རྒྱུ་བའི་ཁ་ཟས་ཕྲ་བས་གནས་པར་གསུངས་ཤིང༌། ཐུ་ལུམ་དང་ཟངས་ཞུན་དག་ཀྱང་བཀྲེས་པ་དང༌། སྐོམ་པ་སེལ་བའི་ཁ་ཟས་ཡིན་ལ། ཉེ་ཚེ་བ་རྣམས་ལ་ཁ་ཟས་མི་དང་འདྲ་བར་ཡོད་པར་ཡང་བཤད་དོ། །ཡི་དྭགས་དང་དུད་འགྲོ་དང་མི་རྣམས་ནི་ཁ་ཟས་རགས་པས་འཚོ་ཞིང༌། བསྐལ་པ་དང་པོའི་མི་དང༌། མེར་མེར་པོ་ལ་སོགས་པའི་སེམས་ཅན་དང༌། བར་དོ་དང་ལྷ་རྣམས་ནི་ཁ་ཟས་ཕྲ་བས་འཚོ་ལ། ཁམས་གོང་མ་དག་ནི་ཁ་ཟས་ལ་འདོད་ཆགས་དང་བྲལ་བའོ། །

འཁྲིག་པའི་ལོངས་སྤྱོད་ནི། དམྱལ་བ་ན་སྡུག་བསྔལ་དྲག་པོ་རྒྱུན་དུ་འབྱུང་བས་མེད་ལ། ཡི་དྭགས་དང་དུད་འགྲོ་དང་མི་རྣམས་ལ་ཡོད་ཅིང་ཁུ་བ་འཕོ་བ་ཡང་ཡོད་པའོ། །འདོད་ལྷ་རྣམས་ལ། གཉིས་གཉིས་འཁྱུད་དང་ལག་བཅིངས་དང༌། །རྒོད་དང་ལྟ་བས་འཁྲིག་པ་ཡིན། །ཞེས་པ་ལྟར་དང་པོ། [རིགས་བཞི་པ་རྩ་གསུམ་པ།] གཉིས་ན་གཉིས་གཉིས་སྤྲོད་པ་དང༌། གོང་མ་བཞིན་རིམ་པ་ལྟར་[མཐའ་བྲལ་ན་]འཁྱུད་པ་དང༌། [དགའ་ལྡན་ན་]ལག་པ་ནས་འཛིན་པ་དང༌། [འཕྲུལ་དགའ་ན་]རྒོད་པ་དང༌། [གཞན་འཕྲུལ་དབང་བྱེད་ན་]མིག་ཚུགས་སུ་བལྟ་བའི་འཁྲིག་པ་ཡོད་དེ། ཁུ་བ་འབྱུང་བ་ནི། མེད་ཅིང་མཚན་གྱི་སྒོ་ནས་རླུང་ཉེ་ཚེ་བྱུང་བའི་གདུང་བ་དང་བྲལ་བར་བྱེད་དོ། །གླིང་གསུམ་དང་ཡི་དྭགས་རྫུ་འཕྲུལ་ཆེ་བ་དང༌། འདོད་ལྷ་འོག་མ་བཞི་ལ་བག་མ་གཏོང་ལེན་དང༌། ཆུང་མ་འཆང་བ་ཡོད་ཅིང༌། སྒྲ་མི་སྙན་པ་དང་གོང་མ་གཉིས་ན་མེད་ཅིང༌། ལྷ་མོ་རྣམས་ཀྱིས་ཕྲག་པའམ། པང་པར་རྫུས་ཏེ་སྐྱེས་པ་ལ་ཕ་མའི་ཐ་སྙད་བྱེད་དོ། །དེ་ཡང་འདོད་ལྷ་དྲུག་ཏུ་རིམ་པ་ལྟ[རིས་བཞི་པ]ར་བྱིས་པ་ལོ་ལྔ་ལོན་པ་ནས་ལོ་བཅུ་པ[གཞན་འཕྲུལ་དབང་བྱེད་པ]འི་བར་གྱི་བོང་ཚོད་དུ་སྐྱེ་ལ། གཟུགས་ཁམས་ཡན་ཆད་འཁྲིག་པ་ལ་འདོད་ཆགས་དང་བྲལ་ཞིང༌། ལུས་ཡོངས་སུ་རྫོགས་པ་གོས་དང་བཅས་པ་སྐྱེ་སྟེ། བྱིས་པ་ལོ་ལྔ་པ་ནས་ལོ་བཅུ་ལོན་པ་ལྟར་བུའི་བར། དེ་དག་ཏུ་སྐྱེ་གཟུགས་ཅན་རྣམས། ཀུན་རྫོབ་གོས་དང་བཅས་པ་ཉིད། །ཅེས་པ་ལྟར་རོ། །འདོད་ཁམས་པ་ནི། ངོ་ཚ་ཁྲེལ་ཡོད་ཤས་ཆུང་བས་ཕལ་ཆེར་གཅེར་བུ་སྐྱེ་ཞིང་རྒྱལ་བུ་དོན་འགྲུབ་དང་ཁྱེའུ་གསེར་མདོག་ལ་སོགས་པ་གོས་དང་བཅས་པ་སྐྱེ་བའང་ཡོད་ལ། བརྒྱ་བྱིན་ནི་ལུས་ཡོངས་སུ་རྫོགས་པར་སྐྱེ་བས། སྔ་ཕྱི་བརྗེ་བའང་མི་ཤེས་ཏེ། འདོད་ལྷ་གཞན་རྣམས་ཀྱང་ལུས་མྱུར་དུ་རྫོགས་པར་འགྱུར་རོ། །

སྐྱེ་ཚུལ་གྱིས་གཏན་ལ་དབབ་པ་ནི།

འདོད་པ་སྐྱེ་བ་གསུམ་པོ་ནི། །འདོད་པའི་ལྷ་དང་མིར་བཅས་རྣམས། །བདེ་བ་སྐྱེ་བ་གསུམ་པོ་ནི། །བསམ་གཏན་གསུམ་ལས་ས་དགུ་ཡིན། །ཞེས་པ་ལྟར་མི་དང་འདོད་ལྷ་དང་པོ་བཞི་འདོད་པ་[གྲུབ་ཟིན་]ཉེ་བར་བྱས་པ་ལ་དབང་བྱེད་པས་སྐྱེ་བ་དང༌། འཕྲུལ་དགའ་བ་འདོད་པ་རང་གི་སྤྲུལ་པ་ལ་དབང་བྱེད་པའི་སྐྱེ་བ་དང༌། གཞན་འཕྲུལ་དབང་བྱེད་པ། འདོད་པ་གཞན་གྱིས་སྤྲུལ་པ་ལ་དབང་བྱེད་པའི་སྐྱེ་བ་སྟེ་འདོད་པའི་སྐྱེ་བ་གསུམ་དང༌། བསམ་གཏན་དང་པོ་ན་དབེན་པ་ལས་སྐྱེས་པའི་བདེ་བ་ཅན་དང༌། གཉིས་པ་ན་ཏིང་ངེ་འཛིན་ལས་སྐྱེས་པའི་བདེ་བ་ཅན་དང༌། གསུམ་པ་ན་དགའ་བ་མེད་པའི་བདེ་བ་ཅན་གྱི་སྐྱེ་བ་སྟེ་བདེ་བའི་སྐྱེ་བ་གསུམ་ལ་གནས་གཞན་གསུམ་གསུམ་དུ་ཕྱེ་བས་དགུའོ། །གཞན་ཡང༌། དེར་ནི་སྒོ་ང་ལས་སྐྱེས་སོགས། །སེམས་ཅན་སྐྱེ་གནས་བཞི་དག་ཏུ། །མི་དང་དུད་འགྲོ་རྣམ་པ་བཞི། །དམྱལ་བ་རྣམས་དང་ལྷ་རྣམས་དང༌། །སྲིད་པ་བར་མ་རྫུས་ཏེ་སྐྱེ། །ཡི་དྭགས་མངལ་ནས་སྐྱེ་བའང་ཡིན། །ཞེས་པ་ལྟར་སེམས་ཅན་ཐམས་ཅད་སྐྱེ་གནས་གཞིས་བསྡུས་ཤིང༌། མི་དང་དུད་འགྲོ་གཉིས་ལ་བཞི་ཀ་ཚང་བར་ཡོད་དོ། །མི་སྒོ་ང་ལས་སྐྱེས་པ་ནི། ཁྲུང་ཁྲུང་མོ་ལས་སྐྱེ་བ་གནས་བརྟན་བྲག་དང་ཉེ་བའི་བྲག་དང༌། རི་དྭགས་འཛིན་མའི་བུ་སུམ་ཅུ་རྩ་གཉིས་དང༌། རྒྱལ་པོ་ལྔ་ལེན་གྱི་བུ་ལྔ་བརྒྱ་ལྟ་བུ་ཡིན་ཞིང༌། དྲོད་གཤེར་ལས་སྐྱེས་པ་ནི། རྒྱལ་པོ་གསོ་སྤྱོང་འཕགས་ཀྱི་སྤྱི་བོ་ནས་ང་ལས་ནུ་དང༌། དེའི་བརླ་གཡས་པ་ལས་མཛེས་པ་དང༌། གཡོན་པ་ལས་ཉེར་མཛེས་དང༌། ཆུ་ཤིང་གི་སྡོང་པོ་ལས་ཨ་མྲ་སྐྱོང་མ་སྐྱེས་པ་ལྟ་བུ་ཡིན་ལ། རྫུས་སྐྱེས་ནི་བསྐལ་པ་དང་པོའི་མི་ལྟ་བུའོ། །དུད་འགྲོ་ཅི་རིགས་ལའང༌། སྐྱེ་གནས་བཞི་ཀ་ཡོད་ཅིང༌། ཁྱད་པར་ཀླུ་དང་ནམ་མཁའ་ལྡིང་ལྟ་བུ་རེ་རེ་ལའང་ཚང་བར་ཡོད་དོ། །གདགས་པར། ནམ་མཁའ་ལྡིང་རྫུས་སྐྱེས་ཀྱིས་ཀླུ་སྐྱེ་གནས་བཞི་ཀ་དང༌། དྲོད་གཤེར་ལས་སྐྱེས་ཀྱྀས་རྫུས་སྐྱེས་མ་གཏོགས་པ་གསུམ་དང༌། མངལ་སྐྱེས་ཀྱི་མངལ་སྐྱེས་སྒོང་སྐྱེས་གཉིས་དང༌། སྒོང་སྐྱེས་ཀྱིས་སྒོང་སྐྱེས་ཁོ་ནར་ཟ་བར་བཤད་པ་ལྟ་བུའོ། །རྫུས་སྐྱེས་ལ་རོ་མེད་ཀྱང་མ་ཤེས་པར་བཟའ་པའི་ཆེད་དུ་འདྲེན་པ་ཡང་ཡོད་དེ་མ་ཤི་བར་དུ་ཟ་བའོ། །དམྱལ་བ་དང་ལྷ་དང་བར་དོ་ཐམས་ཅད་རྫུས་སྐྱེས་ཡིན་ལ། ཡི་དྭགས་ཀྱང་ཕལ་ཆེར་རྫུས་སྐྱེས་ཡིན་ཞིང༌། མངའ་སྐྱེས་ཀྱང་ཡོད་དེ། མོའུ་འགལ་གྱི་བུ་ལ་ཡི་དྭགས་མོས་སྨྲས་པ། བདག་གིས་མཚན་མོ་བུ་ལྔ་དང༌། །དེ་བཞིན་ཉིན་མོ་བུ་ལྔ་དག །བསྐྱེད་ནས་དེ་དག་ཟ་མོད་ཀྱི། །འོན་ཀྱང་བདག་ནི་ཚིམ་པ་མེད། །ཅེས་པ་ལྟར། སྒོང་སྐྱེས་དང༌། མངལ་སྐྱེས་དང༌། དྲོད་གཤེར་སྐྱེས་དང༌། རྫུས་སྐྱེས་རྣམས་ནི་སྐྱེ་བར་རང་གི་ཕྱོགས་ནས་སྡུག་བསྔལ་ཆུང་བས་རིམ་པ་ལྟར་སྐྱེ་ཚུལ་ཕྱི་མ་བཟང་ཞིང༌། ཁྱད་པར་རྫུས་སྐྱེས་ལ་བརྟེན་པ་ནི་མང་བར་ཡང་གནས་སོ། །དེ་ལྟར་ཡིན་ཡང་གཞོན་ནུ་དོན་ཐམས་ཅད་གྲུབ་པ་ལྟ་བུ་ཡང་མངལ་སྐྱེས་ལ་བརྟེན་པ་ནི་ཉེ་དུའི་འབྲེལ་བའི་ཤཱཀྱའི་རིགས་ཆེན་པོ་ཆོས་ལ་གཟུང་བའི་ཕྱིར་དང༌། འདི་འཁོར་ལོས་སྒྱུར་བའི་རིགས་ཡིན་ནོ། །ཞེས་རིམ་གྲོ་བསྐྱེད་དུ་གཞུག་པའི་ཕྱིར་དང༌། མིར་གྱུར་བས་ཀྱང་གྲུབ་པ་འདི་ཐོབ་བོ། །ཞེས་གདུལ་བྱ་རྣམས་སྤྲོ་བ་བསྐྱེད་པའི་ཕྱིར་དང༌། མུ་སྟེགས་པའི་གཞུང་ལས། སྒྱུ་མ་མཁས་གྱི་སྒྱུ་མས་འཇིག་རྟེན་ཐམས་ཅད་བསླུ་བར་འགྱུར་རོ། །ཞེས་འབྱུང་བས། དེ་ལྟར་བུར་དོགས་པ་སྤང་བའི་ཕྱིར་དང༌། སྐུ་གདུང་རིང་བསྲེལ་གྱིས་ཀྱང་སེམས་ཅན་དཔག་ཏུ་མེད་པ་མཐོ་རིས་དང་ཐར་པ་ལ་དགོད་པར་བྱ་བའི་ཕྱིར་རོ། །

ལུས་ཀྱིས་གཏན་ལ་དབབ་པ་ནི།

ལུས་ཐོབ་པ་འཆི་འཕོ་ཚུལ་གྱི་སྒོ་ནས་བྱེ་ན་མུ་བཞི་སྟེ། དེ་ཡང་ལུས་ཐོབ་པ་གང་རང་གི་སེམས་ཀྱིས་འཆི་འཕོ་ཡི་གཞན་གྱི་སེམས་ཀྱིས་མ་ཡིན་པ་འདོད་པའི་ལྷ་རྩེད་མོས་མྱོས་པ་དང༌། ཡིད་འཁྲུག་པར་བྱེད་པ་དང༌། གཞན་གྱི་སེམས་ཀྱིས་འཆི་འཕོ་ཡི་རང་གིས་མ་ཡིན་པ་མངལ་ན་གནས་པ་དང༌། སྒོ་ང་ན་གནས་པ་རྣམས་དང༌། རང་གི་སེམས་དང་གཞན་གྱི་སེམས་གཉིས་ཀའི་རྐྱེན་གྱིས་འཆི་འཕོ་བ་འདོད་པའི་ཁམས་སུ་སྐྱེས་ཤིང༌། དབང་པོ་རྫོགས་པ་ཕལ་ཆེ་བ་རྣམས་དང༌། རང་གཞན་གཉིས་ཀའི་སེམས་ཀྱིས་མ་ཡིན་པར་འཆི་འཕོ་བ་གཟུགས་དང་གཟུགས་མེད་པའི་ལྷ་རྣམས་དང༌། དམྱལ་བ་དང༌། ཡི་དྭགས་དང༌། རྒྱལ་བས་བཏང་བའི་ཕོ་ཉ་བ་དང༌། མཐོང་ལམ་པ་དང༌། འགོག་པ་དང༌། བྱམས་པ་དང༌། ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་དང༌། བར་དོ་དང༌། སྔར་དུས་མིན་དུ་མི་འཆི་བར་བཤད་པ་རྣམས་སོ། །

རྒྱུན་རྐྱེན་གྱིས་གཏན་ལ་དབབ་པ་ནི།

མདོར་བསྡུས་ན་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རང་བཞིན་འོད་གསལ་བ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ཡང༌། གློ་བུར་གྱི་དྲི་མ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལ་སོགས་པའི་རྣམ་པར་རྟོག་པའི་དབང་གིས་ཉོན་མོངས་པ་འབྱུང༌། དེས་ཀུན་ནས་བསླང་བའི་ལས་ཟག་པ་དང་བཅས་པ་སྤྱད་པ་ལས། འཁོར་བའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་གྲུབ་པ་སྟེ། རྒྱུད་བླ་མར། ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །སེམས་ཀྱི་རང་བཞིན་ལ་གནས་ཏེ། །ཚུལ་བཞིན་མ་ཡིན་ཡིད་བྱེད་ཀྱིས། །ལས་དང་ཉོན་མོངས་རབ་ཏུ་ཕྱེ། །ལས་དང་ཉོན་མོངས་ཆུ་ལས་ནི། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་འབྱུང༌། །ཞེས་པ་ལྟར་རོ། །དེ་ཡང་ལས་མི་དགེ་བ་སྤྱད་པ་ལས། ངན་འགྲོའི་ཕུང་པོ་སོགས་འགྲུབ་ཅིང༌། །དགེ་བ་སྤྱད་པ་ལས་བདེ་འགྲོའི་ཕུང་པོ་སོགས་འགྲུབ་སྟེ། རིན་ཆེན་ཕྲེང་བར། མི་དགེ་བ་ལས་སྡུག་བསྔལ་ཀུན། །དེ་བཞིན་ངན་འགྲོ་ཐམས་ཅད་དེ། །དགེ་ལས་བདེ་འགྲོ་ཐམས་ཅད་དང༌། །རྣམ་པ་ཀུན་ཏུ་བདེ་བ་དག །ཅེས་པ་ལྟར་རོ། །དེ་བས་ན་སྡུག་བསྔལ་སྤང་བར་འདོད་པ་རྣམས་ཀྱིས་ནི། སྡིག་པ་མི་དགེ་བར་འགྱུར་བ་མཐའ་དག་སྤང་བར་བྱ་སྟེ། སྤྱོད་འཇུག་ལས། སྡིག་པ་བྱེད་པ་བདེ་[བ་]འདོད་[ཅིང་དོན་དོན་དུ་གཉེར་]ཀྱང༌། །[འགྲོ་བ་]གང་དང་གང་དུ་འགྲོ་[བར་]འགྱུར་བ[འི་སྐྱེ་གནས]། །དེ་དང་དེར་ནི་སྡིག་པ་[བྱས་པ་]དེས། །སྡུག་བསྔལ་མཚོན་གྱིས་[གཅོད་པར་བྱེད་པས་ན་དོན་དུ་གཉེར་པའི་བདེ་འབྲས་]རྣམས་འཇོམས་[པར་]འགྱུར[རོ]། །ཞེས་གསུངས་པའི་ཕྱིར་རོ། །བདེ་བ་ལ་སྤྱད་པར་འདོད་པ་རྣམས་ཀྱིས་ནི། དགེ་བའི་རྩ་བ་ལ་ཅི་ནུས་སུ་འབད་པར་བྱ་སྟེ། ཡིད་ལ་བསམ་པའི་དགེ་[བ་སྟེ་བསོད་ནམས་]བྱས་པས། །[ཁམས་གསུམ་]གང་དང་གང་དུ་འགྲོ་[བར་]འགྱུར་བ། །དེ་དང་དེར་ནི་དགེ་བ་[སྟེ་བསོད་ནམས་ཀྱི་ལས་]དེས། །[མངོན་པར་འདོད་པའི་]འབྲས་བུ[ཐོབ་པར་བྱེད་པ]འི་ཡོན་གྱིས་[ཏེ་བདེ་བས་]མངོན་[པར་]མཆོད་འགྱུར[ཏེ]། །ཅེས་གསུངས་པའོ།། །།

༈ གཉིས་པ་ཀུན་འབྱུང་བདེན་པ་ནི།

གང་ལས་སྡུག་བསྔལ་ཀུན་འབྱུང་བའི་གཞིར་གྱུར་པའི་ཕྱིར་ཀུན་འབྱུང་ཞེས་བྱ་ལ། དེ་ལ་ཉོན་མོངས་པ་དང༌། དེའི་དབང་གིས་འབྱུང་བའི་ལས་གཉིས། དང་པོ་ལ། རྒྱུ་ངོ་བོ་རྣམ་པའི་རབ་ཏུ་དབྱེ་བ་གསུམ་ལས། དང་པོ་ནི། མཛོད་དུ། ཕྲ་རྒྱས་སྤངས་པ་མ་ཡིན་དང༌། །ཡུལ་ནི་ཉེ་བར་གྱུར་པ་དང༌། །ཚུལ་བཞི་མ་ཡིན་ཡིད་བྱེད་ལས། །ཉོན་མོངས་སྐྱེ་བར་འགྱུར་བ་ཡིན། །ཞེས་གསུངས་པ་ལྟར། རིགས་ཕྲ་མོ་ལས་རྣམ་སྨིན་རྒྱས་པར་འགྱུར་བའི་ཕྱིར་ས་བོན་ནི་ཕྲ་རྒྱས་ཏེ། ཉོན་མོངས་པ་གང་ཡིན་ཀྱང་རང་རང་གི་ཕྲ་རྒྱས་སྤངས་པ་མ་ཡིན་པ་[འདོད་ཆགས་ཀྱི་ཆགས་ཡུལ་ལྟ་བུ་]དམིགས་པའི་རྐྱེན་གྱི་ཡུལ་ཉེ་བར་གནས་པར་གྱུར་པ། ཡུལ་ལ་སྤྱོད་འདོད་ལྟ་བུ་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་གསུམ་ལས་ཉོན་མོངས་པ་འདོད་ཆགས་ལ་སོགས་པ་སྐྱེ་བར་འགྱུར་བ་ལྟ་བུས་མཚོན་པ་རྣམས་ཡིན་ནོ། །

གཉིས་པ་ངོ་བོ་ནི།

ཉོན་མོངས་པ་དེ་སེམས་རྒྱུད་གང་ལ་བྱུང་བ་ན། སེམས་རྒྱུད་རབ་ཏུ་མ་ཞི་བར་བྱེད་པའི་མཚན་ཉིད་ཅན་ནོ། །

གསུམ་པ་རྣམ་པའི་རབ་དབྱེ་ནི། རྩ་བའི་ཉོན་མོངས་པ་དྲུག །དེའི་ལྟ་བ་ལ་ལྔར་ཕྱེ་བས་བཅུ། རྩ་ཉོན་ལྟར་ཉོན་མོངས་པར་མི་བྱེད་ཀྱང་དེ་དང་ཉེ་བར་ཉོན་མོངས་པར་བྱེད་པའི་དོན་ཅན་གྱི་ཉེ་ཉོན་ཉི་ཤུའོ། །སྤྱིར་ཉོན་མོངས་པ་ཐམས་ཅད་སྡུག་བསྔལ་ཀུན་འབྱུང་བའི་རྒྱུ་ཡིན་ཀྱང༌། འཁོར་བའི་རྒྱུའི་གཙོ་བོའམ་རྩ་བར་གྱུར་པའི་ཀུན་འབྱུང་ནི་མ་རིག་པའོ། །འོ་ན་ཆོས་མངོན་པ་སོགས་ནས་ཀུན་འབྱུང་སྲིད་པ་ལ་བཤད་པ་ཅི་ཞེ་ན། སྲིད་པས་ནི་ཡང་སྲིད་དེ་མ་ཐག་ཏུ་འཕེན་པར་བྱེད་པ་དང༌། འཁོར་བར་ཉིང་མཚམས་སྦྱཽར་བའི་རྒྱུའི་གཙོ་བོར་གྱུར་པའི་ཕྱིར་དེ་སྐད་དུ་བཤད་དེ། རྣམ་འགྲེལ་ལས། མི་ཤེས་[པ་སྟེ་མ་རིག་པ་དེ་]སྲིད་པའི་[ཡང་]རྒྱུ་[ཀུན་འབྱུང་] ཡིན་ཀྱང༌། །[མ་རིག་པ་ཀུན་འབྱུང་]མ་བརྗོད་[པར་]སྲེད་པ་ཉིད་[ཀུན་འབྱུང་]བཤད་པ[ཅི་ཞེ་ན]། །རྒྱུ་ནི་འཕེན་པར་བྱེད་ཕྱིར་དང༌། །དེ་མ་ཐག་ཕྱིར་ལས་ཀྱང་ཡིན། །ཞེས་གསུངས་སོ། །དེ་ཡང་བླང་དོར་གྱི་གནས་ལ་ཤིན་ཏུ་གལ་ཆེ་བར་དགོངས་ནས། ཀུན་ཏུ་སྦྱོར་བ་དགུ་གསུངས་སོ། །དེ་ལྟར་ཡང༌། དབུས་དང་མཐའ་རྣམ་པར་འབྱེད་པ་ལས། སྐྱོ་བ་དང་ནི་བཏང་སྙོམས་དང༌། །དེ་ཁོ་ན་ཉིད་མཐོང་ལ་སྟེ། །འཇིག་ཚོགས་ལྟ་དང་དེ་གཞི་དང༌། །འགོག་དང་ལམ་དང་དཀོན་མཆོག་དང༌། །རྙེད་པ་དང་ནི་བཀུར་བསྟི་དང༌། །ཡོ་བྱད་སྙུང་བས་ཡོངས་ཤེས་ལའོ། །ཞེས་གསུངས་སོ། །དེ་ཡང་འཁོར་བ་ལ་ཡིད་ངེས་པར་འབྱུང་བའི་སྐྱོ་ཤེས་དང༌། སྡུག་བསྔལ་གྱི་རྒྱུ་ལ་ཡིད་ལ་མི་འཐད་པའི་ཞེ་བརྣག་ཅིང་རྒྱུ་བ་སྤངས་པའི་བཏང་སྙོམས་དང༌། དེ་ཁོ་ན་ཉིད་ལ་སེམས་མ་འཁྲུལ་བར་གནས་པ་དང༌། དཀོན་མཆོག་ལ་ཡིད་ཆེས་པའི་དད་པ་དང༌། རྙེད་པ་དང་བཀུར་བསྟི་ལ་མི་སྲེད་པ་དང༌། ཡོ་བྱད་ལ་མ་ཆགས་པ་རྣམས་འཇོམས་པར་གྱུར་ན། འཁོར་བ་ལས་ངེས་པར་འབྱུང་བ་ཞི་བའི་གནས་བདེ་བླག་ཏུ་ཐོབ་པར་འགྱུར་བ་ལས། དེ་རྣམས་ལ་སྒྲིབ་པ་ནི་ཀུན་ཏུ་སྦྱོར་བ་དགུ་སྟེ། སྐྱོ་བ་ལ་སྒྲིབ་པ་རྗེས་ཆགས་ཀྱི་ཀུན་སྦྱོར་དང༌། བཏང་སྙོམས་ལ་སྒྲིབ་པ་ཁོང་ཁྲོའི་ཀུན་སྦྱོར་དང༌། འཇིག་ཚོགས་ལྟ་བ་ཤེས་པ་ལ་སྒྲིབ་པ་ང་རྒྱལ་ཀྱི་ཀུན་སྦྱོར་དང༌། འཇིག་ལྟའི་གཞི་ཕུང་པོ་ཤེས་པ་ལ་སྒྲིབ་པ་མ་རིག་པའི་ཀུན་སྦྱོར་དང༌། འགོག་བདེན་ཤེས་པ་ལ་སྒྲིབ་པ་ལྟ་བའི་ཀུན་སྦྱོར་དང༌། ལམ་བདེན་ཤེས་པ་ལ་སྒྲིབ་པ་མཆོག་འཛིན་གྱི་ཀུན་སྦྱོར་དང༌། དཀོན་མཆོག་གི་ཡོན་ཏན་ཤེས་པ་ལ་སྒྲིབ་པ་ཐེ་ཚོམ་གྱི་ཀུན་སྦྱོར་དང༌། སྙེད་བཀུར་གྱི་ཉེས་དམིགས་ཤེས་པ་ལ་སྒྲིབ་པ་ཕྲག་དོག་གི་ཀུན་སྦྱོར་དང༌། ཡོ་བྱད་སྙུང་བའི་ཕན་ཡོན་ཤེས་པ་ལ་སྒྲིབ་པ་སེར་སྣའི་ཀུན་སྦྱོར་རོ། །དེ་ལ་རྗེས་ཆགས་ནི་ཁམས་གསུམ་གྱི་ལུས་དང་ལོངས་སྤྱོད་དང༌། ཚོར་བ་ལ་ཆགས་པའི་འདོད་ཆགས་ཏེ། འདི་ཡོད་ན་ཆགས་པའི་དབང་གིས་འཁོར་བ་ལ་ཡིད་མི་འབྱུང་ཞིང༌། མྱ་ངན་ལས་འདས་པ་མི་འཚོལ། ལམ་ལ་འཇུག་པ་ལ་བར་དུ་གཅོད་པར་བྱེད། ང་རྒྱལ་ལ་སོགས་པ་ཉོན་མོངས་པ་གཞན་ཡང་སྐྱེད། འགྲོ་བ་དྲུག་ཏུ་ཉིང་འཚམས་སྦྱོར་བའི་བྱ་བ་དངོས་སུ་བྱེད། དོན་དམ་པའི་ཐབས་ལ་ལྟོས་པའི་དགེ་བ་ལ་མི་སྦྱོར། མི་དགེ་བ་ལ་སྦྱོར་བའོ། །དེའི་དགེ་བ་ནི། ཟག་མེད་འབའ་ཞིག་ཡིན་ལ། དེའི་མི་དགེ་བ་ནི་ཟག་བཅས་ཀྱི་ལས་ཐམས་ཅད་ཡིན་ནོ། །ཁོང་ཁྲོ་ནི་གནོད་བྱེད་སེམས་ཅན་ཡིན་ཡང་རུང༌། གནོད་པ་ཚོར་བ། སྡུག་བསྔལ་ཉིད་ཡིན་ཡང་རུང༌། གནོད་པ་འབྱུང་བའི་གནས་མཚོན་ཆ་དང་སྒྲ་མི་སྙན་པ་དང༌། གྲང་དྲོ་ལ་སོགས་པ་ཡིན་ཡང་རུང༌། དེ་རྣམས་ཡིད་ཡུལ་དུ་མི་བདེ་ཞིང༌། ཞེ་ལ་མི་སྡུག་པའི་མནར་སེམས་པ་ཡིན་ལ། དེ་ཡང་འདིས་བདག་ལ་གནོད་པ་བྱས་སོ་བྱེད་བཞིན་པའོ། །བྱེད་པར་འགྱུར་བའོ། །བདག་གི་མཛའ་བ་ཤེས་སོགས་ལ་གནོད་པ་བྱས་སོ། །བྱེད་དེ་བྱེད་པར་འགྱུར་རོ། །བདག་གི་དགྲ་ལ་ཕན་བཏགས་སོ། །འདོགས་སོ། །འདོགས་པར་འགྱུར་རོ། །ཞེས་མནར་སེམས་ཀྱི་རྒྱུ་དགུ་ལས་འབྱུང་བའི་གནོད་སེམས་མི་འདོར་ཞིང༌། ཕར་ལ་གནོད་པ་བྱེད་འདོད་ཅིང༌། ཕར་ལ་གནོད་པ་བྱེད་འདོད་པ་ལ་སོགས་པས་ཟག་བཅས་ཀྱི་ལས་ཀུན་ཏུ་སྦྱོར་ཞིང༌། རྟག་ཏུ་ལུས་སེམས་བདེ་བ་མེད་པར་བྱེད་དེ། དེ་ལྟར་ཡང༌། ཞེ་སྡང་ཟུག་ངུའི་སེམས་འཆང་ན། །ཡིད་ནི་ཞི་བ་ཉམས་མི་མྱོང༌། །དགའ་དང་བདེ་བའང་མི་ཐོབ་ལ། །གཉིད་མི་འོང་ཞིང་བརྟན་མེད་འགྱུར། །ཞེས་སོ། །ང་རྒྱལ་ནི། ཕ་རོལ་མཆོག་དམན་འབྲིང་གསུམ་གང་ཡང་རུང་བ་ལ་བལྟས་ནས་རང་གི་གནས་ལུས་ལོངས་སྤྱོད་ཡོན་ཏན་སོགས་ལ་བཟང་པོར་འཛིན་ཅིང༌། ཕ་རོལ་ལས་མཆོག་གམ་མཉམ་པར་ལྟ་བ་ལ་སོགས་པའི་སྒོ་ནས་སེམས་ཁེངས་པ་སྟེ། ང་རྒྱལ་དེ་ཡང་རྣམ་པ་བདུན་ལ་སོགས་པའི་དབྱེ་བ་ཅན་ནོ། །དེ་ཡོད་ན་བདག་དང་བདག་གིར་ལྟ་བའི་ཉེས་དམིགས་མི་ཤེས། གཞན་ཁྱད་པར་དུ་གསོད་པ་ལ་སོགས་པར་འགྱུར། ཡོན་ཏན་གོང་ནས་གོང་དུ་འཕེལ་བར་མི་འགྱུར་ཞིང་དམ་པ་ལ་འདུད་པར་མི་བྱེད་ལ། ཟག་བཅས་ཀྱི་ལས་ལ་སྦྱོར་བ་ཡིན་ནོ་དེ་ལྟར་ཡང༌། ངན་འགྲོར་ང་རྒྱལ་གྱིས་འཁྲིད་ཅིང༌། །མི་ཡི་དགའ་སྟོན་བཅོམ་པ་དང༌། །གཞན་གྱི་ཟས་ཟའི་བྲན་དང་ནི། །གླེན་པ་མི་སྡུག་ཉམ་ཆུང་དང༌། །ཐམས་ཅད་དུ་ནི་བསྙས་པར་འགྱུར། །ཞེས་སོ། །མ་རིག་པ་ནི་ཤེས་བྱའི་ཁྱད་པར་འགའ་ཞིག་མི་ཤེས་པ་ཙམ་ནི། ཉོན་མོངས་ཅན་མ་ཡིན་ལ། འདི་ནི་རིག་པ་ཡེ་ཤེས་ཀྱི་མི་མཐུན་ཕྱོགས་ཡིན་པས། ལས་འབྲས་དང་དཀོན་མཆོག་སོགས་བདེན་པ་བཞིའི་གནས་ལུགས་ལ་ཀུན་ཏུ་རྨོངས་པ་སྟེ། འདི་ལས་ཕྱིན་ཅི་ལོག་བཞི་སོགས་དང༌། ཉོན་མོངས་གཞན་ཐམས་ཅད་ཀྱང་འབྱུང་བ་ཡིན་ཏེ། ཇི་སྐད་དུ། དེ་ཉིད་ཕྱྀར་ན་ཉེས་རྣམས་ཀྱི། །རྒྱུ་ནི་གཏི་མུག་ཡིན་པར་གསུངས། །ཞེས་སོ། །གཞན་ཡང་སྡིག་པ་ལ་ཉེས་དམིགས་ཡོད་པར་མ་ཤེས་པས་དེ་ལ་འཇུག །དགེ་བ་ཕན་ཡོན་ཅན་དུ་མ་ཤེས་པས་དེ་ལ་འཇུག་པར་མི་འདོད། དཀོན་མཆོག་གི་ཡོན་ཏན་མ་ཤེས་པས་དང་བའི་དད་པ་མི་སྐྱེ། གསུང་རབ་ཆོས་ཀྱི་འཐད་པ་མགོ་བས་ཆོས་ནས་བཤད་པ་ལ་ཡིད་མི་ཆེས། ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་སོགས་ཀྱི་ཕན་ཡོན་མ་ཤེས་པས་ལམ་ལ་སློབ་པའི་འདུན་པ་མི་འབྱུང༌། མ་ཤེས་ཤིང་རྨོངས་པས་ཐེ་ཚོམ་དང་ཡིད་གཉིས་ཟ། ཆགས་པར་མི་འོས་པ་ལ་ནི་ཆགས། སྡང་བར་མི་འོས་པ་ལ་ནི་སྡང༌། སྐྱོན་ལ་ནི་བཟང་པོར་རློམ། དོགས་པ་མི་དགོས་པ་ལ་ནི་དོགས། ཕན་པ་ལ་ནི་གནོད་པར་གོ །གནོད་པ་ལ་ནི་མཆོག་ཏུ་འཛིན། ལྟ་བ་ངན་པ་ཐམས་ཅད་ཀྱང༌། མ་རིག་པ་ཁོ་ན་ལས་བྱུང་བ་ཡིན་ནོ། །ལྟ་བ་ནི། ལྟ་བ་གསུམ་སྟེ། ཕུང་པོ་ལྔ་ལ་ངར་འཛིན་པ་དང༌། གནས་ལུས་ལོངས་སྤྱོད་ལ་ང་ཡིར་འཛིན་པ་ནི་འཇིག་ཚོགས་ལ་ལྟ་བ་དང༌། བདག་རྟག་པའམ་ཆད་པར་འཛིན་པ་ནྀ་མཐར་འཛིན་པའི་ལྟ་བ་དང༌། བདེན་བཞི་རྒྱུ་འབྲས་ལ་སྐུར་བ་འདེབས་པ་ལོག་པར་ལྟ་བའོ། །འཇིག་ལྟ་དང་མཐར་ལྟས་བདག་ཏུ་དམིགས་ནས་ཆགས་སྡང་ལ་སོགས་པ་ཉོན་མོངས་གཞན་ཐམས་ཅད་སྐྱེད་ཅིང༌། གལ་ཏེ་ཐར་པ་ཐོབ་པར་འདོད་ཀྱང་ལོག་པའི་ལམ་ཚོལ་ཞིང་དེ་ལ་ཞེན་པར་བྱེད་དོ། །ལོག་ལྟ་ལས་རྒྱུ་འབྲས་མཐའ་དག་ལ་སྐུར་བ་འདེབས་པ་ཡིན་ན་ནི། ནག་པོ་ཟངས་རྐྱང་དུ་འགྱུར་ལ། སངས་རྒྱས་པ་ལ་ཐར་པ་མེད་དོ་ཞེས་སེམས་པ་ལྟ་བུ་ཡང་བདེན་པ་ཕྱི་མ་གཉིས་ལ་སྐུར་བ་འདེབས་པ་ཡིན་ཞིང་ལོག་པའི་ལམ་ལས་ངེས་པར་འབྱུང་བ། ཚོལ་བར་འདོད་པ་ཡང་ཡིན་ནོ། །མཆོག་འཛིན་ནི། ལྟ་བ་ངན་པ་དང༌། ལྟ་བ་ངན་པ་བརྟེན་པའི་ཕུང་པོ་དང༌། དེ་སྟོན་པར་བྱེད་པ་པོ་རྣམས་མཆོག་ཏུ་རློན་པ་ནི། ལྟ་བ་མཆོག་འཛིན་དང༌། ཚུལ་ཁྲིམས་དང༌། བརྟུལ་ཞུགས་ངན་པས་གྲོལ་བར་འདོད་པ་ནི། ཚུལ་ཞུགས་མཆོག་འཛིན་ཏེ་ལོག་པའི་སྟོན་པ་དང༌། ལྟ་སྤྱོད་ལོག་པ་ལ་ཡིད་བརྟན་འཆའ་བས་ཐབས་ཕྱིན་ཅི་ལོག་ལ་མངོན་པར་ཞེན་པའོ། །ཐེ་ཚོམ་ནི། ས་ཕྱོགས་འདི་ན་ལྷ་ཡོད་དམ་མེད་སྙམ་པ་ལྟ་བུ། ཤེས་སྒྲིབ་ཁོ་ནས་བསྡུས་པའང་ཡོད་མོད་ཀྱི་འདིར་ནི་བདེན་བཞིའི་དོན་ལ་ཐེ་ཚོམ་ཟ་བ་སྟེ། ཐེ་ཚོམ་དང་ལྡན་པ་ཁོ་ནས་འདུན་པ་དང༌། ཡིད་ཆེས་མི་སྐྱེ་ལ། ཡང་དག་པའི་བླང་དོར་ལ་མི་འཇུག་པ་ཡིན་ནོ། །ཕྲག་དོག་ནི། རང་གི་རྙེད་པ་དང་བཀུར་བསྟི་ལ་ཡོངས་སུ་ཆགས་པའི་རྒྱུ་ལས། ཕ་རོལ་གྱི་ཕུན་སུམ་ཚོགས་པ་ལ་མི་བཟོད་ཅིང་སེམས་ཁོང་ནས་འཁྲུགས་པ་སྟེ། དེ་ཡོད་པས་བླང་དོར་གྱི་ཆོས་ལ་གཅེས་པར་མི་འཛིན། རང་གི་རྙེད་གྲགས་བཀུར་བསྟི་གསུམ་ཁོ་ན་ལ་གཙོ་བོར་འཛིན་ལ། སྡིག་པའི་ལས་མང་པོ་ལ་ཡང་སྦྱོར་བར་བྱེད་པ། འདི་ཞེ་སྡང་གི་ཆར་གཏོགས་པའོ། །སེར་སྣ་ནི། ཚོར་བ་བདེ་བའི་རྐྱེན་དུ་རློམ་པར་འདོད་པ། ཟས་ནོར་ཁང་ཁྱིམ་ཡུལ་ཕྱོགས་ལ་སོགས་པ། འདོད་པའི་ཡུལ་ལྔ་སྲིད་པའི་ཡོ་བྱད་རྣམས་ལ། སེམས་ཀྱིས་གཏོང་མི་བྲ་བར་ཀུན་ནས་དམ་པོར་འཛིན་པ་སྟེ། མི་མཁོ་བ་དང༌། ངན་ངོན་ཙམ་གྱི་ཡོ་བྱད་ཀྱང་གསོག་ཅིང་གཅེས་དཀྲིས་སུ་འཛིན་ན། མཁོ་བ་དང༌། བཟང་པོ་ལྟ་སྨོས་ཀྱང་ཅི་དགོས་ཏེ། མི་དགེ་བའི་ལས་དུ་མ་ཞིག་སྐྱེད་པར་བྱེད་པ་འདོད་ཆགས་ཀྱི་ཆར་གཏོགས་པའི་རྣམ་རྟོག་ཞིག་གོ །དེ་ཐམས་ཅད་ཀྱིས་ཀྱང་ཟག་བཅས་ཀྱི་ལས་ཀུན་ནས་སློང༌། ལས་ཀྱིས་སྐྱེ་བ་མངོན་པར་འགྲུབ་པར་བྱེད་པས་སྡུག་བསྔལ་ལ་ཀུན་ཏུ་སྦྱོར་བ་ཡིན་ནོ། །ཕྲག་དོག་དང་སེར་སྣ་འདི་གཉིས། ཉེ་བའི་ཉོན་མོངས་པ་ཡིན་ཀྱང༌། མི་དགེ་བའི་ལས་བྱེད་པ་ལ་སྟོབས་ཤིན་ཏུ་ཆེ་བའི་ཕྱིར། འདིར་རྩ་ཉོན་རྣམས་དང་མཚུངས་པར་བསྟན་པ་ཡིན་ཏེ། ཇི་སྐད། གང་ཕྱིར་གཉིས་ཀའང་གཅིག་ཏུ་ནི། །མི་དགེ་རང་དབང་དེ་ཡི་ཕྱིར། །ཕྲག་དོག་སེར་སྣ་དེ་དག་ལས། །ལོགས་ཤིག་ཀུན་སྦྱོར་གཉིས་སུ་བཤད། །ཅེས་སོ། །

ལྟ་བ་ངན་པ་ཞེས་པ་གཅིག་ཏུ་བཤད་པ་ལས།

གཉིས་སུ་དབྱེ་བའི་རྒྱུ་མཚན་དང༌། ལྟ་བ་ལྔའི་དབང་དུ་བྱས་པ་ལྟར་ན། གཉིས་སུ་བསྡུ་བའི་རྒྱུ་མཚན་ནི། སྒྲིབ་པའི་ཡུལ་འགོག་ལམ་གཉིས་ཀྱི་དབྱེ་བས་སམ། ཡང་ན་ལྟ་ངན་དངོས་དང༌། དེ་ལ་བཟང་པོར་རློམ་པའི་སྒོ་ནས་རྒྱབ་སྐྱོར་བའི་དབྱེ་བས་ཀྱང་ཡིན་ནོ། །ང་རྒྱལ་དང༌། མ་རིག་པ་དང༌། ལྟ་བ་དང༌། མཆོག་འཛིན་བཞི་ནི། དེ་ཁོ་ན་ཉིད་མཐོང་བ་ལ་སྒྲིབ་པ་དངོས་ཡིན་ལ། ཐེ་ཚོམ་སོགས་གསུམ་ནི་དེའི་ཡན་ལག་ཡིན་ནོ། །དེ་དག་ལས་ང་རྒྱལ་དང༌། ལྟ་བ་ངན་པ་དང༌། ཐེ་ཚོམ་ནི་མ་རིག་པའི་ནང་དུ་འདུ་བར་དགོངས་ནས་དུག་ལྔར་གསུངས་པ་དང༌། གོང་དུ་བཤད་པ་ལྟར། གཉིས་པོའང་ཆགས་སྡང་དུ་འདུས་པས་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་དུ་ཉོན་མོངས་ཐམས་ཅད་འདུས་སོ། །དེ་ལྟར་ན་རང་རྒྱུད་ལ་ཉོན་མོངས་དེ་དག་ནམ་སྐྱེས་པ་ན་ངོས་ཟིན་པར་བྱས་ནས་རྩ་བ་ནས་བཟློག་པར་བྱའོ། །

གཉིས་པ་དེའི་དབང་གིས་བྱུང་བའི་ལས་ལ།

ངོ་བོ། དབྱེ་བ། བསམ་གྱིས་མི་ཁྱབ་པ་ལ་སོགས་པའི་ཁྱད་པར་དང་གསུམ་ལས། དང་པོ་ནི། མཛོད་དུ། འཇིག་རྟེན་སྣ་ཚོགས་ལས་ལས་སྐྱེས། །ལས་ནི་སེམས་པ་དང་དེས་བྱས། །སེམས་པའང་ཡིད་ཀྱི་ལས་ཡིན་ནོ། །དེས་བསྐྱེད་ལུས་དང་ངག་གི་ལས། །ཞེས་གསུངས་པའི་ངེས་པས། སེམས་པའི་ལས་དང་བསམ་པའི་ལས་གཉིས། དང་པོ་ནི། དགེ་མི་དགེ་གང་ཡང་རུང་བའི་ལས། མངོན་པར་འདུ་བྱེད་པའི་རྒྱུའི་ཀུན་སློང་གི་སེམས་པའོ། །ཡུལ་ལ་སེམས་གཡོ་བའི་མཚན་ཉིད་ཅན་ཏེ། སེམས་བྱུང་ཀུན་འགྲོ་ལྔའི་སེམས་པ་དང་གཅིག་གོ །གཉིས་པ་ལས། མངོན་པར་འདུ་བྱེད་བཞིན་པའི་ལུས་ངག་ཡིད་གསུམ་དང་འབྲེལ་བའི་དུས་ཀྱི་ཀུན་སློང་གི་སེམས་པའོ། །

གཉིས་པ་དབྱེ་བ་ནི། བསོད་ནམས་མ་ཡིན་པའི་ལས། བསོད་ནམས་ཀྱི་ལས། མི་གཡོ་བའི་ལས་སོ། །དེ་གསུམ་གྱི་དང་པོས་ངན་འགྲོར་འཕེན་པར་བྱེད་ལ། གཉིས་པས་ནི་འདོད་པའི་བདེ་འགྲོ་དང༌། གསུམ་པས་ནི་ཁམས་གོང་མ་གཉིས་ལ་འཕེན་པར་བྱེད་དོ། །དེའི་དང་པོ་བསོད་ནམས་མ་ཡིན་པའི་ལས་ལ་མི་དགེ་བའི་ལས་དང༌། ལས་ཀྱི་ལམ་གྱི་དབྱེ་བ་ཇི་སྙེད་ཡོད་དུ་ཟིན་ཀྱང༌། འདིར་རིགས་སམ་གཙོ་བོ་བསྡུས་ཏེ་མི་དགེ་བའི་ལས་ལམ་བཅུ་དེ་རེ་རེ་ལ་ཡང་ངོ་བོ་དང༌། འབྲས་བུའི་ཁྱད་པར་གསུམ། མི་དགེ་བ་བཅུ་པོ་དེའང་ལུས་ངག་ཡིད་གསུམ་གྱིས་བསྡུས་པ་ལས།

དང་པོ་ལུས་ཀྱི་ལས་གསུམ་གྱི་དང་པོ་སྲོག་གཅོད་ནི།

སྲོག་བཅོད་པ་ནི་བསམ་བཞིན་དུ་མ་ནོར་བར་ནི་གཞན་བསད་པའོ། །ཞེས་འབྱུང་བ་ལྟར། གཞི། བསམ། སྦྱོར་བ། ཉོན་མོངས། མཐར་ཐུག་པ་སྟེ་ཡན་ལག་ལྔ་ལས། དང་པོ་ནི། གང་གསད་བྱའི་གཞི་དེ་རང་ལས་རྒྱུད་ཐ་དད་པའི་སེམས་ཅན་དུ་གཏོགས་པའོ། །གཉིས་པ་ཐོ་ཡོར་ལ་མིར་སེམས་པའམ། ལྷའི་སྦྱྀན་ལ་མཆོད་སྦྱིན་དུ་འདུ་ཤེས་པ་ལྟ་བུའི་འཁྲུལ་བ་མ་ཡིན་པར། གང་བསད་བྱ་དེ་མ་ནོར་བར་གསོད་འདོད་ཀྱི་བསམ་པ་སྦྱོར་བའི་བར་དུ་རྒྱུ་འབྲེལ་བ། གསུམ་པ་དུག་མཚོན་དང་རིག་སྔགས་སོགས་ཀྱི་སྦྱོར་བས་སྲོག་གཅོད་རང་གིས་བགྱིས་པ་དང༌། གཞན་བགྱིད་དུ་བསྩལ་བའོ། །བཞི་པ་ཉོན་མོངས་པ་དུག་གསུམ་དང་འབྲེལ་བ་ལས། ཁྱད་པར་རྫོགས་བྱེད་ཉོན་མོངས་པ་ཞེ་སྡང་ངོ༌། །ལྔ་པ་ནི། བསམ་སྦྱཽར་དེ་ལྟ་བུས་གསད་བྱ་དེ་རང་མ་ཤི་བའི་སྔ་རོལ་ཏུ་སྲོག་གིའི་དབང་པོ་འགགས་ནས་ཤི་བ་སྟེ་སྲོག་གཅོད་ཀྱི་ལས་ལམ་རྫོགས་པའོ། །

གཉིས་པ་མ་བྱིན་པར་ལེན་པ་ནི།

མ་བྱིན་ལེན་པ་གཞན་གྱི་ནོར། །མཐུ་དང་འཇབ་བུས་བདག་གིར་བྱེད། །ཅེས་འབྱུང་བ་ལྟར། གཞི། བསམ། སྦྱོར་བ། ཉོན་མོངས། མཐར་ཐུག་སྟེ་ལྔ་ལས། དང་པོ་ནི། རང་ལས་ཡོངས་སུ་བཟུང་པ་ཐ་དད་པའི་རྫས་རིན་ཐང་ཚང་མ་ཚང་གང་ཡང་རུང་བ་དག་དང༌། དངོས་སུ་བདག་གིར་བྱེད་པོ་མེད་ཀྱང༌། དཀོན་མཆོག་གསུམ་ལ་བསྔོས་པའི་ཡོ་བྱད་དང༌། མིའི་འགྲོ་བའི་བདག་པོ་དངོས་མེད་ཀྱང་ཡོད་མེད་ཐེ་ཚོམ་ཟ་བའི་གཏེར་རྣམས་སོ། །བསམ་པ་ནི། གཞན་གྱི་རྫས་ལ་རང་གི་རྫས་སུ་འདུ་ཤེས་པ་ལྟ་བུ་འདུ་ཤེས་མ་འཁྲུལ་བའི་སྒོ་ནས་བུ་ལོན་དང༌། བཅོལ་པོ་གཏམས་པ་དང༌། ཤོ་གམ་སོགས་ལ་དོར་བྱེད་འདོད་པ་དང༌། གཡོ་སྒྱུའི་སེམས་དང༌། མཐུ་དང་འཇབ་བུས་ལེན་པར་འདོད་པའི་ཀུན་སློང༌། སྦྱོར་བ་ནི། གཞི་བསམ་དེ་ལྟ་བུས་ལས་དེ་ལུས་ངག་གི་རྣམ་པར་རིག་བྱེད་དུ་ཐོན་པར་རང་གིས་བགྱིད་པ་དང༌། གཞན་བགྱིད་དུ་སྩལ་བ། ཉོན་མོངས་པ་ནི། དུག་གསུམ་དང་སྤྱིར་འབྲེལ་བ་ལས། ཁྱད་པར་འདོད་ཆགས་སེར་སྣའི་ངང་ཚུལ་ཅན། མཐར་ཐུག་པ་ནི། བསམ་སྦྱོར་དེ་ལྟར་བུས་རྫས་དེ་གནས་ན་ཡོད་པར་སྤོས་སམ་མ་སྤོས་ཀྱང་རུང༌། ཐོབ་བློ་ནམ་སྐྱེས་པ་རྣམས་ཀྱིས་མ་བྱིན་ལེན་གྱི་ལས་ལམ་རྫོགས་པའོ། །ཅི་དཀོན་མཆོག་གསུམ་གྱི་རྫས་དང༌། གཏེར་སོགས་ཡུལ་གང་ལ་མ་བྱིན་པར་བླངས་པར་འགྱུར་ཞེ་ན། དང་པོ་ནི། དཀོན་མཆོག་གསུམ་ཉིད་དམ། རྟེན་དེའི་སྦྱྀན་པ་དག་ལས་མ་བྱིན་པར་བླངས་པར་འགྱུར་ལ། ཕྱི་མ་ནི། གཏེར་དེ་ཡུལ་གང་ན་གནས་པའི་རྒྱལ་པོའམ། གཏེར་དེ་བསྲུང་བའི་མི་མ་ཡིན་པ་ལས་མ་བྱིན་པར་བླང་བར་འགྱུར་ཞིང༌། ཁྱད་པར་བྱང་ཆུབ་སེམས་དཔའི་སྡོམ་པ་རྒྱུད་ལྡན་གྱི་གང་ཟག་གིས། རང་གིས་ཡོངས་སུ་བཟུང་བ་ཐམས་ཅད་གཞན་དོན་དུ་བཏང་ནས། རང་གི་ཡོ་བྱད་ཐམས་ཅད་གཞན་གྱི་ཡིན་པར་འདུ་ཤེས་བརྟན་པ་ན་རྗེད་ངས་པའི་དབང་གིས་རང་དོན་དུ་སྤྱད་པ་ལས། རིན་ཐང་དུ་ལོངས་ན་ཕམ་པའམ་མ་ཕམ་འདྲ་དང་མ་ལོངས་ན་སྦོམ་པོའི་ལྟུང་བར་འགྱུར་རོ།།

གསུམ་པ་ལོག་གཡེམ་ནི།

མཛོད་དུ། བསྒྲོད་མིན་བསྒྲོད་པར་འདོད་པ་ནི། །ལོག་པར་གཡེམ་པ་རྣམ་པ་བཞི། །ཞེས་འབྱུང་བ་ལྟར། གཞི། བསམ། སྦྱོར་བ། ཉོན་མོངས། མཐར་ཐུག་པ་སྟཻ་ལྔ་ལས། དང་པོ་ལ་བཞི་ལས། ཐོག་མར་བསྒྲོད་བྱ་མ་ཡིན་པའི་ཟླས་དྲངས་པའི་བསྒྲོད་བྱའི་ཡུལ་གང་ཞེ་ན། ཆུང་ངུའི་དུས་ནས་གཉེན་བྱས་པ་སོགས་ཀྱིས་བདག་གིར་བྱས་པའི་རང་གི་ཆུང་མ། གླང་རྔན་བྱིན་པའི་སྨད་འཚོང་མ། གཞན་གྱིས་བསོད་ནམས་ཀྱི་ཆེད་དུ་བྱིན་པ་ལྟ་བུ་རྣམས་ཡིན་ལ། བསྒྲོད་བྱ་མ་ཡིན་པ་ནི། གཞན་གྱིས་བདག་གིར་བཟུང་བ་སོགས་ཀྱི་ཆུང་མ་གཞན་གྱིས་གླང་རྔན་བྱིན་པ་ལས་ཡོན་མ་སྦྱངས་པའི་སྨད་འཚོང་མ། ཆོས་ཀྱི་རྒྱལ་མཚན་གྱིས་བསྲུང་བའི་རབ་ཏུ་བྱུང་མ་དགེ་སློང་མ། དགེ་སློབ་མ། ཚངས་སྤྱོད་དགེ་བསྙེན་མ་ལྟ་བུ། ཕ་མའི་རུས་བདུན་རྒྱུད་ཚུན་ཆད་ཀྱི་ཉེ་དུ། ཕ་མ་སོགས་ཀྱིས་བསྲུང་བའི་གཞོན་ནུ་མ། ཟ་མ་མ་ནིང་སོགས་སོ། །ཡུལ་མ་ཡིན་པ་ཁ་དང་བཤང་ལམ། གནས་མ་ཡིན་པ་མཆོན་རྟེན་དང་གཙུག་ལག་ཁང་ལ་སོགས་པ་དང༌། སྐྱེ་བོ་མང་པོའི་མངོན་སུམ་གྱི་མདུན་ས་དང༌། བསྒྲོད་བྱ་ལ་གནོད་པའི་འོག་གཞི་འབར་འབུར་དང་སྲ་མཁྲེགས་ལ་སོགས་པའོ། །དུས་མ་ཡིན་པ་ནི། བསྒྲོད་བྱ་ཡིན་ཀྱང་ཟླ་མཚན་ན་དང་ལྡན་པ། ནུ་ཞོ་འབབ་པ། མངལ་ཡོངས་སུ་སྨིན་པ། བསྒྲོད་པར་མི་འོས་པ་ནད་ཀྱིས་བཏབ་པའམ། དེ་ལས་དེ་ལྡང་བ། འདོད་པའི་ངོམ་མི་ཤེས་པ་ལྷག་པར་སྤྱོད་པ་རྣམས་སོ། །བསམ་པ་ནི། གཞན་གྱི་ཆུང་མ་ལ་རང་གི་ཆུང་མར་འདུ་ཤེས་པ་ལྟ་བུའི་འདུ་ཤེས་འཁྲུལ་བ་མ་ཡིན་པར། བསྒྲོད་བྱ་མ་ཡིན་པའི་གནས་གང་ཡང་རུང་བ་ལ་ཡན་ལག་བཞི་ཀ་ཚང་བའང་གང་རུང་གིས་བསྒྲོད་པར་འདོད་པའི་ཀུན་སློང༌། སྦྱོར་བ་གཞི་བསམ་དེ་ལྟ་བུ་ལ་བརྟེན་ནས་ལས་དེ་ལུས་ངག་གི་རྣམ་པར་རིག་བྱེད་དུ་ཐོན་པ། ཉོན་མོངས་ནི། དུག་གསུམ་དང་སྤྱིར་འབྲེལ་བ་ལས། ཁྱད་པར་རྫོགས་བྱེད་འདོད་ཆགས། མཐར་ཐུག་ནི། དབང་པོ་གཉིས་རེག་པ་ལས་བྱུང་བའི་ཚོར་བ་ཉམས་སུ་མྱོང་བ་སྲེད་པས་བདག་གིར་བྱས་པ་རྣམས་ལས་ལོག་པར་གཡེམ་པའི་ལས་ལམ་རྫོགས་པའོ། །

དེ་ནས་ངག་གི་ལས་ལམ་རྣམ་པ་བཞིའི་དང་པོ་རྫུན་སྨྲ་ནི།

མཛོད་དུ། རྫུན་ཚིག་འདུ་ཤེས་གཞན་སྒྱུར་ནས། །ཚིག་དོན་མངོན་པར་གོ་ནའོ། །ཞེས་འབྱུང་པ་ལ། གཞི། བསམ། སྦྱོར་བ། ཉོན་མོངས། མཐར་ཐུག་སྟེ་ལྔ་ལས། དང་པོ། རང་ལས་ཐ་དད་པའི་སེམས་ཅན་གྱི་རྒྱུད་དུ་གཏོགས་པ། གཉིས་པ་གཞན་བསླུ་སེམས་ཀྱིས་ཤེས་བཞིན་དུ་མ་མཐོང་བ་ལ་མཐོང་དང༌། མ་ཐོས་པ་ལ་ཐོས་ཞེས་སོགས་སྨྲ་འདོད་ཀྱི་ཀུན་སློང༌། གསུམ་པ་ལས་དེ་ལུས་ངག་གི་རྣམ་པར་རིག་བྱེད་སོགས་སུ་ཐོན་པ། བཞི་པ་དུག་གསུམ་གང་རུང་གིས་འཕེན་ཅིང་རུང་གིས་རྫོགས་པ། ལྔ་པ་ཕ་རོལ་པོས་དོན་གོ་བ་སྟེ། དེ་རྣམས་ལས་རྫུན་དུ་སྨྲ་བའི་ལས་ལམ་རྫོགས་པའོ། །འདིའི་སྦྱོར་བ་དག་གི་རྣམ་པར་རིག་བྱེད་ཁོ་ནར་མ་ངེས་ཏེ། ལུས་ཀྱི་བརྡ་ལས་རྫུན་དུ་འགྱུར་བ་ཡོད་པ་དང༌། གནས་བརྟན་གྱིས་ཡོངས་དག་དྲིས་པ་ན་ལྷུང་བ་དང་བཅས་པ་བཞིན་དུ་ཅི་ཡང་མ་སྨྲས་པ་ལས་རྫུན་སྨྲ་འགྱུར་བར་གསུངས་སོ། །

གཉིས་པ་ཕྲ་མ་ནི།

མཛོད་དུ། ཕྲ་མ་ཕ་རོལ་དབྱེ་བའི་ཕྱིར། །ཉོན་མོངས་ཅན་གྱི་སེམས་ཀྱི་ཚིག །ཅེས་འབྱུང་བ་ལྟར། གཞི། བསམ། སྦྱོར་བ། ཉོན་མོངས། མཐར་ཐུག་སྟེ་ལྔ་ལས། དང་པོར་རང་ལས་ཐ་དད་པའི་སེམས་ཅན་གྱི་རྒྱུད་དུ་གཏོགས་པའི་སྔར་ནས་མཐུན་མཐུན་ཤས་ཆེ་བ་དང༌། མི་མཐུན་པ་འདུམ་པར་རྩོམ་པའོ། །གཉིས་པ་མཐུན་པ་དབྱེ་བར་འདོད་པ་དང༌། མི་མཐུན་པ་འདུམ་པར་རྩོམ་པ་སླར་མི་འདུམ་པར་འདོད་པའི་ཀུན་སློང་ངོ༌། །གསུམ་པ་ལས་དེ་དག་གི་རྣམ་པར་རིག་བྱེད་སོགས་སུ་ཐོན་པ། བཞི་པ་དུག་གསུམ་དང༌། སྤྱིར་འབྲེལ་བ་ལས། རྫོགས་བྱེད་ཀྱང་གསུམ་པོ་གང་རུང་ངོ༌། །ལྔ་པ་ཕ་རོལ་པོས་དོན་གོ་བ་སྟེ། དེ་རྣམས་ལས་ཕྲ་མའི་ལས་ལམ་རྫོགས་པའོ། །

གསུམ་པ་ཚིག་རྩུབ་ནི།

མཛོད་དུ། ཚིག་རྩུབ་པོ་ནི་མི་སྙན་བརྗོད། །ཅེས་འབྱུང་བ་ལ། གཞི། བསམ། སྦྱོར་བ། ཉོན་མོངས། མཐར་ཐུག་སྟེ་ལྔ་ལས། དང་པོ་ནི་སེམས་ཅན་གྱི་རྒྱུད་དུ་གཏོགས་པ། གཉིས་པ་གཞན་ལ་ཞེ་རེ་འདེབས་པའི་ཚིག་མི་སྙན་པར་བརྗོད་པར་འདོད་པའི་ཀུན་སློང༌། གསུམ་པ་ལས་དེ་དག་གི་རྣམ་པར་རིག་བྱེད་དུ་བརྗོད་པ། བཞི་པ་དུག་གསུམ་དང་སྤྱི་འབྲེལ་བ་ལ་རྫོགས་བྱེད་ཞེ་སྡང་མཐར་ཐུག་ཕ་རོལ་པོས་ཐོས་ཤིང་དོན་གོ་བ་ལས། ཚིག་རྩུབ་གྱི་ལས་ལམ་རྫོགས་པའོ། །

བཞི་པ་ངག་ཀྱལ་པ་ནི།

མཛོད་དུ། ཉོན་མོངས་ཅན་ཀུན་ཀྱལ་པ་ཉིད། །ཅེས་འབྱུང་བ་ལ། གཞི། བསམ། སྦྱོར་བ། ཉོན་མོངས། མཐར་ཐུག་སྟེ་ལྔ་ལས། དང་པོ་རང་ལས་ཐ་དད་པའི་སེམས་ཅན་དུ་གཏོགས་པ། གཉིས་པ་རྫུན་ཕྲ་མ་ཚིག་རྩུབ་མ་གཏོགས་ཉོན་མོངས་ཅན་གྱི་ཚིག་ཐམས་ཅད། གསུམ་པ། ཁ་གསག་གླུ་དང་ཟློས་གར་བཞིན། །བསྟན་བཅོས་ངན་བཞིན་ཞེས་འབྱུང་བ་རྣམས་ངག་གི་ལས་སུ་འདོན་པ། བཞི་པ་གླུ་ལ་སོགས་པའི་འདོད་ཆགས་དང༌། ཕྱི་རོལ་པའི་བསྟན་བཅོས་ངན་པ་ལ་བརྟེན་པའི་གཏི་མུག་གིས་རྫོགས་པའོ། །ལྔ་པ་ཕ་རོལ་པོས་ཐོས་པ་སྟེ། དེ་རྣམས་ཀྱིས་ཀྱལ་པའི་ལས་ལམ་རྫོགས་པའོ། །

གསུམ་པ་ཡིད་ཀྱི་ལས་གསུམ་གྱི། དང་པོ་བརྣབ་སེམས་ལ།

མཛོད་དུ། བརྣབ་སེམས་ནི། ལོག་པས་གཞན་གྱི་ནོར་ལ་ཆགས། །ཞེས་འབྱུང་བ་ལ། གཞི། བསམ། སྦྱོར་བ། ཉོན་མོངས། མཐར་ཐུག་སྟེ་ལྔ་ལས། དང་པོ་སེར་སྣའི་ཀུན་དཀྲིས་སྐྱེ་བའི་རང་ལས་ཐ་དད་པའི་ཕྱི་དང་ནང་གི་རྫས། གཉིས་པ་མ་བྱིན་ལེན་གྱི་ཀུན་སློང་དང་འདྲ་བ་ལས། ཁྱད་པར་རྙེད་བཀུར་གྱི་རྒྱུས་གཞན་རང་འདོད་པ་ཆུང་བ་ལ་སོགས་པར་ཡིད་ཆེས་སུ་རེ་བ། རྗེ་དཔོན་དང་མཁན་སློབ་ལ་སོགས་པའི་རྫས་ལ་རེ་བ་རྣམས་སོ། །གསུམ་པ་ནི། ཀུན་སློང་དེས་འཕངས་པའི་ལས་ཡང་ཡང་དུ་སེམས་བཞིན་པའི་གནས་སྐབས་དང༌། བཞི་པ་ནི། དུག་གསུམ་དང་སྤྱིར་འབྲེལ་བ་ལས་རྫོགས་བྱེད་འདོད་ཆགས། ལྔ་པ་ལས་དེ་ཡང་ཡང་དུ་བྱེད་པ། ཁྲེལ་དང་ངོ་ཚའི་བློ་ཅུང་ཟད་ཙམ་ཡང་མི་སྐྱེད་ལ། དེ་ལ་ཡོན་ཏན་དུ་ལྟ་བ། གཉེན་པོ་ཅུང་ཟད་ཀྱང་བསྟེན་འདོད་མེད་པ་སྟེ། དེ་རྣམས་ཀྱིས་ཀུན་དཀྲིས་ཆེན་པོར་རྫོགས་པ་ལས། མཐར་ཕྱིན་པའམ་ཟིན་པའམ་ཚར་ཕྱིན་པར་འགྱུར་རོ། །

གཉིས་པ་གནོད་སེམས་ནི།

མཛོད་དུ། གནོད་སེམས་སེམས་ཅན་ལ་སྡང་བ། །ཞེས་བྱུང་བ་ལ། ཡན་ལག་ལྔའི་དང་པོ། རང་ལས་ཐ་དད་པའི་སེམས་ཅན་གྱི་རྒྱུད་དུ་གཏོགས་པ། གཉིས་པ་སྲོག་གཅོད་པའི་ཀུན་སློང་དང་འདྲ་བ་ལས། བཅིང་བརྡེག་གོ་རར་གཞུགས་པར་འདོད་པའི་ཀུན་སློང་ངོ༌། །གསུམ་པ་དེས་འཕངས་པའི་ཡང་ཡང་སེམས་བཞིན་པའི་གནས་སྐབས། བཞི་པ་དུག་གསུམ་དང་སྤྱི་འབྲེལ་བ་ལས་ཁྱད་པར་ཞེ་སྡང༌། ལྔ་པ་ཀུན་དཀྲིས་ཆེན་པོར་རྫོགས་པ་ལས་ལས་ལམ་མཐར་ཕྱིན་པར་འགྱུར་རོ། །

གསུམ་པ་ལོག་ལྟ་ནི།

མཛོད་ལས། དགེ་དང་མི་དགེ་མེད་ལྟ་བ། །ཞེས་འབྱུང་བ་ལ། གཞི། བསམ། སྦྱོར་བ། ཉོན་མོངས་མཐར་ཐུག་སྟེ་ལྔ་ལས། དང་པོ་ནི། དགེ་དང་མི་དགེ་བའི་ཆོས་རྣམས་སོ། །གཉིས་པ་དགེ་མི་དགེ་མེད་པར་ལྟ་བ་དང༌། རྒྱུ་འབྲས་ཕྱིན་ཅི་ལོག་ཏུ་ལྟ་བ་ལ་སོགས་པའོ། །གསུམ་པ་དེས་འཕངས་པའི་ལས་དེ་ཡང་དང་ཡང་དུ་སེམས་བཞིན་པའི་གནས་སྐབས། བཞི་པ་དུག་གསུམ་དང་སྤྱིར་འབྲེལ་བ་ལས་རྫོགས་བྱེད་གཏི་མུག །ལྔ་པ་ཀུན་དཀྲིས་ཆེན་པོ་རྫོགས་པ་ན་འགྱུར་རོ། །ཡན་ལག་དེ་ལྔས་རྫོགས་པའི་མི་དགེ་བ་བཅུ་པོ་དེ་རྣམས་ཁམས་གསུམ་གྱིས་བསྡུས་པའི་ས་གང་དང་གང་ལ་ཇི་ལྟར་དུ་ལྡན་ཞེ་ན། ངན་སོང་གསུམ་གྱིས་དམྱལ་བ་ན། ངག་གི་ལས་ཚིག་རྩུབ་དང་ཀྱལ་བ། ཡིད་ཀྱི་ལས་གནོད་སེམས་རྣམས་མངོན་གྱུར་དུ་ཡོད། གཞན་མི་དགེ་བ་བདུན་པོ་ལྡན་པའམ། ས་བོན་གྱི་ཚུལ་དུ་ཡོད་ལ། མངོན་འགྱུར་དུ་མེད་དོ། །མིའི་འགྲོ་བ་ལས། བྱང་གི་སྒྲ་མི་སྙན་པ་ལ་ངག་ཀྱལ་མངོན་གྱུར་དུ་ཡོད། ལྷག་མ་དགུ་པོ་ལྡན་པའམ། ས་བོན་གྱི་ཚུལ་དུ་ཡོད་པ་ལ། གླིང་གཞན་རྣམས་ལ་འཁོར་ལོས་སྒྱུར་བ་བྱོན་པའི་དུས་སུ། དེའི་བསོད་ནམས་ཀྱི་ཤུགས་ཀྱིས་མི་དགེ་བ་བཅུ་ཀ་མངོན་འགྱུར་དུ་མེད་དོ། །གཞན་འདོད་པའི་ཁམས་པ་ཐམས་ཅད་ན་མངོན་གྱུར་ཏུ་ཡོད་ལ། ཁམས་གོང་མ་གཉིས་ན་ནི་ལྡན་པའི་ཚུལ་ཙམ་མ་གཏོགས་མེད་དོ། །

གཉིས་པ་འབྲས་བུའི་ཁྱད་པར་ལ།

མཛོད་དུ། ཐམས་ཅད་བདག་པོ་རྒྱུ་མཐུན་དང༌། །རྣམ་སྨིན་འབྲས་བུས་འབྱིན་པར་འདོད། །ཅེས་འབྱུང་བའི་ཕྱི་མ་རྣམ་པར་སྨིན་པའི་འབྲས་བུ་ལ། བི་སཱ་ཀ་ཞེས་པའམ། རྣམ་པར་སྨིན་པའམ། ཁྱད་པར་དུ་སྨིན་པ། ཡང་ན་བི་ཤེ་ཥ་སཱ་ཀ་ཞེས་པ། ཡི་གེ་བསྣན་པའི་ངེས་ཚིག་གིས་མི་འདྲ་བར་སྨིན་པ་ཞེས་ཏེ། རྒྱུ་ཆུང་ངུ་སྤྱད་པ་ལས་འབྲས་བུ་ཆེས་ཆེན་པོ་སྨིན་པ་སྟེ། རྒྱུ་དེས་འབྲས་བུའི་ཆ་ཙམ་ཡང་མཚོན་མི་ནུས་པར་སྨིན་པ་ལས་དེ་སྐད་ཅེས་བྱའོ། །དེ་ལྟར་ཤེས་པར་བྱས་ནས། ཀུན་སློང་དྲག་པོས་འཕངས་པའི་ལས་མི་དགེ་བ་དེ་དང་དེ་ཆེན་པོར་སྤྱད་པ་ལས་འབྲས་བུ་དམྱལ་བ། འབྲིང་དུ་སྤྱད་པས་ཡི་དྭགས། ཆུང་དུ་སྤྱད་པས་དུད་འགྲོར་འཕེན་པར་བྱེད་ལ། གདགས་པ་ལས་ཡི་དྭགས་དང་དུད་འགྲོ་གོ་བཟློག་ཏུའང་བཤད་དོ། །

གཉིས་པ་རྒྱུ་མཐུན་དང་བདག་པོའི་འབྲས་བུ་ནི།

མཐོ་རིས་ཀྱི་རྟེན་ལའང་སྨིན་པར་འགྱུར་བ་ལས་རྒྱུ་མཐུན་ལ། བྱེད་པ་རྒྱུ་མཐུན་དང༌། མྱོང་བ་རྒྱུ་མཐུན་གཉིས་ལས། དང་པོ་སྔོན་ལས་ཀྱིས་འཕངས་པའི་ལས་དེ་དང་དེ་སྐྱེས་ཐོབ་ཀྱིས་བྱེད་པར་སྤྲོ་ཞིང་བྱེད་པའོ། །གཉིས་པ་ནི། རིན་ཆེན་ཕྲེང་བ་ལས། གསོད་པ་ཡི་ནི་ཚེ་ཐུང་འགྱུར། །རྐུ་བ་ཡིས་ནི་ལོངས་སྤྱོད་འཕོངས། །བྱི་བོ་བྱེད་པའི་དགྲ་ཟླར་བཅས། །རྫུན་དུ་སྨྲ་བས་བཀུར་བ་ཉུང༌། །ཕྲ་མ་ཡིས་ནི་བཤེས་དང་འབྱིད། །ཚིག་རྩུབ་པོས་ནི་མི་སྙན་ཐོས། །ཀྱལ་པ་ཡིས་ནི་ངག་མི་བཙུན། །བརྣབ་སེམས་ཡིད་ལ་རེ་བ་འཇོམས། །གནོད་སེམས་འཇིགས་པ་སྦྱིན་པར་བྱེད། །ལོག་པར་ལྟ་བས་ལྟ་ངན་ཉིད། །ཅེས་འབྱུང་བ་རྣམས་སོ། །

གསུམ་པ་བདག་པོའི་འབྲས་བུ་ནི།

ཕྱིའི་ཡུལ་ལ་སྨིན་པར་འགྱུར་བ་ལས། སྲོག་བཅད་པའི་བདག་འབྲས་ཡུལ་ལ་སྨིན་པས། ལྗོན་ཤིང་དང་ལོ་ཏོག་འབྲས་བུ་སོགས་ཕྱི་ནང་གི་དངོས་པོ་ཐམས་ཅད་མཐུ་དང་གཟི་བརྗིད་ཆུང་བར་གྱུར་པ་དང༌། མ་བྱིན་པར་ལེན་པས་ལོ་ཏོག་སོགས་སད་སེར་སོགས་མི་མཐུན་པའི་རྐྱེན་གྱིས་མ་རུངས་པར་འགྱུར་བ་དང༌། ལོག་གཡེམ་གྱིས་ས་གཞི་རྡུལ་དང༌། ཁུག་རྣ་དང༌། ཆར་རྡུལ་ལ་སོགས་པས་འཁྲེགས་ཏེ། ཡིད་དུ་མི་འོང་པར་གྱུར་པ་དང༌། རྫུན་དུ་སྨྲས་པའི་སའི་ཕྱོགས་དྲི་ང་ཞིང༌། ཡིད་དུ་མི་འབབ་པའི་ལྗན་ལྗིན་གྱིས་གང་བ་དང༌། ཕྲ་མས་ས་གཞི་གཡང་ས་དང༌། ངམ་གྲོག་དང་རང་རོད་ཅན་སོགས་སུ་འགྱུར་བ་དང༌། ཚིག་རྩུབ་ཀྱིས་ས་ཕྱོགས་ཐང་སྐྱ་བོ་དང༌། ཚེར་མ་ཅན་དང༌། ཚ་སྒོ་ཅན་དང༌། དགོན་དུང་ཅན་ལ་སོགས་པར་འགྱུར་བ་དང༌། ཀྱལ་པས་ནམ་ཟླ་དུས་བཞིའི་འགྱུར་བ་ཚུལ་མིན་དུ་འགྱུར་བ་དང༌། བརྣབ་སེམས་ཀྱིས་འབྲས་བུ་ལ་སོགས་པ་ངན་ངོན་དང་ཤིན་ཏེར་འགྱུར་བ་དང༌། གནོད་སེམས་ཀྱིས་རོ་བཅུད་བཟང་པོ་རྣམས་ངན་པར་འགྱུར་བ་དང༌། ལོག་ལྟས་འབྲས་བུ་སོགས་མང་པོ་འབྱུང་བ་རྣམས་ཉུང་ངུ་ནས་གཏན་མེད་པའི་བར་དུ་འགྱུར་བ་སོགས་སོ། །མི་དགེ་བའི་ལས་ལམ་བཅུ་པོ་དེ་བདག་ཉིད་ཀྱིས་སྤྱད་པ་ལས་ལས་ཀྱི་ལམ་རྫོགས་པར་འགྱུར་བར་མ་ཟད་བསམ་སྦྱོར་མཚུངས་ན་དམག་གི་འདུ་བའི་ནང་དུ། མི་གཅིག་གིས་སྲོག་གཅོད་ཀྱི་ལས་བྱས་པ་ན། དེར་འདུས་པ་ཐམས་ཅད་ལ་ལས་ལམ་རྫོགས་པར་འགྱུར་ཏེ། དམག་ལ་སོགས་པ་དོན་གཅིག་ཕྱིར། །ཐམས་ཅད་བྱེད་པ་པོ་བཞིན་ལྡན། །ཞེས་འབྱུང་བའི་ངེས་པ་ལས་ཏེ། མ་བྱིན་པར་ལེན་པའི་ཆེད་དུ། ཇག་ཆོམས་སོགས་ལ་འདུས་པ་རྣམས་ལའང་མཚུངས་ལ། ལོག་གཡེམ་མ་གཏོགས་ལས་ཀྱི་ལམ་དེ་རྣམས་གཞན་བགྱིད་དུ་སྩལ་བ་ལས་ཀྱང་ལས་ལམ་རྫོགས་པར་འགྱུར་ཞིང༌། གཞན་གྱིས་བགྱིས་པ་ལ་རྗེས་སུ་ཡི་རང་བ་ལས་ཀྱང་ཆ་མཐུན་གྱི་ལས་ཀྱིས་གོས་པར་འགྱུར་ཏེ། ཇི་ལྟར་དགེ་བ་གཞན་གྱིས་སྤྱད་པ་ལ་རྗེས་སུ་ཡི་རང་བསྒོམས་པས་དགེ་རྩ་མཉམ་དུ་ཐོབ་པ་ལྟ་བུའོ། །ལོག་གཡེམ་ལ། གཞན་བགྱིད་དུ་སྩལ་བ་ཙམ་གྱིས་ལས་ལམ་དུ་མི་འགྱུར་ཀྱང༌། གཞན་གྱི་ཆུང་མ་ཆུད་གཟོན་པའི་ཆེད་དུ་གཞན་བགྱིད་དུ་སྩལ་བ་སོགས་ནི་གནོད་སེམས་དང་འབྲེལ་བའི་ལས་གནག་དཀའ་བས་གོས་པར་འགྱུར་རོ། །

གཉིས་པ་བསོད་ནམས་ཀྱི་ལས་ལ་ཇི་སྙེད་ཡོད་དུ་ཟིན་ཀྱང༌། མཛོད་དུ། དེ་ལས་ཆེ་ལོང་བསྡུས་ནས་ནི། །དགེ་དང་མི་དགེ་ཅི་རིགས་པར། །ལས་ཀྱི་ལམ་ནི་བཅུར་གསུངས་སོ། །ཞེས་འབྱུང་བ་ལྟར། དགེ་བའི་ལས་ལམ་བཅུ་སྟེ། དེ་ཡང་སྲོག་གཅོད་པ་སྤོང་བའི་སེམས་པ་ནས་ལོག་ལྟ་སྤོང་བའི་སེམས་པའི་བར་རོ། །ལས་ལམ་དེ་ཁྱད་པར་ཅན་དུ་འགྱུར་བ་ནི། སྲོག་གཅོད་པ་སྤངས་པ་ཙམ་ལས། སྡོམ་པས་བསྡམས་པ་དང༌། སྲོག་སྐྱབས་པ་དང༌། ཚེ་སྤེལ་བའི་ཐབས་སྦྱིན་པ་སོགས་ཀྱིས་དགེ་བའི་ལས་ཁྱད་པར་ཅན་དུ་འགྱུར་རོ། །གཉིས་པ་འབྲས་བུ་ལ་སོགས་པའི་ཁྱད་པར་ནི། རྣམ་སྨིན་དང༌། རྒྱུ་མཐུན་དང༌། བདག་པོའི་འབྲས་བུ་རྣམས་ནི། མི་དགེ་བ་བཅུའི་འབྲས་བུ་རྣམ་སྨིན་ཡིད་དུ་མི་འོང་བ་ལས་ལྡོག་སྟེ། རྣམ་སྨིན་ཡིད་དུ་འོང་བ་ཁོ་ནར་རིམ་པ་བཞིན་འབྱུང་ངོ༌། །

གསུམ་པ་མི་གཡོ་བའི་ལས་ནི།

རྣམ་པར་སྨིན་པ་གཞན་དུ་མི་གཡོ་བའི་ལས་ཤེས་བྱ་ལ། དེ་ཡང་བསམ་གཏན་བཞི་དང་གཟུགས་མེད་བཞིའི་སྙོམས་འཇུག་དངོས་གཞི་ཁྱད་པར་ཅན་གྱི་སེམས་པ་ལ་བརྗོད་དོ། །བསོད་ནམས་དང་བསོད་ནམས་མ་ཡིན་པའི་ལས་དེ་དག་ལའང༌། འཕེན་རྫོགས་མུ་བཞིའི་སྒོ་ནས་དབྱེ་བ། རྣམ་སྨིན་མྱུར་བུལ་གྱི། སྣང་ཚུལ་གྱི། སྟོབས་ཆེ་ཆུང་གི །བསམ་སྦྱོར་རིགས་མཐུན་མི་མཐུན་གྱི་སྒོ་ནས་དབྱེ་བ་སྟེ་ལྔ་ལས། དང་པོ་ལ་མུ་བཞི་སྟེ། འཕེན་བྱེད་དགེ་བས་བྱས་ལ། རྫོགས་བྱེད་མི་དགེ་བས་རྫོགས་པ་ལ་བདེ་འགྲོའི་རྟེན་ལ་སྡུག་བསྔལ་ཤས་ཆེར་སྤྱོད་པ་ལྟ་བུ། དེ་ལས་འཕེན་རྫོགས་གོ་ལྡོག་པ་དུད་འགྲོའི་རྟེན་ཀླུ་ལྟ་བུ་ལོངས་སྤྱོད་ཀྱི་བདེ་བ་ལ་ཤས་ཆེར་སྤྱོད་པ་ལྟ་བུ། འཕེན་རྫོགས་གཉིས་ཀ་དགེ་བ་ལས་བདེ་འགྲོའི་རྟེན་ལ་བདེ་བ་འབའ་ཞིག་སྤྱོད་པ་ལྟ་བུ། འཕེན་རྫོགས་གཉིས་ཀ་མི་དགེ་བ་དམྱལ་བ་བའི་རྟེན་ལ་སྡུག་བསྔལ་འབའ་ཞིག་སྤྱོད་པ་ལྟ་བུའོ། །

གཉིས་པ་[རྣམ་སྨིན་མྱུར་བུལ་གྱི་སྒོ་ནས་དབྱེ་བ་]ལ། མཐོང་ཆོས་མྱོང་འགྱུར། སྐྱེས་ནས་མྱོང་འགྱུར། ལན་གྲངས་གཞན་ལ་མྱོང་འགྱུར་གསུམ་ལས། དང་པོ་ཞིང་མཆོག་དང༌། བསམ་སྦྱོར་དྲག་པོས་འཕངས་པའི་ལས་མཐོང་བའི་ཆོས་ཚེ་འདི་ཉིད་ལ་རྣམ་པར་སྨིན་པར་འགྱུར་བ། ལྷ་སྦྱིན་གྱིས་བཅོམ་ལྡན་འདས་ལ་སེན་མོའི་དུག་རྩོམ་པར་གཟས་པ་ལས། དེ་ཉིད་དུ་དམྱལ་བའི་མེ་གྲུབ་པ་ལྟ་བུ། གཉིས་པ་སྐྱེ་བ་འདིའི་རྗེས་ཐོགས་སྐྱེ་བ་ཕྱི་མར་སྐྱེས་པའི་དེ་མ་ཐག་ཏུ་མྱོང་བར་འགྱུར་བ་མཚམས་མེད་ལྔའི་ལས་ལྟ་བུ། གསུམ་པ་སྐྱེ་བ་གསུམ་ཕན་ཆད་ནས་བརྒྱ་སྟོང་གི་བར་དུ་མྱོང་བར་འགྱུར་བའི་ལས་རྣམས་སོ། །

གསུམ་པ་སྣང་ཚུལ་གྱི་སྒོ་ནས་དབྱེ་བ་ལ།

སྣང་བ་ཐུན་མོང་བ་སྣོད་ཀྱི་འཇིག་རྟེན་དང༌། མྱོང་འགྱུར་ཐུན་མོང་མ་ཡིན་པ་སྣོད་ཀྱི་སེམས་ཅན་གཉིས་ལས། དང་པོ་ལས་མཐུན་སྣང་བ་བསགས་པ་ལས་སྣོད་ཀྱི་འཇིག་རྟེན་གྱི་སྣང་བ་མཐོང་སྣང་གཅིག་ཏུ་འཆར་བ་ལྟ་བུ། གཉིས་པ་སེམས་ཅན་རང་གི་ལས་སྣང་གིས་བསྒྲུབས་པའི་གནས་ལུས་ལོངས་སྤྱོད་སོ་སོར་བདེ་སྡུག་ཉམས་སུ་མྱོང་བ་ལྟ་བུའོ། །

བཞི་པ་སྟོབས་ཆེ་ཆུང་གི་སྒོ་ནས་དབྱེ་བ་ནི།

མཚམས་མེད་སོགས་ལས་ཚན་ཆེན་པོས་གོས་པ་ཡང༌། སྟོབས་བཞིའི་ལས་ལྟ་བུས་སྦྱང་གཞིའི་ལས་དེའི་གཉེན་པོར་གྱུར་པ་ཙམ་དུ་མ་ཟད་རྣམས་སྨིན་ཁྱད་པར་ཅན་གཞན་འདྲེན་པ་ལྟ་བུའོ། །སྟོབས་ཆུང་བ་ནི་དེ་ལས་ལྡོག་པའོ། །

ལྔ་པ་བསམ་སྦྱོར་རིགས་མཐུན་མི་མཐུན་གྱི་སྒོ་ནས་དབྱེ་བ་ནི།

གཅིག་ཏུ་དཀར་པ་དང༌། གནག་པ་དང༌། འདྲེས་མའི་ལས་གསུམ་སྟེ། དེ་ཡང་བསམ་པ་དཀར་ཞིང་གཅིག་ཏུ་སྦྱོར་བ་དཀར་བ། དགེ་བཅུའི་ལས་ལམ་རྫོགས་པ་ལྟ་བུ། བསམ་པ་གནག་ཅིང་གཅིག་ཏུ་སྦྱཽར་བ་གནག་པ། མི་དགེ་བའི་ལས་ལམ་རྫོགས་པ་ལྟ་བུ། བསམ་པ་དཀར་ཞིང་སྦྱཽར་བ་གནག་པ། སློབ་མའི་རྒྱུད་ལ་ཡོན་ཏན་བསྐྱེད་པའི་ཕྱིར་དུ་སློབ་དཔོན་གྱིས་བརྡེག་བཙོག་དང་མི་སྙན་པར་བརྗོད་པ་ལྟ་བུ། བསམ་པ་གནག་ལ་སྦྱཽར་བ་དཀར་བ་གཞན་བསད་པའི་ཆེད་དུ་ཁ་ཟས་བཟང་པོ་ལ་དུག་སྦྱཽར་ཏེ་སྟེར་བའི་གནས་སྐབས་ལྟ་བུའོ། །དེ་དག་ལ་སོགས་པ་ལས་ཀྱི་དབྱེ་བ་མཐའ་ཡས་པར་རིགས་པར་བྱའོ།། །།

༈ གསུམ་པ་འགོག་པའི་བདེན་པའི་རྣམ་བཞག་བཤད་པ་ལ།

འཁོར་བ་སྲིད་པའི་ཆོས་གང་དུ་འགོག་པའི་གཞི་སྟོང་པ་[འདིར་རང་བཞིན་རྣམ་དག་གི་འགོག་བདེན་ཡིན་ཀྱང་གློ་བུར་དྲི་མ་ད་དུང་མ་དག་ན་དག་པ་གཅིག་ལྡན་ཙམ་མོ།།]ཉིད་དང༌། འགོག་བདེན་དག་པ་གཉིས་ལྡན་གྱི་མཚན་ཉིད་གཏན་ལ་ཕབ་པའོ། །དང་པོ་ནི། དབུས་དང་མཐའ་རྣམ་པར་འབྱེད་པར། སྟོང་པ་ཉིད་ནི་མདོར་བསྡུ་ན། མཚན་ཉིད་དང་ནི་རྣམ་གྲངས་དང༌། །དེ་ཡི་དོན་དང་དབྱེ་བ་དང༌། །བསྒྲུབ་པ་དག་སྟེ་ཤེས་པར་བྱ། །ཞེས་པ་ལྟར་ལྔ་ལས། མཚན་ཉིད་ནི། ཀུན་རྫོབ་གཟུང་བ་དང་འཛིན་པས་སྟོང་ཞིང༌། དོན་དམ་ཆོས་ཀྱི་དབྱིངས་ཀྱིས་མི་སྟོང་པས་ཡོད་མེད་ཀྱི་མཐའ་ལས་རྣམ་པར་གྲོལ་བའི་མཚན་ཉིད་ཅན་དང༌། ཆོས་ཉིད་སྟོང་པ་ཉིད་ཀྱིས་ཆོས་ཅན་ཐམས་ཅད་ལ་ཁྱབ་པས་ཐ་དད་མ་ཡིན་ཞིང༌། ཆོས་ཉིད་འདུས་མ་བྱས་དང་ཆོས་ཅན་འདུས་བྱས་རྣམས་མཚན་ཉིད་མི་མཐུན་པས་གཅིག་པ་ཡང་མ་ཡིན་པའི་ཕྱིར། དེ་ཉིད་དང་གཞན་ལས་རྣམ་པར་གྲོལ་བའི་མཚན་ཉིད་ཅན་ཏེ། གཉིས་དངོས་མེད་པའི་དངོས་ཡོད་པ། །དངོས་པོ་སྟོང་པའི་མཚན་ཉིད་དེ། །ཡོད་པ་མ་ཡིན་མེད་པའང་མིན། །ཐ་དད་གཅིག་པའི་མཚན་ཉིད་མིན། །ཞེས་སོ། །

རྣམ་གྲངས་ནི།

སྟོང་པ་ཉིད་ལ་མིང་གི་དབྱེ་བ་མཐའ་ཡས་པ་ཡོད་ཀྱང༌། མདོར་བསྡུ་ན་དེ་བཞིན་ཉིད་ལ་སོགས་པ་ལྔ་སྟེ། སྟོང་པ་ཉིད་ནི་མདོར་བསྡུ་ན། །དེ་བཞིན་ཉིད་དང་ཡང་དག་མཐའ། །མཚན་མ་མེད་དང་དོན་དམ་དང༌། །ཆོས་ཀྱི་དབྱིངས་རྣམས་རྣམ་གྲངས་སོ། །ཞེས་དེའི་དོན་ནི། ནམ་ཡང་གཞན་དུ་མི་འགྱུར་བའི་ཆ་ནས་དེ་བཞིན་ཉིད་དང༌། ཕྱིན་ཅི་ལོག་མེད་པའི་དམིགས་པ་ཡིན་པའི་ཆ་ནས་ཡང་དག་པའི་མཐའ་དང༌། སྤྲོས་པའི་མཚན་མ་ཐམས་ཅད་འགགས་པའི་ཆ་ནས་མཚན་མ་མེད་པ་དང༌། འཕགས་པའི་ཡེ་ཤེས་དམ་པའི་སྤྱོད་ཡུལ་ཡིན་པའི་ཆ་ནས་དོན་དམ་པ་དང༌། འཕགས་པའི་ཆོས་ཐམས་ཅད་དེ་ལ་དམིགས་ནས་འབྱུང་བའི་རྒྱུ་ཡིན་པའི་ཆ་ནས་ཆོས་ཀྱི་དབྱིངས་ཞེས་བྱ་སྟེ། གཞན་མིན་ཕྱིན་ཅི་མ་ལོག་དང༌། །དེ་འགགས་འཕགས་པའི་སྤྱོད་ཡུལ་དང༌། །འཕགས་པའི་ཆོས་ཀྱི་རྒྱུ་ཡི་ཕྱིར། །རྣམ་གྲངས་དོན་ནི་གོ་རིམ་བཞིན། །ཞེས་པའོ། །

དབྱེ་བ་ནི། ཀུན་ནས་ཉོན་མོངས་པ་དང་བཅས་པ་འཁོར་བའི་གནས་སྐབས་ན་དྲི་བཅས་དེ་བཞིན་ཉིད་དང༌། རྣམ་པར་དག་པ་མྱ་ངན་ལས་འདས་པའི་གནས་སྐབས་ན་དྲི་མེད་དེ་བཞིན་ཉིད་ཅེས་བྱ་བ་གཉིས་སུ་ཡང་འབྱེད་ལ། དྲི་བཅས་དྲི་མེད་དུ་འགྱུར་ཡང་ངོ་བོ་ནི་གཞན་དུ་མི་འགྱུར་བ་སྟེ། ཀུན་ནས་ཉོན་མོངས་རྣམ་པར་དག །དེ་ནི་དྲི་བཅས་དྲི་མ་མེད། །ཆུ་ཁམས་གསེར་དང་ནམ་མཁའ་རྣམས། །དག་པ་བཞིན་དུ་དག་པར་འདོད། །ཅེས་པ་ལྟར་རོ། །

ཡང་རྒྱས་པར་ཕྱེ་ན་སྟོང་པ་ཉིད་བཅུ་དྲུག་ནི།

ནང་དང་ཕྱི་དང་ཕྱི་ནང་ཆེན་པོ་དང༌། །སྟོང་ཉིད་དོན་དམ་འདུས་བྱས་འདུས་མ་བྱས། །མཐའ་འདས་ཐོག་མཐའ་འདོར་མེད་རང་བཞིན་དང༌། །རང་མཚན་ཆོས་ཀུན་དངོས་མེད་ངོ་བོ་ཉིད། །ཅེས་པ་རྣམས་བར་སྐབས་ཀྱི་སྡོམ་དུ་བྱས་ནས། ཟབ་པོ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་རྣམས་ཀྱི་སྟོང་པ་ནི་ནང་སྟོང་པ་ཉིད་དང༌། བཟའ་བར་བྱ་བ་གཟུགས་ལ་སོགས་པ་ཕྱིའི་སྐྱེ་མཆེད་རྣམས་ཀྱི་སྟོང་པ་ནི་ཕྱི་སྟོང་པ་ཉིད་དང༌། ཕྱི་ནང་གི་སྐྱེ་མཆེད་དེ་དག་གི་ལུས་སམ་ཁོག་པའི་སྟོང་པ་ནི་ཕྱི་ནང་སྟོང་པ་ཉིད་དང༌། གནས་ཀྱི་གཞི་སྣོད་ཀྱི་འཇིག་རྟེན་རྒྱ་ཆེན་པོའི་སྟོང་པ་ནི་ཆེན་པོ་སྟོང་པ་ཉིད་དང༌། ནང་གི་སྐྱེ་མཆེད་ལ་སོགས་པ་དེ་ཡང་གང་གིས་སྟོང་པར་མཐོང་ཞིང་ཤེས་པའི་སྟོང་པ་ནི་སྟོང་པ་ཉིད་དང༌། ཇི་ལྟར་དོན་དམ་པའི་རྣམ་པར་མཐོང་བ་དེའི་སྟོང་པ་ནི་དོན་དམ་པའི་སྟོང་པ་ཉིད་དང༌། བྱང་ཆུབ་སེམས་དཔའ་བསྒྲུབ་པར་བྱ་བ་ལམ་གྱི་དགེ་བ་འདུས་བྱས་ཀྱི་སྟོང་པ་ནི་འདུས་བྱས་སྟོང་པ་ཉིད་དང༌། མྱ་ངན་ལས་འདས་པའི་དགེ་བ་འདུས་མ་བྱས་ཀྱི་སྟོང་པ་ནི་འདུས་མ་བྱས་སྟོང་པ་ཉིད་དང༌། ཕན་གདགས་པར་བྱ་བའི་སེམས་ཅན་མཐའ་ཡས་པའི་སྟོང་པ་ནི་མཐའ་ལས་འདས་པའི་སྟོང་པ་ཉིད་དང༌། བློས་མི་བཏང་བར་བྱ་བ་འཁོར་བ་མཐའ་མེད་པའི་སྟོང་པ་ནི་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང༌། ལྷག་མེད་ཀྱི་མྱང་འདས་སུའང་དགེ་བ་མི་ཟད་པར་བྱ་བའི་སྟོང་པ་ནི་དོར་བ་མེད་པ་སྟོང་པ་ཉིད་དང༌། རིགས་རང་བཞིན་གྱིས་དག་པ་དྲི་མས་ཀྱང་དག་པར་བྱ་བའི་སྟོང་པ་ནི་རང་བཞིན་སྟོང་པ་ཉིད་དང༌། ཐོབ་པར་བྱ་བ་མཚན་དང་དཔེ་བྱད་རྣམས་ཀྱི་རང་གི་མཚན་ཉིད་ཀྱི་སྟོང་པ་ནི་རང་གི་མཚན་ཉིད་ཀྱི་སྟོང་པ་ཉིད་དང༌། དག་པར་བྱ་བ་སངས་རྒྱས་ཀྱི་ཆོས་སྟོབས་ལ་སོགས་པའི་སྟོང་པ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དང༌། དེ་ལྟར་སྟོང་པ་ཉིད་བཅུ་བཞི་པོ་རྣམས་ཀྱི་མཚན་ཉིད་མདོར་བསྡུ་ན། ཀུན་རྫོབ་གློ་བུར་གྱི་དྲི་མ་གང་ཟག་དང་ཆོས་ཀྱི་བདག་མཐའ་དག་གི་དངོས་པོ་མེད་པ་ནི་སྟོང་པ་ཉིད་དང༌། དོན་དམ་ཆོས་ཀྱི་དབྱིངས་བདག་མཐའ་དག་གིས་སྟོང་པ་དེའི་ངོ་བོར་ཡོད་པ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དེ། དང་པོ་བཞི་གཟུང་བ་མེད་པ་དང༌། དེ་ནས་གཉིས་འཛིན་པ་མེད་པ། ཕྱི་མ་གཉིས་གཉིས་སྟོང་ཡེ་ཤེས་རྟོགས་པར་བྱེད་པ་སྟེ། གནས་ཚུལ་གཏན་ལ་དབབ་པའི་ཆེད་དུ་གསུངས་ལ། ལྷག་མ་བརྒྱད་ནི་སྒྲུབ་པ་རྣམས་ཀྱི་དམིགས་པའི་ཡུལ་རྟོགས་པའི་ཕྱིར་རོ། །ཟ་བོ་[དབང་པོ་ནང་]བཟའ་བ་[ཕྱིའི་ཡུལ་གཟུགས་སོགས་]དེ་ཡི་[ཡུལ་གྱི་]ལུས[ཁོག་ཕྱི་ནང་དབང་བརྟེན་རྣམས]། །གནས་ཀྱི་གཞི་ཡི་[སྣོད་ཀྱི་འཇིག་རྟེན་]སྟོང་པ་[ཆེན་པོ་]ཉིད། །[ནང་གི་སྐྱེ་མཆེད་སོགས་]དེ་ཡང་གང་གིས་[དེ་བཞི་སྟོང་པར་རྟོགས་པའི་ཤེས་རབ་སྟོང་པར་]ཇི་ལྟར་མཐོང་[ཞེ་ན་གཟུང་འཛིན་བདེན་མེད་དུ་རྟོགས་པའི་ཤེས་པས་དེ། སྟོང་པ་དེ་དོན་དམ་དུ་རྟོགས་པའི་ཤེས་རབ་དང་དྲུག་པོ་བདེན་པར་མཛད་པ་རིམ་བཞིན་ནང་སྟོང་པ་ཉིད་སོགས་ཡིན་ནོ]། །གང་[གི་]ཕྱིར་དེ་ཡང་སྟོང་པ་[དེའི་སྟོང་པ་ཉིད་ལྔ་པ་]ཉིད། །དགེ་གཉིས་[དགེ་བ་འདུས་བྱས་ཀྱི་སྟོང་ཉིད་ནི་འདུས་བྱས་སྟོང་ཉིད་དང་ཅིག་ཤོས་ཀྱི་སྟོང་ཉིད་ནི་འདུས་མ་བྱས་སྟོང་ཉིད་དང་]ཐོབ་པར་བྱ་བའི་ཕྱིར། །རྟག་ཏུ་[སེམས་ཅན་ལ་ཕན་གདགས་པར་བྱའོ་བསམ་པའི་སྟོང་ཉིད་ནི་མཐའ་འདས་སྟོང་པ་ཉིད་དང་]སེམས་ཅན་ཕན་བྱའི་ཕྱིར། །འཁོར་བ་[དེའི་སྟོང་ཉིད་ནི་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་]བཏང་བར་མི་བྱའི་ཕྱིར། །དགེ་བ་[དེའི་སྟོང་ཉིད་དོར་མེད་སྟོང་པ་ཉིད་དང་]མི་ཟད་བྱ་བའི་ཕྱིར། །རིགས་ཀྱང་[དེའི་སྟོང་ཉིད་རང་བཞིན་སྟོང་པ་ཉིད་དང་]རྣམ་པར་དག་བྱའི་ཕྱིར། །མཚན་དང་[དེའི་སྟོང་ཉིད་ནི་རང་གི་མཚན་ཉིད་སྟོང་པ་ཉིད་དང་]དཔེ་བྱད་ཐོབ་བྱའི་ཕྱིར། །[དེའི་སྟོང་པ་ཉིད་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དང་]སངས་རྒྱས་ཆོས་རྣམས་དག་བྱའི་ཕྱིར། །བྱང་ཆུབ་སེམས་དཔའ་སྒྲུབ་པར་བྱེད། །གང་ཟག་དང་ནི་ཆོས་རྣམས་ཀྱི། །[བདག་གི་]དངོས་པོ་མེད་[པ་ནི་]འདིར་[བཅོ་ལྔ་པ་ངོ་བོ་མེད་པ་]སྟོང་པ་ཉིད། །[དགག་བྱ་]དེ་[ནི་]དངོས་[པོ་]མེད་པ[དེ]འི་དངོས་[ཏེ་ངོ་བོར་]ཡོད་པ[ནི]། །[དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དེ། གཉིས་སུ་འཇོག་སྟེ་སྟོང་ཉིད་ཀྱི་མཚན་ཉིད་བསྟན་པས་རིམ་པ་གང་ཟག་དང་ཆོས་ཀྱི་སྒྲོ་འདོགས་པས། དེའི་སྟོང་ཉིད་ལ་བསྐུར་འདེབས་བསལ་བའི་ཕྱིར་བསྟན་ཏོ།།]དེ་[གཉིས་]ནི་དེ་ལས་[ཐ་མ་]སྟོང་ཉིད་གཞན། །ཞེས་པ་ལྟར་རོ། །

སྒྲུབ་ཚུལ་ནི།

གལ་ཏེ་གཉེན་པོ་མ་བསྒོམས་ཀྱང་ཉོན་མོངས་པ་མེད་པར་འགྱུར་ན། ལུས་ཅན་རྣམས་འབད་མེད་དུ་གྲོལ་བར་འགྱུར་ཞིང༌། ཅི་སྟེ་གཉེན་པོ་བསྒོམས་ཀྱང་རྣམ་པར་དག་པར་མི་འགྱུར་ན་ཐར་པའི་དོན་དུ་འབད་པ་དོན་མེད་པར་འགྱུར་བས་ཆོས་ཉིད་རང་བཞིན་གྱིས་རྣམ་པར་དག་ཅིང་འོད་གསལ་བ་མངོན་སུམ་དུ་འགྱུར་བར་བྱེད་པ་ལ། ཆོས་ཅན་གློ་བུར་གྱི་དྲི་མ་རྣམས་རྣམ་པར་སྦྱང་བའི་ཆེད་དུ། སྟོང་ཉིད་ཟབ་མོ་རྟོགས་ནས་སྒོམ་པ་ལ་འབད་པར་བྱ་སྟེ། གལ་ཏེ་ཉོན་མོངས་དེ་མ་གྱུར། །ལུས་ཅན་ཐམས་ཅད་གྲོལ་བར་འགྱུར། །གལ་ཏེ་རྣམ་དག་དེ་མ་གྱུར། །འབད་པ་འབྲས་བུ་མེད་པར་འགྱུར། །ཉོན་མོངས་མ་ཡིན་མི་མོངས་མིན། །དེ་ནི་དག་དང་མ་དག་མིན། །ཞེས་སོགས་དེ་ཡང་ཀུན་བཏགས་གང་ཟག་དང་ཆོས་ཀྱི་བདག་ཏུ་བཏགས་པའི་ཆ་དོན་ལ་ཅི་ཡང་མེད་པ་ལ་མེད་པར་ཤེས་པ་དང༌། གཞན་དབང་རྟོག་བྱེད་ཀྱི་ཤེས་པ་རྒྱུ་རྐྱེན་ལ་རག་ལས་པས་སྣང་ཙམ་དུ་ཡོད་ཀྱང་དེ་བཞིན་དུ་ཡོད་པ་མ་ཡིན་པར་ཤེས་པ་དང༌། ཡོངས་གྲུབ་ཆོས་ཉིད་འགྱུར་བ་མེད་པའི་རང་བཞིན་ཕྱིན་ཅི་མ་ལོག་པར་ཤེས་པ་ནི་སྟོང་ཉིད་རྟོགས་པའི་ཤེས་རབ་རྣམ་པར་དག་པ་ཞེས་བྱ་སྟེ། རྒྱན་ལས། མེད་པའི་སྟོང་པ་ཉིད་ཤེས་ཤིང༌། །དེ་བཞིན་ཡོད་པའི་སྟོང་ཉིད་དང༌། །རང་བཞིན་སྟོང་པ་ཉིད་ཤེས་ན། །སྟོང་ཉིད་ཤེས་པར་དེ་བརྗོད་དོ། །ཞེས་སོ། །

དེས་ན་སྟོང་པ་ཉིད་ཀྱི་དོན་ནི། ཀུན་རྫོབ་གློ་བུར་གྱི་དྲི་མ་ཉོན་མོངས་པ་ལ་སོགས་པ་འཁོར་བ། སྲིད་པ་རྣམ་ཤེས་སྣང་བ་དང་བཅས་པ་རྣམས་དཔྱད་ན་བདེན་པར་མེད་པ་ལ་དགོངས་པ་ཡིན་གྱི་དོན་དམ་རང་བཞིན་གྱིས་རྣམ་པར་དག་པའི་ཆོས་ཀྱི་དབྱིངས། གཏད་ནས་མེད་པ་ནི་མ་ཡིན་ཏེ། ཆོས་དབྱིངས་བསྟོད་པར། [འོ་ན་རྒྱལ་བའི་གསུངས་པའི་སྟོང་པ་ཉིད་སྟོན་པའི་མདོ་རྣམས་ཀྱིས་ཐམས་ཅད་སྟོང་པ་ཉིད་དུ་བསྟན་པས་འོད་གསལ་ཡང་ཡིན་ལུགས་ལ་བཀག་པ་མིན་ནམ།] མདོ་དེ་དག་གི་དགོངས་པ་གང་ཞེ་ན། སྟོང་པ་ཉིད་ནི་སྟོན་[བྱེད་ཡུམ་ལ་སོགས་]པའི་མདོ། །རྒྱལ་བས་ཇི་སྙེད་གསུངས་པ[འི་དགོངས་པ་] གང༌། །[མདོ་]དེ་དག་ཀུན་གྱིས་[བདག་འཛིན་གྱི་]ཉོན་མོངས་ལྡོག[པར་བྱེད་ནི།] །ཁམས་དེ་ཉམས་[ཤིང་འགོག་]པར་བྱེད་[པ་ནི་]མ་ཡིན[ནོ]། །ཞེས་གསུངས་སོ། །དེ་ལྟར་དེ་དག་ལས་སྟོང་ཉིད་བཅུ་དྲུག་པོ་ཡང་ཤེས་བྱ་ཀུན་ལ་ཁྱབ་པ་ཡིན་གྱི། ནང་ལ་ནང་སྟོང་པ་ཉིད་དང༌། ཕྱི་ལ་ཕྱི་སྟོང་པ་ཉིད་གནས་པ་ལྟ་བུར་དུམ་དུམ་ཁྲིགས་སུ་ཡོད་པ་མ་ཡིན་ཏེ། ཀུན་ཁྱབ་བདེ་བར་གཤེགས་པའི་སྙིང་པོ་ཉིད་ནང་སྟོང་པ་ཉིད་ནས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་ཡིན་ཏེ། དེ་ལ་ཀུན་བཏགས་གཞན་དབང་གི་མིག་སོགས་གདོད་མ་ནས་ཟད་པ་སོགས་ཀྱི་ཕྱིར་རོ། །ནང་གི་སྐྱེ་མཆེད་ལ་སོགས་པ་དེ་དག་གདོད་མ་ནས་ཡོད་པ་མི་སྲིད་པ་ཉིད་ཀྱི་ཕྱིར་ཆོས་གང་དང་གང་ཡིན་པ་དེ་ཐམས་ཅད་ནང་སོགས་དེའི་ངོ་བོར་ཡོད་པ་མ་ཡིན་པས། ཆོས་ཐམས་ཅད་ནང་སྟོང་པ་ཉིད་ལ་སོགས་པ་ཡིན་ནོ། །དེ་ལྟ་བས་ན་སྟོང་པ་ཉིད་ཀྱི་དོན་ལ་དྲང་དོན་དང༌། ངེས་དོན་དབྱེ་བ་ཕྱེད་པར་བྱས་ཏེ་རྒྱལ་བས་གསུངས་པའི་དོན་ལ་དགོངས་པ་དང་དགོངས་མིན་གྱི་དབྱེ་བ་ལ་མཁས་པར་བྱའོ། །

གཉིས་པ་འགོག་བདེན་དག་པ་གཉིས་ལྡན་གྱི་མཚན་ཉིད་གཏན་ལ་དབབ་པ་ལ་བཞི་སྟེ།

མཚན་ཉིད། ཟབ་ཚུལ། དབྱེ་བ། རྣམ་གྲངས་སོ། །དེ་ལ་མཚན་ཉིད་ནི། ཆོས་ཀྱི་དབྱིངས་དེ་བཞིན་ཉིད་རང་བཞིན་གྱིས་རྣམ་པར་དག་པར་བྱས་པ་ལ་ལམ་བསྒོམས་པ་ལས་སྐྱེས་བུ་དེ་ཉིད་ཀྱྀ་གློ་བུར་གྱི་དྲི་མ་ཉོན་མོངས་པ་རྣམས་ཀྱིས་ཀྱང་དག་ནས་དག་པ་གཉིས་ལྡན་དུ་གང་ཟག་དེ་ལ་མངོན་དུ་གྱུར་པ་སྟེ། རྒྱན་ལས། ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད། །སྒྲིབ་གཉིས་དག་པའི་མཚན་ཉིད་དེ། །ཞེས་དང༌། དེ་བཞིན་ཉིད་ཤེས་ཐམས་ཅད་ནས། །བསྒོམ་པ་ལས་ནི་ཡང་དག་བྱུང༌། །ཞེས་པ་ལ་སོགས་པ་གསུངས་ཤིང༌། ཆོས་མངོན་པ་ལས་ཀྱང༌། རྣམ་གྲངས་འདིས་ནི་དེ་བཞིན་ཉིད་ལ་དམིགས་པ་གང་དུ་ཟག་པ་དང་བཅས་པའི་དངོས་པོ་འགས་པ་དེ་འགོག་པའི་མཚན་ཉིད་དེ། ཞེས་གསུངས་པ་ལྟར་རོ། །

ཟབ་ཚུལ་ནི།

སྟོང་ཉིད་ཀྱི་སྐབས་སུ་བཤད་པ་དང་འདྲ་སྟེ། ཆོས་ཅན་འདུ་བྱེད་རྣམས་ཀྱི་ཆོས་ཉིད་དེ་བཞིན་ཉིད་དེ། འདུས་བྱེད་མ་ཡིན་པས་དེ་དག་གཅིག་པ་ཡང་མ་ཡིན་ལ། རང་བཞིན་དུ་དབྱེར་མེད་པར་ཁྱབ་པས་ཐ་དད་པ་ཡང་མ་ཡིན་པའི་ཕྱིར་ཤིན་ཏུ་རྟོགས་དཀའ་ཞིང་ཟབ་པ་ཉིད་དེ། དགོངས་པ་ངེས་པར་འགྲེལ་པ་ལས། འདུ་བྱེད་ཁམས་དང་དོན་དམ་དེ་བཞིན་ཉིད། །གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་དེ། །གཅིག་དང་དུ་མ་ཉིད་དུ་གང་རྟོགས་པ། །དེ་དག་ཚུལ་མིན་ལྟ་ལ་ཞུགས་པ་ཡིན། །ཞེས་དང༌། རྒྱན་ལས་ཀྱང༌། དེ་ནི་ཆོས་དཀར་རང་བཞིན་ཡང༌། །དེ་ཡིས་དེ་ནི་བརྗོད་མ་ཡིན། །ཞེས་པ་ལ་སོགས་པ་གསུངས་ཤིང༌། དཔལ་ཕྲེང་གིས་ཞུས་པ་ལས་ཀྱང༌། བཅོམ་ལྡན་འདས་སེམས་ཅན་རྣམས་ཀྱི་རྣམ་པར་ཤེས་པའི་ཡུལ་ལས་འདས་པ། སྡུག་བསྔལ་འགོག་པའི་བདེན་པ་ནི་བསམ་གྱིས་མི་ཁྱབ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཤེས་པའི་སྤྱོད་ཡུལ་མ་ལགས་སོ། །ཞེས་པ་ལ་སོགས་པ་གསུངས་པ་ལྟར་རོ། །

དབྱེ་བ་ནི།

ཐུན་མོང་དུ་གྱུར་པའི་འགོག་པ་དང༌། ཁྱད་པར་དུ་འཕགས་པའི་འགོག་པ་གཉིས། ཐུན་མོང་བ་ནི། འཇིག་རྟེན་པའི་ལམ་གྱི་ས་བོན་ཉམས་སྨད་པ་བརྡའི་འགོག་པ་དང༌། འཕགས་པའི་ཤེས་རབ་ཀྱི་ས་བོན་ཀུན་ཏུ་བཅོམ་པ་དོན་དམ་པའི་མིང་ཅན་གྱི་འགོག་པ་དང༌། སློབ་པ་རྣམས་ཀྱིས་ཉོན་མོངས་པ་ཅི་རིགས་པ་སྤངས་པ་ཡོངས་སུ་མ་རྫོགས་པའི་འགོག་པ་དང༌། མི་སློབ་པ་རྣམས་ཀྱིས་སྤང་བྱ་མཐའ་དག་སྤངས་པ་ཡོངས་སུ་རྫོགས་པའི་འགོག་པ་ལ་སོགས་པ་རྣམས་སོ། །ཁྱད་པར་བ་ནི། མངོན་པ་ལས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མི་གནས་པའི་མྱ་ངན་ལས་འདས་པ་བསྡུས་པའི་འགོག་པ་གང་ཡིན་པ་སྟེ་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་གནས་ཡིན་པའི་ཕྱིར་རོ། །ཞེས་པ་ལྟར་རོ། །དེ་ཡང་ཀུན་རྫོབ་ཆོས་ཅན་རྟེན་འབྲེལ་གཙོ་བོར་གཏན་ལ་འབེབས་པའི་སྐབས་ཀྱི་འགོག་བདེན་ཡིན་གྱི་ངེས་པའི་དོན་དུ་འགོག་གཞི་སྟོང་པ་ཉིད་ཀྱི་ཡེ་ཤེས་ཉིད་འགོག་བདེན་ཁྱད་པར་ཅན་ཡིན་ནོ། །

རྣམ་གྲངས་ཀྱང་དེ་ཉིད་ལས་མ་ལུས་པར་སྤངས་པ་དང༌། ངེས་པར་སྤངས་པ་དང་བྱང་བར་འགྱུར་བ་དང་ཟད་པ་དང༌། འདོད་ཆགས་དང་བྲལ་བ་དང་འགོག་པ་དང་རྣམ་པར་ཞི་བ་དང་ནུབ་པ་ཞེས་བྱ་བ་ལ་སོགས་པ་ནས། འདུས་མ་བྱས་པ་དང༌། ཟག་པ་མེད་པ་དང༌། མྱ་ངན་ལས་འདས་པ་དང༌། སྐྱེ་བ་མེད་པ་ཞེས་བྱ་བ་ལ་སོགས་པའི་བར་རྒྱ་ཆེར་འབྱུང་བ་རྣམས་སོ།། །།

༈ བཞི་པ་ལམ་གྱི་བདེན་པ་ལ་བཞི་སྟེ།

མཚན་ཉིད། བྱེད་ལས། དབྱེ་བ། རང་བཞིན་ནོ། །དེ་ལ་མཚན་ཉིད་ནི། ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་དགེ་བ་གང་ཞིག །རྣམ་པར་གྲོལ་བའི་འཇུག་ངོགས་སུ་གྱུར་པ་སྟེ། མདོ་ལས། ཐབས་དང་བཅས་པའི་ཤེས་རབ་ནི་ལམ་མོ། །ཤེས་རབ་དང་བཅས་པའི་ཐབས་ནི་ལམ་མོ། །ཞེས་གསུངས་པ་ལྟར་རོ། །

བྱེད་ལས་ནི། ཟག་པ་དང་བཅས་པ་འབྲས་བུའི་ཆོས་ཐམས་ཅད་སྡུག་བསྔལ་དུ་ཤེས་པར་བྱས་ནས། དེའི་རྒྱུ་ལས་དང་ཉོན་མོངས་པ་སྤོང་ཞིང༌། དེ་དག་གིས་རྣམ་པར་དག་པ་མངོན་སུམ་དུ་བྱ་བའི་ཆེད་དུ་ཟག་པ་མེད་པའི་དགེ་བའི་རྩ་བ་རྣམས་བསྟེན་པ་སྟེ། ཆོས་མངོན་པ་ལས། ལམ་གང་གིས་སྡུག་བསྔལ་ཡོངས་སུ་ཤེས་པ་དང༌། ཀུན་འབྱུང་སྤཽང་བ་དང༌། འགོག་པ་མངོན་དུ་བྱེད་པ་དང༌། ལམ་སྒོམ་པ་སྟེ་འདི་ནི་ལམ་གྱི་མཚན་ཉིད་མདོར་བསྡུས་པའོ། །ཞེས་གསུངས་ལྟར་རོ། །

དབྱེ་བའང་དེ་ཉིད་ལས། ལམ་རྣམ་པར་ལྔ་སྟེ། ཚོགས་ཀྱི་ལམ་དང༌། སྦྱོར་བའི་ལམ་དང༌། མཐོང་བའི་ལམ་དང༌། སྒོམ་པའི་ལམ་དང༌། མཐར་ཕྱིན་པའི་ལམ་མོ། །ཞེས་གསུངས་པ་ལྟར་རོ། །རང་བཞིན་ལའང་དེ་ལྟར་ལྔ་ལས།

ཚོགས་ཀྱི་ལམ་ནི།

ལས་དང་པོ་པ་རྣམས་ཀྱི་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་རྒྱུད་ཡོན་ཏན་གྱི་ཚོགས་ཀྱིས་འགེངས་ཤིང༌། རྣམ་པར་གྲོལ་བའི་འཇུག་ངོགས་སུ་གྱུར་པ་སྟེ། དེ་ཡང་སྤྱོད་འཇུག་ལས། སྤོངས་པའི་སེམས་ནི་ཐོབ་པ་ལས། །ཚུལ་ཁྲིམས་ཕ་རོལ་ཕྱིན་པར་བཤད། །ཅེས་གསུངས་པ་ལྟར་སོ་སོའི་སྐྱེ་བོའི་ཚུལ་ཁྲིམས་དང༌། མདོ་ལས། མིག་གིས་གཟུགས་རྣམས་མཐོང་སྟེ་མཚན་མར་མི་འཛིན་མངོན་བཏགས་སུ་མི་འཛིན་ཞེས་པ་ལ་སོགས་པ་གསུངས་པ་ལྟར་དབང་པོའི་སྒོ་སྡོམ་པ་དང༌། བཤེས་པའི་ཕྲིན་ཡིག་ལས། ཁ་ཟས་སྨན་དང་འདྲ་བར་རིག་བྱས་ནས། །འདོད་ཆགས་ཞེ་སྡང་མེད་པར་བསྟེན་བགྱིས་ཏེ། །རྒྱགས་ཕྱིར་མ་ལགས་སྒེགས་པའི་ཕྱིར་མ་ལགས། །འཚིགས་ཕྱིར་མ་ལགས་ལུས་གནས་འབའ་ཞིག་ཕྱིར། །ཞེས་པ་ལྟར་ཟས་ཀྱི་ཚོད་རིག་པ་དང༌། དེ་ཉིད་ལས། རིགས་པའི་བདག་ཉིད་ཉིན་པར་ཐམས་ཅད་དང༌། །མཚན་མོའང་སྟོད་སྨད་དག་ཏུ་ཐུན་བཟླས་ནས། །མནལ་ཚོའང་འབྲས་མེད་ཉིད་དུ་མི་འགྱུར་བར། །དྲན་ལྡན་དེ་ཉིད་བར་དུ་མནལ་བར་འཛོད། །ཅེས་གསུངས་པ་ལྟར་ནམ་གྱི་ཆ་སྟོད་དང་ཆ་སྨད་ལ་མི་ཉལ་བར་རྣལ་འབྱོར་ལ་བརྩོན་པ་དང༌། སྤྱོད་འཇུག་ལས། ལུས་དང་སེམས་ཀྱི་གནས་སྐབས་ལ། །ཡང་དང་ཡང་དུ་བརྟག་བྱ་བ། །དེ་ཉིད་ཁོ་ན་མདོར་ན་ནི། །ཤེས་བཞིན་བསྲུང་བའི་མཚན་ཉིད་དོ། །ཞེས་གསུངས་པ་ལྟར། ཤེས་བཞིན་དུ་གནས་པར་མངོན་པར་དགའ་བ་སྟེ་ཐར་པའི་རྒྱུ་ཆོས་ལ་སློབ་པ་རྣམས་ཡིན་ཞིང༌། དེ་བཞིན་དུ། དད་དང་ཚུལ་ཁྲིམས་གཏོང་དང་ཐོས་པ་དང༌། །དྲི་མེད་ངོ་ཚ་ཤེས་དང་ཁྲེལ་ཡོད་དང༌། །ཤེས་རབ་ནོར་བདུན་ལགས་པར་ཐུབ་པས་གསུངས། །ནོར་གཞན་ཕལ་བ་དོན་མ་མཆིས་རྟོགས་མཛོད། །ཅེས་འབྱུང་བ་ལྟར། འཕགས་པའི་ནོར་བདུན་བསྟེན་པ་དང༌། ལེགས་པར་གྲུབ་པ་ལས། ཉིན་པར་བག་མེད་བྱས་པ་ཀུན། །མཚན་མོ་སོ་སོར་བཤགས་པར་བྱ། །མཚན་མོ་བྱས་པའང་ནང་བར་བཤགས། །ལེགས་པར་བྱས་ལ་མངོན་དགར་བྱ། །ཞེས་གསུངས་པ་ལྟར། སྡིག་པ་བཤགས་པ་ལ་སོགས་པ་སྒྲུབ་པ་དང༌། རྒྱན་ལས། རྒྱས་སྲས་སྤྱོད་ཚེ་ཇི་ལྟ་ཇི་ལྟ་བུར། །དབང་པོའི་སྤྱོད་ཡུལ་སྣ་ཚོགས་འཇུག་འགྱུར་བ། །དེ་དང་དེ་ལ་རིགས་པ་མཐུན་ཚིག་གིས། །སེམས་ཅན་ཕན་ཕྱིར་དེ་མངོན་འདུ་བྱེད་དོ། །ཞེས་གསུངས་པ་ལྟར། སྤྱཽད་ཡུལ་རྣམས་ཡོངས་སུ་སྦྱོང་བ་དང༌། དབུས་མཐའ་ལས་གསུངས་པའི་དོན་སྔར་བཤད་པ་ལྟར་ཆོས་སྤྱོད་བཅུ་སྒྲུབ་པ་ལ་སོགས་པ་འཕགས་པའི་ལམ་གྱི་རྒྱུར་གྱུར་པའི་དགེ་བ་གཞན་ཡང་ཡོད་ལ། ཡིད་ཆེས་པའི་གསུང་རབ་ཐོས་པ་ལས་བྱུང་བའི་ཤེས་རབ་དང༌། དེའི་དོན་རིགས་པས་བསམ་པ་ལས་བྱུང་བའི་ཤེས་རབ་དང༌། དེ་དག་དང་མི་འགལ་བར་སྒོམ་པ་ལས་བྱུང་བའི་ཤེས་རབ་ལ་ཚུལ་བཞིན་དུ་སློབ་པ་རྣམས་ཀྱང་ཡིན་པས། འཁོར་བའི་སྡུག་བསྔལ་སྤངས་ནས་ཐར་པའི་བདེ་བ་ཐོབ་པར་འདོད་པའི་ལས་དང་པོ་པ་རྣམས་ཀྱིས་དེ་དག་ལ་ཅི་ནུས་ཀྱི་བསླབ་པར་བྱའོ། །གཞན་ཡང༌། ཚོགས་ལམ་ཆུང་ངུའི་གནས་སྐབས་སུ་ལུས་དང༌། ཚོར་བ་དང༌། སེམས་དང༌། ཆོས་ཏེ་དྲན་པ་ཉེ་བར་བཞག་པ་བཞི་གཙོ་ཆེར་བསྒོམ་པར་བྱ་ཞིང༌། འབྲིང་པོའི་གནས་སྐབས་སུ་སྡུག་པ་སྐྱེས་པ་རྣམས་སྤང་བ་དང༌། མ་སྐྱེས་པ་རྣམས་མི་བསྐྱེད་པ་དང༌། དགེ་བ་མ་སྐྱེས་པ་རྣམས་བསྐྱེད་པ་དང༌། སྐྱེས་པ་རྣམས་སྤེལ་བ་སྟེ། ཡང་དག་པར་སྤོང་བ་བཞི་དང༌། ཆེན་པོའི་གནས་སྐབས་སུ་འདུན་པ་དང་བརྩོན་འགྲུས་དང་སེམས་དང་དཔྱོད་པའི་ཏིང་ངེ་འཛིན་དེ་རྫུ་འཕྲུལ་གྱི་རྐང་པ་བཞི་རྣམས་ཀྱང་གཙོ་ཆེར་བསྒོམ་པར་བྱའོ། །

སྦྱོར་བའི་ལམ་ནི། ཚོགས་བསགས་པ་ལས་མོས་པ་སྤྱོད་པ་རྣམས་ཀྱིས་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་བདེན་པ་རྣམས་མངོན་པར་རྟོག་པ་ལ་རིམ་གྱིས་སྦྱོར་ཞིང་རྣམ་པར་གྲོལ་བའི་འཇུག་ངོགས་སུ་གྱུར་པ་སྟེ། དེ་ཡང་དྲོད་ཐོབ་པ་ཡན་ཆད་ཀྱི་སོ་སོའི་སྐྱེ་བོའི་ཚུལ་ཁྲིམས་ལ་སོགས་པ་སྔར་བཤད་པ་རྣམས་ཀྱང་ཡིན་ཞིང༌། ཁྱད་པར་དུ་ཡང༌། མདོ་སྡེའི་རྒྱན་ལས། བྱང་ཆུབ་སེམས་དཔའ་མཉམ་བཞག་པས། །ཡིད་ཀྱི་བརྗོད་པ་མ་གཏོགས་པར། །དོན་ཀུན་རབ་ཏུ་མི་མཐོང་ངོ༌། །ཞེས་གསུངས་པ་ལྟར། བདེན་པ་རྣམས་ལ་སྣང་བ་ཐོབ་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་པར་ལྡན་པ་དང་བཅས་པ་དྲོ་བར་གྱུར་པ་དང༌། ཆོས་ཀྱི་སྣང་བ་འཕེལ་བྱའི་ཕྱིར་བརྩོན་འགྲུས་བརྟན་པ་རྟག་ཏུ་རྩོམ། ཞེས་པ་ལྟར། བདེན་པ་རྣམས་ལ་སྣང་བ་མཆེད་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་པར་ལྡན་པ་དང་བཅས་པ་རྩེ་མོར་གྱུར་པ་དང༌། དེ་ནས་དོན་དུ་སྣང་བ་ཀུན། །སེམས་སུ་རབ་ཏུ་སྣང་བ་འགྱུར། །ཞེས་པ་ལྟར། བདེན་པ་རྣམས་ལ་ཕྱོགས་གཅིག་ལ་ཞུགས་པ་ཏིང་ངེ་འཛིན་དང༌། ཤེས་རབ་མཚུངས་པར་ལྡན་པ་དང་བཅས་པ་བདེན་པའི་རྗེས་སུ་མཐུན་པའི་བཟོད་པ་དང༌། དེ་ཚེ་བར་ཆད་མེད་པ་ཡི། །ཏིང་ངེ་འཛིན་ལ་མྱུར་དུ་རེག །ཅེས་པ་ལྟར། བདེན་པ་རྣམས་ལ་དེ་མ་ཐག་པའི་ཏིང་ངེ་འཛིན་དང༌། ཤེས་རབ་མཚུངས་པར་ལྡན་དང་བཅས་པ་འཇིག་རྟེན་པའི་ཆོས་ཀྱི་མཆོག་རྣམས་ཡིན་ལ། དེ་དག་རེ་རེ་ལ་ཡང་ཆུང་ངུ་དང་འབྲིང་དང་ཆེན་པོའི་དབྱེ་བས་རྣམ་པ་གསུམ་གསུམ་དུའང་འགྱུར་རོ། །བཞི་པོ་དེ་རྣམས་ཀྱི་དང་པོ་གཉིས་སུ་ནི། དད་པ་དང༌། བརྩོན་གྲུས་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་སྟེ་དབང་པོ་ལྔ་གཙོ་ཆེར་བསྒོམ་པར་བྱ་ཞིང༌། ཕྱི་མ་གཉིས་སུ་ནི་དེ་དག་སྟོབས་སུ་གྱུར་པ་ལྔ་གཙོ་ཆེར་བསྒོམ་པར་བྱ་སྟེ། དབུས་མཐའ་ལས། དབང་པོ་རྣམས་དང་སྟོབས་རྣམས་ལས། །ངེས་འབྱེད་ཡན་ལག་གཉིས་གཉིས་སོ། །ཞེས་གསུངས་པ་ལྟར་རོ། །

མཐོང་བའི་ལམ་ནི།

འཇིག་རྟེན་པའི་ཆོས་ཀྱི་མཆོག་གི་འཇུག་ཐོག་ཏུ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་འཕགས་པའི་བདེན་པ་རྣམས་གཟུང་བ་དང་འཛིན་པ་མི་དམིགས་པའི་ཏིང་ངེ་འཛིན་དང༌། ཤེས་རབ་མཚུངས་པར་ལྡན་པ་དང་བཅས་པ་ཆོས་ཉིད་མངོན་སུམ་གྱིས་གསར་དུ་མཐོང་ཞིང༌། རྣམ་པར་གྲོལ་བའི་འཇུག་ངོགས་སུ་གྱུར་པ་སྟེ། རྒྱན་ལས། དེ་ནས་དེ་ན་འཇིག་རྟེན་ལས། །འདས་པའི་ཡེ་ཤེས་བླ་མེད་པ། །རྣམ་པར་མི་རྟོག་དྲི་མ་མེད། །འཛིན་པ་གཉིས་དང་བྲལ་བ་ཐོབ། །ཅེས་གསུངས་པ་ལྟར་རོ། །དེ་ཡང་མངོན་པར་རྟོགས་པའི་རྒྱན་ལས། བདེན་དང་བདེན་ལ་བཟོད་པ་དང༌། །ཤེས་པའི་སྐད་ཅིག་རྣམ་བཞི་ཡིས། །ལམ་ཤེས་ཉིད་ལ་མཐོང་བའི་ལམ། །ཕན་ཡོན་བཅས་པ་འདི་བཤད་དོ། །ཞེས་གསུངས་པ་ལྟར། སྡུག་བསྔལ་བ་དང༌། ཀུན་འབྱུང་བ་དང༌། འགོག་པ་དང༌། ལམ་རྣམས་ལ་དམིགས་ནས། སོ་སོའི་མཐོང་སྤང་གི་སྒྲིབ་པ་སྤོང་བ་ཆོས་ཤེས་པའི་བཟོད་པ་དང༌། སྒྲིབ་པ་སྤངས་ནས་ཀྱང་རྣམ་པར་གྲོལ་བ་ཉམས་སུ་མྱོང་བར་བྱེད་པ་ཆོས་ཤེས་པ་དང༌། དེ་ལྟར་སྐད་ཅིག་དང་པོ་གཉིས་པོ་འཕགས་པའི་ཆོས་རྣམས་ཀྱི་རྒྱུར་རྟོགས་པ་རྗེས་སུ་ཤེས་པའི་བཟོད་པ་དང༌། སྐད་ཅིག་གསུམ་པོ་དེ་ཉིད་རང་རིག་པའི་ཚུལ་གྱིས་འཛིན་པ་རྗེས་སུ་ཤེས་པ་སྟེ། བདེན་པ་སོ་སོ་ལ་སྐད་ཅིག་བཞི་བཞིའི་དབྱེ་བ་སྐད་ཅིག་མ་བཅུ་དྲུག་རིམ་ཅན་དུ་སྐྱེ་ཞིང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དེ་དང་ལྷན་ཅིག་ས་དང་པོ་ཡང་ཐོབ་སྟེ། རྒྱན་ལས། དེ་ནས་དེས་ནི་ས་དང་པོར། །བྱང་ཆུབ་སེམས་དཔའ་དེའི་བདག་ཉིད། །ཀུན་དང་མཉམ་དང་འཇིག་རྟེན་ལས། །འདས་པའི་ཡེ་ཤེས་བླ་མེད་ཐོབ། །ཅེས་གསུངས་པ་ལྟར་རོ། །དེ་དག་ཏུ་ནི་དྲན་པ་དང༌། ཆོས་རབ་ཏུ་རྣམ་པར་འབྱེད་པ་དང༌། བརྩོན་འགྲུས་དང༌། དགའ་བ་དང༌། ཤིན་ཏུ་སྦྱངས་པ་དང༌། ཏིང་ངེ་འཛིན་དང༌། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་རྣམ་ཀྱང་བསྒོམ་པར་བྱའོ། །དེ་རྣམས་ལ་དགོངས་ནས་མདོ་ལས་ཀྱང༌། ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་པ་སྐྱེས་སོ། །ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །

སྒོམ་པའི་ལམ་ནི། བདེན་པ་བཞིའི་ཆོས་ཉིད་མཐོང་ཟིན་གོམས་པར་བྱེད་པ་རྣམ་པར་གྲོལ་བའི་འཇུག་ངོགས་སུ་གྱུར་པ་ཡིན་ལ། དེ་ཡང་ཁམས་གསུམ་གྱི་ས་དགུ་པོ་ཟག་པ་མེད་པར་གྱུར་པ་ལ། གནས་ནས་གཉེན་པོ་ཆུང་ངུའི་ཆུང་ངུ་ལ་སོགས་པ་རིམ་གྱིས་སྐྱེ་བས་སྤང་བྱ་ཆེན་པོའི་ཆེན་པོ་ལ་སོགས་པ་སྤོང་བར་བྱེད་པ་སྟེ། མངོན་པར་རྟོགས་པའི་རྒྱན་ལས། ས་དགུ་ལ་ནི་ཆེན་པོ་ཡི། །ཆེན་པོ་ལ་སོགས་དྲི་མ་ཡི། །གཉིས་པོ་ཆུ་ངུའི་ཆུང་ངུ་ལ། །སོགས་པའི་ལམ་ནི་དག་པ་ཡིན། །ཞེས་གསུངས་པ་ལྟར་རོ། །ཁྱད་པར་དུ་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་ས་དང་པོའི་མཐོང་ལམ་རྫོགས་པའི་ལྷག་མ་ནས་བརྩམས་ཏེ་ས་བཅུ་པའི་བར་ལ་ཚོགས་གཉིས་ཁྱད་པར་ཅན་རིམ་གྱིས་འཕེལ་བར་བྱེད་པ་སྟེ། རྒྱན་ལས། དེ་ནས་དེ་ནི་ལྷག་མ་ཡི། །ས་རྣམ་སྒོམ་པའི་ལམ་འདི་ལ། །ཡེ་ཤེས་རྣམ་པ་བཞི་པོ་དག །སྒོམ་ཕྱིར་རབ་ཏུ་སྤྱོད་པར་བྱེད། །ཅེས་གསུངས་པ་ལྟར་རོ། །དེ་རྣམས་སུ་ནི་ཡང་དག་པའི་ལྟ་བ་དང་རྟོག་པ་དང་ངག་དང་ལས་ཀྱི་མཐའ་དང་འཚོ་བ་དང་རྩོལ་བ་དང་ཏིང་ངེ་འཛིན་ཏེ་འཕགས་པའི་ལམ་ཡན་ལག་བརྒྱད་པ་རྣམས་ཀྱང་བསྒོམ་པར་བྱའོ། །

མཐར་ཕྱིན་པའི་ལམ་ནི།

རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་བརྟེན་ནས་གནས་ངན་ལེན་ཐམས་ཅད་སྤངས་ཤིང་གནས་མ་ལུས་པ་ཡོངས་སུ་གྱུར་པས་ཟད་པ་དང་མི་སྐྱེ་བ་ཤེས་པའི་ཡེ་ཤེས་མཐར་ཐུག་པ་ཐོབ་པ་སྟེ། དེ་ཡང་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ནི་གོང་དུ་འགྲོ་བ་དང་བཅས་པའི་ཕྱིར་ལམ་མཚན་ཉིད་པ་དང་འབྲས་བུ་བཏགས་པ་བ་ཡིན་ལ། ཐེག་པ་ཆེན་པོ་པ་རྣམས་ཀྱི་ནི་སྤངས་རྟོགས་ཕུལ་དུ་དབྱུང་དུ་མེད་པའི་ཕྱིར་ལམ་བཏགས་པ་བ་དང་འབྲས་བུ་མཚན་ཉིད་པ་ཡིན་ཞིང༌། དེ་ཉིད་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པ་ཞེས་བྱ་སྟེ། རྒྱན་ལས། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན། །རྟོགས་པས་མི་ཤིགས་ཐོབ་ནས་ནི། །གནས་གཞན་གྱུར་པ་མཐར་ཐུག་པ། །སྒྲིབ་པ་ཀུན་གྱི་དྲི་མེད་དང༌། །གང་ལ་གནས་ན་སེམས་ཅན་ཀུན། །ཕན་ཕྱིར་རབ་ཏུ་སྒྲུབ་བྱེད་པ། །རྣམ་པ་ཐམས་ཅད་མཁྱེན་པ་ཡི། །གོ་འཕང་བླ་ན་མེད་པ་ཐོབ། །ཅེས་གསུངས་པ་ལྟར་རོ། །

ད་ནི་བདེན་པ་དེ་དག་ལ་འཁྲུལ་བ་སྤོང་བ་ལ།

འགོག་བདེན་ལ་འཁྲུལ་བ་སྤང་བ་དང༌། ལམ་བདེན་ལ་འཁྲུལ་བ་སྤང་བའོ། །དང་པོ་ལ་གསུམ་ལས། [དང་པོ་] འདུས་བྱས་སུ་ཡོད་པ་སྤང་བ་ནི། ཁ་ཅིག་འགོག་པ་ནི་ལམ་གྱི་འབྲས་བུ་ཡིན་པའི་ཕྱིར། འདུས་བྱས་ཀྱི་དངོས་པོར་ཡོད་དམ་སྙམ་དུ་སེམས་ན། དེ་ལྟར་ནི་མི་བསམ་སྟེ། ལམ་སྒོམ་པ་ལས། ཀུན་བཏགས་གཞན་དབང་གཉིས་ཀྱི་བསྡུས་པ་ཀུན་རྫོབ་ཀྱི་གློ་བུར་གྱི་དྲི་མ་དང་བྲལ་བ་ཙམ་ལ་ལམ་གྱིས་དག་པའི་འབྲས་བུ་ཞེས་བྱའི་དོན་དམ་པ་ཡོངས་གྲུབ་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་དེ་རྒྱུ་རྐྱེན་གྱིས་གསར་དུ་བསྐྱེད་པའི་འབྲས་བུར་ནི་ཡོད་པ་མ་ཡིན་ཏེ། ནམ་ཡང་གཞན་དུ་མི་འགྱུར་ཞིང་འདུས་མ་བྱས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ལྟར་དཔལ་ཕྲེང་གིས་ཞུས་པ་ལས། བཅོམ་ལྡན་འདས་འཕགས་པའི་བདེན་པ་བཞི་པོ་དེ་དག་ལས་བདེན་པ་གསུམ་ནི་མི་རྟག་པ་ལགས་སོ། །བདེན་པ་གཅིག་ནི་རྟག་པ་ལགས་སོ། །ཞེས་པ་ནས། བཅོམ་ལྡན་འདས་འདི་ལ་བདེན་པ་གཅིག་ནི་འདུས་བྱས་ཀྱི་མཚན་ཉིད་ཀྱི་ཡུལ་ལས་འདས་པ་ལགས་ཏེ། བཅོམ་ལྡན་འདས་གང་འདུས་བྱས་ཀྱི་མཚན་ཉིད་ཀྱི་ཡུལ་ལས་འདས་པ་དེ་ནི་རྟག་པ་ལགས་སོ། །གང་རྟག་པ་དེ་ནི་མི་བསླུ་བའི་ཆོས་ཅན་ལགས་སོ། །ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་པ་བཞིན་ནོ། །དེ་ཉིད་འབྲས་བུར་འཇོག་པ་ཡང་དཔེར་ན་ནམ་མཁའ་སྤྲིན་དང་བྲལ་བ་དང༌། གསེར་དྲི་མས་དག་པ་དང༌། ཆུ་རྙོག་པ་དང་བཅས་པ་རྣམས་བྲལ་བའི་འབྲས་བུའི་དཔེ་མངོན་སུམ་དུ་གྱུར་པ་ཡིན་གྱི་སྐྱེད་འབྲས་གསར་དུ་བསྒྲུབས་པ་ནི་མ་ཡིན་པ་བཞིན་ཏེ། ཇི་སྐད་དུ། རྟག་ཏུ་གཉིས་བྲལ་འཁྲུལ་བའི་རྟེན་གང་ཡིན་དང་གང་ཞིག་རྣམ་ཀུན་ཏུ། །བརྗོད་པར་ནུས་མ་ཡིན་ཞིང་སྤྲོས་པ་མེད་པའི་རང་བཞིན་དེ་ཁོ་ན། །ཤེས་བྱ་སྤང་བྱ་རང་བཞིན་དྲི་མེད་འདོད་གང་རྣམ་པར་སྦྱང་བྱ་སྟེ། །དེ་ནི་ནམ་མཁའ་གསེར་དང་ཆུ་དང་ཉོན་མོངས་པ་ལས་རྣམ་དག་འདོད། །ཅེས་གསུངས་པ་ལྟར་རོ། །

[གཉིས་པ་]གཏན་མེད་དུ་འདོད་པ་སྤང་བ་ནི།

ཡང་ཁ་ཅིག་སྤང་བྱ་འགག་པ་ཙམ་གྱིས་མེད་དགག་ནམ་མཁའ་ལ་འཇའ་ཡལ་བ་ལྟར་ཅི་ཡང་མེད་པར་འགྱུར་བ་ནི། འགོག་པའི་བདེན་པའོ། །སྙམ་དུ་མངོན་པར་ཞེན་ན། དེ་ལྟར་ཡང་རིག་པ་མ་ཡིན་ཏེ། སྤང་བྱ་ཉོན་མོངས་པ་རྣམས་འགག་པར་ཟད་མོད། ཆོས་ཀྱི་དབྱིངས་མེད་པར་འགྱུར་བ་ནི་མ་ཡིན་ཞིང༌། རང་བཞིན་གྱིས་འོད་གསལ་བ་ཉིད་ལྷག་པར་མངོན་གསུམ་དུ་འགྱུར་བའི་ཕྱིར་དཔེར་ན་ནོར་བུ་རིན་པོ་ཆེ་འོད་གསལ་བ་ལ་སྒྲིབ་པ་བྱེད་པའི་འདམ་རྫབ་བསལ་ཡང་ནོར་བུ་མེད་པར་མི་འགྱུར་ཞིང་འོད་གསལ་བ་མངོན་སུམ་དུ་གྱུར་པ་བཞིན་ཏེ། ཆོས་ཀྱི་དབྱིངས་སུ་བསྟོད་པ་ལས། ཇི་ལྟར་རིན་ཆེན་བཻ་ཌཱུཪྻ། །དུས་རྣམས་ཀུན་ཏུ་འོད་གསལ་ཡང༌། །ས་ཡི་ནང་ན་གནས་གྱུར་ན། །དེ་ཡི་འོད་ནི་གསལ་མ་ཡིན། །དེ་བཞིན་ཉོན་མོངས་ཀྱིས་བསྒྲིབས་པའི། །ཆོས་དབྱིངས་ཤིན་ཏུ་དྲི་མེད་པའང༌། །འཁོར་བར་འོད་ནི་གསལ་མ་ཡིན། །མྱ་ངན་འདས་ན་འོད་གསལ་འགྱུར། །ཞེས་གསུངས་པ་ལྟར་རོ། །ཅི་སྟེ་གཏན་ནས་མེད་པ་ཉིད་ཡིན་ན་ནི་ཉན་ཐོས་སྡེ་གཉིས་འདོད་པ་ལྟར་གྱི་ཉན་ཐོས་དང༌། རང་སངས་རྒྱས་ཀྱི་འགོག་པ་དང༌། ཡང་ཁྱད་པར་མེད་པར་འགྱུར་ཞིང༌། གཞི་མེད་པའི་ཕྱིར་ཡོན་ཏན་ཁྱད་པར་ཅན་རྣམས་ཀྱང་མེད་པར་འགྱུར་ལ། དེ་ཉིད་ཀྱི་ཕྱིར་སེམས་ཅན་ཐམས་ཅད་ལ་ཕན་པ་དང༌། བདེ་བ་སྒྲུབ་པའི་འཕྲིན་ལས་ཀྱང་མེད་པར་ཐལ་བ་ལ་སོགས་པའི་ཉེས་པ་མང་པོ་ཡོད་ཅིང་མདོ་ལས་ཀྱང༌། སྡུག་བསྔལ་འགོག་པའི་བདེན་པ་ཉིད་ནི་ཡང་དག་པར་ན་བདེན་པ་དང༌། རྟག་པ་དང་སྐྱབས་ལགས་སོ། །ཞེས་པ་ལ་སོགས་པ་གསུངས་པས་ཀྱང་གནོད་པར་འགྱུར་རོ། །

[གསུམ་པ་]ཕྱོགས་རེ་ལ་ཞེན་པ་སྤང་བ་ནི།

དཔེར་ན་ཚ་བའི་རེག་པ་སྤངས་ནས་མེད་ཀྱང་ལྕགས་གྲང་མོ་ཡོད་པ་དང༌། རབ་རིབ་སྤངས་ནས་མེད་ཀྱང༌། མིག་གསལ་པོ་ཡོད་པ་བཞིན་དུ་རྣམ་པར་ཤེས་པ་གློ་བུར་དྲི་མ་མཐའ་དག་སྤངས་ནས་མེད་པ་ཡིན་ཡང༌། ཡེ་ཤེས་ཀྱི་སྐུ་དོན་དམ་པའི་སངས་རྒྱས་རྟག་ཏུ་མི་འགྱུར་བ་ཡོད་པའི་ཕྱིར། རྣམ་པར་མ་བརྟགས་པར་ཡོད་མེད་མཐའ་གཅིག་ཏུ་ངེས་པ་མི་བཟུང་སྟེ། རྒྱན་ལས། ཇི་ལྟར་ལྕགས་ལ་ཚ་བ་དང༌། །མིག་ལ་རབ་རིབ་ཞི་བ་ལྟར། །སངས་རྒྱས་སེམས་དང་ཡེ་ཤེས་ལ། །ཡོད་དང་མེད་པར་མི་བརྗོད་དོ། །ཞེས་གསུངས་པ་ལྟར་རོ། །

གཉིས་པ་ལམ་ལ་འཁྲུལ་བ་སྤང་བ་ལ་གཉིས་ཏེ།

ཚོགས་མེད་པར་གྲོལ་བ་སྤང་བ་དང༌། ཚོགས་གཉིས་ལ་འཁྲུལ་བ་སྤངས་པའོ། །དང་པོ་ནི། ཕྱི་རོལ་པ་འགའ་ཞིག་གིས་ཚོགས་གཉིས་མ་བསགས་ཀྱང་ལྟ་བ་ངན་པ་སྣ་ཚོགས་པ་རྟོགས་པ་དང༌། འདོད་པའི་ཡོན་ཏན་ལྔ་ལ་འཛེམ་མེད་དུ་ལོངས་སྤྱོད་པ་དང༌། སྲོག་བཅད་ནས་ལྷ་མཉེས་པར་བྱས་པ་ཙམ་གྱིས་ཐར་པ་ཐོབ་པར་འདོད་པ་ལ་སོགས་པ་ནི་རིགས་པ་མ་ཡིན་ཏེ། དུས་གསུམ་གྱིས་ཀུན་ནས་བསླང་བའི་མི་དགེ་བ་སྤྱད་པས་ནི་འཁོར་བ་སྡུག་བསྔལ་འབའ་ཞིག་སྐྱེད་པར་བྱེད་པའི་ཕྱིར་དང༌། ལྷ་གཞན་མཉེས་པར་བྱས་ཀྱང་དེ་དག་ལ་ཐར་བ་སྟེར་བའི་ནུས་པ་མེད་པའི་ཕྱིར་རོ། །དེ་ལྟར་ཡང་དྲི་མ་མེད་པའི་འོད་ལས། ལུས་དང་ངག་དང་ཡིད་ཀྱི་ལས། །དགེ་དང་མི་དགེ་གང་བྱེད་པ། །དེ་འབྲས་སེམས་ཅན་ལོངས་སྤྱད་དེ། །ལྷ་གཞན་འབྲས་བུ་སྟེར་བ་མིན། །ཞེས་པ་དང༌། རིན་ཆེན་ཕྲེང་བ་ལས་ཀྱང༌། མི་དགེ་བ་ལས་སྡུག་བསྔལ་ཀུན། །དེ་བཞིན་ངན་འགྲོ་ཐམས་ཅད་དེ། །ཞེས་གསུངས་ལ། སྤྱོད་འཇུག་ལས་ཀྱང༌། སྡིག་པ་བྱེད་པ་བདེ་འདོད་ཀྱང༌། །གང་དང་གང་དུ་འགྲོ་འགྱུར་བ། །དེ་དང་དེར་ནི་སྡིག་པ་དེས། །སྡུག་བསྔལ་མཚོན་གྱིས་རྣམ་པར་འཇོམས། །ཞེས་པ་ལ་སོགས་པ་བཞིན་ནོ། །དེ་བཞིན་དུ། ནང་པར་ཁས་འཆེ་བ་འགའ་ཞིག་ཀྱང་ཀུན་རྫོབ་སྣ་ཚོགས་སུ་སྣང་བ་འདི་ཐམས་ཅད་ནི་རང་རང་ངོ་བོས་སྟོང་པའོ། །ཞེས་བྱ་བར་སྟོན་ཏོ། །དེ་ལྟར་རྟོགས་པ་དང༌། དོན་དམ་པའི་ཆོས་ཀྱི་སྐུ་མངོན་སུམ་དུ་གྱུར་ཏོ་སྙམ་དུ་བསམས་ནས། ད་ནི་བླ་མའི་བཀའ་དྲིན་གྱིས་ཅིག་ཆར་ལེགས་པར་གྲོལ་ལོ། །དེའི་ཕྱིར་བགྲོད་པར་བྱེད་པའི་ས་དང་ལམ་མེད་དོ། །བགྲོད་པར་བྱ་བའི་ཐར་པ་གཞན་མེད་དོ། །འཁོར་བ་དང་མྱ་ངན་ལས་འདས་པ་དག་ལ་དགག་པ་དང༌། སྒྲུབ་པ་མེད་དོ། །དེ་རྣམས་ཡོད་པར་གསུངས་པ་ནི་དྲང་བའི་དོན་ཏེ་བརྫུན་པའོ། །ཞེས་བྱ་བར་རྟོག་ན། དེ་ལྟར་ཡང་མཐའ་གཅིག་ཏུ་མི་བསམ་སྟེ། ཀུན་རྫོབ་རང་རང་གི་ངོ་བོས་སྟོང་པར་ཐོས་བསམ་དང་མྱོང་བ་ཙམ་གྱིས་རྟོགས་པས་ཀྱང་དངོས་པོ་ལ་མངོན་པར་ཞེན་པ་ཅུང་ཟད་ལྡོག་མོད། གཟུང་འཛིན་དུ་སྣང་བ་རྣམས་མ་འགགས་པར་དེ་ཙམ་གྱིས་ཆོས་ཀྱི་སྐུ་མངོན་དུ་གྱུར་པར་ཡང་ཇི་ལྟར་འགྱུར། ཚོགས་གཉིས་རིམ་གྱིས་མ་བསགས་ཀྱང་བཀའ་ཙམ་གྱིས་གྲཽལ་བ་འགྱུར་ན་ཐུགས་རྗེ་ཆེན་པོ་དང་ལྡན་པའི་སངས་རྒྱས་རྣམས་ཐབས་ཤིན་ཏུ་སླ་བ་དེ་རྣམས་སེམས་ཅན་རྣམས་ལ་ཅིའི་ཕྱིར་མི་སྟོན། ས་དང་ལམ་རིམ་གྱིས་བགྲོད་པ་དང་ཏིང་ངེ་འཛིན་བསྒོམ་པ་ལ་སོགས་པ་ཐབས་མཐའ་ཡས་པ་འདི་རྣམས་ཀྱིས་ཀྱང་ཅི་ཞིག་བྱ། དེ་ལྟ་བས་ན་ལམ་མ་བསྒོམས་ཀྱང་བཀའ་ཙམ་གྱིས་ཐར་པ་ཐོབ་པར་འདོད་པ་ནི་རྣམ་པར་མ་བརྟགས་པ་ཉིད་དེ། དྲི་མ་མེད་པའི་འོད་ལས། བཀའ་ཡི་ཀུན་སྤྱོད་ཆོས་རྣམས་ནི། །འགས་ཀྱང་སྲོག་ཆགས་ཐར་སྟེར་མིན། །ལམ་ཉེར་སྟོན་བྱེད་གང་གིས་ན། །རྒྱལ་བ་བཀའ་ཡིས་ཐར་སྟེར་མིན། །གལ་ཏེ་བླ་མའི་དྲིན་གྱིས་ནི། །ལུས་ཅན་རྣམས་ནི་གྲོལ་འགྱུར་ན། །དེ་ཚེ་ཐར་པ་སྙིང་རྗེ་ཅན། །ཏིང་ངེ་འཛིན་གྱིས་སྟོན་མི་འགྱུར། །ཞེས་པ་ལ་སོགས་པའི་ཕྱིར་རོ། །གཞན་ཡང་ཚོགས་གཉིས་མ་བསགས་ཀྱང་དེ་ཁོ་ནས་སངས་རྒྱས་སོ། །སྙམ་དུ་བསམ་པ་ཙམ་གྱིས་དེ་ལྟར་འགྱུར་ན་ནི་བསོད་ནམས་དམན་པ་འགའ་ཞིག་ཀྱང་ང་རྒྱལ་བོའོ་སྙམ་དུ་བསམ་པས་དེ་ལྟར་འགྱུར་དགོས་པ་ལ་སོགས་པའི་ཉེས་པ་མང་བར་འགྱུར་རོ། །དེའི་ཕྱིར་སངས་རྒྱས་ཐོབ་པར་འདོད་པ་རྣམས་ཀྱིས་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཉེ་བར་བསགས་དགོས་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང༌། བསོད་ནམས་ལྡན་པ་བསོད་ནམས་ཚོགས། །ཡེ་ཤེས་ཡེ་ཤེས་འབྱུང་གནས་ཆེ། །ཡེ་ཤེས་ལྡན་པ་ཡོད་མེད་ཤེས། །ཚོགས་གཉིས་ཚོགས་ནི་བསགས་པ་པོ། །ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ། །

གཉིས་པ་ཚོགས་གཉིས་ལ་འཁྲུལ་བ་སྤང་བ་ལ་གཉིས་ཏེ།

བསོད་ནམས་ལ་འཁྲུལ་བ་སྤང་བ་དང༌། ཡེ་ཤེས་ལ་འཁྲུལ་བ་སྤངས་པའོ། །དང་པོ་ལ་ཡང་གཉིས་ལས། [དང་པོ་]ངོ་བོ་ལ་འཁྲུལ་བ་སྤང་བ་ནི། འགའ་ཞིག་ལྷ་དང་བླ་མ་དང་ཕ་མེས་ལ་སོགས་པའི་ཆེད་དུ། སེམས་ཅན་གྱི་སྲོག་བཅད་ནས་མཆོད་སྦྱིན་བྱས་པ་ལས་བསོད་ནམས་ཀྱི་ཚོགས་སུ་འགྱུར་བར་འདོད་མོད། དེ་དག་ནི་ལེགས་པར་བརྟགས་ན་ཤིན་ཏུ་རིགས་པ་མ་ཡིན་ཏེ། སེམས་ཅན་ལ་གནོད་པ་བྱས་པའི་ཕྱིར་རོ། །དེ་ལྟར་ཡང༌། དྲི་མ་མེད་པའི་འོད་ལས། བསོད་ནམས་ཀྱང་སེམས་ཅན་ལ་ཕན་བཏགས་པ་ལས་འགྱུར་གྱི་ལྷ་དང་ཕ་མེས་ཀྱི་བྱ་བ་ལ་སྲོག་བཅད་པ་ལས་ནི་མ་ཡིན་ནོ། །ཞེས་གསུངས་སོ། །སེམས་ཅན་ལ་གནོད་པ་བྱས་པ་ལས་ནི་སངས་རྒྱས་ལ་སོགས་པའི་དམ་པ་རྣམས་དགོས་པར་ཡང་མི་འགྱུར་ཏེ། ཇི་ལྟར་ལུས་ལ་ཀུན་ནས་མེ་འབར་བ། །འདོད་པ་ཀུན་གྱིས་ཡིད་བདེར་མི་འགྱུར་བ། །དེ་བཞིན་སེམས་ཅན་གནོད་ཆེན་བྱེད་ན་ཡང༌། །ཐུགས་རྗེ་ཅན་རྣམས་དགྱེས་པའི་ཐབས་མེད་དོ། །ཞེས་གསུངས་པ་ལྟར་རོ།།

[གཉིས་པ་]འབྲས་བུ་ལ་འཁྲུལ་བ་སྤང་བ་ནི། ཡང་ཁ་ཅིག་རྣམ་པར་རྟོག་པའི་ཡུལ་དུ་གཟུགས་བརྙན་སྒོམ་པ་ལ་སོགས་པ་བརྟགས་པའི་ཏིང་ངེ་འཛིན་རྣམས་ལས། འབྲས་བུ་ལམ་དུ་བྱེད་པའོ་སྙམ་དུ་བསམ་ནས་དོན་དམ་པའི་སངས་རྒྱས་འགྲུབ་པར་འདོད་མོད། དེ་དག་ལས་ནི་ཐུན་མོང་གི་དངོས་གྲུབ་འགྲུབ་པར་འགྱུར་གྱི་མཆོག་གི་ནི་མ་ཡིན་ཏེ། འཁོར་བའི་རྒྱུ་རྣམ་པར་རྟོག་པ་མཐའ་དག་སྤང་བར་མི་ནུས་པའི་ཕྱིར་རོ། །དོན་དམ་པའི་སངས་རྒྱས་ནི། རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ཡེ་ཤེས་ཀྱི་ཚོགས་ཀྱི་འཁོར་བའི་སྡུག་བསྔལ་མ་ལུས་པ་སྤངས་པ་ལས་འགྲུབ་སྟེ། མཚན་ཡང་དག་པར་བརྗོད་པ་ལས། སྡུག་བསྔལ་གསུམ་གྱིས་སྡུག་བསྔལ་ཞི། །གསུམ་སེལ་མཐའ་ཡས་དོན་གསུམ་ཐོབ། །སྒྲིབ་པ་ཀུན་ལས་ངེས་པར་གྲོལ། །མཁའ་ལྟར་མཉམ་པ་ཉིད་ལ་གནས། །ཞེས་གསུངས་ཤིང༌། དྲི་མ་མེད་པའི་འོད་ལས་ཀྱང༌། བཅོམ་ལྡན་འདས་ཀྱིས་གསུངས་འདིའི་ཕྱིར་རྣམ་པར་རྟོག་པའི་གཟུགས་སྒོམ་པའི་སྟོབས་ཀྱིས་ནི་རྣལ་འབྱོར་པ་ཐམས་ཅད་མཁྱེན་པར་མི་འགྱུར་རོ། །ཞེས་པ་དང༌། གཟུགས་ལ་སོགས་པར་རྟོག་པའི་དཀྱིལ་འཁོར་གྱི། །འཁོར་ལོ་བསྒོམ་པ་གོམས་པར་གྱུར་པས་ནི། །གྲུབ་པ་འཇིག་རྟེན་པ་དག་འགྲུབ་གྱུར་གྱི། །འདོད་པའི་དངོས་གྲུབ་ཆེན་པོ་ག་ལ་ཞིག །ཅེས་གསུངས་ལ། དཔལ་ལྡན་རྡོ་རྗེ་སྙིང་པོའི་འགྲེལ་པར་ཡང༌། དང་པོར་རྟོག་མེད་རྒྱུ་ལས་ནི། །རྟོག་མེད་འབྲས་བུ་འབྱུང་འགྱུར་གྱི། །ཁྲེ་ཚེ་ལས་ནི་ས་ལུ་ཉིད། །རྣམ་ཡང་འབྱུང་བ་མ་ཡིན་ནོ། །ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་པ་ལྟར་རོ། །

ཡེ་ཤེས་ལ་འཁྲུལ་བ་སྤང་བ་ལ་གཉིས་ལས།

[དང་པོ་]མཆོག་གི་ཡེ་ཤེས་བསམ་མེད་དུ་འདོད་པ་སྤང་བ་ནི། དྲི་མ་མེད་པའི་འོད་ལས། བླ་མ་དམ་པའི་མན་ངག་དང་བྲལ་ཞིང༌། ཆད་པ་ཆེན་པོར་ལྷུང་བར་གྱུར་པའི་གདུག་པའི་བླ་མ་རྣམས་ཀྱིས་བྱིས་པའི་བློ་ཅན་ཟབ་ཅིང་རྒྱ་ཆེ་བའི་ཆོས་ལ་ཡོངས་སུ་བརྟགས་པ་མི་བྱེད་པ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པ་འགྱུར་ཏེ། ཞེས་པ་ལ་སོགས་པ་གསུངས་པ་ལྟར། འགའ་ཞིག་ངོ་བོ་ཉིད་མེད་པར་བསྟན་པའི་དགོངས་པ་མ་ཤེས་པར་ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་པའི་ཕྱིར་ཅི་ཡང་བསམ་དུ་མེད་ལ། གང་གི་ཚེ་བསམ་པ་རབ་ཏུ་འཇུག་ན་དེའི་ཚེ་འདོད་པ་ལ་ཆགས་པ་དང༌། མི་འདོད་པ་ལ་ཆགས་བྲལ་གྱིས་དབང་གིས་དེ་དག་ལ་དགག་སྒྲུབ་དང་བཅས་པ་ནི་འཁོར་བ་ཡིན་ཞིང༌། བསམ་པ་མེད་པ་ལས་ནི་ཆགས་པ་དང་ཆགས་བྲལ་ལ་དགག་སྒྲུབ་དང་བཅས་པའི་འཁོར་བ་མེད་པའི་སངས་རྒྱས་སུ་གྱུར་རོ། །སྙམ་དུ་སེམས་ན་དེ་ནི་མ་ཡིན་ཏེ། གནས་སྐབས་སུ་ཡང་སོ་སོར་རྟོག་པའི་ཤེས་རབ་ཀྱིས་བླང་དོར་ལེགས་པར་དཔྱད་དགོས་ཤིང༌། མཐར་ཐུག་དོན་དམ་པའི་ཡེ་ཤེས་ནི་སོ་སོར་རང་གིས་རིག་པར་བྱ་བ་ཡིན་པའི་ཕྱིར་རོ། །ཅི་སྟེ་བསམ་པ་མེད་པ་མཆོག་གི་ཡེ་ཤེས་ཡིན་ན་ནི་སེམས་ཅན་རྣམས་གདོད་མ་ནས་གྲོལ་བར་འགྱུར་བ་དང་སོ་སོ་རང་གིས་རིག་པའི་ཡེ་ཤེས་མེད་པར་ཐལ་པ་ལ་སོགས་པ་ཉེས་པ་མང་པོར་འགྱུར་ཞིང༌། དེ་ལྟར་ཡང་རིགས་པ་མ་ཡིན་ཏེ། དྲི་མ་མེད་པའི་འོད་ལས། འདིར་གལ་ཏེ་བསམ་པ་མེད་པའི་ཡེ་ཤེས་སངས་རྒྱས་ཉིད་སྟེར་བར་བྱེད་པ་ཡིན་ན་ནི་དེའི་ཕྱིར་སེམས་ཅན་ཐམས་ཅད་སངས་རྒྱས་སུ་ཅིའི་ཕྱིར་མ་གྱུར། འདི་རྣམས་ཀྱི་གཉིད་འཐུག་པོ་ལ་བསམ་པ་མེད་པའི་ཡེ་ཤེས་རབ་ཏུ་འཇུག་ཅིང་འདོད་པའི་དངོས་པོ་རྣམས་ལ་ཆགས་པ་དང༌། མི་འདོད་པའི་དངོས་པོ་རྣམས་ལ་ཆགས་པ་དང་བྲལ་བ་མེད་དེ། ཞེས་པ་ལ་སོགས་པ་གསུངས་ཤིང༌། མདོ་ལས་ཀྱང༌། རིན་ཆེན་སྒྲོན་མེ་ལ་སོགས་པའི་ཏིང་ངེ་འཛིན་མང་པོས་སེམས་ཀྱི་རང་བཞིན་འོད་གསལ་བར་གསུངས་ལ། རྒྱུད་ལས་ཀྱང༌། བདག་རིག་གཞན་རིག་ཐམས་ཅད་པ། །ཀུན་ལ་ཕན་པའི་གང་ཟག་མཆོག །དཔེར་བྱ་ཀུན་ལས་འདས་པ་སྟེ། །ཤེས་དང་ཤེས་བྱའི་བདག་པོ་མཆོག །ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་པའི་ཕྱིར་རོ། །

[གཉིས་པ་]འཕགས་པའི་ཡེ་ཤེས་སྣང་མེད་དུ་འདོད་པ་སྤང་བ་ནི།

ཡང་ཁ་ཅིག་འགའ་ཡང་མཐོང་བ་མེད་པ་ནི་དེ་ཁོ་ན་ཉིད་མཐོང་བའོ། །ཞེས་པ་དང༌། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་གསུངས་པའི་ཕྱིར། འཕགས་པ་རྣམས་ཀྱི་མཉམ་བཞག་མཐར་ཐུག་པའི་ཚེ་ན་ཡུལ་ཅི་ཡང་སྣང་བ་མེད་པའོ། །ཞེས་བྱ་བར་རྟོག་མོད། དེ་དག་ནི་བྱས་པ་རྣམས་ལ་སྣང་ཞིང་མ་དག་པ་གཟུང་འཛིན་གློ་བུར་བའི་དམིགས་པ་མེད་པ་ལ་དགོངས་ནས་གསུངས་པ་ཡིན་གྱི་འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་རང་བཞིན་དོན་དམ་པའི་དེ་བཞིན་ཉིད་ཡང་དག་པའི་སྣང་བ་མེད་པ་ནི་མ་ཡིན་ཏེ། དབུ་མ་ཆེན་པོ་མདོ་སྡེ་རྒྱན་ལས། བྱིས་པ་ཡང་དག་ཉིད་བསྒྲུབས་ནས། །ཡང་དག་མ་ཡིན་ཀུན་ཏུ་སྣང༌། །བྱང་ཆུབ་སེམས་དཔའ་དེ་བསལ་ནས། །ཡང་དག་ཉིད་ནི་ཀུན་ཏུ་སྣང༌། །ཞེས་པ་ལ་སོགས་པ་གསུངས་ཤིང༌། ཆོས་མངོན་པ་ལས་ཀྱང༌། ཅིའི་ཕྱིར་ཡང་དག་པའི་མཐའ་ཞེས་བྱ་ཞེ་ན་ཕྱིར་ཅི་ལོག་མེད་པའི་དམིགས་པ་ཡིན་པའི་ཕྱིར་རོ། །ཞེས་པ་དང༌། ཅིའི་ཕྱིར་དོན་དམ་པ་ཞེས་བྱ་ཞེ་ན་འཕགས་པའི་ཡེ་ཤེས་དམ་པའི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ། །ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་པའི་ཕྱིར་རོ། །

དེ་ལ་ཁ་ཅིག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་དེ་ཇི་ལྟ་བ་དང་ཇི་སྙེད་པའི་དོན་མངོན་སུམ་དུ་གསལ་བར་མཐོང་བ་ཅན་ཡིན་ན། སངས་རྒྱས་ཀྱི་ཡེ་ཤེས་དང་ཁྱད་པར་མེད་པར་འགྱུར་རོ། །ཞེས་སྨྲ་ཡང༌། སྐྱོན་དེ་ནི་མེད་དེ། རྒྱ་ཆེ་ཆུང་དང༌། ཕུལ་དུ་ཕྱིན་མ་ཕྱིན་གྱི་ཁྱད་པར་ཡོད་པའི་ཕྱིར་རོ། །དེ་ཡང་སངས་རྒྱས་རྣམས་ཀྱི་ནི་སྤང་བྱ་མ་ལུས་པ་སྤངས་པའི་ཕྱིར་རྟོགས་པ་མཐར་ཐུག་ཅིང་ཡོངས་སུ་རྫོགས་པ་ཡིན་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་སྤང་བྱ་ལྷག་མ་ཅི་རིགས་པ་དང་བཅས་པའི་ཕྱིར་དེ་ལྟར་ཡང་མ་ཡིན་ཏེ། དཔེར་ན་ཟླ་བ་ཡོངས་སུ་རྫོགས་པར་མངོན་སུམ་དུ་མཐོང་བ་དང༌། ཆ་ཤས་ཅུང་ཟད་མངོན་སུམ་སུ་མཐོང་བ་ལྟ་བུའམ། ཉི་མ་ཡོངས་སུ་རྫོགས་པར་མཐོང་བ་དང༌། སྤྲིན་བར་ནས་ཅུང་ཟད་མཐོང་བ་ལྟ་བུའོ། །

དེ་ལྟར་བདེན་པ་བཞིའི་མཚན་ཉིད་སྤྱི་བསྡོགས་ནས་གཏན་ལ་ཕབ་པས་གཞི་དང་ལམ་གྱི་མཚན་ཉིད་དང་སྡོད་ཚུལ་གསལ་བར་གོ་ནུས་པ་ཡིན་ལ། འབྲས་བུའི་ཆོས་རྣམས་ཞོར་བྱུང་དུ་གཏན་ལ་ཕབ་པ་ཡིན་མོད་ཀྱིས། ད་ནི་གསལ་བར་གོ་བའི་ཕྱིར་འབྲས་བུ་བྱང་ཆུབ་ཀྱི་བཞུགས་ཚུལ་དགོས་སུ་ཅུང་ཟད་གཅིག་གཏན་ལ་དབབ་པར་བྱ་སྟེ། དེ་ལ་འབྲས་བུའི་བསྐོར་འདི་རྣམས་བདེན་པ་བཞི་ལས་གཙོ་བོར་འགོག་པ་དང༌། ཕལ་བའི་ཚུལ་དུ་ལམ་གྱིས་བསྡུས་པར་རིག་པར་བྱ་དགོས་སོ། །དེ་ལ་དྲི་མེད་བྱང་ཆུབ་མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །

དང་པོ་ནི།

ཐེག་པ་ཆེན་པོ་རྒྱུད་བླ་མ་ལས། ངོ་བོ་རྒྱུ་དང་འབྲས་བུ་དང༌། །ལས་དང་ལྡན་དང་འཇུག་པ་དང༌། །དེ་ལྟར་བསམ་མི་ཁྱབ་ཉིད་ཀྱིས། །སངས་རྒྱས་པ་ནི་རྣམ་པར་བཞག །ཞེས་འབྱུང་བ་ལྟར། སྒྲིབ་པ་གཉིས་དག་པ་ངོ་བོའི་དོན་དང༌། ཐོབ་བྱེད་ཀྱི་ཡེ་ཤེས་རྒྱུའི་དོན་དང༌། དྲི་མ་དང་བྲལ་བ་འབྲས་བུའི་དོན་དང༌། རང་བཞིན་གྱི་དོན་གཉིས་ལས་ཀྱི་དོན་དང༌། དེའི་རྟེན་ཡོན་ཏན་དང་ལྡན་པའི་དོན་དང༌། སྐུ་གསུམ་གྱི་དབྱེ་བས་འཇུག་པའི་དོན་དང༌། ཇི་སྲིད་དུ་དེ་དག་རྟག་པའི་དོན་དང༌། ཇི་ལྟ་བ་བཞིན་བསམ་གྱིས་མི་ཁྱབ་པའི་དོན་ཏོ། །

གཉིས་པ་རྒྱས་བཤད་པ་བརྒྱད་ལས།

ངོ་བོ་དོན་ནི། སངས་རྒྱས་ཉིད་ནི་དབྱེར་མེད་པ། །དག་པའི་ཆོས་ཀྱིས་རབ་ཕྱེ་བ། །ཉི་མ་མཁའ་བཞིན་ཡེ་ཤེས་དང༌། །སྤངས་པ་གཉིས་ཀྱི་མཚན་ཉིད་དེ། །ཞེས་པ་ལྟར་དོན་དམ་པའི་སངས་རྒྱས་ཉིད་ནི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་འཁོར་འདས་ཐམས་ཅད་ལ་དབྱེར་མེད་པར་ཁྱབ་པ་དེ་ཉིད་སྤང་བྱ་གློ་བུར་གྱི་དྲི་མ་མཐའ་དག་དང་ཡང་བྲལ་ནས་དག་པ་གཉིས་ལྡན་དུ་མངོན་དུ་གྱུར་པ་སྟེ། ཉི་མ་རང་བཞིན་གྱིས་འོད་གསལ་བ་བཞིན་དུ་ཡེ་ཤེས་ཀྱི་འོད་གསལ་བའི་རྟོགས་པ་དང༌། ནམ་མཁའ་རང་བཞིན་གྱིས་དག་པ་བཞིན་དུ་སྒྲིབ་པ་གཉིས་རྣམ་པར་དག་པའི་སྤངས་པ་དང་ཡང་ལྡན་པས། སྤངས་རྟོགས་ཕུན་སུམ་ཚོགས་པ་གཉིས་ཀྱི་མཚན་ཉིད་དང་ལྡན་པའོ། །

རྒྱུའི་དོན་ནི།

སྒྲིབ་པ་གཉིས་དང་བྲལ་བ་ཡི། །རྒྱུ་ནི་ཡེ་ཤེས་གཉིས་ཡིན་ཏེ། །མི་རྟོག་པ་དང་དེ་ཡི་ནི། །རྗེས་ཐོབ་དེ་ནི་ཡེ་ཤེས་འདོད། །ཅེས་པ་ལྟར། སྤང་བྱ་ཉོན་མོངས་པ་དང༌། ཤེས་བྱའི་སྒྲིབ་པ་གཉིས་དང་བྲལ་བའི་འབྲས་བུ་དག་པ་གཉིས་ལྡན་ཐོབ་པར་བྱེད་པའི་རྒྱུ་ནི། ཇི་ལྟ་བ་དང་ཇི་སྙེད་པ་རྟོགས་པའི་ཡེ་ཤེས་གཉིས་ཟུང་དུ་འབྲེལ་བར་བསྒོམ་པ་ཡིན་ནོ། །དེ་ཡང་མཉམ་བཞག་ཁམས་གསུམ་པའི་གཉེན་པོ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་གཙོ་ཆེར་ཉོན་མོངས་པའི་སྒྲིབ་པ་སྦྱོང་བ་དང༌། རྗེས་ཐོབ་ཟབ་པ་དང་རྒྱ་ཆེ་བ་ལ་སོགས་པ་ཤེས་བྱ་ཇི་སྙེད་པ་རྟོགས་པའི་དོན་རྣམ་པར་འབྱེད་པས་ཡེ་ཤེས་ཀྱིས་གཙོ་ཆེར་ཤེས་བྱའི་སྒྲིབ་པ་རྣམ་པར་སྦྱོང་བས། དེ་དག་དང་འབྲེལ་བའི་ལམ་བསྒོམ་པ་ལ་འབད་པར་བྱའོ། །

འབྲས་བུའི་དོན་ནི།

ཆུ་མཚོ་སོགས་བཞིན་འདོད་ཆགས་སོགས། །གློ་བུར་ཉོན་མོངས་དག་པ་ནི། །མདོར་ན་མི་རྟོག་ཡེ་ཤེས་ཀྱི། །འབྲས་བུ་ཡིན་པར་རབ་ཏུ་བརྗོད། །ཅེས་པ་ལྟར། དབྱིངས་རང་བཞིན་གྱིས་དག་པ་དེ་ཉིད་ཆུ་རྙོག་པས་དག་པ་དང་ཟླ་བ་སྒྲ་གཅན་ལས་ཐར་བ་དང༌། ཉི་མ་སྤྲིན་ལས་གྲོལ་བ་བཞིན་དུ། སྤང་བྱ་གློ་བུར་གྱི་དྲི་མ་ཉོན་མོངས་པ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལ་སོགས་པའི་སྒྲིབ་པ་དག་ནས་སྤངས་པ་ཕུན་སུམ་ཚོགས་པ་རྣམ་པར་གྲོལ་བའི་སྐུ་ཐོབ་པ་ནི་མཉམ་བཞག་འཇིག་རྟེན་ལས་འདས་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་འབྲས་བུ་ཡིན་ཞིང༌། དེ་བཞིན་དུ། རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སངས་རྒྱས་སྐུ་ནི་དེས་མཐོང་བ། །དེ་ནི་རྗེས་ལ་ཐོབ་པ་ཡི། །ཡེ་ཤེས་འབྲས་བུ་ཡིན་པར་བསྟན། །ཞེས་པ་ལྟར། རྟོགས་པ་ཕུན་སུམ་ཚོགས་པའི་ཡོན་ཏན་གྱི་རྟེན་སྟོང་ཉིད་འོད་གསལ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སངས་རྒྱས་ཆོས་ཀྱི་སྐུ་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་མཐོང་བ་ནི་རྗེས་ཐོབ་འཇིག་རྟེན་པའི་ཡེ་ཤེས་ཀྱིས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ལ་ཐོས་པ་ལ་སོགས་པ་བྱས་པའི་ཡེ་ཤེས་ཀྱི་འབྲས་བུ་མངོན་དུ་གྱུར་པའོ། །

ལས་ཀྱི་དོན་ནི། མདོར་ན་ཡེ་ཤེས་གཉིས་པོ་ཡི། །ལས་སུ་འདི་ནི་ཤེས་བྱ་སྟེ། །གྲོལ་བའི་སྐུ་ནི་རྫོགས་པ་དང༌། །ཆོས་ཀྱི་སྐུ་ནི་སྤྱོད་པའོ། །ཞེས་པ་ལྟར་ལ་མཉམ་བཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་གོམས་པ་ལས་གློ་བུར་གྱི་དྲི་མ་བག་ཆགས་དང་བཅས་པ་ལས་རྣམ་པར་གྲོལ་བའི་སྐུ་སྤངས་པ་མཐར་ཕྱིན་པ་དང༌། རྗེས་ཐོབ་ཇི་སྙེད་པ་རྟོགས་པའི་ཡེ་ཤེས་གོམས་པ་ལས་སྟོབས་སོགས་ཡོན་ཏན་གྱི་རྟེན་དུ་གྱུར་པའི་ཆོས་ཀྱི་སྐུ་ཤེས་བྱ་མཐའ་དག་ལ་ཁྱབ་པའི་རྟོགས་པ་མཐར་ཕྱིན་པ་ཐོབ་པས་ནི་འདུས་མ་བྱས་མངོན་དུ་གྱུར་པ་རང་དོན་མཐར་ཕྱིན་པ་འགྲུབ་ཅིང་དེ་ཉིད་དཀར་པོའི་ཆོས་ཐམས་ཅད་ཀྱི་རྟེན་ཡིན་པས། གཞན་དོན་ཕུན་སུམ་ཚོགས་པའང་འགྲུབ་པའོ། །

ལྡན་པའི་དོན་ནི།

རྣམ་གྲོལ་ཆོས་ཀྱི་སྐུ་དག་གིས། །རང་དང་གཞན་གྱི་དོན་བསྟན་ཏེ། །རང་གཞན་དོན་རྟེན་དེ་ལ་ནི། །བསམ་མི་ཁྱབ་སོགས་ཡོན་ཏན་ལྡན། །ཞེས་པ་ལྟར་སྤངས་རྟོགས་མཐར་ཕྱིན་པར་རྣམ་པར་གྲོལ་བ་དང་ཆོས་ཀྱྀ་སྐུ་དེ་དག་གིས་ནི་རང་གཞན་གྱི་དོན་གཉིས་ཕུན་སུམ་ཚོགས་པ་འགྲུབ་པ་བསྟན་ཅིང་སྐུ་གཉིས་པོ་དེ་དག་ལ་ནི། བསམ་མེད་རྟག་བརྟན་ཞི་བ་གཡུང་དྲུང་ཉིད། །ཅེས་པ་ལ་སོགས་པ་བློས་བསམ་གྱིས་མི་ཁྱབ་པ་དང༌། སྐྱེ་རྒ་ན་འཆི་ལས་གྲོལ་བས་རྟག་པ་དང༌། བརྟན་པ་དང༌། ཞི་བ་དང༌། གཡུང་དྲུང་ལ་སོགས་པ་དོན་དམ་པའི་ཡོན་ཏན་མཐའ་ཡས་པ་དང་ལྡན་པའོ། །

འཇུག་པའི་དོན་ལས།

ངོ་བོ་ཉིད་ཀྱི་སྐུ་ནི། ཐོག་མ་དབུས་མཐའ་མེད་ཅིང་རྣམ་དབྱེ་མེད། །གཉིས་མེད་གསུམ་བྲལ་དྲི་མེད་རྣམ་རྟོག་མེད། །ཆོས་དབྱིངས་རང་བཞི་གང་ཡིན་དེ་རྟོགས་པ། །མཉམ་པར་བཞག་པའི་རྣལ་འབྱོར་པ་ཡིས་མཐོང༌། །ཞེས་པ་ལྟར་ཐོག་མཐའ་བར་གསུམ་དུ་སྐྱེ་འཇིག་གནས་གསུམ་དང་བྲལ་བ་འདུས་མ་བྱས་པའི་མཚན་ཉིད་ཅན་དང༌། དེ་བཞིན་ཉིད་ཟག་པ་མེད་པའི་དབྱིངས་དང་མཐར་ཕྱིན་པའི་ཡེ་ཤེས་གཅིག་ཏུ་འདྲེས་པར་རྣམ་པར་དབྱེར་མེད་པ་དང༌། ཡོད་པ་དང་མེད་པ་ལ་སོགས་པ་ལས་གྲོལ་བས་སྒྲོ་འདོགས་པ་དང་སྐུར་བ་འདེབས་པའི་མཐའ་གཉིས་སུ་ལྷུང་བ་མེད་པ་དང༌། ཉོན་མོངས་པ་དང་ཤེས་བྱ་དང་སྙོམས་འཇུག་གི་སྒྲིབ་པ་གསུམ་དང་བྲལ་བ་དང༌། དྲི་མ་མེད་ཅིང་རྣམ་རྟོག་གི་སྤྱོད་ཡུལ་དུ་དབྱེར་མེད་པའི་ཆོས་ཀྱི་དབྱིངས་དེ་ཉིད་མཉམ་པར་བཞག་པའི་རྣལ་འབྱོར་པ་དེ་བཞིན་གཤེགས་པས་མངོན་སུམ་དུ་གཟིགས་པ་འོད་གསལ་བ་སྟེ། མཚན་ཉིད་ལྔ་དང་ལྡན་པའོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི། སྣ་ཚོགས་དམ་ཆོས་འོད་ཟེར་མངའ་བའི་སྐུས། །འགྲོ་བའི་རྣམ་གྲོལ་དོན་འགྲུབ་ལ་བརྩོན་པ། །མཛད་པ་ཡིད་བཞིན་ནོར་བུའི་རྒྱལ་བཞིན་ཏེ། །སྣ་ཚོགས་དངོས་ཀྱང་དེ་ཡི་རང་བཞིན་མིན། །ཞེས་པ་ལྟར་ཟབ་པ་དང་རྒྱ་ཆེ་བ་སྣ་ཚོགས་པའི་དམ་པའི་ཆོས་ཀྱི་འོད་ཟེར་ཀྱི་སྣང་བ་འགྱེད་པས་གསུང་གི་བརྗོད་པ་རྒྱུན་མི་ཆད་པ་དང༌། མཚན་དང་དཔེ་བྱད་བཟང་པོ་མཐའ་ཡས་པ་མངའ་བའི་སྒོ་ནས་སྐུའི་སྣང་བ་སྟོན་པ་རྒྱུན་མི་ཆད་པ་དང༌། གདུལ་བྱ་མཆོག་ཏུ་གྱུར་པ་མང་པོའི་རྒྱུད་ལ་རྣལ་གྲོལ་གྱི་དོན་སྒྲུབ་པ་ལ་བརྩོན་པས་མཛད་པའི་འཕྲིན་ལས་རྒྱུན་མི་ཆད་པ་དང༌། དེ་ལྟར་མཛད་པ་ལའང་ཡིད་བཞིན་གྱི་ནོར་བུས་རེ་འདོད་སྐོང་བ་བཞིན་དུ་འབད་རྩོལ་མེད་ཅིང་ལྷུན་གྱིས་གྲུབ་པར་འཇུག་པ་དང༌། གདུལ་བྱའི་བསམ་པ་དང་མཐུན་པར་ཁ་དོག་དང་ཚན་ལ་སོགས་པ་སྣ་ཚོགས་པར་སྟོན་ཀྱང་དེའི་རང་བཞིན་དུ་བདེན་པ་མིན་པ་སྟེ་ཁྱད་པར་ལྔ་དང་ལྡན་པའོ། །སྤྲུལ་པའི་སྐུ་ནི། འཇིག་རྟེན་ཞི་བའི་ལམ་ལ་འཇུག་པ་དང༌། །རབ་ཏུ་སྨིན་དང་ལུང་སྟོན་རྒྱུ་ཡི་གཟུགས། །གང་ཡིན་དེ་ཡང་འདིར་ནི་རྟག་གནས་ཏེ། །ནམ་མཁའི་ཁམས་སུ་གཟུགས་ཀྱི་ཁམས་བཞིན་ནོ། །ཞེས་པ་ལྟར་འཇིག་རྟེན་ཐ་མལ་པ་ལམ་ལ་མ་ཞུགས་པ་རྣམས་སྲིད་པ་གསུམ་ལ་སྐྱོ་བ་སྐྱེད་ནས་ཞི་བ་མྱ་ངན་ལས་འདས་པའི་ལམ་ལ་འཇུག་པར་མཛད་པ་དང༌། ཐར་པའི་ལམ་ལ་ཞུགས་པ་རྣམས་ཐེག་པ་ཆེན་པོ་ཟབ་ཅིང་རྒྱ་ཆེ་བ་ལ་བཀོད་ནས་རབ་ཏུ་སྨིན་པར་མཛད་པ་དང༌། ཐེག་ཆེན་གྱིས་རབ་ཏུ་སྨིན་པ་རྣམས་དག་པའི་ས་ལ་རིམ་གྱིས་བཀོད་ནས་རྣམ་པར་གྲོལ་བར་ལུང་སྟོན་པར་མཛད་པ་སྟེ་ཆོས་གསུམ་དང་ལྡན་པའི་སྒོ་ནས་འཕྲིན་ལས་ཕུན་སུམ་ཚོགས་པའི་རྒྱུར་གྱུར་པ་སྤྲུལ་པའི་སྐུ་དེ་ནི། འདུས་མ་བྱས་ནམ་མཁའི་ཁམས་སུ་འདུས་བྱས་ཀྱི་གཟུགས་སྐྱེ་འཇིག་རྒྱུན་མི་ཆད་པ་བཞིན་དུ་ཆོས་ཀྱི་སྐུ་འགྱུར་བ་མེད་པའི་དབྱིངས་འདིར་ནི་འཁོར་བ་ཇི་སྲིད་པར་རྟག་ཏུ་གནས་ནས་གང་ལ་གང་འདུལ་གྱི་རྣམ་པས་འགྲོ་བའི་དོན་མཛོད་པའོ། །ཁྱད་པར་མཆོག་གི་སྤྲུལ་སྐུས་མཛད་པ་བཅུ་གཉིས་སྟོན་ཚུལ་ནི། ཐུགས་རྗེ་ཆེན་པོས་འཇིག་རྟེན་མཁྱེན། །འཇིག་རྟེན་ཀུན་ལ་གཟིགས་ནས་ནི། །ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །ཞེས་པ་ལྟར་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ལས་བསྒྲལ་བར་བཞེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པས། ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཀྱིས་འཇིག་རྟེན་ཐམས་ཅད་ལ་གཟིགས་ནས། ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཆོས་ཀྱི་སྐུ་ལས་མ་གཡོས་བཞིན་དུ། སྤྲུལ་པའི་རང་བཞིན་སྣ་ཚོགས་པའི་སྒོ་ནས་སྨད་དུ་བྱུང་བའི་མཛད་པ་བཅུ་གཉིས་སྟོན་པ་སྟེ། དེ་ཡང་སྟོན་པ་འདི་ཉིད་ལ་ཉེ་བར་མཚོན་ན། སྐྱེ་བ་མངོན་པར་སྐྱེ་བ་དང༌། །དགའ་ལྡན་གནས་ནས་འཕོ་བ་དང༌། །ལྷུམས་སུ་འཇུག་དང་བལྟམས་པ་དང༌། །བཟོ་ཡི་གནས་ལ་མཁས་པ་དང༌། །བཙུན་མོའི་འཁོར་དགྱེས་རོལ་པ་དང༌། །ངེས་འབྱུང་དཀའ་བ་སྤྱོད་པ་དང༌། བྱང་ཆུབ་སྙིང་པོར་གཤེགས་པ་དང༌། །བདུད་སྡེ་འཇོམས་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང༌། །མྱ་ངན་འདས་པར་གཤེགས་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་པ་ལ་སོགས་པ་དང༌། མདོ་རྣམས་ལས་རྒྱ་ཆེར་གསུངས་པར་དག་གོ །

རྟག་པའི་དོན་ནི།

རྒྱུ་མཐའ་ཡས་དང་སེམས་ཅན་ཟད་མེད་དང༌། །བརྩེ་དང་འཁྲུལ་དང་མཁྱེན་དང་ཕུན་ཚོགས་དང༌། །ཆོས་ཀྱི་དབང་ཕྱུག་འཆི་བའི་བདུད་བཅོམ་དང༌། །ངོ་བོ་མེད་ཕྱིར་འཇིག་རྟེན་མགོན་པོ་རྟག །ཅེས་ཏེ། གང་ལ་ཡང་ཆགས་པ་མེད་པར་དམ་པའི་ཆོས་འཛིན་པ་ལ་སོགས་པ་རྒྱུ་མཐའ་ཡས་པ་ལས་བྱུང་བའི་ཕྱིར་དང༌། སེམས་ཅན་ཐམས་ཅད་འདུལ་བར་ཞལ་གྱིས་བཞེས་ཤིང་གདུལ་བྱའི་སེམས་ཅན་ལ་ཟད་པ་མེད་པའི་ཕྱིར་དང༌། གཞན་དོན་གྱི་ཀུན་སློང་ཐུགས་རྗེ་ཆེན་པོ་རྒྱུན་མི་ཆད་པའི་ཕྱིར་དང༌། གང་ལ་གང་འདུལ་གྱི་རྫུ་འཕྲུལ་ལ་དབང་འབྱོར་བའི་ཕྱིར་དང༌། སྲིད་ཞིའི་རང་བཞིན་མཉམ་ཉིད་དུ་མཁྱེན་པས་ནམ་ཡང་སྐྱོ་བ་མི་མངའ་བའི་ཕྱིར་དང༌། ཏིང་ངེ་འཛིན་གྱི་བདེ་བ་ཕུན་སུམ་ཚོགས་པ་དང་ལྡན་པས་སྡུག་བསྔལ་གྱིས་གནོད་པ་མི་མངའ་བའི་ཕྱིར་དང༌། ཆོས་ཐམས་ཅད་ཀྱི་དབང་ཕྱུག་འཇིག་རྟེན་དུ་བཞུགས་ཀྱང་དེའི་ཉེས་པ་ནམ་ཡང་མི་གོས་པའི་ཕྱིར་ཏེ། རྒྱུ་མཚན་བདུན་གྱིས་སྒོ་ནས་གཟུགས་སྐུས་གཞན་དོན་མཛད་པ་རྟག་ཏུ་རྒྱུན་མི་ཆད་ཅིང་འཆི་བ་མེད་པའི་གོ་འཕང་བརྙེས་པས་འཆི་བདག་གིས་བདུད་ཐམས་ཅད་བཅོམ་པའི་ཕྱིར་དང༌། གདོད་མ་ནས་འདུས་མ་བྱས་པས་འདུས་བྱས་ཀྱི་ངོ་བོར་མེད་པའི་ཕྱིར་དང༌། ཕྱི་མའི་མཐར་ཐུག་པར་འཇིག་རྟེན་ཐམས་ཅད་ཀྱི་སྐྱབས་དང་མགོན་པོར་གྱུར་པའི་ཕྱིར་ཏེ། རྒྱུ་མཚན་གསུམ་གྱི་སྒོ་ནས་ཆོས་ཀྱི་སྐུ་འགྱུར་བ་མེད་པས་རྟག་པའི་ཉིད་དོ། །

བསམ་གྱིས་མི་ཁྱབ་པའི་དོན་ནི། ངག་ཡུལ་མིན་ཕྱིར་དོན་དམ་གྱིས་བསྡུས་ཕྱིར། །རྟོག་ནས་མིན་ཕྱིར་དཔེ་ལས་འདས་པའི་ཕྱིར། །བླ་ན་མེད་ཕྱིར་སྲིད་ཞིའི་མ་བསྡུས་ཕྱིར། །རྒྱལ་ཡུལ་འཕགས་རྣམས་ཀྱིས་ཀྱང་བསམ་མི་ཁྱབ། །ཅེས་ཏེ། སྒྲའི་བརྗོད་བྱ་ལས་འདས་པས་ངག་གི་སྤྱོད་ཡུལ་མིན་པའི་ཕྱིར་དང༌། སོ་སོ་རང་གི་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དོན་དམ་པ་ཡིན་པའི་ཕྱིར་དང༌། རྣམ་པར་རྟོག་པས་བརྟག་པར་བྱ་བའི་གནས་མ་ཡིན་པའི་ཕྱིར་དང༌། འཇལ་བྱེད་ཀྱི་དཔེ་དང་རྟགས་ལ་སོགས་པ་ལས་ཡང་དག་པར་འདས་པའི་ཕྱིར་དང༌། འཇིག་རྟེན་ལས་འདས་པ་རབ་ཀྱི་མཐར་ཕྱིན་པ་བླ་ན་མེད་པ་ཡིན་པའི་ཕྱིར་ཏེ་རྒྱུ་མཚན་ལྔའི་སྒོ་ནས་ཆོས་ཀྱི་སྐུ་བསམ་གྱིས་མི་ཁྱབ་ཅིང༌། སྲིད་པ་འཁོར་བ་དང་ཞི་བ་མྱ་ངན་ལས་འདས་པའི་མཐའ་གཉིས་ཀྱིས་མ་བསྡུས་པའི་ཕྱིར་གཟུགས་སྐུ་བསམ་གྱིས་མི་ཁྱབ་སྟེ། དེ་དག་གི་ཇི་ལྟ་བའི་དོན་ནི། རྒྱལ་བ་ཐམས་ཅན་མཁྱེན་པ་ཁོ་ནའི་ཡེ་ཤེས་ཀྱིས་སྤྱོད་ཡུལ་ཡིན་གྱི་འཕགས་པ་ཆེན་པོ་རྣམས་ཀྱིས་ཀྱང་བསམ་གྱིས་མི་ཁྱབ་ན་ཕལ་པ་རྣམས་ཀྱིས་ལྟ་སྨོས་ཀྱང་ཅི་དགོས། འོན་ཀྱང་ལུང་རྣམ་དག་ལ་བརྟེན་ནས་ཡིད་ཆེས་པར་བྱའོ། །དེ་ལ་ཁ་ཅིག་རང་གིས་ཟབ་དོན་མ་མཐོང་བ་དང༌། ལུང་ལས་ཀྱང་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་གསུངས་པ་རྒྱུ་མཚན་དུ་བྱས་ནས་སངས་རྒྱས་ཞེས་བྱ་བ་ནི་བརྟགས་པ་ཙམ་ཡིན་གྱི་དོན་ལ་གྲུབ་པ་ཅུང་ཟད་ཀྱང་མེད་དོ། །ཞེས་ཟེར་བ་ནི་ཤིན་ཏུ་རིགས་པ་མ་ཡིན་ཏེ། སྔར་བསྟན་པ་ལྟར་ཀུན་རྫོབ་གཟུགས་ཀྱི་སྐུ་ནི་གདུལ་བྱ་ལ་སྣང་ཙམ་དུ་ཡོད་པའི་ཕྱིར་དང༌། དོན་དམ་ཆོས་ཀྱི་སྐུ་ནི་སོ་སོར་རང་རིག་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་རྟག་པར་ཡོད་པའི་ཕྱིར་རོ། །མ་མཐོང་བ་ནི་སྒྲིབ་པ་མ་དག་པས་ཡིན་གྱིས་མེད་པའི་རྒྱུ་མཚན་གྱིས་ནི་མ་ཡིན་ནོ། །ཆོས་དབྱིངས་བསྟོད་པར། ཉོན་མོངས་ཅན་གྱི་སེམས་ཅན་གྱིས། །དེ་བཞིན་གཤེགས་པ་མི་མཐོང་ངོ༌། །ཞེས་གསུངས། ངོ་བོ་ཉིད་མེད་པར་གསུངས་པའང་ཆགས་སོགས་གློ་བུར་གྱི་དྲི་མ་རྣམས་མེད་པ་ལ་དགོངས་པ་ཡིན་གྱི་དག་པ་གཉིས་ལྡན་གྱི་སངས་རྒྱས་ནི་སྐྱབས་གནས་མཐར་ཐུག་པར་ཡོད་པ་ཁོ་ནའོ། །དེ་ཉིད་ལས། འདོད་ཆགས་ཟད་པས་མྱང་ངན་འདས། །ཞེ་སྡང་གཏི་མུག་ཟད་པ་དང༌། །དེ་དག་འགགས་པས་སངས་རྒྱས་ཉིད། །ལུས་ཅན་ཀུན་གྱི་སྐྱབས་ཡིན་ནོ། །ཞེས་གསུངས་སོ། །དེ་ལྟ་ན་ཡང་རྟག་པ་དང་ཡོད་པ་ལ་སོགས་པ་གསུངས་པ་ཐམས་ཅད་དྲང་བའི་དོན་ཡིན་ཞིང་མེད་པར་གསུངས་པ་ཐམས་ཅད་ངེས་པའི་དོན་ཡིན་པས་སངས་རྒྱས་ལ་སོགས་པ་བདེན་པར་གྲུབ་པ་ཅུང་ཟད་ཀྱང་མེད་དོ་སྙམ་ན། སངས་རྒྱས་ལ་སྐུར་བ་འདེབས་པ། ཆད་ལྟ་ཆེན་པོ་ལྟུང་བ། སྐལ་བ་ཤིན་ཏུ་དམན་པ་ཡིན་པས། དེ་དག་ལ་ནི་བཅོས་པའི་ཐབས་ཇི་ཞིག་བྱ་སྟེ། ཡང་དེ་ཉིད་ལས། ཇི་ལྟར་ཡི་དྭགས་རྣམས་ཀྱིས་ནི། །རྒྱ་མཚོ་སྐམ་པར་མཐོང་བ་ལྟར། །དེ་བཞིན་མི་ཤེས་པས་བསྒྲིབས་པས། །སངས་རྒྱས་རྣམས་ཀྱང་མེད་པར་བཏགས། །དམན་པ་བསོད་ནམས་དམན་པ་ལ། །བཅོམ་ལྡན་འདས་ཀྱིས་ཅི་བགྱིར་མཆིས། །ཇི་ལྟར་དམུས་ལོང་ལག་པ་རུ། །རིན་ཆེན་མཆོག་ནི་བཞག་པ་འདྲ། །ཞེས་གསུངས་པ་ལྟར་རོ། །

ཡང་ཁ་ཅིག །སེམས་འགགས་པ་དེ་སྐུ་ཡིས་མངོན་དུ་མཛོད། །ཅེས་པ་ལ་སོགས་པས་སངས་རྒྱས་ལ་ཡེ་ཤེས་མེད་པར་འདོད་པའང་རིགས་པ་མ་ཡིན་ཏེ། སེམས་འགགས་པ་ནི། རྒྱུད་ལས། རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཞེས་གསུངས་པ་ལྟར། ཀུན་རྫོབ་རྣམ་ཤེས་ཀྱི་སེམས་འགགས་པ་ལ་དགོངས་པ་ཡིན་གྱི། གཉིས་མེད་ཡེ་ཤེས་ཚུལ་འཆང་བ། །ཞེས་པ་དང༌། ཡེ་ཤེས་སྐུ་སྟེ་རང་བྱུང་བ། །ཞེས་པ་དང༌། ཐམས་ཅད་མཁྱེན་པའི་ཡེ་ཤེས་མཚོ། །ཞེས་པ་དང༌། བདག་རིག་གཞན་རིག་ཐམས་ཅད་པ། །ཞེས་པ་ལ་སོགས་པ་དང༌། མདོ་ལས། སེམས་ནི་སེམས་མ་མཆིས་པ་སྟེ། །སེམས་ཀྱི་རང་བཞིན་འོད་གསལ་བའོ། །ཞེས་གསུངས་པ་ལྟར། སེམས་ཀྱི་རང་བཞིན་འོད་གསལ་དོན་དམ་ཡེ་ཤེས་ཀྱི་སེམས་འགགས་པ་ནི་མ་ཡིན་པའི་ཕྱིར་རོ། །ཅི་སྟེ་ཡེ་ཤེས་མེད་ན་རྟོགས་པ་ཕུན་སུམ་ཚོགས་པ་མེད་པར་འགྱུར་ཞིང༌། དེ་ལྟར་ན་ཡང་སྤངས་པ་ཕུན་སུམ་ཚོགས་པ་ཡང་མེད་པར་མཚུངས་ལ། དེའི་ཕྱིར་རྣམ་པ་ཐམས་ཅད་པའི་ཡེ་ཤེས་དང་ལྡན་པས་གཞན་དོན་དུ་ཆོས་སྟོན་པ་ལ་སོགས་པའང་མེད་པར་འགྱུར་ཏེ། མདོ་ལས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མ་བགྱིས་པར་ཆོས་ཀྱི་འཁོར་ལོ་བསྐོར་བར་མི་ནུས་སོ། །ཞེས་པ་དང༌། ཡེ་ཤེས་མེད་ན་ཡོན་ཏན་འཕེལ་མེད་བྱང་ཆུབ་མེད། །རྒྱ་མཚོ་འདྲ་བའི་སངས་རྒྱས་ཆོས་ཀྱང་མེད་པར་འགྱུར། །ཞེས་པ་ལ་སོགས་གསུངས་པའི་ཕྱིར་རོ། །ཡོད་ཀྱང་ནོར་བ་སྤང་བ་ལ་ཁ་ཅིག་ཕུང་པོ་ལྔ་རྒྱལ་བ་རིགས་ལྔར་གསུངས་པའི་ཕྱིར། སེམས་ཅན་གྱི་ལུས་འདི་ཉིད་སངས་རྒྱས་ཀྱི་སྤྲུལ་པའི་སྐུའོ་ཞེ་ན། དེ་ལྟར་གསུངས་པ་ནི་རང་བཞིན་རྣམ་དག་སྒྲིབ་པ་མེད་པའི་ཆོས་ཀྱི་དབྱིངས་ལ་དགོངས་པ་ཡིན་གྱི། གློ་བུར་བ་ཟག་པ་དང་བཅས་པ་རྣམས་ནི་སངས་རྒྱས་ཀྱི་སྐུ་མ་ཡིན་ཏེ། དྲི་མ་མེད་པའི་འོད་ལས། འདིར་རྨོངས་པ་རྣམས་ཀྱི་སེམས་ཅན་གྱི་ལུས་ནི་སངས་རྒྱས་ཀྱི་སྤྲུལ་པའི་སྐུའོ། །ཞེས་བརྗོད་པར་བྱ་བ་གང་ཡིན་པ་གང་ཞིག་ཡོངས་སུ་བརྟགས་ན་མི་འགྲིགས་པ་འདི་ནི་དེ་བཞིན་གཤེགས་པའི་གསུངས་མ་ཡིན་ནོ། །ཞེས་པ་དང༌། རུལ་བའི་ལུས་འདི་ནི་ལྷའི་སྐུར་བརྗོད་པར་མི་ནུས་ཏེ་སྙིང་པོ་མེད་པ་ཉིད་ཀྱི་ཕྱིར་རོ། །ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ། །

ཡང་ཁ་ཅིག་ཆོས་ཀྱི་སྐུ་སྟོང་པ་ཉིད་ཡིན་པས་ཅི་ཡང་མ་གྲུབ་ཅིང༌། སངས་རྒྱས་དངོས་ནི་གཟུགས་ཀྱི་སྐུ་ཁོ་ན་ཡིན་ནོ་ཞེ་ན། སངས་རྒྱས་ལ་ཡང་བདེན་གཉིས་རྣམ་དབྱེ་ཤེས་དགོས་པས་དེ་ཉིད་གཞན་དོན་ཕུན་སུམ་ཚོགས་པ་མཐར་ཕྱིན་པ་ཀུན་རྫོབ་གཟུགས་ཀྱི་སྐུའི་སངས་རྒྱས་ཡིན་མོད་ཀྱི། དོན་དམ་འདུས་མ་བྱས་རང་བྱུང་ཡེ་ཤེས་ཀྱི་སྐུའི་སངས་རྒྱས་ནི་མ་ཡིན་ཏེ། དྲི་མ་མེད་པའི་འོད་ལས། འདིར་བཅོམ་ལྡན་འདས་ཀྱིས་གཟུགས་ཀྱི་སྐུ་སྒྲུབ་པ་ནི་ལོག་པར་མི་འགྱུར་རོ་ཞེས་བྱིས་པའི་སྐྱེ་བོ་རྣམས་ཀྱིས་བརྗོད་པར་བྱ་བ་གང་ཡིན་པ་འདི་ནི། དེ་ལྟར་བདེན་པ་མ་ཡིན་ཏེ། གང་གི་ཕྱིར་སྐྱེ་བ་དང༌། འཇུག་པའི་ཆོས་ཅན་ཉིད་ཀྱི་ཕྱིར་རོ། །ཞེས་པ་དང༌། གཟུགས་ཀྱི་སྐུས་གཤེགས་ནས་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པ་ནི་བསྐལ་པ་དུ་མ་རྣམས་ཀྱིས་ཀྱང་མི་ནུས་སོ། །ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ། །དོན་དམ་པའི་སངས་རྒྱས་ནི་ཆོས་ཀྱི་སྐུ་ཁོ་ན་ཡིན་ཏེ། སྤྲིན་ཆེན་པོའི་མདོ་ལས། བཅོམ་ལྡན་སངས་རྒྱས་ཆོས་ཀྱི་སྐུ། །དེ་བཞིན་གཤེགས་པ་ཆོས་ཀྱི་དབྱིངས། །བཅོམ་ལྡན་སྐུ་ནི་དེ་འདྲ་ལ། །ཆོས་བསྟན་པ་ཡང་དེ་དང་འདྲ། །ཞེས་པ་དང༌། རྔ་བོ་ཆེའི་མདོ་ལས། སངས་རྒྱས་བཅོམ་ལྡན་འདས་གང་དག་ཡོངས་སུ་འདས་པ་དེ་དག་ཐམས་ཅད་ནི་རྟག་པ་བརྟན་པ་ཞི་བ་ཐེར་ཟུག་པ་ཡིན་ནོ། །ཞེས་པ་ལ་སོགས་པ་གསུངས་པ་ལྟར་རོ། །

ཡང་ཁ་ཅིག་གཟུང་བ་དང་འཛིན་པའི་དངོས་པོ་འདི་དག་རང་རང་གི་ངོ་བོས་སྟོང་པར་རྟོགས་པ་ཙམ་གྱིས་ཆོས་ཀྱི་སྐུ་མངོན་དུ་གྱུར་པའོ་སྙམ་དུ་སེམས་པ་དེ་དག་ཀྱང་རིགས་པ་མ་ཡིན་ཏེ། ཆོས་དབྱིངས་བསྟོད་པར། སྐྱེ་མཆེད་དྲུག་པོ་རྣམ་དག་པ། །འདི་ནི་དེ་ཉིད་མཚན་ཉིད་དོ། །ཞེས་གསུངས་པ་ལྟར། ཆོས་སྐུ་མངོན་དུ་གྱུར་པ་ལ་འཁྲུལ་བའི་སྣང་བ་འདི་དག་འགག་དགོས་པའི་ཕྱིར་རོ། །

ཡང་འགའ་ཞིག་ཕྱི་རོལ་གྱི་ཡུལ་སྣ་ཚོགས་སུ་སྣང་བ་འདི་རྣམས་ནང་སེམས་སུ་ཐག་ཆོད་ཅིང༌། སེམས་རྣམ་པར་རྟོག་པ་འདི་ཉིད་རང་སྟོང་དུ་གོ་བས་ཆོས་སྐུ་མངོན་དུ་གྱུར་པའོ། །ཞེས་འདོད་པ་དེ་དག་ཀྱང་རིགས་པ་མ་ཡིན་ཏེ། རྒྱུད་ལས། ཀུན་ཏུ་རྟོག་པ་ཐམས་ཅད་སྤངས། །རྣམ་པར་མི་རྟོག་དབྱིངས་མི་ཟད། །ཅེས་པ་དང༌། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །མི་རྟོག་ཏིང་འཛིན་ལ་གནས་ན། །མཁའ་བཞིན་དྲི་མ་མེད་པར་འགྱུར། །ཞེས་པ་དང༌། སེམས་ཀྱི་རྡོ་རྗེའི་བསྟོད་པར་ཡང༌། འཁོར་བ་རྣམ་རྟོག་ཙམ་ཉིད་དེ། །རྣམ་པར་རྟོག་མེད་ཐར་པ་ཡིན། །ཞེས་ལ་སོགས་པས་མི་རྟོག་ཡེ་ཤེས་ཆོས་ཀྱི་སྐུ་ཐོབ་པ་ལ་རྣམ་པར་རྟོག་པའི་ཁྱད་པར་ཐམས་ཅད་འགག་དགོས་པར་གསུངས་པའི་ཕྱིར་རོ། །དེ་ལྟར་བས་ན་འཁྲུལ་བའི་ཆ་ཐམས་ཅད་སྤངས་ནས་ཀུན་རྫོབ་གཟུགས་ཀྱི་སྐུ་ཐོབ་པའི་དོན་དུ་སེམས་ཅན་ལ་ཕན་པ་བསོད་ནམས་ཀྱི་ཚོགས་དང༌། དོན་དམ་ཆོས་ཀྱི་སྐུ་ཐོབ་པའི་དོན་དུ་མི་རྟོག་པའི་ཏིང་ངེ་འཛིན་བསྒོམ་པ་ཡེ་ཤེས་ཀྱི་ཚོགས་ལ་འབད་པར་བྱ་སྟེ། རིན་ཆེན་ཕྲེང་བ་ལས། སངས་རྒྱས་རྣམས་ཀྱི་གཟུགས་ཀྱི་སྐུ། །བསོད་ནམས་ཚོགས་ལས་ཡང་དག་འཁྲུངས། །ཆོས་ཀྱི་སྐུ་དེ་མདོར་བསྡུས་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །དེ་ལྟ་བས་ན་ཚོགས་འདི་གཉིས། །སངས་རྒྱས་ཉིད་ནི་ཐོབ་པའི་རྒྱུ། །དེ་ལྟས་མདོར་ན་བསོད་ནམས་དང༌། །ཡེ་ཤེས་འདི་ནི་རྟག་བརྟེན་མཛོད། །ཅེས་གསུངས་ཏེ། རྫོགས་པའི་སངས་རྒྱས་ཉིད་ཐོབ་པའི་ཕྱིར། བསོད་ནམས་དང༌། ཡེ་ཤེས་ཀྱི་ཚོགས་ལ་ནན་ཏན་དུ་བྱའོ། །

དེ་ལྟར་མདོ་ཙམ་བཤད་པར་གྱུར་མོད་ཀྱང༌། །ཆོས་ཀྱི་ཕ་མཐའ་ཟད་པར་ག་ལ་འགྱུར། །ཆུ་གཏེར་ཆེ་ལས་སྐྲ་ཡི་རྩེ་མོ་ཡིས། །ཆུ་ཐིགས་གཅིག་བླངས་ཟད་པར་འགྱུར་རམ་ཅི། །དེ་ལྟར་མོད་ཀྱི་འདི་ཙམ་ཤེས་པས་ཀྱང༌། །བླང་དོར་གནས་ལ་བསླུ་མེད་ཐོབ་པར་འགྱུར། །འདི་ལས་དགེ་བ་ཇི་སྙེད་ཐོབ་གྱུར་པ། །དེ་ཡང་འགྲོ་ཀུན་བྱང་ཆུབ་ཐོབ་ཕྱིར་བསྔོ། །

ཚོགས་ཆོས་བདེན་བཞི་གསལ་བ་ཞེས་བྱ་བ་འདི་ཡང་རེ་ཞིག་ལེགས་པར་གྲུབ་པའོ། །འདི་ནི་སློབ་དཔོན་ཆེན་པོ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་དང༌། སློབ་དཔོན་ཆེན་པོ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་སྐུ་མཆེད་གྱིས་བསྐུལ་ནས། ཆོས་རྗེ་ཐམས་ཅད་མཁྱེན་པ་རྟོན་པ་བཞི་ལྡན་གྱིས་མཛད་པའོ།། །།མངྒ་ལཾ། དགེ་ལེགས་འཕེལ