cover

ཀུན་མཁྱེན་དོལ་པོ་པའི་གསུང་འབུམ།

གླེགས་བམ། ཇ༽

ཀུན་མཁྱེན་དོལ་པོ་པ།

Nitartha International

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

བཀའ་བསྡུ་བཞི་པའི་དོན་བསྟན་རྩིས་ཆེན་པོ་ཞེས་བྱ་བ་བཞུགས་སོ། །

ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭེ་བྷྱོ་ན་མོ་ན་མཿ དོན་དམ་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས། །གཙང་བདག་བདེ་ཆེན་རྟག་པའི་མཐར་ཐུག་པ། །དེ་བཞིན་ཉིད་ལ་གུས་པས་ཕྱག་འཚལ་ནས། །དུས་བཞི་གཉིས་ཀྱི་རབ་དབྱེ་རབ་བཤད་བྱ། །

དུས་བཞི་ཆེན་པོ་བསྐལ་དུས་བཟང་ངན་ཏེ། །དུས་བཞི་ཆུང་བ་བསྟན་པའི་བཟང་ངན་ཡིན། །དང་པོའི་ལོ་ནི་ས་ཡ་ཕྲག་བཞི་དང༌། །སུམ་འབུམ་ཉི་ཁྲིའོ་དེ་ཡི་བཅུ་ཆ་ནི། །རྐང་པ་ཞེས་གསུངས་རྐང་པ་གཅིག་དང་གཉིས། །གསུམ་དང་བཞི་ལ་རིམ་བཞིན་རྩོད་ལྡན་དང༌། །གཉིས་ལྡན་གསུམ་ལྡན་རྫོགས་ལྡན་ཞེས་གསུངས་སོ། །དུས་བཞི་ཆུང་བ་བསྟན་པའི་བཟང་ངན་ནི། །མི་ལོ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་བར། །དེ་ཡི་བཞི་ཆ་དུས་བཞི་སོ་སོའི་ཚད། །སྐྱོན་མེད་ཡོན་ཏན་ཚང་བ་རྫོགས་ལྡན་ཆོས། །དེ་ནས་བཞི་ཆ་ཉམས་པ་གསུམ་ལྡན་སྟོད། །ཕྱེད་ཉམས་གྱུར་ན་གསུམ་ལྡན་སྨད་དུ་འགྱུར། །བཞི་གསུམ་ཉམས་པའི་ལྷག་མ་གཉིས་ལྡན་ཡིན། །བཞི་ཆ་གཅིག་ཀྱང་མེད་ན་རྩོད་ལྡན་ཏེ། །ལྷ་མིན་ཀླ་ཀློ་ནག་པོའི་ཆོས་སུ་གསུངས། །དེ་དང་དེ་ཡི་རྣམ་དབྱེ་རབ་ཤེས་ནས། །བསྟན་ལ་བྱི་དོར་བྱ་བར་འདོད་པ་དང༌། །རང་གཞན་ལེགས་པའི་ལམ་ལ་འཇུག་འདོད་པ། །རྫོགས་ལྡན་ཆོས་མཆོག་དཔང་གྱུར་གཙུག་གིས་བླང༌། །གསུམ་ལྡན་མར་བཅད་སྐྱོན་དང་བཅས་གྱུར་ཅིང༌། །ཚོང་འདུས་འོ་མ་ལྟ་བུར་བསླད་པའི་གཞུང༌། །གང་ན་འདུག་ཀྱང་དཔང་དུ་བྱར་མི་རུང༌། །གོང་མ་གོང་མས་འོག་མ་འོག་མར་གནོད། །གྲུབ་མཐའ་གོང་མས་འོག་མར་གནོད་པ་བཞིན། །རྫོགས་ལྡན་ཆོས་ནི་དྲི་མེད་རྒྱལ་བའི་བཀའ། །ས་བཅུའི་དབང་ཕྱུག་རྣམས་དང་ཤིང་རྟ་ཡི། །སྲོལ་འབྱེད་ཆེན་པོ་རྣམས་ཀྱིས་ལེགས་གསུངས་པ། །སྐྱོན་མེད་ཡོན་ཏན་མཆོག་མངའ་རྣམས་ཡིན་ནོ། །དེ་ཡི་ལུགས་ལ་ཐམས་ཅད་རང་སྟོང་མིན། །རང་སྟོང་གཞན་སྟོང་ལེགས་པར་རྣམ་ཕྱེ་ནས། །ཀུན་རྫོབ་གང་ཡིན་ཐམས་ཅད་རང་སྟོང་དང༌། །དོན་དམ་གང་ཡིན་གཞན་སྟོང་ཉིད་དུ་གསུངས། །གང་ཕྱིར་བདེན་པ་གཉིས་ལ་བདེན་ལུགས་གཉིས། །སྣང་ལུགས་གཉིས་དང་སྟོང་ལུགས་གཉིས་གསུངས་ཤིང༌། །སྒྲོ་འདོགས་སྐུར་འདེབས་རྣམ་པ་མང་པོ་དང༌། །འགལ་འདུས་སྐྱོན་ཡོད་སྐྱོན་མེད་ལ་སོགས་དང༌། །ཆོས་དང་ཆོས་ཉིད་འདུས་བྱས་འདུས་མ་བྱས། །རྒྱལ་ཁམས་ཆེན་པོ་གཉིས་སུ་གསུངས་པའི་ཕྱིར། །བདེན་གཉིས་ངོ་བོ་གཅིག་པ་མི་སྲིད་ལ། །ངོ་བོ་ཐ་དད་པ་ཡང་མ་ཡིན་ཞིང༌། །ཐ་དད་གཏན་ནས་མེད་པའང་མ་ཡིན་ཏེ། །ངོ་བོ་གཅིག་པ་བཀག་པའི་ཐ་དད་དོ། །འདི་ཉིད་ལ་ནི་ངོ་བོ་དེ་ཉིད་དང༌། །གཞན་དུ་བརྗོད་དུ་མེད་ཅེས་གསུངས་པ་སྟེ། །ཆོས་དང་ཆོས་ཉིད་ལ་ཡང་ཚུལ་འདི་ཉིད། །འཁོར་དང་མྱང་འདས་མཐའ་དང་དབུས་མ་དང༌། །གློ་བུར་གཉུག་མ་བཅོས་མ་རང་བཞིན་དང༌། །ཤུན་པ་སྙིང་པོ་ལ་ཡང་ཚུལ་འདི་ཉིད། །གསུམ་ལྡན་མར་བཅད་དེ་ལས་གཞན་དུ་སྨྲ། །རང་རང་ངོ་བོས་སྟོང་པ་མ་གཏོགས་པ། །གཞན་སྟོང་རྣམས་ཀྱིས་སྟོང་ཉིད་གོ་མི་ཆོད། །དེ་ཕྱིར་དོན་དམ་ཆོས་དབྱིངས་དེ་བཞིན་ཉིད། །རང་བཞིན་འོད་གསལ་རང་བཞིན་ལྷན་སྐྱེས་དང༌། །རང་བཞིན་འགྱུར་མེད་མཐར་ཐུག་ཆོས་ཀྱི་སྐུ། །མཐར་ཐུག་ཤེར་ཕྱིན་མཐར་ཐུག་དབུ་མ་དང༌། །མཐར་ཐུག་མྱང་འདས་མཐར་ཐུག་བྱང་ཆུབ་ཆེ། །མཐར་ཐུག་སངས་རྒྱས་མཐར་ཐུག་ཆོས་དང་ནི། །མཐར་ཐུག་དགེ་འདུན་མཐར་ཐུག་ལྷ་དང་སྔགས། །མཐར་ཐུག་རྒྱུད་དང་དཀྱིལ་འཁོར་ལ་སོགས་པ། །གཤིས་ལུགས་ཟབ་མོ་མཐར་ཐུག་གསུངས་པ་གང༌། །དེ་རྣམས་ཐམས་ཅད་རང་སྟོང་ཉིད་དུ་སྨྲ། །རང་སྟོང་གང་ཡིན་དོན་དམ་བདེན་པ་དང༌། །ཆོས་དབྱིངས་ཆོས་ཉིད་དེ་བཞིན་ཉིད་ལ་སོགས། །གཤིས་ལུགས་ཟབ་མོ་མཐར་ཐུག་རྣམས་སུ་འདོད། །བདེན་གཉིས་རྒྱལ་ཁམས་གཉིས་སུ་མི་འབྱེད་པར། །སྣང་བ་གང་ཡིན་ཀུན་རྫོབ་བདེན་པ་དང༌། །སྟོང་པ་གང་ཡིན་དོན་དམ་བདེན་པར་འདོད། །སྣང་སྟོང་དེ་དག་ངོ་བོ་དབྱེར་མེད་པས། །ངོ་བོ་གཅིག་ལ་ལྡོག་པ་ཐ་དད་སྨྲ། །འཁོར་འདས་རྒྱལ་ཁམས་གཉིས་སུ་མི་འབྱེད་པར། །སྣང་ཆ་འཁོར་བ་སྟོང་ཆ་མྱང་འདས་ཞེས། །འཁོར་འདས་དབྱེར་མེད་དོན་ཡང་དེ་ལྟར་འདོད། །འགལ་འདུས་སྐྱོན་ཡོད་ཀུན་རྫོབ་བདེན་པ་དང༌། །འགལ་འདུས་སྐྱོན་མེད་དོན་དམ་བདེན་པ་ཞེས། །དེ་ལྟར་རྒྱལ་ཁམས་གཉིས་སུ་མི་འབྱེད་པར། །སྣང་སྟོང་གང་ཡིན་བདེན་པ་གཉིས་སུ་སྨྲ། །རྟོག་གེ་ཅན་གྱི་སྤྱོད་ཡུལ་འཁོར་བ་དང༌། །རྣལ་འབྱོར་ཅན་གྱི་སྤྱོད་ཡུལ་མྱང་འདས་ཞེས། །དེ་ལྟར་རྒྱལ་ཁམས་གཉིས་སུ་མི་འབྱེད་པར། །སྣང་སྟོང་གཉིས་ལ་འཁོར་འདས་དོན་དུ་འདོད། །སྣང་ཚད་ཀུན་རྫོབ་འཁོར་བ་ཡིན་ན་ནི། །དོན་དམ་སྣང་བའང་ཀུན་རྫོབ་འཁོར་བར་འགྱུར། །སྟོང་ཚད་དོན་དམ་མྱང་འདས་ཡིན་ན་ནི། །རང་སྟོང་ཐམས་ཅད་དོན་དམ་མྱང་འདས་འགྱུར། །འདོད་ན་སྡུག་བསྔལ་ཀུན་འབྱུང་ཐམས་ཅད་ཀྱང༌། །དོན་དམ་མྱང་འདས་ཡིན་པར་ཐལ་བར་འགྱུར། །དེ་ཡང་འདོད་ན་ཟག་མེད་ཡིན་པར་འགྱུར། །གཙང་བདག་བདེ་ཆེན་རྟག་པའང་ཡིན་པར་འགྱུར། །གང་གཱའི་ཀླུང་གི་རྡུལ་སྙེད་དོན་དམ་གྱི། །སྟོབས་སོགས་ཡོན་ཏན་ཀུན་ཡང་ཚང་བར་འགྱུར། །དེ་དག་བླང་བྱའི་མཐར་ཐུག་ཡིན་པར་འགྱུར། །འགྲོ་བའི་མགོན་སྐྱབས་མཐར་ཐུག་ཡིན་པར་འགྱུར། །རྣམ་མཁྱེན་ཡེ་ཤེས་མཐར་ཐུག་ཡིན་པར་འགྱུར། །མི་ཤིགས་རྡོ་རྗེའི་སྐུ་ཡང་ཡིན་པར་འགྱུར། །རྡོ་རྗེའི་ལྷ་སྔགས་རྒྱུད་ཀྱང་ཡིན་པར་འགྱུར། །སྟོང་པ་ཆེན་པོ་འགྱུར་མེད་ལྔ་དང་ནི། །ཐིག་ལེ་སྟོང་པ་འགྱུར་མེད་དྲུག་ལ་སོགས། །གཤིས་ལུགས་ཟབ་མོའི་ཨེ་ཝཾ་མཐར་ཐུག་དང༌། །ཨ་ཧཾ་མཐར་ཐུག་ཧཾ་ཀྵ་མཐར་ཐུག་དང༌། །རྡོ་རྗེ་པད་མ་རྡོ་རྗེ་སེམས་དཔའ་དང༌། །རྡོ་རྗེ་བྷ་ག་རྡོ་རྗེ་རྩེ་མོ་དང༌། །རྡོ་རྗེ་དབྱིངས་དང་ཐིག་ལེ་གྲུ་གསུམ་དང༌། །རྡོ་རྗེའི་ཨཱ་ལི་ཀཱ་ལི་ལ་སོགས་པ། །རང་བཞིན་གཉུག་མའི་ཆོས་ཀུན་ཡིན་པར་འགྱུར། །གཉེན་པོས་སྤང་དུ་གཏན་ནས་མི་རུང་འགྱུར། །དེ་ཡང་དོན་དུ་ལམ་བདེན་དོན་མེད་འགྱུར། །སངས་རྒྱས་ཐོབ་པ་གཏན་ནས་མི་སྲིད་འགྱུར། །ཆོས་དང་དགེ་འདུན་རྣམས་ཀྱང་མི་སྲིད་འགྱུར། །འདི་ལ་ཉེས་སྐྱོན་གཞན་ཡང་དཔག་མེད་དོ། །བདེན་གཉིས་འཁོར་འདས་ངོ་བོ་གཅིག་ན་ནི། །བདེ་གཤེགས་སྙིང་པོ་གློ་བུར་དྲི་མ་དག །འབྲལ་དུ་རུང་ངམ་མི་རུང་བརྟག་པར་མཛོད། །གློ་བུར་དྲི་མ་གཞོམ་དུ་རུང་བ་ལྟར། །བདེ་གཤེགས་སྙིང་པོའང་གཞོམ་དུ་རུང་ངམ་ཅི། །གློ་བུར་དྲི་མ་འདུས་བྱས་ཡིན་པ་ལྟར། །བདེ་གཤེགས་སྙིང་པོའང་འདུས་བྱས་ཡིན་ནམ་ཅི། །གློ་བུར་དྲི་མ་ཀུན་རྫོབ་ཡིན་པ་ལྟར། །བདེ་གཤེགས་སྙིང་པོའང་ཀུན་རྫོབ་ཡིན་ནམ་ཅི། །གློ་བུར་དྲི་མ་ཀུན་བཏགས་ཡིན་པ་ལྟར། །བདེ་གཤེགས་སྙིང་པོའང་ཀུན་བཏགས་ཡིན་ནམ་ཅི། །གློ་བུར་དྲི་མ་ཕྱི་ནང་ཡིན་པ་ལྟར། །བདེ་གཤེགས་སྙིང་པོའང་ཕྱི་ནང་ཡིན་ནམ་ཅི། །བདེ་གཤེགས་སྙིང་པོ་དོན་དམ་ཡིན་པ་ལྟར། །གློ་བུར་དྲི་མའང་དོན་དམ་ཡིན་ནམ་ཅི། །བདེ་གཤེགས་སྙིང་པོ་རྟག་པ་ཡིན་པ་ལྟར། །གློ་བུར་དྲི་མའང་རྟག་པ་ཡིན་ནམ་ཅི། །བདེ་གཤེགས་སྙིང་པོ་ཡོངས་གྲུབ་ཡིན་པ་ལྟར། །གློ་བུར་དྲི་མའང་ཡོངས་གྲུབ་ཡིན་ནམ་ཅི། །བདེ་གཤེགས་སྙིང་པོ་སངས་རྒྱས་ཡིན་པ་ལྟར། །གློ་བུར་དྲི་མའང་སངས་རྒྱས་ཡིན་ནམ་ཅི། །བདེ་གཤེགས་སྙིང་པོ་རང་བྱུང་ཡིན་པ་ལྟར། །གློ་བུར་དྲི་མའང་རང་བྱུང་ཡིན་ནམ་ཅི། །བདེ་གཤེགས་སྙིང་པོ་ཡེ་ཤེས་ཡིན་པ་ལྟར། །གློ་བུར་དྲི་མའང་ཡེ་ཤེས་ཡིན་ནམ་ཅི། །བདེ་གཤེགས་སྙིང་པོ་རྣམ་མཁྱེན་ཡིན་པ་ལྟར། །གློ་བུར་དྲི་མའང་རྣམ་མཁྱེན་ཡིན་ནམ་ཅི། །བདེ་གཤེགས་སྙིང་པོ་ཆོས་དབྱིངས་ཡིན་པ་ལྟར། །གློ་བུར་དྲི་མའང་ཆོས་དབྱིངས་ཡིན་ནམ་ཅི། །བདེ་གཤེགས་སྙིང་པོ་བདེ་ཆེན་ཡིན་པ་ལྟར། །གློ་བུར་དྲི་མའང་བདེ་ཆེན་ཡིན་ནམ་ཅི། །བདེ་གཤེགས་སྙིང་པོ་མྱང་འདས་ཡིན་པ་ལྟར། །གློ་བུར་དྲི་མའང་མྱང་འདས་ཡིན་ནམ་ཅི། །བདེ་གཤེགས་སྙིང་པོ་ཤེར་ཕྱིན་ཡིན་པ་ལྟར། །གློ་བུར་དྲི་མའང་ཤེར་ཕྱིན་ཡིན་ནམ་ཅི། །བདེ་གཤེགས་སྙིང་པོ་དབུ་མ་ཡིན་པ་ལྟར། །གློ་བུར་དྲི་མའང་དབུ་མ་ཡིན་ནམ་ཅི། །བདེ་གཤེགས་སྙིང་པོ་གཞན་སྟོང་ཡིན་པ་ལྟར། །གློ་བུར་དྲི་མའང་གཞན་སྟོང་ཡིན་ནམ་ཅི། །བདེ་གཤེགས་སྙིང་པོ་སྟོང་གཞི་ཡིན་པ་ལྟར། །གློ་བུར་དྲི་མའང་སྟོང་གཞི་ཡིན་ནམ་ཅི། །བདེ་གཤེགས་སྙིང་པོ་གཞན་མཆོག་ཡིན་པ་ལྟར། །གློ་བུར་དྲི་མའང་གཞན་མཆོག་ཡིན་ནམ་ཅི། །བདེ་གཤེགས་སྙིང་པོ་འགོག་བདེན་ཡིན་པ་ལྟར། །གློ་བུར་དྲི་མའང་འགོག་བདེན་ཡིན་ནམ་ཅི། །བདེ་གཤེགས་སྙིང་པོ་འགོག་གཞི་ཡིན་པ་ལྟར། །གློ་བུར་དྲི་མའང་འགོག་གཞི་ཡིན་ནམ་ཅི། །བདེ་གཤེགས་སྙིང་པོ་བྲལ་གཞི་ཡིན་པ་ལྟར། །གློ་བུར་དྲི་མའང་བྲལ་གཞི་ཡིན་ནམ་ཅི། །བདེ་གཤེགས་སྙིང་པོ་དབེན་གཞི་ཡིན་པ་ལྟར། །གློ་བུར་དྲི་མའང་དབེན་གཞི་ཡིན་ནམ་ཅི། །བདེ་གཤེགས་སྙིང་པོ་དག་གཞི་ཡིན་པ་ལྟར། །གློ་བུར་དྲི་མའང་དག་གཞི་ཡིན་ནམ་ཅི། །བདེ་གཤེགས་སྙིང་པོ་མེད་གཞི་ཡིན་པ་ལྟར། །གློ་བུར་དྲི་མའང་མེད་གཞི་ཡིན་ནམ་ཅི། །དེ་ལྟར་འདོད་ན་ཉེས་སྐྱོན་དཔག་མེད་དོ། །རྫོགས་ལྡན་ལུགས་ལ་ཉེས་སྐྱོན་དེ་རྣམས་མེད། །ཤེས་བྱ་ཐམས་ཅད་དངོས་པོ་དངོས་མེད་དུ། །འདུས་པར་འདོད་པ་གསུམ་ལྡན་མར་བཅད་ལུགས། །ཆོས་ཉིད་དབུ་མ་ཤེས་བྱའི་མཆོག་ཡིན་ཡང༌། །དངོས་པོ་དངོས་མེད་གང་ཡང་མ་ཡིན་གྱི། །ཕུང་པོ་གསུམ་པར་བཞེད་པ་རྫོགས་ལྡན་ལུགས། །དེ་ཕྱིར་ཐམས་ཅད་དངོས་པོ་དངོས་མེད་དུ། །འདུས་པ་མིན་ཏེ་ཕུང་གསུམ་ཡོད་པའི་ཕྱིར། །ཐམས་ཅད་བེམ་རིག་གཉིས་སུ་ཁ་ཚོན་ཆོད། །དེ་ཕྱིར་དེ་ལ་ཕུང་པོ་གསུམ་པ་མེད། །ཅེས་པ་འདི་ནི་རྫོགས་ལྡན་ཆོས་ལུགས་ཡིན། །གསུམ་ལྡན་མར་བཅད་ཆོས་ཉིད་དེ་བཞིན་ཉིད། །བེམ་རིག་གང་ཡང་མིན་པའི་ཕུང་གསུམ་འདོད། །གལ་ཏེ་ཆོས་དབྱིངས་རིག་པ་མ་ཡིན་ན། །དབྱིངས་རིག་དབྱེར་མེད་ཡེ་ཤེས་གང་ལ་བགྱི། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་གང་ལ་བགྱི། །དོན་དམ་རང་བྱུང་ཡེ་ཤེས་གང་ལ་བགྱི། །དོན་དམ་སོ་སོ་རང་རིག་མི་གཡོ་བ། །དོན་དམ་བདག་རིག་གཞན་རིག་ཐམས་ཅད་ལ། །དོན་དམ་ཀུན་ཤེས་ཀུན་རིག་དམ་པ་པོ། །དོན་དམ་ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །དོན་དམ་ཡེ་ཤེས་སྐུ་སྟེ་རང་བྱུང་བ། །དོན་དམ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མཚོ། །དོན་དམ་ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། །དོན་དམ་ཡེ་ཤེས་ཡེ་ཤེས་འབྱུང་གནས་ཆེ། །དོན་དམ་ཡེ་ཤེས་ལྡན་ལ་ཡོད་མེད་ཤེས། །དོན་དམ་ཡེ་ཤེས་སྐུ་རྣམས་མ་ལུས་འཆང༌། །དོན་དམ་ཀུན་ཏུ་བཟང་པོ་བློ་གྲོས་བཟང༌། །དོན་དམ་སངས་རྒྱས་ཀུན་གྱི་སྙིང་པོ་ཆེ། །དོན་དམ་མཆོད་པ་ཆེན་པོ་འདོད་ཆགས་ཆེ། །དོན་དམ་མཆོད་པ་ཆེན་པོ་ཞེ་སྡང་ཆེ། །དོན་དམ་མཆོད་པ་ཆེན་པོ་གཏི་མུག་ཆེ། །དོན་དམ་མཆོད་པ་ཆེན་པོ་ཁྲོ་བ་ཆེ། །དོན་དམ་མཆོད་པ་ཆེན་པོ་ཆགས་པ་ཆེ། །དོན་དམ་འདོད་པ་ཆེན་པོ་བདེ་བ་ཆེ། །དོན་དམ་དགའ་བ་ཆེན་པོ་མགུ་བ་ཆེ། །དོན་དམ་མཁས་པ་སྒྱུ་འཕྲུལ་ཆེན་པོ་འཆང༌། །དོན་དམ་སྒྱུ་འཕྲུལ་ཆེན་པོ་དགའ་བས་དགའ། །དོན་དམ་བསམ་གཏན་ཆེན་པོའི་ཏིང་འཛིན་གནས། །དོན་དམ་ཤེས་རབ་ཆེན་པོའི་ལུས་འཆང་བ། །དོན་དམ་སྨོན་ལམ་ཡེ་ཤེས་རྒྱ་མཚོ་སྟེ། །དོན་དམ་བྱམས་ཆེན་རང་བཞིན་དཔག་ཏུ་མེད། །དོན་དམ་སྙིང་རྗེ་ཆེན་པོ་བློ་ཡི་མཆོག །དོན་དམ་ཤེས་རབ་ཆེན་པོ་བློ་ཆེན་ལྡན། །དོན་དམ་མཁས་པ་ཆེན་པོ་ཐབས་ཆེ་བ། །དོན་དམ་ཤེས་བཅུ་རྣམ་དག་བདག་ཉིད་ཅན། །དོན་དམ་ཤེས་བཅུ་རྣམ་དག་འཆང་བ་པོ། །དོན་དམ་ཤེས་པ་འབའ་ཞིག་ངེས་གསལ་བ། །དོན་དམ་ཤེས་པ་བརྒྱད་པོ་རྟོགས་པ་འཆང༌། །དོན་དམ་ཤེས་རབ་ཡེ་ཤེས་མེ་བོ་ཆེ། །དོན་དམ་ཡེ་ཤེས་སྣང་བ་ལམ་མེ་བ། །དོན་དམ་ཡེ་ཤེས་མེ་ལྕེ་འོད་རབ་གསལ། །དོན་དམ་སངས་རྒྱས་བྱང་ཆུབ་བླ་ན་མེད། །དོན་དམ་སངས་རྒྱས་རྣམ་པར་སྣང་མཛད་ཆེ། །དོན་དམ་རྫོགས་པའི་སངས་རྒྱས་འཇིག་རྟེན་འདྲེན། །དོན་དམ་གསུམ་རིག་གཙང་མ་དག་པ་སྟེ། །དོན་དམ་མངོན་ཤེས་དྲུག་ལྡན་རྗེས་དྲན་དྲུག །དོན་དམ་ཤེས་རབ་ཕ་རོལ་ཕྱིན་པའི་མཆོག །དོན་དམ་ཐུབ་དབང་སྟོབས་བཅུ་ཁྱབ་པའི་བདག །དོན་དམ་འཇམ་དཔལ་དཔལ་དང་ལྡན་པའི་མཆོག །དོན་དམ་ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད། །ཅེས་སོགས་རྣམ་པ་མང་པོ་དོན་དམ་ནི། །ཤེས་པ་རིག་པ་ཡེ་ཤེས་ཡིན་པར་སྟོན། །དེ་ཕྱིར་སྐད་ཅིག་ལས་འདས་ཡེ་ཤེས་ནི། །ཆོས་རྣམས་ཀུན་གྱི་མཐར་ཐུག་དེ་ཁོ་ན། །ཉིད་ཅེས་རྒྱལ་བ་རྣམས་ཀྱིས་གསུངས་པ་ཡིན། །གལ་ཏེ་དོན་དམ་རིག་པ་མ་ཡིན་ན། །དོན་དམ་ཆོས་སྐུ་ངོ་བོ་ཉིད་སྐུ་དག །རིག་པ་མིན་ཕྱིར་ཀུན་མཁྱེན་མིན་པར་འགྱུར། །ཀུན་མཁྱེན་མིན་ན་སངས་རྒྱས་མིན་པར་འགྱུར། །སངས་རྒྱས་མིན་ན་ཆོས་སྐུ་མིན་པར་འགྱུར། །འདོད་ན་ཆོས་ཅན་དང་ཡང་འགལ་བར་འགྱུར། །གལ་ཏེ་དོན་དམ་རིག་པ་ཡིན་ན་ནི། །འདུས་མ་བྱས་ཀྱི་རིག་པ་ཁུར་ནས་འོང༌། །རྟག་ཅིང་བརྟན་པའི་རིག་པའང་ཁུར་ནས་འོང༌། །ཐེར་ཟུག་གཡུང་དྲུང་རིག་པའང་ཁུར་ནས་འོང༌། །བདེ་གཤེགས་སྙིང་པོའི་རིག་པའང་ཁུར་ནས་འོང༌། །ཡོངས་གྲུབ་དགུ་ཡི་རིག་པའང་དེ་བཞིན་ནོ། །གལ་ཏེ་དོན་དམ་ཤེས་པ་མ་ཡིན་ན། །གཤིས་ལུགས་ཟབ་མོ་སྟོན་པའི་རྫོགས་ལྡན་ཆོས། །མདོ་རྒྱུད་ཟབ་མོ་ཀུན་དང་འགལ་བར་འགྱུར། །གལ་ཏེ་དོན་དམ་ཤེས་པ་ཡིན་ན་ནི། །འདུས་བྱས་མི་རྟག་པར་ཡང་འགྱུར་ཞེ་ན། །དེ་འདྲ་གསུམ་ལྡན་མར་བཅད་ལུགས་ཡིན་གྱི། །རྫོགས་ལྡན་ཆོས་མཆོག་ཁྱད་འཕགས་ལུགས་ལ་ནི། །ཤེས་པ་ལ་ཡང་འདུས་བྱས་འདུས་མ་བྱས། །རིག་པ་ལ་ཡང་འདུས་བྱས་འདུས་མ་བྱས། །ཡེ་ཤེས་ལ་ཡང་འདུས་བྱས་འདུས་མ་བྱས། །དཀོན་མཆོག་གསུམ་སོགས་ཀུན་ལའང་བདེན་གཉིས་དང༌། །འདུས་བྱས་འདུས་མ་བྱས་སུ་ཕྱེ་ནས་གསུངས། །མི་རྟག་པ་དང་རྟག་པར་ཕྱེ་ནས་གསུངས། །རང་སྟོང་གཞན་སྟོང་ལེགས་པར་ཕྱེ་ནས་གསུངས། །རྣམ་ཤེས་ཡེ་ཤེས་ལེགས་པར་ཕྱེ་ནས་གསུངས། །གཞན་བྱུང་རང་བྱུང་ལེགས་པར་ཕྱེ་ནས་གསུངས། །ཆོས་དང་ཆོས་ཉིད་མཐའ་དབུས་ཕྱེ་ནས་གསུངས། །བཅོས་མ་རང་བཞིན་ལེགས་པར་ཕྱེ་ནས་གསུངས། །གློ་བུར་གཉུག་མ་ལེགས་པར་ཕྱེ་ནས་གསུངས། །ཀུན་བཏགས་ཡོངས་གྲུབ་ལེགས་པར་ཕྱེ་ནས་གསུངས། །རྗེས་ཐོབ་མཉམ་བཞག་ལེགས་པར་ཕྱེ་ནས་གསུངས། །ཤན་འབྱེད་ལ་ཟློ་ལེགས་པར་ཕྱེ་ནས་གསུངས། །དབྱེར་ཡོད་དབྱེར་མེད་ལེགས་པར་ཕྱེ་ནས་གསུངས། །འཁྲུལ་ལུགས་གཤིས་ལུགས་ལེགས་པར་ཕྱེ་ནས་གསུངས། །འདོད་ལུགས་ཡིན་ལུགས་ལེགས་པར་ཕྱེ་ནས་གསུངས། །སྲོལ་འབྱེད་སྲོལ་འགོག་ལེགས་པར་ཕྱེ་ནས་གསུངས། །ཕུང་གསུམ་ཡོད་མེད་ལེགས་པར་ཕྱེ་ནས་གསུངས། །དུས་བཞི་ཆེ་ཆུང་ལེགས་པར་ཕྱེ་ནས་གསུངས། །ཆུང་བ་ལ་ཡང་རྫོགས་ལྡན་ཆོས་མཆོག་དང༌། །གསུམ་ལྡན་མར་བཅད་དམན་པར་རབ་ཕྱེ་ནས། །དཔང་དུ་རུང་དང་མི་རུང་ཕྱེ་ནས་གསུངས། །ངོ་བོ་ཉིད་གསུམ་ལེགས་པར་ཕྱེ་ནས་གསུངས། །བདག་གསུམ་རྣམ་དབྱེ་ལེགས་པར་ཕྱེ་ནས་གསུངས། །སྟོང་ཉིད་གསུམ་གྱི་རྣམ་དབྱེ་ཕྱེ་ནས་གསུངས། །ཕྱི་ནང་གཞན་མཆོག་ལེགས་པར་ཕྱེ་ནས་གསུངས། །བདེན་བཞི་ཆོས་བཞི་ཆོས་ལྔ་ལ་སོགས་པ། །ལེགས་པར་ཕྱེ་བའི་ཆོས་འཁོར་གསུངས་པ་ལྟར། །རྫོགས་ལྡན་ཆོས་མཆོག་རྣམས་ལ་གོམས་བྱས་ན། །མཚུངས་པ་མེད་པའི་མཁས་པ་ཆེན་པོར་འགྱུར། །རྒྱལ་བ་སྲས་བཅས་ཐམས་ཅད་དགྱེས་པར་འགྱུར། །རྒྱལ་བའི་གོ་འཕང་མྱུར་དུ་ཐོབ་པར་འགྱུར། །རྫོགས་ལྡན་ཆོས་མཆོག་ཁྱད་པར་འཕགས་རྣམས་སུ། །སྙིང་པོའི་དཀྱིལ་འཁོར་ལྷ་དང་སྔགས་དང་རྒྱུད། །རིགས་ཀྱི་དབྱེ་བསྡུ་ཇི་སྙེད་གསུངས་པ་ཀུན། །དབྱིངས་རིག་དབྱེར་མེད་དོན་དམ་འདུས་མ་བྱས། །ཆ་མེད་ཀུན་འགྲོ་ཁྱབ་བདག་ཡིན་མོད་ཀྱང༌། །གསུམ་ལྡན་མར་བཅད་སྐྱོན་ཅན་རྣམས་ན་རེ། །དེ་རྣམས་ཐམས་ཅད་འདུས་བྱས་ཡིན་ནོ་ལོ། །འོ་ན་དེ་རྣམས་ཀུན་རྫོབ་ཡིན་པར་འགྱུར། །མཐར་ཐུག་གཏན་གྱི་སྐྱབས་མཆོག་མིན་པར་འགྱུར། །བརྫུན་པ་བསླུ་བའི་ཆོས་ཀྱང་ཡིན་པར་འགྱུར། །སྙིང་པོའི་མདོ་ལྔ་མདོ་བཅུ་ལ་སོགས་སུ། །མཐར་ཐུག་སྐྱབས་མཆོག་གསུམ་པོ་ཐམས་ཅད་ཀྱང༌། །རྟག་བརྟན་ཐེར་ཟུག་གཡུང་དྲུང་འདུས་མ་བྱས། །དོན་དམ་བདེན་པར་ཡང་ཡང་གསུངས་པས་གནོད། །གསུངས་པ་དེ་རྣམས་དྲང་དོན་ཡིན་ཞེ་ན། །དྲང་དོན་ཡིན་པའི་ཤེས་བྱེད་འགའ་ཡང་མེད། །གནོད་བྱེད་ལུང་རིགས་རྣམ་དག་ཤིན་ཏུ་མང༌། །དེ་ཕྱིར་ལོག་བཤད་དེ་འདྲ་སྤོང་གྱུར་ཅིག །གལ་ཏེ་དེ་རྣམས་ཐམས་ཅད་ཀུན་རྫོབ་ཡིན། །དོན་དམ་བདེན་པ་ཅིར་ཡང་མ་གྲུབ་པས། །སྙིང་པོའི་དཀྱིལ་འཁོར་སོགས་ཀྱང་མིན་ཞེ་ན། །ཁྱབ་བྱེད་ཁེགས་ན་ཁྱབ་བྱ་ཁེགས་ཕྱིར་དང༌། །རྟེན་ཁེགས་ན་ཡང་བརྟེན་པ་ཁེགས་པའི་ཕྱིར། །དོན་དམ་ཁེགས་ན་ཀུན་རྫོབ་ཁེགས་འགྱུར་ལ། །ཆོས་ཉིད་ཁེགས་ན་ཆོས་རྣམས་ཁེགས་འགྱུར་ཞིང༌། །དབུས་མ་ཁེགས་ན་མཐའ་མ་ཁེགས་འགྱུར་ལ། །ཡོངས་གྲུབ་ཁེགས་ན་ཀུན་བཏགས་ཁེགས་འགྱུར་ཞིང༌། །རང་བཞིན་ཁེགས་ན་བཅོས་མ་ཁེགས་འགྱུར་ལ། །གཉུག་མ་ཁེགས་ན་གློ་བུར་ཁེགས་འགྱུར་ཞིང༌། །གཞན་སྟོང་ཁེགས་ན་རང་སྟོང་ཁེགས་འགྱུར་ལ། །སྙིང་པོ་ཁེགས་ན་དྲི་མ་ཁེགས་འགྱུར་ཞིང༌། །གཙང་བ་ཁེགས་ན་མི་གཙང་ཁེགས་འགྱུར་ལ། །བདག་མཆོག་ཁེགས་ན་ཆོས་ཀུན་ཁེགས་འགྱུར་ཞིང༌། །བདེ་ཆེན་ཁེགས་ན་སྡུག་བསྔལ་ཁེགས་འགྱུར་ལ། །རྟག་པ་ཁེགས་ན་མི་རྟག་ཁེགས་འགྱུར་ཞིང༌། །སངས་རྒྱས་མེད་ན་སེམས་ཅན་མེད་པར་འགྱུར། །ཡེ་ཤེས་མེད་ན་རྣམ་ཤེས་མེད་པར་འགྱུར། །རང་བྱུང་མེད་ན་གཞན་བྱུང་མེད་པར་འགྱུར། །གཞན་མཆོག་མེད་ན་ཕྱི་ནང་མེད་པར་འགྱུར། །འགོག་བདེན་མེད་ན་བདེན་པ་མེད་པར་འགྱུར། །སྦྱང་གཞི་མེད་ན་སྦྱང་བྱ་སྦྱོང་བྱེད་དང༌། །སྦྱངས་འབྲས་ལ་སོགས་གང་ཡང་མེད་པར་འགྱུར། །དེ་བཞིན་ཉིད་ནི་གལ་ཏེ་མེད་གྱུར་ན། །མིང་སོགས་ཆོས་གཞན་ཀུན་ཡང་མེད་པར་འགྱུར། །འདི་འདྲ་གཞན་ཡང་ཤིན་ཏུ་མང་བར་ཡོད། །དེ་ཕྱིར་འགྲོ་བ་ཀུན་ལ་རྫོགས་ལྡན་གྱི། །ཆོས་མཆོག་ཟབ་མོའི་བྱིན་རླབས་འཇུག་གྱུར་ཅིག །ཤེས་བྱ་ལ་ནི་འདུས་བྱས་འདུས་མ་བྱས། །བེམ་རིག་གཉིས་སུ་འབྱེད་པ་རྫོགས་ལྡན་ལུགས། །བེམ་པོ་ལ་ཡང་འདུས་བྱས་འདུས་མ་བྱས། །རིག་པ་ལ་ཡང་འདུས་བྱས་འདུས་མ་བྱས། །ཤེས་པ་ལ་ཡང་རྣམ་ཤེས་ཡེ་ཤེས་དང༌། །ཡེ་ཤེས་ལ་ཡང་རང་བྱུང་གཞན་བྱུང་དང༌། །རྟག་པ་དང་ནི་མི་རྟག་ཡེ་ཤེས་དང༌། །འདུས་མ་བྱས་དང་འདུས་བྱས་ཡེ་ཤེས་སུ། །ལེགས་པར་འབྱེད་པ་རྫོགས་ལྡན་ལུགས་ལ་ཡོད། །དེ་ཕྱིར་ཆོས་དབྱིངས་ཡེ་ཤེས་གང་ཡིན་དེ། །རྟག་པ་འདུས་མ་བྱས་ཀྱི་ཡེ་ཤེས་དང༌། །དོན་དམ་དབྱིངས་རིག་དབྱེར་མེད་ཡེ་ཤེས་དང༌། །འགལ་འདུས་སྐྱོན་མེད་དཔེ་བྲལ་ཡེ་ཤེས་དང༌། །རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང༌། །རང་བཞིན་འགྱུར་མེད་ཡོངས་གྲུབ་ཡེ་ཤེས་དང༌། །རང་བཞིན་བདེ་བ་ཆེན་པོའི་ཡེ་ཤེས་ཡིན། །རྫོགས་ལྡན་ཆོས་མཆོག་ཁྱད་པར་འཕགས་རྣམས་སུ། །ཆོས་དབྱིངས་དེ་བཞིན་ཉིད་ལ་མཐར་ཐུག་གི །ཤེར་ཕྱིན་ཟབ་མོར་གསུངས་པ་གང་ཡིན་རྣམས། །རྟག་པ་འདུས་མ་བྱས་ཀྱི་ཡེ་ཤེས་དང༌། །སྟོང་པ་ཆེན་པོ་འགྱུར་མེད་ལྔ་དང་ནི། །རྟག་པ་འདུས་མ་བྱས་ཀྱི་རྒྱལ་བ་ལྔ། །རྟག་བརྟན་ཐེར་ཟུག་གཡུང་དྲུང་རིག་མ་ལྔ། །སངས་རྒྱས་ལྔ་བདག་སངས་རྒྱས་སྐུ་ལྔ་དང༌། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག་དང་ནི། །ཤེས་བཅུ་རྣམ་དག་བདག་ལ་དགོངས་པ་ཡིན། །གསུམ་ལྡན་མར་བཅད་དེ་སྐད་མི་སྨྲ་སྟེ། །ཤེས་རབ་གང་ཡིན་འདུས་བྱས་དངོས་པོ་ཡིན། །དེ་ཕྱིར་ཤེར་ཕྱིན་ཟབ་མོ་མཐར་ཐུག་ཀྱང༌། །འདུས་བྱས་མི་རྟག་སྐད་ཅིག་མར་ཡང་འདོད། །དེའི་ཀྱང་ལྟ་བའི་སྙིགས་མ་བདོ་བར་བྱས། །རྒྱུ་ལ་སྐྱེད་བྱེད་དང་ནི་བྲལ་བྱེད་ཀྱི། །རྒྱལ་ཁམས་གཉིས་སུ་འབྱེད་པ་མི་ཤེས་པར། །རྒྱུ་རྣམས་ཐམས་ཅད་སྐྱེད་བྱེད་ཁོ་ནར་འདོད། །འབྲས་བུ་ལ་ཡང་བསྐྱེད་འབྲས་བྲལ་འབྲས་ཀྱི། །རྒྱལ་ཁམས་གཉིས་སུ་འབྱེད་པ་མ་ཤེས་པར། །འབྲས་བུ་གང་ཡིན་བསྐྱེད་འབྲས་ཁོ་ནར་འདོད། །དེ་ཕྱིར་རྟག་པའི་རྒྱུ་འབྲས་མི་འདོད་ཅིང༌། །འདུས་མ་བྱས་ཀྱི་རྒྱུ་འབྲས་མི་འདོད་ལ། །རྒྱུ་འབྲས་ངོ་བོ་གཅིག་པ་མི་འདོད་ཅིང༌། །གཞི་འབྲས་ངོ་བོ་གཅིག་པའང་མི་འདོད་ལ། །རྒྱུ་འབྲས་གཞན་མཆོག་ཕ་རོལ་མི་འདོད་པའང༌། །གསུམ་ལྡན་མར་བཅད་སྐྱོན་ཅན་བསླད་པའི་ལུགས། །རྫོགས་ལྡན་ལ་ནི་དེ་དང་དེ་དག་ལས། །བཟློག་པའི་ཆོས་ལུགས་ཁྱད་པར་འཕགས་པ་ཡོད། །ཀུན་གཞི་ལ་ཡང་རྣམ་ཤེས་ཡེ་ཤེས་དང༌། །ཀུན་རྫོབ་དོན་དམ་ཆོས་དང་ཆོས་ཉིད་དང༌། །འདུས་བྱས་འདུས་མ་བྱས་སུ་འབྱེད་པ་དང༌། །སྦྱང་བྱ་དང་ནི་སྦྱང་གཞིར་འབྱེད་པ་དང༌། །གློ་བུར་བ་དང་གཉུག་མར་འབྱེད་པ་དང༌། །བཅོས་མ་རང་བཞིན་འཁྲུལ་ལུགས་གཤིས་ལུགས་དང༌། །ཤུན་པ་སྙིང་པོ་མི་རྟག་རྟག་པ་དང༌། །མཐའ་དང་དབུས་སུ་འབྱེད་པ་ལ་སོགས་པའི། །རྣམ་བཞག་ལེགས་པོ་རྫོགས་ལྡན་ལུགས་ལ་ཡོད། །གསུམ་ལྡན་མར་བཅད་དེ་འདྲའི་ཆོས་སྐད་ནུབ། །ཀུན་གཞི་གང་ཡིན་མ་བསྒྲིབས་ལུང་མ་བསྟན། །ལེན་པའི་རྣམ་ཤེས་ཉིད་ལ་འདོད་པ་བྱུང༌། །དེས་ཀྱང་ལྟ་བའི་སྙིགས་མ་བདོ་བར་བྱས། །བདེ་གཤེགས་སྙིང་པོར་གསུངས་པའི་ཀུན་གཞི་དང༌། །ཟག་མེད་དགེ་བར་གསུངས་པའི་ཀུན་གཞི་དང༌། །ས་རྣམས་སྣ་ཚོགས་ཡིན་པའི་ཀུན་གཞི་དང༌། །རང་བཞིན་འོད་གསལ་ཡིན་པའི་ཀུན་གཞི་ནི། །འགྱུར་མེད་ཡོངས་གྲུབ་དབུ་མ་ཆེན་པོ་དང༌། །མྱང་འདས་ཆེན་པོ་ཕྱག་རྒྱ་ཆེན་པོ་དང༌། །བྱང་ཆུབ་ཆེན་པོ་ཨེ་ཝཾ་མཐར་ཐུག་དང༌། །དུས་འཁོར་མཐར་ཐུག་བདེ་དགྱེས་མཐར་ཐུག་དང༌། །གསང་འདུས་ལ་སོགས་ལྷ་སྔགས་རྒྱུད་ཀུན་དང༌། །དཀྱིལ་འཁོར་མཐར་ཐུག་ལ་སོགས་མཐར་ཐུག་ཀུན། །ཀུན་ནས་འདུས་པ་དུ་མ་རོ་གཅིག་དབྱིངས། །ཤེས་རབ་ཕ་རོལ་ཕྱིན་པའི་མཐའ་ལ་དགོངས། །དེ་ཉིད་དང་པོའི་སངས་རྒྱས་རིས་མེད་དང༌། །གདོད་ནས་གྲོལ་བའི་དེ་བཞིན་གཤེགས་པ་དང༌། །གཙང་བདག་བདེ་དང་རྟག་པའི་འགོག་བདེན་དང༌། །བདེན་དོན་བཅུ་གཉིས་དེ་ཉིད་བཅུ་དྲུག་དང༌། །རྡོ་རྗེ་སེམས་དཔའ་དོན་དམ་བྱང་ཆུབ་སེམས། །འདུས་མ་བྱས་ཀྱི་སྟོང་ཉིད་སྙིང་རྗེ་དང༌། །རྟག་ཅིང་བརྟན་པའི་ཐབས་ཤེས་དབྱེར་མེད་དང༌། །སངས་རྒྱས་ཀུན་བས་སྔར་སངས་རྒྱས་ཀྱང་ཡིན། །གསུམ་ལྡན་མར་བཅད་དེ་འདྲའི་རྣམ་བཞག་ནུབ། །དེས་ཀྱང་ལྟ་བའི་སྙིགས་མ་བདོ་བར་བྱས། །རྫོགས་ལྡན་ཆོས་མཆོག་ཁྱད་འཕགས་རྣམས་སུ་ནི། །རྒྱུད་སྡེར་རྒྱུ་ཡི་རྒྱུད་ཅེས་གསུངས་པ་རྣམས། །བདེ་གཤེགས་སྙིང་པོ་ཀུན་གཞི་ཡེ་ཤེས་ལ། །དགོངས་པ་ཡིན་གྱི་ཀུན་གཞི་རྣམ་ཤེས་ལ། །དགོངས་པ་གཏན་ནས་མིན་ཏེ་གང་གི་ཕྱིར། །རྒྱུད་སྡེ་ཟབ་མོ་གང་ཡིན་ཆོས་ཀྱི་དབྱིངས། །དོན་དམ་འདུས་མ་བྱས་ལ་གསུངས་ཕྱིར་དང༌། །ཀུན་གཞི་རྣམ་ཤེས་ཡིན་ན་དོན་དམ་མིན། །རང་བཞིན་གཉུག་མ་འདུས་མ་བྱས་ཀྱང་མིན། །གཙང་བདག་བདེ་ཆེན་རྟག་པའི་མཆོག་ཀྱང་མིན། །རང་བཞིན་རིགས་དང་ངོ་བོ་ཉིད་སྐུའང་མིན། །ཡོངས་གྲུབ་དགུའམ་བཅུ་གཉིས་གང་ཡང་མིན། །དེ་རྣམས་མིན་ན་གཤིས་ལུགས་ཟབ་མོ་ཡི། །ལྷ་སྔགས་རྒྱུད་དང་དཀྱིལ་འཁོར་གང་ཡང་མིན། །གཞི་འབྲས་དབྱེར་མེད་རྒྱུད་ཀྱང་མ་ཡིན་ནོ། །དེ་རྣམས་མིན་ན་རང་བཞིན་འོད་གསལ་མིན། །རང་བཞིན་ལྷན་སྐྱེས་བདེ་བའང་མ་ཡིན་ལ། །དང་པོའི་སངས་རྒྱས་སོགས་ཀྱང་མ་ཡིན་པས། །རྒྱུ་ཡི་རྒྱུད་དང་འབྲས་བུའི་རྒྱུད་ཀྱང་མིན། །ཀུན་གཞི་རྣམ་ཤེས་རང་བཞིན་འོད་གསལ་དུ། །བཞེད་པ་རྣམས་ལ་བདག་ནི་མ་ཕོད་པས། །ཐལ་མོ་སྦྱར་ནས་གྲོས་འདེབས་ཞུ་བ་འབུལ། །ཀུན་གཞི་རྣམ་ཤེས་མ་བསྒྲིབས་ལུང་མ་བསྟན། །གློ་བུར་དྲི་མས་བསྡུས་པ་ཡིན་ཕྱིར་དང༌། །རང་བཞིན་འོད་གསལ་དག་པ་ཡིན་ཕྱིར་དང༌། །དྲི་མ་གདོད་ནས་དག་པ་ཡིན་ཕྱིར་རོ། །ཀུན་གཞི་རྣམ་ཤེས་འདུས་བྱས་ཡིན་ཕྱིར་དང༌། །རང་བཞིན་འོད་གསལ་འདུས་མ་བྱས་ཡིན་ཕྱིར། །རྣམ་ཤེས་ཡིན་ན་རང་བཞིན་འོད་གསལ་མིན། །རྣམ་ཤེས་ཡིན་ན་རང་བྱུང་ཡེ་ཤེས་མིན། །རྣམ་ཤེས་ཡིན་ན་རྟག་བརྟན་ཐེར་ཟུག་མིན། །རྣམ་ཤེས་ཡིན་ན་བདེ་གཤེགས་སྙིང་པོ་མིན། །རྣམ་ཤེས་ཡིན་ན་དབུ་མ་ཆེན་པོ་མིན། །རྣམ་ཤེས་ཡིན་ན་ཕྱག་རྒྱ་ཆེན་པོ་མིན། །རྣམ་ཤེས་ཡིན་ན་མྱང་འདས་ཆེན་པོ་མིན། །རྣམ་ཤེས་ཡིན་ན་ལྷན་ཅིག་སྐྱེས་སྐུ་མིན། །རྣམ་ཤེས་ཡིན་ན་ཤེར་ཕྱིན་ཟབ་མོ་མིན། །རྣམ་ཤེས་ཡིན་ན་གཞན་སྟོང་ཟབ་མོ་མིན། །རྣམ་ཤེས་ཡིན་ན་ཡོངས་གྲུབ་ཐམས་ཅད་མིན། །དེ་རྣམས་མིན་ན་རྒྱུ་ཡི་རྒྱུད་ཀྱང་མིན། །རང་བཞིན་འོད་གསལ་ཡིན་ན་རྣམ་ཤེས་མིན། །རྣམ་ཤེས་མིན་ན་ཀུན་གཞི་རྣམ་ཤེས་མིན། །ཡེ་ཤེས་རྣམ་ཤེས་སྣང་མུན་ཇི་བཞིན་དང༌། །བདུད་རྩི་དང་ནི་དུག་བཞིན་གནས་པའི་ཕྱིར། །དེ་དག་གཞི་མཐུན་གཏན་ནས་མི་སྲིད་པས། །དེ་དག་གཅིག་ཏུ་བསྲེ་བར་མ་གྱུར་ཅིག །གལ་ཏེ་བསྲེས་ན་སངས་རྒྱས་བསྟན་པ་ནི། །ཉམས་པར་བྱས་ཀྱི་གསལ་བར་བྱས་པ་མིན། །རྫོགས་ལྡན་ཆོས་མཆོག་ཁྱད་པར་འཕགས་རྣམས་སུ། །སྦྱང་གཞི་ཀུན་གཞི་ཡེ་ཤེས་ནམ་མཁའ་འདྲ། །སྦྱང་བྱ་གློ་བུར་དྲི་མ་སྤྲིན་དང་འདྲ། །སྦྱོང་བྱེད་ལམ་བདེན་མི་བཟད་རླུང་དང་འདྲ། །སྦྱངས་འབྲས་བྲལ་འབྲས་སྤྲིན་སངས་ནམ་མཁའ་འདྲ། །དེ་ལྟར་གསུངས་ཀྱང་དེ་ལ་མི་མཁས་པ། །གསུམ་ལྡན་མར་བཅད་སྐྱོན་ཅན་མང་པོ་ནི། །སྦྱང་བྱ་དང་ནི་སྦྱང་གཞི་གཅིག་ཏུ་འདོད། །སྤྲིན་དང་ནམ་མཁའ་གཅིག་ཏུ་འདོད་དང་མཚུངས། །འདིར་ནི་སྦྱང་གཞི་དྲི་བཅས་དེ་བཞིན་ཉིད། །ཀུན་གཞི་ཡེ་ཤེས་འདུས་མ་བྱས་ཡིན་ལ། །སྦྱང་བྱ་དྲི་མ་འདུས་བྱས་ཡིན་པའི་ཕྱིར། །དེ་གཉིས་གཅིག་གམ་མི་གཅིག་དགོངས་པར་ཞུ། །སྦྱང་གཞི་རྟག་པ་སྦྱང་བྱ་མི་རྟག་པ། །དེ་གཉིས་གཅིག་གམ་མི་གཅིག་དགོངས་པར་ཞུ། །སྦྱང་གཞི་ཟག་མེད་སྦྱང་བྱ་ཟག་པ་ཡིན། །དེ་གཉིས་གཅིག་གམ་མི་གཅིག་དགོངས་པར་ཞུ། །སྦྱང་གཞི་རྣམ་བྱང་སྦྱང་བྱ་ཀུན་ཉོན་མོངས། །དེ་གཉིས་གཅིག་གམ་མི་གཅིག་དགོངས་པར་ཞུ། །དེ་འདྲ་གཞན་ཡང་ཤིན་ཏུ་མང་བར་མཆིས། །ཡོངས་གྲུབ་དབུ་མ་མིང་ཙམ་ཐ་དད་ཀྱི། །དོན་ལ་ཐ་དད་མེད་པ་རྫོགས་ལྡན་ལུགས། །གསུམ་ལྡན་མར་བཅད་སྐྱོན་ཅན་ལུགས་ལ་ནི། །འགྱུར་མེད་ཡོངས་གྲུབ་སེམས་ཙམ་ཁོ་ནར་འདོད། །རང་བཞིན་གསུམ་གའང་སེམས་ཙམ་ཁོ་ན་ལོ། །སྐྱོན་མེད་རྫོགས་ལྡན་དབུ་མའི་གཞུང་རྣམས་སུ། །ངོ་བོ་ཉིད་གསུམ་ཡང་ཡང་གསུངས་ཕྱིར་དང༌། །སེམས་ཙམ་གཞུང་དུ་དེ་སྐད་མ་གསུངས་ཤིང༌། །དེ་ལ་གནོད་བྱེད་མང་པོ་ཡོད་པའི་ཕྱིར། །ངོ་བོ་ཉིད་གསུམ་དབུ་མ་ཁོ་ན་ཡི། །ཆོས་ལུགས་ཡིན་པར་རྫོགས་ལྡན་ལུགས་ལས་བྱུང༌། །དེ་ཕྱིར་དེ་འདྲའི་རྣམ་བཞག་མ་ཤེས་ཤིང༌། །རྣམ་པར་འཁྲུགས་པས་ལྟ་བའི་སྙིགས་མ་བྱུང༌། །ཡོངས་གྲུབ་ལ་སོགས་རང་བཞིན་གསུམ་སྟོན་པའི། །དབུ་མ་རྣམས་ཀྱང་སེམས་ཙམ་གཞུང་དུ་ཕབ། །དེ་སྟོན་མཁས་པ་ཆེན་པོ་དབུ་མ་པ། །ཆེན་པོ་དག་ཀྱང་སེམས་ཙམ་པ་རུ་ཕབ། །དོན་དམ་དབུ་མ་ཅིར་ཡང་མ་གྲུབ་ཅེས། །སྟོན་པའི་གཞུང་ངན་སྐུར་འདེབས་མཐར་ལྷུང་ཞིང༌། །མེད་པ་ཆད་པའི་ཕྱོགས་སུ་ལྷུང་རྣམས་ལ། །དབུ་མ་ཡིན་ཞེས་བསྟོད་བཀུར་བསྔགས་བྱེད་པ། །དེ་མ་ཡིན་ལ་དེར་འཛིན་བདུད་ཀྱི་ཚིག །གསུམ་ལྡན་མར་བཅད་བྱུང་གི་རྫོགས་ལྡན་ལ། །དེ་འདྲའི་ལྟ་ངན་རི་བོང་རྭ་དང་མཚུངས། །གསུམ་ལྡན་མར་བཅད་སྐྱོན་ཅན་རྣམས་ན་རེ། །དོན་དམ་བདེན་པ་ཅིར་ཡང་མ་གྲུབ་ཀྱང༌། །ཀུན་རྫོབ་ལས་འབྲས་བསླུ་བ་མེད་པའི་ཕྱིར། །ཡོད་མེད་སྒྲོ་སྐུར་མཐའ་ལས་གྲོལ་ཞེ་ན། །དོན་དམ་མེད་པའི་ཀུན་རྫོབ་སྲིད་ལགས་སམ། །ཁྱབ་བྱེད་མེད་པའི་ཁྱབ་བྱ་སྲིད་ལགས་སམ། །གཞི་རྟེན་མེད་པའི་བརྟེན་པ་སྲིད་ལགས་སམ། །གཉུག་མ་མེད་པའི་གློ་བུར་སྲིད་ལགས་སམ། །ཆོས་ཉིད་མེད་པའི་ཆོས་ཅན་སྲིད་ལགས་སམ། །སྲིད་ན་ཆོས་ཉིད་ཀུན་འགྲོ་མ་ལགས་སམ། །གལ་ཏེ་དོན་དམ་མེད་པ་མི་སྲིད་ན། །དོན་དམ་ཅིར་མ་གྲུབ་དང་མི་འགལ་ལམ། །དབུ་མ་པ་ནི་རང་རྒྱུད་ཐལ་འགྱུར་ཞེས། །འབྱེད་པ་དབུ་མའི་དབྱེ་བར་མི་རུང་སྟེ། །དེ་བཞིན་ཉིད་ཀྱི་དབྱེ་བར་མི་རུང་ཕྱིར། །དེ་འདྲ་རྫོགས་ལྡན་གཞུང་དུ་མ་གསུངས་ཀྱང༌། །གསུམ་ལྡན་མར་བཅད་སྐྱོན་ཅན་གཞུང་དུ་བྱུང༌། །དེས་ཀྱང་ལྟ་བའི་སྙིགས་མ་བདོ་བར་བྱས། །རྫོགས་ལྡན་ལུགས་ལ་དབུ་མའི་དབྱེ་བ་ནི། །ཡོངས་གྲུབ་དགུ་ལ་སོགས་པའི་དབྱེ་བ་དང༌། །རྒྱུད་སྡེར་གསུངས་པའི་རིགས་ཀྱི་དབྱེ་བ་དང༌། །དོན་དམ་མཚན་བརྗོད་རྒྱུད་དུ་ལེགས་གསུངས་པའི། །མཚན་གྱི་དབྱེ་བས་བསྟན་པ་ཐམས་ཅད་ཀྱང༌། །མཐའ་བྲལ་དབུ་མ་ཆེན་པོ་དབྱེ་བ་ཡིན། །དེ་བཞིན་གཤིས་ལུགས་ཟབ་མོ་མཐར་ཐུག་གི །དབྱེ་བ་ཇི་སྙེད་གསུངས་པ་ཐམས་ཅད་ཀྱང༌། །མཐའ་བྲལ་དབུ་མ་ཆེན་པོའི་དབྱེ་བར་འགྱུར། །འདི་ལ་འདུས་བྱས་གཅིག་ཀྱང་འདྲེས་པ་མེད། །ཆོས་དབྱིངས་འདུས་མ་བྱས་ཀྱི་དབྱེ་བར་འགྱུར། །འདི་ལ་མི་རྟག་འདྲེས་པ་ཅུང་ཟད་མེད། །རྟག་བརྟན་ཐེར་ཟུག་དབྱིངས་ཀྱི་དབྱེ་བར་འགྱུར། །འདི་ལ་ཀུན་རྫོབ་གཅིག་ཀྱང་འདྲེས་པ་མེད། །དོན་དམ་ཡོངས་གྲུབ་ཁོ་ནའི་དབྱེ་བ་ནི། །ངོ་བོ་དབྱེ་བ་ཅུང་ཟད་ཙམ་ཡང་མེད། །མིང་དང་རྣམ་པའི་དབྱེ་བ་ཤིན་ཏུ་མང༌། །གང་ཕྱིར་ཆོས་དབྱིངས་དུ་མ་རོ་གཅིག་དོན། །མིང་ནི་དུ་མ་དོན་ནི་རོ་གཅིག་དང༌། །རྣམ་པ་དུ་མ་ངོ་བོ་རོ་གཅིག་གོ །དེ་ཕྱིར་འདི་ནི་ཤེར་ཕྱིན་མཐར་ཐུག་དང༌། །མྱང་འདས་ཆེན་པོ་ཕྱག་རྒྱ་ཆེན་པོ་དང༌། །ཤིན་ཏུ་རྣལ་འབྱོར་རྡོ་རྗེ་རྣལ་འབྱོར་དང༌། །ལྷན་ཅིག་སྐྱེས་སྦྱོར་དུས་འཁོར་བདེ་དགྱེས་སོགས། །ཟབ་མོ་མཐར་ཐུག་ཀུན་གྱི་དབྱེ་བར་འགྱུར། །དེ་ལྟར་ཤེས་ན་གཅིག་ཤེས་ཀུན་ཤེས་ཡིན། །གཤིས་ལུགས་ཟབ་མོ་མཐར་ཐུག་ཐམས་ཅད་ལ། །རྨོངས་པ་མེད་པའི་མཁས་པ་ཆེན་པོར་འགྱུར། །རང་རྒྱུད་ཐལ་འགྱུར་གཉིས་ཀ་འདུས་བྱས་ཡིན། །དེ་ཕྱིར་དེ་དག་དངོས་པོའི་མཐར་ལྷུང་ཞིང༌། །ཡོད་པའི་ཕྱོགས་སུ་ཆད་ཕྱིར་དབུ་མ་མིན། །དབུ་མ་མིན་པ་དབུ་མའི་དབྱེ་གཞི་དང༌། །ཕྱེ་བའི་ཡ་གྱལ་གང་དུ་ཡང་མི་རུང་སྟེ། །ཚད་མ་མིན་པ་ཚད་མའི་དབྱེ་གཞི་དང༌། །ཕྱེ་བའི་ཡ་གྱལ་གང་དུའང་མི་རུང་བཞིན། །བདེན་པ་མིན་པ་བདེན་པའི་དབྱེ་གཞི་དང༌། །ཕྱེ་བའི་ཡ་གྱལ་གང་དུའང་མི་རུང་བཞིན། །རྫོགས་ལྡན་ལུགས་ནི་དེ་ལྟར་ཡིན་མོད་ཀྱང༌། །གསུམ་ལྡན་མར་བཅད་སྐྱོན་ཅན་རྣམས་ན་རེ། །མཐའ་དང་བྲལ་བ་ཙམ་ལ་དབུ་མ་ཞེས། །བཏགས་པར་ཟད་ཀྱི་དོན་ལ་དབུ་མ་མེད། །དབུ་མའང་དབུ་མས་སྟོང་པ་ཡིན་ཕྱིར་ལོ། །དེ་ལྟ་ཡིན་ན་དོན་དམ་ཆོས་སྐུ་དང༌། །ངོ་བོ་ཉིད་སྐུ་ལྷན་ཅིག་སྐྱེས་སྐུ་དང༌། །རྟག་བརྟན་ཐེར་ཟུག་གཡུང་དྲུང་མཁའ་ཁྱབ་ཀྱི། །སངས་རྒྱས་ཆོས་དང་དགེ་འདུན་ཐམས་ཅད་ལ། །སྐུར་བ་བཏབ་པས་སྡིག་ལྟ་ཆེན་པོར་འགྱུར། །གང་ཕྱིར་དེ་རྣམས་རང་གིས་མི་སྟོང་པའི། །གཞན་སྟོང་ཟབ་མོ་ཡིན་པར་གསུངས་ཕྱིར་རོ། །མདོ་རྒྱུད་རྣམ་དག་ཟབ་མོ་ཐམས་ཅད་དུ། །སྟོང་ཉིད་ཟབ་མོ་གསུངས་པ་ཐམས་ཅད་ནི། །སྒྲོ་སྐུར་གཉིས་ཀྱིས་སྟོང་པའི་གཞི་ལ་དགོངས། །དེ་བཞིན་ཡོད་མེད་གཉིས་ཀྱིས་སྟོང་གཞི་དང༌། །དངོས་པོ་དངོས་མེད་གཉིས་ཀྱིས་སྟོང་གཞི་དང༌། །ཀུན་རྫོབ་ཀུན་གྱིས་སྟོང་པའི་གཞི་ལ་དགོངས། །སྟོང་གཞི་དེ་ཉིད་བདེ་གཤེགས་སྙིང་པོ་དང༌། །རང་བཞིན་རིགས་དང་རང་བཞིན་སངས་རྒྱས་དང༌། །རང་བཞིན་ཆོས་དང་རང་བཞིན་དགེ་འདུན་དང༌། །རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དང༌། །རང་བཞིན་ལྷ་དང་རང་བཞིན་རྒྱུད་དང་སྔགས། །རང་བཞིན་མྱང་འདས་རང་བཞིན་འོད་གསལ་དང༌། །རང་བཞིན་གྱིས་དག་གདོད་ནས་རྣམ་དག་དང༌། །རྣམ་པར་དག་པའི་གཟུགས་ནས་རྣམ་མཁྱེན་པར། །ཆོས་ཉིད་འགྱུར་བ་མེད་པའི་ཡོངས་གྲུབ་ཀྱི། །གཟུགས་ནས་སངས་རྒྱས་ཆོས་ཀྱི་བར་ལ་སོགས། །འདུས་མ་བྱས་ཀྱི་སྟོབས་བཅུ་ལ་སོགས་པ། །ཡོན་ཏན་མཐའ་ཡས་ཚང་བའི་དེ་བཞིན་ཉིད། །གཞི་ཡི་སངས་རྒྱས་དང་པོའི་སངས་རྒྱས་ཡིན། །གདོད་ནས་གྲོལ་བའི་དེ་བཞིན་གཤེགས་པ་དང༌། །ནམ་མཁའི་རང་བཞིན་གཟོད་ནས་རྣམ་གྲོལ་ཐུགས། །སངས་རྒྱས་ཀུན་བས་སྔར་སངས་རྒྱས་ཀྱང་ཡིན། །དེ་ཕྱིར་དེ་བཞིན་ཉིད་སོགས་ལེགས་སྟོན་པའི། །མདོ་རྒྱུད་ཟབ་མོ་ཀུན་གྱི་མཐར་ཐུག་ནི། །གཞན་སྟོང་ཡིན་གྱི་རང་སྟོང་གཏན་མ་ཡིན། །དོན་དམ་ཡིན་གྱི་ཀུན་རྫོབ་གཏན་མ་ཡིན། །ཆོས་ཉིད་ཡིན་གྱི་ཆོས་རྣམས་གཏན་མ་ཡིན། །དབུས་མ་ཡིན་གྱི་མཐའ་མ་གཏན་མ་ཡིན། །མྱང་འདས་ཡིན་གྱི་འཁོར་བ་གཏན་མ་ཡིན། །ཡེ་ཤེས་ཡིན་གྱི་རྣམ་ཤེས་གཏན་མ་ཡིན། །གཙང་བ་ཡིན་གྱི་མི་གཙང་གཏན་མ་ཡིན། །བདག་མཆོག་ཡིན་གྱི་ཅང་མེད་གཏན་མ་ཡིན། །བདེ་ཆེན་ཡིན་གྱི་སྡུག་བསྔལ་གཏན་མ་ཡིན། །རྟག་བརྟན་ཡིན་གྱི་མི་རྟག་གཏན་མ་ཡིན། །རང་བྱུང་ཡིན་གྱི་གཞན་བྱུང་གཏན་མ་ཡིན། །ཡོངས་གྲུབ་ཡིན་གྱི་ཀུན་བཏགས་གཏན་མ་ཡིན། །རང་བཞིན་ཡིན་གྱི་བཅོས་མ་གཏན་མ་ཡིན། །གཉུག་མ་ཡིན་གྱི་གློ་བུར་གཏན་མ་ཡིན། །སངས་རྒྱས་ཡིན་གྱི་སེམས་ཅན་གཏན་མ་ཡིན། །སྙིང་པོ་ཡིན་གྱི་ཤུན་པ་གཏན་མ་ཡིན། །ངེས་དོན་ཡིན་གྱི་དྲང་དོན་གཏན་མ་ཡིན། །མཐར་ཐུག་ཡིན་གྱི་གནས་སྐབས་གཏན་མ་ཡིན། །གཞི་འབྲས་ཡིན་གྱི་ལམ་བདེན་གཏན་མ་ཡིན། །སྦྱང་གཞི་ཡིན་གྱི་སྦྱང་བྱ་གཏན་མ་ཡིན། །གཤིས་ལུགས་ཡིན་གྱི་འཁྲུལ་ལུགས་གཏན་མ་ཡིན། །གཞན་མཆོག་ཡིན་གྱི་ཕྱི་ནང་གཏན་མ་ཡིན། །བདེན་པ་ཡིན་གྱི་བརྫུན་པ་གཏན་མ་ཡིན། །ཡང་དག་ཡིན་གྱི་ལོག་པ་གཏན་མ་ཡིན། །སྟོང་གཞི་ཡིན་གྱི་སྟོང་ཙམ་གཏན་མ་ཡིན། །བྲལ་གཞི་ཡིན་གྱི་བྲལ་ཙམ་གཏན་མ་ཡིན། །མེད་གཞི་ཡིན་གྱི་མེད་ཙམ་གཏན་མ་ཡིན། །སྒྲུབ་ཆོས་ཡིན་གྱི་མེད་དགག་གཏན་མ་ཡིན། །དགེ་བ་ཡིན་གྱི་མི་དགེ་གཏན་མ་ཡིན། །ཚད་མ་ཡིན་གྱི་ཚད་མིན་གཏན་མ་ཡིན། །རིགས་པ་ཡིན་གྱི་མི་རིགས་གཏན་མ་ཡིན། །དྲི་མེད་ཡིན་གྱི་དྲི་མ་གཏན་མ་ཡིན། །དེ་ཕྱིར་དེ་དག་དབུ་མ་ཆེན་པོར་མཚུངས། །ཆོས་འཁོར་གསུམ་པའི་མདོ་མཆོག་ཐམས་ཅད་དང༌། །བྱམས་ཆོས་ཐམས་ཅད་དབུ་མ་ཆེན་པོར་མཚུངས། །རྣམ་དག་རྒྱུད་སྡེ་རྣམས་ཀྱང་དེ་བཞིན་ནོ། །གསུམ་ལྡན་མར་བཅད་མཁས་པ་ཕལ་ན་རེ། །ཀུན་རྫོབ་རྟེན་འབྲེལ་དབུ་མ་ཆེན་པོ་སྟེ། །དབུ་མ་གང་ཡིན་རྟེན་འབྲེལ་ཡིན་ནོ་ལོ། །དེ་ལྟ་ཡིན་ན་འདུས་བྱས་མི་རྟག་པའང༌། །རྟེན་འབྲེལ་ཡིན་པས་དབུ་མ་ཡིན་པར་འགྱུར། །འདོད་ན་དོན་དམ་ཆོས་དབྱིངས་ཡིན་པར་འགྱུར། །དེ་ཡང་འདོད་ན་འདུས་མ་བྱས་སུ་འགྱུར། །འདོད་ན་ཆོས་ཅན་དང་ཡང་འགལ་བར་འགྱུར། །དེ་ཕྱིར་རྟེན་ཅིང་འབྲེལ་འབྱུང་གསུངས་པ་ལ། །བདེན་གཉིས་རྣམ་དབྱེ་རྫོགས་ལྡན་ཆོས་ལས་གསུངས། །ཀུན་རྫོབ་རྟེན་འབྲེལ་ལེགས་པར་རྟོགས་པ་ནི། །དབུ་མ་ཆེན་པོའི་གྲོང་དུ་འཇུག་པའི་ལམ། །དོན་དམ་རྟེན་འབྲེལ་ཆོས་དབྱིངས་ཟབ་མོ་ནི། །རྟེན་འབྲེལ་འདི་མིན་རྟེན་འབྲེལ་གཞན་མཆོག་ཡིན། །ཡན་ལག་བཅུ་གཉིས་སྲིད་རྩ་བཏོན་པ་ཡིན། །དག་པ་རྣམ་པ་བཅུ་གཉིས་འཆང་བ་ཡིན། །བདེན་དོན་བཅུ་གཉིས་གནས་སོགས་བཅུ་གཉིས་ཡིན། །དུས་སྦྱོར་ཉི་མའི་དབུགས་རྣམས་འགགས་པ་ཡིན། །ཡུམ་དང་ཕལ་ཆེན་སྔགས་ལས་གསུངས་པ་ཡིན། །རྫོགས་ལྡན་མཁས་མཆོག་རྣམས་ཀྱིས་གསུངས་པ་ཡིན། །གསུམ་ལྡན་མར་བཅད་ཕལ་གྱི་སྤྱོད་ཡུལ་མིན། །དེ་རྣམས་སེམས་ཙམ་མིན་པའི་རྒྱུ་མཚན་ནི། །མཐའ་བྲལ་སྟོང་གཞི་ཕུང་གསུམ་ཡིན་ཕྱིར་དང༌། །སེམས་ཙམ་ཡིན་ན་དངོས་སྨྲ་ཡིན་པའི་ཕྱིར། །སྟོང་གཞི་དེ་རྣམས་རྣམ་ཤེས་ཆོས་ལས་འདས། །གཉིས་མེད་ཡེ་ཤེས་ཚུལ་འཆང་ཡིན་ཕྱིར་དང༌། །སྐད་ཅིག་གཅིག་དང་དུ་མ་དང་བྲལ་ཕྱིར། །དེ་དག་དངོས་སྨྲའི་ཆོས་སུ་ག་ལ་རུང༌། །ཆོས་འཁོར་གཉིས་པའི་དོན་ཡང་དེ་བཞིན་ཉིད། །ཡོན་ཏན་དཔག་ཡས་ཚང་བ་ཡིན་པའི་ཕྱིར། །མེད་དགག་མ་ཡིན་དེ་ཕྱིར་རང་སྟོང་དང༌། །ཅང་མེད་སྟོང་པ་ཆད་པའི་སྟོང་པ་མིན། །རྣམ་ཀུན་མཆོག་ལྡན་སྟོང་གཞི་ཡིན་ཕྱིར་དང༌། །འགྱུར་མེད་མཆོག་གི་བདེ་ཆེན་ཡིན་ཕྱིར་དང༌། །པྲ་ཕབ་བརྒྱད་དང་མཚུངས་པའི་ཕྱག་རྒྱ་ཆེ། །དོན་དམ་ཨེ་ཝཾ་ཡི་གེ་ཡིན་ཕྱིར་དང༌། །པྲ་ཕབ་བརྒྱད་དང་མཚུངས་པའི་ཡེ་ཤེས་སྐུ། །དོན་དམ་ཐིག་ལེ་གྲུ་གསུམ་ཡིན་ཕྱིར་དང༌། །པྲ་ཕབ་བརྒྱད་དང་མཚུངས་པའི་རྡོ་རྗེའི་སྐུ། །དོན་དམ་རྡོ་རྗེ་བྷ་ག་ཡིན་ཕྱིར་དང༌། །པྲ་ཕབ་བརྒྱད་དང་མཚུངས་པའི་སྔགས་ཀྱི་སྐུ། །དོན་དམ་ཨཱ་ལི་ཀཱ་ལི་ཡིན་ཕྱིར་དང༌། །པྲ་ཕབ་བརྒྱད་དང་མཚུངས་པའི་གཡུང་དྲུང་སྐུ། །དོན་དམ་རྡོ་རྗེ་པད་མ་ཡིན་ཕྱིར་དང༌། །པྲ་ཕབ་བརྒྱད་དང་མཚུངས་པའི་ཐེར་ཟུག་སྐུ། །དོན་དམ་རྡོ་རྗེའི་ཟླ་ཉི་ཡིན་ཕྱིར་དང༌། །པྲ་ཕབ་བརྒྱད་དང་མཚུངས་པའི་ཆོས་ཉིད་སྐུ། །དོན་དམ་རྡོ་རྗེའི་ཁུ་རྡུལ་ཡིན་ཕྱིར་དང༌། །པྲ་ཕབ་བརྒྱད་དང་མཚུངས་པའི་རྡོ་རྗེའི་དབྱིངས། །དོན་དམ་ཆ་མེད་ཀུན་འགྲོ་ཡིན་ཕྱིར་དང༌། །པྲ་ཕབ་བརྒྱད་དང་མཚུངས་པའི་སྔགས་ཀྱི་དབྱིངས། །དོན་དམ་རྣམ་བཅུ་དབང་ལྡན་ཡིན་ཕྱིར་དང༌། །པྲ་ཕབ་བརྒྱད་དང་མཚུངས་པའི་བདེ་བའི་དབྱིངས། །དོན་དམ་ལུས་མེད་རྡོ་རྗེ་ཡིན་ཕྱིར་དང༌། །པྲ་ཕབ་བརྒྱད་དང་མཚུངས་པའི་དབུ་མ་ཆེ། །དོན་དམ་རྡོ་རྗེ་སྙིང་པོ་ཡིན་ཕྱིར་དང༌། །པྲ་ཕབ་བརྒྱད་དང་མཚུངས་པའི་རྡོ་རྗེ་འཆང༌། །དོན་དམ་རྡོ་རྗེ་སེམས་དཔའ་ལ་སོགས་དང༌། །དོན་དམ་རྒྱལ་བའི་ཡུམ་གྱུར་ཤེར་ཕྱིན་སོགས། །ཟབ་མོ་མཐར་ཐུག་ཐམས་ཅད་ཡིན་ཕྱིར་རོ། །དེ་ཕྱིར་རྒྱལ་ཡུམ་རྒྱས་འབྲིང་བསྡུས་ལ་སོགས། །ཆོས་འཁོར་གཉིས་པའི་སྟོང་ཉིད་ཟབ་མོ་དང༌། །སྙིང་པོའི་མདོ་ལྔ་མདོ་བཅུ་ལ་སོགས་པ། །ཆོས་འཁོར་གསུམ་པའི་སྟོང་ཉིད་ཟབ་མོ་དང༌། །རྒྱུད་སྡེ་རྣམ་བཞིའི་སྟོང་ཉིད་ཟབ་མོ་སྟེ། །མདོ་རྒྱུད་ཟབ་མོའི་སྟོང་ཉིད་ཟབ་མོ་ཀུན། །ཀུན་རྫོབ་མ་ཡིན་དོན་དམ་བདེན་པ་ཡིན། །འདུས་བྱས་མ་ཡིན་འདུས་མ་བྱས་དབྱིངས་ཡིན། །མི་བརྟན་མ་ཡིན་རྟག་བརྟན་ཐེར་ཟུག་ཡིན། །བརྫུན་པ་མ་ཡིན་བདེན་པ་ཡང་དག་ཡིན། །སླུ་བ་མ་ཡིན་བསླུ་མེད་སྐྱབས་མཆོག་ཡིན། །འགྱུར་བ་མ་ཡིན་འགྱུར་མེད་ཡོངས་གྲུབ་ཡིན། །ཚད་མ་འདི་མིན་དོན་དམ་ཚད་མ་ཡིན། །རིག་པ་འདི་མིན་ཆོས་ཉིད་རིག་པ་ཡིན། །སེམས་ཙམ་འདི་མིན་སེམས་ཙམ་གཞན་མཆོག་ཡིན། །རང་རིག་འདི་མིན་རང་རིག་གཞན་མཆོག་ཡིན། །རང་གསལ་འདི་མིན་རང་གསལ་གཞན་མཆོག་ཡིན། །རྣམ་རིག་འདི་མིན་རྣམ་རིག་གཞན་མཆོག་ཡིན། །རྣམ་ཤེས་མ་ཡིན་རང་བྱུང་ཡེ་ཤེས་ཡིན། །ཀུན་བཏགས་མ་ཡིན་ཡོངས་གྲུབ་ཡེ་ཤེས་ཡིན། །དངོས་སྨྲ་མ་ཡིན་དབུ་མ་ཆེན་པོ་ཡིན། །བེམ་པོ་མ་ཡིན་ཀུན་ཤེས་ཀུན་རིག་ཡིན། །རྣམ་རྟོག་མ་ཡིན་མི་རྟོག་ཡེ་ཤེས་ཡིན། །རྟོག་གེ་མ་ཡིན་རྣལ་འབྱོར་སྤྱོད་ཡུལ་ཡིན། །ཕུང་པོ་འདི་མིན་ཕུང་པོ་གཞན་མཆོག་ཡིན། །ཁམས་ཀྱང་འདི་མིན་ཁམས་གཞན་ཕ་རོལ་མཆོག །སྐྱེ་མཆེད་འདི་མིན་སྐྱེ་མཆེད་གཞན་མཆོག་ཡིན། །ལས་དབང་འདི་མིན་ལས་དབང་གཞན་མཆོག་ཡིན། །འདི་ཡི་བྱ་བ་རྣམས་ཀྱང་དེ་བཞིན་ནོ། །ཁམས་གསུམ་འདི་མིན་ཁམས་གསུམ་གཞན་མཆོག་ཡིན། །སྲིད་གསུམ་འདི་མིན་སྲིད་གསུམ་གཞན་མཆོག་ཡིན། །དུས་གསུམ་འདི་མིན་དུས་གསུམ་གཞན་མཆོག་ཡིན། །ཐེག་གསུམ་འདི་མིན་ཐེག་གསུམ་གཞན་མཆོག་ཡིན། །བརྟན་གཡོ་འདི་མིན་བརྟན་གཡོ་གཞན་མཆོག་ཡིན། །རྒྱུ་འབྲས་འདི་མིན་རྒྱུ་འབྲས་གཞན་མཆོག་ཡིན། །སྐྱེ་འགག་འདི་མིན་སྐྱེ་འགག་གཞན་མཆོག་ཡིན། །སྣང་སྟོང་འདི་མིན་སྣང་སྟོང་གཞན་མཆོག་ཡིན། །གཙོ་འཁོར་འདི་མིན་གཙོ་འཁོར་གཞན་མཆོག་ཡིན། །ཡབ་ཡུམ་འདི་མིན་ཡབ་ཡུམ་གཞན་མཆོག་ཡིན། །ཕོ་མོ་འདི་མིན་ཕོ་མོ་གཞན་མཆོག་ཡིན། །མ་ནིང་འདི་མིན་མ་ནིང་གཞན་མཆོག་ཡིན། །རྟེན་འབྲེལ་འདི་མིན་རྟེན་འབྲེལ་གཞན་མཆོག་ཡིན། །ཕར་ཕྱིན་འདི་མིན་ཕར་ཕྱིན་གཞན་མཆོག་ཡིན། །སྟོང་ཉིད་འདི་མིན་སྟོང་ཉིད་གཞན་མཆོག་ཡིན། །བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་ཐམས་ཅད་ཀྱང༌། །ལམ་བདེན་འདི་མིན་དོན་དམ་འགོག་བདེན་ཡིན། །འཕགས་པའི་བདེན་པ་བསམ་གཏན་ཚད་མེད་དང༌། །གཟུགས་མེད་སྙོམས་འཇུག་རྣམ་ཐར་སྙོམས་འཇུག་དགུ། །རྣམ་ཐར་སྒོ་གསུམ་ཏིང་འཛིན་གཟུངས་ཀྱི་སྒོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་མི་འཇིགས་བཞི། །སོ་སོར་རིག་བཞི་བྱམས་ཆེན་སྙིང་རྗེ་ཆེ། །མ་འདྲེས་བཅོ་བརྒྱད་མཁྱེན་གསུམ་འཕགས་རྣམས་ཀྱང༌། །ཀུན་རྫོབ་འདུས་བྱས་ལམ་བདེན་འདི་མིན་གྱི། །འདི་ལས་གཞན་མཆོག་ཕ་རོལ་འགོག་བདེན་ཏེ། །རྒྱུ་རྐྱེན་མེད་ཅིང་འཕོ་འགྱུར་མེད་པ་དང༌། །ཆ་མེད་ཀུན་འགྲོ་ཀུན་ལ་ཁྱབ་པ་སོགས། །ནམ་མཁའ་འདུས་མ་བྱས་ཀྱི་དཔེ་ཡིས་གསུངས། །རང་གིས་མི་སྟོང་གཞན་གྱིས་སྟོང་པ་ནི། །གྲོང་སྟོང་བུམ་པ་སྟོང་སོགས་དཔེ་ཡིས་གསུངས། །རྟོག་ལ་མི་སྣང་མི་རྟོག་ཡེ་ཤེས་ལ། །མངོན་སུམ་སྣང་བ་པྲ་ཕབ་དཔེ་ཡིས་གསུངས། །རང་བཞིན་བདེ་ཆེན་སོ་སོར་རང་རིག་ནི། །ཀུན་ཏུ་རུ་སྐྱེས་བདེ་བའི་དཔེ་ཡིས་གསུངས། །བདེན་གཉིས་རྒྱ་མཉམ་རྣམ་པ་མཚུངས་པ་དང༌། །རྣམ་པ་མང་ཞིང་ཡོན་ཏན་མང་པོ་དང༌། །དྲི་མའི་སྦུབས་སུ་ཆུད་པར་དཀའ་བ་སོགས། །དར་ཡུག་ཆེན་པོའི་དཔེ་ཡིས་གསལ་བར་གསུངས། །ཀུན་ཏུ་ཁྱབ་ཅིང་མདུན་ན་རྟག་གནས་ཀྱང༌། །རྣམ་ཤེས་ཀུན་གྱིས་མཐོང་བ་མེད་པའི་དཔེ། །ལིང་ཏོག་ལ་སོགས་མིག་གི་སྐྱོན་རྣམས་དང༌། །ཁྲོན་པ་རྐོ་བ་ལ་སོགས་མང་པོས་གསུངས། །གཟུགས་མེད་གཟུགས་བཟང་ལུས་མེད་ལུས་མཆོག་སོགས། །འགལ་འདུས་སྐྱོན་མེད་མང་པོ་སྟོན་པའི་དཔེ། །འཇིག་རྟེན་འདི་ན་ཡོད་མིན་དེ་ཡི་ཕྱིར། །འཇིག་རྟེན་དཔེ་ལས་འདས་སོ་ཞེས་པ་དང༌། །དཔེར་བྱ་ཀུན་ལས་འདས་ཞེས་ལེགས་པར་གསུངས། །ཀུན་ལ་ཡོད་ཀྱང་སེམས་ཅན་ཉོན་མོངས་ཀྱིས། །བསྒྲིབས་པའི་དཔེ་ནི་བུམ་ནང་མར་མེ་དང༌། །དབུལ་པོའི་གཏེར་ཆེན་ལ་སོགས་མང་པོས་གསུངས། །དྲི་མ་སངས་ན་མངོན་དུ་གྱུར་པའི་དཔེ། །ཆུ་ཁམས་གསེར་དང་ནམ་མཁའ་ལ་སོགས་གསུངས། །དྲི་མ་ཟད་ཀྱང་སྙིང་པོ་མི་ཟད་པའི། །དཔེ་ཡང་ནམ་མཁའ་ལ་སོགས་མང་པོས་གསུངས། །མཐར་ཐུག་གཞི་འབྲས་ངོ་བོ་དབྱེར་མེད་ཅིང༌། །རང་བཞིན་རྣམ་དག་ཉིད་དུ་ཁྱད་མེད་ཀྱང༌། །དྲི་བཅས་གཞི་དང་དྲི་བྲལ་འབྲས་བུ་ཞེས། །སྤྲིན་ཡོད་སྤྲིན་མེད་ནམ་མཁའི་དཔེ་ཡིས་གསུངས། །ངེས་དོན་མཐར་ཐུག་ཟབ་མོའི་གནས་གྱུར་ཀྱང༌། །ངོ་བོ་མི་འགྱུར་དྲི་བཅས་དྲི་མེད་དུ། །གྱུར་པ་དྲི་བྲལ་འབྲས་བུ་ཐོབ་པ་སྟེ། །ནམ་མཁའི་སྤྲིན་སངས་གྱུར་པ་དཔེ་ཡིས་གསུངས། །ཇི་བཞིན་རྫོགས་པར་སྟོན་པའི་དཔེ་མེད་ཀྱང༌། །ཕྱོགས་ཙམ་སྟོན་པའི་དཔེ་ནི་མང་པོ་དང༌། །རྒྱུ་མཚན་ཡང་དག་ཤིན་ཏུ་མང་པོ་ཡིས། །གཤིས་ལུགས་འཁྲུལ་ལུགས་འཁྲུལ་སྤོང་འཁྲུལ་སངས་དང༌། །སྦྱང་གཞི་སྦྱང་བྱ་སྦྱོང་བྱེད་སྦྱངས་འབྲས་ཀྱིས། །གཞི་ལམ་འབྲས་བུ་འཁོར་བཅས་བསྡུས་པ་དང༌། །ལྟ་སྒོམ་སྤྱོད་པ་རྣམ་དག་བསྡུས་པའི་དོན། །རྫོགས་ལྡན་ཆོས་ལས་གསལ་བར་གསུངས་མོད་ཀྱང༌། །གསུམ་ལྡན་མར་བཅད་དེ་འདྲའི་རྣམ་གཞག་ཉམས། །གཤིས་ལུགས་ཇི་བཞིན་རྟོགས་པའི་ལྟ་བ་དང༌། །གནས་ལུགས་ཇི་བཞིན་མཐོང་བའི་སྒོམ་པ་ནི། །ཕལ་ཆེར་ཉམས་ཀྱང་བསོད་ནམས་ཆེར་བསགས་པའི། །སྐྱེས་མཆོག་རྣམས་ལ་ཉམས་མྱོང་བཟང་པོ་དང༌། །སྤྱོད་པ་བཟང་པོ་མངའ་བའང་མང་དུ་བྱོན། །དེ་རྣམས་ལ་ནི་བདག་ཀྱང་ཐལ་མོ་སྦྱོར། །སྦྱིན་དང་ཚུལ་ཁྲིམས་བཟོད་དང་བརྩོན་འགྲུས་དང༌། །བསམ་གཏན་ཤེས་རབ་ཐབས་སྟོབས་སྨོན་ལམ་སོགས། །དགེ་བ་སྒྲུབ་པ་ཇི་སྙེད་མཆིས་རྣམས་ལ། །བདག་ཀྱང་དགའ་བས་རྗེས་སུ་ཡི་རང་ཞིང༌། །དད་དང་གུས་པའི་གཙུག་གིས་ཕྱག་འཚལ་འདུད། །དཀོན་མཆོག་གསུམ་ལ་དད་ཅིང་གུས་པ་དང༌། །རྟེན་གསུམ་ལ་ཡང་དད་ཅིང་གུས་པ་ཡིས། །ཞབས་ཏོག་བཀུར་སྟི་ཕུ་དུད་མཛད་རྣམས་ལ། །རང་གཞན་སྦྱོར་བར་མཛད་པ་རྣམས་ལའང་དད། །སེམས་ཅན་ཐམས་ཅད་དྲིན་ཅན་ཕ་མ་དང༌། །སངས་རྒྱས་སྙིང་པོ་ཅན་དུ་ངེས་རྟོགས་ནས། །བྱམས་དང་སྙིང་རྗེས་བདག་གཞན་བརྗེ་བ་དང༌། །ཀུན་ལ་སྟོན་པ་བཞིན་དུ་གུས་རྣམས་ལ། །བསམ་པ་ཐག་པས་བདག་ནི་ཕྱག་འཚལ་ལོ། །སྣང་གྲགས་འདི་ཀུན་གཤིས་ཀྱི་གནས་ལུགས་ལ། །རི་བོང་རྭ་བཞིན་གཏན་ནས་མ་གྲུབ་ཀྱང༌། །ཐ་སྙད་འཁྲུལ་ངོར་རྨི་ལམ་སྒྱུ་མ་བཞིན། །སྣང་སྟོང་ཟུང་འཇུག་དབྱེར་མེད་རྟོགས་པ་དང༌། །རྒྱུ་འབྲས་སླུ་བ་མེད་པར་རྟོགས་པ་ཡིས། །ལས་ངན་སྤོང་ཞིང་ལས་བཟང་ལེགས་བསྒྲུབས་ནས། །འགྲོ་ཀུན་བསྒྲལ་ཕྱིར་སྨོན་ལམ་མཆོག་སྒྲུབ་པ། །དེ་རྣམས་ཀུན་གྱི་ཞབས་རྡུལ་སྤྱི་བོས་ལེན། །ཀུན་རྫོབ་ཆོས་ཀུན་རང་རང་ངོ་བོ་ཡིས། །སྟོང་པར་རྟོགས་ནས་མེད་བཞིན་སྣང་བ་ཡི། །བརྟན་གཡོ་འདི་ཀུན་འཁྲུལ་སྣང་འབའ་ཞིག་ཏུ། །ལེགས་པར་རྟོགས་ནས་ཞེན་ཆགས་མི་མཛད་པའི། །སྐྱེས་མཆོག་རྣམས་ལ་གུས་པས་ཕྱག་འཚལ་ལོ། །བདག་འཛིན་ལས་བྱུང་ཉོན་མོངས་རྣམ་རྟོག་ཀུན། །དགྲ་བཞིན་རྟོགས་ནས་རབ་ཏུ་འདུལ་མཛད་ཅིང༌། །ཞི་ཞིང་དུལ་བར་གནས་པ་རྣམས་ལའང་དད། །འདོད་ཆགས་གཉེན་པོར་མི་སྡུག་པ་དང་ནི། །ཞེ་སྡང་གཉེན་པོར་བྱམས་པ་སྒོམ་པ་དང༌། །གཏི་མུག་གཉེན་པོར་རྟེན་ཅིང་འབྲེལ་འབྱུང་དང༌། །ང་རྒྱལ་གཉེན་པོར་ཁམས་ཀྱི་རབ་དབྱེ་དང༌། །རྣམ་རྟོག་གཉེན་པོར་དབུགས་ཀྱི་འབྱུང་འཇུག་སོགས། །སྤང་བྱ་སོ་སོའི་གཉེན་པོར་རབ་བསྒོམས་ནས། །ཉོན་མོངས་རྣམ་རྟོག་དགྲ་ལས་རྣམ་རྒྱལ་བའི། །སྐྱེས་མཆོག་རྣམས་ལ་གུས་པས་ཕྱག་འཚལ་ལོ། །རྣམ་ཤེས་བཞོན་པ་ལས་རླུང་འགྱུ་བ་རྣམས། །དབུ་མར་ཡེ་ཤེས་རླུང་དུ་བསྒྱུར་མཛད་པ། །རྣམ་པར་མི་རྟོག་གཉིས་མེད་ཡེ་ཤེས་ཀྱི། །རྣལ་འབྱོར་སྤྱོད་པ་རྣམས་ལ་བདག་ཕྱག་འཚལ། །ཕྱི་ནང་ཀུན་རྫོབ་གློ་བུར་དྲི་མ་ཡིས། །སྣང་བ་འཁྲུལ་སྣང་ཁོ་ནར་ལེགས་རྟོགས་ནས། །འདི་ལས་གཞན་མཆོག་ཕ་རོལ་དོན་དམ་གྱིས། །སྣང་བ་མངོན་དུ་གྱུར་ལ་བདག་དད་ལགས། །ཕ་ཡུལ་ཉེ་འབྲེལ་ནོར་རྫས་ལ་སོགས་པ། །ཆགས་སྡང་སྐྱེ་བའི་དངོས་ཀུན་རབ་སྤངས་ནས། །ཕྱོགས་མེད་རིས་མེད་ཞེན་ཆགས་མེད་པའི་གནས། །ཆོས་སྤྱོད་གང་འཕེལ་བསྟན་པ་རྣམས་ལའང་དད། །ནོར་གྱི་སོ་ཚིས་འདུ་འགོད་རབ་སྤངས་ནས། །སྒོ་གསུམ་དགེ་བའི་ཕྱོགས་སུ་རབ་བཀོལ་ཏེ། །འཁོར་གསུམ་དག་པས་སྨོན་ལམ་མཆོག་བསྒྲུབས་ནས། །དགེ་བའི་ནོར་མང་སྤེལ་བ་རྣམས་ལའང་དད། །འབད་རྩོལ་མེད་པར་ངང་གིས་བྱུང་བ་ཡི། །ལོངས་སྤྱོད་གཡོ་བ་སྙིང་པོ་མེད་རྣམས་ཀྱང༌། །ཡར་གྱི་ཞིང་དང་མར་གྱི་ཞིང་དག་ལ། །ལེགས་པར་བཏང་ནས་སྙིང་པོ་ལེན་ལའང་དད། །རྫོགས་ལྡན་ཆོས་མཆོག་ཁྱད་པར་འཕགས་རྣམས་ལ། །ཡི་གེར་འབྲི་སོགས་ཆོས་སྤྱོད་རྣམ་པ་བཅུ། །ལེགས་པར་སྒྲུབ་ཅིང་བསྒྲུབ་ཏུ་འཇུག་པ་དང༌། །གཞན་དག་བསྐུལ་བར་མཛད་པར་རྣམས་ལའང་དད། །མཁན་སློབ་བླ་མ་དགེ་བའི་བཤེས་རྣམས་དང༌། །གྲོགས་མཆེད་ལ་སོགས་ཆོས་མཛད་ཐམས་ཅད་ཀྱིས། །སྐྱོན་ལ་མི་རྟོག་སྐྱོན་ནས་མི་བརྗོད་ཅིང༌། །ཕྲག་དོག་མེད་པར་དད་གུས་མཛད་ལའང་དད། །ཆོས་མེད་སྡིག་ཅན་ལམ་ལོག་ཞུགས་རྣམས་ལ། །ཕན་སེམས་ཆེན་པོས་ལེགས་པའི་གྲོས་འདེབས་ཤིང༌། །ལམ་བཟང་ཞུགས་ནས་དགེ་བ་སྒྲུབ་རྣམས་ལ། །དགའ་བས་རྗེས་སུ་ཡི་རང་མཛད་ལའང་དད། །མཉམ་བཞག་ཟབ་མོ་ལ་ཟློའི་སྐབས་སུ་ནི། །ཆོས་ཀྱང་སྤང་ན་ཆོས་མིན་ལྟ་ཅི་སྨོས། །རྗེས་ཐོབ་ཤན་འབྱེད་སྐབས་སུ་ཡོད་མེད་སོགས། །ལེགས་པར་ཕྱེ་ནས་སྟོན་མཛད་རྣམས་ལའང་དད། །ཞུ་བདེ་འགྱུར་བཅས་གང་ཡིན་སྤང་བྱ་དང༌། །ཞུ་བདེ་འགྱུར་མེད་གང་ཡིན་བསྟེན་བྱ་དང༌། །རང་བཞིན་འགྱུར་མེད་གང་ཡིན་ཐོབ་བྱར་ནི། །ལེགས་རྟོགས་ལེགས་སྒྲུབ་ལེགས་སྟོན་རྣམས་ལའང་དད། །མདོར་ན་རྫོགས་ལྡན་ཆོས་དང་མཐུན་པ་ཡི། །གཞི་ལམ་འབྲས་བུ་ལྟ་སྒོམ་སྤྱོད་པ་རྣམས། །ལེགས་རྟོགས་ལེགས་སྒྲུབ་ལེགས་པར་སྟོན་མཛད་པ། །དེ་དག་ཀུན་ལ་གུས་པས་ཕྱག་འཚལ་ལོ། །གསུམ་ལྡན་མར་བཅད་སྐྱོན་ཅན་ལ་བརྟེན་ནས། །ཐམས་ཅད་རང་སྟོང་ཉིད་དུ་བཞེད་པ་དང༌། །རང་སྟོང་དོན་དམ་ཡིན་པར་བཞེད་པ་དང༌། །དོན་དམ་རང་སྟོང་ཡིན་པར་བཞེད་པ་དང༌། །རྣམ་རྟོག་ཆོས་སྐུ་ཡིན་པར་བཞེད་པ་དང༌། །དུག་ལྔ་ཡེ་ཤེས་ཡིན་པར་བཞེད་པ་དང༌། །རྣམ་ཤེས་སངས་རྒྱས་ཡིན་པར་བཞེད་པ་དང༌། །ལས་སྣང་སངས་རྒྱས་ཡིན་པར་བཞེད་པ་དང༌། །སངས་རྒྱས་མིང་སྟོང་ཙམ་དུ་བཞེད་པ་དང༌། །སངས་རྒྱས་གཏན་ནས་མེད་པར་བཞེད་པ་དང༌། །དོན་དམ་སངས་རྒྱས་མེད་པར་བཞེད་པ་དང༌། །བདེན་གཉིས་ངོ་བོ་གཅིག་ཏུ་བཞེད་པ་དང༌། །འཁོར་འདས་ངོ་བོ་གཅིག་ཏུ་བཞེད་པ་དང༌། །སྤང་གཉེན་ངོ་བོ་གཅིག་ཏུ་བཞེད་པ་དང༌། །སྦྱང་བྱ་སྦྱང་གཞི་གཅིག་ཏུ་བཞེད་པ་དང༌། །ཀུན་འབྱུང་ལས་བྱུང་སྡུག་བསྔལ་འཁོར་བ་འདི། །རྟོགས་ན་སངས་རྒྱས་མ་རྟོགས་འཁོར་བ་ཞེས། །བཞེད་པ་རྣམས་ལ་བདག་ནི་མ་ཕོད་པས། །བྱ་གཏོང་བཞིན་དུ་ལེགས་པའི་སྐད་འདིར་གཏོང༌། །དེ་བཞིན་གཤེགས་པ་བྱོན་རུང་མ་བྱོན་རུང༌། །ཡོངས་གྲུབ་དགུ་ནི་རྟག་ཏུ་དེ་བཞིན་དུ། །འགྱུར་བ་མེད་པ་ཉིད་དུ་གནས་སོ་ཞེས། །རྫོགས་ལྡན་ཆོས་ལས་གསུངས་པ་དགོངས་སུ་གསོལ། །ཉོན་མོངས་རྣམ་རྟོག་རྣམ་ཤེས་ཚོགས་འདི་ཡང༌། །རྟོགས་ན་ཆོས་སྐུ་མ་རྟོགས་དྲི་མ་ཞེས། །བཞེད་པ་རྣམས་ལ་བདག་ནི་མ་ཕོད་པས། །རྫོགས་ལྡན་ཆོས་དང་མཐུན་པར་མཛོད་ཅིག་ཅེས། །ཐལ་མོ་སྦྱར་ནས་སྐད་གཏོང་གྲོས་འདེབས་སོ། །རྟོགས་ན་གསེར་ཡིན་མ་རྟོགས་ར་གན་ཡིན། །རྟོགས་ན་རྟ་ཡིན་མ་རྟོགས་བ་ལང་ཡིན། །རྟོགས་ན་སྣང་བ་མ་རྟོགས་མུན་པ་ཡིན། །རྟོགས་ན་སྨན་ཡིན་མ་རྟོགས་དུག་ཡིན་ཞེས། །འདོད་པ་རྣམས་དང་ཁྱད་པར་ཅི་མཆིས་གཟིགས། །དེ་ལྟར་གསུངས་པའི་ལུང་རིགས་མན་ངག་ཀྱང༌། །རྣམ་དག་མཆིས་ན་བདག་ལའང་བསྟན་དུ་གསོལ། །ཐམས་ཅད་གཞི་མེད་རྩ་བྲལ་ཡིན་ནོ་ཞེས། །བཞེད་པ་རྣམས་ལའང་བདག་ནི་མ་ཕོད་པས། །ཐལ་མོ་སྦྱར་ནས་སྐད་གཏོང་གྲོས་འདེབས་ཏེ། །ཀུན་གཞི་ཡེ་ཤེས་དེ་བཞིན་ཉིད་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གཞི་དང་གནས་དང་རྟེན། །ཆ་མེད་ཀུན་འགྲོ་ཀུན་ཁྱབ་ཡིན་པར་ནི། །རྫོགས་ལྡན་ཆོས་ལས་གསུངས་པའང་དགོངས་སུ་གསོལ། །ཤེས་བྱ་ཐམས་ཅད་དངོས་པོ་དངོས་མེད་དུ། །ཁ་ཚོན་ཆོད་པར་བཞེད་པ་ཐམས་ཅད་དང༌། །བེམ་རིག་གང་ཡིན་དངོས་པོར་བཞེད་རྣམས་ལའང༌། །བདག་ནི་ཐལ་མོ་སྦྱར་ནས་སྐད་གཏོང་སྟེ། །གཤིས་ལུགས་མཐར་ཐུག་ཕུང་པོ་གསུམ་པ་དང༌། །དབུས་མ་བར་མ་མ་ནིང་མཆོག་ཏུ་གསུངས། །འདུས་མ་བྱས་ཀྱི་བདེ་བ་ཤེས་པ་དང༌། །ཡེ་ཤེས་རིག་པ་ཕུང་པོ་ཁམས་ལ་སོགས། །གཟུགས་ནས་མ་འདྲེས་ཆོས་ཀྱི་བར་དང་ནི། །རྟག་བརྟན་ཐེར་ཟུག་གཡུང་དྲུང་མི་འགྱུར་བའི། །གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་ཀུན་དང༌། །ཆོས་ཉིད་འགྱུར་བ་མེད་པའི་ཡོངས་གྲུབ་ཀྱི། །གཟུགས་ནས་སངས་རྒྱས་ཆོས་ཀྱི་བར་རྣམས་ཀྱང༌། །ཤེས་བྱའི་མཐར་ཐུག་དོན་དམ་བདེན་པ་ཡིན། །འདུས་མ་བྱས་ཡིན་འདུས་བྱས་དངོས་པོ་མིན། །དེ་ལྟར་གསུངས་པའི་གཞུང་མཆོག་གཟིགས་སུ་གསོལ། །ཀུན་རྫོབ་འདི་ལས་གཞན་མཆོག་ཕ་རོལ་གྱི། །རོ་དང་ཁམས་ཀྱི་རྣམ་འགྱུར་སོ་དྲུག་དང༌། །ཕུང་པོའི་རྣམ་འགྱུར་སུམ་ཅུ་རྩ་དྲུག་དང༌། །ཕུང་པོ་ཁམས་སོགས་སུམ་ཅུ་དྲུག་ལ་སོགས། །ཤེས་བྱའི་མཐར་ཐུག་དེ་བཞིན་ཉིད་ཡིན་ཡང༌། །དངོས་པོ་དངོས་མེད་གང་ཡང་མ་ཡིན་པར། །གསུངས་པའི་གཞུང་མཆོག་རྣམས་ཀྱང་གཟིགས་སུ་གསོལ། །བདེན་པ་ཡང་དག་མེད་པར་བཞེད་རྣམས་ལའང༌། །བདག་ནི་མ་ཕོད་སྐད་གཏོང་གྲོས་འདེབས་ཏེ། །མྱང་འདས་ཆེན་པོ་བདེན་པར་གསུངས་པ་དང༌། །འགོག་བདེན་བདེན་པའི་མཆོག་ཏུ་གསུངས་པ་དང༌། །དེ་བཞིན་ཉིད་བདེན་གཞན་ནི་བརྫུན་པ་དང༌། །བདེན་དོན་བཅུ་གཉིས་ལ་སོགས་གཤིས་ལུགས་ཀྱི། །བདེན་པ་མཐར་ཐུག་རྫོགས་ལྡན་ཆོས་ལས་གསུངས། །དེ་དག་རྣམས་ཀྱང་ལེགས་པར་གཟིགས་སུ་གསོལ། །རྟག་པར་རྟོགས་ཚད་རྟག་ལྟའི་སྐྱོན་ཅན་དང༌། །ཆད་པར་རྟོགས་ཚད་ཆད་ལྟའི་སྐྱོན་ཅན་དང༌། །ཡོད་པར་རྟོགས་ཚད་ཡོད་ལྟའི་སྐྱོན་ཅན་དང༌། །མེད་པར་རྟོགས་ཚད་མེད་ལྟའི་སྐྱོན་ཅན་དུ། །བཞེད་པ་རྣམས་ལའང་བདག་ནི་མ་ཕོད་པས། །ཐལ་མོ་སྦྱར་ནས་བྱ་གཏོང་གྲོས་འདེབས་ཏེ། །རྟག་པར་རྟོགས་ལ་སྐྱོན་དང་ཡོན་ཏན་གཉིས། །མི་རྟག་རྟོགས་ལའང་སྐྱོན་དང་ཡོན་ཏན་གཉིས། །གཙང་བར་རྟོགས་ལའང་སྐྱོན་དང་ཡོན་ཏན་གཉིས། །མི་གཙང་རྟོགས་ལའང་སྐྱོན་དང་ཡོན་ཏན་གཉིས། །བདེ་བར་རྟོགས་ལའང་སྐྱོན་དང་ཡོན་ཏན་གཉིས། །སྡུག་བསྔལ་རྟོགས་ལའང་སྐྱོན་དང་ཡོན་ཏན་གཉིས། །བདག་ཡོད་རྟོགས་ལའང་སྐྱོན་དང་ཡོན་ཏན་གཉིས། །བདག་མེད་རྟོགས་ལའང་སྐྱོན་དང་ཡོན་ཏན་གཉིས། །ཡོད་པར་རྟོགས་ལའང་སྐྱོན་དང་ཡོན་ཏན་གཉིས། །མེད་པར་རྟོགས་ལའང་སྐྱོན་དང་ཡོན་ཏན་གཉིས། །ཆད་པར་རྟོགས་ལའང་སྐྱོན་དང་ཡོན་ཏན་གཉིས། །རྫོགས་ལྡན་ཆོས་ལས་གསུངས་པས་གཟིགས་སུ་གསོལ། །གཤིས་ལ་སངས་རྒྱས་མེད་པར་བཞེད་པ་དང༌། །འདུས་མ་བྱས་ཀྱི་སངས་རྒྱས་མི་བཞེད་ཅིང༌། །རྟག་བརྟན་ཐེར་ཟུག་སངས་རྒྱས་མི་བཞེད་པ། །དེ་རྣམས་ལ་ཡང་བདག་ནི་མ་ཕོད་པས། །ཐལ་མོ་སྦྱར་ནས་གྲོས་འདེབས་ཞུ་བ་འབུལ། །དོན་དམ་བདེན་པ་དབྱིངས་རིག་དབྱེར་མེད་ནི། །དང་པོའི་སངས་རྒྱས་གཞི་ཡི་སངས་རྒྱས་ཏེ། །རྟག་བརྟན་ཐེར་ཟུག་གཡུང་དྲུང་མཁའ་ཁྱབ་ཀྱི། །དེ་བཞིན་ཉིད་ལ་སངས་རྒྱས་བྱང་ཆུབ་ཅེས། །རྫོགས་ལྡན་ལས་གསུངས་དེ་ཡང་གཟིགས་སུ་གསོལ། །གཤིས་ལ་ཡེ་ཤེས་མེད་པར་འདོད་པ་དང༌། །རང་བྱུང་ཡེ་ཤེས་རྟག་པར་མི་བཞེད་པ། །དེ་རྣམས་ལ་ཡང་བདག་ནི་ཞུ་བ་འབུལ། །སྐད་ཅིག་གཅིག་དང་དུ་མ་བྲལ་བ་ཡི། །ཡེ་ཤེས་ལ་ནི་རྒྱལ་བ་མཆོག་རྣམས་ཀྱིས། །དེ་ཁོ་ན་ཉིད་ཅེས་ནི་རྫོགས་ལྡན་གྱི། །ཆོས་ལས་གསུངས་པས་དེ་ཡང་གཟིགས་སུ་གསོལ། །བདེ་གཤེགས་སྙིང་པོ་དྲང་དོན་ཡིན་ནོ་ཞེས། །བཞེད་པ་རྣམས་ལའང་བདག་ནི་མ་ཕོད་པས། །ཐལ་མོ་སྦྱར་ནས་སྐད་གཏོང་ཞུ་བ་འབུལ། །བདེ་གཤེགས་སྙིང་པོ་དེ་བཞིན་ཉིད་ཡིན་ཞིང༌། །དེ་བཞིན་ཉིད་ཀྱང་བདེ་གཤེགས་སྙིང་ཡིན་པས། །བདེ་གཤེགས་སྙིང་པོ་དྲང་དོན་ཡིན་ན་ནི། །དེ་བཞིན་ཉིད་ཀྱང་དྲང་དོན་ཡིན་པར་འགྱུར། །དོན་དམ་ཆོས་སྐུའང་དྲང་དོན་ཡིན་པར་འགྱུར། །ངོ་བོ་ཉིད་སྐུའང་དྲང་དོན་ཡིན་པར་འགྱུར། །རང་བཞིན་རིགས་ཀྱང་དྲང་དོན་ཡིན་པར་འགྱུར། །ཤེར་ཕྱིན་ཟབ་མོའང་དྲང་དོན་ཡིན་པར་འགྱུར། །དབུ་མ་ཆེན་པོའང་དྲང་དོན་ཡིན་པར་འགྱུར། །མྱང་འདས་ཆེན་པོའང་དྲང་དོན་ཡིན་པར་འགྱུར། །ཕྱག་རྒྱ་ཆེན་པོའང་དྲང་དོན་ཡིན་པར་འགྱུར། །འོད་གསལ་ཆེན་པོའང་དྲང་དོན་ཡིན་པར་འགྱུར། །བདེ་དགྱེས་དུས་འཁོར་གསང་འདུས་ལ་སོགས་པ། །གཤིས་ལུགས་ཟབ་མོའི་ལྷ་སྔགས་དཀྱིལ་འཁོར་དང༌། །རྒྱུད་དང་ཕྱག་རྒྱ་མཐར་ཐུག་ཐམས་ཅད་ཀྱང༌། །དྲང་དོན་ཡིན་པར་ཧ་ཅང་ཐལ་བས་གནོད། །བདེ་གཤེགས་སྙིང་པོ་དྲང་དོན་ཡིན་པར་ནི། །སྟོན་པའི་ལུང་རིགས་མཆིས་ན་བསྟན་དུ་གསོལ། །ངེས་དོན་ཡིན་པར་སྟོན་པའི་ལུང་རིགས་དང༌། །མན་ངག་ཟབ་མོ་ཤིན་ཏུ་མང་བར་མཆིས། །གལ་ཏེ་ལ་ལའི་ལོག་རྟོག་འདི་སྙམ་དུ། །བདེ་གཤེགས་སྙིང་པོ་དྲང་དོན་མ་ཡིན་ཡང༌། །དེ་ཡི་ཡོན་ཏན་ཐམས་ཅད་དྲང་དོན་ཡིན། །དེ་ཕྱིར་ཡོན་ཏན་མང་པོ་ཚང་བ་ཡི། །བདེ་གཤེགས་སྙིང་པོ་དོན་ལ་མེད་ཅེ་ན། །རྒྱལ་བའི་ཡུམ་ལས་ཡོངས་གྲུབ་རྣམ་དགུ་པོ། །རེ་རེའི་ཡོན་ཏན་ལ་ཡང་ཚད་མེད་ཅེས། །ལེགས་པར་གསུངས་ཤིང་སྙིང་པོའི་མདོ་བཅུ་དང༌། །ངེས་དོན་མདོ་བཅུ་ལ་སོགས་རྫོགས་ལྡན་གྱི། །ཆོས་གཞན་ལས་ཀྱང་དོན་དམ་རྟག་པ་ཡི། །ཡོན་ཏན་བགྲང་ཡས་གསུངས་པས་གཟིགས་སུ་གསོལ། །གལ་ཏེ་སངས་རྒྱས་རྟག་པ་མི་སྲིད་པས། །རྟག་པར་གསུངས་པ་དྲང་དོན་ཡིན་ཞེ་ན། །འོ་ན་འདུས་མ་བྱས་སུ་གསུངས་པ་ཡང༌། །དྲང་དོན་ཡིན་ནམ་མིན་ཞེས་ཁྱེད་ལ་འདྲི། །འདུས་མ་བྱས་དང་རྟག་པ་ཁྱབ་མཉམ་གཅིག །མི་རྟག་པ་དང་འདུས་བྱས་ཁྱབ་མཉམ་གཅིག །དེས་ན་གཅིག་ཁེགས་གཉིས་ཀ་ཁེགས་འགྱུར་བས། །རྟག་པ་ཁེགས་ན་འདུས་མ་བྱས་ཁེགས་ཕྱིར། །དོན་དམ་ཆོས་ཀྱི་དབྱིངས་ཀྱང་ཁེགས་འགྱུར་བས། །ཨེ་མ་ཆོས་རྣམས་ཐམས་ཅད་ཁེགས་པར་འགྱུར། །ཁྱབ་བྱེད་ཁེགས་ན་ཁྱབ་བྱ་ཁེགས་ཕྱིར་དང༌། །རྟེན་ཁེགས་ན་ཡང་བརྟེན་པ་ཁེགས་ཕྱིར་དང༌། །དོན་དམ་རྟེན་དང་ཀུན་རྫོབ་བརྟེན་པ་དང༌། །ཆོས་ཉིད་རྟེན་དང་ཆོས་རྣམས་བརྟེན་པ་དང༌། །དོན་དམ་ཁྱབ་བྱེད་ཀུན་རྫོབ་ཁྱབ་བྱ་དང༌། །དབུས་མཐའ་ལ་སོགས་རྟེན་དང་བརྟེན་པ་དང༌། །ཁྱབ་བྱེད་ཁྱབ་བྱར་གནས་པ་ཤིན་ཏུ་མང༌། །དེ་རྣམས་ཀུན་ལ་ཞིབ་ཏུ་དགོངས་པར་ཞུ། །བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །ཅེས་སོགས་ཁྱབ་བྱེད་ཁྱབ་བྱ་མང་པོ་དང༌། །རྟེན་དང་བརྟེན་པ་མང་པོ་གསུངས་རྣམས་ལ། །ཁྱབ་བྱེད་ཁེགས་ན་ཁྱབ་བྱ་ཁེགས་པ་དང༌། །རྟེན་མེད་གྱུར་ན་བརྟེན་པ་མེད་པའང་དགོངས། །གལ་ཏེ་སངས་རྒྱས་རྟག་པ་མི་སྲིད་ན། །དེ་ཡི་ཤེས་བྱེད་ལུང་རིགས་བསྟན་དུ་གསོལ། །སྲིད་པ་ལ་ནི་ལུང་རིགས་དཔག་ཡས་མཆིས། །རང་ངོ་ཤེས་པས་སངས་རྒྱས་ཐོབ་པའི་ཕྱིར། །ཚོགས་གཉིས་གསོག་དང་སྒྲིབ་གཉིས་སྦྱོང་མི་དགོས། །རང་ངོ་ཤེས་པས་མ་སྤངས་གནས་དག་ཅེས། །བཞེད་པ་རྣམས་ལའང་བདག་ནི་མ་ཕོད་པས། །ཐལ་མོ་སྦྱར་ནས་གྲོས་འདེབས་ཞུ་བ་འབུལ། །རང་རིག་མེད་པའི་སེམས་ཅན་མི་སྲིད་ཅིང༌། །རང་རིག་ཡོན་ན་རང་ངོ་ཤེས་པ་ཡོད། །གལ་ཏེ་རང་གཞན་གང་ཡང་མི་རིག་ན། །རིག་པ་ཡིན་པར་འགལ་ཏེ་འབྱུང་ཆེན་བཞིན། །དེ་ཕྱིར་སེམས་ཅན་ཀུན་ལ་སེམས་ཡོད་ཅིང༌། །སེམས་ཡོད་ཀུན་ལ་རང་རིག་ཡོད་པའི་ཕྱིར། །རང་ངོ་ཤེས་པ་སྐྱེས་ཙམ་ཉིད་ནས་ཡོད། །ཚུལ་འདི་ལུང་རིགས་མཁྱེན་པ་རྣམས་ལ་གྲགས། །བླུན་པོ་ཐོས་ཆུང་མངོན་པའི་ང་རྒྱལ་ཅན། །ཆོས་ལ་དབང་ཟ་གཟུ་ལུམ་རང་བཟོ་མཁན། །ཤིན་ཏུ་མང་ཡང་ཚུལ་འདི་རྟོགས་པའམ། །ཐོས་དང་མཐོང་བ་ཙམ་ཡང་ཡོད་རེ་སྐན། །དེ་ཕྱིར་རང་ངོ་ཤེས་པས་ཆོག་པ་ཡི། །ལྟ་ལོག་དེ་འདྲ་བདུད་ཀྱི་གསང་ཚིག་ཡིན། །དེ་ལྟར་རྟོགས་དང་མ་རྟོགས་པ་ལས་ནི། །ཡང་དག་ལམ་དང་ལོག་པའི་ལམ་དུ་འཇུག །དེ་ཕྱིར་རང་ངོ་ཤེས་པས་གོལ་ཞེས་པའི། །སྡིག་ལྟ་བདུད་ལས་དེ་འདྲ་སྤོང་གྱུར་ཅིག །གལ་ཏེ་རང་ངོ་རང་གིས་ཤེས་པའི་དོན། །རང་སེམས་རྣམ་ཤེས་འདི་ནི་ཆོས་ཀྱི་སྐུ། །ཡིན་པར་རྟོགས་པ་ཉིད་ལ་བྱེད་ཅེ་ན། །རྣམ་ཤེས་འདི་ནི་ཆོས་སྐུའི་མི་མཐུན་ཕྱོགས། །ཡིན་ཕྱིར་ཆོས་སྐུ་གཏན་ནས་མ་ཡིན་ནོ། །གལ་ཏེ་ཡིན་ན་དུག་ཀྱང་བདུད་རྩིའམ། །མུན་ནག་སྟུག་པོའང་སྣང་བ་ཡིན་ནམ་ཅི། །ནག་ཕྱོགས་རྣམས་ཀྱང་དཀར་ཕྱོགས་ཡིན་ནམ་ཅི། །སྤང་བྱ་རྣམས་ཀྱང་གཉེན་པོ་ཡིན་ནམ་ཅི། །གཤེད་མ་རྣམས་ཀྱང་གཉེན་མཆོག་ཡིན་ནམ་ཅི། །བདུད་རིགས་རྣམས་ཀྱང་བླ་མ་ཡིན་ནམ་ཅི། །སྡིག་པ་ཐམས་ཅད་དགེ་བ་ཡིན་ནམ་ཅི། །ངན་འགྲོ་ཐམས་ཅད་བདེ་འགྲོ་ཡིན་ནམ་ཅི། །འདུས་བྱས་ཐམས་ཅད་རྟག་པ་ཡིན་ནམ་ཅི། །འཁོར་བ་ཐམས་ཅད་བདེ་བ་ཡིན་ནམ་ཅི། །རྣམ་ཤེས་ཐམས་ཅད་ཡེ་ཤེས་ཡིན་ནམ་ཅི། །འཛག་བཅས་ཐམས་ཅད་འཛག་མེད་ཡིན་ནམ་ཅི། །བཅོས་མ་ཐམས་ཅད་རང་བཞིན་ཡིན་ནམ་ཅི། །གློ་བུར་ཐམས་ཅད་གཉུག་མ་ཡིན་ནམ་ཅི། །དྲི་མ་ཐམས་ཅད་སྙིང་པོ་ཡིན་ནམ་ཅི། །ཀུན་རྫོབ་ཐམས་ཅད་དོན་དམ་ཡིན་ནམ་ཅི། །ཆོས་རྣམས་ཐམས་ཅད་ཆོས་ཉིད་ཡིན་ནམ་ཅི། །ལས་གཟུགས་ཐམས་ཅད་འོད་གསལ་ཡིན་ནམ་ཅི། །སྐྱོན་རྣམས་ཐམས་ཅད་ཡོན་ཏན་ཡིན་ནམ་ཅི། །བྱུར་ངན་ཐམས་ཅད་དཔལ་ཆེན་ཡིན་ནམ་ཅི། །ཉེས་པ་ཐམས་ཅད་ལེགས་པ་ཡིན་ནམ་ཅི། །དམའ་མོ་ཐམས་ཅད་མཐོན་པོ་ཡིན་ནམ་ཅི། །ངན་པ་ཐམས་ཅད་བཟང་པོ་ཡིན་ནམ་ཅི། །རིང་བ་ཐམས་ཅད་ཉེ་བ་ཡིན་ནམ་ཅི། །ཟག་བཅས་ཐམས་ཅད་ཟག་མེད་ཡིན་ནམ་ཅི། །ཐོགས་བཅས་ཐམས་ཅད་ཐོགས་མེད་ཡིན་ནམ་ཅི། །གཟུགས་ཅན་ཐམས་ཅད་གཟུགས་མེད་ཡིན་ནམ་ཅི། །བསྟན་ཡོད་ཐམས་ཅད་བསྟན་མེད་ཡིན་ནམ་ཅི། །དྲང་དོན་ཐམས་ཅད་ངེས་དོན་ཡིན་ནམ་ཅི། །ཆོས་ལོག་ཐམས་ཅད་ཆོས་མཆོག་ཡིན་ནམ་ཅི། །ལམ་ལོག་ཐམས་ཅད་ལམ་མཆོག་ཡིན་ནམ་ཅི། །གཡང་ས་ཐམས་ཅད་བདེ་ས་ཡིན་ནམ་ཅི། །ནག་པོ་ཐམས་ཅད་དཀར་པོ་ཡིན་ནམ་ཅི། །གྲུ་བཞི་ཐམས་ཅད་ཟླུམ་པོ་ཡིན་ནམ་ཅི། །མདོག་དབྱིབས་གཞན་རྣམས་ལ་ཡང་མཚུངས་པར་སྦྱར། །དེ་འདྲའི་ཤེས་བྱ་ཐམས་ཅད་ལ་ཡང་སྦྱར། །གང་ཕྱིར་ཆོས་སྐུའི་མི་མཐུན་ཕྱོགས་ཡིན་ཡང༌། །ཆོས་སྐུ་ཡིན་ན་རིག་པ་མཚུངས་པའི་ཕྱིར། །འདུས་བྱས་འདུས་མ་བྱས་ཀྱི་ཆོས་ཀུན་ལ། །ཚུལ་འདི་རིགས་པ་འདི་འདྲ་མཁས་པས་རིག །བླུན་པོ་རང་བཟོ་མཁན་གྱི་སྤྱོད་ཡུལ་མིན། །གལ་ཏེ་རང་སེམས་རྣམ་ཤེས་ཚོགས་འདི་དག །ཆོས་སྐུ་མིན་ན་སྟོང་ཉིད་མིན་པར་འགྱུར། །ཆོས་དབྱིངས་མིན་ནའང་སྟོང་ཉིད་མིན་པར་འགྱུར། །ཆོས་ཉིད་མིན་ནའང་སྟོང་ཉིད་མིན་པར་འགྱུར། །དེ་སྐད་སྨྲ་ན་བླུན་རྟགས་བསྟན་པ་ཡིན། །གང་ཕྱིར་སྟོང་པ་ཉིད་དང་ཆོས་སྐུ་ལ། །མུ་གཉིས་ཡོད་ཀྱི་ཁྱབ་མཉམ་གཏན་མ་ཡིན། །ཆོས་དབྱིངས་ལ་སོགས་ཡོངས་གྲུབ་ཐམས་ཅད་དང༌། །སྟོང་པ་ཉིད་ལ་མུ་གཉིས་ཡོད་པ་ཡི། །མན་ངག་ཟབ་མོས་དབེན་ཞིང་ལོག་བཤད་ཀྱི། །དུག་ཆུས་རབ་ཏུ་མྱོས་པའི་རླབ་ཅོལ་ལོ། །དེ་ཕྱིར་མུ་གཉིས་མུ་གསུམ་མུ་བཞི་ཡིས། །ཆོས་ཀུན་གཏན་ལ་འབེབས་པའི་རྫོགས་ལྡན་དང༌། །རྣམ་པ་ཀུན་ཏུ་འབྲལ་བར་མ་གྱུར་ཅིག །གསུམ་ལྡན་མར་བཅད་སྐྱོན་ཅན་རྣམས་ན་རེ། །སངས་རྒྱས་བྱང་ཆུབ་ཡེ་ཤེས་མིང་ཙམ་ཡིན། །ཡོན་ཏན་མང་པོ་གསུངས་པའང་དྲང་དོན་ཡིན། །དེ་ཕྱིར་རྟེན་གསུམ་བཞེངས་པ་དོན་མེད་དེ། །ཞོར་ལ་སེམས་ཅན་འཆི་ཞིང་བཞེངས་པ་ཡི། །དགེ་བ་བས་ཀྱང་ཞིག་པའི་སྡིག་པ་ལྕི། །ས་ནི་སྡིག་མེད་མཆོད་རྟེན་སྡིག་ཅན་ཡིན། །དེས་ན་དགེ་བ་རྗེས་ཅན་མ་བྱེད་པར། །མཆོད་པ་ཐམས་ཅད་ཁ་ལ་རབ་ཕུལ་ནས། །དགེ་བ་ཐམས་ཅད་རྗེས་མེད་ཀྱིས་ཤིག་ཅེས། །གསུངས་པ་རྣམས་ལའང་བདག་ནི་མ་ཕོད་པས། །ཐལ་མོ་སྦྱར་ནས་གྲོས་འདེབས་ཞུ་བ་འབུལ། །དོན་དམ་སངས་རྒྱས་དོན་དམ་བདེན་པར་ཡོད། །དེ་ཡི་བྱིན་གྱིས་བརླབས་དང་དགེ་ཚོགས་ལས། །ལེགས་པར་འཁྲུངས་པའི་ཀུན་རྫོབ་སངས་རྒྱས་ཀྱང༌། །ཀུན་རྫོབ་ཙམ་དུ་ཡོད་པར་རྒྱལ་བས་གསུངས། །ཀུན་རྫོབ་སངས་རྒྱས་རང་སྟོང་ཡིན་མོད་ཀྱང༌། །ནོར་བུ་དཔག་བསམ་ཤིང་བཞིན་གཞན་ཕན་འབྱུང༌། །དོན་དམ་ཆོས་སྐུ་ཡོན་ཏན་དཔག་ཡས་པས། །རྒྱལ་སྲས་མཆོག་དང་དགྲ་བཅོམ་དཔག་ཡས་ལ། །གཞན་དོན་མཛད་པར་རྫོགས་ལྡན་ཆོས་ལས་གསུངས། །དེ་འདྲ་མ་ཐོས་མ་མཐོང་རང་བཟོ་མཁན། །གཟུ་ལུམ་མཁན་གྱིས་རྒྱལ་ལ་སྐུར་བཏབ་པས། །དེ་ཡི་རྟེན་གསུམ་ལ་ཡང་སྐུར་བཏབ་ནས། །དགེ་བའི་སྒོ་ཆེན་མང་པོ་རབ་ཏུ་བཀག །དེ་རྣམས་ཀྱིས་ཀྱང་རྫོགས་ལྡན་ཆོས་མཆོག་རྣམས། །མྱུར་དུ་མཐོང་ནས་ལྟ་ངན་རབ་སྤངས་ཏེ། །དགེ་བའི་སྒོ་ཆེན་མང་དུ་འབྱེད་གྱུར་ཅིག །རྒྱལ་བ་སྐྱོན་མེད་ཡོན་ཏན་ཐམས་ཅད་རྫོགས། །དེ་ཕྱིར་དེ་ལ་ཕན་གནོད་གང་བྱས་པའི། །འབྲས་བུ་གཞན་ལས་ལྷག་པར་ཆེ་བར་གསུངས། །དེ་ཕྱིར་ཆེད་དུ་གཏད་ནས་བཤིག་ན་ནི། །སྡིག་ཆེན་འགྱུར་གྱི་རང་བཞིན་ཞིག་པ་ནི། །སྡིག་ཆེན་ཡིན་པར་གསུངས་པ་མ་མཐོང་ངོ༌། །བདག་ནི་སྐྱེ་བ་ཐམས་ཅད་དུ། །བསྟན་པ་གསལ་བར་བྱེད་གྱུར་ཅིག །བསྟན་པ་གསལ་བར་མ་ནུས་ནའང༌། །བསྟན་པའི་ཁུར་ཆེན་འཁུར་བར་ཤོག །ཁུར་ཆེན་བཀུར་བར་མ་ནུས་ནའང༌། །བསྟན་པའི་སེམས་ཁྲལ་བྱེད་པ་དང༌། །བསྟན་པ་ཉམས་ཀྱིས་དོགས་པ་ཡི། །བྱ་ར་ཙམ་ཡང་བྱེད་པར་ཤོག །མཁའ་ཁྱབ་ཕ་མ་ཐམས་ཅད་ཀྱི། །སྡུག་བསྔལ་ཐམས་ཅད་སེལ་བར་ཤོག །སྡུག་བསྔལ་སེལ་བར་མ་ནུས་ནའང༌། །སྡུག་གྲོགས་ཙམ་ཡང་བྱེད་པར་ཤོག །ངོ་བོ་ཉིད་གསུམ་འདོད་དང་མི་འདོད་ལས། །སེམས་ཙམ་དབུ་མར་ལོག་བཤད་བྱེད་པ་དང༌། །ཀུན་གཞི་རྣམ་ཤེས་འདོད་དང་མི་འདོད་ལས། །སེམས་ཙམ་དབུ་མར་ལོག་བཤད་བྱེད་པ་དང༌། །རྣམ་ཤེས་ཚོགས་བརྒྱད་འདོད་དང་མི་འདོད་ལས། །སེམས་ཙམ་དབུ་མར་ལོག་བཤད་བྱེད་པ་དང༌། །རིགས་ཆད་འདོད་དང་མི་འདོད་པ་ལས་ཀྱང༌། །སེམས་ཙམ་དབུ་མར་ལོག་བཤད་བྱེད་ལ་སོགས། །རྫོགས་ལྡན་ཆོས་དང་འགལ་བའི་ལོག་བཤད་རྣམས། །བདག་གཞན་ཀུན་གྱིས་རྟག་ཏུ་སྤོང་གྱུར་ཅིག། །།

བཀའ་བསྡུ་བཞི་པའི་དོན་བསྟན་རྩིས་ཆེན་པོ་ཞེས་བྱ་བ་ཕྱོགས་མེད་རིས་མེད་ཀྱི་བསྟན་བཅོས་འདི་ནི། དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོ་པས་གནང་སྦྱིན་བཟང་ལ་མང་བ་མཛད་དེ། འདི་ལྟ་བུའི་བསྟན་བཅོས་མང་དུ་རྩོམས་གསུངས་པ་ལ་བརྟེན་ནས། རྟོན་པ་བཞི་ལྡན་གྱིས་སྦྱར་བ་རེ་ཞིག་རྫོགས་སོ།། །།བསྟན་པ་དང་སེམས་ཅན་ལ་ཕན་པར་གྱུར་ཅིག །མངྒ་ལཾ།། །།ཞུས་དག །

བཀའ་བསྡུ་བཞི་པའི་དོན་བསྟན་རྩིས་ཆེན་པོའི་འགྲེལ་པ་ཕྱོགས་མེད་རིས་མེད་ཅེས་བྱ་བ་བཞུགས་སོ། །

ཨོཾ་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ་མཆོད་དོ། །དོན་དམ་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས། །ཞེས་པ་ལ་སོགས་པ་ཚིགས་བཅད་གཅིག་གིས། གཤིས་ལུགས་ཟབ་མོ་མཐར་ཐུག་པ་དེ་ཁོ་ན་ཉིད་ཀྱི་དཀོན་མཆོག་ཐམས་ཅད་ལ་མཆོད་པར་བརྗོད་ནས། དུས་བཞི་ཆེ་ཆུང་གཉིས་ཀྱི་རབ་དབྱེ་བཤད་པར་དམ་བཅས་པའོ། །

དེ་གང་ཞེ་ན། དུས་བཞི་ཆེན་པོ་བསྐལ་དུས་བཟང་ངན་ཏེ། །ཞེས་སོགས་ཚིགས་བཅད་བཞི་སྟེ་དོན་ནི་རྟོགས་པར་སླའོ། །དེ་དང་དེ་ཡི་རྣམ་དབྱེ་རབ་ཤེས་ནས། །ཞེས་པ་ནི། དུས་བཞི་ཆེ་ཆུང་གི་རྣམ་དབྱེ་དང༌། ཆུང་བ་ལ་ཡང་རྫོགས་ལྡན་དང་གསུམ་ལྡན་ལ་སོགས་པ་དཔང་དུ་རུང་མི་རུང་གི་ཁྱད་པར་ལེགས་པར་རྟོགས་ནས་བསྟན་པའི་བྱི་དོར་དང༌། རང་གཞན་ཐམས་ཅད་ལམ་ངན་པ་དང༌། དམན་པ་ལས་བཟློག་སྟེ་ཡང་དག་པའི་ལམ་མཆོག་ལ་དགོད་དོ། །དེས་ན། བསྟན་ལ་བྱི་དོར་བྱ་བར་འདོད་པ་དང༌། །ཞེས་པ་ནས། དོན་དམ་གང་ཡིན་གཞན་སྟོང་ཉིད་དུ་གསུངས། །ཞེས་པའི་མཐར་ཐུག་པ་ཚིགས་སུ་བཅད་པ་བཞི་ནི་གོ་སླའོ། །གང་ཕྱིར་བདེན་པ་གཉིས་ལ་བདེན་ལུགས་གཉིས། །ཞེས་སོགས་དགྲོལ་བར་བྱ་སྟེ། བདེན་པ་གང་ཡིན་ལ་ཕྱེ་ན་དོན་དམ་དུ་བདེན་པ་དང༌། ཀུན་རྫོབ་ཏུ་བདེན་པ་གཉིས་ལས་མི་འདའ་ཞིང༌། དེའང་དོན་དམ་དུ་མི་བསླུ་བ་དང༌། ཀུན་རྫོབ་ཏུ་མི་བསླུ་བ་ལས་རིག་པར་བྱའོ། །ཟླ་བ་གཉིས་སྣང་ལ་སོགས་པ་ཀུན་རྫོབ་ཏུ་ཡང་བསླུ་བ་རྣམས་ནི། ལོག་པའི་ཀུན་རྫོབ་དང་ཀུན་རྫོབ་ཙམ་ཞེས་གསུངས་ཀྱི། ཡང་དག་ཀུན་རྫོབ་དང་ཀུན་རྫོབ་ཀྱི་བདེན་པ་ནི་མ་ཡིན་ཏེ། སྣང་དུ་འདྲ་ཡང་དོན་བྱེད་དག །ནུས་པའི་ཕྱིར་དང་མི་ནུས་ཕྱིར། །ཡང་དག་ཡང་དག་མ་ཡིན་པའི། །ཀུན་རྫོབ་ཀྱི་ནི་དབྱེ་བ་བྱས། །ཞེས་སོགས་གང་གསུངས་པའོ། །དེས་ན་ཀུན་རྫོབ་དེ་གཉིས་ལ་ཁྱད་པར་ཡོད་ཀྱང༌། འཁོར་དང་བཅས་པ་ལ་དགོངས་ནས་སྐབས་མང་པོར་ཀུན་རྫོབ་བདེན་པ་ཞེས་པ་དང༌། འཇིག་རྟེན་ཀུན་རྫོབ་ཀྱིས་ཞེས་པ་དང༌། འཇིག་རྟེན་གྱི་བདེན་པས་ཞེས་སོགས་གསུངས་སོ། །སྣང་ལུགས་གཉིས་ཞེས་པ་ནི། དོན་དམ་བདེན་པ་མི་རྟོག་ཡེ་ཤེས་ལ་སྣང་གི །ཀུན་རྟོག་རྣམ་ཤེས་ལ་སྣང་མི་སྲིད་དོ། །ཀུན་རྫོབ་ནི་རྣམ་ཤེས་ལ་ཡང་སྣང་བ་ཤིན་ཏུ་མང་ཞིང༌། དབང་པོ་གཟུགས་ཅན་དང་བ་ལ་ཡང་སྣང་བ་ཡོད་དོ། །དེ་བཞིན་དུ། དོན་དམ་བདེན་པ་ནི། དབུགས་མ་འགགས་པའམ། དབུ་མར་མ་ཞུགས་པ་ལ་མི་སྣང་ཞིང༌། ཀུན་རྫོབ་ནི་དབུགས་འགྱུ་བ་དང་བཅས་པ་ལ་ཡང་སྣང་བ་ཡོད་དོ། །སྟོང་ལུགས་གཉིས་ཞེས་པ་ལ། དོན་དམ་ནི་གཤིས་ལུགས་ལ་རང་གིས་མི་སྟོང་ཞིང༌། ཀུན་རྫོབ་ཀྱི་ཆོས་ཐམས་ཅད་ཀྱིས་སྟོང་པའི་གཞི་ཡིན་པའི་ཕྱིར་གཞན་སྟོང་ཟབ་མོ་ཆོས་ཉིད་ཀྱི་སྟོང་ལུགས་ཏེ། མེད་དགག་མ་ཡིན་པའི་སྟོང་པ་ཉིད་དང༌། མི་སྟོང་པའི་སྟོང་པ་ཉིད། མ་སྐྱེས་པའི་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང༌། ཕུང་པོ་རྣམ་པར་དཔྱད་པའི་སྟོང་པ་ཆད་པའི་སྟོང་པ་ཉིད་ལས་རིང་དུ་གྱུར་པའི་སྟོང་པ་ཉིད་དོ། །ཀུན་རྫོབ་ནི་གཤིས་ལུགས་ལ་རང་རང་ངོ་བོས་སྟོང་པའི་ཕྱིར། རི་བོང་གི་རྭ་དང་མོ་གཤམ་གྱི་བུ་དང་ནམ་མཁའི་མེ་ཏོག་ལ་སོགས་པ་ལྟར་ཅིར་ཡང་མ་གྲུབ་ཅིང༌། གང་དུ་ཡང་མ་རེད་པས་མེད་དགག་དང༌། སྟོང་པའི་སྟོང་པ་དང༌། སྐྱེས་པའི་སྟོང་པ་དང༌། དངོས་པོ་མེད་པ་སྟོང་པ་ཉིད་དང༌། ཕུང་པོ་རྣམ་པར་དཔྱད་པའི་སྟོང་པ་ཆད་པའི་སྟོང་པ་ཉིད་དོ། །དེ་ལྟ་བས་ན་བདེན་པ་གཉིས་ཀྱི་བདེན་ལུགས་མི་གཅིག་ཅིང༌། སྣང་ལུགས་ཀྱང་མི་གཅིག་ལ། སྟོང་ལུགས་ཀྱང་མི་གཅིག་པའི་ཕྱིར། སོ་སོའི་རྒྱལ་ཁམས་གཉིས་གཉིས་སུ་གནས་པ་ལེགས་པར་རྟོགས་ན། དོན་དང་མཐུན་པར་རྟོགས་པ་ལགས་ཤིང༌། དེ་ཡང་རྫོགས་ལྡན་གྱི་ཆོས་མཆོག་ཟབ་མོ་ཁྱད་པར་འཕགས་པ་རྣམས་དང༌། ཁྱད་པར་ཤམ་བྷ་ལའི་ཆོས་མཆོག་ཟབ་མོ་རྣམས་ལས་རབ་ཏུ་གསལ་བར་གསུངས་གདའ་བས་དེ་རྣམས་ལེགས་པར་གཟིགས་སུ་གསོལ། སྒྲོ་འདོགས་སྐུར་འདེབས་རྣམ་པ་མང་པོ་དང༌། །ཞེས་པ་ལ། ཀུན་རྫོབ་སྣང་གྲགས་ཀྱི་ཆོས་འདི་རྣམས་གཤིས་ལུགས་ལ་གྲུབ་ཅེས་པའམ། ཆོས་ཉིད་ཆོས་སྐུ་ཕྱག་རྒྱ་ཆེན་པོ་རང་བྱུང་ཡེ་ཤེས་ཡིན་ཞེས་སོགས་སུ་འདོད་ན་སྒྲོ་འདོགས་ཡིན་པའི་མཐར་ལྟུང་བའོ། །དོན་དམ་ཆོས་སྐུ་ཕྱག་རྒྱ་ཆེན་པོ་རང་བྱུང་ཡེ་ཤེས་ལ་སོགས་པའང་རང་སྟོང་ཡིན་པས་གཤིས་ལུགས་ལ་མ་གྲུབ་ཅེས་འདོད་ན་སྐུར་བ་འདེབས་པའི་མཐར་ལྷུང་བ་སྟེ། མཐའ་དེ་གཉིས་དང་བྲལ་ན། དབུས་མ་བར་མ་ཕུང་པོ་གསུམ་པ་མ་ནིང་གི་གོ་འཕང་རྡོ་རྗེ་སེམས་དཔའ་པྲ་ཕབ་བརྒྱད་དང་མཚུངས་པར་རྟོགས་པའོ། །དེ་ཉིད་ཀྱི་ཕྱིར་དབུ་མ་ཆེན་པོ་རྟོགས་པ་ལ་སྒྲོ་སྐུར་གྱི་མཐའ་འམ་ཡོད་མེད་ཀྱི་མཐའ་ཐམས་ཅད་དང་བྲལ་དགོས་ཀྱི། གང་རུང་དང་བྲལ་བས་མི་ཆོག་སྟེ། འཕགས་པ་ཀླུ་སྒྲུབ་ཀྱིས། མེད་པའི་མཐའ་འགོག་པ་ལ་བསྟོད་པའི་ཚོགས་གསུངས་པའི་རྗེས་སུ། ཡོད་པའི་མཐའ་འགོག་པ་ལ་རིགས་པའི་ཚོགས་གསུངས་ཏེ། རིགས་པ་དྲུག་ཅུ་པར། རེ་ཤིག་ཉེས་ཀུན་འབྱུང་བའི་གནས། །མེད་ཉིད་རྣམ་པར་བཟློག་ཟིན་གྱིས། །རིགས་པ་གང་གིས་ཡོད་ཉིད་ཀྱང༌། །བཟློག་པར་འགྱུར་བ་མཉན་པར་གྱིས། །ཞེས་པ་དང༌། ལང་ཀར་གཤེགས་པར། འཕགས་པ་འདི་ཉིད་ལུང་བསྟན་པར་ཡང༌། དེ་མིང་ཀླུ་ཞེས་འབོད་པ་སྟེ། །ཡོད་དང་མེད་པའི་ཕྱོགས་འཇིག་པ། །ཞེས་པ་དང༌། འཇམ་དཔལ་རྩ་བའི་རྟོག་པར། འཕགས་པ་འདི་ཉིད་ལུང་བསྟན་པར་ཡང༌། ཁམས་དོན་བསྟན་བཅོས་དུ་མ་དང༌། །དངོས་མེད་དོན་གྱི་དེ་ཉིད་རིག །ཅེས་སོགས་རྒྱས་པར་གསུངས་པའོ། །རྫོགས་ལྡན་གྱི་ཆོས་གཞན་མང་པོར་ཡང༌། ཡོད་དང་མེད་ལས་རྣམ་པར་འདས། །ཞེས་སོགས་དང༌། ཡོད་མིན་མེད་མིན། ཞེས་སོགས་ཤིན་ཏུ་མང་བར་གསུངས་པའི་དོན་ཡང་མཐའ་ཐམས་ཅད་དང་བྲལ་བའི་གཞི་དབུ་མ་བར་མ་ཕུང་པོ་གསུམ་པ་མ་ནིང་གི་གོ་འཕང་རྡོ་རྗེ་སེམས་དཔའ་དེ་ཉིད་དོ། །གཞན་ཡང༌། ཀུན་རྫོབ་སྣང་གྲགས་འདི་རྣམས་ཆོས་ཉིད་ཀྱི་ཡོ་ལང་ཡིན། སྐུ་གསུམ་གྱི་ཡོ་ལང་ཡིན། ཞེས་པ་དང༌། སེམས་རྣམ་ཤེས་གྱ་གྱུ་འདི་སངས་རྒྱས་ཡིན། རིག་པ་དྲི་མ་མེད་པ་ཡིན། སྣང་ཚད་སྤྲུལ་སྐུ་ཡིན། སྟོང་ཚད་ཆོས་སྐུ་ཡིན། རིག་ཚད་ལོངས་སྐུ་ཡིན། དབྱེར་མེད་ངོ་བོ་ཉིད་སྐུ་ཡིན། ཞེས་པ་ལ་སོགས་པ་ཡང་དེ་མ་ཡིན་པ་ལ་དེ་ཡིན་ནོ། །ཞེས་སྒྲོ་འདོགས་པའོ། །གཤིས་ལ་སངས་རྒྱས་མེད། བྱང་ཆུབ་མེད། ཡེ་ཤེས་མེད། བདེ་གཤེགས་སྙིང་པོ་མེད། ཅེས་པ་ལ་སོགས་པ་ཡང་སྐུར་བ་འདེབས་པའོ། །ཀུན་རྫོབ་ཙམ་དུ་ལས་རྒྱུ་འབྲས་མེད། སྐྱེ་བ་སྔ་ཕྱི་མེད། རྟེན་འབྲེལ་གྱི་སྐྱེ་བ་གཞན་ལས་གཞན་སྐྱེ་བ་མེད། ཅེས་པ་ལ་སོགས་པ་ཡང༌། སྐུར་བ་འདེབས་པའི་ལྟ་བ་སྟེ། སྔ་མ་ནི་དོན་དམ་ལ་སྐུར་བ་འདེབས་པ་ཡིན་ལ། ཕྱི་མ་ནི་ཀུན་རྫོབ་ལ་སྐུར་བ་འདེབས་པ་ཡིན་ནོ། །དེ་བཞིན་དུ། གཤིས་ལ་གང་ཟག་གི་བདག་ཡོད་པར་འདོད་པ་ནི་སྒྲོ་འདོགས་པའོ། །ཆོས་ཉིད་ཀྱི་བདག་མེད་པར་འདོད་པ་ནི་སྐུར་བ་འདེབས་པའོ། །གཤིས་ལ་ཀུན་བཏགས་གཞན་དབང་གི་བདག་ཉིད་ཡོད་པར་འདོད་པ་ནི་སྒྲོ་འདོགས་པའོ། །ཆོས་ཉིད་ཡོངས་གྲུབ་ཀྱི་བདག་ཉིད་མེད་པར་འདོད་པ་ནི་སྐུར་བ་འདེབས་པའོ། །གཤིས་ལ་གང་ཟག་དང་ཆོས་ཀྱི་བདག་ཡོད་པར་འདོད་པ་ནི་སྒྲོ་འདོགས་པའོ། །དེ་བཞིན་ཉིད་བདག་དག་པའི་བདག་མེད་པར་འདོད་པ་ནི་སྐུར་བ་འདེབས་པའོ། །གཤིས་ལ་རྣམ་ཤེས་ཡོད་པར་འདོད་པ་ནི་སྒྲོ་འདོགས་པའོ། །ཡེ་ཤེས་མེད་པར་འདོད་པ་ནི་སྐུར་བ་འདེབས་པའོ། །གཤིས་ལ་ཀུན་རྫོབ་ཡོད་པར་འདོད་པ་ནི་སྒྲོ་འདོགས་པའོ། །དོན་དམ་མེད་པར་འདོད་པ་ནི་སྐུར་བ་འདེབས་པའོ། །གཤིས་ལ་བཅོས་མ་གློ་བུར་བའི་ཆོས་རྣམས་ཡོད་པར་འདོད་པ་ནི་སྒྲོ་འདོགས་པའོ། །རང་བཞིན་གཉུག་མ་ཆོས་ཉིད་ཀྱི་ཆོས་རྣམས་མེད་པར་འདོད་པ་ནི་སྐུར་བ་འདེབས་པའོ། །གཤིས་ལ་མཐའི་ཆོས་རྣམས་ཡོད་པར་འདོད་པ་ནི་སྒྲོ་འདོགས་པའོ། །དབུས་ཀྱི་ཆོས་རྣམས་མེད་པར་འདོད་པ་ནི་སྐུར་བ་འདེབས་པའོ། །གཤིས་ལ་སྡུག་བསྔལ་ཀུན་འབྱུང་ལམ་བདེན་གྱི་ཆོས་རྣམས་ཡོད་པར་འདོད་པ་ནི་སྒྲོ་འདོགས་པའོ། །འགོག་བདེན་གྱི་ཆོས་རྣམས་མེད་པར་འདོད་པ་ནི་སྐུར་བ་འདེབས་པའོ། །གཤིས་ལ་སྦྱང་བྱ་དང་སྦྱོང་བྱེད་ཀྱི་ཆོས་རྣམས་ཡོད་པར་འདོད་པ་ནི་སྒྲོ་འདོགས་པའོ། །སྦྱང་གཞི་དང་སྦྱངས་འབྲས་ཀྱི་ཆོས་རྣམས་མེད་པར་འདོད་པ་ནི་སྐུར་བ་འདེབས་པའོ། །གཤིས་ལ་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཡོད་པར་འདོད་པ་ནི་སྒྲོ་འདོགས་པའོ། །རང་བཞིན་གྱིས་རྣམ་པར་བྱང་བའི་ཆོས་རྣམས་མེད་པར་འདོད་པ་ནི་སྐུར་བ་འདེབས་པའོ། །གཤིས་ལ་འཁོར་བའི་ཆོས་རྣམས་ཡོད་པར་འདོད་པ་ནི་སྒྲོ་འདོགས་པའོ། །མྱང་འདས་ཆེན་པོའི་ཆོས་རྣམས་མེད་པར་འདོད་པ་ནི་སྐུར་བ་འདེབས་པའོ། །གཤིས་ལ་འགྲོ་དྲུག་སེམས་ཅན་ཡོད་པར་འདོད་པ་ནི་སྒྲོ་འདོགས་པའོ། །སངས་རྒྱས་བྱང་ཆུབ་མེད་པར་འདོད་པ་ནི་སྐུར་བ་འདེབས་པའོ། །གཤིས་ལ་ཕྱི་ནང་བརྟན་གཡོ་འདི་ཡོད་པར་འདོད་པ་ནི་སྒྲོ་འདོགས་པའོ། །འདི་ལས་གཞན་མཆོག་ཕ་རོལ་དམ་པ་དང་པོའི་སངས་རྒྱས་ཀྱི་བརྟན་གཡོ་མེད་པར་འདོད་པ་ནི་སྐུར་བ་འདེབས་པའོ། །གཤིས་ལ་ཕུང་པོ་འདི་རྣམས་ཡོད་པར་འདོད་པ་ནི་སྒྲོ་འདོགས་པའོ། །འདི་ལས་གཞན་མཆོག་ཕ་རོལ་དམ་པ་དང་པོའི་སངས་རྒྱས་ཀྱི་ཕུང་པོ་རྣམས་མེད་པར་འདོད་པ་ནི་སྐུར་བ་འདེབས་པའོ། །གཤིས་ལ་ཁམས་འདི་རྣམས་ཡོད་པར་འདོད་པ་ནི་སྒྲོ་འདོགས་པའོ། །འདི་ལས་གཞན་མཆོག་ཕ་རོལ་དམ་པ་དང་པོའི་སངས་རྒྱས་ཀྱི་ཁམས་རྣམས་མེད་པར་འདོད་པ་ནི་སྐུར་བ་འདེབས་ པའོ། །གཤིས་ལ་སྐྱེ་མཆེད་འདི་རྣམས་ཡོད་པར་འདོད་པ་ནི་སྒྲོ་འདོགས་པའོ། །འདི་ལས་གཞན་མཆོག་ཕ་རོལ་དམ་པ་དང་པོའི་སངས་རྒྱས་ཀྱི་སྐྱེ་མཆེད་རྣམས་མེད་པར་འདོད་པ་ནི་སྐུར་བ་འདེབས་པའོ། །གཤིས་ལ་ལས་དབང་འདི་རྣམས་ཡོད་པར་འདོད་པ་ནི་སྒྲོ་འདོགས་པའོ། །འདི་ལས་གཞན་མཆོག་ཕ་རོལ་དམ་པ་དང་པོའི་སངས་རྒྱས་ཀྱི་ལས་དབང་འདི་རྣམས་མེད་པར་འདོད་པ་ནི་སྐུར་བ་འདེབས་པའོ། །གཤིས་ལ་ལས་དབང་གི་བྱ་བ་འདི་རྣམས་ཡོད་པར་འདོད་པ་ནི་སྒྲོ་འདོགས་པའོ། །འདི་ལས་གཞན་མཆོག་ཕ་རོལ་དམ་པ་དང་པོའི་སངས་རྒྱས་ཀྱི་ལས་དབང་གི་བྱ་བ་རྣམས་མེད་པར་འདོད་པ་ནི་སྐུར་བ་འདེབས་པའོ། །གཤིས་ལ་ཁམས་གསུམ་འདི་ཡོད་པར་འདོད་པ་ནི་སྒྲོ་འདོགས་པའོ། །འདི་ལས་གཞན་མཆོག་ཕ་རོལ་དམ་པ་དང་པོའི་སངས་རྒྱས་ཀྱི་ཁམས་གསུམ་མེད་པར་འདོད་པ་ནི་སྐུར་བ་འདེབས་པའོ། །གཤིས་ལ་སྲིད་གསུམ་འདི་ཡོད་པར་འདོད་པ་ནི་སྒྲོ་འདོགས་པའོ། །འདི་ལས་གཞན་མཆོག་ཕ་རོལ་དམ་པ་དང་པོའི་སངས་རྒྱས་ཀྱི་སྲིད་གསུམ་མེད་པར་འདོད་པ་ནི་སྐུར་བ་འདེབས་པའོ། །གཤིས་ལ་དུས་གསུམ་འདི་ཡོད་པར་འདོད་པ་ནི་སྒྲོ་འདོགས་པའོ། །འདི་ལས་གཞན་མཆོག་ཕ་རོལ་དམ་པ་དང་པོའི་སངས་རྒྱས་ཀྱི་དུས་གསུམ་མེད་པར་འདོད་པ་ནི་སྐུར་བ་འདེབས་པའོ། །གཤིས་ལ་སྐྱེས་བུ་གང་ཟག་འདི་ཡོད་པར་འདོད་པ་ནི་སྒྲོ་འདོགས་པའོ། །འདི་ལས་གཞན་མཆོག་ཕ་རོལ་དམ་པ་དང་པོའི་སངས་རྒྱས་ཀྱི་སྐྱེས་བུ་གང་ཟག་མེད་པར་འདོད་པ་ནི་སྐུར་བ་འདེབས་པའོ། །གཤིས་ལ་བསྐྱེད་འབྲས་གཟུགས་སྐུ་ཡོད་པར་འདོད་པ་ནི་སྒྲོ་འདོགས་པའོ། །བྲལ་འབྲས་ཆོས་སྐུ་མེད་པར་འདོད་པ་ནི་སྐུར་བ་འདེབས་པའོ། །གཤིས་ལ་ཀུན་རྫོབ་འདུས་བྱས་ཀྱི་ཡོན་ཏན་སྟོབས་བཅུ་ལ་སོགས་པ་ཡོད་པར་འདོད་པ་ནི་སྒྲོ་འདོགས་པའོ། །དོན་དམ་འདུས་མ་བྱས་ཀྱི་ཡོན་ཏན་སྟོབས་བཅུ་ལ་སོགས་པ་མེད་པར་འདོད་པ་ནི་སྐུར་བ་འདེབས་པའོ། །གཤིས་ལ་ཀུན་རྫོབ་གཟུགས་སྐུའི་མཚན་དཔེ་ལ་སོགས་པ་ཡོད་པར་འདོད་པ་ནི་སྒྲོ་འདོགས་པའོ། །དོན་དམ་ཆོས་སྐུའི་མཚན་དཔེ་ལ་སོགས་པ་མེད་པར་འདོད་པ་ནི་སྐུར་བ་འདེབས་པའོ། །གཤིས་ལ་ཀུན་རྫོབ་ལམ་བདེན་གྱི་བྱང་ཆུབ་ཕྱོགས་ཆོས་ནས་རྣམ་མཁྱེན་གྱི་བར་ཡོད་པར་འདོད་པ་ནི་སྒྲོ་འདོགས་པའོ། །དོན་དམ་འགོག་བདེན་གྱི་བྱང་ཆུབ་ཕྱོགས་ཆོས་ནས་རྣམ་མཁྱེན་གྱི་བར་མེད་པར་འདོད་པ་ནི་སྐུར་བ་འདེབས་པའོ། །གཤིས་ལ་ཀུན་བཏགས་པ་དང་རྣམ་པར་བརྟགས་པའི་གཟུགས་ནས་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་ཡོད་པར་འདོད་པ་ནི་སྒྲོ་འདོགས་པའོ། །ཆོས་ཉིད་ཀྱི་གཟུགས་ནས་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་མེད་པར་འདོད་པ་ནི་སྐུར་བ་འདེབས་པའོ། །གཤིས་ལ་དངོས་པོ་མེད་པ་དང་དངོས་པོ་ངན་པའི་གཟུགས་ནས་རྒ་ཤིའི་བར་ཡོད་པར་འདོད་པ་ནི་སྒྲོ་འདོགས་པའོ། །དངོས་པོ་ཡོད་པའི་གཟུགས་ནས་རྒ་ཤིའི་བར་མེད་པར་འདོད་པ་ནི་སྐུར་བ་འདེབས་པའོ། །གཤིས་ལ་འདུས་བྱས་ཀྱི་རྟེན་འབྲེལ་རྣམས་ཡོད་པར་འདོད་པ་ནི་སྒྲོ་འདོགས་པའོ། །འདུས་མ་བྱས་ཀྱི་རྟེན་འབྲེལ་རྣམས་མེད་པར་འདོད་པ་ནི་སྐུར་བ་འདེབས་པའོ། །གཤིས་ལ་རང་བཞིན་གྱིས་དགེ་བ་མ་ཡིན་པ་དང༌། ཁ་ན་མ་ཐོ་བ་དང༌། ཟག་པ་དང༌། ཉོན་མོངས་པ་དང༌། ཀུན་ནས་ཉོན་མོངས་པ་དང༌། འཇིག་རྟེན་པའི་ཆོས་རྣམས་ཡོད་པར་འདོད་པ་ནི་སྒྲོ་འདོགས་པའོ། །རང་བཞིན་གྱིས་དགེ་བ་དང༌། ཁ་ན་མ་ཐོ་བ་མེད་པ་དང༌། ཟག་པ་མེད་པ་དང༌། ཉོན་མོངས་པ་མེད་པ་དང༌། རྣམ་པར་བྱང་བ་དང༌། འཇིག་རྟེན་ལས་འདས་པའི་གཟུགས་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་མེད་པར་འདོད་པ་ནི་སྐུར་བ་འདེབས་པའོ། །གཤིས་ལ་འདུས་བྱས་ཀྱི་གཟུགས་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་ཡོད་པར་འདོད་པ་ནི་སྒྲོ་འདོགས་པའོ། །འདུས་མ་བྱས་ཀྱི་གཟུགས་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་མེད་པར་འདོད་པ་ནི་སྐུར་བ་འདེབས་པའོ། །གཤིས་ལ་ཀུན་རྫོབ་ཀྱི་ཚོགས་གཉིས་ཡོད་པར་འདོད་པ་ནི་སྒྲོ་འདོགས་པའོ། །དོན་དམ་གྱི་ཚོགས་གཉིས་མེད་པར་འདོད་པ་ནི་སྐུར་བ་འདེབས་པའོ། །གཤིས་ལ་ཀུན་རྫོབ་ཀྱི་སྤངས་རྟོགས་ཡོད་པར་འདོད་པ་ནི་སྒྲོ་འདོགས་པའོ། །དོན་དམ་གྱི་སྤངས་རྟོགས་མེད་པར་འདོད་པ་ནི་སྐུར་བ་འདེབས་པའོ། །གཤིས་ལ་ཀུན་རྫོབ་ཀྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་དང་རང་སངས་རྒྱས་དང་ཆོས་དཀོན་མཆོག་རྣམས་ཡོད་པར་འདོད་པ་ནི་སྒྲོ་འདོགས་པའོ། །དོན་དམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་དང་རང་སངས་རྒྱས་དང་ཆོས་དཀོན་མཆོག་རྣམས་མེད་པར་འདོད་པ་ནི་སྐུར་བ་འདེབས་པའོ། །གཤིས་ལ་ཀུན་རྫོབ་ཀྱི་སྦྱིན་སོགས་ཕར་ཕྱིན་རྣམས་ཡོད་པར་འདོད་པ་ནི་སྒྲོ་འདོགས་པའོ། །དོན་དམ་གྱི་སྦྱིན་སོགས་ཕར་ཕྱིན་རྣམས་མེད་པར་འདོད་པ་ནི་སྐུར་བ་འདེབས་པའོ། །གཤིས་ལ་ཀུན་རྫོབ་ཀྱི་ལྷ་རྣམས་ཡོད་པར་འདོད་པ་ནི་སྒྲོ་འདོགས་པའོ། །དོན་དམ་གྱི་ལྷ་རྣམས་མེད་པར་འདོད་པ་ནི་སྐུར་བ་འདེབས་པའོ། །གཤིས་ལ་ཀུན་རྫོབ་ཀྱི་སྔགས་རྣམས་ཡོད་པར་འདོད་པ་ནི་སྒྲོ་འདོགས་པའོ། །དོན་དམ་གྱི་སྔགས་རྣམས་མེད་པར་འདོད་པ་ནི་སྐུར་བ་འདེབས་པའོ། །གཤིས་ལ་ཀུན་རྫོབ་ཀྱི་རྒྱུད་རྣམས་ཡོད་པར་འདོད་པ་ནི་སྒྲོ་འདོགས་པའོ། །དོན་དམ་གྱི་རྒྱུད་རྣམས་མེད་པར་འདོད་པ་ནི་སྐུར་བ་འདེབས་པའོ། །གཤིས་ལ་ཀུན་རྫོབ་ཀྱི་དཀྱིལ་འཁོར་ཡོད་པར་འདོད་པ་ནི་སྒྲོ་འདོགས་པའོ། །དོན་དམ་གྱི་དཀྱིལ་འཁོར་མེད་པར་འདོད་པ་ནི་སྐུར་བ་འདེབས་པའོ། །གཤིས་ལ་ཀུན་རྫོབ་ཀྱི་ཕྱག་རྒྱ་ཡོད་པར་འདོད་པ་ནི་སྒྲོ་འདོགས་པའོ། །དོན་དམ་གྱི་ཕྱག་རྒྱ་མེད་པར་འདོད་པ་ནི་སྐུར་བ་འདེབས་པའོ། །གཤིས་ལ་ཀུན་རྫོབ་ཀྱི་དངོས་གྲུབ་ཡོད་པར་འདོད་པ་ནི་སྒྲོ་འདོགས་པའོ། །དོན་དམ་གྱི་དངོས་གྲུབ་མེད་པར་འདོད་པ་ནི་སྐུར་བ་འདེབས་པའོ། །དེ་དག་ལ་སོགས་པ་སྒྲོ་སྐུར་དང་ཡོད་མེད་དང་རྟག་ཆད་ཀྱི་མཐའ་ཐམས་ཅད་སྤང་དགོས་ལ། དེ་ཡང་རྫོགས་ལྡན་གྱི་ཆོས་མཆོག་ཁྱད་འཕགས་རྣམས་དང༌། ཁྱད་པར་ཤམ་བྷ་ལའི་ཆོས་ཟབ་མཐར་ཐུག་པ་རྣམས་ཀྱི་དོན་བསྒོམས་ཤིང་ཉམས་སུ་མྱོང་བ་དང༌། ལུང་རིགས་མན་ངག་རྣམ་དག་རྣམས་ཀྱིས་ལེགས་པར་གཏན་ལ་ཕབ་པ་ལས་རབ་ཏུ་གསལ་བར་འགྱུར་རོ། །དེ་ལ་འདིར་སྒྲོ་འདོགས་པ་རྣམས་ནི་ཡོད་ལྟའི་སྐྱོན་དང༌། རྟག་ལྟའི་སྐྱོན་ཅན་ཏེ། དོན་ལ་མེད་པ་ལ་ཡོད་པར་ལྟ་བ་དང༌། རྟག་པ་མ་ཡིན་པ་ལ་རྟག་པར་ལྟ་བའི་ཕྱིར་རོ། །སྐུར་བ་འདེབས་པ་རྣམས་ནི་མེད་ལྟའི་སྐྱོན་དང༌། ཆད་ལྟའི་སྐྱོན་ཅན་ཏེ། དོན་ལ་ཡོད་པ་ལ་མེད་པར་ལྟ་བ་དང༌། མ་ཆད་པ་ལ་ཆད་པར་ལྟ་བའི་ཕྱིར་རོ། །གང་དོན་དང་མི་མཐུན་པར་ལྟ་བ་དེ་ཐམས་ཅད་ནི་སྐྱོན་ཅན་ཡིན་གྱི། དོན་དང་མཐུན་པར་ལྟ་བ་ལ་ནི་སྐྱོན་མེད་དེ་དེ་ཡང་ཤན་འབྱེད་པའི་སྐབས་སུའོ། །ལ་ཟློ་བའི་སྐབས་སུ་ནི་ཅིར་ཡང་མི་ལྟ་ཞིང་གང་དུ་ཡང་མི་འཛིན་པ་དགོས་པས་དོན་དང་མཐུན་པར་ལྟ་ཞིང་འཛིན་ན་ཡང་སྐྱོན་དུ་འགྱུར་ན། དོན་དང་མི་མཐུན་པར་ལྟ་ཞིང་འཛིན་པ་ལྟ་སྨོས་ཀྱང་ཅི་དགོས། གལ་ཏེ་གཤིས་ལུགས་ལ་མེད་པའི་འདུས་བྱས་འདི་རྣམས་གཤིས་ལ་ཡོད་པར་བལྟས་ན་ཡོད་ལྟའི་སྐྱོན་དུ་འགྱུར་མོད། རྟག་ལྟའི་སྐྱོན་དུ་ཅི་ལ་འགྱུར་ཞེ་ན། གང་གཤིས་ལ་ཡོད་པ་ཐམས་ཅད་རྟག་པའི་ཕྱིར་རོ། །གལ་ཏེ་གཤིས་ལུགས་ལ་ཡོད་པའི་དོན་དམ་བདེ་གཤེགས་སྙིང་པོ་མེད་པར་བལྟས་ན་མེད་ལྟའི་སྐྱོན་དུ་འགྱུར་མོད། ཆད་ལྟའི་སྐྱོན་དུ་ཅི་ལ་འགྱུར་ཞེ་ན། གཤིས་ལ་མེད་པ་དང་གཤིས་ལ་ཆད་པ་དོན་གཅིག་པའི་ཕྱིར་དང༌། རྟེན་མེད་ན་བརྟེན་པ་མི་སྲིད་པའི་ཕྱིར་དང༌། ཁྱབ་བྱེད་ཁེགས་ན་ཁྱབ་བྱ་ཁེགས་པའི་ཕྱིར། དོན་དམ་མེད་ན་ཀུན་རྫོབ་ཀྱང་མེད་པས་ཐམས་ཅད་མེད་པ་དང་ཆད་པའི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །དེ་བཞིན་དུ། ཡེ་ཤེས་མེད་ན་རྣམ་ཤེས་མེད་པས། ཀུན་གཞི་ཡེ་ཤེས་མེད་ན་ཀུན་གཞི་རྣམ་ཤེས་མི་སྲིད་དོ། །ཆོས་ཉིད་མེད་ན་ཆོས་རྣམས་མི་སྲིད་པས། དབུ་མ་མེད་ན་མཐའ་མ་མི་སྲིད་དོ། །རང་བཞིན་གཉུག་མ་མེད་ན་བཅོས་མ་གློ་བུར་མི་སྲིད་པས། རང་བཞིན་གྱིས་རྣམ་བྱང་མྱང་འདས་མེད་ན་ཀུན་ནས་ཉོན་མོངས་འཁོར་བ་མི་སྲིད་དོ། །བདེ་གཤེགས་སྙིང་པོ་མེད་ན་གློ་བུར་དྲི་མ་མི་སྲིད་ཅིང༌། འགོག་པའི་བདེན་པ་མེད་ན་བདེན་པ་གཞན་གསུམ་མི་སྲིད་ལ། རང་བྱུང་ཡེ་ཤེས་མེད་ན་གཞན་བྱུང་ཡེ་ཤེས་མི་སྲིད་ཅིང༌། བྲལ་འབྲས་ཆོས་སྐུ་མེད་ན་བསྐྱེད་འབྲས་གཟུགས་སྐུ་མི་སྲིད་ལ། ཆོས་ཉིད་ཡོངས་གྲུབ་མེད་ན་ཀུན་བཏགས་གཞན་དབང་མི་སྲིད་ཅིང༌། གཞན་མཆོག་ཕ་རོལ་མེད་ན་ཕྱི་ནང་བརྟན་གཡོ་འདི་མི་སྲིད་ལ། དེ་བཞིན་ཉིད་མེད་ན་ཡང་དག་ཡེ་ཤེས་ལ་སོགས་པ་ཆོས་གཞན་ཞིག་མི་སྲིད་ཅིང༌། སྦྱང་གཞི་མེད་ན་སྦྱང་བྱ་སྦྱོང་བྱེད་སྦྱངས་འབྲས་མི་སྲིད་ལ། གཤིས་ཀྱི་གནས་ལུགས་མེད་ན་འཁྲུལ་ལུགས་འཁྲུལ་སྤོང་འཁྲུལ་སངས་ཀྱི་འབྲས་བུ་མི་སྲིད་ཅིང༌། ཡོངས་གྲུབ་མེད་ན་ཀུན་བཏགས་མི་སྲིད་ལ། ཆོས་སྐུ་མེད་ན་གཟུགས་སྐུ་མི་སྲིད་པས། སངས་རྒྱས་མེད་ན་སེམས་ཅན་མི་སྲིད་ཅིང༌། ཡང་དག་མེད་ན་ལོག་པ་མི་སྲིད་ལ། བདེན་པ་མེད་ན་བརྫུན་པ་མི་སྲིད་ཅིང༌། སླུ་མེད་མེད་ན་སླུ་བ་མི་སྲིད་ལ། གཙང་པ་མེད་ན་མི་གཙང་མི་སྲིད་ཅིང༌། ཆོས་ཉིད་ཀྱི་བདག་མེད་ན་འདུས་བྱས་ཀྱི་ཆོས་གང་ཡང་མི་སྲིད་ལ། རང་བཞིན་ལྷན་སྐྱེས་ཀྱི་བདེ་བ་མེད་ན་སྡུག་བསྔལ་གསུམ་དང་བརྒྱད་མི་སྲིད་ཅིང༌། རྟག་བརྟན་ཐེར་ཟུག་གཡུང་དྲུང་མེད་ན་མི་རྟག་མི་བརྟན་འགྱུར་བའི་ཆོས་མི་སྲིད་དེ། རྒྱས་པར་སྲིད་མི་སྲིད་ཀྱི་རབ་ཏུ་དབྱེ་བ་ཞེས་བྱ་བའི་བསྟན་བཅོས་ལས་རྟོགས་པར་བྱའོ། །དེས་ན་དོན་དམ་དབུ་མ་མེད་པར་བལྟས་ན་ཐམས་ཅད་མེད་པ་དང་ཆད་པར་ལྟ་བའི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །སངས་རྒྱས་མེད་པ་དང༌། འབྲས་བུ་སྟོར་བ་དང༌། འབྲས་བུ་ཨར་སངས་པ་དང༌། གཞི་འཁྲུལ། ལམ་ལོག །འབྲས་བུ་སད་ཀྱིས་ཁྱེར། ཞེས་པ་དང༌། གཞི་སྟོར་ལམ་སྟོར་འབྲས་བུ་སྟོར། ཞེས་པ་དང༌། ལྟ་བ་སྟོར་སྒོམ་པ་སྟོར་སྤྱོད་པ་སྟོར་འབྲས་བུ་སྟོར། ཞེས་པ་ལ་སོགས་པ་སངས་རྒྱས་ལ་སྐུར་བ་འདེབས་པའི་ལྟ་བ་དང༌། དོན་དམ་པའི་ཆོས་དང་དགེ་འདུན་ལ་ཡང་སྐུར་བ་འདེབས་པའི་ལྟ་བ་དང༌། དེ་རྣམས་ཐོབ་པའི་ལམ་ལ་སྐུར་བ་འདེབས་ཤིང༌། ལམ་མ་ཡིན་པ་ལ་ལམ་དུ་འཛིན་པ་ལ་སོགས་པ་ལྟ་བ་ངན་པ་ཤིན་ཏུ་མང་པོར་འགྱུར་ཏེ། རྒྱས་པར་ཐེག་པ་ཆེན་པོ་ལ་དད་པ་རབ་ཏུ་སྒོམ་པའི་མདོ་དང༌། ཆོས་ཀྱི་མེ་ལོང་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལས་ཇི་སྐད་གསུངས་པ་བཞིན་ནོ། །དེ་རྣམས་ཀྱིས་ནི་ཁ་ཅིག་བདེན་པ་ཤེས་བྱ་ལ་མི་སྲིད་པས། བདེན་པ་གཉིས་ལ་དབྱེ་གཞི་མེད་ཅིང༌། བདེན་པ་སྲིད་ན་ལྟས་ངན་ཡིན་ཞེས་འདོད་པ་ལ་སོགས་པ་དང༌། རྣམ་གཅོད་ཙམ་མ་གཏོགས་པ་ཡོངས་གཅོད་དུ་གྲུབ་པ་འགའ་ཡང་མེད། ཅེས་སོགས་དང༌། ཀུན་རྫོབ་ཀྱི་རྣམ་བཞག་དབུ་མ་པའི་ལུགས་ལ་མེད་པས་འཇིག་རྟེན་གྲགས་སྡེའམ་སེམས་ཙམ་པའམ་མདོ་སྡེ་པའི་རྗེས་སུ་འབྲང་ཞེས་འདོད་པ་ལ་སོགས་པ་རྫོགས་ལྡན་གྱི་ཆོས་དང་འགལ་བའི་ལྟ་ངན་མང་པོ་སུན་ཕྱུང་བ་ཡིན་ནོ། །འགལ་འདུས་སྐྱོན་ཡོད་སྐྱོན་མེད་ལ་སོགས་དང༌། །ཞེས་པ་ལ། ཀུན་རྫོབ་བདེན་པ་ནི་འགལ་བ་འདུས་ན་སྐྱོན་ཡོད་པ་སྟེ། གཟུགས་མེད་གཟུགས་བཟང་དང༌། ལུས་མེད་པའི་ལུས་དང༌། སྲིད་མེད་སྲིད་པ་དང༌། སེམས་མེད་པའི་སེམས་ཀྱི་རྡོ་རྗེ་ལ་སོགས་པ་ངོ་བོ་གཅིག་ཡིན་པ་མི་སྲིད་པའོ། །དོན་དམ་བདེན་པ་ནི་འགལ་བ་འདུས་ཀྱང་སྐྱོན་མེད་པ་སྟེ། གཟུགས་མེད་གཟུགས་བཟང་ལ་སོགས་པ་སྔར་སྨོས་པ་རྣམས་དང༌། གཞན་ཡང༌། རྣམ་པ་ཀུན་ལྡན་རྣམ་པ་མེད་ལ་སོགས་པ་འགལ་འདུས་སྐྱོན་མེད་ཤིན་ཏུ་ཆེས་མང་བ་གསུངས་པ་རྣམས་སོ། །ལ་སོགས་པའི་སྒྲས་རྟོག་གེ་ཅན་གྱི་སྤྱོད་ཡུལ་དང༌། རྣལ་འབྱོར་ཅན་གྱི་སྤྱོད་ཡུལ་དང༌། ཐུན་མོང་དང་ཐུན་མོང་མ་ཡིན་པ་དང༌། དངོས་པོ་མེད་པའི་གཟུགས་སོགས་དང༌། དངོས་པོ་ངན་པའི་གཟུགས་སོགས་དང༌། དངོས་པོ་ཡོད་པའི་གཟུགས་སོགས་དང༌། ཀུན་བཏགས་པའི་གཟུགས་སོགས་དང༌། རྣམ་པར་བརྟགས་པའི་གཟུགས་སོགས་དང༌། ཆོས་ཉིད་ཀྱི་གཟུགས་ལ་སོགས་པ་རྒྱ་ཆེར་གསུངས་པ་རྣམས་བཟུང་ངོ༌། །ཆོས་དང་ཆོས་ཉིད་འདུས་བྱས་འདུས་མ་བྱས། །ཞེས་པ་ལ། ཆོས་དང་ཆོས་ཉིད་ནི་ཀུན་རྫོབ་དང་དོན་དམ་མོ། །ཤེས་བྱ་ལ་ཕྱེ་ན་འདུས་བྱས་དང་འདུས་མ་བྱས་སོ། །འདུས་བྱས་ལ་ཕྱེ་ན་བེམ་པོ་དང་རིག་པ་སྟེ། འདུས་མ་བྱས་ལ་ཕྱེ་ན་ཡང་བེམ་པོ་དང་རིག་པའོ། །དེ་ལ་འདུས་བྱས་ཡིན་པའི་བེམ་པོ་ནི་བྲག་རི་ལ་སོགས་པའོ། །འདུས་བྱས་ཡིན་པའི་རིག་པ་ནི་རྣམ་ཤེས་ཚོགས་བརྒྱད་འཁོར་དང་བཅས་པ་དང༌། གཞན་བྱུང་ཡེ་ཤེས་རྣམས་སོ། །འདུས་མ་བྱས་ཡིན་པའི་བེམ་པོ་ནི་འདུས་མ་བྱས་ནམ་མཁའ་སྟེ་རང་མི་རིག་པའི་ཤེས་བྱའི་ཁྱད་པར་ཡིན་པའི་ཕྱིར་རོ། །འདུས་མ་བྱས་ཡིན་པའི་རིག་པ་ནི་ཆོས་ཉིད་ཀྱི་དབྱིངས་རིག་དབྱེར་མེད་པ་རང་བྱུང་ཡེ་ཤེས་ལྔའམ་བཅུའི་བདག་ཉིད་དེ། སྐད་ཅིག་གཅིག་དང་དུ་མ་དང་བྲལ་བའི་ཡེ་ཤེས་ཆ་མེད་ཀུན་འགྲོ་ཁྱབ་པ་པོ་རྟག་བརྟན་ཐེར་ཟུག་གཡུང་དྲུང་མི་འགྱུར་བ་འགལ་འདུས་སྐྱོན་མེད་དཔེར་བྱ་ཀུན་ལས་འདས་པའོ། །ཡང་ཤེས་བྱ་ལ་ཕྱེ་ན་བེམ་རིག་གཉིས་ཏེ། རང་མི་རིག་པའི་ཤེས་བྱ་དང༌། རང་རིག་པའི་ཤེས་བྱའོ། །དེ་དག་སོ་སོ་ལ་ཡང་འདུས་བྱས་དང་འདུས་མ་བྱས་གཉིས་གཉིས་སུ་དབྱེར་ཡོད་དོ། །ཚུལ་འདི་ནི་རྫོགས་ལྡན་གྱི་ལུགས་ལས་བྱུང་བའོ། །གསུམ་ལྡན་མར་བཅད་ཀྱི་ལུགས་ལ་ནི། ཤེས་བྱ་ལ་ཕྱེ་ན་དངོས་པོ་དངོས་མེད་གཉིས། དངོས་པོ་ལ་ཕྱེ་ན་བེམ་པོ་དང་རིག་པ་གཉིས། ཞེས་འདོད་པ་མང་བས། འདུས་མ་བྱས་ཀྱི་བེམ་པོ་དང་རིག་པ་མི་འདོད་དོ། །འདི་ལ་ནི་བྱ་རྒོད་ཀྱི་ལྟ་ལུགས་བཞིན་དུ་ཆོས་མཐོ་ས་ནས་ལེགས་པར་བལྟས་ན་སྐྱོན་ཆེན་པོ་ཤིན་ཏུ་མང་བར་ཡོད་དེ། རྒྱུད་སྡེ་རིན་པོ་ཆེ་མཐོན་པོ་རྣམས་སུ། བེམ་པོ་མིན་ཕྱིར་རང་རིག་ཉིད། །ཅེས་པ་དང༌། བེམ་པོ་མིན་ཕྱིར་བདག་ཉིད་རིག །ཅེས་པ་ལ་སོགས་པ་ཤིན་ཏུ་མང་པོས་ཤེས་བྱ་ཐམས་ཅད་བེམ་རིག་གཉིས་སུ་འདུས་པར་གསུངས་ཤིང༌། དེ་ཡང་རང་མི་རིག་པའི་ཤེས་བྱ་ཐམས་ཅད་བེམ་པོ་དང༌། རང་རིག་པའི་ཤེས་བྱ་ཐམས་ཅད་རིག་པ་ཡིན་པའི་ཕྱིར། ཤེས་བྱ་ལ་ཕྱེ་ན་རང་མི་རིག་པ་དང་རང་རིག་པ་དག་ཏུ་ཁ་ཚོན་ཆོད་པའི་ཕྱིར་རོ། །དེ་ལྟ་བས་ན་འདུས་མ་བྱས་ནམ་མཁའ་བེམ་པོ་ཡིན་ན་དངོས་པོར་ཐལ། ཞེས་པ་དང༌། ཆོས་དབྱིངས་རིག་པའམ་ཤེས་པ་ཡིན་ན་མི་རྟག་པར་ཐལ། ཞེས་པ་ལ་སོགས་པ་སྨྲ་བ་རྣམས་ཀྱིས་ནི་རྫོགས་ལྡན་གྱི་ཆོས་མཆོག་ཁྱད་འཕགས་རྣམས་ཀྱི་ཁུངས་མ་ཆོད་ཅིང༌། དོན་མ་རྟོགས་པ་ཉིད་དུ་བས་སོ། །རིག་པའམ་ཤེས་པ་གང་ཡིན་མི་རྟག་པ་ཡིན་ན། ཆོས་དབྱིངས་དེ་བཞིན་ཉིད་ཀྱང་མི་རྟག་པ་ཡིན་པར་འགྱུར་ཏེ། རིག་པའི་མཆོག་དང་ཤེས་པའི་མཆོག་ཡིན་པའི་ཕྱིར་རོ། །དེ་འདོད་ན་འདུས་མ་བྱས་ཡིན་པར་འགལ་ལོ། །དེ་རིག་པའམ་ཤེས་པ་མ་ཡིན་ན་ནི་གཤིས་ལུགས་མཐར་ཐུག་པའི་ཤེར་ཕྱིན་དང༌། ཡོངས་གྲུབ་བཅུ་གཉིས་ཀྱང་མ་ཡིན་པར་འགྱུར་ལ། རང་བྱུང་ཡེ་ཤེས་ཀྱི་ལྷ་དང་སྔགས་དང་རྒྱུད་དང་དཀྱིལ་འཁོར་དང་ཕྱག་རྒྱ་ཐམས་ཅད་ཀྱང་མ་ཡིན་པར་འགྱུར་ཞིང༌། ཤེས་བཅུ་རྣམ་དག་བདག་ཉིད་ཅན་དང༌། ཁྱབ་བདག་ཡེ་ཤེས་ལྔའི་བདག་དང༌། ཤེས་རབ་ཕ་རོལ་ཕྱིན་པའི་མཐའ་དང༌། ཀུན་མཁྱེན་ཡེ་ཤེས་རྒྱ་མཚོ་དང༌། ཐམས་ཅད་མཁྱེན་པའི་ཡེ་ཤེས་མཚོ་དང༌། སོ་སོ་རང་རིག་མི་གཡོ་བ་དང༌། བདག་རིག་གཞན་རིག་ཐམས་ཅད་པ་དང༌། ཀུན་ཤེས་ཀུན་རིག་དམ་པ་པོ་ལ་སོགས་པ་དོན་དམ་པའི་མཚན་བརྗོད་དུ་གསུངས་པའི་དོན་ཐམས་ཅད་མ་ཡིན་པར་འགྱུར་ལ། འདོད་པར་མི་ནུས་ཏེ། དེ་ལས་བཟློག་པ་ཡིན་པར་རྫོགས་ལྡན་གྱི་ཆོས་མཆོག་ཁྱད་འཕགས་རྣམས་ལས་གསལ་བར་གསུངས་ཤིང༌། ཡང་དང་ཡང་དུ་གསུངས་པའི་ཕྱིར་རོ། །རྒྱལ་ཁམས་ཆེན་པོ་གཉིས་སུ་གསུངས་པའི་ཕྱིར། །ཞེས་པ་ནི། དོན་དམ་གྱི་རྒྱལ་ཁམས་ཆེན་པོ་དང༌། ཀུན་རྫོབ་ཀྱི་རྒྱལ་ཁམས་ཆེན་པོའོ། །དེའི་ཕྱིར། བདེན་གཉིས་ངོ་བོ་གཅིག་པ་མི་སྲིད་ལ། །ངོ་བོ་ཐ་དད་པ་ཡང་མ་ཡིན་ཞིང༌། །ཞེས་པ་ལ་སོགས་པ་ཚིགས་བཅད་ཕྱེད་དང་གསུམ་ནི་གོ་སླའོ། །གསུམ་ལྡན་མར་བཅད་དེ་ལས་གཞན་དུ་སྨྲ། །ཞེས་པ་ནི་རྫོགས་ལྡན་གྱི་ཆོས་སྐྱོན་མེད་པ་ལས་ཡོན་ཏན་གྱི་རྐང་པ་གཅིག་ཉམས་པའམ་གཉིས་ཉམས་པའམ་གསུམ་ཉམས་པ་སྟེ། འདིར་རྐང་པ་ཞེས་པ་ནི་བཞི་ཆའི་མིང་ངོ༌། །དེ་རྣམས་ཇི་སྐད་སྨྲ་ན། རང་རང་ངོ་བོས་སྟོང་པ། ཞེས་པ་ལ་སོགས་པ་ནས། སྣང་སྟོང་གཉིས་ལ་འཁོར་འདས་དོན་དུ་འདོད། །ཅེས་པ་ནི་མཐར་ཐུག་པ་ནི་ལྟ་བ་ངན་པ་དེ་རྣམས་ཀྱི་འདོད་ལུགས་བརྗོད་པ་སྟེ། ཚིག་གི་དོན་ནི་གོ་སླའོ། །སྣང་ཚད་ཀུན་རྫོབ་འཁོར་བ་ཡིན་ན་ནི། །ཞེས་པ་ནས། འདི་ལ་ཉེས་སྐྱོན་གཞན་ཡང་དཔག་མེད་དོ། །ཞེས་པའི་བར་གྱིས་ནི་རྫོགས་ལྡན་གྱི་ལུང་དང་རིགས་པ་དམ་པས་ལྟ་ངན་དེ་དག་སུན་དབྱུང་བ་སྟེ། སྣང་བ་གང་ཡིན་ཀུན་རྫོབ་འཁོར་བ་དང༌། སྟོང་པ་གང་ཡིན་དོན་དམ་མྱང་འདས་ཡིན་པར་འདོད་ན། ཉེས་སྐྱོན་དཔག་ཏུ་མེད་པ་འབྱུང༌། ཞེས་པ་སྟེ། ཚིག་གི་དོན་ནི་རྟོགས་པར་སླའོ། །བདེན་གཉིས་འཁོར་འདས་ངོ་བོ་གཅིག་ན་ནི། །བདེ་གཤེགས་སྙིང་པོ་དང་གློ་བུར་དྲི་མའང་དབྱེར་མེད་གཅིག་ཡིན་དགོས་ལ། གཅིག་ཡིན་ན་འབྲལ་དུ་རུང་མི་རུང་ཆ་གཉིས་འགལ་བའི་ཕྱིར། ལམ་བདེན་གྱིས་གློ་བུར་དྲི་མ་བཅོམ་པ་ན། བདེ་གཤེགས་སྙིང་པོའང་བཅོམ་པར་འགྱུར་དགོས་པ་ལས་དེ་ནི་མི་སྲིད་དོ། །དེས་ན་བརྟག་པར་མཛོད། །ཅེས་པ་ལ་སོགས་པ། རྫོགས་ལྡན་ལུགས་ལ་ཉེས་སྐྱོན་དེ་རྣམས་མེད། །ཅེས་པའི་མཐར་ཐུག་པ་ནི་གོ་སླ་སྟེ། དེ་དག་གཅིག་མ་ཡིན་གྱི་ཐ་དད་འབྲེལ་མེད་ཡིན་པར་རྫོགས་ལྡན་གྱི་དགོངས་པ་ཡང་དག་ལ་གནས་པའི་ཕྱིར་རོ། །ཤེས་བྱ་ཐམས་ཅད་དངོས་པོ་དངོས་མེད་དུ། །འདུས་པར་འདོད་པ་ནི་གསུམ་ལྡན་མར་བཅད་ཀྱི་ལུགས་ཏེ་སྐྱོན་དང་བཅས་པའོ། །གང་གི་ཕྱིར། ཆོས་ཉིད་དབུ་མ་ཤེས་བྱའི་མཆོག་ཡིན་ཡང༌། །དངོས་པོ་དངོས་མེད་གང་ཡང་མ་ཡིན་གྱི། །ཕུང་པོ་གསུམ་པར་བཞེད་པ་རྫོགས་ལྡན་ལུགས་ཀྱིས་གནོད་པའི་ཕྱིར་རོ། །དེ་ཕྱིར་ཤེས་བྱ་ཐམས་ཅད་དངོས་པོ་དངོས་མེད་དུ། །འདུས་པ་མིན་ཏེ་ཕུང་པོ་གསུམ་པ་ཡོད་པའི་ཕྱིར་རོ། །དེ་ཡང་འཕགས་པ་ལྷས་མཛད་པའི་ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་ཀྱི་བཤད་སྦྱར་དུ། ཡོད་མེད་མིན་ཞེས་སྨོས་ཏེ་ཕུང་པོ་གསུམ་པར་གྱུར་པའི་ཕྱིར་རོ། །ཞེས་གང་གསུངས་པའོ། །ཕུང་པོ་གསུམ་པ་ལ་ཡང་གཉིས་ཏེ། ཀུན་རྫོབ་ཡིན་པའི་ཕུང་པོ་གསུམ་པ་དང༌། དོན་དམ་ཡིན་པའི་ཕུང་པོ་གསུམ་པའོ། །དེ་བཞིན་དུ། འདུས་བྱས་ཡིན་མིན་དང༌། མི་རྟག་པ་ཡིན་མིན་དང༌། རྣམ་ཤེས་ཡིན་མིན་དང༌། ཡེ་ཤེས་ཡིན་མིན་ལ་སོགས་པའི་ཕུང་པོ་གསུམ་པ་ཤིན་ཏུ་མང་བར་ཡོད་པ་ལས་འདི་ནི་དོན་དམ་པ་འདུས་མ་བྱས་རྟག་པའི་ཡེ་ཤེས་ཡིན་ཏེ། དངོས་དང་དངོས་མེད་ཟད་པའི་གཙོ། །ཐོག་མཐའ་མེད་ཅིང་ཞི་བ་ཡི། །བྱང་ཆུབ་སེམས་དེ་ལ་ཕྱག་འཚལ། །ཞེས་གང་གསུངས་པའོ། །དོན་དམ་ཡིན་པའི་ཕུང་པོ་གསུམ་པ་ལ་ནི་གཉི་ག་མིན་པའི་ཕུང་པོ་གསུམ་པ་དང༌། གཉི་ག་ཡིན་པའི་ཕུང་པོ་གསུམ་པ་དོན་གཅིག་ལ་འདུ་བ་ཡོད་དེ། ཇི་སྐད་དུ། དངོས་དང་དངོས་པོ་མེད་པ་དང༌། །གདོད་ནས་གྲོལ་བའི་དེ་བཞིན་གཤེགས། །ཞེས་སོགས་ཀྱིས་གཉི་ག་ཡིན་པའི་ཕུང་པོ་གསུམ་པ་གསུངས་པའོ། །གཉི་ག་མིན་པའི་ཕུང་པོ་གསུམ་པ་ནི་སྔར་བཤད་ཟིན་ཏོ། །དེ་ལྟར་དོན་དམ་ཡིན་པའི་ཕུང་པོ་གསུམ་པ་ལ་གཉིས་ཡིན་དང༌། གཉིས་མིན་གྱི་ཕུང་པོ་གསུམ་པ་གཅིག་ཏུ་འདུ་ཡང༌། ཀུན་རྫོབ་ཡིན་པའི་ཕུང་པོ་གསུམ་པ་ལ་ནི་དེ་འདྲ་མི་སྲིད་དེ། དོན་དམ་བདེན་པ་ནི་འགལ་འདུས་སྐྱོན་མེད་དང༌། ཀུན་རྫོབ་བདེན་པ་ནི་འགལ་འདུས་སྐྱོན་ཡོད་ཡིན་པའི་ཕྱིར་རོ། །དེ་ལྟར་དངོས་པོ་དང་དངོས་མེད་ལ་ཕུང་པོ་གསུམ་པ་ཡོད་ཀྱང་བེམ་པོ་དང་རིག་པ་ལ་ནི་ཕུང་པོ་གསུམ་པ་མེད་དེ་ཤེས་བྱ་ཐམས་ཅད་བེམ་རིག་གཉིས་སུ་ཁ་ཚོན་ཆོད་པའི་ཕྱིར་རོ། །དེ་ཡང་ཤེས་བྱ་ཡིན་ན་རང་རིག་མི་རིག་གཉིས་ལས་མི་འདའ་སྟེ། རང་རིག་ན་མ་རིག་པར་འགལ་ལ། རང་མི་རིག་ན་རིག་པར་འགལ་བས་ཕུང་པོ་གསུམ་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་དེ་ལ་ཕུང་པོ་གསུམ་པ་མེད། །ཅེས་པ་འདི་ནི་རྫོགས་ལྡན་ཆོས་ལུགས་ཡིན། །གསུམ་ལྡན་མར་བཅད་ཀྱི་སྤྱོད་ཡུལ་མ་ཡིན་པས་བློར་ཤོང་བ་དཀའོ། །གསུམ་ལྡན་མར་བཅད་སྐྱོན་ཅན་རྣམས་ཀྱི་ལུགས་ལ་ནི་ཆོས་ཉིད་དེ་བཞིན་ཉིད་དང༌། ཡང་དག་པའི་མཐའ་ལ་སོགས་པ་བེམ་རིག་གང་ཡང་མ་ཡིན་པའི་ཕུང་པོ་གསུམ་པར་འདོད་དེ། འདི་ལ་ནི་གནོད་བྱེད་ཤིན་ཏུ་མང་བར་ཡོད་དོ། །དེ་གང་ཞེ་ན་གལ་ཏེ་ཆོས་ཀྱི་དབྱིངས་རིག་པ་མ་ཡིན་ན་ནི། འོ་ན། དབྱིངས་རིག་དབྱེར་མེད་པའི་ཡེ་ཤེས་དང༌། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང༌། དོན་དམ་རང་བྱུང་ཡེ་ཤེས་རྣམས་གང་ལ་བགྱི། །འདུས་བྱས་མི་རྟག་པ་ཡིན་པའི་ཡེ་ཤེས་རྣམས་ལ་བགྱིའོ་ཞེ་ན། དོན་དམ་སོ་སོ་རང་རིག་མི་གཡོ་བ། །ཞེས་པ་ལ་སོགས་པ་ནས། དོན་དམ་ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད། །ཅེས་སོགས་རྣམ་པ་མང་པོས་དོན་དམ་བདེན་པ་ནི། །ཤེས་པ་དང་རིག་པ་དང་ཡེ་ཤེས་ཡིན་པར་སྟོན་ཅིང༌། བདག་རིག་གཞན་རིག་དང་ཀུན་ཤེས་ཀུན་རིག་དང་ཡེ་ཤེས་ལྔའི་བདག་དང་ཤེས་བཅུ་རྣམ་དག་དང་ཡེ་ཤེས་སྐུ་སྟེ་རང་བྱུང་བ་དང་ཐམས་ཅད་མཁྱེན་པའི་ཡེ་ཤེས་མཚོ་ལ་སོགས་པའི་གཞུང་ནས་ཇི་ལྟར་འབྱུང་བ་བཞིན་དོན་དམ་དུ་དོན་ལ་གནས་པའི་ཕྱིར་འདི་ལ་འདུས་བྱས་མི་རྟག་པ་དང་རྣམ་ཤེས་ཀྱི་ཆོས་འགའ་ཙམ་ཡང་འདྲེས་པ་མེད་ཅིང༌། རྒྱུད་འདི་ནི་དོན་དམ་གྱི་མཚན་ཡང་དག་པ་ཇི་ལྟ་བ་བཞིན་བརྗོད་པ་ཡིན་གྱི་ཀུན་རྫོབ་ཀྱི་མཚན་བརྗོད་པ་ནི་མ་ཡིན་པས་འདིའི་དོན་འདུས་བྱས་མི་རྟག་པ་དང༌། རྟེན་ཅིང་འབྲེལ་འབྱུང་དང༌། རྣམ་ཤེས་སྐད་ཅིག་མ་ལ་འཆད་པ་རྣམས་ནི་ལོག་པར་བཤད་པ་འབའ་ཞིག་ཡིན་ནོ། །སོ་སོའི་ཚིག་གི་དོན་ནི་རྟོགས་པར་སླའོ། །དེ་ཕྱིར་སྐད་ཅིག་ལས་འདས་ཡེ་ཤེས་ནི། །ཞེས་སོགས་ཀྱི་དོན་ནི་བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་གི་ཞལ་ལྔ་ནས། མཐར་ཐུག་དེ་ཁོ་ན་ཉིད་ངོས་འཛིན་པའི་སྐབས་སུ། སྐད་ཅིག་གཅིག་དང་དུ་མ་དང་བྲལ་བའི་ཡེ་ཤེས་ནི་རྒྱལ་བ་རྣམས་ཀྱི་དེ་ཁོ་ན་ཉིད། ཅེས་གསུངས་སོ། །ཞེས་དཔལ་དུས་ཀྱི་འཁོར་ལོའི་རྒྱས་འགྲེལ་དྲི་མ་མེད་པའི་འོད་དུ་གསུངས་སོ། །གལ་ཏེ་དོན་དམ་བདེན་པ་ཤེས་པ་དང་རིག་པ་དང་རང་རིག་མ་ཡིན་ན། །གཤིས་ལུགས་ཟབ་མོ་སྟོན་པའི་རྫོགས་ལྡན་ཆོས། །མདོ་རྒྱུད་ཟབ་མོ་ཀུན་དང་འགལ་བར་འགྱུར་ཏེ་དེ་རྣམས་ལས་ནི་དོན་དམ་ཆོས་ཉིད་གང་ཡིན་ཐམས་ཅད་རིག་པ་དང་རང་རིག་དང་བདེ་བ་དང་ཤེས་པ་དང་ཡེ་ཤེས་དང་རྟག་པ་དང་འདུས་མ་བྱས་དང་ཁྱབ་བདག་ལ་སོགས་པར་ཡང་ཡང་གསུངས་པས་གནོད་དེ། མགོ་བོར་ཐོག་ལྷུང་བ་བཞིན་ནོ། །གལ་ཏེ་གསུམ་ལྡན་མར་བཅད་ཀྱི་ལོག་རྟོག་དོན་དམ་ཤེས་པ་ཡིན་ན་ནི། །འདུས་བྱས་ཡིན་པར་འགྱུར་ཞིང་མི་རྟག་པར་ཡང་འགྱུར་རོ་ཞེ་ན། །ཁྱབ་པ་མེད་དོ། །དེ་འདྲ་ལ་ཁྱབ་པ་ཡོད་པར་འདོད་པ་ནི་གསུམ་ལྡན་མར་བཅད་སྐྱོན་ཅན་རྣམས་ཀྱི་ལུགས་ཡིན་གྱི། །རྫོགས་ལྡན་ཆོས་མཆོག་ཁྱད་འཕགས་ལུགས་ལ་ནི། །འདུས་མ་བྱས་དང་རྟག་པ་ཡིན་པའི་ཤེས་པ་དང་རིག་པ་དང་ཡེ་ཤེས་དང་རང་རིག་དང་བདེ་བ་དང་འདོད་ཆགས་ཆེན་པོ་དང་ཞེ་སྡང་ཆེན་པོ་དང་དགའ་བ་ཆེན་པོ་མགུ་བ་ཆེ་ལ་སོགས་པ་ཤིན་ཏུ་མང་བར་བཤད་ཅིང་འཆད་པར་ཡང་འགྱུར་རོ། །དེས་ན་འདིར། ཤེས་པ་ལ་ཡང་འདུས་བྱས་འདུས་མ་བྱས། །ཞེས་པ་ནས། ཤན་འབྱེད་ལ་ཟློ་ལེགས་པར་ཕྱེ་ནས་གསུངས། །ཞེས་པའི་བར་ནི་གོ་སླའོ། །དབྱེར་ཡོད་དབྱེར་མེད་ལེགས་པར་ཕྱེ་ནས་གསུངས། །ཞེས་པ་ལ་གཉིས་ཏེ། དབྱེར་ཡོད་ཀྱི་སྡེ་དང་དབྱེར་མེད་ཀྱི་སྡེའོ། །དེ་ལ་དབྱེར་ཡོད་ཀྱི་སྡེ་ནི། བདེན་གཉིས་མཚན་ཉིད་པ་དང་འཁོར་འདས་མཚན་ཉིད་པ་དང་སྲིད་ཞི་མཚན་ཉིད་པ་དང་བདེན་བཞི་མཚན་ཉིད་པ་དང་ངོ་བོ་ཉིད་གསུམ་མཚན་ཉིད་པ་ལ་སོགས་པ་རྣམས་སོ། །དབྱེར་མེད་ཀྱི་སྡེ་ནི། དུས་འཁོར་བདེ་དགྱེས་གསང་འདུས་ལ་སོགས་པ་ཆོས་ཉིད་ཀྱི་རྒྱུད་སྡེ་བཞིའི་ལྷ་དང་དཀྱིལ་འཁོར་ལ་སོགས་པ་རིགས་ཀྱི་དབྱེ་བསྡུ་ཇི་སྙེད་གསུངས་པ་ཐམས་ཅད་ལ་མིང་དང་རྣམ་པའི་དབྱེ་བ་ཡོད་ཀྱང་དོན་གྱི་ངོ་བོ་དབྱེར་མེད་པ་སྟེ་ཕྱག་རྒྱ་ཆེན་པོ་དང་དབུ་མ་ཆེན་པོ་དང་མྱང་འདས་ཆེན་པོ་དང་འོད་གསལ་ཆེན་པོ་དང་སྲོག་ཆེན་པོ་དང་མཆོད་པ་ཆེན་པོ་དང་འདོད་ཆགས་ཆེན་པོ་དང་གཟུགས་ཆེན་པོ་ལ་སོགས་པ་དང་ཤིན་ཏུ་རྣལ་འབྱོར་དང་ཤིན་ཏུ་སྤྲོས་མེད་དང་ཤེར་ཕྱིན་ཟབ་མོ་དང་ཡོངས་གྲུབ་བཅུ་གཉིས་ལ་སོགས་པ་ཤིན་ཏུ་མང་པོ་རྣམས་དོན་གྱི་ངོ་བོ་དབྱེར་མེད་པའོ། །དེ་རྣམས་དངོས་པོ་སོ་སོ་ཐ་དད་དུ་འདོད་པ་ལ་ནི་རྫོགས་ལྡན་གྱི་ལུང་གིས་གནོད་དེ། ཇི་སྐད་དུ། གཟུགས་རྣམ་པར་དག་པ་གང་ཡིན་པ་དེ་ནི་ཤེར་ཕྱིན་རྣམ་པར་དག་པའོ། །ཤེར་ཕྱིན་རྣམ་པར་དག་པ་གང་ཡིན་པ་དེ་ནི་གཟུགས་རྣམ་པར་དག་པ་སྟེ། དེ་ལྟར་ན་གཟུགས་རྣམ་པར་དག་པ་དང་ཤེར་ཕྱིན་རྣམ་པར་དག་པ་འདི་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དོ། །ཞེས་སོགས་རྒྱ་ཆེ་རབ་འབྱམས་བཀའ་སྩལ་གྱི། གཉིས་སུ་ཡོད་དོ། །གཉིས་སུ་བྱར་ཡོད་དོ། །སོ་སོ་ཡིན་ནོ། །ཐ་དད་དོ། །ཞེས་མ་གསུངས་པའི་ཕྱིར་རོ། །འགྲེས་གཞན་རྣམས་ལའང་འདོན་པ་བསྒྱུར་ནས་རྟོགས་པར་བྱའོ། །རྫོགས་ལྡན་གྱི་ལུགས་ལ་ནི་དབྱེར་ཡོད་དབྱེར་མེད་འདི་དག་གོ་མ་ལོག་པར་ཡོད་ཀྱང་གསུམ་ལྡན་མར་བཅད་སྐྱོན་ཅན་རྣམས་ཀྱིས་གོ་ལོག་ཏུ་བཤད་པ་ཤིན་ཏུ་མང་བར་སྣང་བས་དེ་རྣམས་ལ་དཔང་དུ་བྱས་ན་སླུ་བར་གདོན་མི་ཟའོ། །གཤིས་ལུགས་ནི་གཤིས་ཀྱི་གནས་ལུགས་ཟབ་མོ་ཆོས་ཉིད་ཀྱི་བཞུགས་ཚུལ་ཏེ་རང་བྱུང་ཡེ་ཤེས་མཁའ་ཁྱབ་བོ། །འཁྲུལ་ལུགས་ནི་རྣམ་ཤེས་འཁྲུལ་བ་ཐམས་ཅད་དེ་དུང་སེར་པོར་སྣང་བ་བཞིན་ནོ། །ཡིན་ལུགས་ནི་དོན་གྱི་གནས་ལུགས་སོ། །འདོད་ལུགས་ནི་གང་ཟག་སྣ་ཚོགས་ཀྱི་འདོད་ལུགས་སྣ་ཚོགས་ཏེ་དོན་དང་མཐུན་པའི་ངེས་པ་མེད་དོ། །སྲོལ་འབྱེད་སྲོལ་འགོག་ཅེས་པ་ལ། སྲོལ་འབྱེད་ནི་རྫོགས་ལྡན་གྱི་སྐྱེས་མཆོག་དམ་པ་རྣམས་ཀྱིས་རང་སྟོང་གཞན་སྟོང་དང་རྣམ་ཤེས་ཡེ་ཤེས་དང་ཀུན་བཏགས་ཡོངས་གྲུབ་དང་ཕྱི་ནང་གཞན་གསུམ་དང་རང་བཞིན་རྣམ་གསུམ་དང་བདག་གསུམ་རྣམ་དབྱེ་དང་སྟོང་ཉིད་གསུམ་གྱི་རྣམ་དབྱེ་ལ་སོགས་པ་དང་སྟོང་ཉིད་དང་ཡོངས་གྲུབ་དགུ་ལ་སོགས་པ་གཤིས་ལུགས་མཐར་ཐུག་ཀུན་དང་མུ་གཉིས་གཉིས་སུ་གནས་པ་སྟོན་པའི་སྲོལ་ཏེ་རྒྱས་པར་ཕྱེ་ན་ཤིན་ཏུ་མང་བར་ཡོད་དོ། །སྲོལ་འགོག་ནི་ཐམས་ཅད་རང་སྟོང་ཡིན་པས་ཡོངས་གྲུབ་དགུ་དང་བཅུ་གཉིས་ལ་སོགས་པ་གཤིས་ལུགས་ཟབ་མོ་ཐམས་ཅད་རང་སྟོང་ཡིན་ཞིང༌། རང་སྟོང་གང་ཡིན་ཐམས་ཅད་ཀྱང་དོན་དམ་ཆོས་སྐུ་ལ་སོགས་པ་གཤིས་ལུགས་ཟབ་མོ་མཐར་ཐུག་ཡིན་ཡང་དོན་དམ་པ་ཅིར་ཡང་མ་གྲུབ་པས། ཡང་དག་པར་ན་སངས་རྒྱས་དང་བྱང་ཆུབ་དང་བྱང་ཆུབ་ཀྱི་སེམས་དང་བྱང་ཆུབ་སེམས་དཔའ་དང་ལྷ་དང་སྔགས་དང་རྒྱུད་དང་དཀྱིལ་འཁོར་དང་ཕྱག་རྒྱ་དང་ཆོས་དང་དགེ་འདུན་ལ་སོགས་པ་གང་ཡང་མ་གྲུབ་པས་ཐམས་ཅད་མིང་ཙམ་ཁོ་ན་ཡིན་ཞེས་སོགས་སུ་འདོད་པ་གསུམ་ལྡན་མར་བཅད་སྐྱོན་ཅན་གྱི་འདོད་ལུགས་རྣམས་ཀྱིས་སྔར་གྱི་སྲོལ་བཟང་པོ་དེ་ཉམས་པར་བྱས་ཤིང་ནུབ་པར་བྱས་ནས། ཕྱིས་ཀྱི་སྲོལ་ངན་འདི་དར་ཞིང་རྒྱས་པར་བྱས་ཏེ་རྒྱས་པར་ཕྱེ་ན་དཔག་ཏུ་མེད་པ་སྣང་ངོ༌། །དེས་ན་བསྟན་པའི་ཐུགས་ཁྲལ་མཛད་པའི་མཁས་པ་རྣམས་ཀྱིས་སྲོལ་འབྱེད་དང་སྲོལ་འགོག་ལ་སྣང་མུན་པས་ཀྱང་ཁྱད་ཆེ་བར་ཡོད་པའི་ཁུངས་ཆོད་པ་མཛད་པར་ཞུ། ཕུང་གསུམ་ཡོད་མེད་ལེགས་པར་ཕྱེ་ནས་གསུངས། །ཞེས་པ་ལ། དངོས་པོ་དངོས་མེད་ལ་ཕུང་པོ་གསུམ་པ་ཡོད་དེ། དེ་གཉིས་གང་ཡང་མ་ཡིན་པའི་དེ་བཞིན་ཉིད་ནི་ཕུང་པོ་གསུམ་པར་རྟག་ཏུ་བཞུགས་པའི་ཕྱིར་རོ། །གཉི་ག་ཡིན་པའི་ཕུང་པོ་གསུམ་པ་ཡང་དེ་བཞིན་ཉིད་ལ་སོགས་པ་ཡོངས་གྲུབ་ཐམས་ཅད་དོ། །ཡོད་པ་དང་མེད་པ་ཡང་དེ་བཞིན་ནོ། །བེམ་པོ་དང་རིག་པ་ལ་ནི་ཕུང་པོ་གསུམ་པ་མེད་དེ་བེམ་རིག་གཉིས་སུ་མི་འདུ་བའི་ཤེས་བྱའི་ཁྱད་པར་འགའ་ཡང་མེད་པའི་ཕྱིར་རོ། །ངེས་དོན་གྱི་གནད་ཟབ་མོ་འདི་དག་ནི་རྫོགས་ལྡན་གྱི་ཆོས་དང་གང་ཟག་ལ་གྲགས་ཀྱི་གསུམ་ལྡན་མར་བཅད་ཀྱི་ཆོས་དང་གང་ཟག་ལ་ནི་དེ་ལྟ་མ་ཡིན་པས། དེང་སང་གི་མི་རྣམས་ཀྱྀ་བློར་ཤོང་བ་དཀའོ། །དུས་བཞི་ཆེ་ཆུང་ལེགས་པར་ཕྱེ་ནས་གསུངས་པ་ནི། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་ཆེན་པོར་ཏེ། དུས་བཞི་ཆེན་པོ་ནི་སྤྱིར་བསྐལ་དུས་བཟང་ངན་ཡིན་ལ། དུས་བཞི་ཆུང་བ་ནི་བསྟན་པའི་བཟང་ངན་ཏེ་སངས་རྒྱས་ཀྱི་ཆོས་ལ་ངན་པ་མེད་ཀྱང༌། གང་ཟག་གི་དབང་གིས་སྐྱོན་དང་ལྷད་ཞུགས་པའི་ཕུལ་ཇེ་ཆེ་ཇེ་ཆེར་གྱུར་པ་ལས། གསུམ་ལྡན་དང་གཉིས་ལྡན་དང་མཐར་རྩོད་ལྡན་དུ་ཡང་འགྱུར་བའི་ཕྱིར་རོ། །དེ་རྣམས་ལས་ཡིད་ཆེས་ཀྱི་དཔང་པོར་རུང་བ་དང་མི་རུང་བ་གང་ཞེ་ན། རྫོགས་ལྡན་གྱི་ཆོས་ནི་ཡིད་ཆེས་ཀྱི་དཔང་པོར་རུང་བ་སྟེ། དེར་ཇི་སྐད་གསུངས་པ་བཞིན་དོན་ལ་གནས་པའི་ཕྱིར་རོ། །གསུམ་ལྡན་མར་བཅད་ལ་ནི་སྲོལ་འགོག་གི་སྐྱོན་འདྲེས་ཤིང་མང་དུ་འདྲེས་ལ་ཆེས་ཤིན་ཏུ་མང་བར་འདྲེས་པའི་ཕྱིར་ཡིད་ཆེས་ཀྱི་དཔང་པོར་མི་རུང་ངོ༌། །དེས་ན། དཔང་དུ་རུང་དང་མི་རུང་ཕྱེ་ནས་གསུངས། །ཞེས་སོ། །ངོ་བོ་ཉིད་གསུམ་ལེགས་པར་ཕྱེ་ནས་གསུངས། །ཞེས་པ་ནི། སངས་རྒྱས་བཅོམ་ལྡན་འདས་རང་ཉིད་ཀྱིས་གསུངས་པའི་ཤེར་ཕྱིན་དབུ་མ་ལ་སོགས་པའི་རང་འགྲེལ་རྣམས་སུ་སྟེ། ཁྲི་བརྒྱད་སྟོང་པའི་ལེའུ་བརྒྱད་ཅུ་རྩ་གསུམ་པ་དང༌། ཉི་ཁྲི་ལྔ་སྟོང་པའི་ལེའུ་བདུན་ཅུ་རྩ་གཉིས་པར། གཟུགས་ནས་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་ཚན་པ་གསུམ་དུ་ལེགས་པར་རྣམ་པར་ཕྱེ་ནས། ཀུན་བཏགས་ཡིན་པའི་གཟུགས་སོགས་ཆོས་རྣམས་ནི་ཤེས་པར་བྱ་བ་དང༌། གཞན་དབང་ཡིན་པའི་གཟུགས་སོགས་ཆོས་རྣམས་ནི་སྤང་བར་བྱ་བ་དང༌། ཆོས་ཉིད་ཡོངས་གྲུབ་ཡིན་པའི་གཟུགས་སོགས་ཆོས་རྣམས་ནི་དྲི་མ་བསལ་ནས་ཐོབ་པར་བྱ་བ་ཉིད་དུ་གསུངས་པ་དང༌། ཤེར་ཕྱིན་ལྔ་བརྒྱ་པར་ཡང༌། དངོས་པོ་མེད་པའི་གཟུགས་སོགས་ནི་ཀུན་བཏགས་ཡིན་པས་ཤེས་པར་བྱ་བ་དང༌། དངོས་པོ་ངན་པའི་གཟུགས་སོགས་ནི་གཞན་དབང་ཡིན་པས་སྤང་བར་བྱ་བ་དང༌། གཤིས་ལ་དངོས་པོ་ཡོད་པའི་གཟུགས་སོགས་ནི་ཡོངས་གྲུབ་ཡིན་པས་དྲི་མ་བསལ་ནས་ཐོབ་པར་བྱ་བ་ཉིད་དེ། དེ་ལྟར་ལེའུ་གསུམ་དུ་གནས་པ་དེ་རྣམས་ཤེས་པ་དང་སྤང་བ་དང་དྲི་མ་བསལ་ནས་མངོན་དུ་བྱ་བར་གསུངས་ཤིང༌། དེ་ལྟར་མ་བྱས་ན་ཉན་རང་གི་བྱང་ཆུབ་ཀྱང་མི་ཐོབ་ན། ཐེག་ཆེན་གྱི་བྱང་ཆུབ་ལྟ་ཅི་སྨོས་པར་གསུངས་པ་དང༌། དབུ་མ་ཆེན་པོ་མདོ་སྡེའི་རྒྱན་དུ་ཡང༌། རྟག་ཏུ་གཉིས་བྲལ་འཁྲུལ་བའི་རྟེན་གང་ཡིན་དང་གང་ཞིག་རྣམ་ཀུན་ཏུ། །བརྗོད་པར་ནུས་མ་ཡིན་ཞིང་སྤྲོས་པ་མེད་པའི་བདག་ཉིད་དེ་ཁོ་ན། །ཤེས་བྱ་སྤང་བྱ་རང་བཞིན་དྲི་མེད་འདོད་གང་རྣམ་པར་སྦྱང་བྱ་སྟེ། །དེ་ནི་ནམ་མཁའ་གསེར་དང་ཆུ་ལྟར་ཉོན་མོངས་པ་ལས་རྣམ་དག་འདོད། །ཅེས་དང༌། དབུ་མ་ཆེན་པོའི་གཞུང་དབུས་མཐའ་རྣམ་འབྱེད་དུ་ཡང༌། ཡོངས་སུ་ཤེས་དང་སྤང་བ་དང༌། །ཐོབ་པར་མངོན་སུམ་བྱ་བས་ནི། །ཞེས་དང༌། གསེར་འོད་དམ་པ་ལ་སོགས་པ་རྫོགས་ལྡན་དབུ་མའི་གཞུང་མཆོག་ཆེས་ཤིན་ཏུ་མང་བ་རྣམས་སུ་གསུངས་སོ། །བདག་གསུམ་རྣམ་དབྱེ་ལེགས་པར་ཕྱེ་ནས་གསུངས། །ཞེས་པ་ལ། བདག་གསུམ་ནི་གང་ཟག་གི་བདག་དང༌། ཆོས་ཀྱི་བདག་དང༌། དག་པའི་བདག་སྟེ། ཀུན་བཏགས་ཀྱི་བདག་ཉིད་དང༌། གཞན་དབང་གི་བདག་ཉིད་དང༌། དེ་བཞིན་ཉིད་ཀྱི་བདག་ཉིད་ཤེས་པ་དང༌། སྤང་བ་དང༌། ཐོབ་པར་བྱ་བའོ། །སྟོང་ཉིད་གསུམ་གྱི་རྣམ་དབྱེ་ཞེས་པ་ལ། དབུ་མ་ཆེན་པོ་མདོ་སྡེའི་རྒྱན་དུ། མེད་པའི་སྟོང་པ་ཉིད་ཤེས་ཤིང༌། །དེ་བཞིན་ཡོད་པའི་སྟོང་ཉིད་དང༌། །རང་བཞིན་སྟོང་པ་ཉིད་ཤེས་ན། །སྟོང་པ་ཤེས་པ་ཞེས་བརྗོད་དོ། །ཞེས་དང༌། ཤེར་ཕྱིན་ལྔ་བརྒྱ་པ་ལ་སོགས་པ་རྫོགས་ལྡན་ཀྱི་དབུ་མའི་གཞུང་མཆོག་མང་པོར་རྣམ་པར་ཕྱེ་ནས་གསུངས་ཏེ། སྔ་མ་གཉིས་ནི་རང་སྟོང་ཟབ་མིན་དང༌། །ཕྱི་མ་གཅིག་ནི་གཞན་སྟོང་ཟབ་མོའོ། །ཕྱི་ནང་གཞན་མཆོག་ལེགས་པར་ཕྱེ་ནས་གསུངས། །ཞེས་པ་ལ། ཕྱི་ནང་སྣོད་བཅུད་དམན་པ་ཀུན་རྫོབ་འདི་དང༌། འདི་ལས་གཞན་མཆོག་ཕ་རོལ་དམ་པ་དང་པོའི་སངས་རྒྱས་ཏེ། འབྲས་བུ་ཤུན་པའི་ཕྱིའི་ཆ་དང་ནང་གི་ཆ་དང་འབྲས་བུའི་སྙིང་པོ་རྣམས་ངོ་བོ་མི་གཅིག་ཀྱང་རྣམ་པ་འདྲ་བར་གསུངས་པ་སྟེ། རྫོགས་ལྡན་གྱི་རྒྱུད་མཆོག་ཟབ་མོ་མང་པོར། ཇི་ལྟར་ཕྱི་རོལ་དེ་བཞིན་ནང༌། །ཇི་ལྟར་ནང་ལ་དེ་བཞིན་གཞན། །ཞེས་པའོ། །དེ་ལ་ཕྱི་ནང་བརྟན་གཡོ་འདི་ནི་རང་སྟོང་ཟབ་མིན་དང༌། འདི་ལས་གཞན་མཆོག་ཕ་རོལ་དམ་པ་དང་པོའི་སངས་རྒྱས་ནི་གཞན་སྟོང་ཟབ་མོའོ། །བདེན་བཞི་དབྱེར་ཡོད་ནི་རབ་ཏུ་གྲགས་ཏེ། འགོག་བདེན་ནི་གཞན་སྟོང་ཟབ་མོ་དང༌། ལྷག་མ་གསུམ་ནི་རང་སྟོང་མི་ཟབ་པའོ། །བདེན་བཞི་དབྱེར་མེད་ནི་དོན་དམ་བདེན་པ་གཅིག་ཉིད་བདེན་བཞིའི་ཚུལ་གྱི་རྣམ་པ་ཅན་ཏེ། བཞི་གའང་གཞན་སྟོང་ཟབ་མོའོ། །ཆོས་བཞི་ནི་སྦྱང་གཞི་དང་སྦྱང་བྱ་དང་སྦྱོང་བྱེད་དང་སྦྱངས་འབྲས་ཏེ། འདུས་མ་བྱས་ནམ་མཁའ་དང༌། དེ་ལ་གནས་པའི་སྤྲིན་དང༌། དེ་འཐོར་བའི་རླུང་དང༌། སྤྲིན་སངས་པའི་ནམ་མཁའ་རྣམས་ཀྱི་དཔེས་ཤེས་པར་བྱའོ། །དེ་ལ་མཐར་ཐུག་གི་སྦྱང་གཞི་དང༌། སྦྱང་འབྲས་ནི་གཞན་སྟོང་ཟབ་མོ་ཡིན་ཞིང༌། ལྷག་མ་རྣམས་ནི་རང་སྟོང་མི་ཟབ་པའོ། །ཆོས་ལྔ་ནི། མིང་དང༌། རྒྱུ་མཚན་དང༌། རྣམ་པར་རྟོག་པ་དང༌། དེ་བཞིན་ཉིད་དང༌། ཡང་དག་པའི་ཡེ་ཤེས་ཏེ། དེ་བཞིན་ཉིད་ནི་གཞན་སྟོང་ཟབ་མོ་ཡིན་ལ། ལྷག་མ་བཞི་ནི་རང་སྟོང་ངོ༌། །ལ་སོགས་པའི་སྒྲས་ཤེས་བྱའི་སྡུད་བྱེད་གསུམ་ནི་གཟུགས་ཀྱི་ཕུང་པོ་དང༌། ཆོས་ཀྱི་ཁམས་དང༌། ཡིད་ཀྱི་སྐྱེ་མཆེད་དེ། དེ་རྣམས་སུ་མི་འདུ་བའི་ཆོས་འགའ་ཡང་མེད་པའི་ཕྱིར་རོ། །དེ་ལ་འདུས་མ་བྱས་རྣམས་ཆོས་ཀྱི་ཁམས་སུ་འདུ་ཞིང༌། དེ་བཞིན་ཉིད་ཀྱང་འདུས་མ་བྱས་ལ་འདུས་སོ། །རྫོགས་ལྡན་ཆོས་མཆོག་རྣམས་ལ་གོམས་བྱས་ན། །ཞེས་པ་ནས། ལོག་བཤད་དེ་འདྲ་སྤོང་གྱུར་ཅིག །ཅེས་པའི་མཐར་ཐུག་པ་ནི་གསལ་ལོ། །གལ་ཏེ་དེ་རྣམས་ཐམས་ཅད་ཀུན་རྫོབ་ཡིན། །དོན་དམ་བདེན་པ་ཅིར་ཡང་མ་གྲུབ་པས། །སྙིང་པོའི་དཀྱིལ་འཁོར་སོགས་ཀྱང་མིན་ཞེ་ན། །ཞེས་པ་ནི། གསུམ་ལྡན་མར་བཅད་སྐྱོན་ཅན་རྣམས་ཀྱི་འདོད་ལུགས་བརྗོད་ནས། དེ་སུན་དབྱུང་བ་ནི། ཁྱབ་བྱེད་ཁེགས་ན་ཁྱབ་བྱ་ཁེགས་ཕྱིར་དང༌། །ཞེས་པ་ལ་སོགས་པའོ། །གལ་ཏེ་དོན་དམ་བདེན་པ་ཅིར་ཡང་མ་གྲུབ་ན། རི་བོང་གི་རྭ་བཞིན་དུ་དོན་དམ་བདེན་པ་གཏན་ནས་ཁེགས་པར་འགྱུར་ལ། དེ་ཁེགས་ན་ཀུན་རྫོབ་ཀྱི་རྟེན་དང་ཁྱབ་བྱེད་ཁེགས་པ་ཡིན་པས་ཀུན་རྫོབ་ཀྱང་ཁེགས་པར་འགྱུར་བ་ལ་སོགས་པ། སྙིང་པོ་ཁེགས་ན་དྲི་མ་ཁེགས་འགྱུར་ཞིང༌། །ཞེས་པའི་བར་ནི་རབ་ཏུ་གསལ་ཏེ། རྟེན་དང་ཁྱབ་བྱེད་ཁེགས་ན་བརྟེན་པ་དང་ཁྱབ་བྱ་ཁེགས་པའི་ཕྱིར་རོ། །དེས་ན་གཙང་བ་དང་བདག་མཆོག་དང་བདེ་ཆེན་དང་རྟག་པ་ཁེགས་ན་བདེ་གཤེགས་སྙིང་པོ་ཁེགས་པར་འགྱུར་ལ། དེ་ཁེགས་ན་མི་རྟག་པ་དང་མི་གཙང་བ་ལ་སོགས་པ་ཆོས་ཐམས་ཅད་ཁེགས་པར་འགྱུར་ཞིང༌། སངས་རྒྱས་མེད་ན་སེམས་ཅན་མེད་པར་འགྱུར་བ་ལ་སོགས་པའི་རྒྱུ་མཚན་ཡང་སྔར་བསྟན་པ་རྣམས་དང་གནད་གཅིག་གོ །

འབྲེལ་བ་གྲུབ་པའི་རྟེན་དང་བརྟེན་པ་ཡོད། །འབྲེལ་བ་མེད་པའི་རྟེན་དང་བརྟེན་པ་ཡོད། །འབྲེལ་བ་ཡོད་པའི་ཁྱབ་བྱེད་ཁྱབ་བྱ་ཡོད། །འབྲེལ་བ་མེད་པའི་ཁྱབ་བྱེད་ཁྱབ་བྱ་ཡོད། །ངོ་བོ་གཅིག་པའི་རྟེན་དང་བརྟེན་པ་ཡོད། །ངོ་བོ་སོ་སོའི་རྟེན་དང་བརྟེན་པ་ཡོད། །ངོ་བོ་གཅིག་པའི་ཁྱབ་བྱེད་ཁྱབ་བྱ་ཡོད། །ངོ་བོ་སོ་སོའི་ཁྱབ་བྱེད་ཁྱབ་བྱ་ཡོད། །དེ་དག་རྣམས་ཀྱི་ཁྱད་པར་ལེགས་རྟོགས་ནས། །སངས་རྒྱས་བསྟན་པ་གསལ་བར་བྱེད་གྱུར་ཅིག །ཅེས་པ་ནི་མན་ངག་གི་ཚིགས་སུ་བཅད་པའོ།།

ཤེས་བྱ་ལ་ནི་འདུས་བྱས་འདུས་མ་བྱས། །ཞེས་པ་ནས། རང་བཞིན་བདེ་བ་ཆེན་པོའི་ཡེ་ཤེས་ཡིན། །ཞེས་པའི་བར་ནི་རྫོགས་ལྡན་གྱི་ལུགས་ཏེ་ཁྱད་པར་འཕགས་པའོ། །ཆོས་དབྱིངས་དེ་བཞིན་ཉིད་ལ་མཐར་ཐུག་གི་ཤེར་ཕྱིན་ཟབ་མོར་གསུངས་པ་ཡང་རྫོགས་ལྡན་ཆོས་མཆོག་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པས་ཞུས་པར། ཕུང་པོ་ཁམས་སྐྱེ་མཆེད་རྟེན་འབྲེལ་ལ་སོགས་པ་ཆོས་ཐམས་ཅད་ཤེར་ཕྱིན་མ་ཡིན་གྱི། ཆོས་དེ་རྣམས་ཀྱི་དེ་བཞིན་ཉིད་དང༌། མ་ནོར་བ་དེ་བཞིན་ཉིད་དང༌། གཞན་མ་ཡིན་པ་དེ་བཞིན་ཉིད་དང༌། ཇི་ལྟ་བ་བཞིན་གྱི་དེ་བཞིན་ཉིད་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་པའི་དོན་འདི་རྒྱ་ཆེ་རབ་འབྱམས་བཀའ་སྩལ་ཞིང༌། ཡུམ་བར་མར་ཡང༌། ཀེའུ་ཤི་ཀ །དེ་ནི་འདི་ལྟར་ཆོས་ཀྱི་དབྱིངས་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་གཉིས་སུ་མེད་དོ་གཉིས་སུ་བྱར་མེད་དོ། །ཞེས་དང༌། ཤེར་ཕྱིན་གྱི་མཚན་བརྒྱ་རྩ་བརྒྱད་པར་ཡང༌། རྣམ་མཁྱེན་དང༌། ཡང་དག་པའི་མཐའ་དང༌། དེ་བཞིན་ཉིད་དང༌། མ་ནོར་བ་དེ་བཞིན་ཉིད་དང༌། གཞན་མ་ཡིན་པ་དེ་བཞིན་ཉིད་དང༌། བདེན་པ་དང༌། དེ་ཁོ་ན་དང༌། ཡང་དག་པ་དང༌། ཕྱིན་ཅི་མ་ལོག་པ་ཉིད་དང༌། ཆོས་ཉིད་དང༌། ཆོས་ཀྱི་དབྱིངས་དང༌། ཆོས་ཀྱི་གནས་ཉིད་དང༌། ཆོས་མི་འགྱུར་བ་ཉིད་དང༌། ཆོས་སྐྱོན་མེད་པ་ཉིད་དང༌། ཞེས་པ་དང༌། འཇམ་དཔལ་ཞལ་གྱི་ལུང་ལས་ཀྱང༌། དེ་ལྟར་ཆོས་ཀུན་དེ་བཞིན་ཉིད། །དཔག་མེད་དམ་པའི་ཕུན་སུམ་ཚོགས། །དེ་དམིགས་ཡང་དག་སྐྱེ་འགྱུར་བ། །སྒོམ་པའི་ཆོ་ག་རྣམ་བཤད་པ། །རྣམ་གྲངས་དག་ཀྱང་རབ་ཏུ་བསྟན། །དེ་བཞིན་ཉིད་དང་ཡང་དག་མཐའ། །བསམ་གྱིས་མི་ཁྱབ་པ་ཡི་དབྱིངས། །ཆོས་ཉིད་དང་ནི་ཆོས་སྐྱོན་མེད། །སྟོང་པ་ཉིད་དང་མཚན་མ་མེད། །སྨོན་པ་མེད་པ་ཉིད་དང་ཡང༌། །ཉོན་མོངས་འཁྲུལ་འཁོར་འབོར་བྱེད་པ། །སྐྱེ་བ་མེད་དང་འོད་གསལ་བ། །མངོན་པར་བྱང་ནི་ཆུབ་པ་དང༌། །གཞན་གྱི་སེམས་ཞེས་བྱེད་པ་དང༌། །ལྷ་ཡི་རྣ་བ་བྱེད་པ་དང༌། །རང་བཞིན་ལྷ་ཡི་མིག་སྟེར་དང༌། །རྫུ་འཕྲུལ་དཔག་མེད་འཕྲུལ་བྱེད་དང༌། །དངོས་པོ་མཐར་ནི་ཕྱིན་པ་དང༌། །དོན་དམ་པ་ཡི་བདེན་པ་དང༌། །རྫོགས་པ་ཡི་ནི་རིམ་པ་དང༌། །ཡོངས་སུ་དག་པའི་སྐུ་གཙང་དང༌། །ཀུན་གྱི་བརྟེན་བྱ་ཉིད་དག་དང༌། །མཁའ་ལྟར་རྣམ་པར་དག་པ་དང༌། །གློ་བུར་དྲི་མས་མི་གོས་དང༌། །གདོད་ནས་དག་པ་གསལ་བ་ཉིད། །གང་གིས་ཀྱང་ནི་མི་ཤིགས་ཀྱང༌། །དངོས་པོ་དེ་ལ་མདོ་རྒྱུད་རྣམས། །དེ་འདྲ་རྣམ་པ་མཐའ་ཡས་པ། །གསུང་ཞིང་ཡང་དག་གསུང་འགྱུར་བ། །དེ་ནི་དེ་བཞིན་ཉིད་འདི་ལས། །གཞན་ནི་ཅི་ཡང་མ་གསུངས་སོ། །ཞེས་དང༌། བདག་པོ་རྡོ་རྗེ་འཆང་བ་མཆོག །རྫོགས་པའི་རིམ་པའི་རྣལ་འབྱོར་པ། །བྱ་བ་བྱས་པ་བྱེད་པ་བྱས། །དབང་ཕྱུག་ཆེན་པོ་ཁུར་ཆེན་པོར། །སེམས་མ་དཀྲུགས་པ་ཐམས་ཅད་མཁྱེན། །སྐྱེས་བུ་དཔའ་བོ་ཅང་ཤེས་པ། །གླང་པོ་ཆེན་པོ་དུལ་བ་པོ། །འཁོར་བའི་མཐའ་ཡིས་ཕ་རོལ་སོན། །དོན་དམ་དང་ནི་ཀུན་རྫོབ་ཀྱི། །བདེན་པ་གཉིས་མེད་རྣལ་འབྱོར་ཆེ། །ཐ་བ་སྤངས་པའམ་ལམ་ཀུན་རྫོགས། །ཡོན་ཏན་འབྱུང་གནས་ཀུན་ཏུ་བཟང༌། །ཐམས་ཅད་འདུས་པའི་ཁོ་ན་ཉིད། །སྐུ་སོགས་ཁམས་ཀུན་འགེགས་པ་པོ། །གོང་ན་མེད་པ་ཡང་དག་གནས། །དེ་ལ་དེ་སོགས་རབ་གྲགས་པ། །མིང་ནི་རྣམ་པ་མཐའ་ཡས་པ། །གཉིས་མེད་ཡེ་ཤེས་མཚོན་པ་སྟེ། །མདོ་དང་རྒྱུད་རྣམས་ཐམས་ཅད་དུ། །བློ་ལྡན་རྣམས་ཀྱིས་རྟོགས་པར་བྱ། །ཞེས་གསུངས་ཤིང༌། གཞན་ཡང༌། རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་ཏིང་ངེ་འཛིན་གྱི་མདོར། ཆོས་ཀྱི་དབྱིངས་ནི་སངས་རྒྱས་ཏེ་སངས་རྒྱས་ནི་ཡང་དག་པའི་མཐའོ། །ཞེས་སོགས་དང༌། ཤེར་ཕྱིན་བདུན་བརྒྱ་པར་ཡང༌། ཆོས་ཀྱི་དབྱིངས་ཉིད་བཅོམ་ལྡན་འདས་ཡིན་པའི་ཕྱིར་རོ། །ཞེས་སོགས་དང༌། ཆོས་ཀྱི་དབྱིངས་དེ་ཉིད་བྱང་ཆུབ་བོ། །ཞེས་དང༌། ཡུམ་དུ་ཡང༌། དེ་བཞིན་ཉིད་ལ་ནི་འོང་བའམ་འགྲོ་བ་མེད་དེ། དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །ཞེས་སོགས་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདུས་མ་བྱས་པ་སྟེ་གང་དང་ཡང་བྲལ་བས་མ་ཡིན་ནོ། །ཞེས་སོགས་དང༌། རབ་འབྱོར། དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་ཡང་དག་པ་དེ་བཞིན་ཉིད་ཀྱི་ཚིགས་བླ་དྭགས་སོ། །ཞེས་པ་འདི་གནོད་འཇོམས་གཉིས་ཆར་དུ་དྲངས་པ་དང༌། རབ་ཞི་རྣམ་ངེས་སུ་ཡང༌། གང་མི་བདེན་པ་དེ་དེ་བཞིན་ཉིད་མ་ཡིན་ནོ། །གང་དེ་བཞིན་ཉིད་མ་ཡིན་པ་དེ་དེ་བཞིན་གཤེགས་པ་མ་ཡིན་ནོ། །ཞེས་དང༌། རྒྱན་སྟུག་པོར་ཡང༌། དེ་བཞིན་གཤེགས་པ་ནི་རྟག་པ་བརྟན་པ་ཐེར་ཟུག་མི་འཇིག་པ་སྟེ་སངས་རྒྱས་རྗེས་སུ་དྲན་པ་སྒོམ་པའི་རྣལ་འབྱོར་ཅན་རྣམས་ཀྱི་ཡུལ་ཡིན་ཏེ། དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བསྒྲགས་པ་མྱ་ངན་ལས་འདས་པ་དབྱིངས་དང་ནམ་མཁའ་ལྟ་བུར་མི་འཇིག་པ་སྟེ། མྱ་ངན་ལས་འདས་པའི་སྒྲ་ཆོས་ཀྱི་དབྱིངས་ཀྱི་ཚིག་གིས་འདས་པ་དང༌། བྱུང་བ་དང༌། འབྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བསྟན་ཏེ། འདི་ལྟར་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང༌། མ་བྱུང་ཡང་རུང༌། ཆོས་རྣམས་ཀྱི་ཆོས་ཉིད་དང༌། ཆོས་ཀྱི་གནས་ཉིད་དང༌། ཆོས་ཀྱི་དབྱིངས་དང༌། ཆོས་སྐྱོན་མེད་པ་ཉིད་འདི་ནི་དེ་བཞིན་གཤེགས་པའོ། །ཞེས་དང༌། མངོན་རྟོགས་རྒྱན་དུ་ཡང༌། བྱང་ཆུབ་དེ་བཞིན་ཉིད་མཚན་ཉིད། །དེ་ཡང་དེ་ཡི་མཚན་ཉིད་བཞེད། །ཅེས་དང༌། མཚན་བརྗོད་དུ་ཡང༌། དོན་དམ་བདེན་པ་ཉིད། སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །ཅེས་དང༌། མདོ་སྡེའི་རྒྱན་དུ་ཡང༌། དེ་བཞིན་ཉིད་ནི་སངས་རྒྱས་འདོད། །དག་པ་མ་ཡིན་མ་དག་མིན། །ཞེས་དང༌། དཀོན་མཆོག་སྤྲིན་ལས་ཀྱང༌། དེ་ནི་དེ་བཞིན་ཉིད་ཅེས་བྱའོ། །ཡང་དག་པའི་མཐའ་ཞེས་བྱའོ། །ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ། །ཞེས་སོགས་དང༌། སངས་རྒྱས་ཕལ་པོ་ཆེར་ཡང༌། ཆོས་དབྱིངས་དམ་པ་དེ་བཞིན་གཤེགས་པ་སྟེ། །ཞེས་དང༌། ཆོས་དབྱིངས་མཐར་ཐུག་བདེ་བར་གཤེགས་པའི་སྐུ། །ཞེས་དང༌། བདེ་གཤེགས་སྙིང་པོ་བྱང་ཆུབ་འདི་ལ་ལྟོས། །ཞེས་དང༌། འདུས་མ་བྱས་ཀྱི་ཡེ་ཤེས་ཐོབ་པར་འགྱུར་བ་དང༌། ཞེས་དང༌། དེ་བཞིན་གཤེགས་པའི་ཡེ་ཤེས་འདུས་མ་བྱས་པའི་མཐར་ཐུག་པར་འགྱུར་བ་དང༌། ཞེས་སོགས་རྫོགས་ལྡན་གྱི་ལུང་རྣམ་དག་ཤིན་ཏུ་མང་པོས་གནོད་པ་ཆེན་པོ་འབབ་པའི་ཕྱིར། ལྟ་ངན་དེ་དག་དོར་ནས་རྟག་པ་དང་འདུས་མ་བྱས་ཀྱི་ཡེ་ཤེས་སྐད་ཅིག་གཅིག་དང་དུ་མ་དང་བྲལ་བའི་ཡེ་ཤེས་དང༌། དབྱིངས་རིག་དབྱེར་མེད་པའི་ཡེ་ཤེས་ལ་དད་ཅིང་གུས་པར་མཛད་ན་རྫོགས་ལྡན་གྱི་དགོངས་པ་དང་མཐུན་པར་གདའ་བས་དེ་ཁོ་ན་བཞིན་མཛད་པར་ཞུ། ཆོས་དབྱིངས་དེ་བཞིན་ཉིད་ལ་མཐར་ཐུག་གི་ཤེར་ཕྱིན་ཟབ་མོར་གསུངས་པ་ཤིན་ཏུ་མང་པོ་གང་ཡིན་པ་དེ་རྣམས་ཀྱང་རྟག་པ་འདུས་མ་བྱས་ཀྱི་ཡེ་ཤེས་ནས། ཤེས་བཅུ་རྣམ་དག་དག་པའི་བདག་གི་བར་ལ་དགོངས་པ་ཡིན་པས་དེ་ལྟར་རྟོགས་ན་རྫོགས་ལྡན་དང་མཐུན་པར་རྟོགས་པ་ལགས་པའི་ཕྱིར། དེ་བཞིན་དགོངས་པར་མཛད་དུ་གསོལ། གསུམ་ལྡན་མར་བཅད་སྐྱོན་ཅན་རྣམས་ཀྱི་ལུགས་ལ་ནི་ཤེས་རབ་གང་ཡིན་པ་ཐམས་ཅད་འདུས་བྱས་ཀྱི་དངོས་པོ་ཡིན་པར་འདོད་པས་དེའི་ཕྱིར་ཤེར་ཕྱིན་ཟབ་མོ་མཐར་ཐུག་ཀྱང༌། །འདུས་བྱས་མི་རྟག་སྐད་ཅིག་མར་ཡང་འདོད་དེ། དེས་ཀྱང་ལྟ་བའི་སྙིགས་མ་བདོ་བར་བྱས་སོ། །རྒྱུ་ལ་སྐྱེད་བྱེད་དང་ནི་ཞེས་པ་ནས། སྐྱོན་ཅན་བསླད་པའི་ལུགས། །ཞེས་པའི་མཐར་ཐུག་པ་ནི། གསུམ་ལྡན་མར་བཅད་ཀྱི་འདོད་ལུགས་བརྗོད་པའོ། །རྫོགས་ལྡན་ལ་ནི་དེ་དང་དེ་དག་ལས། །བཟློག་པའི་ཆོས་ལུགས་ཁྱད་པར་འཕགས་པ་ཡོད་དེ། རྒྱུ་ལ་སྐྱེད་བྱེད་ཀྱི་རྒྱུ་དང་བྲལ་བྱེད་ཀྱི་རྒྱུའི་རྒྱལ་ཁམས་གཉིས་དང༌། འབྲས་བུ་ལ་བསྐྱེད་པའི་འབྲས་བུ་དང༌། བྲལ་བའི་འབྲས་བུའི་རྒྱལ་ཁམས་གཉིས་སུ་གནས་པ་ཡོད་ཅིང༌། འདུས་མ་བྱས་ཀྱི་རྒྱུ་འབྲས་ཟབ་མོ་དང༌། རྟག་ཅིང་བརྟན་པའི་རྒྱུ་འབྲས་ཟབ་མོ་དང༌། རྒྱུ་འབྲས་ངོ་བོ་གཅིག་པ་དང༌། གཞི་འབྲས་ངོ་བོ་གཅིག་པ་དང༌། རྒྱུ་འབྲས་གཞན་མཆོག་ཕ་རོལ་དམ་པ་དང་པོའི་སངས་རྒྱས་ཀྱི་རྒྱུ་འབྲས་ཀྱང་ཡོད་དོ། །དེ་ལ་འདུས་མ་བྱས་རྟག་པའི་རྒྱུ་འབྲས་ནི་རྒྱུ་འབྲས་གཞན་དོན་དམ་ཆོས་ཉིད་ཀྱི་རྒྱུ་འབྲས་ཏེ་དོན་དམ་གྱི་སྟོང་ཉིད་དང་དོན་དམ་གྱི་སྙིང་རྗེ་ཆེན་པོའོ། །དོན་དམ་གྱི་ཤེས་རབ་དང་ཐབས་སོ། །དོན་དམ་གྱི་རྟེན་དང་བརྟེན་པའོ། །དོན་དམ་གྱི་སྟོང་ཆེན་དང་བདེ་ཆེན་ནོ། །དོན་དམ་གྱི་ཨེ་ཡིག་དང་ཝཾ་ཡིག་གོ །དོན་དམ་གྱི་ཨ་ཡིག་དང་ཧཾ་ཡིག་གོ །དོན་དམ་གྱི་ཀྵཿཡིག་དང་ཧཾ་ཡིག་གོ །དོན་དམ་གྱི་ཀཱ་ལི་དང་ཨཱ་ལིའོ། །དོན་དམ་གྱི་ཉི་མ་དང་ཟླ་བའོ། །དོན་དམ་གྱི་རྡུལ་དང་ཁུ་བའོ། །དོན་དམ་གྱི་མཚན་མོ་དང་ཉིན་མོའོ། །དོན་དམ་གྱི་པད་མ་དང་རྡོ་རྗེའོ། །དོན་དམ་གྱི་གྲུ་གསུམ་དང་ཐིག་ལེའོ། །དོན་དམ་གྱི་བྷ་ག་དང་རྡོ་རྗེའོ། །དོན་དམ་གྱི་སེམས་དཔའ་དང་རྡོ་རྗེའོ། །དོན་དམ་གྱི་ཡུམ་དང་ཡབ་བོ། །དོན་དམ་གྱི་དཀྱིལ་འཁོར་དང་ལྷ་ཚོགས་སོ། །དོན་དམ་གྱི་སྟོང་ཉིད་བཅུ་དྲུག་གི་ཆ་ཆེན་དང་སྙིང་རྗེ་བཅུ་དྲུག་གི་ཆ་ཆེན་ནོ། །དོན་དམ་གྱི་ཟ་མ་ཏོག་དང་སངས་རྒྱས་རིན་ཆེན་ནོ། །དོན་དམ་གྱི་ཤེས་བྱ་དང་ཤེས་པའོ། །དོན་དམ་གྱི་གཙོ་མོ་དང་གཙོ་བོའོ། །དོན་དམ་གྱི་དེ་བཞིན་གཤེགས་མ་དང་གཤེགས་པའོ། །དོན་དམ་གྱི་བྱང་ཆུབ་སེམས་མ་དང་བྱང་ཆུབ་སེམས་དཔའོ། །དོན་དམ་གྱི་ཁྲོ་མོ་དང་ཁྲོ་བོའོ། །དོན་དམ་གྱི་ལྷ་མོ་ཐམས་ཅད་དང་ཕོ་ཐམས་ཅད་དེ་རྒྱས་པར་ཕྱེ་ན་དཔག་ཏུ་མེད་དོ། །དེ་ཐམས་ཅད་གཉིས་སུ་མེད་པར་གཅིག་ཏུ་འདྲེས་པའི་སྐུ་སྟེ། ཤེས་དང་ཤེས་བྱ་གཅིག་པའི་སྐུ། །ཞེས་པ་ལྟར་ལྷ་མོ་ཐམས་ཅད་དང་ཕོ་ཐམས་ཅད་གཅིག་ཏུ་འདྲེས་པའི་སྐུ་ཞེས་པའི་བར་དུ་ཐམས་ཅད་ལ་འདོན་པ་བསྒྱུར་ཏེ། གཟུགས་སོགས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་གཅིག་ཏུ་འདྲེས་པ་པྲ་ཕབ་བརྒྱད་དང་མཚུངས་པའོ། །འདི་ནི་ཡུལ་དུས་ཐམས་ཅད་ཀྱི་དངོས་པོ་ཐམས་ཅད་ལ་ཁྱབ་པའི་ནམ་མཁའ་གཅིག་ཏུ་འདྲེས་པ་དང་མཚུངས་སོ། །དེ་ཐམས་ཅད་ལ་འདུས་བྱས་མི་རྟག་པ་ནི་ཅུང་ཟད་ཙམ་ཡང་འདྲེས་པ་མེད་ཅིང༌། རང་སྟོང་དང་རྟེན་འབྲེལ་གྱི་ཆོས་ནི་འགའ་ཙམ་ཡང་འདྲེས་པ་མེད་ལ། ཀུན་བཏགས་ཐམས་ཅད་དང་བྲལ་བའི་གཞི་འགྱུར་མེད་ཡོངས་གྲུབ། བཅོས་མ་གློ་བུར་བ་ཐམས་ཅད་དང་བྲལ་བའི་གཞི་རང་བཞིན་གཉུག་མ། མཐའ་ཐམས་ཅད་དང་བྲལ་བའི་གཞི་དབུས་མ་བར་མ་ཕུང་པོ་གསུམ་པ་རྡོ་རྗེ་སེམས་དཔའ་མ་ནིང་གི་གོ་འཕང་འགལ་འདུས་སྐྱོན་མེད། འཇིག་རྟེན་དཔེ་ལས་འདས་ཤིང་དཔེར་བྱ་ཀུན་ལས་འདས་པ། བསམ་གྱིས་མི་ཁྱབ་པའི་དབྱིངས་རིག་དབྱེར་མེད་པའི་ཁྱབ་བདག་དུ་མ་རོ་གཅིག་ནི་རྒྱུ་འབྲས་དབྱེར་མེད་དང་གཞི་འབྲས་དབྱེར་མེད་ཀྱང་ཡིན་པར་རྫོགས་ལྡན་གྱི་ཆོས་དང་གང་ཟག་ལ་གྲགས་ཀྱང༌། གསུམ་ལྡན་མར་བཅད་ཀྱི་བློར་ཤོང་བ་དཀའོ། །ཀུན་གཞི་ལ་ཡང་རྣམ་ཤེས་ཡེ་ཤེས་དང༌། །ཞེས་པ་ལ་སོགས་པ་ནི་གསལ་ཞིང་ཀུན་གཞིའི་རབ་ཏུ་དབྱེ་བར་རྒྱས་པར་བསྟན་པ་ལས་ཀྱང་ཤེས་པར་བྱའོ། །བདེ་བཤེགས་སྙིང་པོར་གསུངས་པའི་ཀུན་གཞི་དང༌། །ཞེས་པ་ནས། རང་བཞིན་འོད་གསལ་ཡིན་པའི་ཀུན་གཞི། ཞེས་པའི་བར་ནི་ལེན་པའི་རྣམ་ཤེས་དང་མི་གཅིག་ཅིང༌། ས་བོན་ཐམས་ཅད་པའི་རྣམ་ཤེས་དང་རྩ་བའི་རྣམ་ཤེས་ལ་སོགས་པ་དང་ཡང་མི་གཅིག་སྟེ། རྣམ་ཤེས་ཐམས་ཅད་དང་མི་གཅིག་པའི་ཕྱིར་རོ། །འགྱུར་མེད་ཡོངས་གྲུབ་དབུ་མ་ཆེན་པོ་དང༌། །ཞེས་པ་ནས། སངས་རྒྱས་ཀུན་བས་སྔར་སངས་རྒྱས་ཀྱང་ཡིན། །ཞེས་པའི་མཐར་ཐུག་པ་ནི་སྟོང་གཞི་དེ་བཞིན་ཉིད་ཡིན་པའི་ཕྱིར་དོན་གྱི་ངོ་བོ་ཐ་དད་པ་མེད་ཀྱང༌། གསུམ་ལྡན་མར་བཅད་དེ་འདྲའི་རྣམ་བཞག་ནུབ། །དེས་ཀྱང་ལྟ་བའི་སྙིགས་མ་བདོ་བར་བྱས་སོ། །རྫོགས་ལྡན་ཞེས་པ་ནས། དེ་འདྲ་གཞན་ཡང་ཤིན་ཏུ་མང་བར་མཆིས། །ཞེས་པའི་བར་ནི་གསལ་ལོ། །ཡོངས་གྲུབ་དང་དབུ་མ་ནི་མིང་ཙམ་ཐ་དད་ཡིན་གྱི། །དོན་ལ་ཐ་དད་མེད་དེ། སངས་རྒྱས་དང་དེ་བཞིན་གཤེགས་པ་བཞིན་ནོ། །རྫོགས་ལྡན་གྱི་ལུགས་དེ་ལྟར་ཡིན་ཡང་དེ་ལས་ཉམས་པ་གསུམ་ལྡན་མར་བཅད་ཀྱི་ལུགས་ལ་ནི། །འགྱུར་མེད་ཡོངས་གྲུབ་སེམས་ཙམ་ཁོ་ནར་འདོད། །རང་བཞིན་གསུམ་གའང་སེམས་ཙམ་ཁོ་ན་ལོ། །ཞེས་པ་ནི། སྐྱོན་ཅན་གྱི་འདོད་ལུགས་བརྗོད་པའོ། །ཡིན་ལུགས་ནི། སྐྱོན་མེད་རྫོགས་ལྡན་དབུ་མའི་གཞུང་རྣམས་སུ། །ངོ་བོ་ཉིད་གསུམ་ཡང་ཡང་གསུངས་ཕྱིར་དང༌། །ཞེས་པ་ཁྲི་བརྒྱད་སྟོང་པ་དང༌། ཉི་ཁྲི་ལྔ་སྟོང་པ་དང༌། ཤེར་ཕྱིན་ལྔ་བརྒྱ་པ་དང༌། ལང་ཀར་གཤེགས་པ་དང༌། དགོངས་པ་ངེས་འགྲེལ་དང༌། གསེར་འོད་དམ་པ་ལ་སོགས་པ་རྫོགས་ལྡན་གྱི་དབུ་མའི་གཞུང་མཆོག་མང་ཞིང་ཆེས་ཤིན་ཏུ་མང་བ་རྣམས་སུ་ཡང་ཡང་གསུངས་པའི་ཕྱིར་དང༌། སེམས་ཙམ་གཞུང་དུ་དེ་སྐད་མ་གསུངས་ཏེ། འགྱུར་མེད་ཡོངས་གྲུབ་དང་སེམས་ཙམ་གྱི་གྲུབ་མཐའ་འགལ་བའི་ཕྱིར་རོ། །ཇི་ལྟར་འགལ་ཞེ་ན། སེམས་ཙམ་པ་ནི་རྣམ་ཤེས་སྐད་ཅིག་མ་དོན་དམ་དུ་བདེན་པར་འདོད་པའི་ཕྱིར་དང༌། འགྱུར་མེད་ཡོངས་གྲུབ་ནི་རྣམ་ཤེས་དང་སྐད་ཅིག་ལས་འདས་པ་དོན་དམ་འདུས་མ་བྱས་ཀྱི་དབྱིངས་རིག་དབྱེར་མེད་ཡིན་པའི་ཕྱིར་དང༌། རྣམ་ཤེས་སྐད་ཅིག་མ་ནི་འདུས་བྱས་མི་རྟག་པ་བཅོས་མ་གློ་བུར་བ་མཐའ་མའི་ཆོས་ཡིན་པའི་ཕྱིར་དང༌། འགྱུར་མེད་ཡོངས་གྲུབ་ནི་འདུས་མ་བྱས་རྟག་པའི་རང་བཞིན་གཉུག་མ་མཐའ་དང་བྲལ་བའི་དབུས་ཡིན་པའི་ཕྱིར་རོ། །དེས་ན་རྣམ་ཤེས་སྐད་ཅིག་མ་ནི་འགྱུར་མེད་ཡོངས་གྲུབ་ཏུ་འདོད་པར་མི་ནུས་ཏེ་འགྱུར་བའི་ཆོས་ཅན་ཡིན་པའི་ཕྱིར་རོ། །དེའི་སྟོང་ཆ་ལ་འགྱུར་མེད་ཡོངས་གྲུབ་ཏུ་བྱེད་དོ་ཞེ་ན། བྱེད་ལ་རག་མོད། གནོད་བྱེད་ནི་སྤྱི་བོར་ཐོག་ལྷུང་བ་ལྟ་བུ་མང་དུ་འོང་ངོ༌། །དེ་གང་ཞེ་ན། འགྱུར་མེད་ཡོངས་གྲུབ་ཡིན་པའི་སྟོང་ཆ་དེ་རང་སྟོང་ཡིན་ནམ་གཞན་སྟོང་ཡིན། རང་སྟོང་ཡིན་ན་མེད་དགག་ཡིན་པས་ཡོངས་སུ་གྲུབ་པ་ཡིན་པར་འགལ་ཏེ། ཡོངས་སུ་གྲུབ་པ་ནི་སྒྲུབ་ཆོས་ཡིན་པའི་ཕྱིར་རོ། །གཞན་སྟོང་ཡིན་ན་དེའི་སྟོང་གཞི་གང་ཡིན། ཆོས་ཀྱི་དབྱིངས་ཡིན་ནོ་ཞེ་ན། ཁོ་བོ་ཅག་གི་འདོད་པ་བསྒྲུབས་ཏེ། རྣམ་ཤེས་སྐད་ཅིག་མས་སྟོང་པའི་གཞི་ཆོས་ཀྱི་དབྱིངས་གང་ཡིན་པ་དེ་ཉིད་དབུ་མ་ཆེན་པོ་ཡིན་ཞིང༌། དེ་ཉིད་འགྱུར་མེད་ཡོངས་གྲུབ་ཀྱང་ཡིན་པའི་ཕྱིར་རོ། །དེས་ན་ཇི་སྲིད་དུ་རྣམ་ཤེས་ཀྱི་ཆོས་ལས་མ་འདས་པ་དེ་སྲིད་དུ། གཉིས་མེད་ཡེ་ཤེས་ཚུལ་འཆང་མ་ཡིན་པས་དབུ་མ་ཆེན་པོ་མ་ཡིན་པ་ལྟར་འགྱུར་མེད་ཡོངས་གྲུབ་ཀྱང་མ་ཡིན་ནོ། །གང་གི་ཚེ་རྣམ་ཤེས་ཀྱི་ཆོས་ལས་འདས་པ་དེའི་ཚེ་འགྱུར་མེད་ཡོངས་གྲུབ་ཐོབ་ཀྱང་སེམས་ཙམ་ལས་འདས་པ་ཡིན་ནོ། །དེའི་ཕྱིར་འགྱུར་མེད་ཡོངས་གྲུབ་ནི་དབུ་མ་ཡིན་གྱི་སེམས་ཙམ་མ་ཡིན་ནོ། །སེམས་ཙམ་ནི་འདུས་བྱས་ཀྱི་དངོས་པོ་ཡིན་པས་མཐའ་མ་ཡིན་གྱི་དབུ་མ་མ་ཡིན་ནོ། །བཅོས་མ་གློ་བུར་བ་འདུས་བྱས་ཀྱི་ཆོས་ཡིན་གྱི། རང་བཞིན་གཉུག་མ་འདུས་མ་བྱས་ཆོས་ཉིད་ནི་མ་ཡིན་ནོ། །འདིར་སེམས་ཙམ་ལ་ཡང་བདེན་གཉིས་རྣམ་དབྱེ་ཤེས་དགོས་ཤིང༌། དོན་དམ་གྱི་སེམས་ཙམ་ནི་དབུ་མ་དང་གཅིག་སྟེ། དོན་དམ་གྱི་སེམས་ལས་གཞན་པའི་ཆོས་འགའ་ཡང་གཤིས་ལ་མེད་པའི་ཕྱིར་དང༌། དོན་དམ་གྱི་སེམས་ནི་གང་གིས་ཀྱང་གཞོམ་དུ་མེད་པར་རྟག་ཏུ་དེ་བཞིན་ཉིད་དུ་མཁའ་ཁྱབ་ཏུ་བཞུགས་པའི་ཕྱིར་རོ། །ཀུན་རྫོབ་ཡིན་པའི་སེམས་ཙམ་ནི་དེང་སངས་ཡོངས་སུ་གྲགས་པའི་སེམས་ཙམ་འདི་དང་གཅིག་སྟེ། འདི་ལ་ནི་རྣམ་པར་ཤེས་པར་སྨྲ་བ་ཞེས་གསུངས་སོ། །གཞན་ལ་ནི་གཉིས་མེད་ཡེ་ཤེས་སུ་སྨྲ་བ་ཞེས་པར་དོན་གྱིས་ གནས་ཏེ། ཆོས་ཀྱི་དབྱིངས་ལས་གཞན་པའི་ཆོས་མེད་པར་གསུངས་པ་དེ་ཉིད་གཉིས་མེད་ཡེ་ཤེས་ལས་གཞན་པའི་ཆོས་མེད་ཅེས་པའི་དོན་ཏེ། གཤིས་ལུགས་ཟབ་མོ་མཐར་ཐུག་པའི་སྐབས་སོ། །དེ་བཞིན་དུ། དབུ་མ་ཆེན་པོ་ལས་གཞན་པའི་ཆོས་མེད་པ་དང༌། ཕྱག་རྒྱ་ཆེན་པོ་དང༌། མྱང་འདས་ཆེན་པོ་དང༌། དུས་འཁོར་བདེ་དགྱེས་གསང་འདུས་ལ་སོགས་པ་དོན་དམ་གྱི་ལྷ་དང་སྔགས་དང་རྒྱུད་དང་དཀྱིལ་འཁོར་དང་ཕྱག་རྒྱ་ལ་སོགས་པ་གཤིས་ལུགས་ཟབ་མོ་མཐར་ཐུག་པ་ཐམས་ཅད་ལ་འདོན་པ་བསྒྱུར་རོ། །དེའི་ཕྱིར། ངོ་བོ་ཉིད་གསུམ་དབུ་མ་ཁོ་ན་ཡི། །ཆོས་ལུགས་ཡིན་པར་རྫོགས་ལྡན་ལུགས་ལས་བྱུང༌། །སེམས་དང་ཤེས་པ་དང་རིག་པ་དང་རང་རིག་དང་བདེ་བ་ལ་ཡང་བདེན་གཉིས་རྣམ་དབྱེ་མ་ཤེས་པ་དེའི་ཕྱིར་དེ་འདྲའི་རྣམ་བཞག་མ་ཤེས་ཤིང་ངོ་བོ་ཉིད་གསུམ་སེམས་ཙམ་པ་ཁོ་ནའི་ཆོས་སྐད་ཡིན་ཞེས་པའམ། སེམས་ཙམ་པའི་ཆོས་སྐད་ཐུན་མོང་མ་ཡིན་པ་ཡིན་ཞེས། རྣམ་པར་འཁྲུགས་པས་ལྟ་བའི་སྙིགས་མ་བྱུང༌། །ཡོངས་གྲུབ་ལ་སོགས་རང་བཞིན་གསུམ་སྟོན་པའི། །དབུ་མ་རྣམས་ཀྱང་སེམས་ཙམ་གཞུང་དུ་ཕབ་སྟེ། བཀའ་འཁོར་ལོ་གསུམ་པ་དང༌། མདོ་སྡེའི་རྒྱན་དང༌། དབུས་མཐའ་རྣམ་འབྱེད་ལ་སོགས་པ་དབུ་མ་ཆེན་པོའི་གཞུང་ཡིན་ངེས་པ་ཤིན་ཏུ་མང་པོ་རྣམ་པར་ཤེས་པ་ཙམ་དུ་སྨྲ་བའི་གཞུང་དུ་ཕབ་ཅིང༌། དེ་དག་སྟོན་པའི་མཁས་པ་ཆེན་པོ་སློབ་དཔོན་དབྱིག་གཉེན་དང༌། ཕྱོགས་གླང་ལ་སོགས་པ་དབུ་མ་ཆེན་པོ་དག་ཀྱང་སེམས་ཙམ་པ་རུ་ཕབ་སྟེ། དེ་རྣམས་ཀྱིས་ནི་རྫོགས་ལྡན་གྱི་སྲོལ་བཟང་པོ་བཀག་ཅིང༌། གསུམ་ལྡན་མར་བཅད་ཀྱི་སྲོལ་ངན་པ་དར་བར་བྱའོ། །ཇི་ལྟར་བྱས་ཞེ་ན། ཐམས་ཅད་རང་སྟོང་ཡིན་པས་དོན་དམ་དང་དབུ་མ་དང་ཆོས་སྐུ་ལ་སོགས་པ་ཅིར་ཡང་མ་གྲུབ་ཅེས། །སྟོན་པའི་གཞུང་ངན་སྐུར་འདེབས་མཐར་ལྷུང་ཞིང༌། །མེད་པ་ཆད་པའི་ཕྱོགས་སུ་ལྷུང་རྣམས་ལ། །དབུ་མ་ཡིན་ཞེས་བླུན་པོའི་དད་པས་བསྟོད་བཀུར་དང་བསྔགས་པ་བྱེད་པ་དང༌། དེ་རྣམས་རྩོམ་པ་པོ་དང་དེ་ལྟར་སྟོན་པར་བྱེད་པ་རྣམས་ལ་ཡང་དབུ་མ་པ་ཆེན་པོ་ཡིན་ཞེས་བསྟོད་བཀུར་དང་བསྔགས་པ་བྱེད་པ་དེ་རྣམས་ཀྱང་དེ་མ་ཡིན་ལ་དེར་འཛིན་ཡིན་ཏེ། མཐའ་མ་ཡིན་པ་ལ་དབུ་མར་འཛིན་པ་དང༌། མཐའ་མ་པ་ཡིན་པ་ལ་དབུ་མ་པ་ཆེན་པོར་འཛིན་པའི་ཕྱིར། ཤེས་རབ་འཆལ་བའི་རྣམ་འགྱུར་ཡང་ཡིན་ལ། བདུད་ཀྱི་རིས་རྣམས་སྙིང་ལ་ཞུགས་པའི་ཚིག་གིས་བསླུས་པ་ཡང་ཡིན་ཞིང༌། དེ་རྣམས་ཀྱང༌། གསུམ་ལྡན་མར་བཅད་བྱུང་གི་རྫོགས་ལྡན་ལ། །དེ་འདྲའི་ལྟ་ངན་རི་བོང་རྭ་དང་མཚུངས་སོ། །གསུམ་ལྡན་མར་བཅད། ཅེས་པ་ནས། དོན་དམ་ཅིར་མ་གྲུབ་དང་མི་འགལ་ལམ། །ཞེས་པའི་བར་འདིས་ནི། དོན་དམ་བདེན་པ་ཅིར་ཡང་མ་གྲུབ་ཀྱང༌། ཀུན་རྫོབ་ལ་སྐུར་བ་མི་འདེབས་པས་སྐྱོན་གང་ཡང་མེད་ཅེས་འདོད་པ་ཡང་བསལ་བ་ཡིན་ཏེ། དོན་དམ་མེད་པར་འདོད་ན། དེ་ལས་སྐྱོན་ཆེ་བ་གཞན་མེད་ཅིང༌། སེན་མོ་མ་བཅད་ན་མགོ་བཅད་ཀྱང་མི་སྐྱོན་ཞེས་འདོད་པ་དང་མཚུངས་པར་བསྟན་པ་ཡང་ཡིན་ནོ། །གཞན་རྣམས་ནི་རྟོགས་པར་སླའོ། །དབུ་མ་ལ་ཕྱེ་ན་རང་རྒྱུད་དུ་སྒྲུབ་པ་དང་ཐལ་འགྱུར་དུ་འཕེན་པ་ཞེས་གཉིས་སུ་འབྱེད་པ་གསུམ་ལྡན་མར་བཅད་སྐྱོན་ཅན་གྱི་ལུགས་ལ་རབ་ཏུ་གྲགས་ཀྱང་དེ་དབུ་མའི་དབྱེ་བར་མི་རུང་སྟེ། །དེ་བཞིན་ཉིད་ཀྱི་དབྱེ་བར་མི་རུང་བའི་ཕྱིར་དང༌། རང་བཞིན་གྱི་རིགས་དང་ཆོས་ཉིད་ངོ་བོ་ཉིད་སྐུའི་དབྱེ་བར་མི་རུང་བའི་ཕྱིར་དང༌། དོན་དམ་གྱི་ལྷ་དང༌། སྔགས་དང༌། རྒྱུད་དང༌། དཀྱིལ་འཁོར་དང༌། ཕྱག་རྒྱ་ལ་སོགས་པ་གཤིས་ལུགས་ཟབ་མོ་ཐམས་ཅད་ཀྱི་དབྱེ་བར་མི་རུང་བའི་ཕྱིར་རོ། །ཁྱབ་པ་ཡོད་དེ། གཤིས་ལུགས་ཟབ་མོ་དེ་རྣམས་གང་ཡང་མ་ཡིན་ན་དབུ་མ་ཡིན་མི་སྲིད་པས། དབུ་མ་དབྱེ་གཞི་དང༌། ཕྱེ་བའི་ཡ་གྱལ་གང་ཡང་ཡིན་མི་སྲིད་པའི་ཕྱིར་རོ། །དེ་འདྲ་རྫོགས་ལྡན་ཞེས་པ་ནས། མཁས་པ་ཆེན་པོར་འགྱུར། །ཞེས་པའི་མཐར་ཐུག་པ་ནི་རབ་ཏུ་གསལ་ལོ། །རང་རྒྱུད་དུ་སྒྲུབ་པ་དང་ཐལ་འགྱུར་དུ་འཕེན་པ་གཉི་ག་འདུས་བྱས་ཀྱི་དངོས་པོ་ཡིན་པ་དེའི་ཕྱིར་དེ་དག་དངོས་པོའི་མཐར་ལྷུང་ཞིང༌། །ཡོད་པའི་ཕྱོགས་སུ་ཆད་པའི་ཕྱིར་དབུ་མ་བར་མ་ཕུང་པོ་གསུམ་པ་མ་ནིང་གི་གོ་འཕང་མིན་ནོ། །དབུ་མ་མིན་པ་དབུ་མའི་དབྱེ་གཞི་ལ་སོགས་པར་མི་རུང་སྟེ། །ཞེས་པ་ནས། རྫོགས་ལྡན་ལུགས་ནི་དེ་ལྟར་ཡིན་མོད་ཀྱང༌། །ཞེས་པའི་མཐར་ཐུག་པ་ནི་གོ་སླའོ། །གསུམ་ལྡན་མར་བཅད་སྐྱོན་ཅན་རྣམས་ན་རེ། །ཞེས་པ་ནས། དབུ་མའང་དབུ་མས་སྟོང་པ་ཡིན་ཕྱིར་ལོ། །ཞེས་པའི་མཐར་ཐུག་པ་ནི་གོ་སླ་ཡང་སྐྱུག་བྲོ་བ་དང༌། ཡིད་འབྱུང་བ་དང༌། སྐྱོ་ཤས་ཆེ་བ་དང༌། སྙིང་རྗེ་ཆེན་པོ་སྐྱེ་བ་ཡང་ཡིན་ནོ། །དེ་ལྟར་ཡིན་ན་དོན་དམ་ཆོས་སྐུ་དང༌། །ཞེས་པ་ནས། གཞན་སྟོང་ཟབ་མོ་ཡིན་པར་གསུངས་ཕྱིར་རོ། །ཞེས་པའི་བར་གྱིས་ལྟ་ངན་དེ་དག་སུན་ཕྱུང་བའོ། །མདོ་རྒྱུད་རྣམ་དག་ཟབ་མོ་ཐམས་ཅད་དུ། །ཞེས་པ་ནས། རྣམ་དག་རྒྱུད་སྡེ་རྣམས་ཀྱང་དེ་བཞིན་ནོ། །ཞེས་པའི་མཐར་ཐུག་པས་ནི་རྒྱས་པར་བཤད་པ་ཡིན་ནོ། །གསུམ་ལྡན་མར་བཅད་ཀྱི་མཁས་པ་ཕལ་ན་རེ། །ཀུན་རྫོབ་ཀྱི་རྟེན་འབྲེལ་གང་ཡིན་དབུ་མ་ཆེན་པོ་དང༌། དབུ་མ་གང་ཡིན་ཡང་རྟེན་འབྲེལ་ཡིན་པས་དེ་གཉིས་ཁྱབ་མཉམ་ངོ་བོ་གཅིག་པ་ཡིན་ནོ་ལོ། །དེ་ལྟར་ཡིན་ན་འདུས་བྱས་མི་རྟག་པ་འང༌། །ཞེས་པ་ནས། འདོད་ན་ཆོས་ཅན་དང་ཡང་འགལ་བར་འགྱུར། །ཞེས་པའི་བར་གྱིས་ལྟ་ངན་དེ་དག་སུན་ཕྱུང་བ་ཡིན་ནོ། །དེ་བཞིན་དུ། དབུ་མ་དང་རྟེན་འབྲེལ་ཁྱབ་མཉམ་ངོ་བོ་གཅིག་པར་འདོད་ན་ཡང་འདུས་མ་བྱས་ཡིན་པའི་ཡོངས་གྲུབ་བཅུ་གཉིས་ཀྱང་རྟེན་འབྲེལ་ཡིན་པར་འགྱུར་ཏེ། དབུ་མ་ཡིན་པའི་ཕྱིར་རོ། །འདོད་ན་འདུས་བྱས་མི་རྟག་པ་ཡིན་པར་འགྱུར་ཏེ། རྟེན་འབྲེལ་འདི་ཡིན་པའི་ཕྱིར་རོ། །དེ་ཡང་འདོད་ན་བརྫུན་པ་བསླུ་བའི་ཆོས་སུ་ཡང་འགྱུར་ཏེ། དབུ་མ་རྩ་ཤེར། བཅོམ་ལྡན་འདས་ཀྱི་ཆོས་གང་ཞིག །སླུ་བ་དེ་ནི་བརྫུན་ཞེས་གསུངས། །འདུས་བྱས་ཐམས་ཅད་སླུ་བའི་ཆོས། །དེས་ན་དེ་དག་བརྫུན་པ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང༌། རྟེན་འབྲེལ་དང་སྟོང་ཉིད་ཁྱབ་མཉམ་ངོ་བོ་གཅིག་ཏུ་འདོད་པ་ལ་སོགས་པ་ལྟ་བ་ངན་པ་གཟིང་གཟིང་བ་ནང་འགལ་སྣ་ཚོགས་འདུས་པ་འདི་རྣམས་ཐམས་ཅད་ལ་ཡང་རྫོགས་ལྡན་གྱི་ལུང་རིགས་ཡང་དག་ཐེ་ཚོམ་གྱི་དྲ་བ་ཐམས་ཅད་གཅོད་པར་བྱེད་པ་ཁྱད་པར་འཕགས་པ་རྣམས་བསྟན་པར་བྱའོ། །དེ་ཕྱིར་རྟེན་ཅིང་འབྲེལ་འབྱུང་གསུངས་པ་ལ། །བདེན་གཉིས་ཀྱི་རྣམ་དབྱེ་རྫོགས་ལྡན་གྱི་ཆོས་ལས་གསུངས་ཏེ། ཀུན་རྫོབ་ཡིན་པའི་རྟེན་འབྲེལ་ལེགས་པར་རྟོགས་པ་ནི་འདུས་བྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་ན་ཅིར་ཡང་མ་གྲུབ་ཀྱང་ཐ་སྙད་ཀུན་རྫོབ་ཏུ་མི་སླུ་བར་རྟོགས་ནས་བླང་དོར་ཕྱིན་ཅི་མ་ལོག་པ་བྱེད་པའི་ཕྱིར། དབུ་མ་ཆེན་པོའི་གྲོང་ཁྱེར་དུ་འཇུག་པའི་ལམ་ཡིན་གྱི་རྟེན་འབྲེལ་ལས་འདས་པ་མ་ཡིན་པས་དབུ་མ་དངོས་ནི་མ་ཡིན་ནོ། །དེ་བཞིན་དུ། ཤེར་ཕྱིན་དང༌། ཕྱག་རྒྱ་ཆེན་པོ་དང༌། དུས་འཁོར་བདེ་དགྱེས་གསང་འདུས་ལ་སོགས་པ་ཟབ་མོ་མཐར་ཐུག་ཐམས་ཅད་ལ་གཞི་དང་བྲལ་འབྲས་གང་ཡིན་པ་འདུས་མ་བྱས་རྟེན་འབྲེལ་ལས་འདས་པ་དང༌། ལམ་གང་ཡིན་པ་འདུས་བྱས་རྟེན་འབྲེལ་ལས་མ་འདས་པ་ཡིན་པའི་ཚུལ་ལེགས་པར་རྟོགས་པར་བྱས་ནས་འདོན་པ་བསྒྱུར་རོ། །དོན་དམ་རྟེན་འབྲེལ་ཆོས་དབྱིངས་ཟབ་མོ་ནི། །རྟེན་འབྲེལ་འདི་མིན་རྟེན་འབྲེལ་གཞན་མཆོག་ཡིན། །ཞེས་པ་ནི། ཕྱི་ནང་ཀུན་རྫོབ་ཀྱི་རྟེན་འབྲེལ་འདི་མིན་གྱི། འདི་ལས་གཞན་མཆོག་ཕ་རོལ་དམ་པ་དང་པོའི་སངས་རྒྱས་ཀྱི་རྟེན་འབྲེལ་ཏེ་འགལ་འདུས་སྐྱོན་མེད་འཇིག་རྟེན་དཔེ་ལས་འདས་པའི་རྟེན་འབྲེལ་ལོ། །དེ་ནི་སྲིད་པའི་རྩ་བ་ཡན་ལག་བཅུ་གཉིས་གདོད་ནས་རང་བཞིན་གྱིས་བཏོན་པའི་གཞི་ཡིན་ཞིང༌། དྲི་མ་དེ་རྣམས་ཀྱིས་གདོད་ནས་རང་བཞིན་གྱིས་དག་པའི་གཞི་དོན་དམ་གྱི་ས་བཅུ་གཉིས་དབྱེར་མེད་དུ་འཆང་བ་ཡང་ཡིན་ལ། དེ་རྣམས་ཉིད་དོན་དམ་དུ་བདེན་པའི་དོན་རྡོ་རྗེ་བཞིའི་ཞལ་བཅུ་གཉིས་དང༌། མ་རིག་པ་གཞན་ནས་རྒ་ཤི་གཞན་གྱི་བར་དང་གདོད་ནས་རང་བཞིན་གྱིས་དག་པ་དང་རྣམ་པར་དག་པ་དང་ཤིན་ཏུ་རྣམ་པར་དག་པའི་མ་རིག་པ་ནས་རྒ་ཤིའི་བར་ཡང་ཡིན་ཞིང༌། དེ་རྣམས་ཉིད་དོན་དམ་གྱི་གནས་དང་ཉེ་བའི་གནས། ཞིང་དང་ཉེ་བའི་ཞིང༌། འདུན་པ་དང་ཉེ་བའི་འདུན་པ། འདུས་པ་དང་ཉེ་བའི་འདུས་པ། དུར་ཁྲོད་དང་ཉེ་བའི་དུར་ཁྲོད། འཐུང་གཅོད་དང་ཉེ་བའི་འཐུང་གཅོད་དེ། དོན་དམ་གྱི་གནས་སོགས་བཅུ་གཉིས་ཀྱང་ཡིན་ལ། དུས་སྦྱོར་ཉི་མ་སྟེ་བཅུ་གཉིས་ཀྱི་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྣམས་གདོད་ནས་རང་བཞིན་གྱིས་འགགས་པའི་གཞི་ཡང་ཡིན་ཞིང༌། ཡུམ་དང་ཕལ་ཆེར་སྔགས་ལས་གསུངས་པ་ཡིན། །ཞེས་པ་ལ། ཡུམ་རྒྱས་པར། མ་རིག་པ་འདུས་མ་བྱས་པ་སྟེ་གང་དང་ཡང་བྲལ་བས་མ་ཡིན་ནོ། །ཞེས་པ་ནས། རྒ་ཤི་འདུས་མ་བྱས་པ་སྟེ་གང་དང་ཡང་བྲལ་བས་མ་ཡིན་ནོ། །ཞེས་པའི་བར་དང༌། ཡུམ་བར་མ་དང༌། བསྡུས་པར་ཡང༌། ཆོས་ཐམས་ཅད་ནི་འདུས་མ་བྱས་པ་སྟེ་གང་དང་ཡང་བྲལ་བས་མ་ཡིན་ནོ། །ཞེས་གསུངས་ཏེ། ཐམས་ཅད་ཀྱི་ཁོངས་སུ་རྟེན་འབྲེལ་ཡང་འདུ་བ་ཡིན་ནོ། །སངས་རྒྱས་ཕལ་པོ་ཆེར། འདུས་མ་བྱས་ཀྱི་རྟེན་འབྲེལ་གསུངས་པ་ཡང་འདི་དང་དགོངས་པ་གཅིག་ཡིན་ལ། དཔལ་དུས་ཀྱི་འཁོར་ལོའི་རྒྱས་འགྲེལ་དྲི་མ་མེད་པའི་འོད་དུ། བདེན་པ་བཅུ་གཉིས་ནི། མ་རིག་པ་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་དང༌། མིང་དང༌། གཟུགས་དང༌། སྐྱེ་མཆེད་དྲུག་དང༌། རེག་པ་དང༌། ཚོར་བ་དང༌། སྲེད་པ་དང༌། ལེན་པ་དང༌། སྲིད་པ་དང༌། སྐྱེ་བ་དང༌། རྒ་ཤི་སྟེ་བདེན་པ་བཅུ་གཉིས་ནི་མངལ་སྐྱེས་རྣམས་ཀྱི་སྒྲིབ་པ་དང་བཅས་པ་ཡིན་ལ། སངས་རྒྱས་རྣམས་ཀྱི་ནི་སྒྲིབ་པ་དང་བྲལ་བའོ། །འཕོ་བ་བཅུ་གཉིས་ཀྱི་སྲོག་གི་དབྱེ་བས་སྲོག་གི་རླུང་རྒྱུ་བའི་ཕྱིར་མངལ་ནས་སྐྱེས་པ་རྣམས་ཀྱི་སྒྲིབ་པ་དང་བཅས་པ་ཡིན་ལ། ཡན་ལག་བཅུ་གཉིས་འགགས་པའི་ཕྱིར་སངས་རྒྱས་རྣམས་ཀྱི་ནི་སྒྲིབ་པ་དང་བྲལ་བའོ། །ཞེས་དང༌། དེ་ལྟར་ཡེ་ཤེས་རྡོ་རྗེ་ལ་ཡོན་ཏན་གསུམ་ནི། མ་རིག་པ་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པའོ། །སྐུ་རྡོ་རྗེ་ལ་མིང་དང༌། གཟུགས་དང༌། སྐྱེ་མཆེད་དྲུག་དང༌། རེག་པའོ། །གསུང་རྡོ་རྗེ་ལ་ཚོར་བ་དང༌། སྲེད་པ་དང༌། ལེན་པའོ། །ཐུགས་རྡོ་རྗེ་ལ་སྲིད་པ་དང༌། སྐྱེ་བ་དང༌། རྒ་ཤི་སྟེ་ཐིག་ལེའི་གཟུགས་ཀྱི་དབང་གིས་སོ། །དེ་ལྟར་མ་རིག་པ་ལ་སོགས་པ་སྐྱེད་པར་བྱེད་པ་མཆོག་གི་བདེ་བྱེད་ཡེ་ཤེས་རྡོ་རྗེ་དག་ནི་བཞི་པའོ། །ཞེས་པ་ནི་སྔགས་རྣམས་ཀྱི་སྐྱེ་གནས་ཏེ་ཐམས་ཅད་དུ་རྣམ་པ་བཅུ་གཉིས་པ་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་རྡོ་རྗེའོ། །ཞེས་པ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། །ཞེས་དང༌། དེ་བཞིན་དུ། ཀུན་ཏུ་འོད་ཉི་མའི་དཀྱིལ་འཁོར་ཆེན་པོ་མཛེས་པའི་ས་དང༌། བདུད་རྩིའི་འོད་ཟླ་བ་ཆེན་པོ་འོད་གསལ་བའི་ས་དང༌། ནམ་མཁའི་འོད་ནམ་མཁའ་ལྟར་རབ་ཏུ་གནས་པའི་ས་དང༌། རྡོ་རྗེའི་འོད་ཡིད་དགའ་བའི་ས་དང༌། རིན་ཆེན་འོད་མངོན་པར་དབང་བསྐུར་བ་ལ་གནས་པའི་ས་དང༌། པད་མའི་འོད་རང་བཞིན་གྱིས་དག་པའི་ཆོས་དྲི་མ་མེད་པ་ཡོངས་སུ་འཛིན་པའི་ས་དང༌། སངས་རྒྱས་ཀྱི་ལས་བྱེད་པའི་ས་དང༌། དཔེ་མེད་པའི་ས་དང༌། དཔེ་ཐམས་ཅད་ཀྱི་དཔེ་རབ་ཏུ་རྟོགས་པར་བྱེད་པའི་ས་དང༌། ཤེས་རབ་ཀྱི་འོད་བླ་ན་མེད་པའི་ས་དང༌། ཐམས་ཅད་མཁྱེན་པ་ཉིད་འོད་གསལ་བ་ཆེན་པོའི་ས་དང༌། སོ་སོའི་བདག་ཉིད་རིག་པ་རྣལ་འབྱོར་པའི་ཡེ་ཤེས་རྫོགས་པར་བྱེད་པའི་སའོ། །ཞེས་དང༌། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་དུ་ཡང༌། ཀུན་ཏུ་འོད་ཀྱི་ས་ཆེན་པོ། །དེ་ཉིད་ཉི་མའི་དཀྱིལ་འཁོར་འདྲ། །བདུད་རྩིའི་འོད་ནི་གཉིས་པ་སྟེ། །ཤིན་ཏུ་འོད་གསལ་ཟླ་བ་འདྲ། །ནམ་མཁའི་འོད་ནི་གསུམ་པ་སྟེ། །ནམ་མཁའ་ཇི་བཞིན་རབ་ཏུ་གནས། །རྡོ་རྗེའི་འོད་ནི་བཞི་པ་སྟེ། །ས་དེའི་འོད་ནི་ཡིད་དགའ་བའོ། །ལྷག་པའི་བསམ་པ་བརྟན་སྦྱོར་བས། །རྡོ་རྗེ་ཞེས་ནི་ཡོངས་སུ་བཏགས། །ལྔ་པ་རིན་ཆེན་འོད་ཅེས་བྱ། །དབང་བསྐུར་བ་ལ་རབ་ཏུ་གནས། །པད་མའི་འོད་ནི་དྲུག་པ་སྟེ། །པད་མ་བཞིན་དུ་རབ་ཏུ་སྐྱེ། །རང་བཞིན་དག་པའི་སེམས་ཉིད་ཀྱིས། །དྲི་མ་མེད་པ་ཡོངས་སུ་འཛིན། །བདུན་པ་ལས་ཀྱི་འོད་ཅེས་པ། །སངས་རྒྱས་འཕྲིན་ལས་བྱེད་པར་འདོད། །བརྒྱད་པ་དཔེ་མེད་ཅེས་པ་སྟེ། །དེ་ལ་དཔེ་ནི་ཡོད་མ་ཡིན། །དཔེ་ལྡན་ཞེས་པ་དགུ་པ་སྟེ། །ཐམས་ཅད་དཔེ་ནི་རྟོགས་པར་བྱེད། །བཅུ་པ་ཤེས་རབ་འོད་ཅེས་པ། །སངས་རྒྱས་ས་ནི་བླ་ན་མེད། །བཅུ་གཅིག་ཐམས་ཅད་མཁྱེན་པ་ཉིད། །ས་ཆེན་རབ་ཏུ་འོད་གསལ་བ། །བཅུ་གཉིས་སོ་སོའི་བདག་ཉིད་རིག །རྣལ་འབྱོར་ཡེ་ཤེས་རབ་ཏུ་རྫོགས། །ཞེས་གསུངས་ཏེ། དེ་རྣམས་ནི་དོན་དམ་འགོག་བདེན་གྱིས་བསྡུས་པའི་ས་བཅུ་གཉིས་སོ། །རབ་ཏུ་དགའ་བ་ལ་སོགས་པའི་ས་རྣམས་ནི་ཀུན་རྫོབ་ལམ་བདེན་གྱིས་བསྡུས་པའོ། །

རྒྱུད་ནི་རྒྱུད་གཞན་གྱིས་ཤེས་བྱ། །མདོ་ནི་མདོ་གཞན་གྱིས་ཤེས་བྱ། །མདོ་ཡང་རྒྱུད་ཀྱིས་ཤེས་པར་བྱ། །རྒྱུད་ཀྱང་མདོ་ཡིས་ཤེས་པར་བྱ། །གཉི་གས་གཉི་ག་ཤེས་པར་བྱ། །དེ་ཡང་ཐོས་བསམ་སྒོམ་པ་དང༌། །བཤད་སྒྲུབ་རྣམ་པར་དག་པས་སོ། །དེས་ནི་གསུང་རབ་ཟབ་དགུ་ཡི། །གཞི་ལམ་འབྲས་བུ་ཟབ་དགུ་རྟོགས། །ངེས་པའི་དོན་གྱི་གཞི་འབྲས་ཀུན། །བདེ་གཤེགས་སྙིང་པོ་ཉིད་དུ་གཅིག །ལམ་ནི་དེ་ཡི་རྣལ་འབྱོར་རོ། །དྲང་དོན་གཞི་ལམ་འབྲས་བུ་རྣམས། །དེ་རྣམས་སོ་སོའི་འཁོར་དུ་གཏོགས། །དེ་ལྟར་རྫོགས་ལྡན་ཆོས་མཆོག་དང༌། །རྒྱལ་བའི་རང་འགྲེལ་ལས་ཤེས་བྱ། །ཞེས་པ་ནི། མན་ངག་གི་ཚིགས་སུ་བཅད་པའོ། །

རྫོགས་ལྡན་མཁས་མཆོག་རྣམས་ཀྱིས་གསུངས་པ་ཡིན། །ཞེས་པ་ནི་ས་བཅུའི་དབང་ཕྱུག་རྣམས་དང༌། མཁས་གྲུབ་ཆེན་པོ་ནཱ་རོ་པཎ་ཆེན་ལ་སོགས་པས་གསུངས་པའོ། །གསུམ་ལྡན་མར་བཅད་ཕལ་གྱི་སྤྱོད་ཡུལ་མིན་ཏེ། དེ་རྣམས་ཀྱིས་ནི་དེ་ལྟར་མ་རྟོགས་ཤིང༌། དེ་ལས་ལོག་པར་འཆད་པ་མང་དུ་སྣང་བའི་ཕྱིར་རོ། །དེ་རྣམས་སེམས་ཙམ་མིན་པའི་རྒྱུ་མཚན་ནི། །མཐའ་ཐམས་ཅད་དང་བྲལ་བའི་གཞི་ཡིན་པའི་ཕྱིར་དང༌། ཀུན་རྫོབ་ཀྱི་ཆོས་ཐམས་ཅད་ཀྱིས་སྟོང་པའི་གཞི་ཡིན་པའི་ཕྱིར་དང༌། དངོས་པོ་དངོས་མེད་གང་ཡང་མ་ཡིན་གྱི་དབུས་མ་བར་མ་ཕུང་པོ་གསུམ་པ་ཡིན་པའི་ཕྱིར་དངོས་སྨྲ་མ་ཡིན་ལ། དངོས་སྨྲ་མ་ཡིན་ན། སེམས་ཙམ་གྱི་གྲུབ་མཐར་ཡང་མི་རུང་བའི་ཕྱིར་རོ། །གཞན་ཡང༌། ཀུན་རྫོབ་ཀྱི་ཆོས་ཐམས་ཅད་ཀྱིས་སྟོང་པའི་གཞི་དེ་རྣམས་ཐམས་ཅད་རྣམ་ཤེས་ཆོས་ལས་འདས། །ཞེས་པ་ནས། དེ་དག་དངོས་སྨྲའི་ཆོས་སུ་ག་ལ་རུང༌། །ཞེས་པའི་བར་ནི་གསལ་ལོ། །ཆོས་འཁོར་གསུམ་པའི་དོན་གྱི་གཙོ་བོ་དེ་བཞིན་ཉིད་ཡིན་པར་མ་ཟད་ཆོས་འཁོར་གཉིས་པའི་དོན་གྱི་གཙོ་བོ་ཡང་དེ་བཞིན་ཉིད་ཡིན་ལ། དེ་བཞིན་ཉིད་ཀྱང་དོན་དམ་འདུས་མ་བྱས་ཀྱི་སྟོབས་སོགས་ཡོན་ཏན་དཔག་ཡས་ཚང་བ་ཡིན་པའི་ཕྱིར། །མེད་དགག་མ་ཡིན་དེ་ཕྱིར་རང་སྟོང་དང༌། །ཅང་མེད་སྟོང་པ་ཆད་པའི་སྟོང་པ་མིན། །ཞེས་པ་ནས། དེ་དག་ཀུན་ལ་གུས་པས་ཕྱག་འཚལ་ལོ། །ཞེས་པ་མཐར་ཐུག་པ་ནི་གོ་སླའོ། །གསུམ་ལྡན་མར་བཅད། ཅེས་པ་ནས། བདག་ནི་མ་ཕོད་པས། །བྱ་གཏོང་བཞིན་དུ་ལེགས་པའི་སྐད་འདིར་གཏོང༌། །ཞེས་པའི་མཐར་ཐུག་པ་ནི་ལམ་ལོག་པ་ལ་ཞུགས་པ་རྣམས་མ་ཕོད་པར་ཕན་སེམས་ཆེན་པོས་ལེགས་པའི་སྐད་གཏོང་ཞིང་གྲོས་འདེབས་པ་སྟེ། ཇི་ལྟར་དགྲ་ཡིས་འཇོམས་པར་རིག་ནས་བྱ་གཏོང་བ་བཞིན་ནོ། །དེ་བཞིན་གཤེགས་པ་བྱོན་རུང་མ་བྱོན་རུང༌། །ཞེས་པའི་གསུང་གི་ནུས་པས་ནི་གང་ཟག་རྣམས་ཀྱིས་རྟོགས་རུང་མ་རྟོགས་རུང༌། མཐོང་རུང་མ་མཐོང་རུང༌། ཡིད་ཆེས་རུང་མ་ཆེས་རུང༌། ཐོབ་རུང་མ་ཐོབ་རུང༌། ཞེས་པ་ལ་སོགས་པར་ཡང་དོན་གྱིས་བསྟན་ཏོ། །ཡོངས་གྲུབ་དགུ་ནི་ཆོས་རྣམས་ཀྱི་ཆོས་ཉིད་དང༌། ཆོས་ཀྱི་དབྱིངས་དང༌། ཆོས་ཀྱི་གནས་ཉིད་དང༌། ཆོས་སྐྱོན་མེད་པ་ཉིད་དང༌། དེ་བཞིན་ཉིད་དང༌། མ་ནོར་བ་དེ་བཞིན་ཉིད་དང༌། གཞན་མ་ཡིན་པ་དེ་བཞིན་ཉིད་དང༌། ཡང་དག་པའི་མཐའ་དང༌། བསམ་གྱིས་མི་ཁྱབ་པའི་དབྱིངས་རྣམས་སོ། །དེ་རྣམས་ཀྱི་སྟེང་དུ་ཡོངས་སུ་མི་ཉམས་པའི་ཆོས་ཉིད་དང༌། རྟག་ཏུ་བཏང་སྙོམས་སུ་གནས་པ་དང༌། རྣམ་མཁྱེན་གྱི་ཡེ་ཤེས་ཏེ། ཡོངས་གྲུབ་གསུམ་བསྣན་པས་བཅུ་གཉིས་སུ་ཡང་གསུངས་སོ། །དེ་རྣམས་ནི་རྟག་ཏུ། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། འགྱུར་བ་མེད་པ་ཉིད་དུ་གནས་སོ་ཞེས་པའི་ནུས་པས། ངོ་ཤེས་མ་ཤེས་ཀྱིས་ཡིན་མིན་དུ་འཇོག་པ་ལ་སོགས་པ་ལྟ་ངན་མང་པོ་སུན་ཕྱུང་བ་ཡིན་ཏེ། མུན་སྟུག་མང་པོ་སྒྲོན་མེ་གཅིག་གིས་བསལ་བ་བཞིན་ནོ། །འདིས་ནི་གཤིས་ལུགས་ཟབ་མོའི་ལྷ་དང་སྔགས་དང་རྒྱུད་དང་དཀྱིལ་འཁོར་དང་ཕྱག་རྒྱ་ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་རྣམས་བྱོན་རུང་མ་བྱོན་རུང༌། གང་ཟག་རྣམས་ཀྱིས་ཁུངས་ཆོད་རུང་མ་ཆོད་རུང༌། རྟག་ཏུ་དེ་བཞིན་ཉིད་དུ་བཞུགས་པར་བསྟན་པ་ཡིན་པས་སྟོང་གཞི་བདེ་གཤེགས་སྙིང་པོའི་བཞུགས་ཚུལ་བསྟན་པ་ཡིན་ནོ། །འདི་ནས། རྣམ་དག་མཆིས་ན་བདག་ལའང་བསྟན་དུ་གསོལ། །ཞེས་པའི་བར་ནི་གསལ་ལོ། །ཐམས་ཅད་གཞི་མེད་རྩ་བྲལ་ཉིད་དུ་བཞེད་པ་རྣམས་ལའང་མ་ཕོད་པས་ཞུ་བ་ནི། བཅོམ་ལྡན་འདས་ཀྱིས། ཐོག་མ་མེད་དུས་ཅན་གྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང༌། །མྱ་ངན་འདས་པ་ཐོབ་པའང་ཡིན། །ཞེས་ལེགས་པར་བཀའ་སྩལ་པ་དེ་ཉིད་དབུ་མ་པ་ཆེན་པོ་འཕགས་པ་ཐོགས་མེད་ཞབས་ཀྱི་རྒྱུད་བླ་མའི་འགྲེལ་པར་དྲངས་ནས་ཞིབ་ཏུ་བཤད་གདའ་བ་དང༌། འཕགས་པ་དཀོན་མཆོག་ཐེར་ཟུག་གི་མདོར་ཡང༌། བཅོམ་ལྡན་འདས་དེའི་སླད་དུ་དེ་བཞིན་གཤེགས་པའི་སྙིང་པོ་ནི་འབྲེལ་བ་རྣམ་པར་དབྱེ་བ་མེད་པ། བྲལ་མི་ཤེས་པ། འདུས་མ་བྱས་པའི་ཆོས་རྣམས་ཀྱི་གནས་དང་གཞི་དང་རྟེན་ལགས་ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་ནི་མ་འབྲེལ་བ། རྣམ་པར་དབྱེ་བ་དང་བཅས་པའི་ཆོས། བྲལ་ཤེས་པ། འདུས་བྱས་ཀྱི་ཆོས་རྣམས་ཀྱི་ཡང་གཞི་དང་གནས་དང་རྟེན་ལགས་སོ། །ཞེས་འཕགས་པ་དཔལ་ཕྲེང་སེང་གེའི་ང་རོས་གསུངས་པ་དང་ཡང་འགལ་གདའ་ཞིང༌། འཕགས་པ་ཀླུ་སྒྲུབ་ཞབས་ཀྱི་ཞལ་སྔ་ནས་ཀྱང༌། ས་བོན་གྱུར་པ་དབྱིངས་དེ་ཉིད། །ཆོས་རྣམས་ཀུན་གྱི་རྟེན་དུ་འདོད། །རིམ་གྱིས་སྦྱངས་པར་གྱུར་པ་ལས། །སངས་རྒྱས་བྱང་ཆུབ་ཐོབ་པར་འགྱུར། །ཞེས་གསུངས་པ་དང་ཡང་འགལ་ལོ། །འཕགས་པ་ཨུ་དུམ་ཝ་རའི་མེ་ཏོག་ལྟར་དཀོན་པ་སོར་མོའི་ཕྲེང་བ་ལ་ཕན་པའི་མདོར་ཡང༌། གཞི་དང་གནས་དང་རྟེན་རྒྱ་ཆེར་གསུངས་པ་འདི་ལྟ་སྟེ། དཻ་ནས་བཅོམ་ལྡན་འདས་ངང་པའི་རྒྱལ་པོ་བཞིན་དུ་གོམ་པ་བདུན་གཤེགས་ཏེ། སེང་གེའི་ལྟ་བས་ཀུན་ཏུ་གཟིགས་ནས། སོར་མོའི་ཕྲེང་བ་ལ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །ཡང་དག་ཉིད་ཀྱི་མཐའ་ལ་ང་གནས་ཏེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཤོ་གམ་སྦྱིན་གྱིས་ཆོས་ཁུ་ཞིམ་པོ་འཐུང༌། །འདུག་ཤིག་སོར་མོའི་ཕྲེང་བ་ཁྱོད་འདུག་ཤིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཁྱོད་ལ་མཚོན་རྣོན་ཤོ་གམ་སྦྱིན་པར་བྱ། །ཞེས་དང༌། དེ་བཞིན་དུ། རྐང་པ་བདུན་པོ་དེ་ཕྱི་མ་རྣམས་ལ་ཡང་མཚུངས་པར་སྦྱར་ནས། མ་བྱས་ཡང་དག་མཐའ་ལ་ང་གནས་ཏེ། །ཞི་བ་མ་སྐྱེས་མཐའ་ལ་ང་གནས་ཏེ། །འདུས་མ་བྱས་ཀྱི་མཐའ་ལ་ང་གནས་ཏེ། །རྒ་བ་མེད་པའི་མཐའ་ལ་ང་གནས་ཏེ། །ནད་མེད་པ་ཡི་མཐའ་ལ་ང་གནས་ཏེ། །འཆི་བ་མེད་པའི་མཐའ་ལ་ང་གནས་ཏེ། །ཀུན་ནས་ཉོན་མོངས་མེད་པར་ང་གནས་ཏེ། །ཟག་པ་མེད་པའི་མཐའ་ལ་ང་གནས་ཏེ། །གནོད་པ་མེད་པའི་མཐའ་ལ་ང་གནས་ཏེ། །ང་ནི་བདེན་པའི་མཐའ་ལ་གནས་པ་སྟེ། །ང་ནི་ཆོས་ཀྱི་མཐའ་ལ་རབ་གནས་ཏེ། །ང་ནི་ཤེས་པའི་མཐའ་ལ་གནས་པ་སྟེ། །ང་ནི་བདེ་བའི་མཐའ་ལ་གནས་པ་སྟེ། །མྱ་ངན་མེད་པའི་མཐའ་ལ་ང་གནས་ཏེ། །མྱ་ངན་བྲལ་བའི་མཐའ་ལ་ང་གནས་ཏེ། །རྡུལ་མེད་པ་ཡི་མཐའ་ལ་ང་གནས་ཏེ། །རྡུལ་དང་བྲལ་བའི་མཐའ་ལ་ང་གནས་ཏེ། །ཤག་ཤིག་མེད་པའི་མཐའ་ལ་ང་གནས་ཏེ། །ཡམས་ཀྱི་ནད་མེད་མཐའ་ལ་ང་གནས་ཏེ། །གཙེ་བ་མེད་པའི་མཐའ་ལ་ང་གནས་ཏེ། །ནད་འགོ་མེད་པའི་མཐའ་ལ་ང་གནས་ཏེ། །ཅི་ཡང་མེད་པའི་མཐའ་ལ་ང་གནས་ཏེ། །དཔག་ཏུ་མེད་པའི་མཐའ་ལ་ང་གནས་ཏེ། །ཚད་མེད་པ་ཡི་མཐའ་ལ་ང་གནས་ཏེ། །གཙོ་བོ་མཆོག་གི་མཐའ་ལ་ང་གནས་ཏེ། །ང་ནི་རབ་ཀྱི་མཐའ་ལ་གནས་པ་སྟེ། །ང་ནི་དམ་པའི་མཐའ་ལ་གནས་པ་སྟེ། །བླ་ན་མེད་པའི་མཐའ་ལ་ང་གནས་ཏེ། །ང་ནི་ཐེར་ཟུག་མཐའ་ལ་གནས་པ་སྟེ། །གཞོམ་དུ་མེད་པའི་མཐའ་ལ་ང་གནས་ཏེ། །འཇིགས་མེད་ཆོས་ཀྱི་མཐའ་ལ་ང་གནས་ཏེ། །མཐའ་ཡས་ཆོས་ཀྱི་མཐའ་ལ་ང་གནས་ཏེ། །བསྟན་མེད་ཆོས་ཀྱི་མཐའ་ལ་ང་གནས་ཏེ། །ཟབ་མོའི་ཆོས་ཀྱི་མཐའ་ལ་ང་གནས་ཏེ། །བལྟ་དཀའི་ཆོས་ཀྱི་མཐའ་ལ་ང་གནས་ཏེ། །ཕྲ་བའི་ཆོས་ཀྱི་མཐའ་ལ་ང་གནས་ཏེ། །མཁས་པའི་ཆོས་ཀྱི་མཐའ་ལ་ང་གནས་ཏེ། །མཐོང་བར་དཀའ་བའི་མཐའ་ལ་ང་གནས་ཏེ། །ཀུན་གཞི་མེད་པའི་མཐའ་ལ་ང་གནས་ཏེ། །ཐ་བ་མེད་པའི་མཐའ་ལ་ང་གནས་ཏེ། །ཉོན་མོངས་མེད་པའི་མཐའ་ལ་ང་གནས་ཏེ། །ང་ནི་དག་པའི་མཐའ་ལ་གནས་པ་སྟེ། །རྣམ་པར་གྲོལ་བའི་མཐའ་ལ་ང་གནས་ཏེ། །ང་ནི་ཞི་བའི་མཐའ་ལ་གནས་པ་སྟེ། །ང་ནི་ཞི་གནས་མཐའ་ལ་གནས་པ་སྟེ། །ཉེ་བར་ཞི་བའི་མཐའ་ལ་ང་གནས་ཏེ། །ཉེ་བར་ཆད་པའི་མཐའ་ལ་ང་གནས་ཏེ། །ང་ནི་གྱ་ནོམ་མཐའ་ལ་གནས་པ་སྟེ། །སྤྲོས་པ་མེད་པའི་མཐའ་ལ་ང་གནས་ཏེ། །ང་ནི་གནས་མེད་མཐའ་ལ་གནས་པ་སྟེ། །ང་རྒྱལ་འདུལ་བའི་མཐའ་ལ་ང་གནས་ཏེ། །སྒྱུ་མ་འདུལ་བའི་མཐའ་ལ་ང་གནས་ཏེ། །མ་རིག་འདུལ་བའི་མཐའ་ལ་ང་གནས་ཏེ། །རྣམ་པར་བཏང་བའི་མཐའ་ལ་ང་གནས་ཏེ། །ངེས་པར་ཡངས་པའི་མཐའ་ལ་ང་གནས་ཏེ། །ཆོས་ཀྱི་དབྱིངས་ཀྱི་མཐའ་ལ་ང་གནས་ ཏེ། །ང་ནི་སྐྱེ་མཆེད་མཐའ་ལ་གནས་པ་སྟེ། །ང་ནི་དགེ་བའི་མཐའ་ལ་གནས་པ་སྟེ། །འཇིག་རྟེན་འདས་པའི་མཐའ་ལ་ང་གནས་ཏེ། །མི་གཡོ་བ་ཡི་མཐའ་ལ་ང་གནས་ཏེ། །གནས་དང་ཁང་བའི་མཐའ་ལ་ང་གནས་ཏེ། །འགྱོད་པ་མེད་པའི་མཐའ་ལ་ང་གནས་ཏེ། །རབ་ཏུ་སྦྱངས་པའི་མཐའ་ལ་ང་གནས་ཏེ། །ང་ནི་མཐར་གཏུག་མཐའ་ལ་གནས་པ་སྟེ། །ཁྲོ་གླེན་འདོད་སྤངས་མཐའ་ལ་ང་གནས་ཏེ། །ཉོན་མོངས་སྤངས་པའི་མཐའ་ལ་ང་གནས་ཏེ། །ཕུང་པོ་སྤངས་པའི་མཐའ་ལ་ང་གནས་ཏེ། །ཁྲོ་གླེན་འདོད་ཟད་མཐའ་ལ་ང་གནས་ཏེ། །ང་ནི་འགོག་པའི་མཐའ་ལ་གནས་པ་སྟེ། །ང་ནི་རྟེན་གྱི་མཐའ་ལ་གནས་པ་སྟེ། །ང་ནི་མགོན་གྱི་མཐའ་ལ་གནས་པ་སྟེ། །ང་ནི་སྐྱབས་ཀྱི་མཐའ་ལ་གནས་པ་སྟེ། །ང་ནི་དཔུང་གཉེན་མཐའ་ལ་གནས་པ་སྟེ། །ང་ནི་གླིང་གི་མཐའ་ལ་གནས་པ་སྟེ། །གོ་སྐབས་རིག་པའི་མཐའ་ལ་ང་གནས་ཏེ། །སེར་སྣ་ཕྲག་དོག་འདུལ་མཐར་ང་གནས་ཏེ། །སྐོམ་པ་འདུལ་བའི་མཐའ་ལ་ང་གནས་ཏེ། །ང་དང་ངའི་མེད་མཐའ་ལ་ང་གནས་ཏེ། །ཕུང་པོ་ངེས་སྤངས་མཐའ་ལ་ང་གནས་ཏེ། །ཞི་གནས་ཀུན་གྱི་མཐའ་ལ་ང་གནས་ཏེ། །ལམ་གཅོད་པ་ཡི་མཐའ་ལ་ང་གནས་ཏེ། །སྟོང་ཆེན་སྒོ་ཡི་མཐའ་ལ་ང་གནས་ཏེ། །ཉོན་མོངས་ཀུན་སྤངས་བྱང་མཐར་ང་གནས་ཏེ། །སྲེད་པ་ཟད་པའི་མཐའ་ལ་ང་གནས་ཏེ། །འདོད་ཆགས་བྲལ་འགོག་མཐའ་ལ་ང་གནས་ཏེ། །བདེ་མཆོག་མྱ་ངན་འདས་མཐར་ང་གནས་ཏེ། །རྟག་བརྟན་མཆོག་ ཤིས་རབ་བསིལ་མཐར་ང་གནས། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ཞེས་སོགས་མང་དུ་བཀའ་སྩལ་པ་རྣམས་དང༌། ཐམས་ཅད་གཞི་མེད་རྩ་བྲལ་དུ་འདོད་པ་རྣམས་འགལ་ཚབ་ཤིན་ཏུ་ཆེ་བར་གདའོ། །འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོའི་འགྲེལ་པ་སློབ་དཔོན་དབུ་མ་པ་ཆེན་པོ་དབྱིག་གཉེན་ཞབས་ཀྱིས་མཛད་པར་ཡང༌། རྒྱལ་པོའི་ཁབ་ཅེས་བྱ་བ་ནས། ཡོན་ཏན་ཐམས་ཅད་ཀྱི་ཚོགས་དཔག་ཏུ་མེད་པ་ན་བཞུགས། ཞེས་བྱ་བའི་བར་དུ་བཅོམ་ལྡན་འདས་ཀྱིས་གནས་ཕུན་སུམ་ཚོགས་པ་བསྟན་ཏེ། དེ་ལ་རྒྱལ་པོའི་ཁབ་ཅེས་བྱ་བ་ནི། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ལ་བྱའོ། །ཡང་ན་རྒྱལ་པོ་ནི་སངས་རྒྱས་བཅོམ་ལྡན་འདས་ཆོས་ཀྱི་རྒྱལ་པོ་ལ་བྱའོ། །ཁབ་ནི་ཆོས་ཀྱི་རྒྱལ་པོ་དེ་བཞུགས་པའི་གནས་ལ་བྱ་སྟེ། དེ་ཡང་དོན་དམ་པར་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཉིད་ལ་བཞུགས་པས་ཆོས་ཀྱི་དབྱིངས་ཉིད་ལ་བྱའོ། །ཞེས་དང༌། དྲི་མེད་འོད་ལས། དེ་བཞིན་དུ། རྩ་བའི་རྒྱུད་དང༌། བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་གཞན་རྣམས་སུ་ཡང༌། བཞུགས་པའི་གནས་ངེས་པར་བསྟན་ཏོ། །ཞེས་སོགས་ཤམ་བྷ་ལའི་སེམས་འགྲེལ་ཁྱད་འཕགས་མང་པོར་སངས་རྒྱས་བཅོམ་ལྡན་འདས་བཞུགས་པའི་གནས་གསུངས་པ། ངེས་པའི་དོན་ཐམས་ཅད་ཆོས་ཀྱི་དབྱིངས་ཡིན་ལ། དེ་ཉིད་ཆོས་ཐམས་ཅད་ཀྱི་གཞི་དང་གནས་དང་རྟེན་ཡིན་པས་ཐམས་ཅད་གཞི་མེད་རྩ་བྲལ་དུ་འདོད་པ་རྣམས་ལ་སྤྱི་བོར་ཐོག་ལྷུང་བ་བཞིན་ནོ། །འདི་འདྲ་བ་གཞན་ཡང་ཤིན་ཏུ་མང་བར་ཡོད་དེ་ཡི་གེ་མང་དུ་དོགས་ནས་མ་བྲིས་སོ། །ཀུན་གཞི་ཡེ་ཤེས་དེ་བཞིན་ཉིད་ཀྱི་དབྱིངས། །ཞེས་པ་ནས། ཤེས་བྱའི་མཐར་ཐུག་དེ་བཞིན་ཉིད་ཡིན་ཡང༌། །དངོས་པོ་དངོས་མེད་གང་ཡང་མ་ཡིན་པར། །གསུངས་པའི་གཞུང་མཆོག་རྣམས་ཀྱང་གཟིགས་སུ་གསོལ། །ཞེས་པའི་བར་ནི་གོ་སླ་ཞིང་འགའ་ཞིག་ནི་སྔར་བཤད་པ་ཡང་ཡིན་ནོ། །བདེན་པ་ཡང་དག་མེད་པར་བཞེད་རྣམས་ལའང༌། །བདག་ནི་མ་ཕོད་སྐད་གཏོང་གྲོས་འདེབས་ཏེ། །མྱ་ངན་འདས་པ་བདེན་གཅིག་པུར། །རྒྱལ་བ་རྣམས་ཀྱིས་གང་གསུངས་པ། །དེ་ཚེ་ལྷག་མ་ལོག་མིན་ཞེས། །མཁས་པ་སུ་ཞིག་རྟོག་པར་བྱེད། །ཅེས་དང༌། ལང་ཀར་གཤེགས་པར་ཡང༌། མྱ་ངན་འདས་པ་ཡིད་སྤངས་པ། །གཅིག་པུ་དེ་ནི་བདེན་པ་སྟེ། །འཇིག་རྟེན་བརྟགས་པ་སྒྱུ་མ་དང༌། །ཆུ་སྐྱེས་ཤིང་ལྟར་བལྟ་བར་བྱ། །ཞེས་པ་ལ་སོགས་པས། མྱང་འདས་ཆེན་པོ་བདེན་པའི་མཆོག་ཏུ་གསུངས་པ་དང༌། བདེན་པ་གཅིག་སྟེ་གཉིས་པ་མེད། །ཅེས་དང༌། བདེན་པ་ནི་གཅིག་པུ་གཉིས་མ་ཡིན་པ་སྟེ། འདི་ལྟ་སྟེ། འགོག་པའི་བདེན་པའོ། །ཞེས་པ་ལ་སོགས་པས། འགོག་ བདེན་བདེན་པའི་མཆོག་ཏུ་གསུངས་པ་དང༌། །ཆོས་ཡང་དག་པར་སྡུད་པའི་མདོར། དེ་བཞིན་ཉིད་ནི་བདེན་པ་སྟེ། དེ་བཞིན་ཉིད་མ་གཏོགས་པའི་ཆོས་གཞན་རྣམས་ནི་བརྫུན་པའོ། །ཞེས་དང༌། གསེར་འོད་དམ་པར་ཡང༌། ཡང་དག་པ་ནི་བདེན་པ་སྟེ། དེ་ལས་གཞན་པ་ནི་བརྫུན་པའོ། །ཞེས་པ་ལ་སོགས་པས། དེ་བཞིན་ཉིད་བདེན་གཞན་ནི་བརྫུན་པ་དང༌། །ཞེས་པ་ནས། བྱ་གཏོང་གྲོས་འདེབས་ཏེ། །ཞེས་པའི་བར་ནི་གོ་སླ་ཞིང༌། འགའ་ཞིག་ནི་སྔར་བཤད་པ་ཡང་ཡིན་ནོ། །རྟག་པར་རྟོགས་ལ་སྐྱོན་དང་ཡོན་ཏན་གཉིས། །ཞེས་པ་ལ་ཐམས་ཅད་རྟག་པར་རྟོགས་ན་སྐྱོན་ཡོད་དེ། འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་པས་གནོད་པའི་ཕྱིར་རོ། །དོན་དམ་ཆོས་སྐུ་རྟག་པར་རྟོགས་པ་ལ་ཡོན་ཏན་ཡོད་དེ། སངས་རྒྱས་རྟག་ཏུ་བཞུགས་པར་རྟོགས་ན་བདེ་གཤེགས་སྙིང་པོ་ལ་ཤེས་ནས་དད་པ་འཐོབ་པའི་ཕྱིར་རོ། །ཐམས་ཅད་མི་རྟག་པར་རྟོགས་ན་སྐྱོན་ཡོད་དེ། འདུས་མ་བྱས་ཐམས་ཅད་རྟག་པ་ཡིན་པས་གནོད་པའི་ཕྱིར་རོ། །འདུས་བྱས་ཐམས་ཅད་མི་རྟག་པར་རྟོགས་པ་ལ་ཡོན་ཏན་ཡོད་དེ། བློ་དོན་དང་མཐུན་ཞིང་རྟག་འཛིན་ལྡོག་པ་ལ་སོགས་པའི་དགོས་པ་ཡོད་པའི་ཕྱིར་རོ། །ཐམས་ཅད་གཙང་བར་རྟོགས་པ་ལ་སྐྱོན་ཡོད་དེ། ཟག་བཅས་ཐམས་ཅད་མི་གཙང་བ་ཡིན་པས་གནོད་པའི་ཕྱིར་རོ། །བདེ་གཤེགས་སྙིང་པོ་གཙང་བར་རྟོགས་པ་ལ་ཡོན་ཏན་ཡོད་དེ། གདོད་ནས་རང་བཞིན་གྱིས་དག་པ་དང༌། ཡོངས་སུ་དག་པ་དང༌། རྣམ་པར་དག་པ་དང༌། ཤིན་ཏུ་རྣམ་པར་དག་པའི་དོན་རྟོགས་པའི་དགོས་པ་ཡོད་པའི་ཕྱིར་རོ། །ཐམས་ཅད་མི་གཙང་བར་རྟོགས་པ་ལ་སྐྱོན་ཡོད་དེ། ཆོས་དབྱིངས་གདོད་ནས་གཙང་བར་རྟག་ཏུ་བཞུགས་པས་གནོད་པའི་ཕྱིར་རོ། །ཉེར་ལེན་གྱི་ཕུང་པོ་མི་གཙང་བར་རྟོགས་པ་ལ་ཡོན་ཏན་ཡོད་དེ། ཞེན་ཆགས་ལྡོག་པའི་ཕྱིར་རོ། །དེའི་དོན་དུ་མི་སྡུག་པའི་འདུ་ཤེས་དགུ་བསྒོམ་པ་ཡང་གསུངས་སོ། །ཐམས་ཅད་བདེ་བར་རྟོགས་པ་ལ་སྐྱོན་ཡོད་དེ། འཁོར་བ་སྡུག་བསྔལ་ཡིན་པས་གནོད་ཅིང་འཁོར་བ་ལ་སྐྱོ་ཤས་དང་ཡིད་འབྱུང་མི་སྐྱེ་བའི་ཕྱིར་རོ། །ཆོས་དབྱིངས་བདེ་བར་རྟོགས་པ་ལ་ཡོན་ཏན་ཡོད་དེ། བློ་དོན་དང་མཐུན་ཞིང་ཆོས་དབྱིངས་བསྒོམ་པ་ལ་དགའ་སྤྲོ་སྐྱེ་བའི་ཕྱིར་རོ། །ཐམས་ཅད་སྡུག་བསྔལ་དུ་རྟོགས་པ་ལ་སྐྱོན་ཡོད་དེ། གཤིས་ལུགས་ཟབ་མོ་ཐམས་ཅད་བདེ་བ་ཆེན་པོ་ཡིན་པས་གནོད་པའི་ཕྱིར་རོ། །འཁོར་བ་སྡུག་བསྔལ་དུ་རྟོགས་པ་ལ་ཡོན་ཏན་ཡོད་དེ། ཞེན་ཆགས་ལྡོག་ཅིང་ངེས་འབྱུང་དང་སྐྱོ་ཤས་སྐྱེ་བའི་ཕྱིར་རོ། །བདག་ཡོད་རྟོགས་པ་ལ་སྐྱོན་དང་ཡོན་ཏན་གཉིས་ཏེ། གང་ཟག་དང་ཆོས་ཀྱི་བདག་ཡོད་པར་རྟོགས་པ་ལ་སྐྱོན་དང༌། དེ་བཞིན་ཉིད་ཀྱི་བདག་ཡོད་པར་རྟོགས་པ་ལ་ཡོན་ཏན་ཡོད་པའི་ཕྱིར་རོ། །བདག་མེད་རྟོགས་པ་ལའང་སྐྱོན་དང་ཡོན་ཏན་གཉིས་ཏེ། དག་པའི་བདག་མེད་པར་རྟོགས་པ་ལ་སྐྱོན་དང༌། གང་ཟག་དང་ཆོས་ཀྱི་བདག་མེད་པར་རྟོགས་པ་ལ་ཡོན་ཏན་ཡོད་པའི་ཕྱིར་རོ། །ཀུན་རྫོབ་ཀྱི་ཆོས་ཐམས་ཅད་གཤིས་ལ་ཡོད་པར་རྟོགས་ན་སྐྱོན་དང༌། དོན་དམ་གྱི་ཆོས་ཐམས་ཅད་གཤིས་ལ་ཡོད་པར་རྟོགས་ན་ཡོན་ཏན་ཡོད་པའི་ཕྱིར། ཡོད་པར་རྟོགས་ལ་སྐྱོན་དང་ཡོན་ཏན་གཉིས། །ཞེས་སོ། །ཡོན་ཏན་མང་པོ་ཅན་གྱི་བདེ་གཤེགས་སྙིང་པོ་མེད་པར་རྟོགས་ན་སྐྱོན་དང༌། གློ་བུར་དྲི་མ་ཐམས་ཅད་གཤིས་ལ་མེད་པར་རྟོགས་ན་ཡོན་ཏན་ཡོད་པའི་ཕྱིར། མེད་པར་རྟོགས་ལའང་སྐྱོན་དང་ཡོན་ཏན་གཉིས། །ཞེས་སོ། །རང་བཞིན་གཉུག་མའི་ཡོན་ཏན་ཐམས་ཅད་གཤིས་ལ། ཆད་པར་རྟོགས་ན་སྐྱོན་དང༌། བཅོས་མ་གློ་བུར་བའི་ཆོས་ཐམས་ཅད་གཤིས་ལ་ཆད་པར་རྟོགས་ན་ཡོན་ཏན་ཡོད་དེ། ཆད་པར་རྟོགས་ལའང་སྐྱོན་དང་ཡོན་ཏན་གཉིས། །ཞེས་སོ། །

དེ་བཞིན་དུ། རྟག་པར་རྟོགས་ཀྱང་རྟག་ལྟར་མ་ལྷུང་དང༌། །རྟག་པའི་མཐར་ནི་ལྷུང་བའང་སྣང་བས་སྤང༌། །ཆད་པར་རྟོགས་ཀྱང་ཆད་ལྟར་མ་ལྷུང་དང༌། །ཆད་པའི་མཐར་ནི་ལྷུང་བའང་སྣང་བས་སྤང༌། །ཡོད་པར་རྟོགས་ཀྱང་ཡོད་ལྟར་མ་ལྷུང་དང༌། །ཡོད་པའི་མཐར་ནི་ལྷུང་བའང་སྣང་བས་སྤང༌། །མེད་པར་རྟོགས་ཀྱང་མེད་ལྟར་མ་ལྷུང་དང༌། །མེད་པའི་མཐར་ནི་ལྷུང་བའང་སྣང་བས་སྤང༌། །ཞེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །

དེ་ལྟར་ཆོས་ཀྱི་གནད་ཆེ་ཞིང་འགག་དམ་པ་འདི་རྣམས་ཀྱི་དོན་ནི་རྫོགས་ལྡན་གྱི་ཆོས་ལས་གསུངས་པས་གཟིགས་སུ་གསོལ། །ཞེས་པ་ནི་མ་ཕོད་པའི་ཞུ་བའོ། །གཤིས་ལ་སངས་རྒྱས་མེད་པར་བཞེད་པ་དང༌། །ཞེས་པ་ནས། མན་ངག་ཟབ་མོ་ཤིན་ཏུ་མང་བར་མཆིས། །ཞེས་པའི་བར་ནི་གོ་སླ་ཞིང༌། འགའ་ཞིག་ནི་སྔར་བཤད་པ་ཡང་ཡིན་ནོ། །གལ་ཏེ་ལ་ལའི་ལོག་རྟོག །ཅེས་པ་ནས། དེ་ཕྱིར་ཡོན་ཏན་མང་པོ་ཚང་བ་ཡི། །བདེ་གཤེགས་སྙིང་པོ་དོན་ལ་མེད་ཅེ་ན། །ཞེས་པ་ནི་གསུམ་ལྡན་མར་བཅད་འཁྲུལ་བའི་འདོད་ལུགས་སོ། །དེ་སུན་དབྱུང་བ་ནི། རྒྱལ་བའི་ཡུམ་ལས། དེ་བཞིན་ཉིད་ཀྱི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། དེ་བཞིན་ཉིད་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་དུ་སྦྱར་ཏེ། མ་ནོར་བ་དེ་བཞིན་ཉིད་དང༌། གཞན་མ་ཡིན་པ་དེ་བཞིན་ཉིད་དང༌། ཆོས་ཉིད་དང༌། ཆོས་ཀྱི་དབྱིངས་དང༌། ཆོས་ཀྱི་གནས་ཉིད་དང༌། ཆོས་མི་འགྱུར་བ་ཉིད་དང༌། ཡང་དག་པའི་མཐའ་དང༌། བསམ་གྱིས་མི་ཁྱབ་པའི་དབྱིངས་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །ཞེས་དང༌། ཡུམ་བར་མར་ཡང༌། དེ་དང་མཐུན་པ་མང་དུ་གསུངས་ཤིང༌། རྒྱུད་བླ་མར་ཡང༌། འོད་གསལ་བྱས་མིན་དབྱེར་མེད་པར། །འཇུག་ཅན་གང་གཱའི་ཀླུང་གི་ནི། །རྡུལ་ལས་འདས་པའི་སངས་རྒྱས་ཀྱི། །ཆོས་རྣམས་ཀུན་དང་ལྡན་པ་ཉིད། །ཅེས་སོགས་དང༌། དཔལ་ཕྲེང་དང་སོར་ཕྲེང་ལ་སོགས་པར་ཡང་རྒྱ་ཆེར་གསུངས་པའི་ཕྱིར། ཆོས་གཞན་ལས་ཀྱང་དོན་དམ་རྟག་པ་ཡི། །ཡོན་ཏན་བགྲང་ཡས་གསུངས་པས་གཟིགས་སུ་གསོལ། །གལ་ཏེ། ཞེས་པ་ནས། དེ་རྣམས་ཀུན་ལ་ཞིབ་ཏུ་དགོངས་པར་ཞུ། །ཞེས་པའི་བར་ཡང་གོ་སླའོ། །བདེ་གཤེགས་སྙིང་པོས་འགྲོ་ཀུན། ཞེས་པ་ནས། སྲིད་པ་ལ་ནི་ལུང་རིགས་དཔག་ཡས་མཆིས། །ཞེས་པའི་བར་ཡང་གོ་སླ་ཞིང་འགའ་ཞིག་ནི་སྔར་ཡང་བཤད་ཟིན་ཏོ། །རང་ངོ་ཤེས་པས་སངས་རྒྱས་འཐོབ་པའི་ཕྱིར། །ཞེས་པ་ནས། སྡིག་ལྟ་བདུད་ལས་དེ་འདྲ་སྤོང་གྱུར་ཅིག །ཅེས་པའི་མཐར་ཐུག་པས་ནི་འཁྲུལ་བ་ལས་ཀྱང་འཁྲུལ་བའི་འདོད་ལུགས་འཁྲུལ་བ་མཁས་པ་རྣམས་ཀྱིས་སྨད་པའི་གནས་སུ་གྱུར་པ་རྣམས་སུན་ཕྱུང་བ་ཡིན་ནོ། །

ཉོན་མོངས་རྣམ་རྟོག་རང་ངོ་ཤེས་པས་ཆོག །གཉེན་པོ་བསྟེན་ནས་སྤང་རྒྱུ་གང་ཡང་མེད། །མ་སྤངས་གནས་སུ་དག་པ་ཡིན་ནོ་ལོ། །དེ་ལྟ་ཡིན་ན་བཞིན་ལག་ལ་སོགས་དང༌། །སྣོད་སྤྱད་ལ་སོགས་བཀྲུ་དགོས་ཐམས་ཅད་ལ། །མ་སྤངས་གནས་དག་མཁྱེན་ནམ་གཟིགས་པར་ཞུ། །ཞེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།

གལ་ཏེ་རང་ངོ་རང་གིས་ཤེས་པའི་དོན་ནི་རང་སེམས་རྣམ་ཤེས་འདི་ནི་ཆོས་ཀྱི་སྐུ། །ཡིན་པར་རྟོགས་པ་ཉིད་ལ་བྱེད་དོ་ཅེ་ན་བྱེད་ལ་རག་སྟེ། བླུན་པོ་རང་བཟོ་མཁན་ལ། ལ་ཚད་མེད་པའི་ཕྱིར་རོ། །རྣམ་ཤེས་འདི་ནི་ཆོས་སྐུའི་མི་མཐུན་ཕྱོགས་ཡིན་པའི་ཕྱིར་ཆོས་སྐུ་གཏན་ནས་མ་ཡིན་ནོ། །གལ་ཏེ་དེའི་མི་མཐུན་ཕྱོགས་ཡིན་ཡང་དེ་ཡིན་ན་དུག་ཀྱང་བདུད་རྩི་འམ། །ཞེས་པ་ནས། རྣམ་པ་ཀུན་ཏུ་འབྲལ་བར་མ་གྱུར་ཅིག །ཅེས་པའི་བར་ནི་གོ་སླ་ཞིང༌། སྟོང་ཉིད་ཀྱི་རབ་ཏུ་དབྱེ་བའི་བསྟན་བཅོས་ཟུར་ན་ཡོད་པ་ལས་རྟོགས་པར་གྱུར་ཅིག །གསུམ་ལྡན་མར་བཅད་སྐྱོན་ཅན་རྣམས་ན་རེ། །ཐམས་ཅད་རང་སྟོང་ཡིན་པས་སངས་རྒྱས་དང༌། བྱང་ཆུབ་དང༌། ཡེ་ཤེས་དང༌། ཡོན་ཏན་ལ་སོགས་པ་ཡང་རང་སྟོང་ཡིན་པའི་ ཕྱིར། གཤིས་ལ་མ་གྲུབ་པས་མིང་ཙམ་དུ་ཟད་པ་ཡིན་ཞིང༌། མདོ་རྒྱུད་རྣམས་སུ་དཀོན་མཆོག་གསུམ་གྱི་ཡོན་ཏན་མང་པོ་གསུངས་པའང་དྲང་དོན་ཡིན་པ་དེའི་ཕྱིར། སྐུ་གསུང་ཐུགས་ཀྱི་རྟེན་གསུམ་བཞེངས་པ་ལ་དོན་མེད་དེ། །ཞོར་ལ་སེམས་ཅན་འཆི་ཞིང་བཞེངས་པ་ཡི། །དགེ་བ་བས་ཀྱང་ཞིག་པའི་སྡིག་པ་ལྕི་སྟེ། ཞིག་ན་མཚམས་མེད་དང་ཉེ་བའི་ལས་སུ་འགྱུར་བའི་ཕྱིར་རོ། །དེས་ན་ས་ནི་སྡིག་མེད་ཡིན་པས་དེ་ཀ་ལ་བཞག་ན་སྡིག་པ་མེད་ཀྱི་མཆོད་རྟེན་ལ་སོགས་སུ་བཞེངས་ན་མཐར་འཇིག་པ་ལས་མ་འདས་པའི་ཕྱིར། སྡིག་པ་ཅན་ཡིན་པ་དེས་ན་དགེ་བ་རྗེས་ཅན་མ་བྱེད་པར། །ཞེས་པ་ནས། གྲོས་འདེབས་ཞུ་བ་འབུལ། །ཞེས་པའི་བར་ནི་གོ་སླའོ། །ཡིན་ལུགས་ནི་དོན་དམ་གྱི་སངས་རྒྱས་དོན་དམ་བདེན་པར་ཡོད་ཅིང༌། ཀུན་རྫོབ་ཀྱི་སངས་རྒྱས་ཀུན་རྫོབ་ཏུ་ཡོད་པར་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་ཡང་ཡང་གསུངས་པས། དེ་དག་ལ་སྐུར་བ་གདབ་ཏུ་མི་རུང་སྟེ། ཀུན་རྫོབ་ཀྱི་སངས་རྒྱས་རང་སྟོང་ཡིན་ཡང་སྔོན་གྱི་སྨོན་ལམ་དང་ཚོགས་གཉིས་ཀྱི་ཤུགས་ཀྱིས་རྟོག་པ་མེད་བཞིན་གཞན་ཕན་འབྱུང་སྟེ། ཡིད་བཞིན་གྱི་ནོར་བུ་དང་དཔག་བསམ་གྱི་ཤིང་ལ་སོགས་པ་བཞིན་ནོ། །འདིའི་འཐད་པ་རྒྱས་པར་ནི། དྲི་མ་མེད་པའི་བཀའ་དང་བསྟན་བཅོས་ཆེས་ཤིན་ཏུ་མང་བ་ལས་རྒྱ་ཆེར་གསུངས་ཤིང༌། སངས་རྒྱས་ལ་ཤེས་ནས་དད་པ་ཐོབ་པར་བྱེད་པའི་ཐབས་མཆོག་དང༌། དགེ་བའི་སྒོ་ཆེན་མང་དུ་འབྱེད་པའི་ཐབས་མཆོག་ལ་སོགས་པར་ཡང་ཉུང་ཤས་ཉུང་ཤས་བཀོད་བདོག་པས། དེ་དག་ལས་ཀྱང་ཞིབ་ཏུ་རྟོགས་པ་མཛད་པར་ཞུ། དོན་དམ་ཆོས་སྐུ་རང་སྟོང་མ་ཡིན་ཡང༌། སྟོང་ཉིད་ཟབ་མོ་མཐར་ཐུག་པ་ཡང་ཡིན་ཞིང་དོན་དམ་འདུས་མ་བྱས་ཀྱི་སྟོབས་བཅུ་ལ་སོགས་པ་ཡོན་ཏན་དཔག་ཡས་ནམ་མཁའ་དང་མཉམ་པ་དབྱེར་མེད་དུ་མངའ་བས། །རྒྱལ་སྲས་མཆོག་དང་དགྲ་བཅོམ་དཔག་ཡས་ལ། །གཞན་དོན་མཛད་པར་རྫོགས་ལྡན་ཆོས་ལས་གསུངས་ཏེ། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་རྒྱལ་པོར། གང་ལ་གང་འདུལ་གྱིས་གཞན་དོན་མཐའ་ཡས་པ་མཛད་པའི་སྐབས་སུ། མཁའ་ལ་རྒྱལ་བའི་སྲས་སོགས་དགྲ་བཅོམ་རྣམས་ལ་ཆོས་སྐུ་ཡིས། །ཞེས་ལེགས་པར་བཀའ་སྩལ་ཏོ། །དེ་འདྲ་མ་ཐོས་མ་མཐོང་། ཞེས་པ་ནས། སྒོ་ཆེན་མང་དུ་འབྱེད་གྱུར་ཅིག །ཅེས་པའི་བར་ནི་གོ་སླའོ། །རྒྱལ་བ་སྐྱོན་མེད་ཡོན་ཏན་ཐམས་ཅད་རྫོགས། །དེ་ཕྱིར་དེ་ལ་ཕན་གནོད་གང་བྱས་པའི། །འབྲས་བུ་གཞན་པས་ལྷག་པར་ཆེ་བར་གསུངས་ཏེ། མདོ་རྒྱུད་བསྟན་བཅོས་རྣམ་པར་དག་པ་རྣམས་སུའོ། །བཞེངས་ན་ཕན་ཡོན་ཆེ་ཞིང་བཤིག་ན་ཉེས་དམིགས་ཆེ་བ་དེའི་ཕྱིར་ཆེད་དུ་གཏད་ནས་བཤིག་ན་སྡིག་ཆེན་དུ་འགྱུར་གྱི་མ་བཤིག་པར་རང་བཞིན་གྱིས་ཞིག་པ་ནི་སྡིག་ཆེན་དུ་མི་འགྱུར་ཏེ། དཔེར་ན་སྲོག་ཆགས་བསད་པས་སྲོག་གཅོད་ཀྱི་སྡིག་པར་འགྱུར་གྱི། མ་བསད་པར་རང་ཤི་བ་ནི་སྲོག་གཅོད་ཀྱི་སྡིག་ཏུ་མི་འགྱུར་བ་བཞིན་ནོ། །དེ་ན་རང་བཞིན་དུ་ཞིག་པས་སྡིག་ཆེན་ཡིན་པར་གསུངས་པ་ངས་ནི་མ་མཐོང་ངོ༌། །ཁྱེད་རྣམས་ཀྱིས་གཟིགས་པ་བདོག་ན་ཡི་གེར་བྲིས་པ་རེ་བདག་ལའང་སྟོན་པར་ཞུ། གསུམ་ལྡན་མར་བཅད་ཐམས་ཅད་རང་སྟོང་ཉིད་དུ་འདོད་པ་རྣམས་ཀྱིས་སངས་རྒྱས་ལ་སྐུར་བ་བཏབ་པ་ལ་བརྟེན་ནས། དེའི་རྟེན་གསུམ་ལ་ཡང་སྐུར་བ་འདེབས་པ་རྣམས་ནི་མུ་སྟེགས་གཅེར་བུ་པའི་གྲུབ་མཐའ་དང་མཐུན་ཏེ། ལྷ་ལས་ཕུལ་དུ་བྱུང་བའི་བསྟོད་པར། གཅེར་བུ་ཀུན་དགའ་ར་བ་སོགས། །བཞེངས་པ་སྡིག་པའི་རྒྱུ་ཞེས་ཟེར། །ཐམས་ཅད་མཁྱེན་པ་ཁྱོད་ཀྱིས་ནི། །དེ་ཉིད་བསོད་ནམས་རྒྱུ་ཞེས་གསུངས། །ཞེས་སློབ་དཔོན་མཐོ་བཙུན་བདེ་བྱེད་བདག་པོས་གསུངས་ཤིང༌། དེའི་འགྲེལ་པར། སློབ་དཔོན་ཤེས་རབ་གོ་ཆས་ཀྱང་རབ་ཏུ་གསལ་བར་མཛད་པས། དེ་དག་ཆོས་པ་རྣམས་ཀྱིས་མཐོང་ཞིང་རྟོགས་ནས་རང་གཞན་ཐམས་ཅད་ལ་ཕན་པ་བྱེད་པར་གྱུར་ཅིག །

མིག་མངས་རྒྱ་དང་མ་འབྲེལ་ན། །རྡེའུ་མང་ཡང་ཤི་རོ་ཡིན། །ལྷ་ཆོས་རྒྱ་དང་མ་འབྲེལ་ན། །མི་ཆོས་མང་ཡང་ཤི་རོ་ཡིན། །རྫོགས་ལྡན་རྒྱ་དང་མ་འབྲེལ་ན། །གསུམ་ལྡན་མང་ཡང་ཤི་རོ་ཡིན། །ཡོངས་གྲུབ་རྒྱ་དང་མ་འབྲེལ་ན། །ཀུན་བཏགས་མང་ཡང་ཤི་རོ་ཡིན། །རང་འགྲེལ་རྒྱ་དང་མ་འབྲེལ་ན། །གཞན་འགྲེལ་མང་ཡང་ཤི་རོ་ཡིན། །ངེས་དོན་རྒྱ་དང་མ་འབྲེལ་ན། །དྲང་དོན་མང་ཡང་ཤི་རོ་ཡིན། །ཡེ་ཤེས་རྒྱ་དང་མ་འབྲེལ་ན། །རྣམ་ཤེས་མང་ཡང་ཤི་རོ་ཡིན། །སྙིང་པོ་རྒྱ་དང་མ་འབྲེལ་ན། །ཤུན་པ་མང་ཡང་ཤི་རོ་ཡིན། །གཞན་སྟོང་རྒྱ་དང་མ་འབྲེལ་ན། །རང་སྟོང་མང་ཡང་ཤི་རོ་ཡིན། །དོན་དམ་རྒྱ་དང་མ་འབྲེལ་ན། །ཀུན་རྫོབ་མང་ཡང་ཤི་རོ་ཡིན། །ཆོས་ཉིད་རྒྱ་དང་མ་འབྲེལ་ན། །ཆོས་ཅན་མང་ཡང་ཤི་རོ་ཡིན། །རང་བཞིན་རྒྱ་དང་མ་འབྲེལ་ན། །བཅོས་མ་མང་ཡང་ཤི་རོ་ཡིན། །གཉུག་མའི་རྒྱ་དང་མ་འབྲེལ་ན། །གློ་བུར་མང་ཡང་ཤི་རོ་ཡིན། །དབུས་མའི་རྒྱ་དང་མ་འབྲེལ་ན། །མཐའ་མ་མང་ཡང་ཤི་རོ་ཡིན། །འོད་གསལ་རྒྱ་དང་མ་འབྲེལ་ན། །ལས་གཟུགས་མང་ཡང་ཤི་རོ་ཡིན། །ཟག་མེད་རྒྱ་དང་མ་འབྲེལ་ན། །ཟག་བཅས་མང་ཡང་ཤི་རོ་ཡིན། །འཛག་མེད་རྒྱ་དང་མ་འབྲེལ་ན། །འཛག་བཅས་མང་ཡང་ཤི་རོ་ཡིན། །གཞན་མཆོག་རྒྱ་དང་མ་འབྲེལ་ན། །ཕྱི་ནང་མང་ཡང་ཤི་རོ་ཡིན། །སྲོལ་འབྱེད་རྒྱ་དང་མ་འབྲེལ་ན། །སྲོལ་འགོག་མང་ཡང་ཤི་རོ་ཡིན། །ལུང་རིགས་རྒྱ་དང་མ་འབྲེལ་ན། །རང་བཟོ་མང་ཡང་ཤི་རོ་ཡིན། །གཤིས་ལུགས་རྒྱ་དང་མ་འབྲེལ་ན། །འཁྲུལ་ལུགས་མང་ཡང་ཤི་རོ་ཡིན། །ཡིན་ལུགས་རྒྱ་དང་མ་འབྲེལ་ན། །འདོད་ལུགས་མང་ཡང་ཤི་རོ་ཡིན། །སྟོང་གཞིའི་རྒྱ་དང་མ་འབྲེལ་ན། །སྟོང་ཙམ་མང་ཡང་ཤི་རོ་ཡིན། །མེད་གཞིའི་རྒྱ་དང་མ་འབྲེལ་ན། །མེད་ཙམ་མང་ཡང་ཤི་རོ་ཡིན། །བྲལ་གཞིའི་རྒྱ་དང་མ་འབྲེལ་ན། །བྲལ་ཙམ་མང་ཡང་ཤི་རོ་ཡིན། །དག་གཞིའི་རྒྱ་དང་མ་འབྲེལ་ན། །དག་ཙམ་མང་ཡང་ཤི་རོ་ཡིན། །དབེན་གཞིའི་རྒྱ་དང་མ་འབྲེལ་ན། །དབེན་ཙམ་མང་ཡང་ཤི་རོ་ཡིན། །འགོག་གཞིའི་རྒྱ་དང་མ་འབྲེལ་ན། །འགོག་ཙམ་མང་ཡང་ཤི་རོ་ཡིན། །དྲང་པོའི་རྒྱ་དང་མ་འབྲེལ་ན། །གོ་ལོག་མང་ཡང་ཤི་རོ་ཡིན། །གོ་ལོག་གང་དང་གང་ཞེ་ན། །དབྱེར་ཡོད་དབྱེར་མེད་གོ་ལོག་དང༌། །ཕུང་གསུམ་ཡོད་མེད་གོ་ལོག་དང༌། །གསར་པ་རྙིང་པ་གོ་ལོག་དང༌། །སྔ་མ་ཕྱི་མ་གོ་ལོག་དང༌། །ཡོད་དང་མེད་པ་གོ་ལོག་དང༌། །སྲོལ་འབྱེད་སྲོལ་འགོག་གོ་ལོག་དང༌། །སྣང་བཅས་སྣང་མེད་གོ་ལོག་དང༌། །གོ་ལོག་ཤིན་ཏུ་མང་བར་སྣང༌། །བཅུ་བདུན་ཁྲས་ལ་རྒྱ་ཆགས་པ། །མ་ཆགས་པ་དང་ཅིས་མ་མཉམ། །ཐམས་ཅད་རང་སྟོང་དུ་རྟོགས་པ། །མ་རྟོགས་པ་དང་ཅིས་མ་མཉམ། །ཐམས་ཅད་རང་སྟོང་དུ་འཆད་པ། །མ་བཤད་པ་ཡང་ཅིས་མ་མཉམ། །ཐམས་ཅད་རང་སྟོང་དུ་བྲིས་པ། །མ་བྲིས་པ་དང་ཅིས་མ་མཉམ། །ཞེས་པ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །

དེ་ལྟར་ལེགས་པར་རྣམ་པར་ཕྱེ་བས་བསྟན་པ་སྐྱོན་མེད་པ་དང༌། སྐྱོན་ཡོད་པ་ལེགས་པར་རྟོགས་ལ། དེ་རྟོགས་པས་དཔང་དུ་རུང་བ་དང་མི་རུང་བ་ལེགས་པར་རྟོགས་ཤིང༌། དེ་ལྟར་རྟོགས་ནས་དཔང་དུ་མི་རུང་བ་རྣམས་དོར་ཏེ། དཔང་དུ་རུང་བ་རྣམས་ལ་དད་གུས་དང་ཉམས་ལེན་བྱས་ན་ཕ་ཆོས་དང་མཐུན་ཏེ། ཆོས་པ་རྣམས་ཀྱི་ཕ་ནི་སངས་རྒྱས་ཡིན། །དེ་ཡིས་གསུངས་པའི་ཆོས་ནི་ཕ་ཆོས་ཡིན། །དེ་ཕྱིར་མདོ་རྒྱུད་རྣམ་དག་ཐམས་ཅད་ནི། །བདག་ཅག་རྣམས་ཀྱི་ཕ་ཆོས་ཡང་དག་ལགས། །ཕ་ཆོས་དེ་དང་བྲལ་བར་མ་གྱུར་ཅིག །འཇིག་རྟེན་གྲགས་སྡེའི་ཕ་ཆོས་མེད་ཀྱང་སླ། །ཕ་ཆོས་མཆོག་དེ་ཀུན་གྱིས་རྟོགས་གྱུར་ཅིག །ཕ་ཆོས་དེ་དང་མཐུན་ན་གཏན་དུ་ལེགས། །ཕ་ཆོས་དེ་དང་འགལ་ན་གཏན་དུ་ཉེས། །དེ་ཕྱིར་མཐུན་པ་རྣམས་ལ་དད་གུས་བགྱིད། །འགལ་བ་རྣམས་ལ་བདག་གཞན་བརྗེ་བ་བསྒོམ། །དགེ་བ་ཐམས་ཅད་བྱང་ཆུབ་ཆེན་པོར་བསྔོ། །

འདིས་ནི་སངས་རྒྱས་ཀྱི་བསྟན་པ་རབ་འབྲིང་ཐ་གསུམ་དུ་གནས་པ་རྟོགས་པར་བྱས་ནས། རབ་རྫོགས་ལྡན་གྱི་ཆོས་ནི་དཔང་དུ་གྱུར་ཅིང་ཚད་མར་གྱུར་པའོ། །འབྲིང་གསུམ་ལྡན་གྱི་ཆོས་དང༌། ཐ་མ་གཉིས་ལྡན་གྱི་ཆོས་ཏེ། དེ་གཉིས་ནི་དཔང་དུ་གྱུར་པ་མ་ཡིན་པར་མཁས་པ་བསྟན་པ་ལ་བྱ་ར་མཛད་པ་རྣམས་ཀྱིས་དགོངས་པ་གལ་ཆེ་སྟེ། གང་ཟག་གི་བློ་སྐྱོན་གྱིས་བསྟན་པ་སྐྱོན་མེད་པ་ལ་སྐྱོན་བསྲེས་པ་དང་ལྷད་བཅུག་པ་རྣམས་བསལ་ནས། ལྟ་སྒོམ་སྤྱོད་པ་ཡང་དག་གི་ལམ་ལ་འགོད་པ་ནི་བཀའ་བསྡུ་བའི་དོན་ཡང་ཡིན་ཏེ། སྔར་བཀའ་བསྡུ་བ་གསུམ་སོང་ནས། འདི་ནི་བཞི་པ་ཡིན་ལ། བསྟན་རྩིས་ཆེན་པོ་ཡང་ཡིན་ཞིང༌། དད་གུས་དང༌། དག་སྣང་དང༌། མ་ཕོད་པའི་གྲོས་འདེབས་དང༌། ཞུ་འབུལ་དང༌། བྱམས་སྙིང་རྗེ་ལ་སོགས་ཐམས་ཅད་ཕྱོགས་མེད་རིས་མེད་དུ་གནས་ཀྱི། གང་གི་ཡང་ཕྱོགས་སུ་ལྷུང་བ་མེད་པའི་ཕྱིར། ཕྱོགས་མེད་རིས་མེད་ཅེས་བྱའོ། །སྔར་གྱི་བཀའ་བསྡུ་རྣམས་ལ་ནི་དགྲ་བཅོམ་མང་པོ་འདུས་པར་གྲགས་མོད། འདིར་དགྲ་བཅོམ་དུ་ཙམ་འདུས་ཞེ་ན། དགྲ་བཅོམ་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་རྫོགས་ལྡན་གྱི་ཆོས་མཆོག་རྣམས་སུ་འདིའི་དོན་རབ་ཏུ་གསལ་བར་སྟོན་པའི་ལུང་ཟབ་མོ་སྟོང་ཕྲག་མང་པོ་གདའ་བ་དེ་རྣམས་དགྲ་བཅོམ་ཆེན་པོ་དང་མཚུངས་པར་གདའ་བས། དེའི་ལུགས་བཞིན་བསྡུས་པའོ། །ཕྱིས་བསྡུས་པ་རྣམས་ཀྱིས་ཀྱང་དེ་བཞིན་དུ་མཛད་པར་ཞུ་ཞིང༌། ལུང་གི་དགོངས་པ་ལེན་པ་ལ་མ་མཐུན་ན། སངས་རྒྱས་ཉིད་ཀྱི་རང་འགྲེལ་རྣམས་དཔང་དུ་མཛད་པར་ཞུ། བཀའ་བསྡུ་བཞི་པའི་དོན་བསྟན་རྩིས་ཆེན་པོའི་འགྲེལ་པ། ཕྱོགས་མེད་རིས་མེད་ཅེས་བྱ་བ་འདི་ནི། དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོས། གནང་སྦྱིན་བཟང་ལ་མང་བ་མཛད་དེ། འདི་ལྟ་བུའི་བསྟན་བཅོས་མང་དུ་རྩོམས་གསུངས་པ་ལ་བརྟེན་ནས། རྟོན་པ་བཞི་ལྡན་གྱིས་སྦྱར་བ་རེ་ཤིག་རྫོགས་སོ།། །།

འདིས་ཀྱང་བསྟན་པ་དང་སེམས་ཅན་ཐམས་ཅད་ལ་ཕན་པ་ཆེན་པོ་འབྱུང་བར་གྱུར་ཅིག །མངྒ་ལཾ། བྷ་ཝནྟུ། གཅིག་ཞུས། ཡང་ཞུས།

བཀའ་བསྡུ་བཞི་པའི་བསྡུས་དོན་འགྲེལ་པ་བཞུགས་སོ། །

ཨོཾ་བདེ་ལེགས་སུ་གྱུར་ཅིག །ཡོད་པ་ལ་སྐུར་བ་མི་འདེབས་ཤིང་མེད་པ་ལ་སྒྲོ་མི་འདོགས་པར་ཇི་ལྟར་གནས་པ་བཞིན་དུ་རྟོགས་ནས་སྟོན་པར་མཛད་པ་གང་ཡིན་ཐམས་ཅད་ལ་ཕྱག་འཚལ་མཆོད་ཅིང་བསྟོད་དེ་སྐྱབས་སུ་སོང་ནས། བཀའ་བསྡུ་བཞི་པ་བསྟན་རྩིས་ཆེན་པོ་རྩ་འགྲེལ་གྱི་བསྡུས་དོན་འགྲེལ་པ་བརྗོད་པར་བྱའོ། །དེ་ལ། ཨོཾ། ཞེས་པ་ནས། ན་མཿ ཞེས་པའི་བར་གྱིས་སྤྱིར་བླ་མ་དཀོན་མཆོག་ཐམས་ཅད་ལ་མཆོད་པར་བརྗོད་པར་བསྟན་ཏོ། །དེ་ནས། དོན་དམ། ཞེས་པ་ནས། ཕྱག་འཚལ། །ཞེས་པའི་བར་གྱིས་མཐར་ཐུག་གི་སངས་རྒྱས་རང་བྱུང་ཡེ་ཤེས་དེ་བཞིན་ཉིད་ལ་མཆོད་པར་བརྗོད་པ་བསྟན་ཏོ། །དེ་ནས། དུས་བཞི་གཉིས་ཀྱི་རབ་དབྱེ་རབ་བཤད་བྱ། །ཞེས་པས་རྩོམ་པར་དམ་བཅའ་བ་བསྟན་ཏོ། །

དུས་བཞི་ཆེན་པོ། ཞེས་པ་ནས། བཟང་ངན་ཡིན། །ཞེས་པའི་བར་གྱིས་དུས་བཞི་གཉིས་ཀྱི་ངོ་བོ་སྤྱིར་བསྟན་ཏོ། །དང་པོའི། ཞེས་པ་ནས། སོ་སོའི་ཚད། །ཅེས་པའི་བར་གྱིས་དུས་བཞི་གཉིས་ཀྱི་ལོ་གྲངས་བསྟན་ཏོ། །སྐྱོན་མེད། ཅེས་པ་ནས། ཆོས་སུ་གསུངས། །ཞེས་པའི་བར་གྱིས་དུས་བཞི་ཆུང་བའི་ངོས་འཛིན་ཁྱད་པར་དུ་བསྟན་ཏོ། །དེ་དང་དེ་ཡི། ཞེས་པ་ནས། གཙུག་གིས་བླང༌། །ཞེས་པའི་བར་གྱིས་རྫོགས་ལྡན་གྱི་ཆོས་གང་ཡིན་དཔང་དུ་རུང་བར་བསྟན་ཏོ། །གསུམ་ལྡན་མར་བཅད། ཅེས་པ་ནས། གནོད་པ་བཞིན། །ཞེས་པའི་བར་གྱིས་གསུམ་ལྡན་མར་བཅད་ཀྱི་གཞུང་ལ་སྐྱོན་ཞུགས་པས། དེ་ལས་བཤད་པ་ཐམས་ཅད་བདེན་པའི་ངེས་པ་མེད་པར་བསྟན་ཏོ། །རྫོགས་ལྡན་ཆོས་ནི། ཞེས་པ་ནས། ཉིད་དུ་གསུངས། །ཞེས་པའི་བར་གྱིས་རྫོགས་ལྡན་གྱི་ཆོས་ལ་སྐྱོན་མེད་པས་དེ་ལ་ལྟ་སྒོམ་སྤྱོད་པ་རྣམ་དག་གསུངས་ཞེས་བསྟན་ཏོ། །གང་ཕྱིར། ཞེས་པ་ནས། གསུངས་པའི་ཕྱིར། །ཞེས་པའི་བར་གྱིས་བདེན་པ་གཉིས་ཀྱི་གནས་ལུགས་རྒྱས་པར་བསྟན་ཏོ། །བདེན་གཉིས་ངོ་བོ། ཞེས་པ་ནས། ཚུལ་འདི་ཉིད། །ཅེས་པའི་བར་གྱིས་བདེན་གཉིས་ངོ་བོ་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་དགོས་པ་བསྟན་ཏོ། །གསུམ་ལྡན་མར་བཅད། ཅེས་པ་ནས། འཁོར་འདས་དོན་དུ་འདོད། །ཅེས་པའི་བར་གྱིས་ལྟ་ངན་ཅན་གྱི་འདོད་ལུགས་བསྟན་ཏོ། །སྣང་ཚད་ཀུན་རྫོབ། ཅེས་པ་ནས། ཉེས་སྐྱོན་གཞན་ཡང་དཔག་མེད་དོ། །ཞེས་པའི་བར་གྱིས་སྣང་བ་གང་ཡིན་ཀུན་རྫོབ་དང༌། སྟོང་པ་གང་ཡིན་དོན་དམ་བདེན་པར་འདོད་པ་ལ་ཧ་ཅང་ཐལ་ཆེས་པའི་སྐྱོན་བསྟན་ཏོ། །བདེན་གཉིས་འཁོར་འདས་ངོ་བོ་གཅིག་ན་ནི། །ཞེས་པ་ནས། དེ་ལྟར་འདོད་ན་ཉེས་སྐྱོན་དཔག་མེད་དོ། །ཞེས་པའི་བར་གྱིས་བདེན་གཉིས་ངོ་བོ་གཅིག་ཏུ་འདོད་པ་དང༌། འཁོར་འདས་ངོ་བོ་གཅིག་ཏུ་འདོད་པ་ལ་ཧ་ཅང་ཐལ་ཆེས་པའི་སྐྱོན་བརྗོད་པའོ། །རྫོགས་ལྡན་ལུགས་ལ་ཉེས་སྐྱོན་དེ་རྣམས་མེད། །ཅེས་པས་རང་ལུགས་ལ་སྐྱོན་མེད་པར་བསྟན་ཏོ། །ཤེས་བྱ་ཐམས་ཅད། ཅེས་པ་ནས། ལུགས། །ཞེས་པའི་བར་གྱིས་སྐྱོན་ཅན་གྱི་འདོད་ལུགས་བརྗོད་པའོ། །ཆོས་ཉིད་དབུ་མ། ཞེས་པ་ནས། རྐང་པ་ལྔ་འགྲེལ་པ་དང་བཅས་པས་ལུང་རིགས་ཀྱིས་སུན་དབྱུང་བ་བསྟན་ཏོ། །ཐམས་ཅད་བེམ་རིག་གཉིས་སུ་ཁ་ཚོན་ཆོད། །ཅེས་སོགས་རྐང་པ་གསུམ་འགྲེལ་པ་དང་བཅས་པས་བེམ་རིག་གཉིས་སུ་ཤེས་བྱ་ཐམས་ཅད་འདུས་པར་རྫོགས་ལྡན་གྱི་ལུང་རིགས་ཀྱིས་བསྒྲུབ་པར་བསྟན་ཏོ། །གསུམ་ལྡན་མར་བཅད། ཅེས་པ་ནས། ཅེས་སོགས་རྣམ་པ་མང་པོས་དོན་དམ་ནི། །ཤེས་པ་རིག་པ་ཡེ་ཤེས་ཡིན་པར་སྟོན། །ཞེས་པའི་བར་གྱིས་ཆོས་དབྱིངས་ཤེས་པ་ཡིན་པའི་སྒྲུབ་བྱེད་བསྟན་ཏོ། །དེ་ཕྱིར་སྐད། ཅེས་སོགས་རྐང་པ་གསུམ་འགྲེལ་པ་དང་བཅས་པས་ཆོས་དབྱིངས་ཡེ་ཤེས་ཡིན་ཡང་མི་རྟག་པར་མ་ཡིན་གྱི་མཐར་ཐུག་པའི་དེ་ཁོ་ན་ཉིད་དུ་བསྟན་ཏོ། །གལ་ཏེ་དོན་དམ་རིག་པ་མ་ཡིན་ན། །ཞེས་པ་ནས། འགལ་བར་འགྱུར། །ཞེས་པའི་བར་གྱིས་ཆོས་དབྱིངས་རིག་པ་ཡིན་པ་ལ་ཧ་ཅང་ཐལ་བ་ལ་གནོད་བྱེད་དགོད་པའོ། །གལ་ཏེ་དོན་དམ། ཞེས་པ་ནས། དེ་བཞིན་ནོ། །ཞེས་པའི་བར་གྱིས་ཆོས་དབྱིངས་བདེ་གཤེགས་སྙིང་པོ་རྟག་བརྟན་གྱི་ཤེས་པ་གྲུབ་པར་བསྟན་ཏོ། །གལ་ཏེ་དོན་དམ་ཤེས་པ་མ་ཡིན་ན། །ཞེས་སོགས་ཀྱིས་རྐང་པ་གསུམ་གྱིས་ཆོས་དབྱིངས་ཤེས་པ་མིན་པར་འདོད་པ་ལ་གནོད་བྱེད་གནམ་ལྕགས་ལྟ་བུ་བསྟན་ཏོ། །གལ་ཏེ་དོན་དམ་ཤེས་པ། ཞེས་སོགས་རྐང་པ་གཉིས་ཀྱིས་ཤེས་པ་ཡིན་ན་མི་རྟག་པ་མ་ཡིན་པའི་རྩོད་པ་བཀོད་ནས། དེ་འདྲ། ཞེས་སོགས་ནས། མྱུར་དུ་ཐོབ་པར་འགྱུར། །ཞེས་པའི་བར་གྱིས་ཤེས་པ་གང་ཡིན་མི་རྟག་པར་འདོད་པ་ལྟ་ངན་ཡིན་པ་དང༌། འདུས་མ་བྱས་ཀྱི་ཤེས་པ་རྫོགས་ལྡན་ལས་གསུངས་པའི་ཁུངས་མ་ཆོད་པ་དང་གསུང་རབ་ཀྱི་གནད་ཟབ་ཅིང་ཕུལ་དུ་བྱུང་བ་རྣམས་ཀྱང་ཁུངས་མ་ཆོད་པར་བསྟན་ཏོ། །རྫོགས་ལྡན། ཞེས་པ་ནས། གསུངས་པས་གནོད། །ཅེས་པའི་བར་གྱིས་དཀྱིལ་འཁོར་དང་ལྷ་དང་སྔགས་དང་རྒྱུད་དང་རིགས་དང་དཀོན་མཆོག་གང་ཡིན་ཐམས་ཅད་སྔར་མེད་ཕྱིས་བྱུང་བའི་འདུས་བྱས་སུ་འདོད་པ་ལ་ལུང་རིགས་ཀྱིས་གནོད་བྱེད་བསྟན་ཏོ། །གསུངས་པ་དེ་རྣམས། ཞེས་པ་ནས། གྱུར་ཅིག །ཅེས་པའི་བར་གྱིས་མཐར་ཐུག་གི་སངས་རྒྱས་ལ་སོགས་རྟག་བརྟན་ཡིན་པ་དྲང་དོན་དུ་འདོད་པ་ལ་སྒྲུབ་བྱེད་མེད་ཅིང་གནོད་བྱེད་ཡོད་པར་བསྟན་ཏོ། །གལ་ཏེ། ཞེས་པ་ནས། ཤིན་ཏུ་མང་བར་ཡོད། །ཅེས་པའི་བར་གྱིས་ཐམས་ཅད་ཀུན་རྫོབ་ཏུ་ཡོད་ཀྱི་དོན་དམ་པར་ཅིར་ཡང་མ་གྲུབ་པར་འདོད་པ་ལ། ཁྱབ་བྱེད་ཁེགས་ན་ཁྱབ་བྱ་ཁེགས་པ་ལ་སོགས་པས་དོན་དམ་མེད་ན་ཀུན་རྫོབ་ཀྱང་མེད་པར་ཧ་ཅང་ཐལ་པའི་སྐྱོན་གྱིས་གནོད་པ་བསྟན་ཏོ། །དེ་ཕྱིར་འགྲོ་བ། ཞེས་སོགས། རྐང་པ་གཉིས་ཀྱིས་སེམས་ཅན་ཐམས་ཅད་ལ་ཆོས་ཟབ་ཁྱད་འཕགས་ཀྱི་བྱིན་རླབས་འཇུག་པར་སྨོན་པའོ། །ཤེས་བྱ་ལ་ནི། ཞེས་པ་ནས། ཡེ་ཤེས་ཡིན། །ཞེས་པའི་བར་གྱིས་སྤྱིར་ཤེས་བྱ་ཙམ་གྱི་རྣམ་དབྱེ་དང༌། ཁྱད་པར་དུ་ཤེས་པ་དང་ཡེ་ཤེས་ཀྱི་རྣམ་དབྱེ་ལ་སོགས་པ་རྫོགས་ལྡན་གྱི་ཆོས་ལུགས་ཁྱད་འཕགས་རྣམས་བསྟན་ཏོ། །རྫོགས་ལྡན་ཆོས། ཞེས་པ་ནས། དགོངས་པ་ ཡིན། །ཞེས་པའི་བར་གྱིས་ཆོས་དབྱིངས་ཤེར་ཕྱིན་ཟབ་མོར་གསུངས་པའི་དགོངས་པ་བསྟན་ཏོ། །གསུམ་ལྡན་མར་བཅད། ཅེས་པ་ནས། བསླད་པའི་ལུགས། །ཞེས་པའི་བར་གྱིས་ལྟ་ངན་ཅན་གྱི་འདོད་ལུགས་བརྗོད་དེ་ལྟ་བའི་སྙིགས་མ་བདོ་བར་བསྟན་ཏོ། །རྫོགས་ལྡན་ལ་ནི། ཞེས་པ་ནས། ལུགས་ལ་ཡོད། །ཅེས་པའི་བར་གྱིས་རྫོགས་ལྡན་ལུགས་ཀྱི་རྣམ་བཞག་ལེགས་པོ་བསྟན་ཏོ། །གསུམ་ལྡན་མར་བཅད། ཅེས་པ་ནས། བདོ་བར་བྱས། །ཞེས་པའི་བར་གྱིས་སྐྱོན་ཅན་གྱི་འདོད་པ་བསྟན་ཏོ། །བདེ་གཤེགས་སྙིང་པོ། ཞེས་པ་ནས། སྔར་སངས་རྒྱས་ཀྱང་ཡིན། །ཞེས་པའི་བར་གྱིས་ཀུན་གཞི་ཡེ་ཤེས་དེ་མདོ་སྔགས་ཐམས་ཅད་ཀྱི་ངེས་དོན་མཐར་ཐུག་ཡིན་པར་བསྟན་ཏོ། །གསུམ་ལྡན། ཞེས་པ་ནས། བདོ་བར་བྱས། །ཞེས་པའི་བར་གྱིས་དེ་ལྟར་མ་གཏོགས་པའི་སྐྱོན་བསྟན་ཏོ། །རྫོགས་ལྡན་ཆོས། ཞེས་པ་ནས། དེ་དག་གཅིག་ཏུ་བསྲེ་བར་མ་གྱུར་ཅིག །ཅེས་པའི་བར་གྱིས་ཀུན་གཞི་རྣམ་ཤེས་འདི་རྒྱུའི་རྒྱུད་དང་རང་བཞིན་འོད་གསལ་ལ་སོགས་མ་ཡིན་གྱི། ཀུན་གཞི་ཡེ་ཤེས་ནི་རྒྱུའི་རྒྱུད་དང༌། རང་བཞིན་འོད་གསལ་ལ་སོགས་ཡིན་པས་ཀུན་གཞི་གཉིས་པོ་ལེགས་པར་བྱེད་དགོས་པར་བསྟན་ཏོ། །གལ་ཏེ་བསྲེས་ན། ཞེས་སོགས་རྐང་པ་གཉིས་ཀྱིས་དེ་གཉིས་གཅིག་ཏུ་བསྲེས་པའི་ཉེས་དམིགས་ཆེན་པོ་དཔག་ཏུ་མེད་པ་བསྟན་ཏོ། །རྫོགས་ལྡན། ཞེས་པ་ནས། ནམ་མཁའ་འདྲ། །ཞེས་པའི་བར་གྱིས་སྦྱང་གཞི་ལ་སོགས་ཆོས་བཞི་དཔེ་དང་བཅས་ཏེ་བསྟན་ཏོ། །དེ་ལྟར་གསུངས་ཀྱང་། ཞེས་པ་ནས། མང་བར་མཆིས། །ཞེས་པའི་བར་གྱིས་སྦྱང་བྱ་དང་སྦྱང་གཞི་གཅིག་ཡིན་ན་ཧ་ཅང་ཐལ་ཆེས་པའི་སྐྱོན་བསྟན་ཏོ། །ཡོངས་གྲུབ། ཅེས་པ་ནས། ལུགས། །ཞེས་པའི་བར་གྱིས་འགྱུར་མེད་ཡོངས་གྲུབ་དང་དབུ་མ་ཆེན་པོ་གཅིག་ཉིད་དུ་བསྟན་ཏོ། །གསུམ་ལྡན་མར་བཅད་སྐྱོན་ཅན། ཞེས་པ་ནས། ལུགས་ལས་ འབྱུང༌། །ཞེས་པའི་བར་གྱིས་རང་བཞིན་གསུམ་སེམས་ཙམ་པ་ཁོ་ནའི་ཆོས་སྐད་ཡིན་པར་འདོད་པ་ལ་སྒྲུབ་བྱེད་མེད་ཅིང་གནོད་བྱེད་ཡོད་པར་བསྟན་ཏོ། །དེ་ཕྱིར་དེ་འདྲའི། ཞེས་པ་ནས། རི་བོང་རྭ་དང་མཚུངས། །ཞེས་པའི་བར་གྱིས་གྲུབ་མཐའི་རྣམ་བཞག་ཚུལ་བཞིན་མ་ཤེས་པའི་རྒྱུ་མཚན་གྱིས་ངོ་བོ་ཉིད་གསུམ་སྟོན་ཚད་སེམས་ཙམ་ཡིན་ཞེས་པ་དང༌། དེ་སྟོན་པའི་གང་ཟག་ཐམས་ཅད་སེམས་ཙམ་པ་ཡིན་ཞེས་པ་དང༌། དོན་དམ་པར་ཅིར་ཡང་གྲུབ་པ་མེད་པས་དབུ་མ་ཡང་ཅིར་ཡང་མ་གྲུབ་ཅེས་པ་དང༌། དེ་ལྟར་སྟོན་ཚད་དབུ་མ་པ་ཆེན་པོ་ཡིན་ཞེས་པ་ཐམས་ཅད་ལྟ་ངན་དུ་བསྟན་ཏོ། །གསུམ་ལྡན་མར་བཅད། ཅེས་པ་ནས། མི་འགལ་ལམ། །ཞེས་པའི་བར་གྱིས་རྟེན་མེད་ན་བརྟེན་པ་མེད་པ་ལ་སོགས་པས་དོན་དམ་མེད་ན་ཀུན་རྫོབ་ཀྱང་མེད་པར་ཧ་ཅང་ཐལ་ཆེས་པ་བསྟན་ཏོ། །དབུ་མ་ལ་ནི་རང་རྒྱུད། ཅེས་པ་ནས། མཁས་པ་ཆེན་པོར་འགྱུར། །ཞེས་པའི་བར་གྱིས་ཐལ་འགྱུར་དང་རང་རྒྱུད་གཉི་ག་དབུ་མའི་དབྱེ་བར་འདོད་པ་བཀག་ནས། དེ་བཞིན་ཉིད་སོགས་དོན་དམ་གྱི་ལྷ་སྔགས་ཐམས་ཅད་དབུ་མའི་དབྱེ་བ་ཡིན་པར་ལུང་རིགས་ཀྱིས་བསྒྲུབ་པར་བསྟན་ཏོ། །རང་རྒྱུད་ཐལ་འགྱུར། ཞེས་པ་ནས། ཡིན་མོད་ཀྱང༌། །ཞེས་པའི་བར་གྱིས་ཐལ་འགྱུར་དང་རང་རྒྱུད་གཉི་ག་ཡོད་པའི་ཕྱོགས་སུ་ལྷུང་བས་དབུ་མ་ལས་ཕྱེ་བའི་ཡ་གྱལ་ཡིན་པར་མི་རིགས་པ་དཔེ་དོན་དང་བཅས་ཏེ་བསྟན་ཏོ། །གསུམ་ལྡན། ཞེས་པ་ནས། ལོ། །ཞེས་པའི་བར་གྱིས་གཞན་གྱི་འདོད་ལུགས་ ནོར་བ་བརྗོད་པའོ། །དེ་ལྟར་ཡིན་ན། ཞེས་པ་ནས། གསུངས་ཕྱིར་རོ། །ཞེས་པའི་བར་གྱིས་དེ་ལྟར་འདོད་པ་དེ་སྡིག་ལྟ་ཆེན་པོ་ཡིན་པར་རྒྱུ་མཚན་དང་བཅས་པ་བསྟན་ཏོ། །མདོ་རྒྱུད་རྣམ་དག་ཟབ་མོ། ཞེས་པ་ནས། གཞི་ལ་དགོངས། །ཞེས་པའི་བར་གྱིས་སྟོང་ཉིད་ཟབ་མོ་མཐར་ཐུག་དེ་མཐའ་ཐམས་ཅད་ཀྱིས་སྟོང་པའི་གཞི་ཡིན་གྱིས་མཐའ་དང་བྲལ་ཙམ་གྱི་རང་སྟོང་མེད་དགག་ནི་མ་ཡིན་པར་བསྟན་ཏོ། །སྟོང་གཞི། ཞེས་པ་ནས། རྣམ་དག་རྒྱུད་སྡེ་རྣམས་ཀྱང་དེ་བཞིན་ནོ། །ཞེས་པའི་བར་གྱིས་སྟོང་གཞི་ཆོས་དབྱིངས་ཟབ་མོ་དེ་ཀུན་རྫོབ་ཀྱི་ཆོས་འདི་ཐམས་ཅད་གཏན་ནས་མ་ཡིན་གྱི་གནས་ལུགས་བདེ་བ་ཆེན་པོའི་ཡེ་ཤེས་གཞན་སྟོང་ཟབ་མོ་དོན་དམ་པའི་ལྷ་རྒྱུད་ལ་སོགས་ཟབ་མོ་མཐར་ཐུག་ཐམས་ཅད་ཡིན་པས་དེ་ལྟར་སྟོན་པའི་བཀའ་བསྟན་བཅོས་ཐམས་ཅད་ཀྱང་དབུ་མ་ཆེན་པོའི་གཞུང་དུ་བསྟན་ཏོ། །གསུམ་ལྡན། ཞེས་པ་ནས། འགལ་བར་འགྱུར། །ཞེས་པའི་བར་གྱིས་རྟེན་འབྲེལ་དབུ་མར་འདོད་པ་དང༌། དབུ་མ་རྟེན་འབྲེལ་དུ་འདོད་པ་ལའང་འདུས་བྱས་ཐམས་ཅད་དབུ་མར་ཧ་ཅང་ཐལ་ཆེས་པའི་སྐྱོན་བརྗོད་པའོ། །དེ་ཕྱིར་རྟེན་འབྲེལ། ཞེས་སོགས་རྐང་པ་གཉིས་ཀྱིས་རྟེན་འབྲེལ་ལའང་བདེན་གཉིས་རྣམ་དབྱེ་ཤེས་དགོས་པར་བསྟན་ཏོ། །ཀུན་རྫོབ། ཅེས་སོགས་རྐང་པ་གཉིས་ཀྱིས་ཀུན་རྫོབ་ཀྱི་རྟེན་འབྲེལ་རྟོགས་པ་ནི་དབུ་མའི་ལམ་ཡིན་གྱི་རྟེན་འབྲེལ་དེ་དབུ་མ་ལ་སོགས་གཤིས་ལུགས་ཟབ་མོ་མཐར་ཐུག་ཐམས་ཅད་མིན་པར་བསྟན་ཏོ། །དོན་དམ་རྟེན་འབྲེལ། ཞེས་སོགས་ནས། སྤྱོད་ཡུལ་མིན། །ཞེས་པའི་བར་གྱིས་དོན་དམ་རྟེན་འབྲེལ་དེ་ཀུན་རྫོབ་ཀྱི་རྟེན་འབྲེལ་བཅུ་གཉིས་དང༌། དུས་སྦྱོར་བཅུ་གཉིས་ཀྱི་ལས་རླུང་རྣམས་གདོད་ནས་འགགས་པའི་གཞི་བདེན་དོན་བཅུ་གཉིས་ལ་སོགས་ཡིན་པར་མདོ་རྒྱུད་ཀུན་ལས་གསུངས་པར་བསྟན་ཏོ། །དེ་རྣམས། ཞེས་པ་ནས། ག་ལ་རུང༌། །ཞེས་པའི་བར་གྱིས་ཀུན་རྫོབ་ཐམས་ཅད་ཀྱིས་གདོད་ནས་སྟོང་ཞིང་དབེན་ལ་དག་པའི་གཞི་དོན་དམ་དེ་བཞིན་ཉིད་འགྱུར་མེད་ཡོངས་གྲུབ་དེ་སེམས་ཙམ་ལས་ཤིན་ཏུ་འདས་པས། དེ་ལྟར་སྟོན་ཅིང་འདོད་པ་རྣམས་ཀྱང་སེམས་ཙམ་པ་ལས་ཤིན་ཏུ་འདས་པར་བསྟན་ཏོ། །ཆོས་འཁོར་གཉིས་པའི། ཞེས་པ་ནས། ཟབ་མོ་མཐར་ཐུག་ཐམས་ཅད་ཡིན་ཕྱིར་རོ། །ཞེས་པའི་བར་གྱིས་བཀའ་འཁོར་ལོ་བར་པའི་བརྗོད་བྱའི་གཙོ་བོའང་གཞན་སྟོང་ཟབ་མོ་དེ་བཞིན་ཉིད་ཡིན་ཞིང༌། དེ་ཡང་རང་སྟོང་ཆད་སྟོང་བེམ་སྟོང་མེད་དགག་ཡོངས་གཅོད་དུ་ཅི་ཡང་མ་གྲུབ་ཙམ་པ་དེ་འདྲ་གཏན་ནས་མ་ཡིན་གྱི། ཡོན་ཏན་དཔག་ཡས་ཚང་བ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དོན་དམ་པའི་ཨེ་ཝཾ་ཡེ་ཤེས་སྐུ་རང་བཞིན་འོད་གསལ་ཡུམ་ཆེན་མོ་རྡོ་རྗེ་སེམས་དཔའ་རྡོ་རྗེ་འཆང་ཤེར་ཕྱིན་ཟབ་མོ་ལ་སོགས་པ་ཟབ་མོ་མཐར་ཐུག་ཐམས་ཅད་ཡིན་པར་བསྟན་ཏོ། །དེ་ཕྱིར་རྒྱལ་ཡུམ། ཞེས་པ་ནས། སྟོང་ཉིད་འདི་མིན་སྟོང་ཉིད་གཞན་མཆོག་ཡིན། །ཞེས་པའི་བར་གྱིས་བཀའ་འཁོར་ལོ་ཐ་མ་གཉིས་དང་རྒྱུད་སྡེ་བཞིའི་བརྗོད་བྱའི་གཙོ་བོ་སྟོང་ཉིད་ཟབ་མོ་དེར་གཅིག་ཅིང༌། དེ་ཡང་རྣམ་ཤེས་དང་རང་སྟོང་ལ་སོགས་ཀུན་རྫོབ་ཀྱི་ཆོས་གང་ཡང་ཡིན་མི་སྲིད་ཀྱི་རང་བྱུང་ཡེ་ཤེས་དོན་དམ་པའི་ཚད་མ་ཕུང་པོ་ཁམས་སོགས་བདག་རིག་གཞན་རིག་ཐམས་ཅད་པ་ཆ་མེད་ཀུན་འགྲོ་འགྱུར་མེད་ཡོངས་གྲུབ་ལ་སོགས་ཟབ་མོ་མཐར་ཐུག་ཐམས་ཅད་ཡིན་པར་བསྟན་ཏོ། །བྱང་ཆུབ་ཕྱོགས། ཞེས་པ་ནས། འགོག་བདེན་ཏེ། །ཞེས་པའི་བར་གྱིས་བྱང་ཆུབ་ཕྱོགས་ཆོས་ནས་མ་འདྲེས་བཅོ་བརྒྱད་ཀྱི་བར་ལ་ཡང་བདེན་གཉིས་རྣམ་དབྱེ་བྱས་ནས་དོན་དམ་གྱི་བྱང་ཆུབ་ཕྱོགས་ལ་སོགས་པ་ཐམས་ཅད་ཀུན་རྫོབ་གཏན་ནས་མིན་གྱི་འགོག་བདེན་ཟབ་མོ་ཡིན་པར་བསྟན་ཏོ། །རྒྱུ་རྐྱེན་མེད་ཅིང་། ཞེས་སོགས་རྐང་པ་གསུམ་གྱིས་ཆོས་དབྱིངས་དང་ནམ་མཁའ་དཔེ་ཅན་དང༌། དཔེར་གསུངས་པའི་དགོངས་པ་བསྟན་ཏོ། །རང་གིས་མི་སྟོང་། ཞེས་སོགས་རྐང་པ་གཉིས་ཀྱིས་ཆོས་དབྱིངས་སྟོང་ཉིད་ཡིན་པའི་སྟོང་ཚུལ་གྱིས་དཔེ་དོན་གྱི་དགོངས་པ་བསྟན་ཏོ། །རྟོག་ལ་མི་སྣང་། ཞེས་སོགས་རྐང་པ་གཉིས་ཀྱིས་ལ་ལར་མི་སྣང་བར་དང༌། ལ་ལར་སྣང་བར་དཔེ་དོན་སྦྱར་ཏེ་གསུངས་པའི་དགོངས་པ་བསྟན་ཏོ། །རང་བཞིན་བདེ། ཞེས་སོགས་རྐང་པ་གཉིས་ཀྱིས་ཆོས་དབྱིངས་བདེ་བ་ཆེན་པོར་དཔེ་དོན་སྦྱར་ཏེ་གསུངས་པའི་དགོངས་པ་བསྟན་ཏོ། །བདེན་གཉིས་རྒྱ་མཉམ། ཞེས་སོགས་རྐང་པ་བཞིས་ དར་ཡུག་ཆེན་པོའི་དཔེས་མཚོན་པའི་དགོངས་པ་བསྟན་ཏོ། །ཀུན་ཏུ་ཁྱབ་ཅིང་། ཞེས་སོགས་རྐང་པ་བཞིས་ལིང་ཏོག་ལ་སོགས་པའི་སྐྱོན་གྱིས་མིག་གིས་མི་མཐོང་བ་དང༌། ཁྲོན་པ་རྐོ་བ་ལ་སོགས་པས་མཚོན་པའི་དགོངས་པ་བསྟན་ཏོ། །གཟུགས། ཞེས་སོགས་རྐང་པ་ལྔས་ཆོས་དབྱིངས་དཔེ་ལས་འདས་པར་གསུངས་པའི་དགོངས་པ་བསྟན་ཏོ། །ཀུན་ལ་ཡོད་ཀྱང་། ཞེས་སོགས་རྐང་པ་གསུམ་གྱིས་བུམ་ནང་མར་མེ་དང་དབུལ་པོའི་གཏེར་ཆེན་ལ་སོགས་ཀྱིས་མཚོན་པའི་དགོངས་པ་བསྟན་ཏོ། །དྲི་མ་སངས་ན། ཞེས་སོགས་རྐང་པ་གཉིས་ཀྱིས་ཆུ་ཁམས་གསེར་དང་ནམ་མཁའ་ལ་སོགས་ཀྱིས་མཚོན་པའི་དགོངས་པ་བསྟན་ཏོ། །དྲི་མ་ཟད། ཅེས་སོགས་རྐང་པ་གཉིས་ཀྱིས་ནམ་མཁའ་མི་ཟད་པ་ལ་སོགས་པའི་དཔེས་མཚོན་པའི་དགོངས་པ་བསྟན་ཏོ། །མཐར་ཐུག །ཅེས་སོགས་རྐང་པ་བཞིས་སྤྲིན་ཡོད་མེད་ཀྱི་ནམ་མཁའ་ ཡང་ནམ་མཁར་གཅིག་པས་མཚོན་པའི་དགོངས་པ་བསྟན་ཏོ། །ངེས་དོན་མཐར་ཐུག །ཅེས་སོགས་རྐང་པ་བཞིས་སྤྲིན་ཡོད་ཀྱི་ནམ་མཁའ་སྤྲིན་སངས་སུ་གྱུར་པའི་དཔེས་མཚོན་པའི་དགོངས་པ་བསྟན་ཏོ། །ཇི་བཞིན་རྫོགས་པར། ཞེས་སོགས་རྐང་པ་གཉིས་ཀྱིས་དཔེ་མེད་པ་དང་དཔེ་དང་བཅས་པར་གསུངས་པའི་དགོངས་པ་བསྡུས་ཏེ་བསྟན་ཏོ། །རྒྱུ་མཚན་ཡང་དག །ཅེས་པ་ནས། རྣམ་བཞག་ཉམས། །ཞེས་སོགས་ཀྱི་བར་གྱིས་གཤིས་ལུགས་འཁྲུལ་ལུགས་སྤང་གཉེན་ལ་སོགས་མ་འདྲེས་པར་གསུང་རབ་རྣམ་དག་རྣམས་ནས་བསྟན་ཀྱང་གསུམ་ལྡན་མར་བཅད་བློ་སྐྱོན་ཅན་རྣམས་ཀྱིས་རང་གི་བློ་སྐྱོན་དོན་ལ་སྦྱར་ནས་ལྟ་སྒོམ་རྣམ་དག་ཉམས་པར་བྱས་ཞེས་བསྟན་ཏོ། །གཤིས་ལུགས་ཇི་བཞིན། ཞེས་སོགས་རྐང་པ་གཉིས་ཀྱིས་ལྟ་སྒོམ་རྣམ་དག་བསྟན་ཏོ། །ཕལ་ཆེར། ཞེས་པ་ནས། དེ་དག་ཀུན་ལ་གུས་པས་ཕྱག་འཚལ་ལོ། །ཞེས་པའི་བར་གྱིས་ངེས་དོན་ཟབ་མོའི་ལྟ་སྒོམ་མེད་ཅིང་གཙོ་བོར་མི་སྐྱོང་ཡང་ཚུལ་ཁྲིམས་སྲུང་བ་ལ་སོགས་པ་སྤྱོད་པ་རྣམ་དག་མངའ་བའི་ཆ་དེ་ལ་རྗེས་སུ་ཡི་རང་ཞིང་ལྟ་སྒོམ་སྤྱོད་པ་ཐམས་ཅད་ཕྱིན་ཅི་མ་ལོག་པར་མཛད་པ་ཐམས་ཅད་ལ་ཡང་དད་ཅིང་གུས་པས་རྗེས་སུ་ཡི་རང་བར་བསྟན་ཏོ། །གསུམ་ལྡན་མར་བཅད། ཅེས་པ་ནས། ལེགས་པའི་སྐད་འདིར་གཏོང༌། །ཞེས་པའི་བར་གྱིས་ལྟ་སྒོམ་ལོག་པར་ཞུགས་པ་རྣམས་ལ་བྱང་ཆུབ་སེམས་ཀྱིས་ཀུན་ནས་བསླང་སྟེ། ལྟ་སྒོམ་ལོག་པ་དེ་དག་སྤོངས་ཤིག་ཅེས་མ་ཕོད་པའི་གྲོས་འདེབས་པ་བསྟན་ཏོ། །དེ་བཞིན་གཤེགས་པ། ཞེས་པ་ནས། དགོངས་སུ་གསོལ། །ཞེས་པའི་བར་གྱིས་འགྱུར་མེད་ཡོངས་གྲུབ་དགུ་དང་བཅུ་གཉིས་ལ་སོགས་པ་རྟག་ཏུ་དེ་བཞིན་ཉིད་དུ་གནས་པ་ངེས་དོན་དུ་གསུངས་པས་དོན་དམ་ཅང་མེད་དུ་མ་སྨྲ་ཤིག་ཅེས་བསྟན་ཏོ། །ཉོན་མོངས་རྣམ་རྟོག །ཅེས་པ་ནས། བསྟན་དུ་གསོལ། །ཞེས་པའི་བར་གྱིས་ཁྱད་པར་དུ་ཉོན་མོངས་འདི་ཉིད་མཐར་ཐུག་གི་ཡེ་ཤེས་སུ་སྟོན་པའི་ལུང་རིག་རྣམ་དག་མེད་པས། ཉོན་མོངས་རྣམ་རྟོག་འདི་ཡེ་ཤེས་སུ་འདོད་པའི་ལྟ་ལོག་སྤང་བར་གདམས་པ་བསྟན་ཏོ། །ཐམས་ཅད་གཞི་མེད། ཅེས་པ་ནས། དགོངས་སུ་གསོལ། །ཞེས་པའི་བར་གྱིས་ཆོས་ཐམས་ཅད་ཀྱི་གནས་དང་རྟེན་དང་གཞི་ཆོས་དབྱིངས་སུ་ངེས་དོན་གྱི་ལུང་རྣམ་དག་ལས་གསུངས་པས་ཐམས་ཅད་གཞི་མེད་རྩ་བྲལ་དུ་མ་སྨྲ་ཤིག་ཅེས་བསྟན་ཏོ། །ཤེས་བྱ་ཐམས་ཅད། ཅེས་པ་ནས། གསུངས་པའི་གཞུང་མཆོག་རྣམས་ཀྱང་གཟིགས་སུ་གསོལ། །ཞེས་པའི་བར་གྱིས་དོན་དམ་མཐར་ཐུག་གང་ཡིན་ཐམས་ཅད་དངོས་པོ་དངོས་མེད་གང་ཡང་མ་ཡིན་པའི་ཕུང་གསུམ་ཡིན་པས་ཤེས་བྱ་ཐམས་ཅད་དངོས་པོ་དངོས་མེད་དུ་ཁ་ཚོན་མ་ཆོད་པར་བསྟན་ཏོ། །བདེན་པ་ཡང་དག །ཅེས་པ་ནས། གཟིགས་སུ་གསོལ། །ཞེས་པའི་བར་གྱིས་ཆོས་ཅན་ཐམས་ཅད་མི་བདེན་ཡང་ཆོས་ཉིད་དེ་བཞིན་ཉིད་བདེན་པའི་མཆོག་ཏུ་ངེས་དོན་གྱི་གསུང་རབ་དུ་མ་ལས་གསུངས་པས་བདེན་པ་ཡེ་མེད་དུ་མ་སྨྲ་ཤིག་ཅེས་བསྟན་ཏོ། །རྟག་པར་རྟོགས། ཞེས་པ་ནས། གྲོས་འདེབས་ཏེ། །ཞེས་པའི་བར་གྱིས་རྟག་ཆད་ཀྱི་ལྟ་བ་མ་ཡིན་པ་ལ་རྟག་ཆད་ཀྱི་ལྟ་བར་འདོད་པ་རྣམས་ལ་ཕན་སེམས་ཀྱིས་བསླངས་ནས་དེ་སྐད་མ་སྨྲ་ཤིག་ཅེས་བསྟན་ཏོ། །རྟག་པར་རྟོགས་ལ་སྐྱོན་དང་ཡོན་ཏན་གཉིས། །ཞེས་པ་ནས། གཟིགས་སུ་གསོལ། །ཞེས་པའི་བར་གྱིས་རྟག་པ་ལ་སོགས་ལ་རྟག་པ་ལ་སོགས་སུ་རྟོགས་པ་ལ་སྐྱོན་མེད་ལ། དོན་ལ་ཆད་པ་ལ་སོགས་ལ་དོན་ལ་ཆད་པ་ལ་སོགས་སུ་རྟོགས་པ་ལའང་སྐྱོན་མེད་ཀྱི་དེ་དང་དེ་ལ་སོགས་པ་ལས་བཟློག་སྟེ་རྟོགས་པ་ལ་སྐྱོན་ཡོད་དོ་ཞེས་བསྟན་ཏོ། །གཤིས་ལ། ཞེས་པ་ནས། གཟིགས་སུ་གསོལ། །ཞེས་པའི་བར་གྱིས་དོན་དམ་པར་སངས་རྒྱས་གྲུབ་སྟེ་དང་པོའི་སངས་རྒྱས་གྲུབ་པའི་ཕྱིར། དེ་བས་ན་དོན་དམ་པར་སངས་རྒྱས་མེད་པར་མ་སྨྲ་ཤིག་ཅེས་བསྟན་ཏོ། །གཤིས་ལ་ཡེ་ཤེས། ཞེས་པ་ནས། གཟིགས་སུ་གསོལ། །ཞེས་པའི་བར་གྱིས་སྐད་ཅིག་དང་བྲལ་པའི་ཡེ་ཤེས་རྟག་བརྟན་ངེས་དོན་གྱི་གསུང་རབ་དུ་མ་ལས་གསུངས་པས་དོན་ལ་ཡེ་ཤེས་མེད་པར་མ་སྨྲ་ཤིག་ཅེས་བསྟན་ཏོ། །བདེ་གཤེགས། ཞེས་པ་ནས། ཧ་ཅང་ཐལ་བས་གནོད། །ཅེས་པའི་བར་གྱིས་བདེ་གཤེགས་སྙིང་པོ་དྲང་དོན་ཡིན་པ་ལ་ཧ་ཅང་ཐལ་ཆེས་པའི་སྐྱོན་བསྟན་ཏོ། །བདེ་གཤེགས་སྙིང་པོ་དྲང་དོན། ཞེས་སོགས་རྐང་པ་གཉིས་ཀྱིས་བདེ་གཤེགས་སྙིང་པོ་དྲང་དོན་ཡིན་པའི་སྒྲུབ་བྱེད་རྣམ་དག་མེད་ཅེས་བསྟན་ཏོ། །ངེས་དོན། ཞེས་སོགས་རྐང་པ་གཉིས་ཀྱིས་དེ་ངེས་དོན་ཡིན་པར་ལུང་རིགས་རྣམ་དག་གིས་གྲུབ་པས་ངེས་དོན་ཡིན་པ་ལ་གནོད་བྱེད་མེད་པར་བསྟན་ཏོ། །གལ་ཏེ་ལ་ལའི། ཞེས་པ་ནས། ཡོན་ཏན་བགྲང་ཡས་གསུངས་པས་གཟིགས་སུ་གསོལ། །ཅེས་པའི་བར་གྱིས་བདེ་གཤེགས་སྙིང་པོ་ཡོན་ཏན་དཔག་མེད་ཅན་དུ་ངེས་དོན་གྱི་གསུང་རབ་ལས་གསུངས་པས་བདེ་གཤེགས་སྙིང་པོ་ངེས་དོན་ཡིན་ཡང་དེའི་ཡོན་ཏན་དྲང་དོན་ཡིན་ཞེས་པ་ལ་སྒྲུབ་བྱེད་མེད་ལ་གནོད་བྱེད་ཡོད་པའི་སྒོ་ནས་དགག་པ་བསྟན་ཏོ། །གལ་ཏེ་སངས་རྒྱས་རྟག །ཅེས་པ་ནས། སྲིད་པ་ལ་ནི་ལུང་རིགས་དཔག་ཡས་མཆིས། །ཞེས་པའི་བར་གྱིས་སངས་རྒྱས་རྟག་པ་མི་སྲིད་ན་འདུས་མ་བྱས་ཀྱི་སངས་རྒྱས་ཀྱང་མེད་པར་མཚུངས་ཤིང་ཀུན་རྫོབ་ཀྱི་སངས་རྒྱས་ཡོད་པའི་ཕྱིར་དོན་དམ་པའི་སངས་རྒྱས་ཀྱང་ཡོད་ལ། དོན་དམ་གྱི་སངས་རྒྱས་མེད་པར་སྟོན་པའི་ལུང་རིགས་རྣམ་དག་མེད་ཅེས་བསྟན་ཏོ། །རང་ངོ་ཤེས་པས། ཞེས་པ་ནས། སྤོང་གྱུར་ཅིག །ཅེས་པའི་བར་གྱིས་ཚོགས་གཉིས་མ་བསགས་ཀྱང་རང་ངོ་ཤེས་པ་ཙམ་གྱིས་སངས་རྒྱས་ཐོབ་ཅེས་འདོད་པ་ལ། ཤེས་པ་ཐམས་ཅད་ཀྱིས་རང་ངོ་ཤེས་པའི་ཕྱིར་སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་ཟིན་པར་འགྱུར་ཞེས་པའི་གནོད་བྱེད་བསྟན་ཏོ། །གལ་ཏེ་རང་ངོ་། ཞེས་པ་ནས། བླུན་པོ་རང་བཟོ་མཁན་གྱི་སྤྱོད་ཡུལ་མིན། །ཅེས་པའི་བར་གྱིས་རང་སེམས་རྣམ་ཤེས་འདི་ཆོས་སྐུར་རྟོགས་པས་སངས་རྒྱས་ཐོབ་པར་འདོད་པ་ལ་སྣང་བ་ཐམས་ཅད་མུན་པར་ཐལ་བ་ལ་སོགས་ཧ་ཅང་ཐལ་ཆེས་པའི་སྐྱོན་དུ་མ་བསྟན་ཏོ། །གལ་ཏེ་རང་སེམས། ཞེས་པ་ནས། རྣམ་པ་ཀུན་ཏུ་འབྲལ་བར་མ་གྱུར་ཅིག ། ཅེས་པའི་བར་གྱིས་ཆོས་སྐུ་དང་སྟོང་པ་ཉིད་ཐ་དད་གཏན་མེད་ཀྱི་གཅིག་མ་ཡིན་ཏེ། སྟོང་ཉིད་ཡིན་ལ་ཆོས་སྐུ་མ་ཡིན་པ་མཐའ་ཡས་པ་ཡོད་པའི་ཕྱིར། ཞེས་ཆོས་ཉིད་སྟོང་ཉིད་ཀྱི་རྣམ་དབྱེ་ལེགས་པར་བསྟན་ཏོ། །གསུམ་ལྡན་མར་བཅད། ཅེས་པ་ནས། ཞུ་བ་འབུལ། །ཞེས་པའི་བར་གྱིས་ཐམས་ཅད་རང་སྟོང་ཡིན་པས་རྟེན་གསུམ་བཞེངས་པ་ལ་སོགས་དགེ་བ་རྗེས་ཅན་མ་བྱེད་པར་ཚོགས་འཁོར་ལ་སོགས་དགེ་བ་རྗེས་མེད་ཀྱིས་ཟེར་བའི་འདོད་པ་བརྗོད་དེ་ཕན་སེམས་ཀྱིས་དེ་སྐད་མ་སྨྲ་ཤིག་ཅེས་གྲོས་འདེབས་པ་བསྟན་ཏོ། །དོན་དམ་སངས་རྒྱས། ཞེས་པ་ནས། མང་དུ་འབྱེད་གྱུར་ཅིག །ཅེས་པའི་བར་གྱིས་བདེན་པ་གཉིས་ཀྱིས་བསྡུས་པའི་དཀོན་མཆོག་ཐམས་ཅད་ལ་བྱིན་རླབས་ནུས་མཐུ་དཔག་ཡས་མངའ་བས་དེའི་རྟེན་གསུམ་བཞེངས་པ་ལ་བསོད་ནམས་དཔག་མེད་འབྱུང་བར་ལུང་རིགས་ཀྱིས་གྲུབ་པར་བསྟན་ཏོ། །རྒྱལ་བ་སྐྱོན་མེད། ཅེས་པ་ནས། སྡིག་ཆེན་ཡིན་པར་གསུངས་པ་མ་མཐོང་ངོ༌། །ཞེས་པའི་བར་གྱིས་དོན་གཉིས་མཐར་ཕྱིན་པའི་ཕྱིར་སངས་རྒྱས་ཀྱི་རྟེན་གསུམ་བཞེངས་པས་བསོད་ནམས་ཆེན་པོ་ཐོབ་ཅིང་ཆེད་དུ་གཏད་ནས་བཤིག་ན་སྡིག་ཆེན་དུ་འགྱུར་གྱི་རང་ཞིག་ཏུ་སོང་བ་ལ་སྡིག་པ་མེད་པས། བསོད་ནམས་འདོད་པས་རྟེན་གསུམ་བཞེངས་ཤིག་ཅེས་གདམས་པའོ། །བདག་ནི་སྐྱེ་བ་ཐམས་ཅད། ཞེས་སོགས་ཀྱིས་ཚེ་རབས་ཐམས་ཅད་དུ་བསྟན་པ་རིན་པོ་ཆེ་ལ་བྱ་བ་བྱེད་ནུས་པའི་སྨོན་པའོ། །ངོ་བོ་ཉིད་གསུམ། ཞེས་སོགས་ཀྱིས་གསུང་རབ་ཀྱི་གནད་ཟབ་མོ་མ་རྟོགས་པའི་གཞན་གྱི་འདོད་ལུགས་ལོག་བཤད་རྣམས་སྤང་བར་གདམས་ཏེ་སྤོང་བར་སྨོན་པའོ། །

འགྲེལ་པར། མིག་མངས་རྒྱ་དང་མ་འབྲེལ་ན། །ཞེས་སོགས་ཀྱིས། ཡིན་ལུགས་འདི་ཡིན་མེད་པའི་འདོད་ལུགས་མང་པོ་སྨོས་ཏེ་སློབ་མ་ལ་བསྟན་ཅིང་བྲིས་པ་ལ་སྙིང་པོ་ཅི་ཡང་མེད་ཅེས་གཙོ་བོར་བསྟན་ནས་ཞར་ལ་གཤིས་ལུགས་དང་མ་འབྲེལ་བའི་འཁྲུལ་ལུགས་ཐམས་ཅད་ལ་སྙིང་པོ་མེད་པས་སྤང་དགོས་པར་བསྟན་ཏོ། །དེ་ལྟར་ལེགས་པར་རྣམ་པར། ཞེས་སོགས་ཀྱིས། དེ་ལྟར་ལྟ་སྒོམ་སྤྱོད་པ་སྐྱོན་ཅན་རྣམས་སྤངས་ནས་སྐྱོན་མེད་ཉམས་སུ་བླངས་ནས་སངས་རྒྱས་ཀྱི་གསུང་བསྒྲུབ་པ་ཡིན་ཞིང་དེས་རང་གཞན་གྱི་དོན་འགྲུབ་པའི་འཇིག་རྟེན་ཆོས་བརྒྱད་ལ་སོགས་རྣམ་གཡེང་ཐམས་ཅད་སྤོང་ལ་ཐར་པ་སྒྲུབས་ཤིག་ཅེས་བསྟན་ཏོ། །འདིས་ནི་སངས་རྒྱས་ཀྱི། ཞེས་སོགས་ཀྱིས། འདིས་རྫོགས་ལྡན་གྱི་གཞུང་དཔང་དུ་བྱས་ཏེ་ཆོས་མ་དག་པ་སུན་ཕྱུང་ནས། དམ་པའི་ཆོས་རྣམ་དག་བསྟན་པའི་ཕྱིར། བཀའ་བསྡུ་བ་ཡིན་ལ། སྤྱིར་བཀའ་བསྡུ་བར་འདོད་པས་ཀྱང༌། རྫོགས་ལྡན་གྱི་གཞུང་དང༌། ཁྱད་པར་དུ་རྒྱལ་བའི་རང་འགྲེལ་སོགས་དཔང་དུ་གྱིས་ལ། བསྟན་པ་གསལ་བར་མཛོད་ཅིག །ཅེས་གདམས་པའོ།། །།བཀའ་བསྡུ་བཞི་པ་བསྟན་རྩིས་ཆེན་པོའི་བསྡུས་དོན་འགྲེལ་པ་རྟོན་པ་བཞི་ལྡན་གྱིས་བཀོད་པའོ།། །།མངྒ་ལཾ། བྷ་ཝན་ཏུ། ཤུ་བྷཾ།

བདེན་གཉིས་གསལ་བའི་ཉི་མ་ཞེས་བྱ་བ་བཞུགས་སོ། །

[ངེས་དོན་དབུ་མའི་མཐར་ཐུག་གི་གསུང་རབ་འགྲན་ཟླ་བྲལ་བ་སྟེ། བསོད་ནམས་དང་ལྡན་པ་རྣམས་ཀྱིས་བརྟེན་པར་བྱའོ།།]

ཆོས་ཉིད་དོན་དམ་རྒྱུན་ཆད་མེད་སྣང་ཞིང༌། །ཆོས་ཅན་ཀུན་རྫོབ་སྣང་བ་གཏན་ནས་སྤངས། །ཇི་ལྟ་ཇི་སྙེད་ཤེས་བྱ་ཀུན་མཁྱེན་པའི། །བླ་མ་མཆོག་དང་འཇམ་པའི་དབྱངས་ལ་འདུད། །དིང་སང་མཁས་པར་གྲགས་པ་ཕལ། །དབུ་སེམས་ཁྱད་པར་མ་དགོངས་པར། །བདེན་གཉིས་ཚུལ་ལ་རྨོངས་གྱུར་ནས། །ཡིན་ལུགས་གྲུབ་པའི་མཐའ་ལས་གོལ། །དེ་ཡི་ངན་རྟོག་མུན་པ་ཡིས། །བསྟན་པའི་གཟུགས་མཆོག་རྣམ་པར་བསྒྲིབས། །ལོག་རྟོག་མུན་པ་གཞོམ་པ་དང༌། །ཡིན་ལུགས་སྣང་བ་བསྐྱེད་པའི་ཕྱིར། །ཡང་དག་ལུང་རིགས་ཉིན་བྱེད་ཀྱིས། །བདེན་གཉིས་གནས་ལུགས་གསལ་བར་བྱ། །

འདི་ལ་བཞི། བདེན་གཉིས་རྣམ་དབྱེ་ཤེས་མ་ཤེས་ཀྱི་སྐྱོན་ཡོན། བདེན་གཉིས་ཀྱི་རང་བཞིན་གཏན་ལ་དབབ་པ། དབུ་སེམས་ཀྱི་ཁྱད་པར་བསྟན་པ། དེ་ལྟར་བདེན་གཉིས་སོགས་ལ་རྣམ་པར་དཔྱད་ཅིང་ཆོས་ཀྱི་རྗེས་འབྲང་ལྷུར་བྱ་བར་གདམས་པའོ། །

དང་པོ་ནི། རྩ་ཤེ་ལས། གང་དག་བདེན་པ་དེ་གཉིས་ཀྱི། །རྣམ་དབྱེ་རྣམ་པར་མི་ཤེས་པ། །དེ་དག་སངས་རྒྱས་བསྟན་པ་ཡི། །ཟབ་མོའི་དེ་ཉིད་རྣམ་མི་ཤེས། །ཞེས་དང༌། གཞུང་གཞན་[བདེན་གཉིས་]ལས་ཀྱང༌། བདེན་གཉིས་རྣམ་དབྱེ་ཤེས་པ་དག །ཐུབ་པའི་བཀའ་ལ་མི་རྨོངས་ཏེ། །དེ་དག་མ་ལུས་ཚོགས་བསགས་ནས། །ཕུན་ཚོགས་ཕ་རོལ་འགྲོ་བ་ཉིད། །ཅེས་འབྱུང༌།

གཉིས་པ་ལ། བདེན་གཉིས་ཀྱི་མཚན་ཉིད། མཚོན་བྱ། རྣམ་གྲངས། མཚན་གཞིའི་དབྱེ་བའོ། །

དང་པོ་ལ། དངོས་དང༌། དེ་ལ་རྩོད་པ་སྤང་བ། དོན་བསྡུ་པའོ། །དང་པོ་ནི། རྣམ་ཤེས་ཀྱི་ཡུལ་གང་ཞིག །གཤིས་ལ་རང་གི་ངོ་བོ་བདེན་པས་སྟོང་པ་ནི། ཀུན་རྫོབ་བདེན་པའི་མཚན་ཉིད་དང༌། འཕགས་པའི་ཡེ་ཤེས་དམ་པའི་ཡུལ་གང་ཞིག །གཤིས་ལ་རང་རང་གི་ངོ་བོ་བདེན་པས་མི་སྟོང་པ་ནི། དོན་དམ་བདེན་པའི་མཚན་ཉིད་དེ། [བདེན་གཉིས་ལས།] ཇི་སྐད་དུ། ཀུན་རྫོབ་དང་ནི་དམ་པའི་དོན། །བདེན་གཉིས་ཐུབ་པས་གསུངས་པ་ལ། །ཇི་ལྟར་སྣང་བ་འདི་ཁོ་ན། །ཀུན་རྫོབ་གཞན་ནི་ཅིག་ཤོས་ཡིན། །ཞེས་འཆད་པ་ལྟར་ཡང་སྟེ། ཇི་ལྟར་སྣང་བ་འདི། ཞེས་པ་ནི། རྣམ་ཤེས་ལ་སྣང་བ་འདིའོ། །གཞན་ནི་ཞེས་པ་ནི། རྣམ་ཤེས་ལ་མི་སྣང་བར་ཡེ་ཤེས་ལ་སྣང་བ་ནི། ཅིག་ཤོས་དོན་དམ་པ་ཡིན་ཞེས་པ་ལྟར་ན་ལེགས་ སོ། །ཀུན་རྫོབ་ནི། དོན་ལ་མེད་པས་རང་སྟོང་དང༌། རྣམ་ཤེས་ལ་སྣང་གི་ཡེ་ཤེས་ལ་མི་སྣང་བ་དང༌། དོན་དམ་ནི། དོན་ལ་ཡོད་པས་རང་གིས་མི་སྟོང་པ་གཞན་སྟོང་དང༌། ཡེ་ཤེས་ལ་སྣང་གིས་རྣམ་ཤེས་ལ་གཏན་ནས་མི་སྣང་བ་ཡིན་ཏེ། དབུ་མ་མདོ་སྡེ་རྒྱན་རྩ་འགྲེལ་ལས། བྱིས་པ་ཡང་དག་ཉིད་བསྒྲིབས་ནས། །ཡང་དག་མིན་པ་ཀུན་ཏུ་སྣང༌། །བྱང་ཆུབ་སེམས་དཔའ་དེ་བསལ་ནས། །ཡང་དག་ཉིད་ནི་ཀུན་ཏུ་སྣང༌། །དོན་མེད་པ་དང་དོན་ཡོད་དག །མི་སྣང་སྣང་བ་ཉིད་ཅེས་བྱ། །དེ་ནི་གནས་གཞན་གྱུར་པ་སྟེ། །འདོད་རྒུར་སྤྱོད་ཕྱིར་ཐར་པ་ཡིན། །འདིས་ནི་ཇི་ལྟར་བྱིས་པ་རྣམས་ལ་རང་གི་ངང་གིས་ཡང་དག་པ་མ་ཡིན་པ་མཚན་མ་ཁོ་ན་སྣང་གི །ཡང་དག་པ་དེ་བཞིན་ཉིད་ནི་མ་ཡིན་པ་དང༌། དེ་བཞིན་དུ། བྱང་ཆུབ་སེམས་དཔའ་རྣམས་ལ་རང་གི་ངང་གིས་ཡང་དག་པ་ཁོ་ན་སྣང་གི ། ཡང་དག་པ་མ་ཡིན་པ་ནི་མ་ཡིན་ནོ། །ཞེས་བྱ་བར་ཉེ་བར་སྟོན་ཏོ། །དོན་མེད་པ་མཚན་མ་ནི་མི་སྣང་བ་ཉིད་དང༌། དོན་ཡོད་པ་དེ་བཞིན་སྣང་བ་ནི་གནས་གཞན་དུ་གྱུར་པ་ཡིན་པར་རིག་པར་བྱ་སྟེ། [དེས་དེ་དག་མི་སྣང་བ་དང་སྣང་བ་ཡིན་ནོ།།] ཞེས་སོ། །དེ་ལྟ་མ་ཡིན་ན། བྱིས་པ་རྣམས་ཀྱི་གནས་གྱུར་ཐོབ་པ་དང༌། འཕགས་པ་རྣམས་ཀྱི་གནས་གྱུར་མ་ཐོབ་པར་ཡང་ཐལ་ལོ། །ཚུལ་འདི་དང་མཐུན་པར་སློབ་དཔོན་ཟླ་གྲགས་ཀྱིས་ཀྱང༌། [དབུ་མ་འཇུག་པར།] ཡང་དག་མཐོང་ཡུལ་གང་ཡིན་དེ་ཉིད་དེ། །མཐོང་བ་འཁྲུལ་བ་ཀུན་རྫོབ་བདེན་པར་འདོད། །ཅེས་བཤད། རྗེ་ཕོ་རི་པས། ཀུན་རྫོབ་བདེན་པ་རང་གིས་སྟོང་པ་དང༌། །དོན་དམ་བདེན་པ་གཞན་གྱིས་སྟོང་པ་སྟེ། །བདེན་གཉིས་སྟོང་ཚུལ་དེ་ལྟར་མ་ཤེས་ན། །རྫོགས་སངས་རྒྱས་ལ་སྐུར་བ་བཏབ་ཉེན་གདའོ། །ཞེས་སོ། །དབུ་མ་རྩ་ཤེ་ལས། གཞན་ལས་ཤེས་མིན་ཞི་བ་དང༌། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་རྟོག་ཐ་དད་མིན། །དེ་ནི་དེ་ཡི་མཚན་ཉིད་དོ། །ཞེས་དང༌། དབུ་མ་མདོ་སྡེ་རྒྱན་རྩ་འགྲེལ་དུ། ཡོད་མིན་མེད་མིན་དེ་བཞིན་མིན་གཞན་མིན། །སྐྱེ་དང་འཇིག་མེད་འབྲི་བར་མི་འགྱུར་ཏེ། །འཕེལ་བ་མེད་ཅིང་རྣམ་པར་དག་པའང་མེད། །རྣམ་པར་དག་འགྱུར་འདི་ནྀ་དོན་དམ་མཚན། །གཉིས་མེད་པའི་དོན་ནི་དོན་དམ་པ་སྟེ། གཉིས་མེད་པའི་དོན་དེ་ཡང་རྣམ་པ་ལྔས་སྟོན་ཏེ། ཀུན་བཏགས་པ་དང༌། གཞན་གྱི་དབང་གི་མཚན་ཉིད་དག་གིས་ནི་ཡོད་པ་མ་ཡིན་ནོ། །ཡོངས་སུ་གྲུབ་པའི་མཚན་ཉིད་ཀྱིས་ནི་མེད་པ་མ་ཡིན་ནོ། །ཀུན་བཏགས་པ་དང༌། གཞན་གྱི་དབང་དེ་དག་དང༌། ཡོངས་སུ་གྲུབ་པར་གཅིག་པ་ཉིད་མེད་པས། དེ་བཞིན་ཉིད་མ་ཡིན་ནོ། །དེ་དག་ཁོ་ན་དང་གཞན་པ་ཉིད་མེད་པས་གཞན་མ་ཡིན་ནོ། །ཆོས་དབྱིངས་འདུས་མ་བྱས་པ་ཡིན་པའི་ཕྱིར། སྐྱེ་བ་ཡང་མེད། འཇིག་པ་ཡང་མེད་དོ། །ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་དག་འགག་པ་དང༌། སྐྱེ་བ་ན་དེ་བཞིན་གནས་པའི་ཕྱིར་འབྲི་བར་ཡང་མི་འགྱུར་འཕེལ་བར་ཡང་མི་འགྱུར་རོ། །རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་ཕྱིར། རྣམ་པར་དག་པར་འགྱུར་བ་མེད་དོ། །གློ་བུར་གྱི་ཉོན་མོངས་པ་དང་བྲལ་བས་རྣམ་པར་མི་འདག་པ་ཡང་མ་ཡིན་ཏེ། དེ་ལྟར་ན་གཉིས་སུ་མེད་པའི་མཚན་ཉིད་རྣམ་པ་ལྔ་པོ་དེ་ནི་དོན་དམ་པའི་མཚན་ཉིད་ཡིན་པར་རིག་པར་བྱའོ། །ཞེས་ཏེ། དོན་དམ་པའི་མཚན་ཉིད་འདི་རྣམས་ཀྱང་སྔར་བསྟན་པའི་དོན་དམ་གྱི་མཚན་ཉིད་དུ་འདུས་སོ། །

གཉིས་པ་ལ་ལྔ། དོན་དམ་རང་སྟོང་ཡིན་པའི་རྩོད་པ་སྤང་བ་དང༌། དོན་དམ་བློ་གང་གི་ཡང་ཡུལ་མིན་པའི་དང༌། ཀུན་རྫོབ་ཡེ་ཤེས་ཀྱི་ཡུལ་ཡིན་པའི་དང༌། ཡེ་ཤེས་ལ་མི་སྣང་ན་མི་མཁྱེན་པར་འགྱུར་བའི་དང༌། བདེན་གཉིས་ངོ་བོ་ཐ་དད་དུ་ཐལ་བའི་རྩོད་པ་སྤང་བའོ། །

དང་པོ་ནི། གལ་ཏེ་དོན་དམ་རང་གིས་མི་སྟོང་ན། ལང་གཤེགས་སུ། ཀུན་རྫོབ་ཏུ་ནི་ཐམས་ཅད་ཡོད། །དམ་པའི་དོན་དུ་ཡོད་མ་ཡིན། །དེ་ཕྱིར་དངོས་པོ་གཅིག་ཉིད་ལ། །ཡོད་དང་མེད་པར་ཇི་ལྟར་འགལ། །ཞེས་ཤེས་བྱ་ཐམས་ཅད་ཡོད་པར་བཤད་ཚད་ཀུན་རྫོབ་ཏུ་ཡོད་པ་དང༌། མེད་པར་བཤད་ཚད་དོན་དམ་དུ་མེད་པར་གསུངས་སོ་ཞེ་ན། མ་ཡིན་ཏེ། ལུང་དེ་ནི་ཀུན་རྫོབ་ཀྱིས་བསྡུས་པའི་ཆོས་ཁོ་ན་ལ་དགོངས་ཏེ། དངོས་པོ་གཅིག་ཉིད་ལ་ཞེས་པའི་ཕྱིར་དང༌། དངོས་པོ་གང་ཡིན་འདུས་བྱས་ཡིན་ཏེ། རྩ་ཤེར། གལ་ཏེ་མྱ་ངན་འདས་དངོས་ན། །མྱ་ངན་འདས་པ་འདུས་བྱས་འགྱུར། །དངོས་པོ་འདུས་བྱས་མ་ཡིན་པ། །གང་ན་ཡང་ནི་ཡོད་མ་ཡིན། །ཞེས་སོ། །སློབ་དཔོན་སེང་བཟང་གིས། རང་རང་ངོ་བོས་སྟོང་པའི་ཕྱིར། །སྟོང་པ་ཉིད་ནི་ཉི་ཤུར་འདོད། །ཅེས་པ་ནི། དོན་དང་མི་མཐུན་པ་དང༌། ཆད་པའི་སྟོང་པ་དང༌། དོན་དམ་ལ་སྐུར་བ་འདེབས་པ་ཡིན་པས་གཞན་ཡེ་ཤེས་ཀྱི་ཚོགས་ཀྱི་ཐད་དུ་རྒྱས་པར་བཀག་ཟིན་ཏོ། །དེ་ལྟ་མ་ཡིན་ན། འཕགས་པ་ཀླུ་སྒྲུབ་ཀྱི་ཆོས་དབྱིངས་བསྟོད་པར། སྟོང་པ་ཉིད་ནི་སྟོན་པའི་མདོ། །རྒྱལ་བས་ཇི་སྙེད་གསུངས་པ་གང༌། །དེ་དག་ཀུན་གྱིས་ཉོན་མོངས་ཟློག །ཁམས་དེ་ཉམས་པར་བྱེད་མ་ཡིན། །ཞེས་ཉོན་མོངས་ཀུན་རྫོབ་རང་སྟོང་དང༌། ཁམས་དོན་དམ་གཞན་སྟོང་གཉིས་ལ་དགོངས་ཏེ་གསུངས་པར་བཤད་པ་དང༌། སྒོམ་རིམ་དུ། མ་སྐྱེས་པ་ཡི་སྟོང་ཉིད་གཅིག །གཅིག་ནི་སྐྱེས་པའི་སྟོང་པ་སྟེ། །མ་སྐྱེས་པ་ཡི་སྟོང་ཉིད་མཆོག །སྐྱེས་པའི་སྟོང་པ་འཇིག་པ་ཡིན། །ཞེས་དང༌། བྱང་ཆུབ་སེམས་འགྲེལ་དུ། དགེ་དང་མི་དགེའི་རྣམ་རྟོག་ནི། །རྒྱུན་ཆད་པ་ཡི་མཚན་ཉིད་ཅན། །སངས་རྒྱས་རྣམས་ཀྱིས་སྟོང་ཉིད་གསུངས། །གཞན་ནི་སྟོང་པར་མི་བཞེད་དོ། །དོན་དམ་མ་སྐྱེས་པའི་སྟོང་ཉིད་གཞན་སྟོང་དང༌། ཀུན་རྫོབ་སྐྱེས་པའི་སྟོང་ཉིད་རང་སྟོང་གཉིས་ཀྱི་དབྱེ་བ་གསུངས་པ་དང༌། མགོན་པོ་བྱམས་པས། ཀུན་བཏགས་གཞན་དབང་ཡོངས་གྲུབ་སྟེ། ངོ་བོ་ཉིད་གསུམ་ལ་རིམ་པས་དགོངས་ཏེ། དབུས་མཐར། དངོས་མེད་དེ་ཡི་དངོས་མ་ཡིན། །རང་བཞིན་གྱིས་ནི་སྟོང་པར་འདོད། །ཅེས་དང༌། མདོ་སྡེ་རྒྱན་དུ། མེད་པའི་སྟོང་པ་ཉིད་ཤེས་ཤིང༌། །དེ་བཞིན་ཡོད་པའི་སྟོང་ཉིད་དང༌། །རང་བཞིན་སྟོང་པ་ཉིད་ཤེས་ན། །སྟོང་ཉིད་ཤེས་པ་ཞེས་བརྗོད་དོ། །ཞེས་སོ། །དེའང་ངོ་བོ་ཉིད་དང་པོ་གཉིས་ཀུན་རྫོབ་རང་སྟོང་དང༌། ཕྱི་མ་དོན་དམ་གཞན་སྟོང་ལ་དགོངས་ནས། དབུས་མཐར། གང་ཟག་དང་ནི་ཆོས་རྣམས་ཀྱི། །དངོས་པོ་མེད་འདིར་སྟོང་པ་ཉིད། །དངོས་མེད་པ་ཡི་དངོས་ཡོད་པ། །དེ་ནི་དེ་ལས་སྟོང་ཉིད་གཞན། །ཞེས་དང༌། རྒྱུད་བླར། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གི །རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་སོ། །དེ་དང་མཐུན་པར་སྟོང་པ་ཉིད་ཆེན་པོའི་མདོར། གང་ན་གང་མེད་པ་དེ་ནི་དེས་སྟོང་ངོ༌། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ལ། དེ་ལ་ལྷག་མར་གྱུར་པ་གང་ཡིན་པ་དེ་ནི་འདི་ན་ཡོད་དོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ། །ཞེས་དང༌། མྱང་འདས་ཆེན་པོར། མྱ་ངན་ལས་འདས་པ་ནི་མི་སྟོང་པའི་སྟོང་པ་ཉིད་དོ། །དེ་ལས་གཞན་ནི་སྟོང་པའི་སྟོང་པ་ཉིད་དོ། །ཞེས་དང༌། དཀོན་མཆོག་སྤྲིན་ལས། རིགས་ཀྱི་བུ། གལ་ཏེ་དོན་དམ་པ་མེད་དུ་ཟིན་ན། ཚངས་པར་སྤྱོད་པ་དོན་མེད་པར་འགྱུར་རོ། །དེ་བཞིན་གཤེགས་པ་རྣམས་འབྱུང་བ་ཡང་དོན་མེད་པར་འགྱུར་རོ། །གང་གི་ཕྱིར་དོན་དམ་པ་ཡོད་པས་ན། བྱང་ཆུབ་སེམས་དཔའ་རྣམས་དོན་དམ་པ་ལ་མཁས་པ་ཞེས་བྱའོ། །ཞེས་ཀུན་རྫོབ་རང་སྟོང་དང༌། དོན་དམ་གཞན་སྟོང་དུ་གསུངས་པའི་གནོད་པ་ཇི་ལྟར་ཟློག །

གཉིས་པ་ནི། གལ་ཏེ། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཡིན་པར་འདོད། །ཅེས་པས། དོན་དམ་ནི་བློ་གང་གི་ཡང་སྤྱོད་ཡུལ་མ་ཡིན་པས། ཡེ་ཤེས་ཀྱི་ཡུལ་ཡང་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ། ལུང་དེ་ལྟ་བུའི་རིགས་ཐམས་ཅད་ནི་ཀུན་རྫོབ་ཀྱི་བློ་ཁོ་ན་ལ་དགོངས་པའོ། །དེ་ལྟ་མ་ཡིན་ན། སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །ཞེས་དང༌། རྒྱུད་བླར། དོན་དམ་གཟིགས་པ་རྣམས་ཀྱི་ཡུལ་ཉིད་དོ། །ཞེས་དང༌། སངས་རྒྱས་ཁམས་དང་སངས་རྒྱས་བྱང་ཆུབ་དང༌། །ཞེས་པ་ ནས།[སངས་རྒྱས་ཆོས་དང་སངས་རྒྱས་འཕྲིན་ལས་ཏེ། །དག་པའི་སེམས་ཅན་གྱིས་ཀྱང་བསམ་བྱ་མིན།།]འདི་ནི་འདྲེན་པ་རྣམས་ཀྱི་སྤྱོད་ཡུལ་ཡིན། །ཞེས་དང༌། ཆོས་དབྱིངས་རང་བཞིན་གང་ཡིན་དེ་རྟོགས་པ། །མཉམ་པར་བཞག་པའི་རྣལ་འབྱོར་པ་ཡིས་མཐོང༌། །ཞེས་དང༌། དབུས་མཐར། སྟོང་པ་ཉིད་ནི་མདོར་བསྡུས་ན། །དེ་བཞིན་ཉིད་དང་ཡང་དག་མཐའ། །མཚན་མ་མེད་དང་དོན་དམ་དང༌། །ཆོས་ཀྱི་དབྱིངས་ཀྱི་རྣམ་གྲངས་སོ། །གཞན་མིན་ཕྱིན་ཅི་ལོག་མ་ཡིན། །དེ་འགགས་འཕགས་པའི་སྤྱོད་ཡུལ་དང༌། །འཕགས་པའི་ཆོས་ཀྱི་རྒྱུ་ཡི་ཕྱིར། །རྣམ་གྲངས་དོན་ནི་གོ་རིམ་བཞིན། །ཞེས་དོན་དམ་བདེན་པ་འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གསུངས་པ་དང༌། མངོན་པ་ཀུན་ལས་བཏུས་སུ། ཅིའི་ཕྱིར་དོན་དམ་པ་ཞེས་བྱ་ཞེ་ན། འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ། །ཞེས་དང༌། སློབ་དཔོན་ཨཱརྱ་དེ་བས། མུན་པ་བྲལ་བའི་སྐད་ཅིག་ལ། །འོད་གསལ་བློ་གྲོས་ཤིན་ཏུ་དྭངས། །རྟག་ཏུ་སྣང་བའི་རང་བཞིན་ཅན། །དོན་དམ་བདེན་པའི་མཚན་ཉིད་ནི། །ཡེ་ཤེས་རང་བཞིན་འོད་གསལ་བ། །ཡེ་ཤེས་མིག་གིས་མཐོང་བར་འགྱུར། །ཞེས་སོགས་ཀྱི་གནོད་པ་ཇི་ལྟར་ཟློག །དེས་ན་བློ་དང་རིག་པ་དང་སེམས་པ་དང་ཡིད་དང་ཤེས་པ་རྣམས་ལ་ཡང་བདེན་པ་གཉིས་གཉིས་སུ་ཡོད་ཅིང༌། ཀུན་རྫོབ་ཀྱི་བློ་སོགས་ནི་རྣམ་ཤེས་དང༌། དོན་དམ་གྱི་བློ་སོགས་ནི་ཡེ་ཤེས་ཉིད་དོ། །དོན་དམ་གྱི་བློ་སོགས་ཀྱང་འདི་ལྟར་བཤད་དེ། སྡུད་པར། འདས་དང་མ་བྱོན་ད་ལྟར་འཇིག་རྟེན་མགོན་པོ་རྣམས། །དེ་དག་འདི་ལས་འཁྲུངས་ཀྱང་ཆོས་དབྱིངས་ཟད་མི་འགྱུར། །ཞེས་ཆོས་དབྱིངས་ཉིད་ཡུམ་ཤེར་ཕྱིན་དུ་བཤད་པ་དང༌། འདའ་ཀ་ཡེ་ཤེས་སུ། སེམས་རྟོགས་ན་ཡེ་ཤེས་ཡིན་པས་སངས་རྒྱས་གཞན་ནས་མི་བཙལ། ཞེས་དང༌། སློབ་དཔོན་ཟླ་གྲགས་ཀྱིས་ཀྱང༌། ཆོས་རྣམས་རང་བཞིན་ཁོ་ན་ལ། །གནས་པའི་བློ་ལ་སངས་རྒྱས་བརྗོད། །ཅེས་རང་བཞིན་གྱི་སེམས་དང༌། བློ་གཤིས་ལུགས་སངས་རྒྱས་སུ་བཤད་པ་དང༌། རྒྱུད་བླར། ལུས་ཅན་ལ་ཡོད་ཟག་པ་མེད་པའི་ཤེས་པ་སྦྲང་མའི་རྩི་དང་འདྲ། །ཞེས་དང༌། དེ་བཞིན་ཀུན་མཁྱེན་ཡོངས་སུ་དག་པའི་གསེར་འདྲའི་ཞི་བའི་ཡིད་ནི་མཁྱེན་གྱུར་ནས། །ཞེས་དང༌། མདོ་སྡེ་རྒྱན་དུ། ཆོས་ཉིད་སེམས་ལས་གཞན་པའི་སེམས་གཞན་ནི། །[འོད་གསལ་མ་ཡིན་རང་བཞིན་ལ་བརྗོད་དོ།།]ཞེས་ དང༌། ཀླུ་སྒྲུབ་ཀྱི་ཆོས་དབྱིངས་བསྟོད་པར། དྲི་མེད་ཉི་མ་ཟླ་བ་ཡང༌། །སྤྲིན་དང་དུ་བ་ཁུག་རྣ་དང༌། །སྒྲ་གཅན་གདོང་དང་རྡུལ་ལ་སོགས། །སྒྲིབ་པ་ལྔ་ཡིས་བསྒྲིབ་པར་འགྱུར། །དེ་བཞིན་འོད་གསལ་བ་ཡི་སེམས། །འདོད་དང་གནོད་སེམས་ལེ་ལོ་དང༌། །རྒོད་པ་དང་ནི་ཐེ་ཚོམ་སྟེ། །སྒྲིབ་པ་ལྔ་ཡིས་བསྒྲིབ་པར་འགྱུར། །ཞེས་དང༌། ས་ཡི་དཀྱིལ་ན་ཡོད་པའི་ཆུ། །དྲི་མ་མེད་པར་གནས་པ་ལྟར། །ཉོན་མོངས་ནང་ན་ཡེ་ཤེས་ཀྱང༌། །དེ་བཞིན་དྲི་མ་མེད་པར་གནས། །ཞེས་ཆོས་དབྱིངས་བདེ་གཤེགས་སྙིང་པོ་ཉིད་ཤེར་ཕྱིན་དང༌། བློ་དང་ཤེས་པ་དང་ཡིད་དང་སེམས་དང་ཡེ་ཤེས་སུ་གསུངས་ཏེ། ཆོས་དབྱིངས་སོགས་དང༌། དོན་དམ་རྣམ་གྲངས་ཡིན་པའི་ཕྱིར་རོ། །

གསུམ་པ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། གལ་ཏེ་མདོ་སྡེ་རྒྱན་དུ། ཉི་མའི་འོད་ཟེར་གཅིག་བཏང་བས། །འགྲོ་བ་སྣང་བར་བྱེད་པ་ལྟར། །དེ་བཞིན་ཤེས་བྱ་ཐམས་ཅད་ལ། །སངས་རྒྱས་ཡེ་ཤེས་ཅིག་ཆར་སྣང༌། །ཞེས་སངས་རྒྱས་ཀྱི་ཡེ་ཤེས་ལ་ཤེས་བྱ་ཐམས་ཅད་སྣང་བར་བཤད་པས། ཀུན་རྫོབ་མི་སྣང་བར་འགལ་ལོ། །ཞེ་ན། མ་ཡིན་ཏེ། ལུང་དེས་ཉི་མའི་འོད་ཟེར་གྱིས་འགྲོ་བ་སྣང་བར་བྱེད་པ་ལྟར། སངས་རྒྱས་ཡེ་ཤེས་ཀྱིས་ཤེས་བྱ་ཐམས་ཅད་མཁྱེན་པས་ཕར་སྣང་བྱེད་ཅེས་པར་སྟོན་གྱི། ཚུར་སྣང་མ་ཡིན་ཏེ། ལ་ཞེས་པའི་འདུས་པའི་ཚིག་ཤེས་བྱ་ཐམས་ཅད་ཅེས་པ་ལ་འབྲེལ་གྱི། སངས་རྒྱས་ཡེ་ཤེས་ཞེས་པ་ལ་མ་འབྲེལ་བའི་ཕྱིར་དང༌། གཞུང་ལ་ནང་འགལ་མེད་ཅིང་གཞུང་དེ་ཉིད་དུ། བྱང་ཆུབ་སེམས་དཔའ་དེ་བསལ་ནས། །ཡང་དག་ཉིད་ནི་ཀུན་ཏུ་སྣང༌། །ཞེས་དང༌། འགྲེལ་པར། དེ་བཞིན་དུ། བྱང་ཆུབ་སེམས་དཔའ་རྣམས་ལ་རང་གི་ངང་གིས་ཡང་དག་པ་ཁོ་ན་སྣང་གི །ཡང་དག་པ་མ་ཡིན་པ་ནི་མ་ཡིན་ནོ། །ཞེས་པའོ། །བདེན་གཉིས་སུ། བརྟགས་པའི་དོན་ཀྱིས་དབེན་པ་ཡིས། །ཇི་ལྟར་སྣང་བ་འདི་ཁོ་ན། །བརྟེན་ཏེ་སྐྱེས་པ་ཐམས་ཅད་ནི། །ཐམས་ཅད་མཁྱེན་པས་མངོན་སུམ་གཟིགས། །ཞེས་པ་ཡང༌། སྣང་བའི་སྒོ་ནས་མ་ཡིན་གྱི་མཁྱེན་པའི་སྒོ་ནས་ཡིན་ཏེ། འདིའི་རང་འགྲེལ་དུ། བརྟེན་ཏེ་སྐྱེས་པ་ཁོ་ནའི་དངོས་པོ་ཐམས་ཅད་རྣམ་པ་ཐམས་ཅད་དུ་གཅིག་ཆར་མངོན་སུམ་དུ་མཁྱེན་པས་ན། ཐམས་ཅད་མཁྱེན་པ་ཞེས་བྱའོ། །ཞེས་སོ། །

གཉིས་པ་ལ་ལྔ། སྟོན་པ་སངས་རྒྱས་ཀྱི། རྗེ་བཙུན་བྱམས་པའི། ཐོགས་མེད་སྐུ་མཆེད་སོགས་ཀྱི། ཀླུ་སྒྲུབ་ཡབ་སྲས་ཀྱི། འཕགས་པ་ཞི་བ་ལྷའི་ལུང་རིགས་ཀྱི་གནོད་བྱེད་བརྗོད་པའོ། །དང་པོ་ནི། གལ་ཏེ་ཀུན་རྫོབ་ཁམས་གསུམ་པ་མི་རྟོག་ཡེ་ཤེས་ལ་སྣང་ན། སངས་རྒྱས་ཀྱི་ཡེ་ཤེས་ཆོས་ཅན། ཕྱིན་ཅི་ལོག་ཏུ་ཐལ། ཀུན་རྫོབ་ཁམས་གསུམ་པ་སྣང་བའི་ཕྱིར། ཁྱབ་པ་ཡོད་དེ། ལང་གཤེགས་སུ། བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དུ་སྣང་བ་རབ་ཏུ་འབྱུང༌། །དོན་ཡོད་མ་ཡིན་སེམས་ཉིད་དེ། །ཕྱི་རོལ་དོན་མཐོང་ལོག་པ་ཡིན། །ཞེས་སོ། །འདོད་ན། རྒྱུད་བླར། སོ་སོའི་སྐྱེ་བོ་ཕྱིན་ཅི་ལོག །བདེན་པ་མཐོང་བ་ཟློག་པ་སྟེ། །དེ་བཞིན་གཤེགས་པ་ཇི་ལྟ་བཞིན། །ཕྱིན་ཅི་མ་ལོག་སྤྲོས་མེད་ཉིད། །ཅེས་པས་བསལ་ལོ། །སངས་རྒྱས་ཆོས་ཅན། ལྷག་མཐོང་མཐར་ཐུག་མིན་པར་ཐལ། ཀུན་རྫོབ་སྣང་བའི་ཕྱིར། ཁྱབ་པ་ཡོད་དེ། ཕལ་ཆེན་དུ། ལྷག་མཐོང་གིས་ནི་མཐོང་གྱུར་ན། །ཐམས་ཅད་མཐོང་བ་མེད་པ་ཡིན། །ཞེས་སོ། །སངས་རྒྱས་ནི་ལྷག་མཐོང་མཐར་ཐུག་ཡིན་ལ། ཀུན་རྫོབ་ཁམས་གསུམ་པ་མི་སྣང་བར། སྡུད་པར། གཟུགས་རྣམས་མི་མཐོང་ཚོར་བ་དག་ཀྱང་མི་མཐོང་ཞིང༌། །ཞེས་ནས། [འདུ་ཤེས་མཐོང་བ་མེད་ལ་སེམས་པ་མི་མཐོང་ཞིང༌། །གང་ལ་རྣམ་པར་ཤེས་དང་སེམས་ཡིད་མཐོང་མེད་པ།།] འདི་ནི་ཆོས་མཐོང་ཡིན་ཞེས་དེ་བཞིན་གཤེགས་པས་བསྟན། །ནམ་མཁའ་མཐོང་ཞེས་སེམས་ཅན་ ཚིག་ཏུ་རབ་བརྗོད་ཀྱང༌། །ནམ་མཁའ་ཇི་ལྟར་མཐོང་བའི་དོན་དེ་བརྟག་པར་གྱིས། །ཞེས་དང༌། བྱང་སར། དོན་གྱི་སྡེ་ཚན་གྱི་མདོ་དྲངས་པར། འཇིག་རྟེན་དག་ན་ཀུན་རྫོབ་གང་ཅིའང་རུང༌། །དེ་ཀུན་ཐུབ་པས་ཞལ་གྱི་མི་བཞེས་ཏེ། །གཟིགས་དང་གསན་ལ་བཞེད་པ་མི་མངའ་བས། །དེ་ནི་ཞལ་གྱི་མི་བཞེས་གང་གིས་འཛིན། །ཞེས་པས་བཤད་དོ། །

གཉིས་པ་ནི། སངས་རྒྱས་ཆོས་ཅན། ཆོས་ཉིད་དོན་དམ་མི་སྣང་བར་ཐལ། ཆོས་ཅན་ཀུན་རྫོབ་སྣང་བའི་ཕྱིར། ཁྱབ་པ་ཡོད་དེ། ཆོས་ཉིད་རྣམ་འབྱེད་དུ། དེ་སྣང་ཆོས་ཉིད་མི་སྣང་ཞིང༌། །དེ་མི་སྣང་བས་ཆོས་ཉིད་སྣང༌། །ཞེས་སོ། །རྣམ་མཁྱེན་ཆོས་ཅན། རྣམ་པར་མི་རྟོག་པའི་ཡེ་ཤེས་མིན་པར་ཐལ། གནས་གྱུར་རྫོགས་པར་མ་ཐོབ་པར་ཐལ། འཁྲུལ་བ་སྣང་བར་ཐལ། དོན་ལ་མེད་པའི་ཀུན་རྫོབ་ཁམས་གསུམ་པ་སྣང་བའི་བློ་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། གྲངས་བཞིན་དུ། ཆོས་ཉིད་རྣམ་འབྱེད་དུ། སྣང་བ་མེད་ལས་གཉིས་དང་ནི། །དབང་པོ་ཡུལ་དང་རྣམ་རིག་དང༌། །སྣོད་ཀྱི་འཇིག་རྟེན་སྣང་མེད་ཕྱིར། །ཞེས་ནས། རྣམ་པར་མི་རྟོག་ཡེ་ཤེས་ཀྱི། །མཚན་ཉིད་མདོ་བཞིན་བརྗོད་པ་ཡིན། །ཞེས་དང༌། དེ་ལ་དེ་ཡི་བདག་ཉིད་དུ། །ཉེ་བར་སོན་པ་དེ་བཞིན་ཉིད། །དྲི་མ་མེད་པར་གྱུར་པ་ན། །ཐམས་ཅད་དེ་བཞིན་ཉིད་ཙམ་དུ། །སྣང་བ་དེ་ཡང་གནས་གྱུར་པ། །གྲུབ་པ་ཡིན་ནོ། །ཞེས་དང༌། མེད་པ་སྣང་ཕྱིར་འཁྲུལ་བ་ནི། །ཀུན་ནས་ཉོན་མོངས་རྒྱུ་ཡིན་ཏེ། །སྒྱུ་མའི་གླང་ཆེན་སོགས་སྣང་བཞིན། །ཞེས་སོ། །རྣམ་མཁྱེན་ཆོས་ཅན། ཀུན་བཏགས་ གཞན་དབང་སྣང་བར་ཐལ། ཀུན་རྫོབ་ཁམས་གསུམ་སྣང་བའི་ཕྱིར། ཁྱབ་པ་ཡོད་དེ། མདོ་སྡེ་རྒྱན་དུ། མིང་དང་དོན་དུ་སྣང་བ་དང༌། །དོན་དང་མིང་དུ་སྣང་བ་དང༌། །ཡང་དག་མིན་རྟོག་མཚན་ཉིད་ནི། །ཀུན་ཏུ་བཏགས་པའི་མཚན་ཉིད་དོ། །རྣམ་གསུམ་རྣམ་གསུམ་སྣང་བ་ཅན། །གཟུང་དང་འཛིན་པའི་མཚན་ཉིད་དེ། །ཡང་དག་མ་ཡིན་ཀུན་རྟོག་ནི། །གཞན་གྱི་དབང་གི་མཚན་ཉིད་དོ། །ཞེས་སོ། །རྣམ་གསུམ་དང་པོ། གནས་དང་དོན་དང་ལུས་སུ་རྣམ་པ་གསུམ་གཟུང་བའི་མཚན་ཉིད་ཅན་དང༌། རྣམ་གསུམ་གཉིས་པ་ནི། ཉོན་ཡིད་དང༌། སྒོ་ལྔའི་རྣམ་ཤེས་དང༌། ཡིད་ཀྱི་རྣམ་རྟོག་ཏུ་སྣང་བ་གསུམ་འཛིན་པའི་མཚན་ཉིད་ཅན་ནོ། །འདོད་ན། དབུས་མཐར། རྣམ་རྟོག་སྤྱོད་ཡུལ་རྣམ་གཉིས་ཏེ། །གཅིག་པུ་ཁོ་ནར་བརྗོད་པ་ཡིན། །ཞེས་དང༌། དེའི་འགྲེལ་པར། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་གཅིག་པུར་བརྗོད་དེ། ངོ་བོ་ཉིད་གཞན་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་རྣམ་གཉིས་ཀྱི་ཡུལ་ཡིན་ནོ། །ཞེས་དང༌། མངོན་རྟོགས་རྒྱན་དུ། ཅི་ཕྱིར་ཞེ་ན་སངས་རྒྱས་ཀྱི། །མཁྱེན་ནས་ཆོས་རྣམས་མ་གཟིགས་ཕྱིར། །ཞེས་པས་བསལ་ལོ། །

གསུམ་པ་ནི། རྣམ་མཁྱེན་ཆོས་ཅན། རྣམ་པར་མི་རྟོག་པའི་ཡེ་ཤེས་མིན་པར་ཐལ། ཀུན་རྫོབ་ཁམས་གསུམ་སྣང་བའི་ཕྱིར། ཁྱབ་པ་ཡོད་དེ། འཕགས་པ་ཐོགས་མེད་ཀྱི་ཐེག་བསྡུས་སུ། ཡེ་ཤེས་རྒྱུ་བ་རྟོག་མེད་ལ། །དོན་རྣམས་ཐམས་ཅད་མི་སྣང་ཕྱིར། །དོན་མེད་ཁོང་དུ་ཆུད་པར་བྱ། །དེ་མེད་པས་ན་རྣམ་རིག་མེད། །ཅེས་སོ། །ཡང་དོན་རྣམས་གཤིས་ལ་གྲུབ་པར་ཐལ། རྣམ་མཁྱེན་ལ་སྣང་བའི་ཕྱིར། ཁམས་གསུམ་ཐམས་ཅད་ཆོས་ཅན། གཤིས་ལ་གྲུབ་པར་ཐལ། དོན་དམ་བདེན་པར་ཐལ། ཆོས་ཉིད་དུ་ཐལ། རྣམ་མཁྱེན་ལ་སྣང་བའི་ཕྱིར། རྟགས་ཁས་བླང་ཞིང་ཁྱབ་པ་ཡོད་དེ། ཀུན་ལས་བཏུས་སུ། ཅིའི་ཕྱིར་དོན་དམ་པ་ཞེས་བྱ་ཞེ་ན། འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ། །ཞེས་དང༌། དབུས་མཐར། དེ་འགགས་འཕགས་པའི་སྤྱོད་ཡུལ་དང༌། །ཞེས་དོན་དམ་འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གསུངས་པ་དང༌། རྡོ་རྗེ་གཅོད་པར། འདྲེན་པ་རྣམས་ནི་ཆོས་ཉིད་ལྟ། །ཞེས་པའོ། །ཐེག་བསྡུས་སུ། དམྱལ་བ་ཡི་དྭགས་དུད་འགྲོ་དང༌། །ལྷ་རྣམས་ཇི་ལྟར་རིགས་རིགས་སུ། །དངོས་ཅིག་ཡིད་ནི་ཐ་དད་ཕྱིར། །དོན་མ་གྲུབ་པར་འདོད་པ་ཡིན། །ཞེས་ཆུ་ལྟ་བུའི་དངོས་པོ་གཅིག་ལ་རིགས་དྲུག་གིས་མཐོང་སྣང་མི་འདྲ་བ་དྲུག་ཏུ་མཐོང་བར་བཤད་པས། སངས་རྒྱས་ལ་གང་དུ་སྣང་བར་འགྱུར། དེ་བཞིན་དུ། དབུ་མ་པ་དབྱིག་གཉེན་གྱི་གནོད་འཇོམས་སུ། འདོད་པ་དང༌། གཟུགས་དང༌། གཟུགས་མེད་པའི་ཁམས་དག་ནི་ཡང་དག་མིན་པ་ཀུན་ཏུ་རྟོག་པ་ལས་བྱུང་བར་མཁྱེན་ཏོ། །ཞེས་དང༌། གཟུགས་ནི་སྣང་བ་མེད་དེ་ཅིའི་ཕྱིར་ཞེ་ན། ཀུན་བཏགས་པའི་གཟུགས་ནི། རི་བོང་གི་རྭ་བཞིན་དུ་སྣང་བ་མེད་པའི་ཕྱིར་སྣང་བ་མེད་དོ། །ཞེས་པ་དང༌། རྣམ་བཤད་རིག་པར། མ་རིག་གཉིད་ལས་སངས་ཕྱིར་དང༌། །ཞེས་དང༌། [སློབ་དཔོན་དཔའ་བོའི་]འབུམ་ཊཱིཀ་ཏུ། དེ་ལྟར་རྨི་ལམ་ལྟ་བུ་ཞེས་བྱ་བ་ནི། རྨི་ལམ་ན་མཐོང་བའི་ཆོས་རྣམས་གཉིད་སངས་ཚེ། དེ་ལྟར་མི་སྣང་བ་དེ་བཞིན་དུ་ཉེ་ལེན་ཕུང་པོ་ལྔ་ལ་སོགས་པ་ཀུན་བཏགས་པའི་ཆོས་རྣམས་ཀྱང་མ་རིག་པའི་གཉིད་ཀྱིས་ལོག་པའི་ཚེ་སྣང་བ་རྣམས། མ་རིག་པ་སངས་ཏེ། འཕགས་པའི་ལམ་ཐོབ་པའི་ཚེ། དེ་ལྟར་མི་སྣང་བའི་ཕྱིར་རོ། །ཞེས་ཏེ། སངས་རྒྱས་ལ་ཁམས་གསུམ་སྣང་ན། མ་རིག་པའི་གཉིད་མ་སྤངས་པར་ཐལ་ལོ། །སློབ་དཔོན་ཕྱོགས་གླང་གི་བརྒྱད་སྟོང་དོན་བསྡུར། གང་ཕྱིར་མ་རིག་པས་སྤྲུལ་པ། །དེ་ནི་མེད་པ་ཁོ་ན་སྣང༌། །མེད་པ་སྟོན་པར་ནུས་པས་ན། །དེ་ནི་མ་རིག་ཅེས་བརྗོད་དོ། །ཞེས་གང་ཀུན་རྫོབ་ཆོས་ཅན་སྣང་ན། སྣང་བ་ཅན་དེ་མ་རིག་པར་གསུངས་པ་དང༌། སློབ་དཔོན་ཙནྡྲ་གོ་མིའི་འཇམ་དབྱངས་ལ་བསྟོད་པར། ཁྱོད་ནི་ཆོས་ལམ་ཉེ་བར་སྟོན་ལ་མཁས་ཀྱང་ཆོས་ལམ་འགའ་ཡང་གཟིགས་པ་ཡོད་མ་ལགས། །ཞེས་པས་ཀྱང་གནོད་དོ། །

བཞི་པ་ནི། རྣམ་མཁྱེན་ཆོས་ཅན། འཁྲུལ་བ་གཟིགས་པར་ཐལ། རྣམ་རྟོག་དང་མ་བྲལ་བར་ཐལ། མ་རིག་བག་ཆགས་མ་བཅོམ་པར་ཐལ། མ་དག་པའི་མུན་པ་ཡོད་པར་ཐལ། ཀུན་རྫོབ་ཁམས་གསུམ་སྣང་བའི་ཕྱིར། དང་པོ་འདོད་ན། འཕགས་པ་ཀླུ་སྒྲུབ་ཀྱི་དབུ་མ་སྒོམ་རིམ་དུ། འཕགས་པས་འཁྲུལ་བ་མ་གཟིགས་ཕྱིར། །ཞེས་དང༌། ཇི་ལྟར་བྱིས་ལ་མི་སྣང་བ། །དེ་ལྟར་མཁས་ལ་སྣང་བ་ཡིན། །ཞེས་པས་བསལ་ལོ། །ཁྱབ་པ་ཡོད་དེ། སློབ་དཔོན་ཀླུ་སྒྲུབ་ཀྱི་རིགས་པ་དྲུག་ཅུ་པར། མ་རིག་རྐྱེན་གྱིས་འཇིག་རྟེན་ཞེས། །གང་ཕྱིར་རྫོགས་པའི་སངས་རྒྱས་གསུངས། །དེ་ཕྱིར་འཇིག་རྟེན་འདི་དག་ཀྱང༌། །རྣམ་པར་རྟོག་པར་ཅིས་མི་འཐད། །ཅེས་དང༌། འཕགས་པ་ལྷའི་དབུ་མ་འཁྲུལ་འཇོམས་སུ། ཡོད་ལ་མེད་པར་འཁྲུལ་དང་མི་རྟག་ཉིད་དུ་འཁྲུལ། །མེད་ལ་ཡོད་པར་འཁྲུལ་དང་རྟག་པ་ཉིད་དུ་འཁྲུལ། །འཁྲུལ་བས་འཁྲུལ་བ་བསླུས་ཤིང་འཁྲུལ་བར་འཁྲུལ་བ་གྲུབ། །འཁྲུལ་བའི་དབང་གིས་ཡང་དག་དོན་ལ་སེམས་ཅན་འཁྲུལ། །རྒྱུ་ལ་འཁྲུལ་ཏེ་འབྲས་བུ་ངན་སོང་གསུམ་དུ་འཁྲུལ། །ཞེས་དང༌། གང་གི་བློ་གྲོས་ཀྱི་མིག་ཕྱེ་བར་གྱུར་ཅིང་མ་རིག་པའི་བག་ཆགས་ཀྱི་གཉིད་དང་བྲལ་བར་གྱུར་ནས་སད་པ་དང་འདྲ་བར། བདེ་བར་གཤེགས་པའི་ཡེ་ཤེས་དྲི་མ་མེད་པར་ཤར་བར་གྱུར་པ་དེའི་ཚེ་ཅི་ཡང་མ་གཟིགས་ཏེ། །ཞེས་དང༌། འཕགས་པ་ཀླུ་སྒྲུབ་ཀྱིས། རབ་རིབ་བྲལ་བར་གྱུར་པའི་མིག །རྣམ་དག་དྲི་མ་མེད་པ་ལ། །སྐྲ་དང་སྦྲང་བུ་ཟླ་གཉིས་དང༌། །རྨ་བྱའི་མདོངས་དག་མི་སྣང་ལྟར། །མཁས་པ་ཉོན་མོངས་ཤེས་བྱ་ཡི། །སྒྲིབ་མུན་རབ་རིབ་བྲལ་གྱུར་ཅིང༌། །ཡང་དག་མཁྱེན་སྤྱན་དྲི་མེད་ལའང༌། །དེ་བཞིན་ཅི་ཡང་སྣང་བ་མེད། །དཔེར་ན་གཉིད་ལོག་དབང་ཉིད་ལ། །བུ་དང་བུད་མེད་གཞལ་ཡས་ཁང༌། །གནས་ལ་སོགས་པ་མཐོང་གྱུར་པ། །སད་ནས་དེ་ནི་མི་མཐོང་ལྟར། །དེ་བཞིན་ཀུན་རྫོབ་ཤེས་པ་དག །བློ་གྲོས་མིག་ནི་ཕྱེ་གྱུར་ཅིང༌། །མི་ཤེས་གཉིད་དང་བྲལ་གྱུར་ནས། །སད་པའི་ཚེ་ན་མི་གཟིགས་སོ། །དཔེར་ན་མཚན་མོ་མུན་ཁྲོད་ན། །འབྱུང་པོ་ཡང་དག་མི་མཐོང་བ། །ཉི་མ་ཤར་ཞིང་མིག་ཕྱེའི་ཚེ། །སྣང་བར་གྱུར་པ་མ་ཡིན་ལྟར། །དེ་བཞིན་མཁས་པས་ཡང་དག་གི །ཤེས་པའི་ཉི་མས་མི་ཤེས་པའི། །བག་ཆགས་མ་ལུས་བཅོམ་པའི་ཚེ། །སེམས་དང་སེམས་བྱུང་ཡུལ་མི་གཟིགས། །ཞེས་དང༌། [སློབ་དཔོན་ཟླ་གྲགས་ཀྱི་]སྐྱབས་གསུམ་བདུན་ཅུ་པར། མ་རིག་གཉིད་ཀྱིས་ལོག་པ་ཡི། །འགྲོ་ལ་གང་གང་སྣང་དེ་ནི། །བརྫུན་ཏེ་རྨི་ལམ་བཞིན་དུ་འདོད། །མ་རིག་གཉིད་ནི་རྒྱུན་ཆད་ཅིང༌། །ཡང་དག་ཡེ་ཤེས་ངེས་འབྱུང་བས། །གང་ཞིག་མནལ་སད་དེ་སངས་རྒྱས། །སྐྱེས་བུ་གཉིད་སད་ཇི་བཞིན་ནོ། །ཞེས་རབ་རིབ་ཅན་གྱི་མིག་ལ་སྣང་བའི་སྐྲ་ཤད་དང༌། ཟླ་གཉིས་སོགས་མིག་སྐྱོན་མེད་ལ་མི་སྣང་བ་དང༌། རྨི་ལམ་གྱི་སྣང་བ་རྣམས་གཉིད་སད་ཤེས་པ་ལ་མི་སྣང་བ་ལྟར། སེམས་ཅན་པའི་དགོས་ཆོས་ཀུན་རྫོབ་ཀྱི་སྣང་བ་རྣམས་སངས་རྒྱས་རྣམས་ལ་མི་སྣང་བར་གསུངས་སོ། །

ལྔ་པ་ནི། རྣམ་མཁྱེན་ཆོས་ཅན། སྡིག་སེམས་ཡོད་པར་ཐལ། ངན་སོང་གསུམ་གྱི་སྣང་བ་ཡོད་པའི་ཕྱིར། རྟགས་ཁས་བླངས་ཤིང༌། ཁྱབ་པ་ཡོད་དེ། བྱང་ཆུབ་སེམས་དཔའི་སྦྱོད་འཇུག་ལས། ལྕགས་བསྲེགས་ས་གཞི་སུ་ཡིས་བྱས། །མེ་ཚོགས་འདི་དག་ཅི་ལས་བྱུང༌། །དེ་འདྲ་དེ་དག་ཐམས་ཅད་ཀྱང༌། །སྡིག་སེམས་ཡིན་པར་ཐུབ་པས་གསུངས། །ཞེས་སོ། །སངས་རྒྱས་ཆོས་ཅན། འཇིག་རྟེན་པ་ཡིན་པར་ཐལ། མྱང་འདས་མཐར་ཐུག་མྀན་པར་ཐལ། ཀུན་རྫོབ་ཀྱི་དངོས་པོ་སྣང་བའི་ཕྱིར། རྟགས་ཁས་བླངས་ཤིང༌། ཁྱབ་པ་ཡོད་དེ། དེ་ཉིད་དུ། འཇིག་རྟེན་པ་ཡིས་དངོས་མཐོང་ཞིང༌། །སྒྱུ་མ་ལྟ་བུ་མིན་པས་ན། །རྣལ་འབྱོར་པ་དང་འཇིག་རྟེན་རྩོད། །ཅེས་དང༌། རྣལ་འབྱོར་ཀུན་རྫོབ་ཉེས་མེད་དེ། །འཇིག་རྟེན་ལ་ལྟོས་དེ་ཉིད་མཐོང༌། །ཞེས་དང༌། གང་ཚེ་དངོས་དང་དངོས་མེད་པ། །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་སོ། །

བཞི་པ་ནི། འོན་ཏེ་སངས་རྒྱས་ལ་ཀུན་རྫོབ་མི་སྣང་ན། མི་མཁྱེན་པར་ཐལ་ལོ་སྙམ་ན། ཁྱབ་པ་མེད་དེ། འདས་མ་འོངས་དུས་རིང་པོའི་ཆོས་རྣམས་མི་སྣང་ཡང་མཁྱེན་པ་དང༌། རྨི་ལམ་གྱི་སྣང་བ་སད་དུས་སྣང་བ་མེད་ཀྱང་ཤེས་པ་བཞིན་ནོ། །དེས་ན་སངས་རྒྱས་ལ་ཆོས་རྣམས་དངོས་སུ་མི་སྣང་ཡང་ཆོས་ཉིད་དངོས་སུ་སྣང་ནས་མཁྱེན་སྟོབས་ཀྱིས་ཆོས་རྣམས་ཤུགས་ལ་མཁྱེན་པ་ཡིན་ཏེ། མངོན་རྟོགས་རྒྱན་དུ། དེ་ལས་གཞན་ཡང་དེ་དག་ནི། །དེ་བཞིན་ཉིད་ཀྱི་རྣམ་པར་ཤེས། །ཐུབ་པས་དེ་བཞིན་ཉིད་རྟོགས་ཏེ། །ཞེས་དང༌། འདིའི་མདོའི་འགྲེལ་པར། རབ་འབྱོར། དེ་བཞིན་གཤེགས་པས་སེམས་ཅན་དེ་དག་གི་སེམས་བསྡུས་པ་དང༌། སྤྲོས་པ་ནི་ཆོས་ཉིད་ཀྱི་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཁྱེན་ཏོ། །ཞེས་བྱ་བ་ནི། སེམས་ཀྱི་ཆོས་ཉིད་གཟིགས་པས་སེམས་བསྡུས་པ་དང༌། སྤྲོས་པ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་མིན་ཞིང་མེད་པར་མཁྱེན་པ་ལ་སེམས་བསྡུས་པ་དང༌། སྤྲོས་པ་མཁྱེན་པ་ཞེས་བྱའོ། །ཞེས་སོ། །ཆོས་ཅན་ཇི་སྙེད་པ་མཁྱེན་ཚུལ་ཡང༌། ཆོས་ཉིད་དངོས་སུ་གཟིགས་སྟོབས་ཀྱིས་བཞག་སྟེ། རྒྱུད་བླར། ཤེས་བྱ་མཐར་ཐུག་རྟོགས་པའི་བློས། །ཐམས་ཅད་མཁྱེན་པའི་ཆོས་ཉིད་ནི། །སེམས་ཅན་ཐམས་ཅད་ལ་ཡོད་པར། །མཐོང་ཕྱིར་ཇི་སྙེད་ཡོད་པ་ཉིད། །ཅེས་སོ། །

ལྔ་པ་བདེན་གཉིས་ངོ་བོ་ཐ་དད་དུ་ཐལ་བའི་རྩོད་སྤོང་ནི། གལ་ཏེ། བདེན་གཉིས་ཀྱི་ཡུལ་ཅན་གྱི་བློ་གཉིས་མི་གཅིག་ཅིང༌། སྟོང་ལུགས་ཀྱང་མི་གཅིག་ན། བདེན་གཉིས་ངོ་བོ་ཐ་དད་དུ་འགྱུར་རོ་སྙམ་ན། མི་འགྱུར་ཏེ། བདེན་གཉིས་ནི། ངོ་བོ་ཉིད་དང༌། གཞན་དུ་བརྗོད་དུ་མེད་པ་གཅིག་པ་བཀག་པའི་ཐ་དད་པ་ཡིན་ཏེ། མདོ་སྡེ་དགོངས་འགྲེལ་དུ། བདེན་གཉིས་ངོ་བོ་གཅིག་ན་བྱིས་པ་རྣམས་ཀྱི་ཀུན་རྫོབ་མཐོང་བ་ན། དོན་དམ་ཡང་མཐོང་བས་དེ་དག་གྲོལ་ཟིན་པར་འགྱུར་བ་དང༌། ཀུན་རྫོབ་ལ་ཟག་པ་འཕེལ་བ་ལྟར། དོན་དམ་ལའང་འགྱུར་བས། དོན་དམ་ཉོན་མོངས་པའི་དམིགས་པར་འགྱུར་བ་དང༌། དོན་དམ་ལ་དབྱེ་བ་མེད་པ་ལྟར། ཀུན་རྫོབ་ལའང་མེད་པར་འགྱུར་བ་དང༌། ཀུན་རྫོབ་རྣམ་ཤེས་ཀྱི་མཐོང་ཐོས་ལས་ཡོངས་སུ་བཙལ་བ་མེད་པ་ལྟར། དོན་དམ་ཡང་ཐོས་བསམ་གྱིས་གཞན་དུ་བཙལ་དུ་མེད་པའི་སྐྱོན་བཞི་དང༌། ཅི་སྟེ་གཞན་ཡིན་ན། དོན་དམ་མཐོང་ཡང་ཀུན་རྫོབ་ལ་བདེན་འཛིན་མི་ལྡོག་པར་འགྱུར་བ་དང༌། དོན་དམ་པ་ཀུན་རྫོབ་ཀྱི་ཆོས་ཉིད་མིན་པར་འགྱུར་བ་དང༌། ཀུན་རྫོབ་མ་གྲུབ་ཙམ་གྱི་གཞི་དེ་དོན་དམ་མིན་པར་འགྱུར་བ་དང༌། གང་ཟག་གཅིག་ལ་ཉོན་མོངས་དང་རྣམ་བྱང་གཉིས་དུས་གཅིག་ཏུ་དམིགས་པར་འགྱུར་བའི་སྐྱོན་བཞི་འབྱུང་བར་གསུངས་ཤིང༌། འདུ་བྱེད་ཁམས་དང་དོན་དམ་མཚན་ཉིད་ནི། །གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་དེ། །གཅིག་དང་ཐ་དད་ཉིད་དུ་གང་རྟོགས་པ། །དེ་དག་ཚུལ་བཞིན་མ་ཡིན་ཞུགས་པ་ཡིན། །ཞེས་སོ། །དེ་ཉིད་དང༌། གཞན་དུ་བརྗོད་དུ་མེད་ཚུལ་ཡང༌། ཆོས་ཉིད་རྣམ་འབྱེད་རྩ་འགྲེལ་དུ། གཉིས་པོ་དག་ནི་གཅིག་ཉིད་དང༌། །སོ་སོ་བ་ཡང་མ་ཡིན་ཏེ། །ཡོད་པ་དང་ནི་མེད་པ་དག །ཁྱད་པར་ཡོད་དང་མེད་ཕྱིར་རོ། །གཉིས་པོ་དག་ཅེས་བྱ་བ་ཆོས་དང་ཆོས་ཉིད་དག་ནི་གཅིག་པ་ཉིད་དང་ཐ་དད་པ་ཉིད་དུ་མི་འདོད་དོ། །ཅིའི་ཕྱིར་ཞེ་ན། ཡོད་པ་དང་མེད་པ་དག་ཁྱད་པར་ཡོད་པ་དང་ཁྱད་པར་མེད་པའི་ཕྱིར་རོ། །རེ་ཞིག་ཆོས་དང་ཆོས་ཉིད་དག་གཅིག་པ་ཉིད་དུ་འཐད་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ཡོད་པ་དང་མེད་པའི་ཁྱད་པར་ཡོད་པའི་ཕྱིར་རོ། །ཆོས་ཉིད་ནི་ཡོད་པ་ཡིན་ལ། ཆོས་ཅན་ནི་མེད་པ་ཡིན་པས། ཡོད་པ་དང་མེད་པ་ཁྱད་པར་ཅན་དག་ཇི་ལྟར་གཅིག་པ་ཉིད་དུ་འགྱུར། ཐ་དད་པ་ཉིད་ཀྱང་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཡོད་པ་དང་མེད་པ་དག་ཁྱད་པར་མེད་པའི་ཕྱིར་རོ། །ཇི་ལྟར་ཁྱད་པར་མེད་ཅེ་ན། ཆོས་ཉིད་ནི་ཆོས་མེད་པ་ཙམ་གྱིས་རབ་ཏུ་ཕྱེ་བ་ཡིན་པའི་ ཕྱིར་ཏེ། གཟུང་བ་ལ་སོགས་པའི་ཁྱད་པར་མེད་པའི་ཕྱིར་རོ། །ཞེས་སོ། །ཆོས་དང་ཆོས་ཉིད་དག་ནི་གང་ཞེ་ན། དེ་ཉིད་དུ་ཆོས་ཀྱི་རབ་ཏུ་ཕྱེ་བ་ནི་འཁོར་བ་ཡིན་ཏེ། ཆོས་ཉིད་ཀྱི་རབ་ཏུ་ཕྱེ་བ་ནི་ཐེག་པ་གསུམ་གྱི་མྱ་ངན་ལས་འདས་པའོ། །དེ་ལ་ཆོས་ཀྱི་མཚན་ཉིད་ནི། གཉིས་དང་ཇི་ལྟར་མངོན་བརྗོད་པར། །སྣང་བ་ཡང་དག་མིན་པ་ཡི། །ཀུན་རྟོག་པ་དེ་མེད་སྣང་ཕྱིར། །དེས་ན་ཡང་དག་མིན་པའོ། །དེ་ཡང་ཐམས་ཅད་དོན་མེད་ཅིང༌། །རྟོག་ཙམ་ཡིན་པས་ཀུན་རྟོག་པའོ། །གཞན་ཡང་ཆོས་ཉིད་མཚན་ཉིད་ནི། །གཟུང་བ་དང་ནི་འཛིན་པ་དང༌། །བརྗོད་པར་བྱ་དང་རྗོད་པར་བྱེད། །ཁྱད་མེད་དེ་བཞིན་ཉིད་ཡིན་ནོ། །ཞེས་སོ། །

གསུམ་པ་དོན་བསྡུ་བ་ནི། ཀུན་རྫོབ་ནི་རྣམ་ཤེས་སམ་འཁྲུལ་ངོར་སྣང་ཞིང་བདེན་ལ། ཡེ་ཤེས་སམ་མ་འཁྲུལ་བའི་ངོར་མི་སྣང་ཞིང་མི་བདེན་པའི་གཤིས་ལ་རང་གི་ངོ་བོས་སྟོང་པའི་རང་སྟོང་དང༌། དོན་དམ་ནི་དེ་ལས་བཟློག་པ་ཡིན་ཏེ། འཕགས་པ་ཀླུ་སྒྲུབ་ཀྱི་དབུ་མ་རྩ་ཤེར། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །འཇིག་རྟེན་ཀུན་རྫོབ་བདེན་པ་དང༌། །དམ་པའི་དོན་གྱི་བདེན་པའོ། །གང་དག་བདེན་པ་དེ་གཉིས་ཀྱི། །རྣམ་དབྱེ་རྣམ་པར་མི་ཤེས་པ། །དེ་དག་སངས་རྒྱས་བསྟན་པ་ཡི། །ཟབ་མོའི་དེ་ཉིད་རྣམ་མི་ཤེས། །ཞེས་དང༌། འདིའི་རང་འགྲེལ་ག་ལས་འཇིག་མེད་དུ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་སྟོན་པ་ནི། བདེན་པ་གཉིས་པོ་འདི་ལ་བརྟེན་ནས་འབྱུང་སྟེ། འཇིག་རྟེན་པའི་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱ་བ་ནི། ཆོས་རྣམས་ངོ་བོ་ཉིད་ཀྱིས་སྟོང་པ་དག་ལ་འཇིག་རྟེན་པས་ཕྱིན་ཅི་ལོག་མ་རྟོགས་པས། ཆོས་རྣམས་སྐྱེ་བར་མཐོང་བ་གང་ཡིན་པ་སྟེ། དེ་ནི་དེ་དག་ཉིད་ལ་ཀུན་རྫོབ་ཏུ་བདེན་པས་ཀུན་རྫོབ་ཀྱི་བདེན་པའོ། །དོན་དམ་པའི་བདེན་པ་ནི། འཕགས་པ་རྣམས་ཀྱི་ཕྱིན་ཅི་ལོག་ཐུགས་སུ་ཆུད་པས། ཆོས་རྣམས་སྐྱེ་བ་མེད་པར་གཟིགས་པ་གང་ཡིན་པ་སྟེ། དེ་ནི་དེ་དག་ཉིད་ལ་དོན་དམ་པར་བདེན་པ་ཉིད་ཡིན་པས་དོན་དམ་པའི་བདེན་པའོ། །དེ་ལ་གང་ཀུན་རྫོབ་ཀྱི་བདེན་པ་དང༌། དོན་དམ་པའི་བདེན་པ་དེ་གཉིས་ཀྱི་རྣམ་པར་དབྱེ་བ། དེ་ལྟར་མི་ཤེས་པ་དེ་དག་གིས་སངས་རྒྱས་ཀྱི་བསྟན་པ་ཟབ་མོའི་དེ་ཁོ་ན་ཉིད་རྣམ་པར་མི་ཤེས་པ་ཡིན་ནོ། །ཞེས་དང༌། ཀུན་རྫོབ་ནི་ཀུན་རྫོབ་ཀྱི་བདེན་པར་ཡོད་ཀྱི། དོན་དམ་པར་མེད་པ་དང༌། དོན་དམ་ནི་དོན་དམ་པར་ཡོད་ཀྱི། ཀུན་རྫོབ་ཏུ་མེད་པ་དང༌། ཀུན་རྫོབ་ཏུ་མི་བདེན་ན་ཀུན་རྫོབ་བདེན་པར་འགལ་ཞིང༌། དོན་དམ་པར་མི་བདེན་ན་དོན་དམ་བདེན་པར་འགལ་བར་གསུངས་སོ། །འདིས་ནི་ཁ་ཅིག །དོན་དམ་ཡང་དོན་དམ་དུ་བདེན་པ་མེད་ཅེས་དང༌། ཀུན་རྫོབ་ཙམ་དུ་ཡང་སྐྱེ་བའི་དངོས་པོ་མེད་ཅེས་དང༌། ལ་ལ་དོན་དམ་ཡང་ཀུན་རྫོབ་ཏུ་བདེན་པར་ཡོད་པ་དང༌། དོན་དམ་དངོས་པོར་སྨྲ་བ་རྣམས། དོན་དང་འགལ་བར་བསྟན་ཏོ། །དེ་བཞིན་དུ། བདེན་གཉིས་ལས་ཀྱང༌། རྩོད་ངན་གྲགས་པ་ཁ་ཅིག་ནི། །ཡང་དག་པར་དངོས་མ་སྐྱེས་པ། །མོ་གཤམ་བུ་ལ་སོགས་བཞིན་དུ། །ཀུན་རྫོབ་ཏུ་ཡང་མི་སྐྱེ་ཟེར། །ཞེས་དང༌། ཀུན་རྫོབ་ནི་འཁྲུལ་ངོར། ཇི་ལྟར་སྣང་བཞིན་ངོ་བོའི་ཕྱིར། །འདི་ལ་དཔྱད་པ་མི་འཇུག་གོ །རྣམ་པར་དཔྱཽད་པར་བྱེད་ན་དོན། །གཞན་དུ་སོང་བས་གནོད་པར་འདོད། །ཞེས་པས་ཀུན་རྫོབ་དཔྱད་ན་བདེན་མེད་དུ་འགྲོ་བ་ཀུན་རྫོབ་ཀྱི་ཆོས་ཉིད་ཡིན་པས། ཀུན་རྫོབ་འཇོག་པ་ན། དཔྱད་པའི་གནས་མིན་པས་ཞྭ་དཔེ་ལྷམ་ལ་མ་འགེབ་ཅིག །ཀུན་རྫོབ་ཏུའང་བདེན་པ་མི་སྲིད་པའི་ལྟ་བ་ནི། ལས་རྒྱུ་འབྲས་དང་བདེན་གཉིས་ལ་སྐུར་འདེབས་ཡིན་པས། རིང་དུ་སྤང་བར་བྱའོ། །དེས་ན་ཀུན་རྫོབ་དང་དོན་དམ་གཉིས་ནི། གྲངས་བཞིན་དུ། རྣམ་ཤེས་ལ་སྣང་བ་དང༌། ཡེ་ཤེས་ལ་སྣང་བ་སྟེ། སྣང་ལུགས་གཉིས་དང༌། གཤིས་ལ་རང་རང་ངོ་བོས་སྟོང་པས་རང་སྟོང༌། རང་རང་ངོ་བོས་མི་སྟོང་པར་ཆོས་གློ་བུར་བ་གཞན་གྱིས་སྟོང་པའི་གཞི་ཡིན་པས་གཞན་སྟོང་སྟེ། སྟོང་ལུགས་གཉིས་དང༌། བློའི་འཁྲུལ་ངོའམ་འཇིག་རྟེན་པའི་ཤེས་ཡུལ་དུ་བདེན་པ་དང༌། བློ་མ་འཁྲུལ་བའམ་འཕགས་པའི་ ཤེས་ཡུལ་དུ་བདེན་པ་སྟེ། བདེན་ལུགས་གཉིས་དང༌། བཅོས་མ་དང་རང་བཞིན་པ་གཉིས་དང༌། གློ་བུར་བ་དང་གཉུག་མ་གཉིས་དང༌། བཏགས་པ་དང་ཡོངས་གྲུབ་གཉིས་དང༌། ཆོས་དང་ཆོས་ཉིད་གཉིས་ལ་སོགས་པར་གྲངས་ངེས་པ་ཡིན་ནོ།།

གཉིས་པ་མཚོན་བྱའི་སྒྲ་དོན་ནི། སཾ་པྲྀ་ཏི་སཏ་ཏྱ་ཞེས་པའི་སཾ་ནི་ཡང་དག་པའོ། །པྲྀ་ཏིའམ་ཨ་ཝ་ར་ཎ་འགེབས་པའམ་སྒྲིབ་པས་ཏེ། གཟུང་འཛིན་གྱི་སྣང་བས་སྟོང་ཉིད་དོན་དམ་དེ་ཁོ་ན་ཉིད་མཐོང་བ་ལ་ཡང་དག་པར་སྒྲིབ་པའམ་འགེབས་པས་ན་ཀུན་རྫོབ་བོ། །བདེན་གཉིས་སུ། གང་ཞིག་གིས་ན་གང་ཞིག་ལ། །ཡང་དག་སྒྲིབ་བྱེད་ཀུན་རྫོབ་འདོད། །ཅེས་ཏེ། ཀུན་རྫོབ་ཅེས་པ་ནི་དོན་འགྱུར་རོ། །སཏ་ཏྱ་ཞེས་པ་བདེན་པ་སྟེ། འཁྲུལ་བའི་ངོར་དུའོ། །དོན་དམ་གྱི་སྐད་དོད། པ་རཱ་མ་ཨརྠ་སཏ་ཏྱ་ཞེས་པའི་པ་རཱ་མ་མཆོག་གམ་དམ་པ་དང༌། ཨརྠ་དོན་ཏེ་རྫུན་མེད་བསླུ་མེད་ཀྱི་ཆོས་ཉིད་དམ་པ་རྣམས་ལ་འཇུག་པའི་དོན་ཡིན་པས་དོན་དམ་པ་དང༌། འཕགས་པའི་ཤེས་ཡུལ་དུ་བདེན་པས་བདེན་པའོ། །རྒྱུད་བླར། བརྫུན་མེད་བསླུ་མེད་ཆོས་ཉིད་དང༌། །ཞེས་དང༌། དབུས་མཐར། དེ་འགགས་འཕགས་པའི་སྤྱོད་ཡུལ་དང༌། །ཞེས་སོ། །

གསུམ་པ་བདེན་གཉིས་ཀྱི་མཚན་གྱི་རྣམ་གྲངས་ལ་གཉིས། སྤྱིར་བསྟན་པ་དང༌། དེའི་དོན་སོ་སོར་བཤད་པའོ། །དང་པོ་ནི། [བདེན་གཉིས་སུ་]ཇི་སྐད་དུ། བཏགས་ཙམ་སྣང་གྲགས་དངོས་པོ་དང༌། །ཐ་སྙད་འཁྲུལ་བ་སྒྱུ་མ་དང༌། །ཀུན་རྫོབ་ཉིད་ནི་རྣམ་གྲངས་སོ། །སྟོང་པ་ཉིད་དང་ཡང་དག་མཐའ། །མཚན་མ་མེད་དང་དོན་དམ་དང༌། །ཆོས་ཀྱི་དབྱིངས་ཀྱི་རྣམ་གྲངས་སོ། །ཞེས་སོ། །དོན་དམ་གྱི་རྣམ་གྲངས་འདི་རྣམས། རྒྱུད་བླར། ཆོས་སྐུ་དང་སངས་རྒྱས་ཀྱི་རྣམ་གྲངས་སུ་བཤད་དེ། གང་ཕྱིར་དེ་ནི་ཆོས་སྐུ་དེ་ནི་དེ་བཞིན་གཤེགས། །དེ་ནི་འཕགས་པའི་བདེན་པ་དོན་དམ་མྱ་ངན་འདས། །དེ་ཕྱིར་ཉི་དང་ཟེར་བཞིན་ཡོན་ཏན་དབྱེར་མེད་པས། །སངས་རྒྱས་ཉིད་ལས་མ་གཏོགས་མྱ་ངན་འདས་པ་མེད། །མདོར་ན་ཟག་མེད་དབྱིངས་ལ་ནི། །དོན་གྱི་རབ་ཏུ་དབྱེ་བ་བཞི། །ཆོས་ཀྱི་སྐུ་ལ་སོགས་པ་ཡི། །རྣམ་གྲངས་བཞིར་ནི་ཤེས་པར་བྱ། །དེ་དག་གི་དོན་ཡང་གྲངས་བཞིན་དུ། སངས་རྒྱས་ཆོས་དབྱེར་མེད་པ་དང༌། །དེ་རིགས་དེ་བཞིན་ཐོབ་པ་དང༌། །བརྫུན་མེད་བསླུ་མེད་ཆོས་ཉིད་དང༌། །གདོད་ནས་རང་བཞིན་ཞི་ཉིད་དོ། །ཞེས་སོ། །ཡང་དེ་རྣམས་ཤེར་ཕྱིན་གྱི་མཚན་བརྒྱ་རྩ་བརྒྱད་པར་ཤེར་ཕྱིན་གྱི་རྣམ་གྲངས་སུ་བཤད་དེ། དེ་ཉིད་དུ། སངས་རྒྱས་ཡུམ་གྱུར་དེ་ཡི་མཚན། །དེ་དག་བདག་གིས་བརྗོད་པར་བགྱི། །འབྱོར་བར་འདོད་པས་མཉན་པར་གྱིས། །ཤེར་ཕྱིན་དང༌། ཐམས་ཅད་མཁྱེན་པ་དང༌། ཡང་དག་པའི་མཐའ་དང༌། དེ་བཞིན་ཉིད་དང༌། ནང་སྟོང་པ་ཉིད་ནས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་སོགས་དང༌། ཞེས་སོ། །ཡང་དེ་རྣམས་ཀླུ་སྒྲུབ་ཀྱི་བྱང་ཆུབ་སེམས་འགྲེལ་དུ། དོན་དམ་བྱང་ཆུབ་སེམས་ཀྱི་རྣམ་གྲངས་སུ་བཤད་དེ། དེ་ཉིད་དུ། བྱང་ཆུབ་སེམས་མཆོག་དེ་ཉིད་ནི། །དེ་བཞིན་ཉིད་དང་ཡང་དག་མཐའ། །མཚན་མ་མེད་དང་དོན་དམ་དང༌། །སྟོང་པ་ཉིད་ཅེས་བརྗོད་པ་ཡིན། །ཞེས་སོ། །དེས་ན་དོན་དམ་བདེན་པ་གང་ཡིན། མཐར་ཐུག་གི་རིག་པ་དང་ཡེ་ཤེས་ཡིན་ཞིང༌། མཐར་ཐུག་གི་རིག་པ་དང༌། ཡེ་ཤེས་གང་ཡིན་ཡང༌། དོན་དམ་བདེན་པ་དང་དེ་བཞིན་ཉིད་ཡིན་ནོ། །དེའི་ཕྱིར་དོན་དམ་བདེན་པ། སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ་ཡིན་པའི་གནད་ནི་དེ་ཉིད་དོ།།

གཉིས་པ་ནི། ཆོས་ཉིད་དོན་དམ་བདེན་པའི་མཚན་གྱི་རྣམ་གྲངས་ཡུམ་ཤེར་ཕྱིན་དུ་གསུངས་པ་ནི། དེ་བཞིན་ཉིད་དང༌། མ་ནོར་བ་དེ་བཞིན་ཉིད་དང༌། གཞན་མ་ཡིན་པ་དེ་བཞིན་ཉིད་དང༌། ཆོས་ཉིད་དང༌། ཆོས་ཀྱི་དབྱིངས་དང༌། ཆོས་ཀྱི་གནས་ཉིད་དང༌། ཆོས་སྐྱོན་མེད་པ་ཉིད་དང༌། ཡང་དག་པའི་མཐའ་དང༌། བསམ་གྱིས་མི་ཁྱབ་པའི་དབྱིངས་ཏེ། ཡོངས་གྲུབ་དགུར་གསུངས་ལ། ཆོས་ཅན་བརྟགས་པ་ཀུན་རྫོབ་བདེན་པ་རྣམས་རྨི་ལམ་དང༌། སྒྱུ་མ་དང༌། སྨིག་རྒྱུ་དང༌། ཆུ་ཟླ་དང༌། དྲི་ཟའི་གྲོང་ཁྱེར་དང༌། བྲག་ཆ་དང༌། མིག་ཡོར་དང༌། གཟུགས་བརྙན་དང༌། སྤྲུལ་པ་ལྟ་བུ་སྟེ། བརྫུན་པའི་ཆོས་དགུར་གསུངས་སོ། །འདི་རྣམས་ཀྱི་འགྲེལ་པར་སློབ་དཔོན་དབྱིག་གཉེན་གྱི་ཡུམ་གྱི་གཞུང་འགྲེལ་གནོད་འཇོམས་སུ། དེ་བཞིན་ཉིད་དང༌། མ་ནོར་བ་དེ་བཞིན་ཉིད་དང༌། ཞེས་བྱ་བ་ལ་སོགས་པའི་ཚིག་རྣམས་ལ་བྱེ་བྲག་ནི་ཅི་ཡོད་ཅེ་ན། ཡོངས་སུ་གྲུབ་པའི་འཇུག་པ་ཐ་དད་པ་སྟེ། འདི་ལ་ཡོངས་སུ་གྲུབ་པའི་མཚན་ཉིད་ནི་རྣམ་པ་དགུ་སྟེ། རྣམ་པར་འཇིག་པ་མེད་པར་ཡོངས་སུ་གྲུབ་པ་དང༌། དེ་བཞིན་དུ། ཕྱིན་ཅི་མ་ལོག་པ་དང༌། འགྱུར་བ་མེད་པ་དང༌། ངོ་བོ་ཉིད་དང༌། རྣམ་པར་བྱང་བའི་ཆོས་ཐམས་ཅད་ཀྱི་རྒྱུ་ཉིད་དང༌། དུས་ཐམས་ཅད་དུ་དང༌། ཕྱིར་མི་ལྡོག་པར་དང༌། དེ་ཁོ་ན་ཉིད་དུ་དང༌། རྟོག་གེའི་ཡུལ་ལས་འདས་པར་ཡོངས་སུ་གྲུབ་པའོ། །རྣམ་པར་འཇིག་པ་མེད་པར་ཡོངས་སུ་གྲུབ་པ་ནི། དེ་བཞིན་ཉིད་ཅེས་གསུངས་པ་སྟེ། རྟག་ཏུ་དེ་བཞིན་ཉིད་དུ་གནས་ཤིང་མི་འཇིག་པའི་ཕྱིར་རོ། །ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པ་ནི། མ་ནོར་བ་དེ་བཞིན་ཉིད་ཅེས་གསུངས་པ་སྟེ། ནོར་བ་དང་ཕྱིན་ཅི་ལོག་ཏུ་གྱུར་པ་མེད་པའི་ཕྱིར་རོ། །འགྱུར་བ་མེད་པར་ཡོངས་སུ་གྲུབ་པ་ནི། གཞན་མ་ཡིན་པ་དེ་བཞིན་ཉིད་ཅེས་གསུངས་པ་སྟེ། གཞན་དུ་འགྱུར་བ་མེད་པའི་ཕྱིར་རོ། །ངོ་བོ་ཉིད་ཡོངས་སུ་གྲུབ་པ་ནི། ཆོས་ཉིད་ཅེས་གསུངས་པ་སྟེ། ཆོས་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་སྟོང་ཉིད་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །རྣམ་པར་བྱང་བའི་ཆོས་ཐམས་ཅད་ཀྱི་རྒྱུ་ཉིད་དུ་ཡོངས་སུ་གྲུབ་པ་ནི། ཆོས་ཀྱི་དབྱིངས་ཞེས་གསུངས་པ་སྟེ། སྟོབས་བཅུ་དང་མི་འཇིགས་པ་བཞི་ལ་སོགས་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་དབྱིངས་དང་རྒྱུ་ཡིན་པའི་ཕྱིར་རོ། །དུས་ཐམས་ཅད་དུ་ཡོངས་སུ་གྲུབ་པ་ནི། ཆོས་གནས་པ་ཉིད་ཅེས་གསུངས་པ་སྟེ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང༌། ཆོས་རྣམས་ཀྱི་ཆོས་ཉིད་ནི་གནས་པ་ཉིད་ཡིན་ནོ། །ཞེས་གསུངས་པས། དུས་ཐམས་ཅད་དུ་གནས་པའི་ཕྱིར་རོ། །ཕྱིར་མི་ལྡོག་པར་ཡོངས་སུ་གྲུབ་པ་ནི། ཆོས་སྐྱོན་མེད་པ་ཉིད་ཅེས་གསུངས་པ་སྟེ། ས་དང་པོ་ཡན་ཆད་དེ་རབ་ཏུ་རྟོགས་པས་ཡང་དག་པ་སྐྱོན་མེད་པ་ཉིད་ལ་ཞུགས་པ་ཡིན་ཏེ། ཡང་དག་པར་རྫོགས་པའི་བྱང་ཆུབ་སྐྱོན་མེད་པ་ལ་ཞུགས་པའི་ཕྱིར་རོ། །དེ་ཁོ་ན་ཉིད་ཡོངས་སུ་གྲུབ་པ་ནི་ཡང་དག་པའི་མཐའ་ཞེས་གསུངས་པ་སྟེ། ཡང་དག་པ་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པ་མཐར་ཐུག་ཡིན་པའི་ཕྱིར་རོ། །རྟོག་གེའི་ཡུལ་ལས་འདས་པར་ཡོངས་སུ་གྲུབ་པ་ནི། བསམ་གྱིས་མི་ཁྱབ་པའི་དབྱིངས་ཞེས་གསུངས་པ་སྟེ། བརྗོད་དུ་མེད་པ་དང༌། སོ་སོ་རང་རིག་པ་ཡིན་པས་རྗེས་སུ་དཔག་པ་ཐམས་ཅད་ཀྱི་སྤྱཽད་ཡུལ་ལས་འདས་པའི་ཕྱིར་རོ། །གཞན་ཡང༌། ཀུན་བརྟགས་པའི་ཆོས་ཐམས་ཅད་ནི་རྨི་ལམ་ལྟ་བུ་སྟེ། རབ་ཏུ་རྟོགས་པར་གྱུར་པ་རྣམས་ལ་དེ་ལྟར་མི་འགྱུར་བས་དེ་ལས་ལོག་པ་ལ་ནི། དེ་བཞིན་ཉིད་ཅེས་བྱ་སྟེ། དུས་ཐམས་ཅད་དུ་ཡོད་པའི་ཕྱིར། ཆོས་ཐམས་ཅད་ནི་སྒྱུ་མ་ལྟ་བུ་སྟེ། ནོར་བར་སྣང་བའི་ཕྱིར་རོ། །དེ་ལས་ལོག་པ་ནི། མ་ནོར་བ་དེ་བཞིན་ཉིད་ཅེས་བྱ་སྟེ། མ་ནོར་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཆོས་ཐམས་ཅད་ནི་སྨིག་རྒྱུ་ལྟ་བུ་སྟེ། གཞན་དུ་གནས་ལ་གཞན་དུ་སྣང་བའི་ཕྱིར་རོ། །དེ་ལས་ལོག་པ་ནི་གཞན་མ་ཡིན་པ་དེ་བཞིན་ཉིད་ཅེས་བྱ་སྟེ། དུས་ཐམས་ཅད་དུ་གཞན་དུ་འགྱུར་བ་མེད་པའི་ཕྱིར་རོ། །ཆོས་ཐམས་ཅད་ནི་ཆུ་ཟླ་ལྟ་བུ་སྟེ། ཆོས་དེའི་བདག་ཉིད་མ་ཡིན་པ་ལ་ཆོས་དེའི་བདག་ཉིད་དུ་སོ་སོར་སྣང་བའི་ཕྱིར་རོ། །དེ་ལས་ལོག་པ་ནི་ཆོས་ཉིད་ཅེས་བྱ་སྟེ། དོན་དམ་པའི་ཆོས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཆོས་ཐམས་ཅད་ནི་དྲི་ཟའི་གྲོང་ཁྱེར་ལྟ་བུ་སྟེ། དོན་མེད་པའི་ཕྱིར་རོ། །དེ་ལས་ལོག་པ་ནི་ཆོས་ཀྱི་དབྱིངས་ཞེས་བྱ་སྟེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྒྱུ་ཡིན་ཞིང་དོན་ཡོད་པའི་ཕྱིར་རོ། །ཆོས་ཐམས་ཅད་ནི་བྲག་ཆ་ལྟ་བུ་སྟེ། ཡུན་ཐུང་བའི་ཕྱིར་རོ། །དེ་ལས་ལོག་པ་ནི་ཆོས་གནས་པ་ཉིད་ཅེས་བྱ་སྟེ། གནས་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །ཆོས་ཐམས་ཅད་ནི་མིག་ཡོར་ལྟ་བུ་སྟེ། མ་ངེས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་ལས་བཟློག་པ་ནི་ཆོས་སྐྱོན་མེད་པ་ཉིད་ཅེས་བྱ་སྟེ། ངེས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཆོས་ཐམས་ཅད་གཟུགས་བརྙན་ལྟ་བུ་སྟེ། རྣམ་པར་ཤེས་པ་འཕོས་པའི་ཕྱིར་རོ། །དེ་ལས་ལོག་པ་ནི་ཡང་དག་པའི་མཐའ་ཞེས་བྱ་སྟེ། དོན་དམ་པ་ཡིན་པའི་ཕྱིར་རོ། །ཆོས་ཐམས་ཅད་ནི་སྤྲུལ་པ་ལྟ་བུ་སྟེ། སེམས་ཀྱི་འདུ་བྱེད་ལས་བྱུང་བའི་ཕྱིར་རོ། །དེ་ལས་ལོག་པ་ནི་བསམ་གྱིས་མི་ཁྱབ་པའི་དབྱིངས་ཞེས་བྱ་སྟེ། ཡིད་ཀྱི་སྤྱོད་ཡུལ་ཐམས་ཅད་ལས་འདས་པའི་ཕྱིར་རོ། །དོན་དམ་པར་ནི་ཆོས་ཐམས་ཅད་ཀྱང་ཡོངས་སུ་གྲུབ་པའི་རྣམ་གྲངས་སོ། །ཞེས་སོ། །དེས་ན་དོན་དམ་པ་བརྫུན་མེད་བསླུ་མེད་རྟག་བརྟན་གཡུང་དྲུང་སྙིང་པོའི་ གནད་ནི་འདི་ཉིད་དོ། །ཀུན་རྫོབ་བདེན་པ་བསླུ་བ་སྙིང་པོ་མེད་པ་ཡིན་པ་ནི་ཀུན་བཏགས་པའི་ཆོས་ཐམས་ཅད་ནི་རྫས་སུ་མེད་པ་བཏགས་པ་ཙམ་དང་མིང་ཙམ་ཡིན་ལ། གཞན་གྱི་དབང་གིས་ཆོས་རྣམས་ནི་རེ་ཞིག་རྫས་སུ་ཡོད་ཀྱང་སྒྱུ་མ་ལ་སོགས་པ་བཞིན་ཏེ། བརྒྱད་སྟོང་དོན་བསྡུར། སྒྱུ་མ་ལ་སོགས་དཔེ་རྣམས་ཀྱིས། །གཞན་གྱི་དཔང་ནི་ཡང་དག་བསྟན། །ཞེས་དང༌། མདོ་སྡེ་རྒྱན་རྩ་བགྲེལ་དུ། སངས་རྒྱས་རྣམ་སངས་རྒྱས་མཆོག་རྣམས་ཀྱིས་དེ་དང་དེ་ལས་འདུས་བྱས་དག ། གསུངས་པ་སྒྱུ་མ་རྨི་ལམ་སྨིག་རྒྱུ་གཟུགས་བརྙན་དང་འདྲ་མིག་ཡོར་བཞིན། །བྲག་ཆ་ལྟ་བུ་དང་ནི་ཆུ་ཟླའི་གཟུགས་དང་སྤྲུལ་པ་འདྲར་ཤེས་བྱ། །དྲུག་དང་དྲུག་དང་གཉིས་དང་དྲུག་ཚན་གཉིས་དང་གསུམ་པོ་རེ་རེར་འདོད། །གང་དུ་བཅོམ་ལྡན་འདས་ཀྱི་ཆོས་སྒྱུ་མ་ནས་སྤྲུལ་པ་ལྟ་བུ་ཞེས་བྱ་བའི་བར་དུ་གསུངས་པ་དེ་ལ། ཆོས་རྣམས་སྒྱུ་མ་ལྟ་བུ་ནི་ནང་གི་སྐྱེ་མཆེད་དྲུག་སྟེ། བདག་དང་སྲོག་ལ་སོགས་པ་མེད་བཞིན་དུ་སྣང་བའི་ཕྱིར་རོ། །རྨི་ལམ་ལྟ་བུ་ནི་ཕྱིའི་སྐྱེ་མཆེད་དྲུག་སྟེ། དེ་ཉེ་བར་སྤྱོད་པའི་དངོས་པོ་མེད་པའི་ཕྱིར་རོ། །སྨིག་རྒྱུ་ལྟ་བུ་ནི་སེམས་དང་སེམས་ལས་བྱུང་བའི་ཆོས་གཉིས་ཏེ། འཁྲུལ་པར་བྱེད་པའི་ཕྱིར་རོ། །ཡང་གཟུགས་བརྙན་ལྟ་བུ་ནི་ནང་གི་སྐྱེ་མཆེད་དྲུག་ཁོ་ན་སྟེ། སྔོན་གྱི་ལས་ཀྱི་གཟུགས་བརྙན་ཡིན་པའི་ཕྱིར་རོ། །མིག་ཡོར་ལྟ་བུ་ནི་ནང་གི་སྐྱེ་མཆེད་རྣམས་ཀྱི་གྲིབ་མ་ལྟ་བུ་ཡིན་པའི་ཕྱིར། ཕྱིའི་སྐྱེ་མཆེད་དྲུག་ཁོ་ན་སྟེ། དེའི་དབང་གིས་བྱུང་བའི་ཕྱིར་རོ། །བྲག་ཆ་ལྟ་བུ་ནི་བཤད་པའི་ཆོས་རྣམས་སོ། །ཆུ་ཟླ་ལྟ་བུ་ནི་ཏིང་ངེ་འཛིན་ལ་བརྟེན་པའི་ཆོས་རྣམས་ཏེ། ཏིང་ངེ་འཛིན་དྭངས་པ་ཉིད་ཀྱིས་ཆུ་ཟླ་ལྟ་བུ་ཡིན་པའི་ཕྱིར་རོ། །སྤྲུལ་པ་ལྟ་བུ་ནི་བསམས་བཞིན་དུ་སྲིད་པར་ཡོངས་སུ་སྐྱེ་བ་ལེན་པ་ཡིན་ཏེ། བྱ་བ་ཐམས་ཅད་ལ་ཀུན་ནས་ཉོན་མོངས་པ་མེད་པའི་ཕྱིར་རོ། །ཞེས་སོ། །འདི་ནི་མདོ་སྡེ་རྣམས་ལས་ཆོས་རྣམས་སྒྱུ་མ་ལ་སོགས་པར་བསྟན་པ་ཐམས་ཅད་འདུས་བྱས་ཀུན་རྫོབ་པ་ཁོ་ན་ལ་དགོངས་པར་བསྟན་ཏོ། །

བཞི་པ་མཚན་གཞི་ལ། དབྱེ་གཞི་ནི་ཤེས་བྱ་ཙམ་མོ། །ཁ་ཅིག་རྟེན་འབྲེལ་དབྱེ་གཞིར་བྱེད་པ་མི་འཐད་དེ། དོན་དམ་བདེན་པ་ནི་རྟེན་འབྲེལ་ལས་འདས་པའི་ཕྱིར་ཏེ། དབུ་མ་རྩ་ཤེར། རང་བཞིན་དང་ནི་བཅོས་མིན་དང༌། །གཞན་ལ་ལྟོས་པ་མེད་པ་བཞིན། །ཞེས་སོ། །དབྱེ་ངོ་ཀུན་རྫོབ་དང་དོན་དམ་གཉིས་ལས། ཀུན་རྫོབ་ལ་དབང་ཤེས་དང་ཡིད་ཤེས་འཕྲལ་གྱི་འཁྲུལ་རྒྱུས་མ་འཁྲུལ་བའི་སྣང་ཡུལ་སོགས་ཡང་དག་ཀུན་རྫོབ་དང༌། འཕྲལ་གྱི་འཁྲུལ་རྒྱུས་འཁྲུལ་བའི་སྣང་བ་སོགས་ལོག་པའི་ཀུན་རྫོབ་གཉིས་ཏེ། བདེན་གཉིས་སུ། སྣང་དུ་འདྲ་ཡང་དོན་བྱེད་དག །ནུས་པའི་ཕྱིར་དང་མི་ནུས་ཕྱིར། །ཡང་དག་ཡང་དག་མིན་པ་ཡི། །ཀུན་རྫོབ་ཀྱི་ནི་དབྱེ་བ་བྱས། །ཅེས་པའང་འཐད་ལྡན་ནོ། །ཡང་ན། ཀུན་རྫོབ་སྤྱིའི་མཚན་གྱིས་བསྡུས་པ་ཀུན་བཏགས་དང༌། རང་མཚན་གྱིས་བསྡུས་པའི་གཞན་དབང་གཉིས་སོ། །དོན་དམ་ལ་རྣམ་གྲངས་པའི་དོན་དམ་དང༌། རྣམ་གྲངས་མ་ཡིན་པའི་དོན་དམ་མོ། །སྔ་མ་ནི་བདེན་གཉིས་སུ། སྐྱེ་བ་ལ་སོགས་བཀག་པ་ཡང༌། །ཡང་དག་པ་དང་མཐུན་པའི་ཕྱིར། །དོན་དམ་ཡིན་པར་ཁོ་བོ་འདོད། །ཅེས་པའང་ལེགས་པའོ། །ཕྱི་མ་ནི་སྟོང་གཞི་དེ་བཞིན་ཉིད་ལ་སོགས་པའོ། །ཡང་ན། དབུས་མཐར། དོན་དང་ཐོབ་དང་སྒྲུབ་པ་ནི། །དོན་དམ་རྣམ་པ་གསུམ་དུ་འདོད། །ཅེས་པ་དོན་དམ་པ་དེ་བཞིན་ཉིད་དང༌། ཐོབ་པ་དོན་དམ་པ་མྱ་ངན་ལས་འདས་པ་གཉིས། རྣམ་གྲངས་མ་ཡིན་པའི་དོན་དམ་དང༌། སྒྲུབ་པ་དོན་དམ་པ་ལམ་གྱི་བདེན་པ་ནི་རྣམ་གྲངས་ཀྱི་དོན་དམ་མོ། །གཅིག་ཐ་དད་ནི་བདེན་གཉིས་ངོ་བོ་དེ་ཉིད་དང༌། གཞན་དུ་བརྗོད་པ་མེད་པ་གཅིག་པ་བཀག་པའི་ཐ་དད་དོ། །གྲངས་ངེས་ནི། ཤེས་བྱ་ཐམས་ཅད་དོན་དམ་དཔྱོད་པའི་རིགས་པས་དཔྱད་མི་བཟོད་པ་རྣམ་ཤེས་ཀྱི་ཡུལ་དང༌། བཟོད་པ་ཡང་དག་ཡེ་ཤེས་ཀྱི་ཡུལ་གཉིས་སུ་གྲངས་ངེས་པས། ཀུན་རྫོབ་བདེན་པ་དང༌། དོན་དམ་བདེན་པ་གཉིས་སུ་གྲངས་ངེས་སོ། །

གསུམ་པ་དབུ་སེམས་ཀྱི་ཁྱད་པར་ལ་རྒྱས་པར་ནི། ཤེར་ཕྱིན་མདོ་ལུགས་མའི་ཊཱི་ཀར་བལྟ་ཞིང༌། མདོར་བསྡུས་པར་བསྟན་ན། མཐར་ཐུག་གི་ཆོས་རྣམས་དངོས་པོ་དང་རྣམ་ཤེས་སུ་འདོད་པ་སེམས་ཙམ་པ་དང༌། དངོས་པོ་དང་རྣམ་ཤེས་ལས་འདས་པ་ཡེ་ཤེས་སུ་འདོད་པ་ནི་དབུ་མ་པ་སྟེ། དཔལ་དུས་ཀྱི་འཁོར་ལོར། སེམས་ཙམ་པ་དང་དབུ་མ་པའི་གྲུབ་མཐའ་རིམ་པར་གསུངས་པ། སྲིད་གསུམ་མཐའ་དག་རྣམ་ཤེས་ཉིད་དུ་སྨྲ་བ་པོ་ཡང་རྣམ་པར་ཤེས་པར་འདོད་པར་བྱེད། །གང་ཞིག་སྙིང་རྗེ་སྟོང་ཉིད་གཉིས་སུ་མེད་པར་སྨྲ་པོ་ཕྱོགས་ཉམས་དེ་ནི་མ་ཉམས་པར་འགྱུར་རོ། །ཞེས་དང༌། འདིའི་འགྲེལ་པ་དྲི་མེད་འོད་དུ། གང་ཞིག་སྙིང་རྗེ་སྟོང་ཉིད་གཉིས་སུ་མེད་པར་སྨྲ་བ་པོ་སྟེ། འདིར་གང་གི་སྙིང་རྗེ་དམིགས་པ་མེད་ཅིང་རྣམ་པར་རྟོག་པ་དང་བྲལ་བ་དང༌། སྟོང་པ་ཉིད་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་དུས་གསུམ་ཡོངས་སུ་ཤེས་པའི་སླད་དུ། དུས་གསུམ་དུ་འཇུག་པ་ཞེས་པ་ནི་སངས་རྒྱས་པའི་གྲུབ་པའི་མཐའ་ངེས་པའོ། །ཞེས་དང༌། སྐད་ཅིག་གཅིག་དང་དུ་མ་བྲལ་བའི་ཡེ་ཤེས་ནི་རྒྱལ་བ་རྣམས་ཀྱི་དེ་ཁོ་ན་ཉིད་ཅེས་གསུངས་སོ། །ཞེས་དང༌། གཟུང་དང་འཛིན་པ་རྣམ་གྲོལ་བའི། །རྣམ་པར་ཤེས་པ་དོན་དམ་ཡོད། །ཅེས་པ་རྣལ་འབྱོར་སྤྱོད་པའི་གཞུང༌། །རྒྱ་མཚོའི་ཕ་རོལ་ཕྱིན་རྣམས་སྒྲོགས། །རྣམ་ཤེས་དེ་ཡང་དོན་དམ་དུ། །ཡོད་པར་མཁས་རྣམས་མི་འདོད་དེ། །གཅིག་དང་དུ་མའི་རང་བཞིན་དང༌། །བྲལ་བ་ནམ་མཁའི་པདྨོ་བཞིན། །ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀའི་བདག་ཉིད་མིན་པའང་མིན། །མཐའ་བཞི་རྣམ་པར་གྲོལ་བ་ཡི། །དེ་ཉིད་དབུ་མ་པ་ཡིས་རིག །ཅེས་སོ། །དབུ་མའི་ངོ་བོ་དེ་ཁོ་ན་ཉིད་དུས་གསུམ་མཁྱེན་པའི་རང་བྱུང་ཡེ་ཤེས་འདུས་མ་བྱས་སུ་གསུངས་པ་དང༌། སེམས་ཙམ་པའི་འདོད་པ་བརྗོད་པའི་ཐད་དུ། རྣམ་པར་ཤེས་པ་དོན་དམ་ཡོད། །ཅེས་སོགས་འབྱུང་གི །ཡེ་ཤེས་དང་ཡོངས་གྲུབ་དང་སངས་རྒྱས་སོགས་དོན་དམ་ཡོད་ཅེས་སོགས་མི་འབྱུང་ལ། དེ་ལ་དབུ་མ་པས་དགག་པ་བྱེད་པའི་ཐད་དུ་ཡང༌། རྣམ་ཤེས་དེ་ཡང་དོན་དམ་དུ། །ཡོད་པར་མཁས་རྣམས་མི་འདོད་དེ། །ཞེས་སོགས་འབྱུང་གི །ཡེ་ཤེས་དང་ཡོངས་གྲུབ་དང་སངས་རྒྱས་སོགས་ཡོད་པར་མཁས་རྣམས་མི་འདོད་དེ། ཞེས་སོགས་ནི་མི་འབྱུང་བས། སེམས་ཙམ་གྱི་འདོད་པའི་ངོ་བོ་ནི་རྣམ་པར་ཤེས་པ་ཁོ་ན་ཡོད་པར་འདོད་པའོ། །དེ་ལྟ་མ་ཡིན་པར་རང་བཞིན་གསུམ་སོགས་ཡིན་པར་བྱས་ནས། བཀའ་འཁོར་ལོ་གསུམ་པ་འཁོར་བཅས་སེམས་ཙམ་དུ་འདོད་པ་ནི་ཆོས་སྤོང་བ་ཡིན་ཏེ། འཁོར་ལོ་གསུམ་པའི་བརྗོད་བྱའི་གཙོ་བོ་དོན་དམ་ཆོས་སྐུའི་སངས་རྒྱས་ནམ་མཁའ་ལྟར་ཁྱབ་པའི་དབང་གིས། ཆོས་སྐུའི་ཡོན་ཏན་ཅན་གྱི་བདེ་གཤེགས་སྙིང་པོ་སེམས་ཅན་ཐམས་ཅད་ལ་བཞུགས་པ་ཡིན་ལ། དེ་དྲང་དོན་དང་སེམས་ཙམ་པའི་ལུགས་ཡིན་ན། དུས་འཁོར་དང་བདེ་དགྱེས་སོགས་གསང་སྔགས་མཐར་ཐུག་ཐམས་ཅད་དྲང་དོན་དང་སེམས་ཙམ་པར་འགྱུར་ཏེ། དུས་འཁོར་དུ། བུམ་པའི་ནང་ནས་ཆུ་ནི་ལེན་པར་བྱེད་པ་ན་ཡང་ནམ་མཁར་འགྲོ་བ་མིན་པ་ཇི་ལྟ་བར། །མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཅན་ནི་ཡུལ་དང་རྣམ་པར་བྲལ་བ་ལུས་ཀྱི་དབུས་སུ་དེ་བཞིན་ནོ། །ཞེས་དང༌། སེམས་ཅན་རྣམས་ནི་སངས་རྒྱས་ཡིན་ཏེ་སངས་རྒྱས་ཆེན་པོ་གཞན་ནི་འཇིག་རྟེན་ཁམས་འདིར་ཡོད་མ་ཡིན། །ཞེས་དང༌། ཀྱཻའི་རྡོ་རྗེར། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་ཉིད་བསལ་ན་སངས་རྒྱས་ཉིད། །ཅེས་དང༌། རང་གི་ལུས་ལ་སངས་རྒྱས་བཞུགས། །གཞན་དུ་གང་ནའང་སངས་རྒྱས་མེད། །ཅེས་དང༌། ལུས་ལ་ཡེ་ཤེས་ཆེན་པོ་གནས། །ཞེས་ཏེ། འདིར་ལུས་ལ་ཞེས་དང༌། ལུས་ཀྱི་དབུས་ཞེས་པ་སེམས་ཅན་གྱི་ལུས་ལ་ཞེས་པའི་དོན་ཏེ། སངས་རྒྱས་ཀྱི་ལུས་ལ་ཡེ་ཤེས་ཡོད་མེད་ཀྱི་ཐེ་ཚོམ་བཟློག་མི་དགོས་སོ། །ཡེ་ཤེས་ཆེན་པོ་ཞེས་པའང་ཉན་རང་དང་སློབ་ལམ་གྱི་ཡེ་ཤེས་ལས་ཕུལ་དུ་བྱུང་བས། སངས་རྒྱས་ཀྱི་ཡེ་ཤེས་ཞེས་པའི་དོན་ནོ། །སེམས་ཅན་རྣམས་ནི་སངས་རྒྱས་ཞེས་པ་ཡང༌། སེམས་ཅན་རྣམས་ཀྱི་ཆོས་ཉིད་ཀྱི་སེམས་དེ་དོན་དམ་གྱི་སངས་རྒྱས་དངོས་ཡིན་ཞིང་དེ་ལས་ངོ་བོ་ཐ་དད་པའི་དོན་དམ་གྱི་སངས་རྒྱས་མེད་ཅེས་པའོ། །དེ་བཞིན་དུ། བདེ་མཆོག་རྩ་རྒྱུད་དང༌། མཁའ་འགྲོ་ཀུན་སྤྱོད་དང༌། སམ་བུ་ཊ་ལ་སོགས་པ་རྒྱུད་དུ་མར། དེ་ཉིད་སྲོག་ཆགས་རྣམས་ཀྱི་སྲོག ། དེ་ཉིད་མི་འགྱུར་དམ་པ་ཡིན། །དེ་ཉིད་ཐམས་ཅད་ཁྱབ་བྱེད་དེ། །ལུས་ཅན་ལ་ནི་རྣམ་པར་གནས། །དེ་ཉིད་སངས་རྒྱས་ཡེ་ཤེས་ཏེ། །ཧེ་རུ་ཀ་དཔལ་ཡིན་པར་བཤད། །ཅེས་སོགས། བཅོམ་ལྡན་འདས་རྡོ་རྗེ་འཆང་ཧེ་རུ་ཀ་ཉིད་ནམ་མཁའ་ལྟར་ཐམས་ཅད་ལ་ཁྱབ་པར་བཞུགས་པར་གསུངས་སོ། །དེ་མི་འདོད་ན་མཐར་ཐུག་གི་ངེས་དོན་རྣམས་གཏན་ནས་མི་སྲིད་པར་འགྱུར་ཏེ། བཀའ་འཁོར་ལོ་དང་པོ་དང༌། གཉིས་པ་དྲང་དོན་དུ་བཅོམ་ལྡན་འདས་ཀྱི་མདོ་དགོངས་པ་ངེས་འགྲེལ་དུ་གསུངས་ལ། བཀའ་འཁོར་ལོ་གསུམ་པ་དང༌། གསང་སྔགས་རྣམས་དྲང་དོན་དུ་ཁྱེད་ཀྱིས་ཁས་བླངས་པས་སོ། །དེས་ན་འཁོར་ལོ་གསུམ་པ་སོགས་སེམས་ཙམ་ཡིན་པ་སོགས་ལ་གནོད་བྱེད་དུ་མ་ཡོད་ཅིང༌། དབུ་མ་ཡིན་པའི་སྒྲུབ་བྱེད་ནི་འདི་ལྟར། སེམས་ཙམ་མན་ཆད་ནི། དངོས་པོ་དོན་དམ་དུ་འདོད་པའི་ཕྱིར་དང༌། མདོ་དགོངས་འགྲེལ་དུ། བཀའ་འཁོར་ལོ་ཕྱི་མ་གཉིས་ཀ་ཆོས་རྣམས་ངོ་བོ་ཉིད་ཀྱིས་མེད་པ་དང༌། སྐྱེ་མེད་འགག་མེད་སོགས་ལས་བརྩམས་ཏེ་གསུངས་པས་དེ་གཉིས་དངོས་སྨྲ་ལས་འདས་པར་སྒྲུབ་པའི་ཕྱིར་དང༌། ལང་གཤེགས་སུ། སེམས་ཙམ་ལས་འདས་པའི་དབུ་མ་པ་རིམ་པ་གཉིས་གསུངས་ཏེ། སེམས་ཙམ་ལ་ནི་བརྟེན་ནས་སུ། །ཕྱི་རོལ་དོན་དུ་མི་རྟོག་གོ །སྣང་བ་མེད་པ་ལ་བརྟེན་ནས། །སེམས་ཙམ་ལས་ནི་འདའ་བར་བྱ། །ཡང་དག་དམིགས་པ་ལ་བརྟེན་ནས། །སྣང་བ་མེད་ལས་འདས་པར་བྱ། །སྣང་མེད་གནས་པའི་རྣལ་འབྱོར་པས། །ཐེག་པ་ཆེན་པོ་མི་མཐོང་ངོ༌། །ཞེས་སེམས་ཙམ་ལས་འདས་ནས་བཀའ་བར་པའི་དངོས་བསྟན་ཙམ། སྣང་མེད་གནས་སྐབས་ཀྱི་དབུ་མ་ལ་གནས་པ་དང༌། དེ་ལས་འདས་ནས་བཀའ་ཐ་མའི་དགོངས་པ་སྣང་བཅས་མཐར་ཐུག་གི་དབུ་མ་ལ་གནས་དགོས་ཀྱི། སྣང་མེད་ཙམ་གྱིས་ཐེག་ཆེན་རྫོགས་པར་མི་མཐོང་བར་གསུངས་ཤིང༌། བཅོམ་ལྡན་འདས་འཇམ་དཔལ་གྱི་རང་གི་ལྟ་བའི་འདོད་པ་མདོར་བསྟན་དུ། འདིས་ནི་བདེན་པ་གསུངས་པ་ཡིས། །སྔ་མར་གསུངས་པ་བཀག་པ་སྟེ། །སྔོན་ཉིད་དང་ནི་ཕྱི་མ་དག །རིམ་པ་ཕྱི་མ་སྟོབས་དང་ལྡན། །ཇི་ལྟར་རྣལ་འབྱོར་སྤྱོད་གསུངས་པ། །ཡེ་ཤེས་མེད་པར་སྨྲ་ལ་བསྟན། །རྫོགས་སངས་རྒྱས་ཀྱི་དབུ་མའི་ལུང༌། །དེ་བཞིན་མ་ཡིན་སྲས་ལ་གསུངས། །ཞེས་བཀའ་འཁོར་ལོ་གསུམ་དང༌། རྒྱུད་སྡེ་བཞི་སོགས་ཀྱང་རིམ་པ་ཕྱི་མ་ཕྱི་མ་རྣམས་ངེས་དོན་དང༌། རྣལ་འབྱོར་སྤྱོད་པ་སེམས་ཙམ་མན་ཆད་ལ་ཡེ་ཤེས་མེད་པ་དང༌། རྒྱལ་སྲས་དབུ་མ་པ་རྣམས་ནི་དབུ་མའི་ཁྱད་ཆོས་གཉིས་མེད་ཡེ་ཤེས་ཀྱི་རབ་ཏུ་ཕྱེ་བར་གསུངས་པས་ཀྱང་བཀའ་འཁོར་ལོ་ཕྱི་མ་གཉིས་ཀ་དབུ་མ་དང༌། ཁྱད་པར་བཀའ་ཐ་མ་དབུ་མ་མཐར་ཐུག་ཏུ་གྲུབ་ལ། བྱམས་ཆོས་ཕྱི་མ་བཞི་སོགས་ངོ་བོ་ཉིད་གསུམ་སྟོན་པའི་བསྟན་བཅོས་རྣམས་ཀྱང་མཐར་ཐུག་གི་དབུ་མའི་བསྟན་བཅོས་སུ་གྲུབ་བོ། །དབུ་མ་སྣང་བར་ཡང༌། ངོ་བོ་ཉིད་མེད་པ་གསུམ་གྱི་དགོངས་པ་བསྟན་པས་དབུ་མའི་ལམ། མཐའ་གཉིས་དང་བྲལ་བ་བསྟན་པས་ངེས་པའི་དོན་ཁོ་ནའི་གཞུང་འཛུགས་པར་མཛད་པ་ཡིན་ནོ། །ཞེས་འབྱུང་ངོ༌། །

བཞི་པ་ཆོས་ཀྱི་རྗེས་འབྲང་ལྷུར་བྱ་བར་གདམས་པ་ནི། དེ་ལྟར་བརྗོད་བྱ་བདེན་གཉིས་སོགས་དང་རྗོད་བྱེད་བཀའི་དོན་ལ། རྣམ་པར་དཔྱོད་པ་ལྷུར་བླང་བར་བྱ་སྟེ། དེས་ལྟ་བ་རྣམ་པར་དག་པར་འགྱུར་ལ། ལྟ་བ་དག་པས་ལམ་དག་ཅིང༌། དེས་འབྲས་བུ་རྣམ་པར་དག་པའི་ས་ཐོབ་པའི་ཕྱིར་རོ། །འདི་ལ་དགོངས་ནས། བཅོམ་ལྡན་འདས་ཀྱི་རྒྱན་སྟུག་པོ་བཀོད་པར། བསྲེགས་བཅད་བདར་བའི་གསེར་བཞིན་དུ། །མཁས་པ་རྣམས་ཀྱིས་ཡོངས་བརྟགས་ནས། །བདག་གསུང་བླང་བྱ་དགེ་སློང་དག །གུས་པའི་ཕྱིར་ནི་མ་ཡིན་ནོ། །ཞེས་དང༌། རྗེ་བཙུན་སྤྱན་རས་གཟིགས་ཀྱི་དྲི་མེད་འོད་དུ། མཁས་རྣམས་ཡོན་ཏན་ལ་གུས་ཀྱི། །སངས་རྒྱས་དབང་ཕྱུག་སོགས་ལ་མིན། །ཡོན་ཏན་མེད་ལ་གང་གུས་པ། །དེ་བླུན་མི་དགེའི་ལས་ལས་སྐྱེས། །ཞེས་དང༌། རྗེ་བཙུན་བྱམས་པའི་མདོ་སྡེ་རྒྱན་དུ། ཆོས་བཟང་རིགས་པས་རྣམ་དཔྱད་བསམ་པ་ཅན། །རྟག་ཏུ་བདུད་ཀྱིས་བར་ཆད་བྱེད་པ་མེད། །ཁྱད་པར་རྙེད་དང་གཞན་གྱི་ཕྱོགས་སུན་འབྱིན། །མི་འཕྲོགས་ཡོངས་སུ་སྨིན་པའི་མཚན་ཉིད་དོ། །ཞེས་དང༌། སློབ་དཔོན་ཀླུ་སྒྲུབ་ཀྱི་བཤེས་སྤྲིང་དུ། གལ་ཏེ་མཐོ་རིས་ཐར་པ་མངོན་བཞེད་ན། །ཡང་དག་ལྟ་བ་སྒོམ་པ་ཉིད་དུ་མཛོད། །གང་ཟག་ལོག་པར་ལྟ་བས་དགེ་སྤྱད་ཀྱང༌། །ཐམས་ཅད་རྣམ་པར་སྨིན་པ་མི་བཟད་ལྡན། །ཞེས་དང༌། སློབ་དཔོན་ཨཱརྱ་དེ་བའི་ཀྱང༌། [བཞི་བརྒྱ་པར།] ཚུལ་ཁྲིམས་ལས་ནི་ཉམས་བླ་ཡིས། །ལྟ་ལས་ནམ་ཡང་ཉམས་མི་བྱ། །ཚུལ་ཁྲིམས་ཀྱིས་ནི་བདེ་འགྲོར་འགྲོ། །ལྟ་བས་གོ་འཕང་མཆོག་ཏུ་འགྲོ། །ཞེས་གསུངས་སོ། །

དེ་ལྟར་ཡིད་ཆེས་ལུང་དང་རིགས་པ་ལ། །བརྟེན་ནས་བདག་ཉིད་འབའ་ཞིག་དག་ཕྱིར་དང༌། །གང་དག་མོས་དགེ་ཕུན་སུམ་ཚོགས་ལྡན་བློ། །དེ་དག་རྗེས་སུ་བཟུང་དང་དབུ་མ་པར། །ཁས་འཆེ་དབུ་མ་ལྟར་སྣང་སྨྲ་རྣམས་ཀྱིས། །ཡང་དག་དབུ་མ་བསྒྲིབས་པའི་མུན་པའི་ཚོགས། །འཇོམས་བྱེད་བདེན་གཉིས་གསལ་བའི་ཉི་མ་འདི། །ཤེས་རབ་རྒྱལ་མཚན་དཔལ་གྱིས་རྣམ་པར་སྦྱར། །དེ་ལས་བྱུང་བའི་དགེ་བའི་འོད་ཟེར་གྱིས། །མཁའ་མཉམ་འགྲོ་བའི་བློ་ཡི་མུན་བསལ་ནས། །བདེ་ཆེན་ཐར་བའི་ལམ་ལ་འགོད་པ་དང༌། །ཀུན་ཁྱབ་བདེ་ཆེན་སྙིང་པོ་མངོན་གྱུར་ཤོག། །།ཕྱོགས་དུས་ཐམས་ཅད་དུ་དར་ཞིང་རྒྱས་པར་ཤོག །

གཅིག་ཞུས། མངྒ་ལཾ།

ལྟ་བ་ཤན་འབྱེད་ཡིད་ཀྱི་མུན་སེལ་ཞེས་བྱ་བ་བཞུགས་སོ། །

ཨོཾ་བདེ་ལེགས་སུ་གྱུར་ཅིག །གཙང་བདག་བདེ་ཆེན་ཆོས་སྐུ་དང༌། །གཟུགས་སྐུ་འཁོར་བཅས་ལ་བཏུད་དེ། །རང་གཞན་ལམ་གྱི་ལྟ་བ་ཡི། །མུན་སེལ་སྒྲོན་མེ་བརྩམ་པར་བགྱི། །འཕགས་ཚོགས་བདག་ལ་སྐྱབས་མཛོད་ཅིག །ཐར་འདོད་ཤེས་ལྡན་དོན་གཉེར་ཀུན། །གྲུབ་མཐའ་གྲགས་པའི་རྗེས་འབྲང་དང༌། །ཞེན་ཕྱོགས་འཛིན་པའི་རབ་རིབ་ཀུན། །བསལ་ཏེ་ཆོས་ལ་འཇུག་པར་རིགས། །ཆོས་ལའང་ཆོས་ཚུལ་དུ་མ་སྣང༌། །ལྟ་སྤྱོད་སྒོམ་པ་ཆོས་ཀྱི་གཞུང༌། །ལྟ་བ་འཁྲུལ་ན་སྤྱོད་པ་ནོར། །དེ་ནས་སྒོམ་པའང་ཉམས་པར་འགྱུར། །དེ་ཕྱིར་ཐོག་མར་ལྟ་བ་གཅེས། །ཡོད་མེད་འབྲེལ་བ་དག་ལ་ཡོད། །ལུགས་ལྡོག་སྒྲིབ་པ་ཟད་ལ་མེད། །རྒྱས་རྟག་རྟག་ཆད་བདེན་རྫུན་སོགས། །ཕན་ཚུན་འཆོལ་བའི་སྒྲོ་སྐུར་སོགས། །སྤངས་ཏེ་བདེན་གཉིས་རང་སར་བལྟ། །ཀུན་རྫོབ་བདེན་པ་རང་གིས་སྟོང༌། །སྟོང་ཡང་སྣང་བ་སྒྱུ་མའི་དཔེ། །འཁྲུལ་ཡང་མི་བསླུ་བདེན་པའི་དོན། །མ་བརྟགས་མ་དཔྱད་བློ་ངོར་ཡོད། །དཔྱད་ན་ཅུང་ཟད་གྲུབ་པ་མེད། །ལུགས་འབྱུང་འགྱུར་ཆེན་ཙམ་ལ་ཡོད། །ལྷུན་གྲུབ་ཆོས་ཉིད་ཐེབས་ལ་མེད། །རྐྱེན་གྱིས་འགྱུར་ཕྱིར་རྟག་པ་མིན། །རྒྱུན་དག་གནས་ཕྱིར་ཆད་པའང་མིན། །ངོ་བོ་སྟོང་ཕྱིར་བདེན་པའང་མིན། །རྒྱུ་རྐྱེན་ངེས་ཕྱིར་རྫུན་པའང་མིན། །དོན་དམ་མི་སྟོང་རང་ཉིད་གྲུབ། །གྲུབ་ཅིང་མི་བསླུ་བདེན་པར་ཡོད། །ཡོད་པ་དེ་ཉིད་ཡེ་ཡོད་ཡིན། །གཉུག་མ་གཤིས་ལ་གྲུབ་པ་ཡིན། །མཁའ་སྟོང་འོད་གསལ་ཀུན་ཁྱབ་ཡིན། །ཁྱབ་བདག་ཡེ་ཤེས་ཆེན་པོ་ཡིན། །ཚོགས་གཉིས་ཚོགས་ནི་བསགས་པ་ཡིན། །དང་པོ་ཉིད་ནས་སངས་རྒྱས་ཡིན། །ཐོག་མཐའ་གཉིས་མེད་དབུས་གཅིག་ཡིན། །ཀུན་ལ་ཕན་པའི་གང་ཟག་ཡིན། །གང་ཟག་མཆོག་སྟེ་རྟེན་པའི་རིགས། །དེ་ལ་ཁ་ཅིག་རྟེན་པའི་རིགས། །མཐའ་བྲལ་དབུ་མའི་དོན་དམ་བྱེད། །ཡོད་པ་མིན་ཞིང་མེད་པའང་མིན། །རྟག་པ་མིན་ཞིང་ཆད་པའང་མིན། །བདེན་མིན་རྫུན་པའང་མིན་པར་གྲགས། །དོན་དམ་ཡོད་པ་མིན་ན་ནི། །དེ་ཉིད་རྟོགས་པའང་ཡོད་མིན་འབྱུང༌། །འདོད་ན་འདོད་མིན་སུ་ཡིས་ཤེས། །རྒྱལ་བའི་ཡེ་ཤེས་འགོག་གམ་ཅི། །རྟེན་གྱི་ཡེ་ཤེས་མེད་ན་ནི། །བརྟེན་པའི་ཡེ་ཤེས་འཕེལ་མེད་འགྱུར། །མཐར་ཕྱིན་ཆོས་ སྐུའང་མེད་པར་འགྱུར། །དོན་དམ་ཡོད་པ་མིན་བཞིན་དུ། །དེ་ཉིད་རྟོགས་ན་ལོག་ཤེས་འགྱུར། །ཡུལ་དེ་མེད་ཀྱང་དེར་འཛིན་བློ། །འཁྲུལ་བའི་རྣམ་བཞག་བྱས་མིན་ནམ། །སོ་སོ་རང་རིག་སྤྱོད་ཡུལ་བ། །སྒྲ་རྟོག་ཐ་སྙད་ཡུལ་མ་ཡིན། །རྣལ་འབྱོར་པའང་བློ་ཁྱད་ཀྱིས། །གོང་མ་གོང་མས་གནོད་ཅེས་གསུངས། །ཞི་ཞིང་ཕྲ་ལ་བླཽ་རྒྱས་ཕྱིར། །དོན་དམ་བླཽ་ཡི་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཡིན་འདོད་གསུངས། །མིན་ན་ཁྱོད་ཀྱང་སྨྲ་ཞེ་ན། །བདེན་མོད་འོན་ཀྱང་གསུང་ལ་བརྟེན། །བརྟེན་པ་ངེད་ལ་མཚུངས་ཞེ་ན། །བདེན་ཏེ་འོན་ཏེ་མཚུངས་མི་མཚུངས། །རིགས་པས་གནོད་པ་འབབ་མི་འབབ། །ལུང་རྣམས་དགོངས་པ་ཡིན་མ་ཡིན། །ཚིག་རྣམས་དོན་དང་འབྲེལ་མི་འབྲེལ། །རིགས་པ་ཅན་གྱིས་དཔྱད་ན་ཤེས། །ལུང་རིགས་ཅན་གྱིས་བཀྲོལ་ན་ཤེས། །རྫོགས་ལྡན་ཆོས་ལ་གསུངས་ན་ཤེས། །རྒྱུད་དང་མདོ་ལུང་བསྟན་ན་ཤེས། །ཕྱོགས་རིས་མེད་པས་བལྟ་ན་ཤེས། །སྐལ་བ་ཅན་གྱིས་བསྒོམ་ན་ཤེས། །རྣལ་འབྱོར་ཅན་གྱིས་མཐོང་ན་ཤེས། །རྒྱུད་འགྲེལ་རྣམས་སུ་གསུངས་ན་ཤེས། །སྤྱིར་གྱི་ཡོད་ཙམ་མཐའ་ཡིན་ན། །ཁྱེད་ཀྱི་དབུ་མ་ཡོད་མཐར་ཐལ། །མཐའ་བྲལ་དབུ་མ་ཡོད་པའི་ཕྱིར། །འཁོར་གསུམ་ཁྱེད་ལ་མ་སོང་ངམ། །དེ་ཡང་ཡོད་པ་མིན་ཞེ་ན། །སླར་ཡང་དབུ་མ་མེད་མཐར་ཐལ། །མཐའ་དབུས་གང་ནའང་མེད་པའི་ཕྱྀར། །འཁོར་གསུམ་དེ་ཡང་ཁྱེད་ལ་འཁོར། །མེད་པ་དག་ཀྱང་མིན་ཞེ་ན། །ཁྱེད་ཀྱི་མེད་མིན་མིན་པ་སྟེ། །མེད་པ་དག་ནི་ཁེགས་མ་ཁེགས། །ཁེགས་ན་མེད་པ་མིན་པར་འགྱུར། །དེས་ན་ཡོད་པར་ཅིས་མི་འགྱུར། །དགག་གཉིས་རྣལ་མ་གོ་མིན་ནམ། །དགག་པ་བཀག་པས་སྒྲུབ་པ་དང༌། །སྒྲུབ་པ་བཀག་པས་དགག་པ་དག །གྲུབ་པ་དོན་གྱི་གནས་ལུགས་དང༌། །མཁས་པའི་གཞུང་ལུགས་དག་ལ་འབྱུང༌། །ཆོས་དེ་ཁེགས་ཀྱང་དེ་མིན་ན། །རི་བོང་མགོ་ལ་རྭ་ཁེགས་ཀྱང༌། །དེ་ཉིད་མེད་པ་མིན་པར་འགྱུར། །གལ་ཏེ་མེད་པ་མ་ཁེགས་ན། །མེད་པ་དག་ནི་སོ་ན་གནས། །མེད་མིན་སྨྲ་བས་ཅི་ཞིག་བྱ། །སྒྲུབ་བྱེད་དམ་པ་དོན་མེད་ཉིད། །དབུ་མ་དབུས་ན་མེད་པར་འགྱུར། །ཆོས་དེ་བཀག་པ་མ་ཡིན་ཀྱང༌། །དེ་ཉིད་ཡོད་པ་མ་ཡིན་ན། །འདི་ལྟར་ཆོས་འགའ་མེད་པར་འགྱུར། །ད་དུང་ཁྱོད་ཀྱི་དབུ་མ་དེ། །མཐའ་དང་བྲལ་ལམ་མ་བྲལ་དཔྱད། །བྲལ་ན་དེ་ཕྱིར་མཐའ་མེད་འགྱུར། །དེས་ན་མེད་པའི་མཐའ་ཅན་འགྱུར། །ཆོས་དེ་བྲལ་ཡང་དེ་མིན་ན། །སྐྱེས་བུ་སྐྱོན་དང་བྲལ་ན་ཡང༌། །སྐྱོན་མེད་དམ་པ་མིན་པར་འགྱུར། །ནམ་མཁའ་སྤྲིན་སོགས་བྲལ་ན་ཡང༌། །སྤྲིན་མེད་དྭངས་པ་མིན་པར་འགྱུར། །གལ་ཏེ་མཐའ་དང་མ་བྲལ་ན། །འོ་ན་མཐའ་དང་བཅས་པར་འགྱུར། །ཆོས་དེ་བྲལ་བ་མ་ཡིན་ཀྱང༌། །དེ་དང་ལྡན་པ་མིན་ན་ནི། །སྐྱེས་བུ་སྲོག་དང་བྲལ་མིན་ཀྱང༌། །སྲོག་དང་ལྡན་པ་མིན་པའམ། །ཆུ་སོགས་རྙོག་པ་བྲལ་མིན་ཀྱང༌། །རྙོག་སོགས་ལྡན་པ་མིན་པར་འགྱུར། །བྲལ་དང་མ་བྲལ་བརྟགས་མེད་ན། །འོ་ན་མཐའ་བྲལ་རྣམ་བཞག་འགལ། །བརྗོད་མེད་ཕྱིར་ན་མེད་མཐར་འགྱུར། །ཁྱེད་ལ་ཁུངས་འདོད་ཡོད་མོད་ཀྱང༌། །ཡོད་མེད་བདེན་རྫུན་བཟང་ངན་སོགས། །ཆོས་འགའ་ཁྱེད་ཀྱིས་མ་མཐོང་ན། །གཞན་གྱི་ལྟ་སྤྱོད་འཁྲུལ་བ་སོགས། །མཐོང་དེ་བརྩེ་ལྡན་ཁྱེད་ཀྱིས་ནི། །མ་བཟོད་བཟློག་པར་འདོད་མིན་ནམ། །རང་གཞན་དངོས་པོར་སྨྲ་བ་སོགས། །གཞོམ་པར་འདོད་པ་མ་ཡིན་ནམ། །གཞན་གྱི་ཁས་བླངས་གཞན་དག་ལ། །འཁོར་བར་ཁྱེད་ཉིད་སྨྲ་ཡིན་ནམ། །ཁས་བླངས་མེད་པར་གཡོ་སྒྱུའི་ཚིག །བློ་གྲོས་ཆེ་ལ་བློ་རྐུན་ཞིང༌། །བློ་གྲོས་དམན་ལ་བརྙས་པར་ཟད། །དམན་པར་འདོད་ན་གསུང་འབུར་སྨྲོས། །མྱ་ངན་འདས་དང་སྲིད་པ་ཀུན། །རང་སྟོང་ཙམ་དུ་གོ་ནས་ནི། །ཟུང་འཇུག་བདེ་ཆེན་དབུ་མ་ལ། །རྩོད་ཅིང་གཞོམ་འདོད་ལུང་རིགས་ཏེ། །གཡོག་འབངས་ཁེངས་པའི་ང་རྒྱལ་གྱིས། །རྗེ་བོ་སྨད་པར་འདོད་པའམ། །བུ་ངན་ཕ་ལ་རྒོལ་དང་མཚུངས། །ཁྲིམས་ལུགས་མ་ཞིག་བཟང་པོ་བསྟེན། །ཡོད་མིན་དོན་དེ་གང་གིས་འཇོག །སྒྲུབ་བྱེད་ཚིག་དེ་མཐའ་རྒྱུད་ཆད། །མཐའ་ཡི་དབུ་གཅིག་བསྒྲུབ་བམ་ཅི། །བརྒལ་ན་ཁྱེད་ཀྱི་གྲུབ་མཐའ་འཇིག །དཔྱད་ན་ཁྱེད་ལ་གྲུབ་མཐའ་མེད། །མེད་པར་འདོད་ན་གྲུབ་མཐའ་ཀུན། །ཞེན་པས་མ་འཛིན་ལྕེ་འཕྲུལ་ཅན། །གཞན་གྱི་ལོག་རྟོག་བཟློག་ཕྱིར་ན། །རང་ཡང་ལོག་པའི་ལམ་ལ་འཇུག །གཞན་ལ་བརྩེ་བའི་ཕྱིར་ཡིན་ན། །འོ་ན་དེ་ཙམ་ཞེ་སྡང་ཅི། །ཤེས་བྱ་འདི་ལ་རྒྱལ་བ་མཁས། །རྒྱལ་བས་བརྫུན་མིན་བདེན་པ་གསུངས། །བདེན་པའི་ཆོས་འཁོར་གསུམ་དུ་གསུངས། །ཆོས་འཁོར་དང་པོ་བདེན་བཞི་གསུངས། །དེས་ན་འགོག་པའི་བདེན་པ་བདེན། །རྒྱུ་འབྲས་བདེན་པ་རྟོགས་ཕྱིར་ཡིན། །བར་པ་མཚན་ཉིད་མེད་པ་གསུངས། །དེས་ན་མཐའ་བཞི་སྤྲོས་བྲལ་བདེན། །ཀུན་རྫོབ་རང་སྟོང་རྟོགས་ཕྱིར་ཡིན། །ཐ་མ་དོན་དམ་ངེས་པ་གསུངས། །དེས་ན་ཟབ་མོ་སྣང་བའང་བདེན། །འགྱུར་མེད་ཡོངས་གྲུབ་རྟོགས་ཕྱིར་ཡིན། །ཆོས་ཀུན་བདེན་པའང་བཞི་རུ་ཕྱེ། །ཡོད་པའི་དབྱེ་གྲངས་ཡྀན་པའི་ཕྱིར། །འགོག་པའི་བདེན་པའང་ཡོད་པར་འགྱུར། །ཤེས་བྱ་བདེན་པ་གཉིས་སུ་བསྡུ། །ཤེས་བྱའི་བསྡུས་གྲངས་ཡིན་པའི་ཕྱིར། །དོན་དམ་བདེན་པའང་ཤེས་བྱར་འགྱུར། །ཤེས་བྱ་ཡིན་ན་ཡོད་དམ་མེད། །ཡོད་ན་དོན་དམ་མཐའ་མེད་གྲུབ། །འཁོར་གསུམ་དག་ཅིག་དངོས་སུ་འཕེན། །མེད་པ་ཁྱེད་ཀྱིས་བསྒྲུབ་མི་ནུས། །གལ་ཏེ་བསྒྲུབ་ན་ལོག་བསྒྲུབ་འགྱུར། །ཡོངས་སུ་གྲགས་པའང་འཇིག་བྱེད་དང༌། །འོན་ཀྱང་འཁོར་གསུམ་འདི་ཡང་འཁོར། །ཡོད་པ་མིན་ཞེས་བརྗོད་པ་ཡིས། །དོན་དེ་མེད་པར་མི་སྟོན་ན། །དབུལ་བའི་ཕུང་པོ་གསེར་རྣམ་དག །ཡོད་མེད་དྲིས་པས་ཡོད་མེད་ཅེས། །སྨྲ་ན་གསེར་མེད་མི་ཤེས་སམ། །མེད་པ་མིན་ཞེས་བརྗོད་པ་ཡིས། །ཆོས་དེ་ཡོད་པར་མི་སྟོན་ན། །ཕྱུག་པོ་དག་ལ་ལོངས་སྤྱཽད་དག །ཡོད་མེད་དྲིས་པས་མེད་མིན་ཞེས། །སྨྲ་ན་ནོར་ཡོད་མི་ཤེས་སམ། །རྟག་མིན་མི་རྟག་མི་སྟོན་ན། །སྒྲ་རྟག་མི་རྟག་ཤེས་འདོད་དམ། །རྟག་པར་འདོད་པ་དག་ལ་ཡང༌། །བྱས་སོགས་རྒྱུ་མཚན་སྒྲ་རྟག་མིན། །བུམ་སོགས་དཔེ་དང་བཅས་པའི་ཚིག །མི་རྟག་སྟོན་པ་མ་ཡིན་ནམ། །མི་རྟག་སྟོན་པར་མི་འགྲུབ་བམ། །རྟག་དང་མི་རྟག་མི་འགལ་ལམ། །དགག་བྱ་བསྒྲུབ་བྱ་གཅིག་ཉིད་དམ། །ཐ་སྙད་མང་པོ་འཇིག་ལགས་པས། །དེ་འདྲ་མ་གསུང་མཁས་པ་ཀུན། །ཐལ་སྦྱར་ཁྱེད་ལ་ཞུ་བར་བགྱི། །དོན་དམ་ཐ་སྙད་མི་མཚུངས་ན། །དོན་དམ་ཡོད་པ་འགོག་པ་ལ། །ཁྱོད་ཀྱི་ཐ་སྙད་རིགས་པའང་ཅི། །འདུས་བྱས་དངོས་པོ་འཇིག་པའི་དཔེ། །འཇིག་མེད་དངོས་ལ་སྐྱོན་མཚུངས་ཅི། །ཀུན་རྫོབ་རང་གིས་སྟོང་པའི་དཔེ། །དོན་དམ་དག་ཀྱང་སྟོང་པ་ཅི། །གཟུ་བོར་མནོས་ཀྱི་ཤེས་ལྡན་ཀུན། །ཁྱོད་ཀྱི་ཟབ་མོ་ཤེར་ཕྱིན་ཏེ། །དུས་གསུམ་ཀུན་ཏུ་ཡོད་མིན་ན། །ཐོག་མ་མཐར་དགེ་མིན་པར་འགྱུར། །དུས་གསུམ་རྒྱལ་བའི་ཡུམ་མིན་འགྱུར། །རྒྱལ་བ་སྲས་བཅས་སུ་ཡིས་བསྐྱེད། །བསྐྲུན་པར་གསུངས་པ་སུ་ཞིག་ཡིན། །རང་བཞིན་ཡོད་པ་མིན་བཞིན་དུ། །གཞན་དག་བསྐྱེད་ན་ངོ་མཚར་ཆེ། །འོ་ན་ཀུན་གྱིས་ཀུན་བསྐྱེད་འགྱུར། །རི་བོང་རྭས་ཀྱང་བསྐྱེད་པར་འགྱུར། །རྒྱུ་འབྲས་གོ་རིམ་འཆོལ་བར་འགྱུར། །ཆོས་དེ་དགེ་བ་ཡིན་ནམ་མིན། །དགེ་བ་ཡིན་ན་ཡོད་དམ་མེད། །ཡོད་ན་ཡོད་ལ་ཅི་ཞིག་སྡང༌། །འཁོར་གསུམ་དག་ཅིག་འདིར་ཡང་འཁོར། །མེད་ན་མེད་ལས་ཀུན་མེད་པས། །ལམ་བདེན་དགེ་བའང་མེད་འགྱུར་ལ། །མེད་མཐའི་ཕྱིར་ནའང་འཁོར་གསུམ་འཁོར། །ཆོས་དེ་དགེ་བ་མིན་ན་ནི། །དེ་ཉིད་ལུང་མ་བསྟན་པའམ། །མི་དགེ་བ་ནི་ཡིན་པར་འགྱུར། །ཆོས་དེ་དགེ་བ་མིན་པའི་ཕྱིར། །དམ་པའི་བླང་བྱ་མིན་པར་འགྱུར། །འཕགས་པའི་མངོན་སུམ་མིན་པར་འགྱུར། །རྒྱལ་བའི་ཡེ་ཤེས་མིན་པར་འགྱུར། །འོན་ཀྱང་རང་སྡིག་མི་སྨྲ་མོད། །མུ་སྟེགས་ཡིན་ན་ཅི་ཆ་ཡོད། །གལ་ཏེ་དེ་སྨྲ་རྣ་བ་འགེབས། །གནོད་པ་མང་པོ་འབབ་ན་ཡང༌། །དེ་འདྲ་དག་ལ་ལན་མི་འདེབས། །གཞན་སྡེ་ཡིན་ན་གཞོམ་པར་བྱ། །ཁྱེད་ཀྱི་དོན་དམ་ཡོངས་གྲུབ་དག །དེ་ཉིད་ཡོད་པ་མིན་པར་འགྱུར། །དགེ་བ་བདེན་པ་ཡིན་པའི་ཕྱིར། །བདེན་ཀྱང་ཡོད་པ་མིན་ན་ནི། །བདེན་དེ་དགེ་བ་མེད་པར་ཐལ། །དེ་ཉིད་ཡོད་པ་མིན་པའི་ཕྱིར། །རྟགས་གསལ་ཁས་བླངས་ཁྱབ་པ་གྲུབ། །ལན་གྱིས་མི་བཟློག་ཐལ་འགྱུར་མེད། །གལ་ཏེ་རྗེས་ཁྱབ་མེད་ན་ནི། །ཡོད་པ་མིན་ཡང་ཡོད་འགྱུར་བས། །བདེན་པའི་ངོས་ལས་ཡོད་པར་འགྱུར། །དེ་ཉིད་ཡོད་པ་མིན་པའི་ཕྱིར། །འཁོར་གསུམ་འདི་དག་དངོས་མིན་ནམ། །བརྒྱ་ལ་དོན་འགལ་ཡོད་འགྱུར་ལ། །མེད་པ་འགའ་ཡང་མི་སྲིད་པས། །ཡོངས་གྲུབ་ལ་ཡང་ཅིས་མི་སྤོང༌། །ལོག་ན་བཟློག་པ་མེད་ན་ནི། །ཡོད་ཀྱང་ཡོད་པར་མི་འགྱུར་བས། །དོན་དམ་ཡོད་པར་མི་འགྱུར་བས། །དོན་དམ་ཡོད་པར་འགོག་པ་ལ། །སྒྲུབ་བྱེད་ཡང་དག་ཡོད་མི་འགྱུར། །དེ་དག་ཡོད་པ་མིན་པའི་ཕྱིར། །འཁོར་གསུམ་འདི་ཡང་འཁོར་མིན་ནམ། །ཡོད་པ་འགའ་ཡང་མི་སྲིད་ཕྱིར། །གཞན་དབང་དག་ཀྱང་མེད་འགྱུར་བས། །ཡོད་པར་འགོག་བྱེད་ཅི་ཞིག་ཡོད། །ཐལ་འགྱུར་སྔ་མའང་བཟློག་མེད་ན། །ཡོད་པ་མིན་ཀྱང་བདེན་འགྱུར་བས། །གཙང་བདག་དངོས་པོའང་བདེན་པར་ཐལ། །དེ་དག་ཡོད་པ་མིན་པའི་ཕྱིར། །འཁོར་གསུམ་འདི་ཡང་དངོས་མིན་ནམ། །ཡོད་པ་མིན་ཀྱང་བདེན་ན་ནི། །ཡོད་པ་དག་ནི་ཅིས་མི་བདེན། །དེས་ན་བརྫུན་པ་མི་སྲིད་པས། །དོན་དམ་ཡོད་པའང་ཅིས་མི་བདེན། །མེད་མིན་ཡོད་པའང་དོན་མིན་ན། །མེད་ལ་གནོད་པ་སུ་ཞིག་ཡིན། །ཡོད་མེད་ཕན་ཚུན་འགལ་བས་ན། །དེ་ཕྱིར་མེད་ལ་ཡོད་པས་གནོད། །ཡོད་པ་དག་ལའང་མེད་པ་འགལ། །མིན་ན་ཡོད་པ་མིན་ན་ནི། །ཡོད་པའང་མེད་མིན་མ་ཡིན་ནམ། །མིན་ན་ཡོད་པ་ཅི་ཞིག་འཇོག། འཇོག་བྱེད་དགེ་བ་ཡོད་པ་ཡིས། །མེད་པ་དག་ནི་ཁེགས་པ་ཉིད། །དེས་ན་ཡོད་མེད་དངོས་སུ་འགལ། །ཁྱེད་ཀྱི་དོན་དམ་དབུ་མ་དག །ཁྱེད་ཉིད་བདེན་པ་ཡིན་པར་ཐལ། །ཁྱོད་ཉིད་ཟབ་མོ་ཡིན་པའི་ཕྱིར། །འདོད་ན་བདེན་པ་མཐའ་ཅན་ཕྱིར། །བདེན་མེད་དབུ་མ་འཇིག་པར་འགྱུར། །བདེན་མིན་དམ་བཅའ་དངོས་སུ་འགལ། །ཟབ་ཀྱང་བདེན་པ་མིན་ན་ནི། །རྫུན་པ་དག་ཅིག་ཟབ་འགྱུར་ལ། །ཟབ་པ་དེ་དག་ཟབ་མི་འགྱུར། །བདེན་ལས་ཟབ་གཞན་མི་སྲིད་ཕྱིར། །ཟབ་པ་འགའ་ཡང་མི་སྲིད་པས། །མཐའ་བྲལ་དག་ཀྱང་ཟབ་མི་འགྱུར། །བདེན་པ་མིན་ཀྱང་ཟབ་ན་ནི། །བདེན་པ་དག་ནི་ཅིས་མི་ཟབ། །ཟབ་མིན་འགའ་ཡང་མི་སྲིད་པས། །ཡོད་པའི་དབུ་མའང་ཟབ་པར་ཐལ། །བདེན་པ་ཟབ་པ་མིན་ན་ནི། །བདེན་པ་དག་ཀྱང་བདེན་མི་འགྱུར། །ཟབ་པ་བདེན་གཞན་མེད་ཕྱིར་རོ། །ཟབ་པ་མིན་ཀྱང་བདེན་ན་ནི། །ཡོད་དེ་མཐའ་ཡང་བདེན་པར་ཐལ། །དེ་དག་ཟབ་པ་མིན་པའི་ཕྱིར། །འདི་དག་ཀུན་ཀྱང་འཁོར་གསུམ་འགྲིག །ཁྱེད་ཀྱི་མཐའ་བྲལ་དབུ་མ་ནི། །དེ་དག་རྟག་པ་ཡིན་པར་ཐལ། །འཇིག་མེད་ཆོས་ཀྱང་ཡིན་པའི་ཕྱིར། །འཇིག་པ་མེད་ཀྱང་རྟག་མིན་ན། །འཇིག་མེད་དེ་ཡང་འཇིག་པར་ཐལ། །དེ་དག་རྟག་མིན་ཆོས་མིན་ཕྱིར། །རྟག་པ་མིན་ཀྱང་འཇིག་མེད་ན། །འཇིག་པ་འགའ་ཡང་མི་སྲིད་པས། །རྟག་པའི་དངོས་པོའང་གཞིག་ཏུ་མེད། །རྟག་མིན་རྟག་པ་ལོག་མིན་ན། །རྟག་ལོག་མི་རྟག་མ་ཡིན་ནམ། །མི་རྟག་ལོག་ཡང་རྟག་མིན་ན། །ཡོད་པ་ལོག་པ་མེད་མིན་ནམ། །མེད་པའང་ཡོད་མིན་མ་ཡིན་འགྱུར། །མེད་མིན་ཡོད་པ་མིན་ན་ནི། །ལ་ལ་མེད་ཀྱང་མེད་མིན་ཏེ། །དེ་ཉིད་ཡོད་པ་མིན་པར་འགྱུར། །ཡོད་པ་མིན་པའང་མིན་ན་ནི། །རྒྱ་མཚོར་མེད་པ་ཡོད་མེད་དེ། །དེ་དག་མེད་པ་མིན་པར་འགྱུར། །ཡོད་པ་དག་ནི་བསྒྲུབ་ཏུ་མེད། །མེད་པ་དག་ནི་དགག་ཏུ་མེད། །རིགས་པ་འདི་ནི་འགྲོ་བ་ལ། །དགག་སྒྲུབ་ཅུང་ཟད་མིན་པར་འགྱུར། །འདོད་ན་ངེད་ལ་ཅི་ཞིག་འགེགས། །ཁྱོད་རང་འདོད་པ་ཅི་ཞིག་བསྒྲུབ། །དགག་སྒྲུབ་མ་ཤིག་དགག་སྒྲུབ་ཅན། །ཡོད་མེད་བར་ན་ཕུང་གསུམ་མེད། །དེ་ཕྱིར་ཡོད་མིན་མེད་མིན་གྱི། །རྒོལ་འདི་སྤོང་ལ་གང་རུང་སྨྲོས། །མི་སྤོང་འོ་ན་གཉིས་མིན་འདི། །མུ་སྟེགས་ཐེ་ཚོམ་ཞོན་དང་ནི། །གཉིས་བཅས་སྦྱོར་བ་དག་དང་མཚུངས། །དེས་ན་ཅིས་ཀྱང་མཐའ་རིགས་སོ། །ཡོད་མིན་མེད་མིན་སྟོན་པ་ཡིས། །ལུང་རྣམས་མང་དུ་ཡོད་ཅེ་ན། །མེད་ཡོད་ཡོད་ན་བསྟན་ཏུ་གསོལ། །ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀའི་བདག་ཉིད་མིན་པའང་མིན། །མཐའ་བཞི་ལས་ནི་རྣམ་གྲོལ་བའི། །བདེ་ཆེན་སྐུ་ལ་ཕྱག་འཚལ་ལོ། །ཕྱག་ཡུལ་བདེ་ཆེན་ཆོས་སྐུ་དེ། །ཀུན་རྫོབ་ངོ་བོར་ཡོད་པ་མིན། །དོན་དམ་ངོ་བོར་མེད་པ་མིན། །གཉིས་ཀའི་ངོ་བོར་ཡོད་པ་མིན། །ཡོད་མེད་མཐའ་བཞིའི་སྐྱོན་བྲལ་བ། །ཕྱག་ཡུལ་བདེ་ཆེན་སྐུ་ལ་འདུད། །ཅེས་པ་ལུང་གིས་དགོངས་པར་ཟད། །མེད་པ་མ་ཡིན་ཕྱག་ཡུལ་བཤད། །ཡོད་མིན་ཕྱག་དག་སུ་ལ་འཚལ། །གང་ཞིག་ཡོད་མིན་མེད་མིན་ཞེས། །དོན་དམ་ཡོད་པ་མིན་བཞིན་དུ། །དེ་ཉིད་རྟོགས་ན་ལོག་ཤེས་འགྱུར། །ཡོད་མེད་མིན་ལས་གཞན་དུའང༌། །བརྟག་པར་མི་ནུས་ངེས་ཚིག་བྲལ། །ཞེས་པའང་འདི་ཡི་འགྲེལ་པར་ཟད། །མེད་མིན་སོ་སོ་རང་གིས་བཤད། །ཡོད་མིན་འོད་ཟེར་སྣང་ལྡན་ཅི། །འདི་ལ་དོན་དམ་ཚུལ་གྱིས་ནི། །ཞིང་དང་སྐྱེ་བ་ཁྱད་པར་མེད། །འོན་ཀྱང་དགེ་བའི་ལས་བྱེད་པའི། །སྐྱེ་བ་ཟད་ན་ཞི་ཐོབ་གསུངས། །བརྗོད་དུ་མེད་པའི་དོན་འདི་ལ། །དོན་དམ་བདེན་པའི་དབང་བྱས་ནས། །སྐྱེ་བ་མེད་ཕྱིར་སྐྱེ་བ་དང༌། །ཞི་བའི་ཁྱད་པར་ཅུང་ཟད་མེད། །མེད་ཀྱང་ཀུན་རྫོབ་དབང་བྱས་ནས། །སྲིད་ཟད་དགེ་བའི་ལས་བྱེད་པའི། །སྐྱེ་བ་ཟད་ན་ཞི་བ་ཐོབ། །ཅེས་པ་ལུང་གི་དགོངས་པར་མངོན། །འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་བས་རྣམ་པར་གྲོལ། །གདོད་ནས་དག་པའི་ཆོས་འདི་ལ། །བསལ་བྱའི་དྲི་མ་ཅི་ཡང་མེད། །སྔར་མེད་ཡོན་ཏན་བཞག་དགོས་མེད། །ཡང་དག་སྤངས་རྟོགས་མཐར་ཕྱིན་ལ། །སྒྲོ་སྐུར་མེད་པར་ཡང་དག་བལྟ། །ཡིད་བཞིན་མཐོང་ན་རྣམ་པར་གྲོལ། །འཇིག་རྟེན་ཁམས་དང་དོན་དམ་དག ། གཅིག་དང་ཐ་དད་མཚན་ཉིད་བྲལ། །གཅིག་དང་ཐ་དད་གང་རྟོགས་པ། །ཚུལ་མིན་ལྟ་བ་ཞུགས་གསུངས་པའང༌། །འཇིག་རྟེན་ཀུན་རྫོབ་བདེན་པ་དང༌། །དོན་དམ་འཇིག་རྟེན་འདས་པ་དག །བཟང་ངན་ཡོད་ཕྱིར་གཅིག་མ་ཡིན། །ཀུན་རྫོབ་སྟོང་ཕྱིར་ཐ་དད་མིན། །གཅིག་དང་ཐ་དད་གང་རྟོགས་པ། །ཚུལ་མིན་ལོག་ལྟར་ཞུགས་པ་ཡིན། །ཞེས་པའང་ལུང་གི་དགོངས་པར་ཟད། །གཞན་ཡང་འདི་འདྲའི་རིགས་ཅན་འགའ། །འདི་དག་རིགས་པས་བཀྲོལ་བར་བྱ། །ཚིག་གི་སྦུ་བའི་ལུང་ནང་དུ། །དོན་གྱི་དངོས་པོ་བཅུག་ནས་ནི། །འཁྲུལ་བའི་ཐེ་གུས་མ་འཆིངས་པ། །བློ་ཡི་པདྨོའི་ཁ་ཕྱེ་ལ། །ལུང་དོན་ཟེ་འབྲུ་གསལ་བར་མཛོད། །གཙང་རྟག་ལྷུན་གྲུབ་དོན་དམ་དང༌། །གསོག་གསོབ་སྒྱུ་མ་ཀུན་རྫོབ་དག །མཉམ་ཉིད་འདོད་པ་འདི་འདྲ་ནི། །གནམ་ས་གཅིག་ཏུ་བསྡེབས་པའམ། །དུག་དང་སྨན་བསྲེ་དག་དང་མཚུངས། །སྒྲོ་སྐུར་མ་བྱེད་གསུང་ངོ་ཀུན། །དཔྱད་ནས་ཅུང་ཟད་མ་གྲུབ་པས། །ཀུན་རྫོབ་དག་ནི་ཡོད་འདོད་ལ། །སོ་སོ་རང་རིག་དོན་དམ་དག །ཡོད་མིན་པ་ཡི་གྲུབ་མཐའ་དག །རྗེ་ཁོལ་གོ་ས་བརྗེས་པའམ། །ལུས་པོ་མགོ་བཤམས་བཟློག་དང་མཚུངས། །བསྟན་པ་མ་དཀྲུགས་བསྟན་འཛིན་ཀུན། །ཡོད་པ་བདེ་གཤེགས་སྙིང་པོ་དེ། །རང་རེ་ཀུན་གྱི་ས་མཁན་དང༌། །བཀྲོངས་པ་མེད་མོད་ཞེ་ལ་སྡང༌། །ཟུངས་ཤིག་སྒོམས་ཤིག་སྤོངས་ཤིག་སོགས། །དང་པོ་སྤྱོད་པའི་དོན་དུ་བསྟན། །མེད་དོ་ཡིན་ནོ་མཐའ་བྲལ་སོགས། །བར་བ་སྒོམ་པའི་དོན་དུ་བསྟན། །ཡོད་དོ་མེད་དོ་རྟག་ཆད་སོགས། །ལྟ་བ་ཤན་འབྱེད་དོན་དུ་གསུངས། །ཡོད་དོ་རྟག་གོ་གཙང་ངོ་སོགས། །ཐ་མ་འབྲས་བུའི་དོན་དུ་བསྟན། །འབྲས་མེད་མ་ཡིན་གཞི་འབྲས་གསུངས། །ལམ་ཀུན་འབྲས་བུ་ཡོད་མིན་ན། །ལམ་བསྒྲུབ་དམ་པ་དུ་མ་ཡང༌། །འབྲས་མེད་རྒྱུ་ལ་འབད་དམ་ཀྱེ། །འབྲས་བུ་ཡོད་ན་མིན་པ་འགལ། །དེ་མིན་འགོག་པ་པོ་མིན་ན། །འགོག་ཡོད་མིན་ན་སྤངས་པ་འགལ། །སྐྱོན་རྣམས་སྤངས་པ་ཡོད་མིན་ནམ། །གཉེན་པོ་ཡོན་ཏན་སྐྱེ་མི་སྲིད། །སྲིད་ན་སྐྱོན་སྤངས་ངལ་བ་འཁྲུལ། །སྤངས་རྟོགས་མཐར་ཕྱིན་ཡོད་མིན་ན། །སངས་རྒྱས་དག་ཀྱང་ཇི་ལྟར་ཡོད། །ཀུན་མཁྱེན་ཡོད་པ་མ་ཡིན་ན། །ཀུན་གྱི་སྐྱབས་དང་དཔང་པོ་སུ། །ཡོད་མིན་དག་གིས་སྐྱོན་གྱི་ནི། །སྐྱབས་མེད་སྐྱབས་ནི་ཚོལ་བ་ཡི། །སྐྱབས་དག་མ་རྙེད་གོང་དུ་ཡང༌། །སྐྱབས་ཡོད་མིན་ཏེ་མེད་པའི་ཕྱིར། །སྐྱབས་ཚོལ་ངལ་བས་ཅི་ཞིག་བྱ། །འབྲས་བུ་ཡིན་ཀྱང་ཡོད་མིན་ན། །གཟུགས་སྐུ་དག་ཀྱང་ཡོད་མིན་ལ། །འབྲས་བུ་ཀུན་ཀྱང་ཡོད་མིན་ན། །སྡིག་འབྲས་སྡུག་བསྔལ་ངེས་པའང་ཅི། །ཡོད་མྀན་འབྲས་བུར་གྲུབ་ན་ནི། །ཡོན་ཏན་བསྒྲུབ་པའི་སྐྱེ་བོ་ཡིས། །འབྲས་བུ་ཡོན་ཏན་མ་གྲུབ་བོ། །ཡོན་ཏན་ཡོད་པ་མེད་པའི་ཕྱིར། །ཡོན་ཏན་བསྒྲུབ་ངལ་ཅི་ཞིག་བྱ། །སླར་ཡང་ཡོན་ཏན་མི་བསྒྲུབས་ན། །ནོར་མེད་སྐྱེ་བོས་ནོར་བསྒྲུབས་པ། །འབད་རྩོལ་མ་བསླབས་གོང་དུ་ཡང༌། །འབྲས་བུ་ནོར་ཡོད་མིན་ལ་ཡོད། །ནོར་སྒྲུབ་རྩོལ་བས་ཅི་ཞིག་བྱ། །སྡིག་སྤྱོད་སྐྱེ་བོ་དག་ལའང༌། །འགོག་བདེན་ཡོད་ཡིན་དེ་ཡོད་ཕྱིར། །དེས་ཀྱང་འགོག་པ་འགྲུབ་འགྱུར་རམ། །འབྲས་ཀུན་རྣམ་དག་གཉིས་སུ་ངེས། །སྐྱེད་འབྲས་སྔར་མེད་གསར་དུ་བྱས། །བྲལ་འབྲས་སྔར་ཡོད་གསར་མ་བྱས། །དེ་ཕྱིར་འབྲས་ཀུན་ཡོད་པར་འགྱུར། །ཡོད་པ་མིན་ན་འབྲས་བུ་མིན། །འབྲས་བུ་ཡིན་ན་མེད་པ་མིན། །འབྲས་བུ་ལ་ལ་ཡོད་མིན་ནམ། །ལ་ལ་ཡོད་པ་མིན་ན་ནི། །རྒྱུ་རྐྱེན་ལ་ལ་ནུས་མེད་ལ། །ལ་ལ་ནུས་དང་བཅས་པར་འགྱུར། །འདི་ཡོད་ཕྱིར་ན་འདི་འབྱུང་ཞེས། །རྒྱུ་འབྲས་ངེས་དང་བརྫུན་པར་འགྱུར། །མི་བརྫུན་རྒྱུ་རྐྱེན་ནུས་མཉམ་ལ། །འབྲས་བུ་སྐྱེས་མཉམ་རྟེན་འབྲེལ་ཆེ། །གཞི་ནི་ཆོས་ཉིད་རྒྱུ་དེ་ལ། །ལམ་བདེན་རྐྱེན་གྱིས་གསལ་བྱ་སྟེ། །འབྲས་བུ་བདེ་འབྱུང་རྟེན་འབྲེལ་ཆེ། །གཞི་ལ་འབྲས་ཡོད་མིན་ན་ནི། །མཁྱེན་པ་གསུམ་ཡང་ཡོད་མིན་མཚུངས། །རྣམ་མཁྱེན་ཡོད་པ་མིན་ན་ནི། །རང་འབྲས་འཕགས་བཞི་སུ་ཡིས་བསྐྱེད། །ཡོད་མེད་རྣམ་པ་སུ་ཡིས་གཞལ། །ལམ་དག་ཤེས་པས་ཅི་ཞིག་བྱ། །གཞི་དག་ཤེས་པའང་སུ་ཡིས་མཐོང༌། །ཆོས་རྣམས་ཀུན་གྱི་རྟེན་ཡིན་ཕྱིར། །འགོག་བདེན་ཆོས་ཉིད་ཡོད་པར་འགྱུར། །ཀུན་གྱི་རྒྱུ་རྐྱེན་མིན་ཞེ་ན། །མདོ་མཆོག་གསེར་འོད་དམ་པར་ཡང༌། །ཆོས་སྐུ་བརྟེན་ནས་ལོངས་སྐུ་འབྱུང༌། །དེ་ལ་སྤྲུལ་པ་འཕྲོ་ཞེས་གསུངས། །ང་ལས་འགྲོ་བ་ཐམས་ཅད་འབྱུང༌། །ང་ཡིས་འདི་ཀུན་ཁྱབ་པ་སྟེ། །འགྲོ་བའི་རང་བཞིན་གཞན་མ་མཐོང༌། །ཞེས་གསུངས་རྒྱུད་རྒྱལ་གཞན་ལ་ཡང༌། །བྱེད་པ་སེམས་ཅན་ཀུན་དོན་བྱེད། །ཕན་འདོགས་སེམས་ཅན་མཉེས་གཤིན་པ། །སྣ་ཚོགས་གཟུགས་ཅན་བསྐྱེད་པ་པོ། །ཐེག་པ་མཆོག་གསུམ་སྟོན་པ་པོ། །ཀུན་རྫོབ་མ་ཡིན་རྒྱུད་རྒྱལ་དེར། །དོན་དམ་མཚན་བརྗོད་མ་གསུངས་སམ། །རྫོགས་ལྡན་ཆོས་ལ་ཐོ་མ་འཚམས། །ཁྱེད་ཀྱི་ཟབ་མོ་སྟོང་པ་དེ། །ནམ་མཁའ་དག་དང་མཚུངས་མི་མཚུངས། །མཚུངས་ན་མཁའ་སྤྱོད་ཕྱིར་ཏེ་ཡོད། །མི་མཚུངས་སྟོང་པ་མིན་པའི་ཕྱིར། །ཆོས་དེ་དངོས་པོ་ཡིན་པར་འགྱུར། །ནམ་མཁའ་དག་ཀྱང་ཡོད་མིན་ན། །ས་སོགས་འབྱུང་བ་བརྟེན་པ་ཅི། །གཞན་དག་རྟེན་ཕྱིར་མཁའ་ཡོད་འགྱུར། །དེ་མཚུངས་ཆོས་ཀྱང་ཡོད་པར་འགྱུར། །ཡོད་པ་སྐྱོན་མིན་ཡོད་འཛིན་སྐྱོན། །རྟག་པ་སྐྱོན་མིན་རྟག་འཛིན་སྐྱོན། །དངོས་པོ་སྐྱོན་མིན་དངོས་འཛིན་སྐྱོན། །སྣང་བ་སྐྱོན་མིན་ཞེན་པ་སྐྱོན། །སྣང་བ་ཐམས་ཅད་སྐྱོན་ན་ནི། །མེད་པ་ཐམས་ཅད་ཁེགས་མི་སྲིད། །དེས་ན་ཞེན་པ་ཁེགས་པར་རམ། །གསེར་མིན་གསེར་དུ་འཛིན་ན་སྐྱོན། །གསེར་ལེགས་ཤེས་པས་ཅི་ཞིག་སྐྱོན། །ཟས་མིན་དུག་ནི་ཟོས་ན་སྐྱོན། །ཟས་མཆོག་ཟོས་པས་ཅི་ཞིག་སྐྱོན། །གཉེན་མིན་དགྲ་དང་ཕྲད་ན་སྐྱོན། །གཉེན་དང་ཕྲད་ན་ཅི་ཞིག་སྐྱོན། །མི་མིན་ཐོ་ཡོར་མིར་འཛིན་སྐྱོན། །མི་དངོས་མཐོང་ན་ཅི་ཞིག་སྐྱོན། །བདེན་མིན་བརྫུན་པ་མཐོང་ན་སྐྱོན། །བདེན་པ་མཐོང་ན་ཅི་ཞིག་སྐྱོན། །སྐྱབས་མིན་འདྲེ་ལ་སྐྱབས་ན་སྐྱོན། །སྐྱབས་མཆོག་བསྟེན་པས་ཅི་ཞིག་སྐྱོན། །བདག་མིན་བདག་ཏུ་འཛིན་ན་སྐྱོན། །བདག་མཆོག་རྟོགས་པས་ཅི་ཞིག་སྐྱོན། །བདག་རང་ཡོད་པ་མིན་ཞེ་ན། །ཡོད་མོད་འགྲོ་བའི་བདག་པོ་ནི། །རྒྱུད་ཀུན་གྱི་ནི་བདག་པོའི་མཆོག །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །སངས་རྒྱས་ལྔ་བདག་ཅོད་པན་ཅན། །གཅིག་པུ་སྲ་མཁྲེག་རྡོ་རྗེའི་བདག །སྐྱེས་མ་ཐག་ཏུ་འགྲོ་བའི་བདག །ནམ་མཁའི་བདག་པོ་སྣ་ཚོགས་སྟོན། །སངས་རྒྱས་ཀུན་བདག་དངོས་པོ་མཆོག །དེ་བཞིན་ཉིད་བདག་དག་པའི་བདག །མི་གཡོ་རབ་ཏུ་དང་བའི་བདག །ཤེས་དང་ཤེས་བྱའི་བདག་པོ་མཆོག །གཙོ་བོ་ཆོས་ཀྱི་སྦྱིན་བདག་སྟེ། །ཞེས་གསུངས་རྒྱུད་འགྲེལ་གཞན་དུ་ཡང༌། །འཆད་པ་པོ་ང་ཆོས་ཀྱང་ང༌། །རང་གི་ཚོགས་ལྡན་ཉན་པ་ང༌། །འཇིག་རྟེན་སྟོན་པ་བསྒྲུབ་བྱ་ང༌། །འཇིག་རྟེན་འཇིག་རྟེན་འདས་པ་ང༌། །ལྷན་ཅིག་སྐྱེས་བདག་རང་བཞིན་ང༌། །ང་ཞེས་གསུངས་པའི་ང་བདག་མིན། །བདག་རྣམས་གསུངས་པའང་བདག་མིན་ན། །ཚིག་ཀུན་དགོངས་པ་གང་ཞིག་ཡིན། །བདག་ནི་ཡོད་པ་མ་ཡིན་ན། །འགྲོ་རྣམས་མགོ་བཅད་མི་བཞིན་གསུངས། །གཞན་བདག་མཆོག་ཏུ་གསུངས་པ་ཡི། །མདོ་རྒྱུད་རྣམས་སུ་གཟིགས་ལགས་མོད། །མ་གཟིགས་ན་ནི་གཟིགས་སུ་གསོལ། །གཟིགས་ན་དོན་ལ་དགོངས་སུ་གསོལ། །གསུངས་པ་དྲང་དོན་ཡིན་ཞེ་ན། །འཆུགས་མེད་ཡིན་པའི་སྒྲུབ་བྱེད་ཅིང༌། །རྒྱུད་སྡེར་གསུངས་པ་དྲང་དོན་ལ། །དེ་བས་ངེས་པ་ཡོད་ན་མཚར། །ཡང་ན་དྲང་དོན་ཅི་ཞིག་སྐྱོན། །རྒྱལ་བས་ཇི་སྙེད་གསུངས་པ་ཀུན། །གཞན་གྱི་ཤེས་བྱ་ཉེར་ལྔ་རུ། །འགྲོ་བ་དྲང་ཕྱིར་དོན་མིན་ནམ། །འཇིག་རྟེན་པ་ལ་མ་བསྟན་པར། །ཀུན་འབྱུང་བ་ནི་མི་སེམས་པས། །ཝཱ་ར་ཎཱ་སཱིར་སོང་ནས་སུ། །ངས་ནི་ཆོས་འཁོར་བསྐོར་ཞེས་གསུངས། །བརྗོད་དེ་ཚིག་ཀུན་དྲང་དོན་ཙམ། །བརྗོད་བྱ་དོན་གནས་ངེས་དོན་ཡིན། །ཡང་ན་དྲང་དོན་ངེས་དོན་དག ། ལྟོས་ཏེ་ལྟོས་ཏེ་ངེས་མིན་ནམ། །ཞི་བས་ལམ་ངེས་འགོག་པ་ངེས། །ཐེག་པ་གསུམ་ངེས་འབྱུང་བ་ལ། །ཐེག་པ་གཅིག་གིས་འབྲས་བུར་གནས། །གནས་པར་གསུངས་པའང་བྱ་མིན་ནམ། །འདུས་མ་བྱས་ཀྱི་དངོས་པོ་བརྒྱད། །གསུངས་ཤིང་ཡོངས་གྲུབ་དགུ་ཡང་གསུངས། །དངོས་པོར་གསུངས་ཀྱང་དངོས་མིན་ཞིང༌། །འགྲུབ་པར་གསུངས་ཀྱང་འགྲུབ་མིན་ནས། །གསུངས་པ་ཕལ་ཆེར་བརྫུན་པར་འགྱུར། །ལུང་བརྗོད་བྱས་ཀྱང་སྟོང་པར་འགྱུར། །རྒྱལ་བ་བརྫུན་པ་གསུངས་ན་ནི། །བསླུ་མེད་སྐྱབས་གནས་གང་ན་བགྱི། །བདེན་པ་འབའ་ཞིག་གསུངས་པ་ན། །དེ་ཕྱིར་ཀུན་ལ་ཡང་བ་ཉིད། །གལ་ཏེ་བདག་ཅིག་ཡོད་ན་ནི། །ཕྱི་རོལ་གཞན་དག་བདག་འདོད་པ། །ཇི་ལྟར་དགག་པར་བགྱི་ཞེ་ན། །བདེན་ཏེ་འོན་ཀྱང་མི་མཚུངས་མོད། །རྣམ་སེམས་ཕུང་པོ་བདག་དང་ནི། །ཕུང་པོ་བདག་དང་བདག་གི་བར། །འཁྲུལ་ཏེ་བདག་འདོད་འབྱུང་མིན་ནམ། །ཕུང་པོ་བདག་གཞན་བདེན་བརྫུན་བརྟག །གཞན་གྱི་ཤེས་བྱ་ཉེར་ལྔ་རུ། །ཁ་ཚོན་གཅོད་སོགས་འཁྲུལ་བརྙན་བརྟགས། །བདག་གིས་ཤེས་རིག་སྐྱེས་བུ་ལ། །འགལ་བའི་སྐྱོན་ཀུན་ཡོད་མེད་བརྟག །བདག་ཉིད་ཀུན་ཏུ་ཁྱབ་ན་ནི། །བདག་གིས་ཡོད་པ་གཞན་དག་ཏུ། །ཕུང་སོགས་སྡུག་བསྔལ་ཇི་ལྟར་དགོས། །བདག་ཉིད་རྟག་པ་གཅིག་པུ་ལ། །བདེ་སྡུག་ལ་སོགས་རྐྱེན་རྣམས་ཀྱིས། །རྣམ་པ་མ་རྙེད་ཇི་ལྟར་འཐད། །བདག་ཉིད་ཤེས་རིག་སྐྱེས་ལ་འང༌། །གཉིད་རྨོངས་འཁྲུལ་བ་ལ་སོགས་ཀྱིས། །བསླུས་ཤིང་འགྱོད་སོགས་ཇི་ལྟར་འཐད། །སྐྱོན་དག་གཞན་ཡང་མང་ཡོད་ཀྱང༌། །དེ་མིན་བདག་མཆོག་གཞན་ལ་ནི། །གནོད་པའི་སྐྱོན་དག་ཅི་ཞིག་བྱ། །བདག་མིན་སྒྲུབ་བྱེད་ཅི་ཞིག་མཐོང༌། །དངོས་པོར་འགྱུར་སོགས་ཅི་ཞིག་མཐོང༌། །སྐྱེ་བ་མཐོང་ངམ་འཇིག་པ་མཐོང༌། །འཕེལ་བ་མཐོང་ངམ་འགྲིབ་པ་མཐོང༌། །བྱུང་བ་མཐོང་ངམ་སོང་བ་མཐོང༌། །དར་བ་མཐོང་ངམ་རྒུད་པ་མཐོང༌། །དངོས་སུ་སངས་རྒྱས་གྲུབ་མཐའ་ལ། །འགོག་བྱེད་གནོད་བྱེད་ཅི་ཞིག་ནུས། །ནུས་ན་སངས་རྒྱས་མཁས་མི་འགྱུར། །རྗེས་འཇུག་རྣམས་ཀྱང་འཁྲུལ་བར་འགྱུར། །དེ་ཕྱིར་ཞེན་པ་དེ་མི་ཁེགས། །གཟུགས་རྣམས་སྟོང་པ་སྟོང་པའི་གཟུགས། །གཟུགས་ལས་སྟོང་པ་གཞན་མ་ཡིན། །སྟོང་པ་ཉིད་ལས་གཞན་མ་ཡིན། །གཟུགས་སོགས་རྣམས་ལས་ཡོད་པ་མིན། །སྟོང་པ་དེ་དང་དབྱེར་མེད་ཕྱིར། །དེས་ན་སྟོང་པ་དོན་མིན་ན། །དོན་དམ་བདེན་པ་སྟོང་པ་མིན། །སྟོང་ཙམ་དོན་དམ་ཡིན་ན་ནི། །ཀུན་རྫོབ་ཀུན་ཀྱང་དོན་དམ་འགྱུར། །སྟོང་ཙམ་ཀུན་ལ་ཡོད་པའི་ཕྱིར། །བདེན་ཀྱང་སྟོང་པ་ཡིན་ན་ནི། །སྟོང་ཕྱིར་ངོ་བོ་ཡོད་མིན་འགྱུར། །ངོ་བོ་མེད་ན་དོན་དམ་འགལ། །དེ་ཕྱིར་ཡོད་ནའང་བདེན་པ་ཉིད། །བདེན་པ་དག་ཀྱང་ཡོད་པ་ཉིད། །ཡོད་པ་མིན་ན་བདེན་པ་ཉིད། །ཡོད་ལས་བདེན་པ་གཞན་མེད་ཕྱིར། །བདེན་པ་མིན་ན་ཡོད་པ་མིན། །བདེན་ལས་ཡོད་པ་གཞན་མེད་ཕྱིར། །རྟེན་གྱི་ཆོས་ཉིད་ཟབ་མོ་དག །རྒྱུ་ལ་ཡོད་མིན་འགྲོ་བ་ཀུན། །སྡུག་བསྔལ་སོགས་ཀྱིས་གདུང་བྱའི་ཕྱིར། །མཁྱེན་བརྩེ་ནུས་ལྡན་མིན་ཞེ་ན། །མཁྱེན་བརྩེ་ནུས་ལྡན་གཟུགས་སྐུ་ཡང༌། །འགྲོ་ལ་ཐུགས་རྗེས་གཟིགས་བཞིན་དུ། །འགྲོ་ཀུན་སྐྱབས་མེད་གདུང་བ་ཅི། །ཟས་སོགས་ས་སྟེང་གནས་བཞིན་དུ། །ཡི་དྭགས་ཟས་མེད་བཀྲེས་སམ་ཅི། །གྲང་བ་སེལ་ནུས་ཉི་མ་དག །མཐོང་བའི་ནམ་མཁར་ཡོད་བཞིན་དུ། །སྐྱེས་བུ་ཡོངས་སུ་འཁྱག་པ་ཅི། །ནད་དག་སེལ་ནུས་སྨན་ཀུན་དང༌། །སྨན་པ་མཁས་པ་སྔས་མགོ་ན། །ཡོད་བཞིན་ནད་པ་ཤི་བ་ཅི། །དབུལ་བོའི་ཕུག་གི་ས་འོག་ན། །གཏེར་དག་ཡོད་བཞིན་དབུལ་བ་ཅི། །ལྷ་ཡི་རྒྱལ་པོས་ཆར་ཕབ་ཀྱང༌། །ས་བོན་མི་རུང་མི་འཁྲུངས་ལྟར། །སངས་རྒྱས་རྣམས་ནི་བྱོན་གྱུར་ཀྱང༌། །སྐལ་བ་མེད་པས་བཟང་མི་མྱོང༌། །དད་པ་མེད་པའི་མི་དག་ལ། །དཀར་པོའི་ཆོས་རྣམས་མི་འབྱུང་སྟེ། །ས་བོན་མེ་ཡིས་ཚིག་པ་ལ། །མྱུ་གུ་སྔོན་པོ་མི་འབྱུང་བཞིན། །ཞེས་གསུངས་རྒྱུད་རྒྱལ་དག་ཏུའང༌། །སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །ཞེས་པ་ལ་སོགས་འབྱུང་མིན་ནམ། །མ་གསུངས་མ་གསུངས་སྐྱེས་བུ་ཀུན། །ལེགས་པར་རྟོགས་ཏེ་དགོངས་པར་ཞུ། །སྨྲ་ཞིང་ཉམས་སུ་ལེན་པར་མཛོད། །ལོངས་ཏེ་ཡོངས་སུ་བཀྲལ་བར་མཛོད། །

ལྟ་བ་ཤན་འབྱེད་ཡིད་ཀྱི་མུན་སེལ་ཞེས་བྱ་བ། །གངས་ཅན་ཁྲོད་འདིར་ཐམས་ཅད་མཁྱེན་པར་གྲགས་པ་ཡི། །ཤེས་རབ་རྒྱལ་མཚན་བདག་གིས་ལེགས་པར་བཀོད་པ་ཡིན། །དགེ་བས་འགྲོ་ཀུན་སངས་རྒྱས་མྱུར་དུ་ཐོབ་པར་ཤོག། །།

༈ ཤེས་དང་ཤེས་བྱ་མ་ལུས་ཐམས་ཅད་ཀུན། །རབ་རིབ་དྲི་མས་མ་བསྒྲིབས་ཐམས་ཅད་མཁྱེན། །རྒྱལ་བ་སྟོན་པའི་མཚན་བཞིན་གསོལ་ནས་ནི། །མཚན་མཆོག་འགྲོ་བ་ཀུན་གྱིས་ཐོས་ཙམ་གྲོལ། །དཔལ་ལྡན་བླ་མ་ཀུན་མཁྱེན་ཁྱེད་ཀྱིས་ནི། །བཟང་ཟབ་གཞན་སྟོང་ཟབ་མོ་བསྐྱངས་ནས་ནི། །བོད་ཡུལ་ལ་སོགས་ས་སྟེང་ལྟ་ངན་ཀུན། །མྱུར་དུ་བསལ་མཛད་ཁྱེད་ལ་སྤྱི་བོས་འདུད། །རིགས་ལྡན་སྤྱན་རས་གཟིགས་ཀྱི་སྤྲུལ་སྐུ་ཁྱེད། །བོད་ཡུལ་དབང་རྟུལ་སེམས་ཅན་རྣམས་ལ་ནི། །ལྷག་པར་ཐུགས་བརྩེས་དུག་གསུམ་སེལ་མཛད་པའི། །ཉོན་མོངས་ནད་སེལ་ཀུན་མཁྱེན་ཁྱེད་ལ་འདུད། །རྒྱལ་བས་གསུངས་པའི་ཆོས་འཁོར་རིམ་པ་གསུམ། །སྟོན་པའི་ཇི་ལྟར་དགོངས་བཞིན་འགྲོ་ལ་གསུངས། །འགྲོ་རྣམས་མྱུར་དུ་ཐར་པའི་ལམ་དུ་བཀོད། །ཐར་པའི་ལམ་སྟོན་ཀུན་མཁྱེན་ཁྱེད་ལ་འདུད། །འགའ་ཞིག་སེམས་ལ་དྲག་པོའི་བདུད་ཞུགས་ནས། །ངེས་དོན་ཟབ་མོ་རྣམས་ནི་ཆོས་མིན་སྨྲ། །སྐྱབས་གྲོལ་ཁྱེད་ལ་མ་དད་ལོག་ལྟ་བསྐྱེད། །རྒྱལ་སྲས་འཕགས་པའི་ཚོགས་ལ་སྐུར་བ་བཏབ། །སྒོ་གསུམ་བདུད་ཀྱི་དབང་དུ་ཤོར་བ་རྣམས། །ཀུན་མཁྱེན་ཁྱེད་ཀྱིས་མྱུར་དུ་སྒྲོལ་བར་ཤོག། །།སརྦ་མངྒ་ལཾ།

ཀུན་གཞིའི་རབ་ཏུ་དབྱེ་བ་བཞུགས་སོ། །

ཨོཾ་བདེ་ལེགས་སུ་གྱུར་ཅིག །ཀུན་གཞི་ཡེ་ཤེས་ལྔ་དང་བཅུ་ལ་ཕྱག་འཚལ་ཞིང་སྐྱབས་སུ་སོང་ནས། ཀུན་གཞིའི་རབ་ཏུ་དབྱེ་བའི་རྗེས་འབྲང་འགའ་ཞིག་བཤད་པར་བྱ་སྟེ། ཀུན་གཞི་ཡིན་ལ་རྣམ་ཤེས་མིན་པ་ཡོད། །རྣམ་ཤེས་ཡིན་ལ་ཀུན་གཞི་མིན་པ་ཡོད། །གཉིས་ཀ་ཡིན་དང་གཉིས་ཀ་མིན་པའང་ཡོད། །དེ་ཕྱིར་འདི་ལ་མུ་བཞི་ཡོད་པ་ཡིན། །ཀུན་གཞི་ཡིན་ལ་ཡེ་ཤེས་མིན་པ་ཡོད། །ཡེ་ཤེས་ཡིན་ལ་ཀུན་གཞི་མིན་པ་ཡོད། །གཉིས་ཀ་ཡིན་དང་གཉིས་ཀ་མིན་པའང་ཡོད། །དེ་ཕྱིར་འདི་ཡང་མུ་བཞིར་གནས་པ་ཡིན། །ཀུན་གཞི་ཡིན་ལ་སངས་རྒྱས་མིན་པ་ཡོད། །སངས་རྒྱས་ཡིན་ལ་ཀུན་གཞི་མིན་པ་ཡོད། །གཉིས་ཀ་ཡིན་དང་གཉིས་ཀ་མིན་པའང་ཡོད། །དེ་ཕྱིར་འདི་ཡང་མུ་བཞིར་གནས་པ་ཡིན། །ཀུན་གཞི་ཡིན་ལ་འཕགས་པ་མིན་པ་ཡོད། །འཕགས་པ་ཡིན་ལ་ཀུན་གཞི་མིན་པ་ཡོད། །གཉིས་ཀ་ཡིན་དང་གཉིས་ཀ་མིན་པའང་ཡོད། །དེ་ཕྱིར་འདི་ཡང་མུ་བཞིར་གནས་པ་ཡིན། །ཀུན་གཞི་ཡིན་ལ་མཚན་དཔེ་མིན་པ་ཡོད། །མཚན་དཔེ་ཡིན་ལ་ཀུན་གཞི་མིན་པ་ཡོད། །གཉིས་ཀ་ཡིན་དང་གཉིས་ཀ་མིན་པའང་ཡོད། །དེ་ཕྱིར་འདི་ཡང་མུ་བཞིར་གནས་པ་ཡིན། །ཀུན་གཞི་ཡིན་ལ་འདུས་བྱས་མིན་པ་ཡོད། །འདུས་བྱས་ཡིན་ལ་ཀུན་གཞི་མིན་པ་ཡོད། །གཉིས་ཀ་ཡིན་དང་གཉིས་ཀ་མིན་པའང་ཡོད། །དེ་ཕྱིར་འདི་ཡང་མུ་བཞིར་གནས་པ་ཡིན། །ཀུན་གཞི་ཡིན་ལ་དགེ་བ་མིན་པ་ཡོད། །དགེ་བ་ཡིན་ལ་ཀུན་གཞི་མིན་པ་ཡོད། །གཉིས་ཀ་ཡིན་དང་གཉིས་ཀ་མིན་པའང་ཡོད། །དེ་ཕྱིར་འདི་ཡང་མུ་བཞིར་གནས་པ་ཡིན། །ཀུན་གཞི་ཡིན་ལ་ལུང་དུ་བསྟན་པ་ཡོད། །ལུང་དུ་བསྟན་ལ་ཀུན་གཞི་མིན་པ་ཡོད། །གཉིས་ཀ་ཡིན་དང་གཉིས་ཀ་མིན་པའང་ཡོད། །དེ་ཕྱིར་འདི་ཡང་མུ་བཞིར་གནས་པ་ཡིན། །ཀུན་གཞི་ཡིན་ལ་གཟུང་འཛིན་མིན་པ་ཡོད། །གཟུང་འཛིན་ཡིན་ལ་ཀུན་གཞི་མིན་པ་ཡོད། །གཉིས་ཀ་ཡིན་དང་གཉིས་ཀ་མིན་པའང་ཡོད། །དེ་ཕྱིར་འདི་ཡང་མུ་བཞིར་གནས་པ་ཡིན། །ཀུན་གཞི་ཡིན་ལ་རྣམ་རྟོག་མིན་པ་ཡོད། །རྣམ་རྟོག་ཡིན་ལ་ཀུན་གཞི་མིན་པ་ཡོད། །གཉིས་ཀ་ཡིན་དང་གཉིས་ཀ་མིན་པའང་ཡོད། །དེ་ཕྱིར་འདི་ཡང་མུ་བཞིར་གནས་པ་ཡིན། །དེ་བཞིན་དུ། འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པ་དང༌། ཟག་བཅས་དང༌། ཟག་མེད་དང༌། ལུང་དུ་མ་བསྟན་པ་ལ་སོགས་པ་མང་པོ་དང༌། ཀུན་གྱི་མུ་བཞི་བཞིར་གནས་པ་ལེགས་པར་རྟོགས་དགོས་ཤིང༌། མུ་གསུམ་གསུམ་དུ་གནས་པའི་སྡེ་ཡང་ངེས་པར་རྟོགས་དགོས་སོ།།

དེ་ལ་མུ་གསུམ་གསུམ་གྱི་སྡེ་ནི། ཀུན་གཞི་ཡིན་ལ་དོན་དམ་མིན་པ་ཡོད། །དོན་དམ་ཡིན་ལ་ཀུན་གཞི་མིན་པ་མེད། །གཉིས་ཀ་ཡིན་དང་གཉིས་ཀ་མིན་པའང་ཡོད། །དེ་ཕྱིར་འདི་ལ་མུ་གསུམ་ཡོད་པ་ཡིན། །ཀུན་གཞི་ཡིན་ལ་ཆོས་སྐུ་མིན་པ་ཡོད། །ཆོས་སྐུ་ཡིན་ལ་ཀུན་གཞི་མིན་པ་མེད། །གཉིས་ཀ་ཡིན་དང་གཉིས་ཀ་མིན་པའང་ཡོད། །དེ་ཕྱིར་འདི་ལའང་མུ་གསུམ་ཡོད་པ་ཡིན། །དེ་བཞིན་དུ། ཆོས་རྣམས་ཀྱི་ཆོས་ཉིད་དང༌། ཆོས་ཀྱི་དབྱིངས་དང༌། ཆོས་ཀྱི་གནས་ཉིད་དང༌། ཆོས་སྐྱོན་མེད་པ་ཉིད་དང༌། དེ་བཞིན་ཉིད་དང༌། མ་ནོར་བ་དེ་བཞིན་ཉིད་དང༌། གཞན་མ་ཡིན་པ་དེ་བཞིན་ཉིད་དང༌། ཡང་དག་པའི་མཐའ་དང༌། བསམ་གྱིས་མི་ཁྱབ་པའི་དབྱིངས་ཏེ། འགྱུར་མེད་ཡོངས་གྲུབ་དགུ་དང༌། ཀུན་གཞི་མུ་གསུམ་གསུམ་དུ་གནས་པ་རྟོགས་པར་བྱ་ཞིང༌། བདེ་གཤེགས་སྙིང་པོ་དང༌། རང་བཞིན་འོད་གསལ་དང༌། རང་བཞིན་འགྱུར་མེད་དང༌། རང་བཞིན་ལྷན་སྐྱེས་ཀྱི་བདེ་ཆེན་དང༌། དེ་ཁོ་ན་ཉིད་བཅུ་དྲུག་དང༌། བདེན་དོན་བཅུ་གཉིས་དང༌། འགོག་བདེན་ཟབ་མོ་དང༌། མྱང་འདས་ཆེན་པོ་དང༌། འོད་གསལ་ཆེན་པོ་དང༌། དབུ་མ་ཆེན་པོ་དང༌། ཕྱག་རྒྱ་ཆེན་པོ་དང༌། ལྷན་ཅིག་སྐྱེས་སྦྱོར་དང༌། སངས་རྒྱས་མཉམ་སྦྱོར་དང༌། ཤིན་ཏུ་རྣལ་འབྱོར་དང༌། ཤིན་ཏུ་སྤྲོས་མེད་དང༌། རང་བཞིན་གྱི་རིགས་དང༌། ངོ་བོ་ཉིད་སྐུ་དང༌། ཤེར་ཕྱིན་ཟབ་མོ་དང༌། རང་བྱུང་ཡེ་ཤེས་དང༌། ཀུན་ཏུ་བཟང་པོ་དང༌། རྡོ་རྗེ་འཆང་དང༌། དུས་འཁོར་བདེ་དགྱེས་གསང་འདུས་ལ་སོགས་པ་དོན་དམ་པའི་ལྷ་དང༌། སྔགས་དང༌། རྒྱུད་དང༌། དཀྱིལ་འཁོར་དང༌། ཕྱག་རྒྱ་དང༌། ཐབས་དང༌། ཤེས་རབ་དང༌། སྟོང་ཉིད་སྙིང་རྗེ་དང༌། སྟོབས་དང༌། མི་འཇིགས་པ་ལ་སོགས་པ་འདུས་མ་བྱས་ཀྱི་ཡོན་ཏན་ཐམས་ཅད་དང༌། དོན་དམ་གྱི་ཞིང་ཁམས་ དང༌། གླིང་བཞི་ལ་སོགས་པ་ཤིན་ཏུ་མང་པོ་དང༌། ཀུན་གཞི་མུ་གསུམ་གསུམ་དུ་གནས་པ་ལེགས་པར་རྟོགས་ན་ཆོས་ཐམས་ཅད་ཀྱི་གནས་ལུགས་ལ་མཁས་པར་འགྱུར་བས། སེམས་ཅན་ཐམས་ཅད་ཀྱིས་ཚུལ་བཞིན་དུ་རྟོགས་ནས་བླང་དོར་ཚུལ་བཞིན་དུ་བྱེད་ཅིང༌། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པར་གྱུར་ཅིག །འདི་ཡང་རྒྱལ་ཁམས་ཕྱོགས་མེད་རིས་མེད་པ་བདུན་ལྡན་ཞབས་ཀྱིས་རྫོགས་ལྡན་ལུགས་སུ་བཀོད་པའོ།། །།

འདིས་ཀྱང་བསྟན་པ་དང་སེམས་ཅན་ཐམས་ཅད་ལ་ཕན་པར་གྱུར་ཅིག། །།མངྒ་ལཾ། བྷ་ཝནྟུ། ཞུས་དག།

སྟོང་ཉིད་ཀྱི་རབ་ཏུ་དབྱེ་བ་ཁྱད་འཕགས་ཞེས་བྱ་བ་བཞུགས་སོ། །

ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭེ་བྷྱོ་ན་མོ་ན་མཿ སྟོང་ཉིད་ཀྱི་རབ་ཏུ་དབྱེ་བ་ཁྱད་འཕགས་ ཞེས་བྱ་བ། པྲ་ཕབ་བརྒྱད་དང་མཚུངས་པའི་སྟོང་ཉིད་ཟབ་མོ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །པད་འདབ་བཅུ་དྲུག་དུར་ཁྲོད་བཅུ་དྲུག་དང༌། །ཕྱག་བཅུ་དྲུག་ དང་ཀ་བ་བཅུ་དྲུག་དང༌། །ཆ་ཆེན་བཅུ་དྲུག་སྟོང་ཉིད་བཅུ་དྲུག་ལ། །བཏུད་ནས་སྟོང་ཉིད་དབྱེ་བ་ཁྱད་འཕགས་བྲི། །

རྫོགས་ལྡན་གྱི་གཞུང་ལུགས་དྲི་མ་མེད་པ་རྣམས་སུ་སྟོང་ཉིད་གསུངས་པ་རྣམས་ལ། བདེན་གཉིས་ལ་སོགས་པའི་རྣམ་དབྱེ་མ་ཤེས་ན། གཞན་སྟོང་གི་སྟོང་ཉིད་ཀྱི་གོ་མི་ཆོད་པས་སྟོང་ཉིད་ཐམས་ཅད་རང་སྟོང་ཁོ་ན་ཡིན་པའི་ཕྱིར། དེ་བཞིན་ཉིད་ལ་སོགས་པའི་རྣམ་གྲངས་སུ་གསུངས་པའི་སྟོང་ཉིད་ཀྱང་རང་སྟོང་ཁོ་ནར་འདོད་པའི་ལྟ་ངན་གྱི་དུག་སྡོང་ལ་བརྟེན་ནས། ལྟ་ལོག་སྣ་ཚོགས་པའི་ཡལ་ག་མང་པོ་རབ་ཏུ་རྒྱས་པར་འགྱུར་བས། དེ་མི་མཁས་པ་རྣམས་ལ་བསྟན་པའི་དོན་དུ་འདི་བརྩམ་མོ། །

སྟོང་ཉིད་གསུངས་པ་ཐམས་ཅད་རང་སྟོང་ཁོ་ན་མ་ཡིན་གྱི། གཞན་སྟོང་ཟབ་མོ་ཡིན་པའི་སྟོང་ཉིད་དང༌། རང་སྟོང་མི་ཟབ་པ་ཡིན་པའི་སྟོང་ཉིད་དུ་དབྱེར་ཡོད་དོ། །ཡང་རྣམ་པ་གཉིས་ཏེ། དོན་དམ་ཡིན་པའི་སྟོང་ཉིད་དང༌། ཀུན་རྫོབ་ཡིན་པའི་སྟོང་ཉིད་དོ། །ཡང་རྣམ་པ་གཉིས་ཏེ། ཡོངས་གྲུབ་ཡིན་པའི་སྟོང་ཉིད་དང༌། ཀུན་བཏགས་ཡིན་པའི་སྟོང་ཉིད་དོ། །ཡང་རྣམ་པ་གཉིས་ཏེ། དབུས་མ་ཡིན་པའི་སྟོང་ཉིད་དང༌། མཐའ་མ་ཡིན་པའི་སྟོང་ཉིད་དོ། །ཡང་རྣམ་པ་གཉིས་ཏེ། རང་བཞིན་གཉུག་མ་ཡིན་པའི་སྟོང་ཉིད་དང༌། བཅོས་མ་གློ་བུར་བ་ཡིན་པའི་སྟོང་ཉིད་དོ། །ཡང་རྣམ་པ་གཉིས་ཏེ། ཆོས་ཉིད་ཟབ་མོ་ཡིན་པའི་སྟོང་ཉིད་དང༌། ཆོས་ཅན་མི་ཟབ་པ་ཡིན་པའི་སྟོང་ཉིད་དོ། །ཡང་རྣམ་པ་གཉིས་ཏེ། མ་སྐྱེས་པའི་སྟོང་ཉིད་དང༌། སྐྱེས་པའི་སྟོང་ཉིད་དོ། །ཡང་རྣམ་པ་གཉིས་ཏེ། མི་སྟོང་པའི་སྟོང་པ་ཉིད་དང༌། སྟོང་པའི་སྟོང་པ་ཉིད་དོ། །ཡང་རྣམ་པ་གཉིས་ཏེ། གཞན་གྱི་དངོས་པོ་སྟོང་པ་ཉིད་དང༌། རང་གི་དངོས་པོ་སྟོང་པ་ཉིད་དོ། །ཡང་རྣམ་པ་གཉིས་ཏེ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང༌། དངོས་པོ་མེད་པ་སྟོང་པ་ཉིད་དོ། །ཡང་རྣམ་པ་གཉིས་ཏེ། རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་དང༌། ཕུང་པོ་རྣམ་པར་དཔྱད་པ་ཆད་པའི་སྟོང་པ་ཉིད་དོ། །ཡང་རྣམ་པ་གཉིས་ཏེ། གཞན་མཆོག་ཕ་རོལ་དམ་པ་དང་པོའི་སངས་རྒྱས་ཡིན་པའི་སྟོང་ཉིད་དང༌། ཕྱི་ནང་ཀུན་རྫོབ་གློ་བུར་བ་འདི་ཡིན་པའི་སྟོང་ཉིད་དོ། །ཡང་རྣམ་པ་གཉིས་ཏེ། སྟོང་གཞི་ཡོན་ཏན་མང་པོ་ཅན་མ་ཡིན་དགག་ཡིན་པའི་སྟོང་པ་ཉིད་དང༌། སྟོང་ཙམ་སྒྲུབ་ཆོས་ཙམ་གྱིས་དོར་བ་མེད་འགག་ཡིན་པའི་སྟོང་ཉིད་དོ། །ཡང་རྣམ་པ་གཉིས་ཏེ། རང་གིས་མི་སྟོང་ལ་ཆོས་ གཞན་ཐམས་ཅད་ཀྱིས་སྟོང་པའི་སྟོང་ཉིད་དང༌། རང་རང་ངོ་བོས་སྟོང་པའི་སྟོང་ཉིད་དོ། །

དེ་བཞིན་དུ། ཆོས་རྣམས་ཀྱི་ཆོས་ཉིད་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། ཆོས་ཀྱི་དབྱིངས་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། ཆོས་ཀྱི་གནས་ཉིད་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། ཆོས་སྐྱོན་མེད་པ་ཉིད་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། དེ་བཞིན་ཉིད་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། མ་ནོར་བ་དེ་བཞིན་ཉིད་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། གཞན་མ་ཡིན་པ་དེ་བཞིན་ཉིད་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། ཡང་དག་པའི་མཐའ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། བསམ་གྱིས་མི་ཁྱབ་པའི་དབྱིངས་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། ཡོངས་སུ་མི་ཉམས་པའི་ཆོས་ཉིད་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། རྟག་ཏུ་བཏང་སྙོམས་སུ་གནས་པ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་འདུས་མ་བྱས་པ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། ཆོས་ཐམས་ཅད་མཉམ་པ་ཉིད་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། ཆོས་ཐམས་ཅད་དུ་མ་རོ་གཅིག་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། ཆོས་ཐམས་ཅད་ནི་རང་བཞིན་གྱིས་དགེ་བ། ཁ་ན་མ་ཐོ་བ་མེད་པ། ཟག་པ་མེད་པ། ཉོན་མོངས་པ་མེད་པ། རྣམ་པར་བྱང་བ། འཇིག་རྟེན་ལས་འདས་པ། འདུས་མ་བྱས་པ་རྣམས་ཡིན་མིན་གྱི་སྟོང་ཉིད་གཉིས་གཉིས་དང༌། དབྱེ་བསྡུ་མང་པོ་ཅན་གྱི་རང་བཞིན་གྱི་རིགས་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། ཡོན་ཏན་མང་པོ་ཅན་གྱི་བདེ་གཤེགས་སྙིང་པོ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌།

དེ་བཞིན་དུ། དབུ་མ་ཆེན་པོ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། ཕྱག་རྒྱ་ཆེན་ པོ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། མྱང་འདས་ཆེན་པོ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། འོད་གསལ་ཆེན་པོ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། བྱང་ཆུབ་ཆེན་པོ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། ཤེར་ཕྱིན་ཟབ་མོ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། འགོག་བདེན་ཟབ་མོ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། ཤིན་ཏུ་སྤྲོས་མེད་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། ཤིན་ཏུ་རྣལ་འབྱོར་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། རྡོ་རྗེའི་རྣལ་འབྱོར་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། ལྷན་ཅིག་སྐྱེས་སྦྱོར་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། སངས་རྒྱས་མཉམ་སྦྱོར་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། རང་བཞིན་ལྷན་སྐྱེས་ཀྱི་བདེ་ཆེན་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། སྦྱང་གཞི་སྦྱངས་འབྲས་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། གཤིས་ལུགས་ལ་ཡོད་མེད་ཀྱི་སྟོང་ཉིད་གཉིས་དང༌། འགལ་འདུས་སྐྱོན་མེད་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། བླང་བྱའམ་ཐོབ་བྱ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། སྐད་ཅིག་དང༌། རྟེན་འབྲེལ་དང༌། རྣམ་ཤེས་ལས་འདས་པ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། རང་བྱུང་ཡེ་ཤེས་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། རྡོ་རྗེའི་ཐེག་པ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། རྡོ་རྗེའི་ལྷ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། རྡོ་རྗེའི་སྔགས་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། རྡོ་རྗེའི་རྒྱུད་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། རྡོ་རྗེའི་དཀྱིལ་འཁོར་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། རྡོ་རྗེའི་ཕྱག་རྒྱ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། རྡོ་རྗེའི་རྒྱུ་སྐར་ཟླ་ཉི་ཁུ་རྡུལ་ཡིན་མིན་གྱི་སྟོང་ཉིད་གཉིས་གཉིས་དང༌། རྡོ་རྗེའི་རྩ་རླུང་གཤང་གཅི་ཡིན་མིན་གྱི་སྟོང་ཉིད་གཉིས་གཉིས་དང༌། རྡོ་རྗེའི་ཤ་ཁྲག་རུས་པ་ཡིན་མིན་གྱི་སྟོང་ཉིད་གཉིས་གཉིས་དང༌། རྡོ་རྗེའི་རྐང་ཚིལ་བུ་པགས་པ་ཡིན་མིན་གྱི་སྟོང་ཉིད་གཉིས་གཉིས་དང༌། རྡོ་རྗེའི་སྐྲ་སྤུ་སེན་མོ་ལ་སོགས་ཡིན་མིན་གྱི་སྟོང་ཉིད་གཉིས་གཉིས་དང༌། རྡོ་རྗེའི་སྐར་མ་ཕྲ་སྦོམ་དང་འཇའ་ཚོན་ཕྲ་རགས་དང་ས་རྡོ་ཡིན་མིན་གྱི་སྟོང་ཉིད་གཉིས་གཉིས་དང༌། རྡོ་རྗེའི་ཆར་གློག་ཆུ་མེ་ཡིན་མིན་གྱི་སྟོང་ཉིད་གཉིས་གཉིས་དང༌། རྡོ་རྗེའི་གཟའ་བཅུ་དང་རླུང་བཅུ་ཡིན་མིན་གྱི་སྟོང་ཉིད་གཉིས་གཉིས་དང༌། རྡོ་རྗེའི་ལོ་ཟླ་བ་བགྲོད་པ་ཡིན་མིན་གྱི་སྟོང་ཉིད་གཉིས་གཉིས་དང༌། རྡོ་རྗེའི་དུས་དྲུག་དུས་བཞི་དུས་གསུམ་ཡིན་མིན་གྱི་སྟོང་ཉིད་གཉིས་གཉིས་དང༌། རྡོ་རྗེའི་ཕྱོགས་ དང་ཉིན་མཚན་དང་ཆུ་ཚོད་ལ་སོགས་པ་ཡིན་མིན་གྱི་སྟོང་ཉིད་གཉིས་གཉིས་དང༌། རྡོ་རྗེའི་ཕྱོགས་བཅུ་དང་དབྱིབས་མདོག་ལ་སོགས་པ་ཡིན་མིན་གྱི་སྟོང་ཉིད་གཉིས་གཉིས་དང༌། མདོར་ན་རྡོ་རྗེའི་ཕུང་པོ་ཁམས་སྐྱེ་མཆེད་ཐམས་ཅད་ཡིན་མིན་གྱི་སྟོང་ཉིད་གཉིས་གཉིས་དང༌། ཡེ་ཤེས་སྐུ་སྟེ་རང་བྱུང་བ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། ཐོག་མ་བར་དང་མཐར་དགེ་བ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། རྒྱུད་ཆེན་སྒྱུ་འཕྲུལ་ དྲ་བ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། རྡོ་རྗེ་འཆང་ཆེན་གསང་སྔགས་འཆང་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། གསང་སྔགས་རྒྱལ་པོ་དྲུག་ལྡན་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། རྫོགས་པའི་སངས་རྒྱས་ཨ་ལས་བྱུང་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། མཆོད་པ་ཆེན་པོ་འདོད་ཆགས་ཆེ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། མཆོད་པ་ཆེན་པོ་ཞེ་སྡང་ཆེ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། མཆོད་པ་ཆེན་པོ་གཏི་མུག་ཆེ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། མཆོད་པ་ཆེན་པོ་ཁྲོ་བ་ཆེ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། མཆོད་པ་ཆེན་པོ་ཆགས་པ་ཆེ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། འདོད་པ་ཆེན་པོ་བདེ་བ་ཆེ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། དགའ་བ་ཆེན་པོ་མགུ་བ་ཆེ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། གཟུགས་ཆེ་ལུས་ཀྱང་ཆེ་བ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། ཁ་དོག་ཆེ་ཞིང་ལུས་བོང་ཆེ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། མིང་ཡང་ཆེ་ཞིང་རྒྱ་ཆེ་བ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། དཀྱིལ་འཁོར་ཆེན་པོ་ཡངས་པ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། ཤེས་རབ་མཚོན་ཆེན་འཆང་བ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། ཉོན་མོངས་ཆེན་པོ་ལྕགས་ཀྱུའི་མཆོག་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། གྲགས་ཆེན་སྙན་གྲགས་ཆེན་པོ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། མི་མངོན་མི་སྣང་གསལ་བྱེད་མིན། སྣང་བ་ཆེན་པོ་གསལ་བ་ཆེ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། མཁས་པ་ཆེན་པོ་སྒྱུ་འཕྲུལ་འཆང་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། སྦྱིན་བདག་ཆེན་པོ་གཙོ་བོ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། ཚུལ་ཁྲིམས་ཆེན་པོ་འཆང་བའི་མཆོག་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། བཟོད་ཆེན་འཆང་བ་བརྟན་པ་པོ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། བརྩོན་འགྲུས་ཆེན་པོ་བརྟུལ་བ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། བསམ་གཏན་ཆེན་པོ་ཏིང་འཛིན་གནས་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། ཤེས་རབ་ཆེན་པོ་ལུས་འཆང་བ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། སྟོབས་པོ་ཆེ་ལ་ཐབས་ཆེ་བ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། སྨོན་ལམ་ཡེ་ཤེས་རྒྱ་མཚོ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། བྱམས་ཆེན་རང་བཞིན་དཔག་མེད་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། སྙིང་རྗེ་ཆེན་པོ་བློ་ཡིས་མཆོག་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། ཤེས་རབ་ཆེན་པོ་བློ་ཆེན་ལྡན་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། མཁས་པ་ཆེན་པོ་ཐབས་ཆེ་བ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། རྫུ་འཕྲུལ་ཆེན་པོ་སྟོབས་དང་ལྡན་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། ཤུགས་ཆེན་མགྱོགས་པ་ཆེན་པོ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། མགོན་པོ་རིགས་མཆོག་ཆེན་པོ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། བླ་མ་གསང་སྔགས་ཆེ་བའི་མཆོག་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། ཐེག་པ་ཆེན་པོའི་ཚུལ་གྱི་མཆོག་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། སངས་རྒྱས་རྣམ་པར་སྣང་མཛད་ཆེ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། ཐུབ་པ་ཆེན་པོ་ཐུབ་ཆེན་ལྡན་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། གསང་སྔགས་ཚུལ་ཆེན་བདག་ཉིད་ཅན་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། ཕ་རོལ་ཕྱིན་བཅུ་ཐོབ་པ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། མགོན་པོ་ས་བཅུའི་དབང་ཕྱུག་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། ཤེས་བཅུ་རྣམ་དག་བདག་ཉིད་ཅན་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། ཐུབ་དབང་སྟོབས་བཅུ་ཁྱབ་པའི་བདག་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། རྣམ་བཅུ་དབང་ལྡན་ཆེན་པོ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། དེ་བཞིན་ཉིད་བདག་དག་པའི་བདག་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། ཡང་དག་མཐའ་ལ་རྣམ་པར་གནས་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། བདག་མེད་སེང་གེའི་སྒྲ་དང་ལྡན་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། ཀུན་ཏུ་འགྲོ་བའི་དོན་ཡོད་བསྟབས་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། དེ་བཞིན་གཤེགས་པའི་ཡིད་ལྟར་མགྱོགས་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། རྒྱལ་བ་དགྲ་རྒྱལ་རྣམ་པར་རྒྱལ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། བདེ་གཤེགས་འཇིག་རྟེན་རིག་པའི་མཆོག་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། འཁོར་བའི་ཕ་རོལ་མཐར་སོན་པ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། བྱ་བ་བྱས་པ་སྐམ་སར་གནས་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། ཤེས་པ་འབའ་ཞིག་ངེས་གསལ་བ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། དམ་ཆོས་ཆོས་རྒྱལ་གསལ་བར་ལྡན་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། འཇིག་རྟེན་སྣང་བར་བྱེད་པའི་མཆོག་ཡིན་ མིན་གྱི་སྟོང་ཉིད་གཉིས་དང༌། ཆོས་ཀྱི་དབང་ཕྱུག་ཆོས་ཀྱི་རྒྱལ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། ལེགས་པའི་ལམ་ནི་སྟོན་པ་པོ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། དོན་གྲུབ་བསམ་པ་གྲུབ་པ་པོ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། ཀུན་ཏུ་རྟོག་པ་ཐམས་ཅད་སྤངས་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། རྣམ་པར་མི་རྟོག་དབྱིངས་མི་ཟད་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། ཆོས་དབྱིངས་དམ་པ་ཟད་མི་ཤེས་ཡིན་ མིན་གྱི་སྟོང་ཉིད་གཉིས་དང༌། ཡེ་ཤེས་ལྡན་པ་ཡོད་མེད་ཤེས་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། ཚོགས་གཉིས་ཚོགས་ནི་བསགས་པ་པོ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། མཆོག་གི་དང་པོ་སྐུ་གསུམ་འཆང་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། སངས་རྒྱས་ལྔ་བདག་ཅོད་པན་ཅན་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། སྤྱན་ལྔ་ཆགས་པ་མེད་པ་འཆང་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། གཅིག་པུ་སྲ་མཁྲེགས་རྡོ་རྗེའི་བདག་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། སྐྱེས་མ་ཐག་པ་འགྲོ་བའི་བདག་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། ནམ་མཁའ་ལས་བྱུང་རང་བྱུང་བ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། གསང་སྔགས་རྒྱལ་པོ་དོན་ཆེན་བྱེད་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། སངས་རྒྱས་ཀུན་བདག་དངོས་པོ་མཆོག་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། གཙོ་བོ་དཀོན་མཆོག་གསུམ་འཛིན་པ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། དོན་ཡོད་ཞགས་པ་རྣམ་པར་རྒྱལ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། ཁྲོ་བོའི་རྒྱལ་པོ་གདོང་དྲུག་འཇིགས་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། གཤིན་རྗེ་གཤེད་པོ་བགེགས་ཀྱི་རྒྱལ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། རྡོ་རྗེ་ཤུགས་ཅན་འཇིགས་བྱེད་པ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། རྡོ་རྗེ་དྲག་པ་རྡོ་རྗེའི་སྙིང་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། སྒྱུ་འཕྲུལ་རྡོ་རྗེ་གསུས་པོ་ཆེ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། རྡོ་རྗེ་ལས་སྐྱེས་རྡོ་རྗེའི་བདག་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། རྡོ་རྗེ་སྙིང་པོ་མཁའ་འདྲ་བ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། རྡོ་རྗེ་ཀུན་འཆང་རྡོ་རྗེ་འཆང་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། རྡོ་རྗེ་འབེབས་པ་འབེབས་པ་ཆེ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། རྡོ་རྗེ་ཕྲེང་ཐོགས་དཔལ་དང་ལྡན་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། ཡི་གེ་དྲུག་པ་རྡོ་རྗེའི་སྒྲ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། འཇམ་དབྱངས་ཆེན་པོ་སྒྲ་ཆེ་བ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། ཡང་དག་བདག་མེད་དེ་བཞིན་ཉིད་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། ཡང་དག་མཐའ་སྟེ་ཡི་གེ་མེད་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། ཆོས་ཀྱི་དུང་སྟེ་སྒྲ་ཆེན་ལྡན་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། ཆོས་ཀྱི་གཎྜི་སྒྲ་བོ་ཆེ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། མི་གནས་མྱ་ངན་འདས་པ་པོ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། ཕྱོགས་བཅུའི་ཆོས་ཀྱི་རྔ་བོ་ཆེ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། གཟིགས་མེད་གཟུགས་བཟང་དམ་པ་པོ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། སུམ་ཅུ་རྩ་གཉིས་མཚན་འཆང་བ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། སྐྱབས་དང་སྐྱོབ་པ་བླ་ན་མེད་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། ཐམས་ཅད་མཁྱེན་པའི་ཡེ་ཤེས་མཚོ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། མ་རིག་སྒོང་ངའི་སྦུབས་འབྱེད་པ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། སྲིད་པའི་དྲ་བ་འཇོམས་པ་པོ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། འཁོར་བའི་རྒྱ་མཚོའི་ཕ་རོལ་ཕྱིན་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། སྒྲིབ་པ་ཀུན་ལས་ངེས་པར་གྲོལ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། མཁའ་ལྟར་མཉམ་པ་ཉིད་ལ་གནས་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། ཁྱབ་བདག་དམ་ཤེས་དམ་ཚིག་ལྡན་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། སྐྱབས་ཀྱི་དམ་པ་སྐྱབས་སུ་འོས་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། གྲོལ་བ་ཐར་པ་རྣམ་གྲོལ་ལུས་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། རྡུལ་མེད་རྡུལ་བྲལ་དྲི་མ་མེད་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། ཉེས་པ་སྤངས་པ་སྐྱོན་མེད་པ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། ཤིན་ཏུ་སད་པ་སད་པའི་བདག་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། ཀུན་ཤེས་ཀུན་རིག་དམ་པ་པོ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། རྣམ་པར་ཤེས་པའི་ཆོས་ལས་འདས་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། གཉིས་མེད་ཡེ་ཤེས་ཚུལ་འཆང་བ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། དུས་གསུམ་སངས་རྒྱས་སྐུ་འཆང་བ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། སངས་རྒྱས་ཐོག་མ་ཐ་མ་མེད་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། དང་པོ་སངས་རྒྱས་རྒྱུད་མེད་པ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། ཡེ་ཤེས་མི་གཅིག་དྲི་མ་མེད་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། དཔལ་ལྡན་པད་མ་གར་དབང་ཕྱུག་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། སངས་རྒྱས་ཀུན་གྱི་སྐུ་འཆང་བ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། སངས་རྒྱས་ཀུན་གྱི་རྣལ་འབྱོར་ཆེ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། སངས་རྒྱས་ཀུན་གྱི་བསྟན་པ་གཅིག་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། འཇིག་རྟེན་དབང་ཕྱུག་ཀུན་གྱི་བདག་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། རྡོ་རྗེ་འཆང་བ་ཀུན་གྱི་རྗེ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། སངས་རྒྱས་ཀུན་གྱི་ཐུགས་ཆེ་བ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། སངས་རྒྱས་ཀུན་གྱི་ཐུགས་ལ་གནས་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། སངས་རྒྱས་ཀུན་གྱི་སྐུ་ཆེ་བ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། སངས་རྒྱས་ཀུན་གྱི་གསུང་ཡང་ཡིན་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། རྡོ་རྗེ་ཉི་མ་སྣང་བ་ཆེ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། རྡོ་རྗེ་ཟླ་བ་དྲི་མེད་འོད་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། ཆགས་བྲལ་དང་པོ་ཆགས་པ་ཆེ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། ཁ་དོག་སྣ་ཚོགས་འབར་བའི་འོད་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། དཔལ་ལྡན་སངས་རྒྱས་པད་མ་སྐྱེས་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། འགྱུར་མེད་མཆོག་སྟེ་རྣམ་པར་དག་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། ཐེག་པ་ཆེན་པོ་སྡུག་བསྔལ་གཅོད་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། ཕ་རོལ་ཕྱིན་པ་ཀུན་རྫོགས་པ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། ཡང་དག་ཡེ་ཤེས་ཟླ་འོད་བཟང་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། རྒྱུད་ཀུན་གྱི་ནི་བདག་པོ་མཆོག་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། ཡེ་ཤེས་སྐུ་རྣམས་མ་ལུས་འཆང་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། ཀུན་ཏུ་བཟང་པོ་བློ་གྲོས་བཟང་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། སངས་རྒྱས་ཀུན་གྱི་སྙིང་པོ་ཆེ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། རྫོགས་པའི་སངས་རྒྱས་བྱང་ཆུབ་འཆང་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། ཡེ་ཤེས་མེ་ལྕེ་འོད་རབ་གསལ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། དེ་བཞིན་གཤེགས་པའི་ཡོན་ཏན་མཚོ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། རྣམ་དག་ཕུང་པོ་ལྔ་འཆང་བ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། ཡན་ལག་བཅུ་གཉིས་སྲིད་རྩ་བཏོན་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། དག་པ་རྣམ་པ་བཅུ་གཉིས་འཆང་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། བདེན་དོན་རྣམ་པ་བཅུ་གཉིས་ལྡན་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། དེ་ཉིད་རྣམ་པ་བཅུ་དྲུག་རིགས་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། རྣམ་པ་ཉི་ཤུས་བྱང་ཆུབ་པ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། སྒྱུ་འཕྲུལ་དྲ་བས་མངོན་རྫོགས་པའི་བྱང་ཆུབ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། སངས་རྒྱས་བྱང་ཆུབ་བླ་ན་མེད་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། སྟོང་པ་ཆེན་པོ་འགྱུར་མེད་ལྔ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། ཐིག་ལེ་སྟོང་པ་འགྱུར་མེད་དྲུག་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། རྣམ་པ་ཀུན་ལྡན་རྣམ་པ་མེད་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཆང་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། ཆ་མེད་ཆ་ལས་འདས་པ་པོ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། །བསམ་གཏན་བཞི་པོའི་རྩེ་མོ་འཆང་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། སྟོན་པ་གཅིག་པུ་འགྲོ་བའི་བླ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། རྫོགས་པའི་སངས་རྒྱས་འཇིག་རྟེན་འདྲེན་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། ཤེས་རབ་ཕ་རོལ་ཕྱིན་པའི་མཐའ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། བདག་རིག་གཞན་རིག་ཐམས་ཅད་པ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། དོན་གྱི་དམ་པ་རྣམ་དག་དཔལ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། ཡང་དག་མཐར་གྱུར་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། སངས་རྒྱས་བྱང་ཆུབ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། ཡེ་ཤེས་སྐུ་ཉིད་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། ཆ་མེད་ཀུན་འགྲོ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། ལུས་མེད་རྡོ་རྗེ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། རྡོ་རྗེའི་ཁུ་རྡུལ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། རྡོ་རྗེའི་ཕྱོགས་གཉིས་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། རྡོ་རྗེའི་བགྲོད་པ་གཉིས་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། རྡོ་རྗེའི་ཨ་ལཱི་ཀ་ལཱི་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། རྡོ་རྗེའི་དབྱངས་དང་གསལ་བྱེད་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། རྡོ་རྗེའི་སྐུ་གསུང་ཐུགས་ཡེ་ཤེས་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། རྡོ་རྗེའི་དགའ་བ་བཞི་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། རྡོ་རྗེའི་སྐུ་བཞི་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། རྡོ་རྗེའི་གདན་བཞི་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། རྡོ་རྗེའི་དེ་ཁོ་ན་ཉིད་བཞི་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། རྡོ་རྗེའི་སྐད་ཅིག་མ་བཞི་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། རྡོ་རྗེའི་ཧེ་རུ་ཀ་བཞི་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། རྡོ་རྗེའི་ཨེ་ཝཾ་མ་ཡ་བཞི་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། རྡོ་རྗེའི་སེམས་དཔའ་བཞི་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། རྡོ་རྗེའི་གསང་སྔགས་བཞི་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། རྡོ་རྗེ་པད་མ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། རྡོ་རྗེ་བྷ་ག་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། རྡོ་རྗེ་བདུད་རྩི་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། རྡོ་རྗེ་ཧཱུཾ་མཛད་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། རྡོ་རྗེ་རྣམ་འཇོམས་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། རྡོ་རྗེ་སྒྲོལ་མ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། རྡོ་རྗེ་བདག་མེད་མ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། རྡོ་རྗེ་དབྱིངས་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། སྔགས་ཀྱི་དབྱིངས་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། ཆོས་ཀྱི་དབྱིངས་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། ཆོས་དབྱིངས་གསུང་གི་དབང་ཕྱུག་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། འཇམ་པའི་རྡོ་རྗེ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། འཁོར་ལོ་བསྒྱུར་དྲུག་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། མཁའ་འགྲོ་ལྔ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། མཁའ་འགྲོ་རྒྱ་མཚོ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། དཔལ་མཆོག་དང་པོ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། དེ་ཉིད་འདུས་པ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། ཁམས་གསུམ་རྣམ་རྒྱལ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། དོན་ ཐམས་ཅད་གྲུབ་པ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། འགྲོ་བ་འདུལ་བ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། སྒྱུ་འཕྲུལ་དྲ་བ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། ཀྱེའི་རྡོ་རྗེ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། འཁོར་ལོ་བདེ་མཆོག་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། གསང་བ་འདུས་པ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། དུས་ཀྱི་འཁོར་ལོ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། དང་པོའི་སངས་རྒྱས་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། གཞི་ཡི་སངས་རྒྱས་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། སངས་རྒྱས་ཀུན་བས་སྔར་སངས་རྒྱས་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། གདོད་ནས་གྲོལ་བའི་དེ་བཞིན་གཤེགས་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། རྡོ་རྗེའི་ཐིག་ལེ་གྲུ་གསུམ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། རྡོ་རྗེའི་ཨེ་ཝཾ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། རྡོ་རྗེའི་ཧཾ་ཀྵ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། རྡོ་རྗེའི་ཨ་ཧཾ་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། འཁོར་འདས་དབྱེར་མེད་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། བདེན་གཉིས་དབྱེར་མེད་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། བདེན་བཞི་དབྱེར་མེད་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། གཞི་འབྲས་དབྱེར་མེད་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། རྒྱུ་འབྲས་དབྱེར་མེད་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། རྣམ་ཤེས་ཡེ་ཤེས་དབྱེར་མེད་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། ཡུལ་དང་ཡུལ་ཅན་དབྱེར་མེད་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། རྟེན་དང་བརྟེན་པ་དབྱེར་མེད་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། གཙོ་བོ་གཙོ་མོ་དབྱེར་མེད་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། གཙོ་འཁོར་དབྱེར་མེད་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། ཡབ་ཡུམ་དབྱེར་མེད་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། ཕོ་མོ་དབྱེར་མེད་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། ཐེག་གསུམ་དབྱེར་མེད་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། སྐྱབས་གསུམ་དབྱེར་མེད་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། དུས་གསུམ་དབྱེར་མེད་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། སྐུ་གསུམ་དབྱེར་མེད་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། སྐུ་བཞི་དབྱེར་མེད་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། སྐུ་ལྔ་དབྱེར་མེད་ཡིན་མིན་གྱི་སྟོང་ཉིད་གཉིས་དང༌། དབུ་མ་སེམས་ཙམ་དབྱེར་མེད་ཡིན་མིན་གྱི་སྟོང་ཉིད་གཉིས་ལ་སོགས་པ་སྟོང་ཉིད་ཀྱི་དབྱེ་བ་རྒྱ་ཆེ་རབ་འབྱམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་ནས་མཉམ་བཞག་ལ་ཟློ་བའི་གདམས་ངག་ཟབ་མོ་ལ་བརྟེན་ཏེ། དོན་དམ་གཞན་སྟོང་ཟབ་མོའི་ལམ་ཁྱེར་དང༌། རྗེས་ཐོབ་ཤན་འབྱེད་པའི་མན་ངག་ལ་བརྟེན་ནས། ཀུན་རྫོབ་རང་སྟོང་མི་ཟབ་པའི་ལམ་ཁྱེར་ཉམས་སུ་ལེན་ཅིང་གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པར་གྱུར་ཅིག། གསུམ་ལྡན་མར་བཅད་ཀྱི་ཆོས་ལྷད་ཅན་སྐྱོན་ཅན་རང་བཟོ་ཅན་མ་དག་པ་རྣམས་ལ་བརྟེན་ནས། དེ་མ་ཡིན་ལ་དེར་འཛིན་གྱི་གཞི་ལམ་འབྲས་བུ་ལྟ་སྒོམ་སྤྱོད་པ་དམན་པ་རྣམས་སྤངས་ཏེ། རྫོགས་ལྡན་གྱི་ཆོས་མཆོག་ཁྱད་འཕགས་རྣམས་ལས་གསུངས་པའི་གཞི་ལམ་འབྲས་བུ་ལྟ་སྒོམ་སྤྱོད་པ་རྣམ་དག་ཕུན་ཚོགས་ལེགས་པར་རྟོགས་ཤིང་ཉམས་སུ་ལེན་པ་དང༌། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པར་གྱུར་ཅིག །འདི་ལ་བརྟེན་ནས་ཀྱང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་ཐམས་ཅད་ཤིན་ཏུ་དགྱེས་པར་གྱུར་ཅིག །

བདག་ནི་སྐྱེ་བ་ཐམས་ཅད་དུ། །བསྟན་པ་གསལ་བར་བྱེད་གྱུར་ཅིག ། བསྟན་པ་གསལ་བར་མ་ནུས་ནའང༌། །བསྟན་པའི་ཁུར་ཆེན་འཁུར་བར་ཤོག ། ཁུར་ཆེན་བཀུར་བར་མ་ནུས་ནའང༌། །བསྟན་པའི་སེམས་ཁྲལ་བྱེད་པ་དང༌། །བསྟན་པ་ཉམས་ཀྱིས་དོགས་པ་ཡི། །བྱ་ར་ཙམ་ཡང་བྱེད་པར་ཤོག །

སངས་རྒྱས་སྐུ་གཅིག་བརྙེས་པའི་བྱིན་རླབས་དང༌། །སངས་རྒྱས་སྐུ་གཉིས་བརྙེས་པའི་བྱིན་རླབས་དང༌། །སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་དང༌། །སངས་རྒྱས་སྐུ་བཞི་བརྙེས་པའི་བྱིན་རླབས་དང༌། །སངས་རྒྱས་སྐུ་ལྔ་བརྙེས་པའི་བྱིན་རླབས་དང༌། །སངས་རྒྱས་སྐུ་དྲུག་བརྙེས་པའི་བྱིན་རླབས་དང༌། །སངས་རྒྱས་སྐུ་བདུན་བརྙེས་པའི་བྱིན་རླབས་དང༌། །རྒྱལ་སྐུ་བཅོ་བརྒྱད་བརྙེས་པའི་བྱིན་རླབས་ཀྱིས། །སྨོན་ལམ་འདི་དག་ཇི་བཞིན་འགྲུབ་གྱུར་ཅིག །

ཡེ་ཤེས་རྣམ་བཞི་བརྙེས་པའི་བྱིན་རླབས་དང༌། །ཡེ་ཤེས་རྣམ་ལྔ་བརྙེས་པའི་བྱིན་རླབས་དང༌། །ཡེ་ཤེས་རྣམ་དགུ་བརྙེས་པའི་བྱིན་རླབས་དང༌། །ཡེ་ཤེས་བཅུ་བཞི་བརྙེས་པའི་བྱིན་རླབས་ཀྱིས། །སྨོན་ལམ་འདི་དག་ཇི་བཞིན་འགྲུབ་གྱུར་ཅིག།

སྟོང་ཉིད་ཀྱི་རབ་ཏུ་དབྱེ་བ་ཁྱད་འཕགས་རྫོགས་ལྡན་གྱི་ལུགས་སུ་བཀོད་པའོ།། །།

འདིས་ཀྱང་བསྟན་པ་དང་སེམས་ཅན་ཐམས་ཅད་ལ་ཕན་པར་གྱུར་ཅིག། །།མངྒ་ལཾ། བྷ་ཝནྟུ།

སྲིད་མི་སྲིད་ཀྱི་དབྱེ་བ་ཁྱད་འཕགས་ཞེས་བྱ་བ་བཞུགས་སོ། །

ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭེ་བྷྱོ་ན་མོ་ན་མཿ གསང་བ་ལས་ཀྱང་གསང་བའི་གསང་ཚིག་རྣམས། །བདག་ལ་སྟོན་མཛད་བླ་མ་སངས་རྒྱས་ལ། །ཕྱག་འཚལ་མཆོད་ཅིང་བསྟོད་དེ་སྐྱབས་སོང་ནས། །གསང་བའི་གནད་མཆོག་འགའ་ཞིག་འདིར་བརྗོད་བྱ།།

སྤྲིན་དང་བྲལ་བའི་ནམ་མཁའ་ནི་སྲིད་ཀྱི། ནམ་མཁའ་དང་བྲལ་བའི་སྤྲིན་ནི་མི་སྲིད་དོ། །དེ་བཞིན་དུ། ཀུན་ནས་ཉོན་མོངས་དང་བྲལ་བའི་རྣམ་བྱང་ནི་སྲིད་ཀྱི། རྣམ་བྱང་དང་བྲལ་བའི་ཀུན་ནས་ཉོན་མོངས་ནི་མི་སྲིད་དོ། །ཟག་བཅས་དང་བྲལ་བའི་ཟག་མེད་ནི་སྲིད་ཀྱི། ཟག་མེད་དང་བྲལ་བའི་ཟག་བཅས་ནི་མི་སྲིད་དོ། །གློ་བུར་དྲི་མ་དང་བྲལ་བའི་བདེ་གཤེགས་སྙིང་པོ་ནི་སྲིད་ཀྱི། བདེ་གཤེགས་སྙིང་པོ་དང་བྲལ་བའི་གློ་བུར་དྲི་མ་ནི་མི་སྲིད་དོ། །ཆོས་རྣམས་དང་བྲལ་བའི་ཆོས་ཉིད་ནི་སྲིད་ཀྱི། ཆོས་ཉིད་དང་བྲལ་པའི་ཆོས་རྣམས་ནི་མི་སྲིད་དོ། །མཐའ་གཉིས་དང་བྲལ་བའི་དབུས་མ་ནི་སྲིད་ཀྱི། དབུས་མ་དང་བྲལ་བའི་མཐའ་གཉིས་ནི་མི་སྲིད་དོ། །རྣམ་ཤེས་དང་བྲལ་བའི་ཡེ་ཤེས་ནི་སྲིད་ཀྱི། ཡེ་ཤེས་དང་བྲལ་བའི་རྣམ་ཤེས་ནི་མི་སྲིད་དོ། །སེམས་ཅན་དང་བྲལ་བའི་སངས་རྒྱས་ནི་སྲིད་ཀྱི། སངས་རྒྱས་དང་བྲལ་བའི་སེམས་ཅན་ནི་མི་སྲིད་དོ། །སྡིག་པ་དང་བྲལ་བའི་དགེ་བ་ནི་སྲིད་ཀྱི། དགེ་བ་དང་བྲལ་བའི་སྡིག་པ་ནི་མི་སྲིད་དོ། །སྡུག་བསྔལ་དང་བྲལ་བའི་བདེ་བ་ནི་སྲིད་ཀྱི། བདེ་བ་དང་བྲལ་བའི་སྡུག་བསྔལ་ནི་མི་སྲིད་དོ། །རྟོག་པ་དང་བྲལ་བའི་ཤེར་ཕྱིན་ནི་སྲིད་ཀྱི། ཤེར་ཕྱིན་དང་བྲལ་བའི་རྟོག་པ་ནི་མི་སྲིད་དོ། །མཚན་མ་དང་བྲལ་བའི་ཕྱག་རྒྱ་ཆེན་པོ་ནི་སྲིད་ཀྱི། ཕྱག་རྒྱ་ཆེན་པོ་དང་བྲལ་བའི་མཚན་འཛིན་ནི་མི་སྲིད་དོ། །ཉོན་མོངས་དུག་གསུམ་དང་བྲལ་བའི་སངས་རྒྱས་མཉམ་སྦྱོར་ནི་སྲིད་ཀྱི། སངས་རྒྱས་མཉམ་སྦྱོར་དང་བྲལ་བའི་ཉོན་མོངས་དུག་གསུམ་ནི་མི་སྲིད་དོ། །ཉོན་མོངས་དུག་ལྔ་དང་བྲལ་བའི་ཨ་ཏཱི་ཡོ་ག་ནི་སྲིད་ཀྱི། ཨ་ཏཱི་ཡོ་ག་དང་བྲལ་བའི་ཉོན་མོངས་དུག་ལྔ་ནི་མི་སྲིད་དོ། །གཟུང་འཛིན་དང་བྲལ་བའི་ཤིན་ཏུ་སྤྲོས་མེད་ནི་སྲིད་ཀྱི། ཤིན་ཏུ་སྤྲོས་མེད་དང་བྲལ་བའི་གཟུང་འཛིན་ནི་མི་སྲིད་དོ། །ཆོས་དང་གང་ཟག་གི་བདག་དང་བྲལ་བའི་དེ་བཞིན་ཉིད་བདག་དག་པའི་བདག་ནི་སྲིད་ཀྱི། དེ་བཞིན་ཉིད་བདག་དག་པའི་བདག་དང་བྲལ་བའི་ཆོས་དང་གང་ཟག་གི་བདག་ནི་མི་སྲིད་དོ། །ཀུན་བཏགས་གཞན་དབང་དང་བྲལ་བའི་ཡོངས་གྲུབ་ནི་སྲིད་ཀྱི། ཡོངས་གྲུབ་དང་བྲལ་བའི་ཀུན་བཏགས་གཞན་དབང་ནི་མི་སྲིད་དོ། །དངོས་སྨྲ་རྣམས་དང་བྲལ་བའི་དབུ་མ་ཆེན་པོ་ནི་སྲིད་ཀྱི། དབུ་མ་ཆེན་པོ་དང་བྲལ་བའི་དངོས་སྨྲ་རྣམས་ནི་མི་སྲིད་དོ། །ཟག་བཅས་ཀྱི་བདེ་སྡུག་དང་བྲལ་བའི་རང་བཞིན་ལྷན་སྐྱེས་ཀྱི་བདེ་ཆེན་ནི་སྲིད་ཀྱི། རང་བཞིན་ལྷན་སྐྱེས་ཀྱི་བདེ་ཆེན་དང་བྲལ་བའི་བདེ་སྡུག་བཏང་སྙོམས་ཟག་བཅས་ནི་མི་སྲིད་དོ། །འཕོ་ བའི་ཆགས་པ་དང་བྲལ་བའི་རང་བཞིན་འགྱུར་མེད་ཀྱི་བདེ་ཆེན་ནི་སྲིད་ཀྱི། རང་བཞིན་འགྱུར་མེད་ཀྱི་བདེ་ཆེན་དང་བྲལ་བའི་འཕོ་བའི་ཆགས་པ་ནི་མི་སྲིད་དོ། །འགྱུར་བའི་མ་རིག་པ་དང་བྲལ་བའི་བདེན་དོན་བཅུ་གཉིས་ནི་སྲིད་ཀྱི། བདེན་དོན་བཅུ་གཉིས་དང་བྲལ་བའི་མ་རིག་པ་ལ་སོགས་པ་རྟེན་འབྲེལ་བཅུ་གཉིས་ནི་མི་སྲིད་དོ། །ཞུ་བདེ་འགྱུར་བཅས་དང་བྲལ་བའི་དེ་ཉིད་བཅུ་དྲུག་ནི་སྲིད་ཀྱི། དེ་ཉིད་བཅུ་དྲུག་དང་བྲལ་བའི་ཞུ་བདེ་འགྱུར་བཅས་འགྱུར་མེད་གང་ཡང་མི་སྲིད་དོ། །ཀུན་རྫོབ་ཀྱི་ཟླ་ཉི་དང་བྲལ་བའི་རྡོ་རྗེའི་ཟླ་ཉི་ནི་སྲིད་ཀྱི། རྡོ་རྗེའི་ཟླ་ཉི་དང་བྲལ་བའི་ཀུན་རྫོབ་ཀྱི་ཟླ་ཉི་ནི་མི་སྲིད་དོ། །ཀུན་རྫོབ་ཀྱི་ཁུ་རྡུལ་དང་བྲལ་བའི་རྡོ་རྗེའི་ ཁུ་རྡུལ་ནི་སྲིད་ཀྱི། རྡོ་རྗེའི་ཁུ་རྡུལ་དང་བྲལ་བའི་ཀུན་རྫོབ་ཀྱི་ཁུ་རྡུལ་ནི་མི་སྲིད་དོ། །ཀུན་རྫོབ་ཀྱི་བཤང་གཅི་དང་བྲལ་བའི་རྡོ་རྗེའི་བཤང་གཅི་ནི་སྲིད་ཀྱི། རྡོ་ རྗེའི་བཤང་གཅི་དང་བྲལ་བའི་ཀུན་རྫོབ་ཀྱི་བཤང་གཅི་ནི་མི་སྲིད་དོ། །ཀུན་རྫོབ་ཀྱི་ཤ་ཁྲག་རུས་པ་དང་བྲལ་བའི་རྡོ་རྗེའི་ཤ་ཁྲག་རུས་པ་ནི་སྲིད་ཀྱི། རྡོ་རྗེའི་ཤ་ཁྲག་རུས་པ་དང་བྲལ་བའི་ཀུན་རྫོབ་ཀྱི་ཤ་ཁྲག་རུས་པ་ནི་མི་སྲིད་དོ། །ཀུན་རྫོབ་ཀྱི་རྐང་ཚིལ་བུ་པགས་པ་དང་བྲལ་བའི་རྡོ་རྗེའི་རྐང་ཚིལ་བུ་པགས་པ་ནི་སྲིད་ཀྱི། རྡོ་རྗེའི་རྐང་ཚིལ་བུ་པགས་པ་དང་བྲལ་བའི་ཀུན་རྫོབ་ཀྱི་རྐག་ཚིལ་བུ་པགས་པ་ནི་མི་སྲིད་དོ། །ཀུན་རྫོབ་ཀྱི་སྐྲ་སྤུ་སེན་མོ་ལ་སོགས་དང་བྲལ་བའི་རྡོ་རྗེའི་སྐྲ་སྤུ་སེན་མོ་ལ་སོགས་ནི་སྲིད་ཀྱི། རྡོ་རྗེའི་སྐྲ་སྤུ་སེན་མོ་ལ་སོགས་དང་བྲལ་བའི་ཀུན་རྫོབ་ཀྱི་སྐྲ་སྤུ་སེན་མོ་ལ་སོགས་ནི་མི་སྲིད་དོ། །ཀུན་རྫོབ་ཀྱི་རྒྱུ་སྐར་དང་བྲལ་བའི་དོན་དམ་གྱི་རྒྱུ་སྐར་ནི་སྲིད་ཀྱི། དོན་དམ་གྱི་རྒྱུ་སྐར་དང་བྲལ་བའི་ཀུན་རྫོབ་ཀྱི་རྒྱུ་སྐར་ནི་མི་སྲིད་དོ། །ཀུན་བཏགས་ཀྱི་ལུས་འདི་དང་བྲལ་བའི་ཡོངས་གྲུབ་ཀྱི་སྐུ་ནི་སྲིད་ཀྱི། ཡོངས་གྲུབ་ཀྱི་སྐུ་དང་བྲལ་བའི་ཀུན་བཏགས་ཀྱི་ལུས་ནི་མི་སྲིད་དོ། །ཀུན་བཏགས་ཀྱི་ངག་དང་བྲལ་བའི་ཡོངས་གྲུབ་ཀྱི་གསུང་ནི་སྲིད་ཀྱི། ཡོངས་གྲུབ་ཀྱི་གསུང་དང་བྲལ་བའི་ཀུན་བཏགས་ཀྱི་ངག་ནི་མི་སྲིད་དོ། །ཀུན་བཏགས་ཀྱྀ་སེམས་དང་བྲལ་བའི་ཡོངས་གྲུབ་ཀྱི་ཐུགས་ནི་སྲིད་ཀྱི། ཡོངས་གྲུབ་ཀྱི་ཐུགས་དང་བྲལ་བའི་ཀུན་བཏགས་ཀྱི་སེམས་ནི་མི་སྲིད་དོ། །ཀུན་བཏགས་ཀྱི་བདེ་བ་དང་བྲལ་བའི་ཡོངས་གྲུབ་ཀྱི་བདེ་བ་ནི་སྲིད་ཀྱི། ཡོངས་གྲུབ་ཀྱི་བདེ་བ་དང་བྲལ་བའི་ཀུན་བཏགས་ཀྱི་བདེ་བ་ནི་མི་སྲིད་དོ། །ཀུན་བཏགས་ཀྱི་གནས་སྐབས་རིགས་བཞིའི་ཀུན་རྟོག་དང་བྲལ་བའི་ཡོངས་གྲུབ་ཀྱི་གནས་སྐབས་རིགས་བཞི་ནི་སྲིད་ཀྱི། ཡོངས་གྲུབ་ཀྱི་གནས་སྐབས་རིགས་བཞི་དང་བྲལ་བའི་ཀུན་བཏགས་ཀྱི་གནས་སྐབས་རིགས་བཞི་ནི་མི་སྲིད་དོ། །ཀུན་བཏགས་ཀྱི་ཟླ་བ་བཅུ་གཉིས་དང་བྲལ་བའི་ཡོངས་གྲུབ་ཀྱི་ཟླ་བ་བཅུ་གཉིས་ནི་སྲིད་ཀྱི། ཡོངས་གྲུབ་ཀྱི་ཟླ་བ་བཅུ་གཉིས་དང་བྲལ་བའི་ཀུན་བཏགས་ཀྱི་ཟླ་བ་བཅུ་གཉིས་ནི་མི་སྲིད་དོ། །ཀུན་བཏགས་ཀྱི་ཚེས་སུམ་བརྒྱ་དྲུག་ཅུ་དང་བྲལ་བའི་ཡོངས་གྲུབ་ཀྱི་ཚེས་སུམ་བརྒྱ་དྲུག་ཅུ་ནི་སྲིད་ཀྱི། ཡོངས་གྲུབ་ཀྱི་ཚེས་སུམ་བརྒྱ་དྲུག་ཅུ་དང་བྲལ་བའི་ཀུན་བཏགས་ཀྱི་ཚེས་སུམ་བརྒྱ་དྲུག་ཅུ་ནི་མི་སྲིད་དོ། །ཀུན་བཏགས་ཀྱི་ཁྱིམ་བཅུ་གཉིས་དང་བྲལ་བའི་ཡོངས་གྲུབ་ཀྱི་ཁྱིམ་བཅུ་གཉིས་ནི་སྲིད་ཀྱི། ཡོངས་གྲུབ་ཀྱི་ཁྱིམ་བཅུ་གཉིས་དང་བྲལ་བའི་ཀུན་བཏགས་ཀྱི་ཁྱིམ་བཅུ་གཉིས་ནི་མི་སྲིད་དོ། །ཀུན་བཏགས་ཀྱི་ཆུ་ཚོད་སྟོང་དྲུག་བརྒྱ་ཉི་ཤུ་དང་བྲལ་བའི་ཡོངས་གྲུབ་ཀྱི་ཆུ་ཚོད་སྟོང་དྲུག་བརྒྱ་ཉི་ཤུ་ནི་སྲིད་ཀྱི། ཡོངས་གྲུབ་ཀྱི་ཆུ་ཚོད་སྟོང་དྲུག་བརྒྱ་ཉི་ཤུ་དང་བྲལ་བའི་ཀུན་བཏགས་ཀྱི་ཆུ་ཚོད་སྟོང་དྲུག་བརྒྱ་ཉི་ཤུ་ནི་མི་སྲིད་དོ། །ཀུན་བཏགས་ཀྱི་དབྱར་དགུན་སྟོན་དཔྱིད་དང་བྲལ་བའི་ཡོངས་གྲུབ་ཀྱི་དབྱར་དགུན་སྟོན་དཔྱིད་ནི་སྲིད་ཀྱི། ཡོངས་གྲུབ་ཀྱི་དབྱར་དགུན་སྟོན་དཔྱིད་དང་བྲལ་བའི་ཀུན་བཏགས་ཀྱྀ་དབྱར་དགུན་སྟོན་དཔྱིད་ནི་མི་སྲིད་དོ། །ཀུན་བཏགས་ཀྱི་དུས་དྲུག་དང་བྲལ་བའི་ཡོངས་གྲུབ་ཀྱི་དུས་དྲུག་ནི་སྲིད་ཀྱི། ཡོངས་གྲུབ་ཀྱི་དུས་དྲུག་དང་བྲལ་བའི་ཀུན་བཏགས་ཀྱི་དུས་དྲུག་ནི་མི་སྲིད་དོ། །ཀུན་བཏགས་ཀྱི་དུས་གསུམ་དང་བྲལ་བའི་ཡོངས་གྲུབ་ཀྱི་དུས་གསུམ་ནི་སྲིད་ཀྱི། ཡོངས་གྲུབ་ཀྱི་དུས་གསུམ་དང་བྲལ་བའི་ཀུན་བཏགས་ཀྱི་དུས་གསུམ་ནི་མི་སྲིད་དོ། །ཀུན་བཏགས་ཀྱི་ལོ་དང་བྲལ་བའི་ཡོངས་གྲུབ་ཀྱི་ལོ་ནི་སྲིད་ཀྱི། ཡོངས་གྲུབ་ཀྱི་ལོ་དང་བྲལ་བའི་ཀུན་བཏགས་ཀྱི་ལོ་ནི་མི་སྲིད་དོ། །ཀུན་བཏགས་ཀྱི་ཟླ་བ་ཕྱེད་པ་དང་བྲལ་བའི་ཡོངས་གྲུབ་ཀྱི་ཟླ་བ་ཕྱེད་པ་ནི་སྲིད་ཀྱི། ཡོངས་གྲུབ་ཀྱི་ཟླ་བ་ཕྱེད་པ་དང་བྲལ་བའི་ཀུན་བཏགས་ཀྱི་ཟླ་བ་ཕྱེད་པ་ནི་མི་སྲིད་དོ། །ཀུན་བཏགས་ཀྱི་གཟའ་བཅུ་དང་བྲལ་བའི་ཡོངས་གྲུབ་ཀྱི་གཟའ་བཅུ་ནི་སྲིད་ཀྱི། ཡོངས་གྲུབ་ཀྱི་གཟའ་བཅུ་དང་བྲལ་བའི་ཀུན་བཏགས་ཀྱི་གཟའ་བཅུ་ནི་མི་སྲིད་དོ། །ཀུན་བཏགས་ཀྱི་རླུང་བཅུ་དང་བྲལ་བའི་ཡོངས་གྲུབ་ཀྱི་རླུང་བཅུ་ནི་སྲིད་ཀྱི། ཡོངས་གྲུབ་ཀྱི་རླུང་བཅུ་དང་བྲལ་བའི་ཀུན་བཏགས་ཀྱི་རླུང་བཅུ་ནི་མི་སྲིད་དོ། །ཀུན་བཏགས་ཀྱི་སྐར་མ་ཕྲ་སྦོམ་དང་བྲལ་བའི་ཡོངས་གྲུབ་ཀྱི་སྐར་མ་ཕྲ་སྦོམ་ནི་སྲིད་ཀྱི། ཡོངས་གྲུབ་ཀྱི་སྐར་མ་ཕྲ་སྦོམ་དང་བྲལ་བའི་ཀུན་བཏགས་ཀྱི་སྐར་མ་ཕྲ་སྦོམ་ནི་མི་སྲིད་དོ། །ཀུན་བཏགས་ཀྱི་འཇའ་ཚོན་ཕྲ་རགས་དང་བྲལ་བའི་ཡོངས་གྲུབ་ཀྱི་འཇའ་ཚོན་ཕྲ་རགས་ནི་སྲིད་ཀྱི། ཡོངས་གྲུབ་ཀྱི་འཇའ་ཚོན་ཕྲ་རགས་དང་བྲལ་བའི་ཀུན་བཏགས་ཀྱི་འཇའ་ཚོན་ཕྲ་རགས་ནི་མི་སྲིད་དོ། །ཀུན་བཏགས་ཀྱི་ས་རྡོ་དང་བྲལ་བའི་ཡོངས་གྲུབ་ཀྱི་ས་རྡོ་ནི་སྲིད་ཀྱི། ཡོངས་གྲུབ་ཀྱི་ས་རྡོ་དང་བྲལ་བའི་ཀུན་བཏགས་ཀྱི་ས་རྡོ་ནི་མི་སྲིད་དོ། །ཀུན་བཏགས་ཀྱི་ཆུ་མེ་དང་བྲལ་བའི་ཡོངས་གྲུབ་ཀྱི་ཆུ་མེ་ནི་སྲིད་ཀྱི། ཡོངས་གྲུབ་ཀྱི་ཆུ་མེ་དང་བྲལ་བའི་ཀུན་བཏགས་ཀྱི་ཆུ་མེ་ནི་མི་སྲིད་དོ། །ཀུན་བཏགས་ཀྱི་ཆར་དང་གློག་དང་བྲལ་བའི་ཡོངས་གྲུབ་ཀྱི་ཆར་དང་གློག་ནི་སྲིད་ཀྱི། ཡོངས་གྲུབ་ཀྱི་ཆར་དང་གློག་དང་བྲལ་བའི་ཀུན་བཏགས་ཀྱི་ཆར་དང་གློག་ནི་མི་སྲིད་དོ། །ཀུན་བཏགས་ཀྱི་ཕུང་པོ་དྲུག་དང་བྲལ་བའི་ཡོངས་གྲུབ་ཀྱི་ཕུང་པོ་དྲུག་ནི་སྲིད་ཀྱི། ཡོངས་གྲུབ་ཀྱི་ཕུང་པོ་དྲུག་དང་བྲལ་བའི་ཀུན་བཏགས་ཀྱི་ཕུང་པོ་དྲུག་ནི་མི་སྲིད་དོ། །ཀུན་བཏགས་ཀྱི་ཁམས་དྲུག་དང་བྲལ་བའི་ཡོངས་གྲུབ་ཀྱི་ཁམས་དྲུག་ནི་སྲིད་ཀྱི། ཡོངས་གྲུབ་ཀྱི་ཁམས་དྲུག་དང་བྲལ་བའི་ཀུན་བཏགས་ཀྱི་ཁམས་དྲུག་ནི་མི་སྲིད་དོ། །ཀུན་བཏགས་ཀྱི་དབང་པོ་དྲུག་དང་བྲལ་བའི་ཡོངས་གྲུབ་ཀྱི་དབང་པོ་དྲུག་ནི་སྲིད་ཀྱི། ཡོངས་གྲུབ་ཀྱི་དབང་པོ་དྲུག་དང་བྲལ་བའི་ཀུན་བཏགས་ཀྱི་དབང་པོ་དྲུག་ནི་མི་སྲིད་དོ། །ཀུན་བཏགས་ཀྱི་ཡུལ་དྲུག་དང་བྲལ་བའི་ཡོངས་གྲུབ་ཀྱི་ཡུལ་དྲུག་ནི་སྲིད་ཀྱི། ཡོངས་གྲུབ་ཀྱི་ཡུལ་དྲུག་དང་བྲལ་བའི་ཀུན་བཏགས་ཀྱི་ཡུལ་དྲུག་ནི་མི་སྲིད་དོ། །ཀུན་བཏགས་ཀྱི་ལས་དབང་དྲུག་དང་བྲལ་བའི་ཡོངས་གྲུབ་ཀྱི་ལས་དབང་དྲུག་ནི་སྲིད་ཀྱི། ཡོངས་གྲུབ་ཀྱི་ལས་དབང་དྲུག་དང་བྲལ་བའི་ཀུན་བཏགས་ཀྱི་ལས་དབང་དྲུག་ནི་མི་སྲིད་དོ། །ཀུན་བཏགས་ཀྱི་ལས་དབང་གི་བྱ་བ་དྲུག་དང་བྲལ་བའི་ཡོངས་གྲུབ་ཀྱི་ལས་དབང་གི་བྱ་བ་དྲུག་ནི་སྲིད་ཀྱི། ཡོངས་གྲུབ་ཀྱི་ལས་དབང་གི་བྱ་བ་དྲུག་དང་བྲལ་བའི་ཀུན་བཏགས་ཀྱི་ལས་དབང་གི་བྱ་བ་དྲུག་ནི་མི་སྲིད་དོ། །ཀུན་བཏགས་ཀྱི་སྐྱེས་བུ་གང་ཟག་དང་བྲལ་བའི་ཡོངས་གྲུབ་ཀྱི་སྐྱེས་བུ་ཆེན་པོའི་གང་ཟག་ནི་སྲིད་ཀྱི། ཡོངས་གྲུབ་ཀྱི་སྐྱེས་བུ་ཆེན་པོའི་གང་ཟག་དང་བྲལ་བའི་ཀུན་བཏགས་ཀྱི་སྐྱེས་བུའི་གང་ཟག་ནི་མི་སྲིད་དོ། །ཀུན་བཏགས་ཀྱི་ཕུང་པོ་སུམ་ཅུ་རྩ་དྲུག་དང་བྲལ་བའི་ཡོངས་གྲུབ་ཀྱི་ཕུང་པོ་སུམ་ཅུ་རྩ་དྲུག་ནི་སྲིད་ཀྱི། ཡོངས་གྲུབ་ཀྱི་ཕུང་པོ་སུམ་ཅུ་རྩ་དྲུག་དང་བྲལ་བའི་ཀུན་བཏགས་ཀྱི་ཕུང་པོ་སུམ་ཅུ་རྩ་དྲུག་ནི་མི་སྲིད་དོ། །ཀུན་བཏགས་ཀྱི་རོ་དང་ཁམས་ཀྱི་རྣམ་འགྱུར་སུམ་ཅུ་རྩ་དྲུག་དང་བྲལ་བའི་ཡོངས་གྲུབ་ཀྱི་རོ་དང་ཁམས་ཀྱི་རྣམ་འགྱུར་སུམ་ཅུ་རྩ་དྲུག་ནི་སྲིད་ཀྱི། ཡོངས་གྲུབ་ཀྱི་རོ་དང་ཁམས་ཀྱི་རྣམ་འགྱུར་སུམ་ཅུ་རྩ་དྲུག་དང་བྲལ་བའི་ཀུན་བཏགས་ཀྱི་རོ་དང་ཁམས་ཀྱི་རྣམ་འགྱུར་སུམ་ཅུ་རྩ་དྲུག་ནི་མི་སྲིད་དོ། །ཀུན་བཏགས་ཀྱི་རྣམ་བཅུ་དབང་ལྡན་དང་བྲལ་བའི་ཡོངས་གྲུབ་ཀྱི་རྣམ་བཅུ་དབང་ལྡན་ནི་སྲིད་ཀྱི། ཡོངས་གྲུབ་ཀྱི་རྣམ་བཅུ་དབང་ལྡན་དང་བྲལ་བའི་ཀུན་བཏགས་ཀྱྀ་རྣམ་བཅུ་དབང་ལྡན་ནི་མི་སྲིད་དོ། །ཀུན་བཏགས་ཀྱི་ཟླ་བའི་ཆ་བཅོ་ལྔ་འཕེལ་འགྲིབ་དང་བྲལ་བའི་ཡོངས་གྲུབ་ཀྱི་ཟླ་བའི་ཆ་བཅོ་ལྔ་འཕེལ་འགྲིབ་ནི་སྲིད་ཀྱི། ཡོངས་གྲུབ་ཀྱི་ཟླ་བའི་ཆ་བཅོ་ལྔ་འཕེལ་འགྲིབ་དང་བྲལ་བའི་ཀུན་བཏགས་ཀྱི་ཟླ་བའི་ཆ་བཅོ་ལྔ་འཕེལ་འགྲིབ་ནི་མི་སྲིད་དོ། །ཀུན་བཏགས་ཀྱི་ཉི་མ་ལྷོ་བྱང་དུ་བགྲོད་པ་དང་བྲལ་བའི་ཡོངས་གྲུབ་ཀྱི་ཉི་མ་ལྷོ་བྱང་དུ་བགྲོད་པ་ནི་སྲིད་ཀྱི། ཡོངས་གྲུབ་ཀྱི་ཉི་མ་ལྷོ་བྱང་དུ་བགྲོད་པ་དང་བྲལ་བའི་ཀུན་བཏགས་ཀྱི་ཉི་མ་ལྷོ་བྱང་དུ་བགྲོད་པ་ནི་མི་སྲིད་དོ། །དེ་དག་ལ་སོགས་པ་ཡོངས་གྲུབ་ཀྱི་ཆོས་ཐམས་ཅད་ནི་རྟེན་ཡིན་ཞིང༌། ཀུན་བཏགས་ཀྱི་ཆོས་ཐམས་ཅད་ནི་བརྟེན་པ་ཡིན་པའི་ཕྱིར། ཡོངས་གྲུབ་ཀྱི་ཆོས་རྣམས་མེད་ན་ཀུན་བཏགས་ཀྱི་ཆོས་རྣམས་མི་སྲིད་པར་འགྱུར་བ་ལས་སྲིད་པའི་ཕྱིར་ཡོངས་གྲུབ་ཀྱི་ཆོས་རྣམས་ཡོད་པར་གྱུར་ཅིང༌། དེ་ཡང་ཡུལ་དུས་ཐམས་ཅད་དུ་ནམ་མཁའ་ལྟར་ཁྱབ་པའི་བདག་ཉིད་དུ་རྟག་ཏུ་བཞུགས་སོ། །འདིར་ཡོངས་གྲུབ་དང་ཀུན་བཏགས་ནི་དོན་དམ་དང་ཀུན་རྫོབ་སྟེ། དབུས་དང་མཐའ་ཡང་ཡིན་ལ། རང་བཞིན་གཉུག་མ་དང་བཅོས་མ་གློ་བུར་བ་ཡང་ཡིན་ཞིང༌། གཞན་མཆོག་ཕ་རོལ་དང་ཕྱི་ནང་ཀུན་རྫོབ་འདི་ཡང་ཡིན་ལ། དེ་དག་འབྲུ་དང་འབྲུའི་ཤུན་པ་ལྟར་རྣམ་པ་མཚུངས་ཀྱང་ངོ་བོ་ཁྱད་པར་ཤིན་ཏུ་ཆེ་བ་ཡིན་ནོ། །དེ་རྣམས་ཀྱི་རྟེན་དང་བརྟེན་པ་ཉིད་དུ་རྟོགས་ནས་རྟེན་མེད་ན་བརྟེན་པ་མི་སྲིད་པའི་དོན་ལ་མཁས་པར་གྱུར་ཏེ། བདེ་གཤེགས་སྙིང་པོ་དག་པའི་བདག་ལ་ཤེས་ནས་དད་པ་ཐོབ་པར་གྱུར་ཅིག །ཡོངས་གྲུབ་ཀྱི་ཆོས་རྣམས་རྟེན་ཡིན་ཞིང༌། ཀུན་བཏགས་ཀྱི་ཆོས་རྣམས་དེ་ལ་བརྟེན་པ་ཡིན་པས་རྟེན་མེད་ན་བརྟེན་པ་མི་སྲིད་པ་ཇི་ལྟ་བ་དེ་བཞིན་དུ་ཡོངས་གྲུབ་ཀྱི་ཆོས་རྣམས་ཁྱབ་བྱེད་ཡིན་ཞིང༌། ཀུན་བཏགས་ཀྱི་ཆོས་རྣམས་ཁྱབ་བྱ་ཡིན་པས་ཁྱབ་བྱེད་ཁེག་ན་ཁྱབ་བྱ་ཁེག་པའི་ཕྱིར། ཡོངས་གྲུབ་མེད་ན་ཀུན་བཏགས་ཀྱི་ཆོས་འདི་རྣམས་ཐམས་ཅད་མི་སྲིད་པར་འགྱུར་དགོས་པ་ལས་སྲིད་པའི་ཕྱིར། འགྱུར་མེད་ཡོངས་གྲུབ་ཡོད་པར་གྲུབ་པས་བདེ་གཤེགས་སྙིང་པོ་ཡོན་ཏན་མང་པོ་ཅན་ལ་ཤེས་ནས་དད་པ་ཐོབ་པར་གྱུར་ཅིག །

བདེན་པ་གཉིས་ལས། དོན་དམ་བདེན་པ་ཡོན་ཏན་མང་པོ་ཅན་ནི་རྟེན་དང་ཁྱབ་བྱེད་ཡིན་ལ། ཀུན་རྫོབ་ཐམས་ཅད་ནི་བརྟེན་པ་དང་ཁྱབ་བྱ་ཡིན་པས། དོན་དམ་བདེན་པ་ཡོན་ཏན་མང་པོ་ཅན་མེད་ན་ཀུན་རྫོབ་ཐམས་ཅད་མི་སྲིད་པར་འགྱུར་བ་ལས་སྲིད་པའི་ཕྱིར། དོན་དམ་བདེན་པ་ཡོན་ཏན་མང་པོ་ཅན་ཡོད་པར་གྲུབ་ཅིང༌། དེ་ཡང་བདེ་གཤེགས་སྙིང་པོ་ཡོན་ཏན་མང་པོ་ཅན་ཡིན་པའི་ཕྱིར། སེམས་ཅན་ཐམས་ཅད་བདེ་གཤེགས་སྙིང་པོ་ཡོན་ཏན་མང་པོ་ཅན་ལ་ཤེས་ནས་དད་པ་ཐོབ་པར་གྱུར་ཅིག །

ཆོས་ཉིད་དང་ཆོས་ཅན་ལས། ཆོས་ཉིད་ཟབ་མོ་ཡོན་ཏན་མང་པོ་ཅན་ནི་རྟེན་དང་ཁྱབ་བྱེད་ཡིན་ལ། ཆོས་ཅན་སྣ་ཚོགས་ནི་བརྟེན་པ་དང་ཁྱབ་བྱ་ཡིན་པས། ཆོས་ཉིད་ཟབ་མོ་ཡོན་ཏན་མང་པོ་ཅན་མེད་ན་ཆོས་ཅན་སྣ་ཚོགས་མི་སྲིད་པར་འགྱུར་བ་ལས་སྲིད་པའི་ཕྱིར། ཆོས་ཉིད་ཟབ་མོ་ཡོན་ཏན་མང་པོ་ཅན་ཡོད་པར་གྲུབ་ཅིང༌། དེ་ཡང་བདེ་གཤེགས་སྙིང་པོ་ཡོན་ཏན་མང་པོ་ཅན་ཡིན་པའི་ཕྱིར། སེམས་ཅན་ཐམས་ཅད་བདེ་གཤེགས་སྙིང་པོ་ཡོན་ཏན་མང་པོ་ཅན་ལ་ཤེས་ནས་དད་པ་ཐོབ་པར་གྱུར་ཅིག །

དབུས་དང་མཐའ་ལས། དབུས་མ་བར་མ་ཕུང་པོ་གསུམ་པ་ཡོན་ཏན་མང་པོ་ཅན་ནི་རྟེན་དང་ཁྱབ་བྱེད་ཡིན་ལ། ཡོད་མེད་ཀྱི་མཐའ་ཐམས་ཅད་ནི་བརྟེན་པ་དང་ཁྱབ་བྱ་ཡིན་པས། དབུས་མ་ཡོན་ཏན་མང་པོ་ཅན་མེད་ན་ཡོད་མེད་ཀྱི་མཐའ་ཐམས་ཅད་མི་སྲིད་པར་འགྱུར་བ་ལས་སྲིད་པའི་ཕྱིར། དབུས་མ་ཡོན་ཏན་མང་པོ་ཅན་ཡོད་པར་གྲུབ་ཅིང༌། དེ་ཡང་བདེ་གཤེགས་སྙིང་པོ་ཡོན་ཏན་མང་པོ་ཅན་ཡིན་པས། སེམས་ཅན་ཐམས་ཅད་བདེ་གཤེགས་སྙིང་པོ་ཡོན་ཏན་མང་པོ་ཅན་ལ་ཤེས་ནས་དད་པ་ཐོབ་པར་གྱུར་ཅིག །

ཆོས་ལྔ་ལས། དེ་བཞིན་ཉིད་ཡོན་ཏན་མང་པོ་ཅན་ནི་རྟེན་དང་ཁྱབ་བྱེད་ཡིན་ལ། མིང་སོགས་ཆོས་གཞན་བཞི་ནི་བརྟེན་པ་དང་ཁྱབ་བྱ་ཡིན་པས། དེ་བཞིན་ཉིད་ཡོན་ཏན་མང་པོ་ཅན་མེད་ན་མིང་སོགས་ཆོས་གཞན་རྣམས་མི་སྲིད་པར་གྱུར་པ་ལས་སྲིད་པའི་ཕྱིར། དེ་བཞིན་ཉིད་ཡོན་ཏན་མང་པོ་ཅན་ཡོད་པར་གྲུབ་ཅིང༌། དེ་ཡང་བདེ་གཤེགས་སྙིང་པོ་ཡོན་ཏན་མང་པོ་ཅན་ཡིན་པའི་ཕྱིར། སེམས་ཅན་ཐམས་ཅད་བདེ་གཤེགས་སྙིང་པོ་ཡོན་ཏན་མང་པོ་ཅན་ལ་ཤེས་ནས་དད་པ་ཐོབ་ཅིང་སྐྱབས་སུ་འགྲོ་བར་གྱུར་ཅིག །

རང་བཞིན་གསུམ་ལས། འགྱུར་མེད་ཡོངས་གྲུབ་ཡོན་ཏན་མང་པོ་ཅན་ནི་རྟེན་དང་ཁྱབ་བྱེད་ཡིན་ལ། ཀུན་བཏགས་གཞན་དབང་ནི་བརྟེན་པ་དང་ཁྱབ་བྱ་ཡིན་པས། འགྱུར་མེད་ཡོངས་གྲུབ་ཡོན་ཏན་མང་པོ་ཅན་མེད་ན་ཀུན་བཏགས་གཞན་དབང་འདི་རྣམས་མི་སྲིད་པར་འགྱུར་བ་ལས་སྲིད་པའི་ཕྱིར། འགྱུར་མེད་ཡོངས་གྲུབ་ཡོན་ཏན་མང་པོ་ཅན་ཡོད་པར་གྲུབ་ཅིང༌། དེ་ཡང་བདེ་གཤེགས་སྙིང་པོ་ཡོན་ཏན་མང་པོ་ཅན་ཡིན་པའི་ཕྱིར། སེམས་ཅན་ཐམས་ཅད་བདེ་གཤེགས་སྙིང་པོ་ཡོན་ཏན་མང་པོ་ཅན་ལ་ཤེས་ནས་དད་པ་ཐོབ་ཅིང་སྐྱབས་སུ་འགྲོ་བར་གྱུར་ཅིག །

ཕྱི་ནང་གཞན་གསུམ་ལས། གཞན་མཆོག་ཕ་རོལ་དམ་པ་དང་པོའི་སངས་རྒྱས་ནི་རྟེན་དང་ཁྱབ་བྱེད་ཡིན་ལ། ཕྱི་ནང་སྣོད་བཅུད་ཚུ་རོལ་དམན་པ་འདི་ནི་བརྟེན་པ་དང་ཁྱབ་བྱ་ཡིན་པས། གཞན་མཆོག་དམ་པ་དང་པོའི་སངས་རྒྱས་མེད་ན་ཕྱི་ནང་སྣོད་བཅུད་དམན་པ་འདི་ཡང་མི་སྲིད་པར་འགྱུར་བ་ལས་སྲིད་པའི་ཕྱིར། གཞན་མཆོག་ཕ་རོལ་དམ་པ་དང་པོའི་སངས་རྒྱས་ཡོད་པར་གྲུབ་ཅིང༌། དེ་ཡང་བདེ་གཤེགས་སྙིང་པོ་ཡོན་ཏན་མང་པོ་ཅན་ཡིན་པའི་ཕྱིར། སེམས་ཅན་ཐམས་ཅད་བདེ་གཤེགས་སྙིང་པོ་ཡོན་ཏན་མང་པོ་ཅན་ལ་ཤེས་ནས་དད་པ་ཐོབ་ཅིང་སྐྱབས་སུ་འགྲོ་བར་གྱུར་ཅིག །

བདེན་པ་བཞི་ལས། འགོག་བདེན་ཟབ་མོ་ཡོན་ཏན་མང་པོ་[ཅན་ནི་]རྟེན་དང་ཁྱབ་བྱེད་ཡིན་ལ། བདེན་པ་གཞན་གསུམ་ནི་བརྟེན་པ་དང་ཁྱབ་བྱ་ཡིན་པས། འགོག་བདེན་ཟབ་མོ་ཡོན་ཏན་མང་པོ་ཅན་མེད་ན་བདེན་པ་གཞན་གསུམ་མི་སྲིད་པར་འགྱུར་བ་ལས་སྲིད་པའི་ཕྱིར། འགོག་བདེན་ཟབ་མོ་ཡོན་ཏན་མང་པོ་ཅན་ཡོད་པར་གྲུབ་ཅིང༌། དེ་ཡང་བདེ་གཤེགས་སྙིང་པོ་ཡོན་ཏན་མང་པོ་ཅན་ཡིན་པའི་ཕྱིར། སེམས་ཅན་ཐམས་ཅད་བདེ་གཤེགས་སྙིང་པོ་ཡོན་ཏན་མང་པོ་ཅན་ལ་ཤེས་ནས་དད་པ་ཐོབ་ཅིང་སྐྱབས་སུ་འགྲོ་བར་གྱུར་ཅིག །

རང་བྱུང་གཞན་བྱུང་གཉིས་ལས། རང་བྱུང་ཡེ་ཤེས་ནི་རྟེན་དང་ཁྱབ་བྱེད་ཡིན་ལ། གཞན་བྱུང་རྣམ་ཤེས་ལ་སོགས་པའི་དངོས་པོ་ཐམས་ཅད་ནི་བརྟེན་པ་དང་ཁྱབ་བྱ་ཡིན་པས། རང་བྱུང་ཡེ་ཤེས་མེད་ན་གཞན་བྱུང་རྣམ་ཤེས་ལ་སོགས་པའི་དངོས་པོ་ཐམས་ཅད་མི་སྲིད་པར་འགྱུར་བ་ལས་སྲིད་པའི་ཕྱིར། རང་བྱུང་ཡེ་ཤེས་ཡོད་པར་གྲུབ་ཅིང༌། དེ་ཡང་བདེ་གཤེགས་སྙིང་པོ་ཡོན་ཏན་མང་པོ་ཅན་ཡིན་པའི་ཕྱིར། སེམས་ཅན་ཐམས་ཅད་བདེ་གཤེགས་སྙིང་པོ་ཡོན་ཏན་མང་པོ་ཅན་ལ་ཤེས་ནས་དད་པ་ཐོབ་ཅིང་སྐྱབས་སུ་འགྲོ་བར་གྱུར་ཅིག །

དོན་དམ་ཆོས་སྐུ་དང་ཀུན་རྫོབ་གཟུགས་སྐུ་གཉིས་ལས། དོན་དམ་ཆོས་སྐུ་ནི་རྟེན་དང་ཁྱབ་བྱེད་ཡིན་ལ། ཀུན་རྫོབ་གཟུགས་སྐུ་ནི་བརྟེན་པ་དང་ཁྱབ་བྱ་ཡིན་པས། དོན་དམ་ཆོས་སྐུ་མེད་ན་ཀུན་རྫོབ་གཟུགས་སྐུ་མི་སྲིད་པར་འགྱུར་བ་ལས་སྲིད་པའི་ཕྱིར། དོན་དམ་ཆོས་སྐུ་ཡོད་པར་གྲུབ་ཅིང༌། དེ་ཡང་བདེ་གཤེགས་སྙིང་པོ་ཡོན་ཏན་མང་པོ་ཅན་ཡིན་པའི་ཕྱིར། སེམས་ཅན་ཐམས་ཅད་བདེ་གཤེགས་སྙིང་པོ་ཡོན་ཏན་མང་པོ་ཅན་ལ་ཤེས་ནས་དད་པ་ཐོབ་ཅིང་སྐྱབས་སུ་འགྲོ་བར་གྱུར་ཅིག།

ཀུན་གཞི་ཡེ་ཤེས་དང་རྣམ་ཤེས་གཉིས་ལས། ཀུན་གཞི་ཡེ་ཤེས་བཅུ་ནི་རྟེན་དང་ཁྱབ་བྱེད་ཡིན་ལ། ཀུན་གཞི་རྣམ་ཤེས་ལ་སོགས་པ་རྣམ་ཤེས་ཚོགས་བརྒྱད་འཁོར་དང་བཅས་པ་ནི་བརྟེན་པ་དང་ཁྱབ་བྱ་ཡིན་པས། ཀུན་གཞི་ཡེ་ཤེས་བཅུ་པོ་མེད་ན་ཀུན་གཞི་རྣམ་ཤེས་ལ་སོགས་པ་རྣམ་ཤེས་ཚོགས་བརྒྱད་འཁོར་དང་བཅས་པ་མི་སྲིད་པར་འགྱུར་བ་ལས་སྲིད་པའི་ཕྱིར། ཀུན་གཞི་ཡེ་ཤེས་བཅུ་པོ་ཡོད་པར་གྲུབ་ཅིང༌། དེ་ཡང་བདེ་གཤེགས་སྙིང་པོ་ཡོན་ཏན་མང་པོ་ཅན་ཡིན་པའི་ཕྱིར། སེམས་ཅན་ཐམས་ཅད་བདེ་གཤེགས་སྙིང་པོ་ཡོན་ཏན་མང་པོ་ཅན་ལ་ཤེས་ནས་དད་པ་ཐོབ་ཅིང་སྐྱབས་སུ་འགྲོ་བར་གྱུར་ཅིག །

བདེ་གཤེགས་སྙིང་པོ་དང་གློ་བུར་དྲི་མ་གཉིས་ལས། བདེ་གཤེགས་སྙིང་པོ་ཡོན་ཏན་མང་པོ་ཅན་ནི་རྟེན་དང་ཁྱབ་བྱེད་ཡིན་ལ། གློ་བུར་དྲི་མ་ནི་བརྟེན་པ་དང་ཁྱབ་བྱ་ཡིན་པས། བདེ་གཤེགས་སྙིང་པོ་ཡོན་ཏན་མང་པོ་ཅན་མེད་ན་གློ་བུར་དྲི་མ་རྣམས་མི་སྲིད་པར་འགྱུར་བ་ལས་སྲིད་པའི་ཕྱིར། བདེ་གཤེགས་སྙིང་པོ་ཡོན་ཏན་མང་པོ་ཅན་ཡོད་པར་གྲུབ་པས་བདེ་གཤེགས་སྙིང་པོ་དང་དེའི་ཡོན་ཏན་མེད་པར་འདོད་པའི་སྡིག་ལྟ་སྤོང་བར་གྱུར་ཅིག །

རང་བཞིན་དང་བཅོས་མ་གཉིས་ལས། རང་བཞིན་ཡོན་ཏན་མང་པོ་ཅན་ནི་རྟེན་དང་ཁྱབ་བྱེད་ཡིན་ལ། བཅོས་མ་ཐམས་ཅད་ནི་བརྟེན་པ་དང་ཁྱབ་བྱ་ཡིན་པས། རང་བཞིན་ཡོན་ཏན་མང་པོ་ཅན་མེད་ན་བཅོས་མ་ཐམས་ཅད་མི་སྲིད་པར་འགྱུར་བ་ལས་སྲིད་པའི་ཕྱིར། རང་བཞིན་ཡོན་ཏན་མང་པོ་ཅན་ཡོད་པར་གྲུབ་ཅིང༌། དེ་ཡང་བདེ་གཤེགས་སྙིང་པོ་ཡོན་ཏན་མང་པོ་ཅན་ཡིན་པའི་ཕྱིར། སེམས་ཅན་ཐམས་ཅད་བདེ་གཤེགས་སྙིང་པོ་ཡོན་ཏན་མང་པོ་ཅན་ལ་ཤེས་ནས་དད་པ་ཐོབ་ཅིང་སྐྱབས་སུ་འགྲོ་བར་གྱུར་ཅིག །

གཉུག་མ་དང་གློ་བུར་བ་གཉིས་ལས། གཉུག་མ་ཡོན་ཏན་མང་པོ་ཅན་ནི་རྟེན་དང་ཁྱབ་བྱེད་ཡིན་ལ། གློ་བུར་བ་ཐམས་ཅད་ནི་བརྟེན་པ་དང་ཁྱབ་བྱ་ཡིན་པས། གཉུག་མ་ཡོན་ཏན་མང་པོ་ཅན་མེད་ན་གློ་བུར་བ་ཐམས་ཅད་མི་སྲིད་པར་འགྱུར་བ་ལས་སྲིད་པའི་ཕྱིར། གཉུག་མ་ཡོན་ཏན་མང་པོ་ཅན་ཡོད་པར་གྲུབ་ཅིང༌། དེ་ཡང་བདེ་གཤེགས་སྙིང་པོ་ཡོན་ཏན་མང་པོ་ཅན་ཡིན་པའི་ཕྱིར། སེམས་ཅན་ཐམས་ཅད་བདེ་གཤེགས་སྙིང་པོ་ཡོན་ཏན་མང་པོ་ཅན་ལ་ཤེས་ནས་དད་པ་ཐོབ་ཅིང་སྐྱབས་སུ་འགྲོ་བར་གྱུར་ཅིག །

བདེན་པ་གཉིས་ཀྱི་ཚོགས་གཉིས་དང་སྤངས་རྟོགས་ལས། དོན་དམ་གྱི་ཚོགས་གཉིས་དང་སྤངས་རྟོགས་ནི་རྟེན་དང་ཁྱབ་བྱེད་ཡིན་ལ། ཀུན་རྫོབ་ཀྱི་ཚོགས་གཉིས་དང་སྤངས་རྟོགས་ནི་བརྟེན་པ་དང་ཁྱབ་བྱ་ཡིན་པས། དོན་དམ་གྱི་ཚོགས་གཉིས་དང་སྤངས་རྟོགས་མེད་ན་ཀུན་རྫོབ་ཀྱི་ཚོགས་གཉིས་དང་སྤངས་རྟོགས་མི་སྲིད་པར་འགྱུར་བ་ལས་སྲིད་པའི་ཕྱིར། དོན་དམ་གྱི་ཚོགས་གཉིས་དང་སྤངས་རྟོགས་ཡོད་པར་གྲུབ་ཅིང༌། དེ་ཡང་བདེ་གཤེགས་སྙིང་པོ་ཡོན་ཏན་མང་པོ་ཅན་ཡིན་པའི་ཕྱིར། སེམས་ཅན་ཐམས་ཅད་བདེ་གཤེགས་སྙིང་པོ་ཡོན་ཏན་མང་པོ་ཅན་ལ་ཤེས་ནས་དད་པ་ཐོབ་ཅིང་སྐྱབས་སུ་འགྲོ་བར་གྱུར་ཅིག །

དེ་བཞིན་ཉིད་བདག་དག་པའི་བདག་ནི་རྟེན་དང་ཁྱབ་བྱེད་ཡིན་ལ། གཟུང་འཛིན་གྱི་དངོས་པོ་ཐམས་ཅད་ནི་བརྟེན་པ་དང་ཁྱབ་བྱ་ཡིན་པས། དེ་བཞིན་ཉིད་བདག་དག་པའི་བདག་མེད་ན་གཟུང་འཛིན་གྱི་དངོས་པོ་མི་སྲིད་པར་འགྱུར་བ་ལས་སྲིད་པའི་ཕྱིར། དེ་བཞིན་ཉིད་བདག་དག་པའི་བདག་ཡོད་པར་གྲུབ་ཅིང༌། དེ་ཡང་བདེ་གཤེགས་སྙིང་པོ་ཡོན་ཏན་མང་པོ་ཅན་ཡིན་པའི་ཕྱིར། སེམས་ཅན་ཐམས་ཅད་བདེ་གཤེགས་སྙིང་པོ་ཡོན་ཏན་མང་པོ་ཅན་ལ་ཤེས་ནས་དད་པ་ཐོབ་ཅིང་སྐྱབས་སུ་འགྲོ་བར་གྱུར་ཅིག །འདི་ལྟ་བུ་གཞན་ཡང་ཤིན་ཏུ་མང་བར་ཡོད་དོ། །སྲིད་མི་སྲིད་ཀྱི་རབ་ཏུ་དབྱེ་བ་ལ་བརྟེན་ནས་ཆོས་ཀྱི་གནད་འགག་ཟབ་ལ་རྒྱལ་ཆེ་བ་རྫོགས་ལྡན་གྱི་ཆོས་ལས་གསུངས་པ་ལྟར། རྒྱལ་ཁམས་ཕྱོགས་མེད་རིས་མེད་པ་རྟོན་པ་བཞི་ལྡན་གྱིས་བཀོད་པའོ།། །།

འདི་ལ་བརྟེན་ནས་ཀྱང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་ཐམས་ཅད་རབ་ཏུ་དགྱེས་པར་གྱུར་ཅིག། །།

བདག་ནི་སྐྱེ་བ་ཐམས་ཅད་དུ། །བསྟན་པ་གསལ་བར་བྱེད་གྱུར་ཅིག ། བསྟན་པ་གསལ་བར་མ་ནུས་ནའང༌། །བསྟན་པའི་ཁུར་ཆེན་འཁུར་བར་ཤོག །ཁུར་ཆེན་བཀུར་བར་མ་ནུས་ནའང༌། །བསྟན་པའི་སེམས་ཁྲལ་བྱེད་པ་དང༌། །བསྟན་པ་ཉམས་ཀྱིས་དོགས་པ་ཡི། །བྱ་ར་ཙམ་ཡང་བྱེད་པར་ཤོག། །།

རང་རིག་རང་གསལ་གྱི་རབ་ཏུ་དབྱེ་བ་ཞེས་བྱ་བ་བཞུགས་སོ། །

ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭེ་བྷྱོ་ན་མོ་ན་མཿ རང་རིག་རང་གསལ་གྱི་རབ་ཏུ་དབྱེ་བ་ཞེས་བྱ་བ། དོན་དམ་རང་རིག་ཆོས་སྐུ་གཙང་བདག་བདེ་དང་རྟག་པའི་མཐར་ཐུག་པ་མཁའ་ཁྱབ་ཆོས་ཀྱི་དབྱིངས་ལ་ཕྱག་འཚལ་ལོ། །

གསུང་རབ་རྣམས་སུ་རང་རིག་རང་གསལ་ཞེས་གསུངས་པ་ལ་རྣམ་པ་གཉིས་ཏེ། དོན་དམ་ཡིན་པའི་རང་རིག་རང་གསལ་དང༌། ཀུན་རྫོབ་ཡིན་པའི་རང་རིག་རང་གསལ་ལོ། །ཡང་རྣམ་པ་གཉིས་ཏེ། འདུས་མ་བྱས་རྟག་པ་ཡིན་པའི་རང་རིག་རང་གསལ་དང༌། འདུས་བྱས་མི་རྟག་པ་ཡིན་པའི་རང་རིག་རང་གསལ་ལོ། །ཡང་རྣམ་པ་གཉིས་ཏེ། བདེ་གཤེགས་སྙིང་པོ་ཡིན་པའི་རང་རིག་རང་གསལ་དང༌། གློ་བུར་དྲི་མ་ཡིན་པའི་རང་རིག་རང་གསལ་ལོ། །[ཡང་རྣམ་པ་གཉིས་ཏེ། རང་བཞིན་གཉུག་མ་ཡིན་པའི་རང་རིག་རང་གསལ་དང༌། བཅོས་མ་གློ་བུར་བ་ཡིན་པའི་རང་རིག་རང་གསལ་ལོ། །]ཡང་རྣམ་པ་གཉིས་ཏེ། རང་བཞིན་གྱིས་རྣམ་པར་བྱང་བ་ཡིན་པའི་རང་རིག་རང་གསལ་དང༌། ཀུན་ནས་ཉོན་མོངས་པ་ཡིན་པའི་རང་རིག་རང་གསལ་ལོ། །ཡང་རྣམ་པ་གཉིས་ཏེ། རང་བཞིན་གྱིས་མྱ་ངན་ལས་འདས་པ་ཡིན་པའི་རང་རིག་རང་གསལ་དང༌། ཁམས་གསུམ་འཁོར་བ་ཡིན་པའི་རང་རིག་རང་གསལ་ལོ། །ཡང་རྣམ་པ་གཉིས་ཏེ། ཟག་མེད་ཡིན་པའི་རང་རིག་རང་གསལ་དང༌། ཟག་བཅས་ཡིན་པའི་རང་རིག་རང་གསལ་ལོ། །ཡང་རྣམ་པ་གཉིས་ཏེ། གཤིས་ལ་ཡོད་པའི་རང་རིག་རང་གསལ་དང༌། གཤིས་ལ་མེད་པའི་རང་རིག་རང་གསལ་ལོ། །ཡང་རྣམ་པ་གཉིས་ཏེ། འགལ་འདུས་སྐྱོན་མེད་ཀྱི་རང་རིག་རང་གསལ་དང༌། འགལ་འདུས་སྐྱོན་ཡོད་ཀྱི་རང་རིག་རང་གསལ་ལོ། །ཡང་རྣམ་པ་གཉིས་ཏེ། བླང་བྱའམ་ཐོབ་བྱ་ཡིན་པའི་རང་རིག་རང་གསལ་དང༌། དོར་བྱའམ་སྤང་བྱ་ཡིན་པའི་རང་རིག་རང་གསལ་ལོ། །ཡང་རྣམ་པ་གཉིས་ཏེ། གཞན་སྟོང་ཟབ་མོ་ཡིན་པའི་རང་རིག་རང་གསལ་དང༌། རང་སྟོང་མི་ཟབ་པ་ཡིན་པའི་རང་རིག་རང་གསལ་ལོ། །ཡང་རྣམ་པ་གཉིས་ཏེ། དབུས་མ་ཡིན་པའི་རང་རིག་རང་གསལ་དང༌། མཐའ་མ་ཡིན་པའི་རང་རིག་རང་གསལ་ལོ། །ཡང་རྣམ་པ་གཉིས་ཏེ། ཡེ་ཤེས་ཡིན་པའི་རང་རིག་རང་གསལ་དང༌། རྣམ་ཤེས་ཡིན་པའི་རང་རིག་རང་གསལ་ལོ། །

ཡེ་ཤེས་ཡིན་པ་དེ་ལ་ཡང་གཉིས་ཏེ། འགོག་བདེན་ཡིན་པའི་རང་རིག་རང་གསལ་དང༌། ལམ་བདེན་ཡིན་པའི་རང་རིག་རང་གསལ་ལོ། །རང་བྱུང་ཡིན་པའི་རང་རིག་རང་གསལ་དང༌། གཞན་བྱུང་ཡིན་པའི་རང་རིག་རང་གསལ་ལོ། །དེ་བཞིན་དུ། ཕྱག་རྒྱ་ཆེན་པོ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། བྱང་ཆུབ་ཆེན་པོ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། འོད་གསལ་ཆེན་པོ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། ཐེག་པ་ཆེན་པོ་ཡིན་མིན་གྱི་རང་རིག་གསལ་གཉིས་དང༌། །མྱང་འདས་ཆེན་པོ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། རྡོ་རྗེའི་ཐེག་པ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། ཡོངས་གྲུབ་བཅུ་གཉིས་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། ཤེར་ཕྱིན་ཟབ་མོ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། ཤིན་ཏུ་རྣལ་འབྱོར་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། ཤིན་ཏུ་སྤྲོས་མེད་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། ལྷན་ཅིག་སྐྱེས་སྦྱོར་ཡིན་མིན་གྱི་རང་རིག་རང་གསལ་གཉིས་ དང༌། སངས་རྒྱས་མཉམ་སྦྱོར་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། དབྱེ་བསྡུ་མང་པོ་ཅན་གྱི་རང་བཞིན་གྱི་རིགས་ཡིན་མིན་གྱི་རང་རིག་རང་གསལ་གཉིས་ དང༌། ཡོན་ཏན་མང་པོ་ཅན་གྱི་བདེ་གཤེགས་སྙིང་པོ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། རང་བཞིན་ལྷན་སྐྱེས་ཀྱི་བདེ་ཆེན་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། སྦྱང་གཞི་སྦྱངས་འབྲས་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། སྦྱང་བྱ་སྦྱོང་བྱེད་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། སྐད་ཅིག་དང་རྟེན་འབྲེལ་དང་རྣམ་ཤེས་ལས་འདས་མ་འདས་ཀྱི་རང་རིག་རང་གསལ་གཉིས་དང༌། ཡེ་ཤེས་སྐུ་སྟེ་རང་བྱུང་བ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡིན་མིན་གྱི་རང་རིག་རང་གསལ་ གཉིས་དང༌། ཐོག་མ་བར་དང་མཐའ་དགེ་བ་ཡིན་མིན་གྱི་རང་རིག་གསལ་གཉིས་ དང༌། རྒྱུད་ཆེན་སྒྱུ་འཕྲུལ་དྲ་བ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། རྡོ་རྗེ་འཆང་ཆེན་གསང་སྔགས་འཆང་ཡིན་མིན་གྱི་རང་རིག་གསལ་གཉིས་དང༌། གསང་སྔགས་རྒྱལ་པོ་དྲུག་ལྡན་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། རྫོགས་པའི་སངས་རྒྱས་ཨ་ལས་བྱུང་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། མཆོད་པ་ཆེན་པོ་འདོད་ཆགས་ཆེ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། མཆོད་པ་ཆེན་པོ་ཞེ་སྡང་ཆེ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། མཆོད་པ་ཆེན་པོ་གཏི་མུག་ཆེ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། མཆོད་པ་ཆེན་པོ་ཁྲོ་བ་ཆེ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། མཆོད་པ་ཆེན་པོ་ཆགས་པ་ཆེ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། འདོད་པ་ཆེན་པོ་བདེ་བ་ཆེ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། དགའ་བ་ཆེན་པོ་མགུ་བ་ཆེ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། གཟུགས་ཆེན་ལུས་ཀྱང་ཆེ་བ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། ཁ་དོག་ཆེ་ཞིང་ལུས་བོང་ཆེ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། མིང་ཡང་ཆེ་ཞིང་རྒྱ་ཆེ་བ་ཡིན་མིན་ གྱི་རང་རིག་རང་གསལ་གཉིས་དང༌། དཀྱིལ་འཁོར་ཆེན་པོ་ཡངས་པ་ཡིན་མིན་གྱི་ རང་རིག་རང་གསལ་གཉིས་དང༌། ཤེས་རབ་མཚོན་ཆེན་འཆང་བ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། ཉོན་མོངས་ཆེན་པོ་ལྕགས་ཀྱུའི་མཆོག་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། གྲགས་ཆེན་སྙན་གྲགས་ཆེན་པོ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། མི་མངོན་མི་སྣང་གསལ་བྱེད་མིན་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། སྣང་བ་ཆེན་པོ་གསལ་བ་ཆེ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། མཁས་པ་སྒྱུ་འཕྲུལ་ཆེན་པོ་འཆང་ཡིན་མིན་ གྱི་རང་རིག་རང་གསལ་གཉིས་དང༌། སྦྱིན་བདག་ཆེན་པོ་གཙོ་བོ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། ཚུལ་ཁྲིམས་ཆེན་པོ་འཆང་བའི་མཆོག་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། བཟོད་ཆེན་འཆང་བ་བརྟན་པ་པོ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། བརྩོན་འགྲུས་ཆེན་པོ་བརྟུལ་བ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། བསམ་གཏན་ཆེན་པོ་ཏིང་འཛིན་གནས་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། ཤེས་རབ་ཆེན་པོའི་ལུས་འཆང་བ་ཡིན་མིན་གྱི་རང་རིག་གསལ་གཉིས་དང༌། སྟོབས་པོ་ཆེ་ལ་ཐབས་ཆེ་བ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། སྨོན་ལམ་ཡེ་ཤེས་རྒྱ་མཚོ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། བྱམས་ཆེན་རང་བཞིན་དཔག་མེད་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། སྙིང་རྗེ་ཆེན་པོ་བློ་ཡི་མཆོག་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། ཤེས་རབ་ཆེན་པོ་བློ་ཆེན་ལྡན་ཡིན་མིན་གྱི་རང་རིག་རང་གསལ་ གཉིས་དང༌། མཁས་པ་ཆེན་པོ་ཐབས་ཆེ་བ་ཡིན་མིན་གྱི་རང་རིག་གསལ་གཉིས་དང༌། རྫུ་འཕྲུལ་ཆེན་པོ་སྟོབས་དང་ལྡན་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། ཤུགས་ཆེན་མགྱོགས་པ་ཆེན་པོ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། མགོན་པོ་རིགས་མཆོག་ཆེན་པོ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། བླ་མ་གསང་སྔགས་ཆེ་བའི་མཆོག་ཡིན་མིན་གྱི་རང་རིག་རང་གསལ་གཉིས་ དང༌། ཐེག་པ་ཆེན་པོ་ཚུལ་གྱི་མཆོག་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། སངས་རྒྱས་རྣམ་པར་སྣང་མཛད་ཆེ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། ཐུབ་པ་ཆེན་པོ་ཐུབ་ཆེན་ལྡན་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། གསང་ སྔགས་ཚུལ་ཆེན་བདག་ཉིད་ཅན་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། ཕ་རོལ་ཕྱིན་བཅུ་ཐོབ་པ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། མགོན་པོ་ས་བཅུའི་དབང་ཕྱུག་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། ཤེས་བཅུ་རྣམ་དག་བདག་ཉིད་ཅན་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། ཐུབ་དབང་སྟོབས་བཅུ་ཁྱབ་པའི་བདག་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། རྣམ་བཅུ་དབང་ལྡན་ཆེན་པོ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། དེ་བཞིན་ཉིད་བདག་དག་པའི་བདག་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། ཡང་དག་མཐའ་ལ་རྣམ་པར་གནས་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། བདག་མེད་སེང་གེའི་སྒྲ་དང་ལྡན་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། ཀུན་ཏུ་འགྲོ་བའི་དོན་ཡོད་བསྟབས་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། དེ་བཞིན་གཤེགས་པའི་ཡིད་ལྟར་མགྱོགས་ཡིན་མིན་གྱི་རང་རིག་རང་གསལ་གཉིས་ དང༌། རྒྱལ་བ་དགྲ་རྒྱལ་རྣམ་པར་རྒྱལ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། བདེ་གཤེགས་འཇིག་རྟེན་རིག་པའི་མཆོག་ཡིན་མིན་གྱི་རང་རིག་རང་གསལ་ གཉིས་དང༌། འཁོར་བའི་ཕ་རོལ་མཐར་སོན་པ་ཡིན་མིན་གྱི་རང་རིག་རང་གསལ་ གཉིས་དང༌། བྱ་བ་བྱས་པ་སྐམ་སར་གནས་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། ཤེས་པ་འབའ་ཞིག་ངེས་གསལ་བ་ཡིན་མིན་གྱི་རང་རིག་རང་གསལ་ གཉིས་དང༌། དམ་ཆོས་ཆོས་རྒྱལ་གསལ་བར་ལྡན་ཡིན་མིན་གྱི་རང་རིག་རང་གསལ་ གཉིས་དང༌། འཇིག་རྟེན་སྣང་བར་བྱེད་པའི་མཆོག་ཡིན་མིན་གྱི་རང་རིག་རང་གསལ་ གཉིས་དང༌། ཆོས་ཀྱི་དབང་ཕྱུག་ཆོས་ཀྱི་རྒྱལ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། ལེགས་པའི་ལམ་ནི་སྟོན་པ་པོ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། དོན་གྲུབ་བསམ་པ་འགྲུབ་པ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། ཀུན་ཏུ་རྟོག་པ་ཐམས་ཅད་སྤངས་པ་ཡིན་མིན་གྱི་རང་རིག་རང་གསལ་ གཉིས་དང༌། རྣམ་པར་མི་རྟོག་དབྱིངས་མི་ཟད་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། ཆོས་དབྱིངས་དམ་པ་ཟད་མི་ཤེས་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། ཡེ་ཤེས་ལྡན་པ་ཡོད་མེད་ཤེས་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། ཚོགས་གཉིས་ཚོགས་ནི་བསགས་པ་པོ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། མཆོག་གི་དང་པོ་སྐུ་གསུམ་འཆང་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། སངས་རྒྱས་ལྔ་བདག་ཅོད་པན་ཅན་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། སྤྱན་ལྔ་ཆགས་པ་མེད་པ་འཆང་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། གཅིག་བུ་སྲ་མཁྲེགས་རྡོ་རྗེའི་བདག་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། སྐྱེས་མ་ཐག་པ་འགྲོ་བའི་བདག་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། ནམ་མཁའ་ལས་བྱུང་རང་བྱུང་བ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། གསང་སྔགས་རྒྱལ་པོ་དོན་ཆེན་བྱེད་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། སངས་རྒྱས་ཀུན་བདག་དངོས་པོ་མཆོག་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། གཙོ་བོ་དཀོན་མཆོག་གསུམ་འཛིན་པ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། ཐེག་པ་མཆོག་གསུམ་སྟོན་པ་པོ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། དོན་ཡོད་ཞགས་པ་རྣམ་པར་རྒྱལ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། ཁྲོ་བོའི་རྒྱལ་པོ་གདོང་དྲུག་འཇིགས་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། གཤིན་རྗེའི་གཤེད་པོ་བགེགས་ཀྱི་རྒྱལ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། རྡོ་རྗེ་ཤུགས་ཅན་འཇིགས་བྱེད་པ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། རྡོ་རྗེ་དྲག་པ་རྡོ་རྗེའི་སྙིང་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། སྒྱུ་འཕྲུལ་རྡོ་རྗེའི་གསུས་པོ་ཆེ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། རྡོ་རྗེ་ལས་སྐྱེས་རྡོ་རྗེའི་བདག་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། རྡོ་རྗེ་སྙིང་པོ་མཁའ་འདྲ་བ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། རྡོ་རྗེ་ཀུན་འཆང་རྡོ་རྗེ་ཅན་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། རྡོ་རྗེ་འབེབས་པ་འབེབས་པ་ཆེ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། རྡོ་རྗེ་ཕྲེང་ཐོགས་དཔལ་དང་ལྡན་ཡིན་མིན་གྱི་རང་རིག་གསལ་གཉིས་དང༌། ཡི་གེ་དྲུག་པ་རྡོ་རྗེའི་སྒྲ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། འཇམ་དབྱངས་ཆེན་པོ་སྒྲ་ཆེ་བ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། ཡང་དག་བདག་མེད་དེ་བཞིན་ཉིད་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། ཡང་དག་མཐའ་སྟེ་ཡི་གེ་མེད་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། ཆོས་ཀྱི་དུང་སྟེ་སྒྲ་ཆེན་ལྡན་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། ཆོས་ཀྱི་གཎྜེ་སྒྲ་བོ་ཆེ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། མི་གནས་མྱ་ངན་འདས་པ་པོ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། ཕྱོགས་བཅུ་ཆོས་ཀྱི་རྔ་བོ་ཆེ་ཡིན་མིན་གྱི་རང་རིག་རང་གསལ་ གཉིས་དང༌། གཟུགས་མེད་གཟུགས་བཟང་དམ་པ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། སུམ་ཅུ་རྩ་གཉིས་མཚན་འཆང་བ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། སྐྱབས་དང་སྐྱོབ་པ་བླ་ན་མེད་ཡིན་མིན་གྱི་རང་རིག་རང་གསལ་ གཉིས་དང༌། ཐམས་ཅད་མཁྱེན་པའི་ཡེ་ཤེས་མཚོ་ཡིན་མིན་གྱི་རང་རིག་རང་གསལ་ གཉིས་དང༌། མ་རིག་སྒོ་ངའི་སྦུབས་འབྱེད་པ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། སྲིད་པའི་དྲ་བ་འཇོམས་པ་པོ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་ དང༌། འཁོར་བའི་རྒྱ་མཚོ་ཕ་རོལ་ཕྱིན་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། སྒྲིབ་པ་ཀུན་ལས་ངེས་པར་གྲོལ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། མཁའ་ལྟར་མཉམ་པ་ཉིད་ལ་གནས་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། ཁྱབ་བདག་དམ་ཤེས་དམ་ཚིག་ལྡན་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། སྐྱབས་ཀྱི་དམ་པ་སྐྱབས་སུ་འོས་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། གྲོལ་བ་ཐར་བ་རྣམ་གྲོལ་ལུས་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། རྡུལ་མེད་རྡུལ་བྲལ་དྲི་མ་མེད་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། ཉེས་པ་སྤངས་པ་སྐྱོན་མེད་པ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། ཤིན་ཏུ་སད་པ་སད་པའི་བདག་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། ཀུན་ཤེས་ཀུན་རིག་དམ་པ་པོ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། རྣམ་པར་ཤེས་པའི་ཆོས་ཉིད་འདས་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། གཉིས་མེད་ཡེ་ཤེས་ཚུལ་འཆང་བ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། དུས་གསུམ་སངས་རྒྱས་སྐུ་གསུམ་འཆང་བ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། སངས་རྒྱས་ཐོག་མ་ཐ་མ་མེད་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། དང་པོའི་སངས་རྒྱས་རྒྱུད་མེད་པ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། ཡེ་ཤེས་མིག་གཅིག་དྲི་མ་མེད་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། དཔལ་ལྡན་པད་མ་གར་གྱི་དབང་ཕྱུག་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། སངས་རྒྱས་ཀུན་གྱི་སྐུ་འཆང་བ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། སངས་རྒྱས་ཀུན་གྱི་རྣལ་འབྱོར་ཆེ་ཡིན་མིན་གྱི་རང་རིག་རང་གསལ་ གཉིས་དང༌། སངས་རྒྱས་ཀུན་གྱི་བསྟན་པ་གཅིག་ཡིན་མིན་གྱི་རང་རིག་རང་གསལ་ གཉིས་དང༌། འཇིག་རྟེན་དབང་ཕྱུག་ཀུན་གྱི་བདག་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། རྡོ་རྗེ་འཆང་བ་ཀུན་གྱི་རྗེ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། སངས་རྒྱས་ཀུན་གྱི་ཐུགས་ཆེ་བ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། སངས་རྒྱས་ཀུན་གྱི་ཐུགས་ལ་གནས་ཡིན་མིན་གྱི་རང་རིག་རང་གསལ་ གཉིས་དང༌། སངས་རྒྱས་ཀུན་གྱི་སྐུ་ཆེ་བ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་ དང༌། སངས་རྒྱས་ཀུན་གྱི་གསུང་ཡང་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། རྡོ་རྗེ་ཉི་མ་སྣང་བ་ཆེ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། རྡོ་རྗེ་ཟླ་བ་དྲི་མེད་འོད་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། ཆགས་བྲལ་དང་པོ་ཆགས་པ་ཆེ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། ཁ་དོག་སྣ་ཚོགས་འབར་བའི་འོད་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། དཔལ་ལྡན་སངས་རྒྱས་པད་མ་སྐྱེས་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། འགྱུར་མེད་མཆོག་སྟེ་རྣམ་པར་དག་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། ཐེག་པ་ཆེན་པོ་སྡུག་བསྔལ་གཅོད་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། ཕ་རོལ་ཕྱིན་པ་ཀུན་རྫོགས་པ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། ཡང་དག་ཡེ་ཤེས་ཟླ་འོད་བཟང་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། རྒྱུད་ཀུན་གྱི་ནི་བདག་པོ་མཆོག་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། ཡེ་ཤེས་སྐུ་རྣམས་མ་ལུས་འཆང་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། ཀུན་ཏུ་བཟང་པོ་བློ་གྲོས་བཟང་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། སངས་རྒྱས་ཀུན་གྱི་སྙིང་པོ་ཆེ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། རྫོགས་པའི་སངས་རྒྱས་བྱང་ཆུབ་འཆང་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། ཡེ་ཤེས་མེ་ལྕེ་འོད་རབ་གསལ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། དེ་བཞིན་གཤེགས་པའི་ཡོན་ཏན་མཚོ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། རྣམ་དག་ཕུང་པོ་ལྔ་འཆང་བ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། ཡན་ལག་བཅུ་གཉིས་སྲིད་རྩ་བཏོན་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། དག་པ་རྣམ་པ་བཅུ་གཉིས་འཆང་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། བདེན་དོན་རྣམ་པ་བཅུ་གཉིས་ལྡན་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། དེ་ཉིད་རྣམ་པ་བཅུ་དྲུག་རིག་ཡིན་མིན་གྱི་རང་རིག་རང་གསལ་གཉིས་ དང༌། རྣམ་པ་ཉི་ཤུས་བྱང་ཆུབ་པ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས་ཡིན་མིན་གྱི་རང་རིག་རང་གསལ་གཉིས་ དང༌། སྒྱུ་འཕྲུལ་དྲ་བའི་མངོན་རྫོགས་པའི་བྱང་ཆུབ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། སངས་རྒྱས་བྱང་ཆུབ་བླ་ན་མེད་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། སྟོང་པ་ཆེན་པོ་འགྱུར་མེད་ལྔ་ཡིན་མིན་གྱི་རང་རིག་རང་གསལ་ གཉིས་དང༌། ཐིག་ལེ་སྟོང་པ་འགྱུར་མེད་དྲུག་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། རྣམ་པ་ཀུན་ལྡན་རྣམ་པ་མེད་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཆང་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། ཆ་མེད་ཆ་ལས་འདས་པ་པོ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། བསམ་གཏན་བཞི་པོའི་རྩེ་མོ་འཆང་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། སྟོན་པ་གཅིག་པུ་འགྲོ་བའི་བླ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། རྫོགས་པའི་སངས་རྒྱས་འཇིག་རྟེན་འདྲེན་ཡིན་མིན་གྱི་རང་རིག་རང་གསལ་གཉིས་ དང༌། ཤེས་རབ་ཕ་རོལ་ཕྱིན་པའི་མཐའ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། བདག་རིག་གཞན་རིག་ཐམས་ཅད་པ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། དོན་གྱི་དམ་པ་རྣམ་དག་དཔལ་ཡིན་མིན་གྱི་རང་རིག་གསལ་གཉིས་དང༌། ཡང་དག་མཐར་འགྱུར་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། སངས་རྒྱས་བྱང་ཆུབ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། ཡེ་ཤེས་སྐུ་ཉིད་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། ཆ་མེད་ཀུན་འགྲོ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། ལུས་མེད་རྡོ་རྗེ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། རྡོ་རྗེའི་ཁུ་རྡུལ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། རྡོ་རྗེའི་ཕྱོགས་གཉིས་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། རྡོ་རྗེའི་བགྲོད་ པ་གཉིས་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། རྡོ་རྗེའི་ཨཱ་ལི་ཀཱ་ལི་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། རྡོ་རྗེའི་དབྱངས་དང་གསལ་བྱེད་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། རྡོ་རྗེའི་སྐུ་གསུང་ཐུགས་ཡེ་ཤེས་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། རྡོ་རྗེའི་དགའ་བ་བཞི་ཡིན་མིན་ གྱི་རང་རིག་རང་གསལ་གཉིས་དང༌། རྡོ་རྗེའི་སྐུ་བཞི་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། རྡོ་རྗེའི་གདན་བཞི་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། རྡོ་རྗེའི་དེ་ཁོ་ན་ཉིད་བཞི་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། རྡོ་རྗེའི་སྐད་ཅིག་མ་བཞི་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། རྡོ་རྗེའི་ཧེ་རུ་ཀ་བཞི་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། རྡོ་རྗེའི་ཨེ་ཝཾ་མ་ཡཱ་བཞི་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། རྡོ་རྗེའི་སེམས་དཔའ་བཞི་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། རྡོ་རྗེའི་གསང་སྔགས་བཞི་ཡིན་མིན་ གྱི་རང་རིག་རང་གསལ་གཉིས་དང༌། རྡོ་རྗེ་པད་མ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། རྡོ་རྗེ་བྷ་ག་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། རྡོ་རྗེ་བདུད་རྩི་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། རྡོ་རྗེ་རྩེ་མོ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། རྡོ་རྗེ་ཧཱུཾ་མཛད་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། རྡོ་རྗེ་རྣམ་འཇོམས་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། རྡོ་རྗེ་སྒྲོལ་མ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། རྡོ་རྗེ་བདག་མེད་མ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། རྡོ་རྗེ་དབྱིངས་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། སྔགས་ཀྱི་དབྱིངས་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། ཆོས་ཀྱི་དབྱིངས་ཡིན་མིན་གྱི་རང་རིག་རང་རིག་རང་གསལ་གཉིས་དང༌། ཆོས་དབྱིངས་གསུང་གི་དབང་ཕྱུག་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། འཇམ་པའི་རྡོ་རྗེ་ཡིན་མིན་གྱི་རང་རིག་རང་གསལ་ གཉིས་དང༌། འཁོར་ལོ་སྒྱུར་དྲུག་ཡིན་མིན་གྱི་རང་རིག་གསལ་གཉིས་དང༌། མཁའ་འགྲོ་ལྔ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། མཁའ་འགྲོ་རྒྱ་མཚོ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། དཔལ་མཆོག་དང་པོ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། དེ་ཉིད་འདུས་པ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། ཁམས་གསུམ་རྣམ་རྒྱལ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། དོན་ཐམས་ཅད་གྲུབ་པ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། འགྲོ་བ་འདུལ་བ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། སྒྱུ་འཕྲུལ་དྲ་བ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། ཀྱེའི་རྡོ་རྗེ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། འཁོར་ལོ་བདེ་མཆོག་ཡིན་མིན་གྱི་ རང་རིག་རང་གསལ་གཉིས་དང༌། གསང་བ་འདུས་པ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། དུས་ཀྱི་འཁོར་ལོ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། དང་པོའི་སངས་རྒྱས་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། གཞི་ཡི་སངས་རྒྱས་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། སངས་རྒྱས་ཀུན་བས་སྔར་སངས་རྒྱས་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། གདོད་ནས་གྲོལ་བའི་དེ་བཞིན་གཤེགས་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། རྡོ་རྗེའི་ཐིག་ལེ་གྲུ་གསུམ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། རྡོ་རྗེའི་ཨེ་ཝཾ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། རྡོ་རྗེའི་ཧཾ་ཀྵ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། རྡོ་རྗེའི་ཨ་ཧཾ་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། འཁོར་འདས་དབྱེར་མེད་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། བདེན་གཉིས་དབྱེར་མེད་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། བདེན་བཞི་དབྱེར་མེད་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། གཞི་འབྲས་དབྱེར་མེད་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། རྒྱུ་འབྲས་དབྱེར་མེད་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། རྣམ་ཤེས་ཡེ་ཤེས་དབྱེར་མེད་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། ཡུལ་དང་ཡུལ་ཅན་དབྱེར་མེད་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། རྟེན་དང་བརྟེན་པ་དབྱེར་མེད་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། གཙོ་བོ་གཙོ་མོ་དབྱེར་མེད་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། གཙོ་འཁོར་དབྱེར་མེད་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། ཡབ་ཡུམ་དབྱེར་མེད་ཡིན་མིན་གྱི་རང་རིག་རང་གསལ་ གཉིས་དང༌། ཕོ་མོ་དབྱེར་མེད་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། ཐེག་གསུམ་དབྱེར་མེད་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། སྐྱབས་གསུམ་དབྱེར་མེད་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། དུས་གསུམ་དབྱེར་མེད་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། སྐུ་གསུམ་དབྱེར་མེད་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། སྐུ་བཞི་དབྱེར་མེད་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། སྐུ་ལྔ་དབྱེར་མེད་ཡིན་མིན་གྱི་རང་རིག་རང་གསལ་གཉིས་དང༌། དབུ་མ་སེམས་ཙམ་དབྱེར་མེད་ཡིན་མིན་གྱི་རང་རིག་རང་གསལ་གཉིས་ཏེ། དེ་དག་ལ་སོགས་པ་རང་རིག་རང་གསལ་གྱི་དབྱེ་བ་ཞིབ་ལ་རྒྱས་པར་ན་ཆེས་ཤིན་ཏུ་མང་ཡང་བདེན་པ་གཉིས་སུ་མི་འདུ་བ་མེད་ཅིང༌། ཡོངས་གྲུབ་དང་ཀུན་བཏགས་སུ་མི་འདུ་བ་ཡང་མེད་ལ། དབུས་མཐའ་དང་ཆོས་ཉིད་དང་ཆོས་ཅན་ལ་སོགས་པར་མི་འདུ་བ་མེད་པས་མང་དུ་འབྱེད་པ་དང༌། ཉུང་ངུར་སྡུད་པ་གནད་གཅིག་པའི་མན་ངག་ཟབ་མོ་ལ་སེམས་ཅན་ཐམས་ཅད་འཇུག་པར་གྱུར་ཅིག །དོན་དམ་ཆོས་ཉིད་ཡིན་པའི་རང་རིག་རང་གསལ་ལེགས་པར་རྟོགས་ནས་དབུ་མ་ཆེན་པོ་ཡིན་པའི་རང་རིག་རང་གསལ་རྟོགས་པར་གྱུར་ཅིག །རང་རིག་རང་གསལ་སྟོན་པའི་གཞུང་ཐམས་ཅད་སེམས་ཙམ་གྱི་གཞུང་དུ་བྱེད་པའི་ལྟ་ངན་དང་བྲལ་བར་གྱུར་ཅིག །དབུ་མ་ཡིན་པའི་རང་རིག་རང་གསལ་དང༌། སེམས་ཙམ་ཡིན་པའི་རང་རིག་རང་གསལ་ལ་སྣང་བ་དང་མུན་པ་བས་ཀྱང་ཁྱད་ཆེ་བའི་ཁྱད་པར་ཡོད་པ་རྟོགས་པར་གྱུར་ཅིག །ཡེ་ཤེས་ཡིན་པའི་རང་རིག་རང་གསལ་དང༌། རྣམ་ཤེས་ཡིན་པའི་རང་རིག་གསལ་ལ་ཡང་བདུད་རྩི་དང་ནག་པོ་བརྩེགས་པའི་ཁྱད་པར་བས་ཀྱང་ཁྱད་ཆེ་བ་ཡོད་པར་རྟོགས་པར་གྱུར་ཅིག །སངས་རྒྱས་ཕལ་པོ་ཆེ་དང་མྱང་འདས་ཆེན་པོ་ལ་སོགས་པ་དེ་བཞིན་ཉིད་གཙོ་བོར་སྟོན་ཅིང་དེ་ལ་མཆོག་ཏུ་བསྔགས་པ་མཛད་པའི་གཞུང་མཆོག་ཟབ་མོ་ཁྱད་པར་འཕགས་པ་རྣམས་དངོས་སྨྲའི་གཞུང་དུ་མི་འབེབས་པར་གྱུར་ཅིག །དོན་དམ་དབུ་མ་ཆེན་པོ་རང་བྱུང་ཡེ་ཤེས་ཡིན་པའི་རང་རིག་རང་གསལ་དུ་རྟོགས་ནས་ཡེ་ཤེས་རྒྱུན་ཆད་དང༌། སངས་རྒྱས་ལ་ཡེ་ཤེས་མེད་པར་འདོད་པ་ལ་སོགས་པའི་སྡིག་ལྟ་ཐམས་ཅད་སྤོང་བར་གྱུར་ཅིག །ཡོན་ཏན་མང་པོ་ཅན་གྱི་ཡོངས་གྲུབ་བཅུ་གཉིས་དང༌། བདེ་གཤེགས་སྙིང་པོ་གཅིག་ཉིད་དུ་རྟོགས་ནས། བདེ་གཤེགས་སྙིང་པོ་དང་དེའི་ཡོན་ཏན་ཐམས་ཅད་དྲང་དོན་ཉིད་དུ་འདོད་པའི་ལྟ་ལོག་ཐམས་ཅད་སྤོང་བར་གྱུར་ཅིག །དེ་བཞིན་ཉིད་ཀྱི་སངས་རྒྱས་དང་ཆོས་དང་དགེ་འདུན་དང་ལྷ་དང་སྔགས་དང་རྒྱུད་དང་དཀྱིལ་འཁོར་དང་ཕྱག་རྒྱ་དང་བླ་མ་དང་ཡི་དམ་དང་མཁའ་འགྲོ་ལ་སོགས་པ་གཤིས་ལ་རང་གིས་མི་སྟོང་བའི་གཞན་སྟོང་ཟབ་མོ་རྟོགས་ནས། མཐར་ཐུག་ཟབ་མོའི་སངས་རྒྱས་ལ་སོགས་པ་དེ་རྣམས་དོན་དམ་དུ་མ་གྲུབ་པར་འདོད་པའི་སྡིག་ལྟ་རླབས་པོ་ཆེ་དེ་རྣམས་སྤོང་བར་གྱུར་ཅིག །རང་སྟོང་གང་ཡིན་དོན་དམ་དུ་འདོད་པ་དང༌། དོན་དམ་གང་ཡིན་རང་སྟོང་དུ་འདོད་པའི་ལྟ་ལོག་སྤངས་ནས། རང་སྟོང་མི་ཟབ་པ་ཡིན་པའི་ཆོས་ཐམས་ཅད་གཤིས་ལུགས་ལ་མ་གྲུབ་པ་དང༌། གཞན་སྟོང་ཟབ་མོ་ཡིན་པའི་ཆོས་ཐམས་ཅད་གཤིས་ལུགས་ལ་གྲུབ་པ་ཡིན་པར་ལེགས་པར་རྟོགས་ཤིང་ཐག་ཆོད་ནས་དེ་དག་ལ་མི་ཕྱེད་པའི་དད་པ་ཐོབ་པར་གྱུར་ཅིག །དེའི་དགེ་བ་ཚད་མེད་པ་ལ་བརྟེན་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་ཐམས་ཅད་མཆོག་ཏུ་དགྱེས་པར་གྱུར་ཅིག ། ཡོན་ཏན་མང་པོ་ཅན་གྱི་དེ་བཞིན་ཉིད་ལ་སོགས་པ་ཡོངས་གྲུབ་བཅུ་གཉིས་པོ་ཐམས་ཅད་རང་སྟོང་ཉིད་དུ་འདོད་པ་དང༌། རང་སྟོང་གང་ཡིན་ཐམས་ཅད་ཡོངས་གྲུབ་བཅུ་གཉིས་ལ་སོགས་པ་གཤིས་ལུགས་ཟབ་མོ་མཐར་ཐུག་པ་གང་ཡིན་ཐམས་ཅད་དུ་འདོད་པ་རྣམས་འཁྲུལ་པ་ཉིད་དུ་རྟོགས་ནས་སྔར་བཤད་པ་ལྟར་ལེགས་པར་རྣམ་པར་ཕྱེ་བའི་ཆོས་ཀྱི་འཁོར་ལོ་ལ་འཇུག་པར་གྱུར་ཅིག །

དེ་བཞིན་དུ། ཤེས་པ་ལ་ཡང་དོན་དམ་ཡིན་མིན་གཉིས་དང༌། རིག་པ་ལ་ཡང་དོན་དམ་ཡིན་མིན་གཉིས་དང༌། རང་རིག་ལ་ཡང་དོན་དམ་ཡིན་མིན་གཉིས་དང༌། སེམས་ལ་ཡང་དོན་དམ་ཡིན་མིན་གཉིས་དང༌། སེམས་ཀྱི་སྣང་བ་ལ་ཡང་དོན་དམ་ཡིན་མིན་གཉིས་དང༌། རྣམ་རིག་ལ་ཡང་དོན་དམ་ཡིན་མིན་གཉིས་དང༌། མྱོང་བ་གཉིས་མེད་ལ་ཡང་དོན་དམ་ཡིན་མིན་གཉིས་དང༌། སེམས་ཙམ་ལ་ཡང་དོན་དམ་ཡིན་མིན་གཉིས་ཀྱི་རྣམ་དབྱེ་སོ་སོར་རྟོགས་ནས་ཕྱོགས་རྟོགས་ཙམ་གྱིས་བསྟན་པ་འཁྲུག་པ་མཐའ་དག་སྤོང་བར་གྱུར་ཅིག །དེ་བཞིན་དུ། སྟོང་ཉིད་ལ་ཡང་དོན་དམ་ཡིན་མིན་གཉིས་དང༌། སྙིང་རྗེ་ལ་ཡང་དོན་དམ་ཡིན་མིན་གཉིས་དང༌། བདེ་བ་ལ་ཡང་དོན་དམ་ཡིན་མིན་གཉིས་དང༌། ཡེ་ཤེས་ལ་ཡང་དོན་དམ་ཡིན་མིན་གཉིས་དང༌། དྲན་པ་ཉེར་གཞག་ལ་སོགས་པ་བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་ལ་ཡང་དོན་དམ་ཡིན་མིན་གཉིས་གཉིས་དང༌། ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་ལ་ཡང་དོན་དམ་ཡིན་མིན་གཉིས་གཉིས་དང༌། ལས་ཀྱི་དབང་པོ་བྱ་བ་དང་བཅས་པ་དང༌། རོ་དྲུག་ལ་ཡང་དོན་དམ་ཡིན་མིན་གཉིས་གཉིས་དང༌། དེར་མ་ཟད་གཟུགས་ནས་སངས་རྒྱས་ཀྱི་ཆོས་ཀྱི་བར་བརྒྱ་དང་ཉི་ཤུ་རྩ་དགུ་སོགས་ལ་ཡང་དོན་དམ་ཡིན་མིན་གཉིས་གཉིས་སུ་དབྱེ་ཞིང༌། ཡོངས་གྲུབ་བཅུ་གཉིས་ཡིན་མིན་དང༌། རང་བྱུང་ཡེ་ཤེས་ཡིན་མིན་དང༌། སྐད་ཅིག་དང་རྟེན་འབྲེལ་དང༌། རྣམ་ཤེས་ལས་འདས་པ་ཡིན་མིན་དང༌། རྟག་བརྟན་ཐེར་ཟུག་གཡུང་དྲུང་མི་འགྱུར་བ་ཡིན་མིན་དང༌། གཙང་བདག་བདེ་དང་རྟག་པའི་མཐར་ཐུག་པ་ཡིན་མིན་གཉིས་གཉིས་སུ་གནས་པ་ལེགས་པར་རྟོགས་དགོས་ལ། གོང་དུ་བསྟན་པའི་རྣམ་བཅུ་དབང་ལྡན་དང་ཆ་མེད་ཀུན་འགྲོ་ལ་སོགས་པ་རྣམས་ལ་ཡང་འདོན་པ་བསྒྱུར་ཏེ། རྣམ་བཅུ་དབང་ལྡན་ཡིན་མིན་གྱི་ཤེས་པ་གཉིས་དང༌། རིག་པ་གཉིས་དང༌། རང་རིག་གཉིས་ དང༌། སེམས་གཉིས་དང༌། སེམས་ཀྱི་སྣང་བ་གཉིས་དང༌། རྣམ་རིག་གཉིས་དང༌། མྱོང་བ་གཉིས་མེད་གཉིས་དང༌། སེམས་ཙམ་གཉིས་ལ་སོགས་པ་གཉིས་གཉིས་སུ་གནས་པ་ལེགས་པར་རྟོགས་དགོས་སོ། །དེ་བཞིན་དུ། ཆ་མེད་ཀུན་འགྲོ་ཡིན་མིན་གྱི་ཤེས་པ་གཉིས་དང༌། རིག་པ་གཉིས་དང༌། རང་རིག་གཉིས་དང༌། སེམས་གཉིས་དང༌། སེམས་ཀྱི་སྣང་བ་གཉིས་དང༌། རྣམ་རིག་གཉིས་དང༌། མྱོང་བ་གཉིས་མེད་གཉིས་དང༌། སེམས་ཙམ་གཉིས་ལ་སོགས་པ་གཉིས་གཉིས་སུ་གནས་པ་ལེགས་པར་རྟོགས་དགོས་སོ། །མཚན་བརྗོད་ལ་སོགས་པར་ཟབ་མོ་མཐར་ཐུག་སྟོན་པའི་ཚིག་རྣམས་ལ་ཡང་དེ་བཞིན་དུ་འདོན་པ་བསྒྱུར་རོ། །གཤིས་ལུགས་ཟབ་མོ་མཐར་ཐུག་པ་དེ་རྣམས་དོན་དམ་དུ་བཞུགས་ཀྱང་དངོས་པོ་དངོས་མེད་གང་དུ་ཡང་མ་གྲུབ་པས་ཤེས་བྱ་ཐམས་ཅད་དངོས་པོ་དངོས་མེད་དུ་འདུས་པར་འདོད་པའི་ལྟ་ངན་དང་བྲལ་བར་གྱུར་ཅིག །འདུས་མ་བྱས་ཀྱི་བེམ་པོ་དང་རིག་པ་རྫོགས་ལྡན་གྱི་ཆོས་ལས་གསུངས་པ་ལེགས་པར་རྟོགས་ནས། བེམ་རིག་ཐམས་ཅད་འདུས་བྱས་ཀྱི་དངོས་པོར་འདོད་པའི་ལྟ་ལོག་ཐམས་ཅད་སྤོང་བར་གྱུར་ཅིག །སྟོང་ཉིད་གང་ཡིན་ཐམས་ཅད་མེད་དགག་ཏུ་འདོད་པ་སྤངས་ནས། དེ་བཞིན་ཉིད་དང༌། དབུ་མ་ཆེན་པོ་དང༌། ཕྱག་རྒྱ་ཆེན་པོ་ལ་སོགས་པ་གཤིས་ལུགས་ཟབ་མོ་ཐམས་ཅད་མེད་དགག་ཏུ་འདོད་པའི་ལྟ་ངན་ཐམས་ཅད་སྤོང་པར་གྱུར་ཅིག །སྐྱེད་བྱེད་དང་བྲལ་བྱེད་ཀྱི་ཁྱད་པར་མ་ཕྱེད་པ་དང༌། བསྐྱེད་འབྲས་དང་བྲལ་འབྲས་ཀྱི་ཁྱད་པར་མ་ཕྱེད་པ་ལ་བརྟེན་ནས་རྒྱུ་དང་འབྲས་བུ་གང་ཡིན་ཐམས་ཅད་ འདུས་བྱས་ཀྱི་དངོས་པོར་འདོད་པའི་ལྟ་ལོག་སྤངས་ནས། རྒྱུ་གཞན་དང་འབྲས་བུ་གཞན་འགལ་འདུས་སྐྱོན་མེད་ཀྱི་རྒྱུ་འབྲས་ལ་མཁས་པར་གྱུར་ཅིག །འབྲས་བུ་གང་ཡིན་ཐམས་ཅད་འདུས་བྱས་སུ་འཁྲུལ་པ་ལ་བརྟེན་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་ཐམས་ཅད་འདུས་བྱས་འབའ་ཞིག་ཏུ་འདོད་པའི་ལྟ་ངན་སྤངས་ཏེ། འདུས་མ་བྱས་ཀྱི་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་ཤེས་ནས་དད་པ་ཐོབ་པར་གྱུར་ཅིག །འདུས་བྱས་ཀྱི་གནས་གྱུར་ལས་འཁྲུལ་ནས། གཤིས་ལུགས་མཐར་ཐུག་གི་དེ་བཞིན་གཤེགས་པ་དང་གཤེགས་མ་ལ་སོགས་པ་ཡང་ངོ་བོ་འགྱུར་བའི་གནས་གྱུར་ཏུ་འདོད་པའི་ལྟ་ལོག་སྤངས་ཏེ། ངོ་བོ་མི་འགྱུར་ ལ་དྲི་བཅས་དྲི་མེད་དུ་སོང་བའི་གནས་གྱུར་ལ་མཁས་པར་གྱུར་ཅིག །གང་ཟག་གི་བདག་ཀུན་རྫོབ་ཏུ་ཡང་རྫས་སུ་མ་གྲུབ་པ་དང༌། ཆོས་ཀྱི་བདག་དོན་དམ་དུ་གཏན་ནས་མ་གྲུབ་པ་དང༌། དེ་བཞིན་ཉིད་བདག་དག་པའི་བདག་དོན་དམ་དུ་ཤིན་ཏུ་ཡང་གྲུབ་པ་ལ་མཁས་པར་གྱུར་ཅིག །ཀུན་བཏགས་ཀྱི་བདག་ཉིད་ལོག་པའི་ཀུན་རྫོབ་ཙམ་དུ་གྲུབ་ཀྱང་ཡང་དག་ཀུན་རྫོབ་ཏུ་མ་གྲུབ་པ་དང༌། གཞན་དབང་གི་བདག་ཉིད་ཀུན་རྫོབ་ཏུ་གྲུབ་ཀྱང་དོན་དམ་དུ་མ་གྲུབ་པ་དང༌། ཡོངས་གྲུབ་ཀྱི་བདག་ཉིད་དོན་དམ་འབའ་ཞིག་ཏུ་གྲུབ་པ་ལ་མཁས་པར་གྱུར་ཅིག ། ཀུན་བཏགས་ཀྱི་བདག་ཉིད་གང་ཡིན་ཤེས་པར་བྱ་བ་དང༌། གཞན་དབང་གི་བདག་ཉིད་སྤང་བར་བྱ་བ་དང༌། ཡོངས་གྲུབ་ཀྱི་བདག་ཉིད་དྲི་མ་སྦྱངས་ནས་ཐོབ་བྱ་ཡིན་པ་ལ་མཁས་པར་གྱུར་ཅིག །གཞན་དབང་གི་བཞོན་པ། ལས་རླུང་ཡིན་པར་རྟོགས་ནས། ལས་རླུང་ངང་གིས་འགག་པའི་ཐབས་མཆོག་ཁྱད་པར་ཅན་ལ་མཁས་པར་གྱུར་ཅིག །ཡེ་ཤེས་ཀྱི་རླུང་འཕེལ་ཞིང་རྒྱས་ནས་མི་རྟོག་ཡེ་ཤེས་བདེ་བ་ཆེན་པོ་འཕེལ་ཞིང་རྒྱས་པར་གྱུར་ཅིག །ཞུ་བདེ་འགྱུར་བཅས་ཀྱི་དགའ་བ་བཞི་དང་བཅུ་དྲུག་མྱུར་དུ་འགག་པར་གྱུར་ཅིག །ཞུ་བདེ་འགྱུར་མེད་ཀྱི་དགའ་བ་བཞི་དང་བཅུ་དྲུག་མྱུར་དུ་རྫོགས་པར་གྱུར་ཅིག །རང་བཞིན་འགྱུར་མེད་ཀྱི་དགའ་བ་བཞི་དང་བཅུ་དྲུག་གདོད་ནས་མཁའ་ཁྱབ་ཏུ་རྟག་ཏུ་བཞུགས་པ་མྱུར་དུ་ཐོབ་པར་གྱུར་ཅིག །

བདག་ནྀ་ཚེ་རབས་ཐམས་ཅད་དུ། །བསྟན་པ་གསལ་བར་བྱེད་གྱུར་ཅིག། བསྟན་པ་གསལ་བར་མ་ནུས་ནའང༌། །བསྟན་པའི་ཁུར་ཆེན་འཁུར་བར་ཤོག །ཁུར་ཆེན་བཀུར་བར་མ་ནུས་ནའང༌། །བསྟན་པའི་སེམས་ཁྲལ་བྱེད་པ་དང༌། །བསྟན་པ་ཉམས་ཀྱིས་དོགས་པ་ཡི། །བྱ་ར་ཙམ་ཡང་བྱེད་པར་ཤོག །

སངས་རྒྱས་སྐུ་གཅིག་བརྙེས་པའི་བྱིན་རླབས་དང༌། །སངས་རྒྱས་སྐུ་གཉིས་བརྙེས་པའི་བྱིན་རླབས་དང༌། །སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་དང༌། །སངས་རྒྱས་སྐུ་བཞི་བརྙེས་པའི་བྱིན་རླབས་དང༌། །སངས་རྒྱས་སྐུ་ལྔ་བརྙེས་པའི་བྱིན་རླབས་དང༌། །སངས་རྒྱས་སྐུ་དྲུག་བརྙེས་པའི་བྱིན་རླབས་དང༌། །སངས་རྒྱས་སྐུ་བདུན་བརྙེས་པའི་བྱིན་རླབས་དང༌། །རྒྱལ་སྐུ་བཅོ་བརྒྱད་བརྙེས་པའི་བྱིན་རླབས་ཀྱིས། །སྨོན་ལམ་འདི་དག་ཇི་བཞིན་འགྲུབ་གྱུར་ཅིག །

ཡེ་ཤེས་རྣམ་བཞི་བརྙེས་པའི་བྱིན་རླབས་དང༌། །ཡེ་ཤེས་རྣམ་ལྔ་བརྙེས་པའི་བྱིན་རླབས་དང༌། །ཡེ་ཤེས་རྣམ་དགུ་བརྙེས་པའི་བྱིན་རླབས་དང༌། །ཡེ་ཤེས་བཅུ་ བཞི་བརྙེས་པའི་བྱིན་རླབས་ཀྱིས། །སྨོན་ལམ་འདི་དག་ཇི་བཞིན་འགྲུབ་གྱུར་ཅིག།

རང་རིག་རང་གསལ་གྱི་དབྱེ་བ་ཞེས་བྱ་བ་རྫོགས་ལྡན་གྱི་ལུགས་སུ་བཀོད་པའོ།། །།

འདིས་ཀྱང་བསྟན་པ་དང་སེམས་ཅན་ཐམས་ཅད་ལ་ཕན་པར་གྱུར་ཅིག། །།སརྦ་མངྒ་ལཾ། བྷ་ཝནྟུ།

སངས་རྒྱས་ཀྱི་སྐུའི་རབ་ཏུ་དབྱེ་བ་ཞེས་བྱ་བ་བཞུགས་སོ། །

སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་དང་ཡེ་ཤེས་ངོ་མཚར་ཞིང་ཕུན་སུམ་ཚོགས་པ་ཤིན་ཏུ་རྨད་དུ་བྱུང་བ་ཆེན་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །འདིར་སྨོན་ལམ་རྣམ་དག་རླབས་པོ་ཆེ་བཏབ་ནས། བདེན་པའི་སྟོབས་བརྗོད་པའི་སྐབས་སུ།

སངས་རྒྱས་སྐུ་གཅིག་བརྙེས་པའི་བྱིན་རླབས་དང༌། །སངས་རྒྱས་སྐུ་གཉིས་བརྙེས་པའི་བྱིན་རླབས་དང༌། །སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་དང༌། །སངས་རྒྱས་སྐུ་བཞི་བརྙེས་པའི་བྱིན་རླབས་དང༌། །སངས་རྒྱས་སྐུ་ལྔ་བརྙེས་པའི་བྱིན་རླབས་དང༌། །སངས་རྒྱས་སྐུ་དྲུག་བརྙེས་པའི་བྱིན་རླབས་དང༌། །སངས་རྒྱས་སྐུ་བདུན་བརྙེས་པའི་བྱིན་རླབས་དང༌། །རྒྱལ་སྐུ་བཅོ་བརྒྱད་བརྙེས་པའི་བྱིན་རླབས་ཀྱིས། །སྨོན་ལམ་འདི་དག་ཅི་བཞིན་འགྲུབ་གྱུར་ཅིག །

ཡེ་ཤེས་རྣམ་བཞི་བརྙེས་པའི་བྱིན་རླབས་དང༌། །ཡེ་ཤེས་རྣམ་ལྔ་བརྙེས་པའི་བྱིན་རླབས་དང༌། །ཡེ་ཤེས་རྣམ་དགུ་བརྙེས་པའི་བྱིན་རླབས་དང༌། །ཡེ་ཤེས་བཅུ་བཞི་བརྙེས་པའི་བྱིན་རླབས་ཀྱིས། །སྨོན་ལམ་འདི་དག་ཇི་བཞིན་འགྲུབ་གྱུར་ཅིག །ཅེས་པ་ལ།

སངས་རྒྱས་སྐུ་གཅིག་བརྙེས་པའི་བྱིན་རླབས་ཞེས་པ་གཤིས་ལུགས་ཟབ་མོའི་སྐུ་གཅིག་ཏུ་ཟད་དེ་དོན་དམ་པའི་སྐུ་གཅིག་པུའོ། །དེ་ནི་མྱ་ངན་ལས་འདས་པ་བདེན་པ་གཅིག་པུ་ཞེས་པ་དང༌། ཆོས་ཀྱི་དབྱིངས་ལ་མ་གཏོགས་པ། །འདི་ལྟར་ཆོས་ཡོད་མ་ཡིན་ཏེ། །ཞེས་དང༌། གཅིག་པུ་སུ་མཁྲེགས་རྡོ་རྗེའི་བདག །ཅེས་སོགས་རྒྱ་ཆེར་གསུངས་པ་ལྟར། གཤིས་ལུགས་ལ་ཀུན་རྫོབ་ཐམས་ཅད་མ་གྲུབ་པས་གཟུགས་སྐུ་ཉིད་ཀྱང་མ་གྲུབ་ན། གཞན་ལྟ་ཅི་སྨོས། དོན་དམ་ཆོས་སྐུ་ནི་མ་གྲུབ་པ་མ་མཆིས་ཏེ། ཀུན་རྫོབ་ཀྱྀ་ཆོས་ཐམས་ཅད་ཀྱི་རྟེན་དུ་བཞུགས་ཤིང་རྟག་བརྟན་ཐེར་ཟུག་གཡུང་དྲུང་མི་འགྱུར་བར་ཡོངས་སུ་གྲུབ་ཅིང་ལྷུན་གྱིས་གྲུབ་པ་འདུས་མ་བྱས་ཀྱི་དབྱིངས་ཡིན་པའི་ཕྱིར། དེའི་བྱིན་རླབས་ཀྱང་དོན་དམ་པའི་བྱིན་རླབས་མཁའ་ཁྱབ་བོ། །སྐུ་གཉིས་ནི། དོན་དམ་ཆོས་ཀྱི་སྐུ་དང༌། ཀུན་རྫོབ་གཟུགས་ཀྱི་སྐུ་སྟེ། ཆོས་སྐུ་དམ་པ་དང་གཟུགས་སྐུ་དམ་པའོ། །དེ་ཡང༌། བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་གཉིས་པོ་ཐོབ་པར་ཤོག །ཅེས་པའི་དོན་ནོ། །སྐུ་གསུམ་ནི། རབ་ཏུ་གྲགས་སོ། །སྐུ་བཞི་ནི། ངོ་བོ་ཉིད་དང༌། ཆོས་དང༌། ལོངས་སྤྱོད་རྫོགས་པ་དང༌། སྤྲུལ་པའི་སྐུ་སྟེ། འདིར་ལོངས་སྤྱོད་རྫོགས་པ་དང་སྤྲུལ་བའི་སྐུ་ལ་བདེན་གཉིས་རྣམ་དབྱེ་ཤེས་དགོས་ཏེ། སྐུ་ལྔ་ནི། དོན་དམ་བདེན་པ་ཉིད་རང་བྱུང་ཡེ་ཤེས་ལྔར་ཤེས་པའི་སྐུ་སྟེ། སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །ཅེས་གསུངས་པའི་དོན་ནོ། །དེ་ཡང༌། དོན་དམ་གྱི་སྤྲུལ་པ་དང༌། ལོངས་སྤྱོད་རྫོགས་པ་དང༌། ཆོས་དང༌། ངོ་བོ་ཉིད་སྐུ་སྟེ། དོན་དམ་སྐུ་བཞི་ལ་བདེ་བ་ཆེན་པོའི་སྐུ་བསྣན་པས་སྐུ་ལྔའོ། །སྐུ་དྲུག་ནི། དོན་དམ་གྱི་སྐུ་བཞི་དང༌། ཀུན་རྫོབ་ཀྱྀ་སྐུ་གཉིས་སོ། །སྐུ་བདུན་ནི། དོན་དམ་འདུས་མ་བྱས་ཀྱི་སྐུ་ལྔ་དང༌། ཀུན་རྫོབ་འདུས་བྱས་གཟུགས་ཀྱི་སྐུ་གཉིས་ཏེ། དེ་ལ་དང་པོ་རིམ་པ་ལྟར་འགོག་བདེན་གྱིས་བསྡུས་པའོ། །རྒྱལ་སྐུ་བཅོ་བརྒྱད་ནི། རྒྱལ་བ་སངས་རྒྱས་ཀྱི་སྐུ་བཅོ་བརྒྱད་དེ། དོན་དམ་གྱི་སྐུ་བཅུ་དྲུག་དང༌། ཀུན་རྫོབ་ཀྱི་སྐུ་གཉིས་སོ། །དེ་ལ་དང་པོ་བཅུ་དྲུག་ནི། འགྲེལ་ཆེན་དྲི་མ་མེད་པའི་འོད་དུ། དེ་ཉིད་གཅིག་པུ་སྐུའི་རབ་ཏུ་དབྱེ་བས་རྣམ་པ་བཅུ་དྲུག་སྲིད་ [མེད་[མི་]སྲིད་པར་བཞུགས། ཞེས་པའོ། །ཕྱི་མ་གཉིས་ནི། རབ་ཏུ་གྲགས་ཏེ་ཀུན་རྫོབ་ཀྱི་སྤྲུལ་སྐུ་དང༌། ལོངས་སྤྱོད་རྫོགས་སྐུའོ། །

ཡེ་ཤེས་རྣམ་བཞི་ཞེས་པ་ནི། གཞན་བྱུང་ཡེ་ཤེས་འདུས་བྱས་ཀྱི་ཡེ་ཤེས་བཞི་སྟེ། ཡང་དག་ཡེ་ཤེས་ལམ་བདེན་གྱི་ཡེ་ཤེས་ལས་ཕྱེ་བའི་མེ་ལོང་ལྟ་བུ་དང༌། མཉམ་པ་ཉིད་དང༌། སོ་སོར་རྟོགས་པ་དང༌། བྱ་བ་གྲུབ་པའི་ཡེ་ཤེས་སོ། །འདི་བཞི་ནི་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ཏུ་གདགས་སོ། །ཡེ་ཤེས་རྣམ་ལྔ་ཞེས་པ་ནི། དོན་དམ་འགོག་བདེན་འདུས་མ་བྱས་ཀྱི་ཡེ་ཤེས་རྣམ་ལྔ་སྟེ། དེ་བཞིན་ཉིད་དང་འགྱུར་བ་མེད་པའི་ཡོངས་གྲུབ་བོ། །ཡེ་ཤེས་རྣམ་དགུ་ཞེས་པ་ནི། དོན་དམ་འགོག་བདེན་གྱི་ཡེ་ཤེས་ལྔ་དང༌། ཀུན་རྫོབ་ལམ་བདེན་གྱི་ཡེ་ཤེས་བཞིའོ། །ཡེ་ཤེས་བཅུ་བཞི་ཞེས་པ་ནི། དོན་དམ་གྱི་ཡེ་ཤེས་ལྔ་ལ། ཐབས་དང་ཤེས་རབ་ཀྱི་དབྱེ་བས་ཡེ་ཤེས་བཅུ་སྟེ། དོན་དམ་གྱི་ཕུང་པོ་ལྔ་དང་ཁམས་ལྔའོ། །དེ་ལ་དགོངས་ནས། ཤེས་བཅུ་རྣམ་དག་བདག་ཉིད་ཅན། །ཤེས་བཅུ་རྣམ་དག་འཆང་བ་པོ། །ཞེས་གསུངས་པའོ། །དེའི་སྟེང་དུ་གཞན་བྱུང་ཡེ་ཤེས་བཞི་བསྣན་པས་བཅུ་བཞིའོ། །དེ་ལ་གཞན་བྱུང་ཡེ་ཤེས་བཞི་ནི། སངས་རྒྱས་ཀྱི་སའི་མདོ་དང༌། དབུ་མ་ཆེན་པོ་མདོ་སྡེའི་རྒྱན་ལ་སོགས་པར་གསུངས་ཤིང༌། རང་བྱུང་ཡེ་ཤེས་ལྔ་ནི། གསང་སྔགས་ཟབ་མོ་རྣམས་སུ་གསུངས་ལ། ཡེ་ཤེས་བཅུའམ། ཤེས་པ་བཅུ་པོ་དོན་དམ་པའི་མཚན་བརྗོད་དུ་གསུངས་པ་ནི། འཕགས་པ་རྡོ་རྗེའི་སྙིང་པོས། དོན་དམ་པའི་ཕུང་པོ་ལྔ་དང༌། ཁམས་ལྔ་ལ་བཤད་དོ། །དེ་ལྟར་སྐུ་དང་ཡེ་ཤེས་རྣམས་ལ་བདེན་པ་གཉིས་སུ་དབྱེ་བ་དང༌། ཆོས་ཉིད་དང་ཆོས་ཅན་དུ་དབྱེ་བ་དང༌། འདུས་མ་བྱས་དང་ འདུས་བྱས་སུ་དབྱེ་བ་དང༌། རྟག་མི་རྟག་ཏུ་དབྱེ་བ་དང༌། རང་བཞིན་དང་བཅོས་མར་དབྱེ་བ་དང༌། གཉུག་མ་དང་གློ་བུར་བར་དབྱེ་བ་དང༌། རྟེན་འབྲེལ་ལས་འདས་མ་འདས་སུ་དབྱེ་བ་དང༌། སྐད་ཅིག་ལས་འདས་མ་འདས་སུ་དབྱེ་བ་དང༌། འགོག་བདེན་དང་ལམ་བདེན་དུ་དབྱེ་བ་དང༌། དེ་བཞིན་ཉིད་དང་ཡང་དག་ཡེ་ཤེས་སུ་དབྱེ་བ་དང༌། འགྱུར་བ་མེད་པའི་ཡོངས་གྲུབ་དང༌། ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ཏུ་དབྱེ་བ་དང༌། རང་བྱུང་དང་གཞན་བྱུང་དུ་དབྱེ་བ་ལ་སོགས་པ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་ཀྱི་འཁོར་ལོ་རྫོགས་ལྡན་གྱི་ལུགས་བཞིན་དུ་སེམས་ཅན་ཐམས་ཅད་ཀྱིས་རྟོགས་པར་གྱུར་ཅིག །

ཅེས་པ་འདི་ཡང་རྒྱལ་ཁམས་པ་རྟོན་པ་བཞི་ལྡན་གྱིས་སྨྲས་པ་སྟེ། བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་པར་གྱུར་ཅིག། །།སརྦ་མངྒ་ལཾ། བྷ་ཝནྟུ།

[མ་དཔེ་ནི་འཛམ་ཐང་པར་མ་ཡིན།]

ཆོས་དབྱིངས་དུ་མ་རོ་གཅིག་ཅེས་བྱ་བ་བདེ་གཤེགས་སྙིང་པོ་ཡོན་ཏན་ཅན་གྱི་མེ་ལོང་བཞུགས།

ན་མཿཤྲཱི་བཛྲ་གུ་རུ་ཝེ། ན་མོ་རཏྣ་ཏྲ་ཡཱ་ཡ། དགེ་བའི་བཤེས་གཉེན་པའི་གསུང་ཡིག་ལ། མཁས་པ་འགའི་གསུང་གིས། བདེ་གཤེགས་སྙིང་པོ་ལ་སྟོབས་སོགས་ཀྱི་ཡོན་ཏན་ཚང་བར་གསུངས་པ་དེ་དག་དགོངས་པ་ཅན་ཡིན་གྱི། དོན་ལ་མ་ཚང་སྟེ་གློ་བུར་དྲི་མས་ཟིལ་གྱིས་མནན་པའི་ཕྱིར། ཞེས་གསུངས་པས། འདི་ལའང་ལན་གསུང་དུ་གསོལ་ཞེས་པ་ལ།

ལན་ནི། སྟོབས་སོགས་ཡོན་ཏན་རྣམས་ལ་ཡང་བདེན་གཉིས་རྣམ་དབྱེ་ཤེས་དགོས་ལུགས་དང༌། དོན་དམ་བདེན་པར་གཏོགས་པའི་ཡོན་ཏན་ཐམས་ཅད་འདུས་མ་བྱས་ཡིན་ལུགས་ལ་སོགས་པ་སྔར་ཡང་གསལ་བར་བཀོད་ཅིང༌། འདུས་མ་བྱས་ལ་སྐྱེ་འགགས་འཕོ་འགྱུར་མེད་པས། ཡོན་ཏན་དེ་རྣམས་བྲལ་གཞི་རང་བཞིན་གྱི་རིགས་ལ་དབྱེར་མེད་དུ་མེད་ན། བྲལ་འབྲས་དོན་དམ་ཆོས་སྐུ་ལ་ཡང་དབྱེར་མེད་དུ་མེད་པར་འགྱུར་ཏེ། ཉེས་པ་གློ་བུར་དང་ལྡན་དང༌། །ཡོན་ཏན་རང་བཞིན་ཉིད་ལྡན་ཕྱིར། །ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་དང༌། ཡུམ་རྒྱས་པར། གཟུགས་འདུས་མ་བྱས་པ་སྟེ། ཞེས་པ་ནས། མ་འདྲེས་པའི་བཅོ་བརྒྱད་ཀྱི་མཐར་ཐུག་པ་རེ་རེ་ནས་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ཞེས་སོགས་རྒྱ་ཆེར་བཀའ་སྩལ་པའི་ཡང་ ཕྱིར་སྟོབས་སོགས་འདུས་མ་བྱས་ཀྱི་ཡོན་ཏན་ཐམས་ཅད་བདེ་གཤེགས་སྙིང་པོ་ལ་མེད་ན་གཞན་གང་ལ་ཡོད། དང་པོ་ནས་མེད་ན་ཕྱིས་སྐྱེ་བར་ཡང་འགལ་ཏེ། འདུས་མ་བྱས་ཡིན་པའི་ཕྱིར་རོ། །གཞན་ཡང༌། གློ་བུར་དྲི་མས་ཟིལ་གྱིས་མནན་པའི་ཕྱིར། ཞེས་པའི་རྟགས་མ་གྲུབ་སྟེ། དེ་བཞིན་ཉིད་དམ་དེ་དང་ཁྱབ་མཉམ་དབྱེར་མེད་རོ་གཅིག་པའི་ཡོན་ཏན་རྣམས་ནི་གང་གིས་ཀྱང་ཟིལ་གྱིས་མནན་པར་མི་ནུས་པའི་ཕྱིར་ཏེ། དེ་ནི། ཐུབ་པ་མེད་པ་དཔེ་མེད་པ། །ཞེས་དང༌། ཚུགས་པ་མེད་ཅིང་ཆེ་པར་གྲགས། །ཞེས་སོགས་དང༌། བདེན་པ། སྲ་བ། བརྟན་པ། ཐམས་ཅད་དུ་ཐོགས་པ་མེད་པ། ཐམས་ཅད་དུ་མ་ཕམ་པ། ཞེས་དང༌། མི་ཤིགས་པའམ། གཞོམ་དུ་མེད་པ་ལ་སོགས་པ་དང༌། སྲ་ཞིང་སྙིང་པོ་ཁོང་སྟོང་མེད། །བཅད་དང་གཞིག་པར་བྱ་བ་མེད། །ཅེས་སོགས་ལུང་རྣམ་དག་ཤིན་ཏུ་མང་པོས་གནོད་པའི་ཕྱིར་རོ། །

གཞན་ཡང༌། ཟིལ་གྱིས་མནན་པ་ལ་མེད་པས་ཁྱབ་པ་ཡང་མེད་དེ། ཉི་འོད་ཤར་བ་ན་སྐར་མ་ཟིལ་གྱིས་མནན་ཡང་མེད་པར་མ་སོང་བ་བཞིན་དང༌། རྒྱལ་བའི་རང་བཞིན་གྱི་འོད་ཀྱིས་ལྷའི་རྣམ་སྨིན་གྱི་འོད་ཟིལ་གྱིས་མནན་ཡང་མེད་པ་མ་ཡིན་པ་བཞིན་ནོ། །གཞན་ཡང༌། ཉན་ཐོས་རྣམས་ཀྱི་འབྱོར་པས་ནི། །འཇིག་རྟེན་པ་ཡིས་ཟིལ་གྱིས་གནོན། །རང་སངས་རྒྱས་ཀྱི་ས་པ་ཡིས། །ཉན་ཐོས་ཀྱི་ཡང་ཟིལ་གྱིས་གནོན། །ཞེས་སོགས་དེ་ཙམ་གྱིས་དེར་མི་འགྲུབ་པའི་ལུང་རིགས་རྣམ་དག་དཔག་ཏུ་མེད་པས་གནོན་པའི་ཕྱིར། ཁྱབ་པ་དེ་འདྲ་ནི་མཁས་པ་རྣམས་ཀྱི་བཞད་གད་ཀྱི་གནས་སུ་རིག་པར་བྱའོ། །གཞན་ཡང༌། ཟིལ་གྱིས་གནན་བྱ་དང་གནོན་བྱེད་གཉིས་མེད་ན་ཟིལ་གྱིས་མནན་པ་མི་འགྲུབ་པའི་ཕྱིར། འདི་ནི་ཁྱབ་པ་འགལ་ཏེ། མ་གྲུབ་པ་ཡང་ཡིན་ནོ། །རྟགས་ཁྱབ་གང་རུང་གཅིག་མ་ཚང་ནའང་རྒྱུ་མཚན་ཡང་དག་ཏུ་མི་རུང་ན། གཉིས་ཀ་མ་ཚང་ན་ལྟ་སྨོས་ཀྱང་ཅི་འཚལ། དེ་ལྟ་བས་ན་རྒྱུ་མཚན་ལྟར་སྣང་ལ་ཡིད་ཆེས་བྱས་ནས་རང་གཞན་ཆོས་སྤོང་གི་ལས་ལ་སྦྱོར་བར་མ་གྱུར་ཅིག །འདུས་མ་བྱས་ཀྱི་ཤེར་ཕྱིན་ལ་སོགས་པ་དོན་དམ་ཆོས་ཉིད་ཀྱི་ཡོན་ཏན་དཔག་ཡས་གསུངས་པ་རྣམས་དང༌། ཡོངས་གྲུབ་དགུའི་གཟུགས་ནས་རྣམ་མཁྱེན་གྱི་བར་དང༌། གདོད་ནས་རང་བཞིན་གྱིས་དག་པའི་གཟུགས་ནས་རྣམ་མཁྱེན་གྱི་བར་ལ་སོགས་པ་དང༌། ཁམས་གསུམ་དང་དུས་གསུམ་ལས་འདས་པའི་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཡོན་ཏན་མཐའ་ཡས་གསུངས་པ་རྣམས་ཀྱང་མཐོང་ཞིང་རྟོགས་པར་གྱུར་ཅིག། གཞན་ཡང༌། དེ་སྐད་ཟེར་བ་དེ་ལ་འདི་སྐད་དྲི་བར་བྱའོ། །བདེ་གཤེགས་སྙིང་པོ་ལ་སྟོབས་སོགས་ཀྱི་ཡོན་ཏན་མ་ཚང་བ་ལ་ཤེས་བྱེད་དང༌། ཚང་བ་ལ་གནོད་བྱེད་ཀྱི་ལུང་གང་གང་བདོག་ཅེས་བསྟན་པ་དང་འགྲོ་བའི་དོན་ལ་བསམས་ནས་བློ་གཟུ་བོར་གནས་པས་དྲིས་ནའང་གཏན་ལ་ཕབ་པར་འགྱུར་ཏེ། དེ་དག་གི་བཟློག་ཕྱོགས་ལ་ནི་ཤེས་བྱེད་དང་གནོད་བྱེད་ཀྱི་ལུང་རིགས་རྣམ་དག་ཤིན་ཏུ་མང་བའི་ཕྱིར་རོ། །དེ་ཡང༌། ལུང་རིགས་ཤེས་པའི་རྣལ་འབྱོར་པས། །སེམས་འགྲེལ་སྐོར་བཅུ་ཆ་ལག་བཅས། །ངེས་དོན་མདོ་བཅུ་ལ་སོགས་དང༌། །སྙིང་པོའི་མདོ་བཅུ་ལ་སོགས་པ། །འཁོར་ལོ་གསུམ་དང་རྒྱུད་སྡེ་བཞི། །ཐོས་བསམ་སྒོམ་པ་རྣམ་དག་ལ། །རྟོན་པ་རྣམ་བཞིས་ལེགས་བརྒྱན་ཅིང༌། །དཔའ་གསལ་གྲགས་གསུམ་སྤངས་པ་ཡིས། །ལེགས་པར་གཟིགས་ན་རབ་གསལ་འགྱུར། །འདི་ལྟར། བདེ་གཤེགས་སྙིང་པོ་དང༌། ཡོངས་གྲུབ་དགུ་དང༌། རང་བཞིན་གྱི་རིགས་དང༌། དོན་དམ་ཆོས་སྐུ་དང༌། རང་བཞིན་ལྷན་སྐྱེས་དང༌། ལྷན་ཅིག་སྐྱེས་སྐུ་དང༌། ངོ་བོ་ཉིད་སྐུ་ལ་སོགས་པ་མིང་དཔག་ཏུ་མེད་པའི་དོན་གཅིག་ཚུལ་དང༌། དེ་ལ་སྟོབས་བཅུ་ལ་སོགས་པ་ཆོས་ཉིད་འདུས་མ་བྱས་ཀྱི་ཡོན་ཏན་ཐམས་ཅད་དབྱེར་མེད་དུ་ཚང་བའི་ལུང་རིགས་མང་པོ་སྔར་ཡང་བཀོད་ཅིང༌། གཞན་ཡང༌། ཡུམ་ཆེན་མོར། དེ་བཞིན་ཉིད་ཀྱི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། དེ་བཞིན་ཉིད་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་དུ་སྦྱར་ཏེ། མ་ནོར་བ་དེ་བཞིན་ཉིད་དང༌། གཞན་མ་ཡིན་པ་དེ་བཞིན་ཉིད་དང༌། ཆོས་ཉིད་དང༌། ཆོས་ཀྱི་དབྱིངས་དང༌། ཆོས་ཀྱི་གནས་ཉིད་དང༌། ཆོས་མི་འགྱུར་བ་ཉིད་དང༌། ཡང་དག་པའི་མཐའ་དང༌། བསམ་གྱིས་མི་ཁྱབ་པའི་དབྱིངས་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །ཞེས་དང༌། ཡུམ་བར་མར་ཡང༌། དེ་དང་མཐུན་པར་མང་དུ་གསུངས་ ཤིང༌། རྒྱུད་བླ་མར། འོད་གསལ་བྱས་མིན་དབྱེར་མེད་པར། །འཇུག་ཅན་གངྒཱའི་ཀླུང་གིས་ནི། །རྡུལ་ལས་འདས་པའི་སངས་རྒྱས་ཀྱི། །ཆོས་རྣམས་ཀུན་དང་ལྡན་པ་ཉིད། །ཅེས་སོགས་དང༌། དཔལ་ཕྲེང་དུ་ཡང༌། དེ་དང་མཐུན་པར་གསུངས་ཤིང༌། སོར་ཕྲེང་དུ་ཡང༌། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་དབྱིངས་མ་སྐྱེས་པ་མཚན་དང་དཔེ་བྱད་བཟང་པོ་མཐའ་ཡས་པས་བརྒྱན་པ་ཡོད་དོ། །ཞེས་སོགས་དཔག་ཡས་དང༌། དཀོན་མཆོག་སྤྲིན་ལས་ཀྱང༌། དེ་ནི་དེ་བཞིན་ཉིད་ཅེས་བྱའོ། །ཡང་དག་པའི་མཐའ་ཞེས་བྱའོ། །ཐམས་ཅད་མཁྱེན་པ་ཉིད་ཅེས་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་པའོ། །ཞེས། དེ་བཞིན་ཉིད་ལ་སོགས་པ་དང་རྣམ་མཁྱེན་གྱི་ཡེ་ཤེས་རང་བཞིན་པ་རྣམ་གྲངས་སུ་གསུངས་ཤིང༌། རབ་ཞི་རྣམ་ངེས་སུ་ཡང༌། ཆོས་ཀྱི་དབྱིངས་ནི་སངས་རྒྱས་ཏེ། སངས་རྒྱས་ནི་ཡང་དག་པའི་མཐའོ། །ཞེས་སོགས་དང༌། ཤེར་ཕྱིན་བདུན་བརྒྱ་པར་ཡང༌། འདི་ལྟར་ཆོས་ཀྱི་དབྱིངས་ཉིད་བཅོམ་ལྡན་འདས་ཡིན་པའི་ཕྱིར་རོ། །ཞེས་དང༌། ཆོས་ཀྱི་དབྱིངས་དེ་ཉིད་བྱང་ཆུབ་བོ། །ཞེས་དེ་རྣམས་དོན་གཅིག་པར་གསུངས་ལ། རྒྱན་སྟུག་པོར་ཡང༌། དེ་བཞིན་གཤེགས་པ་ནི་རྟག་པ་བརྟན་པ་ཐེར་ཟུག་མི་འཇིགས་པ་སྟེ། སངས་རྒྱས་རྗེས་སུ་དྲན་པ་བསྒོམ་པའི་རྣལ་འབྱོར་ཅན་རྣམས་ཀྱི་ཡུལ་ཡིན་ཏེ། དེ་བཞིན་གཤེགས་པའི་སྙིང་པོའོ། །ཞེས་བསྒྲགས་པ་མྱ་ངན་ལས་འདས་པའི་དབྱིངས་དང༌། ནམ་མཁའ་ལྟ་བུར་མི་འཇིག་པ་སྟེ། མྱ་ངན་ལས་འདས་པའི་སྒྲ་ཆོས་ཀྱི་དབྱིངས་ཀྱི་ཚིག་གིས་འདས་པ་དང༌། བྱུང་བ་དང་འབྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བསྟན་ཏེ། འདི་ལྟར་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང༌། མ་བྱུང་ཡང་རུང༌། ཆོས་རྣམས་ཀྱི་ཆོས་ཉིད་དང༌། ཆོས་ཀྱི་གནས་ཉིད་དང༌། ཆོས་ཀྱི་དབྱིངས་དང༌། ཆོས་སྐྱོན་མེད་པ་འདི་ནི་དེ་བཞིན་གཤེགས་པའོ། །ཞེས་སོགས་དང༌། མཁས་པས་སོ་སོར་རང་རིག་པ། །ཡང་དག་ཉིད་དང་ཡང་དག་མཐའ། །ཚིག་གི་སྤྱོད་ཡུལ་འདས་པ་ནི། །སངས་རྒྱས་དངོས་པོ་མི་སྣང་སྟེ། །སངས་རྒྱས་སྒྲས་ནི་མྱ་ངན་འདས། །མྱ་ངན་འདས་ཀྱང་སངས་རྒྱས་ཏེ། །རྣམ་རྟོག་རྟོག་དང་བྲལ་བས་ན། །དེ་ནི་བསྟན་དུ་མི་ནུས་པའོ། །རྒྱུ་དང་འབྲས་བུ་མེད་པ་སྟེ། །ཡོད་དང་མེད་པ་རྣམ་པར་སྤངས། །རྡོ་བ་ཕྱེ་མར་བཏགས་པ་ལ། །གསེར་ནི་ཡོད་པར་མི་སྣང་སྟེ། །སྦྱང་བའི་ལས་ཀྱི་ཁྱད་པར་གྱིས། །གསེར་ནི་སྣང་བ་འགྱུར་བ་ཡིན། །ཞེས་སོགས་དང༌། ཡུམ་པར་མར་ཡང༌། ཀོའུ་ཤི་ཀ །དེ་ནི་འདི་ལྟར་ཆོས་ཀྱི་དབྱིངས་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལ་གཉིས་སུ་མེད་དོ། །གཉིས་སུ་བྱར་མེད་དོ། །ཞེས་སོགས་དང༌། གཞན་ཡང༌། ལུང་ཁྱད་འཕགས་ ཤིན་ཏུ་མང་པོས། ཤེར་ཕྱིན་མཚན་ཉིད་པ་དང༌། དེ་བཞིན་ཉིད་དང༌། འགྱུར་མེད་ཡོངས་གྲུབ་ལ་སོགས་པ་དོན་གཅིག་ཚུལ་དང༌། དེ་རྣམས་ཀྱི་ཡོན་ཏན་ཆ་མེད་ཀུན་འགྲོ་ཁྱབ་པ་པོ་རྣམས་ཀྱང་དེ་རྣམས་ཀྱང་དབྱེར་མེད་རོ་མཉམ་འདུས་མ་བྱས་སུ་རྒྱ་ཆེར་གསུངས་པ་རྣམས་ཀྱང་མཐོང་ཞིང་རྟོགས་པར་གྱུར་ཅིག །གཞན་ཡང༌། ཆོས་དབྱིངས་གདོད་ནས་དྲི་བྲལ་དུ་གསུངས་པ་དེ་ཀུན་བཏགས་ཀྱི་དྲི་མ་ཡིན་གྱི། དྲི་མ་གཞན་དང་མ་བྲལ་གསུངས་པས་འདི་ལའང་ལན་བཀའ་སྩལ་དུ་གསོལ། ཞེས་པ་ལ། ཀུན་བཏགས་ཞེས་པ་འདི་ཆོས་ཐམས་ཅད་ཀུན་བཏགས་དང་ཡོངས་གྲུབ་གཉིས་སུ་དབྱེ་བའི་ཡ་གྱལ་དེ་ཡིན་ནམ། རང་བཞིན་གསུམ་ཕྱེ་བའི་ཡ་གྱལ་དེ་ཡིན་ནམ། སྤང་བྱ་ལ་ཀུན་བརྟགས་དང་ལྷན་སྐྱེས་སུ་ཕྱེ་བའི་ཡ་གྱལ་དེ་ཡིན་ནམ། དེ་རྣམས་གང་ཡང་མ་ཡིན་པའི་ཀུན་བཏགས་ཀྱི་དྲི་མ་ཞིག་ཡོད་པ་ཡིན་ནམ། ཞེས་བརྟགས་ནས་རྣམ་པར་ཕྱེ་བའི་ལན་གདབ་པར་བྱའོ། །

དེ་ལ་དང་པོ་ལྟར་ན། དེར་མ་འདུས་པའི་དྲི་མ་འགའ་ཡང་མེད་པའི་ཕྱིར་ རོ། །ཆོས་དབྱིངས་དྲི་བྲལ་དུ་གསུངས་པ་ལ་སྐྱོན་ཅུང་ཟད་ཀྱང་མེད་ཅིང༌། ཁོ་རང་གི་ཚིག་ནང་འགལ་བར་ཡང་འགྱུར་རོ། །

གཉིས་པ་ལྟར་ན། དྲི་མེད་འོད་དུ། དུས་ཐམས་ཅད་དུ་སྒྲིབ་པ་ཐམས་ཅད་དང་བྲལ་བ། ཞེས་དང༌། རྣམ་གསུམ་སྲིད་གནས་ཞེས་པ་ནི། ཐམས་ཅད་དུ་ཐམས་ཅད་ཀྱི་ཚེ་ཕུང་པོ་ལ་སོགས་པ་ཐམས་ཅད་རྣམ་པར་དག་པ་སྟེ། སྒྲིབ་པ་ཐམས་ཅད་ཟད་པའི་ཕྱིར་རོ། །ཞེས་པ་བཅོམ་ལྡན་འདས་ཀྱིས་ངེས་པའོ། །ཞེས་སོགས་དང༌། ཆོས་ཀྱི་དབྱིངས་ལ་བསྟོད་པར། ཆོས་ཀྱི་དབྱིངས་ནི་སྐྱེ་མ་ཡིན། །ནམ་ཡང་འགག་པར་འགྱུར་བ་མེད། །དུས་རྣམས་ཀུན་ཏུ་ཉོན་མོངས་མེད། །ཐོག་མ་བར་མཐའ་དྲི་མ་བྲལ། །ཞེས་དང༌། གཞན་དུ་ཡང༌། རྟོག་པ་ཐམས་ཅད་ཡང་དག་སྤངས། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ཞེས་སོགས་དང༌། ཀུན་ཏུ་རྟོག་པ་ཐམས་ཅད་སྤངས། །རྣམ་པར་མི་རྟོག་དབྱིངས་མི་ཟད། །ཞེས་དང༌། རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཞེས་དང༌། སྒྲིབ་པ་ཀུན་ལས་ངཻས་པར་གྲོལ་དང༌། །ཞེས་དང༌། ཉོན་མོངས་ཉེ་ཉོན་ཀུན་ཉོན་མོངས། །བག་ཆགས་བཅས་པ་གཏན་སྤངས་པ། །ཞེས་སོགས་དང༌། རང་བཞིན་གྱིས་ནི་ཡོངས་བདག་ཕྱིར། །ཉོན་མོངས་གདོད་ནས་ཟད་ཕྱིར་རོ། །ཞེས་དང༌། ཟད་པ་གཉེན་པོས་ཟད་པ་མ་ཡིན་ཏེ། །སྔོན་ནས་ཟད་པས་དེ་ཕྱིར་ཟད་ཅེས་བསྟན། །ཞེས་དང༌། ཀུན་བཏགས་པ་དང༌། གཞན་གྱི་དབང་གི་མཚན་ཉིད་དག་གིས་ནི་ཡོད་པ་མ་ཡིན་ནོ། །ཡོངས་སུ་གྲུབ་པའི་མཚན་ཉིད་ཀྱིས་ནི་མེད་པ་མ་ཡིན་ནོ། །ཞེས་སོགས་ངེས་དོན་གྱི་ལུང་དཔག་ཏུ་མེད་པས་གནོད་དོ། །

གསུམ་པ་ལྟར་ན། མཐོང་སྤང་དང་བྲལ་སྒོམ་སྤང་དང་མ་བྲལ་བའི་རྒྱུ་མཚན་གསུང་བར་ཞུས་ཤིང༌། སྔར་གྱི་ལུང་རྣམ་དག་དེ་རྣམས་ཀྱིས་ཀྱང་གནོད་དོ། །

བཞི་པའོ་ཞེ་ན། དེ་ལ་ནི་ལུང་རིགས་རྣམ་དག་མེད་ཅིང༌། གལ་ཏེ་ཡོད་པར་རློམ་ན། གསལ་བར་སྟོན་ཅིག་དང་དེའི་ཚེ་ལན་གདབ་པར་བྱའོ། །འདིར་ཡོན་ཏན་མེད་པའི་སངས་རྒྱས་དང་བྱང་ཆུབ་དང༌། ཆོས་སྐུ་ལ་སོགས་པ་ཤེས་བྱ་ལ་མི་སྲིད་པ་ཉིད་ཀྱི་ཕྱིར། ཡོན་ཏན་མེད་པའི་བདེ་གཤེགས་སྙིང་པོ་དང༌། དེ་བཞིན་ཉིད་ལ་སོགས་པའང་ཤེས་བྱ་ལ་མི་སྲིད་ཅིང༌། དེ་རྣམས་ཐམས་ཅད་ཀྱང་དབྱེར་མེད་རོ་མཉམ་འདུས་མ་བྱས་ཀྱི་དབྱིངས་བསམ་གྱིས་མི་ཁྱབ་ལ། རྟོག་གེ་དང༌། རྣམ་ཤེས་དང༌། རྟེན་འབྲེལ་དང༌། སྐད་ཅིག་ལས་འདས་ཤིང༌། སོ་སོ་རང་རིག་ཡེ་ཤེས་ཀྱི་སྤྱོད་ཡུལ་བདེ་བ་དང༌། སྟོང་པ་དང༌། ཤེས་རབ་དང༌། སྙིང་རྗེ་དང༌། ཐབས་དང༌། ཤེས་རབ་དང༌། འོད་གསལ་བ་དང༌། གདོད་ནས་རང་བཞིན་གྱིས་རྣམ་པར་དག་པ་དང༌། ཡོངས་སུ་དག་པ་ལ་སོགས་པ་རང་བཞིན་གྱིས་གྲུབ་པའི་ཚོགས་གཉིས་དང༌། སྤངས་རྟོགས་ཀྱི་ཡོན་ཏན་མཐའ་ཡས་པ་གདོད་ནས་ལྷུན་གྲུབ་ཏུ་ཚང་བས་སེམས་ཅན་ཐམས་ཅད་ཀྱི་མགོན་སྐྱབས་དང་དཔུང་གཉེན་དང༌། ཕྱག་མཆོད་བསྐོར་བ་ལ་སོགས་པ་དད་གུས་ཀྱི་བྱ་བ་རྣམས་ཀྱི་ཡུལ་མཆོག་ཏུ་གྱུར་ཅིང༌། ཆོས་དབྱིངས་འདུས་མ་བྱས་ཀྱི་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་དང་ཡོན་ཏན་རྨད་དུ་བྱུང་བ་ཚད་མེད་ལ་གཞལ་དུ་མེད་པ་བགྲང་བ་ལས་འདས་པ། ནམ་མཁའ་ལྟར་ཀུན་ཁྱབ་ཏུ་ནམ་ཡང་གང་ནའང་བཞུགས་པའི་དབྱིངས་རིག་དབྱེར་མེད། འཁོར་འདས་དབྱེར་མེད། བདེན་གཉིས་དབྱེར་མེད། བདེན་བཞི་དབྱེར་མེད། དུ་མ་རོ་གཅིག་སྟོང་གཞི་དོན་དམ་བདེ་གཤེགས་སྙིང་པོའི་ཡོན་ཏན་རྣམས་ལ་བརྙས་པ་དང༌། སྐུར་བ་གདབ་པར་མི་བྱ་ཡི་ཤེས་ནས་དད་པ་ཐོབ་པར་བྱས་ཏེ། གཞན་དག་ལ་ཡང་རབ་ཏུ་བསྟན་པར་བྱའོ། །དེ་ལྟར་བྱས་པའི་ཕན་ཡོན་དང༌། དེ་ལས་བཟློག་པ་བྱས་པའི་ཉེས་དམིགས་དཔག་ཏུ་མེད་པ་གསུང་རབ་ཤིན་ཏུ་མང་པོར་རབ་ཏུ་གསལ་བར་བཀའ་སྩལ་པ། དེ་རྣམས་ཀྱི་ནང་ནས་འགའ་ཞིག་ནི་ཁོ་བོས་ཀྱང་གཞུང་གཞན་དག་ཏུ་དྲངས་པས་འདིར་ཡི་གེ་མང་དུ་དོགས་ནས་རྒྱ་ཆེར་མི་འབྲིའོ། །

ཅུང་ཟད་ཙམ་འབྲི་ན། རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་མདོར། འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལས་ལྷའི་བསྐལ་པ་བྱེ་བར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རེ་རེར་འཁོར་བཞི་ལ་ཅི་འདོད་པ་སྦྱིན་པ་བྱིན་པ་བས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གཞན་གྱི་དེ་བཞིན་གཤེགས་པ་ནི་རྟག་པའོ། །དེ་བཞིན་གཤེགས་པ་ནི་གཡུང་དྲུང་ངོ༌། །ཞེས་ཚིག་ཏུ་སྨྲས་ན་ཡང༌། དེ་དེ་བས་ཆེས་བསོད་ནམས་གྲངས་མེད་པར་བསྐྱེད་དོ། །ཞེས་དང༌། གཞན་དུ་ཡང༌། བྱང་ཆུབ་སེམས་དཔའ་གང་ལ་ལ་ཞིག་གིས་བསྐལ་པ་བྱེ་བ་སྟོང་ཕྲག་བརྒྱད་དུ་ཕ་རོལ་ཏུ་ཕྱིན་པ་ལྔ་ལ་སྤྱད་པ་བས། འཇམ་དཔལ་བྱང་ཆུབ་སེམས་དཔའ་གཞན་གང་ཞིག་དེ་བཞིན་གཤེགས་པ་ནི་རྟག་པའོ། །སྙམ་དུ་མོས་པ་བྱེད་ན་འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པར་བསྐྱེད་དོ། །ཞེས་སོགས་དང༌། སོར་ཕྲེང་གི་མདོར་ཡང༌། དེ་བཞིན་གཤེགས་པའི་སྙིང་པོ་ལ་བརྙས་པའི་རྒྱུས་འགྲོ་བ་ལྔའི་གནས་ཐམས་ཅད་ཡན་ལག་མ་ཚང་བར་འགྱུར། འཁོར་བ་སྡུག་བསྔལ་བར་འཁྱམས་པ་ན། སྡུག་བསྔལ་བ་མྱོང་བར་འགྱུར་རོ། །སེམས་ཅན་གང་སངས་རྒྱས་ལ་བསྙེན་བཀུར་བྱས་པ་དང༌། སེམས་ཅན་གང་ཕན་པར་སྟོན་ཅིང༌། བདག་ཉིད་དེ་བཞིན་གཤེགས་པར་སེམས་དཔའ་དེ་དག་ནི་དེ་བཞིན་གཤེགས་པའི་སྙིང་པོའི་ཐོས་པ་རྙེད་པར་འགྱུར་རོ། །བཙུན་པ་གང་པོ་སངས་རྒྱས་མང་པོ་ལས་ཕྱིར་ཕྱོགས་པའི་སེམས་ཅན་གང་དེ་བཞིན་གཤེགས་པའི་སྙིང་པོ་ཐོས་ནས་སྨོད་པའི་སེམས་ཅན་དེ་དག་ནི་བདག་ཉིད་ཀྱི་ས་བོན་བསྲེགས་ཤིང༌། ཀྱེ་མ་དུས་གསུམ་དུ་བསམ་གྱིས་མི་ཁྱབ་པས་མྱ་ངན་དུ་བྱ་བ་ཡིན་ནོ། །ཆོས་སྟོན་པར་འདོད་པས་འདི་ལྟར་བསྟན་ཏེ། དེ་བཞིན་གཤེགས་པ་རྟག་པ་དང་ཡང་དག་པ་ཉིད་དུ་བསྔགས་པར་བྱའོ། །ཞེས་པ་ལ་སོགས་པའོ། །དེའི་ཕྱིར་བདག་དང་གཞན་ལ་ཕན་པར་འདོད་པ་རྣམས་ཀྱིས་བླང་དོར་གྱི་གནས་དེ་དག་ཕྱིན་ཅི་མ་ལོག་པར་མཛད་པ་ཞུ་ཞེས་ཐལ་མོ་སྦྱར་ཏེ། ཞུ་ཞིང་གསོལ་བ་ཞེ་ཐག་པ་ནས་འདེབས་ལགས་པས་ཞུ་བ་གནང་བར་མཛད་དུ་གསོལ།

དེ་ལྟར་དེ་དག་ལ་ཕན་ཡོན་དང་ཉེས་དམིགས་རླབས་པོ་ཆེ་བགྲང་བ་ལས་འདས་པ་ལེགས་པར་བཀའ་སྩལ་པ་ལས་ཀྱང་ཡོན་ཏན་ཅན་གྱི་བདེ་གཤེགས་སྙིང་པོ་གཤིས་ལ་བཞུགས་པ་གྲུབ་སྟེ། དེ་མ་གྲུབ་ན་དེ་ཙམ་གསུངས་པ་མི་རིགས་པའི་ཕྱིར་དང༌། མི་རིགས་པ་གསུངས་ན། སངས་རྒྱས་བཅོམ་ལྡན་འདས་ཡེ་ཤེས་སུ་གྱུར་པ། དཔང་དུ་གྱུར་པ། ཚད་མ་གྱུར་པ་མ་ཡིན་པར་ཧ་ཅང་ཐལ་བས་གནོད་པའི་ཕྱིར་རོ། །གལ་ཏེ་འདི་སྙམ་དུ་གློ་བུར་དྲི་མས་ཟིལ་གྱིས་མནན་པའི་ཕྱིར། ཞེས་པ་བདེ་གཤེགས་སྙིང་པོའི་ཡོན་ཏན་ཟིལ་གྱིས་མནན་པ་མ་ཡིན་གྱི། སེམས་ཅན་པ་ཟིལ་གྱིས་མནན་པ་ཡིན་ནོ་སྙམ་ན། དེས་ཀྱང་བདེ་གཤེགས་སྙིང་པོའི་ཡོན་ཏན་མེད་པར་མི་འགྲུབ་སྟེ། བདེ་གཤེགས་སྙིང་པོའི་ཡོན་ཏན་དང་སེམས་ཅན་པ་ནི་བདག་གཅིག་སྟེ་བྱུང༌། གང་དུ་ཡང་མ་འབྲེལ་ཞིང༌། ངོ་བོ་གཅིག་དང་ཐ་དད་གང་ཡང་མ་ཡིན་ལ་ཤེས་བྱ་ལ་མི་སྲིད་པ་ཡང་མ་ཡིན་པའི་ཕྱིར་རོ། །ཇི་ལྟར་སྣང་བས་མུན་པ་ཟིལ་གྱིས་མནན་ཡང་འདུས་མ་བྱས་ནམ་མཁའ་འམ། ཆོས་དབྱིངས་ཟབ་མོ་མེད་པར་མི་འགྱུར་བ་བཞིན་ནོ། །

ཡང་གལ་ཏེ་གློ་བུར་དྲི་མས་བདེ་གཤེགས་སྙིང་པོའི་ཡོན་ཏན་བསྒྲིབས་ནས་མི་མཐོང་བར་བྱས་པ་ལ་ཟིལ་གྱིས་མནན་པའི་དོན་དུ་བྱེད་དོ་ཞེ་ན། འདིར་ཡང་རྣམ་པ་གསལ་བར་བྱ་བའི་ཕྱིར་ལེགས་པར་རྣམ་པར་ཕྱེ་ན་རྣམ་ཤེས་ཡེ་ཤེས་གང་གིས་མི་མཐོང་བར་བྱས། དང་པོ་ནི་རྒྱལ་བའི་ལུང་རྣམ་དག་ལ་བརྟེན་ནས་ཁོ་བོ་ཅག་ཀྱང་འདོད་ཅིང༌། རྣམ་ཤེས་ཀྱིས་མ་མཐོང་བས་མེད་པར་ནི་མི་འགྲུབ་སྟེ། དེ་ལ་དེ་སྣང་རུང་མ་ཡིན་པའི་ཕྱིར་རོ། །གཉིས་པ་ལ་ནི། རྒྱལ་བའི་ལུང་རྣམ་དག་མང་པོས་གནོད་དོ། །

གཞན་ཡང༌། བདེ་གཤེགས་སྙིང་པོའི་ཡོན་ཏན་ཤེས་བྱ་ལ་མི་སྲིད་པར་འདོད་ན། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་ལ་རང་རང་གི་ཆོས་སམ། ཡོན་ཏན་དུ་གཏོགས་པ་གང་ཡིན་པ་རྣམས་ཚང་ངམ་མ་ཚང༌།

དང་པོ་ལྟར་ན། བདེ་གཤེགས་སྙིང་པོ་ལ་ཡང་རང་གི་ཆོས་སམ་ཡོན་ཏན་གང་ཡིན་པ་དེ་ཚང་དགོས་ཏེ། དེ་ཡང་འདུས་མ་བྱས་ཀྱི་དབྱིངས་ཡིན་པའི་ཕྱིར་རོ།།

གཉིས་པ་ལྟར་ན། དེ་འདྲའི་ཆོས་དེ་གང་ཡིན་སྨྲོས་ཤིག །གལ་ཏེ་འདུས་མ་བྱས་ནམ་མཁའོ་ཞེ་ན། དེ་ལའང་རང་གི་ཆོས་སམ་ཡོན་ཏན་གང་ཡང་མེད་པ་མ་ཡིན་ཏེ། རྟག་པ་ལ་སོགས་པའི་ཡོན་ཏན་མང་པོ་ཚང་ཞིང༌། རྒྱུད་བླ་མར། ས་སོགས་ལ་ཡོད་ཆོས་གང་ཡིན་པའི་ཆོས་ཉིད་དེ་ནི་ནམ་མཁའི་མིན། །ནམ་མཁའི་མཚན་ཉིད་སྒྲིབ་མེད་ལ་སོགས་ཡོན་ཏན་གང་ཏེ་གཟུགས་ལ་མེད། །ཅེས་སོགས་གསུངས་པའི་ཕྱིར་རོ། །དེ་ལྟ་བས་ན། རང་རང་གི་ཆོས་སམ་ཡོན་ཏན་མེད་པའི་འདུས་བྱས་འདུས་མ་བྱས་གང་ཡང་མི་སྲིད་ཅིང༌། ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཕལ་ཆེར་ཡོན་ཏན་མ་ཡིན་ཡང༌། རང་བཞིན་གྱིས་རྣམ་པར་བྱང་བ་དོན་དམ་པའི་ཆོས་ཐམས་ཅད་ནི་ཡོན་ཏན་འབའ་ཞིག་ཡིན་ནོ། །འདི་ལ་དགོངས་ནས། ཡུམ་པར་མར། ཆོས་ཐམས་ཅད་ནི་དགེ་བ། ཆོས་ཐམས་ཅད་ནི་ཁ་ན་མ་ཐོ་བ་མེད་པ། ཆོས་ཐམས་ཅད་ནི་ཟག་པ་མེད་པ། ཆོས་ཐམས་ཅད་ནི་ཉོན་མོངས་པ་མེད་པ། ཆོས་ཐམས་ཅད་ནི་རྣམ་པར་བྱང་བ། ཆོས་ཐམས་ཅད་ནི་འཇིག་རྟེན་ལས་འདས་པ། ཆོས་ཐམས་ཅད་ནི་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བ་མ་ཡིན་ནོ། །ཞེས་ལེགས་པར་བཀའ་སྩལ་ཏོ། །དེའི་ཕྱིར་བདེ་གཤེགས་སྙིང་པོ་ཡོད་ལ་དེའི་ཆོས་སམ་ཡོན་ཏན་མེད་པར་འདོད་པ་ནི་ཤིན་ཏུ་རྣམ་པར་དག་པའི་ལུང་རིགས་མན་ངག་ཟབ་མོ་ཐམས་ཅད་དང་འགལ་བས་བདག་གཞན་ལེགས་སུ་འདོད་པ་དག་གིས་རིང་དུ་སྤང་བར་བྱ་སྟེ། དེ་མ་སྤངས་ན་སྡིག་ལྟ་ཆེན་པོར་གྱུར་ནས་ཆོས་ཀྱི་ཕོངས་ཤིང་སྡུག་བསྔལ་དཔག་མེད་མྱོང་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་བདེ་གཤེགས་སྙིང་པོ་ལ་རང་གི་ཆོས་རྣམས་ཡོད་ཀྱང་ཡོན་ཏན་མ་ཡིན་ནོ་ཞེ་ན། འདི་ལ་ཤེས་བྱེད་རྣམ་དག་ནི་ཅུང་ཟད་ཀྱང་མེད་ཅིང༌། གནོད་བྱེད་ཆེན་པོ་དཔག་ཏུ་མེད་པ་ནི་སྙིང་པོའི་མདོ་ལྔ་ངཻས་དོན་མདོ་བཅུ་ལ་སོགས་ཐེག་ཆེན་གྱི་གསུང་རབ་ཟབ་མོ་ཆེས་མང་བ་རྣམས་ལས་རབ་ཏུ་གསལ་བར་ཡང་དང་ཡང་དུ་བཀའ་སྩལ་བའི་ཕྱིར། ཕྲ་མ་སྔ་བཙན་གྱི་དགྲ་ལ་ཞེ་ཟོན་མཛད་ཅིང༌། ཐུགས་གཟུ་བོར་གནས་པས་ཞིབ་ཏུ་གཟིགས་པར་ཞུ་མཛོད་དང༌། དེ་ནས་གསལ་བར་འགྱུར་ལགས་ཀྱིས།

ཡང་ན། རང་རང་གི་ཆོས་གཅིག་ཀྱང་མེད་པའི་ཤེས་བྱའི་ཁྱད་པར་འགའ་ཡང་དོན་ལ་མི་སྲིད་ཀྱང༌། འགའ་ཞིག་སྲིད་པར་འདོད་ན་དེ་གང་ཡིན། ཆོས་ཀྱི་སྡེ་ཚན་གང་དུ་གཏོགས་ཞེས་ལེགས་པར་མཐའ་ཆོད་ངོས་ཤེས་པ་དྲི་འཚལ་ཏེ། ཕུང་ཁམས་སྐྱེ་མཆེད་རྣམས་ལས་དེ་གང་དུ་གཏོགས། དེ་བཞིན་དུ། ཤེས་བྱ། གཞི་ལྔ། ཆོས་ལྔ། ཆོས་བཞི། བདེན་པ་བཞི། རྒྱུད་སྡེ་བཞི། ཆོས་གསུམ། རང་བཞིན་གསུམ། ཕྱི་ནང་གཞན་གསུམ། གཞི་ལས་འབྲས་གསུམ། ལྟ་སྒོམ་སྤྱོད་གསུམ། ཐེག་པ་གསུམ། འཁོར་ལོ་གསུམ་གྱི་དོན། ཀུན་རྫོབ་དང་དོན་དམ། དབུས་དང་མཐའ། ཆོས་དང་ཆོས་ཉིད། རང་བཞིན་དང་བཅོས་མ། གཉུག་མ་དང་གློ་བུར། སྙིང་པོ་དང་ཤུན་པ། འདུས་བྱས་དང་འདུས་མ་བྱས། བེམ་པོ་དང་རིག་པ། རྣམ་ཤེས་དང་ཡེ་ཤེས། རང་བྱུང་དང་གཞན་བྱུང༌། རང་རིག་དང་གཞན་རིག །རང་བཞིན་དང་རྒྱས་པ། བསྐྱེད་འབྲས་དང་བྲལ་འབྲས། སྐྱེད་བྱེད་དང་དག་བྱེད། རྟོག་གེ་ཅན་གྱི་སྤྱོད་ཡུལ་དང་རྣལ་འབྱོར་ཅན་གྱི་སྤྱོད་ཡུལ་ལ་སོགས་པ་ཆོས་ཀྱི་སྡེ་ཚན་ཤིན་ཏུ་མང་བར་གསུངས་པ་དེ་རྣམས་ཐམས་ཅད་རེ་རེ་ནས་སྨོས་ཤིང༌། ཁྱེད་འདོད་པའི་ཆོས་དེ་སྡེ་ཚན་དེ་རྣམས་གང་དུ་གཏོགས་ཞེས་བློ་རྣལ་དུ་ཕབ་སྟེ། ཞི་ཞིང་དུལ་བའི་སྒོ་ནས་ཞིབ་ཏུ་འདྲི་བར་ཞུ།

དེ་འདྲའི་ཚུལ་གྱིས་ལེགས་པར་བཙལ་ན་བློ་ལྡན་གཟུར་གནས་དོན་གཉེར་ཅན་རྣམས་ཀྱིས་ཤེས་བྱའི་མཐའ་ཆོད་ཅིང་དྲས་ཐག་ཆོད་པར་འགྱུར་བས། ལོག་རྟོག་གཞན་དང༌། ལྟ་ལོག་གཞན་དང༌། སྡིག་ལྟ་གཞན་དང༌། གཞན་ཇི་སྙེད་བྱུང་བ་དང༌། འབྱུང་འགྱུར་ཐམས་ཅད་ལ་ཚུལ་འདི་ཡང་དང་ཡང་དུ་དྲན་པར་མཛོད་ཅིག། དེ་ལྟ་བས་ན་སྡུག་བསྔལ་ཀུན་འབྱུང་གི་ཆོས་རྣམས་ནི་སྐྱོན་ཡིན་ཡང༌། བདེ་གཤེགས་སྙིང་པོའི་ཆོས་ཐམས་ཅད་ནི་ཡོན་ཏན་ཁོ་ན་ཡིན་གྱི་སྐྱོན་ནི་ཡིན་མི་སྲིད་དོ། །

ཡང་གལ་ཏེ་ལྟ་བ་ནོར་ཡང་སྤྱོད་པ་མ་ནོར་ན་དེས་ཆོག་གོ་སྙམ་དུ་སེམས་པར་གྱུར་ན། ཚུལ་ཁྲིམས་ལས་ནི་ཉམས་བླ་ཡི། །ལྟ་ལས་ནམ་ཡང་ཉམས་མི་བྱ། །ཚུལ་ཁྲིམས་ཀྱིས་ནི་བདེ་འགྲོར་འགྲོ། །ལྟ་བས་གོ་འཕང་མཆོག་ཏུ་འགྲོ། །ཞེས་སོགས་དང༌། གང་ཟག་ལོག་པར་ལྟ་བས་དགེ་སྤྱད་ཀྱང༌། །ཐམས་ཅད་རྣམ་པར་སྨིན་པ་མི་ཟད་ལྡན། །ཞེས་དང༌། མེད་པ་པོ་ནི་ངན་འགྲོར་འགྲོ། །ཡོད་པ་པོ་ནི་བདེ་འགྲོར་འགྲོ། །གཉིས་ལ་མི་གནས་ཐར་པར་འགྲོ། །ཡང་དག་ཇི་བཞིན་ཡོངས་ཤེས་ཕྱིར། །ཞེས་སོགས་ཀྱང་མཐོང་ཞིང་རྟོགས་ནས་ཉམས་སུ་ལེན་ཅིང༌། གཞན་དག་ལ་ཡང་རྒྱ་ཆེན་ཡང་དག་པར་རབ་ཏུ་སྟོན་པར་གྱུར་ཅིག །མ་མཐོང་བའི་ཆོས་སྤོང་བ་ལ་སྡིག་པ་ཆེན་པོ་ཡོད་པར་གསུངས་པ་ཐམས་ཅད་ཀྱང་དེ་བཞིན་ནོ། །གལ་ཏེ་བདེ་གཤེགས་སྙིང་པོའམ་དེའི་ཡོན་ཏན་གཤིས་ལ་མེད་པ་མ་ཡིན་གྱི། ནམ་མཁའ་འདྲ་བར་ཀུན་ཁྱབ་ཏུ་ནམ་ཡང་བཞུགས་ཞེས་བྱས་ནས་དེ་དངོས་པོའམ་དངོས་མེད་གང་རུང་དུ་གྲུབ་པ་ཁས་བླངས་པར་འགྱུར་བས་དུམ་ཙམ་ལ་འཐོགས་ནས་དབུ་མ་ལ་མ་སླེབ་བོ་ཞེ་ན། དེ་གཤེས་ལ་གྲུབ་ཀྱང་དངོས་པོ་དངོས་མེད་གང་དུ་ཡང་མ་གྲུབ་ཅིང་མཐའ་དེ་གཉིས་སྤངས་པའི་དབུས་སམ་བར་མ་ཕུང་པོ་གསུམ་ལ་མ་ནིང་གི་གོ་འཕང་རྡོ་རྗེ་སེམས་དཔའ་ཡིན་པའི་ཕྱིར་དང༌། ཡོད་མེད་ལ་སོགས་པའི་མཐའ་ཐམས་ཅད་དང་བྲལ་ཡང༌། བྲལ་ཙམ་གྱི་མེད་དགག་མ་ཡིན་པ་བྲལ་བའི་གཞི་དེ་བཞིན་ཉིད་ལ་སོགས་པ་ཡོངས་གྲུབ་དགུ་ཡིན་པའི་ཕྱིར་རོ། །གལ་ཏེ་ཡོངས་གྲུབ་འདོད་ན་སེམས་ཙམ་པར་འགྱུར་རོ་ཞེ་ན། དེ་ཙམ་གྱིས་དེར་མི་འགྱུར་ཏེ། ཡོངས་གྲུབ་དང་དབུ་མ་ཤེར་ཕྱིན་གྱི་དོན་ནི་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་པའི་ཕྱིར་རོ། །འདི་དག་གི་གནད་ཟབ་མོ་མ་རྟོགས་པ་རྣམས་ཀྱིས་གཤིས་ལ་གྲུབ་རྒྱུ་ཅིག་བྱུང་ན་དེ་དངོས་པོ་དང་དངོས་མེད་གང་རུང་ལས་མི་འདའ་བས་མཐར་ལྷུང་བ་ཡིན་གྱི། དབུ་མ་ལ་མ་སླེབ་བོ། །ཞེས་དང༌། དེའི་རྒྱུ་མཚན་ཡང་ཤེས་བྱ་ལ་ཕྱེ་ན་དངོས་པོ་དངོས་མེད་གཉིས་སུ་ཟད། ཅེས་པ་དང༌། སྟོང་ཉིད་གོ་ཆོད་པོ་རང་སྟོང་ཁོ་ན་ཡིན། ཞེས་དང༌། གཞན་སྟོང་ནི་ཉི་ཚེ་བའི་སྟོང་ཉིད་ཡིན་པས་མུ་སྟེགས་བྱེད་ཀྱི་ལུགས་ཡིན། ཞེས་དང༌། བེམ་རིག་གཉིས་པོ་དངོས་པོ་ལ་ཕྱེ་བའི་ཡ་གྱལ་ཡིན་པས་འདུས་མ་བྱས་ཀྱི་ཤེས་པའམ། བདེ་བའམ། རིག་པའམ། ཡེ་ཤེས་ལ་སོགས་པ་ཤེས་བྱ་ལ་མི་སྲིད། ཅེས་དང༌། ངོ་བོ་ཉིད་གསུམ་སེམས་ཙམ་པ་ཁོ་ནའི་ཡིན་གྱི། དབུ་མ་པ་མི་འདོད་ཅེས་སོགས་དོན་དང་མི་མཐུན་ཞིང༌། གསུང་རབ་ཁྱད་འཕགས་མང་པོ་དང་འགལ་བའི་རྣམ་བཞག་མང་དུ་བྱས་པ་རྣམས་ཡོངས་སུ་གྲགས་ཤིང༌། དེ་ལ་གོམས་ཤས་ཆེས་ཆེ་བའི་བག་ཆགས་མ་བཟློག་པ་རྣམས་དེ་སྐད་སྨྲ་བར་ཟད་ཅིང༌། དགྲ་ལ་ཞེ་ཟོན་བྱས་པའི་འདུན་ལྡན་དག་གིས་རྒྱལ་བའི་བཀའ་ཟབ་ཡངས་དཔང་དུ་བྱས་ནས་བལྟས་པ་ལ་ནི་རྣམ་བཞག་ནོར་བ་དེ་རྣམས་དོར་ནས། དགོངས་ཆེན་ཟབ་མོ་ཡང་དག་པའི་དོན་ལ་ཞུགས་ན་ལེགས་པར་མཐོང་ངོ༌། །

ཐུབ་པའི་བཀའ་ནི་མི་བསླུ་བས། །དེ་ཡི་ཡོན་ཏན་ཕྱིས་མཐོང་འགྱུར། །ཆོས་དབྱིངས་དུ་མ་རོ་གཅིག་ཅེས་བྱ་བ་བདེ་གཤེགས་སྙིང་པོ་ཡོན་ཏན་ཅན་གྱི་མེ་ལོང་གྲུབ་བོ། །ལེགས་པར་གྲུབ་བོ། །ཨ་ལ་ལ་ཧོ། སེམས་ཅན་ཐམས་ཅད་ལ་ཕན་པར་གྱུར་ཅིག །ཁྱད་འཕགས་འདི་ནི་བསྟན་རྩིས་ཆེན་པོ་པ་རྟོན་པ་བཞི་ལྡན་གྱིས་ཐོར་བུར་བརྗོད་པའོ།། །།མངྒ་ལཾ། བྷ་ཝནྟུ།

ལུང་དོན་གསལ་བའི་མེ་ལོང་ཞེས་བྱ་བ་བཞུགས་སོ། །

ན་མོ་བཛྲ་སཏྭ་ཡ། ལུང་དོན་གསལ་བའི་མེ་ལོང་ཞེས་བྱ་བ། རྗེ་བཙུན་བྱམས་པ་མགོན་པོ་ལ་ཕྱག་འཚལ་ལོ། །

དེ་ཡང་མཚན་ཉིད་ཕ་རོལ་ཏུ་ཕྱིན་པ་ལས། གསང་སྔགས་ཟབ་མོའི་རྒྱུ་མཚན་ལས་ཀྱི་སར་ཁམས་དྲུག་ལྡན་པའི་མིར་སྐྱེས་པ་ཚོགས་གཉིས་བསགས་པ་གཅིག་གིས་གསང་སྔགས་ཉམས་སུ་བླང་ན། རབ་སྐྱེ་བ་འདི་ལ། འབྲིང་འཆི་ཁ་བར་དོ། ཐ་མ་ཡང་སྐྱེ་བ་བདུན་ནམ། བཅུ་དྲུག་ལ་སངས་རྒྱས་པར་དམ་པ་རྣམས་བཞེད་ཅིང༌། དེ་རྣམས་ཀྱི་ལུང་ཡང་རིམ་པ་ལྟར། དུས་འཁོར་རྩ་རྒྱུད་ལས། གདོལ་པ་སྙུག་མ་མཁན་པོ་དང༌། །མཚམས་མེད་ལྔ་ནི་བྱེད་པ་རྣམས། །སྔགས་ཀྱི་སྤྱོད་པ་རྗེས་སྤྱད་ན། །སྐྱེ་འདི་ཉིད་ལ་སངས་རྒྱས་འགྱུར། །ཞེས་དང༌། སྐྱེ་བ་འདི་ལ་སངས་རྒྱས་ཉིད་ཀྱི་འབྲས་བུ་སྟེར་བ། ཞེས་སོགས་དང༌། ཡེ་ཤེས་ཐིག་ལེ་ལས། བློ་གྲོས་ཆེ་ཡང་ཐེག་གཞན་གྱིས། །གྲངས་མེད་གསུམ་གྱི་སངས་རྒྱས་ཡིན། །སྔགས་ཀྱི་ཐེག་པ་ལ་མོས་ན། །ཚེ་འདི་ཉིད་ལ་སངས་རྒྱའོ། །ཞེས་དང༌། རྒྱུད་སྡེ་ འོག་མ་རྣམས་ལས་ཀྱང་གསུང་སྟེ། འཇམ་དཔལ་རྩ་རྒྱུད་ལས། སྐྱེ་བ་འདི་ལ་འགྲུབ་པར་འགྱུར། །ཞེས་དང༌། རྣམ་སྣང་མངོན་བྱང་རྒྱུད་ཕྱི་མ་ལས། བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་ཀྱིས། ཚེ་འདི་ཉིད་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་རོ། །ཞེས་དང༌། རྡོ་རྗེ་རྩེ་མོ་ལས། བསྐལ་པ་གྲངས་མེད་པ་རུ་བྱུང༌། །སའི་ཕ་རོལ་ཏུ་ཕྱིན་པ་མཆོག །གང་ཕྱིར་གསང་བ་མཐོ་བ་ཐོབ། །རབ་ཏུ་དགའ་བ་འགྲུབ་པར་འགྱུར། །གལ་ཏེ་རྣལ་འབྱོར་པ་སྟེ་བརྩོན། །ཚེ་འདི་ཉིད་ལ་མྱ་ངན་འདའ། །ཞེས་སོགས་དང༌།

གཉིས་པ་ནི། ཞལ་ལུང་ཆེན་མོ་ལས། བདག་སེམས་དབྱིངས་སུ་ཞུགས་པའི་ཚེ། །གསལ་ཞིང་རབ་དགའ་མཁའ་འདྲ་རྟོགས། །ཞེས་སོགས་དང༌། གལ་ཏེ་སྐུ་གསུམ་མ་གྲུབ་ན། །རིག་པ་འཛིན་པའི་གཙོར་གྱུར་ཏེ། །རིམ་གྱི་ཕྱག་རྒྱ་ཆེན་ པོར་འགྱུར། །ཞེས་དང༌། གདན་བཞི་ལས། འཆི་བར་གྱུར་པའི་དུས་བྱུང་ན། །རིམས་ལ་སོགས་པས་མ་ཕོག་པར། །འཕོ་བའི་སྦྱོར་བ་མཆོག་ཡིན་ནོ། །ཞེས་གསུངས་ཤིང༌། དེའི་ཕན་ཡོན་ནི། ཚིག་དགུ་ལས་ནི་ཡར་གཏོད་ན། །མདོ་ལས་འཕོ་བ་ཞེས་བྱའོ། །ཉིན་རེ་བྲམ་ཟེ་གསོད་པ་དང༌། །མཚམས་མེད་ལྔ་དག་བྱེད་པ་དང༌། །རྐུ་དང་འདོད་པ་ལོག་སྤྱོད་དང༌། །འདི་ཡི་ལམ་གྱིས་འགག་པར་འགྱུར།།སྡིག་གིས་གོས་པར་མི་འགྱུར་ཏེ། །སྲིད་པའི་དངོས་པོ་རིང་བར་འགྱུར། །ཞེས་སོ། །ཡེ་ཤེས་ཐིག་ལེ་ལས། ཡང་ན་ལུས་འདི་སྤང་མ་ཐག །བླ་ན་མེད་པའི་ཡེ་ཤེས་སྐུ།།བརྩོན་པར་མི་ལྡན་པས་ཀྱང་འགྲུབ། །བརྩོན་གྲུས་ལྡན་ན་སྨོས་ཅི་དགོས། །ཞེས་སོ། །

གསུམ་པ་ནི། གསང་བའི་མཛོད་ལས། དབང་བསྐུར་ཡང་དག་སྦྱིན་ལྡན་ན། །སྐྱེ་ཞིང་སྐྱེ་བར་དབང་བསྐུར་འགྱུར། །དེ་ཡིས་སྐྱེ་བ་བདུན་ན་ནི། །མ་བསྒོམ་པར་ཡང་སངས་རྒྱས་ཐོབ། །ཅེས་དང༌། དྲི་མེད་འོད་ལས་ཀྱང༌། སྐྱེ་བ་བདུན་གྱི་མཐར་ཐུག་པས་བརྩོན་འགྲུས་དང་ལྡན་པར་གྱུར་ཅིང༌། ཡེ་ཤེས་མ་བསྒོམ་ པས་ཀྱང་ངོ༌། །ཞེས་སོ། །རྩེ་མོར། སྐྱེ་དང་སྐྱེ་བ་ཐམས་ཅད་དུ། །རྡོ་རྗེ་ཅན་ནི་མངོན་ བརྩོན་འགྱུར། །སྐྱེ་བ་བཅུ་དྲུག་མཐར་ཐུག་པས། །ཞི་བ་སངས་རྒྱས་ཉིད་ཐོབ་འགྱུར། །ཞེས་དང༌། ཡང་ན་མཐོང་བ་ཙམ་གྱིས་ནི། །སྐྱེ་བ་བཅུ་དྲུག་མྱ་ངན་འདས།།ཞེས་གསུངས་པའི་ཕྱིར་རོ། །

ཁ་ཅིག་ན་རེ། སྐྱེ་བ་འདི་ལ་སངས་རྒྱ་བའི་དོན་ཚེ་འདི་ཉིད་ནས་བཟུང་ནས་ཡང་ཡང་བརྒྱུད་པའི་མེའི་སྐྱེ་བ་གཅིག་ལ་སངས་རྒྱས་པ་ཡིན་ཏེ། རྡོ་རྗེ་སྙིང་ འགྲེལ་པར། སྐྱེ་བ་འདི་ཉིད་ལ་སངས་རྒྱས་ཉིད་སྟེར་བ་ཞེས་བྱ་བ་ནི་ཡང་དང་ཡང་དུ་མའི་སྐྱེ་བ་བླང་ནས་གྲུབ་པ་ལ་བྱ་ཡི། ལྷ་དང་ལྷ་མ་ཡིན་ལ་སོགས་པ་ཡི་ནི་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །ཞེ་ན། དེ་ནི་མ་ཡིན་ཏེ། འགྱུར་དག་པ་འགའ་ལ་ལུང་དེ་ཇི་ལྟ་བ་བཞིན་མེད་ཅིང༌། ཡང་དང་ཡང་དེའི་དོན། སྐྱེ་བ་འདི་ལ་སངས་རྒྱ་བ་ལ་མིའི་སྐྱེ་བ་ཡིན་པ་གཅིག་ངེས་པར་དགོས་ཞེས་པ་ལ་ཡང་དང་ཡང་དུ་བརྗོད་པའི་ཕྱིར་རམ། རྒྱ་དཔེ་མ་དག་པ་ཡིན་པའང་སྲིད་དོ། །དཔེ་དག་ཅིང་དོན་ལ་ཡང་དེ་ལྟར་ཡིན་ན། ཚེ་འདི་ལ་ཞེས་པའི་ལུང་རྣམས་དང་ཡང་འགལ་ཞིང༌། སྐྱེ་བ་ལ་ཡང་བརྒྱུད་ན་སངས་རྒྱས་ཐོབ་པ་མཚན་ཉིད་ཐེག་པའི་ལུགས་ལའང་བཞེད་མོད། དེ་སྔགས་ཟབ་པར་ཅིའི་ཕྱིར་འཇོག །ཐམས་ཅད་མཁྱེན་པ་ལ་ཅོ་འདྲི་བའི་ལྟ་ངན་འདི་དུག་བཞིན་དུ་རིང་དུ་སྤོངས་ཤིག །ཤེས་ལྡན་རྣམས། འགའ་ཞིག་ཚེ་ཡི་རིག་འཛིན་སྒྲུབ་ནས་སངས་རྒྱས་པ་ལ་འདོད་པའང་མི་རིགས་ཏེ། བར་དོར་སངས་རྒྱས་པ་དང༌། སྐྱེ་བ་བདུན་དང་བཅུ་དྲུག་ནས་སངས་རྒྱས་པ་ལས་ཐ་མར་འགྱུར་སྲིད་པའི་ཕྱིར་དང༌། དཔལ་ལྡན་ཕྱག་ན་རྡོ་རྗེས། རང་གི་སེམས་ཀྱི་བསམ་པ་དེས་ཀྱང༌། སྙིགས་མ་ལྔའི་དུས་ན་ཚེ་ཐུང་ཞིང་བརྩོན་འགྲུས་ཆུང་བའི་སྒྲུབ་པ་པོ་རྣམས་སྐྱེ་བ་འདིར་སངས་རྒྱས་ཉིད་སྟེར་བར་བྱེད་པ་ནི་བསྒོམ་པའི་ཐབས་དེ་ཉིད་ཀྱིས་སོ། །ཞེས་གསུངས་པའི་ཕྱིར་རོ། །

ཡང་འགའ་ཞིག་སྐྱེ་བ་འདི་ལ་སངས་རྒྱས་པའི་དོན་དམ་པའི་གནས་ཀྱི་གང་ཟག་གཅིག་ལ་དགོངས་ཀྱི། སོ་སོའི་སྐྱེ་བོ་མི་འགྲུབ་བོ་ཞེ་ན། མིན་ཏེ། དུས་འཁོར་རྩ་རྒྱུད་ལས། གདོལ་པ་སྙུག་མ་མཁན་སོགས་དང༌། །མཚམས་མེད་ལྔ་ནི་བྱེད་པ་རྣམས། །སྔགས་ཀྱི་སྤྱོད་པ་རྗེས་སྤྱད་ན། །སྐྱེ་བ་འདི་ལ་སངས་རྒྱས་འགྱུར། །ཞེས་ པས། མཚམས་མེད་བྱེད་བཞིན་པའི་གང་ཟག་ཀྱང༌། ཕྱིས་བརྩོན་པས་བསྒྲུབ་ན་སྐྱེ་བ་དེ་ལ་སངས་རྒྱས་པར་བཤད་ཅིང༌། འཕགས་པས་མཚམས་མེད་བྱེད་མི་སྲིད་པའི་ཕྱིར་དང༌། རྩེ་མོར། སོ་སོར་སྐྱེ་བོ་སངས་རྒྱས་ཉིད། །འགྲུབ་པར་འགྱུར་ གྱི་གཞན་དུ་མིན། །ཞེས་བཤད་པ་དང་ཡང་འགལ་བའི་ཕྱིར་རོ། །

ཡང་ཛྙ་ན་ཀ་ར་ལ་སོགས་སངས་རྒྱས་པའི་དོན། ས་ཐོབ་པའི་རིག་འཛིན་ཐོབ་པ་ལ་བཞེད་པ་རྣམས་ནི། རྣམ་པར་མ་བསམ་པ་སྟེ། ཕ་རོལ་ཏུ་ཕྱིན་པའི་ལུགས་ཀྱིས་ཀྱང༌། ཚེ་གཅིག་ལས་ཐོབ་པར་གསུངས་པའི་ཕྱིར་དང༌། སྐྱེ་བ་འདི་ལ་ཐོབ་པའི་སངས་རྒྱས་ཏེ། སྟོབས་བཅུ། མི་འཇིགས་པ་བཞི། མཁྱེན་པ་བཞི། ས་བཅུ་གཉིས་ཐོབ་པའི་སྲིད་གསུམ་བླ་མར་གསུངས་ཏེ། དུས་འཁོར་འགྲེལ་པར། རང་གི་སེམས་ཀྱི་བསམ་པས། སྐྱེ་བ་འདི་ལ་སངས་རྒྱས་ཉིད་ཀྱི་འབྲས་བུ་རབ་ཏུ་སྟེར་བ་ཞེས་པ་ནི་སྐྱེ་བ་འདི་སྟེ། མིའི་སྐྱེ་བ་འདི་ལ་སངས་རྒྱས་ཉིད་ཀྱི་འབྲས་བུ་སྟེར་བ་རྒྱུད་ཀྱྀ་རྒྱལ་པོའོ། །ལྷ་ལ་སོགས་པ་འགྲོ་བ་ལྔའི་སྐྱེ་བ་ལ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ལས་ཀྱི་ས་མ་ཡིན་པར་སྐྱེས་པའི་ཕྱིར་རོ། །ལྷ་ལ་སོགས་པ་རྣམས་ལ་ཡང་མིའི་སྐྱེ་བ་ཐོབ་ནས་སངས་རྒྱས་ཉིད་ཀྱི་འབྲས་བུ་རབ་ཏུ་སྟེར་བར་འགྱུར་རོ། །ཞེས་པ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དག་ལས་ཁམས་དྲུག་གི་བདག་ཉིད་ཅན་སྐྱེས་བུ་ཆེན་པོའི་གང་ཟག་ལའོ། །ཞེས་པ་སྟེ། རྣམ་པ་གཞན་དུ་ལས་ངན་པ་དང་ལྡན་པའི་མིའི་སྐྱེ་བ་འདི་ལ་སངས་རྒྱས་ཉིད་ཀྱི་འབྲས་བུ་རབ་ཏུ་སྟེར་བ་ནི་མ་ཡིན་ནོ། །ཞེས་པ་དེ་བཞིན་གཤེགས་པའི་ངེས་པའོ། །ཞེས་སོགས་ཀྱི་མཐར། དེ་ལྟར་གསུངས་པའི་རིམ་པས་ངེས་པ་དང་བྲལ་བ་རྣམས་ལ་སངས་རྒྱས་ཉིད་ཀྱི་འབྲས་བུ་རབ་ཏུ་སྟེར་བ་ནི་རྒྱུད་ཀྱི་རྒྱལ་པོའོ། །སངས་རྒྱས་ཉིད་ནི་ཐམས་ཅད་མཁྱེན་པ་ཉིད་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང༌། ལམ་མཁྱེན་པ་ཉིད་དང༌། ལམ་གྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ། སྟོབས་བཅུ་དང༌། མི་འཇིགས་པ་ལ་སོགས་པའི་ཡོན་ཏན་རྣམ་པར་འབྱོར་བའོ། །དེ་སྟེར་བ་ནི་སངས་རྒྱས་ཉིད་ཀྱི་འབྲས་བུ་རབ་ཏུ་སྟེར་བའོ། །ཞེས་དང༌། ཡེ་ལེའི་རྒྱུད་དུ། རོ་ཡི་འགྲོ་བ་རྣམས་ལ་གནས་པའི་སྲོག་རྣམས་ཐམས་ཅད་བཀུག་ཅིང་ཉོན་མོངས་བདུད་རྣམས་བཅོམ་བྱས་ནས། །རྫུ་འཕྲུལ་ཀུན་མཁྱེན་པ་དང་སྲིད་གསུམ་བླ་མ་ཉིད་ནི་རྣལ་འབྱོར་རྣམས་ཀྱི་སྐྱེ་བ་འདི་ལྟ་སྟེ། །གལ་ཏེ་ལམ་དུ་རང་ཞུགས་ཤི་བར་གྱུར་ན་དེ་ཚེ་དེ་ཡི་འཛིན་པས་སྐྱེ་བ་གཞན་པའོ། །ཞེས་དང༌། དེའི་འགྲེལ་པར། རོའི་འགྲོ་བ་རྣམས་ལ་གནས་པ་སྟེ། ས་ལ་སོགས་པའི་དཀྱིལ་འཁོར་དྲུག་པོ་རྣམས་ལ་གནས་པའོ། །སྲོག་རྣམས་ཐམས་ཅད་བཀུག་ཅིང་ཞེས་པ་ནི། ཉི་ཁྲི་ཆིག་སྟོང་དྲུག་བརྒྱའོ། །དེ་ལྟར་ཉོན་མོངས་བདུད་རྣམས་བཅོམ་བྱས་ནས། རྫུ་འཕྲུལ་དང་ཀུན་མཁྱེན་གྱི་ས་བཅུ་གཉིས་འཆད་པར་འགྱུར་བ་རྣམས་དང༌། སྲིད་གསུམ་བླ་མ་ཉིད་ཅེས་ཐམས་ཅད་མཁྱེན་པ་ཉིད་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང༌། ལམ་མཁྱེན་པ་ཉིད་དང༌། ལམ་གྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང༌། ལ་སོགས་པའི་འབྱོར་བ་ནི། རྣལ་འབྱོར་པ་བརྩོན་འགྲུས་དང་ལྡན་པ་རྣམས་ཀྱི་སྐྱེ་བ་འདི་ལ་སྟེར་བར་བྱེད་དོ། །ཅི་སྟེ་གང་གི་ལམ་དུ་རབ་ཏུ་ཞུགས་པར་རྣལ་འབྱོར་མ་ཐོབ་པར་ཤི་བར་གྱུར་ན། དེའི་ཚེ་དེའི་འཛིན་པ་སྟེ་བག་ཆགས་ཀྱིས་སླར་ཡང་མིའི་སྐྱེ་བ། གཞན་ལ་ཐམས་ཅད་ཐོབ་པར་འགྱུར་ཏེ། བརྩོན་འགྲུས་དང་མི་ལྡན་པར་གྱུར་ཅིང༌། ཡེ་ཤེས་མ་བསྒོམ་ཀྱང་སྐྱེ་བ་བདུན་གྱི་མཐར་ཐུག་པས་སོ་ཞེས་པ་ངེས་པའོ། །ཞེས་གསུངས་པའི་ཕྱིར་དང༌། རྣམ་སྣང་མངོན་བྱང་གི་ལུང་དྲངས་པ་དང༌། གཞན་ཡང་ལུང་རྣམ་དག་མང་བར་གསུངས་པའི་ཕྱིར་རོ། །དེས་ན་ཡིན་ལུགས་ལ། ལས་ཀྱི་སར་ཁམས་དྲུག་ལྡན་པའི་མིར་སྐྱེས་པ་ཚོགས་བསགས་པའི་སོ་སོ་སྐྱེ་བོ་གཅིག་གིས་སྔགས་ཀྱི་མཐར་ཐུག་ཉམས་སུ་བླང་ན། ཚེའི་རིག་འཛིན་ལམ་བསྒྲུབ་པར་ཚེ་འདི་ལ་བླ་ན་མེད་པ་རྫོགས་པའི་སངས་རྒྱས་ཐོབ་ཅེས་པ་ ངེས་པའོ། །ལུང་དོན་གསལ་བའི་མེ་ལོང་ཞེས་གསུངས་པ་འདི་ནི། ཐོས་བསམ་ སྒོམ་པའི་ནོར་གྱིས་ཕྱུག་པ་བླ་མ་དགའ་ལྡན་པ་རིན་ཆེན་དཔལ་གྱི་གསུང་གིས་བསྐུལ་བ་དང༌། གང་ཟག་ཆེན་པོ་མང་པོ་རྗེས་འབྲང་དང་བཅས་པ་ལ་ཡང༌། དོན་མ་བསླབ་པའི་ལོག་རྟོག་འདུག་པས་དེ་རྣམས་བསལ་བའི་ཕྱིར་ལུང་རིགས་མན་ངག་མཆོག་ལ་སྦྱངས་པའི་རྟོན་པ་བཞི་ལྡན་གྱིས་བྲིས་པའོ།། །།

འདིས་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག།

སརྦ་མངྒ་ལཾ། བྷ་ཝནྟུ། ཤུབྷཾ།

[མ་དཔེ་ནི་འཛམ་ཐང་པར་མ་ཡིན།]

དོན་ཟབ་དགོངས་འགྲེལ་བཞུགས།

སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོ་དོན་ཟབ་དགོངས་འགྲེལ་ལ་ཕྱག་འཚལ་ལོ། །དེའང་འཁོར་བ་ལ་སྐྱོ་བའི་ཡིད་ཅན་གྱི་གང་ཟག་གིས་བླ་མ་དམ་པའི་མན་ངག་ཁྱད་པར་ཅན་ལ་བརྟེན་ནས། རྣམ་པར་མི་རྟོག་པའི་རྣལ་འབྱོར་ལ་མཉམ་པར་བཞག་པའི་ཚེ་འབྱུང་བའི་ཟླ་ཉི་དང་སྒྲོན་མ་ལ་སོགས་འོད་གསལ་གྱི་སྣང་བ་འཆར་བའི་ལམ་ལ་གོམས་ཀྱང་རྫོགས་པའི་སངས་རྒྱས་ཐོབ་པར་མི་འགྱུར་ཞིང༌། མུ་སྟེགས་པ་དང་ཉན་རང་དུ་ལྷུང་བར་འགྱུར་ཏེ། ལང་ཀར་གཤེགས་པར། འགྲོ་བ་ཀུན་ཏུ་རབ་འཁོར་བས། །སྲིད་པ་ལ་ནི་སྐྱོ་བའི་ཡིད། །ཞི་བའི་ཞི་ལམ་སོང་ནས་ཀྱང༌། །རྣལ་འབྱོར་སྣ་ཚོགས་དག་ལ་བརྩོན། །རྣལ་འབྱོར་ཅན་གྱི་བརྩོན་བྱས་ནས། །ཉི་མ་ཟླ་བའི་དབྱིབས་འདྲ་དང༌། །འོད་དང་པདྨ་ལྟ་བུ་དང༌། །རི་མོ་ནམ་མཁའི་མེ་འདྲ་མཐོང༌། །མཚན་མ་སྣ་ཚོགས་དེ་དག་ནི། །མུ་སྟེགས་ཅན་ལམ་ཁྲིད་པར་བྱེད། །ཉན་ཐོས་དག་དང་རང་རྒྱལ་དང༌། །སྤྱོད་ཡུལ་དུ་འང་ལྷུང་བར་བྱེད། །ཡུལ་ལ་འཛིན་པ་མེད་པའི་ཕྱིར། །འགོག་པ་མེད་པ་མ་ཡིན་ཏེ། །འཕགས་པ་རྣམས་ཀྱི་སྤྱོད་ཡུལ་ལྟར། །དེ་བཞིན་ཉིད་ཀྱི་དངོས་པོ་ཡོད། །ཅེས་དང༌། རྒྱན་སྟུག་པོར་ཡང༌། རང་རྒྱལ་རྒྱལ་བའི་སྲས་རྣམས་དང༌། །ཉན་ཐོས་རྫུ་འཕྲུལ་ཆེན་པོ་ཅན། །ཐམས་ཅད་ཀྱིས་ནི་རྣལ་འབྱོར་འདི། །གང་འབྱུང་འབྱུང་བ་རྣམས་ཀྱི་སྟེ། །པད་མོའི་གནས་སུ་བརྟེན་བཅས་ཏེ། །དཀྱིལ་མོ་ཀྲུང་དུ་མཉམ་བཞག་ཅིང༌། །རྟག་ཏུ་རྣལ་འབྱོར་སྦྱར་བར་གྱིས། །འདོད་དང་བདེ་ལས་རྣམ་པར་དབེན། །དབང་པོ་དབང་པོའི་དོན་གྱི་རྣམས། །ཐམས་ཅད་ལས་ཀྱང་ཕྱིར་བཟློག་ཅིང༌། །ལྕགས་ཀྱུས་གླང་པོ་ཇི་བཞིན་དུ། །སེམས་ནི་མཉམ་པར་བཞག་པར་གྱིས། །འཇིག་རྟེན་འཇིག་རྟེན་འདས་པར་བསྟན། །གང་ཡང་དེ་བཞིན་གཤེགས་པའི་དགེ །འདོད་དང་དགའ་བ་དབེན་ལ་སོགས། །ཡང་ན་ཐམས་ཅད་བསྒྲགས་པ་དང༌། །ཁྱད་པར་དུ་འང་གཟུགས་མེད་དང༌། །འདུ་ཤེས་མེད་པའི་བསམ་གཏན་དང༌། །ནམ་མཁའ་རྣམ་ཤེས་མཐའ་ཡས་དང༌། །འདུ་ཤེས་ཡོད་མིན་མེད་མིན་རྣམས། །ཉི་མ་དང་ནི་ཟླ་བའི་དབྱིབས། །པད་མོ་དང་ནི་འོད་འདྲ་ཞིང༌། །ནམ་མཁའི་རི་མོ་མེ་འདྲ་བར། །རྣལ་འབྱོར་ཞུགས་པས་རབ་ཏུ་མཐོང༌། །འདི་དག་ཐམས་ཅད་སྤངས་ནས་སུ། །སྣང་བ་མེད་པར་རབ་ཏུ་གནས། །གང་ཚེ་མཚན་མེད་རྣལ་འབྱོར་ཅན། །རྣམ་པར་མི་རྟོག་ཆགས་མེད་ལ། །སངས་རྒྱས་བྱེ་བ་རྣམས་ཀྱང་མཐོང༌། །ཞིང་དང་ཞིང་ནས་མཉམ་བཞག་པ། །དེ་དག་ཕྱག་གི་དབང་བསྐུར་བར། །དེ་ཡི་སྤྱི་བོར་དབང་བསྐུར་ཏེ། །སངས་རྒྱས་ས་ལ་བཞུགས་པ་དང༌། །སྣ་ཚོགས་གཟུགས་ནི་རབ་ཏུ་འབྱུང༌། །སྣ་ཚོགས་ཚུལ་གྱིས་དངོས་ཐོབ་ནས། །ཀུན་མཁྱེན་ཐམས་ཅད་རིག་པར་འགྱུར། །སྟོབས་དང་མངོན་ཤེས་དབང་ཡང་ཐོབ། །གཟུངས་དང་ཐམས་ཅད་ཏིང་ངེ་འཛིན། །ཐམས་ཅད་ཀྱི་ནི་འབྱུང་གནས་འགྱུར། །ཞེས་གསུངས་པའི་ཕྱིར། ཞེས་དགོངས་ན། དེ་ནི་བྱིས་པ་ཉེར་སྤྱོད་ཀྱི་བསམ་གཏན་གྱི་དུས་ཀྱི་འོད་གསལ་གྱི་སྣང་བ་སྣ་ཚོགས་བདག་དང་གཙོ་བོ་ལ་སོགས་པ་དང༌། ཕྱི་རོལ་གྱི་དོན་བདེན་པ་དང༌། རྣམ་པར་ཤེས་པ་བདེན་པ་བཟུང་ནས། དེ་དང་དེ་ལ་མཚན་མར་འཛིན་པ་དང༌། ལྷག་པར་ཆགས་པ་དང༌། མངོན་པར་ཞེན་པར་གྱུར་ན། མུ་སྟེགས་ཅན་གྱི་ལམ་དུ་ཁྲིད་ཅིང༌། ཉན་རང་དུ་ལྟུང་བ་སྲིད་པ་གསུངས་ཏེ། ལང་ཀར་གཤེགས་པར། བློ་གྲོས་ཆེན་པོ་རྣལ་འབྱོར་ཅན་དེ་ལྟ་བུའི་ཚུལ་གྱི་ཡུལ་ཅན་རྣམས་ལ་གལ་ཏེ་དངོས་པོ་དང༌། དངོས་པོ་མེད་པར་འཛིན་པ་ཞིག་འཇུག་ཏུ་ཟིན་ན་དེ་ཉིད་དེ་དག་གི་བདག་ཏུ་འཛིན་པ་དང༌། གསོ་བར་འཛིན་པ་དང༌། སྐྱེས་བུར་འཛིན་པ་དང༌། གང་ཟག་ཏུ་འཛིན་པར་འགྱུར་རོ། །ཞེས་དང༌། བློ་གྲོས་ཆེན་པོ་དེ་ལ་བྱིས་པ་ཉེ་བར་སྤྱོད་པའི་བསམ་གཏན་གང་ཞེ་ན། འདི་ལྟ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་རྣལ་འབྱོར་ལ། རྣལ་འབྱོར་པ་རྣམས་ཀྱིས་གང་ཟག་ལ་བདག་མེད་པ་དང༌། དངོས་པོ་རྣམས་ཀྱི་རང་དང་སྤྱིའི་གཟུགས་དང༌། ཀེང་རུས་དང༌། མི་རྟག་པ་དང༌། སྡུག་བསྔལ་བ་དང༌། མི་སྡུག་པའི་མཚན་ཉིད་ལ་མངོན་པར་ཞེན་པ་སྔོན་དུ་བཏང་སྟེ། འདི་ནི་མཚན་ཉིད་འདི་ལྟ་བུ་ཡིན་ཏེ། གཞན་དུ་མ་ཡིན་ནོ། །ཞེས་བལྟས་ནས། དང་པོ་ནས་གོང་ནས་གོང་དུ་འདུ་ཤེས་འགོག་པའི་བར་དུ་བྱིས་པ་ཉེ་བར་སྤྱོད་པ་ཡིན་ནོ། །དེ་ལ་བློ་གྲོས་ཆེན་པོ་དོན་རབ་ཏུ་འབྱེད་པའི་བསམ་གཏན་གང་ཞེ་ན། འདི་ལྟ་སྟེ། གང་ཟག་ལ་བདག་མེད་པ་དང༌། རང་དང་སྤྱིའི་མཚན་ཉིད་དང༌། ཕྱི་རོལ་གྱི་མུ་སྟེགས་བྱེད་པ་བདག་དང༌། གཞན་གཉིས་མེད་པར་བྱས་ཏེ། ཆོས་ལ་བདག་མེད་པའི་མཚན་ཉིད་ཀྱི་དོན་རབ་ཏུ་འབྱེད་པའི་གོ་རིམ་ཅན་ནི་དོན་རབ་ཏུ་འབྱེད་པའི་བསམ་གཏན་ཡིན་ནོ། །དེ་ལ་བློ་གྲོས་ཆེན་པོ་དེ་བཞིན་ཉིད་ལ་དམིགས་པའི་བསམ་གཏན་གང་ཞེ་ན། འདི་ལྟ་སྟེ། ཀུན་བཏགས་པ་བདག་མེད་པ་ཉིད་ཀྱིས་རྣམ་པར་རྟོག་པ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་གནས་པས་རྣམ་པར་རྟོག་པ་མི་འབྱུང་བའི་ཕྱིར་དེ་བཞིན་ཉིད་ལ་དམིགས་པ་ཞེས་བཤད་དོ། །བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པའི་བསམ་གཏན་གང་ཞེ་ན། འདི་ལྟ་སྟེ། དེ་བཞིན་གཤེགས་པའི་རྣམ་པ་འཇུག་པ་དང༌། འཕགས་པ་སོ་སོ་རང་གི་ཡེ་ཤེས་མཚན་ཉིད་གསུམ་གྱི་བདེ་བ་ལ་གནས་པས། སེམས་ཅན་གྱི་དོན་བསམ་གྱིས་མི་ཁྱབ་པ་བྱེད་པའི་ཕྱིར་དེ་བཞིན་གཤེགས་པའི་བསམ་གཏན་ཞེས་བཤད་དོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། དོན་རབ་འབྱེད་པའི་བསམ་གཏན་དང༌། །ཡང་དག་རྗེས་སུ་འགྲོ་བའི་ལྟས། །ཞེས་གསུངས་པའི་ཕྱིར་རོ། །དེ་ཡང་འོད་གསལ་གྱི་སྣང་བ་སྤྲོས་བྲལ་ཡིན་པ་ལ། སྤྲོས་བྲལ་དུ་ཤེས་ནས་མཚན་མར་མི་འཛིན་ཅིང་ཆགས་ཞེན་དང་བྲལ་བ་ཡོན་ཏན་ཆེན་པོ་གསུངས་ཏེ། ལང་གཤེགས་ལས། ཡུལ་ལ་འཛིན་པ་མེད་པའི་ཕྱིར། །འགོག་པ་མེད་པ་མ་ཡིན་ཏེ། །འཕགས་པ་རྣམས་ཀྱི་སྤྱོད་ཡུལ་ལྟར། །དེ་བཞིན་ཉིད་ཀྱི་དངོས་པོ་ཡོད། །མཁས་པ་རྣམས་ལ་སྣང་བ་ལྟར། །བྱིས་ པ་རྣམས་ལ་མི་སྣང་སྟེ། །ཇི་ལྟར་ཆོས་ཀུན་ལས་སྐྱེས་ཤིང༌། །མཚན་ཉིད་མེད་པར་སྣང་བའོ།།ཞེས་དང༌།རྒྱན་སྟུག་པོར་ཡང༌། གང་ཚེ་མཚན་ཉིད་རྣལ་འབྱོར་ ཅན། །རྣམ་པར་མི་རྟོག་ཆགས་མེད་ན། །སངས་རྒྱས་བྱེ་བ་རྣམས་ཀྱང་མཐོང༌། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་མ་ཡིན་པར། འདི་དག་ཐམས་ཅད་རྣམ་སྤངས་ནས། །སྣང་བ་མེད་པར་རྣམ་གྱུར་པ། །ཞེས་པའི་དོན་སངས་རྒྱས་ལ་གཟུགས་སོགས་ཅིར་ཡང་སྣང་བ་མེད་པ་ཅིག་དགོས་པ་ཡིན་ན། སྣ་ཚོགས་གཟུགས་ནི་རབ་ཏུ་འབྱུང༌། །སྣ་ཚོགས་ཚུལ་གྱི་དངོས་ཐོབ་ནས། །ཀུན་མཁྱེན་ཐམས་ཅད་རིག་པར་འགྱུར། །ཞེས་པ་དང༌། ཇི་ལྟར་མི་འགལ། དེས་ན་རྟོགས་ལྡན་དུ་རློམ་པ་དག་གིས་མདོ་ཟབ་མོ་འདི་དག་ནི་ཞིབ་པར་བལྟ་བར་བྱའོ། །གཞན་ཡང༌། མདོ་དག་གི་དོན་དེ་ལྟར་མ་ཡིན་ན། དེ་བཞིན་ཉིད་ལ་དམིགས་པའི་བསམ་གཏན་དང༌། དེ་བཞིན་གཤེགས་པའི་དགེ་བའི་བསམ་གཏན་ལ་བརྩོན་པར་མ་བྱས་ན་ནི། སངས་རྒྱས་པ་མི་སྲིད་ལ། བརྩོན་པར་བྱས་ན་ནི་རྟགས་དེ་དག་འབྱུང་བར་མདོའི་དེ་ཉིད་དུ་གསུངས་པའི་ཕྱིར། རྟགས་དེ་དག་འབྱུང་བས་ལམ་ལོག་པར་ཁྲིད་ན་སངས་རྒྱས་འབྱུང་བ་མི་སྲིད་པའི་སྐྱོན་དུ་འགྱུར་བས་ཤེས་ལྡན་རྣམས་ཇི་ལྟར་སེམས། ལུང་འདི་ལན་གསུམ་དུ་ལང་གཤེགས་སུ་གསུངས་པའི་དང་པོ། དངོས་པོ་དང་དངོས་མེད་དུ་འཛིན་པ་མེད་པ་དགོས། ཞེས་པ་འཕྲོས་ཤིང༌། ཡོད་མེད་དུ་འཛིན་པའི་ཕྱོགས་འཇིག་པ་བླ་ན་མེད་པའི་ཐེག་ཆེན་སྟོན་པའི་ཀླུ་སྒྲུབ་འབྱུང་ཞེས་ལུང་བསྟན་ནས་ཡོད་མེད་ཀྱི་ཕྱོགས་སུ་མི་འཛིན་པ་དགོས། ཞེས་པ་ལ་འཕྲོས་ཤིང༌། རྒྱས་པར་མདོ་དེ་དག་གི་མགོ་མཇུག་ཞིབ་པ་གཟིགས་པས་གསལ་བར་འགྱུར་རོ། །འདི་ནི་དོལ་པོ་པ་ཤེས་རབ་རྒྱལ་མཚན་གྱིས་བྲིས་པའོ།། །།

འདིས་བསྟན་པ་དང་སེམས་ཅན་མང་པོ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག།

མདོ་ལས། མཚམས་མེད་ལྔ་ནི་བྱས་པ་བས། །དགོངས་དོན་ཟབ་མོའི་ཆོས་རྣམས་ལ། །གང་གིས་བློས་ནི་མ་རིག་པར། །ལོག་པར་བཤད་པ་སྡིག་པ་ལྕི། །ཞེས་གསུངས་སོ། །སརྦ་མངྒ་ལཾ།

[མ་དཔེ་ནི་འཛམ་ཐང་པར་མ་ཡིན།]

བཀའ་མདོ་རྒྱུད་ཟབ་མོ་ཀུན་གྱི་སྤྱི་འགྲེལ་གཅིག་ཤེས་ཀུན་གྲོལ་ཞེས་བྱ་བ་བཞུགས་སོ། །

ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭེ་བྷྱོ་ན་མོ་ན་མཿ བཀའ་མདོ་རྒྱུད་ཟབ་མོ་ཀུན་གྱི་སྤྱི་ འགྲེལ་གཅིག་ཤེས་ཀུན་གྲོལ་ཞེས་བྱ་བ། དཔལ་ལྡན་བླ་མ་དམ་པ་དང༌། དཔལ་ཡོངས་གྲུབ་ཐམས་ཅད་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བརྩེ་བ་ཆེན་པོས་དུས་ཐམས་ཅད་དུ་རྗེས་སུ་བཟུང་དུ་གསོལ།

ཀུན་རྫོབ་ཀུན་བཏགས་ཀུན་གྱིས་སྟོང་པའི་གཞི། །དོན་དམ་ཡོངས་གྲུབ་ཆོས་ཀྱི་དབྱིངས་ལ་འདུད། །རྣམ་རྟོག་རྣམ་པ་ཀུན་དང་བྲལ་བའི་གཞི། །རང་བྱུང་ཡེ་ཤེས་འདུས་མ་བྱས་ལ་འདུད། །གཟུགས་ཀྱི་དེ་བཞིན་ཉིད་ནི་ཤེས་གྱུར་ན། །ཆོས་ཀུན་མདོ་དང་རྒྱས་པ་ཤེས་པར་འགྱུར། །རྣམ་མཁྱེན་བར་དུ་དེ་བཞིན་ཉིད་ཤེས་ན་འང༌། །ཆོས་རྣམས་ཀུན་གྱི་མདོ་རྒྱས་ཤེས་པར་འགྱུར། །དེ་ཡང་ཇི་སྐད་དུ། རྒྱལ་བའི་ཡུམ་ལས། གཟུགས་ཀྱི་དེ་བཞིན་ཉིད་ཤེས་ན་ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །དེ་བཞིན་དུ། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པའི་དེ་བཞིན་ཉིད་ཤེས་ན་ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །ཞེས་པ་ནས་རྣམ་མཁྱེན་གྱི་བར་སྦྱར་རོ། །མདོ་དང་རྒྱས་པའི་དོན་ཡང་ཡུམ་གསུམ་གྱི་གཞུང་འགྲེལ་གནོད་འཇོམས་སུ། གང་ཚེ་ཡོངས་སུ་གྲུབ་པ་དེ་བཞིན་ཉིད་ཙམ་དུ་ཤེས་པ་དེ་ཚེ་མདོ་ཤེས་པར་འགྱུར་རོ། །གང་གི་ཚེ་གཟུགས་ཀྱི་དེ་བཞིན་ཉིད་དང༌། ཚོར་བའི་དེ་བཞིན་ཉིད་ལ་སོགས་པ་དག་པའི་ཡོངས་སུ་གྲུབ་པར་ཤེས་པ་དེ་ཚེ་རྒྱས་པ་ཤེས་པར་འགྱུར་རོ། །ཞེས་སློབ་དཔོན་དབུ་མ་ཆེན་པོ་དབྱིག་གཉེན་ཞབས་ཀྱིས་གསུངས་པ་ལྟར་དོན་ལ་གནས་ཤིང༌། དཔལ་ལྡན་རྒྱུད་དུ་ཡང༌། ངེས་པར་དངོས་པོ་ཐམས་ཅད་ཀྱི། །དག་པ་དེ་བཞིན་ཉིད་དུ་བརྗོད། །ཕྱི་ནས་རེ་རེའི་དབྱེ་བ་ཡི། །ལྷ་རྣམས་ཀྱིས་ནི་བརྗོད་པར་བྱ། །ཞེས་བཀའ་སྩལ་པའི་དོན་ཡང་དེ་ཉིད་དེ། འདི་འདྲ་བ་དང༌། འདི་དང་གནད་གཅིག་པའི་ལུང་རྣམ་དག་ཡང་ཤིན་ཏུ་མང་བར་སྣང་ངོ༌། །དེ་བཞིན་ཉིད་ཀྱི་ངོ་བོ་ལ་ཁྱད་པར་མེད་ཀྱང༌། དྲི་བཅས་གཞི་དང༌། དྲི་བྲལ་འབྲས་བུ་ཡིན་པའི་ཕྱིར། དེ་བཞིན་ཤེས་ན་བཀའ་མདོ་རྒྱུད་ཟབ་མོ་ཐམས་ཅད་ཀྱི་གཞི་དང་འབྲས་བུ་ཤེས་པར་འགྱུར་ལ། དྲི་མ་སེལ་བའི་ཐ་བས་རླུང་དང་རྣམ་རྟོག་ངང་གིས་འགགས་པ་རྡོ་རྗེའི་རྣལ་འབྱོར་ཟབ་མོ་ཤེས་ན། བཀའ་མདོ་རྒྱུད་ཟབ་མོ་ཐམས་ཅད་ཀྱི་ལམ་ངེས་དོན་ཟབ་མོ་ཐམས་ཅད་ཤེས་པར་འགྱུར་རོ། །དེ་དག་ཀྱང་གཉིས་སུ་འདུས་ཏེ། གཞི་འབྲས་ཟབ་མོ་དང༌། ལམ་ཟབ་མོའོ། །

དང་པོ་ནི། དེ་བཞིན་ཉིད་ཟབ་མོ་ཤེས་པར་འགྱུར་ལ། གཉིས་པ་ནི། ཤེར་ཕྱིན་ཟབ་མོའི་རྣལ་འབྱོར་ཏེ། མཉམ་པ་ཉིད་ཀྱི་རྣལ་འབྱོར་ཤེས་པས་ཤེས་པར་འགྱུར་རོ། །འདི་ཡང་རྫོགས་ལྡན་ལུགས་སུ། རྒྱལ་ཁམས་པས་བཀོད་པ་སྟེ། གསུམ་ལྡན་མར་བཅད་ཀྱི་ལུགས་ལས་ཆེས་ཁྱད་པར་འཕགས་པའོ།། །།

མངྒ་ལཾ། བྷ་ཝནྟུ། ཤུུ་བྷཾ།

[མ་དཔེ་ནི་འཛམ་ཐང་པར་མ་ཡིན།]

བཀའ་ཡང་དག་ཀུན་གྱི་གནད་ནས་བཟུང་བ་བཞུགས་སོ། །

ཨོཾ་བདེ་ལེགས་སུ་གྱུར་ཅིག །བཀའ་ཡང་དག་ཀུན་གྱི་གནད་ནས་བཟུང་བ། དཔལ་ལྡན་བླ་མ་དམ་པ་དང་དཔལ་ཡོངས་གྲུབ་ཐམས་ཅད་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བརྩེ་བ་ཆེན་པོས་དུས་ཐམས་ཅད་དུ་རྗེས་སུ་བཟུང་དུ་གསོལ།

དོན་དམ་ཡིན་ན་རང་སྟོང་ཡིན་མི་སྲིད། །རང་སྟོང་ཡིན་ན་དོན་དམ་ཡིན་མི་སྲིད། །ཆོས་དབྱིངས་ཡིན་ན་རང་སྟོང་ཡིན་མི་སྲིད། །རང་སྟོང་ཡིན་ན་ཆོས་དབྱིངས་ཡིན་མི་སྲིད། །ཆོས་ཉིད་ཡིན་ན་རང་སྟོང་ཡིན་མི་སྲིད། །རང་སྟོང་ཡིན་ན་ཆོས་ཉིད་ཡིན་མི་སྲིད། །ཆོས་སྐུ་ཡིན་ན་རང་སྟོང་ཡིན་མི་སྲིད། །རང་སྟོང་ཡིན་ན་ཆོས་སྐུ་ཡིན་མི་སྲིད། །ཡོངས་གྲུབ་ཡིན་ན་རང་སྟོང་ཡིན་མི་སྲིད། །རང་སྟོང་ཡིན་ན་ཡོངས་གྲུབ་ཡིན་མི་སྲིད། །དེ་བཞིན་ཉིད་ནི་རང་སྟོང་མ་ཡིན་ལ། །རང་སྟོང་ཡིན་ན་དེ་བཞིན་ཉིད་མ་ཡིན། །ཡང་དག་མཐའ་ནི་རང་སྟོང་མ་ཡིན་ལ། །རང་སྟོང་ཡིན་ན་ཡང་དག་མཐའ་མ་ཡིན། །ཆོས་ཀྱི་གནས་ནི་རང་སྟོང་མ་ཡིན་ལ། །རང་སྟོང་ཡིན་ན་ཆོས་ཀྱི་གནས་མ་ཡིན། །ཆོས་སྐྱོན་མེད་ནི་རང་སྟོང་མ་ཡིན་ལ། །རང་སྟོང་ཡིན་ན་ཆོས་སྐྱོན་མེད་པར་མིན། །ཤེར་ཕྱིན་ཟབ་མོ་རང་སྟོང་མ་ཡིན་ལ། །རང་སྟོང་ཡིན་ན་ཤེར་ཕྱིན་ཟབ་མོ་མིན། །དབུས་མ་ཟབ་མོ་རང་སྟོང་མ་ཡིན་ལ། །རང་སྟོང་ཡིན་ན་དབུས་མ་ཟབ་མོ་མིན། །ཕྱག་རྒྱ་ཆེན་པོ་རང་སྟོང་མ་ཡིན་ལ། །རང་སྟོང་ཡིན་ན་ཕྱག་རྒྱ་ཆེན་པོ་མིན། །རང་བྱུང་ཡེ་ཤེས་རང་སྟོང་མ་ཡིན་ལ། །རང་སྟོང་ཡིན་ན་རང་བྱུང་ཡེ་ཤེས་མིན། །འགོག་བདེན་ཟབ་མོ་རང་སྟོང་མ་ཡིན་ལ། །རང་སྟོང་ཡིན་ན་འགོག་བདེན་ཟབ་མོ་མིན། །ལྷན་ཅིག་སྐྱེས་སྦྱོར་རང་སྟོང་མ་ཡིན་ལ། །རང་སྟོང་ཡིན་ན་ལྷན་ཅིག་སྐྱེས་སྦྱོར་མིན། །དོན་དམ་ཚད་མ་རང་སྟོང་མ་ཡིན་ལ། །རང་སྟོང་ཡིན་ན་དོན་དམ་ཚད་མ་མིན། །དོན་དམ་སངས་རྒྱས་རང་སྟོང་མ་ཡིན་ལ། །རང་སྟོང་ཡིན་ན་དོན་དམ་སངས་རྒྱས་མིན། །དོན་དམ་དམ་ཆོས་རང་སྟོང་མ་ཡིན་ལ། །རང་སྟོང་ཡིན་ན་དོན་དམ་དམ་ཆོས་མིན། །དོན་དམ་དགེ་འདུན་རང་སྟོང་མ་ཡིན་ལ། །རང་སྟོང་ཡིན་ན་དོན་དམ་དགེ་འདུན་མིན། །དོན་དམ་དཀོན་མཆོག་རང་སྟོང་མ་ཡིན་ལ། །རང་སྟོང་ཡིན་ན་དོན་དམ་དཀོན་མཆོག་མིན། །དོན་དམ་ཡེ་ཤེས་རང་སྟོང་མ་ཡིན་ལ། །རང་སྟོང་ཡིན་ན་དོན་དམ་ཡེ་ཤེས་མིན། །དོན་དམ་ལྷ་ཚོགས་རང་སྟོང་མ་ཡིན་ལ། །རང་སྟོང་ཡིན་ན་དོན་དམ་ལྷ་ཚོགས་མིན། །དོན་དམ་དཀྱིལ་འཁོར་རང་སྟོང་མ་ཡིན་ལ། །རང་སྟོང་ཡིན་ན་དོན་དམ་དཀྱིལ་འཁོར་མིན། །དོན་དམ་གསང་སྔགས་རང་སྟོང་མ་ཡིན་ལ། །རང་སྟོང་ཡིན་ན་དོན་དམ་གསང་སྔགས་མིན། །དོན་དམ་རྒྱུད་སྡེ་རང་སྟོང་མ་ཡིན་ལ། །རང་སྟོང་ཡིན་ན་དོན་དམ་རྒྱུ་སྡེ་མིན། །དོན་དམ་ཕྱག་རྒྱ་རང་སྟོང་མ་ཡིན་ལ། །རང་སྟོང་ཡིན་ན་དོན་དམ་ཕྱག་རྒྱ་མིན། །དོན་དམ་དངོས་གྲུབ་རང་སྟོང་མ་ཡིན་ལ། །རང་སྟོང་ཡིན་ན་དོན་དམ་དངོས་གྲུབ་མིན། །དོན་དམ་རྡོ་རྗེ་རང་སྟོང་མ་ཡིན་ལ། །རང་སྟོང་ཡིན་ན་དོན་དམ་རྡོ་རྗེ་མིན། །དོན་དམ་སེམས་དཔའ་རང་སྟོང་མ་ཡིན་ལ། །རང་སྟོང་ཡིན་ན་དོན་དམ་སེམས་དཔའ་མིན། །དོན་དམ་པད་མ་རང་སྟོང་མ་ཡིན་ལ། །རང་སྟོང་ཡིན་ན་དོན་དམ་པད་མ་མིན། །དོན་དམ་བྷ་ག་རང་སྟོང་མ་ཡིན་ལ། །རང་སྟོང་ཡིན་ན་དོན་དམ་བྷ་ག་མིན། །དོན་དམ་ཁུ་རྡུལ་རང་སྟོང་མ་ཡིན་ལ། །རང་སྟོང་ཡིན་ན་དོན་དམ་ཁུ་རྡུལ་མིན། །དོན་དམ་ཟླ་ཉི་རང་སྟོང་མ་ཡིན་ལ། །རང་སྟོང་ཡིན་ན་དོན་དམ་ཟླ་ཉི་མིན། །དོན་དམ་སྒྲ་གཅན་རང་སྟོང་མ་ཡིན་ལ། །རང་སྟོང་ཡིན་ན་དོན་དམ་སྒྲ་གཅན་མིན། །དོན་དམ་དུས་མེ་རང་སྟོང་མ་ཡིན་ལ། །རང་སྟོང་ཡིན་ན་དོན་དམ་དུས་མེ་མིན། །དོན་དམ་སྲིད་གསུམ་རང་སྟོང་མ་ཡིན་ལ། །རང་སྟོང་ཡིན་ན་དོན་དམ་སྲིད་གསུམ་མིན། །དོན་དམ་ཁམས་གསུམ་རང་སྟོང་མ་ཡིན་ལ། །རང་སྟོང་ཡིན་ན་དོན་དམ་ཁམས་གསུམ་མིན། །དོན་དམ་དུས་གསུམ་རང་སྟོང་མ་ཡིན་ལ། །རང་སྟོང་ཡིན་ན་དོན་དམ་དུས་གསུམ་མིན། །དོན་དམ་སྐུ་གསུམ་རང་སྟོང་མ་ཡིན་ལ། །རང་སྟོང་ཡིན་ན་དོན་དམ་སྐུ་གསུམ་མིན། །དོན་དམ་སྐུ་བཞི་རང་སྟོང་མ་ཡིན་ལ། །རང་སྟོང་ཡིན་ན་དོན་དམ་སྐུ་བཞི་མིན། །དོན་དམ་སྐུ་ལྔ་རང་སྟོང་མ་ཡིན་ལ། །རང་སྟོང་ཡིན་ན་དོན་དམ་སྐུ་ལྔ་མིན། །དོན་དམ་རྣམ་མཁྱེན་རང་སྟོང་མ་ཡིན་ལ། །རང་སྟོང་ཡིན་ན་དོན་དམ་རྣམ་མཁྱེན་མིན། །དོན་དམ་འདོད་ཆགས་རང་སྟོང་མ་ཡིན་ལ། །རང་སྟོང་ཡིན་ན་དོན་དམ་འདོད་ཆགས་མིན། །དོན་དམ་ཞེ་སྡང་རང་སྟོང་མ་ཡིན་ལ། །རང་སྟོང་ཡིན་ན་དོན་དམ་ཞེ་སྡང་མིན། །དོན་དམ་གཏི་མུག་རང་སྟོང་མ་ཡིན་ལ། །རང་སྟོང་ཡིན་ན་དོན་དམ་གཏི་མུག་མིན། །དོན་དམ་ང་རྒྱལ་རང་སྟོང་མ་ཡིན་ལ། །རང་སྟོང་ཡིན་ན་དོན་དམ་ང་རྒྱལ་མིན། །དོན་དམ་ཕྲག་དོག་རང་སྟོང་མ་ཡིན་ལ། །རང་སྟོང་ཡིན་ན་དོན་དམ་ཕྲག་དོག་མིན། །དོན་དམ་སེར་སྣ་རང་སྟོང་མ་ཡིན་ལ། །རང་སྟོང་ཡིན་ན་དོན་དམ་སེར་སྣ་མིན། །དོན་དམ་ཕུང་པོ་རང་སྟོང་མ་ཡིན་ལ། །རང་སྟོང་ཡིན་ན་དོན་དམ་ཕུང་པོ་མིན། །དོན་དམ་ཁམས་རྣམས་རང་སྟོང་མ་ཡིན་ལ། །རང་སྟོང་ཡིན་ན་དོན་དམ་ཁམས་རྣམས་མིན། །དོན་དམ་སྐྱེ་མཆེད་རང་སྟོང་མ་ཡིན་ལ། །རང་སྟོང་ཡིན་ན་དོན་དམ་སྐྱེ་མཆེད་མྀན། །དོན་དམ་རྟེན་འབྲེལ་རང་སྟོང་མ་ཡིན་ལ། །རང་སྟོང་ཡིན་ན་དོན་དམ་རྟེན་འབྲེལ་མིན། །དོན་དམ་ཕར་ཕྱིན་རང་སྟོང་མ་ཡིན་ལ། །རང་སྟོང་ཡིན་ན་དོན་དམ་ཕར་ཕྱིན་མིན། །དོན་དམ་སྟོང་ཉིད་རང་སྟོང་མ་ཡིན་ལ། །རང་སྟོང་ཡིན་ན་དོན་དམ་སྟོང་ཉིད་མིན། །དོན་དམ་དྲན་པ་རང་སྟོང་མ་ཡིན་ལ། །རང་སྟོང་ཡིན་ན་དོན་དམ་དྲན་པ་མིན། །དོན་དམ་སྤོང་བ་རང་སྟོང་མ་ཡིན་ལ། །རང་སྟོང་ཡིན་ན་དོན་དམ་སྤོང་བ་མིན། །དོན་དམ་རྫུ་འཕྲུལ་རང་སྟོང་མ་ཡིན་ལ། །རང་སྟོང་ཡིན་ན་དོན་དམ་རྫུ་འཕྲུལ་མིན། །དོན་དམ་དབང་པོ་རང་སྟོང་མ་ཡིན་ལ། །རང་སྟོང་ཡིན་ན་དོན་དམ་དབང་པོ་མིན། །དོན་དམ་སྟོབས་རྣམས་རང་སྟོང་མ་ཡིན་ལ། །རང་སྟོང་ཡིན་ན་དོན་དམ་སྟོབས་རྣམས་མིན། །བྱང་ཆུབ་ཡན་ལག་རང་སྟོང་མ་ཡིན་ཏེ། །འཕགས་ལམ་ཡན་ལག་ལ་ཡང་དེ་བཞིན་ནོ། །འཕགས་པའི་བདེན་པ་བསམ་གཏན་ཚད་མེད་སོགས། །དོན་དམ་རྣམ་མཁྱེན་བར་གྱི་ཆོས་ཀུན་ཡང༌། །རང་སྟོང་མ་ཡིན་ཡིན་ན་དོན་དམ་གྱི། །ཆོས་རྣམས་ཐམས་ཅད་གཏན་ནས་མ་ཡིན་ནོ། །དེ་ལྟར་རྟོགས་ནས་རང་སྟོང་གཞན་སྟོང་གིས། །ཁྱད་པར་རྟོགས་ནས་བསྟན་པ་གསལ་ནུས་སོ། །འདི་ཡང་རྫོགས་ལྡན་གྱི་ལུགས་སུ་བཀོད་པ་སྟེ། གསུམ་ལྡན་མར་བཅད་ཀྱི་ལུགས་ལས་ཆེས་ཁྱད་དུ་འཕགས་པའོ།། །།སརྦ་མངྒ་ལཾ། བྷ་ཝནྟུ།

ཟབ་མོ་མདོའི་དཀར་ཆག་བཞུགས།

ཨོཾ་དྷརྨ་དྷཱ་དུ་ན་མོ་ན་མཿ ཨོཾ་བླ་མ་ལ་ཕྱག་འཚལ་ལོ། །ཆོས་ཐམས་ཅད་ཀྱིས་ སྟོང་ཞིང་དབེན་ལ་དག་པའི་གཞི། ཆོས་ཉིད་དེ་བཞིན་ཉིད་དང༌། རང་བྱུང་ཡེ་ ཤེས་བདེ་བ་ཆེན་པོ། གཙང་བདག་བདེ་དང་རྟག་པའི་མཐར་ཐུག་པ། ཆ་མེད་ཀུན་འགྲོ་ཁྱབ་པ་པོ། འགལ་འདུས་སྐྱོན་མེད་འཇིག་རྟེན་དཔེ་ལས་འདས་ཤིང༌། རྟེན་འབྲེལ་དང༌། རྟོག་གེ་དང༌། རྣམ་ཤེས་ལས་འདས་པའི་དབྱིངས་དང་ཡེ་ཤེས་གཅིག་ཏུ་འདྲེས་པ། སོ་སོར་རང་རིག་ཡེ་ཤེས་ཀྱི་སྤྱོད་ཡུལ། དོན་དམ་བདེ་གཤེགས་ སྙིང་པོ། པྲ་ཕབ་བརྒྱད་དང་མཚུངས་པ། མཐར་ཐུག་གི་སངས་རྒྱས་དང༌། ཆོས་དང༌། དགེ་འདུན་དང༌། ལྷ་དང༌། སྔགས་དང༌། རྒྱུད་དང༌། དཀྱིལ་འཁོར་དང༌། ཕྱག་རྒྱ་ཐམས་ཅད་འདུས་པ། དུ་མ་རོ་གཅིག །སྲིད་ཞི་དབྱེར་མེད། འཁོར་འདས་དབྱེར་མེད། བདེན་གཉིས་དབྱེར་མེད། བསལ་བཞག་མེད་པའི་རང་བཞིན་འོད་གསལ། རང་བཞིན་ལྷན་སྐྱེས། རང་བཞིན་འགྱུར་མེད། མྱང་འདས་ཆེན་པོ། དབུ་མ་ཆེན་པོ། ཕྱག་རྒྱ་ཆེན་པོ། ཤེར་ཕྱིན་ཟབ་མོ། གཞན་སྟོང་ཆོས་ཀྱི་སྐུ། མཁའ་ཁྱབ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །

དེ་རྣམས་གསལ་བར་སྟོན་པའི་གསུང་རབ་ཟབ་མོ་རྣམས་ཀྱི་ནང་ནས། འདིར་སྙིང་པོའི་མདོ་ལྔ་ནི། དེ་བཞིན་གཤེགས་པའི་སྙིང་པོའི་མདོ། རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས། ལྷ་མོ་དཔལ་ཕྲེང་སེང་གེ་སྒྲའི་མདོ། རྔ་བོ་ཆེ་ཆེན་པོའི་མདོ། སོར་མོའི་ཕྲེང་བ་ལ་ཕན་པའི་མདོ་རྣམས་སོ། །དེ་ཡང་དང་པོ་དང༌། གཉིས་པ་དང༌། བཞི་པ་དང༌། ལྔ་པ་ནི་མདོ་སྡེ་ན་བཞུགས་ལ། གསུམ་པ་ནི་དཀོན་བརྩེགས་ན་བཞུགས་ཤིང༌། གཉིས་པ་ནི་གཟུངས་འབུམ་ནང་ནའང་བཞུགས་སོ། །ཡང་དེ་རྣམས་ཀྱི་སྟེང་དུ། སྟོང་ཉིད་ཆེན་པོའི་མདོ། དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་བསྟན་པའི་མདོ། དེ་བཞིན་གཤེགས་པའི་ཡོན་ཏན་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་བསྟན་པའི་མདོ། སྤྲིན་ཆེན་པོའི་མདོ་རྒྱས་པ། མྱང་འདས་ཆེན་པོའི་མདོ་རྒྱས་བསྡུས་གསུམ་གཅིག་ཏུ་བྱས་པ་སྟེ། དེ་ལྟར་ལྔ་བསྣན་པས་སྙིང་པོའི་མདོ་བཅུར་ཡང་འགྱུར་ཞིང༌། འདི་རྣམས་ཕལ་ཆེར་ནི་མདོ་ན་བཞུགས་ལ། མྱང་འདས་ནི་ཟུར་ན་བྲིས་པའང་སྣང་ངོ༌། །

ཡང་ངེས་དོན་མདོ་ལྔ་ནི། ཤེར་ཕྱིན་ལྔ་བརྒྱ་པ། བྱང་ཆུབ་སེམས་དཔའི་བསླབ་པ་རབ་ཏུ་དབྱེ་བའི་ལེའུ་ཆ་བཅུ་གཉིས་བྱམས་ཞུས་སུའང་གྲགས་པ་གཉིས་གཅིག་ཏུ་བསྡུས་པ། རྒྱན་སྟུག་པོའི་མདོ། རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་ཏིང་ངེ་འཛིན་གྱི་མདོ། དཀོན་མཆོག་སྤྲིན་གྱི་མདོ་རྣམས་སོ། །དེ་རྣམས་ལས་དང་པོ་ནི། ཤེས་རབ་སྣ་ཚོགས་ན་བཞུགས་ཤིང༌། བྱམས་ཞུས་གཉིས་ནི་ཁྲི་བརྒྱད་སྟོང་པ་དང༌། ཉི་ཁྲི་ལྔ་སྟོང་པ་ན་བཞུགས་ལ། ལྷག་མ་གསུམ་ནི་མདོ་སྡེ་ན་བཞུགས་སོ། །ཡང་དེ་རྣམས་ཀྱི་སྟེང་དུ། གསེར་འོད་དུམ་ཆེན། དགོངས་པ་ངེས་པར་འགྲེལ་པ། ལང་ཀར་གཤེགས་པ། ཡེ་ཤེས་སྣང་བ་རྒྱན་གྱི་མདོ། སངས་རྒྱས་ཕལ་པོ་ཆེ་བསྣན་པས་ངེས་དོན་མདོ་བཅུ་སྟེ། དང་པོ་བཞི་ནི་མདོ་སྡེ་ན་བཞུགས་ཤིང༌། དང་པོ་དང་ཐ་མ་ནི་ཟུར་ནའང་བཞུགས་པས་རབ་ཏུ་གྲགས་སོ། །དེ་ལྟར་སྙིང་པོའི་མདོ་ལྔ། མདོ་བཅུ། ངེས་དོན་མདོ་ལྔ། མདོ་བཅུ་ནི། ཉུང་ངུ་ལ་མོས་པ་རྣམས་ཀྱིས་ཀྱང་གདོན་མི་ཟ་བར་གཟིགས་དགོས་ལ། རྒྱས་པར་ནི་བཀའ་འགྱུར། བསྟན་འགྱུར་མཐའ་དག་གཟིགས་དགོས་ཤིང༌། ཟབ་མོའི་རྣལ་འབྱོར་ཡང་ངེས་པར་བསྒོམ་དགོས་པར་གདའ་བས། སངས་རྒྱས་ཀྱི་བསྟན་པ་རྣམ་དག་ལ། ཐོས་བསམ་སྒོམ་པ་རྣམ་དག་ཡོངས་སུ་རྫོགས་པར་མཛད་པར་ཞུ། ཞེས་ཐལ་མོ་སྦྱར་ནས་གསོལ་བ་ཞེ་ཐག་པ་ནས་འདེབས་པ་ལགས་སོ། །ཞུ་དོན་གནང་བར་མཛད་དུ་གསོལ། རྟོན་པ་བཞི་ལྡན་གྱིས་བཀོད་པ་རྫོགས་སོ།། །།མངྒ་ལཾ། བྷ་ཝནྟུ།

གསུང་རབ་སྤྱིའི་དཀར་ཆག་བཞུགས།

རྒྱུ་འབྲས་ལས་ཀྱི་ཞིབ་ཆ་དེ། །འཁོར་ལོ་དང་པོའི་བཀའ་ན་ཡོད། །མི་རྟོག་ཏིང་འཛིན་སྒོམ་ལུགས་དེ། །འཁོར་ལོ་བར་པའི་མདོ་ན་ཡོད། །ཡིན་ལུགས་ཕྱེ་ནས་བཤད་པ་དེ། །འཁོར་ལོ་ཐ་མའི་ནང་ན་ཡོད། །སངས་རྒྱས་ཞིང་ཁམས་རླབས་ཆེན་དེ། །ཕལ་པོ་ཆེ་ཡི་ནང་ན་ཡོད། །ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་དེ། །བསྐལ་པ་བཟང་པོའི་མདོ་ན་ཡོད། །ཐུབ་པའི་སྐྱེས་རབས་མང་པོ་དེ། །འདུལ་བ་ལུང་གི་ནང་ན་ཡོད། །མཆོད་རྟེན་བཞེངས་པའི་ཕན་ཡོན་དེ། །ཁང་བུ་བརྩེགས་པའི་མདོ་ན་ཡོད། །པད་མོ་ཨུཥྞི་ཥ་ཡི་གཟུངས། །ཆོ་ག་ཞིབ་མོའི་ནང་ན་ཡོད། །ཡན་ལག་བདུན་པ་རྒྱས་པ་དེ། །ཕུང་པོ་གསུམ་པའི་མདོ་ན་ཡོད། །ལས་སྒྲིབ་མང་པོའི་བཤགས་པ་དེ། །ཐར་ཆེན་ཕྱོགས་རྒྱས་མདོ་ན་ཡོད། །བདེ་གཤེགས་སྙིང་པོའི་བཞུགས་ཚུལ་དེ། །སྙིང་པོ་མདོ་ཡི་ནང་ན་གསལ། །དོན་དམ་ཆོས་སྐུའི་རྟག་ཚུལ་དེ། །མྱང་འདས་ཆེན་པོའི་མདོ་ན་གསལ། །རང་སྟོང་གཞན་སྟོང་དབྱེ་བ་དེ། །སོར་མོ་ཕྲེང་བའི་མདོ་ན་གསལ། །ཤ་ལ་སྲེད་པའི་ཉེས་དམིགས་ཏེ། །ལང་ཀར་གཤེགས་པའི་མདོ་ན་གསལ། །དམ་ཆོས་སྤངས་པའི་ཉེས་དམིགས་ཏེ། །ཐེག་པ་བསྡུས་པའི་མདོ་ན་གསལ། །ལམ་ལྔ་ས་བཅུའི་རྣམ་བཞག་དེ། །རྒྱས་འབྲིང་བསྡུས་གསུམ་ནང་ན་གསལ། །ཐུབ་པའི་མཛད་པ་རྒྱ་ཆེ་དེ། །རྒྱ་ཆཻར་རོལ་པའི་མདོ་ན་གསལ། །དགེ་སྡིག་ལས་ཀྱི་རྣམ་བཞག་དེ། །མདོ་སྡེ་ལས་བརྒྱའི་ནང་ན་གསལ། །འཇིག་རྟེན་ལས་ཀྱི་རྣམ་བཞག་དེ། །འཇིག་རྟེན་གདགས་གཞིའི་ནང་ན་གསལ། །ཐུབ་པའི་ཐུགས་དགོངས་ཡིན་ལུགས་དེ། །དགོངས་པ་ངེས་འགྲེལ་ནང་ན་གསལ། །གསུང་རབ་སྤྱིའི་དཀར་ཆག་འདི་ཡང༌། རྟོན་པ་བཞི་ལྡན་གྱིས་བཀོད་པའོ། །། །སརྦ་མངྒ་ལཾ།

[མ་དཔེ་ནི་འཛམ་ཐང་པར་མ་ཡིན།]

སོ་སོ་སྐྱེ་བོའི་པཎྜི་ཏ་ལ་སོགས་པ་རྣམས་ཀྱི་འཁྲུལ་བ་ལུང་བསྟན་པ་ཞེས་བྱ་བ་བཞུགས་སོ། །

ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭེ་བྷྱོ་ན་མོ་ན་མཿ སོ་སོ་སྐྱེ་བོའི་པཎྜི་ཏ་ལ་སོགས་པ་རྣམས་ཀྱི་འཁྲུལ་བ་ལུང་བསྟན་པ་ཞེས་བྱ་བ། དཔལ་ལྡན་བླ་མ་དམ་པ་དང༌། དཔལ་ཡོངས་གྲུབ་ཐམས་ཅད་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བརྩེ་བ་ཆེན་པོས་དུས་ཐམས་ཅད་དུ་རྗེས་སུ་བཟུང་དུ་གསོལ།

བདེན་གཉིས་ལོག་པར་གསལ་གཞག་གསལ་མཛད་ནས། །ཡོད་ལ་ཡོད་དང་མེད་ལ་མེད་ཇི་ལྟར། །གནས་བཞིན་སྟོན་པ་ཐམས་ཅད་ལ་བཏུད་དེ། །དེ་ལ་ འཁྲུལ་འཇོམས་མ་ནོར་ལུང་རྣམས་བྲི། །

དེ་ལ་འདིར། རྣལ་འབྱོར་པ་ཡང་བློ་ཁྱད་ཀྱིས། །གོང་མ་གོང་མ་རྣམས་ཀྱིས་གནོད། །ཅེས་པའི་ཚུལ་གྱིས་དེ་བཞིན་གཤེགས་པའི་བཀའ་ལ་ར་ཆོད་དང༌། གཟུ་ལུམ་དང་རང་བཟོ་སྟེ། གོ་རིམ་དཀྲུག་པ་དང༌། དབྲི་བསྣན་དུ་མ་བྱེད་པ་དང༌། སངས་རྒྱས་དང་ས་བཅུ་པ་ལ་སོགས་ཀྱི་མན་ངག་གམ། མངོན་པར་ཤེས་པ་ལྔ་མེད་པར། སྒྲ་ཚད་ལ་སོགས་པ་ཐུན་མོང་པ་རྣམས་ལ་མཁས་པའི་མངོན་པའི་ང་རྒྱལ་གྱིས། ངེས་དོན་གྱི་མདོ་རྒྱུད་ཟབ་མོ་རྣམས་ཀྱི་དོན་འགྲེལ་པ་དང༌། བཤད་པ་བྱེད་པ་སོ་སོ་སྐྱེ་བོའི་པཎྜི་ཏ་ལ་སོགས་པ་རྣམས་ཀྱི་རྗེས་སུ་འབྲང་བ་ཐམས་ཅད་ལ་ཕན་པའི་དོན་དུ་ལུང་བསྡུས་པ་འདི་ལྟ་སྟེ། རྗེ་བཙུན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཐེག་པ་མཆོག་གི་དོན་འགྲེལ་པར་མི་དབང་བ་རྣམས་ཀྱིས་འགྲེལ་པ་དང་རང་བཟོའི་བཤད་པ་ལ་སོགས་པ་བྱས་པའི་འཁྲུལ་བ་གསུངས་པ། ཇི་སྐད་དུ། མངོན་ཤེས་མེད་གང་དཔལ་ལྡན་རྡོ་རྗེ་ཐེག་པ་ལ་གནས་བསྟན་བཅོས་དུ་མ་ཡི། །རྣམ་རྟོག་ཆོས་ཀྱི་སྙིང་དང་མཁས་པ་ཉིད་ཀྱི་དྲེགས་ལྡན་རྒྱས་འགྲེལ་ཆེན་པོ་དག །བྱེད་པ་དེ་ནི་གླང་ཆེན་ལོང་བ་མྱོས་བཞིན་དགྲ་ཡི་རྒྱུད་ནི་རྒྱལ་བའི་སླད། །གང་གནས་དེ་ཡིས་རང་གི་རྒྱུད་ནི་ཉམས་བྱེད་འདི་ནི་རྟག་ཏུ་བདུད་ཀྱི་གཉེན། །མཁས་པའི་མངོན་པའི་ང་རྒྱལ་དང་ལྡན་རྒྱལ་བདག་གསུངས་ནི་མི་ཤེས་ངང་ཚུལ་རྟག་ལོང་བས། །ཐེག་མཆོག་རྒྱས་འགྲེལ་བྱས་ཏེ་ལོང་བ་གཞན་དག་ལྷུང་དུ་བཅུག་ནས་དམྱལ་བར་རབ་འཇུག་པ། །འགྱོད་པ་དང་ནི་སྲོག་གཅོད་ལ་སོགས་མི་དགེའི་ལམ་ལ་བུད་མེད་བདེ་བས་སེམས་དྲངས་ཤིང༌། །དཔལ་ལྡན་ཤེས་རབ་བདེ་ཉམས་རྡོ་རྗེའི་ཚིག་བཅོམ་ཕྱི་ཡི་ལོངས་སྤྱོད་རྣམས་ཀྱིས་ཟིལ་མནན་པའོ། །ཞེས་དང༌། གང་དག་མངོན་ཤེས་ལྔ་མེད་དེ་དག་བདག་ཅག་རྒྱལ་དབང་ཡིན་ཞེས་བདེན་པ་མིན་པ་སྨྲ། །མ་འོངས་དུས་ན་རྟག་ཏུ་རྟོག་གེ་ལ་སོགས་བསྟན་བཅོས་ལ་གཏད་སྣ་ཚོགས་བློས། །སངས་རྒྱས་པ་ཡང་གཞན་གྱི་རྟོག་གེ་དང་ཕྲད་དབང་གིས་ལོག་པ་འབྱུང་འགྱུར་ཏེ། །རྟོག་གེ་ལ་གཏད་དེ་ཡིས་འདོད་པའི་ཡུལ་ལ་ལམ་ནི་སྟོན་པར་བྱེད་པ་གང༌། །དེ་རྣམས་ཉིད་ཀྱི་བློ་ངན་སྐྱོན་ནི་འཇོམས་བྱེད་རྒྱས་འགྲེལ་བདག་གིས་བྲི་བར་བྱ། །ཞེས་དང༌། འཕགས་པ་རྡོ་རྗེའི་སྙིང་པོའི་ཞལ་སྔ་ནས་ཀྱང༌། སྙིགས་མ་ལྔ་ཡི་དུས་འདི་རུ། །སློབ་དཔོན་གང་རྣམས་འབྱུང་འགྱུར་བ། །རྣལ་འབྱོར་སྤྱོད་པ་སྟོན་བྱེད་ཅིང༌། །ཡང་དག་ལམ་ལ་གནས་མིན་པ། །འགྲེལ་པ་མེད་པ་ཉུང་ངུའི་རྒྱུད། །སྟོན་པར་བྱེད་པ་ཚུལ་ངན་པ། །གཞན་གྱི་བུད་མེད་ནོར་འདོད་པས། །དམྱལ་བར་འགྲོ་བར་ཆེས་བརྩོན་པ། །མངོན་ཤེས་ལྔ་སོགས་མེད་པར་ནི། །ཁ་ཅིག་འགྲེལ་པ་བྱེད་པར་འགྱུར། །རྟོག་གེའི་བསྟན་བཅོས་ང་རྒྱལ་གྱིས། །རྣལ་འབྱོར་སྤྱོད་ལ་བརྙས་པར་བྱེད། །སངས་རྒྱས་རྡོ་རྗེ་སེམས་དཔའ་ཉིད། །འབད་པའི་དབང་གིས་བཟུང་ནས་སོ། །བདག་ནི་རྡོ་རྗེ་འཛིན་པ་ཞེས། །མི་འགའ་ མི་ལ་སྨྲ་བར་འགྱུར། །ཚུལ་ཁྲིམས་སྡོམ་པ་འཛིན་པ་ཡི། །དགེ་སློང་རྣམས་ལ་ཕྱག་མི་བྱེད། །ས་ལ་རྡོ་རྗེ་འཛིན་རང་ཉིད། །གོས་དཀར་ཅན་བདག་ཕྱག་འོས་ཟེར། །བསྟེན་བྱེད་ཚོང་པ་དམངས་རིགས་དང༌། །གང་རྣམས་ཞིང་བའི་ལས་ལ་དགའ། །རྨོངས་པ་དམ་ཆོས་འཚོང་བྱེད་པ། །བླང་བྱ་མ་ཡིན་ལོངས་སྤྱོད་པ། །བདུད་ཀྱི་རིས་གཏོགས་དེ་རྣམས་ནི། །སློབ་མ་རྣམས་ཀྱི་བླ་མར་འགྱུར། །ཞེས་དང༌། ཟབ་ཅིང་རྒྱ་ཆེའི་ཆོས་རྣམས་ཀྱི། །སྐལ་བ་བྲལ་བའི་བདག་ཉིད་ལ། །ཕྱག་རྒྱ་དཀྱིལ་འཁོར་སྔགས་སོགས་ཀྱིས། །ཡིད་འོང་བདག་གིས་བསྟན་པ་ཡིན། །ཕྱག་རྒྱ་དཀྱིལ་འཁོར་སྔགས་སོགས་ཀྱིས། །སངས་རྒྱས་རྡོ་རྗེ་སེམས་དཔའ་ཉིད། །སྟོན་པར་བྱེད་པ་མ་འོངས་པའི། །སློབ་དཔོན་རྣམས་ནི་བདུད་ཀྱི་རིས། །ཞེས་དང༌། གང་ཞིག་འགྲེལ་པ་མེད་པར་ཉུང་རྒྱུད་ངེས་པར་བཏུས་ལ་གསང་ཚིག་སྟོན་བྱེད་པ། །དེ་ནི་ལོང་བ་ཆུ་ལ་སྦྲུལ་ཞུགས་ཡུན་རིང་ལོན་པའི་རྗེས་ལ་ལྟ་བ་བཞིན། །ཞེས་དང༌། བཅོམ་ལྡན་འདས་ཀྱིས་མཐའ་དྲུག་གིས་བསྐོར་འདུས་པ་ལ་སོགས་རྒྱུད་རྣམས་གང་གསུངས་པ། །བསྟན་བཅོས་མཁས་པའི་ང་རྒྱལ་གཅོད་བྱེད་དེ་ནི་རྟོག་གེས་རྟོགས་བྱ་ག་ལ་ཡིན། །ཞེས་དང༌། གསང་བདག་ཕྱག་ན་རྡོ་རྗེའི་ཞལ་སྔ་ནས་ཀྱང༌། དེ་ལྟར་བསྡུས་པའི་རྒྱུད་ཐམས་ཅད་དུ་གསུངས་པའི་དོན་ནི། གཙོ་བོར་རྩ་བའི་རྒྱུད་དམ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཛད་པའི་རྒྱས་འགྲེལ་གྱིས་མཐའ་དྲུག་གི་དོན་འདི་ཐམས་ཅད་ཡུལ་གཞན་ལྷོ་དང་བྱང་དུ་སོང་སྟེ་ཤེས་པར་བྱའོ། །གཞན་དུ་མཁས་པ་མངོན་པའི་ང་རྒྱལ་དང་ལྡན་པ་རྣམས་ཀྱིས་བྱས་པའི་ རྒྱས་འགྲེལ་གྱིས་གསང་བའི་དོན་རྟོགས་པར་མི་འགྱུར་རོ། །ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །ཞེས་སོ། །

རྒྱ་གར་གྱི་ཡུལ་དུ་སོ་སོ་སྐྱེ་བོའི་པཎྜི་ཏ་དང༌། རྡོ་རྗེ་སློབ་དཔོན་ལ་སོགས་པ་རྣམས་ཀྱིས་རང་བཟོ་དང༌། གཟུ་ལུམ་དང༌། བྱ་བ་མ་ཡིན་པ་བྱེད་པ་ལ་སོགས་པ་འབྱུང་བར་ལུང་བསྟན་པ་འདི་ལྟ་སྟེ། རྗེ་བཙུན་སྤྱན་རས་གཟིགས་དབང་ཕྱུག་གི་ཞལ་སྔ་ནས། འཕགས་པའི་ཡུལ་འདིར་མ་འོངས་པའི་དུས་ན། རྡོ་རྗེ་སློབ་དཔོན་རྫས་ལ་བརྐམ་པ་དག་འབྱུང་བར་འགྱུར་ཏེ། ཕྱུག་པོའི་རྫས་ཀྱིས་མངཽན་པར་ཁེངས་པ་རྣམས་ཀྱི་ཁྱིམ་དུ་སོང་ནས་རྫས་ཀྱི་དོན་དུ་ཆོས་འཚོང་བ་བྱེད་པར་འགྱུར་བ་དང༌། རྫས་ལ་ཆགས་པས་སྐལ་བ་དང་མི་ལྡན་པ་རྣམས་ལ་འཇིག་རྟེན་ལས་འདས་པའི་དབང་སྟེར་བར་འགྱུར་བ་དང༌། དང་པོ་རྒྱལ་པོ་ལ་སོགས་པའི་མངག་གཞུག་པ་ཕྱི་ནས་བླ་མར་འགྱུར་བ་དང༌། རྫས་ཀྱི་དམན་པའི་མི་དགེ་བ་བཅུའི་ལས་ཀྱི་ལམ་ཡོངས་སུ་སྤངས་ཤིང༌། སེམས་ཅན་སྐལ་བ་དང་ལྡན་པར་གྱུར་པ་གཞན་རྣམས་ལ་འཇིག་རྟེན་ལས་འདས་པའི་དབང་མི་སྟེར་བར་འགྱུར་བ་དང༌། དེ་རྣམས་ལ་ཉོན་མོངས་པ་བསྐྱེད་པར་འགྱུར་བ་དང༌། རྫས་ཀྱི་དབང་གིས་གདུག་པའི་སེམས་ཅན་རྣམས་ལ་རྡོ་རྗེའི་ཚིག་རབ་ཏུ་གསལ་བར་བྱེད་པར་འགྱུར་བ་དང༌། གཞན་ཡང༌། རྡོ་རྗེའི་ཚིག་མི་ཤེས་པ་ཕན་ཚུན་རྩོད་པ་བྱེད་པར་འགྱུར་བ་དང༌། མཁས་པའི་མངོན་པར་ཁེངས་པས་རྒྱུད་ཀྱི་དོན་མི་ཤེས་པ་རྣམས་ཀྱང་རྒྱུད་ཀྱི་རྒྱས་འགྲེལ་བྱེད་པར་འགྱུར་བ་དང༌། བདུད་ཀྱི་རིས་རྣམས་སེམས་ཅན་རྣམས་ཀྱི་བླ་མར་གྱུར་ནས་རྡོ་རྗེའི་ཚིག་ཕྱིན་ཅི་ལོག་ཏུ་སྟོན་པར་འགྱུར་བ་དང༌། སངས་རྒྱས་ཀྱི་ཡེ་ཤེས་དབང་པོ་ གཉིས་ལས་སྐྱེས་པའི་བདེ་བར་བྱིས་པའི་བློ་ཅན་རྣམས་ལ་སྟོན་པར་འགྱུར་བ་དང༌། གསུམ་པ་ཤེས་རབ་ཡེ་ཤེས་དེ་ཉིད་བཞི་པ་སྟེ། དེ་ཡང་དེ་བཞིན་ནོ་ཞེས་པའི་སྒྲས་རྒྱུ་དང་འབྲས་བུ་དབྱེ་བ་མེད་པར་བཅོམ་ལྡན་འདས་ཀྱིས་གསུངས་སོ། །ཞེས་གསུམ་པའི་ཡེ་ཤེས་སངས་རྒྱས་ཀྱི་ཡེ་ཤེས་སུ་སྨྲ་བར་འགྱུར་བ་དང༌། འཕགས་པའི་ཡུལ་གང་དུ་མཁས་པའི་མངོན་པར་ཁེངས་པས་གླེགས་བམ་མཐོང་ནས་དབང་བསྐུར་མེད་པར་རྡོ་རྗེ་ཐེག་པ་སྟོན་པ་པོ་བྱེད་པར་འགྱུར་བ་དེའི་ཕྱིར། དེ་ལྟར་མ་འོངས་པའི་དུས་ཀྱི་གདུག་པའི་སློབ་དཔོན་རྣམས་ཀྱི་འཇུག་པ་གཟིགས་ནས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་རྒྱུད་དང་རྒྱུད་གཞན་ཐམས་ཅད་དུ། བཞི་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གསལ་པོར་མ་མཛད་དེ། ཞེས་གསུངས་སོ། །

སངས་རྒྱས་ཀྱི་ལུང་བསྟན་པ་གསང་བདག་ཕྱག་ན་རྡོ་རྗེས་བདེ་མཆོག་སྟོད་འགྲེལ་དུ་བཀོད་པ་ཡང༌། འདི་ལྟ་སྟེ། བཅོམ་ལྡན་འདས་ཀྱིས་གསུངས་པ་འདིར་སྙིགས་མ་ལྔའི་དུས་སུ་འཛམ་བུའི་གླིང་པའི་མི་རྣམས་དང༌། ཁྱད་པར་དུ་འཕགས་པའི་ཡུལ་དུ་ཚེ་ཐུང་ཞིང་ཤེས་རབ་དམན་པ་འབྱུང་བར་འགྱུར་རོ། །རྡོ་རྗེ་སློབ་དཔོན་གང་ཡིན་པ་དེ་རྣམས་རྩ་བའི་ལྟུང་བ་ལ་འཇུག་པ་འབྱུང་བར་འགྱུར་རོ། །དགེ་སློང་རྣམས་མི་དགེ་བ་བཅུ་བྱེད་པ་འབྱུང་བར་འགྱུར་རོ། །ཁྱིམ་ན་གནས་པ་དཀོན་མཆོག་གསུམ་གྱི་རྫས་ཉེ་བར་ལོངས་སྤྱོད་པ་འབྱུང་བར་འགྱུར་རོ། །མཁས་པ་རྣམས་མ་ཐོས་པའི་རྒྱུད་འཆད་པ་འབྱུང་བར་འགྱུར་རོ། །མཁས་པའི་མངོན་པའི་ང་རྒྱལ་གྱིས་རྒྱུད་ལ་དཀའ་འགྲེལ་དང་རྒྱས་འགྲེལ་བྱེད་པ་འབྱུང་བར་འགྱུར་རོ། །རྒྱུད་ཀྱི་དོན་ཕྱིན་ཅི་ལོག་ཏུ་བསྟན་ནས་དམྱལ་བར་འགྲོ་བ་འབྱུང་བར་འགྱུར་རོ། །གང་ཞིག་སངས་རྒྱས་ལ་རྨོངས་པ་དེ་རྣམས་བླུན་པོའི་དད་པ་ཉིད་ཀྱིས་ཁྱིམ་ན་གནས་པའི་སློབ་དཔོན་རྣམས་ལ་བསྙེན་བཀུར་བྱེད་པར་འགྱུར་རོ། །ཐམས་ཅད་མཁྱེན་པའི་རྒྱལ་མཚན་འཛིན་པ་རྣམས་སུན་འབྱིན་པ་འབྱུང་བར་འགྱུར་རོ། །སློབ་མ་གང་ཡིན་པ་དེ་རྣམས་བླ་མ་དམ་པའི་སྐྱོན་ཚོལ་བ་འབྱུང་བར་འགྱུར་རོ། །བླ་མ་དམ་པ་མ་ཡིན་པ་བཟའ་བ་དང་གཉིས་སུ་མེད་པ་རྣམས་ལ་བསྟོད་པ་དང་མཆོད་པ་བྱེད་པར་འགྱུར་རོ། །སངས་རྒྱས་ཀྱི་གསུངས་ལས་བླ་མ་མཉེས་པར་བྱ་བར་གསུངས་པ་མི་བྱེད་པར་འགྱུར་རོ། །ཆོས་སྟོན་པ་པོ་རྣམས་མི་དགེ་བ་བཅུ་ལ་རབ་ཏུ་འཇུག་པ་འབྱུང་བར་འགྱུར་རོ། །སྒྲུབ་པ་པོ་རྣམས་ཕྱི་རོལ་གྱི་བཟའ་བ་དང་བཏུང་བ་ལོངས་སྤྱོད་པ་ཆགས་པ་འབྱུང་བར་འགྱུར་རོ། །བུད་མེད་ཀྱི་འགྲོ་བ་རྣམས་འདོད་པ་ལ་ཤིན་ཏུ་བརྐམ་པ་འབྱུང་བར་འགྱུར་རོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་རྩ་བའི་རྒྱུད་ཐམས་ཅད་ལས་བསྡུས་པའི་རྒྱུད་བསྟན་ཏོ། །དེ་ཡང་རྡོ་རྗེའི་ཚིག་མང་བ་ཉིད་ཀྱི་ཕྱིར་ཐར་པ་དོན་དུ་གཉེར་བའི་མཁས་པ་ཉིད་ཀྱི་བླ་མ་དམ་པས་ཉེ་བར་བསྟན་པ་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཛད་པའི་རྒྱས་འགྲེལ་དང༌། རྒྱུད་ནི་རྒྱུད་གཞན་དུ་གསུངས་པས་ཤེས་པར་བྱའོ། །ཞེས་པའོ། །ཞེས་གསུངས་སོ། །དེའི་ཕྱིར། པཎྜི་ཏ་ཡིན་ཚད་དང༌། རྒྱས་འགྲེལ་ཡིན་ཚད་དང༌། རྒྱ་དཔེ་ན་ཡོད་ཚད་ལ་ཚང་མར་བྱེད་ཅིང་དཔང་དུ་བྱེད་པ་རྣམས། སངས་རྒྱས་བྱང་ཆུབ་སེམས་དཔའི་གསུངས་འདི་རྣམས་དང་འགྲིག་གམ་གཟིགས་པར་ཞུ།

དེས་ན་སྐྱོན་དང་ཡོན་ཏན་ལེགས་པར་བརྟགས་ནས་ཡོན་ཏན་ལ་གུས་ཤིང་སྐྱོན་བསལ་དགོས་ཀྱི། བླུན་པོའི་དད་པ་ལྷག་པོ་ཤིན་ཏུ་གོལ་བའི་རྒྱུ་ཡིན་ཏེ། དེ་སྐད་དུ། དྲི་མེད་འོད་ལས། མཁས་རྣམས་ཡོན་ཏན་ལ་གུས་ཏེ། །སངས་རྒྱས་དབང་ཕྱུག་སོགས་ལ་མིན། །ཡོན་ཏན་མེད་ལ་གུས་པ་གང༌། །དེ་བླུན་མི་དགེའི་ལས་ལས་སྐྱེས། །ཞེས་སོ། །དེ་ནས་བླ་མ་ཡང་ལེགས་པར་བརྟགས་ཤིང་སྔར་འབྲེལ་བ་ཡོད་རུང་མེད་རུང་དད་པ་ལྷག་པོ་མི་བྱ་སྟེ། ཇི་སྐད་དུ། རྗེ་བཙུན་སྤྱན་རས་གཟིགས་དབང་ཕྱུག་གི་ཞལ་སྔ་ནས། སངས་རྒྱས་ཉིད་ཀྱི་སླད་དུ་བླ་མ་ཡང་ཡོངས་སུ་བརྟགས་ནས་མི་བསྟེན་ཏེ་རྨོངས་པ་ཆེན་པོ་ཆགས་པས་ཟིལ་གྱིས་མནན་པར་གྱུར་པ། ཞེས་དང༌། དེ་ལྟར་གདུག་པའི་སློབ་དཔོན་གྱི་ཚིག་ཚད་མར་བྱས་ནས་མི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་བྱེད་དོ། །ཞེས་སོ། །

བཤང་གཅི་ལ་སོགས་པའི་མི་གཙང་བ་རྣམས་དང༌། ཀུན་གཞི་རྣམ་ཤེས་ལ་སོགས་དང་ཉོན་མོངས་དང་མི་དགེ་བ་རྣམས་ཀྱང་རང་བཞིན་གྱིས་རྣམ་པར་དག་པ་ཡིན་པར་སྨྲ་བ་ལ་ཡང༌། འཇིག་རྟེན་དབང་ཕྱུག་གིས་བཀའ་བཀྱོན་མཛད་པ་འདི་ལྟ་སྟེ། འདིར་གལ་ཏེ་གདུག་པ་ཆེན་པོ་ཕ་རོལ་བསླུ་བར་བྱེད་པ་ཐམས་ཅད་མཁྱེན་པའི་བསྟན་པ་ལ་ཅོ་འདྲི་བ་དམ་ཚིག་ཆེན་པོ་འདྲལ་བར་བྱེད་པ་མནར་མེད་པའི་དམྱལ་བར་འགྲོ་བ་མ་དག་པའི་སེམས་དང་ལྡན་པ་རྣམས་ཀྱི་སེམས་རྣམ་པར་དག་པ་ཡིན་ན་དེའི་ཚེ་དེ་རྣམས་རྣལ་འབྱོར་པའི་བྱ་བ་ཅིའི་ཕྱིར་མི་བྱེད། ཅེས་གསུངས་སོ། །དེ་བཞིན་གཤེགས་པའི་སྙིང་པོ་ལ་སྡང་ཞིང་འཕགས་པའི་གང་ཟག་དང་ཆོས་ ལ་སྐྱོན་བརྗོད་པ་རྣམས་ཀྱི་སྤྱོད་པ་དང་འགྲོ་ས། བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་གིས་ལུང་བསྟན་པ་འདི་ལྟ་སྟེ། གདུག་པའི་སློབ་དཔོན་དེ་བཞིན་གཤེགས་པའི་སྙིང་པོ་ལས་ཕྱི་རོལ་ཏུ་གྱུར་པ་ཡུལ་ལ་དབང་པོ་ཉེ་བར་ལོངས་སྤྱོད་པ་ལ་ཆགས་ཤིང་བརྫུན་དུ་སྨྲ་བ་རྣམས་མ་མཐོང་བའི་སྐྱོན་བཟུང་བ་ལས་མནར་མེད་པར་འགྲོ་བར་འགྱུར་རོ། །ཞེས་གསུངས་སོ། །

བཀའ་བར་པའི་མཐར་ཐུག་གི་དགོངས་པ་ཟབ་མོ་ཅིར་ཡང་མ་གྲུབ་ཙམ་གྱི་མེད་དགག་ཏུ་སྟོན་པའི་པཎྜི་ཏ་ལ་སོགས་པའི་བླ་མ་རྣམས་འབྱུང་བར། བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་གིས་ལུང་བསྟན་པ་འདི་ལྟ་སྟེ། བླ་མ་དམ་པའི་མན་ངག་དང་བྲལ་ཞིང་ཆད་པ་ཆེན་པོར་ལྷུང་བར་འགྱུར་བའི་གདུག་པའི་བླ་མ་རྣམས་ཀྱིས་བྱིས་པའི་བློ་ཅན་ཟབ་ཅིང་རྒྱ་ཆེ་བའི་ཆོས་ཡོངས་སུ་བརྟག་པ་མི་བྱེད་པ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པར་འགྱུར། ཞེས་དང༌། དེ་ལྟར་རབ་ཏུ་མི་མཁས་པ་བསམ་པ་མེད་པ་ཡེ་ཤེས་སུ་འདོད་པ་ཆགས་པ་ཆེན་པོར་ལྷུང་བ་འགའ་ཞིག་སྨྲ་བར་འགྱུར་ཏེ། ཞེས་གསུངས་སོ། །དེས་ན་རྟག་ཆད་གཉིས་ལས་གྲོལ་བའི་གནས་ལུགས་དེ་ཁོ་ན་ཉིད་ནི་དོན་དམ་པའི་ཡེ་ཤེས་ཆོས་ཉིད་དེ་བཞིན་ཉིད་ཡིན་ཞིང་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མཚན་ཡང་དག་པར་བརྗོད་པས་བསྟན་པ་ཇི་སྙེད་པ་སྟེ། དེ་མ་ཤེས་ན་ཐེག་པ་ཐམས་ཅད་ཀྱི་ངེས་དོན་མཐར་ཐུག་དང་སྔགས་ཀྱི་ཐེག་པ་མི་ཤེས་སོ། །ཇི་སྐད་དུ། བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་གི་ཞལ་སྔ་ནས། གང་གིས་མཆོག་གི་དང་པོའི་སངས་རྒྱས་མི་ཤེས་པ་དེས། མཚན་ཡང་དག་པར་བརྗོད་པ་མི་ཤེས་སོ། །གང་གིས་མཚན་ཡང་དག་པར་བརྗོད་པ་མི་ཤེས་པ་དེས་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མི་ཤེས་སོ། །གང་གིས་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མི་ཤེས་པ་དེས་སྔགས་ཀྱི་ཐེག་པ་མི་ཤེས་སོ། །གང་གིས་སྔགས་ཀྱི་ཐེག་པ་མི་ཤེས་པ་དེ་ཐམས་ཅད་ནི་འཁོར་བ་པ་སྟེ། བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི་ལམ་དང་བྲལ་བའོ། །ཞེས་སོ། །དེས་ན་མཚན་ཡང་དག་པར་བརྗོད་པའི་དོན་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མ་ཤེས་ན་ཐེག་པ་ཐམས་ཅད་ཀྱི་ངེས་པའི་དོན་གྱི་སྙིང་པོ་མི་ཤེས་ལ། དེ་མ་ཤེས་ན་སློབ་དཔོན་དང་སློབ་མ་གཉིས་ཀ་སངས་རྒྱས་ཀྱི་ལམ་ལ་ཉམས་པར་འགྱུར་བས། མཁས་པར་རློམ་ཡང་དེ་ལྟར་བས་ཤིང༌། མདོ་སྔགས་བསྲེས་པའི་བཤད་པ་ཡང་མི་ཤེས་སོ། །བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་གི་ཞལ་སྔ་ནས། ཉན་ཐོས་དང་ཕ་རོལ་ཏུ་ཕྱིན་པ་དང་སྔགས་ཀྱི་ཚུལ་འདི་རྣམས་ཀྱི་མཆོག་ཏུ་མི་འགྱུར་བའི་སྙིང་པོ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ནི་མཚན་ཡང་དག་པར་བརྗོད་པ་ལས་དེ་བཞིན་གཤེགས་པས་བསྟན་ཏོ། །

འདིའི་དོན་མི་ཤེས་པ་བླ་མ་དམ་པ་མ་ཡིན་པ་ཉམས་པ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ཉམས་པ་རྣམས་མ་འོངས་པའི་དུས་སུ་འབྱུང་བར་འགྱུར་ཏེ། རྣམ་པར་ཉམས་པ་དེ་རྣམས་ཀྱིས་སེམས་ཅན་རྣམས་ཉམས་པར་བྱེད་དོ། །ཞེས་གསུངས་སོ། །མཚན་ཡང་དག་པར་བརྗོད་པའི་དོན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་དོན་དམ་རྟག་པ་ཆོས་ཀྱི་དབྱིངས་འདི་ཤེས་ན་ཐེག་པ་ཐམས་ཅད་ཀྱི་མཐར་ཐུག་ངེས་པའི་དོན་གཅིག་ཏུ་ཤེས་པ་དེའི་ཕྱིར། དོན་གཅིག་ན་ཡང་མ་རྨོངས་དང༌། །ཐབས་མང་དཀའ་བ་མེད་པ་དང༌། །དབང་པོ་རྣོན་པོའི་དབང་བྱས་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་པའི་ཚིགས་སུ་བཅད་པའི་དོན་ཡང་ལེགས་པར་བཤད་པ་ཡིན་ནོ། །ཆོས་བཞིས་ཁྱད་པར་དུ་བྱས་པ་ནི། དོན་གསལ་བར་སྟོན་པས་མ་རྨོངས་པ་དང༌། བྱེད་པ་བཅིངས་པའི་སྦྱོར་བ་སོགས་ཐབས་མང་བ་དང༌། མཚམས་མེད་པ་བྱས་པ་ཡང་ཚེ་འདི་ཉིད་ལ་འདོད་པའི་དོན་གྲུབ་པས་བསྐལ་པ་གྲངས་མེད་པ་གསུམ་ལ་སོགས་པའི་དཀའ་བ་མེད་པ་དང༌། སྐལ་བ་དང་ལྡན་པའི་གང་ཟག་དབང་པོ་རྣོན་པོ་སྟེ། ཆོས་བཞི་པོ་དེ་རྣམས་ཀྱི་དབང་དུ་བྱས་པས་སྔགས་ཀྱི་ཐེག་པ་ཁྱད་པར་དུ་གྱུར་ཏོ། །གནས་ལུགས་དེ་ཁོ་ན་ཉིད་ཀྱི་དོན་ནི་གཅིག་ཡིན་པའི་ཕྱིར། དེའི་སྒོ་ནས་ནི་ཁྱད་པར་དུ་བྱར་མེད་དོ། །ཞེས་པ་འདི་ཡིན་ནོ། །དེའི་ཕྱིར་མཚན་ཡང་དག་པར་བརྗོད་པའི་རྒྱུད་ཀྱི་ཚིགས་སུ་བཅད་པ་བརྒྱ་དྲུག་ཅུ་རྩ་གཉིས་པོ་འདིས་ནི། ཐེག་པ་ཐམས་ཅད་ཀྱི་ངཻས་པའི་དོན་བདེ་གཤེགས་སྙིང་པོ་ནམ་མཁའ་ལྟར་དངོས་པོ་ཀུན་ལ་ཁྱབ་པའི་ཡེ་ཤེས་ཆེན་པོ་ཆོས་ཀྱི་དབྱིངས་དམ་པ་ཟད་མི་ཤེས་པའི་དཀྱིལ་འཁོར་ཆེན་པོ་ཡངས་པ་ཆེ་བ་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་ཡེ་ཤེས་ཀྱི་སྐུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་གཉིས་སུ་མེད་པའི་ཡེ་ཤེས་ཀུན་རྫོབ་ཐམས་ཅད་ཀྱི་གཞི་དང་རྟེན་དང་གནས་སུ་གྱུར་པ་ཆོས་ཉིད་དེ་བཞིན་ཉིད་དོན་དམ་པའི་ཆོས་ཁོ་ན་གསུངས་པ་ཡིན་གྱི། བསྐྱེད་རིམ་ལ་སོགས་པ་ཀུན་རྫོབ་ཀྱི་ཆོས་ནི་རྡུལ་ཙམ་ཡང་མ་འདྲེས་སོ། །བཅོམ་ལྡན་འདས་འཇིག་རྟེན་མགོན་པོའི་ཞལ་སྔ་ནས། ཚིགས་སུ་བཅད་པ་བརྒྱ་དྲུག་ཅུ་རྩ་གཉིས་པོ་འདི་རྣམས་ཀྱིས་ཐེག་པ་ཐམས་ཅད་ལས་ཕྱུང་ནས། བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི་སྙིང་པོ་ཀུན་ཏུ་བཟང་པོ་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་ནམ་མཁའི་ཁམས་ཀྱི་མཐར་ཐུག་པ་ཀུན་ནས་སྣང་བར་བྱེད་པ། རྣམ་པར་དག་པའི་ཡེ་ཤེས་ཀྱི་ཚོགས་བསགས་པ་ཟབ་ཅིང་རྒྱ་ཆེ་བའི་གཟུགས་འཆང་བ། རང་བཞིན་གྱི་འོད་གསལ་བ་ཐོག་མ་དང་ཐ་མ་མེད་པ་བདག་དང་བདག་གི་བའི་བཟུང་བ་དང་འཛིན་པ་ལ་སོགས་པའི་རྣམ་པར་རྟོག་པའི་དྲི་མ་དང་བྲལ་བ་དུས་ཐམས་ཅད་པ་ཀུན་ནས་ཉོན་མོངས་པ་མེད་པ། ཆོས་ཐམས་ཅད་ཀྱི་རང་བཞིན་མཁྱེན་པ་འཁོར་བའི་བག་ཆགས་ལས་རྣམ་པར་གྲོལ་བ་འགྲོ་བ་དང་འོང་བ་དང་བྲལ་བ་སྤྲཽས་པ་མེད་པའི་ངོ་བོ་རང་གི་ངང་གིས་འཇུག་ཅིང་འཕེལ་བའི་ཏིང་ངེ་འཛིན་དང༌། གཟུངས་སྣ་ཚོགས་པ་རྣམས་ཀྱི་རྟེན། བུམ་པ་བཟང་པོ་དང་དཔག་བསམ་གྱི་ཤིང་དང་ཡིད་བཞིན་གྱི་ནོར་བུ་བཞིན་དུ། སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པ། ཐུབ་པ་ཆེན་པོ་རྣམས་ཀྱི་ཡང་སྤྱོད་ཡུལ་མ་ཡིན་པ། སེམས་ཅན་གྱི་ཕུང་པོ་ཆེན་པོ་མཆོག་ཏུ་ཞི་བར་མཛད་པ། སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུ་གཟུགས་བརྙན་ལྟ་བུ་སྒྲ་བརྙན་ལྟ་བུ་སྟེ། སྲིད་པ་གསུམ་གྱིས་མཆོད་པར་བྱ་བ་རྣལ་འབྱོར་པའི་ཡེ་ཤེས་རང་རིག་པ་མཆོག་ཏུ་མི་འགྱུར་བའི་བདེ་བ་འདི་ཉིད་ནི་རྣལ་འབྱོར་པས་དོར་བར་མི་བྱའོ། །ཞེས་པ་དེ་བཞིན་གཤེགས་པའི་ངེས་པའོ། །ཞེས་གསུངས་སོ། །དབང་བཞི་པའི་དོན་ཡང་དེ་ཉིད་ཡིན་ཏེ། དེ་མ་རྟོགས་ན་དབང་ཐམས་ཅད་དོན་མེད་དོ། །བཅོམ་ལྡན་འདས་འཇིག་རྟེན་མགོན་པོའི་ཞལ་སྔ་ནས། དབང་བཞི་པ་མ་རྟོགས་ན་དབང་ཐམས་ཅད་དོན་མེད་པར་འགྱུར་རོ། །ཞེས་གསུངས་སོ། །དེས་ན་དབང་བཞི་པའི་དོན་མི་ཤེས་པའི་པཎྜི་ཏ་དང་བླ་མ་ལ་སོགས་པ་ལ་ཡིད་རྟོན་པ་ནི་བླུན་པོའི་དད་པ་ལྷག་པོ་ཡིན་པའི་ཕྱིར་དོར་བར་བྱའོ། །གང་གི་ཕྱིར་དེ་རྣམས་ཀྱིས་རྟོག་གེའི་ལམ་ནས་ཆོས་ཉྀད་ལ་ཁྲིད་པའི་ཕྱིར་རོ། །ཇི་སྐད་དུ། འཕགས་པ་ཕྱོགས་ཀྱི་གླང་པོའི་ཞལ་སྔ་ནས། གང་གི་རྟོག་གེའི་ལམ་ནས་ཆོས་ཉིད་ལ་ཁྲིད་ན། །ཐུབ་པའི་བསྟན་ལས་ཆེས་རིང་ཉམས་པར་བྱས་པ་ཡིན། །ཞེས་གསུངས་སོ། །དེས་ན་རྣམ་ཤེས་ནི་ལམ་བདེན་གྱི་མི་མཐུན་ཕྱོགས་ཡིན་ནོ། །དེའི་ཕྱིར་སངས་རྒྱས་དང་ས་བཅུའི་དབང་ཕྱུག་རྣམས་དང་རྒྱན་དྲུག་མཆོག་བརྒྱད་ལ་སོགས་པ་གང་ཟག་ཁྱད་འཕགས་སུ་དེ་བཞིན་གཤེགས་པས་ལུང་བསྟན་པ་རྣམས་ནི་ཚད་མར་གྱུར་ཅིང་དཔང་དུ་གྱུར་པ་ཡིད་ཆེས་ཀྱི་གནས་སུ་རུང་གི །དེ་མན་ཆད་ཀྱི་པཎྜི་ཏ་ལ་སོགས་པ་ཕལ་བ་རྣམས་ནི་དེ་ལྟ་མ་ཡིན་ཏེ། དེ་རྣམས་ཀྱིས་ནི་རྟོག་དཔྱཽད་དང་བྲལ་བ་རྣམས་ངེས་པར་བསླུ་བའི་ཕྱིར་རོ། །གལ་ཏེ་པཎྜི་ཏ་ཆོས་ཀྱི་བཤེས་གཉེན་ལྟ་བུའི་མཁས་པ་རྣམས་ཀྱིས་བཀའ་བར་པ་དང་ཐ་མ་གཉིས་གོ་རིམ་དཀྲུག་པ་ལྟ་བུ་སངས་རྒྱས་ཀྱི་བཀའ་ཡང་བཅོས་ཐབས་དང༌། ཞུ་ཏུག་དང་དག་དར་དུ་མ་བྱས་ཤིང༌། དེ་བཞིན་གཤེགས་པ་ལ་ཡང་སྐྱོན་བཟུང་སྟེ། མི་འཐད་པའི་ཆ་དོར་ཞིང་ལེགས་པའི་ཆ་གང་ཡིན་པ་དེ་ཐར་པ་དོན་དུ་གཉེར་བ་རྣམས་ལ་འདོམས་པའི་ཕྱིར་སངས་རྒྱས་ལས་ཀྱང༌། མཁས་པ་དེ་རྣམས་ཚད་མར་རིགས་ཀྱི་སངས་རྒྱས་ལ་སོགས་པ་ས་བཅུ་པ་རྣམས་ནི་གཏིང་དཔག་དཀའ་བའི་ཕྱིར་དེ་ལྟ་མ་ཡིན་ནོ་ཞེ་ན། དེ་ཉིད་རིགས་པ་མ་ཡིན་ཏེ། གང་གི་ཕྱིར་འདུ་ཤེས་ཕྱིན་ཅི་ལོག་དང༌། སེམས་ཕྱིན་ཅི་ལོག་དང༌། ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་པ་དེའི་ཕྱིར་དེ་ཉིད་ནི་ཤིན་ཏུ་མི་རུང་ངོ༌། །ཇི་སྐད་དུ། བཅོམ་ལྡན་འདས་བྱམས་པ་མགོན་པོའི་ཞལ་སྔ་ནས། གང་ཞིག་རྒྱལ་ལས་ཆེས་མཁས་འགའ་ཡང་འཇིག་རྟེན་འདི་ན་ཡོད་མིན་ལ། །མ་ལུས་དེ་ཉིད་མཆོག་ནི་ཚུལ་བཞིན་ཀུན་མཁྱེན་གྱིས་མཁྱེན་གཞན་མིན་པ། །དེ་ཕྱིར་དྲང་སྲོང་རང་ཉིད་ཀྱིས་གཞག་མདོ་སྡེ་གང་ཡིན་དེ་མི་དཀྲུག །ཐུབ་ཚུལ་བཤིག་ཕྱིར་དེ་ནི་དམ་ཆོས་ལ་ཡང་གནོད་པ་བྱེད་པར་འགྱུར། །ཞེས་གསུངས་པའི་ཕྱིར། རྒྱལ་བ་མ་ཕམ་པ་འདི་ཡང་བརྫུན་གསུངས་པ་པོ་ཡིན་ནམ། མཁས་པ་རྣམས་ཀྱིས་དགོངས་པར་ཞུ།

དགོས་པ་མེད་པའི་ཕྱིར་དེ་ནི་མི་སྲིད་དེ། དཔལ་ཆོས་ཀྱི་གྲགས་པའི་ཞལ་སྔ་ནས། སྐྱོབ་པ་ཉིད་གཟུགས་ལམ་གསུང་བ། །འབྲས་མེད་ཕྱིར་ན་བརྫུན་མི་གསུང༌། །ཞེས་གསུངས་སོ། །རྒྱུ་དེས་ན་རང་གི་བློ་ཚོད་དང་བསྟུན་པའི་གཤག་རལ་བྱ་བར་རིགས་ཀྱི་ཐམས་ཅད་མཁྱེན་པ་ལ་ཡང་སྐྱོན་འཛིན་པ་ནི་ཧ་ཅང་ཐལ་ཏེ། འོག་མ་རྣམས་ཀྱིས་གོང་མ་རྣམས་ལ་མི་གནོད་ཅིང་གོང་མའི་བྱ་བ་ནི་འོག་མ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ། །ཇི་སྐད་དུ། བཅོམ་ལྡན་འདས་འཇིག་རྟེན་མགོན་པོའི་ཞལ་སྔ་ནས། ལས་དང་པོ་པས་རྣལ་འབྱོར་པའི་བྱ་བ་མི་བྱའོ། །རྣལ་འབྱོར་པས་གྲུབ་པའི་བྱ་བ་མི་བྱའོ། །གྲུབ་པས་ཐམས་ཅད་མཁྱེན་པའི་བྱ་བ་མི་བྱའོ། །ཞེས་གསུངས་སོ། །དེ་ལྟར་ན། རྣལ་འབྱོར་པ་ཡང་བློ་ཁྱད་ཀྱིས། །གོང་མ་གོང་མ་རྣམས་ཀྱིས་གནོད། །ཅེས་པའི་ལེགས་པར་བཤད་པ་དེའི་དོན་ཡང་གནས་སུ་ཕྱིན་པ་ཡིན་ནོ། །འདི་ཡང་རྫོགས་ལྡན་གྱི་ལུགས་ཏེ། གསུམ་ལྡན་མར་བཅད་ཀྱི་ལུགས་ལས་ཆེས་ཁྱད་པར་དུ་འཕགས་པའོ།། །།མངྒ་ལཾ། བྷ་ཝནྟུ།

སློབ་མ་རྣམས་ལ་སྤྲིང་བ་སྐུར་འདེབས་དང་སྒྲོ་འདོགས་སྤང་བ་བཞུགས་སོ། །

ཨོཾ་བདེ་ལེགས་སུ་གྱུར་ཅིག །ཡོད་པ་ལ་སྐུར་བ་མི་འདེབས་ཤིང༌། མེད་པ་ལ་སྒྲོ་མི་འདོགས་པར་ཇི་ལྟར་གནས་པ་བཞིན་དུ། རྟོགས་ནས་སྟོན་པར་མཛད་པ་གང་ཡིན་པ་ཐམས་ཅད་ལ་ཕྱག་འཚལ་མཆོད་ཅིང་བསྟོད་དེ། སྐྱབས་སུ་སོང་ནས།

རང་གི་སློབ་མ་རྣམས་ལ་སྤྲིང་བ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་ཤིང༌། གསལ་པོར་གསུངས་པའི་རང་འགྲེལ་ཁྱད་འཕགས་མང་པོའི་ཁུངས་ཆོད་པ་ལ་བརྟེན་ནས། ཁྱེད་རྣམས་ལ་ཤེས་རབ་བློ་འཕེལ་ཕུལ་པོ་ཆེ་ཟབ་མོ་ཁྱད་འཕགས་མང་པོ་བསྟན་རྒྱུ་བདོག་གོ །དེ་ལ་རྫོགས་ལྡན་གྱི་ཆོས་དང་གང་ཟག་སྐྱོན་མེད་ཡོན་ཏན་དཔག་ཡས་མངའ་བ་རྣམས་ཀྱི་རྗེས་ནས། གསུམ་ལྡན་མར་བཅད་ཀྱི་ཆོས་དང་གང་ཟག་རྣམས་ལ་རབ་ཏུ་གྲགས་པའི་ནང་ན། དོན་ལ་མི་བདེན་པའི་གྲགས་པ་མང་བར་གདའ་བས། དེ་རྣམས་ལ་ཡིད་བརྟན་དུ་མི་རུང་བར་གདའོ། །

དེ་ལ་རེ་ཞིག་བཀའ་འཁོར་ལོ་གསུམ་པ་སེམས་ཙམ་དུ་གྲགས་པ་འདིའང་མི་བདེན་པར་ལུང་རིགས་རྣམ་དག་གི་སྒོ་ནས་ལེགས་པར་ཐག་ཆོད་བདོག་གོ །ཐེག་ཆེན་མདོ་སྡེའི་རྒྱན་ལ་སོགས་པ་བྱམས་ཆོས་ཐམས་ཅད་དབུ་མ་ཆེན་པོའི་གཞུང་དུ་ཐག་ཆོད་ཅིང༌། སངས་རྒྱས་ཕལ་པོ་ཆེ་དང༌། མྱང་འདས་ཆེན་པོ་ལ་སོགས་པ་སེམས་ཙམ་གྱི་མདོར་གྲགས་པ་ཤིན་ཏུ་མང་པོ་ཡང་དབུ་མ་ཆེན་པོའི་མདོར་ཐག་ཆོད། འཕགས་པ་ཐོགས་མེད་སྐུ་མཆེད་དང༌། སློབ་དཔོན་ཕྱོགས་ཀྱི་གླང་པོ་ལ་སོགས་པ་སེམས་ཙམ་པའི་པཎྜི་ཏར་གྲགས་པ་མང་པོ་ཡང་དབུ་མ་པར་ཐག་ཆོད་ཅིང༌། དེ་རྣམས་ཀྱིས་ཡུམ་སེམས་ཙམ་དུ་བཀྲལ་ཞེས་གྲགས་པ་འདི་ཡང་དོན་ལ་མི་བདེན་པར་ཐག་ཆོད་དོ། །གལ་ཏེ་དེ་ལ་ཐེ་ཚོམ་ཟ་བ་གདའ་ན། ཡུམ་གསུམ་གྱི་གཞུང་འགྲེལ་གནོད་འཇོམས་ཞིབ་ཏུ་གཟིགས་པར་ཞུས་མཛོད། དེར་ཡང་རང་བཞིན་གསུམ་གྱི་ཆོས་སྐད་བྱུང་བས། སེམས་ཙམ་དུ་བཀྲལ་འདུག་སྙམ་པའི་ལོག་རྟོག་གདའ་ན། ཤེར་ཕྱིན་ལྔ་བརྒྱ་པ་དང༌། ཁྲི་བརྒྱད་པའི་ལེའུ་བརྒྱད་ཅུ་རྩ་གསུམ་པ་དང༌། ཉི་ཁྲི་ལྔ་སྟོང་པའི་ལེའུ་བདུན་ཅུ་རྩ་གཉིས་པ་རྣམས་ཞིབ་པ་རེ་གཟིགས་པར་ཞུ་མཛོད།

གཞན་ཡང༌། ངོ་བོ་ཉིད་གསུམ་སེམས་ཙམ་ཁོ་ནའི་ཆོས་སྐད་ཡིན་ཞེས་གྲགས་པ་འདི་ཡང་དོན་ལ་མི་བདེན་པར་གདའོ། །གལ་ཏེ་བདེན་སྙམ་པ་གདའ་ན། དེ་ལ་ཤེས་བྱེད་ཀྱི་ལུང་རིགས་རྣམ་དག་མཆིས་སམ། མཆིས་ན་བསྟན་དུ་གསོལ། ཞེས་ཞུས་པ་བསྟན་རྒྱུ་གདའ་ན་ཡི་གེར་ཡང་བྲིས་མཛོད།

སློབ་དཔོན་དབྱིག་གཉེན་སྐྱེ་བ་ལྔ་བརྒྱར་སེམས་ཙམ་པའི་པཎྜི་ཏར་འཁྲུངས་པས་སེམས་ཙམ་པ་ཞེ་ན། དབུ་མ་ལ་མ་སླེབ་ཅེས་ཡོངས་སུ་གྲགས་པ་འདི་ཡང་དོན་ལ་མི་བདེན་པར་གདའ་ཞིང༌། གལ་ཏེ་བདེན་སྙམ་པ་གདའ་ན། དེའི་ཤེས་བྱེད་དྲིས་ནས་ཡི་གེར་ཡང་བྲིས་མཛོད།

ཁོང་པ་ལ་རང་བས་ལྷག་པའི་སློབ་མ་བཞི་ཡོད་པ་ལས། ཕར་ཕྱིན་རང་བས་མཁས་པ་འཕགས་པ་རྣམ་གྲོལ་སྡེ་ཡིན་ཞེས་གྲགས་པ་འདི་ཡང་དོན་ལ་མི་བདེན་པར་གདའ་ཞིང༌། གལ་ཏེ་བདེན་སྙམ་པ་གདའ་ན། དེའི་ཤེས་བྱེད་རྣམ་དག་དྲིས་ནས་ཡི་གེར་ཡང་བྲིས་མཛོད།

ཉི་ཁྲི་ལེ་མང་དང་ལེ་བརྒྱད་མ་ལེའུ་མང་ཉུང་མ་གཏོགས་པ་གཅིག་རང་ཡིན་ཞེས་གྲགས་པ་འདི་ཡང་དོན་ལ་མི་བདེན་པར་གདའོ། །གལ་ཏེ་བདེན་སྙམ་པ་གདའ་ན། གཞུང་དེ་གཉིས་བསགས་ནས་ཞུ་དག་ཐེམས་པ་གཅིག་མཛད་པར་ཞུས་མཛོད་དང༌། དེ་ནས་གསལ་བར་འགྱུར་ལགས་ཀྱིས། གཞན་ཡང༌། ཉི་ཁྲི་ལེ་བརྒྱད་མ་བཀའ་ཡིན་ནམ་བསྟན་བཅོས་ཡིན། བསྟན་བཅོས་ཡིན་ན་མཛད་པ་པོ་སུ་ཡིན་མཁྱེན་ནམ་ཞུས་མཛོད། བྱང་ཆུབ་སེམས་དཔའི་བསླབ་པ་རབ་ཏུ་དབྱེ་བའི་ལེའུ་ཞེས་བྱ་བ་སངས་རྒྱས་ཀྱི་རང་འགྲེལ་ཁྱད་འཕགས་དེ་ལེའུ་མང་དུ་འོང་ལ། ལེའུ་བརྒྱད་མར་མི་འོང་བའི་རྒྱུ་མཚན་དང༌། བསེ་རུ་ལྟ་བུ་དེ་ལེ་བརྒྱད་མར་འོང་ལ། ལེ་མང་དུ་མི་འོང་བའི་རྒྱུ་མཚན་ཡང་ཞུས་མཛོད་དང༌། དེ་དག་ལ་སོགས་པ་ཞུས་དག་གྲུབ་ནས་མ་བདེ་བ་ཞུ་རྒྱུ་འགའ་རེ་ཡོང་བར་གདའ་བས། ཐད་ཀ་ཐད་ཀར་ཞུས་ནས་ལན་གསུང་རྒྱུ་གདའ་ན་ཡི་གེར་བྲིས་མཛོད།

ཡུམ་རྒྱས་འབྲིང་བསྡུས་གསུམ་ཡང་རྫོགས་ལྡན་གྱི་མཁས་པ་ཆེན་པོ་རྣམས་ཀྱིས་དོན་བདུན་ཅུ་ཚང་བའི་འབུམ་དང༌། ཉི་ཁྲི་ལྔ་སྟོང་པ་དང༌། ཁྲི་བརྒྱད་སྟོང་པ་རྣམས་ལ་གསུངས་ཀྱི། ཤེས་རབ་ཁྲི་པ་དང༌། བརྒྱད་སྟོང་པ་ལ་སོགས་པ་ཟབ་མོ་སྟོན་ཀྱང༌། དོན་བདུན་ཅུ་མ་ཚང་བ་རྣམས་དང༌། གོ་རིམ་མི་མཐུན་པ་རྣམས་ལ་མ་གསུངས་ཤིང༌། ཡོན་ཏན་རིན་ཆེན་སྡུད་པ་ནི། ཁྲི་བརྒྱད་སྟོང་པའི་ལེའུ་གཅིག་ཡིན་ པས། སྲས་ཡུམ་བཅུ་བདུན་གྱི་གཅིག་ཏུ་བགྲང་བར་མི་རིགས་པར་སྣང་སྟེ། རིགས་ན་ལེའུ་གཞན་རྣམས་ལ་ཡང་མཚུངས་པར་ཧ་ཅང་ཐལ་བས་གནོད་པའི་ཕྱིར་རོ། །

སློབ་དཔོན་སེང་གེ་བཟང་པོས། འགྲོ་དོན་རྩ་ལག་དབྱིག་གི་གཉེན། །རང་གི་མོས་པ་གཙོར་བྱེད་པས། །ཤེས་བྱ་ནང་གི་ཡིན་པ་ལ། །ཡང་དག་བརྟེན་ནས་རྣམ་པར་བཀྲོལ། །ཞེས་སོགས་གསུངས་པ་ལ་བརྟེན་ནས། སློབ་དཔོན་དབྱིག་གཉེན་སེམས་ཙམ་པ་དང༌། དེའི་གཞུང་འགྲེལ་ཡང་སེམས་ཙམ་གྱི་གཞུང་དུ་གྲགས་པ་འདི་ཡང་དོན་ལ་གཏན་ནས་མི་བདེན་པར་གདའ། གལ་ཏེ་བདེན་སྙམ་ན་འགྲེལ་མཆོག་ཁྱད་འཕགས་གནོད་འཇོམས་དང༌། སངས་རྒྱས་བཅོམ་ལྡན་འདས་རང་ཉིད་ཀྱིས་ལེགས་པར་བཀའ་སྩལ་པའི་རང་འགྲེལ་ཁྱད་འཕགས་མང་པོ་གདའ་བ་དེ་རྣམས་དང་མཐུན་མི་མཐུན་ཞིབ་ཏུ་གཟིགས་ཞུས་མཛོད།

འཕགས་པ་ཕྱོགས་ཀྱི་གླང་པོས་ཀྱང༌། ཤེར་ཕྱིན་སེམས་ཙམ་དུ་བཀྲལ་ཞེས་གྲགས་པ་འདི་ཡང་དོན་ལ་མི་བདེན་པར་གདའ་སྟེ། ཁོང་པ་སློབ་དཔོན་འཕགས་པ་ཐོགས་མེད་ལ་སོགས་པ་དང་བཅས་པ་རྫོགས་ལྡན་གྱི་མཁས་པ་རྣམས་ནི། སངས་རྒྱས་བཅོམ་ལྡན་འདས་ཀྱི་རང་འགྲེལ་དང་མཐུན་པར་འཆད་པའི་ཕྱིར་དང༌། སློབ་དཔོན་སེང་བཟང་ལ་སོགས་པ་གསུམ་ལྡན་མར་བཅད་ཀྱི་མཁས་པ་རྣམས་ནི། སངས་རྒྱས་ཀྱི་རང་འགྲེལ་རྣམས་དང་འགལ་བ་དང་མི་མཐུན་པ་མང་དུ་འཆད་པའི་ཕྱིར་རོ། །

འཕགས་པ་ཐོགས་མེད་ཀྱིས་སེམས་ཙམ་དུ་བཤད་པ་ནི། གཅུང་དབྱིག་གཉེན་དབུ་མ་ལ་ཁ་དྲང་བའི་ཕྱིར་དུ་བཤད་པ་ཡིན་ནོ། །ཞེས་གྲགས་པ་འདི་ཡང་མི་བདེན་པར་སྣང་སྟེ། ཐམས་ཅད་མཁྱེན་པ་གཉིས་པ་སློབ་དཔོན་དབྱིག་གཉེན་ནི་དབུ་མ་པ་ཆེན་པོ་ཡིན་པར་གྲུབ་པའི་ཕྱིར་རོ། །

འཕགས་པ་ཐོགས་མེད་ཞབས་ཀྱིས་ཡུམ་སེམས་ཙམ་དུ་བཤད་པ་ཡང་མེད་ཅིང་དབུ་མར་བཤད་ལ། སློབ་དཔོན་ཕྱོགས་ཀྱི་གླང་པོས་ཀྱང་ཡུམ་སེམས་ཙམ་དུ་བཤད་པ་མེད་ཀྱི། དབུ་མ་ཆེན་པོར་བཤད་གདའོ། །གལ་ཏེ་དེ་དག་གིས་སེམས་ཙམ་དུ་བཤད་ཟེར་ན། དེའི་ཤེས་བྱེད་ལུང་རིགས་རྣམ་དག་གིས་དྲིས་ནས་ཡི་གེར་ཡང་བྲིས་མཛོད།

སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུང་རབ་ཀྱི་དགོངས་པ་ངེས་པར་འགྲེལ་ པའི་མདོར། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་དང་པོར་ཡུལ་ཝཱ་རཱ་ཎ་སཱིར་དྲང་སྲོང་སྨྲ་བའི་རི་དྭགས་ཀྱི་གནས་སུ་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ལ། འཕགས་པའི་བདེན་པ་བཞི་རྣམ་པར་བསྟན་པས་ཆོས་ཀྱི་འཁོར་ལོ་ངོ་མཚར་རྨད་དུ་བྱུང་བ་སྔོན་ལྷའམ། མིར་གྱུར་པ་སུས་ཀྱང་ཆོས་དང་མཐུན་པར་འཇིག་རྟེན་དུ་མ་བསྐོར་བ་ཅིག་རབ་ཏུ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ནི། བླ་ན་མཆིས་པ། སྐབས་མཆིས་པ། དྲང་བའི་དོན། རྩོད་པའི་ཚིག་གི་གནས་སུ་གྱུར་པ་ལགས་ལ། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས་ཏེ། སྐྱེ་བ་མ་མཆིས་པ་དང༌། འགག་པ་མ་མཆིས་པ་དང༌། གཟོད་མ་ནས་ཞི་བ་དང༌། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ཏེ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ལ་སྟོང་པ་ཉིད་སྨོས་པའི་རྣམ་པས་ཆེས་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡང༌། བླ་ན་མཆིས་པ། སྐབས་མཆིས་པ། དྲང་བའི་དོན། རྩོད་པའི་ཚིག་གི་གནས་སུ་གྱུར་པ་ལགས་ཀྱི། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལ་བརྩམས། སྐྱེ་བ་མ་མཆིས་པ་ཉིད་དང༌། འགག་པ་མ་མཆིས་པ་ཉིད་དང༌། གཟོད་མ་ནས་ཞི་བ་ཉིད་དང༌། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ཏེ། ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་རྣམས་ལ། ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པ་ཤིན་ཏུ་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གསུམ་པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་འདི་ནི། བླ་ན་མ་མཆིས་པ། སྐབས་མ་མཆིས་པ། ངེས་པའི་དོན་ལགས་ཏེ། རྩོད་པའི་ཚིག་གི་གནས་སུ་གྱུར་པ་མ་ལགས་སོ། །ཞེས་སོགས་ཁྱད་འཕགས་མང་པོ་དང་བཅས་ཏེ་གསུངས་པ་ལ། སློབ་དཔོན་ཆོས་ཀྱི་བཤེས་གཉེན་ལ་སོགས་པ་རྣམས་ན་རེ། བཀའ་བར་པ་དབུ་མ་ཡིན་པ་ལ་དྲང་དོན་དང༌། བཀའ་ཐ་མ་སེམས་ཙམ་ཡིན་པ་ལ་ངེས་དོན་དུ་གསུངས་པ་འདི་ནི། གང་རིགས་པས་མི་གནོད་པ་དྲང་དོན་དང༌། གནོད་པ་ངཻས་དོན་དུ་བྱས་པ་ཡིན་པས་རྣམ་པར་འཁྲུགས་པའོ། །ཞེས་སངས་རྒྱས་བཅོམ་ལྡན་འདས་ལ་དགག་པ་བྱེད་པ་འདི་ཡིད་ཆེས་ཀྱི་དཔང་དུ་བྱེད་པ་རྣམས་ནི། རྣམ་པར་འཁྲུགས་པ་ལས་ཆེས་རྣམ་པར་འཁྲུགས་པ་སྟེ། སངས་རྒྱས་ལས་ལྷག་པ་སུ་ཡང་མི་སྲིད་པའི་ཕྱིར་དང༌། འཁོར་ལོ་ཐ་མ་སེམས་ཙམ་ཡིན་པར་གསུངས་པ་མེད་པའི་ཕྱིར་དང༌། བར་པ་དང༌། ཐ་མ་གཉིས་ཀ་ངོ་བོ་ཉིད་མེད་པ། མ་སྐྱེས་པ། མ་འགགས་པ། གཟོད་མ་ནས་ཞི་བ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་སྟོན་པར་མཚུངས་པའི་ཕྱིར་དང༌། དབུ་མ་དྲང་དོན་དང༌། སེམས་ཙམ་ངེས་དོན་ཡིན་པར་གསུངས་པ་མེད་པ་ལ། དེ་ལྟར་གསུངས་ཞེས་ཕྱིན་ཅི་ལོག་ཚབས་པོ་ཆེ་སྨྲ་བ་པོ་ཡིན་པའི་ཕྱིར་རོ། །

འཕགས་པ་མ་ཕམ་པའི་ཞལ་སྔ་ནས་ཀྱང༌། གང་ཞིག་རྒྱལ་ལས་ཆེས་མཁས་འགའ་ཡང་འཇིག་རྟེན་འདི་ན་ཡོད་མིན་ལ། །མ་ལུས་དེ་ཉིད་མཆོག་ནི་ཚུལ་བཞིན་ཀུན་མཁྱེན་གྱིས་མཁྱེན་གཞན་མིན་པ། །དེ་ཕྱིར་དྲང་སྲོང་རང་ཉིད་ཀྱིས་བཞག་ཆོས་ཚུལ་གང་ཡིན་དེ་མི་དཀྲུག །ཐུབ་ཚུལ་བཤིག་ཕྱིར་དེ་ནི་དམ་ཆོས་ལ་ཡང་གནོད་པ་བྱས་པར་བྱེད། །ཅེས་དང༌། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང༌། དོན་འདི་ལ་ནི་རྒྱལ་བ་ལས། །ལྷག་པའི་དཔང་པོ་གཞན་སུ་ཡོད། །ཅེས་སོགས་གསུངས་པས་གནོད་ཅིང༌། མདོ་རྒྱུད་རྣམ་དག་ཐམས་ཅད་དུ་གསུངས་པ་རྣམས་ལ། རང་སྟོང་གཞན་སྟོང་དུ་ཕྱེ་དགོས་པ་ཡིན་ལ། དེ་ལྟར་མི་བྱེད་པར་ཐམས་ཅད་རང་སྟོང་ཁོ་ན་ཡིན། ཞེས་པ་དང༌། གཞན་སྟོང་གིས་སྟོང་ཉིད་ཀྱི་གོ་མི་ཆོད་པས། སྟོང་ཉིད་གོ་ཆོད་པོ་རང་སྟོང་ཁོ་ན་ཡིན། ཞེས་པ་དང༌། དོན་དམ་པར་ཡོད་པ་དང༌། རྟག་པ་དང༌། བདག་དང༌། གཙང་བ་དང༌། བདེ་བར་གསུངས་པ་ཐམས་ཅད་དྲང་དོན་ཡིན། ཞེས་པ་དང༌། མེད་པ་དང༌། མི་རྟག་པ་དང༌། བདག་མེད་པ་དང༌། མི་གཙང་བ་དང༌། སྡུག་བསྔལ་བར་གསུངས་པ་ཐམས་ཅད་ངེས་དོན་ཡིན། ཞེས་འདོད་པ་དང༌། ཡོངས་གྲུབ་དགུའམ། བཅུ་གཉིས་དང༌། དོན་དམ་ཆོས་སྐུ། ངོ་བོ་ཉིད་སྐུ། རང་བཞིན་འོད་གསལ། རང་བཞིན་ལྷན་སྐྱེས། རང་བཞིན་བདེ་ཆེན། རང་བཞིན་གཉུག་མ། རང་བཞིན་མྱང་འདས། རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ལ་སོགས་པ་དང༌། དབྱེ་བསྡུ་མང་པོ་ཅན་གྱི་རང་བཞིན་གྱི་རིགས་དང༌། ཡོན་ཏན་མང་པོ་ཅན་གྱི་དོན་དམ་བདེ་གཤེགས་སྙིང་པོ་ལ་སོགས་པ་ཆོས་ཉིད་ལ་འདོད་ཀྱང༌། ཆོས་ཉིད་རང་སྟོང་ལ་འདོད་པ་ལ་སོགས་ལྟ་ལོག་ལྟ་ངན་གཟངས་གཟིངས་པ་མང་པོ་དཔག་ཏུ་མེད་པ་ཐམས་ཅད་ལ་ཡང༌། རྫོགས་ལྡན་གྱི་ལུང་རིགས་ཡང་དག་དཔང་དུ་བྱས་ན་གསལ་བར་འགྱུར་གྱི། གསུམ་ལྡན་མར་བཅད་ལྷད་ཅན་སྐྱོན་ཅན་གྱི་ལུང་རིགས་ནི་ཤེས་བྱེད་དུ་འདོད་པ་མང་ཡང༌། དོན་ལ་ཤེས་བྱེད་ཡང་དག་ཏུ་མི་རུང་བར་གདའ་བས། ནོར་བའི་རྗེས་སུ་མ་འབྲང་ཅིག །ཅེས་མ་ཕོད་པས་སྐད་ཐོངས་སོ། །མ་ཐོངས་མ་ཟེར་ཅིག །འདི་ནི་ལེའུ་དང་པོའོ།། །།

ཆོས་སྐུ་ལྷུན་གྲུབ་རྒྱལ་པོའི་འཇའ་ས་བཞུགས།

ཚེ་རིང་བདེ་གཤེགས་སྙིང་པོའི་ཤེ་མོང༌། གཙང་བདག་བདེ་དང་རྟག་པ་དམ་པའི་དཔལ་ལ་བརྟེན་ནས། ཆོས་སྐུ་མི་རྟོག་ཡེ་ཤེས་ལྷུན་གྲུབ་རྒྱལ་པོའི་ལུང༌། རྣམ་རྟོག་རྣམ་ཤེས་བག་ཆགས་དང་བཅས་པ་རྣམས་ལ་ཟློ་བ། ཁྱོད་འཁོར་འདས་གཉིས་ཀའི་བདག་པོ་ཡིན་པ་སྐད་དུ་བྱས་ནས། ང་རྣམ་རྟོག་ཀྱང་ཡིན་ལ། ཆོས་སྐུ་ཡང་ཡིན་ཟླས་འདུག་པས། དོན་དམ་པར་ན་ཁྱོད་རྣམ་རྟོག་བྱ་བ་གཏན་ནས་གྲུབ་མ་མྱོང་བ། རྨི་ལམ་དང་བྲག་ཆ་ལྟ་བུར་གཅིག་ཡིན་ཡང་རང་སྣང་འཁྲུལ་པའི་བློ་ངོར་འཁོར་བའི་བདག་པོ་ཙམ་ཞིག་ཡིན་ཏེ། མི་རྟོག་ཆོས་སྐུ་མྱ་ངན་ལས་འདས་པས་མྱ་ངན་འདས། ཞེས་སོགས་དོན་དང་མཐུན་པས། ཁྱོད་རྣམ་རྟོག་མ་ཡིན་པའི་མྱ་ངན་བྱ་བ་གཏན་ནས་མེད་ཅིང༌། ཁྱོད་ཀྱི་ཟུག་རྔུ་དང་བྲལ་ཞིང་ཁྱོད་ཀྱི་སྤྱོད་ཡུལ་ལས་འདས་པའི་ཆོས་སྐུ་དེ་ཉིད་ཁྱོད་མ་ཡིན་ཏེ། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཡིན་ཕྱིར་རོ། །ཞེས། མི་རྟོག་ཡེ་ཤེས་ཆོས་ཀྱི་སྐུ། །མ་བཅོས་ལྷུན་གྲུབ་འགྱུར་བ་མེད། །རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ། །རྣམ་པར་མི་རྟོག་དབྱིངས་མི་ཟད། །བྱས་པ་མ་ཚོར་བ་ཨི་ཡིན། དེ་ལ་ཁྱོད་འགའ་ཞིག་གི་རྣམ་རྟོག་རང་ངོ་ཤེས་ན་མི་རྟོག་ཆོས་སྐུ་ཡིན་ཟླས་འདུག་པ། འོ་ན་སྤྲིན་དང་ཁུག་རྣ་སོགས་འབྱུང་བཞིས་གོས་མ་མྱོང་བའི་ནམ་མཁའ་ལྟར། ཆོས་ཀྱི་དབྱིངས་བདེ་གཤེགས་སྙིང་པོ་དུས་གཏན་དུ་འཕེལ་འགྲིབ་འཕོ་འགྱུར་མེད་པའི་ཆོས་སྐུ་སྟེ། དུས་གསུམ་གྱི་རྣམ་པར་རྟོག་པས་མ་གོས་ཤིང༌། དུས་གསུམ་དུས་མེད་རྟོགས་པ་པོ། །བཞུགས་དགོས་པ་གང་ཡིན་ལེགས་པོར་གཏོམས། ཡང་གཏམ་ཅིག་ལ། ཁྱོད་རྣམ་རྟོག་གློ་བུར་དུ་རང་སེམས་ཀྱིས། བདག་འཛིན་གྱི་ཀོག་ས་ཆེན་པོར་བསྡད། མ་རིག་ཕུགས་སུ་བླ་མཆོད་དུ་བཞག །ཡུལ་དྲུག་གི་ཆུང་མའི་ཚོགས་དང༌། དུག་གསུམ་གྱི་བློན་ཆེན་རྣམས་སུ་བསྐོས། དུག་ལྔ་རགས་པའི་དམག་དཔོན་རྣམས་བཏང་ཞིང༌། འཁྲུལ་བའི་སྣང་བ་རྣམ་རྟོག་ཕྲ་རགས་གྲངས་མེད་པའི་དམག་དཔུང་ཟད་མེད་པར་བྱས་ནས། སྐྱེ་གནས་བཞི་དང་བར་དོ་གསུམ་གྱི་སྣང་བའི་རྒྱལ་ཁམས་ཆེན་པོ་མ་བདེར་བཅུག་ཅིང༌། རིགས་དྲུག་གི་སེམས་ཅན་ཐམས་ཅད་ཕ་མར་མ་གྱུར་པ་གང་ཡང་མེད་པ་ལ། ཤ་ཟླའི་འཁྲུག་པ་ཐོག་མཐའ་མེད་པར་བླངས། ཡོད་མ་མྱོང་བའི་ལྕགས་སྲེག་གི་ས་གཞི་ལ་སོགས་འཁྲུལ་བའི་སྣང་ཡུལ་སྣ་ཚོགས་སུ་བསྟན་ནས། དོན་དམ་པའི་གྲུབ་ཚུལ་དང༌། སྔར་རྒྱུས་ཆུང་བའི་བློ་དམན་གྱི་སེམས་ཅན་རྣམས་ལ་བདེན་པར་འཛིན་དུ་བཅུག་འདུག །ཁྱོད་སེམས་ལྡན་གྱི་ལུས་ཅན་རྣམས་ལ་ཡང༌། མདོ་རྒྱུད་བསྟན་ཆོས་འདི་ཙམ་ཅིག་ཡང་ཡང་བསྒྲགས་ཤིང༌། རྣམ་རྟོག་འདི་དག་གློ་བུར་བ་མེད་སྟོང་ཆད་སྟོང་འགག་སྟོང་བདེན་མེད་ཡིན་པར་བསྟན་པའི་ཆེད་དུ། མངོན་སུམ་དུ་ཡང་རྨི་ལམ་ཉམས་སུ་མྱོང་ཞིང་སད་དུ་བཅུག་པ་དང༌། གཞན་ཡང༌། རྨི་ལམ་སྒྱུ་མ་སྨིག་རྒྱུ་ཆུ་ཟླ་དང༌། དྲི་ཟའི་གྲོང་ཁྱེར་བྲག་ཆ་མིག་ཡོར་དང༌། གཟུགས་བརྙན་སྤྲུལ་པ་ལ་སོགས་པ། མི་བདེན་པ་དེ་འདི་ཙམ་ཅིག་བསྟན་ཅིང༌། སྒྱུ་མ་ཟིལ་བ་ཆུ་བུར་དང༌། རྨི་ལམ་གློག་དང་སྤྲིན་ལྟ་བུར། རྣམ་རྟོག་གློ་བུར་འདུས་བྱས་ཆོས་རྣམས་དེ་ལྟར་ལྟོས། བཟླས་ཀྱང་མི་གོ་བར་འདུག་པ་ལུགས་དང་གར་མཐུན་ཡིན་ན་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་ཐོག་ཏུ་ཤེས་བྱ་ཡང་དག་པར་རབ་ཏུ་འབྱེད་ཅིང༌། ཆོས་ཐམས་ཅད་སོ་སོར་རྟོགས་པའི་ཤེས་རབ་བསྐོས་པ་ཡིན་པས། མཁའ་ཁྱབ་འགྱུར་མེད་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་སྡེ་དཔུང་བཟློག་ཏུ་མེད་པ། ཚད་མེད་པ་བཞི་དང་ཐབས་ཤེས་ཀྱི་དམག་དཔོན་ཆེན་པོ་རྣམས་བཏང་ཞིང༌། ནུས་ལྡན་གྱི་དགེ་བ་ཕྲ་རགས་གྲངས་མེད་པའི་དམག་ཚོགས་ཕ་རོལ་ཏུ་ཕྱིན་པ་དྲུག་དང༌། དགེ་བཅུ་བསྡུ་བ་བཞིའི་གོ་ཆ་འཐུག་ཅིང་སྲ་བ་རྣམས་ཐོགས་ནས། ཁྱོད་རྣམ་རྟོག་སྡེ་དཔུང་དང་བཅས་པའི་སྟེང་དུ་བཏང་བ་ཡིན་པས། གཉུག་མ་དང་གློ་བུར་བ་གང་ཡིན་པའི་རྩད་ལེགས་པོར་ཆོད་ཅིང༌། མ་འདྲེས་པར་ལེགས་པོར་སོ་སོར་རྩད་ཆོད་ལ། མ་རིག་པ་ཡུལ་ནས་ཕུད། རང་སེམས་ཀྱིས་བཟུང་བའི་གོག་ས་དེ་དག་རྩ་བ་ནས་ཡོད་མ་མྱོང་བའི་མཐའ་བརྒྱད་ཀྱི་ཕྲལ་གྱི་གན་ལ་རྒྱོབ་ཅིང༌། སྣང་མེད་ཀྱི་རྒྱལ་ཁམས་ཆེན་པོ་བདེ་ཆུག །བཏང་བའི་དམག་གི་སྙེམ་བྲལ་གྱི་རྟིང་ཚུག་ཅིང༌། སྐྱོན་ཐུབ་ཀྱི་ཤེས་རབ་དྲན་ཤེས་ཀྱི་དབང་དང་བཅས་པ་མངོན་སུམ་དུ་འབྲལ་མེད་དུ་གྱིས་ལ། ལས་སུ་མ་རུང་བ་སྣང་མེད་ཀྱི་སྟོང་ཉིད་སྣ་ཚོགས་ལྷག་མཐོང་ཡིན་ཟེར་བའི་ངོ་ལྟ་མ་ལེན། སྔར་ཆོས་ཉིད་རྟོགས་པར་མ་ནུས་ཀྱང་མ་རིག་པ་རྣམ་རྟོག་རང་སར་དག་ཅིང་འགག་སྟེ་ཡལ་བའི་སྟོང་ཉམས་ལ། ཆད་སྟོང་མེད་སྟོང་དུ་ངོ་མ་ཤེས་ནས། རྣམ་རྟོག་དེ་སྟོང་པར་ཤེས་པས་འོད་གསལ་དུ་གནས་གྱུར་ཅིང༌། མི་རྟོག་ཡེ་ཤེས་ཆོས་ཀྱི་སྐུ་ཡིན་པ་སྐད་ཀྱི་ངན་ལང་ཡང་ཡང་བྱས་པར་འདུག །དེ་ཡིན་ན་བཅོམ་ལྡན་རྣམས་ཀྱི་བཅོམ་རྒྱུ་དང༌། དགྲ་བཅོམ་རྣམས་ཀྱི་དགྲ་དང་ནི། སངས་རྒྱས་རྣམས་ཀྱི་སངས་རྒྱུ་དང༌། བྱང་ཆུབ་རྣམས་ཀྱི་བྱང་རྒྱུ་དེ། ཁྱོད་འཁྲུལ་སྣང་རྣམ་རྟོག་མ་ཡིན་པའི་གཞན་ཅི་ཡང་མེད་པས། རྣམ་རྟོག་རང་སར་ཡལ་བའི་ཆད་པས་ཆོད་ཅིང༌། རྣམ་རྟོག་ཕྲ་བའི་ཕྲ་བ་བརྟགས་དཀའ་བ་ཡོད་པ་རྣམས་ཀྱང༌། དག་ཆུག་ལ་བག་ཆགས་ངན་པའི་ས་བོན་ལྡང་རྒྱུ་མེད་པར་གྱིས་ཤིག །ཕྲ་ཞིང་ཟག་མེད་ས་བོན་བྲལ་བའི་ཐོག་ཏུ་ཞོག །རྣམ་རྟོག་འཁྲུལ་སྣང་དེ་རྣམས་དང་བྲལ་བའི་མི་རྟོག་ཡེ་ཤེས་འོད་གསལ་ཡིན་ངེས་ཀྱི་བརྡ་སྒོས་ཡིད་ཆེས་གསུམ་ལྡན་གྱི་ཐག་ཆོད་མ་བྱུང་གི་བར། ཆོས་ཅན་གློ་བུར་བ་མང་པོའི་སྟོང་ཉམས་དང༌། ཞུ་བདེ་ཅུང་ཟད་ཙམ་གྱི་སེམས་གནས་པ་ལ་ཆགས་ནས། སྐལ་པ་མང་པོར་སྦྱང་དཀའ་བའི་ཞི་གནས་ལྡིང་པོའི་ཟས་ནོར་གྱི་ལྐོག་ཟས་མ་ལེན། སྔར་ཡང་རྣམ་རྟོག་རང་སྟོང་དུ་དབྱིངས་སུ་ཡལ་བའི་སྟོང་ཉམས་ཧལ་པོ་རྗེས་མེད་དེ་ཉིད་འོད་གསལ་ཆོས་སྐུ་ཡིན་ནོ། །སྙམ་པའི་ཆོས་ཉིད་ཡོད་ཀྱི་ཕྱོགས་སུ་ལུས་ནས་གཉུག་མ་ཆོས་སྐུའི་རང་ཞལ་མ་མཐོང་བར་ལུས་འདུག །ང་ཡིན་ན་རྣམ་རྟོག་དང་ཆོས་སྐུ་ཆོས་ཅན་དང༌། ཆོས་ཉིད་འབྲས་བུ་དང་དེའི་སྤུན་པ་ལྟར་ནོར་བའི་འཕྲང་སྒོ་ཕྲ་རགས་མང་དུ་ཡོད་པ་ལས་མ་ཤོར་བར་གྱིས་ཤིག །རྟིང་དུ་གཞི་ལམ་འབྲས་བུ་དུས་གསུམ་འཁྲུལ་གྲོལ་གྱི་མིང་མེད་པར་འོད་གསལ་ལམ་ཆེན་དང་ཕྲལ་ལ་འཕྲད་ཅིང༌། འཛོམ་པའི་དུས་གསུམ་དུས་མེད་རྟོགས་པ་པོའི་ཁྲིམས་རར་སོ་སོ་རང་རིག་བདག་རིག་གཞན་རིག་ལས་ཀྱི་མེ་ལོང་བྱ་བའི་གསེར་ཡིག་པ་བརྒྱུད་ནས། བདེ་གཤེགས་སྙིང་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྒྱུན་ཆད་མ་མྱོང་བའི་རྩར་དམ་པོ་བཅད་པའི་དུས་སུ། ཤེས་རབ་ཆེན་པོས་སྐད་ཅིག་ལ། ཆོས་ཀུན་ཁོང་དུ་ཆུད་པར་དགོངས་ཤིང༌། སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད་དགོས་པའི་དུས་སུ་སྐད་ཅིག་ཀྱང་རང་དབང་མེད་པའི་དུས་མི་སྐྲག་པ་ཨི་ཡིན་གོ་བར་གྱིས། སེམས་ཅན་ཐམས་ཅད་ལ་ཕན་ཐོགས་པར་གྱུར་ཅིག། །།སརྦ་མངྒ་ལཾ།

[མ་དཔེ་ནི་འཛམ་ཐང་པར་མ་ཡིན།]

བདེན་པ་གཉིས་ཀྱི་རྣམ་པར་དབྱེ་བའི་འཇའ་ས་བཞུགས།

[འཛམ་པར་ལས། ཆོས་དབྱིངས་བདེ་བ་ཆེན་པོའི་འཇའ་ས་ཟེར།]

ཨཱརྱ་ལོ་ཀེ་ཤྭ་ར་ཡ། མ་ཎི་དྷ་ར་ན་མོ། ཆོས་དབྱིངས་བདེ་བ་ཆེན་པོའི་ཤེ་མོང་ལ། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པའི་རྒྱལ་པོ་ཆེན་པོ་ངེད་ཀྱི་ལུང༌། ཀུན་བཏགས་གཞན་དབང་གི་ཞིང་དང་མངའ་རིས་ལ་གཏོགས་ཤིང༌། ཆུ་བོ་ཆེན་པོ་བཞིས་བསྡུས་པའི་སྲིད་ལ་དབང་བའི་ཆིང་སང་རྣམས་ལ། ལས་ཀུན་གྱི་གཞི་ཀུན་གཞི་རྣམ་ཤེས་ཀྱི་རྒྱལ་བརྒྱུད་རྣམས་ལ། ཤེས་སྒྲིབ་ཀྱི་རྩ་བ་འཁོར་གསུམ་དུ་གཏོགས་པའི་བུ་མོ་མག་པ་རྣམས་ལ། དབང་པོ་ལྔ་ཡུལ་ལྔ་ལ་དབང་བྱེད་པའི་རྩ་བའི་མི་ཆེན་དང་ལས་ཁ་འཛིན་པ་རྣམས་ལ། འཕོ་བ་བཅུ་གཉིས་ཀྱི་རེས་པ་རྣམས་ལ། འཕོ་ཆུང་དྲུག་ཅུའི་དམག་དཔོན་རྣམས་ལ། ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་དམག་མི་དང་གྲངས་ཅན་རྣམས་ལ། སྒོ་གསུམ་ལས་དགེ་སྡིག་གི་བརྟག་མགོ་དང་དམ་ཁ་འཛིན་པའི་དཔོན་ཆེན་རྣམས་ལ། ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་བྱ་བ་ལ་བདེན་ཞེན་གྱི་རྒྱུ་འབྲས་འཛིན་པའི་དུ་དབེན་ཤྭ་རྣམས་ལ། ཀུན་བརྟགས་ཀྱི་དྲ་བས་ལས་ཐམས་ཅད་ལ་ཁ་འཇུག་པའི་དར་ཁ་ཆེ་རྣམས་ལ། རང་འདོད་ཞི་བདེ་དོན་གཉེར་གྱི་ཁྲི་དཔོན་དཔོན་རྣམས་ལ། གཟུང་འཛིན་གཉིས་ཀྱི་མཐའ་ལ་ངེས་པའི་བརྒྱ་དཔོན་རྣམས་ལ། རླུང་སེམས་འབྲལ་མེད་དུ་རྒྱུག་པའི་གསེར་ཡིག་པ་རྣམས་ལ། རྟེན་འབྲེལ་བཅུ་གཉིས་ཀྱི་འཇའ་མོ་ཆེ་རྣམས་ལ། ཆགས་སྡང་རྨོངས་གསུམ་གྱི་ལས་ལ་ཞེན་པའི་བླ་བྲང་སོ་སོའི་ཉེ་གནས་རྣམས་ལ། ཐེག་པ་སྣ་ཚོགས་ཀྱི་འདོད་ལུགས་ཀྱི་གྲུབ་མཐའ་དུ་མ་ལ་ཁ་འཇུག་པའི་ལྷ་སྡེ་རྣམས་ལ། ཁམས་གསུམ་གྱི་ཁོངས་སུ་གཏོགས་པའི་རིགས་དྲུག་གི་མི་སྡེ་དང་མི་མང་རྣམས་ལ་སྒྲོག་པའི་འཇའ་ས། སྔར་ངེད་ཀྱི་གང་ཟག་དབང་པོ་རྣོ་འབྲིང་རྟུལ་གསུམ་ལ་དགོངས་ནས། འཁོར་ལོ་རིམ་པ་གསུམ་བསྐོར་ཏེ། འཁོར་ལོ་དང་པོ་ནི། གཞི་ཚུལ་ཁྲིམས་ལ་གནས་ནས། ལྟ་བ་གང་ཟག་གི་བདག་རྟག་གཅིག་རང་དབང་ཅན་ཀུན་རྫོབ་ཏུའང་མེད་པར་བསྟན། སྒོམ་པ་བདེན་བཞི་མི་རྟག་སོགས་བསྒོམ་པ་དང༌། རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་ལུགས་བཟློག་ཏུ་བསྒོམ་པ་ལ་སོགས་རང་གི་གཞུང་ ལུགས་དང་མཐུན་པར་བསྐྱངས་པས། གནས་སྐབས་ཀྱི་འབྲས་བུ་ཉན་རང་དགྲ་བཅོམ་ཐོབ་པར་བསྟན་ ཅིང༌། འཁོར་ལོ་བར་པ་ནི། བརྗོད་བྱའི་གཙོ་བོ་ཤེར་ཕྱིན་ལ་བྱས་ཤིང༌། དེའི་རྒྱུ་ཕར་ཕྱིན་ལྔའི་ཉམས་ལེན་བྱེད་ཚུལ་ལ། མཐའ་དག་དཔྱིས་འབྱིན་གྱི་གཉེན་པོ་དང༌། ཕྱོགས་རེ་མགོ་ནོན་གྱི་གཉེན་པོ་གཉིས་སུ་བསྟན་ཅིང༌། ལྟ་བ་གང་ཟག་དང་ཆོས་ཀྱི་བདག་གཉིས་ཀྱིས་སྟོང་པར་གཏན་ལ་ཕབ་ཅིང༌། སྒོམ་པ་བསོད་ནམས་ཚོགས་ཀྱིས་བསྡུས་པའི་སྦྱིན་པ། ཚུལ་ཁྲིམས། [བཟོད་པ། བརྩོན་འགྲུས།] བསམ་གཏན་བསྒོམ་ཚུལ་དུ་མ་ཞིག་དང༌། སྤྱོད་པ་བདག་གཞན་མཉམ་བརྗེས་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ་སོགས་བསྟན་ནས། དེ་ལྟར་ཉམས་སུ་བླངས་ན་ཤེར་ཕྱིན་ཟབ་མོ་ལ་མཚམས་སྦྱོར་ཞེས་བཟླས་པ་ཡིན། དབང་པོ་ཡང་རབ་རྣམས་ལ་འཁོར་ལོ་ཐ་མ་དང༌། ཁྱད་པར་གསང་སྔགས་རྡོ་རྗེ་ཐེག་པའི་འཁོར་ལོ་བསྐོར་ཏེ། གྲུབ་མཐའ་འོག་མའི་ལྟ་བ་སྒོམ་པ་སྤྱོད་པ་རྣམས་ཐུན་མོང་དུ་བྱས་ནས། ཐུན་མོང་མ་ཡིན་པའི་ལྟ་སྒོམ་སྤྱོད་པ་ཉམས་སུ་བླངས་ནས། འབྲས་བུ་སྐུ་གཉིས་འཕྲིན་ལས་ལྷུན་གྱིས་གྲུབ་པ་དང་བཅས་པ་ཐོབ་པར་བསྟན་པ་ཡིན་ནའང༌། ཁྱེད་ཐེག་པ་འོག་མའི་གཞུང་ལུགས་པ་རྣམས་ཀྱིས། རང་རང་གི་གཞུང་ལུགས་དང་མཐུན་པའི་ལྟ་སྒོམ་སྤྱོད་གསུམ་ལ་ཉམས་ལེན་མི་བྱེད་པར། སྤྱོད་རྩིང་དང༌། ཚུལ་ཆོས་དང༌། ལོག་ཤེས་ཀྱི་སྤྲིན་གྱིས། ངེད་ཀྱི་བསྟན་པའི་ཉི་མ་སྒྲིབ་ཀྱིན་འདུག་ཟེར་བ་དང༌། འཁོར་ལོ་བར་པའི་གཞུང་ལུགས་ལ་ཞུགས་པའི་ཐོས་བསམ་སྒོམ་པ་བྱེད་པ་རྣམས་ཀྱང༌། ངེད་ཀྱི་གྲུབ་མཐའ་ཆེན་པོ་བཞི་ཐེག་པ་གསུམ་ལས་ཕྱེ་ན། ཤེས་བྱའི་བྱེ་བྲག་བསམ་གྱིས་མི་ཁྱབ་ཀྱང༌། བདེན་པ་བཞི། ངོ་བོ་ཉིད་གསུམ། བདེན་པ་གཉིས། ཕྱི་ནང་གཞན་གསུམ་ལ་སོགས་སུ་བསྡུས་ནས། སྡུག་བསྔལ་ཤེས་བྱ། ཀུན་འབྱུང་སྤང་བྱ། ལམ་བསྟེན་བྱ། འགོག་པ་ཐོབ་བྱར་བསྟན། དེ་ལ་བདེན་པ་དང་པོ་གསུམ་ཀུན་རྫོབ་དང༌། འགོག་བདེན་དོན་དམ། ངོ་བོ་ཉིད་གསུམ་ལ་ཀུན་བཏགས་གཞན་དབང་གཉིས་དང༌། ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ཀུན་རྫོབ་དང༌། འགྱུར་བ་མེད་པའི་ཡོངས་གྲུབ་དོན་དམ་དུ་བསྟན་པ་ཡིན་ཅིང༌། བདེན་པ་གཉིས་ལའང་བདེན་ལུགས་གཉིས། སྣང་ལུགས་གཉིས། སྟོང་ལུགས་གཉིས་ལ་སོགས་པའི་འཁོར་ལོ་བར་པའི་རང་འགྲེལ་རྣམས་ལས། གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་རྣམས་ལ། སྤང་བྱ་སྒྲིབ་པའི་སྡེ། སྤོང་བྱེད་གཉེན་པོའི་སྡེ། ཐོབ་བྱ་འབྲས་བུའི་སྡེ་ལ་སོགས་པ་རྣམས་ལེགས་པར་ཕྱེ་ནས་བསྟན་ཅིང༌། གྲུབ་མཐའ་ཆེན་པོ་བཞི་ལའང༌། དོན་སྨྲ་བ་ལ་བྱེ་བྲག་པ་དང༌། མདོ་སྡེ་པ་གཉིས། སེམས་ཙམ་པ་ལ་རྣམ་བདེན་རྫུན་གཉིས། དབུ་མ་ལ་སྣང་བཅས་སྣང་མེད་གཉིས་ལ་སོགས་པ་ལེགས་པར་ཕྱེ་གསལ་བྱས་ནས་བསྟན་ཅིང༌། ཕྱི་ནང་གཞན་གསུམ་ལས། ཕྱི་ནང་ཀུན་རྫོབ་དང༌། གཞན་དོན་དམ་དུ་བསྟན་ཅིང༌། འཕགས་པ་བྱམས་མགོན། འཇམ་དབྱངས་ལ་སོགས་པའི་རྒྱལ་སྲས་རྣམས་ངེད་ཀྱི་དགོངས་པ་ལོན་ངེས་རྣམས་ཀྱིས་ཀྱང༌། དེ་དང་མཐུན་པའི་བཅོས་ཀྱི་བཅུ་ཧོ་ཕབ་ཏུ་ཟིན་ནའང༌། ཁྱེད་ཐོས་བསམ་གྱི་ཤེས་རབ་ལ་བསྒོམ་པའི་མིག་མ་ཕྱེད་པ་རྣམས་ཀྱིས། ཤེས་བྱ་ཐམས་ཅད་དངོས་པོ་དང་དངོས་མེད་གཉིས་སུ་ཁ་ཚོན་གཅོད། དངོས་པོ་ལ་དོན་དངོས་དང་ཤེས་དངོས་གཉིས་སུ་འདོད། དོན་དངོས་ཤེས་དངོས་ལ་གཅིག་དང་དུ་བྲལ་ལ་སོགས་པའི་རིག་པས་བརྟགས་ཤིང་དཔྱད་ན། ཅིར་ཡང་མ་གྲུབ་པའི་སྟོང་པ་ཆུ་ཤིང་བཞིན་དུ། སྙིང་པོ་མེད་པའི་རང་སྟོང་ལ། ཆོས་ཉིད་དང༌། ངོ་བོ་ཉིད་སྐུར་འདོད་པ་དང༌། སངས་རྒྱས་ལ་ཡེ་ཤེས་མེད་པ་ལ་སོགས་ངེད་ཀྱི་ལུང་དང་མི་མཐུན་པའི་ཆོས་བཤད་ཀྱིད་འདུག་ཟེར་བ་དང༌། ཁྱེད་སྒོམ་སྒྲུབ་པའི་རྟོགས་ལྡན་དུ་འདོད་པ་རྣམས་ཀྱང༌། ཐོས་བསམ་སྒོམ་གསུམ་རྣམ་དག་གི་སྒྲོ་འདོགས་མ་ཆོད་པས། སྡེ་སྣོད་གསུམ་གྱི་གནད་མ་ཁྲོལ། མཐའ་དྲུག་ཚུལ་བཞིའི་སྒོ་ལྕགས་མ་ཕྱེ། ཆོས་དམན་མཆོག་གི་ཤན་མ་ཕྱེད། བླང་དོར་གྱི་གནས་ལ་རྨོངས། མན་ངག་ཟབ་མོའི་ཁུངས་མ་ཆོད། ཉམས་མྱོང་གི་འཚང་མ་རིག་ཅིང༌། ངེས་ཤེས་ཀྱི་གཏིང་མ་ཚུགས་པར་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སེམས་སུ་ཐག་བཅད། སེམས་གཞི་མེད་རྩ་བྲལ་སྟོང་སར་འདོད། དེའི་ངོ་བོ་བཙལ་ན་མ་རྙེད། བལྟས་ན་མ་མཐོང་བའི་དུས་གསུམ་རྟོག་པ་ཞི་བའི་ཐ་མལ་གྱི་ཤེས་པ་རྗེན་པ་འདི་རྟོགས་ན་སངས་རྒྱས། མ་རྟོགས་ན་འཁོར་བ། གསལ་སྟོང་འགྱུ་བ་གསུམ་སྐུ་གསུམ། གནས་འགྱུ་གཉིས་ལ་ཞི་ལྷག་ཟུང་འཇུག་གི་བསྒོམ་པ། དེ་མ་གཏོགས་པའི་ལྟ་སྒོམ་སྤྱོད་གསུམ་གཞི་ལམ་འབྲས་གསུམ་གང་ཡང་མེད། རྣམ་རྟོག་ལས་གཞན་པའི་སངས་རྒྱས་མི་འདོད། ཉོན་མོངས་མ་སྤངས་གནས་གསུམ་དག །དུག་ལྔའི་ངོ་བོ་ངོ་ཤེས་ན། ཡེ་ཤེས་ཀྱིས་རོལ་པ་ཡིན། མཉམ་རྗེས་གཉིས་མེད་ཡིན། འཁོར་འདས་དབྱེར་མེད་ཡིན། ཞེས་སོགས། ངེད་ཀྱི་ལུང་དང་འགལ་བའི་གང་ཟག་གི་འདོད་ལུགས་མང་པོ་ལ་བརྟེན་ནས། ལྟ་བ་ཆད་ལྟའི་རྫོང་ལ་ཞེན་ནས། སྒོམ་པ་བྱར་མེད་ཀྱི་ཚང་ལ་ཉལ། སྤྱོད་པ་བག་མེད་ཀྱི་ཐོ་ཅོ་བྱེད་ཅིང༌། དོན་ཡིན་ལུགས་ཀྱི་སངས་རྒྱས་ལ་སྐུར་བ་བཏབ་ནས། ལས་རྒྱུ་འབྲས་ཁྱད་དུ་བསད་དེ། རང་གཞན་མང་པོ་ངན་འགྲོའི་ལམ་ལ་ཁྲིད་ཀྱིན་འདུག་པས། འདི་དག་ལས་སྐྱོབས་པའི་སྐྱབས་དང༌། ཐུགས་རྗེས་གཟིགས་ཟེར་ནས། རྒྱུ་འབྲས་ཀྱི་གནད་དང་བདེ་སྡུག་གི་འཚང་རིག་ཅིང༌། འཁོར་བའི་ཆོས་ལ་ཐར་འདོད་ཀྱྀ་བསམ་པས་བསྐུལ་བའི་གསེར་ཡིག་པས། ངེད་ལ་ཞུ་བ་ནན་ཅན་བྱེད་ཀྱིད་འདུག་པའི། དོན་ལ་དེ་བཞིན་བདེན་ན། ངེད་ཀྱི་འཁོར་ལོ་ཐ་མའི་མདོ་རྒྱུད་ཀྱི་ལུང་རྣམས་དག་དང་ག་ལ་མཐུན། ད་ཡིན་ན་གདུལ་བྱ་དབང་པོ་རབ་འབྲིང་གསུམ་དུ་ཕྱེ་གསལ་བྱས་ལ། བཀའི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་བའི་གསུང་རབ་རྣམས་དཔང་དུ་བཙུགས་ཏེ། གདུལ་བྱའི་རྒྱུད་ལ་བལྟོས་པའི་ཁྲིད་ལུགས་དང༌། ལག་ལེན་རྣམས་གོང་འོག་མ་འཛོལ་བའི་ཐད་ནས། རང་གི་བློའི་ནུས་པ་དང་བསྟུན་པའི་ཉམས་ལེན་དང༌། གཉེན་པོ་དང་བསྟུན་པའི་བསླབ་པ་བྱིན་ལ་མཐར་ཕྱིན་པར་གྱིས། ཁྱོད་ཐོས་བསམ་བྱེད་པ་རྣམས་ཀྱང༌། གསུམ་ལྡན་མར་བཅད་གྲུབ་མཐའ་ལྷད་ཅན་གྱི་གཞུང་ལུགས་ལ་ཞེན་ནས། རྫོགས་ལྡན་ཆོས་མཆོག་ཡང་དག་པ་རྣམས་ལ་ལོག་པར་བཟུང་སྟེ། ཆོས་སྤོང་གི་ལས་བསོག་བྱེད་ཅིང༌། ཐོས་ཆུང་མངོན་པའི་ང་རྒྱལ་དང༌། བླུན་པོ་དད་པའི་རྗེས་འབྲང་མ་བྱེད་པར། བཤེས་གཉེན་དམ་པ་མཁས་བཙུན་བཟང་གསུམ་བསྟེན་ནས། མདོ་རྒྱུད་བསྟན་བཅོས་མན་ངག་ཁུངས་མ་རྣམ་པར་དག་པ་རྣམས་ལ་ཐོས་བསམ་བྱས་ཏེ། ངེས་དོན་ཟབ་མོ་བསྒཽམ་པའི་ཉམས་མྱོང་དང་འབྲེལ་བའི་མིག་གིས་ལྟོས་ལ། བདེན་པ་གཉིས་ཆོས་དང་ཆོས་ཉིད། ལྟ་སྒོམ་སྤྱོད་པ་གཞི་ལམ་འབྲས་བུ་ལ་སོགས་ཀྱི་རྣམ་དབྱེ་དང༌། དྲང་དོན། ངེས་དོན། ཉེ་ལམ། རིང་ལམ། ཐེག་པ་གོང་འོག །དམན་མཆོག་གི་གོ་རིམ། སྤང་གཉེན་ཐོབ་གསུམ། དགག་དགོས་བླང་དོར་ལ་སོགས་པའི་ཚུལ་ལ་མཁས་པར་བྱེད་པ་གལ་ཆེ་ཞིང༌། ངེད་ཀྱི་མདོ་རྒྱུད་རྣམ་དག་དང༌། རིགས་གསུམ་མགོན་པོ་དང༌། བྱམས་པ་དང༌། ཀླུ་སྒྲུབ་ལ་སོགས་པའི་འཕགས་མཆོག་རྣམས་ཀྱི་བསྟན་བཅོས་ཀྱི་བཅོ་ཏོ་ལས། བདེན་གཉིས་དང༌། གཞི་ལམ་འབྲས་བུ། ཕྱི་ནང་གཞན་གསུམ་ལ་སོགས་པའི་རྣམ་དབྱེ་གསལ་བར་བསྟན་ཡོད་པས། རྫོགས་ལྡན་ཆོས་མཆོག་རྣམས་དང་མཐུན་པའི་ཐོས་བསམ་སྒོམ་པ་བྱེད་པ་གལ་ཆེ། དེ་ལྟར་མ་ཡིན་པར། གསུམ་ལྡན་མར་བཅད་གྲུབ་མཐའ་ལྷད་ཅན་གྱི་གཞུང་རྣམས་ལ་ཐོས་བསམ་བྱེད་པའི་རིགས། ངེས་དོན་ཟབ་མོའི་སྐལ་བ་མེད་པ་རྣམས་ཀུན་རྫོབ་བདེན་པ་མ་གཏོགས་པ། དོན་དམ་བདེན་པ་ལ་ཁ་མ་འཇུག ། གལ་ཏེ་མི་ཤེས་པའི་ལོག་བཤད་ཀྱིས། ཆོས་ཟབ་མོ་ལོག་པར་བཀྲལ་ན། ཆོས་སྤོང་གི་ལས་ཀྱི་ངན་སོང་དུ་སྐྱེས་པའི་དུས་མི་སྐྲག་པ་ཨེ་ཡིན། ཁྱེད་བསྒོམ་བསྒྲུབས་པ་རྣམས་ཀྱང༌། ཐེག་པ་ཆེན་པོའི་ཆོས་ལ་ཐོས་བསམ་གྱིས་ལ། ལྟ་སྒོམ་སྤྱོད་གསུམ་ལ་སོགས་པ་དམན་མཆོག་གི་གོ་རིམ་ཤན་ཕྱེ་ལ། མཉམ་བཞག་ཟབ་མོ་ལ་ཟློ་བའི་ཏིང་ངེ་འཛིན་ནི། སྟོང་ཉིད་སྙིང་རྗེ་དབྱེར་མེད་ཀྱི་འོད་གསལ་ཕྱག་རྒྱ་ཆེན་པོའི་སྒོམ་མ་ཡེངས་པར་རྒྱུན་དུ་བསྐྱངས་ནས། ཡེ་ཤེས་ཀྱི་ཚོགས་གསོག་པ་དང༌། རྗེས་ཐོབ་ཀྱི་དུས་སུ་འདི་ལྟར་སྣང་བའི་དངོས་པོ་ཐམས་ཅད་སྒྱུ་མ་རྨི་ལམ་དྲི་ཟའི་གྲོང་ཁྱེར་ལྟར་མི་རྟག་འཇིག་པའི་ཆོས་ཅན་དུ་ཤེས་པར་བྱས་ལ། ཀུན་རྫོབ་ཀྱི་སེམས་རང་སྟོང་འདི་དྲན་བསམ་གནས་འགྱུ་ཅི་བྱུང་ཡང་བློ་བྲལ་གསལ་སྟོང་རྗེན་པར་སྐྱོང་བའི་ཉམས་ལེན་ལ་སོགས་བསོད་ནམས་ཀྱི་ཚོགས་གསོག་པ་ལའང་འབད་དགོས་པ་ཡིན། མཉམ་བཞག་ལ་ཟློ་བའི་ཆོས་སྐད་དང༌། རྗེས་ཐོབ་ཤན་འབྱེད་ཀྱི་ཆོས་སྐད་མ་བསྲེ་བར། དུས་དང་བསྟུན་པའི་ཉམས་ལེན་བྱེད་པ་གལ་ཆེ། དེ་ལྟ་མ་ཡིན་པར། རང་དགེ་བ་མི་བསྒྲུབ་པའི་སྟེང་དུ། གཞན་ལུས་ངག་ཡིད་གསུམ་གྱི་དགེ་བ་བསྒྲུབ་པ་ཁྱད་དུ་བསད་ནས། འཁོར་འདས་ཀྱི་ཆོས་ཐམས་ཅད་སྟོང་པ་ཟང་ཐལ་དུ་ཐག་བཅད་དེ། གསག་བྱའི་ལས་དང༌། གསོག་པ་པོའི་གང་ཟག་དང༌། ལས་བསགས་པའི་འབྲས་བུ་མ་གྲུབ་ཅེས། བློ་བྱས་སྟོང་བསྒོམ་གྱི་ཁ་ལྟ། ཟོག་པོ་བཅོས་མའི་ཐོ་ཅོ། ཆོས་བརྒྱད་འཁྲི་བ་མ་ཆོད་པའི་རྟོགས་ལྡན། རྒྱུ་འབྲས་ཁྱད་གསོད་ཀྱི་ཆོས་པ། སྣང་བཀག་མི་ཤེས་པའི་མཁས་པ། རང་འདོད་ཕུགས་སུ་བཅུག་པའི་འགྲོ་དོན་བྱེད་མི་མང་པོས། རྒྱལ་བའི་བསྟན་པ་ལྟར་སྣང་དུ་བཏང་ནས། མངོན་པའི་ང་རྒྱལ་བྱེད་ཅིང༌། ལྟ་སྒོམ་སྤྱོད་པ་རྣམ་དག་ལ་སྐུར་པ་བཏབ་ན། དེའི་རྣམ་པར་སྨིན་པས་མནར་མེད་ཀྱི་ཁྲིམས་རར་ཁྲིད་དེ། ཐར་མེད་ཀྱི་བཙོན་རར་བཅུག་ནས། བཟོད་ཐབས་མེད་པའི་རྩར་བྱུང་དུས། ངེད་ཆོས་ཀྱི་རྒྱལ་པོ་ལ་རེ་འཁང་མ་བྱེད་ཅེས་ནན་གྱིས་བསྒྲགས་པའོ། །

ཡང་གཏམ་གཅིག་ལ་ཁྱེད་འགའ་ཞིག །ཀུན་གཞི་རྣམ་ཤེས་བདེ་གཤེགས་སྙིང་པོ་དང་དོན་གཅིག་ཅེས་པ་དང༌། རྣམ་རྟོག་གི་ངོ་བོ་ཆོས་སྐུ་ཡིན་ཞེས་སོགས། ངེད་ཀྱི་དགོངས་པ་དང་མི་མཐུན་པའི་ལོག་བཤད་བྱེད་ཀྱིད་ཡོད་པར་འདུག །དེ་བཞིན་བདེན་ན། ནམ་མཁའ་དང་སྤྲིན་གཉིས་ངོ་བོ་གཅིག་པར་ཁས་བླངས་པ་དང་མི་འདྲ་བ་ཨེ་ཡིན། ངེད་སྲས་དང་བཅས་པའི་དགོངས་པ་ནི། བདེ་གཤེགས་སྙིང་པོ་གཙང་བདག་བདེ་དང་རྟག་པ་ལྷུན་གྱིས་གྲུབ་ཅིང༌། འདུས་མ་བྱས་པ་རང་བཞིན་རྣམ་དག་གི་དགེ་བ་འོད་གསལ་ཆེན་པོ་དེ་ནི། དབུལ་པོའི་ཁང་ཕུག་གི་གཏེར་དང༌། བུམ་ནང་གི་མར་མེ་དང༌། འདམ་ནང་གི་ཡིད་བཞིན་གྱི་ནོར་བུ་ལྟར། གློ་བུར་དྲི་མའི་སྦུབས་ན་ཡོན་ཏན་རང་བཞིན་གྱིས་ཚང་བ། འགྱུར་མེད་ཡོངས་གྲུབ་ཏུ་བཞུགས་པ་དེ་མཐར་ཐུག་ཐོབ་བྱ་ཡིན་པར་བཤད་པ་དང༌། ཀུན་གཞི་རྣམ་ཤེས་ཀྱི་ངོ་བོ་ལུང་མ་བསྟན་འདུས་བྱས་ཀྱི་དགེ་མི་དགེ་ཐམས་ཅད་ཀྱི་བག་ཆགས་འཛིན་པ། མཐར་སྤང་བྱ་ཡིན་ཞིང༌། གསེར་ལ་གཡོགས་པའི་ས་རྡོ། མར་མེ་ལ་གཡོགས་པའི་བུམ་པ། ནོར་བུ་ལ་གཡོགས་པའི་འདམ་ལྟ་བུ། གློ་བུར་དྲི་མ་དང་དོན་གཅིག་པར་ཡིན་པ་བསྟན་མོད། རྣམ་རྟོག་གི་ངོ་བོའང་ཆོས་སྐུའི་མི་མཐུན་ཕྱོགས་ཡིན་ཏེ། བཟང་རྟོག་ཐམས་ཅད་ཤེས་སྒྲིབ། ངན་རྟོག་ཐམས་ཅད་ཉོན་སྒྲིབ་ཡིན་པར་བསྟན་ལ། དེ་སྤོང་བྱེད་ཀྱི་གཉེན་པོའང་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ཡིན་ནོ། །ཞེས་པའི་ལུང་རྣམ་དག་མང་པོ་མདོ་རྒྱུད་དྲི་མ་མེད་པ་རྣམས་སུ་ཡང་ཡང་བསྒྲགས་ཀྱང་ཚུལ་དེ་དག་ལ་མི་མཁས་པའི་མི་མང་པོས། ཐོས་ཆུང་སྐྱོ་མ་སྔ་བཙན་བྱས་ནས། ཀུན་གཞི་བདེ་གཤེགས་སྙིང་པོ་ལ། སྒྲོ་བསྐུར་གྱི་མྱོས་པས་རྩོད་ཀྱིན་ཡོད་པར་འདུག་ནའང༌། ད་ཕྱིན་ཆད་ལྟ་བ་ངན་པའི་ལམ་དང་བླུན་པོའི་བྱ་བ་ལས་སླར་ལྡོག་ལ། བདེ་གཤེགས་སྙིང་པོ་ཀུན་གཞི་ཡེ་ཤེས་གཟོད་ནས་རྣམ་གྲོལ་ཆོས་ཀྱྀ་སྐུའི་ངོ་བོ་ལ་སྐྱོན་བསལ་དགོས་མེད་ཅིང༌། ཡོན་ཏན་རང་བཞིན་གྱིས་ཚང་བ་དེ་ཐོབ་པར་བྱ་རྒྱུ་ཡིན་ཞེས་པ་དང༌། ཀུན་གཞི་རྣམ་ཤེས་བག་ཆགས་ཐམས་ཅད་ཀྱི་རྟེན་སྒྲིབ་པ་ཀུན་གྱི་རྩ་བ་ཡིན་ཅིང༌། སེམས་ལའང་ཁམས་གསུམ་གྱིས་བསྡུས་པའི་རྣམ་ཤེས་ཚོགས་བརྒྱད། འཁོར་སེམས་བྱུང་ལྔ་བཅུ་རྩ་གཅིག་དང་བཅས་པ་ཐམས་ཅད་སྤང་བར་བྱ་བའི་དྲི་མ་ཡིན། ཞེས་པའི་ཕྱེ་གསལ་ལེགས་པར་གྱིས་ལ། ཡང་དག་པའི་ལམ་ཚོགས་གཉིས་ཀྱི་ལས་ཀ་བཟང་པོ་བྱེད་ལ། ཚོགས་གཉིས་རྒྱ་ཆེན་པོ་གསོག་པའི་མི་སྡེ་མང་པོའི་སྟེང་དུ། ངན་སོང་དང་འཁོར་བའི་སྡུག་བསྔལ་ལས་ཐར་པའི་ཞིང་བྱིན་ལ། ལྷུན་གྲུབ་འདུས་མ་བྱས་པའི་ཆོས་ཀྱི་རྒྱལ་པོ་དང་མྱུར་དུ་མཇལ་བའི་སྨོན་ལམ་བཟང་པོ་འདེབས་སུ་ཆུག །དེ་ལྟ་མ་ཡིན་པར་བདུད་དང་ནག་པོའི་ཕྱོགས་འཛིན་འགའ་ཡིས། བླ་མ་དང་གྲུབ་ཐོབ་བཟང་པོའི་ཚུལ་བཟུང་ནས། ཆོས་ལོག་པ་ལ་ཡང་དག་ཏུ་མིང་བཏགས་ནས། སེམས་ཅན་མང་པོ་ལོག་པའི་ལམ་དུ་ཁྲིད་པ་བྱུང་ན། ཁྱེད་སྡེ་སྣོད་གསུམ་དང། རྒྱུད་སྡེ་བཞི་ལ་དབང་བའི་མི་ཆེན་དང་ཁྲིམས་བདག་རྣམས་ཀྱིས། བྱམས་སྙིང་རྗེའི་ལག་གིས་བཟུང་ལ། ཐབས་ཤེས་ཀྱི་ཨན་ལྕགས་ཆུག །ལུང་རིགས་རྣམ་དག་གི་དབྱུག་པ་གྲངས་མེད་དུ་རྒྱོབ། སྒོམ་གྲོགས་བཟང་པོའི་དྲི་བ་ཡང་ཡང་གྱིས་ལ། ཆོས་ངན་པའི་བྱ་བ་ལས་སླར་ལོག་ཏུ་ཆུག་ལ། གྲུབ་མཐའ་བཟང་པོའི་ལས་ཁ་བྱིན། ཁྱོད་གྲུབ་མཐའ་གོང་འོག་ལ་གནས་པའི་ཆོས་དཔོན་ཀུན་གྱིས་ཀྱང༌། རང་རིག་གཞུང་ལུགས་དང་མཐུན་པའི་བྱ་བ་ལ། ཆོས་མིན་གྱི་ལྷད་མ་གཞུག་པར། དབུ་མ་ཆེན་པོའི་ལྟ་བ་ལ་འཇུག་པའི་ཐབས་དང་རྟེན་འབྲེལ་བསྒྲིགས་ལ། ངེད་ཀྱི་གསུང་རབ་རྣམ་དག་དང་མཐུན་པར་གྱིས། སྡོམ་གསུམ་རྣམ་དག་གི་དགོན་པར། ཐོས་བསམ་སྒོམ་གསུམ་གྱི་ཡོ་ལང་སྐྱོང་བ་ལ། བག་མེད་སྒྱིད་སྐྱུར་གྱི་སྒོ་ཉལ་དང་འཚེར་མ་འབེབས། བྱམས་དང་སྙིང་རྗེའི་གཞིས་ཁར། དད་མེད་དྲེད་པོའི་རྡོ་ཐགས་ཆང་བཅོལ་མ་གཏོད། དལ་འབྱོར་གྱི་ས་ཞིང་བཟང་པོ་ལ་ཚོགས་གཉིས་རྣམ་དཀར་གྱི་བསོད་ནམས་བྱེད་པ་ལ། དད་བརྩོན་གྱི་ཁལ་བོད་དང་ལག་ཆ་གཏེང་པར་མ་ཁྱེར། མཉམ་བཞག་ཟབ་མོའི་གྲོང་དུ། ཞི་ལྷག་ཟུང་འཇུག་གི་མི་སྡེ་སྡོད་པ་ལ། རྣམ་རྟོག་བྱིང་རྒོད་ཀྱི་ཟ་མ་འུ་ལག་མ་འདེད། མོས་གུས་དག་སྣང་གི་ཁང་པར། ལོག་ལྟ་ཕྲག་དོག་གི་རྩྭ་ཤིང་མ་བསྐུལ་བར་ཆོས་སྤྱོད་བཅུའི་བྱ་བ་ལ་བརྩོན་པས། ལས་དགེ་སྡིག་དང་རྒྱུ་འབྲས་ལ་ཡིད་ཆེས་འཛིན་དུ་ཆུག །ཚད་མེད་བཞིའི་ལམ་འཕྲང་ལ་བསྡུ་བ་རྣམ་བཞིའི་འགྲོན་པོ་འགྲིམ་པ་ལ། ཁོང་ཁྲོ་དང་སེར་སྣའི་ཇག་པ་མ་རྒྱུག །བདག་གཞན་མཉམ་བརྗེའི་ཚོང་འདུས་སུ་སྨོན་འཇུག་བྱང་སེམས་ཀྱི་ཁེ་ཚོང་བྱེད་པ་ལ། གནོད་འཚེ་དང་རང་འདོད་ཀྱི་ཤོ་དམ་ཁ་མ་ལེན། མཁས་བཙུན་བཟང་གསུམ་འཛོམ་པའི་བཤེས་གཉེན་ལ། ཐོས་བསམ་སྒོམ་གསུམ་གྱི་སྒྲོ་འདོགས་བཅད་ནས། ཚོགས་གསུམ་ཕན་བདེའི་འབྱུང་གནས་སྤྱོད་པ་བཟང་པོས། སྐུ་གསུམ་ལྷུན་གྲུབ་ཀྱི་སངས་རྒྱས་བསྒྲུབས་ནས། སྲིད་གསུམ་འགྲོ་བའི་དོན་དུ་འདྲེན་པ་བྱེད་མི་ལ། ངན་གཡོ་ཐེ་ཚོམ་གྱི་སྒྲོ་སྐུར་བྱེད་མི་བྱུང་ན། འཇིག་རྟེན་ཆོས་བརྒྱད་ཀྱི་མགོ་བོ་ཆོད། དོན་དམ་ཆོས་དབྱིངས་ཀྱི་ལྟ་བ་རྣམ་དག་ལ། རྟག་ཆད་གོ་ལོག་གི་སྨྱོ་གཏམ་བྱུང་ན། ལོག་རྟོག་ཐེ་ཚོམ་བྱེད་པའི་མི་དེ། ཐབས་མཁས་དང་ཐུགས་རྗེས་བཟུང་ལ། ཡང་དག་པའི་ལྟ་སྒོམ་སྤྱོད་གསུམ་གྱི་ཨན་ལྕགས་ཆུག་ལ། རང་བཞིན་ལྷུན་གྲུབ་ཀྱི་སངས་རྒྱས་ལ་ཡིད་ཆེས་འཛིན་དུ་ཆུག །དེ་ལྟར་མ་བྱས་པར། མི་ལུས་རིན་པོ་ཆེ་དོན་ཆུང་དང༌། སྡིག་ལྟ་ཁམ་པོ་ཆེའི་བྱ་བས། ངན་སོང་དུ་སྐྱེ་བའི་ལས་བསགས། སྐྱེ་རྒ་ན་འཆིའི་འཇའ་མོ་ཆེ་འགྲིམས་ཏེ། འཁོར་བ་མཐའ་མེད་ཀྱི་གན་ལ་རྒྱབ་ནས། ངན་སོང་གསུམ་གྱི་སྡུག་བསྔལ་མྱོང་དུས། ངེད་ཆོས་ཀྱི་རྒྱལ་པོ་ལ་རེ་འཁང་མ་བྱེད། ཅེས་བཟླས་ནས་འཆང་རྒྱུའི་འཇའ་ས་བྱེད་པ་ཡིན།

འཇའ་ས་ཚོགས་གཉིས་བསགས་པའི་ལོ། །མི་འགྱུར་ལྷུན་གྲུབ་ཟླ་བ་ཡི། །གཙང་བདག་བདེ་ཆེན་ཚེས་ལ་བྲིས། །ཕན་བདེས་ཕྱོགས་དུས་ཀུན་ཁྱབ་ཤོག ། ངེས་དོན་བསྟན་པའི་རྒྱལ་མཚན་རྒྱས་པར་ཤོག། །།མངྒ་ལཾ། བྷ་ཝནྟུ། ཞུས་དག །

ཤ་ཆང་བཀག་པའི་ལུང་འདྲེན་རྣམས་བཞུགས་སོ། །

ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭེ་བྷྱོ་ན་མོ་ན་མཿ དཔལ་ལྡན་བླ་མ་དམ་པ་དང་དབྱེར་མེད་པའི་རྒྱལ་བ་སྲས་དང་བཅས་པ་རྣམས་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བདག་དང་ཁམས་གསུམ་སེམས་ཅན་ཐམས་ཅད་ལ་བརྩེ་བ་ཆེན་པོས། དུས་ཐམས་ཅད་དུ་རྗེས་སུ་བཟུང་དུ་གསོལ།

ཚོགས་གཉིས་ཟུང་འཇུག་རླབས་ཆེན་གྱི། །སྒྲིབ་གཉིས་བག་ཆགས་ཀུན་སྤངས་ཤིང༌། །མཁྱེན་གཉིས་ཡོན་ཏན་ཚད་མེད་པའི། །ཐུབ་དབང་སྲས་དང་བཅས་ལ་འདུད། །དེ་ཡིས་ལེགས་པར་གསུངས་པའི་བཀའ། །ཟབ་ཅིང་རྒྱ་ཆེའི་ཆོས་རྣམས་ལས། །ཚུལ་བཞིན་ཉམས་སུ་ལེན་དོན་དང༌། །དམ་ཚིག་རྣམ་པར་དག་བྱའི་ཕྱིར། །བསྲུང་བྱའི་རིམ་པ་འགའ་ཞིག་དག །ཇི་ལྟར་ནུས་བཞིན་འདིར་བརྗོད་བྱ། །

དེ་ལ་འདིར་ཐེག་པ་ཆེན་པོའི་དམ་ཚིག་གི་རྣམ་བཞག་རྒྱ་ཆེན་པོ་གསུངས་པ་ལས། བློ་དམན་པ་འགའ་ཞིག་ལ་ཕན་པ་དང༌། རང་ཉིད་ཀྱིའང་དྲན་པ་གསོ་བར་བྱ་བའི་ཕྱིར། དམ་ཚིག་གི་རྣམ་བཞག་འཐོར་བུ་པ་འགའ་ཞིག་བཤད་པར་བྱ་བ་ལ།

དོན་གཉིས་ཏེ། ཐོག་མར་ཉེས་བྱེད་ཆང་གི་རྣམ་བཞག་རྒྱ་ཆེར་བཤད་པ་དང༌། སེམས་ཅན་རྣམས་ཀྱི་སྲོག་དབུགས་ལ་རྔམ་པར་བྱེད་པའི་རྒྱུ་ཤའི་ཉེས་དམིགས་དང་རྣམ་བཤད་གཉིས་སོ། །

དང་པོ་ལ་གསུམ་སྟེ། ཕྱི་ཉན་ཐོས་ཀྱི། གསང་བ་བྱང་སེམས་ཀྱི། ནང་གསང་སྔགས་ཀྱི་བསླབ་པ་དང་འགལ་ཚུལ་ལོ། །

དེ་ལ་དང་པོ་ནི། དགེ་བསྙེན་གྱི་བསླབ་བྱ་ལ་ཞུགས་པ་ཙམ་ནས། འབྲས་དང་ནས་དང༌། རྒུན་འབྲུ་ལ་སོགས་པ་འབྲུའི་ཆང་མཐའ་དག་དང༌། བུར་ཆང་དང༌། སྦྲང་ཆང་རྟ་ཆང་ལ་སོགས་པ་བཅོས་པའི་ཆང་མཐའ་དག་དང༌། མདོར་ན་མྱོས་འགྱུར་ཙམ་བཀག་ཅིང་གནང་བ་ནི་མེད་མོད་ཀྱི། ཆོ་ག་མ་དག་པ་འགའ་ཞིག་དགེ་བསྙེན་དང་དགེ་ཚུལ་དང་དགེ་སློང་གི་བསླབ་པའི་དུས་མཁན་སློབ་དག་གིས་ཆང་འཐུང་བ་ནི་ཉེས་པ་ཤིན་ཏུ་ཡང་ཆེ་མོད་ཀྱང༌། འདོད་ཡོན་ལ་ཆེས་ཆེར་ཆགས་ཤིང་ཞེན་པ་དག་གིས་ཉེས་པ་ལ་ཅི་ཞིག་སེམས། སྐྱོན་སུས་བརྩི། ཀྱེ་མ་སངས་རྒྱས་ཀྱི་བསྟན་པ་ག་དར་བྱེད་པའི་མཁས་པ་ཚུལ་ཁྲིམས་དང་ལྡན་པ་རྣམས་ཀྱིས་རྒྱལ་བའི་བཀའ་ཟབ་མོ་འདུལ་བ་རྣམས་ལ་རྒྱ་ཆེར་ལྟ་ཞིང་ཉེས་པའི་གནས་མཐའ་དག་སྤང་བར་བྱའོ། །འདུལ་བར་ནི། ནད་པ་ལའང་ནི་ཆང་ལན་གསུམ་དུ་བསྐོལ་གྲངས་བྱས་པ་ལ་སྨན་སྦྱར་ནས་གཏོང་བར་གསུངས་སོ། །དེའང་ལས་མཆོག་ཏུ་འབྲུའི་ཆང་དང༌། བཙོས་པའི་ཆང་དང༌། མྱོས་པར་འགྱུར་བ། བག་མེད་པའི་གནས་སྤངས་ཏེ། ཞེས་གསུངས་ཤིང༌། དེ་མ་སྤངས་ན་སྐྱོན་ཅི་ཡོད་སྙམ་ན། སོ་སོར་ཐར་པའི་མདོར། འབྲུའི་ཆང་དང༌། བཙོས་པའི་ཆང་དང༌། མྱོས་པར་འགྱུར་བ་འཐུང་ན་ལྟུང་བྱེད་དོ། །ཞེས་དང༌། ཀཱ་རི་ཀར་ཡང༌། འབྲུ་བཏགས་ཕབ་དང་སྦྱར་བ་ཡི། །བཏུང་བའི་བྱེ་བྲག་འབྲུ་ཡི་ཆང༌། །སྡོང་བུ་མེ་ཏོག་འབྲས་བུ་ལས། །སྦྱར་བའི་ཁུ་བ་བཅོས་པའི་ཆང༌། །དེས་ནི་མྱོས་པར་འགྱུར་རིགས་དང༌། །སྡོམ་བརྩོན་ཕན་འདོད་མི་བཏུང་ངོ༌། །དེ་འཐུངས་ནས་ནི་དྲན་ཉམས་ཤིང༌། །བརྟུལ་ཞུགས་ལྡན་པ་བག་མེད་འགྱུར། །བག་མེད་པ་ལས་བརྟུལ་ཞུགས་ཉམས། །དེ་བས་སྟོན་པའི་བཀའ་དྲིན་བྱ། །མྱོས་འགྱུར་ཉེས་པ་འཕེལ་གྱུར་བས། །རྩྭ་མཆོག་གིས་ཀྱང་མི་བཏུང་ངོ༌། །མྱོས་པར་འགྱུར་བའི་ལྟུང་བྱེད་འབྱུང་བའོ། །སློབ་དཔོན་མ་ཏི་ཙི་ཏྲས་ཀྱང༌། ཆང་ཞིམ་དག་ལ་དགའ་བའི་མི། །ཤི་ནས་གནོད་ སྦྱིན་མ་རུངས་པ། །ཆེན་པོ་རྣམས་སུ་སྐྱེ་བར་འགྱུར། །ཞེས་གསུངས་པ་དང༌། གཞན་ཡང་རྒྱ་ཆེར་གསུངས་པ་མང་མོད་ཡི་གེ་མང་ལ་འཇིགས་པས་མ་བྲིས་སོ། །དེས་ན་ཐར་པ་ཐོབ་པར་འདོད་པ་རྣམས་ཀྱིས་ཆང་བཏུང་བར་མི་བྱའོ། །གཙང་སྦྲ་དང་ལྡན་པར་འདོད་པ་རྣམས་ཀྱིས་ཀྱང་ཆང་བཏུང་བར་མི་བྱའོ། །

གཉིས་པ་ནི། དྲིན་ལན་བསབ་པའི་མདོར། སངས་རྒྱས་འོད་སྲུང་གི་བསྟན་པའི་གཞུག་ཏུ། དགེ་བསྙེན་ཞིག་གིས་ཆང་འཐུངས་པའི་སྐྱོན་གྱིས་གཞན་གྱི་ཆུང་མ་ལ་འདོད་པས་ལོག་པར་གཡེམ་པ་ཡང་བྱས། ཕ་རོལ་པོའི་བྱ་ཕོ་རྐུས་ནས་བསད་པ་དང༌། གཞན་དག་གིས་ཁྱོད་དེ་ལྟ་བུ་བྱས་ནས་ཅི་བྱེད་བྱས་པས་མ་བྱས་ཟེར་ནས། བརྫུན་ཀྱང་སྨྲས་པས་རྩ་བ་བཞི་ཀའང་ཆང་ཁོ་ནས་བརླག་པར་བྱས་པར་གསུངས་ཤིང༌། གཞན་ཡང༌། མདོ་དེ་ཉིད་དུ། མདོ་སྡེ་ཀླགས་པ་དང༌། ཁ་དོན་དུ་བྱ་བ་ལ་སོགས་པ་ཐམས་ཅད་རེ་ཞིག་འདོར་བར་བྱེད་པས་ཆང་སྤང་བར་བྱའོ། །གསུངས་པ་དང༌། མཐུན་སྣང་དུ་ཡང༌། དེ་རིང་བྱ་རྒྱུའི་ལས་འགའ་ཞིག་ཀྱང༌། བརྗེད་ལ་ལུས་པ་དང༌། ཐོས་བསམ་སྒྲུབ་པ་ཐམས་ཅད་ལ་ཤིན་ཏུ་གནོད་ཅིང་སྙོམ་ལས་ལ་འདུས་པ་དང༌། རང་ཉིད་གཡང་དང་ཆུས་ཁྱེར་བ་ཡང་མི་ཚོར་བ་དང༌། གཞན་ཡང་ཕུང་ཁྲོལ་མཐའ་དག་བྱེད་པའི་རྒྱུ་ཆང་ཡིན་པས། ཐོས་པ་དང༌། བསམ་པ་དང༌། སྒྲུབ་པ་དོན་དུ་གཉེར་བ་རྣམས་ཀྱིས་ཀྱང་ཆང་སྤང་བར་བྱའོ། །ཐ་ན་ཚེ་འདིར་གྲུང་པོར་འདོད་པ་དང༌། རྒོད་པོར་འདོད་པ་དང༌། གཙང་བར་འདོད་པ་དང༌། བྱ་བ་ཐམས་ཅད་མྱུར་དུ་གྲུབ་པར་འདོད་པ་དང༌། ནོར་རྫས་འདོད་པ་རྣམས་ཀྱིས་ཀྱང་ཆང་སྤང་བར་བྱའོ། །དེ་སྐད་དུ། གསོ་སྦྱོང་གི་ཆོ་ག་ལས་ཀྱང༌། སྐྱོན་ནི་མང་པོ་ཉེར་བརྟེན་པ། །ཆང་ནི་ཡོངས་སུ་སྤང་བར་བྱ། །ཞེས་དང༌། ཤེས་རབ་ཀྱི་ལྷ་སྒྲུབ་པའི་ཐབས་ཀུན་ཏུའང་ཆང་སྤང་གསུངས་པ་དང༌། དོན་ཞགས་ཀྱི་མདོར་ཡང༌། ཆང་དང༌། ཤ་དང༌། ཙོང་དང༌། སྒོག་སྐྱ་དང༌། བདེ་བྱེད་ལ་བྱིན་པའི་ལྷག་མ་ཁྱད་པར་དུ་བསྲུང་བར་འདོད་པས་འདི་རྣམས་སྤང་བར་བྱའོ། །ཞེས་དང༌། མྱང་འདས་སུ། དགེ་སློང་རྣམས་ལ་དངོས་པོ་ལྔ་བྱེད་དུ་མི་གནང་བ་འཆད་དེ། ལྔ་གང་ཞེ་ན། མི་དང༌། མཚོན་དང༌། ཆང་དང༌། ཞོ་དང༌། འབྲུ་མར་འཚོང་དུ་མི་གནང་སྟེ། ཞེས་དང༌། གནས་ལྔར་འགྲོར་མི་གནང་སྟེ། ལྔ་གང་ཞེ་ན། བཤན་པ་དང༌། སྨད་འཚོང་མ་དང༌། ཆང་འཚོང་མ་དང༌། རྒྱལ་པོའི་ཕོ་བྲང་གི་ནང་དང༌། རིགས་ངན་གྱི་ཁྱིམ་སྟེ་ལྔའོ། །ཞེས་པ་ནི་ཉེས་པ་ཆུང་ཀྱང་བཀག་པ་དང༌། དེ་ཡང་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་གྱི་ཐབས་ཀྱི་ཡུལ་ལ་རྣམ་པར་འཕྲུལ་པ་བསྟན་པའི་མདོར་ཡང༌། ཆང་དགའ་དགོངས་པ་ཐམས་ཅད་ལ། །རྟག་ཏུ་བག་མེད་སྤྱོད་པར་འགྱུར། །མཁས་པ་རྣམས་ཀྱིས་སྨད་འགྱུར་ཞིང༌། །འདི་དང་གཞན་དུ་རྣམ་པར་རྨོངས། །དེ་བས་སྐྱེས་བུ་མཁས་པ་ཡིས། །ཆང་ལ་དགའ་བ་སྤང་བར་བགྱི། །དེས་ནི་ཡོན་ཏན་འགྲུབ་པར་བགྱི། །གཞན་དུའང་སྟོན་པར་བགྱིད་པ་ལགས། །ཞེས་དང༌། ཡང་དེ་ཉིད་དུ། རྒྱལ་པོ་ཆེན་པོ་ཆང་གི་བཏུང་བ་ནི་དྲན་པ་ཡོངས་སུ་ཉམས་པར་འགྱུར་བའི་རྒྱུ་སྟེ། ཞེས་གསུངས་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནྀ་ཆང་བཏུང་བར་མི་བྱ་སྟེ། །རྒྱས་པར་ནི་མདོ་སྡེར་རྒྱ་ཆེར་གསུངས་པས་དེ་ཉིད་དུ་ཤེས་སོ། །

གསུམ་པ་ལ་གཉིས་ཏེ། དྲང་བའི་དོན་དང༌། ངེས་པའི་དོན་ཏོ། །དང་པོ་ལའང༌། སྒྲ་ཅི་བཞིན་པ་དང༌། ཅི་བཞིན་པ་མ་ཡིན་པ་སྟེ། དང་པོ་ནི། རྡོ་རྗེ་རྩེ་མོར། ཕུང་ཁྲོལ་ཀུན་གྱི་རྩ་བ་ནི། །ཆང་ནི་ཡོངས་སུ་སྤང་བར་བྱ། །ཞེས་དང༌། མི་གཡོ་བ་གཏུམ་པོའི་རྒྱུད་དུ། སྲོག་ཆགས་བསད་པར་མི་བྱ་ཞིང༌། །ཕ་རོལ་ནོར་ནི་ཕྲོག་མི་བྱ། །བརྫུན་གྱི་ཚིག་ཀྱང་སྨྲ་མི་བྱ། །བློ་ལྡན་ཆང་ནི་བཏུང་མི་བྱ། །འཇིག་རྟེན་སྨོད་པ་སྤང་པར་བྱ། །རབ་གསལ་བསླབ་པའི་གནས་འདི་ནི། །གུས་པ་དང་བཅས་སྤྱད་པར་བྱ། །ཞེས་དང༌། ཡང་དེ་ཉིད་དུ། མྱོས་བྱེད་ཆང་གི་བཏུང་བ་ནི། །བདག་གིས་གང་དུའང་བཏུང་མི་བྱ། །ཞེས་གསུངས་སོ།།

གཉིས་པ་ནི། ཀྱེའི་རྡོ་རྗེར། ཆང་ནི་སྤང་བར་མི་བྱ་སྟེ། །ཁྱད་པར་དུ་ཡང་ཤ་ཉིད་དོ། །ཞེས་གསང་སྔགས་ཀྱི་རྒྱུད་སྡེ་མང་པོར་ཆང་བཏུང་བར་གསུངས་ཤིང༌། ཁྱད་པར་དུ་ཚོགས་འཁོར་གྱི་དུས་སུ་ཆང་གི་བཏུང་བ་གནང་བ་མ་ཡིན་ནམ་ཟེར་ན། དེ་ནི་བདེན་མོད་ཀྱི་ཚོགས་ཀྱི་འཁོར་ལོའི་དུས་སུ་ཆང་བཏུང་བར་གསུངས་ཀྱང༌། གནས་གང་ཐོད་ཐོད་དུ་སྐལ་བ་དང་མི་ལྡན་པའི་མི་སུ་ཐོད་ཐོད་ཀྱི་རྩར་ཆང་བཏུང་བར་མ་གསུངས་པ་དང༌། གཞན་ཡང་ཐ་མལ་བའི་གཟུགས་དང་བསྐྱེད་རིམ་ལ་བརྟན་པ་མ་ཐོབ་པའི་རྣལ་འབྱོར་པ་རྣམས་ཀྱིས་ཀྱང་ཆང་བཏུང་བར་མ་གསུངས་ན། རབ་ཏུ་བྱུང་བས་ནི་ཆང་གི་བཏུང་བ་ཤིན་ཏུ་ཡང་མི་རིགས་པས་བཏུང་པར་མི་བྱའོ། །གལ་ཏེ་བཏུང་བར་སེམས་ཤིང་བཏུང་བའི་ནུས་པ་དང་ལྡན་པར་གྱུར་ན། རབ་ཏུ་བྱུང་བའི་ཆོས་མཐའ་དག་མཁན་སློབ་ལ་ཕུལ་ནས་རྣལ་འབྱོར་པའི་ཆས་སུ་ཞུགས་པར་བྱ་སྟེ། སློབ་དཔོན་ཞི་བ་ལྷས་ཆང་གསོལ་བ་དང༌། བིརྺ་པས་ཆང་གསོལ་བའི་གཏམ་རྒྱུད་ལས་ཤེས་པར་བྱའོ། །དེ་ལྟར་ཆང་བཏུང་བར་ནུས་པའི་རྣལ་འབྱོར་པ་ནི་བསྐྱེད་རྫོགས་གཉིས་ལ་བརྟན་པ་ཐོབ་པས་གང་འཐུང་ཐམས་ཅད་བདུད་རྩིར་བསྒྱུར་ནུས་པས་དུག་ཧ་ལ་ནག་པོས་ཀྱང་གནོད་པར་མི་ནུས་ཤིང༌། སླར་བདུད་རྩིར་འགྱུར་བ་སྟེ། ནཱ་རོ་པ་ལྟ་བུ་མི་རྒོད་རྣམས་ཀྱིས་ཆུ་ཁྲི་ཕུལ་བ་བདུད་རྩིར་བསྒྱུར་ནས་གསོལ་བ་དང༌། ཅི་ཙམ་བཏུང་ཀྱང་མྱོས་པར་མི་འགྱུར་བ་བིརྺ་ལྟ་བུ་རྣམས་ཏེ། དེ་ལྟ་བུའི་གྲུབ་པ་ཐོབ་པའི་རྣལ་འབྱོར་པ་རྣམས་ཀྱིས་གནས་ཉི་ཤུ་རྩ་བཞི་ལ་སོགས་པ་ཕུན་སུམ་ཚོགས་པར་དུས་བཟང་པོ་ལ་དཔའ་བོ་དང་དཔའ་མོ་རྣམས་མཆོད་པའི་དོན་དུ་ཚོགས་ཀྱི་འཁོར་ལོ་ལ་བདུད་རྩི་ལྔ་དང་ཆང་དང་ཤ་ལྔ་ལ་སོགས་པའི་བཟའ་བ་རྣམས་བཟའ་བར་གསུངས་ཏེ། འདིའི་ལུང་རྣམས་ནི་རྒྱུད་སྡེ་ཟབ་མོ་མཐའ་དག་ཏུ་ནི་ནང་མཆོད་བྱིན་གྱིས་བརླབས་པའི་སྐབས་དང༌། གཏོར་མ་བྱིན་གྱིས་བརླབས་པའི་སྐབས་སུ་རྒྱ་ཆེར་གསུངས་པས། དེ་རྣམས་ལྟ་བར་བྱའོ། །ཞེས་སྨྲས་པ། ཀྱེ་མ་དིང་སང་རབ་ཏུ་བྱུང་བ་འགའ། །གསང་སྔགས་པ་ཞེས་སྔགས་ལ་ཁག་བསྐུས་ནས། །དཔའ་བོ་གཅིག་པ་ཙམ་ཡང་མི་དྲན་པར། །སྤྱོད་ལོག་སྣ་ཚོགས་བྱེད་པའི་སྐྱེ་བོ་རྣམས། །ཀྱེ་མ་ཀྱི་ཧུད་བདུད་ཀྱིས་མ་བསླུས་སམ། །

གཉིས་པ་ནི། ཁམས་བྱང་ཆུབ་ཀྱི་སེམས་འཛག་མེད་དུ་བརྟན་པའི་ཆང་བཏུང་བ་ནི་རབ་མཆོག་ཏུ་གྱུར་པ་ཉིད་དེ། དེའང་རླུང་སེམས་ལ་གནད་དུ་བསྣུན་པས་ཁམས་བྱང་ཆུབ་ཀྱི་སེམས་སུ་བརྟན་པར་གྱུར་པ་གང་ཡིན་པ་དེ་ནི་ཆང་བཏུང་བའི་མཆོག་སྟེ། དགའ་བ་བཅུ་དྲུག་ཀྱང་མངོན་དུ་འགྱུར་བའོ། །དེ་སྐད་དུ། སྒྱུ་འཕྲུལ་དྲ་བ་ལས། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཛིན། །ཅེས་གསུངས་སོ། །དེ་ཡང་བྱང་སེམས་ཡར་བརྟན་པས་སྐུ་བཞི་མངོན་དུ་འགྱུར་ཏེ། བསམ་གཏན་བཞི་ཡི་རྩེ་མོ་འཆང༌། །ཞེས་པ་དང༌། སྙན་རྒྱུད་དུ། ཐིག་ལེ་གྱེན་ལོག་སྤྱི་བོར་འགྲོ། །རྡོ་རྗེ་ནོར་བུའི་ངོ་བོ་ཉིད། །ཐོབ་ནས་ཆོས་དང་ལོངས་སྐུ་དང༌། །སྤྲུལ་སྐུ་རྣམ་བཞི་ཐོབ་པར་འགྱུར། །ཞེས་དང༌། དུས་འཁོར་འགྲེལ་ཆེན་དུ། དེའི་རྣམ་བཤད་རྒྱ་ཆེར་བཤད་པས་དེ་ཉིད་དུ་བལྟ་བར་བྱའོ། །འོ་ན་བྱང་སེམས་ལྟུང་བར་གྱུར་ཅིང༌། ཆང་དེ་འཐུང་མ་ནུས་ན་སྐྱོན་ཅི་ཡོད་བསམ་ན། རྩ་རྒྱུད་དུ། ཆགས་བྲལ་བར་ནི་མི་བྱའོ། །འཕོ་བ་ལས་ནི་ཆགས་བྲལ་འགྱུར། །ཆགས་བྲལ་ལས་ནི་སྡུག་བསྔལ་འགྱུར། །སྡུག་བསྔལ་སྐྱེས་བུའི་ཁམས་ཟད་བྱེད། །ཟད་ལས་འཆི་བ་ཞེས་སུ་བརྗོད། །འཆི་ནས་དེ་ནས་སླད་ཡང་སྲིད། །སྲིད་པ་ལས་ནི་སླར་འཆི་འཕོ། །ཞེས་དང༌། བསྡུས་རྒྱུད་དུ། ས་བོན་ཐིག་ལེ་བཏང་ན་ཐར་བར་ག་ལ་འགྱུར། དེ་ཕྱིར་འཁོར་བའི་བདེ་བ་སྐད་ཅིག་མ་ནི་བརྟུལ་ཤུགས་ཅན་རྣམས་ཀྱིས་ནི་རྒྱུད་དུ་སྤང་བར་བྱ། །ཞེས་དང༌། དབང་གསུམ་པའི་སྐབས་སུ། རྩ་རྒྱུད་ལས། གཙོ་བོའི་མདུན་དུ་བླངས་པ་ཡི། །སྡོམ་པ་སྐྱོང་བར་མི་བྱེད་ན། །དེ་ཚོ་ངུ་འབོད་དུ་འགྲོར་འགྱུར། །ཞེས་དང༌། ཁམས་བྱང་ཆུབ་ཀྱི་སེམས་སྤངས་པས་རྩ་བའི་ལྟུང་བ་ལྔ་པའང་འབྱུང་བར་བཤད་དོ། །དེས་ན་ཉེས་བྱེད་འདི་དག་སྤངས་ནས་ངེས་པའི་དོན་བྱང་ཆུབ་ཀྱི་སེམས་འཛག་མེད་དུ་བརྟན་པའི་ཆང་བཏུང་བར་བྱ་བ་ནི་མཆོག་གོ །དེ་བཞིན་དུ། ཨ་ཝ་དྷཱུ་ཏཱིའི་ནང་དུ་རྡུལ་གྱི་ཁམས་བརྟན་པའི་ཕྱིར་ཁྲག་དང༌། དེ་བཞིན་དུ། འཛག་པ་མེད་པའི་བཤང་བ་ནི་བཟའ་བ་དང༌། གཅི་བ་ནི་བཏུང་བ་དང༌། ཁྲག་དང༌། ཤ་ནི་རོ་མཆོག་ཏུ་མཉམ་པའོ། །དེ་སྐད་དུ། དུས་འཁོར་འགྲེལ་ཆེན་དུ། སྤྱན་རས་གཟིགས་ཀྱིས་གསུངས་པ། དེ་ནི་བདུད་རྩི་བཏུང་བ་གསུངས་པ། གང་ཟག་གི་ཁྲག་ནི་ཞེས་པ་ལ་སོགས་པ་སྟེ། འདིར་ཕྱི་རོལ་ཏུ་དྲང་བའི་དོན་གྱིས་གང་ཞིག་གི་ཁྲག་འཐུང་བར་བྱེད་པ་དེ་ནི་སྦྲང་བུའོ། །ངེས་པའི་དོན་གྱིས་ནི་ཨ་བ་དྷཱུ་ཏཱི་གང་ཞིག་འཕོ་བའི་དུས་སུ་རྡུལ་གྱི་ཁམས་འཐུང་བའོ། །རབ་མཆོག་ལྷ་མི་རྣམས་ཀྱྀ་སྦྲང་བུ་དེ་ནི་བདུད་རྩི་སྟེ་ཨ་ཝ་དྷཱུ་ཏཱི་གཅིག་པུར་འགོག་པའོ། །ཞེས་པའི་དོན་ཏོ། །ཕྱི་རོལ་ཏུ་ཟས་ཀྱིས་སྐྱུགས་པ་གང་ཡིན་པ་དེ་ནི་ངཻས་པའི་དོན་གྱི་བྱང་ཆུབ་སེམས་ཀྱི་སྐྱུགས་པ་གསང་བ་ལ་སོགས་པའི་ཁ་ནས་རྡོ་རྗེ་ནོར་བུ་ལ་གནས་ཏེ། ཤེས་རབ་ཀྱི་ཆུ་སྐྱེས་ཀྱི་ནང་དུ་ཞུགས་པ་ནི་མ་ཡིན་ནོ། །དེ་བཞིན་དུ། འཕོ་བ་མེད་པའི་བཤང་བ་དང༌། གཅི་བ་དང༌། ཁྲག་ དང༌། ཤ་ནི་མཆོག་ཏུ་རོ་མཉམ་སྟེ་མི་ཟག་པ་སྐྱུགས་པའི་དབུས་སུ་རབ་ཏུ་ཞུགས་པ་ཞེས་པ་འགགས་པ་ནི་སྒྲིབ་པར་མེད་པར་འགྱུར་རོ། །འདི་དག་ནི་ཡེ་ཤེས་ཀྱི་བདུད་རྩིར་འགྱུར་ཞིང༌། འཕོ་བ་མེད་པའི་བདུད་རྩི་ལྔ་ནི་སྲིད་པ་གསུམ་གྱི་བླ་མ་ཡིས་རྒྱུད་རྣམས་ཀུན་ཏུ་བསྟན་ཏེ། ཕྱི་རོལ་གྱི་ནི་བཤང་བ་ལ་སོགས་དངོས་གྲུབ་ཀྱི་ནི་སླད་དུ་བསྟེན་པ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འདིར་འགའ་ཞིག་དག་གཏོར་མའི་ནང་དུའང་མི་གཙང་བ་སྐྱེད་པར་བྱེད་པ་དང༌། མི་གཙང་བ་ཟོས་པས་དངོས་གྲུབ་ཐོབ་པར་འདོད་པ་དང་འདྲའོ།། །།

གཉིས་པ་ཤ་ཟོས་པའི་ཉེས་དམིགས་ལ་གསུམ་སྟེ། དང་པོ་ཉན་ཐོས། གསང་བ་བྱང་སེམས་ཀྱི། ནང་གསང་སྔགས་བསླབ་པ་རྣམས་སུའང་བཀག་ཚུལ་ལོ། །

དང་པོ་ཉན་ཐོས་གསུང་གི་བསླབ་པར་བྱ་བ་ནི། ཚོང་དུས་འདྲིམ་ཞིང་ཆེད་དུ་མ་བསད་པ་ཙམ་ཞིག་གནང་ངོ༌། །ཞེས་འཆད་མོད་ན་ཡང༌། འོག་ནས་བཤད་པར་བྱའོ། །

གཉིས་པ་བྱང་ཆུབ་སེམས་དཔའི་བསླབ་པར་བྱ་བར་ཤ་ཡེ་ནས་གནང་བ་མེད་དེ། འཕགས་པ་འཇམ་དཔལ་གྱིས། ཞེ་སྡང་བསམ་པ་མེད་པའི་ཕྱིར། །གཞན་གྱི་ཤ་རྣམས་མ་འཕྲོག་ཅིང༌། །ཐུབ་པས་རང་གི་ཤ་རྣམས་བྱིན། །སྐྱེ་བ་འདིར་ནི་ཁྱོད་སངས་རྒྱས། །ཞེས་དང༌། ཡང༌། རྫས་ཀྱིས་ཉོས་པ་ཉ་ཡི་ཤ ། ཟོས་པ་བླུས་པ་ཡིན་ནམ་ཅི། །གླང་པོའི་རྩལ་དང་སྤྲིན་ཆེན་དང༌། །མྱང་འདས་དང་ནི་སོར་ཕྲེང་ཅན། །ལང་ཀར་གཤེགས་པའི་མདོ་གཉིས་ལས། །བདག་གིས་ཤ་ནི་མ་གནང་ངོ༌། །རྫས་ཐོབ་དོན་དུ་སྲོག་གཅོད་དང༌། །བཟའ་བའི་དོན་དུ་རིན་འཇལ་བ། །གཉིས་པོ་དག་ཀྱང་གསོང་པོ་སྟེ། །ངུ་འབོད་ལ་སོགས་རྣམས་སུ་འཚེད། །རྫས་ཀྱི་དོན་དུ་སེམས་ཅན་གསོད། །རྫས་སྟེར་མེད་ན་སུས་ཀྱང་མིན། །བྱ་དག་བྱེད་པོ་ཡང་དག་འབྲེལ། །རྟག་ཏུ་སྲོག་ཆགས་གསོད་པ་པོ། །གང་ཚེ་རྫས་ཀྱི་ཉ་ཉོས་པས། །ཁྱིམ་གནས་རྣམས་ལ་སྡིག་མེད་ན། །དེ་བཞིན་སྐུ་གཟུགས་ལ་སོགས་པ། །བྱས་པའང་ཇི་ལྟར་བསོད་ནམས་འགྱུར། །མཆོད་རྟེན་རྩིགས་མཁན་གྱིས་བྱས་དང༌། །ཉ་ནི་ཉ་པས་བསད་པ་སྟེ། །མཆོད་རྟེན་ཕྱག་བྱེད་བྱེད་པོ་མིན། །ཉ་ཟོས་གསོད་པ་པོ་ལ་མིན། །གང་ཚེ་ཉ་དེ་ཟོས་པ་ཡི། །སྡིག་པ་ཟ་བ་པོར་མེད་ན། །དེ་ཚེ་མཆོད་རྟེན་མཆོད་པ་ཡི། །བསོད་ནམས་མཆོད་བྱེད་པོ་ལ་མེད། །གསོད་པ་པོ་དང་ཟ་བ་པོ། །གཉིས་པོ་དག་ཀྱང་སོ་སོ་སྟེ། །གསོད་པ་པོ་ན་ནོར་ལ་སྲེད། །ཟ་བ་པོ་ནི་ཟས་ཀྱི་དོན། །གསོད་པོ་ནོར་ལ་སྲེད་པ་དག །བསྐལ་པ་འབུམ་དུ་འཚེད་པའོ། །ཟ་བོ་ཤ་ལ་སྲེད་པ་དང༌། །བསྐལ་པ་བྱེ་བར་འཚེད་པའོ། །ཉན་ཐོས་ཀྱིས་ནི་ཆེད་དག་ཏུ། །ཉ་བས་ཉ་ནི་བསད་པ་དང༌། །བྲམ་ཟེ་ཡི་ནི་ཆེད་དག་ཏུ། །ཆང་མས་ཆང་ནི་བྱས་པ་དང༌། །ཁ་ན་མ་ཐོ་མེད་གཞན་མིན། །ཤ་ཟ་བ་ཡི་མི་གང་ཞིག །དང་པོ་ཡི་དྭགས་འགྲོ་བ་སྟེ། །ཕྱི་ནས་ངུ་འབོད་འགྲོ་བའོ། །ཤ་ཟ་བ་ལ་སྙིང་རྗེ་དང༌། །ཆང་འཐུང་བ་ལ་དགའ་བ་དང༌། །ཕ་རོལ་བུད་མེད་འཛིན་གསུངས་པ། །སྨད་པའི་ལས་བྱེད་བཏང་སྙོམས་མེད། །ཅེས་པ་འདི་ནི་གསང་སྔགས་སུའང་གཏོགས་སོ། །བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་གྱི་ཐབས་ཀྱི་ཡུལ་རྣམ་པར་འཕྲུལ་པ་བསྟན་པའི་མདོ་ལས། རྒྱལ་པོ་མཁས་པས་ནི་སྲོག་གཅོད་པ་མི་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། རྒྱལ་པོ་ཆེན་པོ་སྐྱེས་བུ་དེ་གང་ཟག་སྲོག་གཅོད་པ་ནི་ཚེ་ཐུང་བར་འགྱུར་བ་དང༌། སེམས་ཅན་དམྱལ་བ་དང༌། དུད་འགྲོའི་སྐྱེ་གནས་དང༌། གཤིན་རྗེའི་འཇིག་རྟེན་དུ། སྐྱེ་བར་འགྱུར་བའི་སླད་དུའོ། །དེ་ལ་འདི་སྐད་ཅེས་བགྱི་སྟེ། སྲོག་གཅོད་བགྱིད་པའི་གང་ཟག་ནི། །ཚེ་ཐུང་ནད་ཀྱང་རབ་ཏུ་མང༌། །གང་ན་མི་བདེ་ཆེ་བ་ཡི། །སེམས་ཅན་དམྱལ་བར་སྐྱེ་བར་འགྱུར། །དེ་བས་སྡུག་བསྔལ་མི་འཚལ་ཞིང༌། །ཚེ་འདིར་བདེ་འཚལ་མཁས་པ་ཡིས། །གཞན་གྱི་སྲོག་གཅོད་མི་བགྱི་སྟེ། །སྲོག་ཆགས་རྣམས་ནི་བདག་བཞིན་བསྲུངས། །ཞེས་དང༌། ལང་ཀར་གཤེགས་པའི་མདོར། བློ་གྲོས་ཆེན་པོ་བྱང་ཆུབ་སེམས་དཔའ་སྙིང་བརྩེ་བའི་བདག་ཉིད་ཅན་གྱིས་རྒྱུ་ཚད་མེད་པའི་ཕྱིར། ཤ་བཟའ་བར་མི་བྱ་སྟེ། དེ་དག་ལས་ཕྱོགས་ཞིག་བཤད་པར་བྱའོ། །འདི་ལ་བློ་གྲོས་ཆེན་པོ་སྲོག་ཆགས་ཡུན་རིང་པོ་ནས་འཁོར་བ་རྣམས་ལ་གང༌། ཕའམ། མའམ། སྤུན་ནམ། སྲིང་མོའམ། བུའམ། བུ་མོའམ། གཉེན་བཤེས་སམ། གཉེན་ནམ། གཉེན་ལྟ་བུ་གང་ཡང་རུང་བར་མ་གྱུར་པའི་སེམས་ཅན་དེ་ནི་རྙེད་པར་སླ་བའི་རྣམ་པ་གང་ཡང་མེད་དོ། །གཉེན་དང་གཉེན་ལྟ་བུར་གྱུར་པ་དེ་དག་ཚེ་གཞན་དུ་ལུས་རྗེས་པ། རི་དྭགས་དང༌། ཕྱུགས་དང༌། བྱའི་སྐྱེ་གནས་གང་ཡང་རུང་བར་གྱུར་པ་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སངས་རྒྱས་ཀྱི་ཆོས་འདོད་པ་འབྱུང་པོ་ཐམས་ཅད་བདག་དང་འདྲ་བར་གྱུར་པར་འདོད་པས། སྐྱེ་བོ་སྲོག་ཆགས་ལས་གྱུར་པ་ཐམས་ཅད་ལས་བྱུང་བའི་ཤ་ཇི་སྐད་དུ་ཟ་བ་བྱ། བློ་གྲོས་ཆེན་པོ་སྲིན་པོ་རྣམས་ཀྱང༌། དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཉིད་ཟབ་མོ་འདི་ཐོས་ནས་ཤ་ཟ་བ་ལས་རྣམ་པར་ལྡོག་ཅིང༌། སྲིན་པོའི་རང་བཞིན་དང་བྲལ་ནས་སྙིང་རྗེ་ཅན་དུ་འགྱུར་ན། ཆོས་འདོད་པའི་སྐྱེ་བོ་རྣམས་སྨོས་ཅི་དགོས། དེ་ལྟར་ན་བློ་གྲོས་ཆེན་པོ་ཚེ་རབས་འཕོས་པ་དེ་དང་དེ་དག་ཏུ་སེམས་ཅན་ཐམས་ཅད་གཉེན་བཤེས་དང་གཉེན་དུ་གྱུར་པའི་འདུ་ཤེས་ཀྱིས་སེམས་ཅན་ཐམས་ཅད་ལ་བུ་གཅིག་གི་འདུ་ཤེས་སུ་བསྒོམ་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྙིང་བརྩེ་བའི་བདག་ཉིད་ཅན་གྱི་ཤ་ཐམས་ཅད་མི་ཟའོ། །ཞེས་དང༌། བློ་གྲོས་ཆེན་པོ་གཙང་བར་འདོད་པའི་ཕྱིར། ཡང༌། བྱང་ཆུབ་སེམས་དཔའ་ཤ་ནི་ཁུ་ཆུ་དང་ཁྲག་ལས་བྱུང་བའི་ཕྱིར། ཡང་ཤ་མི་ཟའོ། །འབྱུང་པོ་རྣམས་དངང་བར་བྱེད་པའི་ཕྱིར་ཡང༌། བློ་གྲོས་ཆེན་པོ་བྱང་ཆུབ་སེམས་དཔའ་བྱམས་པར་འདོད་པ་དང༌། རྣལ་འབྱོར་ཅན་གྱིས་ཤ་ཐམས་ཅད་བཟའ་བར་མི་བྱའོ། །འདི་ལྟ་སྟེ། བློ་གྲོས་ཆེན་པོ་སྨེ་ཤ་ཅན། གདོལ་པ་དང་ཉ་པ་ལ་སོགས་པ་ཁྱིའི་ཤ་ཟ་བའི་སེམས་ཅན་རྣམས་ནི་རྒྱང་མ་ནས་མཐོང་ཡང༌། ཁྱི་རྣམས་འཇིགས་པར་ཟུག་སྟེ། ལ་ལ་ནི་བདག་ཅག་ཀྱང་གསོད་དུ་འོང་ངོ་ཞེས་ཤི་ལ་ཐུག་པར་འགྱུར་རོ། །དེ་བཞིན་དུ། བློ་གྲོས་ཆེན་པོ་ནམ་མཁའ་དང་ས་དང་ཆུ་ལ་གནས་པའི་འགྲོ་བ་ཤིན་ཏུ་ཕྲ་བ་གཞན་ཡོད་པ་དེ་དག་ཀྱང་ཤ་ཟ་བ་རྣམས་རྒྱང་མ་ནས་མཐོང་མ་ཐག་ཏུ། སྣའི་དབང་པོ་རྣོན་པོས་དྲི་ཚོར་ནས། སྲིན་པོ་ལས་ཡི་དྭགས་མྱུར་དུ་འབྱོལ་པ་བཞིན་ཏེ། ལ་ལ་ནི་ཤིར་དགོས་པས་ཀྱང་འགྱུར་རོ། །བློ་གྲོས་ཆེན་པོ་དེའི་ཕྱིར་དངང་བར་འགྱུར་བས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་གནས་པས་ཤ་མི་ཟའོ། །ཞེས་དང༌། ཡང༌། བློ་གྲོས་ཆེན་པོ་འཕགས་པའི་སྐྱེ་བོ་མང་པོའི་སེམས་རྗེས་སུ་བསྲུང་བའི་ཕྱིར་དང༌། བསྟན་པ་ལ་སྐུར་བ་སྤང་བར་འདོད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྙིང་རྗེའི་བདག་ཉིད་ཅན་གྱིས་ཤ་མི་ཟའོ། །འདི་ལྟ་སྟེ། བློ་གྲོས་ཆེན་པོ་འཇིག་རྟེན་ན་བསྟན་པ་ལ་སྐུར་བར་སྨྲ་བ་དག་ཡོད་དེ། ཀྱེ་མ་འདི་དག་གི་དགེ་སྦྱོར་ནི་ཇི་ཞིག་ཡོད། འདི་དག་གི་ཚངས་པར་འཇུག་པ་ཡང་ག་ལ་ཡོད་དེ། དེ་ལྟར་འདི་དག་གི་དགེ་སྦྱོར་ཉིད་ནི་ཉམས་སོ། །འདི་དག་གི་སྡིག་སྤངས་པ་ཉིད་ནི་ཞིག་གོ །འདི་དག་ལ་ནི་ཆོས་ཀྱང་མེད། འདུལ་བ་ཡང་མེད་དོ། །ཞེས་དེ་ལྟར་ལྡང་བའི་སེམས་འཆང་བ་རྣམས། རྣམ་པ་དུ་མས་བསྟན་པ་ལ་བསྐུར། དེའི་ཕྱིར་བློ་གྲོས་ཆེན་པོ་སྐྱེ་བོ་མང་པོའི་སེམས་རྗེས་སུ་བསྲུང་བའི་ཕྱིར་དང༌། བསྟན་པ་ལ་སྐུར་བ་སྤང་བར་འདོད་པའི་བྱང་ཆུབ་སེམས་དཔའ་སྙིང་བརྩེ་བའི་བདག་ཉིད་ཅན་གྱིས་ཤ་ཐམས་ཅད་མི་ཟའོ། །ཞེས་སོགས་དང༌། ཡང༌། བློ་གྲོས་ཆེན་པོ་མ་འོངས་པའི་དུས་ན། སྐྱེས་བུ་བླུན་པོ་འདུལ་བ་ལ་རྣམ་པར་རྟོག་པ་རྣམ་པ་མང་པོས་སྨྲ་བ། ཤ་ཟན་གྱི་རིགས་ཀྱི་བག་ཆགས་ཀྱི་བགོས་པ། རོ་ལ་སྲེད་པ་ལ་ཤིན་ཏུ་ཆགས་པ་ཁ་ཅིག་ནི་འདི་གསོད་པའི་ཁ་ཟས་ཡིན་པར་མི་འཛིན་ཏེ། བློ་གྲོས་ཆེན་པོ་སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པ། དགེ་བའི་རྩ་བ་བསྐྱེད་པ་དད་པ་ཅན་རྣམ་པར་རྟོག་པ་མི་མངའ་བ་ཤཱཀྱའི་རིགས་ཀྱི་བུའམ། རིགས་ཀྱི་བུ་ཕོ་དང༌། རིགས་ཀྱི་བུ་མོ་ལུས་དང་སྲོག་དང་ལོངས་སྤྱོད་ལ་མ་ཆགས་པ། རོ་ལ་མ་ཞེན་པ། རོ་ལ་མ་བརྐམ་པ། སྙིང་རྗེ་ཅན་འབྱུང་པོ་ཐམས་ཅད་བདག་བཞིན་དུ་རེད་པར་འདོད་པ། སེམས་ཅན་ཐམས་ཅད་ལ་བུ་གཅིག་བཞིན་དུ་སྡུག་པར་ལྟ་བའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ནི་དེ་སྙམ་དུ་འཛིན་པར་བཤད་དོ། །ཞེས་སོགས་དང༌། ཡང༌། བློ་གྲོས་ཆེན་པོ་ཚེ་འདི་ཉིད་ལ་ཡང་ཁྱིམ་བདུན་པོའི་གྲོང་ན། ཤ་ལ་ཤིན་ཏུ་བརྐམ་ཞིང་མ་འོངས་པར་བསྟེན་ན། མིའི་ཟ་བའི་ཕྲ་མིན་དང༌། ཕྲ་མིན་མ་རུང་པ་དག་ཏུ་སྐྱེའོ། །བློ་གྲོས་ཆེན་པོ་དེ་དག་ཚེ་རྗེས་ནས་ཀྱང༌། ཤའི་རོ་ལ་ཆགས་པ་དེ་ཉིད་ཀྱིས། སེང་གེ་དང༌། སྟག་དང༌། གཟིག་དང༌། སྤྱང་ཀུ་དང༌། རྟ་རག་ཤུ་དང༌། བྱི་ལ་དང༌། ཝ་དང༌། འུག་པ་ཤ་མང་པོ་ཟ་བའི་སྐྱེ་གནས་དང༌། ཤ་མང་དུ་ཟ་བའི་སྲིན་པོ་ལ་སོགས་པ་ཤིན་ཏུ་གཏུམ་པའི་སྐྱེ་གནས་སུ་ཡང་ལྟུང་བར་བྱེད་དོ། །དེར་ལྟུང་བ་རྣམས་མིའི་སྐྱེ་གནས་ཀྱང་ཐོབ་པར་དཀའ་ན། མྱ་ངན་ལས་འདས་པ་ལྟ་ཅི་སྨོས་ཏེ། བློ་གྲོས་ཆེན་པོ་ཤ་ཟ་བའི་ཉེས་པ་ཡང་དེ་དག་ལ་སོགས་པ་ཡིན་ན། ཞེས་དང༌། ཡང༌། བློ་གྲོས་ཆེན་པོ་གལ་ཏེ་ཇི་ལྟར་ཡང་ཤ་སུ་ཡང་མི་ཟ་ན་ནི། དེའི་ཕྱིར་སྲོག་ཆགས་རྣམས་ཀྱང་གསོད་པར་མི་འགྱུར་ན། བློ་གྲོས་ཆེན་པོ་སྲོག་ཆགས་ཉེས་པ་མེད་པར་རིན་གྱི་ཕྱིར་བསད་པ་ལ་ནི་ཕལ་ཆེའོ། །དེ་དག་ལས་གཞན་གྱི་ཕྱིར་ན་ཉུང་ངུའོ། །ཞེས་དང༌། ཡང༌། བློ་གྲོས་ཆེན་པོ་མ་འོངས་པའི་དུས་ན་ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ཞིང་ཤཱཀྱའི་སྲས་ཡིན་ནོ། །ཞེས་ཁས་ལེན་པ་ངུར་སྨྲིག་གི་རྒྱལ་མཚན་ཐོགས་པ། སྐྱེས་བུ་གླེན་པ་ལོག་པའི་རྟོག་གེས་སེམས་ཉམས་པར་གྱུར་པ་འདུལ་བ་ལ་རྣམ་པ་མང་པོར་རྣམ་པར་རྟོག་པ་སྨྲ་བ། འཇིགས་ཚོགས་ལ་ལྟ་བ་རྒྱས་པ། རོའི་སྲེད་པ་ལ་ཆགས་པ་རྣམས་ཤ་ཟ་བའི་གཏན་ཚིགས་སུ་བཅད་པར་སྣང་བ་དེ་དང་དེ་དག་བསྟན་ཏེ། ང་ལ་ཡང་དག་པ་མ་ཡིན་པར་བསྐུར་འདེབས་པར་སེམས་སོ། །ཞེས་དང༌། ཡང༌། དེའི་ཆེད་དུ་བྱས་པ་རྣམས་ཀྱང་བཀག་ཏེ་དེའི་ཕྱིར། རང་བཞིན་གྱིས་ཤི་བ་བཅུའི་ཤ་ནི་མ་བཀག་མོད་ཀྱི། འདིར་ནི་ཐམས་ཅད་ཀྱི་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཀུན་ཐབས་མེད་པར་རིལ་གྱིས་བཀག་སྟེ། དེ་ལྟར་བློ་གྲོས་ཆེན་པོ་ངས་ཤའི་ཟས་ནི་སུ་ལའང་མ་གནང་མི་གནང༌། གནང་བར་མི་འགྱུར་ཏེ། བློ་གྲོས་ཆེན་པོར་རབ་ཏུ་བྱུང་བ་རྣམས་ལ་ཤའི་ཟས་ནི་མི་རུང་བར་བཤད་དོ། །བློ་གྲོས་ཆེན་པོ་གང་ཡང་ང་ལ་དེ་བཞིན་གཤེགས་པས་ཀྱང་གསོལ་ཏེ། ཞེས་སྐུར་བ་འདེབས་པར་སེམས་པ་དེ་ཡང་བློ་གྲོས་ཆེན་པོ་སྐྱེས་བུ་བླུན་པོ་རང་གི་ལས་ཀྱི་ཉེས་པའི་སྒྲིབ་པ་ལ་གནས་པ་དེ་དག་ལ་ཡུན་རིང་པོར་དོན་མེད་པ་དང༌། གནོད་པ་དང༌། མི་བདེ་བ་བསྒྲུབ་པར་འགྱུར་རོ། །ཞེས་དང༌། ཡང༌། བྱང་ཆུབ་སེམས་དཔའ་སེམས་ཅན་གྱིས། །ཤ་དང་ཆང་དང་སྒོག་ཚོང་དང༌། །བཟའ་ཞིང་བཏུང་བར་མི་བགྱིའོ། །ཞེས་དང༌། ཡང༌། ཁུ་ཆུ་ཁྲག་ལས་བྱུང་བའི་ཕྱིར། །འབྱུང་པོ་རྣམས་ཀྱི་དངང་འགྱུར་བས། །རྣལ་འབྱོར་ཅན་གྱི་ཤ་མི་ཟ། །ཤ་རྣམས་དང་ནི་སྒོག་ཚོང་དང༌། །ཆང་དག་རྣམ་པ་སྣ་ཚོགས་དང༌། །ཤི་དང་སྒོག་སྐྱ་དེ་བཞིན་ཏེ། །རྣལ་འབྱོར་ཅན་གྱི་རྟག་ཏུ་སྤང༌། །ཞེས་དང༌། ཡང༌། ཁེ་ཡི་ཕྱིར་ནི་སེམས་ཅན་གསོད། །ཤ་ཡི་ཕྱིར་ནི་ནོར་སྦྱིན་བྱེད། །དེ་དག་གཉིས་ཀ་སྡིག་ལས་ཅན། །ངུ་འབོད་ལ་སོགས་རྣམས་སུ་འཚེད། །གང་གི་ཐུབ་པའི་ཚིག་འདས་ཏེ། །བསམ་པ་ངན་པ་ཤ་ཟ་ན། །འཇིག་རྟེན་གཉིས་ནི་གཞིག་པའི་ཕྱིར། །ཤཱཀྱའི་བསྟན་ལ་བརྟུལ་ཤུགས་བླངས། །ཤིན་ཏུ་མི་བཟད་དམྱལ་བར་ཡང༌། །སྡིག་གི་ལས་ཅན་དེ་དག་འདོད། །མ་རུང་འོད་དོད་འབོད་སོགས་སུ། །ཤ་ཟ་དེ་དག་བཙོ་བར་འགྱུར། །ཞེས་དང༌། ཡང༌། སེམས་ཅན་གཅིག་ལ་གཅིག་ཟ་བ། །ཤ་ཟན་དག་གི་རིགས་སུ་སྐྱེ། །དྲི་མི་ཞིམ་ཞིང་སྨད་པ་དང༌། །སྨྱོན་པ་རྣམས་སུ་སྐྱེ་བར་འགྱུར། །གདོལ་པ་སྨེ་ཤ་ཅན་རིགས་དང༌། །བཙོ་བླགས་མཁན་དུ་ཡང་སྐྱེའོ། །ཕྲ་མིན་རིགས་ཀྱི་སྐྱེ་གནས་དང༌། །ཤ་ཟའི་རིགས་སུ་སྐྱེ་བར་བསྟན། །མི་ཡི་ཐ་མ་དེ་དག་ནི། །སྲིན་དང་བྱི་ལའི་མངལ་དུ་སྐྱེ། །ཞེས་དང༌། ཡང༌། དེ་ལྟར་ཤ་དང་ཆང་ལ་སོགས། །བར་ཆད་བྱེད་པར་འགྱུར་བའོ། །མ་འོངས་པ་ཡི་དུས་སུ་ནི། །ཤ་ཟན་གཏི་མུག་སྨྲ་བ་དག །ཤ་ནི་སྡིག་མེད་རུང་བ་ཞེས། །སངས་རྒྱས་ཀྱིས་ནི་བཤད་ཅེས་ཟེར། །ཞེས་པ་ལ་སོགས་པ་མདོ་སྡེ་རྣམས་སུ་རྒྱ་ཆེར་གསུངས་པའི་ཕྱིར་རོ། །འདུལ་བར་ཡང༌། ཤ་ལ་གནང་བའི་སྐབས་མེད་པར་རིགས་དགོངས་ཏེ་རང་སངས་རྒྱས་ཉིད་ཀྱིས་འདུལ་བར་མ་གནང་བར་གསུངས་པའི་ཕྱིར་རོ། །མདོ་རྩར་གནང་ངོ་ཞེ་ན། འདི་གཞི་ཡོད་སྨྲའི་ཡིན་ལ་སྡེ་པ་གཞན་བཞིར་ཡང་ལྟ་དགོས་པའི་ཕྱིར་རོ། །

ད་ནི་གསུམ་པ་གསང་སྔགས་ཀྱི་བསླབ་བྱ་ལ་གཉིས་ཏེ། སྒྲ་ཅི་བཞིན་པ་དང༌། ཅི་བཞིན་མ་ཡིན་པའོ། །

དང་པོ་ནི། ཐེག་པ་ཆེན་པོ་གསང་སྔགས་སུ་གནང་བ་མ་ཡིན་ནམ་ཞེ་ན། འདི་ལ་བརྗོད་པར་བྱ་སྟེ། འདིར་བསད་པའི་ཤ་ནི་ཡེ་ནས་མ་གནང་སྟེ། སྔར་འཕགས་པ་འཇམ་དཔལ་གྱིས་གསུངས་པ་དང༌། དུས་ཀྱི་འཁོར་ལོའི་རྒྱུད་ཕྱི་མར། ཡན་ལག་ལྔ་པོས་སྲོག་ཆགས་བསད་དེ་སེང་གེ་སྦྲུལ་དང་ནེའུ་ལེ་སྟག་དང་བྱ་རོག་སོགས་སུ་སྐྱེ། །རྒྱལ་པོ་སྐྱེ་དགུའི་གསུམ་པོ་རྣམས་ཀྱིས་འགྱུར་ཏེ་བྱས་དང་བྱེད་དུ་བཅུག་དང་ཡི་རང་ཉིད་ལས་ཀྱང༌། །དགེ་སློང་སྙིང་རྗེ་མེད་པ་ལྕེ་ཡིས་ཤའི་རོ་མྱོང་རོ་རྣམས་སུ་ཡོངས་སུ་ཚོལ་བར་བྱེད་རྣམས་ཀྱིས། །བདག་ཉིད་གསོད་པ་ལ་སོགས་སྐྱོན་གྱིས་དམྱལ་བར་རབ་ཏུ་འཇུག་སྟེ་དགེ་ཚུལ་དག་དང་དགེ་སློང་ཡང༌། །དགེ་སློང་ནད་པ་རྣམས་ལ་སྨན་པས་ཁྲག་ཆེན་པོའི་སོགས་ཀྱིས་བསྣན་པ་སྟེ། །ཕའི་ཕྱོགས་དང་མཆོད་སྦྱིན་ལ་ཡང་མ་ཡིན་གློག་དག་མེ་ཆུ་ཚེ་ཟད་སྐྱོན་གྱིས་ཤི་རྣམས་ཀྱིས། །ཇི་ལྟར་རིགས་པས་ཐམས་ཅད་གང་ཚེ་ཉེས་པར་གྱུར་པ་མིན་པ་དེ་ཚེ་བཟའ་བར་གསུངས་པ་སྟེ། །དགེ་སློང་རྣམས་ལ་ཤ་ནི་གང་དེ་སྟོབས་བཅུ་ལྡན་པས་འཆི་ན་གཞོམ་པ་ལས་ནི་གཞན་པ་མིན། །ཤ་ལ་སོགས་པ་ཟོས་པས་གདོན་མི་ཟ་བར་ས་ཡི་འོག་ཏུ་གང་གིས་ལུས་ནི་ཆེས་ཆེ་བ། །སྲོག་ཆགས་ཡི་དྭགས་སོགས་སུ་ངེས་པར་སྐྱེ་བར་འགྱུར་ཏེ། ཞེས་སོགས་དུ་མ་གསུངས་པ་དང༌། དང་པོའི་སངས་རྒྱས་ཀྱི་རྒྱུད་དུ་ཡང༌། ཟ་བ་པོ་དང་གསོད་པ་པོ། །གཉིས་པོ་དག་ཀྱང་གསོད་པ་སྟེ། །ཞེས་གསུངས་པའི་ཕྱིར་རོ། །འོ་ན་ཤ་ལྔ་ལ་སོགས་ཇི་ལྟར་ཞེ་ན། དེ་ལ་འདིར་རང་བཞིན་གྱིས་ཤི་བ་སྟེ། ཤའི་ཆེད་དུ་མ་བསད་པའི་ཤ་ལྔ་ལ་བདུད་རྩིའི་རིལ་ལུ་བསྒྲུབས་ནས། རྒྱ་ཤུག་གི་ཚིག་ཙམ་རྣལ་འབྱོར་པས་དམ་ཚིག་གི་དོན་དུ་བཟའ་བར་བྱ་སྟེ། ལུས་ཀྱི་སྟོབས་འཕེལ་བ་དང༌། རིགས་ཀྱི་ང་རྒྱལ་བཅག་པ་དང༌། སེམས་ཅན་དེ་དག་དྲང་བར་བྱེད་པའི་དོན་ཏོ། །འདིར་རྣལ་འབྱོར་པས་ཤ་ཟོས་པའི་སེམས་ཅན་དེ་དག་དྲང་ནུས་པ་མ་གཏོགས་པས་ཤ་བཟའ་བར་བྱ་བ་མིན་ཏེ། ཀྱེའི་རྡོ་རྗེར། ཤ་ནི་མཁས་པས་བཟའ་བྱ་བ། །སེམས་ཅན་དེ་དེ་དབང་དུ་འགྱུར། །ཞེས་གསུངས་པ་ལྟར་རོ། །

གཉིས་པ་ངེས་པའི་དོན་དུ་ན། མིག་ལ་སོགས་པའི་དབང་པོ་ལྔ་ཡུལ་ལ་མི་རྒྱུག་པར་ནང་དུ་ཏིང་ངེ་འཛིན་ལ་གནས་པ་སྟེ། དུས་འཁོར་དུ། ནང་དུ་བདུད་རྩི་ལྔ་ནི་ཕུང་པོ་ལྔ་སྟེ། སོགས་པའི་སྒྲས་དབང་པོ་ལྔ་པོ་སྒྲོན་མ་ལྔའོ། །དེ་རྣམས་ལ་ལྟོས་པ་མེད་པ་ནི་བསྙེན་པ་སྟེ། ལུས་དང་རྫས་ལ་སྲེད་པ་ཡོངས་སུ་སྤངས་པའོ། །ཞེས་དང༌། མཁའ་འགྲོ་རྒྱ་མཚོར། སྐྱེ་མཆེད་རྣམས་ནི་ཤ་ཀུན་སྟེ། །སྤར་བ་བདེ་བའི་སེམས་ཀྱིས་སོ། །ཞེས་དང༌། དེའི་འགྲེལ་པར། གྲུ་གཟིངས་དུ་པད་མ་བཛྲས། པ་ལ་ཤ་ཞེས་གསུངས་པ་ནི་རྣ་བའི་དབང་པོ་སྡོམས་པས་བ་ལང་སྟེ། ཞེས་དང༌། ཡང༌། ཡེ་ཤེས་ཀྱི་བདག་ཉིད་ཀྱིས་རྣམ་པར་རྟོག་པ་ཟ་བར་བྱེད་དོ། །ཞེས་དང༌། ཡང༌། གླང་པོའི་ཤ་ཞེས་གསུངས་པ་ནི། སྣའི་དབང་པོར་ཞེས་དང༌། ཡང༌། ཕག་མོ་ལ་ནི་ཤ་ཐམས་ཅད། །ཅེས་གསུངས་པ་ནི། ལྕེའི་དབང་པོར་ཀྱང་བྱ་སྟེ། ཞེས་དང༌། ཡང༌། ཁྱི་དང༌། རྟ་དང༌། མ་ཧེ་ལ་སོགས་པའི་ཤ་ནི། རོ་དང་རེག་བྱ་དང་ཡིད་ཀྱི་ཡུལ་ལས་མཐོང་སྟེ། གསང་བའི་གདན་གྱི་མཚན་ཉིད་ཀྱི་རོ་ཡེ་ཤེས་ཀྱི་རོ་ལ་སོགས་པར་རྣམ་པར་རྟོག་པར་ཟ་བ་ཞེས་བྱ་བའི་དོན་ནོ། །ཞེས་དང༌། ཡང༌། མིག་ལ་སོགས་པ་རྣམ་པར་ཤེས་པ་དྲུག་གི་མཚན་ཉིད་ཀྱི་ཏིང་ངེ་འཛིན་གྱི་དུས་སུ་རྟོག་པ་ཟ་བ་སྤང་ངོ༌། །ཞེས་གསུངས་པ་ལྟར་རིགས་པར་བྱའོ། །འདིར་རྣམ་པར་བཤད་ན། ཤ་ལྔ་ནི་ཡུལ་ལྔ་ལ་རྒྱུག་པའི་དབང་པོའི་རྣམ་ཤེས་ལྔ་ཟ་ཞིང་རྟོག་མེད་ཀྱི་སྟོབས་རྒྱས་པར་བྱེད་པ་དང༌། རླུང་ལྔའི་དཀྱིལ་འཁོར་ཕྱི་རོལ་ཏུ་རྒྱུ་བ་མེད་པར་དབུ་མར་གཞུག་པ་དང༌། ཉོན་མོངས་ལྔ་བསྐྱེད་པའི་རྣམ་རྟོག་གྱི་ཤ་ཐམས་ཅད་ཟ་བར་བྱ་ཞིང༌། ཡེ་ཤེས་ཀྱི་སྟོབས་རྒྱས་པར་ཤ་ལྔ་ཟ་བའོ། །

ཀྱེ་མ་མདོ་རྒྱུད་ཉི་ཟླ་མ་མཐོང་ཞིང༌། །མུན་པའི་ཁྲོད་དུ་དམུས་ལོང་ནོར་བུ་ཚོལ། །ཟས་ལ་སྲེད་པས་རྒྱལ་ལ་སྐུར་བ་འདེབས། །ཀྱེ་མ་འགྲོ་བའི་གནས་གཅིག་གང་དུ་ཡོད། །ཀྱེ་མ་ཐེག་ཆེན་པ་ཞེས་ཁ་འཆིས་ཡང༌། །མཐའ་དྲུག་ཚུལ་བཞིའི་སྒོ་ལྕགས་དམ་པོ་ལ། །བླ་མ་རིགས་ལྡན་མན་ངག་ལྡེ་མེད་པར། །དབང་ཆེན་ནོར་གྱིས་བྱེད་པར་རློམ་པ་འཁྲུལ། །མཐའ་དྲུག་ཚུལ་བཞིའི་ལྡེ་མིག་ཚོལ་འདོད་ཀྱང༌། །ཤེས་རབ་མིག་བྲལ་བརྩོན་འགྲུས་ལག་པས་སྟོང༌། །ནོར་ཤ་ལྡག་པས་འདོད་ཡོན་ཁྲི་ལ་བཞུགས། །ལོག་བློ་ལྡན་པས་མདོ་རྒྱུད་དོན་རྟོགས་སྨྲ། །བློ་མིག་རྣམ་དག་བྲལ་བས་དོན་མིན་གྱི། །བསྟན་ བཅོས་མང་པོས་རང་གཞན་མ་བསླུས་སམ། །རྒྱལ་བའི་བཀའ་ཞེས་ཚུལ་མིན་སྣ་ཚོགས་བྱེད། །ཆོས་ལྡན་མཐོང་ནས་དཔུང་གིས་སུན་འབྱིན་བྱེད། །རང་ཉིད་མ་སྤྱོད་གཞན་གྱིས་བྱས་ཀྱང་འགེགས། །ཀྱེ་མ་ཀྱི་ཧུད་མདོ་རྒྱུད་དོར་བ་འཕངས། །མདོ་རྒྱུད་གཏམ་གྱིས་སྤྲེལ་ན་ཁ་ཆོས་མཁན། །ཅང་མེད་སྟོང་པར་བསྟན་ན་རྐང་གཉིས་གཙོ། །བདེན་གཉིས་ཤན་འབྱེད་བྱས་ན་ཐ་སྙད་མཁན། །ཀྱེ་མ་རྒྱལ་བའི་དགོངས་པ་ཇི་ལྟར་རྟོགས། །ཞེས་པ་ནི་བར་སྐབས་པའོ། །

འདི་བཀོད་དགེ་རྩ་གང་ཡིན་དེས། །ཁམས་སུམ་སེམས་ཅན་ཐམས་ཅད་ཀུན། །ཉོན་མོངས་དྲི་མ་དང་བྲལ་ནས། །དྲི་མེད་བསླབ་གསུམ་བསྲུང་གྱུར་ཅིག །ཅེས་པ་འདི་ནི་ཁྲོ་བོའི་ལོ་རྒྱལ་གྱི་ཟླ་བའི་ཚེས་ཉེར་གཅིག་གི་ཉིན་ཆུ་བོ་གང་གཱ་དང་ཉེ་བའི་གནས་ཀླུ་མ་དྲོས་པའི་ཕོ་བྲང་ཆེན་པོ་མ་བང་གི་འགྲམ་དུ་རྟོན་པ་བཞི་ལྡན་གྱིས་བཀོད་པའོ།། །།

འདིས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་པར་གྱུར་ཅིག །སརྦ་མངྒ་ལཾ།།

[མ་དཔེ་ནི་འཛམ་ཐང་པར་མ་ཡིན།]

ཤགས་འབྱེད་བསྡུས་པ་བཞུགས་སོ། །

[སློབ་དཔོན་དཀོན་བཟང་པའི་གསུང་ལ། སྦྱང་གཞི། སྦྱང་བྱ། སྦྱོང་བྱེད་གསུམ་སོ་སོ་ཡིན་གསུང༌། དཔོན་བྱང་པའི་གསུང་ལ། སྦྱང་གཞི། སྦྱོང་བྱེད་སོ་སོ་ཡིན་ན། སྦྱོང་བྱེད་དེས་སྦྱང་གཞི་སྦྱང་བར་མི་ནུས། སྦྱང་གཞི་སྦྱོང་བྱེད་སོ་སོ་མ་ཡིན། ཡང་སློབ་དཔོན་པའི་གསུང་ལ། གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད་དུ་གསུངས་པ་དེ། ད་ལྟར་སྣང་ཚོང་པའི་གཟུགས་འདི་མ་ཡིན། བདེ་གཤེགས་སྙིང་པོའི་གཟུགས་ཟེར་བ་ཅིག་ཡོད་པ་དེ་ཡིན། དེ་སྦྱོང་བྱེད་རྡོ་རྗེའི་རྣལ་འབྱོར་གྱིས་སྦྱངས་པས་མངོན་དུ་འགྱུར་བ་ཡིན། དེ་ལ་རྣམ་པར་སྣང་མཛད་ཅེས་ཟེར། དེ་གསུམ་ཐ་དད་ཡིན། དཔོན་བྱང་པ་གསུང་བ་ལ། གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད་དུ་གསུངས་པ་དེ། ད་ལྟར་ཐ་མལ་གྱི་གཟུགས་འདི་ཁོ་ན་ཡིན། བདེ་གཤེགས་སྙིང་པོའི་གཟུགས་ཀྱང་འདི་ཡིན། འདི་ལས་གཞན་པའི་བདེ་གཤེགས་སྙིང་པོའི་གཟུགས་གཞན་མེད། སྦྱོང་བྱེད་རྡོ་རྗེའི་རྣལ་འབྱོར་ཟེར་བའི་ལམ་གཞན་ཞིག་གིས་སྦྱོང་བ་མིན། གཟུགས་ཡེ་གདོད་མ་ནས་རང་བཞིན་མེད་པ་ལ་དེ་ལྟར་རྟོགས་པ་དེ་སྦྱོང་བྱེད་རྡོ་རྗེའི་རྣལ་འབྱོར་ཡིན། དེ་ཁོ་ན་མེ་ལོང་ལྟ་བུའི་ཡེ་ཤེས་སམ་རྣམ་པར་སྣང་མཛད་ཡིན་ཏེ། དེ་ལྟར་རྟོགས་པའི་ངོས་ནས་སྦྱང་གཞི་སྦྱོང་བྱེད་སྦྱངས་འབྲས་རྣམས་ཐ་དད་དུ་འགྱུར་བ་རྡུལ་ཙམ་ཡང་མེད། གལ་ཏེ་སློབ་དཔོན་པ་གསུང་བ་བཞིན་ཐ་དད་དུ་གྲུབ་པ་ཡོད་ན། སྦྱང་གཞི་དེ་སྦྱོང་བྱེད་དེས་སྦྱོང་བར་མི་ནུས། སྦྱངས་འབྲས་དེ་མི་འཐོབ། ཐོབ་ཀྱང་དགོས་པ་མེད་པ་ཅིག་འོང༌། ཡང་སློབ་དཔོན་པའི་གསུང་ལ། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱང་གཟུགས་མ་ཡིན་ཀྱང་གཟུགས་ཀྱི་རྣམ་པར་སྣང་བ་པྲ་ཕབ་པའི་རྣམ་པ་ལྟ་བུ་ཅིག་ཡིན་ཞེས་བཞེད། ཡང་དཔོན་བྱང་པའི་གསུང་ལ། གཟུགས་ཀྱི་རྣམ་པར་སྣང་བ་དེ་མེ་ལོང་ལྟ་བུའི་ཡེ་ཤེས་མ་ཡིན། གཟུགས་ཀྱི་རྣམ་པར་སྣང་བ་རང་བཞིན་མེད་པར་མངོན་སུམ་དུ་ཤེས་པ་དེ་མེ་ལོང་ལྟ་བུའི་ཡེ་ཤེས་ཡིན། གཟུགས་ཀྱི་རྣམ་པར་སྣང་བ་མེ་ལོང་ལྟ་བུའི་ཡེ་ཤེས་ཡིན་ན། སྣང་བ་ཐམས་ཅད་མེ་ལོང་ལྟ་བུའི་ཡེ་ཤེས་སུ་འགྱུར་རོ། །དུས་འཁོར་ནས་མེ་ལོང་ལྟ་བུའི་ཡེ་ཤེས་པྲ་ཕབ་པའི་རྣམ་པ་ལྟ་བུ་ཞེས་བཤད་པ་དེ། པྲ་ཕབ་པའི་རང་སྣང་ལ་ལྟོས་ནས་དཔེར་གཞག་པ་མ་ཡིན། སྣང་ཡུལ་དེ་ལ་ལྟོས་ནས་དཔེར་གཞག་པ་ཡིན་གསུང༌།

རིན་པོ་ཆེ་པའི་དྲུང་ནས་དང༌། བླ་མ་ཀུན་མཁྱེན་པའི་དྲུང་ནས། དོན་ཡིན་ལུགས་ཇི་ལྟའི་སྟེང་ནས་གཤགས་དྲང་པོར་འབྱེད་པར་ཞུ།

སྦྱང་གཞི་སྦྱང་བྱ་སྦྱོང་བྱེད་གསུམ་ཐ་དད་ཡིན་པའི་རྒྱུ་མཚན་སྦྱང་བྱ་དང་སྦྱོང་བྱེད་སྤང་བྱ་དང་གཉེན་པོ་ཡིན་ཞིང༌། སྦྱང་གཞི་སྤང་གཉེན་གང་ཡང་མ་ཡིན་པའི་ཕྱིར། ཞེས་སློབ་དཔོན་པའི་སྒྲུབ་བྱེད་བཀོད། ཡང་དཔོན་བྱང་པའི་གསུང་གིས། སྦྱང་བྱ་སྦྱོང་བྱེད་སྤང་གཉེན་གྱི་ངོས་ནས་ཐ་དད་པ་དེ། ཕར་ཕྱིན་མན་ཆད་ཀྱི་ཆོས་སྐད་ཡིན། རྡོ་རྗེ་ཐེག་པ་འབྲས་བུ་ལམ་དུ་བྱེད་པའི་ལུགས་ལ། གཞི་ལམ་འབྲས་བུ་དབྱེར་མེད་དུ་འདོད། དེའི་རྒྱུ་མཚན་རང་བཞིན་གང་དུ་ཡང་མ་གྲུབ་པར་ངོ་བོ་གཅིག་པའི་ཕྱིར་རོ། །གཉེན་པོས་སྦྱང་བྱ་སྤངས་ཀྱང་འཆིང་ལ། གཉེན་པོ་རང་བཞིན་མེད་པར་ཤེས་ན་སྦྱང་བྱ་གྲུབ་པ་མེད་དོ། །སྦྱང་གཞི་སྤང་བྱ་མ་ཡིན་ཟེར་བ་འདི་ཀུན་མཚན་ཉིད་ཀྱི་སྐད་རང་ལ་ཡང་འཛོལ་བ་ཆེན་པོར་འགྱུར་རོ། །མཚན་ཉིད་ཕ་རོལ་ཏུ་ཕྱིན་པ་ལ་ཡང་ངེས་པའི་དོན་ལ་སྤང་གཉེན་ཐ་དད་དུ་མེད་དེ་གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །དེ་ལས་དེ་གཞན་མ་ཡིན། ཞེས་གསུངས་སོ། །འདི་ནི་ཞུ་བའི་ཡི་གེ་ཞལ་བཤུས་པའོ། །དེའི་ལན་ནི།]

[འདི་ཡན་ཆད་ནི་འབྲས་གནས་བཅུའི་དཔེ་རྙིང་ཕྱི་ལ། ༡༥༤ དབུ་ཅན་བྲིས་མ་ཞིག་ན་བཞུགས་ཀྱང་འཛམ་པར་ན་མི་བཞུགས།]

༈ བླ་མ་དང་དཀོན་མཆོག་གསུམ་ལ་གུས་པས་ཕྱག་འཚལ་ལོ། །མཁས་པ་ཆེན་པོ་སློབ་དཔོན་དཀོན་བཟང་དང༌། དཔོན་བྱང་པའི་བཞེད་ལུགས་མི་མཐུན་པ་འདི་ལ། བོད་ཀྱི་སློབ་དཔོན་འགའ་ཞིག་གི་བཞེད་ལུགས་དཔང་དུ་བྱས་ན། དཔོན་བྱང་པ་མད་པར་འགྱུར་ཞིང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་བཞེད་ལུགས་དཔང་དུ་བྱས་ན། སློབ་དཔོན་དཀོན་བཟང་པ་མད་པར་མངོན་ ཏེ། དེའི་རྒྱུ་མཚན་བོད་ཀྱི་སློབ་དཔོན་མང་པོའི་བཞེད་ལུགས་ལ། ཆོས་ཀྱི་སྐུ་དང༌། རང་བྱུང་ཡེ་ཤེས་དང༌། ཕྱག་རྒྱ་ཆེན་པོ་དང༌། ཡུམ་ཆེན་མོ་དང༌། རྡོ་རྗེ་སེམས་དཔའ་དང༌། ཀུན་ཏུ་བཟང་པོ་དང༌། རྡོ་རྗེ་འཆང་ཆེན་དང༌། དེ་ཁོ་ན་ཉིད་དང༌། དོན་དམ་པ་དང༌། དེ་བཞིན་ཉིད་དང༌། ཡང་དག་པའི་མཐའ་དང༌། མཐར་ཐུག་སྙིང་པོའི་དོན་དང༌། དེ་བཞིན་གཤེགས་པའི་སྙིང་པོ་ཞེས་པ་ལ་སོགས་པ་ཟབ་མོའི་མཐར་ཐུག་ཐུན་མོང་མ་ཡིན་པས་གསུངས་པ་ཐམས་ཅད་མིང་ཙམ་ཐ་དད་ཀྱང་དོན་ལ་ཐ་དད་པ་མེད་དེ། ཆོས་ཀྱི་དབྱིངས་ཉིད་ལ་དེ་དང་དེར་གསུངས་པ་ཡིན་ཞིང༌། ཆོས་ཀྱི་དབྱིངས་སམ། ཆོས་ཉིད་ཅེས་བྱ་བ་ཡང་སྟོང་ཉིད་ལ་གསུངས་ཏེ། སྟོང་ཉིད་ཀྱང་ཆོས་ཐམས་ཅད་རང་རང་ངོ་བོས་སྟོང་པ། ཡང་དག་པར་ན་སྐྱེ་བ་མེད་ཀྱང༌། ཀུན་རྫོབ་རྟེན་འབྲེལ་གྱི་སྐྱེ་བ་མ་འགགས་པར་འཆར་བ་འདི་ཙམ་ཁོ་ན་ལ་གསུངས་ཀྱི། རང་སྟོང་ལས་ལྷག་པའི་སྟོང་ཉིད་མེད་པས་རང་སྟོང་དུ་གནས་པའི་ཤེས་པ་དང༌། ཤེས་བྱ་ཐམས་ཅད་ཆོས་ཀྱི་སྐུ་ཡིན། རང་བྱུང་ཡེ་ཤེས་ཡིན། ཕྱག་རྒྱ་ཆེན་པོ་ཡིན། དེ་བཞིན་དུ། ཡུམ་ཆེན་མོ་ཡིན་པ་ནས། བདེ་གཤེགས་སྙིང་པོ་ཡིན་ཞེས་པའི་བར་དུ་འདོད་པའི་རྒྱུ་མཚན་གྱིས། ད་ལྟར་གྱི་སྣང་གྲགས་འདི་ ཉིད་ཁོ་ན། སྐུ་གསུམ་མམ། སྐུ་བཞིར་ཡང་འདོད་དེ། སྣང་བའི་ཆ་སྤྲུལ་སྐུ། སྟོང་པའི་ཆ་ཆོས་སྐུ། རིག་པའི་ཆ་ལོངས་སྐུ། དབྱེར་མེད་པའི་ཆ་ངོ་བོ་ཉིད་སྐུ་ཡིན་པས། སྣང་སྲིད་ཐམས་ཅད་སྐུ་གསུམ་མམ་བཞིར་གྲོང་ངེ༌། ཕྱག་རྒྱ་ཆེན་པོར་ལྷག་གེ །རང་བྱུང་ཡེ་ཤེས་སུ་ལམ་མེ། ཕུང་པོ་ཁམས་དང་སྐྱེ་མཆེད་འདི་རྣམས་ཉིད་ཀ་དཀྱིལ་འཁོར་གྱི་ལྷ་དང་ལྷ་མོ། ཉོན་མོངས་པ་ལྔ་པོ་འདི་ཉིད་ཀ་ཡེ་ཤེས་ལྔ། སེམས་ཅན་གྱི་སེམས་འདི་ཀ་སངས་རྒྱས་ཡིན་གྱི་འདི་ལས་གཞན་པའི་སངས་རྒྱས་མེད་པས། འཁོར་བ་འདི་ཀ་མྱང་འདས། རྣམ་རྟོག་འདི་ཀ་ཆོས་སྐུ། མ་རིག་པ་འདི་ཀ་ཡེ་ཤེས་ཡིན་ཡང༌། དེ་ལྟར་ངོ་མ་ཤེས་པར་ལ་འཁོར་བ། དེ་ལྟར་ངོ་ཤེས་པ་ཉིད་ན་མྱ་ངན་ལས་འདས་པའམ། སངས་རྒྱས་ཐོབ་པ་ཞེས་བྱ་སྟེ། དོན་ལ་ཐོབ་བྱའི་སངས་རྒྱས་མེད་པས་འབྲས་བུ་ཨར་སངས་ནས་སྟོར་ཡང༌། འབྲས་བུ་སངས་རྒྱས་ཡེ་ནས་མེད་པ་ལ་མེད་པ་ཉིད་དུ་ངོ་ཤེས་ཤིང༌། ཐག་ཆོད་པ་ཙམ་ལ་འབྲས་བུ་སངས་རྒྱས་ཐོབ་ཅེས་བཏགས་པ་ཙམ་དུ་ཟད་པས། དེ་ལྟར་བླ་མའི་མན་ངག་གིས་ངོ་སྤྲད་ནས་ངོ་ཤེས་པ་ཉིད་ན། འབྲས་བུ་ཕྱི་དུས་སུ་མ་ལུས་པར་ད་ལྟ་ཉིད་དུ་ཐོབ་པ་ཡིན། དེ་ཉིད་ལ་གཞི་ལམ་འབྲས་བུ་སྟོར་བ་ཞེས་ཀྱང་འདོད། གཞི་འཁྲུལ་ལམ་ཞིག་འབྲས་བུ་སད་ཀྱིས་ཁྱེར་བ་ཞེས་ཀྱང་སྨྲ། ལྟ་སྒོམ་སྤྱོད་འབྲས་ཐམས་ཅད་སྟོར་ནས་ཐལ་ལོ། །ཞེས་མགུར་མར་ཡང་གྱེར་བར་གདའ།

དེ་ལྟར་མ་ཡིན་པར་སངས་རྒྱས་བཟང་བཟང་པོ་ཞིག་འདོད་ན། ཐོབ་དུས་མེད་པ་དང༌། འབྲས་བུ་ཕྱི་དུས་སུ་ལུས་པ་ལ་སོགས་པའི་སྐྱོན་མང་པོ་ཡོད་ཅེས་འདོད་པ་དང༌།

ཡང་བོད་འགའ་ཞིག་གི་བཞེད་པས། ཀུན་རྫོབ་སྣང་གྲགས་འདི་རྣམས་དང་པོ་ནས་སངས་རྒྱས་སུ་ཡོད་པ་མ་ཡིན་གྱི། འདི་རྣམས་རང་སྟོང་དུ་ངོ་ཤེས་ན་སངས་རྒྱས་ཡིན་ཞེས་པ་དང༌། སེམས་ཅན་གྱི་ཁམས་སེམས་འདི་སྟོང་ཉིད་དུ་ངོ་ཤེས་ན་སངས་རྒྱས། རྣམ་རྟོག་འདི་བདེན་མེད་དུ་ངོ་ཤེས་ན་ཆོས་སྐུ། དུག་ལྔ་འདི་རང་བཞིན་མེད་པར་ངོ་ཤེས་ན་ཡེ་ཤེས་ལྔའམ་རྒྱལ་བ་རིགས་ལྔ་ཡིན་པས། མ་རིག་པ་དང་ཡེ་ཤེས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཡིན་ཏེ། ངོ་མ་ཤེས་ན་མ་རིག་པ། ངོ་ཤེས་ན་ཡེ་ཤེས་ཡིན་ཞིང༌། དེ་ལྟར་རྟོགས་པས་སངས་རྒྱས་ལ་ཉིན་འགུག་བྱས། འཁོར་བའི་སྟེང་དུ་སངས་རྒྱས་ཀྱི་དུར་ས་བཏབ་ཞེས་པ་ལ་སོགས་པ་འདོད་པ་དང༌།

ཡང་བོད་འགའ་ཞིག་གིས་བཞེད་པས། ད་ལྟར་གྱི་སྣང་གྲགས་སྣ་ཚོགས་འདི་ཉིད་ཀ་སྣང་བའི་ཆ་ཀུན་རྫོབ་འཁོར་བ། སྟོང་བའི་ཆ་དོན་དམ་མྱ་ངན་ལས་འདས་པ་ཡིན་པས་སྣང་སྟོང་ཟུང་འཇུག་དབྱེར་མེད་འདི་ཉིད་ཀ་བདེན་གཉིས་དབྱེར་མེད་དང༌། འཁོར་འདས་དབྱེར་མེད་ཡིན་པའི་ཕྱིར། འདི་ལས་ལྷག་པའི་དོན་དམ་དང་ཆོས་སྐུ་དང༌། མྱ་ངན་ལས་འདས་པ་གཞན་མེད་ཅིང༌། གསང་སྔགས་ཀྱི་ལྷ་ཡབ་ཡུམ་གཉིས་གཉིས་འཁྱུད་པ་ཐམས་ཅད་སྣང་སྟོང་ཟུང་འཇུག་འདི་ཉིད་ཀ་ལས་གསུངས་ཏེ། སྣང་བའི་ཆ་འདི་ཉིད་ཀ་ཐབས་ཡིན་པས་ཡབ་ཡིན། སྟོང་པའི་ཆ་འདི་ཉིད་ཀ་ཤེས་རབ་ཡིན་པས་ཡུམ་ཡིན། དེ་གཉིས་མི་འབྲལ་བས་འཁྱུད་པ་དེ་སྣང་སྟོང་ཟུང་འཇུག་འདི་མི་འབྲལ་བ་ཉིད་ཀ་ལ་དགོངས་པ་ཡིན་པས། ད་ལྟར་གྱི་སྣང་གྲགས་སྣ་ཚོགས་འདི་ཉིད་ཀ་བདེ་དགྱེས་ལ་སོགས་པ་སངས་རྒྱས་ཡབ་ཡུམ་རྣམས་ཀྱང་ཡིན་ཞིང༌། དེ་བཞིན་དུ། གཟུགས་རྣམ་པར་སྣང་མཛད། ཚོར་བ་རིན་ཆེན་འབྱུང་ལྡན། འདུ་ཤེས་འོད་དཔག་མེད། འདུ་བྱེད་དོན་ཡོད་གྲུབ། རྣམ་པར་ཤེས་པ་མི་བསྐྱོད་པ། སའི་ཁམས་སྤྱན་མ། ཆུ་མཱ་མ་ཀཱི། མེ་གོས་དཀར་མོ། རླུང་སྒྲོལ་མ། ནམ་མཁའ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ། མིག་ས་ཡི་སྙིང་པོ། རྣ་བ་ཕྱག་ན་རྡོ་རྗེ། སྣ་ནམ་མཁའི་སྙིང་པོ། ལྕེ་འཇིག་རྟེན་དབང་ཕྱུག །ལུས་སྒྲིབ་པ་རྣམ་སེལ། ཡིད་ཀུན་ཏུ་བཟང་པོ། གཟུགས་ལ་སོགས་པའི་ཡུལ་དྲུག་ནི། གཟུགས་རྡོ་རྗེ་མ་ལ་སོགས་པ་སེམས་མ་དྲུག །ལག་པ་ལ་སོགས་པ་ལས་དབང་ཡུལ་དང་བཅས་པ་རྣམས་ནི། ཁྲོ་བོ་ཡུམ་དང་བཅས་པ་ཡིན་ཞེས་གསུངས་པ་ཡང༌། རང་སྟོང་དུ་གནས་པ་འདི་ཀ་ལ་དགོངས་པ་ཡིན། དེ་བཞིན་དུ།བཤང་བ་རྣམ་པར་སྣང་མཛད། གཅི་བ་མི་བསྐྱོད་པ། ཁྲག་རིན་ཆེན་འབྱུང་ལྡན། ཁུ་བ་འོད་དཔག་མེད་ལ་སོགས་པར་གསུངས་པ་ཡང་དེ་ཡིན། ཉོན་མོངས་པ་ལྔ་ཡེ་ཤེས་ལྔར་གསུངས་པའི་དགོངས་པ་ཡང་དེ་ཡིན། འདོད་ཆགས་གཤིན་རྗེ་གཤེད། ཞེ་སྡང་གཤིན་རྗེ་གཤེད། གཏི་མུག་གཤིན་རྗེ་བཤེད་ལ་སོགས་པར་གསུངས་པའི་དགོངས་དོན་ཡང་དེ་ཡིན། ཤ་ནི་པུ་ཀ་སི། ཁྲག་ནི་རི་ཁྲོད་མ། ཁུ་བ་ནི་གདོལ་བ་མོ། རྐང་དང་ཚུལ་བུ་ནི་གཡུང་མོ། པགས་པ་བྱང་ཆུབ་ཡན་ལག་བདུན། རུས་པ་ནི་བདེན་པ་བཞིར་གསུངས་པ་ལ་སོགས་པའི་དགོངས་པ་ཡང་དེ་ཡིན་པས། ད་ལྟར་གྱི་སྣང་གྲགས་འདི་ལས་གཞན་པའི་སངས་རྒྱས་མེད་ཅིང༌། སྐུ་བཞི་ཡེ་ཤེས་ལྔ་ལ་སོགས་པ་ཡང་མེད། གལ་ཏེ་འདི་ལས་གཞན་པའི་སངས་རྒྱས་ཅིག་བྱུང་སྲིད་ན་དེ་ལྟས་ངན་ཡིན། དེ་ལ་ཐོབ་དུས་ཀྱང་མི་ཡོང༌། ཐོབ་པ་ལ་དགོས་པ་ཡང་མེད་ཅེས་པ་ལ་སོགས་པར་འདོད་པ་མང་ཞིང་དེ་བཞིན་དུ་མི་སྟོང་པའི་དངོས་པོ་འགའ་ཡང་མེད་པས། ཕྱག་རྒྱ་ཆེན་པོའམ། རང་བྱུང་ཡེ་ཤེས་སམ། ཆོས་སྐུ་མ་ཡིན་པའི་དངོས་པོ་འགའ་ཡང་མི་སྲིད་པའི་ཕྱིར། ཡུལ་དུས་གནས་སྐབས་ཕྱོགས་བཅུ་དུས་གསུམ་གང་དུ་སོང་ཞིང་གང་དུ་གནས་ནས་བྱ་བ་ཇི་ལྟར་བྱེད་ཀྱང་ཆོས་སྐུ་ཉིད་ཀྱི་ངང་ནས་འཕྱོ། རང་བྱུང་ཡེ་ཤེས་ཉིད་ཀྱི་ཀློང་ན་གནས། ཕྱག་རྒྱ་ཆེན་པོ་ཉིད་ཀྱི་རྒྱ་ལས་མ་འདས་ཏེ། དཔེར་ན། ནམ་མཁའི་བྱ་གང་དུ་འཕུར་ཡང་ནམ་མཁའ་ཉིད་ལས་མ་འདས་པའམ། རྒྱ་མཚོའི་ཉ་གང་དུ་འཕྱོ་ཡང་རྒྱ་མཚོ་ཉིད་ལས་མ་འདས་པ་དང་འདྲ། དེ་ལྟར་རྟོགས་ནས་སྤང་བླང་དགག་བསྒྲུབ་རེ་དོགས་གང་ཡང་མེད་པས། སྤྱོད་པ་ཤུགས་བྱུང་འགག་མེད་གང་ཤར་ཤར་དང་གང་དྲན་དྲན་གང་ཡིན་ཡིན་བྱས་པས་ཆོག །དེ་ལྟ་བུའི་གང་ཟག་དབང་པོ་ཡང་རབ་ལ། ས་ལམ་རིམ་པར་བགྲོད་དགོས་པ་མེད་དེ། དེ་ལྟར་མ་རྟོགས་བར་ལ་འཁོར་བ། དེ་ལྟར་རྟོགས་ཙམ་ཉིད་ན་སངས་རྒྱས་ཐོབ་པ་ཡིན་པས་དེ་ལ་ཅིག་ཆར་བ་ཞེས་བྱ། རིམ་གྱིས་པ་ལ་མི་དགེ་བ་སྤོང་ཞིང་དགེ་བ་བསྒྲུབ་པ་ལ་སོགས་པས་ས་ལམ་རིམ་གྱིས་བགྲོད་བགོས་པ་ཡིན། དེ་གཉིས་ཀྱི་དཔེ་ནི། ལྗོན་ཤིང་གི་སྟེང་དུ་བྱ་ནམ་མཁའ་ལ་འཕུར་ནས་སོང་ཞིང༌། སྤྲེའུ་མས་ཡར་འཛེག་པ་དང་འདྲ། བཅོམ་ལྡན་འདས་ཀྱིས་མདོ་རྒྱུད་རྣམས་སུ། ཆོས་བྱར་མེད་གསུངས་པ་ཐམས་ཅད་ཅིག་ཆར་བ་ལ་དགོངས་ཤིང༌། ཆོས་བྱར་ཡོད་གསུངས་པ་ཐམས་ཅད་རིམ་གྱིས་པ་ལ་དགོངས་ཏེ། དེས་ན། རིམ་གྱིས་པ་ཡི་སྨན་མཆོག་དེ། །ཅིག་ཆར་བ་ཡི་དུག་ཏུ་འགྱུར། །ཅིག་ཆར་བ་ཡི་སྨན་མཆོག་དེ། །རིམ་གྱིས་པ་ཡི་དུག་ཏུ་འགྱུར། །ཞེས་པ་ལ་སོགས་པ་འདོད་པ་མང་བར་གདའ།

ཡང་བོད་འགའ་ཞིག་གིས་བཞེད་པས། སྣང་བ་ཐམས་ཅད་སེམས་ཡིན། སེམས་སྟོང་པ་ཡིན། སྟོང་པ་ཆོས་ཉིད་ཡིན་པས། དེ་ལྟར་བླ་མས་ངོ་སྤྲད་ནས། སློབ་མས་ངོ་ཤེས་པ་དེ་ཆོས་ཉིད་མཐོང་བ་ཡིན་ཞིང༌། ཆོས་ཉིད་མཐོང་བ་འཕགས་པའམ་སངས་རྒྱས་ཡིན་པས་སེམས་ངོ་འཕྲོད་པ་ཐམས་ཅད་འཕགས་པའམ་སངས་རྒྱས་ཡིན་པར་འདོད་པ་ལ། འོ་ན་འཕགས་པ་དང་སངས་རྒྱས་ཀྱི་ཡོན་ཏན་རྣམས་ཐོབ་བམ། ཞེས་རྩོད་ན་འདིའི་ལན་ལ། ཁ་ཅིག་ན་རེ། ཡོན་ཏན་ཅན་གྱི་འཕགས་པ་དང༌། སངས་རྒྱས་མེད་ཀྱང་ཡོད་པ་སྐད་གསུངས་པ་དེ་རྣམས་དྲང་དོན་ཡིན་པས་རྫུན་ཡིན། དེས་ན་ཡོན་ཏན་ཅན་གྱི་འཕགས་པ་དང༌། སངས་རྒྱས་མེད་པ་ལ་མེད་པ་ཉིད་དུ་ཐག་ཆོད་པ་ཀས་ཡོན་ཏན་ཐོབ་པའི་གོ་ཡང་ཆོད། ཅེས་འདོད་པ་དང༌།

ཡང་ཁ་ཅིག་ན་རེ། སེང་གེའི་མངལ་རྒྱ་དང༌། ཁྱུང་གི་སྒོང་རྒྱ་དང༌། རྣལ་འབྱོར་པའི་ལུས་རྒྱ་རྣམས་མཚུངས་པ་ཡིན་པས། ལུས་རྒྱ་དང་བྲལ་མ་ཐག་ཡོན་ཏན་ཐམས་ཅད་འཐོབ་བའི་ཕྱིར། ནམ་ཤི་སངས་རྒྱས་ཡིན། ཐོབ་པ་བོར་ཆོག་པ་ཡིན། ཞེས་འདོད་པ་དང༌།

ཡང་ཁ་ཅིག་ན་རེ། བུ་ཆུང་སྐྱེས་མ་ཐག་པས། དཔའ་བོའི་བྱ་བ་བྱེད་མི་ནུས་ཀྱང༌། རིམ་གྱིས་ཆེར་སྐྱེས་ནས་གཡུལ་ངོ་བཟློག་ནུས་པར་འགྱུར་བའམ། ཉི་མ་ཤར་མ་ཐག་གིས་འཁྱག་པ་འཇུ་མི་ནུས་ཀྱང༌། ཡུན་བསྲིངས་པས་འཇུ་ནུས་པ་དང་འདྲ་བར། མཐོང་ལམ་དང་སངས་རྒྱས་ཐོབ་མ་ཐག་པ་ལ་དེ་དང་དེའི་ཡོན་ཏན་མེད་ཀྱང༌། རིམ་གྱིས་ཐོབ་པར་འགྱུར། ཞེས་པ་དང༌།

ཡང་ཁ་ཅིག་ན་རེ། འཕགས་པ་དང༌། སངས་རྒྱས་ཀྱི་ཡོན་ཏན་ངེད་ལ་ཡོད་ཀྱང༌། ཁྱེད་རང་གིས་མ་མཐོང་བ་ཡིན། ཞེས་པ་དང༌།

ཡང་ཁ་ཅིག་ན་རེ། གཞན་སྣང་ཁོ་ན་ལ་འཆར་བའི་ཡོན་ཏན་དགོས་ན་ནི་སྔོན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་ཡོན་ཏན་མེད་པར་འགྱུར་ཞིང༌། རང་སྣང་ཁོ་ན་ལ་འཆར་བས་ཆོག་ན་ནི། ངེད་སེམས་ངོ་འཕྲོད་པ་རྣམས་ལ་ཡང་ཡོད་པས་སྐྱོན་མེད་ཅེས་པ་ལ་སོགས་པ་ལན་འདེབས་ལུགས་མང་བར་གདའ།

ཡང་བོད་འགའ་ཞིག་གི་བཞེད་པས། སངས་རྒྱས་ལ་རྟོགས་པ་མངོན་གྱུར་གྱི་སངས་རྒྱས་དང༌། ཡོན་ཏན་རབ་རྫོབ་ཀྱི་སངས་རྒྱས་ཞེས་བྱ་བ་གཉིས་ཡོད་པ་ལས། ད་ལྟ་སེམས་ངོ་ཤེས་པ་ཙམ་གྱིས་ཐོབ་པའི་སངས་རྒྱས་དེ་རྟོགས་པ་མངོན་གྱུར་གྱི་སངས་རྒྱས་ཡིན། ཡོན་ཏན་རབ་རྫོགས་ཀྱི་སངས་རྒྱས་དེ་ཕྱིས་རིམ་གྱིས་འཐོབ་པར་འགྱུར། ཞེས་པ་དང༌།

ཡང་བོད་འགའ་ཞིག་ན་རེ། ཕུང་པོ་ཁམས་དང༌། སྐྱེ་མཆེད་རྣམས་དང༌། ཉོན་མོངས་པ་རྣམས་དང༌། ཤ་དང༌། ཁྲག་དང༌། རྐང་དང༌། རུས་པ་དང༌། པགས་པ་དང༌། སྐྲ་དང༌། བ་སྤུ་ལ་སོགས་པ་ལུས་ཀྱི་ཁམས་རྣམས་དཀྱིལ་འཁོར་གྱི་ལྷ་ཚོགས་དངོས་མ་ཡིན་ཡང་དེ་རྣམས་ཀྱི་སྦྱང་གཞི་ཡིན་པས། དེ་ལ་དགོངས་ནས་ཕུང་པོ་ལ་སོགས་པ་དཀྱིལ་འཁོར་གྱི་ལྷ་ཚོགས་སུ་གསུངས་པ་ཡིན། དེ་ལམ་གྱིས་སྦྱངས་པས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་སུ་གནས་གྱུར་ནས་འགྲོ་སྟེ། དཔེར་ན། འོ་མ་ཞོར་གྱུར་པའམ། ཟངས་ལྕགས་གསེར་དུ་གྱུར་པའམ། རྡོ་བ་རིན་པོ་ཆེར་གྱུར་པའམ། སྲིན་བུ་སྦྲང་མར་གྱུར་པ་དང་འདྲ། ཞེས་པ་ལ་སོགས་པས་སངས་རྒྱས་ཡེ་ཤེས་ཀྱི་སྐུ་ལ་ངོ་བོ་འགྱུར་བའི་གནས་གྱུར་འདོད་པ་མང་བར་གདའ། སྦྱོང་བྱེད་ལམ་ལ་ཡང་འདོད་ལུགས་མི་མཐུན་པ་མང་དུ་གདའ་ཞིང་མདོར་ན་གཞི་ལམ་འབྲས་བུས་བསྡུས་པའི་ཆོས་རྣམས་ལ། སངས་རྒྱས་ཀྱི་དགོངས་པ་དང་མི་མཐུན་པའི་འདོད་ལུགས་ཆེས་ཤིན་ཏུ་མང་བར་གདའ་སྟེ། ཡི་གེ་མང་དུ་དོགས་ནས་མ་བྲིས་སོ། །

༈ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་བཞེད་པ་ལྟར་ ན། ཆོས་ཀྱི་སྐུ་དང་རང་བྱུང་གི་ཡེ་ཤེས་ནས། དེ་བཞིན་གཤེགས་པའི་སྙིང་པོ་ཞེས་པའི་བར་དུ་སྔར་སྨོས་པ་དེ་རྣམས་སྟོང་པ་ཉིད་ལ་བཞེད་ཀྱང༌། སྟོང་པ་ཉིད་ལ་གཉིས་ཏེ། ཀུན་རྫོབ་རྟེན་འབྲེལ་ལས་མ་འདས་པའི་སྟོང་ཉིད་དང༌། དོན་དམ་རྟེན་འབྲེལ་ལས་འདས་པའི་སྟོང་ཉིད་དོ། །

དེ་ལས་དང་པོ་ནི། ཆོས་ཅན་གློ་བུར་བ་འགྱུར་བའི་ཆོས་ཅན། གསོག་གསོབ། བརྫུན་པ་བསླུ་བ་སྟེ། རང་རང་ངོ་བོས་སྟོང་པ་ཀུན་རྫོབ་སྟོང་ཉིད་དོ། །

གཉིས་པ་ནི། ཆོས་ཉིད་གཉུག་མ་འགྱུར་བ་མེད་པའི་རང་བཞིན་བདེན་པ་ཡང་དག་པ་མི་བསླུ་བ་སྟེ། རང་གིས་མི་སྟོང་ཡང་རང་ལས་གཞན་ཀུན་རྫོབ་ཀྱིས་སྟོང་པ་དོན་དམ་སྟོང་ཉིད་དོ། །

ཡང་ཆོས་སྐུ་དང་སྟོང་ཉིད་ལ་མུ་གཉིས་ཏེ། སྟོང་ཉིད་ཡིན་ཡང་ཆོས་སྐུ་མ་ཡིན་པ་དང༌། སྟོང་ཉིད་ཀྱང་ཡིན་ལ་ཆོས་སྐུ་ཡང་ཡིན་པའོ། །

དེ་ལ་དང་པོ་ནི། ཆོས་ཅན་ཀུན་རྫོབ་རང་སྟོང་སྟེ། གཤིས་ཀྱི་གནས་ལུགས་ལ་ནམ་ཡང་མ་གྲུབ་ཅིང་དཔྱད་མི་བཟོད་པའོ། །

གཉིས་པ་ནི། ཆོས་ཉིད་དོན་དམ་གཞན་སྟོང་སྟེ། ནམ་ཡང་མེད་པ་མ་ཡིན་ཞིང་དཔྱད་བཟོད་པའོ། །དེ་བཞིན་དུ། རང་བྱུང་ཡེ་ཤེས་དང༌། ཕྱག་རྒྱ་ཆེན་པོ་དང༌། ཡུམ་ཆེན་མོ་དང༌། རྡོ་རྗེ་སེམས་དཔའ་དང༌། ཀུན་ཏུ་བཟང་པོ་དང༌། རྡོ་རྗེ་འཆང་ཆེན་དང༌། དེ་ཁོ་ན་ཉིད་དང༌། དོན་དམ་པ་དང༌། དེ་བཞིན་ཉིད་དང༌། ཡང་དག་པའི་མཐའ་དང༌། མཐར་ཐུག་སྙིང་པོའི་དོན་དང༌། དེ་བཞིན་གཤེགས་ པའི་སྙིང་པོ་དང༌། དོན་དམ་བྱང་ཆུབ་ཀྱི་སེམས་དང༌། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་དང༌། ལྷན་ཅིག་སྐྱེས་པའི་སྐུ་དང༌། ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང༌། ལྷན་ཅིག་སྐྱེས་པའི་དགའ་བ་དང༌། འགྱུར་མེད་མཆོག་གི་བདེ་བ་ཆེན་པོ་དང༌། ཨ་ཡིག་དང༌། ཨེ་ཝཾ་གི་དོན་དང༌། ཆོས་འབྱུང་དང༌། ཆུ་སྐྱེས་དང༌། བྷ་ག་དང༌། སེང་གེའི་ཁྲི་དང༌། གསང་བ་དང༌། གསང་ཆེན་དང༌། རྡོ་རྗེ་ཕག་མོ་དང༌། བདག་མེད་མ་དང༌། རྡོ་རྗེ་དང༌། ཐིག་ལེ་དང༌། དགྱེས་པ་རྡོ་རྗེ་དང༌། བདེ་མཆོག་འཁོར་ལོ་དང༌། གསང་བ་འདུས་པ་དང༌། སྒྱུ་འཕྲུལ་དྲ་བ་དང༌། མ་ཧཱ་མཱ་ཡ་དང༌། རྡོ་རྗེ་གདན་བཞི་དང༌། སངས་རྒྱས་ཐོད་པ་དང༌། རྡོ་རྗེ་མཁའ་འགྲོ་དང༌། མཁའ་འགྲོ་རྒྱ་མཚོ་དང༌། ཧེ་རུ་ཀ་དང༌། རྡོ་རྗེ་འཇིགས་བྱེད་དང༌། དུས་ཀྱི་འཁོར་ལོ་ཞེས་པ་ལ་སོགས་པ་རྣམས་དང༌། ཡབ་རྒྱལ་བ་རིགས་དྲུག་དང༌། ཡུམ་དེ་བཞིན་གཤེགས་མ་དྲུག་དང༌། སྲས་སེམས་དཔའ་སེམས་མ། ཁྲོ་བོ་ཁྲོ་མོ་ལ་སོགས་པ་དོན་དམ་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་དང༌། དོན་དམ་པའི་སྔགས་དང༌། དོན་དམ་པའི་རྒྱུད་ཐམས་ཅད་ལ་ཡང་སྟོང་པ་ཉིད་དང་མུ་གཉིས་གཉིས་སུ་ཤེས་པར་བྱ་སྟེ། ཆོས་སྐུ་ལ་ཡང་བཤད་པ་ཇི་ལྟ་བ་དེ་བཞིན་དུའོ། །དེའི་ཕྱིར་ཆོས་སྐུ་ནས་དོན་དམ་པའི་སྔགས་དང་རྒྱུད་ཀྱི་བར་གང་ཡིན་པ་དེ་ནི་རང་སྟོང་མ་ཡིན་ཞིང༌། རང་སྟོང་གང་ཡིན་པ་དེ་ཡང་ཆོས་སྐུ་ནས་དོན་དམ་པའི་རྒྱུད་ཀྱི་བར་དུ་མ་ཡིན་ནོ། །

ཡང་འདིར་བདེན་པ་གཉིས་ལས། དོན་དམ་པའི་བདེན་པ་ནི་སྐྱེ་འཇིག་མེད་ཅིང་འདུས་མ་བྱས་པ་སྟེ། རྟེན་འབྲེལ་ལས་འདས་པའོ། །ཀུན་རྫོབ་ཀྱི་དངོས་པོ་ནི་སྐྱེ་ཞིང་འཇིག་པའི་ཆོས་ཅན། རྒྱུ་དང་རྐྱེན་ལས་རག་ལས་པ་སྟེ། འདུས་བྱས་པའོ། །

འཁོར་འདས་གཉིས་ལས། ཁམས་གསུམ་འཁོར་བ་ནི་ཀུན་ནས་ཉོན་མོངས་པ་ཅན་སྡུག་བསྔལ་གསུམ་མམ་བརྒྱད་ཀྱིས་བསྡུས་པ་སྟེ། ཟག་པ་དང་བཅས་པའོ། །མྱ་ངན་ལས་འདས་པ་ཆེན་པོ་ནི་སྡུག་བསྔལ་རྒྱུ་དང་བཅས་པ་ཐམས་ཅད་ལས་ཡང་དག་པར་འདས་པ་སྟེ། ཟག་པ་མེད་པའི་བདེ་བ་ཆེན་པོ་རྒྱུན་ཆད་མེད་པའོ། །

རྣམ་ཤེས་ཡེ་ཤེས་གཉིས་ལས། རྣམ་པར་ཤེས་པ་ནི་མིན་པ་མུན་ནག་གམ་དུག་ལྟ་བུ་སྤང་བར་བྱ་བ་སྟེ། ཀུན་རྫོབ་རང་སྟོང་ངོ༌། །རང་བྱུང་ཡེ་ཤེས་ནི་འོད་གསལ་བའི་སྣང་བའམ། བདུད་རྩི་ལྟ་བུ་སྤང་བར་བྱ་བ་མ་ཡིན་པ་སྟེ། དོན་དམ་གཞན་སྟོང་ངོ༌། །

རྣམ་པར་ཤེས་པའི་རང་སྣང་ནི། ཀུན་རྫོབ་ཀྱི་ཁམས་གསུམ་པ་རྡུལ་དང༌། སྐད་ཅིག་ལས་མ་འདས་པ་སྟེ། ལས་དང་ཉོན་མོངས་པས་སྤྲུལ་པ་སྡུག་བསྔལ་གྱི་རང་བཞིན་ནོ། །

རང་བྱུང་ཡེ་ཤེས་ཀྱི་རང་སྣང་ནི། དོན་དམ་པའི་ཁམས་གསུམ་པ་རྡུལ་དང༌། སྐད་ཅིག་ལས་འདས་པ་སྟེ། རྒྱུ་རྐྱེན་གང་གིས་ཀྱང་མ་བསྐྱེད་ཅིང་སྡུག་བསྔལ་མེད་པའི་བདེ་བ་ཆེན་པོ་རྒྱུན་ཆད་མེད་པའོ། །

རྣམ་པར་ཤེས་པ་དང་དེའི་རང་སྣང་ནི། སྨྲ་བསམ་བརྗོད་དུ་ཡོད་ཅིང་རྟོག་གེའི་སྤྱོད་ཡུལ་དུ་རུང་བ་སྟེ། ཆ་ཤས་དང་བཅས་ཤིང་དཔེ་དང་བཅས་པའོ། །

རང་བྱུང་ཡེ་ཤེས་དང་དེའི་རང་སྣང་ནི། སྨྲ་བསམ་བརྗོད་དུ་མེད་ཅིང་རྟོག་གེའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པ་སྟེ། ཆ་ཤས་མེད་ཅིང་དཔེར་བྱ་ཀུན་ལས་འདས་པའོ། །

བདེ་གཤེགས་སྙིང་པོ་དང་གློ་བུར་དྲི་མ་གཉིས་ལས། བདེ་གཤེགས་སྙིང་པོ་ནི་རང་བཞིན་འོད་གསལ་ཆོས་ཀྱི་སྐུ་སྟེ། གཉུག་མ་ལྷན་སྐྱེས་གཞོམ་དུ་མེད་ཅིང་འཛག་པ་མེད་པའི་བདེ་བ་ཆེན་པོ་མཁའ་ལྟར་ཁྱབ་པའོ། །གློ་བུར་དྲི་མ་ནི་ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བ་དབུགས་འགྱུ་བ་དང་བཅས་པ་སྟེ། འཕོ་བའི་བག་ཆགས་མ་སྤངས་པའོ། །

དེ་ལྟ་བས་ན། བདེན་པ་གཉིས་དང༌། འཁོར་འདས་གཉིས་དང༌། རྣམ་ཤེས་ ཡེ་ཤེས་གཉིས་པོ་སོ་སོའི་རང་སྣང་དང་བཅས་པ་ནི་ཁྱད་པར་ཤིན་ཏུ་ཆེ་སྟེ། འདུས་བྱས་དང་འདུས་མ་བྱས་ཀྱི་ཁྱད་པར་དང༌། གློ་བུར་བ་དང་གཉུག་མའི་ཁྱད་པར་དང༌། བཅོས་མ་དང་རང་བཞིན་གྱི་ཁྱད་པར་ལ་སོགས་པ་དུ་མའི་སྒོ་ནས་ཁྱད་ ཞུགས་སོ། །

ངོ་བོ་ཉིད་གསུམ་ལས། ཀུན་བཏགས་གཞན་དབང་གཉིས་ནི། ཆོས་ཅན་གློ་བུར་བ་སྟེ། ཀུན་རྫོབ་རང་སྟོང་ངོ༌། །འགྱུར་བ་མེད་པའི་ཡོངས་གྲུབ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། དོན་དམ་གཞན་སྟོང་ངོ༌། །

ཕྱི་ནང་གཞན་གསུམ་ལས། ཕྱི་སྣོད་འཇིག་རྟེན་དང་ནང་བཅུད་སེམས་ཅན་ནི་འགྱུར་བའི་ཆོས་ཅན་གློ་བུར་བ་སྟེ། ཀུན་རྫོབ་རང་སྟོང་ངོ༌། །གཞན་བདེ་གཤེགས་སྙིང་པོ་ནི་ཆོས་ཉིད་གཉུག་མ་འཕོ་འགྱུར་མེད་པ་སྟེ། དོན་དམ་གཞན་སྟོང་ངོ༌། །

སྤྱིར་གཞི་ལམ་འབྲས་བུ་གསུམ་ལས། གཞི་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་གནས་སུ་གྱུར་པ་བདེ་གཤེགས་སྙིང་པོ་ཀུན་གཞི་ཡེ་ཤེས་ཏེ། སྐྱོན་གྱི་ཆ་རྣམས་སྦྱང་བའི་གཞི་དང༌། ཡོན་ཏན་གྱི་ཆ་རྣམས་མངོན་དུ་འགྱུར་བའི་གཞིའོ། །ལམ་ནི། གཞི་དེ་ལ་སྐྱོན་གྱི་ཆ་རྣམས་ཟད་པར་བྱེད་ཅིང༌། ཡོན་ཏན་གྱི་ཆ་རྣམས་མངོན་དུ་གྱུར་པའི་ཐབས་སུ་གྱུར་པ་ཚོགས་གཉིས་འཁོར་དང་བཅས་པ་སྟེ། ཡེ་ཤེས་ཀྱི་ཚོགས་ཀྱིས་ཆོས་སྐུའི་ཡོན་ཏན་གདོད་ནས་ལྷུན་གྲུབ་ཏུ་རྟག་པར་གནས་པའི་སྒྲིབ་གཡོགས་སེལ་བར་བྱེད་ཅིང༌། བསོད་ནམས་ཀྱི་ཚོགས་ཀྱིས་གཟུགས་སྐུའི་ཡོན་ཏན་སྔོན་མེད་རིམ་གྱིས་བསྐྱེད་པར་བྱེད་པའོ། །འབྲས་བུ་ནི། བྲལ་འབྲས་ཆོས་སྐུ་དོན་དམ་དེ་ཁོ་ན་ཉིད་ཀྱི་སྐུ་དང༌། བསྐྱེད་འབྲས་གཟུགས་སྐུ་ཀུན་རྫོབ་བརྡའི་སྐུ་སྟེ། རང་གི་དོན་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་གནས་སོ། །

དེ་ལྟར་ཆོས་སྐུ་དྲི་མ་དང་བྲལ་བའི་གཞི་ནི། རང་བཞིན་གྱི་རིགས་ཆོས་ཀྱི་དབྱིངས་རྣམ་པ་ཀུན་ལྡན་རྣམ་པ་མེད་པ་སྟེ། གཏེར་ཆཻན་པོ་སྔ་ནས་ཡོད་པ་ལྟ་བུའོ། །གཟུགས་སྐུ་བསྐྱེད་པའི་ས་བོན་རྒྱས་པའི་རིགས་དགེ་བའི་རྩ་བ་གསར་དུ་བསྐྱེད་པ་ནི་འབྲས་བུ་བཟང་པོ་ཅན་གྱི་ལྗོན་ཤིང༌། སྔོན་མེད་རིམ་གྱིས་བསྐྱེད་པ་ལྟ་སྟེ། དེ་ཡང་རང་བཞིན་གྱི་རིགས་ལ་བརྟེན་ཏོ། །

ཁྱད་པར་དུ་སྦྱང་བཞི་སྦྱང་བྱ་སྦྱོང་བྱེད་སྦྱངས་འབྲས་བཞི་ལས། སྦྱང་བའི་གཞི་ནི། ཀུན་གཞི་ཡེ་ཤེས་བདེ་གཤེགས་སྙིང་པོ་དྲི་བཅས་དེ་བཞིན་ཉིད་དེ། སྤྲིན་ཚོགས་འཁྲིགས་པའི་ནམ་མཁའ་དང༌། འདམ་གྱིས་གཡོགས་པའི་ནོར་བུ་ལྟ་བུའོ། །སྦྱང་བྱའི་དྲི་མ་ནི། དབུགས་ལ་ཞོན་པའི་ཀུན་གཞི་རྣམ་ཤཻས་འཁོར་དང་བཅས་པ་སྟེ། སྤྲིན་དང་འདམ་རྫབ་ལྟ་བུའོ། །སྦྱོང་བྱེད་ལམ་ནི། འཕོ་བའི་སྐད་ཅིག་འགག་པར་བྱེད་པའི་ཐབས་མཆོག་འཁོར་དང་བཅས་པ་སྟེ། སྤྲིན་ཚོགས་འཐོར་བའི་རླུང་དང༌། འདམ་རྫབ་འཁྲུད་པའི་ཆུ་རྒྱུན་ལྟ་བུའོ། །སྦྱངས་པའི་འབྲས་བུ་ནི། འཕོ་བའི་སྐད་ཅིག་འགགས་པའི་གཞི་ལ་འཕོ་མེད་བདེ་སྟོང༌། རང་བྱུང་གི་ཡེ་ཤེས་གདོད་ནས་ལྷུན་གྲུབ་ཏུ་རྟག་པར་བཞུགས་པ་དེ་མངོན་དུ་གྱུར་ཅིང་ཐོབ་པ་སྟེ། སྤྲིན་ཚོགས་སངས་པའི་ནམ་མཁའ་དག་པ་མངོན་དུ་གྱུར་པ་དང༌། དྲི་བྲལ་ནོར་བུ་ཐོབ་ནས། དགོས་དགུ་ཚང་བ་ལྟ་བུའོ། །

དེ་ལྟ་བས་ན་ཐམས་ཅད་མཁྱེན་པས་གསུངས་པའི་ལུང་དང་རིགས་པ་དང༌། མན་ངག་དམ་པའི་རྗེས་སུ་འབྲངས་ནས་སྦྱང་བྱའི་དྲི་མ་དང༌། སྦྱང་བའི་གཞི་དག་དབྱེར་མེད་གཅིག་ཏུ་མི་འཐད་དེ། སྦྱངས་པ་ན་འབྲལ་དུ་རུང་བ་དང༌། མི་རུང་བའི་ཁྱད་པར་ལ་སོགས་པ་ཁྱད་པར་མང་པོའི་སྒོ་ནས་ཐ་དད་པའི་ཕྱིར། དཔེར་ན། སྤྲིན་དང་ནམ་མཁའ་གཅིག་པར་མི་འཐད་པ་དང༌། སྔར་སྨོས་པའི་འདམ་དང་ནོར་བུ་དབྱེར་མེད་གཅིག་ཏུ་མི་འཐད་པ་བཞིན་ནོ། །ཁྱད་པར་མང་པོ་གང་ཞེ་ན། སྦྱང་གཞི་ནི་ཆོས་ཉིད་དེ། སྦྱང་བྱའི་དྲི་མ་ནི་ཆོས་ཅན་ནོ། །སྦྱང་གཞི་ནི་དོན་དམ་སྟེ། སྦྱང་བྱའི་དྲི་མ་ནི་ཀུན་རྫོབ་བོ། །སྦྱང་གཞི་ནི་འདུས་མ་བྱས་པ་སྟེ། སྦྱང་བྱ་ནི་འདུས་བྱས་སོ། །སྦྱང་གཞི་ནི་རྣམ་ཤེས་ཀྱི་ཆོས་ལས་འདས་པ་སྟེ། སྦྱང་བྱ་ནི་རྣམ་ཤེས་ཀྱི་ཆོས་ལས་མ་འདས་པའོ། །སྦྱང་གཞི་ནི་རྡུལ་དང་སྐད་ཅིག་ལས་འདས་པ་སྟེ། སྦྱང་བྱ་ནི་དེ་དག་ལས་མ་འདས་པའོ། །སྦྱང་གཞི་ནི་དབུགས་འགྱུ་བ་དང་འཕོ་བའི་བག་ཆགས་ལས་འདས་པ་སྟེ། སྦྱང་བྱ་ནི་དེ་དག་ལས་མ་འདས་པའོ། །སྦྱང་གཞི་ནི་མི་རྟོག་ཡེ་ཤེས་ཀྱི་སྤྱོད་ཡུལ་ཏེ། སྦྱང་བྱ་ནི་རྟོག་གེའི་སྤྱོད་ཡུལ་ལས་མ་འདས་པའོ། །སྦྱང་གཞི་ནི་གཟུང་འཛིན་ལས་འདས་པ་སྟེ། སྦྱང་བྱ་ནི་དེ་དག་ལས་མ་འདས་པའོ། །སྦྱང་གཞི་ནི་འགྱུར་མེད་བདེ་ཆེན་ལྷུན་གྱིས་གྲུབ་པ་སྟེ། སྦྱང་བྱ་ནི་སྡུག་བསྔལ་རྒྱུ་དང་བཅས་པའོ། །སྦྱང་གཞི་ནི་རང་བཞིན་གྱིས་འཇིག་རྟེན་ལས་འདས་པ་སྟེ། སྦྱང་བྱ་ནི་འཇིག་རྟེན་ལས་མ་འདས་པའོ། །སྦྱང་གཞི་ནི་རང་བཞིན་གྱིས་མྱ་ངན་འདས་པ་ཆེན་པོ་སྟེ། སྦྱང་བྱ་ནི་མྱ་ངན་ལས་མ་འདས་པའོ། །སྦྱང་གཞི་ནི་བདུད་དང་ཉོན་མོངས་པ་དང་ཤེས་བྱ་དང་སྙོམས་འཇུག་གི་སྒྲིབ་པ་ལས་འདས་པ་སྟེ། སྦྱང་བྱ་ནི་དེ་རྣམས་ལས་མ་འདས་པའོ། །སྦྱང་གཞི་ནི་སྡུག་བསྔལ་གསུམ་མམ་བརྒྱད་ལས་འདས་པ་སྟེ། སྦྱང་བྱ་ནི་དེ་རྣམས་ལས་མ་འདས་པའོ། །སྦྱང་གཞི་ནི་ཉེར་ལེན་གྱི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ལས་འདས་པ་སྟེ། སྦྱང་བྱ་ནི་དེ་རྣམས་ལས་མ་འདས་པའོ། །སྦྱང་གཞི་ནི་སྨྲ་བསམ་བརྗོད་དུ་མེད་པའི་དབྱིངས་ཀུན་ལས་འདས་པ་སྟེ། སྦྱང་བྱ་ནི་སྨྲ་བསམ་བརྗོད་དུ་ཡོད་ཅིང་ཉི་ཚེ་བའོ། །སྦྱང་གཞི་ནི་དཔེར་བྱ་ཀུན་ལས་འདས་ཤིང་ཐུན་མོང་མ་ཡིན་པ་སྟེ། སྦྱང་བྱ་ནི་དཔེར་བྱ་བ་ལས་མ་འདས་ཤིང་ཐུན་མོང་པའོ། །སྦྱང་གཞི་ནི་ཡོན་ཏན་དང་ལེགས་པ་དཔག་ཏུ་མེད་པའི་གནས་ཏེ། སྦྱང་བྱ་ནི་སྐྱོན་དང་ཉེས་དམིགས་དཔག་ཏུ་མེད་པའི་གནས་སོ། །དེ་དག་ལ་སོགས་པ་རྣམས་མང་ཞིང༌། ཆེས་མང་བའི་སྒོ་ནས་ཁྱད་པར་ཞུགས་པར་བློ་དང་ལྡན་པ་རྣམས་ཀྱིས་ཤེས་པར་བྱའོ། །དེ་བཞིན་དུ། ཕྱོགས་དང་མཚུངས་པའི་དཔེའི་སྒོ་ནས་ཀྱང་གསལ་བར་ཁོང་དུ་ཆུད་པར་བྱ་སྟེ་འདི་ལྟར། སྦྱང་གཞི་ནི་འདུས་མ་བྱས་ནམ་མཁའ་ལྟ་བུ་སྟེ། སྦྱང་བྱ་ནི་སྤྲིན་དང་ཁུག་རྣ་ལ་སོགས་པ་ལྟ་བུའོ། །སྦྱང་གཞི་ནི་སྤྲིན་གྱིས་བསྒྲིབས་པའི་ཉི་ཟླ་ལྟ་བུ་སྟེ། སྦྱང་བྱ་ནི་སྒྲིབ་བྱེད་སྤྲིན་ཚོགས་ལྟ་བུའོ། །སྦྱང་གཞི་ནི་ཡིད་བཞིན་གྱི་ནོར་བུ་ལྟ་བུ་སྟེ། སྦྱང་བྱ་ནི་དེ་ལ་གཡོགས་པའི་འདམ་རྫབ་ལྟ་བུའོ། །སྦྱང་གཞི་ནི་བུམ་ནང་གི་མར་མེ་ལྟ་བུ་སྟེ། སྦྱང་བྱ་ནི་བུམ་པའི་སྦུབས་ལྟ་བུའོ། །སྦྱང་གཞི་ནི་སའི་གཏིང་གི་ཆུ་གཙང་ལྟ་བུ་སྟེ། སྦྱང་བྱ་ནི་དེ་ལ་གཡོགས་པའི་ས་རྡོ་ལྟ་བུའོ། །སྦྱང་གཞི་ནི་པད་མའི་སྦུབས་ན་བཞུགས་པའི་སངས་རྒྱས་ལྟ་བུ་སྟེ། སྦྱང་བྱ་ནི་དེ་ལ་གཡོགས་པའི་པད་མའི་སྦུབས་ལྟ་བུའོ། །སྦྱང་གཞི་ནི་སྦྲང་རྩིའི་གོང་བུ་ལྟ་བུ་སྟེ། སྦྱང་བྱ་ནི་དེ་ལ་འདུས་པའི་བུང་བ་མང་པོ་འཁྲིགས་པ་ལྟ་བུའོ། །སྦྱང་གཞི་ནི་འབྲའི་སྙིང་པོ་ལྟ་བུ་སྟེ། སྦྱང་བྱ་ནི་དེའི་ཤུན་པ་ལྟ་བུའོ། །སྦྱང་གཞི་ནི་མི་གཙང་བའི་འདམ་དུ་བྱིང་བའི་ས་ལེ་སྦྲམ་ཆེན་པོ་ལྟ་བུ་སྟེ། སྦྱང་བྱ་ནི་དེ་ལ་གཡོགས་པའི་མི་གཙང་བ་ལྟ་བུའོ། །སྦྱང་གཞི་ནི་མི་ཟད་པའི་གཏེར་ཆེན་ལྟ་བུ་སྟེ། སྦྱང་བྱ་ནི་དེ་དག་ལ་གཡོགས་པའི་ས་རྡོ་ལྟ་བུའོ། །སྦྱང་གཞི་ནི་རྒྱལ་བའི་སྐུ་གཟུགས་གོས་རུལ་གྱིས་བཏུམས་པ་ལྟ་བུ་སྟེ། སྦྱང་བྱ་ནི་གོས་ཧྲུལ་དྲི་མ་ཅན་དེ་ཉིད་ལྟ་བུའོ། །དེ་བཞིན་དུ། བུད་མེད་ངན་མའི་ལྟོ་ན་མི་བདག་དང༌། རྡོའི་ནང་ན་འོད་གསལ་བའི་བཻ་ཌཱུརྱ་དང༌། འཇིམ་པ་དང་ས་རྡོའི་ནང་ན་གསེར་དང༌། འོ་མ་ལ་མར་དང༌། ཤིང་ལ་མེ་དང༌། ཏིལ་ལ་ཏིལ་མར་གནས་པ་ལ་སོགས་པ་དཔེ་ཤིན་ཏུ་མང་པོའི་སྒོ་ནས། སྦྱང་བྱ་གློ་བུར་དྲི་མའི་སྦུབས་ནས། སྦྱང་གཞི་བདེ་ཤཻགས་སྙིང་པོ་བཞུགས་པར་གསུངས་ཤིང༌། དེ་དང་དེ་དབྱེར་མེད་ཅིག་མ་ཡིན་པར་ཡང་གསུངས་པས་ཐམས་ཅད་མཁྱེན་པའི་བཞེད་ལུགས་དང༌། བོད་འགའ་ཞིག་གི་བཞེད་ལུགས་ནི་མི་མཐུན་པར་སྣང་ངོ༌། །

དེ་བཞིན་དུ། སྦྱང་བྱ་དང༌། སྦྱོང་བྱེད་དབྱེར་མེད་གཅིག་ཡིན་པ་ཡང་བོད་འགའ་ཞིག་གི་བཞེད་ལུགས་ལ་འཐད་མོད་ཀྱི། ཐམས་ཅད་མཁྱེན་པའི་ལུགས་ལ་ཤིན་ཏུ་མི་འཐད་དེ། དེ་གཉིས་སྤང་བྱ་དང༌། དེ་འཇོམས་བྱེད་ཀྱི་གཉེན་པོ་ཡིན་པའི་ཕྱིར། དཔེར་ན། མུན་པ་དང་སྣང་བའམ། ནད་དྲག་པོ་དང་སྨན་བཟང་པོའམ། གྲང་རེག་དང་ཚ་རེག་བཞིན་ནོ། །

དེ་བཞིན་དུ། སྤྲིན་སོགས་དང་དེ་འཐོར་བའི་རླུང་དབྱེར་མེད་གཅིག་ཏུ་མི་འཐད་པ་དང༌། དྲི་མ་མི་གཙང་བ་དང༌། དེ་དག་འཁྲུད་པའི་ཆུ་གཙང་དབྱེར་མེད་གཅིག་ཏུ་མི་འཐད་པ་དང༌། བུམ་པའི་སྦུབས་དང་དེ་གཅོགས་པའི་ཐོ་བ་ལ་སོགས་པ་དབྱེར་མེད་གཅིག་ཏུ་མི་འཐད་པ་དང༌། ས་རྡོ་དང་དེ་དག་སེལ་བའི་ལག་ཆ་དབྱེར་མེད་གཅིག་ཏུ་མི་འཐད་པ་ལ་སོགས་པ་དཔེ་དང༌། རྒྱུ་མཚན་མང་པོའི་སྒོ་ནས་སྦྱང་བྱ་དང་སྦྱོང་བྱེད་དབྱེར་མེད་ཅིག་མ་ཡིན་པར་རྟོགས་པར་བྱ་སྟེ། མཁས་པ་རྣམས་ཀྱི་སྤྱོད་ཡུལ་ལོ། །

དེ་བཞིན་དུ། སྦྱང་བྱ་སྦྱོང་བྱེད་གཉིས་དང༌། སྦྱངས་འབྲས་ཀྱང་དབྱེར་མེད་གཅིག་ཏུ་མི་འཐད་དེ། འདུས་བྱས་དང་འདུས་མ་བྱས་ཀྱི་ཁྱད་པར་དང༌། སྐད་ཅིག་དང་རྟེན་འབྲེལ་ལས་འདས་པ་དང་མ་འདས་པ་ལ་སོགས་པའི་སྒོ་ནས་ཐ་དད་པའི་ཕྱིར། དཔེར་ན། སྤྲིན་དང་དེ་འཐོར་བའི་རླུང་དག་དང༌། དེ་དག་གསང་བའི་ནམ་མཁའ་དག་པ་དབྱེར་མེད་གཅིག་ཏུ་མི་རུང་བ་བཞིན་ཏེ། དེ་བཞིན་དུ་སྔར་སྨོས་པའི་དཔེ་གཞན་རྣམས་ལ་ཡང་ཅི་རིགས་སུ་སྦྱར་ནས་དོན་ཁོང་དུ་ཆུད་པར་བྱའོ། །སྦྱངས་འབྲས་དང་སྦྱང་གཞི་ལ་ནི་ངོ་བོའི་སྒོ་ནས་ཐ་དད་པ་མེད་དེ། དཔེར་ན། སྤྲིན་གྱིས་དག་པ་དང་མ་དག་པའི་ནམ་མཁའ་ལ་ངོ་བོ་ཐ་དད་མེད་པ་བཞིན་ནོ། །དེ་ལྟར་ན་ཡང་སྦྱངས་འབྲས་དང་སྦྱང་གཞི་ཞེས་འབྱེད་པ་ལ་ནི་སྐྱོན་མེད་དེ། རང་བཞིན་དག་པར་གཅིག་ཀྱང་གློ་བུར་དྲི་མས་དག་པ་དང་མ་དག་པའི་ཆ་ནས་གནས་གྱུར་པ་དང༌། མ་གྱུར་པའི་ཁྱད་པར་ཡོད་པའི་ཕྱིར། དཔེར་ན། སྤྲིན་ཚོགས་དག་པའི་ནམ་མཁའ་དང་མ་དག་པའི་ནམ་མཁའ་ལྟ་བུ་སྟེ། དེ་བཞིན་དུ། དཔེ་གཞན་རྣམས་ལ་ཡང༌། ཇི་ལྟར་རིགས་པར་སྦྱར་ནས་དོན་གསལ་བར་ཁོང་དུ་ཆུད་པར་བྱའོ། །དེ་ལྟ་བས་ན་དཔོན་བྱང་པའི་བཞེད་པ་ལ། སྦྱང་གཞི་སྦྱོང་བྱེད་སོ་སོ་མ་ཡིན། ཞེས་དང༌། སྦྱང་གཞི་སྦྱོང་བྱེད་སྦྱངས་འབྲས་རྣམས་ཐ་དད་དུ་འགྱུར་བ་རྡུལ་ཙམ་ཡང་མེད་གསུང་བ་འདི་བོད་འགའ་ཞིག་གིས་ལུགས་ལ་རུང་ཡང༌། ཐམས་ཅད་མཁྱེན་པའི་ལུགས་ལ་མི་རུང་བར་གྲུབ་བོ། །

དེ་བཞིན་དུ། ཐ་དད་ན་སྦྱང་གཞི་དེ་སྦྱོང་བྱེད་དེས་སྦྱོང་བར་མི་ནུས། སྦྱངས་འབྲས་དེ་མི་འཐོབ། ཐོབ་ཀྱང་དགོས་པ་མེད་པ་ཅིག་འོང་གསུང་བ་འདི་ཡང་བོད་འགའ་ཞིག་གི་བཞེད་པ་དང་མཐུན་གྱི། ཐམས་ཅད་མཁྱེན་པའི་དགོངས་པ་དང་མི་མཐུན་པར་གྲུབ་ཅིང༌། གང་དང་གང་འགོག་པར་བྱེད་པའམ། སྦྱོང་བར་བྱེད་པ། དག་པར་བྱེད་པ་ཐམས་ཅད་ལ་གང་ལ་འགོག །གང་ཞིག་འགོག །གང་གིས་འགོག །འགགས་པའི་འབྲས་བུ་གང་ཐོབ་ཅེས་པ་ལ་སོགས་པ་བཞི་བཞིར་གསུངས་ ཤིང༌། དོན་ལ་ཡང་གནས་ཏེ། ཁང་བཟང་ཕྱག་དར་བྱེད་པ་དང༌། སྣོད་སྤྱད་དང༌།བཞིན་ལག་དང༌། གོས་རྒྱན་ལ་སོགས་པ་འཁྲུད་པ་ལྟ་བུའོ། །

དེ་བཞིན་དུ། སྦྱོང་བར་བྱེད་པའམ། དག་པར་བྱེད་པ་ལ་ཡང་ཇི་ལྟར་མཐུན་ མཐུན་དུ་སྦྱོར་རོ། །སྦྱང་བྱ་སྦྱོང་བྱེད་མུན་པ་དང་སྣང་བ་ལྟར་ཐ་དད་ཀྱང་སྦྱང་མི་ནུས་པ་མ་ཡིན་ཞིང༌། སྦྱངས་འབྲས་མི་འཐོབ་པ་ཡང་མ་ཡིན་ལ། ཐོབ་ན་དགོས་པ་མེད་པ་ཡང་མ་ཡིན་ཏེ། རྣམ་དག་ལེགས་པའི་ལམ་གྱིས་རླུང་སེམས་འགྱུ་བའི་རྒྱུན་འགག་པར་ནུས་ཤིང༌། དེ་འགགས་ན་མི་རྟོག་ཡེ་ཤེས་འོད་གསལ་ཆོས་ཀྱི་སྐུ་བདེ་བ་ཆེན་པོ་གདོད་ནས་ལྷུན་གྲུབ་ཏུ་བཞུགས་པ་དེ་ངེས་པར་འཐོབ་ལ། དེ་ཐོབ་ན་སྐྱེ་རྒ་ན་འཆི་ལ་སོགས་པ་སྡུག་བསྔལ་རྒྱུ་དང་བཅས་པ་ཐམས་ཅད་འགགས་ནས་ཆོས་ཐམས་ཅད་ལ་དབང་བསྒྱུར་བ་ལ་སོགས་པ་དགོས་པ་ཆེན་པོ་དཔག་ཏུ་མེད་པ་ཡང་ཡོད་པར་གསུངས་པའི་ཕྱིར་རོ། །

དེ་བཞིན་དུ། གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད་དུ་གསུངས་པ་དེ་ད་ལྟར་ཐ་མལ་གྱི་གཟུགས་འདི་ཁོ་ན་ཡིན། བདེ་གཤེགས་སྙིང་པོའི་གཟུགས་ཀྱང་འདི་ཡིན། འདི་ལས་གཞན་པའི་བདེ་གཤེགས་སྙིང་པོའི་གཟུགས་མེད་ཅེས་གསུང་བ་འདི་ཡང་བོད་འགའ་ཞིག་གིས་བཞེད་པ་དང་མཐུན་གྱི་སངས་རྒྱས་ཀྱི་གསུང་དང་མི་མཐུན་པར་གྲུབ་སྟེ། གཟུགས་ཀྱི་ཕུང་པོ་གཞན་དོན་དམ་ཆོས་ཉིད་ཀྱི་གཟུགས་ཀྱི་ཕུང་པོ་པྲ་ཕབ་པ་ལྟ་བུ་གཟུགས་མེད་གཟུགས་བཟང་དམ། རྡུལ་མེད་རྡུལ་བྲལ་དྲི་མ་མེད་པའི་གཟུགས་ལ་རྣམ་པར་སྣང་མཛད་མེ་ལོང་ལྟ་བུའི་ཡེ་ཤེས་སུ་གསུངས་ཤིང༌། བདེ་གཤེགས་སྙིང་པོའི་གཟུགས་སུ་ཡང་གསུངས་ཀྱི། ཐ་མལ་གྱི་གཟུགས་འདི་ནི་ལས་དང་ཉོན་མོངས་པ་ལས་གྲུབ་ཅིང༌། མི་གཙང་བ་མི་བརྟན་པ། ཡིད་བརྟན་དུ་མི་རུང་བས། སྐྱབས་གནས་མ་ཡིན་པ། ཐོགས་ཆགས་མེད་པའི་ཡེ་ཤེས་དང༌། སྟོབས་བཅུ་ལ་སོགས་པ་ཆོས་སྐུའི་ཡོན་ཏན་རྣམས་མ་ཚང་བའི་ཕྱིར། འདི་ནི་རྣམ་པར་སྣང་མཛད་མེ་ལོང་ཡེ་ཤེས་བདེ་གཤེགས་སྙིང་པོར་མ་གསུངས་ཤིང༌། དོན་ལ་ཡང་མ་ཡིན་ནོ། །

དེ་བཞིན་དུ། འདོད་ཆགས་ལ་སོགས་པ་ཉོན་མོངས་པ་རྣམས་དང༌། བཤང་བ་ལ་སོགས་པ་མི་གཙང་བ་རྣམས་དང༌། ཤ་ཁྲག་རྐང་ཚིལ་བུ་ལ་སོགས་པ་ལུས་ཀྱི་ཁམས་རྣམས་དང༌། མདོར་ན་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་དཀྱིལ་འཁོར་གྱི་ལྷ་ཚོགས་སུ་གསུངས་པའི་དགོངས་པ་ཡང་བོད་འགའ་ཞིག་གིས་བཞེད་པ་ལྟར་མ་ཡིན་གྱི། འདོད་ཆགས་གཞན་ཞེས་པ་ལ་སོགས་པ་ནས། ཕུང་པོ་ཁམས་དང་སྐྱེ་མཆེད་གཞན་ཞེས་པའི་བར་དུ་དོན་དམ་ཆོས་ཉིད་ཀྱི་འདོད་ཆགས་ནས། དོན་དམ་ཆོས་ཉིད་ཀྱི་ཕུང་པོ་ཁམས་དང་སྐྱེ་མཆེད་པྲ་ཕབ་པ་ལྟ་བུ་འདུས་མ་བྱས་ཀྱི་དབྱིངས་ལ་གསུངས་པའི་ཕྱིར། ཉེར་ལེན་གྱི་ཕུང་པོ་ལ་སོགས་པ་ད་ལྟར་གྱི་སྣང་གྲགས་འདི་ཉིད་ཀ་སྐུ་བཞི་ཡེ་ཤེས་ལྔ་དང༌། ཕྱག་རྒྱ་ཆེན་པོ་དང༌། རང་བྱུང་ཡེ་ཤེས་དང༌། ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང༌། ཡེ་ཤེས་ཀྱི་དཀྱིལ་འཁོར་ ལྷའི་ཚོགས་དང་བཅས་པར་འདོད་པ་རྣམས་ནི་སངས་རྒྱས་ཀྱི་བཀའ་དང་མི་མཐུན་ནོ། །

དེ་བཞིན་དུ། སྣང་གྲགས་འདི་རྣམས་རང་སྟོང་དུ་ངོ་ཤེས་པ་ཙམ་གྱིས་ཀྱང་སངས་རྒྱས་ཐོབ་པ་མ་ཡིན་ཏེ། དེ་ཙམ་གྱིས་རླུང་སེམས་ཀྱི་རྒྱུན་མི་འགག་པའི་ཕྱིར་རོ། །འདི་རྣམས་ཡེ་ཤེས་ཀྱི་སྐུ་རུ་གནས་གྱུར་ནས་འགྲོ་བ་ཡང་མ་ཡིན་ཏེ། ཡེ་ཤེས་ཀྱི་སྐུ་འགྱུར་བ་མེད་ཅིང༌། འདུས་མ་བྱས་པའི་ཕྱིར་རོ། །གཞན་ཡང༌། ཉེར་ལེན་གྱི་ཕུང་པོ་ལ་སོགས་པ་སྦྱང་གཞི་མ་ཡིན་ཏེ། སྦྱང་བྱའི་དྲི་མ་ཡིན་པའི་ཕྱིར་དང༌། སྦྱངས་པས་དག་པའི་ཚེ་ཟད་ནས་མེད་པར་འགྲོ་བའི་ཕྱིར་རོ། །གང་སྦྱང་གཞི་ཡིན་པ་དེ་སྦྱངས་པས་དག་པའི་ཚེ་ཟད་པར་མི་འགྱུར་ཏེ། སྣོད་སྤྱད་ལ་སོགས་པ་བཞིན་ནོ། །

ཡང་དཔོན་བྱང་པའི་བཞེད་པས། སྦྱོང་བྱེད་རྡོ་རྗེའི་རྣལ་འབྱོར་ཟེར་བའི་ལམ་གཞན་ཞིག་གིས་སྦྱོང་བ་མིན། གཟུགས་ཡེ་གདོད་མ་ནས་རང་བཞིན་མེད་པ་ལ་དེ་ལྟར་རྟོགས་པ་དེ་སྦྱོང་བྱེད་རྡོ་རྗེའི་རྣལ་འབྱོར་ཡིན། དེ་ཁོ་ན་མེ་ལོང་ལྟ་བུའི་ཡེ་ཤེས་སམ། རྣམ་པར་སྣང་མཛད་ཡིན་གསུང་བ་འདི་ཡང་བོད་འགའ་ཞིག་གི་བཞེད་པ་དང་མཐུན་གྱི། བཅོམ་ལྡན་འདས་ཀྱི་དགོངས་པ་དང་མི་མཐུན་ཏེ། གཟུགས་སོགས་གདོད་མ་ནས་རང་བཞིན་མེད་པ་ལ་མེད་པ་རྟོགས་པ་ཙམ་གྱིས་དབུགས་ཀྱི་རྒྱུན་མི་འགག་ཅིང༌། དེ་མ་འགགས་ན་རྣམ་རྟོག་མི་འགག་ལ། དེ་མ་འགགས་ན་མི་རྟོག་ཡེ་ཤེས་མི་འཐོབ་པས། སངས་རྒྱས་རྣམ་པར་སྣང་མཛད་མེ་ལོང་ལྟ་བུའི་ཡེ་ཤེས་འཐོབ་མི་སྲིད་པའི་ཕྱིར་དང༌། སྦྱོང་བྱེད་རྡོ་རྗེའི་རྣལ་འབྱོར་ནི་དབུགས་ཀྱི་རྒྱུན་ངང་གིས་འགག་པའི་ཐབས་མཆོག་ཐུན་མོང་མ་ཞིང༌། བསམ་གྱིས་མི་ཁྱབ་པའི་རྣལ་འབྱོར་ཁྱད་པར་ཆེས་འཕགས་པ་ཞིག་ལ་གསུངས་པའི་ཕྱིར་རོ། །

དེ་བཞིན་དུ། ཁ་ཅིག་རྩ་རླུང་ཐིག་ལེ་གཏུམ་མོ་ནཱ་ད་བ་ཐག་ལ་སོགས་པ་མཚན་བཅས་ཀྱི་སྒོམ་པ་དང༌། བསྐྱེད་རིམ་དང༌། ལས་ཀྱི་ཕྱག་རྒྱ་བསྟེན་པ་ལ་སོགས་པ་སྦྱོང་བྱེད་མ་ཡིན་པ་ལ་ཡིན་པར་འདུ་ཤེས་པ་ཤིན་ཏུ་མང་བར་སྣང་ཞིང༌། དེ་རྣམས་ཀྱང་དེ་བཞིན་གཤེགས་པའི་དགོངས་པ་དང་མི་མཐུན་པའི་རྒྱུ་མཚན་ཆེས་མང་བར་བདོག་མོད་ཀྱི། རེ་ཞིག་འདིར་མ་བྲིས་སོ། །

ཡང་དཔོན་བྱང་པའི་བཞེད་པས། གཟུགས་ཀྱི་རྣམ་པར་སྣང་བ་དེ་མེ་ལོང་ལྟ་བུའི་ཡེ་ཤེས་མ་ཡིན། གཟུགས་ཀྱི་རྣམ་པར་སྣང་བ་རང་བཞིན་མེད་པར་མངོན་སུམ་དུ་ཤེས་པ་དེ་མེ་ལོང་ལྟ་བུའི་ཡེ་ཤེས་ཡིན། གཟུགས་ཀྱི་རྣམ་པར་སྣང་བ་མེ་ལོང་ལྟ་བུའི་ཡེ་ཤེས་ཡིན་ན། སྣང་བ་ཐམས་ཅད་མེ་ལོང་ལྟ་བུའི་ཡེ་ཤེས་སུ་འགྱུར་ རོ། །ཞེས་གསུང་བ་འདི་ལ་གཉིས་ཏེ། ཀུན་རྫོབ་ཀྱི་གཟུགས་དང་དོན་དམ་པའི་གཟུགས་སོ། །དེ་ལ་ཀུན་རྫོབ་ཀྱི་གཟུགས་གང་ཡིན་པ་དེ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་མ་ཡིན་ཞིང༌། དོན་དམ་པའི་གཟུགས་གང་ཡིན་པ་དེ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཡིན་ནོ། །གཟུགས་ཀྱི་རྣམ་པར་སྣང་བ་རང་བཞིན་མེད་པར་མངོན་སུམ་དུ་ཤེས་པ་ཞེས་བྱ་བ་དེ་དོན་དམ་གྱི་གཟུགས་དང་དབྱེར་མེད་ཅིང༌། རླུང་སེམས་ཐིག་ལེ་འགག་པ་ཅིག་ཡིན་ན་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཡིན་ཏེ། དེ་ལ་ཀུན་གཞི་རྣམ་པར་ཤེས་པ་ལ་སོགས་པ་སེམས་དང་སེམས་ལས་བྱུང་བ་ཐམས་ཅད་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་དང་ལྷན་ཅིག་གཏན་ནས་འགག་པས་ཁྱབ་ཅིང༌། འཕོ་བའི་སྐད་ཅིག་འགགས་ནས་འཛག་མེད་ཀྱི་བདེ་བ་ཆེན་པོས་ཀྱང་ཁྱབ་ལ། སྟོབས་དང་མི་འཇིགས་པ་ལ་སོགས་པ་ཆོས་སྐུའི་ཡོན་ཏན་འགྲང་བ་ལས་འདས་པ་རྣམས་ཀྱང་མངོན་དུ་གྱུར་པས་ཁྱབ་བོ། །དེ་ལྟ་མ་ཡིན་པར་རླུང་སེམས་ཀྱི་འགྱུ་བ་མ་འགགས་པས་ཆོས་ཉིད་རང་བཞིན་མེད་པར་མངོན་སུམ་གྱིས་རྟོགས་ཞེས་མི་མཁས་པ་འགའ་ཞིག་འདོད་པ་ལྟར་ཡིན་ན་ནི། དེ་མེ་ལོང་ལྟ་བུའི་ཡེ་ཤེས་སུ་མི་རུང་ངོ༌། །

ཡང་དཔོན་བྱང་པའི་བཞེད་པས། དུས་འཁོར་ནས་མེ་ལོང་ལྟ་བུའི་ཡེ་ཤེས་པྲ་ཕབ་པའི་རྣམ་པ་ལྟ་བུ་ཞེས་བཤད་པ་དེ། པྲ་ཕབ་པའི་རང་སྣང་ལ་ལྟོས་ནས་དཔེར་བཞག་པ་མ་ཡིན། སྣང་ཡུལ་དེ་ལ་ལྟོས་ནས་དཔེར་བཞག་པ་ཡིན། ཞེས་གསུང་བ་འདི་ཡང་བོད་ཀྱི་དུས་འཁོར་བ་འགའ་ཞིག་དང་མཐུན་སྲིད་ཀྱང༌། རིགས་ལྡན་ས་བཅུའི་དབང་ཕྱུག་རྣམས་དང་མི་མཐུན་སྟེ། དུས་འཁོར་གྱི་དགོངས་པ་ཇི་ལྟ་བ་བཞིན་ལེགས་པར་ཁོང་དུ་ཆུད་པ་ལ། གཞན་བདེ་གཤེགས་སྙིང་པོ་དང༌། དེ་མངོན་དུ་བྱེད་པའི་ཐབས་མཆོག་བླ་ན་མེད་པ་ལེགས་པར་རྟོགས་ཤིང་ཉམས་སུ་མྱོང་བ་དགོས་པའི་ཕྱིར། འདིར་རྒྱུ་མཚན་ཞིབ་ཏུ་མ་བྲིས་སོ། །

ཡང་དཔོན་བྱང་པའི་བཞེད་པས། སྦྱང་བྱ་སྦྱོང་བྱེད་སྤང་གཉེན་གྱི་ངོས་ནས་ཐ་དད་པ་དེ་ཕར་ཕྱིན་མན་ཆད་ཀྱི་ཆོས་སྐད་ཡིན། རྡོ་རྗེ་ཐེག་པ་འབྲས་བུ་ལམ་དུ་བྱེད་པའི་ལུགས་ལ། གཞི་ལམ་འབྲས་བུ་གསུམ་དབྱེར་མེད་དུ་འདོད། དེའི་རྒྱུ་མཚན་རང་བཞིན་གང་དུ་ཡང་མ་གྲུབ་པར་ངོ་བོ་གཅིག་པའི་ཕྱིར་རོ། །ཞེས་གསུང་བ་འདི་ཡང་བོད་འགའ་ཞིག་གི་བཞེད་པ་དང་མཐུན་གྱི། བཅོམ་ལྡན་འདས་ཀྱི་དགོངས་པ་དང་མི་མཐུན་ཏེ། སྤྱིར་རྒྱུའི་མཚན་ཉིད་ཕ་རོལ་ཏུ་ཕྱིན་པའི་ཚུལ་དང༌། འབྲས་བུའི་མཚན་ཉིད་སྔགས་ཀྱིས་ཚུལ་ཞེས་རྒྱུའི་ཐེག་པ་དང༌། འབྲས་བུའི་ཐེག་པ་གཉིས་སུ་གསུངས་པ་དེ་ནི་སྤང་གཉེན་ཐ་དད་པ་དང་དབྱེར་མེད་པའི་ཆ་ནས་རྒྱུ་འབྲས་ཀྱི་ཐེག་པར་འཇོག་པ་མ་ཡིན་ཏེ། གཉིས་ཀ་ནས་སྤང་གཉེན་ཐ་དད་པར་སྟོན་པ་ཉིད་དུ་མཚུངས་པའི་ཕྱིར་དང༌། དེ་བཞིན་དུ་དོན་ལ་ཡང་གནས་པའི་ཕྱིར་རོ། །

གཞི་ལམ་འབྲས་བུ་གསུམ་ལ། དབྱེ་བ་ཡོད་མེད་ཀྱི་སྒོ་ནས་ཀྱང༌། རྒྱུ་དང་འབྲས་བུའི་ཐེག་པར་འཇོག་པ་མ་ཡིན་ཏེ། དེའང་གཉིས་ཀ་ལ་མཚུངས་པའི་ཕྱིར་རོ། །རང་བཞིན་གང་དུ་ཡང་མ་གྲུབ་པར་ངོ་བོ་གཅིག་པ་ལ། གཞི་ལམ་འབྲས་གསུམ་དབྱེར་མེད་ཀྱིས་ཁྱབ་ན་ནི། རྒྱུ་མཚན་དེ་ཕ་རོལ་ཏུ་ཕྱིན་པའི་ཐེག་པར་ཡང་མཚུངས་མོད་ཀྱི་འོན་ཀྱང་དེ་ལ་དེས་མ་ཁྱབ་བོ། །གཞན་ད་ལྟ་རྒྱུ་སྦྱིན་སོགས་ལམ་དུ་བྱས་པས། འབྲས་བུ་སངས་རྒྱས་དུས་འཕྱི་མོ་ན་འཐོབ་པ་ལ། རྒྱུའི་ཐེག་པའི་དོན་དུ་འདོད་པ་དང༌། འབྲས་བུ་སངས་རྒྱས་ད་ལྟ་ཉིད་དུ་བསྐྱེད་རིམ་གྱིས་མངོན་དུ་བྱེད་པ་དང༌། གཟུགས་སོགས་སྣང་གྲགས་ཐམས་ཅད་ལྷ་དང་སྔགས་སུ་ངོ་ཤེས་པ་ཉིད་ཀྱིས་འབྲས་བུ་ད་ལྟ་ཉིད་དུ་འཐོབ་པའམ། ངོ་ཤེས་པ་དེ་ཉིད་ཡང་ཡང་གོམས་པས་ཚེ་འདིའམ། སྐྱེ་བ་བཅུ་དྲུག་ཚུན་ཆད་ཀྱི་ཁོང་དུ་སངས་རྒྱས་འཐོབ་པ་ལ། འབྲས་བུའི་ཐེག་པའི་དོན་དུ་འདོད་པ་མང་བར་གདའ་སྟེ། འདི་ ཡང་རྒྱལ་བའི་དགོངས་པ་དང་མི་མཐུན་པར་སྣང་ངོ༌། །འོ་ན་རྒྱལ་བའི་དགོངས་ པས། དེ་གཉིས་ཀྱི་ཁྱད་པར་ཇི་ལྟ་བུ་ཞེ་ན། འདིར་རྒྱུ་དང་འབྲས་བུ་ཞེས་པ་ཀུན་རྫོབ་ཀྱི་རྒྱུ་འབྲས་ནི་མ་ཡིན་གྱི། རྒྱུ་འབྲས་གཞན་ཞེས་པ་དོན་དམ་པའི་རྒྱུ་འབྲས་ཏེ། དེ་ཡང་རྒྱུ་འབྲས་ལས་འདས་པའི་རྒྱུ་འབྲས་ཞེས་པ་འགལ་འདུས་སྐྱོན་མེད་དོ། །འདིར་འགལ་འདུས་སྐྱོན་མེད་ཅེས་པ་ཡང༌། དོན་དམ་གྱི་བདེན་པ་ལ་རུང་གི་ཀུན་རྫོབ་ཀྱི་བདེན་པ་ལ་མི་རུང་བར་གསུངས་སོ། །འདིར་ཀུན་རྫོབ་ལས་གཞན་དོན་དམ་པའི་རྒྱུ་དང་འབྲས་བུ་ནི་དམིགས་པ་དང་བཅས་པའི་སྟོང་པ་ཉིད་དང༌། དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་ལ་གསུངས་ཤིང༌། དེ་དག་ཀྱང་དོན་དམ་གཞན་སྟོང་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་ཞིང༌། རྡུལ་དང་སྐད་ཅིག་ལས་འདས་པའི་གཟུགས་སོགས་ཆ་མེད་ཀུན་འགྲོ་དང༌། འཛག་པ་མེད་པའི་བདེ་བ་ཆེན་པོ་མཁའ་དབྱིངས་ཁྱབ་ཅིང་དབང་པོ་གཉིས་ཀྱི་བདེ་བ་དང་སྐད་ཅིག་ལས་འདས་པའི་ཡེ་ཤེས་ལ་གསུངས་སོ། །དེ་དག་ཉིད་ཤེས་རབ་དང་ཐབས་སུ་གསུངས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། རྡོ་རྗེ་འཆང་ཆེན་པོའོ། །

དེ་བཞིན་དུ། ཕྱག་རྒྱ་ཆེན་མོ་དང༌། ཕྱག་རྒྱ་ཆེན་པོའོ། །རྡོ་རྗེ་ཉི་མ་དང༌། རྡོ་རྗེ་ཟླ་བའོ། །བདེན་དོན་བཅུ་གཉིས་དང༌། རྟེན་འབྲེལ་བཅུ་གཉིས་སོ། །དེ་ཉིད་བཅུ་དྲུག་དང༌། དེ་ཉིད་བཅུ་དྲུག་གོ །དོན་དམ་པའི་སྟོང་པ་ཉིད་བཅུ་དྲུག་དང༌། སྙིང་རྗེ་བཅུ་དྲུག་གོ །དོན་དམ་པའི་ཕྱག་བཅུ་དྲུག་དང༌། ཐོད་པ་བཅུ་དྲུག་གོ །དོན་དམ་པའི་དུར་ཁྲོད་བཅུ་དྲུག་དང༌། དེར་བཞུགས་པའི་ལྷ་བཅུ་དྲུག་གོ ། དོན་དམ་པའི་པད་འདབ་བཅུ་དྲུག་དང༌། དེར་བཞུགས་པའི་ལྷ་བཅུ་དྲུག་གོ །དོན་དམ་པའི་ཨེ་ཡིག་དང༌། ཝཾ་ཡིག་གོ །གཟུང་བ་གཞན་དང༌། འཛིན་པ་གཞན་ནོ། །རྣམ་ཤེས་གཞན་དང༌། ཡེ་ཤེས་གཞན་ནོ། །རྡོ་རྗེ་ཕག་མོ་དང༌། བདེ་མཆོག་གོ ། བདག་མེད་མ་དང༌། དགྱེས་རྡོར་རོ། །སྣ་ཚོགས་ཡུམ་དང༌། དུས་འཁོར་རོ། །ཞེས་པ་ལ་སོགས་པ་སྟེ། དེ་བཞིན་དུ། འཁོར་ལོ་དང་སྡོམ་པའོ། །གསང་བ་དང་འདུས་པའོ། །ཞེས་པ་ལ་སོགས་པ་རྒྱུ་དང་འབྲས་བུའི་རིམ་པས་ཤེས་རབ་དང་ཐབས་ཀྱི་ངེས་པ་གསུངས་སོ། །

དེ་བཞིན་དུ། སྤྲོ་བ་དང་བསྡུ་བའི་རིམ་པས་ཐབས་དང་ཤེས་རབ་ཀྱི་ངེས་པས་གསུངས་པ་ལ་ཡང༌། དོན་དམ་པའི་ཧཾ་ཡིག་དང་ཀྵ་ཡིག་གོ །རྡོ་རྗེ་དང་པད་མའོ། །རྡོ་རྗེ་དང་དྲིལ་བུའོ། །རྡོ་རྗེ་དང་སེམས་དཔའོ། །ཧེ་དང་བཛྲརོ། །ཀཱ་ལ་དང་ཙཀྲའོ། །སྟོང་པ་ཆེན་པོ་ཡི་གེ་ལྔ་དང་ཐིག་ལེ་སྟོང་པ་ཡི་གེ་དྲུག་གོ །སངས་རྒྱས་རིན་ཆེན་དང་ཟ་མ་ཏོག་གོ །ཤེས་པ་གཞན་དང་ཤེས་བྱ་གཞན་ནོ། །ཕུང་པོ་གཞན་དང་ཁམས་གཞན་ནོ། །དབང་པོ་གཞན་དང་ཡུལ་གཞན་ནོ། །ལས་ཀྱི་དབང་པོ་གཞན་དང་དེའི་བྱ་བ་གཞན་ནོ། །ཞེས་པ་ལ་སོགས་པ་སྟེ། མདོར་ན་དཀྱིལ་འཁོར་གྱི་ལྷ་ཡབ་ཡུམ་དང་གཙོ་བོ་ཡབ་ཡུམ་དུ་གསུངས་པ་ཐམས་ཅད་དོ། །དེ་ལ་རྟག་ཏུ་མི་འབྲལ་བའི་ཕྱིར་རྟག་ཏུ་འཁྱུད་པའོ། །དེ་ལྟ་བས་ན་དོན་དམ་པའི་རྒྱུ་དང་འབྲས་བུ་ལ་ངོ་བོ་ཐ་དད་པ་མེད་ཀྱང༌། གང་ཟག་ལམ་དུ་ཞུགས་པ་རྣམས་ལ་མངོན་དུ་འགྱུར་ཚུལ་སྔ་ཕྱིའི་སྒོ་ནས་ཐ་དད་པའི་ཕྱིར་དང༌། རྒྱུ་འབྲས་དང་འདྲ་བའི་རྣམ་པ་གཞན་ཡང་ཡོད་པའི་ཕྱིར། དང་པོར་རྒྱུ་སྟོང་ཉིད་ཀྱི་ཐེག་པ་དང༌། དེ་ནས་འབྲས་བུ་སྙིང་རྗེའི་ཐེག་པ་བསྟན་ཏེ། ཐེག་པ་ཆེན་པོའི་མདོ་སྡེ་རིན་པོ་ཆེ་རྣམས་སུ། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། སྤྲོས་པ་མེད་པ་དང༌། ཡིད་ལ་མི་བྱེད་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། མི་ལེན་མི་འདོར་བ་དང༌། ཆོས་ཉིད་དང༌། ཆོས་ཀྱི་དབྱིངས་ཉིད་དང༌། ཆོས་ཀྱི་གནས་ཉིད་དང༌། ཆོས་སྐྱོན་མེད་པ་ཉིད་དང༌། དེ་བཞིན་ཉིད་དང༌། མ་ནོར་བ་དེ་བཞིན་ཉིད་དང༌། གཞན་མ་ཡིན་པ་དེ་བཞིན་ཉིད་དང༌། ཡང་དག་པའི་མཐའ་དང༌། མ་སྐྱེས་པ་དང༌། མ་འགགས་པ་དང༌། གཟོད་མ་ནས་ཞི་བ་དང༌། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་དང༌། ཆོས་ཀྱི་སྐུ་དང༌། ངོ་བོ་ཉིད་ཀྱི་སྐུ་ཞེས་པ་ལ་སོགས་པ་རྣམ་པ་མང་པོའི་མིང་གིས་ཀུན་རྫོབ་རང་སྟོང་གི་ཆོས་རྣམས་ཀྱིས་སྟོང་པའི་གཞི་ལ། དོན་དམ་གཞན་སྟོང་ནམ་མཁའ་ལྟར་རྟག་ཏུ་བཞུགས་པ་དེ་བསྟན་ཏོ། །དེ་ཡང་འཁོར་ལོ་བར་པར་དགག་བྱའི་ཆོས་ཀུན་རྫོབ་རང་སྟོང༌། རྟེན་འབྲེལ་མ་འདས་པ་གཙོ་ཆེར་བསྟན་ནས་དག་པའི་གཞི་ལ་དོན་དམ་གཞན་སྟོང་རྟེན་འབྲེལ་ལས་འདས་པ་ནི། འཁོར་ལོ་ཐ་མར་གཙོ་ཆེར་བསྟན་ཏེ། འཁོར་ལོ་བར་པར་ཡང༌། དགག་པའི་གཞི་མ་བསྟན་པ་མ་ཡིན་ནོ། །རྒྱུད་སྡེ་རིན་པོ་ཆེ་རྣམས་སུ། དགའ་བ་དང༌། མཆོག་དགའ་དང༌། ཁྱད་པར་གྱི་དགའ་བ་དང༌། ལྷན་ཅིག་སྐྱེས་པའི་དགའ་བ་དང༌། རྡོ་རྗེའི་ཆགས་པ་དང༌། རྗེས་སུ་ཆགས་པ་དང༌། འདོད་ཆགས་ཆེན་པོ་དང༌། ཞེ་སྡང་ཆེན་པོ་དང༌། གཏི་མུག་ཆེན་པོ་དང༌། ང་རྒྱལ་ཆེན་པོ་དང༌། ཕྲག་དོག་ཆེན་པོ་དང༌། སེར་སྣ་ཆེན་པོ་དང༌། སྲོག་ཆེན་པོ་དང༌། སེམས་ཆེན་པོ་དང༌། རྡོ་རྗེ་དང༌། ཐིག་ལེ་དང༌། དེ་ཁོ་ན་ཉིད་དང༌། འདུས་པ་དང༌། སྡོམ་པ་དང༌། ལྷན་ཅིག་སྐྱེས་པའི་སྐུ་དང༌། ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང༌། ཕྱག་རྒྱ་ཆེན་པོ་དང༌། དང་པོའི་སངས་རྒྱས་དང༌། རྡོ་རྗེ་སེམས་དཔའ་དང༌། ཨེ་ཝཾ་ཡི་གེ་ལ་སོགས་པ་རྣམ་པ་མང་པོའི་མིང་གིས་འགྱུར་མེད་མཆོག་གི་བདེ་བ་ཆེན་པོ་བསྟན་ཏོ། །དེའི་ཕྱིར་རྒྱུ་སྟོང་ཆེན་གཙོ་བོར་སྟོན་ན། རྒྱུའི་ཐེག་པ་དང༌། འབྲས་བུའི་བདེ་ཆེན་གཙོ་བོར་སྟོན་ན་འབྲས་བུའི་ཐེག་པ་ཞེས་གསུངས་ཤིང༌། དེ་དག་གི་དོན་དབྱེར་མེད་གཅིག་ཏུ་གནས་པ་ལ་དགོངས་ནས། དོན་གཅིག་ན་ཡང་ཞེས་པ་ལ་སོགས་པ་དང༌། འདི་གཉིས་ཀྱི་དོན་ཐ་དད་པར་བཟུང་ནས། ཕན་ཚུན་སྨོད་ན་རྩ་ལྟུང་དྲུག་པར་གསུངས་སོ། །

དེ་ལྟར་ན་ཡང་མཐར་ཐུག་གི་དོན་གསལ་མི་གསལ་དང༌། དེ་མངོན་དུ་བྱེད་པའི་ཐབས་ཟབ་མི་ཟབ་ལ་སོགས་པའི་སྒོ་ནས་འབྲས་བུ་འཐོབ་པ་ལ་ཉེ་རིང་གི་ཁྱད་པར་ནི་གསལ་བར་གསུངས་ཏེ། དེ་ཡང་བོད་ཕལ་ཆེར་གྱི་འཆད་ལུགས་ནི་འདི་བཞིན་ནི་མ་ཡིན་ནོ། །འདི་གཉིས་ལ་ཁྱད་པར་ཡོད་པའི་ཆ་ཡང་མང་དུ་གསུངས་ཤིང༌། ཁྱད་པར་མེད་པའི་ཆ་ཡང་མང་དུ་གསུངས་ལ། དེ་དང་དེ་དག་དོན་ཇི་ལྟ་བ་བཞིན་ཁོ་བོས་སྤྲོ་བར་ཡང་རྔཽ་ཐོགས་མོད་ཀྱི། འདིར་ཡི་གེ་མང་དུ་དོགས་ནས་མ་བྲིས་སོ། །

ཡང་དཔོན་བྱང་པའི་བཞེད་པས། གཉེན་པོས་སྦྱང་བྱ་སྤངས་ཀྱང་འཆིང་ལ། གཉེན་པོ་རང་བཞིན་མེད་པར་ཤེས་ན། སྦྱང་བྱ་གྲུབ་པ་མེད་དོ། །ཞེས་གསུང་བ་འདི་ཡང་བོད་འགའ་ཞིག་དང་མཐུན་གྱི། འཕགས་ཆེན་རྣམས་དང་མི་མཐུན་ཏེ། གཉེན་པོ་ཡེ་ཤེས་ཀྱི་ཚོགས་ཀྱིས་སྦྱང་བྱ་བདག་འཛིན་འཁོར་དང་བཅས་པ་སྤངས་ཏེ། སངས་ན་གང་གིས་གང་ཞིག་ཇི་ལྟར་འཆིང་སྟེ། འདི་ནི་གནས་མེད་དོ། །གཉེན་པོ་རང་བཞིན་མེད་པར་ཤེས་ན། སྦྱང་བྱ་གྲུབ་པ་མེད་ཅེས་པ་འདི་ཡང་སངས་རྒྱས་པའི་ཚེ། གཉེན་པོ་ལམ་གྱི་ཚོགས་ཀྱང་འགགས་ནས་མེད་ན། སྤང་བྱ་ལྟ་ཅི་སྨོས་ཞེས་དགོངས་པ་ཡིན་ན་ནི་སྐྱོན་མེད་དེ། དེ་ལ་ནི་རླུང་སེམས་ཐིག་ལེའི་འགྱུ་བ་ཐམས་ཅད་གཏན་ནས་འགགས་པས་ཁྱབ་བོ། །དེ་རྣམས་མ་འགགས་པར་ད་ལྟ་ཡོད་བཞིན་དུ་རང་བཞིན་མེད་པར་ཤེས་པས་གྲོལ་ཞེས་བླུན་པོ་འགའ་ཞིག་འདོད་པ་ལྟར་ཡིན་ན་ནི། སངས་རྒྱས་ཀྱི་དགོངས་པ་དང་མི་མཐུན་ནོ། །

ཡང་སློབ་དཔོན་དཀོན་བཟང་བས། སྦྱང་གཞི་སྦྱང་བྱ་སྦྱོང་བྱེད་གསུམ་ཐ་དད་ཡིན་པའི་རྒྱུ་མཚན་སྦྱང་བྱ་དང་སྦྱོང་བྱེད་སྤང་བྱ་དང༌། གཉེན་པོ་ཡིན་ཞིང༌། སྦྱང་གཞི་སྤང་གཉེན་གང་ཡང་མ་ཡིན་པའི་ཕྱིར། ཞེས་སྒྲུབ་བྱེད་བཀོད་པ་ལ། དཔོན་བྱང་པའི་གསུང་གིས། སྦྱང་གཞི་སྤང་བྱ་མ་ཡིན་ཟེར་བ་འདི་ཀུན་མཚན་ཉིད་ཀྱི་སྐད་རང་ལ་ཡང་འཛོལ་བ་ཆེན་པོར་འགྱུར་རོ། །མཚན་ཉིད་ཕ་རོལ་ཏུ་ཕྱིན་པ་ལ་ཡང་ངེས་པའི་དོན་ལ་སྤང་གཉེན་ཐ་དད་དུ་མེད་དེ། གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །དེ་ལས་དེ་གཞན་མ་ཡིན་ནོ། །ཞེས་གསུངས་སོ། །ཞེས་པ་འདི་ཡང་གང་ཟག་རྟོགས་པ་དམན་པ་འགའ་ཞིག་གི་བཞེད་པ་དང་མཐུན་གྱི། མཚན་ཉིད་ཕ་རོལ་ཏུ་ཕྱིན་པའི་གཞུང་གི་དགོངས་པ་མ་ཡིན་ཏེ། དེ་ཉིད་ཀྱི་གཞུང་ལུགས་རྣམས་སུ་སྦྱང་བའི་གཞི་ནི། རང་བཞིན་དུ་གནས་པའི་རིགས་ལ་གསུངས་ཤིང༌། དེའང་ཆོས་ཉིད་དེ་བཞིན་ཉིད་རང་བཞིན་གྱིས་འོད་གསལ་བ་འདུས་མ་བྱས་ཀྱི་ དབྱིངས་ལ་གསུངས་པའི་ཕྱིར། དེ་གང་གིས་ཇི་ལྟར་སྤོང་བར་ནུས་ཏེ། དུས་གསུམ་གྱི་རྒྱལ་བ་སྲས་བཅས་མ་ལུས་པས་ཀྱང་དེ་སྤང་བར་ནུས་བའི་གནས་མེད་ཅིང་གོ་སྐབས་མེད་ལ། དེ་སྤང་བྱ་མ་ཡིན་པར་གསུངས་པའི་ཕྱིར་རོ། །གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །དེ་ལས་དེ་གཞན་མ་ཡིན་ནོ། །ཞེས་པ་འདི་སྤང་གཉེན་ཐ་དད་མེད་པར་སྟོན་པའི་གཞུང་མ་ཡིན་གྱི། འདི་ནི་ཀུན་རྫོབ་ཀྱི་ཕུང་པོ་རྣམས་རང་སྟོང་གཏན་མེད་རང་བཞིན་མེད་ཅིང༌། རྨི་ལམ་ལྟ་བུར་བག་ཆགས་ཀྱི་སྣང་བ་ཙམ་དང༌། མོ་གཤམ་གྱི་བུ་བཞིན་དུ་་བུ་ཡང་དག་པར་ན་ཅིར་ཡང་མ་གྲུབ་ཅིང་མིང་སྟོང་ཙམ་དུ་ཟད་དོ། །ཞེས་སྟོན་པའི་གཞུང་ཡིན་ནོ། །གལ་ཏེ་སྣང་བའི་ཆ་སྤང་ཆ་དང༌། སྟོང་ཆ་གཉེན་པོ་ཡིན་ཞིང༌། སྣང་སྟོང་དབྱེར་མེད་པའི་ཕྱིར་སྤང་གཉེན་ཡང་དབྱེར་མེད་དོ་སྙམ་ན། འདི་ཉིད་ཀྱང་བོད་འགའ་ཞིག་གིས་འདོད་སྲིད་ཀྱི། འཕགས་མཆོག་རྣམས་དང་མི་མཐུན་ཏེ། སྣང་བ་ལ་སྤང་བྱས་མ་ཁྱབ་ཅིང༌། སྟོང་པ་ལ་གཉེན་པོས་མ་ཁྱབ་པའི་ཕྱིར་རོ། །འོ་ན་སྤང་བྱ་མ་ཡིན་པའི་སྣང་བ་དང༌། གཉེན་པོ་མ་ཡིན་པའི་སྟོང་པ་ཡོད་དམ། ཞེ་ན་ཡོད་དེ། སྤྱིར་སྣང་སྟོང་ཟུང་འཇུག་ཅེས་བྱ་བ་འདི་ལ་གཉིས་ཏེ། དོན་དམ་སྣང་སྟོང་ཟུང་འཇུག་དང༌། ཀུན་རྫོབ་སྣང་སྟོང་ཟུང་འཇུག་གོ །

དེ་བཞིན་དུ། བདེ་གཤེགས་སྙིང་པོ་སྣང་སྟོང་ཟུང་འཇུག་དང༌། གློ་བུར་དྲི་མའི་སྣང་སྟོང་ཟུང་འཇུག་གོ །ཀུན་བཏགས་གཞན་དབང་གི་སྣང་སྟོང་ཟུང་འཇུག་དང༌། ཡོངས་སུ་གྲུབ་པའི་སྣང་སྟོང་ཟུང་འཇུག་གོ །ཕྱི་ནང་གི་སྣང་སྟོང་ཟུང་འཇུག་དང༌། གཞན་གྱི་སྣང་སྟོང་ཟུང་འཇུག་གོ །དེ་བཞིན་དུ། གཞི་ལམ་འབྲས་བུའི་སྣང་སྟོང་ཟུང་འཇུག་དང༌། སྦྱང་གཞི་སྦྱང་བྱ་སྦྱོང་བྱེད་སྦྱངས་འབྲས་ཀྱི་སྣང་སྟོང་ཟུང་འཇུག་གོ །དེ་ལ་སོགས་པ་རྣམ་པ་མང་དུ་ཡོད་པ་ལས། འདིར་རེ་ཞིག་དོན་དམ་བདེ་གཤེགས་སྙིང་པོའི་སྣང་སྟོང་ཟུང་འཇུག་གང་ཡིན་པ་དེ་ནི་སྣང་སྟོང་གཉིས་ཀ་སྤང་བྱ་མ་ཡིན་པ་དེ་ཁོ་ནའོ། །གློ་བུར་དྲི་མ་ཉེར་ལེན་གྱི་ཕུང་པོ་ལ་སོགས་པའི་སྣང་སྟོང་ཟུང་འཇུག་གང་ཡིན་པ་དེ་ནི་སྣང་སྟོང་གཉིས་ཀ་སྤང་བར་བྱ་བ་ཁོ་ནའོ། །གལ་ཏེ་སྦྱང་གཞི་དང་སྦྱང་བྱའི་དྲི་མ་གཅིག་མ་ཡིན་ཞིང༌། སྦྱང་བྱ་དང་སྦྱོང་བྱེད་ཀྱང་གཅིག་མ་ཡིན་ན། འོ་ན་བདེན་གཉིས་དབྱེར་མེད་དང༌། འཁོར་འདས་དབྱེར་མེད་དུ་གསུངས་པའི་དོན་ཇི་ལྟར་ཡིན་ཞེ་ན། འདི་ལ་བརྗོད་པར་བྱ་སྟེ། ཁ་ཅིག་སྣང་བའི་ཆ་ཀུན་རྫོབ་སྟོང་པའི་ཆ་དོན་དམ་པ་ཡིན་པས། སྣང་སྟོང་དབྱེར་མེད་དེ་ཉིད་བདེན་གཉིས་དབྱེར་མེད་ཀྱི་དོན་ཡིན་ནོ་ཞེས་འདོད་པ་ནི། བཅོམ་ལྡན་འདས་ཀྱི་དགོངས་པ་མ་ཡིན་ཏེ། ཀུན་རྫོབ་ཀྱི་སྟོང་པའི་ཆ་ཡང་དོན་དམ་མ་ཡིན་ཞིང༌། དོན་དམ་གྱི་སྣང་བའི་ཆ་ཡང་ཀུན་རྫོབ་མ་ཡིན་པའི་ཕྱིར་དང༌། ཀུན་རྫོབ་རང་སྟོང་རྟེན་འབྲེལ་ལས་མ་འདས་པ་དང༌། དོན་དམ་གཞན་སྟོང་རྟེན་འབྲེལ་ལས་འདས་པ་དག་ཁྱད་པར་ཤིན་ཏུ་ཆེ་བའི་ཕྱིར་དང༌། དོན་དམ་རྟེན་འབྲེལ་ལས་འདས་པ་ཉིད་ཀུན་རྫོབ་ཀྱི་རྣམ་པ་ཅན་དུ་བཞུགས་པ་ལ་བདེན་གཉིས་དབྱེར་མེད་ཀྱི་དོན་དུ་གསུངས་པའི་ཕྱིར་རོ། །

ཡང་ཁ་ཅིག་འཁོར་འདས་གཉིས་ཀ་སྟོང་པ་ཉིད་དུ་མཚུངས་པས་འཁོར་འདས་དབྱེར་མེད་ཡིན་ནོ། །ཞེས་འདོད་པ་ཡང༌། བཅོམ་ལྡན་འདས་ཀྱི་དགོངས་པ་མ་ཡིན་ཏེ། འཁོར་བའི་སྟོང་པའི་ཆ་ཡང་མྱ་ངན་ལས་འདས་པ་ཆེན་པོ་མ་ཡིན་ཞིང༌། མྱང་འདས་ཆེན་པོའི་སྣང་བའི་ཆ་ཡང་འཁོར་བ་མ་ཡིན་པའི་ཕྱིར་དང༌། འཁོར་བ་རང་སྟོང་རྟེན་འབྲེལ་ལས་མ་འདས་པ་དང༌། མྱང་འདས་གཞན་སྟོང་རྟེན་འབྲེལ་ལས་འདས་པ་དག་ཁྱད་པར་ཤིན་ཏུ་ཆེ་བའི་ཕྱིར་དང༌། མྱང་འདས་ཆེན་པོ་ཉིད་འཁོར་བའི་རྣམ་པ་ཅན་དུ་བཞུགས་པ་ལ་འཁོར་འདས་དབྱེར་མེད་དུ་གསུངས་པའི་ཕྱིར་རོ། །

དེ་བཞིན་དུ། དེ་དག་སྟོང་ཉིད་དུ་ཤེས་པ་ཙམ་ཡང་ཡེ་ཤེས་མ་ཡིན་ཞིང༌། ཆོས་སྐུ་མ་ཡིན་ལ་ཕྱག་རྒྱ་ཆེན་པོ་ཡང་མ་ཡིན་ཏེ། དེ་དང་དེའི་མཚན་ཉིད་མ་ཚང་བའི་ཕྱིར་རོ། །གལ་ཏེ་ཉོན་མོངས་པ་གང་སྐྱེས་ལ་བལྟས་པས་རང་བཞིན་མེད་པར་རྟོགས་པའི་ཚེ། གཉེན་པོ་ལོགས་ནས་བཙལ་མ་དགོས་པར་སྤང་བྱ་དེ་ཉིད་གཉེན་པོར་སོང་བའི་ཕྱིར་སྦྱང་བྱ་སྦྱོང་བྱེད་དབྱེར་མེད་པ་ཡིན་ནོ་སྙམ་ན། འདི་ནི་ལེགས་པར་ཡོངས་སུ་མ་བརྟགས་པ་ཁོ་ན་ཡིན་གྱི། ལེགས་པར་བརྟགས་ན། ཉོན་མོངས་པ་རང་བཞིན་མེད་པར་རྟོགས་པ་དེ། ཉོན་མོངས་ཀྱི་གཉེན་པོའི་ཕྱོགས་སུ་གཏོགས་པ་ཡིན་གྱི། ཉོན་མོངས་དང་ཐ་མི་དད་པ་ནི་མ་ཡིན་ཏེ། སྔོན་ཏུ་སྐྱེས་པའི་ཉོན་མོངས་དང་ཕྱི་ནས་དེ་རང་བཞིན་མེད་པར་རྟོགས་པའི་ཤེས་རབ་ནི་དུས་ཀྱི་སྒོ་ནས་ཐ་དད་ཅིང༌། ངོ་བོའི་སྒོ་ནས་ཀྱང་ཐ་དད་ལ། ལས་དང་དམིགས་པ་རྣམས་ཀྱི་སྒོ་ནས་ཀྱང་ཐ་དད་པའི་ཕྱིར་རོ། །

ཅི་སྟེ་ཡང་ཁ་ཅིག་ཉོན་མོངས་སྐྱེས་པ་གང་ཡིན་པ་དེ་ཉིད་ཡེ་ཤེས་སྐྱེས་པ་ཁོ་ན་ཡིན་པས། དེ་ངོ་ཤེས་པར་བྱ་བ་ཙམ་ཡིན་གྱི་སྤང་བར་བྱ་བ་ནི་མ་ཡིན་ནོ་སྙམ་ན། འདི་ཡང་བཅོམ་ལྡན་འདས་ཀྱི་དགོངས་པ་དང་མི་མཐུན་ཞིང༌། སྟོང་པ་ཉིད་ལ་རང་སྟོང་གཞན་སྟོང་དང༌། རྟེན་འབྲེལ་ལས་འདས་མ་འདས་ཀྱི་ཁྱད་པར་མ་ཕྱེད་པའི་མུན་པས་སྤྲུལ་པ་ཁོ་ནའོ། །

དེ་བཞིན་དུ། ངོ་མ་ཤེས་ན་རྣམ་རྟོག །ངོ་ཤེས་ན་ཆོས་སྐུ། ངོ་མ་ཤེས་ན་མ་རིག་པ། ངོ་ཤེས་ན་ཡེ་ཤེས། ངོ་མ་ཤེས་ན་འཁོར་བ། ངོ་ཤེས་ན་སངས་རྒྱས། ཞེས་པ་ལ་སོགས་པར་འདོད་པ་རྣམས་ཀྱང་ཐུབ་པའི་གསུངས་དང་མི་མཐུན་ཞིང༌། ངོ་མ་ཤེས་ན་མུན་པ། ངོ་ཤེས་ན་སྣང་བ། ངོ་མ་ཤེས་ན་སྤྲིན་གྱི་ཚོགས། ངོ་ཤེས་ན་ནམ་མཁའ། ངོ་མ་ཤེས་ན་འབྲས་བུའི་ཤུན་པ། ངོ་ཤེས་ན་འབྲས་བུའི་སྙིང་པོ། ངོ་མ་ཤེས་ན་མི་གཙང་བའི་སྤུབས། ངོ་ཤེས་ན་ཡིད་བཞིན་ནོར་བུ་དང༌། ངོ་མ་ཤེས་ན་བུམ་པའི་སྦུབས། ངོ་ཤེས་ན་བུམ་ནང་གི་མར་མེ་ཡིན། ཞེས་པ་ལ་སོགས་པར་འདོད་པ་དང་མཚུངས་པ་ཁོ་ནའོ། །

དེ་བཞིན་དུ། སྣང་སྲིད་ཐམས་ཅད་ཆོས་སྐུ། གང་ཤར་ཐམས་ཅད་ཕྱག་རྒྱ་ཆེན་པོ། འདུས་བྱས་ཐམས་ཅད་རང་བྱུང་ཡེ་ཤེས། འཁོར་འདས་ཐམས་ཅད་སེམས་ཀྱི་བྱས་པས། སངས་རྒྱས་མིང་སྟོང་ཡིན་ཞེས་པ་ལ་སོགས་པར་འདོད་པ་རྣམས་ཀྱང་ཐུབ་པའི་གསུངས་དང་མི་མཐུན་ནོ། །མདོར་ན་དེ་དག་ལ་སོགས་པ་ཐམས་ཅད་མཁྱེན་པས་གསུངས་པའི་ལུང་རིགས་མན་ངག་ཐུན་མོང་མ་ཡིན་པས། རྣམ་པར་དཔྱད་ན་ནོར་མ་ནོར་གྱི་ཤན་དབྱེ་རྒྱུ་མང་ཞིང་ཆེས་ཤིན་ཏུ་མང་བར་གདའ་ནའང༌། འདིར་ཡི་གེ་མང་དུ་དོགས་ནས་རེ་ཞིག་མ་བྲིས་སོ། །

ཅི་སྟེ་ཡང་དགག་སྒྲུབ་འདི་རྣམས་ནི། བཀའ་མདོ་རྒྱུད་རྣམས་དང་དགོངས་འགྲེལ་གྱི་གཞུང་ལུགས་ཆེན་པོ་རྣམས་ཀྱི་ཆོས་སྐད་ཡིན་གྱི། རྣལ་འབྱོར་པའི་ཉམས་རྟོགས་དང་མཐུན་པ་མ་ཡིན་ནོ་སྙམ་ན། འདི་ལ་ཡང་བརྗོད་པར་བྱ་སྟེ། རྣལ་འབྱོར་པའི་ཉམས་རྟོགས་རྣམ་དག་ལེགས་པའི་ལམ་དུ་གཏོགས་པ་ཞིག་ཡིན་ན་ནི་གཞུང་ལུགས་ཆེན་པོ་ཁྱད་འཕགས་རྣམས་དང་མཐུན་དགོས་ལ། གལ་ཏེ་མི་མཐུན་པའི་ཉམས་རྟོགས་ཞིག་ཡིན་ན་ནི། རྣམ་དག་ལེགས་པའི་ལམ་དུ་ཡང་མི་འགྱུར་རོ། །འདི་རྣམ་དག་ལེགས་པའི་ལམ་དུ་འགྱུར་བ་ལ་གཞུང་ལུགས་ཆེན་པོ་ཁྱད་འཕགས་རྣམས་དང་མཐུན་དགོས་ཞེས་པ་དེ་ཡང་གཞུང་ལུགས་ཆེན་པོ་དེ་དག་གིས་དགོངས་པའི་དོན་དང་ངེས་པར་མཐུན་དགོས་པ་ལགས་ཀྱི། དགོངས་པ་མ་ལོན་ཡང་ལོན་པར་རློམ་པའི་གང་ཟག་རྣམས་ཀྱི་འདོད་པ་དང་མཐུན་དགོས་པ་ནི་མ་ཡིན་ཏེ། གཞུང་ལུགས་ཆེན་པོ་སྨྲ་བའི་མཁས་པར་གྲགས་པ་རྣམས་ལ་ཡང༌། བཀའ་འཁོར་ལོ་ཐ་མ་འགྲེལ་པ་དང་བཅས་པ་སེམས་ཙམ་གྱི་རང་གཞུང་དུ་འདོད་པ་དང༌། བདེ་གཤེགས་སྙིང་པོ་དྲང་དོན་དུ་འདོད་པ་དང༌། རང་སྟོང་ལས་ལྷག་པའི་སྟོང་ཉིད་མེད་པར་འདོད་པ་དང༌། ཆོས་ཀྱི་སྐུ་དང༌། རང་བྱུང་ཡེ་ཤེས་དང༌། ཡུམ་ཆེན་མོ་དང༌། དོན་དམ་ཆོས་ཉིད་དོན་དམ་དུ་མེད་པར་འདོད་པ་ལ་སོགས་པ་གཞུང་ལུགས་དམ་པའི་དགོངས་པ་དང་མི་མཐུན་པར་སྨྲ་བ་མང་དུ་སྣང་བའི་ཕྱིར་རོ། །

དེ་བཞིན་དུ། གསང་སྔགས་ལའང་རིགས་པའི་དཔྱད་པ་མི་འཇུག་པར་འདོད་པ་རྣམས་ཀྱང༌། གསང་སྔགས་ཀྱི་དགོངས་པ་དང་མི་མཐུན་ཏེ། རྡོ་རྗེ་འཆང་དང་རིགས་གསུམ་མགོན་པོ་ལ་སོགས་པ་རིག་པ་འཛིན་པ་ཆེན་པོ་རྣམས་ཀྱིས་རིག་པའི་དཔྱད་པ་མང་དུ་མཛད་ནས་གསང་སྔགས་ལ་ནོར་བའི་མཐའ་བསལ་ཞིང་ཡང་དག་པའི་དོན་ལེགས་པར་གཏན་ལ་ཕབ་པའི་ཕྱིར་རོ། །

དེ་ལྟར་གཤགས་བ་འདི་རྣམས་དོན་ཡིན་ལུགས་ཇི་ལྟ་བའི་སྟེང་ནས་གནམ་ཐིག་དྲང་པོར་བཏབ་པ་ལགས་ཀྱི། ཉེ་རིང་དང༌། ཕྱོགས་ལྷུང་དང༌། སྐྱོ་མ་སྔ་བཙན་ལ་སོགས་པའི་དྲི་མས་བསླད་པ་མི་བདོག་སྟེ། ཐམས་ཅད་མཁྱེན་པ་སངས་རྒྱས་བཅོམ་ལྡན་འདས་དང༌། རིགས་གསུམ་མགོན་པོ་དང༌། རྡོ་རྗེ་སྙིང་པོ་དང༌། མགོན་པོ་བྱམས་པ་ལ་སོགས་པ་ས་བཅུའི་དབང་ཕྱུག་དམ་པ་རྣམས་དང༌། འཕགས་པ་ཐོགས་མེད་དང༌། ཀླུ་སྒྲུབ་ཡབ་སྲས་དང༌། བྲམ་ཟེ་ཆེན་པོ་ས་ར་ཧ་དང༌། རྗེ་ནཱ་རོ་པཎ་ཆེན་ལ་སོགས་པ་ཤིང་རྟ་ཆེན་པོ་རྣམས་དང༌། མཁས་གྲུབ་དམ་པ་རྣམས་ཀྱི་བཞེད་པ་དཔང་དུ་བྱས་པའི་ཕྱིར་དང༌། དེ་རྣམས་ཀྱི་དགོངས་པ་ཇི་ལྟ་བ་བཞིན་དུ་ལེགས་པར་ཁོང་དུ་ཆུད་ནས་སྒྲོ་བསྐུར་སྤངས་ཏེ་བྲིས་པའི་ཕྱིར་རོ། །

ཡང་གལ་ཏེ་དེ་རྣམས་ཀྱིས་དགོངས་པ་ཇི་ལྟ་བ་བཞིན་རྟོགས་པར་རློམ་ཡང་དོན་ལ་མ་རྟོགས་པའི་དབང་གིས་བོད་ཀྱི་སློབ་དཔོན་གཞན་དག་དང༌། དགོངས་པར་མ་མཐུན་པར་གྱུར་པ་ཡིན་ནམ་ཅི་སྙམ་ན། དེ་ལྟ་ཡང་མ་ཡིན་ཏེ། མི་རྟོགས་པའི་རྒྱུ་ནི་བློ་གྲོས་དམན་པ་དང༌། དམ་པའི་གདམས་ངག་དང་བྲལ་བ་དང༌། ཐོས་པ་ཉུང་བ་དང༌། སྒོམ་གྱི་ཉམས་རྟོགས་མེད་པ་དང༌། ང་རྒྱལ་རློམ་པས་ཁེངས་པ་དང༌། སྐྱོ་མ་སྔ་བཙན་དང༌། ཁ་མང་ཉུང་གིས་བདེན་བརྫུན་དུ་འཇོག་པ་ལ་སོགས་པ་ཡིན་མོད་ཀྱི། བདག་གིས་ནི་དང་པོར་གཞུང་ལུགས་ཆེན་པོ་རྣམས་ལ་མང་དུ་ཐོས་པ་བགྱིས་ཤིང༌། དེ་ནས་རྒྱ་བོད་ཀྱི་གདམས་ངག་ཟབ་པར་གྲགས་པ་རྣམས་ལ་ཉམས་ལེན་བགྱིས་ནས། སོ་སོའི་ཉམས་རྟོགས་ཀྱང་ཐད་ཀ་ཐད་ཀར་སྐྱེས་ལ། དེ་ནས་རྩ་རྒྱུད་ཆེན་པོ་རྣམས་ཀྱི་ངེས་དོན། དཔལ་ལྡན་ཀཱ་ལ་པའི་གདམས་ངག །རིགས་ལྡན་ས་བཅུ་པ་རྣམས་ཀྱིས་སྙིང་གཏམ་ཟབ་མོ་ཐུན་མོང་མ་ཡིན་པ་དང་མཇལ་བའི་བྱིན་རླབས་ཅུང་ཟད་ཞུགས་པ་ལ་བརྟེན་ནས། བདག་འཛིན་ཅན་གྱི་མཁས་པ་པཎྜི་ཏ་རྣམས་དང༌། ཉམས་རྟོགས་ཅན་གྱི་སྒོམ་ཆེན་ཕལ་དང༌། སྔགས་འཆང་རིག་འཛིན་ཆེན་པོར་རློམ་པ་ཕལ་གྱིས་མ་རྙེད་ཅིང་མ་རྟོགས་ལ་ཁུངས་མ་ ཆོད་པའི་གནད་ཟབ་མོ་མང་དུ་རྙེད་ཅིང༌། རྟོགས་པ་བཟང་པོ་ནང་ནས་རྡོལ་བའི་ཕྱིར། དོན་འདི་ལ་སངས་རྒྱས་ཀྱིས་ཀྱང་ངཻས་པར་བཟློག་པར་མི་སྦྱོད་ཅིང༌། ཐེ་ཚོམ་དྲི་རྒྱུ་མེད་པ་ཙམ་གྱི་ངེས་ཤེས་ཁྱད་པར་ཅན་མཆིས་པའི་ཕྱིར་རོ། །

ཅི་སྟེ་ཡང་ངེས་ཤེས་དེ་ཀུན་རང་གི་མོན་སྒོམ་མམ་ལོག་ཤེས་ཡིན་གྱི་ཤེས་བྱེད་ཀྱི་ལུང་ཡང་དག་མེད་དོ་སྙམ་ན་མེད་པ་མ་ཡིན་ཏེ། ས་བཅུ་གཉིས་པ་རྣམས་དང༌། ས་བཅུ་པ་རྣམས་དང༌། ཀླུ་སྒྲུབ་ཡབ་སྲས་དང༌། ནཱ་རོ་པཎ་ཆེན་ལ་སོགས་པ་མཁས་གྲུབ་དམ་པ་རྣམས་ཀྱི་ལུང་གསལ་པོ་རིགས་པ་དང་བཅས་ཤིང༌། མན་ངག་དང་བཅས་པ་ཤིན་ཏུ་མང་བར་ཡོད་པའི་ཕྱིར་རོ། །དེ་ལྟ་ན་ཡང་འདིར་ཡི་གེ་མང་དུ་དོགས་ནས་དེ་རྣམས་མ་བྲིས་མོད་ཀྱི། གལ་ཏེ་བཞེད་ཅིང་དོན་དུ་གཉེར་ན། སླད་ནས་བྲིས་ཏེ་འབུལ་བ་ལགས།

དོན་འདི་རྣམས་ལ་སྔར་བོད་དུ་གྲགས་པ་འགའ་ཞིག་དང་མི་མཐུན་པའི་ཁྱད་འཕགས་འགའ་རེ་བདོག་ཀྱང༌། སྔར་གྱི་གྲུབ་མཐའ་ལ་ཡུན་རིང་དུ་འདྲིས་པས། དེའི་བག་ཆགས་བརྟན་པོར་གྱུར་པ་དང༌། ལུགས་དེ་འདོད་པ་བོད་ན་མང་བའི་ཕྱིར། གྲུབ་མཐའ་སྔ་ཕྱི་འདི་དག་ལ་བག་ཆགས་བརྟན་མི་བརྟན་གྱི་ཁྱད་པར་དང༌། འདོད་མཁན་མང་ཉུང་གི་ཁྱད་པར་བདོག་མོད་ཀྱང༌། ཁྱད་པར་དེ་དག་གི་དབང་དུ་མི་གཏོང་བར་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལུགས་ལ་དཔང་དུ་མཛད་ནས་དོན་ལ་གང་གནས་གཟུ་བོར་གནས་པའི་བློ་གྲོས་ཀྱིས་དཔྱོད་པར་ཞུ།

ཡང་འདི་རྣམས་ལ་གསང་བ་ཟབ་མོ་ཐུན་མོང་མ་ཡིན་པའི་གནད་མང་དུ་བདོག་པས། དེ་རྣམས་བློར་ཤོང་བ་ལ་ཐོས་པ་དང༌། བསམ་པ་དང༌། སྒོམ་པ་ལས་བྱུང་བའི་ཤེས་རབ་ཀྱི་ནོར་གྱིས་ཕྱུག་ཅིང༌། ཕྱོགས་ཞེན་དང༌། སྐྱོ་མ་སྔ་བཙན་ལ་སོགས་པའི་གཅོང་ནད་དང་བྲལ་ལ། ཁ་མང་ཉུང་གིས་བདེན་བརྫུན་དུ་འཇོག་པ་ལ་སོགས་པ་ལུགས་ངན་པའི་གདོན་ལས་གྲོལ་བའི་གང་ཟག་སྐལ་ལྡན་གཟུ་བོར་གནས་པ་ཁོ་ན་འཚལ་གྱི། དེ་དག་ལས་གཞན་ལ་བསྟན་ན་དོན་དུ་མི་འགྱུར་ཞིང༌། སླར་ཟག་པ་འཕེལ་བའི་རྐྱེན་དུ་འགྱུར་བས་སྣོད་མིན་ལ་མི་འཕྲོ་བ་མཛད་བར་ཞུ། །དེ་ཤིན་ཏུ་གལ་ཆེ་བ་ལགས། དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །