cover

ཀུན་མཁྱེན་དོལ་པོ་པའི་གསུང་འབུམ།

གླེགས་བམ། ཉ༽

ཀུན་མཁྱེན་དོལ་པོ་པ།

Nitartha International

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

དཔོན་བྱང་པའི་ཕྱག་ཏུ་ཕུལ་བའི་ཆོས་ཀྱི་ཤན་འབྱེད་བཞུགས་སོ། །

ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭེ་བྷྱོ་ན་མོ་ན་མཿ ཇོ་ནང་དཔལ་གྱི་རི་ཁྲོད་ནས། དཔོན་བྱང་པའི་ཕྱག་ཏུ་ཕུལ་བ། སྐུ་ཁམས་བཟང་བའི་ཐད་ནས་གསུང་ཡིག་རྒྱས་པོ་གསེར་སྲང་གང་དང་བཅས་ཏེ་བསྐུར་བ་འདིར་འཕྲོད་པས་སེམས་དགའ་བར་བྱུང་ཞིང་རྗེས་སུ་ཡི་རང་ལགས།

སྐབས་ཀྱི་དོན་ནི། ན་ནིང་སྔ་གོང་གི་གསུང་ཡིག་དེ་བྱུང་དུས་སློབ་དཔོན་དཀོན་མཆོག་བཟང་པོའི་གསུང་གིས། དཔོན་བྱང་པ་ལ་ཐུགས་རབ་ཆེན་པོ་ཡོད་པས། ད་ལན་གྱི་ཤགས་འབྱེད་ཞུས་པ་འདི་ལ་ཆོས་ཀྱི་ཤན་དབྱེ་བ་ཞིབ་ལ་རྒྱས་པ་གཅིག་མཛད་པར་ཞུ་ཞེས་ནན་ཆེ་བར་གདའ་བ་དང༌། ཉིད་ཅག་གི་གསུང་ཡིག་ནའང་དོན་ཡིན་ལུགས་ཇི་ལྟ་བའི་སྟེང་ནས་ཤགས་དྲང་པོར་འབྱེད་པར་ཞུ། ཞེས་པ་གདའ་བའི་དོན་ལ། བདག་གིས་ལེགས་པར་བལྟས་པས་དོན་ཡིན་ལུགས་བཞིན་ཤགས་དྲང་པོར་འབྱེད་ན། ཤིན་ཏུ་ལྐོག་གྱུར་གྱི་གནས་ཟབ་མོ་འདི་དག་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཚད་མར་གྱུར་པ་རྣམས་ཀྱི་ལུང་དཔང་དུ་བྱ་དགོས། དེ་དང༌། ཉིད་ཅག་གི་བཞེད་པ་དེ་རྣམས་དང་བསྟུན་ཀྱང་མི་མཐུན་པར་གདའ། བོད་ཀྱི་སློབ་དཔོན་མང་རབ་ལ་གྲགས་པ་འདི་དང་བསྟུན་ན་མཐུན་རུང་དུ་གདའ་བས། དེའི་དོན་ལ་ལུགས་གཉིས་བསྟན་པའི་ཆེད་དུ། བོད་འགའ་ཞིག་གི་བཞེད་ལུགས་རགས་པ་ཙམ་དེ་ཡང་བཀོད་པ་ལགས། འོན་ཀྱང་དེ་ཐམས་ཅད་ཉིད་ཅག་གི་བཞེད་པ་ཡིན་བྱས་པ་མི་བདོག །ཡོད་མེད་ཡི་གེ་སྔ་མ་དེ་ད་རུང་ཞིབ་ཏུ་གཟིགས་ན་མངོན་པ་ལགས། གཞན་ཡང་སྟོང་ཉིད་གོ་ཆོད་པོ་གཅིག་པོ་དེ་ལས་མི་བཞེད་ན། དེ་ཉིད་དོན་དམ་ཆོས་ཉིད་དེ་བཞིན་ཉིད་ལ་སོགས་པར་ཁས་ལེན་དགོས་པའི་ཕྱིར། བོད་གཞན་འགའ་ཞིག་གི་གྲུབ་མཐའ་སྔར་བཀོད་པ་དེ་རྣམས་ཕལ་ཆེར་ཁས་ལེན་དགོས་པར་ཡང་འགྱུར་རོ། །

ཡང༌། ཉིད་ཅག་གི་གསུང་ཡིག་ཕྱི་མ་ན། སྒོམ་ཆེན་ཚད་མར་གྱུར་པ་རྣམས་ཀྱི་ངག་མ་ཡིན་པས་འཆལ་པ་ཅི་ཐོད་ཐོད་རྣམས་ཀྱི་ངག་ལ་བརྒལ་བརྟག་ཡི་གེར་བཀོད་ཀྱང༌། བྱིས་པ་སྤྲེའུའི་འབག་གོན་པ་ཞེས་སོགས་ཀྱིས་སུན་འབྱིན་པ་བཀོད་གདའ་བ་འདི་ལ་ལེགས་པར་བརྟག་ན། ཚད་མར་གྱུར་པའི་ངག་ལ་སུན་འབྱིན་བྱེད་པར་རིགས་ཀྱི། འཆལ་པ་ཅི་ཐོད་ཐོད་ཀྱི་ངག་ལ་སུན་འབྱིན་བྱེད་པར་མི་རིགས་ཞེས་བཞེད་པར་གསལ་ལོ། །དེ་ལྟར་བཞེད་ནའང་སྐྱོན་མང་དུ་ཡོད་དེ། ཚད་མར་གྱུར་པའི་སྐྱེས་བུ་ནི་ཤེས་བྱ་ལ་འཁྲུལ་བ་མི་མངའ་བའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཡིན་ལ། དེ་རྣམས་སུན་ཕྱུང་ན་སྡིག་པའི་ཕུང་པོ་ཆེན་པོར་འགྱུར་བས། རང་གིས་རང་ངན་སོང་དུ་སྐུར་བ་ཙམ་དུ་ཟད་དོ། །ཤེས་བྱ་ལ་ཚད་མར་གྱུར་པའི་སྐྱེས་བུ་ངོས་འཛིན་པ་ཡང༌། བདག་ཉིད་ཆེན་པོ་ཕྱོགས་ཀྱི་གླང་པོས། ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །སྟོན་པ་བདེ་གཤེགས་སྐྱོབ་ལ་ཕྱག་འཚལ་ནས། །ཞེས་ཚད་མའི་མདོ་ཀུན་ལས་བཏུས་པར་གང་གསུངས་པ་དེ་ཉིད་ལེགས་པར་འགྲེལ་པ་ལ། དཔལ་ཆོས་ཀྱི་གྲགས་པའི་ཞལ་སྔ་ནས། ཚད་མ་རྣམ་འགྲེལ་གྱི་ལེའུ་གཉིས་པ་མཛད་པ་ཡིན་ནོ། །དེ་ལྟ་བས་ན། ཚད་མར་གྱུར་ཚུལ་ཡང་དེ་ལས་ཤེས་པར་བྱ་བ་ཉིད་དོ། །དེའི་ཕྱིར། བདག་ཅག་གིས་ནི་ཚད་མར་གྱུར་པའི་སྐྱེས་བུ་རྣམས་ལ་བརྒལ་བའམ་སུན་འབྱིན་པ་ཅུང་ཟད་ཀྱང་བྱེད་མི་ནུས་སོ། །གལ་ཏེ་ཚད་མར་གྱུར་པའི་སྐྱེས་བུ་ངོས་འཛིན་པ་ནི། གཞུང་ལུགས་ལ་མི་ལྟོས་ཀྱི། མི་ཐམས་ཅད་ཀྱིས་གང་གིས་ངག་ཚད་མར་འཛིན་པ་དེ་ཡིན་ནོ་སྙམ་ན། དེ་ནི་མི་སྲིད་དོ། །འོན་ཏེ་མི་འགའ་དང་འགའ་ཡིས་ཚད་མར་འཛིན་པའོ། །ཞེ་ན། དེ་ལ་ནི་ཁྱབ་པ་མེད་དོ། །འཆལ་པ་ཅི་ཐོད་ཐོད་ཀྱི་གྲུབ་མཐའ་སུན་ཕྱུང་བ་ལ་སྐྱོན་ཡོན་ན་ནི། དེ་བཞིན་གཤེགས་པ་དང༌། འཕགས་པ་འཇམ་དཔལ་དང༌། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང༌། འཕགས་པ་རྡོ་རྗེ་སྙིང་པོ་དང༌། འཕགས་པ་ཕྱག་ན་རྡོ་རྗེ་དང༌། འཕགས་པ་བྱམས་པ་དང༌། འཕགས་པ་ཀླུ་སྒྲུབ་ཡབ་སྲས་དང༌། འཕགས་པ་ཐོགས་མེད་སྐུ་མཆེད་དང༌། སློབ་དཔོན་ཕྱོགས་གླང་ཆོས་གྲགས་དང༌། སློབ་དཔོན་དཔའ་བོ་དང༌། སློབ་དཔོན་ཞི་བ་ལྷ་དང༌། སློབ་དཔོན་སངས་རྒྱས་བསྐྱངས་དང༌། སློབ་དཔོན་ལེགས་ལྡན་འབྱེད་དང༌། སློབ་དཔོན་སྤྱན་རས་གཟིགས་བརྟུལ་ཞུགས་དང༌། སློབ་དཔོན་ཟླ་བ་གྲགས་པ་དང༌། སློབ་དཔོན་ཡེ་ཤེས་སྙིང་པོ་དང༌། སློབ་དཔོན་ཞི་བ་འཚོ་དང༌། སློབ་དཔོན་ཀ་མ་ལ་ཤཱི་ལ་དང༌། སློབ་དཔོན་ཤེས་རབ་འབྱུང་གནས་དང༌། སློབ་དཔོན་ཆོས་མཆོག་དང༌། སློབ་དཔོན་ལྷའི་དབང་པོའི་བློ་གྲོས་དང༌། སློབ་དཔོན་རྒྱལ་དབང་ལ་སོགས་པ་མཁས་པ་ཆེན་པོ་ཤིན་ཏུ་མང་བ་དེ་རྣམས་ཀྱང༌། ཁྱེད་ཀྱིས་བཀོད་པའི་སྐྱོན་ཅན་དེར་འགྱུར་ཏེ། དེ་དག་གིས་སེམས་ཅན་རྣམས་ཀྱིས་འཆལ་པ་ཅི་ཐོད་ཐོད་ཀྱི་གྲུབ་མཐའ་རྣམས་སུན་ཕྱུང་བའི་ཕྱིར་རོ། །

དེ་ཡང་འདི་ལྟར། བདག་དང༌། སེམས་ཅན་དང༌། སྲོག་དང༌། གང་ཟག་དང༌། ཤེད་ཅན་དང༌། ཤེད་བདག་དང༌། ཤེད་བུ་ལ་སོགས་པ་རྣམ་གྲངས་མང་པོ་ཅན་གང་ཟག་གི་བདག་རྟག་པ་གཅིག་པུ་རང་དབང་ཅན་འདོད་པ་དང༌། ཀུན་རྫོབ་ཏུ་སྐྱེ་བ་སྔ་ཕྱི་དང༌། ལས་རྒྱུ་འབྲས་མེད་པར་འདོད་པ་དང༌། བརྟན་གཡོ་ ཐམས་ཅད་དབང་ཕྱུག་དང༌། ཁྱབ་འཇུག་དང༌། ཚངས་པ་དང༌། རཧྨ་ཎ་ལ་སོགས་པ་བྱེད་པ་པོ་རྣམས་ཀྱིས་བྱས་པར་འདོད་པ་དང༌། བྱེད་པ་པོ་དེ་རྣམས་ཐམས་ཅད་མཁྱེན་པ་ཉིད་དུ་འདོད་པ་དང༌། མི་རིགས་བཞི་ཡང་ཚངས་པའི་ཁ་དང༌། དཔུང་པ་དང༌། བརླ་དང༌། རྐང་པ་ལས་སྐྱེས་པར་འདོད་པ་དང༌། རིག་བྱེད་ཀྱི་སྒྲ་རང་བྱུང་རྟག་པར་འདོད་པ་དང༌། ཨ་ཤོ་མེ་དྷ་ལ་སོགས་པ་སྲོག་བཅད་པའི་མཆོད་སྦྱིན་ཆོས་སུ་འདོད་པ་དང༌། མཆོད་སྦྱིན་དེས་ལྷ་མཉེས་པ་ལས་མཐོ་རིས་སུ་འདྲེན་པ་དང༌། ལྷ་མ་མཉེས་པ་ལས་ངན་སོང་དུ་བསྒྱུར་བར་འདོད་པ་དང༌། གཙོ་བོ་ཉི་ཤུ་རྩ་བཞི་གང་ཟག་གི་བདག་དང༌། ཉི་ཤུ་རྩ་ལྔ་གནས་ལུགས་ལ་ཡོད་པར་འདོད་པ་དང༌། དེ་རྣམས་ཤེས་པ་ཙམ་གྱིས་གྲོལ་བར་འདོད་པ་དང༌། བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་འབྲས་ངོ་བོ་གཅིག་ཏུ་འདོད་པ་དང༌། འབྱུང་བ་བཞི་དང༌། ནགས་དང་འབྲུ་རྣམས་ལ་སྲོག་ཡོད་པར་འདོད་པ་དང༌། སྲོག་རྟག་པ་ལུས་ཀྱི་ཚད་དུ་འདོད་པ་དང༌། ལྗོན་ཤིང་ཐམས་ཅད་སེམས་དང་ལྡན་པར་འདོད་པ་དང༌། འཇིག་རྟེན་གསུམ་རྟག་པར་འདོད་པ་དང༌། ཐར་པ་གཟུགས་ཅན་དཔག་ཚད་འབུམ་ཕྲག་བཞི་བཅུ་རྩ་ལྔ་པ་གདུགས་ཀྱི་རྣམ་པར་འདོད་པ་དང༌། སངས་རྒྱས་ཀྱི་ཆོས་ནུ་བོ་ཡིན་པས་ངན་ཞིང༌། རིག་བྱེད་ཀྱི་ཆོས་ཕུ་བོ་ཡིན་པས་བཟང་ཞེས་འདོད་པ་དང༌། བུ་མེད་པས་མཐོ་རིས་སུ་མི་འགྲོ་བར་འདོད་པ་དང༌། མི་ཤི་བ་རྣམས་རཧྨ་ཎ་མཉེས་པ་དང༌། མ་ཉེས་པ་ལས་མིའི་ལུས་དེ་ཉིད་ཀྱིས་མཐོ་རིས་དང་དམྱལ་བར་བདེ་བ་དང་སྡུག་བསྔལ་ལ་སྤྱོད་པར་འདོད་པ་དང༌། སྙུང་གནས་ཀྱིས་ཤི་བ་དང༌། གཡུལ་དུ་བསྣུན་ནས་ཤི་བ་དང༌། ཉི་མ་གཟས་ཟིན་པའི་དུས་སུ་ཤི་བ་དང༌། ཁྱིམ་གྱི་ནོར་བསྒྲུབ་པ་ལ་ཤི་བ་དང༌། བྲམ་ཟེའི་བྱ་བ་ལ་ཤི་བ་ཐམས་ཅད་རྒྱུ་དེ་དང་དེས་མཐོ་རིས་སུ་འགྲོ་བར་འདོད་པ་དང༌། འོ་མའི་རྒྱ་མཚོ་བསྲུབས་པ་ལས་བདུད་རྩི་དང༌། ཟླ་བ་དང༌། ནག་པོ་བརྩེགས་པ་དང༌། རྟ་མཐོར་ཐོས་པ་དང༌། གླང་པོ་ཆེ་ས་སྲུང་དང༌། ནོར་བུ་ཀོ་ཏུ་བྷ་དང༌། ཤིང་ཡོངས་འདུ་དང༌། ལྷ་མོ་དཔལ་མོ་དང༌། ཨ་བ་ས་ར་ལ་སོགས་པ་འབྱུང་བར་འདོད་པ་དང༌། ཨ་ཤྭད་ཐ་ལ་བརྟེན་པ་དང༌། ཏིལ་སྣོད་སྦྱིན་པ་དང༌། བ་ལ་རེག་པ་དང༌། གང་གཱ་ལ་སོགས་པའི་འཇུག་ངོགས་རྣམས་སུ་བཀྲུས་པ་དང༌། གང་གཱའི་ཆུ་འཐུངས་པ་དང༌། མེ་ལྔ་བསྟེན་པ་རྣམས་ལ་སོགས་པ་རྣམས་ཀྱིས་སྡིག་པ་འདག་པར་འདོད་པ་དང༌། ཀླུའི་ཆོས་དང་ལོ་རྒྱུས་ཀྱི་ཆོས་ལ་སོགས་པ་དོན་མེད་ཕྱིན་ཅི་ལོག་གི་ཆོས་རྣམས་ཡང་དག་ཏུ་འདོད་པ་དང༌། ལྷ་རཧྨའི་ལུས་ཚད་དང༌། དེའི་གྲོང་ཁྱེར་ཨ་ཡོ་དྷའི་ཚད་ལ་སོགས་པ་བྷ་ར་ཏ་ལས་མི་བདེན་པའི་ཆོས་མང་དུ་བསྟན་པ་རྣམས་བདེན་པར་འདོད་པ་དང༌། ཉ་ལ་སོགས་པ་ཁྱབ་འཇུག་གིས་འཇུག་པ་རྣམས་བདེན་པར་འདོད་པ་དང༌། ཁྱད་པར་ཕར་ཕྱིན་བཅུ་དང༌། ཚངས་པའི་གནས་དང༌། དགེ་བ་བཅུ་རྣམས་བསྒྲུབ་པ་དང༌། མི་དགེ་བ་བཅུ་སྤོང་བ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཕྱིན་ཅི་ལོག་གི་ཆོས་སུ་འདོད་པ་དང༌། སངས་རྒྱས་ཀྱི་ཆོས་དེ་རྣམས་ཉམས་སུ་བླངས་ན་རྒྱུ་དེས་དམྱལ་བར་འགྲོ་བ་འདོད་པ་དང༌། རིགས་ལྡན་གྲགས་པ་ནི་བྲམ་ཟེའི་བུ་ཡིན་པས་ཀླ་ཀློ་ཐམས་ཅད་བསད་ནས་ས་གཞི་ཐམས་ཅད་བྲམ་ཟེའི་རང་བཞིན་དུ་བྱེད་པར་འགྱུར་བར་འདོད་པ་དང༌། ལྷ་དང་ཕ་མེས་ཀྱི་དོན་དུ་སྲོག་བཅད་པའི་ཤ་ཟོས་པ་ལ་སྐྱོན་མེད་པར་འདོད་པ་དང༌། བི་ཥི་མི་ལླཱའི་སྔགས་ཀྱིས་ཕྱུགས་ཀྱི་སྐེ་གྲི་གུག་གིས་བཅད་པའི་ཤ་བཟར་རུང་གི། རང་གི་ལས་ཀྱིས་ཤི་བའི་ཤ་བཟར་མི་རུང་ཞེས་འདོད་པ་ལ་སོགས་པ་འཆལ་པ་ཅི་ཐོད་ཐོད་ཀྱི་གྲུབ་མཐའ་རྣམས་དང༌། དེ་བཞིན་དུ། ལུང་མ་བསྟན་གྱི་ལྟ་བ་བཅུ་བཞི་དང༌། འཇིགས་ཚོགས་ལ་ལྟ་བ་རིའི་རྩེ་མོ་ཉི་ཤུ་དང༌། ལྟ་ངན་གྱི་འཕྲེང་བ་དྲུག་ཅུ་རྩ་གཉིས་ལ་སོགས་པ་གྲུབ་མཐའ་འཆལ་པ་ཅི་ཐོད་ཐོད་མང་བ་ལས་ཀྱང་ཆེས་མང་བ་རྣམས་ལ་བརྒལ་བརྟག་མཛད་ཅིང་སུན་ཕྱུང་ངོ༌། །དེར་མ་ཟད་ཆོས་འདི་པ་ཉིད་ལས། ཁ་ཅིག་རྟག་མི་རྟག་གང་དུའང་བརྗོད་དུ་མེད་པའི་གང་ཟག་གི་བདག་སྐྱེ་བ་ཆ་ཤས་ཅན་འདོད་པ་དང༌། དུས་གསུམ་རྗེས་འགྲོ་འདོད་པ་དང༌། སྡོམ་པ་སྡོམ་མིན་གཟུགས་སུ་འདོད་པ་དང༌། རྡུལ་ཕྲ་རབ་སོ་སོ་བ་ཆ་མེད་བདེན་པའི་དངོས་པོར་འདོད་པ་དང༌། རྣམ་ཤེས་སྐད་ཅིག་མ་དོན་དམ་དུ་འདོད་པ་ལ་སོགས་པ་དངོས་སྨྲའི་གྲུབ་མཐའ་ངན་པ་རྣམས་ཀྱང་སུན་ཕྱུང་ངོ༌། །དེར་མ་ཟད། སངས་རྒྱས་ཀྱི་ཡེ་ཤེས་ལ་ཆོས་ཉིད་དོན་དམ་མི་སྣང་བར་འདོད་པ་དང༌། ཡེ་ཤེས་དེས་ཀུན་རྫོབ་ལས་གཟུགས་ཐམས་ཅད་སྣང་བའི་ཚུལ་གྱིས་མཁྱེན་པར་འདོད་པ་དང༌། སངས་རྒྱས་ཀྱི་ཡེ་ཤེས་རྒྱུན་འཆད་དུ་འདོད་པ་དང༌། བདེ་གཤེགས་སྙིང་པོ་དྲང་དོན་དུ་འདོད་པ་ལ་སོགས་པ་དབུ་མ་པར་ཁས་འཆེ་བ་འགའ་ཞིག་གིས་གྲུབ་མཐའ་ངན་པ་རྣམས་ཀྱང་སུན་ཕྱུང་ངོ༌། །དེ་བཞིན་དུ། ཧཱ་ཤང་གི་གྲུབ་མཐའ་ངན་པ་རྣམས། མཁས་པ་ཆེན་པོ་ཀ་མ་ལ་ཤཱི་ལས་སུན་ཕྱུང་བ་ཡང་སྙན་ལམ་ན་བདོག་སྟེ་མཆི། དེ་དག་ཏུ་ཡང་མ་ཟད། གསང་སྔགས་པར་འདོད་པ་འགའ་ཞིག་ཀྱང༌། སྔགས་ཀྱི་ཐེག་པར་ཞུགས་ནས་སྡིག་པ་བྱས་ཀྱང་མི་སྐྱོན་པར་འདོད་པ་དང༌། ཁ་ན་མ་ཐོ་བ་དང་བཅས་པའི་ཤ་ཟོས་ཀྱང་སྐྱོན་མེད་པར་འདོད་པ་དང༌། ཆུ་དང་ཅོད་པན་ལ་སོགས་པའི་དབང་དང༌། བུམ་པ་དང་སློབ་དཔོན་དང༌། བཞི་པའི་དབང་ལ་སོགས་པ་རྣམས་ལ་རྩ་བའི་རྒྱུད་རྣམས་དང་མི་མཐུན་པའི་སྐྱོན་དུ་མ་གསུངས་ཀྱང་སྐྱོན་མེད་དུ་འདོད་པ་དང༌། བསྐྱེད་རིམ་ལ་སོགས་པ་རྟོག་བཅས་ཀྱི་བསྒོམ་པ་རྣམས་ངེས་པའི་དོན་དུ་འདོད་པ་དང༌། སྦྱོར་བ་ཡན་ལག་དྲུག་གི་དོན་མ་བསྒོམ་པར་སངས་རྒྱས་ཐོབ་པར་འདོད་པ་དང༌། རྣམ་རྟོག་མ་འགགས་པར་ཆོས་སྐུ་ཐོབ་པར་འདོད་པ་དང༌། ཉོན་མོངས་པ་ལྔ་མ་འགགས་པར་ཡེ་ཤེས་ལྔ་ཐོབ་པར་འདོད་པ་དང༌། སེམས་ཅན་གྱི་ལུས་འདི་སངས་རྒྱས་ཀྱི་སྐུར་འདོད་པ་དང༌། སེམས་ཅན་གྱི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ལྷར་འདོད་པ་དང༌། དེ་རྣམས་སྒོམ་པ་གོམས་པའི་དབང་གིས་ལྷ་དང་དཀྱིལ་འཁོར་ལ་སོགས་པའི་རྣམ་པར་གནས་གྱུར་པར་འདོད་པ་དང༌། མཐར་ཐུག་གི་སངས་རྒྱས་གཟུགས་ཅན་དུ་འདོད་པ་དང༌། གཤང་བ་ལ་སོགས་པ་བདུད་རྩི་ལྔར་གྲགས་པ་དང༌། བ་ལང་ལ་སོགས་པའི་ཤ་ལྔ་རྣམས་རང་བཞིན་གྱིས་དག་པའི་བཟའ་བར་འདོད་པ་དང༌། དེ་རྣམས་ཟོས་པས་རྒ་ཤི་མེད་པའི་ལུས་དང་རྡོ་རྗེ་སེམས་དཔའི་དངོས་གྲུབ་ཐོབ་པར་འདོད་པ་དང༌། དེ་རྣམས་ཡང་ཡང་ཟོས་ན་གོམས་པའི་དབང་གིས་དམ་ཚིག་གི་དངོས་གྲུབ་ཏུ་གྱུར་ནས་རྫས་ངན་པ་རྣམས་བཟང་པོར་འགྱུར་བར་འདོད་པ་དང༌། ལྷའི་རྣལ་འབྱོར་གྱིས་སྲོག་གཅོད་པ་ལ་སོགས་པ་མི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་བྱེད་པ་ལ་སྐྱོན་མེད་ཅིང་ཡོན་ཏན་ཡོད་པར་འདོད་པ་དང༌། བསྐྱེད་རིམ་བརྟན་ནས་དཀྱིལ་འཁོར་གྱི་འཁོར་ལོ་མངོན་སུམ་དུ་བྱས་པས་སངས་རྒྱས་ཐོབ་པར་འདོད་པ་དང༌། བསམ་པའི་ཤེས་པ་མེད་པ་ཙམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། དེ་བཞིན་གཤེགས་པའི་ཡེ་ཤེས་སུ་འདོད་པ་དང༌། དེ་བཞིན་གཤེགས་པའི་ཡེ་ཤེས་རང་རིག་པ་མ་ཡིན་པར་འདོད་པ་དང༌། དབང་པོ་གཉིས་ཀྱི་བདེ་བ་ལ་སངས་རྒྱས་ཀྱི་ཡེ་ཤེས་སུ་འདོད་པ་དང༌། སངས་རྒྱས་ཀྱི་ཡེ་ཤེས་གནས་ལུགས་ལ་ཅིར་ཡང་མ་གྲུབ་པར་འདོད་པ་དང༌། གཟུགས་སོགས་ཅིར་ཡང་མ་གྲུབ་པའི་རང་སྟོང་ཙམ་སྟོང་ཉིད་ཀྱི་མཐར་ཐུག་ཆོས་ཉིད་དང་དོན་དམ་པར་འདོད་པ་དང༌། དེ་རྟོགས་ན་ལྟ་བའི་མཐར་ཐུག་ཏུ་འདོད་པ་དང༌། དེ་བསྒོམས་པས་སངས་རྒྱས་ཀྱི་བདེ་བ་ཐོབ་པར་འདོད་པ་དང༌། ཀུན་ཏུ་བཟང་པོའི་བདེ་བ་ཆེན་པོ་ཤེས་རབ་ཡེ་ཤེས་ནི། ཐིག་ལེ་འགྱུར་བའི་བདེ་བ་ལ་འདོད་པ་དང༌། ལས་ཀྱི་ཕྱག་རྒྱའི་བདེ་བ་འཛག་བཅས་ནི། ཀུན་ཏུ་བཟང་པོ་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོར་འདོད་པ་དང༌། རྡུལ་ཕྲ་རབ་ཚོགས་པའི་ལུས་མེད་པར་ཤེས་རབ་ཀྱི་ཡེ་ཤེས་ཀུན་ཏུ་བཟང་པོ་མི་འགྱུར་བའི་བདེ་བ་ཆེན་པོ་རང་མི་རིག་པར་འདོད་པ་དང༌། རྡུལ་ཕྲ་རབ་ཚོགས་པའི་ལུས་མེད་ན། ཐིག་ལེ་འཕོ་བ་མེད་པར་འདོད་པ་དང༌། འཕོ་བའི་ཆགས་པ་འཁོར་བའི་རྒྱུ་མ་ཡིན་པར་འདོད་པ་དང༌། བླ་མའི་བཀའ་ཙམ་གྱིས་གྲོལ་བར་འདོད་པ་དང༌། རྡོ་རྗེ་མ་ཕེབས་ཀྱང་ལྷ་ཕྲ་མོ་ཕེབས་ན་དེས་གྲོལ་བར་འདོད་པ་དང༌། རྣམ་པར་དག་པའི་མངོན་ཤེས་ལྔ་འཆར་བ་ལ་མི་འཕོ་བའི་ཚུལ་ཁྲིམས་མི་དགོས་པར་འདོད་པ་དང༌། འཕོ་བའི་བག་ཆགས་མ་འགགས་པར་རྟེན་འབྲེལ་ཡན་ལག་བཅུ་གཉིས་འགག་པར་འདོད་པ་དང༌། འཕོ་བའི་བག་ཆགས་མ་བཅོམ་པར་བདུད་བཞི་བཅོམ་པར་འདོད་པ་དང༌། མཆོག་གི་དངོས་གྲུབ་ཐོབ་པ་ལ་ཐིག་ལེ་འཛག་མེད་དུ་བརྟན་པ་མི་དགོས་པར་འདོད་པ་དང༌། སངས་རྒྱས་ཐོབ་པ་ལ་རླུང་སེམས་ཀྱི་རྒྱུན་འགག་མི་དགོས་པར་འདོད་པ་དང༌། འདི་སྐད་བདག་གིས་ཐོས་པ་ལ་སོགས་པ་མེད་ན། རྒྱུད་དེ་སངས་རྒྱས་ཀྱིས་གསུངས་པའི་རྒྱུད་མ་ཡིན་པར་འདོད་པ་དང༌། མངལ་ནས་སྐྱེས་པ་ན་རྒྱུ་དེས་རྒྱུད་ཀྱི་ཞུ་བ་པོ་མི་རུང་བར་འདོད་པ་དང༌། ཚངས་པ་དང༌། ཁྱབ་འཇུག་དང༌། དྲག་པོ་ལ་སོགས་པ་ལེགས་སྦྱར་གྱི་སྐད་ཉིད་ཀྱིས་སྨྲ་བ་ལྟར། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱང་ལེགས་སྦྱར་གྱི་སྐད་ཉིད་ཀྱིས་གསུངས་ཞེས་འདོད་པ་དང༌། མཚན་མེད་རྣམ་པར་མི་རྟོག་པའི་རྫོགས་རིམ་ལས་གཞན་པའི་རྫོགས་རིམ་ལྟར་སྣང་མང་པོ་ལ་ཡང་དག་ཏུ་འདོད་པ་དང༌། རང་བཞིན་འོད་གསལ་འགྱུར་མེད་བདེ་བ་ལས་གཞན་པའི་ཕྱག་རྒྱ་ཆེན་པོ་འདོད་པ་དང༌། ཆོས་ཉིད་དེ་བཞིན་ཉིད་ལས་གཞན་པའི་རང་བྱུང་ཡེ་ཤེས་འདོད་པ་ལ་སོགས་པ་འཆལ་པ་ཅི་ཐོད་ཐོད་ཀྱི་གྲུབ་མཐའ་མང་བ་ལས་ཀྱང་ཆེས་མང་བ་ཞིག་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་ལ་སོགས་པ་རྣམས་ཀྱིས་ལེགས་པར་སུན་ཕྱུང་བའི་ཕྱིར། དེ་རྣམས་ཀྱང་བྱིས་པ་སྤྲེའུའི་འབག་གོན་པ་ཞེས་སོགས་ཁྱེད་ཀྱིས་བཀོད་པའི་སྐྱོན་ཅན་དེར་ཧ་ཅང་ཐལ་བར་འགྱུར་ཏེ། དེ་ལྟར་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གྲུབ་མཐའ་ངན་པ་དེ་རྣམས་མ་བཀག་ན་སེམས་ཅན་མང་པོ་ལམ་ངན་པ་ལ་འཇུག་པའི་ཉེས་དམིགས་ཡོད་པའི་ཕྱིར་དང༌། དེ་རྣམས་བཀག་ན། དེ་ལས་བཟློག་པའི་ཕན་ཡོན་ཡོད་པའི་ཕྱིར་རོ། །

ཁྱད་པར་སྙིགས་མ་ལྔའི་དུས་འདིར། ལྟ་བའི་སྙིགས་མ་དར་ཞིང་དུས་ཀྱི་ཐ་མ། བསྟན་པའི་མཇུག་འདིར། ནག་པོའི་ཕྱོགས་རྣམས་ཁ་རྒྱལ་བས་དེ་རྣམས་མི་ལ་ལའི་སྙིང་ལ་ཞུགས་ནས། ཆོས་ལོག་པ་སྟོན་པ་དང༌། བདུད་ཀྱི་རིས་ལ་ལ་བླ་མ་དང་ཡི་དམ་དང་གྲུབ་ཐོབ་ལ་སོགས་པ་བཟང་པོར་གྲགས་ཤིང་ཡིད་ཆེས་པ་རྣམས་ཀྱི་ཆ་བྱད་དུ་མངོན་པར་སྤྲུལ་ཏེ། མི་འགའ་ཞིག་ལ་མངོན་སུམ་མམ་རྨི་ལམ་དུ་ཉེ་བར་བསྟན་ནས་ཆོས་ལོག་པ་ལ་ཡང་དག་ཏུ་མིང་བཏགས་ཏེ། གདམས་ངག་ཟབ་མོ་འབོགས་པ་ལ་སོགས་པ་བཞིན་དུ་སྟོན་པ་དང༌། གཟུགས་མེད་པའི་སྒྲ་ཙམ་གྱིས་བདུད་ལུང་སྟོན་པ་ལ་སོགས་པ་རྣམ་པ་མང་པོའི་སྒོ་ནས་ཕྱིན་ཅི་ལོག་གི་ཆོས་ལ་མཐར་ཐུག་ཟབ་མོ་ཐུན་མོང་མ་ཡིན་པར་མིང་བཏགས་ནས་ཕན་པ་འདོད་པ་བཞིན་དུ་སྟོན་པ་མང་དུ་འབྱུང་ཞིང༌། དེ་རྣམས་ཀྱིས་གྲོགས་བྱས་ནས་ཆོས་དེ་དང་དེ་དར་བར་ཡང་བྱེད་པ་ལ། དེ་དང་དེ་ལ་འཇུག་པ་དང༌། དེའི་ཕྱོགས་འཛིན་པ་ཡང་མང་དུ་འབྱུང་བར་བྱེད་པ་ལུགས་ཡིན་པས། དུས་ངན་ཐ་མ་འདིར་ཡང༌། ཆོས་དང་ཆོས་མིན་རྣམ་པར་འབྱེད་པ་ལ་དབང་བ་རྣམས་ཀྱིས་ཆོས་ལྷད་ཅན་དང་ལྟར་སྣང་དུ་སོང་གི་དོགས་པ་དང༌། སེམས་ཅན་མང་པོ་ལམ་ངན་པ་ལ་ཞུགས་ཀྱིས་དོགས་པའི་ཕན་སེམས་དང་སྙིང་རྗེ་དང༌། བྱང་ཆུབ་ཀྱི་སེམས་འབའ་ཞིག་གིས་ཀུན་ནས་བསླངས་ཏེ། ཚད་མར་གྱུར་པ་རྣམས་ཀྱི་ལུང་དང་རིགས་པ་དཔང་དུ་གཙུགས་ནས། རང་བཟོ་དང༌། ཕྱོགས་ཞེན་དང༌། ཕྲག་དོག་ལ་སོགས་པའི་སྐྱོན་རྣམས་ཀྱིས་མ་གོས་པའི་ཤན་འབྱེད་དྲང་པོར་བྱས་ན། སྐྱེས་བུ་དམ་པ་རྣམས་ཀྱི་ལུང་དང་མཐུན་ཞིང༌། ད་ལྟར་དང༌། མ་འོངས་པའི་སེམས་ཅན་རྣམས་ལ་ཕན་པ་དང་བདེ་བའི་རྒྱུར་འགྱུར་བས། ཕན་ཡོན་ཆེན་པོ་ཡོད་དོ། །

ཡང་འདི་ལ་གནམ་ཐིག་དྲང་པོར་བཏབ་ན། རས་མར་འགྲོ་བ་དང་འདྲ་བའི་གྲུབ་མཐའ་སྒུར་པོ་ཅན་དུ་གཟུ་བོར་མི་གནས་པ་མངོན་པར་ཞེན་པ་ཙམ་གྱིས་འཇུག་པ་དང༌། དད་པའི་རྗེས་འབྲང་ལ་སོགས་པ་དམན་པ་འགའ་ཞིག་གིས་མི་བཟོད་པ་སྲིད་ཀྱང༌། དེ་རྣམས་ལ་སྡང་བ་དང་གནོད་པར་སེམས་པ་མ་ཡིན་གྱི། དེ་རྣམས་ཀྱང༌། ལམ་ངན་པ་དེ་དང་དེ་ལས་སླར་ལོག་ནས་ཡང་དག་པའི་ལམ་ཞུགས་ན་ཅི་མ་རུང་སྙམ་པའི་སྙིང་རྗེ་ཆེན་པོ་དང༌། ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་ཅན་གང་ཡིན་པ་དེ་ལ་སྡིག་ཏུ་མི་འགྱུར་རོ། །

ཡང་གལ་ཏེ། དེ་ལྟ་བུའི་ཤན་འབྱེད་པ་ལ་མི་དབང་ཡང༌། དབང་བར་རློམ་པ་དག་གིས། ལུང་དང་རིགས་པ་དམ་པ་དང་བྲལ་བའི་ཤན་འབྱེད་རང་དགའ་དང༌། གཟུ་ལུམ་གྱིས་བྱས་ན་ནི། ཟབ་པ་མི་ཟབ་པར་བྱས་ཤིང༌། མི་ཟབ་པ་ཟབ་པར་བྱས་པ་དང༌། མཐོན་པོ་དམའ་མོར་བྱས་ཤིང༌། དམའ་མོ་མཐོན་པོར་བྱས་པ་དང༌། ཉེ་ལམ་རིང་ལམ་དུ་བྱས་ཤིང༌། རིང་ལམ་ཉེ་ལམ་དུ་བྱས་པ་དང༌། ངེས་དོན་དྲང་དོན་དུ་བྱས་ཤིང༌། དྲང་དོན་ངེས་དོན་དུ་བྱས་པ་དང༌། ཆོས་ནི་ཆོས་མིན་དུ་བྱས་ཤིང༌། ཆོས་མིན་ཆོས་སུ་བྱས་པ་ལ་སོགས་པ་ཤན་འབྱེད་ལུགས་ཕྱིན་ཅི་ལོག་ཏུ་འགྱུར་སྲིད་པའི་ཕྱིར། དེ་ལ་ནི་ཉེས་དམིགས་ཤིན་ཏུ་མང་པོ་ཡོད་དོ། །དེ་དག་ནི་དཔེར་ན། རྒྱལ་ཁྲིམས་ལ་ཡང་དེའི་རྣམ་བཞག་ཐམས་ཅད་ལེགས་པར་ཤེས་པས། ཁྲིམས་དྲང་པོར་བཅད་ན་ལེགས་ཀྱི། དེ་ལས་བཟློག་ན་མི་ལེགས་པ་དང་མཚུངས་ཤིང༌། སྨན་པ་བཟང་ངན་གྱིས་ནད་པ་ལ་ཕན་གནོད་དུ་འགྱུར་བ་དང་ཡང་མཚུངས་པ་ཉིད་དོ། །

དེ་ཡང༌། ད་ལྟ་འཇིག་རྟེན་འདི་ན། མཛོ་རྟ་དང་གསེར་དངུལ་ལ་སོགས་པ་རྫས་ཕལ་པ་རྣམས་ཀྱིས་བརྟག་པ་ལ་མཁས་པ་མང་ཡང༌། ཆོས་ཀྱི་ཕྱོགས་སུ་ནི་དེ་ལྟ་མ་ཡིན་པ་དང༌། ཆོས་ཀྱང་གནས་སྐབས་ཐུན་མོང་བ་རྣམས་ལ་མཁས་པ་མང་ཡང༌། མཐར་ཐུག་ཐུན་མོང་མ་ཡིན་པ་ལ་ནི་དེ་ལྟ་མ་ཡིན་པ་དང༌། ཆོས་ཅན་ཀུན་རྫོབ་རྟོག་བཅས་ཀྱི་ཆོས་དྲང་བའི་དོན་ལ་མཁས་པ་མང་ཡང༌། ཆོས་ཉིད་དོན་དམ་རྟོག་གེ་ལས་འདས་པ་ངེས་པའི་དོན་ལ་མཁས་པ་ནི་དེ་ལྟ་མ་ཡིན་པས་གསུང་རབ་དང་མཐུན་ཡང་རང་རེའི་བློ་དང་མ་མཐུན་པ་ཙམ་གྱིས་བཞད་གད་ཀྱི་གནས་སུ་བྱེད་པ་དག་ནི་མཁས་པར་གྲགས་རུང་མ་གྲགས་རུང་མུ་སྟེགས་གསལ་བྱེད་པའི་བཞད་གད་དང་མཚུངས་པ་ཁོ་ནའོ། །

གཞན་ཡང༌། ཉིད་ཅག་གིས་སུན་འབྱིན་བཀོད་པ་དེ་རྣམས་གྲུབ་མཐའ་སྐྱོན་ཅན་ལ་བཀོད་པ་ཡིན་ན་ནི། བྱིས་པ་སྤྲེ་འབག་གོན་སོགས་ཉིད་ཅག་རང་གིས་བཀོད་པའི་སྐྱོན་ཅན་དེར་ཉིད་ཅག་རང་འགྱུར་ལ། སྐྱོན་མེད་ལ་བཀོད་པ་ཡིན་ན་ནི་འགོད་མཁན་དེ་ཉིད་ཚར་བཅད་པའི་གནས་སུ་གསུངས་ཏེ། རྒྱས་པར་རྩོད་པའི་རིགས་པ་ལ་སོགས་པ་རྣམ་དག་རིགས་པའི་གཞུང་ལུགས་རྣམས་ན་གསལ་ལོ། །དེ་ལྟ་བས་ན། ཤེས་རབ་གསུམ་ལ་ལེགས་པར་སྦྱངས་པ་མ་ཡིན་པ་དག་གིས། ཟབ་མོའི་གནས་ལ་ཚོད་དཔོགས་བྱས་ཀྱང་ཐོག་ཏུ་འབབ་པར་དཀའོ། །འདི་ལ་དགོངས་ནས། མ་མཐོང་བའི་གསུང་རབ་ཀྱི་དོན་སྤོང་བ་ལ་ཉེས་པ་མང་དུ་གསུངས་ཤིང༌། འཇིག་རྟེན་ཕྱི་མའི་དོན་དུ་མཉེས་པར་བྱ་བའི་རྒན་པ་གསུམ་དང་བྲལ་བའང་དེ་བཞིན་ནོ། །དེ་ལྟ་བས་ན་ཆོས་ཀྱི་ཤན་འབྱེད་པ་ལ་ཞུགས་པ་རྣམས་ཀྱི་ཕན་ཡོན་དང་ཉེས་དམིགས་ལེགས་པར་ཁོང་དུ་ཆུད་པར་བྱ་བ་ནི། ཤིན་ཏུ་གལ་ཆེ་བར་རྟོགས་སོ། །སྐབས་དང་པོའི་ལན་ནོ།། །།

གཉིས་པ་བདེན་པ་གཉིས་ལས་བརྩམས་པ་ལ། རྒྱ་གར་དུ་འཕགས་པ་མ་ཡིན་པའི་པཎྜི་ཏ་འགའ་ཞིག་དང༌། བོད་དུའང་དགེ་བའི་བཤེས་གཉེན་འགའ་ཞིག་གི་བཞེད་པས། ཀ་བ་བུམ་པས་སྟོང་པ་ལ་སོགས་པས་གཞན་གྱིས་གཞན་སྟོང་པས་སྟོང་པ་ཉིད་ཀྱི་གོ་མི་ཆོད། དེས་ན་ཆོས་ཐམས་ཅད་རང་རང་ངོ་བོས་སྟོང་པའི་རང་སྟོང་ཁོ་ན་སྟོང་ཉིད་གོ་ཆོད་པོ་ཡིན་གྱི། དེ་ལས་ལྷག་པའི་སྟོང་ཉིད་གོ་ཆོད་པོ་འགའ་ཙམ་ཡང་མེད། དེ་ལྟ་བས་ན། ཀུན་རྫོབ་ཀུན་རྫོབ་ཀྱིས་སྟོང་པ་ལྟར། དོན་དམ་ཡང་དོན་དམ་གྱིས་སྟོང༌། ཆོས་ཆོས་ཀྱིས་སྟོང་པ་ལྟར། ཆོས་ཉིད་ཀྱང་ཆོས་ཉིད་ཀྱིས་སྟོང༌། འཁོར་བ་འཁོར་བས་སྟོང་པ་ལྟར། མྱང་འདས་ཆེན་པོ་ཡང་མྱ་འདས་ཆེན་པོས་སྟོང༌། གཟུགས་སྐུ་གཟུགས་སྐུས་སྟོང་པ་ལྟར། ཆོས་སྐུ་ཡང་ཆོས་སྐུས་སྟོང་ཞེས་པ་ལ་སོགས་པ་མདོར་ན་ཐམས་ཅད་རང་སྟོང་ཉིད་དུ་ཁས་ལེན་གྱི་རང་སྟོང་མ་ཡིན་པ་འགའ་ཙམ་ཡང་མི་སྲིད་པར་བཞེད་པ་མང་བར་གདའ། དེ་ལྟར་གྲགས་པ་དེའི་བག་ཆགས་ལ་བདག་གི་བློ་ཡང་ཡུན་རིང་དུ་འདྲིས་པར་གྱུར་ཅིང༌། ཆོས་ཀྱི་རྣམ་གྲངས་ཅུང་ཟད་ཤེས་ཀྱང༌། ཆོས་མཆོག་ཁྱད་འཕགས་ཟབ་མོ་ཐུན་མོང་མ་ཡིན་པའི་རྒྱལ་ཁམས་ཆེན་པོ་མ་མཐོང་གི་བར་དེ་སྲིད་དུ། བདག་གིས་ཀྱང༌། སྟོང་ཉིད་གོ་ཆོད་པོ་རང་སྟོང་ཁོ་ན་ཡིན་གྱི་དེ་ལས་ལྷག་པའི་སྟོང་ཉིད་གོ་ཆོད་མེད་ཅེས་པ་ལ་སོགས་པ་སྔར་སྨོས་པ་ལྟར་སྨྲས་ཏེ། གཞན་གྱི་ཁ་རྒྱུགས་ལ་བརྟེན་པ་ཙམ་དུ་གདའ། དེས་ན་ལུགས་དེ་ཡང་བདག་གིས་མ་ཤེས་པ་ནི་མ་ཡིན་ནོ། །དུས་ཕྱིས་བྱང་ཆུབ་སེམས་དཔའི་འགྲེལ་པ་སྐོར་གསུམ་དང་མཇལ་བའི་བཀའ་དྲིན་ལ་བརྟེན་ནས། བཀའ་འཁོར་ལོ་གསུམ་གྱི་ཁྱད་པར་དང༌། དེའི་ནང་ནས་འཁོར་ལོ་གསུམ་པ་ཁྱད་པར་དུ་འཕགས་ཤིང་མཐར་ཐུག་པ་ཡིན་པའི་ཚུལ་དང༌། གསང་སྔགས་རྩ་བའི་རྒྱུད་རྣམས་དང༌། བསྡུས་རྒྱུད་སྦས་པའི་རྒྱུད་རྣམས་ཀྱི་ཁྱད་པར་དང༌། དེ་དག་ལས་རྩ་རྒྱུད་ཁྱད་པར་དུ་འཕགས་ཤིང་མ་སྤས་ལ་གསལ་བར་སྟོན་པའི་ཚུལ་དང༌། དགོངས་འགྲེལ་མཁན་པོ་ས་ཐོབ་མ་ཐོབ་དང༌། རྣམ་པར་དག་པའི་མངོན་ཤེས་ལྔ་ཐོབ་མ་ཐོབ་ཀྱིས་མཛད་པའི་འགྲེལ་པ་རྣམས་ལ་བཟང་ངན་གྱི་ཁྱད་པར་དང༌། དེ་དག་ལས་ས་བཅུ་པ་རྣམས་ཀྱིས་མཛད་པའི་འགྲེལ་པ་ཁྱད་པར་དུ་འཕགས་ཤིང་མཐར་ཐུག་པའི་ཚུལ་དང༌། ཤམ་བྷ་ལའི་ཡུལ་ལ་སོགས་པ་ཡོངས་སུ་དག་པའི་ཞིང་དུ་སྐྱེས་པ་དང༌། འཕགས་པའི་ཡུལ་ལ་སོགས་པ་ཡོངས་སུ་མ་དག་པའི་ཞིང་དུ་སྐྱེས་པའི་གདུལ་བྱའི་སྣོད་ཀྱི་ཁྱད་པར་གྱིས། སྔགས་ཀྱི་མཐར་ཐུག་ཟབ་མོ་གསལ་བར་བསྟན་དུ་རུང་མི་རུང་གི་ཁྱད་པར་དང༌། གདུལ་བྱ་དེ་དག་ལ་རྡོ་རྗེ་འཆང་གི་སྣོད་དང་འཚམས་པར་སྔགས་ཀྱི་མཐར་ཐུག་ཟབ་མོ་ཐུན་མོང་མ་ཡིན་པར་གསལ་བར་བསྟན་པ་དང་མ་བསྟན་པའི་ཁྱད་པར་ལ་སོགས་པ་ཆོས་ཀྱི་གནད་ཟབ་མོ་གལ་ཤིན་ཏུ་ཆེ་བ་མང་པོའི་ཞིག་ལེགས་པར་རྟོགས་པས། སྔར་གཞོན་པའི་དུས་ན་རྟོགས་པ་དེ་དང་དེ་བཞིན་ངག་ཏུ་བརྗོད་པ་དེ་རྣམས་ལ་ད་ནི་བསམས་ན་ཤིན་ཏུ་ངོ་ཚ་བ་སྐྱེ་བ་ཙམ་དུ་གདའོ། །དེས་ན་ད་ནི་གཞན་གྱི་ཁ་རྒྱུག་ཙམ་དང༌། བོད་ན་འདོད་མཁན་མང་ཉུང་ཙམ་དང༌། རང་གི་གོ་ཤས་ཆེ་ཆུང་ལ་སོགས་པའི་དབང་དུ་མ་བཏང་བར་གསུང་རབ་ཁུངས་མ་རྣམས་དཔང་དུ་བྱས་ན། བདེན་པ་གཉིས་ལ་སྟོང་པའི་ཚུལ་ཡང་གཉིས་སུ་གནས་ཤིང༌། དེ་བཞིན་དུ། ཆོས་དང་ཆོས་ཉིད་ལ་ཡང་སྟོང་ཚུལ་གཉིས། འཁོར་བ་དང་མྱང་འདས་ཆེན་པོ་ལ་ཡང་སྟོང་ཚུལ་གཉིས། གཟུགས་ཀྱི་སྐུ་དང་ཆོས་ཀྱི་སྐུ་ལ་ཡང་སྟོང་ཚུལ་གཉིས། རྣམ་ཤེས་འཁོར་བཅས་དང་རང་བྱུང་ཡེ་ཤེས་ལ་ཡང་སྟོང་ཚུལ་གཉིས། ཀུན་ནས་ཉོན་མོངས་དང་རྣམ་པར་བྱང་བའི་ཕྱོགས་ལའང་སྟོང་ཚུལ་གཉིས། གློ་བུར་དྲི་མ་དང་བདེ་གཤེགས་སྙིང་པོ་ལ་ཡང་སྟོང་ཚུལ་གཉིས། བཅོས་མ་གློ་བུར་བ་དང་རང་བཞིན་གཉུག་མ་ལ་ཡང་སྟོན་ཚུལ་གཉིས། ཀུན་བརྟགས་གཞན་དབང་དང་ཆོས་ཉིད་ཡོངས་གྲུབ་ལ་ཡང་སྟོང་ཚུལ་གཉིས། ཕྱི་ནང་སྣོད་བཅུད་དང་གཞན་ཨེ་ཝཾ་ཟུང་འཇུག་ལ་ཡང་སྟོང་ཚུལ་གཉིས། བདེན་པ་གཞན་གསུམ་དང་མཐར་ཐུག་འགོག་བདེན་ལ་ཡང་སྟོང་ཚུལ་གཉིས་ཏེ། དེ་དག་ལ་སོགས་པ་སྟོང་ཚུལ་གཉིས་གཉིས་སུ་གནས་པ་ཐམས་ཅད་སྟོང་པ་ཉིད་དུ་མཚུངས་པའི་ཕྱིར། ཐམས་ཅད་སྟོང་པ་ཉིད་ཅེས་མིང་གཅིག་གིས་གསུངས་པ་ཡང་ཡོད་ལ། རང་སྟོང་དང་གཞན་སྟོང་དུ་ཕྱེ་ནས་གསུངས་པ་ཡང་ཡོད་པས། དེ་དག་གི་དགོངས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་བསྟན་པར་བྱའོ། །དེ་ལ་ཀུན་རྫོབ་གློ་བུར་བའི་དངོས་པོ་རྣམས་ནི་གནས་ལུགས་ལ་གཏན་ནས་མེད་པའི་ཕྱིར། རང་གི་ངོ་བོས་སྟོང་སྟེ་རང་སྟོང་ངོ༌། །ཀུན་རྫོབ་དེ་རྣམས་ཀྱིས་སྟོང་པའི་གཞི་དོན་དམ་གཉུག་མ་ནི་ནམ་ཡང་མེད་པ་མ་ཡིན་པའི་ཆོས་ཉིད་ཡིན་པའི་ཕྱིར་གཞན་སྟོང་ངོ༌། །དེ་བཞིན་དུ། ཆོས་དང་ཆོས་ཉིད་ལ་སོགས་པ་སྔར་སྨོས་པ་དེ་རྣམས་ཐམས་ཅད་ལ་གང་གིས་སྟོང་པ་དང༌། སྟོང་པའི་གཞི་གང་ཡིན་པ་ཞེས་ཚུལ་གཉིས་གཉིས་སུ་རིག་པར་བྱ་སྟེ། བུམ་པ་མེད་པ་དང་མེད་པའི་གཞི་ས་ཕྱོགས་བུམ་པས་དག་པ་ལྟ་བུའོ། །དེ་ཡང་ཀུན་རྫོབ་ཕུང་པོ་རྣམས་རྣམ་པར་དཔྱད་ན་ཅིར་ཡང་མ་གྲུབ་པའི་རང་སྟོང་སྙིང་པོ་མེད་པ་དང༌། སྟོང་པའི་གཞི་དོན་དམ་འོད་གསལ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཆོས་ཐམས་ཅད་ཀྱི་སྙིང་པོར་གྱུར་པ་ལ་གསུངས་ཏེ། ཇི་སྐད་དུ། འཕགས་པ་འཇམ་དཔལ་གྱི་རང་གི་ལྟ་བའི་འདོད་པ་མདོར་བསྟན་པ་ལས། ཕུང་པོ་རྣམ་དཔྱད་སྟོང་པ་རྣམས། །ཆུ་ཤིང་བཞིན་དུ་སྙིང་པོ་མེད། །རྣམ་པ་ཐམས་ཅད་མཆོག་ལྡན་པའི། །སྟོང་ཉིད་དེ་ལྟར་འགྱུར་མ་ཡིན། །སྐྱེས་པ་མེད་པ་འགག་མེད་པའི། །ཤེས་བྱ་གང་ཞིག་འདིར་མཐོང་བ། །སྟོང་པའི་དངོས་པོ་སྟོང་པ་ཉིད། །ཕུང་པོ་རྣམ་པར་དཔྱད་པ་མིན། །ཞེས་པ་ལ་སོགས་རང་རང་ངོ་བོས་སྟོང་པའི་སྟོང་པ་ཉིད་དང༌། སྟོང་པའི་གཞི་དོན་དམ་པ་སྟོང་པ་ཉིད་ཀྱི་ཁྱད་པར་གསུངས་སོ། །རྒྱལ་བ་བྱམས་པའི་ཞལ་སྔ་ནས་ཀྱང༌། གཉིས་དངོས་མེད་དང་དངོས་མེད་པའི། །དངོས་པོ་སྟོང་པའི་མཚན་ཉིད་དོ། །ཞེས་པ་ལ་སོགས་པ་དང༌། སྟོང་པ་ཉིད་ཆེན་པོའི་མདོ་དང༌། ཆོས་མངོན་པ་ཀུན་ལས་བཏུས་པ་དང༌། རྒྱུད་བླ་མའི་འགྲེལ་པ་དང༌། དབུས་དང་མཐའ་རྣམ་པར་འབྱེད་པའི་འགྲེལ་པ་ལ་སོགས་པ་རྣམས་སུ། གང་ཞིག་གང་ན་མེད་པ་དེ་དེས་སྟོང་ཞེས་རང་གི་ངོ་བོས་སྟོང་པ་དང༌། དེ་ལ་ལྷག་མ་གང་ཡིན་པ་དེ་རྟག་ཏུ་ཡོད་ཅེས་སྟོང་པའི་གཞི་གསལ་པོར་གསུངས་ཏེ། ཅུང་ཟད་རྒྱས་པའི་འོག་ཏུ་བསྟན་པར་བྱའོ། །དེ་ལྟར་སྟོང་པ་དང་སྟོང་པའི་གཞི་གང་སྟོན་པ་ནི་སྐབས་ཀྱི་རིག་པར་བྱ་སྟེ། དཔལ་ལྡན་ས་བཅུ་པ་རྣམས་ཀྱི་མན་ངག་ཟབ་མོ་ཐུན་མོང་མ་ཡིན་པ་ལ་བརྟེན་ནས་སོ། །དེ་ལས་རང་སྟོང་གི་ཚུལ་ནི་གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན་ནོ། །སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །ཞེས་པ་ལ་སོགས་པ་དང༌། ཡུམ་རྒྱས་པར་ཡང༌། གཟུགས་ཀྱི་སྟོང་པ་ཉིད་ཀྱིས་གཟུགས་སྟོང་པ་མ་ཡིན་གྱི་གཟུགས་ཉིད་སྟོང་པ་ཉིད་དོ། །སྟོང་པ་ཉིད་གཟུགས་སོ། །ཞེས་པ་ལ་སོགས་པ་དང༌། ཤཱ་ར་དྭ་ཏིའི་བུ། གཟུགས་ཀྱང་གཞན་མ་ཡིན་ལ་སྟོང་པ་ཉིད་ཀྱང་གཞན་མ་ཡིན། སྟོང་པ་ཉིད་ཀྱང་གཞན་མ་ཡིན་ལ་གཟུགས་ཀྱང་གཞན་མ་ཡིན་ཏེ། གཟུགས་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་གཟུགས་སོ། །ཞེས་སོགས་རྣམ་ཤེས་ཀྱི་བར་དུ་སྦྱར་ཏེ་གསུངས་པ་དང༌། གཟུགས་ནི་གཟུགས་ཀྱིས་སྟོང་ངོ༌། །ཞེས་པ་ལ་སོགས་པས་རབ་ཏུ་རྒྱས་པར་གསུངས་ཤིང༌། དེ་དག་གིས་དགོངས་པ་འགྲེལ་པ་དབུ་མ་རྩ་བ་ཤེས་རབ་ལས་ཀྱང༌། རྟེན་ཅིང་འབྲེལ་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་པ། །དེ་ཕྱིར་སྟོང་པ་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་པ་དང༌། རྟེན་ཅིང་འབྲེལ་འབྱུང་གང་ཡིན་པ། །དེ་ནི་སྟོང་པ་ཉིད་དུ་བཤད། །ཅེས་པ་ལ་སོགས་པས། རང་སྟོང་གི་ཚུལ་རྒྱས་པར་གསུངས་ཤིང༌། རིགས་པའི་ཚོགས་གཞན་རྣམས་སུ་ཡང་ངོ༌། །གསུང་རབ་དགོངས་འགྲེལ་དང་བཅས་པ་གཞན་མང་པོ་ལས་ཀྱང༌། གཟུགས་སོགས་མཐའ་དག་དང་རང་བཞིན་མ་གྲུབ་པའི་རང་སྟོང་གསུངས་པ་ཤིན་ཏུ་མང་བར་སྣང་ན་ཡང༌། རབ་ཏུ་གྲགས་པ་ཉིད་ཀྱི་ཕྱིར་འདིར་བྲི་མི་འཚལ་བར་གདའ་བས་རེ་ཞིག་བཞག་གོ །

རང་སྟོང་གཞན་སྟོང་དུ་ཕྱེ་ནས་སྟོན་པ་དང༌། ཁྱད་པར་དོན་དམ་གཞན་སྟོང་གི་དོན་སྟོན་པ་ཤིན་ཏུ་མང་པོ་རྣམས་ནི། སྡེ་སྣོད་འཛིན་པ་མཁས་པར་གྲགས་པ་དང༌། ཉམས་རྟོགས་བཟང་པོ་དང་ལྡན་པར་གྲགས་པའི་སྒོམ་ཆེན་མདོ་རྒྱུད་བསྟན་ཆོས་ཟབ་མོ་གཟིགས་པ་མང་པོ་ལ་ཡང་སྣང་ལ། མ་ངེས་པ་བཞིན་དུ་སོང་གདའ་ན། གཞན་དག་ལ་ལྟ་སྨོས་ཀྱང་ཅི་འཚལ། དེས་ན་དེ་བྲི་དགོས་པར་གདའ་བས། འདིར་ཉུང་ཤས་ཅིག་བྲི་བར་བྱའོ། །དེ་ལ་རེ་ཞིག་འཕགས་པ་སོར་མོའི་ཕྲེང་བ་ལ་ཕན་པ་ཞེས་བྱ་བ་དབུ་མ་ཆེན་པོའི་མདོར། སོར་མོའི་ཕྲེང་བས། འཕགས་པ་འཇམ་དཔལ་ལ་སྨྲས་པ། འཇམ་དཔལ་ཁྱོད་སྟོང་པ་ཆེན་པོ་མཐོང་བའི་མཆོག་ན། འཇིག་རྟེན་ན་སྟོང་པ་མཐོང་བ་གང་ཡིན། སྟོང་པ་སྟོང་པ་ཞེས་བྱ་བའི་དོན་ཅི། ཤེས་པ་ཆེན་པོ་དང་ལྡན་པ་མྱུར་དུ་སྨྲོས་ཏེ། ངའི་ཐེ་ཚོམ་མྱུར་དུ་ཆོད་ཅིག །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་སོར་མོའི་ཕྲེང་བ་ལ་ཚིགས་སུ་བཅད་དེ་སྨྲས་པ། སངས་རྒྱས་ནམ་མཁའ་ལྟ་བུ་སྟེ། །ནམ་མཁའ་མཚན་ཉིད་མེད་པའོ། །སངས་རྒྱས་ནམ་མཁའ་ལྟ་བུ་སྟེ། །ནམ་མཁའ་མཚན་མ་མེད་ལས་སྐྱེས། །སངས་རྒྱས་ནམ་མཁའ་ལྟ་བུ་སྟེ། །ནམ་མཁའ་གཟུགས་མེད་གྱུར་པའོ། །ཆོས་རྣམས་ནམ་མཁའ་ལྟ་བུ་སྟེ། །དེ་བཞིན་གཤེགས་པ་ཆོས་ཀྱི་སྐུ། །ཡེ་ཤེས་ནམ་མཁའ་ལྟ་བུ་སྟེ། །དེ་བཞིན་གཤེགས་པ་ཡེ་ཤེས་སྐུ། །གཟུང་དུ་མེད་ཅིང་རེག་ཏུ་མེད། །ཆགས་མེད་ཡེ་ཤེས་དེ་བཞིན་གཤེགས། །ཐར་པ་ནམ་མཁའ་ལྟ་བུ་སྟེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ཐར་པ་སངས་རྒྱས་དེ་བཞིན་གཤེགས། །སྟོང་པ་ཅི་ཡང་མེད་པ་དག །སོར་ཕྲེང་ཁྱོད་ཀྱི་ག་ལ་ཤེས། །དེ་ནས། སོར་མོའི་ཕྲེང་བས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་སླར་འདི་སྐད་ཅེས་སྨྲས་སོ། །འདི་ལྟ་སྟེ། དཔེར་ན་སྤྲིན་ཆེན་པོ་ལས་ཆར་རབ་ཏུ་འབབ་པ་དང༌། སྐྱེས་བུ་བྱིས་པའི་རང་བཞིན་ཅན་གྱིས་སེར་བའི་འབྲུ་བླངས་ཏེ། ནོར་བུ་རིན་པོ་ཆེ་བཻཌཱུཪྱ་བསམས་ནས་ཁྱིམ་དུ་ཁྱེར་བ་དང༌། ཧ་ཅང་གྲང་ཆེས་ནས་བཟུང་མ་ནུས་ཏེ། གཏེར་དུ་བྱའོ་སྙམ་ནས་བུམ་པའི་ནང་དུ་ལེགས་པར་བཅུག་པ་དང༌། སེར་བའི་རིལ་བུ་དེ་ཞུ་བ་མཐོང་ནས་སྟོང་པའོ་སྙམ་དུ་ཅང་མི་ཟེར་བར་གྱུར་པ་དེ་བཞིན་དུ། བཙུན་པ་འཇམ་དཔལ་ནི། ཤིན་ཏུ་སྟོང་པ་ཉིད་ལ་བསྒོམས་ཤིང་སྟོང་པར་ཟབ་ཏུ་བསམས་པས་ཆོས་ཐམས་ཅད་ཞིག་པ་མི་བཟོད་པར་མཐོང་ངོ༌། །ཐར་པ་སྟོང་པ་མ་ཡིན་པ་ཡང་སྟོང་པར་མཐོང་ཞིང་རྟོག་གོ །འདི་ལྟ་སྟེ། དཔེར་ན། སེར་བའི་རིལ་བུ་ནོར་བུའོ་ སྙམ་དུ་བསམས་ནས་ནོར་བུ་ཡང་སྟོང་པར་བསྒོམས་པ་དེ་བཞིན་དུ། ཁྱོད་ཀྱང་སྟོང་པ་མ་ཡིན་པའི་ཆོས་ལ་སྟོང་པར་སེམས་ཏེ། ཆོས་སྟོང་པ་མཐོང་ནས་སྟོང་པ་མ་ཡིན་པའི་ཆོས་ལ་ཡང་སྟོང་པར་འཇིག་པར་བྱེད་དོ། །སྟོང་པའི་ཆོས་ཀྱང་གཞན། སྟོང་པ་མ་ཡིན་པའི་ཆོས་རྣམས་ཀྱང་གཞན་ཏེ། སེར་བའི་རིལ་བུ་ལྟ་བུ་ཉོན་མོངས་པ་བྱེ་བ་ནི་སྟོང་པའོ། །སེར་བའི་རིལ་བུ་ལྟ་བུར་མི་དགེ་བའི་ཕྱོགས་ཀྱི་ཆོས་རྣམས་ནི་མྱུར་དུ་འཇིག་གོ །ནོར་བུ་བཻཌཱུཪྱ་བཞིན་དུ་སངས་རྒྱས་ནི་རྟག་པ་སྟེ། ཐར་པའི་མཐའ་ཡང་ནོར་བུ་བཻཌཱུཪྱ་བཞིན་ནོ། །ནམ་མཁའ་ཡང་སངས་རྒྱས་རྣམས་ཀྱི་གཟུགས་ཡིན་ཏེ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་གཟིགས་མེད་པ་ཡིན་ནོ། །སངས་རྒྱས་ཀྱི་ཐར་པ་ཡང་གཟུག་ཡིན་ཏེ། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཐར་པ་ཡང་གཟུགས་མེད་པ་ཡིན་ན། ཇི་ལྟར་ཐར་པའི་མཚན་ཉིད་སྟོང་པ་ཞེས་བྱ་བ་དབྱེ་བ་མེད་པའི་འདུ་ཤེས་སུ་མ་བྱེད་ཅིག །འཇམ་དཔལ་གང་གྲོང་ཁྱེར་བརྩེགས་པའི་ཁྱིམ་སྟོང་པ་ནི་མི་མེད་པས་སྟོང་ངོ༌། །བུམ་པ་ནི་ཆུ་མེད་པས་སྟོང་ངོ༌། །ཀླུང་ནི་ཆུ་མི་འབབ་པས་སྟོང་ངོ༌། །ཅི་གྲོང་གི་བར་སྐབས་ཁྱིམ་མེད་པ་ལ་སྟོང་པ་སྟོང་པ་ཞེས་བྱ་འམ། ཅི་ཁྱིམ་ཐམས་ཅད་སྟོང་པ་ཡིན་ནམ། ཐམས་ཅད་སྟོང་པ་མ་ཡིན་གྱི་མི་མེད་པས་སྟོང་པ་ཞེས་བྱའོ། །ཅི་བུམ་པ་ཐམས་ཅད་སྟོང་པ་ཡིན་ནམ། ཐམས་ཅད་སྟོང་པ་མ་ཡིན་གྱི་ཆུ་མེད་པས་སྟོང་པ་ཞེས་བྱའོ། །ཅི་ཀླུང་ཐམས་ཅད་སྟོང་པ་ཡིན་ནམ། ཐམས་ཅད་སྟོང་པ་མ་ཡིན་གྱི་ཆུ་མི་འབབ་པའི་ཕྱིར་སྟོང་པ་ཞེས་བྱ་སྟེ། དེ་བཞིན་དུ། ཐར་པ་ཐམས་ཅད་ཀྱིས་སྟོང་པ་མ་ཡིན་གྱི། ཉེས་པ་ཐམས་ཅད་དང་བྲལ་བའི་ཕྱིར། ཐར་པ་སྟོང་པ་ཞེས་བྱའོ། །སངས་རྒྱས་བཅོམ་ལྡན་འདས་ནི་སྟོང་པ་མ་ཡིན་ཏེ། ཉེས་པ་ཐམས་ཅད་དང་བྲལ་ཞིང༌། ཉོན་མོངས་པ་བྱེ་བའི་མི་དང་ལྷ་མེད་པའི་ཕྱིར་སྟོང་པ་ཞེས་བྱའོ། །ཀྱེ་མ་བཙུན་པ་འཇམ་དཔལ་ནི་སྦྲང་བུའི་སྤྱད་པ་སྤྱོད་དེ། སྟོང་པ་དང་མི་སྟོང་པའི་དོན་དེ་ཁོ་ན་མི་ཤེས་སོ། །གཅེར་བུ་པ་ཡང༌། ཐམས་ཅད་སྟོང་པར་བསྒོམ་སྟེ། གཅེར་བུ་པའི་སྦྲང་མ་ཁྱོད་ཅང་མ་ཟེར་ཅིག །ཅེས་གསུངས་སོ། །དེ་ལ་སངས་རྒྱས་ནམ་མཁའ་ལྟ་བུ་སྟེ། །ཞེས་གསུངས་སོ། །ཞེས་པ་ལ་སོགས་པ། སྟོང་པ་ཅི་ཡང་མེད་པ་ནི། །སོར་ཕྲེང་ཁྱོད་ཀྱིས་ག་ལ་ཤེས། །ཞེས་པའི་མཐར་ཐུག་པས། འགའ་ཞིག་གིས་འདོད་པ་ལྟར་ཐམས་ཅད་ཅིར་ཡང་མེད་པའི་རང་སྟོང་ཉིད་དུ་བསྟན་པ་ནི། འཕགས་པ་འཇམ་དཔལ་གྱིས་མཁྱེན་བཞིན་དུ། རང་སྟོང་གཞན་སྟོང་གི་ཁྱད་པར་གཏན་ལ་དབབ་པའི་ཕྱིར་གླིང་བསླང་བའོ། །དེ་ནས་སོར་མོའི་ཕྲེང་བས་སེར་བའི་རིལ་བུ་ཞུ་ནས་མེད་པར་སོང་བ་དཔེར་མཛད་དེ། ཉོན་མོངས་པ་དང༌། མི་དགེ་བའི་ཆོས་རྣམས་སྟོང་པར་བསྟན་པ་འདིས་ནི། འཇིག་རྟེན་ཀུན་རྫོབ་ཀྱི་བདེན་པར་གཏོགས་པ་ཐམས་ཅད་རང་རང་ངོ་བོས་སྟོང་པར་བསྟན་ལ། ཞུ་ནས་མེད་པར་འགྲོ་བ་མ་ཡིན་པའི། ནོར་བུ་བཻཌཱུཪྱ་དཔེར་མཛད་ནས། ཐར་པའི་མཐར་ཐུག་པ་སངས་རྒྱས་མི་སྟོང་པར་བསྟན་པ་འདིས་ནི། དོན་དམ་པ་འཇིག་རྟེན་ལས་འདས་པའི་བདེན་པ་ཆོས་ཀྱི་སྐུ་རང་གི་ངོ་བོས་སྟོང་པ་མ་ཡིན་པར་བསྟན་ཏེ། ཁྱིམ་སྟོང་པ་དང༌། བུམ་པ་སྟོང་པ་དང༌། ཀླུང་སྟོང་པ་དཔེར་མཛད་ནས། ཉེས་པ་ཐམས་ཅད་ཀྱིས་སྟོང་པར་བསྟན་པ་འདིས་ནི་མཐར་ཐུག་གི་ཐར་པ་གཞན་སྟོང་དུ་བསྟན་ཏེ། ཐར་པ་ཐམས་ཅད་ཀྱིས་སྟོང་པ་མ་ཡིན་ཞེས་པ་དང༌། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སྟོང་པ་མ་ཡིན་ཞེས་པ་དང༌། སྟོང་པ་མ་ཡིན་པའི་ཆོས་རྣམས་ཀྱང་གཞན་ཏེ་ཞེས་པ་ལ་སོགས་པ་མི་སྟོང་པར་བཤད་པ་ཐམས་ཅད་དོན་དམ་ཆོས་ཉིད་རང་གིས་རང་མི་སྟོང་ཞེས་པའི་དོན་ཏེ། མདོ་རྒྱུད་གཞན་མང་པོར་སྟོན་པ་མ་ཡིན་ཞེས་པ་དང༌། མི་སྟོང་ཞེས་གསུངས་པ་ཤིན་ཏུ་མང་པོ་དེ་རྣམས་ཀྱང་དེ་བཞིན་ནོ། །འཕགས་པ་འཇམ་དཔལ་གྱིས་ནི་རང་སྟོང་གཞན་སྟོང་གཉིས་ཀ་ལེགས་པར་མཁྱེན་མོད་ཀྱི། མི་མཁས་པ་དག་ཐམས་ཅད་རང་སྟོང་ཁོ་ན་ཡིན་ཞེས་འདོད་པ་གང་ཡིན་པ་དེ་དག་གཅེར་བུ་པ་དང་མཚུངས་པར་བསྟན་པའི་ཕྱིར། ཐམས་ཅད་རང་སྟོང་ཉིད་དུ་སྨྲ་བ་ནི། རང་སྟོང་ཡིན་མིན་གྱི་ཁྱད་པར་ལེགས་པར་ཕྱེ་སྟེ། སྨྲ་བ་ལ་ལྟོས་ན་སྦྲང་མ་ཙམ་དུ་བསྟན་པའི་ཕྱིར། བཙུན་པ་འཇམ་དཔལ་ནི་སྦྲང་བུའི་སྤྱད་པ་སྤྱོད་དེ། སྟོང་པ་དང་མི་སྟོང་པའི་དོན་དེ་ཁོ་ན་མི་ཤེས་སོ། །གཅེར་བུ་པ་ཡང༌། ཐམས་ཅད་སྟོང་པར་བསྒོམ་སྟེ། གཅེར་བུ་བའི་སྦྲང་མ་ཁྱོད་ཅང་མ་ཟེར་ཅིག །ཅེས་པ་དང༌། བཙུན་པ་འཇམ་དཔལ་ཤིན་ཏུ་སྟོང་པ་ཉིད་ལ་བསྒོམས་ཤིང་སྟོང་པར་ཟབ་ཏུ་བསམས་པས་ཆོས་ཐམས་ཅད་ཞིག་པ་མི་བཟོད་པར་མཐོང་ངོ༌། །ཐར་པ་སྟོང་པ་མ་ཡིན་པ་ཡང་སྟོང་པར་མཐོང་ཞིང་རྟོག་གོ །ཞེས་པ་དང༌། ཁྱོད་ཀྱང་སྟོང་པ་མ་ཡིན་པའི་ཆོས་ལ་སྟོང་པར་སེམས་ཏེ། ཆོས་སྟོང་པ་མཐོང་ནས་ཆོས་སྟོང་པ་མ་ཡིན་པའི་ཆོས་ལ་ཡང་སྟོང་པར་འཇིག་པར་བྱེད་དོ། །ཞེས་པ་ལ་སོགས་པ་རྣམས་ནི་དཔྱད་མི་བཟོད་ཅིང༌། མཐར་འཇིག་པའི་ཆོས་ཅན་རང་རང་ངོ་བོས་སྟོང་པའི་རང་སྟོང་ལ། ཟབ་མོ་མཐར་ཐུག་པ་ཡིན་ནོ། །ཞེས་ཕྱོགས་གཅིག་ཏུ་ཁ་ཚོན་གཅོད་པ་རྣམས་ལ་གདམས་པ་དང༌། རྗེས་སུ་བསྟན་པ་ཡིན་ནོ། །སངས་རྒྱས་རྟག་པ་དང༌། སངས་རྒྱས་ཀྱི་ཐར་པ་གཟུགས་ཡིན་པ་དང༌། ནམ་མཁའ་ཡང་སངས་རྒྱས་ཀྱི་གཟུགས་ཡིན་ཞེས་པ་ལ་སོགས་པའི་དོན་ནི། མྱང་འདས་ཆེན་པོ་ལ་སོགས་པ་གསུང་རབ་གཞན་རྣམས་སུ་རྒྱས་པར་འབྱུང་བས་དེ་དག་གིས་སྐབས་སུ་རིག་པར་བྱ་ཞིང༌། གཞན་རྣམས་ནི་རྟོགས་པར་སླའོ། །གཞན་ཡང་དོན་དམ་ཆོས་ཉིད་ཀྱི་སྟོང་ལུགས་མདོ་འདི་ཉིད་ལས་ཡང་དང་ཡང་དུ་གསལ་བར་གསུངས་པའི་ཕྱིར། མདོ་སྡེ་འདི་ལན་གཅིག་ཙམ་གཟིགས་ན་འཐད་པར་གདའོ། །གལ་ཏེ་སོར་ཕྲེང་ཅན་ནི་སྡིག་ཅན་ཆེན་པོ་ཡིན་པས། དེའི་ངག་བཞིན་མི་བདེན་ནོ། །སྙམ་དུ་ཡང་བསམ་པར་མི་བྱ་སྟེ། དེ་ནི་སངས་རྒྱས་ཡིན་པའི་ཕྱིར་རོ། །དེ་ཡང༌། ཞིང་འདི་ནས་ལྷོ་ཕྱོགས་སུ་གང་གཱའི་ཀླུང་དྲུག་ཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་འདས་པ་ན། རིན་པོ་ཆེ་ཐམས་ཅད་ཀྱིས་བརྒྱན་པ་ཞེས་བྱ་བའི་ཞིང་ཁམས་ཡོད་ལ། དེ་ན་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་མངོན་པར་འཕགས་པ་བརྩོན་པ་ཆེན་པོ་ཞེས་བྱ་བའི་སངས་རྒྱས་བཞུགས་པར་བཤད་ཅིང༌། དེ་སོར་ཕྲེང་ཅན་དུ་སྤྲུལ་པར་མདོ་འདི་ཉིད་ལས་གསུངས་པའི་ཕྱིར་རོ། །གཞན་ཡང་ཐམས་ཅད་རང་སྟོང་ཡིན་ན། རྣམ་གྲོལ་ཆོས་ཀྱི་སྐུ་ཡང་རང་སྟོང་དུ་འགྱུར་ཞིང༌། དེ་འདོད་ན། དེ་ཡང་ཅང་མེད་དུ་འགྱུར་བས། མུ་སྟེགས་གཅེར་བུ་པ་ལ་སོགས་པའི་ལུགས་དང་མཐུན་པར་འགྱུར་ཏེ། ཇི་སྐད་དུ། ཡོངས་སུ་མྱ་ངན་ལས་འདས་པའི་མདོ་ཆཻན་པོར། གཞན་ཡང་རྣམ་པར་གྲོལ་བ་ནི་མི་སྟོང་པའི་སྟོང་པའོ། །སྟོང་པའི་སྟོང་པ་ཞེས་བྱ་བ་ནི་ཅི་ཡང་མེད་པའོ། །ཅི་ཡང་མེད་པ་ནི་མུ་སྟེགས་གཅེར་བུ་པ་ལ་སོགས་པའི་རྣམ་པར་གྲོལ་བ་ལྟ་བུའོ། །གཅེར་བུ་པ་ལ་ནི། ཡང་དག་པར་རྣམ་པར་གྲོལ་བ་མེད་པས། སྟོང་པའི་སྟོང་པ་ཞེས་བྱའོ། །ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་ལྟ་བུ་མ་ཡིན་པས་མི་སྟོང་པའི་སྟོང་པའོ། །མི་སྟོང་པའི་སྟོང་པ་ནི་ཡང་དག་པར་རྣམ་པར་གྲོལ་བའོ། །ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །གཞན་ཡང་རྣམ་པར་གྲོལ་བ་ནི་མི་སྟོང་པའོ། །དཔེར་ན་ཆུ་དང༌། མར་དང༌། ཞོ་དང༌། ཆང་དང༌། སྦྲང་རྩིའི་སྣོད་རྗེའུ་ལྟ་བུ་ཆུ་དང་མར་དང་ཞོ་དང་ཆང་དང་སྦྲང་རྩི་མེད་ཀྱང་དེ་ལ་ཆུ་ལ་སོགས་པའི་རྗེའུ་ཞེས་འདོགས་ཏེ། རྗེའུ་དེ་ལ་ནི་སྟོང་ཞེས་སམ་མི་སྟོང་ཞེས་སུ་ གདགས་སུ་མེད་དོ། །དེ་ལ་སྟོང་ཞེས་བྱར་ནི་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་མེད་ཅེས་གདགས་སུ་མི་རུང་སྟེ། །མི་སྟོང་ཞེས་བྱར་ནི་ཆུ་ལ་སོགས་པ་གང་ཡང་མེད་དོ། །རྣམ་པར་གྲོལ་བ་ཡང་དེ་དང་འདྲ་སྟེ། གཟུགས་ཞེའམ་གཟུགས་མ་ཡིན་ཞེའམ། མི་སྟོང་ཞེས་གདགས་སུ་མེད་དོ། །ཞེས་དང༌། འདི་ལྟ་སྟེ། སྲིད་པ་ཉི་ཤུ་ལྔ་པོ་དང༌། ཀུན་ནས་ཉོན་མོངས་པ་དང༌། སྡུག་བསྔལ་བ་ཐམས་ཅད་དང༌། མཚན་མ་ཐམས་ཅད་དང༌། འདུས་བྱས་ཀྱི་འདུ་བྱེད་ཐམས་ཅད་མེད་པའི་ཕྱིར། རྗེའུ་ན་ཞོ་མེད་པ་དང་འདྲ་སྟེ། སྟོང་པ་ཞེས་བྱའོ། །མི་སྟོང་པ་ཞེས་བྱ་བ་ནི། ཡང་དག་པའི་གཟུགས་རྟག་པ་དང༌། བདེ་བ་དང༌། བདག་དང༌། དག་པ་ཞེས་བྱ་བ། མི་གཡོ་བ། མི་འཕོ་བ། དཔེར་ན་རྗེའུའི་གཟུགས་དང༌། སྒྲ་དང་དྲི་དང་རོ་དང་རེག་བྱ་ཡོད་པས། མི་སྟོང་པ་ཞེས་བྱ་སྟེ། དེ་བས་ན་རྣམ་པར་གྲོལ་བ་ནི་རྗེའུ་དང་འདྲའོ། །རྗེའུ་དེ་ནི་རྐྱེན་དང་ཕྲད་ན་ཆགས་པའམ། འཆག་པར་འགྱུར་གྱི། རྣམ་པར་གྲོལ་བ་ནི་དེ་ལྟ་བུ་མ་ཡིན་ཏེ། གཞིག་ཏུ་མེད་དོ། །གཞིག་ཏུ་མེད་པ་ནི་ཡང་དག་པར་རྣམ་པར་གྲོལ་བའོ། །ཡང་དག་པར་རྣམ་པར་གྲོལ་བ་དེ་ནི་དེ་བཞིན་གཤེགས་པའོ། །ཞེས་པ་ལ་སོགས་པ་རབ་ཏུ་རྒྱས་པར་གསུངས་པའི་ཕྱིར་རོ། །ཡང་མདོ་དེ་ཉིད་དུ། བ་ལང་ལ་རྟ་མེད་པ་དང༌། རྟ་ལ་བ་ལང་མེད་པ་དཔེར་མཛད་ནས། དོན་དམ་ཆོས་ཉིད་མྱ་ངན་ལས་འདས་པ་ཆེན་པོ་རང་གིས་མི་སྟོང་པའི་གཞན་སྟོང་དུ་བཀའ་སྩལ་པ་འདི་ལྟ་སྟེ། རིགས་ཀྱི་བུ། འདི་ལྟར་མྱ་ངན་ལས་འདས་པ་ནི་སྔ་ན་མེད་པ་སྟེ། འཇིམ་པའི་ཚེ་རྫ་མ་མེད་པ་ལྟ་བུ་མ་ཡིན། འགགས་ཏེ་མེད་པ་སྟེ། རྫ་མ་ཞིག་ནས་མེད་པ་ལྟ་བུ་ཡང་མ་ཡིན། གཏན་མེད་པ་སྟེ། རུས་སྦལ་གྱི་སྤུ་དང༌། རི་བོང་གི་རྭ་ལྟ་བུ་ཡང་མ་ཡིན་ཏེ། གཅིག་ལ་གཅིག་མེད་པ་དང་མཐུན་ནོ། །རིགས་ཀྱི་བུ། ཁྱོད་སྨྲ་བ་ལྟར་བ་ལང་ལ་རྟ་མེད་མོད་ཀྱི་བ་ལང་མེད་ཅེས་བྱར་མི་རུང་ངོ༌། །རྟ་ལ་བ་ལང་མེད་མོད་ཀྱི་རྟ་མེད་ཅེས་བྱར་མི་རུང་ངོ༌། །མྱ་ངན་ལས་འདས་པ་ཡང་དེ་དང་འདྲ་སྟེ། ཉོན་མོངས་པ་ལ་མྱ་ངན་ལས་འདས་པ་མེད། མྱང་ངན་ལས་འདས་པ་ལ་ཉོན་མོངས་པ་མེད་དེ། དེ་བས་ན་གཅིག་ལ་གཅིག་མེད་པ་ཞེས་བྱའོ། །ཞེས་པ་ལ་སོགས་པ་རབ་ཏུ་རྒྱས་པར་བཞུགས་སོ། །ཡང༌། མདོ་དེ་ཉིད་དུ། སྟོང་པའི་གཟུགས་ལ་སོགས་པ་དང༌། མི་སྟོང་པའི་གཟུགས་ལ་སོགས་པ་ལེགས་པར་ཕྱེ་སྟེ། བཀའ་སྩལ་པ་འདི་ལྟ་སྟེ། ཀེའུ་དི་ནྱ། གཟུགས་ནི་སྟོང་པའོ། །སྟོང་པའི་གཟུགས་འགགས་པའི་རྐྱེན་གྱིས་སྟོང་པ་མ་ཡིན་པའི་གཟུགས་ཀྱི་རྣམ་པར་གྲོལ་བ་ཐོབ་པར་འགྱུར་ཏེ། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པའི་བར་དུའང་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །ཞེས་པ་སྟེ། དེ་དག་ནི་རིམ་པ་ལྟར། གློ་བུར་དྲི་མའི་གཟུགས་སོགས་དང༌། བདེ་གཤེགས་སྙིང་པོའི་གཟུགས་སོགས་སོ། །དེ་བཞིན་དུ། ཆོས་ཅན་ཀུན་རྫོབ་བཅོས་མ་གློ་བུར་བའི་གཟུགས་སོགས་དང༌། ཆོས་ཉིད་དོན་དམ་རང་བཞིན་གཉུག་མའི་གཟུགས་ལ་སོགས་པ་གཞན་རྣམས་ལ་ཡང་རིམ་པ་ལྟར་སྦྱར་ཏེ་ཤེས་པར་བྱའོ། །དེ་ལ་གློ་བུར་དྲི་མའི་གཟུགས་སོགས་ནི། མི་རྟག་པ་དང་སྡུག་བསྔལ་བ་དང༌། བདག་མེད་པ་དང༌། ཡོངས་སུ་མ་དག་པ་དང༌། སྐྱེ་རྒ་ན་འཆི་ལས་མ་འདས་པ་དང༌། མ་རིག་པ་དང༌། སྐྱེ་བའི་རྒྱུར་འགྱུར་བ་དང༌། ཕྱིན་ཅི་ལོག་བཞིའི་རྒྱུར་འགྱུར་བ་དང་། མི་དགེ་བའི་ཆོས་ཚད་མེད་པའི་རྒྱུར་འགྱུར་བ་དང༌། འཆིང་བས་བཅིངས་པ་དང༌། དངོས་པོའི་རྒྱུན་གྱི་རྒྱུ་དང༌། སྐྱབས་གནས་མ་ཡིན་པ་དང༌། རྨ་ལྟ་བུ་དང༌། རབ་ཏུ་མ་ཞི་བ་ཡིན་ལ། བདེ་གཤེགས་སྙིང་པོ་ཆོས་ཀྱི་སྐུ་ནི་དེ་རྣམས་ལས་བཟློག་པ་ཡིན་ཏེ། ཇི་སྐད་དུ། མདོ་དེ་ཉིད་ལས། བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་ཀུན་ཤེས་ཀེའུ་དི་ནྱ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གཟུགས་ནི་མི་རྟག་པ་སྟེ། གཟུགས་འགགས་པའི་རྐྱེན་གྱིས་རྣམ་པར་གྲོལ་བ་རྟག་ཏུ་གནས་པའི་གཟུགས་ཐོབ་པར་འགྱུར་རོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་ཡང་མི་རྟག་པ་སྟེ། རྣམ་པར་ཤེས་པ་ལ་འགགས་པའི་རྐྱེན་གྱིས་རྣམ་པར་གྲོལ་བ་རྟག་ཏུ་གནས་པའི་རྣམ་པར་ཤེས་པ་ཐོབ་པར་འགྱུར་རོ། །ཀེའུ་དི་ནྱ་གཟུགས་ནི་སྡུག་བསྔལ་བ་སྟེ། གཟུགས་འགགས་པའི་རྐྱེན་གྱིས་རྣམ་པར་གྲོལ་བའི་གཟུགས་བདེ་བ་ཐོབ་པར་འགྱུར་རོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་ཡང་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །ཞེས་པ་དང༌། ཀེའུ་དི་ནྱ། གཟུགས་ནི་བདག་མེད་པའོ། །གཟུགས་འགགས་པའི་རྐྱེན་གྱིས་རྣམ་པར་གྲོལ་བའི་གཟུགས་ཡང་དག་པའི་བདག་ཐོབ་པར་འགྱུར་ཏེ། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་ཡང༌། དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །ཞེས་པ་དང༌། ཀེའུ་དི་ནྱ། གཟུགས་ནི་ཡོངས་སུ་དག་པའོ། །གཟུགས་འགགས་པའི་རྐྱེན་གྱིས་རྣམ་པར་གྲོལ་བའི་གཟུགས་ཡོངས་སུ་དག་པ་ཐོབ་པར་འགྱུར་ཏེ། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་ཡང་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །ཀེའུ་དི་ནྱ། གཟུགས་ནི་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བའོ། གཟུགས་འགགས་པའི་རྐྱེན་གྱིས་རྣམ་པར་གྲོལ་བའི་གཟུགས་སྐྱེ་བ་དང༌། རྒ་བ་དང༌། ན་བ་དང༌། འཆི་བ་དང༌། བྲལ་བ་ཐོབ་པར་འགྱུར་ཏེ། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་ཡང་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །ཀེའུ་དི་ནྱ། གཟུགས་ནི་མ་རིག་པའོ། །གཟུགས་འགགས་པའི་རྐྱེན་གྱིས་རྣམ་པར་གྲོལ་བའི་གཟུགས་མ་རིག་པ་མ་ཡིན་པ་ཐོབ་པར་འགྱུར་ཏེ། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་ཡང་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །ཀེའུ་དི་ནྱ། གཟུགས་ནི་སྐྱེ་བའི་རྒྱུར་འགྱུར་རོ། །གཟུགས་འགགས་པའི་རྐྱེན་གྱིས་རྣམ་པར་གྲོལ་བའི་གཟུགས་སྐྱེ་བ་མ་ཡིན་པ་ཐོབ་པར་འགྱུར་ཏེ། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་ཡང་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །ཀེའུ་དི་ནྱ། གཟུགས་ནི་ཕྱིན་ཅི་ལོག་བཞིའི་རྒྱུར་འགྱུར་རོ། །གཟུགས་འགགས་པའི་རྐྱེན་གྱིས་རྣམ་པར་གྲོལ་བའི་གཟུགས་ཕྱིན་ཅི་ལོག་གི་རྒྱུ་མ་ཡིན་པ་ཐོབ་པར་འགྱུར་ཏེ། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པའི་བར་དུ་ཡང་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །ཀེའུ་དི་ནྱ།གཟུགས་ནི་མི་དགེ་བའི་ཆོས་ཚད་མེད་པའི་རྒྱུ་ཡིན་ནོ། །འདི་ལྟ་སྟེ། ཕོ་དང་མོ་ལ་སོགས་པའི་ལུས་དང༌། ཟས་ལ་འདོད་པ་དང༌། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་དང༌། སེར་སྣ་དང༌། ཕྲག་དོག་དང༌། མི་དགེ་བའི་སེམས་དང༌། འཇུངས་པའི་སེམས་དང༌། བཅངས་པའི་ཟས་དང༌། རྣམ་པར་ཤེས་པའི་ཟས་དང༌། བསམ་པའི་ཟས་དང༌། རེག་པའི་ཟས་དང༌། སྒོང་ང་ལས་སྐྱེས་པ་དང༌། མངལ་ནས་སྐྱེས་པ་དང༌། དྲོད་གཤེར་ལས་སྐྱེས་པ་དང༌། རྫུས་ཏེ་སྐྱེས་པ་དང༌། འདོད་པ་ལྔ་དང༌། སྒྲིབ་པ་ལྔ་ལ་སོགས་པའི་ཆོས་ནི་གཟུགས་ལས་གྱུར་ཏོ། །གཟུགས་འགགས་པའི་རྐྱེན་གྱིས་རྣམ་པར་གྲོལ་བའི་གཟུགས་ཉེས་པའི་སྐྱོན་ཚད་མེད་པ་དེ་སྙེད་མེད་པའི་ལུས་ཐོབ་པར་འགྱུར་ཏེ། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པའི་བར་དུ་ཡང་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །ཀེའུ་དི་ནྱ། གཟུགས་ནི་འཆིང་བས་རྣམ་པར་མ་གྲོལ་བའི་བཅིངས་པའོ། །འཆིང་བའི་གཟུགས་འགགས་པའི་རྐྱེན་གྱིས་རྣམ་པར་གྲོལ་བའི་གཟུགས་བཅིངས་པ་མེད་པ་ཐོབ་པར་འགྱུར་ཏེ། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པའི་བར་དུ་ཡང་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །ཀེའུ་དི་ནྱ། གཟུགས་ནི་རྒྱུན་མི་འཆད་པའི་རྒྱུ་ཡིན་ནོ། །རྒྱུན་གྱི་གཟུགས་འགགས་པའི་རྐྱེན་གྱིས། རྣམ་པར་གྲོལ་བའི་གཟུགས་རྒྱུན་མ་ཡིན་པར་ཐོབ་པར་འགྱུར་ཏེ། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པས་བར་དུ་ཡང༌། དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །ཀེའུ་དི་ནྱ། གཟུགས་ནི་སྐྱབས་སུ་འགྲོ་བའི་རྒྱུ་མ་ཡིན་ནོ། །གཟུགས་འགགས་པའི་རྐྱེན་གྱིས་རྣམ་པར་གྲོལ་བའི་གཟུགས་སྐྱབས་སུ་འགྲོ་བ་ཐོབ་པར་འགྱུར་ཏེ། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པའི་བར་དུ་ཡང་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །ཀེའུ་དི་ནྱ། གཟུགས་ནི་རྨ་ལྟ་བུའོ། །གཟུགས་འགགས་པའི་རྐྱེན་གྱིས་རྣམ་པར་གྲོལ་བའི་གཟུགས་རྨ་མེད་པ་ཐོབ་པར་འགྱུར་ཏེ། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པའི་བར་དུ་ཡང་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །ཀེའུ་དི་ནྱ། གཟུགས་ནི་རབ་ཏུ་ཞི་བ་མ་ཡིན་ནོ། །གཟུགས་འགགས་པའི་རྐྱེན་གྱིས་རྣམ་པར་གྲོལ་བའི་ཡོངས་སུ་མྱ་ངན་ལས་འདས་པའི་གཟུགས་རབ་ཏུ་ཞི་བ་ཐོབ་པར་འགྱུར་ཏེ། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པའི་བར་དུ་ཡང་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །ཀེའུ་དི་ནྱ། གང་ཟག་སུ་ཞིག་དེ་ལྟ་བུའི་ཚུལ་ཤེས་ན། དེ་ནི་དགེ་སྦྱོང་ཞེས་ཀྱང་བྱ། བྲམ་ཟེར་ཞེས་ཀྱང་བྱ། དེ་ནི་དགེ་སྦྱོང་གི་ཆོས་དང༌། བྲམ་ཟེའི་ཆོས་དང་ལྡན་པ་ཞེས་ཀྱང་བྱའོ། །ཀེའུ་དི་ནྱ། སངས་རྒྱས་ཀྱི་ཆོས་མ་གཏོགས་པར་ལོགས་ཤིག་ན་དགེ་སྦྱོང་མེད། བྲམ་ཟེ་མེད་དེ། དགེ་སྦྱོང་དང་བྲམ་ཟེའི་ཆོས་ཀྱང་མེད་དོ། །མུ་སྟེགས་ཅན་ཐམས་ཅད་ནི་རྫུན་དུ་སྨྲ་བར་ཟད་ཀྱི་ཡང་དག་པའི་སྤྱོད་པ་མེད་དོ། །རྣམ་པ་དེ་གཉིས་ལྟར་ཚུལ་འཆོས་མོད་ཀྱི་རྣམ་པ་དེ་གཉིས་ཀྱི་གནས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སྦྱོང་དང་བྲམ་ཟེའི་ཆོས་མེད་པར་ཅིའི་ཕྱིར་དགེ་སྦྱོང་དང་བྲམ་ཟེ་ཡོད་དོ། །ཞེས་སྨྲས། ངེས་ཀྱང་རྟག་ཏུ་འཁོར་གྱི། དཀྱིལ་འཁོར་འདིར་སེང་གེའི་སྒྲ་བསྒྲགས་ཀྱི་ཁྱེད་ཀྱང་རྟག་ཏུ་འཁོར་གྱི་དཀྱིལ་འཁོར་ཆེན་པོར་སེང་གེའི་སྒྲ་ སྒྲོགས་ཤིག །ཅེས་གསུངས་ཏེ། འདིར་དགག་བྱའི་གཟུགས་སོགས་དེ་རྣམས་ནི། སྤང་དུ་རུང་བའི་དྲི་མ་ཡིན་པའི་ཕྱིར་རང་སྟོང་ངོ༌། །དེ་རྣམས་འགགས་པའི་གཞི་ལ་རྟག་ཏུ་བཞུགས་པ་ཐོབ་བྱ་དོན་དམ་བདེ་གཤེགས་སྙིང་པོའི་གཟུགས་སོགས་ནི་སྤང་དུ་མི་རུང་བའི་རང་བཞིན་འོད་གསལ་ཡིན་པའྀ་ཕྱིར་གཞན་སྟོང་ངོ༌། །གསུང་རབ་འདི་དག་གིས་ནི་སྦྱང་བྱའི་དྲི་མ་ཟད་པས་སྦྱང་གཞི་བདེ་གཤེགས་སྙིང་པོ་མི་ཟད་པར་ཡང་བསྟན་ཏོ། །

གཞན་ཡང༌། མདོ་མཆོག་དེ་ཉིད་དུ། ལྗོན་ཤིང་གི་ཤུན་པ་ལ་སོགས་པ་ཟད་ཀྱང་སྙིང་པོ་མ་ཟད་པ་དང༌། མར་མེ་ཟད་ཀྱང་སྣོད་མ་ཟད་པ་ལ་སོགས་པ་དཔེ་དང༌། རྒྱུ་མཚན་མང་པོའི་སྒོ་ནས་རང་སྟོང་གཞན་སྟོང་གི་ཁྱད་པར་དང༌། སྦྱང་བྱ་དྲི་མ་ཟད་པས་སྦྱང་གཞི་མྱ་ངན་ལས་འདས་པ་ཆེན་པོ་སངས་རྒྱས་ཀྱི་རང་བཞིན་ནི་མི་ཟད་པར་བཞུགས་པའི་ཚུལ་ལ་སོགས་པ་ངོ་མཚར་རྨད་དུ་བྱུང་བ་མང་བ་ལས་ཀྱང་ཆེས་མང་བ་ཞིག་གསུངས་ཏེ། ཇི་སྐད་དུ། བཅོམ་ལྡན་འདས། དཔེར་ན། གྲོང་ཁྱེར་ཆེན་པོ་ཞིག་གི་ཕྱི་རོལ་ན། ཤིང་སཱ་ལའི་ཚལ་གྱི་ནང་ན་ཤིང་གཅིག་སྔར་སྐྱེས་ཏེ་ལོ་བརྒྱ་ལོན་ནོ། །དེའི་ཚེ་ཚལ་གྱི་བདག་པོ་དེ་དུས་སུ་ཆུ་འཆུ་ཞེང་ལས་བགྱིད་དོ། །ཤིང་དེའི་ཤུན་པ་དང༌། ལོ་མ་དང༌། ཡལ་ག་ཀུན་ས་ལ་ལྷུང་སྟེ། ནང་གི་སྙིང་པོ་འབའ་ཞིག་ལུས་སོ། །དེ་བཞིན་གཤེགས་པ་ཡང་དེ་དང་འདྲ་སྟེ། ཇི་ཙམ་དུ། རུལ་བར་གྱུར་ན་ཐམས་ཅད་ཟད་ནས་ཡང་དག་པའི་ཆོས་འབའ་ཞིག་ལུས་སོ། །ཞེས་པ་དང༌། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། སྐྱེས་པའམ། བུད་མེད་གཅིག་མེ་མར་འཛུགས་ན། མེ་མར་གྱི་སྣོད་ཆེ་ཆུང་ལ་མར་གྱིས་བཀང་སྟེ་གཟུགས་སོ། །ཅི་སྲིད་མར་ཡོད་ཀྱི་བར་དུ་ནི་སྣང་བ་ཡང་ཡོད་དོ། །ཇི་ལྟར་མར་ཟད་ན་སྣང་བ་ཡང་མེད་པར་འགྱུར་རོ། །སྣང་བ་མེད་པར་འགྱུར་བ་ནི་ཉོན་མོངས་པ་ཟད་པ་ལྟ་བུའོ། །སྣང་བ་ཟད་དེ་མེད་པར་སོང་ཡང་མེ་མར་གྱི་སྣོད་མེད་པར་གྱུར་པ་མ་ཡིན་ནོ། །དེ་བཞིན་གཤེགས་པ་ཡང་དེ་དང་འདྲ་སྟེ་ཉོན་མོངས་པ་ཟད་དེ་མེད་ཀྱང༌། ཆོས་ཀྱི་སྐུ་ནི་རྟག་ཏུ་ཡོད་དོ། །ཞེས་པ་ལ་སོགས་པ་རྒྱ་ཆེན་རབ་འབྱམས་གསུངས་པས། ཟབ་མོ་མཐར་ཐུག་གི་མདོ་མཆོག་དེ་ཉིད་ཅི་ནས་ཀྱང་གཟུགས་འཚལ་བར་གདའོ། །འདིར་ནི་ཡི་གེ་མང་དུ་དོགས་ནས་བརྒྱ་སྟོང་གི་ཆ་ཙམ་དུ་ཡང་མ་བྲིས་སོ། །

མདོ་ཆེན་པོ་སྟོང་པ་ཉིད་ཅེས་བྱ་བ་དབུ་མ་ཆེན་པོའི་མདོར་ཡང༌། ཀུན་དགའ་བོ། འདི་ལྟ་སྟེ་དཔེར་ན། རི་དྭགས་འཛིན་གྱི་མའི་ཁང་བཟང་འདིར། གླང་པོ་ཆེ་དང༌། རྟ་དང༌། བ་ལང་དང༌། ལུག་དང༌། བྱ་དགག་དང༌། ཕག་གིས་སྟོང་ཞིང༌། ནོར་དང་འབྲུ་དང་མགྲོན་བུ་དང་གསེར་གྱིས་སྟོང་ལ། བྲན་དང་བྲན་མོ་ལས་བྱེད་པ་དང༌། ཞོ་ཤས་འཚོ་བ་དག་དང༌། སྐྱེས་པ་དང༌། བུད་མེད་དང༌། ཁྱེའུ་དང་བུ་མོ་དག་གིས་སྟོང་ཡང༌། འདི་ན་འདི་ལྟ་སྟེ། དགེ་སློང་གི་དགེ་འདུན་ཁོ་ནའམ། དེ་ལས་གཞན་ཞིག་ལ་བརྟེན་ནས་མི་སྟོང་པ་ཡང་ཡོད་དོ། །ཀུན་དགའ་བོ། དེ་བཞིན་དུ། གང་ལ་གང་མེད་པ་དེས་སྟོང་ངོ༌། །ཞེས་བྱ་བར་ཡང་དག་པར་རྗེས་སུ་མཐོང་ཡང་དེ་ལ་ལྷག་མ་གང་ཡོད་པ་དེ་དེ་ལ་ཡོད་དོ། །ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་ཏུ་རབ་ཏུ་ཤེས་ཏེ། ཀུན་དགའ་བོ། སྟོང་པ་ཉིད་ལ་འཇུག་པ་འདི་ནི་ཡང་དག་པ་ཇི་ལྟ་བ་བཞིན་ཏེ། ཕྱིན་ཅི་མ་ལོག་པ་ཡིན་ནོ། །ཞེས་སོགས་གཞན་སྟོང་གི་ཚུལ་རྒྱ་ཆེར་གསུངས་པའི་མཐར་ཡང་བཀའ་སྩལ་པ། དེ་ལ་འདོད་པའི་ཟག་པ་དང༌། སྲིད་པའི་ཟག་པ་དང༌། མ་རིག་པའི་ཟག་པ་ལ་བརྟེན་པ། ཉོན་མོངས་པའི་གནས་གང་དག་ཡིན་པ་དེ་དག་མེད་ཀྱང་དེ་ལ་འདི་ལྟ་སྟེ། སྲོག་རྐྱེན་དུ་བྱས་པའི་སྐྱེ་མཆེད་དྲུག་གིས་ལུས་དེ་ཁོ་ན་ལ་བརྟེན་པ་ཙམ་གྱི་ཉོན་མོངས་པའི་གནས་ནི་ཡོད་དོ། །ཀུན་དགའ་བོ། དེ་ལྟ་བས་ན། གང་ལ་གང་མེད་པ་དེ་དེས་སྟོང་ངོ༌། །ཞེས་བྱ་བར་ཡང་དག་པར་རྗེས་སུ་མཐོང་ཡང༌། དེ་ལ་ལྷག་མ་གང་ཡོད་པ་དེ་དེ་ལ་ཡོད་དོ། །ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། ཀུན་དགའ་བོ། འདི་ལྟ་སྟེ། ཟག་པ་རྣམས་ཟད་པས་ཟག་པ་མེད་ཅིང་མངོན་པར་འདུས་མ་བྱས་པ་རྣམ་པར་གྲོལ་བ་གང་ཡིན་པ་འདི་ནི་སྟོང་པ་ཉིད་ལ་འཇུག་པ་བླ་ན་མེད་པའོ། །ཀུན་དགའ་བོ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་འདས་པའི་དུས་ན་བྱུང་བར་གྱུར་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཀྱང༌། འདི་ལྟ་སྟེ། ཟག་པ་རྣམས་ཟད་པས་ཟག་པ་མེད་ཅིང༌། མངོན་པར་འདུས་མ་བྱས་པ་རྣམ་པར་གྲོལ་བའི་སྟོང་པ་ཉིད་ལ་འཇུག་པ་བླ་ན་མེད་པ་འདི་ཉིད་སྐུས་མངོན་སུམ་དུ་མཛད་ནས་བསྒྲུབས་ཏེ་བཞུགས་པར་གྱུར་ཏོ། །ཞེས་པའི་མཐར། ད་ལྟར་དང་མ་འོངས་པའི་དེ་བཞིན་གཤེགས་པ་རྣམས་ལའང་སྦྱར་ཏེ་གསུངས་སོ། །དེ་ལ་རི་དྭགས་འཛིན་གྱི་མའི་ཁང་བཟང་རྟ་གླང་ལ་སོགས་པས་སྟོང་ཡང༌། དགེ་འདུན་ལ་སོགས་པས་མི་སྟོང་པ་དཔེར་མཛད་ནས། ཆོས་འགའ་ཞིག་གིས་སྟོང་ཡང་འགའ་ཞིག་གིས་མི་སྟོང་པའི་ཚུལ་མང་དུ་གསུངས་པའི་མཐར། སངས་རྒྱས་རྣམས་ཟག་པ་ཐམས་ཅད་ཀྱིས་སྟོང་ཡང་རྣམ་པར་གྲོལ་བའི་སྟོང་ཉིད་འདུས་མ་བྱས་ཀྱིས་མི་སྟོང་པར་གསུངས་ཏེ། འདིས་ཀྱང་སྟོང་གཞི་དོན་དམ་གཞན་སྟོང་གསལ་བར་བསྟན་པ་ཡིན་ནོ། །སྟོང་པ་ཉིད་ལ་འཇུག་པ་འདི་ནི། ཡང་དག་པ་ཇི་ལྟ་བ་བཞིན་ཏེ། ཕྱིན་ཅི་མ་ལོག་པ་ཡིན་ནོ། །ཞེས་པ་འདིས་ནི་ཐམས་ཅད་རང་རང་ངོ་བོས་སྟོང་པའི་སྟོང་པ་ཉིད་ལ་འཇུག་པ་རྣམས་ཡང་དག་པ་མ་ཡིན་པར་དོན་གྱིས་བསྟན་ཏོ། །དབུ་མའི་གཞུང་ལུགས་རྒྱུད་བླ་རྩ་འགྲེལ་དུ་ཡང་གསལ་བར་གསུངས་པ། དེ་ལ་སྟོང་པ་ཉིད་ཀྱི་ཚུལ་དུ་བརྗོད་པ་དེ་བཞིན་གཤེགས་པའི་སྙིང་པོ་གང་ཞེ་ན། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པ་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །རྣམ་དབྱེ་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གིས། །རྣམ་དབྱེ་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །འདིས་ཅི་བསྟན་ཞེ་ན། གང་གི་ཕྱིར་རང་བཞིན་གྱིས་ཡོངས་སུ་དག་པ་དེ་བཞིན་གཤེགས་པའི་ཁམས་འདི་ལ་བསལ་བར་བྱ་བ་ཀུན་རྫོབ་ཀུན་ནས་ཉོན་མོངས་པའི་རྒྱུ་མཚན་ཉིད་ནི་འགའ་ཡང་མེད་དེ། གློ་བུར་བའི་དྲི་མ་དང་བྲལ་བ་ནི་འདིའི་རང་བཞིན་ཡིན་པའི་ཕྱིར་རོ། །འདི་ལ་རྣམ་པར་བྱང་བའི་རྒྱུ་མཚན་ཅན་བཞག་པར་བྱ་བ་ཅུང་ཟད་ཡོད་པ་མ་ཡིན་ཏེ། རྣམ་པར་དབྱེ་བ་མེད་པའི་ཆོས་དག་པའི་ཆོས་ཉིད་ནི་རང་བཞིན་ཡིན་པའི་ཕྱིར་རོ། །དེས་ན། དེ་བཞིན་གཤེགས་པའི་སྙིང་པོ་ནི་རྣམ་པར་དབྱེ་བ་ཡོད་པ་བྲལ་ཤེས་པ། ཉོན་མོངས་པའི་སྦུབས་ཐམས་ཅད་ཀྱིས་ནི་སྟོང་པ་ཡིན་ལ། རྣམ་པར་དབྱེ་བ་མེད་པ། བྲལ་མི་ཤེས་པ་བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཆོས་གང་གཱའི་ཀླུང་གི་བྱེ་མ་སྙེད་ལས་འདས་པས་ནི་མི་སྟོང་ངོ༌། །ཞེས་གསུངས་སོ། །དེ་ལྟར་ན་གང་ཞིག་གང་ལ་མེད་པ་དེ་ནི་དེས་སྟོང་ངོ༌། །ཞེས་ཡང་དག་པར་རྗེས་སུ་མཐོང་ལ་གང་ཞིག་དེ་ལ་ལྷག་མར་གྱུར་པ་དེ་ནི་དེ་ལ་རྟག་པར་ཡོད་དོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ། །ཚིགས་སུ་བཅད་པ་འདི་གཉིས་ནི་སྒྲོ་འདོགས་པ་དང་སྐུར་བ་འདེབས་པའི་མཐའ་དང་བྲལ་བའི་ཕྱིར་ཕྱིན་ཅི་མ་ལོག་པའི་སྟོང་པ་ཉིད་ཀྱི་མཚན་ཉིད་བསྟན་ཏོ། །ཞེས་པ་སྟེ། འདིར་གང་ཞིག་གང་ན་མེད་པ་ཞེས་པ་ནི་གློ་བུར་དྲི་མ་རྣམས་བདེ་གཤེགས་སྙིང་པོའི་ངོ་བོ་མེད་པ་སྟེ། དྲི་མ་དཻས་དེ་བཞིན་གཤེགས་པའི་སྙིང་པོ་སྟོང་ངོ༌། །གང་ཞིག་དེ་ལ་ལྷག་མར་གྱུར་པ་གང་ཡིན་པ་ཞེས་པ་ནི་བདེ་གཤེགས་སྙིང་པོ་དང་དབྱེར་མེད་པའི་ཡོན་ཏན་དུ་མ་སྟེ། དེ་ནི་རྟག་ཏུ་ཡོད་ཅིང་དེས་ནི་མི་སྟོང་ངོ༌། །དེ་ལྟ་བས་ན་སྒྲོ་སྐུར་གྱི་མཐའ་དང་བྲལ་བའི་ཕྱིར་སྟོང་པ་ཉིད་ཀྱི་མཚན་ཉིད་ཕྱིན་ཅི་མ་ལོག་པའོ། །དེ་ལས་གཞན་དུ་གློ་བུར་དྲི་མ་རྣམས་སྦྱང་གཞི་བདེ་གཤེགས་སྙིང་པོ་དང་ངོ་བོ་གཅིག་པར་འདོད་ན་སྒྲོ་འདོགས་ཀྱི་ལྟ་བར་འགྱུར་ལ། དོན་དམ་བདེ་གཤེགས་སྙིང་པོ་ཡང་རང་གི་ངོ་བོས་སྟོང་པར་འདོད་ན་སྐུར་བ་འདེབས་པའི་ལྟ་བར་འགྱུར་རོ། །འདི་ལ་དགོངས་ནས། ཐེག་པ་ཆེན་པོའི་མདོ་སྡེའི་རྒྱན་དུ་ཡང༌། སྒྲོ་འདོགས་པ་དང་སྐུར་བ་ཡི། །མཐའ་རྣམས་དགག་པར་བྱ་ཕྱིར་དང༌། །ཞེས་གསུངས་སོ། །གལ་ཏེ། རྣམ་དབྱེ་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་པ་དེས། བདེ་གཤེགས་སྙིང་པོ་ཡོན་ཏན་གྱིས་མི་སྟོང་པར་བསྟན་པ་ཡིན་གྱི། རང་གི་ངོ་བོས་མི་སྟོང་པར་ནི་མ་བསྟན་ནོ་སྙམ་ན། དེ་ལྟ་མ་ཡིན་ཏེ། བདེ་གཤེགས་སྙིང་པོ་དང་དེའི་ཡོན་ཏན་དབྱེར་མེད་པར་གསུངས་ཤིང་ཡོན་ཏན་གྱིས་མི་སྟོང་པ་ཉིད་ཀྱིས་རང་གི་ངོ་བོས་མི་སྟོང་པར་གྲུབ་པའི་ཕྱིར་དང༌། རང་གི་ངོ་བོས་སྟོང་ན་དེའི་ཡོན་ཏན་གྱིས་མི་སྟོང་པ་འགལ་བའི་ཡང་ཕྱིར་ཏེ། གཞི་མེད་པའི་ཡོན་ཏན་ནི་མི་སྲིད་པའི་ཕྱིར་རོ། །དེ་བཞིན་དུ། གཞན་སྟོང་གི་ཚུལ་འདི་ཉིད་དབུ་མའི་གཞུང་ལུགས་དབུས་མཐའ་རྣམ་འབྱེད་དུའང་གསུངས་ཏེ། ཇི་སྐད་དུ། ཡང་དག་མ་ཡིན་ཀུན་རྟོག་ཡོད། །དེ་ལ་གཉིས་པོ་ཡོད་མ་ཡིན། །སྟོང་པ་ཉིད་ནི་འདི་ལ་ཡོད། །དེ་ལ་ཡང་ནི་དེ་ཡོད་དོ། །ཞེས་ཏེ། དེའི་འགྲེལ་པར། དེ་ལྟར་གང་ཞིག་གང་ན་མེད་པ་དེ་ནི་དེས་སྟོང་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡང་དག་པར་རྗེས་སུ་མཐོང་ངོ༌། །འདི་ལ་ལྷག་མ་ཡོད་པར་གང་ཡིན་པ་དེ་ནི་འདི་ཡོད་པར་ཡང་དག་པ་ཇི་ལྟར་བ་བཞིན་དུ་རབ་ཏུ་ཤེས་ཏེ། དེ་ལྟར་སྟོང་པ་ཉིད་ཀྱིས་མཚན་ཉིད་ཕྱིན་ཅི་མ་ལོག་པར་བསྟན་པ་ཡིན་ནོ། །ཞེས་པ་དང༌། སྟོང་པ་མ་ཡིན་མི་སྟོང་མིན། །དེ་ལྟ་བས་ན་ཐམས་ཅད་བཤད། །ཡོད་པས་མེད་པས་ཡོད་པས་ན། །དེ་ནི་དབུ་མའི་ལམ་ཡིན་ནོ། །ཞེས་པའི་འགྲེལ་པར། སྟོང་པ་མ་ཡིན་ཞེས་བྱ་བ་ནི། སྟོང་པ་ཉིད་ཡང་དག་པ་མ་ཡིན་པ་ཀུན་རྟོག་པས་སོ། །མི་སྟོང་མིན། ཞེས་བྱ་བ་ནི། གཉིས་པོ་སྟེ་གཟུང་བ་དང་འཛིན་པས་སོ། །ཞེས་པ་དང༌། ཡོད་པས་ཞེས་བྱ་བ་ནི་ཡང་དག་པ་མ་ཡིན་པ་ཀུན་རྟོག་པའོ། །མེད་པས་ཞེས་བྱ་བ་ནི་གཉིས་པོའོ། །ཡོད་པས་ན་ཞེས་བྱ་བ་ནི་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ལ་སྟོང་པ་ཉིད་ཡོད་པ་དང༌། དེ་ལ་ཡང་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ཡོད་པའོ། །དེ་ནི་དབུ་མའི་ལམ་ཡིན་ནོ། །ཞེས་བྱ་བ་ནི་ཐམས་ཅད་གཅིག་ཏུ་སྟོང་པ་ཡང་མ་ཡིན། གཅིག་ཏུ་མི་སྟོང་པ་ཡང་མ་ཡིན་པ་གང་ཡིན་པའོ། །དེ་ལྟར་ན་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ནང་ནས་འདི་ཐམས་ཅད་ནི་སྟོང་པ་ཡང་མ་ཡིན་མི་སྟོང་པ་ཡང་མ་ཡིན་ནོ། །ཞེས་འབྱུང་བ་དང་མཐུན་པར་བྱས་པ་ཡིན་ནོ། །ཞེས་གསུངས་ཏེ། འདི་རྣམས་ཀྱི་དགོངས་པ་རྣམས་ནི། ཀུན་བརྟགས་རྣམ་པ་ཐམས་ཅད་དུ་མེད་ཅིང་སྟོང་པ་དང༌། ཡོངས་གྲུབ་སྟོང་པ་ཉིད་ཡང་དག་པར་ཡོད་ཅིང་མི་སྟོང་པ་དང༌། གཞན་དབང་ནི་ཡང་དག་པར་མེད་ཅིང་སྟོང་ཡང༌། ཀུན་རྫོབ་ཏུ་ཡོད་ཅིང་མི་སྟོང་ལ། ཡོངས་གྲུབ་དང་ཕན་ཚུན་ཆོས་ཅན་དང་ཆོས་ཉིད་ཀྱི་ཚུལ་དུ་ཡོད། ཅེས་པའོ། །ཡང་དག་པར་ན་གཞན་དབང་མེད་ཅིང་སྟོང་པ་ཉིད་ཡིན་ཏེ། དབུས་མཐའ་རྣམ་འབྱེད་ལས། ཡོད་ཀྱང་ཁོ་ན་མ་ཡིན་དང༌། །ཞེས་དང༌། དེའི་འགྲེལ་པར། གཞན་གྱི་དབང་གིས་མཚན་ཉིད་ནི་ཡོད་ཀྱང་ཡང་དག་པ་མ་ཡིན་ཏེ། འཁྲུལ་བའི་ཕྱིར་རོ། །ཞེས་པ་ལ་སོགས་པས་གཞན་དབང་འཁྲུལ་བ་ཡིན་པ་དང༌། ཡང་དག་པར་མེད་པ་ཉིད་དུ་ཡང་ཡང་དུ་སངས་རྒྱས་ཀྱིས་གསུངས་ཤིང༌། དབུས་མཐའ་རྣམ་འབྱེད་དང༌། མདོའི་རྒྱན་གཉིས་ཀ་ལས། གཞན་དབང་སྤང་བྱར་གསུངས་པའི་ཡང་ཕྱིར་རོ། །དེ་ལྟ་བས་ན། འདིར་གང་ན་ཞེས་པ་ཡོངས་གྲུབ་ཡིན་ལ། གང་མེད་པ་ཞེས་པ་ཀུན་བཏགས་དང་གཞན་དབང་སྟེ། ཡོངས་གྲུབ་དེ་ནི་ཀུན་བཏགས་དང་གཞན་དབང་དེས་སྟོང་ངོ༌། །འདི་ལ་ཀུན་བཏགས་དང་གཞན་དབང་གྀས་སྟོང་པའི་ལྷག་མ་སྟེ། སྟོང་པའི་གཞིར་གྱུར་པ་ཡོངས་གྲུབ་ཡོད་པ་ནི་ཡང་དག་པར་ཡོད་པ་སྟེ། དེའི་ཕྱིར་ཆོས་ཉིད་ཡོངས་གྲུབ་ནི་གཞན་སྟོང་ངོ༌། །དེ་བཞིན་དུ། རྒྱལ་བའི་ཡུམ་ལས། སྟོང་པ་ཡང་མ་ཡིན། ཞེས་པ་ཆོས་ཉིད་ཡོངས་གྲུབ་རང་གི་ངོ་བོས་མི་སྟོང་པའོ། །དེ་མི་སྟོང་པ་ཡང་མ་ཡིན། ཞེས་པ་ཀུན་བཏགས་དང་གཞན་དབང་གིས་སྟོང་ཞེས་པའོ། །དེའི་ཕྱིར་ཀུན་བཏགས་དང་གཞན་དབང་ཡང་དག་པར་མེད་པས་སྒྲོ་འདོགས་ཀྱི་མཐའ་དང་བྲལ་ཞིང༌། ཆོས་ཉིད་ཡོངས་གྲུབ་ཡང་དག་པར་ཡོད་པས་སྐུར་འདེབས་ཀྱི་མཐའ་དང་བྲལ་བའི་ཕྱིར་སྒྲོ་སྐུར་གྱིས་མཐའ་དང་བྲལ་བ་དབུ་མའི་ལམ་ཕྱིན་ཅི་མ་ལོག་པར་གསུངས་སོ། །

འདིས་ནི་ཁ་ཅིག་དབུས་མཐའ་རྣམ་འབྱེད་སེམས་ཙམ་གྱི་རང་གཞུང་དུ་འདོད་པ་ཡང་བསལ་བ་ཡིན་ནོ། །གཞན་ཡང་དབུ་མའི་གཞུང་དེ་ཉིད་དུ། སྟོང་པ་ཉིད་ཀྱི་མཚན་ཉིད་རྣམ་གྲངས་ལ་སོགས་པ་རྣམ་པ་ལྔས་སྟོང་པ་ཉིད་གཏན་ལ་འབེབས་པའི་སྐབས་སུ་སྟོང་པ་ཉིད་ཀྱི་མཚན་ཉིད་གསུངས་པ་འདི་ལྟ་སྟེ། མཚན་ཉིད་ཇི་ལྟར་ཤེས་པར་བྱ་ཞེ་ན། གཉིས་དངོས་མེད་དང་དངོས་མེད་པའི། །དངོས་པོ་སྟོང་པའི་མཚན་ཉིད་དོ། །གཉིས་པོ་གཟུང་བ་དང་འཛིན་པའི་དངོས་པོ་མེད་པ་དང༌། དངོས་པོ་མེད་པའི་དངོས་པོ་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་དོ། །དེ་ལྟར་དངོས་པོ་མེད་པའི་ངོ་བོ་ཉིད་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་དུ་བསྟན་པ་ཡིན་ནོ། །ཞེས་སོ། །འདིར་ཡང་གཟུང་འཛིན་གྱི་དངོས་པོ་ནི་ཡང་དག་པར་མེད་པའི་ཕྱིར་རང་གི་ངོ་བོས་སྟོང་ངོ༌། །གཟུང་འཛིན་གྱི་དངོས་པོ་མེད་པའི་གཞི་མེད་པའི་ཆོས་ཉིད་ཡོངས་གྲུབ་ཀྱི་དངོས་པོ་སྟེ། ངོ་བོ་ཉིད་ནི་ཡང་དག་པར་མེད་པ་མ་ཡིན་པའི་ཕྱིར་རང་སྟོང་མ་ཡིན་ནོ། །དེ་ལྟར་རང་གིས་མི་སྟོང་ལ་གཞན་གྱིས་སྟོང་པ་ སྟོང་པ་ཉིད་ཀྱི་མཚན་ཉིད་དུ་བསྟན་པ་འདས་ཀྱང་དོན་དམ་པ་གཞན་སྟོང་དུ་གྲུབ་བོ། །འདིར་དངོས་པོ་མེད་པའི་དངོས་པོ་ཞེས་པ། དོན་དམ་ཆོས་ཉིད་ལ་དངོས་པོའི་སྒྲར་བརྗོད་པ་ནི། འདུས་མ་བྱས་ཀྱི་དངོས་པོ་བརྒྱད་དེ། ཞེས་པ་ལྟར། ངོ་བོ་ཉིད་ལ་དངོས་པོའི་སྒྲས་བརྗོད་པར་ཟད་དེ་བྷ་བ་ཞེས་པ་ངོ་བོ་ཉིད་དུ་བསྒྱུར་ན་བདེ་བ་ཡང་མ་ཡིན་ནོ། །དེ་ལྟར་ན་དགག་བྱ་ཀུན་རྫོབ་ཀྱི་ཆོས་ཀྱིས་སྟོང་པའི་གཞི་ཆོས་ཉིད་ཡང་དག་པའི་མཐའ་ལ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་པ་ཡང་དང་ཡང་དུ་གསུངས་པ་ཡིན་པས་དེ་རྣམས་ཀྱི་དོན་དེ་ལྟར་རྟོགས་ན་ལེགས་པར་རྟོགས་པ་ཡིན་ནོ། །ཡང་འདིར་སྟོང་པ་ཉིད་ཀྱི་དབྱེ་བ་སྟོན་པའི་སྐབས་སུ། ཟ་བ་བཟའ་དང་དེ་ཡི་ལུས། །གནས་ཀྱི་གཞི་ཡི་སྟོང་པ་ཉིད། །དེ་ཡང་གང་གིས་ཇི་ལྟར་མཐོང༌། །གང་ཕྱིར་དེ་ཡང་སྟོང་པ་ཉིད། །དགེ་གཉིས་ཐོབ་པར་བྱ་བའི་ཕྱིར། །རྟག་ཏུ་སེམས་ཅན་ཕན་བྱའི་ཕྱིར། །འཁོར་བ་བཏང་བར་མི་བྱའི་ཕྱིར། །དགེ་བ་མི་ཟད་བྱ་བའི་ཕྱིར། །རིག་ཀྱང་རྣམ་པར་དག་བྱའི་ཕྱིར། །མཚན་དང་དཔེ་བྱད་ཐོབ་བྱའི་ཕྱིར། །སངས་རྒྱས་ཆོས་རྣམས་དག་བྱའི་ཕྱིར། །བྱང་ཆུབ་སེམས་དཔའ་སྒྲུབ་པར་བྱེད། །ཅེས་ནང་སྟོང་པ་ཉིད་ནས་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་མཐར་ཐུག་པ་སྟོང་པ་ཉིད་བཅུ་བཞི་སྨོས་ནས། དེ་རྣམས་ཀྱི་སྟོང་ཚུལ་ཇི་ལྟར་ཡིན་པ་གཏན་ལ་དབབ་པའི་ཕྱིར་གསུངས་པ། གང་ཟག་དང་ནི་ཆོས་རྣམས་ཀྱི། །དངོས་པོ་མེད་འདིར་སྟོང་པ་ཉིད། །དེ་དངོས་མེད་པའི་དངོས་ཡོད་པ། །དེ་ནི་དེ་ལས་སྟོང་ཉིད་གཞན། །ཞེས་པ་སྟེ། གང་ཟག་དང་ཆོས་ཀྱི་དངོས་པོ་མེད་པ་ནི་དངོས་པོ་མེད་པ་སྟོང་པ་ཉིད་དོ། །དེ་གཉིས་མེད་པའི་གཞིའི་ངོ་བོ་ཉིད་དོན་དམ་པ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །དེ་དག་ཀྱང་རང་སྟོང་དང་གཞན་སྟོང་གི་དོན་ཡིན་ལ། སྔར་བསྟན་པའི་སྟོང་པ་ཉིད་བཅུ་བཞི་པོ་རྣམས་ཀྱང་སྟོང་ཚུལ་དེ་གཉིས་ལས་མི་འདའ་སྟེ། གང་ཟག་དང་ཆོས་སུ་སྒྲོ་འདོགས་པ་དང༌། དེ་དག་གིས་སྟོང་པའི་གཞི་ལ་སྐུར་བ་འདེབས་པ་བསལ་བའི་དོན་ལས་མི་འདའ་བའི་ཕྱིར་རོ། །དེའི་ཕྱིར་སྟོང་ཉིད་བཅུ་དྲུག་གསུངས་པ་ལས་སྔ་མ་བཅུ་བཞི་ལ་སྟོང་པའི་མཚན་ཉིད་དམ་སྟོང་ཚུལ་རང་སྟོང་དང་གཞན་སྟོང་ཅི་རིགས་པར་ཡོད་དོ། །ཞེས་བསྟན་པའི་ཆེད་དུ་ཕྱི་མ་གཉིས་སྨོས་ཏེ་ནང་དང་ཕྱི་ལ་སོགས་པ་ནི་རང་སྟོང་ངོ༌། །དོན་དམ་པ་དང་རང་བཞིན་ལ་སོགས་པ་ནི་གཞན་སྟོང་ངོ༌། །དེའི་ཕྱིར་ཁྱེད་ཀྱིས་རང་གི་མཚན་ཉིད་སྟོང་པ་ཉིད་དང༌། སྟོང་པ་ཉིད་སྟོང་པ་ཉིད་དང༌། ཆོས་ཐམས་ཅད་སྟོང་པ་ཉིད་དང༌། དོན་དམ་པ་སྟོང་པ་ཉིད་དང༌། འདུས་མ་བྱས་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་རྣམས་དོན་དམ་གཞན་སྟོང་ལ་གནོད་བྱེད་དུ་དྲངས་ཀྱང་དེ་རྣམས་ནི་དེའི་གནོད་བྱེད་དུ་མི་འགྱུར་གྱི། འདྲེན་མཁན་དེ་ཉིད་ཀྱིས་དེ་རྣམས་ཚུལ་བཞིན་མ་ཤེས་པར་སྟོན་པ་ཙམ་དུ་ཟད་དོ། །དེ་རྣམས་ཀྱི་དོན་ཇི་ལྟར་ཡིན་པ་མདོ་ཙམ་ཞིག་བཤད་ན། སྐྱེས་བུ་ཆེན་པོའི་མཚན་དང་དཔེ་བྱད་སྟོང་པ་ཉིད་ནི་རང་གི་མཚན་ཉིད་སྟོང་པ་ཉིད་དང༌། སྟོང་པ་ཉིད་མཐོང་ཞིང་ཤེས་པ་དེའི་སྟོང་པ་ཉིད་ནི་སྟོང་པ་ཉིད་སྟོང་པ་ཉིད་དང༌། སྟོབས་དང་མི་འཇིགས་པ་ལ་སོགས་པ་སྟོང་པ་ཉིད་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དང༌། དོན་དམ་པའི་རྣམ་པར་མཐོང་བ་དེའི་སྟོང་པ་ཉིད་ནི། དོན་དམ་པ་སྟོང་པ་ཉིད་དང༌། འདུས་མ་བྱས་ཀྱི་དགེ་བ་སྟོང་པ་ཉིད་ནི། འདུས་མ་བྱས་སྟོང་པ་ཉིད་ཡིན་པར། སམ་བུ་ཊི་ལས་གསུངས་ཤིང༌། རྒྱལ་བ་བྱམས་པ་དང༌། སློབ་དཔོན་དབུ་མ་པ་ཆེན་པོ་དབྱིག་གཉེན་ཞབས་ཀྱི་ཞལ་སྔ་ནས་ཀྱང་གསུངས་ལ། དཔལ་རྡོ་རྗེ་འཕྲེང་བའི་རྒྱུད་ལས་ཀྱང༌། དེ་དང་ཚུལ་མཐུན་པར་གསུངས་སོ། །དེས་ན། ཁྱེད་ཀྱིས་གཞན་སྟོང་ལ་གནོད་བྱེད་ཀྱི་ལུང་དུ་བཀོད་ལ། སློབ་དཔོན་སེང་གེ་བཟང་པོས་སྟོང་ཉིད་ཉི་ཤུ་པོ་ཐམས་ཅད་རང་སྟོང་ཉིད་དུ་བཤད་པ་དང༌། རང་གི་མཚན་ཉིད་སྟོང་པ་ཉིད་ཆོས་ཤེས་ལ་སོགས་པ་འདུས་བྱས་ཀྱི་མཚན་ཉིད་སྟོང་པ་ལ་བཤད་པ་དང༌། འདུས་བྱས་དང༌། འདུས་མ་བྱས་སྟོང་པ་ཉིད་རྒྱུ་རྐྱེན་ལས་སྐྱེས་མ་སྐྱེས་སྟོང་པ་ལ་བཤད་པ་ཡང༌། རྒྱལ་བ་བྱམས་པའི་དགོངས་པ་དང་མི་མཐུན་ཞིང༌། དཔལ་སམ་བུ་ཊི་དང༌། རྡོ་རྗེ་འཕྲེང་བའི་རྒྱུད་དང་ཡང་མི་མཐུན་ནོ། །གཞན་ཡང༌། རྒྱལ་བ་བྱམས་པས། རང་གི་མཚན་ཉིད་ནི་རིགས་ལ་གསུངས་ཤིང༌། ཆོས་ཐམས་ཅད་ནི་སྟོབས་དང་མི་འཇིགས་པ་ལ་སོགས་པ་ཆོས་སྐུའི་ཡོན་ཏན་གྱི་ཆོས་རྣམས་ལ་གསུངས་པས། སློབ་དཔོན་འདིའི་དགོངས་པ་ཡང་དེ་དང་མཐུན་ན་ནི་ལེགས། ཅི་སྟེ་མི་མཐུན་ན་ནི་དེ་ཡིད་ཆེས་པའི་ལུང་དུ་མི་རུང་ངོ༌། །མཐའ་ལས་འདས་པ་ལ་སོགས་པ། གཞན་ལ་ཡང་རྣམ་པར་དཔྱད་པ་བྱར་ཡོད་ཅིང༌། སོ་སོར་བཤད་པ་ཞིབ་མོ་བྱ་བར་ཡང་ནུས་མོད་ཀྱི། ཡི་གེ་མང་དུ་དོགས་ནས་རེ་ཞིག་མ་བྲིས་སོ། །

དེ་བཞིན་དུ། དོན་དམ་པ་སྟོང་པ་ཉིད་རྣམ་པར་དག་པ་དང༌། གཟུགས་རྣམ་པར་དག་པ་དང༌། ཞེས་སོགས་རྣམ་དག་གི་ལེའུ་རྣམས། ཁྱེད་ཀྱིས་དོན་དམ་གཞན་སྟོང་ལ་གནོད་བྱེད་དུ་བཀོད་པ་འདི་ཡང༌། གཞན་སྟོང་ལ་གནོད་བྱེད་དུ་མི་འགྱུར་གྱི། འདིས་ནི་དོན་དམ་གཞན་སྟོང་ཉིད་གསལ་བར་བསྟན་པ་ཡིན་ནོ། །ཇི་ལྟར་བསྟན་ཞེ་ན། ཕ་རོལ་ཏུ་ཕྱིན་པར། གཟུགས་རྣམ་པར་དག་པ་ལ་སོགས་པ་གསུངས་པ་དང༌། སྔགས་ཀྱི་ཐེག་པ་གཟུགས་ཀྱི་ཕུང་པོ་རྣམ་པར་དག་པ་རྣམ་པར་སྣང་མཛད་ལ་སོགས་པར་གསུངས་པ་དོན་གཅིག་ཡིན་པར་གསུངས་ཤིང༌། དེ་ཡང༌། གང་དག་པར་བྱ་བའི་གཞི་ནི། གཟུགས་གཞན་རང་བཞིན་རྣམ་དག་གི་གཟུགས་ལ་སོགས་པའོ། །དག་པར་བྱ་བའི་དྲི་མ་ནི། གློ་བུར་བའི་གཟུགས་ལ་སོགས་པ་སྟེ། ཆ་གཉིས་སུ་གནས་པ་ལས། དོན་དམ་པ་སྟོང་པ་ཉིད་རྣམ་པར་དག་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་དག་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་ལ་སོགས་པ་དང༌། གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་པར་གསུངས་པའི་གཟུགས་སོགས་རྣམ་པར་དག་པ་དེ་ནི་གློ་བུར་བའི་གཟུགས་སོགས་རྣམས་ཀྱིས་སྟོང་པའི་གཞན་སྟོང་རང་བཞིན་རྣམ་དག་དེ་བཞིན་ཉིད་ཀྱི་གཟུགས་ལ་སོགས་པ་སྟེ། དཔལ་ནཱ་རོའི་ཞབས་ཀྱིས། བརྟག་པ་གཉིས་པའི་རྒྱུད་དུ། ངེས་པར་དངོས་པོ་ཐམས་ཅད་ཀྱིས། །དག་པ་དེ་བཞིན་ཉིད་དུ་བརྗོད། །ཕྱིས་ནས་རེ་རེ་དབྱེ་བ་ཡིས། །ལྷ་རྣམས་ཀྱིས་ནི་བརྗོད་པར་བྱ། །ཞེས་པའི་འགྲེལ་པར། ད་ནི་དེ་ལས་གཞན་ཞེས་པ་ལ་སོགས་པས་རྣམ་པར་དག་པ་དེ་ཁོ་ན་ཉིད་དང་དབྱེ་བ་སྟེ། ཐོག་མར་དེ་ཁོ་ན་ཉིད་ཀྱིས་རྣམ་པར་དག་པ་གསུངས་ཏེ། དཔལ་རྡོ་རྗེ་རྩེ་མོར་གསུངས་པ། རྣམ་པར་དག་པ་ཇི་ལྟར་བརྗོད། །ཡོད་མིན་མེད་པའང་མ་ཡིན་ལ། །དངོས་པོ་མེད་ཅིང་དངོས་མེད་མིན། །སྨྲ་བོ་མིན་ཞིང་སྨྲ་བྱ་མིན། །རྣམ་དག་མྱ་ངན་འདས་པ་ཉིད། །ཅེས་སོ། །དངོས་པོ་ཐམས་ཅད་ཀྱི་ཞེས་པ་ལ་སོགས་པ་ཕྱི་རོལ་དང༌། ནང་གི་རྣམ་པར་རྟོག་པའི་དངོས་པོ་རྣམ་པར་མཉམ་པ་ནི། རྣམ་དག་དེ་བཞིན་ཉིད་དེ། དེ་ལྟར་དེ་ཁོ་ནར་རྟག་ཏུ་གནས་པ་ཡིན་དེ་བཞིན་ཉིད་དེ། རང་བཞིན་གྱིས་དྲི་མ་མེད་པ་ཉིད་ཀྱིས་རྟག་ཏུ་རྣམ་པར་དག་པ་ནམ་མཁའ་བཞིན་དུ་འདུས་མ་བྱས་པའི་རང་བཞིན་དུ་བཤད་ལ། དེའི་ངོ་བོས་དེ་བཞིན་ཉིད་བསྒོམ་པར་བྱའོ། །ཞེས་པ་སྟེ། དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་དེ་བཞིན་ཉིད་ཀྱི་ལེའུར་གསུངས་པ། ཇི་ལྟར་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ནི་འགྱུར་བ་མེད་པ། རྣམ་པར་འགྱུར་བ་མེད་པ། རྟོག་པ་མེད་པ་རྣམ་པར་རྟོག་པ་མེད་པ་འགའ་ཞིག་ཏུ་ཡང་གཞོམ་དུ་མེད་པ་སྟེ། དེ་བཞིན་དུ། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ནི། འགྱུར་བ་མེད་པ། རྣམ་པར་འགྱུར་བ་མེད་པ། རྟོག་པ་མེད་པ། རྣམ་པར་རྟོག་པ་མེད་པ་འགའ་ཞིག་ཏུ་ཡང་གཞོམ་དུ་མེད་པའོ། །དེ་ཅིའི་ཕྱིར་ཞེ་ན། གང་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དང༌། གང་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ནི་གཅིག་པ་ཁོ་ན་སྟེ། དེ་བཞིན་ཉིད་ནི་གཉིས་སུ་མེད་ཅིང་གཉིས་སུ་རྣམ་པར་རྟོག་པ་མེད་པའོ། །ཞེས་སོ། །ཞེས་པ་དང༌། ཡང་དེ་ཉིད་དུ། ཕུང་པོ་ལ་སོགས་པའི་དབྱེ་བས་ལྷ་རྣམས་ཀྱི་རྣམ་པར་དག་པ་ཕྱི་ནས་རྟོགས་པར་བྱ་སྟེ། གཟུགས་ཕུང་རྡོ་རྗེ་མ་རུ་འགྱུར། ཞེས་པ་ལ་སོགས་པས་སོ། །

འོ་ན་དབང་པོ་ལ་སོགས་པ་རྣམས་ཅིའི་ཕྱིར་རྣམ་པར་དག་པར་བརྗོད་ཅེ་ན། གསུངས་པ། ཉོན་མོངས་མི་ཤེས་པས་བསྒྲིབས་པ་ཞེས་པ་སྟེ། མི་ཤེས་པ་ནི་མ་རིག་པ་དང་ང་དང་ང་འོ་སྙམ་དུ་འཛིན་པའོ། །ཉོན་མོངས་པ་རྣམས་ནི་འདོད་པ་དང་མི་འདོད་པའི་ལས་ཀྱི་རྒྱུ་སེམས་ཀྱི་བྱེ་བྲག་རྣམས་སོ། །དེ་རྣམས་ཀྱིས་བསྒྲིབས་པ་ནི་གཡོགས་པ་སྟེ། དེ་སྦྱང་བར་བྱའོ། །དཔལ་དྲི་མ་མེད་པའི་འོད་དུ་ཡང་གསུངས་པ། སྟོང་པ་ལ་ནི་དངོས་པོའི་ཚོགས། །རྟག་པའི་གཟུགས་ནི་རྣམ་སྤངས་གང༌། །སྣང་བའི་མཐོང་སྟེ་མེ་ལོང་ལ། །པྲ་ཕབ་གཞོན་ནུ་མ་ཡི་བཞིན། །ཞེས་པ་འཇིག་རྟེན་ལས་འདས་པའི་བདེན་པས་གཟུགས་ཀྱི་ཕུང་པོ་རྣམ་པར་དག་པ་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ཞེས་པ་ལ་སོགས་པ་རྣམ་པར་ཤེས་པའི་ཕུང་པོ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །ཞེས་པའི་བར་དྲངས་ནས། སླར་ཡང་དེ་ཉིད་དུ་གསུངས་པ། རྣམ་པ་ཐམས་ཅད་པ་སྟོང་པ་ཉིད་ཀྱི་ཡེ་ཤེས་ནི་འཕོ་བའི་བདེ་བ་དང༌། རྟོག་པའི་སྒྲིབ་པ་ཟད་པ་ལ་སོགས་པ་སྟེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་རྣམ་པར་དག་པའོ། །ཞེས་སོ། །དཔལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ཡང་རྣམ་པར་དག་པའི་ལེའུར་གསུངས་པ། རབ་འབྱོར་གང་གཟུགས་རྣམ་པར་དག་པ་དེ་ནི། འབྲས་བུ་རྣམ་པར་དག་པ། འབྲས་བུ་རྣམ་པར་དག་པ་གང་ཡིན་པ་དེ་ནི་གཟུགས་རྣམ་པར་དག་པ་སྟེ། རབ་འབྱོར། དེ་ལྟར་ན་གཟུགས་རྣམ་པར་དག་པ་དང༌། འབྲས་བུ་རྣམ་པར་དག་པ་འདི་ནི་ གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དོ། །རབ་འབྱོར། དེ་བཞིན་དུ། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་ཏེ། རབ་འབྱོར། རྣམ་པར་ཤེས་པ་རྣམ་པར་དག་པ་གང་ཡིན་པ་དེ་ནི། འབྲས་བུ་རྣམ་པར་དག་པ། གང་འབྲས་བུ་རྣམ་པར་དག་པ་གང་ཡིན་པ་དེ་ནི་རྣམ་པར་ཤེས་པ་རྣམ་པར་དག་པའོ། །ཞེས་སོ། །ཞེས་པ་དང༌། ཡང་དེ་ཉིད་དུ། རྡོ་རྗེ་གུར་གྱི་ལུང་དྲངས་པ། འཇིག་རྟེན་ཇི་བཞིན་དེ་སངས་རྒྱས། །ཇི་ལྟར་ཆོས་ནི་རྟོག་མེད་པ། །དེ་ལྟར་སེམས་ཅན་ཁམས་རྣམས་བཤད། །ནམ་མཁའ་བཞིན་དུ་དྲི་མ་མེད། །དམ་མིན་ཀུན་རྟོག་རྣམ་རྟོག་གིས། །སེམས་ཀྱི་རང་བཞིན་དྲི་མར་བཅས། །སེམས་དག་ན་ནི་དག་པར་འགྱུར། །ནམ་མཁའ་འཇིག་མེད་ཇི་བཞིན་ནོ། །ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་ཤིང༌། དཔལ་མཆོག་དང་པོའི་རྒྱུད་དུ་ཡང༌། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ངོ་བོ་ཉིད་ཡང་དག་པའི་ཆོས་ཉིད་ཡང་དག་པའི་ཆོས་ཉིད་ཐོབ་པས་ཡང་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད། སྤྱན་རས་གཟིགས་དབང་ཕྱུག་གི་ཡེ་ཤེས་ཀྱི་ཕྱག་རྒྱ་ཞེས་བྱ་བ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་གསུངས་ཏེ། འདོད་ཆགས་ཐམས་ཅད་རྣམ་པར་དག་པ་ཉིད་ཀྱིས་ཀྱང་འཇིག་རྟེན་ན་ཞེ་སྡང་ཐམས་ཅད་རྣམ་པར་དག་པར་འགྱུར་རོ། །དྲི་མ་ཐམས་ཅད་རྣམ་པར་དག་པ་ཉིད་ཀྱིས་ན། འཇིག་རྟེན་ན་སྡིག་པ་ཐམས་ཅད་རྣམ་པར་དག་པར་འགྱུར་རོ། །ཆོས་ཐམས་ཅད་རྣམ་པར་དག་པ་ཉིད་ཀྱིས་འཇིག་རྟེན་ན་སེམས་ཅན་ཐམས་ཅད་རྣམ་པར་དག་པར་འགྱུར་རོ། །ཤེས་པ་ཐམས་ཅད་རྣམ་པར་དག་པས་འཇིག་རྟེན་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་གོ །ཞེས་པ་ལ་སོགས་རྒྱ་ཆེར་གསུངས་པའི་ཕྱིར་རོ། །དེ་བས་ན། རྣམ་དག་ལེའུར་གསུངས་པ་རྣམས་ཀྱི་དགོངས་པ་ནི་ཀུན་རྫོབ་རང་སྟོང་གློ་བུར་དྲི་མ་རྣམས་ཀྱིས་གདོད་ནས་རྣམ་པར་དག་པའི་གཞི་གང་ཡིན་པ། དོན་དམ་བདེ་གཤེགས་སྙིང་པོའི་དབྱིངས་དང་ཡེ་ཤེས་དབྱེར་མེད་པའི་དེ་བཞིན་ཉིད་ལ་གསུངས་ཤིང༌། ཕུང་པོ་ཁམས་སོགས་རྣམ་པར་དག་པ་ཡེ་ཤེས་ཀྱི་ལྷ་དང་དཀྱིལ་འཁོར་ལ་སོགས་པ་ཡང་རྣམ་དག་ལེའུ་དང་དོན་གཅིག་སྟེ། དེ་རྣམས་སྟོང་ཉིད་ཡིན་ཡང༌། རང་སྟོང་མ་ཡིན་པའི་ཤེས་བྱེད་སྔར་ཡང་བཀོད་ཅིང༌། འོག་ནས་ཀྱང་སྟོན་པར་འགྱུར་རོ། །གཞན་ཡང་ཁྱེད་ཀྱིས། རང་གི་ངོ་བོས་སྟོང་པ་ནམ་མཁའ་འམ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ་ནི། སྟོང་ཉིད་གོ་མ་ཆོད་པ་ཡིན། ཞེས་བཀོད་གདའ་བ་འདི་ཡང་མི་རིགས་ཏེ། རང་གི་ངོ་བོས་སྟོང་པའི་སྟོང་ཉིད་ཀྱི་གོ་མི་ཆོད་ན། ཀུན་རྫོབ་སྟོང་ཉིད་ཀྱིས་སྟོང་ཉིད་ཀྱི་གོ་མི་ཆོད་པར་ཧ་ཅང་ཐལ་བར་འགྱུར་ཏེ། རང་གི་ངོ་བོས་སྟོང་པ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ། མེ་ལོང་ནང་གི་གཟུགས་བརྙན་དེ་རང་སྟོང་ཡིན་ན། ཀུན་རྫོབ་སྟོང་ཉིད་ཡིན་པས་སྟོང་ཉིད་གོ་ཆོད་ཡིན་པར་འགྱུར་ལ། རང་སྟོང་མ་ཡིན་ན་དེ་ནི་དོན་དམ་སྟོང་ཉིད་ཀྱང་མ་ཡིན་པས་བདེན་གཉིས་གང་དུ་ཡང་མི་རྟོག་པར་ཧ་ཅང་ཐལ་བར་འགྱུར་རོ། །གལ་ཏེ། མེ་ལོང་ལ་བྱད་ཀྱི་གཟུགས་བརྙན་ཤར་བ་དེ་བྱད་ཀྱི་རང་གི་ངོ་བོས་སྟོང་པ་ལ་རང་གི་ངོ་བོས་སྟོང་པའི་དཔེར་བརྗོད་དུ་བྱེད་དོ་ཞེ་ན། བྱེད་པ་སྐུ་དབང་ནི་ཆེ། ཤེས་བྱེད་ཀྱི་ལུང་དང་རིགས་པ་ནི་མེད་དེ། བྱད་ཀྱི་གཟུགས་བརྙན་བྱད་ཉིད་ཀྱིས་སྟོང་པ་དེ་གཞན་སྟོང་གིས་དཔེར་འོས་ཀྱི། རང་སྟོང་གི་དཔེར་བརྗོད་དུ་མི་རིགས་པའི་ཕྱིར་རོ། །དེ་ལྟ་བས་ན་འདི་ནི་མཚན་ཉིད་དང་དཔེར་བརྗོད་པ་གཉིས་ཀ་ལ་སྐྱོན་ཆགས་པ་ཡིན་ཞིང༌། རང་རང་ངོ་བོས་སྟོང་པའི་ཕྱིར། ཞེས་པ་ཤེས་བྱེད་ཀྱི་ལུང་དུ་འདོད་པ་དང༌། ནང་འགལ་བ་ཡང་ཡིན་ནོ། །དེ་ལྟར་རང་སྟོང་གཞན་སྟོང་དུ་ཕྱེ་ནས་སྟོང་པ་ཉིད་ལེགས་པར་གཏན་ལ་འབེབས་པའི་ཚུལ་འདི་ནི། དབུ་མ་པ་ཆེན་པོ་འཕགས་པ་ཐོགས་མེད་ཀྱི་ཞལ་སྔ་ནས་ཀྱང་གསུངས་ཏེ། ཇི་སྐད་དུ། མཐར་ཐུག་དབུ་མའི་གཞུང་ལུགས་ཆོས་མངོན་པ་ཀུན་ལས་བཏུས་པར། སྟོང་པའི་མཚན་ཉིད་གང་ཞེ་ན། གང་ལ་གང་མེད་པ་དེ་ནི་དེས་སྟོང་པར་ཡང་དག་པར་རྗེས་སུ་མཐོང་སྟེ། འདི་ལ་ལྷག་མ་གང་ཡིན་པ་དེ་ནི་འདིར་ཡོད་པའོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །འདི་ནི་སྟོང་པ་ཉིད་ལ་འཇུག་པ་ཡང་དག་པ་ཇི་ལྟ་བ་སྟེ། ཕྱིན་ཅི་མ་ལོག་པ་ཞེས་བྱའོ། །གང་ལ་ཅི་ཞིག་མེད་ཅེ་ན། ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ལ་རྟག་པ་དང་བརྟན་པ་དང་ཐེར་ཟུག་དང་མི་འགྱུར་བའི་ཆོས་ཅན་དང༌།བདག་དང་བདག་གི་མེད་དོ། །དེ་ལྟ་བས་ན་དེ་དག་ནི་དེས་སྟོང་ངོ༌། །དེ་ལ་ལྷག་མ་ཡོད་པ་ཅི་ཞིག་ཅེ་ན། གང་བདག་མེད་པ་དེ་ཉིད་དེ་དེ་ལྟར་བདག་ནི་མེད་ཀྱི་བདག་མེད་པ་ནི་ཡོད་པར་སྟོང་པ་ཉིད་ཁོང་དུ་ཆུད་པར་བྱའོ། །འདི་ལ་དགོངས་ནས། བཅོམ་ལྡན་འདས་ཀྱིས། ཡོད་པ་ཡང་ཡོད་པར་མེད་པ་ཡང་མེད་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཞེས་གསུངས་སོ། །ཞེས་འབྱུང་སྟེ། སྟོང་པའི་གཞྀ་གང་ལ་སྟོང་པའི་ཆོས་གང་མེད་པ་དེ་ནི་ཆོས་དེས་སྟོང་པར་ཡང་དག་པར་རྗེས་སུ་མཐོང་སྟེ། འདི་ལ་ཆོས་དེས་སྟོང་པའི་ལྷག་མ་སྟོང་པའི་གཞི་གང་ཡིན་པ་ཆོས་ཉིད་ཡོངས་གྲུབ་དེ་ནི་འདིར་ནམ་ཡང་ཡོད་པའོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་ལྟར་སྟོང་པའི་ཆོས་རང་སྟོང་དང་སྟོང་པའི་གཞི་གཞན་སྟོང་དུ་རྟོགས་པ་འདི་ནི་སྟོང་པ་ཉིད་ལ་འཇུག་པ་ཡང་དག་པ་ཇི་ལྟ་བ་དེ་ཕྱིན་ཅི་མ་ལོག་པ་ཞེས་བྱའི། དེ་ལས་གཞན་དུ་ཐམས་ཅད་རང་སྟོང་ཉིད་དུ་འདོད་པའམ། ཐམས་ཅད་གཞན་སྟོང་དུ་འདོད་ན་ནི། ཕྱིན་ཅི་མ་ལོག་པ་མ་ཡིན་ནོ། །ཞེས་པའི་དོན་ཏོ། །གལ་ཏེ། བདག་དང་བདག་གི་བས་སྟོང་པའི་གཞི་ནི་འདིར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ལ་བཤད་པ་མ་ཡིན་ནམ། འདིར་ཅིའི་ཕྱིར། སྟོང་པའི་གཞི་ཆོས་ཉིད་ཡོངས་གྲུབ་ལ་འདོད་ཅེས་འགའ་ཞིག་སེམས་པར་གྱུར་ན་དེའི་ཕྱིར་བརྗོད་པར་བྱ་སྟེ། འདིར་རེ་ཞིག་གཞན་དབང་དུ་གཏོགས་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཀུན་བཏགས་བདག་དང་བདག་གི་བས་སྟོང་པའི་གཞིར་གསུངས་ཀྱང༌། མཐར་སྟོང་གཞི་གཞན་དབང་གིས་ཀྱང་སྟོང་པའི་གཞི་ཆོས་ཉིད་ཡོངས་གྲུབ་ཡིན་པའི་ཕྱིར་དོན་གཅིག་གོ །གང་ཡང་འདུས་མ་བྱས་སུ་གཏོགས་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་འགའ་ཞིག་ལ་དེ་བཞིན་ཉིད་ཅེས་གསུངས་པའི་ཕྱིར། དེ་བདག་དང་བདག་གི་བས་སྟོང་པའི་གཞིར་གསུངས་པ་ལས་ཀྱང་སྟོང་པའི་གཞི། ཆོས་ཉིད་ཡོངས་གྲུབ་ཡིན་པར་གྲུབ་པའི་ཕྱིར་སྐྱོན་མེད་དོ། །དེ་ལ་ལྷག་མ་ཡོད་པ་ཅི་ཞིག་ཅེ་ན། གང་བདག་མེད་པ་དེ་ཉིད་དེ། དེ་ལྟར་བདག་ནི་མེད་ཀྱི། བདག་མེད་པ་ནི་ཡོད་པར་སྟོང་པ་ཉིད་ཁོང་དུ་ཆུད་པར་བྱའོ། །ཞེས་པ་ཡང་ཀུན་བཏགས་མེད་པའི་ལྷག་མ་གཞན་དབང་བདག་མེད་པ་ནི་རེ་ཞིག་ཡོད་པའོ། །གཞན་དབང་དེས་ཀྱང་སྟོང་པའི་ལྷག་མ་ཆོས་ཉིད་ཡོངས་གྲུབ་བདག་མེད་པ་ནི། ཡང་དག་པར་ཡོད་པ་སྟེ། གྲངས་བཞིན་དུ་ཀུན་རྫོབ་ཏུ་ཡོད་པ་དང༌། དོན་དམ་པར་ཡོད་པའོ། །འདི་ལ་དགོངས་ནས། བཅོམ་ལྡན་འདས་ཀྱིས། ཡོད་པ་ཡང་ཡོད་པར་མེད་པ་ཡང་མེད་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཞེས་གསུངས་པའི་དོན་ནི། རྟོགས་པར་སླ་སྟེ་སྔར་བཤད་ཟིན་པ་ཡང་ཡིན་ནོ། །ཅི་སྟེ། གཞན་དབང་ཡང་དག་པར་ན་མ་གྲུབ་པ་ཉིད་དུ་གཞུང་གཞན་དག་ལས་གསུངས་མོད། གཞུང་འདི་ལས་ཇི་ལྟར་བསྟན་ཞེ་ན། གཞུང་འདིར་ཡང་བསྟན་ཏེ། རྟེན་འབྲེལ་མཐའ་བཞི་ལས་སྐྱེ་བ་བཀག་པའི་ཕྱིར་དང༌། སྐྱེ་བ་ངོ་བོ་ཉིད་མེད་པར་གསུངས་པའི་ཕྱིར་དང༌། ཆོས་ཐམས་ཅད་མ་སྐྱེས་པ་དང་མ་འགགས་པ་དང་གཟོད་མ་ནས་ཞི་བ་དང༌། རང་བཞིན་གྱིས་མྱ་ངན་ལས་འདས་པར་གསུངས་པའི་ཕྱིར་དང༌། བདག་ཉིད་གཉིས་ཀྱིས་སྟོང་པར་བསྟན་པའི་ཡང་ཕྱིར་རོ། །དེ་ཉིད་ཀྱི་གཞུང་འདི་སེམས་ཙམ་གྱི་རང་གཞུང་དུ་ཁ་ཅིག་འདོད་པ་ཡང་དེ་རྣམས་ཀྱིས་བསལ་བ་ཡིན་ནོ། །དེ་ལྟར་ངོ་བོ་ཉིད་གསུམ་སྟོང་པའི་ཚུལ་མི་འདྲ་བ་འདི་རྣམས་ལ་དགོངས་ནས། མཐར་ཐུག་དབུ་མའི་གཞུང་ལུགས་མདོ་སྡེའི་རྒྱན་དུ་ཡང༌། མེད་པའི་སྟོང་པ་ཉིད་ཤེས་ཤིང༌། །དེ་བཞིན་ཡོད་པའི་སྟོང་ཉིད་དང༌། །རང་བཞིན་སྟོང་པ་ཉིད་ཤེས་ན། །སྟོང་པ་ཤེས་པ་ཞེས་བརྗོད་དོ། །ཞེས་གསུངས་ཏེ། ཀུན་བཏགས་ནི་རྟག་ཏུ་མེད་པའི་སྟོང་པ་ཉིད་དོ། །གཞན་དབང་ནི་རེ་ཞིག་ཡོད་ཀྱང་དེ་ཁོ་ནར་མེད་པའི་སྟོང་པ་ཉིད་དོ། །ཆོས་ཉིད་ཡོངས་གྲུབ་ནི། རང་བཞིན་གྱིས་སྟོང་པའི་ངོ་བོ་ཉིད་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དེ། རང་གི་ངོ་བོས་མི་སྟོང་པའི་ཕྱིར་ཡོད་པ་དང༌། གཞན་དབང་གིས་ཀྱང་སྟོང་པའི་ཕྱིར་མེད་པ་ཞེས་ཀྱང་བྱ་སྟེ། ངོ་བོ་ཉིད་གསུམ་རྟག་མེད་དང༌། །ཡོད་ཀྱང་ཁོ་ན་མ་ཡིན་དང༌། །ཡོད་དང་མེད་དེ་ཁོ་ན་སྟེ། །ཅེས་མཐར་ཐུག་གི་དབུ་མ་དབུས་མཐའ་རྣམ་འབྱེད་དུ་ཡང་གསུངས་པའི་ཕྱིར་རོ། །མཐར་ཐུག་གི་དབུ་མ་ཆོས་མངོན་པ་ཀུན་ལས་བཏུས་པར་ཡང༌། ཡང་སྟོང་པ་ཉིད་རྣམ་པ་གསུམ་སྟེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་དང༌། དེ་བཞིན་དུ། ཡོད་པ་མ་ཡིན་པའི་སྟོང་པ་ཉིད་དང༌། རང་བཞིན་གྱིས་སྟོང་པ་ཉིད་དོ། །ཞེས་གསུངས་པ་ཡང་ངོ་བོ་ཉིད་གསུམ་ལ་སྦྱར་རོ། །གཞན་ཡང་ཡང་དག་པར་མེད་པ་དང༌། ཡོད་པའི་དོན་ནི། ཆོས་དང་ཆོས་ཉིད་ལ་རྒྱལ་བ་བྱམས་པས་གསུངས་ཏེ། མཐར་ཐུག་གི་དབུ་མ་ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པ་ལས། གཉིས་པོ་དག་ནི་གཅིག་ཉིད་དང༌། །སོ་སོ་བ་ཡང་མ་ཡིན་ཏེ། །ཡོད་པ་དང་ནི་མེད་པ་དག །ཁྱད་པར་ཡོད་དང་མེད་ཕྱིར་རོ། །ཞེས་པ་དང༌། མཐར་ཐུག་གི་དབུ་མ་མདོ་སྡེའི་རྒྱན་དུ་ཡང༌། བྱིས་པ་ཡང་དག་ཉིད་བསྒྲིབས་ནས། །ཡང་དག་མིན་པ་ཀུན་ཏུ་སྣང༌། །བྱང་ཆུབ་སེམས་དཔས་དེ་བསལ་ནས། །ཡང་དག་ཉིད་ནི་ཀུན་ཏུ་སྣང༌། །ཞེས་པ་དང༌། དོན་མེད་པ་དང༌། དོན་ཡོད་དག །མི་སྣང་སྣང་བ་ཉིད་ཤེས་བྱ། །ཞེས་པ་དང༌། འགྲོ་བ་དག་ནི་དེ་ལས་གཞན་ཡང་ཅུང་ཟད་ཡོད་མིན་ལ། །འགྲོ་བ་མ་ལུས་པ་ཡང་དེ་ལ་ཀུན་ཏུ་རྨོངས་པའི་བློས། །ཡོད་པ་ཀུན་ནས་སྤངས་ཏེ་མེད་ལ་མངོན་ཞེན་གང་ཡིན་པ། །འཇིག་རྟེན་རྨོངས་པའི་རྣམ་པ་ཚབས་ཆེན་འདི་ཁོ་ཇི་ལྟ་བུ། །ཞེས་པ་ལ་སོགས་པས་ཀུན་བཏགས་གཞན་དབང་གི་ཆོས་རྣམས་ནི་ཡང་དག་པར་མེད་པ་དང༌། ཆོས་ཉིད་ཡོངས་གྲུབ་ནི་ཡང་དག་ཏུ་ཡོད་པར་བསྟན་ཏེ། འདི་དག་གིས་ཀྱང་རང་སྟོང་དང་གཞན་སྟོང་གི་དོན་བསྟན་པ་ཡིན་ནོ། །འདི་ལ་དགོངས་ནས་དོན་དམ་པའི་མཚན་ཡང་དག་པར་བརྗོད་པར་ཡང༌། ཡེ་ཤེས་ལྡན་པ་ཡོད་མེད་ཤེས། །ཞེས་གསུངས་ཏེ། འདིར་ཡང་ཡོད་པ་ནི་གཞན་སྟོང་དང་མེད་པ་ནི་རང་སྟོང་ངོ༌། །མདོ་སྡེའི་རྒྱན་གྱི་དེ་ཁོ་ན་ཉིད་སྟོན་པའི་སྐབས་སུ་ཡང༌། དོན་དམ་གཞན་སྟོང་དུ་གསུངས་ཏེ། འདི་ལྟར་དོན་དམ་པའི་མཚན་ཉིད་དུ་ཚིགས་སུ་བཅད་པ། ཡོད་མིན་མེད་མིན་དེ་བཞིན་མིན་གཞན་མིན། །སྐྱེ་དང་འཇིག་མེད་འབྲི་བར་མི་ནུས་ཏེ། །འཕེལ་བ་མེད་ཅིང་རྣམ་པར་དག་པའང་མེད། །རྣམ་པར་དག་འགྱུར་དེ་ནི་དོན་དམ་མཚན། །ཞེས་པའོ། །འདིའི་དོན་ནི། ཡོད་མིན་ཞེས་པ་ཀུན་བཏགས་དང༌། གཞན་དབང་ནི་ཡང་དག་པར་ཡོད་པ་མ་ཡིན་ནོ། །མེད་མིན་ཞེས་པ་ཆོས་ཉིད་ཡོངས་གྲུབ་ནི་ཡང་དག་པར་མེད་པ་མ་ཡིན་ནོ། །དེ་བཞིན་མིན་ཞེས་པ་ཀུན་བཏགས་དང་གཞན་དབང་དང༌། ཆོས་ཉིད་ཡོངས་གྲུབ་ངོ་བོ་གཅིག་པ་མ་ཡིན་ནོ། །གཞན་མིན་ཞེས་པ་དེ་དག་ཐམས་ཅད་ངོ་བོ་ཐ་དད་པ་ཡང་མ་ཡིན་ཏེ། ཀུན་བཏགས་གཞན་དབང་ལ་ཡང་དག་པར་ངོ་བོ་མ་གྲུབ་པའི་ཕྱིར་རོ། །དེ་ལྟར་དེ་གཉིས་ཀྱིས་སྟོང་པའི་གཞི་ཆོས་ཉིད་ཡོངས་གྲུབ་ནི་འདུས་མ་བྱས་ཡིན་པའི་ཕྱིར། སྐྱེ་འཇིག་དང་འཕེལ་འགྲིབ་མེད་ལ། རང་བཞིན་གྱིས་དག་པའི་ཕྱིར་ངོ་བོ་རྣམ་པར་དག་པར་བྱ་དགོས་པ་ཡང་མེད་ཅིང༌། དེ་ཐོབ་པ་ལ་གློ་བུར་གྱི་དྲི་མ་རྣམ་པར་དག་དགོས་པ་སྟེ། དེ་ལྟར་གཉིས་མེད་པའི་མཚན་ཉིད་ལྔ་ཚང་བ་དེ་ནི། དོན་དམ་པའི་མཚན་ཉིད་དོ་ཞེས་པ་དགོངས་པ་སྟེ། དེ་ཉིད་ཀྱི་འགྲེལ་པ་ལྟར་བཤད་པའོ། །དེས་ན། འདིར་ཡང་ཀུན་བཏགས་དང་གཞན་དབང་གིས་སྟོང་པའི་གཞི་ཆོས་ཉིད་ཡོངས་གྲུབ་དོན་དམ་དུ་ཡོད་པར་གསུངས་པའི་ཕྱིར་རོ། །དོན་དམ་གཞན་སྟོང་དུ་ལེགས་པར་གྲུབ་བོ། །འདིར་ཡོད་མིན་མེད་མིན་གྱི་དོན་དེ་ལྟར་གསུངས་པ་དང་མཐུན་པར། དབུ་མའི་གཞུང་ལུགས་དབུས་མཐའ་རྣམ་འབྱེད་དུ་ཡང༌། ཡོད་པ་མ་ཡིན་མེད་པའང་མིན། །ཞེས་པ་དང༌། གཞན་ཡང་དབུ་མའི་གཞུང་ལུགས་དྲི་མ་མེད་པ་མང་བ་ལས་ཀྱང་ཆེས་མང་བ་རྣམས་སུ་ཡོད་པ་དང་མེད་པའི་མཐའ་དང་བྲལ་བར་གསུངས་པ་ཐམས་ཅད་ཀྱི་དགོངས་པ་ཀུན་རྫོབ་རྟེན་འབྲེལ་ཐམས་ཅད་ཡང་དག་པར་ཡོད་པ་མ་ཡིན་པས། དེ་ལྟར་རྟོགས་ན་ཡོད་པའི་མཐར་མ་ལྷུང་བ་དང༌། སྒྲོ་འདོགས་ཀྱི་མཐའ་ལས་གྲོལ་བར་འགྱུར་ལ། དོན་དམ་རྟེན་འབྲེལ་ལས་འདས་པའི་ཆོས་ཉིད་ནམ་ཡང་མེད་པ་མ་ཡིན་པས། དེ་ལྟར་རྟོགས་ན་མེད་པའི་མཐར་མི་ལྷུང་བ་དང༌། སྐུར་འདེབས་ཀྱི་མཐའ་ལས་གྲོལ་བར་འགྱུར་གྱི། དེ་ལས་གཞན་དུ་དོན་ལ་མི་མཁས་ཀྱང་མཁས་པར་རློམ་པ་དང༌། དོན་ལ་མི་མཁས་ཀྱང་མཁས་པར་གྲགས་པ་འགའ་ཞིག་གི་འདོད་ལུགས་ལྟར། དོན་དམ་པ་ཉིད་དོན་དམ་པར་ཡོད་པ་ཡང་མ་ཡིན། དོན་དམ་པར་མེད་པ་ཡང་མ་ཡིན་ཞེས་པ་ལ་སོགས་པ་ཆོས་གཅིག་ཉིད་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པར་མཐའ་བྲལ་ངེས་པའི་དོན་དུ་འདོད་པ་རྣམས་ནི་གནས་ལུགས་ཀྱི་དོན་དང་མི་མཐུན་ཞིང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགོངས་པ་དང་འགལ་བ་ཡིན་ནོ། །གལ་ཏེ་ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་དང༌། དབུས་མཐའ་རྣམ་འབྱེད་དང༌། ཆོས་དང་ཆོས་ཉིད་རྣམ་འབྱེད་དང༌། ཆོས་མངོན་པ་ཀུན་ལས་བཏུས་པ་རྣམས་སུ་གཞན་སྟོང་བསྟན་ཡང༌། གཞུང་དེ་རྣམས་སེམས་ཙམ་གྱི་རང་གཞུང་ཡིན་གྱི་དབུ་མའི་གཞུང་མ་ཡིན་པས། དེ་རྣམས་སུ་བསྟན་པའི་སྟོང་ཉིད་དེ་དག་ཡང་དག་པའི་སྟོང་ཉིད་མ་ཡིན་ནོ། །ཞེས་འགའ་ཞིག་ལ་ལོག་པར་རྟོག་པ་སྐྱེ་བ་སྲིད་དེ། གཞུང་དེ་རྣམས་སེམས་ཙམ་གྱི་རང་གཞུང་མ་ཡིན་ཞིང་དབུ་མ་མཐར་ཐུག་པའི་གཞུང་ཡིན་པར་བསྒྲུབ་པའི་ཤེས་བྱེད་དུ་མ་ལོགས་ཤིག་ན་བཀོད་བདོག་ཅིང༌། འདིར་ཉིད་ཅག་ལ་དོགས་པ་དེ་ལྟ་བུ་མི་སྐྱེ་འཆི་བ་དང༌། ཡི་གེ་མང་དུ་དོགས་ནས་མ་བྲིས་སོ། །

འདིར་གལ་ཏེ་ལང་ཀར་གཤེགས་པའི་མདོར། སྟོང་ཉིད་བདུན་གསུངས་པ་ལས། གཅིག་གིས་གཅིག་སྟོང་པའི་སྟོང་ཉིད་ནི་བདུན་པོ་ཀུན་གྱི་ཐ་ཤལ་དུ་གསུངས་ཤིང༌། དེ་འདྲའི་སྟོང་ཉིད་དེ་ཡོངས་སུ་སྤང་བར་བྱའོ། །ཞེས་གསུངས་པས་ཁྱེད་ཀྱྀས་དོན་དམ་གཞན་སྟོང་ཡང་དེ་ལས་ཁྱད་པར་ཅི་ཞིག་ཡོད་སྙམ་དུས་སེམས་ན་དེ་ལྟ་མ་ཡིན་ཏེ། ལང་ཀར་གཤེགས་པའི་མདོར། གཅིག་གིས་གཅིག་སྟོང་པའི་སྟོང་ཉིད་ཐ་ཤལ་དུ་གསུངས་པ་ནི། ཁང་པ་མིས་སྟོང་པའམ། བུམ་པ་ཀ་བས་སྟོང་པ་ལྟར། ཀུན་རྫོབ་ཀྱི་ཆོས་རྣམས་ཉིད་ཕན་ཚུན་གཅིག་གིས་གཅིག་སྟོང་པའི་སྟོང་ཉིད་དེ་ལྟ་བུ་ལ་དགོངས་པར་མདོ་དེ་ཉིད་ལས་གསུངས་ཤིང༌། དེ་དང་དོན་དམ་རང་བཞིན་པ་དེ་ཀུན་རྫོབ་གློ་བུར་བའི་ཆོས་རྣམས་ཀྱིས་སྟོང་པ་ནི་ཁྱད་པར་ཆེ་བ་ལས་ཀྱང་ཆེས་ཤིན་ཏུ་ཆེ་བའི་ཕྱིར་ཏེ། མདོ་དེ་ཉིད་ལས། བློ་གྲོས་ཆེན་པོ། འཕགས་པའི་ཡེ་ཤེས་སྟོང་པ་ཉིད་ཆེན་པོ་གང་ཞེ་ན། འདི་ལྟ་སྟེ། བདག་གིས་སོ་སོ་རང་གི་འཕགས་པའི་ཡེ་ཤེས་ཁོང་དུ་ཆུད་པ་ནི། ལྟ་བ་དང་ཉེས་པའི་བག་ཆགས་ཐམས་ཅད་ཀྱིས་སྟོང་སྟེ། དེའི་ཕྱིར་དོན་དམ་པ་འཕགས་པའི་ཡེ་ཤེས་སྟོང་པ་ཆེན་པོ་ཉིད་ཅེས་བྱའོ། །ཞེས་སྟོང་ཉིད་བདུན་གྱི་ནང་ནས་དོན་དམ་པ་འཕགས་པའི་ཡེ་ཤེས་དེ་ལྟ་བ་དང་ཉེས་པའི་བག་ཆགས་ཐམས་ཅད་ཀྱིས་སྟོང་པའི་གཞན་སྟོང་ལ་སྟོང་པ་ཆེན་པོ་ཞེས་གསུངས་པའི་ཕྱིར་རོ། །དེས་ན་ཁང་པ་རྟ་གླང་གིས་སྟོང་པ་ལ་སོགས་པ་ནི་དོན་དམ་གཞན་སྟོང་གི་དཔེར་གསུངས་ཀྱི། སྟོང་ཉིད་ཀྱི་དོན་དུ་མ་གསུངས་ཏེ། དེ་ནི་ཀུན་རྫོབ་སྟོང་ཉིད་ཀྱང་མ་ཡིན་ལ། དོན་དམ་སྟོང་ཉིད་ཀྱང་མ་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་རང་སྟོང་གིས་དོན་དམ་སྟོང་ཉིད་ཀྱི་གོ་མི་ཆོད་པ་ཇི་ལྟ་བ་དེ་བཞིན་དུ་གཞན་སྟོང་གིས་ཀྱང་ཀུན་རྫོབ་སྟོང་ཉིད་ཀྱི་གོ་མི་ཆོད་དོ། །དེའི་ཕྱིར་ཀུན་རྫོབ་སྟོང་ཉིད་ལ་དགོངས་ནས་གཅིག་གིས་གཅིག་སྟོང་པ་དེ་ཉིད་སྟོང་ཉིད་ཀྱི་ཐ་ཤལ་ཡིན་པས་སྤང་བྱར་གསུངས་པ་ཡིན་ནོ། །དེ་ལྟར་ལེགས་པར་ཕྱེ་བ་ནི། བློ་གྲོས་ཟབ་པ་ལས་ཀྱང་ཆེས་ཟབ་པ་རྣམས་ཀྱི་སྤྱོད་ཡུལ་ལོ། །གལ་ཏེ་དེ་ལྟ་ན་རྒྱལ་བའི་ཡུམ་ལས། མྱ་ངན་ལས་འདས་པ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །ཞེས་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྟོང་པ་ལ་སོགས་པ་ཆོས་ཐམས་ཅད་རང་སྟོང་དུ་བསྟན་པ་དང༌། མདོ་གཞན་ལས་ཀྱང༌། ཐམས་ཅད་རང་སྟོང་དུ་གསུངས་པ་རྣམས་ཀྱི་དགོངས་པ་ཇི་ལྟར་ལྟ་བར་བྱ་སྙམ་ན། མྱ་ངན་ལས་འདས་པ་སྒྱུ་མ་ལྟ་བུར་གསུངས་པ་ནི། དཔལ་དུས་ཀྱི་འཁོར་ལོར། ཕྱག་རྒྱ་སྒྱུ་མའི་རྗེས་སུ་མཐུན་པ། ཞེས་སོགས་གསུངས་པ་དང་དོན་གཅིག་ནའང༌། ཤིན་ཏུ་གསལ་བར་སྟོན་པ་ནི་སྐབས་སུ་མ་བབ་པས་རེ་ཞིག་བཞག་གོ །རྒྱལ་བའི་ཡུམ་ལ་སོགས་པ་བཀའ་འཁོར་ལོ་བར་པའི་མདོ་མང་པོར་ཡོད་འཛིན་བཟློག་པའི་དོན་དུ་ཐམས་ཅད་རང་སྟོང་ཉིད་དུ་གསུངས་པ་གཙོ་ཆེ་བ་ཡིན་ཏེ། འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང༌། རྒྱལ་བ་རྣམས་ཀྱིས་སྟོང་པ་ཉིད། །ལྟ་ཀུན་ངཻས་པར་འབྱིན་ པར་གསུངས། །གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་བསྒྲུབ་ཏུ་མེད་པར་གསུངས། །ཞེས་གསུངས་པ་ལྟར་རོ། །དེས་ན་རང་སྟོང་མ་ཡིན་པ་ཡང་རང་གི་ངོ་བོས་སྟོང་པ་ལྟར་གསུངས་པ་ཡིན་ལ། དེ་དག་ལ་དྲང་བའི་དོན་གྱི་ཆ་ཡང་མང་དུ་ཡོད་དོ། །རང་སྟོང་གཞན་སྟོང་གི་ཁྱད་པར་ལེགས་པར་རྣམ་པར་ཕྱེ་བ་ནི། འཁོར་ལོ་ཐ་མའི་མདོ་རྣམས་སུ་གསུངས་པའི་ཕྱིར། འཁོར་ལོ་ཐ་མ་ནི་ལེགས་པར་རྣམ་པར་ཕྱེ་བའི་ཆོས་ཀྱི་འཁོར་ལོའོ། །དོན་འདི་ཉིད་དགོངས་པ་ངེས་པར་འགྲེལ་པའི་མདོར། དེ་ནས། བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་དང་པོར་ཡུལ་ཝཱ་རཱ་ཎ་སཱི་ལ་དྲང་སྲོང་སྨྲ་བའི་རི་དྭགས་ཀྱི་ནགས་སུ་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ལ་འཕགས་པའི་བདེན་པ་བཞི་རྣམ་པར་བསྟན་པས་ཆོས་ཀྱི་འཁོར་ལོ་ངོ་མཚར་རྨད་དུ་བྱུང་བ་སྔོན་ལྷར་གྱུར་པའམ་མིར་གྱུར་པ་སུས་ཀྱང་ཆོས་དང་མཐུན་པར་འཇིག་རྟེན་དུ་མ་བསྐོར་བ་གཅིག་རབ་ཏུ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡང་བླ་ན་མཆིས་པ། སྐབས་མཆིས་པ། དྲང་བའི་དོན་རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས་ལ། བཅོམ་ལྡན་འདས་ཀྱི་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས། སྐྱེ་བ་མ་མཆིས་པ་དང༌། འགག་པ་མ་མཆིས་པ་དང༌། གཟོད་མ་ནས་ཞི་བ་དང༌། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ལ་སྟོང་པ་ཉིད་སྨོས་པའི་རྣམ་པས་ཆེས་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡང་བླ་ན་མཆིས་པ། སྐབས་མཆིས་པ། དྲང་བའི་དོན་རྩོད་པའི་གཞྀའི་གནས་སུ་གྱུར་པ་ལགས་ཀྱི། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས། སྐྱེ་བ་མ་མཆིས་པ་ཉིད་དང༌། འགག་པ་མ་མཆིས་པ་ཉིད་དང༌། གཟོད་མ་ནས་ཞི་བ་ཉིད་དང༌། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས་ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་རྣམས་ལ། ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པ་ཤིན་ཏུ་ངོ་མཚར་རྨད་དུ་བྱུང་བ་ཆོས་ཀྱི་འཁོར་ལོ་གསུམ་པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་འདི་ནི། བླ་ན་མ་མཆིས་པ། སྐབས་མ་མཆིས་པ། ངེས་པའི་དོན་ལགས་ཏེ། རྩོད་པའི་གཞིའི་གནས་སུ་གྱུར་པ་མ་ལགས་སོ། །ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །འཁོར་ལོ་བར་པར་རང་སྟོང་མ་ཡིན་པ་རྣམས་ཀྱང་རང་སྟོང་དུ་གསུངས་པ་གང་ཡིན་པ་རྣམས་ཀྱང་རང་སྟོང་དུ་གསུངས་པ་གང་ཡིན་པ་ཐམས་ཅད་དུ་དྲང་དོན་དགོངས་པ་ཅན་ཡིན་ཞེས་པའི་དོན་ཏོ། །ལུང་འདི་ཞིབ་ཏུ་བཤད་ན་འཁོར་ལོ་གསུམ་གྱི་ཁྱད་པར་ལ་སོགས་པ་ཆོས་ཀྱི་སྣང་བ་རྒྱ་ཆེན་པོ་སྤྲོ་བར་ནུས་མོད་ཀྱི། ཡི་གེ་མང་དུ་དོགས་ནས་འདིར་མ་སྤྲོས་སོ། །

ཡང་ཉིད་ཅག་གི་གསུང་ཡིག་ལ། དོན་དམ་གཞན་སྟོང་རྟེན་འབྲེལ་ལས་འདས་ན། ལས་རྒྱུ་འབྲས་དོན་ལ་མི་བདེན་པར་འགྱུར་ཏེ། དེ་ཡང་ཧ་ཅང་ཐལ་བ་སྙམ་ཞེས་པ་འདི་ཡང་ལེགས་པར་ཕྱེ་སྟེ་བཤད་པར་བྱའོ། །དེ་ལ་ལས་རྒྱུ་འབྲས་དོན་དམ་གྱི་དོན་ལ་མི་བདེན་པར་འགྱུར་རོ། །ཞེ་ན་འདོད་པ་ཁོ་ན་སྟེ། དོན་དམ་གྱི་དོན་ནི་འདུས་མ་བྱས་ཡིན་པས་རྒྱུ་འབྲས་ཐམས་ཅད་ལས་འདས་པར་ཡང་ཡང་གསུངས་པའི་ཕྱིར་རོ། །ལས་སྒྱུ་འབྲས་ཀུན་རྫོབ་བདེན་པའི་དོན་ལ་མི་བདེན་པར་འགྱུར་རོ། །ཞེ་ན། ཁྱབ་པ་མེད་དེ། འདུས་མ་བྱས་རྒྱུ་འབྲས་ལས་འདས་པའི་རྒྱུ་མཚན་གྱིས་འདུས་བྱས་རྣམས་ཀྱང་རྒྱུ་འབྲས་ལས་འདས་པར་འགྱུར་རམ་ཅི། ཞེས་པ་ལ་སོགས་པ་ཧ་ཅང་ཐལ་བ་དུ་མར་འགྱུར་བའི་ཕྱིར་རོ། །གཞན་ཡང་ཁྱེད་ཀྱི་ལུགས་ཀྱི་དོན་དམ་པའི་བདེན་པ་རྟེན་འབྲེལ་ལས་མ་འདས་ན། རྟེན་འབྲེལ་དུ་འདོད་དགོས་ཤིང༌། འདུས་བྱས་སུའང་འདོད་དགོས་པ་དང༌། མི་རྟག་པ་དང་བརྫུན་པ་བསླུ་བ་ལ་སོགས་པར་ཡང་འདོད་དགོས་ལ། དེའང་རིགས་པ་མ་ཡིན་ཏེ། རྒྱལ་བའི་ཡུམ་ལས། རབ་འབྱོར་ཀུན་རྫོབ་ཀྱི་བདེན་པ་ཚད་མར་བྱ་སྟེ། འབྲས་བུ་རྣམ་པར་དགོད་པར་བསྟན་གྱི། དོན་དམ་པའི་བདེན་པས་ནི་འབྲས་བུ་རྣམ་པ་དགོད་པ་བསྟན་པ་མི་ནུས་སོ། །ཞེས་པ་ལ་སོགས་པ་དང༌། དགོངས་འགྲེལ་གྱི་མདོར་ཡང༌། རབ་འབྱོར་འདི་ལྟ་སྟེ། དེ་བཞིན་ཉིད་དོན་དམ་པ་ཆོས་ལ་བདག་མེད་པ་ནི། རྒྱུ་ལས་འབྲེལ་ཏེ་བྱུང་བ་མ་ཡིན་ལ། འདུས་མ་བྱས་ཡིན་ཏེ། དོན་དམ་པ་མ་ཡིན་པར་ཡང་མི་འགྱུར་ལ། དོན་དམ་པ་དེ་ལ་དོན་དམ་པ་གཞན་ཡོངས་སུ་བཙལ་བར་མི་བྱ་སྟེ། རྟག་པ་རྟག་པའི་དུས་དང༌། ཐེར་ཟུག་ཐེར་ཟུག་གི་དུས་སུ་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་སྟེ། ཆོས་རྣམས་ཀྱི་ཆོས་ཉིད་ཆོས་གནས་པའི་དབྱིངས་དེ་ནི་འདུག་པ་ཡིན་གྱི་གཞན་དུ་མ་ཡིན་ནོ། །ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་པ་རྣམས་དང་འགལ་བའི་ཉེས་པ་ཆེན་པོར་འགྱུར་བའི་ཕྱིར་རོ། །གཞན་ཡང་དོན་དམ་པའི་བདེན་པ་རྟེན་འབྲེལ་ལས་མ་འདས་ན་མཐར་ཐུག་གི་འགོག་པའི་བདེན་པ་ཡང་རྟེན་འབྲེལ་ལས་མ་འདས་པར་འགྱུར་ལ། འདོད་ན་འདུས་མ་བྱས་ལས་མ་འདས་པར་འགྱུར་ཞིང༌། དེ་ལྟར་ནའང༌། མི་རྟག་པ་དང་བརྫུན་པ་དང་བསླུ་བའི་ཆོས་ཅན་དང༌། མཐར་ཐུག་གི་སྐྱབས་གནས་མ་ཡིན་པར་ཧ་ཅང་ཐལ་བར་འགྱུར་ལ། དེའང་གསུང་རབ་མཐར་ཐུག་ངེས་པའི་དོན་གྱི་མདོ་སྡེ་རྣམས་དང་འགལ་བར་འགྱུར་ཏེ། ཇི་སྐད་དུ། འཕགས་པ་དཀོན་མཆོག་བརྩེགས་པ། ལྷ་མོ་དཔལ་ཕྲེང་གི་སེང་གེའི་སྒྲ་ཆེན་པོའི་མདོར། བཅོམ་ལྡན་འདས་འཕགས་པའི་བདེན་པ་བཞི་པོ་འདི་དག་ལས་བདེན་པ་གསུམ་ནི་མི་རྟག་པ་ལགས་སོ། །བདེན་པ་གཅིག་ནི་རྟག་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བདེན་པ་གསུམ་ནི་འདུས་བྱས་ཀྱི་མཚན་ཉིད་དུ་རྟོགས་པའི་སླད་དུ་སྟེ། བཅོམ་ལྡན་འདས་གང་འདུས་བྱས་ཀྱི་མཚན་ཉིད་དུ་རྟོགས་པ་དེ་ནི་མི་རྟག་པ་ལགས་སོ། །གང་མི་རྟག་པ་དེ་ནི་བརྫུན་པ་བསླུ་བའི་ཆོས་ཅན་ལགས་སོ། །བཅོམ་ལྡན་འདས་གང་བརྫུན་པ་བསླུ་བའི་ཆོས་ཅན་དེ་ནི་མི་བདེན་པ་དང༌། མི་རྟག་པ་ལགས་ཏེ་སྐྱབས་མ་ལགས་སོ། །བཅོམ་ལྡན་འདས་དེ་ལྟར་ལགས་པས་འཕགས་པའི་སྡུག་བསྔལ་བདེན་པ་དང༌། སྡུག་བསྔལ་ཀུན་འབྱུང་བ་བདེན་པ་དང༌། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་ཡང༌། ཡང་དག་པར་ན་མི་བདེན་པ་དང༌། མི་རྟག་པ་ལགས་ཏེ་སྐྱབས་མ་ལགས་སོ། །བཅོམ་ལྡན་འདས་འདི་ལ་བདེན་པ་གཅིག་ནི། འདུས་བྱས་ཀྱི་མཚན་ཉིད་ཀྱི་ཡུལ་ལས་འདས་པ་ལགས་ཏེ། བཅོམ་ལྡན་འདས་གང་འདུས་བྱས་ཀྱི་མཚན་ཉིད་ཀྱི་ཡུལ་ལས་འདས་པ་དེ་ནི་རྟག་པ་ལགས་སོ། །གང་རྟག་པ་དེ་ནི་མི་བསླུ་བའི་ཆོས་ཅན་ལགས་སོ། །བཅོམ་ལྡན་འདས་གང་མི་བསླུ་བའི་ཆོས་ཅན་དེ་ནི་བདེན་པ་དང་རྟག་པ་དང་སྐྱབས་ལགས་སོ། །བཅོམ་ལྡན་འདས་དེ་ལྟ་ལགས་པ་འདི་ལ་སྡུག་བསྔལ་འགོག་པའི་བདེན་པ་ཉིད་ནི་ཡང་དག་པར་ན་བདེན་པ་དང་རྟག་པ་དང་སྐྱབས་ལགས་སོ། །བཅོམ་ལྡན་འདས་སེམས་ཅན་རྣམས་ཀྱི་རྣམ་པར་ཤེས་པའི་ཡུལ་ལས་འདས་པ་སྡུག་བསྔལ་འགོག་པའི་བདེན་པ་དེ་ནི་བསམ་གྱིས་མི་ཁྱབ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཤེས་པའི་སྤྱོད་ཡུལ་མ་ལགས་སོ། །ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ། །འདིས་ནི་སངས་རྒྱས་ཡེ་ཤེས་ཀྱི་སྐུ་འདུས་བྱས་སུ་འདོད་པ་དང༌། བདེན་པ་དང༌། རྟག་པ་དང༌། འགྱུར་མེད་མ་ཡིན་པར་འདོད་པའང་སུན་ཕྱུང་བ་ཡིན་ནོ། །

ཡང་ཉིད་ཅག་གི་གསུང་ཡིག་ན། ཆོས་ཉིད་གཉུག་མ་འགྱུར་བ་མེད་པའི་རང་བཞིན་བདེན་པ་གཅིག་ཡིན་ན། ཁྱེད་ཀྱི་དོན་དམ་ཡོད་པའམ་རྟག་པའམ་བདེན་པའི་མཐའ་དང་ལྡན་པས། སངས་རྒྱས་སམ་ཆོས་སྐུ་ལ་སོགས་པ་ཐམས་ཅད་མཐའ་ལས་མ་འདས་པར་བདེན་པར་ཡོད་པ་རྟག་པ་གཅིག་ཏུ་འགྱུར་ཏེ། ཞེས་པ་ལ་སོགས་པ་བཀོད་གདའ་བས། དོན་དམ་པའི་སངས་རྒྱས་ཀྱི་སྐུ་དེ་འགྱུར་བ་མེད་པའི་རང་བཞིན་རྟག་པ་དང་བདེན་པ་མ་ཡིན་པར་ཁྱེད་བཞེད་པ་ཡིན་ན། དེའང་བདེ་བར་གཤེགས་པའི་གསུང་རབ་ཟབ་པ་ལས་ཀྱང་ཆེས་ཟབ་པ་རྣམས་དང་འགལ་བའི་ཉེས་པ་ཅན་དུ་འགྱུར་ཏེ། གསུང་རབ་ཟབ་མོ་རྣམས་སུ་དོན་དམ་པའི་སངས་རྒྱས་ཆོས་ཀྱི་སྐུ་དེ་བཞིན་གཤེགས་པའི་སྙིང་པོ་ནི། རྟག་པ་དང་བདེ་བ་དང་བདག་དང་གཙང་བའི་ཕ་རོལ་ཏུ་ཕྱིན་པར་གསུངས་པའི་ཕྱིར་ རོ། །དེ་ཡང་ཇི་སྐད་དུ། ལྷ་མོ་དཔལ་ཕྲེང་གི་སེང་གེའི་སྒྲ་ཆེན་པོའི་མདོར། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ཐོག་མ་མ་མཆིས་པའི་དུས་ནས་མཆིས་པ། མ་བགྱིས་པ། མ་སྐྱེས་པ། མི་བས་པ། བས་པ་མ་མཆིས་པ། རྟག་པ་བརྟན་པ། རང་བཞིན་གྱིས་ཡོངས་སུ་དག་པ། ཉོན་མོངས་པ་ཐམས་ཅད་ཀྱི་སྦུབས་ནས་ངེས་པར་གྲོལ་བ། སངས་རྒྱས་ཀྱི་ཆོས་ཐ་དད་དུ་མི་གནས་པ་གྲོལ་བས་ཤེས་པ། བསམ་གྱིས་མི་ཁྱབ་པ་གངྒཱའི་ཀླུང་གི་བྱེ་མ་ལས་འདས་པ་སྙེད་དང་ལྡན་པ་ནི། སྡུག་བསྔལ་འགོག་པའི་མིང་གིས་བསྟན་པའི་སླད་དུ་སྟེ། བཅོམ་ལྡན་འདས་དེ་ཉིད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཆོས་ཀྱི་སྐུ་ཉོན་མོངས་པའི་སྦུབས་ནས་ངེས་པར་གྲོལ་བ་ཞེས་བགྱིའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་ཤེས་པ་ཉིད་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་སྟོང་པ་ཉིད་ཀྱི་ཡེ་ཤེས་ལགས་ཏེ། དེ་བཞིན་གཤེགས་པའི་སྙིང་པོ་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་སྔོན་མ་མཐོང་མ་རྟོགས་ལགས་སོ། །བཅོམ་ལྡན་འདས་ཀྱིས་ནི་ཐུགས་སུ་ཆུད་ཅིང་མངོན་སུམ་དུ་མཛད་དོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་སྟོང་པ་ཉིད་ཤེས་པ་ནི། འདི་གཉིས་ལགས་ཏེ། གཉིས་གང་ཞེ་ན། འདི་ལྟ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་ཉོན་མོངས་པ་ཐམས་ཅད་ཀྱིས་སྦུབས་དང་ཐ་དད་དུ་གནས་པས་མ་གྲོལ་བའི་ཤེས་པ་རྣམས་ཀྱིས་སྟོང་པ་དང༌། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་སངས་རྒྱས་ཀྱི་ཆོས་ཐ་དད་དུ་མི་གནས་ཤིང་གྲོལ་བའི་ཤེས་པ་འདི་ཡང་རྟོག་དཀའ་བའི་གནས་སུ་གྱུར་ཏེ་ཇི་བཞིན་གྱི་ལེགས་པར་བསམ་གྱི་མི་ཁྱབ་པ་གངྒཱའི་ཀླུང་གི་བྱེ་མ་ལས་འདས་པ་རྙེད་དག་གིས་མི་སྟོང་པ་ལགས་སོ། །ཞེས་གསུངས་ཏེ། འདིས་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཆོས་ཀྱི་སྐུ་དེ་རང་གི་ངོ་བོས་མི་སྟོང་ཞིང༌། གློ་བུར་དྲི་མའི་ཆོས་རྣམས་ཀྱིས་ནི་སྟོང་པར་བསྟན་པས་གཞན་སྟོང་ཉིད་དུ་གྲུབ་བོ། །སངས་རྒྱས་ཆོས་ཀྱི་སྐུ་ཡང་དག་པའི་བདེན་པ་རྟག་པ་ལ་སོགས་པ་གསུངས་ཏེ། ཇི་སྐད་དུ། མྱ་ངན་ལས་འདས་པ་ཆེན་པོའི་མདོར། རིགས་ཀྱི་བུ། རྟག་པ་དང་བཅས་བདེ་བ་དང་བཅས་ཡོངས་སུ་དག་པ་དང་བཅས་པ་ནི་ཡང་དག་པའི་བདེན་པའི་དོན་ཞེས་བྱའོ། །ཞེས་གསུངས་ཤིང༌། ཡང་དེ་ཉིད་ལས། འདུས་མ་བྱས་ནི་མྱ་ངན་ལས་འདས་པ་ཆེན་པོ་རྟག་པ་མྱ་ངན་ལས་འདས་པའོ། །རྟག་པ་ནི་བདག་གོ །བདག་ནི་ཡོངས་སུ་དག་པའོ། །ཡོངས་སུ་དག་པ་ནི་བདེ་བ་ཞེས་བྱ་སྟེ། རྟག་པ་དང་བདེ་བ་དང༌། བདག་དང་ཡོངས་སུ་དག་པ་ནི་དེ་བཞིན་གཤེགས་པའོ། །ཞེས་པ་དང༌། རིགས་ཀྱི་བུ། ནམ་མཁའ་ནི་སྐྱེ་བ་མ་ཡིན། སྐྱེས་པ་མ་ཡིན། བྱེད་པ་མ་ཡིན། བྱས་པ་མ་ཡིན། འདུས་བྱས་ཀྱི་ཆོས་མ་ཡིན། དེ་བཞིན་གཤེགས་པ་ཡང་དེ་དང་འདྲ་སྟེ། སྐྱེ་བ་མ་ཡིན། སྐྱེས་པ་མ་ཡིན། བྱེད་པ་མ་ཡིན། བྱས་པ་མ་ཡིན། འདུས་བྱས་ཀྱི་ཆོས་མ་ཡིན་ནོ། །དེ་བཞིན་གཤེགས་པ་ཇི་ལྟ་བ་བཞིན་དུ་སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲ་སྟེ། སྐྱེ་བ་མ་ཡིན། སྐྱེས་པ་མ་ཡིན། བྱེད་པ་མ་ཡིན། བྱས་པ་མ་ཡིན། འདུས་བྱས་ཀྱི་ཆོས་མ་ཡིན་ནོ། །ཞེས་གསུངས་ཏེ། འདིས་ནི་སངས་རྒྱས་ཀྱི་རང་བཞིན་ཆོས་ཉིད་དོན་དམ་པའི་བདེན་པ་དེ་འདུས་བྱས་ལས་འདས་པར་བསྟན་པའི་ཕྱིར། རྟེན་འབྲེལ་ལས་འདས་པར་ཡང་གྲུབ་བོ། །ཡང་མདོ་དེ་ཉིད་ལས། འོད་སྲུང་འདི་ལྟ་སྟེ། རྟག་པའི་ཆོས་ཐམས་ཅད་ཀྱི་ནང་ནས་ནམ་མཁའ་ནི་མཆོག་གོ །དེ་བཞིན་གཤེགས་པ་ཡང་དེ་བཞིན་དུ་རྟག་པའི་ནང་ན་མཆོག་ཏུ་གྱུར། ཕུལ་དུ་གྱུར་ཏོ། །ཞེས་པ་དང༌། འདི་ལྟ་སྟེ། དེ་བཞིན་གཤེགས་པ་ནི་རྟག་པ་དང་བདེ་བ་དང་ཡོངས་སུ་དག་པའི་ཆོས་རྣམས་སོ། །དོན་དེ་བས་ན་རིགས་ཀྱི་བུ། དེ་བཞིན་གཤེགས་པ་ནི་རྟག་པ་དང་མི་འགྱུར་བའི་ཆོས་ཅན་ཡིན་ཏེ། འཇིག་རྟེན་པའི་སྐྱེ་བོ་མ་རབས་རྣམས་ཀྱིས་ཚངས་པའི་ལྷ་ལ་སོགས་པ་ལ་རྟག་པའི་ཆོས་ཅན་ནོ། །ཞེས་སྨྲ་བ་དང་མི་འདྲ་སྟེ། རྟག་པའི་ཆོས་སུ་གྲགས་པ་འདི་ནི་མདོར་ན། དེ་བཞིན་གཤེགས་པ་ལ་བྱ་ཡི་ཆོས་གཞན་ནི་མ་ཡིན་ནོ། །ཞེས་པ་དང༌། དགའ་བོ་དེ་བས་ན་དཀོན་མཆོག་གསུམ་ནི་རྟག་པར་གནས་པ་མི་འགྱུར་མི་འཕོ་བ་སྟེ། སེམས་ཅན་ཐམས་ཅད་ཀྱི་མགོན་དང་སྐྱབས་ཀྱི་གནས་སུ་འགྱུར་བར་རིག་པར་བྱའོ། །ཞེས་པ་དང༌། དེ་བཞིན་དུ། རིགས་ཀྱི་བུ། ཆོས་རྣམས་ཀྱི་ནང་ན་མྱ་ངན་ལས་འདས་པ་མ་གཏོགས་པ་ཆོས་གཅིག་ཀྱང་རྟག་ཅེས་བྱ་བ་མེད་དེ། ཞེས་པ་དང༌། དེ་བཞིན་གཤེགས་པ་ཡང་དག་པར་རྣམ་པར་གྲོལ་བ་ནི་རྟག་པ་མི་འགྱུར་མི་འཕོ་བ་སྟེ། རྣམ་པར་གྲོལ་བ་ལ་ནི་མི་རྟག་པ་དང་གདུང་བ་དང༌། འགྱུར་བ་དང༌། འཕོ་བ་མེད་པ་དེ་བས་ན། རྣམ་པར་གྲོལ་བ་ནི་རྟག་པར་གནས་པ་མི་འགྱུར་བ་བསིལ་བའོ། །ཞེས་པ་དང༌། དེ་བཞིན་གཤེགས་པ་ནི་སྐྱེ་བ་མེད་པ་རིགས་མེད་པ་སྟེ། སྐྱེ་བ་དང་རིགས་མེད་པས་ན་རྟག་པའོ། །རྟག་པའི་ཆོས་ནི་ཐམས་ཅད་ཀུན་ཏུ་ཁྱབ་སྟེ། ཇི་ལྟར་ནམ་མཁའ་ཀུན་ཏུ་ཁྱབ་པ་བཞིན་ནོ། །དེ་བཞིན་གཤེགས་པ་ཡང་དེ་དང་འདྲ་བར་ཀུན་ཏུ་ཁྱབ་པས་རྟག་པའོ། །ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །

དེ་བཞིན་དུ། འཕགས་པ་རྔ་བོ་ཆེ་ཆེན་པོའི་མདོར་ཡང་གསུངས་པ། སངས་རྒྱས་བཅོམ་ལྡན་འདས་གང་དག་ཡོངས་སུ་མྱ་ངན་ལས་འདས་པ་དེ་དག་ཐམས་ཅད་ནི། རྟག་པ་བརྟན་པ་ཞི་བ་ཐེར་ཟུག་པ་ཡིན་ནོ། །ཞེས་པ་དང༌། གཟུགས་མེད་པའི་ལྷ་དེ་དག་ཀྱང་འདུས་བྱས་ཀྱི་ནང་དུ་བགྲང་བར་འགྱུར་གྱི་ཐར་པ་ནི་འདུས་མ་བྱས་པ་ཡིན་ནོ། །ཞེས་སོགས་རྒྱ་ཆེར་གསུངས་སོ། །

འཕགས་པ་སོར་མོའི་ཕྲེང་བ་ལ་ཕན་པའི་མདོར་ཡང༌། དེ་བཞིན་གཤེགས་པ་རྟག་བརྟན་ཐེར་ཟུག་ཅེས། རབ་ཏུ་དགའ་ངོམས་ཧ་ཧ་ལེགས་བརྗོད་པ། ཕུན་སུམ་ཚོགས་པ་དེ་ནི་བདག་ཐོབ་ཤོག །ཅེས་པ་དང༌། དེ་བཞིན་གཤེགས་པ་རྟག་ཅེས་བགྱི་བ་དེ་ནི་ཐེག་པ་ཆེན་པོ་ལ་ཤིན་ཏུ་བདེན་ཏེ། སྡུག་བསྔལ་ནི་བདེན་པ་མ་ལགས་སོ། །དེ་བཞིན་གཤེགས་པ་ཐེར་ཟུག་གོ་ཞེས་བགྱི་བ་དེ་ནི་ཤིན་ཏུ་བདེན་ཏེ། ཀུན་འབྱུང་བ་མ་ལགས་སོ། །དེ་བཞིན་གཤེགས་པ་ཐེར་ཟུག་གི་མཆོག་གོ་ཞེས་བགྱི་བ་དེ་ནི་ཤིན་ཏུ་བདེན་གྱི་འགོག་པ་ནི་མ་ལགས་སོ། །དེ་བཞིན་གཤེགས་པ་ཞི་བའོ། །ཞེས་བགྱི་བ་དེ་ནི་ཤིན་ཏུ་བདེན་གྱི་ལམ་ནི་མ་ཡིན་ཏེ་ཐེག་པ་ཆེན་པོ་ལ་འཕགས་པའི་བདེན་པ་དེ་བཞིའོ། །ཞེས་པ་དང༌། དེ་བཞིན་གཤེགས་པ་རྟག་པ་ཐེར་ཟུག་གཡུང་དྲུང་གི་མཆོག་བསིལ་བར་གྱུར་པ། ཤེས་པ་ནི་སངས་རྒྱས་ཏེ། དེ་བཞིན་གཤེགས་པ་ནི་ཆོས་ཀྱི་སྐུའོ། །ཞེས་པ་དང༌། མི་དགེ་བ་དགེ་བ་ལ་བགོད་པའི་ཕྱིར་ངའི་ལུས་ཡང་དང་ཡང་བཏང་བས་ན་ངའི་ལུས་མ་སྐྱེས་པའི་སྐུར་གྱུར་ཏོ། །ཞེས་པ་དང༌། དེ་བཞིན་དུ་སྦྱར་ཏེ། ངའི་ལུས་མི་ཤིགས་པའི་འདུས་མ་བྱས་ཀྱི་ལུས་མཚུངས་པ་མེད་པར་གྱུར་ཏོ། །ངའི་ལུས་རྒ་བ་མེད་པའི་སྐུར་གྱུར་ཏོ། །ངའི་ལུས་ནད་མེད་པའི་སྐུར་གྱུར་ཏོ། །ངའི་ལུས་མི་འཆི་བའི་སྐུར་གྱུར་ཏོ། །ངའི་ལུས་ཉོན་མོངས་པ་མེད་པའི་སྐུར་གྱུར་ཏོ། །ངའི་ལུས་ཟག་པ་མེད་པའི་སྐུར་གྱུར་ཏོ། །ངའི་ལུས་གནོད་པ་མེད་པའི་སྐུར་གྱུར་ཏོ། །ངའི་ལུས་བདེན་པ་རྟག་པའི་སྐུར་གྱུར་ཏོ། །ངའི་ལུས་ཆོས་ཀྱི་སྐུར་གྱུར་ཏོ། །ངའི་ལུས་ཤིན་ཏུ་བདེ་བའི་སྐུར་གྱུར་ཏོ། །ངའི་ལུས་དགེ་བའི་སྐུར་གྱུར་ཏོ། །ངའི་ལུས་མྱ་ངན་མེད་པ་མྱ་ངན་དང་བྲལ་བའི་སྐུར་གྱུར་ཏོ། །ངའི་ལུས་རྡུལ་མེད་ཅིང་རྡུལ་དང་བྲལ་བའི་སྐུར་གྱུར་ཏོ། །ཞེས་པ་ལ་སོགས་པ་དང༌། ངའི་ལུས་བླ་ན་མེད་པའི་ཆོས་ཀྱི་སྐུར་གྱུར་ཏོ། །ངའི་ལུས་རྟག་པའི་སྐུར་གྱུར་ཏོ། །ངའི་ལུས་མི་འཇིག་པའི་སྐུར་གྱུར་ཏོ། །ངའི་ལུས་མཚུངས་པ་མེད་པ་མཐའ་ཡས་པའི་སྐུར་གྱུར་ཏོ། །ངའི་ལུས་ཟབ་མོའི་སྐུར་གྱུར་ཏོ། །ངའི་ལུས་ལྟར་མི་མཐོང་བའི་སྐུར་གྱུར་ཏོ། །ཞེས་པ་དང༌། ངའི་ལུས་ཆོས་ཉིད་ཀྱི་ཆོས་ཀྱི་སྐུར་གྱུར་ཏོ། །ངའི་ལུས་དབྱིངས་ཀྱི་སྐུར་གྱུར་ཏོ། །ཞེས་པ་དང༌། ངའི་ལུས་འགོག་པའི་སྐུར་གྱུར་ཏོ། །ངའི་ལུས་གནས་མེད་པའི་སྐུར་གྱུར་ཏོ། །ངའི་ལུས་སྐྱབས་ཀྱི་སྐུར་གྱུར་ཏོ། །ཞེས་པ་ལ་སོགས་པ་རེ་རེ་ཞིང་ཡང་རྒྱུ་མཚན་དང་བཅས་པར་གསུངས་ནས། སོར་མོའི་ཕྲེང་བ་བསྐལ་པ་གྲངས་མེད་པ་མང་པོར་འདི་ཉིད་ན་འདུག་བཞིན་དུ། ང་ནི་ཐམས་ཅད་ན་གནས་ཏེ། མྱ་ངན་ལས་འདས་པ་གང་ཡིན་པ་དེ་ནི་ཐར་པའོ། །ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་ཉིད་དོ། །ཞེས་པ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་དེ་བཞིན་དེ། ལྷོ་ཕྱོགས་པའི་རྒྱུད་དུ་ངའི་བསྟན་པ་ལོ་དུ་མ་ཞིག་གནས་པར་འགྱུར་རོ། །ཁྱོད་ལྟ་བུ་ཤིན་ཏུ་དཀའ་བ་བྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་རང་གི་སྲོག་བཏང་ནས། དེ་བཞིན་གཤེགས་པ་རྟག་པ་དང༌། དེ་བཞིན་གཤེགས་པ་ཐེར་ཟུག་པ་དང༌། དེ་བཞིན་གཤེགས་པ་གཡུང་དྲུང་ངོ༌། །ཞེས་སེམས་ཅན་ཐམས་ཅད་ལ་ཕན་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པར་འགྱུར་ཏེ། ཞེས་སོགས་རྒྱ་ཆེར་གསུངས་སོ། །

དེ་བཞིན་དུ། མདོ་དེ་ཉིད་ལས། མ་བྱས་ཡང་དག་མཐའ་ལ་ང་གནས་ཏེ། །ཞེས་པ་དང༌། དེ་བཞིན་སྦྱར་ཏེ། ཞི་བ་མ་སྐྱེས་མཐའ་ལ་ང་གནས་ཏེ། །འདུས་མ་བྱས་ཀྱི་མཐའ་ལ་ང་གནས་ཏེ། །རྒ་བ་མེད་པའི་མཐའ་ལ་ང་གནས་ཏེ། །ཞེས་པ་དང༌། ང་ནི་བདེན་པའི་མཐའ་ལ་གནས་པ་སྟེ། །ང་ནི་ཆོས་ཀྱི་མཐའ་ལ་རབ་གནས་ཏེ། །ང་ནི་ཤེས་པའི་མཐའ་ལ་གནས་པ་སྟེ། །ང་ནི་བདེན་པའི་མཐའ་ལ་གནས་པ་སྟེ། །མྱ་ངན་འདས་པའི་མཐའ་ལ་ང་གནས་ཏེ། །མྱ་ངན་བྲལ་བའི་མཐའ་ལ་ང་གནས་ཏེ། །རྡུལ་མེད་པ་ཡི་མཐའ་ལ་ང་གནས་ཏེ། །རྡུལ་དང་བྲལ་བའི་མཐའ་ལ་ང་གནས་ཏེ། །ཞེས་དང༌། ཟབ་མོ་ཆོས་ཀྱི་མཐའ་ལ་ང་གནས་ཏེ། །བལྟ་དཀའི་ཆོས་ཀྱི་མཐའ་ལ་ང་གནས་ཏེ། །ཕྲ་བའི་ཆོས་ཀྱི་མཐའ་ལ་ང་གནས་ཏེ། །མཁས་པའི་ཆོས་ཀྱི་མཐའ་ལ་ང་གནས་ཏེ། །མཐོང་བར་དཀའ་བའི་མཐའ་ལ་ང་གནས་ཏེ། །ཀུན་གཞི་མེད་པའི་མཐའ་ལ་ང་གནས་སོ། །ཞེས་པ་དང༌། བདེ་མཆོག་མྱ་ངན་འདས་མཐར་ང་གནས་ཏེ། །རྟག་བརྟན་མཆོག་ཤིས་རབ་བསིལ་མཐར་ང་གནས། །ཞེས་སོགས་རྒྱ་ཆེར་གསུངས་སོ། །

དེ་བཞིན་གཤེགས་པའི་ཡོན་ཏན་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཡུལ་ལ་འཇུག་པ་བསྟན་པའི་མདོར་ཡང༌། དེ་བཞིན་གཤེགས་པ་རྟག་པ་ཉིད་དུ་མོས་ཤིང་ཡིད་ཆེས་ན་བསོད་ནམས་དཔག་ཏུ་མེད་ཅིང་གྲངས་མེད་པ་འབྱུང་བ་ལ་སོགས་པ་རྣམ་པ་མང་པོའི་སྒོ་ནས་དེ་བཞིན་གཤེགས་པ་རྟག་པར་གསུངས་ཏེ། རྒྱས་པར་མདོ་དེ་ཉིད་ལ་བལྟ་བར་བྱའོ། །དེ་བཞིན་དུ། སངས་རྒྱས་ཆོས་ཀྱི་སྐུ་ནི་བདག་གི་ཡང་ཕ་རོལ་ཏུ་ཕྱིན་པ་ཡིན་ཏེ། ཇི་སྐད་དུ། མྱ་ངན་ལས་འདས་པ་ཆེན་པོའི་མདོར། བདག་མེད་པ་ལ་བདག་ཏུ་འདུ་ཤེས། བདག་ལ་བདག་མེད་པར་འདུ་ཤེས་ལ་ཡང་ཕྱིན་ཅི་ལོག །འཇིག་རྟེན་པ་ཡང་བདག་ཡོད་པར་སྨྲ། སངས་རྒྱས་ཀྱི་ཆོས་ལས་ཡང་བདག་ཡོད་པར་སྨྲ་སྟེ། འཇིག་རྟེན་པ་དག་བདག་ཡོད་པར་སྨྲ་མོད་ཀྱི། སངས་རྒྱས་ཀྱི་རང་བཞིན་ཡོད་པ་མ་ཡིན་པས། དེ་ནི་བདག་མེད་པ་ལ་བདག་ཏུ་འདུ་ཤེས་པ་སྟེ། ཕྱིན་ཅི་ལོག་ཅེས་བྱའོ། །སངས་རྒྱས་ཀྱི་ཆོས་ཀྱི་བདག་ཡོད་པ་ནི་སངས་རྒྱས་ཀྱི་རང་བཞིན་ནོ། །འཇིག་རྟེན་པ་དག་ནི་སངས་རྒྱས་ཀྱི་ཆོས་ལ་བདག་མེད་ཅེས་སྨྲ་སྟེ། དེ་བས་ན་བདག་ལ་བདག་མེད་པར་འདུ་ཤེས་པར་ཞེས་བྱའོ། །ཞེས་པ་དང༌། མུ་སྟེགས་ཅན་གྱིས་སངས་རྒྱས་ཀྱི་རང་བཞིན་ཡོད་པ་ཡིན་པས་ཆོས་ལ་ནི་ངེས་པར་བདག་མེད་དོ། །གང་ལ་བདག་ཅེས་བྱ་བ་ནི་དེ་བཞིན་གཤེགས་པའོ། །དེ་ཅིའི་ཕྱིར་ཞེ་ན། སྐུ་མཐའ་ཡས་པ་ཐེ་ཚོམ་གྱི་དྲ་བ་མེད་པ་མི་བྱེད་པ་མི་ལེན་པའི་ཕྱིར་རྟག་པ་ཞེས་བྱའོ། །ཞེས་པ་དང༌། རིགས་ཀྱི་བུ། བདག་ཅེས་བྱ་བ་ནི་དེ་བཞིན་གཤེགས་པའི་སྙིང་པོའི་དོན་ཏོ། །སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པ་ནི་བདག་ཅེས་བྱ་བའི་དོན་ཏོ། །ཞེས་པ་དང༌། སངས་རྒྱས་ཀྱི་རང་བཞིན་ནི་རང་བཞིན་གྱིས་མེད་པར་བྱེད་ནུས་པ་མ་ཡིན་ཏེ། མེད་པར་བྱ་བའི་གནས་མེད་དོ། །བདག་ཅེས་བྱ་བའི་རང་བཞིན་ཉིད་ནི། དེ་བཞིན་གཤེགས་པའི་གསང་བའི་སྙིང་པོའོ། །དེ་ལྟར་གསང་བའི་སྙིང་པོ་དེ་ནི་གང་གིས་ཀྱང་འཇིག་ཅིང་མེད་པར་བྱེད་ནུས་པ་མ་ཡིན་ཏེ། ཞེས་པ་དང༌། འཇིག་རྟེན་ལས་འདས་པའི་བདག་གི་མཚན་ཉིད་ནི་སངས་རྒྱས་ཀྱི་རང་བཞིན་ཞེས་བྱ་སྟེ། དེ་ལྟར་བདག་ཏུ་འཛིན་པ་ནི་ཤིན་ཏུ་མཆོག་ཅེས་བྱའོ། །ཞེས་པ་དང༌། དེ་བཞིན་གཤེགས་པའི་དབང་པོ་གཅིག་གིས་གཟུགས་མཐོང༌། སྒྲ་ཐོས། དྲི་ཚོར། རོ་མྱོང༌། རེག་བྱ་ཚོར་ཞིང༌། ཆོས་ཤེས་ཀྱང༌། དེ་བཞིན་གཤེགས་པའི་དབང་པོ་དྲུག་གིས་གཟུགས་མི་མཐོང༌། སྒྲ་མི་ཐོས། དྲི་མི་ཚོར། རོ་མི་མྱོང༌། རེག་བྱ་མི་ཚོར། ཆོས་མི་ཤེས་ཏེ། དབང་གི་ཕྱིར་ དབང་པོས་དབང་མཛད་དེ། དེ་ལྟ་བུའི་དབང་ནྀ་བདག་ཆེན་པོ་ཞེས་བྱ་བ་ཡིན། ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་པ་རྣམས་གཟིགས་པར་ཞུའོ། །

མདོ་འདི་དག་གི་དགོངས་པ་གཅིག་པུ་བསྡུས་པ། རྒྱལ་བ་བྱམས་པའི་ཞལ་སྔ་ནས་ཀྱང༌། གཙང་བདག་བདེ་དང་རྟག་ཉིད་ཀྱི། །ཡོན་ཏན་ཕ་རོལ་ཕྱིན་པའི་འབྲས། །ཞེས་པ་དང༌། སྟོང་པ་ཉིད་ནི་རྣམ་དག་ན། །བདག་མེད་མཆོག་གི་བདག་ཐོབ་ཐབས། །སངས་རྒྱས་དག་པའི་བདག་ཐོབ་ཕྱིར། །བདག་ཉིད་ཆེན་པོའི་བདག་ཏུ་འགྱུར། །ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་སོ།།

གཞན་ཡང་སངས་རྒྱས་ཆོས་ཀྱི་སྐུ་ནི། དེ་བཞིན་ཉིད་དང་ཡང་དག་པའི་མཐའ་ཡིན་པར་རྒྱལ་བའི་ཡུམ་ལས་ཀྱང་གསུངས་ཏེ། ཇི་སྐད་དུ། རིགས་ཀྱི་བུ། དེ་བཞིན་གཤེགས་པ་ལ་ནི་གར་ཡང་གཤེགས་པའམ། བྱོན་པ་མེད་པར་ངེས་ཏེ། དེ་བཞིན་ཉིད་ལས་མི་གཡོ་བའི་ཕྱིར་རོ། །དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །རིགས་ཀྱི་བུ། སྐྱེ་བ་མེད་པ་ལ་ནི་འོང་བའམ། འགྲོ་བ་མེད་དེ། སྐྱེ་བ་མེད་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །རིགས་ཀྱི་བུ། ཡང་དག་པའི་མཐའ་ལ་ནི་འོང་བའམ། འགྲོ་བ་མེད་པར་རབ་ཏུ་ཤེས་པར་བྱ་སྟེ། ཡང་དག་པའི་མཐའ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །ཞེས་སོ། །དེའི་ཕྱིར་ཡང་སངས་རྒྱས་ཆོས་ཀྱི་སྐུ་ནི་ཡང་དག་པ་བདེན་པ་ཡིན་པར་གྲུབ་བོ། །གལ་ཏེ་སངས་རྒྱས་ཆོས་ཀྱི་སྐུ་དེ་བཞིན་གཤེགས་པའི་སྙིང་པོ་རྟག་པར་གསུངས་པ་དེ། རྒྱུན་རྟག་པ་ལ་དགོངས་པ་ཡིན་གྱི། སྐད་ཅིག་གིས་ནི་མི་རྟག་པ་ཡིན་ནོ་ སྙམ་དུ་སེམས་པར་གྱུར་ན། དེ་ནི་མ་ཡིན་ཏེ། ཇི་སྐད་དུ། འཕགས་པ་འཇིག་རྟེན་དབང་ཕྱུག་གི་ཞལ་སྔ་ནས། སྐད་ཅིག་གཅིག་དང་དུ་མ་དང་བྲལ་བ་ཡིས་ནི་རྒྱལ་བ་རྣམས་ཀྱི་དེ་ཁོ་ན་ཉིད་ཅེས་གསུངས་སོ། །ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་པའི་ཕྱིར་རོ། །

གཞན་ཡང་སངས་རྒྱས་ཆོས་ཀྱི་སྐུ་སྐད་ཅིག་གིས་མི་རྟག་པ་ཡིན་ན། རྒྱུ་འབྲས་ལས་མ་འདས་ཤིང་དུས་གསུམ་དུ་གཏོགས་པར་འགྱུར་ལ། དེ་ཡང་ལུང་དང་འགལ་ཏེ། ཇི་སྐད་དུ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོར། རྟག་པའི་ཆོས་ནི་རྒྱུ་དང་འབྲས་བུ་མེད་དེ། ནམ་མཁའ་ནི་རྟག་པ་ཡིན་པས་རྒྱུ་དང་འབྲས་བུ་མེད་དོ། །དེ་བཞིན་གཤེགས་པའང་དེ་དང་འདྲ་བར་རྒྱུ་དང་འབྲས་བུ་མེད་དེ། དེ་བས་ན་རྟག་པའོ། །རྟག་ཏུ་གནས་པའི་ཆོས་ནི་དུས་གསུམ་ལ་མ་གཏོགས་ཏེ། དེ་བཞིན་གཤེགས་པའང་དེ་དང་འདྲ་བར་དུས་གསུམ་ལས་མ་གཏོགས་པ་དེ་བས་ན་རྟག་པའོ། །ཞེས་གསུངས་པའི་ཕྱིར་རོ། །འདིས་ཀྱང་དོན་དམ་རྒྱུ་འབྲས་ལས་འདས་པར་གྲུབ་པའི་ཕྱིར་རྟེན་འབྲེལ་ལས་འདས་པར་གྲུབ་བོ། །འདིར་གལ་ཏེ་སངས་རྒྱས་ཆོས་ཀྱི་སྐུ་མྱ་ངན་ལས་འདས་པ་ཆེན་པོ་རྟག་པའི་མཐར་ཐུག་པ་དང༌། བདག་གི་མཐར་ཐུག་པར་སྨྲ་ན། རྟག་པར་ལྟ་བ་དང་བདག་ཏུ་ལྟ་བའི་ཉེས་པ་ཆེན་པོར་མི་འགྱུར་རམ་སྙམ་ན། མི་འགྱུར་གྱི་དེ་ནི་ཡང་དག་པའི་ལྟ་བ་ཉིད་དུ་འགྱུར་བར་གསུངས་ཏེ། ཇི་སྐད་དུ། ལྷ་མོ་དཔལ་ཕྲེང་གི་སེང་གེའི་སྒྲ་ཆེན་པོའི་མདོར། བཅོམ་ལྡན་འདས་འདི་གཉིས་མཐར་ལྟ་བ་ཞེས་བགྱི་སྟེ། གཉིས་གང་ཞེ་ན། ཆད་པར་ལྟ་བ་དང་རྟག་པར་ལྟ་བ་ལགས་སོ། །བཅོམ་ལྡན་འདས་གལ་ཏེ་འདུ་བྱེད་རྣམས་ལ་མི་རྟག་པར་ལྟ་ན། དེ་ནི་ཆད་པར་ལྟ་བ་མ་ལགས་ཏེ། དེ་ནི་དེའི་ཡང་དག་པའི་ལྟ་བ་ལགས་སོ། །བཅོམ་ལྡན་འདས་གལ་ཏེ་མྱ་ངན་ལས་འདས་པ་ལ་རྟག་པར་ལྟ་ན། དེ་ནི་དེའི་རྟག་པར་ལྟ་བ་མ་ལགས་ཏེ། དེ་ནི་དེའི་ཡང་དག་པའི་ལྟ་བ་ལགས་སོ། །དེ་ཅྀའི་ཕྱིར་ཞེ་ན། བཅོམ་ལྡན་འདས། རྟོག་གེ་བ་དག་གི་ལྟ་བ་ནི་འདི་ལྟ་སྟེ། ལུས་དང་དབང་པོ་དང་ཚོར་བ་དང༌། སེམས་དཔའ་རྣམས་ཚེ་འདི་ཉིད་ལ་འཇིག་པར་མཐོང་ནས། སྲིད་པའི་མཚམས་སྦྱོར་བ་ལ་འཇུག་པར་མི་བགྱིད་ཅིང༌། མ་འཚལ་བས་སྟོངས་པར་གྱུར་པ་སྐད་དེ། ཆད་པར་ལྟ་བར་འགྱུར་རོ། །བཅོམ་ལྡན་འདས་རྟོག་གེ་དེ་དག་གི་ལྟ་བ་ནི་སེམས་ཀྱི་རྒྱུད་རྨོངས་ཤིང་སེམས་ཀྱི་སྐད་ཅིག་འཇིག་པ་ལ་ཡང་འཇིག་པར་མི་བགྱིད་ལ། རྣམ་པར་ཤེས་པའི་སྤྱོད་ཡུལ་དུ་མ་གྱུར་པ་སྐད་དེ། རྟག་པར་ལྟ་བ་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་རྟོག་གེ་བ་དེ་དག་གི་ལྟ་བ་ནི་དེ་ལྟ་བུ་དག་ལགས་སྐད་དེ། དེ་དག་ནི་དོན་དེ་ལས་ཐལ་བའི་ལྟ་བ་དང་དོན་དེའི་མཐར་ཆད་ཀྱི་ལྟ་བ་དང་གཞན་གྱི་མཚན་ཉིད་དང༌། འདྲེས་པའི་ལྟ་བས་ཆད་པར་རློམ་སེམས་བགྱིད་པ་དང༌། རྟག་པར་རློམ་སེམས་བགྱིད་པ་ལགས་སོ། །བཅོམ་ལྡན་འདས་སེམས་ཅན་རྣམས་ནི་ཟིན་པའི་ཕུང་པོ་ལྔ་པོ་དག་ལ་ཕྱིན་ཅི་ལོག་པར་གྱུར་ཏོ། །བཅོམ་ལྡན་འདས་དེ་དག་ནི་མི་རྟག་པ་ལ་རྟག་པར་འདུ་ཤེས་པ་དང༌། སྡུག་བསྔལ་བ་ལ་བདེ་བར་འདུ་ཤེས་པ་དང༌། བདག་མ་མཆིས་པ་ལ་བདག་ཏུ་འདུ་ཤེས་པ་དང༌། མི་གཙང་བ་ལ་གཙང་བར་འདུ་ཤེས་པ་ལགས་སོ། །བཅོམ་ལྡན་འདས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་དང༌། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཤེས་པ་དག་པས་ཀྱང་སྔོན་མ་མཐོང་ལགས་སོ། །བཅོམ་ལྡན་འདས་སེམས་ཅན་རྣམས་ནི་དེ་བཞིན་གཤེགས་པ་ལ་དད་པས། རྟག་པར་འདུ་ཤེས་པ་དང༌། བདེ་བར་འདུ་ཤེས་པ་དང༌། བདག་ཏུ་འདུ་ཤེས་པ་དང༌། གཙང་བར་འདུ་ཤེས་པའི་སེམས་ཅན་དེ་དག་ནི། བཅོམ་ལྡན་འདས་ཕྱིན་ཅི་ལོག་ཏུ་གྱུར་པ་མ་ལགས་ཏེ། བཅོམ་ལྡན་འདས་སེམས་ཅན་དེ་དག་ནི་ཡང་དག་པའི་ལྟ་བ་ཅན་དུ་འགྱུར་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ཉིད་རྟག་པའི་སྐུའི་ཕ་རོལ་ཏུ་ཕྱིན་པ་དང༌། བདེ་བའི་ཕ་རོལ་ཏུ་ཕྱིན་པ་དང༌། བདག་གི་ཕ་རོལ་ཏུ་ཕྱིན་པ་དང༌། གཙང་བའི་ཕ་རོལ་ཏུ་ཕྱིན་པ་ལགས་པའི་སླད་དུའོ། །བཅོམ་ལྡན་འདས་སེམས་ཅན་གང་དག་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ལ་དེ་ལྟར་མཐོང་བ་དེ་དག་ནི་ཡང་དག་པར་མཐོང་བ་ལགས་སོ། །བཅོམ་ལྡན་འདས་ཡང་དག་པར་མཐོང་བ་གང་དག་ལགས་པ་དེ་དག་ནི་བཅོམ་ལྡན་འདས་ཀྱི་སྲས་ཐུགས་ལས་སྐྱེས་པ་དང༌། ཞལ་ནས་སྐྱེས་པ་དང༌། ཆོས་ལས་སྐྱེས་པ་དང༌། ཆོས་ཀྱི་སྤྲུལ་པ་དང༌། ཆོས་ཀྱི་བགོ་སྐལ་ལ་སྤྱོད་པ་ཞེས་བགྱིའོ། །ཞེས་པ་ལ་སོགས་པ་གསུངས་སོ། །

འཕགས་པ་སྤྲིན་ཆེན་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོར་ཡང༌། དེ་བཞིན་གཤེགས་པ་ཆོས་ཀྱི་སྐུ་རྟག་ཅིང་བརྟན་ལ་ཐེར་ཟུག་མི་འགྱུར་བ་ཡིན་པ་དང༌། དེ་ལྟ་བུར་ལྟ་བ་ནི། ཡང་དག་པའི་ལྟ་བ་ཡིན་པར་གསུངས་ཏེ། ཇི་སྐད་དུ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་མདོ་གང་དང་ལྡན་ན་ཏིང་ངེ་འཛིན་གྱི་རྒྱ་མཚོར་འགྱུར་བ་དང༌། ཞེས་པ་ནས། དེ་བཞིན་དུ་སྦྱར་ཏེ། དེ་བཞིན་གཤེགས་པ་ལ་རྟག་པ་ཉིད་དུ་མཐོང་བར་ཡང་འགྱུར་བ་ལ། དེ་བཞིན་གཤེགས་པ་རྟག་པ་དང༌། ཐེར་ཟུག་ཉིད་ཤིན་ཏུ་གསལ་བར་མཐོང་ནས་བདག་ཉིད་བསྔགས་པ་བརྗོད་པའི་རྒྱལ་པོར་ཡང་འགྱུར་ལ། དེ་བཞིན་གཤེགས་པ་ནི་ཐེར་ཟུག་པའི་སྐུ་ཡིན་ནོ། །ཞེས་ཐེར་ཟུག་ཏུ་སྨྲ་བར་འགྱུར་བ་དང༌། དེ་བཞིན་གཤེགས་པའི་ཞི་བའི་རང་བཞིན་ལ་མངོན་པར་དགའ་བའི་ལྟ་བ་ཕུན་སུམ་ཚོགས་པར་ཡང་འགྱུར་བ་དང༌། དེ་བཞིན་གཤེགས་པ་ནི་རྟག་པ་དང་ཐེར་ཟུག་པ་དང་བརྟན་པ་དང་ཞི་བའོ། །ཞེས་པ་རྣམ་པ་ཐམས་ཅད་དུ་ལྟ་བའི་རྒྱ་མཚོ་ཐམས་ཅད་དུ་འགྱུར་བ་དང༌། དེ་བཞིན་གཤེགས་པའི་སྐུ་ནི་ཆོས་ཀྱི་སྐུ་ཡིན་ནོ་ཞེས་དེ་ཁོ་ན་མཐོང་བར་འགྱུར་བ་དང༌། དེ་བཞིན་གཤེགས་པའི་རྡོ་རྗེའི་སྐུ་ནི་མི་ཕྱེད་པའི་སྐུ་ཡིན་ནོ། །ཞེས་པ་ཡང་དག་པ་མཐོང་བར་འགྱུར་བ་དང༌། དེ་བཞིན་གཤེགས་པའི་སྐུ་ནི་རུས་པ་མ་ཡིན་ཞིང་ཤ་མ་ཡིན་ལ་ཁྲག་མ་ཡིན་ཏེ། རུས་པ་མ་ཡིན་ནོ། །ཞེས་སྟོང་པ་ཉིད་དུ་སྨྲ་བར་ཡང་འགྱུར་བ་དང༌། ཞེས་པ་ལ་སོགས་པ་ནས་སེམས་ཅན་ཐམས་ཅད་མངོན་སུམ་དུ་དེ་བཞིན་གཤེགས་པའི་རྟག་པ་དང༌། ཐེར་ཟུག་པ་དང་བརྟན་པ་དང་ཞི་བའི་སྒྲའི་ཚིག་གི་བཅུད་ཀྱི་རོ་དངར་བ་དང༌། རོ་ཤིན་ཏུ་དགའ་བ་ཐམས་ཅད་དང་ལྡན་པའི་ཆོས་སྤྱོད་པར་མཛད་དུ་གསོལ། སྔར་སྨོས་པའི་ཚིག་གསུངས་པ་རྣམ་པར་སྦྱོར་བར་བགྱིད་པ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྤྲིན་ཆེན་སྙིང་པོ་ལེགས་སོ་ལེགས་སོ། །ཞེས་པ་ནས། དེ་བཞིན་དུ་སྦྱར་ཏེ། སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོ་མདོ་ལས། རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ལ་གནས་པ་རིན་པོ་ཆེའི་མཛོད་ཀྱི་འབྱུང་གནས་ཆོས་ཀྱི་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་སྒོ་བཞི་བརྒྱ་རྒྱས་པར་ཉོན་ཅིག །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་ཟབ་མོ་བསྟན་པའི་ཆུའི་རྒྱ་མཚོའི་དུས་ཚོད་ཅེས་བྱ་བའི་ཏིང་ངེ་འཛིན་ཏེ། ཏིང་ངེ་འཛིན་དེ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ཏིང་ངེ་འཛིན་གྱི་རྒྱ་མཚོར་ཡང་འགྱུར་རོ། །ཞེས་པ་ནས། རྒྱས་པར་དེ་བཞིན་དུུ་སྦྱར་ཏེ། དེ་བཞིན་གཤེགས་པ་ལ་རྟག་པ་ཉིད་དུ་མཐོང་བར་ཡང་འགྱུར་རོ། །དེ་བཞིན་གཤེགས་པའི་རྟག་པ་དང་ཐེར་ཟུག་པ་ཉིད་ཤིན་ཏུ་གསལ་བར་མཐོང་ནས་བདག་ཉིད་བསྔགས་པ་བརྗོད་པའི་རྒྱལ་པོར་ཡང་འགྱུར་རོ། །དེ་བཞིན་གཤེགས་པ་ནི་ཐེར་ཟུག་པའི་སྐུ་ཡིན་ནོ། །ཞེས་ཐེར་ཟུག་ཏུ་སྨྲ་བར་ཡང་འགྱུར་རོ། །དེ་བཞིན་གཤེགས་པ་ཞི་བའི་རང་བཞིན་ལ་མངོན་པར་དགའ་བའི་ལྟ་བ་ཕུན་སུམ་ཚོགས་པར་ཡང་འགྱུར་རོ། །དེ་བཞིན་གཤེགས་པ་ནི་རྟག་པ་དང་ཐེར་ཟུག་པ་དང་བརྟན་པ་དང་ཞི་བའོ། །ཞེས་པ་རྣམ་པ་ཐམས་ཅད་དུ་ལྟ་བའི་རྒྱ་མཚོ་ཐམས་ཅད་དུ་ཡང་འགྱུར་རོ། །དེ་བཞིན་གཤེགས་པའི་སྐུ་ནི་ཆོས་ཀྱི་སྐུ་ཡིན་ནོ། །ཞེས་དེ་ཁོ་ན་མཐོང་བར་ཡང་འགྱུར་རོ། །དེ་བཞིན་གཤེགས་པའི་རྡོ་རྗེའི་སྐུ་ནི་མི་ཕྱེད་ པའི་སྐུ་ཡིན་ནོ། །ཞེས་པ་ཡང་དག་པར་མཐོང་བར་ཡང་འགྱུར་རོ། །དེ་བཞིན་གཤེགས་པའི་སྐུ་ནི་རུས་པ་མ་ཡིན་ཞིང་ཤ་མ་ཡིན་ལ་ཁྲག་མ་ཡིན་ཏེ། རུས་པ་མ་ཡིན་ནོ། །ཞེས་སྟོང་པ་ཉིད་དུ་སྨྲ་བར་ཡང་འགྱུར་རོ། །ཞེས་པ་ལ་སོགས་པ་ནས། སྟོང་པའི་ཆོས་རྣམས་ལ་སྟོང་པར་ཡང་སྨྲ་བར་འགྱུར་རོ། །སྟོང་པ་མ་ཡིན་པའི་ཆོས་རྣམས་ལ་སྟོང་པ་མ་ཡིན་པར་སྨྲ་བར་ཡང་འགྱུར་རོ། །སངས་རྒྱས་ཀྱི་ཆོས་ཀྱི་དོན་རྟགས་སྨྲ་བར་ཡང་འགྱུར་རོ། །ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་ཏེ། རྒྱས་པར་ནི་མདོ་དེ་ཉིད་ལས་གཟིགས་པར་བྱའོ། །

དབུ་མ་ཚིག་གསལ་དུ་མདོ་དྲངས་པ་ཡང༌། དེ་ཁོ་ནའི་གཟིགས་པ་ལ་ལྟོས་ནས། བཅོམ་ལྡན་འདས་ཀྱིས། དགེ་སློང་དག་འདི་ནི་བདེན་པ་དམ་པ་སྟེ། འདི་ལྟ་སྟེ། བསླུ་བ་མེད་པའི་ཆོས་མྱ་ངན་ལས་འདས་པའོ། །འདུ་བྱེད་ཐམས་ཅད་ནི་བརྫུན་པ་བསླུ་བའི་ཆོས་ཅན་ནོ། །ཞེས་པ་དང༌། འཕགས་པ་གསེར་འོད་དམ་པའི་མདོར་ཡང༌། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ནི་ཡང་དག་པའི་བདེན་པ་ ཉིད་ཡིན་པས། དེ་ལ་མྱ་ངན་ལས་འདས་པ་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར་ཡང་མྱ་ངན་ལས་འདས་པ་སངས་རྒྱས་ཆོས་སྐུ་བདེན་པ་ཡིན་པར་གྲུབ་བོ། །གཞན་ཡང་དོན་དམ་གཞན་སྟོང་དེ་གཉུག་མའམ། རང་བཞིན་མ་ཡིན་ན། གློ་བུར་བའམ། བཅོམ་མ་ཡིན་པར་འགྱུར་ཞིང༌། སངས་རྒྱས་ཀྱི་རང་བཞིན་ཡང་མ་ཡིན་པར་འགྱུར་ལ། དེ་ཡང་མཐར་ཐུག་ངེས་དོན་སྟོན་པའི་བཀའ་ལུང་རྣམས་དང་འགལ་བའི་ཉེས་པ་ཆེན་པོར་འགྱུར་ཏེ། འཕགས་པ་སྤྲིན་ཆེན་པོའི་མདོར། འདི་ནི་སངས་རྒྱས་ཆོས་ཉིད་ཡིན། །སངས་རྒྱས་བཅོམ་ལྡན་བཅོས་མ་མིན། །དེ་བཞིན་གཤེགས་རྣམས་མ་སྐྱེས་ཏེ། །རྡོ་རྗེ་ལྟ་བུ་འཁྲེགས་པའི་སྐུ། །ཞེས་པ་དང༌། བཅོམ་ལྡན་སངས་རྒྱས་ཆོས་ཀྱི་སྐུ། །དེ་བཞིན་གཤེགས་པ་ཆོས་ཀྱི་དབྱིངས། །བཅོམ་ལྡན་སྐུ་ནི་དེ་འདྲ་ལ། །ཆོས་བསྟན་པ་ཡང་དེ་འདྲ་སྟེ། །ཞེས་པ་དེ་བཞིན་གཤེགས་པ་ཆོས་ཀྱི་དབྱིངས་སུ་གསུངས་ཤིང་བཅོམ་མ་མ་ཡིན་པར་གསུངས་པའི་ཕྱིར་རོ། །དོན་དམ་བདེན་པ་རང་བཞིན་ཡིན་པར་གྲུབ་བོ། །གཞན་ཡང་སངས་རྒྱས་ནི་བདག་གི་ཕ་རོལ་ཏུ་ཕྱིན་ཀྱང༌། འཇིག་རྟེན་པའི་བདག་དང་མི་མཚུངས་ཏེ། ཇི་སྐད་དུ། རྔ་བོ་ཆེ་ཆེན་པཽའི་མདོ་ལས། འཇིག་རྟེན་པ་རྣམས་ཀྱི་བདག་ཅེས་བྱ་བ་དེ་དག་གཞིག་པའི་ཕྱིར་བདག་མེད་པ་བསྟན་ཏོ། །གལ་ཏེ་དེ་ལྟར་སྟོན་པའི་བསྟན་པ་ལས་མ་གསུངས་ན་ཇི་ལྟར་གྲོང་བ་ཡིན་པར་མི་འགྱུར། སངས་རྒྱས་བཅོམ་ལྡན་འདས་ནི་བདག་མེད་པར་གསུང་བར་གྲག་གོ །ཞེས་ཡ་མཚན་སྐྱེས་པར་གྱུར་པ་དང༌། དེའི་འོག་ཏུ་རྒྱུ་དང་གཏན་ཚིགས་བརྒྱ་སྟོང་གིས་བསྟན་པ་ལ་འཛུད་དོ། །དེ་ལྟར་བཙུད་པ་ལས་གང་གི་ཚེ། ཡང་གོང་མ་ལ་དད་པ་སྐྱེས་ཤིང་ཞུགས་པ་ན། སྟོང་པ་ཉིད་ཀྱི་ཆོས་རྣམས་ལ་སློབ་པར་བྱེད། བརྩོན་པར་བྱེད། འབད་པར་བྱེད། དེ་ནས་དེའི་འོག་ཏུ་དེ་དག་ལ་ཐར་པ་ནི། ཞི་བ་རྟག་པ་གཟུགས་དང་བཅས་པའོ། །ཞེས་སྟོན་ཏོ། །གཞན་ཡང་འཇིག་རྟེན་པ་ཁ་ཅིག་ཐར་པ་ཡོད་དོ་ཟེར་ཏེ། ངས་དེ་གཞིག་པའི་ཕྱིར་ཐར་པ་ནི་ཅུང་ཟད་མེད་དོ། །ཞེས་བྱ་བ་འདི་གསུངས་སོ། །གལ་ཏེ་དེ་ལྟར་སྟོན་པས་ལྟ་བ་ཆུད་གསོན་པར་བྱེད་པ་དང་འདྲ་བ་མ་བསྟན་ན། ཇི་ལྟར་སྟོན་པའི་བསྟན་པ་ལ་ཡིད་ཆེས་པར་འགྱུར། དེ་ལྟ་བས་ན་རྒྱུ་དང་གཏན་ཚིགས་བརྒྱ་སྟོང་གིས་ཐར་པ་ཆུད་གསོན་པ་ཉིད་ཀྱི་བདག་མེད་པ་གསུངས་སོ། །དེ་ནས་དེའི་འོག་ཏུ་ཐར་པ་ཆུད་གསོན་པའི་ལྟ་བ་མཐོང་ན་མི་བླུན་པོ་རྣམས་ཉམས་པར་འགྱུར་བས། དེའི་འོག་ཏུ་ངས་ཡང་རྒྱུ་དང་གཏན་ཚིགས་བརྒྱ་སྟོང་གི་ཐར་པ་ཡོད་པ་ཉིད་དུ་གསུངས་སོ། །ཞེས་པ་དང༌། ངས་ཀྱང་གལ་ཏེ་ཐོག་མ་ཁོ་ནར་བདག་ཡོད་དོ་ཞེས་བསྟན་ན་སུ་ཞིག་དད་པར་འགྱུར། གལ་ཏེ་དད་པར་གྱུར་ན། འཇིག་ཚོགས་ལ་བལྟ་བའི་བདག་ཏུ་འཛིན་པ་འདི་ནི་འཇིག་རྟེན་གྱི་སྤྱི་མཐུན་པས་ངའི་ཡང་དེར་འགྱུར་རོ། །ངས་ཀྱང༌། ཡུལ་ཙམ་པ་ཀ་ན་གནས་པའི་མི་བཞིན་དུ་ཐོག་མར་བདག་མེད་པ་བསྟན་ནས་དེའི་འོག་ཏུ་བདག་ཡོད་པ་ཉིད་སྟོན་པར་བྱེད་དེ། དེ་ཉིད་དང་བདག་གི་དེ་ཁོ་ན་ཉིད་ཀྱང་བཤད་དོ། །འོད་སྲུངས་དེ་ལྟ་བས་ན་ཐབས་ལ་མཁས་པར་བྱའོ། །འོད་སྲུངས་གཞན་ཡང་དཔེར་ན་མི་ཞིག་ལམ་པོ་ཆེ་ཞིག་ནས་འབྲོག་དགོན་པར་སོང་བ་ལས་བྱ་རབ་གནོད་ཅེས་བྱ་བར་སྒྲ་ཕྱུང་བ་དང༌། དེ་ནས་མི་དེས་ལམ་དུ་ཞུགས་ཏེ་འགྲོ་བ་ལས་བྱའི་སྐད་དེ་ཐོས་ནས་བསམས་པ། ཅི་ཆོམ་རྐུན་མ་བྱུང་ངམ་ཞེས་ཏེ། ཆོམ་རྐུན་པས་འཇིགས་སྐྲག་སྟེ་བྱོལ་བ་ལས། དགོན་པ་གང་ན་སྟག་ཡོད་པ་དེར་ཆུད་ནས་ཚུལ་མ་ཡིན་པས་སྡུག་བསྔལ་བར་གྱུར་ཏོ། །འོད་སྲུངས་དེ་བཞིན་དུ་མ་འོངས་པའི་དུས་ན་དགེ་སློང་དང༌། དགེ་སློང་མ་དང༌། དགེ་བསྙེན་དང་དགེ་བསྙེན་མ་རྣམས་བདག་དང་བདག་གི་ཞེས་བྱ་བའི་སྒྲ་ཙམ་གྱིས་འཇིག་རྟེན་པའི་འཇིག་ཚོགས་ལ་ལྟ་བ་ནི་བདག་མེད་པ་སེམས་ཤིང་སྟོང་པ་ཉིད་ཆེན་པོ་ཆད་པའི་ལྟ་བ་སྨྲ་བའི་བདག་ཉིད་དུ་འགྱུར་བས། དེ་བཞིན་གཤེགས་པ་རྟག་པ་སངས་རྒྱས་རྟག་པའི་བདག་ཉིད་དང་ལྡན་པའི་མདོ་ལྟ་བུ་འདི་དག་ལ་དད་པར་མི་འགྱུར་རོ། །ཞེས་པ་དང༌། དེ་བཞིན་གཤེགས་པ་སངས་རྒྱས་པའི་དུས་མྱ་ངན་ལས་འདས་པ་ཉིད་ནས། རྟག་པ་བརྟན་པ་ཞི་བ་ཐེར་ཟུག་པ་བདག་ཅེས་བྱ་བའི་ཚིག་གི་གཞི་བསྟན་པ་ཡང་འཇིག་རྟེན་ལས་འདས་པའི་དུས་ན་བདག་ཅི་འདྲ་བ་དེ་འདྲ་བར་འགྱུར་ཞིང༌། འཇིག་རྟེན་པའི་འཇིག་ཚོགས་ལ་ལྟ་བ་གོམས་པར་བྱས་པའི་བདག་ཉིད་ཀྱང་ཟད་པར་འགྱུར་ཏེ། ལྟ་བ་དེ་ལྟ་བུ་གང་ཡིན་པ་དེ་ནི་ངའི་མ་ཡིན་པས་དེའི་ཕྱིར། རྟག་པ་དང་ཆད་པ་དང་སྤངས་པ་ཞེས་གསུངས་པ་ནི་ངས་ལེགས་པར་གསུངས་པ་ཡིན་ནོ། །ཞེས་པ་དང༌། ཡང་མདོ་དེ་ཉིད་དུ། སྟོང་པ་དང་མི་སྟོང་པ་དང༌། བདག་མེད་པ་དང༌། བདག་ཡོད་པའི་རྣམ་པར་དབྱེ་བ་མ་ཤེས་པའི་ཉེས་དམིགས་ཀྱང་གསུངས་ཏེ། ཇི་སྐད་དུ། གང་མདོ་སྡེ་འདི་ལྟ་བུ་དག་འཆད་པར་མི་འགྱུར་བ་དེར་ཕན་པ་སྟོན་པ་དག་འདི་ལྟ་སྟེ། སྟོང་པ་ཉིད་ཀྱི་ལེའུ་དང་ལྡན་པ་ཕལ་པ་གཞན་དག་སྟོན་ཅིང་འཆད་པར་འགྱུར་རོ། །དེའི་ཚེ་དེ་དག་གིས་མདོ་འདི་ལྟ་བུ་མང་པོ་དག་མཐོང་ཐོས་ནས། སེམས་ཅན་དེ་དག་སློབ་ཅིང་དེ་དག་གིས་ལོབས་ནས་གང་གི་ཚེ་དེ་བཞིན་གཤེགས་པའི་སྙིང་པོ་དེ་བཞིན་གཤེགས་པ་རྟག་པའི་བདག་ཉིད་དང་ལྡན་པའི་མདོ་འདི་ལྟ་བུ་མང་པོ་དག་མཐོང་ཐོས་ནས་དེ་དག་ཡིད་གཉིས་དང་ཐེ་ཚོམ་འཐོབ་ཅིང་བློ་ཕྱིན་ཅི་ལོག་ཏུ་འགྱུར་རོ། །ཞེས་པ་དང༌། འོད་སྲུངས་ངས་སེམས་ཅན་མོས་པ་སྣ་ཚོགས་རྣམས་ལ་དགོངས་པ་སྣ་ཚོགས་ཀྱི་མདོ་རྣམས་བསྟན་པ་ན། དེ་ལ་སྙོམ་ལས་ཅན་ཚུལ་ཁྲིམས་འཆལ་བ་ལུས་དང་ངག་དང་ཡིད་མ་བསྡམས་པ་རྣམས་དེ་བཞིན་གཤེགས་པའི་སྙིང་པོ་སངས་རྒྱས་རྟག་པ་ཉིད་ཀྱི་མདོ་འདི་ལྟ་བུ་འདི་དག་བོར་ནས་སྟོང་པ་ཉིད་ཀྱི་ལེའུའི་མདོ་དག་ལ་སློབ་པར་བྱེད་ཅིང༌། དེ་ལ་ཁ་ཅིག་ནི་ཚིག་དང་ཡི་གེ་འདྲེན་པར་བྱེད། ཁ་ཅིག་ནི་ཕན་ཚུན་ཚིག་དང་ཡི་གེ་དག་སྤོང་བར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱི་གསུང་ཐམས་ཅད་ལས་ནི་སྟོང་པ་ཉིད་དང་བདག་མེད་པ་སྟོན་ཏོ། །སྟོང་པ་ཉིད་བདག་མེད་པའི་དོན་མ་ཤེས་པའི་མི་བླུན་པོ་རྣམས་ནི་ཉམས་པར་འགྱུར་རོ། །ཞེས་པ་དང༌། དེ་བཞིན་གཤེགས་པའི་སྙིང་པོའི་གཏམ་བསྟན་པ་ན། སྨོད་པས་སངས་རྒྱས་རྟག་པ་ཉིད་ཀྱི་གཏམ་སྤོང་བར་འགྱུར་ཏེ། དེ་ཉིད་ཀྱིས་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་རོ། །ཞེས་གསུངས་སོ། །དེ་བཞིན་གཤེགས་པའི་སྙིང་པོ་འམ། སངས་རྒྱས་ཐེར་ཟུག་ཏུ་བཞུགས་པར་དོན་ལ་གནས་པའི་ཕྱིར། དེ་སྟོན་པ་ལ་ཡང་ཡོན་ཏན་དཔག་ཏུ་མེད་པ་མདོ་དེ་ཉིད་དུ་གསུངས་ཏེ། ཇི་སྐད་དུ། གང་དུ་སངས་རྒྱས་རྟག་པ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་དོ། །ཞེས་བསྟན་པ་གཞན་ཡང་སྒྲོགས་ཤིང་མི་སྤོང་བ་བརྟན་པ་འཇིག་ཚོགས་ལ་ལྟ་བས་སྟོང་པས། སྟོང་པ་ཉིད་མ་ཡིན་གྱི། འདུས་བྱས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཐེར་ཟུག་མཆོག་གི་གཞི་དེ་འདོད་པ་དེ་ལྟ་བུ་ལ་སོགས་པའི་ཡོན་ཏན་ལ་བསྟན་པ་དག་སྟེ། ཡོན་ཏན་ལྷག་མ་ནི་བསམ་གྱིས་མི་ཁྱབ་བོ། །ཞེས་པ་དང༌། དེ་བཞིན་གཤེགས་པའི་སྙིང་པོའི་ཆེ་བའི་བདག་ཉིད་རྟག་པ་དང༌། བརྟན་པ་དང༌། ཞི་བ་དང༌། ཐེར་ཟུག་པ་འདོད་པའི་སེམས་ཅན་གང་ཡིན་པ་དེ་དག་ལ་ནི་དེ་བཞིན་གཤེགས་པས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐེག་པ་ཆེན་པོར་དབང་བསྐུར་བའི་ཅོད་པན་འཆིང་བར་མཛད་དོ། །ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་ཏེ། རྒྱས་པར་ནི་མདོ་དེ་རྣམས་གཟིགས་པར་བྱའོ། །

གཞན་ཡང༌། དོན་དམ་པ་ཆོས་ཉིད་གཉུག་མ་འགྱུར་མེད་བདེན་པ་མ་ཡིན་ན། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མདོར། གང་སྐྱེ་བ་མེད་པ་དེ་ནི་ངེས་པར་གྱུར་པའོ། །གང་ངེས་པར་གྱུར་པ་དེ་ནི་ངེས་པའི་དོན་ཏོ། །གང་ངེས་པའི་དོན་དེ་ནི་དོན་དམ་པའོ། །ཞེས་དོན་དམ་ཆོས་ཉིད་ངེས་པའི་དོན་དང༌། དམ་པའི་དོན་དུ་གསུངས་པ་དང་ཡང་འགལ་ལོ། །ཡང་བདེན་པ་ནི་གཅིག་པུ་གཉིས་མ་ཡིན་པ་སྟེ། འདི་ལྟ་སྟེ། འགོག་པའི་བདེན་པའོ། །ཞེས་པ་དང༌། ལྷའི་བུ་བློ་གྲོས་རབ་གནས་ཀྱི་ཞུས་པའི་མདོ་ལས། ལྷའི་བུས་སྨྲས་པ། འཇམ་དཔལ་ཡང་དག་པ་ཞེས་བགྱི་བ་ཅི་ལགས། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་ཡང་དག་པ་ཞེས་བྱ་བ་ནི་ནམ་མཁའ་སྟེ། ནམ་མཁའ་ནི་འགྲིབ་པའམ་འཕེལ་བའམ་འབྱུང་བའམ། འཇིག་པར་མི་འགྱུར་བས། དེའི་ཕྱིར་ནམ་མཁའ་དེ་ནི་ཡང་དག་པའོ། །ཡང་དག་པ་ནི་སྟོང་པ་ཉིད་དོ། །ཡང་དག་པ་ནི་དེ་བཞིན་ཉིད་དོ། །ཡང་དག་པ་ནི་ཆོས་ཀྱི་དབྱིངས་སོ། །ཡང་དག་པ་ནི་ཡང་དག་པའི་མཐའོ། །ཡང་དག་པ་གང་ཡིན་པ་དེ་ནི་མ་བྱུང་བའོ། །ཞེས་སོགས་གསུངས་པ་དང་ཡང་འགལ་བ་ཁོ་ནའོ། །

གཞན་ཡང༌། ཉིད་ཅག་གི་གསུང་ཡིག་ན། ཁོ་བོའི་གོ་ཡུལ་ན། སྟོང་ཉིད་ཡིན་ཕྱིར་རྟེན་འབྲེལ་གྲུབ། །རྟེན་འབྲེལ་གྲུབ་ཕྱིར་སྟོང་ཉིད་ཡིན་པ་སྙམ་བགྱིད་ཅེས་པ་གདའ། དེ་ལྟ་ན་ནི། འོ་ན་ཆོས་ཉིད་འགྱུར་བ་མེད་པའི་ཡོངས་གྲུབ་ཀྱང་སྟོང་ཉིད་ཡིན་པའི་ཕྱིར་རྟེན་འབྲེལ་དུ་གྲུབ་པར་གྱུར་དགོས་ལ། འདོད་ན་དེ་གཞན་དབང་ཡིན་པར་ཧ་ཅང་ཐལ་བར་འགྱུར་རོ། །འདི་ལ་ཁྱབ་པ་མེད་དོ། །ཞེས་བསམ་དུ་མི་རུང་སྟེ། རྟེན་འབྲེལ་དང་གཞན་དབང་དོན་གཅིག་པའི་ཕྱིར་རོ། །དེ་ཡང་དགོངས་པ་ངེས་པར་འགྲེལ་པའི་མདོ་ལས། ཡོན་ཏན་འབྱུང་གནས་ཆོས་རྣམས་ཀྱི་གཞན་གྱི་དབང་གི་མཚན་ཉིད་གང་ཞེ་ན། གང་ཆོས་རྣམས་ཀྱི་རྟེན་ཅིང་འབྲེལ་བར་འབྱུང་བ་དེ་ཉིད་དེ་འདི་ལྟར་འདི་ཡོད་པས་འདི་འབྱུང་འདི་སྐྱེས་པའི་ཕྱིར་འདི་སྐྱེ་བ་སྟེ། འདི་ལྟར་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས། ཞེས་བྱ་བ་ནས། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་འདི་འབའ་ཞིག་འབྱུང་བར་འགྱུར་རོ། །ཞེས་བྱ་བའི་བར་དུའོ། །ཞེས་རྟེན་འབྲེལ་གང་ཡིན་གཞན་དབང་ཡིན་པར་གསུངས་ཤིང༌། ཡང་མདོ་དེ་ཉིད་དུ། དོན་དམ་ཡང་དག་འཕགས་ཆོས་རྣམས་ཀྱི་སྐྱེ་བ་ངོ་བོ་ཉིད་མེད་པ་གང་ཞེ་ན། གང་ཆོས་རྣམས་ཀྱི་གཞན་གྱི་དབང་གི་མཚན་ཉིད་དེ། དེ་ཅིའི་ཕྱིར་ཞེ་ན་འདི་ལྟར་དེ་ནི་གཞན་གྱི་རྐྱེན་གྱི་སྟོབས་ལས་འབྱུང་གི་བདག་ཉིད་ཀྱིས་མ་ཡིན་པས་ན་དེའི་ཕྱིར་སྐྱེ་བ་ངོ་བོ་ཉིད་མེད་པ་ཞེས་བྱའོ། །ཞེས་ཀུན་རྫོབ་ཏུ་སྐྱེ་བ་ཐམས་ཅད་དུ་གཞན་ལས་སྐྱེས་པའི་དབང་གིས་འབྱུང་བ་མ་གཏོགས་རང་ལས་མི་སྐྱེ་བར་གསུངས་ལ། འཕགས་པ་ལས་ཀྱི་སྒྲིབ་པ་རྒྱུན་གཅོད་པའི་མདོར་ཡང༌། ཤཱ་རིའི་བུ། དེ་བཞིན་གཤེགས་པ་ཆོས་ཐམས་ཅད་ནི་རྟེན་ཅིང་འབྲེལ་བར་འབྱུང་བའོ། །ཞེས་གསུངས་པའི་ཕྱིར་ཏེ། རྒྱུ་དང་རྐྱེན་གཞན་དང་གཞན་གྱིས་གཞན་སྐྱེའོ། །གཞན་འགག་གོ་ཞེས་རྟེན་འབྲེལ་གྱི་སྐྱེ་བ་ཐམས་ཅད་གཞན་སྐྱེ་ཡིན་པར་གསུངས་པའི་ཕྱིར་རྟེན་འབྲེལ་དང་གཞན་དབང་དང༌། གཞན་སྐྱེ་རྣམས་ནི་དོན་གཅིག་པ་ཁོ་ནའོ། །འདིས་ནི་དབུ་མ་པར་ཁས་འཆེ་བ་ལ་ལ་ཀུན་རྫོབ་ཏུ་གཞན་དབང་དང་གཞན་སྐྱེ་བཀག་ནས་རྟེན་འབྲེལ་གྱི་སྐྱེ་བ་མི་འགོག་པར་འདོད་པ་རྣམས་ཀྱིས་ཀྱང་གསུང་རབ་ཀྱི་དོན་དང་འགལ་བ་ཉིད་དུ་བསྟན་ཏེ། དེ་དག་གིས་ནི་མི་ལུང་འདི་དག་མ་མཐོང་ཞིང་མ་ཐོས་པར་ཟད་ལ་དོན་ལ་རྟོན་པ་ཡང་མེད་པར་བས་སོ། །གཞན་ཡང་། རང་བཞིན་འགྱུར་བ་མེད་པ་ཡང་ སྟོང་ཉིད་ཡིན་པའི་ཕྱིར། རྟེན་འབྲེལ་དུ་གྲུབ་པར་འགྱུར་ལ། དེ་འདོད་ན་རྒྱུ་དང་རྐྱེན་ལས་བྱུང་བ་དང༌། བཅོས་མ་ཡིན་པར་འགྱུར་དགོས་ན་དེ་ཡང་ཇི་ལྟར་རུང་སྟེ། དབུ་མ་རྩ་བ་ལས། རང་བཞིན་རྒྱུ་དང་རྐྱེན་ལས་ནི། །འབྱུང་བར་རིགས་པ་མ་ཡིན་ནོ། །རྒྱུ་དང་རྐྱེན་ལས་བྱུང་བ་ཡི། །རང་བཞིན་བྱས་པ་ཅན་དུ་འགྱུར། །རང་བཞིན་བྱས་པ་ཅན་ཞེས་བྱར། །ཇི་ལྟ་བུར་ན་རུང་བར་འགྱུར། །རང་བཞིན་དག་ནི་བཅོས་མིན་དང༌། །གཞན་ལ་ལྟོས་པ་མེད་པ་ཡིན། །ཞེས་གསུངས་པའང་འགལ་བ་ཁོ་ནའོ། །རྟེན་འབྲེལ་ཡིན་པ་ལ་རྒྱུ་རྐྱེན་ལས་བྱུང་བས་ཁྱབ་པ་ཡང་གོང་དུ་བསྒྲུབ་ཟིན་ཏོ། །མཐར་ཐུག་དེ་བཞིན་གཤེགས་པ་ཡང་སྟོང་ཉིད་ཡིན་པའི་ཕྱིར་རྟེན་འབྲེལ་དུ་གྲུབ་པར་འགྱུར་རོ། །དེ་ཡང་འདོད་པར་ནུས་པ་མ་ཡིན་ཏེ། རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོས་འཕྲུལ་གྱི་ཏིང་ངེ་འཛིན་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས། གང་རྟེན་ཅིང་འབྲེལ་བ་ལས་བྱུང་བ་དེ་ནི་མི་རྟག་པའོ། །གང་མི་རྟག་པ་དེ་སྡུག་བསྔལ་བའོ། །གང་སྡུག་བསྔལ་བ་དེ་བདག་མེད་པའོ། །གང་བདག་མེད་པ་དེ་རང་བཞིན་མེད་པའོ། །གང་རང་བཞིན་མེད་པ་དེ་སྣང་བ་མེད་པའོ། །གང་སྣང་བ་མེད་པ་དེ་ཡང་དག་པ་མ་ཡིན་པའོ། །ཡང་དག་པ་མ་ཡིན་པ་དེ་བརྫུན་པ་བསླུ་བའི་ཆོས་སོ། །གང་བརྫུན་པ་བསླུ་བའི་ཆོས་དེ་མི་བདེན་པའོ། །གང་མི་བདེན་པ་དེ་དེ་བཞིན་ཉིད་མ་ཡིན་ནོ། །གང་དེ་བཞིན་ཉིད་མ་ཡིན་པ་དེ་དེ་བཞིན་གཤེགས་པ་མ་ཡིན་ནོ། །དེ་བཞིན་གཤེགས་པ་ནི་བདེན་པ་ཡང་དག་པ་དེ་བཞིན་ཉིད་མ་ནོར་བ་དེ་བཞིན་ཉིད་གཞན་མ་ཡིན་པ་དེ་བཞིན་ཉིད་དང༌། མ་ལོག་པ། བདེན་བར་སྨྲ་བ། ཡང་དག་པར་སྨྲ་བ། ཤེས་པ་སྨྲ་བ། ཡེ་ཤེས་ཀྱི་མཚོན་ཆ་ཅན་ཡེ་ཤེས་མཐའ་ཡས་པ་དང་ལྡན་པ། ཐམས་ཅད་མཁྱེན་པ། ཐམས་ཅད་གཟིགས་པ། སྟོབས་བཅུ་དང་ལྡན་པ། མི་འཇིགས་པ་བཞིའི་དམ་པའི་ཕ་རོལ་ཏུ་ཕྱིན་པ་ཐོབ་པ། མི་རྟོག་པ། རྣམ་པར་མི་རྟོག་པ། མི་གོས་པ། ནམ་མཁའ་དང་མཚུངས་པ། གྲངས་ཀྱི་ཆོས་རྣམས་ཀྱིས་མི་བགྲང་བ། མ་བྱས་པ། མ་སྐྱེས་པ། མ་འགགས་པ། འཇུག་པ་མེད་པ། མཐའ་ཡས་པ། གནས་མེད་པ། རྣམ་པར་མི་རིག་པ། རྣམ་པར་ཤེས་པར་བྱ་བ་མ་ཡིན་པ། ཀུན་ཏུ་རྒྱུ་བ་མེད་པ། ཤིན་ཏུ་དག་པ་ཉོན་མོངས་པ་མེད་པ། མ་བྱུང་བ། སྤྱོད་པ་མེད་པ་གནས་མེད་པའོ། །ཞེས་གསུངས་པའི་ཕྱིར་རོ། །

དེ་བཞིན་དུ། བདེ་གཤེགས་སྙིང་པོ་དེ་བཞིན་ཉིད་ཀྱང་སྟོང་ཉིད་ཡིན་པའི་ཕྱིར་རྟེན་འབྲེལ་ཏུ་གྲུབ་པ་དང༌། རྟེན་འབྲེལ་ཡིན་པའི་ཕྱིར། འདུས་བྱས་སུ་གྱུར་ པ་ཧ་ཅང་ཐལ་ལོ། །དེ་འདོད་ན་དེའང་ལུང་དང་འགལ་ཏེ། འཕགས་པ་སོར་མོའི་ཕྲེང་བ་ལ་ཕན་པའི་མདོར། སངས་རྒྱས་ཐམས་ཅད་ཀྱིས་ཤིན་ཏུ་ནན་ཏན་དུ་བཙལ་ཀྱང༌། དེ་བཞིན་གཤེགས་པའི་སྙིང་པོ་སྐྱེས་པ་མ་རྙེད་དོ། །སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་དབྱིངས་མ་སྐྱེས་པ་མཚན་དང་དཔེ་བྱད་བཟང་པོ་མཐའ་ཡས་པས་བརྒྱན་པའི་དབྱིངས་ཡོད་དོ། །ཞེས་པ་དང༌། དེ་བཞིན་དུ། མ་བྱུང་བའི་དབྱིངས་དང༌། རྟག་པའི་དབྱིངས་དང༌། ཐེར་ཟུག་གི་དབྱིངས་ལ་སོགས་པ་ལ་སྦྱར་ཏེ་རྒྱ་ཆེར་གསུངས་པའི་ཕྱིར་རོ། །ལུང་འདི་རྣམས་ཀྱི་དོན་དམ་གཞན་སྟོང་འཇིག་རྟེན་ལས་འདས་པ་དང༌། སངས་རྒྱས་ཆོས་ཀྱི་སྐུ་རྟག་བརྟན་བདེན་པ་ཡིན་པར་ཡང་གྲུབ་བོ། །

གཞན་ཡང༌། སྟོང་ཉིད་གང་ཡིན་རྟེན་འབྲེལ་ཡིན་ན། དོན་དམ་མཐར་ཐུག་གཏན་གྱི་སྐྱབས་མཆོག་ཆོས་ཀྱི་སྐུ་ཡང་སྟོང་ཉིད་ཡིན་པའི་ཕྱིར་རྟེན་འབྲེལ་ཡིན་པར་འགྱུར་ལ། དེ་འདོད་ན་འདུས་བྱས་ཡིན་པར་འགྱུར་ཞིང༌། དེའང་འདོད་ན་དེ་དོན་དམ་མཐར་ཐུག་གཏན་གྱི་སྐྱབས་མཆོག་མ་ཡིན་པར་ཧ་ཅང་ཐལ་བར་འགྱུར་རོ། །འདི་ལ་ཁྱབ་པ་མེད་དོ། །ཞེས་ཀྱང་བསམ་དུ་མི་རུང་སྟེ། ཇི་སྐད་དུ། ཐེག་པ་ཆེན་པོ་རྒྱུད་བླ་མར། སྤང་ཕྱིར་བསླུ་བའི་ཆོས་ཅན་ཕྱིར། །མེད་ཕྱིར་འཇིག་དང་བཅས་པའི་ཕྱིར། །ཆོས་རྣམས་གཉིས་དང་འཕགས་པའི་ཚོགས། །གཏན་གྱི་སྐྱབས་མཆོག་མ་ཡིན་ནོ། །ཞེས་གསུངས་པའི་ནང་ནས། ཁྱད་པར་དུ་བསླུ་བའི་ཆོས་ཅན་ཕྱིར། གཏན་གྱི་སྐྱབས་གནས་མ་ཡིན་ཞེས་པའི་འགྲེལ་པར། དེ་ལ་ལམ་ནི་འདུས་བྱས་ཀྱི་མཚན་ཉིད་དུ་གཏོགས་ལ། འདུས་བྱས་ཀྱི་མཚན་ཉིད་དུ་གཏོགས་པ་གང་ཡིན་པ་དེ་ནི་བརྫུན་པ་བསླུ་བའི་ཆོས་ཅན། གང་བརྫུན་པ་བསླུ་བའི་ཆོས་ཅན་དེ་ནི་མི་བདེན་པ། གང་མི་བདེན་པ་དེ་ནི་མི་རྟག་པ། གང་མི་རྟག་པ་དེ་ནི་སྐྱབས་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་དང༌། འཕགས་པ་ཀླུ་སྒྲུབ་ཞབས་ཀྱི་ཞལ་སྔ་ནས་ཀྱང༌། བཅོམ་ལྡན་འདས་ཀྱི་ཆོས་གང་ཞིག །བསླུ་བ་དེ་ནི་བརྫུན་ཞེས་གསུངས། །འདུས་བྱས་ཐམས་ཅད་བསླུ་བའི་ཆོས། །དེས་ན་དེ་དག་བརྫུན་པ་ཡིན། །ཞེས་རྩ་བ་ཤེས་རབ་ཏུ་གསུངས་པའི་ཕྱིར་རོ། །དེ་བཞིན་དུ། རྒྱལ་བ་བྱམས་པས། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །མཁྱེན་དང་བརྩེ་དང་ནུས་པར་ལྡན། །དོན་གཉིས་ལྡན་པའི་སངས་རྒྱས་ཉིད། །ཅེས་གསུངས་པའི་ཕྱིར་ཡང༌། སངས་རྒྱས་ཆོས་ཀྱི་སྐུ་གཏན་གྱི་སྐྱབས་མཆོག་འདུས་བྱས་ལས་འདས་པར་གྲུབ་བོ། །

གཞན་ཡང༌། སྟོང་པ་ཉིད་གང་ཡིན་རྟེན་ཅིང་འབྲེལ་འབྱུང་ཡིན་ན། མཐར་ཐུག་ཆོས་ཀྱི་དབྱིངས་ལ་སོགས་པ་ཡང་སྟོང་ཉིད་ཡིན་པའི་ཕྱིར། རྟེན་ཅིང་འབྲེལ་འབྱུང་ཡིན་པར་འདོད་དགོས་ལ། དེ་འདོད་ན་འདུས་བྱས་ཡིན་པར་ཧ་ཅང་ཐལ་བར་འགྱུར་རོ། །དེ་འདོད་པར་མི་ནུས་ཏེ། ཇི་སྐད་དུ། རྒྱལ་བའི་ཡུམ་བར་མ་ལས། གསོལ་པ། བཅོམ་ལྡན་འདས། འདུས་མ་བྱས་ཀྱི་ཆོས་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདུས་མ་བྱས་པའི་ཆོས་ཞེས་བྱ་བ་ནི། གང་ལས་སྐྱེ་བ་མེད་ཅིང་འཇིག་པ་མེད་པ་དང༌། གནས་པ་ལས་གཞན་དུ་འགྱུར་བ་མེད་པ་སྟེ། འདོད་ཆགས་ཟད་པ། ཞེ་སྡང་ཟད་པ། གཏི་མུག་ཟད་པ། དེ་བཞིན་ཉིད་མ་ནོར་བ་དེ་བཞིན་ཉིད་གཞན་མ་ཡིན་པ། དེ་བཞིན་ཉིད་ཆོས་ཉིད་ཆོས་ཀྱི་དབྱིངས་ཆོས་སྐྱོན་མེད་པ་ཉིད་བསམ་གྱིས་མི་ཁྱབ་པའི་དབྱིངས། ཡང་དག་པའི་མཐའ་སྟེ། རབ་འབྱོར། དེ་ནི་འདུས་མ་བྱས་ཀྱི་ཆོས་ཞེས་བྱའོ། །ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ། །དེས་ན་རྟེན་འབྲེལ་གང་ཡིན་སྟོང་ཉིད་ཡིན་པ་ལྟར། སྟོང་ཉིད་གང་ཡིན་རྟེན་འབྲེལ་དུ་བཞེད་པ་འདིའང་བོད་ཀྱི་སློབ་དཔོན་འགའ་ཞིག་དང་མཐུན་གྱི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ རྣམས་ཀྱི་དགོངས་པ་དང་ནི་ཤིན་ཏུ་མི་མཐུན་ནོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་རྟེན་འབྲེལ་གང་ཡིན་སྟོང་ཉིད་དུ་གསུངས་ཀྱི། སྟོང་ཉིད་གང་ཡིན་རྟེན་འབྲེལ་དུ་གསུངས་པ་ནི་མེད་དོ། །གལ་ཏེ་རྟེན་འབྲེལ་གང་ཡིན་སྟོང་ཉིད་དུ་གསུངས་པ་དེ་ཉིད་ཀྱིས་སྟོང་ཉིད་གང་ཡིན་རྟེན་འབྲེལ་དུ་གསུངས་པར་གྲུབ་བོ། །ཞེ་ན། དེ་ལྟ་ན་ནི་འོ་ན་སྡིག་པ་གང་ཡིན་སྟོང་ཉིད་ཡིན་པའི་ཕྱིར། སྟོང་ཉིད་གང་ཡིན་སྡིག་པ་ཡིན་ཞེས་པར་ཧ་ཅང་ཐལ་བར་འགྱུར་ཏེ། དེ་དང་དེ་རིགས་པ་མཚུངས་པའི་ཕྱིར་རོ། །འདོད་པར་མི་ནུས་ཏེ། སྡིག་པ་མ་ཡིན་པའི་སྟོང་ཉིད་དགེ་བ་ཡོད་པའི་ཕྱིར་རོ། །གཞན་ཡང་དེས་དེར་འགྱུར་ན། སྡུག་བསྔལ་གང་ཡིན་ཡང་སྟོང་ཉིད་ཡིན་པའི་ཕྱིར། སྟོང་ཉིད་གང་ཡིན་སྡུག་བསྔལ་ཡིན་པར་ཧ་ཅང་ཐལ་བར་འགྱུར་ཏེ། རིགས་པ་མཚུངས་པའི་ཕྱིར་རོ། །འདོད་པར་མི་ནུས་ཏེ། སྡུག་བསྔལ་མ་ཡིན་པའི་སྟོང་ཉིད་བདེ་བ་ཆེན་པོ་ཡིན་པར་ཡང་གསུངས་པའི་ཕྱིར་རོ། །དེ་བཞིན་དུ། མི་ཡིན་ཚད་ལ་སེམས་ཡོད་པར་བསྟན་པས་སེམས་ཡོད་ཚད་མི་ཡིན་པར་བསྟན་པར་འགྱུར་རམ་ཅི། ཞེས་པ་ལ་སོགས་པ་ཧ་ཅང་ཐལ་བ་གཞན་ཡང་ཤིན་ཏུ་མང་བ་འབྱུང་བའི་ཕྱིར། ཁྱབ་པ་མགོ་འཇུག་ལོག་པའི་རྩི་ལུགས་འདི་འདྲ་རིགས་པའི་རྣམ་བཞག་མི་མཁྱེན་པ་རྣམས་ཀྱི་ལུགས་ལགས་པས། ད་ནི་ལུགས་དེ་དོར་ནས་རྣམ་དག་རིགས་པའི་གཞུང་ལུགས་གཅིག་ཙམ་ཡང་གསན་ན་འཐད་ལགས། འོན་ཏེ་རྟེན་འབྲེལ་གང་ཡིན་སྟོང་ཉིད་དུ་གསུངས་པས་སྟོང་ཉིད་གང་ཡིན་རྟེན་འབྲེལ་དུ་མི་འགྲུབ་མོད། སྟོང་ཉིད་ལ་ཡང་རྟེན་འབྲེལ་གྱི་ཁྱབ་པར་གསུངས་པ་མང་པོ་ཡོད་དོ་སྙམ་ན། དེ་ལྟ་བུ་རྣམས་ནི་རྟེན་འབྲེལ་ལས་མ་འདས་པའི་རང་སྟོང་ཁོ་ན་ལ་དགོངས་པར་རིག་པར་བྱའོ། །གཞན་དུ་ངེས་པའི་དོན་གྱི་གསུང་རབ་རྣམས་ན་ནང་འགལ་བའི་སྐྱོན་དུ་འགྱུར་བ་ལས། དེ་ལྟ་བུའི་གནས་མི་སྲིད་དོ། །དེས་ན་ངེས་པའི་དོན་གྱི་གསུང་རབ་ཟབ་མོ་རྣམས་དགོངས་པ་གཅིག་ཏུ་བསྒྲུབ་པ་ལ་ཤིན་ཏུ་མཁས་པར་བྱའོ། །དེ་ལྟར་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་མཐར་ཐུག་པ་རྣམས་སུ་དོན་དམ་པ་ཆོས་ཀྱི་དབྱིངས་བདེ་གཤེགས་སྙིང་པོ་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་པ་ལ་སོགས་པའི་རྣམ་གྲངས་རྣམས་གཞན་སྟོང་ཡིན་པར་གསུངས་པ་ཇི་ལྟ་བ་དེ་བཞིན་དུ་སྔགས་ཀྱི་ཐེག་པར་ཡང༌། རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་དམིགས་པ་དང་བཅས་པའི་སྟོང་པ་ཉིད་དང༌། དམིགས་པ་མེད་པའི་སྙིང་རྗེ་དབྱེར་མེད་པ་ལ་སོགས་པ་གསུངས་པ་རྣམས་གཞན་སྟོང་ཡིན་པའི་ཚུལ་ནི། རྩ་རྒྱུད་འབུམ་ཕྲག་ལྔ་པ་ལས། རྒྱུ་དང་འབྲས་བུ་འགགས་པ་ཡིས། །སངས་རྒྱས་ཉིད་དུ་ཐེ་ཚོམ་མེད། །རྡུལ་མེད་རྡུལ་བྲལ་དྲི་མ་མེད། །ཉེས་པ་སྤངས་པ་སྐྱོན་མེད་པ། །ཤིན་ཏུ་སད་པ་སད་པའི་བདག །ཀུན་ཤེས་ཀུན་རིག་དམ་པ་པོ། །རྒྱུ་དང་འབྲས་བུ་འགགས་པ་ཡིས། །རྒྱལ་བའི་དབང་པོའི་སྐུ་གཞན་ཡིན། །སྐུ་གསུང་ཐུགས་དང་བདེ་བ་གཞན། །ཕུང་པོའི་ཚོགས་ནི་གཞན་ཡིན་ཏེ། །ས་ཡི་ཁམས་ལ་སོགས་པ་གཞན། །ཡུལ་དང་དབང་པོ་རྣམ་དང་ནི། །དེ་བཞིན་ལས་ཀྱི་དབང་པོ་དང༌། །ལས་ཀྱི་དབང་པོ་བྱ་བ་གཞན། །ཀུན་ནས་ཕྱག་དང་ཞབས་ལ་སོགས། །ཀུན་ནས་སྤྱན་དང་ཞལ་དང་དབུ། །ཀུན་ནས་ཐོས་ལྡན་འཇིག་རྟེན་དུ། །ཐམས་ཅད་དུ་ནི་ཁྱབ་པར་བཞུགས། །ཞེས་རྒྱུ་འབྲས་ཀྱིས་བསྡུས་པའི་ཕུང་པོ་རང་སྟོང་དུ་གནས་པ་འདི་རྣམས་འགགས་པས་ཕུང་པོ་གཞན་ལ་སོགས་པའི་ཁྱབ་པར་གསུངས་པ་འདིས་ཀྱང་རང་སྟོང་ལས་གཞན་པའི་ཕུང་ཁམས་སོགས་ཡོད་པར་གསུངས་ལ། དེ་རྣམས་སྟོང་པ་ཉིད་དུ་ཡང་གསུངས་པའི་ཕྱིར། རང་སྟོང་ལས་གཞན་པའི་སྟོང་ཉིད་ལེགས་པར་གྲུབ་ཅིང་དེ་ཡང་དོན་དམ་གཞན་སྟོང་ཡིན་ནོ། །དེ་ཉིད་ཀུན་ནས་ཕྱག་དང་ཞབས་སོགས། ཞེས་སོགས་ཀྱིས་ཐབས་ཤེས་ཟུང་འཇུག་དབྱེར་མེད་ཡེ་ཤེས་ཀྱི་སྐུ་དབང་པོ་ཐམས་ཅད་པར་བསྟན་ཅིང༌། དེ་ཉིད་ཀུན་ཁྱབ་ཏུ་བཞུགས་པར་ཡང་བསྟན་ཏེ། དེ་ནི་གཙང་བདག་བདེ་དང་རྟག་པར་གསུངས་པའི་ཆོས་སྐུ་མྱ་ངན་ལས་འདས་པ་ཆེན་པོ་དང་གཅིག་གོ །

དེ་བཞིན་དུ། དཔལ་དུས་ཀྱི་འཁོར་ལོར་ཡང༌། རྡོ་རྗེ་སེམས་དཔའ་གཅིག་པུ་འདི་ནི་དུས་མཐའི་སྤྲིན་དང་མཚུངས་པ་ཧེ་རུ་ཀར་ནི་བྱུང་བར་གྱུར། །གདུག་པ་རྣམས་ནི་སྨིན་པའི་དོན་དེ་དེ་ཡང་དམ་ཚིག་རྒྱལ་བ་རྨོངས་པ་རྣམས་ནི་བདེ་བའི་དོན། །རིན་ཆེན་དབང་པོ་སྡུག་བསྔལ་ལྡན་པ་རྣམས་ཀྱི་དེ་ཡང་པད་འཛིན་ཆགས་ཅན་རྣམས་ཀྱི་ཆགས་པའི་སླད། །བགེགས་རྣམས་དག་ནི་གཞོམ་པའི་དོན་དུ་ཕྱག་གི་པད་མ་རལ་གྲི་དོན་ཡོད་གྲུབ་པར་བྱུང་བར་གྱུར། །ཞེ་སྡང་ལས་ནི་སྣ་ཚོགས་ཡུམ་གང་དུས་མཐའི་རྩེ་མོ་ཅན་མཚུངས་དེ་ནི་མཁའ་འགྲོ་མར་བྱུང་གྱུར། །གཏི་མུག་དག་པས་སྤྱན་མ་ཞེས་བྱ་མཆོག་གི་སྙིང་རྗེ་མཱ་མ་ཀཱི་ནི་ང་རྒྱལ་རྒྱུ་ལས་སོ། །ཆགས་ལས་དེ་ནི་གོས་དཀར་ཞེས་བྱ་མཐའ་དག་ཡོན་ཏན་གཏེར་ཏེ་སྒྲོལ་མ་ཡང་ནི་ཕྲག་དོག་ལས། །སྣ་ཚོགས་གཟུགས་ཅན་གཉིས་པོ་འདི་དག་ཡུལ་དང་ཡུལ་ཅན་གཞན་རྣམས་ཐམས་ཅད་དུ་ཡང་བྱུང་བར་འགྱུར། །ཞེས་པའི་འགྲེལ་པར། སྔར་གསུངས་པའི་རྡོ་རྗེས་སེམས་དཔའ་དེ་ཉིད་གཅིག་པུ་འདི་ནི་དུས་མཐའི་སྤྲིན་དང་མཚུངས་པ་ནག་པོའི་ཧེ་རུ་ཀར་ནི་བྱུང་བར་གྱུར། འཕོ་བ་མེད་པའི་ཆོས་ཀྱི་དབྱིངས་རྣམ་པར་ཤེས་པ་གཞན་དེ་ནི་ཧེ་རུ་ཀ་སྟེ་དེ་ཡང་གདུག་པ་རྣམས་ནི་སྨིན་པའི་དོན་དུ་རྡོ་རྗེ་སེམས་དཔའ་སྤྲོས་པའོ། །རྡོ་རྗེ་སེམས་དཔའ་དེ་ཡང་རྨོངས་པ་རྣམས་སྨིན་པའི་དོན་དུ་གཟུགས་གཞན་དེ་ནི་དམ་ཚིག་རྒྱལ་བ་སྟེ་རྣམ་པར་སྣང་མཛད་དུ་བྱུང་བར་གྱུར་ཏོ། །དེ་ཡང་རིན་ཆེན་དབང་པོ་ནི་སྡུག་བསྔལ་ལྡན་པ་རྣམས་ལ་སྦྱིན་པའི་དོན་ཏེ། འཕོ་བ་མེད་པའི་ཆོས་ཀྱི་ཚོར་བ་གཞན་དེ་ནི་སྡུག་བསྔལ་ཐམས་ཅད་འཕྲོག་པར་བྱེད་པ་རིན་ཆེན་འབྱུང་ལྡན་བྱུང་བར་གྱུར་ཏོ། །དེ་ཡང་པད་འཛིན་ཆགས་ཅན་རྣམས་ཀྱི་ཆགས་པའི་སླད་དུ་སྟེ། འཕོ་བ་མེད་པའི་ཆོས་ཀྱི་འདུ་ཤེས་གཞན་གང་ཡིན་པ་དེ་ནི་འཕོ་བ་མེད་པའི་བདེ་བ་སྟེར་བར་བྱེད་པ་པོ་སྣང་བ་མཐའ་ཡས་སུ་བྱུང་བར་གྱུར་ཏོ། །དེ་ཡང་བགེགས་རྣམས་རྣམ་པར་གཞོམ་པའི་དོན་དུ་ཕྱག་གི་པདྨ་རལ་གྲི་སྟེ་འཕོ་བ་མེད་པའི་ཆོས་ཀྱི་འདུ་བྱེད་གཞན་གང་ཡིན་པ་དེ་དག་རྣམས་སེམས་སྒྲིབ་པ་མེད་པར་བྱེད་ཅིང་བདུད་ལ་སོགས་པའི་སྒྲིབ་པ་རྣམ་པར་འཇོམས་པར་བྱེད་པ་དོན་ཡོད་གྲུབ་པར་བྱུང་བར་གྱུར་ཏོ། །ཞེས་པ་སྟེ། སངས་རྒྱས་ལྔ་རྣམ་པར་དག་པའོ། །དེ་ནི་ཁམས་ལྔ་རྣམས་གསུངས་པ། ཞེ་སྡང་ཞེས་པ་ལ་སོགས་པ་སྟེ། འདིར་ཐ་མལ་པའི་ཞེ་སྡང་ཟད་པའི་ཞེ་སྡང་ཆེན་པོ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་སྟོང་པ་ཉིད་རྣམ་པ་ཐམས་ཅད་པ་སྣ་ཚོགས་ཡུམ་གང་ཡིན་པ་དེ་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་རྡོ་རྗེ་མཁའ་འགྲོ་མར་བྱུང་བར་གྱུར་ཏོ། །དེ་བཞིན་དུ། གཏི་མུག་ཟད་པའི་གཏི་མུག་ཆེན་པོ་ལས་སྤྱན་མའོ། །མཆོག་གི་སྙིང་རྗེ་མཱ་མ་ཀཱི་ནི་ང་རྒྱལ་ཟད་པའི་ང་རྒྱལ་ཆེན་པོའི་རྒྱུ་ལས་བྱུང་བར་གྱུར་ཏོ། །ཆགས་པ་ཟད་པའི་ཆགས་པ་ཆེན་པོ་ལས་དེ་ནི་གོས་དཀར་མོའོ། །ཕྲག་དོག་ཟད་པའི་ཕྲག་དོག་ཆེན་པོ་ལས་དོན་དེ་ནི་མཐའ་དག་ཡོན་ཏན་གཏེར་སྒྲོལ་མར་བྱུང་བར་གྱུར་ཏོ། །དེ་ལྟར་ནམ་མཁའི་ཁམས་གཞན་དང་སའི་ཁམས་གཞན་དང་ཆུའི་ཁམས་གཞན་དང་མེའི་ཁམས་གཞན་དང་རླུང་གི་ཁམས་གཞན་ནོ། །ཞེས་པ་ཁམས་ཀྱི་མཚན་ཉིད་དེ། སྒྲིབ་པ་མེད་པའི་གཟུགས་དང་མི་འཕོ་བའི་བདེ་བ་ལས་སོ། །ཞེས་གྲུབ་བོ། །དུས་ཀྱི་འཁོར་ལོ་དང་སྣ་ཚོགས་ཡུམ་ཐབས་དང་ཤེས་རབ་གཅིག་ཏུ་འདྲེས་པར་གྱུར་པ་སྣ་ཚོགས་གཟུགས་ཅན་གཉིས་པོ་འདི་དག་ནི་ཡུལ་དང་ཡུལ་ཅན་གཞན་རྣམས་ཐམས་ཅད་དུ་ཡང་བྱུང་བར་གྱུར་ཏེ། དྲི་ལ་སོགས་པ་ཡུལ་གཞན་དེ་དག་རྣམས་དང༌། རྒ་བ་ལ་སོགས་པ་ཡུལ་གཞན་དེ་དག་རྣམས་དང༌། ངག་དང་ལག་པ་ལ་སོགས་པ་ཡུལ་ གཞན་རྣམས་དང༌། ལས་ཀྱི་དབང་པོའི་བྱ་བ་ལ་སོགས་པ་གཞན་རྣམས་ཏེ། དེ་ལྟར་ན། ཀུན་ནས་ཕྱག་དང་ཞབས་ལ་སོགས། །ཀུན་ཏུ་སྤྱན་དང་དབུ་དང་ཞལ། །ཀུན་ཏུ་ཐོས་ལྡན་འཇིག་རྟེན་དུ། །ཐམས་ཅད་ཁྱབ་པར་བྱས་ཏེ་བཞུགས། །རྡོ་རྗེ་སེམས་དཔའོ། །ཞེས་སོ། །དེ་ལྟར། བདག་རིག་གཞན་རིག་ཐམས་ཅད་པ། །ཀུན་ལ་ཕན་པའི་གང་ཟག་མཆོག །འཇིག་རྟེན་དཔེ་ལས་འདས་པ་སྟེ། །ཤེས་དང་ཤེས་བྱའི་བདག་པོ་མཆོག །ཅེས་པ་དང༌། ཡང་འགྲེལ་མཆོག་དེ་ཉིད་དུ། འདིར་ཀུན་རྫོབ་ཀྱི་ཆོས་འགགས་པར་གྱུར་པ་ན། གཞན་འདུ་བྱེད་ལ་སོགས་པ་དེ་དག་རྣམས་སོ། །དེས་ན་འདུ་བྱེད་རྣམ་པར་དག་པ་ནི་དོན་ཡོད་གྲུབ་པ་སྟེ། འདུ་བྱེད་ཀྱི་སྒྲིབ་པ་ཟད་པས་སོ། །ཚོར་བ་ནི་དྲི་མེད་ནོར་བུའི་ཕྱག་ཅེས་པ་རིན་ཆེན་འབྱུང་ལྡན་ཏེ། དང་ཡིག་ནི་སྡུད་པའི་དོན་ཏོ། །དེ་བཞིན་དུ། འདུ་ཤེས་ནི་སྣང་བ་མཐའ་ཡས་སོ། །གཟུགས་ཀྱི་ཕུང་པོ་ནི་འཁོར་ལོ་ཅན་ཞེས་པ་རྣམ་པར་སྣང་མཛད་དོ། །འདི་དག་ནི་སླར་མི་བསྐྱོད་པ་ལ་སོགས་པ་སྟེ། རི་བོང་ཅན་ཞེས་པ་ཁུ་བ་དང༌། སྟོབས་ཞེས་པ་ཤ་དང༌། ཁྲག་དང༌། གཅི་བ་དང་གཤང་བ་སྟེ། འདི་རྣམས་རྣམ་པར་དག་ཅིང་སྒྲིབ་པ་མེད་པས་རྣམ་པར་ཤེས་པ་ལ་སོགས་པའི་ཕུང་པོ་ལྔ་རྣམ་པར་དག་པར་འགྱུར་རོ། །

དེ་བཞིན་དུ། ལྷ་མོ་དྲུག་ཅེས་པ་སྣ་ཚོགས་ཡུམ་དང༌། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང༌། སྒྲོལ་མ་དང༌། གོས་དཀར་མོ་དང༌། མཱ་མ་ཀཱི་དང༌། སྤྱན་མ་སྟེ། ཁམས་རྣམས་ཀྱིས་ཞེས་པ་ཡེ་ཤེས་དང༌། ནམ་མཁའ་དང༌། རླུང་དང༌། མེ་དང༌། ཆུ་དང༌། སའི་ཁམས་རྣམས་འགགས་པས་གཞན་ཁམས་དེ་དག་རྣམ་པར་དག་པར་གྱུར་ཏོ། །ཡུལ་དང་ཡུལ་ཅན་རྣམས་ཀྱིས་ཞེས་པ་གཟུགས་ལ་སོགས་པ་ཡུལ་དྲུག་དང༌།མིག་ལ་སོགས་པ་ཡུལ་ཅན་རྣམ་པར་དག་པ་རྣམས་ཀྱི་གཞན་གཟུགས་ལ་སོགས་པ་དེ་རྣམས་དང་གཞན་མིག་ལ་སོགས་པ་དེ་རྣམས་རྣམ་པར་དག་པ་ནི་གཟུགས་རྡོ་རྗེ་མ་ལ་སོགས་པ་རྣམས་དང་ལྷན་ཅིག་ཏུ་སའི་སྙིང་པོ་ལ་སོགས་པ་སྟེ། བྱང་ཆུབ་སེམས་དཔའ་ཕྱག་རྒྱར་བཅས་པ་དག་པའོ། །ཞེས་པ་ལ་སོགས་པས། རང་སྟོང་དུ་གནས་པའི་ཕུང་པོ་ཁམས་སོགས་ལས་གཞན་པའི་ཕུང་པོ་ཁམས་སོགས་ཡེ་ཤེས་ཀྱི་ལྷ་ཡང་ཡིན་ལ། སྟོང་ཉིད་ཀྱང་ཡིན་པ་ཤིན་ཏུ་མང་བར་གསུངས་པའི་ཕྱིར། རང་སྟོང་ལས་གཞན་པའི་སྟོང་ཉིད་ཟབ་མོ་ཡོད་པར་གྲུབ་བོ། །དེ་བཞིན་དུ། གློ་བུར་དྲི་མའི་ཕུང་པོ་ཁམས་སོགས་རང་སྟོང་དུ་གནས་པ་རྣམས་འགགས་པས་བདེ་གཤེགས་སྙིང་པོའི་ཕུང་པོ་ཁམས་སོགས་ཡེ་ཤེས་ཀྱི་ལྷར་བཞུགས་པ་རྣམས་ཐོབ་པར་གསུངས་པ་འདིས་ཀྱང༌། སྦྱང་བྱ་དྲི་མ་ཟད་པས་སྦྱང་གཞི་བདེ་གཤེགས་སྙིང་པོ་མི་ཟད་པར་བསྟན་པ་ཡང་ཡིན་ནོ། །འཕགས་པ་རྡོ་རྗེ་སྙིང་པོའི་ཞལ་སྔ་ནས་ཀྱང༌། དངོས་པོའི་འཆིང་བ་དེ་ཡིས་རྣམ་པར་ཤེས་པ་དང་མིག་ལ་སོགས་པ་བཅིངས་པའོ། །དེ་ཡོངས་སུ་ཤེས་པས་གྲོལ་བར་འགྱུར་བ་ནི་ཡུལ་དང་དབང་པོ་དེ་རྣམས་འགགས་པ་ནི་ཡོངས་སུ་ཤེས་པ་ཞེས་བྱའོ། །དེ་བས་ན་དངོས་པོ་ཉིད་ཀྱིས་གྲོལ་བར་འགྱུར་བ་ནི། ལྷའི་མིག་ལ་སོགས་པ་རྣམས་ཀྱིས། འདས་པ་དང་མ་འོངས་པའི་ཡུལ་རྣམས་མཐོང་བས་རྣམ་པར་ཤེས་པ་དྲུག་དག་གྲོལ་བར་འགྱུར་རོ། །རྣམ་པར་ཤེས་པ་དེ་ནི་གཞན་ཡིན་ནོ། །ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའོ། །དེ་བཞིན་དུ། གཟུགས་ལ་སོགས་པ་དེ་དག་ཀྱང་གཞན་ཞེས་བྱའོ། །དེའི་ཕྱིར། ཐམས་ཅད་དུ་ནི་ཕྱག་དང་ཞབས། །ཐམས་ཅད་དུ་ནི་སྤྱན་ཞལ་དབུ། །འཇིག་རྟེན་ཀུན་སྒྲ་གསན་དང་ལྡན། །ཐམས་ཅད་ལ་ནི་ཁྱབ་པར་བཞུགས། །ཞེས་གསུངས་ཏེ། ཡུལ་དང་དབང་པོ་རྣམས་མ་འགགས་ན་བཅིངས་པ་དང༌། འགགས་ན་གྲོལ་བར་བསྟན་ཅིང༌། རྣམ་ཤེས་གཞན་ལ་སོགས་པའི་དབང་པོ་ཐམས་ཅད་པའི་ཡེ་ཤེས་ཀྱི་སྐུ་ཀུན་ཁྱབ་ཏུ་བཞུགས་པར་གསུངས་པ་འདི་ཡང་རང་སྟོང་ལས་གཞན་པའི་སྟོང་ཉིད་ཡིན་ནོ། །བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་གི་ཞལ་སྔ་ནས། དཔལ་ལྡན་དྲི་མ་དང་བྲལ་བའི་འོད་དུ་ཡང༌། ས་ལ་སོགས་པ་འདི་དག་གི་དབུས་སུ་རྡོ་རྗེ་ཅན་ནི་རང་བཞིན་མིན་ཞིང་རྣམ་འགྱུར་མིན་ཏེ། ཁྱབ་བྱེད་རང་བཞིན་མེད་པའོ། །གང་གིས་ཕྱིར་འཁོར་བའི་བག་ཆགས་ལས་གྲོལ་བའི་སེམས་ཀྱི་ཆོས་ཡིན་པ་དེའི་ཕྱིར། གང་སེམས་ཡོད་པའི་སེམས་དེ་ནི་སེམས་མ་ཡིན་ནོ། །ཞེས་འཁོར་བའི་སེམས་དང་བྲལ་བ་མྱ་ངན་ལས་འདས་པའི་སེམས་གཞན་ཡོད་པ་ནི་རྡོ་རྗེ་ཅན་གྱི་མིང་གིས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །ཞེས་པ་སྟེ། རྒྱས་པར་བླ་མའི་མན་ངག་ལས་ཁོང་དུ་ཆུད་པར་བྱའོ། །

གཞན་ཡང༌། དེ་ཉིད་དུ། འདིར་སེམས་ཀྱི་རྡོ་རྗེ་རྣམ་པ་བཞི་རྣམ་པར་དག་པ་ནི་སྐུ་བཞིའི་མཚན་ཉིད་དུ་འགྱུར་ཏེ། བཟློག་པར་དཀའ་བའི་འདོད་ཆགས་ཀྱི་དྲི་མས་ཀུན་ནས་བགོས་པ་བྷ་ག་དང་དབང་པོའི་བདག་ཉིད་བཞི་པའི་སེམས་ཀྱི་དངོས་པོ་མེད་པའི་སེམས་ནི་ངོ་བོ་ཉིད་ཀྱི་སྐུ་སྟེ། ཐམས་ཅད་མཁྱེན་པ་ཞེས་པའོ། །མུན་པས་ཟིལ་གྱིས་མནན་པ་ཤིན་ཏུ་གཉིད་ལོག་པའི་སེམས་ཀྱི་དངོས་པོ་མེད་པའི་སེམས་ནི་ཆོས་ཀྱི་སྐུ་སྟེ། ཡེ་ཤེས་སྐུ་ཞེས་བྱའོ། །སྲོག་གིས་བསྐྱེད་པ་ཡོད་པ་དང་མེད་པའི་རྨི་ལམ་གྱི་སེམས་ཀྱིས་དངོས་པོ་མེད་པའི་སེམས་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། ཉིན་མོར་བྱེད་པའི་སྐུ་ཞེས་བྱའོ། །རྣམ་པར་རྟོག་པ་དུ་མའི་དངོས་པོའི་འདུ་ཤེས་སད་པའི་སེམས་ཀྱི་དངོས་པོ་མེད་པའི་སེམས་ནི་སྤྲུལ་པའི་སྐུ་སྟེ་པད་མའི་འདབ་མ་རྒྱས་པའི་སྤྱན་ཞེས་བྱའོ། །ཞེས་གསུངས་ཏེ། འདི་དག་གིས་ཀྱང་ཀུན་རྫོབ་རང་སྟོང་དང་དོན་དམ་གཞན་སྟོང་དུ་བསྟན་པ་ཡིན་ནོ། །ཇི་ལྟར་བསྟན་ཞེ་ན། བཞི་པའི་སེམས་ཀྱི་དངོས་པོ་ནི་གློ་བུར་དྲི་མ་ཡིན་པའི་རང་སྟོང་ངོ༌། །དེ་མེད་པའི་གཞི་དོན་དམ་བདེ་གཤེགས་སྙིང་པོ་འགྱུར་མེད་བདེ་བའི་སེམས་ནི་ངོ་བོ་ཉིད་ཀྱི་སྐུ་སྟེ་ནམ་ཡང་མེད་པ་མ་ཡིན་ཞིང་གཙང་བ་དང་བདེ་བ་དང་རྟག་པ་དང་བདག་གི་མཐར་ཐུག་པ་ཡིན་པའི་ཕྱིར། རང་སྟོང་ནི་མ་ཡིན་ལ། སྟོང་པ་ཆེན་པོ་ཡང་ཡིན་པའི་ཕྱིར། གཞུང་འདིས་ཀྱང་དོན་དམ་པ་གཞན་སྟོང་དུ་གྲུབ་བོ། །དེ་བཞིན་དུ། གཉིད་སྟུག་དང༌། རྨི་ལམ་དང༌། སད་པའི་སེམས་ཀྱི་དངོས་པོ་རྣམས་ནི་རང་སྟོང་ངོ༌། །དེ་རྣམས་མེད་པའི་གཞི་དོན་དམ་བདེ་གཤེགས་སྙིང་པོའི་ཐུགས་དང་གསུང་དང་སྐུའི་སེམས་རྣམས་ནི་ཆོས་ཀྱི་སྐུ་དང་ལོངས་སྤྱོད་རྫོགས་པའི་སྐུ་དང༌། སྤྲུལ་པའི་སྐུ་དོན་དམ་པས་བསྡུས་པ་དག་སྟེ། དེ་རྣམས་ཀྱང་གཞན་སྟོང་ངོ༌། །འདིར་སེམས་ཀྱི་དངོས་པོ་མེད་པའི་སེམས་ཞེས་པ་ལན་བཞི་གསུངས་པ། འདི་རྣམས་ཀྱང་སྔར་སྨོས་པའི། གང་ཞིག་གང་ན་མེད་པ་དེ་དེས་སྟོང་ངོ༌། །འདི་ལ་ལྷག་མ་གང་ཡོད་པ་དེ་རྟག་ཏུ་ཡོད་དོ། །ཞེས་སོགས་དང་ཤིན་ཏུ་མཐུན་ནོ། །ཡོད་མེད་ཤེས་ཚུལ་ཡང་དེ་བཞིན་ནོ། །འདི་དག་གིས་ནི་སྦྱར་བྱའི་དྲི་མ་དང་སྦྱང་བའི་གཞི་ཐ་དད་པར་ཡང་བསྟན་ཅིང༌། དེ་ཡང་ལྡོག་པ་ཐ་དད་པ་ཙམ་ནི་མ་ཡིན་ཏེ། བཅོས་མ་གློ་བུར་བ་དང་རང་བཞིན་གཉུག་མའི་ཁྱད་པར་ཡོད་པའི་ཕྱིར་དང༌། ཀུན་རྫོབ་དང་དོན་དམ་པའི་ཁྱད་པར་ཡོད་པའི་ཕྱིར་དང༌། རྣམ་ཤེས་དང་ཡེ་ཤེས་ཀྱི་ཁྱད་པར་ཡོད་པའི་ཕྱིར་དང༌། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཁྱད་པར་ཡོད་པའི་ཕྱིར་དང༌། འདུས་བྱས་དང་འདུས་མ་བྱས་ཀྱི་ཁྱད་པར་ཡོད་པའི་ཕྱིར་དང༌། སྡུག་བསྔལ་དང་བདེ་བའི་ཁྱད་པར་ཡོད་པའི་ཕྱིར་དང༌། ཟག་བཅས་དང་ཟག་མེད་ཀྱི་ཁྱད་པར་ཡོད་པའི་ཕྱིར་དང༌། ཆོས་སྐུའི་ཡོན་ཏན་ཚང་བ་དང་མ་ཚང་བའི་ཁྱད་པར་ཡོད་པའི་ཕྱིར་དང༌། གཞོམ་དུ་རུང་བ་དང་མི་རུང་བ་ལ་སོགས་པ་ཁྱད་པར་ཆེས་ཆེ་བ་མང་པོའི་སྒོ་ནས་ཁྱད་པར་ཞུགས་པའི་ཕྱིར་རོ། །དེ་བཞིན་དུ། སྔགས་ནས་སྤང་བྱ་གསུངས་པར་གཞུང་འདིར་ཡང་གྲུབ་པ་ཡིན་ནོ། །དེ་བཞིན་དུ། སེམས་གང་ཞིག་ཡོད་པའི་སེམས་དེ་ནི་སེམས་མེད་པ་ཞེས་རང་བཞིན་འོད་གསལ་གྱི་སེམས་ཡང་དང་ཡང་དུ་གསུངས་པ་ལས་ཀྱང་དོན་དམ་གཞན་སྟོང་གསུངས་པར་ཁོང་དུ་ཆུད་དེ། འདིར་དོན་དམ་གྱི་སེམས་ནི་ཡོད་པའི་སེམས་སོ། །ཀུན་རྫོབ་ཀྱི་སེམས་ནི་མེད་པའི་སེམས་སོ། །དེའི་ཕྱིར་སེམས་གང་ཞིག་ཡོད་པའི་སེམས་ཞེས་པ་དོན་དམ་བྱང་ཆུབ་ཀྱི་སེམས་རང་བཞིན་འོད་གསལ་བ་སྟེ། སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་ཅིང་དྲི་མ་མེད། །ཅེས་གསུངས་པ་ཡང་དེ་ཡིན་ནོ། །དེ་ནི་སེམས་མེད་པ་ཞེས་པ་རང་གི་ངོ་བོར་སེམས་དང་ཡིད་དང་རྣམ་པར་ཤེས་པ་མེད་པ་སྟེ། རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར་རོ། །དེས་ན་ཀུན་རྫོབ་དང་རང་སྟོང་གི་སེམས་ཀྱིས་སྟོང་པའི་གཞི་ལ། དོན་དམ་གཞན་སྟོང་གི་སེམས་རང་བཞིན་པ་རྟག་ཏུ་བཞུགས་པར་དགོངས་སོ། །དོན་དམ་གཞན་སྟོང་གི་སེམས་རང་བཞིན་པ་རྟག་ཏུ་བཞུགས་པར་དགོངས་སོ། །དེ་བཞིན་དུ། སེམས་མེད་པའི་སེམས་ཀྱི་རྡོ་རྗེ་ཞེས་ཡང་ཡང་གསུངས་པའི་དོན་ཡང་སྔ་མ་དང་མཐུན་པར་ཁོང་དུ་ཆུད་པར་བྱ་སྟེ། འདིར་ཀུན་རྫོབ་ཀྱི་སེམས་མེད་པའི་གཞི་སེམས་ཀྱི་རྡོ་རྗེ་ནི་རྡོ་རྗེ་སེམས་དཔའ་སྟེ། མི་ཆོད་པ་དང་མི་ཤིགས་པ་ཆེན་པོ་དོན་དམ་པའི་སེམས་སོ། །དེ་བཞིན་དུ། རྣམ་པ་ཀུན་ལྡན་རྣམ་པ་མེད། །ཅེས་པ་ཡང༌། རྣམ་པ་ཀུན་ལྡན་ནི་དོན་དམ་གཞན་སྟོང་གི་སེམས་ཏེ། རྣམ་པ་མེད་ཅེས་པ་ཀུན་རྫོབ་ཀྱི་རྣམ་པའམ་དངོས་པོ་མེད་པའོ། །འདི་ཡང་དཔལ་ལྡན་དྲི་མ་མེད་པའི་འོད་དུ། རྣམ་པར་བཅས་ཀྱང་རྣམ་མེད་བཅོམ་ལྡན་འདས་མ་ཤེས་རབ་མ་སྟེ་དེ་ཡིས་འཁྱུད། །ཅེས་གསུངས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྟེ། དོན་དམ་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་ལ་དབྱེར་མེད་དུ་འཁྱུད་པར་གསུངས་པ་ཡིན་ནོ། །དེ་བཞིན་དུ། དཔལ་ཕྱག་ན་རྡོ་རྗེའི་ཞལ་སྔ་ནས་ཀྱང༌། དེ་ལྟར་རྣམ་པ་ཀུན་ལྡན་རྣམ་པ་མེད་ནི་རྒྱུ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་སྟོང་པ་ཉིད་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའོ། །ཞེས་གསུངས་སོ། །དེ་བས་ན་དམིགས་པ་དང་བཅས་པའི་སྟོང་པ་ཉིད་ཅེས་པ་དང༌། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཅེས་པ་ཡང༌། དོན་དམ་གཞན་སྟོང་ལ་དགོངས་ཀྱི། གཟུགས་སོགས་རང་བཞིན་གང་དུ་ཡང་མ་གྲུབ་པ་ཙམ་གྱི་རང་སྟོང་གིས་ནི་དེ་དག་གི་གོ་མི་ཆོད་དོ། །དེ་དག་གི་ཡོན་ཏན་དཔག་ཡས་གསུངས་པ་རྣམས་དེ་ལ་མ་ཚང་བའི་ཕྱིར་རོ། །དེ་བཞིན་དུ། སྟོང་པ་ཆེན་པོ་ཡི་གེ་ལྔ་དང༌། ཐིག་ལེ་སྟོང་པ་ཡི་གེ་དྲུག །ཅེས་གསུངས་པ་ཡང་རང་སྟོང་མ་ཡིན་ཏེ། དེ་དག་ནི་གདོད་མ་ཉིད་ནས་སྒྲིབ་བྲལ་རོ་མཉམ་གཞོམ་མེད་རྡོ་རྗེའམ། རང་བཞིན་རྣམ་པར་དག་པའི་ཕུང་པོ་གཞན་དང་ཁམས་གཞན་དང་དབང་པོ་གཞན་དང༌། ཡུལ་གཞན་ལ་སོགས་པ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་རང་བྱུང་གི་ཡེ་ཤེས་རྟེན་འབྲེལ་ལས་འདས་པ་ལ་གསུངས་པའི་ཕྱིར་རོ། །གཞན་ཡང༌། ཆ་མེད་ཀུན་འགྲོ་ཁྱབ་པ་པོ་དང༌། རྣམ་བཅུ་དབང་ལྡན་ཆེ་བ་པོ་དང༌། རྡོ་རྗེའི་ཉི་མ་སྣང་བ་ཆེ་དང༌། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག་དང༌། དངོས་པོ་ཀུན་གྱི་རང་བཞིན་མཆོག་དང༌། གཟུགས་མེད་གཟུགས་བཟང་དམ་པ་ལ་སོགས་པ་རྒྱུད་སྡེ་ཟབ་མོ་རྣམས་སུ་ངེས་དོན་མཐར་ཐུག་གི་སྟོང་ཉིད་གསུངས་པ་ཐམས་ཅད་དོན་དམ་གཞན་སྟོང་ཡིན་པའི་ཤེས་བྱེད་ཐུན་མོང་མ་ཡིན་པ་ཟབ་ཅིང་རྒྱ་ཆེ་བར་བདོག་ཀྱང༌། དེ་རྣམས་ཐམས་ཅད་བྲིས་ན་ཡི་གེ་ཧ་ཅང་མང་པར་འགྱུར་ཞིང༌། རབ་ཏུ་གསལ་བར་བྲིས་ནས་སྣོད་མ་བརྟགས་པ་ལ་བསྐུར་བ་གསང་སྔགས་ཀྱི་ཚུལ་ལ་མི་འཐད་པའི་ཕྱིར་དང༌། མདོར་བསྡུས་པ་ཙམ་བྲིས་ཀྱང་རིགས་ལྡན་ས་བཅུ་པའི་མན་ངག་མེད་པ་རྣམས་ཀྱིས་རྟོགས་པར་དཀའ་ཞིང༌། སླར་ལོག་རྟོག་དང་ཐེ་ཚོམ་ཇེ་མང་ལ་འགྲོ་བའི་ཕྱིར་འདིར་མ་བྲིས་སོ། །

དེ་བཞིན་དུ། ཕྱག་བཅུ་དྲུག་དང༌། དུར་ཁྲོད་བཅུ་དྲུག་དང༌། པད་འདབ་བཅུ་དྲུག་དང༌། དཀྱིལ་འཁོར་གྱི་ཆ་བཅུ་དྲུག་ལ་སོགས་པས་མཚོན་ནས་བསྟན་པའི་དོན་དམ་གཞན་སྟོང་བཅུ་དྲུག་ལ་སོགས་པ་ཡེ་ཤེས་ཀྱང་ཡིན་ལ་སྟོང་ཉིད་ཀྱང་ཡིན་པའི་ཚུལ་ཤིན་ཏུ་མང་པོ་ཞིག་གསང་སྔགས་རྒྱུད་སྡེ་རྣམས་སུ་གསུངས་ཤིང་དེ་རྣམ་རང་སྟོང་མ་ཡིན་པའི་རྒྱུ་མཚན་ཡང་དག་པ་ཡང་བདོག་སྟེ་འདིར་མ་བྲིས་སོ། །

གཞན་ཡང༌། དེ་བཞིན་ཉིད་དང་ཡང་དག་པའི་མཐའ་དང༌། མཚན་མ་མེད་པའི་དབྱིངས་དང༌། དོན་དམ་པའི་བདེན་པ་དང༌། ཆོས་ཀྱི་དབྱིངས་དང༌། བྱང་ཆུབ་ཀྱི་སེམས་དང༌། ཨེ་ཡིག་དང༌། གསང་བ་དང༌། གསང་ཆེན་དང༌། མཁའ་ཁམས་དང༌། བྷ་ག་དང༌། ཆོས་འབྱུང་དང༌། ཆུ་སྐྱེས་དང༌། སེང་གེའི་ཁྲི་དང༌། རྡོ་རྗེ་དང༌། ཨ་ཡིག་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དང༌། ཕྱག་རྒྱ་ཆེན་མོ་དང༌། སྣ་ཚོགས་ཡུམ་དང༌། རྡོ་རྗེ་ཕག་མོ་དང༌། རྡོ་རྗེ་བདག་མེད་མ་ལ་སོགས་པ་དུ་མ་དང༌། དོན་གཅིག་པའི་སྟོང་པ་ཉིད་གང་ཡིན་པ་དེ་ནི་རང་སྟོང་མ་ཡིན་ཞིང༌། རང་སྟོང་གང་ཡིན་པ་དེ་ཡང་དེ་བཞིན་ཉིད་ལ་སོགས་པ་དེ་རྣམས་ཡིན་མི་སྲིད་པའི་ཕྱིར། གཟུགས་སོགས་རང་བཞིན་མ་གྲུབ་པའི་རང་སྟོང་ལས་གཞན་པའི་སྟོང་ཉིད་གོ་ཆོད་པོ་ཡོད་པར་གྲུབ་བོ། །དེ་ཡང་རྒྱལ་བ་བྱམས་པའི་ཞལ་སྔ་ནས། སྟོང་པ་ཉིད་ནི་མདོར་བསྡུ་ན། །དེ་བཞིན་ཉིད་དང་ཡང་དག་ མཐའ། །མཚན་མ་མེད་དང་དོན་དམ་དང༌། །ཆོས་ཀྱི་དབྱིངས་ནི་རྣམ་གྲངས་སོ། །གཞན་མིན་ཕྱིན་ཅི་ལོག་མ་ཡིན། །དེ་འགགས་འཕགས་པའི་སྤྱོད་ཡུལ་དང༌། །འཕགས་པའི་ཆོས་ཀྱི་རྒྱུ་ཡི་ཕྱིར། །རྣམ་གྲངས་དོན་དེ་གོ་རིམ་བཞིན། །ཞེས་པ་དང༌། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང༌། བྱང་ཆུབ་སེམས་མཆོག་དེ་ཉིད་ནི། །དེ་བཞིན་ཉིད་དང་ཡང་དག་མཐའ། །མཚན་མ་མེད་དང་དོན་དམ་དང༌། །སྟོང་པ་ཉིད་ཅེས་བཤད་པ་ཡིན། །ཞེས་པ་དང༌། མཆོག་གི་དང་པོའི་སངས་རྒྱས་སྟོང་ཕྲག་བཅུ་གཉིས་པར་ཡང༌། ཨེ་གསང་མཁའ་ཁམས་བྷ་ག་འམ། །ཆོས་འབྱུང་ཆུ་སྐྱེས་སེང་གེའི་ཁྲི། །ཞེས་པ་དང༌། བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་གི་ཞལ་སྔ་ནས་ཀྱང༌། དེ་བཞིན་དུ། ཨེ་ཡིག་དང༌། གསང་བ་དང༌། པད་མ་དང༌། ཆོས་འབྱུང་དང༌། ནམ་མཁའི་དབྱིངས་དང༌། བདེ་བ་ཆེན་པོའི་གནས་དང༌། སེང་གེའི་ཁྲི་དང༌། བྷ་ག་དང༌། གསང་བའི་མིང་རྣམས་ཀྱི་ནང་ནས། ཨེ་ཡིག་གཅིག་པུ་གཙོ་བོའི་མིང་མ་ཡིན་ཏེ། ཐམས་ཅད་ཀྱིས་རྣམ་པ་ཐམས་ཅད་པའི་མིང་སྟོང་པ་ཉིད་གོ་བར་བྱེད་པའི་ཕྱིར་རོ། །ཞེས་གསུངས་ཏེ། གཅིག་ལ་རྣམ་པ་ཐམས་ཅད་པ་ཚང་བ་ནི་ཀུན་རྫོབ་ཀྱི་ཆོས་གང་ལ་ཡང་མི་སྲིད་དོ། །དེ་བས་ན་ཨེ་ཡིག་ལ་སོགས་པའི་རྣམ་གྲངས་དུ་མ་ཅན། དོན་གཅིག་ཉིད་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ནི། དོན་དམ་སྟོང་ཉིད་ཡིན་གྱི་ཀུན་རྫོབ་སྟོང་ཉིད་ཡིན་མི་སྲིད་དོ། །གལ་ཏེ་དེ་བཞིན་ཉིད་ལ་སོགས་པ་རྣམ་གྲངས་དུ་མ་གསུངས་པའི་སྟོང་ཉིད་ནི་གཟུགས་སོགས་མཐའ་དག་རང་བཞིན་མ་གྲུབ་པའི་སྟོང་ཉིད་འདི་ཁོ་ན་ཡིན་ནོ་སྙམ་ན། དེ་ཙམ་གྱིས་དེ་བཞིན་ཉིད་ལ་སོགས་པ་དེ་རྣམས་ཀྱིས་གོ་མི་ཆོད་དོ། །གལ་ཏེ་ཆོད་ན་ལོག་སྲེད་ཅན་གཏན་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ཞེས་གསུངས་པ་གང་ཡིན་པ་དེ་ཡང་དེ་བཞིན་ཉིད་ཡིན་པར་འགྱུར་ཏེ། རང་བཞིན་མ་གྲུབ་པའི་སྟོང་པ་ཉིད་ཡིན་པའི་ཕྱིར་རོ། །དེ་འདོད་ན་དེ་སངས་རྒྱས་ཡིན་པར་འགྱུར་ཏེ། དེ་བཞིན་ཉིད་ཡིན་པའི་ཕྱིར་རོ། །འདི་ལ་ཁྱབ་པ་མེད་དོ་སྙམ་དུ་བསམ་པར་མི་བྱ་སྟེ། དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་བསྟན་པའི་མདོར། དེ་བཞིན་ཉིད་ཀྱི་དོན་གང་ཡིན་པ་དེ་དེ་བཞིན་གཤེགས་པའི་དོན་ ཏོ། །ཞེས་པ་དང༌། རྒྱལ་བ་བྱམས་པའི་ཞལ་སྔ་ནས། དེ་བཞིན་ཉིད་ནི་སངས་རྒྱས་འདོད། །ཅེས་པ་དང༌། འཕགས་པ་བརྒྱད་སྟོང་པར་ཡང༌། དེ་བཞིན་ཉིད་ལ་ནི་འོང་བའམ་འགྲོ་བ་མེད་དེ། དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །ཞེས་པ་ལ་སོགས་པ་དེ་བཞིན་ཉིད་སངས་རྒྱས་ཡིན་པར་སྟོན་པའི་ལུང་རྣམ་དག་ཤིན་ཏུ་མང་བར་བཞུགས་པའི་ཕྱིར་རོ། །

གཞན་ཡང༌། རང་རང་ངོ་བོས་སྟོང་པ་དེ་བཞིན་ཉིད་ཡིན་ན། གཞན་དང་གཞན་དུ་འགྱུར་བའི་དངོས་པོ་རྣམས་ཀྱང་དེ་བཞིན་ཉིད་ཡིན་པར་འགྱུར་ཏེ། རང་རང་ངོ་བོས་སྟོང་པ་ཡིན་པའི་ཕྱིར་རོ། །དེ་འདོད་ན་གཞན་དང་གཞན་དུ་མི་འགྱུར་བ་མ་ཡིན་པར་ཧ་ཅང་ཐལ་ཏེ། འཕགས་པ་ཐོགས་མེད་ཀྱི་ཞལ་སྔ་ནས། ཅིའི་ཕྱིར་དེ་བཞིན་ཉིད་ལ་དེ་བཞིན་ཉིད་ཅེས་བྱ་ཞེ་ན། གཞན་དུ་མི་འགྱུར་བ་ཉིད་ཀྱི་ཕྱིར་རོ། །ཞེས་དང༌། རྒྱལ་བ་བྱམས་པའི་ཞལ་སྔ་ནས་ཀྱང༌། གཞན་མིན་ཞེས་པ་གཞན་དང་གཞན་དུ་མི་འགྱུར་བའི་དོན་དང༌། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་གང་ཡིན་པ་དེ་དེ་བཞིན་ཉིད་ཀྱི་དོན་དུ་གསུངས་པའི་ཕྱིར་རོ། །གཞན་ཡང་རང་སྟོང་གིས་དེ་བཞིན་ཉིད་ཀྱི་གོ་མི་ཆོད་ན། མི་དགེ་བ་རྣམས་ཀྱང་རང་རང་གི་ངོ་བོས་སྟོང་པའི་ཕྱིར། དེ་བཞིན་ཉིད་ཡིན་པར་འགྱུར་ལ། དེ་འདོད་ན་དགེ་བ་ཡིན་པར་ཧ་ཅང་ཐལ་བར་འགྱུར་ཏེ། འཕགས་པ་ཐོགས་མེད་ཀྱི་ཞལ་སྔ་ནས། དོན་དམ་པའི་དགེ་བ་གང་ཞེ་ན་དེ་བཞིན་ཉིད་དོ། །ཞེས་གསུངས་པའི་ཕྱིར་དང༌། ལང་ཀར་གཤེགས་པ་དང༌། རྒྱན་སྟུག་པོ་བཀོད་པ་ལ་སོགས་པར་ཡང༌། བདེ་གཤེགས་སྙིང་པོ་དེ་བཞིན་ཉིད་དགེ་བ་ཡིན་པའི་བར་གསུངས་པའི་ཕྱིར་རོ། །དེ་ལྟ་བས་ན་དངོས་པོ་འགྱུར་བའི་ཆོས་ཅན་རྣམས་སྟོང་ཉིད་ཡིན་ཡང་དེ་བཞིན་ཉིད་མ་ཡིན་ནོ། །དེ་བཞིན་ཉིད་གང་ཡིན་པ་དེ་སྟོང་ཉིད་ཡིན་ཡང་རང་སྟོང་མ་ཡིན་ནོ། །དེ་ལྟ་བས་ན་གཟུགས་སོགས་མཐའ་དག་རང་བཞིན་མ་གྲུབ་པའི་སྟོང་ཉིད་གོ་ཆོད་པོ་གཅིག་པུ་ལས་གཞན་པའི་སྟོང་ཉིད་མེད་པར་འདོད་ན། རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་དགོངས་པ་ལས་ཕྱི་རོལ་ཏུ་གྱུར་པ་ཡིན་པར་གསུང་རབ་འདི་དག་གིས་ཀྱང་ལེགས་པར་བསྟན་པ་ཡིན་ནོ། །གཞན་ཡང་ཆོས་ཐམས་ཅད་རང་རང་ངོ་བོས་སྟོང་པའི་རང་སྟོང་དེས་ཡང་དག་པའི་མཐའི་གོ་ཆོད་ན། ཕྱིན་ཅི་ལོག་གང་ཡིན་པ་དེ་རྣམས་ཀྱང་རང་རང་ངོ་བོས་སྟོང་པ་ཡིན་པའི་ཕྱིར་ཡང་དག་པའི་མཐའ་ཡང་ཡིན་པར་འགྱུར་ལ། དེ་འདོད་ན་ཕྱིན་ཅི་ལོག་མ་ཡིན་པར་ཧ་ཅང་ཐལ་བར་འགྱུར་ཏེ། རྗེ་བཙུན་བྱམས་མགོན་གྱི་ཞལ་སྔ་ནས། ཕྱིན་ཅི་ལོག་མ་ཡིན་ཞེས་ཡང་དག་པའི་མཐའི་དོན་ཕྱིན་ཅི་མ་ལོག་པ་ལ་གསུངས་པའི་ཕྱིར་རོ། །གཞན་ཡང་མཚན་མ་མ་འགགས་པའི་དངོས་པོ་གང་ཡིན་པ་རྣམས་ཀྱང་རང་རང་ངོ་བོས་སྟོང་པ་ཡིན་པའི་ཕྱིར། མཚན་མ་མེད་པའི་དབྱིངས་ཡིན་པར་འགྱུར་ལ། དེ་འདོད་ན་མཚན་མ་འགགས་པ་ཡིན་པར་ཧ་ཅང་ཐལ་བར་འགྱུར་ཏེ། རྗེ་བཙུན་བྱམས་མགོན་གྱི་ཞལ་སྔ་ནས། དེ་འགགས་ཞེས་མཚན་མ་མེད་པའི་དབྱིངས་ཀྱི་དོན་མཚན་མ་དེ་འགགས་པ་ལ་གསུངས་པའི་ཕྱིར་དང༌། འཕགས་པ་ཐོགས་མེད་ཀྱི་ཞལ་སྔ་ནས་ཀྱང༌། ཅྀའི་ཕྱིར་མཚན་མ་མེད་པ་ཞེས་བྱ་ཞེ་ན། མཚན་མ་ཉེ་བར་ཞི་བའི་ཕྱིར་ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་དོན་དམ་པའི་བདེན་པ་མ་ཡིན་པ་སྒྲིབ་པ་གཉིས་ཀྱང་རང་རང་ངོ་བོས་སྟོང་པའི་ཕྱིར་དོན་དམ་པའི་བདེན་པ་ཡིན་པར་འགྱུར་ལ། དེ་འདོད་ན་ཆོས་ཅན་དང་འགལ་ཞིང༌། གཞན་ཡང་སྒྲིབ་པ་གཉིས་པོ་དེ་གང་གིས་ཀྱང་སྤང་དུ་རུང་མི་སྲིད་པར་འགྱུར་ཏེ། དོན་དམ་པའི་བདེན་པ་མེད་པ་ཡིན་པའི་ཕྱིར་རོ། །རྟགས་དེ་ཁས་བླངས་སོ། །གཞན་ཡང་དེ་འཕགས་པའི་ཡེ་ཤེས་དམ་པའི་རང་རིག་གི་སྤྱོད་ཡུལ་ཡིན་པར་ཧ་ཅང་ཐལ་བར་འགྱུར་ཏེ། དཔལ་མགོན་བྱམས་པའི་ཞལ་ལྔ་ནས། འཕགས་པའི་སྤྱོད་ཡུལ་ཞེས་དོན་དམ་པའི་བདེན་པ་འཕགས་པའི་ཡེ་ཤེས་དམ་པའི་རང་རིག་གི་སྤྱོད་ཡུལ་གྱི་དོན་ལ་གསུངས་པའི་ཕྱིར་དང༌། འཕགས་པ་ཐོགས་མེད་ཞབས་ཀྱིས་ཀྱང༌། ཅིའི་ཕྱིར་དོན་དམ་པ་ཞེས་བྱ་ཞེ་ན། འཕགས་པའི་ཡེ་ཤེས་དམ་པའི་སྤྱོད་ཡུལ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང༌། རང་རང་ངོ་བོས་སྟོང་པ་ཙམ་གྱིས་ཆོས་ཀྱི་དབྱིངས་ཀྱི་གོ་ཆོད་ན། འཕགས་པའི་ཆོས་ཀྱི་རྒྱུ་མ་ཡིན་པ་འཁོར་བ་ངན་སོང་གི་རྒྱུར་གྱུར་པའི་ལས་དང་ཉོན་མོངས་པ་རྣམས་ཀྱང་རང་རང་ངོ་བོས་སྟོང་པ་ཡིན་པའི་ཕྱིར། ཆོས་ཀྱི་དབྱིངས་ཡིན་པར་འགྱུར་ལ། དེ་འདོད་ན་འཕགས་པའི་ཆོས་རྣམས་ཀྱི་རྒྱུ་ཡིན་པར་ཧ་ཅང་ཐལ་བར་འགྱུར་ཏེ། བཅོམ་ལྡན་འདས་བྱམས་པ་མགོན་པོའི་ཞལ་སྔ་ནས། འཕགས་པའི་ཆོས་ཀྱི་རྒྱུ་ཡི་ཕྱིར། །ཞེས་ཆོས་ཀྱི་དབྱིངས་ཀྱི་དོན་འཕགས་པའི་ཆོས་རྣམས་ཀྱི་རྒྱུ་ཡིན་པ་ལ་གསུངས་པའི་ཕྱིར་དང༌། འཕགས་པ་ཐོགས་མེད་ཞབས་ཀྱི་ཞལ་སྔ་ནས་ཀྱང༌། ཅིའི་ཕྱིར་ཆོས་ཀྱི་དབྱིངས་ཞེས་བྱ་ཞེ་ན། ཉན་ཐོས་དང་རང་སངས་རྒྱས་དང་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་རྒྱུ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་དོན་དམ་བྱང་ཆུབ་ཀྱི་སེམས་མ་ཡིན་པ་སྡིག་པའི་སེམས་གང་ཡིན་པ་རྣམས་ཀྱང་རང་རང་ངོ་བོས་སྟོང་པ་ཡིན་པའི་ཕྱིར། དོན་དམ་ཆོས་ཉིད་ཡིན་པར་འགྱུར་ལ། དེ་འདོད་ན་དོན་དམ་བྱང་ཆུབ་ཀྱི་སེམས་ཡིན་པར་ཧ་ཅང་ཐལ་བར་འགྱུར་ཏེ། འཕགས་པ་ཀླུ་སྒྲུབ་ཞབས་ཀྱི་ཞལ་སྔ་ནས། དོན་དམ་ཆོས་ཉིད་དེ་བཞིན་ཉིད་ཡང་དག་པའི་མཐའ་གང་ཡིན་པ་དེ་ཉིད་དོན་དམ་བྱང་ཆུབ་ཀྱི་སེམས་ཡིན་པར་གསུངས་པའི་ཕྱིར་རོ། །དེ་ལ་དོན་དམ་བྱང་ཆུབ་ཀྱི་སེམས་ནི། ཇི་སྐད་དུ། ཐོག་མཐའ་མེད་ཅིང་ཞི་བ་སྟེ། །དངོས་དང་དངོས་མེད་ཟད་པའི་གཙོ། །སྟོང་ཉིད་སྙིང་རྗེའི་དབྱེར་མེད་པ། །བྱང་ཆུབ་སེམས་ཞེས་བསྟན་པའོ། །ཞེས་གསུང་རབ་མང་པོར་གང་གསུངས་པ་དེ་ཉིད་དོ། །འདིས་ནི་ཆོས་ཀྱི་དབྱིངས་དང་རང་བྱུང་གི་ཡེ་ཤེས་དབྱེར་མེད་གཅིག་པ་ཉིད་དུ་བསྟན་པ་ཡང་ཡིན་ནོ། །གཞན་ཡང་རང་རང་ངོ་བོས་སྟོང་པ་ལས་གཞན་པའི་སྟོང་ཉིད་གོ་ཆོད་མེད་ན། ངེས་དོན་གྱི་བྷ་ག་ལ་སོགས་པ་སྟོང་ཉིད་ཀྱི་རྣམ་གྲངས་མང་པོ་གསུངས་པ་དེ་རྣམས་ཀྱང་རང་རང་ངོ་བོས་སྟོང་པའི་སྟོང་ཉིད་ཀྱི་རྣམ་གྲངས་ཡིན་པར་འགྱུར་ལ། དེ་འདོད་ན་རང་སྟོང་གང་ཡིན་ཆོས་ཉིད་ཀྱི་བྷ་ག་ཡིན་པ་དང༌། ཆོས་ཉིད་ཀྱི་བྷ་ག་གང་ཡིན་རང་སྟོང་ཡིན་པར་འགྱུར་ཏེ། དེ་དང་དེ་རྣམ་གྲངས་ཡིན་པའི་ཕྱིར་རོ། །དེ་འདོད་ན་དབང་ཕྱུག་ལ་སོགས་པ་ཐམས་ཅད་མཁྱེན་པའི་ཡོན་ཏན་ཚང་བ་མ་ཡིན་པ། གློ་བུར་དྲི་མ་རྣམས་ཀྱང་རང་རང་ངོ་བོས་སྟོང་པ་ཡིན་པའི་ཕྱིར། ཆོས་ཉིད་ཀྱི་བྷ་ག་ཡིན་པར་འགྱུར་ལ། དེ་འདོད་ན་དབང་ཕྱུག་ལ་སོགས་པའི་ཡོན་ཏན་རྣམས་ཚང་བའི་སངས་རྒྱས་རིན་ཆེན་ཟ་མ་ཏོག་ཡིན་པར་ཧ་ཅིང་ཐལ་བར་འགྱུར་ཏེ། ཕྱག་རྒྱ་ཆེན་པོ་ཐིག་ལེའི་རྒྱུད་དུ། ཇི་ལྟར་ཏིལ་སོགས་ཏིལ་མར་དང༌། །ཇི་ལྟར་ཤིང་ལ་གནས་པའི་མེ། །དེ་བཞིན་ཆོས་རྣམས་ཐམས་ཅད་ལ། །ཡང་དག་གནས་ཀྱང་མི་མཐོང་བ། །ཆོས་ཀྱི་དབྱིངས་ནི་བྷ་གར་བཤད། །བྷ་ག་རིན་ཆེན་ཟ་མ་ཏོག །གང་ཕྱིར་དབང་ཕྱུག་སོགས་ཡོན་ཏན། །ལྡན་པ་དེ་ཕྱིར་བྷ་གར་བཤད། །ཆོས་ནི་བྷ་ག་ཞེས་བྱར་གྲགས། །དབྱིངས་ནི་སེམས་སུ་ཤེས་པར་དྲན། །ཞེས་གསུངས་པའི་ཕྱིར། འདི་ལ་ཁྱབ་པ་ཡོད་དོ། །འདིར། དབྱིངས་ནི་སེམས་སུ་ཤེས་པར་དྲན། །ཞེས་ཆོས་ཀྱི་དབྱིངས་ཉིད་དོན་དམ་བྱང་ཆུབ་ཀྱི་སེམས་ཡིན་པར་གསུངས་པ་ལས་ནི། ཆོས་ཀྱི་དབྱིངས་དང༌། རང་བྱུང་གི་ཡེ་ཤེས་གཅིག་པར་ཡང་གྲུབ་བོ། །གཞན་ཡང་རང་རང་ངོ་བོས་སྟོང་པའི་རང་སྟོང་གིས་ངེས་དོན་གྱི་བྷ་གའི་གོ་ཆོད་ན། འདོད་པའི་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་རྣམས་མ་བཅོམ་ཞིང༌། གཞན་གྱི་ཐུབ་པའི་སེམས་ཅན་ངན་པ་སྡིག་ཅན་རྣམས་ཀྱང་རང་རང་ངོ་བོས་སྟོང་པ་ཉིད་ཡིན་པའི་ཕྱིར། ངེས་དོན་གྱི་བྷ་ག་ཡིན་པར་འགྱུར་ལ། དེ་འདོད་ན་དེ་ལ་ངེས་དོན་གྱི་བྷ་གའི་ཡོན་ཏན་ཚང་བར་ཧ་ཅང་ཐལ་བར་འགྱུར་རོ། །དེ་འདོད་པར་མི་ནུས་ཏེ། ཇི་སྐད་དུ། འདོད་པའི་འདོད་ཆགས་གཅོད་བྱེད་ཅིང༌། །ཉོན་མོངས་རྣམས་བཅོམ་གཞན་མི་ཐུབ། །དེ་ཕྱིར་དེ་ནི་བྷ་གར་བརྗོད། །ཅེས་ནཱ་རོ་འགྲེལ་ཆེན་དུ། རྗེ་ནཱ་རོ་པཎ་ཆེན་གྱིས་དྲངས་པ་དང་འགལ་བའི་ཕྱིར་རོ། །དེ་བཞིན་དུ། སྡུག་བསྔལ་རྒྱུ་དང་བཅས་པའི་ཕུང་པོ་ལ་སོགས་པ་མ་དག་པའི་ཁམས་རྣམས་ཀྱང་རང་རང་ངོ་བོས་སྟོང་པའི་ཕྱིར། ཆོས་ཉིད་ཀྱི་བྷ་ག་ཡིན་པར་འགྱུར་ལ། དེ་འདོད་ན་དེའི་ཡོན་ཏན་རྣམས་ཚང་བར་ཧ་ཅང་ཐལ་བར་འགྱུར་རོ། །དེ་འདོད་པར་མི་ནུས་ཏཻ། ཇི་སྐད་དུ། དབང་ཕྱུག་དང་ནི་གཟུགས་བཟང་དང༌། །དཔལ་དང་གྲགས་དང་ཡེ་ཤེས་དང༌། །བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ། །དྲུག་རྣམས་བྷ་ག་ཞེས་པར་བཤད། །སུམ་ཅུ་རྩ་དྲུག་ཁམས་དག་པ། །ས་སོགས་རྡོ་རྗེ་བཙུན་མོ་རྣམས། །དེ་ཡི་ཡོན་ཏན་དབང་ཕྱུག་སོགས། །དྲུག་པོ་དེ་རྣམས་བྷ་གར་གྲགས། །ཞེས་རྩ་རྒྱུད་མཆོག་གི་དང་པོའི་སངས་རྒྱས་ལས་གསུངས་པ་དང་འགལ་བའི་ཕྱིར་རོ། །

དེ་བཞིན་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་པའི་བདུད་དང་ཉོན་མོངས་པ་རྣམས་ཀྱང་རང་རང་ངོ་བོས་སྟོང་པའི་ཕྱིར། དོན་དམ་ཆོས་ཉིད་ཀྱི་བྷ་ག་ཡིན་པར་འགྱུར་ལ། དེ་འདོད་ན། འཇོམས་བྱེད་བྷ་ག་ཞེས་བྱ་སྟེ། །བདུད་དང་ཉོན་མོངས་དགྲ་འཇོམས་ཕྱིར། །ཤེས་རབ་ཀྱིས་གཞོམ་ཉོན་མོངས་ཏེ། །དེ་ཕྱིར་ཤེས་རབ་བྷ་གར་བརྗོད། །ཅེས་ཀྱེའི་རྡོ་རྗེའི་ལུང༌། སློབ་དཔོན་ཨ་ཙ་ལ་གརྦྷས་དྲངས་པ་འདི་དང་ཡང་འགལ་བ་ཉིད་དུ་རྟོགས་པར་མཛོད་ཅིག །དེ་བཞིན་དུ། སངས་རྒྱས་ཐོབ་པ་ལ་སྒྲིབ་པར་བྱེད་པ་རྣམ་ཤེས་གང་ཡིན་པ་རྣམས་ཀྱང་རང་རང་ངོ་བོས་སྟོང་པ་ཡིན་པའི་ཕྱིར། མཐར་ཐུག་ངེས་དོན་གྱི་བྷ་ག་ཡིན་པར་འགྱུར་ལ། དེ་འདོད་ན། སངས་རྒྱས་བཅོམ་ལྡན་འདས་ཡིན་པར་འགྱུར་ཞིང༌། ཡེ་ཤེས་ཀྱང་ཡིན་པར་ཧ་ཅང་ཐལ་བར་འགྱུར་ཏེ། བྷ་ག་བཅོམ་ལྡན་སངས་རྒྱས་ཏེ། །ཞེས་གཉིས་མེད་རྣལ་རྒྱལ་གྱི་རྒྱུད་མན་ངག་སྙེ་མར་དྲངས་པའི་ཕྱིར་དང༌། བྷ་ག་ཞེས་བྱ་ཡེ་ཤེས་བརྗོད། །ཅེས་བརྟག་པ་གཉིས་པར་གསུངས་པའི་ཕྱིར་རོ། །དེ་བཞིན་དུ། དཔལ་རྡོ་རྗེའི་ཕྲེང་བའི་རྒྱུད་ལས་ཀྱང༌། ཆོས་དབྱིངས་བྷ་ག་ཞེས་ནི་བཤད། །བྷ་ག་རིན་ཆེན་ཟ་མ་ཏོག །གང་ཕྱིར་དབང་ཕྱུག་སོགས་ཡོན་ཏན། །ལྡན་པ་དེ་ཕྱིར་བྷ་གར་བརྗོད། །བྷ་ག་ཆོས་རྣམས་ཀུན་ཏུ་ནི། །དབྱིངས་ནི་བྱང་ཆུབ་སེམས་སུ་གསུངས། །ཞེས་པ་དང༌། དཔལ་དགོངས་པ་ལུང་སྟོན་པའི་རྒྱུད་དུ་ཡང༌། སངས་རྒྱས་ཀུན་གྱི་གང་བསྟེན་པ། །བཅུ་གསུམ་པ་ཡི་སར་གྱུར་གང༌། །དེ་ནི་བཙུན་མོར་ཡང་དག་བཤད། །དམ་ཆོས་བྷ་ག་ཞེས་པར་ཡང༌། །ཞེས་པ་དང༌། དཔལ་སངས་རྒྱས་ཐོད་པའི་རྒྱུད་དུ་ཡང༌། མཆོག་གི་ཡེ་ཤེས་ཇི་བཞིན་པ། །བྷ་གའི་དབུས་ན་རྣམ་པར་བཞུགས། །བདེ་བ་ཆེན་པོ་སྟེར་བྱེད་པ། །ཞེས་པ་དང༌། དཔལ་ལྡན་རྡོ་རྗེ་མཁའ་འགྲོའི་རྒྱུད་དུ་ཡང༌། གོང་བུ་དགུག་པ་པད་མ་ཉིད། །བྷ་གའི་ནང་དུ་ངེས་ཆུད་པ། །ཡེ་ཤེས་རྒྱ་མཚོ་བསམ་པར་བྱ། །ཞེས་པ་ལ་སོགས་པ་དང༌། གསང་འདུས་ཀྱི་འགྲེལ་པ་སྒྲོན་གསལ་དུ་དྲངས་པ་ཡང༌། བཙུན་མོ་ལེགས་སྦྱངས་ཕྱག་རྒྱ་ཆེ། །བྷ་ག་ལེགས་སྦྱངས་པད་མའོ། །ཞེས་པ་དང༌། དཔལ་ཀྱེའི་རྡོ་རྗེའི་རྒྱུད་བརྟག་པ་གཉིས་པར་ཡང༌། སངས་རྒྱས་འདི་ལ་བྷ་ག་མངའ། །བཅོམ་ལྡན་ཞེས་ནི་བརྗོད་པར་བྱ། །བྷ་ག་རྣམ་པ་དྲུག་ཏུ་བརྗོད། །དབང་ཕྱུག་ལ་སོགས་ཡོན་ཏན་ཀུན། །ཡང་ན་ཉོན་མོངས་ལ་སོགས་བདུད། །འཇོམས་ཕྱིར་བྷ་ག་ལྡན་ཞེས་བརྗོད། །ཅེས་པ་དང༌། དཔལ་རྡོ་རྗེ་རྩེ་མོའི་རྒྱུད་དུ་ཡང༌། ཉོན་མོངས་ལས་དང་དེ་ཡི་སྐྱེ། །ཉོན་མོངས་ཤེས་བྱའི་སྒྲིབ་དེ་བཞིན། །མི་མཐུན་ཕྱོགས་ཀྱི་ཆོས་གང་བཅོམ། །དེ་ནི་བྷ་ག་ལྡན་ཞེས་བཤད། །ཅེས་པ་དང༌། མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས་ཀྱང༌། དམ་ཚིག་གསང་གསུམ་སྦྱོར་བ་ཡིས། །བྷ་གའི་དབུས་སུ་བསྒོམ་པར་བྱ། །ཞེས་པ་དང༌། བྷ་ག་རྡོ་རྗེ་ཕག་མོ་ནི། །གསང་བ་གསུམ་དུ་རྣམ་པར་བསྒོམ། །ཞེས་པ་དང༌། དཀྱིལ་འཁོར་བྷ་ག་ཡིན་པར་བཤད། །ཅེས་པ་དང༌། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་ཞལ་སྔ་ནས་ཀྱང༌། དབང་ཕྱུག་ལ་སོགས་ཡོན་ཏན་ལྡན། །བྷ་ག་ཡང་ན་བདུན་བཅོམ་ཕྱིར། །གང་ལ་དེ་མངའི་ཕྱིར་ན་འདི། །བཅོམ་ལྡན་ཁམས་གསུམ་དབང་ཕྱུག་གསུང༌། །ཞེས་དཔལ་འཁོར་ལོ་སྡོམ་པའི་རྒྱུད་ཀྱི་འགྲེལ་པར་དྲངས་ཤིང༌། བཅོམ་ལྡན་འདས་འཇིག་རྟེན་མགོན་པོའི་ཞལ་སྔ་ནས་ཀྱང༌། བྷ་ག་ཝན་འཆད་བའི་སྐབས་སུ། བཅོམ་ནི་བདུད་དང་ཉོན་མོངས་པ་བཅོམ་པའི་ཕྱིར་བཅོམ་པའམ། དབང་ཕྱུག་ལ་སོགས་པ་ཐམས་ཅད་མཁྱེན་པའི་ཡོན་ཏན་གྱི་ཚོགས་ཀྱི་སྐལ་བ་སྟེ། དེ་འདི་ལ་ལྡན་པའི་ཕྱིར་བཅོམ་ལྡན་ནོ། །ཞེས་གསུངས་ཏེ། འདིར་བྷ་ག་ཝན་ཞེས་པ་བཅོམ་ལྡན་དུ་འགྱུར་བར་ལྟར། སྐལ་ལྡན་དུ་ཡང་འགྱུར་བས་སྐད་སོར་བཞག་ཉིད་ལ་བཤད་ན་འགྲིག་ཅིང་ལེགས་པ་ཡིན་ནོ། །དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་རྒྱལ་པོར་ཡང༌། གཅིག་དང་དུ་མ་ཉིད་ཀྱང་གཅིག་ཅིང་མཉམ་དང་མི་མཉམ་པ་ཡང་མཉམ་པ་གཡས་གཡོན་མདུན་རྒྱབ་དང༌། །སྟེང་འོག་ཀུན་ནས་དཀར་ལྗང་སྣ་ཚོགས་ཁ་དོག་ཆེན་པོ་གཅིག་གི་གཟུགས་ཏེ་ཐུང་ངུ་རིང་པོ་དང༌། །ཤིན་ཏུ་རིང་པོ་ཡོན་ཏན་མེད་ཅེས་ཡོན་ཏན་དང་བཅས་བུད་མེད་སྐྱེས་པའང་སྐྱེས་པ་བུད་མེད་མིན། །གང་ཞིག་ཀུན་གྱི་རྟེན་ཅིག་བྷ་ག་བཟང་མོ་མཆོག་གི་བྷ་ག་ཁྱོད་ལ་འདུད་དེ་ཁྱོད་ལ་འདུད། །ཅེས་པ་དང༌། དེའི་འགྲེལ་པར་ཡང༌། བྷ་ག་བཟང་མོ་ཞེས་པ་ནི་དབང་ཕྱུག་ལ་སོགས་པའི་ཡོན་ཏན་གྱི་བདག་ཉིད་དོ། །མཆོག་གི་བྷ་ག་ནི་ཁམས་གསུམ་གྱི་མཆོག་གོ །རྒྱུ་དེས་ན་མགོ་བོས་འདུད་པ་སྟེ། ཞེས་པ་ལ་སོགས་པ། གསུང་རབ་རིན་པོ་ཆེ་ཤིན་ཏུ་མང་བ་རྣམས་སུ་ངེས་དོན་གྱི་བྷ་ག་ལ་ཟག་པ་མེད་ཅིང་མི་འབྲལ་བའི་ཡོན་ཏན་དཔག་ཏུ་མེད་པ་ཚང་བར་གསུངས་ཏེ། ཆོས་སྐུའི་ཡོན་ཏན་གང་གཱའི་ཀླུང་གི་བྱེ་མ་སྙེད་ལས་འདས་པ་རྣམས་སོ། །དེ་ལྟ་བས་ན། རང་སྟོང་གིས་ ངེས་དོན་གྱི་བྷ་གའི་གོ་མི་ཆོད་དེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་རང་རང་ངོ་བོས་སྟོང་པ་ལས་ལྷག་པའི་སྟོང་ཉིད་གོ་ཆོད་ཡོད་པར་གྲུབ་སྟེ། ཐམས་ཅད་མཁྱེན་པ་ཆོས་སྐུའི་ཡོན་ཏན་ཚང་བའི་བྷ་ག་ཡོད་པར་གྲུབ་པའི་ཕྱིར་རོ། །དེས་ན་ཤེས་བྱེད་དེ་རྣམས་ཀྱིས་ཀྱང་དོན་དམ་གཞན་སྟོང་དུ་ལེགས་པར་གྲུབ་པ་ཉིད་དུ་མཁྱེན་པར་མཛོད་ཅིག །དེ་ལྟ་བས་ན་ཉིད་ཅག་ཁོ་ནར་མ་ཟད་རང་རང་ངོ་བོས་སྟོང་པ་ལས་གཞན་པའི་སྟོང་ཉིད་གོ་ཆོད་མེད་པར་འདོད་པ་གཞན་དང་གཞན་རྣམས་ཀྱིས་ཀྱང༌། ངེས་དོན་ཆོས་ཉིད་ཀྱི་བྷ་གའི་དོན་མ་ཤེས་པ་ཁོ་ནར་བསྟན་པ་ཡིན་ནོ། །

གཞན་རྒྱུད་སྡེ་རིན་པོ་ཆེ་རྣམ་པར་དག་པ་རྣམས་སུ་སྟོང་ཉིད་རྡོ་རྗེར་གསུངས་པ་དེ་ཡང་དོན་དམ་གཞན་སྟོང་ཉིད་ལ་དགོངས་ཀྱི། གཟུགས་སོགས་རང་བཞིན་གང་དུ་ཡང་མ་གྲུབ་པའི་རང་སྟོང་གིས་ནི་དེའི་གོ་མི་ཆོད་དེ། གལ་ཏེ་ཆོད་ན། སྙི་བ་དང༌། སྙིང་པོ་མ་ཡིན་པ་དང༌། ཁོང་སྟོང་ཅན་དང༌། གཅད་དུ་ཡོད་ཅིང་དབྱེར་ཡོད་པ་དང༌། འཚིག་པ་དང༌། འཇིག་པའི་དངོས་པོ་ངན་པ་སབ་སུབ་དང་ལྗན་ལྗིན་དང་ལུད་ཁུང་ལ་སོགས་པའི་མི་གཙང་བའི་རྫས་རྣམས་ཀྱང་རང་རང་ངོ་བོས་སྟོང་པའི་ཕྱིར། མཐར་ཐུག་གི་རྡོ་རྗེ་ཡིན་པར་འགྱུར་ལ། དེ་འདོད་ན་སྲ་བ་དང༌། སྙྀང་པོ་དང༌། ཁོང་སྟོང་མེད་པ་ལ་སོགས་པར་ཧ་ཅང་ཐལ་བར་འགྱུར་ཏེ། དཔལ་རྡོ་རྗེ་རྩེ་མོའི་རྒྱུད་དུ། རྡོ་རྗེ་སྙིང་པོ་ཞེས་གསུངས་པ། །ཅིས་འདི་རྡོ་རྗེར་བརྗོད་ཅེ་ན། །སྲ་ཞིང་སྙིང་པོ་ཁོང་སྟོང་མེད། །གཅད་མེད་དབྱེར་མེད་མཚན་ཉིད་ཅན། །མི་འཚིག་འཇིགས་པ་མ་ཡིན་པ། །སྟོང་ཉིད་རྡོ་རྗེར་བརྗོད་པར་བྱ། །ཞེས་པ་དང༌། ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད། །སྟོང་པ་ཉིད་ནི་རྡོ་རྗེ་བརྗོད། །ཅེས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ། །གཞན་ཡང་རང་སྟོང་གི་མཐར་ཐུག་རྡོ་རྗེའི་གོ་ཆོད་ན། ཡེ་ཤེས་སྐུ་ཆེན་མི་ཕྱེད་པ་མ་ཡིན་པ་སྡུག་བསྔལ་རྒྱུ་དང་བཅས་པ་རྣམས་ཀྱང༌། རང་རང་ངོ་བོས་སྟོང་པའི་ཕྱིར་རྡོ་རྗེ་ཡིན་པར་འགྱུར་ལ། འདོད་ན་དེ་ཡེ་ཤེས་སྐུ་ཆེན་མི་ཕྱེད་པ་ཡིན་པར་ཧ་ཅང་ཐལ་བར་འགྱུར་ཏེ། དཔལ་དུས་ཀྱི་འཁོར་ལོར། རྡོ་རྗེ་དག་ཀྱང་ཡེ་ཤེས་སྐུ་ཆེན་རྣམ་པར་མི་ཕྱེད་པའོ། །ཞེས་གསུངས་པའི་ཕྱིར་དང༌། རྡོ་རྗེ་མི་ཕྱེད་ཅེས་པར་བརྗོད། །ཅེས་དཔལ་ཀྱེའི་རྡོ་རྗེ་ལ་སོགས་པ་རྒྱུད་སྡེ་རྣམ་དག་མང་པོར་གསུངས་པའི་ཕྱིར་འདི་ལ་ཁྱབ་པ་ཡོད་དོ། །དེ་བཞིན་དུ། རང་བཞིན་འོད་གསལ་འགྱུར་མེད་དེ་བཞིན་ཉིད་ཆོས་དབྱིངས་བརྟན་པ་མ་ཡིན་པ་གློ་བུར་དྲི་མ་རྣམས་ཀྱང་རང་རང་ངོ་བོས་སྟོང་པའི་ཕྱིར། རྡོ་རྗེ་ཡིན་པར་འགྱུར་ལ། དེ་འདོད་ན། དེ་རང་བཞིན་གྱིས་འོད་གསལ་བའི་སེམས་འགྱུར་མེད་དེ་བཞིན་ཉིད། ཆོས་དབྱིངས་བརྟན་པ་ཡིན་པར་ཧ་ཅང་ཐལ་བར་འགྱུར་ཏེ། དཔལ་ཐམས་ཅད་གསང་བའི་རྒྱུད་དུ། རང་བཞིན་གྱིས་ནི་འོད་གསལ་བའི། །སེམས་ནི་རྡོ་རྗེ་མངོན་བརྗོད་བྱ། །ཞེས་གསུངས་པའི་ཕྱིར་དང༌། དཔལ་རྡོ་རྗེ་རྩེ་མོའི་རྒྱུད་དུ། འགྱུར་བ་མེད་པ་དེ་བཞིན་ཉིད། །ཆོས་ཀྱི་དབྱིངས་ནི་བརྟན་པ་གང༌། །འདི་ལྟ་བུ་ནི་འདི་རྡོ་རྗེ། །ཞེས་གསུངས་པའི་ཕྱིར་འདི་ལ་ཁྱབ་པ་ཡོད་དོ། །ཡང་དོན་མེད་བརྫུན་པ་སྐྱེ་འགག་འགྱུར་བའི་ཆོས་ཅན་ངན་སོང་གསུམ་ཡང་རང་རང་ངོ་བོས་སྟོང་པའི་ཕྱིར་རྡོ་རྗེ་ཡིན་པར་འགྱུར་ལ། དེ་འདོད་ན་བདེན་པ་དོན་ཡོད་དེ། དེ་བཞིན་ཉིད་སྐྱེ་འགག་འགྱུར་མེད་དེ་ཁོ་ན་ཉིད་ཡིན་པར་ཧ་ཅང་ཐལ་བར་འགྱུར་ཏེ། དཔལ་རྡོ་རྗེ་རྩེ་མོའི་རྒྱུད་དུ། བདེན་ཞིང་དོན་ཡོད་དེ་བཞིན་ཉིད། །འགྱུར་བ་མེད་ཅིང་སྐྱེ་བ་ མེད། །འགག་མེད་དེ་ཁོ་ན་ཉིད་གང༌། །དེ་ལྟ་བུ་ནི་རྡོ་རྗེ་ཡིན། །ཞེས་གསུངས་པའི་ཕྱིར། འདི་ལ་ཁྱབ་པ་ཡོད་དོ། །དེ་བཞིན་དུ། ཡེ་ཤེས་དང་སངས་རྒྱས་མ་ཡིན་པ་འཁོར་བའི་སྡུག་བསྔལ་མི་ཟད་པ་རྣམས་ཀྱང་རང་རང་ངོ་བོས་སྟོང་པའི་ཕྱིར་རྡོ་རྗེ་ཡིན་པར་འགྱུར་ལ། དེ་འདོད་ན་དེ་སངས་རྒྱས་ལྔ་དང་ཡེ་ཤེས་ལྔ་བདེ་བ་ཆེན་པོ་མི་ཆོད་མི་ཕྱེད་པ་ལ་སོགས་པ་ཡིན་པར་ཧ་ཅང་ཐལ་བར་འགྱུར་ཏེ། དཔལ་རྡོ་རྗེ་ཕྲེང་བའི་རྒྱུད་དུ། ཞི་བ་གཉིས་མེད་རྣམ་པ་བྲལ། །དངོས་པོ་ཀུན་གྱི་རང་བཞིན་བདག །བདེ་ཆེན་ཞེས་ནི་འདི་ལ་བརྗོད། །རྡོ་རྗེ་ཡེ་ཤེས་ལྔ་དངོས་ཉིད། །སངས་རྒྱས་ལྔ་བདག་རང་བཞིན་ཅན། །ཞེས་པ་དང༌། མི་ཆོད་མི་ཕྱེད་མི་འགྱུར་བ། །མི་འཚིག་པ་དང་མཆོག་ཏུ་འབིགས། །སངས་རྒྱས་ཡེ་ཤེས་ལྔ་ཡི་མཆོག །རང་བཞིན་རྡོ་རྗེ་ཞེས་ནི་བརྗོད། །ཅེས་གསུངས་པའི་ཕྱིར། འདི་ལ་ཁྱབ་པ་ཡོད་དོ། །ཡང་འཁོར་བའི་ཉེས་བྱས་ཉོན་མོངས་རྣམས་ཀྱང་རང་རང་ངོ་བོས་སྟོང་པའི་ཕྱིར། ངེས་དོན་གྱི་རྡོ་རྗེ་ཡིན་པར་འགྱུར་ལ། དེ་འདོད་ན། འཁོར་བའི་ཉེས་བྱས་ཉོན་མོངས་ཐམས་ཅད་འཇོམས་བྱེད་བྱང་ཆུབ་ཀྱི་སེམས་ཡིན་པར་ཧ་ཅང་ཐལ་བར་འགྱུར་ཏེ། དཔལ་རྡོ་རྗེའི་རྩེ་མོའི་རྒྱུད་དུ། འགྲོ་དྲུག་འཁོར་ལོ་ཉེས་བྱས་ཀྱང༌། །རྡོ་རྗེ་ཡིས་ནི་འཇོམས་པར་བྱེད། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཉོན་མོངས་ཐམས་ཅད་འཇོམས་པར་བྱེད། །ཅེས་གསུངས་པའི་ཕྱིར། འདི་ལ་ཁྱབ་པ་ཡོད་དོ། །དེ་བཞིན་དུ། རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ལས་ཀྱང༌། མི་ཆོད་པ། མི་ཤིགས་པ། བདེན་པ། སྲ་བ། བརྟན་པ། ཐམས་ཅད་དུ་ཐོགས་པ་མེད་པ། ཐམས་ཅད་དུ་མ་ཕམ་པ། ཞེས་པ་ལ་སོགས་པ་དང༌། དོན་དམ་པའི་མཚན་ཡང་དག་པར་བརྗོད་པ་ལས་ཀྱང༌། གཅིག་པུ་སྲ་མཁྲེགས་རྡོ་རྗེ་བདག །ཅེས་པ་དང༌། རྡོ་རྗེ་ཤུགས་ཅན་འཇིགས་བྱེད་པ། །རྡོ་རྗེའི་གྲགས་པ་རྡོ་རྗེའི་ སྙིང༌། །སྒྱུ་འཕྲུལ་རྡོ་རྗེ་གསུས་པོ་ཆེ། །རྡོ་རྗེ་ལས་སྐྱེས་རྡོ་རྗེའི་བདག །རྡོ་རྗེ་སྙིང་པོ་མཁའ་འདྲ་བ། །ཞེས་དང༌། རྡོ་རྗེ་གད་མོ་ཆེར་གྲོགས་པ། །རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །རྡོ་རྗེ་རྒྱལ་པོ་བདེ་བ་ཆེ། །རྡོ་རྗེ་དྲག་པོ་དགའ་བ་ཆེ། །རྡོ་རྗེ་ཧཱུཾ་སྟེ་ཧཱུཾ་ཞེས་སྒྲོག །མཚོན་དུ་རྡོ་རྗེའི་མདའ་ཐོགས་པ། །རྡོ་རྗེ་རལ་གྲིས་མ་ལུས་གཅོད། །རྡོ་རྗེ་ཀུན་འཆང་རྡོ་རྗེ་ཅན། །རྡོ་རྗེ་གཅིག་པུ་གཡུལ་སེལ་བ། །རྡོ་རྗེ་འབར་བ་མིག་མི་ཟད། །སྐྲ་ཡང་རྡོ་རྗེ་འབར་བ་སྟེ། །རྡོ་རྗེ་འབེབས་པ་འབེབས་པ་ཆེ། །མིག་བརྒྱ་པ་སྟེ་རྡོ་རྗེའི་མིག །ལུས་ནི་རྡོ་རྗེའི་བ་སྤུ་ཅན། །རྡོ་རྗེའི་སྤུ་ནི་གཅིག་པུའི་ལུས། །སེན་མོ་སྐྱེས་པ་རྡོ་རྗེའི་རྩེ། །རྡོ་རྗེ་སྙིང་པོ་པགས་པ་མཁྲེགས། །རྡོ་རྗེ་ཕྲེང་ཐོགས་དཔལ་དང་ལྡན། །རྡོ་རྗེ་རྒྱན་གྱིས་བརྒྱན་པ་ཡིན། །ཞེས་པ་དང༌། ཡི་གེ་དྲུག་པ་རྡོ་རྗེའི་སྒྲ། །ཞེས་པ་དང༌། རྡོ་རྗེ་རིན་ཆེན་དབང་བསྐུར་དཔལ། །ཞེས་པ་དང༌། རྡོ་རྗེ་འཆང་བ་ཀུན་གྱི་རྗེ། །ཞེས་པ་དང༌། རྡོ་རྗེ་ཉི་མ་སྣང་བ་ཆེ། །རྡོ་རྗེ་ཟླ་བ་དྲི་མེད་འོད། །ཅེས་པ་དང༌། རྡོ་རྗེ་རྣོན་པོ་རལ་གྲི་ཆེ། །ཞེས་པ་དང༌། རྡོ་རྗེ་མཚོན་ཆ་རྡོ་རྗེ་ཆོས། །རྡོ་རྗེ་ཟབ་མོ་ཛི་ན་ཛིག །རྡོ་རྗེ་བློ་གྲོས་དོན་བཞིན་རིག །ཅེས་པ་དང༌། རྡོ་རྗེའི་གདན་ནི་མ་ལུས་ལྡན། །ཞེས་པ་ལ་སོགས་པ་རྣམས་ཀྱིས་དོན་དམ་ཆོས་ཉིད་ཡེ་ཤེས་ཀྱི་སྐུ་རྡོ་རྗེ་ཡིན་པར་བསྟན་ལ། དེ་བཞིན་དུ། རྐང་པ་བདུན་ཅུ་རྩ་གཉིས་པར་ཡང༌། རྡོ་རྗེ་འཇིགས་བྱེད། རྡོ་རྗེའི་ཚོགས། རྡོ་རྗེའི་སྐུ། རྡོ་རྗེའི་སྤྱན། རྡོ་རྗེའི་སྙན། རྡོ་རྗེའི་ཤངས། རྡོ་རྗེའི་ལྗགས། རྡོ་རྗེའི་ཚེམས། རྡོ་རྗེའི་སེན་མོ། རྡོ་རྗེའི་སྐྲ། རྡོ་རྗེའི་བ་སྤུ། རྡོ་རྗེའི་རྒྱན། རྡོ་རྗེའི་བཞད་པ། རྡོ་རྗེའི་གླུ། རྡོ་རྗེའི་གར། རྡོ་རྗེའི་མཚོན་ཆ། ཞེས་པ་ལ་སོགས་པས་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ལྷའི་སྐྱེ་མཆེད་དང༌། ཡན་ལག་ཐམས་ཅད་རྡོ་རྗེའི་རང་བཞིན་དུ་གསུངས་ཤིང༌། དེ་བཞིན་དུ། ངན་སོང་ཡོངས་སུ་སྦྱོང་བའི་རྒྱུད་དུ་ཡང༌། སངས་རྒྱས་ཀུན་བས་སྔར་སངས་རྒྱས། །མི་ཤེས་དྲི་མ་ཀུན་བཅོམ་པ། །རྡོ་རྗེ་རྡོ་རྗེ་འཛིན་རྒྱལ་པོ། །རྡོ་རྗེ་རྡོ་རྗེ་རྡོ་རྗེ་འཛིན། །རྡོ་རྗེ་སྐུ་སྟེ་སྐུ་ཆེ་བ། །ཕྱག་ན་རྡོ་རྗེ་ཕྱག་འཚལ་བསྟོད། །རྡོ་རྗེ་ཡན་ལག་རྡོ་རྗེ་མཆོག །རྡོ་རྗེ་འབར་བ་ཆེར་འབར་བ། །རྡོ་རྗེ་ཤུགས་ཏེ་ཤུགས་ཆེ་བ། །རྡོ་རྗེ་མཚོན་ཆ་རྡོ་རྗེ་ཆེ། །ཕྱག་ན་རྡོ་རྗེ་ཕྱག་ཆེན་པོ། །རྡོ་རྗེ་མདའ་སྟེ་རབ་འབིགས་པ། །རྡོ་རྗེ་རྣོན་པོ་རྣོ་བ་ཆེ། །ཆེ་བའི་ཆེ་བ་རྒྱ་མཚོ་ཆེ། །རྡོ་རྗེ་པད་མ་བྱང་ཆུབ་ཆེ། །བྱང་ཆུབ་སངས་རྒྱས་རང་བྱུང་བ། །རྡོ་རྗེ་རྒྱ་ཆེན་རྒྱ་ཆེན་ཏེ། །རྡོ་རྗེ་སྒྱུ་མ་རྣམ་སྦྱོང་བ། །རྡོ་རྗེ་སྒྱུ་སྟེ་གནོད་སྦྱིན་ཆེ། །རྡོ་རྗེ་པད་མ་རྣམ་སྦྱོང་བ། །རྡོ་རྗེ་ཁྲོ་བོ་མ་རུངས་ཆེ། །རྡོ་རྗེ་དགྲ་སྟེ་འཇོམས་པའི་གཙོ། །རྡོ་རྗེ་འཇིགས་པ་བསྲུང་བ་ཆེ། །རྡོ་རྗེ་ལྕགས་ཀྱུ་དོན་ཡོད་བྱེད། །རྡོ་རྗེ་རོ་ལངས་རོ་ལངས་ཆེ། །རྡོ་རྗེ་སྲིན་པོ་ཟ་བ་པོ། །རྡོ་རྗེ་གནོད་སྦྱིན་གནོད་སྦྱིན་ཆེ། །རྡོ་རྗེ་གདོན་ཏེ་གདོན་གྱི་མཆོག །འཇིགས་བྱེད་དགྲ་སྟེ་དྲག་པོ་ཆེ། །རྡོ་རྗེ་འཇིགས་བྱེད་རྔམ་བྱེད་པ། །བསྒྲུབ་དཀའི་སྒྲུབ་པ་ལེགས་པ་སྟེ། །རྡོ་རྗེ་ལེགས་པ་དགེས་མཛད་པ། །རྡོ་རྗེ་དགའ་བ་དགའ་བ་ཆེ། །དགའ་བའི་རྡོ་རྗེ་དབང་ཕྱེད་པ། །རྡོ་རྗེ་གཟི་བརྗིད་གཟི་བརྗིད་ཆེ། །ཞེས་པ་ལ་སོགས་པ་དང༌། རྡོ་རྗེ་དབང་བསྐུར་རིན་ཆེན་མཆོག །རྡོ་རྗེ་རྒྱལ་མཚན་ཡོན་ཏན་ཆེ། །རྡོ་རྗེ་ཡེ་ཤེས་ཡེ་ཤེས་ཆེ། །ཞེས་པ་ལ་སོགས་པ་དང༌། རྡོ་རྗེ་འདོད་པ་འདོད་པ་ཆེ། །ཞེས་པ་དང༌། རྡོ་རྗེ་རབ་དགེས་རྡོ་རྗེ་སེམས། །ཞེས་པ་ནས། ཐམས་ཅད་རྡོ་རྗེའི་བདག་ཉིད་གཙོ། །ཞེས་པའི་མཐར་ཐུག་པ་རྣམས་ཀྱིས་ཡེ་ཤེས་ཀྱི་ལྷ་རྣམས་རྡོ་རྗེར་གསུངས་ལ། དེ་བཞིན་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་འདུས་པར་ཡང༌། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ།།རྡོ་རྗེ་དེ་བཞིན་གཤེགས་པ་ཀུན། །རྡོ་རྗེ་དང་པོ་ཀུན་ཏུ་བཟང༌། །ཕྱག་འཚལ་ཕྱག་ན་རྡོ་རྗེ་ལ། །རྡོ་རྗེ་རྒྱལ་པོ་སངས་རྒྱས་མཆོག །རྡོ་རྗེ་ལྕགས་ཀྱི་དེ་བཞིན་གཤེགས། །ངཻས་པའི་རྒྱལ་པོ་སངས་རྒྱས་མཆོག །ཕྱག་འཚལ་རྡོ་རྗེ་འགུགས་ཁྱོད་ལ། །རྡོ་རྗེ་ཆགས་པ་བདེ་ཆེན་པོ། །རྡོ་རྗེ་མདའ་ནི་དབང་བྱེད་པ། །བདུད་ཀྱི་འདོད་པ་རྡོ་རྗེ་ཆེ། །ཕྱག་འཚལ་རྡོ་རྗེ་གཞུ་ཁྱོད་ལ། །རྡོ་རྗེ་ལེགས་པ་སེམས་དཔའ་མཆོག །རྡོ་རྗེ་མགུ་བ་དགའ་བ་ཆེ། །རབ་དགེས་རྒྱལ་པོ་རྡོ་རྗེ་མཆོག །ཕྱག་འཚལ་རྡོ་རྗེ་དགེས་ཁྱོད་ ལ། །རྡོ་རྗེ་རིན་ཆེན་རྡོ་རྗེ་དོན། །རྡོ་རྗེ་ནམ་མཁའ་ནོར་བུ་ཆེ། །ནམ་མཁའི་སྙིང་པོ་རྡོ་རྗེ་ཕྱུག །ཕྱག་འཚལ་རྡོ་རྗེ་སྙིང་ཁྱོད་ལ། །རྡོ་རྗེ་གཟི་བརྗིད་ཆེར་འབར་བ། །རྡོ་རྗེ་ཉི་མ་རྒྱལ་བའི་འོད། །རྡོ་རྗེ་འོད་ཟེར་གཟི་བརྗིད་ཆེ། །ཕྱག་འཚལ་རྡོ་རྗེ་འོད་ཁྱོད་ལ། །སེམས་ཅན་དོན་རབ་རྡོ་རྗེ་དཔལ། །རྡོ་རྗེ་རྒྱལ་མཚན་རབ་དགའ་བྱེད། །རྡོ་རྗེ་ཆེན་པོ་རིན་ཆེན་དཔལ། །ཕྱག་འཚལ་རྡོ་རྗེ་དཔལ་ཁྱོད་ལ། །རྡོ་རྗེ་བཞད་པ་བཞད་པ་ཆེ། །རྡོ་རྗེ་འཛུམ་པ་ངོ་མཚར་ཆེ། །དགའ་ཞིང་རབ་དགའ་རྡོ་རྗེ་སྟོན། །ཕྱག་འཚལ་རྡོ་རྗེ་དགའ་བ་ལ། །རྡོ་རྗེ་ཆོས་རབ་དེ་ཉིད་སྟོན། །རྡོ་རྗེ་པད་མ་རབ་དགའ་བྱེད། །འཇིག་རྟེན་དབང་རབ་རྡོ་རྗེ་སྤྱན། །ཕྱག་འཚལ་རྡོ་རྗེ་སྤྱན་ཁྱོད་ལ། །རྡོ་རྗེ་རྣོ་བ་ཐེག་པ་ཆེ། །རྡོ་རྗེ་རལ་གྲི་མཚོན་ཆེན་པོ། །འཇམ་དཔལ་རྡོ་རྗེ་རབ་ཏུ་ཟབ། །ཕྱག་འཚལ་རྡོ་རྗེ་བློ་ཁྱོད་ལ། །རྡོ་རྗེ་རྒྱུ་དང་སྙིང་པོ་ཆེ། །རྡོ་རྗེ་འཁོར་ལོ་ཚུལ་ཆེན་པོ། །རབ་བསྐོར་རྡོ་རྗེ་ལས་བྱུང་བ། །ཕྱག་འཚལ་རྡོ་རྗེ་སྙིང་ཁྱོད་ལ། །རྡོ་རྗེ་གསུང་བ་རང་རིག་མཆོག །རྡོ་རྗེ་བཟློས་པ་རབ་གྲུབ་སྦྱིན། །མི་གསུང་རྡོ་རྗེ་མཆོག་གྲུབ་པ། །ཕྱག་འཚལ་རྡོ་རྗེ་གསུང་ཁྱོད་ལ། །རྡོ་རྗེ་ལས་རབ་རྡོ་རྗེ་བཀའ། །ལས་ཀྱི་རྡོ་རྗེ་ཀུན་རབ་སྒྲོལ། །རྡོ་རྗེ་ངེས་པ་རྒྱ་ཆེ་བ། །ཕྱག་འཚལ་རྡོ་རྗེ་ཀུན་ཁྱོད་ལ། །རྡོ་རྗེ་བསྲུང་བ་བརྟན་པ་ཆེ། །རྡོ་རྗེ་གོ་ཆ་སྲ་བ་ཆེ། །བརྩོན་འགྲུས་མཆོག་ནི་ཐུབ་པར་དཀའ། །ཕྱག་འཚལ་རྡོ་རྗེ་བརྩོན་འགྲུས་ལ། །རྡོ་རྗེ་གནོད་སྦྱིན་ཐབས་ཆེན་པོ། །རྡོ་རྗེ་མཆེ་བ་འཇིགས་པ་ཆེ། །བདུད་འཇོམས་རྡོ་རྗེ་མི་བཟད་བ། །ཕྱག་འཚལ་རྡོ་རྗེ་དྲག་པོ་ལ། །རྡོ་རྗེ་མཚམས་སྦྱོར་རབ་ཏུ་འདུད། །རྡོ་རྗེ་འཆིང་བ་རབ་གྲོལ་བྱེད། །རྡོ་རྗེ་ཁུ་ཚུར་དམ་ཚིག་མཆོག །ཕྱག་འཚལ་རྡོ་རྗེ་ཁུ་ཚུར་ལ། །ཞེས་པ་དང༌། དེ་བཞིན་དུ། རྡོ་རྗེ་སེམས་དཔའ་རྡོ་རྗེ་ ཆེ། །རྡོ་རྗེ་མགོན་པོ་རབ་བསྒྲུབ་མཛད། །རྡོ་རྗེ་དབང་བསྐུར་རྡོ་རྗེ་འོད། །རྡོ་རྗེ་དཔལ་ཁྱོད་ཕྱག་འཚལ་ལོ། །རྡོ་རྗེ་བཞད་པ་ཆོས་ཆེན་པོ། །རྡོ་རྗེ་རལ་གྲི་མཆོག་ཆེན་པོ། །དཀྱིལ་འཁོར་ཀུན་གྱི་རྒྱལ་པོ་མཆོག །སྤྲོས་མེད་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པ་དང༌། རྡོ་རྗེ་ཁུ་ཚུར་ཕྱག་རྒྱ་ཆེ། །ཞེས་པ་དང༌། རྡོ་རྗེ་ཡེ་ཤེས་ཡེཤེས་ཆེ། །ཞེས་པ་དང༌། རྡོ་རྗེ་བདག་རབ་རྡོ་རྗེ་མཆོག །ཅེས་པ་དང༌། རྡོ་རྗེ་དབྱིངས་དང་གསང་བ་ཆེ། །རྡོ་རྗེ་གསང་བ་རབ་གསང་འཆང༌། །རྡོ་རྗེ་ཕྲ་བ་བསམ་གཏན་ཆེ། །རྡོ་རྗེ་དགོས་ལ་ཕྱག་འཚལ་ལོ། །ཞེས་པ་དང༌། རྡོ་རྗེ་རྒྱལ་པོ་རྡོ་རྗེ་ཆེ། །རྡོ་རྗེ་དེ་བཞིན་གཤེགས་པ་ཀུན། །ཞེས་པ་དང༌། རྡོ་རྗེ་འདོད་པ་དག་པ་ཆེ། །ཀུན་གྱི་བདེ་བ་བདེ་བ་ཆེ། །ཞེས་པ་དང༌། རྡོ་རྗེ་ལེགས་པ་དགེས་པ་ཆེ། །ཞེས་པ་དང༌། རྡོ་རྗེ་རིན་ཆེན་རྒྱལ་པོ་ཆེ། །ཞེས་པ་དང༌། རྡོ་རྗེ་གཟི་བརྗིད་གཟི་བརྗིད་ཆེ། །ཞེས་ པ་དང༌། རྡོ་རྗེ་རྒྱལ་མཚན་དཔལ་ཆེ་བ། །ཞེས་པ་དང༌། རྡོ་རྗེ་བཞད་པ་བཞད་པ་ཆེ། །དགྱེས་པ་ཆེ་ཞིང་རབ་དགེས་པ། །ཞེས་པ་དང༌། རྡོ་རྗེ་ཆོས་ནི་ཆོས་ཆེ་བ། །ཞེས་པ་དང༌། རྡོ་རྗེ་རྣོན་པོ་རལ་གྲི་ཆེ། །ཤེས་རབ་ཡེ་ཤེས་བློ་གྲོས་ཆེ། །ཞེས་པ་དང༌། རྡོ་རྗེ་རྒྱུ་སྟེ་འཁོར་ལོ་ཆེ། །ཞེས་པ་དང༌། རྡོ་རྗེ་གསུང་བ་གསུང་བ་ཆེ། །སྤྲོས་མེད་ཡི་གེ་ཆེན་པོ་སྟེ། །ཡི་གེ་མེད་པ་བཟླས་པ་ཆེ། །ཞེས་པ་དང༌། རྡོ་རྗེ་བསུང་བ་གོ་ཆ་སྟེ། །གོ་ཆའི་མཆོག་སྟེ་བརྟན་པ་ཆེ། །བསྲུང་བ་ཆེ་ཞིང་སྙིང་པོ་ཆེ། །ཞེས་པ་དང༌། རྡོ་རྗེ་གནོད་སྦྱིན་ཁྲོ་བ་ཆེ། །ཞེས་པ་དང༌། རྡོ་རྗེ་བསྡམས་པ་ཕྱག་རྒྱ་ཆེ། །ཞེས་པ་དང༌། རྡོ་རྗེ་སེམས་དཔའ་ཁྱོད་ཕྱག་འཚལ། །རིན་ཆེན་རྡོ་རྗེ་ཁྱོད་ཕྱག་འཚལ། །རྡོ་རྗེ་ཆོས་ཁྱོད་ཕྱག་འཚལ་ལོ། །རྡོ་རྗེ་ལས་ཁྱོད་ཕྱག་འཚལ་ལོ། །ཞེས་པ་ལ་སོགས་པ་རྣམས་ཀྱིས་ཀྱང་རང་བྱུང་ཡེ་ཤེས་ཀྱི་ལྷ་རྣམས་རྡོ་རྗེ་ཡིན་པར་གསུངས་སོ། །

དེ་བཞིན་དུ། དཔལ་མཆོག་དང་པོ་ལས་ཀྱང༌། སྐུ་དང་གསུང་དང་ཐུགས་རྡོ་རྗེ། ཞེས་པ་ལ་སོགས་པ་དང༌། རྡོ་རྗེ་སྲ་བ་ཉིད་ཀྱི་ཕྱིར། རྡོ་རྗེ་མཉམ་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་བྱང་ཆུབ་ཆེན་པོའོ། །དོན་གཅིག་པ་ཉིད་ཀྱི་ཕྱིར་དོན་གྱི་མཉམ་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་བྱང་ཆུབ་ཆེན་པོའོ། །ངོ་བོ་ཉིད་རྣམ་པར་དག་པ་ཉིད་ཀྱི་ཕྱིར། ཆོས་ཀྱི་མཉམ་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་བྱང་ཆུབ་ཆེན་པོའོ། །ཐམས་ཅད་རྣམ་པར་མི་རྟོག་པ་ཉིད་ཀྱི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་བྱང་ཆུབ་ཆེན་པོའོ། །ཞེས་པ་ལ་སོགས་པ་རྣམས་ཀྱིས་བྱང་ཆུབ་ཆེན་པོའི་སྐུ་གསུང་ཐུགས་རྡོ་རྗེར་གསུངས་ཤིང༌། ལུང་འདི་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་བརྒྱ་ལྔ་བཅུ་པ་ནས་ཡང་གསུངས་སོ། །

དེ་བཞིན་དུ། དཔལ་རྡོ་རྗེ་རྩེ་མོར་ཡང༌། རྡོ་རྗེ་དབྱིངས་ནི་ཤིན་ཏུ་བརྟན། །དེ་ཉིད་ཡེ་ཤེས་མངོན་སངས་རྒྱས། །ཞེས་དབྱིངས་དང་ཡེ་ཤེས་དབྱེར་མེད་ཀྱི་སངས་རྒྱས་ཤིན་ཏུ་བརྟན་པ་གང་ཡིན་པ་དེ་རྡོ་རྗེ་ཡིན་པར་གསུངས་ལ། དེ་བཞིན་དུ། རྒྱུད་དང་རྒྱུད་གཞན་མང་པོར། རྡོ་རྗེ་སྟོན། རྡོ་རྗེ་དགུན། རྡོ་རྗེ་དཔྱིད། རྡོ་རྗེ་དབྱར། ཞེས་པ་ལ་སོགས་པ་དང༌། སྐུ་རྡོ་རྗེ། གསུང་རྡོ་རྗེ། ཐུགས་རྡོ་རྗེ། ཡེ་ཤེས་རྡོ་རྗེ་ཞེས་པ་ལ་སོགས་པ་དང༌། རྡོ་རྗེའི་འདུ་ཤེས། རྡོ་རྗེའི་འདུ་བྱེད། ཞེས་པ་ལ་སོགས་པ་དང༌། རྡོ་རྗེའི་ཐེག་པ། རྡོ་རྗེའི་སྔགས། རྡོ་རྗེའི་རྣལ་འབྱོར། རྡོ་རྗེའི་སྐྱེ་མཆེད། རྡོ་རྗེ་འཛིན་པའམ། རྡོ་རྗེ་འཆང་ཞེས་པ་ལ་སོགས་པ་རྣམ་པ་མང་པོས་ངེས་དོན་མཐར་ཐུག་གི་རྡོ་རྗེ་གང་གསུངས་པ་ཐམས་ཅད་དོན་དམ་གཞན་སྟོང་ཡིན་གྱི། གཟུགས་སོགས་རང་བཞིན་མ་གྲུབ་པའི་རང་སྟོང་གི་དེ་རྣམས་ཀྱི་གོ་མི་ཆོད་དེ། གལ་ཏེ་ཆོད་པར་འདོད་ན། སེམས་ཅན་ལ་གནོད་པའི་དངོས་པོ་ངན་པ་རྣམས་དང༌། སྡིག་ཅན་རྣམས་ཀྱང་དེ་དང་དེ་ཡིན་པར་ཧ་ཅང་ཐལ་བས་གནོད་པའི་ཕྱིར་རོ། །

དེ་བཞིན་དུ། གསང་བདག་ཕྱག་ན་རྡོ་རྗེའི་ཞལ་སྔ་ནས་ཀྱང༌། དཔལ་བདེ་མཆོག་འཁོར་ལོའི་འགྲེལ་པར། རྡོ་རྗེ་ཞེས་པ་ཆོས་ཀྱི་སྐུ་དང༌། སྟོང་པ་ཉིད་དང་ཤེས་རབ་བོ། །ཞེས་གསུངས་ཏེ། ཆོས་སྐུ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཡིན་ལ། སྟོང་པ་ཉིད་ཀྱང་ཡིན་པའི་རྡོ་རྗེའི་ཞལ་འདི་ནི་དོན་དམ་གཞན་སྟོང་ཡིན་གྱི། ཀུན་རྫོབ་དང་རང་སྟོང་ཡིན་མི་སྲིད་དོ། །དེ་བཞིན་དུ། སྔར་དྲངས་པའི་རྡོ་རྗེ་རྣམས་ཀྱང་ངོ༌། །གཞན་ཡང༌། རྒྱུད་སྡེ་ཟབ་མོ་ཤིན་ཏུ་མང་བ་རྣམས་ན། དོན་དམ་ཆོས་ཉིད་ཀྱི་རྡོ་རྗེ་ནས་བརྩམས་ཏེ། ཟབ་མོ་མཐར་ཐུག་སྟོན་པའི་ཆེས་མང་བར་བཞུགས་གདའ་ནའང༌། འདིར་ཧ་ཅང་མང་དུ་དོགས་ནས་མ་བྲིས་སོ། །

དེ་ལྟ་བས་ན་མཐར་ཐུག་ཆོས་ཉིད་ཀྱི་དོན་རྡོ་རྗེ་ལེགས་པར་རྟོགས་ན། དོན་དམ་གཞན་སྟོང་ཡང་ལེགས་པར་རྟོགས་ལ། དེ་མ་རྟོགས་ན་དེ་ཡང་མི་རྟོགས་པ་ཁོ་ན་ཡིན་པས་ཉིད་ཅག་ཙམ་དུ་མ་ཟད། རང་རང་ངོ་བོས་སྟོང་པ་ལས་གཞན་པའི་སྟོང་ཉིད་གོ་ཆོད་མེད་པར་འདོད་ན་གཞན་རྣམས་ཀྱིས་ཀྱང་དོན་དམ་མཐར་ཐུག་གི་རྡོ་རྗེ་མ་མཁྱེན་པ་ཉིད་ཏུ་བསྟན་པ་ཡིན་ནོ། །གཞན་ཡང་རང་རང་ངོ་བོ་སྟོང་པ་ལས་གཞན་པའི་སྟོང་ཉིད་གོ་ཆོད་མེད་པར་འདོད་ན། རང་སྟོང་ལས་གཞན་པའི་ཕྱག་རྒྱ་ཆེན་མོ་དང༌། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་དང༌། རྒྱལ་བའི་ཡུམ་ཤེར་ཕྱིན་ཡང་མེད་པར་ཧ་ཅང་ཐལ་བར་འགྱུར་ཏེ། རང་སྟོང་གིས་དེ་རྣམས་ཀྱི་གོ་མི་ཆོད་པའི་ཕྱིར་རོ། །གལ་ཏེ་ཆོད་ན་རྡུལ་ཕྲ་རབ་ཀྱི་ཆོས་ལས་མ་འདས་པའི་དུག་དང་བཤང་བ་ལ་སོགས་པ་ཡང༌། ཕྱག་རྒྱ་ཆེན་མོ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་རྒྱལ་བའི་ཡུམ་ཤེར་ཕྱིན་ཡིན་པར་ཧ་ཅང་ཐལ་པར་འགྱུར་ཏེ། རང་རང་ངོ་བོས་སྟོང་པའི་ཕྱིར་རོ། །འདོད་མི་ནུས་ཏེ། བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་གི་ཞལ་སྔ་ནས་ཀྱང༌། ཕྲ་རབ་རྡུལ་གྱི་ཆོས་ཉིད་འདས། །པྲ་ཕབ་པ་ཡི་རང་བཞིན་ཅན། །རྣམ་པ་ཀུན་གྱི་མཆོག་ལྡན་ མ། །ཕྱག་རྒྱ་ཆེན་པོ་དེ་ལ་འདུད། །ཅེས་པ་དང༌། གང་ཞིག་ཕུང་པོ་ལ་སོགས་སྒྲིབ་པ་རབ་བཅོམ་ཡུལ་ནི་པྲ་ཕབ་བརྒྱད་ལྟ་བུ། །ཀུན་མཁྱེན་བདེ་སྟེར་དེ་ཉིད་གཅིག་པུ་རྡོ་རྗེ་འཛིན་པའི་ཕྱག་རྒྱ་ཆེན་མོ་སྟེ། །ཞེས་པ་དང༌། ཕྱག་རྒྱ་ཆེན་མོ་ནི་རང་བཞིན་མེད་པའི་ཆོས་ཐམས་ཅད་ཀྱི་མཚན་ཉིད་ཅན། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སངས་རྒྱས་ཐམས་ཅད་བསྐྱེད་པར་མཛད་པའོ། །ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་ཤིང༌། རྒྱུད་ཀྱི་རྒྱལ་པོར་ཡང༌། ཕྱག་རྒྱ་སྒྱུ་མའི་རྗེས་སུ་མཐུན་པ་ཡིད་དང་ནམ་མཁའ་ལ་ནི་མེ་ལོང་དག་ལ་གཟུགས་བཞིན་ཏེ། །འཇིག་རྟེན་གསུམ་པོ་སྣང་བར་བྱེད་ཅིང་དྲི་མེད་གློག་དང་མཚུངས་པའི་འོད་ཟེར་དུ་མ་འཕྲོ་བར་བྱེད། །ཅེས་པ་ལ་སོགས་པ་དང༌། མཁའ་འགྲོ་མ་རྡོ་རྗེ་གུར་དུ་ཡང༌། ནམ་མཁའི་ཁམས་ནི་ཇི་སྙེད་པར། །འཇིག་རྟེན་ཁམས་ནི་སྟོང་ཕྲག་ན། །བདེ་ཆེན་ཕུན་ཚོགས་ཕྱག་རྒྱ་ཆེ། །སངས་རྒྱས་ནམ་མཁའ་འདྲ་བར་བཞུགས། །ཞེས་པ་དང༌། དེ་ཉིད་འདུས་པར་ཡང༌། དེ་བཞིན་གཤེགས་པ་ཕྱག་རྒྱ་ཆེ། །ཞེས་པ་དང༌། ཕྱག་རྒྱ་ཆེན་པོའི་ཚུལ་དུ་ཡང༌། ཇི་ལྟར་རྡོ་རྗེ་འཛིན་གྲུབ་པ། །ཞེས་པ་དང༌། གསང་བདག་ཕྱག་ན་རྡོ་རྗེའི་ཞལ་སྔ་ནས་ཀྱང༌། དངོས་གྲུབ་ནི་ཕྱག་རྒྱ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའོ། །ཞེས་པ་དང༌། ཕྱག་རྒྱ་ཆེན་མོ་འདོད་པའི་དངོས་གྲུབ་དེ་ནི་ཐམས་ཅད་མཁྱེན་པ་ཉིད་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང༌། ལམ་མཁྱེན་པ་ཉིད་དང༌། ལམ་གྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང༌། སྟོབས་བཅུ་དང༌། མི་འཇིགས་པ་བཞི་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་མཐའ་དག་སྟེར་བར་བྱེད་པ་མོ་སྟེ། ཞེས་པ་དང༌། ནང་དུ་ནི་ཁམས་གསུམ་པ་མ་ལུས་པའི་སངས་རྒྱས་ཀྱི་གཟུགས་བརྙན་མཐོང་བ་སྟེ། ཕྱག་རྒྱ་ཆེན་པོ་འཐོབ་པ་དང༌། ཞེས་པ་དང༌། སྒྲིབ་པ་ཐམས་ཅད་དང་བྲལ་བ་པྲ་ཕབ་པ་ལྟ་བུ་ཕྱག་རྒྱ་ཆེན་མོ་སངས་རྒྱས་ཀྱི་འོད་ཟེར་གྱི་སྤྲིན་མཐའ་ཡས་པ་སྤྲོ་བར་བྱེད་པ་འོད་ཀྱི་དཀྱིལ་འཁོར་གྱིས་རྣམ་པར་སྤྲས་པ། ཞེས་པ་དང༌། དེ་ནི་རྡོ་རྗེ་རྣལ་འབྱོར་མ་རང་གི་སེམས་ཀྱི་སྣང་བ་ཙམ་ཕྱག་རྒྱ་ཆེན་པོ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་དང་དེ་བཞིན་ཉིད་དང༌། རིགས་ལྡན་མ་དང༌། པད་མ་ཞེས་བརྗོད་པར་བྱའོ། །ཞེས་པ་ལ་སོགས་པ་དང༌། དཔལ་ ཀྱེའི་རྡོ་རྗེའི་རྒྱུད་དུ་ཡང༌། བཱོ་ལའི་བདེ་བ་ཕྱག་རྒྱ་ཆེ། །རྡོ་རྗེ་སྐྱེ་མཆེད་ཐམས་ཅད་ཉིད། །གསང་བའི་སྙོམས་འཇུག་འདི་ཡིས་ནི། །ཕྱི་རོལ་གཉིས་གཉིས་བསྟན་པ་མེད། །ཅེས་པ་ལ་སོགས་པ་དང༌། ག་པུར་ཉིད་ནི་བདག་མེད་མ། །བདེ་བ་བདག་མེད་ཚུལ་ཅན་ཉིད། །དེ་ཡི་བདེ་བ་ཕྱག་རྒྱ་ཆེ། །ལྟེ་བའི་དཀྱིལ་འཁོར་ཉིད་དུ་གནས། །དང་པོའི་དབྱངས་ཡིག་རང་བཞིན་ཏེ། །བློ་ཞེས་སངས་རྒྱས་རྣམས་ཀྱིས་བརྟགས། །ཞེས་པ་དང༌། དེ་ཉིད་བཅོམ་ལྡན་ཤེས་རབ་མ། །དེ་ནི་རང་མིན་ཐུང་བ་མིན། །གྲུ་བཞི་མ་ཡིན་ཟླུམ་པོ་མིན། །རོ་དང་མྱང་ལས་རྣམ་པར་འདས། །ལྷན་ཅིག་སྐྱེས་དགའ་བྱེད་པ་ཅན། །དེ་ལས་སྐྱེས་པའི་རྣལ་འབྱོར་པ། །དེ་ཡི་བདེ་བ་ཟ་བ་ཉིད། །དེ་དང་ལྷན་ཅིག་ཕྱག་རྒྱ་ཆེ། །ཞེས་པ་ལ་སོགས་པ་དང༌། ཡང༌། དེ་ཉིད་ལྷན་ཅིག་སྐྱེས་པའི་གཟུགས། །བདེ་ཆེན་བཟང་པོའི་རྣལ་འབྱོར་མ། །དེ་ཡི་དཀྱིལ་འཁོར་འཁོར་ལོ་དང༌། །ཡེ་ཤེས་ལྔ་ཡི་རང་བཞིན་ཅན། །དེ་ནི་མེ་ལོང་ཡེ་ཤེས་གཟུགས། །མཉམ་ཉིད་ཡེ་ཤེས་དངོས་པོ་ཅན། །ཡང་དག་གྱུར་པ་སོ་སོར་རྟོག །དེ་ཉིད་བྱ་བ་ནན་ཏན་ཏེ། །ཆོས་དབྱིངས་ཤིན་ཏུ་རྣམ་དག་པ། །དེ་ཉིད་དཀྱིལ་འཁོར་བདག་པོ་དང༌། །དེ་ཉིད་བདག་མེད་རྣལ་འབྱོར་མ། །ཆོས་ཀྱི་དབྱིངས་ནི་རང་བཞིན་ཅན། །ཞེས་པ་དང༌། དངོས་གྲུབ་མཚན་ཉིད་མི་ཕྱེད་པ། །ཕྱག་རྒྱ་རྣལ་འབྱོར་པ་ཡིས་འགྲུབ། །ཅེས་པ་དང༌། རྗེ་ནཱ་རོ་པཎ་ཆེན་གྱི་ཞལ་སྔ་ནས་ཀྱང༌། སྒྱུ་མ་ལ་སོགས་དཔེ་རྣམས་ཀྱིས། །གང་གི་ངོ་བོས་རྟོགས་བྱ་བ། །ཕྱག་རྒྱ་ཆེན་མོ་དེ་ཉིད་ལ། །ཀུན་ཏུ་གུས་པས་བདག་ཕྱག་འཚལ། །ཞེས་པ་དང༌། ཐོབ་བྱ་ཞེས་པ་ཕྱག་རྒྱ་ཆེན་མོ་སྟེ། །ཞེས་པ་ལ་སོགས་པ་རྣམས་ཀྱིས་ཆོས་ཀྱི་དབྱིངས་དང་རང་བྱུང་གི་ཡེ་ཤེས་དབྱེར་མེད་གཅིག་པ་དེ་ཉིད་ངེས་དོན་མཐར་ཐུག་གི་བཱོ་ལའི་བདེ་བ་དང༌། བདག་མེད་མ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དང༌། ཨ་ཡིག་དང༌། པད་མ་དང༌། དེ་བཞིན་ཉིད་དང༌། སྟོང་ཉིད་དང༌། རྡོ་རྗེ་རྣལ་འབྱོར་མ་དང༌། རིགས་ལྡན་མ་ལ་སོགས་པ་རང་བཞིན་ཕྱག་རྒྱ་ཆེན་པོ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་གསུངས་ལ། དེ་ཡང་རང་རང་ངོ་བོས་སྟོང་པ་ཙམ་གྱིས་དེ་རྣམས་ཀྱི་གོ་ཆོད་ན་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར། ཤེས་བྱེད་འདི་དག་གིས་ཀྱང་དོན་དམ་ཆོས་དབྱིངས་རང་བྱུང་ཡེ་ཤེས་གཞན་སྟོང་དུ་ལེགས་པར་གྲུབ་བོ། །དེ་ལྟ་བས་ན་གང་ཟག་སུ་ཡིན་ཡང་རུང༌། རང་རང་ངོ་བོས་སྟོང་པ་ལས་གཞན་པའི་སྟོང་ཉིད་གོ་ཆོད་མི་སྲིད་པར་འདོད་པ་གང་ཡིན་པ་དེ་དག་གིས་ཕྱག་རྒྱ་ཆེན་མོའི་སྟོང་ཚུལ་ལེགས་པར་མ་ཤེས་པ་ཉིད་དོན་གྱིས་བསྟན་པ་ཡིན་ནོ། །གཞན་ཡང་རང་རང་ངོ་བོས་སྟོང་པ་ལས་གཞན་པའི་སྟོང་ཉིད་གོ་ཆོད་མི་སྲིད་པར་འདོད་ན། རྡོ་རྗེ་འཆང་གིས་མཐར་ཐུག་ངེས་དོན་གྱི་གསང་ཆེན་ནམ་གསང་བ་ཞེས་རྒྱུད་སྡེ་ཟབ་མོ་ཤིན་ཏུ་མང་བ་རྣམས་སུ་ཡང་ཡང་གསུངས་པ་དེ་ཉིད་ཀྱི་དོན་ཡང་རང་རང་ངོ་བོས་སྟོང་པ་ཙམ་ཡིན་པར་འགྱུར་དགོས་ཏེ། དེ་ལྟ་ན་ནི་ཧ་ཅང་ཐལ་བ་མང་དུ་ཡོད་དོ། །དེ་ཡང་རང་སྟོང་གིས་གསང་ཆེན་ནམ་གསང་བ་ངེས་དོན་གྱི་གོ་ཆོད་ན། ཤེར་ཕྱིན་མ་ཡིན་པའི་ཕུང་པོ་ལྔ་ཡང་རང་རང་ངོ་བོས་སྟོང་པའི་ཕྱིར། ངེས་དོན་གྱི་གསང་བ་ཡིན་པར་འགྱུར་ལ། དེ་འདོད་ན་དེ་ཤེར་ཕྱིན་ཡིན་པར་ཧ་ཅང་ཐལ་བར་འགྱུར་ཏེ། གསང་བདག་ཕྱག་ན་རྡོ་རྗེའི་ཞལ་ནས་ཀྱང༌། གསང་བ་ཞེས་པ་དྲང་བའི་དོན་གྱིས་ལས་ཀྱི་ཕྱག་རྒྱའི་བྷ་ག་བརྗོད་དེ། ངེས་པའི་དོན་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་དོ། །ཞེས་གསུངས་པའི་ཕྱིར་འདི་ལ་ཁྱབ་པ་ཡོད་དོ། །འདིར་ཤེར་ཕྱིན་མཚན་ཉིད་པ་སྟོང་པ་ཉིད་དུ་གསུངས་པ་འདི་ཡང་དོན་དམ་གཞན་སྟོང་ལ་དགོངས་ཀྱི། ཀུན་རྫོབ་རང་སྟོང་ལ་ནི་མ་ཡིན་ནོ། །ཡང༌། གལ་ཏེ་ཤེར་ཕྱིན་མ་ཡིན་པའི་ཕུང་པོ་ལྔ་ཞེས་པ་འདི་རང་མི་སྲིད་དོ། །ཞེས་ཀྱང་བསམ་པར་མི་བྱ་སྟེ། གཟུགས་ནི་ཤེས་རབ་མ་ཡིན་གཟུགས་ལ་ཤེས་རབ་མེད། །རྣམ་ཤེས་འདུ་ཤེས་ཚོར་བ་སེམས་དཔའ་འདི་དག་ནི། །ཤེས་རབ་མ་ཡིན་འདི་དག་ལ་ཡང་ཤེས་རབ་མེད། །ཅེས་གསུངས་པའི་ཕྱིར་རོ། །དེ་བཞིན་དུ། གསང་བ་དེ་ཉིད་གསང་གནས་ཆེན་མོ་དང༌། མཁའ་འགྲོ་མ་དང༌། ཀུན་གྱི་བདག་ཉིད་ལ་སོགས་པའི་རྣམ་གྲངས་སུ་ཡང་བསྟན་ཏེ། དཔལ་འཁོར་ལོ་སྡོམ་པ་བསྡུས་པའི་རྒྱུད་ཀྱི་འགྲེལ་པར། གསང་གནས་ཆེན་མོ་མཁའ་འགྲོ་མ་གསང་བ། །ཀུན་གྱི་བདག་ཉིད་དུ་ནི་རྟག་ཏུ་བཞུགས། །ཞེས་དཔལ་ཕྱག་ན་རྡོ་རྗེའི་ཞལ་སྔ་ནས་སོ། །དེ་བཞིན་དུ། དཔལ་འཁོར་ལོ་སྡོམ་པ་ཉུང་ངུའི་རྒྱུད་དུ་ཡང༌། གསང་ཆེན་མཆོག་ཏུ་དགྱེས་པ་གང༌། །ཀུན་གྱི་བདག་ཉིད་རྟག་ཏུ་བཞུགས། །ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་པ་རྣམས་ཀྱང་རང་སྟོང་ལས་ལྷག་པའི་སྟོང་ཉིད་མེད་པར་སྨྲ་བ་རྣམས་ལ་འགལ་ཚབས་ཅན་དུ་འགྱུར་བར་རིག་པར་བྱའོ། །གཞན་ཡང༌། རང་སྟོང་ལས་གཞན་པའི་སྟོང་ཉིད་གོ་ཆོད་མི་སྲིད་པར་འདོད་ན། བཅོམ་ལྡན་འདས་ཀྱིས། ཆོས་འབྱུང་དང༌། གྲུ་གསུམ་དང༌། ཨེ་ཡིག་དང༌། རྡོ་རྗེའི་རོལ་པ་དང༌། བཙུན་མོ་བྷ་ག་དང༌། ཤེར་ཕྱིན་དང༌། བདེ་གཤེགས་སྙིང་པོ་ལ་སོགས་པར་གསུངས་པའི་སྟོང་ཉིད་དེ་ཡང་རང་སྟོང་ཙམ་ཡིན་པར་ཧ་ཅང་ཐལ་བར་འགྱུར་ལ། དེ་འདོད་ན། དེ་ལ་ལུང་དང་རིགས་པ་རྣམ་དག་གི་གནོད་བྱེད་ཆར་བཞིན་འབབ་བོ། །ཇི་ལྟར་འབབ་ཅེ་ན། རང་རང་ངོ་བོས་སྟོང་པ་ཙམ་གྱིས་ངེས་དོན་གྱི་ཆོས་འབྱུང་ལ་སོགས་པ་དེ་རྣམས་ཀྱི་གོ་མི་ཆོད་དོ། །གལ་ཏེ་ཆོད་ན། མཚམས་མེད་པ་ལྔ་དང༌། ལོག་ལྟ་ཚབས་པོ་ཆེ་ལ་སོགས་པ་སྡིག་པ་མི་ཟད་པ་རྣམས་ཀྱང་རང་རང་ངོ་བོས་སྟོང་པའི་ཕྱིར། ངེས་དོན་གྱི་ཆོས་འབྱུང་ལ་སོགས་པ་དེ་རྣམས་ཡིན་པར་འགྱུར་ལ། དེ་འདོད་ན། དེ་རྣམས་སངས་རྒྱས་ཀུན་གྱི་བསྟེན་བྱ་དང༌། དཀྱིལ་འཁོར་ཉམས་དགའ་དང༌། ཤེར་ཕྱིན་ལ་སོགས་པ་ཡིན་པར་ཧ་ཅང་ཐལ་བར་འགྱུར་ཏེ། དཔལ་ཡང་དག་པར་སྦྱོར་བའི་རྒྱུད་དུ། སངས་རྒྱས་ཀུན་གྱིས་བསྟེན་པ་ཡིས། །གྲུ་གསུམ་རྣམ་དག་འདི་ཉིད་ནི། །དབུས་སུ་ཝཾ་གིས་བརྒྱན་པ་སྟེ། །ཨེ་ཡིག་ཆ་བྱད་ཇི་བཞིན་དུ། །གྲུ་གསུམ་དཀྱིལ་འཁོར་ཉམས་དགའ་བར། །རྡོ་རྗེ་རོལ་པ་ཞེས་བརྗོད་དེ། །བཙུན་མོའི་བྷ་ག་ཞེས་བྱ་ཞིང༌། །ཆོས་འབྱུང་ཞེས་ཀྱང་བཤད་པ་ཡིན། །ཞེས་པ་དང༌། རྒྱུད་རྣམས་ཀུན་གྱི་རྩ་བ་སྟེ། །གྲུ་གསུམ་ཤིན་ཏུ་ཡངས་པའི་གཟུགས། །སེམས་ཅན་ཀུན་གྱི་ཐུན་མོང་པ། །ལྷ་མིན་ལྷར་བཅས་ཚངས་སོགས་ཀྱིས། །གནས་སུ་དེ་ནི་གྱུར་པ་སྟེ། །ཞེས་པ་དང༌། དེ་ཉིད་ཤེས་རབ་ཕ་རོལ་ཕྱིན། །དེ་ཉིད་ཡུལ་ལས་འདས་པ་སྟེ། །སྲོག་ཆགས་ཀུན་གྱི་སྙིང་ལ་གནས། །ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར་འདི་ལ་ཁྱབ་པ་ཡོད་དོ། །མཁའ་འགྲོ་མ་རྡོ་རྗེ་གུར་དུ་ཡང༌། བདེ་བ་ཅན་དང་གྲུ་གསུམ་དང༌། །རྡུལ་མེད་དང་ནི་སྐྱོན་བྲལ་དང༌། །རྡུལ་བྲལ་དང་ནི་སྡིག་བཅོམ་དང༌། །རང་བཞིན་རྦ་རླབས་མེད་པ་དང༌། །མཐའ་ཡི་བདེ་དང་བདེ་རིགས་དང༌། །གསང་བ་མཆོག་དང་དགྱེས་པ་དང༌། །ཞེས་པ་ལ་སོགས་པ་དོན་དམ་གཞན་སྟོང་ཆོས་འབྱུང་གྲུ་གསུམ་གྱི་རྣམ་གྲངས་ཤིན་ཏུ་མང་བར་གསུངས་སོ། །

གཞན་ཡང་རང་སྟོང་གིས་ཆོས་འབྱུང་ལ་སོགས་པའི་གོ་ཆོད་ན། སྟོབས་བཅུ་ལ་སོགས་པའི་ཡོན་ཏན་མི་འབྱུང་བར་དམྱལ་བའི་སྡུག་བསྔལ་དྲག་པོ་འབྱུང་བའི་སྡིག་པ་ཐམས་ཅད་རང་རང་ངོ་བོས་སྟོང་པའི་ཕྱིར། ཆོས་འབྱུང་ཡིན་པར་འགྱུར་ལ། དེ་འདོད་ན། དེ་རྣམས་སྟོབས་བཅུ་དང༌། མི་འཇིགས་པ་ལ་སོགས་པ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་འབྱུང་གནས་ཡིན་པར་ཧ་ཅང་ཐལ་བར་འགྱུར་ཏེ། མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གྲུབ་པ་ལས། ཆོས་འབྱུང་གི་སྒྲས་ཀྱང་དེ་བརྗོད་དེ། ཆོས་འབྱུང་གང་ལས་རང་བཞིན་མེད་པའི་ཆོས་རྣམས་འབྱུང་བར་འགྱུར་བའོ། །རང་བཞིན་མེད་པའི་ཆོས་རྣམས་ནི་སྟོབས་བཅུ་དང༌། མི་འཇིགས་པ་ལ་སོགས་པ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་རྣམས་སོ། །དེ་རྣམས་འབྱུང་བར་འགྱུར་བ་ནི་ཆོས་འབྱུང་སྟེ་སངས་རྒྱས་ཀྱི་ཞིང་ངོ༌། །ཞེས་པ་དང༌། དེའི་ཕྱིར་ཆོས་འབྱུང་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན་སྣ་ཚོགས་ཡུམ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོས་འཁྱུད་པ་རྣམས་དུས་ཐམས་ཅད་དུ་སྒྲིབ་པ་ཐམས་ཅད་དང་བྲལ་བའོ། །ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར་འདི་ལ་ཁྱབ་པར་ཡོད་པ་ཁོ་ནའོ། །དེ་བཞིན་དུ། གསང་བདག་ཕྱག་ན་རྡོ་རྗེའི་ཞལ་སྔ་ནས་ཀྱང༌། གསང་ཆེན་མཆོག་ལ་བཞུགས་པ། ཞེས་པ་ལ། ཆོས་འབྱུང་ནམ་མཁའི་ཁམས་ནི་གསང་ཆེན་ཏེ། །དེ་ལ་བཞུགས་པ་ནི་གསང་ཆེན་མཆོག་ལ་བཞུགས་པའོ། །ཞེས་པ་ལ་སོགས་པ་གསུངས་སོ། །དེ་ལྟར་ངེས་དོན་གྱི་རྡོ་རྗེ་དང༌། ཆོས་འབྱུང་དང༌། གསང་བ་དང༌། གསང་ཆེན་དང༌། གྲུ་གསུམ་ལ་སོགས་པ་རྣམ་པ་མང་པོ་ཅན་དོན་དམ་ཆོས་དབྱིངས་གཞན་སྟོང་གི་རྣམ་གྲངས་གཞན་ཡང་གསུངས་པ་མང་དུ་ཡོད་དེ། རེ་ཞིག་དཔལ་འཁོར་ལོ་སྡོམ་པའི་རྒྱུད་ཀྱི་འགྲེལ་པར། ཨེ་དང་བྷ་ག་པདྨ་དང༌། །དག་དང་བདེ་གནས་བདེ་བ་ཅན། །སེང་གེ་ཁྲི་དང་དམིགས་པ་མེད། །རང་བཞིན་ཉིད་དང་ཕ་རོལ་ཕྱིན། །ཞེས་པ་དང༌། དེ་བཞིན་དུ། མཁའ་འགྲོ་མ་རྡོ་རྗེ་གུར་དུ། བཅོམ་ལྡན་འདས་ཀྱིས་གསུངས་པ། མཁའ་དབྱིངས་བེམ་མིན་དང་བ་དང༌། །གོ་འབྱེད་རབ་ཏུ་གསལ་བ་དང༌། །སྣ་ཚོགས་རྡོ་རྗེ་གནས་དང་བཞི། །ཀུན་གྱི་དབྱིངས་དང་ཡིད་འོང་བ། །ཞེས་པ་ལ་སོགས་པ་ནས། གསང་བ་མཆོག་ཏུ་དགྱེས་པ་དང༌། །ཀུན་གྱི་བདག་ཉིད་ན་རྟག་བཞུགས། །ཞེས་པས་བར་གྱིས་མིང་སྣ་ཚོགས་ཀྱི་ཁྱད་པར་གྱིས་གནས་བརྟན་པ་གསུངས་སོ། །ཞེས་པ་ལ་སོགས་པ་དོན་དམ་གཞན་སྟོང་གི་རྣམ་གྲངས་ཤིན་ཏུ་མང་བར་གསུངས་སོ། །དེ་བཞིན་དུ། རྡུལ་མེད་དང༌། རྡུལ་བྲལ་དང༌། སྐྱོན་མེད་དང༌། སྡིག་བཅོམ་དང༌། རང་བཞིན་དང༌། རྦ་རླབས་མེད་པ་དང༌། བདེ་བའི་མཐར་ཐུག་པ་དང༌། དེ་རང་རིག་པ་དང༌། གསང་བའི་མཆོག་ལ་སོགས་པ་ཡང་སྟེ། ལུང་ནི་སྔར་དྲངས་པ་བཞིན་ནོ། །ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོར་ཡང༌། གཞན་ཡང་རིགས་ཀྱི་བུ། སངས་རྒྱས་ཀྱི་རང་བཞིན་ཅན་ཞེས་བྱ་བ་ནི། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཏེ། རང་བཞིན་མར་གྱི་ཉིང་ཁུ་དང་འདྲ་བས་སངས་རྒྱས་ཐམས་ཅད་ཀྱི་ཡུམ་མོ། །དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་མཐུས་དེ་བཞིན་གཤེགས་པ་རྣམས་རྟག་པ་དང༌། བདེ་བ་དང༌། བདག་དང་ཡོངས་སུ་རྟག་པར་གྱུར་ཏོ། །སེམས་ཅན་ཐམས་ཅད་ལ་ཡང་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཡོད་མོད་ཀྱི་མ་བསྒོམ་པའི་ཕྱིར་མི་མཐོང་སྟེ། དེའི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མ་གྱུར་ཏོ། །རིགས་ཀྱི་བུ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་ནི་མིང་རྣམ་པ་ལྔ་ཡོད་དེ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཞེས་བྱ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་ཀྱང་བྱ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཞེས་ཀྱང་བྱ། སེང་གེའི་སྒྲ་སྒྲོགས་པའི་ཏིང་ངེ་འཛིན་ཞེས་ཀྱང་བྱ། སངས་རྒྱས་ཀྱི་རང་བཞིན་ཞེས་ཀྱང་བྱ་སྟེ། ཅི་དང་ཅིར་ལྡན་པ་དེ་དང་དེའི་སྐབས་སུ་མིང་འདོགས་སོ། །ཞེས་པ་དང༌། སེམས་ཅན་ཐམས་ཅད་ལ་སངས་རྒྱས་གྱི་རང་བཞིན་ཡོད་དེ་ཉོན་མོངས་པས་ཡོངས་སུ་ཁེབས་པའི་ཕྱིར་མཐོང་བར་མི་ནུས་སོ། །ཞེས་པ་ལ་སོགས་པས་བདེ་གཤེགས་སྙིང་པོ་སངས་རྒྱས་ཀྱི་རང་བཞིན་རྣམ་གྲངས་དུ་མ་དང་བཅས་པ་དང༌། ཡང༌། རིགས་ཀྱི་བུ། སངས་རྒྱས་ཀྱི་རང་བཞིན་ཞེས་བྱ་བ་ནི་དོན་དམ་པ་སྟོང་པའོ། །དོན་དམ་པ་སྟོང་པ་ནི་ཡེ་ཤེས་ཞེས་བྱའོ། །ཞེས་དོན་དམ་སྟོང་ཉིད་དང༌། སངས་རྒྱས་ཀྱི་རང་བཞིན་དང༌། རང་བྱུང་གི་ཡེ་ཤེས་རྣམས་དོན་གཅིག་པར་གསུངས་པ་དང༌། ཡང༌། རིགས་ཀྱི་བུ། དཔེར་ན་ཟླ་བ་ཚེས་པ་ནི་མི་མཐོང་མོད་ཀྱི་མེད་ཅེས་བྱར་མི་རུང་ངོ༌། །སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲ་སྟེ། བྱིས་པ་མ་རབས་ཐམས་ཅད་ཀྱིས་མི་མཐོང་མོད་ཀྱི། དེ་ལ་སངས་རྒྱས་ཀྱི་རང་བཞིན་མེད་ཅེས་བྱར་མི་རུང་ངོ༌། །རིགས་ཀྱི་བུ། སངས་རྒྱས་ཀྱི་རང་བཞིན་ནི་འདི་ལྟ་སྟེ། སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སྙིང་རྗེ་ཆེན་པོ་དང༌། དྲན་པ་ཉེ་བར་བཞག་པ་གསུམ་སྟེ། སེམས་ཅན་ཐམས་ཅད་ལ་རྣམ་པ་གསུམ་པོ་ཡོད་ཀྱང༌། ཉོན་མོངས་པ་ཡོངས་སུ་བཅོམ་ན་གདོད་མཐོང་བར་འགྱུར་རོ། །ལོག་སྲེད་ཅན་དག་ནི་ལོག་སྲེད་ཡོངས་སུ་བཅོམ་ན་གདོད་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སྙིང་རྗེ་ཆེན་པོ་དང༌། དྲན་པ་ཉེ་བར་བཞག་པ་གསུམ་ཐོབ་པར་འགྱུར་རོ། །དོན་དེ་ལྟ་བས་ན་ངས་རྟག་ཏུ་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་དོ་ཞེས་གསུངས་སོ། །ཞེས་སེམས་ཅན་ཐམས་ཅད་ལ་བཞུགས་པའི་སྤྱང་གཞི་བདེ་གཤེགས་སྙིང་པོ་དེ་སྟོབས་སོགས་ཡོན་ཏན་དུ་མའི་བདག་ཉིད་དུ་གསུངས་པ་དང༌། ཡང་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་རང་བཞིན་ནི་རྣམ་པ་གཉིས་ཏེ། ཡོད་པ་དང་མེད་པའོ། །དེ་ལ་ཡོད་པ་ནི་འདི་ལྟ་སྟེ། མཚན་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུ་དང༌། སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། དྲན་པ་ཉེ་བར་བཞག་པ་གསུམ་དང༌། བྱམས་པ་ཆེན་པོ་དང༌། སྙིང་རྗེ་ཆེན་པོ་དང༌། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་སོགས་པ་ཏིང་ངེ་འཛིན་ཚད་མེད་པ་སྙེད་དང༌། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་སོགས་པ་ཚད་མེད་པ་སྙེད་དང༌། ཐབས་མཁས་པ་ལ་སོགས་པའི་ཏིང་ངེ་འཛིན་ཚད་མེད་པ་སྙེད་དང༌། ཡེ་ཤེས་ལྔ་ལ་སོགས་པ་ཏིང་ངེ་འཛིན་ཚད་མེད་པ་སྙེད་ནི་ཡོད་པ་ཞེས་བྱའོ། །དེ་ལ་མེད་པ་ནི་འདི་ལྟ་སྟེ། དེ་བཞིན་གཤེགས་པའི་འདས་པའི་དགེ་བ་རྣམས་དང༌། མི་དགེ་བ་དང༌། ལུང་དུ་མི་སྟོན་པ་དང༌། ལས་དང་རྒྱུ་དང་འབྲས་བུ་དང༌། རྣམ་པར་སྨིན་པ་དང༌། ཉོན་མོངས་པ་དང༌། ཕུང་པོ་ལྔ་དང༌། རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་ནི་མེད་པ་ཞེས་བྱའོ། །ཞེས་པ་ལ་སོགས་པ་གང་ཞིག་གང་ན་མེད་པ་དེ་དེས་སྟོང་པ་དང༌། དེ་ལ་ལྷག་མ་གང་ཡོད་པ་དེ་རྟག་ཏུ་ཡོད་པའི་ཚུལ་རྒྱས་པར་གསུངས་སོ། །དེ་བཞིན་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་བརྒྱ་རྩ་བརྒྱད་པར་ཡང༌། དོན་དམ་བྱང་ཆུབ་ཀྱི་སེམས་དང༌། རྡོ་རྗེ་དང༌། ཆོས་འབྱུང་དང༌། བྷ་ག་དང༌། གསང་བ་ལ་སོགས་པའི་རྣམ་གྲངས་དུ་མ་ཅན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་གྲངས་མང་པོ་གསུངས་པ་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཐམས་ཅད་མཁྱེན་པ་ཉིད་དང༌། ལམ་གྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང༌། ཡང་དག་པའི་མཐའ་དང༌། དེ་བཞིན་ཉིད་དང༌། མ་ནོར་བ་དེ་བཞིན་ཉིད་དང༌། གཞན་མ་ཡིན་པ་དེ་བཞིན་ཉིད་དང༌། བདེན་པ་དང༌། དེ་ཁོ་ན་དང༌། ཡང་དག་པ་དང། ཕྱིན་ཅི་མ་ལོག་པ་ཉིད་དང༌། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། དངོས་པོ་མེད་པ་ཉིད་དང༌། ངོ་བོ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་དང༌། ཆོས་ཉིད་དང༌། ཆོས་ཀྱི་དབྱིངས་དང༌། ཆོས་གནས་མེད་པ་དང༌། ཆོས་མི་འགྱུར་བ་ཉིད་དང༌། ཆོས་སྐྱོན་མེད་པ་ཉིད་དང༌། ཆོས་ཀྱི་མཚན་ཉིད་དང༌། ཆོས་བདག་མེད་པ་ཉིད་དང༌། ཞེས་པ་ནས་སེམས་དང་ཡིད་དང་རྣམ་པར་ཤེས་པ་དང་བྲལ་ཞེས་པ་ལ་སོགས་པ་རབ་ཏུ་རྒྱས་པར་གསུངས་སོ། །

དེ་བཞིན་དུ། འདིའི་རྣམ་གྲངས་ལ་སྔགས་ཀྱི་ཐེག་པར་མཁྱེན་པ་བཞི་གསུངས་པ་ཡང་ཡོད་དོ། །དེ་བཞིན་དུ། ཨེ་ཡིག་ལ་སོགས་པ་སྔར་བསྟན་པ་རྣམས་ཀྱང་འདིའི་རྣམ་གྲངས་ཡིན་པའི་ཕྱིར། ཡུམ་ཤེར་ཕྱིན་ཡང་ཡིན་ལ། སྟོང་ཉིད་ལ་སོགས་པ་ཡང་ཡིན་པ་འདི་ནི་དོན་དམ་གཞན་སྟོང་ལ་དགོངས་ཀྱི། གཟུགས་ སོགས་མཐའ་དག་རང་བཞིན་མ་གྲུབ་པའི་རང་སྟོང་གིས་ནི་རྣམ་གྲགས་མང་པོ་ཅན་དེ་རྣམས་ཀྱི་གོ་མི་ཆོད་དེ། གལ་ཏེ་ཆོད་པར་འདོད་ན་ཉེས་སྐྱོན་དཔག་ཏུ་མེད་པའི་ཆར་ཆེན་པོ་འབབ་པའི་ཕྱིར་རོ། །དེ་ལྟར་རྣམ་གྲངས་མང་པོ་ཅན་དོན་དམ་སྟོང་ཉིད་དེ་ལ་ནི། གཞན་གྱི་དངོས་པོ་སྟོང་པ་ཉིད་ཅེས་གསུངས་ཏེ། ཇི་སྐད་དུ། རྒྱལ་བའི་ཡུམ་བར་མ་ལས། དེ་ལ་གཞན་གྱི་དངོས་པོ་སྟོང་པ་ཉིད་གང་ཞེ་ན། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང༌། དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་སྟེ། ཆོས་ཀྱི་གནས་ཉིད་དང༌། ཆོས་ཉིད་དང༌། ཆོས་ཀྱི་དབྱིངས་ཉིད་དང༌། ཆོས་སྐྱོན་མེད་པ་ཉིད་དང༌། དེ་བཞིན་ཉིད་དང༌། མ་ནོར་བ་དེ་བཞིན་ཉིད་དང༌། གཞན་མ་ཡིན་པ་དེ་བཞིན་ཉིད་དང༌། ཡང་དག་པའི་མཐའ་ནི་དེ་བཞིན་ཉིད་གནས་པ་སྟེ། དེ་ལྟར་ཆོས་དེ་དག་གི་གཞན་གྱིས་སྟོང་པ་གང་ཡིན་པ་དེ་ནི། གཞན་གྱི་དངོས་པོ་སྟོང་པ་ཉིད་ཅེས་བྱ་སྟེ། ཞེས་གསུངས་ལ། དེ་ལྟར་དེ་བཞིན་ཉིད་ལ་སོགས་པ་རང་གི་ངོ་བོས་མི་སྟོང་པར་རྟག་ཏུ་བཞུགས་པ་དེ། རང་ལས་གཞན་པའི་ཆོས་གང་དང་གང་གིས་སྟོང་ཞེ་ན། རྒྱལ་བའི་ཡུམ་ལས། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང༌། དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་སྟེ། ཆོས་དེ་དག་གི་དེ་བཞིན་ཉིད་དང༌། མ་ནོར་བ་དེ་བཞིན་ཉིད་དང༌། གཞན་མ་ཡིན་པ་དེ་བཞིན་ཉིད་དང༌། ཆོས་ཉིད་དང༌། ཆོས་ཀྱི་དབྱིངས་དང༌། ཆོས་ཀྱི་གནས་ཉིད་དང༌། ཆོས་སྐྱོན་མེད་པ་ཉིད་དང༌། ཡང་དག་པའི་མཐའ་དང༌། བསམ་གྱིས་མི་ཁྱབ་པའི་དབྱིངས་ནི་དེ་བཞིན་ཉིད་དུ་གནས་ཏེ། དེ་ལ་བདག་ཀྱང་མེད། སེམས་ཅན་དང༌། སྲོག་དང༌། འགྲོ་བ་དང༌། གསོ་བ་དང༌། སྐྱེས་བུ་དང༌། གང་ཟག་དང༌། ཤེད་ཅན་དང༌། ཤེད་བདག་དང༌། བྱེད་པ་པོ་དང༌། ཚོར་བ་པོ་དང༌། ཤེས་པ་པོ་དང༌། མཐོང་བ་པོ་ཡང་མེད་ན། དེ་ལ་གཟུགས་ལྟ་ག་ལ་ཡོད། ཅེས་པ་ནས། རྒ་ཤིའི་བར་དུ་ལྟ་ག་ལ་ཡོད། རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་རྣམས་ལྟ་ག་ལ་ཡོད་དེ། ཆོས་དེ་དག་མེད་ན་འགྲོ་བ་ལྔའི་འཁོར་བ་གང་ནས་སེམས་ཅན་རྣམས་སྒྲོལ་བར་བྱ་བ་དེ་ལྟ་བུ་དག་ལྟ་ག་ལ་ཡོད་དེ། ཞེས་པ་ལ་སོགས་པ་དང༌། སྟོང་པ་ཉིད་ལ་གཟུགས་མེད། ཚོར་བ་མེད། འདུ་ཤེས་མེད། འདུ་བྱེད་མེད། རྣམ་པར་ཤེས་པ་མེད། མིག་མེད། རྣ་བ་མེད། ཅེས་པ་ལ་སོགས་པ་རྒྱ་ཆེར་གསུངས་པའི་ཕྱིར། གློ་བུར་བའི་ཆོས་ཐམས་ཅད་མེད་པའི་གཞིར་གྱུར་པའི་སྟོང་པ་ཉིད་དང༌། དེ་བཞིན་ཉིད་ལ་སོགས་པ་རྣམས་ནི་དོན་དམ་གཞན་སྟོང་ཡིན་ཏེ། ཀུན་གཞི་ཡེ་ཤེས་ཡིན་པའི་ཕྱིར་དང༌། གློ་བུར་བའི་ཆོས་ཐམས་ཅད་ཀྱིས་སྟོང་པའི་གཞི་ཡིན་པའི་ཕྱིར་རོ། །དེ་ལྟར་གསུང་རབ་དྲི་མེད་རྣམས་སུ་སྟོང་ཉིད་གསུངས་པ་རྣམས་ལ་ཡང་སྟོང་པ་དང༌། སྟོང་པའི་གཞི་གང་ཡིན་པ་གཉིས་གཉིས་སུ་གསུངས་པ་ལས། གཙོ་བོར་གང་སྟོན་པ་ནི། སྐབས་སྟོབས་ཀྱིས་རིག་པར་བྱ་དགོས། དེ་ལ་གཟུགས་སོགས་མཐའ་དག་རང་བཞིན་མ་གྲུབ་པའི་རང་སྟོང་དེ་ནི་གང་སྟོང་པའམ་གང་གིས་སྟོང་པ་ཙམ་ཡིན་གྱི། གཟུགས་སོགས་ཆོས་མཐའ་དག་གིས་སྟོང་པའི་གཞི་ནི་མ་ཡིན་ནོ། །དེས་ན། དེ་ནི། ཀུན་རྫོབ་སྟོང་པ་ཉིད་དུ་བཤད། །སྟོང་ཉིད་ཁོ་ན་ཀུན་རྫོབ་སྟེ། །བྱས་དང་མི་རྟག་པ་བཞིན་དུ། །མེད་ན་མི་འབྱུང་ངེས་ཕྱིར་རོ། །ཞེས་གསུངས་པ་དང་མཐུན་པའི་སྟོང་ཉིད་ཀུན་རྫོབ་རང་སྟོང་ཡིན་གྱི། ཤེར་ཕྱིན་དང་རང་བྱུང་ཡེ་ཤེས་དང༌། བདེ་བ་ཆེན་པོ་དང༌། སྟོབས་བཅུ་ལ་སོགས་པ་དང་གཅིག་པའི་དོན་དམ་སྟོང་ཉིད་སངས་རྒྱས་ཀྱི་རང་བཞིན་དང༌། དེ་བཞིན་ཉིད་ལ་སོགས་པ་རྣམ་གྲངས་མང་པོ་སྔར་སྨོས་པ་དེ་རྣམས་ནི་མ་ཡིན་ནོ། །དེ་ལྟར་གང་སྟོང་པ་དང༌། གང་གིས་སྟོང་པའི་གཞི་ལ་ཁྱད་པར་ཆེན་པོ་ཡོད་པ་ལྟར། རང་བཞིན་མེད་པ་ཙམ་དང༌། རང་བཞིན་མེད་པའི་གཞི་ལ་ཡང་དེ་ལྟར་རོ། །གང་གིས་རྣམ་པར་དག་པ་དང༌། རྣམ་པར་དག་པའི་གཞི་ལ་ཡང་དེ་བཞིན་ནོ། །སྐྱེ་འགག་ལ་སོགས་པ་མེད་པ་དང་མེད་པའི་གཞི་ལ་ཡང་དེ་བཞིན་ནོ། །འགོག་པའམ་འགགས་པ་དང་འགགས་པའི་གཞི་ལ་ཡང་དེ་བཞིན་ནོ། །རྒྱས་པར་ཆོས་ཀྱི་སྤྱན་དང་ལྡན་པ་དག་གི་མན་ངག་ཟབ་མོ་ལས་རྟོགས་པར་བྱ་བ་ཉིད་དོ། །དེའི་ཕྱིར་རང་རང་ངོ་བོས་སྟོང་པ་ལས་གཞན་པའི་སྟོང་ཉིད་གོ་ཆོད་མེད་ཅེས་འཁྲུལ་བ་རྣམས་ནི་སྟོང་པའི་གཞི་མ་རྟོགས་པས་ལན་པ་ཉིད་དོ། །རྐང་པ་གཉིས་པ་བདེན་གཉིས་ཀྱི་ལན་ནོ། །

ཡང་ཁྱེད་ཀྱི་གསུང་ཡིག་ན། གཞན་བདེ་གཤེགས་སྙིང་པོ་དེ་ཡེ་ཤེས་དང་གཅིག་པའི་ངོས་ནས་འཐད་མོད་ནའང༌། ཡེ་ཤེས་ལྔ་དང་རིགས་ལྔ་དང་བདེ་མཆོག་དང་དགྱེས་རྡོར་ལ་སོགས་པའི་རྣམ་གྲངས་མང་པོ་རྣམས་དང༌། དོན་དམ་དང༌། བདེ་གཤེགས་སྙིང་པོ་དང༌། ཆོས་ཉིད་དང༌། རང་བཞིན་དང༌། དེ་བཞིན་ཉིད་ལ་སོགས་པ་རྣམས་གཅིག་པར་བཞེད་པ་ནི་མཁས་པ་རྣམས་ཀྱི་བཞད་གད་ཀྱི་གནས་ཡིན་ཏེ། ཞེས་པ་དང༌། ཡེ་ཤེས་ལ་སོགས་པ་དེ་རྣམས་ནི་ཡོངས་གྲུབ་བཏགས་པ་བ་དག་པ་གཞན་དབང་མཚན་ཉིད་པ་ཡིན་ཏེ། དོན་དམ་དང༌། ཆོས་ཉིད་དང༌། བདེ་གཤེགས་སྙིང་པོ་དང༌། རང་བཞིན་དང༌། དེ་བཞིན་ཉིད་ལ་སོགས་པ་རྣམས་ནི་གཞན་དབང་མ་ཡིན་ལ། ཡོངས་གྲུབ་མཚན་ཉིད་པ་ཡིན་པས། གཞན་དབང་ཡོངས་གྲུབ་ཀྱི་ཁྱད་པར་ཡང་དེ་ལྟར་ཤེས་པར་བྱའོ། །ཞེས་པ་བཀོད་གདའ། དེ་ལ་ཁྱེད་ལྟར་ན་བདེ་གཤེགས་སྙིང་པོ་དེ་ཡེ་ཤེས་ཡིན་ནམ་མ་ཡིན་ཞེས་བརྟག་པར་བྱ་སྟེ། འདིར་དེ་གཉིས་གང་ཡང་མ་ཡིན་པ་ནི་མི་སྲིད་དོ། །ཕྱོགས་དང་པོ་ལྟར་ན། ཡེ་ཤེས་དེ་གཞན་དབང་མཚན་ཉིད་པ་ཡིན་ལ། བདེ་གཤེགས་སྙིང་པོ་ནི་གཞན་དབང་མ་ཡིན་གྱི་ཡོངས་གྲུབ་མཚན་ཉིད་པ་ཡིན་ཞེས་པ་དང་ནང་འགལ་བའི་སྐྱོན་དུ་འགྱུར་ལ། གཉིས་པ་ལྟར་ན། བདེ་གཤེགས་སྙིང་པོ་དེ་ཡེ་ཤེས་དང་གཅིག་པའི་ངོས་ནས་འཐད་པར་ཇི་ལྟར་འགྱུར་ཏེ། རང་གི་ཁས་བླངས་ནང་འགལ་བ་ཆེན་པོའོ། །གཞན་ཡང་ཁྱེད་ལྟར་ན་ཡང༌། དོན་དམ་དང་ཆོས་ཉིད་ལ་སོགས་པ་དེ་རྣམས་གཞན་དབང་ཉིད་ལས་མ་འདས་པར་འགྱུར་ཏེ། རྟེན་འབྲེལ་ལས་མ་འདས་པའི་ཕྱིར་རོ། །དོན་དམ་རྟེན་འབྲེལ་ལས་མ་འདས་པར་ནི་ཁྱེད་ཉིད་ཀྱིས་སྔར་ཁས་བླངས་ཤིང༌། རྟེན་འབྲེལ་དང་གཞན་དབང་དོན་གཅིག་ཡིན་པར་ཡང་སྔར་ལུང་གིས་བསྒྲུབས་སོ། །དཔལ་དུས་ཀྱི་འཁོར་ལོ་ལས། ཕྱི་ནང་གཞན་གསུམ་གསུངས་པའི་དོན་ཡང་ཉིད་ཅག་གི་བཞེད་པ་ལྟར་ན། ཕྱི་སྣང་བ། ནང་སྟོང་པ། གཞན་དབྱེར་མེད་དུ་ཤེས་པ་དེ་ལ་སོགས་པའི་ཤན་འདྲེ་བ་རྣམས་ལ་གསུངས་པ་ཡིན་ཞེས་པ་འདི་ཡང༌། སྐྱེས་བུའི་བརྗོད་འདོད་ཙམ་དུ་ཟད་ཀྱི། དེ་ལྟར་ཡིན་པའི་ཤེས་བྱེད་གང་ནས་ཀྱང་གསུངས་པ་མེད་དོ། །དེར་མ་ཟད་སྣང་བ་དང་སྟོང་པ་དབྱེར་མེད་དུ་ཤེས་པས་རིམ་པ་ལྟར། ཕྱི་དང་ནང་དང་གཞན་གྱི་གོ་ཆོད་ན། ཕྱི་ཡང་ནང་ཡིན་པར་འགྱུར་ཞིང༌། ནང་ཡང་ཕྱི་ཡིན་པར་འགྱུར་ལ། གཞན་མ་ཡིན་པ་སྣང་སྟོང་དབྱེར་མེད་དུ་ཤེས་པའི་རྣམ་ཤེས་ཀྱང་གཞན་ཡིན་པར་འགྱུར་བ་ལ་སོགས་པ་ཧ་ཅང་ཐལ་བ་མང་དུ་ཡོད་ཅིང༌། ཕྱི་ནང་གཉིས་སྣོད་བཅུད་ལ་བཞེད་པ་འཐད་ཅེས་པ་འདི་དང་ནང་འགལ་ཡང་ཡོད་དོ། །སྤྱིར་གྱིས་ཀྱང་གཞུང་ལུགས་གང་དང་གང་ཡིན་པ་དེ་དང་དེའི་ཚིག་དང་དོན་རྣམས་གཞུང་དེ་དག་ལ་ལེགས་པར་སྦྱངས་པ་བླ་མ་མཁས་པའི་ལེགས་བཤད་ཚུལ་བཞིན་ནོས་པ་ལས་ཤེས་ཤིང་རྟོགས་པར་འགྱུར་བ་ལགས་མོད།

ཁྱད་པར་དུ་དཔལ་དུས་ཀྱི་འཁོར་ལོའི་བརྗོད་བྱ་ཟབ་ཅིང་རྒྱ་ཆེ་བ་འདི་ལྟ་བུ་ནི། ལུང་དང་རིགས་པ་མན་ངག་ཁྱད་པར་ཅན་དང་ལྡན་པའི་བླ་མ་དམ་པ་རྣམས་ཀྱི་ལེགས་པར་བཤད་པ་དྲི་མ་མེད་པ་ལས་རྟོགས་པར་འགྱུར་གྱི། དེ་ལས་གཞན་དུ་གཞན་གྱི་ཟེར་བཟློས་བཟླས་པ་ཙམ་དང༌། རང་ཉིད་ཀྱི་ཚོད་དཔོགས་ཙམ་གྱིས་ནི་ཚུལ་བཞིན་དུ་རྟོགས་པར་དཀའོ། །གཞན་ཡང་མཐར་ཐུག་ངེས་པའི་དོན་གྱི་གསུང་རབ་མང་པོ་རྣམས་སུ་ཡེ་ཤེས་ལྔ་དང་རིགས་ལྔ་དང་བདེ་མཆོག་དགྱེས་རྡོར་ལ་སོགས་པ་རྣམས་དོན་དམ་པའི་སངས་རྒྱས་ཆོས་ཀྱི་སྐུ་ཉིད་ལ་མཚན་གྱི་རྣམ་གྲངས་དུ་མའི་སྒོ་ནས་གསུངས་ཤིང༌། དེ་བཞིན་གཤེགས་པ་ཆོས་ཀྱི་སྐུ་ཡང་དོན་དམ་བདེ་གཤེགས་སྙིང་པོ་ཆོས་ཉིད་དེ་བཞིན་ཉིད་ཡང་དག་པའི་མཐའ་ཉིད་ཡིན་པར་གསུངས་ཏེ། དེའི་ཤེས་བྱེད་ཀྱི་ལུང་སྔར་ཡང་ཉུང་ཤས་ཙམ་བཀོད་པས་དེ་ཙམ་གྱིས་ཀྱང་ཐུགས་སུ་ཆུད་མོད། འདིར་ཡང་མདོ་ཙམ་ཞིག་དགོད་པར་བྱའོ། །

དེ་ལ་རེ་ཞིག །འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། ཆོས་ཀྱི་དབྱིངས་ལ་བསྟོད་པར། ས་ཡི་དཀྱིལ་ན་ཡོད་པའི་ཆུ། །དྲི་མ་མེད་པར་གནས་པ་ལྟར། །ཉོན་མོངས་ནང་ན་ཡེ་ཤེས་ཀྱང༌། །དེ་བཞིན་དྲི་མ་མེད་པར་གནས། །ཞེས་པ་དང༌། ཇི་ལྟར་འོ་མ་དང་འདྲེས་ཆུ། །སྣོད་གཅིག་ལ་ནི་གནས་པ་ལས། །ངང་བས་འོ་མ་འཐུང་བྱེད་ཅིང༌། །ཆུ་ནི་འཐུང་བ་མ་ཡིན་ལྟར། །དེ་བཞིན་རང་གི་ཉོན་མོངས་དང༌། །ཡེ་ཤེས་ལུས་འདི་གཅིག་གནས་ཀྱང༌། །རྣལ་འབྱོར་པ་ཡིས་ཡེ་ཤེས་ལེན། །མི་ཤེས་པ་ནི་འདོར་བར་བྱེད། །ཅེས་གསུངས་སོ། །དེ་བཞིན་དུ། དེ་བཞིན་གཤེགས་པའི་སྙིང་པོའི་མདོར་ཡང༌། དེ་བཞིན་ངས་ནི་སེམས་ཅན་ཐམས་ཅན་ཀྱང༌། །གསེར་བཟང་འཇིམ་པས་གཡོགས་པ་འདྲ་བ་སྟེ། །ཕྱི་རོལ་ཤུན་པ་ཉོན་མོངས་སྦུབས་ཡིན་ལ། །ནང་ན་སངས་རྒྱས་ཡེ་ཤེས་ཡོད་པར་མཐོང༌། །ཞེས་གསུངས་པ་དང༌། སངས་རྒྱས་ཕལ་བོ་ཆེའི་མདོར་ཡང༌། གང་ལ་དེ་བཞིན་གཤེགས་པའི་ཡེ་ཤེས་མཐའ་དག་རྗེས་སུ་མ་ཞུགས་པའི་སེམས་ཅན་དེ་ནི་སེམས་ཅན་གྱི་རིས་ན་འགའ་ཡང་མེད་དོ། །འོན་ཀྱང་འདུ་ཤེས་ཀྱི་འཛིན་པས་དེ་བཞིན་གཤེགས་པའི་ཡེ་ཤེས་མི་མཐོང་ངོ༌། །ཞེས་པ་དང༌། དེ་བཞིན་གཤེགས་པའི་ཡེ་ཤེས་ཚད་མེད་པའི་ཡེ་ཤེས་སེམས་ཅན་ཐམས་ཅད་ཉེ་བར་འཚོ་བའི་ཡེ་ཤེས་ཀྱང་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་ལ་མ་ཚང་བ་མེད་པར་རྗེས་སུ་ཞུགས་ཏེ། ཞེས་གསུངས་པ་དང༌། ལང་ཀར་གཤེགས་པའི་མདོར་ཡང༌། བློ་གྲོས་ཆེན་པོ་དེ་ལ་ཡོངས་སུ་སྒྲུབ་པའི་རང་བཞིན་གང་ཞེ་ན། འདི་ལྟ་སྟེ། མཚན་མ་དང་མིང་དང་དངོས་པོའི་མཚན་ཉིད་རྣམ་པར་རྟོག་པ་དང་བྲལ་བའི་དེ་བཞིན་ཉིད་འཕགས་པའི་ཡེ་ཤེས་རྟོགས་པ་ཐོབ་པས་འཕགས་པ་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཏེ། བློ་གྲོས་ཆེན་པོ་ཡོངས་སུ་གྲུབ་པའི་རང་བཞིན་འདི་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་སྙིང་པོ་ཐུགས་སོ། །ཞེས་པ་དང༌། ཡང་མདོ་དེ་ཉིད་དུ། བློ་གྲོས་ཆེན་པོ་དོན་དམ་པ་འཕགས་པའི་ཡེ་ཤེས་སྟོང་པ་ཉིད་ཆེན་པོ་གང་ཞེ་ན། འདི་ལྟ་སྟེ། བདག་གི་སོ་སོ་རང་གི་འཕགས་པའི་ཡེ་ཤེས་ཁོང་དུ་ཆུད་པ་ནི་ལྟ་བ་དང༌། ཉེས་པའི་བག་ཆགས་ཐམས་ཅད་ཀྱིས་སྟོང་སྟེ། དེའི་ཕྱིར་དོན་དམ་པ་འཕགས་པའི་ཡེ་ཤེས་སྟོང་པ་ཉིད་ཆེན་པོ་ཞེས་བྱའོ། །ཞེས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡེ་ཤེས་ཡོད་པ་དང༌། ཡོངས་སུ་གྲུབ་པའི་རང་བཞིན་ཏེ། དེ་བཞིན་གཤེགས་པའི་སྙིང་པོ་དང་ཐུགས་དང་དོན་དམ་པ་འཕགས་པའི་ཡེ་ཤེས་སྟོང་པ་ཉིད་ཆེན་པོར་གསུངས་ཏེ། ཡེ་ཤེས་དེ་ལྟ་བུ་དེ་ནི་རྒྱུ་དང་རྐྱེན་ལས་བྱུང་བ། འདུས་བྱས་ཀྱི་ཡེ་ཤེས་ཀྱི་ཡེ་ཤེས་མ་ཡིན་གྱི། རང་བྱུང་གི་ཡེ་ཤེས་དེ་བཞིན་གཤེགས་པའི་ཡེ་ཤེས། ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས། དོན་དམ་པ་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་འདིར་གལ་ཏེ་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་ཡེ་ཤེས་གདོད་མ་ཉིད་ནས་ཡོད་ན་སངས་རྒྱས་ཀྱི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་ལམ་ལ་འབད་པ་དོན་མེད་པར་འགྱུར་རོ། །སྙམ་ན་མི་འགྱུར་ཏེ། གློ་བུར་དྲི་མའི་སྦུབས་དབྱེ་བར་བྱ་དགོས་པའི་ཕྱིར་ཏེ། ཇི་སྐད་དུ། བདེ་གཤེགས་སྙིང་པོའི་མདོར། རིགས་ཀྱི་བུ་དག་སེམས་ཅན་ཉོན་མོངས་པའི་སྦུབས་སུ་གྱུར་པ་དེ་དག་གི་ནང་ན་ང་འདྲ་བར་ཡེ་ཤེས་དང་ལྡན་པ་མིག་དང་ལྡན་པའི་དེ་བཞིན་གཤེགས་པ་མང་པོ་འཁོད་ཅིང་སྐྱིལ་མོ་ཀྲུང་བཅས་ནས་མི་གཡོ་བར་འཁོར་བ་མཐོང་སྟེ། ཉོན་མོངས་པ་ཐམས་ཅད་ཀྱིས་ཉོན་མོངས་པ་ཅན་དུ་གྱུར་པ་དེ་དག་གིས་ནང་ན་དེ་བཞིན་གཤེགས་པའི་ཆོས་ཉིད་མྀ་གཡོ་ཞིང་སྲིད་པའི་འགྲོ་བ་ཐམས་ཅད་ཀྱིས་མ་གོས་པ་དག་མཐོང་ནས་དེ་བཞིན་གཤེགས་པ་དེ་དག་ནི་ང་དང་འདྲའོ། །ཞེས་སྨྲས་སོ། །རིགས་ཀྱི་བུ་དག་དེ་བཞིན་གཤེགས་པའི་མིག་ནི་དེ་ལྟར་མཛེས་པ་ཡིན་ཏེ། དེ་བཞིན་གཤེགས་པའི་མིག་དེས་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་མཐོང་ངོ༌། །རིགས་ཀྱི་བུ་དག་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་ལྷའི་མིག་ཅན་ལ་ལ་ཞིག་གིས་འདི་ལྟར་ཁ་དོག་ངན་ཅིང་འདི་ལྟར་དྲི་ང་བའི་པད་མ་ཁ་མ་བྱེ་ཞིང་མ་གྱེས་པ་དག་ལ་ལྟས་ཏེ། དེའི་དབུས་དང་པད་མའི་སྙིང་པོ་ལ་དེ་བཞིན་གཤེགས་པའི་སྐུ་སྐྱིལ་མོ་ཀྲུང་བཅས་ཤིང་འདུག་པར་རིག་ནས་དེ་བཞིན་གཤེགས་པའི་གཟུགས་ལྟ་བར་འདོད་དེ། དེ་བཞིན་གཤེགས་པའི་གཟུགས་ཡང་དག་པར་སྦྱང་བའི་ཕྱིར་དང༌། པད་མའི་འདབ་མ་ཁ་དོག་ངན་ཅིང་དྲི་ང་ལ་སྨད་པར་འོས་པ་དེ་དག་འབྱེད་ཅིང་སེལ་བ། དེ་བཞིན་དུ། རིགས་ཀྱི་བུ་དག་དེ་བཞིན་གཤེགས་པས་ཀྱང་སངས་རྒྱས་ཀྱི་མིག་གིས་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་མཐོང་ནས། སེམས་ཅན་དེ་དག་གི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་སྲེད་པ་དང་མ་རིག་པའི་ཉོན་མོངས་པའི་སྦུབས་དབྱེ་བའི་ཕྱིར་ཆོས་སྟོན་ཏོ། །དེ་བསྒྲུབ་པའི་དེ་བཞིན་གཤེགས་པ་རྣམས་ནི་ཡང་དག་པ་ཉིད་དུ་གནས་སོ། །ཞེས་པ་དང༌། དེ་བཞིན་གཤེགས་པའི་སྤྱན་གྱིས་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པ་ཉིད་སངས་རྒྱས་ཉིད་རང་བྱུང་ཉིད་ཉོན་མོངས་པའི་སྦུབས་ཀྱི་ཤུན་པས་དཀྲིས་ཤིང་གནས་པར་མཐོང་ངོ༌། །ཞེས་པ་དང༌། རིགས་ཀྱི་བུ་དག་ཐ་ན་དུད་འགྲོའི་སྐྱེ་གནས་སུ་སོང་བ་རྣམས་ཀྱང་རུང་སྟེ། སེམས་ཅན་ཉོན་མོངས་པ་སྣ་ཚོགས་ཀྱིས་དཀྲི་བར་དཀྲིས་པར་གྱུར་པ་རྣམས་ཀྱི་ནང་ན་ཡང་དེ་བཞིན་གཤེགས་པའི་ལུས་ང་ཅི་འདྲ་བ་ཡོད་པར་མཐོང་ངོ༌། །ཞེས་གསུངས་སོ། །དེ་ཉིད་དུ། ཆོས་ཀྱི་དབྱིངས་ཉིད་གཉིས་སུ་མེད་པའི་ཡེ་ཤེས་དང༌། རྡོ་རྗེ་སེམས་དཔའ་དང༌། རྡོ་རྗེ་འཇིགས་བྱེད་དང༌། ཧེ་རུ་ཀ་དང༌། དུས་ཀྱི་འཁོར་ལོ་དང༌། དང་པོའི་སངས་རྒྱས་དང༌། ཀུན་ཏུ་བཟང་པོ་དང༌། འཇམ་དཔལ་ལ་སོགས་པའི་རྣམ་གྲངས་དུ་མས་གསུངས་པ་ནི། དགོངས་པ་ལུང་སྟོན་པ་ལས། འོད་གསལ་བ་ནི་གསལ་པོར་ནི། །ཤིན་ཏུ་རྣམ་དག་ཆོས་དབྱིངས་ཏེ། །གཉིས་སུ་མེད་པའི་ཡེ་ཤེས་མཆོག །རབ་ཏུ་སད་ཅིང་རྟག་ཏུ་འཆར། །ཞེས་པ་དང༌། གང་གི་བཞུགས་གནས་སྲིད་པ་གསུམ། །དངོས་གྲུབ་ཀུན་བྱེད་དཔལ་དང་ལྡན། །སྐལ་པ་བཟང་པོ་ཀུན་འཕེལ་བ། །རྡོ་རྗེ་དེ་ནི་རྡོ་རྗེ་སེམས། །རྡོ་རྗེ་འཇིགས་བྱེད་དབང་ཕྱུག་དང༌། །ཧེ་རུ་ཀ་དང་དུས་འཁོར་ལོ། །དང་པོའི་སངས་རྒྱས་ཐུབ་པ་ཆེ། །ཀུན་ཏུ་བཟང་པོ་འཇམ་དཔལ་དང༌། །སྣ་ཚོགས་རྣམ་པ་རྣམ་པར་གྲོལ། །སྣ་ཚོགས་ཡོན་ཏན་ཚོགས་ཀྱི་གཞི། །ཀུན་ནས་སྤྲོ་བའི་རྣལ་འབྱོར་ནི། །རྣལ་འབྱོར་ཆེན་པོ་དྲི་མ་མེད། །ཡེ་ཤེས་དེ་ཉིད་གསལ་བ་ནི། །རྟོག་པ་མེད་ཅིང་གནས་པ་མེད། །ཆོས་དབྱིངས་འགྲོ་བ་ཞེས་བཤད་དོ། །ཞེས་པའོ། །དཔལ་རྡོ་རྗེ་ཕྲེང་བའི་རྒྱུད་དུ་ཡང༌། སྟོང་པ་ཉིད་དང་རང་རིག་དང༌། །ཐམས་ཅད་བདག་ཉིད་རྟག་བཞུགས་པ། །རྣལ་འབྱོར་གཅིག་པུས་རྟོགས་པ་སྟེ། །རྟོག་གེ་བ་ཡི་སྤྱོད་ཡུལ་མིན། །ཞེས་སྟོང་པ་ཉིད་དང༌། སོ་སོ་རང་གིས་རིག་པའི་ཡེ་ཤེས་རྣམ་གྲངས་སུ་གསུངས་སོ། །སྟོང་པ་ཉིད་དེ་ནི་གཞན་སྟོང་ཡིན་ནོ། །དཔལ་རྡོ་རྗེ་གདན་བཞིའི་རྒྱུད་དུ་ཡང༌། རྣལ་འབྱོར་མ་ལྔ་སངས་རྒྱས་ཏེ། །དེ་ནི་དེ་བཞིན་ཉིད་དུ་རྟག །ཅེས་རྣལ་འབྱོར་མ་དང༌། སངས་རྒྱས་དེ་བཞིན་ཉིད་ལ་གསུངས་པ་དང༌། ཡང་དེ་ཉིད་ལས། མཚན་ཉིད་མཚོན་པ་སྟོང་པ་ཡི། །སྙིང་པོ་མེད་པའི་སྙིང་པོ་རྣམས། །བདུད་རྩི་ཆུ་ཤིང་སྙེ་མ་བཞིན། །དབུས་སུ་གནས་པའི་ཡེ་ཤེས་ནི། །ཡེ་ཤེས་གཟུགས་ནི་གཟུགས་མེད་དོ། །ཞེས་གསུངས་པ་སྟེ། སྙིང་པོ་མེད་པ་འཁོར་བའི་སྙིང་པོ་ཆོས་ཀྱི་དབྱིངས་འོད་གསལ་བ་ནི་བདེ་གཤེགས་སྙིང་པོ་སྟེ། དེ་ཉིད་དབུས་སུ་གནས་པའི་ཡེ་ཤེས་སུ་བསྟན་ཏོ། །དེའི་ཕྱིར་ཡང༌། ཆོས་ཀྱི་དབྱིངས་ཉིད་རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་གྲུབ་བོ། །དཔལ་ཀྱེའི་རྡོ་རྗེ་བསྡུས་པའི་རྒྱུད་ཀྱི་རིགས་ཀྱི་ལེའུར་ཡང༌། ལུས་ལ་ཡེ་ཤེས་ཆེན་པོ་གནས། །རྟོག་པ་ཐམས་ཅད་ཡང་དག་སྤངས། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ལུས་ལ་གནས་ཀྱང་ལུས་སྐྱེས་མིན། །ཞེས་གསུངས་ཤིང༌། དེའི་འགྲེལ་པ་བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་སྙིང་པོའི་ཞལ་སྔ་ནས་མཛད་པར། ཨེ་ཝཾ་གི་ཡི་གེར་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་ནི་ལུས་གནས་ཏེ་ལྟེ་བར་གནས་པའོ། །དེ་ལྟར་ན་ལུས་གནས་ཡེ་ཤེས་ཆེན་པོ་ནི། ཀུན་ཏུ་རྟོག་པ་ཐམས་ཅད་སྤངས་པར་གྲུབ་སྟེ། དཀྱིལ་འཁོར་གྱི་འཁོར་ལོ་བཞི་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱའི་རྟོག་པ་དང་བྲལ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་རྟོག་པའི་དྲ་བ་དང་བྲལ་བ་ཞེས་པ་ངེས་པའོ། །དེ་ཉིད་རྡོ་རྗེ་སེམས་དཔའ་འཇིག་རྟེན་གསུམ་ཀུན་ཏུ་བསྐྱེད་པའི་ཧེ་རུ་ཀ་ངོ་བོ་ཉིད་ཀྱི་སྐུའོ། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ཞེས་པ་ཕུང་པོ་དྲུག་རྣམས་དང༌། ཁམས་དྲུག་རྣམས་དང༌། དབང་པོ་དྲུག་རྣམས་དང༌། ཡུལ་དྲུག་རྣམས་དང༌། ལས་ཀྱི་དབང་པོ་དྲུག་རྣམས་དང༌། ལས་དང་ལས་ཀྱི་དབང་པོའི་བྱ་བ་དྲུག་རྣམས་ཏེ། དངོས་པོ་འདི་རྣམས་ལ་ཁྱབ་པ་པོ་ཡེ་ཤེས་ཀྱི་སྐུའོ། །ལུས་ལ་གནས་ཀྱང་ལུས་སྐྱེས་མིན་ཞེས་པ། སྐྱེ་བ་དང་འཇིག་པའི་དངོས་པོ་མེད་པའི་ཕྱིར་རོ། །ཞེས་པ་སྟེ། ཀུན་རྟོག་ཐམས་ཅད་སྤངས་པའི་ཡེ་ཤེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཉིད་རྡོ་རྗེ་སེམས་དཔའ་དང་ངོ་བོ་ཉིད་ཀྱྀ་སྐུ་བསྟན་ཅིང༌། དེ་ཉིད་དངོས་པོ་ཀུན་ལ་ཁྱབ་པའི་ཡེ་ཤེས་ཀྱི་སྐུ་ལུས་ལ་གནས་ཤིང་སྐྱེ་འཇིག་མེད་པར་བསྟན་པ་འདི་ཡང༌། ཆོས་ཀྱི་དབྱིངས་ཀྱང་ཡིན་ལ་ཡེ་ཤེས་ཀྱང་ཡིན་པ་ལ་དགོངས་པ་ཡིན་ནོ། །གྲུབ་པའི་སློབ་དཔོན་ནཱ་རོ་པཎ་ཆེན་གྱི་ཞལ་སྔ་ནས་ཀྱང༌། ལུས་ལ་ཡེ་ཤེས་ཆེན་པོ་གནས། །ཞེས་སོགས་ཀྱི་དོན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་རྣམ་པར་རྟོག་པ་དང་བྲལ་བ་མཆོག་ཏུ་མི་འགྱུར་བའི་བདེ་བའོ། །ཞེས་པ་དང༌། དེ་ཁོ་ན་ཉིད་ནི་རྡོ་རྗེ་སེམས་དཔའ་འཇིག་རྟེན་གསུམ་བསྐྱོད་པའི་ཧེ་རུ་ཀ་ངོ་བོ་ཉིད་ཀྱི་སྐུའོ། །ཞེས་པ་ལ་སོགས་པའི་སྒོ་ནས་སྔར་བཤད་པ་དང་མཐུན་པར་གསུངས་སོ། །ཡང་སློབ་དཔོན་དེ་ཉིད་ཀྱིས་བརྟག་པ་གཉིས་པའི་འགྲེལ་པར། དཔལ་དམ་ཚིག་གསུམ་གྱི་རྒྱན་ལས་དྲངས་པ། སྒྱུ་མའི་ངོ་བོར་ཀུན་རྟོགས་ནས། །རང་བཞིན་གྱིས་ཡོངས་མྱ་ངན་འདས། །སྒྱུ་མའི་རང་བཞིན་སེམས་ཀྱིས་ནི། །འདིར་ནི་སྒྱུ་མའི་དཀྱིལ་འཁོར་ཉིད། །ནམ་མཁའི་ཁམས་ཀྱི་མཐར་ཐུག་པར། །མ་མོའི་ཚོགས་ཀྱིས་ཡང་དག་འཁྲིགས། །རྣམ་པར་ཐམས་ཅད་མཆོག་ལྡན་པ། །ཆོས་ཀྱི་དབྱིངས་ཀྱི་རྣམ་རོལ་པའོ། །ཞེས་པས་དོན་དམ་གྱི་དཀྱིལ་འཁོར་དང༌། ལྷ་ཐམས་ཅད་ཆོས་ཀྱི་དབྱིངས་ཉིད་དུ་གསུངས་པའི་ཕྱིར། མཐར་ཐུག་གི་ཡེ་ཤེས་དང་ཆོས་ཀྱི་དབྱིངས་ཉིད་གཅིག་ཏུ་གྲུབ་བོ། །གཞན་ཡང་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི་ཆོས་ཀྱི་དབྱིངས་ཡིན་པ་དང༌། ཆོས་ཀྱི་དབྱིངས་ཉིད་རྡོ་རྗེ་སེམས་དཔའ་ཡིན་པར་འགྲེལ་ཆེན་དེ་ཉིད་དུ། སམ་བུ་ཊིའི་ལུང་དྲངས་པ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི། །ཆོས་ཀྱི་དབྱིངས་སུ་རྣམ་པར་འཕྲུལ། །བསྡུས་ན་གོང་བུའི་སྦྱོར་བ་ཡིས། །རྡོ་རྗེ་སེམས་དཔའ་རང་ཉིད་འགྱུར། །ཞེས་གསུངས་སོ། །རྩ་བའི་རྒྱུད་དང་པོའི་སངས་རྒྱས་ཀྱི་ལུང་དཔལ་ལྡན་དྲི་མ་མེད་པའི་འོད་དུ་བཤད་པ། རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཡེ་ཤེས་རྣམ་དག་གོས་པ་མེད། །རང་བཞིན་འོད་གསལ་ཆོས་རྣམས་ནི། །ཆོས་ཀྱི་དབྱིངས་སུ་སོན་ཅིང་རྟོགས། །ཞེས་པ་རྣམ་པར་ཤེས་པའི་ཕུང་པོ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །ཞེས་པ་སྟེ། འདིར་གདོད་ནས་རྣམ་པར་དག་པའི་ཡེ་ཤེས་ཀྱི་ཕུང་པོ་དེ་རང་བཞིན་འོད་གསལ་ཡང་ཡིན་ལ། ཡེ་ཤེས་ཀྱང་ཡིན་པའི་དོན་གྱིས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་བསྟན་ཏོ། །ཡང་དེ་ཉིད་དུ། དྲི་མེད་འོད་ཀྱི་ལུང་དྲངས་པ། རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ཀྱི་ཡེ་ཤེས་ནི་འཕོ་བའི་བདེ་བ་དང༌། རྟོག་པའི་སྒྲིབ་པ་ཟད་པ་ལ་སོགས་པ་སྟེ། དབང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་རྣམ་པར་དག་པ་སྟེ། ཞེས་གསུངས་ཏེ། རྣམ་པ་ཐམས་ཅད་པའི་ཆོས་ཀྱི་དབྱིངས་ཉིད་ཡེ་ཤེས་སོ། །ཞེས་པའི་དོན་ཏོ། །འཕགས་པ་རྡོ་རྗེ་སྙིང་པོའི་ཞལ་སྔ་ནས་ཀྱང༌། མེ་ལོང་མཉམ་ཉིད་ཡེ་ཤེས་དང༌། །གསུམ་པ་སོ་སོར་རྟོག་པ་སྟེ། །བྱ་བ་སྒྲུབ་པར་བྱེད་པ་གཞན། །ཆོས་དབྱིངས་རྣམ་པར་དག་པ་སྟེ། །གཟུགས་དང་ཚོར་བ་འདུ་ཤེས་དང༌། །འདུ་བྱེད་རྣམ་པར་ཤེས་པ་ཉིད། །ས་དང་ཆུ་དང་མེ་དང་ནི། །རླུང་དང་ལྔ་པ་སྟོང་པ་སྟེ། །ཡེ་ཤེས་ལྔ་པོ་རྣམ་དག་པ། །མངོན་པར་བྱང་ཆུབ་རྣམ་པ་ལྔ། །ཤེས་བཅུ་རྣམ་དག་བདག་ཉིད་ཅན། །ཤེས་བཅུ་རྣམ་དག་འཆང་བ་པོ། །རྣམ་དག་ཆོས་དབྱིངས་ཞེས་བཤད་པ། །སྐྱེས་བུ་གང་ཟག་ཆེན་པོ་སྟེ། །དེ་ཉིད་ལྷ་ཡི་གཟུགས་ཅན་པ། །འགྲོ་བའི་གཙོ་བོར་ཕྱག་འཚལ་ནས། །ཞེས་ཆོས་ཀྱི་དབྱིངས་ཉིད་ཡེ་ཤེས་ལྔ་དང་ཤེས་པ་བཅུར་གསུངས་པ་ཡིན་ནོ། །འཕགས་པ་ལྷའི་ཞལ་སྔ་ནས་ཀྱང༌། མུན་པ་བྲལ་བའི་སྐད་ཅིག་ལ། །འོད་གསལ་བློ་གྲོས་ཤིན་ཏུ་དྭངས། །རྟག་ཏུ་སྣང་བའི་རང་བཞིན་ཅན། །དོན་དམ་བདེན་པའི་མཚན་ཉིད་ནི། །ཡེ་ཤེས་རང་བཞིན་འོད་གསལ་བ། །ཡེ་ཤེས་མིག་གིས་མཐོང་བར་འགྱུར། །ཞེས་གསུངས་ཏེ། འདིར་དོན་དམ་པའི་མཚན་ཉིད་ཡེ་ཤེས་ཀྱང་ཡིན་ལ། རང་བཞིན་འོད་གསལ་ཡང་ཡིན་པར་གསུངས་ཤིང༌། དེ་དག་ཀྱང་ཡེ་ཤེས་མིག་གིས་མཐོང་བར་གསུངས་པའི་ཕྱིར། འདི་དག་གིས་ཀྱང་དོན་དམ་པའི་བདེན་པ་རང་གིས་རང་རིག་པའི་ཡེ་ཤེས་སུ་བསྟན་ཏོ། །ཆོས་ཀྱི་དབྱིངས་རང་བྱུང་གི་ཡེ་ཤེས་དེ་ཉིད་ནི། ཤེས་རབ་མ་དང་ལྷན་ཅིག་སྐྱེས་དགའ་དང༌། ཕྱག་རྒྱ་ཆེན་མོ་དང༌། དོན་དམ་པའི་གཟུགས་སྒྲ་ལ་སོགས་པ་དང༌། ལྷན་ཅིག་སྐྱེས་སྐུ་དང༌། བདེ་བ་ཆེན་པོ་དང༌། ཀུན་ཏུ་བཟང་པོ་དང༌། ཡེ་ཤེས་ལྔ་དང༌། དཀྱིལ་འཁོར་འཁོར་ལོ་དང༌། དཀྱིལ་འཁོར་གྱི་བདག་པོ་དང༌། བདག་མེད་མ་དང༌། རྣལ་འབྱོར་མ་ལ་སོགས་པར། ཀྱེའི་རྡོ་རྗེའི་རྒྱུད་དུ་གསུངས་ཏེ། རང་རིག་པའི་ཆོས་ཀྱི་དབྱིངས་ཉིད་དེ་དང་དེར་གསུངས་པ། ཇི་སྐད་དུ། དེ་ཉིད་བཅོམ་ལྡན་ཤེས་རབ་མ། །དེ་ནི་རིང་མིན་ཐུང་བ་མིན། །གྲུ་བཞི་མ་ཡིན་ཟླུམ་པོ་མིན། །དྲི་དང་རོ་དང་མྱང་ལས་འདས། །ལྷན་ཅིག་སྐྱེས་དགའ་བྱེད་པ་ཅན། །དེ་ལས་སྐྱེས་པའི་རྣལ་འབྱོར་པ། །དེ་ཡི་བདེ་བ་ཟ་བ་ཉིད། །དེ་དང་ལྷན་ཅིག་ཕྱག་རྒྱ་ཆེ། །བདེ་བ་སྦྱིན་པའི་དངོས་གྲུབ་འགྱུར། །གཟུགས་སྒྲ་དེ་བཞིན་དྲི་དང་ནི། །རོ་དང་དེ་བཞིན་རེག་བྱ་ཉིད། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡང༌། །ཤེས་རབ་ཀྱིས་ནི་དཔྱད་པར་བྱ། །དེ་ཉིད་ལྷན་ཅིག་སྐྱེས་པའི་གཟུགས། །བདེ་ཆེན་བཟང་མོའི་རྣལ་འབྱོར་མ། །དེ་ཉིད་དཀྱིལ་འཁོར་འཁོར་ལོ་དང༌། །ཡེ་ཤེས་ལྔ་ཡི་རང་བཞིན་ཅན། །དེ་ནི་མེ་ལོང་ཡེ་ཤེས་གཟུགས། །མཉམ་ཉིད་ཡེ་ཤེས་དངོས་པོ་ ཅན། །ཡང་དག་གྱུར་པ་སོ་སོར་རྟོག །དེ་ཉིད་བྱ་བ་ནན་ཏན་ཏེ། །ཆོས་དབྱིངས་ཤིན་ཏུ་རྣམ་དག་པ། །དེ་ཉིད་དཀྱིལ་འཁོར་བདག་པོ་དང༌། །དེ་ཉིད་བདག་མེད་རྣལ་འབྱོར་མ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན། །ཞེས་པའོ། །

ཡང་ཉིད་ཅག་གི་གསུང་ཡིག་ན། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤཻས་དང༌། ཆོས་ཉིད་མི་གཅིག་སྟེ། ཤེས་བྱ་ཤེས་པ་དང༌། ཤེས་བྱ་ལྟ་བུ་ཡིན་ནོ། །ཞེས་བཀོད་གདའ་བ་འདི་ཡང་རྣམ་པར་དཔྱད་ན། སངས་རྒྱས་ཀྱི་གསུང་ལས་ཕྱི་རོལ་ཏུ་གྱུར་བ་ལགས་ཏེ། ཤེས་པ་དང་ཤེས་བྱ་ཐམས་ཅད་ཐ་དད་པ་ནི་ཐ་སྙད་པའི་ཚུལ་ལ་ཡིན་གྱི། དོན་དམ་པའི་ཤེས་པ་དང་ཤེས་བྱ་དབྱེར་མེད་དེ་གཅིག་ཉིད་དུ་གསུངས་པའི་ཕྱིར་རོ། །དེ་ལ་དོན་དམ་པའི་ཤེས་བྱ་ནི། ཤེས་བྱ་གཞན་ཤེས་རབ་དམིགས་པ་དང་བཅས་པའི་སྟོང་པ་ཉིད་རྣམ་པ་ཐམས་ཅད་པའི་མཆོག་དང་ལྡན་པའོ། །ཤེས་པ་ནི་ཤེས་པ་གཞན་ཐབས་དམིགས་པ་མེད་པའི་སྙིང་རྗེ་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོའོ། །དེ་དག་ནི་རྣམ་པ་ཐམས་ཅད་དུ་དབྱེར་མེད་གཅིག་པ་ཉིད་དུ་གསུངས་ཏེ། རེ་ཞིག་འཕགས་པ་འཇིག་རྟེན་དབང་ཕྱུག་གི་ཞལ་སྔ་ནས། དཔལ་ལྡན་དྲི་མ་མེད་པའི་འོད་དུ་ཡང༌། ཤེས་དང་ཤེས་བྱ་གཅིག་པའི་སྐུ། །ཞེས་པ་དང༌། ཤེས་དང་ཤེས་བྱ་གཅིག་གྱུར་རྒྱལ་བ་མཆོག་གི་འདུས་པ། ཞེས་པ་དང༌། ཤེས་དང་ཤེས་བྱ་གཉིས་མེད་སྲིད་བྲལ་སྲིད་གནས་འདི་ནི་རྡོ་རྗེ་སེམས་དཔའ་རྣམ་པ་བཞི། །ཞེས་པ་དང༌། འདིར་མཆོག་ཏུ་མི་འགྱུར་བའི་ཤེས་པ་སྒྲུབ་པ་ཐམས་ཅད་ཟད་པའི་རྒྱུར་གྱུར་པ་ནི། དུས་ཞེས་བརྗོད་དེ་ཐབས་སོ། །ཁམས་གསུམ་པའི་ཤེས་བྱ་དངོས་པོ་མཐའ་ཡས་པའི་མཚན་ཉིད་ནི་འཁོར་ལོ་སྟེ། དེ་ཉིད་ནི་ཤེས་རབ་བོ། །ཤེས་པ་དང་ཤེས་བྱ་འདི་དག་གཅིག་པ་ཉིད་ནི་དུས་ཀྱི་འཁོར་ལོ་ཞེས་པ་སྟེ། ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །

འདིར་ཁམས་གསུམ་པའི་ཤེས་བྱ་དངོས་པོ་མཐའ་ཡས་པ་ཞེས་པ་ནི། ཕྱི་ནང་དུ་གཏོགས་པ་མ་ཡིན་གྱི། གཞན་ཡིན་ལ། དེ་ཇི་ལྟ་བ་བཞིན་སྟོན་པ་ནི་རེ་ཞིག་སྐབས་སུ་མ་བབ་པས་བཞག་གོ །དེ་ལྟར་ཤེས་པ་གཞན་དང་ཤེས་བྱ་གཞན་གདོད་མ་ཉིད་ནས་གཅིག་ཏུ་གྱུར་པ་ནི། གཉིས་སུ་མེད་པ་སོ་སོ་རང་རིག་པའི་ཡེ་ཤེས་སུ་གསུངས་པས། ཆོས་ཀྱི་དབྱིངས་དང་རང་བྱུང་གི་ཡེ་ཤེས་གཅིག་ཉིད་དུ་གྲུབ་བོ། །དེ་བཞིན་དུ། རྩ་བའི་རྒྱུད་མཆོག་གི་དང་པོའི་སངས་རྒྱས་སུ་ཡང་གསུངས་པ། ཡོད་དང་མེད་ལས་རྣམ་པར་འདས། །གཉིས་མེད་དངོས་དང་དངོས་མེད་ཟད། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །རྡོ་རྗེའི་རྣལ་འབྱོར་བདེ་བ་ཆེ། །ཕྲ་རབ་རྡུལ་གྱི་ཆོས་ཉིད་འདས། །སྟོང་པའི་ཆོས་ནི་རྣམ་པར་སྤངས། །རྟག་དང་ཆད་ལས་རྣམ་པར་གྲོལ། །རྡོ་རྗེའི་རྣལ་འབྱོར་རིགས་མེད་པ། །ཞེས་སོ། །འདིས་ནི་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་སྟེ། རྡོ་རྗེའི་རྣལ་འབྱོར་བདེ་བ་ཆེན་པོ་གཉིས་སུ་མེད་པའི་ཡེ་ཤེས་དེ་ཉིད་མཐའ་ཐམས་ཅད་དང་བྲལ་བའི་དེ་ཁོ་ན་ཉིད་དུ་བསྟན་པའི་ཕྱིར། སངས་རྒྱས་རྣམས་ཀྱིས་རང་བྱུང་གི་ཡེ་ཤེས་ནི་དེ་ཁོ་ན་ཉིད་ཆོས་ཀྱི་དབྱིངས་དང་གཅིག་པ་ཉིད་དོ། །ཕྲ་རབ་རྡུལ་གྱི་ཆོས་ཉིད་འདས། །སྟོང་པའི་ཆོས་ནི་རྣམ་པར་སྤངས། །ཞེས་པ་འདིས་ནི་གཉིས་སུ་མེད་པའི་ཡེ་ཤེས་རང་གི་ངོ་བོས་སྟོང་པ་མ་ཡིན་པར་བསྟན་ཏོ། །ཡང་དྲི་མ་མེད་པའི་འོད་དུ་གསུངས་པ། སྟོང་པ་ལ་ནི་ཡེ་ཤེས་རྣམ་པར་བསྲེས་པ་ཞེས་པ་ལ་སྟོང་པ་ནི་ཆོས་རྣམས་ལ་སྐྱེ་བ་དང་འགག་པ་མེད་པ་རང་གི་སེམས་ཀྱི་སྣང་བའོ། །ཡེ་ཤེས་ནི་དེ་རབ་ཏུ་རྟོགས་པ་མི་འགྱུར་བའི་བདེ་བའོ། །སྐྱེ་བ་དང་འཇིག་པ་མེད་པ་རང་གི་སེམས་ཀྱི་སྣང་བ་དེ་ལ་ཡེ་ཤེས་རྣམ་པར་བསྲེས་པའོ། །རང་གི་སེམས་ཀྱི་སྣང་བ་ལ་རོ་མཉམ་པ་ནི་གཅིག་ཏུ་གྱུར་པ་སྟེ། ཤེས་པ་དང་ཤེས་བྱའི་འབྲེལ་བ་ལས་ནི་མ་ཡིན་ནོ། །འདི་ཉིད་ནི་འགྱུར་མེད་རྟག་པ་སྟེ་མཆོག་ཏུ་མི་འགྱུར་བའོ། །ཞེས་པའི་དོན་ཏོ། །ཞེས་པ་དང༌། དཔལ་ཀྱེའི་རྡོ་རྗེའི་རྩ་རྒྱུད་འབུམ་ཕྲག་ལྔ་པར་ཡང༌། ཤེས་རབ་ཐབས་དང་སྙོམས་འཇུག་པ། །དབྱེར་མེད་མཚན་ཉིད་རྡོ་རྗེ་གསུམ། །ཤེས་དང་ཤེས་བྱ་དག་གཅིག་པ། །སྟོང་ཉིད་སྙིང་རྗེ་གཉིས་མེད་པའོ། །ཞེས་པ་དང༌། རྡོ་རྗེ་སེམས་དཔའ་གང་གསུངས་པ། །ཡེ་ཤེས་སྐུ་སྟེ་གཉིས་རྟོགས་མེད། །ཅེས་པ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །དཔལ་བདེ་མཆོག་སྡོམ་པ་འབྱུང་བའི་རྒྱུད་དུ་ཡང༌། བསམ་གྱྀས་མི་ཁྱབ་སེམས་དེ་ཡང༌། །བསམ་པ་ཀུན་གྱི་བརྗོད་ལས་འདས། །སྣ་ཚོགས་རྟོག་པའི་རྟོག་པ་མེད། །ཆགས་མེད་བདེ་བ་ཆེན་པོ་སྟེ། །རྣམ་པ་ཐམས་ཅད་ཀྱི་ནི་མཆོག །དབང་པོ་ཀུན་འདས་རྣམ་པ་མེད། །དངོས་དང་དངོས་མེད་བདག་ཉིད་དེ། །དངོས་དང་དངོས་མེད་རྣམ་པར་སྤངས། །བེམ་པོ་མིན་ཕྱིར་བདག་ཉིད་རིག །མི་ཤེས་རྣམ་པར་མི་མཐོང་བའོ། །གཟུགས་མེད་གང་ཡང་མི་གནས་པ། །འགྱུར་པ་མེད་ཅིང་བརྟན་པའོ། །ཞེས་པ་དང༌། དགའ་བ་ཡོངས་སུ་ཤེས་པ་ཡིས། །ཤེས་རབ་ཕ་རོལ་ཕྱིན་པའི་མཆོག །དགའ་བའི་འབྲས་བུ་ལ་གནས་པ། །འདི་ནི་དངོས་མེད་བྱང་ཆུབ་བོ། །གཉིས་མེད་རོ་གཅིག་དབྱེར་མེད་པ། །དགའ་བའི་བདེ་བ་ཆེན་པོ་ཉིད། །ཤེས་རབ་སྙིང་རྗེའི་དབྱེ་བ་ནི། །སྒྲོན་མ་དང་ནི་འོད་ཟེར་བཞིན། །འདི་གཉིས་མི་ཕྱེད་བདག་ཉིད་ནི། །རོ་གཅིག་དངོས་པོའི་སེམས་ཡིན་ནོ། །ཞེས་པ་ལ་སོགས་པ་གསུངས་སོ། །རྗེ་ནཱ་རོ་པའི་ཞལ་ནས་ཀྱང༌། དཔལ་ལྡན་བརྟག་པ་གཉིས་པའི་འགྲེལ་པར། སམ་བུ་ཊིའི་ལུང་དྲངས་པ། སྤྲོས་པ་མེད་པའི་རང་བཞིན་ཉིད། །ཤེས་རབ་ཅེས་པར་ཡོངས་སུ་བསྒྲགས། །ཡིད་བཞིན་ནོར་ལྟར་མ་ལུས་པའི། །སེམས་ཅན་དོན་མཛད་སྙྀང་རྗེའོ། །དམིགས་མེད་གནས་སུ་ཤེས་རབ་དང༌། །དམིགས་མེད་སྙིང་རྗེ་ཆེན་པོ་ཉིད། །བློ་དང་ལྷན་ཅིག་གཅིག་གྱུར་པ། །ནམ་མཁའ་ནམ་མཁའ་ཇི་ལྟ་འོ། །ཞེས་པ་དང༌། ཡང་རྒྱུད་དེ་ཉིད་དུ་གསུངས་པ། རང་གིས་རིག་པའི་ཡེ་ཤེས་དེ། །དངོས་དང་དངོས་མེད་བདག་ཉིད་མཆོག །མཁའ་མཉམ་སྟོང་པ་རྡུལ་དང་བྲལ། །ཆགས་དང་ཆགས་བྲལ་འདྲེས་པ་སྟེ། །ཐབས་དང་ཤེས་རབ་ཤིན་ཏུ་འདྲེས། །དེ་ཉིད་སྲོག་ཆགས་རྣམས་ཀྱི་སྲོག །དེ་ཉིད་མི་འགྱུར་དམ་པ་སྟེ། །དེ་ཉིད་ཀྱིས་ནི་ཐམས་ཅད་ཁྱབ། །དེ་འདིར་སངས་རྒྱས་ཡེ་ཤེས་དེ། །དཔལ་ལྡན་ཧེ་རུ་ཀ་ཞེས་བྱ། །ཞེས་པའོ། །མངོན་བརྗོད་བླ་མར་ཡང༌། དེ་ནི་སྲོག་ཆགས་རྣམས་ཀྱི་སྲོག །དེ་ཉིད་མི་འགྱུར་དམ་པ་ཡིན། །དེ་ཉིད་ཐམས་ཅད་མཁྱེན་བྱེད་དེ། །ལུས་ཀུན་ལ་ནི་རྣམ་པར་གནས། །དེ་ཉིད་སངས་རྒྱས་ཡེ་ཤེས་དེ། །ཧེ་རུ་ཀ་དཔལ་ཡིན་པར་བཤད། །ཅེས་སོགས་རྒྱ་ཆེར་གསུངས་ཏེ། རྒྱས་པར་རྒྱུད་སྡེ་རིན་པོ་ཆེ་དེ་དག་ཉིད་གཟིགས་ན་ཤིན་ཏུ་གསལ་ལོ། །

བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་གི་ཞལ་སྔ་ནས་ཀྱང༌། དེའི་ཕྱིར་དངོས་པོ་གཅིག་ལ་ཡང་མིང་སྣ་ཚོགས་བསྟན་པ་ལ་རྣལ་འབྱོར་པ་རྣམས་ཀྱིས་མིང་གིས་རྣམ་པར་རྟོག་པར་མི་བྱ་སྟེ། བླ་མ་དམ་པའི་མན་ངག་གིས་གསེར་བཞིན་དུ་ལེགས་པར་ཡོངས་སུ་བརྟགས་ཏེ་དོན་ལ་རྟོན་པ་ལ་བརྟེན་པ་ཉིད་ལས་སོ། །ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་པའི་ཕྱིར། ཡེ་ཤེས་ལྔ་དང་རིགས་ལྔ་དང༌། བདེ་མཆོག་དགྱེས་རྡོར་ལ་སོགས་པའི་རྣམ་གྲངས་དང༌། དོན་དམ་དང༌། བདེ་གཤེགས་སྙིང་པོ་དང༌། ཆོས་ཉིད་དང༌། རང་བཞིན་དང་དེ་བཞིན་ཉིད་ལ་སོགས་པ་མིང་གི་རྣམ་གྲངས་ཐ་དད་པ་རྣམས་དོན་གཅིག་པར་སྨྲ་བ་ལ་བཞད་གད་བྱེད་པའི་མཁས་པ་གང་ཡིན་པ་དེ་དག་ནི། གསལ་བྱེད་པ་ལྟར། བདག་ཉིད་ཀྱིས་བདག་ཉིད་ལ་བཞད་གད་བྱེད་པ་ཁོ་ན་ཡིན་ཞིང༌། མཐར་ཐུག་ངཻས་པའི་དོན་གྱི་མདོ་རྒྱུད་དགོངས་འགྲེལ་དང་བཅས་པ་རྣམས་ལ་ཅོ་འདྲི་བར་བྱེད་པ་ཁོ་ནའོ། །འདིར་གལ་ཏེ་ཆོས་ཀྱི་དབྱིངས་ལ་སོགས་པ་དང༌། ཡེ་ཤེས་ལ་སོགས་པ་གཅིག་པར་གསུངས་པ་ནི། བཏགས་པ་ལ་དགོངས་པ་ཡིན་གྱི། ཡེ་ཤེས་ལ་སོགས་པ་མཚན་ཉིད་པ་མ་ཡིན་སྙམ་དུ་བསམ་པར་མི་བྱ་སྟེ། ཆོས་དབྱིངས་ལ་སོགས་པ་ཡེ་ཤེས་དངོས་ཡིན་པ་ལ་གནོད་བྱེད་ཅུང་ཟད་ཙམ་ཡང་མེད་ཅིང༌། སྒྲུབ་བྱེད་ནི་ཤིན་ཏུ་མང་བར་ཡོད་པའི་ཕྱིར་རོ། །གལ་ཏེ་སྟོང་ཉིད་ཡིན་ཡང་ཡེ་ཤེས་མ་ཡིན་པ་ཡོད་པ་དང༌། ཡེ་ཤེས་གང་ཡིན་འདུས་བྱས་ཡིན་ཞིང༌། ཆོས་ཉིད་འདུས་མ་བྱས་ཡིན་པས་གནོད་བྱེད་དུ་འགྱུར་སྙམ་དུ་བསམ་པར་མི་བྱ་སྟེ། སྟོང་ཚད་ཀྱི་ཆོས་ཉིད་ཀྱི་གོ་མི་ཆོད་ཅིང༌། ཆོས་ཉིད་གོ་ཆོད་ཡིན་ན་དེ་རང་རིག་པའི་ཡེ་ཤེས་ཀྱང་ཡིན་པའི་ཕྱིར་དང༌། རང་བྱུང་ཡེ་ཤེས་སྐད་ཅིག་ལས་འདས་ཤིང་འདུས་བྱས་མ་ཡིན་པའི་ཕྱིར་རོ། །དེ་དག་གི་ཤེས་བྱེད་དུ་འགྱུར་བ་སྔར་ཡང་མང་དུ་བཀོད་ཅིང༌། མ་བཀོད་པ་གཞན་ཡང་གསུང་རབ་དམ་པ་རྣམས་ན་ཤིན་ཏུ་མང་བར་བཞུགས་སོ། །དེས་ན་རང་གི་བློ་དང་མ་མཐུན་པས་དམ་པའི་ཆོས་ལ་དབང་ཟ་བ་ནི་ཆོས་སྤོང་གི་ལས་ཆེན་པོར་གསུངས་སོ། །ཡང་གལ་ཏེ་དོན་དམ་པར་ཡེ་ཤེས་མེད་པ་ལ་དགོངས་ནས། ཤེས་རབ་སྙིང་པོ་ལས། ཡེ་ཤེས་མེད། ཐོབ་པ་མེད། མ་ཐོབ་པ་མེད། ཅེས་པ་ལ་སོགས་པ་གསུངས་པ་མ་ཡིན་ནམ་ཞེ་ན། ཡེ་ཤེས་མེད་པར་གསུངས་པ་ནི་ཡེ་ཤེས་དངོས་པོར་མེད་པ་དང༌། འདུས་བྱས་པ་མེད་པ་ལ་དགོངས་ཤིང༌། རྒྱུ་དང་རྐྱེན་གྱིས་སྒྲུབ་ཏུ་མེད་པ་ལ་དགོངས་ནས། ཐོབ་པ་མེད་ཅེས་ཀྱང་གསུངས་ཏེ། ཇི་སྐད་དུ། འཕགས་པ་དཀོན་མཆོག་བརྩེགས་པར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདུན་བརྒྱ་པའི་འགྲེལ་པར། གང་གི་ཚེ་ཡེ་ཤེས་དེ་དོན་དམ་པར་མ་མཆིས་པ་དེའི་ཚེ། ཡེ་ཤེས་དེ་ནི་ཆགས་པ་མ་མཆིས་པའོ། །གང་གི་ཚེ་ཡེ་ཤེས་དེ་ཆགས་པ་མ་མཆིས་པ་དེའི་ཚེ། ཡེ་ཤེས་དེ་ནི་དངོས་པོ་མ་མཆིས་པའོ། །ཞེས་པ་ནས། དེ་བཞིན་དུ། གང་གི་ཚེ་ཡེ་ཤེས་དེ་བརྟེན་པ་མ་མཆིས་པ་དེའི་ཚེ། ཡེ་ཤེས་དེ་ནི་མ་སྐྱེས་པའོ། །མ་ཐོབ་པའོ། །སྐྱེ་བར་མི་འགྱུར་བའོ། །དེ་ཅིའི་སླད་དུ་ཞེ་ན། ཡེ་ཤེས་དེ་ནི་ཡོན་ཏན་གྱི་འདུས་བགྱིས་པའམ་ཡོན་ཏན་མ་ལགས་པས་འདུས་བགྱིས་པ་མ་ལགས་པའི་སླད་དུའོ། །དེ་ཅིའི་སླད་དུ་ཞེ་ན། ཡེ་ཤེས་དེ་ནི་བསམ་གྱིས་མི་ཁྱབ་པ་སྟེ། དེའི་སླད་དུ། ཡོན་ཏན་ནམ་ཡོན་ཏན་མ་ལགས་པར་ཡང་ཇི་སྐད་དུ་བསྟན་པར་བགྱི། གང་གི་སླད་དུ་ཡེ་ཤེས་དེ་བསམ་གྱིས་མི་ཁྱབ་པ་དེའི་སླད་དུ། ཡེ་ཤེས་དེ་བསམ་དུ་མ་མཆིས་ཏེ། གང་དེ་ལྟར་ཤེས་པ་དེ་ནི་མི་དམིགས་པའི་ཚུལ་དུ་སངས་རྒྱས་ཀྱི་ཡེ་ཤེས་ལགས་སོ། །ཞེས་གསུངས་སོ། །གཞན་ཡང་ཐོབ་པ་གཏན་མེད་པ་ནི་མ་ཡིན་གྱི། ཐོབ་པའི་རློམ་སེམས་མེད་པར་གྱུར་པ་ལ་ཐོབ་པ་མེད་ཅེས་གསུངས་པ་ཡིན་ཏེ། ཇི་སྐད་དུ། འཕགས་པ་དཀོན་མཆོག་བརྩེགས་པར། འཕགས་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དབྱེར་མེད་པར་བསྟན་པའི་མདོར། འཇམ་དཔལ་གཞོན་ནུར་གྱུར་པ་སྤྲུལ་པའི་དགེ་སློང་གིས། དགེ་སློང་ཉིས་བརྒྱ་བཏུལ་བའི་ཚུལ་རྒྱས་པར་གསུངས་ནས། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་དགེ་སློང་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་གང་གིས་ཅི་ཞིག་ཐོབ་ཅིང༌། ཅི་ཞིག་མངོན་པར་རྟོགས་ནས་རང་རང་གི་བླ་གོས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་མངོན་པར་བཀབ། དེ་དག་གིས་སྨྲས་པ། བཙུན་པ་རབ་འབྱོར་ཁོ་བོ་ཅག་གིས་ཅི་ཡང་ཐོབས་པ་མེད་ཅིང་མངོན་པར་རྟོགས་པ་མེད་པས། དེའི་ཕྱིར། ཁོ་བོ་ཅག་གིས་རང་རང་གིས་བླ་གོས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་མངོན་པར་བཀབ་བོ། །བཙུན་པ་རབ་འབྱོར་གང་གི་ཚེ་ཁོ་བཽ་ཅག་ལ་ཐོབ་པའི་འདུ་ཤེས་ཡོད་པར་གྱུར་པ་དེའི་ཚེ་ནི་ཁོ་བོ་ཅག་སྟན་ལས་ལངས་ཏེ་འཁོད་དེ་དོང་ངོ༌། །གང་གི་ཚེ་ཁོ་བོ་ཅག་ཐོབ་པའི་འདུ་ཤེས་དེ་དང་བྲལ་བར་གྱུར་པ་དེའི་ཚེ་སླར་ལྷགས་སོ། །ཞེས་པ་དང༌། བཙུན་པ་རབ་འབྱོར་ཐོབ་པ་ཞེས་བྱ་བ་དེ་ནི་གཡོ་བ་ཡིན་ནོ། །དེ་ནི་རློམ་སེམས་མིན་ཏེ། ཞེས་པ་དང༌། བཙུན་པ་རབ་འབྱོར་གང་ལ་ཐོབ་པ་མེད་ཅིང་མངོན་པར་རྟོགས་པ་ཐོབ་པ་མེད་པ་དེ་ནི་རློམ་སེམས་ཐམས་ཅད་ཡང་དག་པར་བཅོམ་པ་ཡིན་ནོ། །ཞེས་གསུངས་སོ། །དེའི་ཕྱིར་ཡེ་ཤེས་མེད་པར་གསུངས་པ་དང༌། དེ་བཞིན་དུ། སངས་རྒྱས་མེད་པ་དང༌། བྱང་ཆུབ་མེད་པ་དང༌། མྱ་ངན་ལས་འདས་པ་མེད་པ་དང༌། ཐོབ་པ་མེད་པ་དང༌། མངོན་པར་རྫོགས་པ་མེད་པ་དང༌། རྣམ་པར་གྲོལ་བ་མེད་པ་ལ་སོགས་པ་གཞན་དེ་ལྟ་བུ་གསུངས་པ་ནི། འབྲས་བུ་ལ་མཚན་མར་འཛིན་པའི་གཉེན་པོར་དགོངས་ཏེ་གསུངས་པར་ཤེས་པར་བྱའི། སྒྲ་ཅི་བཞིན་པ་ཉིད་དུ་གཟུང་བར་མི་བྱའོ། །གལ་ཏེ་བཟུང་ན་ནི། མི་མཁས་པ་དག་ཆད་པ་ཆེན་པོའི་མཐར་ལྟུང་བའི་ཉེས་པ་དཔག་ཏུ་མེད་པ་ཅན་དུ་འགྱུར་བར་གསུངས་ཏེ། དེ་སྐད་དུ། འཕགས་པ་སོར་མོའི་ཕྲེང་བ་ལ་ཕན་པའི་མདོར། ཀྱེ་མ་འཇིག་རྟེན་ནའང་དམ་པའི་ཆོས་འཇིག་པའི་སྐྱེས་བུ་གཉིས་ཡོད་དེ། གང་ཤིན་ཏུ་སྟོང་པ་ཉིད་དུ་ལྟ་བ་དང༌། གང་འཇིག་རྟེན་ན་བདག་ཏུ་སྨྲ་བ་འདི་གཉིས་ནི་དམ་པའི་ཆོས་འཇིག་པ་དང༌། དམ་པའི་ཆོས་ཁས་འབུབ་པའོ། །ཞེས་པ་ལ་སོགས་པ་དང༌། དབུ་མ་རྩ་ཤེར་ཡང༌། སྟོང་པ་ཉིད་ལ་ལྟ་ཉེས་ན། །ཤེས་རབ་ཆུང་རྣམས་ཕུང་བར་འགྱུར། །ཇི་ལྟར་སྦྲུལ་ལ་བཟུང་ཉེས་དང༌། །རིགས་སྔགས་ཉེས་པར་བསྒྲུབ་པ་བཞིན། །ཞེས་གསུངས་ཤིང༌། གཞན་ཡང་གསུང་རབ་མང་པོ་རྣམས་ནས་ཅང་མེད་སྟོང་པར་སྨྲ་བའི་ཉེས་དམིགས་དཔག་ཏུ་མེད་པ་འབྱུང་བའི་ཕྱིར་རོ། །དེ་ལྟ་བས་ན། ཐམས་ཅད་རང་སྟོང་ཉིད་དུ་སྨྲ་བ་དང༌། སྟོང་པ་ཉིད་ཅི་ཡང་མེད་པར་སྨྲ་བ་ནི། སངས་རྒྱས་སྲས་དང་བཅས་པ་རྣམས་ཀྱི་གསུང་རབ་ལ་ཅོ་འདྲི་བར་བྱེད་པའོ། །གཞན་ཡང་རང་བྱུང་ཡེ་ཤེས་དོན་དམ་པར་མེད་ན། ཀུན་རྫོབ་ཏུ་ཡོད་པ་རྣམས་ཀྱིས་ནི་རང་བྱུང་ཡེ་ཤེས་ཀྱི་གོ་མི་ཆོད་པས། རང་བྱུང་ཡེ་ཤེས་དོན་དམ་པར་ཡང་མེད་ལ། ཀུན་རྫོབ་ཏུ་ཡང་མེད་པར་འགྱུར་རོ། །འདོད་ན་དེ་ལས་གཞན་དུ་ཡང་མེད་པས། མོ་གཤམ་གྱི་བུ་བཞིན་གཏན་མེད་པར་ཡང་འགྱུར་རོ། །དེ་འདོད་པར་མི་ནུས་ཏེ། བཅོམ་ལྡན་འདས་མ་ཡོན་ཏན་རིན་ཆེན་སྡུད་པར་ཡང༌། ཡེ་ཤེས་མེད་ན་ཡོན་ཏན་འཕེལ་མེད་བྱང་ཆུབ་མེད། །རྒྱ་མཚོ་འདྲ་བའི་སངས་རྒྱས་ཆོས་ཀྱང་མེད་པར་འགྱུར། །ཞེས་པ་ལ་སོགས་པ་ཡེ་ཤེས་མེད་པ་དང༌། ཡེ་ཤེས་རྒྱུན་ཆད་དུ་འདོད་པ་ལ་གནོད་བྱེད་མང་པོ་གསུང་རབ་ཤིན་ཏུ་མང་བ་རྣམས་སུ་གསུངས་པའི་ཕྱིར། ཡང་དབྱིངས་རིག་དབྱེར་མེད་པ་དོན་དམ་གྱི་བདེན་པ་རང་གི་ངོ་བོས་མི་སྟོང་པར་བསྒྲུབས་ཟིན་པའི་ཕྱིར། དེ་ཉིད་དོན་དམ་མཐར་ཐུག་གི་སྐྱབས་གནས་ཡིན་པ་དང༌། གཟུགས་སྐུ་རྣམ་གཉིས་ཀྱིའང་རྟེན་ཡིན་པ་དང༌། འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་གཞི་ཡིན་པའི་ཡང་ཕྱིར་རོ། །ཡི་གེ་མང་དུ་དོགས་ནས་འདིར་དེ་ཙམ་ལས་མ་བྲིས་སོ། །

ཡང་ཁྱེད་ཅག་གི་གསུང་ཡིག་ན། སྦྱང་གཞི་དེ་ཀུན་གཞི་དང༌། ཆོས་ཉིད་དང༌། དོན་དམ་ལ་སོགས་པ་མ་ཡིན། ཀུན་གཞི་ལ་རྟོག་པའི་ཆ་ཤས་ཕྲ་ཞིང་ཕྲ་བས་ཐོག་མར་འཁྱུད་པར་གྱུར་པའི་ཀུན་གཞིའི་རྣམ་ཤེས་ཞེས་པ་དེ་ཐམས་ཅད་དུ་སྦྱང་གཞི་ཡིན། གནས་སྐབས་སུ་དེ་ལས་གྱུར་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང༌། རྩ་དང་རླུང་དང་ཐིག་ལེ་ལ་སོགས་པ་གཉིས་སུ་འཛིན་པའི་ནུས་པ་བསྐྱེད་ནུས་ཀྱི་གཞིར་གྱུར་པ་ཐམས་ཅད་སྦྱང་གཞི་ཡིན། ཞེས་བཀོད་པ་གདའ་བ་འདི་རྣམས་ལ་ཤེས་བྱེད་ཡང་དག་པ་འགའ་ཙམ་ཡང་མེད་དོ། །

གཞན་ཡང་ཁྱེད་ཀྱི་ལུགས་ཀྱི་ཀུན་གཞི་དེ་ཆོས་ཀྱི་དབྱིངས་ཡིན་ནམ་མ་ཡིན། བརྟག་གྲངས་དང་པོ་ལྟར་ན། ཀུན་གཞི་བདེ་གཤེགས་སྙིང་པོ་དྲི་བཅས་སྤྲིན་འཁྲིགས་པའི་ནམ་མཁའ་ལྟ་བུ་དང༌། ཆོས་ཉིད་ལ་སོགས་པ་སྨྲ་བསམ་བརྗོད་མེད་ཀྱི་བར་གྱི་རྣམ་གྲངས་ཡིན་པ་འདི་གཉིས་འགལ་ཞེས་བཀོད་པ་འདི་ཡང་ཇི་ལྟར་རིགས་ཏེ། ཆོས་ཀྱི་དབྱིངས་དྲི་བཅས་ཉིད་ལ་བདེ་གཤེགས་སྙིང་པོ་དྲི་བཅས་སུ་གསུངས་པའི་ཕྱིར་རོ། །དེས་ན་ནང་འགལ་བ་མེད་པ་ལ་ནང་འགལ་དུ་འཛིན་པའི་ལོག་རྟོག་འདི་ནི་ཆོས་ཀྱི་དབྱིངས་རང་བྱུང་ཡེ་ཤེས་ཡིན་པར་མ་རྟོགས་པའི་སྐྱོན་དུ་ཟད་པས། སྔར་དབྱིངས་རིག་དབྱེར་མེད་དུ་བསྒྲུབ་པའི་སྐབས་དེ་ལ་རྟོག་དཔྱོད་ཞིབ་ཏུ་མཛད་པར་ཞུ།

གཉིས་པ་ལྟར་ན། དེ་ཀུན་གཞི་རྣམ་ཤེས་ཡིན་ནམ་མ་ཡིན་ཡིན་ན། ཀུན་གཞི་ནི་སྦྱང་གཞི་མ་ཡིན་ལ། ཀུན་གཞི་རྣམ་ཤེས་ནི་སྦྱང་གཞི་ཡིན་པ་འདི་ཡང་ནང་འགལ་བ་ཆེན་པོའོ། །སྦྱང་གཞི་ཀུན་གཞི་མ་ཡིན་ན། ཀུན་གཞི་རྣམ་ཤེས་ཀྱང་མ་ཡིན་ལ། བདེ་གཤེགས་སྙིང་པོ་དང༌། ཆོས་དབྱིངས་ཀྱང་མ་ཡིན་པའི་ཀུན་གཞི་ནི་གསུངས་པ་མེད་དོ། །གཞན་ཡང་ཀུན་གཞི་ཆོས་ཀྱི་དབྱིངས་ལ་བྱས་ནས་ཀུན་གཞི་དང༌། ཀུན་གཞི་རྣམ་ཤེས་ཞེས་གཉིས་སུ་འབྱེད་པ་ཡིན་ན་ནི། དབྱེ་གཞི་དེ་ཉིད་ཕྱེ་བའི་ཡ་གྱལ་དུ་བྱས་པའི་སྐྱོན་ཡང་ཡོད་དོ། །ཡེ་ཤེས་ཡིན་པའི་ཀུན་གཞི་ཡང་གསུངས་ཤིང༌། རྣམ་ཤེས་ཡིན་པའི་ཀུན་གཞི་ཡང་གསུངས་པས། ཀུན་གཞི་ཞེས་པ་དེ་ལ་ཕྱེ་ན། ཀུན་གཞི་ཡེ་ཤེས་དང༌། ཀུན་གཞི་རྣམ་ཤེས་གཉིས་སུ་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་ངེད་ཀྱི་ཡི་གེ་སྔ་མ་དེ་ན། སྦྱང་གཞི་ཀུན་གཞི་ཡེ་ཤེས་ཡིན་པར་སྟོན་པ་ཡོད་ཀྱི། ཀུན་གཞི་གང་ཡིན་སྦྱང་གཞིར་སྟོན་པ་ནི་མེད་པས། ད་དུང་ཞིབ་ཏུ་གཟིགས་པར་ཞུ།

གསུང་རབ་ཀྱི་དགོངས་པ་ནི། བདེ་གཤེགས་སྙིང་པོ་འདི་ཀུན་གཞི་ཡེ་ཤེས་དང་ཆོས་ཉིད་དང༌། དོན་དམ་མཐར་ཐུག་ཏུ་གསུངས་ལ། དེ་ཉིད་སྦྱང་བའི་གཞིར་ཡང་གསུངས་སོ། །དེ་ལ་རེ་ཞིག་སྦྱང་བའྀ་གཞི་ནི་བདེ་གཤེགས་སྙིང་པོ་ཡིན་ཏེ། ཇི་སྐད་དུ། བདེ་གཤེགས་པའི་སྙིང་པོའི་མདོར། ཇི་ལྟར་འདི་ན་སྦྲང་ཚང་ཡོད་པ་ལ། །བུང་པས་ཀུན་ཏུ་བསྲུངས་ཤིང་སྦས་གྱུར་པ། །མི་གང་སྦྲང་རྩི་འདོད་པས་དེ་མཐོང་ན། །དེས་ནི་བུང་བ་རབ་ཏུ་སྐྲོད་པར་བྱེད། །དེ་བཞིན་འདིར་ཡང་སྦྲང་ཚང་ལྟ་བུ་ནི། །སྲིད་པ་གསུམ་གྱི་སེམས་ཅན་ཐམས་ཅད་དོ། །དེ་དག་ཉོན་མོངས་བྱེ་བ་མང་པོ་སྟེ། །ཉོན་མོངས་དབུས་ན་དེ་བཞིན་གཤེགས་འདུག་མཐོང༌། །ང་ཡང་སངས་རྒྱས་རྣམ་པར་སྦྱང་དོན་དུ། །བུང་བ་སྐྲོད་པ་ལྟ་བུར་ཉོན་མོངས་སེལ། །ཞེས་གསུངས་སོ། །འདིར་སངས་རྒྱས་རྣམ་པར་སྦྱང་དོན་དུ་ཞེས་པ་ལ་སངས་རྒྱས་ནི་དང་པོའི་སངས་རྒྱས་དེ་བདེ་གཤེགས་སྙིང་པོའོ། །དེ་རྣམ་པར་སྦྱང་ཞེས་པ་སྦྱང་བའི་གཞི་ཡིན་གྱི། སྦྱང་བྱའི་དྲི་མ་ནི་མ་ཡིན་ནོ། །ཀུན་གཞིའི་རྣམ་ཤེས་ནི་སངས་རྒྱས་ཡིན་མི་སྲིད་དོ། །ཡང་མདོ་དེ་ཉིད་དུ། རིགས་ཀྱི་བུ་དག་འདི་ནི་ཆོས་རྣམས་ཀྱི་ཆོས་ཉིད་དེ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང༌། མ་བྱུང་ཡང་རུང༌། སེམས་ཅན་འདི་དག་ནི་རྟག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ན། རིགས་ཀྱི་བུ་དག་སྨད་པར་འོས་པའི་ཉོན་མོངས་པའི་སྦུབས་རྣམས་ཀྱིས་གཡོགས་པས། དེ་དག་གི་ཉོན་མོངས་པའི་སྤུབས་གཞིག་པ་དང༌། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱང་ཡོངས་སུ་སྦྱོང་བའི་ཕྱིར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་སྟོན་ཏེ། བྱ་བ་འདི་ལ་ཡང་མོས་པར་བྱེད་དོ། །ཞེས་གསུངས་སོ། །འདིར་ཡང་དེ་བཞིན་གཤེགས་པའི་ཡེ་ཤེས་ཡོངས་སུ་སྦྱང་བའི་ཕྱིར་ཞེས་པ་ལ། དེ་བཞིན་གཤེགས་པའི་ཡེ་ཤེས་ནི་རང་བྱུང་ཡེ་ཤེས་དེ་བདེ་གཤེགས་སྙིང་པོའོ། །དེ་ཡོངས་སུ་སྦྱང་ཞེས་པ་སྦྱང་བའི་གཞི་ཡིན་གྱི། སྦྱང་བྱའི་དྲི་མ་ནི་མ་ཡིན་ནོ། །ཀུན་གཞི་རྣམ་ཤེས་ནི་གློ་བུར་དྲི་མ་ཡིན་པའི་ཕྱིར། དེ་བཞིན་གཤེགས་པའི་ཡེ་ཤེས་ཡིན་མི་སྲིད་དོ། །ཡང་མདོ་དེ་ཉིད་དུ། རིགས་ཀྱི་བུ། གཞན་ཡང་འདི་ལྟ་སྟེ། དཔེར་ན་འབྲས་ས་ལུའམ། ནས་སམ། ཅི་ཙེའམ་འབྲུ་རྣམས་ནི་སྙིང་པོ་ཕུབ་མ་ནས་ཡོངས་སུ་བསྲུངས་པ་ཡིན་ཏེ། དེ་རང་གི་ཕུབ་མ་ལས་མ་བྱུང་གི་བར་དུ་བཟའ་བ་དང༌། བཅའ་བ་དང་མྱང་བའི་བྱ་བ་མི་བྱེད་ཀྱི། རིགས་ཀྱི་བུ་དག་སྐྱེས་པའམ་བུད་མེད་གང་དག་བཟའ་བ་དང་བཅའ་བ་ལ་སོགས་པ་ཟས་སྐོམ་གྱི་བྱ་བ་འདོད་པ་དེ་དག་གིས་བརྔས་ཤིང་བརྡུངས་ཏེ། ཕུབ་མའི་སྦུབས་དང་ཕྱི་ཤུན་སེལ་ཏོ། །རིགས་ཀྱི་བུ་དག་དེ་བཞིན་དུ། དེ་བཞིན་གཤེགས་པ་ཡང༌། དེ་བཞིན་གཤེགས་པའི་སྤྱན་གྱིས་སེམས་ཅན་ཐམས་ཅད་ལ། དེ་བཞིན་གཤེགས་པ་ཉིད་སངས་རྒྱས་ཉིད་རང་བྱུང་ཉིད་ཉོན་མོངས་པའི་སྤུབས་ཀྱི་ཤུན་པས་དཀྲིས་ཤིང་གནས་པར་མཐོང་ངོ༌། །རིགས་ཀྱི་བུ་དག་དེ་ལ་དེ་བཞིན་གཤེགས་པ་ཡང༌། ཉོན་མོངས་པའི་སྦུབས་ཀྱི་ཤུན་པ་བསལ་བ་དང༌། དེ་བཞིན་གཤེགས་པ་ཉིད་ཡོངས་སུ་སྦྱང་བ་དང༌། སེམས་ཅན་འདི་དག་ཇི་ལྟར་ཉོན་མོངས་པའི་སྦུབས་ཀྱི་ཤུན་པ་ཐམས་ཅད་ལས་གྲོལ་ཏེ། འཇིག་རྟེན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བའི་གྲངས་སུ་འགྲོ་བར་འགྱུར་སྙམ་ནས་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །ཇི་ལྟར་འབྲུ་འམ་ས་ལུའི་འབྲས་ཀྱང་རུང༌། །ཅི་ཙེ་འམ་ནི་འོན་ཏེ་ནས་ཀྱང་རུང༌། །ཇི་སྲིད་བར་དུ་དེ་དག་ཕུབ་བཅས་པ། །དེ་སྲིད་བར་དུ་བྱ་བ་མི་བྱེད་དེ། །དེ་དག་གིས་ནི་བརྡུངས་ནས་ཕུབ་བསལ་ན། །བྱ་བ་རྣམ་པ་མང་པོ་དག་ཀྱང་བྱེད། །སྙིང་པོ་ཕུབ་མ་ལྡན་པ་དེ་དག་ནི། །སེམས་ཅན་རྣམས་ལ་བྱ་བ་མི་བྱེད་དོ། །དེ་བཞིན་སེམས་ཅན་ཀུན་གྱི་སངས་རྒྱས་པ། །ཉོན་མོངས་རྣམས་ཀྱིས་ཁེབས་པར་ངས་མཐོང་ནས། །ངས་ནི་དེ་དག་རྣམ་པར་སྦྱང་བ་དང༌། །སངས་རྒྱས་མྱུར་ཐོབ་བྱ་ཕྱིར་ཆོས་སྟོན་ཏོ། །སེམས་ཅན་ཀུན་ལ་ང་འདྲའི་ཆོས་ཉིད་ནི། །ཉོན་མོངས་བརྒྱ་ཡིས་དཀྲིས་ནས་གང་ཡོད་པ། །དེ་ནི་རྣམ་སྦྱངས་ཐམས་ཅད་ཇི་ལྟ་བུར། །རྒྱལ་བར་མྱུར་འགྱུར་བྱ་ཕྱིར་ཆོས་སྟོན་ཏོ། །ཞེས་གསུངས་ཏེ། འདིར་ཡང༌། དེ་བཞིན་གཤེགས་པ་ཉིད་ཡོངས་སུ་སྦྱང་བ་དང༌། ཞེས་པ་དང༌། ངས་ནི་དེ་དག་རྣམ་པར་སྦྱང་བ་དང༌། ཞེས་པ་འདི་དག་གིས་སྦྱང་གཞི་བདེ་གཤེགས་སྙིང་པོ་ཡིན་པར་བསྟན་ཏེ། རྒྱུ་མཚན་སྔ་མ་བཞིན་ནོ། །ཉོན་མོངས་པའི་སྤུབས་ཀྱི་ཤུན་བ་བསལ་བ་དང༌། ཞེས་པ་ལ་སོགས་པས་སྦྱང་བར་བྱ་པའི་དྲི་མ་བསྟན་ཏེ། རིམ་པ་ལྟར་འབྲས་བུའི་སྙིང་པོ་དང་ཤུན་པ་བཞིན་ནོ། །ཡང་མདོ་དེ་ཉིད་དུ། ཇི་ལྟར་མི་ཡི་གསེར་གྱི་གར་བུ་ནི། །ཉལ་ཉིལ་རྣམ་པའི་ནང་དུ་ལྷུང་གྱུར་པ། །དེ་ལྟར་ལོ་ནི་མི་ཉུང་བ་ཞིག་ཏུ། །དེ་ལྟར་གནས་ཀྱང་མི་འཇིག་ཆོས་ཅན་ནོ། །ལྷ་ཡིས་ལྷ་ཡི་མིག་གིས་དེ་མཐོང་ནས། །རྣམ་པར་སྦྱང་ཕྱིར་གཞན་ལ་སྨྲས་པ་ནི། །འདི་ན་རིན་ཆེན་མཆོག་གི་གསེར་ཡོད་པ། །རྣམ་པར་སྦྱོངས་ལ་དེས་ནི་བྱ་བ་གྱིས། །དེ་བཞིན་ངས་ནི་སེམས་ཅན་ཐམས་ཅད་ལ། །ཉོན་མོངས་རྣམས་ཀྱིས་ཡུན་རིང་རྟག་ནོན་མཐོང༌། །དེ་དག་གི་ནི་གློ་བུར་ཉོན་མོངས་ཤེས། །རང་བཞིན་སྦྱང་ཕྱིར་ཐབས་ཀྱིས་ཆོས་སྟོན་ཏོ། །ཞེས་གསུངས་ཏེ། འདིར་ཡང་རང་བཞིན་སྦྱང་ཞེས་པ་ལ། རང་བཞིན་ནི་རང་བཞིན་འོད་གསལ་ཏེ། བདེ་གཤེགས་སྙིང་པོའོ། །དེ་ལྟར་སྦྱང་ཞེས་པ་སྦྱང་བའི་གཞི་ཡིན་གྱི། སྦྱང་བྱའི་དྲི་མ་ནི་མ་ཡིན་ཏེ། རང་བཞིན་འོད་གསལ་ཡིན་པའི་ཕྱིར་རོ། །ཀུན་གཞི་རྣམ་ཤེས་ནི་གློ་བུར་བ་ཡིན་པའི་ཕྱིར། རང་བཞིན་འོད་གསལ་མ་ཡིན་ཏེ། སེམས་ཀྱི་རང་བཞིན་འོད་གསལ་ཏེ། །དྲི་མ་རྣམས་ནི་གློ་བུར་བ། །ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་པའི་ཕྱིར་རོ། །

ཡང་མདོ་དེ་ཉིད་དུ། ཇི་ལྟར་སྤ་ཡི་འབྲས་བུ་ཐམས་ཅད་ནི། །ནང་ན་སྤ་ཡི་མྱུ་གུ་ཡོད་པ་སྟེ། །ཏ་ལ་དང་ནི་འཛམ་བུ་ཀུན་ལའང་ཡོད། །ནང་ན་ཡོད་པའི་འབྲས་བུ་བསྐྱེད་ན་སྐྱེ། །དེ་བཞིན་ཆོས་ཀྱི་དབང་ཕྱུག་འདྲེན་པ་ཡང༌། །སེམས་ཅན་ཐམས་ཅད་སྤ་ཡི་འབྲས་བུ་འདྲ། །དེ་ཀུན་ནང་ན་བདེ་གཤེགས་སྐུ་ཡོད་པར། །ཟག་མེད་སངས་རྒྱས་སྤྱན་ནི་དམ་པས་མཐོང༌། །སྦུབས་བཤིག་མ་གྱུར་དེ་ནི་སེམས་ཅན་བརྗོད། །མི་ཤེས་ནང་ན་གནས་ཀྱང་རློམ་སེམས་མེད། །ཏིང་འཛིན་ཐོབ་སྟེ་གནས་ནས་རབ་ཞི་སྟེ། །དེ་ལ་གཡོ་བ་གཅིག་ཀྱང་ཡོད་མ་ཡིན། །དཔེར་ན་སྡོང་ཆེན་ས་བོན་ལས་བྱུང་ལྟར། །སེམས་ཅན་འདི་དག་ཇི་ལྟར་འཚང་རྒྱ་ཞིང༌། །ལྷ་དང་བཅས་པའི་འཇིག་རྟེན་སྐྱབས་གྱུར་ཞེས། །ཡོངས་སུ་སྦྱང་བའི་དོན་དུ་ཆོས་གཏམ་སྨྲ། །ཞེས་གསུངས་སོ། །འདིར་ཡང་ཡོངས་སུ་སྦྱོང་བའི་དོན་དུ་ཞེས་པ་འདིས་སྦྱང་གཞི་བདེ་གཤེགས་སྙིང་པོ་ཡིན་པར་གསུངས་ཏེ། རྒྱུ་མཚན་སྔ་མ་བཞིན་ནོ། །ཡང་མདོ་དེ་ཉིད་དུ། རིགས་ཀྱི་བུ། གཞན་ཡང་འདི་ལྟ་སྟེ། དཔེར་ན་སྤྲ་ཚིལ་ལས་རྟའི་གཟུགས་སམ། གླང་པོ་ཆེའི་གཟུགས་སམ། བུད་མེད་ཀྱི་གཟུགས་སམ། སྐྱེས་པའི་གཟུགས་དག་གཅིག་བྱས་ཏེ། འཇིམ་པའི་ནང་དུ་བཅུག་ནས་གཡོགས་ལ་བཞུ་སྟེ། ཟགས་པར་བྱས་ལ། གསེར་བཞུ་སྟེ་ཞུ་བར་གྱུར་པས་བཀང་ན། རིམ་གྱིས་གྲངས་པར་གྱུར་ནས་མཉམ་པར་གནས་པར་གྱུར་པའི་གཟུགས་དེ་དག་ཐམས་ཅད། ཕྱི་རོལ་གྱིས་འཇིམ་པ་ནག་ཅིང་ཁ་དོག་མི་སྡུག་ཀྱང་ནང་གི་ཆོས་རྣམས་ནི་གསེར་ལས་བྱས་པ་དག་གོ །དེ་ནས་མགར་པའམ་མགར་བའི་སློབ་མ་ཞིག་གིས་དེ་ལས་གཟུགས་གང་དང་གང་གྲངས་པར་གྱུར་པ་དེ་དང་དེ་དག་གི་ཕྱི་རིམ་གྱི་འཇིམ་པ་ཐོ་བས་བཀོག་ན། དེ་ནས་སྐད་ཅིག་དེ་ལ་ནང་ནས་གསེར་ལས་བྱས་པའི་གཟུགས་ཡོད་པ་དག་ཡོངས་སུ་དག་པར་འགྱུར་རོ། །རིགས་ཀྱི་བུ་དག་དེ་བཞིན་དུ། དེ་བཞིན་གཤེགས་པ་ཡང་དེ་བཞིན་གཤེགས་པའི་སྤྱན་གྱི་སེམས་ཅན་ཐམས་ཅད་འཇིམ་པའི་གཟུགས་ལྟ་བུ་ཡིན་ལ། ཕྱི་རོལ་གྱི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་སྦུབས་ཀྱི་ནང་གི་མྱུ་གུ་སངས་རྒྱས་ཀྱི་ཆོས་ཀྱིས་གང་སྟེ། ཟག་པ་མེད་པའི་ཡེ་ཤེས་རིན་པོ་ཆེ་དེ་བཞིན་གཤེགས་པ་མཛེས་པ་ནང་ན་འདུག་པ་མཐོང་ངོ༌། །རིགས་ཀྱི་བུ་དག་དེ་ལ་དེ་བཞིན་གཤེགས་པས་སེམས་ཅན་ཐམས་ཅད་དེ་ལྟར་མཐོང་ནས། བྱང་ཆུབ་སེམས་དཔའི་ནང་དུ་སོང་སྟེ། འདི་ལྟ་བུའི་ཆོས་ཀྱི་རྣམ་གྲངས་འདི་དག་ཡང་དག་པར་རབ་ཏུ་སྟོན་ཏེ། དེ་ལ་བྱང་ཆུབ་སེམས་དཔའ་ཆེན་པོ་གང་དག་ཞི་ཞིང་བསིལ་བར་གྱུར་པ་དེ་དག་གིས་དེ་བཞིན་གཤེགས་པའི་ཡེ་ཤེས་རིན་པོ་ཆེ་ཡོངས་སུ་སྦྱང་བའི་ཕྱིར། དེ་བཞིན་གཤེགས་པའི་ཆོས་ཀྱི་རྡོ་རྗེ་ཐོ་བས་ཕྱི་རོལ་གྱི་ཉོན་མོངས་པ་ཐམས་ཅད་འགོགས་སོ། །ཞེས་གསུངས་ཏེ། འདིར་ཡང་དེ་བཞིན་གཤེགས་པའི་ཡེ་ཤེས་རིན་པོ་ཆེ་ཡོངས་སུ་སྦྱང་བའི་ཕྱིར་ཞེས་པ་འདིས་སྦྱང་གཞི་བདེ་གཤེགས་སྙིང་པོ་ཡིན་པར་གྲུབ་སྟེ། རྒྱུ་མཚན་སྔ་མ་རྣམས་དང་མཚུངས་སོ། །དེ་བཞིན་དུ། དཔེ་གཞན་དང་གཞན་རྣམས་མང་པོའི་སྒོ་ནས་བདེ་གཤེགས་སྙིང་པོ་ལ་གཡོགས་པའི་གློ་བུར་དྲི་མའི་སྦུབས་སྦྱང་བ་དང༌། བསལ་བའི་ཕྱིར་ཆོས་སྟོན་ཏོ། །ཞེས་གསུངས་པ་ཐམས་ཅད་ཀྱིས་ཀྱང༌། སྦྱང་གཞི་བདེ་གཤེགས་སྙིང་པོ་དང༌། སྦྱང་བྱའི་སྐྱོན་གློ་བུར་དྲི་མ་ཡིན་པར་བསྟན་པས་རྒྱས་པར་མདོ་དེ་ཉིད་དུ་གཟིགས་ནས་དཔེ་དོན་ཐམས་ཅད་ལ་ཐུགས་ཞིབ་ཏུ་བཏང་འཚལ་བར་གདའོ། །ཐེག་པ་ཆེན་པོའི་རྒྱུད་བླ་མར་ཡང༌། དེ་ལྟར་རྒྱལ་བའི་སྙིང་པོ་ནི། །རྣམ་བཞག་རྣམ་པ་བཅུ་ཞེས་བརྗོད། །ཉོན་མོངས་སྦུབས་ན་གནས་པ་སྟེ། །དཔེ་དག་གིས་ནི་ཤེས་པར་བྱ། །སངས་རྒྱས་པད་ངན་སྦྲང་རྩི་སྦྲང་མ་ལ། །སྦུན་ལ་སྙིང་པོ་མི་གཙང་ནང་ན་གསེར། །ས་ལ་གཏེར་དང་མྱུག་སོགས་འབྲས་ཤུན་དང༌། །གོས་ཧྲུལ་ནང་ན་རྒྱལ་བའི་སྐུ་དང་ནི། །བུད་མེད་ངན་མའི་ལྟོ་ན་མི་དབང་དང༌། །ས་ལ་རིན་ཆེན་གཟུགས་ཡོད་ཇི་ལྟ་བར། །གློ་བུར་ཉོན་མོངས་དྲི་མས་བསྒྲིབས་པ་ཡི། །སེམས་ཅན་རྣམས་ལ་དེ་བཞིན་ཁམས་འདི་གནས། །དྲི་མ་པད་མ་སྲོག་ཆགས་སྦུན་པ་མི་གཙང་ས་འབྲས་གོས་ཧྲུལ་དང༌། །སྡུག་བསྔལ་འབར་བས་མངོན་པར་གདུངས་པའི་བུད་མེད་ས་ཡི་ཁམས་དང་མཚུངས། །སངས་རྒྱས་སྦྲང་རྩི་སྙིང་པོ་གསེར་དང་གཏེར་དང་ནྱ་ཀྲོ་རིན་ཆེན་སྐུ། །གླིང་བདག་མཆོག་དང་རིན་ཆེན་གཟུགས་དང་དྲི་མེད་ཁམས་མཆོག་མཚུངས་པ་ཉིད། །ཅེས་དཔེ་མང་པོའི་སྒོ་ནས་གློ་བུར་དྲི་མའི་སྦུབས་ན་བཞུགས་པའི་བདེ་གཤེགས་སྙིང་པོ་དེ་སྦྱང་བའི་གཞིར་བསྟན་ཏེ། གཞུང་འདི་ཉིད་དུ། ཇི་ལྟར་ལྗ་ལྗིན་རུལ་བའི་གནས་སུ་ལྟུང་བའི་གསེར་ནི་ལྷ་ཡིས་མཐོང་གྱུར་ནས། །ཀུན་ཏུ་དག་པར་བྱ་ཕྱིར་མཆོག་ཏུ་མཛེས་པའི་མི་ལ་ནན་གྱིས་སྟོན་པ་ལྟར། །དེ་བཞིན་རྒྱལ་བ་ཉོན་མོངས་མི་གཙང་ཆེན་པོར་ལྷུང་གྱུར་རྫོགས་སངས་རིན་པོ་ཆེ། །སེམས་ཅན་རྣམས་ལ་གཟིགས་ནས་དེ་དག་སྦྱང་ཕྱིར་ལུས་ཅན་རྣམས་ལ་ཆོས་སྟོན་ཏོ། །ཞེས་གསུངས་སོ། །འདིར་དེ་དག་སྦྱང་ཕྱིར་ཞེས་པ་འདིས་ཀྱང་སྦྱང་གཞི་བདེ་གཤེགས་སྙིང་པོ་ཡིན་པར་གྲུབ་སྟེ། སྦྱང་བྱའི་དྲི་མ་ནི་བདེ་གཤེགས་སྙིང་པོ་མ་ཡིན་ནོ། །གཞན་ཡང་གཞུང་འདི་ཉིད་དུ། རྟོགས་བྱ་རྟོགས་པ་དེ་ཡིས་ནི། །ཡན་ལག་རྟོགས་པར་བྱེད་ཕྱིར་ཏེ། །གོ་རིམ་ཇི་བཞིན་གནས་ཅིག་ནི། །དག་རྒྱུ་གསུམ་ནི་རྐྱེན་ཡིན་ནོ། །ཞེས་བདེ་གཤེགས་སྙིང་པོ་དག་པར་བྱ་རྒྱུ་ཡིན་པར་གསུངས་ལ། དག་པར་བྱ་རྒྱུའི་དྲི་མ་ནི་མ་ཡིན་པས་དག་པར་བྱ་རྒྱུའི་གཞི་དེ་ཉིད་ལས་འོས་མེད་དུ་གྲུབ་བོ། །གཞན་ཡང་དེ་བཞིན་ཉིད་གང་ཡིན་པ་དེ་ཉིད་གློ་བུར་དྲི་མ་དང་བཅས་པའི་དུས་ན་སྦྱང་གཞི་དང༌། དྲི་མ་དེས་དག་པའི་དུས་ན་སྦྱངས་འབྲས་ཡིན་པར་གསུངས་ཏེ། ཇི་སྐད་དུ། རྒྱལ་བ་བྱམས་པའི་ཞལ་སྔ་ནས། སྦྱང་གཞི་དང་སྦྱངས་འབྲས་ལ་དྲི་བཅས་དང་དེ་བཞིན་ཉིད་དང་དྲི་མ་མེད། ཅེས་དང༌། རྟོགས་བྱ་རྟོགས་པ་ཞེས་པ་ལ་སོགས་པ་གསུངས་སོ། །འཕགས་པ་སྒོ་མཐའ་ཡས་པ་རྣམ་པར་སྦྱོང་བའི་མདོར་ཡང༌། བདེ་གཤེགས་སྙིང་པོ་དང་དོན་གཅིག་པའི་རང་བྱུང་ཡེ་ཤེས་དང༌། ཐམས་ཅད་མཁྱེན་པའི་ཡེ་ཤེས་དག་པར་བྱ་བ་དང༌། སྦྱང་བར་བྱ་བའི་གཞིར་གསུངས་ཏེ། ཇི་སྐད་དུ། སྒོ་དེ་ནི་ཆོས་ཀྱི་མཆོག་ཏུ་གྱུར་ཅིང་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣམ་པར་དག་པར་བྱེད་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ནི་སྒོ་དེས་རང་བྱུང་གི་ཡེ་ཤེས་རྣམ་པར་སྦྱོང་བར་བྱེད་དེ། རང་བྱུང་གི་ཡེ་ཤེས་ཐོབ་ནས་ཆོས་ཀྱི་འཁོར་ལོ་བསྐཽར་བར་བྱེད་ཅིང་རིམ་གྱིས་སེམས་ཅན་དཔག་ཏུ་མེད་པ་དག་ཆོས་ཀྱི་སྒོ་རྣམ་པར་སྦྱང་བ་དང༌། མྱ་ངན་ལས་འདས་པའི་སྒོ་ཡོངས་སུ་སྦྱང་བར་བྱ་བའི་ཕྱིར། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྒོ་ཉེ་བར་ལེན་དུ་ཡང་འཛུད། ཅེས་པ་ལ་སོགས་པའོ། །གཞན་ཡང་ཆོས་ཉིད་ལ་སོགས་པ་རྣམ་གྲངས་མང་པོ་ཅན་གྱི་བདེ་གཤེགས་སྙིང་པོ་དེ་བཞིན་ཉིད་གང་ཡིན་པ་དེ་ཉིད་ཆོས་ཐམས་ཅད་ཀྱི་གཞི་ཡིན་པའི་ཕྱིར། དྲི་མ་གནས་པའི་གཞི་དང༌། དེ་སྦྱང་བའི་གཞི་ཡང་ཡིན་ནོ། །ཆོས་ཐམས་ཅད་ཀྱི་གཞི་ཡིན་པར་ཡང༌། རྒྱུད་བླ་མའི་འགྲེལ་པར་མདོ་དྲངས་ནས་བཤད་པ། ཐོག་མ་མེད་དུས་ཅན་གྱི་ཁམས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ནི་འགྲོ་ཀུན་དང༌། །མྱ་ངན་འདས་པའང་ཐོབ་པ་ཡིན། །ཞེས་གསུངས་སོ། །དེ་ལ་ཇི་ལྟར་ཐོག་མ་མེད་པའི་དུས་ཅན་ཡིན་ཞེ་ན། དེ་བཞིན་གཤེགས་པའི་སྙིང་པོ་ཉིད་ཀྱི་དབང་དུ་མཛད་ནས། སྔོན་གྱི་མཐའ་མི་དམིགས་སོ། །ཞེས་བསྟན་ཅིང་རབ་ཏུ་བཞག་པ་གང་ཡིན་པའོ། ཁམས་ཞེས་བྱ་བ་ནི་ཇི་སྐད་དུ། བཅོམ་ལྡན་འདས་དེའི་སླད་དུ། དེ་བཞིན་གཤེགས་པའི་སྙིང་པོ་གང་ལགས་པ། འདི་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྙིང་པོ་རང་བཞིན་གྱིས་ཡོངས་སུ་དག་པའི་ཆོས་ཀྱི་སྙིང་པོ་ཞེས་གསུངས་སོ། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །ཞེས་བྱ་བ་ནི། ཇི་སྐད་དུ། བཅོམ་ལྡན་འདས་དེའི་སླད་དུ། བདེ་བར་གཤེགས་པའི་སྙིང་པོ་ནི་འབྲེལ་བ། རྣམ་པར་དབྱེ་བ་མེད་པ། བྲལ་མི་ཤེས་པ། འདུས་མ་བྱས་པའི་ཆོས་རྣམས་ཀྱི་གནས་དང་གཞི་དང་རྟེན་ལགས་ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་ནི་མ་འབྲེལ་བ་རྣམ་པར་དབྱེ་བ་དང་བཅས་པའི་ཆོས་བྲལ་ཤེས་པ། འདུས་བྱས་ཀྱི་སྤང་གཞི་དང་གནས་དང་རྟེན་ལགས་སོ། །ཞེས་གསུངས་པའོ། །དེ་ཡོད་པས་ན་འགྲོ་ཀུན་དང༌། །ཞེས་བྱ་བ་ནི་ཇི་སྐད་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་མཆིས་ན་དེ་ལ་འཁོར་བ་ཞེས་ཚིགས་གིས་བཏགས་པ་ལགས་སོ། །ཞེས་གསུངས་སོ། །མྱ་ངན་ལས་འདས་པའང་ཐོབ་པར་འགྱུར། །ཞེས་བྱ་བ་ནི་ཇི་སྐད་དུ། བཅོམ་ལྡན་འདས་གལ་ཏེ་དེ་བཞིན་གཤེགས་པའི་སྙིང་པོ་མ་མཆིས་ན་སྡུག་བསྔལ་ལ་ཡང་ཡིད་འབྱུང་བ་མི་འགྱུར་ཞིང༌། མྱ་ངན་ལས་འདས་པ་ཡང་འདོད་པ་དང་དོན་དུ་གཉེར་བ་དང་སྨོན་པར་ཡང་མི་འགྱུར་རོ། །ཞེས་རྒྱས་པར་གསུངས་པའོ། །ཞེས་པ་དང༌། རྒྱུད་བླ་མར་ཡང༌། ས་ནི་ཆུ་ལ་ཆུ་རླུང་ལ། །རླུང་ནི་མཁའ་ལ་རབ་ཏུ་གནས། །མཁའ་ནི་རླུང་དང་ཆུ་དག་དང༌། །ས་ཡི་ཁམས་ལ་གནས་མ་ཡིན། །དེ་བཞིན་ཕུང་པོ་ཁམས་དབང་རྣམས། །ལས་དང་ཉོན་མོངས་དག་ལ་གནས། །ལས་དང་ཉོན་མོངས་ཚུལ་བཞིན་མིན། །ཡིད་ལ་བྱེད་པ་རྟག་ཏུ་གནས། །ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །སེམས་ཀྱི་དག་པ་ལ་རབ་གནས། །སེམས་ཀྱི་རང་བཞིན་ཆོས་རྣམས་ནི། །ཐམས་ཅད་ལ་ཡང་གནས་པ་མེད། །ཅེས་པ་ལ་སོགས་པ་རྒྱས་པར་གསུངས་ཤིང༌། དེའི་འགྲེལ་པར་མདོ་དྲངས་པ་ཡང༌། ས་དང་ཆུ་ལ་སོགས་པ་རྣམས་ནམ་མཁའ་ལ་གནས་པ། དཔེར་མཛད་ནས། དེ་བཞིན་དུ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ནི་ལས་དང་ཉོན་མོངས་པ་ལ་རབ་ཏུ་གནས་པ། ལས་དང་ཉོན་མོངས་པ་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལ་རབ་ཏུ་གནས་པ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ནི། རང་བཞིན་གྱིས་ཡོངས་སུ་དག་པ་ལ་རབ་ཏུ་གནས་པའོ། །དེས་ན་སེམས་ཀྱི་རང་བཞིན་ནི་འོད་གསལ་བ་སྟེ། གློ་བུར་གྱི་ཉེ་བའི་ཉོན་མོངས་པས་ཉོན་མོངས་མེད་པའོ། །ཞེས་བརྗོད་དོ། །ཞེས་པ་ལ་སོགས་པ་དང༌། ཡང་དེར་མདོ་དྲངས་པ་ཇི་སྐད་དུ། རྣམ་པར་དབྱེར་མེད་པ་བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱིས་ཆོས་གང་གཱའི་ཀླུང་གི་བྱེ་མ་སྙེད་ལས་འདས་པ་དང་ལྡན་པ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུར་བསྟན་པ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་འདི་ཉིད་ཉོན་མོངས་པའི་སྦུབས་ལས་མ་གྲོལ་བ་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བགྱིའོ། །ཞེས་པ་དང༌། རྒྱན་སྟུག་པོའི་མདོར་ཡང༌། ས་རྣམས་སྣ་ཚོགས་ཀུན་གཞི་སྟེ། །བདེ་གཤེགས་སྙིང་པོ་དགེ་བའང་དེ། །སྙིང་པོ་དེ་ལ་ཀུན་གཞིའི་སྒྲས། །དེ་བཞིན་གཤེགས་རྣམས་སྟོན་པར་མཛད། །སྙིང་པོ་ཀུན་གཞིར་བསྒྲགས་པ་ཡང༌། །བློ་ཞན་རྣམས་ཀྱིས་མི་ཤེས་སོ། །ཞེས་པ་དང༌། སྙིང་པོ་ཀུན་གཞིར་བསྒྲགས་པ་ནི། །རྟོག་པའི་སེམས་ཀྱི་ཡུལ་མ་ཡིན། །ཞེས་པ་ལ་སོགས་པ་དང༌། ལང་དཀར་གཤེགས་པར་ཡང༌། དེ་བཞིན་གཤེགས་པའི་སྙིང་པོ་དགེ །རྟོག་གེ་ཅན་གྱི་སྤྱོད་ཡུལ་མིན། །ཅེས་པ་དང༌། སེམས་ནི་རང་བཞིན་འོད་གསལ་ཏེ། །དེ་བཞིན་གཤེགས་པའི་སྙིང་པོ་དགེ །ཞེས་པ་ལ་སོགས་པ་དང༌། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང༌། དེ་ཕྱིར་ཆོས་རྣམས་ཀུན་གྱི་གཞི། །གནས་མེད་སྒྱུ་མ་དང་མཚུངས་པ། །ཞི་བའི་སྲིད་པ་འཇོམས་བྱེད་པ། །སྟོང་ཉིད་འདི་ནི་རྟག་ཏུ་བསྒོམ། །ཞེས་པ་དང༌། དཔལ་རྡོ་རྗེ་ཕྲེང་བའི་རྒྱུད་དུ་ཡང༌། དེ་དག་དབུས་ན་གནས་པའི་ཁམས། །ཁྱབ་ཅིང་སྤྱོད་ཡུལ་མ་ཡིན་ཏེ། །ཇི་ལྟར་ཏིལ་ལ་ཏིལ་མར་དང༌། །ཇི་ལྟར་ཤིང་ལ་མེ་བཞིན་དུ། །དེ་བཞིན་ཆོས་རྣམས་ཐམས་ཅད་ལ། །ཁྱབ་ཀྱང་མཐོང་བ་མ་ཡིན་ནོ། །ནམ་མཁའ་བཞིན་དུ་དྲི་མ་མེད། །ཆོས་ཀུན་གྱི་ནི་གཞི་ཡི་མཆོག །ཅེས་པ་དང༌། མཁའ་འགྲོ་མ་རྡོ་རྗེ་གུར་དུ་ཡང༌། ནམ་མཁའ་འབྱུང་བ་ཐམས་ཅད་དང༌། །ཆོས་རྣམས་ཀུན་གྱི་གཞིར་གྱུར་བཞིན། །བདེ་མཆོག་དག་པའི་སེམས་ཉིད་དེ། །མཁའ་བཞིན་དག་པའི་སེམས་ཉིད་ཀྱང༌། །ཞེས་པ་ལ་སོགས་པ་རྣམས་ཀྱིས་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་གཞི་ཡང་ཡིན་ལ། བདེ་གཤེགས་སྙིང་པོ་དགེ་བ་ཡང་ཡིན་ཞིང༌། སྟོང་པ་གཉིས་ཀྱི་དབྱིངས་དང་བདེ་མཆོག་དག་པའི་སེམས་ཀྱང་ཡིན་པར་གསུངས་པ་འདི་དོན་དམ་གཞན་སྟོང་ལ་དགོངས་ཀྱི། གཟུགས་སོགས་མཐའ་དག་རང་བཞིན་མ་གྲུབ་པའི་རང་སྟོང་གིས་ནི་དེ་རྣམས་ཀྱི་གོ་མི་ཆོད་དེ། གལ་ཏེ་ཆོད་པར་འདོད་ན་ཉེས་སྐྱོན་ཆེན་པོ་དཔག་ཏུ་མེད་པ་གནམ་ལྕགས་བཞིན་དུ་འབབ་པར་འགྱུར་རོ། །དེ་བཞིན་དུ། རྒྱལ་བའི་ཡུམ་ལས། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང༌། མ་བྱུང་ཡང་རུང༌། ཆོས་རྣམས་ཀྱི་ཆོས་ཉིད་དང༌། ཆོས་ཀྱི་དབྱིངས་ཉིད་དང༌། ཆོས་ཀྱི་གནས་ཉིད་དང༌། ཆོས་སྐྱོན་མེད་པ་དེ་ནི་དེ་བཞིན་དུ་གནས་པ་ཡིན་ཏེ། དེ་ནི་དེ་བཞིན་གཤེགས་པས་མངོན་པར་སངས་རྒྱས་སོ། །མངོན་པར་ཐུགས་སུ་ཆུད་དོ། །མངོན་པར་རྫོགས་པར་སངས་རྒྱས་ཏེ། མངོན་པར་ཐུགས་སུ་ཆུད་ནས་ཀྱང་གསུངས་སོ། །སྟོན་ཏོ། །བརྗོད་དོ། །འགྲེལ་ཏོ། །རྣམ་པར་འབྱེད་དོ། །གསལ་བར་བྱེད་དོ། །ཡང་དག་པར་སྟོན་ཏོ། །ཞེས་པ་ལ་སོགས་པ་རྒྱས་པར་གསུངས་ཏེ། དེ་ལྟར་ཆོས་ཀྱི་གནས་ཉིད་ལ་སོགས་པ་རྣམ་གྲངས་མང་པོ་ཅན་གྱི་བདེ་གཤེགས་སྙིང་པོ་གང་ཡིན་པ་དེ་ཉིད། ཆོས་ཐམས་ཅད་ཀྱི་གནས་སམ་གཞི་ཡིན་པའི་ཕྱིར། གློ་བུར་དྲི་མའི་ཆོས་རྣམས་གནས་པའི་གཞི་ཡང་ཡིན་ལ། དྲི་མ་དེ་རྣམས་སྦྱང་བའི་གཞི་ཡང་ཡིན་པ་ཉིད་དུ་ལེགས་པར་གྲུབ་བོ། །འདི་སྦྱང་གཞིར་སྟོན་པའི་ལུང་རྣམ་དག་གཞན་ཡང་མང་དུ་བཞུགས་ཏེ། འདིར་དེ་ཙམ་གྱིས་ཀྱང་རྟོགས་པར་ནུས་པའི་ཕྱིར་མ་བྲིས་སོ། །

ཡང་ཉིད་ཅག་གི་གསུང་ཡིག་ན། ཀུན་བཏགས་ཐམས་ཅད་སྦྱང་གཞི་མ་དག་པ་གཞན་དབང་སྦྱང་བྱ་ཞེས་པ་འདི་ལ། སྦྱང་གཞི་ཀུན་བཏགས་ཡིན་ན་ཀུན་གཞི་རྣམ་ཤེས་ཡིན་པར་འགལ་ཞིང༌། སྦྱང་གཞི་ཀུན་གཞི་རྣམ་ཤེས་ཡིན་ན་ཡང་ཀུན་བཏགས་ཡིན་པར་འགལ་ཏེ། ཀུན་གཞི་རྣམ་ཤེས་ནི་གཞན་དབང་ཡིན་གྱི་ཀུན་བཏགས་མ་ཡིན་པའི་ཕྱིར་རོ། །དེས་ན་འདིར་ཡང་གྲུབ་མཐའ་སྔ་ཕྱི་འགལ་བ་ལགས་སོ། །གཞན་ཡང་མ་དག་པ་གཞན་དབང་སྦྱང་བྱ་དྲི་མ་ཡིན་ན་ཀུན་གཞི་རྣམ་ཤེས་ཀྱང་སྦྱང་བྱ་དྲི་མ་ཡིན་པར་འགྱུར་ཏེ། མ་དག་པ་གཞན་དབང་ཡིན་པའི་ཕྱིར་རོ། །དེ་འདོད་ན་སྦྱང་གཞིར་འདོད་པ་དང་ཡང་འགལ་ཚབས་ཅན་དུ་སོང་བ་ལགས་སོ། །གཞན་ཡང་ཀུན་བཏགས་སྦྱང་གཞི་ཡིན་པར་འདོད་དམ། ཀུན་གཞི་རྣམ་ཤེས་ཡིན་པར་འདོད་ཀྱང་རུང་སྟེ། དེ་གཉིས་ཀ་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་ལུང་དང་འགལ་ཚབས་ཅན་དུ་སོང་ནས་གདའ་བས། གསུང་རབ་མང་པོ་གཟིགས་པ་མ་གྲུབ་ནའང་མྱང་འདས་ཆེན་པོ་ཙམ་ཞིག་གཟིགས་ནས་རྟོག་དཔྱོད་ཞིབ་ཏུ་མཛད་པར་ཞུ། དེ་མ་གྲུབ་ནའང་སོར་མོའི་ཕྲེང་པ་ལ་ཕན་པའི་མདོ་དང༌། འཕགས་པ་རྔ་བོ་ཆེ་ཆེན་པོའི་མདོ་དང༌། འཕགས་པ་སྤྲིན་ཆེན་པོའི་མདོ་དང༌། འཕགས་པ་དཔལ་ཕྲེང་གི་མདོ་ཙམ་གཟིགས་པར་ཞུ། དེ་ཡང་མ་གྲུབ་ན་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་དང༌། རྒྱུད་བླ་མ་རྩ་འགྲེལ་ཙམ་ཡང་གཟིགས་པར་ཞུ། དེ་ཡང་མ་གྲུབ་ན་རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་དང༌། ཆོས་ཀྱི་དབྱིངས་ལ་བསྟོད་པ་ཙམ་ཡང་གཟིགས་ནས་སྦྱང་བྱའི་དྲི་མ་གང་ཡིན་པ་དང༌། དེ་སྦྱང་བའི་གཞི་གང་ཡིན་པའི་དོན་ལ་ཐུགས་དགོངས་ཞིབ་ཏུ་གཏོང་འཚལ་བར་གདའ་ལགས། དེའི་རྒྱུ་མཚན། བུ་ཆུང་གི་གནའ་གཏམ་དང་། ལོང་བའི་ལྷ་རིས་བཞིན་དུ་མ་སོང་ན་དགའ་བར་གདའ་བ་མ་གཏོགས་འདོད་པ་གཞན་མི་བདོག །ལར་འདི་དག་ཉིད་ཅག་གི་བློ་སྐྱོན་ཁོ་ན་མ་ཡིན་མཆིས་ཏེ། སློབ་དཔོན་སྔ་མ་ལ་ལས་ཆོས་ཀྱི་བཤད་པ་ནོར་བས་ཀྱང་ལན་པ་ལགས་མཆི། དེ་ལྟ་བས་ན་ཀུན་གཞི་རྣམ་ཤེས་སྦྱང་གཞིར་འདོད་པ་ལ་ཤེས་བྱེད་ཀྱི་ལུང་དང་རིགས་པ་རྣམ་དག་ནི་འགའ་ཙམ་ཡང་མེད་དོ། །དེར་མ་ཟད་དེ་ལ་གནོད་བྱེད་ཀྱི་ལུང་དང་རིགས་པ་རྣམ་དག་ཤིན་ཏུ་མང་བར་ཡོད་དེ། དེ་ལ་རེ་ཞིག་ཀུན་གཞི་རྣམ་ཤེས་ནི་གློ་བུར་དྲི་མ་ཡིན་པའི་ཕྱིར། སྦྱང་བྱ་སྒྲིབ་པ་ཡིན་གྱི་དྲི་མ་དེ་སྦྱང་བའི་གཞི་ནི་མ་ཡིན་ནོ། །རྟགས་འདི་གྲུབ་པ་ཡིན་ཏེ། རྣམ་ཤེས་ཡིན་པའི་ཕྱིར་དང༌། འཛིན་པ་ཡིན་པའི་ཕྱིར་དང༌། ཁམས་གསུམ་པའི་སེམས་དང་སེམས་བྱུང་ལས་མ་འདས་པའི་ཕྱིར་རོ། །དེ་ལ་རྣམ་ཤེས་གང་ཡིན་སྤང་བྱ་ཡིན་པར་ནི། རྣམ་པར་ཤེས་པའི་ཆོས་ལས་འདས། །ཞེས་པ་ལ་སོགས་པ་དང༌། བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་སོགས་པ་རྣམས་ཀྱིས་རྣམ་ཤེས་གང་ཡིན་སྤང་བར་བྱ་བ་མུན་པ་ལྟ་བུ་དང༌། དེ་འཇོམས་བྱེད་ཀྱི་ཡེ་ཤེས་ཉིན་མོར་བྱེད་པ་དང་མཚུངས་པར་ཡང་ཡང་གསུངས་པ་དང༌། ཡེ་ཤེས་ཀྱི་སྐུ་འཐོབ་པ་ལ་དབུགས་དང་རྣམ་ཤེས་ཐམས་ཅད་གཏན་ནས་འགག་དགོས་པར་གསུངས་པ་དང༌། སེམས་འགགས་པ་དེ་སྐུ་ཡི་མངོན་སུམ་མཛད། །ཅེས་པ་ལ་སོགས་པ་གཞུང་གཞན་དག་ཏུ་ཡང་དེ་དང་མཐུན་པ་མང་དུ་གསུངས་པ་དང༌། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལ་སོགས་པ་རྣམས་སུ་ཡང༌། སངས་རྒྱས་ཀྱི་ཡེ་ཤེས་སེམས་དང་ཡིད་དང་རྣམ་ཤེས་དང་བྲལ་བར་ཡང་ཡང་གསུངས་པ་རྣམས་ལས་ལེགས་པར་ཤེས་སོ། །སེམས་དང་སེམས་ལས་བྱུང་བའི་ཆོས་ཐམས་ཅད་འཛིན་པ་ཡིན་པར་ནི། འཕགས་པ་ཐོགས་མེད་ཞབས་ཀྱི་ཞལ་སྔ་ནས། སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ནི་འཛིན་པར་བལྟ་སྟེ། ཞེས་གསུངས་ལ། ཁམས་གསུམ་པའི་སེམས་དང་སེམས་བྱུང་གང་ཡིན་པ་རྣམས་ཡང་དག་པ་མ་ཡིན་པའི་ཀུན་རྟོག་ཡིན་པར་ནི། རྒྱལ་བ་བྱམས་པའི་ཞལ་སྔ་ནས། ཡང་དག་མ་ཡིན་ཀུན་རྟོག་ནི། །སེམས་དང་སེམས་བྱུང་ཁམས་གསུམ་པ། །ཞེས་གསུངས་ཤིང༌། ཀུན་རྟོག་དེ་ལས་ཕྱེ་ན་སྒྲིབ་པ་གཉིས་ཏེ། ཇི་སྐད་དུ། ཉོན་མོངས་པའི་སྒྲིབ་པ་དང༌། །ཤེས་བྱའི་སྒྲིབ་པ་ཉིད་དུ་བསྟན། །དེར་ནི་སྒྲིབ་པ་ཐམས་ཅད་དེ། །དེ་ཟད་ནས་ནི་གྲོལ་བར་འདོད། །ཅེས་གསུངས་པའི་ཕྱིར། ཀུན་གཞི་རྣམ་ཤེས་ནི་སྤང་བྱ་སྒྲིབ་པ་ཡིན་པར་གྲུབ་བོ། །གཞན་ཡང་ཀུན་གཞི་རྣམ་ཤེས་ནི་སྦྱང་བྱ་དྲི་མ་ལས་མ་འདས་ཏེ། ལེན་པའི་རྣམ་ཤེས་ཡིན་པའི་ཕྱིར་དང༌། སྲིད་པའི་ཡན་ལག་གི་རྣམ་ཤེས་ཡིན་པའི་ཕྱིར་དང༌། རྣམ་པར་སྨིན་པའི་རྣམ་ཤེས་ཡིན་པའི་ཕྱིར་དང༌། འཁོར་བ་ཇི་སྲིད་པའི་ཕུང་པོ་ཡིན་པའི་ཕྱིར་དང༌། རྩ་བའི་རྣམ་ཤེས་དང་ས་བོན་ཐམས་ཅད་པའི་རྣམ་ཤེས་ཡིན་པའི་ཕྱིར་དང༌། ལུང་མ་བསྟན་གྱི་རྣམ་ཤེས་སྐད་ཅིག་མ་ཡིན་པའི་ཕྱིར་དང༌། ཟག་བཅས་ཉེར་ལེན་གྱི་ཕུང་པོ་ཁམས་དང༌། སྐྱེ་མཆེད་ལས་མ་འདས་པའི་ཕྱིར་དང༌། སྤང་བྱའི་སྒྲིབ་པ་གཞན་ཐམས་ཅད་སྐྱེད་བྱེད་ཡིན་པའི་ཕྱིར་རོ། །གལ་ཏེ་དྲི་མ་སྐྱེད་བྱེད་ཡིན་པ་ཉིད་ཀྱིས་སྦྱང་གཞི་ཡིན་པར་གྲུབ་སྟེ། སྦྱང་གཞིའི་དོན་ནི་དྲི་མ་སྐྱེད་བྱེད་ཀྱི་དོན་ཡིན་ནོ་ཞེ་ན། འདི་ཡང་རང་བཟོ་ཉིད་དུ་བས་ཀྱི་ཤེས་བྱེད་ཀྱི་ལུང་རིགས་རྣམ་དག་ནི་ཅུང་ཟད་ཙམ་ཡང་མེད་དོ། །གཞན་ཡང་སྦྱང་གཞི་དང༌། དྲི་མ་སྐྱེད་བྱེད་དོན་གཅིག་ན། དྲི་བཅས་དེ་བཞིན་ཉིད་དང་ཆོས་ཀྱི་དབྱིངས་ཀྱང་དྲི་མ་སྐྱེད་བྱེད་ཡིན་པར་འགྱུར་ཏེ། སྦྱང་གཞི་ཡིན་པའི་ཕྱིར་རོ། །དེ་འདོད་ན་ཆོས་ཀྱི་དབྱིངས་འདུས་བྱས་ཡིན་པར་ཧ་ཅང་ཐལ་བར་འགྱུར་རོ། །དེ་བཞིན་དུ། ཀུན་གཞི་ལས་བྱུང་བའི་རྟོག་པའི་ཆ་ཤས་དང༌། གནས་སྐབས་སུ་དེ་ལས་གྱུར་པའི་ཕུང་པོ་དང༌། ཁམས་དང་སྐྱེ་མཆེད་དང༌། རྩ་དང་རླུང་དང་ཐིག་ལེ་ལ་སོགས་པ་གཉིས་སུ་འཛིན་པའི་ནུས་པ་བསྐྱེད་ནུས་ཀྱི་གཞིར་གྱུར་པ་ཐམས་ཅད་ཅེས་གསུང་ཡིག་ན་བཀོད་པ་འདི་རྣམས་ཀྱང་སྦྱང་བྱ་དྲི་མ་ལས་མ་འདས་པའི་ཕྱིར། དྲི་མ་དེ་སྦྱང་བའི་གཞི་མ་ཡིན་ནོ། །ཡང་ཁྱེད་ཀྱི་སྦྱངས་འབྲས་ཀྱི་མིང་ཡེ་ཤེས་ལྔ་རིགས་ལྔ་བདེ་ཆེན་ཆོས་སྐུའམ། སྐུ་གསུམ་ལ་སོགས་པའི་རྣམ་གྲངས་དུ་མ་གསུངས་ཀྱང༌། དོན་གྱི་ཆོས་སྐུ་གཅིག་པ་འདི་མདོ་རྒྱུད་ཐམས་ཅད་ཀྱི་དགོངས་པ་ཡིན་པར་མངོན། ཞེས་པ་དང༌། སྦྱངས་འབྲས་ཡོངས་གྲུབ་ཡིན་ཞེས་བཀོད་གདའ་བ་འདི་ཡང༌། སྔར་གྱི་ཁས་བླངས་དང་འགལ་བ་ལགས་ཏེ། སྔར་ནི། ཡེ་ཤེས་ལ་སོགས་པ་དེ་རྣམས་ཡོངས་གྲུབ་བཏགས་པ་བ། དག་པ་གཞན་དབང་མཚན་ཉིད་པར་ཁས་བླངས་ལ། འདིར་ཡེ་ཤེས་ལ་སོགས་པ་དེ་རྣམས་སྦྱངས་འབྲས་ཡིན་པར་ཁས་བླངས་ཤིང༌། སྦྱངས་འབྲས་ཀྱང་ཡོངས་གྲུབ་ཡིན་པར་ཁས་བླངས་པའི་ཕྱིར་རོ། །ཡང་དག་པ་གཞན་དབང་སྦྱོང་བྱེད་དུ་བཞེད་པ་དང༌། སྦྱངས་འབྲས་ཡེ་ཤེས་ལ་སོགས་པ་རྣམས་དག་པ་གཞན་དབང་ཡིན་པ་འདི་ཡང་འགལ་ཏེ། སྦྱོང་བྱེད་ནི་སློབ་ལམ་གྱི་ཆོས་ཡིན་ལ། ཡེ་ཤེས་ལ་སོགས་པ་སྦྱངས་འབྲས་མཐར་ཐུག་ནི་སློབ་ལམ་ཡིན་མི་སྲིད་པའི་ཕྱིར་རོ། །དེ་བཞིན་དུ། དགེ་བ་ཟག་མེད་ཐམས་ཅད་སྦྱོང་བྱེད་ཡིན་ན། སྦྱངས་འབྲས་རང་བྱུང་གི་ཡེ་ཤེས་མི་སློབ་པའི་ལམ་ཡང༌། སྦྱོང་བྱེད་ཡིན་པར་འགྱུར་བས་སློབ་ལམ་དུ་ཧ་ཅང་ཐལ་བར་འགྱུར་རོ། །

ཡང་ཁྱེད་ཀྱི་བཞེད་པ་ཡི་གེར་བཀོད་པ་ན། ཁོ་བོས་སྦྱང་གཞི་སྦྱང་བྱ་སྦྱོང་བྱེད་སྦྱངས་འབྲས་ངོ་བོ་ཐ་དད་མ་ཡིན་བྱས་པ། མ་གཏོགས་པ་ལྡོག་པ་ཐ་དད་མ་ཡིན་པར་ཁས་བླངས་པ་མི་བདོག །ཅེས་པ་དང༌། སྦྱང་གཞི་སྦྱང་བྱ་སྦྱོང་བྱེད་སྦྱངས་འབྲས་རྣམས་རང་བཞིན་ཐ་དད་མེད་པར་སྔར་ཡང་ཁས་བླངས་ཏེ། ད་དུང་ཡང་འདི་དག་ལ་ཐེ་ཚོམ་ཡོད་རེ་སྐན། ཞེས་པ་གདའ་སྟེ། སློབ་དཔོན་དཀོན་བཟང་བའི་གསུང་གིས་སྦྱང་གཞི་སྦྱང་བྱ་སྦྱོང་བྱེད་སྦྱངས་འབྲས་རྣམས་ཐ་དད་དུ་ཁས་བླངས་ཀྱི་ངོ་བོའམ། རང་བཞིན་ཐ་དད་དུ་ཁས་བླངས་པ་མེད་ལ། ཡི་གེ་ངོ་བོའམ་རང་བཞིན་ཐ་དད་ཅེས་པ་བྲིས་འདུག །དེ་ལ་ཁྱེད་རང་ཡི་གེ་བྲིས་ཀྱང་སོད་མེད་ཅེས་སྐད་ཐོངས་ཡོད་ཅིང༌། དཔོན་བྱང་པའང་སྦྱང་གཞི་ལ་སོགས་པ་བཞི་པོ་དེ་རྣམས་ཐ་དད་གཏན་མེད་དུ་འདོད་ཀྱིན་འདུག་པའི་དོན་ལ་ངེད་མ་འཆམ་པ་ཡིན་པས་དེའི་ལུགས་གཞིར་བཞག་པ་ལ་ཤགས་དྲང་པོར་འབྱེད་པར་ཞུ། ཞེས་གསུང་གིན་གདའ། ཁོང་པ་ཆོས་པ་ཡིན་པས་བརྫུན་མི་འོང་སྙམ་ནས། ངེད་ཀྱིས་ཀྱང་དེའི་ལུགས་གཞིར་བཞག་པ་ལ་ཤགས་དྲང་བོར་ཕྱེ་བ་ལགས། གལ་ཏེ་དེ་བཞིན་མ་ལགས་ན། ཉིད་ཅག་གཉིས་རང་ཞལ་འཛོམ་ནས་ཐུགས་བསྡུར་བར་ཞུ།

གང་ལྟར་ཡང༌། གཞུང་ལུགས་རྣམས་སུ་ཐ་དད་ཀྱི་རྣམ་བཞག་གསུམ་མམ་བཞི་གསུངས་པ་ལས་འདི་སྦྱང་བའི་གཞི་དང༌། སྦྱང་བྱའི་དྲི་མ་ནི་ངོ་བོ་ཐ་དད་དང༌། ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དང༌། མིང་གི་རྣམ་གྲངས་ཙམ་གྱི་ཐ་དད་རྣམས་གང་ཡང་མ་ཡིན་ལ། ཐ་དད་ཀྱང་ཡིན་པའི་ཕྱིར། ངོ་བོ་གཅིག་པ་བཀག་པའི་ཐ་དད་ཡིན་ཏེ། དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་ཐ་དད་དོ། །སྦྱང་བྱ་དྲི་མ་དང་སྦྱོང་བྱེད་ནི་གཉིས་ཀ་ཀུན་རྫོབ་ཡིན་ཞིང༌། ཀུན་རྫོབ་ཏུ་ངོ་བོ་ཐ་དད་པ་ཡང་ཡིན་ནོ། །སྦྱང་གཞི་དང་སྦྱངས་འབྲས་ནི་གཉིས་ཀ་དོན་དམ་པ་ཡིན་ཞིང་ངོ་བོ་གཅིག་པ་ཡང་ཡིན་ནོ། །

ཡང་ཁྱེད་ཀྱི་གསུང་ཡིག་ན། གལ་ཏེ། སྦྱང་གཞི་འམ་ཆོས་ཉིད་ལ་སོགས་པ་དེ་ཡིན་ན། དེ་ནི་འཁོར་བ་དང་རྣམ་བྱང་གཉིས་ཀའི་གཞི་ཡིན་པའི་ཕྱིར། རྣམ་བྱང་ཡང་སྦྱང་བྱར་འགྱུར་ཞེས་པ་གདའ་མོད། དེ་ལྟ་ན་བདེ་གཤེགས་སྙིང་པོ་འཁོར་བ་དང་རྣམ་བྱང་གཉིས་ཀའི་གཞི་ཡིན་ཞིང་སྦྱང་གཞི་ཡང་ཡིན་པའི་ཕྱིར། རྣམ་བྱང་སྦྱང་བྱ་ཡིན་པར་ཁྱེད་ཉིད་ལ་ཧ་ཅང་ཐལ་ལོ། །ཡང་ཁྱེད་ཀྱི་ཀུན་བཏགས་ཐམས་ཅད་སྦྱང་གཞི་མ་དག་པ་གཞན་དབང་སྦྱང་བྱ་དག་པ་གཞན་དབང་སྦྱོད་བྱེད། སྦྱངས་འབྲས་ཡོངས་གྲུབ་ཡིན་པ་དང༌། དེ་རྣམས་ཀྱང་རང་བཞིན་ཐ་དད་མེད་པ་ཡིན་པའི་སྒྲུབ་བྱེད་ལ། དགོངས་འགྲེལ་ལས། ངོ་བོ་ཉིད་མེད་པ་གསུམ་གསུངས་པ་དེ་བཀོད་གདའ་མོད། དགོངས་འགྲེལ་གྱི་ངོ་བོ་ཉིད་མེད་པ་གསུམ་སྟོན་པའི་གཞུང་དེ་དག་གིས་ཀུན་བཏགས་ཐམས་ཅད་སྦྱང་གཞིར་བསྟན་པ་ཡང་མི་མདོག །སྦྱང་གཞི་ལ་སོགས་པ་རང་བཞིན་ཐ་དད་མེད་པར་བསྟན་པ་ཡང་མི་བདོག་པས། རང་བཟོའི་བཤད་པ་འབའ་ཞིག་ཏུ་འགྲོ་མཆི། །གཞུང་དེ་དག་གིས་ནི་ངོ་བོ་ཉིད་མེད་པ་གསུམ་སོ་སོར་ངོས་བཟུང་ནས། ཀུན་བཏགས་ཇི་ལྟ་བ་བཞིན་ཤེས་ན། མཚན་ཉིད་མེད་པའི་ཆོས་རྣམས་ཤེས་པ་དང༌། གཞན་དབང་ཇི་ལྟ་བ་བཞིན་ཤེས་ན། ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཤེས་པ་དང༌། ཡོངས་གྲུབ་ཇི་ལྟ་བ་བཞིན་དུ་ཤེས་ན། རྣམ་བྱང་གི་ཆོས་ཇི་ལྟ་བ་བཞིན་ཤེས་པ་དང༌། དེ་ལྟར་ཤེས་པའི་དགོས་པ་ཡང༌། གཞན་དབང་ལ་ཀུན་བཏགས་ཀྱི་མཚན་ཉིད་མེད་པར་ཤེས་ན་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་སྤོང་བ་དང༌། ཀུན་ནས་ཉོན་མོངས་པའི་ཆོས་རྣམས་སྤང་ན། རྣམ་པར་བྱང་བའི་ཆོས་རྣམས་ཐོབ་པར་བསྟན་པའི་ཕྱིར། དོན་གྱིས་ཀུན་བརྟགས་ནི་ཤེས་པར་བྱ་བ་དང༌། གཞན་དབང་ཀུན་ནས་ཉོན་མོངས་པ་རྣམས་ནི་སྤང་བར་བྱ་བ་དང༌། ཡོངས་གྲུབ་ནི་ཐོབ་པར་བྱ་བ་དང༌། མངོན་དུ་བྱ་བ་ཡིན་པར་བསྟན་ཏོ། །གལ་ཏེ་ཀུན་བཏགས་གཞན་དབང་ཡོངས་གྲུབ་རྣམས་ངོ་བོ་ཉིད་མེད་པར་མཚུངས་པས་སྦྱང་བྱ་སྦྱོང་བྱེད་ལ་ཡང་ངོ་བོ་ཐ་དད་མེད་དོ། །སྙམ་ན་འདི་ལ་ཡང་རྣམ་པར་ཕྱེ་སྟེ་ལན་གདབ་པར་བྱའོ། །དེ་མ་དག་པ་གཞན་དབང་སྦྱང་བྱ་དང༌། དག་པ་གཞན་དབང་སྦྱོང་བྱེད་ཡིན་པ་དེ་དོན་དམ་ཡིན་ནམ་ཀུན་རྫོབ་ཡིན། བརྟག་གྲངས་དང་པོ་ལྟར་ན་མི་སྲིད་དོ། །གཉིས་པ་ལྟར་ན་གཞན་དབང་གཉིས་ཀ་ལ་ཀུན་རྫོབ་ཏུ་ངོ་བོ་གྲུབ་པའི་ཕྱིར་དང༌། སྤང་གཉེན་དང་དག་མ་དག་གི་སྒོ་ནས་ཀུན་རྫོབ་ཏུ་དངོས་པོ་ཐ་དད་པའི་ཕྱིར། སྦྱང་བྱ་སྦྱོང་བྱེད་དེ་གཉིས་ཀུན་རྫོབ་ཏུ་ངོ་བོ་ཐ་དད་མེད་པར་མ་གྲུབ་བོ། །གལ་ཏེ་གཞན་དབང་དེ་གཉིས་ལ་དོན་དམ་པར་ངོ་བོ་མ་གྲུབ་པའི་ཕྱིར་དང༌། ཀུན་རྫོབ་ཏུ་ངོ་བོ་ཐ་དད་མེད་དོ་སྙམ་ན། དེ་ལྟ་ན་ནི། འོ་ན་ཚ་རེག་གྲང་རེག་ལ་སོགས་པ་ཀུན་རྫོབ་ཏུ་དངོས་པོ་ཐ་དད་པ་ཐམས་ཅད་ཀྱང་ཀུན་རྫོབ་ཏུ་ངོ་བོ་ཐ་དད་མེད་པ་ཡིན་པར་ཧ་ཅང་ཐལ་བར་འགྱུར་ཏེ། དོན་དམ་པར་ངོ་བོ་མེད་པའི་ཕྱིར་རོ། །གལ་ཏེ་གཞན་དབང་དེ་གཉིས་དོན་དམ་པར་ངོ་བོ་མེད་པའི་ཕྱིར་དོན་དམ་པར་རང་བཞིན་ཐ་དད་མ་གྲུབ་པ་དང༌། སྦྱང་བྱ་སྦྱོང་བྱེད་ལ་ཡང་དོན་དམ་པར་རང་བཞིན་ཐ་དད་མ་གྲུབ་པོ་ཞེ་ན། དེ་ནི་གཞན་ཡང་འདོད་ཅིང༌། སློབ་དཔོན་དཀོན་བཟང་པ་ཡང་བཞེད་མཆི། གལ་ཏེ་མི་བཞེད་ན་ད་དུང་ཞལ་འཛོམ་ནས་གསུང་གླེང་མཛད་པར་ཞུ། དེ་ལྟ་བས་ན་སྦྱང་བྱ་སྦྱོང་བྱེད་གཉིས་ཀ་ཀུན་རྫོབ་ཡིན་གྱི་དོན་དམ་མ་ཡིན་ཞིང༌། དོན་དམ་དུ་དེ་གཉིས་གཏན་ནས་མ་གྲུབ་ཀྱང༌། ཀུན་རྫོབ་ཏུ་སྣང་མུན་ལྟར་དངོས་པོ་ཐ་དད་པ་ཉིད་དུ་རིག་པར་བྱའོ། །གཞན་ཡང་ངོ་བོ་ཉིད་མེད་པ་གསུམ་གསུངས་པའི་དགོངས་པ་ལ་མི་མཁས་ཀྱང་མཁས་པར་རློམ་པ་འགའ་ཞིག་གིས་ཐམས་ཅད་རང་གི་ངོ་བོ་མེད་པ་ཉིད་དུ་བསྒྲགས་པ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཞེད་ལུགས་དང་མི་མཐུན་ཏེ། སྟོང་པར་གསུངས་པ་ཐམས་ཅད་རང་སྟོང་ཉིད་དུ་བསྒྲགས་པ་ཇི་ལྟ་བ་བཞིན་ནོ། །དེས་ན་འདིར་དོན་དམ་པའི་ངོ་བོ་ཉིད་མེད་པར་གསུངས་པས། ཆོས་ཉིད་ཡོངས་གྲུབ་རང་གི་ངོ་བོ་མེད་པར་མ་གྲུབ་སྟེ། དོན་དམ་པ་སྟོང་པ་ཉིད་གསུངས་པས། དོན་དམ་པ་རང་སྟོང་དུ་མི་འགྲུབ་པ་ཇི་ལྟ་བ་བཞིན་ནོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཞེད་ལུགས་ཀྱིས་ནི། ཀུན་བཏགས་རྣམ་པ་ཐམས་ཅད་དུ་རང་གི་མཚན་ཉིད་ཀྱིས་མེད་པའི་ཕྱིར་རང་གི་ངོ་བོ་མེད་པ་དང༌། གཞན་དབང་ཀུན་རྫོབ་ཏུ་གཞན་ལས་སྐྱེས་པའི་ངོ་བོར་ཡོད་ཀྱི་རང་ལས་སྐྱེས་པའི་ངོ་བོར་མེད་པ་དང༌། ཡོངས་གྲུབ་གཞན་ལས་ཀྱང་སྐྱེ་བ་མེད་པའི་ཕྱིར། མ་སྐྱེས་མ་འགགས་གཟོད་མ་ནས་ཞི་ཞིང༌། རང་བཞིན་གྱིས་མྱ་ངན་ལས་འདས་པའི་ཕྱིར་དོན་དམ་པ་ཡིན་པས། དོན་དམ་པར་རང་གི་ངོ་བོ་ཡོད་ཀྱང་ཀུན་རྫོབ་ཏུ་གཞན་དབང་གི་ངོ་བོར་ཡང་མེད་པ་སྟེ། དེ་ལྟ་བས་ན་སྔ་མ་གཉིས་རང་གི་ངོ་བོ་མེད་པ་དང༌། ཕྱི་མ་འདི་གཞན་གྱིས་ངོ་བོ་མེད་པ་ཡིན་པའི་ཕྱིར་ངོ་བོ་མེད་ལུགས་གསུམ་པོ་དེ་བསྡུ་ན། ངོ་བོ་མེད་ལུགས་གཉིས་སུ་ཡང་འདུ་སྟེ། བདེན་པ་གཉིས་ཀྱི་སྟོང་ལུགས་ཇི་ལྟ་བ་བཞིན་ནོ། །གལ་ཏེ་དོན་དམ་ཡོངས་གྲུབ་དེ་དོན་དམ་པར་རང་གི་ངོ་བོ་མེད་ན་དེ་དོན་དམ་བདེན་པའི་ངོ་བོར་མེད་པར་འགྱུར་ལ། དེ་འདོད་ན། དོན་དམ་ཆོས་སྐུ་འམ་ངོ་བོ་ཉིད་སྐུ་དེ་དོན་དམ་དུ་མེད་པར་འགྱུར་ཞིང༌། དེའང་འདོད་ན་ཀུན་རྫོབ་ཀྱི་ངོ་བོར་ཡོད་པ་གང་གིས་ཀྱང་དོན་དམ་ཆོས་སྐུ་དང༌། ངོ་བོ་ཉིད་སྐུའི་གོ་ཆོད་པ་གཏན་ནས་མི་སྲིད་པའི་ཕྱིར། སྐུ་དེ་གཉིས་བདེན་པ་གཉིས་ཀ་མི་སྲིད་པར་འགྱུར་རོ། །འདོད་ན་བདེན་པ་གཉིས་ཀ་གཞན་དུ་ཡང་མི་སྲིད་པའི་ཕྱིར། སྐུ་དེ་གཉིས་རི་བོང་གི་རྭ་དང་མོ་གཤམ་གྱི་བུ་ལྟར་ཤེས་བྱ་ལ་གཏན་ནས་མི་སྲིད་པར་འགྱུར་རོ། །དེ་ཡང་འདོད་ན། སྐུ་དེ་གཉིས་ལ་བརྟེན་པའི་གཟུགས་སྐུ་གཉིས་དང༌། དེས་གསུངས་པའི་ཆོས་དང༌། དེ་ཉམས་སུ་ལེན་པའི་དགེ་འདུན་ཡང་མི་སྲིད་པར་འགྱུར་བས། དཀོན་མཆོག་གསུམ་ག་ལ་སྐུར་བ་འདེབས་པའི་སྡིག་ལྟ་ཆེན་པོར་འགྱུར་ཞིང༌། ཧ་ཅང་ཐལ་བ་གཞན་ཡང་གྲངས་ལས་འདས་པ་གནམ་ལྕགས་ཀྱི་ཆར་ཆེན་བཞིན་དུ་འབབ་པར་འགྱུར་རོ། །དེའི་ཕྱིར་དོན་དམ་གྱི་སྐུ་ནི་དོན་དམ་གྱི་ངོ་བོར་གྲུབ་པའི་ཕྱིར་ངོ་བོ་ཉིད་ཀྱི་སྐུ་སྟེ། ཇི་སྐད་དུ། རང་དོན་གཞན་དོན་དོན་དམ་སྐུ་དང་ནི། །དེ་ལ་བརྟེན་པའི་ཀུན་རྫོབ་སྐུ་ཉིད་དེ། །བྲལ་དང་རྣམ་པར་སྨིན་པའི་འབྲས་བུ་ཡིས། །ཡོན་ཏན་དབྱེ་བ་དྲུག་ཅུ་བཞི་འདི་དག །བདག་ཉིད་ཀྱི་ནི་འབྱོར་པའི་གནས། །དམ་པའི་དོན་ཀྱི་སྐུ་ཡིན་ཏེ། །དྲང་སྲོང་རྣམས་ཀྱི་བརྡ་ཡི་སྐུ། །ཕ་རོལ་ཕུན་སུམ་ཚོགས་པའི་གནས། །དང་པོའི་སྐུ་ནི་སྟོབས་ལ་སོགས། །བྲལ་བའི་ཡོན་ཏན་རྣམས་དང་ལྡན། །གཉིས་པ་སྐྱེས་བུ་ཆེན་པོའི་མཚན། །རྣམ་སྨིན་ཡོན་ཏན་དག་དང་ལྡན། །ཞེས་པ་དང༌། སྐུ་གསུམ་དག་གི་སངས་རྒྱས་ཀྱི། །སྐུ་བསྡུས་པར་ནི་ཤེས་བྱ་སྟེ། །སྐུ་གསུམ་དག་གིས་རང་གཞན་གྱི། །དོན་འདི་རྟེན་དང་བཅས་པར་བསྟན། །ཞེས་པ་དང༌། དངོས་པོ་གཉིས་པོའི་རྟེན་ཡིན་ནོ། །ཞེས་པ་ལ་སོགས་པ་ཆོས་སྐུ་ངོ་བོ་ཉིད་ཀྱི་སྐུ་དོན་དམ་གྱི་སྐུ་ཡིན་པ་དང༌། རང་དོན་ཕུན་སུམ་ཚོགས་པའི་གནས་ཡིན་པ་དང༌། གཞན་དོན་མཛད་པའི་གཟུགས་སྐུ་རྣམ་པ་གཉིས་ཀྱི་རྟེན་ཡིན་པ་ལ་སོགས་པ་སྟོན་པའི་གསུང་རབ་ཤིན་ཏུ་མང་བར་གདའ་སྟེ། འདིར་མ་བྲིས་སོ། །

དེའི་ཕྱིར་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་གསུངས་པ་ལ་ངོ་བོ་ཉིད་མེད་ལུགས་དེ་ལྟར་གསུམ་མམ་གཉིས་སུ་ཤེས་པའི་མཁས་པ་རྣམས་ནི་ཡོངས་སུ་ཉམས་པར་མི་འགྱུར་བར་གསུངས་ཏེ། ཇི་སྐད་དུ། དགོངས་འགྲེལ་གྱི་མདོ་དེ་ཉིད་ལས། ཆོས་རྣམས་ངོ་བོ་ཉིད་མེད་ཆོས་རྣམས་མ་སྐྱེས་དང༌། །ཆོས་རྣམས་མ་འགགས་ཆོས་རྣམས་གཟོད་ནས་ཞི་བ་དང༌། །ཆོས་རྣམས་ཐམས་ཅད་རང་བཞིན་མྱ་ངན་འདས་པ་ནི། །དགོངས་པ་མེད་པར་མཁས་པ་སུ་ཞིག་སྨྲ་བར་བྱེད། །མཚན་ཉིད་ངོ་བོ་ཉིད་མེད་སྐྱེ་བ་ངོ་བོ་ཉིད་མེད་དང༌། །དོན་དམ་ངོ་བོ་ཉིད་མེད་དོ་ཞེས་ངས་བཤད་དོ། །མཁས་པ་གང་ཞིག་དགོངས་པ་དེ་ལྟར་ཤེས་པ་ནི། །ཡོངས་སུ་ཉམས་པར་འགྱུར་བའི་ལམ་དུ་དེ་མི་འགྲོ། །ཞེས་པ་དང༌། འཕགས་པ་ཐོགས་མེད་ཞབས་ཀྱི་ཞལ་སྔ་ནས་ཀྱང༌། ཤིན་ཏུ་རྒྱས་པ་ལས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་དོ། །ཞེས་གསུངས་པ་དེ་ལ་དགོངས་པ་གང་ཡིན་ཞེ་ན། བདག་ཉིད་ལས་མི་འབྱུང་བ་དང༌། རང་གི་བདག་ཉིད་དུ་མེད་པ་དང༌། རང་གི་ངོ་བོ་ལ་མི་གནས་པ་དང༌། བྱིས་པས་བཟུང་བ་བཞིན་དུ་མཚན་ཉིད་མེད་པའི་ཕྱིར་རོ། །ཡང་ཀུན་ཏུ་བཏགས་པའི་ངོ་བོ་ཉིད་ལ་མཚན་ཉིད་ངོ་བོ་ཉིད་མེད་པ་དང༌། གཞན་གྱི་དབང་ལ་སྐྱེ་བ་ངོ་བོ་ཉིད་མེད་པ་དང༌། ཡོངས་སུ་གྲུབ་པ་ལ་དོན་དམ་པ་ངོ་བོ་ཉིད་མེད་པའི་ཕྱིར། ཞེས་གསུངས་ཤིང༌། རྒྱལ་བ་བྱམས་མགོན་གྱི་ཞལ་སྔ་ནས་ཀྱང༌། འདི་དག་དང་མཐུན་པར། ངོ་བོ་ཉིད་མེད་པ་ལ་མེད་ལུགས་གསུམ་དང༌། དེ་ཡང་བསྡུ་ན་ངོ་བོ་ཉིད་མེད་ལུགས་གཉིས་སུ་གསུངས་ཏེ། རང་གི་ངོ་བོ་མེད་པ་ཀུན་རྫོབ་དང༌། གཞན་གྱི་ངོ་བོ་མེད་པ་དོན་དམ་མོ། །དེ་ཡང་སྔར་བསྟན་པའི་ཀུན་རྫོབ་རང་སྟོང་དང༌། དོན་དམ་གཞན་སྟོང་གི་དོན་ཡིན་ལ། ངོ་བོ་མེད་ལུགས་དེ་ལྟར་ཤེས་ན་ཡོད་མེད་ཀྱི་མཐར་མི་ལྟུང་བས་དབུ་མའི་ལམ་ལས་ཉམས་པར་མི་འགྱུར་གྱི། འགའ་ཞིག་གི་འདོད་པ་ལྟར་ཐམས་ཅད་རང་གི་ངོ་བོ་མེད་པ་ཉིད་དུ་ཁ་ཚོན་གཅོད་ན་མེད་པའི་མཐར་ལྟུང་བའི་ཕྱིར། དབུ་མའི་ལམ་ལས་ཉམས་པར་གསུངས་སོ། །དེ་བས་ན་ཀུན་གཞིས་སྦྱང་གཞི་ལ་ཁྱབ་ཀྱང་སྦྱང་གཞིས་ཀུན་གཞི་རྣམ་བྱང་གི་གཞིར་གྱུར་པའི་ཆ་ལ་མ་ཁྱབ་བོ། །ཞེས་པའང་གསུངས་རབ་དང་མི་མཐུན་ཏེ། སྦྱང་གཞི་དང་ཀུན་གཞི་ཡེ་ཤེས་ཆོས་ཀྱི་དབྱིངས་དོན་གཅིག་ཏུ་རྟོགས་པར་བྱེད་པས་གདམ་ངག་ཟབ་མོ་དང་བྲལ་བའི་སྐྱོན་དུ་ཟད་དོ། །གཞན་ཡང་ངེད་ཀྱིས་སྦྱང་གཞི་དང་སྦྱང་བྱའི་དཔེ་དོན་མང་པོ་བཀོད་པ་རྣམས་ལ་འགལ་འདུས་མང་དུ་འདུག་གསུང་བ་གདའ་སྟེ། དཔེ་དོན་གྱི་འདྲ་བའི་ཆོས་སྦྱོར་ཚུལ་མ་མཁྱེན་པ་ལགས་མཆི། དེ་ལྟ་མ་ཡིན་ན་མདོ་དང་བསྟན་བཅོས་རྣམ་དག་མང་པོ་ནས་གློ་བུར་དྲི་མ་དང༌། བདེ་གཤེགས་སྙིང་པོའི་དཔེ་དོན་མང་པོ་གསུངས་གདའ་བ་དེ་རྣམས་ལ་ཡང་ནང་འགལ་མང་པོ་བདོག་གམ་ཅི། ངེད་ཀྱིས་ནི་མདོ་དང་བསྟན་བཅོས་ཀྱི་དོན་ཇི་ལྟ་བ་བཞིན་བཀོད་པ་ལགས་ཏེ། དེ་ཡང་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་དང༌། རྒྱུད་བླ་མ་ལ་སོགས་པ་སྔར་སྨོས་པ་དེ་རྣམས་གཟིགས་ན་གསལ་ལོ། །

གཞན་ཡང༌། ཁྱེད་ཀྱི་གསུང་ཡིག་ན། སྦྱང་བྱ་སྦྱོང་བྱེད་མུན་པ་དང་སྣང་བ་ལྟར་ཡིན་པས་སྦྱངས་འབྲས་ཐོབ་པ་དེ་ལྡོག་པའི་ངོས་ནས་ཡིན་གྱི། རང་བཞིན་ནམ་ངོ་བོའམ་ཆ་ནས་མ་ཡིན་ཏེ། ངོ་བོའམ་རང་བཞིན་ལ་སྣང་མུན་གཉིས་མ་གྲུབ། ལྡོག་པ་ཐ་དད་པ་མེད་པར་འདོད་མཁན་ནི་མི་བདོག །ཅེས་པ་ལ་སོགས་པ་བཀོད་གདའ་བ་འདི་ལ་ཡང་རྣམ་པར་ཕྱེ་སྟེ་ལན་གདབ་པར་བྱའོ། །དེ་ལ་སྣང་མུན་གཉིས་དང་སྦྱང་བྱ་སྦྱོང་བྱེད་གཉིས་ལ་ངོ་བོ་མ་གྲུབ་ཅེས་པ་དེ་དོན་དམ་དུ་ངོ་བོ་མ་གྲུབ་པ་ཡིན་ནམ། ཀུན་རྫོབ་ཏུ་ངོ་བོ་མ་གྲུབ་པ་ཡིན། བརྟག་གྲངས་དང་པོ་ལྟར་ན། སྣང་མུན་དང་སྦྱང་བྱ་སྦྱོང་བྱེད་ཐམས་ཅད་དོན་དམ་དུ་ནམ་མཁའི་མེ་ཏོག་ལྟར་གཏན་ནས་མ་གྲུབ་པའི་ཕྱིར། དེ་དག་ལ་ལྡོག་པ་ཐ་དད་པས་ཀྱང་གྲུབ་པ་མེད་དོ། །གཉིས་པ་ལྟར་ན། སྣང་མུན་དང་སྦྱང་བྱ་སྦྱོང་བྱེད་དེ་དག་ཀུན་རྫོབ་ཀྱི་བདེན་པ་མ་ཡིན་པར་ཧ་ཅང་ཐལ་བར་འགྱུར་ཏེ། ཀུན་རྫོབ་ཙམ་དུ་ཡང་ངོ་བོ་གཏན་ནས་མ་གྲུབ་པའི་ཕྱིར་རོ། །རྟགས་འདི་ཁས་བླངས་སོ། །འདོད་པར་མི་ནུས་ཏེ། མིའི་རང་བཞིན་ཚ་བ་དང༌། བུ་རམ་གྱི་རང་བཞིན་མངར་བ་ལ་སོགས་པ་ཀུན་རྫོབ་ཀྱི་བདེན་པ་ལ་དོན་དམ་གྱི་རང་བཞིན་མ་གྲུབ་ཀྱང༌། ཀུན་རྫོབ་ཀྱི་རང་བཞིན་གྲུབ་པར་གསུངས་པའི་ལུང་དང་རིགས་པ་རྣམ་དག་ཤིན་ཏུ་མང་བར་ཡོད་པའི་ཕྱིར་རོ། །དེས་ན་འདི་ནི་རང་བཞིན་ནམ་ངོ་བོ་ཞེས་པ་དེ་ལ་བདེན་པ་གཉིས་ཀྱི་སྒོ་ནས་གཉིས་སུ་འབྱེད་ཚུལ་མ་མཁྱེན་པའི་སྐྱོན་ཏེ། འདི་འདྲ་ལ་དགོངས་ནས། གང་དག་བདེན་པ་འདི་གཉིས་ཀྱི། །རྣམ་དབྱེ་རྣམ་པར་མི་ཤེས་པ། །དེ་དག་སངས་རྒྱས་བསྟན་པ་ལ། །ཟབ་མོ་དེ་ཉིད་རྣམས་མི་ཤེས། །ཞེས་པ་ལ་སོགས་པ་དང༌། བདེན་གཉིས་རྣམ་དབྱེ་ཤེས་པ་དག །ཐུབ་པའི་བཀའ་ལ་མི་རྨོངས་ཏེ། །དེ་དག་མ་ལུས་ཚོགས་བསགས་ནས། །ཕུན་ཚོགས་ཕ་རོལ་འགྲོ་བ་ཉིད། །ཅེས་པ་ལ་སོགས་པ་གསུངས་སོ། །གཞན་ཡང་ཀུན་རྫོབ་ཏུ་ངོ་བོ་ཐ་དད་མེད་པའི་ལྡོག་པ་ཐ་དད་ཙམ་གྱིས་ནི་སྦྱང་བྱ་སྦྱོང་བྱེད་གཉིས་ཀྱི་གོ་མི་ཆོད་དོ། །

ཡང་ཁྱེད་ཀྱི་བཞེད་པ་ཡི་གེར་བཀོད་པ་ན། ལར་ཡང་རླུང་སེམས་འགྱུ་བའི་རྒྱུན་འགགས་པའི་ཚེ་མི་རྟོག་པ་འོང་མོད། ཡེ་ཤེས་ག་ལ་འཆར། གལ་ཏེ་དུས་དེར་ཡེ་ཤེས་འཆར་བ་ཡིན་ན། གཉིད་དང་འཆི་བའི་འོད་གསལ་མ་ཤར་བའི་སྔོན། སྣང་བ་ནུབ་པའི་དུས་དེར་རླུང་སེམས་འགགས་པ་ཡིན་པས། ཞེས་པ་དང༌། རླུང་སེམས་འགྱུ་བའི་རྒྱུན་མ་འགགས་པར་ཡེ་ཤེས་སྐྱེ་ཞེས་པ་ལ་སོགས་པ་བཀོད་པ་གདའ་བ་འདི་ཡང་སྐྱེས་བུའི་བརྗོད་པར་འདོད་པའི་དམ་བཅའ་ཙམ་དུ་འགྱུར་གྱི། སྒྲུབ་བྱེད་ཀྱི་ལུང་དང་རིགས་པ་ནི་འགའ་ཡང་མེད་དོ། །རྒྱུད་དང་འགྲེལ་པ་རྣམ་དག་རྣམས་ནས་ནི། མི་རྟོག་ཡེ་ཤེས་སྐྱེ་བ་ལ་རླུང་སེམས་ཀྱི་འགྱུ་བ་འགགས་དགོས་པ་དང༌། རླུང་སེམས་ཀྱི་འགྱུ་བ་མ་འགགས་ན་མི་རྟོག་ཡེ་ཤེས་མི་སྐྱེ་བར་གསུངས་ཏེ། ཇི་སྐད་དུ། དཔལ་རྡོ་རྗེའི་ཕྲེང་བའི་རྒྱུད་དུ་གསུངས་པ། རྡོ་རྗེ་བཟླས་པར་རབ་སྦྱོར་བས། །རླུང་གི་མཚན་ཉིད་ཤེས་ནས་ནི། །རྣམ་རྟོག་རླུང་རྣམས་རྣམ་པར་གཅོད། །སེམས་ལ་དམིགས་པ་ཐོབ་པར་འགྱུར། །ཞེས་པ་དང༌། ཕྱག་རྒྱ་ཆེན་པོ་དངོས་གྲུབ་ཆེ། །ཟུང་དུ་འཇུག་པའི་ཏིང་འཛིན་གྱིས། །རྣམ་རྟོག་མེད་པར་ཞུགས་ན་ནི། །ཐོབ་པ་འདི་ལ་ཐེ་ཚོམ་མེད། །ཅེས་པ་དང༌། དཔལ་གསང་བ་འདུས་པར་ཡང༌། རླུང་ནི་ཐམས་ཅད་འགོགས་པ་ཡང༌། །ཡང་དག་རིག་པ་དག་གིས་བཤད། །ཅེས་པ་དང༌། ཡང་དེ་ཉིད་དུ། རྣམ་པར་རྟོག་པའི་རླུང་གཉིས་ནི། །དེ་ནས་རྣམ་པར་བཅད་ནས་འགྲོ། །རྣམ་རྟོག་མེད་པའི་རླུང་ཆེན་པོ། །སྐུ་གསུང་རྡོ་རྗེས་བཅད་ནས་ནི། །རྣམ་རྟོག་མེད་པའི་བདེ་བ་སྟེར། །སྔགས་ཀྱི་དེ་ཉིད་ཀྱིས་ནི་ཐོབ། །ཅེས་གསུངས་སོ། །དེ་བཞིན་དུ། དཔལ་ས་ར་ཧའི་ཞབས་ཀྱིས་ཀྱང་གསུངས་པ། རྣམ་རྟོག་ཉམས་པས་བློ་ཉམས་ཞེས། །བློ་ངན་རྗེས་སུ་རྟོག་བྱེད་ལོ། །འདི་ཉིད་ལས་ནི་བློ་བཟང་ལ། །ནམ་མཁའ་ལས་ལྷག་ཅི་ཡང་འབྱུང༌། །སྔོན་མེད་དཔྱིད་བྱུང་ནམ་མཁའི་མེ་ཏོག་འབྲས། །ལག་པས་འཐོག་རེག་བྱར་མེད་ས་བ་རི། །མིག་མི་འཛུམ་དང་ལྟ་དང་མི་བསམ་པ། །རླུང་འགོག་པ་ནི་བླ་མ་དམ་པའི་གསུངས། །ཞེས་གསུངས་ཤིང༌། འཕགས་པ་རྡོ་རྗེ་སྙིང་པོའི་ཞལ་སྔ་ནས་ཀྱང༌། སྲོག་དང་ཐུར་སེལ་འགོག་པ་ ཡིས། །འདོད་པའི་འདོད་ཆགས་བྲལ་བ་ཉིད། །གཉིས་ཀ་བསྲེགས་ན་སྔགས་པ་རྣམས། །སངས་རྒྱས་ཉིད་དུ་འགྱུར་བ་སྟེ། །སྲོག་དང་ཐུར་སེལ་ཟད་པ་ཡིས། །ཡན་ལག་བཅུ་གཉིས་ཟད་པར་འགྱུར། །རྒྱུ་དང་འབྲས་བུ་འགགས་པ་ཡིས། །སངས་རྒྱས་ཉིད་དུ་གང་མི་འགྱུར། །ཞེས་སོགས་རྒྱ་ཆེར་གསུངས་པ་དང༌། དཔལ་དྲི་མ་དང་བྲལ་བའི་འོད་དུ་ཡང༌། རླུང་དུས་སྦྱོར་བཅུ་གཉིས་རིམ་གྱིས་འགགས་པ་ལས། རྣམ་པར་མི་རྟོག་པའི་ཡེ་ཤེས་ས་བཅུ་གཉིས་པོ་རྣམས་རིམ་གྱིས་ཐོབ་པར་གསུངས་ཏེ། ཇི་སྐད་དུ། ཤེས་རབ་ཀྱི་བྱ་བ་ལས་བྱུང་བ་མི་འགྱུར་བའི་བདེ་བ་ཆེན་པོའི་སྐད་ཅིག་རྣམས་ཀྱིས་དེ་བཞིན་གཤེགས་པའི་ས་འདི་རྣམས་འཐོབ་སྟེ། མི་འཕོ་བའི་སྐད་ཅིག་བརྒྱ་ཕྲག་བཅོ་བརྒྱད་ཐོབ་པས་ས་དང་པོ་འཐོབ་བོ། །གྲངས་འདི་ས་བཅུ་གཉིས་ཀྱི་མཐར་ཐུག་པར་རོ། །མི་འགྱུར་བའི་སྐད་གཅིག་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྣམས་ཀྱིས་ས་བཅུ་གཉིས་ཐོབ་སྟེ། ཡན་ལག་བཅུ་གཉིས་འགགས་པའི་ཕྱིར་སྲིད་པར་འདོད་དོ། །དུས་སྦྱོར་བཅུ་གཉིས་འགགས་པས་ཟླ་བ་བཅུ་གཉིས་འགོག་གོ །ཟླ་བ་བཅུ་གཉིས་འགགས་པས་ཉིན་ཞག་སུམ་བརྒྱ་དྲུག་བཅུ་འགག་གོ །ཉིན་ཞག་སུམ་བརྒྱ་དྲུག་བཅུ་འགགས་པས་ཆུ་ཚོད་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྣམས་འགགས་ཏེ། དེ་ལྟར་ཕྱི་རོལ་ལ་ཇི་ལྟ་བ་བཞིན་དུ། ལུས་ལ་ཆུ་ཚོད་ཀྱི་གྲངས་ཀྱིས་དབུགས་རྣམས་འགག་གོ །དབུགས་འགགས་པས་ལུས་འགགས་ཏེ། བྱང་ཆུབ་ཀྱི་སེམས་འགྱུར་བ་མེད་པའི་སྐད་ཅིག་རྣམས་ཀྱིས་སོ། །ཞེས་པ་དང༌། དེ་བཞིན་དུ། འཁོར་ལོ་སྡོམ་པ་ཆེན་པོའི་རྣལ་འབྱོར་མ་རྣམས་གནས་ལ་སོགས་པའི་མིང་ཅན་བདེན་དོན་རྣམ་པ་བཅུ་གཉིས་སུ་སྟོན་པའི་སྐབས་སུ། གཞུ་འགགས་པས་རྒ་ཤི་འགགས་པའི་ཕྱིར། ཞེས་པ་ནས། ཆུ་སྲིན་འགགས་པས་མ་རིག་པ་འགགས་པའི་ཕྱིར། ཞེས་པའི་མཐར་ཐུག་པས་རླུང་དུས་སྦྱོར་བཅུ་གཉིས་འགགས་པས་རྟེན་འབྲེལ་ཡན་ལག་བཅུ་གཉིས་འགགས་པའི་གཞི་དོན་དམ་པའི་ས་བཅུ་གཉིས་རྒྱས་པར་བསྟན་ནས། ཡང་གསུངས་པ། ཡན་ལག་བཅུ་གཉིས་འགགས་པ་ཡིས། །དུས་སྦྱོར་རྣམས་ནི་མི་འབབ་ཕྱིར། །ས་རྣམས་བཅུ་གཉིས་ཞེས་གྲགས་པ། །དོན་དམ་པར་ནི་གནས་ལ་སོགས། །ཞེས་པ་དང༌། གཞུ་ལ་སོགས་པ་ལུགས་བཟློག་གིས། །རྒ་ཤི་ལ་སོགས་དེ་དག་རྣམས། །སྒྲིབ་པ་མེད་པའི་ཆོས་ཀྱིས་ནི། །དག་པའི་ཆོས་ཀྱི་རབ་དབྱེ་ལས། །མཁའ་འགྲོ་མ་རྣམས་ལུས་ཀྱི་ཁམས། །རྣམ་པ་བདུན་ཅུ་གཉིས་རབ་གསུངས། །ཞེས་པ་ལ་སོགས་པ་དང༌། རྩ་རྒྱུད་འབུམ་ལྔར་ཡང༌། རླུང་སེམས་འགགས་པས་གློ་བུར་བའི་ཕུང་པོ་ཁམས་སོགས་འགག་ཚུལ་རབ་ཏུ་རྒྱས་པར་གསུངས་ཏེ། དེ་དག་ནི་བརྟག་པ་གཉིས་པའི་འགྲེལ་པ་འཕགས་པ་རྡོ་རྗེ་སྙིང་པོས་མཛད་པ་དང༌། རྗེ་ནཱ་རོ་པཎ་ཆེན་གྱིས་མཛད་པ་གཉིས་ན་རབ་ཏུ་གསལ་བར་བཞུགས་པས་དེ་དག་ཏུ་བལྟ་བར་བྱའོ། །གཞན་ཡང་མི་རྟོག་ཡེ་ཤེས་འཆར་བ་ལ་རླུང་སེམས་འགྱུ་བའི་རྒྱུན་འགག་དགོས་པར་གསུངས་པའི་ལུང་དུ་མ་ཡོད་མོད་ཀྱང་འདིར་ཡི་གེར་མང་དུ་དོགས་པའི་ཕྱིར་མ་བྲིས་སོ། །

ལུང་དེ་དག་གི་བཤད་པ་ནི། གསལ་བར་སྟོན་པ་སྐབས་སུ་མ་བབ་པས་རེ་ཞིག་བཞག་གོ །གལ་ཏེ་དེ་ལྟར་ན། གཉིད་དང་འཆི་བའི་འོད་གསལ་མ་ཤར་བའི་སྔོན། སྣང་བ་ནུབ་པའི་དུས་དེར་མི་རྟོག་ཡེ་ཤེས་འཆར་བ་ཧ་ཅང་ཐལ་ལོ་སྙམ་ན། འདི་ཤིན་ཏུ་ཡང་མ་བརྟགས་པར་སྨྲ་བ་ཁོ་ན་སྟེ། གཉིད་ལོག་པའི་སྐྱེས་བུ་རླུང་མ་འགགས་པ་ཚད་མས་གྲུབ་པའི་ཕྱིར། ཚད་མ་དང་འགལ་བའི་ཉེས་པ་ཆེན་པོར་འགྱུར་ཞིང༌། སེམས་འགགས་པ་ཡིན་ན་ཀུན་གཞི་རྣམ་ཤེས་ཀྱང་འགགས་པ་ཡིན་པར་ཧ་ཅང་ཐལ་ལོ། །དེ་བཞིན་དུ། འཆི་བའི་སྐྱེས་བུ་ལ་ཡང་ཧ་ཅང་ཐལ་བ་མཚུངས་སོ། །གཞན་ཡང་འཆི་ཁའི་སྐྱེས་བུ་དེའི་རྣམ་པར་ཤེས་པ་སྲོག་དང་ལྷན་ཅིག་པས་སྲིད་པ་གཞན་དུ་ཉིང་མཚམས་སྦྱོར་བ་མི་སྲིད་པར་འགྱུར་ཏེ། རླུང་སེམས་འགྱུ་བའི་རྒྱུན་འགགས་པའི་ཕྱིར་རོ། །འདོད་པར་མི་ནུས་ཏེ། དཔལ་ལྡན་དྲི་མ་མེད་པའི་འོད་དུ། རྣམ་པར་ཤེས་པ་སྲོག་གི་རླུང་དང་ལྷན་ཅིག་འགྲོ་བ་དྲུག་པོ་གཞན་དུ་འཕེན་པར་བྱེད་དོ། །ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་པ་དང་འགལ་བའི་ཕྱིར་རོ། །དེ་བཞིན་དུ། ནོར་ལས་རྒྱལ་བའི་རླུང་གིས་ཤི་བའི་ལུས་ཀྱང་རེ་ཞིག་མི་གཏོང་བར་གསུངས་པ་དང་ཡང་འགལ་ལོ། །ལེགས་པར་བརྟགས་ན་འཆི་བའི་འོད་གསལ་མ་ཤར་བའི་སྔོན། སྣང་བ་ནུབ་པའི་དུས་ཞེས་པ་དེ་ལྟ་བུ་ཉིད་ཀྱང་མ་གྲུབ་སྟེ། སྣང་བ་ནུབ་པའི་དུས་དང་འཆི་བའི་འོད་གསལ་འཆར་བ་ཡང་མཉམ་དུ་འབྱུང་བར་གསུངས་པའི་ཕྱིར་རོ། །གཞན་ཡང་སྒྲིབ་པའི་རྩ་བ་ཡང་རླུང་སེམས་འགྱུ་བའི་བག་ཆགས་ཡིན་པར་གསུངས་པའི་ཕྱིར། རླུང་སེམས་འགྱུ་བའི་ཆ་ཅི་ཙམ་འགགས་པ་ལྟར། སྒྲིབ་པའི་ཆ་ཡང་དེ་ཙམ་ཞིག་སྤངས་པ་ཡིན་ལ། སྒྲིབ་པའི་ཆ་ཅི་ཙམ་སྤངས་པ་དེ་ཙམ་གྱིས་མི་རྟོག་ཡེ་ཤེས་ཀྱང་འཆར་བ་ཡིན་ཏེ། སྤངས་པ་དང་རྟོགས་པ་གྲུབ་སྟེ་གཅིག་པར་གསུངས་པའི་ཕྱིར། ཡང་ཡེ་ཤེས་སྐྱེ་བའི་ཉེར་བསྡོགས་སུ་རླུང་སེམས་འགྱུ་བའི་རྒྱུན་འགགས་པ་ཡིན་ལ། རླུང་སེམས་འགྱུ་བའི་རྒྱུན་མ་འགགས་པར་ཡེ་ཤེས་སྐྱེའོ། །ཞེས་པ་འདི་ཡང་ཤིན་ཏུ་འགལ་ཏེ། ཉེར་བསྡོགས་ནི་རྒྱུའི་བྱེ་བྲག་ཡིན་ལ། རྒྱུ་མ་ཚོགས་པའི་འབྲས་བུ་འབྱུང་མི་སྲིད་དོ། །ཡང་ཁྱེད་ཀྱི་བཞེད་པ་སྦྱང་གཞི་སྦྱངས་པས་དག་པའི་ཚེ་ཟད་པར་མི་འགྱུར་ན། གཞི་དེ་ལས་སླར་ཡང་སྦྱང་བྱ་སྐྱེ་ཞིང་འཕེལ་བར་འགྱུར་བས་ན། སྦྱངས་འབྲས་ཆོས་སྐུ་ཐོབ་པའི་དུས་མི་ཡང་སྟེ། མཐའ་མེད་པར་འགྱུར་རོ། །ཞེས་པ་འདི་ཡང་གསུང་རབ་ཀྱི་དགོངས་པ་ལས་ཕྱི་རོལ་ཏུ་གྱུར་པ་ཡིན་ནོ། །གསུང་རབ་ཀྱི་དགོངས་པ་ལྟར་ན་ནི་སྦྱང་བྱའི་དྲི་མ་ཐམས་ཅད་དག་ནས་མེད་པར་སོང་ཡང༌། སྦྱང་གཞི་བདེ་བ་ཆེན་པོའི་དབྱིངས་ཟད་པར་མི་འགྱུར་ཏེ། ཇི་སྐད་དུ། ཀུན་ཏུ་རྟོག་པ་ཐམས་ཅད་སྤངས། །རྣམ་པར་མི་རྟོག་དབྱིངས་མི་ཟད། །ཆོས་དབྱིངས་དམ་པ་ཟད་མི་ཤེས། །ཞེས་པ་དང༌། རྣམ་པར་ཤེས་པའི་ཆོས་ལས་འདས། །གཉིས་མེད་ཡེ་ཤེས་ཚུལ་འཆང་བ། །ཞེས་པ་ལ་སོགས་པ་དང༌། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོར་ཡང༌། མར་མེ་ཟད་ནས་མེད་པར་སོང་ཡང་དེའི་སྣོད་མེད་པར་ཡང་མ་སོང་བ་དང༌། ལྗོན་ཤིང་རྙིང་པ་ན་ཤུན་པ་ཐམས་ཅད་མེད་པར་སོང་ཡང༌། ཤིང་གི་སྙིང་པོ་མེད་པར་མ་སོང་བ་དང༌། ལྕགས་མེར་འབར་བ་ལས་གྲང་པར་གྱུར་པ་ན་ཚ་བ་མེད་པར་སོང་ཡང་ལྕགས་ཉིད་མེད་པར་མ་སོང་བ་ལ་སོགས་པ་དཔེ་མང་པོ་དང་བཅས་ཏེ་སངས་རྒྱས་ཐོབ་པ་ན། གློ་བུར་དྲི་མ་ཐམས་ཅད་མེད་པར་སོང་ཡང་རང་བཞིན་འོད་གསལ་ཆོས་ཀྱི་སྐུ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་གཙང་བདག་བདེ་དང་རྟག་པའི་མཐར་ཐུག་པ་དེ་ཉིད་མེད་པར་མ་སོང་ཞིང་ནམ་ཡང་མེད་པར་མི་འགྱུར་རོ། །ཞེས་པའི་དོན་འདི་ཡང་དང་ཡང་དུ་བཀའ་སྩལ་ཏེ། རྒྱས་པར་མདོ་དེ་ཉིད་གཟིགས་འཚལ་ཞིང༌། བདག་གིས་ཀྱང་ཉུང་ཤས་ཙམ་ཉེ་བར་བསྡུས་པ་ལོགས་ཤིག་ན་ཡང་བདོག་གོ །སྦྱང་བྱའི་དྲི་མ་ཟད་ཀྱང་སྦྱང་གཞིའི་ངོ་བོ་མི་ཟད་པ་ནི། རྩ་བའི་རྒྱུད་མཆོག་གི་དང་པོའི་སངས་རྒྱས་སྟོང་ཕྲག་བཅུ་གཉིས་པར་ཡང་ལེགས་པར་བཀའ་སྩལ་ཏེ། ཇི་སྐད་དུ། ཇི་ལྟར་ཟངས་ཀྱི་དྲི་མ་ནི། །རོ་ཡི་སྦྱོར་བས་ཉམས་པར་འགྱུར། །དེ་ཡི་ཡོད་ཉིད་ཉམས་པ་མེད། །དྲི་མེད་ཉིད་ཀྱིས་ཡང་དག་གནས། །དེ་བཞིན་སེམས་ཀྱི་དྲི་མ་ནི། །སྟོང་ཉིད་སྦྱོར་བས་རྣམས་ཉམས་འགྱུར། །དེ་ཡི་ཡེ་ཤེས་ཉིད་ཉམས་མེད། །དྲི་མེད་ཉིད་ཀྱིས་ཡང་དག་གནས། །ཞེས་པའོ། །དེ་ལྟར་དྲི་མ་ཐམས་ཅད་ཉམས་ཀྱང་ཡེ་ཤེས་ནི་ནམ་ཡང་མི་ཉམས་པ་གང་ཡིན་པའི་ཡེ་ཤེས་དེ་ནི་རང་བྱུང་གི་ཡེ་ཤེས་ཡིན་ལ། དེ་ནི་དོན་དམ་ཆོས་ཀྱི་དབྱིངས་དང་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་པའི་རང་བཞིན་གཅིག་ཡིན་པའི་ཕྱིར། དྲི་མ་ཐམས་ཅད་ཉམས་ཤིང་ལོག་ཀྱང༌། ཆོས་ཀྱི་དབྱིངས་ནི་ནམ་ཡང་ཉམས་པ་མི་སྲིད་དོ། །འདི་ལ་དགོངས་ནས། འཕགས་པ་ཀླུ་སྒྲུབ་ཞབས་ཀྱི་ཞལ་སྔ་ནས་ཀྱང༌། སྟོང་པ་ཉིད་ནི་སྟོན་པའི་མདོ། །རྒྱལ་བས་ཇི་སྙེད་གསུངས་པ་གང༌། །དེ་དག་ཀུན་གྱིས་ཉོན་མོངས་ལྡོག །ཁམས་དེ་ཉམས་པར་བྱེད་མ་ཡིན། །ཞེས་གསུངས་ཏེ། དྷཱ་དུ་ཞེས་པ་སྐབས་འདིར་དབྱིངས་སུ་བསྒྱུར་ན་ལེགས་པའི་རྒྱུ་མཚན་ཡོད་དོ། །གསེར་འོད་དམ་པ་ལས་ཀྱང༌། ཇི་ལྟར་གསེར་བཟང་པོ་བཞུ་ཞིང་བཏུལ་ཏེ་སྦྱངས་པ་ལ་རྡུལ་དང་དྲི་མས་ཕྱིར་མི་གོས་ཤིང་རང་བཞིན་རྣམ་པར་དག་པའི་གསེར་ཉིད་དུ་སྣང་སྟེ། གསེར་གྱི་དངོས་པོ་རྣམ་པར་དག་པ་ཡང་མེད་པར་འགྱུར་བ་མ་ཡིན་པ་བཞིན་དང༌། དཔེར་ན་ཆུ་རྙོག་མ་ཅན་དྭངས་ཏེ། རྣམ་པར་དག་ནས་ཆུའི་རང་བཞིན་གསལ་བར་གྱུར་པ་ཡིན་གྱི། ཆུ་དེ་ཉིད་མེད་པར་གྱུར་པ་ཡང་མ་ཡིན་ནོ། །དེ་བཞིན་དུ། ཆོས་ཀྱི་སྐུ་ཡང་ཉོན་མོངས་པ་དང་སྡུག་བསྔལ་སྣ་ཚོགས་འདུས་པ་སྤངས་ནས། བག་ཆགས་མ་ལུས་པར་སྤངས་ཏེ་སངས་རྒྱས་ཀྱི་ངོ་བོ་རྣམ་པར་དག་པ་ཉིད་སྣང་བར་འགྱུར་བ་ཡིན་གྱི། དངོས་པོ་མེད་པར་གྱུར་པ་ཉིད་ནི་མ་ཡིན་ནོ། །ཡང༌། དཔེར་ན་ནམ་མཁའ་ལ་དུ་བ་དང་སྤྲིན་དང༌། རྡུལ་དང་ན་བུན་གྱིས་བསྒྲིབས་པ་དེ་མེད་པར་གྱུར་པ་ན། ནམ་མཁའི་ཁམས་དེ་རྣམ་པར་དག་པར་གྱུར་པ་ཡིན་གྱི། ནམ་མཁའ་དེ་ཉིད་མེད་པར་གྱུར་པ་ནི་མ་ཡིན་ནོ། །དེ་བཞིན་དུ། ཆོས་ཀྱི་སྐུ་ཉོན་མོངས་པ་ཐམས་ཅད་ཟད་པའི་ཕྱིར། རྣམ་པར་དག་ཞེས་བྱ་བའི་སྐུ་ཉིད་མེད་པར་གྱུར་པ་ནི་མ་ཡིན་ནོ། །ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་ཤིང༌། མྱ་ངན་ལས་འདས་པ་ཆེན་པོར་ཡང༌། རིགས་ཀྱི་བུ། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཆོས་རྣམ་པ་གཉིས་མངའ་སྟེ། ཀུན་རྫོབ་དང་དོན་དམ་པའོ། །ཀུན་རྫོབ་ཀྱི་ཆོས་ནི་འགོག་གོ ། དོན་དམ་པའི་ཆོས་ནི་མི་འཇིག་མི་འགོག་གོ །ཞེས་པ་དང༌། འཕགས་པ་ཀླུ་སྒྲུབ་ཀྱིས་ཆོས་ཀྱི་དབྱིངས་ཀྱི་བསྟོད་པར་ཡང༌། ཇི་ལྟར་མེ་ཡིས་དག་པའི་གོས། །སྣ་ཚོགས་དྲི་མས་དྲི་མ་ཅན། །མེ་ནང་བཅུག་ན་དྲི་མ་འཚིག །གོས་ཉིད་མིན་པ་ཇི་ལྟ་བར། །དེ་བཞིན་འོད་གསལ་བ་ཡི་སེམས། །ཆགས་སྐྱེས་དྲི་མས་དྲི་མ་ཅན། །ཡེ་ཤེས་མེ་ཡིས་དྲི་མ་བསྲེག །དེ་ཡིས་འོད་གསལ་བསྲེག་མ་ཡིན། །ཞེས་གསུངས་ཤིང༌། དེ་དང་མཐུན་པར། རྒྱལ་བ་བྱམས་པའྀ་ཞལ་སྔ་ནས་ཀྱང་གསུངས་པ་མང་དུ་ཡོད་དོ། །དྲི་མ་མེད་པའི་ས་བོན་སྤངས་ན་སླར་སྐྱེ་ཞིང་ལྡོག་པ་ཡང་མི་སྲིད་དེ། ཇི་སྐད་དུ། བདག་ལྟའི་ས་བོན་སྤངས་པའི་ཕྱིར། །སླར་མི་ལྡོག་པ་ཉིད་ཡིན་ནོ། །ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ། །སྦྱངས་འབྲས་ཇི་ལྟར་ཐོབ་པ་ནི། གློ་བུར་དྲི་མ་ཐམས་ཅད་འགགས་ནས། རང་བཞིན་འོད་གསལ་བདེ་བ་ཆེན་པོ་གདོད་ནས་བཞུགས་པ་དེ་ཐོབ་པའོ། །དེ་ཡང་རྒྱལ་བ་བྱམས་པའི་ཞལ་སྔ་ནས། ཆུ་ལ་སོགས་པའི་དག་ཚུལ་དཔེར་མཛད་ནས་གསུངས་པ། ཇི་ལྟར་ཆུ་རྙོག་པ་ལ་དྭངས་པ་ན། །དྭངས་པ་ཉིད་དེ་དེ་ལ་སྐྱེས་མིན་གྱི། །དེ་ནི་དེ་ལ་དྲི་མ་བྲལ་བར་ཟད། །དེ་བཞིན་རང་སེམས་དག་ལ་ཚུལ་དེ་ཉིད། །ཅེས་པ་དང༌། རང་བཞིན་འོད་གསལ་ཞེས་བརྗོད་གང་ཡིན་ཉིད་དང་མཁའ་བཞིན་གློ་བུར་གྱི། །ཉོན་མོངས་ཤེས་བྱའི་སྤྲིན་ཚོགས་སྟུག་པོའི་སྒྲིབ་པ་ཡིས་ནི་བསྒྲིབས་གྱུར་པ། །དྲི་མེད་སངས་རྒྱས་ཡོན་ཏན་ཀུན་ལྡན་རྟག་བརྟན་གཡུང་དྲུང་སངས་རྒྱས་ཉིད། །དེ་ནི་ཆོས་ལ་མི་རྟོག་རྣམ་འབྱེད་ཡེ་ཤེས་དག་ལས་རྟེན་ནས་འཐོབ། །ཅེས་པ་ལ་སོགས་པ་དང༌། འཕགས་པ་ཀླུ་སྒྲུབ་ཞབས་ཀྱི་ཞལ་སྔ་ནས་ཀྱང༌། ཉོན་མོངས་པ་དང་མི་ཤེས་པའི་བདག་ཉིད་འདི་དག་རྟོག་པ་ཐམས་ཅད་དོར་ནས་མི་རྟོག་པའི་ཡེ་ཤེས་ལེན་པར་གསུངས་པ། ཇི་ལྟར་འོ་མ་དང་འདྲེས་ཆུ། །སྣོད་གཅིག་ལ་ནི་གནས་པ་ལས། །ངང་པས་འོ་མ་འཐུང་བྱེད་ཅིང༌། །ཆུ་ནི་འཐུང་བ་མ་ཡིན་ལྟར། །དེ་བཞིན་རང་གི་ཉོན་མོངས་དང༌། །ཡེ་ཤེས་ལུས་འདིར་གཅིག་གནས་ཀྱང༌། །རྣལ་འབྱོར་པ་ཡིས་ཡེ་ཤེས་ལེན། །མི་ཤེས་པ་ནི་འདོར་བར་བྱེད། །ཅེས་པ་དང༌། དྲི་མ་ཐམས་ཅད་ཟད་པས་སངས་རྒྱས་ཐོབ་པར་གསུངས་པ། ཆུ་ཤིང་སྙིང་པོ་མེད་དོ་ཞེས། །འཇིག་རྟེན་ན་ནི་དཔེར་བྱས་ཀྱང༌། །དེ་ཡི་འབྲས་བུ་སྙིང་པོ་ཉིད། །མངར་པོ་ཟ་བར་བྱེད་པ་ལྟར། །སྙིང་པོ་མེད་པའི་འཁོར་བ་ལས། །ཉོན་མོངས་གཟེབ་དང་བྲལ་གྱུར་ན། །དེ་ཡི་འབྲས་བུ་སངས་རྒྱས་ཉིད། །ལུས་ཅན་ཀུན་གྱི་བདུད་རྩིར་འགྱུར། །ཞེས་དང༌། བཅོམ་ལྡན་འདས་འཇིག་རྟེན་མགོན་པོ་སྤྱན་རས་གཟིགས་ཀྱི་ཞལ་སྔ་ནས་ཀྱང༌། འཁོར་བ་སྙིང་པོ་མེད་དེ་ཟད་གྱུར་པ། །དེ་ལས་སྐྱེས་བུའི་སངས་རྒྱས་ཉིད་འབྲས་ཏེ། །ཆུ་ཤིང་གི་ནི་འབྲས་བུ་སྨིན་པ་དག །ཆུ་ཤིང་ཉམས་པས་ཡང་དག་འབྱུང་བ་བཞིན། །ཞེས་གསུངས་པའི་ཕྱིར། འཁོར་བ་མ་ཟད་པར་སངས་རྒྱས་ཐོབ་པར་མི་སྲིད་ལ། དེ་མ་ཟད་པས་རང་བྱུང་ཡེ་ཤེས་ཐོབ་པ་ཡང་མི་སྲིད་དེ། མཆོག་གི་དང་པོའི་སངས་རྒྱས་ཀྱི་རྒྱུད་ལས། ཇི་ལྟར་ཟླ་ཤར་རིམ་པ་ཡིས། །ཆ་རྣམས་ཀྱིས་ནི་རྫོགས་པར་འགྱུར། །གྲིབ་མ་ཉམས་པ་རྫོགས་པ་སྟེ། །ཟླ་བ་ཆད་དང་རྫོགས་པ་མིན། །དེ་བཞིན་ཡེ་ཤེས་ཤར་རིམ་པས། །ས་རྣམས་ཀྱིས་ནི་རྫོགས་པར་འགྱུར། །ཉོན་མོངས་ལ་སོགས་ཉམས་པས་རྫོགས། །ཡེ་ཤེས་ཆད་དང་རྫོགས་པ་མིན། །ཞེས་གསུངས་སོ། །འདིའི་དོན་ནི་དྲི་མས་བསྒྲིབས་པ་དང་མ་བསྒྲིབས་པ་ལ་ཟླ་བ་ཉམས་པ་དང་རྫོགས་པ་ཞེས་བརྗོད་ཀྱང༌། དོན་ལ་ཟླ་བའི་དཀྱིལ་འཁོར་ཉིད་བྲི་བ་དང་འཕེལ་བ་མེད་པར་གནས་པ་ལྟར་གཉེན་པོ་ཡེ་ཤེས་ཀྱིས་གློ་བུར་དྲི་མ་མ་བཅོམ་པ་དང་བཅོམ་པ་དག་ལ་སངས་རྒྱས་ཡེ་ཤེས་ཀྱི་སྐུ་ཆད་པ་དང་རྫོགས་པ་ལྟ་བུར་མི་མཁས་པ་འགའ་ཞིག་གིས་བརྟགས་ཀྱང༌། དོན་ལ་ཡེ་ཤེས་དེ་ནམ་ཡང་ཆད་པ་དང་འཕེལ་བ་མེད་པ། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དུ་རྟག་ཏུ་བཞུགས་ཞེས་བྱའོ། །དེ་ལྟ་བས་ན་སྦྱངས་འབྲས་ཇི་ལྟར་ཐོབ་པའི་ཚུལ་ནི་ནམ་མཁའ་རང་བཞིན་གྱིས་དག་པ་ལ་སྤྲིན་ལ་སོགས་པས་ཀྱང་དག་པ་ལྟར། དོན་དམ་བྱང་སེམས་རང་བཞིན་གྱིས་དག་པ་གློ་བུར་དྲི་མས་ཀྱང་དག་པ་ཐོབ་ན་སྦྱངས་འབྲས་ཐོབ་པ་ཞེས་བྱ་སྟེ། དེ་ལྟ་བས་ན་སྦྱངས་འབྲས་ཐོབ་པའོ། །འདི་ནི་གནས་ཡོངས་སུ་གྱུར་པ་ཡང་ཡིན་ནོ། །དེ་ལ་མཐར་ཐུག་གི་གནས་སྐབས་འདིར་གནས་གྱུར་གྱི་དོན་ནི་མི་མཁས་པ་འགའ་ཞིག་གིས་བརྟགས་པ་ལྟར་ངོ་བོ་འགྱུར་བ་མ་ཡིན་གྱི། དེ་བཞིན་ཉིད་ཀྱི་ངོ་བོ་ལ་འགྱུར་བ་མེད་ཀྱང༌། སྔར་གློ་བུར་དྲི་མ་དང་བཅས་པ་ལས། ཕྱིས་དྲི་མ་དེ་གཏན་ནས་མེད་པར་གྱུར་པ་ན། གློ་བུར་དྲི་མ་མི་སྣང་ཞིང༌། དེ་བཞིན་ཉིད་འབའ་ཞིག་སྣང་བ་གང་ཡིན་པ་དེ་ནི་གནས་གྱུར་གྱི་ངོ་བོ་ཡིན་ཏེ། ཇི་སྐད་དུ། རྒྱལ་བ་བྱམས་པའི་ཞལ་སྔ་ནས། གནས་གྱུར་གྱི་ངོ་བོ་བསྟན་པའི་སྐབས་སུ། དེ་ལ་ངོ་བོར་འཇུག་པ་ནི། །གློ་བུར་བ་ཡི་དྲི་མ་དང༌། །དེ་བཞིན་ཉིད་མི་སྣང་བ་དང༌། །སྣང་བའི་དོན་དུ་དེ་བཞིད་ཉིད། །དྲི་མ་མེད་པ་གང་ཡིན་པའོ། །ཞེས་པ་དང༌། མཐར་ཐུག་གི་སངས་རྒྱས་ངོས་འཛིན་པའི་སྐབས་སུ། སྔ་མ་ཕྱི་མར་ཁྱད་མེད་ཀྱང༌། །སྒྲིབ་པ་ཀུན་གྱི་དྲི་མེད་པ། །དེ་བཞིན་ཉིད་ནི་སངས་རྒྱས་འདོད། །དག་པ་མ་ཡིན་མ་དག་མིན། །ཞེས་གསུངས་ཏེ། སྔར་དྲི་བཅས་དེ་བཞིན་ཉིད་ཀྱི་གནས་སྐབས་སུ་དྲི་མ་སྣང་གི །དེ་བཞིན་ཉིད་མི་སྣང་བ་དང༌། ཕྱིས་དྲི་བྲལ་དེ་བཞིན་ཉིད་ཀྱིས་གནས་སྐབས་ན་དེ་བཞིན་ཉིད་སྣང་གི །དྲི་མ་མི་སྣང་བ་དེ་ལ་དེ་བཞིན་ཉིད་ཀྱི་ངོ་བོར་འགྱུར་བ་མེད་ཅིང་ཁྱད་པར་མེད་ཀྱང༌། དྲི་བཅས་དྲི་བྲལ་དུ་གནས་གྱུར་པའི་དེ་བཞིན་ཉིད་ནི་སངས་རྒྱས་ཐོབ་པ་ཡིན་པར་བཞེད་ལ། དེ་ཡང་རང་བཞིན་སྔར་བས་དག་པར་བྱས་པ་མ་ཡིན་ཞིང་དྲི་མ་གློ་བུར་བས་དག་པར་མ་བྱས་པ་ཡང་མ་ཡིན་ནོ་ཞེས་པའི་དོན་ཏོ། །རྒྱུད་བླ་མའི་འགྲེལ་པར་ཡང༌། དྲི་མ་མེད་པའི་དེ་བཞིན་ཉིད་གང་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཟག་པ་མེད་པའི་དབྱིངས་ལ་དྲི་མའི་རྣམ་པ་ཐམས་ཅད་དང་བྲལ་བའི་ཕྱིར། གནས་ཡོངས་སུ་གྱུར་པར་རྣམ་པར་བཞག་པ་གང་ཡིན་པའོ། །ཞེས་གསུངས་ཤིང༌། དབུས་མཐའ་རྣམ་འབྱེད་རྩ་འགྲེལ་དུ་ཡང༌། ངོ་བོ་མི་འགྱུར་བའི་གནས་གྱུར་གསུངས་པ། །ཀུན་ནས་ཉོན་མོངས་རྣམ་པར་དག །དེ་ནི་དྲི་བཅས་དྲི་མ་མེད། །གང་གི་ཚེ་དྲི་མ་དང་བཅས་པར་གྱུར་པ་དེའི་ཚེ་ཀུན་ནས་ཉོན་མོངས་པའོ། །གང་གི་ཚེ་དྲི་མ་སྤངས་པ་དེའི་ཚེ་རྣམ་པར་དག་པའོ། །གལ་ཏེ་དྲི་མ་དང་བཅས་པར་གྱུར་ལ། དྲི་མ་མེད་པར་ཡང་འགྱུར་ན། འགྱུར་བའི་ཆོས་ཅན་ཡིན་པས། ཇི་ལྟར་མི་རྟག་པར་མི་འགྱུར་ཞེ་ན། དེ་ནི་འདི་ལྟར། ཆུ་ཁམས་གསེར་དང་ནམ་མཁའ་རྣམས། །དག་པ་བཞིན་དུ་དག་པར་འདོད། །ཅེས་པ་གློ་བུར་གྱི་དྲི་མ་དང་བྲལ་བ་ལ་བྱ་ཡི། དེའི་ངོ་བོ་ཉིད་གཞན་དུ་གྱུར་པ་ནི་མ་ཡིན་ནོ། །ཞེས་པའོ། །དེ་བཞིན་དུ། ཉིད་ཅག་གིས་མདོ་སྡེ་རྒྱན་དྲངས་ནས། ངོ་བོ་ཉིད་གསུམ་ལ་གནས་གྱུར་གསུམ་དུ་མཛད་ཅིང༌། དཔེ་གསུམ་དང་སོ་སོར་སྦྱོར་བ་འདི་ཡང་སྐུ་དབང་ནི་ཆེ། གཞུང་དེ་རྩ་འགྲེལ་གཉིས་ཀའི་དགོངས་པ་ནི་དེ་ལྟར་མ་ཡིན་ནོ། །ཇི་ལྟར་མ་ཡིན་ཞེ་ན། གསུམ་པོ་དེ་ལ་སྦྱང་བར་བྱ་བའི་གཞི་རང་བཞིན་རྣམ་དག་གཅིག་ལས་མེད་པར་གསུངས་པ། རྟག་ཏུ་གཉིས་བྲལ་འཁྲུལ་བའི་རྟེན་གང་ཡིན་དང་གང་ཞིག་རྣམ་ཀུན་ཏུ། །བརྗོད་པར་ནུས་མ་ཡིན་ཞིང་སྤྲོས་པ་མེད་པའི་བདག་ཉིད་དེ་ཁོ་ན། །ཤེས་བྱ་སྤང་བྱ་རང་བཞིན་དྲི་མེད་འདོད་གང་རྣམ་པར་སྦྱང་བྱ་སྟེ། །འདི་ནི་ནམ་མཁའ་གསེར་དང་ཆུ་ལྟར་ཉོན་མོངས་པ་ལས་རྣམ་དག་འདོད། །ཅེས་པའོ། །དེ་ལ་རྟག་ཏུ་གཉིས་བྲལ་ཞེས་པ་ཀུན་བཏགས་ཏེ་དེ་ནི་ཤེས་པར་བྱ་བའོ། །འཁྲུལ་པའི་རྟེན་གང་ཡིན་ཞེས་པ་གཞན་དབང་སྟེ། དེ་ནི་སྦང་བར་བྱ་བའོ། །གང་ཞིག་རྣམ་ཀུན་བརྗོད་པར་ནུས་མ་ཡིན་ཞིང་སྤྲོས་པ་མེད་པའི་བདག་ཉིད་དེ་ཁོ་ན་རང་བཞིན་དྲི་མེད་འདོད་གང་ཞེས་པ་ཡོངས་གྲུབ་ནི། རྣམ་པར་སྦྱང་བ་སྟེ་དེ་ནི་ནམ་མཁའ་གསེར་དང་ཆུ་ལྟར་དང་ཞིང་རྣམ་པར་དག་པ་གནས་གྱུར་ན་གློ་བུར་ཉོན་མོངས་པ་ལས་རྣམ་དག་འདོད། ཅེས་པ་དག་པ་གཉིས་ལྡན་དུ་གྱུར་པའི་དོན་ཏོ། །དེས་ན་གསུམ་པོ་འདི་དག་ལ་སྦྱང་བར་བྱ་བའི་གཞི་རང་བཞིན་རྣམ་དག་གཅིག་ལས་མེད་པའི་ཕྱིར། དྲི་བྲལ་དུ་གནས་གྱུར་པའི་སྦྱངས་འབྲས་རང་བཞིན་རྣམ་དག་ཀྱང་གཅིག་ལས་མེད་དེ། བྲལ་འབྲས་གཅིག་ལས་མེད་པའི་ཕྱིར། གལ་ཏེ་འདི་དག་ལ་མཐར་ཐུག་དག་པ་གཉིས་ལྡན་གྱི་གནས་གྱུར་གསུམ་ཡོད་ན་ངོ་བོ་ཉིད་གསུམ་ག་རྣམ་པར་སྦྱང་བྱ་རང་བཞིན་དྲི་མེད་ཡིན་པར་འགྱུར་རོ། །རྟགས་ནི་དོན་གྱི་ཁས་བླངས་སོ། །དེ་འདོད་པར་མི་ནུས་ཏེ། ངོ་བོ་ཉིད་གསུམ་ལ་རིམ་པ་ལྟར། ཤེས་བྱ་སྤང་བྱ་རྣམ་པར་སྦྱང་བྱ་ཞེས་སོ་སོར་སྦྱར་ནས་གསུངས་པའི་ཕྱིར་དང༌། རང་བཞིན་དྲི་མེད་འདོད་གང་རྣམ་པར་སྦྱང་བྱ་སྟེ། ཞེས་ཡོངས་གྲུབ་ཁོ་ན་དམིགས་ཀྱིས་བཀར་ནས་སྦྱང་བྱ་རང་བཞིན་རྣམ་དག་ཏུ་གསུངས་པའི་ཡང་ཕྱིར་རོ། །དེས་གཞུང་རྩ་བ་དང་མི་མཐུན་ནོ། །འགྲེལ་པ་དང་ཡང་མི་མཐུན་ཏེ། ཀུན་བཏགས་ལ་སོགས་པ་ངོ་བོ་ཉིད་གསུམ་ངོས་བཟུང་བའི་མཐར་གསུངས་པ། དང་པོ་ཡོངས་སུ་ཤེས་པར་བྱ་བ་ཡིན་ནོ། །གཉིས་པ་ནི་སྤང་བར་བྱ་བ་ཡིན་ནོ། །གསུམ་པ་ནི་གློ་བུར་དྲི་མ་ལས་རྣམ་པར་སྦྱང་བར་བྱ་བའི་དོན་དོ། །རང་བཞིན་གྱིས་རྣམ་པར་དག་གོ །ཞེས་སོ། །དེ་ལྟ་བས་ན་རྩ་འགྲེལ་གཉིས་ཀར་ཡང་ཀུན་བཏགས་གཞན་དབང་ནི་སྦྱང་བྱར་རང་བཞིན་རྣམ་དག་ཏུ་གསུངས་པ་མེད་དོ། །སྦྱང་བྱ་རང་བཞིན་རྣམ་དག་མེད་ན། སྦྱངས་འབྲས་རང་བཞིན་རྣམ་དག་མེད་པའི་ཕྱིར། ཀུན་བཏགས་གཞན་དབང་གནས་གྱུར་པའི་རང་བཞིན་རྣམ་དག་མི་སྲིད་དོ། །རང་བཞིན་ཅིར་ཡང་མ་གྲུབ་པའི་རང་སྟོང་ཙམ་གྱིས་ནི་རང་བཞིན་རྣམ་དག་གི་གོ་མི་ཆོད་དེ། གལ་ཏེ་ཆོད་ན་རྣམ་པར་མ་དག་པའི་ཆོས་རྣམས་ཀྱང་རང་བཞིན་རྣམ་དག་ཡིན་པར་ཧ་ཅང་ཐལ་བའི་ཕྱིར་རོ། །གལ་ཏེ་སྟོང་ཉིད་མིན་པའི་ཆོས་འགའ་ཙམ་ཡང་མི་སྲིད་པའི་ཕྱིར། རྣམ་པར་མ་དག་པའི་ཆོས་འགའ་ཡང་མི་སྲིད་དོ་ཞེ་ན་མ་ཡིན་ཏེ། དཔལ་ཀྱེའི་རྡོ་རྗེའི་རྒྱུད་དུ། ཀྱེ་བཅོམ་ལྡན་འདས་རྣམ་པར་མ་དག་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་ལ་སོགས་པའོ། །དེ་ཅིའི་སླད་དུ་ཞེ་ན། གཟུང་བ་དང༌། འཛིན་པའི་དངོས་པོའི་ཕྱིར་རོ། །ཞེས་པ་རྒྱས་བཤད་དང་བཅས་པ་གཟུང་འཛིན་གྱི་དངོས་པོ་ཐམས་ཅད་མ་དག་པའི་ཆོས་སུ་གསུངས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཡུམ་ལས་རྣམ་དག་ལེའུར་གསུངས་པའི་དགོངས་པ་ཐུན་མོང་མ་ཡིན་པ་ ཡང༌། ཉིད་ཅག་གི་བཞེད་པ་དེ་ལས་གཞན་པ་ཞིག་ཡོད་དེ། དེའི་ཤེས་བྱེད་ལུང་སྔར་ཡང་ནཱ་རོ་འགྲེལ་ཆེན་དང༌། དཔལ་མཆོག་དང་པོའི་གཞུང་ཅུང་ཟད་དྲངས་ཤིང༌། ད་དུང་ཡང་འདྲེན་དགོས་ན། ལུང་རྣམ་དག་མང་བ་ལས་ཀྱང་ཆེས་མང་བར་ཡོད་ལ། ལུང་དེ་དག་གི་དགོངས་པ་ཇི་ལྟ་བ་བཞིན་རྟོགས་པ་ལ་དོན་དམ་གཞན་སྟོང་ཆེན་པོའི་གནས་ལུགས་ལེགས་པར་རྟོགས་དགོས་སོ། །གཞན་ཡང་ནམ་མཁའ་དང་གསེར་དང་ཆུ་རྣམས་གནས་གྱུར་གསུམ་གྱི་དཔེར་སྦྱོར་བ་ལ་ ཡང༌། རྩ་འགྲེལ་གཉིས་ཀ་དང་མི་མཐུན་ཏེ། རྩ་བར་དེ་ནི་ཞེས་པ་བཤད་མ་ཐག་པའི་སྦྱང་བྱ་རང་བཞིན་དྲི་མེད་ངོས་འཛིན་པ་སྟེ། ཤེས་བྱ་དང་སྤང་བྱ་དག་ལས་བཀར་ནས་གསུམ་པ་སྦྱང་བྱ་གང་ཡིན་པ་དེའི་དམིགས་འཛིན་པའི་དོན་ཏོ། །དེ་ལྟར་སྦྱང་བྱ་རང་བཞིན་དྲི་མེད་དེ་ནི་གློ་བུར་དྲི་མས་དག་པའི་གནས་གྱུར་ཚུལ་དཔེ་གསུམ་དང་མཚུངས་ཏེ། ནམ་མཁའ་ལ་སོགས་པ་སོ་སོ་རེ་རེ་ཡང་དོན་གཅིག་པོ་དེའི་དཔེར་རུང་ཞེས་དགོངས་ནས། ནམ་མཁའ་གསེར་དང་ཆུ་ལྟར་ཞེས་གསུམ་ག་གནས་གྱུར་གཅིག་པོ་ཉིད་ཀྱི་དཔེར་གསུངས་པའི་ཕྱིར་དང༌། འགྲེལ་པར་ཡང་རང་བཞིན་གྱིས་རྣམ་པར་དག་པ་དེ་ནི་ནམ་མཁའ་དང་གསེར་དང་ཆུ་ལྟ་བུར་ཉོན་མོངས་པ་ལས་རྣམ་པར་དག་པ་ཡིན་ཏེ། ནམ་མཁའ་ལ་སོགས་པ་ནི་རང་བཞིན་གྱིས་མ་དག་པ་ཡང་མ་ཡིན་ལ། དེ་དག་གློ་བུར་གྱི་དྲི་མ་དང་བྲལ་བའི་སྒོ་ནས་རྣམ་པར་དག་པར་མི་འདོད་པ་ཡང་མ་ཡིན་ནོ། །ཞེས་རང་བཞིན་རྣམ་དག་དྲི་བྲལ་དུ་གནས་གྱུར་པའི་དཔེར་ནམ་མཁའ་དང་གསེར་དང་ཆུ་རྣམས་གསུངས་ཀྱི། ཀུན་བཏགས་གཞན་དབང་གནས་གྱུར་པའི་དཔེར་དེ་རྣམས་མ་གསུངས་པའི་ཕྱིར་རོ། །དེ་བཞིན་དུ། སྤྱིར་སྦྱང་གཞི་ཀུན་གཞི་རྣམ་ཤེས་བྱེ་བྲག་ཏུ་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པ་དང༌། རྩ་དང་རླུང་དང་ཐིག་ལེ་ལ་སོགས་པའི་རྣམ་གྲངས་རྣམས་རྣམ་པར་ཤེས་པ་དང་བཅས་པ་ཐམས་ཅད་སྦྱང་གཞི་ཡིན་ཞེས་པ་འདི་ལ་ཡང༌། ཉེར་ལེན་གྱི་ཕུང་པོ་ཁམས་སོགས་སྦྱང་གཞིར་འདོད་པ་ཐམས་ཅད་སེམས་ཅན་གྱི་རང་བཟོ་ཁོ་ནར་ཟད་ཀྱི། ཤེས་བྱེད་ཀྱི་ལུང་དང་རིགས་པ་རྣམ་དག་ནི་ཅུང་ཟད་ཙམ་ཡང་མེད་ཅིང་གནོད་བྱེད་ཀྱི་ལུང་དང་རིགས་པ་རྣམ་དག་ནི་ཤིན་ཏུ་མང་བར་བཞུགས་སོ། །

གཞན་ཡང་ཀུན་གཞི་རྣམ་ཤེས་སྤྱི་དང་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་བྱེ་བྲག་ཏུ་བཞེད་པ་འདི་ཡང༌། སྤྱི་དང་བྱེ་བྲག་གོ་ལོག་པ་ཡིན་ཏེ། ཀུན་གཞི་རྣམ་ཤེས་ནི་ཕུང་པོ་ལྔའི་ནང་ནས་རྣམ་ཤེས་ཀྱི་ཕུང་པོར་གཏོགས་ཤིང༌། ཁམས་བཅོ་བརྒྱད་དང་སྐྱེ་མཆེད་བཅུ་གཉིས་ཀྱི་ནང་ནས་ཡིད་ཀྱི་ཁམས་དང༌། ཡིད་ཀྱི་སྐྱེ་མཆེད་དུ་གཏོགས་ཀྱི། དེ་དག་ལས་གཞན་མ་ཡིན་པས་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་ནི་སྤྱི་དང༌། ཀུན་གཞི་རྣམ་ཤེས་ནི་དེ་རྣམས་ཀྱི་བྱེ་བྲག་ཡིན་པར་གསུངས་པའི་ཕྱིར་རོ། །དེས་ན་འདི་དག་གི་རྣམ་དབྱེ་ཡིན་པ་ནས་ལེགས་པར་མཁྱེན་པ་ལ་ཆོས་མངོན་པ་མཁྱེན་པ་ལ་ཆོས་མངོན་པ་མཁྱེན་འཚལ་བ་ལགས། གཞན་ཡང་སྦྱང་བྱའི་དྲི་མ་དག་ཀྱང༌། སྣོད་སྤྱད་བཀྲུས་པ་ལྟར་སྦྱང་གཞི་ཟད་པའམ་གནས་མ་གྱུར་པར་དྲི་མ་བཀྲུས་པའི་སྣོད་སྤྱད་ལྟར་སྦྱང་གཞི་དེ་བཞུགས་ས་གཅིག་ལགས་ན། སྦྱངས་འབྲས་ཇི་ལྟར་ཐོབ་པ་དང༌། སྦྱངས་འབྲས་དེ་བཞུགས་ས་གཅིག་ཐུགས་ལ་འདོགས་པར་ཞུ་ཞེས་གསུངས་པ་དེ་ལ་དྲི་མ་དག་ཀྱང་སྦྱང་གཞི་བཞུགས་པ་དང༌། སྦྱངས་འབྲས་ཇི་ལྟར་ཐོབ་པ་ནི་བསྟན་ཟིན་ལ། སྦྱངས་འབྲས་དེའི་བཞུགས་ས་ནི་འདི་ལྟར་ལགས་སོ། །དེ་ལ་སྦྱངས་འབྲས་མཐར་ཐུག་པ་ནི། དག་པ་གཉིས་ལྡན་གྱི་སངས་རྒྱས་ཡེ་ཤེས་ཀྱི་སྐུ་བདེ་བ་ཆེན་པོ་ཡིན་ལ། དེའི་བཞུགས་ས་ནི་བྷ་ག་དང་སེང་གེའི་ཁྲི་དང་གསང་བ་དང་པད་མ་དང་ཨེ་ཡིག་དང་ཆོས་འབྱུང་ལ་སོགས་པ་སྟེ། ཇི་སྐད་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བཙུན་མོའི་བྷ་ག་རྣམས་ལ་བཞུགས་སོ། །ཞེས་བཞུགས་ས་རྡོ་རྗེ་བཙུན་མོའི་བྷ་ག་ཡིན་པར། དཔལ་གསང་བ་འདུས་པ་དང༌། དཔལ་ཀྱེའི་རྡོ་རྗེ་དང༌། དཔལ་སྒྱུ་འཕྲུལ་དྲྭ་བ་ལ་སོགས་པ་རྒྱུད་སྡེ་རིན་པོ་ཆེ་དུ་མ་རྣམས་སུ་གསུངས་ལ། མཆོག་གི་དང་པོའི་སངས་རྒྱས་སྟོང་ཕྲག་བཅུ་གཉིས་པར། ཐམས་ཅད་མཁྱེན་པའི་ཡེ་ཤེས་སྐུ། །ཉི་མའི་སྐུ་ཡང་མི་ཟད་པ། །དཔལ་ལྡན་པད་འདབ་རྒྱས་པའི་སྤྱན། །སངས་རྒྱས་སེང་གེའི་ཁྲིར་བཞུགས་པ། །ཞེས་པ་དང༌། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་རྒྱལ་པོར་ཡང༌། ཐམས་ཅད་མཁྱེན་པའི་ཡེ་ཤེས་སྐུ་དང་ཉིན་མོར་བྱེད་པའི་སྐུ་སྟེ། པད་མ་འདབ་མ་རྒྱས་པའི་སྤྱན། །སངས་རྒྱས་སེང་གེའི་ཁྲི་ལ་བཞུགས། །ཞེས་གསུངས་ཤིང༌། རྒྱས་འགྲེལ་ཆེན་པོ་དྲི་མ་དང་བྲལ་བའི་འོད་དུ་ཡང༌། སངས་རྒྱས་སེང་གེའི་ཁྲིར་བཞུགས་རྡོ་རྗེའི་རྣལ་འབྱོར་རྣམ་པར་དག་པ་སྲིད་པ་གསུམ་གྱིས་མཆོད། །ཞེས་པ་དང༌། སྐུ་བཞིའི་བདག་ཉིད་སངས་རྒྱས་ནི། །རྡོ་རྗེ་སེང་གེའི་གདན་ལ་བཞུགས། །ཞེས་པ་དང༌། རྡོ་རྗེ་སེང་གེའི་ཁྲི་ལ་བཞུགས་ས་ནི་རྡོ་རྗེ་སེང་གེའི་ཁྲི་ཟླ་བ་དང་ཉི་མ་དང་དུས་མེའི་དཀྱིལ་འཁོར་དཔྱད་དུ་མེད་ཅིང་དབྱེར་མེད་པའམ། ཨེ་ཡིག་ནམ་མཁའི་ཁམས་ནི་རྡོ་རྗེ་སེང་གེའི་ཁྲིའོ། །དེ་ལ་བཞུགས་ས་ནི་རྡོ་རྗེ་སེང་གེའི་ཁྲི་ལ་བཞུགས་པ་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་བདག་ཉིད་ཝཾ་ཡིག་སྟེ། རྡོ་རྗེ་སེང་གེའི་ཁྲི་ལ་བཞུགས་པ་ཞེས་སྦྱངས་འབྲས་ཀྱི་བཞུགས་ས་རྡོ་རྗེ་སེང་གེའི་ཁྲིའམ་གདན་དང༌། ཨེ་ཡིག་དང༌། མཁའ་ཁམས་ཡིན་པར་གསུངས་ཤིང༌། དཔལ་བདེ་མཆོག་འཁོར་ལོའི་རྩ་བའི་རྒྱུད་མངོན་པར་བརྗོད་པ་འབུམ་པར་ཡང༌། ཕོ་ཉ་ཀུན་གྱི་གསང་བ་ལ། །སེམས་དཔའ་ཀུན་གྱི་བདག་ཉིད་གནས། །སེམས་དཔའ་ཕོ་ཉ་ཀུན་རང་བཞིན། །རྡོ་རྗེ་སེམས་དཔའ་བདེ་བ་ཆེ། །ཞེས་སྦྱངས་འབྲས་རྡོ་རྗེ་སེམས་དཔའ་བདེ་བ་ཆེན་པོ་བཞུགས་ས་ཕོ་ཉ་ཀུན་གྱི་གསང་བ་ཡིན་པར་གསུངས་ལ། རྣལ་འབྱོར་རྗེས་སུ་རིག་པའི་རྒྱུད་སུམ་ཁྲི་དྲུག་སྟོང་པར་ཡང༌། ལྷག་པའི་ལྷ་ནི་གཅིག་པུ་འདི། །རྡོ་རྗེ་མཁའ་འགྲོའི་པད་མར་གནས། །ལྷན་སྐྱེས་དགའ་བའི་གཟུགས་ཀྱིས་ནི། །སྲིད་གསུམ་བདག་ཉིད་དག་ལ་གནས། །ཞེས་སྦྱངས་འབྲས་ལྷག་པའི་ལྷ་གཅིག་པུ་ལྷན་སྐྱེས་དགའ་བའི་བཞུགས་ས་རྡོ་རྗེ་མཁའ་འགྲོའི་པད་མ་ཡིན་པར་གསུངས་སོ། །དེ་བཞིན་དུ། དུས་འཁོར་རྩ་བའི་རྒྱུད་ལས། ཝཾ་ཡིག་རྡོ་རྗེ་སེམས་དཔའི་བཞུགས་ས། ཨེ་ཡིག་མཁའ་ཁམས་ཡིན་པར་གསུངས་ཏེ། ཇི་སྐད་དུ། ཨེ་ཡིག་མཁའ་ཁམས་དབུས་སུ་ནི། །ཝཾ་ཡིག་རྡོ་རྗེ་སེམས་དཔའ་ཉིད། །སྐུ་གསུང་ཐུགས་ཀྱི་རྣལ་འབྱོར་པས། །ཐིག་ལེ་ཟླ་བ་ཁུ་བ་སྐུ། །རྣམ་པར་བཅད་པ་རྡུལ་ཉི་གསུང༌། །ཨ་ཡིག་མུན་ཅན་ཐུགས་རབ་བརྗོད། །མཁའ་ཁམས་ཨེ་ལ་རྣམ་པར་གནས། །ཞེས་སོ། །དེ་བཞིན་དུ། རྒྱུད་གཞན་དང་གཞན་རྣམས་སུ་ཡང༌། ཨེ་ཡིག་དབུས་སུ་ཝཾ་ཡིག་སྟེ། །ཞེས་པ་དང༌། ཨེ་ཡིག་ཆ་བྱད་བཟང་པོ་གང༌། །དབུས་སུ་ཝཾ་གིས་རྣམ་པར་བརྒྱན། །ཞེས་པ་ལ་སོགས་པ་མིང་ཚིག་ཡི་གེའི་རྣམ་པ་མང་པོའི་སྒོ་ནས་སྦྱངས་འབྲས་ཝཾ་ཡིག་བདེ་བ་ཆེན་པོའི་བཞུགས་ས་ཨེ་ཡིག་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ཡིན་པར་ཡང་དང་ཡང་དུ་གསུངས་ཏེ། འདི་འང་གཟུགས་སོགས་མཐའ་དག་རང་བཞིན་མ་གྲུབ་པའི་སྟོང་ཉིད་དེ་ཙམ་ནི་མིན་གྱི། དེ་ལས་ཆེས་ཁྱད་པར་དུ་འཕགས་པ་གསང་བ་ལས་ཆེས་མཆོག་ཏུ་གསང་བ་གཅིག་ཡིན་པར་གསུངས་སོ། །བཅོམ་ལྡན་འདས་རྗེ་བཙུན་སྤྱན་རས་གཟིགས་དབང་ཕྱུག་གི་ཞལ་སྔ་ནས་ཀྱང༌། སངས་རྒྱས་བདེ་བ་ཆེན་པོའི་གནས་སམ་བཞུགས་ས་ནི་ཆོས་འབྱུང་ཡིན་པར་གསུངས་ཏེ། ཇི་སྐད་དུ། ཆོས་འབྱུང་གི་སྒྲས་ཀྱང་དེ་བརྗོད་དེ། ཆོས་འབྱུང་གང་ལས་རང་བཞིན་མེད་པའི་ཆོས་ཐམས་ཅད་འབྱུང་བར་འགྱུར་བའོ། །རང་བཞིན་མེད་པའི་ཆོས་རྣམས་ནི་སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་རྣམས་སོ། །དེ་རྣམས་འབྱུང་བར་འགྱུར་བ་ནི་ཆོས་འབྱུང་སྟེ་སངས་རྒྱས་ཀྱི་ཞིང་ངོ༌། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གནས་ཏེ། བདེ་བའི་གནས་དང་སྐྱེ་བའི་གནས་སོ། །ཞེས་པ་དང༌། བདེ་བ་ཆེན་པོའི་གནས་ཞེས་པ་ནི། བདེ་བ་ཆེན་པོའི་གནས་ཆོས་ཀྱི་དབྱིངས་ནམ་མཁའི་མཚན་ཉིད་ཅན་དོག་པ་མེད་པའི་ཆོས་འབྱུང་འཇིག་རྟེན་གྱི་དཔེ་ལས་འདས་པ་ཀུན་ཏུ་བཟང་པོའི་བདེ་བ་ཆེན་པོའི་གནས་དང་སྐྱེ་བའི་གནས་སོ། །ཞེས་པ་ལ་སོགས་པ་རྒྱ་ཆེར་འབྱུང་ངོ༌། །

དོན་དམ་པའི་མཚན་ཡང་དག་པར་བརྗོད་པར་ཡང༌། ཡང་དག་མཐའ་ལ་རྣམ་པར་གནས། །ཞེས་པ་དང༌། དེ་བཞིན་དུ། རྩ་རྒྱུད་སྟོང་ཕྲག་བཅུ་གཉིས་པར། ཨེ་གསང་མཁའ་ཁམས་བྷ་ག་འམ།།ཆོས་འབྱུང་ཆུ་སྐྱེས་སེང་གེའི་ཁྲིར།།བཞུགས་པའི་རྡོ་རྗེ་ཅན་ཝཾ་དང༌། །རྡོ་རྗེ་ཅན་དང་རྡོ་རྗེ་སེམས། །རྡོ་རྗེ་འཇིགས་བྱེད་དབང་ཕྱུག་དང༌། །ཧེ་རུ་ཀ་དང་དུས་འཁོར་དང༌། །དང་པོའི་སངས་རྒྱས་ལ་སོགས་མཚན། །སྣ་ཚོགས་ཡུམ་གྱི་མིང་རྣམས་ཀྱིས། །རྒྱུད་གཞན་དག་ཏུ་བདག་གིས་བསྟན། །ཞེས་པ་ལ་སོགས་པས་བཞུགས་པའི་རྣམ་གྲངས་དུ་མ་དང༌། བཞུགས་པ་པོའི་རྣམ་གྲངས་དུ་མ་གསུངས་ཏེ། བླ་མ་དམ་པའི་མན་ངག་ཁྱད་པར་ཅན་ལས་རྟོགས་པར་བྱ་བ་ཁོ་ནའོ། །

གལ་ཏེ་བཞུགས་ས་བྷ་ག་ལ་སོགས་པ་དེ་རྣམས་ཉིད་གང་ལ་བཞུགས་ཞེ་ན། བརྟེན་པའི་ཚུལ་གྱིས་གང་ལ་ཡང་མི་གནས་པར་གསུངས་ཏེ། རྒྱལ་བ་བྱམས་པའི་ཞལ་སྔ་ནས། སེམས་ཀྱི་རང་བཞིན་ཆོས་རྣམས་ནི། །ཐམས་ཅད་ལ་ཡང་གནས་པ་མེད། །ཅེས་པ་ལ་སོགས་པ་དང༌། གསུང་རབ་གཞན་དང་གཞན་མང་པོར་ཡང༌། གང་ལ་ཡང་མི་བརྟེན་པ་དང༌། མི་གནས་པ་དང༌། གནས་པ་མེད་པ་དང༌། གོས་པ་མེད་པ་དང༌། མ་འདྲེས་པ་ལ་སོགས་པ་མིང་ཚིག་ཡི་གེའི་རྣམ་གྲངས་མང་པོའི་སྒོ་ནས་ནམ་མཁའ་ལྟར་གང་ལ་ཡང་མི་གནས་པར་གསུངས་སོ། །ཆོས་ཅན་ལ་ཆོས་ཉིད་ཁྱབ་པར་བཞུགས་པའི་བཞུགས་ཚུལ་གྱིས་ནི་ཆོས་ཐམས་ཅད་ལ་ཁྱབ་པར་བཞུགས་ཏེ། འདི་ལ་དགོངས་ནས། ང་ཡིས་འདི་ཀུན་ཁྱབ་པ་ སྟེ། །ཞེས་པ་དང༌། འཇུག་ཕྱིར་ཁྱབ་འཇུག་བརྗོད་པར་བྱ། །ཞེས་དང༌། གསུང་རབ་མང་པོར་ཡང༌། ཁྱབ་བདག་ཅེས་ཡང་ཡང་འབྱུང་བ་དང༌། ཇི་ལྟར་ནམ་མཁའ་རྟག་ཏུ་ཀུན་སོང་འདོད། །དེ་བཞིན་དེ་ཡང་རྟག་ཏུ་ཀུན་སོང་འདོད། །ཅེས་པ་ལ་སོགས་པ་དང༌། དཔལ་དུས་ཀྱི་འཁོར་ལོར་ཡང༌། མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཅན། །ཞེས་པ་དང༌། ཀྱེའི་རྡོ་རྗེ་ལ་སོགས་པར་ཡང༌། བརྟན་དང་གཡོ་ལ་ཁྱབ་ནས་གནས། །སྒྱུ་མའི་གཟུགས་ཅན་ཉིད་དུ་འདོད། །ཅེས་པ་ལ་སོགས་པ་བརྟན་གཡོ་ཐམས་ཅད་ལ་ཁྱབ་པར་གསུངས་ལ། གསང་བ་བསམ་གྱིས་མི་ཁྱབ་པ་བསྟན་པའི་མདོར་ཡང༌། ནམ་མཁའ་འདི་ནི་ཅི་ཙམ་པར། །སངས་རྒྱས་ཀྱི་ནི་ཚུལ་ཁྲིམས་དང༌། །ཏིང་ངེ་འཛིན་དང་རྣམ་གྲོལ་དང༌། །རྣམ་གྲོལ་ཡེ་ཤེས་མཐོང་དེ་ཙམ། །ནམ་མཁའི་ཚད་ནི་ཅི་ཙམ་པ། །སངས་རྒྱས་གཟུགས་ཀྱང་དེ་ཙམ་སྟེ། །འཇིག་རྟེན་མགོན་པོའི་དབུ་གཙུག་ཀྱང༌། །ནམ་མཁའི་ཁམས་དང་མཚུངས་པ་ལགས། །ནམ་མཁས་ཇི་སྙེད་ཁྱབ་གྱུར་པ། །སྐུས་ཀྱང་དེ་སྙེད་ཁྱབ་པ་ལགས། །སྐུ་ཡིས་ཇི་སྙེད་ཁྱབ་གྱུར་པ། །འོད་ཀྱིས་ཀྱང་ནི་དེ་སྙེད་ཁྱབ། །འོད་ཀྱིས་ཇི་སྙེད་ཁྱབ་གྱུར་པ། །གསུང་གིས་ཀྱང་ནི་དེ་སྙེད་ཁྱབ། །གསུང་གིས་ཇི་སྙེད་ཁྱབ་གྱུར་པ། །ཐུགས་ཀྱིས་ཀྱང་ནི་དེ་སྙེད་ཁྱབ། །ཐུགས་ཀྱིས་ཇི་སྙེད་ཁྱབ་གྱུར་པ། །བྱམས་པས་ཀྱང་ནི་དེ་སྙེད་ཁྱབ། །བྱམས་པས་ཇི་སྙེད་ཁྱབ་གྱུར་པ། །ཡེ་ཤེས་ཀྱིས་ནི་དེ་སྙེད་ཁྱབ། །ཡེ་ཤེས་ཇི་སྙེད་ཁྱབ་གྱུར་པ། །སྐུ་ཡིས་ཀྱང་ནི་དེ་སྙེད་ཁྱབ། །ཅེས་པ་ལ་སོགས་པ་གསུངས་ཤིང༌། མངོན་བརྗོད་བླ་མ་དང༌། བདེ་མཆོག་ཉུང་ངུའི་རྒྱུད་ལ་སོགས་པ་རྒྱུད་སྡེ་མང་པོར་ཡང༌། ཀུན་ནས་ཕྱག་དང་ཞབས་ལ་སོགས། །ཀུན་ནས་སྤྱན་དང་དབུ་དང་ཞལ། །ཀུན་ནས་ཐོས་ལྡན་འཇིག་རྟེན་དུ། །ཐམས་ཅད་ཁྱབ་པར་བྱས་ནས་བཞུགས། །ཞེས་པ་ལ་སོགས་པ་ཀུན་ཁྱབ་ཏུ་བཞུགས་པའི་ལུང་ཤིན་ཏུ་མང་བར་ཡོད་དོ། །འཕགས་པ་སོར་མོའི་ཕྲེང་བ་ལ་ཕན་པའི་མདོར། ཆོས་སྐུ་ལ་གཟུགས་སྐུ་གནས་པར་ཡང་གསུངས་ཏེ་ཇི་སྐད་དུ། མ་བྱས་ཡང་དག་མཐའ་ལ་ང་གནས་ཏེ། །ཞི་བ་མ་སྐྱེས་མཐའ་ལ་ང་གནས་ཏེ། །འདུས་མ་བྱས་པའི་མཐའ་ལ་ང་གནས་ཏེ། །ཞེས་པ་ལ་སོགས་པ་སྔར་བསྟན་ཟིན་པ་ཉིད་དེ། སྟོང་ཆེན་ལ་བདེ་ཆེན་བཞུགས་པར་ཡང་བཤད་དུ་རུང་ངོ༌། །ཡང་སྦྱོང་བྱེད་རྡོ་རྗེའི་རྣལ་འབྱོར་གྱི་དོན་ནི་ཁྱེད་ཀྱི་བཞེད་པ་ལ། གཟུགས་སོགས་གདོད་མ་ནས་རང་བཞིན་མེད་པ་ལ་དེ་ལྟར་རྟོགས་པ་དེ་ཡིན། དེ་ལ་ཡང་གཟུགས་སོགས་རང་བཞིན་མེད་པ་ལ་མེད་པར་ཤེས་པ་ཀུན་རྫོབ་རང་སྟོང་དུ་ཤེས་པ་དེ་འདྲ་རྣམས་གོ་བ་ཡིན་གྱི་རྟོགས་པ་མ་ཡིན་པས་དེས་སྦྱོང་བྱེད་རྡོ་རྗེའི་རྣལ་འབྱོར་གྱིས་གོ་མི་ཆོད། རྟོགས་པ་དེ་ནི་དེ་དང་མི་འདྲ་སྟེ་གཟུགས་སོགས་རང་བཞིན་མེད་པ་ལ་མེད་པར་རྟོགས་པ་དེ་རྒྱུད་ལ་སྐྱེས་པ་ལ་ཟེར། དེའི་ཚེ་ན་ཟད་པར་ཟིལ་གནོན་ལ་སོགས་པའི་ཡོན་ཏན་ཐོབ་པ་ཡིན་ལ། དེ་ལས་གཞན་པའི་སྤྱོང་བྱེད་རྡོ་རྗེའི་རྣལ་འབྱོར་མི་སྲིད། ཅེས་པ་གསལ་བར་གདའ། འདི་ཡང་ཅུང་ཟད་དཔྱད་པར་བྱ་སྟེ། ཅི་གཟུགས་སོགས་ཀུན་རྫོབ་རང་སྟོང་དུ་ཤེས་པ་དེ་གོ་བ་ཡིན་པའི་ཕྱིར་ན་རྟོགས་པ་མ་ཡིན་ནམ། དེ་ལྟར་རྒྱུད་ལ་མ་སྐྱེས་པའི་ཕྱིར་ན་རྟོགས་པ་མ་ཡིན། བརྟག་གྲངས་སྔ་མའོ་སྙམ་ན་དེ་ནི་རིགས་པ་མ་ཡིན་ཏེ། གོ་བ་དང་རྟོགས་པ་ནི་སྐད་གཅིག་ལ་འགྱུར་མི་འདྲ་བར་གྱུར་པ་ཙམ་ཡིན་གྱི། དོན་གཅིག་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ཡང་སྔར་བོད་འགའ་ཞིག་གིས་གོ་བ་དང་རྟོགས་པ་ནི་ཤན་འབྱེད་བྱས་པ་ལ། ཆོས་རྗེ་ས་སྐྱ་པཎྜི་ཏས་དགག་པ་མཛད་པ། ལ་ལ་ཉམས་དང་གོ་བ་དང༌། །རྟོགས་པ་ཞེས་བྱ་རྣམ་པ་གསུམ། །ཉམས་ནི་ངན་ལ་གོ་བ་འབྲིང༌། །རྟོགས་པ་བཟང་བ་ཡིན་ཞེས་ཟེར། །འདི་ཡང་རེ་ཞིག་བརྟག་པར་བྱ། །ཉམས་ཞེས་བྱ་བ་ཉམས་མྱོང་ལ། །ཟེར་ན་སེམས་ཡོད་ཐམས་ཅད་ལ། །མྱོང་བ་དེ་ཡང་ཡོད་པ་ཡིན། །གལ་ཏེ་བསྒོམས་པའི་ཉམས་མྱོང་ལ། །ཟེར་ན་ཚོགས་ལམ་ཆུང་ངུ་ནས། །མཐར་ཕྱིན་ལམ་གྱི་བར་དུ་ཡོད། །འོན་ཏེ་སོ་སོར་རང་རིག་པའི། །ཡེ་ཤེས་ཡིན་ན་འཕགས་པ་ཡི། །གང་ཟག་རྣམས་ལ་ཉམས་དེ་ཡོད། །གོ་བ་དང་ནི་རྟོགས་པ་གཉིས། །རྣམ་གྲངས་སྒྲ་ཡིས་ངོ་བོ་གཅིག། རྒྱ་སྐད་གཅིག་ལ་ལོ་ཙཱ་བའི། །འགྱུར་གྱི་དབྱེ་བ་ཁོ་ནར་ཟད། །ཅེས་སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བར་བཀོད་དེ། འགྱུར་གྱི་ཁྱད་པར་ཇི་ལྟར་ཞེ་ན། ཚད་མ་རྣམ་འགྲེལ་དུ། སྒྲུབ་བརྗོད་རྟོགས་པའི་དོན་གཅིག་ཉིད། །ཡིན་ཡང་རྨོངས་མེད་ཕྱྀར་མཚན་ཉིད། །ཅེས་པ་ལོ་ཙཱ་བ་འགའ་ཞིག་གིས་བསྒྱུར་བ་ལ། ཡང་ལོ་ཙཱ་བ་འགའ་ཞིག་གིས། བསྒྲུབ་བརྗོད་གོ་བའི་དོན་ཉིད་ནའང༌། །ཀུན་ཏུ་རྨོངས་མེད་ཕྱིར་མཚན་ཉིད། །ཞེས་པར་བསྒྱུར་བ། གོ་རྟོགས་ཀྱི་རྒྱ་སྐད་གཅིག་པར་མངོན་ཡང༌། གཞན་ལ་བསྟན་པ་བྱ་ཉིད་ཕྱིར། །ཞེས་ལོ་ཙཱ་བ་འགའ་ཞིག་གིས་བསྒྱུར་བ་ལ། ཡང་འགའ་ཞིག་གིས། གཞན་གྱི་རྟོགས་བྱ་ཉིད་ཀྱི་ཕྱིར། །ཞེས་པར་བསྒྱུར་ཡང༌། དེ་ལས་འགྱུར་བར་ཡང་དག་ཤེས། །ཞེས་པ་དེ་ཉིད་ལོ་ཙཱ་བ་འགའ་ཞིག་གིས། དེ་ལས་འགྱུར་བར་ཡང་དག་རྟོགས། །ཞེས་པར་ཡང་བསྒྱུར་བས་འདི་དག་གི་རྒྱ་སྐད་ཀྱང་གཅིག་པར་མངོན། གཞན་ཡང་གོ་བ་དང་ཤེས་པ་ལ་རྟོགས་པར་གསུངས་པ་ཤིན་ཏུ་མང་སྟེ། དངོས་ཡོད་རྟོགས་པ་ཚད་ཕྱིར་དང༌། །ཞེས་པ་དང༌། མངོན་སུམ་རྟོགས་པའི་དོན་ཅན་ཕྱིར། །ཞེས་པ་དང༌། དེ་ནི་རང་གཞན་ངོ་བོ་ཡིས། །རྟོགས་ཕྱིར་གཞལ་བྱ་གཉིས་སུ་བཤད། །ཅེས་པ་དང༌། རྣམ་གཞན་གྱིས་ཀྱང་རྟོགས་པར་མཐོང༌། །ཞེས་པ་དང༌། གཞན་སེམས་རབ་ཏུ་རྟོགས་ཕྱིར་ཡང༌། །ཚད་མ་གཉིས་སུ་གྲུབ་པ་ཡིན། །ཞེས་པ་དང༌། མ་མཐོང་བདག་ཉིད་ངོ་བོ་དེའི། །རྟོགས་པའི་རྟེན་ནི་དོན་གཞན་ཡིན། །ཞེས་པ་དང༌། དེ་ཡི་བདག་ཉིད་འཛིན་པ་སྟེ། །དོན་རྟོགས་པ་ཡི་བདག་ཉིད་ཀྱིས། །ཞེས་པ་དང༌། འབྲས་རྟོགས་ན་ཡང་དེ་མཐོང་འགྱུར། །ཞེས་པ་དང༌། དེ་བཞིན་མེ་ནི་ཐ་དད་ཀྱང༌། །ཆ་གང་གིས་ནི་མེ་རྟོགས་པའི། །རྟེན་ཡིན་དེས་ན་དུ་བསྐྱེད་པ། །དེས་ན་དེ་ལྟར་རྟོགས་པར་འགྱུར། །ཞེས་པ་དང༌། མྱོང་བའི་ཁྱད་པར་ཁོ་ན་ལས། །དོན་གྱི་ཁྱད་པར་རྟོགས་པར་འགྱུར། །ཞེས་པ་དང༌། དཔེར་བརྗོད་གཞན་ཡང་རྟོགས་པར་བྱ། །ཞེས་པ་དང༌། རང་ཉིད་མངོན་སུམ་ལ་རྟོགས་པས། །རང་ཉིད་ཙམ་གྱིས་འཇུག་པ་ཅན། །དེ་མེད་རྣམ་གཞན་གོ་བྱེད་ཡིན། །ཞེས་པ་དང༌། གང་དེ་དེ་རྟེན་དང་འབྲེལ་ཅན། །ཡིན་ན་དེ་ཚེ་གོ་བྱེད་ཉིད། །དེ་ཚེ་གོ་བྱེད་རྗེས་འགྲོ་བ། །སྤྱི་ཡི་ངོ་བོ་ཁོ་ན་རྟོགས། །ཞེས་པ་ལ་སོགས་པ་ཐ་སྙད་པའི་ཚད་མ་ཐམས་ཅད་ཀྱིས་གཞལ་བྱའི་དོན་རྟོགས་པར་ཡང་དང་ཡང་དུ་གསུངས་སོ། །དེ་བཞིན་དུ། ཚད་མ་རྣམ་པར་ངེས་པ་ལས་ཀྱང༌། དེ་སྦྱར་མེད་ཀྱང་བརྗོད་འདོད་ལས། །དེ་དོན་ཉིད་ནི་རྟོགས་འགྱུར་ཏེ། །ཞེས་པ་དང༌། དེ་ཡང་ཟླ་བོ་རྣམ་གཅོད་པས། །དོན་རྣམས་ལ་ནི་རྟོགས་འགྱུར་ཏེ། །ཞེས་པ་དང༌། དོན་གྱི་དོན་རྟོགས་ཕྱིར་དོན་ལ། །ཞེས་པའི་འགྲེལ་པར། དོན་གཉིས་ཀྱིས་དོན་གོ་བར་བྱེད། །ཞེས་གོ་བ་དང་རྟོགས་པ་དོན་གཅིག་ཏུ་གསུངས་པ་དང༌། ཚད་མའི་འབྲས་བུ་གང་ཞིག་ཡིན། །གཞལ་བྱ་རྟོགས་འགྱུར་ཏེ། ཞེས་པ་དང༌། གང་གི་ཕྱིར་དོན་གྱི་ཁྱད་པར་རྟོགས་པ་ནི། མྱོང་བའི་ཁྱད་པར་ལས་ཡིན་ལ། མྱོང་བའི་ཁྱད་པར་རྟོགས་པ་ནི། རྣམ་པ་དེ་ལྟ་བུའི་བདག་ཉིད་ཉམས་སུ་མྱོང་བ་ལས་ཡིན་ནོ། །ཞེས་པ་དང༌། ནུས་པ་གཞན་དག་ཡོད་ཀྱང༌། འབྲས་བུ་མི་སྐྱེ་བས་རྒྱུ་གཞན་ཡོད་པར་རྟོགས་བྱེད་དོ། །ཞེས་པ་དང༌། དེ་ནི་ཇི་ལྟ་བུའི་རྣམ་པ་ཅན། རང་བཞིན་འབྲེལ་བ་གྲུབ་པ་དེ་ལྟ་བུའི་རྣམ་པ་ཉེ་བ་ཉིད་དུ་གོ་བར་བྱེད་ལ། འབྲེལ་བ་ལས་སྤྱིའི་ཚུལ་དུ་རྟོགས་པ་ཡང་རྗེས་སུ་དཔོག་པ་ཡིན་པའི་ཕྱིར། ཞེས་པ་དང༌། གཞན་བློ་རྟོགས་པར་བྱེད་ཕྱིར་དང༌། །འགའ་ཞིག་འགོག་པར་བྱེད་ཕྱིར་ཡང༌། །ཚད་མ་གཞན་ནི་སྲིད་པ་ཉིད། །ཅེས་པ་ལ་སོགས་པ་ཐ་སྙད་པའི་ཚད་མ་ཐམས་ཅད་གཞལ་བྱ་རྟོགས་པ་ཡིན་པའི་ཕྱིར། རྟོགས་པ་ཡིན་པར་གསུངས་སོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པར་ཡང༌། མི་གཙང་རང་བཞིན་གཞན་གྱི་ལུས། །མི་རྟོགས་ངོ་མཚར་མི་ཆེ་ཡི། །རང་ཉིད་མི་གཙང་ཉིད་ཡིན་པར། །རྟོགས་པར་མ་གྱུར་ངོ་མཚར་ཆེ། །ཞེས་པའི་འགྲེལ་པར། རང་སྟེ། བདག་ཉིད་ལ་མི་གཙང་བའི་རང་བཞིན་གང་ཡིན་པའི་ལུས་ཁྱེད་ཀྱིས་རྟོགས་པར་མ་གྱུར་ཏེ་མ་གོ་པའོ། །ཞེས་མ་རྟོགས་པའི་དོན་མ་གོ་བ་ཡིན་པར་བཤད་པ་ལས་ཀྱང་རྟོགས་པའི་དོན་གོ་བ་ཡིན་པར་དོན་གྱིས་གསུངས་པར་རིག་པར་བྱ་སྟེ། འདིར་སཾ་ཀྲྀ་ཏའི་སྐད་ལ། བིད་ཞེས་པ་དེ་ཉིད་གོ་བའམ། རྟོགས་པའམ། ཤེས་པའམ་རིག་པར་བསྒྱུར་བ་ཤིན་ཏུ་ཡང་མང་བར་བདོག་གོ །དེ་ལྟར་རྒྱུད་ལ་མ་སྐྱེས་པའི་ཕྱིར་རྟོགས་པ་མ་ཡིན་ནོ་སྙམ་ན། དེ་ལྟ་ན་རྒྱུད་ལ་སྐྱེས་པ་ཞེས་བྱ་བ་དེ་ཡང་ཅི། རྟོགས་བྱའི་དོན་དེ་རྒྱུད་ལ་སྐྱེས་པ་ལ་རྟོགས་པ་ཞེས་ཟེར་རམ། འོན་ཏེ། རྟོགས་བྱེད་ཤེས་པ་དེ་རྒྱུད་ལ་སྐྱེས་པ་ལ་རྟོགས་པ་ཟེར། སྔ་མ་ལྟར་ན་མི་རུང་སྟེ། ཚད་མས་གཞལ་བྱ་རྟོགས་པ་ཕལ་ཆེ་བ་ལ་གཞལ་བྱ་དེ་རྒྱུད་ལ་སྐྱེ་བར་མ་ངེས་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན། ཕྱི་རོལ་གྱི་མེ་རྟོགས་པའི་གང་ཟག་གི་རྒྱུད་ལ་ཕྱི་རོལ་གྱི་མེ་སྐྱེས་པ་དང༌། དངོས་མེད་རྟོགས་པའི་གང་ཟག་གི་རྒྱུད་ལ་དངོས་མེད་སྐྱེས་པར་ཐལ་བ་ལ་སོགས་པ་ཧ་ཅང་ཐལ་བ་དུ་མར་འགྱུར་རོ། །རྟོགས་བྱེད་ཀྱི་ཤེས་པ་རྒྱུད་ལ་སྐྱེས་པ་ལ་ཟེར་ན། གོ་བ་ཐམས་ཅད་ཀྱང་རྟོགས་པ་ཡིན་པར་འགྱུར་ཏེ། རྟོགས་བྱེད་ཤེས་པ་རྒྱུད་ལ་སྐྱེས་པ་ཡིན་པའི་ཕྱིར་རོ། །གོ་བ་ཐམས་ཅད་རྟོགས་པ་ཡིན་པར་ནི་གོང་དུ་བསྒྲུབས་ལ། གང་ཟག་གི་རྒྱུད་ལ་མ་སྐྱེས་པའི་གང་ཟག་དེའི་རྟོགས་བྱེད་ཤེས་པ་ནི་མི་སྲིད་དོ། །དེ་ལྟ་བས་ན་གོ་བ་དང་རྟོགས་པའི་ཁྱད་པར་འབྱེད་པ་འདི་ཡང་མཁས་པ་ཆེན་པོ་རྣམས་ཀྱི་ཚུལ་ལ་མེད་ཅིང༌། གཞུང་ལུགས་ཆེན་པོ་རྣམས་ལ་འདྲིས་ཆུང་བའི་གང་ཟག་འབའ་ཞིག་གིས་རང་བཟོ་ཙམ་དུ་བས་སོ། །གཞུང་ལུགས་ཆེན་པོ་རྣམས་ཀྱི་དགོངས་པ་ལྟར་ན། རྣམ་ཤེས་ཀྱིས་རྟོགས་པ་དང༌། ཡེ་ཤེས་ཀྱིས་རྟོགས་པ་དང༌། ཀུན་རྫོབ་ཀྱི་ཚད་མས་རྟོགས་པ་དང༌། དོན་དམ་གྱི་ཚད་མས་རྟོགས་པ་དང༌། རྟོག་བཅས་ཀྱིས་རྟོགས་པ་དང༌། རྟོག་མེད་ཀྱིས་རྟོགས་པ་དང༌། མངོན་སུམ་གྱིས་རྟོགས་པ་དང༌། རྗེ་དཔག་གིས་རྟོགས་པ་ལ་སོགས་པ་རྟོགས་ལུགས་མང་དུ་གསུངས་པ་ཡོད་ཅིང༌། རྟོགས་པ་ལ་བཟང་ངན་གྱི་ཁྱད་པར་ཡང་མང་དུ་ཡོད་དེ་འདིར་མ་བྲིས་སོ། །

གཞན་ཡང༌། ཁྱེད་ཀྱིས་གཟུགས་སོགས་རང་བཞིན་མེད་པར་རྟོགས་པ་ལས་ལྷག་པའི་སྦྱོང་བྱེད་རྡོ་རྗེའི་རྣམ་འབྱོར་ཞེས་པ་དེ་ལྟ་བུ་མ་གཟིགས་པ་མད་མཆི། བཅོམ་ལྡན་འདས་ཀྱིས་ནི། བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་རྣམས་སུ་རྡོ་རྗེའི་ཚིག་ཏུ་སྦས་ཤིང༌། རྩ་བའི་རྒྱུད་ཀྱི་རྒྱལ་པོ་རྣམས་སུ་ཤིན་ཏུ་གསལ་བར་བསྟན་པ། སྦྱོང་བྱེད་རྡོ་རྗེའི་རྣལ་འབྱོར། ཁྱེད་བཞེད་པ་དེ་ལས་གཞན་པ་ཞིག་ཡོད་པར་གསུངས་ཏེ། ཇི་སྐད་དུ། དཔལ་དུས་ཀྱི་འཁོར་ལོར། རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་དག་ཏུ་ངེས་པར་རྡོ་རྗེའི་ཚིག་ནི་རྡོ་རྗེ་ཅན་གྱིས་སྦས་པ་སྟེ། །དང་པོའི་སངས་རྒྱས་སུ་ནི་སྲོག་ཆགས་རྣམས་ཀྱི་ཐར་པའི་སླད་དུ་མ་ལུས་པ་ཡང་མངོན་སུམ་ གསུངས། །དེ་ཕྱིར་འཇིག་རྟེན་འཇིག་རྟེན་འདས་པ་དག་ལས་མཐའ་དག་མ་ཚང་མེད་པའི་རྒྱུད་ནི་བླ་མ་སྟེ། །དཔལ་ལྡན་རྒྱུད་ནི་དང་པོའི་སངས་རྒྱས་མཐའ་དག་རྒྱལ་བའི་བདག་པོ་མངོན་པར་བརྗོད་པ་ཟླ་བ་བཟང༌། །ཞེས་པ་དང༌། ཤེས་རབ་ཡེ་ཤེས་དག་ནི་སེམས་དང་དེ་ཡི་སྣང་བ་དག་ཀྱང་རྣམ་པ་བཅུ་པོ་ཉིད་དུ་འགྱུར། །དབང་ནི་དྲི་མེད་རི་བོང་ཅན་མཚུངས་མེ་ལོང་གཟུགས་བརྙན་ལྟ་བུ་འདི་ལ་ཞུགས་པ་གང་ཡིན་པ། །དེ་ལས་མྱ་ངན་ལས་འདས་པ་ཡི་བདེ་བ་འཕོ་མེད་ལྷན་ཅིག་སྐྱེས་པ་འགྱུར་མེད་དག་ནི་བཞི་པ་སྟེ། །སངས་རྒྱས་ཞལ་འདི་གང་གི་ཐུགས་དང་ཞལ་ལ་གནས་པར་གྱུར་པ་དེ་ནི་དཔལ་ལྡན་བླ་མ་དམ་པའོ། །ཞེས་སོགས་རྒྱ་ཆེར་གསུངས་པ་དང༌། འཕགས་པ་འཇིག་རྟེན་དབང་ཕྱུག་གི་ཞལ་སྔ་ནས་ཀྱང༌། ཇི་ལྟར་མེ་ནི་ཤིང་ལ་རྟག་གནས་ཀྱང༌། །བཅད་དང་དབྱེ་བའི་ཐབས་ཀྱིས་མི་མཐོང་སྟེ། །རྩུབ་ཤིང་རྩུབ་བསྟན་ལག་པས་བསྲུབས་པ་ལས། །དེ་ལ་གནས་པ་ཡང་ནི་མཐོང་བར་འགྱུར། །དེ་བཞིན་སེམས་ཀྱི་འོད་གསལ་རྟོག་པ་ཡི། །བསྒོམ་པའི་ཐབས་རྣམས་དག་གིས་མི་མཐོང་སྟེ། །དེ་ཉིད་དུ་ནི་རྐྱང་མ་དག་དང་ནི། །རོ་མ་ཅིག་ཏུ་སྦྱར་བས་མཐོང་བར་འགྱུར། །སྣ་ཚོགས་རྣམ་རྟོག་ལ་སོགས་ལམ་གྱིས་ནི། །དེ་ཉིད་དེ་བཞིན་གཤེགས་པས་གང་གསུངས་པ། །བཅུ་དྲུག་བཞི་ཡི་རབ་ཏུ་དབྱེ་བ་ཅན། །ལམ་དང་བྲལ་བས་ཐོབ་པ་མ་ཡིན་ནོ། །ཞེས་པ་དང༌། གང་ཞིག་སེམས་ཅན་རྣམས་ལ་བརྩེ་བ་ཡིས། །གཞན་དོན་དགེ་ལ་རྟག་ཏུ་བརྩོན་པ་ཡི། །སློབ་མ་དག་པ་རྣམས་ལ་ལམ་དག་ནི། །བླ་མ་དམ་པའི་དྲིན་ལས་འབྱུང་བ་ཡིན། །ཞེས་པ་དང༌། དེ་ཕྱིར་བླ་མ་དམ་པས་གནང་བ་ཡི། །ལམ་བཟང་རིན་ཆེན་འདི་ནི་སློབ་མ་ཡིས། །ཆོམ་རྐུན་རྩ་ལག་ཡོངས་སུ་སྤང་བྱ་སྟེ། །འབད་པས་ཤིན་ཏུ་ལེགས་པར་སྦ་བར་བྱ། །དབང་པོའི་རིམ་པ་བདག་བྱིན་བརླབས་པ་ཡི། །རིམ་པ་དག་ཀྱང་ཐར་པའི་ལམ་མ་ཡིན། །ཤིན་ཏུ་རྣམ་དག་རིམ་པ་གཅིག་པུ་ནི། །ཐར་པའི་སླད་དུ་སངས་རྒྱས་རྣམས་ཀྱིས་བསྟན། །ཞེས་པ་དང༌། འདི་ཡི་དཔལ་ནི་མྱུར་ཐོབ་སླད། །རྟག་ཏུ་རྣལ་འབྱོར་མ་རྣམས་ཞབས། །རྣལ་འབྱོར་གང་གིས་སྒོམ་པ་དེའི། །བགེགས་ནི་རྟག་ཏུ་ཉམས་པར་འགྱུར། །ཞེས་པ་ལ་སོགས་པ་དང༌། དེ་བཞིན་དུ། བཅོམ་ལྡན་འདས་ཀྱིས། མ་འོངས་པའི་དུས་ཀྱི་རྡོ་རྗེ་སློབ་དཔོན་གདུག་པ་ཅན་རྣམས་ཀྱིས་འཇུག་པ་གཟིགས་ནས། རྩ་བའི་རྒྱུད་འགའ་ཞིག་དང༌། བསྡུས་པའི་རྒྱུད་རྣམས་སུ་དབང་བཞི་པ་ཕྱག་རྒྱ་ཆེན་པོ་ལམ་ཤིན་ཏུ་སྦས་པའི་ཚུལ་དུ་རྒྱ་ཆེར་སྤྲོས་ནས་གསུངས་པའི་མཐར་ཡང་གསུངས་པ། རྣམ་པར་དག་པའི་རིམ་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྟེར་བར་བྱེད་པ་པོ་འདི་མཆོག་གི་དང་པོའི་སངས་རྒྱས་སུ་རབ་ཏུ་གསལ་བར་གླེགས་བམ་དུ་བྲིས་ཏེ། ཆུ་བོ་ཤཱི་ཏའི་བྱང་དུ་སེམས་ཅན་སྐལ་བ་དང་ལྡན་པ་རྣམས་ཀྱི་སེམས་ཀྱི་ལྷག་པར་མོས་པ་མཁྱེན་ནས། བཅོམ་ལྡན་འདས་ཀྱིས་བསྟན་ཅིང་ཕྱག་ན་རྡོ་རྗེས་གླེགས་བམ་དུ་བྲིས་སོ། །ཞེས་པ་ལ་སོགས་པ་རྒྱ་ཆེར་འབྱུང་ངོ༌། །

གཞན་ཡང༌། རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་དང༌། དེ་དག་གི་དགོངས་པ་འགྲེལ་པ་ས་བཅུའི་དབང་ཕྱུག་རྣམས་ཀྱིས་མཛད་པའི་གཞུང་རྣམས་སུ་སྦྱོང་བྱེད་རྡོ་རྗེའི་རྣལ་འབྱོར་གསུངས་མོད་ཀྱང༌། ཟབ་པ་ལས་ཀྱང་ཆེས་ཟབ་པ་གསང་བ་ལས་ཀྱང་ཆེས་གསང་བའི་ལམ་དེ་ལྟ་བུ་འདིར་གསལ་པོར་བསྟན་ནས་སྣོད་མ་བརྟགས་པ་ལ་ཐག་རིང་དུ་བསྐུར་བ་གསང་སྔགས་ཀྱི་ཚུལ་ལ་མི་རུང་བའི་ཕྱིར་འདིར་མ་བྲིས་སོ། །

ཡང་ཁྱེད་རྣམ་རྟོག་མ་འགགས་པར་མི་རྟོག་ཡེ་ཤེས་མི་ཐོབ་པ་ལ་མཚར་དུ་བརྩིས་ནས། རྣམ་རྟོག་འགགས་པའི་མི་རྟོག་པ་དེ་དག་གཏི་མུག་ཏུ་མཛད་པར་གདའ། དེ་ལྟར་གང་ནས་བཤད་པ་ལགས་སམ། འདི་ཡང་བདེ་བར་གཤེགས་པའི་གསུང་རབ་ལས་ཆེས་ཕྱི་རོལ་ཏུ་གྱུར་པར་མངོན་ཏེ། རྣམ་པར་རྟོག་པ་ནི་སྒྲིབ་པ་གཉིས་ཀྱིས་ངོ་བོར་གསུངས་པའི་ཕྱིར་དང་། རྣམ་རྟོག་འགགས་པ་ཉིད་ལས་མི་རྟོག་ཡེ་ཤེས་ཐོབ་པར་གསུངས་པའི་ཕྱིར་རོ། །དེ་ཡང་ཇི་སྐད་དུ། རྒྱལ་བའི་ཡུམ་ལས། རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པར་མི་རྟོག་པའོ། །རྣམ་པར་མི་རྟོག་པ་ལས་སངས་རྒྱས་སུ་བརྗོད་དོ། །རྣམ་པར་མི་རྟོག་པ་ལས་བྱང་ཆུབ་ཏུ་བརྗོད་དོ། །ཞེས་པ་ལ་སོགས་པ་དང༌། འཕགས་པ་གསེར་འོད་དམ་པའི་མདོར་ཡང༌། རིགས་ཀྱི་བུ། རྣམ་པར་མི་རྟོག་པའི་ཡེ་ཤེས་ལས་གུད་ན་འཕགས་པའི་ཡེ་ཤེས་མེད་དོ། །ཞེས་པ་དང༌། འཕགས་པ་ཡོན་ཏན་རིན་ཆེན་སྡུད་པར་ཡང༌། སྐྱེ་བ་མེད་དང་སྐྱེ་བ་གཉིས་ཀར་མི་རྟོག་པ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་སོགས་གསུངས་སོ། །དཔལ་ཀྱེའི་རྡོ་རྗེའི་རྒྱུད་དུ་ཡང༌། ལུས་ལ་ཡེ་ཤེས་ཆེན་པོ་གནས། །རྟོག་པ་ཐམས་ཅད་ཡང་དག་སྤངས། །ཞེས་པ་ལ་སོགས་པ་དང༌། དེའི་འགྲེལ་པར་འཕགས་པ་རྡོ་རྗེ་སྙིང་པོའི་ཞལ་སྔ་ནས་ཀྱང༌། ལུས་ལ་ཡེ་ཤེས་ཆེན་པོ་བཞུགས། །རྟོག་པ་ཐམས་ཅད་ཡང་དག་སྤངས་པར་གྲུབ་སྟེ། དཀྱིལ་འཁོར་གྱི་འཁོར་ལོ་དང་ལས་དང༌། ཡེ་ཤེས་ཀྱི་ཕྱག་རྒྱའི་རྟོག་པ་དང་བྲལ་བ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་རྟོག་པའི་དྲ་བ་དང་བྲལ་བ་ཞེས་པ་ངེས་པའོ། །ཞེས་གསུངས་སོ། །དཔལ་སམ་བུ་ཊི་ལས་ཀྱང༌། ཀུན་རྟོག་ཐམས་ཅད་རྣམ་སྤངས་པ། །སྟོང་ཉིད་སྙིང་པོ་ཁྱོད་ལ་འདུད། །ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །ཡེ་ཤེས་སྐུ་ལ་ཕྱག་འཚལ་བསྟོད། །ཅེས་པ་དང༌། རྟོག་པའི་གནས་ནི་སྤངས་ནས་སུ། །བློ་ལྡན་གང་ཞིག་མི་རྟོག་གནས། །ཐུགས་ཀྱི་རྡོ་རྗེས་གསུངས་པ་བཞིན། །དེ་ལས་དངོས་གྲུབ་ཐེ་ཚོམ་མེད། །རྟོག་པས་དམྱལ་བར་འགྲོ་འགྱུར་ཞིང༌། །འགྲོ་དྲུག་རྒྱ་མཚོར་འཁོར་བར་འགྱུར། །རྟོག་པ་ལས་ནི་རྣམ་གྲོལ་ནས། །དྲི་མེད་ཞི་བའི་གནས་སུ་འགྲོ། །ཞེས་པ་དང༌། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །མི་རྟོག་ཏིང་འཛིན་ལ་གནས་ན། །མཁའ་བཞིན་དྲི་མ་མེད་པར་འགྱུར། །ཞེས་སོགས་རྒྱ་ཆེར་གསུངས་སོ། །དེ་བཞིན་དུ། རྣམ་པར་སྣང་མཛད་མངཽན་པར་བྱང་ཆུབ་པའི་རྒྱུད་དུ་ཡང་གསུངས་པ། ཐམས་ཅན་མཁྱེན་པའི་ཡེ་ཤེས་དེ་འང་འདི་ལྟར་དེ་བཞིན་གཤེགས་པའི་རྣམ་པར་གྲོལ་བའི་ངོར་རོ་གཅིག་པ་ལགས་སོ། །བཅོམ་ལྡན་འདས། འདི་ལྟ་སྟེ། དཔེར་བགྱིས་ན། ནམ་མཁའི་ཁམས་རྟོག་པ་དང་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ་སྟེ། མི་རྟོག་པ་རྣམ་པར་མི་རྟོག་པ་ལགས་སོ། །ཞེས་པ་དང༌། །རྟོག་པ་སྡུག་བསྔལ་རྒྱུར་འགྱུར་བ། །ཇི་སྲིད་མ་སྤངས་བར་དུ་ནི། །འཇིག་རྟེན་འདི་ན་སངས་རྒྱས་མིན། །ཀུན་མཁྱེན་ཞེས་ཀྱང་མི་བྱའོ། །ཞེས་པ་དང༌། དཔལ་རྡོ་རྗེ་ཕྲེང་བ་མངོན་པར་བརྗོད་པའི་རྒྱུད་དུ་ཡང༌། རྣམ་རྟོག་ཀུན་ནས་ཟད་པ་ལས། །ཡང་དག་ཡེ་ཤེས་བདེ་ཆེན་སྐྱེས། །ཞེས་གསུངས་ཤིང༌། ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་དུ་ཡང༌། རྟོག་དང་བྲལ་བའི་ཡེ་ཤེས་ནི། །སྔོན་གྱི་རྒྱལ་བ་མངོན་སངས་རྒྱས། །རྟོག་དང་བྲལ་བ་དེ་ལ་ནི། །གསང་སྔགས་འགྲུབ་པར་བསྟན་པ་ཡིན། །དེ་ཡི་འབྲས་བུ་རྣམ་དག་པ། །རང་བཞིན་གྱིས་ནི་འོད་གསལ་འགྱུར། །གང་ཞིག་རྟོག་ལ་གནས་བྱེད་པ། །དེ་ལ་དངོས་གྲུབ་མི་འབྱུང་ངོ༌། །དེ་ལྟ་བས་ན་རྟོག་སྤངས་ལ། །སྔགས་ཀྱི་གཟུགས་ཀྱིས་བསམ་པར་བྱ། །ཞེས་གསུངས་པ་དང༌། མངོན་པར་བརྗོད་པ་འབུམ་པར་ཡང་གསུངས་པ། ཡེ་ཤེས་སྐུ་ནི་རབ་སྒྲུབ་ཕྱིར། །ཀུན་རྟོག་ཐམས་ཅད་སྤངས་པ་ཡི། །བསྒོམ་པ་དེ་བཞིན་གཤེགས་པས་གསུངས། །ཞེས་པ་ལ་སོགས་པ་གཞན་ཡང་གསུང་རབ་དྲི་མ་མེད་པ་རྣམས་སུ་རྣམ་པར་མི་རྟོག་པའི་བསྔགས་པ་རྒྱ་ཆེར་གསུངས་ཏེ། འདིར་ཡི་གེ་མང་དུ་དོགས་ནས་མ་བྲིས་སོ། །

དེ་ལྟ་བས་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདེ་བ་ཆེན་པོའི་སྐུ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་རྣམ་རྟོག་འགགས་པའི་མི་རྟོག་པ་ཡིན་པའི་ཕྱིར། གཏི་མུག་ཡིན་པར་ཧ་ཅང་ཐལ་བར་འགྱུར་རོ། །གཞན་ཡང༌། རྒྱལ་བ་བྱམས་པའི་ཞལ་སྔ་ནས། འཁོར་གསུམ་རྣམ་པར་རྟོག་པ་གང༌། །དེ་ནི་ཤེས་བྱའི་སྒྲིབ་པར་འདོད། །སེར་སྣ་ལ་སོགས་རྣམ་རྟོག་གང༌། །དེ་ནི་ཉོན་མོངས་སྒྲིབ་པར་འདོད། །ཅེས་པ་དང༌། དེར་ནི་སྒྲིབ་པ་ཐམས་ཅད་དེ། །དེ་ཟད་ནས་ནི་གྲོལ་བར་འདོད། །ཅེས་གསུངས་ཤིང༌། སློབ་དཔོན་ཕྱོགས་ཀྱི་གླང་པོས་ཀྱང༌། རྣམ་པར་རྟོག་ལས་མ་གཏོགས་པའི། །འཁོར་བ་ཞེས་བྱ་ཅི་ཡང་མེད། །རྣམ་རྟོག་དེ་དང་བྲལ་བས་ན། ཁྱེད་ནི་རྟག་ཏུ་མྱ་ངན་འདས། །ཞེས་གསུངས་པ་དང༌། སློབ་དཔོན་སེང་གེ་བཟང་པོས་ཀྱང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ་ནི་རྣམ་པར་རྟོག་པའོ། །ཞེས་གསུངས་པ་དང༌། ཞེས་པ་ལ་སོགས་པས་སྒྲིབ་པ་ཐམས་ཅད་རྣམ་པར་རྟོག་པ་ལས་མ་འདས་པའི་ཕྱིར་རོ། །རྣམ་པར་རྟོག་པ་འགགས་པ་ནི་སྒྲིབ་པ་ཟད་པ་ཉིད་ཡིན་ལ། དེ་ཡང་གཏི་མུག་ཟད་པ་ཉིད་ཡིན་པའི་ཕྱིར། གཏི་མུག་ཟད་པའི་གཏི་མུག་ཀུན་རྫོབ་པ་ནི་མི་སྲིད་དོ། །

ཡང་ཁྱེད་ན་རེ། མཚན་བཅས་ཀྱི་བསྐྱེད་རྫོགས་སྦྱོང་བྱེད་མ་ཡིན་ན། དེ་དག་སྒོམ་པ་ལ་དགོས་པ་མེད་པར་འགྱུར་གསུང་བར་གདའ་སྟེ། མཚན་བཅས་ཀྱི་རྫོགས་རིམ་ཞེས་པ་འདི་ནི། རྒྱུད་ཀྱི་རྒྱལ་པོ་རྣམས་སུ་རྫཽགས་པའི་རིམ་པ་ཕྱག་རྒྱ་ཆེན་པོ་སྒོམ་པའི་ལམ་རྡོ་རྗེའི་ཚིག་ཏུ་སྤས་ཤིང༌། མཐའ་དྲུག་གི་རྒྱས་གདབ་སྟེ་ གསུངས་པའི་དགོངས་པ་མ་མཁྱེན་པའི་པཎྜི་ཏ་མངོན་པར་ཤེས་པ་ལྔ་དང་མི་ལྡན་པ་ཁ་ཅིག་གིས་བྱས་པའི་འགྲེལ་པ་ལས་བྱུང་ཞིང༌། དེའི་རྗེས་སུ་འབྲང་བའི་བོད་ཀྱི་སློབ་དཔོན་འགའ་ཞིག་གི་བཞེད་པ་ལ་ཡོད་ཀྱི། དཔལ་ལྡན་རྩ་བའི་རྒྱུད་ཆེན་པོ་རྣམས་དང༌། བསྡུས་པའི་རྒྱུད་ཀྱི་འགྲེལ་པ་ས་བཅུའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་མཛད་པ་རྣམས་ན་ནི་མེད་ཅིང༌། རྫོགས་རིམ་གྱི་གོ་ཆོད་པ་ལ་མཚན་མེད་དགོས་པར་གསུངས་པས། སངས་རྒྱས་སྲས་དང་བཅས་པའི་དགོངས་པ་ཡིན་ཞེས་བསམ་པར་མི་བྱའོ། །འདི་ལ་ཡང་རྣམ་པར་དག་པའི་ལུང་དང་རིགས་པ་དུ་མའི་སྒོ་ནས་དཔྱད་པ་བྱར་ཡོད་ཀྱང༌། ཡི་གེ་མང་པས་འཇིགས་པའི་ཕྱིར་འདིར་མ་བྲིས་སོ། །

བསྐྱེད་པའི་རིམ་པ་ནི། ཟབ་ཅིང་རྒྱ་ཆེ་བའི་ཆོས་ཀྱི་སྐལ་བ་དང་མི་ལྡན་པ་ཡོངས་སུ་མ་སྨིན་པའི་བློ་ཅན་གྱི་གདུལ་བྱ་འབྲིང་པོ་རྣམས་ལ་ཡང་དག་པའི་ལམ་ལ་རིམ་གྱིས་གཞུག་པའི་ཕྱིར་དེ་དག་ལ་ལམ་གྱི་རྒྱུ་བསོད་ནམས་ཀྱི་ཚོགས་ཀྱི་དོན་དང༌། འཇིག་རྟེན་པའི་དངོས་གྲུབ་སྒྲུབ་པའི་དོན་དུ་གསུངས་པ་ཡིན་གྱི། སྦྱོང་བྱེད་ཀྱི་ལམ་དངོས་ཡིན་པར་ནི་མ་གསུངས་ཏེ། ཇི་སྐད་དུ། དཔལ་དུས་ཀྱི་འཁོར་ལོར། ལྷ་ཡི་དམིགས་པ་གང་ཡིན་མངོན་སུམ་དང་ནི་རྗེས་སུ་དཔག་པ་རྣམ་པ་གཉིས་སུ་འགྱུར་བ་སྟེ། །མངོན་སུམ་དག་ནི་དེ་ཉིད་སྦྱོར་བས་མཁའ་ལ་སྐར་མ་བཞིན་དུ་དུ་མ་ལོངས་སྤྱོད་རྫོགས་པའི་སྐུ། །མངོན་སུམ་མིན་ན་རྗེས་སུ་དཔག་པ་ཤི་བའི་ལུས་བཞིན་དེ་ཉིད་མིན་པ་ཡིས་ནི་བརྟགས་པ་གང༌། །དེ་ནི་རི་མོ་སོགས་ལ་བལྟ་བྱ་ཡོངས་སུ་མ་སྨིན་བློ་ཅན་རྣལ་འབྱོར་རྣམས་ཀྱིས་སྒོམ་པའི་དོན། །ཞེས་སོགས་རྒྱ་ཆེར་གསུངས་པ་དང༌། མངོན་པར་བརྗོད་པ་འབུམ་པ་ལས། འཇིག་རྟེན་ཀུན་རྫོབ་བདེན་པ་ཡིས། །འཇིག་རྟེན་དངོས་གྲུབ་སྒྲུབ་པའི་ཕྱིར། །སྔགས་བཟླས་དེ་བཞིན་ཆོ་ག་དང༌། །རྣམ་རྟོག་སྒོམ་པ་རབ་ཏུ་གསུངས། །ཞེས་པ་དང༌། ཀྱེའི་རྡོ་རྗེ་རྩ་རྒྱུད་འབུམ་ལྔ་པར་ཡང༌། དཀྱིལ་འཁོར་འཁོར་ལོའི་ཁང་པ་དང༌། །ལྷ་རྣམས་ཇི་ལྟར་བསྐྱེད་པ་དང༌། །ཡེ་ཤེས་དགུག་དང་དབང་བསྐུར་དང༌། །དེ་བཞིན་འཁོར་ལོ་རྩ་དང་ནྀ། །ཁུ་བ་རླུང་རྣམས་གང་བསྟན་ཏེ། །བྱིས་པ་རྣམས་ནི་གཞུག་པའི་ཕྱིར། །འཇིག་རྟེན་མགོན་པོས་བསྟན་པ་ཡིན། །ངེས་དོན་མ་ཡིན་གཞན་དུ་དཔྱད། །དཀྱིལ་འཁོར་ཚུལ་དང་ལྷ་དག་དང༌། །ཡེ་ཤེས་དགུག་དང་དབང་བསྐུར་དང༌། །ཁུ་བ་རླུང་དུ་སུ་ལྟ་བ། །ཀྱེ་ཡི་རྡོ་རྗེ་དེས་མི་ཤེས། །ཞེས་པ་དང༌། ཡེ་ཤེས་སྨྲ་བ་པོ་རྣམས་ལ། །ཡེ་ཤེས་གཅིག་པུ་ལས་ཀུན་བྱེད། །བཟླས་མིན་ཕྲེང་བ་མེད་པ་དང༌། སྦྱིན་སྲེག་སྔགས་དང་མཆོད་པ་མེད། །བསམ་གཏན་ཙམ་གྱིས་ལས་ཀུན་ནི། །རྣལ་འབྱོར་རྣམས་ལ་འགྲུབ་པར་འགྱུར། །ཞེས་པ་དང༌། ཀྱེའི་རྡོ་རྗེ་བསྡུས་པའི་རྒྱུད་ཀྱི་འགྲེལ་པར། འཕགས་པ་རྡོ་རྗེ་སྙིང་པོའི་ཞལ་སྔ་ནས། བསྐྱེད་པའི་རིམ་པའི་ཤེས་པ་ནི། །སངས་རྒྱས་བྱ་བ་དེས་མི་བྱེད། །རྣལ་འབྱོར་རྣམས་ལ་མངོན་སུམ་དུ། །རང་རིག་གྱུར་པ་གང་ཡིན་ཏེ། །རྫོགས་པའི་རིམ་པའི་ཡེ་ཤེས་ནི། །སངས་རྒྱས་བྱ་བ་བྱེད་མཆོག་ཡིན། །ཞེས་པ་དང༌། ཕྱག་རྒྱ་དཀྱིལ་འཁོར་སྔགས་ལ་སོགས། །ཡིད་འོང་བདག་གིས་གང་བཤད་པ། །ཟབ་ཅིང་རྒྱ་ཆེའི་ཆོས་ཀྱི་ནི། །སྐལ་བ་མེད་པའི་བདག་ཉིད་ལའོ། །ཞེས་པ་དང༌། ཕྲེང་བ་མེད་ཅིང་བརྗོད་པ་མེད། །སྔགས་བཟླས་མཆོད་དང་སྦྱིན་སྲེག་དང༌། །ཆོ་ག་གཞན་དང་ཚིམ་པ་ནི། །གཞན་པ་མཆོག་ལས་ཉམས་ཕྱིར་རོ། །ཞེས་པ་དང༌། དེ་བཞིན་དུ། གཞལ་ཡས་ཁང་དང་ལྷ་ལ་སོགས་པ་བརྟགས་པ་ནི་དྲང་པའི་དོན་ཏོ། །ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །

དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་རྒྱལ་པོར་ཡང༌། དེ་ཕྱིར་རྒྱལ་པོར་རང་སེམས་དྲི་མ་རྣམ་པར་བྲལ་བ་དག་ནི་དཀྱིལ་འཁོར་དབང་པོར་རབ་ཏུ་བྱ། །ཞེས་གསུངས་པའི་འགྲེལ་པར། འཕགས་པ་འཇིག་རྟེན་དབང་ཕྱུག་གི་ཞལ་སྔ་ནས། འདིར་གང་ཞིག་བརྟགས་པའི་སྒྲུབ་ཐབས་དེ་ནི་འཁྲུལ་བ་ཞེས་པ་སྟེ། རྡོ་རྗེ་ཅན་གྱི་སྒྲུབ་ཐབས་མཐའ་དག་གང་ཡིན་པའོ། །དེའི་ཕྱིར་རྒྱལ་པོ་རང་སེམས་དྲི་མ་རྣམ་པར་བྲལ་བ་སྟེ། བརྟགས་པ་དང་བྲལ་བ་དག་ནི། དཀྱིལ་འཁོར་གྱི་དབང་པོར་བྱའོ། །ཞེས་པ་དང༌། ཡང་རྫོགས་པའི་རིམ་པ་ནི་ལྷན་ཅིག་སྐྱེས་པ་རྣམ་པར་མི་རྟོག་པ་སྟེ། རྣམ་པ་ཐམས་ཅད་དུ་ཞལ་དང་ཕྱག་དང་ཁ་དོག་དང༌། དབྱིབས་ཀྱི་རྟོགས་པ་དང་བྲལ་བའོ། །ཞེས་པ་དང༌། བཅོམ་ལྡན་འདས་དེ་ཁོ་ན་ཉིད་རིག་པས་ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ནས་སེམས་ཅན་གྱི་བསམ་པའི་དབང་གིས་བྱིས་པའི་བློ་ཅན་བརྩོན་འགྲུས་དམན་པ། དོན་དམ་པའི་དེ་ཁོ་ན་ཉིད་ལ་ཡོངས་སུ་རྟོག་པར་མི་བྱེད་པ། ཟབ་པ་དང་རྒྱ་ཆེ་བའི་ཡེ་ཤེས་ལ་སེམས་སྐྲག་པ། ཞི་བ་ལ་སོགས་པའི་ལས་བསྒྲུབ་པ་ལ་མངོན་པར་དགའ་བ། དབང་པོ་ཡུལ་ལ་ཉེ་བར་ལོངས་སྤྱོད་པ་ལ་ཆགས་པ། རལ་གྲི་དང༌། རིལ་བུ་དང༌། མིག་སྨན་དང༌། བཅུད་དང༌། བཅུད་ལེན་དང༌། འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པ་ལ་མངོན་པར་དགའ་བ་རྣམས་ལ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡེ་ཤེས་རྟེན་ཅིང་འབྲེལ་བར་འབྱུང་བའི་དབང་པོའི་སྤྱོད་ཡུལ་ཉི་ཚེ་བ་ཉེ་ཚེ་བའི་དོན་བྱེད་ནུས་པ་གསུངས་སོ། །ཉི་ཚེ་བའི་དོན་བྱེད་ནུས་པ་དེ་ཉིད་ཀྱི་ཕྱིར། དེ་བཞིན་གཤེགས་པའི་གསུངས་འདི་ནི་དོན་དམ་པའི་བདེན་པ་ལ་བརྟེན་པ་མ་ཡིན་ནོ། །ཞེས་པ་དང༌། འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་བའི་དོན་དུ། དཀྱིལ་འཁོར་གྱིས་འཁོར་ལོ་སྒོམ་པ་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། དེའི་ཕྱིར་དཀྱིལ་འཁོར་གྱི་འཁོར་ལོའི་ལྷ་མངོན་སུམ་དུ་བྱས་པ་ལས། རལ་གྲི་ལ་སོགས་པའི་དངོས་གྲུབ་རྣམས་འགྲུབ་པར་འགྱུར་གྱི། སྒྲུབ་པ་པོ་ཐམས་ཅད་མཁྱེན་པ་ཉིད་དུ་ནི་འགྲུབ་པར་མི་འགྱུར་རོ། །ཞེས་པ་ལ་སོགས་པ་དང༌།

ཡང༌། བསྐྱེད་པའི་རིམ་པར་གསུངས་པའི་ཧཱུཾ་དང་ནི། །ཕཊ་ཡིག་ལ་སོགས་རྟོག་པ་དང་བྲལ་བ། །རྫོགས་པའི་རིམ་པའི་རྣལ་འབྱོར་དེ་ཉིད་དེ། །དེ་ཉིད་ཀྱི་ནི་སྒྲུབས་ཐབས་གཞན་ཡོད་མིན། །ཞེས་པ་དང༌། གཟུགས་ལ་སོགས་པར་རྟོག་པ་དཀྱིལ་འཁོར་གྱི། །འཁོར་ལོ་སྒོམ་པ་གོམས་པར་གྱུར་པས་ནི། །གྲུབ་པ་འཇིག་རྟེན་པ་དག་འགྲུབ་འགྱུར་གྱི། །འདོད་པའི་དངོས་གྲུབ་ཆེན་པོ་ག་ལ་ཞིག །ཅེས་པ་ལ་སོགས་པ་རྒྱ་ཆེར་གསུངས་ཏེ། རྒྱས་པར་ནི་འགྲེལ་པ་ཁྱད་པར་དུ་འཕགས་པ་དེ་དག་ཉིད་ལན་རེ་ཙམ་གཟིགས་ནས་རྟོགས་དཔྱོད་ཞིབ་ཏུ་མཛད་ན་གསལ་བར་འགྱུར་རོ། །དེ་ལྟ་བས་ན་བསྐྱེད་པའི་རིམ་པ་ལ་སོགས་པ་མཚན་བཅས་ཀྱི་སྒོམ་པ་དུ་མ་རྣམས་སྦྱོང་བྱེད་ཀྱི་ལམ་དངོས་མ་ཡིན་ཡང༌། དོན་མེད་པར་ག་ལ་འགྱུར། དེ་ལྟར་མ་ཡིན་ན། སྦྱོང་བྱེད་ཀྱི་ལམ་དངོས་མ་ཡིན་པ་ལམ་གྱི་རྒྱུར་གསུངས་པའི་ཆོས་ཐམས་ཅད་དོན་མེད་པར་ཁྱེད་ཉིད་ལ་ཧ་ཅང་ཐལ་ལོ། །

གཞན་ཡང་ཁྱེད་ཀྱི་བཞེད་པ་སྦྱང་བྱ་མི་དགེ་བའི་སྦྱོང་བྱེད་དགེ་བ་ཟག་བཅས་རྣམས་ཡིན། ཞེས་པ་ལ་སོགས་པ་འདི་དག་ལ་ཡང་རྣམ་པར་དག་པའི་ལུང་དང་རིགས་པས་རྣམ་པར་དཔྱད་ན་སྐྱོན་མང་དུ་གདའ་སྟེ་རེ་ཞིག་བཏང་སྙོམས་སུ་བཞག་གོ །

ཡང་ཁྱེད་ཀྱི་བཞེད་པ་སྔགས་ནས་སྤང་གཉེན་ཐ་དད་དུ་འདོད་པ་མེད་པའི་སྒྲུབ་བྱེད་དུ། མན་ངག་སྙེ་མའི་ལུང་དྲངས་ནས། སྤང་བྱ་ཉོན་མོངས་པ་དེ་ལ་གནོད་བྱེད་ཀྱི་མཉེན་པོར་གྱུར་པས་སྤོང་བ་དེ་ལ་མཚན་ཉིད་ཀྱི་ལག་ལེན་དངོས་གཞི། དུག་གི་ནུས་པ་ཚ་བ་དེ་སྨན་བསིལ་བས་འཇོམས་པ་ལྟ་བུ། སྤང་བྱ་ཉོན་མོངས་པ་དེ་ལ་གནོད་བྱེད་ཀྱི་གཉེན་པོས་མི་འཇོམས་པར། དེ་ཉིད་ཐབས་ཁྱད་པར་ཅན་དང་ལྡན་པས་ཉམས་སུ་བླངས་ལ། སླར་ཡང་ལམ་གྱི་གྲོགས་སུ་འགྱུར་བ། དུག་གི་ནུས་པ་སྔགས་ཀྱིས་སྨན་དུ་བསྒྱུར་བ་དང་འདྲ་བ། ཇི་ལྟར་མི་ཡིས་ཚིག་པ་ལ། །མེ་ཉིད་ཀྱིས་ནི་གདུང་བར་བྱ། །ཞེས་པའི་དོན་དེ་རྣམས་སྔགས་ཀྱི་དགོངས་པ་ཐུན་མོང་མ་ཡིན་པའམ། མྱུར་བདེར་གསུངས་པའི་ཁྱད་ཆོས་ཡིན་གསུངས་པ་འདི་ཡང་རྣམ་པར་དཔྱད་ན། གསུང་རབ་རྒྱུད་སྡེ་སེམས་དཔའི་རྒྱ་འགྲེལ་དང་བཅས་པའི་དགོངས་པ་ལས་ཕྱིར་རོལ་ཏུ་གྱུར་པ་ལགས་སོ། །དེར་མ་ཟད་མན་ངག་སྙེ་མ་ཉིད་ཀྱི་དགོངས་པ་དང་ཡང་མི་མཐུན་ཏེ། མན་ངག་སྙེ་མར་ནི། མཚན་ཉིད་ཀྱི་ཐེག་པར་སྤང་གཉེན་ཇི་ལྟར་སྟོན་པ་ལྟར་སྤང་གཉེན་གྱི་ཚུལ་གསུངས་ཏེ། ཇི་སྐད་དུ། སྙེ་མ་གཉིས་པར། བྱང་ཆུབ་ཀྱི་ཡན་ལག་འདི་རྣམས་ཐོབ་པ་ལས། བདག་ཉིད་ཀྱིས་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤངས་པར་མཐོང་ནས་བསྒོམས་པས་ཡང༌། སྤང་བར་བྱ་བ་རྣམས་སྤང་བའི་ཆེད་དུ་ཕུང་པོ་གསུམ་པ་འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྒོམ་མོ། །ཞེས་པ་དང༌། དེ་ཉིད་དུ་འཇམ་དཔལ་རྩ་རྒྱུད་ཀྱི་ལུང་དྲངས་པ། དེའི་ཕྱིར་མཁས་པ་རིགས་ཅན་གྱིས་མ་རིག་པ་སྤང་བའི་ཆེད་དུ་འབད་པར་བྱའོ། །མ་རིག་པ་འགགས་པ་ལས་མི་ཤེས་པ་ལ་བརྟེན་པའི་ཆོས་འདི་རྣམས་འགགས་པར་འགྱུར་རོ། །མི་ཤེས་པ་སྤངས་པ་ལས་ཉོན་མོངས་པ་སྤངས་པ་རྣམས་ཀུན་ཏུ་མི་རྒྱུ། འགྲོ་བ་རྣམས་མི་འཇུག །འཁོར་བའི་རྒྱུད་རྣམས་འགགས་པར་འགྱུར། མྱང་ངན་ལས་འདས་པ་ལ་ཉེ་བར་འགྱུར་རོ། །ཞེས་གསུངས་པ་དང༌། ཡང་གང་གི་ཕྱིར་འཆིང་བའི་རྒྱུ་ཡིན་པ་དེའི་ཕྱིར། ཉོན་མོངས་པ་འདི་རྣམས་བསལ་བར་འགྱུར་རོ། །ཞེས་པ་དང༌། སྙེ་མ་བཞི་པར་ཡང་གསུངས་པ། བག་ཆགས་དང་བཅས་པའི་སྒྲིབ་པ་གཉིས་སྤངས་པ་ལས་སྟོང་པ་ཉིད་དང༌། བདེ་བ་ཆེན་པོའི་རང་བཞིན་སྙིང་རྗེ་དག་དྲི་མ་མེད་པ་ཉྀད་དུ་འགྱུར་བ་མངོན་དུ་བྱེད་པ་གང་ཡིན་པ་དེ་དེ་སྐད་དོ། །ཞེས་པ་དང༌། སྙེ་མ་བཅུ་པར་ཡང༌། ལམ་རྫོགས་པའི་རིམ་པ་ལ་རིམ་གྱིས་སྒྲིབ་པ་གཉིས་སྤངས་པ་ན། འབྲས་བུའི་རྒྱུད་རྫོགས་པ་ལ་ནི་བག་ཆགས་དང་བཅས་པ་དྲུངས་ཕྱུང་བའི་ཕྱིར་འཆིང་བ་དང་བྲལ་བ་ཡང་ངོ༌། །ཞེས་པ་སོགས་པ་རྒྱ་ཆེར་གསུངས་སོ། །དེ་ལྟ་བས་ན་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་སྔགས་ཀྱི་ཐེག་པ་ལ་སྤང་བྱ་ཉོན་མོངས་པ་རྣམས་གཉེན་པོས་འཇོམས་པའི་སྒོ་ནས་སྤོང་བ་ཁྱད་པར་མེད་དོ། །འོན་ཀྱང་ཚེགས་ཆེན་པོས་ཡུན་རིང་མོ་ནས་སྤོང་བ་དང༌། ཚེགས་ཆུང་ངུས་མྱུར་དུ་སྤོང་བའི་ཁྱད་པར་ནི་ཡོད་དེ། ཐབས་ཁྱད་པར་ཅན་དང་མ་འབྲེལ་དང་། འབྲེལ་བའི་ཁྱད་པར་ཡོད་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་ན། ཇི་ལྟར་མེ་ཡིས་ཚིག་པ་ལ། །མེ་ཉིད་ཀྱིས་ནི་གདུང་བར་བྱ། །ཞེས་པ་དང༌། མན་ངག་སྙེ་མར་ཡང༌། འོ་ན་འདོད་ཆགས་ལ་སོགས་པ་རྣམས་ལོག་པར་ལྟུང་བའི་ཆོས་སུ་གསུངས་པ་མ་ཡིན་ནམ་ཞེ་ན་བདེན་ཏེ། ཉན་ཐོས་ཀྱི་ཐེག་པ་དང༌། གོང་མ་དང་བཅས་པའི་ཐེག་པ་ཆེན་པོར། ཐེག་པ་མཆོག་འདི་ནི་བླ་ན་མེད་པ་སྟེ། འདི་ལ་ཚུལ་གཞན་དང་འགལ་བ་མ་ཡིན་ནོ། །དེར་ནི་དེ་ལྟར་མ་རྟོགས་པའི་ཕྱིར་དེ་ལྟར་གསུངས་ཤིང༌། འདིར་ནི་གཉིས་སུ་མེད་པའི་ཡེ་ཤེས་ལས་ཡང་དག་པར་བྱུང་བའི་སེམས་ཀྱི་སྤྱོད་པ་དེའི་རང་བཞིན་རྣམས་ཐམས་ཅད་དེ་ལྟར་རྟོགས་པ་ལས་སངས་རྒྱས་ཉིད་ཀྱི་ཆེད་དུ་ཉེ་བར་སྟོན་ཏོ། །ཞེས་པ་དང༌། འཇིག་རྟེན་སེམས་པ་མེད་གང་གིས། །དུག་ཟོས་པ་ན་བརྒྱལ་བར་འགྱུར། །དུག་མེད་པར་བྱེད་པ་ལ་ཡིད་ཀྱི་ལས་ནི་འདིར་སེམས་པའོ། །རྨོངས་སྤངས་ནི། འདིར་དུག་གི་དེ་ཁོ་ན་ཉིད་ཤེས་པའི་ཕྱིར་རོ། །དུག་འཕྲོག་པའི་དེ་ཁོ་ན་ཉིད་ལ་འདིའི་ཡིད་ཡིན་པ། ཞེས་པ་ནི། དེ་ཉིད་ལ་ཡིད་ཅན་ནོ། །ཞེས་པ་ལ་སོགས་པ་དང༌། རླུང་གིས་རླུང་ནི་འཇོམས་པར་བྱེད། །ཅེས་པ་སྲན་མ་མ་ཤས་ནི་རླུང་བསྐྱེད་དེ། དེའི་ཡུན་རིང་པོར་བསགས་པའི་རླུང་འབྱིན་དུ་འཇུག་པར་བྱེད་བཞིན་པས་འབྱིན་པར་བྱེད་དོ། །འདི་ནི་བཟློག་པའི་སྨན་དེ་ནད་དང་རིགས་མཐུན་པ་ཉིད་ཀྱི་ཕྱིར། ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར། སྔགས་ཀྱི་ཚུལ་ལ་ཉོན་མོངས་པ་སྤང་བྱ་མ་ཡིན་པ་ཁོ་ནའོ། །སྙམ་དུ་སེམས་པར་གྱུར་པས་ན། འདི་ལ་ཡང་བརྗོད་པར་བྱ་སྟེ། གཞུང་དེ་དག་གི་དགོངས་པ་ནི། ཐབས་དང་ཤེས་རབ་ཁྱད་པར་ཅན་གྱིས་ཡོངས་སུ་ཟིན་པའི་འདོད་པ་ལྔ་ལ་ཉེ་བར་ལོངས་སྤྱོད་པ་ལ་སོགས་པ་ཉོན་མོངས་པ་ལྟར་སྣང་བ་རྣམས་ཀྱིས་ནི་རྣལ་འབྱོར་པ་འཆིང་བར་མི་འགྱུར་གྱི། སླར་མྱུར་དུ་གྲོལ་བའི་རྒྱུར་འགྱུར་བའི་ཕྱིར། དེ་ནི་སྤང་བར་བྱ་བ་མ་ཡིན་ཞིང༌། བསྟེན་པར་བྱ་བ་ཉིད་ཡིན་ནོ། །ཞེས་པ་ཡིན་ཏེ། འདི་ནི་རྒྱུད་སྡེ་རིན་པོ་ཆེ་རྣམས་སུ་འཇིག་རྟེན་གྱི་ཐ་སྙད་ལས་འདས་པའི་སྤྱོད་པ་དུ་མ་རྣལ་འབྱོར་པས་བྱ་བར་གསུངས་པ་ཤིན་ཏུ་མང་བར་བདོག་ཀྱང༌། དེ་རྣམས་ཀྱི་ཚུལ་ནི་ཤིན་ཏུ་གསང་བར་བྱ་བ་ཡིན་པའི་ཕྱིར་འདིར་མ་བྲིས་སོ། །

དེས་ན་འཆིང་བར་འགྱུར་བའི་ཉོན་མོངས་པ་རྣམས་ནི། སྔགས་ཀྱི་ཐེག་པར་ཡང་ཤིན་ཏུ་སྤང་བྱ་ཡིན་པར་གསུངས་ཏེ། མན་ངག་སྙེ་མར་ཡང༌། སྟོང་པ་ཉིད་ཁོ་ན་ཉོན་མོངས་པ་མཐའ་དག་འཇོམས་པའོ། །དེ་མེད་པར་ཉོན་མོངས་པའི་སེམས་ཀྱིས་ཤེས་རབ་ཡེ་ཤེས་བརྟེན་ན་འཁོར་བ་པ་ཉིད་དེ། དེ་ལ་ངན་འགྲོ་ཡང་ངོ༌། །དེའི་ཕྱིར་ཉོན་མོངས་པའི་སེམས་སྤངས་པ་ལ་དག་པའི་སེམས་ཏེ། དག་པའི་ཤེས་རབ་དག་པའི་ཡེ་ཤེས་སོ། །ཞེས་པ་དང༌། ཤེས་བྱ་ཆོས་ཀྱི་དབྱིངས་ལ་ཡེ་ཤེས་སྐྱེ་བའི་གེགས་སུ་གྱུར་པའི་སྒྲིབ་པ་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་ཤེས་བྱའི་སྒྲིབ་པ་སྟེ། གང་སོ་སོར་རིམ་གྱིས་སྤངས་པ་ལས་རིམ་གྱིས་བྱང་ཆུབ་སེམས་དཔའི་ས་བཅུ་རྣམས་འཐོབ་བའོ། །ཉོན་མོངས་པ་ནི་འདོད་ཆགས་ལ་སོགས་པ་རྣམས་ཏེ་ཉོན་མོངས་པའི་སྒྲུབ་པའོ། །ཅིའི་ཕྱིར་ཞེ་ན། ཐར་པ་ཐོབ་པ་མ་ཡིན་ཏེ། དེ་ལ་ཉོན་མོངས་པས་གེགས་བྱེད་པར་འགྱུར་ཏེ། ཁྱིམ་དུ་འཇུག་པ་ལ་སྒོ་གླེག་བཞིན་ནོ། །ཇི་ལྟར་དེ་གེགས་བྱེད་ཡིན་ཞེ་ན། དེ་ཡོད་ན་མི་སྐྱེ་བའི་ཕྱིར་རོ། །ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །

ཤེས་རབ་དང་ཐབས་ཀྱིས་ཡོངས་སུ་ཟིན་པའི་ཉོན་མོངས་པ་ནི་སྔགས་ཀྱི་ཐེག་པ་འབའ་ཞིག་ཏུ་མ་ཟད། ཕ་རོལ་ཏུ་ཕྱིན་པའི་ཐེག་པར་ཡང༌། སྤང་བར་བྱ་བ་མ་ཡིན་པར་གསུངས་ཏེ། མན་ངག་སྙེ་མར། དཀོན་མཆོག་བརྩེགས་པའི་ལུང་དྲངས་པར། འོད་སྲུང་འདི་ལྟར་འབྲས་ས་ལུའི་ཞིང་རྣམས་ལ་ལུད་ཀྱི་ཕུང་པོས་ཕན་པར་བྱེད་པར་འགྱུར་རོ། །དེ་བཞིན་དུ། བྱང་ཆུབ་སེམས་དཔའི་ཉོན་མོངས་པ་རྣམས་ཀྱང་ཕན་པར་བྱེད་པར་འགྱུར་རོ། །འོད་སྲུང་འདི་ལྟ་སྟེ། སྔགས་དང་སྨན་གྱིས་ཡོངས་སུ་ཟིན་པའི་དུག་གིས་ལྟུང་བར་མི་བྱེད་དོ། །དེ་བཞིན་དུ། ཤེས་རབ་དང་ཐབས་དང་ལྡན་པའི་ཉོན་མོངས་པ་རྣམས་ཀྱིས་མི་ལྟུང་ངོ༌། །ཞེས་པ་དང༌། ཡང་དེ་ཉིད་དུ། དབུ་མ་བཞི་བརྒྱ་པའི་ལུང་དྲངས་པར། ཕན་མིན་པར་ཡང་གང་མཐོང་བ། །མཁས་པས་ལ་ལར་དེ་ཕན་ཏེ། །ནད་ཀྱི་དབང་ལས་ཐམས་ཅད་ནི། །སྨན་ཞེས་བྱ་བར་སྐྱེ་མིན་པ། །ཞེས་པ་དང༌། ཡང་དེར། ཐེག་པ་ཆེན་པོ་བསྡུས་པའི་ལུང་དྲངས་པ། ཐབས་ཆེན་ལྡན་པ་རྣམས་ཀྱི་ནི། །ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར། །འཁོར་བའང་ཞི་བའི་བདག་ཉིད་དུའོ། །དེ་སྲིད་རྒྱལ་སྲས་བསམ་མི་ཁྱབ། །ཅེས་པ་དང༌། གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་འཕགས་བཙུན་མོའི་འཁོར་གྱི་ནང་ན་བཞུགས་ཀྱང་འཆིང་བ་མེད་པ་ལ་སོགས་པ་རྒྱ་ཆེར་གསུངས་པ་རྣམས་ཁོང་དུ་ཆུད་པར་བགྱིད་འཚལ་ལོ། །

དེ་ལྟ་བས་ན། མཚན་ཉིད་ཀྱི་ཐེག་པ་དང༌། སྔགས་ཀྱི་ཐེག་པ་གཉིས་ལ། ཉོན་མོངས་པ་སྤོང་བ་དང༌། མི་སྤོང་བ་དང༌། ཉོན་མོངས་པ་ལམ་དུ་མི་འགྱུར་བ་དང༌། འགྱུར་བའི་ཁྱད་པར་སྨྲ་བ་དེ་ནི་སུ་ཡིན་ཡང་རུང་སྟེ། ཕ་རོལ་ཏུ་ཕྱིན་པ་དང་སྔགས་ཀྱི་ཚུལ་ལ་བློ་ཁ་ཅུང་ཟད་ཀྱང་མ་ཕྱོགས་པར་རིག་པར་བྱའོ། །སྤྱིར་སྔགས་དང་ཕ་རོལ་ཏུ་ཕྱིན་པ་དོན་གཅིག་པ་དང༌། སྔགས་ཀྱི་ཐེག་པ་ཁྱད་པར་འཕགས་པའི་ཚུལ་དང༌། འབྲས་བུའི་ཐེག་པ་དང༌། རྒྱུའི་ཐེག་པ་འཇོག་པའི་ཚུལ་ལ་སོགས་པ་རྣམས་ད་ལྟ་བོད་ཕལ་ཆེར་ལ་གྲགས་པ་འདི་ལས་གཞན་པ་རྩ་བའི་རྒྱུད་རྣམས་དང༌། ས་བཅུའི་དབང་ཕྱུག་རྣམས་ཀྱིས་མཛད་པའི་གཞུང་དུ་གྲགས་པའི་རྣམ་པར་བཤད་པ་ཞིབ་མོར་བྱ་ནུས་ན་ཡང༌། འདིར་ཡི་གེ་མང་དུ་དོགས་པས་མ་བྲིས་སོ།།

ཡང་ཁྱེད་ཀྱི་སྔགས་ཀྱི་ལག་ལེན་ལ་སྤང་བྱ་ཉོན་མོངས་པ་དེ། གཉེན་པོས་མི་འཇོམས་པའི་དཔེར། དུག་གི་ནུས་པ་སྔགས་ཀྱིས་སྨན་དུ་བསྒྱུར་བ་བཀོད་པ་འདི་ཡང་དཔེ་དོན་ཅི་འདྲར་འགྲིག་སྟེ། དུག་གིས་སྡུག་བསྔལ་བསྐྱེད་པའི་ནུས་པ་དེ་སྔགས་ཀྱིས་མ་བཅོམ་ན་ནི་དེ་སྨན་དུ་ཇི་ལྟར་འགྱུར། བཅོམ་ན་ནི་དེ་སྤང་བྱ་གཉེན་པོས་འཇོམས་པའི་དཔེར་འགྱུར་གྱི། མི་འཇོམས་པའི་དཔེར་མི་རུང་ངོ༌། །གཞན་ཡང༌། རྡོ་རྗེ་འཛིན་པ་ཆེན་པོ་རྣམས་ཀྱིས་རྒྱུད་འགྲེལ་ཟབ་མོ་ཆ་ལག་དང་བཅས་པ་རྣམས་སུ་སྤང་གཉེན་གསུངས་པ་ཤིན་ཏུ་མང་ངོ༌། །དེ་ལ་རེ་ཞིག་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་རྒྱལ་པོར། འཕོ་བའི་བདེ་བ་སྤང་བྱར་གསུངས་པ་འདི་ལྟ་སྟེ། དེ་ལྟར་སེམས་ནི་རྣམ་བཞི་སྲིད་པ་གསུམ་ལ་གནས་པའི་སྲོག་ཆགས་རྣམས་ཀྱི་ཐིག་ལེའི་དབུས་སུ་སྟེ། །རྣལ་འབྱོར་དབང་པོ་རྣམས་ཀྱིས་བདེ་མཉམ་འབྲས་སྟེར་ཁྱབ་བྱེད་དག་ནི་ཐར་པའི་སླད་དུ་བསྲུང་བར་བྱ། །ཐིག་ལེ་བཏང་ན་རྣལ་འབྱོར་རྣམས་ཀྱི་སྐྱེ་བའི་ས་བོན་མཆོག་གི་བདེ་བ་སོང་ལ་ཐར་པ་གང༌། །དེ་ཕྱིར་འཁོར་བའི་བདེ་བ་སྐད་ཅིག་འདི་ནི་སྡོམ་བརྩོན་རྣམས་ཀྱིས་ཐམས་ཅད་དུ་ཡང་སྤང་བར་བྱ། །ཞེས་པ་དང༌། དེའི་འགྲེལ་པར་ཡང༌། འགྱུར་བ་དང་འཛག་པ་དང་གཡོ་བ་དོར་བར་བྱའོ། །ཞེས་པ་ནི་བཅོམ་ལྡན་འདས་ཀྱིས་ངེས་པའོ། །ཞེས་དང༌། མཆོག་གི་དང་པོའི་སངས་རྒྱས་སྟོང་ཕྲག་བཅུ་གཉིས་པར་ཡང༌། འཕོ་བའི་ཆགས་པ་སྤང་བྱར་གསུངསཏེ། ཇི་སྐད་དུ། འཕོས་པ་ལ་ནི་ཆགས་བྲལ་འགྱུར། །ཆགས་བྲལ་ལས་ནི་སྡུག་བསྔལ་འབྱུང༌། །སྡུག་བསྔལ་སྐྱེས་བུའི་ཁམས་ཟད་བྱེད། །ཟད་པ་ལས་ནི་འཆི་བར་བརྗོད། །ཤི་ལས་སླར་ཡང་དེ་རྣམས་ཀྱིས། །སྲིད་པའི་སྲིད་ལས་སླར་འཆི་འཕོ། །དེ་ལྟར་སེམས་ཅན་གྱི་སྲིད་ པ། །ཆགས་བྲལ་ལས་བྱུང་གཞན་དུ་མིན། །དེ་ཕྱིར་འབད་པ་ཐམས་ཅད་ཀྱིས། །འཕོ་བའི་ཆགས་པ་རྣམ་པར་སྤང༌། །ཞེས་པའོ། །ཡང་དེ་ཉིད་དུ་གསུངས་པ། ཆགས་སོགས་དྲི་མ་ལྡན་པའི་སེམས། །འགྱུར་བ་འཁོར་བའི་རྒྱུ་ཡིན་ཏེ། །དེ་དང་བྲལ་བས་རྣམ་པར་དག །རང་བཞིན་དྲི་མེད་དག་པའོ། །ཞེས་པའོ། །མཁའ་འགྲོ་མ་རྡོ་རྗེ་གུར་དུ་ཡང༌། ཀུན་ཏུ་སེམས་ཅན་ཐམས་ཅད་ཀྱི། །སྡིག་པ་ཐམས་ཅད་རྣམ་སྦྱང་ཞིང༌། །ཞེས་པ་དང༌། གཏི་མུག་ཀུན་ཏུ་ཟད་བྱའི་ཕྱིར། །མགོན་པོ་རྒྱལ་བ་རྣམ་སྣང་མཛད། །ཅེས་པ་དང༌། འགྲོ་བ་རྨོངས་པས་གཟིར་གཟིགས་ནས། །གཏི་མུག་ཐམས་ཅད་ཟད་མཛད་པ། །ཞེས་པ་དང༌། འགྲོ་བ་ཁེངས་པས་གཟིར་གཟིགས་ནས། །ང་རྒྱལ་ཐམས་ཅད་ཟད་མཛད་པ། །ཞེས་པ་དང༌། འགྲོ་བ་ཆགས་པས་གཟིར་གཟིགས་ནས། །ཆགས་པ་ཐམས་ཅད་ཟད་མཛད་པ། །ཞེས་པ་དང༌། འགྲོ་བ་ཕྲག་དོག་གིས་གཟིར་གཟིགས། །ཕྲག་དོག་ཐམས་ཅད་ཟད་མཛད་པ། །ཞེས་པ་ལ་སོགས་པ་གསུངས་སོ། །དཔལ་ཁ་སྦྱོར་གྱི་རྒྱུད་དུ་ཡང༌། འདོད་པ་ཐམས་ཅད་རབ་སྤངས་ཏེ། །མཁས་པས་རང་རིག་ཙམ་གྱིས་ནི། །སྦྱོར་བའི་མཐར་ཐུག་བསམ་གཏན་གནས། །ཉིན་དང་མཚན་དུ་གོམས་པར་མཛོད། །ཅེས་པ་དང༌། སྲིད་པའི་ལོངས་སྤྱོད་འདོད་པ་ཡིས། །ངག་གི་ཡི་གེ་སྤངས་ནས་སུ། །ཡིད་ཀྱི་བཟླས་དང་ཡང་དག་ལྡན། །རྟག་པ་ཆོས་ཀྱི་དབྱིངས་ཉིད་ཀྱིས། །མི་གཡོ་གོ་འཕང་རྒྱུན་དུ་གནས། །རྟག་ཏུ་ཕྲ་ཞིང་གོས་མེད་པས། །ཡེ་ཤེས་ལ་ནི་རྣམ་ཤེས་ཐིམ། །རྣམ་ཤེས་ཡེ་ཤེས་ཉིད་གྱུར་ན། །བྱང་ཆུབ་རིམ་པ་མཐོང་འགྱུར་ཏེ། །ཞེས་པ་ལ་སོགས་པ་དང༌། ཇི་ལྟར་བདུད་རྩི་དོན་གཉེར་བས། །སྙིང་པོ་བླངས་ཏེ་རྩིགས་མ་འདོར། །དེ་བཞིན་ཆོས་ལྔའི་བདུད་རྩི་ནི། །རྙེད་ནས་རྟོག་པ་ཀུན་སྤངས་བྱ། །རྟོག་པའི་གནས་ནི་བཏང་ནས་སུ། །བློ་ལྡན་གང་ཞིག་མི་རྟོག་གནས། །ཐུགས་ཀྱི་རྡོ་རྗེ་གསུངས་པ་བཞིན། །དེ་ལ་དངོས་གྲུབ་ཐེ་ཚོམ་ མེད། །རྟོག་པས་དམྱལ་བར་འགྲོ་འགྱུར་ཞིང༌། །འགྲོ་དྲུག་རྒྱ་མཚོར་འཁོར་བར་འགྱུར། །རྟོག་པ་ལས་ནི་རྣམ་གྲོལ་ན། །དྲི་མེད་ཞི་བའི་གནས་སུ་འགྲོ། །དེས་ན་རྟོག་པའི་དྲ་བ་བཅད། །ཅེས་པ་དང༌། བདག་དང་གཞན་དུ་འཛིན་སྤངས་ཤིང༌། །རང་གིས་རིག་པའི་ཡེ་ཤེས་ཏེ། །ཞེས་པ་དང༌། ཀུན་ཕན་ཞི་བ་མཚུངས་མེད་ པས། །རྟག་ཆད་འགྲོ་སྐྱོབ་རྣམ་རྟོག་སྤངས། །ཞེས་པ་དང༌། ཡང༌། མི་ཤེས་རྨོངས་པའི་སེམས་ཅན་རྣམས། །ཇི་སྲིད་ཡེ་ཤེས་རྣམ་སྤངས་ཏེ། །ཕྱི་རོལ་དངོས་པོ་ལ་གནས་ཤིང༌། །རྟོག་པའི་དྲ་བས་དཀྲིས་པའི་ཚེ། །བསོད་ནམས་དང་ནི་སྡིག་པ་ཡི། །ཕུང་པོ་གཉིས་སུ་བརྟགས་པ་ཡིན། །ཆོས་འདིའི་རང་བཞིན་རྣམ་དག་སྟེ། །སྐྱེ་བ་མེད་ཅིང་གནས་མེད་ལས། །མི་ཤེས་སྒྲིབ་པའི་སྐྱེ་བོ་ལ། །སྡིག་དང་བསོད་ནམས་སངས་རྒྱས་གསུངས། །དྲང་བའི་ཐབས་སུ་མཛད་པས་ན། །སྡིག་དང་བསོད་ནམས་གཉིས་ཀ་སྤང༌། །དཔེར་ན་ཆུ་ཡི་གང་བའི་ཀླུང༌། །བརྒལ་འདོད་སྐྱེ་བོས་ཤིང་དང་ནི། །རྩ་སོགས་བསྡུས་ཏེ་འཇུས་ནས་སུ། །རྐྱལ་ཏེ་ཕ་རོལ་བརྒལ་བ་དང༌། །དེས་ན་བདེ་བར་འགྲོ་བར་འགྱུར། །དེ་བཞིན་ཆོས་དང་ཆོས་མིན་ལ། །བརྟེན་ནས་འཁོར་བའི་ཕ་རོལ་འགྲོ། །བདེ་བའི་བྱང་ཆུབ་ཐོབ་གྱུར་ནས། །ཆོས་དང་ཆོས་མིན་རབ་ཏུ་སྤོང༌། །དེ་བས་རྟོག་པའི་ཚོགས་སྤངས་ཏེ། །ཟབ་མོའི་ཆོས་ལ་འཇུག་པར་བྱ། །དེ་བཞིན་གཤེགས་པས་གསུངས་པའི་ལམ། །ལམ་རིག་པ་ནི་རྟོགས་མི་འགྱུར། །རྣམ་རྟོག་རྨོངས་པ་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །མི་རྟོག་ཏིང་འཛིན་ལ་གནས་ན། །མཁའ་བཞིན་དྲི་མ་མེད་པར་འགྱུར། །ཞེས་པ་ལ་སོགས་པས་སྤང་བྱ་དང༌། དེ་སྤང་བྱེད་གཉེན་པོ་ཡང་ཡང་གསུངས་སོ། །རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལས་ཀྱང༌། རྣམ་པར་རྟོག་པ་ལ་སོགས་པ་སྤང་བྱར་གསུངས་པ་འདི་ལྟ་སྟེ། རྟོག་པ་སྡུག་བསྔལ་རྒྱུར་གྱུར་པ། །ཇི་སྲིད་མ་སྤངས་བར་དུ་ནྀ། །འཇིག་རྟེན་འདི་ན་སངས་རྒྱས་མིན། །ཀུན་མཁྱེན་ཞེས་ཀྱང་མི་བྱའོ། །ཞེས་པ་དང༌། ཀུན་མཁྱེན་གོ་འཕང་འདོད་པ་ཡི། །རྟོག་པ་རྣམ་པ་སྣ་ཚོགས་པ། །དེ་ཀུན་གང་ལ་མེད་གྱུར་པ། །དེ་ལ་རྟག་ཏུ་བརྩོན་པར་བྱ། །ཞེས་པ་ལ་སོགས་པ་དང༌། ཡང༌། སམ་བུ་ཊི་ལས། གཏི་མུག་ཆགས་སྡང་ང་རྒྱལ་དང༌། །ཕྲག་དོག་དང་ནི་ཉོན་མོངས་ལྔས། །སེམས་ཅན་སོ་སོར་བཅིངས་པ་གང༌། །རང་རིག་ཡན་ལག་ཉིད་ཀྱིས་འཇོམས། །འདིས་ནི་འགྲོ་དྲུག་སེམས་ཅན་བཅིངས། །འཁོར་བར་འཁོར་ཞིང་སྐྱེ་བ་ཉིད། །ཉོན་མོངས་པས་ནི་རྨོངས་གྱུར་པ། །སྡིག་པ་དུ་མ་བྱེད་པར་འགྱུར། །དེ་ཕྱིར་འདི་བཅོམ་ཀུན་མཁྱེན་ཉིད། །ཅེས་པ་དང༌། ཡང༌། རྟོག་པ་ཐམས་ཅད་ཡང་དག་སྤངས། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཚོགས། །ཡེ་ཤེས་སྐུ་ལ་ཕྱག་འཚལ་བསྟོད། །ཅེས་པ་དང༌། ཡང༌། མཉམ་ཉིད་སེམས་ནི་བསྐྱེད་ནས་ནི། །འདོད་ཆགས་ལ་སོགས་རིང་དུ་སྤངས། །ཞེས་པ་དང༌། དཔལ་རྡོ་རྗེ་ཕྲེང་བའི་རྒྱུད་དུ་ཡང༌། མི་མཐུན་པ་དང་གཉེན་པོའི་ཕྱིར། །སྟོང་ཉིད་སྒོམ་པ་ཡོངས་སུ་གསུངས། །ཞེས་པ་དང༌། དེ་ལྟ་སྟོང་ཉིད་དབྱེ་བ་ཡང༌། །བག་ཆགས་རྣམས་ཀྱི་གཉེན་པོའི་ཕྱིར། །དངོས་པོ་ཀུན་གྱི་མི་མཐུན་ཕྱོགས། །བླ་མ་བརྒྱུད་པ་ལས་ཤེས་བྱ། །ཞེས་པ་ལ་སོགས་པ་གསུངས་ཤིང༌། དེ་བཞིན་དུ། བྱང་ཆུབ་ཀྱི་སེམས་འཛག་མེད་དུ་བརྟན་པར་མ་གྱུར་གྱི་བར་དུ་ལས་ཀྱི་ཕྱག་རྒྱ་ལ་སོགས་པ་སྤང་བྱར་གསུངས་པ་ཡང༌། དམ་པ་དང་པོའི་སངས་རྒྱས་ཀྱི་རྒྱུད་དུ། ལས་ཀྱི་ཕྱག་རྒྱ་བརྟགས་པ་ཡི། །ཡེ་ཤེས་ཕྱག་རྒྱ་ཡོངས་སྤངས་ནས། །མཆོག་ཏུ་མི་འགྱུར་སྦྱོར་བ་ཡིས། །ཕྱག་རྒྱ་ཆེན་མོ་རྣམ་པར་བསྒོམ། །ཞེས་པ་དང༌། དེ་ཉིད་ཀྱི་བསྡུས་པའི་རྒྱུད་དུ་ཡང༌། སེམས་ནི་རྙོག་པ་དང་བཅས་ལས་ཀྱི་ཕྱག་རྒྱ་འདི་དང་བརྟགས་པའི་ཡེ་ཤེས་ཕྱག་རྒྱ་སྤང་བྱ་སྟེ། །ཞེས་པ་ལ་སོགས་པ་དང༌། དཔལ་དོན་དམ་པའི་བསྙེན་པར་ཡང༌། ཐལ་བའི་དཔལ་མོ་མ་ཉམས་བདེ་བ་དེ། །དོར་ནས་དགེ་མེད་གཞོན་ནུ་མར་བརྩེ་བ། །ཕལ་ཆེན་སྔོན་བསགས་དྲག་པོའི་ལས་གང་གིས། །བདུད་རྩི་དོར་ནས་དུག་ནི་འཐུང་བར་བྱེད། །ཅེས་གསུངས་པ་ནཱ་རོ་འགྲེལ་ཆེན་དུ་ཡང་དྲངས་ཤིང༌། རྒྱ་འགྲེལ་ཆེན་པོ་དྲི་བྲལ་འོད་དུ་ཡང༌། ལས་ཀྱི་ཕྱག་རྒྱ་ཡོངས་དོར་ཞིང༌། །ཡེ་ཤེས་ཕྱག་རྒྱ་རྣམ་པར་སྤངས། །ཕྱག་རྒྱ་ཆེ་ལས་ཡང་དག་སྐྱེས། །ལྷན་སྐྱེས་གཞན་དང་འགྲོགས་པས་མིན། །རྣམ་རྟོག་སྒོམ་པ་ལས་འདས་པ། །ཕྱག་རྒྱ་ཆེན་པོ་མི་འགྱུར་བདེ། །གཟུང་དང་འཛིན་པ་དབྱིབས་དག་དང༌། །རྟོག་དང་བརྗོད་པ་རྣམ་པར་སྤངས། །ཞེས་པ་ལ་སོགས་པ་དང༌། དེ་རྣམས་ལ་ལྟོས་པ་མེད་པ་ནི་བསྙེན་པ་སྟེ། ལུས་དང་རྫས་ལ་སྲེད་པ་ཡོངས་སུ་སྤངས་པ་ནི། །ཞེས་པ་དང༌། འདིར་ལྷ་རྣམས་མཆོག་སྟེར་བར་འགྱུར་གྱི། སྲིད་པའི་ལོངས་སྤྱོད་ལ་ཞེན་པས་ནི་མ་ཡིན་ནོ། །ཞེས་པ་དང༌། དེའི་ཕྱིར། བདུད་ཅེས་བྱ་བ་ནི། སེམས་ཅན་རྣམས་ཀྱི་འཁོར་བའི་སེམས་ཀྱི་བག་ཆགས་ཀྱི་དྲི་མའོ། །སངས་རྒྱས་ཉིད་ཅེས་བྱ་བ་ནི། འཁོར་བའི་བག་ཆགས་དང་བྲལ་བའི་སེམས་སོ། །དེ་ལྟར་ཡང༌། བཅོམ་ལྡན་འདས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། སེམས་གང་ཞིག་ཡོད་པའི་སེམས་དེ་ནི་སེམས་མ་ཡིན་ནོ། །ཞེས་པ་རང་བཞིན་གྱིས་འོད་གསལ་བར་གསུངས་ཏེ། དེ་ཉིད་ནི་འཁོར་བའི་བག་ཆགས་དང་བྲལ་བའོ། །དེའི་ཕྱིར་བདུད་ནི་དྲི་མ་དང་བཅས་པའི་སེམས་ཡིན་ལ། སངས་རྒྱས་ཉིད་ནི་དྲི་མ་མེད་པའི་སེམས་ཡིན་ནོ། །ཞེས་གསུངས་པས་འཁོར་བའི་སེམས་ཀྱི་བག་ཆགས་ཀྱི་དྲི་མ་རྣམས་བདུད་ཡིན་པའི་ཕྱིར་སྤང་བྱར་གསུངས་ཏེ། ཇི་སྐད་དུ། གང་ལ་བདུད་ཡོད་པའི་སྐད་ཅིག་དེ་ལ་སངས་རྒྱས་ཉིད་དུ་མི་འགྱུར་ཏེ། སེམས་སྒྲིབ་པ་དང་བཅས་པའི་ཕྱིར་རོ། །སྐད་ཅིག་ལ་སངས་རྒྱས་ཉིད་ཡིན་པའི་སྐད་ཅིག་དེ་ལ་བདུད་མེད་དེ། སྒྲིབ་པ་ཐམས་ཅད་ཟད་པའི་ཕྱིར་རོ། །དེའི་ཕྱིར་སེམས་ཅན་རྣམས་ཀྱི་ལུས་དང་ངག་དང་སེམས་དང་མ་རིག་པའི་བག་ཆགས་ཀྱི་བདུད་ནི་བདུད་བཞི་སྟེ། །ཞེས་པ་དང༌། ལུས་དང་ངག་དང་སེམས་དང་མ་རིག་པའི་བདུད་སྔར་བརྗོད་པ་འདི་རྣམས་ཀྱི་སྐྱེད་པར་བྱེད་པ་ནི་འགྱུར་བའི་སྐད་ཅིག་སྟེ། འདོད་པའི་ལྷར་མངོན་པར་བརྗོད་དོ། །དེ་ནི་དེ་བཞིན་གཤེགས་པས་མཆོག་ཏུ་མི་འགྱུར་བའི་སྐད་ཅིག་གིས་རྣམ་པར་བཅོམ་མོ། །དེ་བཅོམ་པ་ནི་བདུད་ཀྱི་དཔུང་བཅོམ་པ་སྟེ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་ཁོང་ཁྲོ་དང༌། མ་རིག་པའི་རང་བཞིན་ཅན་རྣམས་ཟད་པའོ། །ཞེས་སེམས་ཅན་རྣམས་ཀྱི་ལུས་དང་ངག་དང་སེམས་དང་མ་རིག་པའི་བག་ཆགས་རྣམས་དྲི་མ་དང་བདུད་བཞིར་གསུངས་པའི་ཕྱིར། སྤང་བྱ་ཡིན་ལ། དེ་རྣམས་མཆོག་ཏུ་མི་འགྱུར་བའི་བདེ་བའི་སྐད་ཅིག་གིས་བཅོམ་པར་གསུངས་པས། མཆོག་ཏུ་མི་འགྱུར་བའི་བདེ་བའི་སྐད་ཅིག་གཉེན་པོ་ཡིན་པར་གྲུབ་བོ། །དེ་བཞིན་དུ། འགྱུར་བའི་མ་རིག་པ་ལ་སོགས་པ་དང་མི་འགྱུར་བའི་རིག་པ་བདེ་བའི་སྐད་ཅིག་རྣམས་སྤང་གཉེན་དུ་གསུངས་པ་ཡང༌། དེ་ཉིད་ལས། དེ་བཞིན་དུ། ཕུང་པོ་རྣམས་ཀྱི་མཚམས་སྦྱོར་བ་ནི། འགྱུར་བའི་འདོད་ཆགས་ཀྱི་བག་ཆགས་ཀྱི་དབང་གིས་སོ། །བཅོམ་ལྡན་འདས་ཀྱི་གསུངས་འདིའི་ཕྱིར། འཁོར་བའི་འཁོར་ལོ་ནི་འགྱུར་བའི་འདོད་ཆགས་ཏེ་མ་རིག་པའོ། །འདིར་གང་གི་ཚེ་འགྱུར་བའི་འདོད་ཆགས་ཉམས་པ་དེའི་ཚེ་མཆོག་ཏུ་མི་འགྱུར་བར་འགྱུར་ཏེ། མཆོག་ཏུ་མི་འགྱུར་བ་ནི་འདོད་ཆགས་ཆེན་པོའོ། །འདོད་ཆགས་ཆེན་པོ་ལས་ཆགས་བྲལ་ཉམས་པ་སྟེ། ཆགས་བྲལ་ཞེས་པ་ནི་ཞེ་སྡང་ངོ༌། །ཞེ་སྡང་ཟད་པ་ལས་ཞེ་སྡང་ཆེན་པོར་འགྱུར་ཏེ། ཞེ་སྡང་ཆེན་པོ་ལས་བརྒྱལ་བ་ཞེས་བྱ་བ་གཏི་མུག་ཉམས་པའོ། །གཏི་མུག་ཉམས་པ་ལས་གཏི་མུག་ཆེན་པོར་འགྱུར་རོ། །འདོད་ཆགས་ཆེན་པོ་དང༌། ཞེ་སྡང་ཆེན་པོ་དང༌། གཏི་མུག་ཆེན་པོ་ལས་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་བདག་ཉིད་མ་རིག་པ་ཉམས་པའོ། །མ་རིག་པ་ཟད་པ་ལས་མ་རིག་པ་ཆེན་པོར་འགྱུར་རོ། །དེ་ལྟར་མ་རིག་པ་འགགས་པས་འདུ་བྱེད་འགག་གོ །དེ་བཞིན་དུ། འདུ་བྱེད་ནས་རྒ་ཤིའི་བར་དུ་སྦྱར་ཏེ། དེ་ལྟར་ཡན་ལག་བཅུ་གཉིས་འགགས་པ་ལས་ཆོས་མི་མཐུན་པས་བཅོམ་ལྡན་འདས་ཀྱི་ཡན་ལག་རྣམས་ནི་སྒྲིབ་པ་མེད་པར་རིག་པར་བྱའོ། །ཞེས་པའོ། དགྱེས་རྡོར་འབུམ་ལྔར་ཡང༌། དེ་དང་མཐུན་པ་མང་དུ་གསུངས་ཤིང༌། རྒྱུད་གཞན་རྣམས་སུ་ཡང་ངོ༌། །དེ་བཞིན་དུ། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་རྒྱལ་པོར། འཚེ་དང་མི་བདེན་གཞན་གྱི་བུད་མེད་སྤང་བྱ་གཞན་གྱི་ནོར་དང་ཆང་གི་བཏུང་བ་དེ་བཞིན་ཉིད། །འཁོར་བར་རྡོ་རྗེའི་ཞགས་པ་དག་སྟེ་རང་གི་དགེ་བ་འཇོམས་བྱེད་སྡིག་པ་ལྔ་པོ་འདི་དག་གོ །ཞེས་པ་དང༌། ཆོ་ལོ་ཁ་ན་མ་ཐོ་བཅས་པའི་ཟས་དང་ཚིག་ངན་ཀློག་དང་འབྱུང་པོ་ལྷ་མིན་དབང་པོའི་ཆོས། །བ་ལང་བྱིས་པ་བུད་མེད་སྐྱེས་པ་རྣམས་དང་ལྷ་མིའི་བླ་མ་གསོད་པ་ལྔ་ནི་མི་བྱའོ། །གྲོགས་པོ་རྗེ་བོ་རྣམས་དང་ལྷ་དང་མི་ཡི་བླ་མ་དགེ་འདུན་ཡིད་བརྟན་རྣམས་ལ་འཁུ་བ་ཡང༌། །དབང་པོ་རྣམས་ནི་ཀུན་ནས་ཆགས་པ་དག་སྟེ་དེ་ལྟར་སྲིད་པའི་བདག་པོའི་བརྟུལ་ཞུགས་ཉི་ཤུ་ལྔ། །ཞེས་པ་འཚེ་བ་ལ་སོགས་པ་ཉི་ཤུ་རྩ་ལྔ་སྤང་བྱར་གསུངས་པ་དང༌། རྒྱུད་གཞན་རྣམས་སུ་ཡང༌། རྩ་བའི་ལྟུང་བ་བཅུ་བཞི་སྤང་བྱར་གསུངས་ཤིང༌། དུས་ཀྱི་འཁོར་ལོར་ཡང་གསུངས་ཏེ། དེ་དག་མ་སྤངས་ན་དམྱལ་བར་འགྲོ་བའི་ཕྱིར། ཇི་སྐད་དུ། གལ་ཏེ་གཡོ་སྒྱུའི་དབང་གིས་རྩ་བའི་ལྟུང་བ་བྱུང་ན་དམྱལ་བར་འགྲོ་སྟེ་འདི་དག་སྡུག་བསྔལ་ལོ། །ཞེས་པ་དང༌། དཔལ་ལྡན་བླ་མའི་ཐུགས་དཀྲུགས་པ་ལས་བུ་རྣམས་ཀྱི་ནི་རྩ་བའི་ལྟུང་བ་རི་བོང་འཛིན་པར་འགྱུར། །ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །

དཔལ་ལྡན་དྲི་མ་དང་བྲལ་བའི་འོད་དུ་ཡང༌། ལམ་བཟང་རིན་ཆེན་འདི་ནི་བག་མེད་ཀྱི། །སེམས་ཅན་གཞན་པ་དག་ལ་བྱིན་པ་ན། །རང་ཁྱིམ་དགོན་པ་དག་ཏུ་རབ་བཞུགས་ལ། །ཡུལ་ངན་ཆོམ་རྐུན་རྣམས་ཀྱིས་འཕྲོག་པར་བྱེད། །ཐེ་ཚོམ་འགྱོད་པ་དག་དང་གཉིད་དང་ནི། །ལེ་ལོ་རྒོད་པའི་ཆོམ་རྐུན་རྣམས་ཀྱིས་ཀྱང༌། །གཉེན་འདུན་འཐིབས་པོའི་ནང་དུ་ཞུགས་པ་ཡི། །ལམ་བཟང་རིན་ཆེན་དག་ནི་འཕྲོག་པར་བྱེད། །སྲོག་གཅོད་མ་བྱིན་གཞན་གྱི་བུད་མེད་དང༌། །བརྫུན་དང་ཚིག་རྩུབ་དག་དང་ཕྲ་མ་དང༌། །འཁྱལ་པར་འགྱུར་བའི་ཚིག་དང་བརྣབ་སེམས་དང༌། །གནོད་སེམས་ལྟ་བ་ངན་པའི་ཆོམ་རྐུན་དང༌། །ཡོད་པའི་སྡིག་དང་ཉེ་བའི་སྡིག་པ་དང༌། །གསོད་འཁུ་དབང་པོ་མངོན་པར་ཞེན་པ་སྟེ། །ཆོམ་རྐུན་ལྔ་པ་ལྔ་པོ་འདི་དག་གིས། །རིན་པོ་ཆེ་ནི་རྟག་ཏུ་འཕྲོག་པར་བྱེད། །ཤིན་ཏུ་བཟའ་དང་བཏུང་བ་སྣ་ཚོགས་དང༌། །ལོངས་སྤྱོད་དུ་མའི་ཆོམ་རྐུན་དེ་དག་གིས།།བརྩོན་འགྲུས་ལྡན་དུ་ཟིན་ཀྱང་བག་མེད་ཅིང༌། །རྒྱལ་བར་གྱུར་པ་ཉིད་ལ་འཕྲོག་པར་བྱེད། །རང་ཉིད་ཀྱིས་ནི་ཡོངས་སུ་མ་བརྟགས་པར། །རིན་ཐང་ཆེན་པོར་གྱུར་པ་ཡིན་མ་ཡིན། །ཤེས་པར་བྱ་ཕྱིར་གཡོ་ཅན་གཞན་ལ་སྟོན། །དེ་ཡི་ཚིགས་གིས་རིན་ཆེན་འདོར་བར་བྱེད། །གང་དག་རིན་ཆེན་བཟང་པོའི་རིག་པ་རྣམས། །རིན་ཆེན་ཆེན་པོ་ཡོངས་སུ་རྟོག་ཏུ་གཞུག །དེ་དག་རྣམས་ཀྱིས་རྣམ་དག་ཚིག་གིས་ནི། །རང་གི་རིན་ཆེན་རྣམ་པར་ཤེས་པར་བྱ། །རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། །ཕ་དང་མ་དང་བུ་མོ་སྲིང་མོ་དང༌། །བུ་དང་སྤུན་ཟླ་འདོད་པའི་ཆུང་མ་ཡི། །གཟུགས་རྣམས་དག་གིས་བདུད་རྣམས་གེགས་བྱེད་དོ། །དེ་ཕྱིར་བླ་མ་དམ་པས་གནང་བ་ཡི། །ལམ་བཟང་རིན་ཆེན་དག་ནི་སློབ་མ་ཡིས། །ཆོམ་རྐུན་རྩ་ལགས་ཡོངས་སུ་བཏང་བྱ་སྟེ། །འབད་པས་ཤིན་ཏུ་ལེགས་པར་སྦ་བར་བྱ། །ཞེས་གསུངས་ཏེ། འདི་རྣམས་ཀྱིས་ནི་སྒྲིབ་པ་ལྔ་དང༌། མི་དགེ་བ་བཅུ་དང༌། ཡོད་པའི་སྡིག་པ་ལྔ། ཉེ་བའི་སྡིག་པ་ལྔ། གསོད་པ་གཞན་ལྔ། འཁུ་བ་ལྔ། དབང་པོ་ལྔ། མངོན་པར་ཞེན་པ་སྟེ། བརྟུལ་ཞུགས་ཉི་ཤུ་རྩ་ལྔའི་མི་མཐུན་ཕྱོགས་ཉེར་ལྔ་པོ་དེ་རྣམས་དང༌། ཐར་པའི་ལམ་གྱི་བར་དུ་གཅོད་པའི་བདུད་ཐམས་ཅད་སྤང་བྱར་གསུངས་སོ། །དེའི་ཕྱིར་སྔགས་ཀྱི་ཐེག་པར་ཉོན་མོངས་པ་སྤང་བྱར་མ་གསུངས་པས། སྡིག་པ་མི་དགེ་བའི་ལས་རྣམས་ཅི་དགར་སྤྱད་པས་ཆོག་གོ ། ཞེས་ལམ་ཉམས་པའི་སྔགས་པ་འགའ་ཞིག་གིས་སྨྲ་བ་ནི། བདུད་ཀྱི་རིགས་ཆེན་པོར་མཁྱེན་པར་མཛད་འཚལ་ལོ། །དེ་ཡང༌། ཇི་སྐད་དུ། འཕགས་པ་འཇིག་རྟེན་དབང་ཕྱུག་གི་ཞལ་སྔ་ནས། མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གྲུབ་པ་ལས་གསུངས་པ། དེ་ལྟར་བརྗོད་པའི་རིམ་པས་བཅོམ་ལྡན་འདས་ཀྱིས་གསུང་ཐོས་ཏེ། དེ་ལྟ་ནའང་སེམས་ཅན་རྣམས་ནི་བཅོམ་ལྡན་འདས་ཀྱིས་གསུངས་པ་ཟབ་ཅིང་རྒྱ་ཆེ་བའི་ཆོས་ཡོངས་སུ་བརྟགས་ནས་མི་འཛིན་ཅིང༌། སངས་རྒྱས་ཉིད་ཀྱི་སླད་དུ་བླ་མ་ཡོངས་སུ་བརྟགས་ནས་མི་བསྟེན་ཏེ། རྨོངས་པ་ཆེན་པོ་ཆགས་པས་ཟིལ་གྱིས་མནན་པར་གྱུར་པ། སྐྱེ་བ་འདི་ཉིད་ལ་བདག་ཅག་རྣམས་ཀྱི་རུལ་བའི་ལུས་སངས་རྒྱས་ཀྱི་སྐུར་འགྱུར་རོ། །ཞེས་པའི་བསམ་པ་བརྐམ་ཆགས་ཅན་རྣམས་མི་དགེ་བའི་བཤེས་གཉེན་དང་ཕྲད་པ་དང༌། བླ་མ་དམ་པ་མ་ཡིན་པའི་མན་ངག་ལས། འདིར་རྣམ་པར་སྣང་མཛད་ལ་སོགས་པའི་བདུད་རྩི་ལྔ་དང༌། གོ་ཀུ་ད་ཧ་ན་ལ་སོགས་པའི་ཤ་རྣམས་ནི་བཟའ་བ་རང་བཞིན་གྱིས་དག་པར་དེ་བཞིན་གཤེགས་པས་གསུངས་ཏེ། འདི་རྣམས་ཟོས་པས་རྒ་བ་དང་འཆི་བ་མེད་པའི་ལུས་སུ་འགྱུར་ཞིང༌། རྡོ་རྗེ་སེམས་དཔའ་ཡང་མཆོག་ཏུ་སྦྱིན་པར་འགྱུར་རོ། །ཞེས་པ་ལ་སོགས་པ་ནས། གཞན་མི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་རྣལ་འབྱོར་པས་ལྷའི་རྣལ་འབྱོར་གྱིས་བྱའོ། །ཞེས་པ་སྟེ། དེ་ལྟར་གདུག་པའི་སློབ་དཔོན་གྱིས་ཚིག་ཚད་མར་བྱས་ནས་མི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་བྱེད་ དོ། །སྦྱང་བར་མ་བྱས་པ་དང༌། རྟོགས་པར་མ་བྱས་པ་དང༌། སྦར་བར་མ་བྱས་པ་དང༌། བདུད་རྩིར་མ་བྱས་པའི་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་བཟའ་བར་བྱེད་དོ། །བདུད་རྩི་ལྔ་པོ་དེ་དག་ནི་ཟ་བ་པོ་དེ་དག་རྣམས་ལ་སངས་རྒྱས་ཉིད་ཀྱི་ཡོན་ཏན་སྟེར་བར་བྱེད་པ་པོར་མི་འགྱུར་ཏེ། སངས་རྒྱས་ཀྱི་གསུང་མ་རྟོགས་པའི་ཕྱིར་རོ། །ཞེས་པ་དང༌། དེ་ལྟར་རྣམ་པ་དུ་མ་རྣམས་ཀྱི་ཆགས་པ་ཆེན་པོས་ཟིལ་གྱིས་མནན་པའི་རྨོངས་པ་དེ་རྣམས་ཡོངས་སུ་ཤེས་པ་ཕྲན་ཚེགས་ཀྱིས་སད་པར་བྱས་ནས་དེ་རྣམས་ཀྱི་རྗེས་སུ་འཛིན་པར་བྱེད་དེ། བཀའ་དེ་ཡང་སྟེར་བར་བྱེད་དོ། །དེ་རྣམས་ཀྱང་མགུ་བ་ཆེན་པོར་འགྱུར་ཏེ། བདག་ཅག་རྣམས་བླ་མའི་དྲིན་གྱིས་གྲོལ་ལོ། །ད་ནི་བདག་ཅག་གིས་ཐམས་ཅད་བྱས་ཏེ། མི་གཙང་བ་བཟའ་བར་བྱའོ། །རིགས་མ་ཡིན་པ་ལ་མངོན་པར་བསྒྲོད་པར་བྱའོ། །སྲོག་གཅོད་པ་དང༌། བརྫུན་དུ་སྨྲ་བ་དང༌། མ་བྱིན་པར་ལེན་པ་དང༌། ཆང་བཏུང་བ་ལ་སོགས་པ་བྱའོ། །དེ་ལྟར་བདུད་ཀྱི་ལས་རྣམ་པ་དུ་མ་རྣམས་འདིར་དངོས་གྲུབ་ཀྱི་དོན་དུ་བྱེད་དེ། མཆོག་གི་དབང་ཕྱུག་གི་བཀའ་དྲིན་གྱིས་དེ་རྣམས་ཀྱི་ལུས་འགྲུབ་པར་འགྱུར་བ་ཡང་མ་ཡིན་ཞིང༌། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་རིག་པར་འགྱུར་བ་ཡང་མ་ཡིན་ནོ། །ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །

མེས་ཚིག་པ་མེ་ཉིད་ཀྱིས་གདུང་བ་དཔེར་མཛད་ནས། འདོད་ཆགས་ཀྱི་མེས་ཚིག་པ་འདོད་ཆགས་ཉིད་ཀྱིས་གྲོལ་བར་གསུངས་པ་རྣམས་ནི། ཐིག་ལེ་མི་འཛག་པའི་འདོད་ཆགས་ལ་དགོངས་ཀྱི། འཛག་པའི་འདོད་ཆགས་ཀྱིས་ནི་སླར་འཆིང་བར་གསུངས་ཏེ། དེས་ན་འཛག་མི་འཛག་གི་འདོད་ཆགས་ནི་མིང་འདྲ་ཡང་དོན་ཁྱད་པར་ཤིན་ཏུ་ཆེ་བས། འཛག་པའི་འདོད་ཆགས་སྤངས་ནས་འཛག་མེད་ཀྱི་འདོད་ཆགས་བསྟེན་པའི་དོན་དུ། ཕྱག་རྒྱ་རྣམ་པ་གསུམ་མམ་བཞི་ལ་སོགས་པ་རྒྱུད་སྡེ་རྣམས་སུ་གསུངས་པའི་དགོངས་པ་མཁྱེན་འཚལ། དེ་ལྟ་བས་ན་རྒྱུད་སྡེ་ཟབ་མོའི་རྡོ་རྗེའི་ཚིག་གི་དགོངས་པ་མ་ཤེས་པར་ལམ་ཕྱིན་ཅི་ལོག་ཏུ་གྱུར་པའི་སྔགས་པ་རྣམས་ཀྱང་བྱང་ཆུབ་སེམས་དཔའི་འགྲེལ་པ་སྐོར་གསུམ་ལ་སོགས་པ་དང་མཇལ་ན་དགའ་བར་གདའ།

ཡང་ཁྱེད་ཀྱི་བཞེད་པས། གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད་ལ་སོགས་པར་གསུངས་ཏེ། ད་ལྟ་ཐ་མལ་གྱི་གཟུགས་ལ་སོགས་པ་འདི་ཉིད་ཡིན་ཞེས་པ་དང༌། ཡང༌། མ་དག་པའི་གཟུགས་འདི་རང་རྣམ་པར་སྣང་མཛད་དུ་འདོད་པ་ནི་སུུ་ཡང་མ་འཆི། ཞེས་པ་འདི་དག་ཀྱང་ནང་འགལ་དུ་སོང་གདའ་སྟེ། ད་ལྟའི་ཐ་མལ་པའི་གཟུགས་དང༌། མ་དག་པའི་གཟུགས་ལ་ཁྱད་པར་ཅི་ཡང་མེད་པའི་ཕྱིར་རོ། །གཟུགས་འདིའི་རང་བཞིན་རྣམ་དག་རྣམ་པར་སྣང་མཛད་དུ་གསུངས་པར་ཁས་ལེན་ཞེས་གསུངས་པར་གདའ་སྟེ། གཟུགས་ཀྱི་རང་བཞིན་རྣམ་དག་ཅེས་པ་དེ་ཡང་ཁྱེད་བཞེད་པ་ལྟར། གཟུགས་གཟུགས་ཀྱིས་སྟོང་པའི་རང་སྟོང་ལ་ནི་མི་རུང་ངོ༌། །དེ་ཅི་སྟེ་ན། གཟུགས་ཀྱིས་རང་སྟོང་དེ་གཟུགས་ཉིད་ལས་མ་འདས་པར་གསུངས་ཤིང༌། གཟུགས་ཀྱང་མ་དག་པ་ཉིད་དུ་གསུངས་པར་གོང་དུ་སྨོས་ཟིན་ཏོ། །དེས་ན་པྲ་ཕབ་པ་ལྟ་བུའི་གཟུགས་ལ་སོགས་པ་རྣམ་པར་དག་པའི་གཟུགས་ནི་གོང་དུ་མདོ་ཙམ་ཞིག་སྨོས་ལ། ཤིན་ཏུ་གསལ་བར་ནི་འདིར་གཏན་ལ་དབབ་པ་སྐབས་སུ་མ་བབ་པའི་ཕྱིར་བཏང་སྙོམས་སུ་བཞག་གོ །

ཡང་ཁྱེད་ཀྱི་གསུང་ཡིག་ན། རི་བོང་གཉིད་དུ་སོང་བ་དང༌། སྨྱོ་བ་དང༌། བཟི་བ་དང༌། ན་ཆུང་གི་སྣང་བ་པྲ་ཕབ་པའི་སྣང་གཟུགས་ལ་སོགས་པ་ཕལ་ཆེར་འདྲ་བས་ན་ཐམས་ཅད་མེ་ལོང་ལྟ་བུའི་ཡེ་ཤེས་སུ་འགྱུར་ཏེ་ཧ་ཅང་ཐལ་ལོ་ཞེས་པ་གདའ། འདིར་ཡང་དཔྱད་པར་བྱ་སྟེ། པྲ་ཕབ་པའི་སྣང་གཟུགས་ཉིད་མེ་ལོང་ལྟ་བུའི་ཡེ་ཤེས་སུ་འདོད་པ་ནི་སུ་ཡང་མེད་ལ། པྲ་ཕབ་པའི་སྣང་གཟུགས་ལྟ་བུ་གཟུགས་ཀྱི་ཕུང་པོ་གཞན་ནི་མེ་ལོང་ལྟ་བའི་ཡེ་ཤེས་སུ་གསུངས་ཏེ། ཇི་སྐད་དུ། མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་སུ་གྲུབ་པར། རྩ་རྒྱུད་སྟོང་ཕྲག་བཅུ་གཉིས་པ་དྲངས་ནས་བཀྲལ་བ། སྟོང་པ་ལ་ནི་དངོས་པོའི་ཚོགས། །བརྟགས་པའི་གཟུགས་སྤངས་བེམ་པོ་མིན། །འདི་ནི་མཐོང་སྟེ་མེ་ལོང་ལ། །པྲ་ཕབ་གཞོན་ནུ་མ་ཡི་བཞིན། །ཞེས་པ་ནི་འཇིག་རྟེན་ལས་འདས་པའི་བདེན་པ་ལ་གཟུགས་ཀྱི་ཕུང་པོ་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་པ་རྣམས་ཀྱི་དོན་ནི་ཐུགས་ལ་འབབ་དཀའ་བའི་རིགས་སུ་གདའ་བས་ཞིབ་བཤད་མ་བྱས་སོ། །འོན་ཏེ་བུ་ཆུང་གི་སྣང་བ་ལ་སོགས་པ་དང༌། མེ་ལོང་ལྟ་བུའི་ཡེ་ཤེས་མ་ཡིན་པར་ཁྱད་པར་མེད་པའི་སྒོ་ནས་ཧ་ཅང་ཐལ་བ་འཕེན་པ་ནི། མ་མཐོང་བའི་ཆོས་ཀྱི་སྐྱོན་བཟུང་བ་ཉིད་ཀྱི་ཕྱིར། ལས་ཀྱི་སྒྲིབ་པ་ཆེན་པོར་འགྱུར་བ་གདོན་མི་ཟའོ། །གཞན་ཡང་དེ་དང་དེ་འདྲ་བས་དེ་ཡིན་པར་ཐལ་ཞེས་པ་ཡང་མཁས་པ་རྣམས་ཀྱི་བཞད་གད་ཀྱི་གནས་ལགས་ན། དེའང་ཕལ་ཆེར་འདྲ་བས་དེ་ཡིན་པར་འགྱུར་ཞེས་པ་འདི་འདྲ་ཀུན་ལྟ་སྨོས་ཀྱང་ཅི་འཚལ།

ཡང་ཁྱེད་ཀྱིས་གནས་འགྱུར་གྱི་རིམ་པ་འགའ་ཞིག་བཀོད་གདའ་སྟེ། གསུང་བ་ནི་སྐུ་དབང་ཆེ། ལུང་རྣམ་དག་དང་མཐུན་པ་ནི་འགའ་ཡང་མི་གདའ། གནས་འགྱུར་གྱི་དོན་གཏན་ལ་དབབ་པ་ཡང་སྔར་ཅུང་ཟད་སྨོས་ཤིང༌། རྒྱས་པར་ནི་ཡི་གེ་མང་དུ་དོགས་པའི་ཕྱིར་མ་བྲིས་སོ། །

ཡང་ཁྱེད་ཀྱི་གསུང་ཡིག་ན། འཕགས་པ་ཀླུ་སྒྲུབ་ཀྱི་དབུ་མ་རྩ་ཤེ་ལས། སྟོང་ཉིད་དེ་ཡང་སྟོང་ཉིད་ཀྱི། །ངོ་བོས་སྟོང་པར་འདོད་པ་ཡིན། །ཞེས་དྲངས་པའི་ལུང་འདི་ཡང༌། དབུ་མ་རྩ་ཤེ་ན་མེད་དོ། །

ཡང་ཁྱེད་ཀྱི་གསུང་ཡིག་ན། སྔགས་ནས་སྤང་གཉེན་དུ་འདོད་པ་མེད་ངེས། སྔགས་ལའང་གཞི་ལམ་འབྲས་གསུམ་ལྡོག་པ་ཐ་དད་དུ་གསལ་མོད། རང་བཞིན་ནམ་ངོ་བོ་ཐ་དད་མེད་པར་རྡོ་རྗེ་འཆང་གིས་གསུངས་ཏེ། དེ་དག་གི་རྒྱུ་མཚན་ཡང༌། མཁས་པ་ཆེན་པོ་ཨ་བྷ་ཡ་ཀ་རའི་མན་ངག་སྙེ་མ་ལས། གཞི་སྤོང་བས་ལམ་བགྲོད་པ་དུག་གིས་གཉེན་པོར་སྨན་སྦྱོར་བ་ལྟ་བུ་མཚན་ཉིད་ཀྱི་ཐེག་པ། གཞི་གྲོལ་བས་ལམ་བགྲོད་པ་དུག་ལ་སྔགས་བཏབ་པས་སླར་ཡང་བཅུད་ལེན་དུ་འགྱུར་བ་ལྟ་བུ། སྔགས་ཀྱི་ཐེག་པ་ཞེས་གསལ་པོར་གསུང༌། ཞེས་དྲངས་པའི་ལུང་འདི་ཡང༌། སློབ་དཔོན་ཨ་བྷ་ཡ་ཀ་རས་མཛད་པའི་མན་ངག་སྙེ་མ་ན་མེད་དོ། །ཡང་ཁྱེད་ཀྱི་གསུང་ཡིག་ན། རྡོ་རྗེ་འཆང་གིས་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ལས། ངའི་བཀའ་ཐམས་ཅད་མཐའ་དྲུག་ཚུལ་བཞིས་རྟོགས་པར་བྱའོ། །ཞེས་དྲངས་པའི་ལུང་འདི་ཡང་རྒྱུད་དེ་ན་མེད་པས། བརྫུན་ལུང་མང་པོ་འདྲེན་པ་འདི་ལྟ་བུ་ནི་སྡིག་པ་ཤིན་ཏུ་ཆེ་བ་ལགས་སོ། །

དེ་དག་དང་རྗེས་སུ་མཐུན་པར་ཁྱེད་ཀྱི་གསུང་ཡིག་ན། རྒྱུད་སྡེ་བོད་དུ་བསྒྱུར་བ་དུམ་པ་བཅུ་དྲུག་ལྷག་པའི་ནང་ན་བཞུགས། ཞེས་པ་ལ་སོགས་པ་དང༌། ཡང་འདི་དག་གི་དཔང་པོར་ལུང་དྲངས་ན། བཀའ་མདོ་རྒྱུད་སེམས་དཔའ་མཁས་གྲུབ་ཀྱི་འགྲེལ་པ་ལྟ་བ་སྟོན་པ་ཐམས་ཅད་འདིའི་རྒྱབ་ཏུ་འབྱོན་ཏེ། ཞེས་པ་དང༌། ཡང་མདོ་རྒྱུད་ཐམས་ཅད་ཀྱི་དགོངས་པ་ཡིན་པར་མངོན། ལུང་དྲངས་ནའང་ཐམས་ཅད་བཞུགས་པ་ལགས་སོ། །ཞེས་པ་དང༌། དགེ་བ་ཟག་མེད་ཐམས་ཅད་དེ་སྦྱོང་བའི་སྦྱོང་བྱེད་ཡིན་པ་འདི་བཀའ་མདོ་རྒྱུད་ཐམས་ཅད་ཀྱི་དགོངས་པ་ཡིན་པར་མངོན་པས། ཞེས་པ་ལ་སོགས་པ་རྣམས་ཀྱང་ཆ་མེད་ཀྱི་རྒྱུས་གཏམ་དུ་སོང་གདའ་བས། ད་བཟོད་ལུང་དེ་རྣམས་གཟིགས་པ་གྲུབ་ན་འཐད་པར་གདའ་ཞིང༌། དེ་རྣམས་གཟིགས་པ་ལ་ཡང༌། དེའི་མན་ངག་ཟབ་མོ་གལ་ཆེ་བ་ལགས། དེའི་དོན་ལ་ཉིད་ཅག་གི་ཞབས་ཐོག་ཏུ་འགྱུར་རམ་སྙམ་ནས་མན་ངག་ཟབ་མོ་དང་མཐུན་པའི་ལུང་གསལ་བོ་དེ་རྣམས་བཀོད་པ་ལགས་པས། ཐུགས་མཉེས་པར་མཛད་པ་ཞུ།

ཡང་ཁྱེད་ཀྱི་གསུང་ཡིག་ན། གསུང་རབ་བོད་དུ་གྲགས་པ་རྣམས་ལ་ནི་སྣང་བར་མ་ངེས། རྒྱ་གར་དུ་མ་ཕྱིན་པས་དེ་ན་ཨེ་ཡོད་ནི་རྒྱུས་མི་བདོག །ཞེས་པ་ལ་སོགས་པ་དཔྱད་མི་བཟོད་པའི་གསུང་མང་དུ་བཀོད་གདའ་སྟེ། འདི་རྣམས་ཀྱི་བརྟགས་དཔྱད་ལ་སོགས་པ་ལྷག་མ་རྣམས། སློབ་དཔོན་པ་ལ་ངག་ལོན་དུ་བསྐུར་བདོག་པས་གསུང་གླེང་ཞིབ་ཏུ་མཛད་པར་ཞུ།

དེ་བཞིན་དུ། ཡི་གེ་སྔ་མ་དེའི་དོན་རྣམས་ཀྱང་ཕལ་ཆེ་བ་ཐུགས་ཀྱིས་མ་དགོངས་པའི་རིགས་སུ་གདའ་བས། དེ་ལ་ཡང༌། སློབ་དཔོན་པ་དང་གསུང་གླེང་ཞིབ་ཏུ་མཛད་པར་ཞུ། ཡི་གེ་ཕྱི་མ་འདི་ལ་ཡང་སྐབས་ལ་ལར་ཚུལ་བཞིན་མི་དགོངས་པ་འབྱུང་སྲིད་ཀྱང༌། ཁྱད་པར་དུ་ལུང་ལ་འགྲེལ་པ་མ་གྲུབ་པའི་སྐབས་རྣམས་དང༌། མན་ངག་ཉམས་སུ་མྱོང་བའི་རྟོགས་པས་བཤད་དགོས་པའི་སྐབས་རྣམས་དང༌། གོང་མ་རྣམས་ཀྱིས་བཀའ་རྒྱ་དམ་པོ་ཡོད་པ་ཡི་གེར་མ་བྲིས་པའི་སྐབས་རྣམས་དང༌། ངེད་སྙོམས་ལས་དང་བྲེལ་བ་མང་བའི་སྟབས་ཀྱིས་སྔར་མ་གྲུབ་ཅིང༌། མདང་ཞག་སློབ་དཔོན་པ་གཤེགས་ཁར་ལུང་མེད་ཐུག་ཐབས་སུ་སོང་བས་ཞིབ་པར་བྲི་བར་མ་གྲུབ་པ་རྣམས་ལ། མ་རྟོགས་ལོག་རྟོག་ཐེ་ཚོམ་གྱི་བྱེ་བྲག་ཅི་རིགས་པ་ཁྱེད་ཀྱི་ཐུགས་ལ་བྱུང་ན། སློབ་དཔོན་པ་དང་གསུང་གླེང་ཞིབ་ཏུ་མཛད་པར་ཞུ། ངག་ལོན་ཤིན་ཏུ་ཞིབ་པར་བསྐུར་བདོག །ལར་སྐྱེས་ཐོབ་ཀྱི་ཐུགས་རབ་ཆེན་པོས་བྱ་བ་ཆེན་པོའི་ངང་ནས་ཀྱང་ཆོས་ལ་རྟོག་འཇུག་མཛད་པ་རྗེས་སུ་ཡི་རང་ཞིང་ངོ་མཚར་ཆེ། དེ་ལྟར་ཐུགས་རབ་དང་དོན་གཉེར་འཛོམ་པ་དེ་ཐུགས་སྐབས་འདྲ་བྱུང་ན། སེམས་འགྲེལ་སྐོར་གསུམ་དང༌། ནཱ་རོ་འགྲེལ་ཆེན་རྣམ་གཉིས་ཙམ་ཞིག་མན་ངག་དང་བཅས་པ་དགེ་བའི་བཤེས་གཉེན་མཁས་པ་འདྲ་ལ་ལེགས་པར་གསན་ནས་ནན་ཏན་མཛད་ན། ཁྱད་ཆེ་བ་ཅིག་མཆི་བའི་འོས་སུ་གདའ་བས། ཐུགས་ཀྱི་དགོངས་པར་ཞུ། རང་འདོད་ཡོད་པའི་ལུགས་མ་ལགས། ཡི་གེ་གཟིགས་པའི་རྟེན་ཙམ་དུ། རྟེན་ཁེབས་གཅིག་འབུལ། ཞེས་པ་འདི་དཔོན་ བྱང་པས་ཞུས་པའི་ལན། བཙུན་པ་དོལ་པོ་པས་ཡི་གེར་བྲིས་པ་རྫོགས་སོ། །དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །མངྒ་ལཾ་བྷ་ཝནྟུ།

སངས་རྒྱས་ཀྱི་ཡོན་ཏན་ལ་ཤེས་ནས་དད་པ་ཐོབ་པར་བྱེད་པའི་ཐབས་མཆོག་ཅེས་བྱ་བ་བཞུགས་སོ། །

ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭེ་བྷྱོ་ན་མོ་ན་མཿ སངས་རྒྱས་ཀྱི་ཡོན་ཏན་ལ་ཤེས་ནས་དད་པ་ཐོབ་པར་བྱེད་པའི་ཐབས་མཆོག་ཅེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བརྩེ་བ་ཆེན་པོས་དུས་ཐམས་ཅད་དུ་རྗེས་སུ་བཟུང་དུ་གསོལ།

གང་གི་ཆོས་སྐུ་རང་བཞིན་འོད་གསལ་ཆེ། །རང་བྱུང་ཡེ་ཤེས་མི་རྟོག་མི་འགྱུར་བ། །ནམ་མཁའ་ལྟ་བུའི་ངང་ལས་མ་གཡོས་པར། །སྣ་ཚོགས་གཟུགས་སྐུ་ཀུན་ཏུ་སྟོན་ལ་འདུད། །ཁྱོད་ཀྱི་སྐུ་གཟུགས་མཚན་གྱིས་རབ་བརྒྱན་པ། །བལྟ་བས་མི་ངོམས་གཞན་དོན་བརྡ་ཡི་སྐུ། །གང་གིས་མཐོང་བའི་མོད་ལས་གྲོལ་འགྱུར་ན། །དོན་དམ་ཆོས་སྐུ་མཐོང་བ་སྨོས་ཅི་འཚལ། །ཁྱོད་སྐུའི་གཟུགས་བརྙན་མཐོང་བ་ཙམ་གྱིས་ཀྱང༌། །སྲིད་པའི་སྡུག་བསྔལ་དྲག་པོ་རབ་བརྙིལ་ནས། །མྱུར་དུ་མྱ་ངན་འདའ་བའི་རྒྱུར་གྱུར་ན། །ཁྱེད་སྐུ་དངོས་སུ་མཐོང་རྣམས་སྨོས་ཅི་འཚལ། །ཁྱེད་ཀྱི་མཚན་ཙམ་རྣ་བར་གྲགས་པས་ཀྱང༌། །ཐར་པའི་ས་བོན་དགེ་བ་ལེགས་བཏབ་ནས། །རྣམ་གྲོལ་འབྲས་བུ་མྱུར་བར་ཐོབ་འགྱུར་ན། །བཀའ་བཞིན་བསྒྲུབ་ལ་བརྩོན་པ་སྨོས་ཅི་འཚལ། ཁྱོད་ཀྱི་སྐུ་གཟུགས་མཆོད་རྟེན་བཞེངས་པ་དང༌། །དེ་མཐོང་དེ་ལ་ཕྱག་མཆོད་བསྐོར་བ་སོགས། །ཅུང་ཟད་ཀྱིས་ཀྱང་བྱང་ཆུབ་མྱུར་ཐོབ་ན། །ཁྱོད་ཐུགས་རྩེ་གཅིག་སྒོམ་པ་སྨོས་ཅི་འཚལ། །ཉན་ཐོས་རང་རྒྱལ་འཕགས་པའི་ཚོགས་རྣམས་ལ། །རིན་ཆེན་རང་བཞིན་སྟོང་གསུམ་ཕུལ་བ་བས། །ཁྱེད་སྐུ་མཆོད་རྟེན་ས་ལས་ནས་ཙམ་དང༌། །སྐྱུ་རུ་ར་ཙམ་བཞེངས་པ་ཆེས་མཆོག་ལ། །ཏིལ་གྱི་ཞིང་བཞིན་སྟོང་གསུམ་ཡོངས་གང་བའི། །འཕགས་ཚོགས་དེ་དག་མཆོད་པའི་མཆོག་ཀུན་གྱིས། །བསྐལ་པའི་བར་དུ་གུས་པར་མཆོད་པ་བས། །ཁྱེད་ལ་ཐལ་སྦྱར་ཕྱག་འཚལ་ཆེས་ཆེར་མཆོག །ཡོན་ཏན་རྒྱ་མཚོ་ཁྱོད་ཀྱི་ཡོན་ཏན་ཆ། །ཆུ་ཐིགས་ཙམ་གྱི་བྱེ་བ་ཁྲག་ཁྲིག་བརྒྱའི། །ཆ་ཡང་འཕགས་པའི་ཚོགས་ལ་མ་མཆིས་ན། །ལྷ་མོ་ལྷ་མིན་དབང་ལ་སྨོས་ཅི་འཚལ། །ཁྱེད་ཀྱི་ཡོན་ཏན་ནམ་མཁའ་ལྟ་བུ་ལས། །ཡོངས་འབྲུ་སྲིན་བུས་ཟོས་པའི་ནམ་མཁའ་ཙམ། །གང་ལ་མཆིས་ན་དེ་ཡི་ཞབས་རྡུལ་ཡང༌། །ཁམས་གསུམ་ཆེ་དགུའི་གཙུག་གིས་མཆོད་པར་འོས། །དར་གྱིས་ཕྱིས་ན་ལྷུན་པོ་ཟད་སྲིད་ཅིང༌། །རྒྱ་མཚོ་ཆུ་ཐིགས་སྟོང་གསུམ་ས་ཡི་རྡུལ། །བགྲང་བར་ནུས་ཀྱང་ཁྱེད་ཀྱི་ཡོན་ཏན་གྱི། །ཆ་ཡང་རྒྱལ་བ་ཡིས་ཀྱང་བགྲང་མི་སྤྱོད། །ཁྱོད་ཀྱི་ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་དང༌། །རྣལ་གྲོལ་རྣམ་གྲོལ་ཡེ་ཤེས་ཕ་མཐའ་ཡས། །སྟོབས་སོགས་གང་གཱའི་བྱེ་སྙེད་ཡོན་ཏན་ནི། །རེ་རེའི་མཐའ་ཡང་ནམ་མཁའི་མཐའ་དང་མཉམ། །དེ་སླད་མཉམ་མེད་མཚུངས་པ་མེད་པའི་རྗེ། །ཤིན་ཏུ་ངོ་མཚར་རྨད་དུ་གྱུར་པའི་མགོན། །བསླུ་མེད་མཐར་ཐུག་དོན་དམ་གཏན་གྱི་སྐྱབས། ལྷར་བཅས་འགྲོ་བའི་བླ་མ་ལྷ་ཡི་ལྷ། །ལྷ་དང་མིས་མཆོད་ལྷ་མིའི་སྟོན་པ་མཆོག །ཐོས་པ་ཙམ་གྱིས་བ་སྤུ་རབ་གཡོས་ཤིང༌། །དྲན་པ་ཙམ་གྱིས་མཆི་མའི་རྒྱུན་འབབས་པས། །གཅིག་ཏུ་དཔེ་ཟླ་མེད་ལ་བདག་སྐྱབས་མཆི། །བདག་དང་བདག་གི་མར་གྱུར་མཁའ་མཉམ་གྱིས། །ཁྱེད་ཀྱི་ཡོན་ཏན་དེ་འདྲ་ཐོབ་བྱའི་ཕྱིར། །བྱང་ཆུབ་སེམས་གཉིས་བསླབ་པ་རིན་ཆེན་གསུམ། །དྲི་མེད་རབ་རྒྱས་ཡོངས་སུ་རྫོགས་སླད་དུ། །ཁྱེད་མཆོད་ཁྱེད་ཀྱི་ཡོན་ཏན་དྲན་པའི་རྟེན། །སྐུ་གཟུགས་མཆོད་རྟེན་མཛེས་པ་ལྷུན་པོ་ཙམ། །གྲངས་མེད་ཉིན་རེ་བཞིན་དུ་རྟག་བཞེངས་ནས། །ལྷ་རྫས་མཆོད་པ་མཆོག་གིས་རབ་མཆོད་ཤོག །དེ་ལྟར་མི་ཤེས་མི་ནུས་མི་སྤྲོ་བའི། །སེམས་ཅན་རྣམས་ཀྱང་བདག་ལ་ཉེར་བསྟེན་ནས། །ཞིང་མཆོག་དམ་པ་ཁྱེད་ལ་དགེ་བ་ཡི། །ས་བོན་ལན་ཅིག་ཙམ་ཡང་འདེབས་པར་ཤོག །ཁྱེད་ཀྱི་སྐུ་གསུང་ཐུགས་ཏེ་མངོན་སུམ་དུ། །མཐོང་ཐོས་སྒོམ་པའི་སྐལ་བ་མེད་པས་ཀྱང༌། །ཁྱེད་སྐུའི་གཟུགས་བརྙན་མཆོད་རྟེན་མཐོང་བའམ། །རྡུལ་ཕྲན་གྲིབ་མ་རླུང་གིས་རེག་པར་ཤོག །ཁྱེད་ཀྱི་ཡོན་ཏན་དེ་འདྲ་མ་མཐོང་ངམ། །མ་ཐོས་མ་མཐོང་སོམ་ཉི་ཟ་བ་དང༌། །ཡིད་མི་ཆེས་ཤིང་ལོག་པར་སྨྲ་བ་ཡི། །སེམས་ཅན་དེ་དག་ཀྱེ་མའོ་སྙིང་རེ་རྗེ། །འོན་ཀྱང་ཁྱོད་ནི་བསམ་གྱིས་མི་ཁྱབ་པས། །རྩེད་མོ་དང་ནི་བཞད་གད་ཀྱིས་ཕྱིར་རམ། །ཐེ་ཚོམ་གྱིས་སམ་གཞན་གྱིས་དོར་ཡང་རུང༌། །འཁྲུགས་བཞིན་མཆོད་ཀྱང་བྱང་ཆུབ་ཐོབ་པར་ལགས། །

དེ་ལྟར་ཞེས་མཐོང་ཞེ་ན། ཡུལ་དམ་པ་བསམ་གྱིས་མི་ཁྱབ་པ་ལས་བྱུང་བའི་དགེ་བའི་རྩ་བ་ཡང་བསམ་གྱིས་མི་ཁྱབ་པར་བཅོམ་ལྡན་འདས་ཉིད་ཀྱིས་ལུང་ལས་རྒྱས་པར་འབྱུང་ཞིང༌། ཞིང་གི་དམ་པ་ཡོན་གནས་ཀྱི་རྒྱལ་པོ་མཚུངས་པ་མེད་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཉིད་ཡིན་པར་ཡང་དེ་ཉིད་ཀྱིས་བཀའ་ལས་ཤེས་པ་ཉིད་དོ། །དེ་ལྟ་བས་ན་བསམ་གྱིས་མི་ཁྱབ་པའི་ཡུལ་ལ་འཇུག་པར་འདོད་པ་དང༌། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱ་བ་དང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བ་དང༌། སྨོན་ལམ་ཡོངས་སུ་རྫོགས་པར་འདོད་པས་བདེ་བར་གཤེགས་པའི་གསུང་རབ་དག་ལས་བྱུང་བ་བཞིན་དུ་ཐབས་ལ་མཁས་པའི་སྒོ་དུ་མ་ཞིག་གདོན་མི་ཟ་བར་ཉམས་སུ་བླང་དགོས་ལ། དེ་ཡང་མང་དུ་ཐོས་པ་དང་བྲལ་ན་དེ་དང་དེ་ལ་ཀུན་ཏུ་རྨོངས་པར་འགྱུར་དུ་འོང་བས། གསུང་རབ་རིན་པོ་ཆེའི་སྒྲོན་མ་ལྟ་བུ་ཚོལ་བ་ལ་རབ་ཏུ་བརྩོན་པར་བྱ་དགོས་སོ། །འོན་ཀྱང་འདིར་ཉུང་ལ་མོས་པ་རྣམས་དང༌། མང་པོ་ཚོལ་བར་མི་སྤོབས་པར་རྣམས་ཀྱི་དོན་དུ་རྒྱ་མཚོ་ཆེན་པོ་ལས་ཆུའི་ཐིགས་པ་བཞིན་དུ་ཉུང་ཤས་ཞིག་བྲི་བར་བྱའོ། །ན་མོ་བྷ་ག་ཝ་ཏེ། བཻ་རོ་ཙ་ན་པྲ་བྷ་རཱ་ཛ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་སུཀྵྨེ་སུཀྵྨེ། ས་མེ་ས་མ་ཡེ། ཤཱནྟེ་དཱནྟེ། ཨ་ས་མཱ་རོ་པེ། ཨ་ནཱ་ལམྦྷ། ཏ་རམྦྷ། ཡ་ཤོ་བ་ཏེ། མ་ཧཱ་དེ་ཛ། ནི་ར་ཀུ་ལེ། ནིརྦཱཎེ། སརྦ་བུདྡྷ། ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏི་སྭཱཧཱ། གཟུངས་འདིས་འཇིམ་པའི་གོང་བུའི་བྱེ་མའི་གོང་བུ་ལ་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ལ། མཆོད་རྟེན་བྱས་ཏེ་དེ་ལ་རྡུལ་ཕྲ་རབ་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་མཆོད་རྟེན་བྱ་བ་བྱས་པར་འགྱུར་རོ། །རྡུལ་ཕྲ་རབ་ཀྱི་གྲངས་ཀྱི་བསོད་ནམས་ཀྱང་ཐོབ་པར་འགྱུར་རོ། །ས་བཅུའི་དབང་ཕྱུག་ཏུ་འགྱུར་རོ། །མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་འགྱུར་རོ། །འདི་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱིས་གསུངས་པ་སྟེ། གཟུངས་འདི་ནི་ཕན་ཡོན་ཆེན་པོའོ། །ཞེས་བྱང་ཆུབ་གཞུང་ལམ་དང༌། ལྟ་བ་ངན་སེལ་ལ་སོགས་པའི་གཞུང་རྣམས་སུ་བྱུང་ཞེས་སྐྱེས་བུ་དམ་པ་དེ་དགགིས་ཀྱང་རབ་ཏུ་བསྔགས་སོ། །

དགེ་བའི་རྩ་བ་དངོས་སུ་འཛིན་པའི་མདོར་ཡང་གསུངས་པ། བརྟན་པའི་བློ་གྲོས་གཞན་ཡང་མངོན་པར་ཤེས་པ་མྱུར་བ་ཉིད་དུ་བྱ་བའི་ཕྱིར། དེ་བཞིན་གཤེགས་པའི་མཆོད་རྟེན་མཆོད་པ་དང༌། ཕྱིར་བཅོས་པ་དང༌། བྱི་དོར་བྱ་བ་ལྷུར་བླང་བར་བྱ་སྟེ། བརྟན་པའི་བློ་གྲོས་དེ་ལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས་དེ་བཞིན་གཤེགས་པའི་མཆོད་རྟེན་བྱི་དོར་བྱེད་པ་ནྀ། སྨོན་ལམ་གྱི་མཆོག་རྣམ་པར་དག་པ་བཞི་རྗེས་སུ་ཐོབ་བོ། །བཞི་པོ་གང་ཞེ་ན། གཟུགས་ཀྱི་སྨོན་ལམ་གྱི་མཆོག་རྣམ་པར་དག་པ་དང༌། དལ་བ་ཕུན་སུམ་ཚོགས་པའི་སྨོན་ལམ་གྱི་མཆོག་རྣམ་པར་དག་པ་དང༌། ཡང་དག་པར་བླང་བར་བརྟན་པའི་སྨོན་ལམ་གྱི་མཆོག་རྣམ་པར་དག་པ་དང༌། དེ་བཞིན་གཤེགས་པའི་ལྟ་བའི་སྨོན་ལམ་གྱི་མཆོག་རྣམ་པར་དག་པའོ། །ཞེས་པ་དང༌། ཡང་གསུངས་པ། ཤཱ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའི་ཆོས་བཞི་དང་ལྡན་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཉམས་པར་མི་འགྱུར་ཞིང༌། ཡོངས་སུ་ཉམས་པར་མི་འགྱུར་ལ། ཚེ་བརྗེས་ནས་ཀྱང་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་བྱེད་ཅིང༌། ཇི་ལྟར་སྨོས་པས་ཀྱང་དགེ་བའི་རྩ་བ་ཐམས་ཅད་རྗེས་སུ་འཇུག་པ་བྱེད་པ་ཡིན། སྟོབས་ཆེ་བ་དང༌། ལུས་ཆེ་བ་ཡིན། སྲིད་མེད་ཀྱི་བུ་ལྟར་འཁྲེགས་པ་དང་ལྡན་པ་ཡིན། དེས་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཐོབ་ནས་ཀྱང༌། མྱུར་དུ་གླིང་བཞི་སྤངས་ནས་ཁྱིམ་ནས་ཁྱིམ་མེད་པ་རབ་ཏུ་བྱུང་བ་ཡིན། རབ་ཏུ་བྱུང་ནས་ཀྱང་དེ་ཚངས་པའི་གནས་བཞི་ཐོབ་པ་དང༌། སྐྱོན་མེད་པ་ཐོབ་པ་དང༌། གཙེས་པ་མེད་པ་ཐོབ་པ་དང༌། ཚེ་ལེགས་པ་ཐོབ་པ་ཡིན། དེ་ནས་ཤི་འཕོས་ནས་ཀྱང་ཚངས་པའི་འཇིག་རྟེན་དུ་སྐལ་བ་མཉམ་པར་སྐྱེ་བར་འགྱུར་བ་ཡིན། སྐྱེས་ནས་ཀྱང་ཚངས་པའི་དབང་པོ་ཉིད་ཐོབ་པ་ཡིན་ཏེ། བཞི་གང་ཞེ་ན། ཤཱ་ར་དྭ་ཏིའི་བུ། འདི་ལ་བྱང་ཆུབ་སེམས་དཔའ་མཆོད་རྟེན་ཞིག་པ་མཐོང་ནས། བཅོས་པའི་ཕྱིར་སྤྲོ་བར་བྱེད་ཅིང༌། ཐ་ན་འཇིམ་པའི་གོང་བུ་གཅིག་ཙམ་ཡང་རྩིག་པར་བྱེད་པ་ཡིན། ཤཱ་ར་དྭ་ཏིའི་བུ། གཞན་ཡང་མ་བརྩིག་པའི་ས་ཕྱོགས་ལམ་པོ་ཆེའི་བཞི་མདོར། སྐྱེ་བོ་མང་པོ་འདུ་བའི་སར་མཆོད་རྟེན་དང་ཁང་པ་བརྩེགས་པའམ། རྡོའི་ཀ་བའི་དེ་བཞིན་གཤེགས་པའི་སྐུའམ་དེ་བཞིན་གཤེགས་པའི་ཡོན་ཏན་རྗེས་སུ་དྲན་པ་གང་ཡང་རུང་བ་བྱེད་དོ། །འདི་ལྟ་སྟེ་དཔེར་ན། ཆོས་ཀྱི་འཁོར་ལོ་བསྐོར་བའམ། མངོན་པར་བྱུང་བའི་བྱང་ཆུབ་ཀྱི་ཤིང་དྲུང་དུ་བདུད་བཅོམ་པའམ། དེ་བཞིན་གཤེགས་པའི་ཆོ་འཕྲུལ་ཆེན་པོའམ། དེ་བཞིན་གཤེགས་པའི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཡང་དག་པར་བསྟན་པའམ། ལྷ་ལས་འབབ་པའམ། ལྷ་ཡུལ་དུ་མངོན་པར་འཇོག་པར་བྱེད་པའི་དེ་བཞིན་གཤེགས་པའི་མཆོད་རྟེན་བརྩེགས་པར་བྱེད་པ་ཡིན། ཤཱ་ར་དྭ་ཏིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པའི་བསྟན་པ་རབ་ཏུ་འཇིག་ཅིང་ཆོས་རབ་ཏུ་རྣམ་པར་འཇིག་པར་འགྱུར་བ་ན། ཐ་ན་ཚིགས་སུ་བཅད་པ་གཅིག་བསྲུང་བ་དང༌། མི་ཉམས་པར་བྱ་བའི་ཕྱིར་བརྩོན་པ་ཡིན་ནོ། །ཆོས་སམ་ཆོས་སྨྲ་བ་ཡོངས་སུ་འཛིན་པར་བྱེད་ཅིང་ལུས་དང་སྲོག་གཏོང་བར་བྱེད་ཅིང་ཆོས་གཏོང་བར་མི་བྱེད་པ་ཡིན་ཏེ། ཤཱ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་ཆོས་བཞི་པོ་དེ་དག་དང་ལྡན་ན་ཡོད་ཏན་གྱི་བྱེ་བྲག་སྔར་བསྟན་པ་དེ་དག་རྗེས་སུ་ཐོབ་བོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །སངས་རྒྱས་མཆོད་རྟེན་མཐོང་ནས་སུ། །ཞིག་པའི་ཕྱིར་ན་བཅོས་པར་བྱ། །དེ་ཕྱིར་སྟོབས་ནི་ཆེ་བ་དང༌། །ལུས་ཆེ་བ་དང་མི་འཇིགས་འགྱུར། །གང་དུ་དད་པ་སྐྱེས་འགྱུར་བའི། །ལམ་ཆེན་བཞྀ་མདོའི་ཕྱོགས་སུ་ནི། །རིང་བསྲེལ་གྱིས་ནི་སྐུ་བྱེད་ཅིང༌། །སངས་རྒྱས་ཡོན་ཏན་རྣམ་སྟོན་པར། །བསོད་ནམས་མང་པོ་སྐྱེད་པར་བྱེད། །གང་ཞིག་ལམ་གྱི་བཞི་མདོར་ནི། །འཇིག་རྟེན་མཆོད་པའི་མཆོད་རྟེན་བྱེད། །དེ་ཡི་གྲགས་པ་འཕེལ་བར་འགྱུར། །ཕན་ཚུན་དུ་ནི་བརྩོད་པ་ཡི། །ཉན་ཐོས་བྱེ་བ་རྣམས་མཐོང་ནས། །གཅིག་ལ་གཅིག་ནི་བཟོད་གསོལ་ཏེ། །དེ་དག་རྣམས་ནི་མཐུན་བྱེད་པ། །དགེ་བའི་རྩ་བ་དེ་ཡོངས་སུ། །མི་འཇིགས་དཔའ་བོར་འགྱུར་བ་ཡིན། །སྲེད་མེད་བུ་ལྟར་མཁྲེགས་པ་ཡི། །ལུས་ནི་མངོན་པར་འགྲུབ་པ་ཡིན། །བསྟན་པ་རབ་ཏུ་རྣམ་འཇིག་པའི། །ཆོས་ལ་མི་བདེ་ཉེར་གནས་ཚེ། །གུས་པར་བྱེད་དེ་ཆོས་བསྲུང་ཞིང༌། །ལུས་དང་ངག་དག་པོར་གྱུར་པ། །དེ་བཞིན་ཆོས་ནི་འཛིན་བྱེད་པ། །དེ་དག་སྲུང་བར་བྱེད་པ་དག །ལྷ་རྣམས་ཀྱིས་ནི་བསྲུང་བར་འགྱུར། །སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརླབས། །ཆོས་ནི་ཀུན་ཏུ་བསྲུངས་བྱས་པས། །དེ་དག་འཁོར་ལོ་བསྐོར་བར་འགྱུར། །ཞེས་པ་ལ་སོགས་པའོ། །

དེ་བཞིན་གཤེགས་པའི་སྐུ་གཟུགས་ལེའུར་ཡང་གསུངས་པ། སའམ། རྡོ་ཐལ་ ལམ། ཤིང་ངམ། རྡོའམ། ར་གན་ནམ། ལྕགས་སམ། གསེར་རམ། དངུལ་ལམ། བཻཌཱུཪྻའམ། ཤེལ་ལམ། མུ་ཏིག་དམར་པོའམ། རྡོའི་སྙིང་པོའམ། སྤུག་གམ། དུང་ངམ། མན་ཤེལ་ལམ། སྤོས་སམ། རས་སམ། ཤིང་ལེབ་བམ། རྩིག་ངོས་ལ་དེ་བཞིན་གཤེགས་པའི་སྐུ་གཟུགས་བཞེངས་པར་བྱ། རལ་བ་གསོ་བར་བྱ་བ་དང༌། གྲུབ་པ་བཅོས་པར་བྱས་ཏེ། དེ་བཞིན་གཤེགས་པའི་སྐུ་གཟུགས་བྱས་ན། རིགས་དམའ་བ་རྣམས་དང༌། སྡིག་པའི་རིགས་རྣམས་དང༌། ལོག་པར་ལྟ་བའི་རིགས་སུ་མི་སྐྱེ་སྟེ། ཡན་ལག་གང་ཡང་མ་ཚང་བར་མི་འགྱུར་རོ། །གལ་ཏེ་མཚམས་མེད་པ་ལྔ་བྱས་སུ་ཟིན་ཀྱང་དེ་བཞིན་གཤེགས་པ་ལ་དད་པ་རྙེད་དེ། དེ་བཞིན་གཤེགས་པའི་སྐུ་གཟུགས་བྱས་ན་ལས་དེས་སེམས་ཅན་དམྱལ་བ་མྱོང་བ་ཡང་ཆུང་ངུ་མྱོང་སྟེ། ཐེག་པ་གསུམ་གྱི་ཐེག་པ་གང་ཡང་རུང་བས་ངེས་པར་འབྱུང་བར་འགྱུར་རོ། །དཔེར་ན་མི་ཞིག་མི་གཙང་བས་རེག་པ་ལ་རབ་ཏུ་དག་པར་བཀྲུས་ཏེ། སྤོས་ཀྱིས་བྱུག་ན་མི་དེའི་དྲི་མི་ཞིམ་པ་ཞིག་དེ་མེད་པར་འགྱུར་རོ། །དེ་བཞིན་དུ་མཚམས་མེད་པ་བྱས་པ་དེའི་སྡིག་པ་ཡང་མེད་པར་འགྱུར་རོ། །གང་མི་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པ་ཡང་དེ་བཞིན་གཤེགས་པ་ལ་དང་བ་རྙེད་དེ། དེ་བཞིན་གཤེགས་པའི་སྐུ་གཟུགས་བྱས་ན། དེའི་སྡིག་པ་དེ་ཇི་ལྟར་མེའི་ཕུང་པོས་མར་མེ་ཚིག་དེ་དུ་བ་ཡང་མི་འོང་བ་བཞིན་དུ་དེའི་སྡིག་པ་དེ་ཡང་མི་སྣང་བར་འགྱུར་རོ། །ཞེས་པའོ། །

འཕགས་པ་རྨད་དུ་བྱུང་བའི་མདོ་ལས། འཛམ་བུའི་གླིང་དཔག་ཚད་བདུན་སྟོང་པ་དང༌། ལུས་འཕགས་ཀྱི་གླིང་དཔག་ཚད་བརྒྱད་སྟོང་པ་དང༌། བ་ལང་སྤྱོད་ཀྱི་གླིང་དཔག་ཚད་དགུ་སྟོང་པ་དང༌། སྒྲ་མི་སྙན་གྱི་གླིང་དཔག་ཚད་སྟོང་ཕྲག་བཅུ་པ་དང༌། ལྷའི་དབང་པོ་བརྒྱ་བྱིན་ཁང་བཟངས་རྣམ་པར་རྒྱལ་བྱེད་རྣམས་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་དུ་བྱས་ཏེ། དད་པས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་རྒྱུན་དུ་ཞུགས་པ་རྣམས་དང༌། ལན་ཅིག་ཕྱིར་འོང་བ་རྣམས་དང༌། ཕྱིར་མི་འོང་བ་རྣམས་དང༌། དགྲ་བཅོམ་པ་རྣམས་དང༌། རང་སངས་རྒྱས་རྣམས་དང༌། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་ཕུལ་བ་བས། བདག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་འཇིམ་པ་ལ་སྐྱུ་རུ་རའི་འབྲས་བུ་ཙམ་བྱས་ལ། ཁབ་ཙམ་གྱི་སྲོག་ཤིང་བཙུག་སྟེ། རྒྱ་ཤུག་གི་ལོ་མ་ཙམ་གྱི་གདུགས་གསོལ་ནས། ནས་ཀྱི་འབྲུ་ཙམ་གྱི་སྐུ་གཟུགས་བྱས་ལ། ཡུངས་འབྲུ་ཙམ་གྱི་རིང་བསྲེལ་བཅུག་ནས། དེ་ནི་དེ་བས་ཆེས་བསོད་ནམས་ཆེའོ། །ཞེས་ང་སྨྲའོ། །ཀུན་དགའ་བོ། འཛམ་བུའི་གླིང་ལྟ་ཡང་ཞོག །ཤར་གྱི་ལུས་འཕགས་ཀྱི་གླིང་ལྟ་ཡང་ཞོག །ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་ལྟ་ཡང་ཞོག །བྱང་གི་སྒྲ་མི་སྙན་གྱི་གླིང་ལྟ་ཡང་ཞོག །ལྷའི་དབང་པོ་བརྒྱ་བྱིན་གྱི་ཁང་བཟངས་རྣམ་པར་རྒྱལ་བྱེད་ཅེས་བྱ་བ་ལྟ་ཡང་ཞོག་སྟེ། ཀུན་དགའ་བོ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཡོད་དེ། དེ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དད་པ་ཅན་གང་ལ་ལ་ཞིག་གིས། རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་དུ་བྱས་ཏེ། རྒྱུན་དུ་ཞུགས་པ་རྣམས་དང༌། ལན་ཅིག་ཕྱིར་འོང་བ་རྣམས་དང༌། ཕྱི་མི་འོང་བ་རྣམས་དང༌། དགྲ་བཅོམ་པ་རྣམས་དང༌། རང་སངས་རྒྱས་རྣམས་དང༌། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་ཕུལ་པ་བས། གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་འཇིམ་པ་ལ་སྐྱུ་རུ་རའི་འབྲས་བུ་ཙམ་བྱས་ལ། ཁབ་ཙམ་གྱི་སྲོག་ཤིང་བཙུགས་ཏེ། རྒྱ་ཤུག་གི་ལོ་མ་ཙམ་གྱི་གདུགས་གསོལ་ནས། ནས་ཀྱི་འབྲས་བུ་ཙམ་གྱི་སྐུ་གཟུགས་བྱས་ལ། ཡུངས་འབྲུ་ཙམ་གྱི་རིང་བསྲེལ་བཅུག་ན། དེ་ནི་དེ་བས་བསོད་ནམས་ཆེས་ཆེའོ། །ཞེས་ང་སྨྲའོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ། དེ་བཞིན་གཤེགས་པ་ནི་ཡེ་ཤེས་ཀྱིས་དཔག་ཏུ་མེད་པ། ཚུལ་ཁྲིམས་ཀྱིས་དཔག་ཏུ་མེད་པ། བཟོད་པས་དཔག་ཏུ་མེད་པ། བརྩོན་འགྲུས་ཀྱིས་དཔག་ཏུ་མེད་པ། བསམ་གཏན་གྱིས་དཔག་ཏུ་མེད་པ། ཤེས་རབ་ཀྱིས་དཔག་ཏུ་མེད་པ། བྱམས་པས་དཔག་ཏུ་མེད་པ། སྙིང་རྗེས་དཔག་ཏུ་མེད་པ། དགའ་བས་དཔག་ཏུ་མེད་པ། བཏང་སྙོམས་ཀྱིས་དཔག་ཏུ་མེད་པ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང༌། སྟོབས་བཅུ་དང༌། མ་འདྲེས་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་དྲན་པ་ཉེ་བར་གཞག་པ་མ་འདྲེས་པ་གསུམ་དང༌། སྙིང་རྗེ་ཆེན་པོ་དཔག་ཏུ་མེད་པ་སྟེ། ཀུན་དགའ་བོ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པའི་ཕྱིར་རོ། །ཞེས་གསུངས་སོ། །

ལས་རྣམ་པར་འབྱེད་པའི་མདོ་ལས། བྲམ་ཟེའི་ཁྱེའུ་ནེ་ཙོ་ལ་བཀའ་སྩལ་པ། དེ་བཞིན་གཤེགས་པའི་མཆོད་རྟེན་བཞེངས་པའི་ཕན་ཡོན་བཅོ་བརྒྱད་དེ། བཅོ་བརྒྱད་གང་ཞེ་ན། རྒྱ་ཆེན་པོའི་ཁྱིམ་དུ་སྐྱེ་བ་འཐོབ་པ་དང༌། གཟུགས་བཟང་བར་འགྱུར་བ་དང༌། མཛེས་ཤིང་མིག་ཏུ་སྡུག་པར་འགྱུར་བ་དང༌། དབང་པོ་རྣོ་བར་གྲགས་པར་འགྱུར་བ་དང༌། གཡོག་འཁོར་ཆེན་པོར་འགྱུར་བ་དང༌། གཡོག་འཁོར་མི་ཕྱེད་པར་འགྱུར་བ་དང༌། ལོངས་སྤྱོད་ཆེ་བར་འགྱུར་བ་དང༌། མངོན་དུ་འགྲོ་བར་བྱ་བར་འགྱུར་བ་དང༌། རྟེན་དུ་འགྱུར་བ་དང༌། ཕྱོགས་བཅུར་བརྗོད་པ་དང༌། སྒྲ་དང་ཚིགས་སུ་བཅད་པ་རྒྱ་ཆེན་པོ་མངོན་དུ་འབྱུང་བར་འགྱུར་བ་དང༌། ལྷ་དང་མིས་མཆོད་པར་འགྱུར་བ་དང༌། ནོར་མང་པོ་དང་ལྡན་པར་འགྱུར་བ་དང༌། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཐོབ་པར་འགྱུར་བ་དང༌། ཚེ་དང་ལྡན་པར་འགྱུར་བ་དང༌། ལུས་རྡོ་རྗེའི་ཚོགས་ལྟར་འགྱུར་བ་དང༌། ལུས་མཚན་དང་དཔེ་བྱད་ཀྱིས་བརྒྱན་པར་འགྱུར་བ་དང༌། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང༌། མྱུར་དུ་ཡོངས་སུ་མྱ་ངན་ལས་འདས་པ་སྟེ་བཅོ་བརྒྱད་པོ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་བཞེངས་པའི་ཕན་ཡོན་ནོ། །ཞེས་བྱུང་བ་ལ།

གསལ་རྒྱལ་གྱིས་ཞུས་པའི་མདོར། ཐུབ་པའི་དབང་པོ་དབང་གི་མཆོད་རྟེན་བཞེངས་པ་ཡིས། །མྱ་ངན་མེད་པས་ལུས་ཀུན་རྒྱས་པ་དང༌། །གཙོ་བོར་གྱུར་པའི་རིན་ཆེན་མཛོད་མང་དང༌། །ས་སྟེང་དགྲ་ཡི་ཚོགས་ལས་རྒྱལ་བར་འགྱུར། །ཞེས་བྱུང༌།

འཕགས་པ་རྒྱ་ཆེར་རོལ་པའི་མདོ་ཡང་གསུངས་པས། དེ་བཞིན་གཤེགས་པ་མཆོད་རྟེན་ཞིག་པ་བཅོས་པ་དང༌། མཆོད་རྟེན་བཞེངས་པ་དང༌། འཇིག་པས་ཉེན་པའི་སེམས་ཅན་ལ་མི་འཇིག་པ་སྦྱིན་པའི་ཕྱིར། ཤིང་ནྱ་ཀྲོ་དྷ་ལྟར་ཆུ་ཞེང་གབ་པ་དང་ཞེས་བྱའོ། །དེ་བཞིན་གཤེགས་པའི་མཆོད་རྟེན་ལ་སྤོས་ཀྱི་འབྲུ་མར་འཐོར་བ་དང༌། དར་ཕྲ་མོའི་རྒྱལ་མཚན་དང༌། བ་དན་དང༌། སྲད་བུ་ཕུལ་བའི་སྐུའི་པགས་པ་འཇམ་ཞིང་མཉེན་ལ་སྲབ་པ་ཞེས་བྱའོ། །དེ་བཞིན་གཤེགས་པའི་མཆོད་རྟེན་དང༌། དེ་བཞིན་གཤེགས་པའི་སྐུ་གཟུགས་རྣམས་ལ་གསེར་གྱི་རྒྱན་དང་སྤོས་ཀྱི་ཕྱེ་མ་འཐོར་བ་དང༌། གསེར་གྱི་ཁ་དོག་ལྟ་བུའི་རྒྱལ་མཚན་དང༌། བ་དན་དང༌། གསེར་གྱི་སྣོད་དང༌། གསེར་གྱི་ཁ་དོག་ལྟ་བུའི་གོས་ཕུལ་བའི་ཕྱིར། པགས་པ་གསེར་གྱི་མདོག་ལྟ་བུ་ཞེས་བྱའོ། །དེ་བཞིན་གཤེགས་པའི་མཆོད་རྟེན་ལ་སྲིན་བུ་ཀི་ཏ་དང༌། ལུས་ཏའི་ཚད་དང༌། བརྒྱ་དང༌། མེ་ཏོག་རྙིད་པ་དང༌། སྣ་ཚོགས་པའི་ཕྱག་དར་ཡོད་པར་སེལ་བར་སྦྱོར་བའི་ཕྱིར་སྤུརེ་རེ་སྐྱེས་པ་ཞེས་གསུངས་སོ། །ཞེས་ཡོངས་སུ་མྱ་ངན་འདས་པ་ཆེན་པོའི་མདོར་ཡང་གསུངས་པ། རྟག་ཏུ་དགའ་བའི་སེམས་བསྐྱེད་དེ། །སངས་རྒྱས་གཟུགས་སམ་རྟེན་ཀྱང་རུང༌། །མཐེ་བོང་ཙམ་ཞིག་གང་བྱས་པ། །མི་གཡོ་ཞིང་དེར་སྐྱེ་བར་འགྱུར། །ཞེས་སོགས་བུ་མོ་རྣམ་དག་དང་བས་ཞུས་པའི་མདོར་ཡང་གསུངས་པ། གཞན་ཡང་བུ་མོ་བྱང་ཆུབ་སེམས་དཔའ་ནི་ཆོས་རྣམ་པ་བརྒྱད་དང་ལྡན་པའི་ཕྱིར་སངས་རྒྱས་རྣམས་ཀྱི་སྤྱན་སྔར་པདྨ་ལས་བརྫུས་ཏེ་སྐྱེ་བར་འགྱུར་རོ། །བརྒྱད་གང་ཞེ་ན། སྲོག་ལ་འབབ་པར་གྱུར་ཀྱང་གཞན་གྱིས་ཉེས་པ་མི་བརྗོད་པ་དང༌། སེམས་ཅན་རྣམས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་བསྐུལ་བ་དང༌། ཐམས་ཅད་བྱང་ཆུབ་ཀྱི་སེམས་ལ་བཀོད་པ་དང༌། ཚངས་པར་སྤྱོད་པ་ལ་གོས་པ་མེད་པ་དང༌། དེ་བཞིན་གཤེགས་པའི་སྐུ་གཟུགས་དག་བྱས་ནས་པདྨའི་གདན་ལ་འཇོག་པ་དང༌། སེམས་ཅན་མྱ་ངན་བྱེད་པ་དེ་དག་མྱ་ངན་སེལ་བར་བྱེད་པ་དང༌། ཁེངས་ཤིང་ང་རྒྱལ་བྱེད་པ་དེ་དག་གི་མདུན་དུ་བརྟག་པར་བདག་ཉིད་དམན་པར་བྱེད་པ་དང༌། གཞན་ལ་འཚེ་བར་མི་བྱེད་པ་གང་ཡིན་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ། གལ་ཏེ་སྡུག་བསྔལ་གཟེར་གྱུར་ཀྱང༌། །ནམ་ཡང་གཞན་གྱི་སྐྱོན་མི་སྨྲ། །རྟག་པར་དཀོན་མཆོག་གང་བསྔགས་པ། །སངས་རྒྱས་སྤྱན་སྔར་རྫུས་ཏེ་སྐྱེས། །བྱང་ཆུབ་སེམས་ནི་བསྐྱེད་པ་དང༌། །ཐམས་ཅད་མཁྱེན་པ་ཉེར་བསྐུལ་ནས། །རྟག་ཏུ་ཚངས་པར་གང་སྤྱོད་པ། །སངས་རྒྱས་སྤྱན་སྔར་རྫུས་ཏེ་སྐྱེས། །གསེར་གྱི་སངས་རྒྱས་གཟུགས་བརྙན་ཏེ། །རིན་ཆེན་པདྨའི་གདན་ལ་བཞག །སེམས་ཅན་མྱ་ངན་གང་སེལ་བ། །སངས་རྒྱས་སྤྱན་སྔར་རྫུས་ཏེ་སྐྱེས། །ང་རྒྱལ་བྱེད་པ་དེ་དག་ལ། །སློབ་མ་བཞིན་དུ་བདག་དམན་ཞིང༌། །གཞན་ལ་གང་ཞིག་མི་འཚེ་བ། །སངས་རྒྱས་སྤྱན་སྔར་རྫུས་ཏེ་སྐྱེས། །ཞེས་སོ། །

བུ་མོ་རིན་ཆེན་གྱིས་ཞུས་པའི་མདོར་ཡང་གསུངས་པ། དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོ་མཚན་མཐུ་བོ་ཆེ་ཆེན་པོའི་ལུས་ཀུན་ནས་མཛེས་པ་འདི་ནི། སྔོན་དེ་བཞིན་གཤེགས་པའི་སྐུ་གཟུགས་བཞེངས་པ་དང༌། མཆོད་རྟེན་ཞིག་པ་བཅོས་པ་དང༌། གཞན་འཇིག་པ་དག་དབུགས་དབྱུང་བ་དང༌། སེམས་ཅན་མི་མཐུན་པའི་སྡུམ་བྱས་པས་གྲུབ་སྟེ། བུ་མོ་སྔཽན་དགེ་བའི་རྩ་བ་ཆེས་ཚད་མེད་གྲངས་མེད་པ་འདི་དག་སྤྱད་པས། དེ་བཞིན་གཤེགས་པའི་སྐུ་ལ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་མངོན་པར་གྲུབ་བོ། །ཞེས་པའོ། །

འཕགས་པ་དཀོན་མཆོག་སྤྲིན་ལས་ཀྱང་བསྟན་ཏེ། རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་ཆོས་བཅུ་དང་ལྡན་ན། མངལ་གྱི་དྲི་མས་མ་གོས་པ་སྐྱེའོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། དེ་བཞིན་གཤེགས་པའི་སྐུ་གཟུགས་བཞེངས་པ་དང༌། མཆོད་རྟེན་ཞིག་པ་གསོ་བ་དང༌། དེ་བཞིན་གཤེགས་པའི་མཆོད་རྟེན་དག་ལ་སྤོས་ཀྱིས་བྱུག་པ་འབུལ་བ་དང༌། དེ་བཞིན་གཤེགས་པའི་སྐུ་གཟུགས་དག་ལ་ཁྲུས་ཀྱི་སྤོས་ཆུ་འབུལ་བ་དང༌། དེ་བཞིན་གཤེགས་པའི་མཆོད་རྟེན་དག་ལ་ཕྱག་དར་དང་བརྐྱང་ནུལ་བྱ་བ་འབུལ་བ་དང༌། ཕ་མ་ལ་ལུས་ཀྱི་རིམ་གྲོ་བྱེད་པ་དང༌། མཁན་པོ་དང་སློབ་དཔོན་དག་ལ་ལུས་ཀྱིས་རིམ་གྲོ་བྱེད་པ་དང༌། ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་ལུས་ཀྱིས་རིམ་གྲོ་བྱེད་པ་དང༌། དེ་ཡང་ཟང་ཟིང་མེད་པའི་སེམས་ཀྱིས་ཏེ། ཟང་ཟིང་དང་བཅས་པས་མ་ཡིན་པ་དང༌། དགེ་བའི་རྩ་བ་དེ་ཡང་འདི་ལྟར་དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་མངལ་གྱི་དྲི་མས་མ་གོས་པར་སྐྱེ་བར་གྱུར་ཅིག །ཅེས་ཡོངས་སུ་བསྔོ་ཞིང༌། དེ་ཡང་བསམ་པ་ཐག་པ་ནས་སེམས་པ་སྟེ། རིགས་ཀྱི་བུ། ཆོས་བཅུ་པོ་དེ་དག་དང་ལྡན་ན་མངལ་གྱི་དྲི་མས་མ་གོས་པར་སྐྱེའོ། །ཞེས་པའོ། །

དམ་པའི་ཆོས་པདྨ་དཀར་པོའི་མདོར་ཡང་བཀའ་སྩལ་པ། རྒྱལ་བ་མྱ་ངན་འདས་པ་དེ་དག་གི །རྒྱལ་བའི་རིང་བསྲེལ་དག་ལ་སུས་མཆོད་ཅིང༌། །རིན་ཆེན་མཆོད་རྟེན་སྟོང་ཕྲག་དུ་མ་དག །གསེར་དང་དངུལ་དང་འོན་ཏེ་ཤེལ་གྱི་འམ། །རྡོ་ཡི་སྙིང་པོའི་མཆོད་རྟེན་གང་གིས་བྱས། །བཻ་ཌཱུཪྻ་མཆོག་དེ་བཞིན་ཨན་ད་རྙིལ། །ལ་ལས་མུ་ཏིག་ཀེ་ཀེ་རུ་ལས་བྱས། །དེ་དག་གིས་ཀྱང་བྱང་ཆུབ་ཐོབ་པར་འགྱུར། །གང་གིས་མཆོད་རྟེན་རྡོ་ལས་བྱས་པ་དང༌། །གང་གིས་ཨ་ཀ་རུ་དང་ཙན་དན་ནམ། །གང་གིས་ཐང་ཤིང་མཆོད་རྟེན་བྱས་པ་དང༌། །ལ་ལས་ཤིང་མར་གཞན་ལས་བྱས་པ་དང༌། །ས་དང་སོ་ཕག་ལས་ནི་བརྩེགས་པ་ཡི། །རྒྱལ་བའི་མཆོད་རྟེན་དགའ་བཞིན་བྱས་པ་དང༌། །དེ་བཞིན་ས་རྡུལ་ཕུང་པོ་དག་ལས་ཀྱང༌། །མྱ་ངན་དགོན་དག་གང་དུ་བྱས་པ་དང༌། །བྱིས་པ་རྩེད་མོར་དེ་དང་དེ་དག་ཏུ། །གང་གིས་རྒྱལ་བ་དེ་ཕྱིར་མཆོད་རྟེན་དག །བྱེ་མ་ལས་ནི་ཕུང་པོ་བྱས་པ་ཡིས། །དེ་རྣམས་ཀྱིས་ཀྱང་བྱང་ཆུབ་འཐོབ་པར་འགྱུར། །ལ་ལས་དེར་ནི་རིན་ཆེན་གཟུགས་བྱས་པ། །སུམ་ཅུ་རྩ་གཉིས་མཚན་དང་ལྡན་པའི་གཟུགས། །གང་གིས་དེ་ཕྱིར་བྱས་པ་དེ་དག་ཀྱང༌། །དེ་དག་ཐམས་ཅད་བྱང་ཆུབ་འཐོབ་པར་འགྱུར། །ལ་ལས་དེར་ནི་རིན་ཆེན་སྣ་བདུན་དང༌། །ལ་ལས་ཟངས་དང་དེ་བཞིན་འཁར་བ་ལས། །བདེ་བར་གཤེགས་པ་རྣམས་ཀྱིས་གཟུགས་བྱས་པ། །དེ་དག་ཐམས་ཅད་བྱང་ཆུབ་འཐོབ་པར་འགྱུར། །རོ་ཉེ་དང་ནི་ལྕགས་སམ་སའང་རུང༌། །བདེ་བར་གཤེགས་པ་རྣམས་ཀྱི་གཟུགས་བྱས་ཏེ། །བལྟ་ན་སྡུག་པ་འཇིམ་པའི་ལས་བྱེད་བཅུག །དེ་དག་ཐམས་ཅད་བྱང་ཆུབ་འཐོབ་པར་འགྱུར། །གང་གི་རྩིག་ངོས་གཟུགས་ཀྱི་རི་མོ་དག །བསོད་ནམས་རྒྱལ་མཚན་ཡོངས་སུ་རྫོགས་པའི་སྐུ། །གང་གིས་བྲིས་སམ་འདྲི་རུ་བཅུག་ཀྱང་རུང༌། །དེ་དག་ཐམས་ཅད་བྱང་ཆུབ་འཐོབ་པར་འགྱུར། །སྐྱེས་བུ་དག་གམ་འོན་ཏེ་གཞོན་ནུའང་རུང༌། །གང་དག་ལ་ལ་དེ་ནི་སློབ་པའི་ཚེ། །རྩེད་མོ་དགའ་དང་གསང་བར་བྱེད་པ་ན། །རྩིག་ངོས་སེན་མོ་ཤིང་བུས་གཟུགས་བྲིས་པ། །དེ་དག་ཐམས་ཅད་བྱང་ཆུབ་འཐོབ་འགྱུར་ཏེ། །དེ་དག་ཐམས་ཅད་སྙིང་རྗེ་ཅན་དུ་འགྱུར། །ཐམས་ཅད་ཀྱང་ནི་སྲོག་ཆགས་བྱེ་བ་སྒྲོལ། །བྱང་ཆུབ་སེམས་དཔའ་མང་པོ་ཡང་དག་འཛུད། །དེ་བཞིན་གཤེགས་པ་རྣམས་ཀྱི་རིང་བསྲེལ་དང༌། །འཇིམ་པའི་གཟུགས་དང་མཆོད་རྟེན་དག་ལའང་རུང༌། །རྩིག་ངོས་བྲིས་དང་རྡུལ་ཕུང་མཆོད་རྟེན་ལ། །དེ་ལ་མེ་ཏོག་དང་ནི་སྤོས་གསོལ་ཏེ། །དེར་ནི་གང་གིས་རབ་སྙན་ཅང་ཏེའུ་དང༌། །དུང་དང་རྔ་ཆེན་རོལ་མོའི་སྒྲ་བྱེད་བཅུག །བྱང་ཆུབ་མཆོག་རབ་མཆོད་པར་བྱ་བའི་ཕྱིར། །གང་དག་རྔ་རྣམས་རབ་ཏུ་བརྡུང་བྱེད་ཅིང༌། །པི་ཝང་དང་ནི་ཕེག་དང་འཁར་བའི་རྔ། །རྫ་རྔ་བརྡུང་ཞིང་གླིང་བུ་ཡིད་འོང་དང༌། །ཨ་ཀོ་ན་ཏ་རབ་ཏུ་སྙན་འབྱིན་པ། །དེ་དག་ཐམས་ཅད་བྱང་ཆུབ་འཐོབ་པར་འགྱུར། །བདེ་བར་གཤེགས་པ་རྣམས་ལ་མཆོད་པའི་ཕྱིར། །གང་དག་ལྕགས་ཀྱི་སིལ་གྲོལ་བརྡུང་བཅུག་དང༌། །ཆུ་ལ་བརྡབས་དང་ཐལ་མོས་བརྡབས་པ་དང༌། །ཡིད་དུ་འོང་ཞིང་སྙན་པའི་གླུར་བླངས་དང༌། །རིང་བསྲེལ་དེ་དག་རྣམ་མང་མཆོད་བྱས་པ། །དེ་དག་ཐམས་ཅད་འཇིག་རྟེན་སངས་རྒྱས་འགྱུར། །བདེ་གཤེགས་རིང་བསྲེལ་ལ་ནི་ཅུང་ཟད་ཀྱང༌། །མཆོད་ཕྱིར་སིལ་སྙན་བརྡུང་བའི་སྒྲ་བྱུང་ངམ། །མེ་ཏོག་གཅིག་ཙམ་གྱིས་ནི་མཆོད་པ་དང༌། །བདེ་གཤེགས་གཟུགས་དག་རྩིག་ངོས་བྲིས་པ་ལ། །འཁྲུགས་བཞིན་པ་ཡི་སེམས་ཀྱིས་མཆོད་ནས་ཀྱང༌། །དེ་དག་རིམ་གྱིས་སངས་རྒྱས་བྱེ་བ་མཐོང༌། །མཆོད་རྟེན་དེ་ལ་གང་གིས་ཐལ་མོ་སྦྱར། །ཡོངས་སུ་ཚང་བའམ་ཐལ་མོ་ཡ་གཅིག་གམ། །ཡང་ན་མགོ་བོ་བཏུད་གཅིག་འདུད་པ་དང༌། །དེ་བཞིན་སྐད་ཅིག་ལུས་ཀྱང་བཏུད་པ་དང༌། །གང་གིས་རིང་བསྲེལ་གནས་པ་དེ་དག་ལ། །གཡེང་བའི་སེམས་ཀྱིས་ཕྱག་འཚལ་སངས་རྒྱས་ཞེས། །ཚིག་གཅིག་ལན་འགའ་བརྗོད་པར་བྱས་པ་ཡང༌། །དེ་དག་ཀུན་གྱིས་བྱང་ཆུབ་མཆོག་འདི་འཐོབ། །ཅེས་པ་ལ་སོགས་པ་རྒྱས་པར་འབྱུང་ངོ༌། །

ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པའི་མདོ་ལ་ཡང༌། ཀླུའི་བདག་པོ་བྱང་ཆུབ་སེམས་དཔའ་ཆོས་བརྒྱད་དང་ལྡན་ན་རྟག་ཏུ་རྒྱུན་མི་ཆད་པར་དེ་སངས་རྒྱས་དང་ཕྲད་པར་འཐོབ་བོ། །བརྒྱད་གང་ཞེ་ན། སེམས་ཅན་སངས་རྒྱས་གཟུགས་ལ་བལྟ་བ་ཡང་དག་པར་འཛིན་དུ་འཇུག་པ་དང༌། དེ་བཞིན་གཤེགས་པ་ལ་རིམ་འགྲོ་བྱེད་པ་དང༌། རྒྱུན་མི་ཆད་པར་དེ་བཞིན་གཤེགས་པའི་བསྔགས་པ་བརྗོད་པ་དང༌། དེ་བཞིན་གཤེགས་པའི་སྐུ་གཟུགས་བྱེད་པ་དང༌། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པ་ལ་བལྟ་བ་ཡང་དག་པར་འཛིན་དུ་འཇུག་པ་དང༌། སངས་རྒྱས་ཀྱི་ཞིང་དུ་གང་ན་དེ་བཞིན་གཤེགས་པའི་སྒྲ་གྲགས་པའི་སངས་རྒྱས་ཀྱི་ཞིང་དེར་སྨོན་ལམ་འདེབས་པ་དང༌། རྒྱུད་ཞུམ་པ་མེད་པ་དང༌། རྒྱུད་རྒྱ་ཆེན་པོར་གྱུར་ནས་སངས་རྒྱས་ཀྱི་ཡེ་ཤེས་ཚོལ་བའོ། །ཞེས་བྱུང་ངོ༌། །

བདེ་གཤེགས་སྙིང་པོའི་རིང་བསྲེལ་གྱིས་གང་བའི། །བདེ་གཤེགས་མཆོད་རྟེན་བཞེངས་དང་མཆོད་ལ་སོགས། །བདེ་གཤེགས་ཀུན་གྱི་གསུང་རབ་ལས་བྱུང་ཞིང༌། །བདེ་གཤེགས་སྙིང་པོ་ཅན་ཀུན་དེར་འཇུག་ཤོག །རྒྱལ་བ་ཀུན་གྱི་འཕྲིན་ལས་ཀྱིས་བསྐུལ་ཏེ། །རྒྱལ་བའི་མཆོད་རྟེན་མཆོད་ཕྱིར་བརྩོན་བྱེད་ཅིང༌། །རྒྱལ་བའི་མཆོད་རྟེན་ཀུན་གྱི་ལྷག་པའི་ལྷ། །རྒྱལ་བའི་སྙིང་པོ་ཀུན་གྱིས་མྱུར་ཐོབ་ཤོག།

འཕགས་པ་སྤྱན་རས་གཟིགས་ཀྱི་མདོར་ཡང་བཀའ་སྩལ་པ། གང་ཞིག་སྟོན་པ་མི་མཆོག་གཟུགས་བྱེད་པ། །རས་བྲིས་རྩིག་ངོས་འབྲིའམ་གསེར་ལས་བྱས། །དེ་ཡི་ཆོས་ཀྱི་ཁྱད་པར་གང་ཕྱིར་ཡང༌། །དེ་དག་མ་ལུས་རབ་ཏུ་བསྟན་གྱིས་ཉོན། །དེ་ནི་བལྟ་མིན་ལོང་བར་ཞར་མི་འགྱུར། །སྒུར་པོར་མི་འགྱུར་ཡན་ལག་མི་སྡུག་མིན། །དེ་ནི་གཟུགས་དང་ལྡན་ཞིང་ཁ་དོག་ལྡན། །སུམ་ཅུ་རྩ་གཉིས་མཚན་གྱིས་གོ་ཅར་འགྱུར། །ལུས་ནི་རྣམ་པར་དག་ཅིང་ཁྱད་པར་ཐོབ། །སྤོབས་པ་ཐོབ་ཅིང་སྒྲ་སྙན་ཡིད་དུ་འོང༌། །ཤེས་བཞིན་ལྡན་ཞིང་འཇིག་རྟེན་ཀུན་གྱི་གཙོ། །དེ་མཐོང་སེམས་ཅན་བདེ་ཞིང་དགའ་བར་འགྱུར། །སྡིག་བྱེད་མི་འགྱུར་ཞེ་སྡང་མེད་སེམས་ལྡན། །གཡོ་མེད་མི་རྐུ་རྒྱལ་པོ་འཁྲུགས་མི་བྱེད། །མཐུ་དང་ལྡན་ཞིང་དབང་ཆེན་གྲགས་པར་འགྱུར། །བྱམས་ལ་གནས་ཤིང་མི་དམན་སེམས་དང་ལྡན། །འདྲེན་པའི་སྐུ་གཟུགས་རབ་ཏུ་མཛེས་བྱས་ནས། །དེ་ནི་མཆོག་འབྱུང་སྐྱེ་བོ་མང་མཆེད་འང༌། །བློ་ལྡན་ཕྱུག་ཅིང་ཆེ་ཉིད་རྒྱ་ཆེར་ལྡན། །དབང་ལྡན་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར། །འདྲེན་པའི་སྐུ་གཟུགས་རབ་ཏུ་མཛེས་བྱས་ནས། །ལྷ་ཡི་དབང་པོ་དབང་ཕྱུག་དབང་ཐོབ་བོ། །ལྷུན་པོའི་ཟོམ་ན་དབང་ཐོབ་བརྒྱ་བྱིན་འགྱུར། །བདག་པོ་ལྷུན་པོའི་ཟོམ་ན་རྒྱལ་སྲིད་བཏོན། །དེ་ནི་དྲན་དང་བློ་གྲོས་མི་ལྡན་མིན། །དེ་ནི་རྟོག་མོས་ཤེས་རབ་ཚང་བར་འགྱུར། །འཇིག་རྟེན་ཀུན་ན་དབུགས་འབྱིན་ཐོབ་འགྱུར་ཏེ། །འདི་ནི་ཡེ་ཤེས་ལྡན་ཞིང་དམྱལ་བ་སྤངས། །སེམས་ཅན་སྙིང་པོ་མཚུངས་མེད་མཆོད་བྱས་ན། །དུད་འགྲོའི་སྐྱེ་གནས་གཤིན་རྗེའི་ཡུལ་མི་འགྲོ། །ངན་སོང་གསུམ་པོ་དེས་ནི་རྣམ་སྤངས་ཏེ། །བདག་དེར་ཕྱིས་མི་སྐྱེ་བར་ཤེས་པར་འགྱུར། །འདྲེན་པའི་སྐུ་གཟུགས་རབ་ཏུ་མཛེས་བྱས་ན། །དབང་ལྡན་དབང་ཕྱུག་ཉིད་ཀྱི་ལྟར་འགྱུར་ཏེ། །མི་དམན་དགའ་བའི་སེམས་ཀྱིས་སངས་རྒྱས་མཆོད། །རྒྱལ་བ་མཆོག་གི་བསྟན་ལ་དད་པར་འགྱུར། །ཚད་པའི་འཇིག་རྟེན་དབང་ཐོབ་ཚང་བར་འགྱུར། །ཡིད་འོང་ཤིན་ཏུ་མཛེས་པའི་སྤོབས་དང་ལྡན། །འཛམ་བུའི་གླིང་གསེར་འོད་བྱེད་དགའ་འགྱུར་བའི། །གཞལ་མེད་ཁང་མཆོག་བལྟ་སྡུག་ཐོབ་པར་འགྱུར། །དེ་ནི་དེས་དཔོན་སྟོབས་བཅུ་ལྡན་པ་པོ། །སེམས་ཅན་སྙིང་པོ་མཚུངས་འདྲ་མེད་པ་ཐོབ། །ཁ་དོག་མཐའ་ཡས་འཇིག་རྟེན་ཀུན་ལ་གསལ། །གསེར་སྟེང་རིན་ཆེན་བཻཌཱུཪྻ་དང་མཚུངས། །ཞེས་པའོ། །

སངས་རྒྱས་མེད་པར་འདོད་པའི་ལྟ་བ་ཅན། །དེ་རྣམས་ཀྱིས་ཀྱང་མདོ་སྡེ་རིན་པོ་ཆེ། །ཁྱད་འཕགས་འདི་རྣམས་མཐོང་ཞིང་རྟོགས་གྱུར་ནས། །ལྟ་ངན་སྤངས་ཏེ་རྒྱལ་ལ་དད་ཐོབ་ཤོག །

སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་ཤིང༌། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ནམ་མཁའ་ལྟར་དཔག་ཏུ་མེད་པའི་ཕ་རོལ་ཏུ་སོན་པས་ཡོན་གནས་དམ་པ། བླ་ན་མེད་པ། མཉམ་པ་མེད་པ། མཚུངས་པ་མེད་པ་ཉིད་ཀྱི་ཕྱིར། དེའི་སྐུ་གཟུགས་དང་མཆོད་རྟེན་མཆོད་པ་དང་བསྐོར་བ་ལ་སོགས་པའི་དགེ་བའི་རྩ་བ་ཡང་དཔག་ཏུ་མེད་ཅིང༌། མཐར་ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས་སུ་གསུངས་ཏེ། ཇི་སྐད་དུ། ལས་རྣམ་པར་འབྱེད་པའི་མདོར། བྲམ་ཟེའི་ཁྱེའུ་ནེ་ཙོ་ལ་བཀའ་སྩལ་པ། བྲམ་ཟེའི་ཁྱེའུ་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཐལ་མོ་སྦྱར་བའི་ཕན་ཡོན་ནི་བཅུ་པོ་འདི་དག་སྟེ། བཅུ་གང་ཞེ་ན། རྒྱན་རིན་པོ་ཆེའི་ཁྱིམ་དུ་སྐྱེ་བ་འཐོབ་བ་དང༌། རྒྱ་ཆེན་པོའི་གཟུགས་དང༌། རྒྱ་ཆེན་པོའི་གཡོག་འཁོར་དང༌། རྒྱ་ཆེ་བའི་མཆོད་པ་དང༌། བཀུར་སྟི་དང༌། རྒྱ་ཆེ་བའི་ནོར་དང༌། རྒྱ་ཆེ་བའི་ཐོས་པ་དང༌། རྒྱ་ཆེ་བའི་དད་པ་དང༌། རྒྱ་ཆེ་བའི་དྲན་པ་དང༌། རྒྱ་ཆེ་བའི་ཤེས་རབ་དང༌། རྒྱ་ཆེ་བའི་རྟོགས་པ་འཐོབ་པ་སྟེ། བཅུ་པོ་འདི་དག་ནི། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཐལ་མོ་སྦྱར་བའི་ཕན་ཡོན་ནོ། །དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཕྱག་འཚལ་བའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། གཟུགས་བཟང་བ་སྟེ། མདོག་གསེར་གྱི་ཁ་དོག་ལྟ་བུར་འགྱུར་བ་དང༌། མཛེས་ཏེ་མིག་ཏུ་སྡུག་པར་འགྱུར་བ་དང༌། སྐད་སྙན་ཞིང་གཟུང་བའི་ཚིག་ཏུ་འགྱུར་བ་དང༌། བག་ཚ་བ་མེད་པར་འཁོར་གྱི་ནང་དུ་འགྲོ་བ་དང༌། ལྷ་དང་མི་རྣམས་དགའ་བར་འགྱུར་བ་དང༌། གཟི་བརྗིད་ཆེན་པོར་འགྱུར་བ་དང༌། གཟི་བརྗིད་ཆེན་པོའི་གང་ཟག་འདི་ལྟ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་དང༌། བྱང་ཆུབ་སེམས་དཔའ་རྣམས་དང༌། སངས་རྒྱས་ཀྱི་ཉན་ཐོས་རྣམས་དང༌། འགྲོགས་པར་འགྱུར་བ་དང༌། ལོངས་སྤྱོད་ཆེ་བར་འགྱུར་བ་དང༌། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང༌། མྱུར་དུ་ཡོངས་སུ་མྱ་ངན་ལས་འདས་པ་སྟེ། བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཕྱག་འཚལ་བའི་ཕན་ཡོན་ནོ། །དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཕྱག་དར་བཅས་འི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། གཟུགས་བཟང་བ་དང༌། བལྟ་ན་སྡུག་པར་འགྱུར་བ་དང༌། མཛེས་པར་འགྱུར་བ་དང༌། སྐད་སྙན་པར་འགྱུར་བ་དང༌། དེའི་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་སྲབ་པར་འགྱུར་བ་དང༌། ལམ་དུ་འགྲོ་ན་རྩ་དང༌། གསེག་མ་དང༌། གྱོ་མོ་རྣམས་མེད་པར་འགྱུར་བ་དང༌། བཙུན་པའི་རིགས་སུ་སྐྱེ་བར་འགྱུར་བ་དང༌། ལོངས་སྤྱོད་ཆེ་བར་འགྱུར་བ་དང༌། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང༌། མྱུར་དུ་ཡོངས་སུ་མྱ་ངན་ལས་འདས་པ་སྟེ། བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཕྱག་དར་བྱས་པའི་ཕན་ཡོན་ནོ། །དེ་བཞིན་གཤེགས་ པའི་མཆོད་རྟེན་ལ་གདུགས་ཕུལ་བའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། འཇིག་རྟེན་ནས་གདུགས་ལྟ་བུར་འགྱུར་བ་དང༌། ལུས་ལ་གདུང་བ་མེད་པར་འགྱུར་བ་དང༌། སེམས་ལ་གདུང་བ་མེད་པར་འགྱུར་བ་དང༌། འཇིག་རྟེན་གྱི་རྟེན་དུ་འགྱུར་བ་དང༌། བདག་པོའི་ལས་བྱེད་ཅིང་བརྩེགས་པ་དང༌། འཁོར་ལོས་སྒྱུར་པའི་རྒྱལ་སྲིད་ཡང་དང་ཡང་དུ་འཐོབ་པ་དང༌། དབང་ཆེ་བར་གྲགས་པར་འགྱུར་བ་དང༌། ལོངས་སྤྱོད་ཆེ་བར་འགྱུར་བ་དང༌། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང༌། མྱུར་དུ་ཡོངས་སུ་མྱ་ངན་ལས་འདས་པ་སྟེ། བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་གདུགས་ཕུལ་བའི་ཕན་ཡོན་ནོ། །དེ་བཞིན་གཤེགས་པའི་མཆོད་རྟེན་ལ་དྲིལ་བུ་ཕུལ་བའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། གཟུགས་བཟང་བར་འགྱུར་བ་དང༌། སྒྲ་སྙན་པར་འགྱུར་བ་དང༌། ཡིད་དུ་འོང་བ་སྨྲ་བ་དང་ལྡན་པར་འགྱུར་བ་དང༌། ཀ་ལ་པིང་ཀའི་སྒྲ་ལྟ་བུ་སྨྲ་བ་དང་ལྡན་པར་འགྱུར་བ་དང༌། གཟུང་བ་དང་ཚིག་ཏུ་འགྱུར་བ་དང༌། རབ་ཏུ་དགའ་བར་འགྱུར་བ་དང༌། ཀུན་ཏུ་དགའ་བ་རྒྱ་ཆེན་པོའི་སྒྲ་འཐོབ་པ་དང༌། ལོངས་སྤྱོད་ཆེ་བར་འགྱུར་བ་དང༌། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང༌། མྱུར་དུ་ཡོངས་སུ་མྱ་ངན་ལས་འདས་པ་སྟེ། བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོག་རྟེན་ལ་དྲིལ་བུ་ཕུལ་བའི་ཕན་ཡོན་ནོ། །དེ་བཞིན་གཤེགས་པའི་མཆོད་རྟེན་ལ་བ་དན་ཕུལ་བའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། འཇིག་རྟེན་ན་རྒྱལ་མཚན་ལྟ་བུར་འགྱུར་བ་དང༌། བཛའ་བཤེས་དང༌། བློན་པོ་དང༌། ཉེ་བ་དང༌། སྣག་གི་གཉེན་མཚམས་ཀྱིས་བསྟི་སྟང་དུ་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད་པ་དང༌། ཕྱོགས་དང་ཕྱོགས་མཚམས་རྣམས་སུ་དེའི་གྲགས་པ་བརྗོད་པ་དང༌། སྒྲ་དང་ཚིགས་སུ་བཅད་པ་མངོན་དུ་འབྱུང་བ་དང༌། གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པར་འགྱུར་བ་དང༌། སྐྱེ་བ་གཞན་རྣམས་སུ་ཚེ་རིང་ཞིང་རིགས་སུ་གནས་པར་འགྱུར་བ་དང༌། དབང་ཆེ་བར་གྲགས་པར་འགྱུར་བ་དང༌། རིགས་བཙུན་པར་སྐྱེ་བར་འགྱུར་བ་དང༌། ལོངས་སྤྱོད་ཆེན་པོར་འགྱུར་བ་དང༌། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང༌། མྱུར་དུ་ཡོངས་སུ་མྱ་ངན་ལས་འདས་པ་སྟེ། བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་བ་དན་ཕུལ་བའི་ཕན་ཡོན་ནོ། །དེ་བཞིན་གཤེགས་པའི་མཆོད་རྟེན་ལ་གོས་ཕུལ་བའི་ཕན་ཡོན་བཅུ་གཉིས་ཏེ། བཅུ་གཉིས་གང་ཞེ་ན། མཛེས་ཤིང་བལྟ་ན་སྡུག་པར་འགྱུར་བ་དང༌། པགས་པ་འཇམ་པ་དང༌། པགས་པ་སྣུམ་པ། པགས་པ་སྲབ་པ་དང༌། དེའི་ལུས་ལ་རྡུལ་དང་དྲི་མ་མི་ཆགས་པ་དང༌། དེའི་གོས་བཟང་པོར་འགྱུར་བ་དང༌། གདེང་བ་དང༌། བགོ་བ་ཕྲ་མོར་རྙེད་པར་འགྱུར་བ་དང༌། ངོ་ཚ་ཤེས་པ་དང༌། ཁྲེལ་ཡོད་པ་ཕུན་སུམ་ཚོགས་པར་འགྱུར་བ་དང༌། མཐོང་ན་དགའ་བར་འགྱུར་བ་དང༌། ལོངས་སྤྱོད་ཆེ་བར་འགྱུར་བ་དང༌། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང༌། མྱུར་དུ་ཡོངས་སུ་མྱ་ངན་ལས་འདས་པ་སྟེ། བཅུ་གཉིས་པོ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་གོས་ཕུལ་བའི་ཕན་ཡོན་ནོ། །དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མེ་ཏོག་ཕུལ་བའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། འཇིག་རྟེན་མེ་ཏོག་ལྟ་བུར་འགྱུར་བ་དང༌། དེའི་སྣའི་དབང་པོ་ནམ་ཡང་ཉམས་པར་མི་འགྱུར་བ་དང༌། ལུས་ཀྱི་དྲི་ང་བ་རྣམ་པར་དག་པར་འགྱུར་བ་དང༌། དྲི་ཞིམ་པོ་འབྱུང་བར་འགྱུར་བ་དང༌། ཕྱོགས་དང་ཕྱོགས་མཚམས་རྣམས་སུ་དེའི་ཚུལ་ཁྲིམས་ཀྱི་དྲིའི་ངད་དང་ལྡན་པར་འགྱུར་བ་དང༌། འཇིག་རྟེན་གྱི་སྔོན་དུ་འགྲོ་བར་བྱ་བར་འགྱུར་བ་དང༌། སྡུག་པའི་ཆོས་རྣམས་ཐོབ་པར་འགྱུར་བ་དང༌། ལོངས་སྤྱོད་ཆེ་བར་འགྱུར་བ་དང༌། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང༌། མྱུར་དུ་ཡོངས་སུ་མྱ་ངན་ལས་འདས་པ་སྟེ། བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མེ་ཏོག་ཕུལ་བའི་ཕན་ཡོན་ནོ། །དེ་བཞིན་པའི་མཆོད་རྟེན་ལ་ཕྲེང་བ་ཕུལ་བའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། འཇིག་རྟེན་ན་ཕྲེང་བ་ལྟ་བུར་འགྱུར་བ་དང༌། ལུས་ཀྱི་དྲི་ང་བ་རྣམ་པར་དག་པར་འགྱུར་བ་དང༌། ཕྱོགས་དང་ཕྱོགས་མཚམས་སུ་ཚུལ་ཁྲིམས་ཀྱི་དྲི་ཞིམ་པོའི་ངད་ལྡང་བ་དང༌། རྟག་ཏུ་དྲི་ཞིམ་པར་འགྱུར་བ་དང༌། རྒྱན་པར་འགྱུར་བ་དང༌། གཡོག་འཁོར་མི་ཕྱེད་པར་འགྱུར་བ་དང༌། སྐྱེས་པ་དང་བུད་མེད་རྣམས་ཀྱི་ཡིད་དུ་འོང་བར་འགྱུར་བ་དང༌། ལོངས་སྤྱོད་ཆེ་བར་འགྱུར་བ་དང༌། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང༌། མྱུར་དུ་ཡོངས་སུ་མྱ་ངན་ལས་འདས་པ་སྟེ། བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཕྲེང་བ་ཕུལ་བའི་ཕན་ཡོན་ནོ། །དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མར་མེ་ཕུལ་པའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། འཇིག་རྟེན་ན་མར་མེ་ལྟ་བུར་འགྱུར་བ་དང༌། ཤའི་མིག་རྣམ་པར་དག་པར་འགྱུར་བ་དང༌། ལྷའི་མིག་ཐོབ་པར་འགྱུར་བ་དང༌། དགེ་བ་དང་མི་དགེ་བའི་ཆོས་རྣམས་ལ་ཤེས་རབ་འབྱུང་བར་འགྱུར་བ་དང༌། མ་རིག་པ་དང་གཏི་མུག་གི་མུན་པ་སེལ་བ་དང༌། ཤེས་རབ་ཀྱི་སྣང་བས་ཐོབ་པར་འགྱུར་བ་དང༌། དེ་འཁོར་བ་ན་འཁོར་བའི་ཚེ་ནམ་དུ་ཡང་མུན་པ་ན་གནས་པར་མི་འགྱུར་བ་དང༌། ལོངས་སྤྱོད་ཆེ་བར་འགྱུར་བ་དང༌། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང༌། མྱུར་དུ་ཡོངས་སུ་མྱ་ངན་ལས་འདས་པ་སྟེ། བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མར་མེ་ཕུལ་བའི་ཕན་ཡོན་ནོ། །དེ་བཞིན་གཤེགས་པའི་མཆོད་རྟེན་ལ་སྤོས་ཕུལ་བའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། འཇིག་རྟེན་ན་སྤོས་ལྟ་བུར་འགྱུར་བ་དང༌། སྣའི་དབང་པོ་རྣམ་པར་དག་པར་འགྱུར་བ་དང༌། ལུས་ཀྱི་དྲི་ཞིམ་པོ་རྣམ་པར་དག་པར་འགྱུར་བ་དང༌། རྟག་ཏུ་ལུས་དྲི་ཞིམ་པར་འགྱུར་བ་དང༌། གཟུགས་བཟང་པར་འགྱུར་བ་དང༌། འཇིག་རྟེན་གྱི་མངོན་དུ་འགྲོ་བར་བྱ་བར་འགྱུར་བ་དང༌། སྡུག་པའི་ཆོས་རྣམས་ཐོབ་པར་འགྱུར་བ་དང༌། ལོངས་སྤྱོད་ཆེ་བར་འགྱུར་བ་དང༌། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང༌། མྱུར་དུ་ཡོངས་སུ་མྱ་ངན་ལས་འདས་པ་སྟེ། བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་སྤོས་ཕུལ་བའི་ཕན་ཡོན་ནོ། །དེ་བཞིན་གཤེགས་པའི་མཆོད་རྟེན་ལ་རོལ་མོ་སིལ་སྙན་ཕུལ་བའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། གཟུགས་བཟང་ཞིང་བལྟ་ན་སྡུག་པར་འགྱུར་བ་དང༌། སྐད་སྙན་པར་འགྱུར་བ་དང༌། ཡིད་དུ་འོང་བ་སྨྲ་བ་དང་ལྡན་པར་འགྱུར་བ་དང༌། གྲགས་པ་དང་ལྡན་པར་འགྱུར་བ་དང༌། གཟུང་བའི་ཚིག་ཏུ་འགྱུར་བ་དང༌། རྟག་ཏུ་དགའ་བར་འགྱུར་བ་དང༌། ཀུན་དགའ་བའི་སྒྲ་ཆེན་པོ་ཐོབ་པར་འགྱུར་བ་དང༌། ལོངས་སྤྱོད་ཆེ་བར་འགྱུར་བ་དང༌། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང༌། མྱུར་དུ་ཡོངས་སུ་མྱ་ངན་ལས་འདས་པ་སྟེ། བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་རོལ་མོ་སིལ་སྙན་ཕུལ་བའི་ཕན་ཡོན་ནོ། །ཞེས་འབྱུང་སྟེ། དེ་དག་ཀྱང་གནས་སྐབས་ཀྱི་འབྲས་བུ་དང་མཐར་ཐུག་གི་འབྲས་བུ་བསྡུས་པ་ཡིན་ནོ། །

དེ་བཞིན་དུ། འཕགས་པ་སྤྱན་རས་གཟིགས་ཀྱི་མདོར་ཡང་བཀའ་སྩལ་པ། འཇིག་རྟེན་མགོན་གྱི་མཆོད་རྟེན་ལ། །མི་གང་བསྐོར་བ་བྱེད་པ་ཡི། །བསྔགས་པ་བསྐལ་པ་བྱེ་བར་ཡང༌། །བརྗོད་པས་ཟད་པར་བྱ་མི་ནུས། །སུ་ཞིག་བྱང་ཆུབ་སེམས་བསྐྱེད་ནས། སྟོན་པའི་མཆོད་རྟེན་ཕྱག་འཚལ་བ། །དེ་ནི་བསྐལ་པ་བྱེ་བར་ཡང༌། །ནམ་ཡང་ལོང་ཞིང་འཐེང་མི་འགྱུར། །མཆོད་རྟེན་བསྐོར་བ་བྱས་ནས་ནི། །བརྩོན་འགྲུས་བརྟན་ཞིང་མཐུ་བརྟན་ལ། །བརྟན་ཞིང་རྣམ་པར་གནོན་བརྟན་དང༌། །དེ་ནི་མྱུར་དུ་མཁས་པར་འགྱུར། །གང་ཞིག་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ལ། །བསྐལ་པ་བྱེ་བར་གཞལ་ལས་བསྟི་སྟང་བྱེད་པ་བས། །གང་ཞིག་ཕྱི་དུས་མི་བཟད་བསྐལ་པ་འདི་ལ་ནི། །མཆོད་རྟེན་ཕྱག་འཚལ་དེ་ཡི་བསོད་ནམས་ཆེས་མང་ངོ༌། །སངས་རྒྱས་དམ་པ་སྦྱིན་གནས་མཚུངས་པ་མེད་འགྱུར་བ། །སྤྱོད་པ་དམ་པ་སྤྱོད་ནས་ཁྱད་པར་རྙེད་གྱུར་པ། །མི་ཡི་ཁྱུ་མཆོག་དེ་ལ་འདིར་ནི་མཆོད་བྱས་ནས། །རྣམ་པར་སྨིན་པ་མཚུངས་མེད་དམ་པ་རང་བཞིན་འགྱུར། །མི་ཡི་ནང་ནས་ཤི་འཕོས་ནས། །སུམ་ཅུ་རྩ་གསུམ་དུ་འགྲོར་འགྱུར། །དེར་ནི་རིན་ཆེན་སྣ་ཚོགས་ཀྱི། །གཞལ་མེད་ཁང་པ་ཐོབ་པར་འགྱུར། །མཆོད་རྟེན་ཕྲེང་བ་འདིར་ཕུལ་ནས། །ཁང་བཟངས་དག་དང་ཁང་བརྩེགས་པ། །ལྷ་ཡི་བུ་མོ་བརྟེན་པ་རྣམས། །སུམ་ཅུ་གསུམ་དུ་སྤྱོད་པར་འགྱུར། །ཡན་ལག་བརྒྱད་ལྡན་ཆུས་གང་ཞིག །གསེར་གྱི་བྱེ་མ་བདལ་གྱུར་པ། །བཻཌཱུཪྻ་དང་ཤེལ་དག་གི །ལྷ་ཡི་རྫིང་བུ་ཐོབ་པར་འགྱུར། །དེར་ནི་ལྷ་ཡི་དགའ་སྤྱན་ནས། །མཁས་པས་ཚེ་ཚད་རྫོགས་པར་འགྱུར། །ལྷ་ཡི་འཇིག་རྟེན་ཤི་འཕོས་ནས། །མི་ནང་ལོངས་སྤྱོད་ལྡན་པར་འགྱུར། །མཆོད་རྟེན་ཕྲེང་བ་འབུལ་བྱེད་པ། །ཚེས་རབས་བྱེ་བ་སྟོང་རྣམས་དང༌། །ཁྲག་ཁྲིག་ཕྲག་ནི་བརྒྱར་བགྲངས་པ། །ཀུན་ཏུ་བཀུར་སྟི་བྱས་བྱར་འགྱུར། །མཆོད་རྟེན་ཕྲེང་བ་འབུལ་བྱེད་པ། །དེ་ནི་འཁོར་ལོས་སྒྱུར་རྒྱལ་འགྱུར། །བརྒྱ་བྱིན་ལྷ་ཡི་དབང་ཕྱུག་འགྱུར། །ཚངས་པའི་འཇིག་རྟེན་ཚངས་པར་འགྱུར། །འཇིག་རྟེན་མགོན་པོ་སྐྱོབ་པ་ལ། །དར་གྱི་འབུལ་བ་ཕུལ་བྱས་ན། །ལྷ་ཡི་དག་དང་མི་རྣམས་ཀྱི། །དོན་རྣམས་ཐམས་ཅད་འགྲུབ་པར་འགྱུར། །འཇིག་རྟེན་མགོན་པོ་སྐྱོབ་པ་ལ། །ཕྲེང་བའི་ཁང་པ་བྱས་ནས་ནི། །དེ་ཡི་གཡོག་འཁོར་མི་ཕྱེད་ཅིང༌། །རྒྱལ་པོ་འབྱོར་བ་ཆེན་པོར་འགྱུར། །འཕགས་པ་རྣམས་ཀྱིས་གང་སྤངས་པ། །སྡིག་པའི་ལས་ནི་སྤོང་བར་བྱེད། །རྫོགས་སངས་རྒྱས་ཀྱིས་བཤད་པ་ཡི། །དགེ་བའི་ལས་ལ་བརྟེན་པར་བྱེད། །ལྷ་འམ་འོན་ཏེ་ཀླུ་རྣམས་སམ། །འཇིག་རྟེན་དག་ན་གང་གནས་པ། །དེ་དག་དགའ་ཞིང་མགུ་བ་འམ། །བསྟི་སྟང་བྱས་ཤིང་བསྔགས་པར་འགྱུར། །བརྟན་པ་དེ་ནི་གང་སྐྱེས་པ། །བསོད་ནམས་གཟི་བརྗིད་ཤིན་ཏུ་བརྗོད། །ཡུལ་འཁོར་དག་དང་གྲོང་ཁྱེར་དང༌། །རིགས་དེར་བསྟི་སྟང་བྱས་པར་འགྱུར། །གང་གིས་སྤོས་ཆུ་ཡོངས་འབྲུ་ཙམ་བླངས་ཏེ། །བཅོམ་ལྡན་མཆོད་རྟེན་རྣམས་ལ་བདུག་བྱེད་པ། །དེ་ཡི་ཕན་ཡོན་བརྗོད་ཀྱིས་སེམས་དང་ཞིང༌། །རྡུལ་དང་དྲི་མ་སྤོང་ལ་མཉན་པར་གྱིས། །དེ་ནི་བསོད་ནམས་ལྡན་ཞིང་ཕྱོགས་ཀུན་རྒྱུ། །ནད་མེད་གྱུར་ཅིང་བློ་བརྟན་བག་ཡོད་ལྡན། །སྤྱོད་པ་རྣམ་པར་སྤྱོད་ཚེ་མྱ་ངན་འདས། །སྐྱེ་བོ་མང་པོ་དགའ་ཞིང་ཡིད་དུ་འོང༌། །རྒྱལ་པོ་ཐོབ་ནས་རྒྱལ་བ་མཆོག་བཀུར་འགྱུར། །མཐུ་ཆེན་རབ་མཁས་འཁོར་ལོས་སྒྱུར་འགྱུར་ཏེ། །གསེར་གྱི་མདོག་ལྡན་མཚན་གྱི་གོ་ཆ་ཅན། །འཇིག་རྟེན་ཀུན་ཏུ་ཡིད་འོང་དྲི་ལྡན་ཐོབ། །བཅོམ་ལྡན་མཆོད་རྟེན་གོས་ཀྱིས་དཀྲིས་བྱས་ནས། །དེ་ནི་བཙས་མ་ཐག་ཏུ་གོས་མཆོག་ཐོབ། །ལྷ་ཡི་ཁྱད་འཕགས་དར་གོས་རབ་བཟང་རྙེད། །བཙས་མ་ཐག་ཏུ་དེ་ལུས་ཤིན་ཏུ་བདེ། །གང་ཞིག་གོས་ཀྱིས་བཅོམ་ལྡན་མཆོད་རྟེན་དང༌། །འདྲེན་པ་མཚུངས་མེད་རྣམས་ལ་མཆོད་བྱེད་པ། །དེ་འདིར་མཚུངས་པ་མེད་པའི་ལུས་ཐོབ་སྟེ། །སུམ་ཅུ་རྩ་གཉིས་མཚན་གྱི་མེ་ཏོག་རྒྱས། །བཅོམ་ལྡན་མཆོད་རྟེན་གོས་ཀྱིས་དཀྲིས་བྱས་ནས། །ལག་མཐིལ་ནས་ནི་མུ་ཏིག་ཕྲེང་མཛེས་པ། །སྣ་ཚོགས་དག་དང་གསེར་གྱི་ཕྲེང་བ་དང༌། །གསེར་སྐུ་རབ་མཛེས་ཟླ་བ་མཐའ་ཡས་འབྱུང༌། །འཇིག་རྟེན་སངས་རྒྱས་འབྱུང་ཞིང་མགོན་བསྐྱེད་དེ། །བཅོམ་ལྡན་མཆོད་རྟེན་བ་དན་ཕུལ་བྱས་ནས། །དེ་ནི་སྐྱེ་བོ་མང་པོའི་མཆོད་འོས་འགྱུར། །བྱང་ཆུབ་སྤྱོད་མཆོག་དམ་པ་ཞི་བ་སྤྱོད། །རྔུལ་བསལ་སེམས་ཅན་མཆོག་ལ་རྒྱལ་མཚན་ཕུལ། །རིང་པོར་མི་ཐོགས་ནོར་མང་འཕེལ་བར་འགྱུར། །ཤེས་རབ་མཐའ་ཡས་མཛོད་ནི་མང་ལྡན་ནོ། །སེམས་ཆུང་མི་འགྱུར་དམན་པའི་སེམས་མི་འགྱུར། །དེ་ནི་གཞན་ལ་གནོད་པའི་སེམས་མི་བསྐྱེད། །སེམས་ནི་རབ་དང་རྟག་ཏུ་བག་ཡོད་ལྡན། །དེ་ལ་མེ་དང་དུག་དང་མཚོན་མི་ཚུགས། །སྐྱེ་བོའི་ཚོགས་ཅན་གྱིས་ནི་བལྟ་བར་འགྱུར། །སངས་རྒྱས་མཆོད་རྟཻན་མར་མེ་གཅིག་ཕུལ་ན། །འདི་ནས་བཟུང་ནས་སྲིད་པའི་རྩེ་མོའི་བར། །སངས་རྒྱས་ཞིང་ནི་འཛམ་གླིང་གསེར་གྱིས་གང༌། །དེ་འདྲའི་དཔལ་དེ་ཟད་པར་བྱ་མི་ནུས། །བཅོམ་ལྡན་མཆོད་རྟེན་མར་མེ་ཕུལ་བྱས་ན། །དེ་ཡི་ལུས་ནི་མདོག་ངན་ཡོངས་མི་འགྱུར། །གཟུགས་མཆོག་སྲ་ཞིང་ལག་པ་གཟུང་བ་འདྲ། །སྣང་བ་ཐོབ་ནས་འཇིག་རྟེན་ཀུན་ཏུ་རྒྱུ། །གལ་ཏེ་ཁྲག་ཁྲིག་བརྒྱ་སྟོང་སངས་རྒྱས་ཞིང༌། །ཡོངས་འབྲུ་དག་གིས་བྱུར་བུར་གང་གྱུར་པ། །བགྲང་བ་དང་ནི་གཞལ་ཞིང་བརྗོད་པར་ནུས། །བདེ་གཤེགས་མར་མེ་གཅིག་ཕུལ་དེ་ལྟ་མིན། །རྒྱན་གྱིས་བརྒྱན་པའི་གདུགས་མཛེས་བལྟ་སྡུག་པ། །སུ་ཞིག་བཅོམ་ལྡན་མཆོད་རྟེན་འབུལ་བྱེད་པ། །དེ་འདིར་ལུས་ནི་མཚུངས་པ་མེད་འགྱུར་ཏེ། །སུམ་ཅུ་རྩ་གཉིས་མཚན་གྱི་གོ་ཆར་འགྱུར། །གང་གིས་རྒྱལ་བའི་སྐུ་ནི་རབ་འབར་ཞིང༌། །ཁྱད་པར་འཕགས་པའི་གཟུགས་དང་གསེར་འདྲ་དང༌། །འཛམ་གླིང་གསེར་ལྟར་རབ་མཛེས་བལྟ་ན་སྡུག །མཚན་གྱི་མེ་ཏོག་རྒྱས་ཤིང་མངོན་དུ་གང༌། །མངོན་པར་ཤེས་པ་ཐོབ་ཅིང་དབང་ཆེན་གྲགས། །བྱང་ཆུབ་སྤྱོད་མཆོག་དམ་པ་ཞི་བ་སྤྱོད། །དེ་ནི་ནམ་ཡང་ལོངས་སྤྱོད་འགྲིབ་མི་འགྱུར། །ལྷས་ཀྱང་བསྟི་སྟང་བྱ་ཞིང་མཆོད་པར་འོས། །བསྟན་པ་འདོད་པའི་ལོངས་སྤྱོད་གཞན་མི་དགའ། །ཚུལ་ཁྲིམས་རྣམ་དག་རབ་མཁས་ཚངས་པར་སྤྱོད། །ཡི་དམ་བྱས་ནས་ནགས་དང་ནགས་འདབས་སོང༌། །མངོན་ཤེས་ཐོབ་ཅིང་ཁྱད་པར་ཐོབ་པར་འགྱུར། །བཅོམ་ལྡན་མཆོད་རྟེན་རྣམས་ལ་གདུགས་འབུལ་བ། །ཇི་ལྟར་འགྱུར་ཞིང་བྱང་ཆུབ་སེམས་མི་འདོར། །བྱམས་ལ་གནས་ཤིང་མི་དམན་སེམས་སུ་འགྱུར། །དེ་ཡི་ཤེས་པ་ནམ་ཡང་ཉམས་པ་མེད། །རོལ་མོའི་སྒྲ་ཡིས་མི་མཆོག་མཆོད་བྱས་ན། །མྱ་ངན་མེད་ཅིང་དབང་ལྡན་རྒྱལ་པོར་འོང༌། །མི་ཡི་འཇིག་རྟེན་ཡིད་འོང་སྒྲ་ལྡན་འགྱུར། །དེ་སྒྲ་ཡན་ལག་ཚང་ཞིང་དབང་པོར་འོད། །བཅོམ་ལྡན་མཆོད་རྟེན་རོལ་མོའི་སྒྲ་བྱས་ན། །ཤེས་བཞིན་ལྡན་ཞིང་མིག་ནི་རྣམ་དག་འགྱུར། །རྣ་བ་རྣམ་པར་དག་ཅིང་སེམས་ཀྱང་དག །སྣ་ཡི་དབང་པོ་མཆོག་དང་ལྡན་པར་འགྱུར། །དེ་ཡི་ལྕེ་ནི་རབ་མཛེས་བལྟ་ན་སྡུག །ཐོག་མར་རབ་སྙན་མཛེས་ཤིང་སྒྲ་ཡིད་འོང༌། །དཔེར་ན་ལྷ་ཡི་རིན་ཆེན་བྱི་རུ་འདྲ། །སྒྲ་སྐད་ཡན་ལག་བྱེ་བ་དཔག་མེད་འབྱིན། །བཅོམ་ལྡན་མཆོད་རྟེན་རོལ་མོའི་སྒྲ་བྱས་ན། །ནམ་ཡང་སྦྲུལ་དུ་མི་འགྱུར་ལྕེ་མེད་མིན། །ཞར་བ་སྒུར་པོ་ཡ་ཡོ་ཅན་མི་འགྱུར། །ལུས་ནི་ཁྱད་པར་འཕགས་ཤིང་ཤིན་ཏུ་མཛེས། །བཅོམ་ལྡན་མཆོད་རྟེན་རོལ་མོའི་སྒྲ་བྱས་ནས། །ལྷ་འམ་ཀླུ་འམ་མི་འམ་ལྟོ་འཕྱེ་ཆེ། །སུ་ཡང་དེ་ལ་མ་དད་སྐྱེ་མི་འགྱུར། །དབུགས་འབྱིན་ཐོབ་ནས་འཇིག་རྟེན་ཀུན་ཏུ་རྒྱུ། །བཅོམ་ལྡན་མྱ་ངན་འདས་པའི་མཆོད་རྟེན་ཕྱག །བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ། །ཡན་ལག་མ་སྨད་ཁྱད་འཕགས་ལུས་ཐོབ་ཅིང༌། །མཛེས་ལ་མཚན་གྱི་གོ་ཆར་བྱས་པར་འགྱུར། །བཅོམ་ལྡན་མྱ་ངན་འདས་པའི་མཆོད་རྟེན་ཕྱག །ལྷ་ཡི་ཙན་དན་ཁྱད་འཕགས་རབ་མཛེས་པའི། །གཞལ་མེད་ཁང་མཛེས་ཡིད་འོང་དྲི་ལྡན་ཐོབ། །དེ་ནི་དེ་ལ་གཞན་ཡང་སྲིད་མི་བསྐྱེད། །རྒྱལ་བའི་མཆོད་རྟེན་སྤོས་བྱུག་ཕུལ་བྱས་ནས། །བཅོམ་ལྡན་འདས་ཀྱི་བསྟན་པ་འཇིག་གྱུར་ཚེ། །འཛམ་བུ་གླིང་དུ་སྐྱེ་བར་མི་འགྱུར་ཞིང༌། །དེ་ནི་དེ་ཚེ་མཐོ་རིས་བདག་པོར་གྱུར། །རྒྱལ་བའི་མཆོད་རྟེན་སྤོས་བྱུག་ཕུལ་བྱས་ན། །དྲི་མི་ཞིམ་ཞིང་མི་གཙང་སྨད་པ་རྣམས། །རྟག་ཏུ་སྤོང་ཞིང་ཚུལ་ཁྲིམས་ཕུང་པོར་གནས། །དེ་ནི་རྟག་ཏུ་ཚངས་སྤྱོད་མཆོག་འདི་སྤྱོད། །རྒྱལ་བའི་མཆོད་རྟེན་སྤོས་བྱུག་ཕུལ་བྱས་ན། །འདི་ནས་ཤི་འཕོས་མཐོ་རིས་ལྷ་དབང་འགྱུར། །རིང་པོར་མི་ཐོགས་དོན་མཐོང་རྣམས་ལ་རྟོག །ལྷ་རྣམས་ལ་ནི་རྒྱ་ཆེན་དོན་ཀྱང་བྱེད། །རྒྱལ་བའི་མཆོད་རྟེན་སྤོས་བྱུག་ཕུལ་བྱས་ན། །ཁྱད་འཕགས་ཚིགས་ལྡན་སྒྲ་དབྱངས་ཡིད་འོང་འགྱུར། །སྐྱེ་བོ་མང་པོའི་ཡིད་འོང་དགའ་ཞིང་བཀུར། །དེ་ཡང་མཁའ་བཞིན་རྟག་ཏུ་གསལ་བར་འགྱུར། །རྒྱལ་བའི་མཆོད་རྟེན་སྤོས་བྱུག་ཕུལ་བྱས་ན། །དེ་ནི་ངན་སོང་ས་རྣམས་མ་ལུས་སྤོངས། །དེ་བཞིན་གཤེགས་དང་ཉེ་བར་ཐོབ་པར་འགྱུར། །དད་པའི་ཐོབ་ཅིང་རྟག་ཏུ་བདེ་ལ་དགའ། །བཅོམ་ལྡན་མཆོད་རྟེན་བ་རྒྱ་བསལ་བྱས་ན། །དེ་ནི་མི་ཁོམ་བརྒྱད་པོ་ཀུན་སྤངས་ཤིང༌། །དེ་ནི་དལ་འགྱུར་དེ་བཞིན་ཁྱད་པར་འཕགས། །དེ་ནི་སངས་རྒྱས་མཚུངས་མེད་མཆོད་པ་བྱེད། །བཅོམ་ལྡན་མཆོད་རྟེན་བ་རྒྱ་བསལ་བྱས་ན། །བག་ཡོད་བློ་གྲོས་བརྟན་ལ་དཔའ་བོར་འགྱུར། །འདོད་པའི་ཡོན་ཏན་དཔག་ལ་དགའ་མི་བསྐྱེད། །མི་དམན་སེམས་ཀྱིས་མངོན་པར་འབྱུང་བར་འགྱུར། །བཅོམ་ལྡན་མཆོད་རྟེན་བ་རྒྱ་བསལ་བྱས་ན། །དེ་ནི་ནམ་ཡང་བྱང་ཆུབ་སེམས་མི་འདོར། །ཚུལ་ཁྲིམས་སྐྱོན་མེད་ཤིན་ཏུ་བསྡམས་པར་འགྱུར། །རྣམ་དག་འདོད་ཆགས་བྲལ་བའི་ཆོས་ཀྱང་ཐོབ། །བཅོམ་ལྡན་མཆོད་རྟེན་བ་རྒྱ་བསལ་བྱས་ན། །དེ་ཡི་མདོག་ངན་དུས་རྣམས་ཀུན་ཏུ་སྤོངས། །འཆལ་པའི་ཤེས་རབ་མ་ལུས་རྣམ་པར་སྤོངས། །ཤེས་རབ་རྒྱ་ཆེན་གྱུར་ནས་སྤྱོད་ལ་གནས། །བཅོམ་ལྡན་མཆོད་རྟེན་བ་རྒྱ་བསལ་བྱས་ན། །ཁ་ཟས་གཙང་མ་དག་ཀྱང་རྙེད་འགྱུར་ཞིང༌། །ཁྱད་འཕགས་ཁ་དོག་ལྡན་ཞིང་ལྟ་སྡུག་ལ། །རེག་དང་ལྡན་ཞིང་རབ་མཛེས་གོས་རྣམས་འཐོབ། །དད་པའི་ཤུགས་ཀྱིས་བཅོམ་ལྡན་མཆོད་རྟེན་ལ། །མེ་ཏོག་སྐམ་པོ་ཉལ་ཉིལ་ཕྱགས་བྱས་ན། །འདོད་པ་དམན་པ་སྡུག་བསྔལ་བྱེད་པ་སྤོང༌། །སྟོབས་བཅུ་མངའ་བའི་དེད་དཔོན་བརྙེས་པར་བྱེད། །མཆོད་རྟེན་མེ་ཏོག་རྙིད་པ་སུས་ཕྱགས་པ། །དེ་ནི་མཛེས་ཤིང་རྣམ་དག་ལུས་སུ་འགྱུར། །སྐྱེ་བོ་མང་པོས་མཆོད་འོས་ལྟ་འོས་འགྱུར། །དེ་ལ་རྒྱལ་པོ་གནོད་པར་སེམས་མི་འགྱུར། །བཅོམ་ལྡན་མཆོད་རྟེན་དག་ལ་སྔར་བ་མིས། །མེ་ཏོག་རྐམ་པོ་ཕུལ་བ་ཕྱགས་བྱས་པའི། །ངན་སོང་བ་ཡི་ལམ་ནི་ཐམས་ཅད་གཅོད། །བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཕུང་པོར་གནས། །མཆོད་རྟེན་མེ་ཏོག་རྙིད་པ་སུས་ཕྱགས་པ། །བག་ཡོད་མྱ་ངན་རྣམས་དང་སྐྱོན་རྣམས་སྤངས། །ནད་རྣམས་དུ་མ་མ་ལུས་རྣམ་པར་སྤོང༌། །བསྐལ་པ་མཐའ་ཡས་རྣམས་སུ་དབུགས་འབྱིན་ཐོབ། །མཆོད་རྟེན་མེ་ཏོག་རྙིད་པ་སུས་ཕྱགས་པ། །སྦྱིན་གནས་མཚུངས་མེད་སངས་རྒྱས་ཐོབ་པར་འོང༌། །མཚུངས་མེད་ཐོབ་ཅིང་ལྷ་མིས་མཆོད་འོས་འགྱུར། །རྣམ་དག་ལུས་ལྡན་རྒྱན་གྱིས་བརྒྱན་པར་འགྱུར། །ལྷ་མིའི་མེ་ཏོག་རབ་མཛེས་མན་དྷ་ར། །མཚུངས་མེད་པ་ཏ་ལ་ཡང་སུས་འབྲུལ་དང༌། །མཆོད་རྟེན་མེ་ཏོག་ཉལ་ཉིལ་སུས་ཕྱགས་པ། །དེ་དག་རྣམ་སྨིན་འདྲ་སྟེ་མཆོག་ཏུ་འགྱུར། །མཆོད་རྟེན་སངས་རྒྱས་འགྱུར་བར་མོས་བསྐྱེད་དེ། །སྟོན་པའི་མཆོད་རྟེན་ཐལ་སྦྱར་ཕྱག་འཚལ་བ། །འཇིག་རྟེན་དག་ན་བླ་མར་བཀུར་སྟི་བྱ། །དེ་ནི་མཛེས་ཤིང་བལྟ་ན་སྡུག་པར་འགྱུར། །དེ་འདིར་རྒྱལ་སྲིད་ཐོབ་ནས་ལྷ་ཀླུ་མི། །ལྟོ་འཕྱེ་ཆེ་དང་འཇིག་རྟེན་ཐམས་ཅད་འདུད། །སྟོང་གིའི་འཇིག་རྟེན་ཁམས་ཀུན་རྒྱས་པར་འགྱུར། །དབང་ཕྱུག་ཉིད་དུ་དབང་ཐོབ་རྒྱལ་སྲིད་བཏོན། །དེ་ཡི་ཡུལ་ལ་སེམས་ཅན་གང་གནས་པ། །དེ་ཀུན་སངས་རྒྱས་ཡེ་ཤེས་རྫོགས་ལ་འགོད། །དེས་ནི་ངན་སོང་ས་ཡང་རྣམ་པར་སྤོང༌། །དེ་དག་རྣམས་ཀྱི་དོན་མཆོག་དམ་པ་བྱེད། །བསོད་ནམས་བློ་གྲོས་དྲན་ལྡན་མཆོད་འོས་འགྱུར། །དབུགས་འབྱིན་ཐོབ་ནས་འཇིག་རྟེན་ཀུན་ཏུ་རྒྱུ། །དེ་ཡིས་གཡོག་འཁོར་ཡིད་འོང་སྒྲ་སྐད་ལྡན། །བསམ་པ་ཇི་བཞིན་དེ་དག་དགའ་བ་བསྐྱེད། །སེམས་ཅན་རྣམས་ལ་མི་ལྷོད་ཞི་ཚིག་སྟོན། །དེ་ལ་སུ་ཡང་དབང་ཕྱུག་མེད་མི་བྱེད། །སྐྱེ་བོའི་ཚོགས་ཅན་དག་གིས་བལྟ་འོས་འགྱུར། །དེ་ཡི་གཡོག་ཀྱང་སྒྲ་དབྱངས་ཡན་ལག་དག །སངས་རྒྱས་མཆོད་རྟེན་ཐལ་སྦྱར་ཕྱག་འཚལ་བ། །སྦྱིན་དང་སྙན་པར་སྨྲ་དང་དོན་སྤྱོད་དང༌། །དོན་མཐུན་པ་དག་སྐྱེ་བོ་མང་ལ་བྱེད། །བཅོམ་ཞིང་བརྒྱབ་ཀྱང་ཁྲོ་བའི་སེམས་མི་བསྐྱེད། །སངས་རྒྱས་མཆོད་རྟེན་ཐལ་སྦྱར་ཕྱག་འཚལ་བ། །མཐོ་རིས་འཇིག་རྟེན་གནས་ཤིང་ལྷ་དབང་འགྱུར། །མིར་གྱུར་ན་ཡང་མི་ཡི་རྒྱལ་པོར་འོང༌། །དེ་ནི་གཞར་ཡང་ཡོངས་སུ་ཉམས་མི་འགྱུར། །སངས་རྒྱས་མཆོད་རྟེན་ཐལ་སྦྱར་ཕྱག་འཚལ་བ། །དེ་ནི་ནམ་ཡང་ངན་སོང་ཕྱིར་མི་ལྷུང༌། །འཇིག་རྟེན་འདིར་བདེ་རྟག་ཏུ་འདོད་པ་སྤོང༌། །ནོར་ཅན་མང་ན་ཕྱུག་ཅིང་མཛོད་མང་འགྱུར། །ཡོན་ཏན་ལྡན་ལ་ཚིག་གཅིག་སུ་སྨྲ་པ། །དེ་ནི་མི་རིག་བསྔགས་ལ་གཞར་མི་སྤྱོད། །མི་ཡི་འཇིག་རྟེན་གནས་མིན་སྤྱོད་མི་འགྱུར། །དེ་ལ་སེམས་ཅན་མི་ངོམས་དགའ་བར་འགྱུར། །ཞེས་ལེགས་པར་བཀའ་སྩལ་ཏོ། །

མཐར་གྱིས་ཡང་དག་པར་འཕགས་པའི་མདོར་ཡང་གསུངས་པ། བཟང་པོ་ཕན་ཡོན་བཞི་པོ་འདི་ཡང་དག་པར་རྗེས་སུ་མཐོང་ན། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་མཆོད་པ་ལ་སྤྲོ་བ་ཡིན་ནོ། །བཞི་གང་ཞེ་ན། སྦྱིན་གནས་མཆོག་ལ་བདག་མཆོད་པར་འགྱུར་བ་དང༌། བདག་ལ་ཟླ་བ་ལྟས་ཏེ་སེམས་ཅན་གཞན་ཡང་མཆོད་པར་འགྱུར་བ་དང༌། དེ་བཞིན་གཤེགས་པ་མཆོད་ན་བྱང་ཆུབ་ཀྱི་སེམས་བརྟན་པར་འགྱུར་བ་དང༌། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་མངོན་དུ་མཐོང་ནས་དགེ་བའི་རྩ་བ་བསགས་པར་འགྱུར་བ་སྟེ་བཞི་པོ་འདི་དག་གོ །ཞེས་པ་དང༌།

བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་ཀྱང་གསུངས་ཏེ། གང་དེ་བཞིན་གཤེགས་པའི་མཆོད་རྟེན་འཕྱག་པ་དེ་སྨོན་ལམ་རྣམ་པར་དག་པའི་མཆོག་བཞི་འཐོབ་སྟེ། བཞི་གང་ཞེ་ན། གཟུགས་ལ་སྨོན་ལམ་རྣམ་པར་དག་པས་མཆོག་དང༌། མཉམ་པར་གཞག་པ་གཏན་པ་ལ་སྨོན་ལམ་རྣམ་པར་དག་པ་མཆོག་དང༌། དེ་བཞིན་གཤེགས་པ་མཐོང་བ་ལ་སྨོན་ལམ་རྣམ་པར་དག་པ་མཆོག་དང༌། མཚན་ཕུན་སུམ་ཚོགས་པ་ལ་སྨོན་ལམ་རྣམ་པར་དག་པ་མཆོག་གོ །ཞེས་པ་དང༌། ཡང༌། དེ་བཞིན་གཤེགས་པའི་མཆོད་རྟེན་རྣམས་ལ་མེ་ཏོག་འབུལ་ལམ་སྤོས་རིས་བྲིས་ན་མ་ཚང་བ་མེད་པ་བརྒྱད་ཐོབ་སྟེ། བརྒྱད་གང་ཞེ་ན། གཟུགས་མ་ཚང་བ་མེད་པར་འགྱུར་བ་དང༌། ལོངས་སྤྱོད་མ་ཚང་བ་མེད་པ་དང༌། གཡོག་འཁོར་མ་ཚང་བ་མེད་པ་དང༌། ཚུལ་ཁྲྀམས་མ་ཚང་བ་མེད་པ་དང༌། ཏིང་ངེ་འཛིན་མ་ཚང་བ་མེད་པ་དང༌། ཐོས་པ་མ་ཚང་བ་མེད་པ་དང༌། ཤེས་རབ་མ་ཚང་བ་མེད་པ་དང༌། སྨོན་ལམ་མ་ཚང་བ་མེད་པ་དང༌། ཞེས་འབྱུང་ངོ༌། །

སྙིང་རྗེ་ཆེན་པོ་པད་མ་དཀར་པོ་ཡང་གསུངས་པ། ཀུན་དགའ་བོ། གང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་རྒྱུན་དུ་ཞུགས་པས་ཡོངས་སུ་གང་བར་གྱུར་ཅིང༌། ལན་ཅིག་ཕྱིར་འོང་བ་དང་ཕྱིར་མི་འོང་བ་དང་དགྲ་བཅོམ་པ་རྣམས་ཀྱིས་ཡོངས་སུ་གང་བར་འགྱུར་བ་འདི་ལྟ་སྟེ། དཔེར་ན་བུ་རམ་ཤིང་སྡུག་པོ་དང༌། འབྲས་ཤིང་སྡུག་པོའམ། འདམ་བུ་མདའ་རྒྱུ་སྡུག་པོའམ། འོད་མ་སྡུག་པོའམ། འདམ་བུ་སྡུག་པོའམ། ཏིལ་ཤིང་སྡུག་པོའམ། ཙྭ་ཀུ་ཤ་སྡུག་པོར་ལྟ་བུར་གྱུར་པ་དེ་དག་ཐམས་ཅད་ལ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་བསྐལ་པའམ་བསྐལ་པ་ལས་ལྷག་པར་བསྟི་སྟང་བྱེད། བླ་མར་བྱེད། རིམ་གྲོར་བྱེད། མཆོད་པར་བྱེད་ཅིང༌། བདེ་བའི་ཡོ་བྱད་ཡིད་དུ་འོང་བ་ཐམས་ཅད་དང༌། བདེ་བར་སྦྱར་བའི་སྤྱད་པ་ཐམས་ཅད་ཀྱིས་བསྙེན་བཀུར་བྱེད་ན། ཀུན་དགའ་བོ་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་གཞི་དེ་ལས་བསོད་ནམས་མང་དུ་བསྐྱེད་དམ། གསོལ་པ། བཅོམ་ལྡན་འདས་མང་ལགས་སོ། །བདེ་བར་གཤེགས་པ་མང་ལགས་སོ། །བཀའ་སྩལ་པ། ཀུན་དགའ་བོ། བསོད་ནམས་ཀྱི་ཕུང་པོ་གང་ཡིན་པ་དེ་ནི། གང་དེ་བཞིན་གཤེགས་པ་ལ་ཐ་ན་ཐལ་མོ་སྦྱར་བ་ལན་ཅིག་བྱས་ཏེ། དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ལོ། །ཞེས་ཚིག་ལན་ཅིག་སྨྲས་ན། ཀུན་དགའ་བོ། ཐལ་མོ་སྦྱར་བ་གཅིག་གིས་བསྟི་སྟང་བྱས་པ་དེ་ལ་དགེ་བའི་རྩ་བ་སྔ་མ་དེས་ཡང་བརྒྱ་ཡི་ཆར་ཡང་མི་ཆོག །སྟོང་གི་ཆར་ཡང༌། བརྒྱ་སྟོང་གི་ཆ་དང༌། གྲངས་དང་བགྲང་བ་དང༌། ཆར་ཡང་མི་ཆོག་གོ །ཀུན་དགའ་བོ། དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་དེ་བཞིན་གཤེགས་པ་ནི་སྦྱིན་གནས་རྣམས་ཀྱི་བླ་ན་མེད་པ་སྟེ། དེ་བཞིན་གཤེགས་པ་ཡོན་ཕུལ་བ་དེ་ལྟར་རྫུ་འཕྲུལ་ཆེན་པོའོ། །ཀུན་དགའ་བོ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དགྲ་བཅོམ་པས་ཡོངས་སུ་གང་བ་ལ་བསྙེན་བཀུར་བྱེད་པ་ལྟའང་ཞོག་ལ། ཀུན་དགའ་བོ། གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར་རང་སངས་རྒྱས་ཀྱིས་ཡོངས་སུ་གང་བར་གྱུར་པ་འདི་ལྟ་སྟེ། བུ་རམ་ཤིང་གི་སྡུག་པོའམ། འདམ་བུ་སྡུག་པོ་ནས། རྩྭ་ཀུ་ཤ་སྡུག་པོའི་བར་ལྷར་གྱུར་པ་དེ་དག་ལ་ཇི་སྲིད་འཚོའི་བར་དུ་བདེ་བའི་ཡོ་བྱད་ཐམས་ཅད་དང༌། བདེ་བ་ལ་རེག་པར་གནས་པར་འགྱུར་བ་ཐམས་ཅད་ཀྱིས་བསྟི་སྟང་བྱེད། བླ་མར་བྱེད། རིམ་གྲོར་བྱེད། མཆོད་པར་བྱེད་ཅིང༌། རང་སངས་རྒྱས་དེ་དག་ཡོངས་སུ་མྱ་ངན་འདས་པ་རྣམས་ཀྱིས་མཆོད་རྟེན་རིན་པོ་ཆེ་སྣ་བདུན་ལས་བྱས་ཏེ། དེ་དག་ལ་ཡང་ཇི་སྲིད་འཚོའི་བར་དུ་མེ་ཏོག་དང༌། བདུག་པ་དང༌། སྤོས་དང༌། ཕྲེང་བ་དང༌། བྱུག་པ་དང༌། ཕྱེ་མ་དང༌། གོས་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་ཐམས་ཅད་ཀྱིས་བསྟི་སྟང་བྱེད། བླ་མར་བྱེད་པ་ནས། མཆོད་པའི་བར་དུ་བྱེད་ན། ཀུན་དགའ་བོ། དེ་ཇི་སྙམ་དུ་སེམས། དེ་གཞི་དེ་ལས་བསོད་ནམས་མང་དུ་བསྐྱེད་དམ། གསོལ་པ། བཅོམ་ལྡན་འདས་མང་ལགས་སོ། །བདེ་བར་གཤེགས་པ་མང་ལགས་སོ། །བཀའ་སྩལ་པ། ཀུན་དགའ་བོ། གང་བསོད་ནམས་ཀྱི་ཕུང་པོ་འདི་ནི་གང་དེ་བཞིན་གཤེགས་པ་ལ་ཐ་ན་སེམས་བསྐྱེད་པ་གཅིག་གིས་སེམས་རབ་ཏུ་དད་དེ་རྗེས་སུ་དྲན་པ་དང༌། སངས་རྒྱས་ཀྱི་ཡོན་ཏན་རྣམས་ལ་དད་པ་དང༌། རྟོག་པ་དང༌། མོས་པ་དང༌། དེ་བཞིན་གཤེགས་པ་རྣམས་ཀྱི་ཡེ་ཤེས་ནི་བསམ་གྱིས་མི་ཁྱབ་བོ། །ཞེས་ཚིགས་སུ་སྨྲ་བ་ནི། ཀུན་དགའ་བོ། སེམས་དང་བའི་དགེ་བའི་རྩ་བ་འདི་ལ་རང་སངས་རྒྱས་ལ་བསྐྱེད་པའི་བསོད་ནམས་ཀྱི་ཕུང་པོ་སྔ་མས་ཐ་ནས་རྒྱུའི་བར་དུ་ཡང་ཉེ་བར་མི་འགྲོའོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བྱམས་པ་དཔག་ཏུ་མེད་པ། སྙིང་རྗེ་ཆེན་པོ་དཔག་ཏུ་མེད་པ། ཚུལ་ཁྲིམས་དཔག་ཏུ་མེད་པ། ཏིང་ངེ་འཛིན་དཔག་ཏུ་མེད་པ། ཤེས་རབ་དཔག་ཏུ་མེད་པ། རྣམ་པར་གྲོལ་བ་དཔག་ཏུ་མེད་པ། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་དཔག་ཏུ་མེད་པ། ཡང་དག་པར་བསྒྲུབ་པ་དཔག་ཏུ་མེད་པ། རྟོགས་པ་དཔག་ཏུ་མེད་པ། ཀུན་དགའ་བོ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ། སངས་རྒྱས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ། དེ་ལ་རྣམ་པར་སྨིན་པ་ཡང་བསམ་གྱིས་མི་ཁྱབ་པར་ཤེས་པར་བྱས་ལ། ཀུན་དགའ་བོ། ཁྱོད་མྱ་ངན་མ་བྱེད་སྨྲེ་སྔགས་མ་འདོན་ཅིག །ཅེས་པ་ལ་སོགས་པ་རྒྱ་ཆེར་འབྱུང་ངོ༌། །

འཕགས་པ་རྒྱ་ཆེར་རོལ་བའི་མདོར་ཡང༌། དེ་བཞིན་གཤེགས་པའི་མཆོད་རྟེན་བཞེངས་པ་དང༌། ཞིག་པ་བཅོས་པ་དང༌། བཅོམ་ལྡན་འདས་ལ་སྤོས་ཀྱི་འབྲུ་མར་འཐོར་བ་དང༌། དར་ཕྲ་མོའི་རྒྱལ་མཚན་དང༌། བ་དན་དང༌། སྲད་བུ་འབུལ་བ་དང༌། མཆོད་རྟེན་དང༌། སྐུ་གཟུགས་ལ་གསེར་གྱི་རྒྱན་དང༌། གསེར་གྱི་མེ་ཏོག་དང༌། གསེར་གྱི་ཕྱེ་མ་འཐོར་བ་དང༌། གསེར་གྱི་ཁ་དོག་ལྟ་བུའི་གོས་དང༌། རྒྱན་དང༌། རྒྱལ་མཚན་དང༌། བ་དན་དང༌། གསེར་སྣོད་འབུལ་བ་དང༌། སྲིན་བུའི་ཚང་དང༌། བ་རྒྱ་དང༌། མེ་ཏོག་རྙིད་པ་རྩྭ་སྣ་ཚོགས་དང༌། ཕྱག་དར་ཡོད་པ་རྣམས་སེལ་བ་དང༌། རྡོ་ཐལ་འོ་མ་དང་བསྲེས་པའི་བར་གྱིས་བསྐུད་པ་དང༌། མེ་ཏོག་སུ་མ་དང༌། བར་ཤ་ཀ་དང༌། དྷ་ནུ་ཀ་རི་ཕྲེང་བར་བརྒྱུས་པའི་མེ་ཏོག་གི་ཆུན་བུ་དང༌། མེ་ཏོག་ཁ་དོག་དཀར་པོ་འབུལ་བ་དང༌། དད་པའི་དབང་པོས་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མིག་མི་འཛུམ་པར་བལྟ་བ་དང༌། དེ་བཞིན་གཤེགས་པའི་སྐུ་གཟུགས་མཛེས་པ་བསྣམ་པའི་མཆོག་ཐམས་ཅད་དང་ལྡན་པ། བྱེད་དུ་འཇུག་པ་དང་འོ་མ་ལྟ་བུའི་མཛོད་སྤུས་བརྒྱན་པ། བཞེངས་པ་ཞེས་བྱ་བ་ལ་སོགས་པ་རྣམས་དང༌། སྐྱེས་བུ་ཆེན་པོའི་མཚན་ཤིང་ནྱ་ཀྲོ་དྷ་ལྟར་ཆུ་ཞེང་གབ་པ་དང༌། པགས་པ་འཇམ་ཞིང་གཉེན་པོ་ལ་སྲབ་པ་དང༌། པགས་པ་གསེར་གྱི་མདོག་ལྟ་བུ་དང༌། ཚེམས་ཤིན་ཏུ་དཀར་བ་དང༌། སྤྱན་མཐོན་འཐིང་དུ་འདུག་པ་དང༌། མཛོད་སྤུ་མཛེས་ཤིང་གཡས་སུ་འཁྱིལ་པ་ལ་སོགས་པའི་རྒྱུའི་ཁྱད་པར་དུ་གསུངས་ཏེ། རྒྱས་པར་ནི་མདོ་སྡེ་ཉིད་བལྟ་བར་བྱའོ། །

གསང་བ་བསམ་གྱིས་མི་ཁྱབ་པའི་མདོར་ཡང༌། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་རྡོ་ཐལ་གྱིས་བྱུགས་པ་ལ་སོགས་པའི་ཆོས་བཅུས་ཕྱག་ན་རྡོ་རྗེའི་སྟོབས་བཅུ་ཐོབ་པར་གསུངས་ཏེ། འདི་ཡང་མདོ་འདི་ཉིད་དུ་བལྟ་བར་བྱའོ། །

ཚོགས་གཉིས་མཐར་ཕྱིན་སྐུ་གཉིས་མངོན་དུ་མཛད། །དོན་གཉིས་ལྷུན་གྲུབ་ལྷག་པར་གཞན་དོན་སླ། །སྣ་ཚོགས་མཆོད་རྟེན་རྣམ་པར་རྣམ་རོལ་བ། །དེ་སྙེད་མཆོད་རྟེན་རྣམས་ལ་ཕྱག་འཚལ་ལོ། །གང་དག་མཆོད་རྟེན་ཕན་ཡོན་ལྷུར་ལེན་པའི། །མདོ་སྡེ་ཀུན་ལས་བཏུས་འདི་འབྲི་བ་དང༌། །འཆང་ངམ་ཀློག་གམ་གཞན་ལ་སྟོན་ཡང་རུང༌། །རྒྱལ་བའི་དབང་པོར་འགྱུར་མོད་མྱུར་ཕྱིན་ཤོག །

སྙིང་རྗེ་ཆེན་པོ་པདྨ་དཀར་པོའི་མདོར་ཡང༌། བཀའ་སྩལ་པ། ཀུན་དགའ་བོ། ང་ཡོངས་སུ་མྱ་ངན་ལས་འདས་ནས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་རབ་ཏུ་བྱུང་བའམ། ཁྱིམ་ན་གནས་པ་གང་དག །ཁ་ཅིག་ཐ་ན་རང་བསྲེལ་ཡུངས་འབྲུ་ཙམ་ལ་བསྟི་སྟང་བྱེད། བླ་མར་བྱེད། རིམ་གྲོར་བྱེད། མཆོད་པར་བྱེད་ན། ཀུན་དགའ་བོ། དགེ་བའི་རྩ་བ་དེ་དག་ཐམས་ཅད་ཀྱི་འབྲས་བུ་ཡོངས་སུ་མྱ་ངན་ལས་འདས་པ་ཡིན་ཏེ། ཐ་མ་ཡོངས་སུ་མྱ་ངན་ལས་འདས་པར་ང་སྨྲའོ། །ཀུན་དགའ་བོ། ང་ཡོངས་སུ་མྱ་ངན་ལས་འདས་ནས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དག །ཁ་ཅིག་ཐ་ན་ངའི་ཕྱིར་བྱས་པའི་མཆོད་རྟེན་མཐོང་ནས་སེམས་དང་བ་བསྐྱེད་ན། ཀུན་དགའ་བོ། འདི་ལ་སེམས་དང་བའི་དགེ་བའི་རྩ་བ་དེ་དག་ཐམས་ཅད་ཀྱི་འབྲས་བུ་ཡང་མྱ་ངན་ལས་འདས་པ་ཡིན་ཏེ། ཐ་མ་མྱ་ངན་ལས་འདས་པར་འགྱུར་བར་ངེས་པར་ཤེས་པར་གྱིས་ཤིག །ཀུན་དགའ་བོ། གང་ང་འདུག་པ་ལ་མངོན་སུམ་དུ་བསྟི་སྟང་བྱེད་པ་དང༌། བླ་མར་བྱེད་པ་ནས། མཆོད་པར་བྱེད་པའི་བར་ལྟ་ཞོག །གང་ང་ཡོངས་སུ་མྱ་ངན་ལས་འདས་ནས། རིང་བསྲེལ་ཡོངས་འབྲུ་ཙམ་ལ་བསྟི་སྟང་བྱེད་པ་ལྟ་ཡང་ཞོག །ངའི་ཕྱིར་མཆོད་རྟེན་བྱས་པ་ལ་གང་བསྟི་སྟང་བྱེད་པ་ལྟ་འང་ཞོག་སྟེ། ཀུན་དགའ་བོ། གང་དག་ཁ་ཅིག་སངས་རྒྱས་ལ་དམིགས་ནས། མེ་ཏོག་གཅིག་ནམ་མཁའ་ལ་འཐོར་ན། ཀུན་དགའ་བོ། དགེ་བའི་རྩ་བ་དེ་དག་ཐམས་ཅད་ཀྱི་འབྲས་བུ་མྱ་ངན་ལས་འདས་པ་ཡིན་ཏེ། ཐ་མ་མྱ་ངན་ལས་འདས་པ་ང་སྨྲའོ། །ཀུན་དགའ་བོ། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མཆོད་པ་བྱས་པ་རྫུ་འཕྲུལ་ཅི་ཙམ་དུ་ཆེ་བ་ལ་ལྟོས། གང་ན་སངས་རྒྱས་ལ་དམིགས་པའི་སེམས་ཀྱི་མེ་ཏོག་གཅིག་ནམ་མཁའ་ལ་བོར་བས་ཀྱང་མྱ་ངན་ལས་འདའ་བར་ཕྱིན་པར་བྱེད་ན། ཀུན་དགའ་བོ། གང་དག་དེ་བཞིན་གཤེགས་པ་ལ་མངོན་སུམ་དུ་བསྟི་སྟང་དུ་བྱེད་པའམ། ཡོངས་སུ་མྱ་ངན་ལས་འདས་ནས་སྐུ་གདུང་གི་མཆོད་པ་བྱེད་པ་ལྟ་ཅི་སྨོས། ཀུན་དགའ་བོ། དེ་བཞིན་གཤེགས་པ་རྣམས་ཀྱིས་དེ་བཞིན་གཤེགས་པའི་ཡུལ་བསམ་གྱིས་མི་ཁྱབ་བོ། །ཀུན་དགའ་བོ། དེ་བཞིན་གཤེགས་པ་བསམ་གྱིས་མི་ཁྱབ་པ་ལ་བསྟི་སྟང་བྱས་ནས། རྣམ་པར་སྨིན་པ་ཡང་བསམ་གྱིས་མི་ཁྱབ་པ་ཤེས་པར་བྱའོ། །ཞེས་པ་དང༌། ཡང༌། ཀུན་དགའ་བོ། གང་དག་ཁ་ཅིག་སངས་རྒྱས་ལ་དམིགས་ནས། ཐ་མ་སངས་རྒྱས་ལ་དམིགས་པའི་སེམས་ཀྱིས་མེ་ཏོག་གཅིག་ནམ་མཁའ་ལ་འདོར་ནས། དེའི་རྣམ་པར་སྨིན་པ་གང་ཡིན་པ་ནི། ཀུན་དགའ་བོ། གལ་ཏེ་སེམས་ཅན་འགའ་ཞིག་བསྐལ་པ་གཅིག་ཏུ་འཁོར་བ་ཇི་སྲིད་པར་ཀུན་ཏུ་རྒྱུག་ཅིང་འཁོར་ཡང་འཁོར་བའི་སྔོན་གྱི་མཐའ་མི་ཤེས་པ་བཞིན་དུ་བསོད་ནམས་མངོན་པར་འདུ་བྱེད་པའི་དགེ་བའི་རྩ་བ་མངོན་པར་འདུས་བྱས་པ་དེའི་མཐའ་དེ་ནི་བརྒྱ་བྱིན་ཉིད་རྣམས་ཀྱིས་རྙེད་པར་སླ་བར་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ། འདི་ལྟར་སངས་རྒྱས་ལ་ཕུལ་བའི་ཡོན་ཏན་ནི་འཁོར་བ་ན་སྤྱོད་པའི་བདེ་བ་ཐམས་ཅད་ཀྱིས་མཐར་གཏུགས་པར་སླ་བ་མ་ཡིན་ཏེ། གཞན་དུ་ན་དགེ་བའི་རྩ་བ་དེའི་འབྲས་བུ་ཡང་མྱ་ངན་ལས་འདས་པ་ཉིད་འབྲས་བུ་ཡིན་པས། ཐ་མ་མྱ་ངན་ལས་འདས་པ་ཡང་སྨྲའོ། །ཀུན་དགའ་བོ། གང་དག་ཁ་ཅིག་མངོན་དུ་བསྟི་སྟང་བྱེད་པ་ལྟ་ཡང་ཞོག །གང་ངའི་སྐུ་གདུང་དང་རིང་བསྲེལ་ཡོངས་འབྲུ་ཙམ་ལ་སྐུ་གདུང་གི་མཆོད་པ་བྱེད་པ་ལྟ་ཡང་ཞོག །གང་ངའི་མཆོད་རྟེན་བྱས་པ་རྣམས་ལ་བསྟི་སྟང་བྱེད་པ་ལྟ་ཡང་ཞོག །གང་སངས་རྒྱས་ལ་དམིགས་ནས་ཐ་ན་མེ་ཏོག་གཅིག་ནམ་མཁའ་ལ་འདོར་བ་ལྟ་ཡང་ཞོག་སྟེ། ཀུན་དགའ་བོ། གལ་ཏེ་སེམས་ཅན་མྱ་ངན་ལས་འདའ་བའི་སྐལ་བ་མེད་པ་གང་གིས་སངས་རྒྱས་ལ་དམིགས་ནས། ཐ་ན་མེ་ཏོག་གཅིག་ནམ་མཁའ་ལ་འདོར་ན་ཡང༌། ཀུན་དགའ་བོ། དགེ་བའི་རྩ་བ་དེའི་འབྲས་བུ་དེ་ཡང་མྱ་ངན་ལས་འདས་པ་ཡིན་ཏེ། མྱ་ངན་ལས་འདས་པས་ཀླས་པ་དང༌། མྱ་ངན་ལས་འདས་པའི་མཐས་གཏུགས་པར་ང་སྨྲའོ། །དགེ་བའི་རྩ་བ་དེ་དག་གི་མཐའ་ནི་མྱ་ངན་ལས་འདས་པ་ཡིན་ཏེ། མྱ་ངན་ལས་འདས་པ་ནི་གཙོ་བོ་ཡིན་ཏེ། མྱ་ངན་ལས་འདས་པ་ནི་ཁྱད་པར་ཅན་ཡིན། མྱ་ངན་ལས་འདས་པ་ནི་མཆོག་ཡིན། མྱ་ངན་ལས་འདས་པ་གྱ་ནོམ་པ་ཡིན་ནོ། །སྦྱིན་པ་དེ་མཐར་ཕྱིན་པ་ལ་ཕུལ་བ་ནི་མྱ་ངན་ལས་འདས་པ་རྣམ་པར་དག་པར་ང་སྨྲའོ། །ཀུན་དགའ་བོ། རྒྱུ་དེས་དེ་བཞིན་གཤེགས་པ་སྦྱིན་གནས་རྣམས་ཀྱི་མཆོག་དང༌། སྦྱིན་གནས་རྣམས་ཀྱི་རྒྱལ་པོ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སྦྱིན་པ་གང་དེ་བཞིན་གཤེགས་པ་ལ་ཕུལ་བ་དེའི་འབྲས་བུ་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་ཏེ། དེའི་ཕྱིར་དེ་བཞིན་གཤེགས་པ་སྦྱིན་གནས་རྣམས་ཀྱི་མཆོག་ཅེས་བྱའོ། །ཀུན་དགའ་བོ། ལམ་འདི་ནི་མཐུན་པའོ། །ཀུན་དགའ་བོ། ལམ་འདི་ལྟར་རྣམ་གྲངས་འདིས་ནི། དེ་བཞིན་གཤེགས་པ་ནི་ངེས་པར་ལེན་རྣམས་ཀྱིས་མཆོག་ཡིན་པར་བསྟན་ཏོ། །དེ་བཞིན་གཤེགས་པ་ལ་ཡོན་ཕུལ་བ་ཐམས་ཅད་ཀྱི་མཐའ་ནི་འབྲས་བུ་མྱ་ངན་ལས་འདས་པ་ཡིན་ཏེ། མྱ་ངན་ལས་འདས་པས་ཀླས་པ་དང༌། མྱ་ངན་ལས་འདས་པའི་མཐས་གཏུགས་པར་འགྱུར་རོ། །ཀུན་དགའ་བོ། སྦྱིན་པ་དེ་ལྟ་བུ་ལྟ་ཡང་ཞོག །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ། གང་སངས་རྒྱས་ལ་དམིགས་ནས་ཐ་ན་སེམས་གཅིག་བསྐྱེད་དེ་དད་པ་བསྐྱེད་དེ། ཀུན་དགའ་བོ། དེ་ཐམས་ཅད་ཀྱི་འབྲས་བུ་ཡང་མྱ་ངན་ལས་འདས་པ་ཡིན་ནོ། །ཐ་མ་མྱ་ངན་ལས་འདས་པར་ང་སྨྲའོ། །ཀུན་དགའ་བོ། མིར་གྱུར་པའི་སྦྱིན་པ་བྱས་པ་དེ་ལྟ་བུ་ཡང་ལྟ་ཡང་ཞོག་ལ། ཀུན་དགའ་བོ། གང་ཐ་ན་དུད་འགྲོའི་སྐྱེ་གནས་སུ་སོང་བའི་སེམས་ཅན་རྣམས་ཀྱང་སངས་རྒྱས་ལ་དམིགས་པའི་དྲན་པ་རྙེད་པ་དེ་དག་ཐམས་ཅད་ཀྱིས་འབྲས་བུ་ཡང་མྱ་ངན་ལས་འདས་པ་སྟེ། ཐ་མ་མྱ་ངན་ལས་འདས་པར་ང་སྨྲའོ། །ཀུན་དགའ་བོ། འདི་ལྟར་དུད་འགྲོའི་སྐྱེ་གནས་སུ་སོང་བའི་སེམས་ཅན་རྣམས་ཀྱང་ཐ་མ་མྱ་ངན་ལས་འདས་པའི་བར་དུ་འགྱུར་ཏེ། འདི་ལྟར་རྫུ་འཕྲུལ་ཆེ་བས་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཡོན་ཕུལ་བ་ཅི་ཙམ་དུ་རྫུ་འཕྲུལ་ཆེ་བ་དང༌། སངས་རྒྱས་རྣམས་ལ་སེམས་དད་པ་ཅི་ཙམ་དུ་རྫུ་འཕྲུལ་ཆེ་བ་ལ་ལྟོས། ཞེས་པ་དང༌། ཡང༌། ཀུན་དགའ་བོ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ད་ལྟར་བཞུགས་པ་ལ་གང་བསྟི་སྟང་བྱེད་པ་ལྟ་ཞོག །ཡོངས་སུ་མྱ་ངན་ལས་འདས་པའི་སྐུ་གདུང་ལ་གང་སྐུ་གདུང་གི་མཆོད་པ་བྱེད་པ་ལྟ་ཡང་ཞོག་ལ། ཀུན་དགའ་བོ། གང་དག་ཐ་ན་རྨི་ལམ་ན་དེ་བཞིན་གཤེགས་པའི་མཆོད་རྟེན་མཐོང་ནས་སེམས་དང་བར་བྱེད་ན། ཀུན་དགའ་བོ། དགེ་བའི་རྩ་བ་དེའི་འབྲས་བུ་ཡང་མྱ་ངན་ལས་འདས་པ་ཡིན་ཏེ། མྱ་ངན་ལས་འདས་པས་ཀླས་ཤིང་མྱ་ངན་ལས་འདས་པའི་མཐའ་གཏུགས་པར་འགྱུར་བར་ང་སྨྲའོ། །ཡང་ན། ཉ་མཚོ་ནང་ན་འདྲཻན་པ་དཔེར་མཛད་ནས་བཀའ་སྩལ་པ། དེ་བས་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དག །དེ་བཞིན་གཤེགས་པ་ལ་ཡོན་ཕུལ་བའི་དགེ་བའི་རྩ་བ་དེ་དག་ཐམས་ཅད་ཀྱི་འབྲས་བུ་ནི་ཆེན་པོ་དང་རྙེད་པ་ཆེན་པོ་དང་ལྡན་པ་དག་སྟེ། རིགས་ཀྱི་བུ་དག་ང་ལྟ་བུ་དག་ལ་བཞག་བསོད་ནམས་ཀྱི་ཞིང་ཆེན་པོ་ལ་བཏབ་པ་དེ་དག་ནི་ཐ་ན་ཡུན་རིང་པོ་ཇི་སྲིད་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་ཡང་ཆུད་ཟ་བ་མི་འགྱུར་རོ། །དགེ་བའི་རྩ་བ་དེ་དག་ཐམས་ཅད་ཀྱི་འབྲས་བུ་ནི་མྱ་ངན་ལས་འདས་པ་ཡིན་ཏེ། ཐ་མ་མྱ་ངན་ལས་འདས་པར་འགྱུར་རོ། །ཀུན་དགའ་བོ། དོན་ཤེས་པར་བྱ་བའི་ཕྱིར། ངས་དཔེ་འདི་བྱས་པ་འདི་ལ་དོན་དུ་ལྟ་བ་གང་ཞེ་ན། ཀུན་དགའ་བོ། ཉ་ཞེས་བྱ་བ་དེ་ནི་སོ་སོ་སྐྱེ་བོ་ཚིག་བླ་དྭགས་སོ། །ཀུན་དགའ་བོ། མཚོ་ཆུ་ཞེས་བྱ་བ་དེ་ནི་འཁོར་བའི་རྒྱ་མཚོའི་ཚིག་བླ་དྭགས་སོ། །ཀུན་དགའ་བོ། མཆིལ་བ་ཞེས་བྱ་བ་འདི་ནི་དེ་བཞིན་གཤེགས་པ་ལ་དགེ་བའི་རྩ་བ་བསྐྱེད་པའི་ཚིག་བླ་དྭགས་སོ། །ཀུན་དགའ་བོ། སྲད་བུ་ཞེས་བྱ་བ་དེ་ནི་བསྡུ་བའི་དངོས་པོ་བཞིའི་ཚིག་བླ་དྭགས་སོ། །ཀུན་དགའ་བོ། ཉ་བ་ཞེས་བྱ་བ་དེ་ནི་དེ་བཞིན་གཤེགས་པའི་ཚིག་བླ་དྭགས་སོ། །ཀུན་དགའ་བོ་ཉ་གསོན་པོ་ཞེས་བྱ་བ་དེ་ནི་སེམས་ཅན་རྣམས་མྱ་ངན་ལས་འདས་པའི་འབྲས་བུ་ལ་དགོད་པའི་ཚིག་བླ་དྭགས་སོ། །ཀུན་དགའ་བོ། རྣམ་གྲངས་འདིས་ཀྱང་ཁྱོད་ཀྱིས་འདི་ལྟར་རིག་པར་བྱ་སྟེ། རང་སངས་རྒྱས་ལ་ཡོན་ཕུལ་བ་ནི་ཇི་སྲིད་མྱ་ངན་ལས་འདས་པར་འགྱུར་བ་མ་གཏོགས་པར་ཇི་སྲིད་ཡུན་རིང་པོར་ཡང་འཇིགས་པ་མེད། ཡོངས་སུ་ཟད་པ་མེད། མཐར་ཐུག་པ་མེད་དོ། །ཀུན་དགའ་བོ། དེའི་ཕྱིར་སངས་རྒྱས་ལ་ཕུལ་བའི་ཡོན་ཏན་ཇི་ལྟར་མྱ་ངན་ལས་འདས་པས་ཀླས་ཤིང༌། མྱ་ངན་ལས་འདས་པའི་མཐས་གཏུགས་པར་འགྱུར་བའི་དཔེ་གཞན་དག་ཀྱང་ཁྱོད་ལ་བསྟན་པར་བྱའོ། །ཀུན་དགའ་བོ། སེམས་ཅན་སྲིད་པ་ལ་སྤྱོད་པ་ཚོར་བ་ལ་ཆགས་པ་མྱོང་བར་འདོད་པས་འཁོར་བ་ལ་མངོན་པར་བསྟོད་པ། འཁོར་བ་པ་ལ་དགའ་བ་འཁོར་བ་འདོད་པས་སངས་རྒྱས་བཅོམ་ལྡན་འདས་ལ་ཡོན་འབུལ་ཞིང་མཐོ་རིས་འདོད་པ་དང༌། མིར་འགྱུར་བར་འདོད་པའི་ཕྱིར་དགེ་བའི་རྩ་བ་ཡོངས་སུ་བསྔོས་པ་དག་ཀྱང་ཡོད། སངས་རྒྱས་བཅོམ་ལྡན་འདས་ལ་ཡོན་ཕུལ་བ་ནས་དགེ་བའི་རྩ་བ་འདིས་བདག་ཅག་ནམ་ཡང་ཡོངས་སུ་མྱ་ངན་ལས་འདའ་བར་མ་གྱུར་ཅིག་ཅེས། ཡོངས་སུ་བསྔོས་པའི་སེམས་ཅན་དེ་དག་ཀྱང་ཡོད་མོད་ཀྱི། ཀུན་དགའ་བོ། དགེ་བའི་རྩ་བ་དེས་སེམས་ཅན་དེ་དག་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་བའི་གནས་མེད་སྐབས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བླ་ན་མེད་པའི་བསོད་ནམས་ཀྱི་ཞིང་ཐ་བ་དང༌། ཚེར་མ་མེད་པ་དང༌། འདོད་ཆགས་དང་ཞེ་སྡང་གི་དྲི་མ་མེད་པ་ཡོངས་སུ་དག་པ་སྟེ། དེ་ལ་དགེ་བའི་རྩ་བ་ས་བོན་ཅི་ཙམ་དུ་ཆུང་བ་དང༌། དགེ་བའི་རྩ་བ་ས་བོན་ཅི་ཙམ་དུ་རྒྱས་པ་དང༌། ཅི་ཙམ་དུ་ཕྲ་བ་ཡང་རུང༌། ཅི་ཙམ་དུ་བྱང་ཆུབ་ཀྱི་ས་བོན་དུ་འགྱུར་བའམ། ཉན་ཐོས་ཀྱི་ས་བོན་དུ་འགྱུར་བའམ། རང་སངས་རྒྱས་ཀྱི་ས་བོན་དུ་འགྱུར་བའི་དགེ་བའི་རྩ་བ་དེ་དག་ཐམས་ཅད་བསླུ་བར་མི་བྱེད་དེ། དེ་ཡོངས་སུ་མ་བཏང་ན་ལོངས་སྤྱོད་འཕེལ་བ་ཕུན་སུམ་ཚོགས་པར་འགྱུར་ཞིང༌། སེམས་དང་བས་མཐོ་རིས་སུ་འགྱུར་བའི་ལམ་ཡོངས་སུ་དག་པ་དང༌། མྱ་ངན་ལས་འདས་པའི་མཐར་ཐུག་པར་འགྱུར་རོ། །ཀུན་དགའ་བོ། འདི་ལྟ་སྟེ་དཔེར་ན། ཁྱིམ་བདག་ཞིང་པའི་ཞིང་རྡོ་མེད་པ་སྟོང་དུ་མ་དག །ཚེར་མ་མེད་པ། གྱོ་མོ་དང༌། གསེག་མ་མེད་པ། ས་སྣག་ཆེ་བ་ཞིག་ཡོད་པར་འགྱུར་ཏེ། ལེགས་པར་རྨོས་ཤིང་ལག་བྱད་ཀྱིས་ཕྱིན་པར་བྱས་ལ། དེའི་ས་བོན་ཡང་སར་བ་གྲུང་པོ་ཚས་ལེགས་པར་བྱས་པ་རླུང་དང་ཉི་མས་མ་སྣང་བ། མ་ཆགས་མ་གྲུང་ཞིང་མ་རུལ་ཏེ་ཆུད་མ་ཟོས་པ་གྱུར་ལ། ས་བོན་དེ་དག་དུས་དང་ཚིགས་སུ་ཞིང་ལ་བཏབ་སྟེ། དུས་དུས་སུ་ཆུས་བཅུས། དུས་དུས་སུ་སྐེམས། ཐམས་ཅད་ལས་ལེགས་པར་བསྲུངས་བས། ཀུན་དགའ་བོ། དེ་ནས་ཁྱིམ་པ་ཞིང་པ་དེ་དུས་གཞན་ཞིག་ན་ཞིང་གི་དྲུང་དུ་སོང་སྟེ། ཞིང་གི་མུར་འདུག་ནས་ཀྱེ་ས་བོན་ཁྱེད་ས་བོན་དུ་མ་གྱུར་ཅིག །ཀྱེ་ས་བོན་ཁྱེད་མ་སྐྱེ་ཤིག །མ་འཕེལ་ཅིག །ང་ལ་འབྲས་བུ་མི་དགོས། རྙེད་པ་མི་དགོས། ཞེས་དེ་སྐད་ཟེར་ན། ཀུན་དགའ་བོ། དེ་ཇི་སྙམ་དུ་སེམས། ཁྱིམ་བདག་ཞིང་པ་དེའི་ཚིག་གིས་ས་བོན་དེ་དག་ས་བོན་མ་ཡིན་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་མ་ལགས་སོ། །བདེ་བར་གཤེགས་པ་མ་ལགས་སོ། །བཀའ་སྩལ་པ། འབྲས་བུ་དེ་འབྲས་བུ་མ་ཡིན་པར་འགྱུར་རམ། རྙེད་པར་མི་འགྲུབ་བམ། གསོལ་པ། བཅོམ་ལྡན་འདས་མ་ལགས་སོ། །བདེ་བར་གཤེགས་པ་མ་ལགས་སོ། །བཀའ་སྩལ་པ། ཀུན་དགའ་བོ། དེ་བཞིན་དུ། སྲིད་པ་ལ་རྟེན་ཅིང་སྲིད་ལ་དགའ་བས་སངས་རྒྱས་ལ་ཡོན་ཕུལ་ནས་དགེ་བའི་རྩ་བ་འདིས་བདག་ཅག་གམ། ཡོངས་སུ་མྱ་ངན་ལས་འདས་པར་མ་གྱུར་ཅིག །ཅེས་དེ་སྐད་ཅིག་ཟེར་ཡང་དེས་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་བའི་གནས་མེད་གོ་སྐབས་མེད་ཀྱི། ཀུན་དགའ་བོ། སངས་རྒྱས་ལ་བསྐྱེད་པའི་དགེ་བའི་རྩ་བ་དེ་དག་མི་འདོད་ཀྱང་འབྲས་བུ་མྱ་ངན་ལས་འདས་པ་ཡིན་ཏེ། ཐ་མ་མྱ་ངན་ལས་འདས་པའི་བར་དུ་འགྱུར་བ་ང་སྨྲའོ། །དེ་ལྟར་ཇི་ཙམ་དུ་སངས་རྒྱས་བཅོམ་ལྡན་འདས་ལ་སེམས་གཅིག་བསྐྱེད་པའི་དགེ་བའི་རྩ་བ་བསྐྱེད་པ་དེ་དག་ཐམས་ཅད་ཀྱི་འབྲས་བུ་ཡང་མྱ་ངན་ལས་འདས་པ་ཡིན་ཏེ། ཐ་མ་མྱ་ངན་ལས་འདས་པའི་བར་དུ་འགྱུར་བར་ང་སྨྲའོ། །ཀུན་དགའ་བོ། མ་འོངས་པའི་དུས་ན་རྒྱལ་པོ་རྐུ་འཕྲོག་བྱེད་པ་དང༌། ཀླ་ཀློ་དག་འབྱུང་བར་འགྱུར་ཏེ། ཀུན་དགའ་བོ། དེ་རྒྱལ་པོ་རྐུ་འཕྲོག་བྱེད་པ་དང༌། ཀླ་ཀློག་གང་གིས་དེ་བཞིན་གཤེགས་པའི་མཆོད་རྟེན་དང༌། དེ་བཞིན་གཤེགས་པའི་སྐུ་གཟུགས་མཐོང་ནས། སེམས་དང་བར་གྱུར་པ་དེ་དག །ཀུན་དགའ་བོ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱང་མི་ཤེས་ཤིང༌། སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཀྱང་མི་ཤེས་སུ་ཟིན་ཀྱང༌། ཀུན་དགའ་བོ། ངས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། འགྲོ་བ་དེ་དང་དེ་དག་དང༌། སྐྱེ་བ་དེ་དང་དེ་དག་ཏུ་བསྡུ་བའི་དངོས་པོ་བཞིས་བསྡུ་བར་བྱའོ། །བཞི་གང་ཞེ་ན། སྦྱིན་པ་དང༌། སྙན་པར་སྨྲ་བ་དང༌། དོན་སྤྱོད་པ་དང༌། དོན་མཐུན་པའོ། །ཀུན་དགའ་བོ། དེ་དག་ངའི་མཆོད་རྟེན་མཐོང་ནས་ངེས་པར་སེམས་དང་བར་འགྱུར་རོ། །ཀུན་དགའ་བོ། དེ་དག་གི་དགེ་བའི་རྩ་བའི་འབྲས་བུ་དེ་ཡང་མྱ་ངན་ལས་འདས་པ་ཡིན་ཏེ། ཐ་མ་མྱ་ངན་ལས་འདས་པའི་བར་དུ་འགྱུར་བར་ང་སྨྲའོ། །གང་མཐའ་འཁོབ་ཀྱི་རྒྱལ་པོ་རྐུ་གསོད་བྱེད་པ་དང༌། ཀླ་ཀློ་དེ་དག་གི་ཀུན་ལས་བློན་པོ་དང༌། གཞོན་ནུ་དང་རྩིས་མཁན་དང༌། སྣ་ཆེན་པོ་ལ་གཏོགས་པ་དང༌། འཁོར་དང་མཛའ་བཤེས་དང༌། ཉེ་དུ་དང༌། གྲོགས་དང༌། སྣག་གི་གཉེན་མཚམས་སུ་འགྱུར་བ་གང་ཡང་དེ་དག་གིས་མྱ་ངན་ལས་འདས་པའི་མཆོད་རྟེན་མཐོང་ནས་ཚོགས་ཆུང་ངུས་སེམས་དང་བར་གྱུར་ན། ཀུན་དགའ་བོ། དེ་དག་ཐམས་ཅད་སངས་རྒྱས་ཀྱི་ཆོས་རྣམས་སམ། སངས་རྒྱས་ཀྱི་ཡོན་ཏན་རྣམས་ཀྱི་ཆོས་རྣམས་སམ། སངས་རྒྱས་ཀྱི་ཡོན་ཏན་རྣམས་ཀྱིས་དགེ་བའི་རྩ་བ་བསྐྱེད་པར་འགྱུར་ཏེ། ཀུན་དགའ་བོ་དེ་དག་ཀྱང་ངས་སྔོན་བྱང་ཆུབ་སེམས་པའི་སྤྱད་པ་སྤྱོད་པ་ན་བསྡུ་བའི་དངོས་པོ་བཞིས་ཡང་དག་པར་བསྡུས་སོ། །ཀུན་དགའ་བོ། དེ་དག་གི་དགེ་བའི་རྩ་བ་དེ་དག་ཐམས་ཅད་ཀྱི་འབྲས་བུ་ས་དང་མྱ་ངན་ལས་འདས་པ་ཡིན་ཏེ། ཐ་མ་མྱ་ངན་ལས་འདས་པར་ང་སྨྲའོ། །ཞེས་པ་ལ་སོགས་པ་རྒྱ་ཆེར་འབྱུང་ངོ༌། །

དེ་ཕྱིར་བདག་སོགས་འགྲོ་བ་ཀུན། །སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། །རྫོགས་སངས་རྒྱས་ཀྱི་ཡོན་ཏན་ལ། །ཤེས་ནས་དང་བ་ཐོབ་གྱུར་ཏེ། །ཚུལ་གནས་ཐོས་བསམ་སྒོམ་བསྒྲུབ་དང༌། །རྒྱལ་བའི་བསྟན་པ་སྤེལ་བ་དང༌། །རྟེན་གསུམ་བཞེངས་ཤྀང་མཆོད་ལ་སོགས། །དགེ་ཚོགས་རླབས་ཆེན་རྟག་བསྒྲུབས་ནས། །དངོས་ཀུན་སྒྱུ་མར་རྟོགས་པའི་བློས། །མཁའ་ཁྱབ་ཕ་མའི་དོན་སླད་དུ། །བྱང་ཆུབ་ཆེན་པོ་ཐོབ་བྱའི་ཕྱིར། །སྨོན་ལམ་འགྲུབ་ཅིང་འགྲུབ་པར་ཤོག །

འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མདོར་ཡང༌། བྱང་ཆུབ་སེམས་དཔའ་བློ་གྲོས་རྣམ་པར་དག་པ་ལ་བཀའ་སྩལ་པ། བློ་གྲོས་རྣམ་པར་དག་པ། ཚུལ་ཁྲིམས་ཡོངས་སུ་དག་པས་དེ་བཞིན་གཤེགས་པ་ཡོངས་སུ་དག་གོ །བློ་གྲོས་རྣམ་པར་དག་པ། དེ་ལྟར་དེ་བཞིན་གཤེགས་པས་ཡོངས་སུ་དག་པ་ལ་སུ་ཞིག་མེ་ཏོག་དང༌། ཕྲེང་བ་དང༌། སྤོས་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་དང༌། རོལ་མོའི་སྒྲ་དང༌། བྱུག་པ་རྣམས་ཀྱིས་བསྟི་སྟང་བྱེད་པ་དེའི་བསོད་ནམས་ཀྱི་ཕུང་པོའི་མཐའ་རྟོགས་པར་མི་ནུས་ཏེ། དེའི་མཐའ་ནི་ཐེག་པ་གསུམ་པོ་ལས་ཐེག་པ་གང་ཡང་རུང་བས་མྱ་ངན་ལས་འདས་པའི་མཐར་ཐུག་པ་མ་གཏོགས་པར་བསོད་ནམས་ཀྱི་ཕུང་པོ་དེ་ཕྱི་མའི་མཐར་ཡང་ཟད་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་རྣམ་པར་དག་པ། ཇི་ལྟར་དེ་བཞིན་གཤེགས་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱིས་ཚད་མེད་པ་དེ་བཞིན་དུ་དེ་བཞིན་གཤེགས་པ་ལ་ཡོན་ཕུལ་བ་ཡང་ཚད་མེད་དོ། །མཐའ་ཡས་སོ། །བསམ་གྱིས་མི་ཁྱབ་བོ། །མཚུངས་པ་མེད་དོ། །དཔག་ཏུ་མེད་དོ། །གྲངས་མེད་དོ། །དཔག་གིས་མི་ལང་ངོ༌། །བརྗོད་དུ་མེད་དོ། །བློ་གྲོས་རྣམ་པར་དག་པ་སུ་ཞིག་དེ་བཞིན་གཤེགས་པར་ད་ལྟར་བཞུགས་ཏེ། འཚོ་ཞིང་བཞེས་པ་ལ་བསྟི་སྟང་བྱེད་པ་དང༌། བླ་མར་བྱེད་པ་དང༌། མཆོད་པ་དང༌། བརྗོད་པ་དང༌། ཕྱི་མའི་ཚེ་དུས་ལྔ་བརྒྱ་ཐ་མ་ལ་སུ་ཞིག་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་རིང་བསྲེལ་ཡུངས་འབྲུ་ཙམ་ལ་བསྟི་སྟང་བྱེད་པ་དང༌། བླ་མར་བྱེད་པ་དང༌། རི་མོར་བྱེད་པ་དང༌། མཆོད་པ་དང༌། བརྗོད་པ་དང༌། ཡང་དག་པར་སེམས་ཉེ་བར་བཞག་སྟེ། བྱང་ཆུབ་ཏུ་གཞོལ་པའི་སེམས་བསྐྱེད་པས་ཕྱག་འཚལ་བ་དང༌། ཕྱག་བྱེད་པ་དང༌། བསྟི་སྟང་བྱེད་པ་དང༌། བླ་མར་བྱེད་པ་དང༌། རི་མོར་བྱེད་པ་དང༌། མཆོད་པ་དང༌། བརྗོད་པ་དང༌། གསོལ་བ་དང༌། བསྔགས་པ་དང༌། བསྐོར་བ་བྱེད་པ་དེས་ཕན་ཡོན་ལྔ་པོ་ཡོངས་སུ་བཟུང་བར་འགྱུར་ཏེ། ལྔ་གང་ཞེ་ན། དྲན་པ་དང་ལྡན་པར་འགྱུར་བ་དང༌། རྟོགས་པ་དང་ལྡན་པར་འགྱུར་བ་དང༌། ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ་དང་ལྡན་པར་འགྱུར་བ་དང༌། མྱུར་དུ་སངས་རྒྱས་བཅོམ་ལྡན་འདས་མཐོང་བར་འགྱུར་བ་དང༌། མཐོང་ནས་ཀྱང་དད་པ་སྐྱེས་པར་འགྱུར་བ་སྟེ། ཕན་ཡོན་ལྔ་པོ་དེ་དག་ཡོངས་སུ་བཟུང་བར་འགྱུར་རོ། །དེ་ཆོས་བཞི་དང་ལྡན་པར་འགྱུར་ཏེ། བཞི་གང་ཞེ་ན། དེ་བཞིན་གཤེགས་པའི་བསྟན་པ་འཛིན་པ་དང༌། དེ་ཡང་ཇི་སྐད་བསྟན་པ་བཞིན་དུ་བསྒྲུབ་པ་དང༌། བསྒྲུབ་ནས་ཀྱང་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ཉེ་བར་འགྱུར་བ་དང༌། མྱུར་དུ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་སྐྱེ་བར་འགྱུར་བ་སྟེ། ཆོས་བཞི་པོ་དེ་དག་གོ །ཞེས་པ་དང༌། ཚིགས་སུ་བཅད་དེ་བཀའ་སྩལ་པ། སྲོག་ཆགས་ཀུན་ལ་ཕན་པའི་ཕྱིར། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་ནས། །འཇིག་རྟེན་མགོན་གྱི་མཆོད་རྟེན་ལ། །སུ་ཞིག་བསྐོར་བ་བྱེད་པ་ནི། །ཚེ་རབས་དག་ནི་ཐམས་ཅད་དུ། །བྱང་ཆུབ་སྤྱད་པ་སྤྱོད་པའི་ཚེ། །དྲན་དང་ལྡན་ཞིང་བློ་གྲོས་ལྡན། །བསོད་ནམས་ལྡན་ཞིང་འཇིགས་མེད་འགྱུར། །མཆོད་རྟེན་བསྐོར་བ་བྱས་ནས་ནི། །ཚེ་རབས་དག་ནི་ཐམས་ཅད་དུ། །ལྷ་དང་ཀླུ་དང་གནོད་སྦྱིན་དང༌། །སྲིན་པོ་རྣམས་ཀྱིས་མཆོད་པར་འགྱུར། །ངས་ནི་གང་དག་བསྟན་པ་ཡི། །མི་ཁོམ་བརྒྱད་པོ་དེ་དག་སྤོངས། །སངས་རྒྱས་འབྱུང་བ་རབ་མཛེས་པ། །མཉེས་པར་བྱེད་འདི་ངལ་བ་དང༌། །མདོག་ལྡན་གཟུགས་ནི་ཕུན་སུམ་ཚོགས། །མཚན་གྱིས་ལེགས་པར་བརྒྱན་པ་དང༌། །མཐུ་དང་སྟོབས་དང་ལྡན་པར་འགྱུར། །ལེ་ལོ་ཅན་དུ་དེ་མི་འགྱུར། །དེ་ནི་ཕྱུག་ཅིང་ནོར་ཆེན་འགྱུར། །བསོད་ནམས་ལྡན་ཞིང་རྫི་བ་མེད། །འཇིག་རྟེན་སྒྲོན་མ་མཉེས་བྱས་ནས། །ཡང་དང་ཡང་དུ་བསྟི་སྟང་བྱེད། །བདག་མེད་སྟོང་པའི་ཆོས་ཐོས་ན། །དེ་ནི་ཆོས་ལ་རྨོངས་མི་འགྱུར། །མྱུར་དུ་དད་པ་ཐོབ་འགྱུར་ཞིང༌། །ཆོས་དོན་ཇི་བཞིན་མཁས་པར་འགྱུར། །ཚོང་དཔོན་ཁྱིམ་དང་རྒྱས་པ་དང༌། །ཕྱུག་པོ་རྣམས་སུ་སྐྱེ་བར་འགྱུར། །དཔའ་ཞིང་སྦྱིན་པའི་བདག་པོར་འགྱུར། །གཏོང་བ་གཏང་ཞིང་སེར་སྣ་མེད། །འཛམ་བུ་གླིང་ན་གང་ཡང་རུང༌། །ཁྱད་པར་ཅན་གྱི་རིགས་མཛེས་པ། །དེར་ནི་བརྔན་པ་དེར་སྐྱེས་ཏེ། །དམའ་བ་དག་ནི་རྣམ་པར་སྤོང༌། །མཆོད་རྟེན་བསྐོར་བ་བྱས་ནས་ནི། །སྐྱེ་བ་ཐམས་ཅད་ཀུན་ཏུ་ཡང༌། །དབང་ཆེན་གྲགས་པའི་ཁྱིམ་དག་དང༌། །དཔལ་དང་གཟི་བརྗིད་གཟི་ལྡན་འགྱུར། །བྲམ་ཟེ་ས་ལ་ཆེ་འདྲ་དང༌། །ཚུལ་ཁྲིམས་ལྡན་ཞིང་མང་ཐོས་དང༌། །རྒྱལ་རིགས་ས་ལ་ཆེ་འདྲ་དང༌། །ཕྱུག་ཅིང་ནོར་ཆེན་ལྡན་པར་འགྱུར། །རིས་བསྐོར་རྒྱ་མཚོ་ཚུན་ཆད་ཀྱི། །ས་ཀུན་ལ་ནི་གང་སྨོན་པ། །གླིང་བཞི་དག་གི་དབང་ཕྱུག་ལ། །རྒྱལ་པོ་ཆོས་དང་ལྡན་པར་འགྱུར། །འཁོར་ལོས་སྒྱུར་བ་རྫུ་འཕྲུལ་ཆེ། །རིན་ཆེན་བདུན་དང་ལྡན་པར་འགྱུར། །རྒྱལ་སྲིད་གནས་ནས་སངས་རྒྱས་ལ། །ཡང་དང་ཡང་དུ་བསྟི་སྟང་བྱེད། །འདི་ནས་ཤི་འཕོས་མཐོ་རིས་སུ། །སོང་ནས་སངས་རྒྱས་བསྟན་ལ་དང༌། །ལྷུན་པོ་ཟོམ་གྱི་དབང་ཕྱུག་པོ། །ལྷ་ཡི་དབང་པོ་བརྒྱ་བྱིན་འགྱུར། །ལྷ་དབང་ཤིན་ཏུ་མཐའ་བྲལ་དང༌། །དེ་བཞིན་དུ་ནི་དགའ་ལྡན་དང༌། །ལྷ་དབང་ཤིན་ཏུ་འཕྲུལ་དགའ་དང༌། །དབང་བསྒྱུར་བ་དང་འཇིགས་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་ནས་ནི། །དེ་ནི་ཚངས་པའི་འཇིག་རྟེན་དུ། །ཚངས་པའི་དབང་ཕྱུག་མཁའ་འགྱུར་ཞིང༌། །ལྷ་རྣམས་བྱེ་བས་མཆོད་པར་འགྱུར། །འཇིག་རྟེན་མགོན་གྱི་མཆོད་རྟེན་ལ། །མི་གང་བསྐོར་བ་བྱེད་པ་ཡི། །བསྔགས་པ་བསྐལ་པ་བྱེ་བར་ནི། །བརྗོད་པས་ཟད་པར་བྱ་མི་ནུས། །སུ་ཞིག་བྱང་ཆུབ་སེམས་བསྐྱེད་ནས། །སྟོན་པའི་མཆོད་རྟེན་ཕྱག་འཚལ་བ། །དེ་ནི་བསྐལ་པ་བྱེ་བར་ཡང༌། །ནམ་ཡང་ལོང་ཞིང་འཐེང་མི་འགྱུར། །འཇིག་རྟེན་མགོན་གྱི་མཆོད་རྟེན་ལ། །མངོན་དུ་བསྐོར་བ་བྱེད་པ་ནི། །བུང་བ་སྔོན་པོ་མཛེས་འདྲ་ཡི། །རྣམ་པར་དག་པའི་མིག་ཐོབ་འགྱུར། །མཆོད་རྟེན་བསྐོར་བ་བྱེད་ན་ནི། །དེས་ན་ངེས་པར་རྟག་ཏུ་ཡང༌། །མཐུན་པའི་དོན་ཀུན་ཐོབ་འགྱུར་ཞིང༌། །དོན་མིན་རྣམས་ནི་སྤང་བར་འགྱུར། །མཆོད་རྟེན་བསྐོར་བ་བྱས་ན་ནི། །མཐུ་དང་སྟོབས་དང་ལྡན་པར་འགྱུར། །དེ་ནི་ལེ་ལོ་མེད་འགྱུར་ཞིང༌། །རྟག་ཏུ་བག་ཡོད་ལྡན་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་ནས་ནི། །བརྩོན་འགྲུས་ལྡན་ཞིང་མཐུ་བརྟན་དང༌། །དེ་ནི་མྱུར་དུ་མཁས་པར་འགྱུར། །མེ་དང་དུག་དང་མཚོན་རྣམས་ཀྱིས། །ནམ་ཡང་འཆི་དུས་བྱེད་མི་འགྱུར། །མཁས་པའི་ཚེ་ནི་རྫོགས་རྫོགས་སུ། །ཟད་པར་བྱས་ནས་འཆི་དུས་བྱེད། །མཆོད་རྟེན་བསྐོར་བ་བྱས་ནས་ནི། །ཕོ་བྲང་འཁོར་དང་ཡུལ་འཁོར་དང༌། །གྲོང་རྡལ་རྣམས་སུ་ལོངས་སྤྱོད་དང༌། །ཟས་ཀྱི་ཁྱད་པར་འཕགས་པར་འགྱུར། །བྱང་ཆུབ་སྤྱོད་པ་སྤྱོད་པའི་ཚེ། །དེས་ནི་འདོད་པ་མི་བསྟེན་ཅིང༌། །ལུས་ཀྱང་གཙང་ལ་གོས་གཙང་ཞིང༌། །གཙང་མའི་ཆོས་ལ་གནས་པར་འགྱུར། །བློ་གྲོས་རྣམ་པར་དག་པ་དང༌། བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པ་གང་ཡིན། མཆོད་རྟེན་མཐོང་ནས་དད་པ་བསྐྱེད་དེ། པུས་མོ་གཉིས་ཀའི་ལྷ་ང་ས་ལ་བཙུགས་ནས་ཕྱག་འཚལ་ཞིང་ཕྱག་བྱེད་དེ། དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱི་སྐུ་ལེགས་པར་བརྒྱན་པ་སྟེ། ཅི་འདྲ་བར་བདག་གིས་ཀྱང་དེ་འདྲ་བར་གྱུར་ཅིག །ཅེས་དེ་ལ་མོས་པ་བསྐྱེད་ནས། བློ་གྲོས་རྣམ་པར་དག་པ། བསོད་ནམས་ཀྱི་ཕུང་པོ་དེའི་མཐའ་བརྗོད་པར་མི་ནུས་སོ། །བླ་ན་མེད་པ་ཡང་དག་རྫོགས་པའི་བྱང་ཆུབ་ལ་གནས་པའི་ཕྱིར་རོ། །བསོད་ནམས་ཀྱི་ཕུང་པོ་དེ་ནི་རྒྱལ་པོ་ཉིད་དམ། བརྒྱ་བྱིན་ཉིད་དམ། ཚངས་པའམ། རང་སངས་རྒྱས་ཉིད་དམ། ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ཐེག་པ་བླ་ན་མེད་པས་ཀྱང་ཟད་པར་བྱ་བར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་རྣམ་པར་དག་པ། རིགས་ཀྱི་བུ། དེས་བསོད་ནམས་ཀྱི་ཕུང་པོ་བསམ་གྱིས་མི་ཁྱབ་པ་ཡོངས་སུ་བཟུང་བའི་ཕྱིར་ཏེ། བློ་གྲོས་རྣམ་པར་དག་པ། འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་གྲོང་ཁྱེར་རམ། གཙུག་ལག་ཁང་ངམ། གྲོང་དུ་འཇུག་ཀྱང་རུང་སྟེ། འཆག་ཀྱང་རུང༌། འགྲེངས་ཀྱང་རུང༌། འཇུག་ཀྱང་རུང༌། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། སེམས་ཅན་ལྷའམ། ཀླུའམ། གནོད་སྦྱིན་ནམ། དྲི་ཟའམ། ལྷ་མ་ཡིན་ནམ། ནམ་མཁའ་ལྡིང་ངམ། མིའམ་ཅིའམ། ལྟོ་འཕྱེ་ཆེན་པོའམ། མིའམ། མི་མ་ཡིན་པའམ། སེམས་ཅན་གྱི་གྲངས་སུ་མ་གཏོགས་པའི་ཤིང་ངམ། རིའམ། ཁུང་བུའམ། བུ་གའམ། བྱ་སྐྱིབས་ཀྱང་རུང་སྟེ། དེ་བཞིན་གཤེགས་པ་ག་ལ་བ་དེར་ལོགས་སུ་འདུད་པ་དང༌། ཀུན་ཏུ་འདུད་པ་མི་བྱེད་པ་དེ་གང་མེད་དེ། ཇི་ལྟར་དེ་བཞིན་གཤེགས་པ་དགེ་བའི་རྩ་བ་ཐམས་ཅད་ལྡན་པ་ལ་འདུད་པ་བྱེད་པ་དེ་བཞིན་དུ་རིགས་ཀྱི་བུ་དེ་དག་གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། ཡུལ་འཁོར་རམ། ཕོ་བྲང་འཁོར་ན་རྒྱུ་བ་ལ་སེམས་ཅན་རྣམས་འདུད། རབ་ཏུ་འདུད། ཀུན་ཏུ་འདུད་པར་འགྱུར་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །འཇིག་རྟེན་ཇི་ལྟར་སངས་རྒྱས་འགྱུར་ཞེས་མོས་བསྐྱེད་དེ། །སངས་རྒྱས་མཆོད་རྟེན་ལ་ནི་པུས་མོ་གཉིས་བཙུགས་དང༌། །སུ་ཞིག་བྱང་ཆུབ་གཞོལ་ནས་ཕྱོགས་རྣམས་ཀུན་འགྲོ་བ། །དེ་འགྲོ་ཚེ་ན་འཇིག་རྟེན་གསུམ་པོ་འདུད་པར་བྱེད། །མི་རྣམས་གཙོ་བོར་རང་བྱུང་གང་དུ་འགྲོ་བྱེད་པ། །དེ་ལོགས་སུ་ནི་རྩྭ་དང་ཤིང་དང་སྡོད་བཅུག་དང༌། །སྨན་དང་ཤིང་ཏོག་རྣམས་དང་འབྲས་བུ་འདབ་མ་དང༌། །ཡིད་འོང་དྲི་ལྡན་མེ་ཏོག་རྣམས་ནི་འདུད་པར་འགྱུར། །བཅོམ་ལྡན་མཆོད་རྟེན་རྣམས་ལ་པུས་མོ་བཙུག་ནས་ནི། །དེ་ལ་མི་ཡི་དབང་པོ་ཀུན་ཀྱང་འདུད་པར་འགྱུར། །གནོད་སྦྱིན་དབང་དང་ཀླུ་དང་ལྷ་ཡི་རྒྱལ་པོ་དང༌། །ཚངས་པའི་དབང་པོ་ཐམས་ཅད་རྐང་ལ་གཏུགས་པར་བྱེད། །བཅོམ་ལྡན་འདས་མཆོད་རྟེན་རྣམས་ལ་པུས་མོ་བཙུག་ནས་ཕྱག་འཚལ་ནས། །དཔའ་ཞིང་སྟོབས་དང་ལྡན་པའི་འཁོར་ལོས་སྒྱུར་བར་འགྱུར། །གསེར་གྱི་མདོག་ལྡན་མཚན་རྣམས་ཀྱིས་ནི་གོ་ཆར་འགྱུར། །མཐུ་ཆེན་བླ་མར་བྱ་ཞིང་ཐུབ་པར་དཀའ་བར་འགྱུར། །དེ་ཡི་ཡུལ་ལ་སེམས་ཅན་གང་དག་གནས་གྱུར་པ། །དེ་དག་ཐམས་ཅད་བྱམས་པའི་སེམས་དང་དགའ་བར་འགྱུར། །དེ་ལ་སེམས་ཅན་གང་ཡང་སྡིག་པ་མི་བསྐྱེད་དོ། །སྐྱེ་བོ་ཚོགས་ཆེན་དགའ་ཞིང་ཡིད་དུ་འོང་བར་འགྱུར། །བཅོམ་ལྡན་མཆོད་རྟེན་དག་ལ་པུས་བཙུགས་ཕྱག་འཚལ་བས། །དེ་ལ་འཇིག་རྟེན་ཀུན་གྱི་རྒྱལ་པོ་རབ་ཏུ་འདུད། །ལྷ་དང་ཀླུ་དང་མི་དང་ལྟོ་འཕྱེ་ཆེན་པོ་འདུད། །བསྐལ་པ་མཐའ་ཡས་རྣམས་སུ་དབུགས་འབྱིན་ཐོབ་པར་འགྱུར། །བཅོམ་ལྡན་མཆོད་རྟེན་དག་ལ་པུས་བཙུགས་ཕྱག་འཚལ་བ། །གང་ཚེ་རྒྱལ་བ་དམ་པ་བྱུང་བར་གྱུར་པའི་ཚེ། །དེ་བཞིན་གཤེགས་པ་རྣམས་དང་ཉེ་བར་གྱུར་པ་ཐོབ། །འདྲེན་པ་གཞལ་ཡས་རྣམས་ལ་མཆོད་པ་བྱེད་པར་འགྱུར། །འཇིག་རྟེན་སངས་རྒྱས་འགྱུར་ཞེས་མོས་པ་བསྐྱེད་ནས་ནི། །བཅོམ་ལྡན་མཆོད་རྟེན་རྣམས་ལ་པུས་བཙུགས་ཕྱག་འཚལ་བ། །བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་གྲངས་ཟད་གྱུར་ནས། །དེ་ནི་རིང་པོར་མི་ཐོགས་བྱང་ཆུབ་མཚུངས་མེད་ཐོབ། །གང་ཞིག་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ལ། །བསྐལ་པ་བྱེ་བ་གཞལ་ཡས་བསྟི་སྟང་བྱས་པ་བས། །གང་ཞིག་ཕྱི་དུས་མི་བཟད་བསྐལ་པ་འདི་ལ་ནི། །མཆོད་རྟེན་ཕྱག་འཚལ་དེ་ཡི་བསོད་ནམས་ཆེས་མང་པོ། །སངས་རྒྱས་དམ་པའི་སྦྱིན་གནས་མཚུངས་པ་མེད་གྱུར་པ། །སྤྱོད་པ་དམ་པ་སྤྱན་ནས་ཁྱད་པར་རྙེད་གྱུར་པ། །མི་ཡི་ཁྱུ་མཆོག་དེ་ལ་འདིར་ནི་མཆོད་བྱས་ནས། །རྣམ་པར་སྨིན་པ་དམ་པ་མཚུངས་མེད་རང་བཞིན་གྱུར། །བྱང་ཆུབ་ཏུ་ནི་སེམས་བསྔོས་ཏེ། །མེ་ཏོག་ཕྲེང་བ་བྱས་ནས་སུ། །མཆོད་རྟེན་དག་ལ་སུས་འབུལ་བ། །དེ་ནི་ནམ་ཡང་འཕོང་མི་འགྱུར། །མི་ཡི་ནང་ནས་ཤི་འཕོས་ནས། །སུམ་ཅུ་རྩ་གསུམ་འགྲོ་བར་འགྱུར། །དེར་ནི་རིན་ཆེན་སྣ་ཚོགས་ཀྱི། །གཞལ་མེད་ཁང་པ་ཐོབ་པར་འགྱུར། །མཆོད་རྟེན་ཕྲེང་བ་འདིར་ཕུལ་ན། །ཁང་བཟང་དག་གམ་ཁང་བརྩེགས་པ། །ལྷ་ཡི་བུ་མོ་བསྟེན་པ་རྣམས། །སུམ་ཅུ་གསུམ་དུ་སྤྱོད་པར་འགྱུར། །ཡན་ལག་བརྒྱད་ལྡན་ཆུས་གང་ཞིང༌། །གསེར་གྱི་བྱེ་མ་བདལ་གྱུར་པ། །བཻཌཱུཪྻ་དང་ཤེལ་དག་གི །ལྷ་ཡི་རྫིང་བུ་ཐོབ་པར་འགྱུར། །དེར་ནི་ལྷ་ཡི་དགའ་སྦྱང་ནས། །མཁས་པ་ཚེ་ཚད་རྫོགས་པར་འགྱུར། །ལྷ་ཡི་འཇིག་རྟེན་ཤི་འཕོས་ནས། །མི་ནང་ལོངས་སྤྱོད་ལྡན་པར་འགྱུར། །དགེ་བའི་རྩ་བ་དེ་ཉིད་ཀྱིས། །མཁས་པ་བག་ཡོད་གྱུར་ནས་ནི། །དེ་བཞིན་གཤེགས་པ་མཉེས་བྱས་ཏེ། །རྐང་གཉིས་མཆོད་ལ་མཆོད་པར་བྱེད། །མཆོད་རྟེན་ཕྲེང་བ་ཕུལ་བྱེད་པ། །དེ་ནི་འདོད་ཆགས་མི་འཕྲོག་ཅིང༌། །ཞེ་སྡང་གིས་ཀྱང་འཕྲོག་མི་འགྱུར། །དེ་ནི་ནམ་ཡང་རྨོངས་མི་འགྱུར། །རྐང་གཉིས་མཆོག་ལ་མཆོད་བྱས་ན། །དེ་ནི་ཚེ་རབས་ཐམས་ཅད་དུ། །ཆགས་པ་མེད་ཅིང་ཞེ་སྡང་མེད། །རྒ་བ་མེད་ཅིང་དབང་པོ་བསྡམས། །མཆོད་རྟེན་ཕྲེང་བ་འབུལ་བྱེད་པ། །ཚེ་རབས་བྱེ་བ་སྟོང་རྣམས་དང༌། །ཁྲག་ཁྲིག་དང་ནི་བརྒྱད་བགྲངས་པ། །ཀུན་ཏུ་བཀུར་སྟི་བྱས་པར་འགྱུར། །མཆོད་རྟེན་བྱེ་མ་འབུལ་བྱེད་པ། །དེ་ནི་འཁོར་ལོས་སྒྱུར་བར་འགྱུར། །བརྒྱ་བྱིན་ལྷ་ཡི་དབང་ཕྱུག་འགྱུར། །ཚངས་པའི་འཇིག་རྟེན་ཚངས་པར་འགྱུར། །འཇིག་རྟེན་མགོན་པོ་སྐྱོབས་པ་ལ། །དར་གྱི་འབུལ་བ་བྱས་ནས་ནི། །ལྷ་ཡི་དང་ནི་མི་རྣམས་ཀྱིས། །དོན་རྣམས་ཐམས་ཅད་འགྲུབ་པར་འགྱུར། །དམའ་བའི་རིགས་ནི་རྣམ་སྤངས་ཏེ། །དེ་ནི་བདེ་བསྐྱེད་འགྱུར་མ་ཡིན། །ཕྱུག་ཅིང་ནོར་ཆེན་ལྡན་པ་དང༌། །འཇིག་རྟེན་དབང་ཕྱུག་དེ་འགྱུར་རོ། །དེ་བཞིན་གཤེགས་པ་མཆོད་བྱས་ན། །གཟུགས་དང་དོན་ལྡན་ལོངས་སྤྱོད་དང༌། །ཁ་ཟས་དང་ནི་འབྱོར་བ་དང༌། །ཀུན་ཏུ་གྲགས་དང་ལྡན་པར་འགྱུར། །དེ་ནི་ཚེ་རབས་དྲན་འགྱུར་ཞིང༌། །འདོད་ཆགས་ཀྱིས་ཀྱང་འཕྲོག་མི་འགྱུར། །འདོད་པ་རྣམས་ཀྱིས་སྐྱོན་ཤེས་ཤིང༌། །ཚངས་པར་སྤྱད་པ་སྤྱོད་པར་འགྱུར། །དེ་བཞིན་གཤེགས་པ་མཆོད་བྱས་ན། །གཟུགས་རྣམས་དང་ནི་སྒྲ་དག་དང༌། །རོ་རྣམས་ཀྱིས་ཀྱང་མི་ཚུགས་ཤིང༌། །སྡིག་པའི་ལས་ནི་བྱེད་མི་འགྱུར། །རྣམ་པར་འདྲེན་པ་མཆོད་བྱེད་ན། །དེ་ནི་སྤོས་དང་མེ་ཏོག་གིས། །ནམ་ཡང་འཕོངས་པར་མི་འགྱུར་ཞིང༌། །དྲན་ལྡན་ཤེས་རབ་ལྡན་པར་འགྱུར། །དེ་བཞིན་གཤེགས་པ་སུས་མཆོད་པ། །དེ་ཡི་ནོར་གྱི་ཕུང་པོ་ལ། །རྒྱལ་པོ་དང་ནི་ཆོམ་རྐུན་དང༌། །མེ་དང་ཆུས་ནི་འཇིགས་མི་འགྱུར། །འཇིག་རྟེན་མགོན་པོའི་མཆོད་རྟེན་ལ། །དར་གྱི་འབུལ་བ་སུས་འབུལ་བ། །དེ་ནི་བསྐམ་དང་མྱ་ངན་དང༌། །ནེའུ་ཅན་དུ་གཞར་མི་འགྱུར། །འཇིག་རྟེན་སྒྲོན་མ་མཆོད་བྱེད་པ། །ཚེ་རབས་དག་ནི་ཐམས་ཅད་དུ། །མྱ་ངན་མེད་ཅིང་གནོད་མེད་དང༌། །འཁོར་ལོས་སྒྱུར་བ་འབྱོར་ཆེན་འགྱུར། །འདྲེན་པ་མཆོད་པ་བྱས་ནས་ནི། །རྐང་པ་ལག་པ་མཉེས་གྱུར་ཅིང༌། །ཡན་ལག་རྣམ་པར་དག་གྱུར་པ། །གཟུགས་དང་ཁ་དོག་ལྡན་པར་འགྱུར། །སྡིག་པའི་ལས་ནི་རྣམ་སྤངས་ཏེ། །བྱང་ཆུབ་སྤྱད་པ་སྤྱོད་གྱུར་པ། །གང་དག་འཇིག་རྟེན་རབ་དཀོན་པ། །རྐང་གཉིས་མཆོག་རྣམས་མཐོང་བར་འགྱུར། །བསྐལ་པ་བྱེ་བ་སྟོང་རྣམས་དང༌། །ཁྲག་ཁྲིག་དང་ནི་བརྒྱར་བགྲངས་པ། །མཆོད་ཅིང་དེ་ལ་ཤེས་རབ་ལྡན། །བྱང་ཆུབ་དམ་པ་འཚང་ཡང་རྒྱ། །འཇིག་རྟེན་མགོན་པོ་སྐྱོབ་པ་ལ། །ཕྲེང་བའི་ཁང་པ་ཕུལ་ནས་ནི། །དེ་ཡི་གཡོག་འཁོར་མི་ཕྱེད་ཅིང༌། །རྒྱལ་པོ་འབྱོར་བ་ཆེན་པོར་འགྱུར། །འཕགས་པ་རྣམས་ཀྱིས་གང་སྤངས་པ། །སྡིག་པའི་ལས་ནི་སྤོང་བར་བྱེད། །རྫོགས་སངས་རྒྱས་ཀྱིས་བཤད་པ་ཡི། །དགེ་བའི་ལས་ལ་བརྟེན་པར་བྱེད། །ལྷ་འམ་འོན་ཏེ་ཀླུ་རྣམས་སམ། །འཇིག་རྟེན་དག་ན་གང་མཁས་པ། །དེ་དག་དགའ་ཞིང་མགུ་བ་དང༌། །བསྟི་སྟང་བྱས་ཤིང་བསགས་པར་འགྱུར། །བརྟན་པ་དེ་ནི་གར་སྐྱེས་པར། །བསོད་ནམས་གཟི་བརྗིད་ཤིན་ཏུ་བརྗིད། །ཡུལ་འཁོར་གྲོང་དང་གྲོང་ཁྱེར་དང༌། །རིགས་དེར་བསྟི་སྟང་བྱེད་པར་འགྱུར། །སངས་རྒྱས་གཞན་གྱིས་མི་ཐུབ་པ། །རྐང་གཉིས་མཆོག་ལ་སུས་མཆོད་པ། །དེ་དག་མཐུ་སྟོབས་ཆེ་བ་དང༌། །གཡོག་འཁོར་ཆེན་པོས་མཛེས་པར་འགྱུར། །བྱང་ཆུབ་ཏུ་ནི་སེམས་བསྔོས་ཏེ། །ཕྲེང་བའི་གཙུག་ལག་ཁང་བྱས་ན། །སངས་རྒྱས་རྣམས་ཀྱིས་གང་བསྔགས་པའི། །འབྱོར་བ་དག་ནི་ངེས་འཐོབ་བོ། །དེ་ནི་འཐེང་དང་ཞར་བ་དང༌། །སྨིན་དང་མ་རུངས་མི་འགྱུར་གནས། །གང་དང་གང་དུ་སྐྱེས་པར་ཡང༌། །མཚན་རྣམས་ཀྱིས་ནི་བརྒྱན་པར་འགྱུར། །སེམས་ཅན་དབུལ་པོ་རྣམས་མཐོང་ནས། །དེ་ནི་ནོར་གྱིས་སྡུད་པར་བྱེད། །དེ་ནི་ནོར་དང་ལྡན་འགྱུར་ཞིང༌། །དེ་ནི་བྱང་ཆུབ་སྤྱད་པར་སྤྱོད། །བློ་གྲོས་ཆེན་པོ་ས་འདི་ཀུན། །ཡོངས་སུ་བཏང་བར་བྱས་ནས་ཀྱང༌། །དམན་པའི་སེམས་སུ་མི་འགྱུར་ཞིང༌། །དེ་ནི་ནམ་ཡང་འཕོངས་མི་འགྱུར། །གང་དག་བྱང་ཆུབ་མངོན་ཞུགས་པ། །དེ་དག་བུ་དང་བུ་མོ་དང༌། །ཆུང་མ་དག་ཞིང་བཟང་མོ་དག །བཏང་ནས་མྱ་ངན་བྱེད་མི་འགྱུར། །དེ་ནི་སྔོན་དུ་འགྲོ་འགྱུར་ཞིང༌། །དཀྲི་བ་མེད་ལ་མཐོང་ན་དགའ། །ཕྲག་དོག་དང་ནི་ང་རྒྱལ་གྱིས། །ནམ་ཡང་དེ་ལ་གནོད་མི་འགྱུར། །གང་དག་བྱང་ཆུབ་རབ་ཞུགས་པ། །དེ་དག་ཕྲག་དོག་མེད་ཅིང་དེས། །བཟོད་པའི་ཕ་རོལ་ཕྱིན་པར་འགྱུར། །ཕན་པ་འདོད་ཅིང་ཡོན་ཏན་ལྡན། །གང་དག་བྱང་ཆུབ་མངོན་ཞུགས་པ། །འཇིག་རྟེན་ཀུན་ན་དེ་རིན་ཆེན། །དེ་དག་འབྱུང་བ་ཤིན་ཏུ་དཀོན། །སྨད་པ་མེད་པའི་སྦྱིན་གནས་འགྱུར། །ས་འདི་དག་ནི་རིམ་གྱིས་སུ། །བགྲང་བར་བྱ་ཞིར་དཔག་པར་ནུས། །དེ་དག་རྣམས་ཀྱི་ཡོན་ཏན་མཐར། །ཚིག་གིས་བསྟན་པར་མི་ནུས་སོ། །སེམས་ཅན་དག་ནི་ཐམས་ཅད་ཀྱིས། །དུས་གསུམ་སེམས་ནི་ཤེས་པར་འགྱུར། །དེ་དག་རྣམས་ཀྱི་ཡོན་ཏན་མཐའ། །ཚིག་གིས་བསྟན་པར་མི་ནུས་སོ། །རྒྱ་མཚོ་ཆེན་པོ་བཞི་པོ་དག །སྐྲ་ནི་བྱེ་བ་སྟོང་གཤགས་པའི། །དེ་དག་ཡོན་ཏན་ཟད་མི་ནུས། །ས་རྣམས་ཐམས་ཅད་ཕྱིར་བརླགས་པའི། །རབ་ཏུ་ཕྲ་རྡུལ་ཤེས་པར་ནུས། །སངས་རྒྱས་སྲས་པོ་དེ་དག་གི །ཡོན་ཏན་མཐའ་ནི་བརྗོད་མི་ནུས། །ཆུ་ཀླུང་ཐམས་ཅད་རབ་འབབ་པ། །རྒྱུན་ལས་བཟློག་སྟེ་འགྲོ་ཡང་སྲིད། །སངས་རྒྱས་སྲས་པོ་དེ་དག་གི །ཡོན་ཏན་མཐའ་བརྗོད་དེ་ལྟ་མིན། །སེམས་ཅན་དག་ནི་ཐམས་ཅད་ཀྱི། །སྔོན་གྱི་ལུས་རྣམས་ཇི་སྙེད་པ། །བགྲང་བར་བྱ་ཞིང་དཔག་པར་ནུས། །དེ་དག་ཡོན་ཏན་ཟད་མི་འགྱུར། །སྔོན་གྱི་ལུས་རྣམས་ཐམས་ཅད་ལ། །སྤུ་འཕྲེང་ཇི་སྙེད་ཡོད་པ་རྣམས། །བགྲང་བར་བྱ་ཞིང་དཔག་པར་ནུས། །དེ་དག་ཡོན་ཏན་ཟད་མི་འགྱུར། །འགྲོ་བ་ལྔ་པོ་འཁོར་བ་ཡིས། །སེམས་ཅན་ཀུན་གྱི་སྤུ་རྣམས་ནི། །བགྲང་བར་བྱ་ཞིང་དཔག་པར་ནུས། །དེ་དག་ཡོན་ཏན་ཟད་མྀ་འགྱུར། །ས་འདི་ཇི་སྙེད་ཐམས་ཅད་པ། །ཆུ་ཡི་ཕུང་པོ་གནས་གྱུར་ཀྱང༌། །དེ་ནི་བགྲང་ཞིང་དཔག་པར་ནུས། །དེ་དང་ཡོན་ཏན་ཟད་མི་འགྱུར། །མར་མེ་མཛད་ནས་བཟུང་ནས་ནི། །མ་འོངས་བསྐལ་པ་ཇི་སྙེད་པ། །དེ་ཡི་བར་དུ་ཤིང་ལྗོན་རྣམས། །ཇི་སྙེད་མ་འོངས་འབྱུང་འགྱུར་བ། །དེ་དག་འབྲས་བུ་མེ་ཏོག་རྣམས། །དེ་དག་ཟད་པར་ཤེས་པར་ནུས། །བསྐལ་པ་བྱེ་བ་སྟོང་རྣམས་དང༌། །ཁྲག་ཁྲིག་དག་ནི་བརྒྱད་བགྲངས་པར། །བརྩོན་པ་ཞིག་གིས་དེ་དག་གི །སྔགས་ཕྲེང་ཡིད་དུ་འོང་བརྗོད་ཀྱང༌། །སངས་རྒྱས་སྲས་པོ་དེ་དག་གི། ཡོན་ཏན་མཐའ་ནི་བརྗོད་མི་ནུས། །སངས་རྒྱས་སྲས་པོའི་དེ་དག་ལ། །མི་གང་མ་དགའ་བྱེད་པ་སྟེ། །ལྷ་དང་མི་ནི་སྤངས་ནས་སུ། །དེ་དག་དམྱལ་བ་སྤྱོད་ཡུལ་འགྱུར། །བྱང་ཆུབ་སེམས་དཔའ་རྣམས་ལ་ནི། །མི་གང་ལ་ལ་གནོད་བྱེད་པ། །མིག་མེད་པ་འམ་ལོང་བ་དང༌། །སྡུག་བསྔལ་དཔུང་གཉེན་མེད་པར་འགྱུར། །ཤི་འཕོས་ནས་ནི་མནར་མེད་འགྲོ། །དེ་ནི་འབར་ཞིང་འཇིགས་སྐྲག་འགྱུར། །ལུས་ནི་ཆེན་པོར་གྱུར་ནས་ཀྱང༌། །སྡུག་བསྔལ་ཚོར་བ་མྱོང་བ་འགྱུར། །ཚེ་རབས་དེ་དང་དེ་དག་ཏུ། །དེ་ལུས་དཔག་ཚད་ཙམ་འགྱུར་ཏེ། །དེ་ལྟར་བུམ་ལྟར་ཟླུམ་གྱུར་ལ། །ཀུན་ནས་ཡོངས་སུ་བཟའ་བར་འགྱུར། །དེ་ཚེ་ལུས་ལ་མགོ་བོ་ནི། །ལྔ་སྟོང་ཡོད་པར་འབྱུང་འགྱུར་ཞིང༌། །མགོ་བོ་དེ་དག་རེ་རེ་ལའང༌། །ལྕེ་ནི་ལྔ་བརྒྱ་ཐམ་པ་ཡོད། །གཅིག་ལའང་ཐོང་གཤོལ་བརྒྱ་དག་གིས། །ལྕེ་ནི་རབ་ཏུ་རྨོ་བར་འགྱུར། །སྡིག་པའི་ལས་ཀྱི་རྣམ་སྨིན་གྱིས། །མི་བཟད་ཆེན་པོར་གཤག་པར་འགྱུར། །མནར་མེད་དེ་ནས་ཤི་འཕོས་ནས། །དེ་ནི་ཚ་དང་རབ་ཚ་དང༌། །བློ་གྲོས་ངན་པ་ཚོར་བ་མྱོང༌། །དེ་སྔོན་ཉེས་བྱས་འབྲས་བུ་ཡིན། །བྱང་ཆུབ་སེམས་དཔའ་རྣམས་ལ་ནི། །མ་བསྡམས་གང་ཞིག་གནོད་བྱེད་པ། །དེ་ལ་དུད་འགྲོའི་སྐྱེ་གནས་དང༌། །དམྱལ་བ་པ་ནི་དཀོན་མ་ཡིན། །ཚེ་རབས་བྱེ་བ་སྟོང་རྣམས་དང༌། །ཁྲག་ཁྲིག་དག་ནི་བརྒྱར་བགྲངས་པར། །སྡུག་བསྔལ་ཚོར་བ་མྱོང་འགྱུར་ཞིང༌། །དེ་ནི་བཟང་པོ་རྣམས་མི་མཐོང༌། །སངས་རྒྱས་སྲས་པོ་སྐྱོབས་རྣམས་ལ། །གནོད་པ་དག་ནི་བྱས་གྱུར་ན། །ཨ་ལ་ཀར་དང་འཇིགས་པ་ཡིན། །ཤིན་ཏུ་གདུག་པའི་སྦྲུལ་དུ་སྐྱེ། །དེ་ནི་བཀྲེས་དང་སྐོམ་པས་ཉེན། །སྡིག་པའི་ལས་རྣམས་བྱེད་པར་འགྱུར། །དེས་ན་ཟས་ཀྱང་མི་རྙེད་དེ། །ནམ་ཡང་འགྲང་བར་ཟས་མི་མྱོང༌། །ཤི་འཕོས་གཤིན་རྗེའི་འཇིག་རྟེན་དུ། །དེ་ནི་རྟག་པར་གཏུན་དུ་བརྡུང༌། །དགེ་སློང་དག་ལ་གནོད་བྱས་པས། །ནམ་ཡང་སྐབས་ནི་རྙེད་མི་འགྱུར། །དེ་ནི་ཤི་འཕོས་དུས་བྱས་ཏེ། །མི་ཡི་ལུས་ནི་ཐོབ་གྱུར་ན། །བློ་ངན་དེ་ནི་དམུས་ལོང་འགྱུར། །གནོད་སེམས་ལྡན་ཞིང་སྡོམ་པ་མེད། །དེ་ནི་ཉེས་པར་སྨྲ་བྱས་ཏེ། །འཕགས་པ་རྣམས་ལ་སྐུར་བཏབ་པས། །མི་ཡི་ནང་ནས་ཤི་འཕོས་ནས། །ངན་སོང་དག་ཏུ་མྱུར་དུ་འགྲོ། །བྱང་ཆུབ་སེམས་དཔའ་རྣམས་ལ་ནི། །མ་བསྡམས་གང་ཞིག་གནོད་བྱེད་པ། །བསྐལ་པ་བྱེ་བ་སྟོང་དག་ཏུ། །ནམ་ཡང་སངས་རྒྱས་མཐོང་མི་འགྱུར། །རྫོགས་པའི་སངས་རྒྱས་སྲས་རྣམས་ལ། །གང་ཞིག་ཆོས་བཞིན་སྲུང་བྱེད་པ། །དེས་ནི་ངན་འགྲོ་ཀུན་སྤངས་ཏེ། །ཀུན་ཏུ་བཟང་འགྲོར་འགྲོ་བར་འགྱུར། །ཕྱུག་ཅིང་ནོར་ཆེན་ལྡན་པ་དང༌། །སྟོབས་དང་ལྡན་ཞིང་འཇིགས་པ་མེད། །དྲན་དང་ལྡན་ཞིང་ཤེས་རབ་ལྡན། །བདེ་ཞིང་ངོ་ཚ་ཁྲེལ་དང་ལྡན། །ཞེས་པ་དང༌།

འཕགས་པ་ལེགས་ཉེས་དང་རྒྱུ་དང་འབྲས་བུ་བསྟན་པའི་མདོར་ཡང༌། དེ་བཞིན་གཤེགས་པའི་མཆོད་རྟེན་དང༌། དྲིའི་གཙང་ཁང་དང༌། གཙུག་ལག་ཁང་བརྩེགས་ན། མ་འོངས་པ་ན་གདོན་མི་ཟ་བར་རྒྱལ་པོ་བྱེད་ཅིང་སྐྱེ་བོ་མང་པོ་ལ་དབང་བྱེད་པར་འགྱུར་བ་དང༌། ཡང་དག་མི་སྙན་པ་མེད་པར་འགྱུར་རོ། །ཞེས་གསུངས་སོ། །

དེ་བཞིན་གཤེགས་པའི་སྐུ་གདུང་རིང་བསྲེལ་དང༌། །དེ་བཞིན་གཤེགས་པའི་སྙིང་པོ་མཛེས་པའི་མཆོད་རྟེན་ལ། །དད་ཅིང་གུས་པས་ལེགས་བྱས་མང་བསྒྲུན་ཏེ། །མཆོག་ཏུ་འོད་གསལ་བདེ་གཤེགས་སྙིང་པོའི་སྐུ། །དོན་དམ་གཞན་སྟོང་སྐུ་གསུང་ཐུགས་རྡོ་རྗེ། །དང་པོའི་སངས་རྒྱས་རྡོ་རྗེ་ཆོས་ཀྱི་དབྱིངས། །རྒྱལ་བ་ཀུན་གྱི་འཇམ་དཔལ་གཞོན་ནུའི་སྐུ། །དུས་ཀྱི་འཁོར་ལོ་ཀུན་གྱིས་མྱུར་ཐོབ་ཤོག །

དཀོན་མཆོག་ཏ་ལའི་གཟུངས་ལས་ཀྱང༌། །མཐོང་ན་རེག་པའི་འོད་ཟེར་རབ་གཏོང་ཞིང༌། །སེམས་ཅན་སྙིང་པོ་འོད་ཟེར་དེས་ཤེས་པ། །དེ་དག་མཐོང་ལེགས་དོན་མེད་མ་ཡིན་ཏེ། །བླ་ན་མེད་པ་ཡེ་ཤེས་མཆོག་གི་རྒྱུད། །མི་རྣམས་ཀུན་ལ་སངས་རྒྱས་ཡོངས་བསྟན་ཅིང༌། །ཆོས་ཀྱང་ཡོངས་སུ་བསྟན་ཏེ་ལམ་བསྟན་ཅིང༌། །རྒྱལ་བའི་སྐུ་གཟུགས་མཆོད་རྟེན་བརྟན་བྱས་པས། །དེ་ནས་མཐོང་ལེགས་འོད་ཟེར་འགྲུབ་པར་འགྱུར། །ལྷ་ཡི་འོད་ཟེར་ཟིལ་གྱིས་གནོན་པ་ཡིན། །འོད་ཟེར་འོད་བྱེད་ཅེས་བྱ་རབ་གཏོང་ཞིང༌། །རྡུལ་དང་མུན་པ་ཐམས་ཅད་བསལ་བྱས་ཏེ། །འཇིག་རྟེན་ཕན་པའི་འོད་དེ་རབ་ཏུ་སྣང༌། །སེམས་ཅན་གང་དག་འོད་དེས་བསྐུལ་བྱས་པ། །དེ་དག་རྒྱལ་བ་མཆོད་ཕྱིར་སྒྲོན་མ་འཛིན། །དེ་དག་རྒྱལ་བ་མཆོད་ཕྱིར་སྒྲོན་བཟུང་བས། །འཇིག་རྟེན་སྒྲོན་མ་མཛད་པའི་རྒྱལ་བར་འགྱུར། །འབྲུ་མར་མར་མེ་མར་གྱི་མར་མེ་དང༌། །རྩྭ་ཤིང་འདམ་བུ་འོད་མའི་སྒྲོན་མ་དང༌། །སྤོས་དང་བཅུད་ལེན་རིན་ཆེན་སྒྲོལ་མ་དང༌། །རྒྱལ་བ་རྣམས་ལ་ཕུལ་ནས་འོད་བྱེད་ཐོབ། །ཅེས་པ་དང༌། དེ་བཞིན་དུ། སྐུ་གཟུགས་པད་མའི་གདན་ལ་བཞུགས་པ་བཞེངས་ཤིང་སངས་རྒྱས་ཀྱི་ཡོན་ཏན་བརྗོད་པ་དང༌། འཆི་ཁར་སངས་རྒྱས་ལ་སྐྱབས་སུ་འགྲོ་ཞིང༌། སྐུ་གཟུགས་བསྟན་པ་དང༌། རིན་པོ་ཆེས་རྒྱལ་བ་དང༌། རྒྱལ་བའི་མཆོད་རྟེན་མཆོད་ཅིང་སེམས་ཅན་རྣམས་བསྡུས་པ་དང༌། སྐུ་གཟུགས་དང་མཆོད་རྟེན་སྤོས་ལ་བཞེངས་ཤིང་སྤོས་ཀྱིས་རྒྱལ་བ་མཆོད་པ་དང༌། མཆོད་རྟེན་གྱི་འཁོར་སར་སྤོས་ཆུ་བཏབ་པ་དང༌། རྒྱལ་བ་དང་རྒྱལ་བའི་མཆོད་རྟེན་ལ་མར་མེ་འབུལ་བ་དང༌། དེ་བཞིན་དུ། དེ་དག་ལ་སིལ་སྙན་ཕུལ་བ་དང༌། སྤོས་ཕུལ་བ་དང༌། ལུས་བཏུད་པ་དང༌། སྐུ་གཟུགས་དང༌། མཆོད་རྟེན་བཞེངས་པ་དང༌། དེ་དག་སྤོས་ཆུས་བཏབ་པ་ལ་སོགས་པ་རྣམས་ཀྱིས་རིམ་པ་བཞིན་དུ་དགའ་བར་བྱེད་པའི་འོད་ཟེར་དང༌། སངས་རྒྱས་སྟོན་པའི་འོད་ཟེར་དང༌། རིན་ཆེན་བཀོད་པའི་འོད་ཟེར་དང༌། སྤོས་རབ་སྣང་བའི་འོད་ཟེར་དང༌། སྤྲིན་དང་ལྡན་པའི་འོད་ཟེར་དང༌། མིག་སྦྱོང་བའི་འོད་ཟེར་དང༌། རྣ་སྦྱོང་བའི་འོད་ཟེར་དང༌། སྣ་སྦྱོང་བའི་འོད་ཟེར་དང༌། གཟུགས་སྦྱོང་བའི་འོད་ཟེར་དང༌། དྲི་སྦྱོང་བའི་འོད་ཟེར་ལ་སོགས་པ་རྣམས་ཐོབ་པར་གསུངས་ཤིང༌། འོད་ཟེར་དེ་དག་གི་ཕན་ཡོན་ཡང་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་ཏེ། རྒྱས་པར་མདོ་དེ་ཉིད་དུ་བལྟ་བར་བྱའོ། །

འཕགས་པ་མར་མེ་འབུལ་བ་ཞེས་བྱ་བའི་མདོར་ཡང༌། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མར་མེ་འབུལ་ན། ལུས་དང་ངག་དང་ཡིད་དང་མཛའ་བཤེས་ཡོངས་སུ་དག་པ་འཐོབ་པར་འགྱུར་བ་དང༌། ལུས་སྟོབས་དང༌། ལོངས་སྤྱོད་དང༌། གཡོག་འཁོར་ཕུན་སུམ་ཚོགས་ཤིང་ཚེ་རབས་དྲན་པར་འགྱུར་བ་དང༌། མི་དགེ་བ་རྣམས་སྤོངས་ཤིང་དགེ་བ་རྣམས་སྤྱོད་པ་དང༌། ཚུལ་ཁྲིམས་རྣམ་པར་དག་ཅིང་ཟག་པ་ཟད་པ་དང༌། རྫུ་འཕྲུལ་ལ་སོགས་པའི་མངོན་ཤེས་ཐོབ་པར་གསུངས་ནས། ཡང་བཀའ་སྩལ་པ། དྲང་སྲོང་ཆེན་པོའི་མཆོད་རྟེན་མར་མེ་ཕུལ། །གལ་ཏེ་སངས་རྒྱས་བྱང་ཆུབ་འདོད་ན་བླ། །བློ་ལྡན་པ་ལ་གསུམ་ཆར་ཉམས་པ་མེད། །ཤེས་རབ་མིག་ལྡན་ལོངས་སྤྱོད་ཆེན་པོར་འགྱུར། །ཞེས་པ་དང༌། ཡང༌། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མར་མེ་ཕུལ་ན། སྐྱེ་བའི་གནས་དེ་དང་དེ་དག་ཏུ་འདུན་པར་འགྱུར་བའི་ཆོས་ཀྱི་མཆོག་བརྒྱད་ཐོབ་སྟེ། བརྒྱད་གང་ཞེ་ན། ཤའི་མིག་མཆོག་ཐོབ་པ་དང༌། དྲན་པ་ལྷར་མི་མཐོང་བ་ཐོབ་པ་དང༌། བསྒོམ་པ་ཡོངས་སུ་རྫོགས་པས་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་ལྷའི་མིག་མཆོག་ཐོབ་པ་དང༌། ཤེས་རབ་ཡོངས་སུ་རྫོགས་པའི་ཚུལ་ཁྲིམས་ཉམས་པ་མེད་པ་ཐོབ་པ་དང༌། སྔོན་བསོད་ནམས་བྱས་པས་མཐོ་རིས་ཐོབ་པ་དང༌། བསོད་ནམས་ལེགས་པར་བྱས་པས་དལ་བ་ཕུན་སུམ་ཚོགས་པ་ཐོབ་པ་དང༌། སེམས་ཅན་ཐམས་ཅད་ཀྱི་མིག་ཏུ་གྱུར་པས་སངས་རྒྱས་འབྱུང་བ་མཛེས་པར་བྱེད་པ་དང༌། མར་མེ་འབུལ་བའི་དགེ་བའི་རྩ་བ་དེས་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཐོབ་སྟེ། དེ་ལ་ཡང་ཞེ་འགྲས་པ་མེད་པའི་སེམས་དང་ལྡན་ཞིང་མཆོག་ཏུ་བལྟ་ན་སྡུག་པར་འགྱུར་བའམ། ལྷའི་དབང་པོ་བརྒྱ་བྱིན་རྫུ་འཕྲུལ་ཆེ་ཞིང་མིག་སྟོང་དང་ལྡན་པར་ཐོབ་པར་འགྱུར་བའམ། ཚངས་པའི་གནས་ལ་མཁས་པའི་ཚངས་པར་འགྱུར་ཞིང༌། གྲགས་པའི་བསམ་གཏན་ཐོབ་པར་འགྱུར་བ་སྟེ། དགེ་བའི་རྩ་བ་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པས་འདུན་པར་འགྱུར་བའི་ཆོས་ཀྱི་མཆོག་བརྒྱད་པོ་དེ་དག་འཐོབ་བོ། །གཞན་ཡང་ཆོས་བརྒྱད་ཐོབ་སྟེ། བརྒྱད་གང་ཞེ་ན། སངས་རྒྱས་ཀྱི་སྤྱན་དཔག་ཏུ་མེད་པའི་ཐོབ་པ་དང༌། སངས་རྒྱས་ཀྱི་སྤོབས་པ་དཔག་ཏུ་མེད་པ་ཐོབ་པ་དང༌། སངས་རྒྱས་ཀྱི་རྫུ་འཕྲུལ་དཔག་ཏུ་མེད་པ་དང༌། སངས་རྒྱས་ཀྱི་ཚུལ་ཁྲིམས་དཔག་ཏུ་མེད་པ་དང༌། སངས་རྒྱས་ཀྱི་ཏིང་ངེ་འཛིན་དཔག་ཏུ་མེད་པ་དང༌། སངས་རྒྱས་ཀྱི་ཤེས་རབ་དཔག་ཏུ་མེད་པ་དང༌། སངས་རྒྱས་ཀྱི་རྣམ་པར་གྲོལ་བ་དཔག་ཏུ་མེད་པ་དང༌། སངས་རྒྱས་ཀྱི་སེམས་དང་བསམ་པ་དཔག་ཏུ་མེད་པ་ལ་འཇུག་པ་ཐོབ་པ་སྟེ། ཤཱ་རིའི་བུ། མར་མེ་ཕུལ་བས་དེ་ལྟར་རྣམ་པར་སྨིན་པ་དཔག་ཏུ་མེད་པ་ཡོངས་སུ་བཟུང་བ་ཡིན་ནོ། །ཞེས་པ་དང༌། ཡང༌། ཏྀལ་གྱི་མར་མེ་རྗེས་སུ་བཟུང་བས་ཆོས་ཀྱི་མར་མེ་རྗེས་སུ་འཛིན་པར་བྱའོ། །དེ་མར་མེ་ཕུལ་བའི་དགེ་བའི་རྩ་བ་དེས་ཚོགས་དཔག་ཏུ་མེད་པ་བརྒྱད་ཐོབ་སྟེ། བརྒྱད་གང་ཞེ་ན། དྲན་པའི་ཚོགས་དཔག་ཏུ་མེད་པ་དང༌། བློ་གྲོས་ཀྱི་ཚོགས་དང༌། དད་པའི་ཚོགས་དང༌། བརྩོན་འགྲུས་ཀྱི་ཚོགས་དང༌། ཤེས་རབ་ཀྱི་ཚོགས་དང༌། སྤོབས་པའི་ཚོགས་དང༌། བསོད་ནམས་[དང་ཡེ་ཤེས་]ཀྱི་ཚོགས་དཔག་ཏུ་མེད་པ་སྟེ། ཚོགས་དཔག་ཏུ་མེད་པ་བརྒྱད་པོ་དེ་དག་འཐོབ་པར་འགྱུར་རོ། །སོ་སོར་ཡང་དག་པར་རིག་པ་བཞི་ཡང་ཐོབ་སྟེ། རིམ་ཀྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བར་དུ་ཐོབ་པར་འགྱུར་རོ། །ཤཱ་རིའི་བུ། གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་དད་པའི་སེམས་ཀྱིས་ཐལ་མོ་སྦྱར་བ་བྱས་པའི་དགེ་བའི་རྩ་བ་དེས་ཆོས་མཆོག་ཏུ་བྱུང་བ་བརྒྱད་ཐོབ་སྟེ། བརྒྱད་གང་ཞེ་ན། གཟུགས་མཆོག་ཏུ་བྱུང་བ་ཐོབ་པ་དང༌། ཚུལ་ཁྲིམས་མཆོག་ཏུ་བྱུང་བ་དང༌། ལྷ་དང་མི་རྣམས་སུ་སྐྱེ་བ་མཆོག་ཏུ་བྱུང་བ་དང༌། དད་པ་མཆོག་ཏུ་བྱུང་བ་དང༌། སྤོབས་པ་མཆོག་ཏུ་བྱུང་བ་དང༌། ཀུན་ནས་ཉོན་མོངས་པ་མེད་པས་འཕགས་པའི་ལམ་ཐོབ་པ་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའོ། །ཤཱ་རིའི་བུ། ཅིའི་ཕྱིར་དཔག་ཏུ་མེད་པ་ཞེས་བྱ་ཞེ་ན། དེ་བཞིན་གཤེགས་པ་ལ་མཆོད་པའི་འབྲས་བུ་དཔག་ཏུ་མེད་པ་ཡིན་ནོ། །ཞེས་པ་དང༌། ཡང༌། བྱང་ཆུབ་དོན་ཕྱིར་སེམས་ཅན་ཕན་འདོད་པས། །བདེ་གཤེགས་མཆོད་རྟེན་འབུལ་བ་འདི་ཕུལ་བ། །མཁས་པ་དེ་ཡིས་བྱས་པའི་ལས་དེ་ནི། །ཚེ་རབས་ཀུན་ཏུ་ཁྱད་པར་ཅན་དུ་འགྱུར། །འདི་ནས་ཤི་འཕོས་ལྷ་མི་བསྔགས་པ་ཡིས། །ཡང་སྲིད་དམ་པ་དེ་ནི་ཐོབ་པར་འགྱུར། །རི་རབ་བཞིན་དུ་དེ་ནི་མི་གཡོ་ལ། །འོད་ཟེར་དག་གིས་ཕྱོགས་ཀུན་སྣང་ཞིང་མཛེས། །ལྷ་ཚོགས་རྣམས་ཀྱིས་མཐོང་ན་གུས་དང་བཅས། །མཆོག་ཏུ་གུས་པས་དེ་ལ་དགའ་བ་བསྐྱེད། །བསྟོད་པ་བྱེད་ཅིང་དེ་ལ་མཆོད་པ་བྱེད། །ཡང་དང་ཡང་དུ་བལྟ་བས་ངོམས་པ་མེད། །བསོད་ནམས་མཚན་བཅས་དེ་ནི་ལྷས་མཆོད་འོས། །ཞེས་པ་དང༌། ཡང༌། རྒྱལ་བའི་མཆོད་རྟེན་མར་མེ་འབུལ་བྱས་པས། །དེ་ནས་ཤི་འཕོས་མི་ཡི་སྲིད་པ་འདིས། །དྲན་དང་ལྡན་ཞིང་མ་ཡི་མངལ་ན་གནས། །བཙས་ཚེ་གང་ནས་ཤི་འཕོས་ཚེ་རབས་དྲན། །འཕགས་པའི་ཡེ་ཤེས་སྟོབས་ལས་ཉམས་མི་འགྱུར། །བདེ་གཤེགས་མཆོད་རྟེན་མར་མེ་འབུལ་བྱས་པས། །དེ་ཡི་ལས་བྱས་པ་ནི་དེ་ཉིད་ཀྱིས། །འཁོར་ལོས་སྒྱུར་བ་མི་བདག་སྟོབས་ཆེ་ལྡན། །ཡིད་འོང་གཟུགས་བཟང་བ་ལྟ་ན་དགའ་བར་འགྱུར། ཞེས་པ་དང༌། ཡང༌། མཐའ་ཡས་བློ་ལྡན་བདེ་གཤེགས་མཆོད་རྟེན་ལ། །མར་མེ་ཕུལ་བས་མཐའ་ཡས་བློ་ལྡན་འགྱུར། །མར་མེ་བཞིན་དུ་ཕྱོགས་རྣམས་ཀུན་ཏུ་གསལ། །མར་མེ་ཆེན་པོས་སྐྱེས་མཆོག་ཐུབ་པ་ཡི། །མཆོད་རྟེན་གསལ་བྱས་རྣམ་དག་མིག་གིས་ནི། །བྱང་ཆུབ་རྡུལ་བྲལ་ཟག་པ་མེད་ཐོབ་ནས། །དེ་ཕྱོགས་ཀུན་ཏུ་མར་མེ་བཞིན་དུ་གསལ། །བདེ་གཤཻགས་མཆོད་རྟེན་མར་མེ་ཕུལ་བས་ན། །རྣམ་གྲོལ་བློ་མངའ་སྟོབས་བཅུ་རྣམ་ལྡན་ཞིང༌། །དེ་བཞིན་མ་འདྲེས་ཆོས་ཀྱི་ཕ་རོལ་བྱོན། །ཀུན་ནས་སྤྱན་ལྡན་བདེ་བར་གཤེགས་པར་འགྱུར། །ཞེས་པ་ལ་སོགས་པ་རྒྱ་ཆེར་འབྱུང་བས་མདོ་དེ་ཉིད་དུ་བལྟ་བར་བྱའོ། །

ཡུལ་འཁོར་སྐྱོང་གིས་ཞུས་པའི་མདོར་ཡང༌། ཁྱོད་ལ་མཆོད་པས་ལྷ་མིའི་བདེ་བ་ནི། །མི་ཡི་བདག་པོ་འགྲོ་ལ་ཕན་བགྱིད་པ། །ཕྱུག་ཅིང་ནོར་ཆེན་འབྱོར་བ་ཆེན་པོར་འགྱུར། །མཚུངས་མེད་ཁྱོད་ལ་དད་པ་བསྐྱེད་པས་ནི། །གླིང་བཞིའི་བདག་པོ་འཁོར་ལོས་སྒྱུར་བ་མཆོག །འགྲོ་ལ་དགེ་བ་བཅུ་པོ་ཀུན་བྱེད་པ། །རིན་ཆེན་རབ་བཟང་བདུན་ལྡན་ཐོབ་པར་འགྱུར། །རྒྱལ་བ་ཁྱོད་ལ་མཆོད་པ་བགྱིས་པས་ནི། །ཚངས་པ་བརྒྱ་བྱིན་འཇིག་རྟེན་བདག་པོ་དང༌། །ཡོངས་སུ་དགའ་ལྡན་ལྷ་ཡི་བདག་པོ་དང༌། །གཞན་འཕྲུལ་བ་དང་མཐའ་བྲལ་དག་པར་འགྱུར། །འགྲོ་བའི་སྡུག་བསྔལ་རྣམ་མང་སེལ་མཛད་པ། །མཉམ་མེད་ཁྱེད་ལ་མཆོད་དང་མཐོང་བ་དང༌། །ཐོས་པའང་དེ་ལྟར་ཡོན་ཏན་མཆིས་ལགས་ཏེ། །གནས་མཆོག་རྒ་ཤི་མེད་པར་ཐོབ་པར་འགྱུར། །བཅོམ་ལྡན་འདས་ལ་མཁས་ཤིང་ལམ་མཁྱེན་པ། །འཇིག་རྟེན་འདི་ནི་ངན་པའི་ལམ་ལས་ཟློག །བཅོམ་ལྡན་འགྲོ་བ་དག་ནི་འཕགས་པའི་ལམ། །བདེ་བ་ཞི་བ་རྡུལ་དང་བྲལ་ལ་འགྱེད། །བསོད་ནམས་གཏེར་ཁྱོད་བསོད་ནམས་དོན་གཉེར་བའི། །བསོད་ནམས་བགྱིད་པ་རྟག་ཏུ་མི་བས་ཏེ། །བྱང་ཆུབ་དམ་པ་མ་ཐོབ་བར་དུ་ནི། །བསྐལ་པ་བྱེ་བ་མང་པོར་ཡང་མི་འགྱུར། །ཞེས་པ་དང༌།

དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་གསང་བ་རིང་བསྲེལ་གྱི་ཟ་མ་ཏོག་གི་གཟུངས་བྲིས་ནས་མཆོད་རྟེན་དང༌། སྐུ་གཟུགས་ཀྱི་ནང་དུ་བཞུགས་འི་ཕན་ཡོན་བཀའ་སྩལ་པ། ལག་ན་རྡོ་རྗེ་གང་ཞིག་ཆོས་ཀྱི་རྣམ་གྲངས་འདི་བྲིས་ཏེ། མཆོད་རྟེན་གྱི་ནང་དུ་བཞག་པ་དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་སྙིང་པོའི་རིང་བསྲེལ་གྱི་མཆོད་རྟེན་དུ་འགྱུར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོའི་གཟུངས་ཀྱི་སྙིང་པོ་གསུངས་ནས། བྱིན་གྱིས་བརླབས་པའི་མཆོད་རྟེན་དུ་འགྱུར་རོ། །དེ་བཞིན་གཤེགས་པའི་ཏིལ་གྱི་གང་བུ་སྙེད་དགུ་བཅུ་རྩ་དགུའི་མཆོད་རྟེན་དུ་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་དང་སྤྱན་གྱི་མཆོད་རྟེན་དུ་བྱིན་གྱིས་བརླབས་པར་འགྱུར་རོ། །གང་གི་སངས་རྒྱས་ཀྱི་གཟུགས་བརྙན་ནམ། མཆོད་རྟེན་ཐམས་ཅད་ཀྱི་ནང་དུ་འཇོག་པར་བྱེད་ན། དེ་བཞིན་གཤེགས་པའི་གཟུགས་བརྙན་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་དུ་བྱིན་གྱིས་བརླབས་པར་འགྱུར་རོ། །འཁོར་ལོའི་ཕྲེང་བ་དང༌། དྲིལ་བུ་གཡེར་ཁའི་དྲ་བས་སྦྲེལ་བ་དང་བཅས་པ་དང༌། བཀྲ་ཤིས་དང་ཆར་འཁེབས་དང་གཟུགས་དང་དྲིལ་བུར་བཅས་པ་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་དུ་བྱིན་གྱིས་བརླབས་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་དང༌། ཆོས་ཀྱི་རྣམ་གྲངས་འདིའི་མཐུ་དང༌། བྱིན་གྱིས་བརླབས་པ་དང༌། བདེན་པ་དང་དམ་ཚིག་གིས་བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་བྱིན་གྱིས་བརླབས་པར་འགྱུར་རོ། །སེམས་ཅན་གང་དག་མཆོད་རྟེན་དེ་ལ་ཕུ་དུད་དང་བསྟི་སྟང་བྱེད་པ་དེ་དག་ངེས་པར་ཕྱིར་མི་ལྡོག་པར་འགྱུར་ཞིང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཕྱག་འཚལ་བ་གཅིག་དང་བསྐོར་བ་གཅིག་གིས་མནར་མེད་པ་ལ་ཐུག་པ་ལ་སོགས་པ་རྣམས་ལས་ཡོངས་སུ་ཐར་པར་འགྱུར་ཞིང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །གནས་གང་ན་མཆོད་རྟེན་ནམ་གཟུགས་བརྙན་འདི་ལྟ་བུ་གནས་པའི་ས་ཕྱོགས་དེ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པར་འགྱུར་རོ། །ཞེས་པ་ལ་སོགས་པ་ཕན་ཡོན་དཔག་ཏུ་མེད་པ་ཞིག་གསུངས་ནས། ཡང་བཀའ་སྩལ་པ། ལྷ་ཐམས་ཅད་ཀྱིས་མཆོད་རྟེན་དེ་ལ་ཕྱག་འཚལ་བ་དང༌། བཀུར་སྟིར་བྱ་བ་དང༌། མཆོད་པར་བྱ་བའི་ཕྱིར་གནས་སུམ་ཅུ་རྩ་གཉིས་ནས་དུས་གསུམ་དུ་འོང་ངོ༌། །ཡུལ་ན་གནས་པ་ཐམས་ཅད་དང༌། མཆོད་རྟེན་དང་གཟུགས་བརྙན་དེའི་དྲུང་དུ༌། དུས་གསུམ་དུ་འོང་སྟེ། བསྟོད་པར་བྱེད། བསྐོར་བར་བྱེད་པར་འགྱུར་རོ། །ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ཡང་ལྷའི་བུ་མོ་དང༌། ལྷའི་ཚོགས་རྣམས་དང་ལྷན་ཅིག་ཏུ་རྟག་ཏུ་རྒྱུན་མི་འཆད་པར་མཆོད་རྟེན་ནམ་སྐུ་གཟུགས་ཀྱི་དྲུང་དུ་ཉིན་མཚན་དུས་གསུམ་དུ་འོང་ཏེ་ཕྱག་འཚལ་བ་དང་མཆོད་པ་བྱེད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་རྟག་པར་དགོངས་པ་དང༌། བྱིན་གྱིས་བརློབ་ཅིང་བཞུགས་སོ། །མཆོད་རྟེན་དང་སྐུ་གཟུགས་ཇི་ལྟ་བུ་ལས། སའམ། རྡོའམ། ཤིང་གིའམ། དངུལ་གྱིའམ། གསེར་གྱིའམ། ཟངས་ཀྱིས་བྱེད་པ་དང༌། ཆོས་ཀྱི་རྣམ་གྲངས་འདིའང་བྲིས་ཏེ། དེའི་ནང་དུ་བཞག་ན། བཞག་མ་ཐག་ཙམ་གྱིས་རིན་པོ་ཆེ་སྣ་བདུན་གྱིས་རང་བཞིན་བྱིན་གྱིས་བརླབ་པར་འགྱུར་རོ། །འཕང་དང༌། ཐེམ་སྐས་དང༌། ཁ་རན་དང༌། འཁོར་ལོའི་ཕྲེང་བ་དང༌། བཀྲ་ཤིས་དང༌། གདུགས་དང༌། དྲིལ་བུ་འཕྱང་བ་དང༌། བ་དན་དང༌། དྲིལ་བུ་གཡེར་ཁའི་དྲ་བ་ཐམས་ཅད་ཀྱང་རིན་པོ་ཆེས་འདིའང་བྲིས་ཏེ། དེའི་ནང་དུ་བཞག་ན། བཞག་མ་ཐག་ཙམ་གྱིས་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་དུ་བྱིན་གྱིས་བརླབ་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཀྱིས་བྱིན་གྱིས་བརླབ་པའི་མཆོད་རྟེན་རིན་པོ་ཆེ་དང༌། སྐུ་གདུང་གི་རིན་པོ་ཆེའི་མཆོད་རྟེན་དང༌། མཆོད་གནས་སུ་འགྱུར་རོ། །སྐུ་གཟུགས་དང་མཆོད་རྟེན་ཏེ་འོག་མིན་གྱི་ལྷས་ཀྱང་ཡོངས་སུ་བསྐྱང་བ་དང༌། མཆོད་པས་ཡོངས་སུ་བཟུང་བར་འགྱུར་རོ། །ཞེས་པ་ལ་སོགས་པའི་མཐར་ཕྱོགས་བཅུའི་ཕྱོགས་རེ་རེ་ཀུན་ནས། དེ་བཞིན་གཤེགས་པ་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་ཏིལ་གྱི་གང་བུ་སྙེད་དགུ་བཅུ་རྩ་དགུ་གཤེགས་ནས། བཅོམ་ལྡན་འདས། ཤཱཀྱ་ཐུབ་པ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་འཛམ་བུའི་གླིང་དུ། ཆོས་ཀྱི་རྣམ་གྲངས་འདི་ལྟ་བུའི་ཆོས་ཀྱི་གཏེར་བཞག་པ་དང༌། རིང་བསྲེལ་གྱི་སྙིང་པོའི་མཆོད་རྟེན་བྱིན་གྱིས་བརླབས་པ་ལེགས་སོ་ལེགས་སོ་ཞེས་བྱ་བ་བྱིན་གྱིས་བརླབས་སོ། །དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་དང་བྱིན་གྱིས་བརླབས་པ་ཡིན་ནོ། །གང་ན་རིང་བསྲེལ་གྱི་ཟ་མ་ཏོག་གི་ཕྱག་རྒྱའི་གཟུངས་འདི་སྟོན་པར་བྱེད་དམ། མཆོད་རྟེན་གྱི་ནང་དུ་འཇོག་གམ། གཟུགས་བརྙན་གྱི་ནང་དུ་འཇོག་པར་བྱེད་པ་དེར་དེ་བཞིན་གཤེགས་པ་རྣམས་དང་གཅིག་ཏུ་རྟག་ཏུ་རྒྱུད་མི་འཆད་པར་རྗེས་སུ་འབྲང་ཞིང་བཞུགས་པར་འགྱུར་རོ། །ཐམས་ཅད་དུ་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་པར་འགྱུར་རོ། །ཞེས་གསུངས་སོ། །འདིར་ཡི་གེ་མང་དུ་དོགས་ནས་རྒྱས་པར་མ་བྲིས་པས་ངེས་པར་གཟུངས་དེ་ཉིད་ལ་བལྟ་དགོས་སོ། །

འཕགས་པ་ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བའི་གཟུངས་ལས་ཀྱང་བཀའ་སྩལ་པ། ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་དང༌། དམ་ཚིག་ལ་རྣམ་པར་ལྟ་བའི་གཟུངས་འདི་བྲིས་ལ་མཆོད་རྟེན་གྱི་ནང་དུ་གཞུག་གོ །མཆོད་རྟེན་གསར་པའམ། རྙིང་པ་བཅོས་པ་ཡང་རུང་སྟེ་དེའི་ནང་དུ་གཞུག་གོ །ཞེས་པ་ལ་སོགས་པ་གསུངས་སོ། །ཡང༌། མཆོད་རྟེན་བརྒྱ་རྩ་བརྒྱད་བཏབ་པ་ལ་རིགས་སྔགས་ཀྱི་སྙིང་པོ་འདི་བྲིས་ཏེ། མཆོད་རྟེན་གྱི་ནང་དུ་བཅུག་ནས་དཀྱིལ་འཁོར་གྱི་སྟེང་དུ་བཞག་ན། གང་གཱའི་ཀླུང་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དགུ་བཅུ་རྩ་དགུའི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་གདུང་ དང་རིང་བསྲེལ་མཆོད་རྟེན་རེ་རེའི་ནང་དུ་བཅུག་པར་འགྱུར་རོ། །རིང་བསྲེལ་གྱི་སྙིང་པོར་ཡང་འགྱུར་རོ། །ཞེས་པ་དང༌། ཡང༌། ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བ་ཞེས་བྱ་བ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་འདི་ལ་གུས་པར་བྱས་ཏེ། མཆོད་རྟེན་གྱི་ལས་བྱས་ན་ཚེ་ཟད་པ་ལ་ཡང་ཚེ་སླར་ནུར་ཏེ་ཚེ་རིང་པོར་གཏོང་བར་བྱེད་དོ། །གལ་ཏེ་ཤི་འཕོས་ན་ཡང་སྦྲུལ་གྱི་པགས་པ་བརྗེས་པ་བཞིན་དུ་ལུས་བོར་ནས་བསྐལ་པ་མཉམ་པར་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་འགྲོ་བར་འགྱུར་རོ། །འཆི་བའི་སྡུག་བསྔལ་མྱོང་བར་མི་འགྱུར་རོ། །ཕྱིན་ཆད་ནམ་ཡང་འཆི་བའི་ཚོར་བ་མྱོང་བར་མི་འགྱུར་རོ། །ཕྱིན་ཆད་སེམས་ཅན་དམྱལ་བ་དང༌། དུད་འགྲོ་དང༌། གཤིན་རྗེའི་འཇིག་རྟེན་དང༌། ངན་འགྲོར་འགྲོ་ཞིང་སྐྱེ་བར་མི་འགྱུར་རོ། །ཕྱིན་ཆད་སེམས་ཅན་དམྱལ་བའི་སྒྲ་རྣ་ལམ་དུ་ཡང་གྲགས་པར་མི་འགྱུར་རོ། །འབྲས་བུ་རྣམ་པར་སྨིན་པར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ནི་གནས་མེད་དོ། །ཞེས་པ་དང༌། ཡང༌། འདི་ལྟར་ཕྱི་མའི་ཚེ་ཕྱི་མའི་དུས་ན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོའམ། དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མས་རིགས་སྔགས་ཀྱི་རྒྱལ་པོ་འདི་དུས་གཅིག་ཏུ་དྲན་པར་བྱའོ། །རིང་བསྲེལ་གྱི་སྙིང་པོའམ། དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་སྙིང་པོ་ཅན་གྱི་མཆོད་རྟེན་ལ་བསྐོར་བ་བྱའོ། །ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འདི་གཉིས་ཀྱང་དུས་གཅིག་ཏུ་དྲན་པར་བྱའོ། །དཻས་ནི་གང་གཱའི་ཀླུང་བྱེ་བ་ཁྲག་ཁྲིག་འབུམ་གྱི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་པར་འགྱུར་རོ། །བསོད་ནམས་ཆེན་པོ་དང་ལྡན་པར་འགྱུར་རོ། །མཚམས་མེད་པ་ལྔའི་ལས་ཀྱི་སྒྲིབ་པ་རྣམས་ཀྱང་ཡོངས་སུ་བྱང་བར་འགྱུར་རོ། །སེམས་ཅན་དམྱལ་བ་དང༌། དུད་འགྲོའི་སྐྱེ་གནས་དང༌། གཤིན་རྗེའི་འཇིག་རྟེན་གྱི་ངན་སོང་རྣམས་ལས་ཡོངས་སུ་ཐར་པར་འགྱུར་རོ། །ཚེ་རིང་པར་འགྱུར་རོ། །སྦྲུལ་གྱི་པགས་པ་བརྗེས་པ་བཞིན་དུ་ལུས་བོར་ནས་སྐལ་བ་མཉམ་པའི་ཕྱིར། འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་འགྲོ་བར་འགྱུར་རོ། །ཕྱིན་ཆད་མངལ་གནས་ཀྱི་དྲི་མས་མ་གོས་པར་འགྱུར་རོ། །གང་དག་གང་དུ་སྐྱེ་བ་དེ་དང་དེར་རྫུས་ཏེ་སྐྱེ་ཞིང་པདྨ་ལས་སྐྱེ་བར་འགྱུར་རོ། །ཚེ་རབས་ཐམས་ཅད་དུ་ཚེ་རབས་དྲན་པར་འགྱུར་རོ། །རྟག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་ལ་བལྟ་འདོད་པར་འགྱུར་རོ། །བསམ་པ་ཐམས་ཅད་ཡིད་བཞིན་དུ་ཡོངས་སུ་རྫོགས་པར་འགྱུར་རོ། །ཞེས་པ་ལ་སོགས་པ་དང༌། ཡང༌། འབུམ་བྲིས་ཏེ་མཆོད་རྟེན་འབུམ་བྱས་ལ། དེ་དག་གི་ནང་དུ་བཅུག་ན་འབུམ་ཚང་ནས་མཆོད་རྟེན་ཐམས་ཅད་འབར་བར་འགྱུར་རོ། །བདག་ཀྱང་འབར་བར་འགྱུར་རོ། །ངེས་པར་འཕྲལ་དུ་ཕྱིར་མི་ལྡོག་པར་འགྱུར་རོ། །ས་བཅུ་ལ་གནས་པར་འགྱུར་རོ། །གང་གཱའི་ཀླུང་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དགུ་བཅུ་རྩ་དགུའི་བྱེ་མ་སྙེད་ཀྱི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་ཅིང་ལུང་བསྟན་པ་ཐོབ་པར་འགྱུར་རོ། །དེ་ནས་མཆོད་རྟེན་གཅིག་གི་ནང་དུ་བཅུག་སྟེ། ཤིང་བུས་བསྒྲེང་བར་བྱས་ན་དུས་གསུམ་གྱི་དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་སྙིང་པོ་འབུམ་གྱི་མཆོད་རྟེན་ཞེས་བྱའོ། །གང་དག་དེ་ལས་བྱ་བ་རྣམས་བྱེད་པ་དེ་དག་ཐམས་ཅད་ཀྱང་ཕྱིར་མི་ལྡོག་པར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཐ་ན་དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་རྣམས་དང༌། གཞན་ཡང་སྲོག་ཆགས་ཀྱི་རིགས་སྣ་ཚོགས་གང་དག་དེར་འདོང་བ་དེ་ཐམས་ཅད་ཀྱང་ཕྱིར་མི་ལྡོག་པར་འགྱུར་རོ། །ཐ་ན་གྲིབ་མས་ཕོག་ན་ཡང་ཡོངས་སུ་གྲོལ་བར་འགྱུར་ན། བྱ་བ་མང་དུ་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། འདིའི་ཡོན་ཏན་དང་ཕན་ཡོན་ནི་བརྗཽད་པར་མི་ནུས་སོ། །ཞེས་པ་ལ་སོགས་པ་ཕན་ཡོན་དཔག་ཏུ་མེད་པར་གསུངས་པས་གཟུངས་འདི་ཡང་ངེས་པར་བལྟ་དགོས་སོ། །

དེ་བཞིན་དུ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཙུག་ཏོར་རྣམ་པར་རྒྱལ་མའི་གཟུངས་ལས་ཀྱང་ཕན་ཡོན་དཔག་ཏུ་མེད་པ་ཞིག་གསུངས་ནས། ཡང་བཀའ་སྩལ་པ། ལྷའི་དབང་པོ་གཟུངས་འདི་ཡི་གེར་བྲིས་ཏེ། རྒྱལ་མཚན་གྱི་རྩེ་མོ་ལ་བཞག་པར་བྱའོ། །རི་མཐོན་པོའམ། ཁང་པ་མཐོན་པོའམ། མཆོད་རྟེན་གྱི་སྲོག་ཤིང་གི་སྟེང་དུ་བཞག་པར་བྱའོ། །ལྷའི་དབང་པོ་དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མའམ། དེ་ལས་གཞན་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོའམ་གང་གིས་རྒྱལ་མཚན་གྱི་རྩེ་མོར་བཞག་པར་མཐོང་ངམ། དེ་དང་ཉེ་བར་གནས་པར་གྱུར་ན་ཐ་ན་དེའི་གྲིབ་མས་ཕོག་གམ། དེའི་རྡུལ་རླུང་གིས་བཏབ་པས་ཕོག་ན་ཡང༌། ལྷའི་དབང་པོ་སེམས་ཅན་དེ་ལ་སྡིག་པ་ཐམས་ཅད་མི་འབྱུང་ངོ༌། །སེམས་ཅན་དམྱལ་བ་དང༌། དུད་འགྲོའི་སྐྱེ་གནས་དང༌། གཤིན་རྗེའི་འཇིག་རྟེན་དང༌། ཡི་དྭགས་དང༌། ལྷ་མ་ཡིན་གྱི་རིས་ཐམས་ཅད་དུ་མི་སྐྱེ་བར་རིགས་པར་བྱའོ། །ལྷའི་དབང་པོ་སེམས་ཅན་དེ་ལ་སྡིག་པ་ཐམས་ཅད་དང༌། ངན་འགྲོར་འགྲོ་བའི་འཇིགས་པ་ཐམས་ཅད་མི་འབྱུང་སྟེ། སེམས་ཅན་དམྱལ་བ་དང༌། དུད་ འགྲོའི་སྐྱཻ་གནས་དང༌། གཤིན་རྗེའི་འཇིག་རྟེན་དང༌། ཡི་དྭགས་དང༌། ལྷ་མ་ཡིན་གྱི་རིས་ཐམས་ཅད་དུ་མི་སྐྱེ་བར་རིགས་པར་བྱའོ། །ལྷའི་དབང་པོ་སེམས་ཅན་དེ་དག་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ལུང་བསྟན་ཅིང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་རིགས་པར་བྱས་ནས། ལྷའི་དབང་པོ་མཆོད་པ་དང་རིམ་གྲོར་བྱེད་ཅིང་མེ་ཏོག་དང༌། བདུག་པ་དང༌། སྤོས་དང༌། མེ་ཏོག་གི་ཕྲེང་བ་དང༌། བྱུག་པ་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་དང༌། རྒྱན་རྣམས་ཀྱིས་བརྒྱན་པར་བྱེད་པ་དང༌། ལམ་གྱི་བཞི་མདོར་མཆོད་རྟེན་བྱས་ཏེ། གཟུངས་འདི་བཞག་ལ་ཐལ་མོ་སྦྱར་ཏེ་ཕྱག་འཚལ་ཞིང་བསྐོར་བ་བྱེད་པ་ལྟ་ཅི་སྨོས་ཏེ། ལྷའི་དབང་པོ་སེམས་ཅན་དེ་ནི་སེམས་ཅན་ཆེན་པོ་ཡིན་པར་རིགས་པར་བྱའོ། །དེ་བཞིན་གཤེགས་པའི་སྲས་སུ་རིགས་པར་བྱའོ། །མཆོད་གནས་སུ་རིགས་པར་བྱའོ། །དེ་བཞིན་གཤེགས་པའི་མཆོད་རྟེན་དུ་རིག་པར་བྱའོ། །ཞེས་པ་ལ་སོགས་པ་ཕན་ཡོན་བསམ་གྱིས་མི་ཁྱབ་པ་གསུངས་པས་གཟུངས་འདི་ཡང་ངེས་པར་བལྟ་དགོས་སོ། །

ལས་ཀྱི་སྒྲིབ་པ་རྒྱུན་གཅོད་པའི་གཟུངས་ལས་ཀྱང་ཕན་ཡོན་མང་པོ་གསུངས་ནས། ཡང་བཀའ་སྩལ་པ། དེའི་མིང་བྲིས་ལ་གཟུང་སྔགས་བཟླས་བརྗོད་བྱེད་ཅིང་མཆོད་རྟེན་འབུམ་བྱས་ལ། གདུགས་དང༌། རྒྱལ་མཚན་དང༌། བ་དན་ལ་སོགས་པས་ལེགས་པར་མཆོད་ནས་རྒྱ་མཚོ་ཆེན་པོའམ། ཡང་ན་ཆུ་ཀླུང་དུ་བཏང་ན་དེ་སེམས་ཅན་དམྱལ་བ་ལ་སོགས་པ་ལས་ཐར་པར་འགྱུར་རོ། །ཡང་ན་མཆོད་རྟེན་བྱས་ནས་ལམ་གྱི་བཞི་མདོར་མཆོད་རྟེན་ཆེན་པོ་བྱས་ཏེ། གདུགས་དང༌། རྒྱལ་མཚན་དང༌། བ་དན་ལ་སོགས་པས་ལེགས་པར་མཆོད་ལ། འཕགས་པའི་དགེ་འདུན་ལ་ཆོས་སྟོན་བཙལ་ནས་འདི་ཆྒཻ་མོའི་དགེ་བའི་རྩ་བར་གྱུར་ཅིག །འདི་ཁོ་ནས་བདེ་འགྲོ་མཐོ་རིས་སུ་སྐྱེ་བར་གྱུར་ཅིག །ཅེས་ཀྱང་བྱས་ན། དེ་ཁོ་ན་བཞིན་དུ་སྐྱེས་ནས་ལུས་ཀྱང་སྟོན་ཅིང་ལེགས་སོ། །ཞེས་བྱ་བ་ཡང་བྱིན་ནས་མི་སྣང་བར་འགྱུར་རོ། །མཚམས་མེད་པ་ལྔ་བྱེད་པའམ། དམ་པའི་ཆོས་སྤོང་བའམ། འཕགས་པ་ལ་སྐུར་བ་འདེབས་པ་ཡང་རུང་སྟེ། འཆི་ཁར་གཟུངས་འདི་རྩིག་པ་ལ་བྲིས་པ་མཐོང་ན་ཡང་དེའི་ལས་ཀྱི་སྒྲིབ་པ་ཐམས་ཅད་ཟད་པར་འགྱུར་རོ། །འདོན་པ་དང་བཟླས་བརྗོད་བྱེད་པ་ལྟ་ཅི་སྨོས་ཏེ། དེ་བཞིན་གཤེགས་པ་མི་འཁྲུགས་པ་དེ་ཉིད་དུ་བྱོན་ནས། འདི་སྐད་དུ་རིགས་ཀྱི་བུ་ངའི་གན་དུ་ཤོག་ཅེས་ཀྱང་གསུང་བར་འགྱུར་རོ། །ཞེས་པ་ལ་སོགས་པ་ཕན་ཡོན་བསམ་གྱིས་མི་ཁྱབ་པ་གསུངས་པས་གཟུངས་འདི་ཡང་ངེས་པར་བལྟ་དགོས་སོ། །

གཞལ་མེད་རིན་ཆེན་སྣ་ཚོགས་འོད་འཕྲོ་བ། །དུ་མ་ལས་བགྱིས་རྒྱལ་བའི་མཆོད་རྟེན་དང༌། །གཞན་ཡང་ས་སོགས་ལས་གྲུབ་མཆོད་རྟེན་དག །བཞེངས་དང་ཕྱག་འཚལ་མཆོད་སོགས་དགེ་བ་ལ། །ཕན་ཡོན་དཔག་མེད་མདོ་ལས་བྱུང་བ་བཞིན། །གང་འདིར་ཀུན་རྫོབ་མཆོད་རྟེན་ལ་འབད་པས། །དོན་དམ་སྙིང་པོའི་མཆོད་རྟེན་འགྲུབ་གྱུར་པ། །བསྟོད་འོས་འདི་ལ་འགྲོ་ཀུན་མྱུར་འཇུག་ཤོག །

གང་པོ་ལ་སོགས་པའི་རྟོགས་པ་བརྗོད་པ། བརྒྱ་པར་གསུངས་པ་རྣམས་ཀྱིས་ཀྱང་འདིར་ཡི་གེ་ཉུང་ངུ་བསྡུས་ནས། བརྗོད་པར་བྱ་སྟེ། སྔོན་བསྐལ་པ་དགུ་བཅུ་རྩ་གཅིག་པ་ལས་གཅིག་པ་ལས་བྱོན་པའི་སངས་རྒྱས་རྣམ་པར་གཟིགས་ཀྱི་མཆོད་རྟེན་རིན་པོ་ཆེ་སྣ་བཞི་ལས་བྱས་པ་འཁོར་ཡུག་ཏུ་དཔག་ཚད་གཅིག་དང་གནམ་འཕང་དུ་རྒྱང་གྲགས་གཅིག་ཡོད་པ་རྒྱལ་པོ་མཉན་ཡོད་ཀྱིས་བཞེངས་ནས་དུས་སྟོན་ལ་ཡང་བཏོད་པ་ལས་རེ་ཞིག་ན་དུས་སྟོན་ཞིག་བྱས་པའི་ཚེ་མཆོད་རྟེན་དེ་ལས་གསེར་གྱི་མེ་ཏོག་ཞིག་ལྷུང་བ་ཁྱྀམ་བདག་ཞིག་གིས་རྙེད་ནས། དེ་རྣ་བའི་གོང་རྒྱན་དུ་བཅོས་ཏེ། དེ་ཉིད་ལས་བཏགས་ཤིང་སྤོས་དང༌། བདུག་པ་དང་མེ་ཏོག་གིས་ཀྱང་མཆོད་རྟེན་ནས་ཞབས་ལ་ཕྱག་བྱས་ཏེ། སྨོན་ལམ་བཏབ་པས་བདག་གིས་ཀྱང་ཡོན་ཏན་འདི་ལྟ་བུ་དག་ཐོབ་པར་གྱུར་ཅིག །སྟོན་པ་འདི་ལྟ་བུ་མཉེས་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །ཅེས་བྱས་སོ། །ལས་དེས་སྐྱེ་བ་མང་པོར་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་གསེར་གྱི་ཁ་དོག་དང་ལྡན་ཞིང་བདེ་འགྲོའི་བདེ་བ་མང་པོ་སྤྱད་པའི་མཐར་སེར་སྐྱའི་གནས་སུ་ཤཱཀྱ་ཕྱུག་ཅིང་ལོངས་སྤྱོད་ཆེ་བ་ཞིག་གིས་བུར་སྐྱེས་པ་ན་གསེར་གྱི་འོད་ཟེར་གྱིས་གྲོང་ཁྱེར་ཐམས་ཅད་སྣང་བར་བྱས་པས་ཁྱེའུ་གསེར་འོད་ཅེས་གྲགས་པ་མཁས་ཤིང་གསལ་ལ་ཡིད་གཞུངས་པ་དད་པ་དང་ལྡན་ལ་དགེ་ཞིང་བསམ་པ་བཟང་བ། བདག་གཞན་ལ་ཕན་པར་ཞུགས་པ། སྙིང་རྗེ་ཅན་བདག་ཉིད་ཆེ་བ། ཆོས་འདོད་པ་ཞིག་ཏུ་གྱུར་ཏོ། །སྨོན་ལམ་དཻས་ཀྱང་སངས་རྒྱས་ཞེས་པ་ཐོས་པ་ཙམ་གྱིས་བ་སྤུ་ལངས་ཤིང་ངོ་མཚར་དུ་གྱུར་ཏེ། རྒྱལ་བྱེད་ཀྱི་ཚལ་དུ་སངས་རྒྱས་བལྟ་བའི་ཕྱིར་སོང་བ་ལ་མཐོང་བ་ཙམ་གྱིས་ཤིན་ཏུ་དད་ནས་རབ་ཏུ་བྱུང་ཞིང་རིང་པོར་མི་ཐོགས་པར་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱས་སོ། །མཆོད་རྟེན་དེ་ལ་ཁྱིམ་བདག་ཞིག་གིས་དད་པ་སྐྱེས་ནས་སྤོས་དང༌། བྱུག་པ་དང༌། གདུགས་དང༌། མེ་ཏོག་སྣ་ཚོགས་ཀྱིས་མཆོད་དེ། སྔ་མ་བཞིན་དུ་སྨོན་ལམ་བཏབ་པས་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་ལོངས་སྤྱོད་ཆེན་པོ་དང་ལྡན་པ། ལུས་ལས་ཙན་དན་གྱི་དྲི་དང༌། ཁ་ནས་ཨུཏྤ་ལའི་དྲི་བྱུང་བས་ཁྱེའུ་དྲི་ཞིམ་ཞེས་བྱ་བར་གྱུར་པ་ན། སངས་རྒྱས་མཐོང་མ་ཐག་ཏུ་དགའ་བ་སྐྱེས་ནས་བདེན་པ་མཐོང་སྟེ་རབ་ཏུ་བྱུང་ཞིང་དགྲ་བཅོམ་པར་གྱུར་ཏོ། །ཡང༌། མཆོད་རྟེན་དེ་ཉིད་ལ་དུས་སྟོན་བྱས་པའི་རྗེས་སུ་མེ་ཏོག་རྙིད་པ་དང༌། རྡུལ་གྱི་ཕོག་པ་མི་དབུལ་པོ་ཞིག་གི་མཐོང་ནས་སངས་རྒྱས་ཀྱི་ཡོན་ཏན་དྲན་པས་དད་པ་སྐྱེས་ཏེ། ཕྱག་དར་བྱས་ནས་གཙང་བར་གྱུར་པ་ལ་དགའ་བ་སྐྱེས་ཏེ། སྔ་མ་བཞིན་དུ་སྨོན་ལམ་བཏབ་པས་གང་དུ་གོམ་པ་དོར་བའི་ཕྱོགས་དེ་དག་ཀྱང་གཙང་བར་གྱུར་པའི་བྱད་གཟུགས་བཟང་ཞིང་ཆེ་བར་གྲགས་པ་དད་པ་ཅན་དགེ་ཞིང་བསམ་པ་བཟང་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ཀུན་གྱིས་བཀུར་ཞིང་མཆོད་པ་དང༌། གུས་པས་སྨྲ་བའི་གནས་སུ་གྱུར་ཏེ། ཁྱེའུ་བྱད་བཟང་ཞེས་བྱ་བར་གྱུར་པ་ན། སངས་རྒྱས་མཐོང་མ་ཐག་ཏུ་བདེན་པ་མཐོང་ཞིང་རབ་ཏུ་བྱུང་ནས། དགྲ་བཅོམ་པར་གྱུར་ཏོ། །ཡང༌། མཆོད་རྟེན་དེ་ལ་དུས་སྟོན་བྱས་པའི་རྗེས་སུ། ཁྱིམ་བདག་གཅིག་གིས་རྡུལ་ཕྱགས་ཤིང་སྤོས་ཀྱི་ལྡེ་གུ་ཏིལ་མར་དང་སྦྱར་བ་ཕུལ་ནས། སྔ་མ་བཞིན་དུ་སྨོན་ལམ་བཏབ་པས་གཟུགས་བཟང་ཞིང་བལྟ་ན་སྡུག་པ་ལ་སོགས་པ་སྔར་བཞིན་བསྟན་པ་རྣམས་དང་ལྡན་ཞིང་གཞན་པས་སྟོབས་ཆེ་བས་ལྷ་ཁྱེའུ་སྟོབས་ལྡན་ཞེས་བྱ་བར་གྱུར་པ་ན་སངས་རྒྱས་མཐོང་བ་ཙམ་གྱིས་དད་ནས་བདེན་པ་མཐོང་ཞིང་རབ་ཏུ་བྱུང་ནས་དགྲ་བཅོམ་པར་གྱུར་ཏོ། །ཡང༌། མཆོད་རྟེན་ལ་དེད་དཔོན་གྲུའི་དོན་གྲུབ་ནས་འོང་བ་ཞིག་གིས་ནོར་བུ་མཐོན་ཀ་ཆར་ཁེབས་ལ་བཏགས་པས། དེའི་མཐུས་ཕྱོགས་མཚམས་ཐམས་ཅད་དེའི་མདོག་ཏུ་སྣང་བར་གྱུར་ཏོ། །པད་མ་དག་གིས་ཀྱང་མཆོད་དེ་སྔ་མ་བཞིན་དུ་སྨོན་ལམ་བཏབ་པས་གཟུགས་བཟང་ཞིང་བལྟ་ན་སྡུག་པ་ལ་སོགས་པ་སྔར་བསྟན་པ་རྣམས་དང་ལྡན་ཞིང༌། མིག་པད་མ་སྔོན་པོ་འདྲ་བ་མགོ་ལ་ལྷའི་ནོར་བུ་མཐོན་ཀ་ཆེན་པོ་ཏོག་བཞིན་དུ་སྐྱེས་པར་གྱུར་ཏོ། །ཁྱེའུ་པད་མའི་མིག་ཅེས་བྱ་བར་གྱུར་པ་ན། སངས་རྒྱས་མཐོང་བ་ཙམ་གྱིས་དད་པས། བདེན་པ་མཐོང་ཞིང་རབ་ཏུ་བྱུང་ནས་དགྲ་བཅོམ་པར་གྱུར་ཏོ། །དེ་ནོར་བུ་མགོ་ལ་ཡོད་བཞིན་དུ་བསོད་སྙོམས་མཛད་པ་ལ་སྐྱེ་བོ་རྣམས་སྨོད་པས་ངོ་ཚ་ནས་ནོར་བྱ་འདི་མེད་པར་མཛད་དུ་གསོལ། ཞེས་སངས་རྒྱས་ལ་ཞུས་པས་ལས་སྟོབས་ལྡན་ལས་གྲུབ་པ་དེ་སངས་རྒྱས་ཀྱིས་ཀྱང་མེད་པར་བྱར་མི་ནུས་མོད་ཀྱིས་མི་མཐོང་བར་བྱིན་གྱིས་བརླབས་སོ། །ཡང༌། མཆོད་རྟེན་དེ་ལ་དད་པ་ཅན་རྣམས་མཆོད་པ་ཕུལ་བ་ན། མི་ཞིག་གིས་རྒྱན་པོ་དང་ཆོ་ལོའི་རྒྱན་པོ་བྱས་པས་ནོར་བུའི་མེ་ཤེལ་གཅིག་ཐོབ་ནས། དེ་ཆར་ཁེབས་ལ་བཏགས་ཏེ་སྨོན་ལམ་ཡང་སྔར་བཞིན་དུ་བཏབ་ཅིང༌། ནོར་བུར་འདི་ལྟ་བུ་མགོ་ལ་ཐོག་བཞིན་དུ་མའི་ལྟོ་ནས་འབྱུང་བར་གྱུར་ཅིག །ཅེས་ཀྱང་བྱས་པས་སྔ་མ་བཞིན་དུ་གཟུགས་བཟང་ཞིང་བལྟ་ན་སྡུག་པ་ལ་སོགས་པ་རྣམས་དང་ལྡན་ཞིང༌། ནོར་བུ་ཆེ་ཤོས་མགོ་ན་ཐོག་བཞིན་དུ་སྐྱེ་བ་དང༌། དེའི་འོད་ཀྱིས་ཐམས་ཅད་སྣང་བར་གྱུར་ཏོ། །ཁྱེའུ་ཉི་མ་ཞེས་བྱ་བར་གྱུར་པ་ན། ཡུལ་ཝཱ་རཱ་ཎ་སཱི་ན་སངས་རྒྱས་མཐོང་བ་ཙམ་གྱིས་དད་པ་ནས་བདེན་པ་མཐོང་ཞིང་རབ་ཏུ་བྱུང་ནས་དགྲ་བཅོམ་པར་གྱུར་ཏོ། །མགོ་བོའི་ནོར་བུ་དེ་མ་དད་པ་རྣམས་ཀྱིས་མི་མཐོང་བར་མཛད་པའི་ཚུལ་ཡང་སྔ་མ་བཞིན་ནོ། །ཡང༌། མཆོད་རྟེན་དེ་ལ་དུས་སྟོན་བྱེད་པ་ན་གྱད་འགྱེད་པ་རྣམས་ཀྱིས་བ་དན་བསྒྲེང་བའི་ཚེ་རྒྱལ་བ་གྱད་གཅིག་གིས་ཀྱང་གཞན་ཞིག་ཕམ་པར་བྱས་ནས་དེའི་བ་དན་ཐོག་པ་དེ་རོལ་མོ་དང་བཅས་ནས་མཆོད་རྟེན་ལ་ཕུལ་ཞིང་སྨོན་ལམ་བཏབ་པས་གཟུགས་བཟང་ཞིང་བལྟ་ན་སྡུག་པ་ལ་སོགས་པ་རྣམས་དང་ལྡན་ཞིང་བཙས་མ་ཐག་ཏུ་ལྷ་རྣམས་ཀྱིས་ཁོར་ཡུག་ཏུ་ལྷའི་བ་དན་དང༌། སིལ་སྙན་དང༌། མེ་ཏོག་རྣམས་ཀྱིས་ཁྱབ་པར་བྱས་ཤིང༌། ཐམས་ཅད་དུ་གྲགས་པས་རྒྱས་པར་གྱུར་ཏོ། །ཁྱེའུ་སྙན་གྲགས་ཞེས་བྱ་བར་གྱུར་པ་ན། སངས་རྒྱས་མཐོང་བ་ཙམ་གྱིས་དད་ནས་བདེན་པ་མཐོང་ཞིང་རབ་ཏུ་བྱུང་ནས་དགྲ་བཅོམ་པར་གྱུར་ཏོ། །ཡང༌། མཆོད་རྟེན་དེ་ལ་མཛའ་སྡེ་བོ་བརྒྱ་ཐམ་པས་ཏིལ་མར་སྤོས་ཅན་དང༌། མེ་ཏོག་དང༌། མེ་ཏོག་གི་ཕྲེང་བ་དང༌། མར་མེ་ཕུལ་ནས་ལྷན་གཅིག་ཏུ་སྨོན་ལམ་བཏབ་པ། བདག་ཅག་གང་དང་གང་དུ་སྐྱེས་པ་དེ་དང་དེར་སྤུན་དུ་གྱུར་ཏེ་ལྷན་ཅིག་ཁོ་ན་ནས་འགྱུར་བར་གྱུར་ཅིག །ཚན་པོ་ཆེའི་སྟོབས་ཀྱིས་ཤུགས་ཐོབ་པ་དང༌། གཟུགས་དང་བྱད་དང་ལྡན་པར་གྱུར་ཅིག །མ་འོངས་པའི་དུས་ན་སངས་རྒྱས་རྣམས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །ཅེས་བྱས་པས་སྐྱེ་བོ་མང་པོར་སྤུན་དུ་གྱུར་པའི་མཐར་སེར་སྐྱའི་ཤཱཀྱ་ཕྱུག་ཅིང་ལོངས་སྤྱོད་ཆེ་བ་ཞིག་གི་ཆུང་མ་ལས་ཤ་སྣག་གུ་ཆེན་པོ་ཞིག་སྐྱེས་པས་ཐམས་ཅད། མྱ་ངན་དུ་གྱུར་པ་ན་སངས་རྒྱས་ལ་ཞུས་པས། སངས་རྒྱས་ཀྱིས་དེ་དག་དབུགས་ཕྱུང་ནས་ཇི་སྐད་བསྟན་པ་བཞིན་དུ་རས་བལ་གྱི་གསེབ་ཏུ་བཞག་ན་འོ་མས་ཡང་ཡང་གཏོར་ཞིང༌། དུས་གསུམ་དུ་ལག་པས་བྲབ་པ་ལས། ཞག་བདུན་ན་བརྡོལ་ནས། ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཚན་པོ་ཆེའི་སྟོབས་ཅན་བརྒྱ་ཐམ་པ་འབྱུང་ནས་ཆེད་སྐྱེས་པ་ན་སངས་རྒྱས་མཐོང་བ་ཙམ་གྱིས་དད་ནས། བདེན་པ་མཐོང་ཞིང་རབ་ཏུ་བྱུང་ནས་དགྲ་བཅོམ་པར་གྱུར་ཏོ། །ཡང༌། མཆོད་རྟེན་ལ་ཁྱིམ་བདག་ཞིག་གིས་མེ་ཏོག་སྣ་ཚོགས་བཏགས་ནས་སྐྱེ་བོ་མང་པོ་དགའ་བར་བྱས་ཏེ། མང་པོ་ལ་དགེ་བའི་རྩ་བ་བསྐྱེད་པས་སྐྱེ་བོ་ཀུན་གྱིས་སྙིང་དུ་སྡུག་ཅིང་ཡིད་དུ་འོང་ལ། གཟུགས་དང་ལོངས་སྤྱོད་དང་ལྡན་པར་གྱུར་པའི་མཐར་ཁྱིམ་བདག་གི་བུ་སྡུག་གུ་ཞེས་བྱ་བར་གྱུར་པ་ན། སངས་རྒྱས་མཐོང་བ་ཙམ་གྱིས་དད་ནས། བདེན་པ་མཐོང་ཞིང་རབ་ཏུ་བྱུང་ནས་དགྲ་བཅོམ་པར་གྱུར་ཏོ། །ཡང༌། མཆོད་རྟེན་དེ་ལ་ཁྱིམ་བདག་གིས་རོལ་མོའི་ཁྱད་པར་སྣ་ཚོགས་ཕུལ་ནས་རིམ་པ་བཞིན་དུ་རོལ་མོའི་བཀུར་སྟི་བྱས་པས་སྐྱེ་བར་རྣམས་སུ་ཆེ་བར་གྲགས་པ་དང༌། ཀ་ལ་པིང་ཀ་ལྟར་སྐད་སྙན་ཅིང་རྔའི་སྒྲ་གང་སྙན་ལ་བཟང་ཞིང་བལྟ་ན་སྡུག་པ་ལ་སོགས་པར་གྱུར་པ་ནས། ཁྱིམ་བདག་གི་བུ་རྔ་སྒྲ་ཞེས་བྱ་བར་གྱུར་པ་ན་སངས་རྒྱས་མཐོང་བ་ཙམ་གྱིས་དད་ནས། བདེན་པ་མཐོང་ཞིང་རབ་ཏུ་བྱུང་ནས་དགྲ་བཅོམ་པར་གྱུར་ཏོ། །ཡང༌། མཆོད་རྟེན་དེ་ལ་རྒྱལ་པོ་མཉན་ཡོད་ཀྱི་བཙུན་མོ་དམ་པ་རྒས་ནས་རྒྱན་ཐམས་ཅད་ཕུལ་ཏེ། སྨོན་ལམ་བཏབ་པས་གཟུགས་བཟང་ཞིང་མཛེས་པ་བལྟ་ན་སྡུག་པ་ལྷའི་རྒྱན་གྱིས་ཀླུབས་ཤིང་ནོར་བུ་མགུལ་ན་ཐོགས་བཞིན་དུ་བཙས་པའི་འོད་ཀྱིས་ཐམས་ཅད་སྣང་བར་བྱེད་པ་དད་པ་ལྡན་ལ་དགེ་ཞིང་བསམ་པ་བཟང་བ་གཞན་ལ་ཕན་པར་ཞུགས་པས། སློང་བ་རྣམས་ལ་མགུལ་ནས་བཀྲོལ་ཏེ་སྦྱིན་པར་བྱེད་དོ། །སྦྱིན་ཡང་ཕྱིར་འབྱུང་བར་འགྱུར་རོ། །དེ་དེད་དཔོན་གྱི་བུ་མོ་འོད་བཟང་མ་ཞེས་བྱ་བར་གྱུར་པ་ན་རྒྱལ་པོ་དང་བློན་པོ་ལ་སོགས་པའི་བུ་རྣམས་ལ་སློང་བ་མང་པོས་སྡུག་བསྔལ་དུ་གྱུར་པའི་ཚེ། བདག་ཉིད་ཀྱིས་ཁྱིམ་བདག་དམ་པར་འཚལ་ལོ་ཞེས་བསྒྲགས་ནས་སློང་བ་རྣམས་འདུས་པའི་ཚེ། འོད་བཟང་མ་ཤིང་རྟ་ལ་ཞོན་ཞིང་ཆོས་གོས་ཚོན་ཅན་གྱིས་རྒྱལ་མཚན་བསྒྲེངས་ནས། སངས་རྒྱས་ཀྱི་སྐུ་གཟུགས་རི་མོར་བྲིས་པ་ཐོགས་ཏེ་བསྟོད་པ་འདོན་ཞིང༌། སྲང་དུ་ཞུགས་ནས་སློང་བ་རྣམས་ལ་འདི་སྐད་ཅེས་བདག་གིས་ཁྱོད་ལ། གང་གིས་སྒོས་ནས་ཀྱང་སྐུ་བརྙས་མི་འཚལ་ན། ཡོང་ཡེ་བདག་འདོད་པ་རྣམས་ལ་དོན་དུ་གཉེར་བ་མ་ལགས་པ་ཁོ་ནར་བས་སོ། །བདག་ནི་སངས་རྒྱས་ལ་སྐྱབས་སུ་སོང་སྟེ། དེའི་ཐད་དུ་རབ་ཏུ་བྱུང་ངོ༌། །ཞེས་བཤད་ཀྱིས་བྱང་བར་བཤད་དེ་སློང་བ་རྣམས་ཕྱིར་ལོག་ཅིང་སངས་རྒྱས་ཀྱི་དྲུང་དུ་སོང་ནས་བདེན་པ་མཐོང་ཞིང་མངོན་ཤེས་ཀྱང་བསྒྲུབས་སོ། །དེ་ནས་དེ་རྒྱལ་བྱེད་ཀྱི་ཚལ་ནས་བྱུང་སྟེ། མང་པོ་འདུས་པའི་ནང་དུ་སོང་བ་ལས། ཡང་སློང་བ་རྣམས་ཀྱིས་དབྲོག་པའི་ཕྱིར་དུ་བཟུང་བར་བརྩམས་པས། དེ་ནམ་མཁའ་ལ་ངང་པའི་རྒྱལ་པོ་ལྟར་འཕགས་ཏེ་ཆོ་འཕྲུལ་སྣ་ཚོགས་བསྟན་པས་ཐམས་ཅད་དད་པར་གྱུར་པ་ལ། ཆོས་བསྟན་པས་སྲོག་ཆགས་འབུམ་ཕྲག་དུ་མས་བདེན་པ་མཐོང་བར་གྱུར་ཏོ། །དེ་ནས་སྐྱེ་དགུའི་བདག་མོས་རབ་ཏུ་བྱུང་ནས་དགྲ་བཅོམ་པར་གྱུར་ཏོ། །དེ་ལྟར་བཅུ་གཅིག་ནི་སངས་རྒྱས་རྣམ་པར་གཟིགས་ཀྱི་མཆོད་རྟེན་ལ་བྱ་བ་བྱས་པའི་འབྲས་བུའོ། །ཡང༌། མཉན་ཡོད་ཀྱི་ཁྱིམ་བདག་ཕྱུག་ཅིང་ལོངས་སྤྱོད་ཆེ་བ་ཞིག་ལ་བུ་བཙས་སོ་ཅོག་ཤི་བར་གྱུར་ནས། ད་ནི་བྱུང་ན་གནས་བརྟན་མ་འགགས་པ་ལ་འབུལ་ལོ། །ཞེས་མས་ཁས་བླངས་པ་ལ་རེ་ཞིག་ན་བུ་ཆགས་ཏེ་ཆགས་པ་ཉིད་ནས་ལུས་ལ་དྲི་ཞིམ་པོ་བྱུང་ཞིང་ལྷའི་སྣ་མའི་མེ་ཏོག་གི་རལ་ཅུང་ཟད་གོན་བཞིན་དུ་བཙས་པ་ཤིན་ཏུ་སྡུག་ཅིང༌། ཡིད་དུ་འོང་བ་དེ་ལོ་བདུན་པ་ལ་གནས་བརྟན་མ་འགགས་པས་རབ་ཏུ་བྱུང་ཞིང༌། དགྲ་བཅོམ་པར་གྱུར་ཅིང་ཕྱག་དར་ཁྲོད་ཀྱིས་ཚེམ་བུ་དྲུབ་པའི་ཚེ་ཁབ་ལན་རེ་འཇུག་པའི་བར་ལ་ཡང་རྣམ་ཐར་བརྒྱད་ལ་སྙོམས་པར་འཇུག་ཅིང་ལྟ་བས་ན་དབང་པོ་རྣོ་བའི་མཆོག་ཏུ་གྱུར་ཏོ། །དེ་ཡང་ཚོང་དཔོན་ཞིག་ཏུ་གྱུར་པ་ན་སངས་རྒྱས་རྣམ་གཟིགས་ཀྱི་བསྟན་པ་ལ་གཞོན་ནུ་ནས་རབ་ཏུ་བྱུང་བར་འདོད་ཀྱང་མ་གྲུབ་ནས་རྒན་པའི་ཆོ་འགྱོད་པར་གྱུར་ཏོ། །དབུ་སྐྲ་དང་སེན་མོའི་མཆོད་རྟེན་ལ་སྣ་མའི་མེ་ཏོག་བཏགས་ཤིང༌། སངས་རྒྱས་དགེ་འདུན་དང་བཅས་པ་ལ་བཤོས་གསོལ་ནས་སྨོན་ལམ་བཏབ་ཅིང་ཁྱད་པར་དུ་གཞོན་ནུའི་ཚེ་ནས་འཕགས་པའི་ཆོས་རྣམས་རྟོགས་པར་གྱུར་ཅིག །ཅེས་བྱས་པ་དང༌། སངས་རྒྱས་འོད་སྲུང་གི་རིང་ལ་ལོ་ཁྲིའི་བར་དུ་ཚངས་པར་སྤྱོད་པའི་གནས་བསྲུངས་པས་དེ་དང་དེ་དག་ཏུ་གྱུར་ཏོ། །ཡང༌། སེར་སྐྱར་ཤཱཀྱ་ཕྱུག་ཅིང་ལོངས་སྤྱོད་ཆེ་བ་ཞིག་གིས་བུ་མཛེས་ཤིང་ཡིད་དུ་འོང་བ་བཙས་མ་ཐག་ཤིན་ཏུ་རྨད་དུ་བྱུང་བ་མང་པོས་སེར་སྐྱའི་གནས་ཐམས་ཅད་མཛེས་པར་བྱས་པ་ཞིག་ཆེར་སྐྱེས་ནས། སངས་རྒྱས་དང་མཇལ་ཏེ་དགྲ་བཅོམ་པར་གྱུར་ཏོ། །ཡང༌། སྔོན་སངས་རྒྱས་འཁོར་བ་འཇིག་གི་དབུ་སྐྲ་དང་སེན་མོའི་མཆོད་རྟེན་ལ་དུས་སྟོན་ཞིག་བྱེད་པའི་ཚེ་མཇལ་ཏེ། དད་པ་སྐྱེས་ཏེ་མེ་ཏོག་བཏགས་སོ། །དེའི་ནང་ནས་གཅིག་ན་རེ། བདག་ལ་ནི་ཅི་ཡང་མེད་པས་བདག་ནི་ཅི་ཡང་མི་བྱེད་དོ། །ཞེས་ཟེར་ནས་ཕྱིར་བྱུང་བ་ལས་སླར་ཡང་འགྱོད་པ་སྐྱེས་ནས། མེ་ཏོག་སྣ་ཚོགས་བཏུས་ནས་མཆོད་རྟེན་དེ་ལ་ཕུལ་བ་དང༌། ཡང༌། སྔོན་ཝཱ་རཱ་ཎ་སཱིར་ཚོང་དཔོན་ཞིག་གྱུར་པ་ན། རང་སངས་རྒྱས་ནད་པ་ཞིག་མཐོང་ནས་དད་པ་སྐྱེས་ཏེ་ཞབས་ལ་ཕྱག་བྱས་གོས་དང་བསོད་སྙོམས་ཕུལ་བ་དང༌། ཡང༌། སངས་རྒྱས་འོད་སྲུང་གི་རིང་ལ་མི་དབུལ་པོ་ཤིང་ཏོག་དོན་བཞིན་དུ་གྱུར་པ་རི་སུལ་ཞིག་ན་མཆོད་རྟེན་གཅིག་ཏུ་འདུག་པའི་འཁོར་སར་རྩྭ་སྐྱེས་པ་མཐོང་ནས། དད་པ་སྐྱེས་ཏེ་རྩྭ་རྣམས་བྱུང་ཞིང་མཆོད་རྟེན་དང་དེའི་འཁོར་སར་ཕྱགས་ནས་སྨོན་ལམ་བཏབ་པ་ལས་གྱུར་ཏོ། །དེའི་བཀའ་སྩལ་པ། དེས་མཆོད་རྟེན་དང་འཁོར་ས་ཕྱགས་པས་དེས་ན་གང་དང་གང་དུ་སྐྱེས་པའི་ས་དེ་དང་དེར་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པར་གྱུར་ཏེ། རྒྱུ་དེ་ཉིད་ཀྱིས་ན་དེ་ལྟར་དགྲ་བཅོམ་པ་མངཽན་དུ་བྱས་སོ། །ཞེས་པའོ། །ཡང༌། འོད་སྲུང་གི་མཆོད་རྟེན་ལ་དུས་སྟོན་གྱི་ཚེ་རྒྱན་པོ་པ་ཞིག་གིས་གསེར་གྱི་དོང་ཙེ་གཉིས་སྲོག་ཤིང་ལ་བཏགས་ཏེ། སྨོན་ལམ་བཏབ་པས། སྐྱེ་བ་རྣམས་སུ་གཟུགས་བཟང་ཞིང་བལྟ་ན་སྡུག་པ་དང༌། ལག་པ་གཉིས་ནས་གསེར་གྱི་དུང་ཙེ་མི་ཟད་པ་བྱུང་བ་ལ་སོགས་པ་ལོངས་སྤྱོད་ཕུན་སུམ་ཚོགས་པར་གྱུར་ནས། ཁྱིམ་བདག་གི་བུ་ལག་ན་གསེར་ཐོགས་ཞེས་བྱ་བར་གྱུར་པ་ན་སངས་རྒྱས་དང་མཇལ་ཞིང་དགེ་འདུན་ལ་གསེར་དངུལ་གྱི་ཕུང་པོ་སྤོང་ནས་བཀུར་ཞིང་བདེན་པ་མཐོང་བ་དང༌། རབ་ཏུ་བྱུང་ནས་དགྲ་བཅོམ་པར་གྱུར་ཏོ། །ཡང༌། རྒྱལ་པོ་གཟུགས་ཅན་སྙིང་པོའི་བཙུན་མོ་རྣམས་ཀྱིས་རྒྱལ་པོ་ལ་ཞུས་ནས་རང་གིས་སྐྱེད་མོས་ཚལ་དུ་སངས་རྒྱས་ཤཱཀྱ་ཐུབ་པའི་དབུ་སྐྲ་དང་སེན་མོའི་མཆོད་རྟེན་བརྩིགས་ཏེ། ཞལ་བསྲོས་ནས་བཙུན་མོ་རྣམས་མཆོད་རྫས་མང་པོས་མཆོད་པ་བྱེད་པ་ལ། རེ་ཞིག་ན་མ་སྐྱེས་དགྲས་སུས་ཀྱང་མཆོད་རྟེན་ལ་བཀུར་སྟི་མ་བྱེད་ཅིག །ཅེས་པའི་ཁྲིམས་བཅས་པས་ཐམས་ཅད་མྱ་ངན་བྱེད་དོ། །བཙུན་མོ་དཔལ་ལྡན་མས་ནི་རང་གི་སྲོག་དང་བསྡོས་ཏེ། སངས་རྒྱས་ཀྱི་ཡོན་ཏན་དྲན་པས། མཆོད་རྟེན་ལ་ཕྱག་དར་བྱས་ཏེ། མར་མེའི་ཕྲེང་བས་དངར་ཏོ། །དེ་ལ་མ་སྐྱེས་དགྲས་འཁོར་ལོ་འཕངས་ཏེ་བསད་ནས་སུམ་ཅུ་རྩ་གསུམ་དུ་འོད་ཀྱི་དཀྱིལ་འཁོར་དཔག་ཚད་གཅིག་དང་ལྡན་པའི་ལུས་ལྷག་པར་མཛེས་ཤིང་དབང་པོས་ཀྱང་བསྔགས་པའི་གནས་སུ་གྱུར་ནས་སླར་ཡང་སངས་རྒྱས་མཆོད་པའི་ཕྱིར་འོང་སྟེ་བདེན་པ་མཐོང་ངོ༌། །དེ་ཡང་ཝཱ་རཱ་ཎ་སཱིའི་རྒྱལ་པོ་ཚངས་སྦྱིན་གྱི་བུ་མོ་ཀ་ཤི་མཛེས་ལྡན་ཉི་མ་ལ་ཉི་འོག་གི་རྒྱལ་པོ་དྲུག་གིས་སློང་བ་བཏང་བས་ཡབ་མྱ་ངན་དུ་གྱུར་པ་ལས། རང་ཉིད་ཀྱི་ཁྱིམ་ཐབ་བདམ་པའི་ཐབས་ཀྱིས་སངས་རྒྱས་ཀྱི་ཐད་དུ་སོང་ནས་དགྲ་བཅོམ་མར་གྱུར་ཀྱང༌། ད་དུང་ཆགས་པས་གསོལ་བ་འདེབས་པ་ལ། རྫུ་འཕྲུལ་བསྟན་ནས་ཆོས་བཤད་དེ། ཁྱད་པར་ཆེན་པོ་ནས་ད་ཡང་སྔོན་རྒྱལ་པོའི་བུ་མོ་ཞིག་ཏུ་གྱུར་པས། སངས་རྒྱས་གསེར་ཐུབ་དགེ་འདུན་དང་བཅས་པ་གཙུག་ལག་ཁང་ཡོ་བྱད་ཀྱིས་གང་བ་ཞིག་བྱས་ནས། ཕུལ་བ་དེས་གཟུགས་བཟང་ཞིང་མཛེས་ལ་བལྟ་ན་སྡུག་པར་གྱུར་ཏོ། །སངས་རྒྱས་འོད་སྲུང་གི་རིང་ལ་རབ་ཏུ་བྱུང་སྟེ། ལོ་ཁྲིའི་བར་དུ་བྱམས་པ་བསྒོམས་པས་ནི་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱའོ། །ཞེས་བཀའ་སྩལ་ཏོ། །

བདེ་མཆོག་སྡོམ་པ་འབྱུང་བའི་རྒྱུད་དུ་ཡང་གསུངས་པ། སྔགས་པ་ལ་ནི་དང་པོ་པས། །གཟུགས་བརྙན་ལ་སོགས་བྱ་བ་སྟེ། །བྲིས་སྐུ་བསྒྲུབས་ནས་མྱུར་བར་ནི། །དངོས་གྲུབ་རྒྱ་ཆེན་ཐོབ་པར་འགྱུར། །ཞེས་པས་སོ། །

དཔལ་གསང་བར་འདུས་པར་ཡང༌། མཆོད་རྟེན་སངས་རྒྱས་ཐམས་ཅད་ཀྱི། །བཞུགས་གནས་ཕོ་བྲང་ཡྀན་པར་བཤད། །ཅེས་པ་དང༌། འཇམ་དཔལ་རྩ་བའི་རྟོག་པར་ཡང༌། ལུས་སྦྱར་བ་བྱས་ལ་རང་གི་ལག་གིས་མཆོད་རྟེན་བྱས་ན། མཚམས་མེད་པ་ལྔ་བྱས་པས་ཀྱང་འགྲུབ་བོ། །མཆོད་རྟེན་འབུམ་ཕྲག་བྱས་ན་རིག་པ་འཛིན་པ། འཁོར་ལོས་སྒྱུར་བར་འགྱུར་ཏེ། བསྟན་ཆོས་ཐམས་ཅད་མངོན་པར་ཤེས་པ་ལ་ཐམས་ཅད་ཤེས་པ་དང༌། ལྡན་ཞིང་བསྐལ་པར་གནས་པ་ལ་ཤི་ནས་ཀྱང་སྐྱེ་བ་རྣམས་སུ་རྒྱལ་པོ་བྱེད་ཅིང་ངན་སོང་དུ་མི་འགྲོ་བར་ཡུལ་དབུས་སུ་ཉི་མ་ཤར་བ་ལྟ་བུའི་དབང་པོ་ཐམས་ཅད་དང་ལྡན་པར་འགྱུར་ཞིང༌། ཐོས་པ་འཛིན་པ་དང༌། སྐྱེ་བ་དྲན་པར་འགྱུར་རོ། །ཞེས་པ་དང༌། ཡང༌། བསྐལ་པ་བྱེ་བར་བྱས་པ་ཡི། །སྡིག་པ་ཤིན་ཏུ་མི་བཟད་གང་ཡིན་པ། །ས་སྟེང་རི་མོ་མཐོང་བ་ཡིས། །དེ་ཡི་མོད་ལ་བྱང་བར་བྱེད། །ཅེས་པ་དང༌། ཡང༌། འཇིག་རྟེན་དཽན་དུ་སྐྱོབ་པ་ཡི། །སྐུ་གདུང་རྣམས་ལ་མཆོད་བྱེད་ན། །དེ་ནི་བདེ་བ་མྱོང་འགྱུར་ཏེ། །མི་ཉུང་ལྷ་ཡི་འཇིག་རྟེན་དུ། །རྒྱལ་པོ་ཡི་ནི་ལོངས་སྤྱོད་དང༌། །རྙེད་དཀའ་སྔགས་ཀྱི་དངོས་གྲུབ་རྣམས། །རྣམ་པར་སྣ་ཚོགས་རྙེད་པ་དང༌། །གྲོང་དང་སྤྱོད་པ་སྣ་ཚོགས་དང༌། །འཇིག་རྟེན་ཕུན་སུམ་ཚོགས་པའི་མཆོག །སྡུག་དང་ཐར་པ་རྣམས་བརྒྱན་པའི། །སྐུ་གདུང་རྣམས་ནི་མཆོད་བྱས་ན། །དངོས་གྲུབ་མཆོག་ནི་ཐོབ་པར་འགྱུར། །ཞེས་པ་ལ་སོགས་པ་གསུངས་ཤིང༌། དེ་བཞིན་དུ་ཆོས་རྒྱལ་མྱ་ངན་མེད་པ་སྔོན་བྱིས་པའི་མི་ཤེས་མི་བརྟེན་པར་སངས་རྒྱས་ཤཱཀྱ་ཐུབ་པ་ལ་དཔའ་རྡུལ་སྙིམ་པས་གཏོར་བ་ལྷུང་བཟེད་དུ་སོང་བའི། དགེ་བས་མཐོ་རིས་ཀྱི་དཔལ་ལ་སྤྱད་ནས་ཡང༌། འཛམ་བུའི་གླིང་དུ་རྒྱལ་བ་འདས་ནས་ལོ་བརྒྱ་ན་བྱོན་ཏེ། རིང་བསྲེལ་མཆོད་རྟེན་མང་པོ་བཞེངས་ནས་སླར་ཡང་མཐོ་རིས་སུ་བཞུད་ཅིང་བྱང་ཆུབ་ཐོབ་པར་ལུང་བསྟན་ལ། དེའི་རྗེས་ནས་རྒྱལ་པོ་མྱ་ངན་བྲལ་ཞེས་བྱ་བ་དང༌། དགའ་བོ་ཞེས་བྱ་བ་དང༌། རྒྱབ་ཕྱོགས་ཞེས་བྱ་བ་དང༌། ཟབ་མོ་ཕྱོགས་ཞེས་བྱ་བ་དང༌། བརྟུལ་ཞུགས་ཆེན་པོ་ཞེས་བྱ་བ་དང༌། ཚུལ་ཁྲིམས་ཞེས་བྱ་བ་དང༌། མཁས་པ་ཞེས་བྱ་བ་ལ་སོགས་པའི་རྒྱལ་པོ་རྣམས་དང༌། བྲམ་ཟེ་ཙན་དན་ཞེས་བྱ་བ་ལ་སོགས་པ་རྣམས་ཀྱིས་མཆོད་རྟེན་དང༌། སྐུ་གཟུགས་དང་གཙུག་ལག་ཁང་དང༌། བཀབ་པ་དང་ཁྲོད་པ་ལ་སོགས་པ་བྱས་ནས་མཐོ་རིས་སུ་བཞུད་ཅིང༌། བྱང་ཆུབ་ཏུ་ལུང་བསྟན་པ་མང་པོ་ཞིག་སྣང་སྟེ། རྒྱས་པར་རྒྱུད་འགྲེལ་ཆེན་པོ་དེ་ཉིད་དུ་བལྟ་བར་བྱའོ། །

སྔོན་བྲམ་ཟེའི་ཁྱེའུ་བླ་མས་བཟོད་པ་ཐོབ་པའི་ས་ཕྱོགས་དེ་ལྷ་དང་འཇིག་རྟེན་དུ་བཅས་པའི་མཆོད་རྟེན་ཡིན་པས། ཁྱོད་སུས་ཀྱང་རྐང་པས་མ་བཅག་ཅིག། ཅེས་དགེ་སློང་རྣམས་ལ་བཀའ་སྩལ་པ་ནས། ཡང་སའི་ཕྱོགས་འདིར་མཆོད་རྟེན་བྱེད་པ་སུས་སྤྲོ་ཞེས་བཀའ་སྩལ་ནས། ལྷ་བྱེ་བ་ཕྲག་བརྒྱད་ཅུས་སྤྲོ་བའི་ཚིག་སྨྲས་ཤྀང༌། ཁྱིམ་བདག་ལྷ་བཟང་གིས་ཀྱང་མཆོད་རྟེན་རྒྱན་གྱིས་བརྒྱན་པ་ཞིག་བྱས་པ་དང༌། སངས་རྒྱས་མར་མེ་མཛད་ཀྱིས་ཁྱིམ་བདག་ལྷ་བཟང་ལ་བཀའ་སྩལ་པ། ས་ཕྱོགས་གང་དུ་བྱང་ཆུབ་སེམས་དཔའ་བཟོད་པ་ཐོབ་པའི་ས་ཕྱོགས་དེ་ན། ཤིང་རྟའི་འཁོར་ལོ་ཙམ་གྱིས་ས་ཇི་སྙེད་པའི་འོག་ཏུ་ཆུའི་ཕུང་པོ་ལ་ཐུག་གི་བར་དུ་ས་ཆེན་པོ་དེ་སེམས་ཅན་ཐམས་ཅད་ཀྱི་མཆོད་རྟེན་དུ་ཆུར་ཡིན་ཏེ། ཁྱིམ་བདག་གང་གིས་ཆུའི་ཕུང་པོ་ནས་འཁོར་བའི་རྩེ་མོའི་བར་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ་དེ་བཞིན་གཤེགས་པ་ལ་ཕུལ་བ་པས། གང་ཁྱོད་ཀྱིས་མཆོད་རྟེན་བྱས་པ་དེ་བས་བསོད་ནམས་ཤིན་ཏུ་མང་མོད་ཀྱི་ཁྱིམ་བདག་དགེ་བའི་རྩ་བ་འདིས་ནི། འདི་ལྟར་ཁྱེའུ་འདི་ངས་ད་ལྟར་ལུང་བསྟན་པ་དེ་བཞིན་དུ། འདི་བྱང་ཆུབ་ཐོབ་ནས་ཁྱོད་ལ་ལུང་སྟོན་པར་འགྱུར་རོ། །ཞེས་པ་དང༌། ཁྱིམ་བདག་ལྷ་བཟང་ཡང༌། ཁྱིམ་བདག་གི་བུ་དགའ་བ་སྤྱོད་ལ་ཞེས་བྱ་བར་གྱུར་ནས། དེ་མ་འོངས་པ་ནས། དེ་བཞིན་གཤེགས་པ་བལྟ་ན་བཟང་ཞིང་ཞེས་བྱ་པར་འགྱུར་རོ། །ཞེས་སངས་རྒྱས་ཤཱཀྱ་ཐུབ་པས་ལུང་བསྟན་ཏོ། །འདི་དག་ནི་མ་སྐྱེས་དགྲས་འགྱོད་པ་བསལ་བའི་མདོ་ལས་བྱུང་ངོ༌།།

མངོན་སུམ་དུ་མཆོད་པ་དང༌། ཡོངས་སུ་མྱ་ངན་ལས་འདས་ནས་མཆོད་པ་ལ་བསོད་ནམས་ཁྱད་པར་མེད་པར་གསུངས་ཏེ། ཇི་སྐད་དུ། མེ་ཏོག་བརྩེགས་པའི་མདོ་ལས། སེང་གེ་རྣམ་པར་བརྩེ་བ་གང་གིས་དེ་བཞིན་གཤེགས་པ་མཐོང་སྟེ། སེམས་དང་བས་མཆོད་པ་དང༌། གང་གིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་རིང་བསྲེལ་ཡུངས་འབྲུ་ཙམ་ལ་མཆོད་པར་བྱེད་པ་དེ་ནི་རྣམ་པར་སྨིན་པ་ལ་མཉམ་པར་ཤེས་པར་བྱ་སྟེ། བྱེ་བྲག་ཐ་དད་དུ་བྱ་བ་མེད་དོ། །ཞེས་པ་དང༌། བྱང་ཆུབ་སེམས་དཔའ་ཁྱིམ་ནས་མངོན་པར་བྱུང་བ་རྣམས་ཀྱིས་དེ་ལྟར་མཆོད་པ་ལ་སོགས་ཆུང་ངུ་ཙམ་ཞིག་སྤྱད་པ་ཡང༌། དེ་ལས་གཞན་པ་རྣམས་ཀྱིས་ཤིན་ཏུ་ཆེན་པོར་སྤྱད་པ་ལས་ཀྱང་ཆེས་ཁྱད་པར་དུ་འཕགས་པར་གསུངས་ཏེ། ཇི་སྐད་དུ། རིན་པོ་ཆེ་ཕུང་པོའི་མདོ་ལས། གང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་ཏེ། ཐམས་ཅད་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་དང་ལྡན་པར་འགྱུར་ལ། འཁོར་ལོས་སྒྱུར་བའི་རྒྱལ་པོ་རེ་རེས་ཀྱང་རྒྱ་མཚོ་ཆེན་པོ་ཙམ་གྱིས་མར་མེའི་སྣོད་བྱས་ཏེ། རི་རབ་ཙམ་གྱིས་སྙིང་པོ་བསྲེགས་ལ་སོ་སོ་ནས་འདི་དང་འདི་འདྲ་བའི་མར་མེས་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མཆོད་པ་བྱས་པ་བས་ཁྱིམ་གྱི་གནས་ནས་མངོན་པར་བྱུང་བའི་བྱང་ཆུབ་སེམས་དཔའ་མར་མེའི་སྙིང་པོ་ཡོངས་མར་གྱིས་བསྐུས་ཏེ། དེ་བཞིན་གཤེགས་པའི་མཆོད་རྟེན་གྱི་དྲུང་དུ་བཟུང་ནས་མར་མེ་འབུལ་བ་སྔ་མས་སྙིང་པོ་ཡོངས་འབྲུ་ཙམ་གྱིས་བསྐུས་པ་འདི་ཡིས་བརྒྱ་ཡིས་ཆར་ཡང་ཉེ་བར་མི་ཕོད་པ་ནས། རྒྱུ་ཡི་བར་དུ་མི་བཟོད་དོ། །ཞེས་པ་དང༌། ཡང༌། གང་ཡང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དེ་དག་རེ་རེས་འཛམ་བུའི་གླིང་ཐམས་ཅད་མེ་ཏོག་གིས་བཀངས་ཏེ། དེའི་མཆོད་རྟེན་ལ་ཕུལ་བས་གང་ཡང་ཁྱིམ་གྱིས་གནས་ནས་མངོན་པར་བྱུང་བའི་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཐ་ན་མེ་ཏོག་གཅིག་ཕུལ་ན། སྦྱིན་པ་སྔ་མས། སྦྱིན་པ་འདིའི་བརྒྱ་ཡི་ཆར་ཡང་མི་འགྲོ་བ་ནས་རྒྱུའི་བར་དུ་ཡང་མི་བཟོད་དོ། །ཞེས་འབྱུང་ངོ༌།།

དེ་དག་ཀྱང་བྱང་ཆུབ་ཀྱིས་ཡོངས་སུ་ཟིན་ན། དེ་ལས་གཞན་པ་དག་ལས། ཆེས་ཁྱད་པར་དུ་འཕགས་པར་གསུངས་ཏེ། ཇི་སྐད་དུ། མེ་ཏོག་བརྩེགས་པའི་གཟུངས་ལས། སེང་གེ་རྣམ་པར་བརྩེ་བ་གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ལོ་གཅིག་གམ། ལོ་བརྒྱའམ། ལོ་སྟོང་ཡང་རུང་སྟེ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བཀུར་སྟི་བྱས་པ་དང༌། བྱང་ཆུབ་ཀྱི་སེམས་ཀྱིས་ཡང་དག་པར་ཟིན་པ་གང་གིས་དེ་བཞིན་གཤེགས་པ་ལ་མཆོད་པའི་ཕྱིར། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་ལ་མེ་ཏོག་འགའ་ཕུལ་ལམ། ཆུ་སྙེམས་པ་གང་ཙམ་འཐོར་རམ། བྱུག་པའི་ཐིག་ལེ་འདྲིའམ། མེ་ཏོག་གི་ཉལ་ཉིལ་ཕྱགས་སམ། བྱུག་པ་འབུལ་ལམ། སྤོས་ཕུལ་ལམ། མེ་ཏོག་འབུལ་ལམ། བདུག་སྤོས་འབུལ་ལམ། མར་མེ་ཕུལ་སྟེ། ཕུལ་ནས་དགའ་བའི་སེམས་ཀྱིས་གོམ་པའི་གར་སྟབས་འགའ་བོར་ཏེ། སངས་རྒྱས་བཅོམ་ལྡན་འདས་དེ་ལ་ཕྱག་འཚལ་ལོ། །ཞེས་སྨྲས་པ་དེ་ནི། སེང་གེ་རྣམ་པར་བརྩེ་བ། བསྐལ་པར་རམ། བསྐལ་པ་བརྒྱད་དམ། བསྐལ་པ་བརྒྱ་ཕྲག་སྟོང་དུ་ཡང༌། ངན་འགྲོ་ལོག་པར་ལྟུང་བར་འགྱུར་བ་དེའི་གནས་མེད་དོ། །ཞེས་འབྱུང་ངོ༌། །

རིན་པོ་ཆེའི་ཕུང་པོའི་མདོར་ཡང༌། གང་དག་སྲིད་པ་གསུམ་དུ་གཏོགས་པའི་སེམས་ཅན་དེ་དག་ཐམས་ཅད་སོ་སོ་ནས་དེ་བཞིན་གཤེགས་པའི་མཆོད་རྟེན་འཕང་དུ་འདི་ལྟ་སྟེ། རིའི་རྒྱལ་པོ་རི་རིབ་ལྟ་བུ་བྱེད་ལ། དེ་དག་ལ་ཡང་སོ་སོ་ནས་གང་གཱའི་བྱེ་མ་སྙེད་ཀྱིས་བསྐལ་པར་བསྟི་སྟང་བྱེད་པ་བས། བྱང་ཆུབ་སེམས་དཔའ་གང་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མ་བྲལ་བས། མེ་ཏོག་གཅིག་འཐོར་ནས་དེ་ནི་བསོད་ནམས་ཀྱི་ཕུང་པོ་སྔ་མ་བས་བསོད་ནམས་ཆེས་མང་དུ་བསྐྱེད་དེ། ཞེས་འབྱུང་ངོ༌། །

བྱམས་པ་འཇུག་པའི་མདོར་ཡང༌། མྱ་ངན་ལས་འདས་འདོད་པའི་ཕྱིར། །སངས་རྒྱས་དེ་བཞིན་གཤེགས་རྣམས་ལ། །གང་གིས་སྟོང་གསུམ་ཐམས་ཅད་ཀྱང༌། །རིན་ཆེན་བཀངས་ཏེ་ཕུལ་བ་པས། །གང་གིས་ཐལ་མོ་སྦྱར་བྱས་ནས། །སེམས་ཀྱིས་བྱང་ཆུབ་བསྔོ་བྱས་ནས། །ཚིགས་སུ་བརྗོད་པ་མ་བྱས་ཀྱང༌། །དེ་ནི་དེ་བས་ཤིན་ཏུ་ཆེ། །གང་གིས་སེམས་ཅན་ཐམས་ཅད་ལ། །བསྐལ་པ་བྱེ་བ་བརྗོད་མེད་དུ། །སེམས་ཅན་ཀུན་ལ་བསྙེན་བྱས་ཀྱི། །དེ་ཡི་མཐར་ཐུག་ཆར་མི་ཕོད། །གང་ཞིག་ཐལ་སྦྱར་བྱང་ཆུབ་བསྐྱེད། །ཕྱོགས་བཅུ་དག་ན་འཇིག་རྟེན་དོན་མཛད་པ། །རྣམ་འདྲེན་སངས་རྒྱས་གང་དག་བཞུགས་རྣམས་ལ། །བསོད་ནམས་འདོད་པའི་མི་འགའ་སྔོན་ཆད་ཀྱི། །འཁོར་བའི་བསྐལ་པ་བྱེ་བར་མཆོད་པར་བྱས། །མི་གང་མཁས་ཤིང་འཛངས་པའི་རང་བཞིན་ཅན། །བདེ་བར་གཤེགས་པའི་བསྟན་པ་ཡིད་ཆེས་ཤིང༌། །བྱང་ཆུབ་སེམས་ནི་བརྟན་པོར་བསྐྱེད་ནས་ཀྱང༌། །བདེ་གཤེགས་མཆོད་རྟེན་ལ་ནི་མེ་ཏོག་འབུལ། །འདི་ནི་དེ་བས་བསོད་ནམས་ཁྱད་པར་བརྗོད། །བྱང་ཆུབ་སེམས་ཀྱི་མེ་ཏོག་འབུལ་བྱེད་ལ། །བསོད་ནམས་སྔ་མ་དེ་ནི་དཔེར་མི་རུང༌། །རྒྱ་མཚོ་དང་ནི་ཆུ་ཡི་ཐིགས་པ་བཞིན། །སངས་རྒྱས་ཞིང་འདིར་སེམས་ཅན་ཇི་སྙེད་པ། །བསྐལ་པ་རེ་རེ་ལ་ནི་སངས་རྒྱས་འགྱུར། །བསྐལ་པ་མང་པོར་ལས་གཞན་མི་བྱེད་པར། །བསོད་ནམས་བཤད་ཀྱང་མཐའ་ནི་ཐུག་པ་མེད། །དེ་དག་བྱང་ཆུབ་སེམས་ཀྱི་རྣམ་སྨིན་བསྟན། །བསྐལ་པ་མཐའ་ཡས་རབ་ཏུ་བཤད་ན་ཡང༌། །ཅུང་ཟད་ཙམ་ཡང་ཡོངས་སུ་བརྗོད་མི་འགྱུར། །ས་གཞི་དག་ལ་རྡུལ་ནི་བླངས་པ་བཞིན། །ཞེས་འབྱུང་ངོ༌། །

རྒྱལ་བའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ། །སེམས་ཅན་ཀུན་གྱི་དད་པས་རྟོགས་པ་དང༌། །ཇི་སྙེད་དགེ་བའི་འཇུག་ངོགས་དེར་ཞུགས་ཏེ། །ཀུན་མཁྱེན་རྒྱ་མཚོ་ཆེན་པོར་མྱུར་ཕྱིན་ཤོག །རྒྱལ་བའི་བསྟན་པ་ཉིན་མོར་བྱེད་པའི་དཔལ། །མཐའ་ཡས་ཆོས་སྒོ་ཟབ་མོའི་འོད་འགྱེད་པ། །སྤོང་བྱེད་སྐལ་དམན་སྐྱེ་བོ་དེ་དག་ཀྱང༌། །རྒྱལ་བ་ཀུན་གྱི་དམ་ཆོས་མྱུར་འཛིན་ཤོག །ཕྱོགས་དུས་ཀུན་ཏུ་རྒྱལ་བའི་ འཕྲིན་ལས་མཐུས། །ཕན་ཚུན་ཕན་པའི་སེམས་དང་ལྡན་པ་དང༌། །གནོད་སེམས་གདུག་པ་མཐའ་དག་ཞི་བ་དང༌། །མཐའ་ཡས་དགེ་བའི་ལམ་ལ་འཇུག་པར་ཤོག། མཐའ་ཡས་སྐྱེ་བོ་བདེ་བར་འཚོ་བྱེད་ཅིང༌། །འབྱུང་པོའི་གདོན་དང་ཡམས་ནད་ཟད་པ་དང༌། །བསྟན་འཛིན་སྐྱེས་བུ་བསྔགས་ཤིང་བཀུར་བ་དང༌། །ཉི་ཟླ་བཞིན་དུ་གསལ་བར་སྤྱོད་གྱུར་ཅིག །འབད་པ་ཆུང་ངུ་ཡོན་ཏན་རྙེད་པ་དང༌། །སྐྱོན་ལས་གྲོལ་ཞིང་ཇི་ལྟར་འོས་བཞིན་དུ། །མཐའ་ཡས་འགྲོ་ལ་ཡིད་བཞིན་ནོར་བུ་ལྟར། །རེ་སྐོང་ཐུབ་པ་ཆེན་པོར་ཀུན་གྱུར་ཅིག །

བྱང་ཆུབ་སེམས་དཔའི་ས་ལས་ཀྱང༌། དེ་ལ་བྱང་ཆུབ་སེམས་དཔའི་དེ་བཞིན་གཤེགས་པ་རྣམས་ལ་དེ་བཞིན་གཤེགས་པ་ལ་མཆོད་པ་གང་ཞེ་ན། དེ་ནི་མདོར་བསྡུས་ན་རྣམ་པ་བཅུར་རིག་པར་བྱ་སྟེ། སྐུ་ལ་མཆོད་པ་དང༌། མཆོད་རྟེན་ལ་མཆོད་པ་དང༌། མངོན་སུམ་དུ་མཆོད་པ་དང༌། མངོན་སུམ་དུ་མ་ཡིན་པར་མཆོད་པ་དང༌། བདག་གིས་བྱས་པའི་མཆོད་པ་དང༌། གཞན་བྱེད་དུ་བཅུག་པའི་མཆོད་པ་དང༌། རྙེད་པ་དང་བཀུར་སྟིའི་མཆོད་པ་དང༌། རྒྱ་ཆེན་པོའི་མཆོད་པ་དང༌། ཀུན་ནས་ཉོན་མོངས་པ་མ་ཡིན་པའི་མཆོད་པ་དང༌། བསྒྲུབ་པའི་མཆོད་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུ་ཉིད་ལ་མཆོད་པར་བྱེད་པ་དེ་ནི། དེའི་སྐུ་ལ་མཆོད་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་དེའི་ཕྱིར། མཆོད་རྟེན་ནམ་གཙང་ཁང་བྱུར་བུའམ་མཆོད་རྟེན་གསར་བ་ལ་མཆོད་པ་བྱེད་པ་དེ་ནི། དེའི་མཆོད་རྟེན་ལ་མཆོད་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་སྐུའམ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མངོན་སུམ་དུ་གྱུར་པར་དབང་པོ་ལ་སྣང་བར་མངོན་སུམ་དུ་མཆོད་པ་དེ་ནི། དེའི་མངོན་སུམ་དུ་མཆོད་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མངོན་སུམ་དུ་མཆོད་པ་ན་ལྷག་པའི་བསམ་པ་དང་ལྡན་པ་དང༌། དགའ་བ་དང་ལྡན་པའི་སེམས་མངོན་དུ་བྱེད་དོ། །དེ་བཞིན་གཤེགས་པའི་གཅིག་གི་ཆོས་ཉིད་གང་ཡིན་པ་དེ་ནི་འདས་པ་དང་མ་བྱོན་པ་དང༌། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཉིད་ཡིན་ལ། དེ་བཞིན་གཤེགས་པའི་མཆོད་རྟེན་གཅིག་གི་ཆོས་ཉིད་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ཐམས་ཅད་ཀྱི་ཆོས་ཉིད་ཡིན་ཏེ། དེའི་ཕྱིར་དེ་བཞིན་གཤེགས་པའི་མངོན་སུམ་དུ་གྱུར་པ་འདི་ལ་ཡང་མཆོད་པར་བྱའོ། །འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཡང་མཆོད་པར་བྱའོ། །དེ་བཞིན་གཤེགས་པའི་མཆོད་རྟེན་མངོན་དུ་གྱུར་པ་འདི་ལ་ཡང་མཆོད་པར་བྱའོ། །དེ་མ་ཡིན་པའི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དེ་དག་ན་མཆོད་རྟེན་དང༌། གཙང་ཁང་བྱུར་བུ་དང༌། གཙང་ཁང་མཆོད་རྟེན་རྙིང་པ་དང༌། མཆོད་རྟེན་གསར་པ་བཞུགས་པ་ཐམས་ཅད་ལ་ཡང་མཆོད་པར་བྱའོ། །སྙམ་པ་དེ་ནི་རེ་ཞིག་བྱང་ཆུབ་སེམས་དཔའི་དེ་བཞིན་གཤེགས་པ་དང༌། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མངོན་སུམ་དང༌། མངོན་སུམ་མ་ཡིན་པ་འབའ་ཞིག་མཆོད་པ་ཡིན་པར་རིག་པར་བྱའོ། །དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ན་དེ་བཞིན་གཤེགས་པའི་ཕྱིར། བྱང་ཆུབ་སེམས་དཔའི་དེ་བཞིན་གཤེགས་པའི་སྐུའམ། མཆོད་རྟེན་ནམ། གཙང་ཁང་བྱུར་བུའམ། གཙང་ཁང་གཅིག་གམ་གཉིས་སམ། མང་པོ་ནས་བྱེ་བ་ཕྲག་འབུམ་གྱི་བར་དུ་ཅི་ནུས་ཅི་ལྕོགས་ཀྱི་བྱེད་དུ་འཇུག་པ་དེ་ཡང༌། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་རྣམས་ལ་མངོན་སུམ་མ་ཡིན་པའི་མཆོད་རྟེན་རྒྱ་ཆེན་པོ་བསོད་ནམས་ཚད་མེད་པའི་འབྲས་བུ་ཅན་ཚངས་པ་དུ་མའི་བསོད་ནམས་ཀྱི་ཡོངས་སུ་ཟིན་ཏེ། དེས་བྱང་ཆུབ་སེམས་དཔའི་བསྐལ་པ་ཆེན་པོ་བསྐལ་པ་དུ་མར་ལོག་པར་ལྟུང་བར་མི་འགྱུར་ལ། གཞི་དེ་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཚོགས་ཀྱང་ཡོངས་སུ་རྫོགས་པར་མི་བྱེད་པར་ཡང་མི་འགྱུར་རོ། །དེ་ལ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་མཆོད་རྟེན་ཁོ་ན་ལ་མཆོད་པར་བྱེད་པ་གང་ཡིན་པ་དེ་ནི་རེ་ཞིག་བསོད་ནམས་ཀྱི་འབྲས་བུ་རྒྱ་ཆེ་བར་བལྟ་བར་བྱའོ། །མངོན་སུམ་དང་མངོན་སུམ་མ་ཡིན་པར་ཐུན་མོང་གིས་མཆོད་པའི་བསོད་ནམས་ཀྱི་འབྲས་བུ་ནི་དེ་བས་ཀྱང་ཤིན་ཏུ་རྒྱ་ཆེ་བར་བལྟ་བར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མཆོད་པར་བྱེད་པར་འདོད་པས། བདག་ཉིད་ཀྱི་རང་གི་ལག་གིས་བྱེད་དེ། ལེ་ལོ་དང༌། སྙོམ་ལས་དང༌། བག་མེད་པའི་གནས་ལ་བརྟེན་ཏེ། བྲན་དང༌། བྲན་མོ་དང༌། ལས་བྱེད་པ་དང༌། ཞོ་ཤས་འཚོ་བ་དང༌། མཛའ་བཤེས་དང༌། གྲོས་གྲོགས་དང༌། སྣག་གི་གཉེན་མཚམས་རྣམས་བྱེད་དུ་འཇུག་པ་དེ་ནི་བྱང་ཆུབ་སེམས་དཔའ་དག་གིས་བྱས་པའི་མཆོད་པ་ཡིན་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མཆོད་པ་བྱ་བར་འདོད་པས་བདག་ཉིད་འབའ་ཞིག་མི་བྱེད་པར། ཕ་མ་གཉིས་ཀྱང་བྱེད་དུ་འཇུག་པ་དང༌། བུ་དང་ཆུང་མ་དང༌། བྲན་དང་བྲན་མོ་དང༌། ལས་བྱེད་དང༌། ཞོ་ཤས་འཚོ་བ་རྣམས་དང༌། མཛའ་བཤེས་གྲོས་གྲོགས་དང༌། ཉེ་དུ་དང༌། སྣག་གི་གཉེན་མཚམས་རྣམས་དང༌། གཞན་རྒྱལ་པོ་རྣམས་དང༌། བློན་པོ་རྣམས་དང༌། བྲམ་ཟེ་རྣམས་དང༌། ཁྱིམ་བདག་རྣམས་དང༌། གྲོང་རྡལ་རྣམས་དང༌། གདུལ་བྱའི་མི་རྣམས་དང༌། ཕྱུག་པོ་རྣམས་དང༌། ཚོང་དཔོན་རྣམས་དང༌། ཐ་ན་སྐྱེས་པ་དང༌། བུད་མེད་དང༌། ཁྱེའུ་དང༌། བུ་མོ་རྣམས་དང༌། བཀྲེས་པ་རྣམས་དང༌། སྡུག་བསྔལ་བ་རྣམས་དང༌། རིགས་ངན་ཡན་ཆད་ཀྱང་བྱེད་དུ་འཇུག་པ་དང༌། དེ་བཞིན་དུ་མཁན་པོ་དང༌། སློབ་དཔོན་རྣམས་དང༌། ལྷན་ཅིག་གནས་པའི་སློབ་མ་རྣམས་དང༌། ཚངས་པ་མཚུངས་པར་སྤྱོད་པ་རབ་ཏུ་བྱུང་བ་རྣམས་དང༌། གཞན་མུ་སྟེགས་ཅན་རབ་ཏུ་བྱུང་བ་རྣམས་ཀྱང་དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མཆོད་པ་བྱེད་དུ་འཇུག་པ་དེ་ནི་བྱང་ཆུབ་སེམས་དཔའ་བདག་དང་གཞན་གྱིས་བྱས་པའི་ཐུན་མོང་གི་མཆོད་པ་ཡིན་པར་རིགས་པར་བྱའོ། །བྱང་ཆུབ་སེམས་དཔའ་མཆོད་པར་བྱ་བའི་དངོས་པོ་ཆུང་ངུ་ཡོད་ལ། སྙིང་རྗེ་དང་ལྡན་པའི་སེམས་ཀྱིས་སེམས་ཅན་སྡུག་བསྔལ་བ་བསོད་ནམས་ཆུང་ཞིང་མི་ནུས། བདག་གིས་དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་བྱ་བ་བྱས་ན་བདེ་བར་འགྱུར་རོ། །སྙམ་ནས་དངོས་པོ་དེ་བསམ་བཞིན་དུ་གཞན་དག་ཁོ་ན་ལ་སྦྱིན་པར་བྱེད་ལ། གཞན་དག་གིས་ཀྱང་དངོས་པོ་དེས་དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མཆོད་པ་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་ལས་བྱེད་པ་དེ་ནི། བྱང་ཆུབ་སེམས་དཔའི་ཕ་རོལ་འབའ་ཞིག་གིས་བྱས་པའི་མཆོད་པ་ཡིན་པར་རིག་པར་བྱའོ། །དེ་ལ་བདག་འབའ་ཞིག་བྱས་པ་གང་ཡིན་པ་དེ་ནི་བསོད་ནམས་ཀྱི་འབྲས་བུ་ཆེན་པོ་ཡིན་ནོ། །གཞན་འབའ་ཞིག་བྱེད་དུ་བཅུག་པ་གང་ཡིན་པ་དེ་ནི་བསོད་ནམས་ཀྱི་འབྲས་བུ་ཆེ་བ་ཡིན་ནོ། །ཐུན་མོང་མ་ཡིན་པ་དེ་ནི་བསོད་ནམས་ཀྱི་འབྲས་བུ་ཤིན་ཏུ་སྟེ། གོང་ནས་མེད་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ན་བཟའ་འམ། ཞལ་ཟས་དང༌། གཟིམས་ཆ་དང༌། གདན་དང༌། སྙུན་གྱི་གསོས་སྨན་དང༌། ཡོ་བྱད་རྣམས་དང༌། གུས་པར་སྨྲ་བ་དང༌། ཕྱག་འཚལ་བ་དང༌། མངོན་དུ་ལྟ་བ་དང༌། ཐལ་མོ་སྦྱར་བ་དང༌། མཆོད་པ་ལ་བདུག་པའི་སྤོས་རྣམས་དང༌། ཕྱེ་མའི་སྤོས་རྣམས་དང༌། བྱུག་པའི་སྤོས་རྣམས་དང༌། མེ་ཏོག་གི་ཕྲེང་བ་རྣམ་པ་སྣ་ཚོགས་དང༌། རོལ་མོའི་སྒྲ་རྣམ་པ་སྣ་ཚོགས་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་དང༌། མར་མེ་རྣམ་པ་སྣ་ཚོགས་འབུལ་བ་དང༌། བསྟོད་པ་རྣམ་པ་སྣ་ཚོགས་པ་དང༌། ཡན་ལག་ལྔས་ཕྱག་བྱས་པ་དང༌། གཡས་ཕྱོགས་སུ་བསྐོར་བ་དག་གིས་མཆོད་པ་བྱེད་པ་དང༌། དེ་བཞིན་དུ་ཟད་མི་ཤེས་པ་ཅན་གྱི་སྦྱིན་པ་དང༌། ནོར་བུ་དང༌། མུ་ཏིག་དང༌། བཻཌཱུཪྻ་དང༌། དུང་དང༌། མན་ཤེལ་དང༌། བྱུ་རུ་དང༌། རྡོའི་སྙིང་པོ་དང༌། གཡུ་དང༌། གསེར་དང༌། དངུལ་དང༌། པད་མ་རཱ་ག་དང༌། གཡས་སུ་འཁྱིལ་བ་ལ་སོགས་པ་རིན་པོ་ཆེ་རྣམ་པ་འབུལ་བ་དང༌། ནོར་བུས་སྤྲས་པའི་རྣ་ཆ་གདུབ་ཀོར་དང༌། དཔུང་རྒྱན་རྣམས་འབུལ་བ་དང༌། ཐ་མ་ལ་དྲིལ་བུ་འབུལ་བ་དང༌། ཀརྵ་པ་ཎི་སྟེར་བ་དང༌། སྲང་བུས་དཀྲིས་པ་རྣམས་ཀྱིས་མཆོད་པར་བྱེད་པ་དེ་ནི། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་རྙེད་པ་དང༌། བཀུར་སྟིས་མཆོད་པ་ཡིན་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་རྙེད་པ་དང༌། བཀུར་སྟི་དེ་དག་ཉིད་ཀྱིས་ཡུན་རིང་པོར་མཆོད་པ་བྱེད་དོ། །དངོས་པོ་མང་པོ་དང༌། དངོས་པོ་གྱ་ནོམ་པ་དང༌། མངོན་སུམ་མ་ཡིན་པ་དང༌། བདག་གིས་བྱས་པ་དང༌། གཞན་གྱིས་བྱས་པ་དང༌། སྙིང་ཐག་པ་ནས་དགའ་བ་མངོན་དུ་གྱུར་ཅིང་མོས་པ་དྲག་པོས་མཆོད་པ་བྱེད་ལ། དགེ་བའི་རྩ་བ་དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པར་བྱེད་པ་དེ་ནི། བྱང་ཆུབ་སེམས་དཔའི་མཆོད་པ་རྣམ་པ་རྒྱ་ཆེ་བ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་རང་གི་ལག་གིས་བྱ་བ་བྱེད་དེ། ཁྱད་དུ་གསོད་པའམ། བག་མེད་པའམ། ལེ་ལོས་གཞན་དག་བྱེད་དུ་མི་འཇུག་པ་དང༌། གུས་པར་བྱེད་དེ། མ་གུས་པས་བྱེད་པ་མ་ཡིན་པ་དང༌། སེམས་མི་གཡེང་བས་བྱེད་པ་དང༌། སེམས་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པས་བྱེད་པ་དང༌། སངས་རྒྱས་ལ་མངོན་པར་དད་པའི་རྒྱལ་པོ་ལ་སོགས་པའི་སེམས་ཅན་རྒྱ་ཆེན་པོ་དག་ལ་རྙེད་པ་དང༌། བཀུར་སྟིའི་རྒྱུ་ཚུལ་འཆོས་པའི་ཕྱིར་མི་བྱེད་པ་དང༌། མཐུན་པའི་དངོས་པོ་མཆོད་པར་བྱེད་དོ། །ལྡོང་རོས་ཀྱིས་བྱུག་པ་དང༌། མར་ཁུས་བཀྲུས་པ་དང༌། གུ་གུལ་གྱིས་བདུག་པ་དང༌། ཨརྒའི་མཆོད་རྟེན་ལ་སོགས་པ་དང༌། གཞན་ཡང་ཡོ་བྱད་རུང་བ་མ་ཡིན་པ་དག་གིས་མི་བྱེད་པ་འདི་ནི་བྱང་ཆུབ་སེམས་དཔའི་མཆོད་པ་རྣམ་པ་དྲུག་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པར་རིག་པར་བྱའོ། །རྙེད་པ་དང་བཀུར་སྟིའི་མཆོད་པ་བྱ་བ་དང༌། ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པར་དེ་ཡང་བྱང་ཆུབ་སེམས་དཔའི་ལོངས་སྤྱོད་ཀྱི་གཞི་ཞོ་ཤས་སྒྲུབ་པ་རྣམས་སམ། གཞན་ཡང་ཡོངས་སུ་བཙལ་པ་རྣམས་སམ། ཡོ་བྱད་ལ་དབང་ཐོབ་པ་རྣམས་ཀྱིས། དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མཆོད་པར་བྱེད་དེ། དེ་ལ་ཡོ་བྱད་ལ་དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་ལུས་གཉིས་སམ། གསུམ་མམ། ལུས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མའི་བར་དག་མངོན་པར་སྤྲུལ་ནས་ལུས་དེ་དག་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་རྣམས་ལ་ཕྱག་འཚལ་ཏེ། ལུས་དེ་དག་རེ་རེ་ལའང་ལག་པ་བརྒྱའམ། ལག་པ་སྟོང་ངམ། དེ་བས་ཀྱང་ལྷག་པ་དག་སྤྲུལ་ནས་ལག་པ་དེ་དག་ཐམས་ཅད་ཀྱིས་ལྷའི་ལས་ཡང་དག་པར་འདས་པའི་མེ་ཏོག་མཆོག་ཏུ་དྲི་ཞིམ་པ་མཆོད་དུ་འོང་བ་དག་གིས་དེ་བཞིན་གཤེགས་པ་དེ་དག་ལ་མངོན་པར་འཐོར་བ་དང༌། ལུས་དེ་དག་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པའི་ཡང་དག་པའི་ཡོན་ཏན་དང་ལྡན་པའི་བསྟོད་པ་ཤིན་ཏུ་རྒྱ་ཆེན་པོ་དག་གིས་བསྟོད་ཅིང༌། ལུས་དེ་དག་ཐམས་ཅད་ཀྱིས་དཔུང་རྒྱན་དང༌། ནོར་བུས་སྤྲས་པའི་རྣ་ཆ་གདུབ་ཀོར་རྣམས་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་རྣམ་པ་སྣ་ཚོགས་མཆོག་ཏུ་གྱུར་པ་གྱ་ནོམ་པ་དག་དེ་བཞིན་གཤེགས་པ་རྣམས་ལ་འབུལ། འདོགས་པར་བྱེད་དེ། དེ་ལྟ་བུ་དང་མཐུན་པའི་ཡོ་བྱད་ལ་དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་ནི་རང་གི་སེམས་ལ་དབང་ཡོད་པའི་མཆོད་པ་བྱེད་དེ། དེས་ནི་སངས་རྒྱས་འབྱུང་བ་ལ་རེ་བ་བྱ་ཞིང་དོན་དུ་གཉེར་བར་བྱ་མི་དགོས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་ཕྱིར་མི་ལྡོག་པའི་ས་ལ་ཞུགས་པས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཐོགས་པ་མེད་པར་འགྲོ་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའི་ལོངས་སྤྱོད་རང་གི་ཞོ་ཤས་བསྒྲུབ་པ་ཡང་མེད་ལ། གཞན་ལས་ཡོངས་སུ་བཙལ་ཏེ་རྙེད་པ་མེད། བྱང་ཆུབ་སེམས་དཔའི་ཡོ་བྱད་ལ་དབང་ཐོབ་པ་ཡང་མ་ཡིན་ན་ཡང༌། དེ་བཞིན་གཤེགས་པའི་མཆོད་པ་གང་ཅི་ཡང་རུང་བ་འཛམ་བུའི་གླིང་ངམ། གླིང་བཞི་པའམ། སྟོང་ངམ། སྟོང་གཉིས་སམ། སྟོང་གསུམ་གྱི་སྟོང་ཆེན་པོའམ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་ན་ཆུང་དང༌། འབྲིང་དང༌། ཆེན་པོ་ཡོད་པ་དེ་དག་ཐམས་ཅད་ཀྱང༌། བྱང་ཆུབ་སེམས་དཔའ་དད་པ་ཅན་གྱིས་དགའ་བ་དང༌། ལྡན་པ་དང༌། རྒྱ་ཆེན་པོ་ལ་མོས་པ་ལྡན་པའི་སེམས་ཀྱིས་ཁྱབ་པར་བྱས་ནས། རྗེས་སུ་ཡི་རང་བར་བྱེད་དེ། དེ་ཡང་བྱང་ཆུབ་སེམས་དཔའི་ཚོགས་ཆུང་ངུ་དེ་བཞིན་གཤེགས་པ་ལ་མཆོད་པ་ཆེན་པོ་ཚད་མེད་པ་བྱང་ཆུབ་ཀྱི་ཚོགས་ཆེན་པོས་ཡོངས་སུ་བསྡུད་པ་ཡིན་ཏེ། དེ་ལ་ནི་བྱང་ཆུབ་སེམས་དཔའ་རྟག་ཏུ་རྒྱུན་མི་འཆད་པར་སེམས་བདེ་བ་དང་སེམས་དགའ་བས་བརྩོན་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་ནི་ཅུང་ཟད་ཙམ་ཡུད་ཙམ་གྱིས་བར་དུ་ཡང་སེམས་ཅན་སྲོག་ཆགས་འབྱུང་པོ་ཐམས་ཅད་ལ་བྱམས་པའི་སེམས་སྒོམ་པར་བྱེད། སྙིང་རྗེ་དང་ལྡན་པ་དང༌། དགའ་བ་དང་ལྡན་པ་དང༌། བཏང་སྙོམས་དང་ལྡན་པའི་སེམས་སྒོམ་པར་བྱེད། དེ་བཞིན་དུ་འདུ་བྱེད་ཐམས་ཅད་ལ་མི་རྟག་པའི་འདུ་ཤེས་དང༌། སྡིག་པ་ལ་སྡུག་བསྔལ་གྱི་འདུ་ཤེས་དང༌། སྡུག་བསྔལ་བ་ལ་བདག་མེད་པའི་འདུ་ཤེས་དང༌། མྱ་ངན་ལས་འདས་པ་ལ་ཕན་ཡོན་གྱི་འདུ་ཤེས་སྒོམ་པར་བྱེད། དེ་བཞིན་དུ་དེ་རྗེས་སུ་དྲན་པ་དང༌། ཆོས་དང༌། དགེ་འདུན་དང༌། ཕ་རོལ་ཏུ་ཕྱིན་པ་རྗེས་སུ་དྲན་པ་སྒོམ་པར་བྱེད། དེ་བཞིན་དུ་ཅུང་ཟད་ཅུང་ཟད་ཙམ་ཡུད་ཙམ་ཡུད་ཙམ་ལ་ཡང་ཆོས་ཐམས་ཅད་ལ་བཟོད་པ་ཆུང་ངུ་ཤེས་པ་སངས་རྒྱས་ཕྱོགས་གཅིག་པས་ཀྱང༌། བརྗོད་དུ་མེད་པའི་ཕན་ཡོན་གྱིས་ངོ་བོ་ཉིད་དེ་བཞིན་ཉིད་ལ་མོས་ཤིང་རྣམ་པར་མི་རྟོག་པ་དང༌། མཚན་མེད་པའི་སེམས་ཀྱིས་གནས་པར་བྱེད་ན། དེའི་གོང་དང༌། དེ་ལས་ལྷག་པར་ལྟ་ཅི་སྨོས། དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡོངས་སུ་བསྲུང་བ་དང༌། ཞི་གནས་དང༌། ལྷག་མཐོང་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་བརྩོན་པར་བྱེད་པ་དང༌། དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་རྣམས་དང༌། བསྡུ་བའི་དངོས་པོ་རྣམས་ལ་ཡང་དག་པར་བརྩོན་པར་བྱེད་པ་དེ་ནི་བྱང་ཆུབ་སེམས་དཔའི་བསྒྲུབ་པར་གཏོགས་པས། དེ་བཞིན་གཤེགས་པ་ལ་མཆོད་པའི་དམ་པ་དང༌། གྱ་ནོམ་པ་གོང་ན་མེད་པ་ཡིན་ཏེ། སྔ་མ་རྙེད་པ་དང༌། བཀུར་སྟིའི་མཆོད་པ་དང༌། རྣམ་པ་ཐམས་ཅད་པ་ཡང་མཆོད་པ་དེའི་བརྒྱའི་ཆར་ཡང༌། སྟོང་གི་ཆ་ཡང་ཉེ་བར་མི་འགྲོ་བ་ནས་རྒྱས་པར་རྒྱུའི་བར་དུ་ཡང་ཉེ་བར་མི་འགྲོ་སྟེ། དེ་ནི་རྣམ་པ་བཅུ་པོ་དེ་དག་གིས་དེ་བཞིན་གཤེགས་པ་མཆོད་པའི་རྣམ་པ་ཐམས་ཅད་ཡིན་པར་རིག་པར་བྱའོ། །དེ་བཞིན་གཤེགས་པ་ལ་མཆོད་པ་ཇི་ལྟ་བ་བཞིན་དུ་ཆོས་ལ་མཆོད་པ་དང༌། དགེ་འདུན་ལ་མཆོད་པ་ཡང་དེ་དང་འདྲ་བར་ཅི་རིགས་པར་རིག་པར་བྱའོ། །དེ་ལ་དཀོན་མཆོག་གསུམ་ལ་མཆོད་པ་རྣམ་པ་བཅུ་པོ་དེ་དག་བྱེད་པའི་བྱང་ཆུབ་སེམས་དཔའ་ནི་དེ་བཞིན་གཤེགས་པ་དམིགས་པའི་ལྷག་པའི་བསམ་པ་དྲུག་གིས་བྱེད་དེ། ཡོན་ཏན་གྱི་ཞིང་བླ་ན་མེད་པའི་ལྷག་པའི་བསམ་པ་དང༌། ཕན་འདོགས་པའི་བླ་ན་མེད་པའི་ལྷག་པའི་བསམ་པ་དང༌། རྐང་མེད་དང༌། རྐང་གཉིས་དང༌། ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པའི་ལྷག་པའི་བསམ་པ་དང༌། ཨུ་དུམ་བཱ་རའི་མེ་ཏོག་ཤིན་ཏུ་དཀོན་པའི་ལྷག་པའི་བསམ་པ་དང༌། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་གཅིག་པུ་འབྱུང་སྟེ། འབའ་ཞིག་པའི་ལྷག་པའི་བསམ་པ་དང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པའི་དོན་ཐམས་ཅད་སྟོན་པའི་ལྷག་པའི་བསམ་པ་སྟེ། དེའི་ལྷག་པའི་བསམ་པ་དྲུག་པོ་འདི་དག་གིས་དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་ཆོས་སམ། དེའི་དགེ་འདུན་ལ་མཆོད་པ་བྱས་པ་ནི་ཆུང་ངུ་ཡང་འབྲས་བུ་དཔག་ཏུ་མེད་པར་གྱུར་ན་མང་པོ་ལྟ་ཅི་སྨོས། ཞེས་འཕགས་པ་ཐོགས་མེད་ཀྱི་ཞལ་སྔ་ནས་གསུངས།

སྟོང་པ་ཉིད་སྨྲ་བའི་མཆོག་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང༌། སངས་རྒྱས་སྐུ་གཟུགས་མཆོད་རྟེན་ཅན། །གཙུག་ལག་ཁང་དག་གུས་ཚུལ་དུ། །ཤིན་ཏུ་རྒྱ་ཆེན་གནས་མཆོག་ཏུ། །རྒྱལ་ཆེན་ཕྱུག་པར་སྒྲུབ་པར་མཛོད། །རིན་ཆེན་ཀུན་ལ་བགྱིས་པ་ཡིས། །སངས་རྒྱས་སྐུ་གཟུགས་དབྱིབས་མཛེས་ཤིང༌། །ལེགས་པར་བྲིས་པ་པད་མ་ལ། །བཞུགས་པ་དག་དང་རིན་པོ་ཆེ། །ཀུན་གྱིས་བརྒྱན་པ་བགྱིད་དུ་གསོལ། །དམ་ཆོས་དགེ་སློང་དགེ་འདུན་དག། ནན་ཏན་ཀུན་གྱིས་བསྐྱང་བར་མཛོད། །གསེར་དང་རིན་ཆེན་འདྲ་བ་དག །ཉིད་ཀྱིས་མཆོད་རྟེན་རྣམས་ལ་ཐོགས། །གསེར་དང་དངུལ་དང་མུ་ཏིག་དང༌། །རྡོ་རྗེ་བྱུ་རུ་མུ་ཏིག་དང༌། །ཨན་ད་རྙིལ་དང་བཻཌཱུཪྻ། །མཐོན་ཀ་ཆེན་པོས་མཆོད་རྟེན་མཆོད། །དམ་ཆོས་སྨྲ་བ་མཆོད་པ་ཡིན། །རྙེད་དང་བཀུར་སྟི་དང་ལྡན་པ། །དགའ་བར་འགྱུར་བ་རྣམ་བགྱིས་ཏེ། །ཆོས་དྲུག་གུས་པས་བསྟེན་པར་མཛོད། །ཅེས་པ་དང༌། ཡང༌། མཆོད་རྟེན་མར་མེའི་ཕྲེང་བ་དང༌། །མུན་པ་དག་ཏུ་སྒྲོན་མེ་དང༌། །མར་མེ་འབྲུ་མར་བྱིན་པ་ཡིས། །ལྷ་ཡི་མིག་ནི་ཐོབ་པར་འགྱུར། །མཆོད་རྟེན་མཆོད་པའི་རོལ་མོ་དང༌། །དྲིལ་བུ་དག་ནི་ཕུལ་བ་དང༌། །དུང་དང་རྔ་ནི་རབ་ཕུལ་བས། །ལྷ་ཡི་རྣ་བ་ཐོབ་པར་འགྱུར། །ཞེས་པ་དང༌། སྔོན་གྱི་རྒྱལ་པོས་ཆོས་ཀྱི་གཞི། །ལྷ་ཁང་ལ་སོགས་གཞན་བགྱིས་པ། །གང་དག་ལག་པ་དེ་དག་ཀྱང༌། །སྦར་ལུགས་བཞིན་དུ་བསྐྱང་བར་མཛོད། །ཅེས་གསུངས་སོ། །

གཞན་ཡང་བཀའ་དང་བསྟན་ཆོས་རྣམ་པར་དག་པ་མང་ཞིང༌། ཆེས་མང་བ་དག་ལ་དཀོན་མཆོག་ངོ་མཚར་ཆེ་ཞིང་བྱིན་རླབས་ཆེ་བ་ཇི་ལྟ་བ་བཞིན་དུ། དེའི་རྟེན་གསུམ་ཡང་ཤིན་དུ་ངོ་མཚར་ཆེ་ཞིང་བྱིན་རླབས་ཆེ་བས་དེ་དག་ལ་བྱ་བ་ཆུང་ངུ་ཙམ་ཡང་བྱས་ཀྱང༌། བསོད་ནམས་དཔག་ཏུ་མེད་ན་ཆེ་སྟེ་བྱས་པ་དག་ལ་ལྟ་ཅི་སྨོས། ཞེས་པར་སྟོན་པའི་ལུང་ཤིན་ཏུ་མང་བར་སྣང་ནའང་འདིར་ཡི་གེ་མང་དུ་དོགས་ནས་མ་བྲིས་པས། རྒྱས་པར་གཞུང་ལུགས་ཟབ་མོ་རྣམ་པར་དག་པ་མང་དུ་ལྟ་ཞིང་ཉན་དགོས་པར་སྣང་ངོ༌། །དེ་ལྟར་མ་ཡིན་ན་དགེ་བ་རྗེས་ཅན་མི་བཟང་ཞེས་པ་ལ་སོགས་པ་དང༌། གྲོག་བུར་ལ་སོགས་པ་ཞོར་ལ་འཆི་བས་དགེ་སྡིག་གང་ཆེ་མི་ཤེས་ཞེས་པ་ལ་སོགས་པ་ཆོས་རྒྱུས་ཆུང་བ་རྣམས་ལ་ནག་ཕྱོགས་ཀྱི་མི་མ་ཡིན་པ་རྣམས་ཀྱིས་བསྐུལ་ནས། མི་རྣམས་ཀྱང་སྨྲ་བར་འགྱུར་བས་སེམས་ཅན་མང་པོ་ལ་དགེ་བ་སྟོབས་ཅན་མང་པོའི་སྒོ་བགག་པར་འགྱུར་བའི་ཕྱིར་རོ། །དེ་སྐད་སྨྲ་བ་དེ་དག་གིས་ནི་མུ་སྟེགས་གཅེར་བུ་བའི་ལུས་ཀྱང་ཁས་བླངས་པར་འགྱུར་ཏེ། ཇི་སྐད་དུ། གཅེར་བུ་ཀུན་དགའ་ར་བ་སོགས། །རྩིག་པ་སྡིག་པའི་རྒྱུ་ཞེས་ཟེར། །ཐམས་ཅད་མཁྱེན་པ་ཁྱེད་ཀྱིས་ནི། །དེ་ཉིད་བསོད་ནམས་རྒྱུ་ཞེས་གསུངས། །ཞེས་ཁྱད་པར་དུ་འཕགས་པའི་བསྟོད་པར། སློབ་དཔོན་མཐོང་བཙུན་གྲུབ་རྗེས་གསུངས་པ་ཡང༌། མ་མཐོང་ཞིང་མ་ཐོས་པ་ཉིད་དུ་ཟད་དོ། །བདག་གཞན་ཀུན་གྱིས་ཐོག་མེད་དུས་ན་ཡང་ཡང་བསགས་པའི་སྡིག་ཀུན་དྲུངས་ནས་ཕྱུང་བ་དང༌། །ཀུན་མཁྱེན་ཡེ་ཤེས་ཟག་མེད་ཡོན་ཏན་འཕྲིན་ལས་ཕུན་སུམ་ཚོགས་པར་མཁའ་ཁྱབ་སྒྲུབ་པ་དང༌། །སྨོན་ལམ་རྒྱ་མཚོ་ཡོངས་སུ་རྫོགས་ཤིང་ཞིང་ཁམས་རྒྱ་མཚོ་ཡོངས་སུ་རྫོགས་པར་བྱ་བ་དང༌། །སེམས་ཅན་རྒྱ་མཚོ་ཡོངས་སྨིན་བྱ་ཕྱིར་དགེ་བའི་རྒྱ་མཚོ་སྒོ་མང་བརྒྱ་ནས་བསྒྲུབ་པར་རིག །དེ་ཕྱིར་བདག་ནི་ཆོས་ཀྱི་སྒོ། །བརྒྱད་ཁྲི་བཞི་སྟོང་རབ་ཕྱེ་ནས། །འགྲོ་ཀུན་ཐམས་ཅད་མཁྱེན་པའམ། །གོ་འཕང་མཆོག་ལ་འགོད་པར་སྤྲོ། །འདི་འདྲའི་ཆོས་ཀྱི་སྒོ་འདི་ཡང༌། །ཕྱོགས་མེད་ཆོས་ལ་མོས་པ་ཡིས། །རྒྱལ་ཁམས་ཕྱོགས་མེད་རིས་མེད་པས། །རྒྱལ་བའི་བཀའ་བཞིན་བཀོད་པ་ཡིན། །འདི་ལ་བརྟེན་ནས་ཀྱང་སེམས་ཅན་ཐམས་ཅད་ཀྱིས་ཆོས་ཕྱོགས་རེ་ལ་ཞེན་ཅིང༌། ཕྱོགས་གཞན་སུན་འབྱིན་པ་སྤང་སྟེ། ཕྱོགས་མེད་རབ་འབྱམས་རྟོགས་ནས་དགེ་བའི་ཚོགས་ཀྱི་སྒོ་དུ་མ་ལ་འཇུག་པར་གྱུར་ཅིག །

སངས་རྒྱས་ཀྱི་ཡོན་ཏན་ལ་ཤེས་ནས་དད་པ་ཐོབ་པར་བྱེད་པའི་ཐབས་མཆོག་ཅེས་བྱ་བ་ཕན་སེམས་འགའ་ཞིག་གིས་བཀོད་པ་རྫོགས་སོ།། །།མངྒ་ལཾ། བྷ་ཝནྟུ།

ཆོས་ཀྱི་སྒོ་ཆེན་མང་དུ་འབྱེད་པའི་ཐབས་མཆོག་ཅེས་བྱ་བ་བཞུགས་སོ། །

ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭེ་བྷྱོ་ན་མོ་ན་མཿ ཆོས་ཀྱི་སྒོ་ཆེན་མང་དུ་འབྱེད་པའི་ཐབས་མཆོག་ཅེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །

གང་གི་རང་བཞིན་ནམ་མཁའི་དབྱིངས་ལྟར་གདོད་ནས་དག་ཅིང་ཉེ་བར་ཞི། །མ་སྐྱེས་མ་འགགས་རྒྱུ་དང་རྐྱེན་མེད་ཐོག་མཐའ་དབུས་མེད་ལ། །རྡུལ་བྲལ་ཚད་མེད་སྤྲོས་པ་མེད་ཅིང་རྣམ་པར་དབེན་པ་ཆོས་ཀྱི་སྐུ། །རྒྱལ་བ་རྣམས་ཀྱི་སོ་སོ་རང་གི་ཡེ་ཤེས་དཔེ་མེད་དབྱིངས་ལ་འདུད། །ཁྱེད་ནི་ཕྲ་རབ་རྡུལ་ལས་འདས་ཀྱང་སྣ་ཚོགས་གཟུགས་ཀྱི་རྣམ་པ་ཅན། །སྲིད་པ་གསུམ་ལས་ཤིན་ཏུ་འདས་ཀྱང་ཤིན་ཏུ་དང་བའི་སྲིད་པ་གསུམ། །དུས་གསུམ་དངོས་པོ་ཀུན་ཏུ་སྣང་ཡང་མཁའ་ལྟར་ཤིན་ཏུ་རོ་གཅིག་དང༌། །པྲ་ཕབ་བརྒྱད་དང་མཚུངས་པར་སྣང་ཡང་དཔེར་བྱ་ཀུན་ལས་འདས་པ་ལགས། །སེམས་དང་སེམས་བྱུང་ནུབ་པར་གྱུར་ཀྱང་ཇི་བཞིན་ཇི་སྙེད་གཟིགས་པ་ཅན་ཡང་རྟག་ཏུ་སེམས་ཅན་དོན་མི་འདོར། །མཁའ་ལྟར་མེད་པར་བཞུགས་ཀྱང་ཡིད་རབ་མགྱོགས་པས་ཀུན་ཏུ་གཤེགས། །དེ་ལྟར་འགལ་བ་དུ་མ་འདུས་ཀྱང་འགལ་བའི་སྐྱོན་དང་བྲལ་བ་ལགས། །སེམས་ཅན་ཀུན་གྱི་སྙིང་ལ་བཞུགས་ཀྱང་སེམས་དང་ཡིད་དང་རྣམ་ཤེས་བྲལ། །རྣམ་པར་ཤེས་པའི་ཆོས་ལས་འདས་ཀྱང་གཉིས་མེད་ཡེ་ཤེས་ངང་ཚུལ་ཅན། །རྟག་ཏུ་ཆགས་བྲལ་ལུས་ལས་འདས་ཀྱང་འདོད་ཆགས་ཆེན་པོས་མཁའ་དབྱིངས་ཁྱབ། །ཞེ་སྡང་སྦྲུལ་གདུག་བསད་པར་གྱུར་ཀྱང་ཞེ་སྡང་ཆེན་པོས་ཉོན་མོངས་འདུལ། །གཏི་མུག་མུན་པ་མ་ལུས་བཅོམ་ཡང་གཏི་མུག་ཆེན་པོས་རྣམ་སྣང་མཛད། །ཁྲོ་བའི་བུད་ཤིང་མ་ལུས་བསྲེགས་ཀྱང་ཁྲོ་བ་ཆེན་པོ་ཡེ་ཤེས་མེ། །བག་ཆགས་བཅས་པའི་ཉོན་མོངས་བཅོམ་ཡང་ཉོན་མོངས་ཆེན་པོ་བཅོམ་ལྡན་འདས། །ཁྱེད་ལ་ཆ་ཤས་ཡི་གེ་མེད་ཀྱང་ཁྱོད་ཀྱི་ཞབས་ལ་སྤྱི་བོས་འདུད། །མིང་ཚིག་ཡི་གེ་ཀུན་དང་བྲལ་ཡང་ཁྱེད་ཀྱི་གསུང་ནི་འགྲོ་ཀུན་སྐད། །མངོན་པར་འདུ་བྱེད་ཡོང་ཡེ་མེད་ཀྱང་གཞན་དོན་བརྩོན་པ་ཡོང་མི་འདོར། །སྲིད་པའི་སྐྱེ་བ་ཐམས་ཅད་ཟད་ཀྱང་རྟག་ཏུ་སྲིད་པ་ཁོ་ནར་སྐྱེ། །ཆོས་ཀྱི་ཕུང་པོ་མ་ལུས་འདུས་ཀྱང་ཕུང་པོ་ཀུན་དང་བྲལ་བ་ལགས། །དེ་སླད་ཁྱེད་ནི་བསམ་གྱིས་མི་ཁྱབ་ཅིང༌། །ངག་གིས་ཡུལ་ལས་རྣམ་པར་འདས་པས་ན། །བདག་འདྲ་བླུན་པ་རྣམ་པར་འདོམས་པའི་མིས། །ཁྱེད་ཀྱི་རང་བཞིན་བརྗོད་པར་ནུས་མ་ལགས། །དེ་ལྟ་ན་ཡང་བྱིས་པ་མི་ཤེས་པ། །མེ་ལོང་ནང་གི་གཟུགས་ལ་དགའ་བ་ལྟར། ཁྱེད་ཀྱི་གཟུགས་སྐུ་གཟུགས་བརྙན་ལྟ་བུ་ལ། །དགའ་བའི་ཡིད་ཀྱིས་བསྟོད་པ་ལྡབ་ལྡིབ་བརྗོད། །མཚན་གྱི་མེ་ཏོག་རབ་ཏུ་རྒྱས་པའི་སྐུ། །མཐོང་བ་ཙམ་གྱིས་ཡིད་རབ་འཕྲོག་བགྱིད་ཅིང༌། །སྟོན་ཀའི་མཚོ་ལྟར་ཤིན་ཏུ་དྭངས་པའི་ཡིད། །རྒྱས་པར་བགྱིད་སླད་ཤིན་ཏུ་ངོ་མཚར་ལགས། །བསྐལ་པ་བྱེ་བ་དུ་མར་རྒྱལ་སྲིད་དང༌། །སྲས་དང་བཙུན་མོ་ལུས་དང་སྲོག་མང་བཏང༌། །བརྩོན་འགྲུས་བརྟུལ་ཤུགས་ཏུལ་དང་བཟོད་བརྩོན་འགྲུས། །ཤིན་ཏུ་གོམས་སླད་འདི་ལ་ངོ་མཚར་ལགས། །ཁྱེད་ཀྱི་ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་དང༌། །རྣམ་གྲོལ་ཡེ་ཤེས་ཕུང་པོ་ཕ་མཐའ་ཡས། །རྒྱལ་བའི་ཡོན་ཏན་སྟོབས་བཅུ་མི་འཇིགས་སོགས། །མ་འདྲེས་ཆོས་ཀུན་ཡོངས་སུ་རྫོགས་པ་ལགས། །ས་ཡི་དཀྱིལ་འཁོར་ཆེན་པོའི་རྡུལ་ཕྲན་དང༌། །རྒྱ་མཚོའི་ཆུ་ཐིག་བགྲང་བར་ནུས་སྲིད་ཀྱིས། །ཁྱེད་ཀྱི་ཡོན་ཏན་བགྲང་བར་ནུས་མ་ལགས། །དེ་སླད་ཁྱེད་དང་མཚུངས་པ་འགའ་མ་མཆིས། །ལྷ་དང་དྲང་སྲོང་གྲུབ་པ་རིག་འཛིན་དང༌། །དགྲ་བཅོམ་རང་རྒྱལ་རྒྱལ་བའི་སྲས་ཀུན་གྱིས། །བཅོམ་ལྡན་ཁྱེད་ཀྱི་བ་སྤུ་གཅིག་ཉིད་ཀྱིས། །བྱེ་བ་སྟོང་གི་ཆ་ཡང་བཟོད་མ་ལགས། །དེ་སླད་ཁྱེད་ཀྱི་མཚན་ཙམ་ཐོས་པ་འམ། །སྐུ་གཟུགས་མཆོད་རྟེན་མཐོང་བ་ཙམ་གྱིས་ཀྱང༌། །སྡུག་བསྔལ་ཟད་པའི་དབྱིངས་སུ་འཇུག་འགྱུར་ན། །བཀའ་བཞིན་མངོན་སུམ་སྒྲུབ་རྣམས་སྨོས་ཅི་འཚལ། །མགོན་མེད་བདག་ཅག་ཡོངས་སུ་བསྐྱབ་སླད་དུ། །མགོན་པོ་ཁྱེད་ཀྱིས་བསྐལ་པ་བྱེ་བར་ནི། །ཁྲག་ཁྲིག་མང་པོར་དཀའ་བ་ཡང་སྤྱད་ནས། །བླ་མེད་རྫོགས་པའི་བྱང་ཆུབ་དམ་པ་བསྒྲུབས། །རབ་ཏུ་གཅེས་པའི་ནོར་དབྱིག་རིན་ཆེན་མཛོད། །ཡུལ་འཁོར་རྒྱལ་སྲིད་སྲས་དང་བཙུན་མོར་བཅས། །དཔུང་དང་རུས་པ་ཁོར་ཡུག་རི་རབ་ཙམ། །སྤྱན་ཡང་གང་གཱའི་བྱེ་སྙེད་སྩལ་བ་ལགས། །མགོན་པོ་ཁྱེད་ཀྱིས་བདག་ཅག་བསྐྱབ་པའི་སླད། །དམ་ཆོས་བདུད་རྩི་ཡོངས་སུ་ཚོལ་བ་ན། །ཚིགས་སུ་བཅད་པ་རེ་རེའི་ཕྱིར་དུ་ཡང༌། །ལུས་དང་སྲོག་དང་ལོངས་སྤྱོད་ཐམས་ཅད་བཏང༌། །ཨེ་མ་ངོ་མཚར་ཆེན་པོ་བཅོམ་ལྡན་འདས། །སྡུག་བསྔལ་རྒྱ་མཚོ་གཏིང་མཐའ་མེད་ལས་བརྒལ། །ཚང་དབང་གཙུག་གི་ནོར་བུ་ཞབས་ལ་གཏུགས། །ཁྱེད་ནི་དྲན་པ་ཙམ་གྱིས་བ་སྤུ་ གཡོ། །དེ་སླད་ཁྱེད་ལ་དད་པ་བསྐྱེད་ཕྱིར་དང༌། །ཁྱེད་ཀྱི་ཡོན་ཏན་བཀའ་དྲིན་དྲན་ཕྱིར་དང༌། །སེམས་ཅན་ཀུན་གྱི་སྡུག་བསྔལ་ཞི་བྱའི་ཕྱིར། །ཁྱེད་ཀྱིས་མཆོད་རྟེན་དཀའ་བ་མང་པོས་བསྒྲུབས། །ཆུ་ཤིང་ས་རྡོ་སྙིང་པོ་མེད་པ་རྣམས། །སྤོས་མཆོག་རིན་ཆེན་མཆོག་ཏུ་རབ་མོས་ནས། །སྙིང་པོ་དམ་པ་བླང་ཕྱིར་ཁྱེད་ཀྱི་སྐུ། །དད་པས་ཞིང་འདི་རི་རབ་ཙམ་དུ་མོས། །སྐལ་དམན་སེམས་ཅན་མང་པོའི་དོན་སླད་དུ། །རྒྱལ་བ་ཀུན་གྱི་ཕོ་བྲང་འདི་བསྒྲུབས་ཀྱིས། །སྲས་བཅས་རྒྱལ་བ་མ་ལུས་འདིར་བཞུགས་ནས། །སེམས་ཅན་ཀུན་དོན་རྫོགས་པར་མཛད་དུ་གསོལ། །མཁྱེན་བརྩེ་སྨོན་ལམ་འཕྲིན་ལས་ནམ་མཁའ་ལྟར། །ཀུན་ཁྱབ་ལྷུན་གྲུབ་དུས་ལས་མི་འདའི་སླད། །བདག་ལྟ་བླུན་པོས་བསྐུལ་བ་མེད་པར་ཡང༌། །ལྷག་པར་དགྱེས་ནས་བྱིན་གྱིས་རླབས་ཡང་དག །ཁྱེད་ཐུགས་སྙིང་རྗེའི་དབང་དུ་འགྱུར་ཕྱིར་དང༌། །དགེ་བསགས་གདུལ་བྱ་དྲང་དུ་རུང་བའི་ཕྱིར། །མ་བསྐུལ་པར་ཡང་དགྱེས་པ་ཆེན་པོ་ཡིས། །བྱིན་གྱིས་རློབ་འགྱུར་ཁྱོད་ཀྱིས་རང་བཞིན་ལགས། །རྙེད་དང་བཀུར་སྟི་གྲགས་ཕྱིར་འདི་མ་བགྱིས། །རྒྱག་ཕྱིར་མ་ལགས་འགྲན་པའི་ཕྱིར་མ་ལགས། །མཐོ་རིས་ལོངས་སྤྱོད་འདོད་པའི་ཕྱིར་མིན་ལ། །རང་གི་སྡུག་བསྔལ་ཞི་བའི་ཕྱིར་མིན་གྱི། །སེམས་ཅན་ཀུན་གྱི་སྡུག་བསྔལ་མ་བཟོད་པའོ། །རང་གི་དོན་དང་བདེ་ལ་མ་ཆགས་པར། །འགྲོ་ཀུན་སངས་རྒྱས་ས་ལ་འགོད་བྱའི་ཕྱིར། །དཀའ་བ་བརྒྱ་སྟོང་མང་པོས་དགེ་འདི་བསྒྲུབས། །དེ་ལྟར་རྣམ་དག་དགེ་བའི་བྱིན་རླབས་དང༌། །དཀོན་མཆོག་རྟེན་གསུམ་བཅས་པའི་བྱིན་རླབས་ཀྱིས། །བདག་སོགས་འགྲོ་ཀུན་སྐྱེ་བ་ཐམས་ཅད་དུ། །དཀོན་མཆོག་གསུམ་ལ་ཤེས་ནས་དད་ཐོབ་ཅིང༌། །སྒོ་གསུམ་ལོངས་སྤྱོད་འབྱུང་བཞི་ལ་སོགས་པའི། །སྙིང་པོ་བླངས་ནས་རྒྱལ་བ་མཉེས་བྱེད་ཅིང༌། །མཁའ་ཁྱབ་ཕ་མ་བདེ་ལ་འགོད་སླད་དུ། །རྫོགས་པའི་སངས་རྒྱས་ཐོབ་ཕྱིར་བསྔོ་བ་དང༌། །སེམས་ཅན་ཀུན་གྱི་སྡིག་དང་སྡུག་བསྔལ་ཀུན། །བདག་གིས་ལེན་ཅིང་བདག་གིས་དགེ་བ་དང༌། །བདེ་བ་ཐམས་ཅད་གཞན་ལ་རབ་སྟེར་བའི། །སྤྱོད་པ་རླབས་ཆེན་རྟག་ཏུ་སྤྱོད་པར་ཤོག །

སངས་རྒྱས་ལྟ་ཞོག་སངས་རྒྱས་ཀྱི་མཆོད་རྟེན་ལ་སོགས་པ་ཡང་ཤིན་ཏུ་ངོ་མཚར་ཞིང་བྱིན་རླབས་དང་མཐུ་སྟོབས་ཤིན་ཏུ་ཆེ་བའི་ཕྱིར། དེ་ལ་བྱ་བ་ཆུང་ངུ་ལན་ཅིག་ཙམ་བྱས་པ་ལ་ཡང་བསོད་ནམས་དཔག་ཏུ་མེད་ཅིང་ཚད་མེད་ལ་གཞལ་དུ་མེད་ན། ཆེན་པོ་ལན་མང་དུ་བྱེད་པ་དག་ལ་ལྟ་སྨོས་ཀྱང་ཅི་དགོས། དེ་ཡང་བཅོམ་ལྡན་འདས་ཉིད་ཀྱིས་ལེགས་པར་བཀའ་སྩལ་ཏེ། ཇི་སྐད་དུ། འཕགས་པ་ཁང་བུ་བརྩེགས་པའི་མདོ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ། ཕྱག་དར་བྱས་པའི་ཕན་ཡོན་ནི་ལྔར་འགྱུར་ཏེ། ལྔ་གང་ཞེ་ན། ཀུན་དགའ་བོ། འདི་ལྟ་སྟེ། བདག་གིས་སེམས་དང་བར་འགྱུར་བ་དང༌། གཞན་གྱིས་སེམས་དང་བར་འགྱུར་བ་དང༌། ལྷ་རྣམས་ཡིད་དགའ་བར་འགྱུར་བ་དང༌། མཛེས་པའི་ལས་བྱས་ཤིང་བསགས་པ་དང༌། ལུས་ཞིག་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་གྱི་ལྷ་རྣམས་སུ་སྐྱེ་བར་འགྱུར་རོ། །ཀུན་དགའ་བོ། གང་ལ་ལ་ཞིག་གིས་དེ་བཞིན་གཤེགས་པའི་མཆོག་ཏུ་དཀྱིལ་འཁོར་གྲུ་བཞི་པ་བྱེད་ན། དེ་བྱང་གི་སྒྲ་མི་སྙན་གྱི་གླིང་གི་དབང་ཕྱུག་གི་བདག་པོར་འགྱུར་ཞིང༌། ལུས་ཞིག་ནས་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་སུ་སྐྱེ་བར་ང་སྨྲའོ། །ཀུན་དགའ་བོ། གང་གིས་དེ་བཞིན་གཤེགས་པ་ལ་སེམས་དང་བས་དཀྱིལ་འཁོར་ཟླུམ་པོ་བྱེད་ན། དེ་ནུབ་ཀྱི་བ་གླང་སྤྱོད་ཀྱི་གླིང་གི་དབང་ཕྱུག་གི་བདག་པོར་འགྱུར་ཞིང༌། ལུས་ཞིག་ནས་འཐབ་བྲལ་གྱི་ལྷ་རྣམས་སུ་སྐྱེ་བར་ང་སྨྲའོ། །ཀུན་དགའ་བོ། གང་ལ་ལ་ཞིག་གིས་སངས་རྒྱས་བཅོམ་ལྡན་འདས་ལ་སེམས་དང་བས་དཀྱིལ་འཁོར་ཤིང་རྟའི་དབྱིབས་ལྟ་བུ་བྱེད་ན། དེ་འཛམ་བུའི་གླིང་གི་དབང་ཕྱུག་གི་བདག་པོར་འགྱུར་ཞིང༌། ལུས་ཞིག་ནས་འཕྲུལ་དགའི་ལྷ་རྣམས་སུ་སྐྱེ་བར་འགྱུར་བར་ང་སྨྲའོ། །ཀུན་དགའ་བོ། གང་ལ་ལ་ཞིག་གིས་སངས་རྒྱས་ལ་སྐྱབས་སུ་འགྲོ་བ་དང༌། གང་ཆོས་དང་དགེ་འདུན་ལ་སྐྱབས་སུ་འགྲོ་ཞིང་བསླབ་པའི་གཞི་ལྔ་རྣམས་ཀྱིས་མནོས་ནས་ཡོངས་སུ་སྲུང་བར་བྱེད་ན། ཀུན་དགའ་བོ། དགེ་བའི་རྩ་བ་དེའི་བསོད་ནམས་ནི་དཔག་ཏུ་མེད་ཅིང་གྲངས་མེད་པར་ང་སྨྲའོ། །ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་མྱ་ངན་ལས་འདས་པའི་མཐར་ཐུག་པའི་བར་དུ་མཐའ་གཟུང་བར་མི་ནུས་པར་ང་སྨྲའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོའི་སེམས་ཀྱིས་ཐུགས་སུ་ཆུད་ནས། ལྗགས་པདྨ་དམར་པོ་འདབ་མ་དྲི་མ་མེད་ཅིང་ལོ་མ་འཇམ་པ་དང༌། མཚལ་དམར་པོ་དང༌། ཤིང་མྱ་ངན་ཚང་གི་ལོ་མ་དང༌། ཟངས་ཀྱི་གླེགས་མ་སྲབ་མོ་འདྲ་བ་ཆུ་ཞེང་གབ་པས་ཞལ་གྱི་དཀྱིལ་འཁོར་དབུ་སྐྲའི་མཚམས་ལ་ཐུག་པའི་བར་ཐམས་ཅད་དུ་བརྐྱང་སྟེ། ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ། ཁྱོད་ཀྱིས་རྫུན་དུ་སྨྲ་བ་དང༌། ཕྲ་མ་སྨྲ་བ་དང༌། ཚིག་རྩུབ་པོ་སྨྲ་བ་དང༌། ཚིག་འཁྱལ་པ་སྨྲ་བ་ལ་ལྕེ་འདི་ལྟ་བུ་མཐོང་ངམ། བཙུན་པ་མ་ལགས་སོ། །ཀུན་དགའ་བོ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་བདེན་པས་གསུང་བ་ཡིན་ནོ། །ཀུན་དགའ་བོ། གང་ལ་ལས་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་ལོ་ཞེས་ཕྱག་འཚལ་བར་བྱེད་པར་བྱེད་ན། སེམས་ཅན་དེ་དག་ངས་ཡོངས་སུ་བཟུང་ཞིང་ཡོངས་སུ་མྱ་ངན་ལས་འདས་པ་ཡིན་ནོ། །སེམས་ཅན་དེ་རྣམས་ནི་ང་ཐུགས་ཁྲལ་ཆུང་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ། འདི་ལྟར་དེ་བཞིན་གཤེགས་པའི་ཆོས་ཀྱི་དབྱིངས་ནི་ཤིན་ཏུ་རབ་ཏུ་གནས་པ་ཡིན་ནོ། །དེ་ཤིན་ཏུ་རབ་ཏུ་གནས་པའི་ཕྱིར་ཐལ་མོ་སྦྱར་བ་ཡང་ཆུད་ཟ་བར་མི་འགྱུར་ན། སྦྱིན་པ་ལ་སོགས་པ་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས། ཀུན་དགའ་བོ་ལྟོས་ཤིག་སྐྱེས་བུ་ཞིག་ལ་རང་གི་གཟར་བུ་བཀྲུས་པ་ཙམ་མམ། ཕོར་བུ་བཀྲུས་པ་ཙམ་མམ། ཕྲུ་ལྡོག་བཀྲུས་པ་ཙམ་གང་ཡིན་པ་དེ་ཡང་ཡོད་ལ། གལ་ཏེ་དེ་སེམས་ལ་འདི་སྙམ་དུ་འདི་ན་གནས་པའི་སྲོག་ཆགས་ཐམས་ཅད་འདིས་བདེ་བར་གྱུར་ཅིག །སྙམ་དུ་སེམས་ཤིང་གཏོར་ཁུང་དུ་འབོ་བར་བྱེད་ན། ཀུན་དགའ་བོ། འོན་ཀྱང་བསོད་ནམས་སྐྱེ་བའི་སྒོར་འགྱུར་བར་ང་སྨྲ་ན། མིར་གྱུར་པ་ལྟ་ཅི་སྨོས་ཀྱང་ཅི་དགོས། ཀུན་དགའ་བོ། གསུམ་པོ་འདི་དག་ནི་བར་གྱི་བསྐལ་པ་དག་ཡིན་ནོ། །གསུམ་པོ་གང་ཞེ་ན། མཚོན་གྱི་བར་གྱི་བསྐལ་པ་དང༌། ནད་ཀྱི་བར་གྱི་བསྐལ་པ་དང༌། མུ་གེའི་བར་གྱི་བསྐལ་པའོ། །ཀུན་དགའ་བོ། དེ་ལ་གང་གིས་ཉི་མ་གཅིག་ཅིག་སྲོག་གཅོད་པ་སྤང་ཞིང་ཡང་དག་པར་བླངས་ཏེ། གནས་པར་བྱེད་ན་དེ་མཚོན་གྱི་བར་གྱི་བསྐལ་པར་མི་སྐྱེ་བར་འགྱུར་རོ། །གང་ཞིག་གིས་ཨ་རུ་ར་ཙམ་ཡང་དགེ་འདུན་ལ་འབུལ་བར་བྱེད་ན་དེ་ནད་ཀྱི་བསྐལ་པར་མི་སྐྱེ་བར་འགྱུར་རོ། །གང་ཞིག་གིས་ཟས་ནས་བྲེ་གང་ཙམ་དགེ་འདུན་ལ་ཕུལ་ན་དེ་མུ་གེའི་བར་གྱིས་བསྐལ་པ་ལ་མི་སྐྱེ་བར་འགྱུར་རོ། །ཀུན་དགའ་བོ། དགེ་བའི་རྩ་བ་གསུམ་པོ་འདི་དག་བསྐྱེད་པ་ནི་འཁོར་བར་ཟད་པར་མི་འགྱུར་ཞིང་ཡོངས་སུ་གཏུགས་པར་མི་འགྱུར་ལ་ཟད་མི་ཤེས་པའི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བར་བྱེད་པ་ཡིན་ནོ། །གསུམ་པོ་གང་དག་ཅེ་ན་དགེ་བའི་རྩ་བ་ཆོས་ལ་བསྐྱེད་པ་དང༌། དགེ་འདུན་ལ་བསྐྱེད་པ་ནི་འཁོར་བར་ཟད་པར་མི་འགྱུར་ཞིང་ཡོངས་སུ་གཏུགས་པར་མི་འགྱུར་ལ་ཟད་མི་ཤེས་པའི་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པའི་ཡོན་ཏན་བསྟན་པའི་ཕྱིར། ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ། ཁྱོད་ཀྱིས་འཛམ་བུའི་གླིང་མཐོང་ངམ། ཀྱེ་བཙུན་པ་མཐོང་ལགས་སོ། །ཀུན་དགའ་བོ། འཛམ་བུའི་གླིང་གི་གླིང་ནི་དཔག་ཚད་བདུན་སྟོང་ཆུར་ནི་དཔག་ཚད་བདུན་སྟོང་སྟེ་བྱང་གི་ཞེང་ནི་ཆེ། ལྷོ་ནི་ཤིང་རྟའི་དབྱིབས་སོ། །དེར་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དད་པ་ཅན་ལ་ལ་དག་གིས་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ། དེ་རྒྱུན་དུ་ཞུགས་པ་རྣམས་དང༌། ལན་ཅིག་ཕྱིར་འོང་བ་རྣམས་དང༌། ཕྱིར་མི་འོང་བ་རྣམས་དང༌། དགྲ་བཅོམ་པ་རྣམས་དང༌། རང་སངས་རྒྱས་རྣམས་སམ། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་ཕུལ་བར་བྱེད་པ་དང༌། གང་ཞིག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལ་འདས་པའི་མཆོད་རྟེན་འཇིམ་པ་ལས་སྐྱུ་རུ་ར་ཙམ་བྱེད་དུ་འཇུག །སྲོག་ཤིང་ནི་ཁབ་ཙམ་འཛུགས་སུ་འཇུག །གདུགས་ནི་རྒྱ་ཤུག་གི་ལོ་མ་ཙམ་འགེབས་སུ་འཇུག་ཅིང༌། སྐུ་གཟུགས་ནས་འབྲུ་ཙམ་བྱེད་དུ་འཇུག་ལ། སྐུ་གདུང་ཡུངས་དཀར་གྱི་འབྲུ་ཙམ་འཇུག་པར་བྱེད་ན། ཀུན་དགའ་བོ། འདི་ཉིད་དེ་བས་བསོད་ནམས་ཤིན་ཏུ་མང་བར་ང་སྨྲའོ། །ཀུན་དགའ་བོ། འཛམ་བུའི་གླིང་གི་གླང་ལྟ་ཞོག་གི །ཀུན་དགའ་བོ། ཤར་གྱི་ལུས་འཕགས་ཞེས་བྱ་བའི་གླིང་ཞེང་དུ་དཔག་ཚད་བརྒྱད་སྟོང་ཆུར་ཡང་དཔག་ཚད་བརྒྱད་སྟོང་ཡོད་པ། ཀུན་ནས་ཟླ་བ་ཁམ་པ་ལྟ་བུ་ཞིག་ཡོད་དེ། དེ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལས་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ། རྒྱུན་དུ་ཞུགས་པ་རྣམས་དང༌། ལན་ཅིག་ཕྱིར་འོང་བ་རྣམས་དང༌། ཕྱིར་མི་འོང་བ་རྣམས་དང༌། དགྲ་བཅོམ་པ་རྣམས་དང༌། རང་སངས་རྒྱས་རྣམས་སམ། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་འབུལ་བར་བྱེད་པ་དང༌། གང་ཞིག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་འཇིམ་པ་ལས་སྐྱུ་རུ་ར་ཙམ་བྱེད་དུ་འཇུག །སྲོག་ཤིང་ནི་ཁབ་ཙམ་འཛུགས་སུ་འཇུག །གདུགས་ནི་རྒྱ་ཤུག་གི་ལོ་མ་ཙམ་འགེབས་སུ་འཇུག་ཅིང༌། སྐུ་གཟུགས་ནས་འབྲུ་ཙམ་བྱེད་དུ་འཇུག་ལ། སྐུ་གདུང་ཡུངས་ཀར་གྱི་འབྲུ་ཙམ་འཇུག་པར་བྱེད་ན། ཀུན་དགའ་བོ། འདི་ཉིད་དེ་བས་བསོད་ནམས་ཤིན་ཏུ་མང་བར་ང་སྨྲའོ། །ཀུན་དགའ་བོ། འཛམ་བུའི་གླིང་གི་གླིང་ཡང་ལྟ་ཞོག །ཤར་གྱི་ལུས་འཕགས་ཀྱི་གླིང་ཡང་ལྟ་ཞོག་གི །ཀུན་དགའ་བོ། ནུབ་ཀྱི་བ་ལང་སྤྱོད་ཅེས་བྱ་བའི་གླིང་ཞེང་དུ་དཔག་ཚད་དགུ་སྟོང་ཆུར་ཡང་དཔག་ཚད་དགུ་སྟོང་ཡོད་པ། ཀུན་ནས་ཟླ་བ་ཉ་བ་ལྟ་བུ་ཞིག་ཡོད་དེ། དེ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དད་པ་ཅན་ལ་ལས་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ། རྒྱུན་དུ་ཞུགས་པ་རྣམས་དང༌། ལན་ཅིག་ཕྱིར་འོང་བ་རྣམས་དང༌། ཕྱིར་མི་འོང་བ་རྣམས་དང༌། དགྲ་བཅོམ་པ་རྣམས་དང༌། རང་སངས་རྒྱས་རྣམས་སམ། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་འབུལ་བར་བྱེད་པ་དང༌། གང་ཞིག་གི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་འཇིམ་པ་ལས་སྐྱུ་རུ་ར་ཙམ་བྱེད་དུ་འཇུག །སྲོག་ཤིང་ནི་ཁབ་ཙམ་འཛུགས་སུ་འཇུག །གདུགས་ནི་རྒྱ་ཤུག་གི་ལོ་མ་ཙམ་འགེབས་སུ་འཇུག་ཅིང༌། སྐུ་གཟུགས་ནས་འབྲུ་ཙམ་བྱེད་དུ་འཇུག་ལ། སྐུ་གདུང་ཡུངས་ཀར་གྱི་འབྲུ་ཙམ་འཇུག་པར་བྱེད་ན། ཀུན་དགའ་བོ། འདི་ཉིད་དེ་བས་བསོད་ནམས་ཤིན་ཏུ་མང་བར་ང་སྨྲའོ། །ཀུན་དགའ་བོ། འཛམ་བུའི་གླིང་གི་གླིང་ཡང་ལྟ་ཞོག །ཤར་གྱི་ལུས་འཕགས་པོའི་གླིང་ཡང་ལྟ་ཞོག །ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་ལྟ་ཞོག་གི །ཀུན་དགའ་བོ། བྱང་གི་སྒྲ་མི་སྙན་ཞེས་བྱ་བའི་གླིང་ཞེང་དུ་དཔག་ཚད་ཁྲི་ཡོད་པ་ཀུན་ནས་གྲུ་བཞི་པ་ཞིག་ཡོད་དེ། དེ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལས་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ། རྒྱུན་དུ་ཞུགས་པ་རྣམས་དང༌། ལན་ཅིག་ཕྱིར་འོང་བ་རྣམས་དང༌། ཕྱིར་མི་འོང་བ་རྣམས་དང༌། དགྲ་བཅོམ་པ་རྣམས་དང༌། རང་སངས་རྒྱས་རྣམས་སམ། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་འབུལ་བར་བྱེད་པ་དང༌། གང་ཞིག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་ནི་འཇིམ་པ་ལས་སྐྱུ་རུ་ར་ཙམ་བྱེད་དུ་འཇུག། སྲོག་ཤིང་ནི་ཁབ་ཙམ་འཛུགས་སུ་འཇུག །གདུགས་ནི་རྒྱ་ཤུག་གི་ལོ་མ་ཙམ་འགེབས་སུ་འཇུག་ཅིང༌། སྐུ་གཟུགས་ནས་འབྲུ་ཙམ་བྱེད་དུ་འཇུག་ལ། སྐུ་གདུང་ཡུངས་དཀར་གྱྀ་འབྲུ་ཙམ་འཇུག་པར་བྱེད་ན། ཀུན་དགའ་བོ། འདི་ཉིད་དེ་བས་བསོད་ནམས་ཤིན་ཏུ་མང་བར་ང་སྨྲའོ། །ཀུན་དགའ་བོ། འཛམ་བུའི་གླིང་ཡང་ལྟ་ཞོག །ཤར་གྱི་ལུས་འཕགས་པོའི་གླིང་ཡང་ལྟ་ཞོག །ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་ཡང་ལྟ་ཞོག །བྱང་གི་སྒྲ་མི་སྙན་གྱི་གླིང་ཡང་ལྟ་ཞོག་གི །ཀུན་དགའ་བོ། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱི་ཁང་བཟངས་རྣམ་པར་རྒྱལ་བ་ཞེས་བྱ་བ་ཡོད་དེ། དེ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དད་པ་ཅན་གང་ལ་ལས་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ། རྒྱུན་དུ་ཞུགས་པ་རྣམས་དང༌། ལན་ཅིག་ཕྱིར་འོང་བ་རྣམས་དང༌། ཕྱིར་མི་འོང་བ་རྣམས་དང༌། དགྲ་བཅོམ་པ་རྣམས་དང༌། རང་སངས་རྒྱས་རྣམས་སམ། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་འབུལ་བར་བྱེད་པ་དང༌། གང་ཞིག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་འཇིམ་པ་ལས་སྐྱུ་རུ་རའི་འབྲུ་ཙམ་བྱེད་དུ་འཇུག །སྲོག་ཤིང་ནི་ཁབ་ཙམ་འཛུགས་སུ་འཇུག །གདུགས་ནི་རྒྱ་ཤུག་གི་ལོ་མ་ཙམ་འགེབས་སུ་འཇུག །སྐུ་གཟུགས་ནས་འབྲུ་ཙམ་བྱེད་དུ་འཇུག་ལ། སྐུ་གདུང་ཡུངས་དཀར་གྱི་འབྲུ་ཙམ་བྱེད་དུ་འཇུག་པར་བྱེད་ན། ཀུན་དགའ་བོ། འདི་ཉིད་དེ་བས་བསོད་ནམས་ཤིན་ཏུ་མང་བར་ང་སྨྲའོ། །ཀུན་དགའ་བོ། འཛམ་བུའི་གླིང་ཡང་ལྟ་ཞོག །ཤར་གྱི་ལུས་འཕགས་ཀྱི་གླིང་ཡང་ལྟ་ཞོག །ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་ཡང་ལྟ་ཞོག །བྱང་གི་སྒྲ་མི་སྙན་གྱི་གླིང་ཡང་ལྟ་ཞོག །ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱི་ཁང་བཟངས་རྣམ་པར་རྒྱལ་བ་ལྟ་ཡང་ཞོག་གི །ཀུན་དགའ་བོ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཡོད་དེ། དེ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དད་པ་ཅན་ལ་ལས་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ། རྒྱུན་དུ་ཞུགས་པ་རྣམས་དང༌། ལན་ཅིག་ཕྱིར་འོང་བ་རྣམས་དང༌། ཕྱིར་མི་འོང་བ་རྣམས་དང༌། དགྲ་བཅོམ་པ་རྣམས་དང༌། རང་སངས་རྒྱས་རྣམས་དང༌། ཕྱོགས་བཞིའི་འཇིག་རྟེན་གྱི་དགེ་སློང་གི་དགེ་འདུན་ལ་ཕུལ་བར་བྱེད་པ་དང༌། གང་ཞིག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་འཇིམ་པ་ལས་སྐྱུ་རུ་ར་ཙམ་བྱེད་དུ་འཇུག །སྲོག་ཤིང་ནི་ཁབ་ཙམ་འཛུགས་སུ་འཇུག །གདུགས་ནི་རྒྱ་ཤུག་གི་ལོ་མ་ཙམ་འགེབས་སུ་འཇུག །སྐུ་གཟུགས་ནས་འབྲུ་ཙམ་བྱེད་དུ་འཇུག །སྐུ་གདུང་ཡུངས་ཀར་གྱི་འབྲུ་ཙམ་བྱེད་དུ་འཇུག་པར་བྱེད་ན། ཀུན་དགའ་བོ། འདི་ཉིད་དེ་བས་བསོད་ནམས་ཤིན་ཏུ་མང་བར་ང་སྨྲའོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ། འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་སྦྱིན་པ་དཔག་ཏུ་མེད་པ། ཚུལ་ཁྲིམས་དཔག་ཏུ་མེད་པ། བཟོད་པ་དཔག་ཏུ་མེད་པ། བརྩོན་འགྲུས་དཔག་ཏུ་མེད་པ། བསམ་གཏན་དཔག་ཏུ་མེད་པ། ཤེས་རབ་དཔག་ཏུ་མེད་པ། བྱམས་པ་ནས་བཏང་སྙོམས་ཀྱིས་བར་དཔག་ཏུ་མེད་དེ། ཀུན་དགའ་བོ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པའི་ཕྱིར་རོ། །ཞེས་དང༌།

འཕགས་པ་སྒྲ་ཆེན་པོའི་མདོར་ཡང༌། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ། སྔ་དྲོ་ཞིག་ཤམ་ཐབས་དང་ཆོས་གོས་བགོས་ཏེ། ལྷུང་བཟེད་ཐོགས་ནས། མཉན་ཡོད་དུ་བསོད་སྙོམས་ལ་སོང་ངོ༌། །མཉན་ཡོད་དུ་བསོད་སྙོམས་ལ་འགྲོ་བ་ན། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཁང་པ་བརྩེགས་པ་ཆེན་པོ་ཕྱི་ནང་བྱུགས་ཤིང་བྱི་དོར་བྱས་པ་སྒོ་གདན་ལེགས་པར་བཅུགས་པ། སྐར་ཁུང་བཅད་པ་ཞིག་མཐོང་ངོ༌། །མཐོང་ནས་འདི་སྙམ་དུ་སེམས་ཏེ། གང་ཞིག་གིས་ཁང་པ་བརྩེགས་པ་འདི་ལྟ་བུ་ཞིག་བྱས་ཏེ་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་འབུལ་བར་བྱེད་པ་དང༌། གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་རིང་བསྲེལ་ཡོངས་འབྲུ་ཙམ་མཆོད་རྟེན་གྱི་བུམ་པ་སྐྱུ་རུ་ར་ཙམ་གྱི་ནང་དུ་བཅུག་སྟེ། སྲོག་ཤིང་ཁབ་ཙམ་བཙུགས་ནས། གདུགས་རྒྱ་ཤུག་གི་ལོ་མ་ཙམ་འདོགས་པར་བྱེད་པའམ། དེ་བཞིན་གཤེགས་པའི་སྐུ་གཟུགས་ཚོན་གང་ཙམ་ཞིག་བྱེད་ན། དེ་གཉིས་ལས་གང་བསོད་ནམས་ཆེས་མང་དུ་འཕེལ་སྙམ་མོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ། མཉན་ཡོད་ནས་བསོད་སྙོམས་ལས་སླར་འཁོར་ནས་ཟན་ཟོས་ཏེ། ཟས་ཕྱི་མ་སྤངས་ནས། ལྷུང་བཟེད་དང་ཆོས་གོང་བཞག་སྟེ། རྐང་པ་བཀྲུས་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་འདི་ན་བདག་སྔ་དྲོ་ཤམ་ཐབས་དང་ཆོས་གོས་བགོས་ཏེ། ལྷུང་བཟེད་ཐོགས་ནས། མཉན་ཡོད་དུ་བསོད་ནམས་ལ་མཆིས་ཏེ། བཙུན་པ་བདག་མཉན་ཡོད་དུ་བསོད་སྙོམས་ལ་མཆིས་ན། ཁང་པ་བརྩེགས་པ་ཆེན་པོ་སླད་ནང་བྱུགས་ཤིང་བྱི་དོར་བགྱིས་པ་སྒོ་གདན་ལེགས་པར་བརྩལ་ན་སྐར་ཁུང་བཀུམ་པ་ཞིག་མཐོང་ལགས་སོ། །མཐོང་ནས་ཀྱང་བདག་ཉིད་འདི་སྙམ་དུ་སེམས་ཏེ། གང་ཞིག་གིས་ཁང་པ་བརྩེགས་པ་འདི་ལྟ་བུ་ཞིག་བགྱིས་ཏེ། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་འབུལ་བར་བགྱིས་པ་དང༌། གང་ཞིག་གིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་རིང་བསྲེལ་ཡུངས་འབྲུ་ཙམ་མཆོད་རྟེན་གྱི་བུམ་པ་སྐྱུ་རུ་ར་ཙམ་གྱི་ནང་དུ་བརྩལ་ཏེ། སྲོག་ཤིང་ཁབ་ཙམ་བཙུགས་ནས། གདུགས་རྒྱ་ཤུག་གི་ལོ་མ་ཙམ་འདོགས་པར་བགྱིད་པའམ། དེ་བཞིན་གཤེགས་པའི་སྐུ་གཟུགས་ཚོན་གང་ཙམ་ཞིག་བགྱིད་ན། དེ་གཉིས་ལས་བསོད་ནམས་ཆེས་མང་དུ་འཕེལ་སྙམ་བགྱིད་ལགས་ཏེ། བཅོམ་ལྡན་འདས་ལ་བདག་དོན་འདི་ཡོངས་སུ་ཞུ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་ལེགས་སོ་ལེགས་སོ། །ཀུན་དགའ་བོ། ཁྱོད་གང་ཞིག་གིས་ཁང་པ་བརྩེགས་པ་དེ་ལྟ་བུ་ཞིག་བྱས་ནས་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་འབུལ་བར་བྱེད་ལ། གང་ཞིག་གིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་རིང་བསྲེལ་ཡུངས་འབྲུ་ཙམ་མཆོད་རྟེན་གྱི་བུམ་པ་སྐྱུ་རུ་ར་ཙམ་གྱི་ནང་དུ་བཅུག་སྟེ། སྲོག་ཤིང་ཁབ་ཙམ་བཙུགས་ནས། གདུགས་རྒྱ་ཤུག་གི་ལོ་མ་ཙམ་འདོགས་པར་བྱེད་པའམ། དེ་བཞིན་གཤེགས་པའི་སྐུ་གཟུགས་ཚོན་གང་ཙམ་ཞིག་བྱེད་ན། དེ་གཉིས་ལས་གང་བསོད་ནམས་མང་དུ་འཕེལ་ཞེས་པ་ནི་ཁྱེད་ཀྱི་ཞུ་བ་བཟང་ལ་སྤོབས་པ་ལེགས་ཏེ་དཔྱོད་པ་དགེའོ། །ཀུན་དགའ་བོ། དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་བཤད་དོ། །ཀུན་དགའ་བོ། གང་ཞིག་ཁང་པ་བརྩེགས་པ་དེ་ལྟ་བུ་ཞིག་བྱས་ནས་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་འབུལ་བར་བྱེད་ལ། གང་གིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་རིང་བསྲེལ་ཡུངས་འབྲུ་ཙམ་མཆོད་རྟེན་གྱི་བུམ་པ་སྐྱུ་རུ་ར་ཙམ་གྱི་ནང་དུ་བཅུག་སྟེ། སྲོག་ཤིང་ཁབ་ཙམ་བཙུགས་ནས། གདུགས་རྒྱ་ཤུག་གི་ལོ་མ་ཙམ་འདོགས་པར་བྱེད་པའམ། དེ་བཞིན་གཤེགས་པ་སྐུ་གཟུགས་ཚོན་གང་ཙམ་ཞིག་བྱེད་ན། ཀུན་དགའ་བོ། བསོད་ནམས་འདི་ལ་བསོད་ནམས་སྔ་མ་དེས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང༌། འབུམ་གྱི་ཆ་དང༌། གྲངས་དང་ཆ་དང༌། དཔེ་དང་རྒྱུར་ཡང་ཉེ་བར་མི་འགྲོ། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་དཔག་ཏུ་མེད་པའི་ཆོས་འདི་ལྟ་བུ་དག་དང་ལྡན་ཏེ། ཚུལ་ཁྲིམས་དཔག་ཏུ་མེད་པ་དང༌། ཏིང་ངེ་འཛིན་དཔག་ཏུ་མེད་པ་དང༌། ཤེས་རབ་དཔག་ཏུ་མེད་པ་དང༌། རྣམ་པར་གྲོལ་བ་དཔག་ཏུ་མེད་པ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་དཔག་ཏུ་མེད་པ་དང་ལྡན་པའི་ཕྱིར་རོ། །ཀུན་དགའ་བོ། འཛམ་བུའི་གླིང་ཆུ་ཞེང་དང༌། རྒྱར་དཔག་ཚད་བདུན་སྟོང་ཡོད་པ་འདི་རྒྱུན་དུ་ཞུགས་པ་རྣམས་དང༌། ལན་ཅིག་ཕྱིར་འོང་བ་རྣམས་དང༌། ཕྱིར་མི་འོང་བ་རྣམས་དང༌། དགྲ་བཅོམ་པ་རྣམས་དང༌། རང་སངས་རྒྱས་རྣམས་ཀྱིས་འདི་ལྟ་སྟེ། འབྲས་ས་ལུའི་ཞིང་ངམ། ཏིལ་གྱི་ཞིང་ངམ། སྨྱུག་མའི་ཚལ་ལམ། འདམ་བུའི་ཚལ་ལམ། བུ་རམ་ཤིང་གི་ཚལ་བཞིན་དུ་གང་བར་གྱུར་པ་དེ་དག་ལ་མི་ལ་ལ་ཞིག་གིས་རང་ཇི་སྲིད་འཚོའི་བར་དུ་ཆོས་གོས་དང༌། བསོད་སྙོམས་དང༌། མལ་ཆ་དང༌། ནད་ཀྱི་གསོས་སྨན་དང༌། ཡོ་བྱད་རྣམས་ཀྱི་ཅི་འདོད་པར་བསྟབས་ཏེ། དེ་དག་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདས་ནས་མཆོད་རྟེན་བྱས་ཏེ། གདུགས་དང༌། སིལ་སྙན་དང༌། བ་དན་དང༌། དྲི་དང༌། བདུག་པ་དང༌། ཕྲེང་བ་དང༌། ཕྱེ་མ་དང༌། བྱུག་པ་དག་གིས། མཆོད་པ་དག་གིས་མཆོད་པར་བྱེད་ལ། གང་ཞིག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡོངས་སུ་མྱ་ངན་ལས་འདས་པའི་རིང་བསྲེལ་ཡུངས་འབྲུ་ཙམ་མཆོད་རྟེན་གྱི་བུམ་པ་སྐྱུ་རུ་ར་ཙམ་གྱི་ནང་དུ་བཅུག་སྟེ། སྲོག་ཤིང་ཁབ་ཙམ་བཙུགས་ནས། གདུགས་རྒྱ་ཤུག་གི་ལོ་མ་ཙམ་འདོགས་པར་བྱེད་པའམ། དེ་བཞིན་གཤེགས་པའི་སྐུ་གཟུགས་ཚོན་གང་ཙམ་ཞིག་བྱེད་ན། ཀུན་དགའ་བོ། བསོད་ནམས་འདི་ལ་བསོད་ནམས་སྔ་མ་དེས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ། སྟོང་གི་ཆ་དང༌། འབུམ་གྱི་ཆ་དང༌། གྲངས་དང་ཆ་དང༌། དཔེ་དང་རྒྱུར་ཡང་མི་འགྲོའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་དཔག་ཏུ་མེད་པའི་ཆོས་འདི་ལྟ་བུ་དག་དང་ལྡན་ཏེ། ཚུལ་ཁྲིམས་དཔག་ཏུ་མེད་པ་དང༌། ཏིང་ངེ་འཛིན་དཔག་ཏུ་མེད་པ་དང༌། ཤེས་རབ་དཔག་ཏུ་མེད་པ་དང༌། རྣམ་པར་གྲོལ་བ་དཔག་ཏུ་མེད་པ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་དཔག་ཏུ་མེད་པ་དེ་དང་ལྡན་པའི་ཕྱིར། ཀུན་དགའ་བོ། ཤར་གྱི་ལུས་འཕགས་གླིང་ཆུ་ཞེང་དང༌། རྒྱར་དཔག་ཚད་བརྒྱད་སྟོང་ཡོད་པ་རྒྱུན་དུ་ཞུགས་པ་རྣམས་ཀྱིས་གང་བར་གྱུར་པ། ཞེས་བྱ་བ་ནས། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་བར་དུ་རྒྱ་ཆེར་སྔ་མ་བཞིན་དུ་བརྗོད་པར་བྱའོ། །ཀུན་དགའ་བོ། ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་ཆུ་ཞེང་དང༌། རྒྱར་དཔག་ཚད་དགུ་སྟོང་ཡོད་པ་རྒྱུན་དུ་ཞུགས་པ་རྣམས་ཀྱིས་གང་བར་གྱུར། ཅེས་བྱ་བ་ནས། སྔ་མ་བཞིན་དུ་རྒྱས་པར་སྦྱར་རོ། །ཀུན་དགའ་བོ། བྱང་གི་སྒྲ་མི་སྙན་གྱི་གླིང་ཆུ་ཞེང་དུ་དཔག་ཚད་ཁྲི་ཡོད་པ། རྒྱུན་དུ་ཞུགས་པ་རྣམས་ཀྱིས་གང་བར་གྱུར། ཅེས་བྱ་བ་ནས། སྔ་མ་བཞིན་དུ་རྒྱས་པར་སྦྱར་རོ། །ཀུན་དགའ་བོ། ལྷའི་དབང་པོ་བརྒྱ་བྱིན་གྱི་ཁང་བཟངས་རྣམ་པར་རྒྱལ་བ་ཞེས་བྱ་བ་ཀ་བ་བརྒྱད་ཁྲི་བཞི་སྟོ་རབ་ཏུ་བརྟན་པ་དག་ཡོད་དོ། །ཀ་བ་དེ་དག་ཐམས་ཅད་ཀྱང་ལྷའི་བཻཌཱུཪྻ་སྔོན་པོ་ཡིན་ནོ། །ཀུན་དགའ་བོ། ཁང་བཟངས་རྣམ་པར་རྒྱལ་བ་གསེར་གྱི་བྱེ་མ་བདལ་བ་ལ་ཙན་དན་གྱི་ཆུས་ཆག་ཆག་བཏབ་པ་གསེར་གྱི་དྲ་བས་གཡོགས་ཤིང་གསེར་གྱི་དྲིལ་བུ་གཡེར་ཁས་བསྐོར་བ་སྟེ། ཀུན་དགའ་བོ། གང་ཞིག་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཁང་པ་དེ་ལྟ་བུ་ཤ་སྟག་གིས་བཀང་སྟེ། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་འབུལ་བར་བྱེད་ལ། གང་ཞིག་གིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་སྐུ་གདུང་ཡུངས་འབྲུ་ཙམ། ཞེས་བྱ་བ་ནས། རྒྱ་ཆེར་སྔ་མ་བཞིན་དུ་སྦྱར་རོ། །ཀུན་དགའ་བོ། ལུས་འཕགས་མའི་བུ་ཡུལ་མ་ཀ་དྷའི་རྒྱལ་པོ་མ་སྐྱེས་དགྲས་ཕ་རྒྱུན་དུ་ཞུགས་པ་བསད་ནས། དེ་དེ་བཞིན་གཤེགས་པའི་སྐུ་གདུང་ལ་མཆོད་པར་བྱ་བའི་ཕྱིར་སྐུ་གདུང་བརྒྱད་ཆ་ལ་བཀུར་སྟི་བྱ་བ་དང༌། བླ་མར་བྱ་བ་དང༌། མཆོད་པར་བྱ་བ་དང༌། བརྗོད་པར་བྱ་བ་དང༌། གསོལ་བར་བྱ་བར་བརྩོན་པར་འགྱུར་རོ། །ཞེས་སངས་རྒྱས་ཀྱིས་བསྔགས་པ་དགེ་བའི་ལས་དེ་དེས་བྱས་པས་སེམས་ཅན་དམྱལ་བར་ལན་ཅིག་སོང་ནས་ལས་དེ་ཉིད་དང༌། དགེ་བའི་རྩ་བ་དེ་ཉིད་དང༌། སྔོན་ལེགས་པར་སྤྱད་པ་དེ་ཉིད་ཀྱིས་དེ་ནས་ཐར་ནས། བསྐལ་པ་ཉི་ཤུར་ལོག་པར་ལྟུང་བར་མི་འགྱུར་ལ། སྐྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་བགོས་ཏེ། ཡང་དག་པར་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་རང་བྱང་ཆུབ་ཏུ་མངོན་དུ་བྱེད་པར་འགྱུར་ཏེ། རང་སངས་རྒྱས་རྣམ་པར་རྒྱལ་བའི་སྡེ་ཞེས་བྱ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་དཔག་ཏུ་མེད་པའི་ཆོས་འདི་ལྟ་བུ་དག་དང་ལྡན་ཏེ། ཚུལ་ཁྲིམས་དཔག་ཏུ་མེད་པ་དང༌། ཏིང་ངེ་འཛིན་དཔག་ཏུ་མེད་པ་དང༌། ཤེས་རབ་དཔག་ཏུ་མེད་པ་དང༌། རྣམ་པར་གྲོལ་བ་དཔག་ཏུ་མེད་པ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་དཔག་ཏུ་མེད་པ་དང་ལྡན་པའི་ཕྱིར་རོ། །ཀུན་དགའ་བོ། འདི་ལྟ་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དཔག་ཏུ་མེད་པའི་ཆོས་དང་ལྡན་པ་དེའི་ཕྱིར། དེ་ལ་མཆོད་པའི་རྣམ་པར་སྨོན་པ་ཡང་དེ་ལྟར་དཔག་ཏུ་མེད་པར་ཤེས་པར་བྱའོ། །ཞེས་སོ། །

འཕགས་པ་རྟེན་ཅིང་འབྲེལ་བར་འབྱུང་བའི་མདོ་ལས་ཀྱང༌། སྤྱན་རས་གཟིགས་དབང་ཕྱུག་འདི་ལྟ་སྟེ། རྟེན་ཅིང་འབྲེལ་བར་འབྱུང་བ་འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་སྐུ་ཡིན་ཏེ། སུས་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་བ་དེས་དེ་བཞིན་གཤེགས་པ་མཐོང་ངོ༌། །སྤྱན་རས་གཟིགས་དབང་ཕྱུག་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དད་པ་ཅན་གང་ལ་ལ་ཞིག་གིས་མི་རྣམས་གནས་པའི་ཕྱོགས་སུ་མཆོད་རྟེན་ནི་སྐྱུ་རུ་རའི་འབྲུ་ཙམ་ལ་སྲོག་ཤིང་ནི་ཁབ་ཙམ་གདུགས་ནི་བ་ཀུ་ལའི་མེ་ཏོག་ཙམ་ཞིག་བྱས་ལ། རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཀྱི་དབྱིངས་ཀྱི་ཚིགས་སུ་བཅད་པ་ནང་དུ་བཅུག་ན་དེ་ཚངས་པའི་བསོད་ནམས་བསྐྱེད་པར་འགྱུར་ཏེ། འདི་ནས་ཤི་འཕོས་ཤིང་འཆི་བའི་དུས་བྱས་ནས་ཚངས་པའི་འཇིག་རྟེན་དག་ཏུ་སྐྱེ་བར་འགྱུར་རོ། །དེ་ནས་ཤི་འཕོས་ཏེ་འཆི་བའི་དུས་བྱས་ནས་གནས་གཙང་མའི་རིགས་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ། །ཞེས་དང༌།

གསལ་རྒྱལ་གྱི་ཚིགས་སུ་བཅད་པ་ལས་ཀྱང༌། ཇི་ལྟར་རྒྱལ་བ་རྣམས་ལ་མི་རྣམས་ཀྱིས། །མཆོད་པ་བྱས་པས་སྲིད་པ་གཞན་དག་ཏུ། །རྣམ་སྨིན་འདོད་པས་རྒྱ་ཆེན་སྣ་ཚོགས་འཐོབ། །གསོལ་བའི་དོན་ཏེ་རྒྱལ་པོས་མཉན་པར་གྱིས། །བཅོམ་ལྡན་འདས་ཀྱི་མཆོད་རྟེན་རྣམས་དང་ནི། །སྐུ་གཟུགས་རྣམས་ལ་རྡུལ་ཕྲན་ཅི་སོང་བ། །དེ་ཡི་གྲངས་སྙེད་དེ་བྱེད་མི་རྣམས་ཀྱིས། །ལྷ་ཡུལ་ས་སྟེང་ངེས་པར་རྒྱལ་སྲིད་འཐོབ། །གཟུགས་དང་གཟུགས་མེད་ཁམས་ཀྱི་ཏིང་ངེ་འཛིན། །ཕུན་སུམ་ཚོགས་པའི་ས་མཆོག་ཀུན་མྱོང་ནས། །ཐ་མར་སྐྱེ་དང་རྒ་ལ་སོགས་པ་ཡི། །སྡུག་བསྔལ་མེད་པའི་སངས་རྒྱས་གོ་འཕང་འཐོབ། །སུ་དག་འདིར་ནི་རྒྱལ་བའི་གཟུགས་བྱེད་པ། །དེ་དག་གཟུགས་བཟང་ཡིད་འོང་ཡོན་ཏན་ལྡན། །དབང་པོ་བསྡམས་ཤིང་འོད་འབར་ཉི་མ་བཞིན། །འཇིག་རྟེན་དག་ན་མིག་ཏུ་སྡུག་པར་འགྱུར། །སུ་དག་བདེ་བར་གཤེགས་པའི་གཟུགས་བྱེད་པ། །དེ་ཡི་ལུས་ནི་དྲི་མ་མེད་པ་དང༌། །པད་མའི་སྙིང་པོ་ལྟ་བུར་འཇམ་ཞིང་ཡངས། །ནད་དང་མྱ་ངན་སྡུག་བསྔལ་འཇིག་ལས་ཐར། །སུ་དག་འཇིག་རྟེན་མགོན་པོའི་གཟུགས་བྱེད་པ། །བྲན་དུ་མི་སྐྱེ་མངག་གཞུག་སྐྱེ་མི་འགྱུར། །དབུལ་པོར་མི་འགྱུར་རིགས་དམན་མི་འགྱུར་ཞིང༌། །དབང་པོ་རྣམས་ཀྱང་ཉམས་པར་ཡོངས་མི་འགྱུར། །ཐུབ་དབང་མཆོད་རྟེན་བྱེད་པའི་མི་རྣམས་ནི། །མྱ་ངན་ཡོངས་མེད་ལུས་ཀུན་བརྟན་པ་དང༌། །ལོངས་སྤྱོད་མཆོག་ལྡན་རིན་ཆེན་མཛོད་མང་ལྡན། །དགྲ་ཡི་ཚོགས་རྣམས་ཀུན་ཀྱང་ཐུབ་པར་འགྱུར། །རྒྱལ་བའི་མཆོད་རྟེན་སྲོག་ཤིང་ཕུལ་བ་ཡིས། །ཆོས་ལ་རྗེས་མཐུན་ཆོས་ལ་བསྒྲུབ་པ་དང༌། །ཚུལ་ཁྲིམས་ཐོས་དང་བཟོད་པའི་མཆོག་དང་ལྡན། །འཇིག་རྟེན་དག་ན་དོན་ཀུན་འགྲུབ་པར་འགྱུར། །མཆོད་རྟེན་མཆོག་ལ་གདུགས་བརྩེགས་ཕུལ་བ་ཡིས། །ལྷ་དང་མི་ཡི་ནང་དུ་སྐྱེ་བ་དང༌། །སྲིད་མེད་བུ་ཡི་ལུས་འདྲ་ལུས་ཀུན་བརྟན། །བཀུར་སྟི་བྱ་བའི་ཡོན་ཏན་ལྡན་པར་འགྱུར། །ཐུབ་དབང་མཆོད་རྟེན་རྡོ་ཐལ་བྱུགས་པ་ཡིས། །ལྷ་ཡི་འཇིག་རྟེན་དག་ན་ཚེ་རིང་ཞིང༌། །ལུས་སེམས་ནད་དང་མྱ་ངན་ཡོངས་སྤངས་ཏེ། །རྟག་ཏུ་སྐྱིད་ཅིང་ནོར་གྱིས་ཕྱུག་པར་འགྱུར། །གསེར་དངུལ་ཡངས་པའི་གླེགས་མས་གཡོགས་པ་ཡི། །ཐུབ་པའི་དབང་པོའི་མཆོད་རྟེན་བྱས་པ་ཡིས། །མི་རྣམས་སྲིད་པའི་ཁྱད་པར་གཞན་དག་ཏུ། །ལུས་མཁྲེགས་འོད་ཀྱང་འབར་ཞིང་མཛེས་པར་འགྱུར། །སུ་དག་ལ་ལ་མཆོད་རྟེན་སྐུ་གཟུགས་ལ། །དད་པའི་སེམས་ཀྱིས་བླ་རེ་ཕུལ་བྱེད་པ། །དེ་དག་ས་སྟེང་རྒྱ་མཚོའི་མཐས་ཀླས་པར། །མ་ལུས་གནོད་སྦྱིན་རྒྱལ་གཅིག་དབང་བྱེད་འགྱུར། །བདེ་གཤེགས་མཆོད་རྟེན་དག་ལ་དགའ་བཞིན་དུ། །རྣམ་མང་རྒྱ་ཆེན་གདུགས་ནི་བཏགས་པ་ཡིས། །ལྷ་མིའི་འཇིག་རྟེན་དག་ན་གདུགས་འདྲ་བར། །ལྷ་དང་མི་ཡི་དབང་པོ་ལྟ་བུར་འགྱུར། །མི་རྣམས་སུ་དག་སྐུ་གདུང་སྙིང་པོ་ཅན། །དྲི་མེད་བསོད་ནམས་འབྱུང་བར་གྱུར་པ་ལ། །བ་དན་མཛེས་པ་སྣ་ཚོགས་འདོགས་པ་དག །མཐུ་དང་ལྡན་ཞིང་སྲིད་གསུམ་མཆོད་གནས་འགྱུར། །བདེ་གཤེགས་མཆོད་རྟེན་ཅོད་པན་བཏགས་པ་ཡིས། །མི་དབང་དཔལ་དང་ལྷ་དབང་དཔལ་ཐོབ་ཅིང༌། །བདེ་བའི་མཆོག་ཀྱང་ཉམས་སུ་མྱོང་གྱུར་ནས། །རྣམ་པར་གྲོལ་བའི་ཅོད་པན་མྱུར་དུ་ཐོབ། །རྒྱལ་བའི་མཆོད་རྟེན་དག་ལ་དྲིལ་ཕུལ་བས། །ཚིག་བཙུན་གྲགས་པ་ཆེན་པོ་དག་དང་ལྡན། །ཚངས་པའི་སྒྲ་དབྱངས་ཡིད་འོང་སྐྱེ་བ་དྲན། །དེ་དག་གིས་ནི་རྒྱན་རྣམས་སྣ་ཚོགས་འཐོབ། །མཁས་པ་སུ་དག་བདེ་གཤེགས་མཆོད་རྟེན་ལ། །དད་པའི་སེམས་ཀྱིས་ཕྲེང་བ་འདོགས་བྱེད་པ། །གསེར་ཕྲེང་རིན་ཆེན་མང་པོས་ལེགས་སྤྲས་པ། །བསོད་ནམས་ལས་ལྡན་དེ་ཡི་མགོ་ལ་ཐོགས། །སྟོན་པའི་མཆོད་རྟེན་དག་ལ་རྒྱན་འཕྱང་བཏགས། །དེ་དག་དོ་ཤལ་རྒྱན་ཕྲེང་ནོར་བུ་དང༌། །གདུ་བུ་དག་དད་དཔུང་རྒྱན་མཆོག་རྣམས་ཀྱིས། །ལུས་རྒྱན་འཇིག་རྟེན་དག་ན་རྒྱུ་བར་འགྱུར། །སུ་དག་བདེ་བར་གཤེགས་པའི་མཆོད་རྟེན་ལ། །ས་དང་ལྕི་བས་ཉུག་མ་དེ་དག་ནི། །ལྷ་དང་མིར་སྐྱེས་ལུས་མདོག་སྡུག་པ་དང༌། །རྣམ་དག་རྨ་མེད་བདེ་དང་ལྡན་པར་འགྱུར། །ཐུབ་དབང་མཆོད་རྟེན་བྱི་དོར་བྱས་པ་ཡིས། །ཤིན་ཏུ་བལྟ་ན་སྡུག་ཅིང་མིག་ཏུ་མཛེས། །བྱད་བཞིན་བཟང་ཞིང་པད་མའི་མདོག་དང་ལྡན། །སྲིད་པའི་སྐྱོན་རྣམས་དང་ཡང་བྲལ་བར་འགྱུར། །སུ་དག་སྤོས་མཆོག་སྦྱར་བའི་འབྲུ་མར་གྱིས། །བདེ་བར་གཤེགས་པའི་མཆོད་རྟེན་ཉུག་བྱེད་པ། །དེ་དག་སྤོས་ཀྱིས་མཆོད་ཅིང་ཙན་དན་གྱིས། །ལུས་བྱུགས་ཉི་མའི་འོད་དང་འདྲ་བར་འགྱུར། །མི་རྣམས་གང་དག་ཐུབ་དབང་མཆོད་རྟེན་ལ། །སྤོས་ཆུ་གཙང་ཞིང་དྭངས་པས་ཁྲུས་གསོལ་བ། །དེ་དག་ལུས་ལ་དྲི་མ་མེད་པ་དང༌། །གདུང་བ་མེད་ཅིང་མདོག་འཇམ་མྱ་ངན་མེད། །སུ་ཞིག་སངས་རྒྱས་མཆོད་རྟེན་སྐུ་གཟུགས་ཁང༌། །ཚོན་རྩི་སྣ་ཚོགས་རྣམས་ཀྱིས་མཛེས་བྱེད་པ། །དེ་ནི་བདེ་གཤེགས་མངའ་བའི་ཡོན་ཏན་རྣམས། །སྣ་ཚོགས་ལྡན་པ་ཀུན་གྱིས་བརྩེགས་པར་འགྱུར། །སུ་དག་དཔྱིད་ཀའི་དུས་སུ་གཙང་མའི་ཆུས། །མཆོད་རྟེན་ཉེ་འཁོར་རྡུལ་རྣམས་ཞི་བྱེད་པ། །དེ་ལ་བུད་མེད་རྣམས་ནི་དགའ་བཞིན་དུ། །རྡུལ་ཡབ་གསེར་གྱི་ཡུ་བ་ཅན་གྱིས་གཡོབ། །དཀོན་མཆོག་གསུམ་ཕྱིར་མི་རྣམས་གང་དག་གིས། །འཕགས་པ་དགྱེས་པའི་དཀྱིལ་འཁོར་བྱས་པས་ནི། །རྐང་ལག་སོར་མོ་དྲ་བར་འབྲེལ་བ་དང༌། །ཡན་ལག་ཐམས་ཅད་ཀྱང་ནི་སྐྱོན་མེད་འགྱུར། །སུ་དག་དཀོན་མཆོག་གསུམ་ལ་མེ་ཏོག་དང༌། །འབྲས་བུ་གསར་ཐོག་བྱུང་བ་ཕུལ་བྱེད་པ། །དེ་དག་འགྲོ་བ་རྣམས་སུ་འཁོར་བ་ན། །རོ་མཆོག་ཀུན་ཐོབ་མི་རྫི་སྟོབས་དང་ལྡན། །ཕྲེང་བ་མེ་ཏོག་རྒྱ་ཆེན་ཆར་རྣམས་ཀྱིས། །སུ་དག་འདིར་ནི་རྒྱལ་བའི་གཟུགས་ལ་མཆོད། །དེ་དག་ལྷ་དང་མི་ཡི་འཇིག་རྟེན་དུ། །ཆ་བྱད་ཡིད་འོང་སྣ་ཚོགས་ལེགས་པར་བརྒྱན། །སངས་རྒྱས་མཆོད་རྟེན་དག་ལ་དྲི་ཞིམ་ཕུལ། །བདུག་སྤོས་རྒྱ་ཆེན་མང་པོ་ལྡན་སྦྱར་དང༌། །ཨ་ཀ་རུ་ཡི་བདུག་སྤོས་ཕུལ་བ་ཡིས། །དེ་ཡི་ལུས་ཀུན་སྤོས་ངད་ལྡན་པར་འགྱུར། །སུ་དག་བདེ་བར་གཤེགས་པའི་མཆོད་རྟེན་ལ། །དགའ་བཞིན་རྔ་ཡབ་རྣམས་ནི་འབུལ་བྱེད་པ། །ཐུབ་དཀའ་རྒྱལ་རྣམས་སྙིང་རྗེ་རྔ་ཡབ་ཐོགས། །ཆེ་བ་དེ་ལ་ཆེར་ཡང་གཡོབ་པར་བྱེད། །ཤིན་ཏུ་དྲི་མེད་ཟླ་བ་ཉ་འདྲ་བའི། །མེ་ཏོག་སྡུག་གུ་ཐམས་ཅད་མཁྱེན་ལ་ཕུལ། །དེ་དག་ཚེ་རབས་བརྒྱུད་པ་རྣམས་སུ་ཡང༌། །ལྷ་མི་རྣམས་ཀྱིས་བལྟ་བར་འོས་པར་འགྱུར། །སུ་དག་བདེ་བར་གཤེགས་པའི་མཆོད་རྟེན་ལ། །མཆོད་པའི་ཁྱད་པར་ཅི་འདོད་ཅི་འབྱོར་བ། །འཚམས་པར་འབུལ་བྱེད་དེ་དག་དྲི་མེད་ཅིང༌། །མྱ་ངན་མེད་པའི་བླ་མེད་བྱང་ཆུབ་འཐོབ། །མི་རྣམས་གང་དག་སངས་རྒྱས་མཆོད་རྟེན་ནམ། །སྐུ་གཟུགས་དག་ལ་མགོས་བཏུད་གུས་ཕྱག་འཚལ། །དེ་དག་ལྷ་རྣམས་དང་ནི་མི་རྣམས་ཀྱིས། །ཆེར་ཡང་ཆེ་བར་བཀུར་བའི་གནས་སུ་འགྱུར། །སུ་ཞིག་དད་པས་ཐུབ་པའི་མཆོད་རྟེན་ནམ། །སྐུ་གཟུགས་དག་ལ་བསྐོར་བ་བྱེད་པ་དེ། །མི་ཡི་ཚེ་ལ་དགྲ་ཆེན་རྣམས་ཀྱིས་བཏུད། །བཟང་པོའི་སྣོད་འགྱུར་ཡོན་ཏན་རྣམས་དང་ལྡན། །མི་རྣམས་སུ་དག་དགའ་བཞིན་གུས་པ་ཡིས། །བླ་མེད་མཆོད་རྟེན་རྣམས་དང་སྐུ་གཟུགས་ལ། །ལུས་ཀྱི་ལས་རྣམས་བྱེད་པ་དེ་དག་ནི། །སྲིད་པ་ཀུན་ཏུ་མཛོད་རྣམས་ཤིན་ཏུ་རྒྱས། །རྒྱལ་བའི་མཆོད་རྟེན་རོལ་མོའི་སྒྲ་ཕུལ་བས། །ཟབ་ཅིང་རིགས་པའི་སྤོབས་པ་ཕུན་སུམ་ཚོགས། །ཡན་ལག་ལྔ་རྫོགས་ཡིད་འོད་ཚིག་དང་ལྡན། །སྒྲ་སྐད་དག་གིས་ཕྱོགས་ཀུན་འགེངས་པར་བྱེད། །སུ་དག་རྒྱལ་བའི་གདུང་ལྡན་བསྟོད་བྱེད་པ། །དེ་དག་གླིང་བུའི་སྒྲ་དང་གླུ་སྙན་དང༌། །སྒྲ་སྙན་ཡིད་དུ་འོང་བ་ཐོབ་པ་དང༌། །སོ་སོ་ཡང་དག་རིག་པའང་ཐོབ་པར་འགྱུར། །མི་རྣམས་གང་དག་རྩྭ་ཤིང་སོ་ཕག་གིས། །འཇིག་རྟེན་བླ་མའི་སྤྱི་ཁེབས་རིགས་པར་བྱེད། །ཡང་ན་གཞན་དག་བྱེད་དུ་འཇུག་ཀྱང་རུང༌། །དེ་དག་འགྲོ་བ་རྣམས་ཀྱི་སྐྱབས་འདྲར་འགྱུར། །མི་རྣམས་གང་དག་རྒྱལ་བའི་གཙང་ཁང་བྱེད། །དེ་དག་འགྲོ་བ་རྣམས་སུ་འཁོར་བ་ན། །ལྷ་དབང་གནས་འདྲའི་ཁང་ཁྱིམ་འོད་འབར་བ། །དུས་ཚིགས་ཀུན་ཏུ་བདེ་ལྡན་ཐོབ་པར་འགྱུར། །མཐོ་རིས་ལས་བཟང་འབྲས་བུའི་གནས་རྣམས་སུ། །བསྐལ་པར་དགའ་མེད་རྟག་ཏུ་དགའ་བ་བཞིན། །བརྩོན་པར་བྱེད་ཅིང་མྱ་ངན་མེད་པ་དང༌། །ཐ་མར་ཞི་བའི་གོ་འཕང་ཐོབ་པར་འགྱུར། །གང་དག་འཇའ་ཁུགས་འདྲ་བའི་རྟ་བབས་མཛེས། །ཐུབ་པའི་ཆབ་སྒོར་སྦེད་བྱེད་དེ་དག་ནི། །སྲིད་པ་གཞན་དུ་ཁང་ཁྱིམ་སྒོ་དང་བཅས། །རྣམ་པར་བརྒྱན་པ་རྣམས་ནི་ཐོབ་པར་འགྱུར། །མི་རྣམས་གང་དག་སྟོན་པའི་སྐུ་གདུང་ཁང༌། །བསྲུང་ཞིང་དང་བས་འོབས་དང་སྒོ་འཛུགས་པ། །དེ་དག་ཚེ་རབས་གཞན་དུ་དགྲ་རྣམས་ཀྱིས། །དཔལ་ཡོན་རྣམས་དང་བྲལ་བར་ཡོད་མི་ནུས། །མི་རྣམས་སུ་དག་མཆོད་རྟེན་རྙིང་པ་རྣམས། །གཞན་གྱི་ངོར་བྱེད་མ་ཡིན་རང་གི་བློས། །རལ་ཚེམས་བྱེད་པའི་སྐྱེ་བོ་དེ་དག་ནི། །ལུས་བཟང་ཡོན་ཏན་དུ་མས་བརྒྱན་པར་འགྱུར། །རྒྱལ་བའི་མཆོད་རྟེན་མེ་ཏོག་རྙིད་བསལ་ནས། །འདོད་ཆགས་ཆགས་མེད་ཞེ་སྡང་མེད་པར་འགྱུར། །གཏི་མུག་རྨོངས་མེད་ལྟ་ངན་ཆགས་མི་འགྱུར། །མི་རྣམས་རབ་ཏུ་དགའ་ཞིང་སྐྱིད་པར་འགྱུར། །སུ་དག་གླང་ཆེན་དྲིལ་སྤངས་སྦ་བར་བརྒྱན། །དུལ་བའི་རྟ་དང་སྦྱར་བའི་ཤིང་རྟ་དག །སྟོན་པ་དང་ནི་འཕགས་པའི་ཚོགས་ལ་འབུལ། །དེ་དག་བླ་མེད་ཐེག་ཆེན་ཐོབ་པར་འགྱུར། །སྐྱེ་བོ་གང་དག་འཇིག་རྟེན་མགོན་པོ་ལ། །རིན་ཆེན་འབར་བ་ཡིད་དང་འཐད་པ་རྣམས། །འབུལ་བ་དེ་དག་རིན་ཆེན་བདུན་པོ་དང༌། །བྱང་ཆུབ་ཡན་ལག་རིན་ཆེན་དྲི་མེད་འཐོབ། །རྒྱལ་བའི་མཆོད་རྟེན་ལ་ནི་གོས་ཕུལ་བས། །བསོད་ནམས་བྱམས་པའི་ངོ་ཚའི་གོས་གྱོན་ཏེ། །དགའ་ཞིང་ཡོན་ཏན་ཀུན་ལྡན་སེར་སྣ་མེད། །མདོག་ཀྱང་འཇམ་ཞིང་ཁ་དོག་གསེར་འདྲར་འགྱུར། །དཔེ་མེད་མཆོད་རྟེན་མར་མེ་ཕུལ་བ་ཡིས། །ཨུཏྤལ་སྔོན་པོ་ཁ་ཕྱེ་འདབ་འདྲའི་མིག །གསལ་ཞིང་སྡུག་ལ་མིག་ནི་དཀྱུས་རིང་མཛེས། །དྲི་མ་མེད་པའི་ལྷ་ཡི་མིག་དང་ལྡན། །སུ་དག་མཆོད་རྟེན་མར་མེ་མང་རབ་འབུལ། །དེ་དག་མིག་ཏུ་སྡུག་ཅིང་མཛོད་རབ་རྒྱས། །མིག་ནི་དཀྱུས་རིང་མཐོན་ཀའི་མདོག་དང་ལྡན། །སྐྱེས་པ་བུད་མེད་དག་གིས་བལྟ་བར་འོས། །མཚན་མོ་ཐུབ་ཆེན་སྤྱན་སྔར་ཐལ་སྦྱར་འཁོད། །འབྱོར་དང་འཚམས་པར་མར་མེ་སྡོང་བུ་འབུལ། །དེ་དག་སྲིད་པ་གཞན་དུ་འབྲས་བུར་ལྡན། །རིན་ཆེན་རགས་པའི་འོད་ལྡན་ལུས་ཀྱང་ཐོབ། །རྒྱལ་བ་ཕུལ་བའི་མར་མེ་འཆི་བ་ན། །དག་པའི་སེམས་ཀྱིས་འདིར་ནི་དགའ་བཞིན་དུ། །སྙིང་པོ་སྐུལ་བར་བྱེད་པ་དེ་དག་ནི། །སྤྱན་ལྔ་དག་ཀྱང་ངེས་པར་ཐོབ་པར་འགྱུར། །མི་རྣམས་གང་དག་དགེ་བའི་སེམས་ལྡན་པས། །རྒྱལ་བའི་མཆོད་རྟེན་གཞན་གྱིས་བྱས་པ་ལས། །རྗེས་སུ་ཡི་རང་དོན་ཏེ་མ་བྱས་ཀྱང༌། །མདོར་ན་དེ་དག་གིས་ཀྱང་བྱས་པར་འགྱུར། །ཚུལ་ཁྲིམས་ལྡན་པས་ཕྱོགས་ནས་ལྷག་པ་ལ། །སུ་ཞིག་དགའ་ཞིང་མལ་སྟན་སྦྱིན་བྱེད་པའི། །མི་རྣམས་འགྲོ་བ་དག་ཏུ་འཁོར་བ་ན། །སེང་གེའི་ཁྲི་དང་སྟན་གྱི་མཆོག་རྣམས་ཐོབ། །སུ་དག་རབ་ཏུ་བྱུང་དང་མཚམས་པ་ཡི། །ཁ་ཟས་བཟང་པོ་དགེ་འདུན་སྦྱིན་བྱེད་པ། །དེ་དག་འཁོར་བའི་དགོན་པར་གནས་པ་ན། །ཁ་ཟས་ཁ་དོག་རོ་ལ་སོགས་ལྡན་འཐོབ། །སུ་དག་རབ་ཏུ་བྱུང་དང་མཚམས་པ་ཡི། །བཏུང་བ་རྒྱ་ཆེན་རབ་ཏུ་སྦྱིན་བྱེད་པ། །དེ་དག་འཁོར་བའི་དགོན་པར་གནས་པ་ན། །བཏུང་བ་ཁ་དོག་རོ་ལ་སོགས་ལྡན་ཐོབ། །སུ་དག་འཇིག་རྟེན་བླ་མས་གསུངས་པ་ཡིས། །དམ་ཆོས་ཚུལ་བཟང་ཐོས་ནས་ཉམས་སུ་ལེན། །དེ་དག་ཉོན་མོངས་ཆུ་རླབས་འཇིགས་པ་ཡི། །སྲིད་པའི་རྒྱ་མཚོ་མྱུར་དུ་བརྒལ་བར་འགྱུར། །རྒྱལ་པོ་དགེ་བའི་ལས་འདི་ཐམས་ཅད་ནི། །འཁོར་བའི་བདེ་བ་སྣ་ཚོགས་སྨིན་གྱུར་ནས། །སངས་རྒྱས་ཀྱི་ནི་བྱང་ཆུབ་དམ་པ་ནི། །འབྲས་བུ་བདེ་བླག་ཁོ་ནར་འགྲུབ་པར་འགྱུར། །ཞེས་བཀའ་སྩལ་ཏོ། །

འཕགས་པ་དོན་རྣམ་པར་ངེས་པའི་མདོར་ཡང༌། དེ་བཞིན་གཤེགས་པའི་སྐུ་སྲེད་མེད་ཀྱི་བུ་ལྟ་བུར་ཀུན་ཏུ་མཛེས་པ་འདི་ནི་སྔོན་དེ་བཞིན་གཤེགས་པའི་སྐུ་གཟུགས་བྱས་པ་དང༌། མཆོད་རྟེན་ཞིག་པ་བཅོས་པ་དང༌། གཞན་དག་འཇིགས་པ་ལས་དབུགས་འབྱུང་བ་བྱས་པས་གྲུབ་སྟེ། ཞེས་དང༌།

དེ་བཞིན་གཤེགས་པའི་གཟུགས་བརྙན་བཞག་པའི་ཕན་ཡོན་ཡང་དག་པར་བརྗོད་པའི་མདོ་ལས་ཀྱང༌། དགེ་སློང་དག་དེ་བཞིན་གཤེགས་པའི་གཟུགས་བརྙན་བྱེད་པའི་གང་ཟག་སྦྱིན་པ་པོ་ལ་ཕན་ཡོན་འདི་ལྔ་ཡོད་དེ། ལྔ་གང་ཞེ་ན། གཞལ་མེད་ཁང་ཆེན་པོར་གནས་པ་དང༌། བོང་སྟེ་བྱད་བཟང་བར་གྲགས་པ་དང༌། སྤྲོ་བ་མང་བ་དང༌། ཚེ་རིང་བ་དང༌། གྲགས་པ་དང་ལྡན་པ་དང༌། བདེ་བ་མང་བ་སྟེ། དགེ་སློང་དག་འདི་ནི་དེ་བཞིན་གཤེགས་པའི་གཟུགས་བརྙན་བྱེད་པའི་གང་ཟག་སྦྱིན་པ་པོའི་ཕན་ཡོན་དང་པོ་ཡིན་ནོ། །

གཞན་ཡང༌། ཕྱུག་པ་དང༌། ནོར་མང་བ་དང༌། ལོངས་སྤྱོད་ཆེ་བ་དང༌། ནོར་རྫས་དང༌། ཡོ་བྱད་མང་བ་དང༌། བདག་དབང་བ་དང༌། བདག་གིར་བྱ་བ་མང་བ་དང༌། ནོར་དང༌། འབྲུ་དང༌། དབྱིག་དང༌། གསེར་དང༌། མཛོད་དང༌། བང་བའི་ཚོགས་མང་བ་དང༌། རྟ་དང༌། གླང་པོ་ཆེ་དང༌། བ་ལང་དང༌། ལུག་དང༌། བྲན་ཕོ་དང༌། བྲན་མོ་དང༌། ལས་བྱེད་པ་དང༌། ཞོ་ཤས་འཚོ་བ་མང་བ་དང༌། བློན་པོ་དང༌། གཉེན་དང༌། མཛའ་བཤེས་དང༌། སྣག་གི་གཉེན་མཚམས་མང་པོར་འགྱུར་ཏེ། དགེ་སློང་དག་འདི་ནི་དེ་བཞིན་གཤེགས་པའི་གཟུགས་བརྙན་བྱེད་པའི་གང་ཟག་སྦྱིན་པ་པོའི་ཕན་ཡོན་གཉིས་པ་ཡིན་ནོ། །

དགེ་སློང་དག་གཞན་ཡང༌། གཟུགས་བཟང་བ་དང༌། བལྟ་ན་སྡུག་པ་དང༌། མཛེས་པ་དང༌། མདོག་གསེར་ལྟར་བཟང་བ་དང༌། མགོ་བོ་གདུགས་ལྟར་ཟླུམ་པ་དང༌། ལག་པ་རིང་བ་དང༌། དཔྲལ་བ་དབྱིབས་ཆེ་བ་དང༌། སྨིན་མཚམས་བར་མ་ཆད་པ་དང༌། ཡན་ལག་དང༌། ཉིང་ལག་ཐམས་ཅད་ལྡན་པ་དང༌། རྒྱན་ཐམས་ཅད་ཀྱིས་བརྒྱན་པར་འགྱུར་ཏེ། དགེ་སློང་དག་འདི་ནི་དེ་བཞིན་གཤེགས་པའི་གཟུགས་བརྙན་བྱེད་པའི་གང་ཟག་སྦྱིན་པ་པོའི་ཕན་ཡོན་གསུམ་པ་ཡིན་ནོ། །

དགེ་སློང་དག་གཞན་ཡང༌། འཁོར་ལོས་སྒྱུར་བའི་རྒྱལ་པོ་འཁོར་བཟང་པོ་རིན་པོ་ཆེ་སྣ་བདུན་དང་ལྡན་པ་བུ་སྟོང་གིས་བསྐོར་བར་འགྱུར་ཏེ། དེའི་བུའམ། ཆུང་མའམ། བྲན་ནམ། ཉེ་བར་མཁོ་བ་གང་ཡིན་པ་དེ་དག་ཐམས་ཅད་དེ་ལ་གུས་པར་ཉན་པ་དང༌། བཀའ་ཉན་པར་བྱེད་དེ། དགེ་སློང་དག་འདི་ནི་དེ་བཞིན་གཤེགས་པའི་གཟུགས་བརྙན་བྱེད་པའི་གང་ཟག་སྦྱིན་པ་པོའི་ཕན་ཡོན་བཞི་པ་ཡིན་ནོ། །

དགེ་སློང་དག་གཞན་ཡང་དེ་ལུས་དང་བྲལ་ནས། བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། དེར་སྐྱེས་ནས་ལྷའི་དབང་པོ་ཁྱད་པར་ཅན་ལྷ་དང་ལྷའི་བུ་དང་ལྷའི་བུ་མོ་རྣམས་ཀྱི་རྟེན་དུ་འགྱུར་ལ། གནས་བཅུ་པོ་ལྷའི་ཚེ་དང༌། ལྷའི་མདོག་དང༌། ལྷའི་སྟོབས་དང༌། ལྷའི་བདེ་བ་དང༌། ལྷའི་དབང་ཕྱུག་ལ་དབང་བྱེད་པ་དང༌། ལྷའི་གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་རྣམས་ཀྱིས་དགའ་བར་བྱེད་དེ། དགེ་སློང་དག་འདི་ནི་དེ་བཞིན་གཤེགས་པའི་གཟུགས་བརྙན་བྱེད་པའི་གང་ཟག་སྦྱིན་པ་པོའི་ཕན་ཡོན་ལྔ་པ་ཡིན་ནོ། །ཞེས་བཀའ་སྩལ་ཏོ།།

མཐའ་ཡས་ཕྱོགས་བཅུའི་འཇིག་རྟེན་ཇི་སྙེད་པར། །དེ་བཞིན་གཤེགས་པའི་གསུང་རབ་ཀྱིས་རོལ་ཞིང༌། །ཐེག་པ་མཆོག་གི་དགའ་སྟོན་གྱིས་ཚིམ་སྟེ། །འགྲོ་ཀུན་རྡོ་རྗེ་སེམས་དཔའ་རེད་གྱུར་ཅིག །མཐའ་ཡས་རྒྱལ་བའི་དབང་པོས་མ་བསྒྲལ་ཞིང༌། །འགྲོ་ལ་ཕན་བྱེད་དག་གི་མཐུ་རྡུགས་པ། །བསྐལ་ངན་སྐྱེ་བོ་མྱ་ངན་བྱ་བའི་གནས།།དེ་ཀུན་མྱུར་དུ་སད་ནས་མཆོག་ཐོབ་ཤོག །

མཆོད་རྟེན་བསྐོར་བའི་ཚིགས་སུ་བཅད་པ་ལས་ཀྱང༌། མཆོད་རྟེན་བསྐོར་བ་བྱས་པས་ནི། །ལྷ་ཀླུ་དེ་བཞིན་གནོད་སྦྱིན་དང༌། །ཤ་ཟ་དེ་བཞིན་སྲིད་རྣམས་ཀྱིས། །ཐམས་ཅད་དུ་ཡང་མཆོད་པར་འགྱུར། །དལ་བ་རྙེད་དཀའ་ཐོབ་གྱུར་ནས། །སྐད་ཅིག་གཅིག་ཙམ་བར་དུ་ཡང༌། །མཆོད་རྟེན་བསྐོར་བ་བྱས་པས་ནི། །མི་ཁོམ་བརྒྱད་རྣམས་སྤང་བར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །དྲན་དང་ལྡན་ཞིང་བློ་གྲོས་ལྡན། །ཁ་དོག་ལྡན་ཞིང་མཛངས་པ་དང༌། །ཐམས་ཅད་དུ་ནི་མཆོད་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །ལྷ་དང་དེ་བཞིན་མི་རྣམས་ཀྱིས། །ཚེ་རིང་བ་ཡང་དེ་ཡིས་འཐོབ། །གྲགས་པ་ཆེན་པོའང་ཐོབ་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །འཛམ་བུ་གླིང་དུ་རུས་ཀྱི་མཆོག །ཆོ་རིགས་ཡོངས་སུ་དག་པ་ཡིན། །བློ་ལྡན་དེ་ནི་སྐྱེ་བར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །ཁ་བཞིན་དག་ཀྱང་བཟང་བ་དང༌། །མདོག་སྣུམ་པ་དང་མཁས་པ་དང༌། །བདེ་བར་གནས་པ་འཐོབ་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །ཕྱུག་ཅིང་ནོར་ཡང་མང་བ་དང༌། །སེར་སྣ་མེད་ཅིང་གཏོང་ཕོད་དང༌། །སྦྱིན་པ་དག་ལ་དགའ་བར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །ཡིད་དུ་འོང་ཞིང་བལྟ་ན་སྡུག །མདོག་བཟང་མཐོང་ན་དགའ་བ་དང༌། །ལོངས་སྤྱོད་རྒྱ་ཆེན་ཐོབ་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །འདུ་བྱེད་སྟོང་པར་མཐོང་ན་ཡང༌། །དེ་ནི་ཆོས་ལ་རྨོངས་མི་འགྱུར། །མྱུར་དུ་དགའ་བ་ཐོབ་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །རྒྱལ་རིགས་མཆོག་ཏུ་སྐྱེ་བར་འགྱུར། །བུད་མེད་དང་ཡང་ལྡན་པ་དང༌། །སྟོབས་དང་བརྩོན་འགྲུས་ལྡན་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །བྲམ་ཟེ་ཆེ་ཞིང་མཐོང་བར་སྐྱེ། །ཚུལ་ཁྲིམས་ལྡན་ཞིང་ཐོས་དང་ལྡན། །རིག་བྱེད་གསང་སྔགས་ལྡན་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །ཁྱིམ་བདག་ཆེ་ཞིང་མཐོ་བར་སྐྱེ། །ཕྱུག་ཅིང་ནོར་ཡང་མང་བ་དང༌། །ནོར་དང་འབྲུ་དང་ལྡན་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །འཛམ་བུ་གླིང་གི་མངའ་བདག་རྗེ། །ས་སྟེང་མཐའ་དག་དབང་བྱེད་པའི། །ཚེ་དང་ལྡན་པའི་རྒྱལ་པོར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །རིན་ཆེན་བདུན་དང་ལྡན་པ་ཡིས། །འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར། །ཆོས་བཞིན་འཁོར་ལོ་བསྐོར་བར་བྱེད། །མཆོད་རྟེན་བསྐོར་བ་བྱས་པས་ནི། །འདི་ནས་འཕོས་ནས་མཐོ་རིས་འགྲོ། །སངས་རྒྱས་བསྟན་ལ་དགའ་བ་དང༌། །རྣལ་འབྱོར་ལྡན་ཞིང་རྫུ་འཕྲུལ་ཆེ། །མཆོད་རྟེན་བསྐོར་བ་བྱས་པས་ནི། །ལྷ་ཡུལ་དག་ནས་འཕོས་ན་ཡང༌། །དེ་ནི་མི་ཡི་ནང་དུ་སྐྱེ། །རྨོངས་པ་མེད་པར་མངལ་དུ་འཇུག །མཆོད་རྟེན་བསྐོར་བ་བྱས་པས་ནི། །མངལ་གྱི་སྐྱོན་དང་དྲི་མ་ཡིས། །དེ་ལ་གོས་པར་མི་འགྱུར་ཏེ། །དེ་ནི་ནོར་བུ་དག་པ་བཞིན། །མཆོད་རྟེན་བསྐོར་བ་བྱས་པས་ནི། །མ་ལྟོར་བདེ་བར་གནས་པར་འགྱུར། །དེ་ནི་བདེ་བར་བཙའ་བ་དང༌། །བདེ་བར་ནུ་ཞོ་འཐུང་བར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །ཕས་ཀྱང་གཡོག་འཁོར་མང་པོ་ཡིས། །དེ་ལ་གསོ་ཞིང་གནང་བར་འགྱུར། །མ་མས་རྟག་ཏུ་རིམ་གྲོ་བྱེད། །མཆོད་རྟེན་བསྐོར་བ་བྱས་པས་ནི། །ཉེ་དུ་རྣམས་ཀྱི་སྙིང་དུ་སྡུག །དེ་བཞིན་ཕ་མ་ལྷག་པར་བྱམས། །སྐྱེས་ནས་ལོངས་སྤྱོད་འཕེལ་བར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །ཤ་ཟ་དང་ནི་སྲིན་རྣམས་ཀྱིས། །དེ་ལ་གནོད་པར་མི་ནུས་ཏེ། །ལོངས་སྤྱོད་དག་ལ་སྐྱོན་མེད་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །བསྐལ་པ་བརྒྱར་ཡང་དེ་དག་རྣམས། །ཞར་བ་གྲུམ་པོར་ཡོངས་མི་འགྱུར། །ལུས་ཀྱང་རྣམ་པར་དག་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །མིག་ཀྱང་རྣམ་པར་དག་པ་དང༌། །དཀྱུས་རིང་མཐོན་མཐིང་སྡུག་པ་དང༌། །ལྷ་ཡི་མིག་ཀྱང་དེ་ཡིས་འཐོབ། །མཆོད་རྟེན་བསྐོར་བ་བྱས་པས་ནི། །ལུས་བརྟན་སེམས་ཀྱང་བརྟན་པ་དང༌། །དེ་བཞིན་བརྩོན་འགྲུས་བརྟན་པ་དང༌། །དཔུང་མགོ་ཟླུམ་ཞིང་བརྟན་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །སྟོབས་དང་བྱད་གཟུགས་ཕུན་སུམ་ཚོགས། །ཡན་ལག་ཐམས་ཅད་མཚན་རྣམས་ཀྱིས། །ལེགས་པར་བརྒྱན་ཅིང་ལྡན་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །སུམ་ཅུ་རྩ་གསུམ་དབང་ཕྱུག་རྗེ། །རྫུ་འཕྲུལ་ཆེ་བའི་བརྒྱ་བྱིན་དུ། །ལྷ་ཡི་དབང་པོ་ཆེན་པོར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །འཐབ་བྲལ་ལྷ་ཡི་དབང་པོ་དང༌། །དེ་བཞིན་ཡོངས་སུ་དགའ་ལྡན་དང༌། །འཕྲུལ་དགའ་གཞན་འཕྲུལ་དབང་བྱེད་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །ཚངས་པའི་འཇིག་རྟེན་ཚངས་པ་ཡི། །དབང་ཕྱུག་ཉིད་དུ་དེ་འགྱུར་ཞིང༌། །ལྷ་རྣམས་བྱེ་བ་སྙེད་ཀྱིས་མཆོད། །མཆོད་རྟེན་བསྐོར་བ་བྱས་པས་ནི། །བསྐལ་པ་བྱེ་བ་སྟོང་དག་དང༌། །ཁྲག་ཁྲིག་ཕྲག་བརྒྱད་དག་ཏུ་ཡང༌། །ཤེས་རབ་ལྡན་པ་རྟག་ཏུ་མཆོད། །མཆོད་རྟེན་བསྐོར་བ་བྱས་པས་ནི། །བསྐལ་པ་བྱེ་བ་སྟོང་དག་ཏུ། །ལུས་གཙང་གོས་ཀྱང་གཙང་བ་དང༌། །དཀར་པོའི་ཆོས་དང་ལྡན་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །སྟོབས་དང་བརྩོན་འགྲུས་ཕུན་སུམ་ཚོགས། །དེ་ནི་ལེ་ལོ་མེད་པ་དང༌། །ཤིན་ཏུ་བསྒྲུབ་བ་ཐོབ་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །བརྩོན་འགྲུས་བརྟན་ཞིང་མཐུ་ཡང་བརྟན། །རྩལ་བརྟན་ཅིས་ཀྱང་མི་ཚུགས་ཤིང༌། །དོན་རྣམས་མྱུར་དུ་འགྲུབ་པར་བྱེད། །མཆོད་རྟེན་བསྐོར་བ་བྱས་པས་ནི། །གདངས་སྙན་གསང་ཡང་མཐོ་བ་དང༌། །ཡིད་དུ་འོང་བའི་ང་རོ་ཅན། །གནོད་པ་མེད་ཅིང་ནད་མེད་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །ང་ཉིད་ཀྱིས་ནི་བསྟན་པ་ཡི། །གནས་འདིར་མྱུར་དུ་བདེ་འགྲོ་ཞིང༌། །ཤས་ཆེར་སྐྱེ་བ་ཐོབ་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །དྲན་པ་ཉེ་བར་གཞག་པ་བཞི། །སེམས་ཀྱི་ཚད་མེད་བཞི་པོ་དང༌། །རྫུ་འཕྲུལ་རྐང་པའི་དབང་ཡང་ཐོབ། །མཆོད་རྟེན་བསྐོར་བ་བྱས་པས་ནི། །འཕགས་པའི་བདེན་པ་བཞི་པོ་དང༌། །དབང་པོ་རྣམས་དང་སྟོབས་རྣམས་དང༌། །བྱང་ཆུབ་ཡན་ལག་འབྲས་བུ་ཐོབ། །མཆོད་རྟེན་བསྐོར་བ་བྱས་པས་ནི། །མངོན་ཤེས་དྲུག་ལྡན་ཟག་མེད་པ། །ཉོན་མོངས་ཐམས་ཅད་སྤངས་པ་ཡི། །དགྲ་བཅོམ་རྫུ་འཕྲུལ་ཆེན་པོར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །འདོད་ཆགས་ཞེ་སྡང་སྤངས་པ་དང༌། །འཁོར་རྣམས་ཐམས་ཅད་སྤངས་པ་ཡི། །རང་རྒྱལ་བྱང་ཆུབ་ཐོབ་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །འཇིག་རྟེན་དག་ཏུ་དེ་བཞིན་གཤེགས། །མཚན་རྣམས་ཀྱིས་ནི་བརྒྱན་པ་དང༌། །གསེར་གྱི་སྐུ་མདོག་ཐཽབ་པར་འགྱུར། །ལུས་ཀྱི་ལས་ཀྱང་བསྐོར་བ་ཡིན། །ངག་གི་ལས་ཀྱང་བསྐོར་བ་ཡིན། །ཡིད་ཀྱི་ལས་ཀྱང་བསྐོར་བ་ཡིན། །སྨོན་ལམ་བཏབ་པའང་བསྐོར་བ་ཡིན། །འདིར་ནི་བསྐོར་བ་བྱས་པ་ཡིས། །བགྲོད་དཀའ་བདེ་དགུར་དོན་རྣམས་འགྲུབ། །འཇིག་རྟེན་མགོན་པོའི་མཆོད་རྟེན་ལ། །བསྐོར་བ་བྱས་པའི་ཡོན་ཏན་གང༌། །དེ་ནི་ཚིག་ཙམ་ཉི་ཚེ་ཡིས། །ལེགས་པར་བསྟན་པར་མི་ནུས་སོ། །སེམས་ཅན་རྣམས་ལ་སྙིང་བརྩེའི་ཕྱིར། །ཤཱ་རིའི་བུས་ནི་ཞུས་ནས་ཀྱང༌། །མཆོད་རྟེན་ཕྱག་བྱས་ཡོན་ཏན་གང༌། །འཇིག་རྟེན་མགོན་པོས་བསྟན་པ་ཡིན། །རྟ་བརྒྱ་དང་ནི་གསེར་སྲང་བརྒྱ། །དྲེལ་མོའི་ཤིང་རྟ་བརྒྱ་དག་དང༌། །རྒོད་མ་བརྒྱ་ཡི་ཤིང་རྟ་རྣམས། །རིན་ཆེན་སྣ་ཚོགས་བཀའ་བས་ཀྱང༌། །བསྐོར་བའི་གོམ་པ་གཅིག་བོར་བའི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །མི་འམ་ཅི་ཡི་བུ་མོ་བརྒྱ། །ནོར་བུའི་རྣ་ཆ་གདུབ་སྐོར་ཐོགས། །གསེར་གྱི་དཔུང་རྒྱན་འཆང་བ་དང༌། །མགྲིན་པ་གསེར་གྱིས་ལེགས་བརྒྱན་པས། །བསྐོར་བའི་གོམ་པ་གཅིག་བོར་པའི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །གངས་ཀྱི་གླང་ཆེན་བརྒྱ་སྙེད་དག །ལུས་ཆེན་ནམ་ཚོང་སྤངས་པ་དང༌། །སྣ་ཡང་གཤོལ་མདའ་འདྲ་བའི་གླང༌། །གསེར་དང་ནོར་བུས་བརྒྱན་པས་ཀྱང༌། །བསྐོར་བའི་གོམ་པ་གཅིག་བོར་བའི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །མཁས་པ་གང་གིས་སངས་རྒྱས་མཆོད་རྟེན་ལ། །དགའ་བའི་སེམས་ཀྱིས་གོམ་པ་གཅིག་བོར་བ། །འཛམ་བུའི་ཆུ་ཀླུང་གསེར་སྲང་འབུམ་གྲངས་སྙེད། །དེ་ནི་དེ་དང་མཚུངས་པ་ཡོད་མ་ཡིན། །མཁས་པ་གང་གིས་ སངས་རྒྱས་མཆོད་རྟེན་ལ། །དགའ་བའི་སེམས་ཀྱིས་འཇིམ་གོང་གཅིག་བོར་བ། །འཛམ་བུའི་ཆུ་ཀླུང་གསེར་གྱི་ཕུང་པོ་འབུམ། །དེ་དང་དེ་ནི་མཚུངས་པར་ཡོད་མ་ཡིན། །མཁས་པ་གང་གིས་སངས་རྒྱས་མཆོད་རྟེན་ལ། །དགའ་བའི་སེམས་ཀྱིས་མེ་ཏོག་སིལ་མ་སྤུངས། །འཛམ་བུའི་ཆུ་ཀླུང་གསེར་སྣོད་འབུམ་བཞག་པ། །དེ་དང་དེ་ནི་མཚུངས་པ་ཡོད་མ་ཡིན། །མཁས་པ་གང་གིས་སངས་རྒྱས་མཆོད་རྟེན་ལ། །དགའ་བའི་སེམས་ཀྱིས་མེ་ཏོག་ཕྲེང་བ་འདོགས། །འཛམ་བུ་ཆུ་ཀླུང་གསེར་ཁལ་བྱེ་བ་གཉིས། །དེ་དང་དེ་ནི་མཚུངས་པ་ཡོད་མ་ཡིན། །མཁས་པ་གང་གིས་སངས་རྒྱས་མཆོད་རྟེན་ལ། །དགའ་བའི་སེམས་ཀྱིས་སྤོས་ཆུས་ཁྲུས་བྱས་པས། །འཛམ་བུའི་ཆུ་ཀླུང་གསེར་གྱི་ཕུང་པོ་འབུམ། །དེ་ནི་དེ་དང་མཚུངས་པ་ཡོད་མ་ཡིན། །མཁས་པ་གང་གིས་སངས་རྒྱས་མཆོད་རྟེན་ལ། །དགའ་བའི་སེམས་ཀྱིས་མར་མེ་འབུལ་བྱེད་པ། །འཛམ་བུ་ཆུ་ཀླུང་གསེར་སྲང་བྱེ་བ་འབུམ། །དེ་ནི་དེ་དང་མཚུངས་པ་ཡོད་མ་ཡིན། །མཁས་པ་གང་གིས་སངས་རྒྱས་མཆོད་རྟེན་ལ། །དགའ་བའི་སེམས་ཀྱིས་རྒྱལ་མཚན་འཕན་གདུགས་འདོགས། །གསེར་གྱི་རི་བོ་ལྷུན་པོའི་ཚད་འབུམ་ཡང༌། །དེ་ནི་དེ་དང་མཚུངས་པ་ཡོད་མ་ཡིན། །འདི་ནི་དཔག་མེད་དེ་བཞིན་གཤེགས། །རྒྱ་མཚོ་འདྲ་བའི་རྫོགས་སངས་རྒྱས། །དེད་དཔོན་བླ་ན་མེད་པ་ལ། །ཕུལ་བའི་ཕན་ཡོན་བསྟན་པ་ཡིན། །བཞུགས་པའི་ཚེ་ན་གང་གིས་མཆོད། །མྱ་ངན་འདས་འོག་གང་གིས་མཆོད། །སེམས་དགའ་བ་ནི་མཚུངས་གྱུར་ན། །བསོད་ནམས་ལ་ཡང་ཁྱད་པར་མེད། །དེ་ལྟར་སངས་རྒྱས་བསམ་མི་ཁྱབ། །སངས་རྒྱས་ཆོས་ཀྱང་བསམ་མི་ཁྱབ། །བསམ་མི་ཁྱབ་ལ་དད་ཀྱིས་ནས། །རྣམ་པར་སྨིན་པའང་བསམ་མི་ཁྱབ། །ཅེས་གསུངས་སོ། །

འཕགས་པ་དཀོན་མཆོག་སྤྲིན་གྱི་མདོར་ཡང༌། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་མཆོད་པ་དང༌། རིམ་གྲོའི་སྦྱིན་པ་ཕུན་སུམ་ཚོགས་པ་ཡིན་ཞེ་ན། བྱང་ཆུབ་སེམས་དཔའ་སངས་རྒྱས་དང༌། ཆོས་དང༌། དགེ་འདུན་བྱ་བ་དག་བྱེད་དེ། ཇི་ལྟར་སངས་རྒྱས་ལ་བྱ་བ་དག་བྱེད་ཅེ་ན། འདི་ལྟ་སྟེ། དེ་བཞིན་གཤེགས་པའི་མཆོད་རྟེན་དག་དང༌། དེ་བཞིན་གཤེགས་པའི་སྐུ་གཟུགས་ལ་སྤོས་སམ། མེ་ཏོག་ གམ། བདུག་པའམ། འཕྱགས་པའམ། བརྐྱང་ནུལ་ལམ། དེ་བཞིན་གཤེགས་པའི་མཆོད་རྟེན་ཞིག་པ་བཅོས་པ་དག་གིས་ཏེ། དེ་ལྟར་ན་སངས་རྒྱས་ལ་བྱ་བ་དག་བྱེད་དོ། །ཇི་ལྟར་ན་ཆོས་ལ་བྱ་བ་དག་བྱེད་ཅེ་ན། དེ་ཆོས་ཉན་ཏོ། །འཆང་ངམ། ཀློག་གམ། ཡི་གེ་འབྲིའོ། །ཁ་དོན་བྱེད་དོ། །ཀུན་ཆུབ་པར་བྱེད་དོ། །སེམས་སོ། །མ་ལོག་པར་བསྒོམ་པའི་སྦྱོར་བས་གོམས་པར་བྱེད་དོ། །དེ་ལྟར་ན་ཆོས་ལ་བྱ་བ་དག་བྱེད་དོ། །ཇི་ལྟར་ན་དགེ་འདུན་ལ་བྱ་བ་དག་བྱེད་ཅེ་ན། ཆོས་གོས་དང༌། བསོད་སྙོམས་དང༌། མལ་ཆ་དང༌། ན་བའི་གསོས་སྨན་དང༌། ཡོ་བྱད་རྣམས་དང༌། ཐ་ན་ཆུ་གྲང་མོ་ཕོར་གང་ཙམ་ཡང་དགེ་འདུན་ལ་ཕུལ་ཏེ། དེ་ལྟར་ན་དགེ་འདུན་ལ་བྱ་བ་དག་བྱེད་དོ། །དེ་ལྟར་བྱང་ཆུབ་སེམས་དཔའ་མཆོད་པ་དང༌། རིམ་གྲོའི་སྦྱིན་པ་ཕུན་སུམ་ཚོགས་པ་ཡིན་ནོ། །ཞེས་པ་དང༌།

འཕགས་པ་སའི་སྙིང་པོ་འཁོར་ལོ་བཅུ་པ་ལས་ཀྱང༌། རིགས་ཀྱི་བུ། གཞན་ཡང་འདི་ལྟ་སྟེ། གལ་ཏེ་ཕ་རོལ་ཏུ་ཕྱིན་པ་ཐོབ་པ། རྣམ་པར་གྲོལ་བ་བརྒྱད་དང་ལྡན་པ། བསམ་གཏན་ལ་སྙོམས་པར་འཇུག་པའི་དགྲ་བཅོམ་པ་ཆེན་པོ་ཤ་སྟག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཡོངས་སུ་གང་བ་ནི་འདི་ལྟ་སྟེ། འབྲས་ཀྱི་ལྗང་བུའམ། ཏིལ་ལམ། འོད་མའམ། འདམ་བུའམ། བུ་རམ་ཤིང་གི་ཚལ་ལྟ་བུར་གྱུར་ལ། དེ་དག་ཐམས་ཅད་བཅིང་བ་ལྔས་བཅིངས་ནས། ལོ་བརྒྱ་སྟོང་སྙེད་ལོན་པ་ལས། མཐུ་ཆེན་པོ་དང་ལྡན་པའི་གང་ཟག་གཅིག་འཇིག་རྟེན་དུ་མངོན་པར་འབྱུང་སྟེ། བསོད་ནམས་འདོད་པའི་ཕྱིར་དེ་དག་གི་བཅིངས་པ་ཐམས་ཅད་བཀྲོལ་ནས། དགྲ་བཅོམ་པ་དེ་དག་ཐམས་ཅད་སྤོས་ཆུས་བཀྲུས་ཏེ། ཆོས་གོས་དང༌། ལྷུང་བཟེད་ལོ་བརྒྱ་སྟོང་གི་བར་དུ་ཕུལ་ནས། གནས་ཁང་དང༌། ཁྲི་སྟན་དང༌། གོས་དང༌། བསོད་སྙོམས་དང༌། ནད་ཀྱི་གསོས་སྨན་དང༌། འཚོ་བའི་ཡོ་བྱད་རྣམ་པ་སྣ་ཚོགས་ཀྱང་ཡིད་བཞིན་དུ་བྱེད་པ། དགྲ་བཅོམ་པ་དེ་དག་མྱ་ངན་ལས་འདས་ཀྱང༌། མཆོད་པ་བྱས་ཏེ་བསྲེགས་ནས་དེ་དག་གི་རིང་བསྲེལ་བསྡུས་ཏེ། རིན་ཆེན་སྣ་བདུན་གྱི་མཆོད་རྟེན་གྱི་ནང་དུ་བཅུག་གོ ། གཞན་ཡང་རིན་པོ་ཆེའི་རྒྱལ་མཚན་དང༌། བ་དན་དང༌། གདུགས་དང༌། སྤོས་དང༌། མེ་ཏོག་དང༌། རོལ་མོ་རྣམ་པ་སྣ་ཚོགས་ཀྱིས་མཆོད་པའི་བསོད་ནམས་ཀྱི་ཕུང་པོ་བས་སངས་རྒྱས་ཀྱི་རིང་བསྲེལ་གྱི་ཕྱིར་མཆོད་རྟེན་བརྩེགས་པའི་བསོད་ནམས་ཀྱི་ཕུང་པོ་མང་སྟེ། དགྲ་བཅོམ་པ་བཅིངས་པ་བཀྲོལ་ཏེ་མཆོད་པ་བྱས་པའི་བསོད་ནམས་ཀྱིས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང༌། བརྒྱ་སྟོང་གི་ཆ་དང༌། བྱེ་བའི་ཆ་དང༌། ཁྲག་ཁྲིག་གི་ཆར་ཡང་ཉེ་བར་མི་འགྲོ་བ་ནས། རྩིས་ཀྱི་ཆར་རམ། གྲངས་ཀྱི་ཆར་རམ། དཔེའི་ཆར་རམ། རྒྱུའི་ཆར་ཡང་ཉེ་བར་མི་འགྲོའོ། །ཞེས་པ་དང༌།

ཕ་རོལ་ཏུ་ཕྱིན་པ་ལྔ་བསྟན་པའི་མདོ་ལས་ཀྱང༌། གང་དག་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་སྤོས་དང༌། མེ་ཏོག་དང༌། ཕྲེང་བ་དང༌། བྱུག་པ་དང༌། ཕྱེ་མ་དང༌། ན་བཟའ་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་རྣམས་ཀྱིས་བཀུར་སྟིར་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད་དེ། དེ་ལྟར་དགེ་བའི་རྩ་བ་བསྐྱེད་ནས་ཡོངས་སུ་མྱ་ངན་ལས་འདས་པའི་ཆོས་ཅན་དུ་འགྱུར་རོ། །གང་དག་འདོད་ཆགས་དང་བྲལ་བའི་བསམ་པས་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མེ་ཏོག་གཅིག་ཙམ་འབུལ་བ་དེ་དག་ཐམས་ཅད་ཀྱང་བཅོམ་ལྡན་འདས་ཀྱིས་མྱ་ངན་ལས་འདས་པའི་ཆོས་ཅན་དུ་ལུང་བསྟན་ཏོ། །ཞེས་དང༌།

འཕགས་པ་མ་སྐྱེས་དགྲའི་འགྱོད་པ་བསལ་བའི་མདོར་ཡང༌། གང་ན་ཆོས་ཀྱི་རྣམ་གྲངས་འདི་སྤྱོད་པར་འགྱུར་བའི་ས་ཕྱོགས་དེར་ནི་དེ་བཞིན་གཤེགས་པས་སྦྱོད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་དག་སྔོན་འདས་པའི་དུས་ན། དེ་བཞིན་གཤེགས་པ་མར་མེ་མཛད་ཀྱིས་ང་ལུང་བསྟན་པར་གྱུར་ནས། སའི་ཕྱོགས་ན་གང་དུ་ངས་རལ་བ་བཏིང་ཞིང་ངས་བཟོད་པ་ཐོབ་པར་གྱུར་པ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ཀྱིས་ངས་བཟོད་པ་ཐོབ་པར་མཁྱེན་ནས། ཁྱེའུ་འདི་ལ་བསྐལ་པ་གྲངས་མེད་པ་ན། ཤཱཀྱ་ཐུབ་པ་ཞེས་བྱ་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ། །ཞེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །དེ་ནས་དེ་བཞིན་གཤེགས་པ་མར་མེ་མཛད་དེས། དགེ་གློང་གི་དགེ་འདུན་ལ། དགེ་སློང་ཁྱེད་སུས་ཀྱང་སའི་ཕྱོགས་འདི་རྐང་པས་མ་བཅག་ཅིག །དེ་ཅིའི་ཕྱིར་ཞེ་ན། གང་དུ་ཁྱེའུ་འདི་རལ་པ་བཏིང་ཞིང་བཟོད་པ་ཐོབ་པ་དེ་ནི་ལྷ་དང་འཇིག་རྟེན་དུ་བཅས་པའི་མཆོད་རྟེན་ཡིན་ནོ། །ཡང་ས་ཕྱོགས་འདིར་མཆོད་རྟེན་བྱེད་པར་སུ་ཡོད་སྤྲོ་ཞེས་དེ་སྐད་ཅེས་བཀའ་སྩལ་པ་དང༌། རིགས་ཀྱི་བུ་དག་དེ་ན་ལྷ་བྱེ་བ་ཕྲག་བརྒྱད་ཅུས། བཅོམ་ལྡན་འདས་ས་ཕྱོགས་འདིར་མཆོད་རྟེན་བགྱི་བར་བདག་ཅག་སྤྲོའོ། །ཞེས་མགྲྀན་གཅིག་ཏུ་ཚིག་སྨྲས་སོ། །དེ་ནས་ཁྱིམ་བདག་ལྷ་བཟང་ཞེས་བྱ་བ་ཞིག་དཻར་འདུས་པར་གྱུར་པ་དེས་ཀྱང༌། བཅོམ་ལྡན་འདས་བདག་གི་ས་ཕྱོགས་འདིར་མཆོད་རྟེན་བགྱི་བར་སྤྲོའོ། །ཞེས་སྨྲས་ཏེ། རིགས་ཀྱི་བུ་དག་ས་ཕྱོགས་དེར་ཁྱིམ་བདག་ལྷ་བཟང་ཞེས་བྱ་བ་དེས། མཆོད་རྟེན་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཞིག་བྱས་སོ། །བྱས་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ས་ཕྱོགས་དེར། རིན་པོ་ཆེ་སྣ་བདུན་ལས་མཆོད་རྟེན་བགྱི་ན། བཅོམ་ལྡན་འདས་བདག་གིས་བསོད་ནམས་ཅི་ཙམ་ཞིག་བགྱིས་པར་འགྱུར། དེ་སྐད་ཅེས་གསོལ་པ་དང༌། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ཀྱིས་ཁྱིམ་བདག་ལྷ་བཟང་ལ་སའི་ཕྱོགས་གང་དུ་བྱང་ཆུབ་སེམས་དཔའ་བཟོད་པ་ཐོབ་པའི་ས་ཕྱོགས་དེ་ན། ཤིང་རྟའི་འཁོར་ལོ་ཙམ་གྱིས་ས་ཇི་སྙེད་པ། འོག་ཏུ་ཆུའི་ཕུང་པོ་ལ་ཐུག་གི་བར་དུ་ཆེན་པོ་དེ་སེམས་ཅན་ཐམས་ཅད་ཀྱི་མཆོད་རྟེན་དུ་གྱུར་པ་ཡིན་ནོ། །ཁྱིམ་བདག་གི་ཆུའི་ཕུང་པོ་ནས་འཁོར་བའི་རྩེ་མོའི་བར་དུ། རིན་པོ་ཆེ་སྣ་བདུན་གྱིས་རབ་ཏུ་བཀང་སྟེ། དེ་བཞིན་གཤེགས་པ་ལ་ཕུལ་བ་བས། གང་ཁྱེད་ཀྱི་མཆོད་རྟེན་དུ་བྱས་པ་འདི་དེ་བས་བསོད་ནམས་ཤིན་ཏུ་མང་མོད་ཀྱི། ཁྱིམ་བདག་དགེ་བའི་རྩ་བ་འདིས་ནི། ཇི་ལྟར་ཁྱོད་ངས་དེ་ལྟར་ལུང་བསྟན་པ་དེ་བཞིན་དུ། འདི་བྱང་ཆུབ་ཐོབ་ནས་ཁྱོད་ལ་ལུང་སྟོན་པར་འགྱུར་རོ། །ཞེས་དེ་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན། ཁྱིམ་བདག་ལྷ་བཟང་ཞེས་བྱ་བ་དེ་གཞན་དུ་གྱུར་པ་སྙམ་དུ་དེ་ལྟར་མ་བལྟ་ཞིག །དེ་ཅིའི་ཕྱིར་ཞེ་ན། ཁྱིམ་བདག་གི་བུ་དགའ་བ་སྤྱོད་པ་ཞེས་བྱ་བ་འདི་ཉིད་དེའི་ཚེ་དེའི་དུས་ན། ཁྱིམ་བདག་ལྷ་བཟང་ཞེས་བྱ་བར་གྱུར་ཏེ་འདི་ཡང་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་སྟེ། མ་འོངས་པའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བལྟ་ན་བཟང་ཞེས་བྱ་བར་འགྱུར་རོ། །དེ་བས་ན་རིགས་ཀྱི་བུ་དག་དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་འདུག་ཀྱང་རུང་འགྲེང་ཡང་རུང་སྟེ། ཆོས་ཀྱི་རྣམ་གྲངས་འདི་འདྲིའམ། ཀློག་གམ། ཁ་དོན་བྱེད་དམ། ཁ་དོན་ཞུའམ། འཆང་ན་འོག་གི་ཆུའི་ཕུང་པོ་ནས་སའི་ཕྱོགས་དེའི་བར་གྱི་རྡུལ་དེ་ཐམས་ཅད་སེམས་ཅན་ཐམས་ཅད་ཀྱི་མཆོད་རྟེན་དུ་གྱུར་པར་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་འདི་དག་ཉིད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བཟོད་པ་ཐོབ་པར་འགྱུར་བའོ། །རིགས་ཀྱི་བུ་དག་ཁྱོད་ལ་བསྒོའོ། །ཁྱེད་ཀྱིས་ཁོང་དུ་ཆུད་པར་བྱའོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས། འདི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་རྣམས་ལ་རྒྱུན་ཏུ་མཆོད་ཅིང༌། ལས་གཞན་མི་བྱེད་པར་ཉིན་ལན་གསུམ་མཚན་ལན་གསུམ་འབུལ་བ་པས། གང་གིས་རྒྱལ་པོ་མ་སྐྱེས་དགྲའི་ལེའུ་ཐེ་ཚོམ་ཐམས་ཅད་གཅོད་པར་བྱེད་པ། འགྱོད་པ་ཐམས་ཅད་སེལ་བར་བྱེད་པ། ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང་བར་བྱེད་པ། ཆོས་ཐམས་ཅད་མཉམ་པ་ཉིད་དུ་སྟོན་པའི་ཆོས་ཀྱི་རྣམ་གྲངས་འདི་འཛིན་ཏམ། ལེན་ཏམ། ཀློག་གམ། ཀུན་ཆུབ་པར་བྱེད་དམ། འཆང་ངམ། ཉན་ཏམ། མོས་པར་བྱེད་དམ། ཆུང་ངུ་ན་དམ་པའི་ཆོས་ཡུན་རིང་དུ། གནས་པར་བྱ་བའི་ཕྱིར། གླེགས་བམ་དུ་བྲིས་ཏེ། འཆང་ན་འདི་ནི་དེ་བས་ཤིན་ཏུ་བསོད་ནམས་མང་དུ་འཕེལ་ལོ། །རིགས་ཀྱི་བུ་གང་གིས་བསྐལ་པའམ། བསྐལ་པའི་ལྷག་མ་མ་ལུས་ཀྱི་བར་དུ་ཚུལ་ཁྲིམས་བསྲུང་ཞིང་སྦྱངས་པའི་ཡོན་ཏན་དང༌། ཆོག་ཤེས་པ་ཐམས་ཅད་ལ་དགའ་བར་གྱུར་པ་བས། གང་གིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་མ་ཐག་ཏུ་མོས་པར་བྱེད་ན། འདི་ནི་དེ་བས་བསོད་ནམས་ཤིན་ཏུ་མང་དུ་འཕེལ་ལོ། །རིགས་ཀྱི་བུ་དག་གང་གིས་བསྐལ་པའམ། བསྐལ་པའི་ལྷག་མ་མ་ལུས་ཀྱི་བར་དུ་བཟོད་པ་བསྒྲུབ་ཅིང༌། སེམས་ཅན་ཐམས་ཅད་ཀྱིས་ངན་དུ་སྨྲ་བ་དང༌། བརྡེག་པར་བྱེད་པ་བཟོད་པ་བས། གང་ཆོས་ཀྱི་རྣམ་གྲངས་འདི་ལ་ཆོས་ལ་བཟོད་པ་དེ་ནི་བཟོད་པ་དེ་བས་བསོད་ནམས་ཀྱི་ཕུང་པོའི་ཤིན་ཏུ་མཆོག་ཏུ་འཕེལ་བར་འགྱུར་རོ། །རིགས་ཀྱི་བུ་དག་གང་གིས་བསྐལ་བའམ། བསྐལ་བའི་ལྷག་མ་མ་ལུས་ཀྱི་བར་དུ་སེམས་ཅན་ཐམས་ཅད་ལ་ཉོན་མོངས་ཤིང་ལུས་དང་སྲོག་ལ་མི་ལྟ་བར་བསྙེན་བཀུར་བྱེད་པ་བས། གང་གི་ཆོས་ཀྱི་རྣམ་གྲངས་འདི་ལ་ཡིད་ཆེས་ཤིང་ཐེ་ཚོམ་མི་བསྐྱེད་ན། བརྩོན་འགྲུས་འདི་ནི་དེ་བས་ཁྱད་ཞུགས་པ་ཡིན་ནོ། །རིགས་ཀྱི་བུ་གང་དག་གིས་བསྐལ་པའམ། བསྐལ་པའི་ལྷག་མ་མ་ལུས་ཀྱི་བར་དུ། བསམ་གཏན་དང༌། ཏིང་ངེ་འཛིན་དང་མཉམ་པར་བཞག་པ་ལ་གནས་པ་བས། གང་ཆོས་ཀྱི་རྣམ་གྲངས་འདི་ལ་རྟོགས་ཤིང་སེམས་མ་ཞུམ་པ་འདི་ནི་དེ་བས་ཁྱད་ཞུགས་པ་ཡིན་ནོ། །རིགས་ཀྱི་བུ་གང་བསྐལ་པའམ། བསྐལ་པའི་ལྷག་མ་མ་ལུས་ཀྱི་བར་དུ། ཤེས་རབ་ཀྱི་རྟོགས་ཤིང་དེའི་ཚུལ་གྱིས་རྟོག་པ་དང་བྲལ་བར་ལྡན་པར་གྱུར་པ་བས། གང་གིས་ཤིན་ཏུ་དབེན་པར་རང་བཞིན་རྣམ་པར་དག་པའི་ཆོས་ཀྱི་རྣམ་གྲངས་འདི་ལ་ཉན་པར་བྱེད། མོས་པར་བྱེད། ལེན་པར་བྱེད། ཀློག་པར་བྱེད། ཀུན་ཆུབ་པར་བྱེད། ཁ་དོན་དུ་བྱེད། གཞན་ལ་རྒྱ་ཆེར་སྟོན་པར་བྱེད། དེ་བས་འདི་ཉིད་བསོད་ནམས་ཤིན་ཏུ་མང་དུ་འཕེལ་ལོ། །མྱུར་དུ་ཐམས་ཅད་མཁྱེན་པར་འབྱུང་བར་ཡང་འགྱུར་རོ། །ཞེས་དང༌།

འདུལ་བ་ལུང་སྨན་གྱི་གཞིའི་སྐབས་ལས་ཀྱང༌། མཁས་པ་གང་གི་རབ་ཏུ་སེམས་དང་བས། །སངས་རྒྱས་མཆོད་རྟེན་ལ་ནི་གོམ་འདོར་ན། །འཛམ་བུ་ཆུ་བོའི་གསེར་གྱི་སྲང་ཚད་ནི། །སྟོང་ཕྲག་བརྒྱ་ཡང་དེ་དང་མཉམ་པ་མིན། །ཞེས་དང༌། གང་གི་རབ་དང་སེམས་ཀྱི་སངས་རྒྱས་ཀྱི། །མཆོད་རྟེན་ལ་ནི་འཇིམ་གོང་འདོག་བྱེད་ན། །འཛམ་བུ་ཆུ་བོའི་གསེར་གྱི་གོང་བུ་ནི། །སྟོང་ཕྲག་བརྒྱ་ཡང་དེ་དང་མཉམ་པ་མིན། །ཞེས་དང༌། གང་གི་རབ་དང་སེམས་ཀྱི་སངས་རྒྱས་ཀྱི། །མཆོད་རྟེན་མེ་ཏོག་སིལ་མ་སྤུངས་པ་འཐོར། །འཛམ་བུ་ཆུ་བོའི་གསེར་གྱི་བྲེ་བོ་ནི། །སྟོང་ཕྲག་བརྒྱ་ཡང་དེ་དང་མཉམ་པ་མིན། །ཞེས་པ་དང༌། མཁས་པ་གང་གི་རབ་ཏུ་སེམས་དང་བས། །སངས་རྒྱས་མཆོད་རྟེན་མེ་ཏོག་ཕྲེང་བསྐོར་བ། །འཛམ་བུ་ཆུ་བོའི་གསེར་གྱི་སྒྲོམ་དག་ནི། །སྟོང་ཕྲག་བརྒྱ་ཡང་དེ་དང་མཉམ་པ་མིན། །ཞེས་པ་དང༌། མཁས་པ་གང་གི་རབ་ཏུ་སེམས་དང་བས། །སངས་རྒྱས་མཆོད་རྟེན་མར་མེ་འབུལ་བྱེད་པ། །འཛམ་བུ་ཆུ་བོའི་གསེར་སྲང་བྱེ་བ་ནི། །སྟོང་ཕྲག་བརྒྱ་ཡང་དེ་དང་མཉམ་པ་མིན། །ཞེས་པ་དང༌། མཁས་པ་གང་གི་རབ་ཏུ་སེམས་དང་བས། །སངས་རྒྱས་མཆོད་རྟེན་དྲི་ཆུས་འཐོར་བྱེད་ན། །འཛམ་བུ་ཆུ་བོའི་གསེར་གྱི་ཕུང་པོ་ནི། །སྟོང་ཕྲག་བརྒྱ་ཡང་དེ་དང་མཉམ་པ་མིན། །ཞེས་པ་དང༌། རབ་དང་སེམས་ཀྱི་སངས་རྒྱས་མཆོད་རྟེན་ལ། །གདུགས་དང་རྒྱལ་མཚན་འཕན་ནི་འདོགས་བྱེད་པ། །གསེར་ནི་རི་བོ་ལྷུན་པོ་དང་མཉམ་པ། །སྟོང་ཕྲག་བརྒྱ་ཡང་དེ་དང་མཉམ་པ་མིན། །རྒྱ་མཚོ་ལྟ་བུ་རྫོགས་སངས་རྒྱས། །དེ་བཞིན་གཤེགས་པ་ཚད་མེད་པ། །དེད་དཔོན་བླ་ན་མེད་པ་ལ། །ཡོན་དུ་བཤད་པ་དེ་ཡིན་ནོ། །ཞེས་པ་དང༌། འདི་ནི་སེམས་རབ་དང་བྱས་ནས། །གང་གི་བཞུགས་དང་གང་གི་ནི། །མྱ་ངན་འདས་ལ་མཆོད་བྱེད་པ། །བསོད་ནམས་མཉམ་དེ་ཁྱད་པར་མེད། །འདི་ལྟར་སངས་རྒྱས་བསམ་མི་ཁྱབ། །སངས་རྒྱས་ཆོས་ཀྱང་བསམ་མི་ཁྱབ། །བསམ་མི་ཁྱབ་ལ་དད་རྣམས་ཀྱི། །རྣམ་པར་སྨིན་པའང་བསམ་མི་ཁྱབ། །ཅེས་པ་དང༌།

ལུང་སྨན་གྱི་གཞིར། རང་རང་ལས་ཀྱི་རྒྱུ་བ་ལུང་བསྟན་པ་ལས། འཕགས་པ་གནས་བརྟན་མཛེས་ལྡན་གྱི་སྨྲས་པ། འཛམ་བུའི་གླིང་ནི་ཐམས་ཅད་ཀྱང༌། །ཀ་ཤིའི་གོས་ཀྱིས་འཕྱགས་པ་པས། །གང་གིས་འདོད་ཆགས་བྲལ་བ་ཡིས། །དྲང་སྲོང་འཆགས་གཅིག་འཕྱགས་པ་པས། །འཛམ་བུའི་གླིང་ན་དྲང་སྲོང་གིས། །འཆགས་པ་ཐམས་ཅད་འཕྱགས་པ་པས། །གང་གིས་ཕྱོགས་བཞིའི་དགེ་འདུན་གྱི། །རེ་ལྡེ་ཙམ་དག་འཕྱགས་པའོ། །བདག་ཉིད་ཀྱིས་ནི་གང་རྟོགས་པའི། །ཁྱད་པར་དེ་དག་ཤེས་བྱས་ནས། །བདེ་གཤེགས་མཆོད་རྟེན་ཕྱགས་ནས་ནི། །སེམས་ཀྱང་རབ་ཏུ་དང་བར་གྱིས། །དེ་ལྟར་རྫོགས་པའི་སངས་རྒྱས་ཀྱི། །ཡོན་ཏན་མང་པོ་ཤེས་པ་ཡིས། །མཆོད་རྟེན་རྣམས་ལ་བཀུར་སྟི་བྱས། །འབྲས་བུ་ཆེན་པོ་དག་ཏུ་འགྱུར། །བཙུན་པ་བདག་གིས་དགེ་བ་ནི། །གང་བྱས་དྲན་པ་འདི་ལགས་ཏེ། །དེ་ཡི་འབྲས་བུ་སྡུག་པ་དང༌། །འདོད་པའི་ཡིད་འོད་ཉམས་སུ་མྱོང༌། །དེ་བས་རྒྱལ་བའི་མཆོད་རྟེན་ལ། །མཆོད་པ་དག་ནི་བཟང་པོ་གྱིས། །བཙུན་པ་འདི་ནི་བསོད་ནམས་ཞིང༌། །དམ་པ་བླ་ན་མེད་པ་ཡིན། །རྫོགས་སངས་དེ་བཞིན་གཤེགས་པ་འམ། །སངས་རྒྱས་རྣམས་ཀྱིས་ཉན་ཐོས་ལ། །སེམས་ནི་རབ་ཏུ་དང་བཅས་པའི། །ཡིན་ནི་ཆུང་ངུར་འགྱུར་མ་ཡིན། །ཞེས་པས་སོ། །

འཕགས་པ་གནས་བརྟན་སྣ་མའི་མེ་ཏོག་གིས་སྨྲས་པ། སྣ་མའི་མེ་ཏོག་རྣ་རྒྱན་བྱས། །མགོ་ལ་མེ་ཏོག་ཕྲེང་བཅིངས་ནས། །ནེའུ་ཟླ་རྣམས་ཀྱིས་ཡོངས་བསྐོར་ཏེ། །བསྐྱེད་མོས་ཚལ་གྱིས་གནས་སུ་བྱུང༌། །དེ་ན་ཐུབ་པ་ཆེན་པོ་པ། །རྣམ་པར་གཟིགས་ཀྱི་མཆོད་རྟེན་ལ། །སྐྱེ་བོའི་ཚོགས་ཅན་ཐམས་ཅད་ནས། །ལེགས་པར་མཆོད་པ་བདག་གིས་མཐོང༌། །དེ་ནས་སྤུན་ཟླ་རྣམས་ཁྲིད་ནས། །རང་རང་གི་ནི་ཕྲེང་བ་ཀུན། །སེམས་ནི་དང་བར་བྱས་ནས་སུ། །མཆོད་རྟེན་དེ་ལ་གདགས་པར་བྱས། །དེ་ནས་བདག་གིས་དེ་དག་དང༌། །སྐྱེ་བོ་མང་པོ་གཞན་མཐོང་ནས། །སྣ་མ་རྣ་བ་ལས་བགྲོལ་ཏེ། །དེ་ཚེ་མཆོད་རྟེན་གདགས་པར་བྱས། །དགེ་བའི་རྩ་བ་དེས་ནི་བདག །གང་དང་གང་དུ་སྐྱེས་པར་ཡང༌། །བསོད་ནམས་བྱས་པས་མཛེས་པ་ཡི། །ལྷ་དང་ལྷ་མིན་རྣམས་སུ་གྱུར། །རྫོགས་སངས་བླ་ན་མེད་པ་ཡི། །དེད་དཔོན་ལ་ནི་མཉེས་པར་བྱས། །མྱ་ངན་འདས་པ་བསིལ་གྱུར་པའི། །དགྲ་བཅོམ་པ་ཡང་བདག་གིས་ཐོབ། །མེ་ཏོག་གཅིག་ནི་བཏང་བས་ན། །ལོ་ནི་བྱེ་བ་བརྒྱ་ཕྲག་ཏུ། །བདག་གིས་ལྷ་ཡིས་ལོངས་སྤྱོད་ནས། །དེ་ཡི་ལྷག་མས་མྱ་ངན་འདས། །བཙུན་པ་གལ་ཏེ་སངས་རྒྱས་ཀྱི། །ཡོན་ཏན་ཕལ་ཆེན་འཚལ་གྱུར་ན། །སེམས་ནི་ཤིན་ཏུ་དང་བ་ཡིས། །ཕྱིར་ཞིག་བསྙེན་བཀུར་བགྱི་བ་ཞིག །དེ་ལྟར་རྫོགས་པའི་སངས་རྒྱས་ཀྱིས། །ཡོན་ཏན་མང་པོ་ཤེས་པ་ཡིས། །མཆོད་རྟེན་རྣམས་ལ་བཀུར་སྟི་བྱོས། །འབྲས་བུ་ཆེན་པོ་དག་ཏུ་འགྱུར། །ཞེས་སོ། །

འཕགས་པ་གནས་བརྟན་བྱེ་བ་ཉི་ཤུ་པས་སྨྲས་པ། རྣམ་པར་གཟིགས་ཀྱི་གསུང་རབ་ལ། །རྒྱལ་པོའི་ཕོ་བྲང་བཤེས་ལྡན་དུ། །བདག་གི་ཕྱོགས་བཞིའི་དགེ་འདུན་གྱི། །གནས་ཁང་གཅིག་གཅིག་བརྩིགས་ནས་ནི། །བདག་གིས་གནས་ཁང་དེ་ཡི་བཞིར། །རས་ཕྲན་རྣམས་ཀྱིས་ས་གཞི་གཡོགས། །སེམས་དགའ་བ་དང་ཡིད་བདེ་བས། །དེ་ཚེ་སྨོན་ལམ་བཏབ་པ་ནི། །རྫོགས་སངས་རྒྱས་ནི་མཉེས་བྱས་ཏེ། །བསྙེན་པར་རྫོགས་པ་ཐོབ་ནས་ནི། །མྱ་ངན་འདས་པ་མཆོག་ཞི་བ། །རྒ་མེད་གོ་འཕང་རེག་པར་ཤོག །བདག་གི་བསོད་ནམས་དེས་ནི་བདག །བསོད་ནམས་བྱས་པས་མཛེས་པ་ཡི། །བསྐལ་པ་དགུ་བཅུར་ལྷ་དང་ནི། །མི་རྣམས་སུ་ནི་འཁོར་བར་འགྱུར། །དེ་ནས་ལས་ཀྱི་ལྷག་མས་ནི། །བདག་གི་ལུས་ནི་ཐ་མ་ལ། །ཙམ་པར་ཚོང་དཔོན་མཆོག་ལ་ཡང༌། །པུ་གཅིག་པར་ནི་བདག་སྐྱེས་སོ། །བདག་ནི་བཙས་མ་ཐག་ཏུ་ཡང༌། །ཕ་ཡིས་ཐོས་ནས་འདུན་གྱུར་པ། །གཞོན་ནུ་ལ་ནི་བདག་གིས་ནོར། །བྱེ་བ་ཉི་ཤུ་སྦྱིན་པར་བྱ། །བདག་གི་རྐང་མཐིལ་གཉིས་ཀའི་སྤུ། །ཤིན་ཏུ་ཕྲ་ཞིང་མཉེན་པ་དང༌། །རེག་ན་བདེ་ཞིང་འཇམ་པ་ཡི། །ཤིང་བལ་འདབ་ལྟའི་སོར་བཞི་སྐྱེས། །འདས་པའི་བསྐལ་པ་དགུ་བཅུ་དང༌། །བསྐལ་པ་གཅིག་འདི་ལྷག་པར་ནི། །ས་གཞི་གདིང་བས་མ་གཡོགས་པར། །རྐང་པ་འཇོག་ནི་ནམ་མ་མྱོང༌། །རྫོགས་སངས་བླ་ན་མེད་པ་ཡི། །དེད་དཔོན་འདི་ནི་མཉེས་པར་བྱས། །མྱ་ངན་འདས་པའི་བསིལ་གྱུར་པའི། །དགྲ་བཅོམ་པ་ཡང་བདག་གིས་ཐོབ། །ཐམས་ཅད་གཟིགས་པས་བརྩོན་འགྲུས་ཅན། །རྣམས་ཀྱི་མཆོག་ཏུ་བདག་བསྟོད་དོ། །ཞེས་སོ།།

འཕགས་པ་ངག་དབང་བདག་གིས་སྨྲས་པ། བདག་གིས་ངན་འགྲོ་མི་ཤེས་སོ། །བདག་གིས་དགེ་བ་མི་ཤེས་སོ། །བདག་གིས་དགེ་བ་མི་ཤེས་ཏེ། །ཕན་ཚུན་ཟླ་ལྟས་འབའ་ཞིག་གིས། །རྣམ་པར་གཟིགས་ཀྱི་མཆོད་རྟེན་ནི། །མཐོང་ནས་དེ་ཚེ་བསྙེན་བཀུར་བྱས། །མགྲོན་བུ་དྲུག་ཅུ་རྣམས་ཀྱིས་ནི། །དྲི་དང་ཕྲེང་བ་བྱུག་ཉོས་ཏེ། །མཆོད་རྟེན་ལ་ནི་གདགས་བྱས་པས། །བདག་ནི་ལོག་པར་ལྷུང་མ་གྱུར། །དགེ་བ་ཆུང་ངུ་བྱས་པས་ནི། །བདེ་བ་མང་པོ་ཉམས་སུ་མྱོང༌། །མྱ་ངན་འདས་པ་བསིལ་གྱུར་པའི། །དགྲ་བཅོམ་པ་ཡང་བདག་གིས་ཐོབ། །གལ་ཏེ་རྫོགས་སངས་ཤེས་གྱུར་ལ། །མཆོད་རྟེན་དེ་ལ་བདག་གིས་སུ། །བཀུར་སྟི་བྱས་པར་གྱུར་ནས་ནི། །ལེགས་པ་མང་བྱེད་འགྱུར་བ་ཞིག །དེ་ལྟའི་རྫོགས་པའི་སངས་རྒྱས་ཀྱི། །ཡོན་ཏན་མང་པོ་ཤེས་པ་ཡིས། །མཆོད་རྟེན་བཀུར་སྟི་བྱོས་ཤྀག་དང༌། །འབྲས་བུ་ཆེན་པོ་དག་ཏུ་འགྱུར། །ཞེས་སོ། །

འཕགས་པ་དཔལ་སྐྱེས་ཀྱིས་སྨྲས་པ། ཝཱ་རཱ་ཎ་སཱིའི་གྲོང་ཁྱེར་དུ། །སྟོན་པ་འོད་སྲུང་མྱ་ངན་འདས། །རྒྱལ་པོ་ཀྲིས་ཀྲིས་རིན་ཆེན་ལས། །བྱས་པའི་མཆོད་རྟེན་ཆེན་པོ་བརྩིགས། །རྒྱལ་པོ་ཀྲི་ཀྲི་གྲགས་ལྟ་བུ། །བདག་ནི་ཐུ་བོར་གྱུར་པ་ན། །བདག་གིས་ཐོག་མར་གདུགས་ཀྱིས་ནི། །རྒྱལ་བའི་མཆོད་རྟེན་ལས་གདགས་བྱས། །དགེ་བའི་ལས་ནི་དེ་བྱས་པས། །གང་དང་གང་དུ་སྐྱེས་པས་ན། །བསོད་ནམས་བྱས་པས་མཛེས་པ་ཡི། །ལྷ་དང་མི་ནི་རྣམས་སུ་གྱུར། །སྐྱེ་བ་དེ་དང་དེ་དག་ཏུ། །ཕྱུག་ཅིང་ལོངས་སྤྱོད་ཆེ་བ་དང༌། །ནོར་དང་འབྲུ་ནི་ལྡན་པ་ཡིས། །བདག་ནི་ཡོན་བདག་ཆེན་པོར་འགྱུར། །བདག་གིས་ཚེ་རབས་ལྔ་བརྒྱར་ནི། །སྦྱིན་པ་མི་ཉུང་བཏང་བྱས་ཏེ། །སློང་བ་པོ་དང་དགེ་སྦྱོང་དང༌། །བྲམ་ཟེ་སོ་སོར་ཚིམ་པར་བྱས། །ཤིན་ཏུ་དང་བའི་སེམས་ཀྱིས་ནི། །འདོད་ཆགས་བྲལ་ཞིང་ཟག་མེད་པ། །ཐ་བ་མེད་པའི་རང་སངས་རྒྱས། །ལྔ་བརྒྱ་པོ་དག་ཚིམ་པར་བྱས། །དགེ་བའི་ལས་ནི་དེ་བྱས་པས། །སྲིད་པ་ཐ་མ་འདི་ལ་ནི། །ཤཱཀྱ་ཕྱུག་པོའི་རིགས་སུ་སྐྱེས། །ཞེས་པ་ནས། མངོན་ཤེས་དྲུག་པོ་བདག་གིས་ཐོབ། །ཅེས་པའི་བར་དུ་རྒྱས་པར་རོ། །

འཕགས་པ་ལྟེང་རྒྱས་འོད་སྲུང་དང༌། ཆུ་ཀླུང་འོད་སྲུང་དང༌། ཀ་ཡ་འོད་སྲུང་གིས་སྨྲས་པ། བདག་ཅག་གསུམ་ནི་སྤུན་གྱུར་ནས། །ལན་ཅིག་ཚོང་དཔོན་གྱུར་པ་ན། །འོད་སྲུང་མཆོད་རྟེན་རལ་བ་དང༌། །ཤག་ཤིག་འདུག་པ་མཐོང་གྱུར་ནས། །ཚོང་པ་ཐམས་ཅད་བསྡུས་ནས་ནི། །དེ་ནི་སླར་ཡང་སར་བར་བརྩིགས། །སྤུན་རྣམས་དག་ནི་ལྷན་ཅིག་ཏུ། །གདུགས་གསུམ་ཞིག་ནི་གདགས་པ་བྱས། །དགེ་བའི་ལས་ནི་དེ་བྱས་པས། །མཐོ་རིས་གནས་སུ་ཡུན་རིང་དག །མི་རྣམས་སུ་ནི་སླར་འོང་ནས། །ཕྱུག་པོ་རིགས་ཆེན་དག་ཏུ་སྐྱེས། །རྫོགས་པའི་སངས་རྒྱས་མ་མཐོང་ནས། །མུ་སྟེགས་གཞན་ལ་རབ་ཏུ་བྱུང༌། །ནཻ་རཉྫ་ནའི་ཆུ་ངོགས་སུ། །ཆོ་འཕྲུལ་མཛད་པ་མཐོང་ནས་ནི། །དེ་ནས་དེ་ལ་རབ་བྱུང་ཕྱིར། །བདག་ཅག་གིས་ཀྱང་གསོལ་བ་བཏབ། །དེ་ནས་ཐུགས་རྗེ་ཅན་གྱིས་ནི། །ཐུགས་བརྩེས་བདག་ཅག་རབ་ཏུ་བྱུང༌། །བདག་ཅག་ག་ཡའི་མགོར་སོང་ནས། །གོའུ་ཏ་མའི་བསྟན་པ་ཐོས། །དེ་ནས་བརྩོན་འགྲུས་བརྩམས་པས་ནི། །མྱ་ངན་འདས་པ་དམ་པ་ཐོབ། །ཅེས་སོ།།

འཕགས་པ་ཡུལ་འཁོར་སྐྱོང་གིས་སྨྲས་པ། རྒྱལ་པོ་ཀྲི་ཀྲིའི་བུ་ཐ་ཆུང༌། །དེ་ཡི་ཚེ་ན་བདག་གྱུར་ཏེ། །འོད་སྲུང་དཔལ་དང་ལྡན་པ་ཡི། །མཆོད་རྟེན་ཆེན་པོར་བརྩིགས་པ་དང༌། །ཕ་ཡི་ཡིད་ནི་བསྲུང་བའི་ཕྱིར། །དེ་ལ་གདུ་བུ་ཆུང་ཞིག་ཕུལ། །དགའ་བའི་ཡིད་ཀྱིས་མཆོད་རྟེན་ལ། །གདུགས་ནི་གདགས་པ་བྱས་པ་དེས། །རབ་བྱུང་རྫོགས་པའི་སངས་རྒྱས་དང༌། །ལྷན་ཅིག་འགྲོགས་འགྱུར་སྨོན་ལམ་གདབ། །དགེ་བའི་ལས་ནི་དེ་བྱས་པས། །གང་དང་གང་དུ་སྐྱེས་པ་ན། །བསོས་ནམས་བྱས་པས་མཛེས་པ་ཡི། །ལྷ་དང་མི་ནི་རྣམས་སུ་འགྱུར། །བདག་གི་སྐྱེ་བ་ཐ་མ་འདི། །བང་མཛོད་སྡུག་པོར་བདག་སྐྱེས་སོ། །ཞེས་པ་ནས། དེ་ནས་བདག་ནི་རབ་བྱུང་ནས། །སྟོན་པའི་བསྟན་ལ་འདི་ལྟར་གནས། །བདག་གི་ཀུན་སྤྱོད་ཐམས་ཅད་ཟད། །ཟག་པ་རྣམས་ནི་བཅོམ་པར་གྱུར། །བདག་གིས་གདུགས་གཅིག་བཏགས་པ་ནི། །བདེ་བ་མང་པོ་མྱོང་བར་འགྱུར། །བསོད་ནམས་བྱས་པས་མཛེས་པ་ཡི། །ལྷ་དང་མི་ནི་རྣམས་སུ་གྱུར། །ཐམས་ཅད་གཟིགས་པས་དགོན་པ་བ། །རྣམས་ཀྱི་མཆོག་ཏུ་བདག་བསྟན་ཏོ། །མྱ་ངན་འདས་པ་བསིལ་གྱུར་པ། །དགྲ་བཅོམ་པ་ཡང་བདག་གིས་ཐོག །དེ་ལྟར་ཐུགས་རྗེ་ཆེ་རྒྱས་ལ། །ཡིད་ནི་རབ་ཏུ་དད་བྱས་ཏེ། །མཆོད་རྟེན་ལ་ནི་བཀུར་སྟི་བྱོས། །འཇིགས་པ་ཆེ་ལས་རྣམ་ཐར་གྱིས། །ཞེས་པའི་བར་དུ་རྒྱས་པར་རོ། །

འཕགས་པ་གཅུང་དགའ་བོས་སྨྲས་ལ། རང་སངས་རྒྱས་ཀྱི་མཆོད་རྟེན་ནི། །ཤིན་ཏུ་དཀར་པོ་བདག་གིས་བརྩིགས། །དེ་ནས་བྱུག་པ་ཐམས་ཅད་ནི། །སེར་པོར་གྱུར་པ་དེ་ལྟར་བྱུགས། །དེ་རྣམས་མཚན་རྣམས་འདོད་པའི་ཕྱིར། །གསེར་གྱི་མདོག་ཏུ་འགྱུར་བ་དང༌། །གཟུགས་བཟང་དབྱིབས་ནི་ལེགས་འགྱུར་པར། །སྨོན་ལམ་དུ་ནི་གདབ་པ་བྱས། །དགེ་བའི་ལས་ནི་དེ་བྱས་པས། །ཀ་ཤིའི་རྒྱལ་པོའི་ཀྲི་ཀྲི་ཡི། །བུ་ཕོ་འབྲིང་པོར་བདག་སྐྱེས་སོ། །འོད་སྲུང་མཆོད་རྟེན་མཐོང་ནས་ནི། །དེ་ནས་དང་བའི་སེམས་བསྐྱེད་དོ། །མཆོད་རྟེན་དེ་ལ་བདག་གིས་ནི། །གདུགས་འབྲིང་ཞིག་ནི་གདགས་པ་བྱས། ཁྲུས་དེ་དང་ནི་བསྲོ་ཁང་དང༌། །ཡུང་གི་བྱུགས་པ་བྱུག་པ་དང༌། །གདུགས་ནི་གདགས་པ་བྱས་པ་ཡིས། །བདེ་བ་མང་པོ་ཉམས་སུ་མྱོང༌། །དེ་ནས་ལས་ཀྱི་ལྷ་མ་ནི། །བདག་གི་ཡང་ན་ཐ་མ་འདིར། །ཤཱཀྱའི་རྒྱལ་པོར་རིགས་སྐྱེས་ནས། །སངས་རྒྱས་སྐྱོབ་པའི་ཚད་དུ་གྱུར། །བདག་གི་ལུས་འདི་ཉིད་ལ་ཡང༌། །སྐྱེས་བུ་ཆེན་པོའི་མཚན་ཡོད་པ། །སུམ་ཅུ་ལྷག་པ་མ་ཡིན་ཞིང༌། །སུམ་ཅུ་དམན་པ་མ་ཡིན་པའོ། །ཤཱཀྱ་སེང་གེའི་བསྟན་པ་ལ། །བདག་གིས་རབ་བྱུང་ཐོབ་ནས་ནི། །མྱ་ངན་འདས་པའི་བསིལ་གྱུར་པའི། །དགྲ་བཅོམ་པ་ཡང་བདག་གིས་ཐོབ། །ཅེས་སོ། །

འཕགས་པ་མཛེས་བཟང་གིས་སྨྲས་པ། སྐྱོབ་པ་ལོག་པར་དད་སེལ་གྱི། །མཆོད་རྟེན་ཞིག་ནི་བརྩིགས་པ་ན། །དེ་ཚེ་བདག་ནི་ཁར་ལེན་པ། །གླ་མིར་གྱུར་ཏེ་དེ་ནས་ནི། །བདག་གིས་མཆོད་རྟེན་བརྩིགས་པ་ལ། །ཡང་དང་ཡང་དུ་དཔྱད་པ་ནི། །མཆོད་རྟེན་འདི་ནི་ཆེ་ཆེས་པ། །ནམ་ཞིག་ན་ནི་ཚར་བར་འགྱུར། །མཆོད་རྟེན་འདི་ནི་འཕང་དམན་ཞིང༌། །ཆུང་ངུ་ཞིག་ཏུ་བྱས་གྱུར་ན། །འགོད་པ་ཆུང་ཞིང་ཉོན་མོངས་མེད། །མྱུར་དུ་མཐར་ཡང་ཕྱིན་པར་འགྱུར། །ལས་ཀྱི་རྣམ་སྨིན་དེ་དང་ནི། །ངག་གིས་ཉེས་པར་སྤྱད་པ་སྟེ། །དེ་ནས་ཤི་འཕོས་དུས་བྱས་ཏེ། །དམྱལ་བ་རྣམས་སུ་སྐྱེ་བར་འགྱུར། །དམྱལ་བ་ནས་ནི་ཤི་འཕོས་བདག །གང་དང་གང་དུ་སྐྱེས་པར་ནི། །ཁ་དོག་ངན་ཅིང་བོང་ཆུང་ལ། །བདག་ནི་ཡོངས་ཀྱི་སྨད་པར་གྱུར། །འོད་སྲུང་གི་ནི་གསུང་རབ་ཚེ། །སྔོན་ནི་ཁུ་བྱུག་པོར་གྱུར་ནས། །ཝཱ་རཱ་ཎ་སཱི་ལམ་གྱི་བར། །ཚལ་སྡུག་པོ་ཡི་ནང་ན་གནས། །དེ་ན་འཇིག་རྟེན་རབ་གསལ་བྱེད། །དགེ་སློང་དགེ་འདུན་མཐུན་བྱས་ལ། །བདག་གིས་འཇམ་དབྱངས་སྐད་བྱུང་ནས། །ནམ་མཁའ་ལ་ནི་དེ་བསྐོར་ཏེ། །ཅི་ཙམ་ཡང་དག་སངས་རྒྱས་ནི། །བསོད་སྙོམས་དོན་ཕྱིར་གཤེགས་མཐོང་ནས། །འབྱུང་བ་དང་ནི་གཤེགས་པ་ལ། །རྟག་ཏུ་ཡང་ནི་བསྐོར་བ་བྱས། །དགེ་བའི་རྩ་བ་དེ་ཡིས་ནི། །བདག་གིས་མི་ཡི་སྲིད་ཐོབ་ནས། །རྫོགས་པའི་སངས་རྒྱས་བླ་མེད་པ། །དེད་དཔོན་དེ་ནི་མཉེས་པར་བྱས། །ཤཱཀྱ་སེང་གེའི་བསྟན་པ་ལ། །བདག་གིས་རབ་བྱུང་ཐོབ་ནས་ནི། །མྱ་ངན་འདས་པ་བསིལ་གྱུར་པའི། །དགྲ་བཅོམ་པ་ཡང་བདག་གིས་ཐོབ། །བདག་ནི་ཐམས་ཅད་གཟིགས་པ་ཡིས། །འཇམ་དབྱངས་རྣམས་ཀྱི་མཆོག་དང་ནི། །མང་དུ་ཐོས་དང་ཆོས་འཛིན་དང༌། །དགེ་བའི་སྤོབས་པ་ཅན་དུ་བསྟན། །ལྷ་འམ་ཡང་ན་མི་ཡང་རུང༌། །འཁོར་བཞི་པོ་དག་བདག་ལ་ནི། །སྙན་ཅིང་འཇེབས་པའི་ཆོས་ཐོས་ནས། །ཐམས་ཅད་རབ་ཏུ་དགའ་བར་འགྱུར། །དགེ་བ་ཉུང་ངུ་བྱས་པ་དང༌། །མི་དགེ་མང་པོ་བྱས་པ་ཡི། །ལས་རྣམས་ཆུད་མི་ཟ་བ་ནས། །དེ་ཡི་འབྲས་བུ་ཉམས་སུ་མྱོང༌། །

གནས་བརྟན་འཕགས་པ་འོད་བྱེད་ཀྱིས་སྨྲས་པ། འཇིག་རྟེན་གཙོ་བོ་སྐྱོབ་པ་པོ། །སངས་རྒྱས་པད་མ་བླ་མ་ཡི། །མཆོད་རྟེན་ནགས་ཚལ་སྡུག་པ་ན། །རི་དྭགས་གདུག་པ་རྣམས་ཀྱིས་བསྟེན། །མཆོད་རྟེན་དེ་ལ་ཕྱག་བགྱིད་པ། །རྔོ་ཐོགས་པ་ནི་འགའ་མ་མཆིས། །མི་དེ་རྣམས་ནི་བསོད་ནམས་དང༌། །སྡིག་པ་རབ་ཏུ་མ་འཚལ་ཏོ། །བདག་གིས་སོང་ནས་ཤིང་རྣམས་དང༌། །རྩྭ་རྣམས་བསལ་བར་བགྱིས་ནས་ནི། །ཕྱགས་མ་དག་ནི་བླང་ནས་ཀྱང༌། །དེ་ནས་ཐམས་ཅད་ཕྱགས་དར་བགྱིས། །བསྐོར་བ་བརྒྱད་དང་ཕྱག་བགྱིས་ཏེ། །མཆོད་པ་བགྱིས་ནས་སླར་ལོག་ལགས། །དགེ་བའི་རྩ་བ་དེས་ནི་བདག །ལྷ་རྣམས་སུ་ནི་སྐྱེས་པ་ན། །འདོད་ན་ཐམས་ཅད་འབྱོར་གྱུར་ཅིག །སུམ་ཅུ་རྩ་གསུམ་རྣམས་སུ་དགའ། །ལྷ་ཡུལ་ལྷ་ཡི་རྒྱལ་སྲིད་ནི། །སུམ་ཅུ་རྩ་དྲུག་བར་དུ་བགྱིས། །དེ་ན་བདག་གི་གནས་མཆིས་པ། །གསེར་གྱི་འོད་ནི་ཤིན་ཏུ་གསལ། །རྒྱར་ནི་དཔག་ཚད་སུམ་ཅུ་དྲུག །ཁོར་ཡུག་དཔག་ཚད་དྲུག་ཅུ་ཐམ། །རྒྱལ་བའི་མཆོད་རྟེན་དེས་ཕྱགས་ནས། །ངོ་མཚར་བྱུང་བ་གཞན་ཡང་ནི། །མི་ཡི་ནང་དུ་མི་དབང་ནི། །ལན་བདུན་བར་དུ་བགྱིས་པར་འགྱུར། །རྒྱལ་བའི་མཆོད་རྟེན་དེས་ཕྱགས་ནས། །ངོ་མཚར་བྱུང་བ་གཞན་ཡང་ནི། །བདག་གི་ལུས་ཀྱི་གཟི་བརྗིད་ནི། །གསེར་གྱི་ཁ་དོག་ལྟ་བུར་གྱུར། །རྒྱལ་བའི་མཆོད་རྟེན་དེས་ཕྱགས་པས། །ངོ་མཚར་བྱུང་བ་གཞན་ཡང་ནི། །བྲམ་ཟེ་དང་ནི་རྒྱལ་རིགས་དང༌། །རིགས་གཉིས་སུ་ནི་བདག་སྐྱེས་པ། །རྒྱལ་བའི་མཆོད་རྟེན་ཕྱགས་ནས་ནི། །བདག་ལ་ངོ་མཚར་གཞན་འབྱུང་བ། །ཁྱོགས་དང་གླང་ཆེན་སྟེང་དང་ནི། །བཞོན་པ་མཆོག་ནི་རྣམས་ཀྱིས་མཆིས། །རྒྱལ་བའི་མཆོད་རྟེན་ཕྱགས་ནས་ནི། །བདག་ལ་ངོ་མཚར་གཞན་བྱུང་བ། །བདག་གི་མདུན་དུ་སྡོང་དུམ་དང༌། །ཚེར་མ་ཀྱོ་མོ་རང་ཉིད་སེལ། །རྒྱལ་བའི་མཆོད་རྟེན་དེས་ཕྱགས་ནས། །ངོ་མཚར་བྱུང་བ་གཞན་ཡང་ནི། །སྐད་ཅིག་ཙམ་ཡང་བདག་གི་སུ། །བྲོ་འཚལ་བར་ནི་མི་དྲན་ལགས། །རྒྱལ་བའི་མཆོད་རྟེན་ཕྱགས་ནས་ནི། །བདག་ལ་ངོ་མཚར་གཞན་བྱུང་བ། །གང་དང་གང་དུ་བདག་མཆིའི་བར། །ཀུན་ཏུ་བཀྲ་ཤིས་ཕུན་སུམ་ཚོགས། །རྒྱལ་བའི་མཆོད་རྟེན་དེ་ཕྱགས་ནས། །ངོ་མཚར་བྱུང་བ་གཞན་ཡང་ནི། །རྟག་ཏུ་བཀུར་ཞིང་མཆོད་པས་ན། །ལྷ་ཡི་སྤྱོད་པ་ལྟ་བུས་མཆི། །སྐྱོབ་པའི་མཆོད་རྟེན་ཕྱགས་ནས་ནི། །ངོ་མཚར་བྱུང་བ་གཞན་ཡང་ནི། །བདག་གི་ལུས་ལ་ལན་འགའ་ཡང༌། །གནོད་པར་བྱུང་བར་མི་དྲན་ལགས། །དེ་ལྟར་སངས་རྒྱས་སངས་རྒྱས་ཆོས། །དྲི་མ་མེད་པ་བསམ་མི་ཁྱབ། །བསམ་མི་ཁྱབ་ལ་མངོན་དད་པའི། །རྣམ་པར་སྨིན་པའི་འབྲས་བུ་ཆེ། །དེ་བས་རྒ་ཤི་ཟད་པ་དང༌། །ཕན་ཚུན་འབྱོར་བ་འདོད་པས་ནི། །རྒྱལ་བ་ཡི་ནི་མཆོད་རྟེན་ལ། །མཆོད་པ་བླ་ན་མེད་པ་གྱིས། །ཞེས་སོ། །

ཆོས་དབྱིངས་སྙིང་པོའི་དོན་འདི་ཀུན་ལ་བཞུགས། །དེ་ཡིས་དེ་སྙེད་ཀུན་ལ་བྱིན་བརླབས་པས། །འཁོར་བའི་སྡུག་བསྔལ་ཀུན་ལ་ཡིད་བྱུང་ཞིང༌། །ཐར་པ་མཆོག་ཕྱིར་སྤྲོ་བས་ཀུན་ཁྱབ་ཤོག །འཁོར་དང་ལོངས་སྤྱོད་སྙན་པའི་གྲགས་པ་དང༌། །ལུས་དང་ལང་ཚོ་སྲོག་ལའང་མ་ཆགས་པར། །ཐབས་ཚུལ་དུ་མ་བསོད་ནམས་ཚོགས་བསྐྲུན་ཞིང༌། །མི་རྟོག་ཏིང་འཛིན་རྒྱལ་པོའི་མཆོག་ཐོབ་ཤོག །

ཡུམ་རྒྱས་པ་ལས་ཀྱང༌། དེ་ལ་བླ་མའི་བསུ་བསྐྱལ་དང༌། ཆོས་ཉན་པ་ལ་སྡོད་པ་དང༌། གཙུག་ལག་ཁང་མཆོད་རྟེན་རྗེས་སུ་བསྒྲུབ་པ་ལ་སོགས་པ་ལ་ཕུ་དུད་དུ་བྱས་པས་ཕྱག་དང༌། ཞབས་ལ་འཁོར་ལོའི་མཚན་དང་ལྡན་པ་སྟེ། དེ་ནི་འཁོར་ཤིན་ཏུ་མང་བའི་སྔ་ལྟས་སོ། །སྐྱེད་མོས་ཚལ་དང༌། འཁོར་དང༌། བཏུང་བ་དང༌། རྫིང་བུ་དང༌། བརྒལ་དཀའ་བའི་ཟམ་པ་དང༌། ཁ་ཟས་དང༌། ཕྲེང་བའི་གནས་དང༌། སྟེགས་དང༌། གཙུག་ལག་ཁང་བྱ་བ་ལ་སོགས་པ་ལ་གཞན་མོས་པར་བྱ་བ་སྔོན་དུ་གཏོང་ཞིང་བདག་གིས་གཞན་བྱིན་པས། ཤིང་ནྱ་གྲོ་ལྟར་ཆུ་ཞེང་གབ་པ་དང༌། དབུ་སྤྱི་གཙུག་དང་ལྡན་པ་སྟེ། དེ་ནི་མངའ་ཆེན་པོ་མངའ་བའི་སྔ་ལྟས་སོ། །རབ་འབྱོར། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་སྤྱན་སྔའམ། སངས་རྒྱས་ཀྱི་མཆོད་རྟེན་གྱི་དྲུང་དུ། ལྷ་རྫས་ཀྱི་རོལ་མོ་བརྡུང་བ་དཀྲོལ་བ་བྱེད་ཀྱང༌། དེ་འདི་སྙམ་དུ་དགེ་བའི་རྩ་བ་འདིས་བདག་གི་སངས་རྒྱས་ཀྱི་ཞིང་དུ་ལྷ་རྫས་ཀྱི་སྒྲ་ཡིད་དུ་འོང་བ་རྟག་ཏུ་རྒྱུན་མི་འཆད་པར་འབྱུང་བར་གྱུར་ཅིག །ཅེས་གསུངས་པར་སེམས་བསྐྱེད་དོ། །

རབ་འབྱོར། གཞན་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ལྷ་རྫས་ཀྱི་སྤོས་ཀྱིས་ཡོངས་སུ་བཀང་ཞིང་སངས་རྒྱས་རྣམས་སམ། སངས་རྒྱས་ཀྱི་མཆོད་རྟེན་དག་ལའང་འབུལ་བར་བྱེད་ཀྱང༌། དེ་འདི་སྙམ་དུ་དགེ་བའི་རྩ་བ་འདིས་བདག་གིས་སངས་རྒྱས་ཀྱི་ཞིང་དེར་རྟག་ཏུ་རྒྱུན་མི་འཆད་པར་ལྷ་རྫས་ཀྱི་སྤོས་ཀྱི་ངད་ལྡང་བར་གྱུར་ཅིག །ཅེས་བྱ་བར་སེམས་བསྐྱེད་དོ། །ཞེས་དང༌། རབ་འབྱོར། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པ་རྣམས་དང༌། དེ་བཞིན་གཤེགས་པའི་མཆོད་རྟེན་དག་ལ་ལྷ་རྫས་ཀྱི་བྱུག་པ་ཡོངས་སུ་འབུལ་བར་བྱེད་ཀྱི་དེ་འདི་སྙམ་དུ། དགེ་བའི་རྩ་བ་འདིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་ཞིང་དེའི་སེམས་ཅན་ཐམས་ཅད་ལྷ་རྫས་ཀྱི་རེག་པ་དང༌། ལྡན་པར་གྱུར་ཅིག །ཅེས་བྱ་བར་སེམས་བསྐྱེད་དོ། །ཞེས་དང༌། ཡང་བཅོམ་ལྡན་འདས་དེ་ཅིའི་སླད་དུ་ཞེ་ན། འདི་ལས་བྱུང་བ་ནི། དེ་བཞིན་གཤེགས་པ་རྣམས་དང༌། དེ་བཞིན་གཤེགས་པའི་སྐུ་གདུང་རྣམས་ཏེ། དེ་བས་ན་དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་རིམ་གྲོར་བགྱི་བ་དང༌། བཀུར་སྟིར་བགྱི་བ་དང༌། ཕུ་དུད་དུ་བགྱི་ཞིང་མཆོད་པར་བགྱི་བ་ལགས་ཏེ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དག་གིས་དེ་དག་ལ་རིམ་གྲོར་བགྱིས། བཀུར་སྟིར་བགྱིས། ཕུ་དུད་དུ་བགྱིས། མཆོད་པར་བགྱིས་ན། ལོག་པར་ལྟུང་བ་དང༌། ངན་སོང་དུ་འཆི་བར་མི་འགྱུར་ཏེ། ལྷ་དང་མིའི་ཕུན་སུམ་ཚོགས་པ་མྱོང་ནས། སྨོན་ལམ་གྱི་ཚུལ་བཞིན་དུ་ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པའམ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐེག་པར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར། བཅོམ་ལྡན་འདས་དེ་ལྟ་བས་ན་དེ་བཞིན་གཤེགས་པ་མཐོང་བ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བྲིས་པ་མཐོང་བ་དེ་ནི་མི་འདྲ་བ་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། དེ་བཞིན་གཤེགས་པ་ལ་གཉིས་སུ་མ་མཆིས་ཏེ། གཉིས་སུ་བགྱིར་མ་མཆིས་སོ། །ཞེས་པ་དང༌། བཅོམ་ལྡན་འདས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དེ་བཞིན་གཤེགས་པའི་སྐུ་གདུང་རྣམས་ལ་རིམ་གྲོར་བགྱིད་པ་དང༌། བཀུར་སྟིར་བགྱིད་པ་དང༌། ཕུ་དུད་དུ་བགྱིད་པ་དང༌། མཆོད་པར་བགྱིད་པ་ཡང་དགེ་བའི་རྩ་བ་དེའི་མཐའ་མི་དམིགས་ཤིང༌། རྒྱལ་རིགས་ཆེ་ཞིང་མཐོ་བའམ། བྲམ་ཟེའི་རིགས་ཆེ་ཞིང་མཐོ་བའམ། ཁྱིམ་བདག་གི་རིགས་ཆེ་ཞིང་མཐོ་བའམ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷའམ། སུམ་ཅུ་རྩ་གསུམ་གྱི་ལྷའམ། མཚེ་མའི་ལྷའམ། དགའ་ལྡན་གྱི་ལྷའམ། འཕྲུལ་དགའི་ལྷའམ། གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་ནང་དུ་མི་དང༌། ལྷའི་ཕུན་སུམ་ཚོགས་པ་དང༌། བདེ་བ་མྱོང་ནས་དགེ་བའི་རྩ་བ་དེ་ཉིད་ཀྱིས་སྡུག་བསྔལ་གྱི་མཐར་དབྱུང་སྟེ། དེ་བཞིན་གཤེགས་པའི་སྐུ་གདུང་མཆོད་པའི་འབྲས་བུ་ནི་དེ་ཙམ་དུ་བས་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཟུང་ཞིང༌། བཅངས་པ་དང༌། ཀླག་ཅིང་ཀུན་ཆུབ་པར་བགྱིད་པར་བགྱིད་པ་དང༌། ཚུལ་བཞིན་དུ་ཡིད་ལ་བགྱིས་ནས། ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར། ཞེས་པ་ནས། བརྩོན་འགྲུས་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུ་ཡོངས་སུ་རྫོགས་པར་འགྱུར་རོ། །ཞེས་སོ། །

རྒྱ་ཆེར་ཐོས་པས་ཐིབས་པོ་ཆེར་བསལ་ཞིང༌། །ཕན་ཚུན་ལེགས་པར་བསམ་པས་ཐེ་ཚོམ་ཉུང་ངུར་བྱས། །མཉམ་བཞག་ཟབ་མོས་སྤང་བྱའི་ས་བོན་བཅོམ། །བདག་མེད་གཉིས་རྟོགས་བདག་གི་མཆོག་ཐོབ་ཤོག །ཕྱོགས་དུས་ཀུན་ཏུ་ངན་འགྲོ་སྟོང་པ་དང༌། །མཐོ་རིས་འཕེལ་ཞིང་དགེ་ལ་བརྩོན་པ་དང༌། །ཕན་ཚུན་བྱམས་ཤིང་མི་མཐུན་མེད་པ་དང༌། །བྱང་ཆུབ་སེམས་ཀྱི་བདེ་ལེགས་བྱེད་པར་ཤོག །སྐྱེ་བོ་ཐམས་ཅད་ཉེར་འཚེ་དང་བྲལ་ཞིང༌། །ཚེ་རིང་ནད་མེད་ལོངས་སྤྱོད་ཆེ་བ་དང༌། །བལྟ་ན་སྡུག་ཅིང་ཀུན་གྱིས་བཀུར་བ་དང༌། །སྙན་པར་གྲགས་ཤིང་དམ་པའི་ཆོས་འཛིན་ཤོག །དད་དང་ལྡན་ཞིང་བརྩོན་འགྲུས་ཆེ་བ་དང༌། །དྲན་པ་ལ་གནས་ཏིང་འཛིན་འཕེལ་བ་དང༌། །ཇི་བཞིན་རྫོགས་པའི་ཤེས་རབ་མཐར་ཕྱིན་ཏེ། །ཐུབ་པའི་ངོ་བོ་ཉིད་སྐུ་ཐོབ་པར་ཤོག །

འཕགས་པ་དཀོན་མཆོག་བརྩེགས་པར། དྲང་སྲོང་རྒྱས་པས་ཞུས་པའི་མདོར། དྲང་སྲོང་ཆེན་པོ་གང་ལ་ལ་ཞིག་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་འདས་པ་དང༌། ད་ལྟར་བཞུགས་པ་ལ་མཆོད་པ་བྱེད་པ་དེའི་རྣམ་པར་སྨིན་པ་ནི་མཚུངས་མཉམ་ཞིང་འདྲའོ། །ཞེས་འཆད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་རྣམས་ནི་ཆོས་ཀྱི་སྐུས་རབ་ཏུ་ཕྱེ་བ་ཡིན་གྱི། གཟུགས་ཀྱི་སྐུས་རབ་ཏུ་ཕྱེ་བ་མ་ཡིན་པའི་ཕྱིར་རོ། །གང་ལ་ལ་ཞིག་ང་འདུག་པའམ། ཡོངས་སུ་མྱ་ངན་ལས་འདས་པ་ལ་མཆོད་ན་སེམས་མཚུངས་པའི་ཕྱིར་འདི་གཉིས་ལ་བསོད་ནམས་ཀྱི་ཁྱད་པར་ཅུང་ཟད་ཀྱང་མེད་དོ། །ཞེས་དང༌།

འཕགས་པ་དཀོན་མཆོག་བརྩེགས་པར། འོད་ཟེར་བསྒྲུབ་པའི་མདོར་ཡང༌། ང་ལ་འོད་ཟེར་ཡང་ཡོད་དེ། །དེ་མིན་རྣམ་དག་ཟླ་བ་ཡིན། །སངས་རྒྱས་མཆོད་རྟེན་ཕྱགས་པས་ན། །དེ་ཕྱིར་དེ་ལས་སྐྱེས་པ་ཡིན། །ང་ལ་འོད་ཟེར་ཡང་ཡོད་དེ། །དེ་མིང་ཀླུ་འདུལ་ཞེས་བྱའོ། །དར་གྱི་ལྡ་ལྡི་ཕུལ་བས་ན། །དེ་ཕྱིར་དེ་ལས་སྐྱེས་པ་ཡིན། །ཞེས་དང༌།

འཕགས་པ་དཀོན་མཆོག་བརྩེགས་པར། གང་པོས་ཞུས་པར་ཡང༌། གཞན་ཡང་གང་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ནན་ཏན་བརྩོན་འགྲུས་ཀྱིས་དེ་བཞིན་གཤེགས་པ་རྣམས་ཀྱི་མཆོད་རྟེན་དག་ལ་མཆོད་པར་བྱེད་པས། གུས་པའི་སེམས་ཀྱིས་མེ་ཏོག་དང༌། སྤོས་དང༌། ཕྲེང་བ་དང༌། བྱུག་པ་དང༌། སྤོས་ཀྱི་ཕྱེ་མ་དང༌། གདུགས་དང༌། བ་དན་དང༌། རོལ་མོ་སིལ་སྙན་དང༌། མཆོད་པའི་ཡོ་བྱད་གྱ་ནོམ་པ་རྣམ་པ་སྣ་ཚོགས་ཀྱིས་མཆོད་པར་བྱེད་དེ། བྱང་ཆུབ་སེམས་དཔའ་གང་ཆོས་གཉིས་པོ་འདི་དང་ལྡན་པར་གྱུར་ན། ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་པར་འགྱུར་རོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་དོན་འདི་ཉིད་རབ་ཏུ་གསལ་བར་བསྟན་པའི་ཕྱིར་ཚིགས་སུ་བཅད་དེ་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་མེ་ཏོག་སྤོས། །བ་དན་དང་ནི་གདུགས་མཆོག་གིས། །བློ་མཆོག་མཆོད་རྟེན་རབ་མཆོད་ནས། །ཤེས་རབ་མཆོག་གི་རྩོལ་བར་བྱེད། །བསོད་ནམས་འདི་ཡི་རྐྱེན་གྱིས་ན། །བྱད་བཞིན་དང་ནི་མཛེས་པར་འགྱུར། །ནོར་ཕྱུག་རིན་ཆེན་རབ་ཏུ་མང༌། །འཁོར་ནི་ཕུན་སུམ་ཚོགས་པར་འགྱུར། །བྱང་ཆུབ་ཉིད་དུ་ངེས་འགྱུར་ཞིང༌། །རྟག་ཏུ་ཆོས་ལ་རབ་ཏུ་གནས། །སྐྱེ་བ་དག་ནི་ཐམས་ཅད་དུ། །ཡོན་ཏན་འཕེལ་ཞིང་མཐོན་པོར་འགྱུར། །རྒྱལ་པོ་རྣམས་ནི་ཀུན་བྱེད་ཅིང༌། །ལྷ་ཀླུ་རབ་ཏུ་དྲན་པར་འགྱུར། །སེམས་ཅན་ཐམས་ཅད་ཀུན་གྱིས་ཀྱང༌། །བཀུར་སྟི་དག་ནི་བྱེད་པར་འགྱུར། །འདས་དང་ད་ལྟར་བཞུགས་པ་ཡི། །སངས་རྒྱས་དག་ལ་མཆོད་བྱེད་ན། །སྐྱེ་བ་ཀུན་ཏུ་མཆོད་པ་འཐོབ། །རྟག་པར་མི་ཁོམ་མེད་པར་སྐྱེ། །ཞེས་གསུངས་སོ། །

འཕགས་པ་དཀོན་མཆོག་བརྩེགས་པར། བུ་མོ་རྣམ་དག་དང་བས་ཞུས་པའི་མདོར་ཡང༌། གལ་ཏེ་སྡུག་བསྔལ་གཟིར་གྱུར་ཀྱང༌། །ནམ་ཡང་གཞན་གྱི་སྐྱོན་མི་སྨྲ། །རྟག་པར་དཀོན་མཆོག་གང་བསྔགས་པ། །སངས་རྒྱས་སྤྱན་སྔར་རྫུས་ཏེ་སྐྱེ། །བྱང་ཆུབ་སེམས་ནི་བསྐྱེད་པ་དང༌། །ཐམས་ཅད་མཁྱེན་པ་ཉེར་བསྐལ་ནས། །རྟག་ཏུ་ཚངས་པར་གང་སྤྱོད་པ། །སངས་རྒྱས་སྤྱན་སྔར་རྫུས་ཏེ་སྐྱེ། །གསེར་གྱི་སངས་རྒྱས་གཟུགས་བརྒྱན་ཏེ། །རིན་ཆེན་པད་མའི་གདན་ལ་བཞག །སེམས་ཅན་མྱ་ངན་གང་སེལ་བ། །སངས་རྒྱས་སྤྱན་སྔར་རྫུས་ཏེ་སྐྱེ། །ང་རྒྱལ་བྱེད་པ་དེ་དག་ལ། །སློབ་མ་བཞིན་དུ་བདག་དམན་ཞིང༌། །གཞན་ལ་གང་གི་མི་འཚོ་བ། །སངས་རྒྱས་སྤྱན་སྔར་རྫུས་ཏེ་སྐྱེ། །ཞེས་པ་དང༌།

འཕགས་པ་དཀོན་མཆོག་བརྩེགས་པར། བུ་མོ་བློ་གྲོས་བཟང་མོས་ཞུས་པའི་མདོ་ལས་ཀྱང༌། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐད་དུ། རིན་པོ་ཆེའི་པད་མ་ལས་རྫུས་ཏེ་སྐྱེ་བར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཕྱེ་མའམ། མེ་ཏོག་ཨུཏྤ་ལའམ། པད་མའམ། ཀུ་མུ་དའམ། པད་མ་དཀར་པོས་ལག་པ་བརྐྱང་སྟེ། དེ་བཞིན་གཤེགས་པའི་སྐུ་གཟུགས་སམ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་འབུལ་བ་དང༌། གཞན་དག་ལ་ཡང་གནོད་སེམས་མི་བསྐྱེད་པ་དང༌། དེ་བཞིན་གཤེགས་པའི་སྐུ་གཟུགས་པད་མའི་གདན་ལ་བཞུགས་པ་བྱེད་དུ་འཇུག་པ་དང༌། སངས་རྒྱས་ཀྱི་བྱང་ཆུབ་ངེས་ལ་ངེས་པར་རྒྱ་ཆེར་མོས་པ་སྟེ། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དང་ལྡན་པ་དང༌། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐད་དུ་རིན་པོ་ཆེ་པད་མ་ལ་རྫུས་ཏེ་སྐྱེ་བར་འགྱུར་རོ། །ཞེས་པ་དང༌། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན། རྫུ་འཕྲུལ་གྱིས་སངས་རྒྱས་ཀྱི་ཞིང་ནས། སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། གཞན་དག་གི་དགེ་བའི་རྩ་བ་ལ་བར་ཆད་མི་བྱེད་པ་དང༌། གཞན་དག་ཆོས་ཉན་པ་ལ་བར་ཆད་མི་བྱེད་པ་དང༌། དེ་བཞིན་གཤེགས་པའི་མཆོད་རྟེན་དག་ལ་མར་མེ་འབུལ་བ་དང༌། ཏིང་ངེ་འཛིན་བསྒོམ་པ་སྟེ། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན། རྫུ་འཕྲུལ་གྱིས་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་འགྱུར་རོ། །ཞེས་པ་དང༌།

འཕགས་པ་དཀོན་མཆོག་བརྩེགས་པར། ཡོན་ཏན་རིན་ཆེན་མེ་ཏོག་ཀུན་ཏུ་རྒྱས་པའི་མདོར། མར་མེ་བྱིན་པས་འོད་ནི་རྣམ་པར་དག །ཟག་པའི་དུས་ན་དམ་ཆོས་ཡོངས་སུ་འཛིན། །བག་མེད་གྱུར་པ་རྣམས་ལ་ཆོས་བྱིན་བྱེད། །མཆོད་རྟེན་དག་ལ་རིན་ཆེན་དྲ་བ་ཕུལ། །དེ་ནི་བྱེ་བ་བསམ་ཡས་ཞིང་འགྲོ་ཞིང༌། །བྱང་ཆུབ་སེམས་དཔའ་འོད་ཟེར་གཏོང་བར་བྱེད། །རེག་ནས་སེམས་ཅན་བདེ་དང་ལྡན་པར་འགྱུར། །མཁས་པ་བྱང་ཆུབ་བླ་མེད་དོན་དུ་གཉེར། །ཞེས་པ་དང༌། ཡང་དེ་ཉིད་དུ། གཞན་ལ་ཁྲོ་དང་ཁོན་དུ་འཛིན་མི་བྱེད། །ང་རྒྱལ་རྒྱགས་དང་ཐ་བ་ཞེ་སྡང་བྲལ། །རྩོད་པ་མེད་པ་དགའ་ཞིང་སྙན་པར་སྨྲ། །གུས་པར་རྒྱལ་བའི་མཆོད་རྟེན་ཕྱགས་པར་བྱེད། །དེ་ནི་ཚུལ་ཁྲིམས་རྣམ་དག་རྟག་ཏུ་བསྲུང༌། །དེ་ནི་རྟག་ཏུ་ལེགས་པར་འོངས་ཞེས་སྨྲས། །ཆོས་སྨྲ་རྣམས་ལ་དེ་ནི་ཐ་བ་མེད། །དེ་ཡི་སེམས་ནི་རྡོ་རྗེ་རི་རབ་མཚུངས། །ཞེས་པ་དང༌། སངས་རྒྱས་སྐུ་གཟུགས་པད་མ་མཆོག་ཞུགས་བྱེད་དུ་འཇུག །ཆུ་སྐྱེས་མེ་ཏོག་ལག་པ་བཀང་སྟེ་འབུལ་བར་བྱེད། །ཕ་རོལ་དག་ལ་དགའ་བ་བསྐྱེད་པའི་ཚིག་ཀྱང་སྨྲ། །དགའ་བོར་བྱེད་ལ་མངོན་པར་བརྩོན་གྱི་སྐྱོན་མི་འཛིན། །སེམས་ཅན་ཀུན་ལ་ཕན་ཕྱིར་བསོད་ནམས་ཡོངས་སུ་བསྔོ། །ཐུབ་མཆོག་རྣམས་ཀྱིས་སངས་རྒྱས་བྱང་ཆུབ་བསྒྲུབ་པར་ཤེས། །སངས་རྒྱས་གསུངས་པའི་ཡོན་ཏན་འདི་བཞི་བསྟེན་ན་སྟེ། །རྒྱལ་བ་མཆོག་རྣམས་དྲུང་དུ་རྫུས་ཏེ་སྐྱེ་བར་འགྱུར། །ཞེས་པ་དང༌། མཆོད་རྟེན་ལ་ནི་སྤར་གྱིས་དབྱིག་རྣམས་འཐོར། །དྲི་ཞིམ་འབྲུ་མར་རྣམས་ཀྱིས་མཆོད་རྟེན་ཁྲུ། །སྤོས་དང་མེ་ཏོག་སིལ་སྙན་སྣ་ཚོགས་འབུལ། །ཡིད་དུ་འོང་བས་མཁན་པོ་སློབ་དཔོན་བསྟེན། །དེ་ལུས་སུམ་ཅུ་རྩ་གཉིས་མཚན་དང་ལྡན། །རབ་ཏུ་མཛེས་ཤིང་ཡོན་ཏན་ཀུན་དང་ལྡན། །གང་གིས་ཤེས་རབ་མཆོག་ལྡན་རྒྱལ་མཛེས་པ། །ཆོས་དེ་དག་གིས་སྐྱེས་ཆེན་མཚན་དུ་འགྱུར། །ཞེས་པ་དང༌།

ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་དུ་ཡང༌། རབ་དང་སེམས་དང་ལྡན་པ་ཡིས། །ཚོགས་གཉིས་རྫོགས་པར་བྱ་བའི་ཕྱིར། །སངས་རྒྱས་རྣམས་ལ་གོས་སོགས་ཀྱིས། །མངོན་སུམ་མངོན་སུམ་མིན་པར་མཆོད། །སངས་རྒྱས་འབྱུང་བ་དོན་ཡོད་པར། །སྨོན་ལམ་དང་ནི་ལྡན་པ་ཡི། །གསུམ་པོ་དམིགས་པར་མི་བྱེད་པར། །སངས་རྒྱས་མཆོད་པར་རྫོགས་པ་ཡིན། །སེམས་ཅན་དག་ནི་ཚད་མེད་པ། །ཡོངས་སུ་སྨིན་པར་བྱེད་པ་ཡིན། །རྫས་དང་སེམས་ཀྱི་སྒོ་ནས་གཞན། །མོས་པ་དང་ནི་སྨོན་པ་དང༌། །བརྩེ་དང་བཟོད་པ་དག་དང་ནི། །ཡང་དག་སྤྱོད་པའི་སྒོ་དང་ནི། །གཞི་ལ་གཏོད་དང་རྟོགས་པ་དང༌། །གྲོལ་དང་དེ་བཞིན་ཉིད་ཀྱིས་གཞན། །རྒྱུ་མཚན་དང་ནི་ཡོངས་བསྔོ་དང༌། །རྟེན་དང་དངོས་དང་རྒྱུ་དང་ནི། །ཡེ་ཤེས་དང་ནི་ཞིང་དག་དང༌། །གནས་ཀྱི་མཆོད་པ་རབ་བསྟན་པར། །རྒྱུ་དང་འབྲས་བུ་ཉིད་དང་ནི། །བདག་ཉིད་དང་ནི་གཞན་དག་དང༌། །རྙེད་དང་བཀུར་སྟི་ཉིད་དང་ནི། །བསྒྲུབ་པའི་སྒོ་ནས་དེ་རྣམ་གཉིས། །མཆོད་པ་ཆུང་དང་ཆེན་པོ་དང༌། །ང་རྒྱལ་བཅས་དང་ང་རྒྱལ་མེད། །སྦྱོར་དང་འགྲོ་བ་ཉིད་དང་ནི། །སྨོན་པའི་སྒོ་ནས་དེར་འདོད་དོ། །རང་གི་སེམས་ཀྱི་སངས་རྒྱས་རྣམས་མཆོད་པ། །ཆོས་ལ་མོས་དང་བསམ་དང་དབང་འབྱོར་དང༌། །རྣམ་པར་མི་རྟོག་ཐབས་ཡོངས་བཟུང་བ་དང༌། །ཀུན་དང་དོན་གཅིག་ཉིད་ལ་འཇུག་པས་མཆོག །ཅེས་པ་ལ་སོགས་པ་གསུངས།

སངས་རྒྱས་ལ་ཕུལ་བའི་དངོས་པོ་ལ་ཇི་ལྟར་བྱ་བ་གང་གསུངས་ཏེ། མྱང་འདས་ཆེན་པོའི་མདོར། དེའི་ཚེ་དགའ་བོས་ཡང༌། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གལ་ཏེ་སངས་རྒྱས་འཇིག་རྟེན་དུ་བཞུགས་ཀྱང་རུང༌། སྦྱིན་བདག་དང་བས་དེ་བཞིན་གཤེགས་པ་ལ་གསེར་དངུལ་དང༌། རིན་པོ་ཆེ་སྣ་བདུན་དང༌། ལོངས་སྤྱོད་ཀྱི་ཡོ་བྱད་མང་པོ་ཕུལ་ན། ཇི་ལྟ་བུ་ལ་གཞག་པར་བགྱི། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། གལ་ཏེ་སངས་རྒྱས་མངོན་དུ་བཞུགས་ན། སངས་རྒྱས་ལ་ཅི་ཕུལ་ཐམས་ཅད་དགེ་འདུན་ལ་གཏད་པར་བྱའོ། །གལ་ཏེ་སངས་རྒྱས་མྱ་ངན་ལས་འདས་ནས་ཡོན་བདག་དང་བས་སངས་རྒྱས་ལ་བསྔོས་ཤིང་ཕུལ་བ་ཐམས་ཅད། སངས་རྒྱས་ཀྱི་སྐུ་གཟུགས་དང༌། སངས་རྒྱས་ཀྱི་ན་བཟའ་དང༌། རིན་པོ་ཆེ་སྣ་བདུན་གྱིས་བ་དན་དང༌། གདུགས་བྱ་ཞིང༌། མར་བསུང་ཅན་དང༌། རིན་པོ་ཆེའི་མེ་ཏོག་ཉོས་ཏེ་སངས་རྒྱས་ལ་མཆོད་པ་བྱའོ། །སངས་རྒྱས་ལ་མཆོད་པ་བྱ་བ་མ་གཏོགས་པར་གཞན་དུ་སྤྱད་པར་མི་རུང་ངོ༌། །གལ་ཏེ་གཞན་དུ་སྤྱད་ན། སངས་རྒྱས་ཀྱི་བཀོར་བརྐུས་པ་ཡིན་ནོ། །ཞེས་སོ། །སངས་རྒྱས་མངོན་སུམ་དུ་བཞུགས་པ་ལ། བྱ་བ་བྱས་པའི་འབྲས་བུ་མཚུངས་པར་གསུངས་ཏེ། མདོ་སྡེ་དེ་ཉིད་དུ། དགའ་བོས་ཡང་གསོལ་པ། བཅོམ་ལྡན་འདས་སངས་རྒྱས་བཞུགས་པ་ན། གལ་ཏེ་སྐྱེས་བུ་ཞིག་གིས་གསེར་དང༌། དངུལ་དང༌། རིན་པོ་ཆེ་སྣ་བདུན་དང༌། གཞལ་མེད་ཁང་དང༌། བུ་དང༌། ཆུང་མ་དང༌། བྲན་ཁོལ་དང༌། གོས་དང༌། ཟས་དང༌། བདེ་བའི་ཡོད་བྱད་ཐམས་ཅད་ཕུལ་ནས་བསྟི་སྟང་དང་བཅས་པས་ཕྱག་བྱས་ཏེ། མཆོད་པ་བྱས་པ་དང༌། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ནས། གལ་ཏེ་སྐྱེས་བུ་ཞིག་གིས་གསེར་དང༌། དངུལ་དང༌། རིན་པོ་ཆེ་སྣ་བདུན་དང༌། བུ་དང༌། ཆུང་མ་དང༌། བྲན་ཁོལ་དང༌། གོས་དང༌། ཟས་དང༌། བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་སྐུ་གཟུགས་ལ་ཕུལ་ཏེ། དང་བའི་སེམས་ཀྱིས་བསྟི་སྟང་དང་བཅས་པས་ཕྱག་འཚལ་ཏེ། མཆོད་པ་བྱས་ནས། བཅོམ་ལྡན་འདས་སྐྱེས་བུ་དེ་གཉིས་ཀྱིས་དང་བའི་སེམས་ཀྱིས་མཆོད་པ་བགྱིས་ན། བསོད་ནམས་གང་གིས་མང་དུ་ཐོབ། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། སྐྱེས་བུ་དེ་གཉིས་ཀྱི། དེ་ལྟར་དང་བའི་སེམས་ཀྱིས་མཆོད་ནས། བསོད་ནམས་ཐོབ་པའི་ཁྱད་པར་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་མྱ་ངན་ལས་འདས་ཀྱང་ཆོས་ཀྱི་སྐུ་ནི་རྟག་པ་ཡིན་པས། དང་བའི་སེམས་ཀྱིས་མཆོད་ནས། བསོད་ནམས་འདྲ་སྟེ་ཁྱད་པར་མེད་དོ། །དགའ་བོས་ཡང་གསོལ་པ། བཅོམ་ལྡན་འདས་སངས་རྒྱས་མངོན་དུ་བཞུགས་པ་ལ། གལ་ཏེ་སྐྱེས་བུ་ཞིག་དང་བའི་སེམས་ཀྱིས་གོང་དུ་སྨོས་པ་དང་འདྲ་བར་བསྟི་སྟང་དང་བཅས་པས་མཆོད་པ་བགྱིད་པ་དང༌། སངས་རྒྱས་མྱ་ངན་ལས་འདས་ནས་གལ་ཏེ་སྐྱེས་བུ་ཞིག་གིས་དང་བའི་སེམས་ཀྱིས་གོང་དུ་སྨོས་པ་དང་འདྲ་བས་བསྟི་སྟང་དང་བཅས་པས། སངས་རྒྱས་སྐུ་གདུང་རིལ་པོ་ལ་མཆོད་པ་བགྱིས་ན། བཅོམ་ལྡན་འདས་སྐྱེས་བུ་དེ་གང་གིས་བསོད་ནམས་མང་དུ་ཐོབ། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། སྐྱེས་བུ་དེ་གཉིས་ཀྱི་བསོད་ནམས་ནི་མཉམ་པས་ཁྱད་པར་མེད་དོ། །བསོད་ནམས་ཚད་མེད་དཔག་ཏུ་མེད་པར་རྒྱ་ཆེ་བས། སྡུག་བསྔལ་གྱི་མཐར་ཕྱིན་པའི་བར་དུ་བསོད་ནམས་མི་ཟད་དོ། །དགའ་བོས་ཡང་གསོལ་པ། བཅོམ་ལྡན་འདས་སངས་རྒྱས་མངོན་དུ་བཞུགས་པ་ལ། གལ་ཏེ་སྐྱེས་བུ་ཞིག་དད་པའི་སེམས་ཀྱིས་གོང་དུ་སྨོས་པའི་མཆོད་པའི་ཡོ་བྱད་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་ལ་མཆོད་པ་དང༌། སངས་རྒྱས་མྱ་ངན་ལས་འདས་ནས། གལ་ཏེ་སྐྱེས་བུ་ཞིག་དང་བའི་སེམས་ཀྱིས་བསྟི་སྟང་དང་བཅས་པས་དེ་བཞིན་གཤེགས་པའི་སྐུ་གདུང་ཕྱེད་ལ་མཆོད་པ་བགྱིས་ན། བཅོམ་ལྡན་འདས་སྐྱེས་བུ་དེ་གཉིས་གང་གིས་བསོད་ནམས་མང་དུ་ཐོབ། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། སྐྱེས་བུ་དེ་གཉིས་དང་བའི་སེམས་ཀྱིས་མཆོད་ན། བསོད་ནམས་ལ་ཁྱད་པར་མེད་དོ། །བསོད་ནམས་ཀྱི་ཕུང་པོ་ཚད་མེད་དཔག་ཏུ་མེད་དོ། །དགའ་བོ། གལ་ཏེ་སྐྱེས་བུ་ཞིག་གིས་དང་བའི་སེམས་ཀྱིས་དེ་བཞིན་གཤེགས་པའི་སྐུ་གདུང་བཞི་ཆ་གཅིག་གམ། ཀླུང་གང་གཱའི་བྱེ་མའི་ཆ་གཅིག་ཙམ་ནས། ཆུང་ངུ་ནས་ཡུངས་ཀར་ཙམ་གཅིག་ལ། དང་བའི་སེམས་ཀྱིས་བསྟི་སྟང་དང་བཅས་པ་རིམ་གྲོ་དང་བཅས་པ་མཆོད་པ་དང༌། གལ་ཏེ་སངས་རྒྱས་མངོན་སུམ་དུ་བཞུགས་པ་ལ་བསྟི་སྟང་དང་བཅས་པ་མཆོད་པ་བྱས་ན། སྐྱེས་བུ་དེ་གཉིས་ཀྱི་བསོད་ནམས་ནི་ཐམས་ཅད་ཁྱད་པར་མེད་པར་མཉམ་སྟེ། ཚད་མེད་དཔག་དུ་མེད་དོ། །དགའ་བོ། སངས་རྒྱས་མངོན་སུམ་དུ་བཞུགས་སམ། མྱ་ངན་ལས་འདས་ཀྱང་རུང༌། གང་གི་དང་བའི་སེམས་ཀྱིས་བསྟི་སྟང་དང་བཅས་པས་ཕྱག་འཚལ་ཏེ། བླ་མར་བྱས། བཀུར་སྟིར་བྱས། མཆོད་པ་བྱས་ན། སྐྱེས་བུ་དེ་གཉིས་ཀྱི་བསོད་ནམས་ཐོབ་པ་ནི་གཉིས་སུ་མེད། གཉིས་སུ་བྱར་མེད་པར་རིག་པར་བྱའོ། །ཞེས་སོ། །གལ་ཏེ་དཀོན་མཆོག་རྟེན་གསུམ་བཞེངས་པ་ལ་སོགས་པ་ནི་ཁྱིམ་པའི་བྱ་བ་ཡིན་གྱི། རབ་ཏུ་བྱུང་བའི་བྱ་བ་མ་ཡིན་ནོ། །ཞེ་ན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ནི་དེ་དག་འཁོར་རྣམ་བཞིས་བྱ་བར་གསུངས་པས། རབ་ཏུ་བྱུང་བས་ཀྱང་བྱ་བར་གསུངས་ཏེ། མདོ་སྡེ་དེ་ཉིད་དུ་བཅོམ་ལྡན་འདས་ཀྱིས་དགའ་བོ་དང་འཁོར་མང་པོ་རྣམས་ལ་བཀའ་སྩལ་པ། ང་མྱ་ངན་ལས་འདས་ནས་གནམ་གྱི་སྟེང་ངམ་མིའི་འཇིག་རྟེན་ན། སེམས་ཅན་གྱིས་ངའི་སྐུ་གདུང་ལ་ལག་ཏུ་ཐོགས་ཏེ། མྱ་ངན་དང་དགའ་བ་དང་བཅས་པས་བསྟི་སྟང་དུ་ཕྱག་འཚལ་ཏེ། དང་བའི་སེམས་ཀྱིས་མཆོད་པ་བྱས་ན། བསོད་ནམས་ཚད་མེད་དཔག་ཏུ་མེད་པར་འགྱུར་རོ། །དགའ་བོ། གང་གིས་དེ་བཞིན་གཤེགས་པའི་སྐུ་གདུང་མཐོང་ན་དེས་ནི་སངས་རྒྱས་མཐོང་ངོ༌། །སངས་རྒྱས་མཐོང་བ་དེས་ནི་ཆོས་མཐོང་ངོ༌། །ཆོས་མཐོང་བ་དེས་ནི་དགེ་འདུན་མཐོང་ངོ༌། །དགེ་འདུན་མཐོང་བ་དེས་ནི་མྱ་ངན་ལ་འདས་པ་མཐོང་ངོ༌། །དགའ་བོ། དེ་བས་ན་དཀོན་མཆོག་གསུམ་ནི་རྟག་པ་གནས་པ་མི་འགྱུར། མི་འཕོ་བ་སྟེ། སེམས་ཅན་ཐམས་ཅད་ཀྱི་མགོན་དང༌། སྐྱབས་ཀྱི་གནས་སུ་འགྱུར་བར་རིག་པར་བྱའོ། །ཞེས་པ་དང༌། རིན་པོ་ཆེའི་རྒྱལ་མཚན་གྲངས་མེད་པ་དང༌། རིན་པོ་ཆེའི་གདུགས་གྲངས་མེད་པ་དང༌། རིན་པོ་ཆེའི་གོས་གྲངས་མེད་པ་དང༌། གྲངས་མེད་པའི་ལྷའི་རོལ་མོ་དང༌། སྤོས་ཀྱི་ནམ་མཁའ་ཡང་གང་བ་ཙམ་དུ་མཆོད་པ་གྱིས་ལ་དུས་ཤིག །ལྷ་དང་མི་དང༌། འཁོར་ཐམས་ཅད་ཀྱིས་སྤོས་ཀྱི་ཤིང་ཙན་དན་དང༌། ཨ་ཀ་རུ་དང༌། མར་བསུང་ཅན་གྱིས་བསྲེགས་ལ་དུས་ཤིག །དེ་ལྟར་བསྲེགས་ནས་ལྷ་དང་མིའི་འཁོར་རྣམ་བཞིས་རིང་བསྲེལ་བསྡུས་ལ། རིན་པོ་ཆེ་སྣ་བདུན་གྱི་བུམ་པར་བླུག་སྟེ། གྲོང་ཁྱེར་ཆེན་པོའི་ལམ་གྱི་བཞི་མདོར་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་བྱས་ན། རིང་བསྲེལ་མཆོད་ན་སེམས་ཅན་དག་བསོད་ནམས་ཆེན་པོ་ཐོབ་ཅིང༌། སྲིད་པ་གསུམ་གྱི་སྡུག་བསྔལ་སྤངས་ནས་མྱ་ངན་ལས་འདས་པའི་བདེ་བ་ཐོབ་པར་འགྱུར་རོ། །དགའ་བོ། འཁོར་རྣམ་པ་བཞི་པོས་སངས་རྒྱས་ཀྱི་སྐུ་གདུང་གི་རིན་པོ་ཆེ་སྣ་བདུན་གྱིས་མཆོད་རྟེན་བྱས་ནས། གཞན་ཡང་མཆོད་རྟེན་གསུམ་བྱའོ། །གསུམ་གང་ཞེ་ན། འདི་ལྟ་སྟེ། རང་སངས་རྒྱས་ཀྱི་མཆོད་རྟེན་དང༌། དགྲ་བཅོམ་པའི་མཆོད་རྟེན་དང༌། འཁོར་ལོས་སྒྱུར་བའི་རྒྱལ་པོའི་མཆོད་རྟེན་ཏོ། །འཇིག་རྟེན་དུ་བཅས་པས་སྐྱབས་སུ་འགྲོ་བའི་གནས་ཤེས་པར་བྱ་བའི་ཕྱིར་རོ། །དགའ་བོས་གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཇིག་རྟེན་དུ། གཤེགས་པ་ནི་སེམས་ཅན་ལ་ཐུགས་བརྩེ་བའི་སླད་དུ། སྟོབས་བཅུ་དང༌། ཐུགས་ཆེན་པོ་དང༌། མི་བསྙེངས་པ་དང༌། རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་དང༌། བདེན་པ་བཞི་དང༌། རྣམ་པར་ཐར་པའི་སྒོ་གསུམ་དང༌། ཚངས་པའི་དབྱངས་རྣམ་པ་བརྒྱད་ཀྱིས་ཁམས་གསུམ་དུ་བསྒྲགས་པ་དང༌། ཁ་དོག་རྣམ་པ་ལྔ་དང་ལྡན་པའི་བྱམས་པའི་འོད་ཀྱིས་ལམ་རྒྱུད་དྲུག་ཏུ་སྣང་བར་མཛད་ནས། སེམས་ཅན་གྱི་བསམ་པ་བཞིན་དུལ་ལ་ནི་འབྲས་བུ་བཞི་དང༌། ཐེག་པ་གཉིས་ལ་སྤྱོད་པར་འགྱུར། ལ་ལ་ནི་ཟག་པ་མེད་པའི་འདུས་མ་བྱས་པའི་རང་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་འགྱུར། ལ་ལ་ནི་མི་འགོག་པ་མི་སྐྱེ་བའི་བྱང་ཆུབ་ཀྱི་ས་ནོན་པར་འགྱུར། །ལ་ལ་ནི་ཚད་མེད་པའི་གཟུངས་རྣམས་ཐོབ་པར་འགྱུར། ལ་ལ་ནི་སྤྱན་ལྔ་དང་མངོན་པར་ཤེས་པ་དྲུག་ཐོབ་པར་འགྱུར། ལ་ལ་ནི་ངན་སོང་གསུམ་ལས་ཐར་བར་འགྱུར། །ལ་ལ་ནི་མི་ཁོམ་པ་བརྒྱད་དང་བྲལ་བར་འགྱུར། ལ་ལ་ནི་ལྷ་དང་མིའི་འཇིག་རྟེན་གསུམ་གྱི་སྡུག་བསྔལ་དང་བྲལ་བར་འགྱུར་ཏེ། དེ་བཞིན་གཤེགས་པའི་མཆོད་རྟེན་བྱམས་པའི་ཤུགས་རྣམ་པར་དག་པ་དང༌། དེ་བཞིན་གཤེགས་པའི་རྣམ་པར་གྲོལ་བའི་ཆོས་ཀྱི་གཞུང་བསམ་གྱིས་མི་ཁྱབ་པས། མྱ་ངན་ལས་འདས་པའི་བར་དུ་འཇིག་རྟེན་དུ་བཅས་པ། ལྷ་དང༌། མི་དང༌། འཁོར་རྣམ་བཞིས། རིན་པོ་སྣ་བདུན་གྱིས་མཆོད་རྟེན་བྱས་ཏེ་རིང་བསྲེལ་ལ་མཆོད་ནས། བསོད་ནམས་ཆེན་པོ་ཐོབ་ཅིང་སོ་སོའི་སྐྱེ་བོ་དག་ཁམས་གསུམ་གྱི་སྡུག་བསྔལ་ལས་ཐར་ཅིང༌། ཡང་དག་པའི་རྣམ་པར་གྲོལ་བ་ལ་འཇུག་པར་འགྱུར་ཏེ། དེ་བས་ན་སངས་རྒྱས་མྱ་ངན་ལས་འདས་ནས། འཇིག་རྟེན་དུ་བཅས་པ་ལྷ་དང་མི་དང༌། འཁོར་ཐམས་ཅད་ཀྱི་སངས་རྒྱས་ཀྱིས་མཛད་པའི་དྲིན་ཆེན་པོ་དང༌། བྱམས་པ་ཚད་མ་མཆིས་པ་རྗེས་སུ་བཟུང་བའི་སླད་དུ་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་བགྱིད་ཅིང་རིང་བསྲེལ་ལ་མཆོད་པ་བགྱིད་པར་འོས་ན་བཅོམ་ལྡན་འདས་མཆོད་རྟེན་རྣམ་པ་གསུམ་པོ་བགྱིས་པས། སེམས་ཅན་རྣམས་སྨོན་པ་ཅི་མཆིས་ན། མཆོད་རྟེན་བགྱིད་ཅིང་མཆོད་པ་བགྱིས། བཅོམ་ལྡན་འདས་ཀྱིས་དགའ་བོ་བཀའ་སྩལ་པ། རང་སངས་རྒྱས་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཤིན་ཏུ་ཟབ་མོ་རྟོགས་ནས། སྲིད་པ་ཐམས་ཅད་ལས་རྣམ་པར་གྲོལ་ཏེ། ཉཻས་པའི་སྐྱོན་ཐམས་ཅད་དང་བྲལ་ནས། ལྷ་དང་མིའི་བསོད་ནམས་ཀྱི་ཞིང་དུ་འགྱུར་ཏེ། དེ་བས་ན་མཆོད་རྟེན་བྱས་ཏེ། མཆོད་ན་བསོད་ནམས་ཐོབ་པར་འགྱུར་རོ། །དེ་བཞིན་གཤེགས་པའི་འོག་ཏུ་འགྲོ་བ་མང་པོ་འབྲས་བུ་མཆོག་ཐོབ་པར་བྱེད་པའི་ཕྱིར་རོ། །དགྲ་བཅོམ་པ་ནི་སྐྱེ་བའི་ཕྱོགས་ཟད་དེ་སྲིད་པའི་ཕྱིས་མི་ལེན་ལ། ཚངས་པར་སྤྱོད་པ་ཡོངས་སུ་རྫོགས་པ། འཇིག་རྟེན་གྱི་བསོད་ནམས་ཀྱི་ཞིང་དུ་འགྱུར་ཏེ། དེ་བས་ན་མཆོད་རྟེན་བྱས་ཏེ། མཆོད་ན་བསོད་ནམས་ཐོབ་པ་ནི་རང་སངས་རྒྱས་ཀྱི་འོག་ཏུ་ཡང་སྟེ། དེས་ཀྱང་འགྲོ་བ་རྣམ་པར་གྲོལ་བར་བྱེད་དོ། །དགའ་བོ། འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཡང་ཁམས་གསུམ་གྱི་ཉོན་མོངས་པ་ལས་རྣམ་པར་མ་གྲོལ་མོད་ཀྱི། བསོད་ནམས་ཀྱི་ཤུགས་ཀྱིས་གླིང་བཞི་ལ་དབང་སྟེ། དགེ་བ་བཅུའི་ལས་ཀྱིས་སེམས་ཅན་གྱི་སྲིད་བྱེད་པས་སེམས་ཅན་དེ་དག་གི་བཀུར་སྟི་གནས་ཡིན་ཏེ། དེ་བས་འཁོར་རྣམ་བཞིས་མཆོད་རྟེན་བྱས་ཏེ་མཆོད་ན་བསོད་ནམས་ཚད་མེད་པར་འགྱུར་རོ། །དགའ་བོས་ཡང་གསོལ་པ། བཅོམ་ལྡན་འདས་སངས་རྒྱས་མྱ་ངན་ལས་འདས་ནས་བདག་ཅག་འཁོར་རྣམ་བཞི་གང་དུ་དེ་བཞིན་གཤེགས་པའི་སྐུ་ཞུགས་ལ་བཞུས་ན། དེ་བཞིན་གཤེགས་པའི་རིང་བསྲེལ་ཐོབ་པར་འགྱུར་ལ། བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། སངས་རྒྱས་མྱ་ངན་ལས་འདས་ནས་འཁོར་རྣམ་བཞིས་གལ་ཏེ་རྩྭ་མཆོག་གི་གྲོང་ཁྱེར་གྱི་ནང་དུ་ང་བསྲེགས་ན། གྲོང་ཁྱེར་དེའི་མི་དག་རྒྱལ་པོའི་ལུས་ཀྱི་ཆད་པ་དང༌། རྩོད་པ་ཚད་མེད་པ་འབྱུང་སྟེ། ཐམས་ཅད་ཀྱིས་བསོད་ནམས་མཉམ་པར་མི་ཐོབ་བོ། །དགའ་བོ། གལ་ཏེ་འཁོར་རྣམ་བཞིས་གྲོང་ཁྱེར་གྱི་ཕྱི་རོལ་ཏུ་ང་བསྲེགས་ན། འཇིག་རྟེན་པ་དག་བསོད་ནམས་མཉམ་པར་ཐོབ་བོ། །དགའ་བོས་གསོལ་པ། བཅོམ་ལྡན་འདས་སངས་རྒྱས་མྱ་ངན་ལས་འདས་ནས་ཞུགས་ལ་བཞུས་པའི་འོག་ཏུ་འཁོར་རྣམ་བཞིས་རིང་བསྲེལ་བསྡུས་ཏེ། རིན་པོ་ཆེའི་བུམ་པ་བརྩལ་ནས། རིན་པོ་ཆེ་སྣ་བདུན་གྱིས་མཆོད་རྟེན་གང་དུ་བརྩིགས་ན་ཐམས་ཅད་དང་བའི་སེམས་སྐྱེ་ཞིང་མཆོད་པར་འགྱུར་བ། བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་དགའ་བོས་ལ་བཀའ་སྩལ་པ། སངས་རྒྱས་མྱ་ངན་ལས་འདས་ཏེ་བསྲེགས་ནས་འཁོར་རྣམ་བཞིས་རིང་བསྲེལ་བསྡུས་ཏེ། རིན་པོ་ཆེ་སྣ་བདུན་གྱི་བུམ་པར་ཆུག་ལ། རྩྭ་མཆོག་གི་གྲོང་ཁྱེར་གྱི་ནང་ལམ། བཞི་མདོར་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་བང་རིམ་བཅུ་གསུམ་དང་ལྡན་པ་ཕང་ལོ་དང་བཅས་པ། རིན་པོ་ཆེ་ཐམས་ཅད་ཀྱིས་བརྒྱན་ཅིང་སྤྲས་པ། འཇིག་རྟེན་ཐམས་ཅད་ཀྱིས་མཆོག་ཏུ་བྱ་བའི་དོན་གྱིས་ཤིན་ཏུ་བརྒྱན་པ། ངོས་བཞིའི་པུ་ཤུད་ཡང་རིན་པོ་ཆེ་སྣ་བདུན་ལས་བྱས་པ། ཐམས་ཅད་དུ་བརྒྱན་གྱིས་རབ་ཏུ་སྤྲས་པ། མཆོད་རྟེན་དེ་རིམ་པ་གཅིག་ཅིང་ངོས་བཞིར་སྒོ་རེ་རེ་དོད་པ་དང༌། སྐར་ཁུང་ཐད་ཀར་འབབ་པའི་ནང་དུ་རིན་པོ་ཆེའི་བུམ་པ་བཅུག་སྟེ། འཁོར་རྣམ་བཞིས་མཆོད་པ་བྱའོ། །དགའ་བོ། རང་སངས་རྒྱས་ཀྱི་མཆོད་རྟེན་ནི། རིམ་པ་བཅུ་གཅིག་དང་ལྡན་པ་རིན་པོ་ཆེ་རྣམ་པ་སྣ་ཚོགས་ཀྱིས་སྤྲས་པར་བྱའོ། །དགའ་བོ། དགྲ་བཅོམ་པའི་མཆོད་རྟེན་ནི་རིམ་པ་བཞི་དང་ལྡན་པ་སྟེ། དེ་ཡང་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པའོ། །དགའ་བོས། འཁོར་ལོས་སྒྱུར་བའི་རྒྱལ་པོའི་མཆོད་རྟེན་ཡང་རིན་པོ་ཆེ་སྣ་བདུན་ལས་བྱས་ཏེ། རིམ་པ་དང་བཅས་པ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཁམས་གསུམ་གྱི་སྲིད་པའི་སྡུག་བསྔལ་ལས་མ་གྲོལ་བའི་ཕྱིར་རོ། །དེའི་ཚེ་མ་འགགས་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །སངས་རྒྱས་མྱ་ངན་ལས་འདས་ཏེ་ཞུགས་ལ་བཞུས་ནས། ལྷ་དང༌། མི་དང༌། འཁོར་རྣམ་བཞིས་དེ་བཞིན་གཤེགས་པའི་རིང་བསྲེལ་ཇི་ལྟར་བགོས་ན་ཐམས་ཅད་ཀྱིས་མཆོད་པར་འགྱུར། དེའི་ཚེ་བཅོམ་ལྡན་འདས་ཀྱིས་མ་འགག་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ང་མྱ་ངན་ལས་འདས་ནས་ལྷ་དང་མི་ལ་སོགས་པས་སངས་རྒྱས་ཀྱི་རིང་བསྲེལ་བསྡུས་ཏེ། ཤིན་ཏུ་མཉམ་པའི་སེམས་ཀྱིས་ཁམས་གསུམ་དང་རྒྱུ་དྲུག་ཐམས་ཅད་ལ་ཡང་བགོས་ཏེ་མཆོད་པ་བྱེད་པར་འགྱུར་བར་བྱའོ། །ཞེས་སོ། །

གསུང་རབ་དྲི་མ་མེད་པ་གཞན་དག་ལས་ཀྱང་སངས་རྒྱས་ལ་སོགས་པ་དཀོན་མཆོག་ཐམས་ཅད་ཤིན་ཏུ་ངོ་མཚར་ཆེ་ཞིང་ཡོན་ཏན་གྱི་གནས། དམ་པ་ཕུལ་དུ་ཡིན་པའི་རྒྱུ་མཚན་གྱིས་དེ་དག་གི་རྟེན་གསུམ་ཡང་དེ་དང་མཚུངས་པའི་ཕྱིར། དེ་དག་ལ་བྱ་བ་བྱས་པའི་ཕན་ཡོན་ཆེན་པོ་དཔག་ཏུ་མེད་པ་རྒྱ་ཆེར་གསུངས་པ་རྣམས་ནི་འདིར་ཡི་གེ་མང་བ་ལ་མི་མོས་པ་རྣམས་ཀྱི་སྐྲག་པ་སྤངས་པའི་ཕྱིར་མ་བྲིས་སོ། །

རྒྱ་ཆེན་པོ་ལ་མོས་པ་རྣམས་ཀྱིས་ནི་བཀའ་མདོ་རྒྱུད་དྲི་མ་མེད་པ་རྣམས་དང༌། དེ་དག་གི་དགོངས་འགྲེལ་ཁྱད་པར་དུ་འཕགས་པ་རྣམས་ལ་ཕྱོགས་ཞེན་དང་ཆོག་ཤེས་ཀྱི་བློ་སྤངས་ཏེ། བྲི་བ་དང་ཀློག་པ་ལ་སོགས་པ་དང༌། ཐོས་བསམ་སྒོམ་བསྒྲུབ་ལ་སོགས་པ་ཆོས་ཀྱི་བྱ་བ་འབའ་ཞིག་གིས་དུས་འདའ་བར་བྱས་ནས་བསྟན་པ་དང་སེམས་ཅན་ཐམས་ཅད་ལ་ཕན་པ་བྱས་ཏེ། སྒོ་གསུམ་གྱི་ལོངས་སྤྱོད་ཕྱི་རོལ་འབྱུང་བ་བཞི་ལ་སོགས་པ་དངོས་པོ་ཐམས་ཅད་དོན་ཅན་དུ་བྱས་ན་གཏན་གྱི་འདུན་མ་ལེགས་པའི་མཆོག་ཏུ་འགྱུར་རོ། །

བདེ་གཤེགས་སྙིང་པོས་ཀུན་ལ་ཁྱབ་པ་དང༌། །ནམ་མཁའི་ཁམས་ཀྱི་ཀུན་ལ་ཁྱབ་པ་ལྟར། །ཆོས་མཆོག་འདི་དང་འདི་འདྲའི་འཕྲིན་ལས་ཀྱིས། །ཕ་མ་མཁའ་ཁྱབ་ཀུན་ལ་ཁྱབ་གྱུར་ནས། །ཉོན་མོངས་བརྒྱད་ཁྲི་བཞི་སྟོང་འཇོམས་པ་དང༌། །ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་དབྱེ་བའི་ཕྱིར། །ཕྱོགས་རྟོགས་སྤངས་ནས་ཕྱོགས་མེད་རྟོགས་པའི་བློས། །མཐའ་ཡས་སྒོ་ནས་དགེ་ཚོགས་བསྒྲུབ་གྱུར་ཅིག །

ཆོས་ཀྱི་སྒོ་ཆེན་མང་དུ་འབྱེད་པའི་ཐབས་མཆོག་ཅེས་བྱ་བ། རྒྱལ་ཁམས་ཕྱོགས་མེད་རིས་མེད་པ་རྟོན་པ་བཞི་ལྡན་གྱིས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གསུངས་ལས་ཇི་ལྟར་འབྱུང་བ་བཞིན་ཕན་སེམས་འབའ་ཞིག་གིས་བཀོད་པ་རྫོགས་སོ།། །།འདིས་ཀྱང་སེམས་ཅན་ཐམས་ཅད་ལ་ཕན་པར་གྱུར་ཅིག །མངྒ་ལཾ། བྷ་ཝནྟུ། ཤུབྷཾ།

སངས་རྒྱས་ཀྱི་སྐུ་གཟུགས་ཀྱི་མདུན་དུ་སྨོན་ལམ་བཏབ་པ་བཞུགས།

ན་མོ་གུ་རུ། བསྐལ་སྟོང་མུན་པའི་ཁང་བུ་རུ། །མར་མེ་གཅིག་གིས་བཅོམ་པ་ལྟར། །འཇིག་རྟེན་འཁོར་བའི་མུན་ཁང་ལ། །མར་མེའི་སྙིང་པོ་བདག་འགྱུར་ཤོག །ཤ་ཀ་ར་ཡི་ཤིང་ཏོག་ལ། །སྨན་རིགས་སྣ་ཚོགས་འབྱུང་བ་ལྟར། །སེམས་ཅན་ཀུན་གྱི་འདོད་པའི་སྨན། །སྣ་ཚོགས་བདག་ལ་འབྱུང་བར་ཤོག །ཙན་དན་སྦྲུལ་གྱི་སྙིང་པོ་ལ། །དྲི་བཟང་སྣ་ཚོགས་འབྱུང་བ་ལྟར། །ཡོན་ཏན་སྣ་ཚོགས་འབྱུང་བའི་གཞི། །ཚུལ་ཁྲིམས་དྲི་ལྡན་བདག་འགྱུར་ཤོག །སེང་གེའི་འོ་མ་ཐིགས་གཅིག་ཙམ། །ཕལ་བའི་འོ་མ་བཅོམ་པ་ལྟར། །སེམས་ཅན་ཉོན་མོངས་ནད་ཀྱིས་གདུང༌། །བདག་གིས་ཡང་ཡང་བཅོམ་པར་ཤོག །ཨ་དཀར་སྙིང་པོ་བདུག་པ་ལ། །འཁོར་ལོས་སྒྱུར་བ་ནམ་མཁར་འཕགས། །དེ་བཞིན་བདག་གིས་སེམས་ཅན་ཀུན། །ཆོས་ཉིད་ནམ་མཁར་འདྲེན་པར་ཤོག །ཇི་ལྟར་ཀ་ལ་པིང་ཀ་རྣམས། །སྒོ་ངའི་ནང་དུ་སྒྲ་འབྱིན་ལྟར། །བདག་ཀྱང་མ་ཡི་ལྟཽ་ནང་དུ། །ཆོས་ཀྱི་སྒྲ་དབྱངས་སྒྲོགས་པར་ཤོག །དངུལ་ཆུས་གསེར་སྣང་བྱེད་པ་ཡིས། །ལྕགས་ལ་རེག་ན་གསེར་འགྱུར་ལྟར། །བདག་ཉིད་མཐོང་ཐོས་དྲན་རེག་ཀུན། །བྱང་ཆུབ་དམ་པར་འགྱུར་བར་ཤོག །ཇི་ལྟར་རྡོ་ལ་ཁབ་ལེན་གྱིས། །ལྕགས་སྒྲོག་དྲྭ་བ་བཅད་པ་ལྟར། །ཉོན་མོངས་འཁོར་ལོའི་ལྕགས་སྒྲོག་ཀུན། །གཅོད་བྱེད་རལ་གྲིར་བདག་འགྱུར་ཤོག །པདྨོ་ཞེས་པའི་རྩི་ཟོས་ན། །ཚེ་ཚད་བསྐལ་པ་འགྱུར་བ་ལྟར། །སེམས་ཅན་ཚེ་རིང་བྱེད་པའི་རྫས། །ཆོས་ཀྱི་བདུད་རྩིར་བདག་འགྱུར་ཤོག །མཆིན་རྩིའི་དྲི་མ་ཚོར་ཚད་ཀྱིས། །དུག་སྦྲུལ་ཐམས་ཅད་སྐྲག་པ་ལྟར། །བདག་གིས་དྲི་མ་ཚོར་ཚད་ཀྱིས། །ཆོས་མིན་ཐམས་ཅད་སྐྲག་པར་ཤོག །ཇི་ལྟར་ཆོས་ཀྱི་རྔ་སྒྲ་ལ། །དགའ་བྱེད་སྒྲ་རྣམས་འབྱུང་བ་ལྟར། །ཆོས་ཀྱི་སྒྲ་སྐད་སྣ་ཚོགས་དག །བདག་ལ་ནམ་ཡང་འབྱུང་བར་ཤོག །ཇི་ལྟར་ཡིད་བཞིན་ནོར་བུ་ཡིས། །དགོས་འདོད་སྣ་ཚོགས་འབྱུང་བ་ལྟར། །བདག་ལ་བརྟེན་ནས་སེམས་ཅན་གྱིས། །འདོད་པ་སྣ་ཚོགས་འབྱུང་བར་ཤོག །ཇི་ལྟར་རྡོ་རྗེ་ཕ་ལམ་གྱིས། །བྲག་རྫོང་ཐམས་ཅད་བཤིག་པ་ལྟར། །བདག་གི་ཡང་དག་ལྟ་བ་ཡིས། །ལྟ་ངན་བྲག་རྫོང་བཤིག་པར་ཤོག །ཅེས་པ་ཆོས་རྗེ་ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་ཉིད་ཀྱིས་སངས་རྒྱས་གྱི་སྐུ་གཟུགས་ཀྱི་མདུན་དུ་སྨོན་ལམ་བཏབ་པའོ།། །།

མཆོད་རྟེན་ཆགས་ཚད་བཞུགས།

ན་མོ་བུདྡྷ་ཡ། སངས་རྒྱས་བཅོམ་ལྡན་འདས་ཀྱི་མཆོད་རྟེན་ནི། སངས་རྒྱས་དཀྱིལ་ཀྲུང་དུ་བཞུགས་པ་དང་ཆོས་མཐུན་པ་སྟེ། དཔངས་སུ་ཕྱེད་དང་བཅས་པའི་སོར་དྲུག་ཅུ་རྩ་གཉིས་པའོ། །དེ་ཆ་ལྔར་བྱས་པའི་ཆ་རེ་རེས་གདན་ཁྲི་དང༌། ཁོག་པའི་སྨད་དང༌། ཁོག་པའི་སྟོད་དང༌། མགྲིན་པ་ནས་མཛོད་སྤུའི་བར་དང༌། མཛོད་སྤུ་ནས་གཙུག་ཏོར་གྱི་བར་ཏེ། རེ་རེའང༌། སོར་ཕྱེད་དང་བཅུ་གསུམ་བཅུ་གསུམ་གྱི་བདག་ཉིད་དོ། །རྒྱའི་ཚད་ནི། གདན་ཁྲི་གྲུ་བཞི་ཐད་ཀར་སོར་ཉེར་ལྔ་སྟེ། དེའི་ཕྱོགས་བཞིར་གློ་འབུར་ལ་དེའི་གསུམ་ཆ་རེ་དང༌། ཕྱིར་འབུར་བའི་ཚད་ལ་སོར་ཕྱེད་དང་གཉིས་སོ། །དེའི་སྟེང་དུ་པད་གདན་ཟླུམ་པོའི་རྒྱ་གདན་ཁྲི་དང་མཉམ་པ་སྟེ། དཔངས་སུ་སོར་བཞིའོ། །དེའི་སྟེང་དུ་ཁོག་པ་ཟླུམ་པོའི་རྒྱ་ལ་སོར་ཉེར་ལྔ་སྟོད་སྨད་གཉིས་ཀ་མཚུངས་པ་སྟེ། དཔངས་ཀྱང་སོར་ཕྱེད་དང་དགུ་དགུར་མཚུངས་སོ། །སྟོད་སྨད་གཉིས་ཀྱི་དབུས་སུ་ཐུགས་ཀའི་དཀྱིལ་འཁོར་གྱི་དཔངས་ལ་སོར་བཞི་དང༌། རྒྱ་པད་མའི་མཐའ་དང་མཉམ་པའོ། །པད་མའི་འདབ་མའི་རྩ་བའི་རྒྱ་ནི་ཁོག་པ་དང་མཉམ་པའོ། ཁོག་པའི་སྟོད་དཔུང་མགོ་བཞིན་ཟླུམ་པོ་སྟེ། དེའི་སྟེང་དུ་མགྲིན་པ་གྲུབ་བཞིའི་དཔངས་ལ་སོར་བཞི་དང༌། རྒྱ་ལ་སོར་གསུམ་ཆ་དང་བཅས་པའི་སོར་བརྒྱད་དེ། དེའི་གསུམ་ཆ་ཕྱོགས་བཞིའི་གློ་འབུར་གྱི་ཚད་དོ། །ཕྱིར་འབུར་བའི་ཚད་ནི་སོར་ཕྱེད་དོ། །དེའི་སྟེང་དུ་གདོང་པ་གྲུ་བཞི་དཔངས་སུ་སོར་ཕྱེད་དང་དགུ་སྟེ། རྒྱ་ནི་སོར་ཕྱེད་དང་བཅུ་གསུམ་དེའི་གསུམ་ཆས་ཕྱོགས་བཞིའི་གློ་འབུར་གྱི་རྒྱའོ། །ཕྱིར་འབུར་བའི་ཚད་ནི་སོར་བཞི་གསུམ་མོ། །དེའི་སྟེང་དུ་སོར་ཕྱེད་དང་བཅུ་གསུམ་ལ་གདུགས་བཅུ་གསུམ་གྱི་ཕྲེང་བ་ཆར་ཁེབ་ཏོག་དང་བཅས་པར་བྱའོ། །ཆར་ཁེབ་ཀྱི་རྒྱ་ནི་གདུགས་བདུན་པའི་ཚད་དོ། །གདོང་ལ་ཕྱེ་ན་ཤངས་ལ་སོར་བཞི་དང༌། དེའི་འོག་ནས་ཀོས་ཀོའི་མཐའ་ལ་སོར་ཕྱེད་དང་ལྔའོ། །འདིར་སོར་རྣམས་ནི་ཁྲུའི་ཉེར་ལྔའི་ཚད་དོ། །གདན་ནི་རྨང་དུ་གྲགས་པ་དང་གཅིག་ཅིང༌། ཁོག་སྟོད་ཁོག་སྨད་ནི་བུམ་སྟོད་བུམ་སྨད་དུ་གྲགས་པ་དང༌། གཅིག་ལ་མགྲིན་པ་ནི་བྲེ་དང་གཅིག་ཅིང༌། གདོང་པ་ནི་པདྨ་དང་གཅིག་གོ །དེ་ལྟར་ཆོས་སྐུའི་ལྷུན་པོ་ནི་མཆོད་རྟེན་ཏེ། འཇིག་རྟེན་ན་ལྷུན་པོ་ལ་ཉི་ཟླ་ལ་སོགས་པས་གཡས་སྐོར་དུ་བསྐོར་བ་བྱེད་པ་ཇི་ལྟ་བ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱིས། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་བསྐོར་བ་བྱེད་ཅིང་དད་གུས་བྱེད་པར་གྱུར་ཅིག །འདིའང་བདུན་ལྡན་ཞབས་ཀྱིས་བཀོད་པའོ།། །།སརྦ་མངྒ་ལཾ། བྷ་ཝནྟུ།

ཕྱི་ནང་གཞན་གསུམ་གྱི་མཎྜལ་བཞུགས།

ཨོཾ་བཛྲ་བྷ་མྱ་ཨཱཿཧཱུཾ། རྒྱུ་བདག་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་དུས་གསུམ་དགེ་ཚོགས་ལས་གྲུབ་པ། ངོ་བོ་རིན་པོ་ཆེའི་མཎྜལ་རྒྱ་ནམ་མཁའ་ཁྱབ་ཚད་དུ་ཁྱབ་པ། དབང་ཆེན་གསེར་གྱི་ས་གཞི། ཨོཾ་བཛྲ་རེ་ཁེ་ཨཱཿཧཱུཾ། ཕྱི་ལྕགས་རི་མུ་ཁྱུད་ཀྱིས་ཡང་དག་པར་བསྐོར་བའི་དབུས་སུ། རིའི་རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ། ལྷོ་འཛམ་བུའི་གླིང༌། བྱང་སྒྲ་མི་སྙན། ནུབ་བ་ལང་སྤྱོད། ཤར་དུ་སྒྲ་གཅན། ལྷོར་ཉི་མ། བྱང་དུ་ཟླ་བ། ནུབ་ཏུ་དུས་མེ། དབུས་སུ་ལྷ་དང་མི་ལ་སོགས་པའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་མཆོག་སྤྲིན་ལྟ་བུའི་མཎྜལ་འདི་ཉིད་བླ་མ་དཀོན་མཆོག་མཆོད་འོས་རྒྱ་མཚོའི་ཚོགས་ལ་བདག་སོགས་སེམས་ཅན་ཐམས་ཅད་སྒོ་གསུམ་གུས་པའི་སྒོ་ནས་མཆོད་པ་དམ་པ་འབུལ་ལོ། །དམིགས་མེད་ཐུགས་རྗེའི་འགྲོ་བའི་དོན་དུ་བཞེས་སུ་གསོལ། བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། བདག་གཞན་སྒོ་གསུམ་དུས་གསུམ་དགེ་ཚོགས་རྣམས། །རིན་ཆེན་མཎྜལ་མཆོད་རྫས་མཐའ་ཡས་པ། །ཀུན་བཟང་མཆོད་སྤྲིན་ལྟ་བུར་རབ་དམིགས་ཏེ། །མཆོད་འོས་རྒྱ་མཚོའི་ཚོགས་ལ་མཆོད་པར་འབུལ། །ཨི་དམ་རཏྣ་གུ་རུ་ཊཾ་མཎྜལ་ལ་ཁང་ནིཪྱ་ཏ་ཡ་མི།

ནང་གི་མཎྜལ་ནི། རྒྱུ་བདག་གཞན་སེམས་ཅན་ཐམས་ཅད་ཀྱི་གཟུགས་སོགས་ཀྱི་ཕུང་པོ་ལས་གྲུབ་པའི་རྩ་རླུང་ཐིག་ལེ་མཎྜལ་གྲངས་དང་རྒྱ་ཁྱོན་ཚད་མ་མཆིས་པ་བ་སྤུ་བྱེ་བའི་ལྕགས་རིས་བསྐོར་བའི་དབུས་སུ། རྩ་མཆོག་དབུ་མའི་རི་བོ་མཆོག་རབ། ཤར་དུ་ཆོས་ཀྱི་འཁོར་ལོའི་ལུས་འཕགས་གླིང༌། ལྷོར་ལོངས་སྤྱོད་ཀྱི་འཁོར་ལོའི་འཛམ་བུ་གླིང༌། བྱང་དུ་པདྨའི་འཁོར་ལོའི་སྒྲ་མི་སྙན། ནུབ་ཏུ་སྤྲུལ་པའི་འཁོར་ལོའི་བ་ལང་སྤྱོད། མདུན་དུ་སྒྲ་གཅན། གཡས་རོ་མ་དང་ཉི་མ། གཡོན་རྐྱང་མ་དང་ཟླ་བ། རྒྱབ་དུས་མེ་སྟེ། ཙཎྜ་ལི་འབར་བའི་འོད་ཀྱིས་ཧཾ་ཡིག་ཞུ་བ་ལས་བྱུང་བའི་བདུད་རྩིའི་རྒྱུན་གྱིས་འཁོར་ལོ་དྲུག་གིས་བསྡུས་པའི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་རླུང་སེམས་ཀྱི་དྭངས་མ་བདེ་བའི་ཡོན་ཏན་གྱི་རང་བཞིན་གྱིས་གང་བ་ནི་དགའ་བ་བཞིའི་འཁོར་ལོ་བསྐོར་བ། དཔལ་འབྱོར་ཕུན་སུམ་ཚོགས་པ་ཟག་པ་མེད་ཅིང་མི་འགྱུར་བའི་བདེ་བས་ལུས་ཐམས་ཅད་ཡོངས་སུ་གང་བ་རྩ་རླུང་ཐིག་ལེ་དྭངས་མའི་ཡོན་ཏན་གྱི་རང་བཞིན་ཚད་མ་མཆིས་པ་འདི་དག་ཐམས་ཅད་བླ་མ་དཀོན་མཆོག་མཆོད་འོས་རྒྱ་མཚོའི་ཚོགས་ལ་འབུལ་ལོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། གཟུགས་སོགས་མཎྜལ་རྩ་མཆོག་དབུ་མའི་རི་བོ་མཆོག་རབ་འཁོར་ལོ་བཞི་ཡི་གླིང་བཞིས་བསྐོར་བ་སྒྲ་གཅན་ཉི་ཟླ་དུས་མེས་རབ་མཛེས་འཁོར་ལོ་དྲུག་ལ་འགྱུར་མེད་བདེ་བས་མངོན་གང་བ། རྩ་རླུང་ཐིག་ལེ་དྭངས་མའི་ཡོན་ཏན་དཔག་མེད་དཔལ་འབྱོར་ནང་གི་མཆོད་རྫས་རབ་འབྱམས་འདི། བླ་མ་དཀོན་མཆོག་མཆོད་འོས་རྒྱ་མཚོའི་ཚོགས་ལ་འབུལ་ལོ། །འགྲོ་བའི་དོན་དུ་བཞེས་སུ་གསོལ།

རྒྱུ་བདག་གཞན་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་བཞུགས་པའི་བདེ་གཤེགས་སྙིང་པོ་ངོ་བོ་གཙང་བདག་བདེ་དག་རྟག་པ་ལས་གྲུབ་པ་འདུས་མ་བྱས་པའི་དབྱིངས་ལ་རྡོ་རྗེ་དང་པད་མས་བསྐོར་བ་མཛེས་པར་བརྒྱན་པ་ཡེ་ཤེས་ལྔའི་འོད་ཟེར་ཕྱོགས་དུས་ཀུན་ཏུ་འཕྲོ་བའི་གཞལ་ཡས་ཁང་ཁམས་གསུམ་པའི་རྣམ་པ་ཅན་དྭངས་ཤིང་གསལ་བ་ལ། དབུས་སུ་རྡོ་རྗེ་དང་གྲི་གུག་གི་རི་རབ། རལ་གྲིའི་ལུས་འཕགས་གླིང༌། རིན་པོ་ཆེའི་འཛམ་བུ་གླིང༌། པད་མའི་སྒྲ་མི་སྙན། འཁོར་ལོའི་བ་ལང་སྤྱོད། ཡེ་ཤེས་སྒྲོན་མེ་སྒྲ་གཅན། རྡོ་རྗེ་ཉི་མ། རྡོ་རྗེ་ཟླ་བ། དུས་མེའི་དཀྱིལ་འཁོར་སྟེ་དེ་ཐམས་ཅད་ཀྱང་སྒྲིབ་མེད་རོ་མཉམ་བདེ་བ་ཆེན་པོའི་མཆོད་རྫས་མཆོད་པ་སུམ་ཅུ་རྩ་དྲུག་གི་བདག་ཉིད་དགེ་བ་ཁ་ན་མ་ཐོ་བ་མེད་པ་ཀུན་བཟང་མཆོག་གི་དབང་པོའི་སྤྱོད་ཡུལ་གཞན་མཆོག་དམ་པའི་མཆོད་རྫས་འདི་ཐམས་ཅད་བླ་མ་དཀོན་མཆོག་མཆོད་འོས་རྒྱ་མཚོའི་ཚོགས་ལ་འབུལ་ལོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་ཤིང་བྱིན་གྱིས་བརླབ་ཏུ་གསོལ།

རྡོར་སེམས་སྣ་ཚོགས་ཡུམ་དང་ཀུན་བཟང་སྒྲ་དང་གནོད་མཛེས་ཤིན་ཏུ་སྔོན་མོའི་རི་རབ་འོག་ཏུའོ། །མི་བསྐྱོད་དབྱིངས་ཕྱུག་ཕྱག་རྡོར་ཆོས་ཁམས་གཙུག་ཏོར་དྲག་སྤྱན་མ་ནི་རི་རབ་སྟེང་དུའོ། །དོན་ཡོད་སྒྲོལ་མ་ནམ་སྙིང་རིག་བྱ་བགེགས་ཀྱི་དགྲ་དང་ཤིན་ཏུ་སྟོབས་མ་ལུས་འཕགས་གླིང་དུའོ། །རིན་ཆེན་དབང་པོ་གོས་དཀར་ས་སྙིང་རོ་དང་རྨུགས་བྱེད་མ་ནི་འཛམ་བུའི་གླིང་དུའོ། །སྣང་མཐའ་མཱ་མ་ཀཱི་དང་འཇིག་དབང་གཟིགས་དང་ཁེངས་བྱེད་མ་ནི་སྒྲ་མི་སྙན་དུའོ། །རྣམ་པར་སྣང་མཛད་སྤྱན་མ་སྒྲིབ་སེལ་དྲི་དང་རིངས་བྱེད་ཁེངས་བྱེད་མ་ནི་བ་ལང་སྤྱོད་དུའོ། །སྒྲ་གཅན་རྡོ་རྗེ་ཉི་ཟླ་དུས་མེ་བདེ་སྟོང་ཟུང་འཇུག་ཡེ་ཤེས་ལྔ་ཡི་འོད་ཟེར་འཕྲོ་བ་ཅན། །ཀུན་བཟང་མཆོད་སྤྲིན་གཞན་མཆོག་དམ་པ་འདི་དག་མཆོད་འོས་རྒྱ་མཚོའི་ཚོགས་ལ་འབུལ་ལོ་བཞེས་སུ་གསོལ། །ཞེས་དོལ་པོ་པ་རྟོན་པ་བཞི་ལྡན་གྱིས་སྦྱར་བའོ།། །།སརྦ་མངྒ་ལཾ