Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


  collapse section
ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་རྒྱ་ཆེར་འགྲེལ་བ་བདེན་གཉིས་ཤིང་རྟ།
   
   
   
   
   
   
   
   
   
   


 
no previousཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་རྒྱ་ཆེར་འགྲེལ་བ་བདེན་གཉིས་ཤིང་རྟ།no next

ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་རྒྱ་ཆེར་འགྲེལ་བ་བདེན་གཉིས་ཤིང་རྟ།

ཀླད་ཀྱི་དོན་དང་བརྩམ་པར་དམ་བཅའ་བ།


JL00_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་རྒྱ་ཆེར་འགྲེལ་བ་བདེན་གཉིས་ཤིང་རྟ་ཞེས་བྱ་བ་བཞུགས་སོ། །


JL00_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་རྒྱ་ཆེར་འགྲེལ་བ་བདེན་པ་གཉིས་ཀྱི་ཤིང་རྟ་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་དང་བྱང་ཆུབ་སེམས་དཔའ་དྲི་མེད་གྲགས་པ་ལ་ཕྱག་འཚལ་ལོ། །གཅིག་བུ་མ་ཡིན་དུ་མར་མི་གནས་སོ་སོ་ཡང་དག་རིག་པའི་ཐུགས། །འགོག་དང་ལམ་བདེན་འཁོར་ལོ་རྣམ་གསུམ་བདེན་གཉིས་རྣམ་པར་འབྱེད་པའི་གསུང་། ཁྲོ་བ་མེད་བཞིན་འཁོར་བའི་དགྲ་བཅོམ་མཐོང་ན་མི་མཐུན་མེད་པའི་སྐུ། །རྒྱལ་བ་རྣམས་ཀྱི་མངོན་བརྗོད་ཉིད་དེ་དཀོན་མཆོག་གསུམ་གའང་བླ་མའོ། །རེ་ཞིག་འདིར་ནི་རྗོད་བྱེད་ལ་ལྟོས་ཡན་ལག་བཅུ་གཉིས་ལུང་གི་ཆོས། །མཐའ་དག་བསོད་ནམས་ལམ་དང་མྱ་ངན་འདའ་བ་གསུམ་གྱི་མཚན་ཉིད་ནི། །བརྗོད་བྱ་རྟོགས་


JL00_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དོན་ལ་འཇུག་པ་བསྟན་པ་དམ་པའི་ཆོས་ཀྱི་རྒྱུད། །ཐེག་པ་གསུམ་གྱི་ལམ་དུ་གྲགས་པའི་གདུགས་དཀར་གཅིག་གིས་འགྲོ་འདི་སྐྱོབས།་ །ལྷག་པའི་ཚུལ་ཁྲིམས་གོམས་པར་གྱུར་ལས་སེམས་ཀྱི་བསླབ་པས་ཡང་དག་འབྱོར། །དེ་དེའི་བརྟེན་པ་ཤེས་རབ་བསླབ་པས་ཉོན་མོངས་དགྲ་བཅོམ་ཟག་པ་ཟད། །འཕགས་པའི་རྒྱུད་ནི་རིག་གྲོལ་གཉིས་ལྡན་བསླབ་པ་གསུམ་གྱི་ངོ་བོ་ཉིད། །ཆོས་རབ་འབྱེད་པའི་བློ་གྲོས་མཆོག་ལྡན་བྱང་ཆུབ་སེམས་དཔའི་ཚོགས་ལའང་འདུད། །ཅེས་པ་ནི་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ་ཞེས་པའི་དངོས་པོ་ངེས་པར་བསྟན་པ་ཉིད་མཆོད་བརྗོད་ཀྱི་ལུས་སུ་དྲངས་པའོ། །དགོས་པ་ནི་ཀླུ་སྒྲུབ་ཀྱིས། བསྟན་བཅོས་བྱེད་པོས་སྟོན་པ་ལ། །མཆོད་པར་བརྗོད་པ་འབྲས་མེད་མིན། །སྟོན་པ་དང་ནི་བསྟན་བཅོས་ལ། །དད་


JL00_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་བསྐྱེད་པར་བྱ་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་རོ། །རིན་ཆེན་རྣམ་གསུམ་གྲགས་པའི་སྤྲིང་ཡིག་གིས། །མུ་ཏིག་འཁྲི་ཤིང་རབ་ཏུ་དགའ་བྱས་ནས། །བདུད་ཀྱི་བུ་མོའི་བཞིན་རས་ཀུནྡའི་ཚལ། །སྐལ་ངན་བགྱིད་ལ་མངོན་ཕྱོགས་སངས་རྒྱས་མཐུ། །ཞེས་སྨོས་ཏེ། དེ་ལ་དཀོན་མཆོག་གསུམ་ནི་བསོད་ནམས་ཀྱི་ས་བོན་བསྐྱེད་པའི་གཞི། །འགྲོ་བ་ཐམས་ཅད་ལ་མཉེས་གཤིན་པའི་སྐྱབས་ཁ་ན་མ་ཐོ་བ་མེད་པར་བཞུགས་པ། འཇིག་རྟེན་སྒྲོལ་བ། འཕགས་པའི་བདེན་པ་བཞི་ལ་གནས་པ། ཞི་བའི་ལམ་དུ་འདྲེན་པ། མུ་སྟེགས་ཅན་དང་། བདུད་སྡིག་ཅན་གྱི་རྒོལ་བ་ངན་པས་གསུང་དང་། ཐུགས་དང་། དཔལ་དང་མཐུ་ལ་མི་གནོད་པ། མཚན་དང་དཔེ་བྱད་དང་། སྟོབས་བཅུ་མི་འཇིགས་རྣམ་བཞི་ལ་སོགས་པ་མཐའ་དག་གི་འབྱུང་གནས་ཡིན་པའི་གྲགས་པའི་སྤྲིང་ཡིག་གང་གི་རྣ་ལམ་དུ་སོང་བའང་དོན་དང་ལྡན་པའི་ཚུལ་སྔོན་བྱུང་གི་གཏམ་དང་སྦྱར་ནས་སྟོན་པ་སྟེ། །དཔག་བསམ་འཁྲི་ཤིང་ལས། ནོར་ཆེན་ཞེས་བྱའི་ཚོང་པ་ནི། །ཝཱ་ར་ཎཱ་སིར་སྔོན་བྱུང་གྱུར། །དེ་ཡི་ཁྱིམ་ཐབ་བསོད་ནམས་ཅན། །རིན་ཆེན་ལྡན་


JL00_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བར་གྱུར། །བདག་པོ་ལྔ་པ་ཉིད་གྱུར་ཚེ། །བུད་མེད་དེ་ཡིས་མཆོད་རྟེན་རྩེར། །དོ་ཤལ་ཆེན་པོ་གུས་ལྡན་པས། །མཆོད་པ་བྱས་ནས་ཕུལ་བར་གྱུར། །བསོད་ནམས་རྣམ་སྨིན་དེས་དེ་ཉིད། །སིངྒ་ལ་ཡི་བདག་པོ་ཡི། །བུ་མོ་མུ་ཏིག་འཁྲི་ཤིང་གྱུར། །དེ་ཉིད་སྐྱེ་བ་གཞན་ལ་ནི། །ཕྱུག་པས་རྒྱགས་ཤིང་རྨོངས་གྱུར་ནས། །མཆོད་པ་སྨོད་ཅིང་སྒྲིན་གྱུར་པ། །དེ་ཡིས་ཡུན་རིང་འབངས་མོར་གྱུར། །དགེ་དང་མི་དགེའི་ལས་གང་གང་། །སྐྱེ་བའི་ཞིང་ལ་ས་བོན་བཏབ། །ཅེས་པ་ལྟར་ཤཱཀྱའི་ཁྱིམ་དུ་འབངས་མོ་རོ་ཧི་ཏ་ཞེས་བྱ་བ་ཚེ་འཕོས་ནས་སིངྒ་ལའི་རྒྱལ་པོའི་བུ་མོ་མུ་ཏིག་འཁྲི་ཤིང་ཞེས་བྱ་བར་གྱུར། དེའི་བསོད་ནམས་ཀྱི་མཐུས་མཉན་ཡོད་ཀྱི་ཚོང་པ་རྣམས་རྒྱ་མཚོར་སོང་ནས་སིངྒ་ལར་སླེབ། མཚན་མོའི་ཐུན་མཐར་ངལ་གསོའི་དབུགས་འབྱིན་ཐོབ་པའི་ཚེ། སངས་རྒྱས་ཀྱིས་གསུངས་པའི་ཆོས་ཚིགས་སུ་བཅད་པ་དག་གླུར་བླངས་པས། བུ་མོས་ཐོས་ནས་ཚོང་པ་རྣམས་ལ་དེའི་རྒྱུ་དྲིས་སོ། །དེ་དག་གིས་འདི་ནི་སངས་རྒྱས་ཀྱི་གསུང་ཞེས་སྨྲའོ། །དེས་སངས་རྒྱས་ཀྱི་མཚན་ཐོས་པ་ཙམ་གྱིས་རྨ་བྱ་ལ་འབྲུག་གི་སྒྲ་གྲགས་


JL00_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟར་གྱུར་ཀྱང་སངས་རྒྱས་ཀྱི་རང་བཞིན་མི་ཤེས་ནས་སླར་དྲིས་པ་ན། ཚོང་པ་དེ་དག་གིས་བསོད་ནམས་ཀྱི་རང་བཞིན་བཅོམ་ལྡན་འདས་དེའི་སྤྱོད་པའི་ལུགས་སྨྲས་པས། དེ་དེའི་རྐྱེན་གྱིས་སྔོན་པས་དགའ་བའི་དགའ་བ་རྒྱ་ཆེན་པོ་ཐོབ་ནས་བཅོམ་ལྡན་འདས་ལ་གསོལ་བའི་སྤྲིང་ཡིག་ཕུལ་ཏེ། ཐམས་ཅད་མཁྱེན་པ་བཅོམ་ལྡན་འདས་ཀྱིས་མཁྱེན་བཞིན་དུ་སྤྲིང་ཡིག་བཀླག་པའི་དོན། ཀྱེ་མ་བསོད་ནམས་ཚོང་ཟོང་དག་གིས་རྙེད་པར་གྱུར་པ་ཁྱོད་ནི་དྲན་པ་ཉིད། །རྒུད་དང་གདུང་བ་དང་ནི་སྲེད་པ་འཇོམས་པའི་སྲིད་པའི་སྨན་བཟང་ཅི་ཡང་ཡིན། །བཅོམ་ལྡན་ལས་བྱུང་གཏམ་གྱིས་ཉེར་བསྐྲུན་ཡང་དག་རེག་པ་མྱོང་བའི་ས། །བཅོམ་ལྡན་འདི་དེ་བདག་གི་བདུད་རྩི་ཡང་དག་བགོ་སྐལ་ཆེན་པོར་གྱུར་པ་ཡིན། །ཅེས་པ་ཉིད་དུ་ནི་གཟིགས། རི་མོ་མཁན་གྱིས་བྲི་བར་མི་ནུས་པའི་རང་གི་སྐུ་གཟུགས་རས་ལ་བཀོད་པ་དེ་ལ་སྤྲིངས་པས་ཚོང་པ་དེ་དག་གིས་སླར་བསྟན་ཏོ། །མུ་ཏིག་འཁྲི་ཤིང་གིས་དེ་མཐོང་བའི་མོད་ལ་དེ་ལས་བྱུང་བའི་བསམ་གཏན་དགོངས་པ་གཅིག་པ་ལྟ་བུ་ཉམས་སུ་མྱོངས་ནས། སྐྱབས་སུ་འགྲོ་བ་གསུམ་དང་། བསླབ་པའི་གནས་ལྔ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་ལ་སོགས་པའི་བདུད་རྩིའི་རང་བཞིན་ཤེས་ནས་རྒྱུན་དུ་ཞུགས་པ་འབྲས་བུ་ལ་མངོན་དུ་སྤྱོད་དོ། །དེའི་ཕྱིར་དཀོན་མཆོག་གསུམ་གྱི་རྒྱུ་འབྲས་མཐའ་དག་དང་འབྲེལ་བའི་ཆོས་ཀྱི་གཏམ་ཡང་དག་པ་ནི་འགྲོ་བ་མཐའ་དག་གིས་མཉན་པར་འོས་པའི་སྤྲིང་ཡིག་ལྟ་བུའང་ཡིན་ལ། སྲིད་པའི་རང་བཞིན་ཉོན་མོངས་པ་དང་། རྣམ་རྟོག་ལས་གྱུར་པའི་བདུད་ཀྱི་བུ་མོའི་བཞིན་རས་ཉམས་པར་བྱེད་པའི་གཉེན་པོར་


JL00_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་བས་ན་དེ་སྐད་ཅེས་གཟུགས་ཅན་གྱི་རྒྱན་དུ་བསྔགས་པའོ། །བློ་མཆོག་རྣམས་ཀྱི་ཡོན་ཏན་དག་བྱེད་གཏེར། །གཅིག་ཏུ་བརླིང་ན་སྤྱི་བརྟོལ་རླབས་ཕྲེང་གི །ཅ་ཅོ་སྒྲོག་འདི་མཛེས་པ་མི་དངོས་ཡང་། །དམ་ཆོས་བརྗོད་ལ་བརྟེན་སླད་མཉན་པར་འོས། །ཞེས་འདོམས་པ་ནི། འདི་ལྟར་བློ་མཆོག་ཐུབ་པ་ཆེན་པོ་རྣམས་ཀྱི་ཕུན་སུམ་ཚོགས་པ་ལྔས་བསྟན་པའི་མདོ་དང་སྔགས་ཀྱི་སྡེ་སྣོད་རྒྱ་མཚོ་ལྟ་བུ་དང་། འཕགས་པའི་གང་ཟག་རྣམས་ཀྱི་ཆིངས་ཆེན་པོ་ལྔས་འབྲེལ་དགོད། །དགོས་འབྲེལ་ཡན་ལག་བཞིས་གཏན་ལ་ཕབ་པའི་བསྟན་བཅོས་བརླིང་ཞིང་ཟབ་ལ་གཏིང་དཔག་དཀའ་བ་རྣམས་ལ་བརྟེན་ནས་རྒྱལ་བའི་བསྟན་པ་ཡུན་དུ་གནས་པ་ཡིན་ཏེ། མི་ཕམ་མགོན་པོས། ཆོས་རྣམས་ཐམས་ཅད་བཀའ་དང་བསྟན་བཅོས་གཉིས། །ལེགས་པར་གསུངས་དང་དེ་ཡི་དགོངས་འགྲེལ་བ། །དེ་ཡི་དབང་གིས་ཤཱཀྱའི་བསྟན་པ་འདི། །འཇིག་རྟེན་ཁམས་འདིར་ཡུན་རིང་གནས་པར་འགྱུར། །ཞེས་པ་ལྟར་རོ། །དེ་ལྟ་བུའི་བཀའ་དང་དགོངས་འགྲེལ་མཆིས་བཞིན་དུ་ཆོས་ཉིད་ཀྱི་བདེན་པ་མ་མཐོང་། ལྷག་པའི་ལྷས་གནང་བ་མ་བྱིན། རིག་པའི་གནས་ལྔ་ལ་མ་སྦྱངས་པ་སྟེ་རྒྱུ་གསུམ་མ་ཚང་བའི་གྱི་ནར་སྨྲ་བ་དག་གིས་སྤྱི་བརྟོལ་གྱི་བསྟན་བཅོས་དག་ལ་འཆོས་སྐྱོབ་ཀྱི་ཡོན་ཏན་གཉིས་དང་། ནང་པའི་ཚུལ་གསུམ་ཉུང་ཞིང་། ཕྱི་རོལ་པའི་ངན་པ་དྲུག་གི་ལྷད་ཀྱང་སྲིད་པས་ནགས་ཚལ་སྟུག་པོའི་གཅོང་རོང་གི་འབབ་ཆུ་གནོད་པ་ཅན་བཞིན་དུ་ཁ་ན་མ་ཐོ་བའི་ཅ་ཅོའི་རླབས་ཕྲེང་མ་ཆིས་ཀྱི་དོགས་པའི་གནས་ཐོབ་པ་ཡང་ཆོས་ཚུལ་རྒྱ་མཚོར་མང་དུ་ཐོས་པའི་ཡོན་ཏན་ཡིན་པར་རྟོགས་ཏེ། སློབ་དཔོན་


JL00_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་བ་ལྷས། སྔོན་ཆད་མན་བྱུང་བ་ཡང་འདིར་བརྗོད་མེད། །སྡེབ་སྦྱོར་མཁས་པའང་བདག་ལ་ཡོད་མིན་ཏེ། །དེ་ཕྱིར་གཞན་དོན་བསམ་པ་བདག་ལ་མེད། །རང་གི་ཡིད་ལ་གོམས་ཕྱིར་ངས་འདི་བརྩམས། །ཞེས་འབྱུང་བས་སོ། །དེ་ལྟ་ནའང་དམ་པའི་ཆོས་ཀྱི་གཏམ་ཡང་དག་པ་ལ་བསྟེན་པའི་ཕྱིར་མཉན་པར་འོས་པའི་ཚུལ། བཤེས་སྤྲིང་ལས། ཇི་ལྟར་བདེ་གཤེགས་སྐུ་གཟུགས་ཤིང་ལས་ཀྱང་། །བགྱིས་པ་ཅི་འདྲའང་རུང་སྟེ་མཁས་པས་མཆོད། །དེ་བཞིན་བདག་གི་སྙན་དངགས་འདི་ངན་ཡང་། །དམ་ཆོས་བརྗོད་ལ་བརྟེན་སླད་སྨད་མི་བགྱིད། །ཅེས་གསུངས་པའི་ཕྱིར་རོ། །དེ་ལྟར་བཤད་ཅིང་ཉན་པའི་དགོས་པའང་། །སྦྱིན་པ་རྣམས་ཀྱི་ནང་ནས་ཆོས་ཀྱི་སྦྱིན་པ་མཆོག་ཏུ་འཕགས་པའི་ཚུལ་ལ་སྤྲོ་བར་བྱ་སྟེ། མདོ་ལས། དགེ་སློང་དག་གང་ཟག་གཉིས་པོ་འདིས་བསོད་ནམས་མང་པོ་བསྐྱེད་དེ་སྡིག་པའི་རྩ་བ་འབྱིན་ཅིང་བདུད་དང་གཡུལ་འགྱེད་པར་བྱེད། བདུད་ཀྱི་རྒྱལ་མཚན་སྙོལ་བར་བྱེད། །ཆོས་ཀྱི་རྒྱལ་མཚན་བསྒྲེང་བར་བྱེད། །དེ་བཞིན་གཤེགས་པའི་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱེད་དོ། །གཉིས་གང་ཞེ་ན། གང་གུས་པར་བྱས་ཏེ་ཆོས་འཆད་པ་དང་། གང་འདི་ན་གུས་པར་བྱས་ཏེ་ཆོས་ཉན་པའོ། །དེ་བས་ན་ཁྱོད་ཀྱིས་གུས་པས་ཆོས་བཤད་པར་བྱ་ཞིང་བླ་མ་རྣམས་ལ་གུས་པར་བྱས་ཏེ་ཆོས་མཉན་པར་བྱའོ། །ཞེས་གསུངས་ལ་ཡོན་ཏན་གྱི་སྒོ་ནས་ཚེ་རབས་གང་དུའང་ཆོས་ཀྱི་མཛོད་འཛིན། དེ་བཞིན་གཤེགས་པ་སྲས་དང་བཅས་པས་དགོངས་པར་འགྱུར། རྟག་ཏུ་ཚེ་རབས་དྲན། སངས་རྒྱས་ལས་ཆོས་ཐོས་ཤིང་མྱུར་དུ་དེའི་གོ་འཕང་འཐོབ་པ་ལ་སོགས་པའོ། །ཉན་པས་ནི་སེམས་ཀྱི་སྒྲིབ་པ་སྦྱོང་། ཐེ་ཚོམ་གྱི་འཆིང་བ་གཅོད། རྟག་ཏུ་དམ་པའི་ཆོས་དང་མི་བྲལ། མི་བརྗེད་པའི་


JL00_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

གཟུངས་འཐོབ། ངན་འགྲོ་དང་ལོག་པར་མི་ལྟུང་། དཀར་ཕྱོགས་ཀྱི་ལྷས་བསྲུང་ཞིང་ནད་དང་གནོད་པ་ཉུང་། ཤེས་རབ་ཀྱི་མིག་རྙེད་པས་མྱུར་དུ་འཁོར་བ་ལས་འདས་ནས་ཐམས་ཅད་མཁྱེན་པའི་གོ་འཕང་རྙེད་པར་གདོན་མི་ཟ་བས་ན་མདོ་ལས། ཐོས་པས་ཆོས་རྣམས་ཤེས་པར་བྱེད། །ཐོས་པས་སྡིག་ལས་ལྡོག་པར་བྱེད། །ཐོས་པས་དོན་མ་ཡིན་པ་སྤོང་། །ཐོས་པས་མྱ་ངན་འདས་པ་འཐོབ། །ཅེས་སོ། །དེ་ལྟར་གྱུར་པའི་མཐོང་ཆོས་སུ་ལ་ཡོད་སྨྲ་ན། དམ་པའི་ཆོས་ཐོས་པས་སོར་མོའི་ཕྲེང་བ་མ་གསོད་པ་ལས་ལོག་པར་གྱུར་པ་དང་། གནོད་སྦྱིན་འབྲོག་གནས་མི་རྣམས་གསོད་པ་ལས་ལོག་པར་གྱུར་པ་དང་། ཀླུའི་རྒྱལ་པོ་སོག་མ་མེད་ལོ་ཏོག་འཇོམས་པར་བྱེད་པ་དང་། གནོད་སྦྱིན་མོ་འཕྲོག་མ་སྲོག་ཆགས་བརྒྱ་ཕྲག་དུ་མ་གསོད་པ་ལས་ལོག་པར་གྱུར་པ་དང་། གནོད་སྦྱིན་པ་སྤུ་ཁ་བ་དུག་གིས་རྡེག་པར་བྱེད་ཅིང་གསོད་པ་དང་། རྒྱ་མཚོའི་ཉ་ཏ་མིང་གི་ལ་ཚོང་པ་སྟོང་ཕྲག་དུ་མ་གསོད་པར་བྱེད་པ་དང་། སྦལ་པ་དུད་འགྲོ་ལོག་པར་ལྟུང་བའི་འཇིགས་པ་དང་། ཟླ་བ་སྒྲ་གཅན་གྱི་འཇིགས་པ་དང་། ཉི་མ་ལྷ་མ་ཡིན་གྱི་འཇིགས་པ་དང་། བརྒྱ་བྱིན་ངན་སོང་གི་འཇིགས་པ་དང་། ཚངས་པ་རྟག་པར་ལྟ་བ་ལས་དང་གཅེར་བུ་པའི་བུ་ལོག་པར་བྱ་བ་ལ་མངོན་པར་སྦྱོར་བའི་ལས་དང་། བྲམ་ཟེ་གྲགས་པའི་རིགས་མངོན་པར་ཞེན་པ་དམ་པའི་ཆོས་ཐོས་པས་ལོག་གོ །ཞེས་སློབ་དཔོན་ས་འཚོ་བྱིན་གྱིས་བཤད་ལ། དེ་བཞིན་དུ་ལྷའི་བུ་ཤིན་ཏུ་བརྟན་པ་དང་གཅུང་དགའ་བོ་འཆི་བའི་འཇིགས་པས་རྟབས་ཤིང་སྐྲག་པར་གྱུར་པ་ལས་ཐར་པ་སོགས་བརྗོད་ཀྱིས་མི་ལྡང་བ་ཡོད་པས་སོ། །དེ་དག་ཀྱང་ཉན་པ་པོས་སྣོད་ཀྱི་སྐྱོན་གསུམ་དང་། དྲི་མ་དྲུག་དང་། མི་འཛིན་པའི་སྐྱོན་ལྔ་


JL00_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

སྤངས་པ་ལས་འབྱུང་སྟེ། སྣོད་ཁ་སྦུབ་ཀྱིས་བཅུད་ནམ་ཡང་མི་འཛིན་པའི་དཔེས། ཆོས་ཉན་པའི་ཚེའང་ཤེས་པ་གཞན་དུ་གཡངས་པའམ། གཉིད་རྨུགས་སུ་གྱུར་པ་དང་། དམིགས་པ་གཞན་ལ་ཡིད་བསྡུས་ན་ཆོས་ཀྱི་ཚིག་དོན་དང་བརྡའ་མི་འཕྲོད། སྣོད་ཞབས་རྡོལ་གྱིས་བཅུད་ཐལ་མར་འབྱིན་པ་ལྟར་བག་རེ་གོ་ཡང་ཚིག་དོན་ལ་དཔྱད་པ་མ་ཞུགས་ན་རྒྱུད་ལ་ཡོན་ཏན་མི་འགོ །སྣོད་དུག་ཅན་གྱིས་བཅུད་ཀྱང་མ་རུངས་པར་བྱེད་པ་བཞིན། ཤེས་ལོ་དང་གྲགས་འདོད་ཀྱི་ཐོས་བསམ། བདག་ཉིད་བསྟོད་ཀྱི་ཤེས་པའི་སླད་དུ་མང་པོའི་དབུས་སུ་གཞན་ཚར་གཅོད་པ་ལ་དམིགས་པའམ། དེ་བཞིན་དུ་རྙེད་བཀུར་དང་འགྲན་སེམས་དང་། ཕྲག་དོག་གི་ཀུན་སློང་ངན་པས་ཐོས་བསམ་བྱེད་པ་ནི་བྱང་ཆུབ་ཀྱི་རྒྱུར་མི་འགྲོ། སྡིག་པས་ཀུན་ནས་དཀྲིས་པས་རང་གཞན་གཉིས་ཀ་ལ་ཕན་མི་ཐོགས། དེའི་ཕྱིར་ཀུན་སློང་བཟང་པོ་དང་ལྡན་པ་གལ་ཆེ། དྲི་མ་དྲུག་ནི། དབྱིག་གཉེན་གྱིས་རྣམ་བཤད་རིག་པར། ང་རྒྱལ་དང་ནི་མ་དད་དང་། །དོན་དུ་གཉེར་བ་མེད་ཉིད་དང་། །ཕྱི་རོལ་རྣམ་གཡེངས་ཡིད་བསྡུད་དང་། །སྐྱོ་བ་ཉན་པའི་དྲི་མ་ཡིན། །ཅེས་པས། འཆད་པ་པོའི་སློབ་དཔོན་ལས་རང་ཉིད་གནས་མཐོ་སྙམ་པའི་བརྙས་པའམ། ཆོས་མཁས་སྙམ་པའི་ང་རྒྱལ་བ། །ཆོས་དང་སློབ་དཔོན་གྱི་སྐྱོན་ལ་རྟོག་པའམ། ཞེ་ངན་པས་གཞན་གྱི་བརྗོད་པ་ལ་དང་བ་མི་སྟོན་པའི་མ་དད་པ། ཐོས་ཀྱང་རུང་ལམ་ཐོས་ཀྱང་ཆོག་སྙམ་ནས་དོན་དུ་མི་གཉེར་བ། མིག་ལ་སོགས་པ་ཚོགས་དྲུག་གི་ཡུལ་གཞན་ལ་སེམས་རྣམ་པར་གཡེངས་པ། ཆོས་ཀྱི་ཚིག་དོན་ལ་འདུ་ཤེས་མི་འཇུག་པར་བསམ་གཏན་ནམ། གཉིད་རྨུགས་ལ་སོགས་པར་ཡིད་སྡུད་པ། ཧ་ཅང་ཡུན་རིང་པས་སམ། མ་གོ་བས་སྐྱོ་བ་སྟེ་དྲུག་གི་གཉེན་པོར། སྔོན་རྒྱལ་པོ་ཤ་ནི་བ་ལིས་ཆོས་ཚིག་བཞི་པ་


JL00_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཐོས་པར་བྱ་བའི་སླད་དུ་ལུས་ལ་མར་མེ་སྟོང་བཙུག་པ་དང་། རྒྱལ་པོ་གར་ལིང་གིས་ལུས་ལ་ལྕགས་གཟེར་སྟོང་བཏབ་པའི་སྙིང་སྟོབས་ལ་བསམ་ཞིང་ཐུབ་པའི་དབང་པོས། དེ་བཞིན་གཤེགས་པ་རྣམས་ནི་འབྱུང་བ་དཀོན་ནོ། །མིར་སྐྱེ་བ་ནི་རབ་ཏུ་དཀོན་ནོ། །དལ་འབྱོར་ཕུན་སུམ་ཚོགས་པ་ནི་དཀོན་ནོ། །དེ་བཞིན་གཤེགས་པའི་བསྟན་པ་ལ་དད་པ་ནི་དཀོན་ནོ། །དེ་བས་ན་འཁོར་བའི་ཉེས་པ་ལ་ཀུན་ཏུ་བརྟགས་ལ་གུས་པར་བྱས་ཏེ་ཆོས་མཉན་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདིར་བརྗོད་པར་བྱ་སྟེ། ངེས་པར་དམ་པའི་ཆོས་ནུབ་པར་འགྱུར་ཞིང་ཆོས་ཀྱི་སྣང་བ་དང་བྲལ་བར་འགྱུར། ཡེ་ཤེས་ཀྱི་སྣང་བ་རབ་ཏུ་ནུབ་བར་འགྱུར་ལ། དགེ་བའི་བཤེས་གཉེན་རང་ཕྲད་པར་མི་འགྱུར་སྟེ། རབ་ཏུ་འཇིགས་པ་དང་བཅས་པའི་དུས་ཉེ་བར་གནས་ཤིང་། ཆོས་དང་མི་ལྡན་པའི་སེམས་ཅན་རྣམས་དང་ལྷན་ཅིག་འགྲོགས་པར་འགྱུར་བ་ཤེས་པར་བྱས་ནས་གུས་པར་བྱས་ཏེ་ཆོས་མཉན་པར་བྱའོ། །ཞེས་པའི་དོན་ལ་རིག་པ་གཟེངས་བསྟོད་ནས་ཉན་དགོས། མི་འཛིན་པའི་སྐྱོན་ལྔ་ནི། ཚིག་མི་འཛིན་པར་དོན་ལ་ནན་ཏན་བྱེད་པ་སྐད་ཟེར་ཡང་། ཚིག་དོན་ན་དོན་ཡང་ནོར་ནས་འགྲོ་བས་ཚིག་ལ་བརྟེན་ནས་དོན་ལ་གོ་བ་བསྐྱེད། དོན་མི་འཛིན་པ་ནི་ལ་ལ་ཚིག་གཅིག་པུ་ལ་ནན་ཏན་བྱེད་པ་ཡོད་དོ། །ཚིག་དེས་བསྟན་པའི་དོན་ལ་མ་སེམས་ན་དགེ་སློང་ལྷས་བྱིན་གྱིས་སྡེ་སྣོད་མང་པོ་བློ་ལ་ཟིན་པ་དང་འདྲ། བརྡའ་མ་འཕྲོད་པར་འཛིན་པ་ནི་བསྟན་བཅོས་འདིའི་དབང་དུ་བགྱིས་ན་དོན་ལ་མིང་བཏགས་པ་ཡོན་ཏན་རིན་པོ་ཆེའི་མཛོད། དཔེ་ལ་མིང་བཏགས་པ་འགྲེལ་བ་བདེན་གཉིས་ཤིང་རྟ། དེའང་འབྲས་བུའི་ཐེག་པ་ནི་བདེན་པ་


JL00_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

དག་མཉམ་ཆེན་པོ་ཉིད་པས་རྣམ་མཁྱེན་ཤིང་རྟར་མིང་འགྱུར་བའི་གཞུང་ཉེ་བར་བཀོད་པ་ལ། གང་ཟག་གིས་བསྐལ་བས་བཏང་ནས་ཐོས་པ་དང་། བསམ་པ་དང་། སྒོམ་པའི་རང་བཞིན་གྱིས་བདེ་བླག་ཏུ་རྟོགས་པའི་ཐབས་ལ་མི་རྩོལ་ན་གནས་སྐབས་དང་མཐར་ཐུག་གི་དོན་གཉིས་འགྲུབ་པའི་དགོས་པའི་དོན་སྟོར་བར་བྱེད་དོ། །དེ་བཞིན་དུ་གཞི་ལྟ་བ་དང་། ལམ་བསྒོམ་པ་དང་། གྲོགས་སྤྱོད་པ་གསུམ་ཚང་མ་མ་ནོར་བར་སྟོན་པ་བསྡུས་པའི་དོན་དང་། ཚིག་གི་དོན་གཞུང་ལེའུ་བཅུ་གསུམ་པ་འགྲེལ་པས་རྒྱ་ཆེར་བཤད་པ་དང་། སྔ་ཕྱི་འབྲེལ་བའི་མཚམས་སྦྱོར་གང་ཟག་གཅིག་ལམ་དུ་འཇུག་པ་ན་ཆོས་ཀྱི་གཞི་འཆའ་བ་ལེའུ་དང་པོ་ནས་བཅུ་པའི་བར་གྱིས་རྒྱས་པར་བསྟན་ནས། ལེའུ་ཕྱི་མ་གསུམ་གྱིས་རང་བཞིན་རྫོགས་པ་ཆེན་པོའི་གཞི་ལམ་འབྲས་གསུམ་ཐུན་མོང་མ་ཡིན་པ་སྟོན་པས་ཉིད་དགོས་དང་། འཕྲོས་དོན་བརྒལ་ལན་དང་བཅས་པས་རང་གི་གྲུབ་པའི་མཐའ་གཏན་ལ་དབབ་པའི་ཚིག་དོན་གྱི་རྣམ་དབྱེ་ཆམ་ཕྱེད་པར་འཛིན་པ་རྣམས་སོ། །དེ་དག་ནི་འཆད་པ་པོའི་གནས་སྐབས་ལ་སྦྱར་ན་རྣམ་བཤད་རིག་པར། མདོ་དོན་སྨྲ་བར་འདོད་རྣམས་ལ། །མན་ངག་ཅུང་ཟད་སྦྱིན་པར་བྱ། །དེ་ལ་མན་ངག་འདི་ཡིན་ཏེ། །དགོས་པ་བསྡུས་པའི་དོན་བཅས་དང་། །བརྒལ་ལན་བཅས་དང་མཚམས་སྦྱོར་བཅས། །ཚིག་དོན་བཅས་ཏེ་བསྙད་པར་བྱ། །ཞེས་པའི་དོན་ཡིན་ནོ། །ལོག་པར་འཛིན་པ་ནི། བསྟན་པའི་སྲོལ་གཞུང་ལམ་ཚུགས་པར་བཤད་ཀྱང་། གདམས་ཕྲན་ཀོལ་ལེ་བའི་ཁ་བཟུང་ནས་ཆོས་དོན་གྱི་དབྱིངས་འཇལ་བར་མི་སྤྲོ་བའོ། །མ་ཚང་པར་འཛིན་པ་ནི། གལ་ཆེ་ཆེ་དང་བློ་ལ་འཐད་འཐད་ནས་འཛིན། ཆུང་ཆུང་དང་གནད་དཀའ་ས་ནས་སྒྱིད་ལུག་སྟེ་བསྟན་བཅོས་ཀྱི་ལུས་མ་རྫོགས་པར་བཟུང་བས་


JL00_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

རང་གཞན་ལ་ཕན་མི་ཐོགས་པ་དག་ཡིན་ནོ། །དེའི་ཕྱིར་བུང་བས་མེ་ཏིག་གི་བཅུད་ལ་མྱང་བ་བཞིན་འོག་ནས་འབྱུང་བའི་ཆོས་ཉན་པའི་ཀུན་ཏུ་སྤྱོད་པ་ལ་ཉེ་བར་སྤྲོ་བ་ནི་མེད་དུ་མི་རུང་བ་ཡིན་ནོ། །ཐོག་མ་མེད་ནས་སྐྱེ་རྒ་ན་འཆི་ཡི། །རིམས་ཀྱིས་བཏབ་པར་སྨན་ཆེན་བདུད་རྩིའི་རོ། །དམ་ཆོས་ལག་ཏུ་མཆིས་པ་སྤོང་བྱེད་པའི། །སྐྱེ་བོ་རྣམས་ལ་བདག་གིས་ཇི་ལྟར་འདོམས། །ཞེས་སྨོས་ནས་བསྙོན་དུ་དོར་བ་ནི་དམ་པའི་ཆོས་མི་འཛིན་པའི་ཉེས་དམིགས་བརྗོད་པ་སྟེ། འདི་ལྟར་སྐྱེ་བ་ནི་མངལ་ལ་སོགས་པ་རྣམ་པ་བཞི་ལས་འབྱུང་བའོ། །རྒ་བ་ནི་ན་ཚོད་གྱུར་པའོ། །ན་བ་ནི་འདུ་བ་བསླད་པའོ། །ཤི་བ་ནི་སྲོག་བཏང་བ་སྟེ། དེ་ལྟ་བུའི་རིམས་ནད་ཤིན་ཏུ་དྲག་པོས་ཐོག་མ་མེད་པ་ནས་ད་ལྟ་ལ་ཐུག་གི་བར་བཏབ་ནས་འཇིག་རྟེན་མ་རུངས་པར་བྱས་ཀྱང་། དེའི་གཉེན་པོར་གྱུར་པའི་སྨན་ཆེན་པོ་དམ་པའི་ཆོས་ཀྱི་བདུད་རྩི་ཐོས་པས་ཐོབ་པར་མི་བྱེད། བསམ་པས་མངོན་དུ་མི་སྤྱོད། སྒོམ་པས་འཛིན་པར་མི་བྱེད་པ་དེའི་ཉེས་པ་ནི་ནད་ཀྱི་ཚབས་ཆེར་བཏབ་པའི་སྐྱེས་བུ་སྨན་པ་ལ་བྱོལ་ནས་མྱ་ངམ་གྱི་ཐང་ལ་འབད་པས་འཁྱམས་པ་ལྟ་བུ་ཡིན་ཏེ། སློབ་སྤྲིང་ལས། གང་ཞིག་སྐྱེ་ནད་རྒ་ཤི་སེལ་བའི་བདུད་རྩི་དེ། །ཐོབ་པར་མི་བྱེད་མི་སྤྱོད་འཛིན་པར་མི་བྱེད་པ། །དེ་དག་ཉེས་མང་གཏི་མུག་འཐིབས་པོས་བསླད་པ་སྟེ། །ཡུན་རིང་ནད་ཀྱིས་ཐེབས་པ་སྨན་ཆེན་མི་བསྟེན་བཞིན། །ཞེས་སོ། ཁྱད་པར་ཐར་པའི་ལམ་དུ་འགྲོ་བའི་མིག་གཅིག་པ་ལྟ་བུ། ལམ་དང་ལམ་མ་ཡིན་པའི་གནས་མཐོང་ཞིང་ཤེས་པ། ཁམས་གསུམ་གྱི་རང་བཞིན་མུན་ནག་སྟུག་པོ་འདྲ་བའི་སྒྲོན་མ་ལམ་བསླབ་པ་གསུམ་དང་། ངེས་བརྗོད་ཐེག་པ་གསུམ་ལག་ཏུ་མཆིས་པ་ལྟ་བུའང་གཏོང་བ་དག་གཏི་མུག་གི་གཡུལ་ངོར་ཕམ་པ་ཡིན་ཏེ་ཙནྡྲ་གོ་མིས།


JL00_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བ་ཀུན་གྱི་མིག་གཅིག་དྲི་མ་མེད་པ་གང་། །དེ་ནི་ས་རྣམས་གསུམ་པོའི་སྤྱི་མཐུན་སྒྲོན་མེ་སྟེ། །བསྟན་པ་འདི་ལེགས་རྙེད་ནས་གང་ཞིག་འདོར་བ་དེ། །གཏི་མུག་ཤིན་ཏུ་རྨད་བྱུང་དག་གིས་གཅེས་པར་ཟད། །ཅེས་གསུངས་པ་ལྟར་རོ། །དེ་དག་གིས་གཞུང་འདིའི་ཀླད་ཀྱི་དོན་དང་བརྩམ་པར་དམ་བཅའ་བའི་སྐབས་དབྱེ་ནས་བསླབ་པའི་ལམ་གྱི་གང་ཟག་རྣམས་ཉན་པའི་སྣོད་རུང་དུ་བྱས་པའོ། །

དལ་འབྱོར་གྱི་ཚོམས་རྣམ་པར་བཞག་པ།


JL00_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་གཞུང་གི་ལུས་དངོས་རྣམ་པར་བཞག་པར་བྱེད་པ་ལ་སྤྱིར་བསྟན་བཅོས་རྣམས་རྩིས་མགོ་རྣམ་པ་ལྔའི་ཆིངས་ཀྱིས་བཅིངས། བསྟན་བཤད་བསྡུ་གསུམ་གྱིས་གཏན་ལ་འབེབས་པའམ་ཆུ་བབས་སུ་འགྲེལ་ཀྱང་རུང་སྟེ། འགྲེལ་ཚུལ་ལ་ཚིག །འགྲེལ། དོན་འགྲེལ། འབྱེད་འགྲེལ། རྒྱ་ཆེར་འགྲེལ། དཀའ་འགྲེལ། སྒྲུང་འགྲེལ་རྣམ་པ་དྲུག་གིས་སྟོན་པའི་སྐབས་མ་ངེས་པས་ན་འདིར་ངོ་བོ་རྒྱ་ཆེར་འགྲེལ་ལ་ཚིག་བསྡེབས་པ་ཉམས་སུ་མྱོང་བ་གཙོ་བོར་བྱ་བ་ཡིན་ནོ། །དེ་ལ་རེ་ཞིག་དང་པོར་དལ་འབྱོར་གྱི་ཚོམས་རྣམ་པར་བཞག་པ་ལ་ལྔ། མི་ལུས་རྣམ་པར་དབྱེ་བ། འགལ་ཟླ་མི་ཁོམ་པ་བརྒྱད་བཤད་པ། དལ་འབྱོར་གྱི་རང་བཞིན་ངོས་བཟུང་བ། རྙེད་པར་དཀའ་བའི་རྒྱུ་མཚན་བཤད་པ། སྐབས་ཀྱི་དོན་བསྡུ་བའོ། །དང་པོ་ནི། འདི་ལྟར་འཁོར་བ་སྡུག་བསྔལ་གྱི་འབྲོག་དགོན་པ་ནི་ཉེས་པ་མཐའ་དག་གི་སྣོད། སྐྱེ་བ་སྣ་ཚོགས་ཀྱི་འོབས། དུར་ཁྲོད་ཆེན་པོ་ལྟར་མི་གཙང་ཞིང་ཆོ་ངེས་འདེབས་པའི་གནས་ལ་མིའི་ལུས་རྟེན་འཐོབ་པ་མཐའ་དག་ཆོས་ཀྱི་སྣོད་གཙང་མར་རུང་བ་མ་ཡིན་པའི་ཚུལ། རིང་ནས་བཤེས་པ་འཁོར་བའི་འབྲོག་དགོན་དུ། །མགོ་དང་ཡན་ལག་བཅད་པས་གདུང་གྱུར་ཅིང་། །ཕྱིན་ཆད་གདུང་འགྱུར་ལྐོག་ཏུ་གྱུར་པ་རྣམས། །ད་དུང་མཐོ་རིས་བདེ་ལ་སྲེད་ཅིང་རྨོངས། །ཞེས་པས་གང་དུ་བསྟིབ་ཙམ་ནས་སྡུག་བསྔལ་


JL00_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

འབའ་ཞིག་འཐོབ་པ། བྱ་བ་མཐའ་དག་ཉས་པར་སྤྱོད་པ། སྡིག་པའི་རང་བཞིན་དང་ཡོངས་སུ་འདྲེས་པ།་ བྱེད་པ་མང་ལ་འབྲས་བུ་ཉུང་བ། སྙན་པ་མ་ཡིན་པའི་སྒྲ་དང་བཅས་པ། ལོངས་སྤྱོད་ཐོབ་ཀྱང་ཡིད་བརྟན་མེད་པ། མང་པོའི་ཁྲོད་དུའང་འཇིགས་པ་དང་བཅས་རྦ། སོ་མ་བཏང་བའི་ཆུ་སྣོད་ལྟར་ཡོན་ཏན་གྱི་ཕྱོགས་མི་འཛིན་པ། མཛའ་བཤེས་དང་ཉེ་དུ་འདྲལ་བ། སྔོན་ཆད་ཀྱང་མགོ་དང་ཡན་ལག་གཅད་པའི་ལས་ཚུལ་མཐའ་མི་ཐུག་པ་མྱོང་ཟིན་པ། ད་དུང་ཡང་གདོན་མི་ཟ་བར་མྱོང་བར་འགྱུར་བ་དམ་པ་རྣམས་ཀྱིས་ནམ་ཡང་བསྔགས་པར་མ་བྱས་པའི་གནས་སུ་དགེ་སྡིག་གི་འཇུག་ལྡོག་གང་ཡང་མི་ཤེས་པའི་རྨོངས་པ་འདི་དག་ནི་མི་ལུས་ཙམ་པོ་པ་ཞེས་བྱ་སྟེ་འཁོར་བའི་གནས་ནས་ནམ་ཡང་ཐར་པའི་གོ་སྐབས་མེད་དོ་ཞེས་སྟོན་པ་སྟེ། དེ་སྐད་དུ་ནམ་མཁའ་རིན་པོ་ཆེའི་མདོ་ལས་ཀྱང་། གང་དག་སྔོན་གྱི་དགེ་བའི་རྒྱུས་མིའི་འཇིག་རྟེན་དུ་ཡང་སྐྱེས། དབང་པོ་རྣམས་ཀྱང་ཡོངས་སུ་ཚང་། རྟག་ཏུ་ཆོས་སྤྱོད་པའི་ཡུལ་དུ་སྐྱེས་ཀྱང་ལས་དང་ལས་ཀྱི་རྣམ་པར་སྨིན་པ་མི་ཤེས། མི་དགེ་བའི་ལམ་ལ་མང་དུ་བརྟེན་ཅིང་སྤྱོད་པ་དེ་དག་མིར་གྱུར་པ་ཞེས་བརྗོད་ཀྱང་ཐ་མར་གྱུར་པ་སྟེ་ཤི་བའི་འོག་ཏུ་ངན་འགྲོ་མུ་མཐའ་མེད་པར་ལྟུང་བའི་ཕྱིར་རོ། །ཞེས་སོ། །དེ་བཞིན་དུ་བསྟན་པའི་ལམ་སྲོལ་ལ་མ་ཞུགས་པའམ། ཞུགས་ཀྱང་དགེ་སྡིག་འདྲེས་མར་སྤྱོད་པ་དང་། ཚེ་འདི་འབའ་ཞིག་ལས་ཕྱི་མའི་གནས་སྐབས་ཅང་མི་དྲན་པས་འདུ་འཛི་དང་འདོད་པའི་ཡོན་ཏན་ལ་གཅིག་ཏུ་ཡིད་གཞོལ་ཞིང་ངེས་འབྱུང་གི་དམ་ལ་མི་འདུ། ཡུལ་གྱི་ལོངས་སྤྱོད་འབའ་ཞིག་ལ་ཆགས། མངའ་རིས་དང་ལང་ཚོས་རྒྱགས། འདོད་པའི་ཡུལ་ལྔ་ལ་རང་དགར་སྲེད་ཅིང་རྨོངས་པ་ནི་སློབ་དཔོན་མ་ཏི་ཅི་ཏྲས། དགའ་བར་བགྱིད་པའི་ཡུལ་རྣམས་དང་། །རྒྱགས་པར་བགྱིད་པའི་ལང་ཚོ་


JL00_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །བདག་ཉིད་རང་དགར་སྤྱོད་པ་དེ། །ཀུན་ཏུ་དོན་མེད་བགྱིད་པའི་སྒོ། །ཞེས་བཤད་པ་ལྟར་ལུས་དང་ངག་དང་ཡིད་ཤིན་ཏུ་མི་བསྲུན་ཞིང་འཕྱར་གཡེང་བ་དེ་དག་གིས་ནི་རེ་ཞིག་ཆོས་ཐོས་པའམ། ཁྱིམ་པའི་རྟགས་སྤངས་པའམ། ངག་ནས་ཆོས་ཀྱི་གཏམ་ཆེན་པོ་སྒྲོག་ཅིང་རེས་འགའ་ནི་དགེ་བའི་ཆོས་ལ་སྤྱོད་པ་ལྟར་སྣང་ཡང་རྒྱུན་ཆགས་པ་ཉིད་ནི་སྡིག་པའི་བསམ་སྦྱོར་དང་ཤིན་ཏུ་འདྲེས་ཤིང་རྨོངས་པའི་ཕྱིར། ཡང་ངན་སོང་དུ་འབབ་ཅིང་གཞོལ་བར་འགྱུར་ལ། དེ་ལྟ་ནའང་ངན་འགྲོ་དང་། མིའི་ལུས་རྟེན་ཙམ་པོ་པ་ལས་ཅུང་ཟད་འཕགས་ཤིང་ཐར་པའི་ས་བོན་དང་ལྡན་པས་ན་མི་ལུས་ཁྱད་པར་ཅན་ཞེས་བརྗོད་དུ་རུང་བའི་ཚུལ། ནམ་མཁའ་རིན་པོ་ཆེའི་མདོ་ལས། སེམས་ཅན་གྱི་ཁམས་ན་གང་དག་ཆོས་འདི་བདག་ཏུ་མ་ཞུགས་པའམ། ཞུགས་ཀྱང་རུང་སྟེ་དགེ་བ་དང་མི་དགེ་བ་འདྲེས་མར་སྤྱོད་ཅིང་འདུ་འཛི་དང་རྣམ་པར་གཡེང་བ་ལྷུར་ལེན་པས། ལུས་དང་ངག་དང་ཡིད་མི་བསྲུན་ཞིང་འཕྱར་བ། ངན་སོང་གསུམ་དུ་འབབ་ཅིང་ངན་འགྲོར་གཞོལ་བའི་ལས་ཅན་དེ་དག་ཀྱང་། སངས་རྒྱས་ཀྱི་ཐུགས་རྗེ་ཉི་མའི་འོད་ཀྱིས་གཟིགས་ཏེ་ཡུན་རིང་མོ་ཞིག་ན་ཐར་པའི་ས་བོན་དང་ལྡན་པས། དེའི་ཕྱིར་མི་ལུས་ཁྱད་པར་ཅན་ཞེས་བྱའོ། །ཞེས་དང་། སློབ་སྤྲིང་ལས། གང་ཞིག་འཁོར་བའི་འཁོར་ལོར་རྟག་ཏུ་འཁོར་གྱུར་པའི། །ནང་དུ་ཞུགས་ནས་བསྟི་བ་ཙམ་ལ་བདེར་སེམས་པ། །དེ་ནི་ངེས་པར་རིམ་གྱིས་དབང་མེད་བརྒྱ་ཕྲག་ཏུ། །འགྲོ་བ་མཉམ་དང་མི་མཉམ་ཀུན་ཏུ་འཁྱམས་པར་འགྱུར། །ཞེས་མཉམ་པ་ནི་ལྷ་དང་མི། མི་མཉམ་པ་ནི་ངན་འགྲོར་ཤེས་པར་བྱའོ། །གཉིས་པ་ནི། སྤྱིར་གནས་རིགས་དྲུག་ཏུ་འཁྱམས་ཤིང་ཁྱད་པར་དལ་བ་ཕུན་སུམ་ཚོགས་པའི་མི་མཐུན་ཕྱོགས་ལས་དང་། ཉོན་མོངས་པ་སྡུག་བསྔལ་དང་


JL00_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་རྟོག་པས་དབྱེན་བཅོས་ཏེ་དགེ་བའི་ཕྱོགས་ལ་ཁོམ་དུ་མི་སྟེར་བ་བརྒྱད་དུ་འཁྱམས་ན་ཆོས་བསྒྲུབ་པའི་སྐབས་མེད་པར་སྟོན་པ་སྟེ། བསམ་བརླག་དེ་ནི་འདི་ནས་ཡང་ལྟུང་ལ། །ངན་སོང་གསུམ་དང་འདུ་ཤེས་མེད་པའི་ལྷ། །མཐའ་འཁོབ་དབང་པོ་མ་ཚང་ལྟ་བ་ལོག །སངས་རྒྱས་འབྱུང་བ་མེད་པ་དག་ཏུ་འཁྱམས། །ཞེས་སྨོས་སོ། །རྣམ་གྲངས་ཀྱི་སྒོ་ནས་བཞག་ན། རང་རྒྱུད་རྟེན་གྱི་མི་ཁོམ་པ་བརྒྱད་འཕྲལ་བྱུང་རྐྱེན་གྱིས་མི་ཁོམ་པ་བརྒྱད། རིས་ཆད་བློའི་མི་ཁོམ་པ་བརྒྱད་ལས། དང་པོ་དངོས་བསྟན་ནི། བཤེས་སྤྲིང་ལས། ལོག་པར་ལྟ་བ་འཛིན་དང་དུད་འགྲོ་ཉིད། །ཡི་དྭགས་ཉིད་དང་དམྱལ་བར་སྐྱེ་བ་ཉིད། །རྒྱལ་བའི་བཀའ་མེད་པ་དང་མཐའ་འཁོབ་ཏུ། །ཀླ་ཀློར་སྐྱེས་དང་གླེན་ཞིང་ལྐུགས་པ་ཉིད། །ཚེ་རིང་ལྷ་ཉིད་གང་ཡང་རུང་བར་ནི། །སྐྱེ་བ་ཞེས་བགྱི་མི་ཁོམ་སྐྱོན་བརྒྱད་པོ། །ཞེས་རང་རྒྱུད་ཀྱི་རྟེན་ཅན་བརྒྱད་ལས། དང་པོ་དམྱལ་བ་ནི། ཐང་ཅིག་སྐབས་བཙལ་མ་ཡིན་ལྕགས་བསྲེགས་གཞིར། །མཚོན་གྱི་ཆད་པ་རྩུབ་མོས་ཡང་དང་ཡང་། །སྲོག་འཕྲོག་འཆི་བར་མི་ནུས་དམྱལ་བ་པ། །ད་དུང་ཁོང་ཁྲོའི་ལས་ངན་རྙི་ལ་ཐོགས། །ཞེས་སྨོས་ནས་གང་ཞིག་སེམས་ཅན་དམྱལ་བ་པར་གྱུར་པ་དེ་ནི་ལྕགས་བསྲེགས་ཀྱི་ས་གཞི་ལ་མཚོན་གྱི་ཆད་པ་འབའ་ཞིག་གིས་ཚར་གཅོད་པ་ལ་སོགས་པའི་སྡུག་བསྔལ་དྲག་པོ་ལ་ངལ་གསོ་བའམ། བག་ཡངས་པའི་སྐབས་ཅུང་ཟད་ཀྱང་བཙལ་དུ་མེད་ཅིང་། ད་དུང་ཁོང་ཁྲོའི་རྙི་ལ་ཐོགས་པའི་ཚེའི་ཚད་ནི་དཔག་ཏུ་མེད་ན་ཆོས་ཀྱི་རྟེན་དུ་ཁོམ་པའི་གནས་སྐབས་མེད་པའོ། །


JL00_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་དུ་ཡི་དྭགས་ནི་ཕོངས་པས་ཉམ་ཐག་ཅིང་། ནང་ཁྲོལ་ཚིག་པའི་གདུང་བ་དང་། དུད་འགྲོ་རྣམས་ཕན་ཚུན་ནང་དུ་བཟའ་ཞིང་། རྔོན་པས་མཐའ་དང་། གོ་ར་དང་། རྒྱ་ལ་སོགས་པའི་དམ་ལ་གཅུར་ཞིང་། མཚོན་ཆའི་ཐབས་ལ་མཁས་པས་སྲོག་འཕྲོག་པ་དང་། སྣ་འབིགས་པ་དང་། ལྕགས་ཀྱུས་འཚེ་བ་དང་། ཐེ་གུས་འཆིང་བ་ལ་སོགས་འདུལ་བ་འཛིན་པའི་སྡུག་བསྔལ་བཟོད་མི་ཤེས་པས་མི་ཁོམ་པའི་ཚུལ། རྣག་ཁྲག་ཕྱིས་སོགས་ཀྱང་མི་རྙེད་པའི། །ཡི་དྭགས་ཕོངས་པས་ཉམ་ཐག་སྨོས་ཅི་དགས། །ཆུ་ཀླུང་ལྗོན་པ་བལྟས་པའི་མོད་ལ་བརྐམས། །ནང་ཁྲོལ་འཆིག་པའི་སྡུག་བསྔལ་ཟད་མི་ཤེས། །སྒྲིབ་པའི་མཐུས་བྱས་ཚེ་ཚད་ངེས་པ་མེད། །དུད་འགྲོ་ཕན་ཚུན་གཅིག་ལ་གཅིག་བཟའ་ཞིང་། །རྔོན་པའི་དམ་བཞག་རྩུབ་མོས་སྲོག་འཕྲོག་དང་། །བཀོལ་ཕྱིར་འདུལ་བ་འཛིན་པས་ཉམ་ཐག་པའི། །གནས་སུ་སྐྱེ་བ་ཐོབ་ན་ཅི་བྱར་ཡོད། །ཅེས་དོན་བསྡུས་པའོ། །ཡང་། འཚོ་བའི་ལས་མཐའ་ཤིན་ཏུ་རིང་པོར་བསྲིང་། །སྐྱོ་བའི་གོ་སྐབས་མི་དབྱེ་གཟུགས་མེད་དང་། །ཐོས་བསམ་རྟེན་འགགས་འདུ་ཤེས་མེད་པའི་ལྷ། །འཆི་ཁར་ལོག་པར་ལྟ་བས་ཁོམ་ལྡན་མིན། །ཅེས་པས་འདུ་ཤེས་མེད་པ་དང་། གཟུགས་མེད་པའི་ལྷ་ནི་ཚེ་རིང་པོར་འཚོ་ཡང་ཐོས་བསམ་གྱི་རྟེན་འགགས་པས་མི་ཁོམ་པའོ། །རྐང་པ་གཉིས་པའི་ཁྱོགས་ལ་རབ་བསྟེན་ཡང་། །དེ་ཡི་འདུ་ཤེས་བསོད་ནམས་མ་ཡིན་པས། །དམ་ལ་བཞག་ཅིང་གཞུངས་པའི་ཀླ་ཀློ་རྣམས། །བླང་དོར་ཤིན་ཏུ་འཆོལ་བའི་ནགས་ན་འཁྱམས། །ཞེས་སྨོས་ཏེ། གང་ཞིག་རྣམ་པ་མིའི་གཟུགས་སུ་འདུག་ཀྱང་ཆུ་དང་ནགས་མའི་མི་ལྟར་རང་གི་ངོ་བོ་དུད་འགྲོ་ལྟ་བུ་ལ། སྡིག་པའི་


JL00_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཐབས་ལ་དུད་འགྲོ་ལས་ཐབས་མཁས་ཤིང་ཡིད་གཞུངས་པའི་འདུ་ཤེས་ཅན་ཀླ་ཀློ་ནི་ཆོས་ཀྱི་ཕྱོགས་ལ་བསོད་ནམས་མ་ཡིན་པའི་རྟེན་དུ་གྱུར་པས་འདུ་ཤེས་མི་ཁོམ་པའོ། །དབང་པོའི་དམ་བཅའ་ཉམས་པའི་ལྐུགས་པ་རྣམས། །འཕགས་པའི་དེད་དཔོན་དག་དང་ཕྲད་གྱུར་ཀྱང་། །བྲག་ཅའི་ཆོ་གས་བཟུང་བའི་ཅ་ཅོ་བཞིན། །བརྡའ་མི་འཕྲོད་པའི་འབྲོག་དགོན་ཆེན་པོར་གདུངས། །ཞེས་འདོམས་ནས་འདི་ལྟར་ངག་ལྐུགས་པས་ཚིག་གི་བརྡའ་མི་འཕྲོད་པའམ། ཡིད་ལྐུགས་པས་དོན་གྱི་བརྡའ་མི་འཕྲོད་པ་དག་ནི་འཕགས་པའི་དེད་དཔོན་དང་ཕོ་ནུའམ། མཛའ་བཤེས་ལྟ་བུར་གྱུར་ཀྱང་བྲག་ཅ་དང་གཏམ་བསྲེ་བ་བཞིན་དོན་དུ་གྱུར་པ་ཅུང་ཟད་ཙམ་མེད་པས་རྟེན་མི་ཁོམ་པའོ། །སྐྱེ་བའི་རྒྱ་མཚོ་བརྒལ་བའི་གྲུ་བོ་ཆེ། །རྣམ་རིག་བ་དན་གཡོ་བ་ཐོབ་ནས་སླར། །སངས་རྒྱས་འབྱུང་ལ་མཉེས་པར་མི་བགྱིད་པའི། །ལོག་པར་བལྟ་བ་འཛིན་དེ་བདུད་ཀྱིས་གཙེས། །གང་དག་དབང་པོ་ཚང་ལ་རྣམ་རིག་ཅང་ཤེས་པར་གྱུར་ཀྱང་སངས་རྒྱས་འབྱུང་བ་ལ་མཉེས་པར་མི་བགྱིད་ཅིང་འཇིག་རྟེན་ཕ་རོལ་མེད་དོ་ཞེས་པ་ལ་སོགས་པའི་ལོག་པར་བལྟ་བ་འཛིན་པའི་མུ་སྟེགས་བྱེད་ནི་ཡིད་མི་ཁོམ་པའོ། །ཐུབ་པ་རྣམས་ཀྱིས་སྤངས་པའི་བསྐལ་པ་ཡི། །གཅོང་རོང་མུན་ནག་འཐིབས་པོར་ལྷུང་དེ་སླར། །ལྡང་བར་བཙོན་ཀྱང་ལམ་མིན་རྒྱུན་ལྡན་ཏེ། །ཉམ་ངའི་ལྟུང་བར་འོག་ནས་འོག་ཏུ་འགྲོ། །ཞེས་འདོམས་ཏེ། སངས་རྒྱས་འཇིག་རྟེན་དུ་བྱོན་པ་དེའི་ཚེ་བསྟན་པའི་སྣང་བའང་ཡོད་པས་སྒྲོན་མའི་བསྐལ་པ་ཞེས་བྱ་བ། དེས་སྟོངས་པ་ནི་མུན་པའི་བསྐལ་པ་སྟེ། །དུས་དེར་མིའི་ལུས་


JL00_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་འཐོབ་ཀྱང་ལམ་མིན་རྒྱུན་ལྡན་གྱི་སྐྱེས་བུ་གཅོང་རོང་ཟབ་མོར་ལྟུང་སྟེ་རྐང་པ་ཆག་པ་ལྟར་འོག་ནས་འོག་ཏུ་འགྲོ་བ་ལས་ཐར་པའི་ཐབས་དང་བྲལ་བས་དུས་མི་ཁོམ་པའོ། །གཉིས་པ་འཕྲལ་བྱུང་རྐྱེན་གྱི་མི་ཁོམ་པ་བརྒྱད་ནི། ཡིད་བཞིན་རིན་པ་ཆེར། དུག་ལྔ་འཁྲུགས་དང་བླུན་རྨོངས་བདུད་ཀྱིས་ཟིན། །ལེ་ལོ་ཅན་དང་ལས་ངན་མཚོ་ཆེན་བརྡོལ། །གཞན་དབང་འཇིགས་སྐྱོབ་ཆོས་ལྟར་བཅོས་པ་སྟེ། །འཕྲལ་བྱུང་རྐྱེན་གྱི་མི་ཁོམ་རྣམ་པ་བརྒྱད། །ཐར་ལམ་ཆོས་ཀྱི་སྣོད་མིན་ཕྱིན་ཅི་ལོག །ཅེས་པས། རྣམ་པ་ཙམ་དུ་རང་རྒྱུད་ཀྱི་རྟེན་ཅན་མི་ཁོམ་པའི་གནས་བརྒྱད་ལས་ཐར་ཏེ་ཆོས་སྤྱོད་པའི་ཡུལ་དུ་སྐྱེས་ཀྱང་། དུག་ལྔ་རགས་པས་རྒྱུད་མི་དགེ་བ་ལ་སྦྱར་བ་དང་། རང་རྒྱུད་བླུན་ཞིང་རྨོངས་པས་སྡིག་པའི་གྲོགས་པོའི་དབང་དུ་སོང་བ་དང་། བདུད་མྱི་བཤེས་གཉེན་དང་འཕྲད་ནས་ལྟ་སྤྱོད་ཕྱིན་ཅི་ལོག་དང་། ཆོས་ལ་དད་པ་ཙམ་ཡོད་ཀྱང་བརྩོན་འགྲུས་གཏན་ནས་མེད་པའི་ལེ་ལོ་ཅན་དང་། ལས་ངན་གྱི་མཚོ་བརྡོལ་བ་ལམ་དུ་ཁྱེར་མ་ཤེས་པས་བར་ཆོད་ཀྱི་དབང་དུ་སོང་བ་དང་། ཆོས་ལ་མོས་བློ་ཡོད་ཀྱང་ལུས་ངག་གཞན་དབང་དུ་སོང་བ་དང་། ལྟོ་གོས་སམ་དཔྱ་ཁྲལ་གྱིས་འཇིགས་ནས་བསྟན་པ་ལ་ཞུགས་ཀྱང་ཆོས་མིན་གྱི་སྤྱོད་པས་དུས་འདའ་བ་དང་། སེམས་རྒྱུད་ཆོས་དང་འགལ་ཡང་གཞན་ངོར་ཆོས་ལྟར་བཅོས་ནས་རྙེད་བཀུར་དང་གྲགས་པ་འཚོལ་བ་རྣམས་སོ། །གསུམ་པ་རིས་ཆད་བློའི་མི་ཁོམ་པ་བརྒྱད་ནི། སྔ་མ་ལས། འཆང་བ་དམ་ལྡན་ཀུན་སྤྱོད་ཤིན་ཏུ་ངན། །འཁོར་བར་མི་སྐྱོ་དད་པ་ཅུང་ཟད་མེད། །མི་དགེ་སྡིག་སྤྱོད་ཆོས་ལ་སེམས་པ་མེད། །སྡོམ་དང་དམ་ཚིག་ཉམས་པ་ཞེས་བྱ་བ། །རིས་


JL00_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་བློ་ཡི་མི་ཁོམ་རྣམ་པ་བརྒྱད། །ཆོས་ལས་རིང་འགྱུར་ཐར་ལམ་སྒྲོན་མེ་ནུབ། །ཅེས་པས། རྫས་དང་ཡོ་བྱད་དང་གཉེན་འདུན་གྱི་ཕྱོགས་ལ་ཧ་ཅང་འཆིང་བ་དམ་པ་དང་། མི་གཞི་ངན་པས་ཀུན་སྤྱོད་ལ་བསྐྱེད་འདོན་དུ་མེད་པ་སྡིག་སྦྲུལ་ལྟ་བུ་དང་། ངན་སོང་དང་འཁོར་བའི་ཉེས་དམིགས་ཇི་ཙམ་ཐོས་ཤིང་མཐོང་ནའང་ངེས་འབྱུང་གི་བློ་གཏན་ནས་མི་སྐྱེ་བ་དང་། ཆོས་སྣང་བའི་སྒོ་དད་པ་ཏིལ་འབྲུ་ཙམ་མེད་པ་དང་། སྒོ་གསུམ་ཉེ་བར་མ་ཞི་བས་སྡིག་སྤྱོད་འབའ་ཞིག་གིས་དུས་འདའ་བ་དང་། དམ་པའི་ཆོས་དང་། དེའི་ཡོན་ཏན་དང་། དགེ་བའི་ཆོས་ལ་ཅང་མི་སེམས་པ་ཁྱིས་ལྷ་ཁང་མཐོང་བ་ལྟ་བུ་དང་། བསྟན་པ་ལ་ཞུགས་ཀྱང་སོ་ཐར་རལ་ཞིང་བྱང་སྡོམ་ཉམས་པའམ། དབང་བཞི་ཐོབ་ནས་བླ་མ་དང་རྡོ་རྗེའི་སྤུན་ལ་བརྙས་པ་ལ་སོགས་པའི་དམ་ཚིག་ཉམས་པ་སྟེ། བརྒྱད་ཚན་གཉིས་པོ་འདི་དག་ལ་དཔྱད་པ་ལེགས་པར་ཞུགས་ནས་བླང་དོར་མ་བྱས་ན་མིར་གྱུར་པ་ཙམ་ནི་སོས་དལ་བ་ཙམ་ལས་ཆོས་བསྒྲུབ་པ་ལ་དལ་བའི་རྟེན་དུ་རུང་བར་དཀའ་ཞིང་། ཁྱད་པར་ཆོས་ཀྱི་རྗེས་སུ་ཞུགས་པའམ། ལས་མཐའ་ལོག་པའི་གང་ཟག་ཕལ་ཆེར་ཆོས་དང་ཤིན་ཏུ་རིང་ཞིང་ཐར་པའི་ལམ་དང་རྒྱབ་གྱེས་པའི་ཚུལ། མྱང་འདས་ལས། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ། ནང་འཁྲུག་དང་། ཡུལ་བཅོམ་པ་དག་འབྱུང་བར་འགྱུར་ཏེ། དུས་ངན་པ་དེའི་ཚེ་མུ་གེའི་ཉེས་པས་ཕལ་ཆེར་རབ་ཏུ་འབྱུང་ཞིང་མགོ་རེག་ཏུ་འགྱུར་ཏེ། དེ་དག་གིས་དགེ་སློང་ཚུལ་ཁྲིམས་དང་། ཆོ་ག་དང་། ཡོན་ཏན་དང་། སྤྱོད་པ་ཕུན་


JL00_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་ཚོགས་པ་དག་བསྐྲོད་པར་འགྱུར། ཞེས་དང་། མདོ་ཏིང་ངེ་འཛིན་མཆོག་ལས། ལོ་ལྔ་བརྒྱ་ཕན་ཆད་བརྒྱད་བརྒྱ་ཚུན་ཆད་ངའི་ཉེ་གནས་རྣམས་ཁྱིམ་པའི་གོས་གྱོན་ནས། བ་ལང་དང་། ལུག་དང་། བྱི་ལ་དང་། བོང་བུ་དང་རྟ་གསོ་ཞིང་འབྲུ་མང་པོ་གསོག་ཏེ། རང་གི་ལག་དར་ཞིང་རང་བཟའ་བ་དང་། བྲན་ཕོ་དང་བྲན་མོའང་གསོ་བར་འགྱུར་ཏེ། དེའི་ཚེ་སྟོང་ཕྲག་སྟོང་ལ་སྟོང་ཕྲག་གཅིག་གིས་དགེ་སྦྱོང་གི་འབྲས་བུ་བཞི་ཐོབ་བར་འགྱུར་རོ། །ལོ་བརྒྱད་བརྒྱ་ཕན་ཆད་ནས་ལོ་སྟོང་ཚུན་ཆད་ནི་ངའི་ཉེ་གནས་རྣམས་སྡིག་པའི་ཆོས་བསླབ་སྟེ། རྒྱལ་པོ་དང་། རྒྱལ་བུ་དང་། བློན་པོ་དང་། ཁྱིམ་བདག་གྲོགས་པོར་བསྟེན་ཅིང་། ཕན་ཚུན་ཐ་ན་འཕྲིན་གྱིས་འདྲུལ་ཞིང་། ཞིང་རྨོ་བརྐོ་བྱེད། འབྲུ་གཟན་མང་པོ་དང་། གསེར་དང་དངུལ་དང་། རིན་པོ་ཆེ་སྣ་བདུན་གསོག་ཅིང་། ཤ་ཟ་ཆང་འཐུང་སྟེ། སྨད་འཚོང་མ་ལྟར་གོས་སྤུ་གུ་ཅན་གྱོན་ཞིང་འདྲིད་པ་དང་། གླུ་པའི་ལས་བྱེད། ཅེས་དང་། ལོ་སྟོང་ཕན་ཆད་ཆེ་ཐང་དུ་འཁྲུགས་ཏེ་ངའི་ཉེ་གནས་རྣམས་ཆོས་གོས་གྱོན་ཡང་ཤིང་གི་ཁ་ལ་འཕན་བཏགས་པ་འདྲ་སྟེ། གཟི་བྱིན་ཡང་མེད། ཁྱིམ་པས་མཐོང་ནའང་བཀུར་སྟི་མི་བྱེད་ཤན་པ་དང་འདྲ་བར་འགྱུར་རོ། །ཞེས་པ་ལ་སོགས་རྒྱ་ཆེར་གསུངས་པའི་ཕྱིར་རོ། །དེའི་ཕྱིར་མི་ཁོམ་པའི་གནས་དངོས་བསྟན་བརྒྱད་དུ་མ་སྐྱེས་ཤིང་། དེ་དང་རྗེས་སུ་མཐུན་པ་བཅུ་དྲུག་དུའང་མ་གྱུར་ལ། རེ་ཞིག་གྱུར་ཀྱང་དམ་པའི་བླ་མ་དང་ཟབ་མོའི་མན་ངག་ལ་བརྟེན་ནས་བློ་བཅོས་སུ་ཡོད་པའི་སྐབས་འདིར་བརྩོན་པས་ཉིན་མཚན་འདའ་བར་མཛོད་ཅིག་ཅེས་དོན་བསྡུ་བ་ནི། སྡིག་སྡུག་འཐོར་རླུང་འཁྲུགས་པའི་གནས་རིགས་སུ། །ངལ་ཞིང་སྐྲག་བཅས་བསོད་ནམས་རྙོག་པ་ཅན། །ཆོས་ལ་ཕྲག་པ་དོག་པའི་མི་ཁོམ་


JL00_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད། །བསམས་ནས་རང་གི་དལ་བ་དོན་ཡོད་མཛོད། །ཅེས་གདམས་སོ། །གསུམ་པ་དལ་འབྱོར་གྱི་རང་བཞིན་ངོས་བཟུང་བ་ལ་གཉིས། ངོ་བོ་དལ་བ་བཤད་པ་དང་། ཁྱད་པར་གྱི་ཆོས་འབྱོར་བ་བཤད་པའོ། །དང་པོ་ནི། དེ་ལྟར་མི་ཁོམ་པའི་གནས་རིགས་ཉི་ཤུ་རྩ་བཞིས་ལུས་སེམས་ལ་དབྱེན་བཅོས་ཏེ་བྲེལ་བ་ལས་ལྡོག་པས་ན་དལ་བ། ལུས་རྟེན་དང་བློ་ཡང་དག་པའི་དོན་ལ་འབྱོར་བས་ན་འབྱོར་བའོ། ཁྱད་པར་ཐེག་པ་ཆེན་པོ་བླ་ན་མེད་པའི་དལ་འབྱོར་ནི། ནམ་མཁའ་རིན་པོ་ཆེའི་མདོ་ལས། བཅོམ་ལྡན་འདས་དལ་འབྱོར་ཇི་ལྟར་བལྟ་བ་བགྱི། བཀའ་སྩལ་པ། སེམས་རྣམ་པར་རྟོག་པས་དབྱེན་བཅོས་ཏེ་གཡེང་བ་ནི་བྲེལ་བ་ཞེས་བྱའོ། །སེམས་རྣམ་པར་རྟོག་པ་ཞི་ནས་རང་བཞིན་དུ་གནས་པ་ནི་དལ་བ་ཞེས་བྱའོ། །འབྱོར་བ་ནི་སེམས་ཀྱི་རང་བཞིན་ཤེས་པ། བློ་ཡང་དག་པའི་དོན་ལ་འབྱོར་བས་ན་འབྱོར་བ་ཞེས་བྱའོ། །ཞེས་སོ། །འདིར་རེ་ཞིག་སའི་སྙིང་པོའི་མདོ་ལས། འཁོར་བར་མི་ཉིད་སྐྱེ་བར་དཀའ་བའི་གང་ཟག་བཅུ་ཡོད་དེ། གང་ཞེ་ན། དགེ་བའི་རྩ་བ་མི་བསྐྱེད་པ་དང་། བསོད་ནམས་ཀྱི་ཚོགས་མི་གསོག་པ་དང་། སྡིག་པའི་གྲོགས་པའི་རྗེས་སུ་སྤྱོད་པ་དང་། ཉོན་མོངས་པའི་ཉིང་མཚམས་སྦྱོར་བ་དང་། ཚེ་ཕྱི་མའི་སྡུག་བསྔལ་ལ་མི་འཇིགས་པ་དང་། ཉོན་མོངས་པས་སེམས་འཁྲུགས་པ་དང་། ལེ་ལོ་དང་གཡེང་བས་ཆོས་ལས་རྟག་ཏུ་གཡེལ་བ་དང་། སངས་རྒྱས་ཀྱི་བཀའ་ལ་ཞུགས་ཀྱང་རྗེས་སུ་མི་སྤྱོད་པ་དང་། ལོག་པར་ལྟ་བའི་རྗེས་སུ་འཇུག་པ་དང་། ལོག་པར་ལྟ་བ་དམ་ཏུ་འཛིན་པའོ། །ཞེས་གསུངས་པ་ལྟར་བྱེད་པ་ངན་པའི་རྒྱུ་འབྲས་ཀྱི་ལས་འཕྲོ་ལས་ཐར་ཏེ། ད་ལྟ་དཀར་པོ་དགེ་བ་ལ་སྤྱོད་པའི་


JL00_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱི་འཕྲོ་མཐོ་རིས་ཀྱི་རྟེན་ཁྱད་པར་ཅན་ཐོབ་ནས་དལ་བའི་ངོ་བོ་ཉིད་དུ་གྱུར་པ་ནི་བསོད་ནམས་དམ་པའི་མཛོད་ཡིན་ཏེ་ཡབ་སྲས་མཇལ་བའི་མདོ་ལས། མི་ཁོམ་བརྒྱད་པོ་ཐམས་ཅད་རབ་སྤངས་ཤིང་། །དལ་བ་ཕུན་ཚོགས་རྙེད་དཀའ་ཐོབ་གྱུར་ནས། །བདེ་གཤེགས་བསྟན་ལ་དད་པ་རྙེད་གྱུར་པའི། །མཁས་པ་རྣམས་ཀྱིས་རིག་པའི་རྣལ་འབྱོར་སྤྱོད། །ཅེས་དང་། དྲན་པ་ཉེར་གཞག་ལས། དགའ་བྱེད། ཁྱོད་ཀྱིས་ལེགས་པར་མཐོང་བ་དང་། ལེགས་པར་ཐོས་པ་གང་ཡིན་པ་དེ་ནི་དལ་བ་བསམས་པ་ལས་བྱུང་བ་ཇི་ལྟ་བ་བཞིན་དུ། མི་རྣམས་ཀྱང་བདེ་བ་དང་ལེགས་པའི་ཆོས་གང་ཡིན་པ་དེ་དག་ཐམས་ཅད་འགྲུབ་པར་བལྟའོ། །ཞེས་སོ། །གཉིས་པ་དེ་ལ་འབྱོར་བ་བཅུ་ཇི་ལྟར་ལྡན་པ་ནི། ཡུལ་དབུས་ས་གཞི་གཙང་མར་དབང་པོ་དང་། །ཡན་ལག་རབ་རྫོགས་དད་པའི་གནས་པ་དང་། །ལས་མཐའི་མེ་ཏོག་སྡིག་ཏོས་མ་བཅོམ་པའི། །མིར་གྱུར་དཔག་བསམ་ལྗོན་པ་ཤིན་ཏུ་དཀོན། །རྒྱལ་བ་ཨུ་དུམ་ཝཱ་ར་འཇིག་རྟེན་བྱོན། །ཆོས་ཀྱི་མེ་ཏོག་ཁ་བྱེ་བསྟན་པའི་ཚལ། །ནུབ་པ་མེད་པར་གནས་ལ་ཡང་དག་ཞུགས། །དམ་པའི་གྲིབ་་བསིལ་ལ་བརྟེན་དེ་བས་ཉུང་། །ཞེས་སྨོས་ཏེ། དལ་བ་ཕུན་སུམ་ཚོགས་པ་བཅུ་གཉིས་བསྟན་པའི་མདོ་ལས། མི་ཉིད་ཐོབ་པ་དང་། འཕགས་པའི་ཡུལ་དུ་སྐྱེས་པ་དང་། དབང་པོ་ཚང་བ་དང་། ལས་ཀྱི་མཐའ་མ་ལོག་པ་དང་། གནས་ལ་དད་པ་སྟེ་ལྔ་ནི་བདག་ཕུན་སུམ་ཚོགས་པ་ཡིན་ནོ། །སངས་རྒྱས་བྱོན་པ་དང་། ཆོས་གསུངས་པ་དང་། དམ་པའི་ཆོས་གནས་པ་དང་། གཞན་དག་ཀྱང་དེ་ལ་སྤྱོད་པ་དང་། ཆོས་བྱེད་པ་ལ་གཞན་བརྩེ་བ་སྟེ་ལྔ་ནི་གཞན་ཕུན་སུམ་ཚོགས་པའོ། །ཞེས་གསུངས་པ་ལྟར། རང་འབྱོར་ལྔ་ནི་བདག་ཉིད་ལ་ལྟོས་པ་སྟེ། ལྷ་


JL00_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་རྟེན་མིའི་ལུས་ཁྱད་པར་ཅན་ཐོབ་པས་འབྱོར་བ། བསྟན་པ་གནས་པའི་ཡུལ་དབུས་སུ་སྐྱེས་པས་འབྱོར་བ། ཐོས་བསམ་གྱི་རྟེན་དབང་པོ་ཚང་བས་འབྱོར་བ། ལས་ཀྱི་མཐའ་མ་ལོག་པར་རྟག་ཏུ་དགེ་བ་ལ་སྤྱོད་པས་འབྱོར་བ། དད་པའི་གནས་རྒྱལ་བའི་བསྟན་པ་ལ་དད་པས་འབྱོར་བའོ། །གཞན་འབྱོར་ལྔ་ནི་རྐྱེན་ལ་ལྟོས་པ་སྟེ་ད་རེས་སངས་རྒྱས་འཇིག་རྟེན་དུ་བྱོན་པས་གཞན་འབྱོར་བ། ཆོས་ཀྱི་འཁོར་ལོ་གསུམ་ལ་སོགས་པ་བསྐོར་བས་གཞན་འབྱོར་བ། བསྟན་པའང་ལྟ་མ་ནུབ་ཙམ་དུ་གནས་པས་གཞན་འབྱོར་བ། བསྟན་པ་ལ་ཞུགས་པས་ཀྱང་གཞན་འབྱོར་བ། ཐར་པའོ་ལམ་མཁན་དགེ་བའི་བཤེས་གཉེན་ལ་བརྟེན་ས་ཡོད་པས་ཀྱང་གཞན་འབྱོར་བ་སྟེ། དེ་ལྟར་དལ་འབྱོར་གྱི་ཆོས་བཅོ་བརྒྱད་པོ་ཡོངས་སུ་མ་ཚང་ན་ཆོས་བསྒྲུབ་པའི་རྟེན་ཁྱད་པར་ཅན་དུ་མི་རུང་བས་ན་སྤྱོད་འཇུག་ལས། མི་ལུས་ཐོབ་པར་མ་གྱུར་ན། །སྡིག་པ་འབའ་ཞིག་དགེ་བ་མེད། །གང་ཚེ་དགེ་སྤྱད་སྐལ་ལྡན་ཡང་། །དགེ་བ་བདག་གིས་མ་བྱས་ན། །ངན་སོང་སྡུག་བསྔལ་ཀུན་རྨོངས་པ། །དེ་ཚེ་བདག་གིས་ཅི་བྱར་ཡོད། །ཅེས་སོ། །བཞི་པ་རྙེད་པར་དཀའ་བའི་ཚུལ་ནི། གང་ཕྱིར་རང་ཉིད་འབྱོར་བའི་ལྗོན་པ་དང་། །གཞན་དབང་རྐྱེན་གྱིས་འབྱོར་བའི་ཨུ་དུམ་ཝཱ་ར། །གཉིས་ཀའི་ཡོན་ཏན་འབྱོར་བ་རྣམ་པ་བཅུས། །དལ་བ་བརྒྱད་ལ་འཁྱུད་འདི་སླར་མི་རྙེད། །ཅི་ཕྱིར་རུས་སྦལ་མགྲིན་དང་གཉའ་ཤིང་དཔེ། །གྲངས་ནི་མི་དང་དུད་འགྲོ་ཉིན་མཚན་གྱི། །སྐར་མས་ཕྱེ་བ་དེ་སྙེད་ཡི་དྭགས་དང་། །དམྱལ་བ་རྣམས་ལ་རིམ་པས་ཤེས་པར་འགྱུར། །ཞེས་སྨོས་ནས། རང་འབྱོར་ནི་དཔག་བསམ་གྱི་ལྗོན་ཤིང་ཙམ་དུ་དཀོན་ན། གཞན་འབྱོར་


JL00_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དེ་བས་ཀྱང་དཀོན་པ་ཨུ་དུམ་ཝཱ་ར་ལྟ་བུ་སྟེ། རྟོགས་པ་བརྗོད་པའི་མདོ་ལས། མཚོ་ཆེན་པོ་མ་དྲོས་པ་འདས་པའི་བྱང་ཕྱོགས་ན་རི་རྩེ་ལྔ་པ་ཞེས་བྱ་བ་དེའི་ཕ་རོལ་ན་ཨུ་དུམ་ཝཱ་རའི་ཚལ་ཡོད་དེ། ནམ་སངས་རྒྱས་བཅོམ་ལྡན་འདས་དག་དགའ་ལྡན་གྱི་ལྷའི་རིས་ནས་བབས་ཏེ་ཡུམ་གྱི་ལྷུམས་སུ་ཞུགས་པ་དེའི་ཚེ་ཆེ་ལ་དེ་ཁ་འབུ་བར་འགྱུར་རོ། །ནམ་ཡུམ་གྱི་ལྷུམས་ནས་བལྟམས་པ་དེའི་ཚེ་ཚལ་དེ་ཁ་བྱེ་བར་འགྱུར་རོ། །ནམ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་དེའི་ཚེ་ཚལ་དེའི་མེ་ཏོག་ཀྱང་རབ་ཏུ་རྒྱས་པར་འགྱུར་རོ། །ནམ་ཚེའི་འདུ་བྱེད་བོར་བ་དེའི་ཚེ་ཚལ་དེ་རྙིངས་པར་འགྱུར་རོ། །ནམ་ཡོངས་སུ་མྱ་ངན་ལས་འདས་པ་དེའི་ཚེ་ཚལ་དེའི་ལོ་མ་དང་མེ་ཏོག་དང་འདབ་མ་དང་འབྲས་བུ་ཡང་ལྷགས་པར་འགྱུར་རོ། །ཞེས་དང་། སྙིང་པོའི་ལེའུ་ལས་ཀྱང་། སངས་རྒྱས་རྣམས་འཇིག་རྟེན་དུ་འབྱུང་བ་ནི་རྙེད་པར་དཀའ་སྟེ། ཨུ་དུམ་ཝཱ་རའི་མེ་ཏོག་དཔེར་བརྗོད་པ་དང་མཚུངས་སོ། །ཞེས་སོ། །དེ་གཉིས་ཀ་དལ་བའི་རྟེན་ལ་ཡོངས་སུ་རྫོགས་པའི་སྐྱེས་བུ་ལ་ནི་མི་ལུས་རིན་པོ་ཆེ་ཞེས་བརྗོད་ཀྱིས། རྙེད་པར་དཀའ་བའི་དཔེ་ནི། བཤེས་པའི་སྤྲིངས་ཡིག་ལས། རྒྱ་མཚོ་གཅིག་གནས་ཞེས་པ་ལ་སོགས་པའི་དོན་མདོ་སྡེ་ཉིད་ལས་རྒྱས་པར་བསྟན་ཏེ། དགེ་སློང་དག་འཇིག་རྟེན་རྒྱ་མཚོ་གཅིག་ཏུ་གྱུར་པའི་ནང་ན་རུས་སྦལ་ལོང་བ་ཚེ་རིང་བ་ཡུན་རིང་པོར་འཚོ་བ་ཞིག་གནས་ཤིང་དེ་ལོ་བརྒྱ་འདས་ནས་ལན་གཅིག་གྱེན་དུ་འབྱུང་ལ། རྒྱ་མཚོ་ཆེན་པོ་དེ་ན་གཉའ་ཤིང་བུག་པ་གཅིག་ཕུག་པ་གཅིག་ཡོད་པ་དེ་ཤར་གྱི་རླུང་གིས་འདས་ན་ནི་ནུབ་ཕྱོགས་སུ་འགྲོ། ནུབ་ཀྱི་རླུང་གིས་དེད་ན་ནི་ཤར་དུ་འཕྱོ། དེ་བཞིན་དུ་ཕྱོགས་མཚམས་ཐམས་ཅད་དུ་འཕྱོ་བ་


JL00_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཡོད་པའི་བུ་གར་རུས་སྦལ་གྱི་མགྲིན་པ་དེ་ཆུད་དམ་མི་ཆུད་ཅེས་གསུངས་པས། འཁོར་རྣམས་ཀྱིས། རྒྱ་མཚོ་ཁ་ཆུང་ནའང་ཆུད་སྲིད་ཀྱི་རྒྱ་མཚོ་ཁ་ཆེ། གཉའ་ཤིང་ཕྱོགས་གཅིག་ཏུ་སྡོད་ཅིང་བུ་ག་མང་ནའང་ཆུད་སྲིད་ཀྱི། ཤར་དང་ནུབ་དང་ལྷོ་བྱང་དུ་འཕྱོ་ཞིང་བུ་ག་གཅིག་ལས་མེད། རུས་སྦལ་ཙོག་གེ་མི་སྡོད་པར་དུས་ཐམས་ཅད་དུ་རྒྱ་མཚོའི་ཁར་སྙོགས་ཤིང་མིག་དང་ལྡན་ན་ཆུད་སྲིད་ཀྱིས་ལོ་བརྒྱ་བརྒྱ་ན་ཐེངས་རེ་ལས་མི་ཡོང་ཞིང་མིག་མེད་པའི་ཕྱིར་ཡེ་མི་ཚུད་དོ་ཞེས་ཞུས་སོ། །དགེ་སློང་དག་གང་རུས་སྦལ་ལོང་བ་དེ་གྱེན་དུ་འབྱུང་བའི་མགྲིན་པ་གཉའ་ཤིང་དེའི་བུ་གར་ཆུད་པར་འགྱུར་བའི་དུས་དེ་ཡོད་ཀྱིས། དགེ་སློང་དག་མིར་སྐྱེ་བ་ཐོབ་པ་ནི་དེ་བས་ཀྱང་ཆོས་དཀའ་བ་རང་སྨྲའོ། །ཞེས་དང་། དེ་ལྟར་ཡིན་གྱིས་དལ་བ་འདི་དོན་མེད་པར་མ་བྱེད་ཅིག །མི་ཁོམ་པར་གྱུར་ན་ནི་ཕྱིས་གསོར་མི་རུང་བར་འགྱུར་ཏ་རེ། ཞེས་པ་དང་ཚུལ་མཚུངས་པ་མེ་ཏོག་གི་ཚོམས་ལས་ཀྱང་རྒྱ་ཆེར་གསུངས་པ་ཡིན་ནོ། །དེ་ཙམ་དུ་མི་ལུས་ཐོབ་པར་དཀའ་ན། མི་མང་པོ་འདི་ཙམ་འདུག་པ་སྙམ་ན། སྤྱིར་ཁོམ་ལྡན་གྱི་མི་ལུས་ཁབ་རྩེར་ཡུངས་འབྲུ་ཆགས་པ་ལྟ་བུ་ཡིན། ཁྱད་པར་འགྲོ་བ་གཞན་གྱི་གྲངས་ལ་བསམས་ནས་མིའི་ལུས་རྟེན་ཙམ་ཐོབ་པ་ཡང་དཀའ་བའི་ཚུལ། འདི་ལྟར་མིའི་ལུས་ཉིན་མོའི་སྐར་མ་ཙམ་ལ། དུད་འགྲོ་ནི་མཚན་མོའི་སྐར་མ་ཙམ་མོ། །དུད་འགྲོ་ནི་ཉིན་མོའི་སྐར་མ་ཙམ་ལ། ཡི་དྭགས་ནི་ནུབ་མོའི་སྐར་མ་ཙམ་མོ། །ཡི་དྭགས་ཀྱང་ཉིན་མོའི་སྐར་མ་ཙམ་ལ། དམྱལ་བ་ནི་ནུབ་མོའི་སྐར་མ་ཙམ་སྟེ་དེ་སྐད་དུ། དུད་འགྲོ་ནི་ཕྱིའི་རྒྱ་མཚོ་ལ་ཆང་གི་སྦང་མ་ཙམ་ཡོད། ཡི་དྭགས་ནི་ཁ་བ་བུ་ཡུག་འཚུབས་པ་ཙམ་ཡོད། དམྱལ་བ་ནི་ས་ཆེན་པོའི་རྡུལ་


JL00_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲ་རབ་ཀྱི་གྲངས་དང་མཉམ་པ་ཙམ་ཡོད་ཅེས་གསུངས་པ་ཡིན་ནོ། །འདི་ནི་རིག་པས་ཀྱང་ཤེས་ཏེ། ནགས་ཚལ་གཅིག་གམ། ཆུ་ཀླུང་གཅིག་གམ། སྦྲང་ཚང་གཅིག་གམ། ཉི་ཟེར་གཅིག་ལ་མཐོང་བའི་སྲོག་ཆགས་ལ་ལྟོས་ན། སྣོད་ཀྱི་འཇིག་རྟེན་ཐམས་ཅད་མི་མེད་པ། །གྲོང་ཁྱེར་མེད་པའི་སྟོང་པ་ཡུལ་ཡུལ་བ་ལྟ་བུ་ཡིན་ཏེ། མི་ལུས་ཐོབ་པ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལས་ཉུང་ངོ་། །མི་རྣམས་ལ་བསམས་ན་གྲོང་ཁྱེར་ཆེན་པོ་གཅིག་ཏུ་ལྟད་སྟོན་ལ་ཚོགས་པ་རྒྱ་དཀར་ནག །མོན་ལྷོ་བལ། ཞང་ཞུང་ཁ་ཆེ། ཧོར་སོག་གི་རིགས་ལ་སོགས་པ་མང་པོའི་ཁྲོད་ན་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་པའམ། རྗེས་སུ་སློབ་བའམ། དད་པ་ཅན་ལས་འབྲས་ལ་བླང་དོར་བྱེད་པའང་སངས་རྒྱས་འཇིག་རྟེན་དུ་བྱོན་པ་ལས་དཀོན་པར་འདུག་པའི་ཚུལ་ལ་བསམས་ཏེ་རང་ལ་རང་གིས་སྤྲོ་བ་བསྐྱེད་ནས་དལ་འབྱོར་ཆུད་མ་ཟེས་པའི་ཐབས་ལ་འབད་དགོས་ཏེ། འདུལ་བ་རྣམ་འབྱེད་ལས། དགེ་སློང་དག །ངན་སོང་བའི་འགྲོ་བ་ལ་ལྟོས། ཕྱི་ཕྱིར་མི་ཉིད་ཀྱི་དངོས་པོ་ཐོབ་པ་ཡང་ཤིན་ཏུ་དཀའོ། །ལོག་པར་ལྟ་བའི་སྟོན་པ་འདི་དག་ལ་ལྟོས། ཡང་དག་པའི་དགེ་བའི་བཤེས་གཉེན་དང་ཕྲད་པར་རབ་ཏུ་དཀའོ། །ཚུལ་ཁྲིམས་དང་རྣམ་པར་གྲོལ་བ་ལས་ཉམས་པའི་ཚུལ་ཁྲིམས་འཆལ་བ་འདི་དག་ལ་ལྟོས། སྦྱངས་པའི་ཡོན་ཏན་ལ་གནས་པས་གཅིག་ཏུ་དགེ་བའི་ཆོས་བསྒྲུབ་ཅིང་། ཤིང་དྲུང་ངམ་དགོན་པའི་གནས་སུ་སྤྲོ་བས་ཚེ་འདའ་བར་གྱིས་ཤིག །ཅེས་གསུངས་སོ། །ལྔ་བ་ཕན་ཡོན་གྱི་སྒོ་ནས་སྤྲོ་བ་བསྐྱེད་ཅིང་དལ་འབྱོར་ཐོབ་དུས་ཆོས་ལ་འབད་དགོས་པའི་དུས་ཡིན་པར་གདམས་ནས་དོན་བསྡུ་བ་ནི། དེ་ཕྱིར་དལ་བའི་གྲུ་ཆེན་འཛིན་པའི་དུས། །སྡུག་བསྔལ་ཆུ་གཏེར་ཕ་མཐའ་མ་བརྒལ་ན། །ཆོས་ལམ་འགྲོན་པོས་གཉེར་ཞིང་སྐབས་བཙལ་


JL00_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་རྣམ་པར་བཞག་པའི་དབང་དུ་མཛད་ནས་བཤད་དོ། །མདོ་ལས་ནི་མ་རིག་པ་དང་འདུ་བྱེད་འདི་ནི་སྔོན་གྱི་མཐའ་བའི་འཕེན་པར་བྱེད་པ་ཡིན་ནོ་ཞེས་འབྱུང་བའི་ཕྱིར། ཡན་ལག་བཅུ་གཉིས་སྐྱེ་བ་གསུམ་དུ་རྣམ་པར་བཞག་པའི་ཚུལ། མ་རིག་པ་དང་འདུ་བྱེད་ནི་འདས་པའི་སྐྱེ་བའོ། །རྣམ་པར་ཤེས་པ་ནས་སྲིད་པའི་བར་དུ་ནི་ད་ལྟར་འབྱུང་བའི་སྐྱེ་བའོ། །སྐྱེ་བ་དང་རྒ་བ་ནི་མ་འོངས་པའི་སྐྱེ་བའོ། །དེ་ལས་འདས་པའི་སྐྱེ་བ་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་བྱས་པ་རྣམས་ཀྱིས་སྐྱེ་བ་འདི་ལ་ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པ་ནས་བཟུང་སྟེ། ཚོར་བའི་བར་གྱིས་རྣམ་པར་སྨིན་པ་འགྲུབ་ལ། ད་ལྟར་བྱུང་བའི་སྲེད་པ་དང་། ལེན་པ་དང་། སྲིད་པ་རྣམས་ཀྱིས་མ་འོངས་པའི་སྐྱེ་བ་ལ་སོགས་པ་བསྐྱེད་དོ། །སྐྱེ་བ་གསུམ་རྣམ་པར་བཞག་པའི་དགོས་པ་ནི། སྔོན་དང་ཕྱི་མའི་མཐའ་དང་། བར་དག་ལ་ཀུན་ཏུ་རྨོངས་པ་རྣམ་པར་བཟློག་པ་ཡིན་ནོ། །ཞེས་གསུངས་སོ། །ཡང་རྟེན་ཅིང་འབྲེལ་བར་འབྱུང་བ་དེ་ལམ་གསུམ་དུ་བཞག་པ་ནི། མ་རིག་པ་དང་སྲེད་པ་དང་ལེན་པ་རྣམས་ཉོན་མོངས་པའི་ལམ་མོ། །འདུ་བྱེད་དང་སྲིད་པ་ནི་ལས་ཀྱི་ལམ་མོ། །ཡན་ལག་ལྷག་མ་རྣམས་ནི་རྣམ་པར་སྨིན་པའི་ལམ་མོ། །ཞེས་སློབ་དཔོན་བློ་གྲོས་ཆེན་པོས་ལུང་དང་ཡང་བསྟུན་ནས་བཤད་པ་ཡིན་ནོ། །དེ་ལྟ་བུའི་རྟེན་འབྲེལ་རྒྱུན་ཆགས་ཀྱི་ངོས་ནས་རྫོགས་ཚུལ་ནི། སེམས་ཙམ་པས་རྒྱུ་འབྲས་ཚར་གཅིག་ཚེ་གཉིས་ལ་རྫོགས་པར་འདོད་དེ། ཚེ་སྔ་མ་ལ་མ་རེག་པ། འདུ་བྱེད། རྣམ་ཤེས། སྲེད་པ། ལེན་པ། སྲིད་པ་སྟེ་རྒྱུ་དྲུག་རྫོགས་ནས། འདིར་ལྷག་མ་དྲུག་འབྲས་བུའི་ཚུལ་དུ་རྫོགས་པའོ། །དེ་དག་ནི་ནང་གི་རྟེན་འབྲེལ་ཏེ། ཕྱིའི་རྟེན་འབྲེལ་ས་བོན་ལ་


JL00_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་ནས་མྱུ་གུ་འབྱུང་བ་ལ་སོགས་པས་མཚོན་འཁོར་འདས་ཐམས་ཅད་རྟེན་ཅིང་འབྲེལ་འབྱུང་གི་ཆོས་ཉིད་དུ་གཏན་ལ་ཕེབས་པ་ཡིན་པས་ན། དེ་བཞིན་གཤེགས་པའི་གསུང་གི་གཅེས་པར་གྱུར་པ་དང་། གང་གིས་འདི་ཤེས་པ་དེས་སྟོན་པའི་བསྟན་པ་ཡང་དག་པར་རྟོགས་པ་ཡིན་ནོ། །ཞེས་ཐུན་མོང་གི་གཞུང་དང་མཐུན་པར་བསྟན་པ་དེ། ཇི་སྐད་དུ་དགེ་སློང་དག །གང་གིས་སཱ་ལུ་ལྗངས་པ་འདི་ཤེས་པ་དེས་རྟེན་ཅིང་འབྲེལ་བར་འབྱུང་བ་ཤེས་སོ། །གང་གིས་རྟེན་ཅིང་འབྲེལ་བར་འབྱུང་བ་ཤེས་པ་དེས་ཆོས་ཤེས་སོ། །གང་གིས་ཆོས་ཤེས་པ་དེས་སངས་རྒྱས་ཤེས་སོ། །གསུངས་པ་ལྟ་བུ་ཡིན་ནོ། །དེ་ལྟ་ནའང་། དམན་པའི་ལམ་དེ་དག་ནི་རེ་ཞིག་ཐེག་པ་ཆེན་པོའི་འབབ་སྟེགས་ཙམ་ཡིན་ནོ། །འོད་སྲུང་གིས་ཞུས་པའི་མདོ་ལས། དེ་དག་གི་རྟོག་པའི་སྟོང་པ་ཉིད་ནི་ཡུངས་འབྲུ་སྲིན་གྱིས་ཟོས་པའི་ནང་གི་ནམ་མཁའ་ལྟ་བུའོ། །ཅེས་དང་། ཡུམ་ལས་ཉན་ཐོས་ཀྱི་ས་ལ་མྱ་ངན་ལས་འདས་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཞེས་པས་དོན་དམ་པར་ཆོས་ཉིད་སྐྱེ་བ་མེད་པ་ཡོངས་གྲུབ་ཆེན་པོའི་ལམ་ནས་མྱ་ངན་ལས་འདའ་བའི་གནས་གང་ཡིན་པ་འཐོབ་པར་འགྱུར་རོ་ཞེས་སྟོན་པའི་ཕྱིར། དེ་ལྟ་མོད་ཀྱི་སྲིད་པར་འདུ་བྱེད་པའི། །མཐོ་དམན་ལས་དང་དཀར་ནག་རྒྱུ་འབྲས་ཆོས། །ཀུན་ལས་འདས་པ་ཞི་བ་དམ་པའི་དངོས། །སྐྱེ་བ་མེད་པའི་ཆོས་ཉིད་རྟོགས་ལས་འབྱུང་། །འདི་ལྟར་འཁོར་བར་འདུ་བྱེད་པའི་རྒྱུའི་གཙོ་བོ་ནི་མ་རིག་པ་ལས་བྱུང་བའི་ལས་ཀྱི་མཐས་སྲིད་པའི་རྩེ་མོ་ནས་མནར་མེད་པའི་བར་གྱི་གནས་རིགས་མཐོ་དམན་དུ་འཁྲིད་པར་བྱེད་པ་དེ་ཡང་འོག་མའི་བློས་བཏགས་པ་ཙམ་ལས་དོན་ལ་མ་གྲུབ་པའི་ཆོས་ཉིད་ཞི་བ་ཆེན་པོ་སྐྱེ་བ་མེད་པ་ཉིད་དུ་མ་རྟོགས་


JL00_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

མོ་མཛེས་པས་བལྟ་ན་སྡུག་གོ །སྟེང་ན་བྲག་རྟའི་རྣ་བ་ལྟ་བུ་ལོགས་སུ་དཔྱངས་པས་རྟ་རྣའོ། །རྩེ་མོ་ནང་དུ་ཅུང་ཟད་འདུད་པས་རྣམ་འདུད་དོ། །ཐམས་ཅད་ཀྱི་མཐའ་མར་མུ་ཁྱུད་ལྟར་ཡོད་པས་མུ་ཁྱུད་འཛིན་ནོ། །རི་དེ་དག་གི་བར་བར་ན་ཀླུ་ཆེན་པོ། །བརྒྱད་རོལ་བར་བྱེད་ཅིང་ཡན་ལག་བརྒྱད་དང་ལྡན་པའི་མཚོ་བདུན་ཡོད་པས་རོལ་མཚོ་བདུན་ཞེས་གྲགས་སོ། །ཡན་ལག་བརྒྱད་ནི། འདུལ་བ་ལུང་ལས། བསིལ་དང་ཞིམ་དང་ཡང་དང་འཇམ། །དྭངས་དང་དྲི་མ་མེད་པ་དང་། །འཐུངས་ན་ལྟོ་བར་བྱམས་པ་དང་། །མགྲིན་པ་ལ་ཡང་མི་གནོད་དང་། །ཡན་ལག་བརྒྱད་ལྡན་ཆུར་འདོད་དོ། །ཞེས་སོ། །ཕྱིའི་འཁོར་ཡུག་གི་ལྕགས་རི་ནི་ལྕགས་ལས་གྲུབ་པ་མུ་ཁྱུད་འཛིན་གྱི་ཕྱེད་དང་མཉམ་མོ། །དེ་དག་གི་བར་མཚམས་མཐའ་དག་པའི་རྒྱ་མཚོ་ཆེན་པོ་ནི་བ་ཚྭ་ཅན་ནོ། །བ་ཚྭ་ཅན་གྱི་ཆུ་དང་ཁད་མཉམ་ལས་ཅུང་ཟད་མཐོ་བར་གླིང་བཞི་གླིང་ཕྲན་གྱི་རྩེ་མོ་འཐོན་ཞིང་། རྩ་བ་ནི་ཐུར་དུ་ཟུག་པའི་ཤར་གྱི་ལུས་འཕགས་གླིང་དབྱིབས་ཟླ་བ་ཕྱེད་པ་ལྟ་བུ། དེའི་མི་རྣམས་འཛམ་བུའི་གླིང་པ་ལས་ལུས་ཚད་ཆེས་ཆེ་བར་འཕགས་པས་ལུས་འཕགས་པོ་ཞེས་བྱའོ། །ལྷོ་ན་འཛམ་བུའི་གླིང་སོག་ཀའམ། ཤིང་རྟའི་དབྱིབས་ལྷོར་བསྟན་པ། དེའི་དབུས་ན་བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པ་རྣམས་འཚང་རྒྱ་བའི་གནས་རྡོ་རྗེའི་གདན། ཉན་ཐོས་ལྟར་ན་རྡོ་རྗེ་རྩེ་ལྔ་གྱེན་དུ་ཕྱོགས་པའི་དབུས་མ་ལ་བྱང་ཆུབ་ཀྱི་ཤིང་སྐྱེས་ཤིང་། རྭ་བཞི་པོར་མཆོད་རྟེན་གྱིས་མཚན་པར་འདོད་ལ། ཐེག་པ་ཆེན་པོ་པ་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བ་ལ་ཤིང་སྐྱེས་ཤིང་། རྭ་བཞི་པོར་རྡོ་རྗེ་ཕུར་བའི་མཆོད་རྟེན་རེས་མཚན་པར་འདོད་པ་བསྐལ་པ་བཟང་པོའི་སངས་རྒྱས་ཐམས་ཅད་འཚང་རྒྱ་བའི་གནས། མེ་བདུན་དང་ཆུ་གཅིག་


JL00_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པས་ཀྱང་མི་གནོད་པ་མཁའ་ལ་བླ་བྲེ་དཔྱངས་པ་ལྟར་གནས་པར་འདོད་དོ། །བྱང་ཆུབ་ཀྱི་ཤིང་དེ་ནི་སྔོན་སངས་རྒྱས་འོད་སྲུང་སངས་རྒྱས་པའི་ཚེ་ན་ནྱ་གྲོ་ཏ་དང་། ད་ལྟར་ཤཱཀྱ་ཐུབ་པ་སངས་རྒྱས་པའི་ཚེ་མྱ་ངན་མེད་པར་འདོད་ཅིང་། མ་འོངས་པ་ན་བྱམས་པ་འཚང་རྒྱ་བའི་ཚེ་ཀླུ་ཤིང་ལ་སོགས་རྣམ་གྲངས་སྟོང་དུ་མིང་འགྱུར་བའམ། གནས་འགྱུར་བ་ཉིད་དུ་བལྟའོ། །ནུབ་ན་འདོད་འཇོའི་བ་དང་གླང་པོ་ཆེ་ལ་ཤས་ཆེར་ལོངས་སྤྱོད་པས་ན་བ་གླང་སྤྱོད་བྱ་བའི་གླིང་དབྱིབས་ཟླུམ་པོ། བྱང་ན་འཆི་བའི་ཞག་བདུན་གྱི་གོང་ནས་དཔག་བསམ་གྱི་ཤིང་ལས་ཁྱོད་འཆིའོ་ཞེས་བྱ་བའི་སྒྲ་འབྱུང་བས་ན་སྒྲ་མི་སྙན་བྱ་བའི་གླིང་དབྱིབས་གྲུ་བཞི། གླིང་ཕྲན་རྣམས་ནི་གླིང་སོ་སོའི་ཕྱེད་ཕྱེད་ཀྱི་ཚད་ཅན་རང་རང་གི་གཡས་གཡོན་ན་ཡོད་དེ། ཤར་གླིང་ལ་ལུས་དང་ལུས་འཕགས་ཆུང་ངུ་། ལྷོ་གླིང་ལ་རྔ་ཡབ་དང་རྔ་ཡབ་གཞན། ནུབ་གླིང་ལ་གཡོ་ལྡན་དང་ལམ་མཆོག་འགྲོ། བྱང་གླིང་ལ་སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ་རྣམས་སོ་སོའི་མདུན་རི་རབ་ལ་བརྟེན་པའོ། །བརྟེན་པ་བཅུད་ཀྱི་སེམས་ཅན་རྣམས་ཀྱང་ས་གཞི་ལ་བརྟེན་པ་རྣམས་ནི་འོག་ནས་ཡས་ཆགས་ཏེ། དེ་ལ་ངན་སོང་དང་མཐོ་རིས་གཉིས་ལས། ངན་སོང་གི་དང་པོ་དམྱལ་བ་ནི་གངས་རི་ཏི་སེའི་འོག་ནས་ཐུར་དུ་དཔག་ཚད་ཉི་ཁྲི་ན་སོན་དམྱལ་བ་ཆེན་པོ་མནར་མེད་པའི་གནས། ལྕགས་ཀྱི་ཁང་པ་སྲིད་དང་ཞེང་དུ་དཔག་ཚད་ཉི་ཁྲི་བ་ཡོད། དེའི་སྟེང་ནས་རིམ་པ་བཞིན་ཡང་སོས་ལ་སོགས་པ་ཡོད་དོ། །སྡིག་པ་རླབས་ཆེན་སྤྱད་པ་རྣམས་ནི་ཐོག་མར་མནར་མེད་དུ་སྐྱེ་ལ། དེ་ནས་ཀྱང་ལས་རིམ་གྱིས་བསྲབ་པའི་རྒྱུ་འབྲས་དང་མཚུངས་པར། གྲང་དམྱལ་དང་། ཉི་ཚེ་བ་ལ་སོགས་པར་འཕོའོ། །ཡང་


JL00_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

སོས་ནས་བྱང་དུ་དཔག་ཚད་ཉི་ཤུ་ན་ཆུ་བུར་ཅན་གྱི་གནས་ཡོད་དེ། རིམ་བཞིན་ཆུ་བུར་རྡོལ་བ་ལ་སོགས་པ་འོག་ནས་འོག་ཏུ་ཡོད་དེ། ཉི་ཚེ་བ་ནི་གནས་ངེས་མེད་ན་ཡོད་ལ། ཉེ་འཁོར་བ་ནི་ཚ་དམྱལ་གྱི་འཁོར་ཕྱོགས་བཞིན་ལྷག་པའི་གནོད་པ་བཞི་བཞི་སྟེ་བཅུ་དྲུག་གི་ཚུལ་དུ་འཁོར་བའོ། །ཡི་དྭགས་ནི་གཙོ་བོར་གྱུར་པ་རྣམས་འཛམ་བུའི་གླིང་འདི་ཉིད་ལས་རྒྱལ་པོའི་ཁབ་ཀྱི་འོག་དཔག་ཚད་ལྔ་བརྒྱ་ན་ཡོད་ལ། ཡན་ལག་རྣམས་ནི་ལྷ་མིའི་གནས་མ་ངེས་པ་ན་ཡོད་དོ། །དུད་འགྲོ་ནི་བྱིངས་གནས་རྒྱ་མཚོ་དང་། ཁ་འཐོར་བ་ འདོད་པའི་ཁམས་མཐའ་དག་ན་ཡོད་དོ། །མཐོ་རིས་ཀྱི་དང་པོ་མི་རྣམས་ནི་གླིང་བདུན་ན་ཡོད་ལ། རྔ་ཡབ་གླིང་ཕྲན་ནི་སྲིན་པོའི་གནས་ཡིན་པས། ཡི་དྭགས་སྲིན་པོའི་རིགས་ཅན་དུ་བསྡུའོ། །མཐོ་རིས་ཀྱི་ཕྱོགས་གཉིས་པ་ལྷ་ལ་འདོད་ཁམས་དང་གཟུགས་ཁམས་གཉིས་ལས། འདོད་ལྷ་དྲུག་གི་དང་པོ་རྒྱལ་ཆེན་རིགས་བཞིའི་ལྷ་ནི་རི་རབ་ཀྱི་བང་རིམ་བཞི་དང་། ཉི་ཟླ་གཟའ་སྐར་གྱི་སྟེང་དང་། གསེར་གྱི་རི་བདུན་དང་། ཁོར་ཡུག་གི་རིའི་རྩེ་མོ་དང་། གཞན་ཡང་རི་དང་། ཤིང་དང་། ནགས་ཀྱི་ལྷ་ཡན་ཆད་རྒྱལ་ཆེན་བཞི་པའི་ལྷ་རིགས་སུ་གཏོགས་པས་གནས་རིགས་ཤིན་ཏུ་མང་ངོ་། །དེ་ཡང་བང་རིམ་དང་པོ་ལ་ལག་ན་གཞོང་ཐོགས་དང་། གཉིས་པ་ལ་མེ་ཏོག་ཕྲེང་ཐོགས་དང་། གསུམ་པ་ལ་སྦྲང་ཆང་གིས་རྟག་ཏུ་མྱོས་པ་དང་། བཞི་པ་ལ་རྒྱལ་ཆེན་རིགས་བཞི་པའི་སྡེ་དཔོན་གྱི་གནས། གཞི་ཐམས་ཅད་གསེར་གྱི་བྱེ་མ་དང་། མེ་ཏོག་མནྡཱ་ར་བས་ཁེབས་པ་ན། ཕོ་བྲང་གི་ངོས་རེ་ལ་དཔག་ཚད་ཉིས་བརྒྱ་ལྔ་བཅུ་པ་རེ་ཡོད་པའི་མིང་ཤར་ན་ཡུལ་འཁོར་སྲུང་། ལྷོ་ན་འཕགས་སྐྱེས། ནུབ་ན་སྣ་ཚོགས་གཟུགས། བྱང་ན་ལྕང་ལོ་ཅན་རྣམས་ལ་རང་རང་གི་སྡེ་


JL00_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་ཆེན་པོ་བཞི། ཤར་ཕྱོགས་པ་ལ་དྲི་ཟ། ལྷོ་ཕྱོགས་པ་ལ་གྲུལ་བུམ། ནུབ་ཕྱོགས་པ་ལ་ཀླུ། བྱང་ཕྱོགས་པ་ལ་གནོད་སྦྱིན་གྱི་རིགས་རྣམས་ཀྱིས་བསྐོར་ཞིང་། འབྱོར་བ་ལོངས་སྤྱོད་དང་སྐྱེད་མོས་ཚལ་ལ་སོགས་པ་དཔག་ཏུ་མེད་དོ། །ལྷུན་པོའི་ཕྱེད་གཉའ་ཤིང་འཛིན་གྱི་རྩེ་དང་ཐད་མཉམ་པ་ན་ཉི་ཟླ་གཟའ་སྐར་གྱི་ལྷའི་གྲོང་ཁྱེར་སྐྱེད་མོས་ཚལ་དང་བཅས་པའི་སྣོད་ལྟ་བུར་གྱུར་པ། ཉི་མའི་དཀྱིལ་འཁོར་ལ་དཔག་ཚད་ལྔ་བཅུ་ང་གཅིག ཁོར་ཡུག་ལ་དེའི་སུམ་འགྱུར་འོག་གཞི་མེ་ཤེལ་ལས་གྲུབ་པས་རབ་ཏུ་ཚ་ཞིང་འོད་ཟེར་འབར་བའོ། །ཟླ་བའི་དཀྱིལ་འཁོར་དཔག་ཚད་ལྔ་བཅུ། ཁོར་ཡུག་ལ་དེའི་སུམ་འགྱུར། འོག་གཞི་ཆུ་ཤེལ་ལས་གྲུབ་པས་བསིལ་ཞིང་ཁ་དོག་དཀར་བའོ། །གཉིས་ཀའི་སྲིད་དུ་དཔག་ཚད་ཕྱེད་དང་དྲུག་དང་དཔག་ཚད་ཀྱི་བཅོ་བརྒྱད་ཆ་གཅིག་སྟེང་དུ་གནས་སོ། །ཉི་མའི་སྟེང་གི་ཁོར་ཡུག་ལ་གསེར་གྱི་རྭ་བ་དང་ཟླ་བ་ལ་དངུལ་གྱི་རྭ་བས་ལེགས་པར་བསྐོར་བ་ལ་རིན་པོ་ཆེ་སྣ་བཞི་ལ་སོགས་པའི་ལྕོག་ཡོན་ཏན་ཕུན་སུམ་ཚོགས་པ་དང་། དེ་གཉིས་ཀྱི་ནང་ན་ལྷའི་བུ་ཉི་མ་དང་། ཟླ་བའི་གྲོང་ཁྱེར་རིན་པོ་ཆེ་སྣ་བཞི་ལས་གྲུབ་པ་ལྷ་དང་ལྷ་མོ་མང་པོས་གང་ཞིང་དགའ་བར་བྱས་པ་ཡོད་དོ། །སྐར་མ་རྣམས་ཆུ་ཤེལ་ལས་གྲུབ་པའི་སྟེང་གི་ཆ་ག་གསེར་གྱི་རྭ་བས་བསྐོར་བ་ན། ས་གཞི་དང་ལམ་སྲང་བཟང་པོ་ལྷའི་གྲོང་ཁྱེར་དང་བཅས་པ་སྟེ། སྐར་མ་ལ་ལ་གསེར་ཟངས་འཁོར་བ་ཅི་རིགས་པའང་ཡོད་ལ་ཆེ་བ་རྣམས་རྒྱང་གྲགས་དྲུག་ནས་ཆུང་བ་རྒྱང་གྲགས་གཅིག་གི་བར་རོ། །ཆེ་ཚད་རྒྱང་གྲགས་བཅོ་བརྒྱད་དུ་འདོད་པའང་ཡོད་དོ། །འདོད་ལྷའི་གནས་གཉིས་པ་ནི། རི་རབ་ཀྱི་སྟེང་ན་ཉེ་དབང་གི་གནས་མ་འདྲེས་པ་དང་། ཆོས་བཟང་ལྷའི་འདུན་ས་ལ་སོགས་པ་སུམ་ཅུ་རྩ་གསུམ་ན་གཙོ་བོ་ཉེ་དབང་སོ་གཉིས། ལྷའི་དབང་པོ་དང་རྩ་གསུམ་ཡོད་པས་སུམ་


JL00_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

ཅུ་རྩ་གསུམ་པ་ཞེས་བྱའོ། །དེ་ན་ལྷའི་གྲོང་ཁྱེར་བལྟ་ན་སྡུག་ཅེས་བྱ་བ་གཅིག་པ་གསེར་ལས་བྱས་ཤིང་གསེར་གྱི་རྭ་བས་བསྐོར་བའི་དབུས་ན་རྣམ་པར་རྒྱལ་བའི་ཁང་བཟང་ངོས་རེ་རེ་ལ་དཔག་ཚད་ཉིས་བརྒྱ་ལྔ་བཅུ་པ། སྲིད་དུ་དཔག་ཚད་བདུན་པ། ནང་གི་རྐང་རྟེན་དང་ཐེམ་སྐས་དང་། ཀ་བ་རྣམས་རིན་པོ་ཆེ་སྣ་བཞི་ལས་གྲུབ་པ། ཀ་བདག་གཞུ་དང་། བྲེ་དང་། ཕྱ་མ་གདུང་རྣམས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་ཅིང་། རིན་པོ་ཆེའི་དྲྭ་བ་དང་ཆུན་འཕྱང་གིས་སྤྲས་པ། ཁང་བཟང་དེ་ལ་བ་གམ་བརྒྱད་ཡོད་པའི་རེ་རེ་ལའང་ཁང་བུ་བརྩེགས་པ་བདུན་བདུན་དེ་རེ་རེ་ནའང་གནས་ཁང་བདུན་བདུན་དང་བཅས་པ། དེ་ལ་ཡོངས་སུ་བསྐོར་བའི་གྲོང་ཁྱེར་བལྟ་ན་སྡུག་དེའི་ནང་གི་གཞི་ཐམས་ཅད་དབྱིབས་ལེགས་ཤིང་མིང་དོན་མཐུན་པ། ཚོན་སྣ་བརྒྱ་རྩ་གཅིག་གིས་བཀྲམ་པར་བྱས་ཤིང་མནན་ན་ནེམ་བྱེད་པ། བཏེག་ན་སྤར་བྱེད་པ། ཤིང་བལ་ལྟར་འཇམ་པ། སྒོ་ཆེན་དགུ་བརྒྱ་དང་དགུ་བཅུ་རྩ་དགུ་ཡོད་པ། ཐམས་ཅད་ཀྱང་དཔངས་སུ་དཔག་ཚད་ཕྱེད་དང་གསུམ་ལ་ཞེད་དུ་ཕྱེད་གཉིས་པ། ཟླ་བ་ཚེས་པ་ལྟ་བུ་དང་། བ་ལང་གི་རྨིག་པ་ལྟ་བུ་དང་། མེ་ལོང་ལྟ་བུ་དང་། སྐར་མའི་གཟུགས་སུ་བྱས་པའི་ནོར་བུ་སྣ་ཚོགས་པའི་སྒོ་རྒྱན་ཅན། སྒོ་རེ་རེར་ཡང་ལྷའི་སྲུང་མ་གོ་མཚོན་ཅན་ལྔ་བརྒྱ་ལྔ་བརྒྱ་ཡོད་པ། གྲོང་ཁྱེར་གྱི་ཕྱི་རོལ་རིན་པོ་ཆེའི་ར་བ་བདུན་གྱིས་བསྐོར་ཞིང་པར་བར་རྣམས་འོབས་དང་བཅས་པའང་ཆུ་མཚོ་དང་པ་ཅན་གྱིས་མཛེས་པའོ། །རི་དབང་གི་རྩེ་མོའི་མཚམས་བཞིའི་ཁང་བུ་བརྩེགས་པ་ལ་གནོད་སྦྱིན་ལག་ན་རྡོ་རྗེ་ཞེས་བྱ་བའི་ལྷའི་རིགས་གནས་པ། གྲོང་ཁྱེར་བལྟ་ན་སྡུག་ནས་དཔག་ཚད་ཉི་ཤུར་དཔགས་པའི་ས་ན་ལྷ་རྣམས་ཀྱི་སྐྱེད་མོས་ཚལ་བཞི་ཡོད་དོ། །ཤར་ན་ཤིང་རྟ་སྣ་ཚོགས་


JL00_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚལ་ཞེས་བྱ་བ་རིན་པོ་ཆེའི་ཤིང་སྣ་ཚོགས་དང་། གསེར་དངུལ་བཻ་ཌཱུརྱ་དང་ཤེལ་ལས་བྱས་པའི་ཕ་གུས་བརྩིགས་ཤིང་ཐེམ་སྐས་ཡོད་པའི་རོ་བྲོ་བའི་རྫིང་བུ་བཞི་དང་། ལྷའི་གོས་དང་། མེ་ཏོག་དང་། འབྲས་བུ་མང་པོས་བརྒྱན་ཅིང་ཤིང་རྟ་བཟང་པོ་ལྷའི་བུ་མོས་མཛེས་པས་དགའ་བར་བྱས་པས་འདྲེན་པའོ། །ལྷོ་ན་རྩུབ་འགྱུར་ཞེས་བྱ་བའི་ཚལ། ལྷ་རྣམས་དེར་སོང་ན་ལྷ་མ་ཡིན་དང་གཡུལ་འགྱེད་པར་སྤྲོ་ཞིང་། ཤིང་ལས་རིན་པོ་ཆེའི་གོ་ཆ་སྲ་བ་དང་། འཁོར་ལོ་དང་། མངའ་བོ་ཆེ་ལ་སོགས་པའི་མཚོན་ཆ་སྣ་ཚོགས་འབྱུང་བ་ཡོད་དོ། །ནུབ་ན་འདྲེས་པའི་ཚལ་ཞེས་བྱ་བ་འདོད་དགུ་འདྲེས་མར་འབྱུང་བ་དང་། རིན་པོ་ཆེའི་ཤིང་དང་། མེ་ཏོག་དང་། ལྷའི་བུ་མོ་ལ་སོགས་པའང་འདྲེས་ཤིང་། ལོངས་སྤྱོད་རྣམས་ཀྱང་འཆོལ་བར་འཁྱམ་མོ། །བྱང་ན་དགའ་བའི་ཚལ་ཞེས་བྱ་བ། རྫིང་བུ་བཟང་པོ་དགའ་བ་ཞེས་བྱ་བ་དང་། ཤིང་དང་། མེ་ཏོག་དང་། ལྷའི་བུ་མོ་དགའ་བས་བརྒྱན་པ་སྟེ། དེར་སྤྱད་པས་དགའ་བ་འཕེལ་བའོ། །ཚལ་དེ་ན་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་གི་གཟིམས་ཁྲི་རིན་པོ་ཆེའི་ལྗོན་པའི་ནང་ན་ཡོད་པའི་འོད་ཟེར་གྱི་བྱིན་ལྷའི་དབང་པོའི་བསོད་ནམས་ཀྱིས་བཟོད་པས་བལྟས་པ་ན། དེའི་ལོགས་ལ་ལྷ་རྣམས་ཀྱི་ཚེ་རབས་དང་། ལེགས་ཉེས་དང་། གཡུལ་དུ་འཇུག་པ་ལ་གནོད་པས་བརྫི་བར་ནུས་པ་དང་མི་ནུས་པའི་མཚན་མ་མཐའ་དག་མེ་ལོང་ལ་གཟུགས་བརྙན་བཞིན་དུ་གསལ་བ་ཡོད་དོ། །དེ་དག་ཀྱང་རྒྱ་ཆེ་ལ་དབྱིབས་ལེགས་པ། གསེར་གྱི་རབ་དང་། རིན་པོ་ཆེའི་ལྕོག་གིས་ཀུན་ནས་མཛེས་པའོ། །དེའི་ཕྱི་རོལ་ན་མིང་དང་བཀོད་པ་མཐུན་པའི་ས་གཞི་བཟང་པོ་བཞི་ཡོད་དེ། སྣ་ཚོགས་ཞེས་བྱ་བ་དང་། འདྲེས་པ་ཞེས་བྱ་བ་དང་། རྩུབ་འགྱུར་ཞེས་བྱ་བ་དང་། དགའ་བ་ཞེས་བྱ་བ་དག་ཡོད་


JL00_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །དེ་དག་གི་ཚད་དང་བཀོད་པ་ནི་ཚལ་རྣམས་དང་མཚུངས་པ་ལ། བར་བར་ན་འཆག་ས་དང་། འདུག་སའི་ཤང་ཤོང་མཉམ་པ་ཡིད་དུ་འོང་བ་ཐད་ཀ་མཉམ་པར་ཡོད་དོ། །གྲོང་ཁྱེར་དང་ཚལ་དང་། ས་གཞི་དག་ཏུ་འགྲོ་བའི་བར་གྱི་ལམ་སྲང་ཐམས་ཅད་དབྱིབས་ལེགས་ཤིང་བགྲོད་པ་འཇམ་ལ། ཙན་དན་གྱི་ཆུས་ཆག་ཆག་བཏབ་པ། རྟ་དང་གླང་པོ་དང་། ཤིང་རྟ་ལ་སོགས་པའི་བཞོན་པ་དུལ་བས་གང་བ། དེ་དག་གི་ནང་ནས་ཀྱང་གླང་པོ་ཆེས་སྲུང་གི་བུ་ལུས་དཔག་ཚད་སྟོང་པ་ནི་སྤྲུལ་པའི་རང་བཞིན་དུ་དྲན་པ་ཉེར་གཞག་ནས་བཤད་ཅིང་། རྟའི་མཆོག་ནི་སྤྲིན་གྱི་ཤུགས་ཅན་ནོ། །བཞི་མདོ་དེ་དག་ཀྱང་། ཨུཏྤལ་དང་། པདྨ་ཆེན་པོ་ལ་སོགས་པའི་མེ་ཏོག་སྣ་ཚོགས་ཀྱིས་ཁེབས་པ། རྫིང་བུ་ཆུ་བྱ་ཅན་སྙན་པར་སྒྲོགས་པ་དང་། ལྗོན་པའི་ཤིང་བལ་ལས་གོས་དང་། མེ་ཏོག་སྣ་ཚོགས་པ་འབྱུང་བ་ནི་ཀུན་ཏུ་ཡོད་དོ། །གྲོང་ཁྱེར་མཆོག་དེའི་བྱང་ཤར་ན་ལྷ་རྣམས་འདུ་བའི་གཞི་རི་རབ་ཀྱི་ས་གཞི། བརྟོལ་ནས་བྱུང་བའི་ཤིང་ཡོངས་འདུ་ས་བརྟོལ་ཞེས་བྱ་བ། གྱེན་དུ་དཔག་ཚད་བརྒྱར་འཕགས་པའི་ཡན་ལག་ཕྱོགས་བཞིར་གྱེས་པ་ལ། ལོ་མ་དང་མེ་ཏོག་དང་། འབྲས་བུས་གང་བ། རྩེ་མོ་ཀུན་ནས་ཟླུམ་པ་གདུགས་ལྟར་འདུག་པ་ལས་རིན་པོ་ཆེའི་དྲྭ་བ་དང་། ལྷའི་གོས་ཀྱིས་དཔྱངས་པའི་འོད་ཀྱིས་ཕྱོགས་རྣམས་གསལ་བ། དྲི་བསུང་ཞིམ་པོས་དཔག་ཚད་བརྒྱར་ཁྱབ་པ། ལྷ་རྣམས་ཀྱིས་འདོད་པའི་ཡོན་ཏན་ཡིད་ལ་བསམ་པ་དང་མཉམ་དུ་འབྱུང་བའི་ཤིང་དེའི་དྲུང་ན། རིན་པོ་ཆེ་ཨ་མོ་ནི་ཀ་ལྟར་དཀར་བའི་རྡོ་ལེབ་ཆུ་ཞེང་དཔག་ཚད་ལྔ་བཅུ་པ། དབྱིབས་ལེགས་ཤིང་། ཚོན་སྣ་བརྒྱ་ཕྲག་གཅིག་གིས་བཀྲ་བར་བྱས་པའི་གཞི་འཇམ་ཞིང་། མནན་ན་ནེམས་པ། བཏེགས་ན་


JL00_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

སྤར་བྱེད་པ། དེའི་འགྲམ་ཐམས་ཅད་ཤིང་དང་། མེ་ཏོག་དང་། གོས་དང་། ནོར་བུ་དང་། རྒྱན་དང་། རོལ་མོ་དང་། བདུད་རྩི་དང་། ཁ་ཟས་རོ་བརྒྱ་པ་དང་། ཤིང་རྟ་སྣ་ཚོགས་དང་། ཁང་བུ་བརྩེགས་པ་དང་། རྩེད་འཇོ་དང་གླུ་གར་བྱེད་པའི་ལྷའི་བུ་དང་བུ་མོ་མང་པོས་གང་བ་ཡོད་དོ། །རྡོ་ལེབ་དེའི་སྟེང་མེ་ཏོག་མནྡཱ་ར་བས་པུས་ནུབ་ཙམ་དུ་ཁེབས་པའི་དབུས་ན་དབང་པོའི་ཁྲི་ལ་ལྷ་གཞན་རྣམས་ཀྱི་ཁྲིས་བསྐོར་བ། ལྷ་ཉུང་ངུར་འདུས་ཀྱང་ཡངས་པར་མི་མངོན། མང་པོས་ཀྱང་དོག་པར་མི་མངོན་པ་དེར་སུམ་ཅུ་རྩ་གསུམ་པ་རྣམས་དབྱར་ཟླ་ར་བ་ལ་འདུག་ནས་འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་དོ། །གྲོང་ཁྱེར་བལྟ་ན་སྡུག་དེའི་ལྷོ་ནུབ་ན་ཆོས་བཟང་ལྷའི་འདུན་ས་ཡོད་དེ། ཀུན་ནས་ཟླུམ་པོར་གྱུར་པའི་མཐའ་སྐོར་དཔག་ཚད་དགུ་བརྒྱ་བའི་དབུས་ན་བཻ་ཌཱུརྱ་ལས་བྱས་པའི་ཀ་བ་ཟུར་བརྒྱད་པ་སྐྲ་རྩེ་ཙམ་གྱིས་ཁང་པ་བརྩེགས་པའི་རྟེན་ལ་མ་རེག་པར་བཏེག་པའི་རིན་པོ་ཆེའི་ཁང་བརྩེགས་དོན་ཐམས་ཅད་གྲུབ་པར་བྱེད་པ་ཞེས་བྱ་བ་འོད་ཟེར་བརྒྱ་ཕྲག་འབར་བའི་དྲུང་ན། ལྷ་རྣམས་རང་གི་སྲིད་བསྲུང་བ་དང་། ཡང་དག་པར་བྱ་བའི་དོན་བསྒྲུབ་པ་ལ་འདུན་ཅིང་། འགྲོ་བའི་སླད་དུ་འདུས་ནས་བྱ་བ་དང་བྱ་བ་མ་ཡིན་པ་ལ་བླང་དོར་བྱེད་པའི་གནས་ཡིན་པས་ན་འདུན་ས་ཞེས་བྱའོ། །གནས་རིས་དེ་དག་དང་གཞན་གྱི་ཚད་དང་བཀོད་པ་ཧ་ཅང་ཞིབ་པ་ནི་ཡི་གེ་མངས་ཀྱིས་དོགས་ནས་མ་བཤད་དོ། །དེ་ལྟར་འདོད་ཁམས་ཀྱི་ལྷ་གནས་གཉིས་པོ་དེ་ནི་ས་གཞི་ལ་བརྟེན་པ་ཡིན་ནོ། །ནམ་མཁའ་ལ་གནས་པའི་འདོད་ལྷ་བཞིའི་གནས་ནི། ཟག་བཅས་བསོད་ནམས་ཆ་མཐུན་གྱི་དགེ་བའི་རྒྱུ་ལས་འདོད་པའི་ལྷ་གནས་ས་གཞི་དང་མ་འབྲེལ་བ་བཞིར་གྲུབ་སྟེ། འཐབ་བྲལ་དང་། དགའ་


JL00_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་རྣམས་སོ། །དེ་དག་རྣམས་ཀྱི་གཞལ་ཡས་ཁང་ནི་སུམ་ཅུ་རྩ་གསུམ་པའི་སྟེང་གི་ནམ་མཁའ་ལ་གཟའ་སྐར་བཀྲམ་པ་ལྟར་ཡོད་དེ། རྒྱ་ཁྱོན་ནི་སུམ་ཅུ་རྩ་གསུམ་པའི་ཉིས་འགྱུར་འཐབ་བྲལ་ལ་ཡོད་པ་བཞིན་གོང་མ་གོང་མ་ཉིས་འགྱུར་གྱི་དཔག་པ་ཤེས་པར་བྱའོ། །བདུད་ཀྱི་རྒྱལ་པོ་དགའ་རབ་དབང་ཕྱུག་འཁོར་དང་བཅས་པ་ཡང་གཞན་འཕྲུལ་དབང་བྱེད་ཀྱི་ནང་དུ་གཏོགས་ལ་གནས་གཞན་ཁྱད་པར་ཅན་ཡིན་ནོ། །དེ་ལས་གནས་རིགས་གཞན་ལ་ལྷ་མ་ཡིན་རྣམས་ཀྱང་འདོད་ཁམས་པ་ཡིན་ཏེ། ལུས་དང་། རྫུ་འཕྲུལ་དང་། ལོངས་སྤྱོད་དང་། འདོད་པའི་རང་བཞིན་ལྷ་དང་འདྲ་ཡང་རིགས་དང་སྐལ་བ་མི་འདྲ་བས་ལྷ་མ་ཡིན་ཞེས་བྱ་སྟེ། དེར་སྐྱེ་བའི་སྒྱུ་ནི། སྔོན་གྱི་ལས་དགེ་སྡིག་སྤེལ་མར་འདྲེས་པས། འགྲོ་བ་གང་དུ་འཕེན་ཞིང་སྐྱེ་བ་འགྲུབ་པའི་ལས་དང་། བདེ་བ་དང་། སྡུག་བསྔལ་བ་ལ་སོགས་རྫོགས་པར་བྱེད་པའི་ལས་ཐ་དད་དུ་བསགས་པ་སྟེ་འདི་དག་རྒྱུ་འཕེན་བྱེད་ཡི་དྭགས་ཀྱི་ལས་ཀྱིས་འཕངས་ཀྱང་། རྫོགས་བྱེད་བསོད་ནམས་ཆ་མཐུན་ལྷའི་དགེ་བས་རྫོགས་པར་བྱས་པས་ལྷ་དང་འགྲན་པའི་དཔལ་འབྱོར་ཡོད་དོ། །དེའང་གསེར་གྱི་ས་གཞི་ནས་རི་རབ་ཀྱི་ཆུ་མཚམས་མན་ཆོད་ཀྱི་ཁོང་སེང་ན་དེ་དག་གི་གནས་ཡོད་པའི་གནས་ཀྱང་གོང་མ་ལས་འོག་མ་བཟང་། རི་རབ་ཀྱི་ཆུ་མཚམས་ཁོང་སེང་ན་སྒྲ་གཅན་འཛིན། དེའི་འོག་ན་མགུལ་ཕྲེང་དང་། སྐར་ཕྲེང་། གསེར་གྱི་ས་གཞི་ལ་ཐགས་བཟང་རིས་གནས་པའི་གོང་མ་གསུམ་གྱི་དཔལ་དང་སྐལ་བ་ནི་རྒྱལ་ཆེན་རིགས་བཞིའི་ལྷ་དང་མཉམ་མོ། །གསེར་གྱི་ས་གཞི་ལ་གནས་པ་


JL00_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་ནི་ལྷ་རྣམས་ཀྱི་འབྱོར་བ་ལྟ་བུའི་གནས་དང་བཀོད་པ་ཡོད་དེ། རྣམ་པར་རྒྱལ་བའི་ཁང་བཟང་དང་མཚུངས་པའི་ཁང་བཟང་གདམས་པ་ཅན། བལྟ་ན་སྡུག་པ་དང་མཉམ་པའི་གྲོང་ཁྱེར་གསེར་ལྡན། དེ་བཞིན་འདུན་ས་ནོར་བཟང་སྐྱེད་མོས་ཚལ་དང་། ཀུན་དགའ་རྭ་བ་དང་། དགའ་བ་དང་། དགའ་བའི་ཀུན་དགའ་རྭ་བ། ས་གཞིའི་མིང་ཡང་དེ་དང་འདྲ་སྟེ། ཡོངས་འདུ་ས་བརྟོལ་དང་མཉམ་པའི་ཤིང་ཅི་ཏྲ་བ་ཏྲི། རྡོ་ལེབ་ནི་རབ་ཏུ་བཟང་པོ། སྐྱེད་ཚལ་དུ་སྤྱོད་པའི་གླང་པོ་ཏི་སེ་གངས་བརྩེགས། གཡུལ་ངོར་སྤྱོད་པ་བཟོད་དཀའ། རྟའི་རྒྱལ་པོ་མྱུར་བ་ལ་སོགས་པ་རྣམས་ལྷའི་དཔལ་འབྱོར་གྱི་འགྲན་ཟླ་ལྟ་བུར་གྲུབ་པའོ། །ལྷ་མ་ཡིན་གྱི་ཁོང་སུ་གཏོགས་པ་གཞན་ནི་འཛམ་བུའི་གླིང་དང་། གླིང་ཕྲན་དང་། རྒྱ་མཚོ་དང་། མུ་ཁྱུད་དང་། རི་རབ་ལ་སོགས་ངེས་པ་མེད་པ་ན་ཡོད་དེ་བདུད་ཀྱི་རིགས་ཀྱི་མི་མ་ཡིན་རྣམས་སོ། །འཇིག་རྟེན་ན་ས་གཡོ་བའི་རྒྱུའང་དགེ་མི་དགེ་ལས་གཡོ་བ་རླུང་ས་འཛིན་གྱི་ཆུ་གཡོས་པ་ལས་འབྱུང་ཡང་། ཀླུའི་རྒྱལ་པོ་རབ་འཇོམས་དང་། ནག་པོ་དང་། བསྒྱིངས་པ་དང་། ཧུ་ལུ་ཧུ་ལུས་སུ་ཆོས་དང་མི་ལྡན་པ་དེའི་ཚེ་ལྷ་མ་ཡིན་མགུལ་ཕྲེང་ལ་སོགས་པས་བསྐུལ་ནས་ཆུ་ལས་ས་གཡོ་བར་བྱེད་ཅིང་། རྒྱ་མཚོའི་ནང་དུ་གཡུལ་འགྱེད་པ་ལ་སོགས་དྲན་པ་ཉེར་བཞག་ལས་བཤད་དོ། །འདོད་པའི་གནས་རིས་བསྟན་ཟིན་ཏོ། །འདོད་ཁམས་ལས་གྱེན་དུ་དཔག་ཚད་བཞི་ཁྲི་འཕགས་པའི་ནམ་མཁའ་ལ་གཟུགས་ཀྱི་ཁམས་གནས་རིས་བཅོ་བརྒྱད་ཡོད་དེ། དེའང་སྔོན་བསམ་གཏན་ཟག་བཅས་བསོད་ནམས་སྐྱེས་ཆུང་འབྲིང་ཆེ་གསུམ་རིམ་པར་གོམས་པ་ལས་འབྲས་བུ་ཆེ་བའི་བར་དུ་སྐྱེ་བའི་ཚུལ། ཚངས་རིས་དང་། ཚངས་པ་མདུན་ན་འདོན་དང་། ཚངས་ཆེན་གསུམ་ནི་བསམ་གཏན་


JL00_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ཆུང་འབྲིང་ཆེན་པོ་ཐོབ་པ་ལས་བྱུང་ངོ་། །འོད་ཆུང་དང་། ཚད་མེད་འོད་དང་། འོད་གསལ་གསུམ་ནི་བསམ་གཏན་གཉིས་པ་ཆུང་འབྲིང་ཆེ་གསུམ་ཐོབ་པ་ལས་བྱུང་ངོ་། །དགེ་ཆུང་དང་། ཚད་མེད་དགེ་དང་། དགེ་རྒྱས་གསུམ་ནི་བསམ་གཏན་གསུམ་པ་ཆུང་འབྲིང་ཆེ་གསུམ་ཐོབ་པ་ལས་བྱུང་ངོ་། །སྤྲིན་མེད་དང་། བསོད་ནམས་སྐྱེས་དང་། འབྲས་བུ་ཆེ་བ་གསུམ་ནི། བསམ་གཏན་བཞི་པ་ཆུང་འབྲིང་ཆེ་གསུམ་ཐོབ་པ་ལས་བྱུང་ངོ་། །དེ་དག་ནི་སོ་སོ་སྐྱེ་བོའི་གནས་གཞན་བཞིའོ། །དེའི་གོང་ན་ཉན་རང་འཕགས་པའི་གནས་གཙང་རིས་ལྔ་ཡོད་དེ། མི་ཆེ་བ་དང་། མི་གདུང་བ་དང་། གྱ་ནོམ་སྣང་བ་དང་། ཤིན་ཏུ་མཐོང་བ་དང་། འོག་མིན་རྣམས་སོ། །དེའང་བསམ་གཏན་བཞི་པོ་སྤེལ་མར་བསྒོམས་པ་ལས་གྲུབ་སྟེ། བསམ་གཏན་དང་པོ་དང་བཞི་པ་སྤེལ་པ་ཆུང་ངུ་དང་གཉིས་བསྡོམས་པ་ལས་བཞི་པོ་སྤེལ་བ་འབྲིང་། དང་པོ་གཉིས་པ་གསུམ་པ། གསུམ་དང་བཞི་པོ་སྤེལ་བ་ཆེན་པོ། བཞི་པོ་ནང་ཚན་རེ་རེ་བཞི་པོ་དང་སྤེལ་བ་ཆེས་ཆེ་བ། དེ་དག་ཐོད་རྒལ་དུ་བསྒོམས་པས་མཆོག་ཏུ་ཆེན་པོའོ། །ཐོད་རྒལ་ནི། བཞི་པོའི་ལ་ལ་དོར་བ་ནས་འཕྱོངས་པའི་བར་དུ་བསྒོམས་པས་ཏེ། མས་ཡར་རིམ་དང་། རིམ་མིན་དུ་གཅིག་ནས་གསུམ་གྱི་བར་ནས། ཡས་མར་བོར་བའི་བར་དུ་བཞི་པ་བསྒོམས་པའོ། །དེ་དག་ལས་འདས་པ་ན་སྲིད་པ་ཐམ་པ་ས་བཅུ་ཡོངས་སུ་རྫོགས་པ་རྣམས་སྐྱེ་བའི་གངས་འོག་མིན་རྣམ་མཛེས་དབང་ཕྱུག་ཆེན་པོའི་གནས་ཡོད་དེ། ཉན་རང་འཕགས་པ་གཙང་རིས་ལྔ་བགྲོད་པ་ལས་བྱང་ཆུབ་སེམས་དཔའ་འཕགས་པར་གནས་ཀྱི་ཁྱད་པར་གྱིས་ཀྱང་ཆེ་བར་ཤེས་པར་བྱའོ། །སྐྱེ་མཆེད་སྐྱེ་བཞི་ནི་དངོས་སྣང་གི་གཟུགས་སུ་གྲུབ་པ་མེད་


JL00_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

པས་སྲིད་པའི་རྩེ་མོར་བརྡར་བཏགས་པ་ཙམ་སྟེ། དེའི་གནས་སུ་གྲུབ་པའང་ཕྲ་རགས་གཉིས་ཀ་མེད་དོ། །གཟུགས་ཁམས་ཀྱི་ལྷ་གནས་ཚངས་རིས་ནས་བཟུང་བསམ་གཏན་བཞི་པོའི་རྒྱ་ཁྱོན་ནི་རིམ་པ་བཞིན། གླིང་བཞི་དང་། སྟོང་དང་པོ་སྤྱི་ཕུད་དང་། སྟོང་གཉིས་པ་བར་མ་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་རེ་རེ་དང་མཚུངས་ལ། གཙང་རིས་ལྔ་ལ་རྒྱ་ཚད་མེད་དེ། ནམ་མཁའ་ལ་གཟའ་སྐར་བཀྲམ་པ་བཞིན་ནོ། ཁྱད་པར་འོག་མིན་རྣམ་མཛེས་ཆེན་པོ་ནི་སྤྲུལ་པའི་རང་སྣང་གིས་བསྡུས་པས་དངོས་སྣང་མེད་དོ། །སྟོང་གསུམ་གྱི་སྟོང་ཆེན་པོ་ལ་སོགས་པའི་བགྲང་གཞི་ནི་མངོན་པ་མཛོད་ལས། གླིང་བཞི་དང་ནི་ཉི་ཟླ་དང་། །རི་རབ་དང་ནི་དེ་འདོད་ལྷར་བཅས། །ཚངས་པའི་འཇིག་རྟེན་སྟོང་ལ་ནི། །སྟོང་ནི་སྤྱི་ཕུད་ཡིན་པར་འདོད། །དེ་སྟོང་ལ་ནི་སྟོང་གཉིས་པ། །བར་མའི་འཇིག་རྟེན་ཁམས་ཡིན་ནོ། །དེ་སྟོང་ལ་ནི་སྟོང་གསུམ་སྟེ། །མཉམ་དུ་འཇིག་ཅིང་འབྱུང་བ་ཡིན། །ཅེས་པས་སྟོང་གསུམ་དེ་དག་བགྲང་གཞིའི་ངོས་ནས་ཐ་དད་པར་སྣང་ཀྱང་། འོག་གཞི་རླུང་གི་དཀྱིལ་འཁོར་གཅིག་ལ་བརྟེན་པས་ན་གནས་པ་དང་འཇིག་པའི་དུས་ནི་གཅིག་པ་ཉིད་དོ། །དེ་ལྟ་བུའི་མི་མཛོད་འཇིག་རྟེན་བྱེ་བ་ཕྲག་བརྒྱ་བོ་ཆགས་པ་ལ་བར་གྱི་བསྐལ་པ་གཅིག་སྟེ། དེའི་རིང་སྣོད་ཀྱི་འཇིག་རྟེན་འདི་སྟོངས་པའི་རང་བཞིན་འགྲོ་བ་མེད་པ། རྩི་ཤིང་མེ་ཏོག་དང་འཇག་མའི་གླིང་དུ་གནས་སོ། །དེ་ནས་བཅུད་ཆགས་ཚུལ་ནི་ཡས་ནས་རིམ་བཞིན་ཏེ། བདུད་རྩིའི་ཆར་བབས་པས་ས་ལས་རླངས་བྱུང་། རིན་པོ་ཆེའི་ཤིང་སྣ་ཚོགས་པདྨའི་རང་བཞིན་དུ་སྨིན་པར་བྱས་པས། ཐོག་མའི་སྣོད་ཀྱི་རྟེན་གཞིའི་འབྱུང་བ་བཞི་ཆགས་པའི་དུས་སོ་སོའི་འདབ་འབྱོར་དུ་རང་བྱུང་བའི་སྲིད་པའི་སེམས་ཅན་རླུང་གི་ལྷ་མོ་བཞི་དང་། ཆུའི་ལྷ་


JL00_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

མོ་གར་བྱེད་པ་མང་པོ། སའི་ལྷ་མོ་བཞི་དང་། ཀླུའི་བུ་སྟོབས་ལྡན་བཞི་རྣམས་ཀྱི་ཡིད་ཞུགས་པ་དང་བཅས་པའི་སྒྲས་སྲིད་རྩེའི་གཟུག་པ་མེད་སྨིན་རུང་གི་རྣམ་ཤེས་བག་ལ་ཉལ་མངོན་གྱུར་དུ་སད་པའི་རྐྱེན་བྱེད་པར་བཤད་པ་ནི་སྲིད་པ་ཆགས་ཚུལ་རང་སྲའི་གྲུབ་མཐའ་ཏེ། གཞན་དུ་ན་དབྱིངས་ཀྱི་རིག་པ་ལུང་མ་བསྟན་དེ་གཡོས་པ་ལས་སེམས་གློ་བུར་བའི་འཁྲུལ་བ་ནི་མ་ངེས་ཏེ། གསང་སྙིང་ལས། ཨེ་མ་ཧོ། །བདེ་གཤེགས་སྙིང་པོ་ལས། རང་རང་རྣམ་རྟོག་ལས་ཀྱིས་སྤྲུལ། །ཞེས་པས་སོ། །འདི་སེམས་ཅན་གསར་སྐྱེ་འདྲ་ཡང་། རྒྱུ་རྐྱེན་གཞན་ལས་བྱུང་བའི་གསར་སྐྱེ་མ་ཡིན་ཏེ། རིག་པའི་དབྱིངས་ལ་མཚུངས་ལྡན་གྱི་མ་རིག་པས་དབྱིངས་སུ་སྒྲིབས་པ་ཉིད། རྐྱེན་གློ་བུར་བས་དངོས་སུ་གསལ་བར་བྱས་པ་ཙམ་ལས་དང་པོ་དག་པ་ཕྱིས་འཁྲུལ་པ་ནི་མ་ཡིན་ནོ། །དེའི་ཕྱིར་གཟུགས་མེད་རྣམས་ཀྱི་ཐོག་མའི་རྒྱུའང་དབྱིངས་ཀྱི་ཀུན་གཞི་ལུང་མ་བསྟན་མཚུངས་ལྡན་ལྷན་ཅིག་སྐྱེས་པའི་མ་རིག་པས་བསྒྲིབས་ཤིང་། ཅི་ཡང་མི་སེམས་པ་སྒོ་ང་ལྟ་བུའི་གདངས་མངོན་གྱུར་དུ་སད་མ་ཐག་པ་དེ་བསམ་གཏན་རིགས་གཞིའི་རྒྱར་འཐུམས་པ་ལས། ཉོན་མོངས་པ་མངོན་དུ་རྒྱུ་མེད་ཀྱང་ཕྲ་བ་བག་ལ་ཉལ་དུ་གནས་པའི་རྣམ་ཤེས་ཏིང་ངེ་འཛིན་གྱིས་སྤྲུལ་པའི་ལུས་རང་སྣང་ཙམ་དུ་ཟངས་ཐལ་བས་ལུས་ཀྱི་ཆར་གཏན་ནས་མེད་པའང་མ་ཡིན། ཕྲ་བ་ཡིད་ཀྱི་གཟུགས་ཡི་དྭགས་དང་བར་སྲིད་ལྟ་བུའམ། རགས་པ་ཤ་ཁྲག་གི་ལུས་འདོད་ཁམས་པ་ལྟ་བུའམ། དངས་པ་འོད་ཀྱི་ལུས་གཟུགས་ཁམས་པ་ལྟ་བུར་ཡོད་པའང་མ་ཡིན། ཐོག་མར་རང་བཞིན་དང་། ཕྱི་ནས་བསོད་ནམས་ཆ་མཐུན་གྱི་འབྲས་བུས་བསྐྱེད་པའི་


JL00_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཆས་སྤྲུལ་སྣང་གི་གཟུགས་རང་ས་དང་གོང་མར་སྣང་ཙམ་ལས་གཞན་གྱིས་བལྟར་མི་མངོན་པས་གཟུགས་མེད་དེ། ཏིང་ངེ་འཛིན་གྱི་ཆ་ནས་བཏགས་ནས་ཡུལ་མི་གསལ་རྟོག་དཔྱོད་ཡོད་མེད་གཉིས་ཆར་མ་ཡིན་པའི་བློའི་རོ་མྱོང་ལ་ཞེན་པས་སྲིད་པའི་རྩེ་མོ་ཡོད་མིན་མེད་དུ་གྱུར་པའོ། །གོང་མ་ལས་འདུ་ཤེས་ཙམ་དུ་ཡོད་ལ་གཞན་ཅི་ཡང་མེད་པར་གནས་པ་དེ་ལས་འགྲོ་བ་དཔག་ཏུ་མེད་པར་མཆེད་པས་ཅི་ཡང་མེད་པའམ། རྟོག་དཔྱོད་ཞི་བའི་དགའ་བ་དེས་བརླན་པ་ཅིར་ཡང་མི་སེམས་པའི་ངང་དུ་ཡུལ་དང་བྲལ་བར་བསྒོམས་པས་ཅི་ཡང་མེད་པའོ། །གཅིག་ལ་གཅིག་རྣམ་པར་ཤེས་པ་ཙམ་ལས་བདག་ཏུ་རྟོག་པའི་ལུས་སྡུད་པའི་དངོས་པོ་མེད་པ་ལས་འགྲོ་བའི་གཟུགས་མཐའ་ཡས་པར་མཆེད་པའམ། དཔྱོད་པ་ཙམ་དང་བཅས་པའི་བསམ་གཏན་གསལ་བ་བྱུང་ཚོར་བཀག་པའི་རྣམ་ཤེས་ཙམ་དུ་བསྒོམས་པས་རྣམ་ཤེས་མཐའ་ཡས་སུ་གོལ། བསོད་ནམས་ཀྱི་སྟོབས་ཉམས་པས་གོང་མ་ལས་ལུས་བོངས་ཆུང་ཞིང་འོད་མི་གསལ། ཏིང་ངེ་འཛིན་དམན་པའི་རང་སྣང་ལ་ཤར་བའི་སྤྲིན་ཁ་དོག་སྣ་ཚོགས་པའི་དུམ་བུས་ལིང་ཚེར་ཁྱབ་ཅིང་། ཤེས་པ་མཆེད་པ་ལས་འགྲོ་བ་དཔག་ཏུ་མེད་པར་མཆེད་པས་ནམ་མཁའ་མཐའ་ཡས་སམ། རྟོག་བཅས་རགས་པའི་འདུ་ཤེས་ནུབ་པ་ཡུལ་མི་གསལ་ནམ་མཁའ་ལྟར་དངོས་མེད་ཕྱང་ཆད་དུ་བསྒོམས་པས་ནམ་མཁའ་མཐའ་ཡས་ཞེས་བྱའོ། །རང་རང་བཞི་པོ་ནང་འཁོར་དུས་སྔར་གྱི་རྟེན་ལ་བསམ་གཏན་དེ་དང་དེའི་སེམས་གཞི་གར་གྲུབ་པ་དེར་སྐྱེ་བ་ནི། དེར་འཕེན་བྱེད་དང་རྫོགས་བྱེད་བསོད་ནམས་ཆ་མཐུན་གྱི་དགེ་བཅུས་བྱེད་པ་མ་ཡིན་པར་རང་སའི་ཏིང་ངེ་འཛིན་དེས་བྱེད་པའི་ཕྱིར་རོ། །རྒྱུ་དེས་གཟུགས་དང་གཟུགས་


JL00_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་ན་སྤྱོད་པའི་དགེ་བ་ལ་མི་གཡོ་བ་ཞེས་བཤེས་པའི་འཕྲིན་ཡིག་གི་འགྲེལ་བ་ལས་བཤད་པ་ཡིན་ནོ། །དེའང་ཕལ་ཆེར་འོག་མ་ནས་འོག་མར་ལྟུང་བ་མང་སྟེ། རང་བཞིན་དུ་བསོད་ནམས་ཀྱི་སྟོབས་ཉམས་པས་ཏིང་ངེ་འཛིན་ཡང་དམན་པར་འགྲོ་སླ་བའི་ཚུལ། འཆི་ཀར་སྲིད་རྩེའི་ཏིང་འཛིན་ཞིག་པའི་དུས། ཅི་ཡང་མེད་པའི་འདུ་ཤེས་ཙམ་དུ་ཤར་བས་ཅུང་ཟད་སྔར་བས་རགས་པར་སོང་ལ། དེ་ཉིད་ཚོར་བ་བདེ་བས་དེའི་ངང་ལ་ཆགས་པས་ལྟུང་བ་བཞིན། འོག་མ་འོག་མའི་སེམས་རགས་པ་ཚོར་བ་མྱོང་བདེ་བའི་མཚུངས་ལྡན་གྱི་རྒྱུ་ལས་སྐྱེ་བ་ཡིན་ལ། ཁ་ཅིག་དེ་ནས་སྲིད་པ་གཞན་དུའང་འཕོ་བས་གཅིག་ཏུ་ངེས་པ་ནི་མ་ཡིན་ནོ། །ཡང་སྲིད་པ་གསུམ་པོ་ཕན་ཚུན་ནང་འཁོར་དུས་འདོད་གཟུགས་ཀྱི་ཁམས་ནས་སྲིད་རྩེར་འགྲོ་བའི་དཔེ་ནི། བདེ་གཤེགས་རི་རབ་མར་མེའི་རྒྱལ་མཚན་གྱིས། སོ་སོ་རང་གི་རིག་པ་མདའ་ལྟ་བུ། དེས་ཉེ་བར་ལེན་པའི་ཞིག་ནས་གོལ་ས་ཅན་ལྟོང་ལྟ་བུ། མཐོ་རིས་ཀྱི་འཕེན་བྱེད་བསོད་ནམས་ཆ་མཐུན་གྱི་ལས་གཞུའི་རྒྱུད་དང་མཐེབ་མཛུབ་ལྟ་བུས་འཕངས་པ་ལས། གཟུགས་མེད་པའི་ས་པ་འབེམ་དང་འདྲ་བ་ལ་ཕྱིན་ཏེ་དེར་གནས་པ་ནི། འཁྲུལ་པ་བསགས་པའི་བསམ་གཏན་བཞི་གོལ་བར་གྲུབ་པ་ལས་བྱུང་བའོ། །ཞེས་གསུངས་པ་ལྟར། སྔོན་གྱི་དགེ་བའི་རྩ་བ་བསོད་ནམས་ཆ་མཐུན་སྟོབས་པོ་ཆེའི་འཕེན་བྱེད་ཡོད་པ་རྣམས་ནི་ས་དེ་བའི་སེམས་ཐོབ་པའི་སྟོབས་ཀྱིས་སྔོན་ལ་གཟུགས་མེད་དང་པོ་ཐོབ། འཆི་ཁར་གཉིས་པའི་སེམས་སྐྱེས་པ་ལས་གོང་ནས་གོང་མར་འགྲོ་བ་དང་། དེ་བཞིན་དུ་གོང་མར་འོག་མའི་སེམས་སྐྱེས་ནས་ལྟུང་བ་སོགས་ལས་བཟང་ངན་གྱི་འཕེན་པ་ཆེ་ཆུང་གི་ཁྱད་པར་དུ་རིགས་པར་བྱའོ། །འདི་དག་གང་དུ་ཡོད་ན་ཁམས་གསུམ་པའི་རྩེ་


JL00_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ཡིན་པས་ནམ་མཁའ་ལ་བརྟེན་པར་བཤད་ཀྱིས། ཉེ་བར་སྤྱོད་པའི་ཁང་ཁྱིམ་ལ་སོགས་འདུག་གནས་སུ་དོན་བྱེད་པའི་ཡུལ་དང་གནས་སུ་འདོད་པ་ཡང་མ་ཡིན། ཏིང་ངེ་འཛིན་རྩེ་གཅིག་པའི་རྒྱུད་ལ་རིག་པ་བརྟེན་པའི་ཆ་ནས་སྟོང་པ་ལྟར་སྣང་གི་ལུས་མིང་དེ་ཞེས་ཕུང་པོ་ཙམ་ལས་སྒོ་ལྔའི་སྤྱོད་ཡུལ་ཅན་དུ་འདོད་པའང་མ་ཡིན་ནོ། །ཆེ་ཚད་ནི་སྲིད་རྩེས་བསྐལ་ཆེན་བརྒྱད་ཁྲི་ཐུབ་པ་ནས་རིམ་བཞིན་གཉིས་གཉིས་འདྲིའོ། །དེ་ནས་གཟུགས་ཀྱི་ཁམས་ཇི་ལྟར་མཆེད་པ་ནི། སྔོན་ལེགས་པར་སྤྱད་པའི་བསམ་གཏན་བཞི་དང་། ཕ་རོལ་ཏུ་ཕྱིན་པ་དྲུག །དགེ་བ་བཅུའི་ས་བོན་གྱིས་བསྐྱེད་པས་བཀྲེས་སྐོམ་ཚ་གྲང་ནད་འཚེ་རྒས་རྒུད་ལ་སོགས་དབང་ཕྱུག་དང་མི་ལྡན་པའི་སྡུག་བསྔལ་གྱིས་གཏན་སྤངས་པའི་དངས་མ་འོད་ཀྱི་ལུས་དང་གཞལ་མེད་ཁང་འཇའ་ཚོན་གྱི་རྣམ་པ་ལྟ་བུ། རླུང་དང་རྫུ་འཕྲུལ་གྱི་སྟོབས་ཀྱིས་འགྲོ་ཞིང་ལྡིང་ལ། ཏིང་ངེ་འཛིན་གྱི་དགའ་བས་ཉིན་དང་མཚན་མོའི་བྱེ་བྲག་མེད་པར་དུས་འདའ་བས་ན་གཟུགས་ཁམས་ཞེས་བརྗོད་དོ། །དེ་ལའང་སྔོན་གྱི་རྒྱུད་དང་། ད་ལྟའི་ཏིང་ངེ་འཛིན་གྱི་གནས་ཚུལ་བཞི་ལ་ལྟོས་ནས་བསམ་གཏན་རིགས་བཞིར་དབྱེ་ལ། དེ་དག་གི་ཏིང་ངེ་འཛིན་ཀྱང་ངོ་བོ་གཅིག་ལ་གོམས་སྟོབས་ཀྱི་དབྱེ་བས་གནས་རིགས་གསུམ་གསུམ་ལ་སོགས་པར་བཞག་གོ །དེ་ལ་སྤྱིར་གཟུགས་ཁམས་གནས་རིགས་བཅོ་བརྒྱད་ལ། འཕགས་པ་དང་། སོ་སོ་སྐྱེ་བོའི་གནས་གཉིས་ལས། དང་པོ་ནི། ཉོན་མོངས་པའི་དྲི་ང་བ་འགའ་ཞིག་མེད་པས་གཙང་མ་རིགས་ཀྱི་ལྷ་ལྔ་སྟེ། དེའི་དང་པོ་ནི་འདོད་གཟུགས་རྣམ་པ་ཅན་ཐམས་ཅད་ཀྱི་གོང་ན་ཡོད་པས་འོག་མིན་ཞེས་བྱ་སྟེ། ལུས་བོངས་དཔག་ཚད་ཁྲི་དང་དྲུག་སྟོང་ལ། ཚེའི་ཚད་ཀྱང་བར་བསྐལ་ཁྲི་དྲུག་སྟོང་ངོ་། །དེའི་འོག་མ་ལ་ཤིན་ཏུ་མཐོང་ཞེས་གྲགས་ཏེ། གཅིག་གིས་གཅིག་


JL00_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་ན་ལྷག་པའི་དགའ་བ་སྐྱེ་བའམ། ལྟ་བ་རྣམ་པར་དག་པ་མཐོང་བས་ན་དེ་སྐད་ཅེས་བྱའོ། །ཚེ་ཚད་དང་ལུས་བོངས་ནི་གོང་མ་གོང་མ་ལས་འོག་མ་འགམ་རྣམས་ཕྱེད་ཕྱེད་བྲི་བའོ། །དེའི་འོག་མ་ལ་གྱ་ནོམ་སྣང་བ་ཞེས་བྱ་སྟེ། ལུས་སེམས་ཉེ་བར་ཞི་བའི་བདེ་བ་གྱ་ནོམ་པས་སོ། །དེའི་འོག་མ་ལ་མི་གདུང་བ་ཞེས་བྱ་སྟེ། ལུས་སེམས་ལ་འདོད་པའི་གདུང་བ་མེད་པའི་ཕྱིར་རོ། །དེའི་འོག་མ་ལ་མི་ཆེ་བ་ཞེས་བྱ་སྟེ། གོང་མ་བཞི་ཀ་ལས་ལུས་བོངས་ཆུང་ཞིང་སྣང་བ་ལ་འདོད་སྲེད་མི་ཆེ་བ་ཡིན་ནོ། །དེ་དག་ལ་འཕགས་པའི་གནས་ལྔ་ཞེས་བྱའོ། །འཕགས་པའི་གནས་དེའི་ཡང་སྟེང་རོལ་ན། འོག་མིན་རྣམ་མཛེས་ཆེན་པོ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པ་ས་བཅུའི་དབང་ཕྱུག་ཆེན་པོ་རྣམས་འཚང་རྒྱ་བའི་གནས་ཡོད་དེ། ཟླ་གསང་ལས། གཙང་མའི་གནས་དག་སྤངས་པ་ཡི། །འོག་མིན་ཞེས་བྱ་ཉམས་དགའ་བར། །ཡང་དག་སངས་རྒྱས་དེར་འཚང་རྒྱ། །ཞེས་པ་ལྟར་རོ། །གཉིས་པ་སོ་སོ་སྐྱེ་བོའི་གནས་བསམ་གཏན་རིགས་བཞིའི་གོང་མ་གསུམ་གྱི་རྩེ་མོ་ནི་འབྲས་བུ་ཆེ་བ་སྟེ། བསོད་ནམས་ཆ་མཐུན་གྱི་དགེ་བའི་འབྲས་བུ་ཆེ་བ་ལས་གྲུབ་པའི་ཕྱིར་རོ། །ལུས་བོངས་དཔག་ཚད་ལྔ་བརྒྱ་བ་ཚེ་ཡང་བར་བསྐལ་ལྔ་བརྒྱའོ། །དེའི་འོག་མ་བསོད་ནམས་སྐྱེས་ཞེས་བྱ་སྟེ། ཚད་མེད་བཞི་བསྒོམ་པ་ལ་སོགས་པའི་བསོད་ནམས་ལས་སྐྱེས་པའོ། །ལུས་བོངས་དང་ཚེ་ཚད་ཕྱེད་ཕྱེད་ཀྱི་བྲི་བ་འཕགས་པའི་གནས་བཞིན་ནོ། །དེའི་འོག་མ་ནི་སྤྲིན་མེད་འོད་དེ། འོད་ཀྱི་སྤྲིན་སྟུག་པོས་ཐ་མལ་གྱི་སྤྲིན་མེད་པར་བྱེད་པས་སོ། །དེའི་འོག་ན་བསམ་གཏན་གསུམ་པའི་ལྷ་གནས་གསུམ་བརྩེགས་པའི་གོང་མ་ལ་དགེ་རྒྱས་ཞེས་བྱ་སྟེ། དགེ་བའི་རྩ་བ་རྒྱ་ཆེན་པོས་བསྐྱེད་པ་ལས་གྲུབ་བོ། །དེའི་འོད་མ་ནི་ཚད་མེད་དགེ་སྟེ།


JL00_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བའི་རྩ་བ་ཚད་མེད་པ་ལས་སྐྱེས་སོ། །དེའི་འོག་མ་ནི་དགེ་ཆུང་སྟེ། གོང་མ་ལས་ཆུང་བའི་དགེ་སྤྱད་ཀྱི་འབྲས་བུ་ལས་བྱུང་བས་སོ། །དེའི་འོག་མ་ན་བསམ་གཏན་གཉིས་པའི་ལྷ་གནས་གསུམ་བརྩེགས་པའི་གོང་མ་ལ་འོད་གསལ་ཅེས་བྱ་སྟེ། ལུས་ལ་འོད་གསལ་བའི་ཕྱིར་རོ། །དེའི་འོག་མ་ནི་ཚད་མེད་འོད་དེ། ལུས་ལ་འོད་ཚད་མེད་པས་སོ། །དེའི་འོག་མ་ནི་འོད་ཆུང་སྟེ། གོང་མ་ལས་འོད་ཆུང་བས་སོ། །དེའི་འོག་ན་བསམ་གཏན་དང་པོའི་གནས་རིགས་གསུམ་གྱི་གོང་མ་ལ་ཚངས་ཆེན་ཞེས་བྱ་སྟེ། འདོད་པའི་སྐྱོན་ཚངས་ལ་འོག་མ་ལས་ལུས་བོངས་ཆེ་བས་སམ། རྒྱལ་པོས་རང་གི་གནས་ལས་གཡོས་པ་མེད་བཞིན་འོག་མའི་ལྷ་གནས་ཀུན་ཏུ་སྤྲུལ་པ་སྟོན་པས་ཆེ་བའོ། །དེའི་འོག་མ་ནི་ཚངས་པ་མདུན་ན་འདོན་ཏེ། ཚངས་པ་ཆེན་པོའི་མདུན་ན་འདོན་བྱེད་པས་སམ། རང་རང་གི་མདུན་ན་ཁ་ཏོན་བྱེད་པ་རེ་ཡོད་པས་སམ། འཁོར་ཡིན་པས་ཚངས་པ་ཀུན་འཁོར། ཚངས་པ་ཆེན་པོའི་བྱ་བ་བསྒྲུབ་པ་ལ་ཕན་པས་ཚངས་ལྷ་ཉེ་ཕན་ཞེས་བརྗོད་དོ། །དེའི་འོག་ན་ཚངས་པ་ཞེས་བྱ་སྟེ་ཚངས་པ་མ་ཡིན་པ་སྡིག་པའི་ལས་སྤངས་ནས་ཚད་མེད་བཞི་ལ་སོགས་དགེ་བའི་ལེགས་ལམ་ལ་ཚངས་པར་སྤྱོད་པས་སོ། །དེ་དག་གཞལ་མེད་ཁང་གོས་དང་བཅས་པ་ནམ་མཁའ་ལ་འཇའ་ཚོན་ལྟར་བརྫུས་ཏེ་སྐྱེ། ཁམས་གོང་མའི་ཏིང་ངེ་འཛིན་གྱི་ཚོར་བ་བདེ་བ་ལ་ཆགས་པས་སྲིད་པའི་འདོད་ཆགས་ཅན་རགས་པའི་ཟས་མི་དགོས། འདོད་ཁམས་པ་ལྟ་བུའི་སྡུག་བསྔལ་དང་རྣམ་རྟོག་རགས་པ་མངོན་གྱུར་མེད་པས་ཁྲོ་ཞིང་འཁྲུགས་པ་མེད་དོ། །ཉོན་མོངས་པ་བག་ལ་ཉལ་གྱི་སྒྲིབ་པ་དང་བཅས་པས་འཆི་འཕོ་ཞིང་། གནས་ལ་རང་དབང་མ་ཡིན་པས་གནས་ངན་ལེན་གྱི་སྡུག་བསྔལ་ཡོད་པའོ། །དེ་ནས་འདོད་པའི་ཁམས་ལ་མཐོ་རིས་དང་


JL00_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

ངན་སོང་གཉིས་ལས། མཐོ་རིས་ལའང་ལྷ་དང་མི་གཉིས་ཀྱི་དང་པོ་ནི་འདོད་ལྷ་རིགས་དྲུག་སྟེ། ནམ་མཁའ་ལ་བརྟེན་པའི་གོང་མ་གཞན་འཕྲུལ་དབང་བྱེད་ནི་ཚངས་རིས་ཀྱི་འོག་ན་ཡོད་དེ། གཞན་གྱིས་སྤྲུལ་པའི་ལོངས་སྤྱོད་ལ་དབང་བྱེད་པས་དེ་སྐད་ཅེས་བྱ་སྟེ། སྤྲུལ་པའི་དཔག་བསམ་དང་རང་གི་རྣམ་འཕྲུལ་གཞན་དུ་སྣང་བའི་འབྱོར་བར་གྱུར་པས་གཞན་འཕྲུལ་དབང་བྱེད་ཅེས་བྱའོ། །ལུས་རྒྱང་གྲགས་བྱེད་དང་གཉིས་ཏེ་གཞུ་འདོམ་བདུན་བརྒྱ་ལྔ་བཅུ་པའོ། །ཚེ་ཚད་རང་གི་ཉིན་ཞག་གཅིག་དང་མིའི་ལོ་ཆིག་སྟོང་དྲུག་བརྒྱ་མཉམ་པའི་ལོ་ཟླའི་འགྱུར་བརྩིས་རང་ལོ་ཁྲི་དྲུག་སྟོང་ཐུབ་བོ། །དེའི་འོག་ན་འཕྲུལ་དགའ་ཞེས་བྱ་བ་ལུས་ཀྱི་འོད་ལས་བུ་བརྒྱ་སྟོང་དཔག་ཏུ་མེད་པར་སྤྲུལ་ནས་རྩེ་དགའ་བྱེད་པའམ། རང་གིས་སྤྲུལ་པའི་ལོངས་སྤྱོད་ལ་དབང་བྱེད་པས་དེ་སྐད་ཅེས་བྱ་སྟེ། ལུས་རྒྱང་གྲགས་གཅིག་དང་བཞི་ཆའོ། །ཚེ་ཚད་གོང་པའི་མ་ལས་ཕྱེད་ཆ་བྲི་བ་རིམ་བཞིན་འོག་མ་དག་ལའང་འགྲེ་ཤེས་པར་བྱའོ། །དེའི་འོག་ན་དགའ་ལྡན་ཞེས་བྱ་བ་ལྷའི་བུ་དམ་པ་ཏོག་དཀར་པོའི་རྒྱལ་ཚབ་ཏུ་རྒྱལ་བ་མ་ཕམ་པ་བཞུགས་པའི་གནས་ཡོད་དེ། ཆོས་དང་ལོངས་སྤྱོད་གཉིས་ཀའི་དགའ་བ་དང་ལྡན་ལ། བསྐལ་པ་བཟང་པོའི་སངས་རྒྱས་རྣམས་ཀྱི་རྒྱལ་ཚབ་རེ་རྟག་པར་བཞུགས་པའི་གནས་ཁྱད་པར་འཕགས་པ་སྟེ་ལུས་ཚད་གཞུ་འདོམ་ལྔ་བརྒྱའོ། །དེའི་འོག་ན་འཐབ་བྲལ་ཞེས་བྱ་བ་ལྷ་མ་ཡིན་དང་འཐབ་རྩོད་བྲལ་བས་སམ། ལྷའི་ཁྱེའུ་ཕོ་མོ་གཉིས་པང་ནས་དུས་གཅིག་ཏུ་སྐྱེ་བས་མཚེ་མ་ཞེས་བྱ་གྲགས་ལ། ལུས་རྒྱང་གྲགས་གཅིག་ལ་བཞི་ཆས་དམན་པའོ། །དེ་ལྟར་འདོད་པའི་ལྷ་གནས་ནམ་མཁའ་ལ་བརྟེན་པ་བཞི་པོ་འདི་ནི་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་ལྡན་ཏེ། བདུད་


JL00_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

རྩིའི་ཟས་དང་། བཏུང་བ་དང་། ལྷའི་གོས་དང་། སིལ་སྙན་དང་། གླུ་གར་དང་། རྩེད་འཇོ་དང་། དཔག་བསམ་གྱི་ཤིང་ལས་འདོད་པ་ཐམས་ཅད་འབྱུང་བ་དང་། འདོད་ཡོན་ལྔ་ལ་ངོམས་མི་ཤེས་པར་སྤྱོད་ཅིང་། ཡུལ་ཉེ་བར་སྤྱོད་པའི་ལོངས་སྤྱོད་རྣམས་ཀྱི་གཙོ་བོ་ནི་མཆོག་ཏུ་བདེ་བ་དང་། ཁམས་ཀྱི་ཟས་དང་། འདོད་པའི་བདེ་བ་ཡིན་ལ། དེའང་གཞན་འཕྲུལ་དབང་བྱེད་ན་ལྷ་ཕོ་མོ་འདོད་པས་ཡིད་གདུངས་པ་ན་ཕན་ཚུན་བལྟས་པ་ཙམ་གྱིས་གདུང་བ་ཞི་ལ། འཕྲུལ་དགའ་དགོད་པ་ཙམ་གྱིས་ཆིམ། དགའ་ལྡན་ཕན་ཚུན་ལག་བཙངས། མཚོ་མན་གཉིས་གཉིས་འཁྱུད་པའོ། །དེའང་བལྟ་བ་ནི་དེ་ཉིད་གཅིག་པུས་ཆོག་པའི་འདོད་ཆགས་སོ། །དགོད་པ་ལ་མཐོང་ནས་བལྟ་བ་དང་། ཕན་ཚུན་དགོད་པའི་འདོད་ཆགས་གཉིས་ལྡན། ལག་བཅངས་ནི་བལྟ་བ། དགོད་པ་ལག་པ་རག་པ་སྟེ་འདོད་ཆགས་གསུམ་ལྡན། དེའི་སྟེང་དུ་གཉིས་གཉིས་འཁྱུད་ནས་དབང་པོའི་འདུ་འཕྲོད་ལ་སྤྱོད་པ་ནི་བཞི་ཀ་ལྡན་པ་སྟེ་སུམ་ཅུ་རྩ་གསུམ་མན་ཆད་དེ་ཉིད་དོ། །སྤྱིར་སེམས་ཅན་གྱི་སྐྱེ་གནས་རྣམ་པ་བཞི་ལས། འདི་དག་ནི་བརྫུས་ནས་སྐྱེ་བ་སྟེ་པང་ནས་གོས་མེད་གཅེར་བུར་འབྱུང་བ་ཡང་འཛམ་བུའི་གླིང་བ་ཚེ་ལོ། བརྒྱ་པའི་སྐབས་གཞན་འཕྲུལ་པ་ལ་བྱིས་པ་ལོ་བཅུ་པའི་ན་ཚོད། འཕྲུལ་དགའ་བ་དགུ་པ། དགའ་ལྡན་པ་བརྒྱད་པ། འཐབ་བྲལ་བ་བདུན་པ། སུམ་ཅུ་རྩ་གསུམ་པ་དྲུག་པ། རྒྱལ་ཆེན་རིགས་བཞི་པ་ལྔ་པའི་ན་ཚོད་དབང་པོ་ཚང་ཞིང་ཤེས་རབ་དང་ལྡན་པར་བཅས་ནས་སྔར་གྱི་ཚེ་རབས་རྗེས་སུ་དྲན་ནོ། །ས་གཞི་ལ་བརྟན་པ་ནི། འཐབ་བྲལ་གྱི་འོག་ལྷུན་པོའི་སྟེང་ན་དཔལ་འབྱོར་ཕུན་སུམ་ཚོགས་པས་བརྟེན་པའི་གཞི་ལ། བརྒྱ་བྱིན་གྱི་གླང་པོ་ཆེ་རབ་བརྟན་གསེར་གྱི་མགོ་སུམ་ཅུ་རྩ་གཉིས་གཡུའི་མགོ་དང་རྩ་གསུམ་ལ་ལྷ་


JL00_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དང་ཉེ་དབང་རྣམས་སྤྱོད་པས་ཀྱང་སུམ་ཅུ་རྩ་གསུམ་པའི་སྒྲར་ཆགས་ལ། ལུས་རྒྱང་གྲགས་ཀྱི་བཞི་ཆ་གཉིས་ཏེ་གཞུ་འདོམ་ཕྱེད་སུམ་བརྒྱ། ཚེ་མིའི་ལོ་བརྒྱ་ལ་རང་གི་ཉིན་ཞག་གཅིག་ཏུ་བརྩིས་པའི་རང་ལོ་སྟོང་ངོ་། །ལྷའི་དབང་པོ་ནི་རྣམ་པར་ཤེས་པ་བརྗེ་ཞིང་འཕོ་བ་ལས་སྐྱེ་འཆི་དང་བཅས་པར་མི་མངོན་པས་ཉིང་མཚམས་སྦྱར་བ་རང་གི་བཙུན་མོ་དམ་པ་ཐམས་ཅད་བཟངས་རིས་ཀྱི་བུ་མོ་ལྷ་མོ་བདེ་སོགས་མ་ལས་གཞན་གྱིས་མི་ཤེས་སོ། །གཞན་ཡང་བཙུན་མོའི་འཁོར་དུ་མ་དང་། བུ་སྟོང་དང་། ལྷའི་བུ་མོ་མེ་ཏོག་གི་མགོ་རྒྱན་ཅན་དང་། རིན་པོ་ཆེའི་རྣ་ཆ་གདུབ་སྐོར་གྱིས་སྤྲས་པ་མང་པོས། ཁང་བུ་བརྩེགས་པའི་འཕྱོང་ཀ་དང་། ལམ་སྲང་དང་། ཚལ་དང་། བཞི་མདོ་གང་བར་གླུ་གར་བྱེད་ཅིང་སིལ་སྙན་འཁྲོལ་བས་མཛེས་པར་བྱས་པ་དང་། གདུགས་དང་རྒྱལ་མཚན་ལ་སོགས་པ་བསྒྲེངས་ཤིང་། བརྩེ་བར་འཇུག་པའི་ཚེ་གླང་པོ་ཆེ་ས་སྲུང་གི་བུ་མགོ་བོ་སུམ་ཅུ་རྩ་གསུམ་གྱི་སྟེང་དུ་ཉེ་དབང་གི་འཁོར་དང་བཅས་འདུག་ཅིང་། དགེ་བའི་བྱ་བ་ཡང་བསྒྲུབ་ལ། བརྩེ་དགའི་དུས་སྟོན་གྱིས་ཉིན་མཚན་བར་མེད་དུ་འདའ་བ་ཡིན་ནོ། །འདོད་པའི་བདེ་བ་ལ་ཁུ་ཁྲག་མི་འབབ་ཀྱང་རླུང་སྟོང་པས་གདུང་བ་དང་འབྲལ་བར་བྱེད་དོ། །དེའི་འབྱོར་བའི་ཁྱད་པར་ནི་སྔར་བཤད་ཟིན་ཏོ། །དེའི་འོག་ན་ས་ལ་སྤྱོད་པའི་གནས་གཉིས་པ་ནི། ཉི་ཟླ་གཟའ་སྐར་འཆར་བའི་གནས་བང་རིམ་རྩེ་མོ་དང་གཉའ་ཤིང་འཛིན་ལ་སོགས་པའི་གཞི་ལ་རྒྱལ་ཆེན་རིགས་བཞིའི་ལྷ་རྣམས་ཡོད་པ་སྟེ། སྡེ་བཞིའི་ཁོང་སུ་བསྡུ་ཞིང་གླིང་བཞིའི་ཡང་བདག་པོར་གྱུར་པས་དེ་སྐད་ཅེས་བྱའོ། །ལུས་རྒྱང་གྲགས་བཞི་ཆ་ལ། ཚེ་མི་ལོ་ལྔ་བཅུ་ལ་ཉིན་ཞག་ཏུ་བརྩིས་པའི་རང་ལོ་ལྔ་བརྒྱའོ། །ལྷ་མ་ཡིན་ལ་རིགས་ལྔ་ཡོད་


JL00_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

དེ། ཚེ་དཔལ་ལྷའི་རིགས་སུམ་ཅུ་རྩ་གསུམ་པ་དང་ཚེ་ལུས་མཉམ་ལ་བསྐལ་པ་དང་ངང་ཚུལ་དགེ་བས་ཆོས་ལ་དད། སྟོབས་ཆེན་གནོད་སྦྱིན་གྱི་རིགས་རྒྱལ་ཆེན་བཞི་པ་དང་ཚེ་ལུས་ལོངས་སྤྱོད་མཚུངས་ཤིང་མཐུ་དཔལ་རྫུ་འཕྲུལ་ཆེ། རྩུབ་འགྱུར་བདུད་ཀྱི་རིགས་ནག་པོའི་ཕྱོགས་ལ་དགའ་བ་ཐགས་བཟངས་རིས་ལ་སོགས་གཞན་འཕྲུལ་དབང་བྱེད་དང་ལོངས་སྤྱོད་རྣམ་པ་འདྲ་ཞིང་། ཚེ་སུམ་ཅུ་རྩ་གསུམ་དང་མཉམ། གསོད་བྱེད་སྲིན་པོའི་རིགས་སེམས་ཅན་གྱི་སྲོག་ལ་འཚེ་ཞིང་མཁའ་ལ་རྒྱུ་བའི་ཡི་དྭགས་དང་ཕྱོགས་མཐུན། གདུག་པ་ཀླུའི་རིགས་ཕྱེད་མར་གྱུར་པའི་ལུས་དང་། ལོངས་སྤྱོད་དང་། བདེ་སྡུག་འདྲེས་ཤིང་བླུན་པའོ། །དེའང་བདུད་རིགས་ལྷའི་རིགས་སུ་སྡུད་པ་དང་། ལྷ་དང་དུད་འགྲོ་གཉིས་ཆར་དུ་སྡུད་པའང་ཡོད་དོ། ཁ་འཐོར་བ་རྣམས་ནི་མིའི་ཡུལ་དང་། རྒྱ་མཚོ་དང་། ནགས་ཚལ་དང་། གླིང་ཕྲན་ལ། སོགས་པར་གནས་ཤིང་ཚེ་དང་འབྱོར་བའང་མ་ངེས་པའོ། །དེ་ཐམས་ཅད་སྲིད་རྩེ་ནས་རིམ་གྱིས་འོག་མ་འོག་མར་མཆེད་ལ། དེ་ནས་མིང་མཆེད་པ་ནི། མདོ་སྡེ་ལས་འོད་གསལ་གྱི་ལྷའི་རིགས་ལས་སེམས་ཅན་བསོད་ནམས་དམན་པ་དག་དེར་འོངས་པ་ལས་མིར་མཆེད་པར་བཤད་ལ། ཡང་རྒྱལ་ཆེན་རིགས་བཞི་ནས་མཆེད་པར་བཤད་པའང་ཡོད་དེ། རྒྱུད་དག་ལས་དགའ་ལྡན་ནས་ལྷའི་བུ་ཉེ་མ་རབ་ཏུ་སྣང་བྱེད་དང་། ཟླ་བ་དྲི་མ་མེད་པ་གཉིས་པདྨ་ལས་བརྫུས་ཏེ་སྐྱེས་པ་འཛམ་བུའི་གླིང་དུ་འོངས་པ་ལས་གླིང་འདིའི་འགྲོ་བ་རྣམས་ཐོག་མར་མཆེད་པའི་ཕྱིར་ལས་ཀྱི་ས་པ་ཞེས་གྲགས་སོ། །དེའི་ཚེ་གྲོང་དང་མི་མེད་པས་ལྷ་མི་ཞེས་སོ་སོར་ཕྱེ་བ་མེད་ལ། འགྲོ་བ་དེ་དག་གཟུགས་ཁམས་ཀྱི་ལྷ་ལྟར་འོད་ཀྱི་ལུས་གཟུགས་བཟང་ཞིང་བལྟ་ན་སྡུག་པ། དབང་པོ་དང་ཡན་ལག་མཛེས་པ། ནམ་མཁའ་ལ་འགྲོ་ཞིང་འདུག་པ།


JL00_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་པ་ཙམ་གྱིས་གང་འདོད་དུ་ཕྱིན་པ། ཟས་སུ་དགའ་བདེ་ལ་སྤྱོད་ཅིང་། ཕོ་དང་མོར་མེད་པ། ཉོན་མོངས་པ་མངོན་རྒྱུ་བ་མེད་པ་ལ་བསྐལ་པ་དང་པོ་ཞེས་བྱ་སྟེ་འགྲོ་བ་དེ་དག་གི་མིང་ལ་ཡང་སེམས་ཅན་ཞེས་གྲགས་ལ་ཡོན་ཏན་ཕལ་ཆེར་ལྷ་དང་མཚུངས་པ་ཡོད་དོ། །དེ་ནས་རིང་མོ་ཞིག་འདས་པ་ན་ནམ་མཁའ་ནས་མི་སྣང་ངོ་ཞེས་པའི་སྒྲ་ལན་བདུན་གྲགས་པས་དེ་དག་ལ་མི་ཞེས་བྱ་བར་མིང་ཐོགས། དེའི་ཚེ་སྔོན་གྱི་བསྐལ་པ་བཟང་པོ་ཉམས་པའི་མགོ་ཟུག །བསོད་ནམས་དང་འོད་ཀྱང་བྲི། ཉོན་མོངས་པ་བག་ལ་ཉལ་ལངས་སུ་ཉེའོ། །དེའང་ཚེ་ལོ་དཔག་ཏུ་མེད་པ་ནས་བརྒྱད་ཁྲི་བའི་བར་གྱི་སྐྱེས་བུ་ནར་སོན་པ་དག་གི་ལུས་ཚད་ཀྱང་རང་ཁྲུ་སུམ་ཅུ་རྩ་གཉིས་པར་ཡོད་ལ། རིམ་པ་བཞིན་དུ་ཉི་ཤུ་པ་དང་། བཅུ་དྲུག་པ་དང་། བརྒྱད་པ་དང་། ཚེ་ལོ་བརྒྱ་པའི་ཚེ་ཁྲུ་བཞི་པ་དང་། དིང་སང་ཕྱེད་དང་བཞི་པར་བྲི་ཞིང་། རིམ་བཞིན་བཅུ་པའི་བར་ཚེ་དང་ལུས་བོངས་གཉིས་ཀ་འགྲིབ་ཅིང་། དེ་བཞིན་དུ་ལུས་ཀྱི་འོད་དང་། གཟི་བརྗིད་དང་། དཔལ་ལ་སོགས་པའང་དམན་པར་འགྱུར་རོ། །འཛམ་བུའི་གླིང་དུ་མི་རྣམས་འཕེལ་ནས་རིང་ཞིག་སོང་། འོད་ཀྱང་ཡལ། བསོད་ནམས་ཀྱང་བགས་ཀྱིས་བྲི་བ་ན། ཤར་གྱི་ལུས་འཕགས་གླིང་དུ་ལྷ་ལས་མིར་མཆེད་པ་ནི་ལུས་ཚད་ཁྲུ་བརྒྱད་པ། ཚེ་ཚད་ཉིས་བརྒྱ་ལྔ་བཅུ་ཐུབ་པའོ། །དེ་ནས་སྒྲ་མི་སྙན་པ་ནི་སུམ་ཅུ་རྩ་གསུམ་པ་ལས་མཆད་དེ། ལུས་ཚད་རང་ཁྲུ་སུམ་ཅུ་རྩ་གཉིས། ཚེ་ལོ་སྟོང་ཕྲག་གཅིག་ལ་དུས་མ་ཡིན་པའི་འཆི་བ་མེད་དོ། །བྷི་ཤ་ཚེ་ཏའི་སྐད་དུ་སྨྲ་བ་སྒྲ་སྐད་མི་སྙན་པས་སྒྲ་མི་སྙན་པ་ཞེས་ཀྱང་བྱ་ལ། ཤིང་སྐམ་པ་ཞག་བདུན་ན་འགྱེལ་བ་དང་མི་དེ་ཡང་ཤི་ནས་སུམ་ཅུ་རྩ་གསུམ་དུ་སྐྱེ་བ་ཡིན་ནོ། །དེ་བཞིན་དུ་ནུབ་ཀྱི་བ་ལང་ལོངས་སྤྱོད་པའང་ལྷ་ལས་


JL00_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

མཆེད་དེ། ལུས་ཚད་རང་ཁྲུ་བཅུ་དྲུག་པ། ཚེ་ལོ་ལྔ་བརྒྱ་ཐུབ་པའོ། །རིམ་བཞིན་སོ་སོའི་གླིང་ཕྲན་གྱི་མི་ཡང་མཆེད་དོ། །གླིང་བཞིའི་མི་རྣམས་ཀྱི་བྱད་དབྱིབས་ཀྱང་གླིང་དང་རྣམ་པ་མཚུངས་པར་ཡོད་དེ། དཔེར་ན་འཛམ་བུའི་གླིང་སོག་ཀར་ཡོད་པས་མིའི་གདོང་དང་། ལུས་གཉིས་ཀ་སོག་ཀའི་དབྱིབས་སུ་ཡོད་པ་བཞིན་ནོ། །དེ་བཞིན་དུ་གླིང་སོ་སོའི་ནམ་མཁའ་ཡང་རི་རབ་ཀྱི་ཁ་དོག་དང་མཐུན་པར་ཡོད་དོ། །གླིང་འདིའི་ངེས་ཚིག་ནི། འཛམ་བུ་ཏྲི་ཤ་བྱ་བའི་ཤིང་གིས་ཉེ་བར་བརྒྱན་པས་ན་དེ་སྐད་ཅེས་བྱ་ལ་རྡོ་རྗེའི་གདན་གྱི་བྱང་ཕྱོགས་སུ་རི་ནག་པོ་དགུ་གཞལ་བ་ན་གངས་རིའི་རྒྱལ་པོ་ཏི་སེ། དེའི་བྱང་ན་རི་བོ་སྤོས་ངད་ལྡན། གངས་རིའི་བྱང་སྤོས་ངད་ལྡན་གྱི་ལྷོ་གཉིས་ཀྱི་བར་ན་མཚོ་ཆེན་པོ་ཀུན་ནས་བསིལ་བ་མ་དྲོས་པ་ཀླུའི་རྒྱལ་པོ་དང་བཅས་པ་ཡོད་དེ། མཚོ་དེ་ན་པདྨའི་སྡོང་པོ་ཡལ་ག་གཤོལ་མདའ་ཙམ་ལ། འདབ་མ་གླང་གི་ཀོ་བ་ཙམ་ཆུ་བྱ་སྣ་ཚོགས་དང་བཅས་པ་རྫུ་འཕྲུལ་དང་མི་ལྡན་པས་བགྲོད་པར་དཀའ་བའོ། །གངས་རི་དེའི་འདབས་ན། བྲག་གསེར་གྱི་བྱ་སྐྱིབས་ཅན་ལ་དགྲ་བཅོམ་པ་ལྔ་བརྒྱའི་ཕུག་པ་དང་། ལྷ་མ་ཡིན་གྱི་ངོས་བྱ་བ་ཆུ་ཞེང་དཔག་ཚད་ལྔ་བཅུ་པ་བརྒྱ་བྱིན་གྱི་གླང་པོ་ཆེ་རབ་བརྟན་གྱི་གནས། དེ་ན་ཏ་ལའི་ཕྲེང་བ་བདུན་གྱིས་བསྐོར་བའི་ཤིང་གི་རྒྱལ་པོ་རབ་བརྟན་དང་། གླང་པོ་དེའི་བརྩེས་རྫིང་བུ་དལ་གྱིས་འཐོར་བ་ཞེས་བྱ་བ་རྫིང་གཡོག་ལྔ་བརྒྱའི་འཁོར་གྱིས་བསྐོར་བ་སྟེ། དེ་ལ་བོད་ཀྱི་བསྟན་བཅོས་རྣམས་ན་དཔྱད་པ་སྣ་ཚོགས་སྣང་སྟེ་གསུང་རབ་རྣམས་ནས་གངས་ཅན་རིགས་མི་འདྲ་བ་ལྔར་བཤད་པ་མངོན་པའི་འགྲེལ་ཆེན་གྱིས་བསྟན་པས་མཐའ་གཅིག་ཏུ་མི་གཟུང་ངོ་། །མཚོ་མ་དྲོས་པའི་འགྲམ་ན་བྲག་གི་གཟུགས་ཐ་དད་པའི་ཤར་ཕྱོགས་གླང་པོ་ཆེའི་ཁ་ནས་གངྒཱ་མ་དྲོས་


JL00_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་ལན་བདུན་བསྐོར་ནས་ཆུ་ཕྲན་ལྔ་བརྒྱ་དང་བཅས་ཤར་གྱི་རྒྱ་མཚོར་འབབ་བོ། །དེ་བཞིན་དུ་ལྷོ་ཕྱོགས་ཁྱུ་མཆོག་གི་ཁ་ནས་སིནྡྷུ། ནུབ་ཕྱོགས་རྟ་མཆོག་གི་ཁ་ནས་པཀྵུ། བྱང་ཕྱོགས་སེངྒེའི་ཁ་ནས་སི་ཏ་རྣམས་སྔར་བཞིན་ཕྱོགས་སོ་སོའི་རྒྱ་མཚོར་འབབ་བོ། ཁ་ཅིག་ཏུ། ཤར་ཕྱོགས་རྟ་མཆོག་གི་ཁ་ནས་ཆུ་ཆེན་ལོ་ཧི་ཏ་དངུལ་གྱི་བྱེ་མ་འདྲེན་པ། ལྷོ་ཕྱོགས་གླང་པོའི་ཁ་ནས་གངྒཱ་གསེར་གྱི་བྱེ་མ་འདྲེན་པ། ནུབ་ཕྱོགས་རྨ་བྱའི་ཁ་ནས་སིནྡྷུ་རིན་པོ་ཆེ་སྣ་ཚོགས་པའི་བྱེ་མ་འདྲེན་པ། བྱང་ཕྱོགས་སེངྒེའི་ཁ་ནས་པཀྵུ་རྡོ་རྗེའི་བྱེ་མ་འདྲེན་པ་སྔར་བཞིན་བསྐོར་བ་དང་བཅས་འབབ་པར་བཤད་དེ། མཚོ་དེའི་འགྲམ་གཡས་རོལ་ན་ཤིང་འཛམ་བུ་ཏྲི་ཤའི་སྡོང་པོ་རྒྱ་དང་འཕང་དུ་ཡངས་པ་ལ་འབྲས་བུ་རོ་བདའ་བ་སྨིན་པ་མཚོ་ནང་དུ་ལྷུང་བ་འཛམ་བུ་ཆུ་བོའི་གསེར་དུ་གྱུར་པ་ནི། གསེར་ཕལ་པ་ལན་བཅུ་དྲུག་ཏུ་བཞུ་བཏུལ་བྱས་པའི་དྭངས་ཞུན་ལྟ་བུའི་ཁ་དོག་དང་འོད་ཡོད་པའོ། །མཚོ་དེའི་བྱང་ཕྱོགས་ན་ཤལ་མེ་ལི་རྩེ་མོ་རབ་ཏུ་མཐོ་བ་ལ་ནམ་མཁའ་ལྡིང་རྣམ་པ་བཞིའི་ཚང་ཡོད་དོ། །དེ་ལྟ་བུའི་བཀོད་པ་ཕུན་སུམ་ཚོགས་པའི་འཛམ་བུའི་གླིང་འདིར། བསྐལ་པ་དང་པོར་ཚེ་ལོ་དཔག་ཏུ་མེད། སྤྱི་མཐུན་གྱི་མིང་སེམས་ཅན་ཞེས་གྲགས་པ་ནས། མི་ཞེས་གྲགས་པའི་བར་དུ་དགའ་བདེའི་བག་ལ་ཡེངས་པའི་དུས་རིང་མོ་ཞིག་ནས་རིམ་བཞིན་ཚེ་དང་བསོད་ནམས་ཀྱང་སྔར་བས་བགས་ཀྱིས་བྲི་སྟེ་ཚེ་ལོ་བྱེ་བ་ཐུབ་པའི་དུས་ན་འབྱུང་བཞིའི་རྡུལ་ཕྲན་དང་པོ་འོད་ཀྱི་རང་བཞིན་དུ་འདུས་པའི་སྒོ་ང་ལས་སྐྱེ། ལས་ཀྱི་རླུང་གིས་ནམ་མཁའ་ལ་འགྲོ། ཟས་སུ་འབྱུང་བའི་དྭངས་མ་བཟའ། ཚ་གྲང་གི་སྡུག་བསྔལ་མེད་པས་ལུས་ལ་གོས་མི་དགོས། དེའི་སྟོབས་


JL00_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ལུས་ལ་དྲེག་པ་ཆགས་པས་དེ་ཉིད་འཁྲུ་བའི་ཁྲུས་ཀྱི་རྫིང་བུ་བཟང་པོའང་ཡོད་ལ། རང་བཞིན་གྱིས་དགེ་བ་བཅུ་ལ་གནས་པའོ། །དེ་ནས་ཚེ་ལོ་ས་ལ་དྲུག་འབུམ་ན་ཚ་གྲང་གི་རྒྱུ་རྐྱེན་ལས་འགྲོ་བ་ཐམས་ཅད་དྲོད་གཤེར་དུ་སྐྱེ། འདོད་འཇོའི་བ་ལས་བདུད་རྩི་ལྟ་བུའི་ཞོ་འབྱུང་བས་ལུས་གསོ། འགྲོ་བར་འདོད་པའི་ཚེ་ཅང་ཤེས་ཀྱི་རྟ་ལས་གང་འདོད་དུ་ཕྱིན་པ་སོགས་འདོད་པའི་ཡོན་ཏན་ས་དང་། ཆུ་དང་། ཤིང་གི་ལྗོན་པ་ལས་འབྱུང་ངོ་། །དེ་ནས་ཚེ་ལོ་དགུ་ཁྲི་ཐུབ་པ་ན་སྔར་གྱི་དཔལ་འབྱོར་བྲི་བས། མི་རེ་སྐྱེ་བ་དང་ཤིང་རེ་འབྱུང་། རོ་ཕུན་སུམ་ཚོགས་པའི་ཤིང་འབྲས་བཟའ་ཤིང་། ལོ་མ་གོས་སུ་གྱོན་པའོ། །ཕོ་མོའི་མཚན་མ་མ་དོད་ཀྱང་། ཕན་ཚུན་བལྟས་པས་ཚིམ་པའི་འདོད་ཆགས་ཙམ་གཏི་མུག་བག་ལ་ཉལ་ལངས་པ་ལས་བྱུང་ངོ་། །དེ་ནས་ཚེ་ལོ་ལྔ་བརྒྱ་བྲི་བ་ན་སེམས་པ་དང་། རྟོག་པ་དང་། འགྲེང་བ་ལ་སོགས་པའི་རྣམ་རྟོག་ལས། ང་རྒྱལ་དང་ཕྲག་དོག་བག་ལ་ཉལ་ལངས། ཞེ་སྡང་བག་ལ་ཉལ་གྱི་མཐུས་ཤིར་བཅད་པས་ལྗོན་པའང་ནུབ། ཕོ་མོའི་དབང་པོའང་དངོས་མ་ཡིན་པའི་འབུར་འབུར་པོ་དང་། ཤོང་ཤོང་བུ་ཙམ་དུ་དོང་། བགད་པས་ཚིམ་པའི་འདོད་ཆགས་བྱུང་ངོ་། །སྔོན་པས་ཚེ་ལོ་ལྔ་བརྒྱ་བྲི་བ་ནས་སའི་བཅུད་དམ་ཞག་མར་གསེར་གྱི་ཁ་དོག་ལྟ་བུ་ལ། སྦྲང་རྩིའི་རོ་བཅུད་ཡོད་པའི་ཟས་ཟ་ཞིང་། ཤིང་བལ་འཇམ་པོ་གོས་སུ་བྱེད་དོ། །དེའི་ཚེ་རེག་པས་ཚིམ་པའི་འདོད་ཆགས་བྱུང་ངོ་། །དེ་ལྟར་ཁམས་ཀྱི་ཟས་རགས་པ་དེས་ལུས་མཁྲད་པར་གྱུར་ཏེ་ལྕི་བ་དང་། ཉོན་མོངས་པ་དང་། གཏི་མུག་བག་ལ་ཉལ་དངོས་སུ་ལངས། ལུས་ཀྱི་འོད་མོག་མོག་པོར་གྱུར་ནས་སྔོན་པས་མི་མཛེས། ས་ལ་སོར་བཞིས་མ་རིག་པར་


JL00_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བ་ལས་ནམ་མཁའ་ལ་འགྲོ་བའི་མཐུ་ཉམས། འགའ་ཞིག་གིས་སའི་ཞག་ལ་གསོག་འཇོག་བྱས་པའི་རྗེས་སུ་བསླབས་པས་དེའང་ནུབ། བར་དེར་མུ་གེ་དང་། མུན་པའི་གནས་སྐབས་ཀྱང་ལོ་མང་དུ་བྱུང་བ་ན་སྤྱི་མཐུན་གྱི་བསོད་ནམས་ལས་ནམ་མཁའ་ལ་ཉི་མ་ཤར། དེ་ལ་ཉེ་རིང་མེད་པས་ཉེ་བར་ཕན་འདོགས་པའི་མིང་ཉི་མར་གྲགས། དེ་ནུབ་པ་ལ་མཚན་མོའི་མིང་ཆགས་ཤིང་མུན་པ་སལ་བར་སྨོན་པ་ན་ཟླ་བ་ཤར་བས། འདི་ཡང་དེའི་ཟླ་བོར་འདུག་ཅེས་ཟླ་བར་བཏགས། དེ་ཧ་ཅང་བསིལ་བའི་གདུང་བ་མ་བཟོད་ནས་འདི་བས་མི་བསིལ་བར་གྱུར་ཅིག་སྨྲས་པས་སྐྱེ་འབྲི་ཅན་དུ་གྱུར། སྐྱེ་འབྲིའི་རྟེན་འབྲེལ་ནི་མཛོད་ལས། །ཉི་མ་དང་ནི་ཉེ་བ་ལས། །རང་གི་གྲིབ་མས་འགྲིབ་པར་སྣང་། །ཞེས་པ་ལྟར་རམ། ཡང་ན་ཆུ་ཤེལ་ངོས་ཡར་ངོ་ལ་ཐུར་དུ་ཇེ་གསལ་དུ་གྱུར་པའི་སྟོབས་ཀྱིས་བཻ་ཌཱུརྱ་ངོས་ཇེ་འབྲིར་འགྱུར་ལ། བཅོ་ལྔར་རྫོགས་པར་བླ་འོག་འགྱུར་བས་ཆུ་ཤེལ་འབའ་ཞིག་མངོན་ལ། བཅུ་དྲུག་ནས་འགྲིབ་དུས་ཡང་བཻ་ཌཱུརྱ་ཐུར་ལ་ཇེ་ཆེར་གྱུར་པ་སྟོང་ལ་བླ་འོག་རིལ་ལོག་པས་བཻ་ཌཱུརྱ་འབའ་ཞིག་སྣང་བ་ནམ་མཁའ་དང་མདོག་འདྲེས་པས་མི་སྣང་བ་ཡིན་ནོ། །དེ་ལྟར་ཉི་ཟླ་ཤར་དུས་གཟའ་དང་སྐར་མ་ཡང་དེའི་འཁོར་དུ་ཤར་ཞིང་དུས་ཚིགས་རྣམས་ཀྱང་བྱུང་བའི་ཚུལ་དྲང་སྲོང་རྔ་བོང་གིས་བཤད་པ་བཞིན་ནོ། །དེ་ལྟར་སའི་བཅུང་ནུབ་པས་ཀྱེ་མ་ཀྱི་ཧུད་སའི་བཅུད་ཟེར་མྱ་ངན་བྱེད་པ་ན་སའི་ཞག་དོང་ཀའི་མེ་ཏོག་ལྟར་དམར་ལ་སྦྲང་རྩིའི་རོ་ལྟ་བུས་འཚོ་བ་བྱུང་ངོ་། །དེ་ཡང་མངོན་པའི་ང་རྒྱལ་གྱི་རྐྱེན་ལས་ནུབ་པ་ནི། མྱུ་གུའི་ཚལ་སེར་པོ་ཀ་ཏི་སུ་ཀའི་མེ་ཏོག་ལྟ་བུར་ཟ་ཞིང་། དེའང་ནང་བརྔས་ན་ནང་སྐྱེ། ནུབ་བརྔས་


JL00_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

ན་ནུབ་སྐྱེ་བ་ཡོད་པ་ལ་དེའང་སྔར་བཞིན་ནུབ་པས་མྱ་ངན་བྱེད་དོ། །དེའི་འོག་ཏུ་མ་རྨོས་པའི་འབྲས་སཱ་ལུ་བརྔས་པ་མི་མངོན་པར་རང་འཁྲུངས་པ་ལ་ལོངས་སྤྱད་པས་ལུས་སྟོབས་དང་ལྡན། ཕོ་མོའི་དབང་པོ་དང་། གཤང་གཅིའི་ལམ་དངོས་སུ་དོད། དེ་སྦ་ཕྱིར་རས་བལ་སུ་བྱས་པའི་སྨད་དཀྲིས་དང་གོས་སུ་བྱེད། གཉིས་འཁྱུད་ཀྱི་འདོད་ཆགས་བྱུང་ནས་མངལ་ལས་སྐྱེ་བར་གྱུར། ཕན་ཚུན་འདོད་པ་བསྟེན་པ་གཞན་གྱིས་མཐོང་ནས་ས་རྡོ་འཕངས་པ་ལ་ངོ་ཚ་བའི་སེམས་སྐྱེས་ནས་ཁང་བུ་བྱས་པས་ངོ་ཚའི་ཁྱིམ་དུ་མིང་ཆགས། ནམ་མཁའ་ལས་བདུད་རྩིའི་ཆར་བབས་པ་སྐྱོབ་པའི་ཕྱིར་སྟེང་ནས་འཇག་མ་བཀབ་པས་ཁྱིམ་ལ་སྔ་བ་འཇག་སྤྱིལ་དུ་གྲགས། ལེ་ལོ་ཅན་དག་གིས་འབྲས་ཀྱི་ཞིང་ནས་བླངས་ཏེ་གསོག་འཇོག་བྱས་པས། ཀུན་གྱིས་དེ་ལྟར་ལོབས་ཏེ་གསོག་འཇོག་གི་ཉེས་པས་སཱ་ལུ་ཕུབ་མ་ཅན་དུ་གྱུར། དེ་ནས་མི་རང་བཞིན་ངན་པ་གཅིག་གིས་འབྲས་ཀྱི་ཞིང་ལ་འདི་ང་དབང་ངོ་ཞེས་རིས་སུ་བཅད་པས་ཀུན་ཀྱང་ཕྲག་དོག་དང་ང་རྒྱལ་གྱི་མུ་འབྲེལ། བསམ་པའི་ཁྱད་པར་ལས་བསོད་ནམས་ཆེ་ཆུང་གིས་ཞིང་གི་ལོ་ཐོག་ལ་བཟང་ངན་བྱུང་བས་ངན་པ་རྣམས་མ་སོས་ཏེ་བཟང་པོ་ལ་བརྐུ་བ་དང་སློང་བ་བྱུང་། ལས་ཀྱི་དབང་གིས་དེ་ཡང་ཟད་དུ་ཉེ་བ་ལ། མི་རང་བཞིན་བཟང་བ་གཅིག་གིས་ཀུན་ལ་སྙོམས་པར་བཀྱེ་བས་རང་སྐལ་ཆད་པ་ལ། ཐམས་ཅད་མགུ་ནས་རྒྱལ་པོར་བསྐོས་པས་མང་པོས་བཀུར་བའི་རྒྱལ་པོ་བྱུང་། དམངས་མའི་ནང་ནས་འགའ་ཞིག་ཁྱིམ་ནས་ཡིད་ཕྱིར་ཕྱོགས་ཏེ་གཙང་སྦྲ་ལྷུར་ལེན་པ་ལ་བྲམ་ཟེའི་མིང་དུ་ཆགས། ཁྱིམ་ན་གནས་ཏེ་ཕ་མ་བཀུར་བ་གཙོ་བོར་བྱེད་པར་རྗེའུ་རིགས་ཞེས་བྱ། གང་དག་ཕ་ལ་ཕར་མི་འཛིན། མ་ལ་མར་མི་འཛིན། རིགས་ཀྱི་རྒན་རབས་ལ་རྒན་རབས་སུ་


JL00_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

མི་འཛིན། གསོད་པ་དང་། བརྐུ་བ་དང་ལོག་པར་གཡེམ་པ་སོགས་བརླང་པོར་སྤྱོད་པ་ལ་དམངས་སམ་གདོལ་བའི་རིགས་ཞེས་ངན་པར་བཅད། རིགས་འདྲེས་པས་བསླད་པའམ། གློ་བུར་གྱི་ཀུན་སྤྱོད་དེ་ལྟར་གྱུར་ནའང་དམངས་རིགས་སུ་འབེབས་པར་འཆད་པས་རྒྱ་གར་ན་དིང་སང་གི་བར་དུ་རིགས་བསྲུང་བ་ལ་ནན་ཏན་ཆེ། དེ་ལྟ་ནའང་མུ་སྟེགས་ཚངས་པའི་རྗེས་སུ་འབྲེང་བདག་ཚངས་པའི་གདོང་ལས་མི་རིགས་བཞི་བྱུང་བར་སྨྲའོ། །དེ་ནས་ཤིང་གི་ཐོང་པས་རི་ལ་རྨོས་ཏེ་གཟེ་ཀ་ཅུང་ཟད་བཏབ་པས་འབྲུ་ལ་སྔ་བ་སོ་ཀ་བྱུང་། དེ་ནས་སོ་ནམ་གྱི་ལས་ཆེར་བྱས་ཏེ། གྲོང་དང་། ལྗོངས་དང་། རྒྱལ་པོའི་ཕོ་བྲང་དང་། གྲོང་ཁྱེར་རྒྱ་ཆེན་པོར་འཕེལ། ལོ་བརྒྱད་ཁྲི་བའི་དུས་འཛམ་བུའི་གླིང་ཕལ་ཆེར་བྱ་གག་འཕུར་བའི་ཚོད་ཙམ་དུ་གྲོང་ཁྱེར་གྱི་གང་བས་འབྱོར་བ། རྒྱས་པ། བདེ་བ། ལོ་ལེགས་པ། སྐྱེ་བོ་དང་མི་མང་པོས་གང་བ་བྱུང་སྟེ། ད་ལྟ་ལྔ་བརྒྱའི་ཐ་མ་འདིར་ནི་དཔག་ཚད་དང་རྒྱང་གྲགས་ཀྱི་བར་དུའང་གྲོང་དང་གྲོང་ཁྱེར་གྱིས་སྟོངས་པ། སྔོན་ཆད་བྱུང་བའི་ཤུལ་ཐམས་ཅད་ཀྱང་ཟད་པའི་མུ་ལ་ཐུག་པ། འབྱོར་བ་མ་ཡིན་པ། རྒྱས་པ་ལས་ཉམས་པ། ལོ་ཐོག་ངན་པ། སྐྱེ་བོ་དང་། མི་ཚོགས་ནི་ཉུང་། ངན་སོང་དང་བར་སྲིད་མང་། དེའི་རྒྱུ་བསྒྲུབ་པ་ལ་འབད་རྩོལ་དང་བཅས་ཤིང་། ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་ལ་སེམས་པ་ནི་ཉིན་མོའི་སྐར་མ་ལྟ་བུར་ཉུང་བས་འདི་ཡང་བར་སྐབས་ཀྱི་སྐྱོ་བ་དང་མི་རྟག་པའི་གཏམ་གཅིག་ཏུ་བསྟན་ནས། མཐོ་རིས་ཀྱི་ཆགས་ཚུལ་བཤད་ཟིན་ཏོ། །དེ་ནས་ངན་སོང་ཇི་ལྟར་ཆགས་པ་ནི། མཐོ་རིས་ཀྱི་རྟེན་ལ་དུག་གསུམ་གྱི་ལས་བསགས་པ་ལས་བྱུང་སྟེ། ཁྱད་པར་ཞེ་སྡང་གི་ལས་ལས་དམྱལ་བའི་བདག་པོར་གྱུར་


JL00_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལས་བསགས་པ་ཞིག་གཤིན་རྗེའི་རྒྱལ་པོར་སྐྱེས་ནས། དེའི་འོག་ཏུ་དམྱལ་བའི་སྲུང་མ་ཕྲ་མེན་གདོང་དང་། ཁྱི་དང་། བྱ་དང་། ཟངས་དང་། ཁྲོ་ཆུ་དང་། མེ་ཚོགས་དང་། མཚོན་ཆའི་རིགས་རྣམས་སོ་སོའི་ལས་སྣང་གིས་སྤྲུལ་པས་སྣང་བ་ཡིན་ལ། དེ་ལྟར་སྣང་བའོ་སྡུག་བསྔལ་ལ་སྤྱོད་པའི་སེམས་ཅན་དམྱལ་བ་པ་མནར་མེད་པ་དང་། རབ་ཏུ་ཚ་བ་དང་། ཚ་བ་དང་། ངུ་འབོད་ཆེན་པོ་དང་། ངུ་འབོད་དང་། བསྡུས་འཇོམས་དང་། ཐིག་ནག་དང་། ཡང་སོས་ཏེ། ཚ་དམྱལ་བརྒྱད་པོའི་བྱང་གི་ཉེ་ལོགས་སུ། པདྨ་ཆེན་པོ་ལྟར་གས་པ་དང་། པདྨ་ལྟར་གས་པ་དང་། ཨུཏྤལ་ལྟར་གས་པ་དང་། སོ་ཐམ་ཐམ་པ་དང་། ཀྱི་ཧུད་པ་དང་། ཨ་ཆུ་བ་དང་། ཆུ་བུར་བརྡོལ་བ་དང་། ཆུ་བུར་ཅན་ཏེ་གྲང་དམྱལ་བརྒྱད། འཁོར་ལྷག་པ་བཅུ་དྲུག་དང་བཅས་ལས་ཀྱི་མཐུས་གྲུབ་པ་ཡིན་ནོ། །འདི་དག་སྤྱོད་འཇུག་ལས་བཤད་པ་བཞིན་ཐེག་པ་ཆེན་པོ་པའི་ལུགས་སུ་སྡིག་སེམས་གོམས་པ་ལས་གྲུབ་པར་འདོད་པ་ལ་གོ་བའི་ཕྱོགས་འཛོལ་ནས་དོན་ལ་མེད་པར་འདོད་པ་ལ་ནི། བདག་ཉིད་ཀྱང་དོན་ལ་མེད་པ་ཞིག་ལས་ཀྱི་གཟུགས་སྣང་དུ་མངོན་སུམ་པ་ཉིད་མེད་དོ་སྨྲས་པས་མེད་པར་མི་འགྲུབ་པའི་གནོད་པ་འཇུག་གོ །འདོད་ཆགས་ཀྱི་སྒོ་ནས་ལས་བསགས་པ་དེ་དག་ནི་ཡི་དྭགས་ཕྱིའི་སྒྲིབ་པ་ཅན་དང་། ནང་གི་སྒྲིབ་པ་ཅན་དང་། སྤྱི་མཐུན་ལས་ཀྱི་སྒྲིབ་པ་ཅན་དང་། སྒོ་ཁྱུད་ཀྱི་སྒྲིབ་པ་ཅན་དུ་སྣང་ལ། གཏི་མུག་གི་སྒོ་ནས་ལས་བསགས་པ་རྣམས་ནི། དུད་འགྲོ་གཅིག་ལ་གཅིག་ཟ་བ་དང་། བཀོལ་སྤྱད་དང་། འཚེ་བ་རྣམ་པ་དུ་མས་ཉམ་ཐག་པ་ཅན་དུ་གྲུབ་བོ། །དེ་ལྟར་སྣོད་བཅུད་ཆགས་པའི་ཐོག་མཐའི་ཚད་གང་གིས་བཟུང་ན། དང་པོའི་གཞི་ནམ་མཁའ་རྣམ་པར་དག་པ་ལ་རླུང་གི་དཀྱིལ་འཁོར་ཆགས་པ་ནས་བཟུང་སྟེ་མནར་མེད་དུ་


JL00_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་གཅིག་སྡུག་བསྔལ་མྱོང་བ་ལ་སྐྱེས་པའི་བར་གྱི་ཡུན་ལ་སྣོད་ཆགས་པའི་བར་བསྐལ་གཅིག་ཏེ། བཅུད་ཆགས་པ་ལ་བཅུ་དགུ། བསྡོམས་པས་བར་བསྐལ་ཉི་ཤུའོ། །དེ་ཡན་ཆད་ནི་ཆགས་ཚུལ་གཏན་ལ་ཕབ་པའོ། །གཉིས་པ་གནས་པའི་བར་བསྐལ་ཉི་ཤུ་ནི། འགྲིབ་པ་གཅིག་དང་། འཕེལ་འགྲིབ་བཅོ་བརྒྱད་དང་། འཕེལ་བ་གཅིག་སྟེ་རྣམ་གྲངས་གསུམ་ལས། དང་པོ་འགྲིབ་པ་གཅིག་ནི། ཚེ་ལོ་དཔག་མེད་ནས་བརྒྱད་ཁྲིའི་བར་དུ་ལོ་ཉིས་བརྒྱ་ན་རེ་རེ་འབྲིའོ། །བརྒྱད་ཁྲི་ནས་བཅུ་པའི་བར་དུ་བརྒྱ་བརྒྱས་ལོ་རེ་རེ་འབྲིའོ། །གཉིས་པ་འཕེལ་འགྲིབ་བཅོ་བརྒྱད་ནི། བཅུ་པ་རྫོགས་ནས་སྲོག་གཅོད་པ་སྤངས་པས་ཚེ་ལོ་ཉི་ཤུ་པར་འཕེལ། མ་བྱིན་ལེན་སྤངས་པས་བཞི་བཅུ། ལོག་གཡེམ་སྤངས་པས་བརྒྱ་པ་དང་། ཕྲ་མ་སྤངས་པས་ཉིས་བརྒྱ་བར། ངག་འཁྱལ་སྤངས་པས་ལྔ་བརྒྱ་བར། ཚིག་རྩུབ་སྤངས་པས་སྟོང་དང་། བརྣབ་སེམས་སྤངས་པས་ཉིས་སྟོང་དང་། གནོད་སེམས་སྤངས་པས་ཁྲི་དང་། ལོག་པར་ལྟ་བ་སྤངས་པས་ཉི་ཁྲི་དང་། མི་རིགས་པའི་འདོད་ཆགས་སྤངས་པས་བཞི་ཁྲི་དང་། ལོག་པའི་ཆོས་སྤྱོད་པ་སྤངས་པས་བརྒྱད་ཁྲི་བར་འཕེལ་ལོ། །དེ་ལྟར་ཚེ་འཕེལ་བ་ལྟར་གཟུགས་དང་ལོངས་སྤྱོད་ཀྱང་འཕེལ་བས་འབྱོར་ཤིང་རྒྱས་པའོ། །དེ་ནས་ཡང་སྡེ་ཚན་རེས་འགྲིབས་ཤིང་འཕེལ་བ་བཅོ་བརྒྱད་ནི་བར་ཁུག་བཅོ་བརྒྱད་ཅེས་བྱའོ། །གསུམ་པ་ཕྱིས་འཕེལ་བ་གཅིག་ནི། བར་ཁུག་རྫོགས་པའི་རྗེས་པ་བརྩི་ལུགས་འདྲ་བ་ནས། ཚེ་ལོ་དཔག་མེད་ཐུབ་བར་སོང་ནས་གཅིག་འགྲིབ་དུས་སངས་རྒྱས་མོས་པ་འབྱོན་ལ། དེ་ནས་བརྒྱད་ཁྲི་བའི་བར་ཉིས་བརྒྱས་ལོ་རེ་འབྲི་ཞིང་། བརྒྱད་ཁྲི་ན་ས་བཅུ་པའི་བར་དུ་བརྒྱ་བརྒྱས་ལོ་


JL00_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

རེ་འབྲིའོ། །དེའི་དུས་བུ་མོ་བཙས་པ་རྣམས་ནི་ལོ་ལྔ་བརྒྱ་ན། ཁྱིམ་ཐབ་ཏུ་གཏོང་ལ། མི་རྣམས་ན་བའི་ཚད་ཀྱང་འདོད་པས་གཟིར་བ་དང་། ཟས་མི་ཟ་བ་ཙམ་ལ་བྱེད་དོ། །དེའི་ཚེ་འབྲུའི་སྙེ་མ་རེ་རེ་ལས་ཀྱང་བྲེ་བོ་ཆེ་བཞི་བཞི་འབྱུང་ཞིང་། འབྱོར་བ་ལྷའི་ཡུལ་དང་འགྲན། མི་རྣམས་ཚེ་ལོ་དཔག་མེད་ཐུབ་པ་ནས་བརྒྱད་ཁྲིའི་བར་ལ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་སྤྱི་བོ་སྐྱེས་དང་། གསོ་སྦྱོང་འཕགས་དང་། རབ་མཛེས་ལ་སོགས་པ་རབས་བདུན་བྱུང་ལ། གཞན་ཡང་གླིང་གཅིག་པ་ལ་དབང་བ་ལྕགས་ཀྱི་འཁོར་ལོས་སྒྱུར་བ། གཉིས་པ་ལ་དབང་བ་ཟངས། གསུམ་པ་ལ་དབང་བ་དངུལ། བཞི་པ་ལ་དབང་བ་གསེར་སྟེ། རྒྱལ་པོ་གང་ན་འགྲོ་བའི་སྡུན་ནས་འཁོར་ལོ་འགྲོ་ཞིང་རིན་པོ་ཆེ་སྣ་བདུན་དང་ལྷན་ཅིག་སྤྱོད་པས་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཞེས་བྱ་སྟེ། འཁོར་ལོ་ནི་རི་རབ་ཀྱི་ཁོང་སེང་ངམ། བང་རིམ་ལ་ཡོད་པ་དང་། བརྒྱ་བྱིན་གྱི་འཁོར་ལོ་ཕབ་པ་དང་། ནམ་མཁའི་དབྱིངས་ནས་སྔོན་ལེགས་པར་སྤྱད་པའི་བསོད་ནམས་ཀྱི་མཐུ་ལས་རང་བྱུང་བར་རྒྱ་ཆེར་རོལ་པ་དང་། མངོན་འབྱུང་གི་མདོ་སོགས་ལས་རང་རང་གི་ཡོན་ཏན་དང་བཅས་བཤད་དོ། །དེ་ལ་ཉེ་བའི་རིན་པོ་ཆེ་རྣམ་པ་བདུན་ཡང་ཡོད་དོ། །རྒྱལ་པོའི་ཡིད་དང་འགལ་བར་བྱེད་པ་དེར་རལ་གྲི་རིན་པོ་ཆེས་ཕྱིན་ནས་འདུད་པར་བྱེད་པ་དང་། རྒྱ་མཚོའི་ཀླུའི་པགས་པ་དབྱར་ཆར་གྱིས་མི་བརླན་པ། དགུན་རླུང་གིས་མི་བསྐྱོད། མེས་མི་འཚིག །གྲང་ན་དྲོ། དྲོ་ན་བསིལ་བར་བྱེད་པ་ཞེང་དུ་དཔག་ཚད་ལྔ། མ་ཆུར་དཔག་ཚད་བཅུ་པ་དང་། མལ་ཆ་རིན་པོ་ཆེ་ཡང་ཞིང་འཇམ་ལ་མཐོ་དམན་ཅན། བཏེག་ན་འཕར། མནན་ན་ནེམས་བྱེད་པ། དེའི་སྟེང་དུ་འདུག་པས་འདོད་ཆགས་


JL00_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

ཟིལ་གྱིས་ནོན་པ་སོགས་ཉོན་མོངས་པ་གཞན་ཡང་འཇོམས་པ་དང་། ཚལ་རིན་པོ་ཆེ་རྒྱལ་པོ་དེར་བསམ་གཏན་ལ་དགའ་བར་འགྱུར་ཞིང་། མེ་ཏོག་དང་། འབྲས་བུ་དང་། བྱ་དང་། ལྟེང་ཀ་དང་། འབབ་ཆུ་དང་། ལྷའི་བུ་མོ་དག་ཉེ་བར་འོད་ཞིང་། ལྷའི་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་དང་། ཁྱིམ་རིན་པོ་ཆེ་བལྟ་བར་འདོད་ན་ཟླ་བ་རྒྱུ་སྐར་ཀྱང་དེར་འོང་ཞིང་། མྱ་ངན་དང་བྲལ་བའི་མིའང་དེར་བདེ་བར་གཉིད་ལོག་ཅིང་རྨི་ལམ་བཟང་པོ་མཐོང་བ། གྲང་དུས་སུ་རླུང་དྲོ་བ་དང་། དྲོ་དུས་སུ་རླུང་གྲང་བར་ལྡན་པ་སོགས་བདེ་བ་དང་ལྡན་པའོ། །གོས་རིན་པོ་ཆེ་ནི། ཐགས་བཟང་ཞིང་འཇམ་ལ་དྲི་མས་མ་གོས་པ། མེ་མཚོན་སོགས་ཀྱིས་བསྲེག་བཅད་མི་ནུས་པ། བཀྲེས་སྐོམ་གྲང་དྲོ་ངལ་དུབ་ཀྱིས་གནོད་པ་མེད་པའོ། །ལྷ་མ་རིན་པོ་ཆེ་ནི། གྱོན་ན་ཆུ་ལ་མི་བྱིང་། དཔག་ཚད་བརྒྱར་ཡང་ངལ་དུབ་མེད་པར་འགྲོ་ནུས་པའི་ཁྱད་པར་རོ། །ད་ལྟ་བུའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ནི་བརྒྱད་ཁྲི་མན་ཆད་ལ་མི་འབྱུང་སྟེ། དེའི་ཚེ་ཚད་དང་དཔལ་འབྱོར་མི་རྫོགས་པའི་ཕྱིར་རོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཕལ་ཆེར། མར་འགྲིབ་ལ་འབྱུང་སྟེ། བརྒྱད་ཁྲི་ཡན་ཆོད་སྐྱོ་ཤས་ཆུང་བས་ཆོས་བསྟན་ཡང་དོན་དུ་འགྱུར་བ་དཀའ་ཞིང་། བདེན་པ་མངོན་པར་རྟོགས་པའང་ཉུང་བའི་ཕྱིར་དང་། བརྒྱ་པ་མན་ཆད་དུའང་མི་འབྱུང་སྟེ། ཚའི་སྙིགས་མ་དང་། དུས་ཀྱི་སྙིགས་མས་སྲོག་དང་ཡོ་བྱད་རྒུད་པར་བྱེད་པ་དང་སེམས་ཅན་གྱི་སྙིགས་མས་གཟུགས་རྒུད་པར་བྱེད་པ་དང་། ཉོན་མོངས་པ་དང་ལྟ་བའི་སྙིགས་མས་དགེ་བའི་ཕྱོགས་རྒུད་པར་བྱེད་པའི་སྙིགས་མ་ལྔ་བདོ་བས་སངས་རྒྱས་བྱོན་ཡང་སྒྲོ་སྐུར་གྱི་མཐར་ལྟུང་བས་སྣོད་དུ་མི་རུང་བའི་ཕྱིར་རོ། །དེའི་ཕྱིར་


JL00_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་པོའི་བསྐལ་པ་འདི་ལ་སངས་རྒྱས་སྟོང་འབྱུང་བའི་དང་པོ་འཁོར་བ་འཇིག་བརྒྱད་ཁྲིའི་དུས་སུ་བྱོན་པ་ནས་རིམ་བཞིན། བཞི་ཁྲིའི་དུས་གསེར་ཐུབ། ཉི་ཁྲི་ན་འོད་སྲུང་། བརྒྱ་པའི་དུས་ཤཱཀྱ་ཐུབ་པ་བྱོན་པ་ནས། མཐར་མོས་པའི་བར་དུ་བརྩི་བ་ཡིན་ནོ། །ཡང་རྣམ་པར་གཟིགས་དང་། མར་མེ་མཛད་དང་། རིན་ཆེན་གཙུག་ཏོར་ཅན་དང་གསུམ་ནི་དེའི་གོང་དུ་བྱོན་པས་བར་གྱི་སངས་རྒྱས་ཞེས་བྱ་སྟེ། ཕྱིས་ཀྱང་འབྱོན་པར་གསུངས་པས་མ་ངེས་པའོ། །དེའི་ཕྱིར་ན་བརྒྱད་ཁྲི་ནས་བརྒྱ་པའི་བར་ཁོ་ན་ལས་གཞན་དུ་མི་འབྱུང་བ་ཉག་གཅིག་ཏུའང་མི་བལྟ་སྟེ། མགོན་པོ་ཚེ་མཐའ་ཡས་པ་དང་། རྣམ་པར་གཟིགས་ཚེ་ལོ་དཔག་མེད་ཀྱི་དུས་ན་བྱོན་པའི་ཕྱིར། བསྐལ་པ་བཟང་པོའི་སངས་རྒྱས་སྟོང་ལ་སོགས་པ་བྱིངས་ཚེ་གདུལ་བྱ་འདུལ་བྱེད་ཀྱི་རྟེན་འབྲེལ་ཁྱད་པར་ཅན་ཚོགས་པའི་དུས་དེར་བྱོན་པར་རིགས་པར་བྱའོ། །རང་སངས་རྒྱས་རྣམས་ནི་དགེ་བའི་བཤེས་གཉེན་ལ་མི་བརྟེན་པས་སངས་རྒྱས་མ་བྱོན་པའི་གནས་སྐབས་དང་། གཞན་དོན་ལ་བསྐུལ་གྱིས་དོགས་པས་ཉན་ཐོས་ཟད་ནས་བསྟན་པ་ནུབ་པའི་དུས་ན་འབྱུང་བ་ཡིན་ནོ། །དེ་ཅིའི་ཕྱིར་ན་རང་གི་ཡེ་ཤེས་ཀྱང་རྟེན་འབྲེལ་ལུགས་ལྡོག་ལ་བརྟེན་ནས་བརྟེན་པ་མེད་པར་སྐྱེ་ཞིང་། ཐེག་པ་ཆེན་པོའི་བློ་དང་བྲལ་བའི་ཕྱིར་རོ། །དེ་སྐད་དུ་རྩ་ཤེ་ལས། རྫོགས་སངས་རྒྱས་རྣམས་མ་བྱུང་ཞིང་། །ཉན་ཐོས་རྣམས་ཀྱང་ཟད་པ་ན། །རང་སངས་རྒྱས་ཀྱི་ཡེ་ཤེས་ནི། །བརྟེན་པ་མེད་པར་རབ་ཏུ་སྐྱེ། །ཞེས་སོ། །དེའང་ཚེ་ལོ་མར་འགྲིབ་པའི་རྒྱུ་ནི། འཇིག་རྟེན་དུ་འཁོར་བའི་ཆོས་ལུགས་མི་དགེ་བ་དུ་མ་འཕེལ་བས་བསོད་ནམས་ཉམས་ཏེ་བརྒྱད་ཁྲི་པ་ནས་བདུན་ཁྲི་པ་དང་། དྲུག་ཁྲི་པ་དང་། ཉི་ཁྲི་པ་དང་། སྟོང་པ་དང་། བརྒྱ་པ་དང་། བཅུ་པའི་བར་དུ་ཚེ་འགྲིབ་པ་བཞིན་དུ། ལོངས་སྤྱོད་དང་། ཁ་དོག་དང་།


JL00_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

འོད་དང་། སྟོབས་ལ་སོགས་པའི་ཡོན་ཏན་ཀྱང་འགྲིབ་བོ། །འགྲིབ་པའི་མཐར་ཐུག་ཚེ་ལོ་བཅུ་པ་ནི། ཚེ་རིང་ཚད་ལོ་བཅུར་བྱེད་པའི་དུས་བུ་བཙས་པ་ལོ་བཅུ་ཐུབ་པར་སྨོན་ལམ་འདེབས། བུ་མོ་ལོ་ལྔ་ནས་ཁྱིམ་ཐབ་ལ་གཏང་། ལུས་བོངས་ཚེ་ལོ་བརྒྱ་པའི་མི་རྣམས་ཀྱི་མཐོ་གང་ཆག་གང་ངམ། རིང་ཚད་མཐོ་གང་། ཐུང་ཚད་ཆག་གང་དུ་བཤད་པའང་ཡོད་དོ། །ཟས་ཀྱི་མཆོག་ཀོ་ཏྲ་པ། གོས་ཀྱི་མཆོག་སྐྲའི་ལྭ་ཝ། རྒྱན་གྱི་མཆོག་མཚོན་ཆ། དེའི་དུས་སྦྲང་མ་ཡོད་ཀྱང་སྦྲང་རྩི་མི་འབྱུང་། འོ་ཞོ་ཡོད་ཀྱང་མར་མི་འབྱུང་། བུར་ཤིང་དང་ཀར་ཤིང་ཡོད་ཀྱང་བུར་ཀར་མི་འབྱུང་། ཡུངས་ཀར་དང་ཏིལ་ལ་མར་ནག་མེད། ལན་ཚྭའི་མིང་མི་གྲགས། རོ་མངར་བ་དང་། སྐྱུར་བ་དང་། བསྐ་བ་དང་། ཚ་བ་དང་། རྩུབ་པ་དང་། ཁ་བ་དྲུག་ལས། ཕྱི་མ་གཉིས་གང་རུང་གཅིག་ལས་གཞན་རྣམས་ནུབ་བོ། །དེ་དུས་ཕ་མ་དང་། རྒན་རབས་དང་། རིགས་མཆོག་ཏུ་གྱུར་པ་མི་བཀུར་ཞིང་། སྲོག་གཅོད་པ་ལ་སོགས་མི་དགེ་བའི་ལས་སྤྱོད་པ་ལ་རྗེས་སུ་ཡི་རང་བ་དང་བཀུར་སྟི་བྱེད། དགེ་བ་བྱེད་པ་བྱུང་སྲིད་ན་སྨོད་ཅིང་འཁུན་པར་བྱེད་དོ། །ནས་འབྲས་གྲོ་སྲན་ལ་སོགས་པའི་འབྲས་བུ་ནི་ནུབ། བྲའོ་གཅིག་པུ་སྐྱེ། དར་དང་། གོས་དང་། རས་ལ་སོགས་པའི་སྲབ་འཇམ་བཟང་པོ་རྣམས་ཀྱང་མེད་དོ། །དུས་ངན་པའི་བསྐལ་པ་དེའང་རྐྱེན་གསུམ་གྱིས་ཟད་པར་བྱེད་དེ། ནད་དང་། མཚོན་དང་། མུ་གེའོ། །ཐོག་མར་མཚོན་གྱི་བསྐལ་པ་ནི། མི་རྣམས་ཆོས་མ་ཡིན་པར་སྤྱོད་པས་གནོད་སེམས་སྐྱེས་ནས། ཕན་ཚུན་གཅིག་ལ་གཅིག་བརྡེག་འཚོག་གི་ལས་བརྩམ་པ་ན། ཤིང་དང་། རྡོ་དང་། བོང་བ་དང་། དབྱུག་པ་ལ་སོགས་གང་བླངས་ཀྱང་


JL00_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་ཆར་གྱུར་ཏེ་གཅིག་གིས་གཅིག་གསོད་དོ། །ཤི་ཚད་ཀྱང་དམྱལ་བར་ལྷུང་བས་སེམས་ཅན་དམྱལ་བ་པའང་དེའི་དུས་ལས་མང་བ་མེད་དོ། །དེ་ནས་ནད་ཀྱི་བསྐལ་པ་ནི། སྡིག་སྤྱད་ཀྱི་མཐུས། ལྷ་མ་ཡིན་རྣམས་འཁྲུགས་ནས་ནད་ཀྱི་རྣམ་པ་དུ་མ་གཏོང་བས། ཐེབས་ཚད་གསོར་མི་རུང་བར་འཆི་བའོ། །དེ་ནས་མུ་གེའི་བསྐལ་པ་ནི། མཚོན་དང་ནད་ཀྱིས་གུམ་པའི་མི་ལྷག་མ་དེ་དག་གིས་མི་དགེ་བ་སྤྱད་པས། ཀླུ་རྣམས་ཁྲོས་ནས་ཆར་ཆུ་མི་འབེབས་པས་ཐོག་ངན་པ་དེའང་ཉེས་པར་གྱུར་ཏེ། གབ་ཚེ་བ་དང་། རུས་གོང་དཀར་པོ་བ་དང་། ཐུར་མས་འཚོ་བ་ཞེས་བྱ་བའི་མུ་གེ་འབྱུང་སྟེ། གབ་ཚེ་བ་ནི། དེའི་ཚེ་ནས་ལ་སོགས་པའི་འབྲུ་བཟང་པོ་སྔོན་གྱི་དུས་ན་སྐྱེས་པའི་རུ་མ་རྙེད་ན་ཡ་མཚན་ཆེན་པོ་བྱེད་ཅིང་། ཚེ་ལོ་བཅུ་གཅིག་པའི་དུས་ཀྱི་བྲ་བོ་ལ་སོགས་པའི་འབྲུ་ངན་པ་མཐོང་ནའང་ཟ་མ་ཏོག་ཏུ་བཅུག་ནས་བསྲུང་བར་བྱེད་དོ། །ཧ་ཅང་བཀྲེས་པས་ཉམས་སྟོབས་ཟད་དེ་ས་ལ་འགྱེལ་ན་ལྡང་མི་ནུས་པར་དེ་ཉིད་དུ་འཆི་བར་འགྱུར་རོ། །རུས་གོང་དཀར་པོ་བ་ནི། སྔོན་ཤི་བའི་རུས་པ་འཐུས་ནས་འདི་ནི་ཁམས་ཀྱི་ཟས་ཟོས་པའི་རུས་པའི་ཟེར་ཞིང་ཆུ་ནང་དུ་བསྐོལ་ནས་འཐུང་བའོ། །ཐུར་མ་བ་ནི། འབྲུའི་ཟེ་ཁ་རྙེད་པ་ཉུང་ཟད་ཀྱང་ཆུ་མང་པོའི་ནང་དུ་བསྐོལ་ནས་འཐུང་ཞིང་། འབྲུ་དེ་ཐུར་མས་ཉབ་པའོ། །དེ་ལྟར་མཚོན་གྱི་བསྐལ་པ་ལ་ཞག་བདུན། ནད་ཀྱི་བསྐལ་པ་ཟླ་བ་བདུན་དང་ཞག་བདུན། མུ་གེའི་བསྐལ་པ་ལོ་བདུན་དང་ཟླ་བ་བདུན་ཞག་བདུན་གྱིས་མི་རྣམས་ཟད་ཅིང་སྟོངས་པར་བྱེད་དོ། །བྱང་ཆུབ་སེམས་དཔའི་ས་ལས་ནི་ཚེ་ལོ་སུམ་ཅུ་པ་ལ་མུ་གེ། ཉི་ཤུ་པ་ལ་ནད། བཅུ་པ་ལ་མཚོན་འབྱུང་བར་བཤད་དོ། །འཛམ་བུའི་གླིང་པ་དང་སེམས་དཔའ་ལ་ཁྱད་ཞུགས་པས་ཤར་


JL00_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ་ཀྱི་གླིང་གཉིས་ན་ནི་གནོད་སེམས་ལྷག་པར་འགྱུར་བ་ཙམ་དང་། ཁ་དོག་ངན་ཅིང་ཉམ་ཆུང་བ་ཙམ་དང་། བཀྲེས་སྐོམ་གྱི་གདུང་བ་འཕེལ་བ་ཙམ་ལས་མེད་ཅིང་། བྱང་གླིང་ན་དུས་ངན་པའི་འགྱུར་བ་དེ་གཏན་ནས་མེད་དོ། །དེ་ནས་གོང་འཕེལ་ཇི་ལྟར་འབྱུང་བ་ནི། དགེ་བ་ཅན་འགའ་ཞིག་ཙམ་ལུས་པ་ཆུའི་གླིང་དང་། རིའི་ལྗོངས་བྲག་དབར་ལ་སོགས་པར་ཞུགས་པ་ཞག་བདུན་དུ་ཆུས་འཚོ་ཞིང་འདུག་པ་གོང་དུ་འོངས་པ་གཅིག་གིས་གཅིག་མཐོང་བ་ན། ཨེ་མ་མི་གསོན་པོ་མཐོང་ངོ་ཞེས་ཕན་ཚུན་དགའ་བ་དང་ཡ་མ་ཆེ་ན་སྔོན་མེད་པ་སྐྱེས་ཏེ། སླར་འདུས་ནས་སྔོན་གྱི་ཉེས་པ་སྤྱད་པ་གླེང་ཞིང་། དེ་དག་གི་རྒྱུ་མི་དགེ་བས་བྱས་པར་ཤེས་ནས་རང་རང་གི་རྒྱུད་སྡོམ་པ་ལ་འབད་དོ། །དེའི་ཚེ་བྱམས་པའི་སྤྲུལ་པ་གཟུགས་དང་སྐྱེ་མཆེད་དེ་དག་ལས་འཕགས་པ་ཞིག་མཐོང་ནས་དྲིས་པ། བདག་ཅག་ནི་ཚེ་ལོ་བཅུ་པའི་མིར་མཚུངས་ན། ཁྱོད་ཀྱི་གཟུགས་དང་ལང་ཚོ་མཆོག་ཏུ་གྱུར་པའི་རྒྱུ་གང་ལས་བྱུང་། དེས་སྨྲས་པ། སྲོག་གཅོད་པ་སྤངས་པ་ལས་བྱུང་ངོ་། །དེ་དག་གིས་འོ་ན་བདག་ཅག་ཀྱང་སྲོག་གཅོད་སྤོང་ངོ་ཞེས་དམ་བཅས་པས་སྔོན་པས་ནད་མེད་ཅིང་ཟོ་མདོག་བདེ་བ་དང་སྟོབས་ཆེ་བར་གྱུར་ཏོ། །དེའི་རྒྱུས་དེ་དག་གིས་བུ་དང་བུ་མོ་བཙས་པ་རྣམས་ཚེ་ལོ་ཉི་ཤུ་པར་གྱུར་ཏོ། །ཡང་སྤྲུལ་པ་འབྱུང་བ་ལ་སྔར་ལྟར་དྲིས་པས་མ་བྱིན་ལེན་སྤངས་པའི་ཕན་ཡོན་བཤད་ཅིང་དེ་དག་གིས་དང་དུ་བླངས་པས་ཉི་ཤུ་པའི་བུ་དང་བུ་མོས་བཞི་བཅུ་ཐུབ་པར་གྱུར་ཏོ། །དེ་བཞིན་དུ་སྤྲུལ་པའི་སྐྱེས་བུ་རེ་རེས་ལོག་གཡེམ་དང་། ཕྲ་མ་དང་། ངག་འཁྱལ་དང་། ཚིག་རྩུབ་དང་། བརྣབ་སེམས་དང་། གནོད་སེམས་དང་། ལོག་ལྟ་དང་། མི་རིགས་པའི་འདོད་པ་


JL00_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཆོས་མ་ཡིན་པའི་ཆགས་པ་དང་། ལོག་པའི་ཆོས་ཏེ་གསུམ་བསྡོམས་པ་གཅིག་ཏུ་བརྩིས་པའི་ཕྱིན་ཅི་ལོག་ལྷག་མ་དགུ་སྤངས་ཤིང་། ཕ་མ་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། རིགས་ཀྱི་གཙོ་བོ་རྣམས་ལ་དེ་དང་དེར་མི་འཛིན་པའི་ཆོས་སྤངས་ཏེ། ཕ་ལ་ཕར་འཛིན་པ་ལ་སོགས་པའི་རིམ་གྲོ་ཆེར་བསྐྱེད་པས། ལོག་པར་གཡེམ་པ་སྤངས་པ་ནས་བཟུང་སྟེ། ཚེ་ལོ་བརྒྱ་ལ་སོགས་པ་ནས་གོང་དུ་སྨོས་པ་ལྟར་བརྒྱད་ཁྲིའི་བར་འཕེལ་བ་སྟེ་བཅུ་པའི་ཡར་འཕེལ་ནས་བརྒྱད་ཁྲིའི་བར་དུ་སྡེ་ཚན་གྱིས་འཕེལ་བ་ནི་བར་གྱི་ཕུག་པ་ཡིན་ནོ། །ཚེ་གོང་དུ་འཕེལ་བ་བཞིན་དུ་གཟུགས་ཀྱང་ཉིས་འགྱུར་གྱི་རིང་དུ་སོང་ལ་ནོར་དང་། འབྲུ་དང་། གོས་དང་། བཞོན་པ་ལ་སོགས་པའི་ལོངས་སྤྱོད་ཀྱང་ཉིས་འགྱུར་དུ་འཕེལ་བས་བསྐལ་པ་བཟང་བར་འགྱུར་རོ། །ད་ལྟར་འཕེལ་བ་དང་འགྲིབ་པ་བཅོ་བརྒྱད་ནི་བར་གྱི་འཕེལ་འགྲིབ་ཡིན་ལ། ཡ་ཐོག་འགྲིབ་པ་དང་། མ་ཐོག་འཕེལ་འགྲིབ་ནི་ཡུན་ཤིན་ཏུ་རིང་བའོ། །དེ་ལྟར་བསྐལ་པ་གནས་པའི་རིང་ལ་འཇིག་རྟེན་དུ་གྲགས་པའི་ཆོས་ལུགས་ཀྱང་འགྲོ་བ་རྣམས་ཀྱི་བསོད་ནམས་ལས་བདེ་བ་དང་། དགེ་བ་དང་། སངས་རྒྱས་དང་། ཆོས་དང་། དགེ་འདུན་དང་། རྣམ་པར་དཀར་བའི་ཆོས་ཀྱི་རྣམ་གྲངས་དཔག་ཏུ་མེད་པ་དང་། བསོད་ནམས་མ་ཡིན་པ་ལས་སྡུག་བསྔལ་དང་། ལོག་པར་འགྲོ་བ་དང་། ཕྱིན་ཅི་ལོག་གི་སྟོན་པ་དང་། དེའི་གྲུབ་པའི་མཐའ་དང་། ལས་དང་། ཉོན་མོངས་པ་དང་། འགྲོ་བ་དྲུག་དང་། སྒོ་ང་དང་། མངལ་དང་། དྲོད་གཤེར་དང་བརྫུས་ནས་སྐྱེ་བ་སྟེ་རྣམ་པ་བཞི། དེའང་མི་དང་དུད་འགྲོ་ལ་སྐྱེ་བ་བཞི་ག་སྲིད་ཅིང་། ཞིང་དག་པའི་བྱང་ཆུབ་སེམས་དཔའ་དང་། ལྷ་དང་དམྱལ་བ་རྣམས་བརྫུས་ནས་སྐྱེལ། ཡི་དྭགས་ནི་མངལ་སྐྱེས་ཀྱང་སྲིད་ལ་ཕལ་མོ་ཆ་བརྫུས་སྐྱེས་སོ། །མཁའ་ལ་རྒྱུ་བའི་ཡི་


JL00_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

དྭགས་བདུད་དང་གནོད་སྦྱིན་དང་། སྲིན་པོ་ལ་སོགས་པ་འགའ་ཞིག་ནི་སྒོ་ང་ལས་སྐྱེའོ། །ས་རྡོ་ཆུ་ཤིང་ལས་སྐྱེ་བ་ནི་དྲོད་གཤེར་སྐྱེས་སོ། །དེ་བཞིན་དུ་ཡོངས་སུ་གཟུང་བའི་གཞི་དྲུག་དང་། དུས་རྣམ་པ་བཅུ་དང་། བསྐལ་པ་དང་། ལོ་ཟླ་དང་། ཉིན་མཚན་དང་། སྐད་ཅིག་གསུམ་དང་། ཡོངས་སུ་བཟུང་བའི་དངོས་པོ་བཅུ་བདུན་དང་། འཇིག་རྟེན་གྱི་སྤྱོད་པ་བཅུ་དང་། གཏམ་རྣམ་པ་གསུམ་དང་། ཉེས་བརྩམ་ཉི་ཤུ་རྩ་གཉིས་དང་། སེམས་ཅན་གྱི་རིགས་དྲུག་ཅུ་རྩ་གསུམ་དང་། དུས་རྣམ་པ་བརྒྱད་དང་། མངལ་དུ་འཇུག་པ་བཞི་དང་། དེའི་རང་བཞིན་ནི་ཤེས་བཞིན་དུ་འཇུག་པ་ལ་མ་ཤེས་པར་གནས་ཤིང་སྐྱེ་བ་འཁོར་ལོས་སྒྱུར་བ། འཇུག་པ་དང་གནས་པ་ཤེས་ལ་འབྱུང་བ་མི་ཤེས་པ་ཉན་རང་གཉིས། ཤེས་བཞིན་དུ་གསུམ་ཀ་བྱེད་པ་བྱང་ཆུབ་སེམས་དཔའ། གསུམ་ཀ་མི་ཤེས་པ་འགྲོ་བ་ཕལ་བའོ། །འདོད་པ་གཞན་དུ་ཉན་ཐོས་དང་འཁོར་ལོས་སྒྱུར་བ་ཆ་མཐུན་པར་བཤད་དེ། དེ་ནི་སོ་སོ་སྐྱེ་བོ་བསོད་ནམས་རླབས་ཆེན་བསགས་པའི་དབང་དུ་བྱས་པ་སྟེ། བྱང་ཆུབ་སེམས་དཔའ་འཁོར་ལོས་སྒྱུར་བ་རྣམས་ནི་ཤེས་བཞིན་དུ་འཇུག །ཤེས་བཞིན་དུ་གནས། ཤེས་བཞིན་དུ་འབྱུང་བའོ། །གཞན་ཡང་འཚོ་བ་རྣམ་པ་དྲུག་དང་། ཀུན་ནས་བསྲུང་བ་དྲུག་དང་། སྡུག་བསྔལ་རྣམ་པ་བདུན་དང་། ང་རྒྱལ་བདུན་དང་། རྒྱགས་པ་བདུན་དང་། ཐ་སྙད་བཞི་དང་། མཁས་པར་བྱ་བའི་དོན་རྣམ་པ་དྲུག་དང་། ཕུང་པོ་ལྔ་དང་། ཁམས་དྲུག་དང་། སྐྱེ་མཆེད་བཅུ་གཉིས་དང་། རྟེན་འབྲེལ་བཅུ་གཉིས་དང་། གནས་དང་གནས་མ་ཡིན་པ་དང་། དབང་པོ་དྲུག་དང་། དེ་ལས་འཕགས་པའི་དབང་པོ་ནི། གཟུགས་ཅན་མ་ཡིན་པ་ཡིད་ལས་ཕྱེ་བ་སྟེ། དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་རྣམས་སོ། །


JL00_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོ་སྐྱེ་བོའི་དབང་པོ་ནི་གཟུགས་ཅན་མིག་ལ་སོགས་པའོ། །གཞན་ཡང་སངས་རྒྱས་ཀྱི་བཀའི་དངོས་པོ་དགུ་ལ་སོགས་པ་མིང་དུ་སྨོས་པ་རྣམས་ཀྱི་མཚན་ཉིད་ནི་གཞུང་ཚོགས་ཆེས་ཀྱི་དོགས་པས་མ་བཀྲལ་ཡང་། ངེས་པར་འཁོར་བ་དང་མྱ་ངན་ལས་འདས་པའི་རྣམ་གཞག་ཐམས་ཅད་ཀྱི་ཆིངས་ཆེན་པོ་ཡིན་པས་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེ་ལས་ཁོང་དུ་ཆུད་པར་བྱའོ། །འདིར་ཁམས་གསུམ་པོ་ལ་རང་བཞིན་དུ་ལྡན་པ་དང་མི་ལྡན་པའི་ཆོས་ཅུང་ཟད་བཤད་ན། བཀྲེས་སྐོམ་ནི་འདོད་པའི་ཁམས་ནས་གོང་མ་གཉིས་ན་མེད་དོ། །གླིང་གསུམ་ན་ཁ་ཟས་ཀྱི་རྣམ་གྲངས་དུ་མ་ཡོད་ལ་བྱང་ན་མ་བཏབ་པའི་སཱ་ལུ་དང་། ཤིང་ལས་རང་བྱུང་བ་གཉིས་ལས་མེད་ཅིང་། དེའི་དབང་གིས་ཡོངས་སུ་འཛིན་པའང་མེད་པས་བུ་ཚ་རྣམས་ཀྱང་སྐྱེས་མ་ཐག་ནས་མས་དོར་ཡང་རང་གི་མཐེ་བོང་ལས་ནུ་ཞོ་འབྱུང་བས་འཚོའོ། །འདོད་ལྷ་དྲུག་ནི་བདུད་རྩི་ཁ་དོག་ལྔ་ལ་སྤྱོད་ལ། དེ་ཡན་ཆད་ན་ཁམས་ཀྱི་ཟས་མེད་དོ། །རྒྱལ་ཆེན་རིགས་བཞི་ཡན་ཆད་ལ་གཤང་གཅིའང་མེད་དེ། དེ་དག་གི་ལུས་སྟོང་པ་དང་ནང་ཁྲོལ་ཅན་གཉིས་ཀ་མ་ཡིན་པ་ཁམས་ཀྱི་ཟས་ཟོས་པའི་མོད་ལ་བྱེ་མ་ལ་ཆུ་བླུགས་པ་བཞིན་ཞུ་བར་འགྱུར་བས་སོ། །གླིང་གསུམ་ན་ལོ་ལེགས་ཉེས་དང་། ཆར་ཆེ་ཆུང་དང་། བདེ་བ་དང་། འཇིགས་པ་དང་། ཉོ་ཚོང་དང་། ཆེད་དུ་བྱས་པའི་གནས་ཁང་དང་། རས་བལ་དར་ཟབ་སྣལ་མའི་གོས་ལྗིད་ཆེ་བ་དང་། ཁ་དོག་ཐམས་ཅད་པའི་གོས་དང་། ཚ་གྲང་དང་། བག་མ་གཏོང་ལེན་དང་། རྗེ་འབངས་དང་། འབྲུ་ནོར་གཉེན་གསུམ་ལ་མངོན་ཞེན་དང་བཅས་པ་ཡོད་ལ། བྱང་གླིང་དང་འདོད་གཟུགས་ཀྱི་ལྷ་ལ་དེ་དག་ཕལ་མོ་ཆེ་མེད་ཅིང་། འཇིགས་པ་དང་སྡུག་བསྔལ་རེས་འགའ་བ་ཙམ་དང་། ཆེད་དུ་མ་བྱས་པའི་གནས་ཁང་དང་། འདོད་ལྷའི་གནས་ན་ཁ་


JL00_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

དོག་བཞི་ཀ་དང་། གཟུགས་དང་སྒྲ་མི་སྙན་ན་ཁ་དོག་དཀར་པོ་འབའ་ཞིག་དང་། བྱང་དང་འདོད་ལྷ་ལ་དཔག་བསམ་གྱི་ཤིང་ལས་བྱུང་བའི་གོས་སྲབ་འཇམ་ཡང་བ་རྣམས་ཡོད་དོ། །དེའང་བྱང་གི་གོས་ལ་ལྗིད་སྲང་གཅིག །རྒྱལ་ཆེན་བཞི་པའི་གོས་ལ་སྲང་ཕྱེད། སུམ་ཅུ་རྩ་གསུམ་པ་ལ་དེའི་བཞི་ཆ། འཐབ་བྲལ་ལ་བརྒྱད་ཆ། དགའ་ལྡན་ལ་བཅུ་དྲུག་ཆ། འཕྲུལ་དགའ་ལ་སུམ་ཅུ་རྩ་གཉིས་ཆ། གཞན་འཕྲུལ་དབང་བྱེད་ལ་དྲུག་ཅུ་རྩ་བཞིའི་ཆ། ཚངས་རིས་ཡན་ཆད་གཞལ་དུ་མེད་པའི་གོས་གྱོན་ནས་སྐྱེ་ཞིང་ཁ་དོག་ཀྱང་བཞི་ཀ་ཡོད་ལ། ལྗང་གུ་ནི་ཆོས་སུ་མི་བགྲང་ངོ་། །འདོད་ལྷ་དྲུག་ན་བག་མ་གཏོང་ལེན་དང་རྗེ་འབངས་ཡོད་ལ། ཚངས་རིས་ལའང་རྗེ་འབངས་ཡོད་དོ། ཁམས་གོང་མ་གཉིས་ན་ཕ་མ་དང་ཕོ་མོ་མེད་ལ། འོག་མ་རྣམས་ལ་ཡོད་དོ། །སྒྲ་མི་སྙན་ན་འབྲུ་ཡོད་ནོར་མེད་ལ། འདོད་ལྷ་དྲུག་ན་ནོར་ཡོད་ཀྱང་འབྲུ་མེད་ཅིང་། ཚངས་རིས་མན་ཆད་ལ་འབྲུ་ནོར་གཉིས་ཀ་མེད་དོ། །སྐྱེ་བ་གཞན་གསུམ་ནི་སྐྱེ་བའི་རྟེན་ཡང་རགས་པ་དང་བཅས་པས་འཆི་བའི་ཚེ་རོ་ཡོད་ལ། བརྫུས་ཏེ་སྐྱེ་བ་རྣམས་ནི་རྣམ་པར་ཤེས་པ་ནུབ་པ་དང་དུས་མཉམ་དུ་མི་སྣང་ངོ་། །ལྷ་རྣམས་ལ་གནད་འཆད་པའི་སྡུག་བསྔལ་མེད་ཀྱང་། འཆི་འཕོ་ལྟུང་བའི་སྡུག་བསྔལ་ཡོད་ལ། མི་ལ་ནི་འཆི་འཕོ་གནད་འཆད་པ་དང་། ཕྱི་མའི་སྐྱེ་གནས་ལ་འཇིགས་ཤིང་ཕུང་པོ་ཉིང་མཚམས་སྦྱོར་བའི་སྡུག་བསྔལ་ཡོད་དོ། །འཆི་བ་ལ་བདེ་བར་འཛིན་པ་ནི་དམྱལ་བ་པ་ཙམ་མོ། །བགྲོད་པ་དང་མཐོང་བའང་གོང་མས་འོག་མ་ལ་ཡིན་གྱིས། དེ་ལས་གཞན་དུ་རང་གི་རྫུ་འཕྲུལ་ཐོབ་པའམ། ཁམས་གོང་མའི་ལྷས་ཁྲིད་ནས་གནས་གོང་མར་བགྲོད་པ་དང་མཐོང་བར་ནུས་ཀྱིས་གཞན་དུ་མ་ཡིན་ནོ། །དེའང་ཚངས་རིས་ལ་སོགས་པ་


JL00_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

འཛམ་བུའི་གླིང་དུ་འོངས་པའི་ཚེ། ལུས་གནས་དེ་ལས་མ་གཡོས་པར། སྤྲུལ་པ་སྔོན་གྱི་ཐོས་པའི་སེམས་ཀྱིས་མཚུངས་ཡོད་པའི་རྣམ་པ་ལ་བརྟེན་ནས་འོང་ངོ་། །གཞན་འཕྲུལ་མན་ཆད་འདོད་པའི་ས་མཚུངས་པས་ལུས་དངོས་ཀྱིས་འོང་བའོ། །རྒྱུ་གང་གིས་ན་སེམས་ཀྱི་སྣང་ཚུལ་དང་རླུང་སེམས་ཀྱི་འདུ་ཚུལ་ལས། ཁམས་དང་གནས་རིགས་ཐ་དད་ཅིང་ས་མི་མཚུངས་པས་འོག་མས་གོང་མའང་མི་མཐོང་བ་ཉིད་དོ། །དེའང་གཉའ་ཤིང་འཛིན་ཡན་ཆད་ན་ཉི་ཟླ་མེད་པས་འདོད་ལྷ་རྣམས་ཀྱི་ཉིན་མཚན་མེ་ཏོག་ཁ་འབྱེད་ཟུམ་དང་། བྱ་སྐད་འབྱིན་མི་འབྱིན་དང་། གཉིད་བྲོ་བ་དང་། སངས་པས་བྱེད་ལ། རང་རང་གི་ལུས་འོད་དང་ལྡན་པས་མུན་པའི་སྐབས་སུ་གྱུར་པ་ནི་ནམ་ཡང་མེད་དོ། །སྒྲ་མི་སྙན་པའི་མི་རྣམས་ནི་སུམ་ཅུ་རྩ་གསུམ་དུ་ངེས་པར་སྐྱེ་བའི་ལས་བསགས་པས་དེར་སྐྱེ་ལ། ལྷ་མི་ལ་སོགས་གཞན་རྣམས་ནི་ལས་སྣ་ཚོགས་པའི་ཕྱིར་གང་དུ་སྐྱེ་མ་ངེས་པའོ། །དེ་ལྟར་འཁོར་བའི་ཆོས་མཐའ་དག་པའང་བསྡུ་ན་གསུམ་དུ་འདུས་ཏེ། གཟུགས་ཀྱི་མཐའ་རྡུལ་ཕྲ་རབ། དུས་ཀྱི་མཐའ་སྐད་ཅིག་མ། མིང་གི་མཐའ་ཡི་གེའོ། །དེ་ལ་ཕྱོགས་དང་པོ་ནི། རྡུལ་ཕྲ་རབ་བདུན་ལ་རྡུལ་ཕྲན་གཅིག །དེ་བདུན་ལ་ལྕགས་རྡུལ། དེ་བདུན་ལ་ཆུ་རྡུལ། དེ་བདུན་ལ་རི་བོང་རྡུལ། དེ་བདུན་ལ་ལུག་རྡུལ། དེ་བདུན་ལ་གླང་རྡུལ། དེ་བདུན་ལ་ཉི་ཟེར་གྱི་རྡུལ། དེ་བདུན་ལ་སྲོ་མ། དེ་བདུན་ལ་ཤིག །དེ་བདུན་ལ་ནས། དེ་བདུན་ལ་སོར་མོ་དབུས་མའི་ཚིགས་གཅིག །སོར་མོ་ཉི་ཤུ་རྩ་བཞིར་ཁྲུ་གང་། ཁྲུ་བཞི་ལ་གཞུ་འདོམ། དེ་ལྔ་བརྒྱ་ལ་རྒྱང་གྲགས། གྲོང་དང་དེ་སྲིད་དུ་རིང་བ་ལ་དགོན་པ་ཞེས་གྲགས་སོ། །དེའང་རྒྱང་གྲགས་ཕྱེད་དམ་གྲོང་ཟད་པའི་མུར་ཐུག་པ་ནི་བས་མཐའ་ཞེས་དབྱེའོ། །རྐྱང་


JL00_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་བརྒྱད་ལ་དཔག་ཚད། དེས་རི་དང་ཡུལ་དང་། གནས་ཐམས་ཅད་ཀྱི་ཚད་གཞལ་ལ། དེ་ལྟར་ཆེ་ལ་སྲ་ཞིང་བརྟན་པའང་མཐར་གྱིས་རྡུལ་ཕྲ་རབ་ཏུ་བལྟར་མི་མངོན་པ་ཉིད་དོ། །ཕྱོགས་གཉིས་པ་དུས་མཐའི་སྐད་ཅིག་མ་ནི། སྐྱེས་བུ་སྟོབས་ཅན་གྱིས་སེ་གོལ་གཏོགས་པའི་ཡུན་ལ་སྐད་ཅིག་མ་དྲུག་ཅུ་རྩ་བཞི་འདའ། དེའི་ཆ་གཅིག་བརྒྱ་ཉི་ཤུ་ལ་དེའི་སྐད་ཅིག །དེའི་སྐད་ཅིག་མ་དྲུག་ཅུ་ལ་ཐང་གཅིག །ཐང་གཅིག་དགུ་བརྒྱ་ལ་ཞག་གཅིག །ཐང་གཅིག་སུམ་ཅུ་ལ་ཡུད་ཙམ། ཡུད་ཙམ་སུམ་ཅུ་ལ་ཉིན་ཞག་གཅིག་གོ །ཉིན་ཞག་སུམ་ཅུ་ལ་ཟླ་བ། དེ་བཅུ་གཉིས་ལ་ལོར་བརྩི་བ་དང་། དུས་ཚད་དེའི་ཁོང་དུ་བྱང་བགྲོད་ཉི་མའི་དཀྱིལ་འཁོར་འཕུལ་བྱེད་ཀྱི་རླུང་སྟོབས་ཆུང་ལ། རྟེན་བྱེད་སྟོབས་ཆེ་བས་རི་རབ་ངོས་ལ་ཉེར་སོང་ནས་དེས་ཀྱང་སྐྱོབ་པས་དབྱར་ཉི་མ་རིང་ཞིང་ཚལ། ལྷོ་བགྲོད་འཕུལ་བྱེད་སྟོབས་ཆེ་ལ་རྟེན་བྱེད་སྟོབས་ཆུང་བས་མུ་ཁྱུད་ཀྱི་ནང་རོལ་ལ་ཉེ་བ་ཙམ་དུ་ལྷོར་ཐལ་བས་དགུན་ཉི་ཐུང་ཞིང་། ཉི་ཟེར་ལ་རླུང་གི་རེག་པ་དང་རྒྱང་རིང་བའི་བྱེད་པ་བསྡོམས་པས་གྲང་བའོ། །དེའང་ཉི་ཟླ་གཉིས་ནི་རང་སྟོབས་ཀྱིས་རི་རབ་ལ་གཡོན་དུ་བསྐོར་བ་ཡིན་ཏེ། འཆར་བཞུད་གཡས་སུ་བསྐོར་བར་མཐོང་བ་ནི་གོ་ལའི་འཁྲུལ་འཁོར་གྱི་བྱེད་པ་ལས་སོ། །གཟའ་གཞན་རྣམས་འགྲོས་བཞི་མ་ངེས་པར་བརྩམ་པ་ཡིན་ཏེ་རྒྱུ་སྐར་རྣམས་ལ་ནི་བགྲོད་པ་མེད་དོ། །དེ་ལ་ཉིན་ཞག་དང་། ཚེས་ཞག་དང་། ཁྱིམ་ཞག་དང་། ཞག་མི་ཐུབ་པའི་ཆ་ལས་ཟླ་བཤོལ་འབྱུང་བ་དང་། ཕྱི་ནང་གཞན་གསུམ་གྱི་རྣམ་གཞག་སྦྱར་བའི་གཏན་ཚིགས་ནི་དུས་ཀྱི་འཁོར་ལོའི་ལག་རྩིས་རྣམས་སུའང་གཏན་ལ་ཕེབས་པ་ལྟར་རོ། །དེ་ལྟ་བུའི་ཚུལ་གྱིས་ལོའི་གྲངས་ངེས་པས་སྐྱེ་དགུ་རྣམས་ཀྱི་ཚེ་དང་དུས་ལ་སོགས་གཞལ་


JL00_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

ལ། འཇལ་བྱེད་དེ་ཡང་ལུགས་ལས་ལྡོག་ན་དུས་མཐའི་སྐད་ཅིག་མས་འཇིག་གོ །ཕྱོགས་གསུམ་པ་ནི། མིང་གི་མཐའ་ཡི་གེ་འདུས་པ་སྟེ་ཡི་གེ་སིལ་བུ་གསུམ་འདུས་པ་ལས་ཆོས་ཞེས་པ་ལྟ་བུ་སྟེ། ཆ་དང་། ན་རོ་དང་། ས་སོ་སོ་ན་གནས་དུས་ཆོས་ཀྱི་མིང་དུ་མི་འགྲུབ་ཀྱང་། གསུམ་པོ་ཚོགས་པ་ལས་འབྱུང་བའོ། །དེ་ལ་བྲིས་པ་ནི་ཡི་གེའི་རྣམ་པ་སྟེ། མགོ་དང་། དཔུང་པ་དང་། ཟགས་མཆུ་དང་། ཡང་འཐེན་དང་། མར་འཐེན་དང་། སྤོ་དང་། མིག་བུ་ལ་སོགས་ཚོགས་པ་ལས་ཡི་གེའི་གཟུགས་བརྙན་དུ་གྲུབ་པའོ། །ཡི་གེ་ནི་སྒྲ་དང་སྒྲའི་དོན་སྤྱི་ཚོགས་པའི་ཆོས་ཞེས་རྗོད་བྱེད་དུ་གྲུབ་པ་དེ་ཡིན་ལ། དེ་ལ་ཡི་གེའང་གཅིག་ལ་མིང་གཞིའང་གཅིག་ཡོད་པ་ཀ་ཞེས་པ་དང་། ཡི་གེ་གཅིག་ལ་མིང་གཞི་གཉིས་ཡོད་པ་ལྷ་ཞེས་པ་ལྟ་བུ། ལ་དང་ཧ་རྣམ་པ་གཉིས་སོ། །ཡི་གེ་གཅིག་ལ་མིང་གཞི་གསུམ་ཡོད་པ་ནི་གཞན་ཞེས་ལྟ་བུ་ག་དང་། ཞ་དང་། ནའོ། །དེ་བཞིན་དུ་བཞི་ཡོད་པ་ནི། རྒྱན་ཞེས་པ་ལྟ་བུ་སྟེ། ར་དང་། ག་དང་། ཡ་བཏགས་པ་དང་། ནའོ། །ལྔ་ཡོད་པ་མང་མཐའ་དབྱངས་ཞེས་པ་ལྟ་བུ་སྟེ། ད་དང་། བ་དང་། ཡ་བཏགས་དང་། ང་དང་། སའོ། །དེའང་གསལ་བྱེད་སུམ་ཅུ་ལ་དབྱངས་ཞུགས་པས་མིང་ལ་སོགས་མངོན་འབྱུང་གི་ཡི་གེ་འགྲུབ་སྟེ། སྡེ་པའི་དང་པོ་ཀ་བརྗོད་པ་ན་དེའི་སྲོག་ཏུ་ཡི་གེ་ཨ་རང་བཞིན་དུ་ཞུགས་པ་ཀ་ཨ་ཞེས་པ་ལྟ་བུའོ། །དེ་ལ་གི་གུ་བྱིན་ན་ཨིར་འགྱུར་ཏེ་ཀི་ཨི་ཞེས་པའོ། །དེ་བཞིན་དུ་ན་རོ་ལས་ཨོ་དང་། འགྲེང་བུ་ལས་ཨེ། ཞབས་ཀྱུ་ལས་ཨུ་རང་བཞིན་དུ་འབྱུང་བའོ། །གསལ་བྱེད་རྣམས་ཉི་ཤུ་རྩ་བཞིར་བསྡུ་བའི་ཚུལ། ཅ་ཆ་ཇ་དང་ཞ་ཟ་འ་རྣམས་རྒྱ་གར་ན་མེད་དེ་བོད་སྐད་ལ་འཇུག་པའི་དབང་དུ་ཐོན་མིས་མཛད་ཅིང་ཕྱོགས་མཚུངས་ཙམ་དུ་བརྩིན། ཅ་ཆ་ཇ་གསུམ་ནི་སྡེ་པ་གཉིས་


JL00_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དང་པོ་གསུམ་དང་ཆ་འདྲའང་ཞ་ནི་ཤ་དང་མཚུངས་ཤིང་། ཟ་ནི་ས་འ་ཨ་དང་མཚུངས་པའི་ཚུལ་རྒྱ་གར་པས་ཞ་ལུ་ལ་ཤ་ལུ་ཟེར་བ་དང་། ཟ་ཧོར་ལས་ཧོ་རར་འབོད་པས་མཚོན་ལ། འ་ནི་རྒྱ་གར་གྱི་ཡི་གེ་ལ་རིང་ཆར་ཡོད་པ་བཞིན་དུ། བོད་དུའང་འཕུལ་རྟེན་དང་རིང་ཆར་འགྱུར་བ་ཤས་ཆེ་ཞིང་། དེ་ལྟར་སྐྲའི་ཉག་མ་འདུས་པ་ལས་ལན་བུ་དང་། ཀུ་ཤའི་ཉག་མ་འདུས་པ་ལས་ཆུན་པོ་དང་། རྩའི་ཉག་མ་འདུས་པ་ལས་ནེའུ་གསིང་དུ་གྲུབ་པ་ལྟར་ཡི་གེ་འདུས་པ་ལས་མིང་། མིང་འདུས་པ་ལས་ཚིག །ཚིག་འདུས་པ་ལས་བཀའ་དང་བསྟན་བཅོས་སུ་འགྲུབ་སྟེ། དེའང་ལེའུ་དང་། བམ་པོ་དང་། སྡེ་ཚན་དང་། ཀླད་དང་། གཞུང་དང་། རྗེས་ཀྱི་དོན་ཚོགས་པ་ལས་གང་ཟག་གཅིག་ཐོག་མར་སེམས་བསྐྱེད་པ་ནས་མཐར་འཚང་རྒྱ་བའི་བར་གྱི་ལུས་ཡོངས་སུ་རྫོགས་པར་སྟོན་པ་ལྟ་བུ་སྟེ། བརྗོད་བྱའི་དོན་གཞན་རྣམ་པ་ཐམས་ཅད་པ་ལའང་མཚུངས་སོ། །དེ་ལྟར་གྲུབ་པའི་དུས་ནའང་རང་བཞིན་དུ་ཡི་གེ་སིལ་བུ་མ་འདྲེས་པར་གནས་ཏེ། ཐག་པ་རང་སའི་དུས་སུ་སྤུ་ཉག་མ་རེ་རེར་གནས་པ་དང་། དེ་བཞིན་དུ་གཡག་རྔ་དང་ནེའུ་གསིང་བཞིན་ནོ། །དེའི་ཕྱིར་སྣང་ཞིང་སྲིད་པ་དང་། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་བློ་དང་། སྙམ་བྱེད་དང་། རྟོག་པ་ལས། མིང་ཚིག་ཡི་གེའི་ཚོགས་ཀྱིས་སྒྲོ་བཏགས་ཤིང་བརྗོད་པའི་དུས་ཉིད་ནས། མིང་དོན་འབྲེལ་བ་མེད་པ་ཡི་གེ་སིལ་བུ་ལྟ་བུ་སྟེ། ཡི་གེའང་སྒྲ་དང་སྒྲའི་དོན་དུ་ཚོགས་པ་སོ་སོར་རྟོག་པའི་ཤེས་རབ་ཀྱི་སྙམ་བྱེད་ལས་བྱུང་བས། སྙམ་བྱེད་ཉིད་ཀྱི་ངོ་བོ་ལ་ཤིན་ཏུ་བརྟགས་ན་ངོས་བཟུང་མེད་པ་ནམ་མཁའི་རང་བཞིན་དུ་གནས་པའི་ཕྱིར། ཆོས་ཐམས་ཅད་སྣང་ལ་རང་བཞིན་མེད་པར་ཤེས་པར་འགྱུར་རོ། །གནས་པའི་བསྐལ་པ་བཤད་ཟིན་ཏོ། །གསུམ་པ་འཇིག་པའི་བར་བསྐལ་ཉི་ཤུ་


JL00_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ནི། བཅུད་ཀྱི་སེམས་ཅན་འཇིག་པ་ལ་བར་བསྐལ་བཅུ་དགུ། སྣོད་ཀྱི་འཇིག་རྟེན་པ་ལ་བར་བསྐལ་གཅིག་གོ །དེ་ལ་བཅུད་འཇིག་པའི་དང་བ་དམྱལ་བ་ནས་མགོ་བརྩམ་སྟེ། དེར་སེམས་ཅན་གསར་པ་སྐྱེ་བར་མི་འགྱུར་ཞིང་། རྙིང་པ་ལས་ཟད་པ་རྣམས་ནི་གནས་གོང་མ་གང་གི་ལས་མྱོང་དགོས་པ་དེར་སྐྱེ་ལ་ཁ་ཅིག་ཡི་དྭགས་དང་། ཁ་ཅིག་དུད་འགྲོ་དང་། ཁ་ཅིག་ལྷ་མི་ལ་སོགས་པར་རོ། །དེའི་ལས་དང་ཚེ་མ་རྫོགས་པ་རྣམས་ནི་དམྱལ་བའི་གནས་འདི་ཞིག་ཀྱང་ཞིང་གཞན་གྱི་དམྱལ་བར་གནས་འཕོ་བ་ཡིན་ཏེ་སྟོང་ཕྲག་བརྒྱ་བ་ལས། དེ་ཡང་མེས་སྡུད་པའི་བསྐལ་པ་ཆེན་པོ་བྱུང་བ་དེའི་ཚེ། འཇིག་རྟེན་གྱི་ཁམས་གཞན་གྱི་སེམས་ཅན་དམྱལ་བ་ཆེན་པོ་རྣམས་སུ་འདོར་བར་འགྱུར་རོ། །ཞེས་བསྟན་ལ། དེ་ལྟར་དམྱལ་བའི་འཇིག་རྟེན་ཞིག་ནས་རིམ་པ་བཞིན་ཡི་དྭགས་དང་དུད་འགྲོའི་འཇིག་རྟེན་དག་གི་གཙོ་བོ་བྱིངས་ན་གནས་པ་གཉིས་འཇིག་སྟེ། ཁ་འཐོར་བ་ལྷ་མིའི་གནས་ན་ཡོད་པ་རྣམས་མཐོ་རིས་འཇིག་པ་དང་ལྷན་ཅིག་པ་ཡིན་ནོ། །ངན་སོང་དེ་གཉིས་ཀྱང་རང་རང་གི་ལས་མ་ཟད་པ་རྣམས་ཞིང་གཞན་གྱི་ངན་སོང་དུ་འགྲོ་ཚུལ་ནི་གཅིག་གོ །མཐོ་རིས་ཇི་ལྟར་འཇིག་ན། འཛམ་བུའི་གླིང་པའི་མི་རྣམས་ནི་ཚེ་ལོ་བཅུ་པའི་ནད་མཚོན་མུ་གེའི་བསྐལ་ཆུང་གསུམ་འདས་ནས་མི་གཅིག་གིས་དགེ་བའི་བཤེས་གཉེན་ལ་མ་ལྟོས་པར་བསམ་གཏན་གཉིས་པ་ཐོབ་སྟེ། དེ་ལས་ལངས་ནས་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ནི་འདི་ལྟའོ། །ཞེས་ཆེད་དུ་བརྗོད་པས་སྒྲ་དེས་འཛམ་བུའི་གླིང་ཐམས་ཅད་ཁྱབ་སྟེ། གཞན་དག་གིས་ཀྱང་ཐོས་མ་ཐག་ཏུ་དེའི་རྗེས་སུ་བསླབས་པས་སེམས་ཅན་དེ་དག་ཐོག་མའང་འོད་གསལ་གྱི་མཚུངས་པའི་སེམས་ལས་ཆད་པའི་རྟེན་འབྲེལ་གྱིས་མཐར་ཡང་ཏིང་ངེ་འཛིན་དེ་ཐོབ་ནས་འོད་གསལ་གྱི་ལྷར་སྐྱེས་ནས་འཛམ་བུའི་གླིང་ན་སེམས་ཅན་གཅིག་ཀྱང་མ་


JL00_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་པར་སྟོངས་པར་འགྱུར་རོ། །དེ་ལྟར་སྟོངས་པའི་རྗེས་ནས་ཤར་གྱི་ལུས་འཕགས་གླིང་དང་། ནུབ་ཀྱི་བ་གླང་སྤྱོད་ཀྱང་སྔ་ཕྱི་རིམ་པས་འཛམ་བུའི་གླིང་པ་ལྟར་འདོད་པ་ལ་སྐྱོ་བས་ཁམས་གོང་མར་སྐྱེ་བའི་རྒྱུ་རང་བཞིན་གྱིས་བསམ་གཏན་གཉིས་པ་ཐོབ་ནས་སྟོངས་པར་འགྱུར་རོ། །དེ་ནས་བྱང་གི་སྒོ་མི་སྙན་པ་རྣམས་ནི་འདོད་པ་ལ་ཆགས་པ་དང་མ་བྲལ་བས་སུམ་ཅུ་རྩ་གསུམ་པའི་ལྷར་སྐྱེའོ། །གླིང་ཕྲན་རྣམས་ཀྱང་གཙོ་བོའི་གླིང་ལྟར་གྱུར་ནས་མི་འགའ་མ་ལུས་པ་དེའི་ཚེ་མིའི་འཇིག་རྟེན་ཞིག་པ་ཞེས་བྱའོ། །དེ་ནས་རྒྱལ་ཆེན་རིགས་བཞི་ནས་གཞན་འཕྲུལ་དབང་བྱེད་ཀྱི་བར་གྱི་འདོད་ལྷ་རིགས་དྲུག་ཀྱང་ལྷ་གཅིག་གིས་བསམ་གཏན་ཐོབ་པའི་ཚུལ་བསྒྲགས་པ་ཐོས་པས་རྐྱེན་བྱས་ཏེ་བསྒོམས་པ་ལས། ཐམས་ཅད་ཀྱིས་སྔ་མ་ལྟར་བསམ་གཏན་གཉིས་པ་ཐོབ་ནས་འོད་གསལ་གྱི་ལྷར་སྐྱེའོ། །དེའི་ཚེ་འདོད་ཁམས་ཞིག་པ་ཞེས་བྱའོ། །དེ་ནས་ཚངས་པའི་འཇིག་རྟེན་དུ་སེམས་ཅན་གང་ཡང་རུང་བས་རང་གི་ཆོས་ཉིད་ཀྱིས་ཐོབ་པའི་བསམ་གཏན་གཉིས་པ་ལ་སྙོམས་པར་ཞུགས་ནས་དེའི་ཚུལ་ཆིག་ཏུ་བརྗོད་པས། ཀུན་གྱིས་དེ་ལྟར་བསླབས་པས་ཤི་འཕོས་ནས་འོད་གསལ་གྱི་ལྷར་སྐྱེའོ། །ཚུལ་དེ་ལྟ་བུས་གཟུགས་ཁམས་ཀྱང་ཞིག་ནས་འཇིག་རྟེན་ན་སེམས་ཅན་གཅིག་ཀྱང་མེད་པར་འགྱུར་རོ། །དེ་ཡང་རྟེན་སྣོད་ནི་འབྱུང་བ་ཆེན་པོ་གསུམ་གྱིས་འཇིག་པར་བྱེད་དེ། ཐོག་མར་མེས་འཇིག་པའི་ཚུལ་ནམ་མཁའ་ལ་ཉི་མ་གཅིག་པོ་འདི་རབ་ཏུ་ཚ་བར་ཤར་ནས་རྩི་ཤིང་ནགས་ཚལ་ཐམས་ཅད་སྐམ་པར་བྱེད་དོ། །གཉིས་ཤར་ནས་ཆུ་ཀླུང་དང་ལྟེང་ཀ་ཐམས་ཅད་སྐམ་མོ། །གསུམ་ཤར་བས་ཆུ་ཀླུང་ཆེན་པོ་ཐམས་ཅད་སྐེམ་མོ། །བཞི་ཤར་བས་མཚོ་ཆེན་པོ་མ་དྲས་པ་ཡང་སྐེམ་མོ། །ལྔ་ཤར་བས་རྒྱ་མཚོ་ཆེན་པོ་ཡང་སྐེམ་མོ། །


JL00_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་སྐེམ་ན་ཐོག་མར་ཟབས་སུ་དཔག་ཚད་བརྒྱ་བསྐམས་ནས། རིམ་བཞིན་ཉིས་བརྒྱ་དང་། བདུན་བརྒྱ་དང་། སྟོང་དང་། ཁྲི་དང་། བརྒྱད་ཁྲིའི་བར་དུ་བསྐམས་ནས་མཐར་ཆུ་རྔམས་དཔག་ཚད་གཅིག་དང་། རྒྱང་གྲགས་ཕྱེད་དང་། བ་གླང་གི་རྨིག་རྗེས་ཙམ་མ་ལུས་པར་བསྐམས་ནས་ཐིགས་པ་གཅིག་ཀྱང་ལུས་པར་མི་འགྱུར་རོ། །དྲུག་ཤར་བས་ས་ཆེན་པོ་གངས་རི་དང་བཅས་པ་འབར་འབུར་དུ་བྱེད་པ་ཐམས་ཅད་བསྲེག་གོ །བདུན་ཤར་བས་ལྷུན་པོ་རི་བདུན་འཁོར་ཡུག་གསེར་གྱི་ས་གཞི་དང་བཅས་པ་བྱེ་བ་ཕྲག་བརྒྱ་པོ་མ་ལུས་པར་བསྲེགས་ནས་འབར་བའི་མེ་ལྕེ་གཅིག་ཏུ་འཁྱིལ་བ། མར་གསེར་གྱི་ས་གཞི་དམྱལ་བའི་གནས་དང་བཅས་པ་ལ་ཐུག་ཅིང་། གྱེན་དུ་རླུང་གིས་སྤར་བ་འཁྱིལ་ནས་རྩེ་མོས་ཚངས་པའི་གཞལ་མེད་ཁང་སྟོང་པ་རྣམས་བསྲེག་ཅིང་འབར་རབ་ཏུ་འབར། ཀུན་ཏུ་འབར། ཤིན་ཏུ་འབར་བས་འོད་གསལ་གྱི་ལྷ་གཞོན་ནུ་རྣམས་སྐྲག་ཅིང་རྟབ་པ་ལ། ལྷ་རྒན་པོ་རྣམས་ཀྱིས་ཀྱེ་གྲོགས་དག་མ་འཇིགས་ཤིག །མེ་ལྕེ་འདི་ལྟ་བུ་ནི་སྔོན་ཡང་ཚངས་པའི་འཇིག་རྟེན་གྱི་བར་བྱུང་ནས་སྟོངས་སྟེ་ཞིག་པ་ཡིན་ནོ། །དེ་ནས་མི་སྣང་བར་འགྱུར་ན་འདིར་ནི་གནོད་པ་མེད་དོ་ཞེས་དབུགས་འབྱིན་པར་བྱེད་དོ། །ཉི་མ་བདུན་ནི་དངོས་བསྟན་དུ་བགྲང་བ་དང་། རིམ་བཞིན་ཚ་ཁྱད་དུ་སྤར་བའི་ཕྱོགས་གཉིས་འདོད་དོ། །དེ་ནས་ཆུས་འཇིག་པ་ནི། ནམ་མཁའ་ལས་ཆར་གྱི་རྒྱུན་གཉའ་ཤིང་ཙམ་དང་། གཤོལ་མདའ་ཙམ་བབས་པས་བསམ་གཏན་གཉིས་པ་མན་ཆད་ལན་ཚྭ་ཆུར་ཞུ་བ་ལྟར་གྱུར་ནས་ཞིག་གོ །རླུང་གིས་འཇིག་པ་ནི། དེ་ནས་འོག་གཞིའི་རླུང་རྡོ་རྗེ་རྒྱ་གྲམ་ལངས་ཏེ་ཀུན་ནས་ཀུན་ཏུ་འཐོར་བས་བསམ་གཏན་གསུམ་པ་མན་ཆད་ཞིག་སྟེ་ནམ་མཁའི་རང་བཞིན་གཅིག་ཏུ་སྟོང་པར་གནས་སོ། །དེའང་བསམ་གཏན་དང་པོ་མན་ཆད་མེས་ལན་བདུན་དུ་


JL00_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་པའི་བར་བསམ་གཏན་གཉིས་པ་མི་འཇིག་ལ། བསམ་གཏན་གཉིས་པ་ཆུས་འཇིག་དུས་གསུམ་པ་མི་འཇིག །གསུམ་པ་རླུང་གིས་འཇིག་དུས་བཞི་པ་མི་འཇིག་པ་ནི་མཚུངས་པར་ལྡན་པའི་བསམ་གཏན་གྱི་རྒྱུ་ལས་ཡིན་ཏེ། བསམ་གཏན་དང་པོ་ན་སེམས་དང་སེམས་བྱུང་གི་རྟོག་དཔྱོད་མེ་དང་འདྲ་བ་ཡོད་པས་མེས་འཇིག་ལ། གཉིས་པ་ན་དགའ་བདེའི་ཉམས་ཆུ་རྒྱུན་ལྟ་བུ་ཡོད་པས་ཆུས་འཇིག་ལ། གསུམ་པ་ན་དབུགས་འབྱུང་རྔུབ་ཀྱི་གཡོ་འགུལ་རླུང་ལྟ་བུ་ཡོད་པས་རླུང་གིས་འཇིག་པ་ཡིན་ནོ། །དེའང་འདོད་པའི་ཁམས་ལྟར་རགས་པའི་རླུང་རྩ་འདབ་དང་རྟེན་དང་བརྟེན་པར་འབྲེལ་བ་ནི་མེད་དེ། རྣམ་སྨིན་སྐྱེས་འབྱུང་བའི་རྡུལ་ཕྲན་དང་པོ་ལས་ཐོབ་པའི་ཆ་དང་མཚུངས་པའི་དབུགས་རྒྱུ་བས་བསམ་གཏན་རང་བཞིན་གྱིས་དྭངས་པའང་དེ་ཉིད་དོ། །བསམ་གཏན་འདི་དག་གྲུབ་པ་དང་མ་གྲུབ་པ་ལས་རྣལ་འབྱོར་བསྒོམ་པ་དག་ལའང་འབྱུང་བའི་དགྲས་གནོད་མི་གནོད་ཆོས་མཚུངས་པའི་ཕྱིར། ད་ལྟ་སེམས་དང་སེམས་བྱུང་གི་རྟོག་པའང་མ་འགགས། ཚོར་བ་དགའ་མི་དགའ་རང་སོ་ན་གནས་ཤིང་རླུང་གི་འགྱུ་བ་མ་དག །སོ་སོ་རང་རིག་གི་རྣམ་ཤེས་དྲན་འཛིན་གྱི་ཐག་པས་བཅིངས་པ་དག་གིས་འཇིག་རྟེན་པའི་བསམ་གཏན་ཡང་མ་གྲུབ་ན། འཇིག་རྟེན་ལས་འདས་པ་རྒྱལ་བའི་ཡེ་ཤེས་དང་རེ་ཞིག་རྒྱབ་སྤྲད་པའོ། །བསམ་གཏན་བཞི་པ་ལ་ནི་བསྐལ་པ་འཇིག་པར་མཐུན་སྣང་དུ་གྲུབ་པའི་འབྱུང་བའི་གནོད་པ་མེད་ཀྱང་རང་རང་གི་ལས་ཀྱི་འཆི་འཕོ་ཡོད་པས་རྟག་པ་མ་ཡིན་ནོ། །མི་འཇིག་པའི་རྒྱུ་གང་གིས་ན། དེ་ནས་བསམ་གཏན་དང་པོ་དང་མཚུངས་པའི་རྟོག་དཔྱོད་ཀྱི་འཇུག་པ་སེམས་དང་སེམས་བྱུང་རགས་པ་དང་། གཉིས་པ་དང་མཚུངས་པའི་བསམ་


JL00_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་གྱི་རོ་མྱོང་ལ་ཆགས་པའི་དགའ་བདེ་དང་། གསུམ་པ་དང་མཚུངས་པའི་གཡོ་བྱེད་ཀྱི་རླུང་རང་བཞིན་རྣམ་པ་གསུམ་གྱིས་དེའི་ཏིང་ངེ་འཛིན་མི་གཡོ་བས། རྐྱེན་གསུམ་དང་མཚུངས་ལྡན་གྱི་འབྱུང་བས་མི་གནོད་དེ། དགྲ་མེད་པ་ལ་མཚོན་གྱི་འཇིགས་པ་མེད་པའི་ཕྱིར་རོ། །དེ་ལྟར་འབྱུང་བ་གསུམ་གྱིས་འཇིག་ལ་གཉིས་ཀྱིས་མི་འཇིག་པ་གང་ཡིན་ན། ནམ་མཁའ་འཇིག་པའི་གོ་འབྱེད་པ་དབྱིངས་ཀྱི་ཆར་གནས་པ་ལས་གནོད་བྱེད་ཀྱི་རང་བཞིན་དུ་མེད་ལ། ས་ནི་གཞིག་བྱའི་ཡུལ་དུ་གྲུབ་ཀྱིས་འཇིག་བྱེད་ཀྱི་ཡུལ་དུ་མ་སྐྱེས་པས་སོ། །བསམ་གཏན་དེ་དག་འཇིག་པའི་སྔོན་རོལ་དུ་དེ་ན་ཡོད་པའི་ལྷ་དེ་དག་གིས་གོང་མའི་སེམས་རང་བྱུང་དུ་ཐོབ་ནས་དགེ་རྒྱས་ལ་སོགས་པར་སྐྱེའོ། །དེ་ལྟར་འཇིག་པའི་མགོ་བརྩམས་པ་ནས་ཕརིལ་ཞིག་པའི་བར་དུ་བར་བསྐལ་ཉི་ཤུ་ཡོད་པའོ། །དོན་བཞི་པ་སྟོངས་པའི་བསྐལ་པ་ནི། ཐམས་ཅད་ནམ་མཁའ་གཅིག་གི་རང་བཞིན་དུ་གནས་ནས་རྟེན་སྣོད་དང་། བརྟེན་པ་བཅུད་ཀྱི་འདུས་བྱས་འདུས་མ་བྱས་པའི་དབྱིངས་སུ་སྟོངས་པ་ནི། ངེས་པའི་དོན་ལ་གཟུགས་སྐུ་ཆོས་སྐུའི་དབྱིངས་སུ་ཞི་བའི་མཚོན་དཔེར་གནས་པ་སྟེ། རེ་ཞིག་ནང་གི་ཆགས་གནས་འཇིག་སྟོངས་དང་སྦྱར་ན། ཐལ་འགྱུར་ལས། དོན་ནི་འཇིག་དང་ཆགས་པ་དང་། །གནས་པ་ཉིད་དང་སྟོངས་པ་དག །སྐྱེ་དང་རྒ་དང་ན་དང་འཆི། །སྲིད་པའི་འཁྲུལ་འཁོར་ཉིད་དུའོ། །ཞེས་གསུངས་ལ། དེ་ལྟར་སྟོངས་པའི་ཡུན་སྲིད་ཀྱང་བར་གྱི་བསྐལ་པ་ཉི་ཤུའོ། །སླར་ཡང་དེའི་འོག་ཏུ་རྡུལ་ཕྲན་འདུས་པ་ལས་འཇིག་རྟེན་གྱི་ཁམས་ཞིག་བརྩམ་པའི་མགོ་འཛིན་ཏེ། མུན་པའི་བསྐལ་པ་དྲུག་ཅུར་ཆགས་གནས་འཇིག་སྟོངས་དྲུག་ཅུ་འབྱུང་ལ། དེའི་འོག་ཏུ་བསྐལ་པ་སྐར་མ་ལྟ་བུ་ལ་སངས་རྒྱས་གྲངས་མེད་པར་འབྱུང་བ་ནི་སྒྲོན་མའི་བསྐལ་པ་


JL00_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ། དེའང་རྣམ་པར་སྣང་མཛད་གངས་ཆེན་མཆོའི་ཕྱག་གི་པདྨའི་ཕྲུམ་ཕྲུམ་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་ཞིང་ཁམས་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པ་ཞེས་བྱ་བ་ལྔ་ཚན་ལྔ་ལས། བཅུ་གསུམ་པ་ཐུགས་ཀ་དཔལ་གྱི་བེའུའི་ཐད་དྲང་རྡོ་རྗེ་ཐེག་པའི་ཞིང་ཁམས་མི་མཇེད་ཀྱི་འཇིག་རྟེན་བྱེ་བ་ཕྲག་བརྒྱའི་ས་ཆིགས་འདིའི་ནམ་མཁའ་ལ་སྔོན་ཡང་འཇིག་རྟེན་བསམ་གྱིས་མི་ཁྱབ་པ་བྱུང་ཞིང་། མ་འོངས་པ་ཕྱི་མའི་མཐར་ཡང་ཆགས་འཇིག་གི་བསྐལ་པ་དང་། འཇིག་རྟེན་གྲངས་མེད་པ་འབྱུང་བ་བཞིན་དུ་ཕྱོགས་བཅུ་གཞན་ཡང་རྣམ་པ་མཚུངས་ལ། དེ་ལྟར་ཆགས་གནས་འཇིག་སྟོངས་བཞིའི་བར་དུས་མཉམ་པའི་བར་བསྐལ་ཉི་ཤུ་མཚུངས་པ་བསྡོམས་པས་བརྒྱད་ཅུ་ལ་བསྐལ་པ་ཆེན་པོ་གཅིག་ཅེས་གྲགས་པ་སྟེ། དེ་དག་ཀྱང་ལེགས་པར་གནས་ཤིང་ཆགས་པའི་དུས་སྐབས་ན་སྲབ། བརྟན་པ། གཞན་དུ་མི་འཕོ་བ། རྒྱུ་རྐྱེན་གང་གིས་ཀྱང་གཞིག་པར་མི་ནུས་ལ། འབྱོར་ཞིང་རྒྱས་པ། སྐྱེ་བོ་མང་པོས་གང་བ་ཡིན་ནའང་། འཇིག་རྟེན་ཞེས་བྱ་བའི་མིང་ཉིད་ཀྱིས་སྨ་བབས་ནས་ཆགས་པའི་མཐར་ཐུག་པ་ཙམ་ནས་རྒུད་པའི་མགོ་བརྩིས་ཤིང་མཐར་གྱིས་གཅིག་ཀྱང་མེད་པར་འཇིག་ཅིང་སྟོངས་པར་འགྱུར་བའི་ཚུལ་ལ་ལྟོས། དེ་ལྟར་བརྟགས་ན་བདག་ཅག་གི་ལུས་ནི་ཉིན་ཞག་གཅིག་པའི་སྦྲང་བུ་བཞིན་དུ་ཉམ་ཆུང་བ། སྲོག་ནི་ཤིན་ཏུ་གཡོ་བ། གནོད་པ་མང་བས་མཐའ་ནས་བསྐོར་བ། ཆུའི་ལྦུ་བ་ལས་ཀྱང་ཡིད་བརྟན་དཀའ་བ་འདི་ལ་རབ་ཏུ་སྐྱོ་བས་ཐར་པ་དམ་པའི་ཆོས་ལ་བརྩོན་པར་བྱའོ་ཞེས་དོན་བསྡུ་བ་ཡིན་ཏེ། དེ་སྐད་དུ་མི་རྟག་པའི་གཏམ་ལས། གང་དུ་ས་རྣམས་བསྲེག་འགྱུར་ཏེ། །ལྷུན་པོའང་ཐལ་བར་འཇིག་པ་དང་། །རྒྱ་མཚོའི་ཆུ་ཡང་བསྐམ་


JL00_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ན། །ལུས་ཅན་དེ་དག་སྨོས་ཅི་དགས། །ཞེས་བཤད་དོ། །དེའང་ནང་དུ་སེམས་ཅན་རང་རང་གི་འཇིག་རྟེན་ནུབ་པ་ལ་ལྟོས་ན། དང་པོ་ཀུན་གཞིའི་ཆོས་ཉིད་ནམ་མཁའ་ལྟ་བུའི་དང་ལས། མ་རིག་པ་དང་ཀུན་རྟོག་གི་རླུང་ལ་འཁོར་བར་སྡུད་པའི་ལས་འདོད་ཆགས་ཀྱི་ཆུ་བརྟེན་ཞིང་། ཕ་མའི་ཁུ་ཁྲག་ལས་ལྷུན་པོ་ལྟ་བུའི་ལུས། ཉི་ཟླ་ལྟ་བུའི་མིག །གླིང་བཞི་གླིང་ཕྲན་ལྟ་བུའི་སྐྱེ་མཆེད། ཁམས་བཅུ་གཉིས། རི་བདུན་ཁོར་ཡུག་དང་བཅས་པའི་རྣམ་ཤེས་ཚོགས་བརྒྱད། འགྲོ་བ་དྲུག་དང་མཐུན་པའི་རྩ་འཁོར་དྲུག །དེ་དག་ཀྱང་གནས་རིགས་ཐ་དད་པ་བཞིན་དུ་བདེ་སྡུག་ལ་སོགས་དུ་མར་སྣང་བའི་ནང་གི་སྟོང་ཆེན་གྱི་འཇིག་རྟེན་འདི་ཡང་། སྣོད་འཇིག་པ་དང་ཕྱོགས་མཚུངས་པར་འཆི་བའི་དུས་ལ་བབ་པ་ན། ཕྱི་འབྱུང་བཞི་ནང་འབྱུང་བཞིར་སྡུད་པས་མེ་བདུན་དང་ཆུ་གཅིག་ཏེ་བརྒྱད་ཐལ་ནས། ནང་དང་གསང་བའི་འབྱུང་བ་ཐོག་མའི་འོད་གསལ་ལ་ཐིམ་པས་ཐམས་ཅད་ནམ་མཁའ་གཅིག་ཏུ་འགྱུར་བའི་སྐབས་ཡོད་དེ། འདི་ལྟར་ལུས་ཀྱི་འབྱུང་བཞི་བསྡུས། རྩ་ཐིག་རླུང་གསུམ་སྟོངས་པའི་མེ་བདུན་དང་། སྲོག་འཕོ་བའི་ཆུ་གཅིག །དབུགས་འབྲེལ་ཐག་ཆད་པའི་རླུང་གིས་གཏོར་ནས་ལུས་སེམས་སོ་སོར་འབྲལ་ཞིང་། ལུས་ཀྱང་འབྱུང་བའི་གནོད་པས་རྡུལ་ཕྲན་ཆ་མེད་དུ་ཞིག་ནས་ཅི་ཡང་མེད་པར་གྱུར་བ་ལ་བསམ་མོ། །

མི་རྟག་པའི་ཚོམས་ཏེ་རབ་བྱེད་གཉིས་པའི་འགྲེལ་པ།


JL00_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་དོན་གཉིས་པ་ལ་བཞི་སྟེ། དམ་པའི་སྐྱེས་བུ་ལ་བསམས་ཏེ་མི་རྟག་པ། སྐྱེ་དགུའི་བདག་པོ་ལ་བསམས་ཏེ་མི་རྟག་པ། འཆི་བའི་རང་བཞིན་ལ་བསམས་ཏེ་མི་རྟག་པ། དཔེ་དོན་སྣ་ཚོགས་ལ་བསམས་ཏེ་མི་རྟག་པའོ། །དང་པོ་ནི། ལྷ་མིའི་སྟོན་པ་རྡོ་རྗེའི་སྐུ་མཆོག་ཀྱང་། །རྟག་པར་བལྟ་ལ་གཟིགས་པ་ཡོལ་བ་ཡིས། །གཞོམ་གཞིག་བྲལ་བའི་སྲི་ཞུས་ལྷོད་གྱུར་ནས། །ཞི་བའི་དབྱིངས་ལ་དགྱེས་པའི་མངོན་རྟོགས་ངོམ། །ཞེས་སྨོས་ཏེ། འདི་ལྟར་


JL00_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་རྣམ་པར་གཟིགས་ནས་ཤཱཀྱ་ཐུབ་པའི་བར་གྱི་རབས་བདུན་དང་། བཟང་པོའི་བསྐལ་པ་འདི་ལ་བྱོན་ཞིང་འབྱོན་པར་འགྱུར་བ་མོས་པའི་བར་གྱི་སངས་རྒྱས་སྟོང་རྩ་གཉིས་དང་། བར་བར་དུ་བྱོན་པའི་རང་སངས་རྒྱས་ལ་སོགས་པ་དེ་དག་ཀྱང་སྤྲུལ་པའི་སྐུའི་ཞིང་ཁམས་སུ་མངོན་པར་འདུ་མཛད་པ་ཙམ་ནས་རྡོ་རྗེའི་སྐུ་ཡང་འཇིག་པའི་མངོན་རྟོགས་ངོམ་པ་ལ་ཞུགས་ཤིང་། སངས་རྒྱས་རྣམས་ཀྱི་བསྟན་པའང་དར་ནུབ་ཀྱི་རིམ་པ་མཐའ་ཡས་ན་བདག་ཅག་གི་ལུས་ནི་དབུ་བ་བརྡོས་པ་ལྟ་བུ། སེམས་ནི་འཁྲུལ་སྣང་གི་ཆོས་ཅན་ཡིན་པའི་ཕྱིར་ཉིན་མོའི་ཐོག་མཐའ་ཙམ་དུའང་རྟག་པའི་གནས་སྐབས་ག་ལ་ཞིག་སྟེ་རྟ་དབྱངས་ཀྱིས། ཅི་སྟེ་སངས་རྒྱས་རྣམས་ཀྱི་སྐུ། །མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། །རྡོ་རྗེའི་སྐུ་ཡང་མི་རྟག་ན། །ཆུ་ཤིང་སྙིང་པོ་མེད་འདྲ་བའི། །ལུས་ཅན་གཞན་རྣམས་སྨོས་ཅི་དགོས། །ཞེས་དང་། དགའ་བའི་དབང་པོས། གཟུགས་དང་ལོངས་སྤྱོད་ཐོས་པ་དང་། །ཚུལ་ཁྲིམས་ལ་སོགས་རྟག་མིན་ཏེ། །གང་ཡང་འདོད་ཆགས་བྲལ་བ་ཡང་། །ཀུན་ཏུ་གནས་པ་མ་མཐོང་ངོ་། །ཞེས་སོ། །གཉིས་པ་ནི། བསམ་གཏན་གྲུབ་ནས་བསྐལ་པར་གནས་པའི་ཁུར། །དོན་མེད་གྱུར་ཏེ་འཆི་བ་དེ་མཐོང་ནས། །ཚངས་དབང་བདེ་འབྱུང་འཁོར་ལོས་སྒྱུར་རྣམས་ཀྱང་། །འཆི་བདག་བདུད་ལས་གཟུར་བའི་ཐབས་མི་བསམ། །འཇིག་རྟེན་པའི་བསམ་གཏན་གྲུབ་པ་སྲིད་རྩེས་བསྐལ་ཆེན་བརྒྱད་ཁྲི་ཐུབ་པ་ནས་རིམ་པར་བསམ་གཏན་བཞི་པའི་ལྷའི་བར་བསྐལ་པ་ནས་བསྐལ་པར་འཚོ་བ་རྣམས་ཀྱང་ལས་ཀྱི་ཕྱི་བཞིན་དུ་འབྲང་ནས་གདོན་མི་ཟ་བར་འཆི་བའི་གནས་སྐབས་ཡོད་པས་ཚངས་པ་དང་། དབང་ཕྱུག་དང་། ཁྱབ་འཇུག་དང་། བརྒྱ་བྱིན་དང་།


JL00_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་སྐྱོང་བ་བཞི་དང་། དྲང་སྲོང་ཆེན་པོ་རྒྱས་པ་དང་། གྲོག་མཁར་བ་སོགས་རིག་པའི་ཡོན་ཏན་དང་། སྤྱན་དང་མངོན་ཤེས་མངའ་བ་རྣམས་དང་། གླིང་བཞི་ལ་དབང་བའི་འཁོར་ལོས་སྒྱུར་རྒྱལ་སོགས་བསོད་ནམས་དང་གཟི་བརྗིད་ཀྱི་གྲགས་པས་ཀུན་ཏུ་ཁྱབ་ཅིང་། འབྱོར་བའི་ཁྱད་པར་དམ་པས་སྙེམས་ཤིང་དྲེགས་པ་དེ་དག་ཀྱང་མ་ངོམས་བཞིན་དུ་འཆི་འཕོ་བ་ལས་ཐར་བའི་ཐབས་མི་བསམ་སྟེ། འདུལ་བ་ལུང་ལས། དགེ་སློང་དག །འབྱོར་བ་འདི་དག་རྒུད་ཅིང་སྙིང་པོ་མེད་པ་ལ་ལྟོས། ངས་སྔོན་དྲན་པའི་འཁོར་བ་ན། ཚངས་པ་དང་། བརྒྱ་བྱིན་དང་། འཇིག་རྟེན་སྐྱོང་བ་ལ་སོགས་པའི་དབང་པོ་བསམ་གྱིས་མི་ཁྱབ་པ་མྱོང་ཡང་། མ་ངོམས་བཞིན་དུ་ཚེ་འཕོས་ཏེ་ངན་སོང་དུ་གཞོལ་བར་གྱུར་ཏོ་ཞེས་དང་། མྱ་ངན་བསལ་བ་ཞེས་བྱ་བའི་སྤྲིན་ཡིག་ལས། རྟག་པར་འདུ་ཤེས་རྣམ་ལོག་ན། །སྲིད་རྩེ་ལས་ཀྱང་འགྲོ་བ་རྣམས། །འཆི་བའི་ཞགས་པས་དྲངས་གྱུར་བ། །ཞགས་པས་གླང་པོ་བཞིན་དུའོ། །བསམ་གཏན་ལས་སྐྱེས་བདེ་བ་མྱོང་། །ཚངས་པས་ཚངས་པའི་གནས་ལས་ཀྱང་། །མི་རྟག་ཕྱིར་ནི་ལྷུང་གྱུར་པ། །ཆུ་ཡི་རླུང་གི་འགྲམ་པ་བཞིན། །བརྒྱ་བྱིན་དང་ནི་སྟོང་རྣམས་ཀྱང་། །འཁོར་ལོས་བསྒྱུར་བ་བརྒྱ་དག་དང་། །དུས་ཀྱི་འཆི་བར་འགྱུར་བ་ནི། །མར་མེ་འབར་བ་རླུང་གིས་བཞིན། །དྲང་སྲོང་ཆེན་པོ་ལྔ་མངོན་ཤེས། །མཁའ་ལ་རྒྱང་རིང་འགྲོ་བ་ཡང་། །གང་ན་སྤྱོད་ཡུལ་འཆི་མེད་པ། །དེར་ནི་འགྲོ་བར་ནུས་པ་མེད། །ཅེས་སོ། །གསུམ་པ་ནི། མཐོ་རིས་སྨན་ལྗོངས་ཉམས་དགར་འཁྲིགས་པ་ཡི། །སྐྱེས་བུའི་ཚེ་སྲོག་ཡིད་ལ་ཡང་ནས་ཡང་། །བགྱིད་པའི་རྔོན་པ་ལག་ན་བེ་ཅོན་ཅན། །དོན་གཉེར་གཅིག་པུ་ཉིད་ལས་གཞན་མི་སེམས། །འདི་ལྟར་མཐོ་རིས་ཀྱི་བདེ་འབྱོར་དང་ཕུན་སུམ་ཚོགས་པ་དབྱར་ཟླ་གསུམ་


JL00_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་དུ་ཉམས་དགའ་བའི་སྨན་ལྗོངས་ལྟ་བུ་ལ། རྟག་པ་རྒྱུན་གྱི་བློ་བག་ཕེབས་སུ་བསྟེན་པའི་རི་དྭགས་ལྟ་བུའི་སྐྱེ་འགྲོ་རྣམས་ཀྱི་ཚེ་སྲོག་ནི། རི་སུལ་ན་བལྟར་མི་མངོན་པ་ལྟ་བུའི་རྔོན་པ་གཤིན་རྗེའི་ཆོམ་པོ་ལག་ན་བེ་ཅོན་ཐོགས་པ་དག་གིས་སྐྱེས་པའི་ནང་བར་ནས་འཆི་བའི་རྒྱ་མིག་མངས་རིས་སུ་བྲེས་པ་ལྟ་བུ་ལ་ཐབས་དུ་མས་འཛུད་ཅིང་། དེའང་རྒྱལ་པོ་དང་། མེ་དང་། ཆོམ་རྐུན་དང་། གཅན་གཟན་དང་། མཚོན་ཆ་དང་། དུག་དང་། གཡངས་དང་། རིམས་ནད་དྲག་པོ་དང་། ཕུང་ཀྲོལ་དང་། བྱད་དང་། ཤ་ཟ་དང་། མཁའ་འགྲོ་དང་། གྲིབ་གནོན་ལ་སོགས་པའི་གདོན་མཐུ་བོ་ཆེ་དང་། གློ་བུར་ཡེ་འབྲོག་གི་ཕོ་ཉ་དང་། མཚོན་ཆའི་ཐབས་ལ་མཁས་པས་ཉིན་དང་མཚན་མོ་མེད་པར་སྐྱེས་བུའི་ཚེ་སྲོག་འཕྲོག་པའི་དོན་གཉེར་གཅིག་པུ་ལ་ཡིད་གཞུངས་པའི་འཚོ་བ་ཆེན་པོ་དེ་རྟག་པ་རྒྱུན་གྱི་འཁོར་ལོ་ལྟར་མི་མངོན་པར་ཡོད་པས་འཆི་བ་ལ་ནི་ཉིན་མཚན་སྐད་ཅིག་ཐང་ཅིག་གིས་ཀྱང་ཇེ་ཉེར་འགྲོ་བ་སྟེ། རྒྱལ་པོ་ལ་གདམས་པའི་མདོ་ལས་ཀྱང་། རྒྱལ་པོ་ཆེན་པོ། འདི་ལྟ་སྟེ་དཔེར་ན། རི་དྭགས་ཀྱི་རྒྱལ་པོ་སེང་གེ་རི་དྭགས་ཀྱི་ནང་དུ་ཞུགས་ནས། རི་དྭགས་བཟུང་སྟེ་ཇི་ལྟར་འདོད་པ་བཞིན་དུ་དབང་བྱེད་དོ། །རི་དྭགས་དེ་ནི་སྟོབས་པོ་ཆེའི་ཁ་མི་བཟད་པས་དབང་མེད་པར་འགྱུར་རོ། །རྒྱལ་པོ་ཆེན་པོ། དེ་བཞིན་དུ་འཆི་བདག་གི་གསལ་ཤིང་གིས་གཟུགས་ཏེ་རྒྱགས་པ་དང་ནི་བྲལ། མགོན་ནི་མེད། སྐྱབས་ནི་མེད། དཔུང་གཉེན་ནི་མེད། བཤེས་ནི་མེད། ཚིགས་ནི་འབྱེ་ཞིང་འདྲལ། ཤ་དང་ཁྲག་ནི་བསྐམས། ལུས་ནི་ནད་ཀྱིས་གདུངས། སྐོམ་ནི་སྐོམས། བཞིན་ནི་འགྱུར། རྐང་ལག་ནི་གཡོ་བ། ལངས་ནི་མི་ནུས། མཐུ་ནི་མེད། ཁ་ཆུ་དང་། སྣབས་དང་། གཅིན་དང་། ངན་སྐྱུགས་ཀྱིས་ལུས་ལ་


JL00_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

གོས། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་དབང་པོ་ནི་འགག །སྐྱིགས་བུ་ནི་འབྱུང་། སྒྲ་ངར་དང་པོ་ནི་འདོན། སྨན་པས་ནི་བོར། སྨན་དང་། ཁ་ཟས་དང་། བཟའ་བ་དང་། བཏུང་བ་ཐམས་ཅད་ཀྱིས་ནི་གླེས་ལ་བོར་ཏེ་འགྲོ་བ་གཞན་དུ་འགྲོ་བར་ཆས་པས། མལ་གྱི་ཐ་མ་ན་ནི་ཉལ། ཐོག་མ་མེད་པའི་སྐྱེ་བ་དང་། རྒ་བ་དང་། འཆི་བའི་འཁོར་བའི་རྒྱུད་དུ་ནི་ནུབ། སྲོག་ནི་ཅུང་ཟད་གཅིག་ལུས། གཤིན་རྗེ་ཡིས་ནི་འཇིགས་ཤིང་སྐྲག །བྱུར་གྱི་དབང་དུ་ནི་སེང་། དབུགས་རྒྱུ་བ་ནི་ཆད། ཁ་དང་སྣ་ནི་གདངས། སོ་ནི་གཙིགས། སྦྱིན་པ་སྦྱིན་ནོ་ཞེས་དེ་སྐད་ཅེས་གསོལ་བ་ནི་འདེབས། ལས་ཀྱི་སྲིད་པ་ནས་སྲིད་པ་ལ་ནི་འཇུག །གཅིག་པུ་གཉིས་སུ་མེད་ཅིང་གྲོགས་ནི་མེད། འཇིག་རྟེན་འདི་ནི་འདོར། འཇིག་རྟེན་ཕ་རོལ་དུ་ནི་འགྲོ། །སྐྱེས་ཆེན་པོ་ནི་འདེགས། མུན་པ་ཆེན་པོར་ནི་ཞུགས། གཡངས་ཆེན་པོར་ནི་ལྟུང་། ཁྲོད་སྟུག་པོར་ནི་ཞུགས། དགོན་པ་ཆེན་པོར་ནི་འགྲོ། རྒྱ་མཚོ་ཆེན་པོར་ནི་འཁྱེར། ལས་ཀྱི་རླུང་གིས་ནི་བདས། ས་ཚུགས་མེད་པའི་ཕྱོགས་སུ་ནི་འགྲོ། གཡུལ་ངོ་ཆེན་པོར་ནི་འཇུག །གདོན་ཆེན་པོས་ནི་འཛིན། ནམ་མཁའ་ལ་ནི་འཆེ་ལ། ཕ་དང་། མ་དང་། ཕོ་ནུ་དང་། སྲིང་མོ་དང་། བུ་དང་། བུ་མོས་ནི་བསྐོར། དབུགས་ནི་ཆད། ནོར་བགོ་བཤའ་བྱ་ཞེས་ནི་ཟེར། ཀྱི་ཧུད་ཕ། ཀྱི་ཧུད་མ། ཀྱི་ཧུད་བུ་ཞེས་ནི་ཟེར། སྐྲ་ནི་ཞིག་སྟེ། སྦྱིན་པ་དང་། དཀའ་ཐུབ་དང་། ཆོས་འབའ་ཞིག་གྲོགས་སུ་གྱུར་བ་ན། ཆོས་མ་གཏོགས་པའི་སྐྱབས་གཞན་མེད། མགོན་གཞན་མེད་དཔུང་གཉེན་གཞན་མེད་དོ། །རྒྱལ་པོ་ཆེན་པོ་དེའི་ཚེ་དེའི་དུས་ན། ཆོས་ནི་གླིང་དང་། གནས་དང་། མགོན་དང་། སྟོན་པར་འགྱུར་རོ། །རྒྱལ་པོ་ཆེན་པོ། དེ་ལྟ་བུའི་དུས་ན། རང་ཉིད་མལ་ན་ཉལ་བཞིན་དུ། ཕྱི་མའི་སྣང་བ་ཉམས་སུ་མྱོང་སྟེ་ངན་སོང་དུ་འགྲོ་ན། དེ་གནས་ལ་


JL00_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་པའི་སྣང་བ་འབྱུང་སྟེ། དེའི་ཚེ་ཆོས་མ་ཡིན་པ་ཅི་ཞིག་ཀྱང་སྐྱབས་སུ་འགྱུར་བ་མེད་དོ། །རྒྱལ་པོ་ཆེན་པོ། ཁྱོད་ཀྱི་ལུས་འདི་ལྟར་ཡོངས་སུ་བསྲུངས། ལེགས་པར་ཡོངས་སུ་བཙས་པ་ཡང་འཆི་བའི་དུས་བྱེད་པར་འགྱུར་རོ། །རྒྱལ་པོ་ཆེན་པོ། འདི་ལྟར་ཁྱོད་ཀྱི་ལུས་བཀྲུས་ཤིང་བསྐུས་ཏེ་བདུག་པས་བདུགས། མེ་ཏོག་དྲི་ཞིམ་པས་བགོས་ཀྱང་གདོན་མི་ཟ་བར་དྲི་མི་ཞིམ་པ་འབྱུང་བར་འགྱུར་རོ། །རྒྱལ་པོ་ཆེན་པོ། འདི་ལྟར་ཀ་ཤི་ཀའི་རས་དང་། དར་ལ་སོགས་པའི་གོས་བཟང་པོས་གཡོགས་ཀྱང་ཐ་མའི་མལ་ན་འདུག་པའི་ཚེ། དྲི་མ་ཅན་གྱོན་བཞིན་དུ་འཆི་བའི་དུས་བྱེད་ཅིང་། གཅིག་པུ་སྒྲེན་མོར་འགྲོ་བར་འགྱུར་རོ། །རྒྱལ་པོ་ཆེན་པོ། འདོད་པའི་ཡོན་ཏན་སྣ་ཚོགས་པས་དགའ་བར་བྱས་ཀྱང་། དེ་ཐམས་ཅད་སྤངས་ནས་མ་ངོམས་བཞིན་དུ་འཆི་བའི་དུས་བྱེད་པར་འགྱུར་རོ། །རྒྱལ་པོ་ཆེན་པོ། འདི་ལྟར་ཁྱོད་ཁྱིམ་གྱི་ནང་ན། སྤོས་དང་། མེ་ཏོག་དང་། དར་གྱི་ལྡ་ལྡི་དང་། སྟན་དང་། གོས་སྣ་ཚོགས་པས་འབྱོར་ཞིང་། གཡས་གཡོན་དུ་སྔས་དང་བཅས་པའི་ཁྲི་ལ་ཉལ་ཡང་། བྱ་རོག་དང་། ཝ་དང་། མི་རོ་སྒྱུག་བྲོ་བ་དག་གིས་གང་བའི་དུར་ཁྲོད་ཆེན་པོར་བེར་ནས་ལུས་གཡོ་བ་མེད་ཅིང་ས་ལ་ཉལ་བར་གདོན་མི་ཟའོ། །རྒྱལ་པོ་ཆེན་པོ། འདི་ལྟར་ཁྱེད་གླང་པོ་ཆེ་དང་། རྟའི་རྒྱབ་ལ་སོགས་པར་ཞོན་ནས་རོལ་མོའི་བྱེ་བྲག་སྙན་ཅིང་ཡིད་དུ་འོང་བས་དགའ་ཞིང་། རྒྱལ་མཚན་དང་གདུགས་ལ་སོགས་པ་བསྒྲེངས་ལ། རྒྱལ་པོ་དང་། བློན་པོ་དང་། མཛའ་བཤེས་རྣམས་ཀྱིས་སྙན་པར་བརྗོད་པས་བསྟོད་ཅིང་མདུན་གྱིས་བལྟས་ཏེ་འགྲོ་ཡང་རིང་པོར་མི་ཐོགས་པར་མལ་དུ་ཤི་ནས་མི་བཞིས་བཏེག་སྟེ་ཕ་མ་དང་། ཕོ་ནུ་ལ་སོགས་པས་ལག་པ་བཏེག་ནས་བྲང་བརྡུང་ཞིང་མྱ་ངན་གྱིས་རོན་ཏེ་གྲོང་ཁྱེར་གྱི་ལྷོ་


JL00_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

སྒོར་ཕྱུང་ནས་འབྲོག་དགོན་པར་སའི་འོག་ཏུ་འཇུག་གམ། བྱ་རྒོད་དང་། བྱ་རོག་དང་། ཝ་ལ་སོགས་པས་ཟོས་ཤིང་། རུས་པ་དེ་དག་མེས་བསྲེག་གམ། ཆུར་འདོར་རམ། སའི་འོག་ཏུ་བཅུག་ཀྱང་རུང་། རླུང་དང་། ཉི་མ་དང་། ཆར་གྱིས་ཕྱེ་མར་བྱས་ཏེ་ཕྱོགས་ཕྱོགས་སུ་འཐོང་ཞིང་། རུལ་བར་འགྱུར་རོ། །རྒྱལ་པོ་ཆེན་པོ། དེ་ལྟར་འདུ་བྱེད་ཐམས་ཅད་མི་རྟག་པ། དེ་ལྟར་མི་བརྟན་པའོ། །ཞེས་གསུངས་པ་ལྟར་སྤྱིར་འདུས་བྱས་ཀྱི་ཆོས་མི་རྟག །སྒོས་སྐྱེས་བུའི་ཚེ་མི་རྟག ཁྱད་པར་ལུས་སེམས་འབྲེལ་བའི་རྟེན་མི་རྟག་སྟེ། སྔོན་དར་ཞིང་རྒྱས་པའི་གྲོང་དང་། གྲོང་ཁྱེར་དང་། དགོན་གནས་རྣམས་སྟོངས་ཤིང་ཞིག་པའི་དཔེས། རང་གི་ལུས་གྲོང་དང་གྲོང་རྡལ་ལྟ་བུ། སེམས་དེ་དག་གི་བདག་པོར་གྱུར་བ་རྟེན་དང་བརྟེན་པ་གཉིས་ཀ་མེད་པར་སོང་བའི་མཚན་ཉིད་ལེགས་པར་བསམས་ཏེ། བདག་གི་གནས་ཁང་དང་བླ་གབ་དག་ཀྱང་ཇེ་ཞིག་ན་བྱ་བྱིའི་ཚང་ཡང་མི་བཏུབ་པའི་རྨང་ལ་ཐུག་པར་འགྱུར་ཞིང་། རིང་པོ་ལ་དུས་བཏབ་མི་དགོས་པར་བློ་བུར་བའི་འཆི་རྐྱེན་དྲག་པོས་འཇིག་རྟེན་འདིའི་སྣང་བ་འདི་འདོར། ཕྱི་མའི་ལམ་པོ་ཆེར་ཞུགས། མལ་གྱི་མཐའ་མར་ཉལ། ཟས་ཀྱི་རྟིང་མ་ལ་སྤྱོད། གཏམ་གྱི་རྗེས་མ་གང་གིས་བྱེད་མི་ཤེས། འཁོར་དང་། ལོངས་སྤྱོད། ཉེ་དུ་འབྲེལ་བ་ཅན་གྱི་དབུས་ནས་རང་ཉིད་གཅིག་པོར་འགྲོ་བའི་དུས་ལ་སྐྱོ་བར་བྱ་སྟེ་སློབ་དཔོན་རྟ་དབྱངས་ཀྱིས། འཆི་བ་བཟློག་པར་བྱ་བ་ཡིས། །གང་ཚེ་ཐབས་ཀུན་མེད་པས་ན། །སྤྲོ་བསྲིང་བ་དག་མི་བསྒྱེད་པར། །ཆུ་ལ་ཉ་བཞིན་ཅི་ཞིག་འགྲེ། །སའམ་འོན་ཏེ་མཐོ་རིས་ན། །སྐྱེས་ནས་ལ་ལ་མ་ཤི་བ། །འགའ་ཞིག་ཁྱོད་ཀྱིས་མ་མཐོང་བ། །ཐོས་སམ་འོན་ཏེ་ཐེ་ཚོམ་ཟ། །ཞེས་སོ། །བཞི་པ་ནི། དཔེ་དོན་སྣ་ཚོགས་ལ་བསམས་པ་སྟེ། མི་རྟག་པ་བག་ལ་ཉལ་


JL00_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་དུ་སྟོན་པའི་ཕྱིར། སོ་ཀའི་ཚ་བས་གདུངས་པའི་སྐྱེ་བོ་དག །སྟོན་ཟླ་གསལ་བའི་བོད་ལ་དགའ་གྱུར་ནས། །ཉིན་ཞག་བརྒྱ་ཡིས་རང་གི་ཚེ་ཐལ་བའི། །གནས་ལ་སེམས་ནས་སྐྲག་པར་གྱུར་བ་མེད། །ཅེས་པས། འདི་ལྟར་སྐྱེ་བོ་ཕལ་མོ་ཆེ་ནི་མ་བརྟག་རྦ་དང་བབ་ཅོལ་ལ་གོམས་པ་ཡིན་པས་རང་བཞིན་དུ་འཆི་མི་འཆིའི་རྣམ་པར་རྟོག་པ་གང་ཡང་མེད་པའི་ངང་ལ་ཐུག་ཕྲད་དུ་འཆི་སྟེ། ཆེད་དུ་བརྗོད་པའི་ཚོམས་ལས། མངལ་དུ་དང་པོ་འཇུག་པའི་མི། །དེ་ནི་བསྣོན་མེད་གོད་འགྱུར་ཞིང་། །སོང་བ་ལས་ཀྱང་ལྡོག་པ་མེད། །སྔ་དྲོ་སྐྱེ་བོ་མང་མཐོང་བ། །ཕྱི་དྲོ་ཁ་ཅིག་མཐོང་མི་འགྱུར། །ཞེས་སོ། །གལ་ཏེ་རྐྱེན་སྣ་ཚོགས་པའི་སྟེས་དབང་ལས། མཐར་གྱིས་འཆི་བའི་ཆོས་ཉིད་ལ་ངེས་པ་བརྟན་པར་རློམ་པ་དག་ཀྱང་སྐྱེས་པའི་ནང་པར་ནས་ལས་ཀྱི་གཞན་དབང་གིས་འཕངས་པའི་ཚེའི་ཚད་ཇི་སྙེད་ཡོད་པ་དེ་ལ་བསྣོན་པ་ནི་ཅུང་ཟད་ཀྱང་མེད་ལ། གློ་བུར་གྱིས་འགྲིབ་པའི་རྐྱེན་ནི་ཤིན་ཏུ་མང་སྟེ་ཚེ་རིང་བའི་མི་མཐུན་ཕྱོགས་སྲོག་གཅོད་པ་སོགས་བསོད་ནམས་མ་ཡིན་པ་ལ་སྤྲོ་ཞིང་འཇུག་པ་མང་བའི་ཕྱིར། ཚེའི་ཚད་དེ་སྙེད་ཀྱང་ས་ཚུགས་མེད་པར་འགྲོ་བའི་དཔེ་ནི་འདི་ལྟར་ཐིབ་བྱ་ལམ་ལ་འགྲོ་བའམ། རི་གཟར་གྱི་འབབ་ཆུ་དྲག་པོ་ལྟར་སྐད་ཅིག་གམ། ཐང་ཅིག་གམ། ཡུད་ཙམ་ཡང་མི་སྡོད་པའི་གནས་སྐབས་ལ་རྣམ་པར་ཤེས་པ་ལྐོག་ཏུ་གྱུར་པས་སོ་ཀའི་དུས་ཀྱི་ཉི་མའི་གདུང་པ་ཅུང་ཟད་ཀྱིས་ནི་སུན། སྟོན་བསིལ་དྲོད་སྙོམས་པའི་དུས་ལ་ཡིད་སྨོན་དང་རིངས་བར་བྱེད་པ་དེ་དག་གིས་ནི་དེའི་བར་ལ་ཉིན་ཞག་བརྒྱས་རང་གི་ཚེ་བསྟུངས་པ་མ་རིག་པ་ཡིན་ཏེ། མི་རྟག་པའི་གཏམ་ལས། སོ་ཀ་ཟླ་བ་བསིལ་བས་མཚོན་པའི་སྟོན་དུས་འདི་འབྱུང་ཞེས། རབ་ཏུ་དགར་འགྱུར་སྐྱེ་བོ་ཐམས་ཅད་བདག་གི་ཚེ། །ཟད་


JL00_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་ཞེས་ཤིན་ཏུ་མི་དགར་གྱུར་བ་མེད། །ཅེས་སོ། །དེ་བཞིན་དུ་གཞན་ཤི་བ་ལ་མྱ་ངན་བྱེད། རང་གི་མདུན་དུ་འཆི་བདག་གནས་པ་ལ་ཅང་མི་སེམས་པས་གཏན་དུ་སྡོད་པའི་ཕྱི་ཆིས་རྒྱ་ཆེན་པོས་གཡུལ་འགྱེད་པ་དང་། ཡུལ་གསར་འཛིན་པ་དང་། ཕྲུ་སར་རློག་པ་དང་། མཁར་ལས་རྒྱ་ཆེན་པོ་དང་། བུང་བ་ལྟ་བུར་གསོག་རུམ་འབའ་ཞིག་གིས་ལུས་ངག་ཡིད་གསུམ་གདུང་བར་བྱེད་པ་ནི་རིགས་པ་མིན་པའི་མྱ་ངན་ཏེ། མི་རྟག་པའི་གཏམ་ལས། ལས་ཀྱི་ལམ་ཞུགས་ཐོབ་པ་ཡིས། །བསྣོན་པ་མེད་པའི་སྐྱེ་བོ་གང་། །ཉེས་པ་མེད་པར་སོང་གྱུར་པ། །དེ་ལ་ཅི་ཞིག་ཡོངས་སུ་གདུང་། །ཅིས་ཏེ་དེ་ཉིད་འཆི་བར་འགྱུར། །གཞན་ནི་སུ་ཡང་མིན་ན་ཀོ །འདི་ནི་བྱུང་ཆེན་ནོན་པ་ཞེས། །ཆོ་ངེ་ཆེན་པོ་གདབ་པར་རིགས། །འདི་ལྟར་ཐམས་ཅད་སྐྱེ་བ་ཡི། །མདུན་ན་གནས་པ་འཆི་བ་སྟེ། །ཀུན་ཀྱང་འཕོ་བ་སྣང་བའི་ཕྱིར། །མྱ་ངན་བྱ་བར་འོས་མ་ཡིན། །ཞེས་སོ། །དེ་ཕྱིར་གཞན་འཇིག་རྟེན་ཕ་རོལ་ཏུ་སོང་བའི་སྣང་ཚུལ་མཐེད་ཀྱིན་བསམ་བརླག་ཉིད་དུ་མི་བསྡད་པར་རང་ཉིད་འཆི་ཆས་བྱེད་དགོས། ས་གསུམ་པའི་བྱང་ཆུབ་སེམས་དཔའ་ཡང་མི་རྟག་པ་བསྒོམ་པར་གསུངས་ན། སོ་སོ་སྐྱེ་བོས་མི་རྟག་པའི་གཏམ་གོ་བ་ཙམ་གྱིས་མི་ཕན། ཐ་ནས་ཀུ་ཅི་ཤི་བའི་རོ་ལའང་གཞིག་འབྲེལ་ཆེན་པོ་བཏང་ནས། འདི་ཡང་སྐྱེ་བ་ཡོད་པས་ཤི་བ་ཡིན། བདག་ཀྱང་སྐྱེས་ཚར་ནས་འཆི་བ་ལས་འོས་ཅི་ཡོད། འཆི་ན་དམ་པའི་ཆོས་མིན་པ་གང་གིས་ཀྱང་མི་ཕན་སམ་པའི་ཤེས་པ་ཙབ་ལིང་ངེ་བ་ཅིག་རྟག་པ་རྒྱུན་དུ་དགོས། དེ་ལྟ་བུའི་མི་རྟག་པ་བཅོས་མིན་རེ་རྒྱུད་ལ་སྐྱེས་ཙ་ན་ཚེ་འདིའི་བདེ་སྐྱིད་སྙན་གྲགས་གང་ལའང་ཅང་མི་སེམས་པ་ཞིག་འོང་སྟེ་དྲན་པ་ཉེར་གཞག་ལས། བསྒོམ་པའི་འདུ་ཤེས་ཐམས་ཅད་ཀྱི་ནང་ནས་མི་རྟག་


JL00_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

བསྙད་པའི་སྡེ་དང་། ལུང་དུ་བསྟན་པའི་སྡེ་དང་། ཚིགས་སུ་བཅད་པའི་སྡེ་དང་། ཆེད་དུ་བརྗོད་པའི་སྡེ་དང་། གླེང་གཞིའི་སྡེ་དང་། རྟོགས་པ་བརྗོད་པའི་སྡེ་དང་། དེ་ལྟ་བུ་བྱུང་བའི་སྡེ་དང་། སྐྱེས་པ་རབས་ཀྱི་སྡེ་དང་། ཤིན་ཏུ་རྒྱས་པའི་སྡེ་དང་། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་དང་། གཏན་ལ་ཕབ་པར་བསྟན་པའི་སྡེ་གང་དག་བྱང་ཆུབ་སེམས་དཔའ་རྣམས་ལ་བཤད་པ་དེ་དག་ཀྱང་བྱང་ཆུབ་སེམས་དཔས་ལེགས་པར་ཐོས། ལེགས་པར་བཟུང་། ཁ་ཏོན་བྱང་བར་བྱས། ཡིད་ཀྱིས་ལེགས་པར་བརྟགས། མཐོང་བས་ཤིན་ཏུ་རྟོགས་པར་བྱས་ནས་དེ་གཅིག་པུ་དབེན་པར་འདུག་སྟེ་ཡང་དག་བཞག་ནས་ཇི་ལྟར་ལེགས་པར་བསམས་པའི་ཆོས་དེ་དག་ཉིད་ཡིད་ལ་བྱེད་ཅིང་། སེམས་གང་གིས་ཡིད་ལ་བྱེད་པའི་སེམས་དེ་ནང་དུ་རྒྱུན་ཆགས་སུ་ཡིད་ལ་བྱེད་པས་ཡིད་ལ་བྱེད་དོ། །དེ་ལྟར་ཞུགས་ཤིང་དེ་ལ་ལན་མང་དུ་གནས་པ་དེ་ལ་ལུས་ཤིན་ཏུ་སྦྱངས་པ་དང་། སེམས་ཤིན་ཏུ་སྦྱངས་པ་གང་ཡིན་པ་དེ་ནི་ཞི་གནས་ཞེས་བྱ་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའ་ཞི་གནས་ཡོངས་སུ་འཚོལ་བར་བྱེད་པ་ཡིན་ནོ། །དེས་ལུས་ཤིན་ཏུ་སྦྱངས་པ་དང་། སེམས་ཤིན་ཏུ་སྦྱངས་པ་དེ་ཐོབ་ནས་དེ་ཉིད་ལ་གནས་ཏེ། སེམས་ཀྱི་རྣམ་པར་གཡེང་བ་སྤངས་ནས་ཇི་ལྟར་བསམས་པའི་ཆོས་དེ་དག་ཉིད་ནང་དུ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་དུ་སོ་སོར་རྟོག་པར་བྱེད། མོས་པར་བྱེད་དོ། །དེ་ལྟར་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་དེ་དག་ལ་ཤེས་བྱའི་དོན་དེ་རྣམ་པར་འབྱེད་པ་དང་། ཡོངས་སུ་རྟོག་པ་དང་། ཡོངས་སུ་དཔྱོད་པ་དང་། བཟོད་པ་དང་། འདོད་པ་དང་། བྱེ་བྲག་འབྱེད་པ་དང་། ལྟ་བ་དང་། རྟོགས་པ་གང་ཡིན་པ་དེ་ནི་ལྷག་མཐོང་ཞེས་བྱ་


JL00_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ལྷག་མཐོང་ལ་མཁས་པ་ཡིན་ནོ། །ཞེས་བཀའ་སྩལ་པ་བཞིན་ནོ། །འདི་ལྟར་འཇིག་རྟེན་པའི་ལམ་ལ་མཉམ་པར་བཞག་པའི་གནས་སྐབས་ཀྱི་ལྷག་མཐོང་ནི་སོ་སོར་རྟོག་པའི་ངོ་བོ་ཉིད་ཡིན་ཀྱང་། ཆོས་ཉིད་མངོན་སུམ་དུ་རྟོགས་པའི་མཉམ་བཞག་སོ་སོ་རང་རིག་པའི་ཡེ་ཤེས་ནམ་རྒྱུད་ལ་འབྱོར་བའི་ཚེ། འཇིག་རྟེན་ལས་འདས་པ་འཕགས་པའི་གོ་འཕང་ཐོབ་པ་ཉིད་ཡིན་པས། དེ་ཤེས་བྱའི་སྒྲིབ་པ་སྤོང་བ་ལ་ཞུགས་ཤིང་དེའི་རང་བཞིན་ནི་འོད་སྲུང་གི་ཞུས་པ་ལས། ཤིང་གཉིས་དྲུད་པ་ལས་ནི་མེ་འབྱུང་སྟེ། །བྱུང་བ་དེ་ཡིས་དེ་ཉིད་བསྲེག་པ་ལྟར། །དེ་བཞིན་ཤེས་རབ་དབང་པོ་སྐྱེས་ནས་ཀྱང་། །སྐྱེས་པ་དེ་ཡིས་དེ་ཉིད་སྲེག་པར་བྱེད། །ཅེས་པ་ལྟར་མཚན་མ་མེད་པའི་ཞི་གནས་སོ་སོར་རྟོག་པའི་ཤེས་རབ་ཉིད་ལས་མཚན་མ་མེད་པའི་ལྷག་མཐོང་རྣམ་པར་མི་རྟོག་པའི་ཡེ་ཤེས་འབྱུང་བ་སློབ་དཔོན་ཀླུ་སྒྲུབ་ཡབ་སྲས་བཞེད་པ་ཡིན་ནོ། །དེ་བས་ན་སོ་སོར་རྟོག་པའི་ཤེས་རབ་མ་ནོར་བ་ནི་རྟོག་པའི་བུད་ཤིང་ཐམས་ཅད་སྲེག་པར་བྱེད་པ་ལ་འདོད་པས་མེ་དང་འདྲ་སྟེ་དཔལ་མར་མེ་མཛད་ཀྱིས་ཀྱང་། སོ་སོར་རྟོག་པའི་མེ་དག་ཏུ། །མེ་དགེའི་རྟོག་པ་ཀུན་བསྲེགས་པས། །ཞེས་སོ། །དེ་ཡང་བསྲེག་བྱ་ཚིག་ན་སྲེག་བྱེད་ཀྱང་མི་གནས་པ་བཞིན་དུ་མཉམ་གཞག་གི་ངོ་བོ་ལ་ལྷག་མཐོང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་གདངས་བྱེད་པ་ལ་ཡིད་བྱེད་ཀྱི་རྣམ་རྟོག་མི་འཇུག་སྟེ། དེ་ཡང་བསྲེག་བྱ་ཚིག་པའི་མེ། །བསྲེག་བྱ་ཚིག་ནས་མི་གནས་ལྟར། །འགྲོ་བའི་ཆོས་ཀུན་རྣམ་ཤེས་ཀྱི། །མེ་ཡི་བུད་ཤིང་ཡིན་པར་འདོད། །དེ་དག་ཇི་བཞིན་རྣམ་འབྱེད་པའི། །མེ་ཡིས་བསྲེགས་ན་ཉེར་ཞིར་འགྱུར། །ཞེས་དང་། གཅིག་ཅར་འཇུག་པ་ལས། འདི་ལྟར་འདས་པའི་


JL00_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་ཀུན་དང་མཉམ་པར་འགྲོགས་ཀྱང་མ་རིག་པའི་གཞན་དབང་གིས་གནོད་བྱེད་འདི་ལས་ཐར་བའི་ཐབས་དམ་པའི་ཆོས་མི་བསམ་པའི་ནོངས་པ་ནི་སྐྱེས་པ་རབས་ཀྱི་རྒྱུད་ལས་ཀྱང་དགེ་སྦྱོང་དང་བྲམ་ཟེ་མཁས་པའི་ཚོགས་ཇི་སྙེད་ལ་ཉམས་སད་པ་བཞིན་ནོ། །འདི་ནི་རྒྱལ་པོ་ལ་གདམས་པའི་མདོ་ཉིད་ཀྱིས་གསལ་པོར་སྟོན་ཏེ། རྒྱལ་པོ་ཆེན་པོ། འདི་ལྟ་སྟེ་དཔེར་ན། ཕྱོགས་བཞི་ནས་རི་ཆེན་པོ་སྲ་བ། བརྟན་པ་སྙིང་པོ་དང་ལྡན་པ། མ་ཞིག་པ་མ་གས་པ་ཤིན་ཏུ་མཁྲེགས་པ། འཕན་མེད་པ། ལྷུན་སྟུག་པ་བཞི་གནམ་ལ་རེག་ཅིང་ས་ལ་ལྡོག་སྟེ་རྩ་དང་ཤིང་དང་། ཤིང་གེལ་པ་དང་། ཡལ་ག་དང་ལོ་མ་ཐམས་ཅད་དང་སྲོག་ཆགས་འབྱུང་པོ་ཐམས་ཅད་ཕྱེ་མར་འཐག་ཅིང་འོང་བ་ལ་ནི། མགྱོགས་པས་འབྲོས་པའམ། སྟོབས་ཀྱིས་བཟློག་པའམ། ནོར་གྱིས་བསྒྲུབ་པའམ། རྫས་དང་སྔགས་དང་སྨན་རྣམས་ཀྱིས་བཟློག་པར་སླ་བ་མ་ཡིན་ནོ། །རྒྱལ་པོ་ཆེན་པོ། དེ་བཞིན་དུ་འཇིགས་པ་ཆེན་པོ་བཞི་འདི་དག་འོང་སྟེ། བཞི་གང་ཞེ་ན། རྒ་བ་དང་། ན་བ་དང་། འཆི་བ་དང་། རྒུད་པའོ། །རྒྱལ་པོ་ཆེན་པོ། རྒ་བས་ནི་དར་ལ་བབས་པ་འཇོམས་ཤིང་འོང་ངོ་། །ན་བས་ནི་ནད་མེད་པ་འཇོམས་ཤིང་འོང་ངོ་། །རྒུད་པས་ནི་ཕུན་སུམ་ཚོགས་པ་ཐམས་ཅད་འཇོམས་ཤིང་འོང་ངོ་། །འཆི་བས་ནི་སྲོག་འཇོམས་ཤིང་འོང་སྟེ། དེ་དག་ལས་ནི་མགྱོགས་པས་འབྲོས་པའམ། སྟོབས་ཀྱིས་བཟློག་པའམ། ནོར་གྱིས་བསླུ་བའམ། རྫས་དང་སྔགས་དང་། སྨན་རྣམས་ཀྱིས་ཞི་བར་བྱ་བ་སླ་བ་མ་ཡིན་ནོ། །ཅེས་དང་། དེ་སྐད་དུ་ལི་ཙ་བཱི་དྲི་མེད་གྲགས་པས་ཀྱང་གྲོགས་པོ་དག་ལུས་འདི་ནི་འདི་ལྟར་མི་རྟག་པ། འདི་ལྟར་མི་བརྟན་པ། འདི་ལྟར་ཡིད་བརྟན་དུ་མི་རུང་བ།


JL00_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟར་ཉམ་ཆུང་བ། འདི་ལྟར་སྙིང་པོ་མེད་པ། འདི་ལྟར་ཞིག་པ། འདི་ལྟར་ཡུན་ཐུང་བ། འདི་ལྟར་སྡུག་བསྔལ་བ། འདི་ལྟར་ནད་མང་བ། འདི་ལྟར་འགྱུར་བའི་ཆོས་ཅན་ནོ། །གྲོགས་པོ་དག་འདི་ལྟར་ལུས་འདི་ནི་ནད་མང་པོའི་སྣོད་དེ། མཁས་པས་དེ་ལ་གནས་པར་མི་བྱའོ། །གྲོགས་པོ་དག་ལུས་འདི་ནི་ཅང་མི་བཟོད་པ་སྟེ། དབུ་བ་རྡོས་པ་ལྟ་བུའོ། །ལུས་འདི་ནི་རིང་དུ་མི་གནས་པ་སྟེ། ཆུའི་ཆུ་བུར་ལྟ་བུའོ། །ལུས་འདི་ནི་ཉོན་མོངས་པའི་སྲིད་པ་ལས་བྱུང་བ་སྟེ། སྨིག་རྒྱུ་ལྟ་བུའོ། །ལུས་འདི་ནི་སྙིང་པོ་མེད་པ་སྟེ་ཆུ་ཤིང་གི་སྡོང་པོ་ལྟ་བུའོ། །ཞེས་སོ། །དེ་ནས་ལུས་སེམས་ཚོགས་པ་འབྲལ་བའི་མཚན་ཉིད་གསལ་པོར་བསྟན་ནས་སྐྱོ་བ་བསྐུལ་བ་ནི། གང་ཚེ་གཤིན་རྗེའི་གཡུལ་ངོར་ཕམ་པ་དེ། །སྐྱབས་དང་དཔུང་གཉེན་བྲལ་བའི་གཡང་སར་རྒྱུད། །འཚོ་བའི་མདངས་དང་དབང་པོས་རྣམ་པར་སྤང་། །སྨན་དང་སྨན་པ་དག་ཀྱང་དེ་ལ་འབྲོས། །བསྐྱོད་པ་ངལ་བ་ཐོབ་པའི་ཡན་ལག་དང་། །དབུགས་ནི་དབང་མེད་མཐུ་ཡིས་གཡོབ་ཅིང་དར། །ཉེ་དུ་འབྲེལ་བས་བསྐོར་ཞིང་གདུང་ནའང་། །བཤོལ་འདེབས་ལྕགས་ཀྱུའི་བརྟན་པ་བྲལ་བར་འགྱུར། །དེ་ཡི་དབུགས་ཀྱི་འགྱུ་བ་རྟ་རྔའི་ལྕེ། །འཆི་བདག་དགྲ་སྟ་རྣོན་པོས་བགས་གྱུར་པས། །མཛེས་པ་སྤངས་པའི་སོ་ཞོ་ངོམ་བཞིན་དུ། །ལས་དབང་སྲིད་པའི་མུན་ནག་སྟུག་པོར་འཇུག །ཀྱེ་མ་འདུ་བྱེད་ཀྱི་ཕུང་པོ་གཤིན་རྗེའི་གཡུལ་ངོ་ལ་ཕམ་པ་དེ་ནི། རྒྱ་ག་ན་གདོལ་པས་མ་ཧེ་གསོད་པའི་ཆེ་གྲོགས་པོ་ཕུགས་རྡུགས་སུ་འཛུད་པ་ལྟར་འཆོར་ས་ནི་མེད། མཐུ་སྟོབས་ཀྱི་དབང་ཕྱུག་ལག་ན་རྡོ་རྗེས་ཀྱང་སྐྱབས་དང་དཔུང་གཉེན་ནི་མི་ནུས། རྟག་ཏུ་སྲི་ཞུས་བསྙེན་པ་ཀུར་བའི་ལང་ཚོའི་མཛེས་པ་ནི་སད་ཀྱིས་བཏབ་པའི་མེ་ཏོག་བཞིན་དུ་ཉམས་


JL00_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བའི་སྡུད་རིམ་གྱིས་དབང་པོ་ལྔའི་བྱེད་ལས་ནི་རླུང་ནང་གི་མར་མེ་བཞིན་དུ་གསད། གནད་འཆད་པའི་ཟུག་རྔུ་ལ་སྨན་གྱིས་བཅོས་སུ་མེད་པས་འཚོ་བྱེད་གཞོན་ནུས་གསོས་མདུན་ན་ཡོད་ཀྱང་མིག་རིག་རིག་འོད་བལྟ་ཞིང་འབྲོས་པ་ལ་རིངས། འདོགས་བྱེད་ཀྱི་རླུང་ཉམས་པས་ཟུངས་ཀྱིས་ཡན་ལག་ཀྱང་མི་ཐེག །རླུང་གི་གནས་མ་ལ་འཕྱུགས་པས་དབུགས་ནི་འབྱུང་བ་འབའ་ཞིག་ལ་བརྩོན། ཉེ་དུ་དང་འབྲེལ་བ་ཅན་གྱིས་མཐའ་ནས་བསྐོར་ཞིང་གདུང་བ་བརྒྱ་ཕྲག་གི་དབུགས་ཕྱུང་ཡང་བཤོལ་ནི་མི་ཐེབས། བརྩེགས་ཤིང་བརྩེག་པའི་དབུགས་ཇེ་ཕྲར་གྱུར་པ་དེའང་སྙིང་རྗེ་མེད་པའི་འཆི་བདག་གིས་དགྲ་སྟྭ་སྤུ་གྲིའི་རྣོ་དཔལ་ཅན་གྱིས་བཟས་པའི་མོད་ལ་ཤ་ཟའི་གདོང་པ་ཤིན་ཏུ་མི་སྡུག་པ་ལས་ཀྱང་ཡིད་དུ་མི་འོང་བའི་སོ་ཞོ་ནི་དངོམ། བདེ་འགྲོའི་འཇིག་རྟེན་རྙེད་པར་དཀའ་བ་ལས་ཉམ་ཉེས་པ་ནི་འདི་འདྲ་བའོ། །ཞེས་པའི་ངང་ཚུལ་མཆི་མའི་རྦ་རླབས་ཀྱིས་སྟོན་བཞིན་པར་འཇིག་རྟེན་ཕ་རོལ་དུ་འགྲོ་བའི་གནས་སྐབས་བཟོད་པར་དཀའ་བ་འདི་ཡང་ནས་ཡང་། རྣམ་པ་ནས་རྣམ་པ་ཐམས་ཅད་དུ་བསམ་པར་བྱེད་པ་དེས་ནི། དང་པོར་ཆོས་ལ་འཇུག་པའི་རྒྱུ་བྱེད། བར་དུ་ཆོས་ཉམས་སུ་ལེན་པའི་རྐྱེན་བྱེད། ཐ་མར་འཆི་བ་འོད་གསལ་ཉམས་སུ་མྱོང་བའི་གྲོགས་བྱེད་དེ་སྔོན་རྒྱལ་པོའི་ཁབ་ན་ཁྱིམ་བདག་དཔལ་སྐྱེས་ཞེས་བྱ་བ་ལོ་བརྒྱ་ལོན་པ་ཞིག་འཁོར་བ་ལ་སྐྱོ་ནས་བཅོམ་ལྡན་འདས་ལ་རབ་ཏུ་འབྱུང་བར་ཞུས་པས་གནང་སྟེ། མཽངྒལ་གྱི་བུས་དེ་རབ་ཏུ་བྱུང་བས་སྡེ་སྣོད་གསུམ་ཤེས་པ་ཞིག་བྱུང་ངོ་། །དེ་ཧ་ཅང་རྒལ་བས་མི་རྟག་པའི་ཆོས་ལ་སྐྱོ་ནས་ཆུ་ལ་མཆོངས་པ་ལས། མཽངྒལ་གྱི་བུས་ཁྲིད་དེ་ཆོས་བསྟན་པས་དགྲ་བཅོམ་པ་ཐོབ་པ་ལྟ་བུའོ། །དེ་ཕྱིར་


JL00_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཀྱིས། མི་རྟག་པ་མང་དུ་བསྒོམས་ན། སངས་རྒྱས་ཐམས་ཅད་ལ་མཆོད་པ་བྱས་པ་ཡིན་ནོ། །མི་རྟག་པ་མང་དུ་བསྒོམས་ན་སངས་རྒྱས་ཐམས་ཅད་ཀྱིས་དབུགས་ཕྱུང་བ་ཡིན་ནོ། །མི་རྟག་པ་མང་དུ་བསྒོམས་ན་སངས་རྒྱས་ཐམས་ཅད་ཀྱིས་ལུང་སྟོན་པ་ཡིན་ནོ། །མི་རྟག་པ་མང་དུ་བསྒོམས་ན་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་ཡིན་ནོ། །དཔེར་ན་རྗེས་རྣམས་ཀྱི་ནང་ནས་གླང་པོ་ཆེའི་རྗེས་མཆོག་ཡིན་ནོ། །དེ་བཞིན་དུ་ནང་པ་སངས་རྒྱས་པའི་སྒོམ་པའི་འདུ་ཤེས་ཐམས་ཅད་ཀྱི་ནང་ནས་མི་རྟག་པ་བསྒོམ་པའི་འདུ་ཤེས་ཁོ་ན་མཆོག་ཡིན་ནོ། །ཞེས་གསུངས་པས། བྱང་ཆུབ་སེམས་དཔའ་གཞན་དོན་ལ་ཞུགས་པ་རྣམས་ཀྱིས་ཀྱང་རྗེས་ལ་ཐོབ་པའི་ལམ་ལ་འདུན་པ་འདི་བསྟེན་པ་ཡིན་ན། སོ་སོ་སྐྱེ་བོའི་ལམ་གྱི་སྤྱོད་ཡུལ་ཐམས་ཅད་མི་རྟག་པའི་ཆོས་དང་བསྲེ་བ་ཡིན་ཏེ། ལས་བརྒྱ་པ་ལས། རྟག་ཏུ་སྤྱོད་ཡུལ་ཐམས་ཅད་དུ། །འཆི་བདག་རྗེས་སུ་དྲན་པར་བྱ། །ཞེས་དང་། སྤྱོད་འཇུག་ལས། ཉིན་མཚན་ཀུན་ཏུ་བདག་གིས་ནི། །འདི་ཉིད་འབའ་ཞིག་བསམ་པར་རིགས། །ཞེས་གསུངས་པ་ལྟར། སྤྱིར་ལུས་སེམས་ཀྱི་ཚོགས་པ་མི་རྟག་པས་གཡར་པོ་ལ་བདག་ཏུ་མི་འཛིན། འགྲོ་ན་ལམ་མི་རྟག་པས་གོམ་པ་ཆོས་ཕྱོགས་སུ་འདོར། འདུག་ན་གནས་མི་རྟག་པས་དག་པའི་ཞིང་ཁམས་ཡིད་ལ་བྱ། བཟའ་བཏུང་དང་ལོངས་སྤྱོད་མི་རྟག་པས་ཏིང་ངེ་འཛིན་ཟས་སུ་བཟའ། ཉལ་ན་གཉིད་མི་རྟག་པས་འཁྲུལ་པ་འོད་གསལ་དུ་སྦྱང་། འབྱོར་ན་མི་ནོར་རྟག་པས་འཕགས་པའི་ནོར་བདུན་དང་བསྙེན། གཉེན་གྲོགས་དང་སྲིད་སྡེ་མི་རྟག་པས་དབེན་པར་ངེས་འབྱུང་ལ་བསྐུལ། ཆེ་བཙན་དང་སྙན་གྲགས་མི་རྟག་པས་རྟག་ཏུ་དམའ་ས་བཟུང་། སྨྲ་


JL00_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཚིག་མི་རྟག་པས་བཟླས་བརྗོད་དང་ཁ་ཏོན་ལ་བསྐུལ། དད་པ་དང་ངེས་འབྱུང་མི་རྟག་པས་དམ་བཅའ་བརྟན་པ་ལ་བརྩོན། འདུ་ཤེས་དང་རྣམ་རྟོག་མི་རྟག་པས་མི་གཞི་བཟང་པོ་ལ་བསླབ། ཉམས་དང་རྟོག་པ་མི་རྟག་པས་ཆོས་ཉིད་ཟད་ས་ལ་སྐྱོལ། དེ་ལྟར་གོམས་པས་ཞེན་པ་ལོག་པའི་ཚད་ནི། རྒྱ་མཚོར་གཟིངས་ཞིག་པ་ལྟ་བུའམ། ཆུ་བོར་གྲུ་བྱིང་བ་ལྟ་བུའམ། རླབས་ཀྱིས་རྐྱལ་མནན་པ་ལྟ་བུའམ། འཇིགས་སར་སྐྱེལ་མས་བསླུས་པ་ལྟ་བུའམ། དུག་སྦྲུལ་གྱི་ཚང་དུ་ཆུད་པ་ལྟ་བུའམ། སྙིང་ལ་མདས་ཟིན་པ་ལྟ་བུའམ། ནག་ཅན་གཤེད་མའི་ལག་ཏུ་གཏད་པ་ལྟ་བུའམ། རི་དྭགས་མཐའ་ལ་གཅུར་བ་ལྟ་བུའམ། ཉ་ཆེན་རྒྱ་ལ་ཟིན་པ་ལྟ་བུའམ། མི་རྒོད་དང་གདོང་ཐུག་ཕྲད་པ་ལྟ་བུའམ། ཆུ་སྲིན་གྱི་གྲེ་བར་ཚུད་པ་ལྟ་བུའམ། སྲིན་མོའི་གླིང་དུ་ཚུད་པ་ལྟར་འཁོར་བའི་ཆོས་ལ་ཡིད་འབྱུང་གཏིང་ནས་སྐྱེས་པའི་ཚེ། རྟག་འཛིན་གྱི་བློ་ལས་ལོག །དགྲ་གཉེན་གྱི་ཕྱོགས་རིས་འཇིག །རྣམ་གཡེང་གི་ཐག་པ་ཆད། བརྩོན་འགྲུས་ཤུགས་ལ་འབྱུང་། ཅི་བྱས་ཆོས་སུ་འགྲོ། ཚོགས་གཉིས་གོང་དུ་འཕེལ། སྔོན་མེད་པའི་ཡོན་ཏན་སྐྱེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་རྟག་ཏུ་དགོངས། ཡོན་རྣམས་ཀྱི་ནང་ནས་ཀྱང་མཆོག་ཏུ་གྱུར་པ་ཡིན་ཏེ། འདུལ་བ་ལུང་ལས། དགེ་སློང་བརྒྱ་ལ་གདུགས་ཚོད་ཡོན་དང་བཅས་པ་བྱིན་པ་བས། འདུས་བྱས་མི་རྟག་པར་སེམས་པའི་སྐད་ཅིག་མ་མཆོག་གོ །ཞེས་གསུངས་ལ། མདོར་ན་ཟང་ཟིང་གི་ནོར་དང་། སྡོམ་པའི་ཚུལ་ཁྲིམས་དང་། ལུང་གི་ཡོན་ཏན་དང་། བསྐྱེད་རྫོགས་ཀྱི་རྣལ་འབྱོར་ཐམས་ཅད་བར་མ་དོར་ཆུད་འཛའ་བའི་རྒྱུའང་


JL00_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

མི་རྟག་པ་རྒྱུད་ལས་མ་སྐྱེས་པ་ལས་ཡིན་ཏེ། བདོག་པ་ལ་ཆོག་ཤེས་མེད་པས་བརྐམ་ཆགས་བསོད་ནམས་སུ་མི་འགྱུར། ངེས་འབྱུང་གི་དམ་ལ་མ་བཞག་པས་སོ་ཐར་མཚན་ཉིད་པ་ལས་ཉམས་འདིར་སྣང་ཆགས་སྡང་གིས་བསླུས་པས་ཐོས་བསམ་བདུད་ལས་སུ་སོང་། གྲོང་འཁྱམ་འདྲེ་འདུལ་ལ་ཞེན་པས་མཆོག་གི་དངོས་གྲུབ་ལ་བསྒྲིབས་པ་ཏེ། དེའི་ཕྱིར་འདུ་ཤེས་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་བ་མི་རྟག་པ་བསྒོམས་པ་འདི་ནི་མངོན་མཐོ་དང་ངེས་ལེགས་ཀྱི་ལམ་ལ་འགྲེ་བའི་ཅང་ཤེས་ཀྱི་སྲབ་མདའ་ལྟ་བུར་ངེས་ཤེས་བསྐྱེད་པར་བྱའོ། །ཡོན་ཏན་རིན་པོ་ཆེའི་མཛོད་ལས། མི་རྟག་པའི་ཚོམས་ཏེ་རབ་བྱེད་གཉིས་པའི་འགྲེལ་བའོ།། །།

ལས་རྒྱུ་འབྲས་ཀྱི་ཚོམས་ཏེ་རབ་བྱེད་གསུམ་པའི་འགྲེལ་བ།


JL00_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་དོན་གསུམ་པ་རྒྱུ་འབྲས་ཀྱི་རྣམ་པར་གཞག་པ་ནི། དེ་ལྟར་འཇིག་རྟེན་ཕ་རོལ་སོན་པ་རྣམས། །གོ་འཕང་གང་གི་ཐ་གུས་འདོགས་པའི་ཚུལ། །དགེ་སྤྱད་སྡིག་གོམས་ཁོ་ནས་ཉེ་བར་ལེན། །ཀུན་རྫོབ་བདེན་པ་བསླུ་བ་མེད་པ་ཡིན། །གང་ཞིག་འཇིག་རྟེན་ཕྱི་མའི་གནས་སུ་སོན་པར་གྱུར་པ་དེ་ནི་ལོག་པར་ལྟ་བ་འཛིན་པ་བཞིན་དུ་གཏན་མེད་པའམ། སྟེས་དབང་གིས་གནས་རིས་མཐོ་དམར་འགྲོ་བ་མ་ཡིན་པར། ཕྱི་མའི་སྲིད་པ་མཐོ་དམའ་རྒྱུ་འབྲས་མི་བསླུ་བའི་རྗེས་སུ་འབྲང་བ་ནི་སྙིང་རྗེ་པད་དཀར་ལས། འཇིག་རྟེན་ནི་ལས་ཀྱིས་བྱས་པ། ལས་ཀྱིས་སྤྲུལ་པའོ། །སེམས་ཅན་རྣམས་ནི་ལས་ཀྱིས་བྱས་པ། ལས་ཀྱི་རྒྱུ་ལས་བྱུང་བ། ལས་ཀྱིས་རབ་ཏུ་ཕྱེ་བའོ། །ཞེས་དང་། རིན་ཆེན་ཕྲེང་བ་ལས། དགེ་བ་ལས་ནི་བདེ་བ་དང་། །དེ་བཞིན་བདེ་འགྲོ་ཐམས་ཅད་དོ། །མི་དགེ་བ་ལས་སྡུག་བསྔལ་དང་། །དེ་བཞིན་ངན་འགྲོ་ཐམས་ཅད་དོ། །ཞེས་སོ། །དེ་ཉིད་དཔེ་དོན་གྱིས་སྟོན་པའི་ཕྱིར། གང་


JL00_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་ས་བོན་རྣམ་པ་སྣ་ཚོགས་མཐུ། །ཞིང་པ་རྣམས་ཀྱི་ཐོག་ལ་གསལ་བ་བཞིན། །སྐྱེ་བ་གཞན་དུ་འདྲིས་ཤིང་གོམས་བྱས་པའི། །ལས་ཚུལ་མང་པོས་འགྲོ་འདི་སྣ་ཚོགས་བྱས། །དཔེར་ན་ལོ་ཐོག་རྣམས་ནི་ས་བོན་ཉིད་ཀྱི་རྗེས་སུ་འགྲོ་བའི་ཕྱིར་དང་། དེའང་ཏིག་ཏ་དང་པི་པི་ལིང་ལ་སོགས་རོ་ཁ་བ་དང་། ཚ་བའི་ས་བོན་བཏབ་ན་འབྲས་བུའང་ཁ་བ་དང་། ཚ་བ་ཁོ་ན་འབྱུང་བ། རྒུན་འབྲུའམ། ཨ་མྲ་ལ་སོགས་བཏབ་ན་རོ་མངར་བ་ཁོ་ན་འབྱུང་བ་བཞིན་དུ། ལས་མི་དགེ་བ་ལས་འབྲས་བུ་སྡུག་བསྔལ་དང་ངན་འགྲོ། ལས་དགེ་བ་ལས་འབྲས་བུ་བདེ་བ་དང་མཐོ་རིས་ཉིད་དེ། འཕགས་པ་ངེས་པའི་མདོ་ལས། ས་བོན་ཚ་བ་རྣམས་ཀྱིས་ནི། །འབྲས་བུ་ཚ་བ་བསྐྱེད་པར་འགྱུར། །ས་བོན་མངར་བ་རྣམས་ཀྱིས་ནི། །འབྲས་བུ་མངར་བ་སྐྱེ་བར་འགྱུར། །དཔེ་ཟླར་བྱ་བ་འདི་ཡིས་ནི། །སྡིག་པའི་རྣམ་སྨིན་ཚ་བ་དང་། །དཀར་པོའི་འབྲས་བུ་མངར་བ་ཡང་། །མཁས་པ་རྣམས་ཀྱིས་ཤེས་བྱས་ལ། །སྡིག་པ་རྣམ་གསུམ་མི་བྱ་ཞིང་། །གཞན་དག་བྱེད་ཀྱང་མཁས་པ་ཡིས། །རྗེས་སུ་དགའ་བར་མི་བྱའོ། །ལུས་དང་ངག་དང་ཡིད་རྣམས་ཀྱིས། །དཀར་པོ་རྣམ་གསུམ་རྟག་ཏུ་བྱ། །གང་དག་དགེ་བ་སྤྱོད་བྱེད་པ། །གཞན་དག་ལའང་ཡི་རངས་བྱ། །ཞེས་རྒྱུ་ལས་འབྲས་བུ་གྲུབ་པའི་མཚན་ཉིད་དང་བླང་དོར་གྱི་གནས་གཉིས་ཀ་བསྟན་པ་ཡིན་ནོ། །དེ་ལྟ་མོད་ཀྱི་སེམས་ཅན་རྣམས་ནི་ཐོག་མ་མེད་པ་ནས་ལས་དང་ཉོན་མོངས་པའི་གཞན་དབང་ལ་སྤྱོད། དེའི་ཕྱི་བཞིན་དུ་འབྲང་བ་ཡིན་པས་གནས་རིགས་དང་བདེ་སྡུག་ཐ་དད་པར་གྲུབ་པའི་ཚུལ་ནི། སེམས་ཅན་མོས་པ་ཐ་དད་པས། །དེ་ཡིས་འགྲོ་འདི་སྣ་ཚོགས་བྱས། །ཞེས་པ་དང་། ཁྱད་པར་


JL00_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

མིའི་འགྲོ་བ་རྣམས་ཀྱི་ཀུན་ཏུ་སྤྱོད་པ་དང་བསམ་པའི་བྱེ་བྲག་ནི་བརྟག་པར་དཀའ་བ་ཡིན་ཀྱང་འབྲས་བུ་ནི་འཆོལ་བ་མེད་པར་སྨིན་པའི་ཚུལ། བཤེས་སྤྲིང་ལས། མི་ནི་ཨ་མྲའི་འབྲས་བཞིན་མ་སྨིན་ལ། །སྨིན་པ་དང་འདྲ་སྨིན་ལ་མ་སྨིན་འདྲ། །མ་སྨིན་མ་སྨིན་པར་སྣང་སྨིན་ལ་ནི། །སྨིན་པར་སྣང་ཞེས་བགྱི་བ་འདྲར་རྟོགས་མཛོད། །ཅེས་བཤད་པའི་ཕྱོགས་དང་པོ་ཨ་མྲའི་འབྲས་བུ་ནང་མ་སྨིན་ཡང་ཕྱི་སྨིན་པ་ལྟ་བུ་ནི་བསམ་པ་ཉམས་ལ་སྦྱོར་བ་ཕུན་སུམ་ཚོགས་པའི་གང་ཟག་ཡིན་ནོ། །སྨིན་ལ་མ་སྨིན་འདྲ་བ་ནང་སྨིན་ཡང་ཕྱི་སྔོན་པོའི་ངོ་བོ་དང་མ་བྲལ་བ་ནི། སྦྱོར་བ་ཉམས་ལ་བསམ་པ་ཕུན་སུམ་ཚོགས་པའི་གང་ཟག་ཡིན་ནོ། །མ་སྨིན་ལ་མ་སྨིན་པ་ཉིད་དུ་སྣང་བ་ནི་བསམ་སྦྱོར་གཉིས་ཀ་ཉམས་པ་རྣམས་སོ། །སྨིན་ལ་སྨིན་པར་སྣང་བ་ནི་བསམ་སྦྱོར་གཉིས་ཀ་ཕུན་སུམ་ཚོགས་པ་ཡིན་ནོ། །རྒྱུ་དེ་བཞིན་དུ་འབྲས་བུའི་ཆོས་ཉིད་ཀྱང་མདོ་ལས་སྣང་བ་ནས་སྣང་བའི་མཐར་འགྲོ་ཞེས་པ་ལ་སོགས་པའི་དོན་བཤེས་སྤྲིང་དུ། སྣང་ནས་སྣང་བའི་མཐར་ཐུག་མུན་པ་ནས། །མུན་པའི་མཐའ་དང་སྣང་ནས་མུན་མཐར་ཐུག །མུན་ནས་སྣང་བའི་མཐར་ཐུག་གང་ཟག་ནི། །བཞི་སྟེ་དེ་དག་རྣམས་ཀྱི་དང་པོ་མཛོད། །ཅེས་སྣང་བ་ནས་སྣང་བའི་མཐར་ཐུག་ཏུ་འགྲོ་བ་ལྷ་དང་མི་དབང་ཐང་ཆེན་པོ་རྣམས་ཀྱི་ནང་དུ་སྐྱེས་ནས་སླར་ཡང་དེ་ཉིད་དུ་སྐྱེ་བ་ལ་བརྗོད་དོ། །མུན་པ་ནས་མུན་པའི་མཐའ་ཞེས་བྱ་བ་ནི་ངན་འགྲོའི་མི་དབང་ཐང་ཆུང་ངུ་རྣམས་ཀྱི་ནང་དུ་སྐྱེས་ནས་ཡང་དེ་གཉིས་གང་རུང་དུ་སྐྱེ་བའོ། །སྣང་ནས་མུན་མཐར་ཐུག་ཅེས་བྱ་བ་ནི་ལྷ་དང་མི་དབང་ཐང་ཆེན་པོ་རྣམས་ཀྱི་ནང་དུ་སྐྱེས་ནས། དེའི་ཕྱི་ན་ངན་སོང་གསུམ་དང་མི་དབང་ཐང་ཆུང་ངུ་རྣམས་ཀྱི་ནང་དུ་སྐྱེ་བ་གང་


JL00_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པའོ། །མུན་ནས་སྣང་བའི་མཐར་ཐུག་ཅེས་བྱ་བ་ནི་ངན་སོང་གསུམ་ལ་སོགས་པ་ནས་ལྷའི་འཇིག་རྟེན་དང་མི་དབང་ཐང་ཆེན་པོ་རྣམས་སུ་སྐྱེ་བ་སྟེ། ཕྱི་མ་གཉིས་ལ་དཔེར་ན། འཇུངས་དགའ་དང་། ལྷའི་བུ་སྦལ་བ་ལྟ་བུའོ། །ཞེས་འགྲེལ་པ་ལས་བཤད་དོ། །དེའི་ཕྱིར་སྐྱེ་བ་སྔ་མའི་དགེ་སྡིག་གི་འབྲས་བུ་ད་ལྟའི་བདེ་སྡུག་མངོན་སུམ་པས་ཤེས་ལ། ད་ལྟའི་ལས་འབྲས་འཕྲལ་དུ་བལྟར་མི་མངོན་ཡང་། ས་བླ་མཐོན་པོར་གཤེགས་པའི་མཁའ་ལྡིང་གི། །གྲིབ་མ་རེ་ཞིག་བལྟ་བར་མི་མངོན་ཡང་། །གཟུགས་ཅན་ཉིད་དང་འདུ་འབྲལ་སྤངས་པ་བཞིན། །ཚོགས་ཤིང་དུས་ལ་བབ་ཚེ་ལྷག་པར་མངོན། །ཞེས་སྦྱར་ནས། དཔེར་ན་འདབ་ཆགས་ནམ་མཁའ་ལ་འགྲོ་བའི་གྲིབ་མ་ལུས་དང་འབྲལ་མ་མྱོང་སྟེ། ས་བླ་མཐོན་པོའི་རྐྱེན་གྱིས་རེ་ཞིག་བལྟར་མི་མངོན་པ་དེ། ས་ལ་འབབ་མ་ཁད་ལ་བྲང་འོག་ཏུ་རིལ་གྱིས་འོང་བ་ལྟར། ཚོགས་ཤིང་དུས་ལ་བབ་པའི་ཚེ་གང་དུའང་འགྲོ་བ་མེད་དེ། མདོ་ལས། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་དང་། བཤེས་སྤྲིང་ལས། སྡིག་པའི་ལས་རྣམས་སྤྱད་པ་གང་ཡིན་པ། །དེ་ཡི་མོད་ལ་མཚོན་བཞིན་མི་གཅོད་ཀྱང་། །འཆི་བའི་དུས་ལ་བབ་ཚེ་ལས་ཀྱི་ནི། །འབྲས་བུ་གང་ལགས་དེ་ནི་མངོན་པར་འགྱུར། །ཞེས་སོ། །ཡང་འདི་ལྟར། བསོད་ནམས་མ་ཡིན་བྱ་བ་རྟ་གདོང་མེས། །མཐོ་རིས་རྒྱ་མཚོའི་རླབས་ཀྱང་སྐེམས་ནུས་ཤིང་། །རྣམ་མཁྱེན་གྲུ་གཟིངས་བཤིག་པའི་དཔེ་དང་དོན། །ལས་བརྒྱ་པ་དང་རྒྱ་


JL00_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ཆེར་རོལ་པས་བསྟན། །ཇི་སྲིད་དུ་དངོས་པོར་འཛིན་པ་མ་ཟད་པའི་བར་ལ་བསོད་ནམས་མ་ཡིན་པའི་ལས་ཕྲ་ཞིང་ཕྲ་བས་ཀྱང་འབྲས་བུ་ཆེན་པོ་འབྱིན་ཏེ། རྒྱ་མཚོ་ཆེན་པོ་མུ་དང་གཏིང་ཟབ་པའི་རླབས་ཀྱང་རྟ་གདོང་རྒོད་མཁའི་མེས་བསྐམས་པར་ནུས་པ་བཞིན་དུ་མཐོ་རིས་ཀྱི་བདེ་འབྲས་རྩ་བ་འབྱིན་ལ། སེམས་ཟག་པ་ལས་གྲོལ་ནས་ཀྱང་ཕུང་པོ་མ་སྤངས་ཀྱི་བར་ལ་ལས་ཀྱི་རྣམ་སྨིན་གྱིས་མ་བཏང་བའི་ཕྱིར། རྣམ་པ་ཐམས་ཅད་མཁྱེན་པའི་གྲུ་གཟིངས་ལྟ་བུའི་ལུས་རྟེན་ཡང་བཤིག་པར་འགྱུར་བ་ནི། འཕགས་པ་མོངྒལ་གྱི་བུ་ཀུན་ཏུ་རྒྱུས་བཀྲོངས་པ་དང་། འཕགས་པ་སྒུར་ཆུང་བཟའ་བས་ཕོངས་ནས་ལྟོགས་གྲིར་གུམ་པ་དང་། དགེ་སློང་མ་ཨུཏྤ་ལའི་མདོག་ལྷས་སྦྱིན་གྱིས་མགོ་ལ་ཁུ་ཚུར་བརྡབས་ཏེ་བཀྲོངས་པ་སོགས། དགྲ་བཅོམ་པ་ཐོབ་པའི་གང་ཟག་ཀྱང་ལས་ཀྱི་ཕྱི་བཞིན་འབྲང་བའི་ཕྱིར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། མི་དགེ་བས་ནི་མཐོ་རིས་སུ་སྐྱེ་བ་ལའང་བར་དུ་གཅོད་ན། ཉན་ཐོས་དང་རང་སངས་རྒྱས་ལ་ལྟ་ཅི་སྨོས། དེ་བས་ཀྱང་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ལ་བར་དུ་གཅོད་པ་ལྟ་ཅི་སྨོས། ཞེས་གསུངས་པས་མཚོན་ལ། ད་དུང་ལས་འབྲས་ཀྱི་རིགས་པ་རྒྱ་ཆེན་པོ་ནི་དྲན་པ་ཉེར་གཞག་དང་། ལས་བརྒྱ་པ་དང་། རྒྱ་ཆེར་རོལ་པ་ལ་སོགས་སུ་བལྟ་བར་བྱའོ་ཞེས་ཁ་འཕངས་པའོ། །མནར་ལ་ཤིན་ཏུ་བརྟུལ་ཕོད་ངན་སོང་གིས། །དགེ་བཅུའི་དཔུང་པ་བཙན་པའི་དཔའ་བོའི་ཡུལ། །གཡུལ་གྱི་ཕྲུ་མས་བཏབ་པ་མ་མཆིས་ཏེ། །དམ་བཅའ་ཉམས་པ་མཐའ་དག་ཁྱོད་དབང་སོང་། །ལ་ལའི་ཚུལ་ཁྲིམས་ལ་ལའི་ཚེ་དང་སྲོག །ལ་ལའི་དཀའ་ཐུབ་ལ་ལའི་ཆོས་དང་ནོར། །ལ་ལའི་ངོ་ཚ་ལ་ལའི་ཁྲེལ་ཡོད་རྣམས། །


JL00_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་པའི་ཆེད་དུ་གཏོང་བ་ཤིན་ཏུ་མང་། །དེ་ལ་དགེ་བ་ནི་གཉིས་ཡིན་ཏེ། བསོད་ནམས་ཆ་མཐུན་དང་། ཐར་པ་ཆ་མཐུན་ནོ། །དང་པོ་ནི། སྲིད་པའི་བདེ་འབྲས་བསྐྱེད་པ་ཉིད་ཀྱིས་ཟད་པར་འགྱུར་བ་དགེ་བ་བཅུ་དང་། བསམ་གཏན་བཞི་དང་། གཟུགས་མེད་བཞི་སྟེ་ཐར་པ་དང་མ་འབྲེལ་བ་རྣམས་སོ། །གཉིས་པ་ནི་ཉན་ཐོས་ཀྱི་ལམ་འཚོལ་བར་སེམས་བསྐྱེད་ནས་ལམ་དང་པོ་དྲན་པ་ཉེར་གཞག་བསྒོམ་པ་ནས་རྫོགས་ཀྱི་བར་སྤྱོད་པའི་གང་ཟག་ནི་སྐྱེས་བུ་ཆུང་ངུའོ། །རང་སངས་རྒྱས་ཀྱི་ལམ་དུ་ཞུགས་པ་ནི་སྐྱེས་བུ་འབྲིང་པོའོ། །ཐེག་པ་ཆེན་པོར་སེམས་བསྐྱེད་ནས་ལམ་བསྒྲུབ་པ་ནི་སྐྱེས་བུ་ཆེན་པོའོ། །དེའང་འདིར་བསོད་ནམས་ཆ་མཐུན་གྱི་སྐབས་དྲན་པ་ཉེ་བར་བཞག་པའི་ཚིག་ལེའུར་བྱས་པ་ལས། གང་ལ་བྱེད་པོ་གཞན་མེད་པ། །ལུས་དང་ངག་དང་ཡིད་ཀྱི་ལས། །དགེ་དང་མི་དགེ་རང་བྱས་གང་། །འདི་ཡི་འབྲས་བུ་འཇིག་རྟེན་སྤྱོད། །ཅེས་པ་ལྟར་སྒོ་གསུམ་གྱི་མི་དགེ་བའི་ཕྱོགས་ལས་ལོག་པའི་དགེ་བ་བཅུ་པོ་ཉིད་བསམ་གཏན་གཟུགས་མེད་བསྒོམ་པ་དང་མ་འབྲེལ་ན་རྣམ་སྨིན་གྱི་འབྲས་བུ་གླིང་བཞི་གླིང་ཕྲན་གྱི་མི་དང་འདོད་ལྷ་དྲུག་པོ་ཐོབ་ཅིང་། ཡུལ་ལ་སྨིན་པ་བདག་པོའི་འབྲས་བུར་ལོ་ཏོག་དང་འབྲས་བུས་བརྒྱན་ཞིང་འཚེ་བ་མེད་པ་དང་བགྲོད་བདེ་བ་ལ་སོགས་པའོ། །རྒྱུ་མཐུན་ནི་གཉིས་ལས་བྱེད་པ་རྒྱུ་མཐུན་དགེ་བཅུ་བྱེད་པར་སྤྲོ་ཞིང་། མྱོང་བ་རྒྱུ་མཐུན་གྱིས་ཚེ་རིང་བ་དང་ནད་མེད་པ་དང་ལོངས་སྤྱོད་ཆེ་བ་ལ་སོགས་པའོ། ཁྱད་པར་དགེ་བ་བཅུ་དང་བསམ་གཏན་བཞི་པོ་སྦྲེལ་ནས་འབྱོངས་ན་གཟུགས་ཁམས་སུ་སྐྱེ་ལ། དགེ་བ་བཅུ་དང་གཟུགས་མེད་བཞི་


JL00_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་བ་ཚད་དུ་ཕྱིན་ན་སྐྱེ་མཆེད་མུ་བཞི་ཐོབ་པའོ། །དེའང་འཕེན་བྱེད་དང་བདེ་བའི་ཆར་རྫོགས་བྱེད་ཀྱི་ལས་དགེ་བ་བཅུས་བྱེད་ལ། བསམ་གཏན་གཟུགས་མེད་ཀྱི་རགས་པའི་སེམས་འགྲུབ་པ་བསམ་གཏན་གཟུགས་མེད་བསྒོམས་ནས་འགྲུབ་པ་དེས་བྱེད་དོ། །དེའི་ཕྱིར་བསམ་གཏན་གཟུགས་མེད་གཉིས་བསྒོམ་པ་དང་འབྲེལ་མ་འབྲེལ་གང་ཡང་རུང་བའི་དགེ་བཅུ་ལ་སྤྱོད་པ་རྣམས་ནི་ངན་སོང་གི་གཡུལ་ལས་རྒྱལ་ཏེ། མཐོ་རིས་ཀྱི་དགའ་བདེ་ལ་སྤྱོད་པ་ཡིན་ཡང་། དམ་བཅའ་ཉམས་པ་སྟེ་དེའི་མི་མཐུན་ཕྱོགས་མེད་དགེ་བཅུ་ལ་སྤྱོད་པ་རྣམས་ནི་ངན་སོང་འབའ་ཞིག་གི་གནས་སུ་སོང་ངོ་ཞེས་སྟོན་པ་སྟེ། དེ་ཡང་མངོན་པའི་ང་རྒྱལ་ཅན་ལ་ལ་ནི་གཡུལ་ངོར་སྤྱོད་པ་དང་། ཁྱིམ་ན་གནས་པའི་ཕྱིར་དུ་བསླབ་པ་གཏོང་བ་དཔེར་ན་རྒྱལ་རིགས་རིན་ཆེན་གྲགས་བཞིན་ནོ། །དེ་བཞིན་ཞེ་སྡང་གི་ཆེད་དུ་སྲོག་འདོར་བ་ཀུན་ཏུ་རྒྱུ་སཾ་ག་ཨཱ་ཙརྱ་དང་། ཕྲག་དོག་གི་ཆེད་དུ་དཀའ་ཐུབ་གཏོང་བ་དགེ་སློང་ལྷས་བྱིན་དང་། གཏི་མུག་གི་ཕྱིར་དུ་དམ་ཆོས་གཏོང་བ་རྒྱལ་པོ་ཡན་ལག་མེད་དང་། འདོད་ཆགས་ཀྱི་ཕྱིར་དུ་ངོ་ཚ་གཏོང་བ་ཚོང་དཔོན་གྱི་བུ་མོ་དང་། འདོད་པའི་ཕྱིར་དུ་ཁྲེལ་ཡོད་གཏོང་བ་རྒྱལ་པོ་བདེ་སྤྱོད་ཀྱི་བུ་ལྟ་བུ་ལ་སོགས་མདོར་ན་འཇིག་རྟེན་ན་སྡིག་པའི་ཕྱོགས་སུ་ནི་ལུས་དང་སྲོག་ཀྱང་འདོར་བ་ཕོད་ལ། དགེ་བའི་ཕྱོགས་ལ་ནི་ས་དང་ཆུ་ཡང་ཕོངས་པའི་རྒྱུས་ངན་སོང་ནི་ས་ཆེན་པོའི་རྡུལ་ཙམ་དང་མཐོ་རིས་ནི་སེན་མོའི་རྡུལ་ཙམ་དུ་གྲུབ་པ་འདི་ནི་རྣམ་པ་ཐམས་ཅད་དུ་སྐྱོ་བའི་གནས་ཆེན་པོའོ། །འདི་ལྟར་མི་དགེ་བའི་ལས་ནི་གཞན་གྱི་ཆེད་དུ་བྱས་ཀྱང་དེའི་རྣམ་སྨིན་བགོ་བཤའ་བྱ་རུ་མེད་པར་སྔོན་པ་ནི། གང་ཕྱིར་ཡོན་གནས་ཉེ་དུ་འཁོར་འབངས་


JL00_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ཡུལ་ཁམས་བསྲུང་བའི་སླད་དུ་སྟོབས་ཆེན་གྱི། །སྡིག་པའི་གཉིས་འཐུང་དཀྲིས་པ་བཏང་ན་ཡང་། །རྣམ་སྨིན་བགོ་བཤའ་བྱ་རུ་མེད་པ་ཡིན། །དེ་ལ་སྡིག་པའི་མཚན་ཉིད་ནི་རང་བཞིན་དུ་རྣམ་སྨིན་གཏོས་ཆེ་བ་ཡིན་པས་གླང་པོ་ཆེའི་གཟུགས་བསྙད་ལ་དཔེར་བྱས་ནས། དེ་ཉིད་སྤོང་སེམས་ཀྱི་ཐག་པས་དཀྲིས་པ་ལས་བཏབ་པ་ནི་བག་མེད་དུ་སྤྱོད་པའི་དོན་ནོ། །དེའང་རང་དོན་དུ་སྤྱད་ན་སྨོས་ཅི་དགོས། གཞན་གྱི་དོན་དུ་སྤྱད་ཀྱང་རྣམ་སྨིན་མྱོང་བའི་ཚེ་དེ་དག་གིས་སྡུག་བསྔལ་གྱི་སྐལ་བ་ལེན་པར་མི་བྱེད་ལ། ཁྱད་པར་ཡོན་གནས་ཀྱི་དམ་པ་དཀོན་མཆོག་ནི་སེམས་ཅན་རྣམས་ལ་བུ་གཅིག་པ་ལྟར་བརྩེ་བས་དེ་དག་མནར་ཞིང་སྲོག་བཅད་པ་དང་། མངའ་རིས་དང་ལོངས་སྤྱོད་ཕྲོགས་པའི་རྒྱུ་ལས་བྱུང་བའི་བསྙེན་བཀུར་དང་སྲི་ཞུ་ལ་ནམ་ཡང་དགྱེས་པའི་སྐབས་མེད་དེ། འཚེ་བ་ཆོས་སུ་སྨྲ་བ་ནི་ཀླ་ཀློའི་གྲུབ་མཐའ་ཡིན་པའི་ཕྱིར་རོ། །དེ་བཞིན་ཉེ་དུའི་སླད་དུ་བགྱིས་ནའང་། མཽངྒལ་གྱི་མས། ཁྱིམ་ཐབ་དང་། བུའི་དོན་དུ་སེར་སྣ་ལ་སོགས་པའི་སྡིག་པ་མང་དུ་བགྱིས་ཀྱང་། ལས་ནི་བྱེད་པ་པོའི་སྟེང་དུ་སྨིན་པ་ཡིན་པས་རང་ཉིད་ངན་སོང་དུ་སྐྱེས། བུས་དགྲ་བཅོམ་པའི་འབྲས་བུ་ཐོབ། ཁྱོ་བོ་ཚངས་གནས་སུ་སྐྱེས་པ་ལྟ་བུའོ། །གཞན་ཡང་འཁོར་འབངས་དང་། ཡུལ་ཁམས་བསྲུང་བའི་སླད་དུ་ཞེས་གཡུལ་འཁྲུག་ལ་སོགས་པའི་ལས་སྟོབས་པོ་ཆེ་བགྱིད་པའང་། སྲུང་བ་པོ་བྱང་ཆུབ་སེམས་དཔའི་གང་ཟག་ཐབས་ཀྱིས་ཟིན་པ་ཅན་ཤ་སྟག་ཡིན་པས་མ་ཁྱབ་པའི་ཕྱིར། སོ་སོ་སྐྱེ་བོའི་རྣམ་རྟོག་དང་ཀུན་སློང་གི་མ་ཚང་ལེགས་པར་བརྟགས་ན་གཞན་བསྲུང་བ་མ་ཡིན། རང་བསྲུང་བ་


JL00_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ཁོ་ན་ཡིན་པའི་སྡིག་པ་ཤིན་ཏུ་བཟོད་པར་དཀའོ། །དེ་སྐད་དུ་སློབ་དཔོན་འཕགས་པས་ཀྱང་། ཁྱོད་ཀྱིས་བྲམ་ཟེ་དགེ་སློང་ལྷ་དང་ནི། །མགྲོན་དང་ཡབ་ཡུམ་དག་དང་བཙུན་མོ་དང་། །འཁོར་གྱི་སླད་དུ་སྡིག་པ་མི་བགྱི་སྟེ། །དམྱལ་བའི་རྣམ་སྨིན་སྐལ་ནོད་འགའ་མ་མཆིས། །ཞེས་སོ། །དེ་ལ་ཐེ་ཚོམ་བསལ་བའི་གནས་གཅིག་ཡོད་དེ། གལ་ཏེ་བྲམ་ཟེ་ལ་སོགས་པའི་དོན་དུ་སྡིག་པ་བྱས་པ་རྣམ་པར་སྨིན་པ་མི་འདོད་པ་ཅན་དུ་འགྱུར་ན། ཅིའི་ཕྱིར་དེའི་མོད་ལ་རྣམ་པར་སྨིན་པར་མི་འགྱུར་སྙམ་དུ་སེམས་ན། སྡིག་པའི་ལས་རྣམས་སྤྱད་པ་འགའ་ཡང་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་སྐད་དུ་སྡིག་པའི་ལས་ཀྱི་དེའི་མོད་ཁོ་ན་ལ་མཚོན་བཞིན་དུ་གཅོད་པར་མི་བྱེད་ཀྱང་། འོན་ཀྱང་འཆི་བའི་དུས་ལ་བབ་ན་སྡིག་པའི་ལས་ཀྱི་འབྲས་བུ་མངོན་པར་འགྱུར་རོ་ཞེས་བཤད་པ་ཡིན་ནོ། །ཞེས་སློབ་དཔོན་བློ་གྲོས་ཆེན་པོས་བཀྲལ་ལོ། །ཡང་། འཇིག་རྟེན་པའི་ཆོས་ལ་གནས་པར་འཕགས་པའི་ལམ་མི་སྐྱེ་བར་སྟོན་པ་ནི། རྙེད་ལ་བརྐམ་ཞིང་བདེ་བ་འབའ་ཞིག་སྲེད། སྙན་པ་ལྷུར་ལེན་བསྟོད་ན་ཁོངས་འགྱུར་ལ། །གང་ལས་ཅིག་ཤོས་བཞི་ཡིས་སྨ་བབ་པའི། །བྱིས་པ་འདི་དག་འཇིག་རྟེན་ཆོས་ཀྱིས་བསླུས། །འདི་ལྟར་འཇིག་རྟེན་ན་དམ་པའི་ཆོས་མ་ཡིན་ཀྱང་འཇིག་རྟེན་གྱི་ཆོས་སུ་གྲགས་པ་བརྒྱད་ཡོད་དེ། རྙེད་པའི་ཆོས་ལ་བསྐམ། བདེ་བའི་ཆོས་ལ་སྲེད། སྙན་པའི་ཆོས་ལྷུར་ལེན། བསྟོད་པའི་ཆོས་ཀྱིས་ཁེངས་པར་འགྱུར་ལ། དེའི་མི་མཐུན་ཕྱོགས་མ་རྙེད་པ་དང་། མི་བདེ་བ་དང་། མི་སྙན་པ་དང་། སྨད་པ་སྟེ་ཅིག་ཤོས་ཀྱི་ཆོས་བཞིས་ཡིད་མི་བདེ་བར་འགྱུར་བ་ནི་བྱིས་པ་རྣམས་བསླུ་བར་བྱེད་པའི་ཆོས་བརྒྱད་དོ། །


JL00_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

དེའང་འཕགས་པའི་བསྟན་བཅོས་དགོངས་འགྲེལ་དང་བཅས་པས་ཚིག་དོན་གྱི་དབྱིངས་འཇལ་ན། བཤེས་སྤྲིང་ལས། འཇིག་རྟེན་མཁྱེན་པ་རྙེད་དང་མ་རྙེད་དང་། །བདེ་དང་མི་བདེ་སྙན་དང་མི་སྙན་དང་། །བསྟོད་སྨད་ཅེས་བགྱི་འཇིག་རྟེན་ཆོས་བརྒྱད་པོ། །བདག་གི་ཡིད་ཡུལ་མིན་པར་མགོ་སྙོམས་མཛོད། །ཅེས་པའི་དོན་འགྲལ་བས་འདིར་འཇིག་རྟེན་གྱི་ཆོས་རྙེད་པ་མ་རྙེད་པ་ལ་སོགས་པ་ལ་དམིགས་པའི་ཡིད་བདེ་བ་དང་མི་བདེ་བ་ལ་ཡིན་གྱིས། རྙེད་པ་ལ་སོགས་པ་ལ་ནི་མ་ཡིན་ཏེ། འཕགས་པ་རྣམས་ལའང་མངའ་བའི་ཕྱིར་རོ། །དེ་ལྟ་བས་ན་དམིགས་པའི་དབང་གིས་འཇིག་རྟེན་གྱི་ཆོས་རྣམ་པ་བརྒྱད་ཡིན་པར་རིགས་པར་བྱའོ། །དེ་ལ་མི་སྙན་པ་དང་སྨད་པ་ནི་ལྐོག་དང་ལྐོག་མ་ཡིན་པའི་བྱེ་བྲག་ལས་རིགས་པར་བྱའོ། །ཞེས་པ་སྟེ། དོན་བསྡུ་ན་འཇིག་རྟེན་གྱི་ཆོས་བརྒྱད་པོ་འདི་དག་ལས་གྱུར་པའི་རྣམ་པར་རྟོག་པ་རྙེད་པ་ལ་སོགས་པ་བཞི་བྱུང་ན་ཡིད་བདེ་བ་དང་། མི་རྙེད་པ་ལ་སོགས་པ་བཞིས་ཡིད་མི་བདེ་བ་མེད་པ་ཉིད་དུ་མགོ་མ་སྙོམས་ན་རྒྱུ་འབྲས་ཀྱི་བླང་དོར་ཕྲ་ཞིབ་ཀྱང་མི་ནུས་ལ། འཇིག་རྟེན་གྱི་ཆོས་འབའ་ཞིག་ལ་གནས་པ་དེ་ལ་འཕགས་པའི་ལམ་སྐྱེ་བ་མེད་པར་སྟོན་པའོ། །དེ་ལས་གཞན་པའི་འཇིག་རྟེན་གྱི་ཆོས་བཅུ་གསུམ་པོ་རྣམས་ལ་མངོན་པར་ཞེན་ནས་བྱ་བ་ངན་པ་ལ་ཆགས་པས་ཀྱང་ངན་སོང་བསྒྲུབ་པ་ཡིན་ནོ་ཅེས་སྟོན་པ་ནི། རིགས་གཟུགས་དབང་ཐང་ལ་སོགས་འཕང་བསྟོད་ཅིང་། །སྙོམ་ལས་འཕྱེ་བོའི་ཕག་ཏུ་ཡིབས་པ་དང་། །མངོན་པའི་ང་རྒྱལ་མ་རུངས་སློང་བ་རྣམས། །དཀའ་ཐུབ་དཔལ་ལ་སྡང་བའི་སྲིན་པོར་འགྱུར། །བརྐམ་


JL00_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་སེམས་ཀྱི་ནུས་པ་བརྟན་པོ་ཡིས། །ཟིལ་གྱིས་ནོན་པའི་གཡོ་སྒྱུའི་འཁྲི་ཤིང་གིས། །གཞན་དག་རྨོངས་བྱས་བདག་ཉིད་བསྲུངས་ན་ཡང་། །གནོད་ཆེན་དེ་ནི་རང་གི་ཁོང་དུ་ཞུགས། །ཞེས་ཚིག་གི་རྒྱན་བསྡེབ་པ་ལ་དོན་བསྐོར་ནས་བཤད་པ་སྟེ་འདི་ལྟར་རིགས་ཀྱིས་རྒྱགས་པ་དང་། གཟུགས་ཀྱིས་རྒྱགས་པ་དང་། དབང་ཐང་གིས་རྒྱགས་པ་དང་། ཐོས་པས་རྒྱགས་པ་དང་། ལང་ཚོས་རྒྱགས་པ་སྟེ་རྣམ་པ་ལྔ་པོ་མགོ་འཕང་བསྟོད་ཅིང་། བརྩོན་འགྲུས་ཀྱི་མི་མཐུན་ཕྱོགས་སྙོམས་ལས་སམ། ལེ་ལོའི་གདོན་འཕྱེ་བོ་ལྟ་བུའི་ཉམས་བག་ཏུ་ཉལ་བ་དང་། ཁྱད་པར་ཐོབ་པར་བྱ་བ་མ་ཐོ་བ་བཞིན་དུ་བདག་གིས་ཐོབ་བོ་སྙམ་པའི་མངོན་པའི་ང་རྒྱལ་དང་། དཀའ་ཐུབ་ཀྱི་དཔལ་ལ་སྡང་བའི་སྲིན་པོ་ནི་འདོད་ཆགས་དང་ཞེ་སྡང་གཉིས་ཡིན་ལ། བརྐམ་པ་ནི་སྐྱིན་པ་དང་མི་མཐུན་པར་རང་གི་ཕུན་ཚོགས་ལ་ཀུན་ཏུ་འཛིན་པ་དང་། ཆགས་པ་ནི་བདག་དང་ལོངས་སྤྱོད་ལ་སྲེད་པ་དང་། དེ་དག་གིས་སེམས་ཟིལ་གྱིས་ནོན་ནས་བསམ་པ་རབ་ཏུ་མི་བརྟན་པ་གྱ་གྱུའི་འདུ་ཤེས་དང་འགྲོགས་པའི་གཡོ་དང་། གཞན་བསླུ་བ་ལ་གོམས་པ་ནི་སྒྱུ་ཡིན་ཏེ། དེ་ལྟར་བཅུ་གསུམ་པོས་བདག་ཉིད་བསྲུངས་ཤིང་ཕ་རོལ་རྨོངས་པར་བྱེད་པ་འཇིག་རྟེན་གྱི་ཀུན་ཏུ་སྤྱོད་པའི་ཁྱད་པར་ལ་གྲགས་ཀྱང་། དེ་ནི་དུག་ལྡན་གྱི་བཟའ་བ་ཁོང་དུ་ཆུད་པ་བཞིན་དུ་བདག་ཉིད་ལ་གནོད་པ་ཆེན་པོ་ཡིན་པས་དགྲ་བཞིན་དུ་བལྟ་བར་བྱ་བའི་ཚུལ། བཤེས་སྤྲིང་ལས། སེར་སྣ་གཡོ་སྒྱུ་ཆགས་དང་སྙོམས་ལས་དང་། །མངོན་པའི་ང་རྒྱལ་འདོད་ཆགས་ཞེ་སྡང་དང་། །རིགས་དང་གཟུགས་དང་ཐོས་པ་ལང་ཚོ་དང་། །དབང་ཐང་ཆེ་བས་རྒྱགས་པ་དགྲ་བཞིན་གཟིགས། །ཞེས་གསུངས་པ་


JL00_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ནོ། །ཡང་དགེ་སྡིག་སོ་སོའི་རྣམ་སྨིན་ཕྱི་རོལ་གྱི་རྒྱུ་འབྲས་ལས་ཀྱང་ལྷག་པར་འཕེལ་ཆེ་བར་སྟོན་པ་ནི། འཁོར་བར་འདུ་བྱེད་དཀར་ནག་ལས་འབྲས་གཉིས། །ས་བོན་ཉུང་ངུ་ལས་ཀྱང་འབྲས་བུའི་གཟུགས། །སྦོས་པོར་བསྐྱེད་པ་མི་དབང་ང་ལས་ནུ། །སྲན་རྡོག་བདུན་ལས་འཁོར་ལོས་སྒྱུར་བ་བཞིན། །གང་ཞེག་ས་བོན་ཡུངས་འབྲུ་ཙམ་པའི་ཤིང་། །ཨ་ཤྭ་ཏ་ཡི་འབྲས་བུ་ལོ་དུས་སུ། །ཡལ་ག་རེ་ལའང་དཔག་ཚད་ཙམ་འཕེལ་བས། །དགེ་སྡིག་གཟུགས་བརྙན་འཕེལ་བའི་དཔེར་མི་ཕོད། །འདི་ལྟར་དགེ་སྡིག་གཉིས་ཀྱི་རྣམ་པར་སྨིན་པ་ནི་ཕྱི་རོལ་གྱི་རྒྱུ་འབྲས་ལ་འཕེལ་ཀ་ཆེ་ཤོས་ཨ་ཤྭ་ཏའི་ཤིང་གི་དཔེས་ཕྱོགས་ཙམ་ཡང་མི་མཚོན་པར། རྒྱུ་ཆུང་ངུ་ལའང་འབྲས་བུ་མུ་མཐའ་མེད་པར་བསྐྱེད་པ་ནི་ནང་གི་རྒྱུ་འབྲས་དགེ་སྡིག་གཉིས་ཀྱི་འཕེལ་ཀ་ཡིན་ཏེ། རྒྱལ་པོ་ང་ལས་ནུས་སྐྱེ་བ་སྔ་མའི་དུས་སངས་རྒྱས་རྣམ་གཟིགས་ལ་སྲན་མ་ཁུ་ཚུར་གང་གཏོར་བས་བཞི་ནི་ལྷུང་བཟེད་དུ་སོང་། གཉིས་ནི་ཐུགས་ཀར་ཕོག་པས་གླིང་བཞི་ཀ་ལ་དབང་བ་གསེར་གྱི་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་ཅིང་། རིམ་པས་རྒྱལ་ཆེན་བཞི་དང་། སུམ་ཅུ་རྩ་གསུམ་གྱི་གནས་སུ་ལྷའི་དབང་པོ་དང་སྟན་ཕྱེད་པ་ལ་འདུག་པའི་དབང་ཐང་ཅན་དུ་གྱུར་པ་དང་། ཤཱ་རིའི་བུས་རང་སངས་རྒྱས་ལ་རས་ཡུག་དང་ཁབ་སྐུད་བྱིན་པས་མཁྱེན་རབ་རླབས་ཆེ་བ་དང་། རྣོ་བ་དང་། ཟབ་པའི་ཁྱད་པར་ཐོབ་པས་ཉན་ཐོས་རྣམས་ཀྱི་ནང་ན་ཤེས་རབ་ཅན་གྱི་མཆོག་ཏུ་གྱུར་བ་དང་། ཁྱེའུ་བ་ལང་སྐྱོང་གིས་མཆོད་རྟེན་གྱི་ཁྲིའི་གླང་པོའི་གཟུགས་ལ་ཞིག་གསོ་བྱས་པས་སྐྱེ་བ་ཐམས་ཅད་དུ་གླང་པོ་ཆེའི་ལོངས་སྤྱོད་དང་མི་འབྲལ་བ་དང་། འཕགས་པ་ཀཱ་དྱ་ཡན་ལ་རྒན་


JL00_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ཞིག་གིས་ཆུ་ལྷུང་བཟེད་གང་ཕུལ་བས་ལྷར་སྐྱེས་པ་དང་། གཞན་ཡང་དེ་བཞིན་གཤེགས་པ་ལ་དད་པའི་སེམས་ཀྱིས་ཐལ་བ་གཏོར་བའི་དགེ་བའི་རྩ་བས་ཀྱང་བསྐལ་བ་གྲོངས་མེད་པར་བདེ་བ་ཉམས་སུ་མྱོང་བ་དང་། སངས་རྒྱས་ལ་དམིགས་ནས་མེ་ཏོག་གཅིག་ནམ་མཁའ་ལ་གཏོར་བ་དང་། མཆོད་རྟེན་ལ་ཕྱག་གུས་པ་རེ་བཙལ་བས་ཀྱང་སྔོན་གྱི་མཐའ་མི་མངོན་པ་དེ་ཙམ་གྱི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་བར་གསུངས་པ་བཞིན་ནོ། །དེ་སྐད་དུ་ལུང་ལས། དགེ་བ་ཆུང་ངུ་དག་ལ་ཡང་། །མི་ཕན་སྙམ་དུ་བརྙས་མི་བྱ། །ཆུ་ཡི་ཐིགས་པ་བསགས་པས་ཀྱང་། །སྣོད་ཆེན་རིམ་གྱིས་འགེངས་པར་འགྱུར། །ཞེས་སོ། །དེ་བཞིན་དུ་མི་དགེ་བ་ཡང་འཕེལ་བའི་དཔེ་ནི། སངས་རྒྱས་འོད་སྲུང་གི་བསྟན་པ་ལ་སྐྱེས་པའི་དགེ་སློང་གཅིག་གིས་དགེ་སློང་ཟླ་བོ་དག་ལ་ངན་སེམས་ཀྱིས་མི་གཙང་བ་བྲོ་ཞིག་སྨྲས་པས། གཤང་གཅི་འདོར་བའི་སྣམ་ཁུང་དུ་སྲིན་བུར་སྐྱེས་པ་དང་། དེ་བཞིན་དུ་མཛངས་བླུན་ལས་བཤད་པའི་ཁྱེའུ་གསེར་ལྷ་དང་། གསེར་དབྱིག་དང་། གླང་པོ་སྐྱོང་གི་ལོ་རྒྱུས་དང་། ལུང་གཞི་ལས། སྐྱོང་བྱེད་དགའ་བོ་དང་། དེའི་དབྱིག་པས་བརྫིས་པའི་སྦལ་པ་དང་། ངང་པ་དང་། ཉ་དང་། རུས་སྦལ་ལྔ་བརྒྱ་དང་། ཡི་དྭགས་ལྔ་བརྒྱ་དང་། ཞིང་པ་དང་། གླང་ལྔ་བརྒྱའི་གཏམ་རྒྱུད་བཞིན་ཏེ། དེ་སྐད་དུ། སྡིག་པ་ཆུང་ངུ་མོ་ལ་ཡང་། །མི་གནོད་སྙམ་དུ་བརྙས་མི་བྱ། །མི་སྟག་ཕྲ་མོ་ཙམ་གྱིས་ཀྱང་། །རྩ་ཕུང་རི་ཙམ་སྲེག་པར་བྱེད། །ཅེས་སོ། །སྤྱིར་ཐེག་པ་ཆེ་ཆུང་ལ་རྒྱུ་འབྲས་རྒྱ་ཆེ་ཆུང་ཡོད་དེ། ཐེག་པ་ཆུང་ངུ་བརྒྱུ་འབྲས་རྒྱ་ཆུང་བ་ཡིན་ཀྱང་། སྔོན་དགེ་སློང་མ་གཅིག་གིས་རིགས་མཐུན་གཞན་དག་ལ་ཁྱི་མོ་ཞེས་བརྗོད་པས། ངག་གི་ཉེས་བྱས་ཕྲ་མོ་དེས་


JL00_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་སྐྱེ་བ་ལྔ་བརྒྱར་ཁྱིར་སྐྱེས་སོ། །ཐེག་པ་ཆེན་པོ་ལ་རྒྱུ་འབྲས་རྒྱ་ཆེ་སྟེ། སྤྱོད་འཇུག་ལས། གང་ཞིག་དེ་འདྲའི་རྒྱལ་སྲས་སྦྱིན་བདག་ལ། །གལ་ཏེ་ངན་སེམས་བསྐྱེད་པར་བྱེད་པ་ནི། །ངན་སེམས་བསྐྱེད་པའི་གྲངས་བཞིན་བསྐལ་པར་ནི། །དམྱལ་བར་གནས་པར་འགྱུར་ཞེས་ཐུབ་པས་གསུངས། །ཞེས་ཐེག་པ་ཆེན་པོའི་ཆོས་དང་གང་ཟག་ཁྱད་པར་ཅན་ལ་བསྐུར་བ་བཏབ་པ་དང་། ངན་སེམས་སྐྱེས་པས་མཚོན། བྱང་ཆུབ་སེམས་དཔའི་ལྟུང་བ་ཕྲ་མོ་རེས་ཀྱང་བསྐལ་པ་མང་པོར་སྡུག་བསྔལ་མྱོང་བ་ཡིན་ནོ། །སྤྱིར་ལས་དེ་དག་ཀྱང་བྱེད་པ་པོའི་ཀུན་སློང་བཟང་ངན་ཁོ་ན་ནུས་པ་ཆེ་བར་སྟོན་པ་ནི། གང་ལ་བྱེད་པོ་མ་མཆིས་རང་བཞིན་མིན། །དཀར་ནག་ཚོས་ཀྱིས་བཙོས་པའི་ཀུན་སློང་གིས། །ལས་དང་དེ་ཡི་འབྲས་བུ་མཐུ་ཆེན་བྱས། །སྦྱོར་རྗེས་གཉིས་དང་མི་ལྡན་ནུས་པ་ཆུང་། །འདི་ལྟར་ལས་དགེ་སྡིག་གི་རྣམ་པར་སྨིན་པ་ལྕི་ཡང་ནི་བསམ་པའི་ཁྱད་པར་ཁོ་ནས་བྱེད་དེ། བསམ་པ་ཉོན་མོངས་པ་དྲག་པོས་ཀུན་ནས་བསླངས་ན། དངོས་གཞི་སྡིག་པ་ཆུང་ངུ་ལས་མ་བྱས་ཀྱང་རྣམ་སྨིན་ཆེན་པོ་མྱོང་ལ་དེའང་སྦྱོར་བའི་དུས་ལས་དེའི་ཆེད་དུ་ཡུན་རིང་པོར་དམིགས་ནས་བསགས་པ་ཡང་མེད་ཅིང་། རྗེས་ལ་འགྱོད་པ་དྲག་པོའི་གཉེན་པོས་སྡིག་པའི་ལས་གང་དག་བྱས་པའི་སེམས་ཟིལ་གྱིས་ནོན་ན་ནུས་པ་ཆུང་བ་ཡིན་ནོ། །དེ་བཞིན་དུ་ནང་པ་སངས་རྒྱས་པ་ཐམས་ཅད་ཀྱི་ཡང་དག་པའི་ལྟ་བ་ཞེས་འཇིག་རྟེན་ཕ་རོལ་ཡོད་པ་ཉིད་དུ་ཡིད་ཆེས་པའི་ལས་འབྲས་ངེས་པ་ཅན་ནམ་ཡང་མི་བསླུ་བ་ལ་ཡིད་བརྟོན་དུ་མི་རུང་བ་དག་གིས་ཐོས་བསམ་བསྒོམ་གསུམ་དང་། སྦྱིན་པ་ལ་སོགས་པའི་དགེ་བ་བགྱིས་


JL00_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་། རྒྱུ་འབྲས་ལ་ཡིད་མ་ཆེས་པའི་ལོག་པར་ལྟ་བ་དེས་རྣམ་སྨིན་ཕྱིན་ཅི་ལོག་ཏུ་འབྱུང་སྟེ། བཤེས་སྤྲིང་ལས། གལ་ཏེ་མཐོ་རིས་ཐར་བར་མངོན་བཞེད་ན། །ཡང་དག་བལྟ་ལ་གོམས་པ་ཉིད་དུ་མཛོད། །གང་ཟག་ལོག་པར་བལྟ་བས་ལེགས་སྤྱད་ཀྱང་། །ཐམས་ཅད་རྣམ་པར་སྨིན་པ་མི་བཟང་ལྡན། །ཞེས་སོ། ཁ་ཅིག་ཡང་དག་ལྟ་བའི་སྒྲ་དོན་དམ་བདེན་པ་ཁོ་ན་ལ་སྦྱོར་ཀྱང་འདིའི་འབྲས་བུ་མཐོ་རིས་དང་འབྲེལ་བས་འཇིག་རྟེན་པའི་ཡང་དག་ལྟ་བ་ཡིན་པའི་ཚུལ་བཅོམ་ལྡན་འདས་ཀྱིས། འཇིག་རྟེན་པ་ཡི་ཡང་དག་བལྟ། །ཆེན་པོ་གང་ལ་ཡོད་གྱུར་པ། །དེ་ནི་བསྐལ་པ་སྟོང་དུ་ཡང་། །ངན་འགྲོར་འགྲོ་བར་མི་འགྱུར་རོ། །ཞེས་པས་གསལ་ལ། རྒྱུ་འབྲས་ལ་ཡིད་ཤིན་ཏུ་ཆེས་པ་དག་གིས་ནི་བསོད་ནམས་ཆུང་ངུའི་རྒྱུ་ལས་ཀྱང་འབྲས་བུ་ཆེན་པོ་བསྐྱེད་པས་ཀུན་སློང་གཙོ་ཆེ་བའི་དཔེ་ནི། སྔོན་དགེ་སློང་གཅིག་གིས་ཁྱིམ་བདག་ཞིག་ལ་བསོད་སྙོམས་བསླངས་པས་ཁྱིམ་བདག་ན་རེ། ཁྱོད་དགྲ་བཅོམ་པ་ཡིན་ན་ནི་འདྲེན། དེ་མིན་མི་འདོང་བྱས་པས། དགེ་སློང་ན་རེ། དགྲ་བཅོམ་པ་མིན་ཟེར་ནས་ལོག་གོ །ཡང་འདོད་པ་ཆུང་ལུགས་ཀྱིས་དགྲ་བཅོམ་པ་ཡིན་ངེས་སྙམ་ནས། དགེ་སློང་ཚུར་སྤྱོན། དགྲ་བཅོམ་པ་ཡིན་རུང་མིན་རུང་ཆོས་སྟོན་དྲང་གིས་བྱས་ནས་དྲངས་པས། དགྲ་བཅོམ་པ་ལ་དྲངས་པའི་བསོད་ནམས་ཐོབ་པས་མཚོན་ནོ། །དེའི་ཕྱིར་ཀུན་སློང་བཟང་ངན་གྱི་འཕེན་བྱེད་ཁོ་ན་ལས། དགེ་སྡིག་གི་རྣམ་པ་སྟོབས་ཆེ་ཆུང་གི་རྗེས་སུ་མི་འགྲོ་བའི་ཚུལ། རྩ་བ་སྨན་དུ་མཆིས་ན་མྱུ་གུའང་སྨན། །རྩ་བ་དུག་ཡིན་མྱུ་གུ་སྨོས་ཅི་དགོས། །བསམ་པ་དགེ་དང་མི་དགེའི་འཕེན་བྱེད་ལས། །དགེ་སྡིག་གཟུགས་བརྙན་ཆེ་ཆུང་རྗེས་མི་འགྲོ། །ཞེས་དཔེ་དོན་གཉིས་སུ་སྦྱར་ནས། ཀུན་སློང་


JL00_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་དག་ན་ལུས་ངག་གི་ལས་རེ་ཞིག་རྣམ་པ་གཞན་དུ་མངོན་པ་དག་ཀྱང་དགེ་བ་འབའ་ཞིག་ཏུ་འགྲོ་བ་ཐེག་པ་ཆེན་པོའི་གནས་སྐབས་སུ་ཡོད་པ། རིན་ཆེན་ཕྲེང་བ་ལས། མ་ཆགས་མི་སྡང་གཏི་མུག་མེད། །དེས་བསྐྱེད་ལས་ནི་དགེ་བའོ། །ཞེས་དང་། ཀུན་སློང་ངན་པའི་དགེ་བ་ནི། དགེ་བའི་གཟུགས་བརྙན་ཡིན་ཏེ། འདོད་ཆགས་ཞེ་སྡང་གཏི་མུག་དག །དེས་བསྐྱེད་ལས་ནི་མི་དགེ་བའོ། །ཞེས་དང་། མདོ་ལས། བསམ་པ་བཟང་པོས་མཆིལ་ལྷྭམ་གཉིས། །ཐུབ་པའི་དབུ་ལ་བཞག་པ་དང་། །དེ་བཞིན་གཞན་གྱིས་བསལ་གྱུར་པ། །གཉིས་ཀས་རྒྱལ་སྲིད་ཐོབ་པར་འགྱུར། །ཞེས་པས་དོན་དཔྱིས་ཕྱིན་པ་ཤེས་ཏེ་ཆར་བས་སྐུ་གཟུགས་འཇིག་གི་དོགས་པ་དང་། སྐྲད་པས་སྐུ་ལ་ནོངས་ཀྱི་དོགས་པ་གཉིས་ཀའི་བསམ་པ་རྒྱལ་སྲིད་ཐོབ་པའི་རྒྱུར་སོང་བའི་ཕྱིར་རོ། །དེའང་འདིར་ནི་འདོད་པའི་ཁམས་ན་སྤྱོད་པ་རྣམས་ཀྱི་དགེ་བ་དང་མི་དགེ་བའི་ལྕི་ཡང་གི་བྱེ་བྲག་གཙོ་བོར་སྟོན་པའི་སྐབས་ཡིན་པས། འདི་ལྟར་རྟག་དང་མངོན་ཞེན་གཉེན་པོ་མེད། །ཡོན་ཏན་གཙོ་ལྡན་གཞི་ལས་བྱུང་བའི་ལས། །རྣམ་པ་ལྔ་པོ་དགེ་སྡིག་ལྕི་ཡང་གི །ཉེ་བར་ལེན་པའི་རྣམ་རིག་ལེགས་པར་གསུངས། །ཞེས་སྨོས་ཏེ། དེ་ལ་ལས་ལྕི་བ་ཉིད་ནི་རྒྱུའི་ཁྱད་པར་བཞིས་བྱེད་དེ། སྦྱོར་བ་དང་། བསམ་པ་དང་། གཉེན་པོ་དང་། གཞིའོ། །དེ་ལ་དང་པོ་སྦྱོར་བའི་ཁྱད་པར་ནི་རྟག་པ་སྟེ་ལས་ཆུང་ངུ་ལ་ཡང་དུས་རིང་མོ་ཞིག་ཏུ་སྦྱར་བ་དཔེར་ན་འགྲོ་བ་གཞན་ལ་གནོད་པ་ཆུང་ངུ་ཞིག་བྱ་བའི་དོན་དུའང་དུས་རིང་མོ་ཞིག་ནས་བསམ་པ་ངན་པ་དེ་ལ་རྒྱུན་དུ་ཞུགས་པའི་ཁོང་དུ་ཆུད་པར་བྱས་པའོ། །གཉིས་པ་བསམ་པའི་ཁྱད་པར་ནི་མངོན་པར་ཞེན་པ་སྟེ། ལས་དངོས་


JL00_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡུན་ཐུང་ངུ་ལས་མེད་ཀྱང་ཉོན་མོངས་པ་དང་རབ་ཏུ་དང་བ་དྲག་པོ་དང་ལྡན་པ་ཁྲོ་བཞིན་དུ་འཁྲུགས་བཞིན་དུ་རྔམས་བཞིན་དུ་ལས་དེ་ཁོ་ན་ལས་གཞན་དུ་ཡིད་མི་གཏོད་པ་དཔེར་ན་རྒྱལ་པོ་མྱ་ངན་མེད་སྡིག་པའི་སེམས་ཀྱིས་གཟིར་བའི་ཚེ་ཉིན་གྱི་དང་པོ་ལ་སྲོག་གཅོད་པ་ལ་སོགས་པའི་བྱ་བ་མངོན་དུ་མ་གྲུབ་པར་སེམས་རྣལ་དུ་མི་ཕེབས་པས་ཟས་ཀྱང་ཟ་བར་མི་བྱེད་པ་བཞིན་ནོ། །གསུམ་པ་གཉེན་པོའི་ཁྱད་པར་ནི། ལས་བྱས་པ་དེ་ཡང་རྟེན་གྱི་རང་བཞིན་བྱང་ཆུབ་སེམས་དཔའ་དང་། དཀོན་མཆོག་གསུམ་ལ་བརྟེན་ཅིང་རྣམ་པར་སུན་འབྱིན་པ་ལ་སོགས་པའི་གཉེན་པོ་སྟོབས་དང་ལྡན་པས་ཟིལ་གྱིས་མནན་ན་ཉམ་ཆུང་ངུར་འགྱུར་ལ། ལས་དེ་ཉིད་གཉེན་པོ་མེད་པར་འདོད་རྒྱལ་དུ་སྤྱོད་ན་སྟོབས་དང་ལྡན་པར་འགྱུར་རོ། །བཞི་པ་གཞི་ནི་རྣམ་པ་གཉིས་ཏེ། ཡོན་ཏན་དང་ལྡན་པ་དང་། ཕན་འདོགས་པའོ། །ཡོན་ཏན་དང་ལྡན་པ་ནི་དཀོན་མཆོག་གསུམ་དང་། སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་དང་། གང་ཟག་འགོག་པ་ལས་ལངས་པ་ལ་སོགས་པའོ། །ཕན་འདོགས་པ་ཕ་མ་དང་། བྱས་པ་དྲིན་དུ་གཟོ་དགོས་པ་དང་། སྙིང་རྗེའི་ཡུལ་དུ་གྱུར་པ་ལ་སོགས་པའོ། །དེའི་ཕྱིར་རྣམ་པ་ལྔ་པོ་དེ་ནི་དགེ་བ་དང་མི་དགེ་བའི་ལས་གང་བྱེད་ཀྱང་འབྲས་བུ་ངེས་པ་དང་། མང་པོ་འབྱིན་པའི་ཉེ་བར་ལེན་པ་པོ་ཡིན་པས་ན་དཔལ་ལྡན་ནཱ་གཱ་རྫུ་ནས། རྟག་དང་མངོན་པར་ཞེན་དང་གཉེན་པོ་མེད། །ཡོན་ཏན་གཙོ་ལྡན་གཞི་ལས་བྱུང་བའི་ལས། །དགེ་དང་མི་དགེ་རྣམ་ལྔ་ཆེན་པོ་སྟེ། །དེ་བས་དགེ་བ་སྤྱོད་ལ་བརྩོན་པར་བགྱི། །ཞེས་གསུངས་སོ། །དེ་ལྟར་དགེ་མི་དགེའི་ལས་དེ་དག་གི་འཆར་གཞི་དང་དབྱེ་བ་ཅུང་ཟད་བཤད་ན། ཀུན་གྱི་རྟེན་བྱེད་ཀུན་གཞི་ལུང་མ་བསྟན། །


JL00_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལས་ཡིད་དང་ཡུལ་ལྔའི་ཤེས་པ་ལངས། །ཀུན་ལ་ཁྱབ་བྱེད་མ་རིག་གདོན་ཆེན་གྱིས། །ཉོན་མོངས་གསུམ་བཟུང་འཁོར་བར་མཐོ་དམན་བྱས། །འདི་ལྟར་དབྱེ་བསལ་གང་ཡང་སྤངས་པའི་ཀུན་གཞི་ལས་རྣམ་པར་རིག་བྱེད་ཀྱི་སེམས་ཀུན་གཞིའི་རྣམ་ཤེས་སུ་ཤར་བ་དེ་ཉིད་ཀྱི་འཆར་གཞི་བྱེད་ཀྱང་ཡུལ་ལ་འཕྲོ་བ་ནི་མེད་དོ། །དེ་ནས་ཡུལ་ལ་དེར་འཛིན་གྱི་བློ་ཆེ་ལོང་དུ་ཤར་ནས་དཔྱོད་པ་ནི་ང་ཡིར་འཛིན་པའི་ཡིད་དོ། །དེ་ནས་ཉོན་མོངས་པ་ཅན་གྱི་ཡིད་དགག་བསྒྲུབ་ཏུ་ཤར་བ་དང་མིག་ལ་བརྟེན་ནས་གཟུགས་མཐོང་བའི་མཐོང་ཆ་དེ་ཉིད་མིག་གི་རྣམ་པར་ཤེས་པར་གཞག་པས་མཚོན། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་ལ་བརྟེན་ནས་སྒྲ་དང་། དྲི་རོ་རེག་བྱར་ཤེས་པའི་ཆ་ནི་ཡུལ་ལྔའི་ཤེས་པ་སྟེ། དེ་དག་སྔ་མའི་ཆ་ལས་ཕྱི་མའི་ཤེས་པ་སྐྱེ་ཞིང་མཆེད་པས་ན་སྐྱེ་མཆེད་ཅེས་ཀྱང་བྱ་ལ་དེའང་ཡུལ་དང་ཡུལ་ཅན་གྱི་བློ་རྟེན་དང་བརྟེན་པ་ལྟར་འདུས་པའི་ཚེ་བདེ་བའམ། སྡུག་བསྔལ་ལ་སོགས་པའི་རྣམ་པར་ཚོར་ཞིང་རིག་པའི་ཆ་ནས་འདུས་ཏེ་རེག་པའི་རྐྱེན་གྱི་ཚོར་བ་ཞེས་བྱའོ། །མདོར་བསྡུ་ན་རྣམ་པར་ཤེས་བྱའི་ཡུལ། ཤེས་བྱེད་ཀྱི་དབང་པོ། ཡིད་ལ་བྱེད་པ་གསུམ་ཚོགས་པ་ལས་སྐྱེས་པའི་དུག་གསུམ་གྱིས་ཀུན་ནས་བསླངས་པའི་ལས་ཐམས་ཅད་ནི་མི་དགེ་བའོ། །བྱམས་པ་ལ་སོགས་དུག་གསུམ་གྱི་ཀུན་སློང་དང་བྲལ་བར་སྐྱེས་པ་ཐམས་ཅད་ནི་དགེ་བའོ། །དེའང་ལམ་གྱི་ངོ་བོ་ཤེས་རབ་དང་སྙིང་རྗེས་མ་ཟིན་པའི་དགེ་བ་བཅུ་ལ་སོགས་པ་གཏི་མུག་གི་ས་པས་བསྡུས་པའི་ཕྱིར་ལྷ་མིའི་བདེ་འབྲས་བསྐྱེད་ནས་ཟད་པར་འགྱུར་བས་ན་བསོད་ནམས་ཆ་མཐུན་གྱི་དགེ་བ་ཞེས་བྱ་སྟེ་འབྲས་བུ་མངོན་མཐོའི་གོ་འཕང་ཙམ་


JL00_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མེད་པའི་ཕྱིར་རོ། །བཤད་མ་ཐག་པའི་ལམ་གྱིས་ཟིན་ཕན་ཆད་བྱང་ཆུབ་ཀྱི་རྒྱུར་འགྲོ་བས་ཐར་པ་ཆ་མཐུན་གྱི་དགེ་བ་ཡིན་ནོ། །ཐར་པ་ཆ་མཐུན་གྱིས་ནི་གནས་སྐབས་སུ་མངོན་པར་མཐོ་བ་དང་། མཐར་ཐུག་ངེས་པར་ལེགས་པ་གཉིས་ཀའི་རྒྱུ་བྱེད་དོ། །དེ་གཉིས་ཀའི་མི་མཐུན་ཕྱོགས་དུག་གསུམ་གྱིས་ཀུན་ནས་བསླངས་པའི་དགེ་བས་ནི་ངན་སོང་གསུམ་དང་སྡུག་བསྔལ་མཐའ་དག་གི་རྒྱུ་བྱེད་ལ། དེའི་རྟེན་གཞིའང་ནང་གི་ཁམས་གསུམ་ཉིད་ཡིན་ཏེ་སྤྱི་མདོ་ལས། ལུས་རགས་པ་འདོད་པའི་ཁམས་དང་། ངག་ཕྲ་བ་གཟུགས་ཀྱི་ཁམས་དང་། ཡིད་ཆེས་ཕྲ་བ་གཟུགས་མེད་པའི་ཁམས་ཏེ། གྲོང་ཁྱེར་དེ་གསུམ་ན་ཁྱེའུ་སྣང་བ་དམ་པ་གནས་སོ། །ཞེས་རྟེན་ཡིད་དང་བརྟེན་པ་རང་བྱུང་གི་ཡེ་ཤེས་ཀྱི་ཁྱད་པར་ཀྱང་བསྟན་ཏོ། །འདི་གསུམ་ལ་ཕྲ་རགས་ཀྱི་དབྱེ་བས་སྣང་བ་དང་། ཕྱེད་སྣང་བ་དང་མི་སྣང་བའི་གྲོང་ཁྱེར་ཞེས་བྱ་སྟེ། དེ་ལྟར་གསུམ་པོའི་སྟེང་དུ་སྡུག་བསྔལ་གསུམ་གྱིས་གདུང་ཞིང་། གསུམ་པོ་ལས་བསྐྱེད་པའི་མི་དགེ་བ་ཆུང་ངུ་དང་། གཏི་མུག་གི་ལས་ཀྱིས་དུད་འགྲོ། འབྲིང་དང་འདོད་ཆགས་ཀྱི་ལས་ཀྱིས་ཡི་དྭགས། ཆེན་པོ་དང་ཞེ་སྡང་གི་ལས་ཀྱིས་དམྱལ་བ། དགེ་བ་བསོད་ནམས་ཆ་མཐུན་དང་ང་རྒྱལ་མཚུངས་ལྡན་གྱི་ལྷ་མི་གཉིས། ཕྲག་དོག་མཚུངས་ལྡན་གྱི་དགེ་བས་ལྷ་མ་ཡིན་ཏེ་གནས་རིགས་མཐོ་དམན་དུ་གྲུབ་པའོ། །དེ་ལྟར་གྲུབ་པ་ལའང་དགེ་སྡིག་གཉིས་ཀྱི་འཕེན་རྫོགས་ཀྱི་ཁྱད་པར་ནི། འཕེན་བྱེད་དགེ་བས་འཕངས་ལ་རྫོགས་བྱེད་དགེ་བས་རྫོགས་པ་དང་། འཕེན་བྱེད་དགེ་བས་འཕངས་ཀྱང་རྫོགས་བྱེད་མི་དགེ་བས་རྫོགས་པ་དང་། འཕེན་བྱེད་མི་དགེ་བས་འཕངས་ལ་རྫོགས་བྱེད་མི་དགེ་བས་རྫོགས་པ་དང་། འཕེན་བྱེད་མི་དགེ་བས་འཕངས་


JL00_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་རྫོགས་བྱེད་དགེ་བས་རྫོགས་པ་སྟེ་མུ་བཞིར་ཡོད་པ་ལས། དང་པོ་ནི་ལྷ་མིའི་རྟེན་ལ་རིགས་གཟུགས་དཔལ་འབྱོར་མཐའ་དག་ཕུན་སུམ་ཚོགས་པའོ། །གཉིས་པ་ནི། བདེ་འགྲོར་སྐྱེས་ཀྱང་དབང་པོ་དང་ཡན་ལག་མ་ཚང་ཞིང་དབང་ཐང་ཆུང་ངུར་གྱུར་པ་ལ་སོགས་སྡུག་བསྔལ་བ་རྣམས་སོ། །གསུམ་པ་ནི། ངན་སོང་གང་རུང་དུ་སྐྱེས་ནས་སྡུག་བསྔལ་གྱི་མཐའ་གཅིག་ཏུ་མནར་ཞིང་སྤྱོད་པའོ། །བཞི་པ་ནི། དུད་འགྲོའམ་ཡི་དྭགས་གཟུགས་དང་དཔལ་འབྱོར་ཕུན་སུམ་ཚོགས་པའི་རིགས་ཁ་ཅིག་གོ །དེའང་ལས་གཅིག་གིས་ལུས་གཅིག་ལས་མི་འཕེན་པ་ཡང་ཡོད། ལས་གཅིག་གིས་ལུས་དུ་མ་འཕེན་པའང་ཡོད། ལས་དུ་མས་ལུས་གཅིག་འཕེན་པའང་ཡོད། ལས་དུ་མས་ལུས་དུ་མ་འཕེན་པའང་ཡོད་དེ། འཕེན་བྱེད་ཀྱི་རྒྱུ་སྟོབས་དང་ནུས་པ་ཆེ་ཆུང་ལ་རག་ལས་པའི་ཕྱིར་རོ། །དེ་ལ་དང་པོ་ནི། རང་གི་བུ་ལ་སྙིང་རྗེ་སྐྱེས་པའི་བུད་མེད་ཚངས་པར་སྐྱེས་པ་ལྟ་བུ་དང་། གཉིས་པ་ནི་འཕགས་པ་མ་འགགས་པས་བདག་ནི་བསོད་ནམས་གཅིག་པུ་དེའི་རྣམ་པར་སྨིན་པས་སུམ་ཅུ་རྩ་གསུམ་གྱི་ལྷར་ལན་བདུན་སྐྱེས་ཤིང་ད་ལྟར་ཡང་ཤཱཀྱ་ཕྱུག་པོར་སྐྱེས་སོ། །ཞེས་པ་ལྟ་བུ་དང་། གསུམ་པ་ནི། ལྷས་བྱིན་གྱིས་ཚེ་རབས་དུ་མར་བསགས་པའི་ལས་ཀྱིས་དགེ་སློང་གི་གཟུགས་ལ་སྡིག་པའི་ཀུན་ཏུ་སྤྱོད་པ་ཅན་དུ་གྱུར་བ་དང་། བཞི་པ་ནི་འཕགས་པ་ཉེ་སྡེ་ལྟ་བུ་ལས་དུ་མའི་རྐྱེན་གྱིས་གསོས་ནས་ལུས་དུ་མ་གྲུབ་པ་ལྟ་བུ་ནི་མདོ་སྡེ་པ་ཡན་ཆད་འདོད་དོ། །འདི་ལྟར་ལས་བྱས་ལ་མ་བསགས་པ་དང་བསགས་ལ་མ་བྱས་པ་དང་། བྱས་ཤིང་བསགས་པ་དང་། མ་བྱས་ཤིང་མ་བསགས་པ་སྟེ་མུ་བཞིར་དབྱེ་བ་ལྟར་ན། དང་པོ་ནི་གཡུལ་


JL00_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

འགྱེད་པ་ལྟ་བུ་ལ་མཚོན་ན། ཕ་རོལ་གྱི་མངར་ཐང་ཕྲོག་པ་དང་། དགྲ་ཟླ་ཉམས་ཉེས་པར་བྱེད་པའི་འདུ་ཤེས་གང་ཡང་མེད་བཞིན་དུ། གཞན་གྱིས་རང་སྲིད་ལ་གཙེས་ནས་སྲོག་བསྲུང་བ་དང་། སྲིད་སྡེ་ཆོས་བཞིན་དུ་སྐྱོང་བ་ལྟ་བུ་ལ་གེགས་སུ་འགྱུར་བའི་དོགས་པས་སྐྲག་སྟེ། ལས་དེ་མི་འདོད་བཞིན་དུ། འགྱོད་བཞིན་དུ། དབང་མེད་དུ་སྤྱོད་དགོས་པ་ལྟ་བུ་བྱས་ལ་མ་བསགས་པ་ཡིན་ཡང་། ངོ་བོ་སྡིག་པའི་ལས་ཤིན་ཏུ་སྟོབས་ཆེ་ཞིང་། དེ་ལ་རྒྱུ་མཐུན་ཡང་སྣ་ཚོགས་ཚང་བས་ལས་གཅིག་གིས་ལུས་དུ་མ་འཕེན་པ་གྲུབ་བའོ། །གཉིས་པ་ནི། བརྫུན་དུ་སྨྲ་བ་ལྟ་བུས་དུས་རིང་མོ་ནས་བློ་ལ་དང་དུ་བླངས་ཀྱང་། དོན་ལ་མ་སྨྲས་པ་ལྟ་བུའོ། །གསུམ་པ་ནི་གནོད་སེམས་ཀྱང་སྐྱེས། གནོད་པ་ཡང་བློ་ཁེངས་པ་ཙམ་དུ་བྱས་པའོ། །བཞི་པ་ནི་ཀུན་སློང་བཏང་སྙོམས་ལས་རྣམ་པར་སྨིན་པའི་འབྲས་བུ་འབྱིན་མི་ནུས་པས་ལུང་མ་བསྟན་པའི་ལས་སོ། །དེའང་མཛོད་ལས་ནི། གཅིག་གི་སྐྱེ་བ་གཅིག་འཕེན་ནོ། །ཡོངས་རྫོགས་བྱེད་པ་དུ་མ་མིན། །ཞེས་འཕེན་བྱེད་གཅིག་གིས་སྐྱེ་བ་གཅིག་འཕེན་གྱིས་དུ་མ་མི་འཕེན། རྫོགས་བྱེད་ལ་དུ་མ་ཡོད་ཀྱང་། འཕེན་བྱེད་དུ་མས་སྐྱེ་བ་གཅིག་ཁོ་ན་མི་འཕེན་པར་བཤད་ཀྱང་། འདིར་རྟགས་དང་མངོན་པར་ཞེན་པ་ལ་སོགས་རྣམ་པ་ལྔའི་ལྕི་ཡང་གིས་རིགས་པས་གཞལ་བའོ། །དེ་དག་གིས་ནི་དགེ་མི་དགེའི་ལས་དང་། ལས་ཀྱི་འབྲས་བུ་རྟེན་ཅིང་འབྲེལ་འབྱུང་གི་ཆ་འཛིན་པའི་གནས་ཤེས་པར་བྱས་ནས། ད་ནི་ལས་ཀྱི་ལམ་དངོས་གཏན་ལ་དབབ་པའི་ཐོག་མར་དོ་ཟླ་མེད་པ་དཀོན་མཆོག་ལ་བརྟེན་པ་བཤད་པ་ནི། ཇི་ལྟར་མེ་ནི་འབར་ཞིང་བསྲེག་པ་ཡི། །གཉེན་པོར་ཆས་པ་ཆུ་ལས་གཞན་མེད་ན། །དཀོན་མཆོག་གསུམ་པོ་བསླུས་ཤིང་སྤངས་པ་ཡི། །


JL00_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་ཆེན་དེ་ལ་དོ་ཟླ་རྙེད་པ་མིན། །འདི་ལྟར་ལས་ཀྱི་འབྲས་བུ་རྒྱ་མཚོ་ལྟ་བུར་མཐའ་གཏུགས་པ་མེད་པའི་ནང་ན་ཆུ་སྲིན་ལྟ་བུར་གཏོས་ཆེ་བ་ནི་དཀོན་མཆོག་གསུམ་ལ་བརྟེན་པའི་སྡིག་པ་རྣམས་ཡིན་ཏེ། ཕ་བསད་པ་དང་། མ་བསད་པ་ལ་སོགས་སྡིག་པའི་ལས་ཚན་པོ་ཆེ་ཡང་ཡུལ་དཀོན་མཆོག་གསུམ་ལ་བརྟེན་ནས་བཤགས་སུ་ཡོད་ལ། སྐུ་གསུང་ཐུགས་ཀྱི་རྟེན་བཤིག་པའམ། བསྐུར་ཞིང་བརྙས་པ་བྱས་པ་དང་། དམ་པའི་ཆོས་སྤངས་པ་དང་། ཐེག་པ་ཆེན་པོའི་དགེ་འདུན་ལ་བསྐུར་བ་དང་། དེ་དག་གི་དཀོར་ལ་འཕགས་པ་ལ་སོགས་ནི་བཤགས་ཡུལ་ལ་ཉམས་པས་གཉེན་པོ་གཞན་གྱིས་གསོ་ཐབས་མེད་དེ། དཔེར་ན་མེ་གསོད་པའི་གཉེན་པོ་ནི་ཆུ་ཡིན་ལ། ཆུ་དེ་ཉིད་སྣོད་དུ་བསྩལ་ནས་མེས་མིང་ཙམ་མེད་པར་བསྐམས་པར་བྱས་ན། དེ་ནས་མེ་གསོད་པའི་གཉེན་པོ་གཞན་གང་ཡང་མེད་པ་བཞིན་ནོ། །དེའི་ཕྱིར་དཀོན་མཆོག་གསུམ་ལ་བརྟེན་པའི་སྡིག་པ་བྱུང་ན་གསུམ་པོ་ཉིད་ལ་བརྟེན་ནས་སྦྱང་དགོས། གང་ཞིག་གཙུག་ལག་ཁང་དང་མཆོད་རྟེན་བཤིག་པ་ལ་སོགས་བཤགས་པ་ཐུན་མོང་བས་མི་འདག །གང་བཤིག་པ་དེ་ཉིད་དེ་བས་ཆེས་ཆེ་ལ་མང་བ་བཞེངས། གལ་ཏེ་བདག་གིས་མ་འབྱོར་ན་གཞན་བཞེངས་པའི་རོགས་དན་ལ་ལུས་ངག་ཡིད་གསུམ་ཚུན་ཆད་འདྲིས་པར་བྱ་དགོས། དེ་བཞིན་ཆོས་ལ་ཉོ་ཚོང་དང་གཏའ་མར་བཅུག་པ་དང་། གླེགས་བམ་བཤིག་པ་ལ་སོགས་ལའང་དེའི་ཉིས་ལྡབ་བཞེངས། དགེ་འདུན་གྱི་དབྱེན་བྱས་པ་དང་། དཀོར་ཕྲོགས་པ་སོགས་ལ། སྡེ་གཟུགས་པ་དང་། དེའི་གཡོག་དང་། བསྙེན་བཀུར་བྱ་བ་ལ་སོགས་པའི་ཕྱི་ནས་ཐམས་ཅད་ལ་སྟོབས་བཞི་ཚང་བའི་བཤགས་པ་བྱའོ། །དེའང་མེ་ནི་མིའི་བསོད་ནམས་


JL00_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཀྱང་ཧ་ཅང་ཉེ་ན་འཆིག་པ་བཞིན། དཀོན་མཆོག་གསུམ་ལ་མ་བརྟེན་ན་ནི་ཆོས་བསྒྲུབ་པའི་རྒྱུ་མེད་དོ། །དེ་ལ་བརྟེན་ནས་དྲན་པ་ཉེ་བར་མ་གཞག་པ་ལ་ནི་མཁས་པའི་ང་རྒྱལ་གྱིས་ཆོས་སྤོང་། དེ་སྤངས་པས་དེའི་ཕྱོགས་འཛིན་པའི་རྨོངས་པ་གླང་པོ་ཆེ་ལུས་སྟོབས་ཀྱིས་བསྒྱིངས་པ་ལྟ་བུའི་གཏི་མུག་ཅན་དག་གིས་སྐུ་གསུང་ཐུགས་རྟེན་བཤིག་པ་ལ་སོགས་པའི་ཕྱོགས་རིས་རྒྱ་བོད་གཉིས་ཀར་བྱུང་ངོ་། །མདོ་ལས་ཆོས་ཀྱིས་ཕོངས་པར་གྱུར་བའི་ལས་བསགས་པ་དེའི་རྣམ་པར་སྨིན་པ་ནི་ཚད་མེད་བསམས་ཀྱིས་མི་ཁྱབ་སྟེ། མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་སྐྱེས་ནས། དེར་ཡང་མེས་སྡུད་པའི་བསྐལ་པ་བྱུང་བ་དེའི་ཚེ་འཇིག་རྟེན་གྱི་ཁམས་གཞན་གྱི་དམྱལ་བ་ཆེན་པོ་དག་ཏུ་འདོང་ཞིང་དེར་ཡང་ཞེས་སྔར་བཞིན་བསྟན་ནས་ཕྱོགས་བཅུ་གང་གཱའི་ཀླུང་གི་བསྐལ་བའི་བར་དུ་ལས་དེ་མྱོང་བར་གསུངས་པས་བཟོད་པར་དཀའ་བའོ། །སྐྱེ་བོ་མ་བརྟགས་པ་དང་། བབ་ཅོལ་དུ་འཇུག་པ་དག་གིས་ནི་དཀོན་མཆོག་གི་དཀོར་ལ་ཇི་མི་སྙམ་པར་སྤྱོད་ཅིང་། དེའང་བླ་མ་དང་དགེ་འདུན་གྱི་ལས་བྱེད་དང་། དཀོན་མཆོག་གི་དཀོར་གཉེར་བྱེད་པ་དག་ལ་ཁེ་ཉེན་ཆེན་པོ་གཉིས་ཡོད་པའི་ཕྱོགས་མ་ཡིན་པ་ཁོ་ན་ལ་འཇུག་པ་མང་བའི་ཕྱིར་སློབ་དཔོན་འཕགས་པས་ཀྱང་སྨོན་ལམ་བཏབ་པའི་དོན་རང་འདོད་ཀྱིས་དགག་པར་མི་བྱའོ། །ད་ནི་ལུས་ངག་ཡིད་གསུམ་ལ་རྟེན་དང་བརྟེན་པར་འབྲེལ་བའི་རྒྱུ་འབྲས་མཐའ་དག་གི་རྟེན་སེམས་དང་སེམས་བྱུང་གི་རྣམ་གྲངས་སྨོས་ནས་རང་གི་དབྱེ་བ་དངོས་སྟོན་པའི་ཕྱིར། དེ་ལས་གཞན་དུ་འགྲོ་བའི་ཀུན་རྟོག་ལ། །རང་བཞིན་འབྲེལ་གྱུར་སེམས་དང་སེམས་བྱུང་ལས། །མཐའ་དག་བློ་ཡིས་ཐུག་པ་མ་མཆིས་ཀྱང་། །ལུས་ངག་ཡིད་ལ་རྟེན་དང་བརྟེན་པ་ཅན། །སྤང་


JL00_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

བྱའི་རྒྱུ་འབྲས་རྣམ་པ་བཅུར་གནས་པའི། །ཞེས་པ་ནི་སྔར་བཤད་པའི་སྒོ་ལྔ་དང་། ཡིད་ཤེས་ཙམ་གྱིས་ལས་མི་གསོག་ཀྱང་ཉོན་ཡིད་ཀྱིས་ཀུན་གཞིའི་སྟེང་དུ་ལས་གསོག་པའི་སེམས་རྟོག །རིགས་པའི་ཚོར་བ་ནི་གསུམ་སྟེ། ཡུལ་ཡིད་དུ་འོང་བ་ལ་བདེ་བ། མི་འོང་བ་ལ་སྡུག་བསྔལ། བར་མ་ལ་བཏང་སྙོམས་སོ། །དེ་བཞིན་དུ་འདུ་ཤེས་ལ་གསུམ་སྟེ། ཡུལ་ལ་འཇུག་པ་རྒྱ་ཆེ་བ། ཆུང་བ། བར་མའོ། །དེ་ནས་འདུ་བྱེད་ལ་སེམས་བྱུང་ལྔ་བཅུ་རྩ་གཅིག་སྟེ། ལྡན་པའི་འདུ་བྱེད་ཀུན་ཏུ་འགྲོ་བ་ལྔ་ནི། རེག་པ། ཡིད་ལ་བྱེད་པ། ཚོར་བ། འདུ་ཤེས། སེམས་པའོ། །ཡུལ་སོ་སོར་ངེས་པ་ལྔ་ནི། མོས་པ། འདུན་པ། དྲན་པ། ཏིང་ངེ་འཛིན། ཤེས་རབ་བོ། །དགེ་བ་བཅུ་གཅིག་ནི། དང་པོ། ངོ་ཚ། ཁྲེལ་ཡོད་པ། བག་ཡོད་པ། བཏང་སྙོམས། མི་འཚོ་བ། ཤིན་ཏུ་སྦྱངས་པ། འདོད་ཆགས་མེད་པ། ཞེ་སྡང་མེད་པ། གཏི་མུག་མེད་པ། ང་རྒྱལ་མེད་པའོ། །རྩ་བའི་ཉོན་མོངས་པ་དྲུག་ནི། འདོད་ཆགས། ཁོང་ཁྲོ། ང་རྒྱལ། མ་རིག་པ། འཇིག་ཚོགས་ལ་བལྟ་བ། ཐེ་ཚོམ་མོ། །ཉེ་བའི་ཉོན་མོངས་པ་ཉི་ཤུ་ནི། ཕྲག་དོག །སེར་སྣ། གཡོ་སྒྱུ། རྒྱགས་པ། རྨུགས་པ། རྒོད་པ། མ་དད་པ། ལེ་ལོ། གཡེང་བ། བག་མེད་པ། བརྗེད་ངས་པ། ཤེས་བཞིན་མ་ཡིན་པ། འཚོ་བ། ངོ་ཚ་མེད་པ། ཁྲེལ་མེད་པ། ཁྲོ་བ། འཁོན་འཛིན། འཆབ་པ། འཆིག་པ་རྣམས་སོ། །འགྱོད་པ། གཉིད། རྟོག་པ། དཔྱོད་པ་སྟེ་རྣམ་པ་བཞི་ནི་གཞན་དུ་གྱུར་བ་ཡིན་ནོ། །དེ་ལས་གཞན་པའི་རྟོག་ཚོགས་བརྒྱད་ཁྲི་བཞི་སྟོང་ནི་བློས་ཐུག་པ་མ་ཡིན་ལ། འདི་དག་རེ་རེ་བཞིན་ལས་དང་ལས་ཀྱི་འབྲས་བུར་བཞག་པའི་རྣམ་གཞག་གྲགས་མི་ཆེ་ཡང་།་ ལུས་ངག་ཡིད་གསུམ་གྱི་ཕྱོགས་སུ་བསྡུས་


JL00_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རྣམ་པ་བཅུར་བསྟན་པ་ནི། མཛོད་ལས། དེ་ལས་ཆེ་ལེང་བསྡུས་ནས་ནི། །དགེ་དང་མི་དགེ་ཅི་རིགས་པར། །ལས་ཀྱི་ལམ་ནི་བཅུར་གསུངས་སོ། །ཞེས་སོ། །སྤྱིར་རྟོག་ཚོགས་རྣམ་པ་ཐ་དད་ཚོགས་པ་ལས་འཇིག་རྟེན་ལས་ཀྱིས་གྲུབ་པ་ཡིན་ཏེ། ལས་བརྒྱ་པ་ལས། ཨེ་མ་ཧོ། འཇིག་རྟེན་ལས་ལ་སྐྱེས། བདེ་དང་སྡུག་བསྔལ་ལས་ཀྱིས་བྲིད། །རྐྱེན་རྣམས་ཚོགས་ན་ལས་འབྱུང་ཞིང་། །ལས་ཀྱིས་བདེ་དང་སྡུག་བསྔལ་བྱེད། །ཅེས་ཀུན་གཞི་ལུང་མ་བསྟན་གྱི་སྟེང་ན་འཁོར་བའི་རྒྱུ་འབྲས་མི་དགེ་བ་དང་། དགེ་བ་དམན་པ་བསོད་ནམས་ཆ་མཐུན་དང་། མྱ་ངན་ལས་འདས་པའི་བྲལ་བྱའི་རྒྱུ་ཐར་པ་ཆ་མཐུན་རྣམས་དང་། རྣམ་པར་བྱང་བའི་ལས་ལམ་མངོན་པར་རྟོགས་པ་ཇི་སྙེད་པ་ཀུན་བརྟེན་པ་ཡིན་ལ། དེ་ཡང་གདོད་མ་ནས་མེད་ཀྱང་གློ་བུར་དུ་སྐྱེས་པ་རྣམས་གསོག་པའི་རྟེན་བྱེད་པ་ཡིན་ནོ། །དེ་ལ་སྡུག་བསྔལ་དང་ངན་འགྲོ་བསྐྱེད་པའི་ཕྱིར་སྤང་བྱའི་སྒོ་ནས་མི་དགེ་བ་བཅུ་དང་། བདེ་བ་དང་མཐོ་རིས་སྡུད་པའི་ཕྱིར་བླང་བྱའི་སྒོ་ནས་དགེ་བ་བཅུར་འགྱུར་བ་བསོད་ནམས་ཆ་མཐུན་གྱི་ལས་ལམ་བཅུ་ལས་ཕྱོགས་དང་པོ་བཤད་པ་ལ། ལས་ཀྱི་གསུམ་ནི་སྲོག་གཅོད་མ་བྱིན་བླངས། །ལོག་པར་གཡེམ་ལས་དང་པོ་སྲོག་གཅོད་ནི། །འདུ་ཤེས་མ་འཁྲུལ་གཞན་སྲོག་བསམ་བཞིན་གཅོད། །ཕྱོགས་མཐུན་བརྡེག་བཙོག་ལ་སོགས་འཚེ་བ་བགྱིད། །མ་བྱིན་བླང་བ་གཞན་ནོར་ཤེས་བཞིན་བརྐུ། །ཕྱོགས་མཐུ་གཡོ་དང་སྒྱུ་ཡིས་ལེན་པ་དང་། །འདོད་ལོག་གླ་རྔན་ཐོབ་ལ་རེག་པ་སྤྲོད། །ཕྱོགས་མཐུན་བགྲོད་བྱ་མ་ཡིན་འཁྲིག་པའི་ཆོས། །དེ་ལ་སྲོག་གཅོད་པ་དང་། མ་བྱིན་པར་བླང་བ་དང་། འདོད་པས་ལོག་པར་གཡེམ་པ་སྟེ་ལུས་ཀྱི་ལས་རྣམ་པ་གསུམ་པོ་ལ་དངོས་བསྟན་པ་དང་། ཕྱོགས་མཐུན་པ་རེ་རེ་སྟེ་གཉིས་


JL00_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སུ་སྨོས་པ་ལས། དང་པོ་སྲོག་གཅོད་པའི་དངོས་བསྟན་གྱི་ཉེས་པ་ནི་ཡན་ལག་རྣམ་པ་ལྔས་རྫོགས་པར་འགྱུར་ཏེ། གཞི་སེམས་ཅན་ཡིན་པ་དང་། དེར་འདུ་ཤེས་པ་དང་། གསད་པར་བསམ་པ་དང་། སྦྱོར་བ་བྱས་པ་དང་། སྦྱོར་བ་བྱས་པ་དེ་ཉིད་ཀྱི་ཚེའམ། གཞན་གྱི་ཚེ་ཤི་བ་སྟེ་ཡན་ལག་ལྔའོ། །ཕྱོགས་མཐུན་ནི་གསོད་སེམས་མངོན་དུ་གྱུར་བ་མེད་ཀྱང་བརྡེག་བཙོག་ལ་སོགས་པས་རྐྱེན་བྱས་ནས་ཤི་བའོ། །གཉིས་པ་མ་བྱིན་པར་བླང་བ་ནི་ཡན་ལག་བཞིས་རྫོགས་པ་ཏེ། བླང་བྱའི་རྫས་གཞན་གྱིས་བདག་ཏུ་བཟུང་བ་ཡིན་པ་དང་། ཡིན་པར་རང་གིས་ཀྱང་ངོ་ཤེས་པ་དང་། ཤས་བཞིན་དུ་བརྐུ་བར་བསམ་པ་དང་། དེ་ནས་གནས་སྤོས་ཏེ་བདག་གིས་ཐོབ་པར་བྱས་པའོ། །ཕྱོགས་མཐུན་པ་ནི་གཡོས་བླང་བ་ཚོང་དང་། འོས་མིན་གྱི་ཆད་པ་སོགས་ཐབས་ལ་བརྟེན་པ་རྣམས་སོ། །སྒྱུས་བླང་བ་ནི་བྲེ་ལོག་དང་སྲང་ལེག་འཛུག་པ་ལྟ་བུའོ། །འདོད་པས་ལོག་པར་གཡེམ་པ་ལ་རྣམ་པ་བདུན་ཏེ། བདག་ཉིད་ལས་བྱུང་བ་དང་། རང་གི་ཆུང་མ་ལས་བྱུང་བ་དང་། ཆུང་མར་མི་རིགས་པ་ཆུང་མར་བྱས་པ་ལས་བྱུང་བ་དང་། སྐྱེས་པ་ལས་བྱུང་བ་དང་། དུད་འགྲོ་ལས་བྱུང་བ་དང་། ཁྱེའུ་དང་བུ་མོ་ལས་བྱུང་བའོ། །དེ་ལ་བདག་ཉིད་ལས་བྱུང་བ་ནི། ཡུལ་བུད་མེད་ལ་སོགས་པ་དྲན་ནས་བདག་ཉིད་ཀྱིས་ཁུ་བ་འབྱིན་པའོ། །རང་གི་ཆུང་མ་ལས་བྱུང་བ་ནི། དུས་མ་ཡིན་པ་ཉིན་བར་དང་། བསྙེན་གནས་ལ་གནས་པ་དང་། ན་བ་དང་། སྦྲུམ་པ་དང་། མྱ་ངན་གྱིས་གདུངས་པ་དང་། ཟླ་མཚན་དང་ལྡན་པ་དང་། བང་མ་སངས་པ་དག་གོ །གནས་མ་ཡིན་པ་ནི་ཕ་མ་དང་། བླ་མ་དང་། དཀོན་མཆོག་དང་། མཆོད་རྟེན་ལ་སོགས་པའི་


JL00_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

གནས་དང་། ཡན་ལག་མ་ཡིན་པ་ནི། ཁ་དང་། བཤང་ལམ་དང་། ལྟེ་བ་ལ་སོགས་མདོར་ན་བུད་མེད་ཀྱི་དབང་པོ་ལས་གཞན་པ་ཐམས་ཅད་དོ། །གསུམ་པོ་ནི་གཞན་ལའང་འགྲེའོ། །ཆུང་མར་མི་རིགས་པ་ཆུང་མར་བྱས་པ་ལས་བྱུང་བ་ནི། ཚངས་པར་སྤྱོད་པའི་དགེ་བསྙེན་མ་དང་། དགེ་སློང་མ་བོད་ན་མེད་པས་རྒྱུ་མེད་ལ། དགེ་སློང་མའམ། དགེ་ཚུལ་མའམ། བསྙེན་གནས་ལ་གནས་པའི་བུད་མེད་དེ་ཉིད་དགའ་ཡང་རུང་། མི་དགའ་ཡང་རུང་། སྡོམ་པ་གཏོང་བའི་རྐྱེན་བྱས་པའོ། །ཆུང་མ་མ་ཡིན་པ་ལས་བྱུང་བ་ནི། ཁྱིམ་ཐབ་གཞན་གྱིས་བཟུང་བ་དང་། རང་གི་བདུན་རྒྱུད་མ་འདས་པའི་ཉེ་དུར་གྱུར་པ་དང་། ཆོས་ཀྱི་རྒྱལ་མཚན་ཅན་དང་། སྡོམ་པ་ཅན་དང་། ཕ་མ་དང་། མིང་པོ་དང་། སྤུན་ཟླ་དང་། རུས་ཆགས་དང་། ཁྱོ་འབྲང་དུ་སྨོས་པས་བསྲུངས་པ་དང་། གྱོས་སྒྱུག་དང་། སྐུད་པ་སྟེ་ཁྱོའི་ཕྱོགས་སྨོས་པས་བསྲུངས་པ་དང་། མི་མཉམ་པའི་རིགས་དང་ཡོན་ཏན་གྱིས་བསྲུངས་པ་དང་། སྨད་འཚོང་མར་གྱུར་ཀྱང་སྐྱེས་བུ་གཞན་གྱིས་རིན་བྱིན་ཟིན་པས་བཟུང་བ་དང་། གཞན་དག་གིས་ཆུང་མ་དང་འདྲ་བར་བདག་གིར་བྱས་པ་རྣམས་གང་ཡང་རུང་བར་འཁྲིག་པའི་ཆོས་བསྟོན་པ་རྣམས་སོ། །སྐྱེས་པ་ལས་བྱུང་བ་ནི། སྐྱེས་བུ་གཞན་གྱི་ཁ་དང་། བཤང་བའི་ལམ་ལ་སོགས་པར་མཚན་སྦྱོར་བའོ། །དུད་འགྲོ་ལས་བྱུང་བ་དེ་དང་དེའི་མཚན་དང་བཤང་ལམ་སོགས་བར་རོ། ཁྱེའུ་དང་བུ་མོ་ལས་བྱུང་བ་ནི། འཁྲིག་པ་སྤྱད་མི་བཟོད་ཕ་ལ་དབང་མེད་ཀྱིས་ལས་བཅོལ་ནས་དེ་དག་གི་ཁ་དང་། བཤང་ལམ་དང་། མཚན་མར་སྦྱོར་བའོ། །ལོག་པར་གཡེམ་པ་དེ་དག་ནི་ཡན་ལག་གསུམ་གྱིས་རྫོགས་པར་འགྱུར་ཏེ། ཡུལ་དང་དུས་ལ་སོགས་པ་དེ་དང་དེར་འདུ་ཤེས་པ་དང་། སྦྱོར་བ་བྱས་པ་དང་


JL00_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་མཐུན་པའི་ཚོར་བ་ཉམས་སུ་མྱོང་བའོ། །འདི་དག་ནི་དགེ་བ་བཅུའི་ལས་ལམ་བསྟན་པའི་གཞུང་ཇི་ལྟ་བར་སྨོས་པ་སྟེ། རང་གཞུང་གི་ཚིག་ཟིན་འབྲང་ན། གླ་བརྔན་ཐོབ་པ་ནི། གཞན་གྱིས་གླ་སྤྲད་ནས་བདག་ཏུ་བཟུང་བ་དང་། སྨད་འཚོང་མ་སོགས་པར་བརྔན་བྱིན་པ་དང་། རྟགས་ཀྱིས་སྤྲས་པ་དང་མ་སྤྲས་ཀྱང་རིང་སྟེ་དེ་དང་འདྲ་བར་ཡུལ་དུས་ཀྱིས་བསྲུངས་པའོ། །ཕྱོགས་མཐུན་ནི་བགྲོད་བྱ་མ་ཡིན་པ་དབང་པོ་ལས་གཞན་དུ་གྱུར་བ་མཐའ་དག་སྟེ་མཛོད་འགྲེལ་ལས། ཡན་ལག་གི་དབང་པོ་རང་གི་རྩོལ་བ་ལ་སོགས་པའོ། །ཞེས་སོ། །སློབ་དཔོན་རྟ་དབྱངས་ཀྱིས། བགྲོད་པར་བྱ་མིན་ཞེས་བྱ་ནི། །གཞན་བཟུང་ཆོས་ཀྱི་རྒྱལ་མཚན་ལྡན། །རིགས་ཀྱིས་བསྲུངས་དང་རྒྱལ་པོས་བསྲུངས། །གཞན་གྱིས་བླངས་པའི་སྨད་འཚོང་དང་། །ཉེ་དུ་དག་དང་འབྲེལ་བ་དང་། །དེ་དག་བགྲོད་བྱ་མིན་པ་ཡིན། །ཅེས་ཡན་ལག་མ་ཡིན་པ་ལས་གཞན་དུ་བཤད་པས་མཚོན་རྒྱ་གཞུང་རྣམས་ཀྱང་དོན་ལ་མཐུན་ཀྱང་མིང་གི་གདགས་ཕྱོགས་ཐ་དད་པའོ། །འདིར་ལུས་ངག་གི་ལས་ནི་གཟུགས་ཅན་ཡིན་པས་རང་གིས་དངོས་སུ་བྱས་ན་ལྟ་ཅི་སྨོས། གཞན་བྱེད་པའི་གྲོས་སུ་ཐེ་ནས་བསམ་པ་མཐུན་ནའང་བྱེད་པ་པོ་དང་ཁྱད་པར་མེད་དེ་མཛོད་ལས། དམག་ལ་སོགས་པ་དོན་གཅིག་ཕྱིར། །ཐམས་ཅད་བྱེད་པ་པོ་བཞིན་ལྡན། །ཞེས་གསུངས་ལ། དེ་ལྟ་ནའང་སྨྱོས་པ་དང་། སེམས་འཁྲུལ་བ་དང་། ཚོར་བས་གཟིར་བ་རྣམས་ལ་ནི་ཉེས་པ་མེད་ཅིང་། དེ་བཞིན་དུ་གཞི་དང་། བསམ་པ་དང། སྦྱོར་བ་དང་། མཐར་ཐུག་བཞི་པོ་མ་ཚང་ནའང་ལས་དེ་མཐར་ཐུག་པ་མ་ཡིན་པའི་ཚུལ་ཀུན་ལ་སྦྱར་རོ། །ངག་གི་བཞི་ནི་རྫུན་སྨྲས་


JL00_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དག་འཁྲུལ། །ཕྱོགས་མཐུན་འདུ་ཤེས་བསླད་ནས་གཞན་སེམས་བསླུ། །ཕྲ་མ་མཐུན་ནམ་བཏང་སྙོམས་གནས་པ་འདྲལ། །ཕྱོགས་མཐུན་སྐྱོན་ཚིག་གཞན་བཟློས་འཁོན་དུ་འཆོས། །ངག་འཁྱལ་བྲེ་མོའི་གཏམ་ལས་ཆགས་སྡང་བསྐྱེད། །ཕྱོགས་མཐུན་དམག་དང་ཆོམ་རྐུན་འབྲེལ་མེད་གཏམ། །ཚིག་རྩུབ་ཕ་རོལ་སྙིང་ལ་འབིགས་པ་སྟེ། །ཕྱོགས་མཐུན་གཞན་ཡིད་མི་བདེའི་རྐྱེན་དང་སྤྲོད། །ངག་གི་བཞི་པོ་ལའང་དངོས་བསྟན་དང་ཕྱོགས་མཐུན་པ་གཉིས་ལས། དངོས་བསྟན་གྱི་བརྫུན་ནི་ཡན་ལག་བཞིས་རྫོགས་པར་འགྱུར་ཏེ། སྨྲ་བའི་གཞི་མ་ནོར་བ་དང་། གཞན་བསླུ་བའི་བསམ་པ་དང་ལྟ་བ་ཡིད་ལ་བཞག་ནས་བདེན་པ་མ་ཡིན་པར་སྨྲས་པ་དང་། དེའི་འདུ་ཤེས་བསྒྱུར་བའོ། །སློབ་དཔོན་བློ་གྲོས་ཆེན་པོ་ནི། །ཐེ་ཚོམ་ཟ་བའི་དངོས་པོ་ལ་ངེས་པ་བཞིན་དུ་སྨྲ་བ་ཡང་བརྫུན་དུ་སྨྲ་བ་ཁོ་ན་ཡིན་ནོ་ཞེས་འཆད་དོ། །དེ་ལ་གཞི་མ་ནོར་བ་ཞེས་པ་ནི། རང་ཉིད་འཕགས་པ་མ་ཡིན་པ་དང་། དེ་བཞིན་དུ་མངོན་ཤེས་མེད་པ་རང་ལ་ལྐོག་ཏུ་མ་གྱུར་བཞིན་དུ། དེ་ལྟར་ཡིན་ནོ་བའི་བདེན་པ་མ་ཡིན་པ་དངོས་སུ་སྨྲ་བའམ། ཡི་གེར་འདྲི་བའམ། ལུས་ཀྱི་བརྡའ་སྤྲད་པ་དེ། ཕ་རོལ་པོས་གོ་ནས་འཕགས་པའམ་མངོན་ཤེས་ཅན་དུ་འཁྲུལ་ཞིང་འདུ་ཤེས་འགྱུར་བ་སྟེ་བརྫུན་རླབས་པོ་ཆེ་མི་ཆོས་བླ་མར་གྲགས་པས་མཆོན་པའོ། །ཕྱོགས་མཐུན་ནི་དྲང་པོ་ལྟར་བརྫུས་པའི་ཚིག་གིས་ཕ་རོལ་བསླུ་བར་ཤེས་ནས་བརྗོད་པའོ། །ཕྲ་མ་ནི་ཡན་ལག་གསུམ་གྱིས་རྫོགས་པ་ཡིན་ཏེ་དབྱེ་བའི་གཞི་གང་ཟག་ཕན་ཚུན་མཛའ་བའམ། བཏང་སྙོམས་སུ་གནས་པ་ལ། དབྱེ་ན་སྦྱོར་གྱི་ཚིག་སྨྲས་པ་དང་། མཐར་དོན་གོ་བའོ། །རྫུན་དང་ཕྲ་མ་གཉིས་ལ་འདྲ་རུང་བའི་གནས་སྐབས་ཀྱང་ཡོད་དེ། བརྫུན་ནི་བསླུ་བའི་


JL00_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་པ་ཅན་དང་། ཕྲ་མ་ནི་དབྱེ་བའི་བསམ་པ་ཅན་དུ་ཁྱད་པར་དབྱེའོ། །ཕྱོགས་མཐུན་ནི་ཕན་ཚུན་ཡི་མ་རངས་པའི་ཆིག་དེ་དང་དེ་ལ་བསྐྱར་ཞིང་སྨྲས་པའོ། །ངག་འཁྱལ་ནི། གཞན་གསུམ་པོ་གང་དུའང་མ་གཏོགས་པ་ཉོན་མོངས་པའི་སེམས་ཀྱིས་བརྗོད་པ་དང་། གསུམ་པོའི་དོན་མཐར་ཐུག་པ་ཕ་རོལ་པོས་མགོ་ནའང་ངག་འཁྱལ་དུ་འགྲོ་དང་བཤེས་མཛོད་གཉིས་ཀའི་འགྲེལ་པས་བསྟན་ཏོ། །དེ་སྐད་དུ་བཙུན་པ་ཆོས་ལྡན་རབ་འབྱོར་དབྱངས་ཀྱིས་ཀྱང་ཚིག་འཁྱལ་བ་ནི་ཡན་ལག་གཉིས་ཀྱིས་རྫོགས་པར་འགྱུར་ཏེ། ཆོས་དང་མི་ལྡན་པ་དེར་བསམ་པ་དང་། ཚིག་འཁྱལ་བ་སྨྲས་པའོ། །ཞེས་ཆོས་དང་མི་ལྡན་པ་ཆོས་སུ་སེམས་ནས་ཚིག་འཁྱལ་བར་སྨྲས་པ་མཐའ་དག་ཡིན་པས། མཆོད་སྦྱིན་དང་། སྙན་དང་གསལ་སོགས་པ་དང་། བྲམ་ཟེའི་གསང་སྔགས་དང་། ཆགས་སེམས་ཀྱི་གླུ་དང་། ཟློས་གར་གྱི་ཚིག་དང་། སྨད་འཚོང་མའི་གཏམ་དང་སྔོན་རྒྱ་གར་དུ་གཞི་ལྔ་བསྔགས་པར་བྱས་པ་ལྟ་བུ་ཆོས་དང་འགལ་བའི་བསྟན་བཅོས་ལ་སོགས་དང་། མདོར་ན་བྲེ་མོའི་གཏམ་འདོད་རྒྱལ་ལམ་གནམ་བབས་སུ་བརྗོད་པས་ཆགས་སྡང་སྐྱེ་བའི་གནས་སུ་གྱུར་པ་མཐའ་དག་གོ །ཕྱོགས་མཐུན་ནི། དམག་དང་ཆོམ་རྐུན་ལ་སོགས་དུས་དང་མ་འབྲེལ་བའི་བརྗོད་པ་སྨྲ་བའོ། །ཚིག་རྩུབ་ནི་ཡན་ལག་གསུམ་གྱིས་རྫོགས་པ་ཡིན་ཏེ། གཞི་གང་ཟག་དེ་ལ་ཆེད་དུ་དམིགས་པ་དང་། སྦྱོར་བ་ཚིག་རྩུབ་མོ་སྨྲས་པ་དང་། མཐར་ཐུག་ཡིད་མི་དགའ་བར་བྱས་པའོ། །ཕྱོགས་མཐུན་ནི། ཚིག་སྙན་པར་སྨྲས་ཀྱང་དོན་གྱིས་ཡིད་མི་བདེ་བའི་གནས་ལ་སྦྱར་བའོ། །ཡིད་ཀྱི་གསུམ་ལ་དང་པོ་བརྣབ་སེམས་ནི། །གཞན་འབྱོར་དཔལ་ལ་བརྔམས་ཤིང་བདག་གིར་བྱེད། །ཕྱོགས་མཐུན་ཕ་རོལ་


JL00_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་ལ་བརྐམ་ཞིང་མྱང་། །གནོད་སེམས་གཞན་ལ་ཁོང་འཁྲུགས་འཚེ་བ་སློང་། །ཕྱོགས་མཐུན་ཕན་པས་འབྲེལ་ལ་འདུ་འབྲལ་བསྒོམ། །ལོག་ལྟ་རྒྱུ་འབྲས་མེད་དང་རྟག་ཆད་བལྟ། །ཕྱོགས་མཐུན་མེད་ལ་སྒྲོ་འདོགས་ཡོད་ལ་བསྐུར། །ཡིད་ཀྱི་རྣམ་པ་གསུམ་པོ་ལའང་དངོས་དང་། ཕྱོགས་མཐུན་པ་རེ་རེ་ལས། བརྣབ་སེམས་ནི་ཡན་ལག་གཉིས་ཀྱིས་རྫོགས་པ་སྟེ། གཞི་གང་ལ་བརྣབ་སེམས་སྐྱེ་བའི་དངོས་པོ་གཞན་གྱི་ཡིན་པ་དང་། དེ་ལ་བརྣབ་སེམས་བསྐྱེད་པའོ། །འདི་ལ་ཆོས་ལྔ་ལྡན་གྱི་སེམས་སྦྱོར་བར་དཔྱད་ནས་གཞི་གཞན་གྱི་མ་ཡིན་ན་བརྣབ་པའི་རྒྱུ་མེད། དེ་ལ་ཆགས་སེམས་མ་བསྐྱེད་ན་བརྣབ་པའི་རྐྱེན་མེད། རྫས་དེའི་ཁྱད་པར་མཐོང་ནས་རོ་མྱོང་བཞིན་དུ་ཡིད་ཀྱིས་བདག་གིར་མ་བྱས་ན་འཁུ་སེམས་དངོས་བསྟན་དུ་མི་འགྱུར། ཡིད་ཀྱིས་རྩོལ་བ་མི་བྱེད་ན་བརྣབ་སེམས་ཀྱང་མ་ཡིན་པས། ཆོས་བཞི་པོ་དེ་ནི་བརྣབ་སེམས་སྐྱེས་པའི་མོད་ལ་ལྷན་སྐྱེས་སུ་ཚང་བ་ཞིག་ཡིན་ནོ། །ཡང་སྐྱེ་བ་ཕྱི་མ་མངོན་མཐོའི་བདེ་འབྲས་ཐོབ་བར་འདོད་ནས་སྨོན་ལམ་འདེབས་པ་ལྟ་བུའང་བརྣབ་སེམས་ཀྱི་མཐར་ཐུག་ཏུ་འདོད་ན། ཡོད་པ་ཞིག་གིས་མིག་འཐོབ་པར་ཤོག་ཅིག་སྨོན་པ་དེའང་བརྣབ་སེམས་སུ་འགྱུར་བས་ན་མིག་ལྡན་སུ་ཞིག་གི་མིག་ལ་དམིགས་པ་ཡིན། རིགས་པ་འདིས་ནི་བསོད་ནམས་ཆ་མཐུན་གྱི་ལས་འབྲས་ལ་ཉེས་པ་བསྐྱེད་པར་ཤེས་པར་བྱའོ། །མཛོད་ལས་ཀྱང་། བརྣབ་སེམས་ལོག་པས་གཞན་ནོར་ཆགས། །གནོད་སེམས་སེམས་ཅན་ལ་སྡང་བ། །དགེ་དང་མི་དགེ་མེད་བལྟ་བ། །ལོག་པར་བལྟ་བ་ཡིན་འདི་ལ། །ཞེས་པས་སྐྱེ་བ་འདིར་གནས་རིགས་མཐུན་པའི་ནོར་ལ་བརྐམ་ཞིང་ཡིད་ཀྱིས་བདག་གིར་བྱེད་པ་ཁོ་ནར་འདོད་ལ། ཚངས་དབང་ལ་སོགས་


JL00_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གནས་ཐོབ་ན་དེའི་མངའ་རིས་དང་ལོངས་སྤྱོད་དེ་ལ་མི་དབང་བར་གཞན་སུ་ཞིག་གི་བརྣབ་སེམས་ཀྱི་རྗེས་སུ་འགྲོ། ཡང་འགྲོ་བ་རྣམ་འབྱེད་ཀྱི་འགྲེལ་བ་ལས། ཐོས་པ་སོགས་ལ་ཁྲོ་བས་བརྣབ་སེམས་པ་དང་། ཕན་པར་མི་དགའ་བས་ཁྲོ་བ་དང་། ཡང་དག་པའི་དགེ་བའི་བཤེས་གཉེན་དང་། ཆོས་དང་། གཞན་ལ་བསྐུར་བ་འདེབས་པ་ནི་དེའི་ཕྱོགས་མཐུན་པའོ། །ཞེས་གཞན་གྱི་ཡོ་བྱད་ལ་སོགས་པ་ལ་རང་གི་ཡིན་ན་ཅི་མ་རུང་སྙམ་ནས་འཁུ་སེམས་ཀྱིས་བདག་གིར་བྱེད་པ་ནི་བརྣབ་སེམས་ཡིན་ལ། ཕ་རོལ་གྱི་རྫས་དང་། ཐོས་པ་ལ་སོགས་པ་ལ་མི་བཟོད་བཞིན་དུ་བདག་གི་དབང་དུ་གྱུར་ན་སྙམ་པ་ནི་ཕྱོགས་མཐུན་ནོ། །གནོད་སེམས་ནི་ཡན་ལག་གཉིས་ཀྱི་རྫོགས་པར་འགྱུར་ཏེ། གཞི་སེམས་ཅན་ཡིན་པ་དང་། དེ་ལ་ཀུན་ནས་མནར་སེམས་པའོ། །དེའི་ཁྱད་པར་ཞིབ་ཏུ་བཤད་ན། སེམས་ཅན་གཞན་ལ་ཞེ་སྡང་བའམ། ཁོང་ཁྲོ་བ་སྟེ་དེ་ལ་ཀུན་ནས་མནར་སེམས་ཀྱི་དངོས་པོ་དགུ་ཡིན་ཏེ། བདག་ལ་གནོད་པ་བྱས་སོ། །བྱེད་དོ། །བྱེད་པར་འགྱུར་རོ་སྙམ་པ་དང་། གང་བདག་གི་བཤེས་སུ་གྱུར་པ་ཡིད་དུ་འོང་བ་ཕན་པར་འདོད་པ་གང་ཡིན་པ་དེ་ལ་གནོད་པར་བྱས་སོ། །བྱེད་དོ། །བྱེད་པར་འགྱུར་རོ་སྙམ་པ་དང་། བདག་དང་མི་འཛའ་བ། ཡིད་དུ་མི་འོང་བ། གནོད་པར་འདོད་པ། ཕན་པར་མི་འདོད་པ་གང་ཡིན་པ་དེ་ལ་ཕན་པར་བྱས་སོ། །བྱེད་དོ། །བྱེད་པར་འགྱུར་རོ་ཞེས་སྔོན་གྱི་འཁོན་དང་འབྲེལ་བ་ལས། འདས་པ་དང་། ད་ལྟ་བ་དང་། མ་འོངས་པ་གསུམ་གྱི་རྣམ་པར་རྟོག་པས་སྔོན་བསུ་རྗེས་དཔྱོད་ཀྱི་ཁྱད་པར་ལས། གནོད་བྱེད་ལ་ཤིན་ཏུ་མི་སྡུག་པ་ཞེ་སྡང་གི་སེམས། འཁོན་འཛིན་ཡང་ཡང་དྲན་པ་


JL00_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ཁོང་ཁྲོའི་སེམས། དེ་ལ་ཤིན་ཏུ་མི་བཟེད་པ་ང་རྒྱལ་གྱི་སེམས། བསད་ན་དང་བརྡེག་ན་ཅི་མ་རུང་སྙམ་པ་འཁུ་བའི་སེམས། ངོ་ཚ་དང་ཉེས་དམིགས་ཟིལ་གྱིས་ནོན་པ་གཏི་མུག་གི་སེམས་ཏེ་ཆོས་ལྔ་དང་ལྡན་པ་ཉིད་ཡིན་ནོ། །ཕྱོགས་མཐུན་ནི། ཕན་པར་མི་དགའ་ཞིང་ངན་པ་འདུ་བ་དང་། བཟང་པོ་དང་འབྲལ་བར་བསྒོམ་པའོ། །ལོག་པར་བལྟ་བ་ནི་ཡན་ལག་གཉིས་ཀྱིས་རྫོགས་པར་འགྱུར་ཏེ། གཞི་ཕྱིན་ཅི་མ་ལོག་པ་རྒྱུ་འབྲས་ཀྱི་ཆོས་ངེས་པར་མི་བསླུ་བ་ཉིད་ལ། བསམ་པ་ཕྱིན་ཅི་ལོག་དགེ་བ་དང་མི་དགེ་བའི་འབྲས་བུ་ནི་མེད་དོ་སྙམ་དུ་ངེས་པར་སེམས་པའི་ལོག་ལྟ་དང་། རྟག་ཆད་དུ་བལྟ་བའོ། །ཕྱོགས་མཐུན་པ་ནི་ཆོས་དང་གང་ཟག་ཁྱད་པར་ཅན་ལ་ཞེ་སྡང་བ་དང་། རྨོངས་པ་གང་དག་དགེ་སྡིག་གི་འབྲས་བུ་མཐོང་ཆོས་སུ་མ་སྨིན། ལས་སྟོབས་པོ་ཆེ་བསགས་པའི་གང་ཟག་ལ་ལ་རེ་ཞིག་བདེ་འགྲོར་སྐྱེས་སོ་ཟེར་དེ་ལྟ་བུས་ལས་འབྲས་ལ་འདེན་ནམ་མི་བདེན་ནམ་སྙམ་པ་བྱེད་པ་མང་བ་དེའང་རྒྱུ་འབྲས་ལ་ལོག་པར་བལྟ་བའི་ཕྱོགས་མཐུན་དུ་འགྱུར་རོ། །ད་ནི་དེ་དག་གི་འབྲས་བུ་བཤད་པ། ཀུན་ལ་འབྲས་བུ་བཞི་བཞིར་སྨིན་པའི་ཚུལ། །རྣམ་སྨིན་རྒྱུ་མཐུན་དབང་དང་བྱེད་པ་ལས། །ཞེས་ཡུལ་མི་དགེ་བ་དང་། ཀུན་སློང་མི་དགེ་བ་དང་། བསམ་སྦྱོར་མི་དགེ་བས་བསྐྱེད་པས་ན་རྣམ་པར་སྨིན་པ་དང་། རྒྱུ་མཐུན་པ་དང་། དབང་ངམ་བདག་པོའི་འབྲས་བུ་སྟེ་གསུམ་པོའི་སྟེང་དུ། མན་ངག་གིས་བྱེད་པའི་འབྲས་བུ་བསྣན་ཏེ་བཞིར་ཡོད་པ་ལས། ཕྱོགས་དང་པོ་བཤད་པའི་ཕྱིར། རྣམ་སྨིན་འབྲས་བུ་ཆོས་ལྔ་ལྡན་ནམ་མིན། །ཀུན་སློང་གསུམ་གྱི་ཆུང་ངུས་དུད་འགྲོ་དང་། །འབྲིང་གི་ཡི་དྭགས་ཆེན་པོས་དམྱལ་བར་འཕེན། །འདི་ལྟར་མི་དགེ་བའི་ལས་དེ་དག་


JL00_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ནས་སློང་བའི་སེམས་དང་། རྗེས་སུ་སྤྱོད་པའི་སྦྱོར་བ་དང་། སྦྱོར་བའི་གཞི་བསམ་པ་དེ་ཉིད་དང་། སྦྱོར་བའི་འབྲས་བུ་དངོས་གཞི་ཉིད་སྤྱད་པ་དང་། མཇུག་རྗེས་སུ་ཡི་རང་བ་སྟེ་ཆོས་ལྔའི་ཡན་ལག་དང་ལྡན་ན་མི་དགེ་བའི་ལས་དེ་མཐར་ཕྱིན་པ་རྫོགས་པ་ཡིན་ལ། དེའང་རྩ་བའི་ཉོན་མོངས་གསུམ་གྱི་ཀུན་སློང་དག་གིས་དེ་དང་རྗེས་སུ་མཐུན་པའི་ལས་ལམ་བཅུ་པོ་རྫོགས་པར་བྱེད་པའི་ཚུལ་ཆོས་མངོན་པའི་ཚིག་ལེའུར་བྱས་པ་ལས། གསོད་དང་གནོད་སེམས་ཚིག་རྩུབ་པ་དག །ཞེ་སྡང་གིས་ནི་མཐར་ཕྱིན་བྱེད། །ལོག་གཡེམ་བརྣབ་སེམས་མ་བྱིན་ལེན། །ཆགས་པ་ཡིས་ནི་མཐར་ཕྱིན་བྱེད། །ལོག་པར་བལྟ་བ་གཏི་མུག་གིས། །ལྷག་མ་གསུམ་གྱིས་རྫོགས་པར་འདོད། །ཅེས་སོ། །དེ་ལ་ཀུན་སློང་གི་སྒོ་ནས་བཞག་ན་ཞེ་སྡང་ལ་བརྟེན་པ་རྣམས་ཀྱིས་ནི་དམྱལ་བར་འགྲོ་ལ། འདོད་ཆགས་ལ་བརྟེན་པ་རྣམས་ཀྱིས་ནི་ཡི་དྭགས། གཏི་མུག་ལ་བརྟེན་པ་རྣམས་ཀྱིས་ནི་དུད་འགྲོར་སྐྱེའོ། །ལས་སྟོབས་ཆེ་ཆུང་གི་སྒོ་ནས་བཞག་ན། དྲན་པ་ཉེར་གཞག་ལས། རྣམ་པར་སྨིན་པ་འདི་དག་གི་ཆུང་ངུས་ནི་དུད་འགྲོ་རྣམས་སུ་སྐྱེའོ། །འབྲིང་གིས་ནི་ཡི་དྭགས་རྣམས་སུ་སྐྱེའོ། །ཆེན་པོས་ནི་དམྱལ་བ་རྣམས་སུ་སྐྱེའོ། །ཞེས་སོ། །བྱེད་པའི་ཡུལ་ལྕི་ཡང་གི་སྒོ་ནས་བཞག་ན། འཕགས་པ་དེ་བཞིན་གཤེགས་པའི་མཛོད་ཀྱི་མདོ་ལས། འོད་སྲུངས། ཕ་ཡང་ཡིན་ལ་རང་སངས་རྒྱས་ཀྱང་ཡིན་པ་གསོད་པ་གང་ཡིན་པ་འདི་ནི་སྲོག་གཅོད་པའི་ནང་ན་མ་རུངས་པའོ། །དཀོན་མཆོག་གསུམ་གྱི་དཀོར་འཕྲོག་པ་འདི་ནི་མ་བྱིན་པ་ལེན་པའི་ནང་ན་མ་རུངས་པའོ། །མ་ཡང་ཡིན་ལ། དགྲ་བཅོམ་མ་ཡང་ཡིན་པ་ལས་ཉལ་བོ་བྱས་པ་


JL00_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི། འདོད་པས་ལོག་པར་གཡེམ་པའི་ནང་ན་མ་རུངས་པའོ། །དེ་བཞིན་གཤེགས་པ་ལ་བསྐུར་བ་འདེབས་པ་འདི་ནི་རྫུན་དུ་སྨྲ་བའི་ནང་ན་མ་རུངས་པའོ། །དགེ་འདུན་གྱི་དབྱེན་བྱས་པ་འདི་ནི་ཕྲ་མའི་ནང་ན་མ་རུངས་པ་ཡིན་ནོ། །འཕགས་པ་རྣམས་ལ་མི་སྙན་པ་བརྗོད་པ་འདི་ནི། དག་རྩུབ་བོ་རྣམས་ཀྱི་ནང་ན་མ་རུངས་པ་ཡིན་ནོ། །ཆོས་ཐོས་པར་འདོད་པ་རྣམས་རྣམ་པར་གཡེང་བར་འདོད་པ་འདི་ནི། ཚིག་འཁྱལ་བའི་ནང་ན་མ་རུངས་པ་ཡིན་ནོ། །ཡང་དག་པར་སོང་བ་དང་། ཡང་དག་པར་ཞུགས་པ་རྣམས་ཀྱིས་རྙེད་པ་ལ་འཕྲོག་པར་སེམས་པ་འདི་ནི། བརྣབ་སེམས་ཀྱི་ནང་ན་མ་རུངས་པ་ཡིན་ནོ། །མཚམས་མེད་པ་བྱེད་པ་འདི་ནི་གནོད་སེམས་ཀྱི་ནང་ན་མ་རུངས་པ་ཡིན་ནོ། །ལྟ་བ་མཆོག་ཏུ་འཛིན་པ་འདི་ནི་ལོག་པར་བལྟ་བའི་ནང་ན་མ་རུངས་པ་ཡིན་ནོ། །ཞེས་གསུངས་སོ། །ཕྱོགས་གཉིས་པ་བཤད་པ། རྒྱུ་མཐུན་འབྲས་བུ་རྣམ་པ་གཉིས་གྲུབ་སྟེ། །བྱེད་པ་རྒྱུ་མཐུན་བྱེད་ལས་མཐུན་པར་སྐྱེ། །གང་དུ་མི་དགེ་བའི་ཀུན་ཏུ་སྤྱོད་པ་ལ་གོམས་ཤིང་ཀུན་ཆུབ་པར་བྱས་པས། ཕྱིར་ཡང་དེ་དང་བྱེད་པ་མཐུན་པའི་ལུས་རྟེན་ཐོབ་ནས། སྔ་མའི་སྤྱོད་པ་ངན་པ་ལ་འཇུག་ཅིང་། ལས་དེ་མུ་མཐའ་མེད་པར་འཕེལ་ནས་སྡུག་བསྔལ་མཐའ་དག་པ་བསྐྱེད་པ་ཡིན་ཏེ། ལས་བརྒྱད་ལས། དེ་མི་དགེ་བ་ཀུན་ཏུ་སྤྱོད་ལ་གོམས་ཤིང་འདྲིས་པར་བྱས་པས། ཕྱིར་ཡང་མི་དགེ་བ་ལ་བརྟེན། མི་དགེ་བ་ལ་སྤྱོད། མི་དགེ་བའི་རྗེས་སུ་འཇུག་པ་ཉིད་དུ་སྐྱེ་སྟེ། ཞེས་གསུངས་སོ། །མྱོང་བ་རྒྱུ་མཐུན་མཐོ་རིས་ཐོབ་གྱུར་ཀྱང་། །རིམ་བཞིན་མི་དགེ་བཅུ་ལ་གཉིས་གཉིས་ལྡན། །འཚོ་བ་ཐུང་ལ་ནད་ཀྱང་རྣམ་གྲངས་མང་། །ཡོ་བྱད་ཉུང་ཞིང་དགྲ་དང་ཐུན་མོང་ཅན། ཁྱིམ་ཐབ་མི་མཛེས་དགྲ་ཟླར་འབྲེལ་བ་དང་། །བསྐུར་བས་གདུང་ཞིང་གཞན་གིས་བསླུ་བ་


JL00_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

མང་། །འཁོར་གཡོག་ངན་ཞིང་འདུམས་པར་དཀའ་བ་དང་། །ཚིག་བཟུང་མི་འོས་ཡིད་ཆེས་ཞན་པ་དང་། །མི་སྙན་མང་ཐོས་འཐབ་མོའི་ཆིག་ཏུ་འདྲུལ། །ཆོག་མི་ཤེས་དང་འདོད་པས་གདུང་བ་དང་། །གནོད་པ་འདུ་ཞིང་ཕན་པ་འབྲལ་བ་དང་། །བལྟ་བ་ངན་དང་གཡོ་སྒྱུས་འཁྲུགས་པའོ། །དེ་སྐད་དུ་འཕགས་པ་སྡོང་པོ་བཀོད་པ་ལས། སྲོག་གཅོད་པས་ནི་སེམས་ཅན་དམྱལ་བར་འཁྲིད་དོ། །བྱོལ་སོང་གི་སྐྱེ་གནས་སུ་འཁྲིད་དོ། །གཤིན་རྗེའི་འཇིག་རྟེན་དུ་འཁྲིད་དོ། །ཞེས་རྣམ་སྨིན་གྱི་འབྲས་བུ་ཐམས་ཅད་ཀྱི་མགོར་སྦྱར་ནས། དེ་ནས་ཅི་སྟེ་མིར་སྐྱེས་ནའང་རྣམ་པར་སྨིན་པ་གཉིས་མངོན་པར་བསྒྲུབ་པ་ནི་འདི་ལྟ་སྟེ། ཚེ་ཐུང་བ་དང་། ནད་མང་བའོ། །མ་བྱིན་པར་ལེན་པ་ནི། དེ་ནས་ཅི་སྟེ་མིར་སྐྱེས་ན་ཡང་རྣམ་པར་སྨིན་པ་གཉིས་མངོན་པར་བསྒྲུབ་པ་ནི་འདི་ལྟ་སྟེ། ཞེས་པའང་འོག་མ་ཐམས་ཅད་ལ་སྦྱར་རོ། །ལོངས་སྤྱོད་ཆུང་བ་དང་། ཐུན་མོང་གི་ལོངས་སྤྱོད་དུ་འགྱུར་རོ། །འདོད་པས་ལོག་པར་གཡེམ་པས་ནི། །ལྷོད་པ་དང་བཅས་པའི་ཆུང་མ་དང་གཡོག་འཁོར་མི་བསྲུན་པའོ། །བརྫུན་དུ་སྨྲ་བས་ནི། བསྐུར་བ་མང་བ་དང་། གཞན་གྱིས་བསླུ་བའི། ཕྲ་མས་ནི། གཡོག་མི་མཐུན་པ་དང་། གཡོག་ངན་པར་འགྱུར་རོ། །ཚིག་རྩུབ་པོས་ནི། ཡིད་དུ་མི་འོང་བའི་ཚིག་ཐོས་པ་དང་། འཐབ་མོའི་ཚིག་ཐོས་པར་འགྱུར་བའོ། །ངག་འཁྱལ་བས་ནི། ཚིག་མི་བཙུན་པ་དང་། སྤོབས་པ་མེད་པའོ། །བརྣབ་སེམས་ཀྱིས་ནི། ཆོག་མི་ཤེས་པ་དང་འདོད་པ་མེད་པའོ། །གནོད་སེམས་ཀྱིས་ནི། གནོད་པས་གླགས་བལྟ་བ་དང་། ཕ་རོལ་གྱིས་མནར་བའོ། །ལོག་པར་བལྟ་བས་ནི། ལྟ་བ་ངན་པར་ལྟུང་བ་དང་། གཡོ་སྒྱུ་ཅན་དུ་འགྱུར་བའོ། །ཞེས་པ་དང་མཚུངས་པ་དྲན་པ་ཉེར་


JL00_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

གཞག་དང་། རིན་ཆེན་ཕྲེང་བ་ལས་ཀྱང་བཤད་དོ། །ཕྱོགས་གསུམ་པ་ནི། དབང་གི་འབྲས་བུ་ཡུལ་དང་རྟེན་ཅིང་འབྲེལ། །སྲོག་གཅོད་སྡིག་ཏོའི་ཁུར་གྱིས་ནོན་པ་སྟེ། །ས་ཕྱོགས་བག་ཆུང་སྨན་ཤིང་མེ་ཏོག་ཉུང་། །ལོ་འབྲས་བཟའ་བཏུང་མཐུ་ཉམས་འཇུ་དཀའ་ཞིང་། །སྲོག་ལ་ཡ་ངའི་གནས་སུ་ཕྱིན་པར་འགྱུར། །མ་བྱིན་བླངས་པས་མྱུ་གུ་འཇོམས་པ་སླ། །བཟའ་ཤིང་ཡོད་ཀྱང་འབྲས་བུས་རྣམ་པར་སྨད། །སད་ཀྱིས་གདུང་དང་སེར་བས་རྣམ་པར་འཐག །མུ་གེའི་སྡུག་བསྔལ་སྙིང་ལ་འཕོ་བར་སྐྱེ། །ལོག་པར་གཡེམ་པས་བཤང་གཅིའི་འདམ་རྫབ་ཁྲོད། །དྲི་ངའི་ཚོར་བ་རྩུབ་མོས་དབུགས་མི་ཕྱིན། །མི་གཙང་ལྗན་ལྗིན་དོག་ཅིང་ཉམས་མི་དགའི། །ཡུལ་དུ་སྐྱེ་བའི་འཁྲི་ཤིང་དབང་མེད་འཛུགས། །རྫུན་གྱིས་འབྱོར་བ་གཡོ་ཞིང་ཡུལ་མི་མཐུན། །གཞན་གྱིས་བསླུ་དང་འཇིགས་པས་བརྟབས་ཤིང་སྐྲག །ཕྲ་མས་ས་ཕྱོགས་ངམ་གྲོག་གཅོད་རོང་ཅན། །བགྲོད་དཀའ་མཐོ་དམན་ཅན་གྱི་ཡུལ་ལ་གནས། །བརྗོད་པ་རྩུབ་མོས་རྡོག་སེག་ཚེར་མ་ཅན། །སྡོང་དུམ་འབྲས་ངན་རྩུབ་དང་ཉམས་མི་བདེ། །ཚ་སྒོ་ཅན་དང་རྡུལ་མང་ཉལ་ཉིལ་ཁྲོད། །ཡིད་མི་བདེ་བའི་ཚོར་བ་ཉམས་སུ་མྱོང་། །ཀྱལ་ཀས་སོ་ནམས་ངལ་བ་འབྲས་མེད་ཅིང་། །དུས་ཀྱི་རྗེས་སུ་མི་འགྲོ་མི་བརྟན་འགྱུར། །བརྣབ་སེམས་སྤུན་དང་འབྲས་བུ་གོ་ལྡོག་ཅིང་། །གནས་དུས་གདུག་པས་སྐབས་བཙལ་མཐོང་བར་སྐྱེ། །གནོད་སེམས་སྡིག་སྤྱོད་རྒྱལ་པོ་དང་འབྲེལ་ཞིང་། །ཆོམ་རྐུན་སྦྲུལ་གདུང་མི་རྒོད་གཅན་གཟན་རྩུབ། །ལོ་ཏོག་འབྲས་བུའི་རོ་ཡང་ཚ་ཞིང་ཁ། །རང་བཞིན་གནོད་པས་བཀབ་པའི་ཡུལ་དུ་སྐྱེ། །ལོག་ལྟས་རིན་པོ་ཆེ་སོགས་ཕུན་ཚོགས་ཀྱི། །འབྱོར་བས་ཀུན་ནས་སྤོང་ཞིང་སྨན་ཤིང་ཉུང་། །མེ་ཏོག་འབྲས་བུ་དག་ཀྱང་མཐུ་ཆུང་ལ། །སྐྱབས་དང་སྐྱོབ་པ་དཔུང་གཉེན་མེད་པར་སྐྱེ། །


JL00_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་རྣམ་པར་གཏན་ལ་དབབ་པ་བསྡུ་བའི་དོན་རང་ཚིག་གིས་ཡུལ་དང་རྗེས་སུ་འབྲེལ་བ་གསལ་པོར་བསྟན་ཏོ། །ཕྱོགས་བཞི་པ། སྐྱེས་བུ་བྱེད་པའི་འབྲས་བུ་གང་བྱས་ལས། །མང་པོར་འཕེལ་བས་སྡུག་བསྔལ་མཐའ་དག་བསྐྱེད། །སྐྱེས་བུ་བྱེད་པའི་འབྲས་བུ་འདི་ནི་བྱེད་པ་རྒྱུ་མཐུན་དང་མི་འདྲ་བའི་ཁྱད་པར། དྲན་པ་ཉེར་བཞག་ཆུང་ངུ་ལས། སྐྱེས་བུ་གཏི་མུག་ཅན་སྡིག་པ་བྱེད་པ་དེ་དག་ནི། ཡང་ཕྱིར་ཞིང་སྡིག་པ་འཕེལ་བས་རབ་ཏུ་སྡུག་བསྔལ་བར་འགྱུར་རོ། །ཞེས་རྒྱུ་མཐུན་པའི་སྲིད་པ་ཉིང་མཚམས་སྦྱོར་བ་ལ་མི་ལྟོས་པར་མི་དགེ་བ་གང་བྱས་དེ་ཉིད་འཕེལ་བས་སྡུག་བསྔལ་ཐོབ་པར་འགྱུར་རོ། །ད་ནི་དེ་དག་གི་དོན་བསྡུ་བའི་ཕྱིར། འདི་ལྟར་མུན་པ་ལས་ཀྱང་མུན་ནག་ཅན། །འཁོར་བའི་བཙོན་ར་ཤིན་ཏུ་བརྣག་དཀའ་བར། །ཉེར་ལེན་ཕུང་པོའི་སྟེང་དུ་སྡུག་བསྔལ་དཔལ། །བཟོད་དཀའི་ཚོར་བ་ཐོབ་འདི་སྡིག་པས་བྱས། །དེ་ཡང་གཟུགས་ལ་སོགས་ཉེ་བར་ལེན་པའི་ཕུང་པོ་ལྔའི་སྟེང་དུ་སྡུག་བསྔལ་མཐའ་དག་བསྐྱེད་པའི་རྩ་བ་ནི། ཕྲ་རྒྱས་ཀྱི་མི་དགེ་བ་རྣམ་པ་སྣ་ཚོགས་པ་སྟེ། དེའང་ཡུལ་ལ་ལྟོས་ནས་སྟོབས་ཆེ་བ། ཕ་གསོད་པ། མ་གསོད་པ། དགྲ་བཅོམ་པ་གསོད་པ། དགེ་འདུན་གྱི་དབྱེན་བྱེད་པ། དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་སྟེ་མཚམས་མེད་པ་ལྔ། དེའང་མཛོད་ལས། མཚམས་མེད་གླིང་གསུམ་དག་ན་ཡོད། །ཟ་མ་སོགས་ལ་མི་འདོད་དོ། །ཕན་དང་ངོ་ཚ་ཆུང་བའི་ཕྱིར། །ཞེས་བཤད་པས་སྒྲ་མི་སྙན་མ་གཏོགས་པའི་གླིང་གསུམ་གྱི་སྐྱེས་པ་དང་བུད་མེད་ཀྱི་རྟེན་དུ་འབྱུང་ཞིང་། ཟ་མ་དང་མ་ནིང་སོགས་ལ་ནི་མི་འབྱུང་ལ། དེའི་ནང་ཚན་དགེ་འདུན་འཁོར་ལོའི་དབྱེན་ནི་མི་འབྱུང་སྟེ། སྔ་མ་ལས། སྔ་


JL00_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་ཐུབ་པ་ནོངས་པ་དང་། །མཚམས་མ་བཅས་པ་དག་ཏུ་ཡང་། །འཁོར་ལོའི་དབྱེན་ནི་མི་འབྱུང་ངོ་། །ཞེས་སོ། །དེ་བཞིན་དུ་ཉན་ཐོས་རང་ལམ་ནས་ཉོན་མོངས་པའི་དགྲ་སྡེ་མཐའ་དག་བཅོམ་པའི་དགྲ་བཅོམ་པ་ཡང་འཚེ་བའི་ཡུལ་དུ་རྔོ་མི་ཐོགས་ཏེ། བདེན་པ་བཞིའི་གནས་ལ་རྩོད་པའི་ཀློག་པ་རྒྱ་ཆེའང་། འགོག་ལམ་གཉིས་ཀྱི་བདེན་པས་ཟག་པ་མེད་པའི་ཤེས་རབ་ལ་དམིགས་པ་ཤིན་ཏུ་ཉུང་བའི་ཕྱིར་རོ། །དེ་བཞིན་དུ་ལྷས་བྱིན་གྱི་སྒྱོགས་རྡོའི་ཟེག་སམ་ལྟར་དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་སོགས་ཐེག་དམན་གྱི་ལམ་ནས་བཤད་པའི་དངོས་བསྟན་འབྱུང་བའི་ཡུལ་མཐའ་དག་མ་ཚོགས་ཀྱང་། དེ་དང་ཉེ་བ་ལྔ་ཡོད་དེ་མཆོད་རྟེན་བཤིག་པ་དང་། བྱང་སེམས་གསོད་པ་དང་། དགྲ་བཅོམ་མ་ལ་མི་ཚངས་པར་སྤྱོད་པ་དང་། འཕགས་པ་སློབ་པ་གསོད་པ་དང་། དགེ་འདུན་གྱི་ཞལ་དུ་འདུ་བའི་སྒོ་འཕྲོག་པ་ལ་སོགས་པ་ནི་ཕལ་ཆེར་འབྱུང་ཉེ་ལ། དེའང་མ་སྐྱེས་དགྲའི་ལྟུང་བ་བྱང་བ་ལས་ནི། རང་སངས་རྒྱས་བསད་པ་དང་། དགྲ་བཅོམ་མ་ལ་མི་ཚངས་སྤྱད་པ་དང་། །དཀོན་མཆོག་གསུམ་གྱི་དཀོར་ནོར་ལ་སྤྱོད་པ། འདུམ་པའི་དགེ་འདུན་གྱི་དབྱེན་བྱེད་པ་སྟེ་ཉེ་བ་བཞིར་བཤད་དོ། །ཞར་ལ་ལྕི་བའི་ཁ་ན་མ་ཐོ་བ་བཅུ་དྲུག་དང་། ལོག་པ་བརྒྱད་ཀྱང་བཤད་སྟེ། མཁས་པའི་གོང་ལྕི། དགེ་སློང་གི་ཕྱག་ལྕི། སྒྲུབ་པ་པོའི་ཟས་ལྕི། སྔགས་པའི་རྫས་ལྕིའོ། །དེ་བཞིན་དུ་མི་ཆོས་ཀྱི་མནའ་ཟོས་པ་དང་། ཉན་ཐོས་ཀྱི་ཁྲིམས་ཉམས་པ་དང་། བྱང་སེམས་ཀྱི་བསླབ་བྱ་ཉམས་པ་དང་། གསང་སྔགས་ཀྱི་དམ་ཚིག་ཉམས་པ་རྣམས་ལྕིའོ། །ཡང་། གཏི་མུག་གི་དབང་གིས་སྟོན་པའི་སྐུ་ལ་སྨད་པ་དང་། ང་རྒྱལ་གྱི་


JL00_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གིས་མཁས་པའི་ཡོན་ཏན་ལ་སྨད་པ་དང་། ཕྲག་དོག་གི་དབང་གིས་བདེན་པའི་ཚིག་ལ་སྨད་པ། ཕྱོགས་རིས་ཀྱི་དབང་གིས་ཆོས་ལ་དགག་བསྒྲུབ་བགྱིས་པ་རྣམས་སོ། །མཚམས་མེད་ལྔའི་ནང་ནས་ཁྲག་འབྱིན་པ་དང་། མི་དགེ་བཅུའི་ནང་ནས་ལོག་ལྟ་དང་། མཉམ་པའི་ཆོས་ལ་ཁྱད་དུ་གསོད་པ། རང་བཞིན་མེད་པ་ལ་གལ་འཛུགས་པ་སྟེ། བཞི་ཚན་རེ་རེ་བཞིན་ལོག་པ་དང་། ཉམས་པ་དང་། སྨད་པ་དང་། སྐུར་བའི་ལྕི་བ་ཞེས་རིམ་བཞིན་སྦྱར་རོ། །ལོག་པ་བརྒྱད་ནི། དགེ་བ་ལ་སྨད་པ། སྡིག་པ་ལ་བསྟོད་པ། དགེ་བ་ཅན་དཀྲུགས་པ། དད་པ་ཅན་གྱི་ཚོགས་བཅག་པ། བླ་མ་དང་། ཡི་དམ་དང་། མཆེད་ལྕམ་སྤངས་པ། དཀྱིལ་འཁོར་གཉན་པོ་འབྲལ་བ་རྣམས་སོ། ཁྱད་པར་བྱང་ཆུབ་སེམས་དཔའ་ལ་བརྟེན་པའི་ཉེས་པ་ནི་བཟོད་པར་དཀའ་སྟེ། དད་སྟོབས་བསྐྱེད་པ་ཕྱག་རྒྱའི་མདོ་ལས། ཕྱོགས་བཅུའི་སེམས་ཅན་ཐམས་ཅད་བཙོན་དུ་བཅུག་པ་ལས། བྱང་ཆུབ་ཏུ་སེམས་བསྐྱེད་པའི་གང་ཟག་ལ་ཁྲོས་ཏེ་རྒྱབ་བསྟན་པ་སྡིག་པ་ཆེའོ། །ཆུ་བོ་གངྒཱའི་བྱེ་མའི་རྡུལ་གྲངས་དང་མཚུངས་པའི་མཆོད་རྟེན་བཤིག་བབས། བྱང་ཆུབ་སེམས་དཔའ་ལ་གནོད་སེམས་དང་ཁོང་ཁྲོ་བ་དང་། ཚིག་ངན་དང་སྐུར་བ་བཏབ་པ་རྣམས་སྡིག་པ་ལྕེའོ། །ཞེས་དང་། རྣམ་པ་ངེས་པའི་ཆོ་འཕྲུལ་གྱི་མདོ་ལས་ཀྱང་། འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་ཀྱི་སྲོག་གཅད་དམ། ཀ་ཆ་འཕྲོག་པ་ལས། བྱང་ཆུབ་སེམས་དཔའ་དུད་འགྲོའི་རིགས་ལ་ཟན་ཆངས་གཅིག་སྟེར་བའི་བར་ཆད་བགྱིས་པའི་སྡིག་པ་སྟོབས་ཆེའོ་གསུངས། དེ་བཞིན་དུ་ཚོགས་ཀྱི་སྒོ་ནས་ཀྱང་སེམས་ཅན་ཐམས་ཅད་བཙོན་ནས་བཏོན་ཏེ་འཁོར་ལོས་སྒྱུར་བ་དང་། ཚངས་


JL00_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བདེ་བ་ལ་བཀོད་པ་བས་ཀྱང་། བྱང་ཆུབ་སེམས་དཔའ་ལ་བསྔགས་པ་ཅུང་ཟད་ཅིག་བརྗོད་པ་བསོད་ནམས་ཆེ་ཞེས་གསུངས། དེའི་རྒྱུའང་འཇུག་པ་ལས། ཉན་ཐོས་སངས་རྒྱས་འབྲིང་རྣམས་ཐུབ་དབང་སྐྱེས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ལས་འཁྲུངས་ཤིང་། །སྙིང་རྗེའི་སེམས་དང་གཉིས་སུ་མེད་བློ་དང་། །བྱང་ཆུབ་སེམས་ནི་རྒྱལ་སྲས་རྣམས་ཀྱི་རྒྱུ། །ཞེས་ཉན་རང་གཉིས་སངས་རྒྱས་ལ་བརྟེན་ནས་བྱུང་ཞིང་། སངས་རྒྱས་བྱང་ཆུབ་ཀྱི་སེམས་ལས་བྱུང་བ་དང་། སྙིང་རྗེ་དང་། སྟོང་ཉིད་དང་། བྱང་ཆུབ་ཀྱི་སེམས་མཐའ་དག་དེའི་རྒྱུ་ཡིན་པར་བསྟན་པས་སོ། །དེའང་རྟེན་གྱི་སྒོ་ནས་བྱང་ཆུབ་སེམས་དཔའ་ཁྱིམ་པ་ལས་བྱང་ཆུབ་སེམས་པ་རབ་བྱུང་འཕགས་པ་རིན་པོ་ཆེ་ཕུང་པོའི་མདོར། བྱང་སེམས་ཁྱིམ་པས་མར་ཁུ་རྒྱ་མཚོ་ཙམ་ལ་སྡོང་བུ་རི་རབ་ཙམ་བཙུགས་ནས་མར་མེ་ཕུལ་བ་བས། བྱང་སེམས་རབ་བྱུང་གིས་མར་མེའི་སྙིང་པོ་འབྲུ་མར་གྱིས་བསྐུས་པ་མཆོད་པར་ཕུལ་བ་ཕན་ཡོན་ཆེ་ཞེས་གསུངས། རྒྱུ་དེས་གང་གི་སྤོབས་པ་སངས་རྒྱས་ཀྱིས་མ་གཏོགས་གཞན་གང་གིས་ཀྱང་ཟིལ་གྱིས་མི་ནོན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལི་ཙ་བི་དྲི་མེད་གྲགས་པས་ཀྱང་བསྟན་པ་ལ་ཆེ་བ་བཞག་པའི་ཕྱིར་ཉན་ཐོས་རྣམས་ལ་ཐོག་མར་ཕྱག་བྱས་ནས་གདོད་ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོའི་གཏམ་གྱིས་ཉན་ཐོས་ཆེན་པོ་རྣམས་དང་བྱང་ཆུབ་སེམས་དཔའ་སྐྱེ་བ་གཅིག་གིས་ཐོགས་པ་བྱམས་པ་ལྟ་བུའི་ཡང་སྤོབས་པ་ཟིལ་གྱིས་གནོན་པར་བྱེད་པའི་ཕྱིར་རོ། །དེ་ལྟ་ནའང་སྡོམ་པ་གསུམ་ཀ་རྫོགས་ཤིང་མཆོག་གི་དངོས་གྲུབ་བརྙེས་པའི་སྐྱེས་བུ་དམ་པ་རྟགས་ཀྱི་མངོན་རྟོགས་རང་བཞིན་མེད་པར་ཞིག་པ་རྣམས་ལ་ནི་དཔྱད་པར་བྱ་


JL00_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

བའི་གནས་དུ་མ་ཡོད་དོ། །དེའི་ཕྱིར་ཡུལ་དཀོན་མཆོག་དང་། ཕ་མ་ལ་བརྟེན་པ་དང་། བསམ་པ་ཉོན་མོངས་པ་དྲག་པོས་ཀུན་ནས་བསླངས་པ་དང་། བསོད་ནམས་མ་ཡིན་པ་ལ་རྒྱུན་དུ་ཞུགས་པ་དང་། འགྱོད་ཚངས་ཀྱི་གཉེན་པོ་མེད་པ་ལ་སོགས་པ་འདི་དག་ནི་ལས་འདག་ཚུལ་བཞི་ཡོད་པའི་ནང་ནས་ཐ་ཆད་པ་མྱོང་བས་འདག་པ་ཁོ་ན་ཡིན་ཏེ། དེའང་སློབ་དཔོན་དབྱིག་གཉེན་གྱིས། མཐོང་བའི་ཆོས་ལ་སོགས་པ་ལ། །མྱོང་འགྱུར་ལ་སོགས་ངེས་རྣམ་གསུམ། །ཞེས་དགེ་སློང་ལྷས་བྱིན་སངས་རྒྱས་ལ་ཁོང་འཁྲུགས་བཞིན་པར་ས་གཞི་གས་པ་མེ་དཔུང་དུ་འབར་བའི་རུམ་དུ་ལྷུང་ནས་དམྱལ་བར་སོང་བའི་མཐོང་ཆོས་མྱོང་གྱུར་དང་། ཙི་ནའི་ཡུལ་དུ་བསྟན་པ་ཐོག་མར་བྱུང་བའི་དུས་ལས་འབྲས་ལ་སྐུར་བ་བཏབ་པས་སྐྱེས་བུ་དེ་ཉིད་མལ་ན་ཉལ་བཞིན་པར་སྦྲུལ་དུ་སོང་བའི་གཏམ་རྒྱུད་དང་སྔོན་བྱུང་དུ་དགེ་འདུན་ལ་བུད་མེད་ཡིན་ཞེས་བྱས་པས་དེར་མཚན་འགྱུར་བ་ལ་སོགས་པའི་མཐོང་ཆོས་མྱོང་གྱུར་དང་། གཉིད་སྐྱེ་བ་བརྒྱར་བུད་མེད་ཀྱི་ལུས་བླངས་པ། ལན་གྲངས་གཞན་ལ་མྱོང་འགྱུར་གཉིས་ཀ་ཚང་བ་དང་། ངན་སོང་དུ་སྐྱེ་ངེས་ཀྱི་ལས་ཡོད་ན་ཚེ་དེ་ལ་སྦྱོར་ལམ་བཟོད་པ་ཙམ་ཡང་འཐོབ་མི་ནུས། འདོད་ཁམས་སུ་སྐྱེ་ངེས་ཀྱི་ལས་ཡོད་ན་ཆགས་བྲལ་གྱི་འབྲས་བུ་མི་ཐོབ་འཁོར་བར་སྐྱེ་ངེས་ཀྱི་ལས་ཤིག་ཡོད་ན་ཚེ་དེར་འཁོར་བ་ལས་གྲོལ་མི་ནུས་པར་བཤད་པས། སེམས་ཉིད་རྟོགས་པས་ཆོ་ག་ལས་འབྲས་མི་དགོས་སོ་ཞེས་ནམ་ཡང་སྨྲ་བར་མ་བྱེད་ཅིག་རྟོགས་སོ་སྙམ་པ་དེ་ཀ་མ་རྟོགས་པའི་རྟགས་ཡིན་ཏེ། སེམས་ཉིད་མ་རྟོགས་པས་ལས་འབྲས་མི་དགོས་སོ་སྙམ་པའི་ཆད་


JL00_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་སྐྱེས་པའོ། །རིན་ཆེན་ཕྲེང་བ་ལས། ལས་ཀྱི་འབྲས་བུ་མེད་ཅེས་པ། །མདོར་ན་མེད་པར་བལྟ་བ་ཉིད། །བསོད་ནམས་མ་ཡིན་ངན་སོང་བ། །ཞེས་བཤད་པ་ལྟར་རོ། །དགེ་སྡིག་གཉིས་ཀྱི་འབྲས་བུ་སྨིན་པ་སྔ་ཕྱིའང་། སྟོབས་གང་ཆེ་བ་དེ་སྔོན་ལ་སྨིན་པ་ཉིད་དོ། །སྟོབས་མཉམ་ན་འཆི་ཁར་དགེ་སྡིག་གི་སེམས་གང་དང་ཉེ་བ་དེ་ཐོག་མར་སྨིན་ནོ། །དེ་གཉིས་ཀ་མཉམ་ན་རྒྱུན་དུ་གང་ལ་གོམས་ཤུགས་ཆེ་བ་དེ་སྔོན་ལ་སྨིན། གོམས་ཤུགས་ཀྱང་འདྲན་བསགས་པའི་སྔ་ཕྱི་ལྟར་སྨིན་པ་ཡིན་ཏེ། མཛོད་ལས། ལས་ཀྱི་འཁོར་བར་ལྕི་གང་དང་། །ཉེ་བ་གང་དང་གང་གོམས་པ། །སྔོན་བྱས་གང་ཡིན་དེ་དག་ལས། །སྔ་མ་སྔ་མ་སྨིན་པར་འགྱུར། །ཞེས་སོ། །མདོར་བསྡུ་ན། མཐའ་གཅིག་ཏུ་དཀར་བའི་ལས་དང་། མཐའ་གཅིག་ཏུ་གནག་པའི་ལས་དང་། མཐའ་གཉིས་ཀ་ལ་མ་ཐུག་པ་འདྲེས་མའི་ལས་ཏེ་གསུམ་དུ་གནས་པ་ལས། དང་པོ་ནི། གཞི། བསམ་པ། སྦྱོར་བ། མཐར་ཐུག་གི་བར་ཐམས་ཅད་དགེ་སེམས་ཁོ་ནས་ཟིན་ཅིང་སྡིག་པའི་ལས་དང་ནམ་ཡང་མ་འདྲེས་པའོ། །གཉིས་པ་ནི། གཞི་བསམ་སྦྱོར་བ་མཐར་ཐུག་ཐམས་ཅད་སྡིག་སེམས་འདའ་ཞིག་གིས་ཟིན་ཅིང་དགེ་བ་དང་མ་འདྲེས་པའོ། །གསུམ་པ་ལ་མུ་གཉིས་ཏེ། ལས་དཀར་ལ་རྣམ་སྨིན་གནག་པ་དང་། ལས་གནག་ལ་རྣམ་སྨིན་དཀར་བའོ། །དང་པོ་ནི། གཞན་འབྱོར་ཕུན་ཚོགས་ལ་མི་བཟོད་ཅིང་། བདག་གི་ཕྱོགས་འབའ་ཞིག་རྒྱལ་བའི་གནས་ཐོབ་ན། མང་པོའི་སྲོག་འགགས་པ་ལའང་ཇི་མི་སྙམ་པས་གཡུལ་སྤྲོད་པའི་ཇུས་རིམ་ལྟ་བུར་མཆོད་སྦྱིན་གྱི་རིམ་པ་རྒྱ་ཆེན་པོ་གཏོང་བ་ལྟ་བུ་སྟེ། དེ་ལ་ནི་རྣམ་སྨིན་དང་བདག་འབྲས་གཉིས་ཀ་སྡུག་བསྔལ་དུ་འབྱིན་ཞིང་། རྒྱུ་མཐུན་གྱི་འབྲས་བུར་ཚེ་


JL00_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ཐུང་བ་དང་ལོངས་སྤྱོད་ཆེ་བའི་འབྲས་བུ་དཀར་ནག་འདྲེས་མར་སྨིན་ནོ། །གཉིས་པ་ནི། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སྦྱར་ན། དེད་དཔོན་སྙིང་རྗེ་ཆེན་པོས་ཚོང་པ་བརྒྱ་ཕྲག་དུ་མའི་སྲོག་སྐྱོབ་པའི་ཕྱིར་མི་ནག་མདུང་ཐུང་ཅན་བསད་པས་རྣམ་སྨིན་གྱི་འབྲས་བུར་བསྐལ་པ་འབུམ་གྱི་ཚོགས་རྫོགས། བདག་འབྲས་བདེ་བར་འབྱིན་ཡང་། རྒྱུ་མཐུན་པའི་འབྲས་བུས་མངོན་པར་བྱང་ཆུབ་ནས་ཀྱང་། ཞབས་ལ་སེང་ལྡེང་གི་ཆོལ་པ་ཟུག་པ་སུས་ཀྱང་འབྱིན་པར་མི་ནུས་པའི་ཚུལ་གྱིས་ལས་བདག་གིར་བཞེས་པ་ལྟ་བུའོ། །དེའི་ཕྱིར་ན་ཏིང་ངེ་འཛིན་རྒྱལ་པོ་ལས། ལས་བསགས་པ་ནི་ནམ་ཡང་མེད་མི་འགྱུར། །འཁོར་བ་ན་ཡང་དཀར་ནག་འབྲས་བུ་སྨིན། །ཞེས་གསུངས་སོ། །འོ་སྐོལ་སེམས་ཅན་རྣམས་ཀྱི་རྒྱུད་ནི། ཉོན་མོངས་པ་གང་ལ་བལྟས་ཀྱང་འདི་ཁོ་ན་ཆེ་སྙམ་པར་མཆིས་སོ། །ཐོག་མ་མེད་པ་ནས་གོམས་པས་སྡིག་པའི་ལས་ལ་ནི་འབད་རྩོལ་དང་བསླབ་གཉེར་མི་དགོས་པར་མཆིས་སོ། །སྤྱོད་པ་ཐམས་ཅད་མཐོ་རིས་ཐོབ་ཀྱི་དོགས་པར་མཆིས་སོ། །ད་ལྟ་སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་ལྟར་གནས་ཀྱང་ཕལ་ལ་དམ་པ་ཆོས་ཀྱི་སྐལ་བ་ཆད་ནས་འདུག་གོ །སྨྱོན་པ་རང་སྲོག་ལ་འཚེ་བ་ལྟར་ཚེ་འདིར་བདེ་ཞིང་སྐྱིད་ན་སྡིག་པའི་ལས་ལ་ཅང་མི་སེམས་པས་སྐྱེ་བ་ཕྱི་མ་ཕན་ཆད་ལ་གནོད་པ་འབའ་ཞིག་བྱེད་པར་འདུག་གོ །གྱོང་པོ་སྣུམ་རྩིས་འདུལ་ཀྱང་མར་སྐོགས་སྣུམ་གྱིས་འཆིག་པར་འདུག་གོ ཁྱིམ་པ་ཆོས་ཀྱིས་འདུལ་ཀྱང་ཆོས་དྲེད་སུས་ཀྱང་མི་ཐུལ་ལོ། །རྟག་ཏུ་བླ་མ་དང་འགྲོགས་ཤིང་ཆོས་ཀྱི་གསེབ་ན་བསྡད་ཀྱང་། རང་རྒྱུད་ཐ་བ་བཞིན་དུ་སྲ་ཞིང་འཐས་པར་སྣང་ངོ་། །གཞན་བག་ཙམ་བཙུན་མི་བཙུན་ལ་འཕྱ་སྟེ། རང་རེ་ཁྱི་ལུད་ཀྱི་གསེབ་ན་ཉལ་བ་


JL00_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

མ་མཐོང་ངོ་། །འདི་ཕྱིའི་ཕན་གནོད་མི་ཤེས་པའི་དྲན་པ་གསལ་པོ་ལྐུག་པར་འདུག་གོ །རྒྱུ་དེས་ལས་འབྲས་ལ་ཡིད་མི་ཆེས་པའི་དགེ་བ་ལ་དད་པས་ཀུན་ནས་སློང་བ་ནི་བརྒྱ་ལམ་ན་རེས་འགའ་ཙམ་མོ། ཁ་ཅིག་ནི་ཁྱིམ་པའི་མིག་སྔ་ན་ཚུལ་འཆོས། ཁ་ཅིག་ཟླ་གྲོགས་ཀྱི་སྟབས་ལེགས། ཁ་ཅིག་བཟའ་བཏུང་གི་ངོ་བསྲུང་། ཁྱིམ་པ་རྣམས་ནི་བདེ་སྐྱིད་སྙན་གསུམ་གྱི་ཆེད་དུ་བྱེད་པར་སྣང་བས་མཐའ་གཅིག་ཏུ་དཀར་བའི་ལས་ནི་སུའི་ཡང་དྲུང་ན་མི་ཆགས་པ་ཉིད་དོ། །འདྲེས་མའི་ལས་ནི་ཅུང་ཟད་ཟད་དོ། །མཐའ་གཅིག་ཏུ་གནག་པ་ནི་ཤིན་ཏུ་མང་བས་ན། རྣམ་པ་ཀུན་ཏུ་རང་རྒྱུད་ལ་རྟོག་དཔྱོད་ལེགས་པར་བཏང་ནས་ལས་འབྲས་ལ་ཤིན་ཏུ་ཡིད་ཆེས་པས་དགེ་སྡིག་གི་སྔོ་བགྲང་བྱེད་པ་བྲམ་ཟེ་སྨྲ་མཁན་དང་། མི་དགེ་བ་ལ་བློ་མི་འཇུག་པ་དབུལ་པོ་དེས་པ་ལྟ་བུ་ཅིག་དགོས། དེ་ལྟར་བྱུང་ན་འདུས་བྱས་ཀྱི་དངོས་པོ་ཐམས་ཅད་དང་པོ་བྱ་རུ་བཏུན་ན་ཐ་མར་བཤིག་ཏུ་བཏུབ་པ་བཞིན། སྡིག་པའི་ལས་ཀྱང་དང་པོ་བསག་ཏུ་བཏུབ་ན་ཐ་མར་བཤགས་སུ་ཅིས་མི་བཏུབ། ཁྱད་པར་འཆབ་སེམས་མ་བསྐྱེད་པར་ཉེས་པ་ལ་འགྱོད་བཞིན་པས་ཀུན་ཏུ་བསྒྲགས་པ་དེ་གཉེན་པོའི་མཆོག་ཏུ་གྱུར་བ་ཡིན་ནོ། །མདོ་ལས་ཀྱང་། སྐྱེས་བུ་དམ་པ་ནི་གཉིས་ཏེ། ལྟུང་བ་མི་འབྱུང་བ་དང་། ལྟུང་བ་བྱུང་ན་ཕྱིར་བཅོས་པའོ། །ཞེས་གསུངས། འདི་ལྟར་ཁོང་པར་དུག་སོང་ན་དེ་མ་ཐག་ཏུ་སྨན་པ་ལ་བསྟེན་ནས་བཤལ་སྐྱུགས་བྱེད་དགོས་པ་ལྟར། སེམས་ཅན་རྣམས་ཀྱི་རྒྱུད་ལ་ངན་སོང་དུ་སྐྱེ་བའི་རྒྱུ་ལས་དང་ཉོན་མོངས་པ་གྲྭ་མ་ཉམས་པར་ཡོད་བཞིན་པའི་སྟེང་རྣམ་རྟོག་འགྱུ་ལུགས་ཀྱི་ཁྱད་པར་ཙམ་ལས་ཀྱང་སྡིག་པའི་ལས་ནི་དབུགས་སྔ་ཕྱིའི་བར་དུ་ཡང་འདུ་བྱེད་བསླ་ན། དེའི་གཉེན་པོར་སྔར་བྱས་ཀྱི་ལས་ལ་འགྱོད་པ་དྲག་པོ་བསྐྱེད་པ་


JL00_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་སུན་འབྱིན་པའི་སྟོབས་དང་། ཡུལ་དཀོན་མཆོག་དང་བླ་མ་ལ་བསྟེན་ནས་བཤགས་པ་རྟེན་གྱི་སྟོབས་དང་། ཕྱག་དང་། བསྐོར་བ་དང་། སྨྲེ་སྔགས་དང་། རྣམ་སྨིན་གྱི་འཇིགས་པ་དྲན་པས་ཆོས་སྤྱོད་ལ་སོགས་དཀར་པོའི་ལས་ཅི་བགྱིད་པ་ཐམས་ཅད་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་དང་། ཉེས་པ་ལས་ལྡོག་པའི་སྟོབས་ཀྱི་ཁྱད་པར་ནི། སྟོང་གསུམ་གྱི་ནོར་རྫས་ཐམས་ཅད་སྡིག་པ་བྱེད་པའི་རྔན་དུ་སྤུངས་པའམ། ཉི་མ་རེ་ལ་ཤ་སེན་མོས་ནོན་པ་ཙམ་རེ་བཅད་ནས་དམ་པའི་ཆོས་བཏང་ན་ནི་འདི་ལས་ལྡོག་གོ་ཟེར་ཡང་མི་གཏོང་བ་གཅིག་དགོས་ཏེ། བདག་ནི་བསྲེགས་ཏེ་བསད་གྱུར་ཏམ། །མགོ་བོ་བརྡུངས་པར་བྱས་ཀྱང་ནི། །ཉོན་མོངས་པ་ཡི་ཡུལ་ལ་ནི། །ནམ་ཡང་འདུད་པར་མི་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟ་བུའི་གཉེན་པོ་སྟོབས་བཞིའི་ཆོགས་བཤད་ཤིང་། དེ་བཞིན་གཤེགས་པའི་བསྟན་པ་ལ་བསྟེན་ན་མཚམས་མེད་ཀྱི་ལས་ཀྱང་འབྱུང་བའི་ཚུལ། བཤེས་སྤྲིང་ལས། གང་ཞིག་སྔོན་ཆད་བག་མེད་གྱུར་པ་ལས། །ཕྱི་ནས་བག་དང་ལྡན་པར་གྱུར་དེ་ཡང་། །ཟླ་བ་སྤྲིན་བྲལ་ལྟ་བུར་རྣམ་མཛེས་ཏེ། །དགའ་བོ་སོར་ཕྲེང་མཐོང་ལྡན་བདེ་བྱེད་བཞིན། །ཞེས་བསྟན་ཏོ། །དེ་ལ་དགའ་བོ་ཞེས་བྱ་བ་ནི་ཤཱཀྱ་གཞོན་ནུ་འདོད་ཆགས་ཅན། རང་གི་ཆུང་མ་པུནྡ་རི་ཀ་དང་བྲལ་ན་ཐང་ཅིག་ཀྱང་དགའ་བ་མི་མྱོང་ངོ་། །དེ་དེ་བཞིན་གཤེགས་པས་རབ་ཏུ་བྱུང་ཡང་ཉིན་དང་མཚན་དུ་མཆིས་བྲང་ཁོ་ན་ལ་རྗེས་སུ་སེམས་པར་བྱེད་ཀྱིས་ཆོས་ལ་ནི་མ་ཡིན་ནོ། །དེ་ལྟ་བུའང་སྟོན་པས་ཐབས་ལ་མཁས་པའི་སྤྱོད་པས་ལྷ་དང་ངན་སོང་གི་གནས་སུ་ཁྲིད་ནས་མཐོ་རིས་ཀྱི་བདེ་བ་ལ་མི་རྟག་པར་བསྟན་ཏེ་དགྲ་བཅོམ་པའི་གོ་འཕང་ལ་སྦྱར་རོ། །སོར་མོའི་ཕྲེང་བ་ནི་བྲམ་ཟེའི་བུ་འཇིག་རྟེན་གྱི་སྐྱེས་བུ་ཕལ་


JL00_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་དཔའ་ལ་བླུན་པོ་ཞིག་སྟེ། སློབ་དཔོན་ངན་པས་ཆོས་མ་ཡིན་པ་ཆོས་སུ་འགྱུར་རོ་ཞེས་པའི་ལུང་མཉན་ནས་མི་དགུ་བརྒྱ་དང་། དགུ་བཅུ་གོ་དགུ་བསད་དེ་སོར་མོ་གཅིག་པ་རེའི་ཕྲེང་བས་ལུས་ལ་བརྒྱན་ནོ། །དེ་ཡང་སྟོན་པས་རབ་ཏུ་བྱུང་ནས་ཁམས་གསུམ་པའི་འདོད་ཆགས་ལས་གྲོལ་ལོ། །མཐོང་ལྡན་ནི་མ་སྐྱེས་དགྲ་སྟེ། རང་རྒྱུད་ཞེ་སྡང་དང་ལྡན་པའི་སྟེང་དུ་མི་དགེ་བའི་གྲོགས་པོ་དང་ཕྲད་པ་དང་། སྔོན་གྱི་ཤ་འཁོན་ཆགས་པའི་རྒྱུས། ཕ་ཆོས་དང་ལྡན་པའི་རྒྱལ་པོ་གཟུགས་ཅན་སྙིང་པོ་བསད་དོ། །དེའི་རིགས་ཀྱི་བུ་བདེ་བྱེད་ཀྱིས་ཀྱང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་དབང་གིས་གཞན་གྱི་ཆུང་མ་ལ་བྱི་བོ་བྱས་པའི་ལེ་ལན་གྱིས་རང་གི་མ་བསད་དོ། །དེ་གཉིས་ཀའང་དེ་བཞིན་གཤེགས་པའི་བསྟན་པ་ཁོ་ན་ལ་བརྟེན་པས་དམྱལ་བར་དར་གྱི་ཕོ་ལོང་བརྡབས་པ་ཙམ་ལས་ཐར་སྟེ་མཐོ་རིས་ཀྱི་བདེ་བ་ཉམས་སུ་མྱོང་བ་བཞིན་ནོ། །དེའི་ཕྱིར་རྣམ་པ་ཐམས་ཅད་དུ་སེམས་འདུལ་བ་ནི་གདམས་ངག་གི་དོན་པོ་ཡིན་ཏེ། ཁྱོད་ཀྱིས་ཐུགས་དུལ་མཛོད་ཅིག་བཅོམ་ལྡན་གྱིས། །སེམས་ནི་ཆོས་ཀྱི་རྩ་བ་ལེགས་པར་གསུངས། །ཞེས་པ་ལྟར་ཡིད་ནི་ཆོས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ཁོ་ན་ཡིན་པས་དགེ་བའི་སེམས་ནི་རྡོ་ལ་རི་མོ་བྲིས་པ་བཞིན་དུ་བརྟན་པར་བྱས་ལ། མི་དགེ་བའི་སེམས་ནི་ཆུ་ལ་རི་མོ་བྲིས་པ་བཞིན་དུ་འགྱོད་ཚངས་དང་བཅས་ཏེ་དེ་མ་ཐག་ཏུ་བལྟར་མི་མངོན་པར་བྱ་སྟེ། སློབ་དཔོན་འཕགས་པས། སེམས་ནི་ཆུ་དང་ས་དང་རྡོ་བ་ལ། རི་མོ་བྲིས་པ་དེ་འདྲར་རིགས་པར་བགྱི། །དེའི་ནང་ཉོན་མོངས་ཅན་ལ་དང་པོ་ནི། །མཆོག་སྟེ་ཆོས་འདོད་རྣམས་ལ་ཐ་མ་ལགས། །ཞེས་གསུངས་པ་ཡིན་ནོ། །ད་ནི་འབྲས་བུ་ཡིད་དུ་མི་འོང་བ་དེ་དག་ལས་བཟློག་ཕྱིར་དགེ་བ་བཅུའི་ངོ་བོ་ཉིད་བསྟན་པ། དེ་ཕྱིར་མ་དག་


JL00_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དབང་གནས་སྐབས་ན། །མཐོ་རིས་འཕེན་བྱེད་དགེ་བའི་ལས་ལམ་བཅུ། །མི་དགེ་བཅུ་ལས་ཕྱི་རོལ་ཕྱོགས་པ་ཡི། །དགེ་བའི་ལས་བཅུ་ཡང་དག་བསྙེན་པར་མཛོད། །དེ་བསྙེན་པ་ལས་བསོད་ནམས་ཆ་མཐུན་བཅུས། །བདེ་འགྲོར་འཕེན་ཞིང་མི་དགེ་རྣམ་པ་བཅུས། །ངན་འགྲོར་འཕེན་པའི་དཀར་ནག་རྒྱུ་འབྲས་ལ། །བླང་དོར་བགྱིད་པ་སྐྱེས་བུ་ཆུང་ངུའི་ལམ། །དེ་ལ་རྣལ་འབྱོར་སྤྱོད་པའི་གཞུང་ལས། ཀུན་བརྟགས་དང་། གཞན་དབང་དང་། ཡོངས་གྲུབ་ཅེས་པའི་གྲུབ་པའི་མཐའ་ཆེན་པོ་གསུམ་དུ་བཤད་པའི་ཀུན་བརྟགས་ནི་གང་གི་ངོ་བོར་ཡང་མེད་བཞིན་དུ་རྟོག་པས་སྒྲོ་བཏགས་པ། རི་བོང་གི་རྭ་དང་། བདག་མེད་པ་ལ་བདག་ཅེས་པ་ལྟ་བུ་དང་། དེ་དང་ཕྱོགས་མཐུན་པའི་གྲུབ་པའི་མཐའ་ངན་པ་ཐམས་ཅད་དང་། གང་དང་གང་ལ་དོན་གྱི་རྣམ་པ་འདི་ཞེས་བཀོད་ཀྱང་བློས་རློམ་པ་ཙམ་ལས་རང་མཚན་དང་དངོས་པོའི་ཡུལ་དུ་མེད་པ་མཐའ་དག་སྟེ། རྣལ་འབྱོར་སྤྱོད་པའི་གཞུང་ལས། ཀུན་ཏུ་བརྟགས་པ་རྣམས་དེ་ནི། །མེད་བཞིན་འཁྲུལ་བའི་བློས་བསྐྱེད་དོ། །ཞེས་སོ། །གཞན་དབང་ལ་གཉིས་ཏེ། མ་དག་པ་དང་། དག་པ་གཞན་དབང་ངོ་། །མ་དག་པ་གཞན་དབང་ནི། འཁྲུལ་སྣང་གི་བག་ཆགས་བརྟས་པ་ལས་ས་རྡོ་རི་བྲག་ལ་སོགས་སྣོད་བཅུད་ཀྱི་རྣམ་པར་སྐྱེས་ཤིང་། དབང་པོའི་སྒོ་སོ་སོ་ལ་ཤར་བའི་མ་དག་པའི་འཁྲུལ་སྣང་ལས་གནས་རིས་མཐོ་དམན་དུ་ཤར་བ་ཐམས་ཅད་དོ། །དག་པ་གཞན་དབང་ནི། རང་སྣང་དག་པའི་ཞིང་དང་། སངས་རྒྱས་རྣམས་ཀྱི་གཟིགས་པ་དག་པའི་ཡུལ་ལ་སྣང་བའི་ཞིང་ཁམས་དང་། གཞལ་ཡས་ཁང་གི་རྣམ་པར་ཤར་བ་རྣམས་སོ། །དེ་ལ་གཞན་དབང་མི་


JL00_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

འཐད་པར་རྩོད་པ་ནི་རྫོགས་པའི་སངས་རྒྱས་དྲི་མེད་འོད་ཀྱིས་ལེགས་པར་བཀག་ཟིན་ཏོ། །ཡོངས་གྲུབ་ལ་གཉིས་ཏེ། འགྱུར་བ་མེད་པ་དང་། ཕྱིན་ཅི་མ་ལོག་པའོ། །དང་པོ་ནི། འདི་ལྟར་འཁྲུལ་བའོ། །འདི་ལྟར་མ་འཁྲུལ་བའོ་ཞེས་པའི་གནས་སྐབས་གཉིས་སུ་མེད་པར་ཆོས་ཐམས་ཅད་རང་བཞིན་གྱིས་དག་པའི་ཆོས་ཉིད་རང་ཆས་སུ་ལྡན་པའི་སྟོང་པ་ཉིད་དེ། དུས་གསུམ་སྔ་ཕྱི་མེད་པར་མི་འགྱུར་བ་གཤིས་ཀྱི་གནས་ལུགས་དམ་པའོ། །དེ་ལ་རང་གིས་སྟོང་པ་དང་། གཞན་གྱིས་སྟོང་པ་དང་། གཉིས་ཀས་སྟོང་པ་རྣམ་པ་གསུམ་བཞག་སྟེ། རང་གིས་སྟོང་པ་ནི་ཆོས་གང་དང་གང་ཡིན་པ་དེའི་རང་བཞིན་བདེན་པ་མེད་པའོ། །གཞན་གྱིས་སྟོང་པ་ནི་ཆོས་དེ་ལ་ཆོས་གཞན་མེད་པའི་ཆ་ནས་བཏགས་པའོ། །གཉིས་ཀས་སྟོང་པ་ནི་ཆོས་གང་ལ་གཉིས་སུ་མེད་པའོ། །གཉིས་པ་ནི། ཇི་ལྟ་བའི་གནས་ལུགས་རྟོགས་པའི་ཀུན་རྫོབ་ཀྱི་ཆར་བསོད་ནམས་ཀྱི་ཚོགས་མི་འགོག་ཀྱང་། དོན་དམ་དུ་ཆོས་ཐམས་ཅད་རང་གི་ངོ་བོས་སྟོང་པའི་ཆོས་ཉིད་ནམ་མཁའ་ལྟ་བུར་རྟོགས་པས་ཡེ་ཤེས་ཀྱི་ཚོགས་དང་མི་འབྲལ་བའི་ཐར་ལམ་དམ་པའོ། །དེ་དག་ལས་རྒྱུ་འབྲས་ཀྱི་གནས་སྐབས་འདིར་ནི། མ་དག་པའི་གཞན་དབང་ལ་བརྟེན། དེས་དགེ་མི་དགེའི་ལས་གསོག །དེ་ལས་དེ་དང་དེའི་འབྲས་བུ་ཉམས་སུ་མྱོང་བར་སྟོན་པ་ཡིན་པས་ན། མི་དགེ་བཅུ་པོ་ལས་ལོག་པ་ཙམ་གྱིས་དགེ་བ་བཅུར་འདོད་པ་ནི་ནོར་བ་སྟེ། རྒྱུད་བསྡམས་པ་མེད་ཅིང་ལུང་མ་བསྟན་ཡིན་པར་རིགས་པར་བྱའོ། །ཡུམ་བར་མ་ལས་ཀྱང་། བདག་ཉིད་ཀྱང་སྲོག་གཅོད་པ་སྤངས་པ་ཡིན། །ཞེས་པ་ལ་སོགས་རྒྱ་ཆེར་གསུངས་པ་བཞིན་ནོ། །དེ་བས་མི་དགེ་བ་བཅུ་པོ་ནི་བསྡམས་པའི་ཕྱོགས་སུ་བྱས་ནས་དགེ་བ་བཅུ་པོ་ནི་བསྒྲུབ་པའི་ཕྱོགས་སུ་བྱ་བའོ། །


JL00_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་འབྲས་བུ་ནི་ཐར་པའི་ལམ་དང་མ་འབྲེལ་བའི་བསོད་ནམས་ཆ་མཐུན་གྱི་དགེ་བ་བཅུ་པོ་ཆུང་ངུས་རྣམ་པར་ཤེས་པ་ཚོགས་བདུན་གཙོ་བོར་ལྡན་པས་ཡུལ་གྱི་རྗེས་སུ་སྐྱེས་པ་དབང་པོ་དྲུག་གི་བདག་རྐྱེན་ལས་བྱུང་བའི་ཤེས་པ་རགས་པ་ཅན། བདེ་སྡུག་གི་ཚོར་བ་མྱོང་བདེ་བ་འདོད་པའི་མི་དང་། འབྲིང་གིས་འདོད་པའི་ཁམས་ཀྱི་ལྷར་སྐྱེ་བ་ཡིན་ལ། དགེ་བའི་ལམ་བཅུ་པོ་ཤིན་ཏུ་སྟོབས་ཆེ་ན་དེས་འཕེན་བྱེད་བྱས་ནས། དེར་སྐྱེ་བའི་རྒྱུ་ཚངས་པའི་གནས་པ་གཞི་དང་ས་དེ་བའི་ཏིང་ངེ་འཛིན་གོམས་པ་ལས་ཁམས་གོང་མ་གཉིས་སུ་སྐྱེ་སྟེ། དེའང་གཟུགས་ཁམས་པ་རྣམས་ནི་ཀུན་གཞིའི་རྣམ་པར་ཤེས་པ་དང་། འཇུག་པའི་རྣམ་པར་ཤེས་པ་གཙོ་བོར་ལྡན་ལ་གཞན་དག་ནི་འཁོར་གྱི་ཚུལ་དུ་ཡོད་པའོ། །གཟུགས་མེད་པའི་ཁམས་སུ་ནི་ཀུན་གཞི་ཉིད་གཙོ་བོར་ལྡན་ལ། གཞན་དག་བག་ལ་ཉལ་དུ་ཡོད་པས་གཉིད་འཐུག་པོ་ལོག་པའི་གནས་སྐབས་ལྟ་བུ་ལས་དགེ་བ་བྱེད་པ་ཡང་མེད་ལ། མི་དགེ་བ་ཡང་དངོས་སུ་བྱེད་པ་མེད་ཀྱང་རང་སའི་གཏི་མུག་གི་ས་པས་བསྐྱེད་པའི་ཕྱིར། ངང་གིས་གཏི་མུག་ནི་སྟོབས་ཆེན་པོ་གསོག་པ་ཡིན་ནོ། །དེའི་ཕྱིར་བསམ་གཏན་གཟུགས་མེད་ཀྱི་སེམས་དེ་སྔ་མའི་དགེ་འབྲས་ཡིན་ཀྱང་བསོད་ནམས་ཆ་མཐུན་གྱི་དགེ་བ་ཡིན་པའི་ཕྱིར་ཟད་ནས་ནི་ཚེ་འཕོ་ལ། ངོ་བོ་ལུང་མ་བསྟན་ཡིན་པའི་ཕྱིར་རོ། །མིའི་ལུས་རྟེན་ལས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པས་ན་ལྷ་བས་ལྷག་པའི་ལུས་ཞེས་ཀྱང་བཤད་དོ། །དེ་ལྟ་ནའང་རིན་ཆེན་ཕྲེང་བ་ལས། །ཆོས་འདིས་དམྱལ་བ་ཡི་དྭགས་དང་། །དུད་འགྲོ་རྣམས་ལས་རྣམ་གྲོལ་ཞིང་། །ལྷ་དང་མི་ཡི་ནང་དག་ཏུ། །བདེ་དཔལ་རྒྱལ་སྲིད་རྒྱས་པ་ཐོབ། །བསམ་གཏན་ཚད་མེད་གཟུགས་མེད་ནི། །ཚངས་སོགས་བདེ་བ་


JL00_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

མྱོང་བར་བྱེད། །ཅེས་མཐོ་རིས་མངོན་པར་བསྒྲུབས་ཤིང་། ངན་སོང་གི་སྒོ་གཅོད་པར་བྱེད་པས་ན་ལྷ་མིའི་ཐེག་པའམ་སྐྱེས་བུ་ཆུང་ངུའི་ལམ་ཞེས་བྱ་ལ། དེ་ཉིད་ཐར་པ་ཆ་མཐུན་གྱི་དགེ་བ་དང་འབྲེལ་བས་ངེས་པར་ལེགས་པ་ལ་སྦྱོར་བའི་ཚུལ་ཡང་སྤྱིར་རིགས་ཡོད་པ་ལ་དགེ་རྩ་ཕྲ་མོ་ས་བོན་དུ་བཞག་པ་གཉིས་རྐྱེན་ནུས་པ་སྨིན་པས་སད་དེ་བྱང་ཆུབ་ཏུ་འགྲོ་བའི་ངེས་པའང་ཡོད་དེ། དམ་པའི་ཆོས་པདྨ་དཀར་པོ་ལས། བྱིས་པ་རྩེད་མོ་དགའ་དང་དེ་བཞིན་དུ། །བྱེ་མ་ལ་ནི་མཆོད་རྟེན་བྱེད་པ་དང་། །རྩིག་ངོས་ཤིང་བུ་སེན་མོས་གཟུགས་བྲིས་པ། །དེ་དག་རྣམས་ཀྱང་བྱང་ཆུབ་མཆོག་འདི་ཐོབ། །ཅེས་གསུངས་པས། དཀོན་མཆོག་གསུམ་མཐོང་བ་ཙམ་མམ། མཚན་ཐོས་པ་དང་། མཆོད་རྟེན་ལ་དམིགས་ནས་ཐལ་མོ་ཡ་གཅིག་གིས་བཏུད་དམ། བསྐོར་བ་དང་སྲི་ཞུའི་ཆེད་གོམ་པ་ཡ་གཅིག་དོར་རམ། མེ་ཏོག་གམ་ཆུ་ཐིགས་གཅིག་ཕུལ་ལམ། ངན་འབྲེལ་ཐོགས་པའང་རུང་སྟེ། དཀོན་མཆོག་ལ་བསྟེན་པའི་ལས་ཐམས་ཅད་ཐར་བ་ཆ་མཐུན་དུ་འགྱུར་བ་ནི་ཡུལ་གྱི་ཁྱད་པར་ཆེ་བ་ལས་སོ། །དེའང་བཤད་མ་ཐག་པའི་བསོད་ནམས་ཆ་མཐུན་གྱི་དགེ་བས་སྲིད་པའི་གནས་རིས་མཐོ་དམན་དུ་འཕེན་པའི་ལས་དང་། ངན་འགྲོ་ལ་སོགས་སྡུག་བསྔལ་གྱི་ཡུལ་དང་སྤྲོད་པའི་མི་དགེ་བ་གཉིས་རང་བཞིན་མེད་པར་ཤེས་པ་ལས་སྲིད་པའི་རྒྱུ་ཟག་པ་དང་བཅས་པ་ཀུན་ལས་རྣམ་པར་གྲོལ་བའི་དགེ་བ་ནི་ཐར་པའི་རྒྱུར་གྱུར་པ་ཁོ་ན་སྟེ། སྡུད་པ་ལས། ཤིང་མཁན་བཟོ་བོ་མཁས་པས་སྐྱེས་པ་བུད་མེད་དང་། །འདྲ་བའི་བཟོ་བྱས་དེས་ཀྱང་བྱ་བ་ཐམས་ཅད་བྱེད། །དེ་བཞིན་ཤེས་རབ་སྤྱོད་མཁས་བྱང་ཆུབ་སེམས་དཔའ་ཡང་། །རྣམ་པར་མི་རྟོག་ཡེ་ཤེས་བྱ་བ་ཐམས་ཅད་བྱེད། །ཅེས་གསུངས་པ་དེའི་ཕྱིར། ཐར་པའི་ཆ་མཐུན་ཟག་མེད་དམ་པའི་རྒྱུ། །དགེ་བཅུ་བསམ་གཏན་


JL00_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་མེད་སྦྱིན་སོགས་དྲུག །ཚོགས་སྦྱོར་མཐོང་སྒོམ་མི་སློབ་ལམ་ལྔས་བསྡུས། །འདི་ལྟར་ཀུན་རྫོབ་བདེན་པའི་ཕྱོགས་བསོད་ནམས་ཀྱི་ཚོགས་དགེ་བ་བཅུ་དང་། ཕ་རོལ་ཏུ་ཕྱིན་པ་ལྔས་བསྡུས་པ་རྣམས། དོན་དམ་བདེན་པའི་ཕྱོགས་ཡེ་ཤེས་ཀྱི་ཚོགས་མཐའ་གཉིས་ལ་མི་གནས་པའི་ཤེས་རབ་སྟོང་པ་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱིས་ཟིན་ནས། དུས་སྔ་ཕྱི་མེད་པར་ཟུང་དུ་འབྲེལ་བ་ལམ་ལྔའི་རིམ་པས་བསྡུས་པ་མཐའ་དག་གིས་གནས་སྐབས་སུའང་མངོན་པར་མཐོ་བ་དང་། མཐར་ཐུག་ཞི་བ་དམ་པའི་སར་གཞོལ་བ་ནི། ཐར་པ་ཆ་མཐུན་གྱི་རྣམ་པར་སྨིན་པའི་འབྲས་བུ་ཡང་དག་པའོ། །དེ་བཞིན་དུ་རྒྱུ་མཐུན་དང་། དབང་དང་། བྱེད་པའི་འབྲས་བུའང་རིམ་བཞིན། རྒྱུ་མཐུན་ནི་ངང་གིས་དགེ་བ་ལ་གཞོལ་བ་དང་། ཚེ་རིང་བ་དང་། ལོངས་སྤྱོད་ཆེ་བ་དང་། དགྲ་ཟླ་མི་འབྱུང་བ་སོགས་མི་དགེ་བའི་འབྲས་བུ་དེ་དག་ལས་ཕྱོགས་ལོག་པ་དང་། དབང་གི་འབྲས་བུར། ཡུལ་བཟང་བ་དང་། གཟི་བརྗིད་ཕུན་སུམ་ཚོགས་པ། བཟའ་བཏུང་དང་སྨན་སོགས་འཇུ་སླ་བ་སོགས་མི་མཐུན་པའི་ཕྱོགས་ལས་ལོག་པ་དང་། བྱེད་པའི་འབྲས་བུར། ཚེ་དེ་ཉིད་ལ་དགེ་བ་ཇེ་འཕེལ་དུ་འགྲོ་ཞིང་། བསམ་པ་ཡིད་བཞིན་དུ་འགྲུབ་པའང་བཟང་པོ་སྤྱོད་པ་ལས། མི་ཚེ་འདིར་ཡང་དེ་དག་ལེགས་པར་འོང་། །ཞེས་པས་མཚོན་ཏེ་དགེ་བ་བཅུ་བསྟན་པའི་མདོ་ལས་རྒྱ་ཆེར་གསུངས་པ་བཞིན་ནོ། །མདོར་བསྡུ་ན་བསོད་ནམས་ཆ་མཐུན་ལྟར་ཟད་པར་འགྱུར་བ་མ་ཡིན་པའི་ཚུལ། བརྒྱད་སྟོང་པ་ལས། བཙུན་པ་ཤཱ་རིའི་བུ། དགེ་བའི་རྩ་བ་གང་གིས་ལྷ་དང་མི་རྣམས་ཀྱི་ནང་དུ་ཕྱིན་ནས་བླ་ན་མེད་པའི་སངས་རྒྱས་སུ་འགྱུར་བ་ཡོད་དོ་གང་ཞེ་ན། བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་གཅིག་དང་ལྡན་


JL00_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

པར་དགེ་བ་བཅུ་དང་། བསམ་གཏན་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་སྟེ། ནམ་ཡང་བར་མ་དོར་ཟད་ཅིང་མེད་པར་མི་འགྱུར་རོ། །ཞེས་གསུངས་སོ། །དེའང་བདག་མེད་རྟོགས་པའི་ཤེས་རབ་དང་། ཐབས་སྙིང་རྗེ་ཆེན་པོ་ཁོ་ན་དུས་སྔ་ཕྱི་མེད་པར་འབྲེལ་བ་ཐེག་པ་ཆེན་པོའི་དགེ་བ་རླབས་ཆེ་བའི་ཚུལ། དེ་ཡང་བདག་མེད་གཉིས་ཀྱི་དོན་རྟོགས་ནས། །ཐབས་ཤེས་ཟུང་འབྲེལ་དགེ་བ་གསེར་འགྱུར་རྩིས། །སྲིད་དང་ཞི་བར་འགལ་བའི་ལྕགས་ཁམས་ལ། །ཐེབས་བས་མི་གནས་ཡེ་ཤེས་རྒྱལ་བའི་ཁམས། །གྲུབ་པ་འཇིག་རྟེན་འདས་པའི་དགེ་བ་ཡིན། །འདི་ལྟར་ཉན་རང་གི་ལུགས་ལྟར་གང་ཟག་དང་ཆོས་ཀྱི་བདག་མེད་ལ་དམིགས་པ་ཅན་མ་ཡིན་པར། ནང་དུ་བྱེད་པའི་སྐྱེས་བུ་བྲལ་བས་ཡུལ་རང་བཞིན་མེད་པར་ཤེས་པའི་གཟུང་བ་ཆོས་ཀྱི་བདག་མེད་དང་། ཤེས་བྱ་སྐྱེ་འགག་གནས་གསུམ་དང་བྲལ་བའི་སྟོང་པ་ཉིད་དུ་རང་ཤར་བའི་འཛིན་པ་ཆོས་ཀྱི་བདག་མེད་ཀྱི་ཐབས་ཀྱི་ཆ་ཐམས་ཅད་ལ་རྒྱས་ཐེབས་པས་ཐ་དད་པའམ། གཉིས་པ་མ་ཡིན་པའི་ཐབས་ཤེས་ཟུང་འབྲེལ་གྱི་དགེ་བ་ནི་གསེར་འགྱུར་གྱི་རྩི་ལྟ་བུ་སྟེ། དགེ་བ་སྤྱོད་དུས་ཉིད་ནས་བསོད་ནམས་དང་བསོད་ནམས་མ་ཡིན་པའི་བློ་ལས་གྲོལ་བས། དངོས་པོ་དང་རང་མཚན་དུ་འཛིན་པའི་ཆ་ནས་སྲིད་པ་དང་ཞི་བར་འགལ་བའི་ལྕགས་ཁམས་ལ་ཐེབས་པས། མི་གནས་པའི་ཡེ་ཤེས་རྣམ་པ་ཐམས་ཅད་མཁྱེན་པའི་གྲོང་ཁྱེར་གསེར་གླིང་ནས་རྡོ་མི་རྙེད་པ་ལྟ་བུར་འཇུག་པ་ནི་འཇིག་རྟེན་ལས་འདས་པའི་དགེ་བ་ཡིན་ཏེ། ཁྲི་བརྒྱད་སྟོང་པ་ལས། ཕ་རོལ་ཏུ་ཕྱིན་པ་ལྔ་པོའང་ནམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཟིན་པ་དེའི་ཚེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་གྲོང་ཁྱེར་ཆེན་པོར་འཇུག་པར་འགྱུར་ཏེ། ཞེས་དང་། སྤྱོད་འཇུག་ལས། ཡན་ལག་འདི་


JL00_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཐམས་ཅད་ནི། །ཐུབ་པས་ཤེས་རབ་དོན་དུ་གསུངས། །ཞེས་པ་ལྟར་རོ། །དེ་ལྟ་བུའི་ཚོགས་གཉིས་ཟུང་དུ་འབྲེལ་བའི་ས་བོན་ལས་ཐར་བའི་འབྲས་བུ་བསླུ་བ་མེད་པ་ནི། ལམ་དུས་དམིགས་པར་བཅས་པ་བསོད་ནམས་ཚོགས། །དམིགས་མེད་ཡེ་ཤེས་ཚོགས་ཏེ་ཟུང་འཇུག་གིས། །སྒྲིབ་པ་གཉིས་སྦྱང་སྐུ་གཉིས་མངོན་དུ་འཐོབ། །དག་པའི་རྒྱུ་འབྲས་ཟབ་མོའི་རྟེན་འབྲེལ་ལགས། །འདི་ལྟར་ཟག་པ་དང་བཅས་པ་ནི་སྦྱིན་པ་ལ་སོགས་པའི་བསོད་ནམས་ཀྱི་ཚོགས་རྣམ་པ་ལྔ་དང་། ཟག་པ་མེད་པའི་ཤེས་རབ་ཟབ་མོ་སྟེ་ཡེ་ཤེས་ཀྱི་ཚོགས། དེ་གཉིས་ཟུང་དུ་འབྲེལ་བ་ལས་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་རང་བཞིན་མེད་པར་དག་ནས་བསོད་ནམས་ཀྱི་ཚོགས་ལས་གཟུགས་ཀྱི་སྐུ་དང་། ཡེ་ཤེས་ཀྱི་ཚོགས་ལས་ཆོས་ཀྱི་སྐུ་སྟེ་རྣམ་པ་གཉིས་མངོན་དུ་བྱེད་པའི་ཚུལ། རིན་ཆེན་ཕྲེང་བ་ལས། སངས་རྒྱས་རྣམས་ཀྱི་གཟུགས་སྐུ་ནི། །བསོད་ནམས་ཚོགས་ལས་བྱུང་བ་སྟེ། །ཆོས་ཀྱི་སྐུ་ནི་མདོར་བསྡུ་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །ཞེས་སོ། །དེའང་ས་མཚམས་ཀྱི་སྒོ་ནས་དབྱེ་ན་སྦྱོར་ལམ་ཆོས་མཆོག་མན་ཆད་ནི་འཇིག་རྟེན་པའི་ལམ་སྟེ་ཟག་པ་དང་བཅས་པའོ། །མཐོང་ལམ་ཐོབ་ནས་ནི་ཟག་པ་མེད་པའི་ཕྱིར་འཇིག་རྟེན་ལས་འདས་པའོ། །ལམ་གྱི་སྒོ་ནས་དབྱེ་ན་མཉམ་གཞག་གི་ཡེ་ཤེས་ཟག་པ་མེད་པ་དང་རྗེས་ཐོབ་ཟག་བཅས་སུ་འདོད་པའོ། །དགེ་བ་དེ་དག་ཐམས་ཅད་ཀྱི་བྱེད་ལས་དང་རྟེན་གཞི་ནི། ཐར་པ་ཆ་མཐུན་གྱི་དགེ་བའི་ངོ་བོ་ལམ་བདེན་བྲལ་རྒྱུས་བསྡུས་པ་ཡིན་པས་བག་ཆགས་སྣ་ཚོགས་པའི་ཀུན་གཞི་ལ་བརྟེན་ཡང་། བྲལ་འབྲས་ནི། རང་བཞིན་མེད་པའམ། སྙིང་པོའི་སྟེང་ན་བརྟེན་པས་འཕོ་འགྱུར་མེད་པའི་


JL00_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་བ་དམ་པའི་རྒྱུ་བྱེད་པའོ། །དེ་དག་ནི་དག་པའི་རྒྱུ་འབྲས་ཀྱི་རྟེན་ཅིང་འབྲེལ་འབྱུང་ཤིན་ཏུ་ཕྲ་བའི་གནས་དམ་པའོ། །ཡོན་ཏན་རིན་པོ་ཆེའི་མཛོད་དགའ་བའི་ཆར་ཞེས་བྱ་བ་ལས། ལས་རྒྱུ་འབྲས་ཀྱི་ཚོམས་ཏེ་རབ་བྱེད་གསུམ་པའི་འགྲེལ་བའོ།། །།

འཁོར་བ་སྡུག་བསྔལ་གྱི་ཚོམས་དང་འབྲེལ་བར་ཐར་པའི་ཕན་ཡོན་སྐྱེས་བུ་འབྲིང་གི་ལམ་རྣམ་པར་བཞག་པའི་སྐབས་ཏེ་རབ་བྱེད་བཞི་པའི་འགྲེལ་པ།


JL00_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་དོན་བཞི་པ་འཁོར་བ་སྡུག་བསྔལ་གྱི་རང་བཞིན་རྣམ་པར་གཞག་པ་ནི། འཁོར་ལོ་དང་པོའི་གཏམ་དང་འབྲེལ་བར་སྟོན་པའི་ཕྱིར། མངོན་མཐོའི་གྲུ་བོ་མཆོག་ལ་བརྟེན་པ་རྣམས། །རེ་ཞིག་ངན་སོང་ཆུ་སྲིན་གདུག་པའི་ལྕེས། །བཏང་ཡང་ཐར་པའི་སྐམ་སར་མ་ཕྱིན་པས། །འཕགས་པའི་བདེན་པ་བཞི་ཡི་དེད་དཔོན་གཉེན། །བདག་ཅག་འཁོར་བའི་གནས་རིས་ན་མངོན་པར་མཐོ་བ་ལྷ་མི་ཁྱད་པར་ཅན་གྱི་རྟེན། གྲུ་བོ་ཆེ་ལྟ་བུར་བག་ཡངས་པ་བདེ་བའི་ཚོར་བ་འབའ་ཞིག་ཉམས་སུ་མྱོང་བ་ལ་བརྟེན་ནའང་། ངན་སོང་གི་གནས་ཆུ་སྲིན་གདུག་པའི་ལྕེས་ལྡག་པ་ལ་ཤིན་ཏུ་ཉེ་ཞིང་། གཏན་གྱི་བཙན་ས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་སྐམས་ལ་ཕྱིན་པ་ལྟ་བུ་ཉེ་ཞོ་མ་མཆིས་པའི་གནས་ཐོབ་པ་མ་ཡིན་པས་འཕགས་པའི་བདེན་པ་བཞིའི་དད་དཔོན་འབའ་ཞིག་ལ་བསྟེན་པར་བྱའོ། །ཞེས་གཟུགས་ཅན་གྱི་རྒྱན་དུ་སྦྱར་བ་སྟེ། དེ་ལ་བདག་ཅག་གི་སྟོན་པས་ཝཱ་ར་ཎཱ་སིར། ལྔ་སྡེ་བཟང་པོ་སོགས་ལ་དགེ་སློང་དག །འདི་ནི་སྡུག་བསྔལ་ལོ། །འདི་ནི་ཀུན་འབྱུང་ངོ་། །འདི་ནི་འགོག་པའོ། །འདི་ནི་ལམ་མོ། །དགེ་སློང་དག་སྡུག་བསྔལ་ཤེས་པར་བྱའོ། །ཀུན་འབྱུང་སྤང་བར་བྱའོ། །འགོག་་པ་མངོན་དུ་བྱའོ། །ལམ་རྒྱུད་ལ་བརྟེན་པར་བྱའོ། །དགེ་སློང་དག་སྡུག་བསྔལ་ཤེས་པར་བྱ་སྟེ། ཤེས་པར་བྱར་མེད་པའི་མི་སྐྱེ་བ་ཤེས་པ་དང་ཀུན་འབྱུང་སྤང་བར་བྱ་སྟེ། སྤང་དུ་མེད་པའི་མི་སྐྱེ་བ་ཤེས་པ་དང་། འགོག་པ་མངོན་དུ་བྱ་སྟེ། མངོན་དུ་བྱར་མེད་པའི་མི་སྐྱེ་བ་ཤེས་པ་དང་། ལམ་རྒྱུད་ལ་བརྟེན་པར་


JL00_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་སྟེ། བརྟེན་པ་བྱར་མེད་པའི་མི་སྐྱེ་བ་ཤེས་པ་དང་། ཞེས་བདེན་པ་བཞི་ལན་གསུམ་དུ་བཟློས་ཏེ་གསུངས་པ་ལས། དེ་ལ་སྡུག་བསྔལ་ཤེས་པར་བྱ་བ་ནི། །གནས་རིགས་དྲུག་པོ་དམའ་འམ་མཐོ་ཡང་རུང་། །སྡུག་བསྔལ་འགྱུར་དང་ཁྱབ་པ་འདུ་བྱེད་ཀྱིས། །དམ་ལ་མ་བཞག་འཁོར་བ་ཡོད་མ་ཡིན། །འདི་ལྟར་རྩ་བའི་སྡུག་བསྔལ་ཆེན་པོ་ནི་རྣམ་པ་གསུམ་སྟེ། སྡུག་བསྔལ་གྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ་དང་། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ལོ། །དང་པོ་ནི་སྡུག་བསྔལ་གཅིག་ཤོས་མ་སངས་པར་གཅིག་ཤོས་ཀྱིས་བརྩེགས་པ་མཛེ་ཐོག་ཏུ་ཕོལ་གྱིས་གཏུགས་པ་ལྟ་བུའོ། །གཉིས་པ་ནི། ད་ལྟ་བདེ་བར་ཡོད་འཕྲོ་ལ་གློ་བུར་དུ་སྡུག་བསྔལ་བའི་རྐྱེན་དང་ཕྲད་པ་སྟེ། དཔེར་ན་ནགས་ཁྲོད་དུ་སྐྱོ་སངས་ལ་ཕྱིན་པས་དུག་སྦྲུལ་གྱིས་གཙེས་པའམ། ཁ་ཟས་རོ་བདའ་བ་ཟོས་པས་སྲིན་ཕོ་བར་ལངས་པ་ལྟ་བུའོ། །གསུམ་པ་ནི། འཇམ་དུག་ཁོང་དུ་སོང་ན་ཕྱིས་ནད་འདུ་བྱེད་ཅིང་། བཙན་པོ་དང་། གདོན་ཆེན་པོ་སོགས་ལ་གནོད་པ་བྱས་པས་ཕྱིས་གནོད་ལན་འདུ་བྱེད་པར་གདོན་མི་ཟ་བ་ལྟར། རྣམ་པ་ཀུན་ཏུ་ཉོན་མོངས་པ་ཅན་གྱི་ཡིད་ཀྱིས་སྡིག་པའི་ལས་ལྐོག་གྱུར་དུ་བྱས་པའང་། ཕྱིས་སྡུག་བསྔལ་གྱི་རང་བཞིན་མངོན་གྱུར་དུ་འདུ་བྱེད་པ་ནི་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་བ་ལྟར་མི་མངོན་པའི་ཁྱད་པར་རོ། །དེ་ལྟར་སྡུག་བསྔལ་རྣམ་པ་གསུམ་མཐའ་དག་པའམ། ཅི་རིགས་པའི་དམ་འོག་ཏུ་མ་གཅུར་བའི་འཁོར་བ་ནི་ཡོད་མི་སྲིད་པས་ན་འཁོར་བའི་རང་བཞིན་སྡུག་བསྔལ་ཅན་ཁོ་ན་སྟེ། ལས་རྣམ་འབྱེད་ལས། སྲིད་པའི་སྡུག་བསྔལ་ནི་བསིལ་བའི་སྐབས་མེད་པ་མེའི་འོབས་ལྟ་བུའོ། །འཇིགས་ཤིང་ཉམ་ང་བས་གཅན་གཟན་ཁྲོ་བོ་ལྟ་བུའོ། །མི་རྒོད་ཀྱི་ནང་ན་གནས་པ་ལྟ་བུའོ། །


JL00_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་པའི་གོ་སྐབས་དང་བྲལ་བས་རྒྱལ་པོའི་ཁྲི་མུན་ལྟ་བུའོ། །ཡང་ནས་ཡང་འབྱུང་བས་རྒྱ་མཚོའི་རླབས་ལྟ་བུའོ། །བདེ་འགྲོའི་སྲོག་འཇོམས་པས་དུག་ཧ་ལ་ཧ་ལ་ལྟ་བུའོ། །ཞེས་སོ། །དེའང་འདོད་པ་དང་ཡུལ་གཉིས་ཕན་ཚུན་རྟེན་དང་བརྟེན་པ་ལྟ་བུར་འབྲེལ་ནས་བསླུ་བའི་ཚུལ། ཕུང་དཀྲོལ་བསྐྱེད་ལ་མགོ་འཕང་བསྟོད་པ་ཡི། །མ་རུངས་འདོད་པའི་གདོན་དང་ཡུལ་གྱི་དགུ །ཕན་ཚུན་འཇིངས་ཤིང་གཏུགས་པའི་བཙོན་ར་ནས། །ཐར་པའི་སྐབས་མེད་ཉམ་ཐག་སྐྱོ་བ་འཕེལ། །འདི་ལྟར་འདོད་པ་ནི་ཕུང་དཀྲོལ་ཐམས་ཅད་ཀྱི་རྩ་བ་ཡིན་ཏེ། བདག་དང་གཞན་ལ་གནོད་པའི་ཕྱིར་སྦྲུལ་གདུག་པ་མགོ་འཕང་བསྟོད་པ་ལྟ་བུའོ། །དགེ་བའི་ལས་ཆུད་གསོན་པར་བྱེད་པས་དུག་བཞིན་དུ་གསོད་པའི་བདག་ཉིད་ཅན་ནོ། །ངན་སོང་དུ་འཁྲིད་པར་བྱེད་པས་ན་མཚོན་བཞིན་དུ་སྡུག་བསྔལ་བསྐྱེད་པའི་རྒྱུ་ཡིན་ནོ། །ལྷ་དང་མིའི་ཕུན་སུམ་ཚོགས་པ་ལས་ཐག་བསྲིང་བར་བྱེད་པས་ན་དགྲ་བོ་བཞིན་ནོ། །ཕྱིན་ཆད་གཡོ་ཞིང་འགྱོད་པ་བསྐྱེད་པའི་ཕྱིར་མེ་བཞིན་ནོ། །དེའི་ཕྱིར་འཇིག་རྟེན་ན་ཐོས་པ་ལ་སོགས་པ་དོན་ཆེན་པོ་ཉིད་ཀྱིས་བསྲུང་བ་བཞིན་དེ་ལ་ཡིད་འབྱུང་ནས་སྲན་བསྐྱེད་པའི་ཚུལ། བཤེས་སྤྲིང་ལས། གཡོ་བའི་སེམས་ནི་ཐོས་མཚུངས་བུ་ལྟ་བུར། །གཏེར་བཞིན་སྲོག་དང་འདྲ་བར་བསྲུང་བགྱི་སྟེ། །གདུག་པ་དུག་དང་མཚོན་དང་དགྲ་བོ་དང་། །མེ་བཞིན་འདོད་པའི་བདེ་ལས་ཡིད་དབྱུང་མཛོད། །ཅེས་འདོད་པའི་ཁམས་པ་ཐམས་ཅད་ཀྱི་སྲེད་པ་འཕེལ་བའི་དང་པོ་ངེས་འབྱུང་གི་བསླབ་པའི་གེགས། ཁྱིམ་གྱི་བཙོན་རར་འཆིང་བའི་སྒྲོག་དམ་པོ་རེག་པའི་བདེ་བ་ལ་སྨད་པའི་སྒོ་བསྟན་ནས་དེའི་གཉེན་པོར། བུད་མེད་གཞོན་ནུའི་ལུས་ནི་ལོགས་ཤིག་ཏུ། །དྲི་ང་བ་དང་སྒོ་དགུ་དོད་པ་དང་། །མི་གཙང་ཀུན་སྣོད་འགྲོ་བ་དགང་དཀའ་དང་། །ལྤགས་པས་གཡོགས་པར་


JL00_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་ཡང་ལོགས་ཤིག་གཟིགས། །ཞེས་ལུས་དྲི་ང་བ་དང་། དབྱིབས་དང་། མི་གཙང་བའི་རྟེན་དང་། ངོམས་མི་ཤེས་པ་དང་། ཁོང་ཐམས་ཅད་སྲིན་བུ་དང་ནང་ཁྲོལ་གྱི་སྣོད་དུ་གྱུར་བའི་སྒོ་ནས་བཟང་པོ་མ་ཡིན་པར་སུན་དབྱུང་ནས། དེའི་ལུས་དང་རྒྱན་གཉིས་ཐ་དད་དུ་ཕྱེ་ནས་བལྟས་པས་འདོད་ཆགས་ཀྱི་མེ་ཞི་བར་འགྱུར་བའི་ཐབས་བསྟན་པའོ། །དེ་བཞིན་དུ་འདོད་པ་ནི་དང་པོར་སྤྱོད་པའི་དུས་ན་བདེ་བ་ལྟར་སྣང་མོད་ཀྱིས། ཐ་མར་ནི་ཡོངས་སུ་གདུང་བ་དང་འཁོར་བར་འཆིང་བའི་ལྕགས་སྒྲོག་ལྟ་བུ་ཡིན་པས་ན་ཀིམྤའི་འབྲས་བུ་དང་མཚུངས་སོ། །ཀིམྤའི་འབྲས་བུ་ནི་ཕྱིའི་ཤུན་པ་ཙམ་བལྟ་ན་སྡུག་པར་ཟད་ཀྱིས། ནང་ཐམས་ཅད་མ་རུངས་པས་ནད་དང་སྡུག་བསྔལ་མཐའ་དག་བསྐྱེད་པའི་ཕྱིར་སྔ་མ་ལས། འདོད་པ་རྣམས་ནི་ཕུང་དཀྲོལ་བསྐྱེད་པ་སྟེ། །ཐུབ་པའི་དབང་པོས་ཀིམྤའི་འབྲས་འདྲར་གསུངས། །དེ་དག་སྤང་བགྱི་དེ་ཡི་ལྕགས་སྒྲོག་གིས། །འཁོར་བའི་བཙོན་རར་འཇིག་རྟེན་འདི་དག་བཅིངས། །ཞེས་དང་། བླ་མ་ལ་སྦྲིང་བར། ནོར་བུའི་རྣ་ཆ་བུ་དང་ཆུང་མ་ལ། །ཡོངས་སུ་ཆགས་སེམས་གང་ཡིན་ལ་ལྟོས་ན། །ལྕགས་ཤིང་གྲེས་མ་ལས་བྱས་འཆིང་མ་གང་། །དེ་དག་དམ་པོ་མིན་ཞེས་འཕགས་པས་གསུངས། །ཞེས་གདམས་པ་ལྟར་རོ། །ཡུལ་ལྔ་སོ་སོ་ལ་བརྟེན་ནས་བསླུ་བ་སྟོན་པའི་ཕྱིར། །བདེ་བ་འདོད་ལ་མངོན་སྦྱོར་བརྩོན་པ་དག །གཏི་མུག་མཐུས་ནོན་སྡུག་བསྔལ་རྒྱུ་འབྲས་ཀྱི། །མཚོན་ཆ་རྣོན་པོའི་དབལ་ལ་བརྟེན་བྱས་པས། །གནོད་པའི་གནས་སུ་རང་ཉིད་ཡང་དག་སྦྱར། །མར་མེའི་གཟུགས་དང་ཕྱེ་མ་ལེབ་བཞིན་དུ། །སྒྲ་དང་དྲི་རོ་རེག་བྱས་བསླུ་བ་ནི། །རི་དྭགས་བུང་བ་ཉ་དང་གླང་པོ་ཆེ། །འདོད་པའི་ཡུལ་ལྔ་དག་དང་རྟེན་ཅིང་འབྲེལ། །དེའང་བདེ་བའི་


JL00_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་ལ་སྨོན་པ་ནི་ཐམས་ཅད་དེ། དེའི་རྒྱུ་ལ་བླང་དོར་བྱེད་པ་ནི་སྲིད་པ་ཙམ་མོ། །འདི་ལྟར་བདེ་བ་ཐོབ་པར་འདོད་ཀྱང་དེའི་རྒྱུ་དགེ་བ་ལ་ནི་མི་སྤྱོད་སྡུག་བསྔལ་འདོར་བར་སེམས་ཀྱང་དེའི་རྒྱུ་མི་དགེ་བ་ལ་ནན་གྱིས་འཇུག་པ་འདི་ལྟ་སྟེ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་དང་། ཕྲག་དོག་འབའ་ཞིག་པའི་ཀུན་འབྱུང་གི་མཚན་ཉིད་ལ་སྤུ་གྲིའི་སོ་ལ་ཆགས་པའི་སྦྲང་རྩིའི་རོ་མྱང་བ་བཞིན་དུ་སྤྱད་པས་རང་གིས་རང་ཉིད་གནོད་པའི་གནས་སུ་སྦྱར་ཏེ། སྤྱོད་འཇུག་ལས། སྡུག་བསྔལ་འདོར་འདོད་བློ་ཡོད་ཀྱང་། །སྡུག་བསྔལ་ཉིད་ལ་མངོན་པར་རྒྱུག །བདེ་བ་འདོད་ཀྱང་གཏི་མུག་པས། །རང་གི་བདེ་བ་དགྲ་ལྟར་འཇོམས། །ཞེས་སོ། །ཇི་ལྟར་འཇོམས་ན། ཕྱི་མ་ལེབ་ནི་མར་མེའི་གཟུགས་སམ། མེའི་འོད་ལ་ཆགས་ནས་འཆི་བ་སྟེ། སློབ་དཔོན་དབྱིག་གཉེན་གྱིས། འབར་བ་ཆེན་པོའི་ཚོགས་དག་གི། །མེ་ཆེན་དག་ནི་མཐོང་ནས་ཀྱང་། །གཟུགས་ལ་ཆགས་པ་ཆེན་པོ་ཡང་། །ཕྱེ་ལེབ་མེ་ལ་འཇུག་པར་འགྱུར། །ཞེས་སོ། །དེ་བཞིན་དུ་སྒྲ་ལ་ཆགས་པས་བསླུ་བ་ནི་རི་དྭགས་རྣམས་ཏེ། རྩྭ་ཡི་མྱུ་གུ་གཙང་མ་ཟ། །ཤིན་ཏུ་རིང་དུ་འགྲོ་ནུས་པ། །རི་དྭགས་རྔོན་པའི་གླུ་དབྱངས་ཀྱིས། །ངེས་པར་གསོད་པ་ཚོལ་བར་འགྱུར། །ཞེས་དང་། དྲིས་བསླུ་བ་ནི་བུང་བ་སྟེ། །རྟག་ཏུ་ནམ་མཁའ་ལ་རྒྱུ་ཞིང་། །གཟུགས་ནི་ཤིན་ཏུ་ཡིད་འོང་བའི། །བུང་བ་དྲི་ཡི་ཉེས་པ་ཡིས། །ངེས་པར་འཆི་བར་འགྱུར་བ་ཡིན། །ཅེས་དང་། ཉ་རྣམས་ལྕགས་ཀྱུའི་རྩེ་ལ་གནས་པའི་རོས་བསྐུ་བའང་། བཀག་པ་མེད་པའི་ལམ་འགྲོ་ཞིང་། །རྟག་ཏུ་རྣམ་པར་རྒྱུ་བ་ཡང་། །རོ་མྱོང་བ་ལ་ཆགས་པ་ཡིས། །ཉ་ནི་ལྕགས་ཀྱུས་རླག་པར་བྱེད། །ཅེས་དང་། གླང་པོ་ཆེ་དགའ་མའི་རེག་བྱས་སྲོག་དང་འབྲལ་བའི་ཚུལ། ས་སྲུངས་དང་ནི་


JL00_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འགྲན་ཞིང་། །རི་ཡི་རྒྱལ་པོ་རྒྱུན་ཤེས་བྱའི། །བན་གླང་མོ་ཡི་ཉེ་རེག་གིས། །ངེས་པར་གླང་པོ་གསད་བར་སོང་། །ཞེས་སོ། །དེ་ལྟར་སེམས་ཅན་དེ་དག་ནི་འདོད་པའི་ཡོན་ཏན་རེ་རེས་ཀྱང་སྲོག་དང་འབྲལ་བར་ནུས་ན་སྐྱེས་བུ་རྣམས་ནི་ཡུལ་ལྔ་པོ་འདི་དག་ཐམས་ཅད་དང་རྟག་ཏུ་རྟེན་ཅིང་འབྲེལ་བ་ཡིན་པས་ཅིའི་ཕྱིར་ཉམ་ཉེས་པར་མི་འགྱུར། དེ་སྐད་དུ་སྔ་མ་ལས་ཀྱང་། སྐྱེས་བུ་དག་ནི་གཅིག་ལ་ཡང་། །ལྔ་པོ་འདི་དག་རྟག་ལྡན་ཞིང་། །ཉིན་མཚན་དུ་ནི་རབ་འཇོམས་ན། །བདེ་བའི་གནས་ཇི་ཐོབ་པར་འགྱུར། །ཞེས་བཤད་དོ། །དེ་བས་ན་གཟུང་བའི་ཡུལ་ལྔ་པོ་དང་། འཛིན་པའི་སེམས་གཉིས་འདྲེས་པ་ལས་ཉོན་མོངས་པ་སྐྱེ་ཞིང་། དེས་འཁོར་བ་མུ་མཐའ་མེད་པར་འཁྲིད་པས་ན་འཕགས་པ་སྤྱན་རས་གཟིགས་ཀྱིས་དགེ་སློང་རབ་གསལ་གཞོན་ནུ་ལ་སྤྲིངས་པར། གྲོགས་ཁྱོད་ཅི་སྟེའམ་དམ་བཅས་བརྗེད་དམ་ཅི། །འདོད་པ་མེ་མདག་དོང་འདྲ་འདི་ལ་ཅི་ཞིག་ཆགས། །ཤིན་ཏུ་སྐྱོ་བའི་ཡིད་ཀྱིས་རབ་ཏུ་མི་འབད་པར། །སྲིད་རྒྱུ་འདོད་པ་ད་དུང་གང་བ་ག་ལ་སྲིད། །ཅེས་དང་། བླ་མ་ལ་སྤྲིང་བར། བློ་ངན་ལོངས་སྤྱོད་ཀྱིས་བཅོམ་པ། །ཕ་རོལ་འཚོལ་བར་མི་བྱེད་ཅིང་། །བསམ་བརླག་འདོད་ལ་སྲེད་པ་ཡིས། །བདག་འཕུང་གཞན་ཡང་འཕུང་བར་བྱེད། །འདོད་པའི་རྣམ་སྨིན་སྡུག་བསྔལ་ཏེ། །དང་པོ་མངར་ལ་འབྲས་བུ་ཚ། །མེ་སྒྲོན་ལག་ནས་མ་བོར་ན། །མཇུག་ཏུ་བྱིས་པ་སྲེག་བྱེད་བཞིན། །ཞེས་གདམས་སོ། །འཁོར་བའི་སྡུག་བསྔལ་མཐུ་ཆེ་བར་སྟོན་པ་ནི། །སྲིད་པའི་ཡུལ་ལ་ཐུ་བ་གཏུམ་པོའི་མེ། ཁྲོ་བའི་མངོན་སྤྱོད་རྩུབ་པ་གཅན་གཟན་དང་། །མི་རྒོད་རྒྱལ་པོའི་ཆད་པ་ལས་མྱུར་བའི། །སྡུག་བསྔལ་


JL00_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

སྔ་ཕྱི་བརྒྱུད་མས་འགྲོ་འདི་མནར། །འདི་ལྟར་འཁོར་བ་ནི་སྡུག་བསྔལ་གྱི་རང་བཞིན། སྡུག་བསྔལ་གྱི་རྒྱུ་འབྲས། སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་ལ་བརྟེན་པའི་ཚུལ། འཇིག་རྟེན་ན་གང་དང་འཕྲད་པ་ཚར་གཅོད་པ་ནི་གཏུམ་པོའི་མེ་ཡིན་ཏེ། དེ་བས་ཀྱང་འཕགས་པ་རྣམས་ཀྱིས་གཟིགས་ངོ་ན་སྲིད་པའི་རྩེ་མོ་མན་ཆད་མེ་འབར་བ་ལྟ་བུའི་སྡུག་བསྔལ་ཅན་དུ་རྟག་པར་གཟིགས་པ་ཡིན། དེ་བཞིན་དུ་འབྲོག་དགོན་པ་ཆེན་པོ། མྱ་ངམ་གྱི་ཐང་། བཤེས་མེད་ཀྱི་གནས་སུ་སྟག་དང་། སེང་གེ་དང་། དོམ་དང་། དྲེད་དང་། མི་རྒོད་ལ་སོགས་པས་གཙེས་ནས་འབྲོས་པའི་ཐབས་འགགས་པའམ། རྒྱལ་པོའི་ཆད་པས་བཙོན་དོང་དམ་པོར་བཅུག་ནས་ལྕགས་སྒྲོག་དང་། ཤིང་སྒྲོག་དང་། ཐི་གུས་ནི་བཅིངས། མི་གཙང་བའི་དཀྱིལ་དུ་ཉལ། བདེ་བར་བརྐྱང་བསྐུམ་བྱེད་ས་ནི་མེད། མིག་དང་། སྙིང་དང་། ལྤགས་པའི་སྟེང་དུ་སྤུ་གྲིའི་དབལ་གྱིས་འཚེ་བར་ཉེ་བ་དེའི་སྡུག་བསྔལ་གྱི་ཚོར་བ་དེ་ཅི་འདྲ། དེ་བས་ཀྱང་སེམས་ཅན་རྣམས་ཐར་དུས་མེད་པ་བཟོ་ཆུན་གྱི་འཁྱུད་མོ་ལྟ་བུའི་འཁོར་བའི་བཙོན་དོང་གཏིང་རིང་པོར་ཞུགས། སྐྱེ་རྒ་ན་འཆི་དང་། སྡུག་བསྔལ་ཆེན་པོ་གསུམ་དང་བརྒྱད་ཀྱི་སྒྲོག་དམ་པོས་ནི་བཅིང་། སྲིད་པར་ཉིང་མཚམས་རེ་སྦྱོར་དུས་བར་མ་དོའི་མྱ་ངམ་གྱི་ཐང་ཆེན་པོ་བཟོད་པར་དཀའ་བ་ལ་ནི་འཁྱམ། ལས་ངན་གྱི་མི་གཙང་བས་ལུས་ལ་གོས། བདེ་བའི་སར་རང་སྟོབས་ཀྱི་དབུགས་མི་ཕྱིན། འོག་འགྱུ་དང་རྣམ་རྟོག་ངན་པའི་མཚོན་རྩེ་རྣོན་པོས་ཤེས་རབ་ཀྱི་མིག་དང་། བཟོད་པའི་སྙིང་དང་། དགེ་ཚོགས་ཀྱི་ལྤགས་པའི་སྟེང་དུ་འཛུགས་པས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོར་དུས་ཚིགས་མེད་པར་འཁྱམ་དགོས་པ་ནི་གནས་སྐབས་ཀྱི་འཇིགས་པ་དེ་དག་གི་དོ་མ་ཡིན་ཏེ། རྒྱ་ཆེར་


JL00_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་པ་ལས། བྱིས་རྣམས་འཁོར་བ་འདི་ལ་ཆགས་ཤིང་དགའ་བ་ནི། ཕག་མི་གཙང་བ་ལ་ཆགས་པ་ལྟ་བུའོ། །འདི་ན་སེམས་ཅན་བྱིང་བ་ནི་གླང་པོ་ཆེ་འདམ་དུ་བྱིང་བ་ལྟ་བུའོ། །འདི་ལ་སེམས་ཅན་རྣམས་ཆགས་པ་ནི་ཁྱི་ཀེང་རུས་ལ་ཆགས་པ་ལྟ་བུའོ། །འདི་ན་སེམས་ཅན་རྣམས་ལྷུང་བ་ནི་ཕྱེ་མ་ལེབ་མར་མེ་ལ་ལྷུང་བ་ལྟ་བུའོ། །འདི་ན་སེམས་ཅན་རྣམས་གཏུམས་པ་ནི་ཉ་རྒྱ་ཡིས་གཏུམས་པ་ལྟ་བུའོ། །འདི་ན་སེམས་ཅན་རྣམས་འཁོར་བ་ནི་རྫ་མཁན་གྱི་འཁོར་ལོ་ལྟ་བུའོ། །འདི་ན་སེམས་ཅན་རྣམས་བསླུས་པ་ནི་གཡོན་ཅན་གྱིས་བྱིས་པ་འདྲིད་པ་ལྟ་བུའོ། །ཞེས་སོ། །ཡང་། དགྲ་གཉེན་མ་ངེས་པས་ཕན་གནོད་ཀྱི་རྒྱུ་འབྲས་འཆོལ་བར་སྤྱོད་པས་སྡུག་བསྔལ་བའི་ཚུལ། བདག་ལ་བཤེས་སམ་མི་མཐུན་ཉེ་དང་འཁོན། །བསམ་པར་མི་ནུས་མཐའ་དག་སེམས་ལྡན་གྱིས། །དགྲ་དང་མཛའ་བཤེས་པར་མའི་ཕྱོགས་བཟུང་ནས། །ཕན་དང་གནོད་པ་སྦྱིན་པ་བསམ་ལས་འདས། །དེ་ལ་འཇིག་རྟེན་ན་གྲགས་པ་ཤིན་ཏུ་བརྟན་པའི་འདི་ནི་བདག་གི་མཛའ་བཤེས་སོ། །འདི་ནི་དགྲ་བོར་གྱུར་བའོ། །འདི་ནི་ཕའོ། །འདི་ནི་ཕའི་ཕྱོགས་ཀྱི་ཉེ་དུ་རིགས་དང་རུས་ལ་བརྟེན་པའོ། །འདི་ནི་མའོ། །འདི་ནི་མའི་ཕྱོགས་ཀྱི་ཉེ་དུ་ཆོ་དང་འབྲང་གི་བདག་ཉིད་ཅན་ནོ། །འདི་ནི་བར་མའོ། །བར་མ་ནི་བཏང་སྙོམས་ཀྱི་ཡུལ་ལ། མཛའ་བཤེས་ནི་ཕན་པའི་ཡུལ་ལོ། །དགྲ་བོ་ནི་ཚར་བཅད་པའི་གནས་སོ། །བུ་དང་བུ་མོ་ནི་ཡིད་གཅུགས་པའི་ཡུལ་ཞེས་མངོན་ཞེན་བརྟས་པའི་གནས་སུ་མི་རིགས་ཏེ། ཚེ་སྔ་མའམ། ཡང་ན་ཕྱི་མའི་གནས་སུ་ཕ་ནི་བུར་འགྱུར་རོ། །མ་ནི་ཆུང་མར་འགྱུར་རོ། །དགྲ་བོ་ནི་མཛའ་བཤེས་སུ་འགྱུར་རོ། །ཡང་ནི་དེ་བས་ཀྱང་ལྡོག་པར་འགྱུར་བས་ན། བཤེས་སྤྲིང་ལས། ཕ་ནི་བུ་


JL00_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་མ་ནི་ཆུང་མ་ཉིད། །སྐྱེ་བོ་དགྲར་གྱུར་པ་ཡང་བཤེས་ཉིད་དང་། །བཟློག་པ་ཉིད་དུ་མཆི་བས་དེ་སླད་དུ། །འཁོར་བ་དག་ན་ངེས་པ་འགའ་མ་མཆིས། །ཞེས་དང་། འཕགས་པ་ཀཱ་ཏྱཱ་ཡ་ནས། ཁྱིམ་བདག་གཅིག་ལ་བསོད་སྙོམས་བསླངས་པས། དེས་དགྲ་བོ་བུ་ཆུང་དུ་གྱུར་པ་པང་དུ་ཐོགས། ཕ་ཉ་རུ་གྱུར་པ་བཟའ་ཞིང་མུར། མ་ཁྱི་རུ་སྐྱེས་ནས་ཉ་རུས་འཆའ་བ་ལ་བརྡེག་པ་གཟིགས་པས། ཕ་ཤ་བཟའ་ཞིང་མ་ལ་བརྡེག །ལས་ངན་དགྲ་བོ་པང་དུ་ཁུར། །ཆུང་མས་ཁྱོ་ཡི་རུས་པ་འཆའ། །འཁོར་བའི་ཆོས་ལ་གད་མོ་བྲོ། །ཞེས་གསུངས་ལ། ཡང་ནས་ཡང་དུ་ཉིང་མཚམས་སྦྱོར་བའི་སྡུག་བསྔལ་ཀྱང་། བཅོམ་ལྡན་འདས་ཀྱིས། དགེ་སློང་དག་དཔེར་ན་སྐྱེས་བུ་འགའ་ཞིག་གིས་ས་ཆེན་པོ་འདི་ལ་རྒྱ་ཤུག་གི་ཚི་གུ་ཙམ་གྱི་རི་ལུ་ཐོགས་ཏེ། འདི་ནི་བདག་གི་མའོ། །འདི་ནི་བདག་གི་མ་དེའི་ཡང་མའོ་ཞེས་འདོར་བར་བྱེད་ན། དགེ་སློང་དག་ས་ཆེན་པོ་འདིའི་འཇིམ་པ་ནི། ཆེས་སྔར་ཟད་པར་འགྱུར་གྱིས། མི་རྣམས་ཀྱི་མ་བརྒྱུད་པ་ནི་དེ་ལྟ་མ་ཡིན་ནོ་ཞེས་ང་སྨྲའོ། །ཞེས་གསུངས་པའི་དོན་སློབ་དཔོན་འཕགས་པས་མའི་ཐུག་མཐའ་ལ་སོགས་པ་ཚིགས་སུ་བཅད་པ་ལྟར་རོ། །རྣམ་པ་ཐ་དད་པའི་ལུས་ཡང་དང་ཡང་དུ་འདོར་བའི་ཉེས་པའི་དབང་དུ་བྱས་ནས་སྤྱིར་བསྟན་པ། རྡུལ་ཕྲན་ལྟ་བུའི་ལུས་ཀྱི་བདག་གཅིག་པུའི། །སྲོག་རྟེན་གཟུགས་སུ་གྱུར་དང་འདོད་པའི་ཕྱིར། །མགོ་དང་ཡན་ལག་གཅད་གཏུབས་བགྱིས་སོ་ཅོག །སྤུངས་ན་ལྷུན་པོའི་ཆེ་ཐང་ཉམས་པར་འགྱུར། །དམྱལ་གནས་ཟངས་ཞུན་ཁོལ་མ་འཐུངས་པ་དང་། །ཡི་དྭགས་ལུས་གྱུར་རྣག་ཁྲག་མི་གཙང་ཟོས། །ཀུན་ཏུ་སྡུག་བསྔལ་རྒྱུ་ལས་མཆི་མ་ཟགས། །ཕྱོགས་མཐའ་གཏུགས་པའི་ཆུ་ཀླུང་དག་ལས་མང་


JL00_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

དེ་སྐད་དུ་དྲན་པ་ཉེར་གཞག་གིས་གསལ་བར་སྟོན་ཏེ། དགེ་སློང་དག་སྲིད་པའི་ཁམས་ལ་སྐྱོ་བར་གྱིས་ཤིག །དེ་ཅིའི་ཕྱིར་ཞེ་ན། ཐོག་མ་མེད་པའི་འཁོར་བ་ན་འཁོར་བ་གང་གི་ཚེ། གྲོག་སྦུར་དུ་སྐྱེས་ཏེ་དོར་བའི་ལུས་ཀྱང་གཅིག་ཏུ་བསྡོམས་ཏེ་ཕུང་པོར་བྱས་ན་རིའི་རྒྱལ་པོ་རི་རབ་བས་ཀྱང་ཆེས་མཐོ་ཞིང་། དུས་པའི་མཆི་མའང་རྒྱ་མཚོ་བཞིའི་ཆུ་བས་ལྷག་གོ །དམྱལ་བ་དང་ཡི་དྭགས་སུ་གྱུར་པ་དེའི་ཚེ་ལན་གྲངས་མེད་དཔག་མེད་པ་ཞིག་འཐུངས་པའི་ཟངས་ཞུན་ཁོལ་མ་དང་། ཁྲག་དང་། ཆུ་སེར་དང་། རྣག་དང་། ངར་སྣབས་ཀྱང་འདི་ལྟར་གླིང་བཞིའི་ནང་ནས་རྒྱ་མཚོར་འབབ་པའི་ཆུ་ཀླུང་བཞི་ལས་མང་ཞིང་། འདོད་པ་དག་གི་ཕྱིར་མགོ་དང་། མིག་དང་། ཡན་ལག་དང་། ཉིང་ལག་བཅད་པའང་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་ཁམས་ནས་དང་། ཆུ་དང་། མེ་དང་། རླུང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ལས་འདས་པའི་གྲངས་དང་མཉམ་པར་འགྱུར་རོ། །ཞེས་སོ། །ད་ནི་འགྲོ་དྲུག་སོ་སོའི་ངེས་པའི་སྡུག་བསྔལ་ཉམས་སུ་མྱོང་བའི་ཉེས་པ་བསྟན་པའི་ཕྱིར་དམྱལ་བ་ནས་རིམ་པར་བཤད་པ། ཁྱད་པར་དམྱལ་བའི་སྡུག་བསྔལ་ཚད་མེད་དེ། །ཕན་ཚུན་གཅིག་གི་གཅིག་གསོད་ཡང་སོས་ལ། །ཐིག་ནག་སོག་ལེས་གཤོག་འབྱར་རྒྱུན་མི་འཆད། །བསྡུས་འཇོམས་མགོ་བརྙས་རི་དང་ཐོ་བས་འཐག །ངུ་འབོད་ལྕགས་ཞུན་བསྐོལ་བར་འཚེད་ཅིང་དབང་། །འབོད་སྒྲོག་ཆེན་པོ་ལྕགས་ཁྱིམ་འབར་བར་བསྲེག །ཚ་བ་གསལ་ཤིང་འབར་བས་ལུས་ལ་འབིགས། །རབ་ཏུ་ཚ་བ་མདུང་ཐུང་རྩེ་གསུམ་པས། །ལུས་ཀྱི་གཞུང་འབིགས་ཕྱི་ནས་ལྕགས་བསྲེགས་དཀྲི། ཁྲོ་ཆུ་ཁོལ་མར་འཚེད་དང་མནར་མེད་ནི། །ལྕགས་


JL00_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱིམ་འབར་བར་མེ་དང་གཉིས་མེད་བསྲེག །ཅེས་འདོམས་ཏེ། དེ་ལ་དམྱལ་བ་ཡང་སོས་ཞེས་བྱ་བ་ནི། ལྕགས་ཀྱི་མདག་མེ་འབར་བའི་སྟེང་དུ་ཕན་ཚུན་དགྲ་མི་ཤ་བོ་མཐོང་བ་བཞིན་ལས་ལས་བྱུང་བའི་མཚོན་ཆ་སྣ་ཚོགས་པས་ཡན་ལག་དང་ཉིང་ལག་གཅོད་ཅིང་བརྡེག་རེས་བྱེད་པས་ཤི་བ་དང་། ནམ་མཁའ་ནས་ཡང་སོས་པར་གྱུར་ཅིག་ཅེས་བྱ་བའི་སྒྲ་གྲག་མ་ཐག་སོས་ནས་སྔར་བཞིན་སྡུག་བསྔལ་ལོ། །དེའི་ཚེ་ཚད་དྲན་པ་ཉེར་གཞག་ལས། སེམས་ཅན་དམྱལ་བ་ཡང་སོས་པ་དག་གི་མི་རྣམས་ཀྱི་ལོ་བྱེ་བ་ཕྲག་འབུམ་དང་། ཡང་དྲུག་ཁྲི་དང་། སྟོང་ཕྲག་གཉིས་ཀྱི་བར་དུ་ཐུབ་སྟེ། ཞེས་དང་། དྲན་པ་ཉེ་བར་གཞག་པའི་ཆིག་ལེའུར་བྱས་པ་ལས། མི་གང་མི་ནི་གསོད་པ་དང་། །གཞན་ཡང་བསྐྱེད་ནས་གསོད་བྱེད་པ། །དེ་དག་ངེས་པར་ཡང་སོས་འགྲོ། །གང་གི་ཕྱིར་ན་ལོ་སྟོང་ཕྲག །མང་པོར་ཡང་ནི་དེ་དག་ཏུ། །བཏགས་ཤིང་བཏགས་ཤིང་ཡང་འཚོ་བས། །དེ་ཕྱིར་ཡང་སོས་ཡིན་པར་བཤད། །ཅེས་སོ། །ཐིག་ནག་ནི་གཅོད་པའི་འཁྲུལ་འཁོར་གྱིས་མནར་བ་སྟེ། དེ་ན་ཡོད་པའི་སྐྱེས་བུ་གནོད་པ་བྱེད་པ་རྣམས་ཀྱིས་རེ་དབྱིབས་སྣ་ཚོགས་པ་དག་གི་གསེབ་ཏུ་བཅུག་ནས་ལུས་ལ་ཐིག་དྲངས་ཏེ་ཤིང་བཞིན་དུ་གཤོག་ཅིང་བརྐོ་བར་བྱེད། དྲལ་ནས་ཡང་འབྱར་བར་བྱེད་དོ། །ཚེ་ཚད་མི་ལོ་བྱེ་བ་ཕྲག་ས་ཡ་ཉིས་འབུམ་དང་། ཡང་དགུ་ཁྲི། དྲུག་སྟོང་རྩ་བཅུ་གཉིས་སོ། །དེ་སྐད་དུ་སྔ་མ་ལས། ཕ་མ་དང་ནི་གྲོགས་དང་གཉེན། །བཤེས་གཉེན་ལ་ནི་འཁུ་བྱེད་དང་། །ཕྲ་མ་རྫུན་ནི་སྨྲ་བའི་མེ། །ཐིག་ནག་ཏུ་ནི་འགྲོ་བར་འགྱུར། །གང་ཕྱིར་དེ་ལ་ཤིང་བཞིན་དུ། །ཐིག་ནག་བཏབ་ནས་སོག་ལེ་དང་། །འབར་བ་ཡིས་ནི་གཤིག་བྱེད་དེ། །དེ་ཕྱིར་ཐིག་ནག་ཡིན་པར་བཤད། །ཅེས་སོ། །བསྡུས་འཇོམས་ནི་


JL00_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

འཐག་པའི་འཁྲུལ་འཁོར་ཅན་ཏེ། བྲག་རི་སྲོག་ཆགས་མགོ་བརྙན་ཅན་སྣ་ཚོགས་པའི་གསེབ་ཏུ་འཆིར་བ་དང་། དེ་བཞིན་དུ་ལྕགས་ཀྱི་འཆིར་དཔྱད་ཆེན་པོས་འཆིར་ཞིང་། སྟེང་ནས་རྡོ་ཆེན་པོའི་ལྕིད་ཀྱིས་དེའི་ལུས་ས་གཞི་ལ་གདུངས་པར་བྱེད་པས་ཁྲག་ཆུ་ཀླུང་ལྟ་བུར་འབབ་པའོ། །ཚེ་ཚད་མི་ལོ་བྱེ་བ་ཕྲག་སུམ་འབུམ་དང་། ཡང་། དྲུག་ཁྲི་བརྒྱད་སྟོང་རྩ་གཅིག་གི་བར་རོ། །སྔ་མ་ལས། ར་དང་ལུག་དང་ཝ་ཕག་དང་། །རི་བོང་བྱི་བ་རི་དྭགས་ཕག །གཞན་ཡང་བསྐྱེད་ནས་གསད་བྱས་ན། །ལུས་ཅན་བསྡུས་འཇོམས་འགྲོ་བར་འགྱུར། །གང་ཕྱིར་བསྡུས་ནས་དེར་འདོར་ནས། །ཡང་དག་གསོད་པར་བྱེད་པས་ན། །དེ་ཡི་ཕྱིར་ནི་བསྡུས་འཇོམས་ཏེ། །དེ་ལྟར་མིང་ནི་དོན་མཐུན་གྲགས། །ཞེས་སོ། །ངུ་འབོད་ནི། ལྕགས་ཞུན་བསྐོལ་བར་འཚོད་ཅིང་འོ་དོད་དྲག་པོ་དང་ལྡན་ལ། དེར་གནས་འཚོལ་བ་རྣམས་ལྕགས་ཀྱི་ཁང་པར་འཇུག་པར་བྱེད་ཅིང་ཞུགས་ནས་མེ་ལྕེ་དྲག་པོས་སྡུག་བསྔལ་ལོ། །ཚེ་ཚད་མི་ལོ་བྱེ་བ་ཕྲག་ས་ཡ་གཉིས་དང་། བྱེ་བ་ཕྲག་དགུ་འབུམ་བཞི་ཁྲི་དང་། ཡང་སྟོང་དང་བྱེ་བ་ཕྲག་བདུན་དུ་ཐུབ་བོ། །སྔ་མ་ལས། འདིར་ནི་ལུས་ཅན་གང་དག་གིས། །ལུས་དང་ངག་ཡིད་ཉོན་མོངས་བྱེད། །གང་དག་ལྷད་འཇུག་གཞན་གཡོ་བྱེད། །མི་དེ་དག་ནི་ངུ་འབོད་འགྲོ། །དེར་ནི་དྲག་པོའི་མེ་དག་གིས། །རྒྱུན་མི་འཆད་པར་བསྲེག་པས་ན། །གང་ཕྱིར་སྐད་ནི་དྲག་འབྱིན་པས། །དེ་ཕྱིར་དེ་དག་ངུ་འབོད་ཡིན། །ཅེས་སོ། །ངུ་འབོད་ཆེན་པོ་ནི། ལྕགས་ཀྱི་ཁང་སྒྲོམ་འབར་བར་མེས་བསྲེག་ཅིང་འཚོག་གོ །ཚེ་ཚད་མི་ལོ་བྱེ་བ་ཕྲག་ས་ཡ་གསུམ་དང་། ཡང་བྱེ་བ་ཕྲག་ལྔ་འབུམ་ལྔ་ཁྲི་ཉིས་སྟོང་དང་དྲུག་ཅུ་རྩ་དྲུག་གོ །སྔ་མ་ལས། གང་གིས་ལྷ་དང་བྲམ་ཟེ་


JL00_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །བླ་མའི་རྫས་འཕྲོག་སྡུག་བསྔལ་བྱས། །གང་དག་གཏམས་པ་འཕྲོག་བྱེད་པ། །དེ་དག་ངུ་འབོད་ཆེན་པོར་འགྲོ། །མེས་བསྲེག་པ་ནི་དྲག་ཕྱིར་དང་། །ངུ་འབོད་པ་ཡང་ཆེ་ཕྱིར་དང་། །ལྕི་ཞིང་ཆེ་བ་ཉིད་ཀྱི་ཕྱིར། །དེ་ནི་ངུ་འབོད་ཆེན་པོ་ཡིན། །ཅེས་སོ། །ཚ་བ་ནི། ལྕགས་ཀྱི་གསལ་ཤིང་འབར་བས་ལུས་ཀྱི་གཞུང་འབིགས་ཤིང་ཀླད་པར་ཐལ་འབྱིན་ལ། དབང་པོའི་སྒོ་དང་བ་སྤུའི་བུ་ག་ཐམས་ཅད་ནས་མེ་འབྱུང་བའོ། །ཡང་སླ་ང་རབ་ཏུ་འབར་བར་བསྲེག་པ་དང་། །ལྕགས་ཀྱི་གཞི་ཀུན་ནས་འབར་བ་ལ་གན་རྒྱལ་དུ་བསྙལ་ནས་ལྕགས་ཀྱི་ཐོ་བ་འབར་བས་བརྡུང་བའོ། །ཚེ་ཚད་ནི་མི་ལོ་བྱེ་བ་ཕྲག་ས་ཡ་བརྒྱད་དང་། ཡང་བཞི་འབུམ་དང་། བྱེ་བ་ཕྲག་ཁྲིག་ཕྲག་དྲུག་སྟོང་ལྔ་བརྒྱ་དང་སུམ་ཅུའི་བར་རོ། །རབ་ཏུ་ཚ་བ་ནི། མདུང་རྩེ་གསུམ་པས་རྒྱབ་རོལ་ནས་བཏབ་པས་རྩེ་དབུས་མ་ཀླད་པར་ཐལ་འབྱིན་ལ། ལྷག་མ་གཉིས་པོ་ནི་ཕྲག་གོང་གཉིས་སུ་འཐོན་པ་དང་། ཡང་ལྕགས་ཀྱི་ལེབ་མ་མེ་འབར་བས་ལུས་ཐམས་ཅད་ལ་དཀྲི་བ་དང་། ལྕགས་ཟངས་ཀུན་ཏུ་འབར་བར་ཚ་སྒོའི་ཆུ་བསྐོལ་བའི་ནང་དུ་ཁ་སྤུབ་ཏུ་འཛུད་པར་བྱེད་པས་པགས་པ་དང་ཤ་ཁྲག་འཐོར་ནས་རུས་གོང་དཀར་པོའམ་ཀེང་རུས་ཙམ་གྱི་ལུས་རྟེན་ལ་གདུང་བས་ཤིན་ཏུ་སྡུག་བསྔལ་ལོ། །ཚེ་ཚད་ནི་བར་གྱི་བསྐལ་པ་ཕྱེད་དོ། །དེ་ལྟར་གཉིས་པོ་ནི། ཁང་པའི་འཁྲུལ་འཁོར་ཅན་ཏེ་སྡུག་བསྔལ་གྱི་ཁྱད་པར་གཞན་བརྗོད་པ་རྣམ་པར་དག་པ་ཙནྡྲ་གོ་མིས། ཁ་ཅིག་འབྲུ་མར་བསྐོལ་བའི་ཟངས་ཆེན་ནང་དུ་ལྟུང་། །གཞན་དག་བྱེ་མ་བསྲེགས་པའི་མེ་སྟག་འཕྲོ་བ་ཡི། །ས་གཞི་རྐང་པ་བཞག་པའི་གནས་མི་ཐོད་པར་ལྟུང་། །ཞེས་དང་། རབ་ཏུ་ཚ་བའི་ཁྱད་པར་དམྱལ་མེ་དུབ་ཆེ་དགུ་མནམ་པ་འཐུལ་བས་གནམ་མདོག་འགྱུར། །མེ་ལྕེའི་ལག་མང་རྣམ་པར་འཕྲོས་


JL00_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཕྱོགས་ཀྱི་དཀྱིལ་འཁོར་ཁེབས། །རུས་གོང་དཀར་དུམ་ཕྲེང་བའི་རྒྱན་གྱིས་སྤུད་པ་སྐྱི་གཡའ་བ། །གླང་ཆེན་གོས་གྱོན་སྡིག་ཐབས་ཀྱེ་མ་ཀྱི་ཧུད་ཟེར་བ་བཞིན། །ཞེས་དམྱལ་བའི་རྣམ་གྲངས་ཀྱང་རང་བཞིན་བབ་བབ་དུ་བསྟན་པ་ལས་མིང་ཁྲི། ས་ཀྱི་ངེས་པ་མི་སྣང་ཞིང་བརྗོད་པ་གཏིང་ཟབ་ཕྱིར་དཀའ་འགྲེལ་གཉིས་པོས་ཀྱང་གསལ་བར་ཁ་མི་ཕྱེད་པས་བསྟན་བཅོས་གཞན་དུ་ལུང་གི་རྒྱབ་སྐྱོར་ཀྱང་ཅི་རིགས་སུ་འབྱུང་མོད། འདིར་ནི་རྒྱ་འགྲེལ་གཉིས་ལ་སློབ་དཔོན་ཤེས་རབ་འབྱུང་གནས་ཀྱི་ལུགས་ལྷག་པར་བཤད་རླབས་ཆེ་བར་མངོན་ནས་དེའི་རྗེས་སུ་རྣམ་པར་དབྱེ་བ་ཡིན་ནོ། །མནར་མེད་པ་ནི་ཕྱོགས་བཞི་དང་། །བླ་འོག་མཐའ་དག་མེ་འབར་བས་འཁྲིགས་པར་འདུག་སྟེ། དེ་ན་སེམས་ཅན་དེ་དག་རྩ་སྐམ་ལ་མེ་སྦར་བ་རླུང་གིས་རབ་ཏུ་བསྐྱོད་པ་བཞིན། ཤ་དང་། ཆུ་རྒྱུས་དང་། རུས་པ་དང་། རྐང་གི་བར་དུ་ཞེན་ནས་མར་མེ་སྙིང་པོ་ལ་ཞེན་པའམ། ལྕགས་བསྲེག་དང་སོལ་མེ་མི་ཕྱེད་པ་བཞིན་འདི་དག་ནི་སེམས་ཅན་ནོ། །འདི་དག་ནི་མེའོ་ཞེས་དབྱེ་བར་མི་ནུས་པ་མེའི་ཕུང་པོ་གཅིག་གི་ཀློང་ནས་འོ་དོད་འབོད་པ་ཙམ་སྟེ་སྡུག་བསྔལ་བའི་མཐར་ཐུག་པའོ། །དེ་སྐད་དུ་སློབ་སྤྲིང་ལས། ཕྱི་ནང་གི་གནོད་པ་གཉིས་སུ་བསྟན་པའི་ཕྱིའི་གནོད་པ་ནི། །ལ་ལར་མེ་སྟག་ཆེར་འཕྲོ་འཁྲུག་པ་འུར་སྒྲ་ཏོག་ཡར་ལ། །ཞག་གི་བབ་ན་སྐད་ངན་འབོད་པའི་རྩེ་ཞིལ་ཆིལ་ཆིལ་འབར། །ཞེས་དང་། ནང་གི་གནོད་པ་ནི། བྲང་གི་རུས་པའི་ཁོང་དུ་ཐལ་ལ་ལྷག་ལྷག་སྒྲ་གྲགས་པ། །བསྐལ་པའི་དུས་ཀྱི་མེ་ཡིས་བསྐྱོད་དུ་མེད་པའི་ནང་དུ་ལྷུང་། །ཞེས་མདོར་བསྟན་ནས། རྒྱས་པར་བཤད་པའི་དོན་ལའང་ནང་གི་གནོད་པ་དང་། ཕྱིའི་གནོད་པ་གཉིས་སུ་དབྱེ་བའི་


JL00_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ནི། གློ་ནས་རྩ་སྐམ་སྙིང་ལ་སྦར་བ་ལྟ་བུར་མེ་ཚོགས་འབར། །མགྲིན་དང་ཁ་ནས་མེ་ལྕེ་འབར་བ་དུད་བཅས་བསྟུད་མར་འབྱུང་། ཁོང་ལྟོགས་པ་ནས་ལོང་ག་ནང་ཁྲོལ་ནར་བས་ཀུན་བྲེད་ཅིང་། །བརྡའ་མི་འཕྲོད་པའི་སྐད་ཆེན་ཙམ་ཞིག་འདོན་པར་བྱེད་པར་ཟད། །ཅེས་དང་། ཕྱིའི་གནོད་པ་ནི། སྡུག་བསྔལ་ཆེ་ལས་ཐར་བར་འདོད་པ་དེ་དག་ཡང་དང་ཡང་། །སྒོ་བྱེ་གསེབ་གཞན་མཐོང་ནས་ཐག་རིང་ཅི་ཞིག་ལྟར་ཏེ་འབྱེར། །གང་ཚེ་ལས་ཀྱི་སྒོ་འཕར་དམ་པོས་དེ་ཡང་བཅད་གྱུར་པ། །དེ་ཚེ་ཡི་མུག་བཟློག་བརླག་སྡུག་བསྔལ་གཞན་ཡང་འབྱུང་བར་འགྱུར། །ཞེས་གནས་ཁང་གི་གནོད་པ་དང་། དེ་བཞིན་དུ་མདའ་བོ་ཆེ་དང་། དབྱུག་པ་དང་། ཁུ་བ་འབར་བའི་གནོད་པ་རྣམས་སྟོན་པའི་ཕྱིར། མདའ་ཆེན་སྣ་ཚོགས་འབར་བ་ཆར་བཞིན་འབབ་པའི་རྗེས་ལ་ཡང་། །དམྱལ་བའི་སྲུང་མས་དབྱུག་པ་བཏབ་ཅིང་མཆི་མ་འཛག་བཞིན་དུ། །ལྕགས་ཞུན་ཁུ་བ་མེ་སྟག་འབར་བའི་ཕྲེང་བ་འཁྲིགས་པ་ལྡུད། ཁ་སྣ་རྣ་བའི་ག་དག་ནས་དུད་འཐུལ་གྱེན་དུ་འབྱུང་། །མིག་དང་ཀླད་སྤྲིས་བརྡོལ་གྱི་བར་དུ་ཀུན་བསྲེག་ཅིང་། །ཀླད་པའི་རྒྱས་ལ་འབར་བའི་མེ་ལྕེ་སྨུག་ནག་ཚོགས། །མེ་དེ་ཁྲོས་པ་ལྟ་བུར་དེ་ཡི་ལུས་ཕུང་ལ། །བུད་ཤིང་སྐམ་པོ་བཅེར་ལ་སྦར་བ་བཞིན་དུ་མཆེད། །ཅེས་དང་། དེ་དག་གི་དོན་བསྡུ་བའི་ཕྱིར། སྐྱེ་བོ་དེ་སྲོག་རི་གཟར་ཀླུང་གི་ཆུ་ལྟར་གཡོ། དམྱལ་བའི་མེ་ཡང་དེར་ཟད་ཚ་བའང་དེར་ཟད་དེ། །ལས་རྣམས་ཇི་ལྟར་ཐམས་ཅད་ཤིན་ཏུ་མི་བཟད་པ། །སྣང་བར་འགྱུར་བ་དེ་ལྟར་ཡོངས་སུ་བསྒྱུར་བ་བྱེད། །སྐྱེ་བོ་རང་གི་ལས་ཀྱིས་དབང་མེད་སྤྱོད་འཚལ་བ། །བརྒྱ་ལ་སྡིག་གནས་དམྱལ་བ་དག་ནས་ཐར་ན་ཡང་། །འཇིག་རྟེན་འགྲོ་བ་མཐའ་ཡས་བྱེ་བ་འཕྱེས་རྣམས་སུ། །མི་ཡི་དངོས་པོ་ཤིན་ཏུ་རྙེད་པར་དཀའ་བ་ཉིད། །ཅེས་མནར་མེད་པའི་སེམས་ཅན་དམྱལ་བ་


JL00_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེའི་སྡུག་བསྔལ་ནི་ངོ་བོ་དབལ་ཚ་ཞིང་། རྣམ་པ་གྲངས་མང་བ། བར་དང་མཚམས་མེད་པས་ན་མཚམས་མེད་དམ་མནར་མེད་ཅེས་བཤད་ལ། དེ་དག་གི་ལུས་ཚད་ཀྱང་། མདོ་སྡེ་མྱང་འདས་ལས། མཚམས་མེད་བརྒྱད་བྱས་པ་ལ་དཔག་ཚད་བརྒྱད་ཁྲི་བའི་ལུས་ཡོད་ཀྱང་གཅིག་ལ་གཅིག་མི་ཐོགས་པར་བཤད་པ་དང་། ཐེག་པ་ཆེན་པོ་སྐུར་བའི་ལྕེ་དཔག་ཚད་འབུམ་དུ་བཤད་པ་སོགས་ཚོར་བ་རྒྱ་ཆེ་ལ། ཚེའི་ཚད་ཀྱང་དྲན་པ་ཉེར་གཞག་ལས་བར་གྱི་བསྐལ་པ་གཅིག་དང་། ལས་རྣམ་འབྱེད་ལས། མནར་མེད་པའི་སྒོ་ན་ལྕགས་ཀྱི་རི་དཔག་ཚད་སྟོང་དྲུག་ཁྲི་པ་ཞིག་ཡོད་དེ། དེ་ཉིད་སེམས་ཅན་དམྱལ་བ་བདག་གིས་དོར་བས་ཟད་པ་ན་དེ་དག་གི་ཚེ་འཕོ་བ་ཡིན་ཏེ་དཔག་ཏུ་མེད་དོ། །ཞེས་གསུངས་ལ། གལ་ཏེ་དེ་ནས་ཐར་ནའང་མིའི་དངོས་པོ་ནི་ཤིན་ཏུ་རྙེད་པར་དཀའ་ཞིང་རྙེད་ནའང་དབང་པོ་མ་ཚང་བ་ལ་སོགས་པར་སྐྱེ་བ་ནི་རྒྱུ་རླབས་པོ་ཆེའི་འབྲས་བུ་ལ་སྤྱོད་པའི་གནས་སྐབས་ཚོགས་ཤིང་དུས་ལ་བབ་པ་ཡིན་པའི་ཕྱིར་ཏེ། དམྱལ་བའི་རབས་ལས། ཡོན་ཏན་དག་གིས་ཆེ་བ་ལ། །གནོད་པ་དྲག་པོ་བྱས་པ་ལས། །ཕ་མ་བླ་མ་གསད་བྱས་པ། །ངེས་པར་བསྐལ་པར་མནར་མེད་འཚེད། །མེ་དྲག་དེར་ནི་ལུས་ངག་གི། །རུས་པ་དག་ཀྱང་ལྷགས་པར་འགྱུར། །གང་ཕྱིར་བདེ་བའི་སྐབས་མེད་པ། །དེ་ཕྱིར་མནར་མེད་ཡིན་པར་བཤད། །ཅེས་ཡོན་ཏན་གྱིས་ཆེ་བ་དམ་པའི་ཆོས་སྤངས་ཤིང་བསྐུར་བ་བཏབ་པ་དང་། དམ་ཚིག་ཉམས་པ་ལ་སོགས་དམྱལ་བ་མནར་མེད་དུ་སྐྱེ་བར་བཤད་དོ། །དེ་ལྟར་དམྱལ་བ་བརྒྱད་པོ་དེ་དག་གི་མེའི་ཚ་ཁྱད་ཀྱང་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་བདུན་འགྱུར་གྱིས་ཚ་བ་ནི་ཤིང་ཐ་མལ་དང་། ཙན་དན་དང་། དུས་མཐའི་མེ་ལ་ཁྱད་ཞུགས་པ་བཞིན་ཏེ། ལས་རྣམ་འབྱེད་ལས། ཐ་མལ་ཙན་དན་དུས་མཐའ་དང་། །དམྱལ་


JL00_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

མེ་རྣམས་ཀྱང་གོ་རིམ་བཞིན། །དེ་བཞིན་སྡུག་བསྔལ་བདུན་ཕྲག་འགྱུར། །ཞེས་ཚོར་བའང་བདུན་འགྱུར་གྱིས་རགས་སུ་འགྲོ་བས། སྡུག་བསྔལ་ཀྱང་བདུན་འགྱུར་རེས་ཆེར་འགྲོ་བ་ཡིན་ནོ། །ད་ནི་དེ་དག་གི་འཁོར་ལྷག་པ་ཉེ་འཁོར་བ་བཤད་པའི་ཕྱིར། སྡུག་བསྔལ་ཉིད་ལས་དབུགས་འབྱིན་ཀུན་རྟོག་གིས། །ཉེ་འཁོར་སྒོ་འཕར་བྱེ་བ་མ་དག་མེའི་འོབས། །རོ་མྱགས་འདམ་རྫབ་སྟུག་དང་རལ་གྲིའི་ནགས། །ཆུ་བོ་རབ་མེད་གཤིན་རྗེའི་ཁ་བས་ཐུ། །འདི་ལྟར་སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་པོ་རེ་རེ་ཞིང་གི་ཕྱོགས་བཞི་པོ་སོ་སོར། མེ་མ་མུར་གྱི་འོབས། རོ་མྱགས་ཀྱི་འདམ། རལ་གྲི་ལོ་མའི་ནགས་ཚལ། ཆུ་བོ་རབ་མེད་དེ། བཞི་ཚན་རེ་རེ་འཁོར་གྱི་ཚུལ་དུ་གནས་པ་ལ་ལྷག་པ་བཅུ་དྲུག་ཞེས་བྱའོ། །དེ་སྐད་དུ་བཤེས་སྤྲིང་གི་འགྲེལ་བར། ལྷག་པ་བཞི་པོ་འདི་དག་ནི་སེམས་ཅན་དམྱལ་བ་ཐམས་ཅད་ཀྱི་སྒོ་བཞིན་གོ་རིམ་བཞིན་དུ་རྣམ་པར་གནས་ཏེ། དེ་ལྟ་བས་ན་སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་འཆད་པར་འགྱུར་བ་རེ་རེ་ཞིང་ལྷག་པ་བཅུ་དྲུག་ཡིན་ནོ། །ཞེས་བཤད་དོ། །གོང་དུ་མྱོང་བྱའི་ལས་ཕལ་ཆེར་བསྲབས་པ་ན་ཕྱོགས་བཞིར་སྒོ་བྱེ་བ་སྙམ་བྱེད་ཅིང་དེར་འབྲོས་པའི་སྣང་བ་ཤར་བ་ན་ཐལ་ཚན་ཆུ་ཀླུང་དུ་འཁྲུལ་ནས་འཆིག་པའི་ཚུལ་དྲན་པ་ཉེར་གཞག་ལས། དེ་དེ་ལྟར་སོང་བ་ལས་ཆུ་ཀླུང་གི་འདུ་ཤེས་སྐྱེས་ཏེ་བརྒལ་མ་ཐག་ཏུ་རྐེད་པ་ལ་ཐུག་གི་ཤ་རྣམས་ཀྱང་ཚིག །རུས་པ་རྣམས་ཀྱང་བྱེ་ཞིང་དྲལ་བར་བྱུང་བ་ལས་སླར་སོས་ཤིང་། འགྲམ་དག་ན་སྔོན་རྣམ་པར་རྩེན་པའི་གཤིན་རྗེའི་སྐྱེས་བུས་བསྲུང་བར་སྣང་ངོ་། །ཞེས་པ་ལྟར། དེར་སྙེགས་པའི་ལམ་དུ་ལྕགས་ཀྱི་ཁྱི་རལ་པ་ཅན་གྱིས་འདེད་ཅིང་། མ་དག་མེ་འབར་བ་རྡོ་རྣོན་ཟུར་ཅན་གྱིས་གང་བའི་འོབས། པུས་མོ་ནུབ་པ་ཙམ་དེར་རྐང་པ་བཞག་པ་དང་། པགས་པ་དང་ཤ་ཁྲག་ཞིག་པར་འགྱུར་ལ་བཏེགས་


JL00_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

ན་སླར་སྐྱེ་བའི་སྡུག་བསྔལ་ལ་སྤྱོད་པ་སྟེ། སློབ་སྤྲིང་ལས། རལ་པའི་ཚོགས་མང་སྤུངས་པས་བསྒྱིངས་པའི་ཁྱི་དག་གིས། །མཆེ་བ་གཟང་རིང་རྡོ་རྗེའི་རྩེ་མོས་ལུས་འདྲད་ཅིང་། །ཆུ་བོ་རབ་མེད་ཐལ་སྐྱོ་མེ་ལྕེས་གང་བའི་ངོགས། །རྡོ་བཟུར་རྡོ་མ་རྩེ་རྣོན་མི་བཟད་ཅན་དུ་བདའ། །ཞེས་སོ། །རོ་མྱགས་ཀྱི་འདམ་ནི། ཕྱི་སའི་འདམ་རྫབ་ཆེན་པོར་ཆུང་ནས་སྲོག་ཆགས་ལུས་དཀར་ལ་མགོ་བོ་གནག་པ་མཆུ་རྣོན་ཅན་གྱིས་པགས་པ་འབིགས་ཤིང་། སྡུག་བསྔལ་གྱིས་མནར་ཆེས་པས་ལུས་བསྒུལ་བསྐྱོད་མི་ནུས་པར་སོང་ཡང་ལས་རྙི་དང་འདྲ་བ་ལ་སྲོག་བྱ་དང་འདྲ་བ་ཉིད་འཐོགས་པའི་ཚུལ་སྔ་མ་ལས། ཁ་ཅིག་འབུ་སྤྲང་ཕྲ་མོ་ལྕིག་ལྕིག་འདུག་པ་ཡི། །ཚོགས་ཀྱིས་ལུས་རྨུགས་པ་མ་ཞིང་རྣམ་པར་འཁྲུལ། །ལས་ཀྱི་རང་བཞིན་རྙི་ལ་ཚོར་བ་འཐོགས་པ་རྣམས། །བསྐྱོད་པ་ཙམ་ཡང་བྱ་བར་མི་ནུས་བཞིན་དུ་གསོན། །ཞེས་སོ། །རལ་གྲི་ལྟ་བུའི་ཚལ་ནི། མེ་མ་མུར་དང་། རོ་མྱགས་དང་། སྤུ་གྲིའི་སོ་གཏམས་པའི་ལམ་པོ་ཆེ་ལས་ཐལ་ནས་རྒྱས་བཅད་བཞིག་ན་ནགས་ཚལ་སྔོན་པོའི་རྣམ་པར་ཡོད་པ་བ་ཤེས་འགྲེལ་གྱིས་བསྟན་ཏེ། དེར་སྐྱབས་འཚོལ་ཕྱིར་བརྒྱུགས་པས། ལས་ལས་བྱུང་བའི་རླུང་གིས་ལྗོན་ཤིང་གཡོས་ནས་ལོ་མ་ཐམས་ཅད་མཚོན་ཆའི་ཆར་དུ་བབས་པས་ལུས་རྦད་ཅིང་ངུ་འབོད་བྱེད་པ་ཙམ་ལས་གཞན་པའི་བཤེས་དང་བྲལ་བའི་ཚུལ། སླབ་སྤྲིང་ལས། ཉི་ཆན་གྱིས་གདུངས་བཟོད་དཀའ་བརླག་པས་སྐྱོ་བའི་ལུས། །ལྗོན་ཤིང་ལོ་མ་སྔོ་སྟུག་མཐོང་ནས་སོང་བ་དང་། །དེ་ཡི་ལོ་མ་མཚོན་བརྒྱར་ལྷུང་བས་ལུས་རྦད་ཅིང་། །དེ་ན་ཡུན་རིང་དུད་མོ་ལས་བཤེས་བརླག་པར་གནས། །ཞེས་སོ། །ཆུ་བོ་རབ་མེད་ནི། བཤེས་འགྲེལ་ལས། ཚྭ་སྒོ་བཟོད་བརླག་ཆུ་


JL00_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

ཚན་དུ་སྟེ། ཆུ་བོ་རབ་མེད་ཅེས་བྱ་བ་ལོ་མ་རལ་གྲི་ལྟ་བུའི་ཚལ་འདབས་ན་དམྱལ་བ་འོབས་བཞིན་དུ་བསྐོར་ཏེ་འདུག་པ། ཞེས་བསྟན་ལ་དེའི་ལམ་ཐམས་ཅད་ཀྱང་སྤུ་གྲིའི་ཐང་དུ་ཡོད་ཅིང་། སྟེང་ནས་ལྕུག་ཚལ་གྱི་རལ་གྲིས་ཀྱང་སྣང་བར་བྱེད་པས་ལམ་ལ་ལྟར་ནས་སྤུ་གྲིའི་ཐང་དང་། ངོ་བོ་ཆུ་བོ་རབ་མེད་ཅེས་བུལ་ཏོག་ཚྭ་སྒོ་ཅན་གྱི་མུ་ཚན་མཚོན་ཆ་གཟིངས་པར་ལྟུང་བའི་ཚུལ། སློབ་སྤྲིང་ལས། སྤུ་གྲིའི་སོ་གཏམས་ལྕུག་ཚལ་ལོ་མ་རལ་གྲི་ཡི། །ནང་དུ་ཐང་ཆད་བརྒྱུགས་ན་ལུས་རྨས་སྐྱབས་མེད་པར། །རྩེ་གསུམ་མདུང་ཐུང་མདའ་དང་རལ་གྲི་རྣོས་གང་བའི། ཁྲོན་པ་གཤིན་རྗེའི་ཁབས་ཐུ་བའི་ནང་དུ་ལྷུང་། །ཞེས་སོ། །བཤད་མ་ཐག་པ་མཚོན་ཆའི་ཐང་དང་། འཆད་པར་འགྱུར་བའི་ཤལ་མ་ལི་ནི་ལྷག་པ་བཞི་པོར་མི་བགྲང་སྟེ། སློབ་དཔོན་བློ་གྲོས་ཆེན་པོས། བཞི་པོ་འདི་དག་ནི་ལྷག་པ་ཡིན་པར་བཤད་པ་འདི་དག་སྟེ། མེ་མ་མུར་དང་། རོ་མྱགས་དང་། ལོ་མ་རལ་གྲི་ལྟ་བུའི་ཚལ་དང་། ཆུ་བོ་རབ་མེད་དོ། །ཞེས་བཤད་པའི་ཕྱིར་འདིར་སློབ་སྤྲིང་དང་ལྟོ་སྦྱར་ནས་རྣམ་པར་དཔྱད་པར་རིགས་པར་བྱའོ། ཁྱད་པར་གཞན་ཤལ་མ་ལི་ནི་མཛའ་གཅུགས་དམ་བཅའ་དྲན་ནས་བསྙེགས་པའི་ལམ། ཚེར་མ་རྣོན་པོས་ཚབས་ཆེར་ཕུག་པའི་ལུས། །འབར་ཞིང་རྩུབ་པའི་ལྕགས་ཀྱི་བུད་མེད་ཀྱིས། །འཁྱུད་མཐར་ཁྭ་དང་བྱ་རྒོད་མིག་ལ་འདྲུ། །འདི་ལྟར་ལྕགས་ཀྱི་ཤལ་མ་ལི་གནོད་པའི་རང་བཞིན་ཅན་དེ་ཉམས་དགའ་བར་མངོན་པའི་རྩེ་མོ་ནས་སྔོན་ཆད་འཁྲིག་པའི་ཆོས་བརྟེན་པའམ། མཛའ་བར་གྱུར་པ་དག་གིས་འབོད་པར་མཐོང་ནས་དེར་ཕྱིན་པའི་ལམ་དུ་ཅེ་སྦྱང་དང་། ཁྱི་དང་། འོང་བུ་ལ་སོགས་པས་དེད་ཅིང་ལམ་ཐམས་ཅད་ལྕགས་ཀྱི་ཚེར་མ་རྣོན་པོ་གཟིངས་པས་ཤ་ཁྲག་གཟགས་པར་བྱེད་དེ། སྔ་མ་ལས། སྲེ་ཁྱི་བོང་བུ་ཅེ་སྦྱང་སྟོང་


JL00_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲག་གིས་བྲེད་ནས། ཤལ་མ་ལི་མཐོ་མི་བཟད་དེ་ལ་མྱུར་འཇོགས་ན། ཚེར་མའི་ཚོགས་ཁ་ཐུར་དུ་བལྟས་པས་ཐལ་འབྱིན་ཞིང་། །ཟུག་རྔུ་ཚབས་པོ་ཆེ་དག་ཁོང་བརླག་ནུབ་པར་འགྱུར། །ཞེས་དང་། དེའི་དྲུང་ན་སླེབས་པའི་ཚེ་ཡིད་དུ་གཅུགས་པ་དེ་མ་ཡིན་པར་ལྕགས་ཀྱི་ཟུང་མེད་འཇིགས་སུ་རུང་བ་སོག་ལེ་ལྟ་བུར་རྩུབ་ལ་མེ་སྟག་འཕྲོ་བས་འཁྱུད་ཅིང་དམ་པོར་འཛིན་པ་སྟེ། སྔ་མ་ལས། བུད་མེད་ཀུན་ནས་མེ་ལྕེ་བརྒྱ་ཕྲག་འཐོན་པའི་མེ། །མེ་སྟག་ཕྲེང་བ་འཁྲིགས་པའི་རྒྱན་གྱིས་བཞགས་གྱུར་ཅིང་། །སོག་ལེ་ལྟ་བུར་རྩུབ་པའི་ལུས་ཀྱིས་ཟོན་མེད་པར། །ཤིན་ཏུ་སྡུག་པའི་ཚུལ་གྱིས་བཅུམ་ནས་འཁྱུད་པར་བྱེད། །ཅེས་སོ། །ཡང་རིའི་རྩ་བ་ནས་མཆིས་བྲང་དང་། ཉེ་དུ་ལ་སོགས་པས་འབོད་པར་མཐོང་ནས་ཕྱིན་པ་ན་ལྕགས་ཀྱི་ཚེར་མ་དང་། མདུང་ཐུང་ལ་སོགས་པས་སྔར་བཞིན་དུ་འབུགས་ཤིང་དྲན་པ་ཉམས་པ་ལས་གཡང་སར་ལྷུང་བ་དང་། ཁྭ་དང་། བྱ་རྒོད་དང་། སྦྲུལ་གདུག་པ་ཅན་དང་། དུར་བྱ་དང་། བྱ་གར་ལ་སོགས་པས་མིག་འབྱིན་རྒྱུ་ལྟོ་འདྲེན་པ་ལ་སོགས་པའི་སྡུག་བསྔལ་གྱིས་མནར་བར་བྱེད་པའི་ཚུལ། ཐུར་དུ་བབས་ན་ལྕགས་ཚེར་གྱེན་དུ་ཁ་བལྟས་པ། །རྩུབ་ལ་རྣོ་བ་མང་པོས་ལུས་ཕུག་དྲན་པ་ཉམས། །དེ་ན་ཁ་གཅིག་མདུང་ཐུང་རྩེ་གསུམ་འབར་བ་དང་། །ཟུག་རྔུ་རྣོན་པོས་ལུས་དབང་ཐུར་དུ་འབབ་མི་ནུས། །དེ་ཚེ་མཚོན་ཆ་བརྡར་བའི་མཆུ་ཅན་ཁྭ་རྣམས་ཀྱིས། །ཀུན་ཏུ་དྲངས་པས་རྒྱུ་ལྟོ་བྲང་བྲེང་ནར་ཞིང་འཐོར། ཁ་ཅིག་རི་བོའི་གཡང་ས་ཡ་ངར་གཡང་དུ་ལྷུང་། །ཞེས་དང་། གཤིན་རྗེའི་ལག་ན་ཐོགས་པ་དུས་ཀྱི་ཞགས་པ་ལྟའི། །སྦྲུལ་གདུག་མགོ་འཕང་བསྟོད་པས་དམ་བཞག་གཞུངས་ནས་ནི། །གསོན་པོར་ཁྭ་དང་བྱ་གར་ཀཾ་ཀ་བྱ་རྒོད་ཀྱིས། །དེ་ན་གནས་པའི་མིག་དག་ཚམ་ཚོམ་མེད་པར་འདྲུ། །ཞེས་སོ། །དེ་དག་གི་རྒྱུ་འབྲས་ཀྱང་དྲན་པ་


JL00_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་བར་གཞག་པའི་ཚིག་ལེའུར་བྱས་པ་ལས། ལུས་ཅན་གང་དག་གཅིག་ལས་གཅིག །གནོད་པར་དགའ་བས་གཡུལ་ངོར་གསོད། །སྡིག་ཅན་དེ་དག་སྡུག་བསྔལ་དང་། །ལྡན་པའི་རལ་གྲིའི་སེམས་ཅན་སྐྱེ། །ཞེས་པ་ལ་སོགས་པའི་དོན་ཉེ་བར་བསྡུ་ན། བྱི་ཕོ་བྱེད་པ་ཤལ་མ་ལིར། །འཛེག་ཅིང་ལྕགས་ཀྱི་བུད་མེད་འཚེ། །བག་ཕེབས་པ་ལ་གནོད་བྱས་ན། །རལ་གྲིའི་ཚལ་དུ་ལུས་ཆད་ནས། ཁྱི་དང་བྱ་རྒོད་འུག་པས་ཟ། །གཞན་ནོར་འཕྲོག་བཟང་ས་ཆེན་འཚོད། །ལྕགས་ཀྱི་ཐོ་ལུམ་འབར་བས་འཚོག །རྔོན་པའི་ལས་ལ་དགའ་བ་ནི། །ལོ་ནི་བྱེ་བར་ལྕགས་ཁྱིས་ཟ། །ཉ་གསོད་ཆུ་བོ་རབ་མེད་འགྲོ། །ཟངས་ཞུན་བསྐོལ་བའི་ནང་དུའང་འཆོད། །ཆོས་མིན་རང་འདོད་གཤགས་འགྱེད་ན། །ངུ་འབོད་གནས་སུ་འཁོར་ལོས་གཟིར། །གཟུགས་ཅན་ཀུན་ལ་གནོད་བྱེད་པ། །དེ་དག་རི་དང་ཐོ་བས་འཐག །ཆོས་ཀྱི་སྟེགས་བཤིག་ཆོས་མིན་སྨྲ། །སྤུ་གྲིའི་སོས་གཏམས་ལམ་དུ་འགྲོ། །སེན་མོས་ཤིག་གསོད་དེ་ཡི་ལུས། །ཆེར་སོང་བྲག་སྒོར་ཡང་ཡང་བཅར། །བརྟུལ་ཞུགས་བཟང་མནོས་མི་བསྲུང་བ། །དེ་ནི་མེ་མ་མུར་དུ་བསྲེག །ལོག་འཚོ་ལྔ་ལ་ལོངས་སྤྱོད་པ། །ཕྱི་སའི་འདམ་དུ་སྲིན་བུས་ཟ། །འབྲུ་ནང་འཁོད་པའི་སྲོག་ཆགས་ལ། །འཚེ་བ་བྱས་ན་གཏུན་བུར་འཐག ཁྲོ་གཏུམ་གཡོ་དང་རྫུན་ལ་དགའ། །གཞན་གནོད་གཤིན་རྗེའི་སྲིན་པོར་སྐྱེ། །ཞེས་སོ། །དེ་ནས་གྲང་དམྱལ་བཤད་པ་ལ། སྤྱི་མཐུན་གྱི་སྡུག་བསྔལ་བསྟན་པ་དང་། སོ་སོའི་རང་བཞིན་བཤད་པ་ལས། དང་པོ་ནི། བུ་ཡུག་སྦྲེབས་པ་འདར་བའི་ཐག་པ་ཡིས། །བཅིངས་ཏེ་བསྐྱོད་པར་མི་ནུས་བཞིན་གསོན་ཡང་། །རླུང་གི་མཚོན་ཆས་རུས་པའི་གཏིང་ཕུག་པའི། །གྲང་རེག་སོ་ཡི་བར་དུ་འཚིར་ལྟར་གདུང་། །འདི་ལྟར་གྲང་བའི་དམྱལ་བ་རྣམས་ནི་སའི་དཀྱིལ་འཁོར་རྡོག་པ་བཞག་ས་ཙམ་ཡང་མི་མངོན་པའི་གངས་རི་ཆེན་


JL00_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

པོ་གཅོང་རོང་མི་བཟོད་པ་ཅན་གྱི་ལྟོངས། ཁ་ཆར་དང་རླུང་འཐབས་པའི་བུ་ཡུག་གིས་རབ་ཏུ་སྦྲེས་པའི་གནས་མུན་ནག་འཐིབས་པོར། དཔེས་མི་མཚོན་པའི་ལྷགས་པའི་རེག་བྱ་རྣོ་ངར་ཅན་གྱིས་རུས་པའི་གཏིང་ཕུག་པར་ཕྱིན་པས་ལུས་ཀུམ་ཀུམ་པོར་གྱུར་ཏེ་བསྒུལ་བསྐྱོད་ཀྱི་གནས་སྐབས་ལས་ཐལ་ཀྱང་། ད་དུང་སྡུག་བསྔལ་གྱི་ཚོར་བ་ལ་རྣམ་པར་ཤེས་པ་འཐོགས་ནས་གསོན་པའི་གནས་སྐབས་ལས་མི་ཡོལ་བའོ། །སོ་སོའི་ཁྱད་པར་དབྱེ་བ་ནི། ཆུ་བུར་ཅན་དང་ཆུ་བུར་བརྡོལ་བ་དང་། །ཨ་ཆུའི་སྨྲེ་སྔགས་ཀྱི་ཧུད་སོ་འཐམས་ཅན། །ཨུཏྤ་ལ་ལྟར་པགས་པ་དྲུག་ཚལ་འགས། །པདྨ་དང་ནི་པདྨ་ཆེན་པོ་ལྟར། །བརྒྱད་དང་བཅུ་དྲུག་གྲངས་མེད་གས་པའི་རྨ། །སྲོག་ཆགས་མཆུ་རྣོན་ཅན་གྱིས་འབིགས་ཤིང་བཟའ། །ཞེས་འདོམས་པ་ལས། ཆུ་བུར་ཅན་ནི་ཧ་ཅང་གྲང་ཆེས་པས་ལུས་ཆུ་བུར་གྱིས་གང་བ་དང་། དེ་བཞིན་དུ་ཆུ་བུར་བརྡོལ་ནས་རྨར་གྱུར་པ་དང་། གྱུར་པ་དེས་ཨ་ཆུའི་སྨྲེ་སྔགས་ནར་མར་འབྱིན་པ་དང་། ཀྱི་ཧུད་ཅེས་ཤུགས་རིང་འབྱིན་པ་ཙམ་ལས་སྐད་ཀྱི་གདངས་ཆག་པ་དང་། དེའང་འདོན་པར་མ་ནུས་པས་སོ་ཐམ་ཐམ་པ་དང་། རྨ་དེ་དག་ལས་སྐྱེས་པའི་སྲོག་ཆགས་ཀྱིས་མཚོན་ཆའི་མཆུས་དབང་ནས་ཨུཏྤལ་ལྟར་པགས་པ་དྲུག་ཚལ་དུ་གས་པ་དང་། པདྨ་ལྟར་བརྒྱད་ཚལ་དུ་གས་པ་དང་། པདྨ་ཆེན་པོ་ལྟར་ལྡབ་འགྱུར་གསུམ་འགྱུར་ནས་གྲངས་མེད་ཀྱི་བར་དུ་གས་པའི་ནང་ནས་ཆུ་སེར་དང་། ཞག་དང་། རྐང་མར་ཀྱང་འཛག་པ་སྟེ། སློབ་མ་ལ་སྤྲིངས་པར། ལྷགས་པ་དཔེ་མེད་རུས་པ་ལ་ཡང་ཐིམ་པ་ཡིས། །ལུས་སྦྲེབས་འདར་ཤིང་བསྐུར་ནས་གུམ་གུམ་པོར་འདུག་པ། །ཆུ་བུར་བརྒྱ་བྱུང་བརྡོལ་བ་ལས་སྐྱེས་སྲོག་ཆགས་ཀྱིས། །རལ་གྲིས་དབང་ནས་ཞག་དང་ཆུ་སེར་རྐང་བཅས་འཛག །ཀོས་ཐག་སོ་འཐམས་སྐྲ་དང་སྤུ་རྣམས་


JL00_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

གཡེང་གྱུར་བ། །མིག་དང་རྣ་བ་ལྐོག་མ་གནོད་པས་ཀུན་གཟིར་ཞིང་། །ལུས་དང་སེམས་ཀྱི་བར་དག་རབ་ཏུ་བློང་གྱུར་ནས། །གྲང་བའི་དམྱལ་བར་གནས་ཤིང་ཤིན་ཏུ་འོ་དོད་འབོད། །ཅེས་པ་ལ་རྒྱ་འགྲེལ་ནས། ཆུ་བུར་ཅན་ནི་ལྷགས་པ་ཞེས་རྐང་པ་ཕྱེད་དང་གསུམ་མོ། །ཆུ་བུར་བརྡོལ་བ་ནི་བརྡོལ་བ་ཞེས་རྐང་པ་ཕྱེད་དང་གཉིས་སོ། །སོ་ཐམ་ཐམ་པ་ནི་ཀོས་ཐག་ཅེས་ཚིགས་སུ་བཅད་པ་གཅིག་གོ །ཞེས་པ་ལས་མ་བཤད་ཀྱང་། ཨུཏྤལ་ལྟར་གས་པ་ལ་སོགས་པ་རྣམ་པ་གསུམ་སྲོག་ཆགས་ཀྱིས་མཆུས་དབང་བ་ལས་བྱུང་བར་སྟོན་ཅིང་། ལུས་སེམས་ཀྱི་བར་རབ་ཏུ་བློང་བ་ལས་ཡིད་མི་བདེ་བའི་ཤུགས་རིང་ཀྱི་ཧུད་འབྱུང་བ་དང་། འོ་དོད་འབོད་པས་ཨ་ཆུའི་སྒྲ་འདོན་པར་ཤུགས་ཀྱིས་སྟོན་པར་གོ་བ་བླང་ཤེས་སོ། །དེ་དག་གི་ཚེའི་ཚད་ནི་དྲན་པ་ཉེར་གཞག་ལས། འདི་ལྟ་སྟེ། གྲོང་ཁྱེར་ཀོ་ས་ལའི་བྲེས་གྲངས་སུ་བཅལ་བའི་ཏིལ་གྱི་ཚོགས་བཅུ་ཚད་ཉི་ཤུ་ཤོང་བའི་རྫང་པ་ཞིག་ཏིལ་གྱིས་བར་མཚམས་མེད་པར་ཡོངས་སུ་གང་སྟེ། ཆུ་བུར་ཅན་གྱི་དམྱལ་བ་ལས་ལོ་བརྒྱ་བརྒྱན་ཏིལ་ཉག་མ་རེ་རེ་ཕྱིར་ཕྱུང་པས་ཟད་པར་གྱུར་བ་དེའི་ཚེ། ཆུ་བུར་ཅན་གྱི་སེམས་ཅན་དམྱལ་བ་བདེ་དག་ཚེ་འཕོ་བར་རིགས་པར་བྱ་སྟེ། གཞན་དག་ནི་དེ་ལས་ཀྱང་ཆེས་ལྷག་པ་ཉི་ཤུས་བསྒྲེས་པར་སྡུག་བསྔལ་ཆེན་པོ་མནག་དགོས་སོ། །ཞེས་པའི་བསྒྲེས་པ་ནི་བསྒྱུར་བའི་དོན་ཡིན་ནོ། །དེ་ཡང་ཚེའི་ཚད་ངེས་པ་ལྟར་བཤད་པ་ནི་ཐེག་དམན་རང་ལུགས་ཉིད་དེ། ཐེག་པ་ཆེན་པོའི་ལུགས་སུ་ནི་བྱང་ཆུབ་སེམས་དཔའ་དམྱལ་བའི་ཤིང་རྟ་འདྲེན་པ་གྱད་འབག་ཤི་ཏས་གྲོགས་པོ་ལ་སྙིང་རྗེ་སྐྱེས་ནས་འདིའི་ཐག་པ་ཡང་བདག་གི་གཉའ་བར་ཐོགས་ཤིག་ཅེས་གཞན་གྱི་སྡུག་བསྔལ་གྱི་ཁུར་བཟོད་པའི་ཐུགས་བསྐྱེད་ལས་དམྱལ་སྲུང་ཁྲོས་ཏེ་མགོ་ལ་ལྕགས་ཀྱི་ཐོ་ལུམ་བསྣུན་པས་གློ་བུར་དུ་


JL00_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་འབོས་པ་དང་། དེ་བཞིན་དུ་དེད་དཔོན་མཛའ་བོའི་བུ་མོ་བཞིན་གཉེན་པོ་དྲག་པོ་རྒྱུད་ལ་སྐྱེས་པ་ལ་ནི་མ་ངེས་སོ། །ཡང་རྡོ་རྗེའི་བླ་མ་ལ་བརྙས་པ་དང་དམ་པའི་ཆོས་སྤངས་པ་སོགས་པས་བསྐལ་ཆེན་དུ་མར་མི་འཕོ་བའང་ཡོད་དེ་ལས་ཀྱི་སྒྲིབ་པ་མཐུ་ཆེ་བའི་སེམས་ཅན་གང་དག་སྡུག་བསྔལ་དྲག་པོའི་ཚོར་བ་འདི་ལྟ་བུས་ཀྱང་འཆི་བར་མི་འགྱུར་བའི་ཚུལ་བཤེས་སྤྲིང་ལས། དེ་ལྟར་སྡུག་བསྔལ་ཤིན་ཏུ་མི་བཟད་ལོ། །བྱེ་བ་ཕྲག་བརྒྱར་ཉམས་སུ་མྱོང་ཡང་ནི། །ཇི་སྲིད་མི་དགེ་དེ་ཟད་མ་གྱུར་པ། །དེ་སྲིད་སྲོག་དང་འབྲལ་བར་མི་འགྱུར་རོ། །ཞེས་སོ། །ད་ནི་ཉི་ཚེ་བ་བཤད་པའི་ཕྱིར། །མགལ་རྡུམ་བཅད་དང་སྒོ་འཕར་མེད་ལ་འཐུམས། །སྒོ་དང་ཀ་བ་ཐབ་དང་ཐག་པ་སོགས། །སྣ་ཚོགས་ལས་ཀྱི་སྤྲུལ་པའི་རང་གཟུགས་ལ། །ཉེ་བར་ལེན་པའི་སྡུག་བསྔལ་ཟད་མི་ཤེས། །ཉི་ཚེ་བ་ནི་རི་བྲག་གམ། ཆུ་དང་། ཤིང་དང་། མེ་དང་། ནམ་མཁའ་ལ་སོགས་ངེས་པ་མེད་པའི་གནས་སུ། ཚེ་ཚད་དང་སྡུག་བསྔལ་ཀྱང་མ་ངེས་པ། མང་པོ་འདུས་པའམ། གཅིག་པུར་གྱུར་བའམ། ཉུང་ཟད་དུ་གནས་པ་སྟེ། ཚ་གྲང་བཀྲེས་སྐོམ་གཤགས་གཏུབས་བརྡེག་འཚོག་འཚེད་པ་ལ་སོགས་པའི་སྡུག་བསྔལ་གང་ཡང་རུང་བས་བཟོད་གླགས་མེད་པར་གདུང་བས་ཉི་ཚེ་བ་ཞེས་བྱ་ལ། དེའང་བྲག་གི་ནང་དུ་བཅར་བ་དང་། ཕ་ཝང་དང་། རྡོ་མཁྲེགས་ཀྱི་ལྟོང་ན་འདུག་པ་དང་། གངས་དང་ཆབ་རོམ་གྱི་ནང་དུ་འཁྱགས་ཤིང་རེངས་པ་དང་། ཆུ་ཚན་གྱི་ནང་དུ་འཚེད་པ་དང་། མེ་ནང་དུ་ཚ་ཞིང་བསྲག་པ་དང་། ཤིང་དང་ལོ་མའི་སྤུབས་སུ་གཏུམས་པ་དང་། ནམ་མཁའ་ལ་གཡོ་བ་དང་། ཉིན་མཚན་ཕྱེད་མའམ། ཡུད་ཙམ་མམ། རྟག་པར་ལས་ཀྱིས་ཉེ་བར་ལེན་པ་དང་མཚུངས་པར་སྡུག་བསྔལ་བའི་འདུ་ཤེས་འཁྲུལ་བ་ཅན་ལ་སོགས་པ་སྟེ། དེ་ལ་


JL00_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

ཉིན་མཚན་ཕྱེད་མར་མྱོང་བ་ནི། འདུལ་བ་ལུང་ལས། གྲོང་ཁྱེར་རྡོ་འཇོག་ཏུ་འཕགས་པ་ཀཱ་ཏྱ་ཡ་ནས་ཤན་པ་གཅིག་ལ་སྲོག་གཅོད་སྤོང་བར་གདམས། དེས་ཀྱང་མཚན་མོ་སྲོག་མི་གཅོད་པའི་ཁྲིམས་མནོས་པ་ལས། སྔར་གྱི་མི་དགེ་བའི་རྒྱུས་ཉི་ཚེ་བའི་དམྱལ་བར་སྐྱེས་ནས་ཉིན་མོ་ནི་སྡུག་བསྔལ་ལ། མཚན་མོ་ནི་ལྷའི་ལོངས་སྤྱོད་དང་ལྡན་པ་བཞིན་ནོ། །ཡུད་ཙམ་དུ་མྱོང་བའམ་རྟག་པར་མྱོང་བ་མ་ངེས་པ་ནི། འདུལ་བ་ལུང་ལས། དེ་ནས་མཽངྒལ་གྱི་བུས་རྒྱ་མཚོའི་མཐར་ཕྱིན་པ་ལས་ཉི་ཚེ་བའི་སེམས་ཅན་དམྱལ་བ་པ་གཏུན་ལྟ་བུ་དང་། ཕྱགས་མ་ལྟ་བུ་དང་། ལྗོན་ཤིང་ལྟ་བུ་རབ་ཏུ་མང་པོ་སྡུག་བསྔལ་གྱིས་གདུངས་པ་མཐོང་སྟེ། ཞེས་པ་ལྟར། གཏུན་དང་། ཕྱགས་མ་དང་། ཕྲུ་བ་དང་། སྒོ་དང་། སབ་མོ་དང་། ཐག་པ་དང་། སྒྱེད་པོ་དང་། ཀ་བ་ལ་སོགས་རེས་འགའ་བའམ་རྟག་པར་བཀོལ་ཞིང་སྤྱོད་པའི་འདུ་ཤེས་འཁྲུལ་བ་ཅན་དུ་སྐྱེས་ནས་སྡུག་བསྔལ་ཉམས་སུ་མྱོང་བ་དཔེར་ན་རྒྱལ་པོའི་ཁབ་ཀྱི་བ་གླང་གི་ཤན་པ་རུས་གོང་དྲི་ང་བ་ལ་བྱ་རོག་སོགས་ཀྱིས་འཐོག་པའི་སྡུག་བསྔལ་ཅན་དུ་སྐྱེས་པའི་གཏམ་རྒྱུད་བཞིན་ནོ། །དེ་བཞིན་དུ་ཤིང་སྡོང་པོའི་གཟུགས་ལ་བཅད་གཏུབས་བྱས་ན་རང་གི་ཡན་ལག་དང་ཉིང་ལག་ཆད་པའི་སྣང་བ་ཤར་ནས་སྡུག་བསྔལ་གྱི་ཚོར་བ་ཉམས་སུ་མྱོང་བ་དང་། འཕགས་པ་དགེ་འདུན་འཚོའི་རྟོགས་བརྗོད་ལྟར། རྣ་བ་བྱེ་བ་རིས་ཁང་པ་དྲྭ་བ་ཅན་གཅིག་ཏུ་གཎྜཱི་བརྡུངས་པ་ལས། ཉན་ཐོས་ཀྱི་གཟུགས་ལྔ་བརྒྱ་འདུས་མ་ཐག །གཅིག་གིས་གཅིག་མཚོན་གྱིས་ཁ་དག་པར་བྱས་ཤིང་། གདུགས་ཚོད་ཐོན་པའི་ཡུན་ན་ཕྱིར་ཡང་འོང་བ་མཐོང་བ་ལ་སོགས་དཔག་ཏུ་མེད་དེ་མཽངྒལ་གྱི་བུས། སྲིད་པ་ན་ནི་བདེ་བ་མེད། །ཉི་ཚེ་བ་བཞིན་འགྲོ་བ་ཀུན། །སོ་སོའི་སྡུག་བསྔལ་རྣམས་ཀྱིས་གདུང་། །འབར་བའི་


JL00_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོད་ན་གནས་པ་འདྲ། །ཞེས་བཤད་པ་ཡིན་ནོ། །སྤྱིར་དམྱལ་བའི་གནས་རིགས་གྲངས་ངེས་ཀྱི་སྒོ་ནས་རྣམ་གྲངས་བཅོ་བརྒྱད་དུ་བསྡུས་པ་ནི་བསྟན་བཅོས་རྣམས་ལ་ཡོངས་སུ་གྲགས་པ་སྟེ། གཞན་དུ་ན་ནམ་མཁའི་སྙིང་པོའི་མདོ་ལས་མནར་མེད་ཀྱི་འཁོར་བཤད་པའི་སྐབས་འདི་སྐད་དུ། ཚུལ་ཁྲིམས་བཤིག་པ་དང་། ཡོན་བདག་དད་པ་ཅན་གྱི་ཡོན་བླངས་པའི་ལས་ཀྱིས་ཡང་དམྱལ་བ་ཆུང་ངུ་རྣམས་ཀྱི་ནང་དུ་འཇུག་སྟེ། དེ་ལ་དམྱལ་བ་གྲང་སྤྲེབས་དང་། དམྱལ་བ་མུན་ནག་པ་དང་། དམྱལ་བ་རབ་ཏུ་ཚ་བ་དང་། སྤུ་གྲི་སོ་འཐམས་དང་། རལ་གྲིའི་འཁོར་ལོ་དང་། མེའི་ཤིང་རྟ་ཅན་དང་། ཕྱི་སའི་འདམ་དང་། ཆུ་ཚན་དང་། མེ་མུར་ཀླུང་དང། ནགས་ཚལ་རལ་གྲིའི་ལོ་མ་ཅན་དང་། ལྕགས་ཀྱི་འཁྲུལ་འཁོར་དང་། ལྕགས་ཀྱི་ཤལ་མ་རིག་པ་ཅན་དང་། ལྕགས་ཀྱི་ཁྲི་ཅན་དང་། ལྕགས་ཀྱི་འཁོར་ལོ་ཅན་དང་། ལྕགས་ཀྱི་ཕུག་དང་། ལྕགས་ཀྱི་ཐེ་ལུམ་དང་། བསྡུས་འཇོམས་ཐུག་རིམ་དང་། བངས་ཁོལ་དང་། ཞེས་པ་ལ་སོགས་གསུང་རབ་ལས་གསུངས་པ་ནི་མཐའ་དག་གོ །དེ་ལྟར་དམྱལ་བ་དེ་དག་དང་སྡིག་ཅན་རྣམས་ནི་དབུགས་འབྱུང་བ་དང་འགག་པ་ཙམ་གྱིས་བར་དུ་ཆེད་པ་ལས་མེད་ཀྱང་དེའི་སྡུག་བསྔལ་ལ་འཇིགས་མི་ཤེས་པ་རྣམས་ནི་རྡོ་རྗེའི་རང་བཞིན་ནོ། །ཞེས་ཧ་ཅང་ལ་ཐལ་བར་སྟོན་ཅིང་། དེ་བཞིན་དུ་དམྱལ་བ་རི་མོར་བྲིས་པ་མཐོང་བའམ། གཞན་གྱིས་བསྙད་པའམ། སྔོན་ཉམས་སུ་མྱོང་བ་དྲན་པའམ། དམྱལ་བའི་སྡུག་བསྔལ་ནི་འདི་ལྟ་བུའོ། །ཞེས་པའི་གཞུང་བཀླགས་པའམ་འཇིམ་པ་ལ་སོགས་པར་དེའི་གཟུགས་བརྙན་བྱས་པ་ལའང་འཇིགས་པ་ཆེན་པོ་སྐྱེ་བ་ཡིན་ན། རྣམ་སྨིན་མངོན་སུམ་པར་ཉམས་སུ་མྱོང་ན་སྨོས་ཅི་


JL00_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་ཞེས་སྐྱོ་བ་བསྐུལ་བའི་ཕྱིར་བཤེས་སྤྲིང་ལས། སྡིག་ཅན་དབུགས་འབྱུང་འགག་པ་ཙམ་ཞིག་གིས། །དུས་ཀྱི་བར་དུ་ཆོད་རྣམས་དམྱལ་བ་ཡི། །སྡུག་བསྔལ་གཞལ་ཡས་ཐོས་ནས་རྣམ་སྟོང་དུ། །མི་འཇིགས་གང་ལགས་རྡོ་རྗེའི་རང་བཞིན་ནོ། །དམྱལ་བ་བྲིས་པ་མཐོང་དང་ཐོས་པ་དང་། །དྲན་ནམ་བཀླག་དང་གཟུགས་སུ་བགྱིས་རྣམས་ཀྱང་། །འཇིགས་པ་སྐྱེ་བར་འགྱུར་ན་མི་བཟད་པའི། །རྣམ་སྨིན་ཉམས་སུ་མྱོང་རྣམས་སྨོས་ཅི་དགོས། །ཞེས་སོ། །འདིར་ངན་སོང་གཞན་གཉིས་པོ་ནི་ས་བཅད་ཙམ་ལས་མ་བསྟན་པ་ནི་ཚིག་སྡེབ་པ་ཉམས་སུ་མྱོང་སླད་སྔར་མི་ཁོམ་པའི་གནས་རིགས་སུ་བསྟན་ཟིན་པས་མ་བསྐྱར་ཏེ། ཚིག་མང་ལ་དོན་ཉུང་བ་བསྟན་བཅོས་ཀྱི་མི་མཐུན་ཕྱོགས་ཡིན་པའི་ཕྱིར་རོ། །དེ་ལྟ་ནའང་བཤེས་པའི་ཕྲིན་ཡིག་ལྟར་སོ་སོའི་རང་བཞིན་གང་བབ་བབ་ཏུ་སྟོན་པ་མི་འགལ་བའི་ཕྱིར་ཡི་དྭགས་ཀྱི་རིགས་སུམ་ཅུ་རྩ་དྲུག་པོ་བྱིངས་ན་གནས་པ་དང་། མཁའ་ལ་རྒྱུ་བ་གཉིས་སུ་རིགས་བསྡུ་བའི་བྱིངས་ན་གནས་པའི་ཡི་དྭགས་ཀྱི་སྡུག་བསྔལ་སྤྱིར་བསྟན་པ་ནི། དེ་ཉིད་ལས། ཡི་དྭགས་ནའང་འདོད་པས་ཕོངས་པ་ཡིས། །བསྐྱེད་པའི་སྡུག་བསྔལ་རྒྱུན་ཆགས་མི་འཆོས་པ། །བཀྲེས་སྐོམ་གྲང་དྲོ་ངལ་དང་འཇིགས་པ་ཡིས། །བསྐྱེད་པ་ཤིན་ཏུ་མི་བཟད་བསྟེན་འཚལ་ལོ། །ཞེས་བཀྲེས་པ་ལ་སོགས་པས་ཡིད་གདུང་བའི་འདོད་པ་ནམ་ཡང་རྫོགས་པ་མེད་པས་རྒྱུན་ཆགས་ལ། རྟག་ཏུ་ཟས་སྐོམ་འབའ་ཞིག་འཚོལ་བའི་ཕྱིར་རྒྱུག་པས་ངལ་བ་དང་། སྐྱེས་བུ་རལ་གྲི་དང་། གཏུན་ཤིང་དང་ཞགས་པ་ལ་སོགས་པ་ཐོགས་པ་མཐོང་ནས་གཤེད་མ་འབའ་ཞིག་ཏུ་མངོན་པས་འཇིགས་པའོ། ཁྱད་པར་གྱི་སྡུག་བསྔལ་ནི། ནང་གི་སྒྲིབ་པ་ཅན་ལྟོ་བ་རི་རབ་ཙམ་ལ་ཁ་ཁབ་མིག་ལྟ་བུ་གཟུགས་མི་སྡུག་ཅིང་། ཟས་སྐོམ་མཐོང་ན་གཞན་


JL00_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བསྲུང་བའམ། དྲུང་དུ་སླེབ་མ་ཐག་མེད་པར་འགྱུར་ཞིང་། ངན་སྐྱུགས་དང་མི་གཙང་བ་གྱི་ནར་བོར་བ་ཅུང་ཟད་རྙེད་ཀྱང་ཁའི་བུ་ག་ཕྲ་བ་ཉིད་ཀྱིས་བཟའ་བར་མི་ནུས་པས་ཤིན་ཏུ་སྡུག་བསྔལ་བའི་ཚུལ། སྔ་མ་ལས། ཁ་ཅིག་ཁ་ནི་ཁབ་ཀྱི་མིག་ཙམ་ལ། །ལྟོ་བ་རི་ཡི་ལྟོས་ཙམ་བཀྲེས་པས་ཉེན། །མི་གཙང་གྱི་ནོར་བོར་བ་ཅུང་ཟད་ཀྱང་། །འཚལ་བའི་མཐུ་དང་ལྡན་པ་མ་ལགས་སོ། །ཞེས་དང་། ཟས་སྐོམ་གྱི་སྒྲིབ་པ་ཅན་ནི། སྔ་མའི་སྡུག་བསྔལ་གྱི་སྟེང་དུའང་མཚན་མོའི་ཆ་ཐམས་ཅད་ལ་ལྟོ་ནས་མེ་འབར་ཞིང་། ཟས་ཀྱང་བྱེ་མ་འབར་བའི་རང་བཞིན་ཅན་ཁར་འབབ་པས་ཁོང་དུ་མེ་འབར་ནས་ཤིན་ཏུ་སྡུག་བསྔལ་བ་སྟེ། ཁ་ཅིག་མཚན་ཞིང་ཁ་ནས་འབར་བ་སྟེ། །ཟས་སུ་འབར་བའི་ཁར་འབབ་བྱེ་མ་འཚལ། །ཞེས་སོ། །སྤྱི་མཐུན་གྱི་སྒྲིབ་པ་ནི། པགས་རུས་གཉིས་ཀྱི་བར་ན་ཤ་མེད་པས་སྐེམས་ཤིང་རིང་ལ་སྒྲེན་མོར་གྱུར་པས་ཤིང་ཏ་ལའི་མགོ་བསྐམས་པ་འདྲ་བར་ཡོད་དེ། སྔ་མ་ལས། ཁ་ཅིག་པགས་རུས་ལུས་ཤིང་གཅེར་བུ་སྟེ། །ཏ་ལ་ཡང་ཏོག་བསྐམས་པ་ལྟ་བུ་ལགས། །ཞེས་དང་། ཁྱད་པར་དམངས་རིགས་ཞེས་བསོད་ནམས་མ་བྱས་པའི་མཐར་ཐུག་པ་རྣམས་ནི། དམངས་རིགས་འགས་ནི་རྣག་དང་ཕྱི་ས་དང་། ཁྲག་སོགས་མི་གཙང་བ་ཡང་མི་རྙེད་དོ། །ཕན་ཚུན་གདོང་དུ་འཚོག་ཅིང་མགྲིན་པ་ནས། །ལྦ་བ་འབྱུང་བ་སྨིན་པའི་རྣག་འཚལ་ལོ། །ཞེས་རྣག་ཁྲག་དང་ཕྱི་ས་ལ་སོགས་པའང་མི་རྙེད་ཅིང་། ཕན་ཚུན་མཐོང་ནའང་ཁྲོས་པའི་དབང་གིས་གདོང་དུ་འཚོག་ཅིང་། གཅིག་ལ་གཅིག་བརྡེག་རེས་བྱེད་པ་དང་། མགྲིན་པ་ལས་ལྦ་བ་བྱུང་བ་དེ་རྣག་ཏུ་སྨིན་ནས་ཁོང་དུ་འཛག་པ་དེས་ཟས་ཀྱི་བྱ་བ་བྱེད་པ་ཙམ་དུ་ཉམ་


JL00_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ཐག་གོ །ཕྱིའི་སྒྲིབ་པ་ཅན་ནི། ཚ་གྲང་ཁོད་མི་སྙོམས་པའི་སྡུག་བསྔལ་སོ་ཀའི་དུས་སུ་ནི་ཟླ་བའང་ཚལ། དགུན་གྱི་དུས་སུ་ནི་ཉི་མའང་བསིལ་བར་འགྱུར་ཞིང་། ཤིང་ལྗོན་པ་འབྲས་བུ་སྨིན་ཅིང་ཡལ་ག་དུད་པ་དག་ཀྱང་མེས་བསྲེགས་པ་བཞིན་དུ་མེད་པར་འགྱུར་ལ། དེ་ངག་གིས་བལྟས་པ་ཙམ་གྱིས་ཆུ་ཀླུང་ཡང་བསྐམས་པར་འགྱུར་བའི་ཚུལ། ཡི་དྭགས་རྣམས་ལ་སོ་ཀའི་དུས་སུ་ནི། །ཟླ་བ་ཚ་ལ་དགུན་ནི་ཉི་མའང་གྲང་། །ལྗོན་ཤིང་འབྲས་བུ་མེད་འགྱུར་འདི་དག་གིས། །བལྟས་པ་ཙམ་གྱིས་ཀླུང་ཡང་བསྐམས་པར་འགྱུར། །ཞེས་སོ། །དེ་ལྟ་བུའི་སྡུག་བསྔལ་ལ་མེད་པར་སྐབས་བཙལ་བའམ། བར་དུ་ཆད་པ་མེད་པའི་ཚོར་བས་ཉེན་པར་མི་རྣམས་ཀྱི་ཟླ་བ་ལ་ཡི་དྭགས་ཀྱི་ཉིན་ཞག་ཏུ་བརྩིས་པའི་རང་ལོ་ལྔ་བརྒྱའམ། མི་ལོ་ཁྲི་ལྔ་སྟོང་གི་བར་དུ་སྤྱོད་ཀྱང་འཆི་བར་མི་འགྱུར་བ་ནི་འཇུངས་པ་ལ་དགའ་བ་སྟེ་སེར་སྣའི་ལས་ཉེ་བར་སྤྱད་པའི་ཞགས་པ་སྲ་བས་བཅིངས་པ་ལས་འབྱུང་བའི་ཚུལ། བར་ཆད་མེད་པར་སྡུག་བསྔལ་བསྟེན་གྱུར་པ། །ཉེས་པར་སྤྱད་པའི་ལས་ཀྱི་ཞགས་པ་ནི། །སྲབས་བཅིངས་པའི་ལུས་ཅན་ཁ་ཅིག་ལོ། །ལྔ་སྟོང་དག་དང་ཁྲིར་ཡང་འཆི་མི་འགྱུར། །དེ་ལྟར་ཡི་དྭགས་རྣམས་ཀྱིས་སྣ་ཚོགས་པའི། །སྡུག་བསྔལ་རོ་གཅིག་ཐོབ་པ་གང་ལགས་པ། །དེ་ཡི་རྒྱུ་ནི་སྐྱེ་བོ་འཇུངས་དགའ་བ། །སེར་སྣ་འཕགས་མིན་ལགས་པར་རྒྱལ་བས་གསུངས། །ཞེས་སོ། །དེ་ལ་འཕགས་པ་མ་ཡིན་པ་ནི་ཉོན་མོངས་པ་ཅན་དུ་ཤེས་པར་བྱའོ། །ཡང་འདིར་སློབ་དཔོན་ཆེན་པོ་ཙནྡྲ་གོ་མི་ནི་ཡི་དྭགས་ཕྱིའི་སྒྲིབ་པ་ཅན་ས་ཕྱིན་ཅི་ལོག་བཞི་དང་། ནང་དང་ཟས་སྐོམ་གྱི་སྒྲིབ་པ་ཅན་ལ་ཁྱད་པར་གཉིས་ཀྱི་སྒོ་ནས་སྟོན་སྟེ། དེ་ལ་དང་པོའི་ཕྱོགས་ལས་རི་བོ་ཕྱིན་ཅི་ལོག་ཏུ་སྣང་བ་ནི། སློབ་སྤྲིད་ལས། དུས་རླབས་


JL00_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་ལངས་ཆུ་འཐོར་རི་རྩེ་བསིལ་གྱུར་ཅིང་། །ཙན་དན་ལྗོན་པ་སྔོ་འཁྲུངས་མ་ལ་ཡར་སོང་ན། །དེ་ཡང་འདི་ལ་ནགས་བསྲེགས་མེ་ལྕེ་རྣོས་འཁྲིགས་ཤིང་། །འགལ་དུམ་འགྱེལ་བ་མང་པོས་རད་རོད་ཅན་དུ་འགྱུར། །ཞེས་ཆུ་བོ་ཆེན་པོ་དུས་བབས་ཀྱི་རླུང་གིས་བསྐྱོད་པ་འཐོར་བས་རི་བོ་ཐམས་ཅད་ཡང་བསིལ་ཞིང་བརླན་པ་ཉིད་དུ་གྱུར་ཅིང་། དེ་ལ་ཙན་དན་འབའ་ཞིག་གི་ནགས་ཚལ་སྟུག་པོ་བསིལ་བའི་རང་བཞིན་ཅན་སྐྱེས་ནས་མ་ལ་ཡ་ལྟར་ཚ་བའི་གདུང་བས་ཉེ་མི་ནུས་པར་གྱུར་པ་དེ་ཡང་། ཡི་དྭགས་རྣམས་ལ་ནི་ནགས་ཆེལ་སྐམ་པོ་ལ་མེ་མཆེད་ནས་མེ་ལྕེ་རྣོན་པོས་འཁྲིགས་ཤིང་། ཤུལ་ཐམས་ཅད་མགལ་དུམ་འགྱེལ་བས་རད་རོད་དུ་གང་བར་མཐོང་བའི་ཚ་རེག་ཅན་དུ་འགྱུར་རོ་ཞེས་སྟོན་པའོ། །ཆུ་བོ་ཕྱིན་ཅི་ལོག་ཏུ་སྣང་བ་ནི། །ཆུ་གཏེར་རླབས་འཇིགས་འཕང་མཐོ་གྱེས་པ་ལས་བྱུང་བའི། །དབུ་བ་བཅེར་བ་ལྷག་གེར་འདུག་པར་སོང་ན་ཡང་། །དེ་ཡང་འདི་ལ་བྱེ་ཚན་ཁུག་རྣ་དམར་རྩུབ་པའི། །རླུང་དམར་འཇེབས་པར་འཚུབ་པའི་མྱ་ངམ་ཉིད་དུ་འགྱུར། །ཞེས་ཆུ་གཏེར་རྒྱ་མཚོ་ཆེན་པོའི་རླབས་གྱེན་དུ་འཕང་མཐོ་བར་འཕགས་པའི་བླ་གབ་ཐམས་ཅད་ལྦུ་བའི་ཕྲེང་བས་ལྷག་གེར་གཡོ་བ་དེ་ཡང་། ཡི་དྭགས་རྣམས་ལ་བྱེ་ཚན་རླུང་དམར་གྱིས་དཀྲུགས་པ་དྲག་པོར་འཚུབ་པའི་མྱ་ངམ་གྱི་ཐང་དུ་མངོན་པའོ། །ཆར་སྤྲིན་ཕྱིན་ཅི་ལོག་ཏུ་སྣང་བ་ནི། འདི་ནི་དེར་གནས་ཆར་སྤྲིན་ལྡང་བར་འདོད་ན་ཡང་། །སྤྲིན་ལས་ལྕགས་མདའི་ཆར་པ་དུད་འཐུལ་མདག་མེར་བཅས། །ཚྭ་ཚྭ་རྡོ་རྗེའི་ཕ་བང་རྣམ་འཕྲོ་གསེར་མདོག་ལྟའི། །གློག་ཕྲེང་དམར་སེར་འགྱུ་བ་ལུས་ལ་ཆར་དུ་འབབ། །ཅེས་ཞིང་པ་ཐམས་ཅད་ལ་སྤྲོ་དགའི་སྣང་བ་གསར་དུ་བསྐྱེད་པའི་ཆར་སྤྲིན་སྔོན་པོ་ལྗོན་ཤིང་


JL00_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

ནྱ་གྲོ་དྷའི་འདབ་མ་གཡོ་བ་ལྟ་བུ་དེ་ཡང་། ཡི་དྭགས་རྣམས་ལ་ནི་སྟང་ཟིལ་བཅག་པ་ལྟ་བུར་ཁྲོས་པའི་སྤྲིན་གྱི་ཕང་པ་ནས་ལྕགས་མདའི་ཆར་པ་དུ་བ་འཐུལ་ཞིང་མེ་མདག་དང་བཅས་པ་དང་། མགར་གྱི་ཐོ་བའི་བར་ནས་ལྕགས་ཞུན་གྱི་ཚྭ་ཚྭ་ཡར་བ་རྡོ་རྗེའི་ཕ་བོང་ལྟ་བུར་འཕྲོ་ཞིང་། གློག་གི་ཕྲེང་བ་གཞོན་ནུ་མའི་ལག་པའི་གདུ་བུ་བཞིན་དུ་མཛེས་པ་དེ་ཡང་མཚོན་ཆའི་རང་བཞིན་དུ་བབས་ནས་ལུས་སྣང་བར་འཆར་རོ། །ཚ་གྲང་ཕྱིན་ཅི་ལོག་ཏུ་སྣང་བ་ནི། །ཚ་བས་ཉེན་ལ་བུ་ཡུག་ཀྱང་ནི་ཚར་འགྱུར་ལ། །ལྷགས་པས་ཉམ་ཐག་པ་ལ་མེ་ཡང་གྲང་བྱེད་དོ། །ཤིན་ཏུ་མི་བཟད་ལས་ཡོངས་སྨིན་པས་རྣམ་རྨོངས་པ། །འདི་ལ་སྣ་ཚོགས་འདི་ཀུན་ཕྱིན་ཅི་ལོག་ཏུ་སྣང་། །ཞེས་ཚ་བས་གདུངས་པའི་ཚེ་བུ་ཡུག་གྲང་བའི་རེག་པ་ཅན་དེ་ཡང་དེའི་གྲོགས་སུ་འགྱུར་ལ། ལྷགས་པས་ཉམ་ཐག་པའི་ཚེ་ནི་མེ་ཡང་དྲོད་དང་མི་ལྡན་པའི་གྲང་རེག་ཅན་དུ་འགྱུར་བའོ། །ཟས་སྐོམ་ལ་སྒྲིབ་པ་ཅན་གྱི་སྡུག་བསྔལ་ནི། །མི་བཟད་སྐོམ་པས་རྒྱང་ནས་ཆུ་ཀླུང་དྲི་མེད་པ། །མཐོང་ནས་བཏུང་བར་འདོད་དེ་སོང་ན་དེ་ཉིད་ཀྱང་། །སྐྲ་ཤད་ཉ་ལྕིབས་ཚོགས་དང་རྣག་སུངས་འདྲེས་པ་དང་། །འདམ་རྫབ་ཁྲག་དང་ཕྱི་སས་གང་བའི་ཆུར་འགྱུར་རོ། །ཞེས་སྐོམ་པ་འབའ་ཞིག་གིས་གདུངས་པ་དེས། རྒྱང་རིང་པོའི་ས་ན་ཆུ་ཀླུང་མཐོང་བ་ལ་བསྙེགས་པས། དེར་སླེབ་པ་དང་ཡང་ན་ནི་སྨིག་རྒྱུའམ་སྐྲ་ཤད། ཡང་ན་ནི་ཉ་ལྕིབས། ཡང་ན་རྣག་རུལ་བ་དང་། འདམ་རྫབ་དང་། ཁྲག་དང་། མི་གཙང་བས་འདྲེས་པའི་ཆུར་གནས་འགྱུར་བའོ། །ནང་གི་སྒྲིབ་པ་ཅན་ནི། ཁབ་མིག་ཙམ་གྱི་ཁ་ལ་དཔག་ཚད་མང་འཇིགས་པའི། །ལྟོ་ཅན་ཉམ་ཐག་རྒྱ་མཚོ་ཆེན་པོའི་ཆུ་འཐུངས་ཀྱང་། །མགུལ་ཕུགས་ཡངས་པ་ཉིད་དུ་ཕྱིན་པར་མ་གྱུར་བར་


JL00_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

ཁའི་དུགས་ཀྱིས་ཆུའི་ཐིགས་པོའང་བསྐམས་པར་འགྱུར། །ཞེས་པ་ནི། དེའི་ཁ་ནི་ཁབ་མིག་ཙམ་མོ། །དེའི་ལྟོ་བའི་ཁྱོན་གཞལ་བ་ནི་དཔག་ཚད་མང་པོ་ཡང་འཇིགས་སོ། །ཅིའི་ཕྱིར་ན་ཉི་མའི་སྙིང་པོའི་མདོ་ལས། ཡི་དྭགས་ཆེ་བའི་ལུས་དཔག་ཚད་སྟོང་དང་། ཆུང་ཤོས་མཐོ་གང་བར་གསུངས་པས་སོ། །དེ་ཟས་སྐོམ་གྱི་ཉམ་ཐག་པས་རྒྱ་མཚོ་ཆེན་པོའི་ཆུ་འཐུངས་ཀྱང་མགུལ་བ་རྟ་རྔ་བཞིན་དུ་ཕྲ་བ་ལ་ཆུད་པར་མ་གྱུར་བའི་བར་ལ། ཁའི་དྲོད་ཀྱིས་ཆུའི་ཐིགས་པ་དེ་ནི་དེ་ཉིད་དུ་བསྐམས་ནས་ནང་དུ་འགྲོ་བའི་གནས་མེད་དོ་ཞེས་སྟོན་པའོ། །དེ་ལྟར་བརྗོད་པ་ཤིན་ཏུ་གཙང་བའི་སློབ་དཔོན་འདི་ལ་ནི་འཛམ་བུའི་གླིང་མཛེས་པའི་རྒྱན་སློབ་དཔོན་ཆོས་ཀྱི་གྲགས་པཱ་ཀྱང་བསྔགས་པར་བྱེད་པ་ཡིན་པས་རྒྱ་འགྲེལ་གཉིས་ཀྱིས་ཟུར་ཙམ་ལས་མ་བསྟན་པའི་དོན་ཚིག་འགྲེལ་ཉིད་དུ་གསལ་བར་སྨོས་པའོ། །ཡང་མཁའ་ལ་རྒྱུ་བའི་ཡི་དྭགས་ནི་ལུས་སྲུལ་པོ་དང་། རོ་ལངས་དང་། སྨྱོ་བྱེད་དང་། བརྗེད་བྱེད་དང་། གནོད་སྦྱིན་དང་། ཤ་ཟ་དང་། གྲིབ་གནོན་དང་། སྐེམ་བྱེད་དང་། ནམ་གྲུ་དང་། བྱད་གདོན་དང་། སྲིན་པོ་དང་། བཙན་དང་། རྒྱལ་པོ་ལ་སོགས་འབྱུང་པོའི་རིགས་ཅན་མཐའ་དག་སྟེ། དྲན་པ་ཉེར་གཞག་ཆུང་ངུ་ལས། །གང་ཞིག་བྱིས་པ་རྣམས་ལ་འཚེ། །སྲེད་པས་འདྲིད་པར་བྱེད་པ་དེ། ཁོང་གི་དྲི་མ་ཟ་བྱེད་པའི། །ལུས་སྲུལ་པོར་ནི་སྐྱེ་བར་འགྱུར། །གང་ཞིག་གྲོང་བཅས་འབེབས་ཤིང་སྟེར། །སྦྱིན་ཞིང་གནོད་པར་བྱེད་པ་དེ། །གྲུལ་བུམ་བྱད་ནི་མི་སྡུག་པ། །མཆོད་པར་འོས་པར་སྐྱེ་བར་འགྱུར། །རྟག་ཏུ་དྲི་དང་ཕྲེང་ལ་དགའ། །སྦྱིན་བྱེད་ཁྲོ་བ་ཆུང་བ་ནི། །ལྷ་རྣམས་དགའ་བའི་རྒྱུར་འགྱུར་བ། །དྲི་ཟ་རྣམས་སུ་སྐྱེ་བར་འགྱུར། །གང་ཞིག་ཁ་ཅིག་ཕྲ་མ་ཆེ། །


JL00_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོ་ཞིང་དགོས་པའི་ཆེད་བྱིན་ན། །དེ་ནི་ཤ་ཟ་མ་རུངས་ཉིད། །བཞིན་མི་སྡུག་པར་སྐྱེ་བར་འགྱུར། །རྟག་ཏུ་རབ་སྡང་རྟབས་བག་ཅན། །རྟག་ཏུ་སྦྱིན་ལ་དགའ་བ་ནི། །དེ་ནི་ཤི་ནས་འབྱུང་པོར་སྐྱེ། །མ་རུངས་ཁྲོ་ཞིང་སྦྱིན་བྱེད་ལ། །ཆང་ཞིམ་དག་ལ་དགའ་བའི་མི། །ཤི་ནས་གནོད་སྦྱིན་མ་རུངས་པ། །ཆང་ལ་དགའ་བ་རྣམས་སུ་སྐྱེ། །གང་དག་ཕ་མ་བླ་མ་རྣམས། །ཇི་ལྟར་འདོད་པའི་བཞོན་པར་འདེགས། །དེ་དག་གཞལ་མེད་ཁང་རྒྱུ་བའི། །གནོད་སྦྱིན་བདེ་བ་ལྡན་པར་སྐྱེ། །སྲེད་དང་སེར་སྣའི་སྐྱོན་གྱིས་ནི། །ཤི་ནས་ཡི་དྭགས་སྐྱེ་བར་འགྱུར། །ཞེས་བཤད་པ་ལྟར་རོ། །འོན་ཀྱང་གྲུལ་བུམ་དང་། དྲི་ཟ་གཉིས་ནི་འདོད་ལྷ་དང་པོ་གཉིས་ཀྱི་སྡེ་ཚན་བྱེ་བྲག་པ་ཡིན་ཀྱང་། འདིར་གདོན་གྱི་སྡེ་ཚན་དུ་བསྡུས་པར་རིགས་པར་བྱའོ། །འདི་དག་ལས་ཀྱི་རྫུ་འཕྲུལ་དང་ལྡན་ཞིང་། ཁ་ཅིག་སྔོན་གྱི་དགེ་བ་ཕྲ་མོས་ལོངས་སྤྱོད་དང་ལྡན་ཡང་། མི་བརྟན་ཞིང་དུས་ཚིགས་ལོག་པ་དང་། ཡུལ་ཡིད་དུ་མི་འོང་བ་དང་། འཚེ་བ་དང་། ཉམ་ང་བ་དང་། བཀྲེས་སྐོམ་དང་། ཚེ་དང་མདངས་འཕྲོག་པ་ལ་བརྩོན་ཞིང་ཕ་རོལ་འབའ་ཞིག་ལ་གནོད་པ་བསྒྲུབ་པས་སླད་ཀྱི་སྡུག་བསྔལ་འདུ་བྱེད་པ་དང་། རྫུ་འཕྲུལ་གྱིས་སོང་ཡང་ལམ་འཕྲང་དུ་བསྲུང་བར་སྣང་བ་དང་། གང་དུ་སྙིང་ཉེ་ནས་ཕྱིན་པ་དེ་དག་ལ་རང་ཉིད་སྔོན་འཆི་ཀའི་གནད་འཆད་པའི་ཆོར་བ་འཕོ་བས་རིགས་སྔགས་དང་། ཐུན་གྱི་ཆད་པས་འཚེ་བ་རྦེབ་པ་དང་། རང་ཡང་གནད་འཆད་པའི་སྡུག་བསྔལ་གྱི་ཚོར་བ་དེས་རྟག་པར་གདུང་བས་དེ་ནད་པ་གཞན་ལ་སྤོ་བའི་བསམ་སྦྱོར་ངན་པ་དང་། རང་ཚན་གི་ལུས་སྒོ་ལྟ་བུ་དང་། ས་ག་ལྟ་བུ་དང་། མགལ་དུམ་ལྟ་བུ་ཉི་ཚེ་བའི་སྡུག་བསྔལ་དང་མཚུངས་པའམ། ཁྱི་དང་བྱ་


JL00_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་རྣམ་པ་སྣ་ཚོགས་པར་ཡོད་ལ། གཞན་གྱི་བདེ་བ་དང་ལོངས་སྤྱོད་དེ་ལ་སྡུག་བསྔལ་དུ་འཆར་བ་དང་། སྔར་བཤད་པའི་ཕྱིན་ཅི་ལོག་བཞིའི་སྣང་བ་ཐུན་མོང་དུ་འཆར་བའང་ཡོད་པས་གཤིན་རྗེའི་འཇིག་རྟེན་དུ་སོང་ནས་སྡུག་བསྔལ་བ་ཞེས་བྱའོ། །ད་ནི་དུད་འགྲོའི་སྡུག་བསྔལ་བསྟན་པའི་ཕྱིར། བཤེས་སྤྲིང་ལས། དུད་འགྲོའི་སྐྱེ་གནས་ན་ཡང་གསོད་པ་དང་། །བཅིངས་དང་བརྡེག་སོགས་སྡུག་བསྔལ་སྣ་ཚོགས་པ། །ཞི་གྱུར་དགེ་བ་སྤང་བ་རྣམས་ལ་ནི། །གཅིག་ལ་གཅིག་ཟ་ཤིན་ཏུ་མི་བཟད་པ། །ཞེས་པ་ལ་སྤྱིར་བསྟན་པ་དང་། ཁྱད་པར་གྱི་སྡུག་བསྔལ་གཉིས་སུ་དབྱེ་བ་ལས། དང་པོ་ནི་དྲན་པ་ཉེར་བཞག་ལས་དབྱེ་བ་སུམ་ཅུ་རྩ་བཞིར་བསྟན་ཀྱང་ཁ་འཐོར་དང་། བྱིང་གནས་གཉིས་སུ་བསྡུ་བའི་ཁ་འཐོར་བ་ལའང་མི་དང་མི་ཡིན་པས་བྱས་པའི་དབང་དུ་བྱས་ན། སྤྱིར་གསོད་པ་ཉིད་དུ་གཅིག་ཀྱང་གསོད་ལུགས་ཀྱི་སྡུག་བསྔལ་ཆེ་ཆུང་ཀྱང་བསམ་གྱིས་མི་ཁྱབ་པ་རྔོན་པས་རི་དྭགས་མཐའ་ལ་གཅུར་བ་དང་། ཀླ་ཀློའི་སྡེ་རིགས་ཀྱིས་གསོན་པོར་པགས་པ་བཤུ་བ་དང་། མེས་བསྲེག་པ་དང་། དངུལ་ཆུ་ལ་སོགས་པ་རྫས་དང་དཔྱད་པའི་ཆེད་དུ་ལྕགས་ཀྱི་ཡོལ་གོ་ལ་སོགས་པའི་ནང་དུ་འཚེད་པ་དེ་དག་ནི་བདག་ཉིད་ལ་ཚེར་མ་ཟུག་པའང་མི་བཟོད་བཞིན་དུ་ཁྲོ་ཆགས་རྨོངས་གསུམ་གྱི་དབང་གི་སྲོག་ལྡན་གྱི་ལུས་ཀྱང་བེམ་པོ་ལྟ་བུར་བལྟས་ན་དམྱལ་བ་པ་བཞིན་དུ་མནར་ཞིང་སྤྱོད་པ་དང་། ཐག་པ་ལ་སོགས་པས་འཆིང་ཞིང་གོ་རར་འཛུད་པ་དང་། ལྕགས་དང་དབྱུག་པ་ལ་སོགས་པས་ཁྲིམས་བཞིན་དུ་བརྡེག་པ་དང་། དེ་བཞིན་དུ་སྣ་དབུག་པ་དང་། བྱ་གཅོད་པ་དང་། ཁལ་འགེལ་བ་དང་། བཞོན་པར་སྤྱོད་པ་དང་། རྨེ་


JL00_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་བཀོལ་བ་དང་། གསོན་ཁྲག་འབྱིན་པ་དང་། བལ་འཐོག་པ་དང་། འདོད་པ་བསྲུང་བ་ལ་སོགས་པའི་སྡུག་བསྔལ་བཟོད་པར་དཀའ་བའོ། །རང་གི་རིགས་ལས་བྱུང་བའི་སྡུག་བསྔལ་གྱི་དབང་དུ་བྱས་ན། ལས་བརྒྱ་པར་ཆུ་སྲིན་དཔག་ཚད་ཉིས་སྟོང་བདུན་བརྒྱ་བའི་ལུས་སུ་བཤད་པ་ལ་ཆུང་བ་རྣམས་ཀྱིས་འབིགས་ཤིང་དེས་མཐའ་དག་ཟ་བས་མཚོན་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བ་སྤངས་པ་རྣམས་ནི་གཅིག་ལ་གཅིག་ཟ་ཞིང། ཚ་གྲང་བཀྲེས་སྐོམ་འཚེ་བ་འབའ་ཞིག་གིས་འཇིགས་ཤིང་ཉམ་ཐག་པས་གླིང་བར་མུན་ནག་གི་རྒྱ་མཚོར་གནས་པ་དང་། ཆུ་གཏེར་བཞིའི་ཁྱོན་ལ་གནས་པའི་བྱིངས་གནས་ཀྱི་དུད་འགྲོ་རྣམས་ཀྱི་སྡུག་བསྔལ་ཀྱང་བཟོད་པར་དཀའ་བ་ཉིད་དོ། །གཉིས་པ་ནི་སྔ་མ་ལས། ཁ་ཅིག་མུ་ཏིག་བལ་དང་རུས་པ་དང་། །ཤ་དང་པགས་པའི་ཆེད་དུ་གསོད་པར་འགྱུར། །དབང་མེད་གཞན་དག་རྡོག་པ་ལག་པ་དང་། །ལྕག་དང་ལྕགས་ཀྱུ་བཏབ་པས་བཏབ་སྟེ་བཀོལ། །ཞེས་མུ་ཏིག་གི་ཕྱིར་འཆི་བ་ཉ་ལྕིབས་དང་། རུས་པའི་ཕྱིར་འཆི་བ་གླང་པོ་ཆེ་དང་། ཤའི་ཕྱིར་འཆི་བ་རི་དྭགས་དང་ར་ལུག་ལ་སོགས་པ་དང་། པགས་པའི་ཕྱིར་འཆི་བ་གཅན་གཟན་རྣམས་དང་། དབང་མེད་དུ་རྡོག་པས་བཀོལ་བརྟ་ལ་སོགས་པ་དང་ལག་པས་བཏབ་སྟེ་བཀོལ་བ་མ་ཧེ་ལ་སོགས་པ་དང་། ལྕག་གིས་བཀོལ་བ་བོང་བུ་ལ་སོགས་དང་། ལྕགས་ཀྱུས་བཀོལ་བ་གླང་པོ་ཆེ་ལ་སོགས་གཞན་དབང་འབའ་ཞིག་གི་ཕྱིར་ལུས་ཆུད་གསོན་པས་བཙོན་པ་ཁྲི་མུན་དུ་བཅུག་པ་ལྟ་བུའོ། །དེ་བཞིན་དུ་ཀླུ་རྣམས་ཀྱང་ཉིན་མཚན་དང་སྔ་དྲོ་ཕྱི་དྲོ་འགྱུར་བའི་སྡུག་བསྔལ་ནི་སྔ་དྲོ་ལྟ་བུ་བདེ་བའི་རང་བཞིན་ལ་གནས་ཀྱང་། ཕྱི་དྲོ་ཚ་གྲང་བཀྲེས་སྐོམ་རྣམ་ཤེས་རྨོངས་པ་ལ་སོགས་སྡུག་བསྔལ་


JL00_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཆ་མང་པོས་གཙེར་བ་དང་། གདེངས་ཀ་མང་བ་དེ་ཙམ་དུ་སྡུག་བསྔལ་དེ་སྙེད་བསྐྱེད་པ་དང་། ཁ་ཅིག་གི་གནས་སུ་བྱེ་ཚན་གྱི་ཆར་འབབ་པ་དང་། ཐམས་ཅད་ཀྱིས་སྤངས་ཏེ་ཁྱུར་མི་ཚུད་པའི་སྡུག་བསྔལ་དང་། ནམ་མཁའ་ལྡིང་གི་འཇིགས་པ་དང་། དེའང་ནམ་མཁའ་ལྡིང་རྫུས་སྐྱེས་ཀྱིས་ནི་ཀླུ་རིགས་བཞི་ཀ་ཟ་ལ། སྒོང་སྐྱེས་ཀྱིས་སྐྱེ་གནས་མཐུན་པ་དང་། མངལ་སྐྱེས་ཀྱིས་དེ་གཉིས་ཅར་ཟ་ལ། དྲོད་གཤེར་སྐྱེས་ཀྱིས་རྫུས་སྐྱེས་ལས་གཞན་པ་གསུམ་ཀ་ཟའོ། །རིགས་སྔགས་ཀྱི་འཇིགས་པ་དང་། སྤྱི་མཐུན་དུ་རྨོངས་པ་དང་། ཚེ་དང་ལུས་ཚད་ཀྱང་མ་ངེས་ཏེ། འཇོག་པོ་ལ་སོགས་བསྐལ་པར་གནས་ཤིང་སྨད་རྒྱ་མཚོ་ལས་མ་འཕགས་པར་ལུས་སྟོང་སུམ་ཅུ་རྩ་གསུམ་དུ་རྨྱང་ནས་སངས་རྒྱས་ལས་ཆོས་ཉན་ནུས་པ་དང་། ཉིན་ཞག་གཅིག་པ་དང་། ཡུད་ཙམ་ལ་སོགས་པའོ། །དེ་དག་གི་རྒྱུ་འབྲས་ནི་དྲན་པ་ཉེར་བཞག་གི་ཚིག་ལེའུར་བྱས་པ་ལས། འདོད་ཆགས་ཀྱིས་ནི་རྨོངས་པ་དང་། །ངང་པ་ཕུག་རོན་ལ་སོགས་དང་། །བོང་བུ་འདོད་ཆགས་ཅན་རྣམས་ཀྱི། །སྐྱེ་གནས་སྲིན་སོགས་སྐྱེ་གནས་ཏེ། ཁོང་ཁྲོ་འཛིན་པས་སྦྲུལ་དུ་སྐྱེ། །ང་རྒྱལ་ཁེངས་སེམས་སེང་གེར་འགྱུར། །ཆེ་བ་ཡི་ནི་ང་རྒྱལ་གྱིས། ཁྱི་དང་བོང་བུའི་སྐྱེ་གནས་ཏེ། །སེར་སྣ་ཕྲག་དོག་ལ་སོགས་པའི། །སྐྱོན་གྱིས་ལུས་ཅན་ཤི་ནས་སྦྲེའུ། །མུ་ཅོར་སྨྲ་བ་སྤྱི་བརྟོལ་ཆེ། །རང་བཞིན་མི་བརྟན་ཁྲར་སྐྱེའོ། །གསོད་དང་འཚང་དང་སེར་སྣ་ཡིས། །ལུས་ཅན་བ་ལང་ཁྱི་ལ་སོགས། །འགྱུར་རོ་མི་སྲུན་ལས་ཀྱིས་ནི། །སྡོམ་དང་སྡིག་པ་མི་སྡུག་སྐྱེ། ཁྲོ་དང་སེར་སྣ་ཅན་གྱི་མི། །ཤི་ནས་ཤ་ནི་ཟ་བྱེད་པ། །སྟག་དང་སྤྲེའུ་ཝ་དང་དོམ། །བྱ་རྒོད་སྤྱང་ཀི་ལ་སོགས་སྐྱེ། །མི་སྲུན་ཁྲོ་གཉེར་


JL00_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་བྱེད་མི། །རྫུ་འཕྲུལ་ཆེན་པོའི་ཀླུར་སྐྱེའོ། །གཏོང་ཞིང་ཁྲོ་དང་དྲེགས་པ་ཡིས། །ནམ་མཁའ་ལྡིང་གི་དབང་ཕྱུག་ཆེ། །རང་གི་ལུས་དང་ངག་ཡིད་ཀྱི། །སྡིག་པའི་ལས་ནི་གང་བྱས་པ། །དེ་ནི་དུད་འགྲོར་སྐྱེ་བས་ན། །དེ་ནི་ཆུང་ཡང་མ་བྱེད་ཅིག །ཅེས་སོ། །དེ་ལྟར་ངན་སོང་གསུམ་གྱི་སྡུག་བསྔལ་ནི་བཟོད་པར་དཀའ་བ་ཉིད་དེ། བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སོང་ན་བདེ་བ་འབའ་ཞིག་གོ་སྙམ་པའི་སྲེད་པ་ལ་འཇུག་པའང་རིགས་པ་མ་ཡིན་ཏེ། སྲེད་པ་ནི་སྡུག་བསྔལ་ཐམས་ཅད་ཀྱི་ཉེ་བར་ལེན་པ་པོ་སྟེ། དེ་ལས་སྲེད་པ་དང་སྐྱེ་བར་འབྲེལ་བས། སྐྱེ་བའི་རང་བཞིན་ནི་གནས་རིགས་མཐོ་ཡང་། ཡུལ་ཕྲན་ལ་ཤྭ་འོད་བརྡོལ་བ་ལྟ་བུ། སྡུག་བསྔལ་གྱི་རྦ་རླབས་དང་། རྣམ་པར་གྲོལ་བའི་ལམ་དང་འགལ་བའི་ཅ་ཅོ་མི་བཟད་པར་སྒྲོག་པས་ན་ད་རེས་ཀྱི་དལ་འབྱོར་ཐམས་ཅད་ཚང་བའི་ལུས་རྟེན་ལྷ་བས་ལྷག་པ་འདི་ཡང་། འབབ་ཆུ་གནོད་པ་ཅན་གྱིས་ཆུ་ལོན་བཤིག་པ་བཞིན་དུ་གློ་བུར་དུ་མེད་པར་གྱུར་ནས་ཡང་སྲིད་པར་ཉིང་མཚམས་སྦྱོར་བའི་སྡུག་བསྔལ་ལ་སྤྱོད་པའི་ཕྱིར་སྐྱེ་བ་བཟློག་པའི་ཐབས་འབའ་ཞིག་བསམ་པའི་ཚུལ། དེ་ཕྱིར་སྐྱེ་བའི་ཤྭ་འོད་སྡུག་བསྔལ་གྱི། །རྦ་རླབས་ཅ་ཅོ་སྒྲོག་འདི་མ་བཟློག་ན། །ལྷ་བས་ལྷག་པའི་ལུས་རྟེན་ཆུ་ལོན་ཡང་། །བརྟན་པ་བྲལ་བའི་མྱ་ངམ་ཐང་དུ་འཁྱམས། །ཞེས་སྨོས་ནས་སོ་སོའི་སྡུག་བསྔལ་གྱི་རང་བཞིན་གོང་མའི་ཁམས་ནས་རིམ་བཞིན་བཤད་པ་ནི། གཟུགས་མེད་ཏིང་འཛིན་ལུང་མ་བསྟན་པའི་ལས། །ཟད་ནས་སྲིད་ཕྱི་མར་འདུ་བྱེད་དང་། །གཟུགས་ཁམས་བསམ་གཏན་སྔ་མའི་ལས་ཟད་དེ། །འོག་མར་ལྟུང་བ་འགྱུར་བའི་སྡུག་བསྔལ་མྱོང་། །ཞེས་ཁམས་གོང་མ་གཉིས་ན་སྡུག་བསྔལ་གྱི་སྡུག་བསྔལ་


JL00_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་རགས་པ་རྣམས་མེད་ཀྱང་། གཟུགས་མེད་པའི་གནས་སྐབས་ཀྱི་བདེ་བ་ཞི་གནས་ཀྱི་ཏིང་ངེ་འཛིན་དེ་ལས་ཟད་པ་དང་སད་པའི་གནས་སྐབས་ཐོབ་ནས་འཆི་འཕོ་བ་ན་ཡང་སྲིད་པ་ཕྱི་མའི་སྡུག་བསྔལ་འདུ་བྱེད་པས་སྐྱོ་བ་དང་། ཚངས་རིས་ལ་སོགས་གཟུགས་ཁམས་འབྲས་བུ་ཆེ་བའི་བར་གྱི་ལྷ་རྣམས་ཀྱང་འཆི་བའི་ཚེ་བསམ་གཏན་ལས་ཐོབ་པའི་བདེ་བ་དེ་འགྱུར་ནས་སྲིད་པ་ཕྱི་མ་ལ་འཇུག་པའི་སྡུག་བསྔལ་ལ་སྤྱོད་པའི་ཕྱིར་ཀླུའི་དབང་པོས། ཚངས་རིས་ལ་སོགས་བསམ་གཏན་ལྷུན་གྲུབ་ཀུན། །འོད་དང་ཁ་དོག་གཟི་བརྗིད་མཐའ་ཡས་ཀྱང་། །བདག་རྟོག་བག་ལ་ཉལ་བ་མ་གཟིགས་ནས། །ཤི་ནས་དམྱལ་བར་སྐྱེ་བ་ཆ་མེད་དམ། །ཞེས་བསོད་ནམས་དང་གཟི་བརྗིད་ཀྱི་ཆ་ནས་མཉམ་པ་མེད་པ་ཉིད་དེ། རྣམ་པར་རྟོག་པ་བག་ལ་ཉལ་སྐྱེ་བ་མེད་པའི་དབྱིངས་སུ་བྱང་མ་ཆུབ་པས་ད་དུང་ལས་ཀྱི་ཕྱི་བཞིན་འབྲང་ངོ་། །ཡང་། ཚངས་དང་ལྷ་དབང་འཁོར་ལོས་སྒྱུར་བ་ཡང་། །སྤྲིན་པར་ཉི་བཞིན་དཀར་པོའི་རྣམ་སྨིན་གྱིས། །སྐབས་བཙལ་སྤངས་པའི་མོད་ལ་མར་མེའི་ལྕེས། །འཐུངས་པའི་ཞུན་མར་བཞིན་དུ་ཉམས་པར་འགྱུར། །ཞེས་གཟུགས་ཁམས་པ་ཚངས་པ་ཉིད་ཀྱིས་འདོད་པའི་འདོད་ཆགས་རྣམ་པར་གནོན་པའི་ཆགས་བྲལ་གྱི་བདེ་བ་ཐོབ་ཀྱང་། དུས་གཞན་ན་མི་དགེ་བའི་ལས་བསགས་པའི་ཕྱིར་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་ཀྱི་འཕེན་པས་དམྱལ་བ་མནར་མེད་པའི་བུད་ཤིང་དུ་འགྱུར་བའང་ཡོད་པའི་ཕྱིར་བཤེས་སྤྲིང་ལས། ཆངས་ཉིད་ཆགས་བྲལ་བདེ་བ་ཐོབ་ནས་སླར། །མནར་མེད་མེ་ཡི་བུད་ཤིང་འགྱུར་བ་ཡིས། །སྡུག་བསྔལ་རྒྱུན་མི་འཆད་པར་བསྟེན་འཚལ་ལོ། །ཞེས་གསུངས་ལ།


JL00_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་དུ་འདོད་པའི་ཁམས་ན་ས་གཞི་ལ་བརྟེན་ནོ་ཅོག་ལ་ཆེ་ཞིང་དཔལ་འབྱོར་དང་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཀཽ་ཤིག་དང་། འཁོར་ལོས་སྒྱུར་བའི་རྒྱལ་པོ་རིན་པོ་ཆེ་སྣ་བདུན་གྱིས་མདུན་བདར་ཞིང་། མགར་གྱིས་མ་བྱས་པའི་འཁོར་ལོ་རིན་པོ་ཆེའི་ཕྱི་ནས་དཔུང་གི་ཚོགས་ཡན་ལག་བཞི་པ་དང་ལྷན་ཅིག་གླིང་བཞིའི་འཇིག་རྟེན་དུ་འགྲོ་བ་དེ་དག་རེ་ཞིག་ཅིག་དཀར་པོའི་རྣམ་སྨིན་གྱི་འབྲས་བུས་སྐབས་བཙལ་བའི་བདེ་སྐྱིད་ལ་སྤྱོད་ཀྱང་། ཇི་ལྟར་སྤྱད་པ་ཙམ་གྱིས་སྔ་མའི་དགེ་འབྲས་མཐའ་དག་ནི་མར་མེའི་ལྕེ་ལྡེས་འཐུངས་པའི་ཞུན་མར་བཞིན་དུ་ཟད་ནས་སྐྱེ་གནས་ཤིན་ཏུ་ཉམ་ཐག་པར་ལྟུང་བའི་ཚུལ་བཤེས་སྤྲིང་ལས། བརྒྱ་བྱིན་མཆོད་འོས་ཉིད་དུ་གྱུར་ནས་ནི། །ལས་ཀྱི་དབང་གིས་ཕྱིར་ཡང་ས་སྟེང་ལྷུང་། །འཁོར་ལོས་སྒྱུར་རྒྱལ་ཉིད་དུ་གྱུར་ནས་ཀྱང་། །འཁོར་བ་དག་ཏུ་ཡང་བྲན་ཉིད་དུ་འགྱུར། །ཞེས་སོ། །དེ་བཞིན་དུ་ལྷའི་དབང་པོ་ཉིད་ཀྱིས་ས་དང་དབང་ཕྱུག་ལ་ཆགས་པའི་ཉེས་དམིགས་སྟོན་ཕྱིར། མནན་ན་ནེམས་པའི་རེག་པ་འཇམ་པོ་དང་། །ལྷ་ཀླུ་མིའམ་ཅི་ཡི་ལ་ཐོད་ཀྱིས། །རྐང་པའི་ཆུ་སྐྱེས་དམར་བྱས་དབང་པོ་ཡང་། །ལྕགས་ཀྱི་གསལ་ཤིང་འབར་བའི་རྩེ་མོར་གདུང་། །གྲོང་ཁྱེར་བལྟ་ན་སྡུག་གི་ས་གཞི་ལ་རྐང་པ་བཞག་ན་ནེམས་བྱེད་པས་སོར་བཞིའི་དམའ་བར་འགྱུར་ལ། བཏེགས་ན་སྦར་བྱེད་པས་སོར་བཞིས་མཐོ་བར་བྱེད་པའི་ས་གཞི་དང་། དབང་ཕྱུག་ནི་རྒྱལ་ཆེན་རིས་བཞི་པ་དང་། སུམ་ཅུ་རྩ་གསུམ་པའི་ལྷ་དང་། ཀླུ་དང་། མིའམ་ཅིའི་མགོ་བོའི་ཅོད་པན་གྱི་ནོར་བུ་མ་རྒད་ལ་སོགས་པའི་བོད་ཀྱིས་བརྒྱ་བྱིན་གྱི་རྐང་པ་ལ་གཏུགས་པ་དེའི་འོད་ཀྱིས་རྐང་པའི་ཆུ་སྐྱེས་ཀྱང་དམར་པོར་གྱུར་བའི་ཁེངས་དྲེགས་ཅན་དེ་སླར་དམྱལ་བའི་འཇིག་རྟེན་དུ་ལྕགས་ཀྱི་


JL00_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་ཤིང་ཆེར་མ་ཅན་ལ་རྒྱུ་བའི་གནས་འཐོབ་པ་ཡོད་དེ། སློབ་སྤྲིང་ལས། རྐང་བཞག་ནེམས་དང་འཕར་བྱེད་རེག་ན་བདེ་བ་ཡི། །རི་རབ་སྤོ་ཡི་དཀྱིལ་དུ་ཡུན་རིང་གནས་ནས་ཀྱང་། །ཕྱིར་ཡང་བྱེ་མ་བསྲེགས་པའི་མེ་མ་མུར་གྱི་ཚོགས། །བརླ་དང་རྐང་ལག་ཀུན་ཏུ་ཞིག་པར་འཁྱམས་པར་འགྱུར། །ཞེས་དང་། གང་དུ་ལྷ་ཀླུ་མིའམ་ཅི་ཡི་མགོ་རྒྱན་གྱིས། །འོད་ཀྱི་ཚོགས་ཀྱི་རྐང་རྟེན་དམར་བའི་བརྒྱ་བྱིན་ཡང་། །ལས་ཀྱི་རླུང་འཁྲུགས་འགྲོ་བ་ངན་པར་འགྲོ་འགྱུར་བ། །དེ་ལ་སྐྱེས་བུ་སུ་ཞིག་འཇིགས་པ་བསྟེན་མི་བྱེད། །ཅེས་སོ། །ཡང་འདོད་པའི་ཉེས་དམིགས་དང་ལྗོན་ཤིང་དང་། གཞལ་ཡས་ཁང་ལ་ཆགས་པའི་ཉེས་པ་སྟོན་པ་ནི། །མཐོ་རིས་བུ་མོའི་ནུ་མ་གསར་པ་ལ། །རེག་པའི་འཁྲི་ཤིང་བསྟེན་དེ་དགའ་ཚལ་དང་། །གཞལ་མེད་ཁང་མཛེས་མུ་ཏིག་དྲྭ་ཕྱེད་ཅན། །སྤངས་ནས་མེ་མུར་འོབས་ནང་སྤྱིའུ་ཚུགས་ལྟུང་། །འདི་ལྟར་མཚེའུ་དལ་གྱིས་འབབ་པར་ལྷའི་བུ་མོ་འདོད་པའི་སྒྱུ་རྩལ་དྲུག་ཅུ་རྩ་བཞི་ལ་བྱང་ཆུབ་པ་རྣམས་ཀྱི་ནུ་མ་ལ་རེག་པའི་བདེ་བ་ཉམས་སུ་མྱོང་ཞིང་། དགའ་བའི་ཚལ་དུ་དཔག་བསམ་གྱི་ཤིང་བཟའ་བཏུང་དང་། གོས་དང་། རྒྱན་དང་། རོལ་མོའི་བྱེ་བྲག་འབྱུང་བ་རྣམ་པ་བཞི་དང་། གཞལ་མེད་ཁང་བཟང་མུ་ཏིག་གི་དྲྭ་བ་དང་། དྲྭ་བ་ཕྱེད་པ་ཅན་སྟེང་གཡོགས་ནས་དྲིལ་བུའི་སྒྲ་སྙན་པར་སྒྲོགས་པ་རྣམས་ལ་འཕྲལ་ཐབས་གློངས་པ་སྟེ་ཕུན་སུམ་ཚོགས་པའི་དྲེགས་པ་དེ་ཡང་དབང་མེད་དུ་སྤངས་ནས་མེ་མུར་གྱི་འོབས་དང་། རལ་གྲི་ལྟ་བུའི་ནགས་ཚལ་དང་། ཆུ་བོ་རབས་མེད་དང་། སྐྱབས་མེད་པའི་མུན་ནག་འཐིབས་པོར་ལྷུང་བའི་ཚུལ། སྔ་མ་ལས། ལྷ་ཡི་བུ་མོ་དལ་གྱིས་འབབ་པའི་ཆུ་རྒྱུན་གྱིས། །འཕྲལ་


JL00_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་གློངས་པ་རྣམས་དང་ལྷན་ཅིག་རྩེ་མྱོང་ནས། །ཕྱིར་ཡང་ཆུ་བོ་རབས་མེད་དཔའ་དྲག་འབོགས་པ་ཡིས། །རྨས་པའི་སྡུག་བསྔལ་མི་བཟད་བསྟེན་པར་བྱ་དགོས་སོ། །ལྷ་ཚལ་དཔག་བསམ་ཤིང་ལོའི་གདིང་བ་ཀུན་བཀྲམ་པའི། །ལྷ་ཡི་བུ་མོ་དང་བསྟེན་བདེ་བར་གནས་ནས་ཀྱང་། །ཕྱིར་ཡང་མཚོན་རྣོན་མང་པོ་འབབ་པས་ལུས་རྦད་པ། །ལོ་མ་རལ་གྲི་ལྟ་བུའི་ནགས་ཚལ་བགྲོད་དགོས་སོ། །རྐང་བཞག་ནེམས་དང་འཕར་བྱེད་རེག་ན་བདེ་བ་ཡི། །རི་རབ་སྤོ་ཡི་དཀྱིལ་དུ་ཡུང་རིང་གནས་ནས་ཀྱང་། །ཕྱིར་ཡང་བྱེ་མ་བསྲེག་པའི་མེ་མ་མུར་གྱི་ཚོགས། །བརླ་དང་རྐང་ལག་ཀུན་ཏུ་ཞིག་པར་འཁྱམས་པར་འགྱུར། །དྲིལ་བུ་མཛེས་འཁྲོལ་མུ་ཏིག་ཕྲེང་ཚོགས་ལྷག་གེ་བ། །གཞལ་མེད་ཁང་དུ་ཞུགས་ནས་ལྷ་ཡུལ་བགྲོད་ནས་ཀྱང་། །མི་བཟད་སྐྱབས་མེད་མུན་ནག་ཐིབས་པོ་དཔག་མེད་པ། །ཕ་མཐའ་མེད་པའི་ནང་དུ་སྤྱི་ཚུགས་ལྷུང་བར་འགྱུར། །ཞེས་སོ། །ད་ནི་སྤྱི་མཚན་དུ་སྲོག་ལ་ཆགས་པའི་ཉེས་པ་གཞན་འཕྲུལ་དབང་བྱེད་ཀྱི་བར་ཡོད་པའི་འཆི་འཕོ་ལྟུང་བྱེད་ཀྱི་སྡུག་བསྔལ་བཤད་པ། གོས་སྟན་མེ་ཏོག་རྙིངས་པའི་ལྷ་མོ་དང་། །རྡུལ་གྱིས་གདོང་བ་བཀྲུ་བའི་ཟོལ་ཞིག་ནས། །ཉེ་དུ་རྣམས་ལ་བལྟ་ཞིང་དུ་བ་ཡི། །འཆི་འཕོའི་སྡུག་བསྔལ་ལྟ་བུ་མི་ལ་མེད། །འདི་ལྟར་ལྷ་རྣམས་ལ་གནད་འཆད་པའི་ཚོར་བ་མེད་པས་ལུས་ཀྱི་སྡུག་བསྔལ་མེད་མོད་ཀྱིས། འཆི་འཕོ་བའི་སྔ་ལྟས་ལྔ་མཐོང་ནས་སེམས་ཤིན་ཏུ་སྡུག་བསྔལ་བ་སྟེ། ཇི་སྐད་དུ། དེ་ནས་ལྷའི་བ་ཞིག་སྙིང་རྗེ་རྗེ་སྐད་ངུ་ངུ་ཞིང་། ཀྱི་ཧུད་དལ་གྱི་འབབ། ཀྱི་ཧུད་རྫིང་བུ་ཞེས་སྨྲེ་སྔགས་འདོན་ཏོ། །ཞེས་པ་ལྟར་རོ། །དེ་ལ་རྟགས་ལྔ་ནི། སྔོན་གྱི་གཟི་བརྗིད་ཕུན་སུམ་ཚོགས་པ་ལས་ཉམས་ཏེ་ལུས་ཀྱི་མདོག་ངན་པ་དང་། རང་གི་སྟན་ལ་མི་དགའ་བ་དང་། མེ་ཏོག་གི་ཕྲེང་བ་རྙིངས་པ་དང་། གོས་ལ་དྲི་མ་ཆགས་པ་དང་། ལུས་ལ་རྡུལ་འབྱུང་བའོ། །དེའི་ཚེ་ལྷ་ཟླ་བོས་ནི་སྤོང་། ཆུང་མས་ནི་གཞན་དང་ཉལ། འདུ་ཤེས་ནི་འཁྲུག །ཕྱི་མའི་སྐྱེ་གནས་ནི་ལྷའི་མིག་གིས་མཐོང་བས་


JL00_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

བསྡངས་ཤིང་བརྒྱལ། མཛའ་བཤེས་རྣམས་ཀྱིས་རྒྱང་རིང་པོ་ནས་བོས་ཏེ་མི་དང་ལྷར་སྐྱེ་བ་སྨོན་ལམ་འདེབས་ཀྱང་འཆི་ལྟས་ཡོད་པ་ལ་ཉེ་ནི་མི་ནུས། དེའི་ཕྱིར་མཐོ་རིས་ཀྱི་བདེ་བའང་སྤྱད་ནས་ཟད་པར་འགྱུར་བའི་སྡུག་བསྔལ་དཔག་ཏུ་མེད་ཕྱིར་བདེ་བ་བས་ཀྱང་སྡུག་བསྔལ་ཆེ་བས་སྲེད་པ་མི་བགྱི་བའི་ཚུལ། བཤེས་སྤྲིང་ལས། དེ་ལྟར་བསམས་ནས་ཡ་རབས་རྣམས་ཀྱིས་ནི། །ཟད་འགྱུར་མཐོ་རིས་སླད་དུ་སྲེད་མི་བགྱི། །ལུས་ཀྱི་ཁ་དོག་མི་སྡུག་གྱུར་པ་དང་། །སྟན་ལ་མི་དགའ་མེ་ཏོག་ཕྲེང་རྙིངས་དང་། །གོས་ལ་དྲི་མ་ཆགས་དང་ལུས་ལ་ནི། །སྔོན་ཆད་མེད་པའི་རྡུལ་འབྱུང་ཞེས་བགྱི་བ། །མཐོ་རིས་འཆི་འཕོ་སྤྲོན་བགྱིད་སྔ་ལྟས་ལྔ། །ཞེས་སོ། །ཡང་། གཉའ་ཤིང་འཛིན་རིའི་ས་བླ་བཀེགས་པ་ཡི། །གདུགས་གྱུར་སྣང་བྱེད་ཆེན་པོ་ཉི་ཟླ་གཉིས། །སླན་ཆད་མུན་པའི་སྨག་གི་བཙོན་ར་རུ། །ལོང་བ་ཆེན་པོའི་གནས་སྐབས་འཐོབ་པར་འགྱུར། །ཞེས་རི་གཉའ་ཤིང་འཛིན་གྱི་ས་བླར་གདུགས་ལྟ་བུས་གྱུར་ནས་གླིང་བཞིའི་འཇིག་རྟེན་ཐམས་ཅད་ཀྱི་མུན་པ་བསལ་བར་ནུས་པའི་སྣང་བྱེད་ཆེན་པོ་ཉི་མ་དང་ཟླ་བ་གཉིས་པོའི་རྟེན་གཞལ་མེད་ཁང་པའི་འོད་ཀྱིས། ཅི་ཞིག་ན་བརྟེན་པ་ལྷའི་བུ་གཉིས་པོ་སྤངས་པའི་ཚེ། འཇིག་རྟེན་སོ་སོའི་བར་དག་ན་ཡོད་པའི་མུན་པའི་སྨག་རུམ་དམ་པོར་བཙོན་བཞིན་དུ་བཅིང་ནས་རང་གི་ལག་པ་བརྐྱང་བསྐུམ་ཡང་མི་མཐོང་བའི་ལོང་བ་ཆེན་པོའི་གནས་ཐོབ་པ་སྟེ། དེ་སྐད་དུ་བཤེས་སྤྲིང་ལས། ཉི་མ་ཟླ་བ་ཉིད་ཐོབ་རང་ལུས་ཀྱི། །འོད་ཀྱིས་འཇིག་རྟེན་མཐའ་དག་སྣང་བྱས་ཏེ། །སླར་ཡང་མུན་ནག་སྨག་ཏུ་ཕྱིན་གྱུར་ནས། །རང་གི་ལག་པ་བརྐྱང་པའང་མཐོང་མི་འགྱུར། །ཞེས་སོ། །འདིར་རང་ལུས་ཞེས་བཤད་པ་ནི། འཇིག་རྟེན་པ་རྣམས་ཀྱིས་རྟེན་དང་བརྟེན་པ་གཅིག་པར་འབོད་


JL00_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སླད་དུ་དགོངས་པའོ། །དེ་ལྟར་ཟག་བཅས་ཀྱི་བདེ་བ་མཐའ་དག་སྡུག་བསྔལ་ཁོ་ནའི་རང་བཞིན་ཅན་ཡིན་ཀྱང་དེ་ལ་ང་རྒྱལ་གྱིས་མངོན་པར་རློམ་པའི་ཉེས་དམིགས་ལས་འཁོར་བའི་སྡུག་བསྔལ་འབའ་ཞིག་ལ་སྤྱོད་པའི་ཚུལ། སློབ་སྤྲིང་ལས། སྡུག་བསྔལ་མེ་ཚོགས་འཕུང་པས་འཇགས་པའི་འཇིག་རྟེན་འདིར། །སྐྱེ་བོ་བདེ་སྙམ་མངོན་པའི་ང་རྒྱལ་བྱེད་པ་གང་། །དེ་ནི་གཤིན་རྗེའི་ཁ་ཡང་འབྱེད་པར་བྱེད་པ་སྟེ། །དེ་ནི་སྐྱེ་བ་ཕྱི་མའི་ལྗོན་ཤིང་ས་བོན་ཡིན། །ཅེས་དང་། སྡུག་བསྔལ་བདེ་བར་རློམ་པའི་དཔེ་དགོད་པ་ཡང་། དམྱལ་རྣམས་ཟངས་ཆེན་ལྷག་ལྷག་བསྐོལ་བ་ཚ་བའི་ཤུགས་དྲག་ནས། །སྐད་ཅིག་ཙམ་ཞིག་མགོ་བསྟོད་དབུགས་འབྱིན་འགྱུར་བ་རྣམས། །ལྕགས་ཀྱི་ཐོ་བ་རབ་ཏུ་མང་པོ་ཁྲོས་ཏེ་གཟས་པ་ཡིས། །བརྒྱབ་ན་དེ་ཉིད་མཆོག་ཏུ་བདེ་བ་ཡིན་པར་སེམས་པ་ལྟར། །ཞེས་དམྱལ་བའི་ཟངས་ཆེན་དུ་བཙོས་པའི་སྡུག་བསྔལ་ཧ་ཅང་དྲག་ཐལ་ནས་མགོ་གྱེན་དུ་འཐོན་ནས་དབུགས་འབྱིན་པའི་རེས་གཅིག་ལ། ད་ནི་ཤི་ན་ཅི་མ་རུང་སྙམ་པས་མགོ་ལ་ཐོ་བ་བསྣུན་པའང་བདེ་བར་བསྐོམ་པ་བཞིན་དོན་དེ་དང་འདྲ་བར་སྦྱར་བ་མྱ་ངན་ལས་འདས་པ་མ་ཐོབ་ཀྱི་བར་ལ་སྡུག་བསྔལ་འབའ་ཞིག་གིས་གཟིར་བ་ལས། རེ་ཞིག་ཙམ་ཞིག་ལྷ་དང་མིར་སྐྱེས་ནས་ཇི་ཞིག་ལྟར་བསགས་པའི་དབང་གིས་ངན་འགྲོའི་སྐྱེ་ཤིའི་འཁྲུལ་འཁོར་མེད་པའི་སྐད་ཅིག་སྟེ། བདེ་འགྲོར་གནས་པའི་རིང་ངན་འགྲོའི་སྡུག་བསྔལ་མེ་ལྕེ་ལྟ་བུ་གཉུག་མར་བཟོད་དཀའ་བ་ཞི་བར་འགྱུར་ན། ལྷ་དང་མིའི་འདོད་པའི་ཡོན་ཏན་ཁམ་འགའ་ལ་སྲེད་པ་ལྟ་བུ་སྟེ་སྔ་མའི་འཕྲོར། དེ་བཞིན་སྡུག་བསྔལ་མི་བཟད་པ་ཡིས་དབང་མེད་རྟག་གཟིར་ཞིང་། རེ་ཞིག་ཙམ་ཞིག་ཇི་ཞིག་ལྟར་ཏེ་སྐྱེ་ཤིའི་འཁྲུགས་མེད་ནས། །སྐད་ཅིག་སྡུག་བསྔལ་གཉུག་མར་བཟོད་དཀའ་མེ་ལྕེ་གཞིལ་འགྱུར་ན། །


JL00_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་ཐམས་ཅད་བདེ་བ་ཁམ་འགའ་ལ་སྲེད་སྲེད་པར་བྱེད། །ཅེས་སོ། །ལྷའི་གནས་རིགས་དེ་དག་གི་རྒྱུ་འབྲས་ཀྱང་། །དྲན་པ་ཉེར་བཞག་ལས་བཏུས་པར། །གང་ཞིག་བདག་མེད་མི་འདོད་ཅིང་། །ཡོངས་སུ་བཟུང་ལ་མི་དགའ་བ། །དེ་ནི་བཟའ་རྣམས་དག་གི་མཆོག །རྒྱལ་ཆེན་བཞི་པ་དག་ཏུ་འགྱུར། །ཕ་མ་ཕ་ཚན་གཙོ་བོ་ལ། །བཀུར་བྱེད་བསྟོད་ལྡན་བཟོད་པར་བྱེད། །འཐབ་མོ་ལ་ནི་དགའ་བ་དང་། །དེ་ནི་སུམ་ཅུ་རྩ་གསུམ་སྐྱེ། །རྩོད་དང་འཐབ་མོར་མི་འགའ་ཞིང་། །གཅིག་ཏུ་དགེ་ལ་བརྩོན་པ་གང་། །དེ་དག་འཐབ་བྲལ་ཉིད་དུ་འགྲོ། །ཐོས་པ་མང་དང་ཆོས་འཛིན་དང་། །ཤེས་རབ་ལྡན་ཞིང་ཐར་པ་འདོད། །ཡོན་ཏན་དགའ་རྣམས་དགའ་ལྡན་འགྲོ། །རང་ཉིད་དུལ་བ་ལ་ཞུགས་ཤིང་། །ཚུལ་ཁྲིམས་འབོགས་པར་སྤྲོ་བ་གང་། །གདོན་མི་ཟ་བར་འཕྲུལ་དགར་འགྲོ། །སེམས་ཅན་གང་དག་སྨན་མིན་མཆོག །སྦྱིན་དང་དུལ་དང་ཡང་དག་སྡོམ། །ཕུལ་བྱུང་ཡོན་ཏན་ལྷག་གྱུར་དེ། །ངེས་པར་གཞན་འཕྲུལ་དབང་བྱེད་དོ། །ཚུལ་ཁྲིམས་ཀྱིས་ནི་མཐོ་རིས་ཐོབ། །བསམ་གཏན་གྱིས་ནི་ཁྱད་པར་འགྱུར། །ཡང་དག་ཇི་བཞིན་ཡོངས་ཤེས་པས། །མཐར་ནི་ཡང་སྲིད་མེད་པར་འགྱུར། །ཞེས་ཚིག་སྣ་ཅུང་ཟད་བསྟུངས་སོ། །ལྷ་མ་ཡིན་གྱི་སྡུག་བསྔལ་བཤད་པ་ནི། ལྷ་ཡི་དཔལ་ལ་སྡང་བའི་ཕྲག་དོག་གི །དགྲ་སྟྭས་རང་སྙིང་ཚལ་བར་བཀས་ནས་སླར། །དཔུང་པ་གཏུམ་པོའི་གཡུལ་ངོར་བདག་ཉིད་ཀྱི། །མགོ་དང་ཡན་ལག་གཏུབས་པས་ལྷ་མིན་མནར། །འདི་ལྟར་ལྷ་མ་ཡིན་རྣམས་ལ་ནི་རང་བཞིན་གྱིས་སྙེམས་པའི་ང་རྒྱལ་ཡོད་པས་ན་ཉོན་མོངས་པས་ཀུན་ནས་ཉོན་མོངས་པའི་སྡུག་བསྔལ་དང་། ཁྱད་པར་ལྷའི་དཔལ་ལ་སྡང་བའི་ཕྲག་དོག་གིས་ཡིད་གདུང་ཞིང་ལྷ་དང་


JL00_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

གཡུལ་འགྱེད་པའི་སྡུག་བསྔལ་ཡོད་དོ། །རྒྱུ་གང་གིས་ན་དྲན་པ་ཉེར་གཞག་ནས་ནི་འཛམ་བུའི་གླིང་པ་རྣམས་ཀྱིས་བསོད་ནམས་མ་ཡིན་པའི་ལས་སྟོབས་ཆེན་པོ་བསགས་པ་དང་། ས་སྡེ་ལས་ནི་ལྷ་རྣམས་ལྷ་མིན་གྱི་བུ་མོ་ལ་བལྟ་བའི་ཕྲག་དོག་དང། ལྷ་མིན་རྣམས་ཀྱིས་ལྷའི་བདུད་རྩི་ལ་ཆགས་པའི་དབང་གིས་དང་། མདོ་གཞན་དག་ལས་ནི་ལྷའི་དཔག་བསམ་གྱི་ཤིང་མེ་ཏོག་དང་འབྲས་བུས་བརྒྱན་པ་མཐོང་ནས་ཁྲོས་ཏེ། ཤིང་འདིའི་དཔལ་ཕུན་སུམ་ཚོགས་པ་ནི་ལྷའི་དབང་དུ་གྱུར་ན། རྩ་བ་བདག་ཅག་གི་གནས་སུ་དོན་མེད་དོ་ཞེས་སྟྭ་རེས་གཅོད་པར་བྱེད་པ་ལས་རྩོད་པ་འབྱུང་བར་སྟོན་ཏོ། །དེ་ལ་དང་པོར་སྲིད་སྡེ་སོ་སོར་བཅད་ནས་འཐབ་པ་ནི། དགའ་བོ་དང་ཉེར་དགའ་ལ་སོགས་དཀར་པོའི་ཕྱོགས་ཀྱི་ཀླུ་བརྒྱད་དང་། ཧུ་ལུ་དང་། ཧུ་ལུ་ཀ་ཆེན་པོ་སོགས་ནག་ཕྱོགས་པ་བརྒྱད་འཐབ་ཅིང་རྩོད་པ་ལས་གང་རུང་གཅིག་ཕམ་པ་དེས་རང་རང་གི་ཕྱོགས་ལ་གནས་པའི་བར་སྣང་གི་ལྷ་དག་སྦྲོན་ནོ། །སྤྲན་ནས་འཐབས་པ་དེའི་ཚེ་ནག་ཕྱོགས་ཀྱི་ཀླུ་ཕམ་ན་ཆུ་མཚམས་ཀྱི་སྒྲ་གཅན་ཡང་སྦྲན་ནས་འཐབ་བོ། །གང་དུ་སྒྲ་གཅན་རྒྱལ་བར་གྱུར་ན་དཀར་ཕྱོགས་ཀྱི་ཀླུ་དང་བར་སྣང་གི་ལྷས་རྒྱལ་ཆེན་རིགས་བཞིའི་དཔུང་རྣམས་སྤྲན་ཏེ། དེ་དག་གི་སྡེ་རིས་ཐམས་ཅད་གོ་ཆ་སྲ་བར་གྱོན་ནས་འཐབ་པ་ལས། ལྷ་མ་ཡིན་གྱི་དཔུང་རྣམས་ཕམ་པར་གྱུར་བ་དེའི་ཚེ། དཀའ་ཕྲེང་གི་གནས་ནས་མགུལ་ཕྲེང་ཅན་ཡང་ལྷ་མ་ཡིན་གྱི་དཔུང་དང་ཕྱོགས་གཅིག་འཐབ་པ་ལས་ཀྱང་ཕམ་ནས་ཐགས་བཟངས་རིས་ལ་སྤྲོན་ནོ། །དེའི་ཚེ་ཐགས་བཟངས་རིས་ཁྲོས་ནས་གསེར་གྱི་ས་གཞི་ལ་རྐ་བརྡབས་པས་ས་ཆེན་པོ་འདི་གཡོ་ཞིང་རི་རབ་ཀྱང་འགུལ་ལ། ལྷའི་དབང་པོའི་སྟན་ཡང་གཡོའི། །དེར་དབང་པོས་བསམས་


JL00_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

པ། ཅི་འདི་ལྟར་ས་གཡོ་བའི་རྒྱུ་ནི་བྱང་ཆུབ་སེམས་དཔའ་ས་ནས་སར་འཕགས་སམ། དེ་བཞིན་གཤེགས་པའི་སྤྲུལ་པས་འཇིག་རྟེན་དུ་ཆོ་འཕྲུལ་མཛད་དམ། བསོད་ནམས་མ་ཡིན་པ་རླབས་པོ་ཆེའི་ལས་མཐུན་པའམ། ལྷ་མ་ཡིན་གྱི་དབང་པོ་གཡུལ་གྱི་བྱ་བ་ལ་ཞུགས་སམ་སྙམ་དུ་ལྷའི་མངོན་ཤེས་ཀྱིས་བརྟགས་པ་ན། གཡུལ་འགྱེད་པར་ཤེས་ནས། འདུན་ས་ཆོས་བཟངས་སུ་འདུས་ནས་བསྒོ་བ། ལྷ་གང་དག་ཚེའི་ལྷག་མར་གྱུར་ཅིང་འཆི་བའི་ལས་བདག་གིར་བྱེད་པའི་དུས་ལ་བབ་པ་རྣམས་རང་གནས་སུ་འདུག་ཅིག །དེ་ལས་གཞན་པ་རྣམས་གཡུལ་གྱི་བྱ་བ་ལ་སྤྲོ་བར་གྱིས་ཤིག །ཅེས་སྨྲས་ནས་བྱང་ཕྱོགས་དགའ་བའི་ཚལ་དུ་སོང་ཏེ་ལྗོན་པའི་ནང་ན་ཡོད་པའི་གཟིམས་ཁྲི་ལ་བལྟས་ནས། གཡུལ་རྒྱལ་བའི་མཚན་མ་རྣམས་ཁོང་དུ་ཆུད་པར་བྱེད་དོ། །དེ་ནས་ལྷའི་ཚོགས་དེ་དག་རྩུབ་འགྱུར་གྱི་ཚལ་དུ་སོང་ནས་དེའི་རྫིང་བུར་ཞུགས་པ་ཙམ་གྱིས་ཞེ་སྡང་གི་ཀུན་དུ་རྟོག་པ་གསར་དུ་ཐོབ་ནས་གཡུལ་གྱི་བྱ་བ་ལ་སྤྲོ་བར་གྱུར་པ་དང་། དེའི་ཤར་ཕྱོགས་གོ་ཆའི་ཚལ་ནས་ཤིང་ལྗོན་པ་དག་ལས་རིན་པོ་ཆེ་སྣ་ཚོགས་ཀྱི་གོ་ཆ་ཤིན་ཏུ་སླབ་བྱུང་བ་དག་བགོས་ཏེ། གཡུལ་དོར་སྤྱོད་པའི་གླང་པོ་ཆེ་རབ་བརྟན་ལུས་དཔག་ཚད་བདུན་པ་ལ་བཞོན་པར་བྱས་ནས། མགོ་སུམ་ཅུ་རྩ་གསུམ་གྱི་སྟེང་དུ་དུས་ད་ལྟ་བའི་ལྷའི་དབང་པོ་ནི་མིག་མཛེས་ཞེས་བྱ་བ་སྟེ། བྱང་ཆུབ་སྟེ། སྟོབས་མཆོག་ལ་སོགས་པའི་ནོར་ལྷ་བརྒྱད། ཚོགས་བདག་དང་། བྷྲིད་གི་རི་ཏི་ལ་སོགས་པའི་གྲོགས་བཅུ་གཉིས། དགའ་བོ་དང་། ཉེར་དགའ་ལ་སོགས་ཉི་མའི་བུ་བཅུ་གཉིས་ཏེ་ཉེ་དབང་སོ་གཉིས་པོ་གནས་ཤིང་མགོ་བོ་རེ་རེའང་བདུན་བདུན་དུ་སྤྲུལ་པའི་སྟེང་ན་ལྷའི་དཔུང་དེ་སྙེད་དང་། མགོ་བོ་དེ་དག་ལ་མཆེ་བ་


JL00_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་བདུན་སྤྲུལ་ནས་མཆེ་བ་རེ་རེ་ལ་སྐྱེད་མོས་ཚལ་དང་རྫིང་བུ་བདུན་བདུན། དེ་ན་ལྷའི་བུ་མོ་ཤིན་ཏུ་མཛེས་པ་གླུ་གར་བྱེད་པ་བདུན་བདུན། དེ་རེ་རེ་ལ་བྲན་མོ་བདུན་བདུན། དེ་རེ་རེ་ལ་སིལ་སྙན་བདུན་བདུན་དུ་སྤྲུལ་ནས་རི་རབ་ཀྱི་ནུབ་ངོས་ཆུ་མཚམས་ལ་ཐུག་པར་བསུས་ནས་གཡུལ་སྤྲོད་པ་ལས། ལྷ་མ་ཡིན་སྟོབས་ཅན་འདོད་ཆགས་ཅན་ངག་ནི་དབང་པོའི་མདུན་དུ་དགའ་མའི་སྒྱུ་རྩལ་ཁོ་ནས་སེམས་མྱོས་པའི་མོད་ལ། ལྷའི་རྡོ་རྗེ་དང་འཁོར་ལོ་ལ་སོགས་པས་འཇོམས་པར་འགྱུར་རོ། །དེའི་ཚེ་ལྷ་རྣམས་བསོད་ནམས་ཀྱི་མཐུས་མི་འགྲེང་བདུན་ཆེན་དུ་ལྷ་མ་ཡིན་ལས་འཕགས་ཤིང་། ཉི་ཟླའི་ངོས་ནས་རྡོ་རྗེ་དང་། འཁོར་ལོ་དང་། མདའ་དང་། གཏུན་ཤིང་དང་། རི་རབ་ལ་སོགས་པ་འཕེན་པས་ལྷ་མ་ཡིན་རྣམས་འཇོམས་པར་བྱེད་དོ། །ལྷ་མ་ཡིན་རྣམས་ཀྱང་གླང་པོ་ཆེ་དང་། རྟ་དང་། ཤིང་རྟ་དང་། དཔུང་གི་ཚོགས་ཡན་ལག་བཞི་པ་དང་ལྷན་ཅིག་འོང་སྟེ། རྡོ་རྗེ་དང་། མངའ་བོ་ཆེ་དང་། ཤག་ཏི་དང་། རི་རབ་དང་། འཁོར་ལོ་ལ་སོགས་པས་ལྷ་རྣམས་འཇོམས་པ་ལ་བརྩོན་ཀྱང་། ཐགས་བཟངས་རིས་ཀྱི་ཤིང་རྟ་དཔག་ཚད་བདུན་པ་མྱུར་དུ་འགྲོ་བ་དེའང་དབང་པོའི་ལག་པ་གཡོན་པས་འཛིན་པར་ནུས་ཤིང་། དེ་དག་གིས་རི་རབ་འཕངས་པ་དག་ཀྱང་བརྒྱ་བྱིན་གྱི་རྡོ་རྗེས་དུམ་བུར་བྱས་པ་རོལ་མཚོར་ལྷུང་བ་ལས་སྲོག་ཆགས་དུ་མ་ཤི་ནས་རོལ་མཚོའང་དམར་པོར་འགྱུར་རོ། །དེའི་ཚེ་ལྷ་རྣམས་ནི་མགོ་བོ་ཆད་པ་མ་གཏོགས་ཡན་ལག་གཞན་ཆད་པའང་འཕྲལ་དུ་སྐྱེ་ཞིང་རྨ་མེད་ལ། ལྷ་མ་ཡིན་རྣམས་ནི་མི་བཞིན་དུ་གནད་དུ་ཕོག་ཚད་འཆི་བར་འགྱུར་རོ། །དེ་ལྟ་ནའང་སྒྲ་གཅན་གྱི་ལུས་ཆད་པར་རིག་བྱེད་ཀྱི་གཞུང་ལས་བཤད་པར་དཔགས་ནས་ལྷ་མ་ཡིན་གཞན་པ་རྣམས་ལ་དེའི་རིགས་པ་བསྒྲེ་བ་ནི་འཐད་པ་མ་ཡིན་ནོ། །དུས་


JL00_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

དེར་ས་རྣམས་གཡོ། མཚོན་ཆའི་རི་རབ་རྣམས་རྡུལ་དུ་སོང་བས་འཛམ་བུའི་གླིང་ལ་སོགས་པའི་ནམ་མཁའ་རྡུལ་གྱིས་འཁྲིགས། གོ་ཆའི་འོད་གདངས་འཚེར་བ་དང་། སྒྲ་ཆེན་པོ་ནི་སྒྲོགས། སྒྲ་གཅན་དུད་འགྲོ་ཡིན་པས་དེའི་མིག་གིས་ཉི་ཟླའི་ཟེར་མི་བཟོད་ནས་ལག་པས་བསྒྲིབ་པས་ཉི་ཟླ་གཟས་ཟིན་པ་ཞེས་དྲན་པ་ཉེར་གཞག་ལས་བཤད་དོ། །དུས་འཁོར་ལ་སོགས་པའི་རྒྱུད་ལས་ནི་གདོང་མཇུག་གིས་བསྒྲིབ་པར་འདོད་པས་དུས་མེ་འཇུག་པ་ཞེས་ཀྱང་བྱ། གཞུང་ལ་ལར་ཁར་ཟོས་པ་ཨོལ་བར་དོན་པའོ། །ཞེས་ཀྱང་ཟེར་རོ། །དུས་ཚོད་དེར་བསོད་ནམས་ཀྱི་ཁྱད་པར། ཟླ་བའི་མདོར། དེ་དག་གཟས་ཟིན་པ་ན་ཟླ་བར་འབུམ་དང་། ཉི་མ་ལ་བྱེ་བའི་འགྱུར་བཤད་དོ། །དེ་ལྟ་མོད་ཀྱིས་གཡོ་བ་དང་། སྒྲ་འོད་དང་། ཉི་ཟླ་འཛིན་པ་ལ་སོགས་པའི་རྒྱུ་བྱང་ཆུབ་སེམས་དཔའ་ས་འཕར་བ་དང་། སྐུ་བལྟམས་ཞུགས་གཤེགས་པ་ལ་སོགས་དང་། དགེ་མི་དགེའི་ལས་རླབས་པོ་ཆེ་དང་། སངས་རྒྱས་ཀྱི་སྤྲུལ་པའི་ཆོ་འཕྲུལ་དང་། ལྷ་གནས་རྒྱ་ཆེར་བསྐྱེད་པ་དང་། གཡུལ་འགྱེད་པའི་མཆན་མ་ལས་བྱུང་ཞིང་། ཉི་ཟླ་འཛིན་པའང་དུས་ཀྱི་འཁོར་ལོ་དང་། བྱེད་པའི་ལག་རྩིས་ཀྱི་བརྟག་པ་ཅན་དུའང་གཏན་ལ་ཕབས་པའི་ཕྱིར་དྲང་ངེས་ཀྱི་རྣམ་གཞག་ཕྱིན་ཅི་མ་ལོག་པར་ཤེས་པར་བྱའོ། །དེ་བཞིན་དུ་ས་གཡོ་བའང་དགེ་མི་དགེ་ལས་འབྱུང་བ་སྔར་བཤད་ཟིན་ལ། ཡང་ཉ་བོ་ཆེ་འདྲེ་ལྡོག་པ་ལས་འདོད་པའང་འཇིག་རྟེན་གྱི་གྲགས་ཚོད་ལྟར་རོ། །དེའང་ལྷ་རྣམས་རྒྱལ་བའི་རྒྱུ་ནི་མི་རྣམས་ཆོས་བཞིན་སྤྱོད་པ་དང་། ཕ་ལ་ཕར་འཛིན་པ་དང་། མ་ལ་མར་འཛིན་པ་དང་། དགེ་སྦྱོང་དང་བྲམ་ཟེ་ལ་དེ་དང་དེར་འཛིན་པ་ལས་འབྱུང་བ་ནི་བདག་ཅག་གི་


JL00_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པའི་ལུགས་ཡིན་ལ། རྒྱལ་བའི་དགེ་མཚན་ཡང་། འཇིག་རྟེན་གྱི་ཁམས་སུ་ཆར་འབབ་པ་དང་། ལོ་ལེགས་པ་དང་། ནད་འཁྲུགས་མེད་པ་ལ་སོགས་སུ་མངོན་ནོ། །ལྷ་མ་ཡིན་རྣམས་རྒྱལ་ན་དེ་ལས་ལྡོག་པ་རྣམས་འབྱུང་བས་ན་རྟག་ཏུ་ལས་འབྲས་ལ་ཡིད་ཆེས་པར་བྱའོ། །སྤྱིར་བསོད་ནམས་ཀྱི་སྟོབས་ཀྱིས་ལྷ་རྣམས་ཕལ་ཆེར་རྒྱལ་བ་ཡིན་ཏེ། འཇིག་རྟེན་ན་མི་དགེ་སྤྱོད་པའི་རྒྱུས་རེ་ཞིག་ཕམ་པ་དེའི་ཚེ། རི་རབ་ཀྱི་རྩེ་ལ་ཕྱོགས་ནས་བྲོས་པའི་སླད་བཞིན་དུ་ལྷ་མ་ཡིན་གྱི་དཔུང་རྣམས་སོང་བ་ན། གྲོང་ཁྱེར་བལྟ་ན་སྡུག་པས་འཕར་བཅད། སྐར་ཁུང་ཡང་བཀབ་ནས་ཞག་བདུན་གནས་པའི་ཚེ། ནམ་མཁའ་ལས་ལྷའི་རྔ་བོ་ཆེས། ཀྱེ་ལྷ་རྣམས་ཀྱི་རྒྱལ་བར་འགྱུར་རོ། །ལྷ་མ་ཡིན་རྣམས་ནི་ཕམ་པར་འགྱུར་རོ། །དུད་འགྲོ་དག་བདའ་བར་བྱའོ། །ཅེས་པའི་སྒྲ་བྱུང་མ་ཐག །ལྷ་མ་ཡིན་གྱི་དཔུངས་རྣམས་བྱེར་བར་འགྱུར་རོ། །དེའི་ཚེ། ཆུང་མ་རྣམས་ཀྱིས་མཚོ་ཀུན་སྣང་དུ་བལྟས་པས་རང་རང་གི་ཁྱོ་བསད་པའི་གཟུགས་བརྙན་ཤར་བས་ངུ་ཞིང་སྡུག་བསྔལ་ལོ། །ལྷ་མ་ཡིན་རྣམས་ཕམ་པ་དེའི་ཚེ་རི་རབ་ཀྱི་ཁོང་སེང་གསེར་གྱི་ས་གཞི་ལ་ཐུག་པར་བྲེས་པའི་སླད་བཞིན་དུ་ལྷའི་དཔུང་གི་ཚོགས་ཀྱིས་བདས་ནས་གྲོང་ཁྱེར་གསེར་ལྡན་གྱི་སྒོ་ཡང་བསྡམ། སྐར་ཁུང་ཡང་བཅད་དེ་ཞག་བདུན་འདས་པ་ན། ཡང་ལྷ་མ་ཡིན་རྣམས་རྒྱལ་བར་གྱུར་ཅིག །ལྷ་རྣམས་ཕམ་པར་གྱུར་ཅིག་ཅེས་པའི་སྒྲ་ཐོས་ན་ལྷ་རྣམས་རང་གནས་སུ་ལྡོག་གོ །དེ་ལྟར་གཞན་སྡེ་དང་འཐབ་པའི་ཚེ། ནམ་མཁའི་དཀྱིལ་རལ་བ་ལྟ་བུའི་སྒྲ་དང་། མཚོན་ཆའི་ཆར་མཐོ་དམ་འཐུག་པར་འབབ་པ་དང་། ལྷའི་གཟི་བྱིན་གྱི་འོད་དང་། སྦྱུགས་པའི་འཐོར་རླུང་ཆེན་པོ་ཐོས་པ་ན། མཐུ་ཆུང་བ་རྣམས་ནི་བརྒྱལ་ནས་འགྱེལ་ཞིང་སྙིང་གས་པ་ལྟ་བུའི་


JL00_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་སྐྲག་དང་། སླར་རང་གི་གནས་ནས་བསྐྲོད་པའི་སྡུག་བསྔལ་དང་། མགོ་དང་ཡན་ལག་ཆད་པ་རྣམས་ནི་གསོན་དུ་རེ་བ་མེད་པའི་སྡུག་བསྔལ་དང་། རང་སྡེའང་འཐབ་ཅིང་རྩོད་པ་དང་། རྟག་པར་སུམ་ཅུ་རྩ་གསུམ་པའི་བདེ་འབྱོར་མཐོང་ནས་དེ་ལ་ཁོང་ཁྲོ་དང་ཕྲག་དོག་གིས་ཡིད་བདེ་བའི་སྐབས་མེད་ཅིང་། ལ་ལར་དགེ་བ་དང་མི་དགེ་བ་ལ་རྣམ་པར་དཔྱོད་པའི་བློ་ཡོད་དུ་ཟིན་ཀྱང་གནས་རིགས་དེའི་འགྲོ་བའི་སྒྲིབ་པས་ཉན་རང་གི་མཐོང་ལམ་ནི་མི་ཐོབ་པའི་ཕྱིར་མགོན་པོ་ཀླུས། ལྷ་མིན་དག་ནའང་རང་བཞིན་གྱིས་ལྷ་ཡི། །དཔལ་ལ་སྡང་བའི་ཡིད་ཀྱིས་སྡུག་བསྔལ་ཆེ། །དེ་དག་བློ་དང་ལྡན་ནའང་འགྲོ་བ་ཡི། །སྒྲིབ་པས་བདེན་པ་མཐོང་བ་མ་མཆིས་སོ། །ཞེས་སོ། །དེ་ལྟ་མོད་ཀྱིས་ཐེག་པ་ཆེན་པོའི་སྡེ་སྣོད་ནི་བསམ་གྱིས་མི་ཁྱབ་པས། དེའི་ཚེ་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་ལྷ་དང་། ཀླུ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་བགྲང་བ་ལས་འདས་པ་དག་གིས་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་ཐོབ་བོ། །ཞེས་དཀོན་མཆོག་བརྩེགས་པ་ལས་བཤད་པ་ལྟར་རོ། །དེར་སྐྱེ་བའི་རྒྱུ་འབྲས་ཀྱང་ལྷ་མ་ཡིན་གྱི་རབས་ལས། རྟག་ཏུ་གཡོ་དང་སྒྱུ་སྤྱོད་ཅིང་། །སྡིག་པ་དག་ནི་མ་བྱས་ལ། །འཐབ་ལ་དགའ་ཞིང་སྦྱིན་བྱེད་པ། །དེ་ནི་ལྷ་མིན་དབང་ཕྱུག་འགྱུར། །ཞེས་སོ། །ད་ནི་མིའི་སྡུག་བསྔལ་བཤད་པ་ལ། སྡུག་བསྔལ་གྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ་དང་། འདུ་བྱེད་ཀྱི་སྡུག་བསྔལ་ཏེ་རྩ་བའི་སྡུག་བསྔལ་ཆེན་པོ་གསུམ། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། དགྲ་མི་སྡུག་པ་དང་ཕྲད་པ་དང་། གཉེན་སྡུག་པ་དང་བྲལ་བ་དང་། འདོད་པ་ཐོག་ཏུ་མ་ཕྱིན་པ་དང་། ཉེ་བར་ལེན་པའི་ཕུང་པོ་ལྔས་


JL00_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་གྱི་མཚན་ཉིད་འཛིན་པས་རྣམ་པ་བརྒྱད་ཀྱིས་རྟག་ཏུ་མནར་བ་ལས། སྡུག་བསྔལ་གྱི་སྡུག་བསྔལ་བཤད་པའི་ཕྱིར། འཚོ་བ་ཆུ་བུར་ལྟ་བུར་གཡོ་བ་ཡི། །མི་དགེ་ཡིད་མི་བདེ་དང་འཁྲུགས་པ་སོགས། །སྡུག་བསྔལ་སྔ་མས་ཕྱི་མ་ཉེ་བར་ལེན། །མཛེ་ཅན་ཕོལ་གྱི་ཐོག་ཏུ་རྨས་གཏུགས་བཞིན། །འདི་ལྟར་སྐྱེས་བུ་ཤེས་ལྡན་དག་ནི་སྔོན་བསྐལ་པ་བཟང་པོར་གྱུར་པ་དང་། སྒྲ་མི་སྙན་ལ་སོགས་པའི་མིའི་འགྲོ་བ་གཞན་ལ་ལྟོས་ན་ལྷོ་གླིང་འདིའི་ད་ལྟ་བའི་གནས་སྐབས་ཀྱི་ཚེའི་སྙིགས་མ་ཆུའི་ལྦུ་བ་ལྟར་མི་རྟག་པ་ཉིད་ལའང་རང་བཞིན་གྱི་སྐྱོ་བའི་སྡུག་བསྔལ་དང་མི་འབྲལ་བའི་སྟེང་། གློ་བུར་དུ་ནད་དང་། གདོན་དང་། དགྲ་དང་། འབྱུང་བའི་གནོད་པ་ལ་སོགས་པའི་སྡུག་བསྔལ་དུ་མས་བརྩེགས་པ་ཆོས་ཅན། དེ་ལྟ་ནའང་ཕལ་ཆེར་མ་བརྟགས་པ་ཉིད་ཀྱི་ཕྱིར་ཕྱི་མའི་གནས་སྐབས་མཐོང་བ་ལ་སྡུག་བསྔལ་བ་མེད་ཀྱང་ནད་ཀྱིས་མནར་བའི་སྟེང་དུ། གཅན་གཟན་གྱིས་ཟ་བར་ངེས་པ་ལྟ་བུའམ། མཛེ་ཐོག་ཏུ་ཕོལ་གྱི་ཟུག་རྔུས་བརྩེགས་པ་ལྟ་བུའོ། །འགྱུར་བའི་སྡུག་བསྔལ་ནི། མངོན་མཐོའི་ཡོན་ཏན་རྫོགས་པའི་སྐྱེད་ཚལ་དུ། །འདོད་པའི་རོ་ལ་གདུང་བ་དུག་ཅན་གྱི། །བཟའ་བས་རྣམ་པར་སྨ་བབ་དཀའ་ཐུབ་ལུས། །མིག་འཕྲུལ་ལྟ་བུར་ཐོབ་འདི་འགྱུར་བ་ཅན། །སྐྱེས་བུ་གང་ཞིག་སྐྱེད་མོས་ཚལ་ལམ། ཁང་བཟངས་ལ་སོགས་པའི་ནང་དུ་རྩེད་འཇོ་དང་གླུ་གར་གྱིས་བག་ཕེབས་པད་པའི་མོད་ལ་གྱུར་པའམ། སྦྱར་བ་ལས་བྱུང་བའི་དུག་ཅན་གྱི་བཟའ་བཏུང་ཚབས་པོ་ཆེ་ཁང་དུ་ཆུད་པས། ལུས་ཀྱི་མདངས་ཉམས། མིག་གི་འཕང་སྨད། མལ་དུ་འདྲེ་ལྡོག་པའི་དཀའ་ཐུབ་ཀྱིས་ལུས་རིད་པོ་ཡུད་ཙམ་ལ་ཐོབ་ནས་སྡུག་བསྔལ་བའམ། སྒྱུ་རྩལ་ལ་སྤྲོ་བའི་ལུས་སྒྱུ་རྩལ་ཉིད་ཀྱིས་བདེ་བླག་ཏུ་


JL00_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

སྨ་བབ་པ་ལྟ་བུའོ། །འདུ་བྱེད་ཀྱི་སྡུག་བསྔལ་ནི་ཀུན་ལ་ཁྱབ་པ་ཅན་ཏེ། རྐང་པའི་རེག་པ་ཁུར་དུ་མི་བཟོད་པའི། །ངལ་བཅས་སེམས་ཀྱིས་གླང་པོའི་གཉར་འཛེགས་ཀྱང་། །དེ་ཡི་བསམ་པ་རྩེ་དགས་རྒོད་གྱུར་ནས། །གཡང་སར་སྨད་པ་འདུ་བྱེད་སྡུག་བསྔལ་མཚོན། །དོན་འདི་ལ་ནི་སྐྱེས་པ་རབས་ཀྱི་རྒྱུད་དང་དཔེ་སྦྱར་ཏེ། འོད་ལྡན་ཞེས་བྱ་བའི་རྒྱལ་པོའི་ཁབ་ཏུ་རྒྱལ་པོ་རབ་གསལ་གླང་པོའི་གཉའ་བ་ལ་འཛེགས་པར་སྤྲོ་བ་བཏེག་ནས་གླང་པོ་ཆེ་འདུལ་སྦྱོང་མཁན་ལ་སྨྲས་པ། ཀྭ་ཡེ་ཤེས་པར་གྱིས་ཤིག །གླང་པོའི་མཆོག་འདི་ནི་བདག་ཅག་གི་རྐང་པ་ས་ལ་རེག་པར་མི་བཟོད་པའི་བསོད་ནམས་ཀྱི་མཐུས་འཐོབ་ན་ཁྱོད་ཀྱིས་འདི་ཉིད་འདུལ་བ་འཛིན་དུ་ཆུག་ཅིག །དེས་ཀྱང་ལྷ་བཀའ་བཞིན་འཚལ་ལོ་ཞེས་ཁས་བླངས་ནས། ལྕགས་ཀྱི་ཐོ་ལུམ་མེ་འབར་བའང་སྣས་ཚམ་ཚོམ་མེད་པར་ལེན་པའི་བསྒོ་བ་ཉན་པ་དེ་སྲིད་དུ་འདུལ་བ་འཛིན་པར་བྱས་སོ། །དེ་ནས་རྗེ་འབངས་གཉིས་གླང་པོའི་གཉའ་བ་ལ་ཞོན་ནས་ཡུལ་ཉེ་བར་སྤྱོད་པའི་སྐྱོ་སངས་ལ་སྤྲོ་བཞིན་དུ་བཏེག་པ་ན་བདག་ཉིད་ལ་སྡུག་བསྔལ་བསྒྲུབ་པའི་རྒྱུ་ཐམས་ཅད་བལྟར་མི་མངོན་པ་འདུ་བྱས་པ་ཉིད་ཀྱི་ཕྱིར་དང་། གླང་པོ་ཆེ་གང་དག་ནི་ཐུབ་པ་མཆོག་གིས་ཉོན་མོངས་པ་འདུལ་བའི་སྡོམ་པས་སེམས་མ་དུལ་ལ། འདུལ་སྦྱོང་མཁན་གྱི་ལྕགས་ཀྱུས་ལུས་དུལ་བ་ཙམ་གྱུར་པའི་ཕྱིར་གླང་མོའི་དྲི་བསྣོམ་པའི་རྩེ་དགས་ཡིད་རབ་ཏུ་རྒོད་པར་གྱུར་ནས། ས་གཞི་ཐམས་ཅད་ཤིང་རྟའི་འཕང་ལོ་བསྐོར་བ་ཉིད་དང་འཁྲུལ་པ་བསྐྱེད་པ་ཙམ་དུ་རྒྱུགས་པས་རྒྱལ་པོ་རབ་གསལ་ཉིད་སྲོག་དང་བྲལ་བ་ལ་ཉེ་བའི་སྡུག་བསྔལ་ཐོབ་པ་ལྟ་བུ་སྟེ། འདུ་བྱེད་ཀྱི་


JL00_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་འདི་ནི་སེམས་ཅན་ཐམས་ཅད་ལ་བལྟར་མི་མངོན་པ་ཉིད་དུ་ཤས་ཆེ་བར་ཡོད་པར་རིགས་པར་བྱའོ། །དེ་ལྟར་རྩ་བའི་སྡུག་བསྔལ་ཆེན་པོ་གསུམ་ནི་སེམས་ཅན་རྣམས་རང་རང་གི་ལས་དང་མཐུན་པར་འཁྱམས་པའི་འབྲོག་དགོན་པ་ཆེན་པོ་ལྟ་བུར་གྱུར་ནས། དེར་སྐྱེ་རྒ་ན་འཆི་ལ་སོགས་པ་རྣམ་པ་བརྒྱད་པོས་མི་རྣམས་སྡུག་བསྔལ་བའི་ཚུལ། དེ་ལྟར་སྡུག་བསྔལ་ཉིད་གསུམ་འབྲོག་དགོན་ན། །སྐྱེ་རྒ་ན་འཆིའི་ཚོར་བ་རྣམ་པར་འཁྱམས། །སྨོན་པ་མེད་པའི་མི་སྡུག་དགྲ་དང་ཕྲད། །སྡུག་པ་ཡིད་ལ་གོམས་བྱས་གནས་མིན་ཕྱོགས། །འདོད་པའི་ཡུལ་ལ་འབྱོར་པས་ངོ་ཚར་བྱས། །ཉེར་ལེན་ཕུང་པོའི་སྟེང་དུ་དཀའ་ཐུབ་འདུས། །རྣམ་པ་བརྒྱད་ཀྱི་སྡུག་བསྔལ་རྟུལ་ཕོད་པས། །མི་ཡི་སྐྱེ་བའི་འཁྲི་ཤིང་རྟག་ཏུ་གཙེར། །ཞེས་མདོར་བསྟན་ནས་སོ་སོའི་རང་བཞིན་རྒྱས་པར་དབྱེ་བའི་ཕྱིར། །ཐོག་མར་སྐྱེ་བའི་དུཁ་བཤད་པ་ནི། །ཤིན་ཏུ་དྲི་ང་མི་གཙང་རྙོག་མ་ཅན། །ཀུན་ནས་དོག་པ་མུན་ནག་ཐིབས་པོའི་ཁྲོད། །མངལ་གནས་ལྕགས་ཁྱིམ་སྒོ་འཕར་སྤངས་ལྟའི་ནང་། །མ་རིག་རྣམ་ཤེས་ཁུ་ཁྲག་དབུས་ན་བརྟེན། །ཞེས་མངལ་གྱི་རང་བཞིན་ནི་འདམ་རྫབ་ལྟ་བུ་ཀུན་ནས་དྲི་ང་བ། ཡངས་པར་མི་མངོན་ལ། སྒོ་གླེགས་མེད་པའི་ལྕགས་ཀྱི་ཁྱིམ་ལྟ་བུའི་ནང་དུ། སྔོན་རོལ་པ་ཤས་ཆེ་བའི་བར་མདོའི་དྲི་ཟ་ཉེ་བར་འཇུག་པའི་རྣམ་ཤེས་རིག་པ་མ་ཡིན་པ་དེ་རླུང་སེམས་ཀྱི་ཆས་ཁུར་ནས་ཕ་མའི་ཁུ་ཁྲག་གི་དབུས་ན་གནས་པའི་ཚུལ། མེར་མེར་ནུར་ནུར་ལྟར་ལྟར་མཁྲེང་གོར་ཉ། །རུས་སྦལ་བཞིན་ཏེ་བདུན་ཕྲག་བདུན་རྩ་དྲུག །གནས་འགྱུར་ཡིད་མི་འོང་བའི་རྣམ་པ་ལ། །དབང་པོ་ཡན་ལག་བ་སྤུ་ལ་སོགས་འགྲུབ། །བདུན་ཕྲག་སུམ་ཅུ་རྩ་བདུན་གྲངས་རྙེད་ཚེ། །བརྟས་དང་


JL00_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ཆེར་བསྐྱེད་གཡོ་ཞིང་ཚོར་བས་གདུངས། །མ་ཡི་སྤྱོད་ལམ་བཀྲེས་སྐོམ་ཚྭ་གྲང་གི། །རྣམ་འགྱུར་ལས་བྱུང་སྡུག་བསྔལ་དཔག་ཏུ་མེད། །བཙའ་བའི་དུས་ཀྱི་རྗེས་འགྲོ་དེ་ཡི་ལུས། །བཟོད་དཀའི་བསྡུས་འཇོམས་ཁུར་དུ་འཕོས་པ་ལྟའི། །སྡུག་བསྔལ་ཉེ་བར་ལེན་པས་མཐོ་བཙམས་ནས། །མ་བུ་གཉིས་ཀ་མོད་ལ་སྲོག་འདོར་རམ། །ཅིག་ཤོས་གནོད་པ་བདོ་བའི་ཁུར་གྱིས་བཙའ། །མངལ་གནས་རློན་པས་དཀྲིས་ཤིང་དྲི་ང་བ། །སྲན་མི་བཟོད་པ་ཤ་རྨེན་ཞིག་པ་ལྟས། །སྔོན་གྱི་དྲན་པའི་སྟོབས་རྣམས་ཉམས་བྱས་ཤིང་། །རག་པའི་གནོད་པས་གཟིར་བའི་སྡུག་བསྔལ་མྱོང་། །ཞུགས་པའི་བདུན་ཕྲག་དང་པོ་ནི་མེར་མེར་གྱུ་གྱུ་བ་དངུལ་ཆུའི་རྣམ་པ་ལྟ་བུའོ། །གཉིས་པར་ནུར་ནུར་པོ་བལ་སྣབས་ཀྱི་རྣམ་པ་ལྟ་བུའོ། །གསུམ་པར་ལྟར་ལྟར་པོ་མཛུབ་མོའི་རྣམ་པ་ལྟ་བུའོ། །བཞི་པར་མཁྲང་གྱུར་སྒོ་ངའི་རྣམ་པ་ལྟ་བུའོ། །ལྔ་པ་གོར་གོར་པོ་ཁུར་བའི་རྣམ་པ་ལྟ་བུའོ། །དྲུག་པར་ཁྱབ་འཇུག་ཉའི་རྣམ་པ་ལྟ་བུའོ། །བདུན་པར་རུས་སྦལ་ལྟར་མགོ་དང་རྐང་ལག་ཅུང་ཟད་མངོན་པའོ། །དེ་ནས་བདུན་ཕྲག་ཉི་ཤུ་རྩ་དྲུག་གི་བར་དུ་ལུས་ཀྱི་ཡན་ལག་དང་། སོར་མོ་དང་། ནང་གི་དོན་ལྔ་སྣོད་དྲུག་དང་། མིག་ལ་སོགས་དབང་པོའི་རྟེན་དང་། རྩ་དང་རླུང་དང་། ཁམས་དྭངས་མ་དང་། ཁྲག་དང་། ཆུ་སེར་དང་། བ་སྤུ་དང་། སྐྲ་དང་། ཕོ་མོའི་དབང་པོ་ལ་སོགས་པའི་བར་གྱིས་སྐྱེ་མཆེད་རྫོགས་པར་བྱེད་ཅིང་། ཁམས་ཀྱི་ཟས་ནི་འདོད་པ་ན་སྤྱོད་པའི་ལྷ་ལྟར་ཕྲ་བ་དྭངས་མའི་རང་བཞིན་དུ་སྤྱོད་པས་གཤང་གཅིའང་མེད་དོ། །དེ་ནས་བདུན་ཕྲག་སུམ་ཅུ་རྩ་དྲུག་གི་བར་དུ་ལུས་ཟུངས་ཉམས་བལྟས་པར་བྱེད་དེ་མའི་ཟས་སྐོམ་གྱི་དྭངས་མས་བུའི་བཟའ་བཏུང་གི་བྱ་བ་བྱེད་ཅིང་། སྐབས་སུ་མ་ཡང་ལུས་མི་བདེ་བ་ཙམ་གྱི་འཕར་གཡོ་བྱེད་དོ། །སུམ་ཅུ་རྩ་


JL00_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་པ་ལ་མངལ་དུ་གནས་པའི་ཚོར་བ་ཉམས་སུ་མྱོང་བས་མུན་ནག་གི་སྣང་བ་དང་། དོག་ཅིང་སྐྱུག་བྲོ་བ་དང་། འཁུམས་པས་སྡུག་བསྔལ་པ་དང་། མ་ཉིད་འགྲངས་ཐལ་ན་རིས་མནན་པ་ལྟ་བུ་དང་། བོམས་ཐལ་ན་རྒྱ་མཚོས་མནན་པ་སྙམ་པ་དང་། ངལ་དུབ་དང་། བསྒུལ་བསྐྱོད་སོགས་སྤྱོད་ལམ་མི་གཟོ་བས་གཡང་ལ་བསྐྱུར་བ་ལྟ་བུའི་སྡུག་བསྔལ་ཡོད་དེ། དགའ་བོ་ལ་མངལ་འཇུག་བསྟན་པ་ལས་ཞག་བདུན་ཕྲག་སུམ་ཅུ་རྩ་བདུན་པ་ལ་ཕྱིན་ཅི་མ་ལོག་པའི་འདུ་ཤེས་ལྔ་འབྱུང་སྟེ། ལྔ་གང་ཞེ་ན། མི་གཙང་བའི་འདུ་ཤེས་དང་། དྲི་མི་ཞིམ་པ་དང་། བཙོན་ར་དང་། མུན་ནག་དང་། ཕྱིར་འབྱུང་བའི་འདུ་ཤེས་ཏེ། ཞག་བདུན་ཕྲག་སུམ་ཅུ་རྩ་བརྒྱད་འདས་ནས་འབྱུང་འདོད་པའི་ཚེ་སྡུག་བསྔལ་སྣ་ཚོགས་མྱོངས་ནས་འབྱུང་བར་འགྱུར་ཏེ། དེའི་ཕྱིར་སྡུག་བསྔལ་ཆེན་པོའོ། །ཞེས་དང་། སློབ་མ་ལ་སྤྲིང་བར། ཤིན་ཏུ་མི་བཟད་དྲི་ང་མི་གཅོང་བཅེར་བས་འགགས། །རབ་ཏུ་དོག་པའི་མུན་ནག་འཐིབས་པོར་འདུག་པ་ཡི། །མངལ་གནས་དམྱལ་བ་ལྟ་བུའི་ནང་དུ་དེ་ཞུགས་ནས། །ལུས་ཡོངས་བསྐུམས་ལ་སྡུག་བསྔལ་ཆེན་པོ་མནག་དགོས་སོ། །ཅེས་སོ། །དེའང་ཁྱེའུ་རྣམས་ནི་མའི་གློ་གཡས་ནས་ཁ་ནང་དུ་བལྟས་ཏེ་ཐལ་མོ་གཉིས་ཀྱིས་གདང་བཀབ་ནས་གནས་ལ། བུ་མོ་ནི་གཡོན་ནས་ཕྱིར་བལྟ་བས་གནས་ཤིང་། ནུ་ཞོས་བརྟག་པའང་ལྐོག་གྱུར་མི་བསླུ་བ་ཡན་ལག་བརྒྱད་པའི་རྒྱུད་ལས། དེ་ཡང་རྩིབ་ལོགས་ལ་བསྟེན་དཀུ་གཡས་མཐོ། །ནུ་ཞོ་གཡས་པ་སྔར་འབྱུང་ཁྱེའུ་སྟེ། །ཞེས་དང་། ཅིག་ཤོས་གོ་ལྡོག་པར་བཤད་དོ། །དེ་ནས་བཙའ་བའི་དུས་ལ་བབ་སྟེ་ལས་ཀྱི་རླུང་གིས་མགོ་འཇུག་ལྡོག་པ་དེ་རུས་པའི་འཁྲུལ་འཁོར་གྱི་བར་དུ་བཙིར་ནས་བཙའ་བས། བུ་ལ་བསྡུས་འཇོམས་ཀྱི་དམྱལ་བའི་སྡུག་བསྔལ་ཙམ་དང་། མ་ཡང་སྲོག་འདོར་


JL00_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

རམ་བརྟན་ཆ་མི་ཕྱེད་པ་ཙམ་དུ་སྡུག་བསྔལ་བའི་ལོངས་སྤྱོད་དང་ལྡན་པ་ཉིད་དེ། ཤིཀྵ་ལེ་ཁར། དེ་ནི་རིམ་གྱིས་ཏིལ་མར་བཅིར་དཔྱད་སྲ་བ་ཡིས། །བཙིར་བ་ལྟར་བྱས་དེ་ནས་ཇེ་ཞིག་ལྟ་སྟེ་བཙས། །འོན་ཀྱང་དེ་སྲོག་མོད་ལ་མི་འདོར་གང་ཡིན་པ། །སྡུག་བསྔལ་ཉེ་བར་སྤྱད་པའི་རྣམ་པར་མཐོ་བཙམ་མོད། །ཅེས་སོ། །དེ་ནས་མངལ་གནས་རློན་པ་དཀྲིས་པའི་སྲན་མི་བཟོད་པ་དེ་ལ་རེག་མ་ཐག་པགས་པ་བཤུས་པ་ལྟ་བུའི་སྡུག་བསྔལ་དང་། ཁྲུས་བྱས་དུས་ཤ་རྨེན་ཟུག་རྔུའི་ཚོར་བ་ཤིན་ཏུ་གཙོང་བ་ལ་མཐོ་བཙམས་པ་ལྟ་བུས་སྡུག་བསྔལ་གསར་པའི་གནས་སྐབས་མཐོང་ནས་མངལ་ན་གནས་པའི་སྡུག་བསྔལ་རྣམས་བརྗེད་པར་འགྱུར་བས་དྲན་པས་སྤོང་ཞེས་གསུངས་པ་སྟེ། སྔ་མ་ལས། མངལ་གནས་རློན་པ་དཀྲིས་ཤིང་དྲི་ང་མི་བཟད་ལྡན། །གཟིར་བས་གནོད་པ་བརྡོ་སྟེ་རྨ་རྨེན་ཞིག་པ་ལྟར། །སྐྱུག་ལ་ཐུག་པ་བཞིན་དུ་སྔོན་གྱི་དྲན་པ་སྤོང་། །ཞེས་སོ། །ཚུལ་ཞིབ་པ་ནི་དགའ་བོ་ལ་མངལ་གནས་བསྟན་པ་དང་། མངལ་འཇུག་གི་མདོ་གཉིས་ལ་བལྟའོ། །དེ་ནས་རྒ་བའི་སྡུག་བསྔལ་བཤད་པ། རྒ་བའི་ཆད་པས་ནོན་པའི་ལང་ཚོ་ལ། །ཉམས་དང་ཡིད་མི་བདེ་བའི་ཁུར་བབ་པས། །བསྐྱོད་པའི་མཐུ་ཉམས་འཁར་བའི་གཞན་དབང་ཅན། །འགྲོ་ལྡོག་གཡོ་བའི་ལྷུ་ཚིགས་རྣམ་པར་འགྱུར། །དབང་པོ་རྒུད་པས་འདོད་པའི་ཡོན་ཏན་དང་། །ཡུལ་གྱི་ལོངས་སྤྱོད་སྤྲིན་གྱིས་བཀབ་པ་ཡི། །ཚ་ཟེར་བཞིན་དུ་རྨོངས་དང་མཐུ་ཉམས་པའི། །འདུ་ཤེས་འཁྲུགས་པའི་མལ་དུ་ཤིན་ཏུ་འཁྱམ། །གཞོན་ནུའི་ལང་ཚོ་དེ་ནི་རིམ་བཞིན་རྒས་ཤིང་འཁོགས་པའི་མཐུས་བཅོམ། ལུས་ཀྱི་སྟོབས་ཉམས་པས་ཚོར་བའི་སྡུག་བསྔལ་རྣམ་པ་སྣ་ཚོགས་ཀྱི་ཁུར་བབ། ལྷུ་ཚིགས་


JL00_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་པས་འགྲོ་བར་མི་ནུས། ཟས་ཀྱང་མི་འཇུ། དབང་པོ་རྒུད་པས་མིག་འགྲིབས། རྣ་བ་འོན། ལྕེ་ལྡིབས། དྲན་པ་རྨོངས། སོ་ཕྲེང་ཟག་པས་ཟས་ཀྱི་རོ་ལྕེ་ལ་མི་འཕོ། འདོད་པའི་ཡོན་ཏན་དང་། ཡུལ་གྱི་ལོངས་སྤྱོད་ལ་ཉམས་མི་དགའ་ཞིང་། དགའ་ནའང་མངོན་དུ་སྤྱོད་པའི་མཐུ་མེད་པས་ཡིད་གདུང་། གཞན་གྱིས་བརྙས་ཤིང་སུན་འབྱིན་པའི་སྐྱེ་བ་ཉམས་སུ་མྱོང་། ཚ་གྲང་གང་ཡང་མི་བཟོད་ཅིང་བློ་སྲབས་པས་ཚོར་བ་ཡིད་དུ་མི་འོང་བའི་སྡུག་བསྔལ་སྣ་ཚོགས་ལ་སྤྱོད་པས་ན། རྒན་ལ་བཀུར་སྟི་བྱས་པ་ལའང་ཕན་ཡོན་ཆེ་བར་ཡང་བསྔགས་པ་སྟེ། སློབ་དཔོན་ཆེན་པོ་མ་ཏི་ཙི་ཏས། སྐྱེ་བ་ཅན་ལ་ངེས་པར་ནི། །རྒས་དང་འཆི་དང་ན་མཆིས་ན། །མ་བགྲེས་མ་བསྙུངས་མ་འགྲོངས་ཞེས། །ལེགས་སྨོན་གསོལ་ཡང་ཅི་ལ་ཕན། །ཞེས་དང་། འདི་ལྟར་གང་ཞིག་མི་འཚལ་བ། །དེ་ཉིད་ཀྱིས་ནི་སྡུག་བསྔལ་ཏེ། །མཁས་པ་སུ་ཞིག་མགར་བ་ལྟར། །ཚིག་པ་ལ་ནི་ཡང་བསྲེག་བཞིན། །ཞེས་སྡུག་བསྔལ་གྱིས་མནར་བ་གང་དག་ལ་སྡུག་བསྔལ་གྱི་བསྣོན་པ་མི་སྟེར་བར་གསུངས་པས་མཚོན་ནོ། །དེ་ནས་རྣ་བའི་སྡུག་བསྔལ་བསྟན་པའི་ཕྱིར། །རང་བཞིན་སྙོམས་ལྡན་འདུ་བའི་རྫིང་བུ་ནི། །སྙོག་པ་ཅན་བགྱིད་ན་བའི་ཚོར་བ་ཡིས། །ཕུང་པོ་ལྔ་ཡི་ཉེར་ལེན་དུབ་བྱས་ཏེ། །འཚོ་བའི་བརྟན་པ་བྲལ་བའི་དོགས་པས་སྐྲག །འདི་ལྟར་འབྱུང་བ་བཞིས་བསྡུས་པའི་ལུས་ཅན་ལ་རླུང་དང་། མཁྲིས་པ་དང་། བད་ཀན་ཏེ། དེ་དག་ཆ་མ་མཉམ་པའམ་འདུས་པའམ་གཅིག་ལ་གཅིག་ལྡན་ཏེ་འདྲེས་པ་ལས་བྱུང་བའི་ནང་ནི་འདུ་བསྙོམས་པའི་ལུས་ཀྱི་རྫིང་བུ་རྙོག་མར་བྱེད་པ་པོའོ། །དེ་ལ་ན་བ་ཞེས་བྱ་བ་ནི། གཟུགས་ལ་ན་ཚའི་སྡུག་བསྔལ། ཚོར་བས་དེ་ཉིད་སྡུག་བསྔལ་དུ་ཤེས་པ། འདུ་ཤེས་ཀྱི་


JL00_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་ཆགས། འདུ་བྱེད་ནི་ནད་གཅིག་བཅོས་པས་གཅིག་ཤོས་འདུ་བྱེད། རྣམ་པར་ཤེས་པས་ཟུག་གི་ངོ་བོ་ཉིད་ཉམས་སུ་མྱོངས་ནས་ཉེར་ལེན་གྱི་ཕུང་པོ་ལྔ་པོ་སྡུག་བསྔལ། དེས་སེམས་འཁྲུགས་པས་དགའ་བའི་ཡུལ་ཐམས་ཅད་ཕྱིན་ཅི་ལོག་ཏུ་གནས་འགྱུར། ན་བ་ནི་ངེས་པར་འཆི་བའི་སྔོན་དུ་འགྲོ་བའོ་སྙམ་པའི་འཇིགས་པ་ཆེ་བ་སྟེ། ལས་བརྒྱ་བའི་སྟོད་འགྲེལ་ལས། ན་བས་གདུངས་པའི་ལུས་ཅན་ནི། །དམྱལ་བའི་ཚོར་བ་དེ་འདྲ་སྟེ། །ཞེས་སོ། །འཆི་བའི་སྡུག་བསྔལ་ནི། །སྲིད་པ་འདི་ན་སྲོག་གི་རིན་ཐང་ལ། །ཐུག་པ་མེད་པས་འཆི་བའི་སྡུག་བསྔལ་གྱིས། །རྣམ་པར་གཏུགས་པའི་སྐྱེས་བུ་གཉེན་འདུན་དང་། །ལོངས་སྤྱོད་ལས་ཐལ་ས་ཚུགས་མེད་པར་འགྲོ། །འཇིག་རྟེན་གྱི་དཔལ་འབྱོར་ཡོད་དགུ་སྤུངས་ཀྱང་སྲོག་གི་རིན་ཐང་ལ་ཐུག་པ་མེད་པ་ཉིད། དེའང་འཆི་བའི་སྡུག་བསྔལ་ལས་ནི་ནམ་ཡང་ཐར་བ་མེད་པས། མལ་གྱི་མཐའ་མར་ནི་ཉལ། སྐྱེས་ཆེན་པོ་འདེགས་པའི་དུས་ལ་ནི་བབ། མངའ་རིས་དང་། ལོངས་སྤྱོད། གནས་ཁང་དང་། གཉེན་གྲོགས། བུ་ཆ་དང་། འཁོར་འདབ་དང་། ཟས་གོས་ལ་སོགས་པ་ཇི་ཙམ་ཡོད་ཀྱང་ཆ་ཤས་རྩམ་ཡང་ཁྱེར་དབང་ནི་མེད། རྗེས་སུ་ནི་མི་འབྲང་། བློས་ཐོངས་པ་ནི་མེད། ཕྱི་མ་ལ་ནི་མི་དབང་། ཉེ་དུའི་ཚོགས་ཀྱིས་བསྐོར་ཡང་གནད་གཅོད་ཀྱི་སྡུག་བསྔལ་དྲག་པོ་དེ་ནི་རང་གཅིག་པུས་མྱོང་། སྙིང་མི་དགའ་བཞིན་པའི་ངང་ལ་དྲན་པ་ནི་ཉམས། འདུ་ཤེས་ནི་འཁྲུལ། དབུགས་ནི་ཆད། འགྲོ་བ་རིགས་དྲུག་གང་དུའང་མི་ཐེ་བའི་བར་མ་དོ། མགོན་དང་སྐྱབས་མེད་པ། གཟུགས་ཀྱི་ཕུང་པོས་སྤངས་པ། མིང་བཞི་འདུས་པའི་ཕུང་པོ། ཡིད་ལུས་


JL00_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

བག་ཆགས་ཀྱི་བྱད་གཟུགས། ཚོར་བ་ཐམས་ཅད་སྡུག་བསྔལ། སྣང་བ་མཐའ་དག་འཇིགས་སྐྲག་ཏུ་འཆར་བའི་ཚེ། གཅེས་པར་བསྐྱངས་པའི་ལུས་ནི་ཐ་གུས་འཆིང་། རྡོག་པས་བརྫི། དུར་ཁྲོད་ཉམས་མི་དགའ་བར་འགྲོ་ཞིང་འཚོག །འཁོར་ལོས་བསྒྱུར་བའི་འཛད་སྤྱོད་དང་ལྡན་ཀྱང་དྲི་ཟ་བའི་དུས་ལ་ནི་བབ། ཉེ་དུའི་ཚོགས་ནི་སྡུག་བསྔལ་བར་བྱེད་ཀྱང་མི་བས་ནོར་ལ་འཕངས། དུས་དེའི་ཚེ་རྗེས་སུ་འབྲེལ་བ་ནི་ལས་དང་བག་ཆགས་གཉིས་པོ་ལས་མ་མཆིས་ན་ཅིའི་ཕྱིར་སྐྱོ་བར་མི་བྱེད། དེ་སྐད་དུ་ཀ་ནིས་ཀའི་འཕྲིན་ཡིག་ལས། འཆི་བདག་གིས་ནི་དྲངས་པ་ན། །དགེ་དང་སྡིག་པ་མ་གཏོགས་པ། །འགྲོ་བ་ཐམས་ཅད་ཕྱིར་ལོག་ནས། །འགའ་ཡང་ཁྱོད་རྗེས་མི་འབྲང་བར། །མཁྱེན་པར་མཛོད་ལ་ལེགས་པར་སྤྱོད། །ཅེས་དང་། ཀུན་ལ་སྲོག་ནི་འཕངས་པ་སྟེ། །ཀུན་ལ་གསོན་པ་སྡུག་པ་ལགས། །ཐམས་ཅད་འཆི་བའི་ཆོས་ཅན་ཏེ། །ཐམས་ཅད་སྡུག་བསྔལ་རྣམས་ཀྱིས་གདུངས། །ཞེས་སོ། །དེ་ནས་དགྲ་མི་སྡུག་པ་དང་འཕྲད་པའི་སྡུག་བསྔལ་ནི། །མི་སྡུག་ཡུལ་དང་ཕྲད་པའི་སྡུག་བསྔལ་གྱིས། །ཕོ་ཉས་རྣམ་པར་གཟིར་ཞིང་སྨད་པ་རྣམས། །བདེ་བའི་འབབ་སྟེགས་ཞིག་པའི་ངལ་གསོ་ལྟར། །དབུགས་འབྱིན་ཐོབ་པས་ལྷག་པར་ཉེན། །འདི་ལྟར་སེམས་ཅན་རྣམས་ཀྱི་རང་བཞིན་ནི་བྱ་བ་མ་ཡིན་པ་ལ་གོམས་ཤིང་། ངོ་ཚ་ཁྲེལ་ཡེད་ཀྱི་བླང་དོར་དང་དམ་པའི་མགོན་གྱིས་ཟིན་པ་ཤིན་ཏུ་ཉུང་བས་གནོད་པ་ལ་གོམས་པ་ཆོས་ཉིད་ཡིན་ཏེ། སྔ་མ་ལས། འཇིག་རྟེན་འདི་ན་བློ་གྲོས་ཀྱི། །ཉམ་ཆུང་གྱུར་དང་མགོན་མེད་པ། །བྱ་བ་མ་ཡིན་བྱེད་པ་ལ། །གདོན་མི་ཟ་བར་འཇུག་པར་འགྱུར། །ཞེས་རང་གཞན་གྱི་བདེ་འབྲས་འཇོམས་པ་འབའ་ཞིག་ལ་བརྩོན་ན། བྱིས་པའི་གྲོགས་དང་ཡུལ་གྱི་ཉེས་


JL00_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་ལ་བརྟེན་པ་བདག་ཅག་ལ་བཟོད་པའི་དཀའ་ཐུབ་ནི་མེད། མཁས་པའི་ཤེས་རབ་ཀྱི་བསྲུང་བའི་ཆོ་ག་ལ་ནི་མི་མཁས་པས། སྐྱེ་བོ་གཞན་དང་གཞན་དག་གིས་བལྟར་མངོན་པའམ་མི་མངོན་པར་དགྲ་བཞིན་དུ་བལྟས་ནས་ལུས་དང་། ལོངས་སྤྱོད་དང་། སྲོག་ལ་མ་རུངས་བྱེད་པས་ལུས་སེམས་ལ་གདུང་བ་ཆེན་པོ་བསྐྱེད་པ་ནི་དཔེར་ན་ཁུར་གྱིས་ནོན་པའི་སྐྱེས་བུའི་ངལ་སྟེགས་ཞིག་པ་བཞིན་ནོ། །ཡང་གཉེན་དང་བྲལ་བའི་སྡུག་བསྔལ། བྱམས་སྡུག་འདུ་འབྲལ་གསར་པར་བཀོད་པ་ཡི། །གདུང་པས་ཉམས་པའི་དཀར་ཐུབ་གཟུགས་གྱུར་ན། །ནོར་བཟང་དྲི་ཟ་མོ་ཡི་དབང་གྱུར་པའི། །ལམ་འཕྲང་འཚེ་བས་བཀབ་ལས་ལས་མཐའ་རིང་། །བདག་ཉིད་ལ་བྱམས་ཤིང་ཕན་པའི་ཕ་མའམ། ཡིད་ལ་སྡུག་པའི་མཛའ་བཤེས་དང་བྲལ་བར་གྱུར་ན་དེའི་ཡོན་ཏན་དང་། སྤྱོད་ལམ་དང་། རྣམ་འགྱུར་དྲན་ནས་སེམས་ཤིན་ཏུ་གདུང་བས་སྡུག་བསྔལ་བའི་དཀའ་ཐུབ་ནི་གཞོན་ནུ་ནོར་བཟང་དྲི་ཟའི་བུ་མོ་ལ་ཆགས་པའི་ཞགས་པས་བཅིངས་པའི་དབང་གིས་ལམ་འཕྲང་འཚེ་བ་ཅན་བགྲོད་པ་ལས་ཀྱང་ལས་ཀྱི་མཐའ་རིང་བ་ཉིད་དེ། དཔག་བསམ་འཁྲི་ཤིང་ལས། ཡུལ་གྱི་རོ་ལ་གཙིགས་པ་ཡི། །ཀུན་རྨོངས་གྱིས་གཟིར་སེམས་ཅན་རྣམས། །ཀྱེ་མ་ཁྱིམ་གྱི་བདེ་ཉིད་ལས། །ཡིད་འབྱུང་ལས་ནི་ཕྱིར་ཕྱོགས་དཀོན། །ཞེས་དང་། མཇའ་ལ་ཆགས་པའི་རྡུལ་གྱི་ཆ། །གནོད་ཅིང་དགའ་མེད་བཟོད་དཀའ་བ། །ངེས་པར་བཟློག་པར་དཀའ་བ་ཉིད། །ཀུན་ཏུ་རྣམ་འགྱུར་ཉིད་ཀྱིས་བསླད། །ཅེས་དང་། བདག་བྲལ་རི་དྭགས་མིག་ཅན་དེ། །འཇུག་ངོགས་ངུར་བ་མོ་བཞིན་དུ། །བ་གམ་ཅན་ན་མྱ་ངན་དག །སྒྲོག་ཅིང་མི་ཉལ་ཡོད་དམ་སྙམ། །གང་


JL00_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ཆགས་པའི་མེས་གདུངས་པའི། །དཀའ་ཐུབ་སྡུག་བསྔལ་བཟོད་པར་དཀའ། །ཞེས་བཤད་པ་ཡིན་ནོ། །འདོད་པས་ཕོངས་པའི་སྡུག་བསྔལ་གྱིས་ཉེན་པ་ནི། །འདོད་པས་ཕོངས་དང་དབུལ་བའི་སྐྱེས་བུ་རྣམས། །བཀྲེས་སྐོམ་དོན་མ་གྲུབ་པའི་རེ་དོགས་ཀྱིས། །གཞན་དབང་ཁོ་ནར་ལུས་ངག་ཆུད་གསོན་པའི། །སྡུག་བསྔལ་ས་ལ་རྒྱུ་བའི་ཡི་དྭགས་དངོས། །ཇི་སྲིད་དུ་ཆོག་ཤེས་པ་དང་། འདོད་པའི་ཉེས་དམིགས་ལ་ཡིད་འབྱུང་མ་སྐྱེས་པ་ད་སྲིད་དུ་སྨོན་པའི་དོན་མ་གྲུབ་པའི་རེ་དོགས་ཀྱིས་འཇིག་རྟེན་འཆིང་བ་ཆོས་ཉིད་ཡིན་ན། བཀྲེན་ཞིང་དམན་པ་རྣམས་ནི་ཟས་གོས་གནས་མལ་ལ་སོགས་པས་ཤིན་ཏུ་ཉམ་ཐག་ཅང་། ཕ་མ་དང་། བུ་ཚ་དང་། གཉེན་བཤེས་ཀྱང་བསྲུང་མི་ནུས་པའི་སྟེང་། དཔྱ་དང་། ཁྲལ་དང་། ཞོ་ཤས་འཚོ་བས་ལུས་དང་ངག་ཆུད་གསོན་པའི་སྡུག་བསྔལ་ལ་སྤྱོད་ཅིང་ད་དུང་དེ་ལས་ལྡོག་པའི་བྱ་བ་ནི་མི་བྱེད་པའི་ཚུལ་སྔ་མ་ལས། རྡོ་ཡིས་མྱུར་དུ་བཅོམ་པ་བཞིན། །སྐྱེ་བོ་སྡུག་ལ་མྱ་ངན་བྱེད། །ཕོངས་པ་དྲག་པོ་དེ་བཟློག་པའི། །བྱ་བ་སླར་ཡང་མི་བྱེད་དོ། །ཞེས་སོ། །ད་ནི་སྡུག་བསྔལ་དེ་དག་ཐམས་ཅད་ཀྱི་རྟེན་ཉེ་བར་ལེན་པའི་ཕུང་པོ་ལྔ་ཡིན་པར་སྟོན་པའི་ཕྱིར། གཟུགས་ལ་རྟན་བཅས་ཚོར་བས་རང་བཞིན་ཤེས། །འདུ་ཤེས་ལས་དེ་རྒྱུན་ཆགས་འདུ་བྱེད་ཀྱིས། །ཕྱིན་ཆད་ས་བོན་བསྐྲུན་དང་རྣམ་ཤེས་ཀྱིས། །སྡུག་བསྔལ་ཉམས་སུ་ལེན་པའི་ཉེ་བར་ལེན། །ཕུང་པོ་ལྔ་པོ་འདི་དག་སྡུག་བསྔལ་རྣམས། །ཀུན་གྱི་འབྱུང་གནས་ཀུན་གྱི་རྟེན་དང་སྣོད། །ཀུན་གྱི་རྒྱུ་འབྲས་བདག་པོར་མཁྱེན་འཚལ་ནས། །ཀུན་འབྱུང་ལས་དང་ཉོན་མོངས་སྤང་འཚལ་ལོ། །འདི་ལྟར་གཟུགས་སམ་གཟུགས་སུ་འདུ་ཤེས་པ་ནི་སྡུག་བསྔལ་ཐམས་ཅད་ཀྱི་རྟེན་ནོ། །ཚོར་བས་ནི་དེའི་རང་བཞིན་ལ་རྣམ་


JL00_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྟོག་གོ །འདུ་ཤེས་ཀྱིས་ནི་ལུ་གུ་རྒྱུད་དུ་འབྲེལ་ནས་རྒྱུན་ཆགས་སོ། །འདུ་བྱེད་ཀྱིས་ནི་སླད་ཀྱི་སྡུག་བསྔལ་མཐའ་དག་པའི་ས་བོན་བསྐྲུན་ནོ། །རྣམ་ཤེས་ཀྱིས་ནི་ཐམས་ཅད་ཀྱི་ཉེ་བར་ལེན་ཏོ། །དེ་སྐད་དུ་ཡུམ་བར་མ་ལས། རབ་འབྱོར་ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་ཟག་པ་དང་བཅས་པའི་ཕྱིར་སྡུག་བསྔལ་ཐམས་ཅད་ཀྱི་གནས་སོ། །སྡུག་བསྔལ་ཐམས་ཅད་ཀྱི་རྟེན་ནོ། །སྡུག་བསྔལ་ཐམས་ཅད་ཀྱི་འབྱུང་ཁུངས་སོ། །ཞེས་སོ། །དེའི་ཕྱིར་ཉེ་བར་ལེན་པའི་ཕུང་པོ་ལྔའི་མཚན་ཉིད་ཀྱི་སྐྱེ་བའི་སྡུག་བསྔལ་གྱི་བདེན་པ་འཁོར་བའི་རང་བཞིན་ལ་ཡིད་འབྱུང་ནས་ཀུན་འབྱུང་གི་བདེན་པ་ཡང་སྲིད་པ་ལ་འབྱུང་ཞིང་སྲེད་པ། དེ་ལ་ཡིད་བདེ་ཞིང་དགའ་བའི་འདོད་ཆགས་དང་ལྷན་ཅིག་ལ་སྲིད་པ་ལ་དམིགས་ཤིང་མངོན་པར་དགའ་བ་ལས་དང་ཉོན་མོངས་པ་ལས་སྐྱེས་པའི་མི་དགེ་བའི་ཚོགས་ཇི་སྙེད་ཡོད་པ་སྤང་བར་བྱའོ། །དེ་ལྟར་སྤངས་ནས་སྐྱེས་བུ་འབྲིང་གི་ལམ། །བདེན་པ་བཞི་ཡི་ཤིང་རྟ་ལ་ཞོན་རྣམས། །འགོག་པ་མངོན་གྱུར་མྱ་ངན་འདས་པའི་ཁམས། །ཐར་བ་མཆོག་གི་གོ་འཕང་ཉིད་དུ་འགྲོ། །ཞེས་སྨོས་ནས། ཀུན་འབྱུང་བ་འགོག་པ་གང་ཡིན་པ་དེ་ནི་ཐར་པ་སྟེ། ཐར་པ་ནི་ལམ་གྱི་བདེན་པ་ཉིད་ལ་ལྟོས་དགོས་པས་ན། བཤེས་སྤྲིང་ལས། སྐྱེ་འདི་སྡུག་བསྔལ་སྲེད་པ་ཞེས་བགྱི་བ། །འདི་ནི་དེ་ཡི་ཀུན་འབྱུང་རྒྱ་ཆེན་ཏེ། །འདི་འགོག་པ་ནི་ཐར་པ་ལགས་ཏེ་དེ། །འཐོབ་བགྱིད་འཕགས་ལམ་ཡན་ལག་དེ་བརྒྱད་ལགས། །ཞེས་ཡང་དག་པའི་ལྟ་བ་ཟག་པ་མེད་པའི་ཤེས་རབ་དང་། ཡང་དག་པའི་འཚོ་བ་ཁ་གསག་དང་ལོག་འཚོ་སྤང་བ་དང་། ཡང་དག་པའི་རྩོལ་བ་ནི་བརྩོན་འགྲུས་ཏེ་དེའང་ཡང་དག་སྤོང་བ་བཞིའོ། །ཡང་དག་པའི་དྲན་པ་དམིགས་པ་མ་བརྗེད་པ། དེའང་ལུས་


JL00_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཚོར་བ་དང་། སེམས་དང་། ཆོས་ལ་དམིགས་ནས་དྲན་པ་ཉེ་བར་གཞག་པ་བཞི་ཡིན་ནོ། །ཡང་དག་པའི་ཏིང་ངེ་འཛིན་ནི་བསམ་གཏན་བཞི་པའོ། །ཡང་དག་པའི་ངག་ནི་དགེ་བའི་ལས་ཀྱི་ལམ་བཞིའོ། །ཡང་དག་པའི་ལས་ཀྱི་མཐའ་ནི་ལུས་ཀྱི་མི་དགེ་བའི་ལས་ཀྱི་ལམ་སྤོང་བའི་རང་བཞིན་གསུམ་མོ། །ཡང་དག་པའི་རྟོག་པ་ནི། གནོད་སེམས་མེད་ཅིང་དགེ་བའི་རྟོག་པ་དུ་མའོ། །དེ་ལྟར་འཕགས་པའི་བདེན་པ་བཞི་པོ་དེ་དག་མཐོང་བས་མྱ་ངན་ལས་འདས་པ་ཐོབ་པ་ལ་སྦྱོར་བར་བྱེད་པ་ནི་ཁྱིམ་པའི་རྟེན་ལའང་མ་ངེས་ཏེ། སྔ་མ་ལས། དེ་ལྟར་ལགས་པས་འཕགས་པའི་བདེན་པ་བཞི། །འཐོབ་པར་བགྱིད་སླད་རྟག་ཏུ་བརྩོན་པར་བགྱི། །པང་ན་དཔལ་གནས་ཁྱིམ་པ་རྣམས་ཀྱིས་ཀྱང་། །ཤེས་པས་ཉོན་མོངས་ཆུ་བོ་ལས་བརྒལ་བགྱིས། །ཞེས་ཁྱིམ་པ་རྒྱལ་སྲིད་ལ་གནས་པ་གཟུགས་ཅན་སྙིང་པོ་ལ་སོགས་པས་ཀྱང་འཕགས་པའི་བདེན་པ་བཞི་ཤེས་པས་ཉོན་མོངས་པའི་ཆུ་བོ་ལས་བརྒལ་བས་ན། འཕགས་པའི་ལམ་དེ་ནི་སྐྱེས་བུའི་རྩལ་གྱིས་བསྒྲུབ་པར་བྱེད་པ་ཡིན་གྱིས། དང་པོ་ནས་ཤེས་པ་ཡོངས་སུ་གྲུབ་ཟིན་པ་ཅིག་གནམ་ནས་བབས་པ་ཡང་མ་ལགས། ལོ་ཏོག་བཞིན་དུ་ས་རུམ་ནས་འཐོན་པ་ཡང་མ་ལགས་པས་ན་སོ་སོའི་སྐྱེ་བོ་ཡིན་ཡང་དགེ་བའི་བཤེས་གཉེན་ལ་བསྟེན་ནས་འབད་དེ་ཉོན་མོངས་པའི་ཆུ་བོ་ལས་བརྒལ་བ་ལ་སྐྲག་པར་མ་བྱེད་ཅིག་ཅེས་འཕགས་པ་ཀླུའི་དབང་པོས་བསྟན་པ་ཡིན་ཏེ། དེ་སྐད་དུ། གང་དག་ཆོས་མངོན་བགྱིས་པ་དེ་དག་ཀྱང་། །གནམ་ལས་བབས་པ་མ་ལགས་ལོ་ཏོག་བཞིན། །ས་རུམ་ནས་འཐོན་མ་ལགས་དེ་དག་སྔོན། །ཉོན་མོངས་རག་ལས་སོ་སོའི་སྐྱེ་བོ་ལས། །ཞེས་གསུངས་པ་ཡིན་ནོ། །དེ་ལྟ་མོད་ཀྱི་དྲན་པ་ཉེ་བར་མ་བཞག་པ་རྣམས་ནི་སྡུག་བསྔལ་ལ་བདེ་བར་འཛིན། མི་རྟག་


JL00_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་རྟག་པར་འཛིན། བདག་མེད་པ་ལ་བདག་གོ་སྙམ་པ་དང་། མི་གཙང་པ་ལ་གཙང་ངོ་སྙམ་དུ་འདུ་ཤེས་ཕྱིན་ཅི་ལོག་བཞིར་བལྟ་བས་ངན་སོང་དང་འཁོར་བའི་རྒྱུ་བསྒྲུབ་པའི་ཕྱིར། སྔ་མ་ལས། དྲན་པ་ཉེ་བར་མ་བཞག་རྣམས་ཀྱིས་ནི། །ཕྱིན་ཅི་ལོག་བཞིར་ལྟ་བ་ཕུང་ཁྲོལ་བ། །ཞེས་གསུངས་སོ། །དེ་ལྟར་དུ་བལྟ་བའི་བདག་གཅིག་ཀྱང་མེད་ན། ལས་དགེ་བ་དང་ནི་མི་དགེ་བའི་འབྲས་བུ་སུ་ཞིག་གི་སྤྱོད་སྙམ་ན། དེའི་རང་བཞིན་བདག་གཟུགས་ལ་སོགས་པའི་ངོ་བོ་ཉིད་ཡིན་པས་བཀག་པར་བྱ་བ་ནི། བཤེས་སྤྲིང་ལས། གཟུགས་ནི་བདག་མ་ཡིན་ཞེས་གསུངས་ཏེ་བདག །གཟུགས་དང་མི་ལྡན་གཟུགས་ལ་བདག་གནས་མིན། །བདག་ལ་གཟུགས་མི་གནས་ཏེ་དེ་བཞིན་དུ། །ཕུང་པོ་ལྷག་མ་བཞི་ཡང་སྟོང་རྟོགས་བགྱིས། །ཞེས་པས། བདག་ནི་གཟུགས་ལ་སོགས་པའི་ངོ་བོ་ཉིད་མ་ཡིན་ཏེ། གཟུགས་ལ་སོགས་པ་དང་འདྲ་བ་ཁོ་ནར་མི་རྟག་པ་ཉིད་དུ་འགྱུར་བའི་ཕྱིར་རོ། །འོན་ཏེ་གཟུགས་ལ་སོགས་པ་ལས་གཞན་པ་ཞིག་ཡིན་ནོ་ཞེ་ན། དེ་ལ་དཔྱད་པར་བྱ་བ་རྣམ་པ་གསུམ་སྟེ། སྐྱོང་བྱེད་མ་ཧེ་དང་ལྡན་པ་བཞིན་དུ་གཟུགས་ལ་སོགས་པ་དང་ལྡན་པ་ཞིག་ཡིན་ནམ། སྐྱོང་བྱེད་ནེའུ་གསིང་ལ་འདུག་པ་བཞིན་དུ་གཟུགས་ལ་སོགས་པའི་སྟེང་ན་གནས་པ་ཞིག་ཡིན་ནམ། ཡང་འཁྲི་ཤིང་དང་གེལ་བ་ལ་སོགས་པ་ལ་བརྟེན་པ་ལྷང་ངེ་ལ་གཟུགས་ལ་སོགས་པ་བརྟེན་པ་ཞིག་ཡིན་གྲང་དེ་ལ་རིགས་པ་བརྗོད་དེ། བདག་གཟུགས་ལ་སོགས་པ་དབང་བ་ཅི་ཞིག་མཆིས་ཏེ། སྐྱོང་བྱེད་མ་ཧེའི་ཁྱུ་རྣམས་བཀོལ་བ་དང་། བཞོབ་ལ་སོགས་པར་དབང་བ་བཞིན་དེའི་འདོད་པས་གཟུགས་ལ་སོགས་པ་འདོར་བ་དང་ལེན་པ་ནི་མེད་དོ། །མི་འདོད་བཞིན་དུའང་གཟུགས་ལ་སོགས་པ་འཇིགས་པ་མཐོང་བའི་


JL00_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་བདག་གཟུགས་དང་ལྡན་པ་མ་ཡིན་ནོ། །ཕྱོགས་གཉིས་པའི་དོན། ཇི་ལྟར་འདི་གཟུགས་ལ་སོགས་པ་ལ་གནས་པ་ཞེས་བརྗོད་པར་བྱ་སྟེ། གཟུགས་ཅན་མ་ཡིན་པའི་ཆོས་ལ་ནི་སྐྱོང་བྱེད་ནེའུ་གསིང་ལ་འདུག་པ་ལྟར་བླ་འོག་ཏུ་གནས་པ་རུང་བ་མ་ཡིན་ནོ། །གང་གི་ན། དེ་དག་ནི་གནས་པ་མངོན་པར་གྱུར་པ་དེ་ལ་གནས་པའི་བདག་གིས་ཀྱང་གཟུགས་ལ་སོགས་པ་ལ་ཕན་ཅུང་ཟད་ཀྱང་མི་འདོགས་ལ། གཟུགས་ལ་སོགས་པས་ཀྱང་དེ་ལ་དེ་བཞིན་ནོ། །ཡང་འདི་དེ་ལ་ཞོན་ནས་དེ་དག་ལ་འཇུག་པར་བྱེད་དེ། དཔེར་ན་གླང་པོ་ལ་ཞོན་ནས་གླང་པོ་བཞིན་ནོ་ཞེ་ན། དེ་ཡང་རུང་བ་མ་ཡིན་ཏེ། མི་འདོད་བཞིན་དུའང་འཇུག་པ་དང་ལྡོག་པ་མཐོང་བའི་ཕྱིར། བདག་གིས་འདོད་པས་གཟུགས་ལ་སོགས་པ་ལ་འཇུག་པ་དང་ལྡོག་པར་འགྱུར་བ་ནི་མེད་དོ། །ཕྱོགས་གསུམ་པ་ལ་རིགས་པ་ནི། འཁྲི་ཤིང་ལ་སོགས་པ་ནི་ས་ལ་བརྟེན་ཅིང་། དེ་ལ་བརྟེན་ནས་གཟུགས་ལ་སོགས་པ་སྐྱེ་བ་དང་། གནས་པ་དང་འཕེལ་བ་མཐོང་བའི་ཕྱིར་རོ། །གཟུགས་ལ་སོགས་པ་མི་སྐྱེ་བ་ལ་སོགས་པ་ནི་དེ་ལྟར་བདག་ལ་རག་ལས་པ་མ་ཡིན་ཏེ། བདག་མེད་པའི་དུས་སུ་ཡང་ཕྱིའི་གཟུགས་ལ་སོགས་པ་རང་སར་ཡོད་པའི་ཕྱིར་རོ། །གང་དག་གི་ལྟར་ན་རྩྭ་ལ་སོགས་པ་སྲོག་ཡོད་པ་དེ་དག་ལྟར་ན་ལན་ཚྭ་ལ་སོགས་པ་མ་ངེས་པ་ཡིན་ནོ། །ཞེས་འཇིག་ཚོགས་ལ་ལྟ་བ་ཉི་ཤུ་མངོན་པར་གཞོམ་པ་འདི་མན་ངག་གི་དོན་པོ་ཡིན་པས་འདིར་རྒྱ་གཞུང་ལྟར་རྣམ་པར་བཞག་པ་ཡིན་ནོ། །དེའི་ཕྱིར་གཟུགས་བདག་མ་ཡིན་པ་དང་། བདག་གཟུགས་དང་མི་ལྡན་པ་དང་། གཟུགས་ལ་བདག་གནས་པ་ཡང་མ་ཡིན་པ་དང་། བདག་ལ་གཟུགས་མི་གནས་པ་དེ་བཞིན་དུ་ཚོར་བ་དང་། འདུ་ཤེས། འདུ་བྱེད་དང་། རྣམ་པར་ཤེས་པ་བཞི་པོ་ཡང་


JL00_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པར་ཤེས་ནས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ནི་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་པ་ལ་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པ་ཅེས་བྱའོ། །ཅིའི་ཕྱིར་དེ་དག་ལ་འཕགས་པའི་བདེན་པ་བྱ་ཞེ་ན། འཕགས་པ་རྒྱུན་དུ་ཞུགས་པ་ལ་སོགས་པས་བདེན་པ་ཉིད་དུ་གཟིགས་པའི་ཕྱིར་རོ། །འཕགས་པའི་མཚན་ཉིད་གང་དུ་བཞག་ན་མ་སྐྱེས་དགྲའི་འགྱོད་པ་གསལ་བ་ལས། རྡུལ་དང་ལྟ་བ་ཐམས་ཅད་དང་བྲལ་བའི་ཕྱིར་འཕགས་པ་ཞེས་བྱའོ། །ཞེས་བཤད་དོ། །རྡུལ་ཅེས་བྱ་བ་གང་ཡིན་ན། །མཽངྒལ་གྱི་བུ་ལ་སེམས་ཅན་མེད་པ་དེ་སེམས་ཅན་གྱི་རྡུལ་བྲལ། བདག་མེད་པ་སྟེ་འདོད་ཆགས་ཀྱི་རྡུལ་བྲལ། སྲོག་མེད་པ་སྟེ་སྐྱེ་འཆི་འཕོ་བ་དང་བྲལ་བ། གང་ཟག་མེད་པ་སྟེ་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་མ་ཆད་པ། ཞི་བ་དང་ཉེར་ཞིའི་མཚན་ཉིད་འདོད་ཆགས་དང་བྲལ་བ་ལ་སོགས་པས་བསྟན་ལ། དེ་བཞིན་དུ་འཕགས་པ་མ་ཡིན་པ་ནི་ཉོན་མོངས་ཅན་དུ་ཀླུའི་དབང་པོས་བཤད་པ་ཡིན་ནོ། །ཡང་ཐར་པ་བདག་ལ་རག་ལས་འདི་ལ་ནི། །གཞན་གྱི་གྲོགས་བགྱིར་ཅི་ཡང་མ་མཆིས་ཀྱིས། །ཐོས་དང་ཚུལ་ཁྲིམས་བསམ་གཏན་ལྡན་པ་ཡིས། །བདེན་པ་རྣམ་པ་བཞི་ལ་འབད་པར་མཛོད། །ལྷག་པའི་ཚུལ་ཁྲིམས་ལྷག་པའི་ཤེས་རབ་དང་། །ལྷག་པའི་སེམས་ལ་རྟག་ཏུ་བསླབ་པར་བགྱི། །བསླབ་པ་བརྒྱ་རྩ་ལྔ་བཅུ་ལྷག་གཅིག་ཀྱང་། །གསུམ་པོ་འདི་ནང་ཡང་དག་འདུ་བར་འགྱུར། །ཞེས་གསུངས་པ་ལྟར་ཐར་པ་ནི་གྲོགས་ཀྱི་བསྟང་བའི་ཁོ་ན་རག་ལས་པ་མ་ཡིན་པར། བདག་འབའ་ཞིག་གི་བརྩོན་པ་ལ་ལྟོས་པ་ཡིན་ཏེ། འདུལ་བ་ལུང་ལས། ངས་ནི་ཁྱེད་ལ་ཐར་པའི་ཐབས་བསྟན་གྱིས། །ཐར་པ་རང་ལ་རག་ལས་བརྩོན་པར་གྱིས། །ཞེས་གསུངས་པ་ལྟར།


JL00_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པའི་བསྟན་པ་འབའ་ཞིག་ལ་བརྟེན་ནས་ལུས་དང་། རིགས་པ་དང་། གཏན་ཚིགས་དང་། དཔྱད་བཟོད་པ་དང་། ལྡན་པ་དང་མཐུན་པའི་མང་དུ་ཐོས་པ། ཉམས་པ། བཅོམ་པ། ལྟུང་བ། ཕམ་པར་གྱུར་པ་མེད་ཅིང་། དེའང་མྱ་ངན་ལས་འདའ་བར་ཡོངས་སུ་བསྔོ་བས་ལྷག་པའི་ཚུལ་ཁྲིམས་སོ། །ལྷག་པའི་སེམས་ཀྱི་བསླབ་པ་ནི་འཕགས་པའི་ལམ་གྱི་རྟེན་བསམ་གཏན་བཞི་པའོ། །ལྷག་པའི་ཤེས་རབ་ཀྱི་བསླབ་པ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པའོ། །དེ་ལྟར་བསླབ་པ་གསུམ་ཀ་ཡོངས་སུ་རྫོགས་པར་བྱེད་པ་ནི་སྡེ་སྣོད་གསུམ་ཀ་ལ་ལྟོས་པ་ཡིན་ཡང་། འདིར་རེ་ཞིག་སྐྱེས་བུ་འབྲིང་གི་རང་ལམ་ཅུང་ཟད་རྣམ་པར་བཞག་ན་དབྱིག་གཉེན་གྱིས། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་སོ་སོ་ཐར་པའི་ཚུལ་ཁྲིམས་གཞི་རྟེན་དུ་བྱས་ནས་དམ་པའི་ཆོས་འདུལ་བ་ལ་ངེས་པར་འབྱུང་བ། ཉན་ཐོས་ཐེག་པའི་ངོ་བོ་ནི་འཁོར་བ་ལས་རང་ཉིད་གཅིག་པུ་ཐར་བར་འདོད་པའི་བློ་གང་ཟག་གི་བདག་མེད་རྟོགས་པའི་ཐབས་སུ་འགྱུར་བའོ། །གང་ཟག་གི་བདག་མེད་ནི། ང་མེད་བདག་མེད་ཀྱི་གཞི་རྩ་གཅོད་པའོ། །ངེས་ཚིག་ནི་སློབ་དཔོན་ལ་ལྟོས་ནས་ཆོས་ཉན་ཤིང་ཐོས་ནས་གཞན་ལ་སྒྲོག་པའི་ཕྱིར་ཐོས་སྒྲོག་གམ་ཉན་ཐོས་སོ། །དགོས་པ་ནི་སྲིད་པ་ཐ་མའི་བྱང་ཆུབ་འགྲུབ་ནས་འཁོར་བ་ལས་ངེས་པར་འབྱིན་པའོ། །འབྲས་བུ་ནི་ལྷག་བཅས་དང་ལྷག་མེད་ཀྱི་མྱང་འདས་ཐོབ་པའོ། །དེ་ལ་དང་པོ། ཕུང་པོའི་ལྷག་མ་དང་བཅས་པ་ནི་དབང་པོ་དུལ་བས་རབ་ཏུ་ཕྱི་བའི་ཕྱིར། དུལ་བ་ཞེས་བྱ་བའི་སྒྲས་སྟོན་ཏོ། །གཉིས་པ་ནི། སྡུག་བསྔལ་ཉེ་བར་ཞི་བས་རབ་ཏུ་ཕྱེ་བའི་ཕྱིར་ཞི་བ་ཞེས་བྱ་བའི་སྒྲས་སྟོན་ཏོ། །དབྱེན་མདོ་སྡེ་པ་དང་། བྱེ་བྲག་ཏུ་སྨྲ་བ་གཉིས་ལས། དང་པོ་ནི།


JL00_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་བཅོས་ལ་ཡིད་མི་རྟོན་ཞིང་། མདོ་སྡེའི་ཕྱོགས་ལས་ལམ་བསྒྲུབ་པར་མ་ཟད། ཤེས་རབ་ཟབ་པས་ཡང་དག་པའི་སྟོང་ཉིད་དང་ཉེ་བ་ཡིན་ལ། དེའང་དམིགས་པར་བྱ་བའི་ཡུལ་བདེན་པ་བཞི་ལ་དམིགས་པར་བྱེད་པའི་ཤེས་པ་བཅུ་གཉིས་སུ་བྱེད་པས། ཉོན་མོངས་པ་ཕྲ་རྒྱས་བརྒྱད་ཅུ་རྩ་བརྒྱད་སྤངས་ཏེ། ཡེ་ཤེས་དམ་པའི་དོན་ཁོང་དུ་ཆུད་པར་འདོད་དོ། །དེ་ལ་གང་ཟག་གི་བདག་མེད་འདྲ་ཡང་། ཆོས་ཀྱི་ཁམས་བྱེ་བྲག་ཏུ་སྨྲ་བ་ལས་ཕྱོགས་གཅིག་གིས་འཕགས་ཏེ། དེའང་ཆ་དང་བཅས་པའི་རྡུལ་ཕྲན། གཙོ་བོ་སེམས་ཀྱི་གཞི། འཁོར་སེམས་ལས་བྱུང་བའི་གཞི། ལྡན་པ་མ་ཡིན་པའི་འདུ་བྱེད་ཕུང་པོའི་གཞི། འདུས་མ་བྱས་རྟག་པའི་གཞི། སྣང་བ་གཟུགས་ཀྱི་གཞི་དང་ལྔ་པོ་གཙོ་བོས་ཁེགས་ལ། ཆ་མེད་ཀྱི་རྡུལ་ཕྲན་ཙམ་མ་ཁེགས་ཏེ། ཆོས་ཀྱི་ཁམས་ཕྱོགས་བྱེད་གཟུང་ཡུལ་རགས་པའི་སྣང་བ་རྡུལ་ཕྲན་འདབ་ཆགས་རེག་ལ་མ་འབྱར་བས་བརྩམས་པ་དེའང་ཆ་མེད་དུ་རྟོགས་པས་བྱེ་བྲག་པ་ལས་འཕགས་ཏེ། དོན་གྱི་ལྟར་མེད་པས་རྡུལ་ཕྲན་ཁས་མ་བླངས་པ་དང་མཚུངས་སོ། །བྱེ་བྲག་ཏུ་སྨྲ་བ་ནི། བཤད་མཛོད་ཆེན་མོའི་རྗེས་སུ་འབྲང་ལ། ཡོད་པར་ཞེན་པ་ལ་གོམས་པ་ཤེས་ཆེ་ཞིང་མཚན་མར་འཛིན་པ་ཕྱིར་ལམ་དམན་པ་སྟེ། དེའང་རགས་པ་ཀུན་རྫོབ་ཀྱི་བདེན་པ་འདི་གཡག་རྔ་དང་ནེའུ་གསེང་ལྟར་འདོད་པས། སྣང་དུས་ན་ཚོགས་པ་གཅིག་པ་ལྟར་ཏེ། དོན་དམ་པར་རྡུལ་ཕྲན་ཆ་ལྡན་སིལ་བུར་འདོད་ལ། ཤེས་པའི་རྒྱུན་ཀུན་རྫོབ་སྐད་ཅིག་དོན་དམ་ཆ་མེད་པ་བུམ་ཆུ་ལྟ་བུ་སྟེ། ཕུང་པོ་དང་། ཁམས་དང་སྐྱེ་མཆེད་ལས། རགས་སྣང་རྡུལ་ཕྲན་བསྐོར་བ་དང་བཅས་པར་འདོད་ལ། གང་ཟག་གི་བདག་མེད་པར་ཁས་བླངས་ཀྱང་ཆོས་ཀྱི་བདག་རྡུལ་ཕྲན་དང་


JL00_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅིག་ཡོད་པར་ཁས་བླངས་པས་སྔ་མ་ལས་ཕྱོགས་གཅིག་གིས་དམན་ནོ། །དེ་ཡང་བདེན་པ་བཞིས་བསྡུས་པའི་ཆོས་ལ་རྒྱུ་འབྲས་སྤང་བླང་དུ་ཤེས་ནས། རྒྱུ་ཀུན་འབྱུང་བ། འགོག་པ། རྐྱེན་གྱི་རྣམ་པ་བཞི་ལ་དམིགས་ནས། ཤེས་པའི་རྣམ་པ་སྡུག་བསྔལ་ཤེས་བྱ། ཀུན་འབྱུང་སྤང་བྱ། ལམ་བསྟེན་བྱ། འགོག་པ་ཐོབ་བྱའི་ཚུལ་གྱིས་ཤེས་པར་བྱ་བ་དང་། སྡུག་བསྔལ་བས་སྤང་བྱ་དང་། སྟོང་པ་དང་། བདག་མེད་པར་རྟོགས་པའི་རྣམ་པས། ལམ། རིག་པ། བསྒྲུབ་པ། ངེས་པར་འབྱིན་པས། འགོག་པ། ཞི་བ། གྱ་ནོམ་པ། བདག་མེད་པའི་ངང་ཚུལ་བསྒོམ་པས། ཁམས་གསུམ་གྱི་མཐོང་བ་དང་། བསྒོམ་པས་སྤང་བར་བྱ་བ་བཞི་བརྒྱ་དང་བཅུ་བཞི་སྤངས། ཟད་པ་དང་། མི་སྐྱེ་བ་ཤེས་པའི་ཡེ་ཤེས་དམ་པ་མངོན་དུ་རྟོགས་ནས་གྲོལ་བར་འདོད་པའོ། །གྲུབ་མཐའ་གཉིས་ཀའང་ལམ་བསྒོམ་དུས་ལམ་ལྔ་སྐྱེ་བའི་རིམ་པས་ནན་ཏན་དུ་བྱེད་པ་ན། དུག་གསུམ་སྤྱིའི་གཉེན་པོར་བདག་མེད་པ་དང་སྒྱུ་མ་བསྒོམ་ལ། སོ་སོའི་གཉེན་པོར། འདོད་ཆགས་ལ་མི་གཙང་བའི་རྫས་བརྒྱད་དང་། ཀེང་རུས་བསྒོམ་ལ། ཞེ་སྡང་ལ་བྱམས་པ་དང་། གཏི་མུག་ལ་རྟེན་འབྲེལ་འབྱུང་ལྡོག་བསྒོམ་ཞིང་། རྣམ་རྟོག་གི་གཉེན་པོར་དབུགས་འབྱུང་རྔུབ་བགྲང་གཞི་གཞལ་དུ་བསྒོམ་མོ། །དེའི་བདག་མེད་བསྒོམ་པའང་ཡུལ་དང་ཡུལ་ཅན་འགགས་པའི་འགོག་པ་ཅི་ཡང་མི་དམིགས་པའི་དོན་བསྒོམ་ཞིང་། བྱིང་རྨུགས་གཏི་མུག་གི་གཉེན་པོར་སྤྱི་གཙུག་ཏུ་མར་མེ་ལ་སེམས་གཏོད་པའོ། །དེ་ལྟར་བྱས་པས། དབང་པོ་རྟུལ་འབྲིང་ཡིན་ཡང་བརྩོན་འགྲུས་ཆེན་པོ་དང་ལྡན་ན་ཚེ་དེ་ཉིད་ཀྱིས་འབྲས་བུ་ཐོབ་ལ། རྣོན་པོ་དང་། བྱང་ཆུབ་སེམས་དཔའ་ཁ་ཅིག་ལམ་ལྔ་སྔོན་སོང་གི་ཚོགས་མང་དུ་བསགས་པའི་རྟེན་ལ་སྟན་ཐོག་གཅིག་ཏུ་


JL00_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ལྔ་རྫོགས་པར་འདོད་པའོ། །དེའང་ཉན་ཐོས་ཀྱི་ཐེག་པ་ནས། རང་ལམ་དེ་བློ་ཆུང་བ་དང་། འབྲིང་དང་། ཆེ་བས་ཉན་ཐོས་དང་། རང་སངས་རྒྱས་དང་། སངས་རྒྱས་ཀྱི་བྱང་ཆུབ་གསུམ་འགྲུབ་པར་འདོད་ཀྱིས། སྔགས་ཀྱི་ལམ་ལྟ་ཅི་ཐེག་པ་ཆེན་པོ་ཞེས་བྱ་བ་ཡང་མི་འདོད་ཅིང་བློར་མི་ཆུད་པས་ན་བདག་ཅག་གི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེས་རིགས་ཅན་གསུམ་གྱི་ཐེག་པ་རྣམ་པར་བཞག་པའོ། །རང་སངས་རྒྱས་ཀྱི་ཐེག་པའི་ངོ་བོ་ནི། བསེ་རུ་དང་ཚོགས་སྤྱོད་ཆེ་ཆུང་གི་དབྱེ་བས་ཚོགས་བསྐལ་ཆེན་བརྒྱ་ནས་མི་ཚེ་བཅོ་ལྔ་ཡན་ཆད་ཀྱི་བསྡུས་པ་བསགས་པའི་རྟེན་དེ་ཉིད་ལ་བྱང་ཆུབ་ཐོབ་པའི་སྐལ་བ་མེད་པར་རིགས་ནས། ཉན་ཐོས་ཀྱི་སྡེ་སྣོད་ལ་ཐོས་བསམ་མཁས་པར་བྱས་ཏེ། སྨོན་ལམ་རྣམ་པ་གསུམ་བཏབ་པ་ལ་བརྟེན། སྐྱེ་བ་དེའི་འོག་ཏུ་སངས་རྒྱས་དང་ཉན་ཐོས་མེད་པའི་འཇིག་རྟེན་དུ་སྐྱེས་ནས་སློབ་དཔོན་ལ་མ་བརྟེན་པར་སྲིད་པ་ཐ་མའི་ཚེ་མངོན་དུ་བྱེད་པའི་ཐབས་བདག་མེད་ཕྱེད་དང་གཉིས་རྟོགས་པའི་རང་བཞིན་ཅན་ནོ། །ངེས་ཚིག་ནི་སེམས་ཅན་མང་པོའི་དོན་དུ་སེམས་མི་བསྐྱེད་པར་རང་ཉིད་གཅིག་པུ་སངས་རྒྱས་སུ་འདོད་པའོ། །དགོས་པ་ནི་འཁོར་བ་ལས་ཐར་པའི་བྱང་ཆུབ་འབྲིང་ཐོབ་པའོ། །འབྲས་བུ་ནི་དགྲ་བཅོམ་གཉིས་སོ། །དབྱེ་ན་ནེ་ཙོ་ལྟར་ཁྱུས་འཚོ་བ་དང་། བསེ་རུ་ལྟར་གཅིག་པུར་གནས་པ་གཉིས་ལས། ནེ་ཙོ་ལྟ་བུ་ནི་རྟེན་འབྲེལ་ལུགས་ལྡོག་ཏུ་བསྒོམ་སྟེ་དུར་ཁྲོད་དུ་སོང་ནས་རུས་པ་མཐོང་མ་ཐག་ཡིད་བྱུང་ནས། ཀྱེ་མ་རུས་པ་འདི་དག་ཅི་ལས་བྱུང་། རྒ་ཤི་ལས་བྱུང་། རྒ་ཤི་ཅི་ལས་བྱུང་སོགས་རྟེན་འབྲེལ་ལུགས་འབྱུང་དུ་བརྟགས་པའི་མཐར། འདི་ལས་ཇི་ལྟར་ཐར་བར་བྱ་སྙམ་པ་ལས། ཡང་མ་རིག་པ་འགགས་ནས་རྒ་ཤིའི་བར་དུ་


JL00_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

འགག་པའི་རྟེན་འབྲེལ་ལུགས་ལྡོག་རྩ་བ་ཆོད། བདག་མེད་ཕྱེད་དང་གཉིས་རྟོགས་པ་གཞིར་བྱས་ཏེ། སྦྱོར་ལམ་ལ་སོགས་པའི་ལམ་གྱི་རྟོགས་པ་རང་བྱུང་དུ་རྒྱུད་ལ་སྐྱེས་ནས་བསྒོམ་ལམ་གྱི་མཐར་ཟད་པ་དང་། མི་སྐྱེ་བ་ཤེས་པའི་ཡེ་ཤེས་གཉིས་མངོན་དུ་བྱས་ནས་དགྲ་བཅོམ་ཐོབ་པའོ། །བསེ་རུ་ལྟ་བུ་ནི། དམིགས་ཡུལ་བདེན་པ་བཞིས་བསྡུས་པའི་ཆོས་རྣམས་ལ་རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་དུ་བསྒོམས་པས། ཁམས་གསུམ་པའི་ཕྲ་རྒྱས་ཐམས་ཅད་སྤང་བར་འདོད་དོ། །དེ་ཡང་མ་རིག་པའི་རྒྱུ་ལས་འདུ་བྱེད། དེ་ལས་རྣམ་པར་ཤེས་པ་ནས་རྒ་ཤིའི་བར་ལ་སྔ་ཕྱི་རྒྱུ་འབྲས་སུ་ཤེས་ནས། ལྟ་བ་གང་ཟག་གི་བདག་དང་། ཆོས་བདག་གི་ཕྱེད་ཕྱི་བཟུང་བ་རྡུལ་ཕྲན་ཆ་བཅས་དང་ཆ་མེད་གཉིས་ཀ་མེད་པར། གཟུགས་བརྙན་ལྟར་རང་བཞིན་གྱིས་ངོ་བོ་མེད་ཅིང་མ་སྐྱེས་པར་རྟོགས་པའོ། །དེའང་ཆོས་བདག་ལ་ཕྱི་གཟུང་བ་དང་། ནང་གཉེན་པོར་འཛིན་པའི་ཤེས་པ་གཉིས་བདེན་པར་སྒྲོ་བཏགས་པ་ཡིན་ལ། གང་ཟག་གི་བདག་ནི་ཕུང་པོ་ལྔས་བསྡུས་པའི་ཆོས་ལ་སྤང་བྱའི་ཤེས་པར་དང་ང་ཡིར་འཛིན་པ་སྟེ། གང་ཟག་དང་ཆོས་ཀྱི་བདག་ཅེས་བྱའོ། །འཕགས་པ་ཉན་ཐོས་ཀྱིས་གང་ཟག་གི་བདག་མེད་རྟོགས་ཀྱང་ཆོས་ཀྱི་མ་རྟོགས། རང་སངས་རྒྱས་ཀྱི་དེའི་སྟེང་དུ་ཆོས་ཀྱི་ཕྱེད་ཕྱི་གཟུང་བ་མེད་པར་རྟོགས་ཀྱང་། ནང་འཛིན་པ་མེད་པར་མ་རྟོགས་སོ། །དེའི་རང་བཞིན་གོ་བདེ་བར་བརྗོད་ན། གཟུང་བ་ཆོས་ཀྱི་བདག་མེད་ནི། །ཕྱི་རོལ་གྱི་ཡུལ་ཐམས་ཅད་རང་བཞིན་མེད་པར་བསྒོམ་པའོ། །འཛིན་པ་ཆོས་ཀྱི་བདག་མེད་ནི། འཛིན་བྱེད་ཀྱི་ཤེས་པ་སྐྱེ་འགག་གནས་གསུམ་དང་བྲལ་བའི་སྐྱེ་མེད་སྟོང་པ་ཉིད་དེ། ཕྱི་མ་འདི་ཐེག་པ་ཆེན་པོས་རྟོགས་པ་ཡིན་པས་ཉན་རང་གིས་མ་རྟོགས་པའི་ཕྱིར་ཆོས་ཀྱི་བདག་མེད་ལ་ཕྱེད་སྒྲ་


JL00_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་པའོ། །རང་སངས་རྒྱས་རིགས་གཉིས་ཀའང་ལུས་ཀྱི་བརྡའི་སྒོ་ནས་ཆོས་སྟོན་གྱིས། ངག་གི་སྒོ་ནས་མི་སྟོན་པའོ། །དེ་ཡང་ཉན་རང་གཉིས་ཀ་ལ་དཀར་པོ་རྣམ་པར་མཐོང་བའི་ས་ལ་སོགས་པ་དམན་པའི་ས་བརྒྱད་བཤད་དེ། དེ་ལ་བརྟེན་ནས་རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་སྟེ། རེ་རེ་ལ་ཞུགས་པ་དང་། གནས་པ་གཉིས་གཉིས་སུ་ཕྱེ་བས་སྐྱེས་བུ་ཆེན་པོའི་རིམ་པ་བརྒྱད་དམ་ཟུང་བཞི་ཡ་བརྒྱད་ཅེས་ཀྱང་གྲགས་པའོ། །བྱང་ཆུབ་སེམས་དཔའ་ལ་ནི་རབ་ཏུ་དགའ་བ་ལ་སོགས་པའི་ས་བཅུ་ལའང་དགེ་སྦྱོང་གི་འབྲས་བུ་བཞི་ཡོད་པར་བཤད་པ་ལ་སོགས་ནི་རྒྱལ་བ་གཉིས་པའི་ལུགས་རྣམ་པར་བཞག་པ་ཡིན་ནོ། །དེ་ཡང་དགྲ་བཅོམ་པ་ཞེས་པ་ནི་ཡེ་ཤེས་གཉིས་ལྡན་གྱི་འབྲས་བུ་ཡིན་ཏེ། གང་ཞེ་ན་ཟད་པ་དང་། མི་སྐྱེ་བ་ཤེས་པའོ། །དེ་ལྟར་ཉན་རང་གི་དགྲ་བཅོམ་དེ་དག་ལྷག་མེད་དུ་འདས་ནས་འགོག་པའི་དབྱིངས་ལ་བཞུགས་པ་ཉིད། རང་གི་ལུགས་ལ་རྟག་པར་མི་གཡོ་བར་འདོད་ཀྱང་། ཐེག་ཆེན་པས་ཡས་གཞལ་ན། སྔར་ཚོགས་ཇི་ཙམ་བསགས་པའི་ཡུན་དུ་བློའི་འཇུག་པ་ཞི་བར་ཐིམ་ཡང་། དེ་ནས་བདེ་བ་ཅན་ལ་སོགས་པའི་དག་ཞིང་དུ་པདྨོའི་སྦུབས་སུ་སྐྱེ་བ་བཟུང་ནས་མ་རིག་པའི་བག་ཆགས་དང་། ཤེས་བྱའི་སྒྲིབ་པ་ཕྲ་མོའི་མཐུས་ལོ་བདུན་དུ་པདྨོ་ཁ་ཟུམ་ནས་གནས་པ་ལ། ཞིང་དེའི་སངས་རྒྱས་ཀྱི་ཐུགས་རྗེའི་མཐུས་པདྨོ་ཁ་འབྱེད་ཅིང་། ཏིང་ངེ་འཛིན་དེ་ལས་བསླང་བས། ཐེག་པ་ཆེན་པོ་ལ་འཇུག་པའི་སྤྲོ་བ་སྐྱེས་ནས་ལམ་བསྒོམ་པས་སྐུ་ཚེ་དེ་ཉིད་ལ་འཚང་རྒྱ་བ་ནི། པདྨ་དཀར་པོ་ལས། ཉན་ཐོས་དེ་དག་ཇི་སྲིད་དུ། །སངས་རྒྱས་རྣམས་ཀྱིས་མ་


JL00_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུལ་བ། །དེ་སྲིད་ཡེ་ཤེས་ལུས་གཅིག་གིས། །ཏིང་འཛིན་མྱོས་པས་བརྒྱལ་ཏེ་གནས། །བསྐུལ་ནས་སྣ་ཚོགས་གཟུགས་ཀྱིས་ནི། །སེམས་ཅན་དོན་ལ་ཆགས་འབྱུང་ཞིང་། །བསོད་ནམས་ཡེ་ཤེས་ཚོགས་བསགས་ཏེ། །སངས་རྒྱས་བྱང་ཆུབ་ཐོབ་པར་འགྱུར། །ཞེས་པ་དང་མཐུན་པ་ལང་ཀར་གཤེགས་པ་ལས་ཀྱང་བཤད་དོ། །དེ་ལྟ་བུའི་མྱ་ངན་ལས་འདས་པ་ཐོབ་པའི་བར་ཆད་དུ་གྱུར་པ་ནི་འཇིག་རྟེན་ན་ལུང་མ་བསྟན་པ་བཅུ་བཞིར་གསུངས་པ་སྟེ། འདི་ལྟར་འཇིག་རྟེན་རྟག་པ་དང་། མི་རྟག་པ་དང་། རྟག་པ་ཡང་ཡིན། མི་རྟག་པ་ཡང་ཡིན་པ་དང་། རྟག་པ་ཡང་མ་ཡིན། མི་རྟག་པ་ཡང་མ་ཡིན་པ་དང་། འཇིག་རྟེན་མཐའ་དང་ལྡན་པ་དང་། འཇིག་རྟེན་མཐའ་དང་མི་ལྡན་པ་དང་། མཐའ་དང་ལྡན་པ་ཡང་ཡིན། མཐའ་དང་མི་ལྡན་པ་ཡང་ཡིན་པ་དང་། མཐའ་དང་ལྡན་པ་ཡང་མ་ཡིན་མཐའ་དང་མི་ལྡན་པ་ཡང་མ་ཡིན་པ་དང་། དེ་བཞིན་གཤེགས་པ་ཤི་ཕན་ཆོད་ཡོད་པ་དང་། དེ་བཞིན་གཤེགས་པ་ཤི་ཕན་ཆད་མེད་པ་དང་། དེ་བཞིན་གཤེགས་པ་ཤི་ཕན་ཆད་ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་པ་དང་། དེ་བཞིན་གཤེགས་པ་ཤི་ཕན་ཆད་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པ་དང་། སྲེག་གང་ཡིན་པ་དེ་ལུས་ཡིན་པ་དང་། སྲོག་ཀྱང་གཞན་ལ་ལུས་ཀྱང་གཞན་ཞེས་བྱ་བ་སྟེ། དངོས་པོ་བཅུ་བཞི་པོ་འདི་དག་དྲིས་ན་ལུང་མ་བསྟན་པར་བྱ་བ་ཡིན་པས་དེ་དག་གི་བློ་ཞི་བར་མི་ནུས་པས་བསམ་པར་མི་བྱེད་པའི་ཚུལ། བཤེས་སྤྲིང་ལས། ལུང་མ་བསྟན་པ་བཅུ་བཞི་འཇིག་རྟེན་ན། །ཉི་མའི་གཉེན་གྱིས་རབ་གསུངས་གང་དག་ལགས། །དེ་དག་རྣམས་ལ་བསམ་པར་མི་བགྱི་སྟེ། །དེ་ཡིས་བློ་འདི་ཞི་བར་བགྱིད་མ་ལགས། །ཞེས་སོ། །འོ་ན་གང་ཞིག་བསམ་པས་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་མཐའ་དག་སྐྱེ་བར་


JL00_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ན། རྟེན་ཅིང་འབྲེལ་བར་འབྱུང་བ་ཡན་ལག་བཅུ་གཉིས་པོ་འདིས་རྒྱལ་བ་བདེན་པར་སྨྲ་བའི་ཆོས་ཀྱི་དེ་ཉིད་རྣམ་པར་རིག་ཅིང་གྲུབ་པའི་མཐའ་ཐམས་ཅད་གཏན་ལ་འབེབས་པའི་མཛོད་ཡིན་པར་སྟོན་པའི་ཕྱིར། རྟེན་ཆོས་ཀུན་གྱི་རྩ་བ་མ་རིག་པ། དེ་ལས་འདུ་བྱེད་རྣམ་ཤེས་མིང་དང་གཟུགས། །དེ་ལས་སྐྱེ་ཤིང་མཆེད་པ་རྣམ་པ་དྲུག །དེ་ལས་རེག་པ་དེ་ལས་ཚོར་བ་སྟེ། །དེ་ལས་སྲེད་པ་སྲེད་ལས་ལེན་པ་དང་། །དེ་ལས་སྲིད་པ་སྲིད་ལས་སྐྱེ་བ་སྟེ། །སྐྱེ་བ་ཡོད་ན་འདོད་པས་ཕོངས་པ་དང་། །མྱ་ངན་ན་རྒ་འཆི་སོགས་སྡུག་བསྔལ་གྱི། །ཕུང་པོ་ཤིན་ཏུ་ཆེ་བ་གྲུབ་པའི་ཕྱིར། །སྐྱེ་བ་འགགས་པས་ཐམས་ཅད་འགག་འགྱུར་བའི། །རྟེན་ཅིང་འབྲེལ་འབྱུང་རྒྱུ་འབྲས་ཟབ་མོ་ནི། །རྒྱལ་བ་བདེན་པར་སྨྲ་བའི་གསུང་གི་མཛོད། །ཅེས་སྨོས་ནས། མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་གྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། །དེ་བཞིན་དུ་སྦྱར་ནས་སྐྱེ་བའི་རྐྱེན་གྱིས་རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། ཡིད་མི་བདེ་བ་ལ་སོགས་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་ཐམས་ཅད་འབྱུང་བས་ན། བཤེས་སྤྲིང་ལས། སྐྱེ་བ་བཟང་པོ་མ་ལགས་སྐྱེ་བ་ནི། །གནོད་པ་དུ་མའི་སྣོད་གྱུར་ལགས་མཁྱེན་མཛོད། །ཅེས་སོགས་གསུངས་པ་བཞིན་ནོ། །དེ་ལྟར་ལུགས་ལས་འབྱུང་བའི་རྟེན་འབྲེལ་དེ་ཉིད་ལྡོག་པར་བྱས་པས་སྐྱེ་བ་འགག་པར་འགྱུར་ཏེ། སྐྱེ་བ་འགགས་པས་རྒ་བ་དང་འཆི་བ་ལ་སོགས་སྡུག་བསྔལ་གྱི་ཕུང་པོ་འབའ་ཞིག་པ་འདི་འགག་པར་འགྱུར་ལ། དེ་བཞིན་དུ་སྐྱེ་བ་འགགས་པས་སྲིད་པ་འགག་པར་འགྱུར་ལ། མ་རིག་པ་འགགས་པས་འདུ་བྱེད་འགགས་


JL00_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བར་དུ་འགྱུར་རོ། །མ་རིག་པ་ནི། མདོ་སྡེ་ནས་གང་སྔོན་གྱི་མཐའ་མི་ཤེས་པ་ཞེས་བྱ་བ་ལ་སོགས་བསྟན་ཀྱང་། དོན་ལ་སོ་སོ་རང་རིག་གི་ཡེ་ཤེས་ཀྱི་བདེན་པ་རྣམས་མི་ཤེས་པ་དེ་ནི་དོན་དམ་པར་མ་རིག་པ་ཡིན་ནོ། །བྱིས་པ་མ་རིག་པ་དེ་དང་ལྡན་པའི་ལས་དགེ་བ་དང་། མི་དགེ་བ་དང་། མི་གཡོ་བ་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཡིན་ནོ། །དེ་སྐད་དུ་རྩ་ཤེ་ལས། མ་རིག་པས་སྒྲིབ་ཡང་སྲིད་ཕྱིར། །འདུ་བྱེད་རྣམ་པ་གསུམ་པོ་དག །མངོན་པར་འདུ་བྱད་གང་ཡིན་པའི། །ལས་དེ་དག་གི་འགྲོ་བར་འགྲོ། །ཞེས་སོ། །དེ་ཡང་འདུ་བྱེད་ཀྱིས་གང་བྱས་པ་དང་མཐུན་པའི་རྣམ་པར་འགྲོ་བ་གང་རུང་དུ་འགྲོ་ཞིང་དེའི་ཤེས་པ་བསྐྱེད་པ་ནི་རྣམ་པར་ཤེས་པའོ། །མདོ་ལས་ནི་འབྲས་བུ་རྒྱུས་བསྟན་པའི་དབང་དུ་མཛད་ནས། རྣམ་པར་ཤེས་པ་ཚོགས་དྲུག་གོ །ཞེས་གསུངས་སོ། །རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ནི་ཕྲ་བ་ཉིད་ཀྱིས་རང་གི་ངོ་བོ་བསྟན་པར་བྱ་བ་མ་ཡིན་ཏེ། འབྲས་བུ་བསྟན་པའོ། །རྣམ་པར་ཤེས་པ་དེ་ཡང་རང་གི་འགྲོ་བ་དེར་འཇུག་དུས་ཁུ་རྡུལ་རླུང་སེམས་འདུས་པའི་ཆ་དེར་ཞུགས་པ་ལས་འདུ་བྱེད་རྣམས་ཀྱིས་རིམ་པ་གང་གིས་མིང་གཟུགས་ལ་སོགས་པ་མངོན་པར་འགྲུབ་པར་བྱེད་པ་འཕངས་པའི་རིམ་པ་དེ་ཁོ་ནས་རྐྱེན་དུ་གྱུར་པའི་ཕྱིར་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་བྱ་བ་ནས་རེག་པའི་རྐྱེན་གྱིས་ཚོར་བ་ཞེས་བྱ་བའི་བར་གྱིས་བཤད་དོ། །མིང་དང་གཟུགས་ནི། མའི་མངལ་དུ་ཉིང་མཚམས་སྦྱོར་བའི་གནས་སྐབས་ནས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད། རྣམ་པར་ཤེས་པ་སྟེ་གཟུགས་ཅན་མ་ཡིན་པའི་ཕུང་པོ་བཞི་ནི་མིང་ཡིན་ལ། དེ་དག་འབྱུང་བ་དང་རྒྱུར་བྱས་པའི་གཟུགས་ཅི་རིགས་པར་སྦྱོར་རོ། །དེ་ལ་ཕུང་པོ་བཞི་ནི་ཡུལ་ལ་འགྲོ་བ་ཉིད་དང་ཡང་སྲིད་པར་འཁྲིད་


JL00_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་མིང་ཉིད་ཡིན་ནོ། །འབྱུང་བ་དང་རྒྱུར་བྱས་པའི་གཟུགས་ནི་ཚ་གྲང་ལ་སོགས་པས་འགྱུར་བ་བསྐྱེད་པའི་ཕྱིར་གཟུགས་ཉིད་ཡིན་ནོ། །མིང་དང་གཟུགས་དེ་ཉིད་རྣམ་པར་འཕེལ་བས་རིམ་གྱིས་མིག་དང་རྣ་བ་ལ་སོགས་སྐྱེ་བའི་གནས་སྐབས་ནི་སྐྱེ་མཆེད་དྲུག་གི་རྐྱེན་དུ་འགྱུར་ཏེ། གནས་སྐབས་དེ་ནི་སྐྱེ་མཆེད་དྲུག་རྫོགས་པར་འགྱུར་བས་སོ། །སྐྱེ་མཆེད་དྲུག་ཉིད་ནི་སེམས་དང་སེམས་ལས་བྱུང་བ་རྣམས་སྐྱེ་བའི་སྒོའི་དོན་གྱིས་སོ། །སྐྱེ་མཆེད་དྲུག་པོ་དེ་དག་ཡོངས་སུ་སྨིན་པ་དང་། དབང་པོ་དང་། ཡིད་ལ་བྱེད་པ་དང་། ཡུལ་གསུམ་འདུས་ཤིང་མངོན་དུ་གྱུར་པ་ལས་རེག་པ་སྐྱེ་སྟེ། དཔེར་ན་གཟུགས་དང་། མིག་དབང་དང་། མིག་ཤེས་གསུམ་འདུས་པ་ལས་མིག་གི་འདུས་ཏེ་རེག་པ་སྐྱེ་བ་ལྟར། མིང་གཟུགས་རྣམ་ཤེས་གསུམ་ལས་མངལ་དུ་རེག་པ་སྐྱེ་བའི་རྟེན་གྱི་བྱེ་བྲག་གི་སྐྱེ་མཆེད་རྣམ་པ་དྲུག་ཁོ་ནའོ། །གཞན་ཡང་བདེ་བ་མྱོང་བར་འགྱུར་བ་ལ་སོགས་པའི་རེག་པ་ཅི་འདྲ་བ་དེ་དང་དེ་འདྲ་བར་བདེ་བ་དང་། སྡུག་བསྔལ་དང་། གཉིས་ཀ་མ་ཡིན་པའི་ཚོར་བ་སྐྱེའོ། །དེ་ལྟར་ནང་དུ་འདུ་བྱེད་རྣམས་ཀྱིས་འཕགས་པའི་ཡན་ལག་སྲེད་པ་དང་ལེན་པས་མངོན་པར་བརླན་པ་ནི་འཆི་བའི་དུས་ནི་སྲེད་པར་འགྱུར་རོ། །དེ་ནས་ཇི་ལྟར་འཕངས་པའི་རིམ་པས་སྐྱེ་བར་ཡང་འགྱུར། རྒ་བ་དང་འཆི་བར་ཡང་འགྱུར་རོ། །དེ་ལ་སྲེད་པའི་མཚན་ཉིད་ནི་ཚོར་བ་ལས་སྲེད་པ་འཕེལ་ཏེ་བུར་ཤིང་གི་མངར་བ་ཚོར་བས་དེའི་རོ་ལ་སྲེད་པའམ། དེ་ལས་ལྡོག་པ་སྟེ། ཚོར་བ་བདེ་བ་ནི་མི་འབྲལ་བར་འདོད། སྡུག་བསྔལ་ནི་འབྲལ་བར་འདོད། གཉིས་ཀ་མ་ཡིན་པ་ལ་གཉིས་ཀར་མི་འདོད་པའོ། །དེ་ཡང་མདོ་ལས་འདོད་པ་དང་། གཟུགས་དང་


JL00_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་མེད་ན་སྤྱད་པའི་བྱེ་བྲག་གིས་རྣམ་པ་གསུམ་དུ་བསྟན་ཏོ། །ལེན་པ་ནི་ཉེ་བར་ལེན་པ་སྟེ་འདོད་པ་ལ་སོགས་པ་ལ་འདུན་པའི་འདོད་ཆགས་གང་ཡིན་པའོ། །མདོ་ལས་ནི་དམིགས་པའི་བྱེ་བྲག་གི་འདོད་པ་དང་། ལྟ་བ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་དང་། བདག་ཏུ་བལྟ་བའི་ཉེ་བར་ལེན་པ་ཞེས་བྱ་བ་རྣམ་པ་བཞིར་བསྟན་ཏེ། འདུན་པའི་འདོད་ཆགས་དེས་འདོད་པ་ལ་སོགས་པ་ཉེ་བར་བླངས་པར་འགྱུར་བས་སོ། །སྲེད་པ་དང་ལེན་པ་གཉིས་ལ་ཁྱད་པར་འདི་ཡོད་དེ། ཁྱད་པར་མེད་པ་ཡང་སྲིད་པ་མངོན་པར་འདོད་པ་ནི་སྲེད་པའོ། ཁྱད་པར་དུ་མངོན་པར་འདོད་པ་ནི་ལེན་པའོ། །ཡང་ན་རིང་བའི་རྒྱུ་སྲེད་པ་དང་། ཉེ་བའི་རྒྱུ་ལེན་པ་ཡིན་པར་རིགས་པར་བྱའོ། །འདུ་བྱེད་ཀྱི་ས་བོན་སྲེད་པ་དང་ལེན་པས་མངོན་པར་བརླན་པ་དེ་ཉིད་འབྲས་བུ་བསྐྱེད་པར་མངོན་དུ་ཕྱོགས་པ་ནི་སྲིད་པ་ཞེས་བྱ་སྟེ་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་ཕུང་པོ་ལྔ་ནི་སྲིད་པ་ཡིན་ནོ། །མདོ་ལས་ནི་སྔ་མ་བཞིན་དུ་ཁམས་གསུམ་པའི་སྲིད་པ་ཞེས་གསུངས་སོ། །འོན་ཀྱང་འདིར་ནི་འདས་པའི་སྲིད་པ་ཁོ་ན་ཡིན་པར་བཟུང་ངོ་། །སྲིད་པའི་མཇུག་ཐོགས་སུ་སྐྱེ་བ་ཡིན་ཏེ། མིང་དང་གཟུགས་ཀྱི་རིམ་གྱིས་ཚོར་བའི་བར་ཉིད་དོ། །སྐྱེས་ནས་ནི་རྒ་བ་དང་། འཆི་བ་ལ་སོགས་པར་འགྱུར་རོ། །ཡང་ཡན་ལག་བཅུ་གཉིས་མདོར་བསྡུས་ན། ཡན་ལག་བཞིར་ནི་བགྲངས་པ་སྟེ། །གསུམ་དང་བཞི་དང་གསུམ་དང་ནི། །གཉིས་པོ་དག་སྟེ་གོ་རིམ་བཞིན། །ཞེས་པ་ལྟར་འཕེན་པར་བྱེད་པའི་ཡན་ལག་དང་། འཕངས་པའི་ཡན་ལག་དང་། མངོན་པར་འགྲུབ་པར་བྱེད་པའི་ཡན་ལག་དང་། མངོན་དུ་འགྲུབ་པར་བྱེད་པའི་ཡན་ལག་གོ །ཞེས་རེ་ཞིག་སྐྱེ་བ་


JL00_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་རྣམ་པར་བཞག་པའི་དབང་དུ་མཛད་ནས་བཤད་དོ། །མདོ་ལས་ནི་མ་རིག་པ་དང་འདུ་བྱེད་འདི་ནི་སྔོན་གྱི་མཐའ་བའི་འཕེན་པར་བྱེད་པ་ཡིན་ནོ་ཞེས་འབྱུང་བའི་ཕྱིར། ཡན་ལག་བཅུ་གཉིས་སྐྱེ་བ་གསུམ་དུ་རྣམ་པར་བཞག་པའི་ཚུལ། མ་རིག་པ་དང་འདུ་བྱེད་ནི་འདས་པའི་སྐྱེ་བའོ། །རྣམ་པར་ཤེས་པ་ནས་སྲིད་པའི་བར་དུ་ནི་ད་ལྟར་འབྱུང་བའི་སྐྱེ་བའོ། །སྐྱེ་བ་དང་རྒ་བ་ནི་མ་འོངས་པའི་སྐྱེ་བའོ། །དེ་ལས་འདས་པའི་སྐྱེ་བ་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་བྱས་པ་རྣམས་ཀྱིས་སྐྱེ་བ་འདི་ལ་ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པ་ནས་བཟུང་སྟེ། ཚོར་བའི་བར་གྱིས་རྣམ་པར་སྨིན་པ་འགྲུབ་ལ། ད་ལྟར་བྱུང་བའི་སྲེད་པ་དང་། ལེན་པ་དང་། སྲིད་པ་རྣམས་ཀྱིས་མ་འོངས་པའི་སྐྱེ་བ་ལ་སོགས་པ་བསྐྱེད་དོ། །སྐྱེ་བ་གསུམ་རྣམ་པར་བཞག་པའི་དགོས་པ་ནི། སྔོན་དང་ཕྱི་མའི་མཐའ་དང་། བར་དག་ལ་ཀུན་ཏུ་རྨོངས་པ་རྣམ་པར་བཟློག་པ་ཡིན་ནོ། །ཞེས་གསུངས་སོ། །ཡང་རྟེན་ཅིང་འབྲེལ་བར་འབྱུང་བ་དེ་ལམ་གསུམ་དུ་བཞག་པ་ནི། མ་རིག་པ་དང་སྲེད་པ་དང་ལེན་པ་རྣམས་ཉོན་མོངས་པའི་ལམ་མོ། །འདུ་བྱེད་དང་སྲིད་པ་ནི་ལས་ཀྱི་ལམ་མོ། །ཡན་ལག་ལྷག་མ་རྣམས་ནི་རྣམ་པར་སྨིན་པའི་ལམ་མོ། །ཞེས་སློབ་དཔོན་བློ་གྲོས་ཆེན་པོས་ལུང་དང་ཡང་བསྟུན་ནས་བཤད་པ་ཡིན་ནོ། །དེ་ལྟ་བུའི་རྟེན་འབྲེལ་རྒྱུན་ཆགས་ཀྱི་ངོས་ནས་རྫོགས་ཚུལ་ནི། སེམས་ཙམ་པས་རྒྱུ་འབྲས་ཚར་གཅིག་ཚེ་གཉིས་ལ་རྫོགས་པར་འདོད་དེ། ཚེ་སྔ་མ་ལ་མ་རིག་པ། འདུ་བྱེད། རྣམ་ཤེས། སྲེད་པ། ལེན་པ། སྲིད་པ་སྟེ་རྒྱུ་དྲུག་རྫོགས་ནས། འདིར་ལྷག་མ་དྲུག་འབྲས་བུའི་ཚུལ་དུ་རྫོགས་པའོ། །དེ་དག་ནི་ནང་གི་རྟེན་འབྲེལ་ཏེ། ཕྱིའི་རྟེན་འབྲེལ་ས་བོན་ལ་


JL00_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་ནས་མྱུ་གུ་འབྱུང་བ་ལ་སོགས་པས་མཚོན་འཁོར་འདས་ཐམས་ཅད་རྟེན་ཅིང་འབྲེལ་འབྱུང་གི་ཆོས་ཉིད་དུ་གཏན་ལ་ཕེབས་པ་ཡིན་པས་ན། དེ་བཞིན་གཤེགས་པའི་གསུང་གི་གཅེས་པར་གྱུར་བ་དང་། གང་གིས་འདི་ཤེས་པ་དེས་སྟོན་པའི་བསྟན་པ་ཡང་དག་པར་རྟོགས་པ་ཡིན་ནོ། །ཞེས་ཐུན་མོང་གི་གཞུང་དང་མཐུན་པར་བསྟན་པ་དེ། ཇི་སྐད་དུ་དགེ་སློང་དག །གང་གིས་སཱ་ལུ་ལྗངས་པ་འདི་ཤེས་པ་དེས་རྟེན་ཅིང་འབྲེལ་བར་འབྱུང་བ་ཤེས་སོ། །གང་གིས་རྟེན་ཅིང་འབྲེལ་བར་འབྱུང་བ་ཤེས་པ་དེས་ཆོས་ཤེས་སོ། །གང་གིས་ཆོས་ཤེས་པ་དེས་སངས་རྒྱས་ཤེས་སོ། །གསུངས་པ་ལྟ་བུ་ཡིན་ནོ། །དེ་ལྟ་ནའང་། དམན་པའི་ལམ་དེ་དག་ནི་རེ་ཞིག་ཐེག་པ་ཆེན་པོའི་འབབ་སྟེགས་ཙམ་ཡིན་ཏེ། འོད་སྲུང་གིས་ཞུས་པའི་མདོ་ལས། དེ་དག་གི་རྟོག་པའི་སྟོང་པ་ཉིད་ནི་ཡུངས་འབྲུ་སྲིན་གྱིས་ཟོས་པའི་ནང་གི་ནམ་མཁའ་ལྟ་བུའོ། །ཅེས་དང་། ཡུམ་ལས་ཉན་ཐོས་ཀྱི་ས་ལ་མྱ་ངན་ལས་འདའ་བར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཞེས་པས་དོན་དམ་པར་ཆོས་ཉིད་སྐྱེ་བ་མེད་པ་ཡོངས་གྲུབ་ཆེན་པོའི་ལམ་ནས་མྱ་ངན་ལས་འདའ་བའི་གནས་གང་ཡིན་པ་འཐོབ་པར་འགྱུར་རོ་ཞེས་སྟོན་པའི་ཕྱིར། དེ་ལྟ་མོད་ཀྱི་སྲིད་པར་འདུ་བྱེད་པའི། །མཐོ་དམན་ལས་དང་དཀར་ནག་རྒྱུ་འབྲས་ཆོས། །ཀུན་ལས་འདས་པ་ཞི་བ་དམ་པའི་དངོས། །སྐྱེ་བ་མེད་པའི་ཆོས་ཉིད་རྟོགས་ལས་འབྱུང་། །འདི་ལྟར་འཁོར་བར་འདུ་བྱེད་པའི་རྒྱུའི་གཙོ་བོ་ནི་མ་རིག་པ་ལས་བྱུང་བའི་ལས་ཀྱི་མཐས་སྲིད་པའི་རྩེ་མོ་ནས་མནར་མེད་པའི་བར་གྱི་གནས་རིགས་མཐོ་དམན་དུ་འཁྲིད་པར་བྱེད་པ་དེ་ཡང་འོག་མའི་བློས་བཏགས་པ་ཙམ་ལས་དོན་ལ་མ་གྲུབ་པའི་ཆོས་ཉིད་ཞི་བ་ཆེན་པོ་སྐྱེ་བ་མེད་པ་ཉིད་དུ་མ་རྟོགས་


JL00_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས་བྱུང་སྟེ། རྣམ་ངེས་ལས། ཐམས་ཅད་མཁྱེན་པའི་གཟིགས་པ་མ་ལོག་པ་ནི་དུས་ཐམས་ཅད་དུ་མེད་པར་གོ་བར་བྱེད་པ་ཁོ་ན་ཡིན་ནོ། །ཞེས་པས་འདིར་དེའི་རང་བཞིན་ལྡོག་པར་བྱ་བའི་ཚུལ། བདེན་པ་བཞི་པོ་དེ་དག་ལས་སྡུག་བསྔལ་གྱི་བདེན་པ་དེ་ཡང་མེད་པ་ལ་ཡོད་པར་བཏགས་པའི་སྣང་བ་རྟེན་ཅིང་འབྲེལ་འབྱུང་གི་འཁྲུལ་བའི་སྣང་བ་སྟེ། ཀླུ་སྒྲུབ་ཀྱིས་རྟེན་ཅིང་འབྲེལ་འབྱུང་མ་ཡིན་པའི། །སྡུག་བསྔལ་ཡོད་པར་ག་ལ་འགྱུར། །མི་རྟག་སྡུག་བསྔལ་གསུངས་པ་དེ། །རང་བཞིན་ཉིད་ལ་ཡོད་མ་ཡིན། །ཞེས་དོན་དམ་པའི་བདེན་པ་གཟིགས་པ་རྣམས་ལས་རྒྱུར་སྨྲ་བ་འདོད་པ་མ་ཡིན་ནོ། །དེ་བཞིན་དུ་ཀུན་འབྱུང་ཀྱང་དཔེར་ན་མ་བྱིན་ལེན་ལ་མཚོན་ན། བླང་བྱའི་དངོས་པོ་དེ་དུས་གསུམ་དུ་ཕྱེ་ཞིང་། ཕྲད་པ་བརྟག་པ་དང་། སྐད་ཅིག་སྔ་ཕྱིར་དབྱེ་བས། བརྐུ་བའི་དུས་འགགས་པས་དངོས་པོར་མ་གྲུབ་པ་ཉིད་དེ། འདི་ལྟར་བརྐུ་བའི་ཡུལ་དང་། རྐུ་བྱེད་ཀྱི་ཤེས་པ་ལ་སོགས་པའི་སྐད་ཅིག་དུ་མ་འཐུད་ནས་རྒྱུན་བརྩམ་པ་ཡིན་ཏེ། སྐད་ཅིག་སྔ་ཕྱི་མ་ཕྲད་ན་རྐུན་པོའི་བྱ་བ་བྱེད་པར་མི་འགྱུར་ཏེ། དཔེར་ན་ཀེ་ལ་ཤ་ཞེས་བརྗོད་དུས་ཡི་གེའི་སྐད་ཅིག་མ་གསུམ་པོ་སྔ་ཕྱིར་བྲེང་ཆགས་སུ་འབྲེལ་བས་གངས་རིའི་མིང་འགྲུབ་ལ། མ་འབྲེལ་ན་མི་འགྲུབ་པ་བཞིན་ནོ། །དེ་ཕྱིར་རྩ་ཤེ་ལས། རང་བཞིན་ལས་ནི་ཡོད་མིན་ན། །ཅི་ཞིག་ཀུན་ཏུ་འབྱུང་བར་འགྱུར། །དེ་ཕྱིར་སྟོང་ཉིད་གནོད་བྱེད་ལ། །ཀུན་འབྱུང་ཡོད་པ་མ་ཡིན་ནོ། །ཞེས་བཤད་དོ། །འགོག་པ་ཡང་སྡུག་བསྔལ་དང་ཀུན་འབྱུང་གཉིས་རང་བཞིན་མེད་པར་ཁེགས་པས། དེ་གཉིས་འགག་པས་འགོག་པ་ཁེགས་ཏེ། དགག་གཞི་མེད་ན་འགོག་པ་མེད་པས་ནད་མེད་པ་ལ་སྨན་མི་དགོས་


JL00_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཞིན་ནོ། །དེ་སྐད་དུ་སྔ་མ་ལས། སྡུག་བསྔལ་རང་བཞིན་གྱིས་ཡོད་ལ། །འགོག་པ་འཐད་པ་མ་ཡིན་ནོ། །ཞེས་སོ། ལམ་དགག་པ་ནི། ལམ་དེ་ཉོན་མོངས་པའི་གཉེན་པོར་བསྒོམ་ན། ཉོན་མོངས་པ་དེ་དང་དུས་མཉམ་དུ་བསྒོམ་མམ་ཐ་དད་དུ་བསྒོམ། དུས་མཉམ་དུ་བསྒོམ་ན་རྒྱུད་གཅིག་ལ་སྤང་བྱ་དང་གཉེན་པོ་རྫས་འགལ་ལ། ཐ་དད་དུ་བསྒོམ་ན་མར་མེ་སྐྱེ་བཞིན་པས་མུན་པ་སེལ་བར་མི་བྱེད་པ་བཞིན། ཉོན་མོངས་པ་སྐྱེ་བཞིན་པའི་གཉེན་པོ་དེས་ཉོན་མོངས་པ་ཟིལ་གྱིས་མི་ནོན་པ་སྟེ། སྔ་མ་ལས། གང་ཚེ་མར་མ་སྐྱེ་བཞིན་པ། །མུན་པ་དང་ནི་ཕྲད་པ་མེད། །ཇི་ལྟར་མར་མེ་སྐྱེ་བཞིན་པས། །མུན་པ་སེལ་བར་བྱེད་མ་ཡིན། །མར་མེ་ཕྲད་པ་མེད་པར་ཡང་། །གལ་ཏེ་མུན་པ་སེལ་བྱེད་ན། །འདི་ན་གནས་པ་དེས་བསལ་འགྱུར། །ཞེས་སོ། །ལམ་དེའི་སྤང་བྱ་དང་རྡུལ་ཕྲན་ཆ་མེད་ཀྱང་སྐད་ཅིག་སྔ་ཕྱི་ཕྲད་པ་མེད་པས་མ་གྲུབ་སྟེ། དཔེར་ན་ས་ར་ཧ་བརྗོད་དུས། ར་དེ་ཡི་གེ་སྔ་ཕྱི་གཉིས་དང་དུས་གཅིག་ཕྲད་དམ་རེ་མོས་སུ་ཕྲད། དུས་གཅིག་ཏུ་ཕྲད་ན་དུས་གསུམ་གྱི་དངོས་པོ་ཐམས་ཅད་དུས་མཉམ་པས་ན་སྐད་ཅིག་མ་ཁོ་ན་ལས་མི་སྲིད་པར་ཐལ། རེ་མོས་སུ་ཕྲད་ན་ར་ཞེས་པའི་སྐད་ཅིག་དེ་ཉིད་ཆ་གཉིས་སུ་ཐལ་ཏེ་དང་པོས་དང་ཕྲད་ཅིང་། ཕྱི་ནས་ཧ་དང་ཕྲད་པའི་ཕྱིར་རོ། །འདོད་ན་སྐད་ཅིག་ཆ་མེད་ཉམས་སོ། །དེ་སྐད་ད། སྔ་ཕྱི་གཉིས་ཀྱིས་ཕྲད་པ་ན། །སྐད་ཅིག་དུས་ཆ་གཉིས་སུ་འགྱུར། །གཉིས་པོ་དག་ནི་དུས་མཉམ་ན། །བསྐལ་པ་སྐད་ཅིག་གཅིག་པར་འགྱུར། །ཞེས་སོ། །འགོག་པ་མངོན་དུ་བྱེད་པའང་མི་རུང་སྟེ། འགོག་པ་ཉིད་བཀག་པས་མངོན་དུ་བྱེད་པ་ཁེགས་པ་ཉིད་དེ། དགག་བྱ་འདས་ན་འགོག་པའི་རྒྱུ་མེད་ལ། མ་འགགས་ན་མི་ཁེགས་པ་དང་། དེ་གཉིས་དུས་མཉམ་ན་ངོ་བོ་ཐ་དད་དུ་མི་རུང་། མི་


JL00_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་ན་དགག་བྱ་དང་འགོག་བྱེད་དུ་མི་རུང་བའི་ཕྱིར། བདེན་པ་བཞི་ཆར་མ་གྲུབ་པ་ཉིད་དེ། ཡུམ་ལས་འཕགས་པའི་བདེན་པ་རྣམས་ཀྱང་ངོ་བོ་ཉིད་མེད་དོ། །ཞེས་དང་། བྱིན་གྱིས་བརླབས་པའི་བཀར། སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་མེད། ཡེ་ཤེས་མེད། ཐོབ་པ་མེད། མ་ཐོབ་པ་ཡང་མེད་དོ། །ཞེས་དང་། ལང་ཀར་གཤེགས་པ་ལས། སྐྱེ་བ་མེད་པ་བདེན་པ་གཅིག་ཡིན་ཏེ། །བྱིས་པ་རྣམས་ནི་བདེན་པ་བཞི་ཞེས་སྨྲ། །བྱང་ཆུབ་སྙིང་པོར་ཞུགས་ནས་བདེན་གཅིག་ཀྱང་། །གྲུབ་པ་མེད་ན་བཞི་ལྟ་ག་ལ་ཡོད། །ཅེས་སོ། །དེ་བཞིན་དུ་རྟེན་འབྲེལ་ཀྱང་རྟེན་ཆོས་ཕན་ཚུན་ཕྲད་པར་མ་གྲུབ་སྟེ། མ་རིག་པ་ཚར་བཅད་པས་འདུ་བྱེད་དང་མཚམས་སྦྱོར་བ་ཁེགས་ལ། རྣམ་ཤེས་མངལ་དང་ཕྲད་པ་བཀག་པས་མིང་དང་གཟུགས་མེད་དོ། །སྐྱེ་མཆེད་དྲུག་མེད་དེ་རྣམ་ཤེས་བསྐྱེད་པའི་ནུས་པ་བཀག་པས་སོ། །རེག་ཚོར་དང་སྲེད་ལེན་སོགས་ཀྱང་དོན་སྤྱི་རྫུན་པ་ལ་ལྟོས་ནས་བཀག་གོ །དེའི་ཕྱིར་ཡུམ་ལས། རྟེན་ཅིང་འབྲེལ་བར་འབྱུང་བ་རྣམས་ཀྱང་རང་བཞིན་གྱིས་རྣམ་པར་དག །ཅེས་སོ། །དེ་ལྟ་མོད་ཀྱི་རྒྱུ་འབྲས་ལ་རྨོངས་པའི་གཉེན་པོར་ལས་དགེ་མི་དགེ་ལ་བརྟེན་ནས་འབྲས་བུ་འདོད་མི་འདོད་འབྱུང་བ་ཤེས་ནས་འདོར་ལེན་ལ་བརྩོན་ཅིང་། རྟེན་འབྲེལ་སྣང་ལ་རང་བཞིན་མ་གྲུབ་པ་ཙམ་དུ་བལྟ་བ་ཡིན་ནོ། །དེའི་ཕྱིར་ཉན་ཐོས་ཀྱི་ལམ་ལས་དགྲ་བཅོམ་ཞིང་འགོག་པར་བཞུགས་པ་དེ་དག་ཀྱང་། མཐར་ཐུག་བྱང་ཆུབ་ཏུ་ཐུགས་བསྐྱེད་ནས་ཐེག་པ་ཆེན་པོའི་ཚོགས་ལམ་ཆུང་ངུ་ནས་འཇུག་ཅིང་དེ་དང་མཐུན་པའི་ལམ་ལྔ་མངོན་དུ་བྱས་ནས་མྱ་ངན་ལས་འདའ་ཞིང་དེ་བཞིན་གཤེགས་པའི་རང་བཞིན་དུ་འགྱུར་བ་ཤ་སྟག་ཡིན་ཏེ། མྱང་འདས་ལས། དགྲ་བཅོམ་པ་ཡང་


JL00_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་མྱ་ངན་ལས་འདས་ནས་འགག་པར་ཞུགས་ཏེ། བསྐལ་པ་སྟོང་ཕྲག་བཅུ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡིན་ནོ། །ཞེས་སོ། །དེ་ལྟར་སེམས་བསྐྱེད་ནས་ལམ་བསྒྲུབ་དུས་ཀྱང་སྔར་གྱི་ཞི་བ་གཅིག་པུ་འཆོལ་བའི་བློ་ངན་དེ་གོམས་པས་སངས་རྒྱས་ཀྱི་ཞིང་སྦྱོང་ཞིང་སེམས་ཅན་སྨིན་པའི་ཚོགས་རྫོགས་པ་ལ་བར་དུ་གཅོད་པས། བྱང་ཆུབ་སེམས་དཔའ་ལས་དང་པོ་པ་ཞིག་དང་སེམས་དང་པོར་བསྐྱེད་པ་དུས་མཉམ་ཡང་ཉན་རང་སེམས་བསྐྱེད་པ་དེ་ཕྱིར་བསྐལ་པ་བཞི་བཅུས་བུལ་བར་འགྱུར་ཏེ། མདོ་སྡེ་རྒྱན་ལས། དེ་གཉིས་ཡང་དང་ཡང་དུ་ནི། །རང་སེམས་ཀུན་ཏུ་འབྱུང་ལྡན་པས། །མྱ་ངན་འདས་ལ་མངོན་དགའི་ཕྱིར། །རྟོག་པ་བུལ་བ་ཡིན་པར་འདོད། །ཅེས་ཡང་དང་ཡང་དུ་འཁོར་བ་ལ་ཡིད་འབྱུང་ཞིང་། མྱུར་བ་མྱུར་བར་མྱ་ངན་ལས་འདའ་བར་འདོད་པའི་བློ་དེས་བྱང་ཆུབ་སེམས་དཔའ་སེམས་བསྐྱེད་པ་ཐོག་མཉམ་དང་ཁྱད་པར་བྱེད་པ་ཡིན་ནོ། །ཡོན་ཏན་རིན་པོ་ཆེའི་མཛོད་དགའ་བའི་ཆར་ཞེས་བྱ་བ་ལས། འཁོར་བ་སྡུག་བསྔལ་གྱི་ཚོམས་དང་འབྲེལ་བར་ཐར་པའི་ཕན་ཡོན་སྐྱེས་བུ་འབྲིང་གི་ལམ་རྣམ་པར་བཞག་པའི་སྐབས་ཏེ་རབ་བྱེད་བཞི་པའི་འགྲེལ་བའོ།། །།

འཁོར་ལོ་ཆེན་པོ་བཞིའི་ཚོམས་ཏེ་རབ་བྱེད་ལྔ་པའི་འགྲེལ་པ།


JL00_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་ཐེག་པ་ཆེན་པོ་སྐྱེས་བུ་མཆོག་གི་ལམ་ཐམས་ཅད་མཁྱེན་པའི་འཇུག་དོགས་ཀྱི་ཐོག་མར་འཁོར་ལོ་ཆེན་པོ་བཞི་སྟོན་པའི་ཕྱིར། ཡུལ་ནི་མཐུན་པར་གྱུར་པ་དག་ལ་བསྟེན། །སྐྱེས་བུ་དམ་པ་བསྙེན་ལས་ཡོན་ཏན་འཐོབ། །ལེགས་པར་སྨོན་དང་བསོད་ནམས་སྐྱབས་བདུན་ལ། །འཁོར་ལོ་ཆེན་པོ་བཞི་ཞེས་ཀླུ་དབང་བཞེད། །ཅེས་སྨོས་པ་ནི་མདོར་བསྟན་པ་སྟེ། འདི་ལྟར་ཕྱུགས་དང་གླང་པོ་ཆེས་ཉིན་ཞག་དུ་མར་བགྲོད་པའི་བཤུལ་ལམ་འཁོར་ལོ་བཞིའི་འཁྲུལ་


JL00_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གྱིས་འདེགས་པའི་ཤིང་རྟའི་བགྲོད་པས་ཡུད་ཙམ་ལ་གཅོད་པ་བཞིན། འཕགས་པའི་ལམ་གྱི་ཤིང་རྟས་བགྲོད་པའི་བྱང་ཆུབ་སེམས་དཔའ་རྣམས་ཐམས་ཅད་མཁྱེན་པའི་གོ་འཕང་བགྲོད་པ་ལ་འཁོར་ལོ་ཆེན་པོ་བཞི་དང་ལྡན་དགོས་ཏེ། བཞི་གང་ཞེ་ན། ཡུལ་མཐུན་པར་གྱུར་བ་ནི་གང་ཞིག་སེམས་མཉམ་པར་བཞག་པ་དང་མི་མཐུན་པ་མེད་ཅིང་འཚེ་དོགས་དང་བྲལ་བའོ། །དམ་པ་ལ་བསྟེན་པ་ནི་ལུང་ཕུན་སུམ་ཚོགས་པའམ། རྟོགས་པ་ཕུན་སུམ་ཚོགས་པའི་ཡོན་ཏན་གྱི་ཁྱད་པར་དུ་བྱས་པའོ། །དེ་བཞིན་དུ་བླ་མའི་གནས་སུ་གྱུར་པའམ་མཛའ་བོའང་རུང་སྟེ། ཡིད་བརྟན་དུ་རུང་བ། སྨྲ་མཁས་པ། ཚིག་བཟོད་པ། དོན་ཟབ་མོ་སྟོན་པ་སྟེ་འདི་ལྟར་ཚིག་ནི་སྐྱོན་ཡོན་ཐམས་ཅད་ཀྱི་འབྱུང་གནས་ཡིན་ཕྱིར། བཤེས་སྤྲིང་ལས་ཀྱང་། རྒྱལ་བས་སྙིང་ལ་འབབ་དང་བདེན་པ་དང་། །ལོག་པར་སྨྲ་ལྡན་སྐྱེས་བུ་རྣམས་ལ་ནི། །སྦྲང་རྩི་མེ་ཏོག་མི་གཙང་ལྟ་བུའི་ཚིག །རྣམ་གསུམ་བཀའ་སྩལ་དེ་ལས་ཐ་མ་སྤང་། །ཞེས་ཚིག་སྙན་པ་ནི་སྙིང་ལ་འབབ་པ་སྦྲང་རྩི་ལྟ་བུ་དང་། ཚིག་བདེན་པ་ནི་བསྔགས་པར་འོས་པའི་ཕྱིར་ན་མེ་ཏོག་ལྟ་བུ་སྟེ་གཉིས་པོ་དང་ལྡན་ལ། ཚིག་ལོག་པ་ནི་སྨད་པའི་གནས་ཏེ་མི་གཙང་བ་ལྟ་བུ་སྤངས་པའི་ཐ་ཚིག་ལ་གནས་པ། དེའི་རྗེས་སུ་བསླབས་ན་ཚུལ་ཁྲིམས་དང་། ཐོས་པ་དང་། གཏོང་བ་དང་། ཤེས་རབ་འཕེལ་བར་འགྱུར་ཞིང་། གནས་མ་ཡིན་པ་ལས་ལྡོག་པར་བྱེད་པ་དེ་འདྲ་བ་ནི་སྐྱེས་བུ་དམ་པ་ཞེས་བྱའོ། །ལེགས་པར་སྨོན་པ་ནི་བདག་ཉིད་ཀྱིས་ཇི་སྐད་བཤད་པ་བཞིན་བྱེད་པའི་སྒོ་ནས་ལེགས་པར་བསྒྲུབ་པའོ། །བསོད་ནམས་ཀྱི་སྐྱབས་ལ་འདུན་པ་ནི་ཚེ་སྔོན་མ་ནས་ད་ལྟའི་བར་ཚོགས་བསགས་པ་དང་ལྡན་


JL00_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །ཇི་སྐད་དུ་ཀླུའི་དབང་པོས། མཐུན་པར་གྱུར་པའི་ཡུལ་ན་གནས་པ་དང་། །སྐྱེས་བུ་དམ་པ་ལ་ནི་བསྟེན་པ་དང་། བདག་ཉིད་ལེགས་སྨོན་སྔོན་ཡང་བསོད་ནམས་བགྱིས། །འཁོར་ལོ་ཆེན་པོ་བཞི་ནི་ཁྱོད་ལ་མངའ། །ཞེས་རྐང་པ་ཐ་མས་རྒྱལ་པོ་བདེ་སྤྱོད་ཀྱང་འཕགས་པའི་ལམ་གྱི་སྣོད་ཡིན་པར་བསྟན་པ་བཞིན་ནོ། །ད་ནི་དེའི་རང་བཞིན་རྒྱས་པར་དབྱེ་བའི་ཕྱིར། །ཚོགས་ཀྱི་དབུས་ན་དུག་ཅན་ཟས་ལྟ་བུའི། །ཡུལ་དང་རྐྱེན་གྱི་རྣམ་འགྱུར་ཤིན་ཏུ་རྒོད། །དེ་ལས་བསྲིངས་ནས་གཅིག་པུར་ཞི་ལ་མོས། །རྙེད་་ལ་མ་ཆགས་རླུང་དང་མཁའ་ལྡིང་བཞིན། །འདི་ལྟར་རྒྱལ་པོའི་ཁབ་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། གྲོང་གཅིག་པ་ལ་སོགས་པའམ། སྙིགས་མར་སྤྱོད་པའི་དགོན་གནས་དག་ཀྱང་རུང་སྟེ། མང་པོ་ཚོགས་པའི་དབུས་ན་དགྲ་གཉེན་དང་། ཆགས་སྡང་དང་། ཕྱོགས་རིས་དང་། འཐབ་རྩོད་དང་། ཚོང་དང་། སོ་ནམ་དང་། འདུ་འཛི་དང་། རྙེད་བཀུར་དང་། རྣམ་གཡེང་དང་། ཕྲག་དོག་དང་། འགྲན་ཟླ་དང་། གཟི་བརྗིད་ཀྱིས་རྒྱགས་པ་དང་། གསོག་པ་དང་། བསྲུང་བ་དང་། སྤེལ་བ་ལ་སོགས་ཡུལ་ཉེ་བར་སྤྱད་པའི་རྐྱེན་དང་ཕྲད་པའི་རྣམ་འགྱུར་ལས་ཆགས་སྡང་བར་མ་གསུམ་གྱིས་བསླུ་ཞིང་ཉོན་མོངས་པའི་རྒྱུ་ཚང་བ་ནི། དབྱིག་གཉེན་གྱིས། ཕྲ་རྒྱས་སྤངས་པ་མ་ཡིན་དང་། །ཡུལ་ནི་ཉེ་བར་གྱུར་པ་ན། །ཚུལ་བཞིན་མ་ཡིན་ཡིད་བྱེད་ལས། །ཉོན་མོངས་རྒྱུ་ནི་ཚང་པ་ཡིན། །ཞེས་པ་ལྟར་དགེ་སློང་བཟང་སྦྱིན་སྡོམ་པའི་ཚུལ་ཁྲིམས་ལ་བསྲུང་སེམས་ཤིན་ཏུ་བརྟན་པའི་མདུན་དུ་ཁྱིམ་ཐབ་མོས་ཉལ་བ་ལ་ང་ཚུལ་ཁྲིམས་བསྲུང་གིས་ཁྱོད་འདིར་མ་འདུག་ཅིག་ཅེས་ནན་གྱིས་ལྡོག་ཀྱང་མ་ཉན་པས། དམ་བཅའ་བརྟན་པོའང་འདུས་བྱས་ཉིད་དང་། ཡུལ་གྱི་དུག་ནི་ནུས་པ་ཆེ་བས་ཅི་ཞིག་ན་


JL00_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་སེམས་སྐྱེས་ནས་ཁྱིམ་ཐབ་མོ་ལ་ལོག་པར་ཞུགས་པ་བཞིན་ནོ། །དེའི་ཕྱིར་བསྟན་པའི་སྒོར་ཞུགས་ནས་ངེས་འབྱུང་དང་བསྲུང་སྡོམ་གྱི་འདུན་པ་བརྟན་པོ་ཡོད་ཀྱང་། ཡུལ་གྱི་རྐྱེན་རྣམ་པ་སྣ་ཚོགས་པ་དང་ཕྲད་པའི་ཚེ་ཚུལ་ཁྲིམས་དང་། ཏིང་འཛིན་དང་། ཤེས་རབ་སྐྱེ་བའི་རྒྱུ་དང་ཡོན་ཏན་ཐམས་ཅད་ཉམས་པར་འགྱུར་ཏེ་འདི་ལྟར་ཡུལ་ལ་གཏན་ཡུལ་དུ་འཛིན་པས་ས་བཅད་དང་མངའ་རིས་ལ་བདག་ཏུ་འཛིན། གནས་ལ་མངོན་པར་ཞེན་པས་ཁྱིམ་ཆུང་སྤངས་པའི་ཁྱིམ་ཆེན་གྱི་མཁར་ལས་དང་། ཟང་ཟིང་ལ་སྙིང་པོར་མཐོང་ནས་རྟའི་གློ་ཆ་ཡན་ཆད་ཀྱང་ཁྱིམ་བདག་སྟོབས་པོ་ཆེ་དང་འགྲན་ཟླར་ཞུགས་ནས་རྙེད་པ་འབའ་ཞིག་གི་ཡོན་ལ་དད་རྫས་དང་གཤིན་དཀེར་ཆུད་འཛའ་བའང་བཟང་པོ་མ་ཡིན་ཏེ། མདོ་ལས། བྱམས་པ་འདི་ལ་བྱང་ཆུབ་སེམས་དཔའ་ཆེན་པོས་རྙེད་པ་དང་བཀུར་སྟི་ནི་འདོད་ཆགས་བསྐྱེད་པར་ཡིན་པ་རིག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་ངན་པ། འཇོམས་པར་བྱེད་པར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་བསམ་གཏན་དང་ཚད་མེད་པ་ཡོངས་སུ་སྤོང་བ་དང་། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་ལྟུང་བར་བྱེད་པ་དང་། ཞེས་དང་། འདོད་པ་ཆུང་བར་བྱའོ། །ཡོངས་སུ་གདུང་བར་མི་བྱའོ། །ཞེས་གསུངས་པ་ལྟར་རྙེད་པ་ལ་མ་ཆགས་པ་ནམ་མཁའི་རླུང་བཞིན་དང་། གནས་དང་འཚོ་བ་ལ་བདག་ཏུ་གཟུང་བ་མེད་པ་མཁའ་ལ་ལྡིང་བའི་བྱ་ལྟ་བུས་ཞི་བའི་ལམ་བསྒྲུབ་པར་བྱ་སྟེ། ཚོགས་ལས་བསྲིང་ཞིང་ཞི་ལ་རབ་ཏུ་མོས། །ནམ་མཁའི་རླུང་བཞིན་རྙེད་ལ་མ་ཆགས་ཤིང་། །རི་དྭགས་བཞིན་དུ་འཇིགས་མེད་གཅིག་པུར་རྒྱུ། །དེ་ལྟ་བུ་ནི་དམ་པའི་ཆོས་འཛིན་ཡིན། །ཞེས་སོ། །ཡང་


JL00_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

རི་དྭགས་བཞིན་དུ་དབེན་པར་གནས་པ་དེ། །བབ་ཅོལ་སྤྱོད་པས་འཁྲུགས་པར་མི་འགྱུར་ལ། །གཞི་ལ་བསྟེན་ན་གཞན་ངོ་བསྲུང་བ་དང་། །ཕྲག་དོག་བཟོད་པའི་སྙིང་སྟོབས་བྲི་བར་འགྱུར། །དེ་ལ་དབེན་པའི་ས་ཕྱོགས་སམ། །ནགས་ཁྲོད་དམ་པ་ནི་རང་བཞིན་གྱི་ཆོ་ག་ཤིན་ཏུ་འཇམ་པ། ཞི་བ། འདུ་འཛིའི་ཉེས་དམིགས་བརྒྱ་ཕྲག་དང་། བབ་ཅོལ་གྱི་སྤྱོད་པ་གཟུ་ལུམ་ཅན་གང་གིས་ཀྱང་འཁྲུགས་པར་མི་ནུས་པ་ཉིད་དེ། གཞི་གཅིག་ཏུ་གནས་ན་དེ་ལ་བསྟེན་པའི་དཔྱ་དང་ཁྲལ་གྱི་གདུང་བའི་ཡང་ན་བདག་ཉིད་བསྲུང་བ་དང་ཕུན་སུམ་ཚོགས་པའི་སླད་དུ་གཞན་གྱི་ངོ་ཟིན་མི་ཚར། གལ་ཏེ་ཆོས་ཀྱི་ལུགས་སུ་སྤྱད་པས་སྙན་པར་གྲགས་པའམ། རང་བཞིན་དུ་མཐུན་པའི་རྐྱེན་གྱིས་འབྱོར་བར་གྱུར་ནའང་། སྙིགས་མའི་སེམས་ཅན་གྱི་རྣམ་པར་རྟོག་པ་ནི། ཤིན་ཏུ་མི་བསྲུན་པས་དེ་ལ་ཕྲག་པ་ཡངས་པར་མི་བྱེད་པའི་ཀུན་སྤྱོད་སྣ་ཚོགས་ཀྱིས་ཡང་ནས་ཡང་དུ་གཙེ་བ་མཐོང་ཙ་ན་བདག་ཅག་གིས་བཟོད་པའི་དཀའ་ཐུབ་ཀྱང་བྲི་བར་འགྱུར་བ་ཡོད་པའི་ཕྱིར་རྒྱལ་དང་རྒྱལ་སྲས་རྣམས་ཀྱིས་ནགས་ཁྲོད་དང་། དགོན་པའི་ཡོན་ཏན་ཁོ་ན་བསྔགས་པ་ཡིན་ཏེ་ཟླ་བ་སྒྲོན་མའི་མདོ་ལས། རབ་ཏུ་བྱུང་ནས་ཆོས་སྤྱོད་ཅི་འདྲ་བར། །ཟས་དང་སྐོམ་དང་དེ་བཞིན་གོས་རྣམས་དང་། །མེ་ཏོག་སྤོས་དང་ཕྲེང་བ་རྣམས་ཀྱིས་ནི། ཁྱུ་མཆོག་རྒྱལ་བ་བསྙེན་བཀུར་བྱས་མི་འགྱུར། །གང་ཞིག་བྱང་ཆུབ་རབ་ཏུ་འདོད་བྱེད་ཅིང་། །འདུས་བྱས་ངན་པས་ཡིད་འབྱུང་སེམས་ཅན་གྱི། །དོན་དུ་དགོན་པར་ཕྱོགས་ཏེ་གོམ་བདུན་བོར། །འདི་ནི་དེ་བས་བསོད་ནམས་ཁྱད་པར་འཕགས། །ཞེས་དང་། དེ་བས་ཤིན་ཏུ་མདངས་དགའ་བའི། །ནགས་ཚལ་ཚེགས་ཆུང་བདེ་སྐྱིད་ཅིང་། །གཡེང་


JL00_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཐམས་ཅད་མི་བྱེད་པར། །བདག་ཉིད་གཅིག་པུར་གནས་པར་བྱ། །ཞེས་གསུངས་ཤིང་རྒྱས་པར་འོག་ཏུ་སྟོན་ཏོ། །ཡིད་ནི་ཤིན་ཏུ་རེངས་པའི་བྱི་ལ་ཡང་། །འགྲོ་འདུག་ཞི་ཞིང་སྤྱོད་ལམ་དེས་པ་ལྟར། །སྡིག་པའི་གྲོགས་ཀྱིས་བག་ཕེབས་བསྟེན་པའི་ཡུལ། །ཕུན་སུམ་ཚོགས་ཀྱང་ཆོས་ལས་འཕྲལ་དུ་ཉམས། །འདི་ལྟར་བྱི་ལ་ནི་སེམས་ཤིན་ཏུ་མ་རུངས་པ། ཐུབ་ཚོད་ཆེ་བ། གནོད་པ་འབའ་ཞིག་གི་བདག་ཉིད་ཅན་ཡིན་ཡང་འགྲོ་ཞིང་འདུག་པ་ལ་མཁས་པ། སྤྱོད་ལམ་འཇམ་ཞིང་ངེས་པ་ལྟར་གང་དང་གང་དུ་སྐྱེ་བོ་བསམ་པ་མ་རུངས་པ། རྒྱུ་འབྲས་ལ་ལོག་པར་བལྟ་བ། དཀོན་མཆོག་ལ་ཡིད་མི་ཆེས་པ། སྡིག་པ་འབའ་ཞིག་ལ་བློ་གཏོད་པ་དག་གིས་འཕྲལ་གྱིས་རྐྱེན་སེལ་བ་ཙམ་ལ་དམིགས་ནས་ཆོས་དང་གང་ཟག་དག་ལ་གུས་གུས་སུ་བལྟ་བ་དག་གིས་བདག་གིར་བྱས་པའི་ཡུལ་དང་། བསྙེན་བཀུར་ལ་ཐབས་དང་སྙིང་རྗེས་ཟིན་པ་མ་ཡིན་པའི་གང་ཟག་ལས་དང་པོ་བདག་གིས་སྤྱད་ཅིང་བཤེས་པར་བྱས་ནའང་། དེ་དག་ནི་ཆོ་ལོ་ལ་སོགས་རྒྱན་པོ་འགྱེད་པ་ལ་དགའ་བ། བག་མེད་པའི་དགའ་སྟོན་ལ་འདུས་པ། ལེ་ལོ་འབའ་ཞིག་གིས་དགེ་བ་ལ་མི་སྤྲོ་བ། ཉེས་པ་མང་པོའི་སྣོད་ཆང་གི་ལོངས་སྤྱོད་དང་ལྡན་པ། མཚན་མོ་ཁྱིམ་གཅིག་ནས་གཅིག་ཏུ་རྒྱུ་བ། མི་དགེ་བ་ཉག་ཅིག་ལ་དགའ་བས་སྡིག་པའི་གྲོགས་པོ་སྟེ་དེའི་ཕྱོགས་འཛིན་པའི་ཤལ་གོས་ནས་ཆོས་ལས་ཉམས་པར་འགྱུར་བའི་ཕྱིར་ཏེ། བཤེས་སྤྲིང་ལས། རྒྱན་པོ་འགྱེད་དང་འདུས་པ་བལྟ་བ་དང་། །ལེ་ལོ་སྡིག་པའི་གྲོགས་ལ་བསྟེན་པ་དང་། །ཆང་དང་མཚན་མོ་རྒྱུ་བ་ངན་སོང་བ། །གྲགས་པ་ཉམས་པར་འགྱུར་བས་དེ་དྲུག་སྤང་། །ཅེས་དྲུག་པོ་དེ་དག་ནི་ངན་སོང་གི་རྒྱུ་ཡིན་པས་ན་


JL00_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ངན་སོང་ཞེས་འབྲས་བུའི་མིང་དུ་ཆགས་ལ། མདོ་ལས། ཁྱིམ་བདག་གི་བུ་དྲུག་པོ་འདི་དག་ནི་ངན་སོང་གི་སྒོ་ཡིན་ནོ། །ཞེས་གསུངས་པ་ན་འདིར་དེ་དག་སྡིག་པའི་གྲོགས་པོ་གཅིག་ཉིད་ལ་ལྡན་པར་བཀྲལ་བ་ཡིན་ནོ། །བསྐྱོད་པ་ཡང་བའི་ཉི་ཟླ་ཀུན་དང་མཛའ། །འདྲིས་ཤིང་གཉུག་མར་གནས་པ་ཁྲོ་བས་གདུང་། །གསར་པ་གསར་བར་གྱུར་པའི་ཡུལ་འཇམ་ཞིང་། །སྐྱེ་བོ་ཀུན་ཀྱང་བཤེས་པར་འགྱུར་བ་མཐོང་། །ཉི་ཟླ་ནི་གླིང་གཅིག་ཏུ་མི་ཟུག་པར་ཉིན་ཞག་རེ་རེ་ཞིང་རི་རབ་ལ་བསྐོར་བས་གླིང་བཞི་ཀའི་སྐྱེ་དགུས་དགའ་བ་ལྟར་ཆོས་ལྟར་སྤྱོད་པ་རྣམས་ཀྱང་ཡུལ་གང་དུ་སྐྱེ་བོ་རྣམས་དང་འདྲིས་ཤིང་བཤེས་པའི་མོད་ལ་ཕྱོགས་གཞན་དུ་བྱོལ་བས་ཆགས་སྡང་གི་ལ་འདའ་བར་མི་འགྱུར་ལ་ཀུན་གྱི་ཡིད་དུ་འོང་བ་ཡིན་ཏེ། སྐྱེས་རབས་ལས། ཕལ་ཆེར་ཡོངས་སུ་འདྲིས་ལ་སྡང་། །རྟག་ཏུ་གསར་པ་གསར་པ་འཚོལ། །རིང་ན་གནས་པ་ཐམས་ཅད་ནི། །ཀུན་གྱི་ཡིད་དུ་འོང་བ་ཡིན། །ཞེས་བཤད་ལ་གལ་ཏེ་དགོས་པ་དང་ལྡན་པའམ་དབང་མེད་དུ་བསྡད་དགོས་ན། ཉེ་བར་གནས་པ་དང་། ཡུལ་གྱི་མི་དང་ཁྱིམ་མཚེས་ཀྱི་བཤེས་པ་ལ་སུན་མི་འབྱིན་ཞིང་གཅོམ་སྐྱུངས། དམན་ཆ་བཟུང་། མཁས་པའི་ཤེས་རབ་ཀྱིས་བསྲུངས་པས་རང་གཞན་གཉིས་ཀའི་བསམ་པ་མི་ཚིག་པ་ཡིན་ནོ། །ཡང་། སེམས་ལྡན་ལྟ་བུར་ཅ་ཅོ་སྒྲོག་འགྱུར་ཡང་། །བརྗོད་པ་བཟང་ངན་རྗེས་སུ་དེ་ཡི་སེམས། །འགྲོ་བ་མ་ཡིན་བྲག་ཅ་ལྟ་བུ་ཡི། །ཀུན་སྤྱོད་ཅན་ལ་ཡུལ་གྱི་དམ་བཅའ་བྲལ། །འདི་ལྟར་བྲག་ཅ་ནི་སྐྱེས་བུ་རྣམ་རིག་དང་ལྡན་པ་ལྟར་བརྗོད་པ་གང་སྨྲས་པའི་རྗེས་སུ་བཟློ་ཡང་། དེ་ལ་བཟང་ངན་དང་ཆགས་སྡང་གིས་རྗེས་སུ་རྟོག་པའི་རྣམ་པར་རིག་པ་ཅུང་ཟད་ཀྱང་མེད་པ་ལྟར། སྒོ་ལྔའི་ཡུལ་ལས་དགག་སྒྲུབ་


JL00_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་འཆར་བའི་དབང་པོ་ཐུལ་བ་རྣམས་ནི་རྐྱེན་ལ་རོ་སྙོམས་པའི་གང་ཟག་ཞེས་བྱ་སྟེ་འདུ་འཛིའི་དབུས་ནའང་ཚུལ་ཁྲིམས་དང་། དྲན་པ་དང་རྟོག་པ་རྣམས་དུས་ལས་ཡོལ་བ་མེད་པའི་ཕྱིར་སྐྱེས་པ་རབས་ཀྱི་རྒྱུད་ལས་བསྟན་པའི་དགེ་སློང་བསྙེན་པའི་འོད་ཀྱིས་རྒྱལ་པོའི་ཁྱིམ་ཡང་དབེན་པ་ལྟ་བུར་གཟིགས་པ་བཞིན་ཡུལ་དུས་ངེས་པ་མེད་པར་བསྟན་པ་དང་སེམས་ཅན་གྱི་དོན་ལ་བརྩོན་པར་བྱའོ། །དེ་ལས་གཞན་པ་རྣམས་ནི་ཡུལ་དང་གྲོགས་ཁོ་ན་ལ་བསྟེན་ནས་མཐོ་དམན་བྱེད་པའི་ཚུལ། སྐྱེས་བུ་ཚངས་པར་མཚུངས་པར་སྤྱོད་པ་དང་། བསམ་གཏན་དོན་ལ་གཅིག་ཏུ་སེམས་པ་ཡི། །བརྟུལ་ཆུགས་བརྟན་པར་མ་སོན་གང་དང་གང་། །ཡུལ་དང་གྲོགས་ལ་བརྟེན་ནས་མཐོ་དམན་བྱེད། །འདི་ལྟར་ཚངས་པར་སྤྱོད་པ་དང་། །འཕགས་པའི་ལམ་བསྐྱེད་པ་ནི་བཤད་མ་ཐག་པའི་ཡུལ་ངན་པ་ལས་བསྲིང་ཞིང་ཁྱད་པར་མཐུན་པའི་གྲོགས་དགེ་བའི་བཤེས་གཉེན་འབའ་ཞིག་གི་བདག་རྐྱེན་ལ་རག་ལས་པའི་ཚུལ། འཕགས་པ་ཀུན་དགའ་བོས་བཅོམ་ལྡན་འདས་འདི་ལྟ་སྟེ། དགེ་བའི་བཤེས་གཉེན་དང་དགེ་བའི་གྲོགས་པོ་འདི་ནི་ཚངས་པར་སྤྱོད་པའི་ཕྱེད་ལགས་སོ་ཞེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ཁྱོད་དེ་སྐད་དུ་དགེ་བའི་གྲོགས་པོ་འདི་ནི་ཚངས་པར་སྤྱོད་པའི་ཕྱེད་ལགས་སོ་ཞེས་བྱ་བའི་བར་མ་སྨྲ་ཞིག །ཀུན་དགའ་བོ་འདི་ལྟ་སྟེ། དགེ་བའི་བཤེས་གཉེན་དང་དགེ་བའི་གྲོགས་པོ་འདི་ནི་ཚངས་པར་སྤྱོད་པ་ཡོངས་སུ་རྫོགས་པར་བྱེད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་སྐྱེ་བའི་ཆོས་ཅན་རྣམས་དགེ་བའི་བཤེས་གཉེན་ལ་བསྟེན་ནས་སྐྱེ་བ་ལས་ཡོངས་སུ་གྲོལ་ལོ། །ཞེས་བཀའ་བསྩལ་ཏོ། །དེ་ལ་ཚངས་པ་ཞེས་


JL00_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ནི་མྱ་ངན་ལས་འདས་པའོ། །དེའི་དོན་དུ་སྤྱོད་པས་ན་ཚངས་པར་སྤྱོད་པ་སྟེ་ལམ་ཡིན་ནོ། །ལས་དེ་ལས་འབྲས་བུ་ཞི་བའི་གོ་འཕང་འཐོབ་པའི་ཕྱིར། སློབ་དཔོན་འཕགས་པས་ཀྱང་། དགེ་བའི་བཤེས་གཉེན་བསྟེན་པ་ཚངས་པར་སྤྱོད། །ཡོངས་སུ་རྫོགས་པར་ཐུབ་པས་གསུངས་དེའི་ཕྱིར། །སྐྱེས་བུ་དམ་པ་བསྟེན་བགྱི་དམ་པ་ལ། །བསྟེན་ནས་རབ་ཏུ་མང་པོས་ཞི་བ་འཐོབ། །ཅེས་བསྟན་ནོ། །སྟོན་པས་གནང་བས་གཞན་ལ་བསོད་ནམས་བསྐྱེད། །བདག་ཀྱང་དཀའ་ཐུབ་ཉམས་པར་མི་འགྱུར་ལ། །སློང་བ་རྣམས་ཀྱིས་ཡིད་བཞིན་ནོར་བུ་ལྟར། །མཐུན་པར་གྱུར་པའི་བསོད་ནམས་ཁོ་ན་ཡིན། །དེ་ལ་རང་དང་གཞན་གྱི་དོན་བསྒྲུབ་པར་འདོད་པ་རྣམས་ནི་བདོག་པའི་དངོས་པོ་མཐའ་དག་ལ་ཡོངས་སུ་འཛིན་པ་སྤངས་ནས། འཚོ་བ་བསོད་སྙོམས་ལ་བརྟེན་པར་བྱ་སྟེ། དེ་ལ་བརྟེན་པས་མང་པོའི་ཚོགས་རྫོགས་པ་དང་། རང་ཉིད་བྱ་བ་ཉུང་བ་དང་། གཞན་གྱི་ངོ་བསྲུང་མི་དགོས་པ་དང་། ཚོང་དང་སོ་ནམ་ལ་སོགས་པའི་བྱ་བས་མི་བྲེལ་བ་དང་། རློམ་སེམས་དང་དྲེགས་པ་ཆུང་བ་དང་། འཚོ་བ་རྣམ་པར་དག་ལ་ལ་སོགས་པའི་ཡོན་ཏན་མང་པོ་ཡོད་དེ། བདག་ཅག་གི་སྟོན་པས་ཕྱིན་ཆད་བསྟན་པ་ལ་ཞུགས་པ་རྣམས་འཚོ་བས་མི་བྲེལ་ཞིང་ཉོན་མོངས་པ་མེད་པར་བགྱི་བའི་སླད་དུ་རིགས་དང་། གཟུགས་དང་། དབང་ཕྱུག་དང་། ལོངས་སྤྱོད་མཐའ་དག་ལ་གཅོམ་བསྐྱུངས་ཏེ། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཀྱང་བོར་ནས་རབ་ཏུ་བྱུང་སྟེ་འཚོ་བ་བསོད་སྙོམས་འབའ་ཞིག་ལ་བརྟེན་ན། གངས་རིའི་ཁྲོད་པ་རིགས་ལས་ཉམས་པ། མཐོ་རིས་ཀྱི་ཡོན་ཏན་བདུན་དང་མི་མཛའ་བ། འབྱོར་རྒུད་ཀྱི་ཁྱད་པར་ཙམ་ལ་མཆོག་དམན་དུ་མིག་འཕྲུལ་ལྟར་འགྱུར་བ་དག་གིས་བསོད་སྙོམས་ལ་དམན་པར་མི་བལྟ་སྟེ།


JL00_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་ལས། དེ་བཞིན་གཤེགས་པ་བསོད་སྙོམས་ལ་རྒྱུ་བ་མཐོང་ན། སེམས་ཅན་དཔག་ཏུ་མེད་པ་ལོངས་སྤྱོད་དང་དབང་ཕྱུག་གིས་རྒྱགས་ཤིང་མྱོས་པ་དང་། གཟུགས་དང་། རིགས་དང་། འཚོ་བ་དང་། ནད་མེད་པས་རྒྱགས་ཤིང་མྱོས་པས་འདི་སྙམ་དུ་སེམས་ཏེ། འཁོར་ལོས་བསྒྱུར་བའི་རྒྱལ་པོ་རྒྱལ་སྲིད་བོར་ནས་རབ་ཏུ་བྱུང་ནས་བསོད་སྙོམས་ལ་རྒྱུ་ཞེས་གྲག་སྟེ། དེས་ཀྱང་འདི་ལྟར་ང་རྒྱལ་བཅོམ་ན། ཀྱེ་མ་བདག་ཅག་ནི་ང་རྒྱལ་གཞོམ་པར་བྱའོ་སྙམ་སྟེ། ཞེས་དང་། ཡང་རྒྱལ་རིགས་ལ་སོགས་བདག་ཅག་ནི་འདི་ལྟར་རིགས་ཆེན་པོར་སྐྱེས་པ་ཡིན་ན་ཟས་ཀྱི་ཕྱིར་ཁྱིམ་ནས་ཁྱིམ་དུ་བསོད་སྙོམས་ལ་ཅིའི་ཕྱིར་རྒྱུ་བར་བྱ་སྙམ་སྟེ། ངོ་ཚ་ནས་བསོད་སྙོམས་ལ་རྒྱུ་བ་མི་བྱེད་པ་དེ་དག་དེ་བཞིན་གཤེགས་པའི་བསོད་ནམས་དང་། གཟི་བྱིན་དང་ལྡན་པའི་སྐུའི་རྗེས་སུ་སློབ་ཅིང་བསོད་སྙོམས་ལ་རྒྱུ་བར་འགྱུར་རོ། །ཞེས་སོ། །དེ་བཞིན་དུ་སེམས་ཅན་གཞན་གྱིས་དགེ་བའི་རྩ་བ་བསྐྱེད་པའི་བསམ་པས་བསོད་སྙོམས་བླང་ཞིང་། སྤྱོད་ལམ་བག་ཡོད་པ་ལ་བསླབ་པའི་ཚུལ་ཡང་། འོད་སྲུང་ལ་སེམས་ཅན་ཐམས་ཅད་ལ་བསམས་ཏེ་བསོད་སྙོམས་བཙལ་བར་བྱའོ། །ཟས་མེད་པར་ཟས་བཙལ་བར་བྱའོ། །གཞན་གྱི་རིལ་པོར་འཛིན་པ་བསལ་བའི་ཕྱིར་ཁྱོད་བསོད་སྙོམས་ལ་འགྲོ་བར་བྱའོ། །གྲོང་སྟོང་པར་བྱིན་གྱིས་བརླབས་ཏེ་ཁྱོད་གྲོང་དུ་འགྲོ་བར་བྱའོ། །ཞེས་དང་། འཕགས་པ་དཀོན་མཆོག་སྤྲིན་ལས། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་ཆུང་བ་དང་། དགེ་བའི་རྩ་བ་ཆུང་ངུ་དང་ལྡན་པ་སྡུག་བསྔལ་བ་དག་མཐོང་ན། སེམས་ཅན་དེ་དག་ལ་ཕན་པའི་ཕྱིར་བསོད་སྙོམས་བླང་བའི་ཡི་དམ་འཛིན་ཏེ། དེ་ནི་གྲོང་ངམ། གྲོང་ཁྱེར་རམ། གྲོང་


JL00_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

འདབས་སུ་བསོད་སྙོམས་ཀྱི་ཕྱིར་འགྲོ་བ་དེའི་ཚེ་དྲན་པ་ཤིན་ཏུ་ཉེ་བར་གཞག་པ་དང་། སྤྱོད་ལམ་མཛེས་པས་དབང་པོ་མི་གཡོ་བ་དང་། དབང་པོ་མི་རྒོད་པ་དང་། དབང་པོ་དུལ་བ་དང་། གཉའ་ཤིང་གང་ཙམ་དུ་བལྟ་བ་དང་། དགེ་བའི་ཆོས་རྣམས་ལ་དྲན་པ་ཉེ་བར་གཞག་ཅིང་བསོད་སྙོམས་ཀྱི་ཕྱིར་འགྲོའོ། །དེ་བསོད་སྙོམས་ཀྱི་ཕྱིར་འགྲོ་ན་དེ་བསོད་སྙོམས་མཐར་གྱིས་ལེན་པ་ཡིན་ཏེ། མགོ་བསྟོད་ཅིང་བྲམ་ཟེའི་རིགས་ཤིང་སཱ་ལ་པ་ལྟར་ཆེ་ཞིང་མཐོ་བའི་གྲོང་ངམ། རྒྱལ་རིགས་ཤིང་སཱ་ལ་པ་ལྟར་ཆེ་ཞིང་མཐོ་བའི་གྲོང་ངམ། ཁྱིམ་བདག་ཤིང་སཱ་བ་ལྟར་ཆེ་ཞིང་མཐོ་བའི་གྲོང་ངམ། གྲོང་འབྱོར་པ་འབྱོར་པ་དག་ཏུ་མི་འཇུག་ཅིང་མཐའ་གཅིག་ནས་བཟུང་སྟེ། ན་མ་དེའི་དོན་གྲུབ་པར་མ་གྱུར་གྱི་བར་དུ་བསོད་སྙོམས་ལ་སྤྱོད་དོ། །ཞེས་པ་ལ་སོགས་པ་དང་། ཁྱིམ་པ་སུན་འབྱིན་པ་སྤང་བའི་ཕྱིར། ཁྱི་ཟ་བ་ལ་སོགས་པའི་གནས་སུའང་མི་འགྲོ་བར་གསུངས་ཤིང་། བསོད་སྙོམས་ཀྱང་བཞི་ཆ་ལས་མི་བཟའ་བའི་ཚུལ་འདི་སྐད་དུ། བསོད་སྙོམས་དེ་ལས་ཆ་གཅིག་ནི་ཚངས་པར་མཚུངས་པ་སྤྱོད་པ་རྣམས་ཀྱི་ཕྱིར་བཞག་གོ །གཉིས་པ་ནི་སྡུག་བསྔལ་བ་རྣམས་ཀྱི་ཕྱིར་བཞག་གོ །གསུམ་པ་ནི་སེམས་ཅན་ལོག་པར་ལྟུང་བ་རྣམས་ཀྱི་ཕྱིར་བཞག་གོ །ཆ་བཞི་པ་ནི་བདག་ཟ་སྟེ། ཞེས་པ་ནས། རན་པར་ཟ་བའི་བར་རྒྱས་པར་གསུངས་སོ། །དེ་བཞིན་དུ་མཆོག་ཟུང་གིས་ངན་སོང་གསུམ་གྱི་སེམས་ཅན་ཅི་རིགས་པའི་དོན་མ་བྱས་པར་ཟས་མི་ཟ་བར་དམ་བཅས་པ་བཞིན་བདག་ཅག་ཀྱང་ཟས་ཀྱི་སྔོན་དུ་སུ་རཱུ་པའམ། ཆུ་གཏོར་གྱི་བྱ་བ་བྱས་ནས། ཇི་ལྟར་ཟ་བའང་ཨོཾ་ཨཱཧཱུཾ་གིས་བདུད་རྩིར་བྱིན་གྱིས་བརླབས། ཆ་བཞིར་བགོས་པའི་ཕུད་དང་པོ་ནས། གུ་རུ་བཛྲ་ནི་ཝི་དྱཱ་ཨཱཧཱུཾ་གིས་བླ་མ་ལ་འབུལ། རཏྣ་བཛྲ་ནཻ་ཝཱི་དྱཱ་ཨཱཧཱུཾ་གིས་


JL00_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་ལ། དེ་ཝ་ཌཱཀྐི་ནཱི་ནཻ་ཝི་དྱས་ཡི་དམ་ལ། ཆ་གཉིས་པ་ཆོས་སྐྱིང་སྤྱི་ལ། དྷརྨ་པཱ་ལ་སརྦ་བཛྲ་ནཻ་ཝི་དྱ་ཨཱཧཱུཾ། དེ་ནས་འཕྲོག་མ་ལ་ཆངས་བུ་གཅིག་བྱིན་ནས། ཨོཾ་ཧ་རི་ཏི་པིཎྜ་ཨ་ཁཾ་སྭཱ་ཧཱ། དེའི་བུ་ལྔ་བརྒྱ་ལ་ཆངས་བུ་གཅིག་བྱིན་ནས་ཨོཾ་ཧ་རི་ཏི་པིཎྜ་ནི་ཁཾ་སྭཱ་ཧཱ། འབྱུང་པོ་ཕུད་ལ་དབང་བ་ལ་ཆངས་བུ་གཅིག་བྱིན། ཨོཾ་ཨ་གྲ་པཎྜི་ཨ་སྱི་བྷྱསྭཱ་ཧཱ། དེ་ནས་ཆ་གསུམ་པ་ཟས་ཀྱི་རྣལ་འབྱོར་ལ་གོམས་པ་ཡོད་ན་དེ་ཉིད་ལྟར་ལོངས་སྤྱད་ཅིང་། མེད་ན་ཆོས་བསྒྲུབ་ཅིང་གཞན་ལ་ཕན་པའི་ལུས་རྟེན་འཚོ་བའི་ཕྱིར་དང་། ལུས་ཀྱི་སྲིན་བུ་རྣམས་ད་ལྟ་ཟས་ཀྱིས་བསྐྱང་ཞིང་། མཐར་ཆོས་ཀྱིས་བསྐྱང་བར་བྱའོ་སྙམ་པའི་སེམས་ཀྱིས་ལོངས་སྤྱད། ལྷག་མ་ཆ་བཞི་པ་ནས། ཨོཾ་ཨུཙྪི་ཥྚ་པིཎྜི་ཨ་ཤ་བྷྱསྭཱ་ཧཱ། ཞེས་འབྱུང་པོ་ལྷག་མ་ལ་དབང་བ་ལ་ཆངས་བུ་གཅིག་བྱིན་ཞིང་འཕྲོ་རྣམས་སེམས་ཅན་ཉམ་ཐག་པ་རྣམས་ལ་བྱིན་པར་བྱའོ། །དེ་ནས་ཁ་བཤལ་ཏེ་ཡོན་ཡོངས་སུ་དག་པའི་གཟུངས། ན་མས་མནྟ་པྲ་བྷ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སཾ་མྱཀྶཾ་བུདྡྷཱ་ཡ། ན་མོ་མཉྫུ་ཤྲཱི་ཡ། ཀུ་མཱ་ར་བྷཱུ་ཏཱ་ཡ་བོ་དྷི་སཏྭ་ཡ། མ་ཧཱ་སཏྭ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ནི་ར་ལམྦྷེ། ནི་ར་བྷ་སེ། ཛ་ཡ་ཇ་ཡ། ལབ་དྷེ་ལབ་དྷེ། མ་ཧཱ་མ་ཏེ་དཀྵི་དཀྵི་ཎི། པ་རི་ཤོ་དྷཱ་ཡ་སྭཱ་ཧཱ། ཅེས་བཏེན། ཡབ་སྲས་མཇལ་བའི་མདོ་ལས་གསུངས་པའི་སྨོན་ལམ་འདི་གདབ་བོ་གང་གིས་བདག་ལ་སྐོམ་བླུད་པ་དེ་དག་དང་། གང་གིས་བདག་ལ་རིམ་གྲོ་བྱས་པ་དང་། བཀུར་སྟི་བྱས་པ་དང་། བསྟི་སྟང་བྱས་པ་དང་། མཆོད་པ་བྱས་པ་དེ་དག་ཐམས་ཅད་ཀྱང་ཉེ་བར་ཞི་བའི་བདེ་བ་ཐོབ་པར་གྱུར་ཅིག །གང་དག་བདག་ལ་གཤེ་པར་གང་གིས་བདག་ལ་ཁ་ཟས་བྱིན་པ་དེ་དག་ཉེ་བར་ཞི་བའི་བདེ་བ་ཐོབ་པར་གྱུར་ཅིག །


JL00_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་དང་། མི་བདེ་བར་བྱེད་པ་དང་། བརྡེག་པ་དང་། མཚོན་གྱིས་འདེབས་པ་དང་། རྣམ་པ་ཐམས་ཅད་དུ་སྲོག་གཅོད་པའི་བར་དུ་བྱེད་པ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་ཀྱི་བདེ་བ་ཐོབ་ཅིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག ཅེས་སྙིང་ཐག་པ་ནས་བརྗོད། འདི་ལྟར་ལྷོ་འཛམ་བུའི་གླིང་པ་རྣམས་ནི་འཚོ་ན་གཉིས་ལྡན་གྱི་ཕྱིར་ན་རགས་པའི་ཟས་ལ་མི་བརྟེན་པ་མེད་པས་བསྟན་པའི་ལམ་སྲོལ་ལ་ཞུགས་པ་རྣམས་འཚོ་བ་དག་པའི་ཟས་ཀྱི་བྱ་བ་ལ་སྦྱོར་དངོས་རྗེས་གསུམ་འདི་ཙམ་དང་ལྡན་ཡང་དལ་བ་དོན་ལྡན་དུ་འགྱུར་རོ། །འཚོ་བ་ཤིན་ཏུ་མ་དག་ཐབས་ཀྱིས་བརྐུ། །རྙེད་པས་རྙེད་འཚོལ་ཁ་གསག་ཚུལ་འཆོས་དང་། །ཐོབ་ཀྱིས་འཇལ་བའི་ལོག་འཚོ་རྣམ་པ་ལྔས། །དྲང་སྲོང་རྣམས་ཀྱི་བརྟུལ་ཞུགས་སྨ་བབ་འགྱུར། །དེ་ཕྱིར་གནས་མལ་བཟང་དང་འཚོ་བ་བཟང་། །གྲོགས་དང་སྦྱོར་བ་བཟང་པོས་སྙིང་སྟོབས་སློང་། །དེ་ལ་སྤྱིར་ལོག་པར་འཚོ་བ་ནི་ལང་ཀར་གཤེགས་པ་ལས། བཟོ་ཡི་རིག་པ་མི་སློབ་བོ། །ཉོ་དང་བཙོང་བར་མི་བྱའོ། །རྒྱལ་པོ་དང་ནི་རྒྱལ་པོའི་བུ། །དེ་བཞིན་བློན་པོ་ཚོང་དཔོན་ལ། །ཟས་ཀྱི་ཕྱིར་ནི་བརྟེན་མི་བྱ། །ཤི་དང་བཙས་པའི་ཁྱིམ་ཟས་དང་། །དགའ་དང་མཛའ་དང་ལྡན་པ་དང་། །དགེ་སློང་དགེ་སློང་མ་དང་འདྲེས། །རྣལ་འབྱོར་ཅན་ལ་དེ་མི་རུང་། །ཞེས་གསུངས་པ་ལྟར། གང་འཚོ་བའི་དོན་དུ་ཉོན་མོངས་པ་དང་བཅས་པའི་སེམས་ཀྱིས་སྦྱོར་བར་བྱེད་ཅིང་དེས་འཚོ་བར་རྟོགས་པ་གང་ཡིན་པ་འདི་ནི་ལོག་པར་འཚོ་བ་ཞེས་བྱའོ། །དེ་བཞིན་དུ་རྙེད་པའི་དོན་དུ་ཉོ་ཚོང་བྱས་ནས་འཚོ་བར་བྱེད་པ་དང་། ཆོས་འཆད་པས་འཚོ་བ་དང་། གསོ་བ་བྱེད་པ་དང་། ལྟས་ལ་སོགས་པ་ཤེས་པ་དང་། སྔགས་ཀྱི་སྦྱོར་བ་


JL00_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

དང་། མཚན་མ་བལྟ་བ་དང་། སྐར་རྩིས་དང་། ལྟས་མཁན་དང་། ཚུལ་འཆོས་དང་། གང་མི་དགེ་བའི་ལས་ཀྱི་འཚོ་བ་དང་། བཟོ་དང་། མདག་གཞུག་དང་། མེ་ཏོག་དང་། འབྲས་བུ་དང་། རྩ་བ་དང་། འདབ་མ་དང་། སོ་ཤིང་ལ་སོགས་པ་སྟེར་བའི་རྒྱུས་འཚོ་བ་འདི་ནི་ལོག་པར་འཚོ་བ་ཡིན་ནོ་ཞེས་ལོག་པར་འཚོ་བའི་འགྲེལ་པ་ལས་རྒྱ་ཆེར་བསྟན་མོད་དེ། འདིར་དམིགས་བསལ་གྱི་ལོག་པའི་འཚོ་བ་ལྔ་སྟེ། སྟེར་དུ་རེ་བའི་གཞོགས་སློང་གིས་ཁ་སྐད་ངན་པ་གཞན་སྔུན་དུ་འདོན་པའམ། ཟས་གོས་ཡོད་པ་ཕག་ཏུ་སྦས་ནས་གྱི་ནར་སྤྱོད་ཅིང་ཉམ་ཐག་པའི་ཚུལ་གཞན་གྱིས་གོ་བར་བྱས་ནས་རྙེད་ཚད་ཐམས་ཅད་འཚོ་བ་མ་དག་པ་ཡིན་ཏེ། དེ་ལ་ཐབས་ཀྱིས་བརྐུ་བ་ཞེས་བྱའོ། །རྙེད་པས་རྙེད་པ་འཚེལ་བ་ནི། བཟའ་བཏུང་ཕྲ་མོ་ཙམ་རེ་ཕར་བཏང་ནས་དེས་ཕ་རོལ་པོ་དེ་མི་ལྡོག་པ་བཅོས་ཏེ། ཕྱི་ནས་ཚུར་རྙེད་པ་མང་པོ་སྡུད་པའོ། ཁ་གསག་གིས་རྙེད་པ་འཚོལ་བ་ནི། གཞན་དང་གཞན་དག་གི་དྲུང་དུ། བདག་ཉིད་ཀྱིས་ཐོས་བསམ་སྒོམ་གསུམ་ལ་དཀའ་ཐུབ་བྱས་ཚུལ་དང་། བསོད་ནམས་དང་འདུ་འཛི་ལ་བྲོས་པའི་ལོ་རྒྱུས་དང་། དངོས་པོའམ། བདོག་པའི་ཚོགས་སྤོང་དག་བྱས་པ་སྐད་དང་། ཉ་དང་རི་དྭགས་ལ་སོགས་པ་སེམས་ཅན་གཞན་གྱི་སྲོག་བསྐྱབ་པའམ། མཆོད་སྦྱིན་དང་རྣམ་དཀར་རྒྱ་ཆེན་པོ་བྱེད་པ་ལ་བསྙད་པའི་རྫུན་གྱིས་གཞན་གྱི་མགོ་བསྐོར་ནས་རྙེད་པ་ཐོབ་པའོ། །ཚུལ་འཆོས་ཀྱིས་རྙེད་པ་འཚོལ་བ་ནི། རང་གི་ཆོས་ཉིད་མི་བསྡམས་པ། མ་དུལ་བ། ལྷོད་པ། མང་དུ་ཟ་བ། སྤོང་བ་ལས་ཉམས་པ། གཟུ་བོར་མི་གནས་པ་ཡིན་བཞིན་དུ་གཞན་གྱི་མདུན་སར་སྤྱོད་ལམ་ཞི་བ། ངག་འཇམ་པ། རྣམ་འགྱུར་དེས་པ། སྦྱོར་བ། ལྷོད་པ། དྲང་པོར་སྲོང་བ་བཞིན་དུ་འཆོས་


JL00_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

པའམ། ཡང་ན་ཆོས་བརྒྱད་མགོ་སྙོམས་པར་བརྫུས་ནས་སྤྱོད་པ་ཧྲལ་པོ། གཏམ་དྲང་མདོག་ཕྱི་ནང་མེད་པ། ངོ་ལྐོག་ཆུང་བར་ཀུན་སློང་སྐྱོན་ཅན་གྱིས་བཅོས་ནས་གཞན་དག་མགོ་བོ་རྨོངས་པར་བྱས་རྗེས་རྙེད་པ་སྡུད་པའོ། །ཐོབ་ཀྱིས་འཇལ་བ་ནི། བདག་ལ་ཡོན་བདག་ཆེ་གེ་མོས་ནོར་རམ་རྫས་འདི་ཙམ་ཞིག་བྱིན་ཏེ། བྱིན་པ་དེ་ཡང་བདག་ཉིད་ཚུལ་ཁྲིམས་དང་ལྡན་པ། མང་དུ་ཐོས་པ། རྣལ་འབྱོར་ལ་གོམས་པ། རིགས་དང་། རུས་དང་། ཆོ་འབྲང་གིས་འཕགས་པ། སྤྲུལ་གཞིས་ཁྱད་དུ་ཆེ་བ། གནས་བརྟན་གྱི་ཡོན་ཏན་དང་ལྡན་པར་མཐོང་ནས་བྱིན་ནོ། །དེ་ལ་བདག་གིས་ཀྱང་། ཁོང་ལ་སེམས་ཉེ་བར་བརྩེ་བས་བླངས་སོ། །ཞེས་དངོས་སུ་བརྗོད་ཅིང་། ཡི་གེའི་ལམ་དུ་འདྲེན་པའམ། ཡང་མི་སྟེར་བཞིན་དུ་ནན་གྱིས་བླང་བ་དང་། བདག་ཡུལ་གཉན་པོ་ལ་འབུལ་ནོད་ཉུངས་སོ་ཞེས་འཁང་བ་དང་། ངས་ཁ་བཏོན་དང་བཟླས་བརྗོད་འདི་ཙམ་ཞིག་བྱས་པས་སོ་ཞེས་ཐོབ་བརྩི་བ་དང་། བཅོམ་ལྡན་འདས་ཀྱིས། སྦྱིན་པ་པོས་ལེགས་པར་བྱིན། ལེན་པ་པོས་ལེགས་པར་གླང་། ཞེས་པ་ལ་ཅང་མི་སེམས་པས་གཞན་གྱིས་བྱིན་པ་ལ་རྗེས་སུ་ཡི་རང་མེད་ཀྱི་སྟེང་དུ། ཅུང་ཟད་ཐོབ་པ་དག་ལའང་ཁྲ་ཡིན། རྒོལ་གྱིན་རང་གཞན་གྱི་སེམས་བསྲེག་ཅིང་ལེན་པ་ནི་ཐོབ་ཀྱིས་འཇལ་བ་སྟེ། དེ་དག་ནི་ལོག་པའི་འཚོ་བ་དུག་དང་འདྲ་བ། དྲི་མ་དང་བཅས་པ། ངན་སོང་གི་རྒྱུ་རྔམ་པོ་ཆེ་ཡིན་པས་ཁྲེལ་ཏེ་ཟོས་པ་ལས་ལྟོགས་ཏེ་ཤི་བའང་རུང་བ་འཇིག་རྟེན་གྱི་གཏམ་རྒྱུད་ལའང་གྲགས་པས་ན་ཡོངས་སུ་སྤྲངས་ཏེ། ལེགས་པའི་ལམ་བསྟན་པའི་གཏམ་ལས། སྡུག་བསྔལ་བསལ་བའི་དོན་དུ་བསྟེན་བྱེད་ཅིང་། རིགས་པས་རྙེད་ལ་སེམས་ནི་ཆོག་ཤེས་པ། །འཚོ་བ་མིན་པའི་ཉེས་པས་གནོད་མི་འགྱུར། །ཞེས་བསྟན་པ་ལྟར།


JL00_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

རྙེད་པའི་བསམ་པས་སེམས་མ་བཅོམ་པ་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་དང་། གཞན་དག་ལ་འདུད་ཅིང་གཅམ་གསག་གིས་བསྒྲུབས་པ་མ་ཡིན་པའི་སླེང་མོའི་སྤྱོད་པས་འཚོ་བ་བསྒྲུབ་པ་འདི་ནི་རིགས་པ་ཞེས་བྱ་སྟེ་འཚོ་བ་རྣམ་པར་དག་པའི་མདོ་ལས་རྒྱ་ཆེར་བསྟན་ཅིང་། དེ་སྐད་དུ་བཅོམ་ལྡན་འདས་ཀྱིས། རྙེད་པའི་ཉེས་དམིགས་མཐོང་བས་ཀྱང་ཀྱེ་མའོ། །རྙེད་པའི་སེམས་ལས་བདག་རིང་དུ་གྱུར་པ་ནི་ལེགས་སོ་སྙམ་སྟེ། དེ་ལ་ཡིད་གདུང་བར་མི་བྱེད་དོ། །ཅེས་བསྟན་པ་བཞིན་ནོ། །དེ་བཞིན་དུ་མདོ་ལས། ཤ་དང་ཆང་གི་སྦྱིན་པ་དང་། །དུག་དང་མཚོན་ཆའི་སྦྱིན་པ་དང་། །ཞེས་གནས་མ་ཡིན་པའི་སྦྱིན་པའི་ཉེས་དམིགས་རྒྱ་ཆེར་བསྟན་ན། ལོངས་སྤྱོད་པ་བོ་སྨོས་ཅི་དགོས་ཏེ། ལང་གཤེགས་ལས། བློ་གྲོས་ཆེན་པོ། ངའི་འཕགས་པ་ཉན་ཐོས་རྣམས་ནི་ཁ་ཟས་ཐ་མལ་པའང་མི་ཟ་ན། ཤ་དང་ཁྲག་གི་ཟས་མི་རུང་བ་ལྟ་ཅི་སྨོས། བློ་གྲོས་ཆེན་པོ། ང་ནི་སེམས་ཅན་ཐམས་ཅད་ལ་བུ་གཅིག་བཞིན་གྱི་འདུ་ཤེས་དང་ལྡན་པ་ཡིན་ན། ཇི་ལྟར་བདག་གིས་བུའི་ཤ་བཟའ་བར་ཉན་ཐོས་རྣམས་ལ་གནང་བར་བྱ། རང་གིས་ཟ་བ་ལྟ་ཅི་སྨོས། ངས་ཉན་ཐོས་རྣམས་ལ་གནང་བ་དང་། བདག་ཉིད་ཀྱིས་ཟོས་སོ་ཞེས་བྱ་བ་འདི་ནི་བློ་གྲོས་ཆེན་པོ་གནས་མེད་དོ། །ཞེས་དང་། ཁེ་ཡི་ཕྱིར་ན་སེམས་ཅན་གསོད། །ཤ་ཡི་ཕྱིར་ན་ནོར་སྦྱིན་བྱེད། །དེ་དག་གཉིས་ཀ་སྡིག་ཅན་ལས། །འོ་དོད་འབོད་ལ་སོགས་པར་བཙོ། །ཞེས་དང་། མྱ་ངན་འདས་དང་སོར་ཕྲེང་དང་། །ལང་ཀར་གཤེགས་པའི་མདོ་ལས་ཀྱང་། །ངས་ནི་ཤ་ཡང་རྣམ་པར་སྨད། །ཅེས་དང་། མ་འོངས་པ་ཡི་དུས་ན་ནི། །ཤ་ཟ་གཏི་མུག་སྨྲ་བ་དག །ཤ་ནི་སྡིག་མེད་རུང་བའོ། །སངས་རྒྱས་


JL00_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་བཤད་ཅེས་ཟེར། །ཞེས་པ་ནི་ཐེག་པ་ཆེན་པོའི་སྡེ་སྣོད་ནས་ལྷག་པར་བཀག་པའི་དོན་གསལ་བར་སྟོན་པ་སྟེ། སྤྱད་དུ་རུང་བར་ཁུངས་འབྱིན་པའི་རྣམ་གསུམ་དག་པའི་ཤ་ཡང་ཐེ་ཚོམ་དང་བཅས་པའི་ཕྱིར་སྤང་བར་བྱ་བ་འབའ་ཞིག་དོན་དུ་གཉེར་བའི་ཚུལ། དེ་ཉིད་ལས། རྣམ་གསུམ་དག་པའི་ཤ་རྣམས་ནི། །མ་བརྟགས་པ་དང་མ་བསླངས་དང་། །མ་བསྐུལ་བ་ཡང་ཡོངས་མེད་པས། །དེ་བས་ཤ་ནི་མི་བཟའ་འོ། །ཞེས་གསུངས་སོ། །ཐེག་པ་ཆེན་པོའི་གང་ཟག་ཏུ་ཁས་འཆེས་ནས་ཤ་ཆང་གི་བཟའ་བཏུང་འབའ་ཞིག་དོན་དུ་གཉེར་བ་ནི་ལུགས་གཞན་པ་ཞིག་ལས་བདག་ཅག་གི་སྟོན་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེའི་རྗེས་སུ་ཞུགས་པ་རྣམས་ཀྱིས་ནི་སེམས་ཅན་གྱི་སྲོག་སྐྱོབ་པ་འབའ་ཞིག་དང་དུ་བླང་ཞིང་། མྱོས་པར་བྱེད་པའི་བཏུང་བའི་ཉེས་དམིགས་ཀྱང་བརྒྱ་བྱིན་བུམ་པའི་སྐྱེས་རབས་ལས་བསྟན་པ་བཞིན་དྲན་པར་བྱའོ། །ད་ནི་སྐྱེས་བུ་དམ་པ་བསྟེན་པའི་ཚུལ་རྒྱས་པར་བཤད་པའི་ཕྱིར། བསླབ་པ་ཀུན་གྱི་ཡོན་ཏན་རྫོགས་པའི་ཕྱིར། །སྐྱེས་བུ་དམ་པ་དག་ལ་བསྟེན་པར་བགྱི། །ཇི་ལྟར་མ་ལ་ཡ་ཡི་ནགས་ཀླུང་དུ། །རྣམ་པར་འཁྱམས་པའི་སྡོང་དུམ་ཕལ་པའང་། །ཡལ་འདབ་བརླན་པའི་ཙན་དན་དྲིས་བསུང་ལྟར། །གང་ལ་བསྟེན་པ་དེ་ཡི་རྗེས་སུ་འགྲོ། །འདི་ལྟར་བརྟག་པར་བྱ་སྟེ། དགེ་བ་དང་། སྡིག་པ་དང་། ཆོས་དང་། ཆོས་ལྟར་བཅོས་པའི་མཚན་ཉིད་མ་འདྲེས་པར་བྱེད་ཅིང་སྐྱབས་སུ་འགྲོ་བ་ནས་རྣམ་པར་གྲོལ་བའི་བར་གྱི་བསླབ་པའི་གནས་མ་ནོར་བར་ཤེས་པ་ནི་དགེ་བའི་བཤེས་གཉེན་བསྟེན་པ་ལས་འབྱུང་སྟེ། སྨན་གྱི་ནགས་ཚལ་ཆེན་པོ་རི་མ་ལ་ཡར་སྡོང་དུམ་ཕལ་པ་ཞིག་འཁྱམས་པར་གྱུར་ཀྱང་། རེ་ཞིག་ན་ཙན་དན་གྱི་དྲི་ངད་བསུང་པོར་དེ་ལ་


JL00_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

བགོས་པ་ལྟར་གྱུར་ནས་ཙན་དན་དང་འཁྲུལ་པ་བསྐྱེད་པ་ཡོད་དེ། དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་ཀུན་ནས་ཉོན་མོངས་པ་ཚེར་མ་ཅན་གྱི་ཤིང་ལྟ་བུ། མ་དུལ་ཞིང་མ་རུངས་པའི་ཡལ་ག་བལྟ་ན་མི་སྡུག་པ་ཤིང་གེལ་པ་ལྟ་བུ། བླང་དོར་ནོར་བ། གཏོང་བ་ལ་འཇུངས་པ། སྐྱེ་བ་ལ་སྲེད་པ། བཟོད་པའི་དཀའ་ཐུབ་ལས་ཉམས་པ། ལམ་མ་ཡིན་པ་ལ་ལམ། འབྲས་བུ་མ་ཡིན་པ་ལ་འབྲས་བུར་དམ་འཆའ་བ། ཚུལ་ཁྲིམས་ཀྱི་དྲི་བསུང་དང་། ཏིང་ངེ་འཛིན་གྱི་ཡོན་ཏན་གང་དང་ཡང་མི་ལྡན་པའི་སྐྱེ་བོ་བ་ལང་ལྟ་བུ་དག་ཀྱང་སྐྱེས་བུ་དམ་པ་ལ་བསྟེན་པས་དེའི་ལམ་སྲོལ་ལ་འཇུག་པར་འགྱུར་ཏེ། བྲམ་ཟེའི་ཁྱེའུ་མི་གདུང་བ་སོར་མོའི་ཕྲེང་བ་ཅན་གྱིས་མི་དགུ་བརྒྱ་དང་དགུ་བཅུ་གོ་དགུ་བསད་པའི་མཐར་རང་གི་མ་གསོད་ཅིང་། དེ་བཞིན་གཤེགས་པ་ལའང་མཐོ་བཙམས་པར་འགྱུར་བ། སྟོན་པའི་དམ་ཆོས་ཐོས་ཤིང་དེའི་རྗེས་སུ་ཞུགས་པས་བདེན་པ་མཐོང་བ་ལྟ་བུ་སྟེ། འདུལ་བ་ལུང་ལས། སཱ་ལའི་ཤིང་ལ་འཁྲི་ཤིང་བཞིན། །དམ་པ་རྣམས་ལ་བསྟེན་གྱུར་པ། །བཟང་པོའི་དཔལ་གྱིས་འཁྱུད་པར་བྱེད། །ཅེས་སོ། །བསྟེན་བྱའི་མཚན་ཉིད་ནི། དམ་པའི་ཆོས་ཚུལ་མཐའ་དག་རྫོགས་པ་ནི། །སྙིགས་མའི་མཐུས་བྱས་རྙེད་པར་དཀའ་ནའང་། །སྡོམ་གསུམ་གནང་བཀག་གཙང་མའི་ས་གཞི་ལ། །ཐོད་དང་སྙིང་རྗེ་ཆེན་པོས་ཐུགས་རྒྱུད་བརླན། །སྡེ་སྣོད་སྔགས་རྒྱུད་རྒྱ་མཚོའི་ཆོ་ག་མཁས། །སྤངས་རྟོགས་ཡེ་ཤེས་དྲི་མེད་འབྲས་བུས་ཕྱུག །བསྡུ་དངོས་བཞི་ཡི་མེ་ཏོག་རྣམ་བཀྲ་བས། །སྐལ་བཟང་སློབ་མའི་བུང་བ་སྡུད་ལ་བརྟེན། །སྔོན་བསྐལ་དུས་ཡར་ལྡན་གྱི་ཚེ་འབྲས་བུའི་བསྟན་པ་ལ་སོགས་པས་བསྐལ་པ་


JL00_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་པར་དགེ་ཞིང་། གདུལ་བྱའི་རྒྱུད་ཀྱང་རང་བཞིན་བཟང་ལ་བསོད་ནམས་དང་ལྡན་པས་འཕགས་པའི་བླ་མ་དང་། སྔགས་ཀྱི་ལམ་ནས་དངོས་གྲུབ་བརྙེས་པའི་གྲུབ་ཆེན་མང་པོ་བྱོན་པས་དགེ་བའི་བཤེས་གཉེན་ཀྱང་ཟབ་མོའི་མདོ་སྡེ་དང་། རྒྱུད་སྡེ་དག་ནས་ཇི་ལྟར་གསུངས་པའི་མཚན་ཉིད་ཐམས་ཅད་མཐོང་ཆོས་སུ་ཚང་བ་ཡིན་ལ། ད་ནི་བསྟན་པ་སྙིགས་མས་དམ་པའི་ཡོན་ཏན་རྫོགས་པའི་སྐྱེས་བུའང་ཉུང་ཞིང་། གལ་ཏེ་ཡོང་ཀྱང་དེ་དག་གི་རྒྱུད་སྦས་ཚུལ་དུ་བཞུགས་པ་ཤས་ཆེ་ལ། འགྲོ་བ་རྣམས་ནི་རྨོངས་པའི་གཞན་དབང་དང་འབྲེལ་ཞིང་གྲགས་པའི་ཕྱི་ནས་འབྲེང་བ་ཤ་སྟག་པས། རང་རྒྱུད་ཀྱི་སྙིགས་མ་ལྔས་དགེ་བའི་བཤེས་གཉེན་དམ་པ་དང་ཕྲད་པའི་གེགས་བྱེད་པ་ཉིད་དོ། །དེ་ལྟར་གེགས་ཀྱི་དབང་དུ་སོང་ན་སློབ་པ་སོ་སོ་སྐྱེ་བོ་ནས་སངས་རྒྱས་ཀྱི་སའི་བར་དུ་འཁྲིད་པའི་ལམ་མཁན་བླ་མ་ལ་རེ་དགོས་པས། དང་པོ་ཆོས་འབྲེལ་མ་བྱས་ཀྱི་གོང་ནས་མཚན་ཉིད་ལེགས་པར་མ་བརྟགས་ན། སློབ་མ་རང་ཉིད་སྐལ་བ་དང་ལྡན་པ་ཡིན་དུ་ཟིན་ཀྱང་། ལྟར་སྣང་འཁྲུལ་པས་བསླུས་པའི་བླ་མ་ངན་པ་དང་འཕྲད་ཚར་ན། གཞན་སྐྱེས་བུ་དམ་པའི་དྲུང་དུ་འགྲོར་ཡང་མི་སྟེར། ཁོང་གི་དྲུང་དུ་ཇི་ཙམ་བསྡད་ཀྱང་ཡོན་ཏན་སྣ་གཅིག་མི་སྐྱེ། དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་མཆོད་པ་ཕུལ་ནས་གསོལ་བ་བཏབ་ན་དགོས་འདོད་འབྱུང་སྟེ། མཆིང་བུ་ལ་གསོལ་བ་བཏབ་ན་དེ་ལྟ་མ་ཡིན་པས་སོ། །འདི་ལྟར་འཇིག་རྟེན་ན་གཉེན་བསྒྲིག་པ་དང་། བཟོ་གནས་སྣ་གཅིག་སློབ་པའི་སློབ་དཔོན་ལའང་རྟོག་དཔྱོད་ཞིབ་ཏུ་གཏོང་ན། དལ་བ་བརྒྱད་དང་རང་འབྱོར་ལྔ་ནི་རང་ཉིད་ཀྱི་བདག་རྐྱེན་ལས་བྱུང་ལ། གཞན་འབྱོར་གྱི་ཡན་ལག་ཉམས་སུ་འཇུག་ཅིང་མི་ལུས་རིན་པོ་ཆེའི་རྟེན་ཡང་


JL00_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ཕལ་པར་བྱེད་པ་དམ་པ་མ་ཡིན་པའི་བཤེས་གཉེན་གྱིས་ཐམས་ཅད་མཁྱེན་པའི་ལམ་མཁན་མི་བཏུབ་པའི་ཕྱིར་རོ། །འདིར་མཚན་ཉིད་ཇི་ལྟར་བརྟག་ན་སོ་སོ་ཐར་པ་དང་། བྱང་ཆུབ་སེམས་དཔའ་དང་། རིག་པ་འཛིན་པ་སྟེ་སྡོམ་པ་གསུམ་སོ་སོའི་གཞུང་ལམ་གང་ཡིན་པའི་གནང་བཀག་ཤེས་ཤིང་མ་འཁྲུལ་བར་སྤྱོད་ལ། འདུལ་བ་དང་། མདོ་སྡེ་དང་། མངོན་པ་དང་། རིག་པ་འཛིན་པ་སྡེ་སྣོད་བཞི་ཀའི་ཆོ་ག་ལ་མཁས་ཤིང་ཐོས་པས་རྒྱུད་གྲོལ་བ། ཁྱད་པར་དུ་སྙིང་རྗེ་ཆེན་པོ་དང་། སྟོང་པ་ཉིད་ཟུང་དུ་འབྲེལ་བའི་ཡོན་ཏན་ཁྱད་པར་ཅན་ཐུགས་རྒྱུད་ལ་མངའ་ཞིང་སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་སྤྱོད་པ་དང་། དོན་མཐུན་པ་སྟེ་བསྡུ་བའི་དངོས་པོ་བཞིས་སེམས་ཅན་གྱི་དོན་མཛད་པ་དེ་ནི་སངས་རྒྱས་དང་བྱེད་པ་མཚུངས་པས་སྤྲུལ་པའི་སྐུ་ཁོ་ན་ཡིན་ཏ་རྔ་བོ་ཆེའི་མདོ་ལས། མྱ་ངན་མ་བྱེད་ཀུན་དགའ་བོ། །སྨྲེ་སྔགས་མ་འདོན་ཀུན་དགའ་བོ། །ང་ནི་ཕྱི་མའི་དུས་ཀྱི་ཚེ། །དགེ་བའི་བཤེས་གཉེན་ཉིད་སྤྲུལ་ནས། ཁྱོད་ལ་སོགས་པའི་དོན་བྱེད་འགྱུར། །ཞེས་སོ། །དེའང་འདི་ལྟར་སངས་རྒྱས་ཀྱིས་གདུལ་བའི་ཚེ་གཙུག་ཏོར་དང་བཅས་པའི་སངས་རྒྱས་དངོས་སུ་སྣང་བས་དོན་མཛད་ལ། དགྲ་བཅོམ་པ་དང་། ཕྱིར་མི་འོང་བ་དང་། ལན་ཅིག་ཕྱིར་འོང་བ་དང་། རྒྱུན་དུ་ཞུགས་པའི་འབྲས་བུ་ལ་གནས་པའི་ཚུལ་གྱི་པཎྜི་ཏར་སྣང་བས་དོན་མཛད་དུས། དེ་དང་དེ་དག་ཏུ་སྤྲུལ་ནས་བཀའ་བསྡུ་བ་དང་། བསྟན་བཅོས་མཛད་པར་ཤེས་པར་བྱ་ཞིང་། དེང་སང་བསྟན་པའི་སྙིགས་མ་ལ་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་སྟོན་ཕྱིར་དགེ་བའི་བཤེས་གཉེན་དུ་སྤྲུལ་ནས་དོན་མཛད་པའི་ཕྱིར་ངོ་བོའི་ཆ་ནས་སངས་རྒྱས་དང་མཉམ་ལ། རྣམ་པའི་ཆ་ནས་


JL00_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་དངོས་ཀྱིས་འདུལ་བར་སྤངས་པའི་སེམས་ཅན་ཤིན་ཏུ་ཉོན་མོངས་པ་ཅན་ལ་ཕན་པ་ལྷུར་མཛད་པས་བདག་ཉིད་ཀྱི་ངོ་ན་སངས་རྒྱས་ཉིད་ལས་ཐུགས་རྗེའི་ཆ་ནས་འཕགས་པར་བལྟ་སྟེ། གསང་བ་འདུས་པ་ལས། ཁམས་རྣམས་དང་ནི་ཕྲིན་ལས་དག །རང་གཞན་མཉམ་པ་ཉིད་ཀྱི་ཕྱིར། །སངས་རྒྱས་ཀུན་དང་བླ་མ་མཉམ། །འགྲོ་བ་གང་ལ་ལམ་སྟོན་ཕྱིར། །སངས་རྒྱས་ཉིད་ལས་མཆོག་ཏུ་འཕགས། །ཞེས་སོ། །བྱེ་བྲག་ཏུ་གསང་སྔགས་ཀྱི་བླ་མ་ནི། ཁྱད་པར་མན་ངག་སྟོན་པའི་བླ་མ་ནི། །དབང་ཐོབ་དམ་ཚིག་ལ་གནས་ཤིན་ཏུ་ཞི། །གཞི་ལམ་འབྲས་བུའི་རྒྱུད་དོན་ཁོང་དུ་ཆུད། །བསྙན་སྒྲུབ་རྟགས་རྫོགས་རྟོགས་པས་རང་རྒྱུད་གྲོལ། །སྙིང་རྗེ་ཚད་མེད་གཞན་དོན་འབའ་ཞིག་གཉེར། །བྱ་བ་ཉུང་ཞིང་ནན་ཏན་ཆོས་ལ་སེམས། །སྐྱོ་ཤས་ཆེར་ལྡན་གཤན་ཡང་དེ་ལ་བསྐུལ། །ཐབས་ལ་མཁས་ཤིང་བརྒྱུད་པའི་བྱིན་རླབས་ལྡན། །དེ་ལྟ་བུ་ལ་བསྟེན་ན་དངོས་གྲུབ་མྱུར། །འདིའི་དོན་ནི་སློབ་དཔོན་ཆེན་པོ་བི་མ་ལའི་དགོངས་པ་སྟེ། སྒྱུ་འཕྲུལ་མེ་ལོང་གི་འགྲེལ་བར། བླ་མ་དེ་ཡང་དཀྱིལ་འཁོར་ཕྱི་ནང་གི་དབང་རྫོགས་པར་ཐོབ་པ། སྡོམ་པ་དམ་ཚིག་དག་པ། རྒྱུད་སྡེ་སོ་སོའི་དོན་ལ་མཁས་པ། བསྙེན་སྒྲུབ་ལས་སྦྱོར་དང་བཅས་པའི་དོན་ལ་སྦྱངས་པ། རྟོགས་པ་ལྟ་བས་མ་རྨོངས་པ། །ཉམས་མྱོང་བསྒོམ་པ་ལ་འདྲིས་པ། །སྣ་ཚོགས་སྤྱོད་པ་དང་འབྲེལ་བ། །སྙིང་རྗེས་གདུལ་བྱ་འདྲེན་པ་སྟེ་བརྒྱད་དང་ལྡན་པའོ། །ཞེས་གསུངས་ལ། དེའི་སྟེང་དུ་བརྒྱུད་པ་ལ་སེལ་མེད་ཅིང་བྱིན་རླབས་ཆེ་བ་དང་། སྐྱོ་ཤས་ཆེ་ཞིང་བྱ་བ་ཉུང་བ་ནི་བདག་གི་བླ་མ་ཀུན་མཁྱེན་ཆེན་པོའི་རིང་ལུགས་ཐུན་མོང་མ་ཡིན་པ་ཡིན་ཏེ། བརྒྱུད་པ་ལ་སེལ་ཡོད་ན་སྔགས་ཀྱི་དངོས་གྲུབ་དམ་ཚིག་གཅིག་པོ་ལ་བརྟེན་ནས་འབྱུང་བ་ཡིན་པས་


JL00_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་རླབས་མི་འབྱུང་། ནན་ཏན་ཆོས་ལ་མི་བྱེད་ན་ཆོས་ནས་འདི་སྐད་བཤད་དོ་བྱས་ཀྱང་ལག་ལེན་རང་དང་མཐུན་པར་བྱེད་ཅིང་། ཁྱད་པར་འཇིག་རྟེན་ཆོས་བརྒྱད་ལ་ནི་སློབ་མི་དགོས་པར་འཇུག །དེའི་ཕྱིར་བླ་མ་རང་ཡང་ཆོས་བཞིན་དུ་བྱེད་ལ། གཞན་ཡང་དེ་ལ་སྦྱོར་བ་ལ་ནི་དགེ་བའི་བཤེས་གཉེན་ཞེས་བྱ་སྟེ། མདོ་སྡེ་མྱང་འདས་ལས། བདག་བྱང་ཆུབ་ལ་ནན་ཏན་དུ་བྱེད་ལ། གཞན་ཡང་བྱང་ཆུབ་ལ་ནན་ཏན་དུ་བྱེད་དུ་འཇུག་པ་སྟེ། དེ་བས་ན་དགེ་བའི་བཤེས་གཉེན་ཞེས་བྱའོ། །ཞེས་གསུངས་པས་ན། རྟོགས་པས་བདག་རྒྱུད་གྲོལ་བའི་རྟགས་སུ་བྱ་བ་ཉུང་ཞིང་། སྙིང་རྗེ་ཆེན་པོ་དང་ལྡན་པས་གཞན་དོན་ལ་སྐྱོ་ངལ་མེད་པ་ནི་སྐྱེས་བུ་ཆེན་པོའི་རྟགས་སུ་རིགས་པར་བྱ་སྟེ། མགོན་པོ་བྱམས་པས། བྱང་ཆུབ་སེམས་དཔའ་ཐོས་མང་དང་། །བདེན་མཐོང་སྨྲ་མཁས་བརྩེ་བ་ཅན། །སྐྱོ་མེད་སྐྱེས་བུ་དམ་པ་ནི། །ཆེན་པོ་ཡིན་པར་ཤེས་པར་བྱ། །ཞེས་སོ། །བསྟེན་བྱ་མ་ཡིན་པའི་མཚན་ཉིད་བཤད་པའི་ཕྱིར། །བྲམ་ཟེ་བཞིན་དུ་ཚོ་རིགས་བསྲུང་བའམ། །བསྟི་གནས་ཉམས་པར་དོགས་པའི་རྫིང་བུ་རུ། །ཐོས་བསམ་འབྲས་བུ་གནས་མིན་ཁྲུས་ལ་ཞུགས། །ཤིང་གི་རང་འཐག་ལྟ་བུའི་ལམ་སྟོན་དང་། །འདི་ལྟར་བྲམ་ཟེ་ནི་བདག་ཉིད་ཀྱི་ཆོ་རིགས་འབའ་ཞིག་ལ་མཆོག་ཏུ་འཛིན་ཞིང་། རིག་བྱེད་དང་། ངན་སྔགས་ལ་སོགས་པ་སངས་རྒྱ་བའི་དགོས་པ་མེད་ཅིང་། རྒྱལ་བའི་བཀའ་དང་འབྲེལ་བ་མེད་པའི་ཕ་མེས་ཀྱི་རིང་ལུགས་ལ་དམ་པར་འཛིན་པ་བཞིན་དུ། རིགས་དང་། རུས་དང་། ཆོ་འབྲང་འབའ་ཞིག་གིས་ཁེངས་ཤིང་གཟེངས་བསྟོད་ལ་གཅོམ་པ་དང་། སྲིད་སྡེའི་མངོན་རྟོགས་ལ་དམ་པའི་ཆོས་ཀྱི་མཚན་ཉིད་གནས་པ་ལྟར་རྣམ་གཡེང་དང་འདུ་འཛིའི་རློམ་


JL00_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

བས་རབ་ཏུ་རྒྱགས་ཤིང་ཐོས་པ་དང་། བསམ་པ་དང་། སྒོམ་པའི་ཤེས་རབ་གང་ལའང་ཡིད་མི་རྟོན་པའམ། བསྟི་གནས་ཀྱི་དཀོར་དང་མངའ་རིས་ཉམས་སུ་དོགས་པས་ཐོས་བསམ་ཅུང་ཟད་བྱས་ཀྱང་དེའི་འབྲས་བུ་འཇིག་རྟེན་གྱི་ཁེངས་གྲགས་གཙོ་བོར་གཉེར་ཞིང་། ཟབ་པ་དང་རྒྱ་ཆེ་བའི་དོན་གཞན་ལ་བཤད་ཀྱིན་རང་ཉིད་ཀྱི་བསམ་སྦྱོར་ཚོང་དང་། སོ་ནམ་དང་། སེམས་ཅན་གྱི་སྲོག་ལ་འཚེ་བ་དང་། སྲིད་པའི་ཕུན་ཚོགས་འབའ་ཞིག་ལ་སྲེད་པས་རྒྱལ་སྲིད་དང་། ཁྱིམ་ན་གནས་པའི་ལམ་སྲོལ་ལ་ཡང་དག་པར་ཞུགས་པ་ནི། སྒྲ་དང་དོན་དུ་འཛོལ་བ་ཤིང་གི་རང་འཐག་ལྟ་བུའོ། །སོ་སོ་སྐྱེ་བོའི་རང་བཞིན་མ་འགལ་ཡང་། །བླུན་པོའི་དད་པས་བབ་བཅོལ་གནས་ལ་སྦྱར། །རྙེད་དང་བཀུར་བསྟིའི་མཆོད་པས་ཁེངས་གྱུར་པ། ཁྲོན་པའི་ལག་འགྲོ་ལྟ་བུའི་བཤེས་གཉེན་དང་། །འཕགས་པ་རྣམས་ནི་སོ་སོ་སྐྱེ་བོའི་ཆོས་ཉིད་དང་ཤིན་ཏུ་འགལ་བ་ཡིན་ཏེ། ཇི་ལྟར་འགལ་ན་དད་པ་དང་། །ཚུལ་ཁྲིམས་དང་། གཏོང་བ་ལ་གོམས་པ་དང་། ཐོས་པ་མང་པོ་དང་། ཁྲེལ་ཡོད་པ་དང་། ངོ་ཚ་ཤེས་པ་དང་། ཤེས་རབ་དང་ལྡན་པ་སྟེ་རང་གི་རིགས་དེའི་ནོར་གྱིས་ཕྱུག་ལ་སེར་སྣ་ལ་སོགས་པ་ཉོན་མོངས་པ་དང་། རྡུལ་དང་ལྟ་བ་ཐམས་ཅད་དང་བྲལ་བས་ན་འཕགས་པ་ཞེས་བྱ་སྟེ། བྱིས་པ་སོ་སོ་སྐྱེ་བོའི་མཚན་ཉིད་ནི། སློབ་དཔོན་མ་ཏི་ཙི་ཏྲས། ཁྱོད་ཀྱིས་བླུན་དང་ཕོངས་ཆོས་ཅན། །བརྐམ་ཞིང་བྱས་པ་མི་གཟོ་དང་། ཁ་གསག་གཏུམ་པོ་མི་བཟད་པ། །ཡུལ་ན་གནས་སུ་མ་སྩལ་ཅིག །རྟག་ཏུ་སོ་སོ་སྐྱེ་བོ་ཡི། ཁྱད་པར་མཁྱེན་པར་མཛོད་ཅིག་དང་། །རང་དོན་ཙམ་ཕྱིར་འབྲང་བའི་མི། །གཞན་དག་སྐྱེ་བོ་ཕལ་པ་བས། །ཞེས་དང་། བཤེས་སྤྲིང་ལས། དེ་ཡི་རྒྱུ་ནི་སྐྱེ་བོ་འཇུངས་དགའ་བ། །སེར་སྣ་འཕགས་མིན་ལགས་པར་


JL00_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བས་གསུངས། །ཞེས་འཕགས་པ་མ་ཡིན་པ་ནི་རང་རྒྱུད་ཉོན་མོངས་ཅན་དུ་རྣམ་པར་བཞག་པའི་མཚན་ཉིད་མ་རིག་བཞིན་དུ། སྔོན་གྱི་སྦྱིན་འབྲས་ཅུང་ཟད་ལ་བརྟེན་ནས་ད་ལྟར་བླ་མའི་གནས་སྐབས་ཐོབ་པ་དག་ལ། བླུན་པོ་རྣམས་ཀྱི་ཕྱོགས་རིས་ཀྱི་དད་པས་འཕགས་པའམ། ཐུགས་རྗེ་ཡས་སྤྲུལ་གྱི་གང་ཟག་ཏུ་སྒྲོ་བཏགས་པའི་རྙེད་པ་དང་བཀུར་སྟིས་དེའི་རྒྱུད་མ་རུངས་པར་བྱས་པས་རང་རྒྱུད་ལ་རྟོག་དཔྱོད་མི་འཇུག་པར་དེ་དེ་བཞིན་ནོ་སྙམ་པའི་མངོན་པའི་ང་རྒྱལ་ཅན་ཏེ། དེའི་ངང་ཚུལ་ནི་སྐྱེ་བོ་གསོ་ཐིགས་ལས་བཤད་པའི་ཁྲོན་པའི་སྦལ་པ་བཞིན་ནོ། །ཐོས་པ་ཉུང་ཞིང་སྡོམ་དང་དམ་ཚིག་འཆལ། །རྒྱུད་ཚོད་དམའ་བ་ཀུན་སྤྱོད་ས་བླར་གཤེགས། །བྱམས་དང་སྙིང་རྗེའི་དཔྱད་ཐག་ཆད་པ་ཡི། །སྨྱོན་པའི་ལམ་མཁན་རྣམས་ལས་སྡིག་པ་འཕེལ། །ཕྱོགས་རེ་ལས་མ་ཐོས་པས་ལུང་གི་ཡོན་ཏན་དང་མི་ལྡན་པ། གནང་བཀག་མི་ཤེས་པས་སྡོམ་པ་དང་དམ་ཚིག་འཆལ་བར་སྤྱོད་པ། དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་དང་མི་ལྡན་པར་སྤངས་རྟོགས་ཕུན་སུམ་ཚོགས་པ་སྤྱོད་པ་ལ་ཞུགས་པའི་ལད་མོ་བྱེད་པ། བྱམས་པ་དང་སྙིང་རྗེའི་ཆུ་རྒྱུན་བསྐམས་པས་གཞན་དོན་རྙེད་བཀུར་གྱི་རྗེས་སུ་འགྲོ་བ་རྣམས་ཏེ། སྨྱོན་པ་ལ་ལམ་མཁན་བཅོལ་ན་ལམ་མིན་རྒྱུན་ལྡན་དུ་འཁྲིད་པ་བཞིན་ཆོས་ལྟར་བཅེས་པའི་གཡང་ས་ནས་སྡིག་ལྟའི་གཅོང་རོང་དུ་འཁྲིད་པ་ཡིན་ནོ། ཁྱད་པར་རང་ལས་ཡོན་ཏན་ལྷག་བཅས་མིན། །བྱང་ཆུབ་སེམས་བྲལ་གྲགས་པའི་མཐུས་བསྟན་ན། །ལོང་བའི་དེད་དཔོན་ནོར་བ་ཆེན་པོ་སྟེ། །ཟོལ་འགྲོགས་མུན་པའི་སྨག་ཏུ་འཁྱམ་པར་འགྱུར། །དེ་ཕྱིར་དམ་པ་ཤིན་ཏུ་མ་བརྟགས་ན། །དད་པ་ཅན་གྱི་དགེ་ཚོགས་


JL00_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

ཆུད་གསོན་ཅིང་། །དལ་བ་སྐབས་གཅིག་རྙེད་པ་སྦྲུལ་གདུག་དང་། །ཤིང་གི་གྲིབ་མ་ནོར་བཞིན་བསླུ་བར་འགྱུར། །འདི་ལྟར་ལོང་བས་ལོང་བའི་ལམ་སྣ་འདྲེན་པ་ནི་འཇིག་རྟེན་ནའང་སྲིད་པ་མ་ཡིན་པའི་ཆོས་ཏེ། དེའི་ཕྱིར་སློབ་མ་གང་ཡིན་པ་ལས་ཆེས་ལྷག་པའི་ཁྱད་པར་གྱི་ཡོན་ཏན་ནི་ཅིས་ཀྱང་དགོས་ཏེ། མཛའ་བཤེས་ཀྱི་ཚོམས་ལས། དམན་པ་བསྙེན་པས་མི་དག་ཉམས་འགྱུར་ཤིང་། །ཐད་ཀར་བབ་པ་བསྟེན་པས་སོ་ན་གནས། །གཙོ་བོ་བསྟེན་པས་དམ་པ་ཐོབ་འགྱུར་བ། །དེ་ཕྱིར་བདག་པས་གཙོ་གྱུར་བསྟེན་པར་བྱ། །ཞེས་བཤད་པ་ལྟར། སློབ་མ་དེ་ཚོགས་ལམ་པ་ཡིན་ན། བླ་མ་སྦྱོར་ལམ་ལ་གནས་པ་ཞིག་དགོས། །དེ་བཞིན་དུ་སློབ་མ་སྦྱོར་ལམ་པ་ལ་བླ་མ་མཐོང་ལམ་པ། སློབ་མ་མཐོང་ལམ་ལ་འཁྲིད་པ་ལ་བླ་མ་བསྒོམ་ལམ་ལ་གནས་པ། སློབ་མ་བསྒོམ་ལམ་པ་ལ་བླ་མ་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པ་ཞིག་དགོས་པ་ཡིན་ནོ། །དེ་ལྟ་ན་མདོ་སྡེ་དང་རྒྱུད་སྡེ་དག་ལས་བླ་མ་སངས་རྒྱས་སུ་བལྟ་དགོས་པ་དང་མ་འབྲེལ་ལོ་སྙམ་ན། འདིར་ཐོག་མར་བླ་སློབ་འབྲེལ་བ་བསྒྲིག་པའི་ཆ་ལ་ཡོན་ཏན་གྱི་སྒོ་ནས་ཆེ་ཁྱད་མ་ཞུགས་ན། ཉམས་ཚོད་ལོངས་ནས་མོས་གུས་ཀྱི་རྟེན་དུ་མི་རུང་ཞིང་ཟོལ་འགྲོགས་དང་བཅས་པས་བྱིན་རླབས་མི་འཇུག་པས་འདི་ལྟར་བརྟགས་ཏེ། མོས་གུས་འབུལ་བ་དང་། གསོལ་བ་འདེབས་པའི་ཆ་ནས་ལམ་ལ་གནས་པའི་གང་ཟག་ཏུ་བལྟ་བ་ནི་མ་ཡིན་ནོ། ཁྱད་པར་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ནི་ཡོན་ཏན་ཐམས་ཅད་ཀྱི་གཏེར་མཛོད། དད་པའི་ཞིང་ས་བླ་ན་མེད་པ་ཉིད་དེ། དེ་དང་བྲལ་བ་གང་ཞིག་ལྟར་སྣང་གི་གྲགས་པ་ཙམ་ལ་འཁྲུལ་ནས་བསྟེན་ན། སློབ་མ་དེ་ཆོས་བཞིན་བྱེད་མི་བྱེད་ལ་མི་བལྟ་བར་རང་ལ་ཞབས་ཏོག་དང་བསྙེན་བཀུར་བག་རེ་ཙམ་ལ་གཟིགས་པ་མཐོ་དམན་དུ་


JL00_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

ཡོང་ཞིང་། དགོངས་གཞི་དང་དགོས་དབང་གང་ཡང་མེད་པའི་འཇིག་རྟེན་འཁྲུལ་བའི་བྱ་བས་བཀའ་མ་ཆོགས་པའི་རིང་ལ་སློབ་མས་དལ་བསྐབས་ཤིག་རྙེད་པ་དང་། དགེ་བའི་ཚོགས་ཆུད་གསན་པར་འགྱུར་ཏེ། སྔོན་སྐྱེ་བོ་མ་བརྟགས་པ་ཞིག་གིས་མཚན་མོ་དུག་སྦྲུལ་དང་ཤིང་གི་གྲིབ་མ་ནོར་ནས་ཁོའི་སྟེང་དུ་ངལ་གསོས་པས། ཇི་ཞིག་ན་སྦྲུལ་གྱིས་ཁྱུར་མིད་བྱས་པ་ལྟ་བུའོ། །དེའི་ཕྱིར་དམ་པ་མ་ཡིན་པ་བསྟེན་པའི་ཉེས་པ་ནི་ཀུ་ཤ་ཉ་རུལ་གྱི་བགོས་པ་ལྟ་བུ་སྟེ་འདུལ་བ་ལུང་ལས། མི་ཡི་མདུན་དུ་ཀུ་ཤ་ལ། །ཉ་རུལ་གྱིས་ནི་དཀྲིས་གྱུར་ན། །དེ་ནི་རིང་པོར་མི་ཐོགས་པར། །ཀུ་ཤ་ཉིད་ཀྱང་དེ་འདྲར་གྱུར། །དེ་ཕྱིར་དམ་པ་མ་ཡིན་པ། །བསྟེན་པར་གྱུར་པའང་དེ་བཞིན་ནོ། །ཞེས་དང་། རིག་པ་འཛིན་པའི་སྡེ་སྣོད་ལས། །རང་གི་མི་ཤེས་གཞན་ལ་སློག །རང་རྒྱུད་མ་སྨིན་གཞན་སྨིན་འདོད། །རྒྱུད་ལུང་མན་ངག་དོན་མ་རིག །བླུན་པོའི་ངག་ཚིག་ཁེངས་དང་བཅས། །གསང་སྔགས་བོན་གྱེར་ཟབ་ཆོས་འཚོང་། །རྒྱབ་བརྟེན་ཆོས་བྱས་ལས་སྡིག་གསོག །ཐོས་ཆུང་དྲིས་ལ་ལན་མི་ཐེབས། །སློབ་དཔོན་མ་བརྟགས་སློབ་མའི་བདུད། །ཅེས་སོ། །དེ་ལྟ་བུ་ལ་ནི་སེམས་ཅན་བསླུ་བའི་ཉེས་དམིགས་ཀྱང་ཚད་མེད་པ་འཐོབ་སྟེ། རྔམ་ཀློག་ལས། སྨྲ་བའི་སེངྒེ་བླ་མའི་དོན་ལ་མཁས་པའི་རྗེས་སུ་བྱུང་བའི་མི་ཤེས་བཞིན་དུ་ཚུལ་འཆོས་ཤིང་། བླ་མའི་ས་བཟུང་ནས་ཚེགས་སྐྱོང་བ་ནི་དྲེགས་པའི་རུ་ཏྲ་ཆེན་པོར་ལྷུང་བར་ངེས་སོ། །སྔོན་འདས་པའི་དུས་དགེ་སློང་དྲི་མེད་སྤྱོད་པ་ཞེས་བྱ་བ་ཞིག་རྣལ་འབྱོར་གྱི་ཚུལ་འདྲ་བ་ཙམ་དུ་སྤྱོད་དེ། དེ་དོན་ལ་མཁས་པའི་བླ་མ་རྣམས་མི་བཞུགས་ནས་བླ་མ་དེ་དག་གི་ཚོམ་བུ་འབུམ་གྱི་འཁོར་རྣམས་ཀྱིས་བདག་ཅག་རྣམས་ཀྱི་བླ་མའི་གདུང་འཚོབ་པར་གསོལ་


JL00_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་དཔོན་བསྟབས་པས། དགེ་སློང་དྲི་མེད་སྦྱོང་བ་ཞེས་བྱ་བ་དེ་ཆེ་བའི་དྲེགས་པ་སྐྱེས་ཏེ་མི་ཤེས་བཞིན་དུ་ཚུལ་འདྲ་བ་ལོག་པར་སྤྱོད་པས་དེའི་ཚེ་དེའི་དུས་ཉིད་དགེ་སློང་ཚོམ་བུ་འབུམ་གྱི་འཁོར་དང་བཅས་པ་རུ་ཏྲར་བསྐལ་པ་ཆེན་པོ་གྲངས་མེད་པར་སྐྱེས་སོ། །ཞེས་པ་ལ་སོགས་རྒྱ་ཆེར་གསུངས་སོ། །དེ་ལྟར་ནོར་བ་སྤངས་ནས་ཡང་དག་པའི་སྐྱེས་བུ་དམ་པ་ལ་བསྟེན་པ་ནི་རྙེད་པ་ཆེན་པོ་རྙེད་པ་ཡིན་ཏེ། མཐའ་དག་ཡོན་ཏན་འབྱོར་བའི་བླ་མ་ནི། །སངས་རྒྱས་ཀུན་གྱི་ཡེ་ཤེས་ཐུགས་རྗེའི་ཁམས། །གདུལ་བྱའི་ཡུལ་ལ་སྐྱེས་བུའི་གཟུགས་ཀྱིས་བྱོན། །དངོས་གྲུབ་ཀུན་གྱི་རྩ་བ་བླ་ན་མེད། །མང་དུ་ཐོས་པ་ལུང་གི་ཡོན་ཏན་དམ་པས་ཕྱུག་ཅིང་། རྟོགས་པའི་ཤེས་རབ་བླ་ན་མེད་པས་སློབ་མའི་རྒྱུད་དགྲོལ་བ་ལ་མཁས་པ་དེ་ནི་སངས་རྒྱས་ཐམས་ཅད་འདུས་པའི་སྤྱི་གཟུགས་ཡིན་ཏེ། ནམ་མཁའ་དྲི་མ་མེད་པའི་མདོ་ལས། །ཀུན་དགའ་བོ་དེ་བཞིན་གཤེགས་པ་རྣམས་ནི་སེམས་ཅན་ཐམས་ཅད་ལ་སྣང་བ་མ་ཡིན་གྱི། དགེ་བའི་བཤེས་གཉེན་ནི་ཡོངས་སུ་སྣང་བས་ཆོས་སྟོན་ཅིང་ཐར་པའི་ས་བོན་འདེབས་པའི་ཕྱིར། དེ་བཞིན་གཤེགས་པ་རྣམས་ལས་དགེ་བའི་བཤེས་གཉེན་ལྷག་པར་ཡང་ཟུང་ཞིག །ཅེས་དང་། རྒྱུད་ལས། སངས་རྒྱས་རྣམས་དང་དེ་ཡི་སྲས། །གང་གི་གདུལ་བྱ་དེ་ཉིད་ལ། །དེ་དང་མཐུན་པའི་གཟུགས་སྟོན་ཏོ། །ཞེས་དང་། དངོས་གྲུབ་ཐམས་ཅད་བླ་མ་ཁོ་ན་ལ་རག་ལས་པའི་ཚུལ་སྤྱི་མདོ་ལས། སློབ་དཔོན་དག་ལ་མ་བསྟེན་པར། །སངས་རྒྱས་ནམ་ཡང་མི་འབྱུང་སྟེ། །འབྱུང་བར་ཡང་དག་ངས་མ་མཐོང་། །བྱུང་ན་དམ་པའི་ལུང་དང་འགལ། །ཞེས་སོ། །མཛད་པའི་ཀུན་ཏུ་སྤྱོད་པ་ཡང་མ་ངས་ཏེ། དྲང་བའི་དོན་དུ་ཀུན་དང་ཕྱོགས་མཐུན་ལ། །ངེས་པའི་དོན་དུ་ཀུན་དང་རྣམ་གཞག་འགལ། །དགོངས་པ་ཅན་ཕྱར་ཀུན་ལས་ཁྱད་པར་འཕགས། །ཐེ་ཚོམ་གཅོད་མཁས་ལོག་


JL00_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་སྐྱོ་ངལ་བཟོད། །དེ་སྐད་དུ་སྡོང་པོ་བཀོད་པ་ལས། །དགེ་བའི་བཤེས་གཉེན་དེ་ཡང་གང་ཞེ་ན། །སྐྱེ་དགུ་རྣམས་ཡོངས་སུ་འདྲེན་པའི་ཕྱིར་མཐོང་ན་མི་མཐུན་པ་མེད་པའོ། །འཇིག་རྟེན་ལས་འདས་པའི་ཕྱིར་ཀུན་དང་ཐུན་མོང་དུ་མ་གྱུར་བའོ། །དེ་རྣམ་པ་ཐམས་ཅད་དུ་བརྩམ་པ་དོན་ཡོད་པས་ཕན་པ་དཔག་ཏུ་མེད་པར་བསྒྲུབ་པའོ། །ཞེས་སོ། །དཔེ་དོན་མཐུན་པར་བསྔགས་པ་ནི། །སྲིད་པའི་མཚོ་ལས་སྒྲོལ་བའི་གྲུ་བོ་ཆེ། །ལམ་མཆོག་འཁྲུལ་པར་མི་འགྱུར་དེད་དཔོན་དངོས། །ལས་ཉོན་མེ་ཚོགས་འཇོམས་པས་བདུད་རྩིའི་ཆར། །མ་རིག་མུན་པ་སེལ་བས་ཉི་ཟླར་མཚུངས། །ཐེག་པ་ཤིན་ཏུ་ཆེ་བས་ས་གཞི་འདྲ། །ཕན་དང་བདེ་བའི་འབྱུང་གནས་དཔག་བསམ་ཤིང་། །ཆོས་ཀྱི་མཛོད་ལྡན་བུམ་པ་བཟང་པོ་སྟེ། །ཀུན་འབྱུང་ཡིད་བཞིན་ནོར་བུ་ལས་ཀྱང་ལྷག །ཀུན་ལ་སྙོམས་པར་བྱམས་པས་ཕ་མ་ཡིན། །ཆེ་ཞིང་མྱུར་བའི་སྙིང་རྗེ་ཆུ་ཀླུང་མཚུངས། །འཕོ་འགྱུར་མེད་པའི་དགའ་བ་རི་དབང་འདྲ། །འཁྲུགས་པ་མེད་པའི་བཏང་སྙོམས་ཆར་སྤྲིན་བཞིན། །དེ་འདྲའི་བླ་མ་སངས་རྒྱས་ཀུན་དང་མཉམ། །གནོད་པ་བྱས་ཀྱང་བདེ་བའི་ལམ་འབྲེལ་ན། །ཟོལ་མེད་དད་པས་བསྟེན་པའི་སྐྱེས་བུ་ལ། །མངོན་མཐོ་ངེས་ལེགས་ཡོན་ཏན་ཆར་བཞིན་འབབ། །དེའི་དོན་ཡང་སྔ་མར། ཀྱེ་རིགས་ཀྱི་བུ། གཞན་ཡང་འཁོར་བའི་རྒྱ་མཚོ་ལས་སྒྲོལ་བའི་ཕྱིར་གྲུ་བོ་ཆེ་ལྟ་བུའོ། །ཐར་པའི་ལམ་དུ་ཞུགས་པ་རྣམས་ཀྱི་དེད་དཔོན་ལྟ་བུའོ། །སྲིད་པའི་རྒུད་པ་རྣམས་སེལ་བས་ཡིད་བཞིན་གྱི་ནོར་བུའི་རྒྱལ་པོ་ལྟ་བུའོ། །ལས་དང་ཉོན་མོངས་པའི་མེ་འཇིལ་བས་ཆུ་བོ་ལྟ་བུའོ། །ཆོས་ཀྱི་ཆར་ཆེན་པོ་འབེབས་པས་སྤྲིན་བཟང་པོ་ལྟ་བུའོ། །འགྲོ་བ་རབ་ཏུ་དགའ་བས་ལྷའི་རྔ་བོ་ཆེ་ལྟ་བུའོ། །ཉོན་མོངས་པའི་ནད་སེལ་བས་སྨན་པའི་རྒྱལ་པོ་ལྟ་བུའོ། །མ་རིག་པའི་


JL00_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

མུན་ནག་ཐམས་ཅད་སེལ་བས་སྒྲོན་མེ་ལྟ་བུའོ། །འདོད་དགུའི་རེ་བ་རྫོགས་པས་དཔག་བསམ་གྱི་ཤིང་ལྟ་བུའོ། །ཅི་བསམ་པ་ཐམས་ཅད་འགྲུབ་པས་བུམ་པ་བཟང་པོ་ལྟ་བུའོ། །བྱམས་པ་ཚད་མེད་པས་ཉི་མའི་དཀྱིལ་འཁོར་ལྟ་བུའོ། །ཉོན་མོངས་པའི་གདུང་བ་སེལ་བས་ཟླ་བའི་དཀྱིལ་འཁོར་ལྟ་བུའོ། །ཡོན་ཏན་གྱི་འབྱོར་བ་སྟེར་བས་རྣམ་ཐོས་ཀྱི་བུ་ལྟ་བུའོ། །ཞེས་སོ། །མདོར་ན་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེའི་བསྐྱེད་གཞི་ཚད་མེད་བཞིས་ཐུགས་རྒྱུད་ཡོངས་སུ་དག་པའི་སྐྱེས་བུ་དམ་པ་ལ་གནོད་པ་བྱས་ཀྱང་སེམས་ཅན་རྣམས་ཀྱི་མཚན་ཉིད་གཟིགས་ནས་ཁྲོ་བ་སྤངས་པའི་བྱམས་པའི་རྗེས་སུ་གཞོལ་བས་བདེ་བའི་ལམ་དུ་འབྲེལ་ན་དད་པའི་ཉེ་བར་ལེན་པས་སྙིང་ཐག་པ་ནས་བསྟེན་པའི་སློབ་མ་ལ་གནས་སྐབས་སུ་མངོན་པར་མཐོ་བ་དང་། མཐར་ཐུག་ངེས་པར་ལེགས་པའི་ཡོན་ཏན་ཆར་བཞིན་དུ་འབབ་པ་སྨོས་ཅི་འཚལ་ཏེ་སྤྱོད་འཇུག་ལས་ཀྱང་། གང་ལ་གནོད་པ་བྱས་ཀྱང་བདེར་འབྲེལ་བ། །བདེ་བའི་འབྱུང་གནས་དེ་ལ་ཕྱག་འཚལ་ལོ། །ཞེས་བསྔགས་པ་ཡིན་ནོ། །ཕན་ཚུན་རྟེན་དང་བརྟེན་པ་ལྟ་བུར་འདུ་ཤེས་བསྐྱེད་ནས་བསྟེན་པའི་ཚུལ་ནི། ནད་པས་སྨན་པ་འགྲོན་པོས་སྐྱེལ་མ་དང་། །འཇིགས་པས་ནམ་ཟླ་ཚོང་པས་དེད་དཔོན་དང་། །གྲུ་པས་མཉན་པ་བཞིན་དུ་སྐྱེ་ཤི་དང་། །ཉོན་མོངས་དགྲ་ཡིས་འཇིགས་པས་བསྟེན་པར་བྱ། །དེ་སྐད་དུ་སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ། ཁྱོད་ཀྱིས་བདག་ཉིད་ལ་ནད་པའི་འདུ་ཤེས་བསྐྱེད་པར་བྱའོ། །ཆོས་ལ་སྨན་གྱི་འདུ་ཤེས་བསྐྱེད་པར་བྱའོ། །ནན་ཏན་ཉམས་སུ་ལེན་པ་ལ་ནད་ཉེ་བར་འཚོ་བའི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་སྨན་པ་མཁས་པའི་འདུ་ཤེས་བསྐྱེད་པར་བྱའོ། །ཞེས་དང་། ཡང་རིགས་ཀྱི་བུ། ཁྱོད་ཀྱིས་བདག་ཉིད་ལ་འགྲོན་པོའི་འདུ་ཤེས་བསྐྱེད་པར་བྱའོ། །ཆོས་ལ་


JL00_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

མི་འཇིགས་པ་སྦྱིན་པའི་འདུ་ཤེས་བསྐྱེད་པར་བྱའོ། །ནན་ཏན་ཉམས་སུ་ལེན་པ་ལ་འཇིགས་པ་ཐམས་ཅད་ལས་སྒྲོལ་བའི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་སྐྱེལ་མ་དཔའ་བོའི་འདུ་ཤེས་བསྐྱེད་པར་བྱའོ། །ཡང་རིགས་ཀྱི་བུ། ཁྱོད་ཀྱིས་བདག་ཉིད་ལ་ཚོང་པའི་འདུ་ཤེས་བསྐྱེད་པར་བྱའོ། །ཆོས་ལ་ཚོང་ཟོང་ཉེ་བར་འདུ་བའི་འདུ་ཤེས་བསྐྱེད་པར་བྱའོ། །ནན་ཏན་ཉམས་སུ་ལེན་པ་ལ་ཁེ་སྤོགས་འགྲུབ་པའི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་དེད་དཔོན་གྱི་འདུ་ཤེས་བསྐྱེད་པར་བྱའོ། །ཡང་རིགས་ཀྱི་བུ། ཁྱོད་ཀྱིས་བདག་ཉིད་ལ་གྲུབ་པའི་འདུ་ཤེས་བསྐྱེད་པར་བྱའོ། །ཆོས་ལ་གྲུའི་འདུ་ཤེས་བསྐྱེད་པར་བྱའོ། །ནན་ཏན་ཉམས་སུ་ལེན་པ་ལ་ཆུ་བོའི་ཕ་རོལ་ཏུ་ཕྱིན་པའི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་མཉན་པ་མཁས་པའི་འདུ་ཤེས་བསྐྱེད་པར་བྱའོ། །ཞེས་གསུངས་པ་བཞིན་སྐྱེ་ཤིའི་འཕྲང་ཐར་ས་མེད་པ་དང་། འདོད་ཆགས་ལ་སོགས་ཉོན་མོངས་པ་བརྒྱ་ཕྲག་གིས་གཟིར་བ་བདག་ཅག་ཐམས་ཅད་མཁྱེན་པའི་སྨན་པ་མཆོག་ལ་བསྟེན་པར་མི་བྱེད་ན་གཏི་མུག་གིས་ཤིན་ཏུ་ལྡོངས་པ་ཉིད་དེ་ཤཱནྟ་དེ་ཝས། ཐ་མལ་ནད་ཀྱིས་འཇིགས་ན་ཡང་། །སྨན་པའི་ངག་བཞིན་བྱ་དགོས་ན། །འདོད་ཆགས་ལ་སོགས་ཉེས་བརྒྱ་ཡི། །ནད་ཀྱིས་རྟག་བཏབ་སྨོས་ཅི་དགོས། །དེ་གཅིག་གིས་ཀྱང་འཛམ་གླིང་ན། །གནས་པའི་མི་ཀུན་རླག་བྱེད་ལ། །དེ་དག་གསོ་བའི་སྨན་གཞན་ནི། །ཕྱོགས་རྣམས་ཀུན་ནས་མི་རྙེད་ན། །དེ་ལ་སྨན་པ་ཐམས་ཅད་མཁྱེན། །ཟུག་རྔུ་ཐམས་ཅད་འབྱིན་པ་ཡི། །བཀའ་ལྟར་མི་བྱེད་སེམས་པ་ནི། །ཤིན་ཏུ་གཏི་མུག་སྨད་པའི་གནས། །ཞེས་སོ། །སློབ་མ་སྣོད་ངན་གྱི་མཚན་ཉིད་ནི། དེ་ལ་ཉེ་བར་ལེན་པ་སློབ་མ་


JL00_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། །སྣོད་དང་བྲལ་ལ་བཅུད་ཀྱིས་ཕན་མི་ཐོགས། །ཟང་ཟིང་ཙམ་གྱིས་ཚིམ་པ་ཐོབ་གྱུར་ནས། །བཅོས་མའི་དད་པས་དུས་བཞིའི་འགྱུར་ལྡོག་དངོས། །དང་པོ་ཆོས་ལམ་མི་ཚུད་གཡག་རྒོད་བཞིན། །བར་དུ་ཐོས་བསམ་ལ་སྡང་ཚེ་འདི་གཉེར། །ཐ་མར་སྡིག་པའི་གྲོགས་ཀྱི་ཕྱོགས་བཟུང་ནས། །ལས་མཐའ་ལོག་པ་ནགས་མཐའི་མི་རྒོད་འདྲ། །འདི་ལྟར་བླ་མ་དམ་པའི་ཐུགས་རྗེ་དང་བྱིན་རླབས་ལ་བྱམས་སྡང་དང་ཉེ་རིང་མེད་ཀྱང་། སྐལ་པ་ངན་པའི་སློབ་མ་རིགས་དང་རང་བཞིན་ངན་པ། ཐེ་ཚོམ་དང་གསར་ངས་ཆེ་བ། ངོ་ཚ་དང་ཁྲེལ་ཡོད་སྤངས་པ། ཁོང་ཁྲོ་དང་ཉོན་མོངས་རྣོ་བ། ཀོ་ལོང་དང་ཆོས་མིན་འཕེལ་བ། དམ་ཚིག་དང་སྡོམ་པ་ལ་མི་སེམས་པ། དད་པ་དང་། ཤེས་རབ་དང་། བརྩོན་འགྲུས་དང་། ངེས་འབྱུང་ལ་སོགས་པའི་ཆོས་ཀྱི་བཅུད་ཟབ་མོ་འཛིན་པའི་སྣོད་ཅུང་ཟད་ཀྱང་མེད་པ་དེ་དག་གིས་བླ་མའི་ཡོན་ཏན་ནི་མི་མཐོང་། རང་ཉིད་རྣམ་པར་མ་ཞི་ཞིང་ཀུན་ནས་ཉོན་མོངས་པའི་ཆས་བསྐྱེད་པའི་རྣམ་པར་རྟོག་པ་ངན་པ་ཐམས་ཅད་བླ་མའི་སྐྱོན་དུ་མཐོང་ཞིང་། བླ་མའི་རྫས་དང་། དཀོར་དང་། ལོངས་སྤྱོད་ཀྱི་ཆ་ནས་གནང་སྦྱིན་དང་། རྙེད་པ་ཐོབ་ན་དད་གུས་གསར་པ་ཅུང་ཟད་རེ་འཕེལ་བར་འགྱུར་ལ། དེ་ཡང་འདུས་བྱས་ཡིན་པས་ནམ་ཟླ་དུས་བཞིའི་འགྱུར་ལྡོག་བཞིན་ཉི་མའི་སྔ་དྲོ་ཕྱི་དྲོ་རེའང་བརྟག་མི་ཐུབ། དེ་ལྟ་བུའི་གང་ཟག་ལ་དང་པོར་ཁྱོད་ཚེ་འདི་ཕྱི་གཉིས་ཀར་བདེ་བ་ལ་རེག་པར་འགྱུར་གྱིས། བསྟན་པའི་ལམ་སྲོལ་ལ་ཚུད་པར་གྱིས་ཤིག་ཅེས་ནན་ཏན་དུ་བསྐུལ་ཀྱང་། རི་ཕྱུགས་མི་བསྲུན་པ་ལ་བསྙེན་པ་བཞིན་དུ་འདྲོག་ཅིང་འབྲོས། བར་དུ་ཆོས་ལམ་ཚུད་ཀྱང་ཐོས་བསམ་བསྒོམ་གསུམ་བྱ་བའི་མིང་རང་གིས་སྣ་སུན་ནས། ཚེ་འདིའི་གཡོས་སྦྱོར་རླབས་ཆེ་བའི་ཆེད་དུ་བསྟན་པའི་སྒོར་ཞུགས་པ་ལྟར་སེམས། ཐ་མར་ཐོས་བསམ་བསྒོམ་པའི་ཕྱོགས་སུ་བློ་བག་རེ་ཕྱོགས་པའི་


JL00_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ། ཁམས་གསུམ་འདི་ན་བསོད་ནམས་དང་རྙེད་པ་ཆེན་པོ་རྙེད་པ་ནི་དམ་པའི་ཆོས་ཉིད་དེ། གཞན་ཚངས་དབང་དང་འཁོར་ལོས་སྒྱུར་བའི་གོ་འཕང་ཐོབ་པས་ཀྱང་དེའི་དེ་མ་ཡིན་པས་ན། བདུད་སྡིག་ཅན་ནི་འདོད་པའི་ཁམས་ནས་སེམས་ཅན་གཅིག་སངས་རྒྱས་ནའང་རང་གི་མངའ་རིས་འབྲི་བར་དོགས་ནས་ཤིན་ཏུ་སྡུག་བསྔལ། ནམ་བློ་ལས་སུ་མ་རུང་བ་ན་བདུད་དེའི་མདའ་སྙིང་ལ་ཟུག་པ་ཡིན་ཏེ། རྡོ་རྗེ་རྩེ་མོ་ལས། གེགས་ཞེས་བྱ་བ་ལོགས་ན་མེད། །རང་གི་སེམས་ཉིད་བདུད་ཅེས་བྱ། །ཞེས་པ་ལྟར་ལས་མཐའ་ལོག་པའི་སྒོ་དང་པོར་བླ་མའི་དྲུང་དུ་བློ་སྣ་ཚོགས་ཤར་ཞིང་བག་ཚ་ནས། འདི་བས་ཀྱང་དགེ་སྦྱོར་འཕེལ་བ། འདི་བས་ཀྱང་དབེན་པའི་གནས་སུ་འདེང་ངོ་ཞེས་ཚིག་དང་སེམས་སུ་འཛོལ་བས་བླ་མ་དང་མཆེད་གྲོགས་ཀུན་བསླུས། དགོན་པ་ནས་འཐོན་པ་ཙམ་གྱིས་བློའི་བག་ནི་བརྐྱང་། དེའི་ཚེ་ཕྱོགས་ཐམས་ཅད་ནི་བྱིས་པ་དང་སྡིག་པའི་གྲོགས་པོས་གང་བ་ཁོ་ན་ཡིན་པས་དེ་དག་དང་འདྲིས་ཤིང་བཤེས་པར་བྱས་པས་ཆོས་ཚུགས་ཙམ་ཞིག་པའམ། མ་ཞིག་ཀྱང་རུང་སྟེ། དེའི་བསམ་པ་ནི་ནགས་མཐའི་མི་རྒོད་ལྟ་བུར་འདོད་སྲེད་རྨོངས་གསུམ་གྱིས་དབང་དུ་བྱེད་ལ། དེའི་སྤྱོད་པ་ནི་ཀུ་ཤའི་རྩེ་མོ་རླུང་ཕྱོགས་ཀྱི་རྗེས་སུ་གུག་ཅིང་གཡོ་བ་ལྟར་དེ་དག་དང་རྗེས་སུ་འདྲེ་བར་འགྱུར་བས་ན། དམ་པའི་དྲུང་ན་གནས་ཚེ་འབྲོས་ལ་རིངས། །ཡུལ་གང་བགྲོད་པར་ཕྱོགས་ན་སྡིག་པས་འཛིན། །དབེན་པར་ཆེད་དུ་བསྐུལ་ན་ཆོས་ཚུགས་འཇིག །རླུང་གི་རྗེས་འགྲོ་ཀུ་ཤའི་རྩེ་མོ་བཞིན། །ཞེས་སྦྲེལ་ལོ། །འདི་ལྟར་སློབ་མའི་ཁམས་དང་བསམ་པ་དང་། རྒྱུད་ཚོད་ནི་བླ་མ་ཉིད་ཁོ་ནས་མཁྱེན་པ་ཡིན་པས། གནས་དབེན་པར་བསྐུལ་བའམ། འགྲོ་དོན་ལ་བསྐུལ་བའམ། རང་ས་ན་ཟུག་པ་གསུམ་གང་ལུང་དུ་བསྟན་པ་དེ་


JL00_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབས་ན་བར་ཆད་མེད་པ་ལས། སློབ་མ་རང་ཉིད་ཀྱི་ཆ་ནས་བཀས་གནང་ན་མ་གཏོགས་དགེ་བའི་བཤེས་གཉེན་དང་རྟག་པར་མི་འབྲལ་བ་ཉིད་དེ་སྤྱི་མདོ་ལས། དེས་ན་དེད་དཔོན་དམ་པ་དང་། །ནམ་ཡང་འདུ་འབྲལ་མ་ཡིན་ཏེ། །ཇི་ལྟར་ལུས་དང་གྲིབ་མ་བཞིན། །བློ་གྲོས་འདྲིས་ན་དམ་པར་འགྱུར། །ཞེས་དང་། ཚོང་དཔོན་གྱི་བུ་ནོར་བཟང་གིས་འཕགས་པ་འཇམ་དཔལ་གྱི་ཕྱི་བཞིན་འབྲངས་ཏེ་བསྟོད་པ་བྱས་པ་འཕགས་པས། བླ་མ་དང་འགྲོགས་ཤིང་རིམ་གྲོ་བྱེད་པ་ནི་བྱང་ཆུབ་ཆེན་པོ་འགྲུབ་པའི་གཞི་ཡིན་གྱིས། དེ་བསྟེན་ཅིང་འགྲོགས་པས་སྐྱེ་བར་མི་བྱའོ་ཞེས་གསུངས། བདག་ཅག་གི་སྟོན་པ་ཤིང་སཱ་ལ་ཟུང་གཅིག་གི་བར་དུ་མྱ་ངན་ལས་འདའ་འདའ་འཁོར་རྣམ་པ་བཞི་དང་མི་འབྲལ་ཞིང་ཕུང་པོ་ལྔ་ལས་ཡང་དག་པར་ལྡོག་པའི་ཆོས་ཀྱི་སྒོའང་མི་གཅོད་པས་སོ། །དེ་སྐད་དུ་ཕལ་པོ་ཆེ་ལས། གང་ཡང་མ་བྱོན་འཇིག་རྟེན་སྒྲོན་མ་རྣམས། །དེ་དག་རིམ་པར་འཚང་རྒྱ་འཁོར་ལོ་བསྐོར། །མྱ་ངན་འདས་པ་རབ་ཏུ་ཞི་མཐའ་སྟོན། །མགོན་པོ་ཀུན་གྱི་དྲུང་དུ་བདག་མཆིའོ། །ཞེས་ཕྱི་མའི་གནས་སྐབས་སུའང་སྨོན་པའི་དོན་གཞོན་ནུ་ནོར་བཟང་གིས་དགེ་བའི་བཤེས་གཉེན་འབའ་ཞིག་བསྟེན་པའི། ཕྱི་མ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་སྨོན་ལམ་དུ་མཛད་པའི་ཊཱིཀྐ་ཕྱོགས་ཀྱི་གླང་པོའི་གཞུང་སོགས་ལའང་དཔྱད་པར་བྱའོ། །ཡང་། མི་གཞི་ངན་པའི་ཟོལ་སྦྱོར་ཐ་གུའི་ལྕེས། །བླ་མ་སྤོས་ཀྱི་གླང་པོ་ལྟར་བསྙེན་ནས། །དམ་ཆོས་གླ་རྩིའི་རྙེད་པ་ཐོབ་ནས་སླར། །རྔོན་ལ་ཡང་དག་སྤྲོ་བས་དམ་ཚིག་འཕེན། །དེ་ལ་དང་པོར་སློབ་མ་ཡང་ཆེ་ཆེན་མོ་དང་། གཉན་གཉན་མོས་གང་ཡང་མི་བཏུབ་སྟེ། མི་གཞི་བཟང་བ་འདི་ཤིན་ཏུ་གལ་ཆེ་བ་ཡིན་ཏེ། མི་གཞི་བཟང་ན་དད་པ་དང་། ཤེས་རབ་ལ་སོགས་བསོད་ནམས་ཀྱི་ཚོགས་ལ་བརྟེན་ནས་གོང་ནས་གོང་དུ་བསྐྱེད་དུ་


JL00_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་ལ། མི་གཞི་ངན་པའི་གང་ཟག་གི་རིགས་ནི་བློ་བཅོས་པར་དཀའ་ལ་ཁ་དང་ཞེ་རུ་འཛོལ་བ། བསམ་པ་དང་སྤྱོད་པ་མི་མཐུན་པ། མགུ་བར་དཀའ་ལ་ཕྲག་དོག་པ། ཉོན་མོངས་པ་རགས་ལ་གཉེན་པོ་སྟོབས་ཞན་པ། ལྟར་སྣང་གི་ཟོལ་སྦྱོར་ལ་མཁས་པས་ཐོག་མ་ཉིད་ནས་ཆོས་དང་བླ་མ་བསླུ་བའི་བསམ་པ་དང་། ལྟ་བ་ཡིད་ལ་བཞག་ནས་རང་ལ་ངེས་འབྱུང་དང་མོས་གུས་གང་ཡང་མེད་བཞིན་དུ་གུས་གུས་ལྟར་བཅོས་ནས། སློབ་དཔོན་འདི་ལས་མན་ངག་དང་ལུང་འདི་ལྟ་བུ་ནི་ཐབས་དུ་མས་བླང་གི་གཞན་དུན་ཁོང་ལས་བདག་ཅག་རིགས་གཟུགས་སམ། དཔལ་འབྱོར་གྱིས་ཆེས་ལྷག་པས་བསོད་ནམས་དང་གཟི་བྱིན་ལ་གནོད་པར་འགྱུར་རོ་སྙམ་ནས་ཆོས་ཀྱི་འབྱུང་གནས་བླ་མའི་དྲིན་ལ་མི་སེམས་པས་རྔོན་པ་དང་འདྲ་ལ། ཆོས་དེ་གླ་རྩི་ལྟ་བུར་བལྟས་ནས་ཐབས་དུ་མས་ཐོས་ཐོས་ལོ་ཙམ་ཞིག་བྱས་པའི་མཐར། དམ་ཚིག་གི་གནས་ལ་རྔོན་པའི་ལས་ཐབས་ངོ་ཚ་དང་ཁྲེལ་ཡོད་སྤངས་པ་ལ་འཇུག་པ་དག་ནི་དེ་ཉིད་ཀྱང་ཚེ་ཐུང་ཞིང་བཀྲ་མི་ཤིས་པ་ཕྱི་མ་ངན་འགྲོར་འཁྱམས་པ་དང་། བླ་མ་ཉིད་ཀྱིའང་སྐུ་ཚེ་དང་། མཛད་པ་འཕྲིན་ལས་ལ་གནོད་ཅིང་ཆོས་ཀྱི་རྒྱུན་སྐྱོན་ཅན་དུ་བྱེད་པས་མི་གཞི་བརྟག་པ་ཉིད་ཤིན་ཏུ་གལ་ཆེ་བ་ཡིན་ནོ། །དེ་སྐད་དུ་དམ་ཚིག་གསུམ་བཀོད་པའི་ཊཱི་ཀར། གསང་སྔགས་རྡོ་རྗེའི་སློབ་དཔོན་སྨོད། །ཆོས་ལ་དབང་ཟ་ནོར་དང་བརྗེ། །རིགས་པས་དམ་ཚིག་མི་བསྲུང་བ། །དེ་དག་ཚེ་འདིར་ཚེ་ཐུང་ཞིང་། །དཔལ་དང་སྐལ་པ་བཟང་པོ་ཉམས། །མཁའ་འགྲོའི་ཆད་པས་སྡུག་བསྔལ་ཞིང་། །ཕྱི་མར་ངན་སོང་ཉིད་དུ་ལྟུང་། །ཞེས་སོ། །ཡང་། བློ་སྣ་ཉམས་འོག་མ་ཆུད་མཐའ་དག་ནི། །གདམས་པའི་གནད་འགག་ཐོབ་པ་སླར་བཏང་ནས། །སྣ་ཚོགས་ཡིག་སྣ་འཚོལ་བས་དུབ་པའི་མཐར། །


JL00_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

གསར་པ་མ་མཐོང་སྔོན་མ་མཐའ་དག་ཉམས། །གང་ཟག་གི་རིགས་གཅིག་ནི་བློ་སྣ་ཤིན་ཏུ་མང་བས་ཆོས་ཡོད་ཚད་ཐོས་དགོས་པ། ཐོས་ཚད་ཉམས་སུ་མི་ལེན་པར་ཡིག་སྣ་འབའ་ཞིག་གསོག་པ། ཆོས་དང་ཆོས་མིན་གྱི་དབྱེ་བ་ཤེས་པའི་ངེས་གཟུང་གང་ཡང་མིད་བཞིན་དུ་གསར་ངས་དང་། སྐྱོ་བསུན་གྱི་བསྒྲུབ་གཤགས་འདེབས་པ་དེ་ལ་ནི་བླ་མ་བརྒྱུད་པའི་བྱིན་རླབས་སྣ་གཅིག་ཀྱང་མི་འཇུག་ཅིང་སྔར་ཞུགས་པ་དེ་ཡང་ན་བུན་བཞིན་དུ་ཡལ་ནས་འགྲོ། ཉམས་སུ་མ་བླངས་ཤིང་ཡིད་གཉིས་དང་བཅས་པའི་གདམས་པ་དེས་རང་གཞན་གཉིས་ཀ་ལ་ཕན་མི་ཐོགས། དེ་ནི་བྲམ་ཟེ་མོའི་གཏམ་རྒྱུད་ལས་འབྱུང་བའི་རྔོན་པས་ཕག་རྒོད་བརྔས་པ་དང་མཚུངས་པ་ཡིན་ནོ། །ཡང་དག་དོན་ལ་སྦྱོར་བའི་དད་པ་དང་། །ལྟར་སྣང་ཚེ་འདི་བསྒྲུབ་པའི་འདོད་པ་དང་། །གཉིས་ཀར་ལུང་དུ་མ་བསྟན་གཟུ་ལུམ་ཅན། །གསུམ་དུ་གནས་པའི་མཚན་ཉིད་བརྟག་པ་གཅེས། །སྤྱིར་ཆོས་ཀྱི་རྗེས་སུ་ཞུགས་པ་ཙམ་ལ་ངེས་པ་མེད་དེ། དད་པས་འཇུག་པ་དང་། འདོད་པས་འཇུག་པ་དང་། ལུང་མ་བསྟན་གྱིས་འཇུག་པ་གསུམ་ལས། དད་པས་འཇུག་པ་ནི། བླ་མ་དང་དམ་པའི་ཆོས་གཉིས་ཕན་ཚུན་རྟེན་དང་བརྟེན་པའི་རང་བཞིན་དུ་ཤེས་ཤིང་། ངེས་འབྱུང་དང་བཅས་པ། རྟེན་དང་མཆོད་ཆ་ལ་དགའ་ཞིང་། དཀོན་མཆོག་མཆོད་པ་དང་། སྦྱིན་ལག་ཡངས་པ། དད་པའི་ཀུན་སློང་གིས་ཐོས་བསམ་བསྒོམ་གསུམ་གཤའ་མ་བྱེད་པའི་རིགས་ཅན་དེས་འཕྲལ་ཕུགས་སུ་རང་གཞན་གཉིས་ཀ་ལ་ཕན་ཐོགས་པའོ། །འདོད་པས་འཇུག་པ་ནི། ཚེ་འདིའི་བདེ་སྐྱིད་སྙན་གསུམ་དང་ཆགས་སྡང་གི་ཀུན་སློང་ངན་པས་རེ་ཞིག་བླ་མ་དང་ཆོས་ལ་བརྟེན་ཀྱང་། ངེས་པར་འཁོར་བ་ལས་གྲོལ་བའི་བསམ་བསྒོམ་ལ་ཡིད་མི་གཏོད་པར་དབང་ངམ་ལུང་ལ་བརྟེན་ནས་རྙེད་པ་འཚོལ་ཞིང་། གཞན་ཕན་གྱི་བསམ་པས་མ་ཟིན་


JL00_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལས་མཐའ་དང་། ཕྲིན་ལས་སྣ་ཚོགས་སམ་ང་རྒྱལ་དང་ཕྲག་དོག་གིས་ཀུན་ནས་བླང་བའི་ཐོས་བསམ་དུག་ཅན་ལ་གཉེར། དཀོན་མཆོག་མཆོད་པ་དང་། བསྐྱེད་རྫོགས་ལ་དང་བ་མེད་པའི་རྟེན་དང་མཆོད་ཆ་ལ་འཕྱོར་ཆས་བྱེད་པ་དེ་དག་ནི་རང་གཞན་གཉིས་ཀ་བསླུ་བའི་འདོད་ཅན་བ་ཞེས་བྱའོ། །ལུང་མ་བསྟན་གྱིས་འཇུག་པ་ནི། །དེ་གཉིས་གའི་ཕྱོགས་ལ་མ་བརྟེན་པའི་བླུན་པོ་གཟུ་ལུམ་ཅན་དག་ཆོས་ལ་དད་པ་དང་འདོད་པ་གཉིས་ག་མེད་བཞིན་དུ་སྤྲེའུའི་མཉམ་གཞག་དང་། ནེ་ཙོའི་རིག་སྔགས་བཞིན་དུ་གཞན་དང་གཞན་དག་ཇི་ལྟར་བྱེད་པའི་ལད་མོ་དང་སྟེས་དབང་དུ་འཇུག་ཅིང་། ཕྱི་ནས་དམ་ཚིག་དང་སྡོམ་པ་གང་གིས་ཀྱང་ཉེར་ལེན་དང་བྲལ་བ་ཁྱི་ལྡོམ་ཕྱེས་ལམ་དུ་འཁྱམས་པ་ལྟ་བུ་སྟེ། དེའི་ཕྱིར་ཕྱོགས་དང་པོ་ནི་དཔེ་མཁྱུད་མེད་པས་རྗེས་སུ་བཟུང་བར་བྱ་ལ། ཕྱི་མ་གཉིས་ནི་ཐབས་དང་རྟེན་འབྲེལ་དུ་མས་ཡང་དག་པའི་ལམ་དུ་བསྒྱུར་ཞིང་། སྨོན་ལམ་གྱི་འབྲེལ་བ་ཁྱད་པར་ཅན་གྱིས་སླད་ཀྱི་གདུལ་བྱའི་ཡུལ་དུ་བརྩེ་བར་བྱའོ། །དེ་དག་གིས་སློབ་མའི་མི་མཐུན་ཕྱོགས་བཤད་ནས་སྣོད་ལྡན་བརྟག་པའི་ཐོག་མར་ཁྱད་པར་གྱི་མཚན་ཉིད་བཤད་པ་ནི། གོ་ཆ་ཆེ་ལ་བློ་གྲོས་ཤིན་ཏུ་བརྟན། །ལུས་དང་སྲོག་ལ་མི་བལྟ་རིམ་གྲོ་བགྱིད། །ཅི་གསུང་བཀར་དཀྲི་བདག་ཉིད་མི་བསྲུང་བའི། །སྐྱེས་བུ་དེ་ནི་མོས་གུས་ཁོ་ནས་གྲོལ། །འདི་ལྟར་ཟབ་མོའི་མདོ་སྡེ་དང་། །རྒྱུད་སྡེ་རྣམས་ནས་བླ་མ་དང་སློབ་མའི་མཚན་ཉིད་དང་། ཉམས་ལེན་གྱི་གནད་གཡང་བ་ཆེན་པོ་མང་དུ་བསྟན་ཀྱང་། འགག་གཅིག་ཏུ་དྲིལ་ན་མཐོང་ཆོས་སུ་གྱུར་བའི་གཏན་ཚིགས་འདི་ཡིན་ཏེ། ངེས་པར་འཁོར་བ་ལས་འཕགས་པའི་བླ་མ་རྟོགས་པས་བདག་རྒྱུད་གྲོལ་ཞིང་སྙིང་རྗེ་ཆེན་པོ་དང་ལྡན་པ་ཞིག་ལ། སློབ་མ་དད་པའི་གོ་ཆ་ཆེ་བ་ཀླུའི་བྱང་


JL00_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་ལྟ་བུ། རྐྱེན་གྱིས་བསྒྱུར་བར་དཀའ་བས་བློ་བརྟན་ཅིང་ལུས་དང་སྲོག་ལ་མི་བལྟ་བར་ཞབས་ཏོག་བྱེད་པ་དཔལ་གྱི་ཡེ་ཤེས་ལྟ་བུ། རང་དོན་ཡལ་བར་དོར་ནས་ཅི་གསུང་གི་བཀའ་བསྒྲུབ་པའི་མོས་གུས་ཅན་གཅིག་གིས་གསོལ་བ་སྙིང་ནས་བཏབ་ཅིང་ཐུགས་དགོངས་གཅིག་ཏུ་འདྲེས་ན་མི་གྲོལ་མི་སྲིད་པ་ཡིན་ཏེ། ཅིའི་ཕྱིར་ན་བྱིན་རླབས་དང་དངོས་གྲུབ་ཀྱི་ཉེ་བར་ལེན་པ་ནི་བསྒོམ་སྲན་ན་མི་འདུག་གི །མོས་གུས་རྣམ་པར་དག་པའོ། །མན་ངག་ཏུ་མི་འདུག་གིས། དད་པ་ལ་འདུག་གོ །འདི་ལྟར་སློབ་དཔོན་འཕགས་པས་ངར་སྣབས་དོར་བ་ཀླུའི་བྱང་ཆུབ་ཀྱིས་ཙེན་གྱིས་བླངས་ནས་ཁར་བཅུག་པས་དེ་ཉིད་དུ་ས་དང་པོའི་བདེན་པ་མཐོང་། དཔལ་གྱི་ཡེ་ཤེས་ཀྱིས་བཙོན་སྲུང་བ་གཉིས་བཀུམས་ནས་སློབ་དཔོན་གཉགས་བཙོན་དོང་ནས་སྤྱན་དྲངས་པས་དེ་མ་ཐག་དངོས་གྲུབ་ཐོབ། ཁོ་བོས་རྒྱལ་བ་གཉིས་པའི་གསུང་རབ་མཐོང་བ་ལ་བརྟེན་ནས་སྔོན་ཆད་ཟབ་པ་དང་རྒྱ་ཆེ་བའི་ལམ་གང་དང་ཡང་མ་ཕྲད་པར་རིག་ཅིང་མོས་གུས་བསམ་གྱིས་མི་ཁྱབ་པ་སྐྱེས་པ་ལ་བརྟེན་ནས་ཡེ་ཤེས་ཀྱི་སྐུ་དངོས་སུ་བསྟན་ནས་རྗེས་སུ་བཟུང་། སླར་ཡང་སྲོག་འདོར་ཕོད་པ་ཙམ་གྱི་མོས་གུས་ཆེན་པོ་སྐྱེས་པ་ལ་བརྟེན་ནས་སེམས་ཟག་པ་ལས་བཙན་ཐབས་སུ་གྲོལ། དུས་ད་ཕན་ཆད་ཉན་པ་ཕོ་བརྒྱ་ཕྲག་ཐལ་ལ་འཁྲིད་ལུང་བསྟན་པ་ཡིན་ཏེ། བསྒོམ་སྲན་ཅན་འཇིག་རྟེན་པའི་བསམ་གཏན་ལས་ན་མི་འཕར། ཤེས་རབ་ཅན་གྱིས་དང་པོར་ངོ་བོ་ཉིད་མེད་པའི་དོན་མཐོང་ཀྱང་མོས་གུས་ཡལ་འདྲ་ལ་ལ་རྟོགས་པ་ཟབ་མོ་དང་འབྲེལ་ཆད། གནས་ལུགས་ཀྱི་སྐྱེ་ཚུལ་མོས་གུས་ཀྱི་སྲང་ལ་ཐེགས་པ་ཤ་སྟག་ཏུ་སྣང་ངོ་། །དེ་སྐད་དུ་སྤྱི་མདོ་ལས། ལངྐའི་བདག་པོ་དེ་བས་ན་གསང་སྔགས་ནི་རང་བཞིན་གྱིས་སྣང་བར་ཟད་ལ། སྐྱེས་བུ་དམ་པ་རྣམས་ཀྱིས་བྱིན་རླབས་ཀྱིས་སྟོན་པར་ཟད་དེ། ཞེས་དང་། ཡང་། གྲོགས་


JL00_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དམ་པ་དག་རྒྱུད་ཡོངས་སུ་གྲོལ་བ་ནི་དམ་པ་ལ་རག་ལས་པ་སྟེ། དེ་གང་ཞེ་ན། འདི་ལྟ་སྟེ། བླ་མེད་སྙིང་པོ་སྨིན་པའི་རྐྱེན། །བློ་གྲོས་ཆེན་པོ་དྲི་བའི་ཡུལ། །ལམ་སྟོར་ས་མཁན་བཤེས་གཉེན་མགོན། །མུན་སེལ་སྒྲོལ་བའི་རིན་པོ་ཆེ། །ཞེས་དང་མདོ་ལས་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ནི། དགེ་བའི་བཤེས་གཉེན་ལ་རག་ལས་པའོ། །ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པ་ནི་དགེ་བའི་བཤེས་གཉེན་གྱིས་བསྐྱེད་པའོ། །སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ནི་དགེ་བའི་བཤེས་གཉེན་ལ་རིམ་གྲོ་བྱས་པས་ཐོབ་པ་ཡིན་ནོ། །ཞེས་དང་། ཤཱ་རིའི་བུ་དོན་དམ་པ་ནི་དད་པས་རྟོགས་པར་བྱ་བ་ཡིན་ནོ། །ཞེས་དང་། རིག་པ་མཆོག་གི་རྒྱལ་པོར། ཚུལ་ཁྲིམས་དང་ལྡན་ཡང་རུང་། མི་ལྡན་ཡང་རུང་། དམན་པའམ། དམན་པ་མ་ཡིན་པ་ཡང་རུང་། མཁས་པའམ། མཁས་པ་མ་ཡིན་པ་ཡང་རུང་། ཐབས་དང་ལྡན་པའམ། མི་ལྡན་པ་ཡང་རུང་། ངེས་པར་འགྲུབ་པར་འགྱུར་རོ། །དད་པ་མེད་པ་དང་། བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་ནི་མ་གཏོགས་སོ། །ཞེས་གསུངས་པས་སོ། །སྤྱིའི་མཚན་ཉིད་ལ་གཅེས་པ་ནི། དད་དང་ཤེས་རབ་ཐོས་དང་སྙིང་རྗེ་ཆེ། །སྡོམ་དང་དམ་ཚིག་ལ་གུས་སྒོ་གསུམ་དུལ། ཁོང་ཡངས་གཏོང་ཕོད་དག་སྣང་ཁྲེལ་ཡོད་ལྡན། །སྔོན་བསྐལ་པ་ཡར་ལྡན་ལ་འཕགས་པའི་བླ་མ་དང་གྲུབ་ཆེན་མང་དུ་བྱོན་ཞིང་། སློབ་མ་ཡང་སྣོད་ཀྱི་ཁྱད་པར་གཞན་ལས་ངོ་མཚར་བ་ཤ་སྟག་བྱུང་བས། བླ་མའི་ཐུགས་རྗེ་དང་རྟོགས་པ་སློབ་མའི་མོས་གུས་ཚད་མེད་པའི་ཉེ་བར་ལེན་པ་པོ་མ་ཧེ་མོ་བེའུ་འཁྲིད་པ་བཞིན་དུ་མཚུལ་པ་དང་འོ་མར་འབྲེལ་བས་དད་པ་གཅིག་པོས་ཡོན་ཏན་བུམ་པ་གང་འབྱོར་ཐོབ་པ་མང་དུ་བྱུང་མོད་ཀྱི། ད་ནི་དུས་སྙིགས་པས་དེ་ལྟ་བུའི་རྒྱུ་རྐྱེན་རྟེན་


JL00_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་ཕྱོགས་ཕྱོགས་ནས་ཚོགས་པའང་དཀའ་བས། སློབ་མའི་ཁྱད་པར་ཡང་དད་པ་ཡོད་པའི་སྟེང་། ཤེས་རབ་མེད་ན་ཆོས་ཀྱི་གནད་མི་རྟོགས། །ཐོས་པ་མེད་ན་ཆོས་དང་ཆོས་མ་ཡིན་པ་ངོ་མི་ཤེས། སྙིང་རྗེ་མེད་ན་ཐེག་པ་ཆེན་པོ་ཉམས་སུ་བླངས་ཀྱང་ཉན་རང་དུ་གོལ། སྡོམ་པ་དང་དམ་ཚིག་ལ་མི་སེམས་ན་སྨན་ཟོས་པ་དུག་དང་ནོར་བ་དང་འདྲ། སྒོ་གསུམ་ཉེ་བར་མ་ཞི་ན་ཉེས་ལྟུང་གི་ཆར་འབབ། ཁོང་ཡངས་པ་མེད་ན་མཆེད་གྲོགས་ཉེ་འཁོར་དང་བཤེས་མི་ནུས། གཏོང་ཕོད་དང་མི་ལྡན་ན་བསོད་ནམས་ཀྱི་ཚོགས་འགག །དག་སྣང་མེད་ན་སྣང་བ་དགྲ་རུ་ལྡང་། ཁྲེལ་དང་ངོ་ཚ་མེད་ན་འཕགས་པའི་ལས་སྲོལ་ལ་བསླབ་མི་ནུས་པས་རྟག་པར་རང་ཉིད་འབའ་ཞིག་གི་སྐྱོན་ལ་བརྟག་ཅིང་། གཞན་སྐྱོན་ལ་ཇི་མི་སྙམ་པར་བཞག་ནས། བདག་ཉིད་དགེ་བའི་བཤེས་གཉེན་ལ་བསྟེན་ཅིང་ཆོས་ཀྱི་རྗེས་སུ་འཇུག་པ་ནི་རྙེད་པ་ཆེན་པོ་དང་ལྡན་ཏེ། བདག་ལ་སློབ་མའི་ཡོན་ཏན་གྱི་ཁྱད་པར་འདི་དང་འདིས་ནོངས་སོ་སྙམ་པས་རང་མཚང་ལ་རྒོལ། སྔོན་གྱི་དུས་ན་བྱོན་པའི་སྐྱེས་བུ་དམ་པ་དེ་དག་གིས་དགེ་བའི་བཤེས་གཉེན་བསྟེན་པའི་རྣམ་ཐར་དང་ཡོན་ཏན་དྲན་པར་བྱ་སྟེ། སྲེད་མེད་ཀྱི་བུས་ཞུས་པ་ལས། བྱང་ཆུབ་སེམས་དཔའ་མཁན་པོ་དང་། སློབ་དཔོན་ལ་བཀའ་བློ་བདེ་བས་བླ་མར་བྱེད་པའི་སྲི་ཞུ་དང་། གུས་པ་དང་། ཕངས་པ་དང་། གཅེས་པར་འཛིན་པའི་སེམས་བསྐྱེད་པར་བྱའོ། །ཞེས་སོ། །དེ་ལྟར་བསྐྱེད་པའི་བློ་འདུས་བྱས་ཡིན་པའི་ཕྱིར་རང་ཉིད་ཀྱི་སེམས་ལས་སུ་རུང་བའི་ཉེར་ལེན་གྱིས་ཡང་དང་ཡང་དུ་བཅོས་ན་སློབ་མའི་ཡོན་ཏན་དང་པོ་ཕྱོགས་གཅིག་ལས་མི་ལྡན་ཀྱང་ཕྱིས་ནས་རང་གིས་ཚང་པར་འགྱུར་ཏེ། ཇི་ལྟར་འཆོས་ན། བླ་མ་ཤིན་ཏུ་བསྲུང་བས་མཛངས་པ་དང་། བཀའ་བཀྱོན་དག་ལ་མི་ཁྲོ་རྟ་མཆོག་བཞིན། །གྲུ་


JL00_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་འགྲོ་འོང་གནས་ལ་སྐྱོ་བ་སྤང་། །ཟམ་པ་ལྟ་བུར་བཟང་ངན་ཐམས་ཅད་ཐེག །བཟོ་སྟེགས་བཞིན་དུ་ཚ་གྲང་གང་ཡང་བཟོད། །བཀའ་བཞིན་ཉན་པ་བྲན་ཁོལ་ལྟ་བུ་དང་། །ང་རྒྱལ་སྤངས་པ་ཕྱག་དར་ལྟ་བུ་དང་། །དྲེགས་པ་སྤངས་པ་ཁྱུ་མཆོག་རྭ་ཆད་ལྟས། །བླ་མ་བསྟེན་ཞེས་སྡེ་སྣོད་དག་ལས་གསུངས། །དེའང་ཚོང་དཔོན་གྱི་བུ་ནོར་བཟང་གིས་དགེ་བའི་བཤེས་གཉེན་བརྒྱ་རྩ་བཅུ་གཉིས་བསྟེན་པ་དཔལ་འབྱུང་བའི་རྣམ་ཐར་ལས། རིགས་ཀྱི་བུ་དགེ་བའི་བཤེས་གཉེན་གྱིས་ཟིན་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་རྟག་ཏུ་ངན་འགྲོར་མི་ལྟུང་ངོ་། །དུས་རྟག་ཏུ་དགེ་བའི་བཤེས་གཉེན་གྱི་ངོར་བལྟ་བ་བུ་མཛངས་པ་ལྟ་བུ་དང་། བླ་མའི་བཀའ་བཀྱོན་ལ་མི་ཁྲོ་བ་ཁྱི་ལྟ་བུ་དང་། འགྲོ་ཞིང་འོང་བས་མི་སྐྱོ་བས་གྲུ་ལྟ་བུ་དང་། བཟང་ངན་ཐམས་ཅད་ཐེག་པ་ཟམ་པ་ལྟ་བུ་དང་། ཚ་གྲང་གི་སྡུག་བསྔལ་ཐམས་ཅད་བཟོད་པ་མགར་བའི་འོག་རྡོ་ལྟ་བུ་དང་། ཞེས་སོ། །དེ་བཞིན་དུ་མདོ་ལས། བླ་མའི་བཀའ་ཉན་པ་བྲན་ལྟ་བུའི་སེམས་ཀྱིས་དགེ་བའི་བཤེས་གཉེན་བསྟེན་པར་བྱའོ། །འོ་ཅག་ལ་མཐུན་པར་བྱ་བ་གཡོག་ལྟ་བུའི་སེམས་ཀྱིས་དགེ་བའི་བཤེས་གཉེན་བསྟེན་པར་བྱའོ། །ང་རྒྱལ་སྤངས་པ་ཕྱག་དར་བ་ལྟ་བུའི་སེམས་ཀྱིས་དགེ་བའི་བཤེས་གཉེན་བསྟེན་པར་བྱའོ། །དྲེགས་པ་སྤངས་པ་ཁྱུ་མཆོག་རྭ་བཅད་པ་ལྟ་བུའི་སེམས་ཀྱིས་དགེ་བའི་བཤེས་གཉེན་བསྟེན་པར་བྱའོ། །ཞེས་དང་། སྡོང་པོ་བཀོད་པ་ལས་ཀྱང་། རིགས་ཀྱི་བུ་ཁྱོད་ཀྱིས་དགེ་བའི་བཤེས་གཉེན་ལ་ཁུར་ཐམས་ཅད་ཀྱིས་མི་སྐྱོ་བས་ལྟ་བུའི་སེམས་དང་། གནོད་པ་ཐམས་ཅད་ཀྱིས་མི་ཕྱེད་པ་རྡོ་རྗེ་ལྟ་བུའི་སེམས་དང་། ངག་ཐམས་ཅད་མི་གཅོག་པ་སློབ་མ་ལྟ་བུའི་སེམས་དང་། ཅི་བསྒོ་བ་ཉན་པ་བྲན་


JL00_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སེམས་དང་། དྲེགས་པ་མེད་པ་ཁྱུ་མཆོག་རྭ་བཅད་པ་ལྟ་བུའི་སེམས་བསྐྱེད་པར་བགྱིའོ། །ཞེས་གསུངས་སོ། །འབྱོར་བ་ཡོད་ན་དཀོན་མཆོག་བཞི་པ་མཆོད། །ཞབས་ཏོག་སྲི་ཞུ་ལུས་ངག་བཀོལ་བའི་ལས། །མཐའ་དག་ནམ་ཡང་ཆུད་ཟོས་གྱུར་པ་མེད། །མཉེས་པ་གསུམ་གྱི་ནང་ནས་བསྒྲུབ་པ་མཆོག །གཏོང་བ་ལ་སྙིང་པོ་རྒྱ་ཆེན་པོ་ལེན་པའི་ཞིང་དམ་པ་ཚོགས་གསོག་པ་དང་། ཡོན་གྱི་གནས་རབ་དང་ཕུལ་དུ་གྱུར་པའང་དཀོན་མཆོག་གསུམ་ཀ་འདུས་པས་ན་བཞི་བའི་མངོན་བརྗོད་ཀྱིས་བསྔགས་པ་བླ་མ་དམ་པ་ཉིད་ཡིན་ཏེ། སངས་རྒྱས་མཉམ་སྦྱོར་ལས། སངས་རྒྱས་ཆོས་དང་དགེ་འདུན་དང་། །བླ་མ་ཡང་ནི་བཞི་པ་ཡིན། །ཅེས་དང་། དཀྱིལ་འཁོར་ཐམས་ཅད་ཀྱི་ངོ་བོ་ཉིད་ཡིན་པའང་སློབ་དཔོན་ཆེན་པོས། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱི་བྱེད་པོ་བླ་ན་མེད། །བླ་མ་དཔལ་ཆེན་ཧེ་རུ་ཀ ཞེས་གསུངས་ལ། དེ་ལྟར་ཡིན་པའི་གོ་དོན་ཡང་སངས་རྒྱས་ཀྱི་རང་བཞིན་འགྱུར་བ་མེད་པ་ནི་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་ཆོས་སྐུ་ཡིན་ལ། དེ་བླ་མ་ལ་མ་བསྟེན་པར་གཞན་ཐབས་གང་གིས་ཀྱང་མི་འབྱུང་བའི་ཕྱིར་ན་མདོ་དགོངས་འདུས་ལས་ཀྱང་། བསྐལ་པ་འབུམ་གྱི་སངས་རྒྱས་པས། །སློབ་དཔོན་གཉན་པར་ཤེས་པར་བྱ། །ཅི་ཕྱིར་བསྐལ་པའི་སངས་རྒྱས་རྣམས། །སློབ་དཔོན་དག་ལ་བསྟེན་ནས་བྱུང་། །ཞེས་པ་དང་མཐུན་པ་དུས་ཀྱི་འཁོར་ལོ་ལས་ཀྱང་བཤད་དོ། །དེ་ལྟར་ཡིན་པས་མཚན་ཉིད་དང་ལྡན་པའི་སྐྱེས་བུ་དམ་པ་ལ་ཕྱོགས་བཅུའི་སངས་རྒྱས་ཀུན་ཀྱང་ཕྱག་མཛད་ཅིང་བསྔགས་པ་བརྗོད་པའི་ཚུལ་སྔ་མ་ལས། དོན་དང་ལྡན་པའི་མཁས་པ་ལ། །དུས་གསུམ་དུས་ནི་ཐམས་ཅད་དུ།་ །ཕྱོགས་བཅུའི་ཞིང་ན་བཞུགས་པ་ཡི། །བདེ་གཤེགས་རྒྱལ་བ་ཀུན་བྱོན་ནས། །


JL00_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

བསྔགས་དང་འདུན་པས་ཕྱག་མཛད་དོ། །ཞེས་དང་། དེ་བཞིན་དུ་སྐྱེས་བུ་དམ་པ་རྣམས་སྐུ་བལྟམས་པ་དང་། མྱ་ངན་ལས་འདས་པ་དང་། ས་ནས་སར་འཕགས་པ་དང་། མཛད་པ་ཁྱད་པར་ཅན་སྟོན་པ་ལ་སོགས་པའི་ཚེ། ས་གཡོ་བ་དང་། འཇའ་དང་། འོད་དང་། སྒྲ་ལ་སོགས་འཇིག་རྟེན་གཡོ་ཞིང་བལྟར་མངོན་པ་དུ་མ་འབྱུང་བ་ཡང་བསྟན་པ་ལ་དགའ་བའི་ལྷ་དང་། ཀླུ་དང་། གནོད་སྦྱིན་ལ་སོགས་པས་བྱས་ཤིང་འདུས་པའི་རྟགས་ཡིན་ཏེ། སྔ་མ་ལས། སེམས་དཔའ་ལྷ་དང་མི་དག་དང་། །དེ་བཞིན་ཀླུ་དང་གནོད་སྦྱིན་དང་། །སྲིན་པོ་ལོག་ལྟ་ཅན་དག་གི །རིག་པ་འཛིན་པ་ཀུན་འདུས་ནས། །སྤྲུལ་པའི་མེ་ཏོག་ཀུན་འཐོར་ཞིང་། །བླ་མ་བཤེས་གཉེན་དམ་པ་ཁྱེད། །བདག་ཅག་རྣམས་ཀྱི་ཕ་ལགས་སོ། །ཞེས་པ་ལ་སོགས་རྒྱ་ཆེར་གསུངས་སོ། །ངེས་བརྗོད་དེས་ནི་ཞིང་གི་མཆོག་ཏུའང་བླ་མ་ཁོ་ན་བཤད་པའི་ཚུལ་སྔ་མ་ལས། དེས་ན་སངས་རྒྱས་སྟོང་ཕྲག་ལ། །བསྐལ་པ་སྟོང་དུ་མཆོད་བྱས་པས། །བླ་མའི་བ་སྤུའི་ཁུང་རེ་ལ། །ཙན་དན་ཐིགས་པ་གཅིག་བྱུགས་པ། །སྟོང་ཕྲག་ཆར་ཡང་ཕོད་པ་མིན། །ཅེས་དང་། ཁ་སྦྱོར་ལས། གང་ཕྱིར་ཕྱོགས་བཅུའི་སངས་རྒྱས་དང་། །བྱང་ཆུབ་སེམས་མཆོད་བསོད་ནམས་ལས། །སློབ་དཔོན་བ་སྤུའི་ཁུང་གཅིག་མཆོག །དེ་ཕྱིར་སློབ་དཔོན་མཆོད་བྱེད་པ། །སངས་རྒྱས་བྱང་ཆུབ་སེམས་དཔས་གཟིགས། །ཞེས་སོ། །འདི་ལྟར་དེ་བཞིན་གཤེགས་པའི་གཅུང་དགའ་བོ་རྒྱལ་པོ་ཀྲྀ་ཀའི་བུར་གྱུར་པའི་ཚེ་སངས་རྒྱས་འོད་སྲུངས་ལ་བྱུག་པས་བསྙེན་བཀུར་བས་པགས་པ་གསེར་གྱི་ཁ་དོག་ཏུ་གྱུར་བ་དང་། དེའི་སྐུ་གདུང་གི་མཆོད་རྟེན་ལ་གདུགས་འདོགས་པའི་རྩོལ་བ་དང་དུ་བླངས་པས་འཁོར་ལོས་བསྒྱུར་བར་འགྲོ་


JL00_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

བའི་མཚན་རྫོགས་པར་གྱུར་ན། སློབ་མ་བསགས་པ་ཅན་གྱི་ངོར་དགེ་བའི་བཤེས་གཉེན་དུ་བརྫུས་པའི་སངས་རྒྱས་ལ་བསྙེན་བཀུར་བའི་བསོད་ནམས་ནི་ཡེ་ཤེས་ཀྱི་ཕ་རོལ་ཕྱིན་པ་ཁོ་ནའི་རྒྱུར་འགྲོ་བ་ལས་བར་མ་དོར་ནམ་ཡང་ཆུད་འཛའ་བ་མེད་པའི་ཕྱིར་མཉེས་པར་བྱ་བའི་ཡོ་བྱད་བརྒྱད་འབུལ་བར་བྱ་སྟེ། སྤྱི་མདོ་ལས། སྐྱོ་དུབ་མེད་པའི་དད་པ་དང་། །གྱོང་ཁེངས་མེད་པའི་མཉེན་ལྕུག་དང་། །སེར་སྣ་མེད་པའི་ཟང་ཟིང་དང་། །སོམ་ཉི་མེད་པའི་སྲི་ཞུ་དང་། །གཡོ་སྒྱུ་མེད་པའི་དྲང་སྐད་དང་། ཁ་གསག་མེད་པའི་རང་རྒྱུད་དང་། །རྨོངས་པ་མེད་པའི་ཤེས་རབ་དང་། །དྲི་མ་མེད་པའི་ལྷག་སེམས་བརྒྱད། །དམ་པ་དེ་ལ་རྫོགས་པར་དབུལ། །དམ་པས་བསྒོ་བ་བསླབ་པའི་མཐའ། །ཆུབ་པར་རྫོགས་པས་རྒྱུད་གྲོལ་ཏེ། །ཤེས་བྱ་ཀུན་ལ་ཐོགས་མེད་འགྲོ། །རང་རྒྱུད་མདུད་པ་གྲོལ་བ་ཡིས། །ཤེས་རབ་མཁའ་ལ་བྱ་བཞིན་རྒྱུ། །ཞེས་སོ། །དེ་ཡང་ཐོག་མར་ཟང་ཟིང་གིས་མཉེས་པར་བྱ་བ་ནི། དེ་ཉིད་ལས། རྒྱལ་སྲིད་དང་ནི་རང་གི་ལུས། །བུ་དང་ཆུང་མ་ནོར་གྱི་དབྱིག །རབ་ཏུ་གཅེས་དང་ཡིད་འཐད་པའི། །ནོར་མཆོག་དམ་པ་དེ་ལ་འབུལ། །ཞེས་པ་ལྟར་བླ་མ་ལ་དེ་དག་གི་དགོས་པའམ། འདོད་པ་མེད་ཀྱང་རང་གི་གཏོང་ཕོད་ཀྱི་ཆ་ནས་ཐུགས་ལ་འཐད་པའི་སྐབས་དབྱེ་ན་ནི་ངེས་པར་དབུལ་བར་བྱའོ་སྙམ་པ་ཞེ་ཐག་པ་ནས་སྐྱེས་ན་ཕུལ་བ་དང་མཉམ་པའི་བསོད་ནམས་འཐོབ་པ་ཡིན་ནོ། །བར་དུ་ལུས་ངག་གི་ཞབས་ཏོག་གི་མཉེས་པ་བསྒྲུབ་པ་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། སྙིང་པོ་མེད་པའི་ལུས་ལ་སྙིང་པོ་བླང་བའི་ཕྱིར་བླ་མ་མཉེས་པར་བྱ་སྟེ། ཐ་ན་ཅི་ཡང་མེད་ཀྱང་ཆུ་རྫ་གང་ཙམ་ཡང་འབུལ་ལོ། །ཞེས་དང་། རྒྱུད་སྔ་མ་ལས། རང་གི་ལུས་ཀྱང་ཅི་རིགས་པར། རིན་ཐང་


JL00_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཡིན་ནོར་གྱིས་བསླུ། །ཞེས་སྙིང་པོ་མེད་པའི་ལུས་ལ་སྙིང་པོ་བླང་བའི་ཕྱིར་ཞབས་འབྲིང་དང་། སྟན་སྟོབས་པ་དང་། ཕྱག་དར་དང་། ཕོ་ཉར་འགྲོ་བ་དང་། བཟོ་དང་། གནས་ཁང་གི་བྱ་བ་དང་། ཐ་ན་འདེགས་འཇོག་དང་། བསུ་བསྐྱེལ་གྱི་བྱ་བ་ལ་སོགས་པའང་རང་གི་ལུས་ཀྱིས་ནུས་ན་དེ་ཉིད་མཆོག་ཡིན་ལ། མ་ནུས་ན་བདག་གི་ལུས་ཀྱང་ཕུལ་ཟིན་པས་ན། བདག་ཉིད་ལ་མི་དབང་བའི་འདུ་ཤེས་བཞག་ནས་རིན་གྱིས་བསླུ་བའི་ཚུལ་བསྒྲུབ་པ་ནི་གཞན་ལ་གླ་རྔན་སྤྲད་ནས་རིག་པའི་གནས་རྣམས་བསྒྲུབ་ཏུ་བསྩལ་བའམ། ཅིས་ཀྱང་མི་རིགས་པ་དག་ནི་བདག་ཉིད་ཁོ་ནས་བསྒྲུབ་པའམ། ཡང་ན་བླ་མ་ལྔ་བཅུ་པ་ལས། མ་ནུས་པ་ལ་ཚིག་གིས་སྦྱོང་། །ཞེས་པ་ལྟར་རྒྱུ་དང་རྐྱེན་གྱི་གནས་ཚུལ་གང་ཡིན་པ་ཐུགས་ལ་ལེགས་པར་བཀོད་ནས་གནང་བ་ཐོབ་པར་བྱའོ། །དེ་ལྟ་བུའི་བསོད་ནམས་ནི་དཔག་ཏུ་མེད་དེ། ཡེ་ཤེས་རྒྱ་མཚོ་ལས། གང་གིས་བླ་མའི་བྱ་བ་ལ། །མཁས་པའི་སྐལ་ལྡན་གང་ཡིན་དེ། །དུས་གསུམ་སངས་རྒྱས་ཐམས་ཅད་ལ། །བསྐལ་པ་བྱེ་བ་དྲུག་འབུམ་དུ། །ཕྱག་བྱས་པས་ནི་འདི་དོན་ཆེ། །བླ་མས་བསྒོ་བ་བཞིན་བསྒྲུབས་ན། །འདོད་པ་ཐམས་ཅད་འགྲུབ་པ་དང་། །བསོད་ནམས་དཔག་ཏུ་མེད་པ་འཐོབ། །རང་གི་རྫས་དང་ཡོ་བྱད་ཀྱིས། །བླ་མ་མཉེས་པར་སུས་བྱས་པ། །འདིས་ནི་ཁམས་གསུམ་འཁོར་བ་ལས། །སྤྲུལ་སྐུའི་ཞིང་དུ་དབུགས་དབྱུང་སྟེ། །མྱ་ངན་འདས་པའི་སར་གཤེགས་སོ། །ཞེས་སོ། །དེ་ལྟར་ཞབས་ཏོག་གམ་རིམ་གྲོ་རྣམ་པ་གཉིས་ལ་བརྟེན་ནས་བླ་མའི་ཐུགས་བཟུང་སྟེ་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་ཚུལ་ལེགས་པར་ཁོང་དུ་ཆུད་ནས་མཐར་བསྒྲུབ་པའི་མཆོད་པ་འབའ་ཞིག་གིས་མཉེས་པར་བྱ་སྟེ། སྤྱི་མདོ་ལས། སྔོན་


JL00_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དམ་པ་བདེ་གཤེགས་རྣམས། །དེད་དཔོན་དམ་པ་མཉེས་བྱས་ནས། །ཀུན་སྤངས་དགོན་པའི་མཐར་གཤེགས་པ། །ཉིད་ལས་དམ་པ་མཉེས་པར་འགྱུར། །ཞེས་སོ། །དེ་ལ་དམ་པ་ཕྱི་མ་ནི་རྣམ་པར་གྲོལ་བའི་ཡེ་ཤེས་བརྙེས་པའི་དོན་ཏེ། སྔ་མ་ལས། ཇི་ལྟར་ཅང་ཤེས་ཀྱི་ལིང་དག །སྡོམ་བྱེད་སྒྲོག་གིས་བཅིང་གྱུར་པ། །བཀྲོལ་བྱས་བདེ་བླག་བྱུང་གྱུར་ན། །ཅི་ལའང་ཐོགས་མེད་འགྲོ་བ་ལྟར། །སེམས་ཀྱི་ཅང་ཤེས་དབང་པོ་འདི། །མི་ཤེས་འཆིང་བས་བཅིང་གྱུར་པ། །དམ་པས་རྣམ་གྲོལ་སྒོ་ཕྱེ་ནས། །ཤེས་རྒྱུད་ཀུན་གྲོལ་ཐོགས་མེད་འགྲོ། །ཞེས་ལེའུ་དྲུག་ཅུ་རྩ་བདུན་པ་ལས་བཤད་དོ། །རང་གི་སྣང་བའི་སྐྱོན་ལོག་པ་འགོག་པར་སྟོན་པ་ནི། མཛད་སྤྱོད་གང་ཡང་ལོག་པར་མི་བལྟ་སྟེ། །འཕགས་པའི་ཡུལ་གྱི་དབང་ཕྱུག་ཕལ་མོ་ཆེ། །གདོལ་པ་གཡུང་པོ་སྡིག་སྤྱོད་ཕལ་པའི་ཚུལ། །ཉམས་པ་ལས་ཀྱང་ཤིན་ཏུ་ཉམས་པར་ཡོད། །རང་གི་ཉེར་ལེན་དབང་དུ་མ་གྱུར་པར། །འཁྲུལ་པ་བརྟག་པའི་ཉེས་པ་ཚད་མེད་དེ། །སྡེ་སྣོད་བཅུ་གཉིས་བློ་ལ་ཆུབ་པ་ཡི། །དགེ་སློང་སྐར་བཟང་སྡིག་པའི་མཐུས་བཏབ་ནས། །སྟོན་པའི་མཛད་པ་གཡོ་སྒྱུར་མཐོང་བའི་ཚུལ། །ལེགས་པར་བསམས་ནས་རང་གིས་རང་ཉིད་འཆོས། །འདི་ལྟར་འཕགས་པའི་ས་ལ་བཞུགས་པའི་སྐྱེས་བུ་དམ་པ་རྣམས་ནི་ཐུགས་ལ་འཁྲུལ་པ་མི་མངའ་ན་ཀུན་ཏུ་སྤྱོད་པ་ལ་ཉེས་པར་གྱུར་པ་ག་ལ་སྲིད་དེ། རང་དོན་གྲུབ་ཟིན་ནས་གཞན་དོན་འབྱུང་བའི་སྐབས་ཡིན་པས་ན། མཛད་པའང་ཞི་བ་དང་། དྲག་པོ་དང་། ཤིན་ཏུ་རྒྱས་པ་དང་། ཆགས་པ་ལ་སོགས་པ་རྣམ་པ་སྣ་ཚོགས་པ་འགྲོ་བ་འདུལ་བའི་དོན་དུ་སྟོན་ཏེ། དེ་ལ་མ་དད་པ་ཅུང་ཟད་སྐྱེས་ཀྱང་ཐར་པའི་ལམ་མཁན་ནི་བླ་མ་ཉིད་ལས་གཞན་སུ་ཡང་མེད་པས་ལམ་གྱི་རྟེན་འབྲེལ་


JL00_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་འཕྱུགས་ནས་འགྲོ་སྟེ། འདི་ལྟར་བསྐལ་པ་འབུམ་ཕྲག་དུ་མར་རྙེད་པ་དཀའ་བ་དམ་པའི་བླ་མ་དང་ཐེག་པ་ཆེན་པོའི་ཆོས་ཟབ་མོ་ཟུང་དུ་འབྲེལ་བའི་དུས་བདུད་སྡིག་ཅན་ནི་ཐབས་དུ་མས་བར་དུ་གཅོད་པ་ལ་བསྒྲིམ་པ་ཡིན་ཏེ། ཅི་ནས་ཀྱང་དཔོན་སློབ་ཀྱི་བར་དུ་བལྟར་མི་མངོན་པའི་དབྱེ་ན་འཆོས་པའི་ཚུལ་གྲངས་དང་བློས་མི་གཏུགས་པ་ཉིད་དེ། བཟའ་བཏུང་དང་། གནས་མལ་དང་། ནད་མེད་པ་ལ་སོགས་པའི་མཐུན་པའི་རྐྱེན་ཐམས་ཅད་ལ་དཀའ་བར་བྱེད་ཅིང་། འགྲོ་ན་འཚེ་དོགས། བློ་ལ་ཡིད་གཉིས། ཕ་མ་དང་། བུ་ཚ་དང་། བཟའ་ཟླའི་བཤོལ་འདེབས། ཆོས་དང་བསྒྲུབ་པའི་ལམ་སྲོལ་ལ་ཚུད་ཀྱང་། བླ་མ་དང་ཆོས་ལ་ཐེ་ཚོམ་དང་ལོག་ལྟ། འདོད་ཡོན་གྱི་སྲེད་ཞེན། ཡོན་ཏན་གྱི་ཁྱད་པར་གང་ཡང་མ་ཐོབ་པར་རང་རྩིས་དང་མངོན་རློམ། དུས་ལ་མ་བབས་པའི་འགྲོ་དོན་དང་སྙིང་རྗེ་དགྲ་ལངས་སོགས་བློ་ཕྱིར་ཕྱོགས་པའི་རྣམ་གྲངས་མང་པོ་ཤེས་རྒྱུད་ལ་འཆར་དུ་འཇུག་པ་ཡོད་དེ། དེའི་ཚེ་དེ་དག་བདུད་དུ་ཤེས་ནས་བློ་རང་མལ་དུ་འཇུག །བླ་མ་དང་ཆོས་ལ་གུས་པ་ལྷག་པར་བསྐྱེད་ཅིང་། དཀའ་བ་བཟོད་པའི་སྙིང་སྟོབས་ཀྱི་གོ་ཆ་བགོ་བར་བྱ་སྟེ། ཡུམ་བར་མ་ལས། ནོར་བུ་རིན་པོ་ཆེ་ནི་བདུད་མང་བའི་ཕྱིར་བརྩོན་པ་དང་སྤྲོ་བ་ཆེན་པོས་གཅེས་སྤྲས་སུ་བྱ་བ་དེ་བཞིན་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རིན་པོ་ཆེ་ཡོངས་སུ་འཚོལ་བ་ན། བདུད་སྡིག་ཏོ་ཅན་བར་ཆད་བྱ་བ་ལ་བརྩོན་པར་འགྱུར་ཏེ། ཅི་ནས་ཀྱང་དེ་ཐོས་པར་མི་འགྱུར་བ་དེ་ལྟར་བརྩོན་ཤིང་། གང་དུ་དགེ་བའི་བཤེས་གཉེན་དང་བྲལ་བར་འགྱུར་བའི་དེ་ལྟར་གནོད་པ་སྣ་ཚོགས་སུ་གྲུབ་པས་ཡིད་ཕྱིར་ཕྱོགས་པར་བྱེད་དོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་


JL00_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

སྙམ་དུ། བདུད་སྡིག་ཏོ་ཅན་དག་གིས་དགེ་བའི་ཆོས་ལ་བར་དུ་གཅོད་པ་སྟེ། ཅི་ནས་ཀྱང་དེའི་དབང་དུ་མི་འགྱུར་བ་དེ་ལྟར་བྱ་བ་ལ་གོར་མ་ཆག་གོ་སྙམ་ནས་གོ་ཆ་ཆེན་པོ་ཡོངས་སུ་བགོ་བར་བྱའོ། །ཞེས་གསུངས་པ་ལྟར་རོ། ཁྱད་པར་ཐེག་པ་ཆེན་པོའི་ཤེས་རབ་དང་ཡེ་ཤེས་དང་སྤོབས་པ་བསམ་གྱིས་མི་ཁྱབ་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་རང་སའི་སྡེ་སྣོད་ཀྱི་ལམ་ནས་གནང་བཀག་ལ་སྒྲ་ཇི་བཞིན་པར་འཇུག་པ་རྣམས་ཀྱི་ཚད་ནི་སོ་སོ་སྐྱེ་བོས་བཟུང་བར་ཡང་མི་ནུས་ལ་དེའི་རྗེས་སུ་སྤྱོད་པ་ཡང་ནོངས་པ་ཆེན་པོའོ། །འདི་ལྟར་འཕགས་པ་དྲི་མེད་གྲགས་པར་གྲགས་པ་ཐེག་པ་ཆེན་པོའི་མདོ་ལས། ཀུན་དགའ་བོ། རྒྱ་མཚོ་ཐམས་ཅད་ཀྱི་གཏིང་ནི་ཚད་བཟུང་བར་ནུས་ཀྱིས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་དང་། ཡེ་ཤེས་དང་། དྲན་པ་དང་། གཟུངས་དང་། སྤོབས་པའི་གཏིང་ནི་ཚད་བཟུང་བར་མི་ནུས་སོ། །ཅེས་དང་། དགེ་སློང་ཁྱེད་ཀྱིས་འདི་ལ་ཁྱིམ་བདག་གོ་སྙམ་པའི་འདུ་ཤེས་མ་བསྐྱེད་ཅིག །ཅེས་གསུངས་པ་ལྟར་དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་ནི་འདོད་པའི་ཡོན་ཏན་ལ་སྒྱུ་མ་ལྟ་བུར་སྤྱོད་པའང་མ་ངེས་ཏེ། འཕགས་པ་སྟོང་ཕྲག་བརྒྱ་པར། ཤཱ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ལ་ལ་ནི་ཕ་དང་མ་གདོན་མི་ཟ་བར་དགོས་ཀྱིས། བུ་དང་། བུ་མོ་དང་། ཆུང་མ་མི་དགོས་སོ། །ལ་ལ་ལ་ནི། ཕ་དང་མ་དང་བུ་དང་། བུ་མོ་དག་ཀྱང་གདོན་མི་ཟ་བར་དགོས་སོ། །ཞེས་དང་། རྒྱུ་གང་གི་ཕྱིར་ན་འདི་སྐད་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ལ་ནི་ཐབས་ལ་མཁས་པས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། འདོད་པའི་ཡོན་ཏན་ལྔ་ལ་ཡོངས་སུ་སྤྱད་དེ་ཆུང་མའི་འཁོར་གྱི་ནང་ནས་མངོན་


JL00_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱུང་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱའོ། །ཞེས་དང་། ཐབས་ལ་མཁས་པའི་མདོར། བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། གང་བུད་མེད་གཞོན་ནུ་དག་ཡོངས་སུ་སྨིན་པར་བྱས་ནས་དེ་དག་ཀྱང་མཛའ་བ་གཅུགས་པ་སྲིད་པ་ཐ་མའི་བར་དུ་བདག་ཅག་ནི་ཁྱེད་ཀྱི་ཆུང་མར་གྱུར་ཅིག་ཅེས་སྨོན་ལམ་བཏབ་ལ། དེ་དག་གི་ཆོས་དཀར་པོ་དེ་རྣམས་ཀྱང་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་གཡོག་ལེན་ཏེ། དེ་ལ་བྱང་ཆུབ་སེམས་དཔའ་སླས་ཀྱི་ནང་ན་གནས་ནས་བུད་མེད་བཞི་ཁྲི་ཉིས་སྟོང་སྨིན་པར་བྱེད་དོ། །ཅེས་དང་། འཕགས་པ་དཀོན་མཆོག་སྤྲིན་ལས། བླ་མ་ལ་བརྟེན་ན་དགེ་བའི་ཆོས་འཕེལ་བ་དང་། སྡིག་པ་འགྲིབ་པོ་སྙམ་སྟེ་མཁན་པོ་ཐོས་པ་མང་ཡང་རུང་། ཉུང་ཡང་རུང་། ཤེས་སམ་མི་ཤེས་ཀྱང་རུང་། ཚུལ་ཁྲིམས་ལྡན་ནམ་མི་ལྡན་ཡང་རུང་སྟེ། དེ་ལ་སྟོན་པའི་འདུ་ཤེས་བསྐྱེད་དོ། །ཇི་ལྟར་སྟོན་པ་ལ་དགའ་ཞིང་དད་པ་ལྟར། མཁན་པོ་ལ་ཡང་བྱེད་དོ་ཞེས་དང་། ཡུམ་ལས་དགེ་བའི་བཤེས་གཉེན་གང་ཆོས་ཐམས་ཅད་སྟོང་པ་ཉིད་དང་། མཚན་མ་མེད་པར་སྟོན་པ་ལ་བསྙེན་བཀུར་བྱ་གུས་པར་བྱ། ཞེས་སོ། ཁྱད་པར་སྔགས་ཀྱི་ལམ་ནས་ངོ་བོ་ཉིད་ལས་རྣམ་པར་གྲོལ་བས་རིག་པ་བརྟུལ་ཞུགས་དང་ཟུང་འཇུག་གི་སྤྱོད་པ་ལ་ཞུགས་པ་རྣམས་ཀྱི་རང་བཞིན་ནི་བསམ་པར་མི་ནུས་ཏེ། འདི་ལྟར་འཕགས་པའི་ཡུལ་དུ་བྲམ་ཟེ་ཆེན་པོ་སྒྲ་གཅན་འཛིན་བྲམ་ཟེ་རྣམས་ཀྱི་སྣང་ངོར་ཡང་རང་གི་རིགས་ལས་ཉམས་པ་དང་། གནས་བརྟན་གྱི་སྤྱོད་པ་སྤངས་ནས་སྨྱིག་མཁན་


JL00_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

མོ་དང་ལྷན་ཅིག་དེའི་སྤྱོད་པ་ལ་ཞུགས་པས་རྒྱལ་པོ་ལ་སོགས་པ་སྐྱེ་བོ་མང་པོས་དཔྱས་གདགས་པ་དང་། ཤ་བ་རི་པ་བུད་མེད་དང་ལྷན་ཅིག་རྔོན་པའི་བྱ་བ་བྱེད་པ་དང་། དཱ་རི་ཀ་པ་སྨང་འཚོང་མའི་གཡོག་བྱེད་པའི་ཚུལ་དང་། བྱ་ད་ལི་པ་གྲོང་ཁྱེར་རྣམས་སུ་བྱ་སྣ་ཚོགས་གསོད་པའི་ཚུལ་དང་། རིགས་ངན་ཡན་ལག་མེད་པའི་རྡོ་རྗེ་ཕག་རྫི་མོ་དང་ལྷན་ཅིག་སྤྱོད་ལ་ཁྲོ་ཞིང་བརྡེག་པ་དང་། བི་ནས་པི་ཝང་ལ་ཆགས་པར་སྟོན་པ་དང་། སྒེག་མོ་རྡོ་རྗེ་ཆང་འཚོང་མ་འདོད་ཆགས་ཅན་དུ་བསྟན་པ་དང་། སློབ་དཔོན་ལྭ་བ་པ་གཏི་མུག་ཆོས་སུ་སྨྲ་བར་མཐོང་བ་དང་། ཨིནྡྲ་བྷུ་ཏི་བར་པ་འདོད་ཆགས་ཅན་དུ་མཐོང་བ་དང་། ཛ་ལནྡྷ་རི་པ་བྱིས་པའི་སྤྱོད་པས་དུས་འདའ་བ་དང་། ཏིལླི་པ་ཉ་གསོན་བསྲེགས་བྱེད་ཅིང་། རེས་འགའ་ཏིལ་བརྡུང་། རེས་འགའ་སྨྱོན་པར་བརྫུ་བ་དང་། ཀུ་ཀུ་རཱ་ཛ་ཁྱིའི་ཚོགས་དཔོན་མཛད་པ་དང་། གྲུབ་ཐོབ་ཏནྟི་པ་ཐགས་མཁན་དུ་སྤྱོད་པ་དང་། ག་ཡ་པ་ཏི་གྲོང་ཁྱེར་དུ་གླུ་པའི་ལས་བྱེད་པ་དང་། བྱིའུ་གྷུཎྜི་རི་འབའ་ཞིག་བསད་ནས་འཚོ་བས་མཚན་དེར་གྲགས་པ་དང་། ནག་པོ་རྡོ་རྗེས་བཅོམ་ལྡན་འདས་མ་ཉ་པ་མོ་དོལ་ཕྲག་པ་རག་ཟད་པར་མཐོང་བ་དང། ཤྲཱི་སིངྷིས་འཇམ་དཔལ་བཤེས་གཉེན་ཁྱིམ་བཙུན་ཆུང་མ་ཅན་ཞིང་རྨོ་བར་མཐོང་བ་ལ་སོགས་བཤད་ཀྱི་མི་ལྡང་བ་ཡོད་ལ། བོད་ཡུལ་དུའང་ཐུགས་རྗེ་ཆེན་པོའི་སྤྲུལ་པའི་རྒྱལ་པོ་ཡོད་ཟེར་བ་ཐོས་ནས་ལི་ཡུལ་གྱི་བཙུན་ཆུང་གཉིས་ཀྱིས་བལྟར་འོངས་པ་ལ། རྒྱལ་པོས་བོད་འབངས་ལ་སྲོག་ལ་འབབ་པའི་ཆད་པ་གཅོད་པའི་སྡིག་སྤྱོད་དུ་མཐོང་ནས་བྲོས་པ་སོགས་དཔག་ཏུ་མེད་པ་ཡོད་དེ། དེ་ཀུན་ཀྱང་ནང་དུ་རང་གི་སེམས་རྣམ་པར་ཐར་བའི་སྒོ་གསུམ་དུ་མ་གྲོལ་ཞིང་། སྣང་བ་དག་པ་རབ་


JL00_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

འབྱམས་སུ་ཤར་བའི་ཉེ་བར་ལེན་པ་དབང་དུ་མ་གྱུར་པས་འཁྲུལ་སྣང་རང་རྒྱུད་པར་ཤར་བ་སྟེ། ཅིའི་ཕྱིར་ན་སྐུ་གསུང་ཐུགས་ཀྱི་གསང་བ་ནི་ཤིན་ཏུ་སྦས་པ་ཡིན་པས་རང་གི་སྒྲིབ་པས་བལྟར་མི་མངོན་ལ། ཡོན་ཏན་ཐམས་ཅད་དངོས་སུ་སྣང་བ་ལ་ལས་དག་པའམ། རང་དང་སྤྱོད་ཡུལ་མཐུན་པར་དགོས་ཏེ། ཁྱད་པར་སེམས་ཅན་གྱི་ལས་སྣང་ནི་ཚད་མེད་པས་དགེ་སློང་ལེགས་པའི་སྐར་མ་བྱ་བ་མདོ་སྡེ་བཅུ་གཉིས་བློ་ལ་ཆུབ་ཅིང་། བསམ་གཏན་དང་པོའི་ཏིང་འཛིན་ཐོབ་པ་དེ་ཡང་། བསོད་ནམས་མ་ཡིན་པའི་ལས་ཀྱི་མཐུས་སེམས་ཟིལ་གྱིས་ནོན་ནས། བདག་ཅག་གི་སྟོན་པ་སེམས་ཅན་ཐམས་ཅད་ལ་བུ་གཅིག་ལྟར་བརྩེ་བ། གདུལ་བྱ་འདུལ་བའི་ཐབས་ལ་མཁས་པ། རིག་པ་དང་ཞབས་སུ་ལྡན་པ། ཉོན་མོངས་པ་དང་། ཉེས་པའི་ཚོགས་གང་གིས་ཀྱང་བརྫི་བ་མེད་པ་དེའི་མཛད་པ་ཐམས་ཅད་གཡོ་དང་སྒྱུ་འབའ་ཞིག་ཏུ་མཐོང་བས། བསོད་ནམས་ལྷག་མ་ལུས་པར་ཟད་དེ་དངོས་སུ་སའི་མཐོངས་བྱེ་ནས་སེམས་ཅན་དམྱལ་བ་པའི་གྲོང་ཁྱེར་དུ་སོང་བའི་ཚུལ་ལེགས་པར་བསམས་ནས། བླ་མའི་མཛད་པ་ལ་འཁྲུལ་པར་མི་བརྟག་ཅིང་། གལ་ཏེ་སེམས་ཅན་གྱི་རང་བཞིན་ཉོན་མོངས་པ་ཡིན་པས་མ་དད་པ་ཅུང་ཟད་སྐྱེས་ཀྱང་རང་གིས་རང་ལ་ཞེ་ཁྲེལ་བལྟས་ནས། སྐྱོན་འདི་ཁོང་ལ་ཡོད་པ་མིན། གང་ཟག་རླུང་ཁམས་ཅན་གྱི་དྲུང་ན་གནས་པ་ཐམས་ཅད་གནོད་པ་ཅན་དུ་མཐོང་བ་ཡིན། རླུང་དེ་སངས་པ་དང་རང་གི་རྣམ་རྟོག་ལ་ཞེ་ཁྲེལ་སྐྱེ་བ་མངོན་སུམ་པའི་ཆོས་ཅན། དྷ་དུ་ར་ཟོས་པའི་གང་ཟག་གི་མིག་ངོ་ན་སྐྲ་ཤད་འཛག་པ་ལྟར། རང་གི་རྣམ་རྟོག་ངན་པའི་ཉེར་ལེན་གཞན་སྐྱོན་དུ་ཤར་བ་ཡིན་སྙམ་ནས་བློ་བཅོས་


JL00_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་སྐད་ཅིག་གམ། ཐད་ཅིག་ལས་མ་འདས་པར་བཤགས་པ་བྱ། རྨི་ལམ་དུ་བླ་མའི་མཛད་པ་ལ་མ་དད་པ་མཐོང་ནའང་གཉིད་སད་མ་ཐག་ཏུ་བཤགས་དགོས་ཏེ། འཁོར་ལོ་ཆུབ་པ་རོལ་པ་ལས། །གལ་ཏེ་རྨི་ལམ་ནང་དག་ཏུ། །བླ་མའི་སྐྱོན་དག་མཐོང་གྱུར་ན། །སད་མ་ཐག་ཏུ་བཤགས་པ་བྱ། །གལ་ཏེ་བཤགས་པ་མ་བྱས་ན། །འདི་ཡང་མནར་མེད་རྒྱུ་འཕེལ་འགྱུར། །ཞེས་སོ། །གལ་ཏེ་བླ་མས་སྡང་བར་མངོན་གྱུར་ན། །བདག་སྐྱོན་གཟིགས་ནས་སྤྱོ་བས་འདུལ་བ་ཡི། །དུས་ལ་བབ་པར་རིག་ནས་བཤགས་བསྡོམ་བྱ། །ཅང་ཤེས་སྐྱེས་བུ་བདུད་ཀྱི་དབང་མི་འགྲོ། །འདི་ལྟར་དགེ་བའི་བཤེས་གཉེན་ནི་འཇིག་རྟེན་གྱི་རྣམ་པར་བཞག་པ་དང་འགལ་ཞིང་། ཐུགས་གཟོ་བས་གཡོ་དང་སྒྱུ་མེད་ཅིང་། ཡིད་ལ་བསམས་དེ་ཆོ་འཕྲུལ་སྣ་ཚོགས་ཀྱིས་སྦུབས་སུ་མི་བསྐྱིལ་བར་ངག་ཏུ་བརྗོད་པར་མངོན་པའི་ཕྱིར་ན་བདག་གིས་སྤྱོད་པ་ངན་པའམ། སྡིག་པའི་ལས་ཐབས་ཞིག་བྱས་པར་གདོན་མི་ཟ་བས་ཇི་ལྟར་མི་རིགས་པའི་ཆ་བྱས་སྙམ་དུ་རང་ལ་བརྟག་ཅིང་། ཉེས་པ་སུན་འབྱིན་པའི་བཤགས་བསྡོམ་དྲག་པོ་བྱ། རང་བཞིན་དུ་ཅུང་ཟད་འགོགས་དཀའ་བར་མཐོང་ཡང་། སྤྱིར་ནི་སློབ་མའི་སྣོད་བརྟག་པའི་སླད་དུ་ངག་གི་མི་དགེ་བའང་གནང་བའི་སྐབས་ཡོད་ལ། གཞན་ལ་ཕན་པ་རྒྱ་ཆེན་པོ་བསྒྲུབ་པའི་ཕྱིར་ལུས་ཀྱི་ལས་གསུམ་ཡང་མངོན་དུ་བསྒྲུབ་པར་སྲིད་པས། དེ་ལ་རྣམ་རྟོག་རང་རྒྱུད་པའི་དཔྱད་པ་མི་གཏོང་སྟེ། རང་ལ་མངོན་ཤེས་མེད་པས་ཐུགས་དགོངས་གང་ཡིན་མི་ཤེས་པའི་ཕྱིར་གཟབ་པར་བྱའོ། །དེའང་སེར་སྣ་ཅན་རྣམས་དང་གཏོང་ཕོད་ཆུང་བ་དག་གི་ཚོགས་ཆེན་རྫོགས་པའི་ཡན་ལག་ཏུ་ཡོ་བྱད་འདོད་པ་དང་། བཟོད་པ་ཆུང་བ་དང་། གཤིས་ངན་པ་དག་


JL00_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཚིག་ཟུར་མི་སྙན་པར་བརྗོད་ནས་བག་བརྐྱང་བའི་ཐབས་དང་། ཡོ་བྱད་བསྙུངས་ཤིང་མཐུན་རྐྱེན་དང་བྲལ་བ་དག་ལ་བློ་སྣ་རིང་བར་སྟོན་པ་སོགས་ཡོད་པས། སྐྱེས་བུ་དམ་པ་བློ་གྲོས་ཆེན་པོ་ཟབ་མོའི་བློ་ཅན་རྣམས་ནི་གཞན་གྱིས་གཏིང་དཔོགས་པར་མི་ནུས་པས། སྐུ་དང་གསུང་གི་མཛད་པ་མ་བརྟགས་ལ་འབྲེལ་བ་མེད་པ་ལྟར་བསྟན་པ་དག་ཀྱང་། ཐུགས་ལ་འཁྲུལ་པ་མེད་པའི་ཕྱིར་འགྲོ་བ་འདུལ་བའི་རོལ་པ་རླབས་ཆེ་བ་ཉིད་དུ་བལྟ་བ་ལས་མ་དད་པ་ཅུང་ཟད་ཀྱང་བསམ་དུ་མི་རུང་སྟེ། ཁྱད་པར་ཆོས་ནས་ཇི་ལྟར་བཤད་པའི་ཡོན་ཏན་ཚང་ན། འཇིག་རྟེན་གྱི་རིགས་དང་། མངའ་ཐང་དང་། མི་གཞི་དང་། སྤྱོད་པ་འཇམ་རྩུབ་ལ་སོགས་པས་བསྟེན་དཀའ་བར་མངོན་པའི་སྐྱོན་དམ་དུམ་ཙམ་ཡོད་ཀྱང་། འཇིག་རྟེན་པའི་ཐ་སྙད་ཐམས་ཅད་ནི་འཁྲུལ་པའི་རང་བཞིན། སྒྱུ་མ་ལྟ་བུ་ཕྱི་ནང་མི་མཚུངས་པ། བཅོས་མ་དང་གྱི་ན་པ་ཁོ་ན་ཡིན་པས་ཅིའི་ཕྱིར་བཟོད་པར་མི་ནུས་སྙམ་དུ་བསམ་སྟེ་སྤྱི་མདོ་ལས། དམ་པ་འདི་ནི་ས་མཁན་དེ། །འདི་ནི་བདག་གི་མགོན་ཡིན་པས། །འཇིག་རྟེན་པ་ཡི་ཐ་སྙད་ཀུན། །ངེས་པར་ཐམས་ཅད་སྒྱུ་མ་ཡིན། །གང་འདིར་གྱི་ན་ཙམ་འདི་དག །དམ་པར་གང་ལ་འགོག་མ་ཡིན། །སྐད་ཅིག་ཙམ་གྱིས་མཐོང་འདི་ལ། །དེ་ལྟ་ཞིག་ན་འདི་ལྟའང་། །དེ་སྲིད་ཙམ་དུ་བཟོད་པར་ཟད། །ཅེས་དང་། གལ་ཏེ་གཞན་གྱི་དབྱེ་ན་བཅོས་པ་ལས་ཐུགས་འཁྲུགས་པ་ལྟར་བསྟན་ཡང་། མ་ཉེས་ན་སྡིག་པ་ཟད་པའི་རྒྱུར་བསམ་ཞིང་། སྤྱི་ནས་བླ་མའི་ཡུལ་ལ་ཉེས་པ་མེད་ཀྱང་། ཉེ་བར་གནས་པའི་ཆ་ལ་མངོན་སྦྱོར་མི་གཟོ་བ་ལས་བྱུང་བས་ན་རང་གིས་ནོངས་པར་དཔྱད་དེ་བཤགས་པ་ལ་འབད་པས་རྟེན་འབྲེལ་མི་འཕྱུགས་པར་རིགས་


JL00_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱའོ། །སྤྱོད་ལམ་གྱི་ཆ་ནས་བསྟེན་ཚུལ་ནི། བླ་མ་བཞེངས་ཚེ་སྟན་ལ་འདུག་པ་མིན། །བཞུགས་པའི་དུས་ན་བསྙུན་འདྲི་ཉེར་སྤྱད་དབུལ། །གཤེགས་ན་ཞབས་འབྲེང་སྔོན་རྗེས་གཡས་ནས་མིན། །སྟན་དང་བཞོན་པ་སྨད་སོགས་བསོད་ནམས་ཉམས། །སྒོ་འཕར་བརྡེག་དང་སྒེག་ཆོས་ངོ་འཛུམ་གནག །རྫུན་དང་བབ་བཅོལ་བཞད་གད་འབྲེལ་མེད་གཏམ། །གུས་དང་འཇིགས་བཅས་མ་ཡིན་ཇི་མི་སྙམ། །སྤངས་ལ་སྒོ་གསུམ་ཉེ་བར་ཞི་བས་བསྟེན། །འཇིག་རྟེན་ན་ཚེ་འདིའི་བདེ་སྐྱིད་སྙན་གསུམ་དང་། ཟས་གོས་གྱི་ན་བ་ཙམ་སྟེར་བའི་རྒྱལ་པོ་དང་། དཔོན་རིགས་དག་ལའང་ལུས་ངག་སྲོག་དང་བཅས་པ་བྲན་དུ་བཀོལ་ནས་སྲི་ཞུ་བྱ་དགོས་ཤིང་། ཕྱི་རོལ་པ་མེ་ལྔའི་དཀའ་ཐུབ་སོགས་ཀྱང་བཟོད་པར་བྱད་ན། ཐར་པ་དང་ཐམས་ཅད་མཁྱེན་པ་ལ་དམིགས་ཏེ་བླ་མའི་ཕྱོགས་སུ་ལུས་ངག་གི་བསྙེན་བཀུར་བ་ནི། སྙིང་པོ་མེད་པའི་ལུས་ལས་ཀྱང་སྙིང་པོ་རྒྱ་ཆེན་པོ་བླང་བ་ཡིན་ཏེ་སྔ་མ་ལས། ཆོས་ཀུན་མི་ཤེས་མ་རྟོགས་ཀྱང་། །དམ་པར་གྱུར་པའི་བླ་མ་ལ། །བཀུར་གནས་རིམ་གྲོ་ཆེར་བྱས་པས། །འཁོར་བའི་རྒྱ་མཚོ་ལས་བརྒལ་འགྱུར། །ཞེས་གསུངས་པས་ན། བླ་མ་བཞེངས་པའི་ཚེ་སྟན་ལས་ཏབ་ཏབ་དུ་ལྡང་བ་དང་། བཞུགས་ན་རང་གི་གོས་ལ་སོགས་སྟན་དུ་དབུལ་བ་དང་། སྙུན་འདྲི་བྱེད་པ་དང་། ཉེར་སྤྱད་དབུལ་བ་དང་། གཤེགས་ན་ལམ་ལ་ཕྱག་དར་དང་། དྲིས་ཆག་ཆག་གདབ་པ་དང་། བསིལ་ཡབ་སྦྲེང་བ་དང་། དར་ལམ་ལ་སོགས་བྱ་བ་དང་། ནག་ནོག་གམ་དྲི་མ་ཅན་ལ་ཐུམས་བྱ་བ་དང་། བཞོན་པ་དང་། འདོ་ལེ་ལ་སོགས་བསྡོག་པ་དང་། རང་ཡང་ཞབས་འབྲིང་དུ་འགྲོ་ཞིང་། དེ་ཡང་གཡས་ཟུར་ནི་གྲལ་མགོ་ཡིན་པས་བཀག་ལ། མདུན་ནས་འགྲོ་བ་ནི་ཐོག་མ་ཡིན་པས་མི་རུང་


JL00_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱབ་ནས་འགྲོ་བ་ནི་ཞབས་རྗེས་བརྫི་བའི་ཉེས་པར་འགྱུར་བས་བཀག་ལ། གཡོན་ནས་ནི་རུང་སྟེ། བསྐོར་ལམ་ལྟ་བུའི་ནང་དུ་རང་ཉིད་ཚུད་པ་དང་། ལ་ལ་བརྡེག་པའི་སྟབས་ལ་སོགས་པའི་ཉེས་པ་གང་ཡང་མེད་པའི་ཕྱིར་རོ། །དེ་བཞིན་དུ་མཆིལ་ལྷྭམ་དང་། ན་བཟའ་དང་། བཞུགས་སྟན་དང་། བཞོན་པ་དང་། སྐུའི་གྲིབ་མ་རྣམས་མི་འགོམ་པ་དང་། དམིགས་བསལ་གྱི་ཚེ་མ་གཏོགས་གནས་ཁང་དང་འཆག་ཁང་གཅིག་ཏུ་བྱ་བ་དང་། སྐུ་ལ་ཚད་གཞལ་བ་དང་། རང་དང་ཆེ་ཁྱད་བསྡུར་བ་དང་། སྐུ་དྲུང་དུ་མཆི་ལ་སྣབས་ལ་སོགས་པ་འདོར་བ་དང་། སྐྱིལ་ཀྲུང་དང་སྒེག་ཆོས་ཀྱིས་བདུག་པ་དང་། སྤྱོད་པ་གྱོང་རེངས་སྟོན་པ་དང་། །འགྲོ་འདུག་རྣམ་པར་མ་ཞི་བ་དང་། སྒོ་འཕར་འབྱེད་གཅོད་དྲག་པ་དང་། ངོ་གནག་འབུར་ཚུགས་སུ་བལྟ་བ་དང་། བཞིན་གཉེར་ཐལ་མོ་བརྡེབ་པ་དང་། ཟུར་སྟོན་རྐང་ལག་བརྐྱང་པ་དང་། འཕྱེ་བོ་དང་བཤོལ་སྒུག་ལྟར་འདུག་པ་ལ་སོགས་སྤང་བར་བྱ་སྟེ། སྤྱི་མདོར། དམ་པ་དག་དང་གནས་གཅིག་ཏུ། །ཞབས་འབྲིང་མ་གཏོགས་ནམ་ཀྱང་མིན། །སྐུ་ཡི་གྲིབ་མ་མི་འགོང་ཞིང་། །ཞབས་རྗེས་རླམ་པར་མི་བྱའོ། །ན་བཟའ་ཕྱག་གདན་སྟན་ལ་སོགས། །ནམ་ཡང་འགོམ་པར་བྱ་བ་མིན། །མི་གུས་ལ་སོགས་མི་ཚུལ་རྣམས། །དམ་པའི་ཐད་དུ་ཡང་མི་མཛེས། །ཞེས་སོ། །དེ་བཞིན་དུ་ཡིད་དང་ངག་གི་ཉེས་པ་ནི། །སྤོབས་པའི་བློ་གྲོས་ཀྱིས་ཞུས་པར། །འཇིག་རྟེན་ནག་པོ་འབྱུང་བའི་རྒྱུ། །ཡིད་ནི་དུག་གི་རྩ་བ་ཡིན། །ཉེས་པར་སྨྲ་རྣམས་འབྱུང་བའི་ཕྱིར། ཁ་ནི་སྡིག་པའི་སྒོ་ཡིན་ནོ། །ཞེས་གསུངས་ལ་ཁྱད་པར་དགེ་བའི་བཤེས་གཉེན་གྱི་མཛད་སྤྱོད་ལ་འགལ་བར་འཛིན་ཅིང་། བླ་མའི་ནོར་རྫས་དང་། ཕྲིན་


JL00_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ལ་བརྣབ་སེམས་དང་། འགྲན་སེམས་དང་། ཕྲག་དོག་དང་། ང་རྒྱལ་དང་། སུན་འབྱིན་དང་། གནོད་སེམས་དང་། འཚེ་བ་དང་། རིགས་གཟུགས་དང་། ལོངས་སྤྱོད་ལ་བརྙས་པ་སོགས་བལྟར་མི་མངོན་པ་སེམས་ཀྱི་ཉེས་པ་དང་། རྫུན་དང་དབྱེན་གཅུགས་དང་། ཚིག་རྩུབ་དང་། བྲེ་མོའི་གཏམ་དང་། བཀའ་གཅོག་པའམ། གདོང་བཟློག་པའི་ཚིག་དང་། ཞེ་གཅོད་པ་དང་། ཅོ་འདྲི་བ་དང་། ལྐོག་ནས་ངན་དུ་སྨྲ་བ་ལ་སོགས་པ་ནི་དུས་གཞན་དུ་བརྒྱ་སྟོང་བརྗོད་པ་བས་བླ་མའི་དྲུང་དུ་ལན་གཅིག་བརྗོད་པ་ལ་སོགས་བདུད་ཀྱི་ལས་སུ་གྱུར་པས་ཉེས་པ་ལྕི་བ་སྟེ། འཕགས་པ་ཡོན་ཏན་བཀོད་པའི་མདོ་ལས། བདུད་ཀྱི་ལས་བཞི་སྟེ། བླ་མ་ལ་མི་གུས་པ་དང་། ཆོས་ཡིད་ལ་མི་བྱེད་པ་དང་། ཁེངས་པའི་ཚིག་སྨྲ་བ་དང་། ཚེ་འདི་ལ་སེམས་པའོ། །ཞེས་དང་། སྤྱི་མདོ་ལས། ཅིའི་ཕྱིར་དམ་པར་གྱུར་པ་ལ། མ་ངེས་གྱ་གྱུའི་ལས་བྱས་པས། །དམ་པར་གྱུར་པ་ཀུན་བསླུས་ཏེ། །རྡོ་རྗེའི་དམྱལ་བར་དེ་ལྟུང་འགྱུར། །ཞེས་བླ་མའི་དྲུང་དུ་གྱ་གྱུའི་བསམ་སྦྱོར་གང་དག་བྱས་པ་དེ་ནི་བསླུ་བའི་བསམ་པ་ཅན་འབའ་ཞིག་པས་དམ་པ་ཐམས་ཅད་ངོ་བོ་གཅིག་པས་ན་ཐམས་ཅད་བསླུས་པར་འགྱུར་བས་ན་འབྲས་བུའང་དེ་ཐོབ་པར་འགྱུར་ལ། དེ་བཞིན་དུ། ཁོང་ཁྲོ་ཚིག་རྩུབ་འཆལ་མི་བྱ། །བག་ཡངས་ཚུལ་གྱི་བྱ་བ་མིན། །ཚུལ་མེད་ཚུལ་དང་མི་ལྡན་པའི། །ཉམ་ང་མེད་པར་སྨྲ་མི་བྱ། །ཞེས་དང་། རྒྱན་དམ་པ་ལ། ངག་ཚིག་བརླང་པོས་ཞེ་འགེངས་པ། །བསྐལ་པ་སྟོང་ཕྲག་དམྱལ་བར་ལྟུང་། །རྡོ་རྗེ་སློབ་དཔོན་དམ་པ་ཡི། །ཟབ་མོའི་ཚིག་ལ་སྒྲོ་སྐུར་བས། །མནར་མེད་གནས་སུ་ལྟུང་བར་འགྱུར། །ཞེས་དང་། གསང་བ་ཀུན་སྙོམས་ཀྱི་རྒྱུད་ལས། །བླ་མ་མཆོག་ལས་རང་ཉིད་ནི། །ཆེས་མཆོག་རློམ་སེམས་སྨྲ་བ་ནི། །བསྐལ་


JL00_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟོང་ཕྲག་དུ་མ་རུ། །ཐུར་དུ་བལྟས་ཏེ་དམྱལ་བར་འགྲོ། །ཞེས་དང་། ལྐོག་སྨྲས་ལ་སོགས་པ་སྨོས་ཅི་དགོས་ཐ་ན་ཀུ་རེ་ཙམ་བྱས་ཀྱང་རྟེན་འབྲེལ་འཕྱུགས་པའི་གཏན་ཚིགས་མང་སྟེ་རེ་ཞིག་གསང་བ་རོལ་པ་ལས། ལྐོག་སྨྲས་འཕྱ་བར་གང་བྱེད་པ། །རྡོ་རྗེའི་དམྱལ་བ་ཉིད་དུ་འཚེད། །ཀུ་རེ་ཙམ་དུའང་སྨོད་མི་བྱ། །ངག་གི་ཉེས་བྱས་ཡང་དག་བསྔམ། །ཞེས་སོ། །འདིར་ལྟར་དམ་པ་རྣམས་ལ་གསར་ངས་ལྟ་བུས་རེ་ཞིག་བསྙེན་བཀུར་དང་རིམ་གྲོ་ཆེ་ཆེ་ལྟར་སྟོན་ལ། རིང་པོ་མི་ཐོགས་པར་འགྲོགས་སུན་ཁྱེར་ནས་མཉམ་འགྲོགས་སུ་བལྟ་བའམ། འདྲིས་དྲགས་པས་མ་གུས་པར་བྱེད་པ་ནི། བླ་མ་དམ་པའི་སྤངས་རྟོགས་ཀྱི་ཡོན་ཏན་ཆ་ཤས་ཙམ་ཡང་རང་རྒྱུད་ལ་མ་ཐོབ་ཅིང་མ་མཐོང་ལ། བྱིན་རླབས་སྣ་གཅིག་ཀྱང་མ་ཞུགས་པའི་རྟགས་ཏེ་རྨོངས་པའི་གཞན་དབང་ལས་རང་དང་སྤྱོད་ཡུལ་མཉམ་པ་ཙམ་དུ་མཐོང་བ་ཡིད་བཞིན་གྱི་ནོར་བུ་འུར་རྡོར་འཕེན་པའི་གང་ཟག་ཞེས་བྱ་སྟེ། དེའི་ཐར་པའི་ལས་འཕྲོ་དགེ་བའི་བཤེས་གཉེན་གྱི་མདུན་ནས་ནུབ་པར་འགྱུར་བ་ནི་ད་ལྟར་གྱི་སངས་རྒྱས་མངོན་སུམ་པའི་ཏིང་འཛིན་ལས། གལ་ཏེ་ངེས་ཆོས་སྨྲ་བ་དེ་ལ་མནར་སེམས་པའམ། ཐ་བའམ། སྡང་བའི་སེམས་ཀྱིས་གནས་སམ། སྟོན་པ་སངས་རྒྱས་ཀྱི་འདུ་ཤེས་མི་བསྐྱེད་ན། དེ་དག་གི་ཡོན་ཏན་ཐོབ་པ་ནི་གནས་མེད་དོ། །མ་ཐོབ་པའི་ཆོས་ཐོབ་པའམ། ཐོབ་པ་ཆུད་མི་ཟ་བའི་གནས་མེད་དོ། །མ་གུས་པས་ཆོས་ནུབ་པར་འགྱུར་རོ། །ཞེས་སོ། །དེའི་ཕྱིར་བློ་དང་ལྡན་པ་རྣམས་ཀྱིས་ནི་བསྒྲིམ་པར་བྱ་བའི་གནས་འདི་ཁོ་ན་སྟེ། འདི་ལྟར་འཇིག་རྟེན་ན་སྡིག་སྤྱོད་ཀྱི་རྗེ་བོས་བཀབ་པའི་འབངས་རྣམས་ལྟོ་འགྲོས་ནམ་མཁའ་ལྡིང་མཐོང་བ་བཞིན་དུ། ཚོར་བ་ནི་གྲིམས།


JL00_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

བག་ནི་བཀུམ། དབུགས་ནི་ལྷོད་པ་མེད་པར་འདུག་ན། བླ་མའི་དྲུང་དུ་བག་ཡོད་བསྟེན་པ་ལ་གུས་པ་དང་བཅས་པ། འཇིགས་པ་དང་བཅས་པ། ཇི་མི་སྙམ་པ་ལས་ལྡོག་སྟེ་གནས་པ་ནི་བསོད་ནམས་དཔག་ཏུ་མེད་པ་འཐོབ་ནས་མྱ་ངན་ལས་འདའ་བའི་རྒྱུ་ཡིན་ཏེ་བླ་མ་ལ་སྤྲིང་བ་དགོན་པ་པའི་གཏམ་ལས། བག་ཡོད་འཆི་མེད་གནས་ཡིན་ཏེ། །བག་མེད་པ་ནི་འཆི་བའི་གནས། །བག་ཡོད་འཆི་བར་མི་འགྱུར་ཏེ། །བག་མེད་པ་ནི་རྟག་ཏུ་འཆི། །དེ་ཡི་ཁྱད་པར་དེ་རིགས་པས། །མཁས་པ་རྣམས་ནི་བག་དང་ལྡན། །བག་ཡོད་པ་ལ་རབ་དགའ་བ། །འཕགས་པའི་སྤྱོད་ཡུལ་དགའ་བ་ཡིན། །བརྟན་པ་གྲུབ་བདེ་བླ་མེད་པ། །མྱ་ངན་འདས་ལ་རེག་པ་ཡིན། །ཅེས་བཤད་པས་དགེ་སློང་གསར་པ་ཕ་མ་ལྟུང་ལ་འཇིགས་པ་བཞིན་དུ། སྒེག་ཆོས་དང་། རྒྱན་དང་། མཚོན་ཆ་ཐོགས་པ་ལ་སོགས་གཞན་གྱིས་དཔྱས་འབབ་པའི་རྒྱུ་ཐམས་ཅད་སྤངས་ཏེ། རང་གིས་རང་ལ་དཔྱས་གདགས་པ་བཞིན་དུ་གནས་པར་བྱ་དགོས་ཏེ་དགོངས་འདུས་ལས། དགེ་སློང་གསར་པའི་སྤྱོད་པ་ཡི། །སྒེག་པ་ལ་སོགས་བྱ་བྱེད་དང་། །རྒྱན་དང་མཚོན་ཐོགས་སྤང་བར་བྱ། །བློ་གྲོས་གུས་པ་དེ་ཉིད་ཀྱང་། །ཉིད་ཀྱིས་ཉིད་ལ་དཔྱས་བཅུག་སྟེ། །གཞན་གྱི་དཔྱ་བའི་གཞི་རྣམས་སྤང་། །ཞེས་དང་། འཕགས་པ་དཀོན་མཆོག་སྤྲིན་ལས། ས་ཕྱོགས་གང་ན་ཆོས་སྨྲ་བ་གནས་པ་དེ་ལ་མཆོད་རྟེན་གྱི་འདུ་ཤེས་དང་། ཆོས་སྨྲ་བ་ལ་བླ་མ་དང་། དགེ་བའི་བཤེས་གཉེན་དང་། སྟོན་པའི་འདུ་ཤེས་བསྐྱེད་དེ་མཐོང་ན་དགའ་བ་དང་། རངས་པ་བསྐྱེད་དོ། །ཞེས་གསུངས་སོ། །དད་མེད་དང་མི་འགྲོགས་པ་ནི། བླ་མ་དམོད་ཅིང་སྡང་བའི་གང་ཟག་དང་། །བཤེས་པར་མི་བྱ་ནུས་པས་དེ་བཟློག་ཅིང་། །བག་ཕེབས་སྨྲ་ན་སྡིག་པའི་གཞན་དབང་


JL00_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །ལྷག་པར་མཐུ་ཆེ་དམ་ཚིག་སྐྱོན་ཅན་བྱེད། །རང་གི་ཆ་ནས་ཉེས་པ་མེད་ཀྱང་བླ་མ་བསྐུར་ཞིང་ལོག་པར་བལྟ་བའི་གང་ཟག་དང་འདྲིས་ཤིང་བློ་ཉེ་བར་བྱས་ཀྱང་དེ་ནི་ལོག་པའི་བློ་ཅན། གཡང་སའི་སྔ་འགྲོས། ངན་འགྲོའི་ས་མཁན་པ་ཡིན་པས་སྤང་བའི་ཚུལ་སྤྱི་མདོ་ལས། ལོག་པར་བསྒྲུབ་པའི་བློ་གྲོས་མཁན། །གཡང་སར་མཆོད་པའི་སྔ་འགྲོས་མཁན། །བྱམས་བློའི་ཡུལ་དུ་རུང་བ་མིན། །ཞེས་སོ། །དེའང་བདག་ཉིད་ལ་ཐབས་དང་ནུས་པ་ཡོད་ན་དེའི་མ་དད་པ་ལྡོག་པར་བྱས་པས་ཕ་རོལ་པོ་དེའི་བསོད་ནམས་མ་ཡིན་པའི་རྒྱུན་ཡང་ཆད་པ་སྲིད་དེ་མ་སྐྱེས་དགྲ་ལ་རྒྱལ་ཕྲན་རྣམས་ཀྱིས་གཡུལ་གྱི་ཕྲུ་མ་བཏབ་པའི་ཚེ། མ་བཙུན་མོ་ལུས་འཕགས་མོས་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ལ་བསོད་ནམས་མ་ཡིན་པ་བྱས་པས་འདི་ལྟར་བྱུང་ངོ་ཞེས་མཚང་ལ་རྒོལ་བ་བཞིན་ནོ། །གལ་ཏེ་སྐྱེ་བོ་གང་ཞིག་དགེ་བའི་བཤེས་གཉེན་ལ་དགྲ་ཟླ་དང་ཡ་བོར་འཛིན་བཞིན་པ་དེ་དང་བཤེས་པར་བྱས་ནས། བག་ཕེབས་པར་སྨྲ་ན་སྡིག་པའི་གཞན་དབང་ནི་ནུས་པ་ཚད་མེད་པས་ཇི་ལྟར་བསྟེན་ཞིང་བཤེས་པ་དེ་ཙམ་དུ་དགེ་བ་འགྲིབ་ཅིང་དམ་ཚིག་ཉམས་པ་དང་ཉོན་མོངས་པའི་ཆར་འབབ་པ་ཡིན་ཏེ། བདུད་རྩི་འབྱུང་བའི་རྒྱུད་ལས། རྡོ་རྗེ་སློབ་དཔོན་སྨོད་པ་ན། །ཞི་བའམ་མངོན་སྤྱོད་ལས་ཀྱིས་བཟློག །ནུས་པ་ཡོད་པར་མ་གྱུར་ན། །རྣ་ཆ་དྲན་པས་དག་པར་བྱ། །བསྟེན་པར་མི་བྱ་གཏམ་མི་བྱ། །གལ་ཏེ་དེ་དང་འདྲིས་གྱུར་ན། །ངན་སོང་དག་ཏུ་འཚེད་པར་འགྱུར། །ཞེས་གསུངས་པས་སྔགས་ཀྱི་ལམ་ནས་ནི་བསྒྲལ་བའི་ཞིང་དུའང་བསྟན་ལ། དེ་ལྟ་བུའི་ནུས་པ་དང་མི་ལྡན་པའམ་བཟོད་པའི་དཀའ་ཐུབ་ལ་མོས་པའི་བྱང་


JL00_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་དཔའ་རྣམས་ནི་བླ་མ་ལ་དམོད་པའི་ཉེས་དམིགས་ཀྱི་དྲན་ཤེས་ལག་པ་ལྟ་བུས་རྣ་བའི་རྣམ་པར་ཤེས་པ་ལ་དགབ་པར་བྱ་ཞིང་འདྲིས་པ་དང་གཏམ་བསྲེ་བ་ལས་རིང་དུ་བསྲིང་བར་བྱའོ། །ཉེ་བར་གནས་པས་མཚོན་སྐྱེ་དགུ་ཐམས་ཅད་ལ། །འགྲོགས་པར་བདེ་བ་སྐ་རགས་ལྟ་བུ་དང་། །འཇུག་པ་བདེ་བ་ལན་ཚྭ་ལྟ་བུ་དང་། །བཟོད་སྲན་ཆེ་བ་ཀ་བ་ལྟ་བུ་ཡིས། །བླ་མའི་འཁོར་དང་རྡོ་རྗེའི་སྤུན་ལ་གཉེན། །འདི་ལྟར་བླ་མའི་གདུང་འཛིན་པ་དང་། །དམ་ཚིག་གི་ཀུན་ཏུ་སྤྱོད་པར་བཟུང་བའམ་དབང་གི་རྟེན་ཉེ་བར་གནས་པ་དང་། སློབ་མ་དང་། སྦྱིན་བདག་ལ་སོགས་པའི་སྡེའམ། མདོར་ན་ཐུགས་ཀྱིས་བཟུང་བ་མཐའ་དག་དང་འགལ་བར་མི་སྤྱོད་སྟེ། སྤྱི་མདོར། དེ་ཡི་ཉེ་གནས་དམ་པ་བཞིན། །དེ་ཡི་འཁོར་གཡོག་ཉེ་དུ་བཞིན། །རྟག་ཏུ་མཉམ་པའི་སེམས་ཀྱིས་བལྟ། །ཞེས་སྐུ་ལ་ཉེ་བར་བཅའ་བ་གང་དག་ལ་བླ་མ་བཞིན་དང་། འཁོར་དང་སློབ་མ་ལ་སོགས་པར་ཉེ་དུ་བཞིན་དུ་བལྟ་བ་ལ་དྲན་པ་ཉེ་བར་འཛོག་ཅིང་། ཀུན་གྱི་ཁུར་དུ་མི་འགྲོ་བས་འགྲོགས་ན་བདེ་བ་སྐ་རགས་ལྟ་བུ་དང་། ཆེ་ཆུང་མཆོག་དམན་ཐམས་ཅད་དང་འགྲེ་བས་འཇུག་པ་བདེ་བ་ལན་ཚྭ་ལྟ་བུ་དང་། སྐྱོ་བསུན་དང་ལོག་བསྒྲུབ་ཐམས་ཅད་བཟོད་པ་ཀ་བ་ལྟ་བུས་འཁོར་གྱི་ནང་དུའང་བསྙེན་དགོས་ཏེ། དེ་དག་ལའང་བླ་མའི་ཞབས་ཏོག་དང་། བཟའ་བཏུང་གི་གཡོས་དང་། མགྲོན་པོའི་གཉེར་ལ་སོགས་པའི་ཁུར་འབབ་པས་བདག་ཅག་བདེ་བར་གནས་པའི་དྲིན་གཟོ་བ་ཡིན་ལ། གཅིག་ཏུ་ན་ཉེ་འཁོར་སུན་ཕྱུང་ན་རེ་ཞིག་ཕྱི་ནང་དུ་མཚམས་སྦྱོར་བའི་རྟེན་འབྲེལ་དེ་དག་ལ་རག་ལས་པའང་ཡོད་པའི་ཕྱིར་རོ། །དེ་སྐད་དུ་ཡེ་ཤེས་གྲུབ་པའི་རྒྱུད་ལས་ཀྱང་། བླ་མའི་རྫས་དང་འཁོར་རྣམས་དང་། །ཉེ་འཁོར་སུན་འབྱིན་བརྣབ་སེམས་སྤང་། །


JL00_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སོ། །སྤྱོད་པ་འཇམ་ཞིང་དེས་པས་དམ་པའི་ཡོན་ཏན་གྱི་རོ་མྱོང་བ་ནི། རྫིང་བུ་མཆོག་ལ་བརྟེན་པའི་ངང་པ་དང་། །བུང་བས་མེ་ཏོག་བཅུད་ལ་རོ་མྱོང་བཞིན། །རྟག་ཏུ་འགྲོགས་པའི་སྤྱོད་པ་ངོ་མཚར་ཅན། །སྐྱོ་ངལ་མེད་པས་བླ་མའི་ཐུགས་བཟུང་ནས། །དད་པའི་ཉེ་བར་ལེན་པས་ཡོན་ཏན་མྱང་། །འདི་ལྟར་དད་པ་ནི་ཆོས་སྣང་བའི་སྒོ་ཡིན་ཏེ། བླ་མ་ལ་མཐོང་ཕྱག་འཚལ་ཞིང་བྱིན་རླབས་ཞུ་བ་དང་། ལྡང་བ་དང་ཐལ་མོ་སྦྱོར་བ་ལ་སོགས་པ་བྱ་སྟེ། དམ་པའི་ཆོས་འདུལ་བ་ལས་ཀྱང་། མཁན་པོ་མཐོང་མ་ཐག་ཏུ་སྟན་ལས་ལྡང་བར་བྱའོ། །ཞེས་བཤད་ཅིང་། གལ་ཏེ་ཅི་མི་སྙམ་པར་བསྡད་ན་ཚེ་རབས་ལྔ་བརྒྱར་འཕྱེ་བོར་སྐྱེ་བ་ལས་བརྒྱ་པ་ལས་གསུངས་པས་སོ། །འདི་ལྟར་འཇིག་རྟེན་ན་དྲག་ཞན་གྱི་སྒོ་ནས་དང་བ་སྟོན་པའི་བསྟི་སྟང་ལྟ་བུར་མི་བལྟ་སྟེ། རྒྱན་གྱི་འགྲེལ་པ་ལས། བླ་མ་བསྐྱེལ་བ་དང་། བསུ་བ་ལ་སོགས་པ་ཉིད་ཀྱིས་ཕྱག་དང་། ཞབས་འཁོར་ལོའི་མཚན་དང་ལྡན་པ་ཉིད་དང་། ཞེས་པའི་ཕན་ཡོན་འཐོབ་པས་བདག་ཉིད་ཀྱི་དོན་ཁོ་ན་ལས་བླ་མ་ལ་ལྟོས་པ་ཅུང་ཟད་ཀྱང་མེད་པའི་ཕྱིར་རོ། །དེའི་ཕྱིར་དད་གུས་ལ་ལྟེམ་བརྐྱང་མེད་པས་ཐར་པ་དང་། ཐམས་ཅད་མཁྱེན་པའི་གོ་འཕང་ཁོ་ན་ལ་དམིགས་ཏེ་བླ་མར་བྱ་བ་དང་། རི་མ་གྲོ་ དང་། སྲི་ཞུ་དང་། བསྟི་སྟང་དང་། མཆོད་པ་དང་། བརྗེད་པ་དང་། སྙུན་འདྲི་བ་དང་། ན་བའི་གསོས་སྨན་དང་། རི་མོར་བྱ་བ་ཞེས་གསུང་རབ་རྣམས་ནས་བྱིངས་བསྡུ་བ་ལས། བླ་མའི་ཕྱོགས་སུ་ལུས་བཀོལ་ནས་ཕྱག་འཚལ་བ་དང་། བསྐོར་བ་བྱ་བ་དང་། སྤོས་དང་། མེ་ཏོག་དང་། མར་མེ་ལ་སོགས་པ་ཕྱིའི་མཆོད་པ་དང་། ཚོགས་ཀྱི་འཁོར་ལོ་ལ་སོགས་པ་ནང་གི་མཆོད་པ་དང་། རྟོགས་


JL00_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། བསྟན་བཅོས་བརྩམ་པ་ལ་སོགས་པ་དོན་གྱི་མཆོད་པ་དང་། མེ་དང་། ཆུ་དང་། མཚོན་དུག་གཅན་གཟན་ལ་སོགས་པའི་བར་ཆད་བསྲུང་བ་དང། ཡུལ་དང་ཡུལ་ཕྲན་ལ་བང་ཕྱིན་ནམ། མངག་གཞུག་གི་བྱ་བ་དང་། འཕྲལ་ཉེ་བར་མཁོ་བའི་གཡོག་ལ་འཇུག་པ་བདེ་བ་དང་། སྤོས་ཀྱི་བསུ་བསྐྱེལ་བྱེད་པ་དང་། གཟིམས་ཆུང་དང་། གཟིམས་མལ་དང་། ཉེར་སྤྱོད་དང་། ཉེ་འཁོར་ལ་བྱི་དོར་བྱེད་པ་དང་། ཆོས་རར་བླ་བྲེ་དང་། ཡོལ་བ་ལ་སོགས་པའི་བསྟི་སྟང་བྱ་བ་དང་། ཉལ་བའི་སྔས་ཀྱང་བླ་མའི་ཕྱོགས་སུ་སྟོན་པ་དང་། བཟའ་བཏུང་བྱེད་པ་ན་དྲིན་དྲན་པས་ཕུད་འབུལ་བ་དང་། གོས་གསར་པ་གྱོན་པ་ནའང་བླ་མའི་ཕྱོགས་སུ་དམིགས་ནས་དེང་བྱེད་པ་དང་། གླལ་བ་དང་། སྦྲིད་པ་སོགས་བྱུང་བའི་ཚེ་ཁ་དགབ་པ་དང་། གསུང་བྱོན་པ་ལ་ཐལ་མོ་སྦྱར་ནས་བཀའ་བཞིན་བསྒྲུབ་བོ་ཞེས་ལན་སྙན་པོ་འབུལ་བའང་དེ་ཉིད་ལས། ལུང་བྱུང་བཀའ་བཞིན་ཞུ་ཞེས་བརྗོད། །ཐལ་སྦྱར་གསུང་བ་གཟུང་བར་བྱ། །ཞེས་དང་། དེ་བཞིན་དུ་བླ་མའི་དཀོར་སྲོག་བཞིན་དུ་བསྲུང་བ་དང་། རང་གི་བྱ་བ་གང་བྱེད་ཀྱང་སྙན་དུ་གསོལ་ནས་གནང་བ་ཞུ་བ་དང་། ཉེ་བར་མི་བཞུགས་ན་བྱ་བ་གང་བྱེད་ཀྱང་བླ་མའི་བཀས་གནང་བ་ཡིན་སྙམ་པ་དང་། མཚན་བརྗོད་པར་དཀའ་བ་ཞེས་པའི་དོན་ཤེས་པར་བྱས་ནས་བླ་མའི་མཚན་རང་མཚན་པ་ནས་མི་བརྗོད་ཅིང་། གལ་ཏེ་བརྗོད་དགོས་ན་དོན་གྱི་སླད་དུ་མཚན་སྨོས་པ་ཞེས་པའི་འབྲེལ་བསྔགས་པ་ཅན་སྦྱར་བའང་དགོངས་འདུས་ལས། མཚན་ནས་ནམ་ཡང་མི་བརྗོད་ཅིང་། དམ་པ་བླ་མ་བཤེས་གཉེན་ཞེས། །བརྗོད་པའི་ཐ་མར་ཞུས་སྒྲ་གཞུག །ཅེས་སོ། ཁྱད་པར་ཐེག་པ་འོག་མའི་རྩ་བ་སྡོམ་པ་འབོགས་པ་དང་། ཆོས་བཤད་པ། ཐེག་པ་གོང་མའི་


JL00_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བ་དབང་བསྐུར་བ་དང་། རབ་ཏུ་གནས་པ་ལ་སོགས་པ་ནི་མཁན་པོ་དང་། རྡོ་རྗེ་སློབ་དཔོན་གྱི་བྱ་བ་ཡིན་པས་རྗེས་སུ་གནང་བ་མ་ཐོབ་པར་མི་རུང་སྟེ། འཁོར་ལོ་ཆུབ་བ་རོལ་པ་ལས། །འཁོར་རྣམས་སློབ་མར་མི་བསྡུ་ལ། །ཆོས་དང་དབང་བསྐུར་རབ་གནས་དང་། །སྦྱིན་སྲེག་ལ་སོགས་ཞུས་ཏེ་བྱ། །ཞེས་གསུངས་པ་སྟེ་གཞན་དོན་བྱ་མ་ངན་པའི་བབ་ཅོལ་བདུད་ལས་ཡིན་པའི་ཕྱིར་རོ། །དེ་སྐད་དུ་དགོངས་འདུས་ལས། དཀྱིལ་འཁོར་ལ་སོགས་སྦྱིན་སྲེག་དང་། །སློབ་མ་བཟུང་དང་ཆོས་སྨྲ་བ། །ལུང་མ་བྱུང་བར་མ་བརྩམ་སྟེ། །དམ་པའི་ཡུལ་ན་དེ་མི་རིགས། །ཞེས་དང་། དམ་པའི་སློབ་མ་སློབ་མར་ཡང་། །དམ་པའི་མདུན་དུ་མི་རིགས་སོ། །ཞེས་སོ། །གལ་ཏེ་ཡུལ་དུས་ཀྱིས་མ་གྲུབ་ན་དེ་ཉིད་ལས། གལ་ཏེ་གཞན་གྱི་དོན་བྱས་ན། །དེ་ཡི་ཡོ་བྱད་མི་བྱ་སྟེ། །དེ་ཀུན་དམ་པ་དེ་ལ་དབུལ། །ཞེས་པ་ལྟར་རོ། །སྐུ་འདས་པའི་གནས་སྐབས་ན་གདུང་ལ་རིམ་གྲོ་ཆེར་བསྐྱེད་པ་དང་། འཁོར་གསུམ་ཡོངས་སུ་དག་པའི་སྤོང་དག་དང་། །མཆོད་པའི་སྤྲིན་ཀུན་ཏུ་སྤྲོ་བ་དང་། དམ་ཚིག་ཉམས་ཆགས་ལ་བཤགས་པ་དྲག་པོ་དང་། སྨོན་ལམ་རྒྱ་ཆེན་པོ་གདབ་པ་དང་། ཐུགས་དགོངས་རྫོགས་པའི་གཙོ་བོར་བསྒྲུབ་པའི་མཆོད་པ་རྒྱ་ཆེན་པོ་དང་། ཚེས་གྲངས་གང་ལ་ཐུགས་འཕོས་པ་དེའི་དུས་མཆོད་མི་བཅག་པ་དང་། སེམས་ཅན་གྱི་སྲོག་སྐྱོབ་པ་དང་། དམན་པ་ལ་སྦྱིན་པ་བྱ་བ་ལ་སོགས་པ་དང་། རྣམ་པ་ཀུན་ཏུ་བླ་མའི་ཡོན་ཏན་བརྗོད་ཅིང་བློ་གྲོས་ཆེན་པོའི་ཕྱོགས་ནས་ཆོས་ཀྱི་འགྲོས་སམ། འཇིག་རྟེན་གྱི་བྱ་བའི་ཕྱོགས་ལ་མི་རིགས་པར་མངོན་པ་དག་ལའང་དང་པོར་གསུང་སྣ་ཁྲིད་ལ། ཕྱི་ནས་དོན་འདི་དང་འདིའི་དགོངས་པ་ཇི་བཞིན་མ་ལོན་ཏེ། རང་གི་བློའི་


JL00_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

འགལ་བ་ལ་འདི་ལྟར་ཤར་བ་ལགས་ཞེས་ཁེ་ཉེན་དང་ལེགས་ཉེས་བརྗོད་པས་ཐུགས་དགོངས་སྟོན་པར་འགྱུར་ལ། བཙན་ཐབས་སུ་བླ་མའི་དེ་མ་ཡིན་ནོ་ཞེས་གདོང་བཟློག་པ་ལ་ཉེས་པ་ཆེན་པོ་ཐོབ་སྟེ་སྔ་མ་ལས། སློབ་མར་གྱུར་ནས་སེམས་ལྡན་པས། །དམ་པ་དེ་ལ་ཉེས་བྱེད་གང་། །སངས་རྒྱས་ཀུན་ལ་ཉེས་བྱས་པས། །དེ་དག་རྟག་ཏུ་སྤྱིའུ་ཚུགས་འགྲོ། །ཞེས་སྤྱིའུ་ཚུགས་སུ་འགྲོ་བ་ནི་དམྱལ་བ་པའོ། །མདོར་ན་དད་པའི་ངོས་ནས་ཞལ་མཐོང་བས་སྣང་བ་འགྱུར་བ་དང་། སྤྱི་བོར་ཕྱག་གི་རེག་པ་ལ་བ་སྤུ་ཟིང་བྱེད་པ་སྨོས་ཅི་དགོས། མཚན་ཐོས་པ་དང་། ཡིད་ལ་དྲན་པ་དང་། རྨི་ལམ་གྱིས་མཇལ་བ་ཙམ་ལ་བློ་འབོལ་ཤིག་གི་སོང་ནས་ཁམས་གསོ་ནུས་པ་ཙམ་དུ་གྱུར་པའི་སྐབས་དབང་དང་བྱིན་རླབས་མ་ལུས་པ་རྒྱུད་ལ་འཇུག་པའི་དུས་ཡིན་ཏེ། ཚེའི་དུས་བྱས་ཀྱང་བར་དོར་བླ་མ་དང་མཇལ་ནས་ལམ་སྣ་འཁྲིད་པར་གདོན་མི་ཟའོ། །དེ་སྐད་དུ་སྡོང་པོ་བཀོད་པ་ལས། དགེ་བའི་བཤེས་གཉེན་ཡིད་ལ་བྱེད་པ་དང་མ་བྲལ་བ་ལས་དོན་ཐམས་ཅད་གྲུབ་པར་འགྱུར་རོ། །ཞེས་དང་། སློབ་དཔོན་ཀླུས། རི་དབང་རྩེ་ནས་འགའ་ཞིག་ལྷུང་གྱུར་ན། །ལྷུང་བར་མི་འགྱུར་སྙམ་ཡང་ལྷུང་བར་འགྱུར། །བླ་མའི་དྲིན་གྱིས་ཕན་པའི་ལུང་ཐོབ་ན། །གྲོལ་བར་མི་འགྱུར་སྙམ་ཡང་གྲོལ་བར་འགྱུར། །ཞེས་པ་སྟེ། མདོར་ན་དད་པའི་ཉེ་བར་ལེན་པ་གང་ལ་ཡོད་པ་དེ་ལ་རྫོགས་པའི་བྱང་ཆུབ་ཀྱི་ས་བོན་ཡོད་པ་ནི་དབུ་མ་ལ་འཇུག་པ་ལས་ཀྱང་། སོ་སོ་སྐྱེ་བོའི་དུས་ནའང་སྟོང་པ་ཉིད་ཐོས་ནས། །ནང་དུ་རབ་ཏུ་དགའ་བ་ཡང་དང་ཡང་དུ་འབྱུང་། །རབ་ཏུ་དགའ་བ་ལས་བྱུང་མཆི་མས་མིག་བརླན་ཞིང་། །ལུས་ཀྱི་བ་སྤུ་ལྡང་བར་གྱུར་པ་གང་ཡིན་པ། །དེ་ལ་རྫོགས་པའི་སངས་རྒྱས་བློ་ཡི་ས་བོན་ཡོད། །དེ་ཉིད་ཉེ་བར་བསྟན་པའི་སྣོད་ནི་དེ་ཡིན་ཏེ། །དེ་ལ་དམ་པའི་དོན་གྱི་བདེན་པ་


JL00_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པར་བྱ། །ཅེས་སོ། །དེའི་དོན་ད་དུང་གོ་སླ་བར་བརྗོད་ན་མཆོག་གཟིགས་ཀྱི་རྣལ་འབྱོར་སྡོམ་པའི་ཀ་མ་ཤྲཱི་ལ་ལ་དམ་པ་བྱིན་རླབས་གཅིག་ཞུ་བྱས་པས། བུ་ལྷོད་པོ་མོས་གུས་ཅིག་ཞུ་དང་གསུངས། དེ་བཞིན་དུ་ཇོ་བོས། ཐེག་ཆེན་གྱི་ཡོན་ཏན་ཆེ་སྐྱེས་ཆུང་སྐྱེས་ཐམས་ཅད་བླ་མ་ལ་བསྟེན་ནས་སྐྱེ་བ་ལ་ཁྱེད་བོད་བླ་མ་ལ་ཐ་མལ་བའི་འདུ་ཤེས་ལས་མེད་པས་ག་ན་སྐྱེ། ཞེས་གསུངས། རེས་གཅིག་མཚན་ནས་སྐད་ཆེན་པོས་བོས་ཏེ་གདམས་ངག་ཐུགས་ལ་གདགས་པར་ཞུ་བྱས་པས། ཧེ་ཧེ་ཁོ་བོ་ལ་རྣ་བ་ལྟ་བཟང་བ་བཟང་པོ་བདོག་སྟེ་མན་ངག་བྱ་བ་དད་པ་ཡིན། དད་པ་དད་པ་ཞེས་གསུངས་སྐད་མདོར་བསྡུ་ན་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། མདོར་ན་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཐོབ་ཅིང་ཡོངས་སུ་རྫོགས་པ་དང་། དེ་བཞིན་དུ་ཕ་རོལ་དུ་ཕྱིན་པ་དང་ས་དང་། བཟོད་པ་དང་། ཏིང་ངེ་འཛིན་དང་། མངོན་པར་ཤེས་པ་དང་། གཟུངས་དང་། སྤོབས་པ་དང་། བསྔོ་བ་དང་། སྨོན་ལམ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་འཐོབ་ཅིང་ཡོངས་སུ་རྫོགས་པ་ནི་བླ་མ་ལ་རག་ལས་པས། བླ་མ་རྩ་བར་གྱུར། བླ་མ་ལས་བྱུང་། བླ་མ་སྐྱེ་གནས་དང་སྐྱེ་མཆེད་དུ་གྱུར། བླ་མས་བསྐྱེད། བླ་མས་སྤེལ། བླ་མ་ལ་བསྟེན། བླ་མ་རྒྱུར་གྱུར་པ་དག་གོ་ཞེས་གསུངས་པའི་ཕྱིར་རོ། །འཇུག་པའི་སྤྱོད་ལ་ངེས་པར་ཞུགས་པ་ཡི། །དམ་པ་མཆོག་གི་བསོད་ནམས་ཡེ་ཤེས་ཚོགས། །གང་གི་ཁྲོད་དུའང་དོན་མཐུན་སྤྱོད་པ་དང་། །མངག་གཞུག་བད་ཕྱིན་ཕྱག་དར་ཚུན་ཆོད་ཀྱང་། །ངལ་བ་འབྲས་བཅས་ཚོགས་ཀྱི་ལམ་མཆོག་ཡིན། །འདི་ལྟར་དག་པའི་ཚོགས་མཐའ་དག་ལ་སྦྱོར་དངོས་རྗེས་གསུམ་ཚང་བ་དེ་ཐར་པའི་རྒྱུར་འགྱུར་བ་ལས་གཞན་དུ་མ་ཡིན་


JL00_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

ན། རང་གིས་བགྱིས་པ་ནི་ཐབས་དང་ཤེས་རབ་མཐའ་དག་གི་ཟིན་པ་རེ་ཞིག་དཀའ་བ། དེའི་ཕྱིར་དམ་པའི་བླ་མ་ཕ་རོལ་དུ་ཕྱིན་པ་དྲུག་གི་སྤྱོད་པ་ལ་ཞུགས་པ་ཞིག་གིས་དགེ་ལ་སྦྱོར་བའི་ལས་དང་། ཚོགས་གསོག་མཛད་པའི་ཁྲོད་དུ་རང་གི་བདོག་པའི་དངོས་པོ་དང་། ལུས་ངག་གི་ལས་དང་། ཐོས་བསམ་བསྒོམ་པའི་བྱ་བ་མཐའ་དག་དེ་དང་ཕྲུགས་གཅིག་ཏུ་སྤུངས་ཤིང་། ཐན་བང་ཕྱིན་དང་། མངག་གཞུག་པའི་ལས་དང་། ཕྱག་དར་ཚུན་ཆོད་ལ་འབུངས་པས་བླ་མ་དམ་པའི་ཚོགས་རྣམ་པ་གཉིས་ཅི་ཅེམ་རྫོགས་པ་དེ་སྲིད་དུ་རང་གི་ཚོགས་ཀྱང་འདུམ་པའི་ཚུལ་སྔགས་ལམ་མྱུར་བའི་དབང་དུ་བྱས་ནས་བླ་མ་བསྟེན་ཞིང་། བསྙེན་བཀུར་དང་། བསག་སྦྱངས་ལ་བརྩོན་པ་ཚོགས་ལམ་གྱི་དོད་ཐུབ་པར་བསྟན་ནས། དམ་པའི་བྱིན་རླབས་ལས་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་སྦྱོར་བ་དང་། ཆོས་ཉིད་དངོས་སུ་མཐོང་བ་དང་། མཐོང་ཟིན་བསྒོམ་པར་བྱ་བ་དང་། བསླབ་བྱ་མཐར་ཐུག་པས་མི་སློབ་པའི་ལམ་དུ་འགྲོ་བའང་རྒྱུད་ལས། བླ་མ་བསྙེན་བཀུར་ཡོངས་རྫོགས་ནས། །དམ་པའི་དྲུང་ན་གནས་པ་ནི། །ཚོགས་ཀྱི་ལམ་ཞེས་དེ་ལ་བྱ། །བླ་མ་དམ་པས་དོན་བཤད་ཅིང་། །གདམས་ངག་གཉིས་ཀྱང་དེ་ལ་སྦྱོར། །སྦྱོར་བའི་ལམ་དུ་ང་ཡིས་བསྟན། །ཚེ་འདིར་ངེས་པའི་བདེན་པ་མཐོང་། །མཐོང་བའི་ལམ་དུ་ང་ཡིས་བཤད། །བསྒོམ་དུ་མེད་པའི་སྒོམ་པ་དང་། །བསྒོམ་དུ་ཡོད་པའི་མེད་པ་གཉིས། །འདུ་འབྲལ་མེད་པར་གནས་པ་ནི། །བསྒོམ་པའི་ལམ་དུ་ང་ཡིས་བསྟན། །མི་གནས་ཚུལ་གྱིས་མཐར་ཕྱིན་པས། །མཐར་ཕྱིན་ལམ་དུ་ང་ཡིས་བཤད། །ཅེས་བསྟན་པ་བཞིན་ནོ། །རྒྱུ་མཚན་གང་གིས་ན། ཅི་ཕྱིར་སྐྱབས་སུ་འགྲོ་དང་ཚོགས་ཀྱི་ཞིང་། བླ་མ་བསྒྲུབ་པའི་རྣལ་འབྱོར་ཕྱི་ནང་གཉིས། །བསྐྱེད་རྫོགས་བསྒྲུབ་བྱའི་ངོ་


JL00_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

བོ་འདིར་འདུས་པས། །མདོ་རྒྱུད་ཀུན་ནས་སངས་རྒྱས་ཉིད་དུ་བསྟན། །གང་དུ་བསྟན་ན་ཐེག་པ་ཆེན་པོའི་མདོ་སྡེ་ཐམས་ཅད་ནས་སྟོན་པའི་འདུ་ཤེས་བསྐྱེད་དགོས་པར་ཡང་ནས་ཡང་དུ་བསྟན་ཅིང་། དེ་སྐད་དུ་ལག་ན་རྡོ་རྗེ་མངོན་པར་དབང་བསྐུར་བའི་རྒྱུད་ལས། གསང་བའི་བདག་པོ་སློབ་དཔོན་ལ་སློབ་མས་ཇི་ལྟར་བལྟ་བར་བྱ་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་ལ་ཇི་ལྟར་བལྟ་བ་དེ་བཞིན་དུའོ། །ཞེས་དང་། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལས། བླ་མ་བསྒོམས་ན་ཆོས་སྐུ་བསྒོམ། །ལྷ་སྐུ་འབུམ་ཕྲག་སྟེང་བསྒོམས་པས། །བསོད་ནམས་དེ་ཡི་ཆར་མི་ཕོད། །དེ་ཕྱིར་དཀར་པོའི་ཆོས་སྤྱོད་རྣམས། །མཉན་བཤད་བསྒོམ་དང་འཛིན་པ་དང་། །མཆོད་གཏོར་ལ་སོགས་གང་བྱེད་ཀྱང་། །སྔོན་དུ་འགྲོ་བའི་ལས་ཡིན་པས། །བླ་མ་དུས་གསུམ་སངས་རྒྱས་དཔལ། །ཞེས་གསུངས་པ་ཡིན་ལ། མཚན་ཉིད་ངེས་གཞལ་བས་ལམ་གྱི་ཐོག་མ་སྐྱབས་སུ་འགྲོ་བའི་ཚེ་ཚོགས་ཀྱི་ཞིང་དུ་གསལ་བ་ནི་ཕྱི་ལྟར་དུ་བསྒྲུབ་པ་དང་། རྒྱུད་དག་པར་བྱེད་པའི་སླད་དུ་ནི་སྤྱི་བོར་སངས་རྒྱས་ཐམས་ཅད་པའི་བདག་ཉིད་དུ་བསྒོམ་པ་ནི་ནང་ལྟར་བསྒྲུབ་པ་དང་། བྱིན་རླབས་གཅིག་ཆར་དུ་འཇུག་པས་སྙིང་གར་བསྒོམ་པ་ནི་གསང་བ་ལྟར་བསྒྲུབ་པ་དང་། རང་ལུས་སུ་བསྒྲུབ་པའམ། དེ་བཞིན་དུ་བསྐྱེད་རིམ་བསྒོམ་པའི་ཚེའང་བླ་མ་ཡི་དམ་གྱི་རྣམ་པར་བཞངས་པ་ཡང་གསང་ལྟར་བསྒྲུབ་པ་རྣམས་ལ་གོ་བ་འོལ་སྤྱི་ཙམ་མ་ཡིན་པ་ཆགས་ན་དངོས་གྲུབ་མྱུར་བ་ཡིན་ཏེ། ཅིའི་ཕྱིར་ན། ཐོག་མར་དབང་གི་བྱ་བ་མཛད་པའི་ཚེ་དཀྱིལ་འཁོར་གྱི་བདག་ཉིད་རྡོ་རྗེ་སློབ་དཔོན་ཡིན་ལ། གདན་གསུམ་ཚང་བའི་དཀྱིལ་འཁོར་ཡང་དེའི་ཏིང་ངེ་འཛིན་གྱི་སྤྲུལ་པ་ཡིན་པའི་ཕྱིར་རོ། ཁྱད་པར་རྫོགས་པའི་རིམ་པ་མཐར་ཐུག་ནི་ཆོས་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་རྣལ་དུ་འབྱོར་བ་སྟེ།


JL00_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་རྟོགས་པ་དང་ལྡན་པའི་བླ་མའི་ཐུགས་ཀྱི་ངོ་བོ་ཉིད་ཡིན་པས་བླ་མ་དང་ཐུགས་ཡིད་འདྲེས་པ་ལས་རྟོགས་པའི་ཡོན་ཏན་རྒྱུད་ལ་སྐྱེ་བས་ན་མཉམ་པར་བཞག་པའི་སྔོན་འགྲོ་དང་། བླ་མའི་རྣལ་འབྱོར་གྱི་རྗེས་ཐོགས་སུའང་བླ་མ་དང་ཐུགས་ཡིད་བསྲེ་བ་ལ་བསླབ་པ་འདི་བྱུང་བ་ཡིན་ནོ། །དེ་སྐད་དུ་སྐྱེས་རབས་ལས་ཀྱང་། དམ་པ་རྣམས་ནི་སུས་ཀྱང་མི་བསྲིངས་ཏེ། །དུལ་བའི་ཚུལ་གྱིས་དགེ་བ་བསྟེན་པར་བྱ། །དེ་དང་ཉེ་ན་དེ་ཡི་ཡོན་ཏན་རྡུལ། །ཆེད་དུ་མ་བསྒོས་པར་ཡང་གོས་པར་འགྱུར། །ཞེས་སོ། །འདི་ལྟར་མ་རྟོགས་པའི། རྨོངས་པ་ཕལ་ཆེར་གཟུགས་བརྙན་འདྲི་ཞིང་བསྒོམ། །དངོས་སུ་བཞུགས་ལ་རིམ་གྲོ་བགྱི་བ་མེད། །གནས་ལུགས་བསྒོམ་ཟེར་བླ་མའི་ཐུགས་མི་ཤེས། །བསྒྲུབ་དང་བསྒྲུབ་བྱ་འགལ་བ་ཉོན་རེ་མོངས། །མོས་གུས་མེད་བཞིན་བར་དོར་མཇལ་བ་མཚར། །བོད་འདིར་བླ་མ་ལ་སངས་རྒྱས་སུ་མཐོང་བ་ལྟ་ཅི་སྨོས། དགེ་བཤེས་བཟང་པོ་ཙམ་དུའང་བལྟ་བ་མ་ཡིན་ཞིང་། ཁ་ཅིག་དེ་ལྟར་བལྟ་བའི་རྒྱུ་མཚན་གང་ཡང་མེད་བཞིན་དུ་འཇིག་རྟེན་གྱི་གྲགས་ཆོད་དང་། རྨོངས་པའི་སྟེས་དབང་ལས་གཟུགས་བརྙན་འདྲི་བ་དང་། འདྲ་འབག་འཆོས་པ་དང་། བསྒོམ་པའི་ཚུལ་ལུས་ངག་ཏུ་གདོན་པ་དང་། ར་གན་དང་། གསེར་དང་། དངུལ་ལ་སོགས་པའི་ཕྱི་རྟེན་བྱེད་པ་ཕལ་མོ་ཆེ་ཀུན་སློང་ངན་པས་གྲགས་པ་བསྲུང་བ་དོན་དུ་གཉེར་བ་ཁོ་ན་མང་སྟེ། ཅིའི་ཕྱིར་ན་དངོས་སུ་བཞུགས་པའི་བསྟི་སྟང་དང་ཕྱོགས་ཤིན་ཏུ་འཛོལ་བའི་ཕྱིར་རོ། །དཀོན་མཆོག་བརྩེགས་པ་ལས། ཆོས་རྣམས་ཐམས་ཅད་རྐྱེན་ཡིན་ཏེ། །འདུན་པའི་རྩེ་ལ་རབ་ཏུ་གནས། །ཞེས་གསུངས་པས་མོས་གུས་དང་དག་སྣང་མེད་པར་ཟང་ཟིང་དང་དངོས་པོའི་འདུ་ཤེས་བསྐྱེད་ནས་འདྲ་འབག་ལ་སོགས་བྱེད་པ་བས། སེམས་ཅན་ཐམས་ཅད་ལ་རང་བཞིན་གྱིས་མཐོང་


JL00_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ན་མི་མཐུན་པ་མེད་པའི་སངས་རྒྱས་བྱང་སེམས་ཀྱི་སྣང་བརྙན་བྱེད་པ་ཉིད་ཁེབས་ཆེ་བའོ། །དེ་བཞིན་དུ་དབང་དང་། མན་ངག་དང་། བདེན་པའི་ངོ་སྤྲོད་ནི་བླ་མ་ལས་བླང་གིས། གཞན་དུ་ན་བྱིན་རླབས་དང་དངོས་གྲུབ་ནི་ཕྱོགས་ག་གེ་མོ་ཞིག་ནས་འབྱུང་ངོ་སྙམ་པ་ནི་ནོར་བ་ཆེན་པོ་ཡིན་ཏེ། བར་དོར་བླ་མ་དང་ཡི་དམ་མཐོང་བའམ་མོས་གུས་དང་གསལ་སྣང་གི་རང་གཟུགས་ཡིན་ཏེ་བླ་མས་བར་དོར་བྱོན་པ་ནི་མེད་པའི་ཕྱིར་རོ། །རྒྱུ་མཚན་དེ་དག་གི་ཕྱིར། དང་པོར་བླ་མ་བརྟག་ལ་མཁས་པ་དང་། །བར་དུ་བླ་མ་བསྟེན་ལ་མཁས་པ་དང་། །ཐ་མར་དགོངས་སྤྱོད་བསླབ་ལ་མཁས་པ་ཡི། །སྐྱེས་བུ་དེ་ནི་ཡང་དག་ལམ་ལ་འགྲོ། །ཞེས་སྨོས་ནས། དེང་སང་དུས་ཤིན་ཏུའང་རྙིངས་པས། ཚེ་དང་། འབྱོར་བ་དང་། ཆོས་དང་། འདྲེན་པ་ཀུན་ནས་རྙིངས་པའི་གནས་སྐབས་ན་ཐོག་མར་བླ་མའང་ཤིན་ཏུ་བརྟག་པ་གལ་ཆེ་བ་ཡིན་ལ། དེའང་དུས་ཀྱི་དབང་ལས་ཡོན་ཏན་ཐམས་ཅད་ཚང་བར་མ་རྙེད་ན། དཔུང་བཟང་གི་ཞུས་པར། དེ་ལྟའི་ཡོན་ཏན་མ་ལུས་ལྡན་པ་དག །རྩོད་པའི་དུས་ན་ཤིན་ཏུ་དཀོན་པས་ན། །ཡོན་ཏན་ཕྱེད་དམ་བཞི་ཆ་བརྒྱད་ཆ་ཅན། །ཞེས་གྲོགས་ཀྱི་མཚན་ཉིད་ལ་བཤད་པ་འདིར་བླ་མ་ལ་བསྒྲེ་བར་རུང་བས་མདོ་རྒྱུད་ནས་གསུངས་པའི་མཚན་ཉིད་ལས་ཕྱེད་དམ། བཞི་ཆའམ། ཐ་ནའང་བརྒྱད་ཆ་དང་ལྡན་པ་ནི་མེད་ཐབས་མ་མཆིས་ལ། དེ་ལྟ་བུ་ལས་མ་རྙེད་པས་སློབ་མ་བློ་གྲོས་ཆེན་པོ་སྡོམ་པ་གསུམ་དང་འགལ་བའི་བྱ་བའམ། ལམ་མ་ཡིན་པའི་གནས་ལ་འཁྲིད་ཅིང་སྦྱོར་བར་བྱེད་ན་ནི་རེ་ཞིག་ཐབས་ལ་མཁས་པས་ལམ་དེ་ལས་ནི་བཟློག་པར་རུང་སྟེ། དཀོན་མཆོག་སྤྲིན་ལས། དགེ་བའི་ཆོས་ལ་དེ་དང་མཐུན་པར་སྤྱད་ལ། མི་དགེ་བ་ལ་མི་མཐུན་པར་སྤྱོད་དོ། །ཞེས་དང་། འདུལ་བའི་མདོ་ལས། ཆོས་མ་ཡིན་པ་སྨྲ་ན་བཟློག་པར་བྱའོ། །ཞེས་དང་། བྲམ་ཟེར་སྐྱེས་པའི་རབས་ལས།


JL00_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་མཁན་པོས་སློབ་མ་རྣམས་ཀྱི་ངང་ཚུལ་བརྟག་པའི་ཕྱིར། བྲམ་ཟེ་རྒུད་ཚེ་བརྐུ་བ་ཆོས་སུ་བཤད། །འཇིག་རྟེན་ནའང་ནོར་མེད་རྒུད་པའི་མཆོག །དེ་བས་གཞན་ནོར་མ་མཐོང་བླང་བར་བགྱིས། །ཞེས་དངོས་སུ་བརྐུས་ན་ནི་གྲགས་པ་ཉམས་པར་འགྱུར་གྱིས། ལྐོག་ཏུ་བརྐུ་བ་ནི་བྲམ་ཟེའི་ཆོས་ལུགས་ཏེ་ཉེས་པ་མེད་དོ་ཞེས་སྨྲས་པས། བྲམ་ཟེའི་སློབ་མ་ཕལ་པ་རྣམས་ནི་མི་རིགས་པར་ཤེས་ཀྱང་སློབ་དཔོན་གྱི་ངག་བཟློག་པར་མི་བྱེད་ལ། བྱང་ཆུབ་སེམས་དཔའ་ནི་དེ་ལ་རྗེས་སུ་ཡི་རངས་པ་མེད་པས། འདི་སྐད་དུ། ཁྱོད་ནི་དེ་ལྟར་གྱི་ཕྱིར་ཞུགས་པར། །བདག་ནི་ཡིད་ལ་ངེས་པར་མི་འཛིན་ཏེ། །སྐྱོན་དང་ཡོན་ཏན་བྱེ་བྲག་ཤེས་གྱུར་པ། །སུ་ཞིག་ནོར་ཕྱིར་ཡོན་ཏན་ཆུད་གསོན་བྱེད། །ལྷ་དབང་ཕྱིར་ཡང་ངོ་ཚ་བོར་ནས་ནི། །ཡིད་ལ་ཆོས་དང་འགལ་བར་བྱེད་པ་བས། །གྱོ་མོའི་སྣོད་ཐོགས་གོས་ངན་གྱོན་ནས་ནི། །དགྲ་ཡི་ཁྱིམ་དུ་འབྱོར་བ་མཐོང་ཡང་སླ། །ཞེས་སྨྲས་པས་མཁན་པོས་རྗེས་སུ་ཡི་རང་བ་བྱིན་པ་བཞིན་ནོ། །དེ་སྐད་དུ། བརྒྱ་བྱིན་དུ་སྐྱེས་པའི་རབས་ལས་ཀྱང་། དེ་ལྟ་བས་ན། ཆོས་སྤྱོད་པ་རྣམས་ནི་ཆོས་ཉིད་བསྲུང་བར་བྱེད་དོ། །ཞེས་པ་ལ་སོགས་རྒྱ་ཆེར་གླེང་དུ་ཡོད་དོ། །འོན་ཀྱང་དེ་དག་རྒྱུ་མཚན་དུ་བྱས་ནས་ཕལ་པ་བླ་མར་བཟུང་བ་དག་ལའང་བརྙས་ཤིང་བསྐུར་བ་ནི་ནམ་ཡང་རིགས་པ་མ་ཡིན་ཏེ། ཆོས་དང་དམ་ཚིག་གི་འབྲེལ་ཕན་ཆད་བཟང་ངན་གང་ཡིན་ཡང་བདག་ཉིད་ལ་ཉམས་པ་ཆེན་པོ་འཐོབ་པས་བསྟེན་པ་ལ་མཁས་དགོས་ཏེ། དགོངས་འདུས་ལས། དམ་པར་བཟུང་བར་གྱུར་ཕན་ཆད། །དམ་པར་ངེས་དང་མ་ངེས་ཀྱང་། །བཀའ་བཅག་ལུགས་པོར་ག་ལ་སྲིད། །གལ་ཏེ་དེ་ཡི་རྒྱ་ཉམས་ན། །རྡོ་རྗེའི་དམྱལ་བར་རབ་ཏུ་འཚེད། །ཅེས་དང་། མཛོད་ལས། འཕགས་པ་མིན་ཡང་ཕ་མ་དང་། །ནད་པ་དང་ནི་ཆོས་སྨྲ་དང་། །སྐྱེ་མཐའི་བྱང་ཆུབ་སེམས་དཔའ་ལ། །ཡོན་ནི་གཞལ་དུ་མེད་པར་གསུངས། །ཞེས་


JL00_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟར་སྐྱེས་རབས་ལས། རྒྱལ་པོ་ཚངས་བྱིན་ལ་གནོད་སྦྱིན་མི་གདུག་པའི་གཟུགས་ཅན་གྱིས་སྡིག་པ་ལས་ལྡོག་པའི་ཚིགས་སུ་བཅད་པ་གཅིག་བཤད་པའི་ཡོན་དུ་བདག་གི་ལུས་གངྒཱའི་ཀླུང་གི་བྱེ་མ་སྙེད་གཏོང་བར་དམ་བཅས་ཤིང་། བུ་དང་ཆུང་མ་ཡང་ཐེ་ཚོམ་མེད་པར་བཏང་བ་བཞིན་ནོ། །དེའི་ཕྱིར་སྐྱོན་གྱི་ངོས་ནས་མ་བརྟགས་པར་ཆོས་ཀྱི་དྲིན་བསམ་ཞིང་ཚུལ་ཁྲིམས་སམ། མང་དུ་ཐོས་པའམ། སྙིང་རྗེ་ཆེ་བའམ། དད་པ་དང་། གཏོང་ཕོད་སོགས་ཆ་རེ་ལས་མི་ལྡན་ཀྱང་དེའི་ཡོན་ཏན་གྱི་ཕྱོགས་ནས་རྟོག་པ་འབའ་ཞིག་ལ་བློ་སྦྱང་དགོས་ཏེ་ལག་ན་རྡོ་རྗེ་མངོན་པར་དབང་བསྐུར་བའི་རྒྱུད་ལས། སློབ་དཔོན་གྱི་ནི་ཡོན་ཏན་བཟུང་། །སྐྱོན་ནི་ནམ་ཡང་བཟུང་མི་བྱ། །ཡོན་ཏན་བཟུང་ན་དངོས་གྲུབ་ཐོབ། །སྐྱོན་རྣམས་བཟུང་ན་དངོས་མི་འགྲུབ། །ཅེས་པ་སྟེ། འདི་ལྟར་བླ་མ་ཡོན་ཏན་དང་ལྡན་པ་ཡིན་ཡང་དེའི་སྐྱོན་གྱི་རྣམ་པ་ཅུང་ཟད་ཀྱི་ངོས་ནས་བརྟགས་ན་རང་ལ་དངོས་གྲུབ་ཀྱི་གེགས་ཆེན་པོར་འགྱུར་ཏེ། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་འཇམ་དཔལ་བཤེས་གཉེན་ལ་གདམས་ངག་ཞུས་ཏེ། སླར་རང་གི་ཡུལ་དུ་འཁོར་མང་པོ་ལ་ཆོས་སྟོན་པ་ན། སློབ་དཔོན་རྣལ་འབྱོར་པའི་ཆ་བྱད་ཀྱིས་བྱོན་པ་ལ་ཕྱག་བྱེད་པ་ངོ་ཚ་ནས་མ་མཐོང་བ་ལྟར་བྱས་སོ། །སླར་འཁོར་རྣམས་གྱེས་པ་དང་ཕྱག་བྱེད་དུ་ཕྱིན་པས། ད་ཅི་ཕྱག་མི་བྱེད་པ་ཅི་ཡིན་གསུངས་མ་མཐོང་ལགས་ཞེས་བརྫུས་སྨྲས་པས་མིག་གཉིས་ཀ་ས་ལ་བྲུལ་ལོ། །སླར་བཟོད་པར་གསོལ་བས་ཡེ་ཤེས་ཀྱི་སྤྱན་ཐོབ་བོ། །དེ་བཞིན་བླ་མའི་སྐྱོན་རྟོག་སྣ་རེ་ལ་མ་དག་པའམ། ཐེ་ཚོམ་ཟོས་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་གཉིས་ཀ་ལ་སྒྲིབ་པའི་གཏན་ཚིགས་ནི་ཤིན་ཏུ་མང་ངོ་། །གལ་ཏེ་སྐྱོན་ཤས་ཆེ་བ་དག་ལའང་སྐྱོན་གྱི་ངོས་ནས་རྟོག་པའི་རྒྱུན་བཅད་ལ་ཡོན་ཏན་གྱི་ཕྱོགས་ཉག་གཅིག་ལ་བརྟག་ཅིང་། གལ་ཏེ་དེ་ལ་བློ་འཕྲོག་པར་མི་བྱེད་ན་


JL00_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཟག་དམ་པ་འདིས་ཀྱང་སྔོན་སྐྱེ་བ་གོང་མ་ནས་གོང་མར་དམ་པའི་སྤྱོད་པ་སྤྱད་ཅིང་ཡོན་ཏན་དང་ལྡན་པས་ད་ལྟར་བདག་ཅག་ལ་སོགས་པའི་དགེ་བའི་བཤེས་གཉེན་དུ་འབྲེལ་བ་སྟེ། བདག་ཅག་གི་སྟོན་པས་ཀྱང་སྐུ་ཚེ་སྔ་མར་ལྷས་བྱིན་ལ་བསྟེན་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་པར་མཛད་པ་བཞིན་ནོ་སྙམ་དུ་བརྟག་སྟེ། དམ་པའི་ཆོས་པདྨ་དཀར་པོ་ལས། བཅོམ་ལྡན་འདས་རྒྱལ་པོར་གྱུར་ནས་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་པ་ལས་སེམས་ལྡོག་པར་མ་གྱུར་ཏེ། ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་པའི་སླད་དུ་རྒྱལ་སྲིད་ལོངས་སྤྱོད་མགོ་དང་ཡན་ལག་ཀྱང་བཏང་། ཆོས་འཚོལ་བ་ལ་ཞུགས་པ་ན། དྲིལ་བུ་བརྡུངས་ཏེ། ང་ལ་སུས་ཆོས་སྟོན་པ་དེའི་བྲན་བྱེད་པར་ཁས་བླངས་པས། ལྷས་བྱིན་དྲང་སྲོང་དུ་གྱུར་པས་དམ་པའི་ཆོས་པདྨ་དཀར་པོ་བསྟན་ཏེ། དེ་ལ་དགའ་མགུ་ཡི་རང་བ་སྐྱེས་ནས་དྲང་སྲོང་གི་བྲན་རྩ་དང་། ཤིང་ཆུ་རྩ་བ་རྡོག་གུ་འབྲས་བུ་ལ་སོགས་ལེན་པ་ནས། སྒོ་བསྲུང་བའི་བར་ཡན་ཆད་བྱས་སོ། །མཚན་མོ་མལ་ཁྲིའི་རྐང་པའང་བཟུང་ངོ་། །དེ་ལྟར་བྱས་ཀྱང་ལུས་དང་སེམས་ངལ་བ་མེད་པར་ལོ་སྟེང་ཚང་བར་འདས་སོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་ལྷས་བྱིན་ཡང་ངའི་དགེ་བའི་བཤེས་གཉེན་ཡིན་ནོ། །ལྷས་བྱིན་ལ་བསྟེན་ནས་ངས་ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་པར་བྱས་སོ། །ཞེས་པ་ནས་བྱང་ཆུབ་ཕྱོགས་ཀྱི་ཆོས་མཐའ་དག་ལྷས་བྱིན་ལ་བསྟེན་ནས་རྫོགས་པའི་ཚུལ་རྒྱས་པར་གསུངས་ནས། དགེ་སློང་དག་ཁྱོད་མོས་པར་བྱའོ། ཁོང་དུ་ཆུད་པར་བྱའོ། །ཞེས་དང་། འཇིག་རྟེན་གྱི་ཁམས་ལྷའི་ཐེམ་སྐས་བྱ་བར་དེ་བཞིན་གཤེགས་པ་ལྷའི་རྒྱལ་པོ་ཞེས་བྱ་བར་སངས་རྒྱ་བར་ལུང་བསྟན་པ་བཞིན་ནོ། །དེ་བས་ན་ཐོག་མ་ནས་བརྟགས་པའི་དབང་རང་ལ་ཡོད་ལ། ཚིགས་སུ་བཅད་པ་གཅིག་ཡན་ཆད་ཀྱི་འབྲེལ་བ་ནས་དེའི་སྐྱོན་རྟོག་པའི་གནས་མེད་དེ། དཀོན་མཆོག་སྤྲིན་ལས། བླ་མ་བསྟེན་ན་དགེ་བ་འཕེལ་ཞིང་མི་དགེ་བ་འགྲིབ་པར་རྟོགས་པས་མཁན་པོ་ཐོས་


JL00_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆེ་བའམ། ཆུང་བའམ། ཤེས་པའམ། མི་ཤེས་པའམ། ཚུལ་ཁྲིམས་དང་ལྡན་པའམ། ཚུལ་ཁྲིམས་འཆལ་བ་ལའང་སྟོན་པའི་འདུ་ཤེས་བསྐྱེད་དོ། །ཇི་ལྟར་སྟོན་པ་ལ་དགའ་བ་དང་། དད་པ་ལྟར་མཁན་པོ་ལ་ཡང་དད་པ་དང་དགའ་བར་བྱེད་དོ། །སློབ་དཔོན་རྣམས་ལ་ཞེས་དང་རིམ་གྲོ་བསྐྱེད་དེ། དེ་ལ་བརྟེན་ནས་བྱང་ཆུབ་ཀྱི་ཚོགས་མ་རྫོགས་པ་ནི་རྫོགས་པར་འགྱུར། ཉོན་མོངས་པ་མ་སྤངས་པ་ནི་སྤང་བར་འགྱུར་སྙམ་སྟེ་དགའ་བ་དང་རངས་པ་འཐོབ་ཅིང་། དགེ་བའི་ཆོས་ལ་དེ་དང་མཐུན་པར་སྤྱོད་ལ། མི་དགེ་བ་ལ་མི་མཐུན་པར་སྤྱོད་དོ། །ཞེས་པའི་དོན་ཕྱི་མ་ནི་སྔར་བཤད་ཟིན་ལ། གཞན་ཡང་དྲག་ཤུལ་ཅན་གྱིས་ཞུས་པའི་མདོར། ཁྱིམ་བདག་གལ་ཏེ་བྱང་ཆུབ་སེམས་དཔའ་ལུང་ནོད་པ་དང་། ཁ་ཏོན་དུ་བྱ་བ་དོན་དུ་གཉེར་བས་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་ལྡན་པའམ། བྱང་ཆུབ་སེམས་དཔའི་ལམ་གྱི་ཚོགས་གསོག་པ་དང་ལྡན་པའི་ཚིག་བཞི་པའི་ཚིགས་སུ་བཅད་པ་སུ་ལས་མཉན་ཏམ། ལུང་མནོས་སམ། བླངས་པའི་སློབ་དཔོན་དེ་ལ་ཆོས་ཀྱི་གུས་པར་བྱའོ། །མིང་དང་ཚིག་དང་ཡི་གེ་ཇི་སྙེད་ཀྱི་ཚིགས་སུ་བཅད་པ་དེ་བསྟན་པ་དེ་སྙེད་ཀྱི་བསྐལ་པར་གལ་ཏེ་སློབ་དཔོན་དེ་གཡོ་མེད་པར་རྙེད་པ་དང་། བཀུར་སྟི་དང་། མཆོད་པ་ཐམས་ཅད་ཀྱིས་རིམ་གྲོ་དང་བསྙེན་བཀུར་བྱས་ཀྱང་། ཁྱིམ་བདག་ད་དུང་དུ་སློབ་དཔོན་ལ་སློབ་དཔོན་དུ་གུས་པར་བྱ་བ་ཡོངས་སུ་རྫོགས་པ་མ་ཡིན་ན་ཆོས་མ་ཡིན་པའི་གུས་པས་ལྟ་ཅི་སྨོས། ཞེས་སོ། །མདོར་ན་སློབ་མའི་སྐྱོན་སྣ་གཅིག་འགྲིབ་པ་དང་། ཡོན་ཏན་སྣ་གཅིག་སྐྱེ་བ་ཡན་ཆད་བླ་མ་བསྟེན་པ་ལ་རག་ལས་པས། དང་པོར་བླ་མ་འཚོལ་ཞིང་བརྟག་པ་ལ་མཁས་པ་དང་། བར་དུ་རྙེད་པ་ཙམ་གྱིས་མི་ཆོག་པར་བསྟེན་པའི་ཚུལ་ལུགས་ལ་མཁས་པ་དང་། ཐ་མར་རང་བཞིན་དུ་ཅི་མི་སྙམ་པར་འགྲོགས་པས་


JL00_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཆོག་པར་སྐྱེས་བུ་དམ་པའི་མཛད་སྤྱོད་དང་། རྣམ་པར་ཐར་པའི་རྗེས་སུ་སློབ་པ་ནི། ཟ་མ་ཏོག་བཀོད་པ་ལས། བཅོམ་ལྡན་འདས་ཀྱིས་ཚོགས་གྲངས་མེད་གསུམ་གྱི་སྐབས་ན་དགེ་བའི་བཤེས་གཉེན་བཅལ་པའི་ཆེད་དུ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཉུལ་བས་རྐང་པ་དཔྱི་ལ་ཐུག་པར་ཟད་པར་གསུངས་པ་དང་། མཛངས་བླུན་ལས། ཆོས་ཀྱི་ཕྱིར་དུ་རྒྱལ་པོས་རང་གི་ལུས་ལ་མར་མེའི་སྡོང་བུ་སྟོང་བཙུགས་པ་དང་། སྡོང་པོ་བཀོད་པ་ལས་ནོར་བཟང་གི་རྣམ་པར་ཐར་པ་དང་། འཕགས་པ་བརྒྱད་སྟོང་པ་ལས་རྟག་ཏུ་ངུའི་རྣམ་པར་ཐར་པ་དང་། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་དགེ་བའི་བཤེས་གཉེན་དང་། བསྟན་པའི་སླད་དུ་འབངས་ལ་སྟངས་བསྐུར་བ་ལྟར་དཀའ་བ་མཐའ་དག་བཟོད་པར་བྱ་སྟེ། ཆོས་བཞི་པའི་མདོ་ལས། དགེ་སློང་དག་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་སྲོག་གི་ཕྱིར་ཡང་ཡོངས་སུ་མི་བཏང་ངོ་། །ཞེས་གསུངས་སོ། །དེ་ལྟར་དགེ་བའི་བཤེས་གཉེན་སྲོག་ལ་གཅེས་པར་བཟུང་ནས་དགོངས་སྤྱོད་ལ་བསླབ་པ་ནི། འདི་ལྟར་བླ་མ་ནི་ཟབ་མོའི་མདོ་སྡེ་དང་། རྒྱུད་སྡེ་ཐམས་ཅད་ནས་སངས་རྒྱས་ཀྱི་སྤྲུལ་པར་གསུངས་ན། དེའི་སྐུ་གསུང་ཐུགས་ཀྱི་རྣམ་པར་ཐར་པ་ལ་བསླབས་པས་སངས་རྒྱས་ཀྱི་རྣམ་པར་ཐར་པ་ལ་བསླབས་པར་འགྱུར་བའི་ཕྱིར། བདག་གིས་ཀྱང་དེ་ཁོ་ན་ཉིད་འདྲ་བ་ཞིག་བྱའོ་སྙམ་པས་ཐོས་པ་དང་བསམ་པ་དང་། བསྒོམ་པའི་བྱ་བས་དུས་འདའ་བར་བྱེད་དེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། བླ་མས་གདམས་པ་ཉམས་སུ་ལེན་པ་ལ་ཞུགས་པ་དེའི་ལྷག་པའི་བསམ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྗོད་དུ་མེད་པ་བཅུ་ཡོངས་སུ་སྦྱོང་། དབང་པོ་དེ་སྙེད་ཅིག་འཕེལ་བྱིན་རླབས་དེ་སྙེད་ཅིག་འབྱུང་། སྒྲིབ་པ་དེ་སྙེད་ཅིག་འདག །བདུད་དེ་སྙེད་ཅིག་ལས་འདའ། ཆོས་ཀྱི་སྒོ་དེ་སྙེད་ཅིག་ལ་འཇུག །ཚོགས་དེ་སྙེད་ཅིག་རྫོགས། སྤྱོད་པ་དེ་སྙེད་ཅིག་རྣམ་པར་


JL00_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

དག །སྨོན་ལམ་དེ་སྙེད་ཅིག་འགྲུབ། ཡོན་ཏན་དེ་སྙེད་ཅིག་ཐོབ། མདོར་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པ་ནི། བླ་མ་ལ་རག་ལས་ཤིང་བླ་མ་ལས་འབྱུང་བའོ། །ཞེས་སོ། །ཞོར་ལ་སྡིག་པའི་གྲོགས་པོ་སྤང་པ་གལ་ཆེ་བའང་། གང་ཚེ་ཞི་ལ་སྡང་བའི་འབྱུང་པོ་ཡི། །བསམ་པ་སྐྱེས་བུའི་གཟུགས་སུ་འོངས་པ་དང་། །གཡོ་དང་སྒྱུས་སྤྱོད་ནག་པོའི་ཆོས་ལ་བསྟེན། །དམ་པ་དམོད་སོགས་དཀར་པོའི་ཆོས་ལ་སྡང་། །ཇི་ཙམ་འགྲོགས་བཞིན་སྡིག་སྤྱོད་འཐོར་རླུང་འཚུབ། །དགེ་བའི་ལོ་ཏོག་འཇོམས་པའི་སྡིག་གྲོགས་ལ། །བསྟན་པའི་བློ་གྲོས་བླུན་པོ་བདུད་སྡེས་བཅོམ། །འདི་ལྟར་སྡིག་པའི་གྲོགས་པོ་ནི་སྐྱེས་བུའི་གཟུགས་སུ་འདུག་ཀྱང་དེའི་བསམ་པ་ནི་ལྷ་མ་ཡིན་གྱི་འཇུག་པ་ཅན་ཉིད་ཀྱི་ཕྱིར་དངོས་སམ་བརྒྱུད་ནས་སྦྱོར་བ་ཉེ་བར་མ་ཞི་བ་ཁོ་ན་ལ་བརྟེན་པ་དག་དང་། གཡོ་སྒྱུའི་ཕྱོགས་འཛིན་པའི་ཁ་ན་མ་ཐོ་བས་སེམས་ཟིལ་གྱིས་ནོན་པ་རྣམས་ནི་དཀར་ནག་གི་བླང་དོར་ཤིན་ཏུ་འགལ་བར་སྤྱོད་པས་དེ་དང་འགྲོགས་པ་ཙམ་གྱིས་སྡིག་པ་འཕེལ་ཞིང་དགེ་བ་འགྲིབ་པས་སྤང་བར་བྱ་བའི་ཚུལ་དྲན་པ་ཉེར་བཞག་ལས། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཐམས་ཅད་ཀྱི་རྒྱུར་གྱུར་པ་ནི་སྡིག་པའི་གྲོགས་པོ་སྟེ། དེ་ནི་དུག་གི་སྡོང་པོ་ལྟ་བུའོ། །ཞེས་དང་། དཀོན་མཆོག་བརྩེགས་པ་ལས། སྡིག་པའི་གྲོགས་པོ་གང་ཞེ་ན། དགེ་བ་འགྲིབ་ཅིང་མི་དགེ་བ་ལ་སྦྱོར་བ་གང་ཡིན་པ་སྟེ། དེ་བསྟེན་པར་མི་བྱ། བསྙེན་པར་མི་བྱ། མཐོང་བར་ཡང་མི་བྱའོ། །ཞེས་དང་། དེའི་ཉེས་པ་ནི་མྱང་འདས་ལས། བྱང་ཆུབ་སེམས་དཔའ་ནི་གྲོགས་ངན་པ་ལ་འཇིགས་པ་ལྟར་གླང་པོ་ཆེ་མྱོས་པ་ལ་སོགས་པ་ལ་ནི་མ་ཡིན་ཏེ། འདིས་ནི་ལུས་ཙམ་འཇིག་པར་བྱེད་ཀྱིས་སྔ་མས་ནི་དགེ་བ་དང་སེམས་རྣམ་པར་དག་པ་གཉིས་ཀ་འཇིག་པར་བྱེད་དོ། །ཅེས་དང་། བདེན་


JL00_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

པ་པོའི་ལེའུར་ཡང་དེ་བཞིན་དུ་བཤད་ཅིང་། མཛའ་བཤེས་ཀྱི་ཚོམས་ལས་གསལ་བར་བསྙད་པ་ནི། དད་པ་མེད་ཅིང་འཇུངས་པ་དང་། །བརྫུན་དུ་སྨྲ་དང་ཕྲ་མ་ཅན། །མཁས་པས་བཤེས་པར་མི་བྱ་ཞིང་། །སྡིག་ཅན་མི་དང་འགྲོགས་མི་བྱ། །གལ་ཏེ་སྡིག་པ་བྱེད་པ་དག །སྡིག་མི་བྱེད་པས་བསྟེན་ན་ཡང་། །སྡིག་པ་བྱེད་པར་དོགས་སྐྱེ་ཞིང་། །མི་སྙན་པའང་འཕེལ་བར་འགྱུར། །བསྟེན་བྱ་མ་ཡིན་བསྟེན་པའི་མི། །དེ་ཡིས་སྐྱོན་གྱིས་སྐྱོན་ཅན་འགྱུར། །དོང་པར་དུག་ཡོད་མདའ་བཅུག་པས། །དུག་མ་བསྐུས་པའང་གོས་པ་བཞིན། །ཞེས་སོ། །དེ་བས་སྡིག་གྲོགས་སྤངས་པའི་ཡོན་ཏན་ནི་ཚད་མེད་དེ། ཁྲི་བརྒྱད་སྟོང་པ་ལས། རབ་འབྱོར་དེ་ལ་སྡིག་པའི་གྲོགས་པོ་སྤངས་པའི་ཡོན་ཏན་ནི་བསམ་གྱིས་མི་ཁྱབ་བོ། །རྟག་ཏུ་དགེ་བ་བྱེད་པ་ཡིན། དེ་བཞིན་གཤེགས་པ་རྣམས་མཐོང་བ་ཡིན། བདེ་བར་ཚེའི་དུས་བྱེད་པ་ཡིན། བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བ་ཡིན། སྐྱེ་བ་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་དང་མི་འབྲལ་བ་ཡིན། ཞེས་སོགས་རྒྱ་ཆེར་གསུངས་སོ། །དེ་ཕྱིར་དགེ་བའི་བཤེས་དང་གྲོགས་བསྟེན་པས། །དགེ་ལེགས་ཡོན་ཏན་མཐོང་བའི་ཆོས་ལ་ཟིན། །རྒྱལ་དང་རྒྱལ་སྲས་རྣམས་ཀྱིས་རྟག་ཏུ་དགོངས། །མངོན་མཐོ་ངེས་ལེགས་ཡོན་ཏན་ཀུན་གྱིས་འབྱོར། །ཚོགས་རྫོགས་སྒྲིབ་དག་དངོས་གྲུབ་རྣམ་གཉིས་ཐོབ། །ས་ལམ་ཡོན་ཏན་བླ་ནས་བླར་འགྲོ་བས། །རྣལ་འབྱོར་བསྒོམ་ཞིང་བསྒྲུབ་པ་བསོད་ནམས་ཚོགས། །ཐུགས་རྒྱུད་གཅིག་ཏུ་བསྲེ་བ་ཡེ་ཤེས་ཏེ། །ཚོགས་གཉིས་འབྲས་བུའི་ཐུས་ཀ་ཡིན་པའི་ཕྱིར། །བསྐལ་པར་རྒྱལ་དང་རྒྱལ་སྲས་བསྙེན་བཀུར་ཞིང་། །བསྐྱེད་རིམ་བརྒྱ་ཕྲག་བསྒོམ་ལས་བླ་མ་ནི། །སྐད་ཅིག་དྲན་པ་མཆོག་ཅེས་རྒྱལ་བས་གསུངས། །དེ་ལྟར་དགེ་བའི་བཤེས་གཉེན་དང་། དེའི་ཡན་ལག་


JL00_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུར་གྱུར་པའི་དགེ་བའི་གྲོགས་པོ་དང་འགྲོགས་པའང་དོན་ཆེན་པོ་དང་བཅས་པ་ཡིན་ཏེ། དཔུང་བཟང་གིས་ཞུས་པ་ལས། ཇི་ལྟར་འཁོར་ལོ་གཅིག་པའི་ཤིང་རྟ་ནི། །རྟ་དང་ལྡན་ཡང་ལམ་དུ་མི་འགྲོ་ལྟར། །དེ་བཞིན་སྒྲུབ་པ་པོ་ཡི་གྲོགས་མེད་ན། །ལུས་ཅན་དངོས་གྲུབ་ཐོབ་པར་མི་འགྱུར་རོ། །ཞེས་དང་། དེའི་མཚན་ཉིད་ཀྱང་། དེ་ནི་བློ་ལྡན་གཟུགས་བཟང་གཙང་སྒྲ་ཆེ། །རིགས་ནི་བཙུན་ཞིང་ཆོས་ལ་གཞོལ་བ་དང་། །སྤོབས་པ་ཆེ་ཞིང་དཔའ་ལ་དབང་པོ་དུལ། །སྙན་པར་སྨྲ་ཞིང་སྦྱིན་ཕོད་སྙིང་རྗེ་ཅན། །བཀྲེས་དང་སྐོམ་དང་ཉོན་མོངས་བཟོད་པ་དང་། །བྲམ་ཟེ་དང་ནི་ལྷ་གཞན་མཆོད་མི་བྱེད། །སྦྲིན་ཅིང་གཟོ་ལ་བྱས་པ་གཟོ་བ་དང་། །དཀོན་མཆོག་གསུམ་ལ་དད་པ་གྲོགས་པོ་ཡིན། །ཞེས་གསུངས་པ་ལས། གཟུགས་བཟང་བ་ནི་ནད་གཅོང་མེད་པ་ཉིད་དེ། ཡོན་ཏན་དེ་དག་རྫོགས་པར་མ་ཚང་ན་ཕྱེད་ཆའམ། བཞི་ཆའམ། ཐ་ན་བརྒྱད་ཆ་དང་ལྡན་པ་ནི་ངེས་པར་དགོས་ལ། དེ་ལྟ་བུ་དང་འགྲོགས་པའི་ཡོན་ཏན་ནི་ཚད་མེད་དེ་ཁོང་གི་སྤྱོད་པ་ལ་བརྟེན་ནས་བདག་ལའང་དགེ་བའི་ཆོས་མཐའ་དག་པ་འཕེལ། ལག་པའི་ལམ་ལས་ལྡོག །བླང་དོར་གྱི་གནས་བཤད་པས་བླ་མ་བསྟེན་པའི་གྲོགས་སུ་འགྲོ། གསུང་འགྲོས་མ་ཟིན་པ་རྣམས་ཀྱང་དེ་ལས་འབྱུང་། ཁྱད་པར་དུ་ཚངས་པར་མཚུངས་པ་སྤྱོད་པ་ནི་གྲོགས་ལ་རག་ལས་པ་སྔར་ཡང་བཤད་ལ། དེ་སྐད་དུ། འདུལ་བ་ལུང་ལས། ཚངས་པ་མཚུངས་པར་སྤྱོད་པ་ནི་གྲོགས་དམ་པ་སྟེ། ཚངས་པར་སྤྱོད་པ་མཐར་ཕྱིན་ཞིང་དགེ་བའི་རྩ་བ་སྤེལ་བས། རྣམ་པར་གྲོལ་བའི་རྒྱུར་མཐུན་པའི་ཕྱིར་ཚེ་དང་ལྡན་པ་དག་གིས་གུས་པ་དང་བཅས། ཞེས་དང་བཅས། འཇིགས་པ་དང་བཅས་བསྟེན་དགོས་སོ། །ཞེས་དང་། དེ་བཞིན་དུ་དྲན་པ་དང་ཤེས་བཞིན་ནི་མདོ་སྔགས་གཉིས་


JL00_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

ཀའི་ལམ་གྱི་དོན་སོར་གནས་པའང་དགེ་བའི་གྲོགས་པོ་ལ་འཚེར་བག་དང་བཅས་པས་ཡོངས་སུ་རྫོགས་པའི་ཚུལ། མདོ་ལས། དགེ་བའི་གྲོགས་ལ་བསྟེན་པས་ནི་དྲན་པ་དང་ཤས་བཞིན་རྣམ་པར་དག་ཅིང་། དགེ་བའི་རྩ་བ་ཡོངས་སུ་རྫོགས་པར་བྱེད་དོ། །ཞེས་སོ། །དེའང་སྤྱིར་ཡུལ་མཆོག་བླ་མ་དང་། མཁན་པོ་དང་། སློབ་དཔོན་དང་། དེ་བཞིན་དུ་ཆོས་སྨྲ་བ་དང་། སྲིད་པ་ཐ་མའི་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་། རང་སངས་རྒྱས་འཕགས་པ་དང། ཕ་མ་དང་། ནད་པ་ལ་སོགས་པ་འདི་དག་ནི་བསོད་ནམས་དང་། བསོད་ནམས་མ་ཡིན་པ་གཉིས་ཀ་སྟོབས་ཆེ་བས་འབྲས་བུའང་སྐྱེ་བ་མི་བརྒྱུད་པར་མཐོང་ཆོས་སུ་སྨིན་པར་མདོ་སྡེ་དག་ལས་གསུངས་ལ། ཁྱད་པར་དེང་སང་དུས་སྙིགས་ཤིང་རྟོག་པ་རགས་པས་སྔོན་བསྐལ་པ་ཡར་ལྡན་གྱི་དུས་རྣམ་རྟོག་ཤས་ཆུང་བས་དགེ་སྡིག་གི་འབྲས་བུ་ཚེ་རབས་གཞན་ལ་དལ་གྱི་སྨིན་པ་དང་མི་འདྲ་བར་ཚེ་འདི་ཀར་སྨིན་པ་ཤས་ཆེ་བས་བླ་མ་བསྟེན་ཞིང་། བསྙེན་བཀུར་བྱས་པའི་ཕན་ཡོན་གྱི་སྒོ་ནས་བྲོད་པ་བསྐྱེད་པའང་འདི་ལྟར་འཇིག་རྟེན་ན་རྨོངས་པ་བ་གླང་རྫི་ལྟ་བུ་ཅི་ཡང་མི་ཤེས་པ། ཟང་ཟིང་གིས་ཕོངས་པ། ཀུན་གྱིས་བརྙས་པའི་གནས་སུ་གྱུར་པས་ཀྱང་། དགེ་བའི་བཤེས་གཉེན་ལ་བསྟེན་ཅིང་ཆོས་ཀྱི་ལམ་སྲོལ་ལ་ཞུགས་པ་ཙམ་ནས། འཇིག་རྟེན་གྱིས་བཀུར་བའི་གནས་ཞེ་སར་བཅས་པ། ཐ་ན་ཟས་སྐོམ་གྱི་རྙེད་པ་ཙམ་ཡང་ཐོབ་སླ་བར་འགྱུར་བ་ལ་ལྟོས། ཁྱད་པར་དུ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། བླ་མས་བསྒོ་བ་བཞིན་བསྒྲུབས་ན་མཐོན་པོར་བྱེད་པའི་ཆོས་བཞི་ཡང་ཐོབ་བོ། །མང་པོ་བཞི་ཡང་ཐོབ་བོ། །གཞན་གྱིས་མི་ཆུགས་པའི་ཆོས་བཞི་ཡང་ཐོབ་བོ། །བལྟར་མི་སྣང་བའི་ཆོས་བཞི་ཡང་ཐོབ་བོ། །ཚད་མེད་པའི་ཆོས་ལྔ་དག་ཀྱང་ཐོབ་པར་འགྱུར་རོ། །གཞན་ཡང་གངས་ཀྱི་རི་ལ་བརྟེན་པའི་རྩི་སྨན་ལྟར་དགེ་བའི་རྩ་


JL00_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཐམས་ཅད་ཀྱང་རྣམ་པར་འཕེལ་ལོ། །མཚོ་ཆེན་པོ་ཆུའི་སྣོད་དུ་གྱུར་པ་ལྟར་ཡོན་ཏན་གྱི་ཆོས་ཐམས་ཅད་ཀྱི་སྣོད་དུ་འགྱུར་རོ། །རྒྱ་མཚོ་ཆེན་པོ་རིན་པོ་ཆེའི་འབྱུང་གནས་སུ་གྱུར་པ་ལྟར་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་སུ་འགྱུར་རོ། །མེའི་དྲོད་ཀྱིས་གསེར་ཡོངས་སུ་སྦྱངས་པ་ལྟར་བྱང་ཆུབ་ཀྱི་སེམས་ཡོངས་སུ་སྤྱོད་པར་འགྱུར་རོ། །རྒྱ་མཚོ་ལས་རི་རབ་མངོན་པར་འཕགས་པ་ལྟར། འཇིག་རྟེན་ཐམས་ཅད་ལས་འཕགས་པར་འགྱུར་རོ། །ཞེས་སོགས་རྒྱ་ཆེར་གསུངས་ཤིང་། དེ་སྐད་དུ། སྡོང་པོ་བཀོད་པ་ལས་ཀྱང་། རིགས་ཀྱི་བུ་དགེ་བའི་བཤེས་གཉེན་གྱིས་ཡང་དག་པར་ཟིན་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་ངན་འགྲོར་མི་ལྟུང་ངོ་། །དགེ་བའི་བཤེས་གཉེན་གྱིས་བསམས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་བྱང་ཆུབ་སེམས་དཔའི་བསླབ་པ་དང་འགལ་བར་མི་བྱེད་དོ། །ཞེས་པ་ལ་སོགས་པ་དང་། ཡང་རིགས་ཀྱི་བུ། དགེ་བའི་བཤེས་གཉེན་གྱི་རྗེས་སུ་བསྟན་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཐུགས་མཉེས་པར་འགྱུར་རོ། །དགེ་བའི་བཤེས་གཉེན་གྱི་ཚིག་དང་མི་འགལ་བར་གནས་པའི་བྱང་ཆུབ་སེམས་དཔའ་ལ་ཐམས་ཅད་མཁྱེན་པ་ཉེ་བར་འགྱུར་རོ། །དགེ་བའི་བཤེས་གཉེན་གྱི་ཚིག་ལ་ཐེ་ཚོམ་མེད་པ་ལ་དགེ་བའི་བཤེས་གཉེན་རྣམས་ཉེ་བར་འགྱུར་རོ། །དགེ་བའི་བཤེས་གཉེན་ཡིད་ལ་བྱེད་པ་དང་མ་བྲལ་བ་ལ་དོན་ཐམས་ཅད་མངོན་དུ་འགྱུར་རོ། །ཞེས་སོ། །འདི་ལྟར་དམ་པའི་སྐྱེས་བུ་ལ་བསྟེན་པས་ཚེ་ཕྱི་མ་ངན་འགྲོ་མྱོང་བའི་ལས་ཡོད་ཀྱང་། ད་རེས་ལུས་སེམས་ལ་གནོད་པ་ཕྲ་མོ་ཙམ་བྱུང་བའམ། ཐ་ན་རྨི་ལམ་ཙམ་དུ་མྱོང་བས་ཀྱང་ལས་དེ་ཟད་པར་འགྱུར་བ་དང་། བླ་མ་ལ་བསྙེན་བཀུར་སྔ་དྲོ་གཅིག་བྱས་པའི་ཕན་ཡོན་གྱིས་སངས་


JL00_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་བྱེ་བ་སྙེད་ལ་དགེ་བའི་རྩ་བ་བསྐྱེད་པའི་ཕན་ཡོན་ཟིལ་གྱིས་ནོན་པའང་། སའི་སྙིང་པོའི་མདོ་ལས། དེས་ཟིན་པ་ནི་བསྐལ་པ་བྱེ་བ་དཔག་ཏུ་མེད་པར་ངན་འགྲོར་འཁྱམ་པར་འགྱུར་བའི་ལས་རྣམས་ཚེ་འདིར་རིམས་ལ་སོགས་པའམ། མུ་གེ་ལ་སོགས་པ་ལུས་དང་སེམས་ལ་གནོད་པ་བྱུང་བས་བྱང་བར་འགྱུར་ཏེ། ཐ་ན་བརྒྱད་བཀག་གམ། རྨི་ལམ་ཙམ་གྱིས་ཀྱང་བྱང་བར་འགྱུར་རོ། །དེས་སངས་རྒྱས་བྱེ་བ་དཔག་ཏུ་མེད་པ་ལ་དགེ་བའི་རྩ་བ་བསྐྱེད་པ་སྦྱིན་པའམ། མཆོད་པའམ། བསླབ་པ་བཟུང་བ་ལས་བྱུང་བ་རྣམས་སྔ་དྲོ་གཅིག་གིས་ཟིལ་གྱིས་གནོན་ནོ། །བླ་མ་ལ་བསྙེན་བཀུར་བྱས་པ་ནི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་ནོ། །ཞེས་དང་། ཚེ་འདིར་མངོན་པར་མཐོ་བ་དང་། ཕྱི་མ་ངེས་པར་ལེགས་པའི་ཡོན་ཏན་ཐམས་ཅད་ཀྱིས་འབྱོར་བར་འགྱུར་བ་དང་། ཡེ་ཤེས་རྒྱ་མཚོའི་རྒྱུད་ལས། གང་གིས་བླ་མའི་བྱ་བ་ལ། །མཁས་པའི་སྐལ་ལྡན་གང་ཡིན་དེ། །དུས་གསུམ་སངས་རྒྱས་ཐམས་ཅད་ལ། །བསྐལ་པ་བྱེ་བ་དྲུག་འབུམ་དུ། །ཕྱག་བྱས་པས་ནི་འདི་དོན་ཆེ། །བླ་མས་བསྒོ་བ་བཞིན་བསྒྲུབས་ན། །འདོད་པ་ཐམས་ཅད་འགྲུབ་པ་དང་། །བསོད་ནམས་དཔག་ཏུ་མེད་པ་འཐོབ། །རང་གི་རྫས་དང་ཡོ་བྱད་ཀྱིས། །བླ་མ་མཉེས་པར་སུས་བྱས་པ། །འདིས་ནི་ཁམས་གསུམ་འཁོར་བ་ལས། །སྤྲུལ་སྐུའི་ཞིང་དུ་དབུགས་བྱུང་སྟེ། །མྱ་ངན་འདས་པའི་སར་གཤེགས་སོ། །ཞེས་སོ། །དེའི་ཕྱིར་ཞབས་ཏོག་དང་སྲི་ཞུའི་གནས་ཅི་མཆིས་པ་ལུས་ངག་གི་ལས་སུ་བསྡུ་ཞིང་། ཡིད་ཀྱི་སྒོ་ནས་བླ་མའི་རྣལ་འབྱོར་བསྒོམ་ཞིང་བསྒྲུབ་པ་ནི་བསོད་ནམས་དམ་པའི་ཚོགས་མཐར་ཐུག་པ་དང་། ཐུགས་ཡིད་འདྲེས་པའི་ཆོས་ཉིད་ལ་མཉམ་པར་འཇོག་པ་ནི་ཡེ་ཤེས་ཀྱི་ཚོགས་ཏེ། ཚོགས་གཉིས་ཀྱི་འབྲས་བུའི་ཐུས་ཀའམ་ངོ་བོ་ཉིད་ཡིན་པའི་ཕྱིར། རྣམ་པ་ཐམས་ཅད་པའི་བསྐྱེད་རིམ་རྒྱ་མཚོ་ལ་གོམས་པར་བྱས་


JL00_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས་ཀྱང་ལམ་མྱུར་བ་ཡིན་ཏེ། འཁོར་ལོ་ཆུབ་པར། གང་གིས་བསྐལ་པ་བྱེ་བ་རུ། །ལྷ་ཡི་སྐུ་ནི་བསྒོམས་བྱས་པས། །མགོན་པོ་ཀུན་གྱི་དབང་ཕྱུག་ཆེ། །བླ་མ་དྲན་པ་མཆོག་ཏུ་བཤད། །ཅེས་དང་། ཡིད་བཞིན་མཆོག་གི་རྒྱུད་ལས། གང་གིས་བླ་མ་འདུན་པའི་ལྷ། །སྤྱི་བོའི་གཙུག་ཏུ་བསྒོམས་པ་ཡིས། །སངས་རྒྱས་དཀྱིལ་འཁོར་སྟོང་ཕྲག་ཉིད། །ལག་མཐིལ་བཞག་ནས་སྟོང་གསུམ་བསྐོར། །སྙིང་གར་ལན་སྟོང་བསྟིམས་བྱས་ན། །བརྒྱ་སྟོང་རྒྱུ་དང་ཆར་མི་ཕོད། །དེ་བས་རྟག་ཏུ་དྲན་པ་ཡིས། །སྤྱི་གཙུག་འཁོར་ལོའི་རྒྱན་ཉིད་དུ། །དཔལ་ལྡན་བླ་མ་བསམ་པར་བྱ། །ཞེས་དང་། འཁོར་ལོ་བཅུ་པ་ལས། བླ་མ་ལ་བསྙེན་བཀུར་བྱ་བ་ལས་ནི་ཡོན་ཏན་གྱི་ཆོས་བསམ་གྱིས་མི་ཁྱབ་པ་རྣམས་ཡོངས་སུ་འཛིན་ཏོ། །སངས་རྒྱས་ཀྱི་ཡོན་ཏན་དང་རྣམ་པར་འཕྲུལ་པ་ཐམས་ཅད་ཀྱང་འདི་ལས་འབྱུང་བར་བལྟའོ། །ཅེས་པ་སྟེ། མདོར་བསྡུ་ན་སྡོང་པོ་བཀོད་པ་ལས། དགེ་བའི་བཤེས་གཉེན་གྱི་ཡོན་ཏན་དང་བསྔགས་པ་བརྗོད་པ་ནི། རྒྱས་པར་བསྐལ་པར་བརྗོད་ཀྱང་ཟད་མི་ཤེས་་པ་དང་ལྡན་པས་དེའི་ཕྱིར་རྟག་ཏུ་དགེ་བའི་བཤེས་གཉེན་ལ་བསྟེན་པར་བྱའོ། །ཞེས་གསུངས་སོ། །ཞར་ལ་མ་བསྟེན་པའི་ཉེས་དམིགས་བཤད་པ་ནི། འཁོར་བ་ལ་བདེ་བར་འཛིན་པས་སྡུག་བསྔལ་གྱི་འཕྲང་ནས་མི་ཐར། ལས་དང་ལས་ཀྱི་འབྲས་བུ་ལ་རྨོངས་པས་མི་དགེ་བའི་ཕྱོགས་འཛིན། མང་དུ་ཐོས་པ་དང་བྲལ་བས་ཡོན་ཏན་གྱི་ཚོགས་དང་མི་ཕྲད། བསྟན་པ་ལ་ཞུགས་ཀྱང་ཐར་པའི་ལམ་སྣ་མི་ཟིན། ལེགས་པའི་ཆོས་ལས་ཉམས་ཤིང་ལྟར་སྣང་འཁྲུལ་པས་བསླུ་བའི་ཉེས་པ་ཀུན་ནས་ལྡང་སྟེ། ད་ལྟར་གྱི་སངས་རྒྱས་མངོན་སུམ་པ་ལས། བླ་མ་ལ་མ་བསྟེན་ཞིང་མ་གུས་པ་རྣམས་ཀྱིས་ནི་ཡོན་ཏན་གྱི་ཆོས་


JL00_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པའང་ཉམས་པར་འགྱུར་ན། མ་ཐོབ་པ་ཐོབ་པར་འགྱུར་བ་ལྟ་ཅི་སྨོས། དེ་ཅིའི་ཕྱིར་ཞེ་ན། ཆོས་འཛིན་པ་ནི་ཆོས་ལ་ཐ་མི་དད་པས་ན། དེས་དགེ་བའི་བཤེས་གཉེན་དང་། ཆོས་སྤོང་བའི་སྡིག་པའི་ལས་ཤིན་ཏུ་ལྕི་བ་བསགས་པའི་ཕྱིར། ངན་སོང་གསུམ་དུ་ཡུན་རིང་མོར་ལན་མང་དུ་འཁོར་བས་སྡུག་བསྔལ་བར་འགྱུར་ཞིང་གལ་ཏེ་དེ་དག་ལས་ཐར་ནས་བརྒྱ་ལ་མིར་སྐྱེས་ནའང་། དཀོན་མཆོག་གསུམ་གྱི་སྒྲ་མི་གྲགས་པའི་ཞིང་དུ། དམུས་ལོང་དང་། འོན་པ་དང་། ལྐུགས་པ་དང་། དབང་པོ་མ་ཚང་བར་སྐྱེ་བར་འགྱུར་རོ། །ཞེས་སོ། ཁྱད་པར་དགེ་བའི་བཤེས་གཉེན་ལ་བརྙས་པའི་ཉེས་དམིགས་ནི། ལག་ན་རྡོ་རྗེ་མངོན་པར་དབང་བསྐུར་བའི་རྒྱུད་ལས། བཅོམ་ལྡན་འདས་གང་དག་སློབ་དཔོན་ལ་བརྙས་པར་བགྱིད་པ་དེ་དག་གི་རྣམ་པར་སྨིན་པ་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ། ལྷ་དང་བཅས་པའི་འཇིག་རྟེན་སྐྲག་པར་འགྱུར་གྱིས་དེ་སྐད་མ་སྨྲ་ཞིག །འོན་ཀྱང་ཅུང་ཞིག་བརྗོད་པར་བྱ་ཡིས། དཔའ་བོ་བསྒྲིམས་ཏེ་ཉོན་ཅིག །མཚམས་མེད་ལ་སོགས་མི་བཟད་པ། །དམྱལ་བ་གང་དག་ངས་བཤད་པ། །དེ་རྣམས་ཀྱི་ནི་གནས་སུ་བརྗོད། །དེར་ནི་བསྐལ་པ་མཐའ་ཡས་སོ། །དེ་ལྟ་བས་ན་རྣམ་ཀུན་ཏུ། །དེ་ལ་ནམ་ཡང་བརྙས་མི་བྱ། །ཞེས་དང་། བླ་མ་ལྔ་བཅུ་པར། སློབ་དཔོན་ལ་ནི་སྨོད་པ་དེ། །ཡམས་དང་མཛེ་དང་ནད་རྣམས་དང་། །གདོན་དང་རིམས་དང་དུག་རྣམས་ཀྱིས། །རྨོངས་ཆེན་དེ་ནི་འཆི་བར་འགྱུར། །རྒྱལ་པོ་མེ་དང་སྦྲུལ་གདུག་དང་། །ཆུ་དང་མཁའ་འགྲོ་རྐུན་པོ་དང་། །གདོན་དང་ལོག་འདྲེན་རྣམས་ཀྱིས་ཀྱང་། །བསད་ནས་སེམས་ཅན་དམྱལ་བར་འགྲོ། །ཞེས་བཤད་དོ། །ད་ནི་ལེགས་སྨོན་གྱི་དོན་བཤད་པའི་ཕྱིར། །དམ་ཆོས་བདུད་རྩིའི་ཆུ་ཀླུང་དཔག་མེད་མཛོད། །རྒྱུད་ལ་འདྲོངས་པའི་དམིགས་


JL00_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཟང་པོ་རྣམས། །སྟོན་པའི་བླ་མ་བཟང་པོར་རྟེན་ཅིང་འབྲེལ། །ཐབས་བཟང་བ་ལས་མན་ངག་འཁྱམས་མི་འགྱུར། །ངེས་འབྱུང་བཟང་པོའི་རིག་སྔགས་ནུས་པ་ཅན། །འཁོར་བར་སྐྱོ་བ་མེད་པའི་གདོན་ལ་ཐེབས། །བཟང་པོ་བཞི་དང་ལྡན་པའི་ལེགས་སྨོན་ཡིན། །འདི་ནི་མདོ་སྡེ་རྒྱན་གྱི་དགོངས་པ་ཡིན་ཏེ། དེ་སྐད་དུ། དམིགས་པ་བཟང་དང་སྟོན་པ་བཟང་། །ཐབས་བཟང་བ་དང་ངེས་འབྱུང་བཟང་། །ངེས་ལེགས་སྨོན་གྱི་མཚན་ཉིད་ཡིན། །ཅེས་སྟོན་པ་ལས། དམིགས་པ་བཟང་པོ་ནི་ཆོས་གང་དང་གང་དག་དམིགས་པའི་བྱེད་ལས་ལ་བརྟེན་ནས་རྒྱུད་ལ་སྦྱོར་བར་བྱེད་ཅིང་དེའི་ངོ་བོ་ནི་འདུན་པའང་ཡིན་ལ། དམིགས་པའམ་འདུན་པ་སྣ་ཚོགས་པའི་ཐབས་ལ་བརྟེན་ནས་སེམས་འདུལ་བས་ན་བཅོམ་ལྡན་འདས་ཀྱིས་སེམས་དུལ་བས་ནི་བདེ་བ་འཐོབ། ཅེས་གསུངས་པ་ལྟར་རོ། །དེ་སྟོན་པ་ནི་བླ་མ་བཟང་པོ་དང་རྟེན་ཅིང་འབྲེལ་བ་ལ་རག་ལས་པའི་ཕྱིར་སློབ་དཔོན་དཔའ་བོས། ཁྱོད་ཀྱིས་དམ་པ་བསྟེན་པ་དང་། །དྲན་པའི་གྲོགས་ཀྱིས་བསྐོར་བ་ན། །བག་ཡོད་པར་ནི་གནས་འགྱུར་ཏེ། །སཱ་ལའི་ཤིང་ལ་འཁྲི་ཤིང་བཞིན། །བཟང་པོ་དཔལ་གྱིས་འཁྱུད་པར་འགྱུར། །ཞེས་གསུངས་པ་ལྟར་རོ། །མངོན་པར་འདོད་པའི་དོན་གང་ཡིན་པ་ཚེགས་ཆེན་པོ་ལ་མི་ལྟོས་པར་བདེ་བླག་ཉིད་དུ་འགྲུབ་པར་བྱེད་པ་ནི་མན་ངག་གི་ལམ་ཡིན་ཀྱང་། དེའི་གྲོགས་སུ་ཐབས་ཀྱི་ཆོ་གའི་རིམ་པ་མཐའ་ཡས་པ་མེད་ན་མན་ངག་ཀྱང་རྣམ་པར་འཁྱམ་པར་འགྱུར་ཏེ། དཔེར་ན་སྦྱིན་པ་ལ་སོགས་པའི་སྤྱོད་ཕྱོགས་ལྔའི་ཐབས་ལ་མ་བསྟེན་ན་མན་ངག་གི་ངོ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟོགས་པར་མི་ནུས་པའི་ཕྱིར་རོ། །དེ་སྐད་དུ་སྤྱོད་འཇུག་ལས་ཀྱང་། ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པས་ཤེས་རབ་དོན་དུ་གསུངས། །ཞེས་


JL00_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་བཞིན་ནོ། །དེ་ཐམས་ཅད་ཀྱི་གྲོགས་སུ་གྱུར་པ་ནི་ངེས་འབྱུང་གི་བློ་བཟང་པོ་ཡིན་ཏེ། ངེས་འབྱུང་མེད་ན་དང་པོ་འཁོར་བ་ལ་བློ་མི་ལྡོག །དེས་ངང་པའི་གསོས་ཉམས་པས་བར་དུ་དགེ་བའི་བཤེས་གཉེན་ལ་སྟངས་མི་བསྐུར། ཐ་མར་དད་པ་དང་། བརྩོན་འགྲུས་ལ་སོགས་པའི་ལམ་སྲོལ་མཐའ་དག་ལས་ཉམས་པར་གྱུར་པས་སྲིད་པའི་ཕྲ་རྒྱས་ཀྱི་རྩ་བ་མི་འབྱིན་པ་ཤིང་གི་ཡལ་ག་བཅད་པ་ལྟ་བུའི་ལམ་ནི་ཐར་པའི་རྒྱུར་མི་རུང་སྟེ་བླ་མ་ལ་སྤྲིང་པར། དཔེར་ན་ལྗོན་ཤིང་རྩ་ནས་མ་བཏོན་ན། །བཅད་ཀྱང་ཕྱིར་ཞིང་སྐྱེ་བ་ཁོ་ནར་ཟད། །དེ་བཞིན་སྲིད་པའི་ཕྲ་རྒྱས་མ་བཏོན་ན། །ཡང་དང་ཡང་དུ་སྡུག་བསྔལ་འདི་མི་ལྡོག །ཅེས་དང་། ཁྱད་པར་རབ་བྱུང་གི་བསླབ་པ་བླངས་པ་རྣམས་ནི་རང་རྒྱུད་ལ་ངེས་འབྱུང་ནམ་སྐྱེས་པ་ན་སོ་ཐར་མཚན་ཉིད་པར་འགྱུར་ཤིང་། དེ་ཕན་ཆད་ནི་སྡོམ་པའི་གཟུགས་བརྙན་ཙམ་དུ་སྔོན་གྱི་མཁན་པོ་དག་གིས་ཀྱང་བཤད་པ་བཞིན་ནོ། །ལེགས་སྨོན་དེའི་ལྡོག་ཕྱོགས་ནི། ཆོས་སྒོར་ཞུགས་ཀྱང་མོད་ལ་སུན་པ་དང་། །ཀུན་སློང་དུག་ཅན་འདྲེས་པའི་ཐོས་བསམ་བསྒོམ། །ཆོས་ལས་བློ་ཉམས་བསྲུང་སྡོམ་ཁུར་དུ་སོང་། །ཆོས་བརྒྱད་དམོད་པས་ཐེག་ཆེན་བརྟུལ་ཞུགས་འཁྱམ། །ལེགས་སྨོན་དཀའ་ཐུབ་བཤིག་པའི་རྙོག་པ་ཡིན། །འདི་ལྟར་གང་ཟག་ལ་ལ་དག་ནི་གཉེན་བཤེས་ཀྱི་ཕྱོགས་ནས་ཆོས་སྒོར་བཅུག་ཀྱང་། བདག་ཉིད་ཀྱི་སྔོན་བསོད་ནམས་མ་བསགས་ཤིང་ལེགས་སྨོན་མ་བཏབ་པས། ཆོས་སྒོར་ཞུགས་མ་ཐག་ནས་ཆོས་ཀྱིས་སུན་ཏེ། རྒྱལ་པོའི་མངག་གཞུག་པའམ། བླུན་པོ་དང་ཁྱིམ་བདག་ལ་སོགས་པའི་བྲན་དུ་འཁོལ་ཞིང་། དེ་དག་དང་བསམ་སྦྱོར་མཐུན་པར་འཇུག་པ་དང་། གལ་ཏེ་ཐོས་བསམ་ཅུང་ཟད་བྱས་ཀྱང་། ཚེ་འདི་འབའ་ཞིག་ཡིད་ལ་བཞག་པའི་ཀུན་སློང་ངན་པས་


JL00_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོར་ཆོས་མ་ལོབས་ཀྱི་དོགས་པ། བར་དུ་དེས་རྙེད་པ་མ་གྲུབ་ཀྱི་དོགས་པ། ཐ་མར་གཞན་དང་ཕྲག་དོག་གི་གལ་འཛིན་པས་སླར་འཁོར་བའི་རྒྱུ་འབའ་ཞིག་ཏུ་འགྲོ་བ་ལས་ཐར་པའི་ལམ་དང་། ཕྱོགས་འགལ་བ་དང་། བློ་ཆོས་སུ་མ་ཆུང་བས་ཆོས་ལ་དད་པ་དང་། དད་པ་མེད་ཅིང་ཐོས་བསམ་བསྒོམ་གསུམ་དང་། ཉན་བཤད་དང་། བསྲུང་སྡོམ་ཐམས་ཅད་ལས་སུ་ཆེ་ཞིང་ཁུར་དུ་སོང་བ་དང་། ཁྱད་པར་དུ་ཐེག་པ་ཆེན་པོའི་ཆོས་ཟབ་ལ་རྒྱ་ཆེ་བ་རྣམས་བློ་ལ་མི་ཤོང་ཞིང་འགལ་བར་འཛིན་པའམ། སྤྱོད་པ་དུས་ཚོད་དང་འབྲེལ་བ་མི་ཤེས་ཤིང་། ལྟར་སྣང་ཆོས་ལྟར་བཅོས་པའི་ཆོས་བརྒྱད་ཀྱིས་ལ་བཟླ་བ་རྣམས་ནི་ལེགས་སྨོན་གྱི་དཀའ་ཐུབ་སྟོན་ཀའི་ཟླ་བ་ལ་རྙོག་མར་བྱེད་པའི་སྒྲ་གཅན་ལྟ་བུའོ། །དེའི་ཕྱིར་དེ་དག་སྤངས་ནས། ཐད་ཀ་ཐད་ཀའི་ཉོན་མོངས་དུག་ཆེན་ལྔའི། །གཉེན་པོར་ཆེ་བ་སྐྱེས་བུ་རྣམ་གསུམ་གྱི། །ཤིང་རྟར་འཛེག་ལ་དུས་བཞིར་སྐྱོ་བ་མེད། །སྣང་བ་མཐའ་དག་ཆོས་དང་བླ་མར་ཤར། །རྣམ་མཁྱེན་རྒྱུར་སོང་ལེགས་སྨོན་གྲུབ་པ་ཡིན། །བདག་ཅག་གི་སྟོན་པས་གང་ཟག་གི་བློ་རིགས་གསུམ་ལ་དགོངས་ནས་སྐྱེས་བུ་གསུམ་གྱི་ཆོས་བསྟན་པ་གང་དག་ཉམས་སུ་བླངས་ཀྱང་རང་རང་གི་ཐད་ཀ་ཐད་ཀའི་ཉོན་མོངས་པའི་གཉེན་པོར་འགྲོ་བ་དང་། ཕྱོགས་ཆར་འཛིན་པ་མེད་ཅིང་། དེ་དག་གི་དོན་ཉམས་སུ་ལེན་པ་ལ་དཀའ་བ་བཟོད་པའི་སྙིང་སྟོབས་བསྐྱེད་ནས་དུས་བཞིར་སྐྱོ་ངལ་མེད་པར་བྱ་བའོ། །དེ་ལ་དུས་བཞི་ནི་མདོ་སྡེ་ཉིད་ནས་གསལ་པོར་བསྟན་པས་གཟུ་ལུམ་དང་། མཐོང་བ་ཆུང་བའི་མངོན་རྟོགས་མི་ངོམ་སྟེ། ཁྱེའུ་སྣང་བ་བསམ་གྱིས་མི་ཁྱབ་པས་བསྟན་པ་ལས། སྔོན་གྱི་མཐའ་དབེན་པ་དང་། ཕྱི་མའི་མཐའ་མི་འཕོ་བ་དང་། ད་ལྟར་འབྱུང་བ་འཇིག་པར་ཤེས་


JL00_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། དུས་གསུམ་མཉམ་པ་ཉིད་དེ་བཞི་པོ་དེ་དག་གོ །ཞེས་སོ། །དེའི་ཕྱིར་དུས་གསུམ་མཉམ་པ་ཉིད་ཀྱི་དོན་རྟོགས་པའི་ཚེ། ཟབ་མོ་སྟོང་པ་ཉིད་ལ་ནང་བྱན་ཆུད། སྣང་བ་མཐའ་དག་ཆོས་དང་བླ་མར་ཤར་བས་རྣམ་པ་ཐམས་ཅད་མཁྱེན་པའི་རྒྱུར་སོང་བ་ལ་ལེགས་སྨོན་གྲུབ་པ་ཞེས་བྱའོ། །ད་ནི་འཁོར་ལོ་བཞི་པ་བསོད་ནམས་ཀྱི་སྐྱབས་ལ་འདུན་པ་ཉིད་སྟོན་པའི་ཕྱིར། མཐོ་རིས་ཡོན་ཏན་བདུན་པའི་དགའ་བ་དང་། །དལ་བས་ཡང་དག་མཐོ་ལ་ནད་མེད་ཅིང་། །ཏིང་ངེ་འཛིན་དང་རྣམ་འབྱེད་ཤེས་རབ་ལྔ། །སྔོན་ཆད་བསོད་ནམས་ལ་གུས་མངོན་རྟགས་ཡིན། །འདི་ལྟར་གནས་སྐབས་སུ་མངོན་པར་མཐོ་བ་དང་། མཐར་ཐུག་ངེས་པར་ལེགས་པ་འགྲུབ་པའི་རྒྱུ་ཐམས་ཅད་ནི་བསོད་ནམས་གཅིག་པོ་ལ་རག་ལས་པ་སྟེ། སྔོན་བསོད་ནམས་རྒྱ་ཆེན་པོ་བར་མ་ཆད་པ་འདུ་བྱས་པ་དག་ནི་ད་རེས་ཀྱི་སྲིད་པ་འདི་ལ་རིགས་གཟུགས་དང་། འབྱོར་བ་དང་། དབང་ཕྱུག་དང་། ཤེས་རབ་དང་། ཚེ་རིང་བ་དང་། ནད་མེད་པ་དང་། བདེ་སྐྱིད་དང་ལྡན་པ་སྟེ་མཐོ་རིས་ཀྱི་ཡོན་ཏན་བདུན་དང་ལྡན་པའི་དལ་བའི་རྟེན་ཁྱད་པར་ཅན་ཐོབ་པར་འགྱུར་བའི་ཚུལ་དབྱིག་གཉེན་གྱིས། སྣ་ཚོགས་ཡོན་ཏན་འདོད་པ་ཡིས། །འབད་བྱ་ས་བོན་མེད་པར་ནི། །མྱུ་གུ་སྐྱེ་བ་ཡོད་མ་ཡིན། །ཉེས་པ་དག་ནི་གཅིག་བུ་ཡི། །ཡོན་ཏན་མང་པོ་འཇོམས་པར་བྱེད། །ཚེ་རིང་དེ་བཞིན་ནད་མེད་དང་། །གཟུགས་དང་སྐལ་པ་བཟང་དང་རིགས། །ནོར་དང་ཤེས་རབ་དག་དང་བདུན། །ཞེས་སོ། །དེ་ལས་སྐྱེས་པའི་དགའ་བ་དང་། ཏིང་ངེ་འཛིན་དང་། རྣམ་པར་འབྱེད་པའི་ཤེས་རབ་དང་། གོང་མའི་ཁོངས་སུ་གྱུར་པ་གཉིས་ཏེ་ལྔ་པོ་དང་ལྡན་པ་ནི་སྔོན་ཆད་བསོད་ནམས་བསགས་པའི་རྟག་སུ་བཤད་དེ། མདོ་སྡེའི་རྒྱན་ལས། དགའ་དང་


JL00_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

དལ་བར་སྐྱེ་བ་དང་། །ནད་མེད་པ་དང་ཏིང་འཛིན་དང་། །རྣམ་པར་འབྱེད་པའི་འབྱེད་རྒྱུད་ནི། །སྔོན་ཚེ་བསོད་ནམས་བསགས་པ་ཡིན། །ཅེས་སོ། །དཔེ་དོན་གྱི་སྒོ་ནས་རྒྱས་པར་བཤད་ན་འཁོར་འདས་ཀྱི་ལེགས་ཚོགས་མཐའ་དག་འཕེལ་བ་དང་འགྲིབ་པར་བྱེད་པ་གཉིས་ཀ་བསོད་ནམས་དང་། བསོད་ནམས་མ་ཡིན་པའི་བྱེད་པོ་ལས་གཞན་སུ་ཡང་མ་ཡིན་པས་ན། རྒྱལ་པོ་སྤྱི་བོ་སྐྱེས་ཀྱིས་སངས་རྒྱས་རྣམ་པར་གཟིགས་ལ་སྲན་རྡོག་བདུན་ཕུལ་བའི་བསོད་ནམས་ལས་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་ཅིང་། རྒྱལ་ཆེན་རིགས་བཞི་པའི་དཔུང་ལས་ཀྱང་རྣམ་པར་རྒྱལ་ནས་སུམ་ཅུ་རྩ་གསུམ་དུ་ལྷའི་དབང་པོ་དང་སྟན་ཕྱེད་པར་བྱ་བའི་དབང་ཕྱུག་ཐོབ་ཀྱང་། འཇིག་རྟེན་ན་སྡིག་པས་དཀྲུགས་པའི་བློ་གྲོས་ཀྱིས་རྣམ་པར་དཀར་བའི་འབྲས་བུ་ཉམ་ཆུང་ངུར་བྱེད་པ་ནི་ཆོས་ཉིད་ཡིན་པའི་ཕྱིར། ལྷའི་དབང་པོ་ལ་འཁུ་བའི་སེམས་སྐྱེས་མ་ཐག་ཏུ་གནས་རིགས་དེ་ནས་སྐར་མདའ་ལྟུང་བ་བཞིན་དུ་གྱུར་པ་ལས་ཀྱང་སླར་ལྡོག་པས་ན། དཔག་བསམ་འཁྲི་ཤིང་ལས། མ་གོམས་པ་ཡིས་རིག་པ་འཇོམས། །རྒྱགས་པ་རྒྱས་པས་དཔལ་འབྱོར་འཇོམས། །རྣམ་སྡང་གིས་ནི་ལེགས་ཉིད་འཇོམས། །ཆགས་པས་ཡང་དག་མཐོ་བ་འཇོམས། །ཞེས་སྨྲེང་ངོ་། །དེ་ལ་སྔོན་བསོད་ནམས་མ་བསགས་པ་རྣམས་ནི་མི་ཁོམ་པའི་གནས་སུ་འགྲོ། གལ་ཏེ་མི་ལུས་ཐོབ་ཀྱང་དེའི་རྣམ་པར་ཤེས་པ་ཆོས་ཀྱི་ཕྱོགས་སུ་ནི་མུན་སྲོས་པ་ལྟ་བུ་ལ། ཆོས་མ་ཡིན་པའི་ཕྱོགས་ལ་ཕྲ་རྒྱས་མཐའ་དག་ཚོགས་པས་ནི་རིག་པ་འཇོམས་ཤིང་འོང་ངོ་། །ལ་ལ་དད་པ་ཅུང་ཟད་ཡོད་ཀྱང་ནད་དང་། གནོད་པ་ལ་སོགས་པའི་འགལ་རྐྱེན་ལྡང་ཞིང་། ཉེ་དུ་དང་། འབྲེལ་བ་ཅན་དང་། སྡིག་གྲོགས་དང་།


JL00_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་པའི་བཤེས་གཉེན་གྱིས་བསླད་ནས་ཚེ་འདིའི་འདོད་པའི་ཕྱོགས་སུ་སྦྱོར། མདོར་ན་ནོར་དང་ལོངས་སྤྱོད་ལ་ཤིན་ཏུ་ཆགས་པ་དང་། ཆོས་དང་འགལ་བའི་ལས་གཙོ་བོར་བྱེད་ཅིང་། དེ་ལ་འགྱོད་པ་མེད་པས་ནི་ཡང་དག་མཐོ་བ་འཇོམས་ཤིང་འོང་ངོ་། །ཕྲག་དོག་དང་། འགྲན་སེམས་ཆེ་བ་དང་།་ ང་རྒྱལ་གྱི་རྒྱུད་རེངས་པ་དང་། རིགས་གཟུགས་དང་། དབང་ཕྱུག་གིས་རྒྱགས་པས་ནི་དཔལ་འབྱོར་འཇོམས་ཤིང་འོང་ངོ་། །བསམ་པ་བཟང་པོ་རྣལ་དུ་མི་གནས་པས་ཀུན་ལ་མནར་སེམས་པ་དང་ལྡན་ཞིང་བྱ་དང་རི་དྭགས་ཡན་ཆད་ལ་གནོད་པ་བྱེད་པ་ནི་བསོད་ནམས་ཉམས་པའི་རྒྱུ་མ་ནོར་བ་ཡིན་པས་ལེགས་ཚོགས་ཐམས་ཅད་འཇོམས་ཤིང་འོང་ངོ་། །མདོར་ན་ཐོས་བསམ་བསྒོམ་གསུམ་བྱས་ཀྱང་ཉོན་མོངས་པའི་གྲོགས་སུ་སོང་བ་དང་། ཚོགས་གསོག་བག་རེ་ཙམ་བྱེད་ཀྱང་གྲགས་པ་ལ་གཙོ་བོར་བརྟེན་པའམ་རྐྱེན་བཟློག་འབའ་ཞིག་ལ་དམིགས་པ་དང་། ཞི་བདེ་དང་། ལྷ་མིའི་བདེ་འབྲས་ལ་དམིགས་པ་དང་། སྡིག་པའི་གཡོས་དང་འདྲེས་པ་དང་། ཡང་ན་ཞིང་མ་དག་པ་སྡིག་སྤྱོད་ཀྱི་རྒྱལ་པོ་དང་། ལོག་ལྟ་ཅན་དང་། སེམས་ཅན་མནར་ཞིང་སྡེ་འཁྲུག་བྱེད་པའི་གནས་བརྟན་གྱི་ཕྱོགས་སུ་གཏོང་བ་ལ་དགའ་བ་རྣམས་ནི་སྔོན་བསོད་ནམས་མ་བསགས་པའི་རྟགས་ཏེ། དེ་ལས་ལོག་ནས་ལས་དང་། ཉོན་མོངས་པ་དང་། སྡིག་པའི་སེམས་ཀྱིས་རྣམ་པར་མ་དཀྲུགས་ཤིང་། ཕྱི་ནང་གི་བར་ཆད་ཉུང་བ། དགེ་བ་བྱེད་ཀྱང་རྣམ་པར་དཔྱོད་པའི་ཤེས་རབ་དང་ལྡན་པས་བློ་བཀོལ་དུ་བཏུབ་པ་རྣམས་བསོད་ནམས་བསགས་པའི་རྟགས་ཡིན་ནོ། །ཞེས་སྟོན་པའི་ཕྱིར། མ་བསྒོམས་པས་ནི་རིག་པ་འཇོམས་ཤིང་འོང་། །རྒྱགས་པ་རྒྱས་པས་དཔལ་འབྱོར་འཇོམས་ཤིང་འོང་། །རྣམ་པར་སྡང་བས་ལེགས་ཚོགས་འཇོམས་ཤིང་འོང་། །ཆགས་པས་


JL00_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་མཐོ་བ་འཇོམས་ཤིང་འོང་། །གང་ཕྱིར་ལས་དང་ཉོན་མོངས་སྡིག་པ་ཡིས། །རྣམ་པར་དཀྲུགས་པ་མ་ཡིན་བློ་གྲོས་ནི། །ཤེས་རབ་མཐུ་དང་སྐལ་བས་བཀོལ་བཏུབ་པ། །བསོད་ནམས་བསགས་པའི་རྟགས་སུ་རྒྱན་ལས་བཤད། །ཅེས་ལུང་གི་ཁུངས་དང་བཅས་མུ་སྦྲེལ་བའོ། །དེ་ལ་བསོད་ནམས་དག་གིས་རྒྱུ་མཐུན་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་ཁྱད་ཆོས་ཡིན་ན་སེམས་ཅན་གང་དག་གོ་འཕང་ཁྱད་པར་ཅན་དོན་དུ་གཉེར་བ་རྣམས་ལ་སྨོས་ཅི་འཚལ། དེའང་འདི་ལྟར་སྐྱེས་རབས་ལས། རྒྱལ་པོ་གསལ་བའི་སྟོབས་ཞེས་བྱ་བ་ལ་བུ་གཟུགས་སྟོབས་དང་། བརྩོན་འགྲུས་ལྡན་དང་། བཟོ་ལྡན་དང་། ཤེས་རབ་ལྡན་དང་། བསོད་ནམས་སྟོབས་ཞེས་རང་རང་གི་ཡོན་ཏན་གྱི་ཆ་ལས་མིང་བཏགས་པ་ལྔ་ཡོད་པ་ལས། ལྔ་ག་སོ་སོའི་ཡོན་ཏན་གྱི་ཕྱོགས་འཛིན་ཅིང་བསྔགས་པ་བརྗོད་དོ། །དེའི་ཚེ་ཐ་ཆུང་བསོད་ནམས་སྟོབས་ཀྱིས་སྨྲས་པ། ཤེས་རབ་དང་བྲལ་བའི་གཟུགས་དང་། བཟོ་དང་། བརྩོན་འགྲུས་ཐམས་ཅད་ནི་ཉམས་སུ་ཕན་པ་མ་ཡིན་ལ། ཤེས་རབ་ཀྱིས་ཟིན་པ་ནི་ཡོངས་སུ་ཕན་པས་བདེན་མོད་ཀྱིས་འོན་ཀྱང་ཤེས་རབ་དེ་ཡང་བསོད་ནམས་མེད་པར་ཐོབ་པ་མ་ཡིན་ཏེ། དེ་བས་ན་བསོད་ནམས་ཕན་པ་ཡིན་ནོ། །ཞེས་དང་། བསོད་ནམས་ཀྱིས་ནི་བྱད་གཟུགས་ཐོབ། །བསོད་ནམས་ཀྱིས་ནི་ཚུལ་ཁྲིམས་ལྡན། །བསོད་ནམས་དག་གིས་དཔལ་ཐོབ་ཅིང་། །དེ་བཞིན་ལོངས་སྤྱོད་ཅན་དུ་འགྱུར། །བསོད་ནམས་དག་གིས་ཤེས་རབ་ཐོབ། །བསོད་ནམས་དག་གིས་ཡིད་གཞུངས་ཐོབ། །བསོད་ནམས་དག་གིས་བཟང་འཕྲོ་ཐོབ། །ཞེས་པ་ལ་སོགས་འཁོར་འདས་ཀྱི་ལེགས་ཚོགས་བསོད་ནམས་ཀྱི་མཐུར་བརྗོད་


JL00_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་མཆེད་ཟླ་རྣམས་རང་རང་གི་ཕྱོགས་འཛིན་པ་ལས་དེ་དེ་ལྟར་ཁས་མི་ལེན་ཏོ། །དེ་ནས་དེ་དག་རང་རང་གི་ཡོན་ཏན་གྱི་སྟངས་ཕྱེད་པའི་ཕྱིར་རྒྱལ་བུའི་ཆ་ལུགས་མི་མངོན་པར་བྱས་ནས་ཡུལ་ཁམས་གཞན་དུ་དོང་བ་ལས། གཞོན་ནུ་གཟུགས་དང་ལྡན་པ་ནི་མཐོང་ན་ཡིད་དུ་འོང་བས་བསྡུས་པའི་སྐྱེ་བོ་དག་གིས་ལོངས་སྤྱོད་ཙམ་གྱིས་འཚོའོ། །བརྩོན་འགྲུས་ལྡན་ནི་ཆུ་ཀླུང་ཤུགས་དྲག་པོས་ཙན་དན་གྱི་ཤིང་ཁྱེར་བ་གཞན་དག་གིས་བླང་བར་མི་ནུས་པ་བརྩོན་འགྲུས་ཀྱི་སྟོབས་ཆེན་པོས་དྲངས་པ་ལས་བྱུང་བའི་ལོངས་སྤྱོད་ཙམ་གྱིས་འཚོའོ། །བཟོ་དང་ལྡན་པ་ནི་དེ་ལས་གླ་རྔན་ཐོབ་པའི་ལོངས་སྤྱོད་ཙམ་གྱིས་འཚོའོ། །ཤེས་རབ་ལྡན་གྱིས་ནི་ཚོང་དཔོན་གཉིས་འཁོན་པ་ཐབས་ལ་མཁས་པས་འདུམས་པར་བྱས་པའི་རྙེད་པ་ཙམ་གྱིས་སོ། །བསོད་ནམས་སྟོབས་ནི་དབུལ་པོ་ཞིག་གི་ཁྱིམ་དུ་ཞུགས་པ་ན། དེའི་བསོད་ནམས་ཀྱི་མཐུ་ལས་ཁྱིམ་དེར་ནོར་དང་། འབྲུ་དང་། གསེར་དང་། དངུལ་མང་པོ་བྱུང་བས། དབུལ་པོའི་བསམ་པ་ལ་འདི་ནི་སྔོན་མ་འདྲེས་པའི་སྐྱེས་བུ་འདི་བདག་གི་ཁྱིམ་དུ་འོངས་པའི་མཐུར་གདོན་མི་ཟའོ་སྙམ་ནས་གཞོན་ནུ་ལ་གུས་པར་བལྟས་ཤིང་བཀུར་སྟི་རྒྱ་ཆེན་པོ་ཡང་བྱས་སོ། །དེ་དག་ལ་སོགས་པའི་གྲགས་པས་ཀུན་ཏུ་ཁྱབ་པའི་དུས་རེ་ཞིག་ན་ཡུལ་དེའི་རྒྱལ་པོ་ལ་བུ་མེད་ནས་རབས་ཆད་དུ་ཉེ་བ་ན། བཙུན་མོ་དང་། བློན་པོ་དང་། གྲོང་ཁྱེར་གྱི་གཙོ་བོ་རྣམས་འདུས་ནས་གང་བསོད་ནམས་ཀྱིས་ཆེ་བ་ཞིག་རྒྱལ་པོར་དབང་བསྐུར་རོ་ཞེས་བགྲོས་པ་ན། དེ་ནི་དེ་ཉིད་དུ་རིག་ནས་རྒྱལ་པོར་དབང་བསྐུར་རོ། །དེའི་བསོད་ནམས་དང་བྱེད་པ་ལྷན་ཅིག་པས་མངའ་རིས་དེ་བདེ་བའི་གནས་ལ་ཡང་རེག་གོ །དེ་རང་གི་ཕ་རྒྱལ་པོས་ཀྱང་ཐོས་ནས་དེའི་ཡང་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་གཞོན་ནུ་བསོད་ནམས་སྟོབས་


JL00_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་གོ །རྒྱུ་དེས་ན་འཇིག་རྟེན་ན་བསོད་ནམས་ལས་ཉམས་སུ་ཕན་པ་གང་ཡང་མེད་པས་ཡུལ་ཁྱད་པར་ཅན་ལ་བསྟེན་ནས་བསོད་ནམས་བསག་པ་ལ་བརྩོན་པར་བྱ་སྟེ། མཐོང་བའི་ཆོས་ལ་འབྲས་བུ་སྨིན་པའི་ཕྱིར་རོ། །དེ་གང་ཞེ་ན། སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་ལེན་པ་ན། གྲོང་ཁྱེར་པ་ཏ་ལི་པུ་ཏྲར། རྒྱལ་པོ་མྱ་ངན་མེད་ཅེས་བྱ་བ་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་བཞི་ཆ་ལ་དབང་བྱེད་པ། དང་པོར་བསོད་ནམས་མ་ཡིན་པའི་ལས་ལ་དགའ་ཞིང་། ཕྱི་ནས་བསོད་ནམས་ལ་གུས་པ་ལྷུར་བྱེད་པ་ཞིག་བྱུང་ངོ་། །དེས་ནོར་གྱི་དོན་དུ་ཚོང་པ་ལྔ་བརྒྱ་རྒྱ་མཚོར་ནོར་བུ་ལེན་པ་ལ་མངགས་སོ། །དེ་དག་གིས་ཀྱང་རྒྱ་མཚོར་ཕྱིན་ནས་རིན་པོ་ཆེ་དང་། གསེར་དང་། དངུལ་དང་། རྡོ་རྗེ་དང་། བཻ་ཌཱུརྱ་དང་། ཤང་ཀ་ཤི་ལ་དང་། བྱེ་རུ་ལ་སོགས་པས་གྲུ་བོ་ཆེ་བཀང་ཏེ་འཛམ་བུའི་གླིང་གི་ཕྱོགས་སུ་ཆས་པ་དང་། རྒྱ་མཚོའི་དཀྱིལ་དུ་ཀླུས་གྲུ་བོ་ཆེ་བཅོམ་ཏེ་ཚོང་པ་དེ་དག་ནི་སྲོག་གི་ལྷག་མ་ཙམ་དང་བཅས་ཏེ་འོང་ངོ་། །རྒྱལ་པོ་ནི་འདོད་པའི་རྒྱུས་སྐྱེད་མོས་ཚལ་བྱི་དོར་བྱས་ཤིང་རྒྱན་གྱིས་བརྒྱན། ནོར་བུའི་རིགས་རྣམས་དགྲམ་པའི་གནས་རྒྱ་ཆེན་པོ་སྟ་གོན་བྱེད་ཅིང་གྲོང་ཁྱེར་གྱི་སྐྱེ་བོའི་ཚོགས་ཐམས་ཅད་ཀྱང་ནོར་བུ་བལྟ་བ་ལ་འདུས་སོ། །དེའི་ཚེ་ཚོང་པ་རྣམས་ནི་སྟོད་གཡོགས་གཅིག་པུ་ལས་མི་ལྡན་པས་ཉམ་ཐག་པའི་རང་བཞིན་དུ་འོངས་ནས་རྒྱལ་པོ་ལ་དེའི་རྒྱུ་སྨྲའོ། །དེར་དགེ་སློང་དབང་པོ་ཞེས་བྱ་བས། རྒྱལ་པོ་ལ་བསླབས་པ་བཞིན་ཟངས་མའི་བྱང་བུ་ལ། ས་འདི་རྒྱ་མཚོས་གཏུགས་པར་སྐྱོང་། །རྒྱལ་པོ་སྟོབས་ལྡན་མྱ་ངན་མེད། །རབ་ཏུ་དྲག་ཅིང་བཙན་པ་ཡི། །ནོར་ཁྱེར་མཚོར་གནས་གང་ཡིན་པ། །དེ་དག་འདིར་ནི་མྱུར་བ་རུ། །ང་ཡི་དྲུང་དུ་བསྐྱལ་བར་གྱིས། །ཞེས་


JL00_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་གེར་བྲིས་ཏེ་རྒྱ་མཚོ་ལ་བསྐྱུར་བས་ཀླུ་ནི་རྒྱལ་པོའི་ཚིག་ལ་མ་རངས་ནས་བྱང་བུ་དེ་སླར་འཛམ་བུའི་གླིང་དུ་བསྐྱུར་རོ། །དེར་ཕོ་ཉས་རྒྱལ་པོ་ལ་སྐབས་དེ་བསྙད་པ་དང་། རྒྱལ་པོ་མྱ་ངན་མེད་སེམས་ཁོང་དུ་ཆུད་ནས་ཐབས་བསམ་པར་བྱེད་དོ། །དེའི་ཚེ་ནམ་མཁའི་ལྷས། ལྷ་མིའི་མཆོད་སྡོང་དེ་བཞིན་གཤེགས་པའི་སྐུ་གདུང་ལ་མཆོད་པ་བྱས་ན་དེས་བསོད་ནམས་འཕེལ་ནས་ཁྱོད་ཀྱི་དགོས་པ་འགྲུབ་པར་འགྱུར་གྱིས། གཞན་རིག་སྔགས་དང་སྨན་སྦྱོར་གང་གིས་ཀྱང་ནུས་པས་མ་ཡིན་ནོ། །ཞེས་པའི་དོན་ཚིགས་སུ་བཅད་དེ་སྨྲས་པས་རྒྱལ་པོ་སྐྲ་བཀྲུས། གོས་དཀར་པོ་བགོས། དྲི་དང། མེ་ཏོག་གི་ཕྲེང་བ་ལ་སོགས་པ་ཐོགས་ནས་ཕྱོགས་བཅུའི་རྫུ་འཕྲུལ་ཐབ་པ་རྣམས་ལ་གསོལ་བ་འདེབས་པ་དང་སྤྱན་འདྲེན་པའི་གདུང་དབྱངས་ཆེན་པོ་བྱེད་པ་ན། དེ་མ་ཐག་ཏུ་ཕྱོགས་ཕྱོགས་ནས་དགྲ་བཅོམ་པ་སྟོང་ཕྲག་དྲུག་ཅུ་འདུས་པར་གྱུར་ཏོ། །དེར་རྒྱལ་པོས་དེ་བཞིན་གཤེགས་པའི་སྐུ་གདུང་ལ་སྤོས་དང་། མེ་ཏོག་དང་། དྲི་དང་། བྱུག་པ་ལ་སོགས་པས་མཆོད་པ་རྒྱ་ཆེན་པོ་དང་། བསྟོད་པ་ཚིགས་སུ་བཅད་པ་བྱས་ཤིང་། དགེ་སློང་གི་དགེ་འདུན་རྣམས་ལའང་གདུགས་ཆོད་དྲངས་ནས་མཆོད་དོ། །དེའི་ཚེ་རྒྱལ་པོ་ལ་ཚེ་དང་ལྡན་པ་དབང་པོས་སྨྲས་པ། རྒྱལ་པོ་ཆེན་པོ་དང་པོ་ནི་ཁྱོད་ཀྱི་གཟུགས། །གཉིས་པ་ནི་ཀླུའི་གཟུགས་ཏེ། གཟུགས་ལེགས་པ་གཉིས་མཛོད་ལ་གསེར་གྱི་སྣོད་ཆེན་པོའི་ནང་དུ་དེ་གཉིས་ཞོ་གཅིག་དང་། བསོད་ནམས་ཀྱི་ཁྱད་པར་མངོན་སུམ་དུ་གཟིགས་པར་འགྱུར་རོ། །རྒྱལ་པོས་ཀྱང་དེ་བཞིན་དུ་བྱས་ཏེ་རེ་ཞིག་ནས་བལྟས་པ་དང་། ཀླུའི་གཟུགས་ནི་འདུག །རྒྱལ་པོའི་གཟུགས་ནི་ཀླུ་ལ་ཕྱག་བྱེད་པར་མཐོང་ངོ་། །དེར་ཚེ་དང་ལྡན་པ་དབང་པོས་སྨྲས་པ། རྒྱལ་པོ་


JL00_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་ད་དུང་བསོད་ནམས་ཀྱི་རྒྱུ་ལ་འབད་པར་མཛོད་ཅིག་དང་། ཉི་མ་རེ་རེ་བཞིན་ཁྱད་པར་གཟིགས་པར་འགྱུར་རོ། །ཞེས་སྨྲས་པས། རྒྱལ་པོས་ཀྱང་དེ་བཞིན་གཤེགས་པའི་སྐུ་གདུང་དང་། དགེ་སློང་གི་དགེ་འདུན་རྣམས་ལ་སྔར་བཞིན་དུ་མཆོད་པ་རྒྱ་ཆེན་པོ་བསྟབས། ཆོས་ཀྱང་གུས་པར་ཉན་པ་དེ་ལྟ་དེ་ལྟར་རྒྱལ་པོའི་གཟུགས་ལངས་པ་ལ་ཀླུའི་གཟུགས་ཕྱག་བྱེད་པར་གྱུར་ཏོ། །མཐར་ཀླུའི་གཟུགས་དེ་ཡན་ལག་ཐམས་ཅད་ཀྱིས་རྒྱལ་པོའི་གཟུགས་ལ་ཕྱག་བྱེད་པར་གྱུར་པས་རྒྱལ་པོ་ཡིད་རབ་ཏུ་དགའ་ནས་སྨྲས་པ། ཀྱེ་མ་དཀོན་མཆོག་གསུམ་མཆོད་པའི། །འབྲས་བུ་ཅི་འདྲ་འདི་ལ་གཟིགས། །རྒྱ་མཚོའི་ནང་ན་གནས་པའི་ཀླུ། །བདག་གིས་བཏུལ་ཞིང་འདི་དབང་བགྱིས། །བློ་གྲོས་ཆུང་བའི་མི་རྣམས་ཀྱང་། །སུ་ཞིག་སངས་རྒྱས་མཆོད་མི་བགྱིད། །གང་ཞི་འབྲས་བུ་འཕྲལ་བསྐྱེད་ལ། །སུ་ཞིག་ཡིད་ཀྱིས་སེམས་མ་བགྱིད། །བདག་ཉིད་ཆེ་བ་ཐོབ་འདོད་པའི། །ལྷ་རྣམས་དང་ནི་མི་རྣམས་ཀྱིས། །རྫོགས་པའི་སངས་རྒྱས་ཡང་དག་མཆོད། །སྐྱེ་བ་ཟད་ཅིང་ཡང་སྲིད་མེད། །ཅེས་སྨྲའོ། །དེར་ཚེ་དང་ལྡན་པ་དབང་པོས་རྒྱལ་པོའི་བསོད་ནམས་སྟོབས་སུ་གྱུར་པས་སྐབས་ལ་བབ་པར་ཤེས་ནས་རྒྱལ་པོ་ཆེན་པོ། ད་ནི་ཟངས་མའི་ཡི་གེ་ཀླུ་ལ་སྤྲིང་བའི་དུས་ལ་བབ་བོ་ཞེས་བསྐུལ་བས། རྒྱལ་པོས་སྔར་བཞིན་དུ་སྦྲིང་ཡིག་རྒྱ་མཚོ་ལ་བསྐྱུར་བའི་ཕོ་ཉ་མངགས་པ་དང་། ཀླུའི་རྒྱལ་པོས་ཡི་གེ་དེ་སྤྱི་བོས་བླངས་ཤིང་། སྔར་གྱི་རིན་པོ་ཆེ་རྣམས་བསྐུར་བར་ཁས་བླངས་སོ། །དེར་རྒྱལ་པོས་ཚོང་པ་རྣམས་གཏོང་བར་བསྡོགས་པ་ན། གནས་བརྟན་དབང་པོས་བསྒོས་པ་བཞིན། ཟངས་མའི་བྱང་བུ་ལ། འཛམ་བུའི་གླིང་གི་དབང་ཕྱུག་དམ་པའི་བཀའ་བཅག་པའི་ཆད་པར་རང་རང་གི་


JL00_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲག་པ་ལ་ཁུར་ལ་འདིར་སྐྱོལ་ཅིག་བྱ་བ་བྲིས་ནས་སྤྲིངས་པས། ཡི་གེ་མཐོང་མ་ཐག་ཀླུའི་རྒྱལ་པོ་སྐྲག་པར་གྱུར་ནས། ལྷ་དེ་ལྟ་ན་གདུགས་བདུན་ན་འཚལ་ལ་མཆིའོ། །ཞེས་ཁས་བླངས་ཏེ་གྲོང་ཁྱེར་གྱི་སྐྱེ་བོའི་ཚོགས་མཐའ་དག་འདུས་པའི་དབུས་སུ་རྒྱལ་པོ་སེང་གེའི་ཁྲི་ལ་འདུག་པ་ལ། ཀླུའི་རྒྱལ་པོ་འཁོར་དང་བཅས་པ་མིའི་ཆ་བྱད་དུ་སྤྲུལ་ཏེ། ནོར་བུ་རྣམས་ཕྲག་པ་ལ་བཀལ་པའི་ཁུར་ཕོག་རྒྱལ་པོའི་རྐང་པ་གཉིས་ལ་ཕྱག་བྱས་སོ། །དེ་ལ་བཅོམ་ལྡན་འདས་ཀྱི་བཀའི་ཡོན་ཏན་རྗེས་སུ་བརྗོད་པ། བསོད་ནམས་མེ་ཡིས་མི་འཆི་ཀ་སྟེ། །རླུང་གིས་འཇིགས་པར་མི་འགྱུར་རོ། །བསོད་ནམས་ཆུ་ཡིས་འཇུ་མི་འགྱུར། །ས་བཞིན་དུ་ནི་ཁྱེར་མི་འགྱུར། །རྒྱལ་པོ་དང་ནི་ཆོམ་རྐུན་གྱིས། །འཕྲོག་ཏུ་མེད་པར་བསོད་ནམས་གནས། །སྐྱེས་པ་དང་ནི་བུད་མེད་ཀྱིས། །འཕྲོག་པར་ནུས་པ་མ་ཡིན་ནོ། །བསོད་ནམས་བདེ་བ་བསྐྱེད་པའི་གཏེར། །འདིར་ནི་ལུས་པར་མི་འགྱུར་ཏེ། །གང་དང་གང་དུ་སྐྱེས་པ་རུ། །དེ་དང་དེར་ནི་རྗེས་སུ་འབྲང་། །ཞེས་སོ། །དེ་ལྟར་བསོད་ནམས་འབའ་ཞིག་ལ་གུས་པར་བལྟ་བའང་གནས་སྐབས་ཀྱི་བདེ་སྐྱིད་ལ་དམིགས་པ་ཅན་མ་ཡིན་པར་ཆོས་ལ་སེམས་པའི་སྙིང་སྟོབས་རྒྱ་ཆེན་པོ་བསྐྱེད་དགོས་པའི་ཚུལ། ཆོས་ལ་སེམས་པའི་གོ་ཆ་རྣམ་པར་སྲ། །ཟབ་རྒྱས་ཆོས་ཁམས་རྒྱ་མཚོ་དབང་པོའི་མཚོན། །བདུད་པར་བློ་ཡི་སྤོབས་སམ་མི་སྤོབས་ཀུན། །སྙིང་སྟོབས་གཉེན་པོའི་དབང་དུ་གཏོང་བ་རྣམས། །ལམ་མི་འཆག་པར་ཕྱིན་དྲུག་སྟེང་དུ་འགྲོ། །བདག་ཅག་གི་སྟོན་པས་ཀྱང་བྱང་ཆུབ་ཆེན་པོའི་ལམ་ལ་ཐུགས་བསྐྱེད་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསག་པའི་སླད་དུ་དཀའ་བ་སྤྱད་དེ་ཡེ་ཤེས་དམ་པའི་ཚོགས་ཀྱི་ཕ་རོལ་དུ་ཕྱིན་ནས་མངོན་པར་སངས་རྒྱས་ཏེ་སེམས་ཅན་ཐམས་ཅད་


JL00_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་མགོན་པོར་གྱུར་པ་ཡིན་ན། བདག་ཅག་ཀྱང་གོ་འཕང་དེ་བསྒྲུབ་པ་ལ་དོན་མཐུན་པའི་ཕྱིར། བདེ་སྡུག་དང་། རྐྱེན་བཟང་ངན་ཅི་བྱུང་ཡང་། འཆི་བ་སྲོག་ལ་བབ་ཀྱང་། མི་རྒོད་དང་གཅན་གཟན་གྱིས་གཏུགས་ཀྱང་། ཚོང་པ་ཡུལ་ངན་ལ་མི་འཛེམས་པའམ། དེད་དཔོན་རྒྱ་མཚོ་ལ་ཞུགས་པ་བཞིན་རྐྱེན་ཐོག་ཏུ་མི་འཚེར་བའི་སྙིང་སྟོབས་ཀྱི་གོ་ཆ་གྱོན་ནས། ཟབ་པའི་ཆོས་རྒྱ་མཚོ་ལྟ་བུའམ་རྒྱ་ཆེ་བའི་ཆོས་ནམ་མཁའ་ལྟ་བུ་གང་ཡང་རུང་སྟེ། གཉིས་ཀའི་ཕྱོགས་ལ་སེམས་ཞུམ་པ་དང་། བརྟུལ་ཞུགས་དམན་པའི་ཉེས་དམིགས་མཐའ་དག་བཀག་ནས། འདི་ལྟར་ལྷའི་དབང་པོའི་གཞུ་ནི་གླིང་བཞི་པའི་གྱད་སྟོབས་པོ་ཆེས་ཀྱང་བདུད་པར་སྤོབས་པ་མ་ཡིན་ཀྱང་མི་ནུས་སོ་སྙམ་པས་སེམས་ཟིལ་གྱིས་ནོན་པ་ཚར་བཅད་དེ་སྙིང་སྟོབས་ཀྱི་གཉེན་པོ་བསྟེན་པ་དཔེར་ན་དེད་དཔོན་སློང་ལྡན་གྱིས་ནོར་བུའི་སླད་དུ་རྒྱ་མཚོ་སྐེམས་པར་འདོད་ནས་སྙིམ་པའི་ཆུ་ཕྱགས་འདེབས་པ་ལ་བརྟུན་པ་མི་ལྷོད་པའི་སྙིང་སྟོབས་ལ་རྒྱ་མཚོའི་ཀླུ་ཡང་སྐྲག་ནས་ནོར་བུ་བྱིན་པ་ལྟ་བུའི་གང་ཟག་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྟེང་དུ་ལམ་མི་འཆག་ཏུ་འགྲོ་བ་ཡིན་ནོ། །དེ་ཡི་མཐུན་ཕྱོགས་ཡན་ལག་བདུན་པ་དང་། །ཆུ་གཏོར་ལ་སོགས་བསག་སྦྱང་མཐའ་དག་ཡིན། །མི་མཐུན་ཕྱོགས་ཀྱིས་དེ་ལ་མི་བརྫི་ཞིང་། །ལམ་དུ་འགྲོ་བ་བསོད་ནམས་དག་ལ་བསྟེན། །འདི་ནི་སྐྱེས་བུ་ཆེན་པོའི་ལམ་སྟེགས་ཡིན། །དེ་ལ་ཕ་རོལ་ཕྱིན་པ་དྲུག་ནི་ཐེག་པ་ཆེན་པོའི་གཞུང་ལམ་ཡིན་ལ། ཕྱོགས་བགྲོད་པར་བྱེད་པ་ལའང་བཟའ་བཏུང་དང་། ཁམས་གསོ་བའི་ཐབས་དང་། དགྲ་རྐུན་གྱི་འཚེ་བ་སྐྱོབ་པའི་ཆོ་ག་དུམ་འདུ་བྱེད་པ་བཞིན། འདིར་བསོད་ནམས་ཀྱི་བྱ་བའི་ཡན་ལག་སྐྱབས་སུ་འགྲོ་


JL00_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་། ཡན་ལག་བདུན་པ་དང་། མཎྜལ་དང་། ཆུ་གཏོར་ལ་སོགས་པ་བསག་སྦྱང་རྒྱ་ཆེན་པོ་མངོན་པར་འདུ་བྱེད་དགོས། དེ་ལ་བསོད་ནམས་བསོག་པའི་བློ་རེ་སྐྱེས་ཤིང་། བསོད་ནམས་ཀྱི་འབྲས་བུ་བསླུ་བ་མེད་པ་ལ་ཡིད་ཆེས་ན། འབྱོར་བ་དང་ལོངས་སྤྱོད་ཀྱི་ཉོན་མོངས་སོ་ཟེར་བ་དག་ལའང་མིར་གྱུར་པའི་ལུས་རྟེན་ཡོད་ཅིང་། དེའི་འདུ་འགོད་ལས་བོད་འདིར་ཆུ་གཙང་མ་གཅིག་པུ་ལ་བརྟེན་ནས་ཞིང་དག་པ་ལ་བསམ་པ་རྒྱ་ཆེན་པོས་མཆོད་སྦྱིན་བགྱིས་པའི་བསོད་ནམས་གཅིག་པུས་ཀྱང་ཆོ་ག་སྟེ། རྒྱ་གར་སོགས་སུ་ས་དྲོད་བདོ་བས་ཆུ་རྙོག་པ་ཅན་འབའ་ཞིག་ལས་གཙང་མར་གྱུར་པ་གང་རུང་རུང་རྙེད་པ་མ་ཡིན་ནོ། །དེས་ན་རྫས་དང་ཡོ་བྱད་ལ་མ་ཐོགས་རང་གི་དད་པ་དང་བརྩོན་འགྲུས་ལ་ཐོགས་པ་འདི་སྐྱོན་ཅན་དུ་བལྟས་ནས། གཞན་གྱི་དགེ་བ་ལ་རྗེས་སུ་ཡི་རང་བ་བསྐྱེད་པ་དང་། བདག་པོས་མ་བཟུང་བའི་མེ་ཏོག་དང་། འབྲས་བུ་ལ་སོགས་པས་མཆོད་པ་དང་། ལུས་བཀོལ་ནས་མཆོད་ཡོན་འབུལ་བ་དང། མེ་ཏོག་དང་། གཙུག་ལག་ཁང་གི་སྐྱེད་ཚལ་གསོས་གདབ་པ་དང་། སྐམ་སར་ཉམས་ཉེས་པའི་ཉ་ལ་ཆུ་སྦྲེང་བ་དང་། རྫིང་བུ་དང་། སྟེང་ཀ་ལ་སོགས་པ་གནོད་པའི་ཡུལ་དུ་གྱུར་ནས་སྲོག་ཆགས་ཕྲ་མོ་སྲོག་གི་འཇིགས་པས་བརྟབས་ཤིང་སྐྲག་པ་ལ་མི་འཇིགས་པའི་སྦྱིན་པ་བསྩལ་བ་དང་། རྒྱུད་ལས། ཨོཾ་ཛྙཱ་ན་ཨ་བ་ལོ་ཀི་ཏེ་ན་མས་མནྟ་སྥ་ར་ཎ་རསྨི་བྷ་བ་ས་མ་ཡ། མ་ཧཱ་མ་ཎི། དུ་རུ་དུ་རུ། ཧྲྀ་ད་ཡ་ཛ་ལ་ནི་ཧཱུཾ། འབབ་ཆུའམ་རྒྱ་མཚོའི་འགྲམ་དུ་འདུག་སྟེ་ལག་པ་གཡས་པའི་ཁྱོར་བར་ཆུ་བླུགས་ལ། ཡེ་ཤེས་སྐར་མདའི་སྙིང་པོ་འདི་ལན་བདུན་བཟླས་ཏེ། ཆུ་ཁྱོར་བ་བདུན་འབབ་ཆུར་གཏོར་ན་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་པའི་ཡི་དྭགས་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ལྷའི་ཞལ་ཟས་ཀྱི་རོ་དང། བཏུང་


JL00_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རོ་མཆོག་དང་ལྡན་པ་ཐོབ་ཅིང་། ཡི་དྭགས་རེ་རེའང་ཁ་ཟས་དང་བཏུང་བ་ཡུལ་མ་ག་དྷའི་བྲེ་བདུན་བདུན་གྱིས་འཚོ་བར་བྱས་པར་འགྱུར་ཞིང་། ཆུ་དེ་འཐུངས་པ་ཙམ་གྱིས་དེ་དག་ཐམས་ཅད་ཡི་དྭགས་ཀྱི་སྐྱེ་གནས་ལ་ཐར་ཞིང་བདེ་འགྲོ་མཐོ་རིས་ཀྱི་གནས་སུ་སྐྱེ་བར་འགྱུར་རོ། སྐྱེས་པའམ། བུད་མེད་དམ། ཁྱེའུ་འམ། བུ་མོའམ། གཞན་ཡང་བྱོལ་སོང་གི་སྐྱེ་གནས་སུ་གཏོགས་པ། ཡི་དྭགས་སམ། བྱའམ། ཆུ་ལ་གནས་པ་ལ་སོགས་པ་གང་གིས་ཆུ་དེ་འཐུངས་པ་དེ་དག་ཐམས་ཅད་སྡིག་པ་དང་། སྒྲིབ་པ་ཐམས་ཅད་བྱང་ནས་བདེ་འགྲོའི་ལམ་དུ་འགྲོ་བར་འགྱུར་རོ། །ཞེས་དང་། དེ་བཞིན་དུ་ཟན་འབྲུལ་ལ་བརྟེན་ཅིང་ཡོངས་སུ་གྲགས་པ། གཟུགས་ལེགས་ཞེས་བྱ་བའི་གཟུངས་སུ་རཱུ་པ་དང་། གྲོང་ཁྱེར་སེར་སྐྱར་ཀུན་དགའ་བོ་ལ་གསུངས་པ་རྒྱ་ཆེན་ཤུགས་ལྡན་དངགཅུང་དགའ་བོ་ལ་གསུངས་པ་ཁ་ལ་མེ་འབར་མའི་གཟུངས་མཚན་བཞིའི་ཕན་ཡོན་དང་འབྲེལ་བ་དང་། མཆོག་ཟུང་ལ་གསུངས་པ་འཇུར་གེགས་ཀྱི་གཟུངས་ལ་སོགས་མདོར་ན་འབད་པ་དང་རྒྱུ་ཚོགས་ཆུང་ངུ་ལ་བརྟེན་པ་བགྲང་གིས་མི་ལྡང་བ་དང་། དེ་བཞིན་དུ་ཟག་པ་ལུས་སྦྱིན་དང་། གཙུག་ལག་ཁང་དང་། ལམ་སྲང་ལ་བྱི་དོར་བྱེད་པ་སོགས། དེ་བཞིན་གཤེགས་པས་ཀྱང་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བར་ཕྱག་དར་མཛད་ན། བདག་ཅག་གི་བློ་བཀོལ་དུ་མ་བཏུབ་པས་བསོད་ནམས་ཀྱི་འཕེལ་ཀ་བྲི་བ་སྟེ། བློ་ལས་སུ་རུང་བའི་ཚེ་བསམ་པ་རྒྱ་ཆེན་པོ་རེས་བསོད་ནམས་དཔག་ཏུ་མེད་པ་འཕེལ་བ་ཡིན་ཏེ་མདོ་ལས། སྦྱིན་པའི་དངོས་པོ་ཆུང་ཡང་བསམ་པ་རྒྱ་ཆེན་པོ་ནི་མཆོག་ཡིན་ནོ། །ཞེས་གསུངས་སོ། །དེའི་ཕྱིར་ལག་པ་དེང་བྱེད་པ་


JL00_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

དང་། རྟོག་པ་གཅིག་འགྱུ་བ་ཡན་ཆད་ངོས་ཟིན་པའི་ཐབས་ལ་འབད་ནས་བསོད་ནམས་ཀྱི་མི་མཐུན་ཕྱོགས་ཟིལ་གྱིས་མནན་ཅིང་། དགེ་བའི་ཆོས་སྡུད་པ་ལ་འབད་པ་ནི་ཐེག་པ་ཆེན་པོའི་ལམ་སྟེགས་ཉིད་དུ་གཟུང་བར་བྱའོ། །ཡོན་ཏན་རིན་པོ་ཆེའི་མཛོད་ལས། འཁོར་ལོ་ཆེན་པོ་བཞིའི་ཚོམས་ཏེ་རབ་བྱེད་ལྔ་པའི་འགྲེལ་བའོ།། །།

སྐྱབས་སུ་འགྲོ་བའི་ཚོམས་ཏེ་རབ་བྱེད་དྲུག་པའི་འགྲེལ་པ།


JL00_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་འཁོར་ལ་བཞི་དང་ལྡན་པའི་གང་ཟག་དེས་ཐེག་པ་ཆེན་པོའི་ལམ་ལ་འཇུག་པའི་ཐོག་མར་སྡོམ་པ་ཐམས་ཅད་ཀྱི་བརྟེན་གཞི། བསྟན་པ་ལ་འཇུག་པའི་སྒོ་དམ་པ་སྐྱབས་སུ་འགྲོ་བའི་ཚུལ་ལ་སློབ་དགོས་པས་ན། འཇིགས་པ་གསུམ་གྱི་ཆུ་གཏེར་འཁྲུགས་པ་ལ། །སྐྱབས་སུ་འོས་པར་ཡིད་ཆེས་སྲོག་བརྟེན་པའི། །དཀོན་མཆོག་གསུམ་གྱི་གྲགས་པའི་གདུགས་དཀར་ནི། །བསྟན་ལ་ཞུགས་པའི་ཐོག་མ་ཉིད་དུ་འཛིན། །དེ་ལ་འཇིགས་པ་ནི་གསུམ་སྟེ། སྤྱིར་འཁོར་བའི་སྡུག་བསྔལ་ལ་འཇིགས་པ། སྒོས་རང་དོན་ཡིད་བྱེད་ཀྱི་འཇིགས་པ། ཉིང་སྒོས་ཐ་མལ་འཁྲུལ་འཛིན་གྱི་འཇིགས་པའོ། །འདི་ལྟར་འཁོར་བ་ཆུ་སྲིན་གདུག་པའི་གནས་རྒྱ་མཚོ་རླབས་ཀྱིས་དཀྲུགས་པ་ལྟ་བུའི་ནང་དུ་ལྟུང་བར་ངེས་པ་རྣམས་ནི་སྐྱབས་འབའ་ཞིག་འཚོལ་བའི་བློ་སྐྱེ་བ་ཡིན་ཏེ། ཚད་མ་སྨྲ་བ་ཕྱོགས་ཀྱི་གླང་པོས། གཏིང་མཐའ་མེད་པའི་འཁོར་བ་ནི། །རྒྱ་མཚོའི་ནང་ན་རྣམ་པར་གནས། །འདོད་ཆགས་ལ་སོགས་མི་བཟད་པའི། །ཆུ་སྲིན་གྱིས་ནི་ལུས་ཟོས་པ། །དེ་རིང་གང་ལ་སྐྱབས་སུ་མཆི། །ཞེས་སོ། །དེ་ལ་སྐྱབས་སུ་འོས་པར་ཡིད་ཆེས་པ་ནི་དཀོན་མཆོག་གསུམ་ཁོ་ན་ལས་གཞན་དབང་ཕྱུག་དང་དྲག་པོ་ལ་སོགས་པ་མ་ཡིན་ཏེ། ཅིའི་ཕྱིར་ན་དེ་དག་ནི་རང་ཉིད་འཁོར་བ་དང་ངན་སོང་གི་འཇིགས་པ་ལས་མ་གྲོལ་བས་གཞན་


JL00_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོབ་པར་ཡང་མི་ནུས་ཤིང་། གདུལ་བྱ་འདུལ་བའི་ཐབས་ལ་མཁས་པ་དང་། རང་འདོད་མེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཡང་མ་ཡིན་པའི་ཕྱིར་སློབ་དཔོན་མཐོ་བཙུན་གྲུབ་རྗེས་སངས་རྒྱས་ཀྱི་ཡོན་ཏན་མཐོང་ནས་བསྟོད་པ། བདག་ནི་སྟོན་པ་གཞན་སྤངས་ནས། ཁྱོད་ལ་སྐྱབས་སུ་མཆི་ལགས་ཀྱིས། །ཅི་ཡི་སླད་དུ་ཞེ་ན་ཁྱེད། །སྐྱོན་མི་མངའ་ལ་ཡོན་ཏན་རྫོགས། །ཞེས་པ་ལ་སོགས་པས་བསྟོད་པ་ཡིན་ནོ། །དེ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སྤང་བྱ་མ་ལུས་པ་སྤངས་པས་རང་ཉིད་འཇིགས་པ་མེད་པའི་གནས་ཐོབ་པ་དང་། རྟོགས་པར་བྱ་བ་མཐའ་དག་རྟོགས་ཤིང་ཡོན་ཏན་ཐམས་ཅད་རྫོགས་པས་གཞན་འཇིགས་པ་ལས་སྐྱོབ་པའི་ནུས་པ་དང་ཐབས་ལ་མཁས་པ་གཉིས་ཀ་དང་ལྡན། ཀུན་ལ་ཉེ་རིང་མེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པས་སྐྱབས་སུ་འོས་པའོ། །དེ་སྐད་དུ་བསྟོད་པ་བརྒྱ་ལྔ་བཅུ་པ་ལས། གང་ཞིག་གང་ལ་ཉེས་པ་ཀུན། །གཏན་ནས་ཡོང་ཡེ་མི་མངའ་ཞིང་། །གང་ལ་རྣམ་པ་ཐམས་ཅད་དུ། །ཡོན་ཏན་ཐམས་ཅད་གནས་གྱུར་པ། །གལ་ཏེ་སེམས་ཤིག་ཡོད་ན་ནི། །དེ་ཉིད་ལ་ནི་སྐྱབས་འགྲོ་ཞིང་། །དེ་བསྟོད་དེ་ནི་བཀུར་བ་དང་། །དེ་ཡི་བསྟན་ལ་གནས་པའི་རིགས། །ཞེས་སོ། །དེའི་ཕྱིར་སྟོན་པ་སངས་རྒྱས་དང། དེའི་བསྟན་པ་དམ་པའི་ཆོས་དང་། དེ་ཉམས་སུ་ལེན་པ་ཉན་ཐོས་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་རྣམས་ལ་སྐྱབས་སུ་སོང་ན་བསླུ་བ་མེད་པས་ན་སྐྱབས་འགྲོ་བདུན་ཅུ་པ་ལས་ཀྱང་། སངས་རྒྱས་ཆོས་དང་དགེ་འདུན་ནི། །ཐར་པ་འདོད་པ་རྣམས་ཀྱི་སྐྱབས། །ཞེས་སོ། །འདི་ལམ་གྱི་ཐོག་མར་ངེས་པའང་། བསྟན་པ་ལ་ཐོད་རྒལ་དུ་ཞུགས་ན་ལམ་འོག་མའི་ཡོན་ཏན་མ་སྐྱེས་པར་གོང་མ་འཐོབ་པར་མི་ནུས་པའི་


JL00_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་མྱང་འདས་ལས། ཇི་ལྟར་སྐས་ཀྱི་རིམ་པ་བཞིན། །ང་ཡི་བསྟན་པ་ཟབ་མོ་ཡང་། །རིམ་གྱིས་བསླབ་ཅིང་ནན་ཏན་བྱ། །ཐོད་རྒལ་མ་ཡིན་མཐར་ཆགས་སོ། །ཞེས་གསུངས་པ་ལྟར་རོ། །དེ་ཡང་བདག་ཉིད་སྐྱོབ་པ་ལ་ཕྱིའི་ཡན་ལག་གམ། རྒྱུ་ནི་མ་ཚང་བ་མེད་པ་སངས་རྒྱས་ཉིད་ཀྱིས་བསྒྲུབས་ཟིན་ཀྱང་། ནང་གི་ཡན་ལག་དེ་ལ་བློ་རྩེ་གཅིག་ཏུ་བཀལ་ནས་སྐྱབས་སུ་འཛིན་པའི་སྟོབས་མ་ཚང་བས་བྱིས་པ་རྣམས་སྡུག་བསྔལ་བ་ཡིན་ཏེ། བསྔགས་འོས་བསྟོད་པ་ལས། ཕྱི་ཡི་ཡན་ལག་སྟོབས་ཀུན་ནི། ཁྱོད་ཀྱིས་ཡང་དག་བསྒྲུབ་ལགས་ཀྱང་། །ནང་གི་སྟོབས་དག་མ་ཚང་བས། །བྱིས་པ་རྣམས་ནི་སྡུག་བསྔལ་བསྟེན། །ཞེས་སོ། །དོན་དེ་སྟོན་ཕྱིར། ཐར་པར་འགྲོ་བའི་ལམ་དང་ཡོན་ཏན་གྱི། །རྟེན་དང་སྣོད་དུ་དམ་བཅའ་མི་བསླུ་བ། །སྐྱབས་སུ་འགྲོ་བ་ཉིད་དེ་དེའི་སྔོན་དུ། །སྟོན་དང་བསྟན་པའི་ཡོན་ཏན་ཤེས་པ་གཅེས། །ཞེས་འདོམས་ནས། འདི་ལྟར་སྟོན་པ་ཐུགས་རྗེ་ཆེན་པོ་དང་ལྡན་པས་ཐར་པར་འགྲོ་བའི་ལམ་བསླབ་པ་གསུམ་དང་། སྤངས་རྟོགས་ཀྱི་ཡོན་ཏན་མ་ལུས་པའི་རྟེན་དང་སྣོད་ལྟ་བུ་མ་ཚང་བ་མེད་པ་སྔོན་དུ་བསྒྲུབ་པར་མཛད་ནས་སྐྱབས་ཀྱི་ཡུལ་དུ་འོས་པའི་དམ་བཅའ་བསླུ་བ་མེད་པ་ལ། རང་ཉིད་ཀྱི་ཆ་ནས་ནང་གི་ཡན་ལག་དེ་ལ་སྙིང་ཐག་པ་ནས་སྐྱབས་སུ་འཛིན་པའི་རྒྱུའི་གཙོ་བོར་སྟོན་པ་དང་། བསྟན་པའི་ཡོན་ཏན་ཤེས་པ་ཉིད་ཐོག་མར་གལ་ཆེ་བ་ཡིན་ནོ། །དེ་ལྟར་ཤེས་པ་ལ་ཐོག་མར་དང་བའི་དད་པ་ནས་བློ་འཁྲིད་པའི་ཚུལ། །ཆོས་རྣམས་ཀུན་གྱི་རྩ་བ་དད་པ་ནི། །སྐྱེས་བུའི་སེམས་ལ་ལུང་དུ་མ་བསྟན་པ། །སྟོན་པ་མཐོང་དང་སྡེ་སྣོད་བཀླགས་པ་ཡི། །མོད་ལ་བ་སྤུའི་འཁྲི་ཤིང་སློང་བཞིན་ལྡང་། །དེ་ལ་དང་བའི་དད་པ་དང་པོ་སྟེ། །དེ་བཞིན་འདོད་དང་ཡིད་ཆེས་ཕྱིར་མི་ལྡོག །རྣམ་པ་བཞི་ལས་སྐྱབས་འགྲོའི་


JL00_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སྐབས་འདིར། །སྲོག་ལ་བབ་ཀྱང་ཕྱིར་མི་ལྡོག་པ་དགོས། །དེ་ལ་བདེ་ལེགས་ཐམས་ཅད་ཀྱི་རྩ་བ་ནི་དད་པ་ཡིན་ཏེ་དཀོན་མཆོག་ཏ་ལའི་མདོ་ལས། དད་པ་སྔོན་འགྲོ་མ་ལྟར་བསྐྱེད་པ་སྟེ། ཡོན་ཏན་ཐམས་ཅད་བསྲུང་ཞིང་འཕེལ་བར་བྱེད། །དོྭགས་པ་སེལ་ཞིང་ཆུ་བོ་རྣམས་ལས་སྒྲོལ། །དད་པ་བདེ་ལེགས་གྲོང་ཁྱེར་མཚོན་པ་ཡིན། །དད་པ་རྙོག་པ་མེད་ཅིང་སེམས་དང་བྱེད། །ང་རྒྱལ་སྤང་ཞིང་གུས་པའི་རྩ་བ་ཡིན། །དད་པ་ནོར་དང་གཏེར་དང་རྐང་པའི་མཆོག །ལག་པ་བཞིན་དུ་དགེ་སྡུད་རྩ་བ་ཡིན། །ཅེས་གསུངས་པ་ལྟར་ཡོན་ཏན་མཐའ་དག་དང་པོ་ལ་བརྟེན་ནས་བསྐྱེད་དགོས་པས། དད་པ་སྐྱེ་བ་དང་ལྷན་ཅིག་དཀར་པོའི་ཆོས་མཐའ་དག་སྔོན་དུ་འདུ་བྱེད་པས་འཕགས་པའི་ནོར་བདུན་གྱིའང་དང་པོར་བྱུང་ལ། དད་པ་ཇི་ཙམ་འཕེལ་བ་དེ་སྲིད་དུ་དགེ་ལེགས་དང་ཡོན་ཏན་གྱི་ཚོགས་འཕེལ། དེ་འགྲིབ་པ་དང་རྣམ་པར་དཀར་བའི་ཕྱོགས་ཐམས་ཅད་ཀྱང་ཟླ་བ་སྒྲ་གཅན་དང་ཕྲང་བ་ལྟ་བུར་འགྲིབ་པ་ཡིན་ནོ། །དེ་ལ་སྤྱིར་འཕགས་པའི་རིགས་དང་། སྐལ་པ་དགེ་བ་ཅན་ལ་གདོང་ནས་གྲུབ་པའི་དད་པ་ཡོད་པ་ཤས་ཆེ་བ་ཉིད་དེ་རིན་ཆེན་ཕྲེང་བ་ལས། དད་ཅན་ཉིད་ཕྱིར་ཆོས་ལ་བསྟེན། །ཤེས་རབ་ལྡན་ཕྱིར་ཡང་དག་རིག ་།འདི་གཉིས་གཙོ་བོ་ཤེས་རབ་སྟེ། །དེ་ཡི་སྔོན་འགྲོ་དད་པ་ཡིན། །ཅེས་སོ། །དེ་ལྟ་མོད་ཀྱིས་རྒྱ་མཚོས་ཞུས་པ་ལས། དད་པ་ཡོད་པའི་མི་དེ་ནི་གཞན་ལས་ཆེས་འཕགས་པས་དཀོན་ཏེ། ཞེས་གསུངས་པ་ལྟར་རྟེན་འབྲེལ་གྱི་རྒྱུ་རྐྱེན་ལས་རེ་ཞིག་ལས་མ་སད་པའི་རིགས་དང་། ཁྱད་པར་སོ་སོ་སྐྱེ་བོ་ཕལ་པ་ནི་གཉིད་ཀྱི་སྦུབས་སུ་སྣང་ཆ་ནུབ་པ་བཞིན་དད་པའི་ཉེ་བར་ལེན་པ་ཡང་ལུང་མ་བསྟན་དུ་གནས་པ་ཤས་ཆེ་


JL00_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

བས་དེ་སད་པ་ལ་རྐྱེན་དང་ཐབས་ཉིད་གཙོ་ཆེ་བ་ཡིན་ཏེ། འདི་ལྟར་མཐོང་ན་མི་མཐུན་པ་མེད་པ་བདག་ཅག་གི་སྟོན་པའམ། དེའི་ཞལ་སྐྱིན་དང་། དེ་བཞིན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྣང་བརྙན་མཐོང་བ་དང་། ཡོན་ཏན་ཐོས་པ་དང་། སྡེ་སྣོད་བཀླག་པ་ལ་སོགས་པས་དད་པའི་གསོས་བྱེད་པ་ཡིན་ཏེ། མ་སྐྱེས་དགྲའི་གླང་པོ་ཆེ་ནོར་སྐྱོང་གིས་བཅོམ་ལྡན་འདས་མཐོང་བའི་མོད་ལ། ཁྲོ་གཏུམ་གྱི་སེམས་ཞི་བ་དང་། ཡུལ་གན་དྷ་རའི་ཚོང་པས་གྲོང་ཁྱེར་བཅོམ་བརླག་ཏུ་ཕྱིན་པ་ན། བྲམ་ཟེ་རྣམས་ཀྱིས་འདི་དག་ནི་ནང་པའི་དགེ་བསྙེན་ཡིན་ནོ་སྙམ་ནས་བཞད་གད་བྱས་ཤིང་། ལྷ་ཆེན་པོའི་ཡོན་ཏན་མི་ཤེས་པ་ཁྱོད་ཅིག་ནི་གླེན་པ་གཏི་མུག་ཅན་ནོ། །ཞེས་སུན་ཕྱུང་ཞིང་འཚེ་བ་ཆོས་སུ་སྨྲ་བའི་གྲུབ་མཐའ་ལ་བསྔགས་པ་བརྗོད་པ་ན། དེ་དག་གིས། ལས་གང་ལས་ནི་དམ་པ་རྣམས། །ངོ་ཚར་གྱུར་པ་དེ་ཉིད་ལ། །དམ་པ་མིན་པ་དྲེགས་གྱུར་པ། །ཀྱེ་མ་འཇིག་རྟེན་ངོ་མཚར་ཆེ། །ཞེས་སྨད་ནས་བྲམ་ཟེ་ཆེན་པོ་ལྟོས་ཤིག །གང་ཞིག་སྟོབས་ལྡན་འཚོ་བ་རྣམས། །གལ་ཏེ་མཆོད་བྱར་དེ་གྱུར་ན། །དྲེད་དང་གཟིག་དང་སྟག་ལ་ཡང་། །འགྲོ་བ་རྟག་ཏུ་མཆོད་པར་འགྱུར། །ཞེས་པ་ལ་སོགས་པས་བླ་མ་ཟེའི་གྲུབ་མཐའ་སུན་ཕྱུང་ནས་དེ་བཞིན་གཤེགས་པའི་ཡོན་ཏན་བསྒྲགས་པའི་རྒྱུས། །དེ་དག་སངས་རྒྱས་ལ་མངོན་པར་དད་པ་དང་། བྲམ་ཟེ་ཐུབ་དཀའ་ནག་པོས་སྡེ་སྣོད་ཀྱི་གླེགས་བམ་མཐོང་བ་ལ་བརྟེན་ནས་ལས་སད་དེ་བདག་ཉིད་ཀྱི་བསོད་ནམས་མ་ཡིན་པ་ལ་འགྱོད་ཅིང་། རང་གི་ལྟ་བ་དང་གྲུབ་མཐའ་ནོར་བར་ཤེས་ནས་ནང་པའི་ལམ་སྲོལ་ལ་ཞུགས་པས་རིག་པར་སྨྲ་བ་ཐམས་ཅད་ཀྱི་གཙུག་རྒྱན་སློབ་དཔོན་དཔའ་བོར་གྱུར་བ་ལྟ་བུའོ། །དེའི་ཕྱིར་ད་ལྟའི་དུས་ན་མདོ་སྡེ་བལྟ་བ་


JL00_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

ལས་དད་པའི་གསོས་ཆེ་བ་མེད་དོ། །སྟོན་པའི་སྐྱེས་རབས་རྣམས་དང་། ཐེག་པ་ཆེན་པོའི་སྡེ་སྣོད་རྒྱན་སྟུག་པོ་བཀོད་པ་ཙམ་གྱིས་ཀྱང་བ་སྤུ་ཟིང་བྱེད་པའི་དད་པ་བསྐྱེད་པར་གདོན་མི་ཟའོ། །དེ་ལ་དད་པའི་དད་པ་ནི། ཆོས་ཀྱི་མཚན་ཉིད་དང་། གང་ཟག་དམ་པ་རྣམས་ཀྱི་ཚུལ་ཁྲིམས་སམ། ཤེས་རབ་དང་དགེ་བའི་རྩ་བ་ཆུད་མི་ཟ་བར་མཐོང་ནས་དེ་ལ་དང་བ་དང་། རྗེས་སུ་ཡི་རང་བ་དང་། དགའ་བའི་འདོད་ཆགས་དང་ལྷན་ཅིག་པའོ། །འདོད་པའི་དད་པ་ནི། སྡུག་བསྔལ་བདེན་པའི་མཚན་ཉིད་ཤེས་ནས་སྐྱེ་ཤིའི་འཁོར་ལོས་སྐྲག་ཅིང་། དེ་ལས་སྐྱོབ་པ་དམ་པའི་ཆོས་འགོག་ལམ་གྱི་བདེན་པ་དང་། དེ་སྟོན་བྱེད་བླ་མ་ལ་རག་ལས་པར་ཤེས་ནས་བུང་བ་མེ་ཏོག་ལ་གདུང་ཞིང་འདོད་པ་ལྟ་བུའོ། །ཡིད་ཆེས་ཀྱི་དད་པ་ནི། དཀོན་མཆོག་གསུམ་གྱི་ཡོན་ཏན་ལ་སྙིང་ཐག་པ་ནས་ངེས་ཤེས་འདྲོངས་ཤིང་དེས་བསླུ་བ་མེད་པར་ཡིད་ཆེས་ནས་སོ་སོ་སྐྱེ་བོ་དང་འཕགས་པ་གང་ཡིན་ཀྱང་ཐ་ན་ཚོར་བ་སིམ་པའི་རྣམ་པ་ཅན་གྱི་བདེ་བའང་དཀོན་མཆོག་གི་ཐུགས་རྗེར་ཤོས་ཤིང་ཚོར་བ་གདུང་བའི་རྣམ་པ་ཕྲ་མོ་དགྲ་བཅོམ་པའི་རྒྱུད་ལ་སྐྱེས་པ་ཡན་ཆད་རང་གི་ལས་སུ་ཤེས་པ་ལས་ཡིད་གཉིས་པ་གང་ཡང་མེད་པའོ། །ཕྱིར་མི་ལྡོག་པའི་དད་པ་ནི། སྤྱིར་ཐོས་བསམ་བསྒོམ་པའི་བྱ་བ་དང་། སྒོས་སྐྱབས་སུ་འགྲོ་བའི་གནས་སྐབས་འདིར་ནད་དང་། གནོད་པ་དང་། སྡུག་བསྔལ་དང་། དགྲ་གདོན་གྱིས་འཚེ་བ་ལ་སོགས་པའི་རྐྱེན་མི་མཐུན་པ་དང་། རླབས་ཆེ་བ་ཅི་བྱུང་ཡང་གྱུར་པ་སླར་མི་ལྡོག་པ་ལན་ཚྭ་ཆུ་རུ་འཇུག་བཞིན་ཏེ། རྒྱ་གར་དུ་ནང་པའི་དགེ་བསྙེན་གཅིག་མུ་སྟེགས་པས་བཟུང་ནས། ཁྱོད་རང་གི་ལྷ་དང་ལྟ་བ་ཐོང་། དེའི་


JL00_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་མཐའ་ལ་ཞུགས། དེ་ལྟར་མི་བྱེད་ན་ཁྱོད་གསད་དོ་ཞེས་བསྡིགས་པས་དགེ་བསྙེན་ན་རེ། ཚིག་ཙམ་དུ་ནི་ཁྱོད་ཀྱི་འདོད་པ་བསྒྲུབ། སྙིང་ཐག་པ་ནས་ནི་མི་གཏོང་བྱས་པས། དེ་སྲོག་དང་བྲལ་བར་བྱས་སོ། །དེའི་ཕྱིར་དང་པོ་གཉིས་ནི་ལས་དང་པོ་བའི་དད་པ་སྟེ་རྐྱེན་གྱིས་འཕྲོག་པར་གདོན་མི་ཟ་ལ། ཕྱི་མ་གཉིས་ནི་སྨོན་པར་བྱ་བའི་གནས་མ་ནོར་བ་ཡིན་ནོ། །ཡང་། དད་པ་སྐྱེ་བའི་རྒྱུ་ནི་བཞི་ཡིན་ཏེ། །དམ་པ་བསྟེན་དང་དམ་པའི་གྲོགས་དང་འགྲོགས། །དཀོན་མཆོག་རྗེས་སུ་དྲན་དང་འཁོར་བ་ལ། །སྙིང་པོ་མེད་པའི་ཉེས་དམིགས་བསམས་ལས་སྐྱེ། །དམ་པ་མཚན་ཉིད་དང་ལྡན་པ་ཞིག་ལ་བརྟེན་ཕྱིན་ཆད་དེའི་རང་བཞིན་ནི་གཞན་ལ་བསྟེན་པའི་ལམ་དེ་ལ་རང་ཉིད་ཀྱང་གནས་པས་དོན་མཐུན་པ་དང་། གཞན་ཡང་ཐབས་ཇི་ལྟ་བུས་ལམ་ལ་འཛུད་པའི་དོན་སྤྱོད་པས་མཛད་སྤྱོད་དང་ཕྱག་གཞེས་ཐམས་ཅད་མང་དུ་ཐོས་པ་དང་། དད་པ་འཕེལ་བའི་རྒྱུར་འགྲོ་བས་ན་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། དད་པ་དང་ལྡན་པ་ཞེས་བྱ་བ་ནི་ཡུལ་གོང་མ་ལ་དད་པ་མང་སྟེ། དགེ་བའི་བཤེས་གཉེན་བསྟན་པ་དང་། འཕགས་པ་ལ་བལྟ་བར་འདོད་པ་དང་། དམ་པའི་ཆོས་ཉན་པར་འདོད་པ་དང་། ལས་དང་རྣམ་པར་སྨིན་པ་ལ་ཡིད་ཆས་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ལ་སོགས་པ་དགེ་བའི་བཤེས་གཉེན་དུ་ཤེས་ནས་ཡིད་ཆེས་པས་བསྟེན་པ་དང་མཉེས་པར་བྱེད་པའོ། །ཞེས་སོ། །དེ་བཞིན་དུ་དད་པ་ཅན་གྱི་གང་ཟག་དང་གྲོགས་སུ་འགྲོགས་ནའང་དེའི་སྤྱོད་པ་ཤུགས་ཀྱིས་འགོ་བ་ཆོས་ཉིད་ཡིན་ཏེ། འཚོ་བྱེད་གཞོན་ནུའི་གསོས་ཀྱིས་རྒྱལ་པོ་གསལ་རྒྱལ་ལ་སྟོན་པའི་ཡོན་ཏན་བསྒྲགས་ནས་དད་པར་བྱས་པ་ལྟར་གཟུ་བོར་གནས་པའི་ཡིད་ནི་ཕན་པ་


JL00_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ངག་ནི་བདེན་པའི་རང་བཞིན་ཅན་ཡིན་པས་སོ། །དེ་སྐད་དུ་ཆོས་བཅུ་པའི་མདོ་ལས། གང་གིས་འདྲེན་པ་དེས་འབྱུང་བ། །དད་པ་ཐེག་པའི་མཆོག་ཡིན་ཏེ། །དེ་ཕྱིར་བློ་དང་ལྡན་པའི་མིས། །དད་པའི་རྗེས་སུ་འབྲང་བ་བསྟེན། །ཞེས་གསུངས་སོ། །དཀོན་མཆོག་རྗེས་སུ་དྲན་པས་དད་པ་འཕེལ་བ་ནི་དེ་ལ་ཡོན་ཏན་ཚད་མེད་པས་ཡིན་ཏེ་འཆད་པར་འགྱུར་ལ། ཟླ་བའི་སྙིང་པོའི་མདོ་ལས་ཀྱང་། དཀོན་མཆོག་གསུམ་ལ་ངེས་པར་སེམས་པའི་དད་པ་ནི་ཡིད་བཞིན་གྱི་ནོར་བུ་ལྟ་བུའོ། །ཞེས་སོ། །དེ་ལྟ་མོད་ཀྱི་སོ་སོ་སྐྱེ་བོ་རྣམས་ལ་ནི་དད་པའི་མི་མཐུན་ཕྱོགས་ཆེན་པོ་གཅིག་ཡོད་དེ། གང་ཞེ་ན། རིང་པོ་མི་ཐོགས་པར་ཚེའི་མཐས་གཏུགས་ནས་ཕུང་པོ་དུར་ཁྲོད་དུ་ཉམ་ཉེས་པར་འགྱུར་བ་མི་དྲན་པ་དག་ནི་ལས་ཀྱི་ཞགས་པས་བསྡམས་པ་ཡིན་ཏེ། དེ་སྐད་དུ། ལས་ཀྱི་ཞགས་པས་བཅིངས་པ་ཡི། །ལུས་ཅན་རྣམས་ལ་བྱ་བཞིན་དུ། །འཆི་བ་བསྒོམ་པའི་ནུས་པ་དག །གཤོག་པ་ལྡན་ཡང་ཡོད་མ་ཡིན། །ཅེས་སོ། །དེ་ལས་ལོག་ན་འཁོར་བ་སྤྱི་དང་བྱེ་བྲག་གི་ཉེས་དམིགས་དང་། ཁྱད་པར་ངན་སོང་གི་སྡུག་བསྔལ་བཟོད་མི་ཕོད་པའི་རང་བཞིན་ལ་འཇིགས་པ་དང་། ངེས་འབྱུང་གི་སྣ་ཁྲིད་ནས་དཀོན་མཆོག་གི་ཡོན་ཏན་དྲན་ཞིང་དད་པ་སྐྱེ་བའི་སྒོ་འབྱེད་པ་ཡིན་ཏེ། རྒྱ་མཚོས་ཞུས་པ་ལས། དད་པ་ཚོགས་པའི་སྒོ་ལ་ཆགས་པ་མེད། །མི་ཁོམ་སྤོང་ཞིང་དད་པའི་མཆོག་གཅིག་ཡིན། །དད་པ་རྒྱལ་བའི་གོ་འཕང་ཐོབ་བྱེད་ཡིན། །གང་དག་འདི་འདྲའི་ཆོས་ལ་དད་བྱེད་པ། །དེ་དག་སོ་སོ་སྐྱེ་བོའི་ཚོགས་ན་དཀོན། །ཞེས་དང་། བྱང་ས་ལས། དད་པ་ནི་དམ་པའི་ཆོས་ཉན་པར་འདོད་པ་དང་། །ལས་དང་རྣམ་པར་སྨིན་པ་ལ་ཡིད་ཆེས་པ་དང་། དེ་ལ་བརྟེན་པར་བྱེད།


JL00_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

མཉེས་པར་བྱེད་པའོ། །ཞེས་སོ། །དེའི་ཕྱིར་དད་པ་སྐྱེ་བའི་རྒྱུ་བཞི་པོ་ནི། རྣམ་པ་ཀུན་ཏུ་རྒྱུད་ལ་བརྟེན་དགོས་པ་ཡིན་ཏེ། དད་པ་མེད་ན་སྐྱབས་འགྲོ་དང་གསོལ་འདེབས་འབུམ་ཐེར་ལ་འབད་ཀྱང་གཏི་མུག་གིས་འགྲོ་བ་ངག་འཁྱལ་ཁེགས་པའི་རྒྱུ་ཙམ་དང་། ཤེས་རབ་ཆེ་བས་སྐྱབས་འགྲོའི་རྣམ་པར་བཞག་པ་ལ་མཁས་ཀྱང་འདུན་པས་འགྲོ་བ་དང་། ཞེ་སྡང་གིས་འགྲོ་བ་ཙམ་མོ། །རྒྱུ་དེས་ན་ཆོས་བཅུ་པ་དང་དཀོན་མཆོག་བརྩེགས་པ་ཕྱོགས་མཐུན་པར། དད་པ་མེད་པའི་མི་རྣམས་ལ། །དཀར་པོའི་ཆོས་རྣམས་མི་འབྱུང་སྟེ། །ས་བོན་མེ་ཡིས་འཚིག་པ་ལ། །མྱུ་གུ་སྔོན་པོ་ཇི་བཞིན་ནོ། །ཞེས་སོ། །ཕན་ཡོན་ནི། དཀོན་མཆོག་སྒྲོན་མའི་མདོ་ལས། སངས་རྒྱས་རྣམས་དང་ཆོས་ལ་དད་གྱུར་ཅིང་། །སངས་རྒྱས་སྲས་ཀྱི་སྤྱོད་ལ་དད་བྱེད་པ། །བྱང་ཆུབ་བླ་ན་མེད་པ་དད་གྱུར་ན། །སྐྱེས་བུ་ཆེན་པོ་རྣམས་ཀྱི་སེམས་སྐྱེའོ། །ཅེས་གསུངས་སོ། །དེ་ལ་དཀོན་མཆོག་གི་ཡོན་ཏན་བཤད་པའི་ཕྱིར། །ཐུབ་པ་རྣམས་ཀྱི་ཡོན་ཏན་མཐའ་ཡས་ཏེ། །སྤངས་པ་གཉིས་ཀྱིས་ཉོན་ཤེས་སྒྲིབ་པ་བཅོམ། །སྤྱན་དང་མངོན་ཤེས་དབང་བཅུ་གཟུངས་ཀྱི་སྒོ། །སྟོབས་བཅུ་མི་འཇིགས་བཞི་དང་སོ་སོ་རིག །མ་འདྲེས་བཅོ་བརྒྱད་རྫོགས་པ་སངས་རྒྱས་ཏེ། །རྣམ་པ་ཀུན་གྱི་མཆོག་ལྡན་ཆོས་ཀྱི་སྐུ། །ས་བཅུའི་འཁོར་ལ་ལོངས་སྤྱོད་རྫོགས་པར་སྟོན། །དེ་ལ་མཚན་དོན་གྱི་སྒོ་ནས་སངས་རྒྱས་རྗེས་སུ་དྲན་པའི་ཡོན་ཏན་གྱི་ཁྱད་པར་ཕྱི་ལྟར་དུ་བཤད་ན། འདི་ལྟར་བཅོམ་ལྡན་འདས་ཞེས་འཇིག་རྟེན་ན་སྙན་པར་གྲགས་པ་གང་ཡིན་པ་དེ་ནི། འདོད་ཆགས་ལ་སོགས་པ་བཅོམ་པ་ཉིད་ཀྱིས་སམ། བྱང་ཆུབ་སྙིང་པོ་ལ་བཞུགས་པ་ལ་བར་དུ་གཅོད་པར་བརྩོན་པར་བདུད་ཀྱི་སྡེ་བཅོམ་པས་ན་བཅོམ། བསྐལ་


JL00_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཁྱད་པར་ཅན་དང་དབང་ཕྱུག་ལ་སོགས་པ་དང་ལྡན་པའི་ཕྱིར་ན་ལྡན། དེ་ལྟར་ལྡན་ཡང་སྲེད་ལེན་ལ་སོགས་པའི་སྲིད་ཆོས་ཀྱི་སྐྱོན་ཐམས་ཅད་ལས་ནི་འདས། དངོས་པོའི་ཆོས་ཉིད་ཇི་ལྟ་བར་གནས་པ་དེ་དག་དེ་བཞིན་དུ་རྟོགས་ཤིང་ཐུགས་སུ་ཆུད་པས་ན་དེ་བཞིན་གཤེགས་པའམ། ཇི་ལྟར་གསུངས་པ་དེ་ཁོ་ན་ལྟར་ཡིན་གྱི། གཞན་དུ་མི་འགྱུར་བའི་ཕྱིར་ཡང་དེ་བཞིན་གཤེགས་པའོ། །དགྲ་བཅོམ་པ་ནི་ཉོན་མོངས་པའི་དགྲ་སྡེ་བཅོམ་པའི་ཕྱིར་ཏེ། ཇི་ལྟར་བཅོམ་ན་དགེ་སྦྱོང་གི་འབྲས་བུ་བཞིའི་མཐར་ཐུག་པ་ཡིན་ཏེ་འོག་ཏུ་འཆང་བར་འགྱུར་རོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ནི་འཕགས་པ་སྟོང་ཕྲག་བརྒྱ་པར་བག་ཆགས་ཀྱིས་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤངས་པས་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ཞེས་པ་ལྟར་དེ་བཞིན་གཤེགས་པ་ནི་ཆོས་ཐམས་ཅད་ཡང་དག་པར་ཕྱིན་ཅི་མ་ལོག་པར་ཀུན་ནས་སངས་རྒྱས་པས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །དེ་སྐད་དུ་སྐྱབས་འགྲོ་བདུན་ཅུ་པ་ལས། མ་རིག་གཉིད་ལས་སངས་ཕྱིར་དང་། །ཡེ་ཤེས་ལ་ཡང་བློ་རྒྱས་པས། །སངས་རྒྱས་པདྨའི་འདབ་ལྟར་རྒྱས། །ཞེས་སོ། མཁྱེན་པ་དང་ཞབས་ལྟ་བུ་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དག་དང་ལྡན་པའི་ཕྱིར་རིག་པ་དང་ཞབས་སུ་ལྡན་པའོ། །མྱ་ངན་མ་ཡིན་པ་དང་། མཛེས་པ་དང་། ཕྱིར་མི་ལྡོག་པའི་གནས་སུ་གཤེགས་པས་བདེ་བར་གཤེགས་པའོ། །འཇིག་རྟེན་མཁྱེན་པ་ནི། སེམས་ཅན་གྱི་འཇིག་རྟེན་རྟེན་ཅིང་འབྲེལ་བར་འབྱུང་བ་ཡན་ལག་བཅུ་གཉིས་ཀྱི་རྣམ་པར་བཞག་པ་ཡོངས་སུ་མཁྱེན་ལ། དེ་བཞིན་དུ་སྣོད་ཀྱི་འཇིག་རྟེན་གྱི་ཡང་


JL00_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་འཇིག་གནས་སྟོང་ཚད་དང་རང་བཞིན་ཐམས་ཅད་མ་ནོར་བར་མཁྱེན་པའོ། །རྣམ་པ་གཅིག་ཏུ་འཇིག་རྟེན་གྱི་ཐ་སྙད་བཟང་པོ་ཡོངས་སུ་མཁྱེན་པ་ལ་གྲགས་ཀྱིས། སོ་སོ་སྐྱེ་བོའི་རང་བཞིན་དང་གཡོ་སྒྱུ་ལ་སོགས་པའི་འཇིག་རྟེན་མཁྱེན་པ་དང་ཕྱོགས་འགལ་བར་ཤེས་པར་བྱའོ། །གདུལ་བར་རུང་བ་ནི་སྐྱེས་བུ་ཡིན་ལ། དེ་དག་གདུལ་ཞིང་ཁ་ལོ་བསྒྱུར་བས་ན། སྐྱེས་བུ་གདུལ་བ་ཁ་ལོ་བསྒྱུར་བའོ། །ཉན་ཐོས་དང་རང་སངས་རྒྱས་དག་ལས་ཁྱད་པར་འཕགས་པའི་ཕྱིར་ན་བླ་ན་མེད་པ་སྟེ་འཕགས་པའི་ལམ་ཐོབ་པར་རིག་པར་བྱའོ། །ལྷ་དང་མི་རྣམས་ནི་མཐོ་རིས་ཀྱི་འགྲོ་བ་ཁྱད་པར་ཅན་འཕགས་པའི་ལམ་གྱི་སྣོད་ཀྱང་ཡིན་པས་དེ་དག་ལ་ཕྱིན་ཅི་མ་ལོག་པར་སྟོན་པས་ན་ལྷ་དང་མི་རྣམས་ཀྱི་སྟོན་པ། དེ་ཁོ་ན་ཉིད་ཐུགས་སུ་ཆུད་པས་ན་སངས་རྒྱས་བཅོམ་ལྡན་འདས་ཞེས་ངོ་བོ་ཉིད་མེད་པའི་ཆོས་ཉིད་ལ་ཚིག་བླ་དགས་སུ་བྱས་ནས་ཆིག་མཇུག་མི་མངོན་པར་བྱས་པའི་ཕྱིར་རོ། །ངོ་བོའི་བཞུགས་ཚུལ་གྱི་སྒོ་ནས་ཡོན་ཏན་གྱི་ཁྱད་པར་ནང་ལྟར་དུ་བཤད་ན། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སྐྱོན་ཐམས་ཅད་སྤངས་པ་སྟེ། མཐོང་སྤངས་དང་བསྒོམ་སྤངས་ཀྱིས་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་མཐའ་དག་སྤངས་པའོ། །ཡང་རྣམ་པ་གཅིག་ཏུ་ན། ལེགས་པར་སྤངས་པ། སླར་མི་ལྡོག་པར་སྤངས་པ། མ་ལུས་པར་སྤངས་པས་ན་སྤངས་པ་གསུམ་གྱི་ཡོན་ཏན་ཅན་ཏེ། རིག་པའི་དབང་ཕྱུག་གིས། རྒྱུ་སྤངས་ཡོན་ཏན་གསུམ་བདེ་གཤེགས། །སོགས་རྒྱས་པར་བཤད་པ་བཞིན་ནོ། །ཡོན་ཏན་རྫོགས་པའི་ཆ་ནས་སྤྱན་ལྔ་དང་། །མངོན་པར་ཤེས་པ་དྲུག་དང་། དབང་བཅུ་དང་། གཟུངས་ཀྱི་སྒོ་དང་། སྟོབས་བཅུ་དང་།


JL00_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སོགས་པའོ། །དེ་ལ་སྤྱན་ལྔ་ལས་སངས་རྒྱས་ཀྱི་སས་བསྡུས་པ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་སྤྱན་ནོ། །རྗེས་མཐུན་པ་ནི་ས་བརྒྱད་པ་ནས་ཡོད་དོ། །ཆོས་ཀྱི་སྤྱན་གྱིས་འཕགས་པའི་གང་ཟག་དབང་པོ་རྣོ་རྟུལ་ཐམས་ཅད་མངོན་སུམ་དུ་རྟོགས་པའོ། །ཤེས་རབ་ཀྱི་སྤྱན་གྱིས་ཆོས་ཐམས་ཅད་རང་གི་ངོ་བོ་ཉིད་ཀྱིས་སྟོང་པའི་དོན་མངོན་སུམ་དུ་མཐོང་བའོ། །ལྷའི་སྤྱན་གྱིས་འགྲོ་བ་རྣམས་འཆི་འཕོ་བ་དང་། སྐྱེ་བ་ཇི་ལྟ་བ་བཞིན་དུ་ཤེས་པའོ། །ཤའི་སྤྱན་གྱིས་དཔག་ཚད་བརྒྱ་ནས་སྟོང་གསུམ་ཚུན་ཆོད་ཀྱི་གཟུགས་ཕྲ་རགས་ཐམས་ཅད་མངོན་སུམ་དུ་མཐོང་བའོ། །མངོན་པར་ཤེས་པ་དྲུག་ལས་རྫུ་འཕྲུལ་གྱི་མངོན་པར་ཤེས་པ་ནི་ས་གཡོ་བ་དང་། གཅིག་ཏུ་བསྒྱུར་ཞིང་དུ་མར་སྤྲུལ་པ་ལ་སོགས་པའོ། །ལྷའི་རྣ་བའི་མངོན་པར་ཤེས་པ་ནི། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སྒྲ་ཆེ་ཆུང་མཐའ་དག་ཇི་ལྟ་བ་བཞིན་དུ་རྟོགས་པའོ། །གཞན་སེམས་ཤེས་པའི་མངོན་པར་ཤེས་པ་ནི། གཞན་རྒྱུད་ཉོན་མོངས་པ་དང་བྲལ་མ་བྲལ་སོགས་མངོན་སུམ་དུ་གཏན་ལ་ཕེབས་པའོ། །སྔོན་གནས་རྗེས་དྲན་གྱི་མངོན་པར་ཤེས་པ་ནི། རང་གཞན་གྱི་ཚེ་རབས་སྔ་མ་བརྒྱ་སྟོང་ལ་སོགས་པའི་བར་ཤེས་པའོ། །ལྷའི་མིག་གི་མངོན་པར་ཤེས་པ་ནི། བསྐལ་པ་དང་མ་བསྐལ་པའི་གཟུགས་ཕྲ་རགས་ཐམས་ཅད་མངོན་སུམ་གྱིས་རྟོགས་པའོ། ཟག་པ་ཟད་པའི་མངོན་པར་ཤེས་པ་ནི། སྒྲིབ་པ་ཡིས་སྤོང་བའི་ཐབས་དང་། སྤངས་པའི་བྲལ་བ་མངོན་དུ་ཤེས་པའོ། །དེ་དག་བསམ་གཏན་བཞི་ལ་བརྟེན་ནས་ཕན་ཚུན་རྒྱུ་འབྲས་གྲུབ་པའི་ཚུལ་


JL00_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ཐོབ་པའང་མངོན་པ་ཀུན་ལས་བཏུས་པས། ཕྱི་རོལ་པའམ། ཉན་ཐོས་སམ། བྱང་ཆུབ་སེམས་དཔའ་ཡང་རུང་སྟེ། བསམ་གཏན་བཞི་ལ་བརྟེན་ནས་ཚད་མེད་པ་རྣམས་མངོན་པར་འགྲུབ་བོ། །ཚད་མེད་པ་རྣམས་ཇི་ལྟ་བ་བཞིན་དུ་མངོན་པར་ཤེས་པ་ལྔ་ཡང་དེ་བཞིན་ནོ། །ཞེས་བཤད་དོ། །དབང་བཅུ་ནི། བསྐལ་པའི་བར་དུ་འཚོ་བར་འདོད་ཀྱང་གནས་པར་ནུས་པས་ཚེ་ལ་དབང་བ་དང་། ཏིང་ངེ་འཛིན་གྱི་སྒོ་གྲངས་མེད་པ་ལ་དབང་ཐོབ་པས་སེམས་ལ་དབང་བ་དང་། ནམ་མཁའ་མཛོད་ཀྱི་རང་བཞིན་ཟད་མི་ཤེས་པ་ལ་མངའ་བརྙས་པས་ཡོ་བྱད་ལ་དབང་བ་དང་། བཟོ་དང་སྒྱུ་རྩལ་གྱི་གནས་ལ་སོགས་ལས་ཀྱི་འབྲས་བུ་སྟོན་པ་ལ་མངའ་བརྙས་པས་ལས་ལ་དབང་བ་དང་། གང་དང་གང་དུ་འདོད་པའི་གནས་སུ་སྐྱ་བར་ནུས་པས་སྐྱེ་བ་ལ་དབང་བ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་སངས་རྒྱས་ཀྱི་སྐུས་གང་བར་སྟོན་ནུས་པ་ལ་སོགས་མོས་པ་ལ་དབང་བ་དང་། བྱང་ཆུབ་ཆེན་པོའི་སྤྲུལ་པ་འགྱེད་ནུས་པས་སྨོན་ལམ་ལ་དབང་བ་དང་། གདུལ་བྱ་རྣམ་པ་སྣ་ཚོགས་ལ་དུས་གཅིག་ཏུ་རྫུ་འཕྲུལ་མི་འདྲ་བ་དུ་མ་སྟོན་ནུས་པས་རྫུ་འཕྲུལ་ལ་དབང་བ་དང་། ཤེས་བྱ་ཐམས་ཅད་ཐོགས་མེད་དུ་མཁྱེན་པས་ཡེ་ཤེས་པ་དབང་བ་དང་། ཆོས་ཀྱི་ཚིག་དོན་ཐམས་ཅད་ལ་མཁས་པས་ཆོས་ལ་དབང་བ་སྟེ། དབང་བཅུ་འདི་དག་ནི་དག་པའི་ས་གསུམ་གྱི་བྱང་ཆུབ་སེམས་དཔའི་ཁྱད་ཆོས་སུ་མདོ་སྡེ་ཆོས་ཀྱི་སྤྲིན་ལ་སོགས་པ་ནས་བཤད་པ་ཡིན་ནོ། །གཟུངས་ཀྱི་སྒོ་ནི་རྣམ་པ་ཐ་དད་པ་ཡོད་དེ། དེའི་རང་བཞིན་ནི་འཕགས་པ་འཇམ་དཔལ་གྱིས། གཟུངས་ཞེས་བྱ་བ་ནི་དྲན་པ་མ་ཉམས་པ། རྟོགས་པ་མ་གཡེངས་པ། བློ་གྲོས་མ་རྨོངས་པ། ཤེས་རབ་མངོན་དུ་བྱེད་པ། ཆོས་ཐམས་ཅད་ཀྱི་


JL00_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་རབ་ཏུ་ཐ་དད་པ་ཤེས་པ་ལ་སོགས་རྒྱ་ཆེར་བསྟན་པའོ། །སྟོབས་བཅུ་ནི། ཟླ་བ་གྲགས་པས། གནས་དང་གནས་མིན་མཁྱེན་སྟོབས་དང་། དེ་བཞིན་ལས་རྣམས་སྨིན་བློ་དང་། །མོས་པ་སྣ་ཚོགས་ཐུགས་ཆུད་དང་། །སྣ་ཚོགས་ཁམས་ཀྱི་མཁྱེན་སྟོབས་དང་། །དེ་བཞིན་དབང་མཆོག་མཆོག་མ་ཡིན། །མཁྱེན་དང་ཐམས་ཅད་དུ་འགྲོ་དང་། །བསམ་གཏན་རྣམ་ཐར་ཏིང་འཛིན་དང་། །སྙོམས་པར་འཇུག་སོགས་མཁྱེན་སྟོབས་དང་། །སྔོན་གནས་དྲན་པ་མཁྱེན་པ་དང་། །དེ་བཞིན་འཆི་འཕོ་སྐྱེ་བློ་དང་། །ཟག་རྣམས་ཟད་པ་མཁྱེན་སྟོབས་དང་། །སྟོབས་བཅུ་པོ་ནི་འདི་དག་གོ །ཞེས་མདོར་བསྟན་ནས། དེའི་རང་བཞིན་དབྱེ་བ་ནི། རྒྱུ་གང་ཞིག་ལས་གང་ཞིག་ངེས་པར་སྐྱེ་འགྱུར་བ། དེ་ནི་དེ་ཡི་གནས་སུ་དེ་མཁྱེན་རྣམས་ཀྱིས་གསུངས། །བཤད་པ་ལས་ལྡོག་གནས་མིན་ཤེས་བྱ་མཐའ་ཡས་པ། །མཁྱེན་པ་ཐོགས་པ་སྤངས་པ་དེ་ནི་སྟོབས་སུ་བཤད། །ཞེས་པ་ལ་སོགས་པས་བཀྲལ་བའི་དོན་འདི་ལྟར་དགེ་བ་དང་། མི་དགེ་བ་དང་། འདྲེས་མར་སྤྱོད་པའི་རྒྱུ་གང་ལས་བདེ་སྡུག་བར་མའི་འབྲས་བུའང་དེ་དེ་བཞིན་དུ་བསླུ་བ་མེད་པ་ནི་གནས་དང་། དེ་ལས་ལྡོག་པ་གང་ཡིན་པ་ནི་གནས་མ་ཡིན་པ་ཉིད་དུ་ཆགས་ཐོགས་མེད་པར་མཁྱེན་པའི་སྟོབས་དང་། དེ་བཞིན་དུ་འདོད་པ་དང་། མི་འདོད་པ་དང་། གཉིས་ཀ་ལས་ལྡོག་པ་དང་། ཟད་པའི་དངོས་པོ་སྟེ་ཟག་བཅས་མ་ཡིན་པའི་ལས་དང་། དེའི་རྣམ་པར་སྨིན་པ་དུས་གསུམ་གྱི་དངོས་པོས་བསྡུས་པ་མཐའ་དག་མཁྱེན་པའི་སྟོབས་དང་། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་སྣ་ཚོགས་དང་། དེ་ལས་གཞན་པ་མོས་པ་འབྲིང་དང་། ཁྱད་པར་དུ་འཕགས་པའི་འདོད་པ་ལ་སོགས་པ་དུས་གསུམ་གྱི་སོ་སོ་


JL00_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བོ་དང་འཕགས་པའི་ཚོགས་ཀྱི་མོས་པ་ཇི་ལྟ་བ་བཞིན་དུ་གཟིགས་པ་མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་དང་མིག་ལ་སོགས་པ་གཟུགས་ཅན་གྱི་དབང་པོ་ལྔ་དང་། དེ་དག་གི་རྣམ་པར་ཤེས་པ་སྟེ་གཟུགས་ཅན་མ་ཡིན་པ་ལྔ། དེ་དག་ཕན་ཚུན་ཡུལ་དང་ཡུལ་ཅན་དུ་འབྲེལ་བ་འདོད་པའི་ལྔ། རང་བཞིན་སྟོང་ཉིད་བཅུ་དྲུག་ལ་སོགས་ཏེ་ཁམས་རྣམས་ཀྱི་དབྱེ་བའི་བྱེ་བྲག །དུས་གསུམ་གྱི་ཤེས་བྱར་སྲིད་པ་ཇི་སྙེད་པ་ཐམས་ཅད་དུས་གཅིག་ཏུ་མཁྱེན་པ་སྟེ་ཁམས་སྣ་ཚོགས་མཁྱེན་པའི་སྟོབས་དང་། མིག་ལ་སོགས་པའི་དབང་པོ་ཉེར་གཅིག་འབྲས་བུ་དང་བཅས་པ་དང་། དེ་རྣོན་པོ་དང་། འབྲིང་དང་། རྟུལ་པོའི་བྱེ་བྲག་གིས་ཕྱེ་བའི་དབང་པོའི་རིམ་པ་མཐའ་དག་མ་ལུས་པར་གཟིགས་པ་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་དང་། འགྲོ་བ་དྲུག་དང་ཉན་རང་། སངས་རྒྱས་ཀྱི་ལམ་ལ་སོགས་ཏེ་ཡང་དག་པ་དང་། ཕྱིན་ཅི་ལོག་གི་འགྲོ་བའི་རྣམ་པ་ཇི་སྙེད་པ་ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་དང་། དུས་གསུམ་གྱི་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་དག་ན་བསམ་གཏན་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སོགས་ཏེ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཁྱད་པར་མ་འདྲེས་པར་མཁྱེན་པས་ཉོན་མོངས་དང་རྣམ་བྱང་མཁྱེན་པའི་སྟོབས་དང་། བདག་དང་གཞན་གྱི་སྔོན་གྱི་གནས་གང་ཡིན་པ་བཀོད་པ་དང་། རྣམ་པ་མ་འདྲེས་པར་རྗེས་སུ་དྲན་ཤིང་མངོན་དུ་གཟིགས་པས་ན་སྔོན་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་དང་། ཇི་ལྟར་སྔོན་གྱི་གནས་གཟིགས་པ་བཞིན་དུ་རང་དང་གཞན་གྱི་འཆི་འཕོ་དང་། སྐྱེ་བ་འཛིན་པའི་གནས་སྐབས་ཐམས་ཅད་མ་འདྲེས་པར་གཟིགས་


JL00_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

པས་འཆི་འཕོ་དང་། སྐྱེ་བ་མཁྱེན་པའི་སྟོབས་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། བླ་ན་མེད་པའི་བྱང་ཆུབ་རྣམ་པ་གསུམ་གྱི་སྤང་བྱ་དང་། ཟག་པ་ཟད་པའི་སྐབས་ཐམས་ཅད་མ་འདྲེས་པར་གཟིགས་པས་ཟག་པ་ཟད་པ་མཁྱེན་པའི་སྟོབས་ཏེ་རྣམ་པ་བཅུའོ། །མི་འཇིགས་པ་བཞི་ནི། བདག་ཉིད་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་ཆོས་ཐམས་ཅད་ཀྱི་རང་བཞིན་མ་འདྲེས་པར་མཁྱེན་པར་ཞལ་གྱིས་འཆེས་པ་ལ། ཆོས་མཐུན་གྱི་རྒོལ་བ་མེད་པས་རྟོགས་པ་ཕུན་སུམ་ཚོགས་པ་ལ་མི་འཇིགས་པ་དང་། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པས་བསྡུས་པ་མཐའ་དག་ཐར་པ་དང་རྣམ་མཁྱེན་གྱི་བར་ཆད་དུ་གྱུར་པའི་སྤང་བྱ་འདི་མ་སྤངས་པས་སོ་ཞེས་པའི་ཆོས་མཐུན་གྱི་རྒོལ་བ་མེད་པས་བར་དུ་གཅོད་པའི་ཆོས་བསྟན་པ་ལ་མི་འཇིགས་པ་དང་། གཞི་ཤེས་དང་། ལམ་ཤེས་ལ་སོགས་པ་ཐར་པ་དང་། རྣམ་མཁྱེན་གྱི་ངེས་པར་འབྱུང་བའི་ལམ་དུ་བསྟན་པ་ལ། ལམ་འདི་བསྟན་ཀྱང་ངེས་པར་འབྱུང་བར་བྱེད་མི་ནུས་སོ་ཞེས་ཆོས་མཐུན་གྱི་རྒོལ་བ་མེད་པས་ངེས་པར་འབྱུང་བའི་ལམ་བསྟན་པ་ལ་མི་འཇིགས་པ་དང་། ཟག་པ་མ་ལུས་པར་ཟད་པར་ཞལ་གྱིས་བཞེས་པ་ལ་ཟག་པ་འདི་མ་ཟད་དོ་ཞེས་ཆོས་མཐུན་གྱི་རྒོལ་བ་མེད་པས་སྤངས་པ་ཕུན་སུམ་ཚོགས་པ་ལ་མི་འཇིགས་པའོ། །སོ་སོ་ཡང་དག་པར་རིག་པ་བཞི་ནི། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཆོས་རྣམས་ཀྱི་ཁམས་དང་། མིང་གི་རྣམ་གྲངས་བདེ་བླག་ཏུ་མཁྱེན་པས་ཆོས་སོ་སོ་ཡང་དག་པར་རེག་པ་དང་། དེ་དག་གི་རང་དང་སྤྱིའི་མཚན་ཉིད་ལ་མ་འཁྲུལ་ཞིང་མ་རྨོངས་པའི་


JL00_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་པ་ཆགས་ཐོགས་མེད་པར་འཇུག་པས་དོན་སོ་སོ་ཡང་དག་པར་རིག་པ་དང་། གདུལ་བྱའི་ཡུལ་དེ་དང་མཐུན་པའི་གསུང་རྣམ་པ་ཐམས་ཅད་ལ་ཡིན་པས་ཚིག་སོ་སོ་ཡང་དག་པར་རིག་པ་དང་། རང་གི་ངོ་བོ་ཉིད་དང་རྣམ་དབྱེའི་བྱེ་བྲག་ཐམས་ཅད་མཁྱེན་པ་ཆགས་ཐོགས་མེད་པར་འཇུག་པས་སྤོངས་བ་སོ་སོ་ཡང་དག་པར་རིག་པའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི། མི་ཕམ་མགོན་པོས། འཁྲུལ་དང་ཅ་ཅོ་མི་མངའ་སྟེ། །སྟོན་ལ་དྲན་པ་ཉམས་མི་མངའ། །མཉམ་པར་མ་བཞག་ཐུགས་མི་མངའ། །འདུ་ཤེས་སྣ་ཚོགས་ཀྱང་མི་མངའ། །མ་བརྟགས་བཏང་སྙོམས་མི་མངའ་སྟེ། །འདུན་དང་བརྩོན་འགྲུས་དྲན་པ་དང་། །ཤེས་རབ་རྣམ་གྲོ་རྣམ་གྲོལ་གྱི། །ཡེ་ཤེས་གཟིགས་པ་ཉམས་མི་མངའ། །ལས་རྣམས་ཡེ་ཤེས་སྔོན་འགྲོ་དང་། །དུས་ལ་ཡེ་ཤེས་སྒྲིབ་པ་མེད། །དེ་ལྟར་བཅོ་བརྒྱད་འདི་རང་བཞིན། །སྟོན་པའི་མ་འདྲེས་ཡོན་ཏན་ཡིན། །ཅེས་རྒྱུན་ཆགས་དང་སྦྲེལ་བས་རྣམ་གྲོལ་ཕྱི་མའི་དོན་ནི། ཤེས་བྱའི་དོན་ཀུན་གཟིགས་པ་གྲོལ་བའི་ཡེ་ཤེས་ལས་ནི་ཉམས་མི་མངའ། །ཞེས་བཤད་པ་ལྟར་རོ། །དེ་དག་ནི་རྣམ་པ་ཀུན་ཏུ་གསལ་འགྲིབ་སྤངས་པ་ཐུགས་ཀྱི་ཡོན་ཏན་ཏེ། འབྲས་བུའི་སངས་རྒྱས་བསླུ་བ་མེད་པའི་ཡེ་ཤེས་དམ་པའི་ངོ་བོ་ཉིད་ཡིན་ལ། དེའི་བརྟེན་པའམ། སྣོད་དུ་གྱུར་པ་ནི་གཟུགས་ཀྱི་སྐུ་གཉིས་ཡིན་པས་ན་ཞར་ལ་སྐུའི་མཚན་དཔེ་དང་། གསུང་གི་ཡོན་ཏན་ཡང་བསྙད་པར་འོས་ཏེ། དྲིན་ལན་བསབ་པའི་མདོ་ལས། འདི་ལྟ་སྟེ། ཞབས་ཀྱི་མཐིལ་མཉམ་ཞིང་གང་བ་ཡིན། ཞབས་ཀྱི་མཐིལ་ན་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ཡོད་པ་ཡིན། ཕྱག་སོར་ཕྲ་ལ་རིང་བ་ཡིན། ཞབས་ཀྱི་རྟིང་པ་ཟླུམ་ལ་གང་བ་ཡིན།


JL00_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་སོར་གྱི་བར་དྲྭ་བར་འབྲེལ་བ་ཡིན། །ཕྱག་དང་ཞབས་འཇམ་ཞིང་མཉེན་པ་ཡིན། ཞབས་བྱིན་པ་རི་དྭགས་ཀྱི་རྒྱལ་པོ་ཨེ་ན་ལ་ལྟར་ཟླུམ་ལ་ཤུགས་ཀྱིས་གཞོལ་བ་ཡིན། ཞབས་ཀྱི་ལོང་བུ་ཕྱིར་མི་སྣང་བ་ཡིན། ཕྱག་པུས་མོར་སླེབ་པ་ཡིན། རྟའི་རྒྱལ་པོ་ལྟར་མཚན་སྦུབས་ཀྱི་ནང་དུ་མི་སྣང་བ་ཡིན། ཤིང་ནྱ་གྲོ་ཏ་ལྟར་སྐུའི་ཡན་ལག་ཡོངས་སུ་རྫོགས་པ་ཡིན། སྐུའི་བ་སྤུ་གྱེན་དུ་ཉལ་བ་ཡིན། བ་སྤུ་རེ་རེ་ནས་གཡས་སུ་འཁྱིལ་བ་ཡིན། སྐུ་མདོག་གསེར་བཙོམ་ལྟར་འདུག་པ་ཡིན། རྟག་པའི་འོད་འདོམ་གང་དང་ལྡན་པ་ཡིན། ལྤགས་པ་མཉེན་ཞིང་འཇམ་ལ་རྡུལ་དང་དྲི་མས་མི་གོས་པ་ཡིན། གནས་བདུན་ཡོངས་སུ་གང་བ་ཡིན། །སྐུའི་སྟོད་སེངྒེ་ལྟར་འདུག་པ་ཡིན། ཕྱག་གི་ལག་ངར་ཟླུམ་ལ་ཤུགས་ཀྱིས་གཞོལ་བ་ཡིན། སྒྲོག་རུས་མཉམ་པར་གང་བ་ཡིན། སྐུའི་སྟོད་སྨད་འབྱེས་པའི་མཚན་དང་ལྡན་པ་ཡིན། ཞལ་གྱི་ཚེམས་བཞི་བཅུ་དང་ལྡན་པ་ཡིན། ཚེམས་ཀྱི་ཐགས་བཟང་ཞིང་མཉམ་པ་ཡིན། ཚེམས་ཀྱི་མདོག་དཀར་བ་ཡིན། འགྲམ་པ་རི་དྭགས་ཀྱི་རྒྱལ་པོ་སེངྒེ་ལྟར་གང་བ་ཡིན། རོ་བྲོ་བའི་མཆོག་དང་ལྡན་པ་ཡིན། ཤའི་དོ་ཀེར་གྱི་མཚན་དང་ལྡན་པ་ཡིན། ལྗགས་རིང་ལ་ཡངས་པ་ཡིན། ཚངས་པའི་སྒྲ་དབྱངས་དང་ལྡན་པ་ཡིན། སྤྱན་གྱི་མདོག་མཐོན་མཐིང་ལྟར་འདུག་པ་ཡིན། སྤྱན་ཁྱུ་མཆོག་གི་རྒྱལ་པོ་ལྟར་འདུག་པ་ཡིན། སྨིན་མཚམས་མཛོད་སྤུ་དཀར་པོ་དང་ལྡན་པ་ཡིན། ཅེས་སོ། །དེ་ལ་གནས་བདུན་ནི། ཕལ་ཆེན་ལས། བདུན་ཤིན་ཏུ་མཐོ་བ་དང་ལྡན་པར་གྱུར་ཏེ། དེའི་རྐང་པ་གཉིས་ཤིན་ཏུ་


JL00_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

མཐོ་བ་དང་། ཟླུམ་ལ་ཤིན་ཏུ་ལེགས་པ་དང་། ཤིན་ཏུ་རྒྱས་པ་དང་། ཚིགས་པ་མི་སྣང་བ་དང་། ཤིན་ཏུ་ཡིད་དུ་འོང་བ་དང་། བལྟ་ན་སྡུག་པ་གཉིས་པར་གྱུར་ཏོ། །ལག་པ་གཉིས། ཐལ་གོང་གི་ལྷུན་གཉིས། ལྟག་པ་གཅིག་སྟེ་དེ་ལྟར་བདུན་ནོ། །ཞེས་པ་ལྟར་ཕྱག་ཞབས་ཀྱི་རྒྱབ་བཞི། ཕྲག་པའི་བར་གཉིས། ལྟག་པའི་ཕྱོགས་ཏེ་གནས་བདུན་སྐུ་ཤས་གང་བས་ན་ཤིན་ཏུ་མཐོ་བ་ལ་སོགས་པའི་ཁྱད་ཆོས་དྲུག་དང་ལྡན་པའོ། །ཤའི་དོ་ཀེར་ནི་གཙུག་ཏོར་ལྟར་མི་མངོན་པའོ། །དེ་དག་ཀྱང་མདོ་དེ་ཉིད་ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཚན་ཉིད་ལ་སྤྱོད་ཅིང་གནས་པའི་ཚེ་མཚན་སུམ་ཅུ་རྩ་གཉིས་ཀྱི་ལས་བྱེད་དོ། །རྣམ་པར་དག་པའི་སྤྱོད་པ་ལ་གནས་པའི་ཚེ་མཚན་སུམ་ཅུ་རྩ་གཉིས་ཡོད་མོད་ཀྱི། ཡོངས་སུ་རྫོགས་པའམ་གསལ་བ་མ་ཡིན་ནོ། །སྤྱད་པ་བཅུ་གསུམ་ལ་གནས་པའི་ཚེ་མཚན་རྣམས་ཀྱང་མངོན་གསལ་བར་ཡོངས་སུ་རྫོགས་སོ། །ཞེས་གསུངས་སོ། །དེ་ལྟར་མཚན་སོ་གཉིས་འདི་དག་འབྱུང་བའི་རྒྱུ་རྐྱེན་ཡང་སོ་སོར་བཤད་མོད་ཀྱི། མདོར་བསྡུ་ན་མདོ་དེ་ཉིད་ལས། དེའི་རྒྱུ་དེའི་རྐྱེན་ཡང་དག་པ་ནི་ཚུལ་ཁྲིམས་དང་བརྩོན་འགྲུས་སོ། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་ཚུལ་ཁྲིམས་མ་བསྲུངས་བརྩོན་འགྲུས་མ་སྤྱད་ན་མིའི་ལུས་ཀྱང་ཐོབ་པར་མི་ནུས་ན། མཚན་སུམ་ཅུ་རྩ་གཉིས་ཐོབ་པ་ལྟ་སྨོས་ཀྱང་ཅི་དགོས། ཞེས་བཤད་དོ། །དེ་བཞིན་དུ་དེ་བཞིན་གཤེགས་པའི་ཕྱག་ཞབས་ལ་རི་མོའི་རྣམ་པར་གསལ་བའི་མཚན་གྱི་རྣམ་གྲངས་བརྒྱད་ཅུར་བཤད་པ་ཡང་ཡོད་དེ། འཕགས་པ་འཇམ་དཔལ་གྱིས་ཞུས་པའི་ཐེག་པ་ཆེན་པོའི་མདོར། དེ་ལྟར་རི་མོའི་རྗེས་ཀྱི་མཚན་བརྒྱད་ཅུ་ལ་འདི་ལྟ་སྟེ། གདུགས་དང་།


JL00_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་མཚན་དང་། དཔལ་བེའུ་དང་། ཕྲེང་བ་དང་། ཀྱོ་བ་དང་། ཅོད་པན་དང་། དབྱིག་ཏོ་དང་། བུམ་པ་དང་། གླང་པོ་དང་། རྟ་དང་། སྟག་དང་། ཆུ་སྲིན་དང་། ཉ་དང་། རུས་སྦལ་དང་། རྨ་བྱ་དང་། ཀ་ལ་པིངྐ་དང་། ཤང་ཤང་ཏེའུ་དང་། ཙ་ཤ་དང་། ངུར་བ་དང་། ནེ་ཙོ་དང་། ངང་པ་དང་། ཐི་བ་དང་། ནས་དང་། སྨན་ཆེན་པོ་དང་། འོད་མ་དང་། བ་མེན་དང་། ཀླུ་དང་། རྭ་དང་། ཁྱུ་མཆོག་དང་། རི་དང་། བིལ་བ་དང་། ཤིང་དང་། རི་དྭགས་ནག་པོ་དང་། ནོར་བུ་རིན་པོ་ཆེ་དང་། རལ་གྲི་མཆོག་དང་། རྡོ་རྗེ་དང་། གཞུ་དང་། མདའ་དང་། ཤག་ཏི་དང་། མདུང་རྩེ་གསུམ་པ་དང་། གཤོལ་དང་། གཏུན་དང་། སྟྭ་རེ་དང་། ཞགས་པ་དང་། གྲུ་དང་། མུ་ཏིག་གི་རྒྱན་དང་། སྤྲིན་དང་། ཚངས་པ་དང་། དབང་པོ་དང་། འཁོར་སྲུང་པོ་དང་། ཆུའི་ལྷ་དང་། འཕགས་སྐྱེས་པོ་དང་། མིག་མི་བཟང་དང་། ནོར་སྦྱིན་དང་། དྲང་སྲོང་ཆེན་པོ་དང་། དཔལ་དང་། ཉི་མ་དང་། ཟླ་བ་དང་། མེ་དང་། རླུང་དང་། པདྨོ་དང་། གཡུང་དྲུང་དང་། གྲུ་གསུམ་དང་། དགེ་བའི་བསྟན་དང་། མེ་ལོང་དང་། རྔ་ཡབ་དང་། རྩ་དུར་བ་དང་། བུ་ཏོ་ད་ཤ་དང་། ཁྱིའུ་དང་། བུ་མོ་དང་། རྔ་དང་། དུང་དང་། སྨྲིག་དང་། གདུ་བུ་དང་། དཔུང་རྒྱན་དང་། རྣ་ཆ་དང་། སོར་གདུབ་དང་། རྣ་ཆ་ཕྱང་ཕྲུལ་ཅན་དང་། མེ་ཏོག་བཟང་པོ་དང་། དཔག་བསམ་གྱི་ཤིང་དང་། འཁོར་ལོ་དང་། དཔུང་གི་སེངྒེ་དང་། འདི་རྣམས་ནི་རི་མོའི་རྗེས་ཀྱི་མཚན་བརྒྱད་ཅུ་ཡིན་ཏེ། འདི་དག་ནི་དེ་བཞིན་གཤེགས་པའི་ཕྱག་དང་། ཞབས་ཀྱི་མཐིལ་ལ་འབྱུང་ངོ་། །འཇམ་དཔལ་མཚན་བརྒྱད་ཅུའི་རི་མོར་གཏོགས་པའི་བསོད་ནམས་ཀྱི་ཕུང་པོར་གྱུར་པའི་བསོད་ནམས་ཀྱི་ཕུང་པོ་དེ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མར་བསྒྱུར་བས། དེ་བཞིན་གཤེགས་


JL00_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐུ་ལ་སྐྱེས་བུ་ཆེན་པོའི་མཚན་གཅིག་ཏུ་འགྱུར་ཏེ། དེ་བཞིན་དུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་རེ་རེར་འགྱུར་རོ། །ཞེས་སོ། །དཔེ་བྱད་བརྒྱད་ཅུ་ནི། མདོ་སྡེའི་དོན། སེན་མོ་ཟངས་ཀྱི་མདོག་ལྟ་བུར་དམར་སྐྱ་དང་། སེན་མོའི་མདོག་སྣུམ་པ་དང་། ཤང་ཤོང་མེད་ཅིང་མཐོ་བ་དང་། ཟླུམ་པ་དང་། རྒྱས་པ་དང་། བྱིན་གྱིས་ཕྲ་བ་དང་། སྐུ་ལུས་ཀྱི་རྩ་མི་མངོན་པ་དང་། མདུད་པ་མེད་པ་དང་། ཞབས་ཀྱི་ལོང་བུ་མི་མངོན་པ་དང་། རིང་ཐུང་མེད་པའི་མཉམ་པ་དང་། མི་ཟིལ་གྱིས་གནོན་པ་ལ་མཁས་པ་སེངྒེའི་སྟབས་སུ་གཤེགས་པ་དང་། ཀླུ་ཟིལ་གྱིས་གནོན་པ་ལ་མཁས་པ་གླང་པོ་ཆེ་ལྟ་བུར་གཤེགས་པ་དང་། ནམ་མཁའ་ལ་འབྱོན་པ་བྱ་ངང་པའི་སྟབས་སུ་གཤེགས་པ་དང་། སེམས་ཅན་གྱི་སྣ་འདྲེན་པ་ལ་མཁས་པ་ཁྱུ་མཆོག་གི་སྟབས་སུ་གཤེགས་པ་དང་། སྐོར་ཕྱོགས་ཀྱི་མན་ངག་དང་མཐུན་པར་གཡས་སུ་ལྡོག་ཅིང་གཤེགས་པ་དང་། བལྟ་ན་སྡུག་ཅིང་མཛེས་པར་གཤེགས་པ་དང་། མི་གཡོ་བ་དྲང་པོར་གཤེགས་པ་དང་། ཤ་རྒྱས་ཤིང་འགྱིང་ལེགས་པས་འཁྲིལ་བག་ཆགས་པར་གཤེགས་པ་དང་། གཙང་ཞིང་དག་པས་སྐུ་བྱི་དོར་བྱས་པ་ལྟ་བུ་དང་། སྐུ་རིང་ཐུང་དང་སྦོམ་ཕྲ་སོགས་ཐད་ཀར་མ་འཆོལ་བས་རིམ་པར་འཚམ་པ་དང་། སྐུ་རྙོག་པ་ཞི་བས་གཙང་བ་དང་། འཇམ་པ་དང་། རྣམ་པར་དག་པ་དང་། མཚན་ཡོངས་སུ་རྫོགས་པ་དང་། སྐུའི་ཁྱོན་ཆེ་བས་ཁོ་ལག་ཡངས་ཤིང་བཟང་བ་དང་། གོམ་པ་དལ་མྱུར་སྙོམས་པ་དང། དྲི་མ་ར་རི་མེད་པས་སྤྱན་གཉིས་དོག་པ་དང་། སྐུ་གཞོན་ཤ་ཆགས་པ་དང་། སྐུ་ཞུམ་པ་མེད་པ་དང་ ཤ་ཚུལ་རྒྱས་པ་དང་། སྐུ་ཤ་གྲིམས་པ་དང་། ཡན་ལག་དང་ཉིང་ལག་རྣམ་པར་འབྱེས་པ་དང་། གློ་བུར་གྱི་དྲི་མ་དང་བྲལ་བས་གཟིགས་


JL00_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམ་པར་དག་པ་དང་། སྐུའི་ཕྱལ་ཟླུམ་པ་དང་རྐེད་སྐབས་འཚམ་པས་སྐབས་ཕྱིན་པ་དང་། རྐེད་པ་ཧ་ཅང་རིང་བ་མ་ཡིན་པས་སྐུ་མ་རྙོངས་པ་དང་། སྐུའི་ཕྱལ་ཕྱལ་ངེ་བས་མཐོ་དམན་མེད་པ་དང་། ལྟེ་བ་ཟབ་ཅིང་གཡས་ཕྱོགས་སུ་འཁྱིལ་བ་དང་། སྤྱོད་ལམ་ཀུན་ནས་བལྟ་ན་སྡུག་པ་དང་། སྐུ་གསུང་ཐུགས་ཀུན་སྤྱོད་གཙང་བ་དང། སྐུ་ལ་སྨེ་བ་དང་གནག་བག་མེད་པ་དང་། ཕྱག་ཤིང་བལ་ལྟར་འཇམ་པ་དང་། ཕྱག་གི་རི་མོ་མདངས་གསལ་བ་དང་། རྒྱང་རིང་མོ་ནས་གསལ་བའི་ཟབ་པ་དང་། ཕྱག་གི་རི་མོ་རིང་བ་དང་། ཞལ་ཧ་ཅང་མི་རིང་བ་དང་། ཞལ་ལ་གཟུགས་ཀྱི་གཟུགས་བརྙན་སྣང་ཞིང་མཆུ་སྒྲོས་བིམྦ་ལྟར་དམར་བ་དང་། ལྗགས་རིང་ཞིང་མཉེན་པ་དང་། སྲབ་པ་དང་། དམར་བ་དང་། གསུང་འབྲུག་སྒྲ་ལྟར་སྒྲོག་པ་དང་། སྙན་ཞིང་འཇམ་པ་དང་། མཆེ་བ་ཟླུམ་པ་དང་། རྣོ་བ་དང་། དཀར་བ་དང་། མཉམ་པ་དང་། བྱིན་གྱིས་ཕྲ་བ་དང་། ཤངས་ཀྱི་གཟེངས་མཐོ་བ་དང། ཟག་པ་མེད་པས་དག་ཅིང་གཙང་བ་དང་། སྤྱན་ཡངས་པ་དང་། རྫི་མ་སྟུག་པ་དང་། དཀར་ནག་མ་འདྲེས་པ་པདྨའི་འདབ་མ་རངས་པ་ལྟ་བུར་རྫོགས་པ་དང་། སྨིག་ཚུགས་རིང་བ་དང་། འཇམ་པ་དང་། སྣུམ་པ་དང་། སྤུ་མཉམ་པ་དང་། ཕྱག་རིང་ཞིང་རྒྱས་པ་དང་། སྙན་མཉམ་པ་དང་། དེའི་དབང་པོ་མ་ཉམས་པ་དང་། སྐྲ་མཚམས་དོད་པས་དཔྲལ་བ་ལེགས་པར་འབྱེས་པ་དང་། དབྱེས་ཆེ་བ་དང་། དབུ་གདུགས་ལྟར་རྒྱས་པ་དང་། དབུ་སྐྲ་བུང་བ་ལྟར་གནག་པ་དང་། གོ་མཚམས་མེད་པར་སྟུག་པ་དང་། འཇམ་པ་དང་། མ་འཇིངས་པ་དང་། མི་གཤོར་བ་དང་། དྲི་ཞིམ་པ་དང་། ཐུགས་ཀར་དཔལ་གྱི་བེའུ་དང་། ཕྱག་ཞབས་ཀྱི་མཐིལ་ལ་རི་མོ་གྲུ་བཞི་པའི་བཀྲ་ཤིས་


JL00_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

དང་། དེའི་མཐར་སྲིན་ལག་ལ་སོགས་པའི་གཤམ་དུ་རི་མོ་བདུན་གཡས་སུ་འཁྱིལ་བའི་གཡུང་དྲུང་འཁྱིལ་བས་ཀྱང་བརྒྱན་པའོ། །དེ་དག་ནི། མདོ་དང་བསྟན་བཅོས་རྣམས་ལས་རྒྱ་ཆེར་གྲགས་པའི་དབང་དུ་བྱས་པ་སྟེ། གཞན་དུ་ན་དཔེ་བྱས་ཁོ་ནའི་རྣམ་གྲངས་ཀྱང་བརྗོད་པར་མི་ནུས་ཏེ། དྲིན་ལན་གསབ་པ་ལས། དཔེ་བྱད་བཟང་པོ་རེ་རེ་ལའང་དཔེ་བྱད་བཟང་པོའི་མཆོག་དམ་པ་བརྒྱ་སྟོང་ཇི་སྙེད་ཡོད་དེ། ཞེས་དང་། གཞན་ཡང་སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་དང་། དེ་བཞིན་གཤེགས་པའི་མཚན་དང་དཔེ་བྱད་སོ་སོའི་ཆེ་ཁྱད་ཀྱི་རྣམ་པར་བཞག་པའང་མདོ་དེ་ཉིད་ལས། སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་ཇི་སྙེད་ཅིག་ཡོད་པ་ཕྱོགས་གཅིག་ཏུ་བསྡུས་ཏེ་སྤུངས་ན། དེ་བཞིན་གཤེགས་པའི་བ་སྤུ་གཅིག་གི་མཚན་དང་མཉམ་མོ། །བ་སྤུའི་ཁུང་བུ་ཐམས་ཅད་ཀྱི་བསོད་ནམས་ཇི་སྙེད་ཅིག་ཡོད་པ་གཅིག་ཏུ་བསྡུས་ཏེ་སྤུངས་ན། དཔེ་བྱད་བཟང་པོ་གཅིག་དང་མཉམ་མོ། །དཔེ་བྱད་བཟང་པོ་ཇི་ཙམ་ཡོད་པའི་བསོད་ནམས་ཇི་སྙེད་ཡོད་པ་དེ་ལས་བརྒྱ་འགྱུར་དུ་བྱས་ན་མཚན་གཅིག་དང་མཉམ་ཏེ། སྨིན་མཚམས་ཀྱི་མཛོད་སྤུ་དཀར་པོའི་མཚན་དང་། སྤྱི་གཙུག་བལྟར་མི་སྣང་བའི་མཚན་ནི་མ་གཏོགས་སོ། །དེ་མ་ཡིན་པ་མཚན་གཞན་ཐམས་ཅད་སྟོང་འགྱུར་དུ་བྱས་ན། མཚན་གོང་མ་གཉིས་སུ་འགྱུར་རོ། །མཚན་སུམ་ཅུ་རྩ་གཉིས་དང། དཔེ་བྱད་བཟང་པོ་བརྒྱད་ཅུ་པོའི་བསོད་ནམས་ཇི་སྙེད་ཡོད་པ་གཅིག་ཏུ་བསྡུས་སྤུངས་ཏེ། ཁྲི་ཕྲག་སྟོང་འགྱུར་དུ་བྱས་པ་དང་། དེ་བཞིན་གཤེགས་པའི་འབྲུག་སྒྲ་ལྟ་བུའི་དབྱངས་ཟབ་ཅིང་རྒྱང་རིང་པོར་གྲགས་པའི་མཚན་དང་མཉམ་སྟེ། གསུང་སྒྲ་དེ་ནས་སངས་རྒྱས་ཀྱི་ཞིང་ཚད་མེད་མཐའ་ཡས་བསམ་གྱིས་མི་ཁྱབ་པའི་རྡུལ་ཕྲ་


JL00_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

རབ་སྙེད་དུ་གྲགས་ཤིང་སེམས་ཅན་གྱི་དོན་དུ་བྱམས་པ་དང་སྙིང་རྗེ་ཆེན་པོ་སྤྱོད་པས་དྲིན་ཤེས་པ་དང་། དྲིན་གསབ་པ་དང་། དྲིན་གསབ་པ་དང་། འདི་ནི་བསམ་གྱིས་མི་ཁྱབ་བོ། །ཞེས་པ་ལ་སོགས་པའི་རྣམ་གཞག་གིས་མཐར་ཐུག་གསུང་གི་དཔེ་བྱད་ལ་མངོན་པར་བསྔགས་པའི་དོན་ཡང་རིགས་པར་བྱ་སྟེ། གསུང་ནི་འགོག་ལམ་གྱི་བདེན་པའི་ངོ་བོ་ཉིད་བསྟན་པ་ཐམས་ཅད་ཀྱི་རང་བཞིན་དུ་གནས་པས་འཆིང་བ་མཐའ་དག་གིས་བཅིངས་པའི་སོ་སོ་སྐྱེ་བོ་རྣམས་ཀྱང་ཚེ་རབས་གཞན་དུ་རང་གི་ཕ་མར་ཤེས་པའི་བྱམས་པ་དང་སྙིང་རྗེས་དྲིན་གསབ་པ་ལ་བརྩོན་ཤིང་གསབ་པ་དེ་ཡང་རང་གི་བརྙེས་པའི་གནས་མ་ནོར་བའི་ལམ་དམ་པའི་ཆོས་ཀྱི་འཁོར་ལོས་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པའི་རྒྱུ་མ་ནོར་བ་ཡིན་པས་སོ། །དེ་ལ་གསུང་གི་རང་བཞིན་ནི་རྣམ་པ་ཐམས་ཅད་པ་ཡིན་པས་འཇིག་རྟེན་གྱི་ཁམས་ན་གནས་པའི་སེམས་ཅན་ཇི་སྙེད་པའམ། སློབ་པ་སོ་སོ་སྐྱེ་བོ། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་བློ་གྲོས་ཆེན་པོ་དང་ལྡན་པའི་བར་གྱིས་དུས་གཅིག་ཏུ་དྲི་བ་མི་འདྲ་བ་རེ་རེ་ནས་ཞུས་ཀྱང་། རང་རང་གི་ཁམས་དང་། དབང་པོ་དང་། སྐལ་པའི་རིམ་པ་དང་འཚམ་པའི་ལན་དབྱངས་གཅིག་གིས་འདེབས་པའི་ཁྱད་ཆོས་ཅན་ཏེ། བདེན་པ་པོའི་ལེའུར། འདིར་ནི་སེམས་ཅན་ཀུན་གྱི་ངེས་པའི་ཚིག །མང་པོ་དག་གིས་དུས་གཅིག་ཞུ་ཞུས་ན། །སེམས་ཀྱི་སྐད་ཅིག་གཅིག་ལ་ཐུགས་ཆུད་ནས། །གསུང་དབྱངས་གཅིག་གིས་སོ་སོར་ལན་ཡང་འདེབས། །ཞེས་དང་། ཏིང་ངེ་འཛིན་རྒྱལ་པོ་ལས། །འཇིག་རྟེན་ཕན་པ་ཁྱེད་ཀྱི་གསུང་གཅིག་ལས། །མོས་པ་ཐ་དད་བཞིན་དུ་སྒྲ་འབྱུང་སྟེ། །རྒྱལ་བས་བདག་ལ་བསྟན་སྙམ་སོ་སོར་སེམས། །ཞེས་སོ། །


JL00_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་ངེས་པའི་དོན་གྱི་རྒྱུ་མཚན་ནི་འདི་ཡིན་ཏེ། གསུང་སྒྲ་ཚིག་རང་མཚན་པར་མེད་ལ། གདུལ་བྱའི་མོས་པ་དང་། སངས་རྒྱས་ཀྱི་བྱིན་རླབས་དང་། དུས་སུ་ཚོགས་པའི་རྐྱེན་གསུམ་འཛོམ་པ་ལས་སྐྱེས་བུའི་རྣམ་རིག་ལ་གསལ་བ་སྟེ། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། ཞི་བའི་བློ་གྲོས། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ། ཀཽ་དི་ནྱ་ལ་མིག་མི་རྟག་གོ་ཞེས་བཀའ་སྩལ་བའི་ཚེ། སྡུག་བསྔལ་གྱིས་འདུལ་བ་རྣམས་ཀྱིས་ནི། མིག་སྡུག་བསྔལ་ལོ་ཞེས་ཐོས་སོ། །བདག་མེད་པས་འདུལ་བ་རྣམས་ཀྱིས་ནི། མིག་བདག་མེད་དོ་ཞེས་ཐོས་སོ། །སྟོང་པ་ཉིད་ཀྱིས་འདུལ་བ་རྣམས་ཀྱིས་ནི། །མིག་སྟོང་པ་ཉིད་དོ་ཞེས་ཐོས་སོ། །ཞི་བས་འདུལ་བ་རྣམས་ཀྱིས་ནི་མིག་ཞི་བའོ་ཞེས་ཐོས་སོ། །དབེན་པས་འདུལ་བ་རྣམས་ཀྱིས་ནི། །མིག་དབེན་པའོ་ཞེས་ཐོས་སོ། །མི་རྟག་པས་འདུལ་བ་རྣམས་ཀྱིས་ནི། མིག་མི་རྟག་གོ་ཞེས་ཐོས་སོ། །ཞེས་པ་ལྟར་རོ། དེའི་ཕྱིར་ངེས་པའི་དོན་མཐར་ཐུག་པར་སངས་རྒྱས་ཀྱི་རང་བཞིན་ནི་ཆོས་ཀྱི་སྐུ་ཡིན་ན། གསུང་ཆིག་དང་ཡི་གེར་གནས་པའི་སྒྲ་ཆིག་རང་མཚན་པར་མི་བལྟ་སྟེ། དཀོན་མཆོག་བརྩེགས་པ་ལས། ཞི་བའི་བློ་གྲོས་གང་གིས་མཚན་མོ་ལ་མངོན་པར་རྫོགས་པར་སངས་རྒྱས་ནས། གང་གིས་མཚན་མོ་མྱ་ངན་ལས་འདས་པའི་བར་དུ། ངས་ཆོས་ཚིག་འབྲུ་གཅིག་ཙམ་ཡང་བསྟན་པ་མེད་དོ། །ཞེས་གསུངས་པའི་དོན་གྱི་དབྱིངས་འཇལ་ཤེས་ན་བཀའ་དང་བསྟན་བཅོས་རྒྱ་མཚོ་ལྟ་བུའི་ཆོས་ཀྱི་འབྱུང་གནས་དང་རང་བཞིན་ལ་བློ་མིག་ཡངས་པར་འགྱུར་ཏེ་རྒྱུད་བླ་མ་ལས། ཇི་ལྟར་སྒྲ་སྙན་གྱིས་ནི་སྒྲ། །གཞན་གྱི་རྣམ་རིག་ལས་བྱུང་བ། །རྣམ་རྟོག་མེད་ཅིང་བཟོ་མེད་པ། །དེ་ལྟར་དེ་བཞིན་གཤེགས་པའི་གསུང་། །གཞན་གྱི་རྣམ་རིག་ལས་


JL00_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བ། །ཕྱི་དང་ནང་ན་གནས་མ་ཡིན། །ཅེས་པའི་དོན་ཁོང་དུ་ཆུད་པར་རིག་པར་བྱའོ། །དེ་ལྟ་ན་ཡུམ་བར་མ་ལས། ཨེ་མ་འཛམ་བུའི་གླིང་དུ་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་བ་འབྱུང་ངོ་། །ཞེས་པ་དང་། ཤེར་ཕྱིན་བདུན་བརྒྱ་པ་ལས། ལན་གསུམ་བཟླས་ཏེ་ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ་གཉིས་སུ་བསྐོར་རོ། །ཞེས་པ་ལ་སོགས་པས་གནོད་དོ་ཞེ་ན། རིམ་གྱིས་འཇུག་པའི་བློ་ཅན་རྣམས་ལ་འཁོར་ལོ་གསུམ་རིམ་པས་གསུངས་པར་སྣང་བ་ཡང་འགལ་བ་མེད་ལ། ཅིག་ཅར་དུ་འཇུག་པའི་བློ་ཅན་རྣམས་ལ་བྱ་བ་རྫོགས་པའི་སྐད་ཅིག་ལ་བསྟན་པ་ལྟར་སྣང་སྟེ། མདོ་སྡེ་ཡོན་ཏན་བཀོད་པ་ལས། །ང་ཡིས་ཅི་ཡང་མ་གསུངས་པར། །སེམས་ཅན་རྣམས་ལ་ཁྱབ་བདག་སྣང་། །གང་ཚེ་རིམ་གྱིས་མངོན་འདོད་པ། །དེ་དག་ཀུན་ལ་དེ་བཞིན་ཏེ། །དུས་གཅིག་ཉིད་དུ་འཇུག་པ་ལ། །ཆོས་ཀྱི་རྣམ་གྲངས་རྫོགས་པར་སྣང་། །ཡིད་བཞིན་རེ་བ་རྣམ་སྒོང་བའི། །གསུང་གི་ཆེ་བ་དེ་ཉིད་དོ། །ཞེས་སོ། །དེ་དེ་ལྟར་ཡིན་དུ་ཆུག་ཀྱང་དགོངས་པ་ངེས་འགྲེལ་ལས། ཆོས་ཐ་དད་པ་གསུངས་ཀྱིས་གནས་ཐ་དད་པ་དང་། དུས་ཐ་དད་པ་མ་བཤད་པའི་ཕྱིར་རོ། །ཞེས་པས་རིམ་པར་གསུངས་པ་ལ་གནོད་པར་དོགས་ན། དེ་ནི་ཆོས་ཀྱི་རྣམ་གྲངས་གཅིག་ཉིད་ལའང་རྣམ་པར་དབྱེ་བ་ཐ་དད་པར་སྨོས་པ་རྣམས། དུས་དང་གནས་སྐབས་གཞན་གྱིས་བར་མ་ཆོད་པར་གསུངས་པ་ལ་དགོངས་ཀྱིས། ཆོས་ཀྱི་རྣམ་གྲངས་གཞན་དུས་དང་གནས་སྐབས་གཞན་དུ་མ་གསུངས་ཞེས་བསྟན་པ་མ་ཡིན་པས་དོན་དམ་དུ་མ་བསྟན། ཀུན་རྫོབ་དུ་བསྟན་ནོ་ཟེར་བའི་ལྕེ་གཉིས་པའང་བརྐྱང་མི་དགོས་ཏེ། དགོངས་པ་


JL00_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་སྟོན་པས་ཀྱང་། རྟོག་པ་མེད་ཅིང་འཁྲུག་པ་མེད། །ཡིད་འོང་རྡོ་རྗེའི་གསུང་གཅིག་ལ། །གདུལ་བྱའི་བསམ་པའི་དབང་གིས་ནི། །བྱེ་བྲག་མང་པོར་འགྱུར་བ་ཡིན། །ཅེས་སོ། །དེ་ལྟ་མོད་ཀྱི་ཐུན་མོང་བའི་སྣང་ངོར་སངས་རྒྱས་སྤྲུལ་པའི་སྐུའི་གསུང་གི་ཡོན་ཏན་གྱི་ཡན་ལག་དྲུག་ཅུར་རྫོགས་པ་ཡིན་ཏེ། ཉི་ཁྲི་སྣང་བར་གསང་བ་བསམ་གྱིས་མི་ཁྱབ་པའི་དོན་བསྟན་པའི་རྗེས་སུ་འགྲང་ན། སེམས་ཅན་གྱི་ཁམས་ཀྱི་དགེ་བའི་རྩ་བ་ཉེ་བར་སྟོན་པའི་ཕྱིར་གསུང་མཉེན་པ་དང་། མཐོང་ཆོས་སུ་བདེ་བ་ལ་རེག་པའི་ཕྱིར་འཇམ་པ་དང་། དོན་བཟང་བའི་ཕྱིར་ཡིད་དུ་འོང་བ་དང་། ཡི་གེ་བཟང་བའི་ཕྱིར་ཡིད་དུ་འཐད་པ་དང་། འཇིག་རྟེན་ལས་འདས་པ་བླ་ན་མེད་པའི་རྗེས་ལས་འཐོན་པའི་ཕྱིར་དག་པ་དང་། ཉོན་མོངས་པའི་བག་ལ་ཉལ་གྱི་བག་ཆགས་ཐམས་ཅད་དང་བྲལ་བའི་ཕྱིར་དྲི་མ་མེད་པ་དང་ཚིག་དང་ཡི་གེ་རབ་ཏུ་གྲགས་པའི་ཕྱིར་རབ་ཏུ་གསལ་བ་དང་། མུ་སྟེགས་ཅན་བློ་གྲོས་ངན་པ་ཐམས་ཅད་ཀྱི་ལྟ་བ་རྣམ་པར་འཇོམས་པའི་སྟོབས་ཀྱི་ཡོན་ཏན་དང་ལྡན་པའི་ཕྱིར་སྙན་ཅིང་འཇེབས་པ་དང་། སྒྲུབ་པས་ངེས་པར་འབྱང་བ་དང་ལྡན་པའི་ཕྱིར་མཉན་པར་འོས་པ་དང་། ཕ་རོལ་གྱི་རྒོལ་བ་ཐམས་ཅད་ཀྱིས་མི་བརྫི་བའི་ཕྱིར་མི་ཚུགས་པ་དང་། ཐམས་ཅད་དགའ་བར་བྱེད་པའི་ཕྱིར་སྙན་པ་དང་། འདོད་ཆགས་ལ་སོགས་པའི་གཉེན་པོ་ཡིན་པའི་ཕྱིར་དུལ་བ་དང་། བསླབ་པ་བཅའ་བའི་ཐབས་བདེ་བའི་ཕྱིར་མི་རྩུབ་པ་དང་། ངེས་པར་འབྱུང་བའི་ཐབས་ཡང་དག་པར་སྟོན་པར་མཛད་པའི་ཕྱིར་མི་བརླང་བ་དང་། ཐེག་པ་གསུམ་ཅར་གྱི་འདུལ་བ་སྟོན་པའི་ཕྱིར་རབ་ཏུ་འདུལ་བ་དང་། རྣམ་གཡེང་གི་གཉེན་པོར་གྱུར་པའི་ཕྱིར་རྣ་བར་སྙན་པ་དང་། ཏིང་འཛིན་བསྐྱེད་པའི་ཕྱིར་ལུས་སིམ་


JL00_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་པ་དང་། ལྷག་མཐོང་གི་རབ་ཏུ་དགའ་བ་བསྐྱེད་པར་མཛད་པའི་ཕྱིར་སེམས་སིམ་པར་བྱེད་པ་དང་། ཐེ་ཚོམ་གཅོད་པར་མཛད་པའི་ཕྱིར་སྙིང་དགའ་བར་བྱེད་པ་དང་། ལོག་པ་དང་མ་ངེས་པ་སེལ་བར་བྱེད་པའི་ཕྱིར་དགའ་བ་དང་བདེ་བ་བསྐྱེད་པ་དང་། བསྒྲུབ་པ་ལ་འགྱོད་པ་མེད་པའི་ཕྱིར་ཡོངས་སུ་གདུང་བ་མེད་པ་དང་། ཐོས་པ་ལས་བྱུང་བ་ཕུན་སུམ་ཚོགས་པའི་རྟེན་ཡིན་པའི་ཕྱིར་ཀུན་ཤེས་པར་བྱ་བ་དང་། བསམ་པ་ལས་བྱུང་བའི་ཤེས་རབ་ཕུན་སུམ་ཚོགས་པའི་རྟེན་ཡིན་པའི་ཕྱིར་རྣམ་པར་རིག་པར་བྱ་བ་དང་། སློབ་དཔོན་གྱི་དཔེ་མཁྱུད་མི་མངའ་བར་ཆོས་སྟོན་པར་མཛད་པའི་ཕྱིར་རྣམ་པར་གསལ་བ་དང་། རང་གི་དོན་རྗེས་སུ་ཐོབ་པ་རྣམ་པར་དགའ་བར་བྱེད་པའི་ཕྱིར་དགའ་བར་བྱེད་པ་དང་། རང་གི་དོན་མ་ཐོབ་པ་རྣམས་ཀྱིས་དགའ་བར་བྱ་བ་ཡིན་པའི་ཕྱིར་མངོན་པར་དགའ་བར་བྱ་བ་དང་། བསམ་གྱིས་མི་ཁྱབ་པའི་ཆོས་རྣམས་ཡང་དག་པར་སྟོན་པར་མཛད་པའི་ཕྱིར་ཀུན་ཤེས་པ་དང་། བསམ་གྱིས་མི་ཁྱབ་པའི་ཆོས་རྣམས་ཡང་དག་པར་སྟོན་པར་མཛད་པའི་ཕྱིར་རྣམ་པར་རིག་པར་བྱ་བ་དང་། ཆད་མ་དང་མི་འགལ་བའི་ཕྱིར་རིགས་པ་དང་། གདུལ་བྱ་རྣམས་ཇི་ལྟར་རིག་པར་སྟོན་པར་མཛད་པའི་ཕྱིར་འབྲེལ་བ་དང་། དོན་མེད་མི་གསུང་བའི་ཕྱིར་ཟློས་པའི་སྐྱོན་མེད་པ་དང་། མུ་སྟེགས་ཅན་གྱི་ཚོགས་ཐམས་ཅད་སྐྲག་པར་མཛད་པའི་ཕྱིར་སེང་གེའི་སྒྲའི་ཤུགས་དང་། གསུང་རྒྱ་ཆེ་བ་ཉིད་ཀྱི་ཕྱིར་གླང་པོ་ཆེའི་སྒྲ་སྐད་དང་། ཟབ་པ་ཉིད་ཀྱི་ཕྱིར་འབྲུག་གི་སྒྲ་དབྱངས་དང་། བཟུང་བར་འོས་པའི་ཕྱིར་ལག་འགྲོའི་དབང་པོའི་སྒྲ་དབྱངས་དང་། ཤིན་ཏུ་སྙན་པའི་ཕྱིར་དྲི་ཟའི་གླུ་


JL00_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་དང་། རྣོ་བ་དང་གཉིས་སུ་མི་གསུང་བའི་ཕྱིར་ཀ་ལ་པིང་ཀའི་སྒྲ་དབྱངས་དང་། ཐག་རིང་དུ་གྲགས་པའི་ཕྱིར་ཚངས་པའི་སྒྲ་དབྱངས་དང་། གྲུབ་པ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ཡིན་པའི་ཕྱིར་ཤང་ཤང་ཏེའུའི་སྒྲ་དབྱངས་དང་། འདའ་བར་བྱ་བ་མ་ཡིན་པའི་ཕྱིར་ལྷའི་དབང་པོའི་དབྱངས་ལྟར་སྙན་པ་དང་། བདུད་དང་ཕྱིར་རྒོལ་བ་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྔོན་དུ་འགྲོ་བའི་ཕྱིར་རྔའི་སྒྲ་དང་། བསྟོད་པས་ཀུན་ནས་ཉོན་མོངས་པ་མི་མངའ་བའི་ཕྱིར་མ་ཁངས་པ་དང་། སྨད་པས་ཞུམ་པ་མི་མངའ་བའི་ཕྱིར་མི་དམའ་བ་དང་། ལེགས་པར་སྦྱར་བའི་སྐད་ལ་སོགས་པ་སྒྲའི་མཚན་ཉིད་རྣམ་པ་ཐམས་ཅད་པའི་རྗེས་སུ་ཞུགས་པ་དང་། བསྙེལ་ཏེ་གསུང་པ་མི་མངའ་བའི་ཕྱིར་ཟུར་ཆག་པ་མེད་པ་དང་། གདུལ་བྱ་རྣམས་ཀྱི་བྱ་བ་དུས་ཐམས་ཅད་དུ་ཉེ་བར་གནས་པར་མཛད་པའི་ཕྱིར་མ་ཚང་བ་མེད་པ་དང་། རྙེད་པ་དང་བཀུར་སྟི་ལ་མི་བརྟེན་པའི་ཕྱིར་མ་ཞུམ་པ་དང་། བསྙེངས་པ་དང་བྲལ་བའི་ཕྱིར་མི་ཞན་པ་དང་། སྐྱེ་བ་མེད་པའི་ཕྱིར་རབ་ཏུ་དགའ་བ་དང་། རིག་པའི་གནས་ཐམས་ཅད་ལ་མཁས་པ་དང་ལྡན་པའི་ཕྱིར་ཁྱབ་པ་དང་། སེམས་ཅན་རྣམས་ཀྱི་དོན་ཐམས་ཅད་རྫོགས་པར་མཛད་པའི་ཕྱིར་ཐབས་མེད་པ་དང་། རྒྱུན་ཆད་པ་མེད་པའི་ཕྱིར་རྒྱུན་ཆགས་པ་དང་། རྣམ་པ་སྣ་ཚོགས་སུ་ཉེ་བར་གནས་པའི་ཕྱིར་བརྗིད་པ་དང་། གསུང་སྒྲའི་རྣམ་པ་དུ་མར་གནས་པའི་ཕྱིར་སྒྲ་ཐམས་ཅད་རྫོགས་པར་བྱེད་པ་དང་། གཅིག་ལས་དོན་དུ་མའི་རྣམ་པར་རིག་པ་ཉེ་བར་གནས་པའི་ཕྱིར་དབང་པོ་ཐམས་ཅད་ཚིམ་པར་བྱེད་པ་དང་། ཇི་ལྟར་དམ་བཅས་པ་བཞིན་དུ་མཛད་པའི་ཕྱིར་མ་སྨད་པ་དང་། ཐོབ་པའི་དུས་སུ་རབ་ཏུ་སྦྱོར་བའི་ཕྱིར་མི་འགྱུར་བ་དང་། བརྗོད་པ་དལ་ཞིང་


JL00_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་ཆགས་པའི་ཕྱིར་མ་བརྟབས་པ་དང་། དེའི་གསུང་ཐག་རིང་པོ་དང་ཉེ་བ་མཚུངས་པར་ཐོས་པའི་ཕྱིར་ཀུན་ཏུ་གྲགས་པ་དང་། འཇིག་རྟེན་པའི་དོན་ཐམས་ཅད་དཔེའི་ཆོས་སུ་བསྒྱུར་བའི་ཕྱིར་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་སྟེ་གསུང་དབྱངས་ཡན་ལག་དྲུག་ཅུ་རྩ་བཞིའོ། །དེ་ལྟར་གཟུགས་སྐུའི་རང་བཞིན་མཚན་དཔེ་རྒྱ་མཚོ་ལྟ་བུའི་རྟེན་ལ། བརྟེན་པ་ཡེ་ཤེས་ཀྱི་ཆོས་ཉིད་ཇི་ལྟར་གནས་པ་མཐའ་དག་ནི་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སངས་རྒྱས་ཆོས་ཀྱི་སྐུའི་ངོ་བོ་སྟེ། མདོ་ལས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དམིགས་པ་ནི་དངོས་པོ་མེད་པའོ། །ཞེས་སོ། །དེ་ལ་ཆོས་ཀྱི་སྐུ་ནི། དབྱིངས་དང་ཡེ་ཤེས་དབྱེར་མི་ཕྱེད་པའི་རང་བཞིན་དྲི་མ་མཐའ་དག་དང་བྲལ་བའི་ཡི་ཤེས་ནམ་མཁའ་ལྟ་བུའི་ངོ་བོ་ཉིད་དེ་སངས་རྒྱས་གཙོ་ལས། ཆོས་སྐུ་མཁའ་འདྲ་གཟུགས་སྐུ་མཛེས་སྐུར་ལྡན། །ཞེས་གསུངས་པ་བཞིན་ནོ། །དབྱེ་ན་དབྱིངས་དག་མཉམ་ཆེན་པོ་སྟོང་པ་སྐུ་ཐམས་ཅད་ཀྱི་ཆོས་ཉིད་བྱེད་པའི་ཆ་ནས་ངོ་བོ་ཉིད་ཀྱི་སྐུ་དང་ཡེ་ཤེས་སྤངས་རྟོགས་མཐར་ཕྱིན་པ་རིག་པའི་ངོ་བོ་ཆོས་སུམ་ཅུ་རྩ་བདུན་གྱི་བདག་ཉིད་ལ་ནི་རྟོགས་པ་ཡེ་ཤེས་ཀྱི་ཆོས་སྐུ་ཞེས་འདོད་དེ་དང་པོ་ངོ་བོ་ཉིད་སྐུ་ནི་མངོན་རྟོགས་རྒྱན་ལས། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཟག་པ་མེད་པའི་ཆོས་གང་དག །ཐོབ་གྱུར་རྣམ་ཀུན་རྣམ་དག་པ། །དེ་དག་རང་བཞིན་མཚན་ཉིད་ཅན། །ཞེས་སོ། །རྟོག་པ་ཡེ་ཤེས་ཀྱི་ཆོས་སྐུ་ནི་དེ་ཉིད་ལས། བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང་། །རྣམ་པར་ཐར་དང་མཐར་གྱིས་ནི། །སྙོམས་འཇུག་དགུ་ཡི་བདག་ཉིད་དང་། །ཟད་པར་བཅུ་ཡི་བདག་ཉིད་དང་། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་ནི། །རབ་ཏུ་


JL00_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེ་བས་རྣམ་བརྒྱད་དང་། །ཉོན་མོངས་མེད་དང་སྨོན་མཁྱེན་དང་། །མངོན་ཤེས་སོ་སོ་ཡང་དག་རིག །རྣམ་པ་ཐ་དད་བཞི་དག་དང་། །དབང་བཅུ་དང་ནི་སྟོབས་བཅུ་དང་། །མི་འཇིགས་པ་ནི་བཞི་དག་དང་། །བསྲུང་བ་མེད་པ་རྣམ་གསུམ་དང་། །དྲན་པ་ཉེར་གཞག་རྣམ་གསུམ་དང་། །བསྙེལ་བ་མི་མངའི་ཆོས་ཉིད་དང་། །བག་ཆགས་ཡང་དག་བཅོམ་པ་དང་། །སྐྱེ་ལ་ཐུགས་རྗེ་ཆེན་པོ་དང་། །ཐུབ་པ་ཁོ་ནའི་མ་འདྲེས་ཆོས། །བཅོ་བརྒྱད་བཤད་པ་གང་ཡིན་དང་། །རྣམ་པ་ཐམས་ཅད་མཁྱེན་ཉིད་དང་། །ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཅེས་ཁམས་ཀྱི་ཡེ་ཤེས་མངོན་དུ་གྱུར་པའི་རིག་ཆ་ལྡོག་པའི་ཆོས་སུམ་ཅུ་རྩ་བདུན་འཆད་པར་འགྱུར་བ་དང་། གཟུགས་ཅན་གཟུགས་ལ་བལྟ་བའི་རྣམ་པར་ཐར་པ་ནི་ནང་གཟུགས་ཀྱི་སྣང་བ་མ་འགགས་པས་ཕྱི་རོལ་གྱི་གཟུགས་སྣང་སྟོང་སྒྱུ་མར་བལྟ་བས་སྣང་བའི་བདེན་ཞེན་ལོག་པའོ། །གཟུགས་ཅན་མ་ཡིན་པ་གཟུགས་ལ་བལྟ་བའི་རྣམ་པར་ཐར་པ་ནི་ནང་གཟུགས་སུ་མི་དམིགས་པས་ཕྱི་རོལ་གཟུགས་ལ་བལྟ་བའི་ཕྱི་ནང་གི་བདེན་ཞེན་ལས་ཐར་པའོ། །གེགས་སེལ་སྡུག་པའི་རྣམ་པར་ཐར་པ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རོ་གཅིག་པར་བལྟ་བས་འཛིན་པ་ཀུན་ལས་ཐར་པའོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་རྣམ་པར་ཐར་པ་ནི་སེམས་ཉིད་ནམ་མཁའ་ལྟ་བུའི་དོན་མཐོང་བའོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་རྣམ་པར་ཐར་པ་ནི་ཐམས་ཅད་སེམས་དང་ཡེ་ཤེས་ཀྱི་རོལ་པར་རྟོགས་པའོ། །ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་རྣམ་པར་ཐར་པ་ནི་ཕྱི་ནང་གང་དུའང་གཟུང་འཛིན་མེད་པའོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཀྱི་རྣམ་པར་ཐར་པ་ནི་སྤྲོས་པ་དང་


JL00_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མའི་སྤྱོད་ཡུལ་ཞི་བའོ། །འགོག་པའི་རྣམ་པར་ཐར་པ་ནི་འཁོར་འདས་ལ་སོགས་པའི་ཆོས་ཐམས་ཅད་ལ་དམིགས་ཞེན་འཛིན་པ་གཏན་དུ་མི་མངའ་བ་སྟེ་རྣམ་པར་ཐར་པ་བརྒྱད། བསམ་གཏན་དང་པོ་དང་། གཉིས་པ་དང་། གསུམ་པ་དང་། བཞི་པ་སྟེ་རང་རང་གི་དངོས་གཞི་བཞི། ནམ་མཁའ་མཐའ་ཡས་དང་། རྣམ་ཤེས་མཐའ་ཡས་དང་། ཅི་ཡང་མེད་པ་དང་། སྲིད་རྩེའི་དངོས་གཞི་སྟེ་གཟུགས་མེད་པའི་དངོས་གཞི་བཞི། འགོག་པའི་སྙོམས་འཇུག་སྟེ་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ། ཟད་པར་ས་དང་། དེ་བཞིན་དུ་ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་དང་། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ཟད་པར་རྣམ་ཤེས་ཀྱི་སྐྱེ་མཆེད་དེ་ཟད་པར་གྱི་རྣམ་པ་བཅུ་དབྱིབས་ཟིལ་གྱིས་གནོན་པ་བཞི་དང་། ཁ་དོག་ཟིལ་གྱིས་གནོན་པ་བཞི་སྟེ་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད། ཉོན་མོངས་པ་མེད་པ་དང་། སྨོན་ལམ་མཁྱེན་པ་ལ་སོགས་མདོར་ན་དེའི་རང་བཞིན་ངོ་བོ་ཉིད་དབྱིངས་ནམ་མཁའ་ལྟ་བུའི་ངང་ན་རྟོགས་པ་ཡེ་ཤེས་ཀྱི་ཉི་མ་ལྟ་བུ་གློ་བུར་གྱི་སྒྲིབ་པ་ཆ་དང་བཅས་པ་སྤངས་ཤིང་། རྟོགས་པའི་ཡོན་ཏན་མཐའ་དག་རྫོགས་པའི་ཆོས་ཉིད་ངེས་པ་ཉིད་དུ་བློས་བསམ་གྱིས་མི་ཁྱབ་པའི་རང་བཞིན་ཏེ་རྒྱུད་བླ་མ་ལས། སངས་རྒྱས་ཉིད་ནི་དབྱེར་མེད་པ། །དག་པའི་ཆོས་ཀྱི་རབ་དབྱེ་བར། །ཉི་མཁའ་བཞིན་ཏེ་ཡེ་ཤེས་དང་། །སྤངས་རྟོགས་གཉིས་ཀྱི་མཚན་ཉིད་དེ། །འོད་གསལ་བྱ་མིན་དབྱེར་མེད་པར། །འཇུག་ཅན་གངྒཱའི་ཀླུང་གི་ནི། །རྡུལ་ལས་འདས་པའི་སངས་རྒྱས་ཀྱི། །ཆོས་རྣམས་ཀུན་དང་ལྡན་པ་ཉིད། །


JL00_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་སོ། །ལོངས་སྤྱོད་རྫོགས་སྐུ་ནི། འཁོར་བའི་ཆ་ཀུན་གཞི་ཚོགས་བརྒྱད་དང་བཅས་པ་དབྱིངས་དག་མཉམ་ཆེན་པོའི་སྦུབས་སུ་ནུབ་པའི་སྟོབས་ཀྱི་ཆ་ནས་བཞག་པའི་གཞིའི་གནས་ལུགས་ཀྱི་སྣང་ཆའི་ཡོན་ཏན་སྟོང་གཟུགས་ཀྱི་སྐུར་ཡོངས་སུ་རྫོགས་པ་ངེས་པ་ལྔ་དང་ལྡན་པའི་རང་བཞིན་ཅན་ནོ། །དེ་ལ་ངེས་པ་ལྔ་ནི། གནས་ངེས་པ་འོག་མིན་སྟུག་པོ་བཀོད་པར། སྟོན་པ་ངེས་པ་རིགས་ལྔའི་སངས་རྒྱས་ཀྱིས། འཁོར་ངེས་པ་ས་བཅུའི་བྱང་ཆུབ་སེམས་དཔའ་ལ། ཆོས་ངེས་པ་ཐེག་པ་ཆེན་པོ་འབའ་ཞིག །དུས་ངེས་པ་རྟག་པ་རྒྱུན་གྱི་འཁོར་ལོར་འབྱུང་བ་སྟེ། དེ་ལ་སངས་རྒྱས་རྣམས་གདོད་ནས་མངོན་པར་བྱང་ཆུབ་པའི་འོག་མིན་ནི་ཁམས་གསུམ་ལས་འདས་པའི་དབང་ཕྱུག་ཆེན་པོའི་གནས་སྟུག་པོ་བཀོད་པ་སྟེ་ཆོས་དབྱིངས་བསྟོད་པ་ལས། དབང་ཕྱུག་ཆེན་པོའི་གནས་མཆོག་དང་། །འོག་མིན་དེ་ཉིད་རྣམ་མཛེས་པ། །ཤེས་པ་གསུམ་པ་གཅིག་ཉིད་དུ། །འདྲེས་པར་གྱུར་ལ་བདག་སྨྲའོ། །ཞེས་པ་ལྟར་ཁམས་གསུམ་དུ་རྟོག་པའི་ཤེས་པ་དུ་མ་རོ་གཅིག་ཏུ་འདྲེས་ཤིང་གང་དུ་སྒྲིབ་པ་མཐའ་དག་དང་བྲལ་ནས་དབྱིངས་དང་ཡེ་ཤེས་ཐད་དུ་བལྟ་བའི་འགལ་བ་འདུ་བ་མ་ཡིན་པ་དེ་ན་ཡོད་དེ། དཔེར་ན་རྨི་ལམ་གྱི་སྐྱེད་མོས་ཚལ་གང་དུ་གཉིད་ཀྱིས་ལོག་པའི་འཁྲུལ་པ་དང་ལྷན་ཅིག་སྣང་བ་ཉིད་ལས། དེ་ད་ལྟ་འདི་ན་ཡོད་དོ་ཞེས་རིས་སུ་མ་ཆད་པ་བཞིན་ནོ། །དེ་སྐད་དུ་རྒྱན་སྟུག་པོ་བཀོད་པ་ལས། གཟུགས་མེད་འདོད་དང་གཟུགས་རྣམས་དང་། །འདུ་ཤེས་མེད་པ་དེ་བཞིན་ཏེ། ཁམས་ལས་འདས་སོ་སངས་རྒྱས་དང་། །བཞུགས་སོ་སྟུག་པོའི་དཀྱིལ་འཁོར་ན། །ཞེས་སོ། །དེ་ལྟ་ན་ཟླ་གསང་ཐིག་ལེ་ལས། འདོད་


JL00_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཁམས་དང་གཟུགས་མེད་དུ། །སངས་རྒྱས་མངོན་པར་སངས་མི་རྒྱ། །གཟུགས་ཀྱི་ཁམས་ཀྱི་འོག་མིན་དུ། །འདོད་ཆགས་བྲལ་ཁྱོད་དེར་སངས་རྒྱ། །ཞེས་པ་དང་འགལ་ལོ་སྙམ་ན་དེ་ནི་བདག་ཅག་གི་སྟོན་པའི་དབང་དུ་བྱས་ན། ཐོག་མ་མེད་པའི་དུས་ནས་དབྱིངས་དང་ཡེ་ཤེས་རོ་གཅིག་པའི་རྩལ་སྣང་གིས་འོག་མིན་དུ་སངས་རྒྱས་ནས་སེམས་ཅན་གྱི་དོན་མཛད་བཞིན་པ་ལས། མི་མཇེད་འདི་ཆགས་ནས་སེམས་ཅན་སོ་སོའི་སྣང་བ་དང་། མོས་པ་ཐ་དད་པའི་དོར་གཟུགས་ཁམས་ཀྱི་འོག་མིན་དུའང་སངས་རྒྱས་ནས་ལྷ་རྣམས་བདེན་པ་ལ་བཀོད་པའི་རྗེས་ལ། སླར་ཡང་འཛམ་བུའི་གླིང་གི་རྡོ་རྗེའི་གདན་དུ་སངས་རྒྱ་པའི་ཚུལ་བསྟན་པ་ཉིད་དེ་ལང་ཀར་གཤེགས་པ་ལས། གཙང་མའི་གནས་ནི་སྤངས་ནས་སུ། །འོག་མིན་ཞེས་བྱ་ཉམས་དགའ་བར། །ཡང་དག་སངས་རྒྱས་དེར་སངས་རྒྱས། །སྤྲུལ་པ་པོ་གཅིག་འདིར་སངས་རྒྱས། །ཞེས་བསྟན་པ་ཡིན་ནོ། །སྟོན་པ་རྣམས་ཀྱི་མཚན་དཔེ་ནི་སྤྲུལ་པའི་སྐུ་དང་ཐུན་མོང་བ་ཉིད་དེ། མངོན་རྟོགས་རྒྱན་ལས། མཚན་ནི་སུམ་ཅུ་རྩ་གཉིས་དང་། །དཔེ་བྱད་བརྒྱད་ཅུའི་བདག་ཉིད་ནི། །ཐེག་ཆེན་ཉ་བར་ལོངས་སྤྱོད་ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། །ཅེས་དང་། འཁོར་ནི་ས་བཅུ་པའི་བྱང་ཆུབ་སེམས་དཔའ་འབའ་ཞིག་ལས་གཞན་མེད་དེ། རང་གི་སྣང་བས་བསྡུས་པའི་ཞིང་ཁམས་ཡིན་པའི་ཕྱིར་རོ། །ཆོས་ནི་ཐེག་པ་ཆེན་པོའི་ཆོས་ཀྱི་ལོངས་སྤྱོད་དམ་པས་ཁ་ན་མ་ཐོ་བ་ཉེ་བར་ལོངས་སྤྱོད་པས་ན་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བརྗོད་དེ། དེའི་འགྲེལ་བ་ལས། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་


JL00_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་པོ་བརྒྱད་ཅུའི་ངོ་བོ་ཉིད་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བཅུ་པ་ལ་བཞུགས་པ་རྣམས་དང་། ཐབས་གཅིག་ཏུ་ཐེག་པ་ཆེན་པོའི་ཆོས་ཀྱི་ལོངས་སྤྱོད་ཀྱིས་དགའ་བ་དང་བདེ་བ་ཤིན་ཏུ་ཁ་ན་མ་ཐོ་བ་མེད་པ་ཉེ་བར་སྤྱོད་པའི་ཕྱིར། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ནོ། །ཞེས་བཤད་དོ། །དུས་ངེས་པ་ནི་འཕེལ་འགྲིབ་དང་འཕོ་འགྱུར་གྱི་ཆོས་ལས་འདས་ཤིང་འདུས་མ་བྱས་པའི་རང་བཞིན་ཉིད་ཡིན་པས་ཆོས་སྐུ་དང་ངོ་བོ་གཅིག་པའི་རྣམ་འགྱུར་ཅན་གདུལ་བྱའི་བསོད་ནམས་ཚད་མེད་པ་འཁོར་བ་ཇི་སྲིད་བར་རྟག་པས་ན་འཇུག་པ་ལས། ཞི་སྐུ་དཔག་བསམ་ཤིང་ལྟར་གསལ་གྱུར་ལ། །ཡིད་བཞིན་ནོར་བུ་ཇི་བཞིན་རྣམ་མི་རྟོག །འགྲོ་སྒྲོལ་བར་དུ་འཇིག་རྟེན་འབྱོར་སླད་རྟག །འདི་ནི་སྤྲོས་དང་བྲལ་ལ་སྣང་བ་ཡིན། །ཅེས་དང་། བླ་མར། ཆོས་ཀྱི་དབང་ཕྱུག་འཆི་བའི་བདུད་བཅོམ་དང་། །ངོ་བོ་མེད་ཕྱིར་འཇིག་རྟེན་མགོན་པོ་རྟག །ཅེས་གསུངས་སོ། །ད་ནི་ཆོས་དཀོན་མཆོག་གི་ཡོན་ཏན་བཤད་པའི་ཕྱིར། །ཆོས་ནི་བསོད་ནམས་ལམ་དང་མྱ་ངན་འདའ། །བརྗོད་བྱའི་དོན་ཏེ་དེ་ལའང་འབྲས་བུ་དང་། །བྱ་བའི་རང་བཞིན་གཉིས་སུ་གནས་པ་ལས། །བདེན་གཉིས་ཞེས་བྱ་འགོག་ལམ་རྣམ་གཉིས་ཡིན། །སྤྱིར་རྣམ་བཤད་རིག་པ་ལས་ཆོས་ཀྱི་སྒྲ་འཇུག་པའི་ཡུལ་རྣམ་པ་བཅུར་བསྟན་པ་ལས། འདིར་དམ་པའི་ཆོས་ཀྱི་རང་བཞིན་ནི་བསོད་ནམས་དང་། ལམ་དང་། མྱ་ངན་ལས་འདས་པ་གསུམ་བརྗོད་བྱའི་དོན་ཡིན་ལ། གསུང་རབ་ནི་བརྗོད་བྱེད་ཀྱི་ཚིག་ཏུ་ཤར་བས་སོ། །དེའང་འགོག་པའི་བདེན་པའི་ཆོས་དང་། ལམ་གྱི་བདེན་པའི་ཆོས་རྣམ་པ་གཉིས་ཕན་ཚུན་འབྲས་བུ་་


JL00_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

དང་། བྱ་བའི་རང་བཞིན་དུ་གནས་པས་ན་མགོན་པོ་བྱམས་པས། གང་ཞིག་གང་གིས་ཆགས་བྲལ་བ། །བདེ་གཉིས་མཚན་ཉིད་ཅན་དེ་ཆོས། །ཆགས་དྲལ་ཉིད་ནི་འགེག་པ་དང་། །ལམ་གྱི་བདེན་པ་དང་གིས་བསྡུས། །ཞེས་སོ། །དེ་ཡང་བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པ་ཞེས་བྱ་བ་འདིས་ནི་ཐོག་མ་དང་། བར་དང་། ཐ་མར་དགེ་བའི་ལུང་གི་ཚས་མ་ལུས་པ་བསྡུས་ཏེ་བསྟན་ལ། ཡང་དག་པར་མཐོང་བ། ནད་མེད་པ། དུས་ཆད་པ་མེད་པ། ཉེ་བར་གཏོང་བ། འདི་མཐོང་བ་ལ་དོན་ཡོད་པ། མཁས་པ་རྣམས་ཀྱི་སོ་སོ་རང་གི་རིག་པར་བྱའོ། །ཞེས་པ་འདིས་ནི་རྟོགས་པའི་ཆོས་མ་ལུས་པའི་འགག་བསྡུས་པ་ཡིན་ཏེ། ཇི་ལྟར་གསུངས་པའི་དོན་ཇི་བཞིན་བར་མཐོང་བས་ཡང་དག་པར་མཐོང་བ། ཉོན་མོངས་པ་བག་ལ་ཉལ་གི་གཉེན་པོར་གྱུར་པས་ནད་མེད་པ་དུས་ཐམས་ཅད་དུ་བྱ་སླ་བ་དང་། ཡོངས་སུ་ཉམས་པ་མེད་པའི་ཕྱིར་དུས་ཆད་པ་མེད་པ། སྡུག་བསྔལ་གྱི་རྒྱ་མཚོ་ལས་ངེས་པར་འབྱུང་བ་ཉེ་བར་གཏོད་པའི་ཕྱིར་ཉེ་བར་གཏོད་པ་ཇི་ལྟར་གསུངས་པའི་གཞུང་ཐམས་ཅད་དོན་བཟང་པོ། ཚིག་འབྲུ་བཟང་པོ། སྔ་ཕྱི་མ་འགལ་བ། ཉེས་པར་སྤྱད་པའི་གདུལ་བ་དང་མ་འདྲེས་པ། གྲོལ་བ་དང་། རིག་པའི་ཐབས་དང་ལྡན་པ། སྟོན་པ་དང་། བསྟན་པ་སྐྱོན་ཅན་གཞན་གྱི་བསྟན་བཅོས་དང་མི་མཚུངས་ཤིང་། ལེགས་པར་གསུངས་པའི་ཆོས་ཐམས་ཅད་ཀྱི་མཐར་ཐུག་ངེས་པའི་དོན་འབའ་ཞིག་ཏུ་འབབ་ཅིང་། རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་འགྱུར་བས་ན་འདི་མཐོང་བ་ལ་དོན་ཡོད་པ་ཡིན་ཏེ། མྱ་ངན་ལས་འདས་པའི་མདོ་ལས། ཆུ་བོ་ཆེན་པོ་རྒྱ་མཚོར་བངས། འབབ། གཞོལ་བ་དེ་བཞིན་དུ། ཆོས་ཐམས་ཅད་མྱ་ངན་


JL00_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འདས་པར་བབས། འབབ། གཞོལ་ཞེས་གསུངས་པ་ལྟར་རོ། །དེའི་མཚན་ཉིད་མཐར་ཐུག་པའང་རྟོག་གེས་བརྟག་པར་མི་ནུས་པའི་ཕྱིར་སོ་སོ་རང་གིས་རིག་པར་བྱའོ། །ཞེས་སོ། །དེ་ལ་སོ་སོ་རང་གི་རིག་པ་ནི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་གྱིས། རྟོག་དཔྱོད་ཀྱི་སྤྱོད་ཡུལ་མ་ཡིན་ལ། རྟོག་དཔྱོད་ནི་རྣམ་པར་རྟོག་པ་དང་། རྣམ་པར་གཡེང་བའི་རང་བཞིན། ཕུང་པོ་ལྔ་དང་ལྷན་ཅིག་པའོ། །ཡུམ་ལ་བསྟོད་པ་ལས་ཀྱང་། སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། ཞེས་པས་བསམ་གྱིས་མི་ཁྱབ་པའི་ཆོས་ཉིད་སངས་རྒྱས་ཀྱི་དགོངས་པ་རྣལ་མ་ཡིན་བར་མཉམ་གཞག་དང་རྫས་མ་འགལ་བའི་ལྷག་མཐོང་གི་ཡེ་ཤེས་སོ་སོར་རྟོག་པའི་ཤེས་རབ་ཁྱད་པར་ཅན་གྱིས་རིག་པའི་ཕྱིར། རྟོག་གེའི་གཞན་དབང་ཅན་གྱི་དགག་བསྒྲུབ་ལ་སྙིང་པོ་མ་མཐོང་ངོ་། །དེའང་། བརྗོད་བྱ་རྗོད་བྱེད་ལ་ལྟོས་ལུང་རྟོགས་ཆོས། །ལུང་ནི་གསུང་རབ་ཡན་ལག་བཅུ་གཉིས་དང་། །གཉེན་པོའི་སྒོ་ནས་སྡེ་སྣོད་གསུམ་དུ་ཤར། །ཐབས་ཀྱིས་ཆེ་བ་རིག་འཛིན་སྡེ་སྣོད་ཡིན། །གླེགས་བམ་ཡི་གེར་གནས་པ་དམ་ཚིག་རྟེན། །དེ་ཡང་བརྗོད་བྱའི་དོན་དང་རྗོད་བྱེད་ལ་ལྟོས་ནས་ལུང་དང་རྟོགས་པའི་བསྟན་པ་གཉིས་སུ་བཞག་པ་ནི་དབྱིག་གཉེན་གྱིས། སྟོན་པའི་དམ་ཆོས་རྣམ་གཉིས་ནི། །ལུང་དང་རྟོགས་པའི་བདག་ཉིད་ཅན། །ཞེས་བཤད་པ་ལྟར་རོ། །བརྗོད་བྱའི་སྒོ་ནས་ནི་བདེན་པ་གཉིས་སུ་གནས་ཏེ། རྩ་ཤེ་ལས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །ཞེས་དང་། དེ་གཉིས་ཀྱང་མདོར་བསྡུ་ན་དྲང་ངེས་ཀྱི་ངོ་བོར་གནས་པའི་ཚུལ། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པར། ཀུན་རྫོབ་སྒྲུབ་པ་སྟོན་པ་ནི་དྲང་བའི་དོན་ནོ། །དོན་དམ་བསྒྲུབ་པ་སྟོན་པ་ནི་ངེས་པའི་དོན་ནོ། །ཞེས་སོ། །རྗོད་བྱེད་ཀྱི་སྒོ་ནས་ལུང་གི་ཆོས་གསུང་རབ་


JL00_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་བཅུ་གཉིས་ཏེ། བརྒྱད་སྟོང་འགེལ་ཆེན་ལས། མདོ་སྡེ་དབྱངས་བསྙད་ལུང་བསྟན་དང་། །ཚིགས་བཅད་ཆེད་བརྗོད་གླེང་གཞི་དང་། །རྟོགས་བརྗོད་དེ་ལྟ་བུ་བྱུང་དང་། །སྐྱེས་རབས་ཤིན་ཏུ་རྒྱས་པ་དང་། །རྨད་བྱུང་གཏན་ལ་དབབ་པའི་སྡེ། །གསུང་རབ་ཡན་ལག་བཅུ་གཉིས་སོ། །ཞེས་པ་ལྟར་རོ། །གཉེན་པོའི་སྒོ་ནས་སྡེ་སྣོད་གསུམ་སྟེ། བཤད་མ་ཐག་པའི་དང་པོ་ལྔ་ཉན་ཐོས་ཀྱི་མདོ་སྡེའི་སྡེ་སྣོད་དང་། བར་པ་གསུམ་ཉན་ཐོས་ཀྱི་འདུལ་བ། ཐ་མ་བཞི་ལས། སྐྱེས་པ་རབས་ཀྱི་སྡེས་བྱང་ཆུབ་སེམས་དཔའི་འདུལ་བའི་སྡེ་སྣོད་ཀྱི་འཁོར་དང་། ཤིན་ཏུ་རྒྱས་པ་དང་རྨད་དུ་བྱུང་བ་གཉིས་ཀྱི་བྱང་ཆུབ་སེམས་དཔའི་མདོ་སྡེའི་སྡེ་སྣོད་དང་། གཏན་ལ་དབབ་པའི་སྡེ་ནི། ཉན་ཐོས་དང་བྱང་ཆུབ་སེམས་དཔའ་གཉིས་ཀའི་ཐུན་མོང་དུ་གྱུར་བའི་ཆོས་མངོན་པའི་སྡེ་སྣོད་དུ་བཞག་པ་ཡིན་ལ། རང་སངས་རྒྱས་ལ་ནི་སྡེ་སྣོད་ལོགས་པ་མེད་དེ་ཉན་ཐོས་ཀྱི་སྡེ་སྣོད་ལ་དམིགས་པའོ། །མདོར་བསྡུ་ན་དབྱིག་གཉེན་གྱིས། མདོ་སྡེས་ནི་བསླབ་པ་གསུམ་བཤད་དོ། །འདུལ་བས་ནི་ལྷག་པའི་ཚུལ་ཁྲིམས་དང་། ལྷག་པའི་སེམས་བསྒྲུབ་པ་ཡིན་ཏེ། ཚུལ་ཁྲིམས་དང་ལྡན་པ་ནི་འགྱོད་པ་མེད་པ་ལ་སོགས་པའི་རིམ་གྱིས་ཏིང་ངེ་འཛིན་ཐོབ་པའི་ཕྱིར་རོ། །ཆོས་མངོན་པས་ལྷག་པའི་ཤེས་རབ་བསྒྲུབ་པ་ཡིན་ཏེ། དོན་ཕྱིན་ཅི་མ་ལོག་པ་སྟོན་པའི་ཕྱིར་རོ། །ཞེས་བཤད་དོ། །དེ་དག་ཀྱང་གདུལ་བྱའི་སྒོ་ནས་དབྱེ་བས་ཐབས་ཀྱིས་ཆེ་བ་ནི་རིག་པ་འཛིན་པའི་སྡེ་སྣོད་ཡིན་ཏེ། སློབ་དཔོན་ཨཱརྱ་དེ་ཝས་ཀྱང་། རིག་པ་འཛིན་པའི་སྡེ་སྣོད་དོ། །ཞེས་ལོགས་སུ་ཕྱེ་ནས་སྡེ་སྣོད་བཞི་པར་བཞག་པ་ནི་མདོ་སྡེ་གདམས་ངག་འབོགས་པ་ལས། འདྲེན་པའི་ཐེག་པ་གསུམ་པོ་དག །


JL00_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་ངེས་པར་གསུངས་ལགས་ན། །རྒྱུ་འབྲས་ལྷུན་གྲུབ་དུ་སྤྱོད་ཅིང། །སངས་རྒྱས་གཞན་ནས་མི་འཚོལ་བའི། །ངེས་པའི་ཐེག་པ་ཅིས་མ་གསུངས། །ཞེས་པ་ལ་སོགས་གསུངས་པས་སོ། །དེ་ལྟར་ལུང་གི་བསྟན་པ་སྡེ་སྣོད་བཞི་པོའང་བདག་པོའི་རྐྱེན་གྱི་འདུ་བྱེད་ལས་ཡི་གེ །ཡི་གེ་འདུས་པ་ལས་མིང་། མིང་འདུས་པ་ལས་ཆིག །ཚིག་འདུས་པ་ལས་གླེགས་བམ་དུ་གནས་པ་ནི་སྐྱབས་སུ་འགྲོ་བའི་དམ་ཚིག་གི་རྟེན་ཡིན་ནོ། །རྟོགས་པའི་ཆོས་ནི་དྲན་པ་ཉེར་གཞག་ནས། །རིམ་བཞིན་ལམ་ལྔའི་ཡོན་ཏན་མཐའ་དག་དང་། །འཕགས་པའི་སྤངས་རྟོགས་ཡེ་ཤེས་སྙིང་པོ་ཅན། །བསྐྱེད་དང་རྫོགས་པ་གཟུངས་དང་ཟད་པར་དང་། །སློབ་ལམ་བཞི་དང་མི་སློབ་ལམ་གྱི་དངོས། །རྒྱུ་ཡི་ས་བཅུ་འབྲས་བུའི་བཅུ་གསུམ་སོགས། །རྡོ་རྗེ་ཐེག་པའི་རིགས་དབྱེ་དཔག་ཏུ་མེད། །གང་གི་ཡེ་ཤེས་རྒྱུད་ལ་བརྟེན་པའོ། །དེ་ལ་རྟོགས་པའི་ཡོན་ཏན་གྱི་རྟེན་དུ་གྱུར་པ་ནི་ས་ཡིན་ཏེ་བརྒྱད་སྟོང་འགྲེལ་ཆེན་ལས། ཡོན་ཏན་གྱི་རྟེན་དུ་གྱུར་པས་ན་སའོ། །ཞེས་བཤད་ལ། དེའང་ཉན་རང་གི་ས་བརྒྱད་དང་། བྱང་ཆུབ་སེམས་དཔའི་ས་བཅུར་ངེས་པ་ལས། སྔ་མ་ནི། ཡུམ་བར་མ་ལས་རིགས་ཀྱིས་དང་། བརྒྱད་པའི་ས་དང་། མཐོང་བའི་ས་དང་། བསྲབས་པའི་ས་དང་། འདོད་ཆགས་དང་བྲལ་བའི་ས་དང་། བྱས་པ་རྟོགས་པའི་ས་དང་། ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱི་ས་སྟེ། འདི་དག་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་སའོ། །ཞེས་དང་། རིན་ཆེན་ཕྲེང་བ་ལས། ཇི་ལྟར་ཉན་ཐོས་ཐེག་པ་ལས། །ཉན་ཐོས་ས་ནི་བརྒྱད་བཤད་པ། །དེ་བཞིན་ཐེག་པ་ཆེན་པོ་ལ། །བྱང་ཆུབ་སེམས་དཔའི་ས་བཅུའོ། །ཞེས་བཤད་ཅིང་། སའི་ཡང་རྟེན་དུ་གྱུར་པ་ནི་ལམ་ལྔ་པོ་ཉིད་དུ་ངེས་པས་ན་འདིར་ཚོགས་ལམ་ནས་


JL00_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པར་བསྙད་པའོ། །དེ་ལ་དང་པོ་ཐོས་བསམ་དང་བསོད་ནམས་ཀྱི་ཚོགས་ལ་གཙོ་བོར་སྤྱོད་པ་ནི་ཚོགས་ལམ་གྱི་མཚན་ཉིད་ཡིན་ལ། དེའང་ཚོགས་ལམ་ཆུང་ངུར་དྲན་པ་ཉེ་བར་གཞག་པ་བཞི་ཡོད་པའི་ལུས་དྲན་པ་ཉེར་བཞག་ནི། མཉམ་གཞག་ནམ་མཁའ་ལྟ་བུ་ལ། རྗེས་ཐོབ་ཏུ་མི་གཙང་བ་དང་། སྒྱུ་མ་ལྟ་བུར་བསྒོམ་མོ། །ཚོར་བ་དྲན་པ་ཉེར་གཞག་ནི། །མཉམ་གཞག་ཏུ་མ་སྐྱེས་པ་དང་། རྗེས་ཐོབ་ཏུ་གང་ཅི་ཚོར་ཡང་སྡུག་བསྔལ་དང་། ཆུ་ཤིང་ལྟར་སྙིང་པོ་མེད་པར་བསྒོམ་མོ། །སེམས་དྲན་པ་ཉེ་བར་གཞག་པ་ནི་མཉམ་གཞག་ཏུ་རང་བཞིན་གྱིས་སྟོང་པ་དང་། རྗེས་ཐོབ་ཏུ་མི་འགག་ལ་མི་གནས་པ་བསྒོམ་མོ། །ཆོས་དྲན་པ་ཉེ་བར་གཞག་པ་ནི། མཉམ་གཞག་ཏུ་མཉམ་པ་ཉིད་དང་། རྗེས་ཐོབ་ཏུ་སྒྱུ་མའི་དཔེ་བརྒྱད་དུ་བསྒོམ་མོ། །དེ་ལྟར་ཚོགས་ལམ་ཆུང་ངུར་དྲན་པ་ཉེར་གཞག་བཞི་བསྒོམས་པས་མཐོང་ལམ་གྱི་བདེན་པ་བཞི་ལ་འཇུག་ཚུལ་ཀྱང་། དང་པོས་ལུས་སྡུག་བསྔལ་དུ་ཤེས་པས་སྡུག་བསྔལ་ཤེས་པ་ལ་འཇུག་གོ །གཉིས་པས་ཚོར་བ་སྡུག་བསྔལ་དུ་ཤེས་པས་ཀུན་འབྱུང་སྤོང་བ་ལ་འཇུག་གོ །གསུམ་པས་སེམས་མི་རྟག་པར་བསྒོམས་པས་རྟག་འཛིན་འགོག་པའི་འགོག་པ་མངོན་དུ་བྱེད་དོ། །བཞི་ལས་ཆོས་བདག་མེད་པར་བསྒོམས་པས་བདག་ཏུ་ཞེན་པ་ལོག་ནས་ལམ་བསྒོམ་པ་ལ་འཇུག་གོ །ཚོགས་ལམ་འབྲིང་དུ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད། སྐྱེས་པ་རྒྱུན་གཅོད། དགེ་བའི་ཆོས་རྣམས་མ་སྐྱེས་པ་བསྐྱེད། སྐྱེས་པ་གོང་དུ་སྤེལ་བའི་ཕྱིར་བརྩོན་པར་བྱེད་ཅིང་གཉེན་པོ་བདག་མེད་པ་དང་། སྒྱུ་མའམ་རྨི་ལམ་ལ་སོགས་པ་བསྒོམ་པར་བྱེད་དོ། །ཚོགས་ལམ་


JL00_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོར་རྫུ་འཕྲུལ་གྱི་རྐང་པ་བཞི་ནི། ནང་དུ་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་སེམས་རྩེ་གཅིག་པར་བསྒོམས་པས་སྤྱན་དང་། མངོན་ཤེས། རྫུ་འཕྲུལ་ལ་སོགས་པའི་དོན་འགྲུབ་པ་སྟེ། དེ་ཡང་བསམ་གཏན་གྱིས་སེམས་ལས་སུ་རུང་སྟོབས་ཀྱིས་གྲུབ་པས་ན་རྫུ་འཕྲུལ་གྱི་རྐང་པ་བཞི་ཞེས་བྱའོ། །དེ་ནི་འདུན་པ། བརྩོན་འགྲུས། སེམས། སྤྱོད་པའི་ཏིང་ངེ་འཛིན་བཞིའོ། །དེའི་དོན་ཀྱང་མདོ་སྡེ་རྒྱན་ལས། དམིགས་པ་ཉིད་ལ་སེམས་གཏད་ནས། །དེ་རྒྱུན་རྣམ་པར་གཡེང་མི་བྱ། །རྣམ་གཡེང་མྱུར་དུ་རྟོགས་བྱས་ནས། །སླར་ཡང་དེ་ལ་བསླབ་པར་བྱ། །ཞེས་སོ། །གཉིས་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་མཐོང་ལམ་ལ་སྦྱོར་བ་ནི་སྦྱོར་ལམ་གྱི་མཚན་ཉིད་དེ་ལུས་ཀྱི་རྟེན་འགྲོ་བ་རིགས་ལྔ་གང་རུང་དང་། བསམ་པའི་རྟེན་བསམ་གཏན་ས་དྲུག་གང་རུང་ངོ་། །ལམ་གྱི་ངོ་བོ་དྲོད་དང་། རྩེ་མོ་དང་། བཟོད་པ་དང་། ཆོས་མཆོག་བཞིར་གནས་པ་ལས། དེའང་དྲོད་རྩེ་གཉིས་སུ་དབང་པོ་ལྔ་བསྒོམ་སྟེ། དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོ་སྟེ་རྣམ་བྱང་བསྐྱེད་པས་ན་གཟུགས་ཅན་མ་ཡིན་པའི་དབང་པོ་ལྔའོ་བསྒོམ་ཚུལ་ནི་སེམས་བསྐྱེད་ནས། བདེན་པ་བཞིའི་མི་རྟག་པ་ལ་སོགས་པའམ། ཆོས་ཐམས་ཅད་བདེན་པ་གཉིས་སུ་ཤེས་པའི་དོན་ལ། དད་པས་ཡིད་ཆེས་པའི་ཚུལ་གྱིས་བསྒོམ། བརྩོན་འགྲུས་ཀྱིས་སྤྲོ་བ་བསྐྱེད། དྲན་པས་རྟོགས་པའི་རྒྱུན་ལ་འཇུག །ཏིང་ངེ་འཛིན་གྱིས་སེམས་རྩེ་གཅིག་པར་སྦྱོར། ཤེས་རབ་ཀྱིས་རང་བཞིན་ཤེས་པའི་ཚུལ་གྱིས་བསྒོམ་མོ། །བཟོད་ཆོས་གཉིས་སུ་ནི་སྟོབས་ལྔ་བསྒོམ་སྟེ། དད་པའི་སྟོབས་ལ་སོགས་པ་སྔ་མ་བཞིན་དུ་སྦྱར་ལ་བསྒོམ་ཚུལ་


JL00_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མཐུན་ནོ། །ངེས་ཚིག་ནི་མི་མཐུན་ཕྱོགས་འཇོམས་པས་ན་སྟོབས་ཞེས་བྱའོ། །དེ་ལྟར་སྦྱོར་བའི་ལམ་ཆ་བཞི་པོའི་ཡེ་ཤེས་ཀྱི་རིམ་པ་ལ་ཆུང་འབྲིང་ཆེན་པོ་གསུམ་གྱི་དབྱེ་བས་ངེས་འབྱེད་ཆ་མཐུན་བཅུ་གཉིས་ཞེས་བྱ་སྟེ་དེའི་རིམ་པ་བཞིན་ལས། དྲོད་སྣང་བ་ཐོབ་པ་ནི་ཆོས་ཐམས་ཅད་ཡིད་ཀྱི་སྣང་བ་ཙམ་དུ་མཐོང་བ་འཇིག་རྟེན་པའི་བསྒོམ་བྱུང་གི་ཡེ་ཤེས་དང་། སྣང་བ་ཅུང་ཟད་ཐོབ་པ་དེས་དོན་དུ་འཛིན་པའི་གཉེན་པོ་བྱེད་པའོ། །རྩེ་མོ་སྣང་བ་མཆེད་པ་ནི། ཆོས་ཀྱི་སྣང་བ་དེ་ཉིད་སྤེལ་བའི་ཕྱིར་བདག་མེད་བསྒོམ་པ་ལ་བརྩོན་པས་འཇིག་རྟེན་པའི་བསྒོམས་བྱུང་གི་སྣང་བ་འབྲིང་དུ་ཐོབ་པའོ། །བཟོད་པ་དེ་ཁོ་ན་ཉིད་ཀྱི་ཕྱོགས་གཅིག་ལ་ཞུགས་པ་ནི་སེམས་ཙམ་དུ་ཡོད་པའི་འཇིག་རྟེན་པའི་བསྒོམ་བྱུང་གི་སྣང་བ་རབ་ཏུ་ཐོབ་པས་སྤྱི་དོན་དུ་ཞེན་པའི་གཉེན་པོ་བྱེད་པའོ། །ཆོས་མཆོག་དེ་མ་ཐག་པ་ནི། དོན་དུ་འཛིན་པའི་རྣམ་གཡེང་མེད་པའི་འཇིག་རྟེན་པའི་བསྒོམ་བྱུང་གི་ཡོངས་སུ་རྫོགས་པ་ཉིད། ཐེག་ཆེན་མཐོང་ལམ་དང་གཞན་གྱི་བར་མ་ཆོད་པའོ། །དེའང་དྲོད་རྩེ་གཉིས་ལ་ནི་ཆུང་ངུ་ཞེས་བྱ་སྟེ། མཐོང་ལམ་སྐྱེ་བའི་དུས་མ་ངེས་པའི་སྦྱོར་ལམ་མོ། །བཟོད་པ་ནི་འབྲིང་སྟེ་ཚེ་ཕྱི་མ་ལ་མཐོང་ལམ་སྐྱེ་བར་ངེས་པའི་སྦྱོར་ལམ་མོ། །ཆོས་མཆོག་ནི་ཆེན་པོ་སྟེ་ཚེ་དེ་ཉིད་ལ་མཐོང་ལམ་སྐྱེ་བའི་སྦྱོར་ལམ་མོ། །ལམ་དེ་ལ་འོག་མ་ལས་འཕགས་པའི་ཁྱད་ཆོས་ལྔ་ཡོད་སྟེ། གཉེན་པོའི་ཁྱད་པར་ལ། སུན་འབྱིན་པའི་གཉེན་པོ། སྤོང་བའི་གཉེན་པོ། རྟེན་གྱི་གཉེན་པོ། ཐག་བསྲིང་གི་གཉེན་པོ་ལས་འདིར་སྤོང་བའི་གཉེན་པོས་མགོ་གནོན་པའོ། །སྤངས་པའི་ཁྱད་པར་ནི་སྒྲིབ་པའི་ས་བོན་དང་། མངོན་གྱུར་ཉམས་སྨད་


JL00_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། སོ་སོ་སྐྱེ་བོའི་ཕོངས་པ་དང་རྒུད་པ་ལས་གྲོལ་བའོ། །རྟོགས་པའི་ཁྱད་པར་ནི་བསྒོམ་བྱུང་གི་ཡེ་ཤེས་བདག་མེད་གཉིས་རྟོགས་པའོ། །ཡོན་ཏན་གྱི་ཁྱད་པར་ནི་ཏིང་ངེ་འཛིན་དང་། སྤྱན་དང་། མངོན་ཤེས་དང་། རྫུ་འཕྲུལ་ལ་སོགས་པ་དུ་མ་དང་ལྡན་པའོ། །ཚོགས་ལམ་ལས་འཕགས་པའི་ཁྱད་པར་ནི། ཚོགས་ལམ་ཆེན་པོ་དང་བསྒོམ་བྱུང་དུ་འདྲ་ཡང་། མཐོང་ལམ་ལ་ཉེ་རིང་དང་ཡེ་ཤེས་ཀྱི་དྲོད་བརྟན་མི་བརྟན་གྱི་ཁྱད་ཡོང་བར་བརྒྱད་སྟོང་འགྲེལ་ཆེན་ལས། བར་ཆད་མེད་ན་མཐོང་བའི་ལམ་ཆོས་ཉེ་བར་འབྱུང་བ་ཞེས་བྱ་བ་ནི་ཐར་པའི་ཆ་དང་མཐུན་པ་ལས་འདིའི་ཁྱད་པར་ཡིན་པར་རིག་པར་བྱའོ། །གསུམ་པ་ཆོས་ཉིད་དངོས་སུ་མཐོང་བས་ན་མཐོང་ལམ་ཞེས་བྱ་སྟེ། དེའི་མཚན་ཉིད་ནི་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ་ཅེས་བློ་གྲོས་རབ་གསལ་གྱིས་ཞུས་པའི་མདོ་ལས་བཤད་པས་མཐོང་ལམ་ཡིན་ལ། ཤིན་ཏུ་རྣམ་པར་དག་གོ་ཞེས་པ་ནི་ས་བརྒྱད་པའི་ཡེ་ཤེས་སོ། །ལུས་ཀྱི་རྟེན་ནི་འགྲོ་བ་ལྔ་གང་རུང་ལ། བསམ་པའི་རྟེན་ནི་བསམ་གཏན་བཞི་པའོ། །དེ་ལ་ཆོས་གང་མངོན་དུ་གྱུར་པས་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བའི་ཆོས་ནི་མཐོང་ལམ་གྱི་རྟེན་བྱང་ཆུབ་ཀྱི་ཡན་ལག་བདུན་ཡིན་ཏེ། བཤེས་སྤྲིང་ལས། དྲན་དང་ཆོས་རབ་རྣམ་འབྱེད་བརྩོན་འགྲུས་དང་། དགའ་དང་ཤིན་ཏུ་སྦྱངས་དང་ཏིང་འཛིན་དང་། །བཏང་སྙོམས་འདི་བདུན་བྱང་ཆུབ་ཡན་ལག་སྟེ། །མྱ་ངན་འདས་ཐོབ་བགྱིད་པའི་དགེ་ཚོགས་ལགས། །ཞེས་པ་ལས། དྲན་པ་ནི་དམིགས་པ་མ་བརྗེད་པའོ། །ཆོས་རབ་ཏུ་འབྱེད་པ་ནི། ཐེག་པ་ཆེན་པོའི་ཆོས་བཟོད་ཆོས་ཤེས་རྗེས་བཟོད་རྗེས་ཤེས་འཁོར་དང་བཅས་པའི་མཚན་ཉིད་འབྱེད་པའི་ཤེས་རབ་གང་ཡིན་པའོ། །བརྩོན་འགྲུས་ནི་དེའི་


JL00_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་ལ་མངོན་པར་སྤྲོ་བའོ། །དགའ་བ་ནི་དམིགས་པ་དེ་ཉིད་ལ་ཡིད་སྤྲོ་བ་གང་ཡིན་པའོ། །ཤིན་ཏུ་སྦྱངས་པ་ནི་ལུས་དང་སེམས་ལས་སུ་རུང་བ་གང་ཡིན་པའོ། །ཏིང་ངེ་འཛིན་ནི་སེམས་རྩེ་གཅིག་པ་ལས་གཞན་དུ་མ་གྱུར་པའོ། །བཏང་སྙོམས་ནི་སེམས་དང་སེམས་ལས་བྱུང་བ་རྣམས་རྣལ་དུ་འདུག་པ་དང་ལྷུན་གྱིས་གྲུབ་པ་གང་ཡིན་པའོ། །ཆོས་བདུན་པོ་འདི་དག་ནི་མཐོང་བའི་ལམ་བྱང་ཆུབ་ཟག་པ་མེད་པའི་ཡན་ལག་ཏུ་གྱུར་པའི་ཕྱིར་བྱང་ཆུབ་ཀྱི་ཡན་ལག་ཅེས་འཁོར་དུ་གྱུར་པར་བསྟན་ཏོ། །ངོ་བོ་ནི་རང་གི་ངོ་སྐལ་དུ་གྱུར་ཚད་ཀྱི་མཐོང་སྤངས་ཉོན་སྒྲིབ་དང་ཤེས་སྒྲིབ་གཉིས་ཀྱི་ཆ་ལས་གྲོལ་བ་སྟེ། དབུས་མཐའ་ལས། ཉོན་མོངས་པ་ཡི་སྒྲིབ་པ་དང་། །ཤེས་བྱའི་སྒྲིབ་པ་གཉིས་སུ་བསྟན། །དེ་ཡི་སྒྲིབ་པ་ཐམས་ཅད་དེ། །དེ་ཟད་ནས་ནི་གྲོལ་བར་འདོད། །ཅེས་སོ། །དེ་ཡང་ཉོན་ཤེས་གཉིས་ཀྱི་སྒྲིབ་པའི་ཁྱད་པར་ནི། རྒྱུད་བླ་མར། སེར་སྣ་ལ་སོགས་རྣམ་རྟོག་གང་། །ཉོན་མོངས་པ་ཡི་སྒྲིབ་པར་འདོད། །འཁོར་གསུམ་རྣམ་པར་རྟོག་པ་གང་། །དེ་ནི་ཤེས་བྱའི་སྒྲིབ་པར་འདོད། །ཅེས་པས། སེམས་རབ་ཏུ་མ་ཞི་བར་བྱེད་པ་གང་མི་དགེ་བའམ། ལུང་དུ་མ་བསྟན་པའི་སྒྲིབ་པ་སེར་སྣ་ལ་སོགས་པ་ནི་ཉོན་སྒྲིབ་ཡིན་ལ། འཁོར་གསུམ་ལ་བདེན་ཞེན་དང་བཅས་པའི་དགེ་བ་ཟག་བཅས་སམ། མ་བསྒྲིབས་ལུང་མ་བསྟན་གྱི་ངོ་བོ་གཟུང་འཛིན་གྱི་རྟོག་པ་ཡུལ་ཡུལ་ཅན་དུ་འབྲེལ་བ་ནི་ཤེས་སྒྲིབ་ཡིན་ནོ། །དེའང་ཉོན་སྒྲིབ་ཀུན་བརྟགས་རྣམས་ནི་མཐོང་སྤང་ཡིན་ལ། ལྷན་སྐྱེས་ནི་བསྒོམ་སྤང་ཡིན་ནོ། །དེ་བཞིན་དུ་ཤེས་སྒྲིབ་གཟུང་འཛིན་གྱི་རྟོག་པ་རགས་པ་རྣམས་ནི་མཐོང་


JL00_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

སྤང་ཡིན་ལ། ཕྲ་བ་རྣམས་ནི་བསྒོམ་སྤང་ཡིན་ནོ། །རྣམ་གྲངས་ནི། ཀུན་བརྟགས་གང་ཞིག་མཐོང་ལམ་གྱི་གནོད་བྱར་གྱུར་པ་ནི་མཐོང་སྤང་གྱི་མཚན་ཉིད་དོ། །དབྱེ་ན། ངོ་བོའི་སྒོ་ནས་འདོད་ཆགས། ཁོང་ཁྲོ། ང་རྒྱལ། མ་རིག་པ། ཐེ་ཚོམ་མོ། །ལོག་པར་འཇུག་ཚུལ་གྱི་སྒོ་ནས་འཇིག་ཚོགས་ལ་བལྟ་བ། མཐར་འཛིན་པའི་བལྟ་བ། ལོག་པར་བལྟ་བ། ལྟ་བ་ལ་མཆོག་ཏུ་འཛིན་པའི་བལྟ་བ། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་བལྟ་བ་སྟེ་ལྔ་དང་། འདོད་ཆགས་ཁོང་ཁྲོ། ང་རྒྱལ། མ་རིག་པ། ཐེ་ཚོམ་སྟེ་ལྟ་མིན་ལྔ་བསྡོམས་པས་བཅུའོ། །དེའང་དམིགས་པ་དང་། ཁམས་དང་། ལོག་པར་འཇུག་ཚུལ་གྱི་སྒོ་ནས་དབྱེ་ན་མཐོང་སྤང་བརྒྱད་ཅུ་རྩ་གཉིས་སོ། དེའང་ལྟ་བ་ལྔས་བདེན་པ་བཞི་ལ་ཞུགས་པ་དང་། ལྟ་མིན་ལྔས་རྗེས་སུ་མཐུན་པར་ཞུགས་པ་ལ་སོགས་པའི་རྣམ་གཞག་ཤེས་པར་འདོད་ན་གྲུབ་མཐའ་རིན་པོ་ཆེར་བལྟའོ། །འདིར་ནི་དེ་དག་གི་ཕྲ་རྒྱས་སྤངས་པའི་འབྲས་བུ་ཡེ་ཤེས་སྐྱེ་བ་ལ་ལྟོས་ནས་ས་དང་པོའི་ངེས་པ་ཅུང་ཟད་བཞག་ན། མདོ་སྡེ་རྒྱན་ལས། བྱང་ཆུབ་ལ་ནི་ཉེ་བ་དང་། །སེམས་ཅན་དོན་གྲུབ་མཐོང་བ་ལ། །རབ་ཏུ་དགའ་བ་སྐྱེ་འགྱུར་ཏེ། །དེ་ཕྱིར་རབ་དགའ་ཞེས་བྱར་བརྗོད། །ཞེས་པ་ལྟར། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཐོག་མར་ཐོབ་པ་དེའི་ཚེ་སྤང་བྱ་ས་བོན་དང་བཅས་པ་འགག་པ་དུས་མཉམ། སོ་སོར་རྟོག་པའི་ཤེས་རབ་ཀྱིས་བདག་མེད་གཉིས་མངོན་སུམ་དུ་རྟོགས། ཆོས་ཀྱི་དབྱིངས་དེ་རང་གཞན་ཐམས་ཅད་ལ་ཀུན་ཏུ་འགྲོ་བ་དང་། ཁྱད་པར་རྟོགས་པས་བདག་གཞན་མཉམ་པ་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་རྟོགས། སྔོན་མེད་པའི་དགའ་བ་རྒྱ་ཆེན་པོ་ཐོབ་པས་ན་ས་དང་པོ་རབ་ཏུ་དགའ་བ་ཞེས་བྱ་སྟེ། དུས་སྐད་ཅིག་མ་གཅིག་ལ་སངས་རྒྱས་བརྒྱའི་ཞལ་བལྟ་བ་དང་། སངས་


JL00_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་བརྒྱས་བྱིན་གྱིས་བརླབས་པར་ཤེས་པ་དང་། སྤྲུལ་པ་བརྒྱ་འགྱེད་པ་དང་། དུས་བསྐལ་པ་བརྒྱར་སྟོན་པ་དང་། སྔོན་དང་ཕྱི་མའི་གནས་བརྒྱ་ལ་ཡེ་ཤེས་ཀྱི་གཟིགས་པ་འཇུག་པ་དང་། ཏིང་ངེ་འཛིན་བརྒྱ་ལ་སྙོམས་པར་འཇུག་ཅིང་ལྡང་བ་དང་། སེམས་ཅན་བརྒྱ་སྨིན་པར་བྱེད་པ་དང་། ཞིང་ཁམས་བརྒྱ་གཡོ་བར་བྱེད་པ་དང་། ཞིང་ཁམས་བརྒྱ་འོད་ཀྱིས་གསལ་བར་བྱེད་པ་དང་། ཆོས་ཀྱི་སྒོ་བརྒྱ་འབྱེད་པ་དང་། རང་གི་ལུས་བརྒྱར་སྟོན་པ་དང་། ལུས་རེ་རེ་ལ་འཁོར་ཕུན་སུམ་ཚོགས་པ་བརྒྱ་བརྒྱས་བསྐོར་བར་སྟོན་པ་དང་། འཛམ་བུའི་གླིང་ལ་དབང་བའི་སྐྱེ་བ་འཛིན་ནུས་སོ། །བཞི་བ་ནི། དེ་ལྟར་ཡེ་ཤེས་ཀྱི་རང་བཞིན་མཐོང་ཟིན་བསྒོམ་པར་བྱེད་པས་ན་བསྒོམ་པའི་ལམ་སྟེ། དེའི་མཚན་ཉིད་ནི་ཐེག་ཆེན་གྱི་མཐོང་ལམ་རྫོགས་པའི་ཕྱི་ནས་འབྱུང་ཞིང་ཐེག་ཆེན་གྱི་དགེ་བས་བསྡུས་པ་གང་ཞིག་ཐེག་ཆེན་མི་སློབ་པའི་ལམ་གྱི་སྐད་ཅིག་མ་དང་པོ་ཤེས་རྒྱུད་ལ་སྐྱེ་བའི་རྒྱུར་གྱུར་པའོ། །ལུས་ཀྱི་རྟེན་ནི་གླིང་གསུམ་གྱི་སྐྱེས་པ་དང་བུད་མེད་འདོད་གཟུགས་ཀྱི་ལྷ་དང་བཅས་པ་ལ་སྐྱེ་བ་ཤས་ཆེ་ཞིང་། མདོ་སྡེ་རྒྱན་ལས། བསམས་བཞིན་སྲིད་པ་ལེན་པ་དང་། །ཞེས་པས་གཞན་ལའང་སྐྱེ་མི་རུང་བའི་མཐའ་མ་བཀག་གོ །བསམ་པའི་རྟེན་ནི་བསམ་གཏན་བཞི་པའོ། །དེའང་མཚན་གཞི་ས་བཅུའི་རང་བཞིན་གྱི་འཁོར་དུ་གཏོགས་པའི་དགེ་བ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་ཡིན་ཏེ། བཤེས་སྤྲིང་ལས། ཡང་དག་ལྟ་དང་འཚོ་དང་རྩོལ་བ་དང་། །དྲན་དང་ཏིང་འཛིན་ངག་དང་ལས་མཐའ་དང་། །ཡང་དག་རྟོག་ཉིད་ལམ་གྱི་ཡན་ལག་བརྒྱད། །ཞེས་པ་ལས། ཡང་དག་པའི་ལྟ་བ་ནི་ཟག་པ་མེད་པའི་ཤེས་རབ་བོ། །ཡང་དག་པའི་འཚོ་བ་ནི་ཁ་གསག་དང་ལོག་པའི་


JL00_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

འཚོ་བ་སྤངས་པའོ། །ཡང་དག་པའི་རྩོལ་བ་ནི་བརྩོན་འགྲུས་ཏེ། དེ་ཡང་ཡང་དག་སྤོང་བ་བཞི་ཉིད་དོ། །ཡང་དག་པའི་དྲན་པ་ནི་དམིགས་པ་མ་བརྗེད་པའོ། །འདི་ཡང་དྲན་པ་ཉེ་བར་གཞག་པ་བཞི་དང་མཐུན་ཏེ། དྲན་པ་ཉིད་དྲན་པ་ཉེ་བར་འཇོག་པ་ནི་དྲན་པ་ཉེ་བར་འཇོག་པ་ཡིན་པའི་ཕྱིར་རོ། །དེ་ཡང་ཡང་དག་གི་དྲན་པའི་མཚན་ཉིད་མཐར་ཐུག་པ་ནི་ཤེས་རབ་ཉིད་ཡིན་ཏེ། བཤེས་སྤྲིང་གི་འགྲེལ་བར། གང་དག་འདིས་དྲན་པ་ཉེ་བར་འཇོག་པ་ཞེས་འཆད་པ་དེ་དག་གི་གཞུང་ལུགས་ཀྱིས་ནི་དྲན་པ་ཉེ་བར་གཞག་པ་ཤེས་རབ་ཡིན་ནོ། །ཞེས་བཤད་དོ། །ཡང་དག་པའི་ཏིང་ངེ་འཛིན་ནི་བསམ་གཏན་བཞི་པའོ། །ཡང་དག་པའི་ངག་ནི་ངག་ལ་བརྟེན་པའི་དགེ་བའི་ལས་ལམ་བཞིའོ། །ཡང་དག་པའི་ལས་ཀྱི་མཐའ་ནི་ལུས་ཀྱི་མི་དགེ་བའི་ལས་ཀྱི་ལམ་སྤོང་བའི་རང་བཞིན་གསུམ་མོ། །ཡང་དག་པའི་རྟོག་པ་ནི་གནོད་སེམས་མེད་པ་དང་། ངེས་པར་འབྱུང་བ་དང་། དགེ་བའི་རྟོག་པ་རྣམ་པ་དུ་མ་རྙེད་ཡིན་ནོ། །དེ་ལྟར་འཕགས་པའི་ལམ་ཡན་ལག་བརྒྱད་པོ་འདི་ནི་ཞི་བའི་གནས་ཏེ། མྱ་ངན་ལས་འདས་པ་ཐོབ་པར་བྱ་བའི་ཕྱིར་བསྒོམ་པས་ན། འདི་ནི་ཞི་བར་བགྱི་སླད་བསྒོམ་པར་བགྱི། ཞེས་པ་ལ་སོགས་པ་བསྟན་ཏོ། །དེའང་སེར་སྣ་ལ་སོགས་པའི་མི་མཐུན་ཕྱོགས་བཅུ་སེལ་བ་ལ་ལྟོས་ནས་ས་བཅུར་ངེས་པ་ནི། ཕལ་པོ་ཆེ་ལས། ཀྱེ་རྒྱལ་བའི་སྲས་དག་ས་བཅུ་པོ་འདི་དག་ལ་མི་མཐུན་པའི་ཕྱོགས་བཅུ་དག་པར་བྱ་བའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་བཅུས་ལྷག་པར་ཕྱེ་བ་ཡིན་ནོ། །ས་དང་པོར་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གཙོ་ཆེར་སྤྱོད་ལ། ལྷག་མ་རྣམས་ཀྱང་ཅི་ནུས་ནུས་སུ་མི་བསྒྲུབ་པ་ནི་མ་ཡིན་ནོ། །ཞེས་པ་ནས་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དེས་འགྲོ་བར་གསུངས་སོ། །དེའི་སྤང་བྱ་བཅུ་


JL00_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ནི། སེར་སྣ་དང་། འཆལ་བའི་ཚུལ་ཁྲིམས་དང་། ཁོང་ཁྲོ་དང་། ལེ་ལོ་དང་། རྣམ་གཡེང་དང་། ཤེས་རབ་འཆལ་བ་དང་། ཐབས་ལ་མི་མཁས་པ་དང་། སྟོབས་ལ་སྒྲིབ་པ་དང་། སྨོན་པའི་དོན་མི་འགྲུབ་པ་དང་། ཤེས་བྱའི་སྒྲིབ་པ་སྟེ་སྤང་བྱ་བཅུ་སྤངས་པ་གང་ཞིག་དེའི་ངོ་བོ་ཉིད་ཡིན་པར་རིགས་པར་བྱའོ། །དབྱེ་ན་བསྒོམ་ལམ་ཆུང་འབྲིང་ཆེ་གསུམ་པོ་གསུམ་ཚན་གྱི་དབྱེ་བས་དགུ་སྟེ། དེའང་ཆུང་ངུའི་ཆུང་ངུས་གཉིས་པ་དྲི་མ་མེད་པ་སྟེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ཏུ་གྱུར་པ་ནི་མདོ་སྡེ་རྒྱན་ལས། འཆལ་ཚུལ་རྩོལ་བའི་དྲི་བྲལ་ཕྱིར། །དྲི་མ་མེད་པའི་ས་ཞེས་བྱ། །ཞེས་དང་། རིན་ཆེན་ཕྲེང་བ་ལས། དེ་ཡི་རྣམ་པར་སྨིན་པས་ནི། །ཚུལ་ཁྲིམས་ཕ་རོལ་ཕྱིན་མཆོག་འགྱུར། །དཔལ་ལྡན་རིན་ཆེན་བདུན་གྱི་བདག །འགྲོ་ཕན་འཁོར་ལོས་བསྒྱུར་བར་འགྱུར། །ཞེས་པས་འཆལ་བའི་ཚུལ་ཁྲིམས་དང་། །རྩོལ་བའི་དྲི་མ་རྣམ་པར་དག་ལ། །སྔར་བཤད་པའི་ཡོན་ཏན་སྟོང་ཕྲག་བཅུ་གཉིས་སྐད་ཅིག་ལ་འཐོབ་ཅིང་། གླིང་བཞི་ལ་དབང་བའི་འཁོར་ལོས་བསྒྱུར་བའི་སྐྱེ་བ་འཛིན་ནུས་པའོ། །ཆུང་ངུའི་འབྲིང་ས་གསུམ་པ་འོད་བྱེད་པ་ན། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལས་ཏེ། རྒྱན་ལས། ཆོས་ཀྱི་སྣང་བ་ཆེན་པོ་ནི། །བྱེད་པའི་ཕྱིར་ན་འོད་བྱེད་པ། །ཞེས་དང་། རིན་ཆེན་ཕྲེང་བ་ལས། དེ་ཡི་རྣམ་པར་སྨིན་པས་ནི། །བཟོད་དང་བརྩོན་འགྲུས་ལྷག་པར་སྤྱོད། །ལྷ་ཡི་དབང་ཆེན་མཁས་པ་སྟེ། །འདོད་པའི་འདོད་ཆགས་བཟློག་པ་ཡིན། །ཞེས་ཆོས་ཀྱི་སྣང་བ་ཆེན་པོའམ། ཡེ་ཤེས་ཞི་བའི་འོད་འབྱུང་བས་བསམ་གཏན་དང་མངོན་ཤེས་བསྐྱེད་ཅིང་། ཡོན་ཏན་འབུམ་ཕྲག་བཅུ་གཉིས་ཡོད་ལ། ལྷའི་དབང་པོ་བརྒྱ་བྱིན་གྱི་སྐྱེ་བ་འཛིན་པའི་


JL00_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་པ་ཅན་ནོ། །ཆུང་ངུའི་ཆེན་པོ་ས་བཞི་པ་འོད་འཕྲོ་བ་ནི། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། རྒྱན་ལས། འདི་ལྟར་བྱང་ཆུབ་ཕྱོགས་མཐུན་ཆོས། །རབ་ཏུ་སྲེག་བྱེད་འོད་ལྟ་བུ། །དེ་དང་ལྡན་ཕྱིར་ས་དེ་ནི། །གཉིས་པོ་བསྲེགས་པས་འོད་འཕྲོ་ཅན། །ཞེས་དང་། རིན་ཆེན་ཕྲེང་བ་ལས། དེ་ཡི་རྣམ་པར་སྨིན་པས་ནི། །རབ་མཐའ་དྲལ་ནས་ལྷ་རྒྱལ་འགྱུར། །འཇིག་ཚོགས་ལྟ་བ་རབ་འབྱུང་བ། །ཀུན་ནས་འཇོམས་བྱེད་མཁས་པ་ཡིན། །ཅེས་ཡང་དག་པའི་ཡེ་ཤེས་ཀྱི་འོད་སྲེག་བྱེད་ལྟ་བུར་རྣོ་བས་འོད་འཕྲོ་བ་ཞེས་བྱ་སྟེ། ཡོན་ཏན་སྔར་གྱི་དེ་ལྟ་བུ་བྱ་བ་ཕྲག་བཅུ་གཉིས་འཐོབ་ཅིང་། མཚེ་མའི་རྒྱལ་པོར་སྐྱེ་བ་འཛིན་ཏོ། །འབྲིང་གི་ཆུང་ངུ་ས་ལྔ་པ་སྦྱང་དཀའ་བ་ནི། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་སྟེ། རྒྱན་ལས། སེམས་ཅན་རྣམས་ཡོངས་སྨིན་བྱེད་ཅིང་། །རང་གི་སེམས་ཀྱང་བསྲུང་བའི་ཕྱིར། །བློ་ལྡན་རྣམས་ཀྱི་སྦྱང་དཀའ་བ། །དེ་ཕྱིར་སྦྱང་དཀའ་ཞེས་བརྗོད་དོ། །ཞེས་དང་། ཕྲེང་བར། དེ་ཡི་རྣམ་པར་སྨིན་པས་ནི། །དགའ་ལྡན་གནས་ཀྱི་ལྷ་རྒྱལ་འགྱུར། །ཞེས་ཏིང་ངེ་འཛིན་ལ་སེམས་བསྲུང་བ་འདི་ནི་གཞན་གྱིས་ཐུབ་པར་དཀའ་བས། འཕགས་པ་རྣམས་ཀྱི་བདེན་པ་ཉིད་དུ་གཟིགས་པས། ཟབ་ཅིང་ཕྲ་བའི་དོན་ཤེས་པ་ལས་མཁས་པ་འབྱུང་བ་སྟེ། ཡོན་ཏན་བྱེ་བ་སྟོང་ཕྲག་བཅུ་གཉིས་དང་། དགའ་ལྡན་གྱི་རྒྱལ་པོ་བྱེད་པའོ། །འབྲིང་གི་འབྲིང་ས་དྲུག་པ་མངོན་དུ་གྱུར་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། རྒྱན་ལས། ཤེས་རབ་ཕ་རོལ་ཕྱིན་བརྟེན་ནས། །འཁོར་བ་དང་ནི་མྱ་ངན་འདས། །གཉིས་འདིར་མངོན་དུ་གྱུར་བའི་ཕྱིར། །མངོན་དུ་གྱུར་བའི་ས་ཞེས་བཤད། །ཅེས་དང་། ཕྲེང་བ་ལས། དེ་ཡི་རྣམ་པར་སྨིན་པས་ནི། །ལྷ་ཡི་རྒྱལ་པོ་རབ་འཕྲུལ་འགྱུར། །ཞེས་སངས་རྒྱས་པའི་ཆོས་ལ་མངོན་པར་ཕྱོགས་


JL00_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། ཞི་ལྷག་ཟུང་འབྲེལ་ཉིད་གོམས་པ་ལས་འགོག་པ་ཐོབ་པའི་ཡོན་ཏན་རྒྱས་པའི་ཕྱིར་ཏེ། སྔར་གྱི་ཡོན་ཏན་བྱེ་བ་འབུམ་ཕྲག་བཅུ་གཉིས་དང་། འཕྲུལ་དགའི་རྒྱལ་པོར་འགྱུར་རོ། །འབྲིང་གི་ཆེན་པོ་ས་བདུན་པ་རིང་དུ་སོང་བ་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། རྒྱན་ལས། བགྲོད་གཅིག་ལམ་དང་འབྲེལ་བའི་ཕྱིར། །རིང་དུ་སོང་བའི་སར་འདོད་དོ། །ཞེས་པ་སྟེ། གང་དང་རིང་ན་འཁོར་བའི་འདམ་བརྒལ་བར་དཀའ་བ་ལས་ཏེ། ཆོས་ཀྱི་དབྱིངས་སུ་བསྟོད་པ་ལས། །འཁོར་བ་མཚོ་ཡི་འདམ་བརྒལ་བས། །དེ་ལ་རིང་དུ་སོང་ཞེས་བྱ། །ཞེས་སོ། །རྣམ་པ་གཅིག་ཏུ་ན། སའི་གྲངས་ཉིད་རིང་པོར་སོང་བས། སྐད་ཅིག་སྐད་ཅིག་ལ་འགོག་པ་ལ་སྙོམས་པར་འཇུག་པའི་ཐ་སྙད་ལ་བཏགས་ཏེ། རིན་ཆེན་ཕྲེང་བ་ལས། བདུན་པ་རིང་དུ་སོང་བ་སྟེ། །གྲངས་ནི་རིང་དུ་སོང་ལྡན་ཕྱིར། །གང་ཕྱིར་སྐད་ཅིག་སྐད་ཅིག་ལ། །དེ་ནི་འགོག་ལ་སྙོམས་པར་འཇུག །དེ་ཡི་རྣམ་པར་སྨིན་པ་ནི། །དབང་བསྒྱུར་ལྷ་ཡི་བདག་པོར་འགྱུར། །ཞེས་པ་སྟེ། ཡོན་ཏན་གྱི་ཁྱད་པར་བྱེ་བ་ཕྲག་ཁྲིག་འབུམ་ཕྲག་བཅུ་གཉིས་དང་། གཞན་འཕྲུལ་དབང་བྱེད་ཀྱི་རྒྱལ་པོར་འགྱུར་རོ། །ཆེན་པོའི་ཆུང་ངུ་ས་བརྒྱད་པ་མི་གཡོ་བ་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། རྒྱན་ལས། འདུ་ཤེས་གཉིས་ཀྱི་མི་གཡོའི་ཕྱིར། །མི་གཡོ་བ་ཡི་སར་འདོད་དོ། །ཞེས་དང་། ཕྲེང་བ་ལས། དེ་ཡི་རྣམ་པར་སྨིན་པ་ནི། །སྟོང་གི་བདག་པོ་ཚངས་པར་འགྱུར། །ཞེས་མི་གཡོ་བའི་རྣམ་པར་མི་རྟོག་པ་སྟེ། དེ་བཞིན་དུ་སྒོ་གསུམ་གྱི་སྤྱོད་ཡུལ་ཐམས་ཅད་བསམ་གྱིས་མི་ཁྱབ་པ་ཉིད་དོ། །དེའང་ཉོན་མོངས་པ་ཅན་གྱི་ཡིད་གནས་འགྱུར་བས་རྣམ་པར་མི་རྟོག་པ་ལ་དབང་ཐོབ་པ་དང་།


JL00_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ་སྒོ་ལྔའི་རྣམ་ཤེས་གནས་འགྱུར་བས་ཞིང་ཁམས་དག་པ་ལ་དབང་ཐོབ་ཅིང་མཉམ་པ་ཉིད་དང་སོ་སོར་རྟོག་པའི་ཡེ་ཤེས་ལ་དབང་འབྱོར། སྟོང་ཆེན་འབུམ་ཕྲག་གཅིག་གི་རྡུལ་དང་མཉམ་པའི་སངས་རྒྱས་ཀྱི་ཞལ་བལྟ་བ་ལ་སོགས་བྱེད་ཅིང་། ཚངས་པའི་གོ་འཕང་འཛིན་ནུས། ཆེན་པོའི་འབྲིང་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ཅན་ས་དགུ་པ་ལེགས་པའི་བློ་གྲོས་ནི། རྒྱན་ལས། སོ་སོ་ཡང་དག་རིག་བློ་བཟང་། །ས་དེ་ལེགས་པའི་བློ་གྲོས་ཡིན། །ཅེས་དང་། ཕྲེང་བ་ལས། དེ་ཡི་རྣམ་པར་སྨིན་པས་ནི། །སྟོང་གཉིས་བདག་པོ་ཚངས་ཆེན་འགྱུར། །སེམས་ཅན་བསམ་པ་དྲིས་པ་ལ། །དགྲ་བཅོམ་སོགས་ཀྱིས་འཕྲོག་པ་མེད། །ཅེས་ཡིད་ཀྱི་རྣམ་པར་ཤེས་པ་གནས་གྱུར་པས་སོ་སོ་ཡང་དག་རིག་པ་བཞི་ལ་མངའ་བརྙེས་ཤིང་། ཕྲིན་ལས་ཕུན་སུམ་ཚོགས་པ་ལ་དབང་ཐོབ་པས་སེམས་ཅན་སྨིན་པར་བྱེད་པའི་ཐབས་དང་བློ་གྲོས་བསམ་གྱིས་མི་ཁྱབ་པས་ཆོས་ཐམས་ཅད་ཀྱི་དེ་ཉིད་ཐོགས་པ་མེད་པར་རིག་པར་འགྱུར་བ་རྒྱལ་ཚབ་མ་ཕམ་པ་བཞིན་ཏེ། དེ་ཉིད་ལས། ས་དགུ་པ་ནི་ལེགས་པ་ཡི། །བློ་གྲོས་ཞེས་བྱ་རྒྱལ་ཚབ་བཞིན། །ཞེས་སོ། །གཞན་ཡང་སྟོང་ཆེན་གྲངས་མེད་པ་འབུམ་ཕྲག་བཅུའི་རྡུལ་གྱི་གྲངས་དང་མཉམ་པའི་སངས་རྒྱས་བལྟ་བ་ལ་སོགས་སོ། །རྣམ་སྨིན་གྱི་འབྲས་བུ་ནི་དེས་ཤེས་སོ། །ཆེན་པོའི་ཆེན་པོས་བརྩུབ་ཆོས་ཀྱི་སྤྲིན་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། རྒྱན་ལས། སྤྲིན་བཞིན་གཉིས་ཀྱི་ནམ་མཁའི་ཁམས། ཁྱབ་པའི་ཕྱིར་ན་ཆོས་ཀྱི་སྤྲིན། །ཞེས་དང་། རིན་ཆེན་ཕྲེང་བར། བཅུ་པ་ཆོས་ཀྱི་སྤྲིན་ཡིན་ཏེ། །དམ་པ་ཆོས་ཀྱི་ཆར་འབེབས་ཕྱིར། །བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱིས། །འོད་ཟེར་དག་གིས་དབང་བསྐུར་ཕྱིར། །དེ་ཡི་རྣམ་པར་སྨིན་པས་ནི་


JL00_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

གནས་གཙང་ལྷ་ཡི་བདག་པོར་འགྱུར། །བསམ་ཡས་ཤེས་བྱའི་ཡུལ་གྱི་བདག །དབང་ཕྱུག་ཆེན་པོའི་མཆོག་ཡིན་ནོ། །ཞེས་སོ། །དེའང་ཏིང་ངེ་འཛིན་དང་། གཟུངས་ཀྱི་སྤྲིན་གཉིས་གདུལ་བྱའི་ནམ་མཁར་ཁྱབ་པས་ཆོས་ཀྱི་ཆར་འབབ་པས་སེམས་ཅན་གྱི་དོན་བྱེད་པ་དེ་བཞིན་གཤེགས་པ་ལྟ་བུ་སྟེ། བྱང་ཆུབ་སེམས་དཔའ་ས་བཅུ་པ་དེས་ཕྱོགས་བཅུའི་སངས་རྒྱས་ལ་མཆོད་པ་ཆེན་པོ་བྱས་མ་ཐག་ཏུ། དེ་དག་གི་མཛོད་སྤུ་ནས་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་བྱུང་སྟེ། སེམས་དཔའ་ཆེན་པོ་དེའི་སྤྱི་བོར་ནུབ་པས་སངས་རྒྱས་ཐམས་ཅད་ཀྱི་འོད་ཟེར་ཆེན་པོའི་དབང་བསྐུར་བ་ཐོབ། རྡོ་རྗེ་ལྟ་བུ་ལ་སོགས་པ་སྔོན་མ་ཐོབ་པའི་ཏིང་ངེ་འཛིན་འབུམ་ཕྲག་གྲངས་མེད་པ་དང་། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་གྱུར། །ས་བཅུ་རྒྱུན་མཐར་བག་ཆགས་སྣ་ཚོགས་པའི་ཀུན་གཞི་གནས་འགྱུར་མ་ཐག་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་དབང་ཐོབ་སྟེ་འཚང་རྒྱ་བ་ཡིན་ནོ། །ཡོན་ཏན་གྱི་ཆ་ནས་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་གྱི་གྲངས་དང་མཉམ་པའི་རྡུལ་ཕྲ་རབ་སྙེད་ཀྱི་སངས་རྒྱས་བལྟ་བ་ལ་སོགས་ས་བཅུ་གཉིས་སྐད་ཅིག་སྐད་ཅིག་ལ་བྱེད་དེ། དེའང་ས་དང་པོར་སེམས་ཉིད་རང་བཞིན་གྱི་འོད་གསལ་བའི་སྙིང་པོ་དེ་ཉིད་སེམས་ཅན་ཀུན་ལ་ཁྱབ་པར་རྟོགས་པས་བདག་གཞན་མཉམ་པ་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་རྟོགས་སོ། །ས་གཉིས་པར་ཇི་ལྟར་རྟོགས་པ་དེ་ཉིད་རྟོགས་བྱ་རྣམས་ཀྱི་མཆོག་ཏུ་རྟོགས་པས་ཁམས་ཀྱི་དྲི་མ་སྦྱོང་བའི་བརྩོན་འགྲུས་དང་ལྡན་ནོ། །ས་གསུམ་པར་ཐོས་པ་དེ་ཆོས་ཀྱི་དབྱིངས་དེའི་རྒྱུ་མཐུན་པར་རྟོགས་པས་སྟོང་གསུམ་མེ་ལྕེ་གཅིག་ཏུ་གྱུར་པ་ལས་ཀྱང་བརྒལ་ནས་ཆོས་མཉན་ཏོ། །


JL00_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ས་བཞི་བར་དེ་ལ་བདག་དང་བདག་གིར་འཛིན་པ་མེད་པར་རྟོགས་པས་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ལ་ཆགས་པ་སྤང་ངོ་། །ས་ལྔ་པར་རང་དང་གཞན་གྱི་རྒྱུད་ལྡན་གྱི་ཁམས་དེ་གཉིས་སུ་མེད་པར་རྟོགས་པས་སངས་རྒྱས་ཐམས་ཅད་བསམ་པ་དག་པ་བཅུས་མཉམ་པར་རྟོགས་སོ། །དེ་ལ་དག་པ་བཅུ་ནི། ཡོན་ཏན་དང་། བསླབ་པ་དང་། ལམ་དང་། ལམ་མ་ཡིན་པ་ཤེས་པ་དང་། ཆོས་སོ་བདུན་དང་། སེམས་ཅན་སྨིན་པར་བྱེད་པའོ། །དེའང་ཡོན་ཏན་དང་བསླབ་པ་གཉིས་ལ་སྐུ་གསུང་ཐུགས་ཀྱི་གསུམ་གསུམ་བགྲངས་པའི་བསམ་པ་དག་པ་བཅུའོ། །ཇུག་པར་ཁམས་དེ་རང་བཞིན་གྱིས་རྣམ་པར་དག་པའི་རྟོགས་པས་འཁོར་འདས་ལ་བླང་དོར་དུ་འཛིན་པ་ཐམས་ཅད་བཟློག་གོ །ས་བདུན་བར་ཁམས་དེ་ཐ་དད་མེད་པར་རྟོགས་པས་མཚན་མར་འཛིན་པ་ཐམས་ཅད་བཟློག་གོ །བརྒྱད་པར་ཇི་ལྟ་བར་གཟིགས་པའི་ཡེ་ཤེས་དེ་ཉིད་ལ་སྐྱོན་ཡོན་བྲི་གང་མེད་པར་རྟོགས་པས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་མཆོག་ཤིན་ཏུ་རྣམ་པར་དག་གོ །དེའི་རང་བཞིན་ནི་ཉི་ཁྲི་ལས། རབ་འབྱོར་ཆོས་གང་ལ་རྡུལ་ཙམ་ཡང་སྐྱེ་བ་མེད་པ་དེ་ནི་མི་སྐྱེ་བའོ། །དེ་གང་གིས་ཤེས་པ་དེ་ནི་བཟོད་པ་ཞེས་བྱ་སྟེ། ཤེས་པ་དེས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །ཞེས་སོ། །ས་དགུ་པར་ཁམས་ཀྱི་རང་བཞིན་ལ་སོ་སོ་རིག་བཞི་རང་ཆས་སུ་ཡོད་པར་རྟོགས་པས་ཡེ་ཤེས་ཀྱི་རང་བཞིན་ཇི་སྙེད་པའི་ཤེས་རབ་ལ་དབང་བར་བྱེད་དོ། །ས་བཅུ་པར་ཁམས་དེ་ཉིད་ཕྲིན་ལས་ཕུན་སུམ་ཚོགས་པའི་འབྱུང་གནས་སུ་རྟོགས་པས་དབང་བཞི་ལ་རང་དབང་ཐོབ་པའོ། །དབང་བཞི་ནི་མདོ་སྡེ་རྒྱན་ལས། །ཡིད་དང་འཛིན་དང་རྣམ་པར་རྟོག །གྱུར་ཕྱིར་རྣམ་པར་མི་རྟོག་དང་། །ཞིང་དང་ཡེ་ཤེས་ལས་དག་ལ། །དབང་ནི་རྣམ་པ་བཞི་ཡིན་ཏེ། །དབང་


JL00_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

དེ་མི་གཡོ་ལ་སོགས་པའི། །ས་གསུམ་ལ་ནི་རྣམ་བཞི་སྟེ། །གཅིག་ལ་རྣམ་གཉིས་དེ་ལས་གཞན། །དབང་ནི་རེ་རེར་འདོད་པ་ཡིན། །ཅེས་ཉོན་མོངས་པ་ཅན་གྱི་ཡིད་གནས་གྱུར་བས་རྣམ་པར་མི་རྟོག་པ་དབང་ཐོབ་པ་དང་། འཛིན་པ་སྒོ་ལྔའི་རྣམ་ཤེས་གནས་གྱུར་བས་ཞིང་ཁམས་རྣམ་པར་དག་པ་ལ་དབང་ཐོབ་པ་གཉིས་ནི་ས་བརྒྱད་པ་ན་ཡོད་པས་གཅིག་ལ་རྣམ་གཉིས་དང་། ཡིད་ཀྱི་རྣམ་ཤེས་གནས་གྱུར་བས་སོ་སོར་ཡང་དག་པར་རིག་པ་བཞི་ལ་མངའ་བརྙེས་ཤིང་ཕྲིན་ལས་ཕུན་སུམ་ཚོགས་པ་ལ་དབང་ཐོབ་པ་ནི་ས་དགུ་པ་དང་། བཅུ་པ་ལ་རྟོགས་པའི་འབྱུང་གནས་ཡིད་ཤེས་ཀྱི་འཆར་གཞི་ཀུན་གཞིའི་རྣམ་ཤེས་གནས་གྱུར་བས་མེ་ལོང་ལྟ་བུའི་ཡེ་ཤེས་ལ་དབང་ཐོབ་པ་ནི་དེ་ལས་གཞན་དབང་རེ་རེའི་དོན་ཏེ་སྔར་སོ་སོའི་གནས་སྐབས་སུའང་བཤད་ཟིན་ལ། ཕྲིན་ལས་ཀྱི་ཆ་ནས་སངས་རྒྱས་དང་བྱེད་པ་འདྲ་རུང་བར་བྱེད་པས་ན་རྒྱུད་བླ་མ་ལས། བྱང་ཆུབ་སེམས་དཔའི་ཚུལ་འདི་ནི། །རྗེས་ཐོབ་དེ་བཞིན་གཤེགས་རྣམས་དང་། །སེམས་ཅན་ཡང་དག་སྒྲོལ་བ་ལ། །འཇིག་རྟེན་ན་ནི་མཉམ་པ་ཉིད། །ཅེས་སོ། །དེ་ལྟ་ནའང་དོན་གྱི་ཆ་ནས་བྱ་བ་དང་བྱེད་པ་གཉིས་ཀའི་ཚུལ་ལ་སངས་རྒྱས་དང་ཆེ་ཁྱད་ཞུགས་པ་ནི། སྔ་མའི་འཕྲོར། དེ་ལྟ་མོད་ཀྱིས་ས་རྡུལ་དང་། །རྒྱ་མཚོ་བ་གླང་རྨིག་རྗེས་ཆུ། ཁྱད་པར་གང་ཡིན་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའི་ཁྱད་དེ་ཉིད། །ཅེས་གསུངས་པ་ལྟར་རོ། །དེའང་བསྒོམ་པའི་ལམ་འདིར་ས་དགུའི་དྲི་མ་སྤོང་བའི་གཉེན་པོའི་ཁྱད་པར་ལ་ལྟོས་ནས་སྦྱོར་བའི་ལམ་དང་། བར་ཆད་མེད་ལམ་དང་། རྣམ་གྲོལ་གྱི་ལམ་དང་། ཁྱད་པར་གྱི་ལམ་ཞེས་གྲངས་ངེས་བཞིར་གནས་པ་ལས། སྔ་མ་གཉིས་ནི་སྤོང་བའི་གཉེན་པོའོ། །བར་བ་


JL00_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རྟེན་གྱི་གཉེན་པོའོ། །ཐ་མ་ནི་ཐག་བསྲིང་གི་གཉེན་པོའོ། །ལམ་གྱི་གདགས་གཞིའང་སའི་སྔོནརོལ་རང་རྒྱུད་པ་དེ་ཉིད། ས་དེ་སའི་སྤང་བྱ་གེགས་སུ་གྱུར་པ་རགས་པ་སྤོང་བ་ལ་ནི་སྦྱོར་བའི་ལམ་ཞེས་བྱའོ། །ས་དེ་དངོས་དང་པོར་སྐྱེ་བཞིན་པས་དྲི་མ་ངོ་སྐལ་དེའི་ས་བོན་དངོས་སུ་སྤངས་པ་ནི་བར་ཆད་མེད་ལམ་མོ། །ས་དེའི་སྐད་ཅིག་གཉིས་པ་ནས་དངོས་གཞིར་གྱུར་པ་རྣམས་ནི་རྣམ་གྲོལ་གྱི་ལམ་མོ། །སའི་མཇུག་ཐོགས་སུ་ཡོན་ཏན་ཁྱད་པར་ཅན་ཐོབ་ནས་ས་གོང་མར་འགྲོ་བཞིན་པ་ནི་ཁྱད་པར་གྱི་ལམ་མོ། །སྤངས་པའི་ཁྱད་པར་ནི་མཐོང་བ་མ་ལུས་པ་སྤང་བ། སྒོམ་སྤང་ངོ་སྐལ་གྱི་རགས་པ་རྣམས་སྤངས། ཕྲ་བ་སྤོང་བཞིན་པ་ལ་འཇུག་པའོ། །དེ་ལྟར་སྤངས་པ་ལས་ས་བཅུའི་ཁྱད་པར་ལ་གོང་ནས་གོང་དུ་འགྲོ་ཞིང་། ལུས་འཛིན་པའི་ཁྱད་པར་ནི་དེ་དག་གི་སྐྱེ་བ་འཛིན་པའི་ནུས་པ་ཡོད་པའི་ཆ་ནས་ཡིན་གྱིས། གནས་རིགས་དེ་དག་གི་རྒྱལ་པོ་ཡིན་ཚད་བྱང་ཆུབ་སེམས་དཔའི་ས་དེ་དག་ལ་གནས་པས་མ་ཁྱབ་སྟེ། སོ་སོ་སྐྱེ་བོ་བསོད་ནམས་རླབས་ཆེན་བསགས་པ་དང་། ཁ་ཅིག་ཏུ་དེ་བཞིན་གཤེགས་པའི་སྤྲུལ་པ་དེ་དང་དེར་སྣང་བས་སེམས་ཅན་གྱི་དོན་མཛད་པའང་ཡོད་དོ། །དེའང་ས་དང་པོ་ཡན་ཆད་ནས་ཚེ་ལ་དབང་ཐོབ་པས། སྐྱེ་འཆི་རང་མཚན་པ་མེད་ཀྱང་གཞན་དོན་དུ་འགྱུར་ན་དེ་ལྟར་སྟོན་པ་ནི་རྒྱུད་བླ་མ་ལས། འཕགས་པས་འཆི་དང་ན་བ་དང་། །རྒ་བའི་སྡུག་བསྔལ་རྩད་ནས་སྤང་། །ལས་དང་ཉོན་མོངས་དབང་གི་སྐྱེ། །དེ་ལ་དེ་མེད་ཕྱིར་དེ་མེད། །ཇི་བཞིན་ཡང་དག་མཐོང་བའི་ཕྱིར། །སྐྱེ་སོགས་རྣམས་ལས་འདས་གྱུར་ཀྱང་། །སྙིང་རྗེའི་བདག་ཉིད་སྐྱེ་བ་དང་། །འཆི་དང་ན་དང་རྒ་བར་སྟོན། །ཅེས་སོ། །ལྔ་པ་མི་སློབ་པའི་ལམ་ནི་བསླབ་བྱ་མཐར་ཐུག་ནས་སློབ་དུ་མེད་པའི་དོན་ཏེ། ལུས་ཀྱི་རྟེན་ཐུན་མོང་བ་ཉན་ཐོས་སྔ་པ་ལྟར་ན་


JL00_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

འཛམ་བུའི་གླིང་པའི་རྒྱལ་རིགས་སམ་བྲམ་ཟེའི་རིགས་ལས་སངས་རྒྱ་བར་འདོད་ཅིང་། སྲིད་པ་ཐ་མའི་དུས་དང་པོའི་ཚེའང་སོ་སོ་སྐྱེ་བོར་འདོད་པའི་ཚུལ་མཛོད་ལས། འཕགས་པ་མིན་ཡང་ཕ་མ་དང་། །ནད་པ་དང་ནི་ཆོས་སྨྲ་དང་། །སྐྱེ་མཐའི་བྱང་ཆུབ་སེམས་དཔའ་ལ། །ཞེས་པས་བསྟན་ཀྱང་སྒྲ་ཇི་བཞིན་པ་མ་ཡིན་ལ། མདོ་སྡེ་དག་ལས། རྫོགས་སངས་རྒྱས་རྣམས་འོག་མིན་གྱི། །ཕོ་བྲང་དགྱེས་པ་སྡིག་པ་ཀུན། །རྣམ་སྤངས་དེར་ནི་འཚང་རྒྱ་ཞིང་། །སྤྲུལ་པ་དག་གིས་འདིར་འཚང་རྒྱ། །ཞེས་གསུངས་པ་ལྟར་ཐེག་པ་ཆེན་པོའི་ལུགས་སུ་འོག་མིན་དུ་སངས་རྒྱ་བའི་རྟེན་གང་ཡིན་པ་སྟེ། འཇུག་པའི་འགྲེལ་བར་ཡང་། གང་གི་དོན་དུ་འབད་པ་འདི་བརྩམས་པ་བླ་ན་མེད་པའི་ཡེ་ཤེས་དེ་ཡང་བཅོམ་ལྡན་འདས་ཀྱིས་འོག་མིན་གྱི་གནས་ཁོ་ནར་བརྙེས་སོ། །ཞེས་བཤད་པ་ལྟར་རོ། །བསམ་པའི་རྟེན་ནི་བསམ་གཏན་བཞི་པ་སྟེ། དེའང་སའི་དངོས་གཞི་ལས། གཙང་མའི་གནས་རྣམས་ལས་འདས་པ་ན་དབང་ཕྱུག་ཆེན་པོའི་གནས་ཡོད་པར་བཤད་པ་དེ་ཡང་ཉན་ཐོས་འཕགས་པ་རྣམས་སྐྱེ་བར་ནུས་པའི་འོག་མིན་ལས་འདས་པའི་འོག་མིན་གཉིས་པ་ལ་འདོད་དོ། །དེ་ལ་མི་སློབ་པའི་ལམ་དེའི་ངོ་བོ་ནི་སྐུ་གསུམ་ཡེ་ཤེས་ལྔ་དང་བཅས་པའི་བདག་ཉིད་དེ་འབྲས་བུའི་གནས་སྐབས་སུའང་འཆད་པར་འགྱུར་ལ། སའི་ངོས་ནས་བརྗོད་ན་སློབ་པའི་ས་བཅུ་ལས་བརྒལ་བས་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་སྟེ་རྒྱུའི་ཐེག་པའི་རྩེ་མོ་སྤྲུལ་པའི་སྐུའི་ས་མཐར་ཐུག་པའོ། །དེའང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་དེའི་ཚེ་སྔར་གྱི་ཁམས་བྱང་ཆུབ་ཏུ་གྱུར་ཏེ། ཆོས་ཐམས་ཅད་དྲི་མ་མེད་པའི་དེ་བཞིན་ཉིད་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་ཉག་གཅིག་གིས་བསྡུས་པའི་པའི་ཚུལ། སྐུ་གསུམ་གྲུབ་པ་ལས། དྲི་མེད་དེ་བཞིན་ཉིད་དང་ནི། །


JL00_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

མི་རྟོག་ཡེ་ཤེས་མ་གཏོགས་པ། །སངས་རྒྱས་རྣམས་ལ་ཆོས་གཞན་ནི། །འགའ་ཡང་ཡོད་པ་མ་ཡིན་ནོ། །ཞེས་སོ། །དེ་ལྟར་ཕ་རོལ་ཏུ་ཕྱིན་པས་བསྐལ་པ་གྲངས་མེད་པས་ཐོབ་པར་བྱ་བའི་སངས་རྒྱས་དེ་ལའང་ཉེ་བ་ལ་དགོངས་ནས་བཏགས་པ་བར་བཤད་པའི་སངས་རྒྱས་ས་བཅུ་པ་དང་། བཅུ་གཅིག་ཀུན་ཏུ་འོད་དངོས་བསྟན་གྱིས་གཉིས་སུ་འདོད་པའི་དང་པོ་ནི་མངོན་རྟོགས་རྒྱན་ལས། ས་དགུ་འདས་ནས་ཡེ་ཤེས་ནི། །གང་གི་སངས་རྒྱས་སར་གནས་པ། །དེ་ནི་བྱང་ཆུབ་སེམས་དཔའི་ས། །བཅུ་པ་ཡིན་པར་ཤེས་པར་བྱ། །ཞེས་སོ། །ཕྱི་མ་ནི། སྟོབས་བཅུ་ལ་སོགས་པ་ཟག་མེད་ཀྱི་ཡོན་ཏན་བརྒྱ་ཞེ་བཞི་ལ་མངའ་དབང་འབྱོར་བ་བཅུ་གཅིག་ཀུན་ཏུ་འོད་ཀྱི་སའོ། །དེའང་རང་ལམ་གྱི་སྤངས་རྟོགས་མཐར་ཕྱིན་པའི་ཆ་ནས་གཞལ་ཏེ་རྡོ་རྗེ་ཐེག་པའི་ཐབས་དང་ལྡན་པ་རྣམས་ཀྱིས་གསང་སྔགས་ཀྱི་ལམ་ནས་ཚེ་གཅིག་ལ་དཀའ་བ་མེད་པར་འཐོབ་བྱ་དེ་འཐོབ་པའི་མྱུར་ཁྱད་ལས་འབྲས་བུའི་ངོ་བོ་ལ་མཆོག་དམན་དུ་མི་འཛིན་ཅིང་། རྡོ་རྗེ་འཆང་གིས་དང་དབྱེ་བསྡུའི་ཁྱད་པར་དུ་འདོད་པ་དང་། ཡང་སློབ་དཔོན་ཞི་བ་འཚོའི་གཞུང་དེ་ཉིད་གྲུབ་པ་ཁུངས་སུ་བྱས་ནས་ཕར་ཕྱིན་རང་ལམ་གྱིས་ཀྱང་སྔགས་ཀྱི་རྡོ་རྗེ་འཛིན་པ་ཐོབ་པར་འདོད་པ་ནི་སྤྱི་དོན་ཡིན་ནོ། །དེ་ལ་དཔྱད་པར་བྱ་བའི་གནས་མང་དུ་གྲགས་པ་ནི་མདོ་སྔགས་ཀྱི་སངས་རྒྱས་དེ་གཉིས་རྣམ་པའི་ཆ་ནས་མི་མཚུངས་པ་དང་། གདུལ་བྱ་འདུལ་བའི་ཐབས་དང་། ཕྲིན་ལས་དང་། ཞིང་དང་། སྤྱོད་ཡུལ་དང་། ས་ལམ་གྱི་རྣམ་པར་གཞག་པས་ཁྱད་པར་བྱས་ཟིན་པ་ཉིད་ལ་དཔགས་ནའང་ཆོས་ཀྱི་དབྱིངས་ནི་ཐམས་ཅད་ཀྱི་ཁྱབ་བྱེད་ལས་མི་འཕོའོ། །དེ་ལ་རེ་ཞིག་རྡོ་རྗེ་ཐེག་པའི་སའི་ཁྱད་པར་ནི། རྡོ་རྗེའི་སྙིང་པོ་རྒྱན་ལས། ཀུན་ཏུ་འོད་དང་། བདུད་རྩི་འོད་དང་། ནམ་མཁའ་འོད་དང་། རྡོ་རྗེ་འོད་དང་། རིན་འོད་དང་། པདྨོ་འཆང་དང་། ལས་


JL00_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་འོད་དང་། དཔེ་མེད་པ་དང་། དཔེ་དང་བྲལ་བ་དང་། ཤེས་རབ་འོད་དང་། ཐམས་ཅད་མཁྱེན་པ་དང་། སོ་སོའི་བདག་ཉིད་དག་པའི་ས་སྟེ་བཅུ་གཉིས་སུ་བཤད་པའི་དོན་ནི་རིགས་ལྔ་དང་། ཡེ་ཤེས་ལྔ་དང་། ཐབས་ཤེས་གཉིས་ལ་གྲགས་པའོ། ཁྱད་པར་དུ་འབྲས་བུའི་ཐེག་པ་ལ་གྲགས་པ་ཤིན་ཏུ་བརྟན་པ་ནི་བཅུ་གསུམ་རྡོ་རྗེ་འཛིན་པ་དང་། རིག་པ་འཛིན་པའི་གནས་ཀྱང་གྲགས་ཏེ་གྲངས་ངེས་ཀྱི་སྒོ་ནས་བརྗོད་ན་མངོན་བརྗོད་བླ་མར། དཔེ་མེད་པ་དང་ཡེ་ཤེས་ལྡན། །རྡོ་རྗེའི་ས་སྟེ་བཅུ་གསུམ་པ། །ཞེས་རབ་དགའ་ལ་སོགས་པ་བཅུའི་སྟེང་དུ་ཁྱད་པར་གྱི་ལམ་དང་། རྒྱུན་མཐའི་ལམ་གཉིས་པོ་རྣམ་པ་གསུམ་དུ་ཕྱེ་བའི་ཚུལ། ཁྱད་པར་གྱི་ལམ་ལ་དཔེ་མེད་པའི་ས་དང་། སངས་རྒྱས་ཀྱི་སའི་བར་ཆད་མེད་ལམ་ལ་ཡེ་ཤེས་ལྡན་དང་ལྷན་ཅིག་བཅུ་གསུམ་པ་ནི་རྡོ་རྗེའི་སའོ། །དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བར། ཐབས་དང་ཤེས་རབ་ཐབས་ཀྱི་མཆོག །ཤེས་རབ་མཆོག་གི་མཆོག་གྱུར་པ། །ས་ཡི་ཁྱད་པར་བཅུ་དང་གསུམ། །ཞེས་པའི་རྐང་པ་དང་པོའི་དོན། །བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ནི་ཕ་རོལ་ཏུ་ཕྱིན་པ་བཅུ་དང་ས་བཅུ་ཐབས་དང་ཤེས་རབ་ཀྱི་བསྡུས་པ་ཡིན་པས་ས་དེ་དག་གི་ཐབས་ཀྱི་འབྲས་བུ་ལ་བཅུ་གཅིག་ཀུན་ཏུ་འོད་ཀྱིས་ཞེས་ཐུན་མོང་དུ་གྲགས་པ་སྟེ། དེ་ལས་གཡོས་པ་མེད་བཞིན་དུ་མ་ཆགས་པའི་ཤེས་རབ་དང་། མི་དམིགས་པའི་ཐུགས་རྗེ་དང་ལྡན་པ་ནི་ཤེས་རབ་མཆོག་ཅེས་བྱ་བ་མ་ཆགས་པདྨ་ཅན་གྱིས་དང་། མཆོག་གྱུར་བ་ཞེས་པ་ནི་ཐབས་དང་ཤེས་རབ་མཆོག་གི་ས་སྟེ། དེའི་བྱིན་རླབས་ལས་རྒྱལ་བའི་དཀྱིལ་འཁོར་མཐའ་ཡས་པ་རྩོལ་བ་མེད་པར་ལྷུན་གྲུབ་དུ་འབྱུང་བས་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་གཉིས་བསྣན་པས་བཅུ་གསུམ་མོ། །དེ་


JL00_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པར། འདུན་པ་སེམས་པ་དང་། རིགས་ཆེན་འབྱེད་པ་དང་། དབུགས་ཆེན་འབྱིན་པ་དང་། ལུང་ཆེན་ཐོབ་པ་དང་། རྩལ་ཆེན་རྫོགས་པ་ལ་སོགས་པའི་ཐ་སྙད་ཀྱི་རྣམ་པར་དབྱེ་བ་དང་། རིག་པ་ཆེན་པོའི་རྒྱུད་སྡེ་ལས། ཐེག་པའི་དང་པོ་བཅུ་དྲུག་མགོན། །ཞེས། སྣང་བ་དང་། མཆེད་པ་དང་། ཐོབ་པ་དང་། ཉེར་ཐོབ་རེ་རེར་བཞི་བཞིར་དབྱེ་བས་ས་བཅུ་དྲུག་ཏུ་བཞག་པ་དང་། དེ་བཞིན་དུ་ཉི་ཤུ་རྩ་གཅིག་ཏུ་དབྱེ་བ་ལ་སོགས་པའི་རྣམ་པར་གཞག་པ་དཔག་ཏུ་མེད་པ་ཡོད་དེ། དེ་དག་གི་རང་བཞིན་སྐུ་དང་ཡེ་ཤེས་ཀྱི་ཡོན་ཏན་གྱི་བདག་ཉིད་ལ་གསུངས་པ་ལས། ཐེག་པ་འོག་མ་ལྟར་བགྲོད་ཅིང་བསགས་པས་ཐོབ་པའི་རིམ་པ་མཐོ་དམན་གྱི་བྱེ་བྲག་ལ་མ་གསུངས་ཏེ། ཆོས་ཀྱི་སྐུ་མཚན་མ་མེད་པའི་དབྱིངས་ཡེ་ནས་དག་མཉམ་ཆེན་པོའི་རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་རྩོལ་བ་མེད་པའི་བདག་ཉིད་ལ་བཤད་དོ། །དེ་སྐད་དུ་པཎྜི་ཏ་རོང་པས། འབྲས་བུ་ལ་བྱེ་བྲག་ཡོད་ན་ནི། ཐེག་པ་གསུམ་དུ་བསྡུ་མི་རུང་ངོ་། །ཞེས་བཤད་དོ། །དེ་ལྟ་ནའང་བྷཾ་ག་ལའི་པཎྜི་ཏས། ལམ་ལ་ཉེ་རིང་བྱུང་ན་འབྲས་བུ་ལ་བཟང་ངན་ཅི་ནས་ཀྱང་ཡོད་དགོས་པ་ཡིན། ནང་པ་སངས་རྒྱས་པའི་ཆོས་ཐམས་ཅད་རྒྱུ་འབྲས་གོ་མ་ལོག་པ་དགོས་ཞེས་བཤད་པའི་ཕྱིར། རེ་ཞིག་སྔ་རབས་ཀྱི་སློབ་དཔོན་རྣམས་ཀྱི་འདོད་པའང་འགོད་པར་བྱ་ན་མཻ་ཏྲི་པས་ཕ་རོལ་ཏུ་ཕྱིན་པའི་རང་ལམ་ནས་སངས་རྒྱས་མི་ཐོབ་པར་ཁ་ཚོན་བཅད་ནས་ཕར་ཕྱིན་བསྟན་པའི་དགོས་པ་སྔགས་ཀྱི་ལམ་སྟེགས་སུ་བཤད་པ་དང་། ནཱ་རོ་པས་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་སྒོར་ཞུགས་པས་ཀྱང་སངས་རྒྱས་ཐོབ་ནི་ཐོབ་སྟེ། གསང་སྔགས་དང་གཉིས་ཀྱི་ཁྱད་པར་ནི་བདེ་བར་སྐྱོབ་བ་དང་། མྱུར་སྐྱོབ་ཀྱི་བྱེད་པ་ཡིན་ནོ། །ཞེས་པ་འདི་དྲངས་ནས་ཀུན་ཏུ་


JL00_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཀྱི་ས་བས་ད་དུང་སྔགས་ལམ་ལ་ཞུགས་ནས་མྱུར་ལམ་གྱིས་བསྒྲུབས་པའི་སངས་རྒྱས་གདོད་བསྒྲུབ་དགོས་པར་འཆད་དེ། ལུང་དེའི་དོན་ནི་དེ་ཙམ་དུ་འགྲེལ་བར་མི་མངོན་ནོ། །དེ་ལ་མདོ་སྔགས་གཉིས་རིམ་གཉིས་ལ་སོགས་པའི་རྒྱུ་ལ་ཁྱད་པར་ཡོད་ན། འབྲས་བུ་ལ་ཁྱད་པར་ཞུགས་པ་ཆོས་ཉིད་དེ། ཆུ་དང་འོ་མས་བཅུས་པའི་སྐྱུ་རུ་ར་བཞིན་ནོ། །ཞེས་བརྟགས་ནས་མདོ་ནས་ས་བཅུ་པ་སངས་རྒྱས་སུ་བཤད་པ་ཉེ་བ་ཉིད་ལ་དགོངས་ནས་བཏགས་པ་བར་བཤད་པ་དང་མཚུངས་པར། སྔགས་ཀྱི་འབྲས་བུ་རྡོ་རྗེ་འཛིན་པ་ལ་ལྟོས་ནས་བཅུ་གཅིག་པ་ཡང་ཉེ་བ་ཉིད་ལ་དགོངས་ནས་བཏགས་པ་བར་འདོད་པ་བཞིན་དུ། བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་དེ་ནི་བླ་ན་ཡོད་པའི་སངས་རྒྱས་ཉི་ཚེ་བ་དང་། བཅུ་གསུམ་རྡོ་རྗེ་འཛིན་པའི་གོ་འཕང་ནི་བླ་ན་མེད་པའི་སངས་རྒྱས་བསམ་གྱིས་མི་ཁྱབ་པར་འདོད་པའང་སྣང་ངོ་། །དེ་ལ་འདི་ལྟར་བཤད་པར་བྱ་སྟེ། ངེས་པའི་དོན་དུ་རྒྱུ་ལ་ཁྱད་པར་ཡོད་པའང་འདོད་དཀའ་སྟེ། རྒྱུ་དེ་བདེ་གཤེགས་སྙིང་པོ་ལ་ཟེར་ན་སེམས་ཅན་གྱི་ཁམས་ཐམས་ཅད་ལ་ཁྱབ་བྱེད་དེས་ཁྱབ་པ་དང་། རིམ་པ་གཉིས་ལ་ཟེར་ན་དེ་གཉིས་ཀྱང་གཅིག་ཤོས་ནི་ཐབས་གཅིག་ཤོས་ནི་ཤེས་རབ་ཡིན་པས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ལ་ཐབས་དང་ཤེས་རབ་གཉིས་ཀྱི་རང་བཞིན་དུ་གནས་པའི་ཕྱིར་སྔགས་ཐབས་མྱུར་ཤིང་། ཤེས་རབ་ཟབ་པའི་ཁྱད་པར་ལས། བསམ་གཏན་དང་ཤེས་རབ་ཀྱི་ངང་དུ་བསྐྱེད་རྫོགས་ཀྱི་ངོ་བོ་རྫས་འགལ་བ་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཆོས་ཀྱི་དབྱིངས་སུ་རོ་གཅིག་པས་ངོ་བོ་གཅིག་པའི་དོན་ལ་ཡེ་ཤེས་ཀྱི་ངང་དུ་འགལ་བ་མི་འདུའོ། །རང་སའི་ལམ་ནས་མཚན་དང་དཔེ་བྱད་ཀྱི་སྐུར་བྱང་ཆུབ་པའི་རང་བཞིན་རྣམ་པ་ཐ་


JL00_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

དད་པ་དང་། གདུལ་བྱ་འདུལ་བའི་ཐབས་དང་ཕྲིན་ལས་ཀྱི་སྣང་ཆ་མདོ་དང་སྔགས་ཀྱི་གདུལ་བྱ་སོ་སོའི་ཁམས་དང་། དབང་པོ་དང་། རྣམ་པར་རིག་པ་ཉིད་དང་མཚུངས་པར་ཤར་བའི་ཡེ་ཤེས་ཀུན་ཏུ་སྣང་བའི་བདག་ཉིད་ཆེན་པོ། ཀུན་ཏུ་འགྲོ་བ་ཅན་ཡིན་པས་རྣམ་རིག་གི་དོན་ཐ་དད་པའང་མི་འགལ་བའི་ཚུལ་སངས་རྒྱས་ཞེས་བྱ་བའི་སྒྲས་རྟོགས་པར་བྱ་སྟེ་འདི་ལྟར་བྷ་ག་ཝན་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཞེས་པའི་དོན་ཏེ། ཉོན་མོངས་པ་ལ་སོགས་པ་བཅོམ་པའི་ཡོན་ཏན་དང་ལྡན་པས་ན་དེ་སྐད་དུ་གྲགས་པ་དང་། རྣམ་པ་གཅིག་ཏུ་ན་བྷ་ག་ནི་སྐལ་པ་སྟེ་ཝན་ནི་ལྡན་པ་ལའང་འཇུག་པས་སངས་རྒྱས་རྣམས་དབང་ཕྱུག་ཕུན་སུམ་ཚོགས་པ་ལ་སོགས་པ་དང་ལྡན་པས་ན་ལེགས་ལྡན་ནམ།་ སྐལ་ལྡན་ཞེས་བཤད་དོ། །དེ་བཞིན་དུ་སྒྲ་འཇུག་པའི་ཡུལ་ཐ་དད་ཀྱང་། མདོར་བསྡུ་ན། འདུ་འབྲལ་མེད་པའི་གཟུངས་དང་ལྡན་པའི་ཕྱིར་བྷ་ག་ཝན་ནོ། །དེའི་ཕྱིར་དང་པོའི་ཆ་ནས་ཆགས་བྲལ་གྱི་སངས་རྒྱས་དང་། གཉིས་པའི་ཆ་ནས་དབང་ཕྱུག་ཕུན་སུམ་ཚོགས་པ་སྔགས་ཀྱི་སངས་རྒྱས་དང་། གསུམ་པའི་ཆ་ནས་དུ་མ་རོ་གཅིག་འདུ་འབྲལ་མེད་པ་ཆོས་ཉིད་གང་དུའང་མ་ཕྱེ་བའི་དོན་ལ་སངས་རྒྱས་སུ་ཚིག་བླ་དྭགས་སུ་བྱས་པའི་དོན་ཏེ། སཾ་ཀྲྀ་ཏའི་སྐད་ལ་རྐྱེན་བྱིན་པས་དོན་རྣམ་པ་གསུམ་བསྒྲུབ་ནུས་པའི་ཕྱིར་རོ། །འདི་ལྟར་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་རང་བཞིན་གང་ཡིན་པ་ནི་བྱང་ཆུབ་ཀྱི་སེམས་ཡིན་ལ། དེ་ནི་རིགས་ཀྱི་སེམས་དང་། རྒྱུའི་གནས་སྐབས་ཀྱི་སེམས་དང་། འབྲས་བུའི་སེམས་ཀྱི་བར་དུ་དབྱེར་མེད་པར་བྱང་ཆུབ་ཀྱི་རང་བཞིན་སོ་སོ་མ་ཡིན་ཐ་མི་དད་པ་ཉིད་ཡིན་པས་ཆོས་ཉིད་ཀུན་ཏུ་འགྲོ་བ་རིགས་པར་བྱའོ། །དེ་ལྟ་ནའང་རྣམ་སྣང་མངོན་བྱང་ལས། རྫོགས་པའི་སངས་རྒྱས་གང་འདས་དང་། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །འགྲོ་ལ་ཕན་ཕྱིར་


JL00_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པ་གང་། །དེ་དག་ཀུན་གྱི་གསང་སྔགས་ཀྱི། །ཆོ་ག་བཟང་པོ་འདི་མཁྱེན་ནས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་ཚད་མེད་བརྙེས། །ཞེས་བསྟན་པ་འདི་བརྗོད་བྱ་འདི་དག་གི་དོན་གྱི་ཆིངས་ཆེན་པོ་ཉིད་པས་ཐུན་མོང་བའི་ལམ་སྔོན་དུ་སོང་བའམ། མ་སོང་ཡང་རུང་སྟེ། སྔགས་ལམ་ལས་དང་པོ་པའི་ཚེ་ཀུན་ཏུ་བཟང་པོའི་སྤྱོད་པ་ཁྲེལ་བག་ཡོད་པ་ཉིད་ལ་བརྟེན་ནས་སྔགས་ལ་མོས་པས་སྤྱོད་པའི་ལམ་བརྟུལ་ཞུགས་བརྟན་པར་གནས་འགྱུར་ནས་རང་ལམ་གྱི་ཆོ་ག་སྒྲ་ཇི་བཞིན་བར་ཉམས་སུ་ལེན་ནུས་པའི་ཚེ། ཁམས་གསུམ་པའི་མཐོང་བ་དང་བསྒོམ་པས་བསྡུས་པའི་འདོད་ཆགས་རང་མཚན་པ་མ་ཡིན་ཀྱང་། སྙོམས་འཇུག་གི་སྒྲིབ་བར་གྱུར་པའི་ཉོན་མོངས་པ་ཆ་ཕྲ་མོ་ཞིག་མདོ་ལམ་ལ་ཡོད་པ་དེ། སྔགས་སུ་ཕོ་ཉའི་ལམ་དཔའ་བོ་བྱང་ཆུབ་སེམས་ཀྱི་ལྗོན་པའི་ཤིང་། ཨ་ཝ་དྷུ་ཏིའི་རྩ་ནང་དུ་ཐབས་ཀྱི་ཆོ་ག་ཟབ་མོས་སྦྱངས་ནས། སྔགས་ཀྱིས་ལམ་ཉེ་རྒྱུའི་སྦྱོར་བས་བགྲོད་པའི་ཞོར་ལ་མདོ་ལུགས་ཀྱི་ས་ལམ་ཀྱང་གུད་དུ་བཅད་པ་མེད་ཕྱིར། ཕན་ཚུན་རིང་ཐུང་བསྡུར་བ་ལྟ་བུའི་ངོས་ནས་བགྲོད་པའོ་ཞེས་བརྗོད་པར་མི་ནུས་ཀྱང་། ངོ་བོ་ལ་བཟང་ངན་མེད་པར་བགྲོད་ནས་དག་པ་གཉིས་ལྡན་གྱི་ངང་དུ་ཕྱིན་པ་ནི། དཔེར་ན་རྟ་དང་བོང་བུ་བགྲོད་པ་ལ་མྱུར་བུལ་ཡོད་ཀྱང་ངལ་སྟེགས་སུ་གཅིག་པ་བཞིན་མདོ་སྔགས་གཉིས་ཀའི་མཐར་ཐུག་གི་ཐོབ་བྱ་གང་ཡིན་པ་དེ་སྔགས་ཀྱི་ཆོ་ག་དང་ལམ་ཟབ་མོས་གྲུབ་ཀྱིས། གཞན་གྱིས་མ་ཡིན་ནོ་ཞེས་པ་འདི་དོན་ལ་གནས་པའོ། །དེ་ལས་གཞན་དུ་འབྲས་བུ་ལ་མཆོག་དམན་ཡོད་མེད་འདི་དག་ནི་སོ་སོར་རྟོག་པའི་ཤེས་རབ་ལས་བྱུང་བའི་ཚིག་བླ་དགས་སུ་གྱུར་པ་གང་ཞིག་རང་རང་གི་རྣམ་པར་ཤེས་པའི་ཡུལ་དུ་


JL00_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་ཏུ་རུང་བར་བྱས་པ་ལས་སངས་རྒྱས་ཀྱི་རང་བཞིན་བསམ་གྱིས་མི་ཁྱབ་པའི་གནས་སུ་མི་རུང་བའི་ཚུལ་མགོན་པོ་བྱམས་པས། སངས་རྒྱས་ཁམས་དང་སངས་རྒྱས་བྱང་ཆུབ་དང་། །སངས་རྒྱས་ཆོས་དང་སངས་རྒྱས་ཕྲིན་ལས་ཏེ། །དག་པའི་སེམས་ཅན་ཀྱིས་ཀྱང་བསམ་བྱ་མིན། །འདི་ནི་འདྲེན་པ་རྣམས་ཀྱི་སྤྱོད་ཡུལ་ལོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་ཆོས་དཀོན་མཆོག་གི་ཡོན་ཏན་གང་གིས་ཤེས་པ་དེས་སངས་རྒྱས་ཀྱི་བསྟན་པ་ཤེས་ཤིང་། བསྟན་པ་ཤེས་པ་དེས་གྲུབ་པའི་མཐའ་ཡང་ཤེས་ལ། འཁོར་བ་ལས་གང་གིས་སྐྱོབ་པའི་མཚན་ཉིད་ཀྱང་ཤེས་པ་ཡིན་ནོ། །དེ་ནས་དགེ་འདུན་དཀོན་མཆོག་བཤད་པའི་ཕྱིར། །དགེ་འདུན་ངོ་བོ་རིག་གྲོལ་གཉིས་ལྡན་ཏེ། །ཉན་རང་ཞུགས་གནས་སྐྱེས་བུ་ཟུང་བཞིའམ། །ཡ་བརྒྱད་རྒྱལ་སྲས་སར་གནས་མཐའ་དག་པའི། །རང་སའི་ཡོན་ཏན་བརྗོད་ཀྱིས་མི་ལང་ཡང་། །ལམ་དང་སྐྱོབ་པའི་ངོ་བོ་དམ་པའི་ཆོས། །ཆོས་ནི་སྟོན་པ་ལས་བྱུང་དེ་བསྒྲུབ་པའོ། །གྲོགས་སམ་བསླབ་པའི་རྟེན་གནས་དགེ་འདུན་ཕྱིར། །དཀོན་མཆོག་གསུམ་ཞེས་སྐྱབས་ཀྱི་ཡུལ་དུ་གྲུབ། །ཅེས་འདོམས་ཏེ། དེ་ལ་རང་གི་ངོ་བོ་རིག་པ་དང་གྲོལ་བའི་ཡོན་ཏན་བརྒྱད་དང་ལྡན་པ་ནི་དོན་དམ་པར་སྐྱབས་སུ་འགྲོ་བའི་ཡུལ་ཐེག་པ་ཆེན་པོའི་དགེ་འདུན་ཡིན་ཏེ། བྱམས་མགོན་གྱིས། ཇི་ལྟ་ཇི་སྙེད་ནང་གི་ནི། །ཡེ་ཤེས་གཟིགས་པ་དག་པའི་ཕྱིར། །བློ་ལྡན་ཕྱིར་མི་ལྡོག་པའི་ཚོགས། །བླ་མེད་ཡོན་ཏན་དང་ལྡན་ཉིད། །ཅེས་ཇི་ལྟ་བ་རིག་པའི་ཡོན་ཏན། ཇི་སྙེད་པ་རིག་པའི་ཡོན་ཏན། ནང་ཡེ་ཤེས་གཟིགས་པའི་རིག་པའི་ཡོན་ཏན་དང་གསུམ། དེ་ཉིད་ཐོབ་བྱེད་ཀྱི་ཐབས་སུ་གྱུར་པའི་བར་ཆད་མེད་ལམ་གྱི་ངོ་སྐལ་སྤང་བྱ་ཆགས་སྒྲིབ་ལས་གྲོལ་བའི་ཡོན་ཏན། དེར་གྱུར་པའི་ཐོགས་སྒྲིབ་ལས་གྲོལ་བའི་ཡོན་ཏན། དེར་གྱུར་པའི་དམན་སྒྲིབ་


JL00_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གྲོལ་བའི་ཡོན་ཏན་ཏེ་དྲུག །དེ་ལ་དབྱེ་གཞི་རིག་པའི་ཡོན་ཏན་དང་། གྲོལ་བའི་ཡོན་ཏན་བསྣན་པས་བརྒྱད་དོ། །དེ་ལྟ་བུ་ནི་བྱང་ཆུབ་སེམས་དཔའ་འཕགས་པ་ཕྱིར་མི་ལྡོག་པའི་དགེ་འདུན་ཡིན་པས་ན་དགེ་འདུན་གྱི་ངོ་བོ་ཉིད་དུ་སྨོས་པའོ། །ཉན་རང་གི་དགེ་འདུན་ནི་རིག་གྲོལ་གྱི་ཕྱོགས་ལས་དམན་པས་དེའི་ཡན་ལག་ལྟ་བུ་སྟེ། དེ་ལ་ཕྱོགས་དང་པོ་ཉན་ཐོས་ནི། འཕགས་པ་སྟོང་ཕྲག་བརྒྱ་པར་བཅོམ་ལྡན་འདས་ཀྱི་འདི་ན་ཀུན་ཏུ་སྦྱོར་བ་གསུམ་སྤངས་པས་རྒྱུན་དུ་ཞུགས་པའི་འབྲས་བུའོ། །འདོད་པའི་འདོད་ཆགས་དང་གནོད་སེམས་སྲབས་པས་ལན་གཅིག་ཕྱིར་འོང་བའི་འབྲས་བུའོ། །འོག་མའི་ཆ་ཅན་གྱི་ཀུན་ཏུ་སྦྱོར་བ་ལྔ་སྤངས་པས་ཕྱིར་མི་འོང་བའི་འབྲས་བུའོ། །བླ་མའི་ཆ་ཅན་གྱི་ཀུན་ཏུ་སྦྱོར་བ་ལྔ་སྤངས་པས་དགྲ་བཅོམ་པ་ཉིད་དོ། །ཞེས་ཐོབ་ཆ་བཞི་པོ་རེ་རེ་ལའང་གཉིས་གཉིས་སུ་ཕྱེ་བས་སྐྱེས་བུ་ཟུང་བཞི་དང་གང་ཟག་ཡ་བརྒྱད་དེ། འདི་ལྟར་རྒྱུན་ཞུགས་ཞུགས་པ་དང་། རྒྱུན་ཞུགས་འབྲས་བུ་ལ་གནས་པ། དེ་བཞིན་དུ་ཕྱིར་འོང་ཞུགས་གནས་གཉིས། །ཕྱིར་མི་འོང་ཞུགས་གནས་གཉིས། །དགྲ་བཅོམ་ཞུགས་གནས་གཉིས་སོ། །དེ་དག་རང་རང་ལ་དབང་པོ་རྟུལ་རྣོན་གྱིས་མཐོང་སྤངས་ཀུན་སྦྱོར་གསུམ་སྤངས་པའི་ཁྱད་པར་གྱི་དབྱེ་བ་ཉིད་ཡོད་དེ་ཀུན་རྫོབ་ཀྱི་དགེ་འདུན་ཡིན་པས་འདིར་མ་སྨོས་སོ། །དེ་ལྟ་ནའང་བསྡུ་བའི་དོན་ནི་དཀོན་མཆོག་རྗེས་དྲན་ལས། ལེགས་པར་ཞུགས་པ་ལ་སོགས་པ་བཞིས་ནི་བསྒྲུབ་པའི་ཡོན་ཏན་བཤད་དོ། །ཀུན་ཏུ་སྦྱིན་པའི་འོས་སུ་གྱུར་པ་ལ་སོགས་པས་མཆོད་པར་འོས་པའི་ཡོན་ཏན་བཤད་དོ། །དེ་བཞིན་དུ་གཏོང་བ་དང་ཚུལ་ཁྲིམས་ཀྱི་ཡོན་ཏན་ཀྱང་བགྲང་ངོ་། །རང་སངས་རྒྱས་ལའང་ཞུགས་


JL00_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

གནས་བརྒྱད་ཡོད་དེ། དོན་གྱི་ཉན་ཐོས་ལས་འཕགས་པའི་ཁྱད་པར་ནི་སྔ་མའི་འཕྲོར། གང་ཅི་ཡང་རུང་སྟེ་ཀུན་འབྱུང་བའི་ཆོས་དེ་དག་ཐམས་ཅད་འགོག་པའི་ཆོས་ཅན་དུ་ཤེས་པས་རང་བྱང་ཆུབ་བོ། །ཞེས་གསུངས་པ་སྟེ། དེ་ཡན་ཆད་ནི་ཕྱིའི་དགེ་འདུན་ཡིན་ནོ། །ནང་གི་དགེ་འདུན་ནི་གཞུང་འདིར་རྒྱལ་སྲས་སར་གནས་མཐའ་དག་པའི་སྒྲས་བསྡུས་ཏེ་བསྟན་པ་ཉིད་དེ། མཁའ་ལ་འགྲོ་བ་དང་། ཤུགས་ཀྱིས་འགྲོ་བ་དང་། སྔགས་ལས་སྐྱེས་པ་དང་། ལས་ལས་སྐྱེས་པ་སྟེ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་དང་། དེ་བཞིན་གཤེགས་པའི་རིགས་དང་། རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། ལས་ཀྱི་རིགས་ཀྱིས་བསྡུས་པ་འཇིག་རྟེན་ལས་འདས་པའི་ཚོགས་དང་། རྣམ་པར་སྨིན་པ་དང་། ཚེ་ལ་དབང་བ་དང་། ཕྱག་རྒྱ་ཆེན་པོ་དང་། ལྷུན་གྱིས་གྲུབ་པ་སྟེ་ས་དང་འབྲས་བུ་ལ་གནས་པའི་རིགས་འཛིན་གྱི་ཚོགས་རྣམས་སོ། །འདི་དག་གི་རིགས་དབྱེ་ནི་འོག་མིན་བགྲོད་པའི་ཐེམ་སྐས་སུ་བསྟན་ཟོན་ཏོ། །དེ་ལ་གང་གི་ཕྱིར་དཀོན་མཆོག་ཅེས་བྱ་ན། མཁྱེན་པའི་ཡེ་ཤེས་ཀྱིས་ཤེས་བྱ་ཐམས་ཅད་ལ་ཆགས་ཐོགས་མེད་པར་ཁྱབ་པ་གཞན་དུ་མི་སྲིད་པས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟར་དཀོན་པ་དང་། སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་ལྟར་བརྩེ་བའི་ཐུགས་རྗེས་རང་ཉིད་ཀྱང་རང་དབང་མེད་པར་བཅིངས་པས་བསྟོད་སྨད་དང་ཉེ་རིང་གི་ཕྱོགས་སུ་ལྷུང་བའི་འགྱུར་བ་སྣ་ཚོགས་མེད་པས་མི་མཐུན་པའི་ཕྱོགས་ཀྱི་དྲི་མ་མེད་པ་དང་། འདོད་པས་ཟིལ་གྱིས་ནོན་པའི་ཡིད་ལྡན་མཐའ་དག་འདུལ་བའི་ནུས་པ་ཆེ་བ་དང་། འཇིག་རྟེན་ཐམས་ཅད་ཀྱི་རྒྱན་གཅིག་ཏུ་གྱུར་པའི་ཡོན་ཏན་ཟད་མི་ཤེས་པ་དང་། ཟབ་ཅིང་རྒྱ་ཆེ་བའི་ཆོས་ཉིད་སེམས་ཅན་ཐམས་ཅད་ལ་སྨན་པའི་ཕྲིན་ལས་འབའ་ཞིག་ཏུ་ཤར་བ་ནམ་ཡང་བསླུ་


JL00_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

བ་མེད་པའི་ཕྱིར་ཏེ། རྒྱུད་བླ་མ་ལས། འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར། །མཐུ་ལྡན་ཕྱིར་དང་འཇིག་རྟེན་གྱི། །རྒྱན་གྱུར་ཉིད་དང་མཆོག་ཉིད་ཕྱིར། །འགྱུར་བ་མེད་ཕྱིར་དཀོན་མཆོག་ཉིད། །ཅེས་སོ། །དེའང་མྱ་ངན་ལས་འདའ་བའི་ལམ་དང་། འཁོར་བའི་སྡུག་བསྔལ་ལས་སྐྱོབ་པའི་བདག་ཉིད་མཐར་ཐུག་པ་ནི་ཆོས་དཀོན་མཆོག་ཁོ་ན་ཡིན་ཏེ་དྲིན་ལན་གསབ་པ་ལས། སངས་རྒྱས་ཀྱི་སྟོན་པ་ནི་ཆོས་ཡིན་ཏེ་ཆོས་ལས་སངས་རྒྱས་སྐྱེས་པས་ན། ཆོས་སངས་རྒྱས་ཀྱི་ཡུམ་ཡིན་ཏེ་སངས་རྒྱས་ནི་ཆོས་ལ་གནས་སོ། །ཞེས་དང་། ཆོས་ཡང་དག་པར་སྡུད་པ་ལས། །སངས་རྒྱས་བཅོམ་ལྡན་འདས་དེ་དག་ནི་ཡོན་ཏན་མཐའ་ཡས་མུ་མེད་པ་སྟེ། དེ་དག་ནི་ཆོས་ལས་སྐྱེས་པ། ཆོས་ཀྱི་བགོ་སྐལ་ལ་སྤྱོད་པ། ཆོས་ཀྱིས་སྤྲུལ་པ། ཆོས་བདག་པོར་གྱུར་པ། ཆོས་ལས་བྱུང་བ། ཆོས་ཀྱི་སྤྱོད་ཡུལ། ཆོས་ལ་རྟོན་པ། ཆོས་ཀྱིས་གྲུབ་པ་སྟེ། ཞེས་འགོག་ལམ་གྱི་བདེན་པ་སྐྱོན་སྤང་བ་དང་ཡོན་ཏན་བསྒྲུབ་པའི་བདག་ཉིད་ཅན་དེ་སྐྱབས་སུ་འགྲོ་བ་པོའི་རྒྱུད་ལ་མངོན་དུ་བྱས་པ་ལས་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་འབྱུང་བའི་ཕྱིར་དང་། ཆོས་དེའང་སྟོན་པ་སངས་རྒྱས་ཀྱི་བདག་པོའི་རྐྱེན་ལས་གཞན་དུ་མི་འབྱུང་བའི་ཕྱིར་དེ་གཉིས་ཕན་ཚུན་རྟན་དང་བརྟེན་པ་ལྟ་བུར་གྱུར་བའང་དྲིན་ལན་གསབ་པའི་མདོར། གསོལ་བ་སངས་རྒྱས་ཀྱི་སྟོན་པ་ཆོས་ལགས་ན་ཅིའི་སླད་དུ་དཀོན་མཆོག་གསུམ་ལས་ཆོས་སྔར་མི་སྨོས། བཀའ་སྩལ་པ། སངས་རྒྱས་ཀྱི་སྟོན་པ་ཆོས་ཡིན་མོད་ཀྱི། ཆོས་ཀྱང་སངས་རྒྱས་མ་ཡིན་པ་གཞན་གྱིས་མི་སྟོན་ཏེ་ལམ་ཞེས་བྱ་བ་ཡང་མིས་བསྒྲུབ་དགོས་པས་དེ་བས་ན་སངས་རྒྱས་སྔར་སྨོས་སོ། །ཞེས་སོ། །དེའི་ཕྱིར་དེ་ལས་དེ་བྱུང་གི་འབྲེལ་བ་བསྒྲུབ་པའི་ཕྱིར་མཚན་གྱི་གོ་རིམ་ཀྱང་ཤེས་


JL00_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་ནོར་བར་སྨྲས་ན་ཉེས་པ་ཡོད་ལ། མ་ཤེས་པ་རྣམས་ནི་མ་གཏོགས་སོ། །གཉིས་ཀའི་ཡོན་ཏན་རྗེས་སུ་བསྒྲུབ་པ་ནི་དགེ་འདུན་ཡིན་པས་དེ་ལ་ལམ་བསྒྲུབ་པའི་གྲོགས་སུ་ཐ་སྙད་བཏགས་ཀྱང་དོན་ལ་བསླབ་པ་གསུམ་པོའི་བརྟེན་གནས་སུ་ཤེས་པས་སྐྱབས་སུ་འགྲོ་དགོས་པ་ཡིན་ནོ། །དེ་སྐད་དུ་སྐྱབས་འགྲོ་བདུན་ཅུ་པ་ལས། སངས་རྒྱས་ཆོས་དང་དགེ་འདུན་ནི། །ཐར་པ་འདོད་པ་རྣམས་ཀྱི་སྐྱབས། །ཞེས་སོ། །དེ་ལ་འདིར་ཐེག་པ་ཆེ་ཆུང་གི་གཞུང་བཟློག་པ་དང་། རྣམ་པར་མ་ཕྱེད་པའི་ལམ་ལ་ཀྱོགས་པ་མ་ཡིན་ཀྱང་གང་ཟག་རྣམས་ནི་ལོག་པར་བལྟ་བ་དང་། ཐེ་ཚོམ་ལ་སོགས་ཏེ་སྒྲིབ་པ་ལྔའི་རང་བཞིན་ལ་གོམས་པ་མང་བས་སྐྱབས་སུ་འགྲོ་བའི་ངེས་ཚིག་དང་། ཡུལ་དང་། བསམ་པའི་ཁྱད་པར་དང་། དེའི་རྒྱུ་འབྲས་ལ་རྨོངས་པར་མི་འགྱུར་བའི་དཔེ་དོན་འབྲེལ་བ་དང་ལྡན་པས་བློ་བཅོས་པའི་ཐབས་མ་བཀྲལ་ཡང་ལུང་གིས་རྟོགས་པ་ཐེག་དམན་ལྟར་བཤད་པར་བྱ་སྟེ། དྲིན་ལན་གསབ་པའི་མདོ་ལས། སྐྱབས་སུ་འགྲོ་བ་ཞེས་བྱ་བ་ནི་མགོན་སྐྱབས་སམ་དཔུང་གཉེན་གྱི་དོན་ཏེ། དཔེར་ན་མི་ཞིག་ལ་ཉེས་པ་ཆེན་པོ་བྱུང་བ་ལས་ཡུལ་གཞན་དུ་འཕོས་པ་ལས། རྒྱལ་པོ་ཕ་རོལ་པོ་ལ་ཕར་སྐྱབས་བཙལ་ན། ཡུལ་ཕ་རོལ་གྱི་རྒྱལ་པོས་དེ་ལ་ཁྱོད་མི་འཇིགས་པར་འདོད་ན་ངའི་ཡུལ་འདི་ནས་མི་འགྲོ་ཞིང་ངས་བསྟན་པ་ཉན་ན་མགོན་སྐྱབས་བྱའོ་ཞེས་བསྒོ་བ་དང་འདྲ་བར་སོ་སོ་སྐྱེ་བོ་ཡང་དེ་དང་འདྲ་སྟེ། བདུད་ཀྱི་དབང་དུ་གྱུར་ལ་སྐྱེ་ཤིར་འཁོར་བའི་ཉེས་པ་ཡོད་པས། དཀོན་མཆོག་གསུམ་ལ་ཕྱོགས་ཏེ་སྐྱབས་སུ་འགྲོ་བར་བྱའོ། །གལ་ཏེ་དཀོན་མཆོག་གསུམ་ལ་རྩེ་གཅིག་ཏུ་ཕྱོགས་ཤིང་སྐྱབས་སུ་སོང་ལ། སངས་རྒྱས་ཀྱི་བསྟན་པ་ལས་འགལ་བར་མ་བྱས་ན། བདུད་ཀྱི་རྒྱལ་པོ་སྡིག་པ་ཅན་གྱི་ཅི་བྱར་ཡང་


JL00_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དོ། །སྔོན་ཕུག་རོན་གཅིག་ཁས་ཉེན་ནས་ཤཱ་རིའི་བུའི་ཕག་གྲིབ་མར་སོང་བ་ལས། འོན་ཀྱང་སྐྲག་ཅིང་སྡངས་པ་བཞིན་ནོ། །དེ་ནས་སངས་རྒྱས་ཀྱི་གྲིབ་མའི་ཕག་ཏུ་སོང་བ་དང་། འཇིགས་པ་མེད་དེ་འདར་བ་ཡང་མེད་དོ། །དེ་བས་ན་སངས་རྒྱས་ནི་བྱམས་པ་ཆེན་པོ་དང་། ཐུགས་རྗེ་ཆེན་པོར་ལྡན་གྱིས། ཤཱ་རིའི་བུ་ལ་ནི་བྱམས་པ་དང་སྙིང་རྗེ་ཆེན་པོ་མེད་དོ། །སངས་རྒྱས་ལ་ནི་བག་ཆགས་མེད་ཀྱིས། ཤཱ་རིའི་བུ་ལ་ནི་བག་ཆགས་མ་ཟད་དོ། །སངས་རྒྱས་ནི་བསྐལ་པ་གྲངས་མེད་པ་གསུམ་གྱི་བར་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་ཀྱི། ཤཱ་རིའི་བུ་ནི་ འདི་སངས་རྒྱས་ལ་ལྟས་ན་ཤཱ་རིའི་བུའི་བྱམས་པ་དང་སྙིང་རྗེ་ནི་ཅུང་བ་ཙམ་གྱིས་དམན་པ་ལ་མེད་པའི་དགག་སྒྲ་སྦྱར་བ་ཡིན་གྱི་ཤཱ་རིའི་བུ་ལ་བྱམས་པ་དང་སྙིང་རྗེ་མེད་པ་མ་ཡིན་པ་ཡང་གོ་དགོས་སོ། །བསྐལ་པ་དྲུག་ཅུའི་བར་དུ་དཀའ་ཐུབ་སྤྱད་དེ། དེ་བས་ན་ཕུག་རོན་ཡང་ཤཱ་རིའི་བུའི་གྲིབ་མར་སོང་བ་ན། འོན་ཀྱང་སྐྲག་ཅིང་འཇིགས་ཀྱི་སངས་རྒྱས་ཀྱི་གྲིབ་མར་སོང་བ་ན་འཇིགས་པ་མེད་པར་འགྱུར་རོ། །གསོལ་བ། གལ་ཏེ་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བས་སྡིག་པ་མི་དགེ་བ་བྱང་ཞིང་འཇིགས་པར་མི་འགྱུར་ན། ཅིའི་སླད་དུ་ལྷས་བྱིན་ལྟ་བུ་དཀོན་མཆོག་གསུམ་ལ་སྐྱོབས་སུ་གསོལ། དད་པས་ཁྱིམ་ནས་རབ་ཏུ་བྱུང་སྟེ་ཚུལ་ཁྲིམས་ཀྱང་རྫོགས་པ་ལས། མཚམས་མེད་གསུམ་བགྱིས་ནས། མཚམས་མེད་པའི་སེམས་ཅན་དམྱལ་བར་ལྟུང་བར་གྱུར། བཀའ་བསྩལ་པ། མགོན་སྐྱབས་བྱ་བ་ཡང་། སྐྱབས་བྱ་བར་འོས་པ་ལ་སྐྱབས་བྱ་བ་ཡིན་ཏེ། ལྷས་བྱིན་ལྟ་བུ་ནི་མི་དགེ་བའི་སྡིག་པ་ཆེན་པོ་བྱས་ལ། གདོན་མི་ཟ་བར་མྱོང་བའི་ལས་དང་བཅས་པས། དེའི་ཕྱིར་ཡང་མགོན་སྐྱར་བྱར་ཡང་དཀའ་འོ། །གསོལ་བ། གལ་ཏེ་སྡིག་པ་ཆེན་པོ་བགྱིས་པ་ལ། སངས་རྒྱས་ཀྱི་མགོན་སྐྱབས་མ་མཛད་ན། །


JL00_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་པའི་ལས་མ་མཆིས་པ་ལ་སངས་རྒྱས་ཀྱི་མགོན་སྐྱབས་བགྱི་ཡང་ཅི་འཚལ། དཀོན་མཆོག་གསུམ་ལ་མགོན་སྐྱབས་མངའོ་ཞེས་ཀྱང་ཇི་སྐད་བགྱི། བཀའ་བསྩལ་པ། ལྷས་བྱིན་གྱིས་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བ་ཡང་དག་པའི་སེམས་ཀྱིས་མ་ཡིན་ཏེ། སྐྱབས་སུ་འགྲོ་བ་གསུམ་མ་རྫོགས་སོ། །དེ་ནི་རྒྱུན་དུ་རྙེད་པ་དང་། བཀུར་སྟི་དང་། གྲགས་པ་འདོད་པའི་ཕྱིར་བདག་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཅན་ནོ། །ཞེས་སངས་རྒྱས་ལའང་བདོ་བས་ན། དེའི་ཕྱིར་དཀོན་མཆོག་གསུམ་ལ་མཐུ་སྟོབས་ཆེན་པོ་ཡོད་མོད་ཀྱི་མགོན་སྐྱབས་སུ་མི་འགྱུར་རོ། །དཔེར་ན་རྒྱལ་པོ་མ་སྐྱེས་དགྲ་ལྟ་བུ་ལ། མཚམས་མེད་པའི་སྡིག་པ་ཡོད་དེ། མཚམས་མེད་པའི་སེམས་ཅན་དམྱལ་བར་ལྟུང་བར་རིགས་པ་ལ། ཡང་དག་པའི་སེམས་རྩེ་གཅིག་པས་སངས་རྒྱས་ལ་སྐྱབས་སུ་གསོལ་བས་མཚམས་མེད་པའི་སྡིག་པ་བྱང་ནས། ཐིག་ནག་པོའི་སེམས་ཅན་དམྱལ་བར་ལྟུང་ནས། མིའི་ནང་ནས་སྡིག་པ་ལྕི་པ་དང་འདྲ་བར། ཞག་བདུན་མྱོང་ཙམ་གྱིས་སྡིག་པ་ཀུན་བྱང་བས་ན། དེ་ནི་དཀོན་མཆོག་གསུམ་གྱི་མགོན་སྐྱབས་ཀྱི་མཐུ་ཞེས་བྱའོ། །གསོལ་བ། ལྷས་བྱིན་གྱི་སྡིག་པ་བགྱིས་པའི་མགོན་སྐྱབས་བྱར་མི་རུང་ངོ་ཞེས་བགྱིས་པ། མདོ་སྡེའི་ནང་ནས་གང་སུ་ཡང་རུང་། སངས་རྒྱས་ལ་སྐྱབས་སུ་སོང་ན་ངན་སོང་གསུམ་དུ་མི་ལྟུང་ངོ་ཞེས་བགྱི་བར་དོན་ཇི་ལྟ་བུ་ལགས། བཀའ་བསྩལ་པ། ལྷས་བྱིན་གྱིས་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བས་མཚམས་མེད་པའི་སེམས་ཅན་དམྱལ་བར་སོང་མོད་ཀྱིས། སྡུག་བསྔལ་མྱོང་བ་ཡང་ཞིང་ཆུང་ལ་བསྟི་བའི་དུས་སྐབས་ཡོད་དོ། །དཔེར་ན་མི་ཞིག་རིའམ། ནགས་ཚལ་ལམ། འབྲོག་དགོན་པ་འཇིགས་པའི་གནས་སུ་ཕྱིན་པ་ལས། གལ་ཏེ་སངས་རྒྱས་ཡིད་ལ་བྱས་ཤིང་བསམས་ན་དེའི་ཡོན་ཏན་གྱིས་འཇིགས་ཤིང་སྐྲག་པ་ཞི་བར་འགྱུར་ཏེ། དེ་བས་ན་


JL00_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བ་ཡང་མི་རྫུན་ནོ་ཞེས་སོ། །ཚུལ་དེ་ལྟ་བུས་བློ་སྦྱངས་ནས་རྒྱུ་འབྲས་ཀྱི་སྐྱབས་འགྲོའི་མཚན་ཉིད་རྣམ་པ་གཉིས་བསྟན་པའི་ཕྱིར། དེ་ལ་རྒྱུ་དང་འབྲས་བུའི་སྐྱབས་འགྲོ་ཡི། །དམ་བཅའ་གཉིས་ལས་དུས་གཞན་འགྲུབ་འདོད་རྒྱུ། །དེ་ལྟར་འགྲུབ་པ་རང་སེམས་འབྲས་བུའི་སྐྱབས། །རྡོ་རྗེ་ཐེག་པ་དག་གི་ཁྱད་ཆོས་ཡིན། །རྒྱུ་ཡི་ཡུལ་ནི་དཀོན་མཆོག་རྣམ་པ་གསུམ། །སྔགས་སུ་དེ་ཡི་ངོ་བོ་བླ་མར་འདུས། །དེ་ལ་ཕ་རོལ་ཏུ་ཕྱིན་པའི་ཐེག་པས་དུས་གཞན་བསྐལ་པ་གྲངས་མེད་པ་གསུམ་ལ་སོགས་པའི་མཐར་སངས་རྒྱས་ཐོབ་པར་དམིགས་ནས་གཞན་རྒྱུད་ལ་བྱོན་ཟིན་པའི་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བས་སངས་རྒྱས་འཐོབ་པའི་རྒྱུ་བྱེད་པས་ན་རྒྱུའི་སྐྱབས་འགྲོ་ཞེས་བྱ་སྟེ། དཀོན་མཆོག་བརྩེགས་པ་ལས། དགེ་སློང་དག་ཁྱེད་ཀྱིས་རང་ངམ་གཞན་གྱི་ཕྱིར་ཡང་རུང་སྟེ་འཇིགས་པ་དང་། འཚེར་བ་ལས་ཐར་བའི་ཕྱིར་སྐྱབས་སུ་སོང་ཞིག་དང་། ཁྱེད་ཀྱི་འདོད་པའི་རེ་བ་དེ་དང་དེ་དག་ཡོངས་སུ་རྫོགས་པར་འགྱུར་རོ། །ཞེས་སོ། །སྐྱབས་ཡུལ་དེ་དག་གི་སྤངས་རྟོགས་ཀྱི་ཡེ་ཤེས་མ་འོངས་པ་ན་རང་རྒྱུད་ལ་འཁྲུངས་པར་འདོད་པ་ནི་འབྲས་བུའི་སྐྱབས་འགྲོ་ཡིན་པར། ཁྱིམ་བདག་དྲག་ཤུལ་ཅན་གྱིས་ཞུས་པ་ལས། སངས་རྒྱས་ལ་སྐྱབས་སུ་འགྲོ་བ་ནི་སངས་རྒྱས་ཐོབ་པར་འདོད་པའོ། །ཅེས་པ་དང་མཐུན་པར་ཆོས་དང་དགེ་འདུན་ལའང་གསུངས་སོ། ཁྱད་པར་རྡོ་རྗེ་ཐེག་པའི་ལུགས་སུ་ནི་རང་ལ་ཡོད་པའི་སེམས་ཀྱི་དེ་ཁོ་ན་ཉིད་རང་ཆས་སུ་གནས་པ་མངོན་དུ་མཐོང་བར་འདོད་ནས། དཀོན་མཆོག་གསུམ་གཞན་ནས་མི་འཚོལ་བར་རིག་པ་སྐུ་གསུམ་གྱི་བདག་ཉིད་གསལ་གདབ་པའི་ཚུལ་དུ་སྐྱབས་སུ་འགྲོ་ཞིང་། དུས་ཡུན་རིང་པོ་ལ་ལྟོས་མི་འཆའ་བར་རང་


JL00_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་གི་ཡེ་ཤེས་གདོད་མ་ནས་སྐྱེ་བ་མེད་པར་རྟོགས་པའི་ངང་དུ་མཉམ་པར་འཇོག་པ་ནི་འབྲས་བུའི་སྐྱབས་འགྲོ་མཐར་ཐུག་པའོ། །ཡུལ་གྱི་དབང་དུ་བྱས་ན། རྒྱུའི་གནས་སྐབས་སུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པར་སངས་རྒྱས་གཙོ་བོ་ཡིན་ལ། སྔགས་བླ་ན་མེད་པའི་ཐེག་པ་ལྟར་ན་བླ་མ་ཉིད་གཙོ་བོར་གྱུར་ཤིང་། བསྟན་པ་སྤྱིའི་དཀོན་མཆོག་གསུམ་དང་། དཀྱིལ་འཁོར་སོ་སོའི་དཀོན་མཆོག་གསུམ་ཀྱང་རྟེན་དུ་འདོད་ཀྱང་། མཐར་ཐུག་གི་དབང་དུ་བྱས་པའི་ཡུལ་ནི་དེ་དག་ཀྱང་གཟུགས་སྐུ་ཀུན་རྫོབ་པ་འཕོ་འགྱུར་ཅན་ཡིན་པ་དང་། ཆོས་ཀྱང་ལམ་བདེན་རྣམས་གོང་ནས་གོང་མར་སོང་དུས་འོག་མའི་རང་བཞིན་དྲི་བཅས་སུ་འདོར་བས་ཀུན་རྫོབ་ཀྱི་བདེན་པ་དང་། ཉན་རང་གི་རྒྱུད་ཀྱི་འགོག་པ་གཉིས་ནི་བག་ལ་ཉལ་གྱི་སྒྲིབ་པ་དང་བཅས་པས་འཇིགས་པ་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་རྣམས་ཀྱང་རང་སའི་སྒྲིབ་པ་དང་བཅས་ཤིང་། སྤངས་རྟོགས་མཐར་མ་ཐུག་པས་ད་དུང་སངས་རྒྱས་ཀྱི་ལམ་ལ་བརྟེན་ཤིང་སྐྱབས་སུ་འགྲོ་དགོས་པའི་ཕྱིར་ན་རྒྱུའི་སྐྱབས་གསུམ་དེ་དག་ཀྱང་འབྲས་བུ་ལ་རེག་པའི་ལམ་གྱི་སྐྱེལ་མ་ལྟ་བུ་སྐྱབས་སུ་འཛིན་པ་ལས་མཐར་ཐུག་གི་སྐྱབས་གནས་སུ་མི་རུང་བའི་ཚུལ། དྲིན་ལན་གསབ་པའི་མདོ་ལས། གསོལ་བ། ཅི་ལ་སྐྱབས་སུ་མཆི་ན་སངས་རྒྱས་ལ་སྐྱབས་སུ་སོང་བ་ཞེས་བགྱི། བཀའ་བསྩལ་པ། སྐྱབས་སུ་འགྲོ་བ་ཞེས་བྱ་བ་ནི་ངག་གི་འཁོར་ལོ་སྟེ། ཐམས་ཅད་མཁྱེན་པ་སློབ་པ་མེད་པའི་ཡོན་ཏན་ལ་སྐྱབས་སུ་སོང་བའོ། །གསོལ་བ། གཟུགས་ཀྱི་སྐུ་ལ་སྐྱབས་སུ་མཆིའམ། ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆི། བཀའ་བསྩལ་པ། ཆོས་ཀྱི་སྐུ་ལ་སྐྱབས་སུ་འགྲོ་ཡི། གཟུགས་ཀྱི་སྐུ་ལ་སྐྱབས་སུ་འགྲོ་བ་མ་ཡིན་ཏེ། གཟུགས་ཀྱི་སྐུ་སངས་རྒྱས་མ་ཡིན་པའི་ཕྱིར་རོ། །གསོལ་བ། གཟུགས་ཀྱི་སྐུ་སངས་


JL00_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་མ་ཡིན་ལགས་ན། ཅིའི་སླད་དུ་སངས་རྒྱས་ཀྱི་སྐུ་ལ་ཁྲག་ཕྱུང་བས་མཚམས་མ་མཆིས་པའི་ལས་བགྱིས་པར་འགྱུར། བཀའ་བསྩལ་པ། གཟུགས་ཀྱི་སྐུ་ནི་ཆོས་ཀྱི་སྐུའི་སྣོད་ཡིན་ཏེ། ཆོས་ཀྱི་སྐུའི་གནས་སོ། དེ་བས་ན་གཟུགས་ཀྱི་སྐུ་ལ་གནོད་པས་མཚམས་མེད་པའི་ལས་སུ་གྱུར་གྱི། གཟུགས་ཀྱི་སྐུ་སངས་རྒྱས་ཡིན་པས་མཚམས་མེད་པའི་ལས་སུ་གྱུར་པ་ནི་མ་ཡིན་ནོ། །ཞེས་དང་། དེ་བཞིན་དུ་ཆོས་དང་དགེ་འདུན་ལའང་གསུངས་ནས་མཐར་དོགས་པའི་གནས་བསལ་ཕྱིར། གསོལ་བ། གལ་ཏེ་དོན་དམ་པའི་དགེ་འདུན་ལ་སྐྱབས་སུ་མཆི་ན་ནི། སྔོན་སངས་རྒྱས་བི་རི་དང་། ས་རི་ལ་སྐྱབས་སུ་འགྲོ་བ་གསུམ་ལོག་པའི་ཚེ། ཕྱིས་དགེ་འདུན་ཞེས་བྱ་བ་ཡོད་པར་འགྱུར་གྱིས་དེ་ལ་སྐྱབས་སུ་སོང་ཞིག་ཅེས་གསུངས་པ་མི་རིགས་པའི་ཕྱིར་ཏེ། དོན་དམ་པའི་དགེ་འདུན་ནི་རྟག་ཏུ་འཇིག་རྟེན་ན་མཆིས་པ་ལགས། བཀའ་བསྩལ་པ། ཀུན་རྫོབ་ཀྱི་དགེ་འདུན་ནི་དོན་དམ་པའི་དགེ་འདུན་གྱི་བརྟེན་པའི་གནས་ཡིན་པས། ཕྱིས་དགེ་འདུན་ཡོད་པར་འགྱུར་གྱིས། དེ་ལ་སྐྱབས་སུ་སོང་ཤིག་ཅེས་གསུངས་པ་ཡིན་ནོ། །ཞེས་སོ། །སྤྱིར་ཐེག་པ་གསུམ་སོ་སོ་ལ་འབྲས་བུའི་སྐྱབས་གནས་རེ་རེ་ཡོད་དེ། ཐེག་ཆེན་པས་སྐུ་གསུམ་དཀོན་མཆོག་གི་རང་བཞིན་དུ་ངོ་བོ་གཅིག་པར་འདོད་པ་དང་། ཉན་རང་གཉིས་རང་ལུགས་ཀྱི་འགོག་པ་རང་ལུགས་ཀྱི་བྱང་ཆུབ་ཏུ་འདོད་པ་ཉིད་དེ་ཆོས་དང་དགེ་འདུན་སོ་སོར་རིས་ཆད་པའི་ལུགས་མི་བཞེད་དོ། །འདིར་ཀུན་རྫོབ་པའི་དཀོན་མཆོག་གསུམ་དང་དོན་དམ་པའི་དཀོན་མཆོག་གཉིས་ཕན་ཚུན་རྟེན་དང་བརྟེན་པ་ལྟ་བུར་ཤེས་ནས་སྐྱབས་སུ་འགྲོ་བར་ཐེག་དམན་གྱི་སྡེ་སྣོད་ལས་གསུངས་པ་ནི་རྟོག་པས་བཟང་ངན་དུ་བལྟས་ནས་འདོར་ལེན་


JL00_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་གཉེན་པོར་དགོངས་པའོ། །དེ་ལྟར་ཡང་མཐར་ཐུག་ཆོས་ཀྱི་སྐུ་ཉག་གཅིག་ལ་མ་བརྟེན་ན་དེ་དག་གིས་སྤང་ཞིང་བསླུ་བར་འགྱུར་བའི་ཚུལ། རྒྱུད་བླ་མ་ལས། སྤང་ཕྱིར་བསླུ་བའི་ཆོས་ཅན་ཕྱིར། །མེད་ཕྱིར་འཇིགས་དང་བཅས་པའི་ཕྱིར། །ཆོས་རྣམ་གཉིས་དང་འཕགས་པའི་ཚོགས། །གཏན་གྱི་སྐྱབས་གནས་མ་ཡིན་ནོ། །སྐྱབས་ནི་སངས་རྒྱས་ཉག་གཅིག་ཉིད། །སྐྱོབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེ་ཡི་མཐར་ཐུག་ཡིན། །ཅེས་པས་རྐང་པ་ཕྱི་མ་གསུམ་གྱི་དོན། །རང་སྣང་དོན་གྱི་འོག་མིན་ན་ཆོས་ཉིད་དང་ཐ་དད་མེད་པར་བཞུགས་པའི་སངས་རྒྱས་དེའི་སྐུ་དགེ་འདུན། གསུང་དམ་ཆོས། ཐུགས་སངས་རྒྱས་ཆོས་ཀྱི་སྐུར་གནས་པས་སྐུ་གསུམ་དཀོན་མཆོག་གི་རང་བཞིན་དུ་ངོ་བོ་གཅིག་པར་འདོད་པ་སྟེ། དེ་སྐད་དུ་ཡེ་ཤེས་གྲུབ་པ་ལས་ཀྱང་། དག་ཐོབ་བྲལ་བའི་སེམས་སངས་རྒྱས། །མི་འགྱུར་དྲི་མེད་ཆོས་དང་ནི། །ཡོན་ཏན་ལྷུན་རྫོགས་དགེ་འདུན་ཉིད། །ཡིན་ཕྱིར་རང་གི་སེམས་ཉིད་མཆོག །ཅེས་སོ། །དེ་ལ་སྐྱབས་སུ་འགྲོ་བ་པོ་རྟེན་གྱི་གང་ཟག་རིགས་ཅན་གསུམ་སྟོན་པའི་ཕྱིར། ཉི་ཚེ་མཆོག་དང་བླ་ན་མེད་པ་ཡི། །ཀུན་སློང་གསུམ་ལས་སྐྱེས་བུ་ཆུང་ངུ་ནི། །ངན་འགྲོ་ལ་འཇིགས་མངོན་མཐོའི་བར་དུ་འགྲོ། །འབྲིང་གཉིས་སྲིད་པས་འཇིགས་ནས་ཐར་པ་གཉེར། །གནས་སྐབས་ཇི་སྲིད་འཚོ་དང་མཐར་ཐུག་ནི། །ཉན་རང་འབྲས་བུ་ཐོབ་པའི་བར་དུ་འགྲོ། །ཆེན་པོ་གཞན་དོན་སྤང་བའི་ཞི་བདེས་འཇིགས། །འཁོར་བ་དབུགས་འབྱིན་ཆེན་པོ་ལ་བསྒྲལ་ཕྱིར། །བྱང་ཆུབ་བར་འགྲོ་དེ་ཡང་རང་གི་སེམས། །བྲལ་ཐོབ་བསླུ་བ་སྤངས་པ་འབྲས་བུའི་སྐྱབས། །དེ་ལ་སྐྱེས་བུའི་བློ་རིགས་གསུམ་སྟེ་ཐ་མའི་ཐ་ཤལ་ཉི་ཚེ་བའི་སྐྱབས་གནས་ལ་རེ་བ་དག་ནི་གནས་སྐབས་ལས་ཀྱང་གནས་སྐབས་སུ་གྱུར་པའི་འཇིགས་པ་ཕྲ་


JL00_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

མོས་སྒྲག་ནས་རང་རང་གི་ལྷའམ། རི་དང་ནགས་ཚལ་ལ་སོགས་པར་སྐྱབས་སུ་རེ་བ་ཡོད་དེ། མདོོ་སྡེ་རྒྱལ་མཚན་དམ་པ་ལས། །འཇིགས་པས་སྐྲག་པའི་མི་རྣམས་ནི། །ཕལ་ཆེར་རི་དང་ནགས་ཚལ་དང་། །ཀུན་དགའ་ར་བ་མཆོད་རྟེན་དང་། །ལྗོན་ཤིང་དག་ལ་སྐྱབས་སུ་འགྲོ། །སྐྱབས་དེ་གཙོ་བོ་མ་ཡིན་ཞིང་། །སྐྱབས་དེ་མཆོག་གྱུར་མ་ཡིན་ཏེ། །སྐྱབས་དེ་དག་ལ་བརྟེན་ནས་ནི། །སྡུག་བསྔལ་ཀུན་ལས་རབ་མི་ཐར། །ཞེས་གསུངས་པ་ལྟར་རོ། །འདི་ལྟར་སྐྱེ་བོ་གྲུབ་མཐའ་ལ་མ་ཞུགས་པའམ། ཞུགས་ཀྱང་སྐྱབས་མ་ཡིན་པ་ལ་སྐྱབས་སུ་སྒྲོ་འདོགས་པ་ཕྱི་རོལ་བར་གྱུར་བ་དང་། ནང་པའི་ཁོངས་སུ་ཆུད་པས་དཀོན་མཆོག་ལ་དད་པ་ཉི་ཚེ་བ་ཡོད་ཀྱང་ལམ་ལ་འཇུག་པའི་ནུས་པ་མེད་པ་དང་། སྟོན་པས་གནས་སྐབས་ཀྱི་མངོན་མཐོ་བསྒྲུབ་པ་ལས་བརྩམས་ཏེ་ཇི་སྙེད་གཅིག་གསུངས་པའི་ལམ་ལ་གུས་པས། ཚེ་འདི་པའི་གནས་ལ་ཆེ་ཐང་དུ་མི་བྱེད་ཀྱང་ཕྱི་མའི་འཇིག་རྟེན་གྱི་མངོན་མཐོའི་བདེ་འབྲས་ལ་དོན་གཉེར་གྱི་ཀུན་སློང་འབའ་ཞིག་དང་དུ་ལེན་པ་ནི་སྐྱེས་བུ་ཆུང་ངུ་ཡིན་ཏེ། ལམ་སྒྲོན་ལས། གང་ཞིག་ཐབས་ནི་དེ་དག་གིས། །འཁོར་བའི་བདེ་བ་ཙམ་དག་ལ། །རང་ཉིད་དོན་དུ་གཉེར་བྱེད་པ། །སྐྱེས་བུ་དེ་ནི་ཐ་མར་འོས། །ཞེས་བཤད་པ་ལྟར་རོ། །དོན་དེའི་ཕྱིར་དུ་དཀོན་མཆོག་ལ་སྐྱབས་སུ་འགྲོ་བ་དག་ནི་སྐྱེས་བུ་ཆུང་ངུའི་ནང་ཚན་ནས་ཅུང་ཟད་ཁྱད་པར་དུ་བྱས་པ་སྟེ། དོན་ལ་ངན་སོང་གི་འཇིགས་པ་ཙམ་གྱིས་སྒྲག་པ་ལས་གནས་སྐབས་ཀྱི་འབྲས་བུ་མཐོ་རིས་ལ་དམིགས་ཤིང་། དུས་ཀྱང་མངོན་མཐོའི་བདེ་འབྲས་ཐོབ་པའི་བར་དུ་སྐྱབས་སུ་འགྲོ་བ་ནི་བཟང་པོ་མ་ལགས་པར། འདུལ་བ་ལུང་ལས། ཀུན་དགའ་བོས་བྲམ་ཟེའི་བུ་མོ་ལ་མཐོ་རིས་ཀྱི་ཡོན་ཏན་སྐྱབས་སུ་འགྲོ་བ་


JL00_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱུང་བའི་ཚུལ་བཤད་པས། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། ཀུན་དགའ་བོ་དེ་ནི་མ་ལགས་ཏེ། སྲིད་པའི་བདེ་བ་གཉེར་བ་དེ་ནི་སྐྱེས་བུ་མ་རབས་ཞེས་བྱའོ། །དེ་བས་ཐར་པའི་ཡོན་ཏན་ཡང་དག་པར་སྒྲོགས་ཤིག །ཅེས་གསུངས་པ་ལྟར་རོ། །དེ་ཡང་ཐར་པ་ནི་འཁོར་བ་ལས་གྲོལ་ཙམ་པའི་ངེས་ལེགས་ཀྱི་ན་པ་ཡིན་ནོ། །སྐྱེས་བུ་འབྲིང་གི་ལམ་ནི་སྟོན་པས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ལས་བརྩམས་ཏེ་གསུངས་པའི་ཆོས་མཐའ་དག་སྟེ། འདི་ལྟར་བློའི་ཁྱད་པར་སྲིད་པ་མཐའ་དག་སྡུག་བསྔལ་གྱི་རང་བཞིན་དུ་ཤེས་ནས་སྐྱོ་བ་བསྐྱེད་ཅིང་། རང་དོན་དུ་དེ་ལས་གྲོལ་བའི་ཐར་པ་འཐོབ་བྱར་དམིགས་པའི་སྔོན་དུ་སྐྱབས་སུ་འགྲོ་ཞིང་། དེའང་གནས་སྐབས་ཇི་སྲིད་འཚེའི་བར་དང་། མཐར་ཐུག་ཉན་རང་གི་འབྲས་བུ་ཐོབ་པའི་བར་དུ་འགྲོ་བའོ། །དེ་སྐད་དུ་མདོ་རྒྱལ་མཚན་ལས། །གང་ཞིག་གང་ཚེ་སངས་རྒྱས་དང་། །ཆོས་དང་དགེ་འདུན་སྐྱབས་སོང་སྟེ། །འཕགས་པ་ཡིན་ནི་བདེན་པ་བཞི། །སྡུག་བསྔལ་སྡུག་བསྔལ་ཀུན་འབྱུང་དང་། །སྡུག་བསྔལ་ཡང་དག་འདས་པ་དང་། །མྱ་ངན་འདས་དེར་འགྲོ་བ་ཡི། །འཕགས་ལམ་ཡན་ལག་བརྒྱད་པོ་དག །ཤེས་རབ་མིག་གིས་བལྟ་བྱེད་ན། །སྐྱབས་དེ་དག་ནི་གཙོ་ཡིན་ཞིང་། །སྐྱབས་དེ་དག་ནི་མཆོག་ཡིན་ཏེ། །སྐྱབས་དེ་དག་ལ་བརྟེན་ནས་ནི། །སྡུག་བསྔལ་ཀུན་ལས་རབ་ཏུ་ཐར། །ཞེས་སོ། །སྐྱེས་བུ་ཆེན་པོའི་ལམ་ནི། རྣམ་མཁྱེན་བསྒྲུབ་པའི་ཐབས་རྒྱུ་འབྲས་ཀྱི་ཐེག་པ་ཆེན་པོ་རྣམ་གཉིས་ཏེ་སྔགས་དང་ཕ་རོལ་ཏུ་ཕྱིན་པའོ། །དོན་གཉེར་དུ་བསྒྲུབ་པའི་གང་ཟག་ལ་སྐྱེས་བུ་ཆེན་པོ་ཞེས་བྱ་སྟེ། དེའི་རང་བཞིན་ནི་སྙིང་རྗེ་ཆེན་པོའི་གཞན་དབང་དུ་གྱུར་བ་ཡིན་པས། གཞན་དོན་སྤང་བའི་ཞི་བདེ་ལ་འཇིགས་ཤིང་། སེམས་ཅན་གཞན་གྱི་སྡུག་བསྔལ་མཐའ་དག་ཟད་པར་བྱ་བའི་ཕྱིར་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་


JL00_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

པར་དམིགས་པའི་སྔོན་དུ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་སྟེ། ཐར་པ་ཆེན་པོ་ལས། གང་རྣམས་སྲིད་པའི་ཆུ་བོར་ལྷུང་བ་དེ་དག་གི་ཕྱིར་རང་ཉིད་ཞི་བའི་འཇིགས་པ་ཡོངས་སུ་སྤངས་ཏེ་སྐྱབས་སུ་འགྲོ་བ་ནི་སྐྱེས་བུ་མཆོག་རབ་ཅེས་བྱའོ། །དེད་དཔོན་དམ་པ་ཞེས་བྱའོ། །ཞེས་སོ། །དུས་ཀྱང་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་རམ། སངས་རྒྱས་ཀྱི་ཡེ་ཤེས་གཞལ་དུ་མེད་པ་རང་རྒྱུད་ལ་གྲུབ་ནས་བྲལ་ཐོབ་དང་བསླུ་བ་སྤངས་པ་འབྲས་བུའི་སྐྱབས་གནས་ལ་རེག་པའི་བར་དུའོ། །དེ་ལྟར་རྟེན་གྱི་གང་ཟག་གསུམ་དུ་བཞག་པ་ཡང་འབྲས་བུ་བསྒྲུབ་པའི་བསམ་པ་ཐ་དད་པ་གསུམ་གྱི་འབྲས་མིང་རྒྱུ་ལ་བཏགས་པ་སྟེ། དེའང་སྐྱེས་བུ་ཆུང་ངུའི་བློ་ཅན་དག་ནི་ཕྱི་རོལ་པའི་གཙང་སྦྲ་དང་། འཚེ་བ་སྤང་བ་དང་། ཆོས་སྤྱོད་པས་མཐོ་རིས་སུ་འགྲོ་བ་ནི་ཡོད་དེ། གཅེར་བུ་པའི་བུ་བདེན་སྨྲས་རྒྱལ་བ་གཏུམ་པོ་རབ་སྣང་ལ་མི་དགེ་བ་བཅུ་ལས་ལྡོག་པའི་གཏམ་བྱས་པས་ཤེས་ལ། ནང་པའི་དཀོན་མཆོག་ལ་སྐྱབས་སུ་སོང་ནས་དགེ་བ་ཅུང་ཟད་ཀྱི་མཐོ་རིས་སུ་འགྲོ་བ་ནི་ཕག་ཏུ་སྐྱེ་བར་འགྱུར་བའི་ལྷའི་བུས་སྐྱབས་འགྲོ་བྱས་པས་ངན་འགྲོའི་རྒྱུ་དག་པར་གྱུར་པ་བཞིན་ཏེ། དེ་སྐད་དུ། གང་དག་སངས་རྒྱས་སྐྱབས་སོང་བ། །དེ་དག་ངན་འགྲོར་འགྲོ་མི་འགྱུར། །མི་ཡི་ལུས་ནི་སྤངས་ནས་སུ། །དེ་དག་ལྷ་ཡི་ལུས་ཐོབ་བོ། །ཞེས་གསུངས་པས་མཚོན་ནོ། །གཉིས་ཀའང་བསོད་ནམས་ཆ་མཐུན་གྱི་དགེ་བ་བཅུ་དང་བསམ་གཏན་གཟུགས་མེད་ལ་བརྟེན་དགོས་ཏེ། དེ་མེད་ན་མཐོ་རིས་སུ་མི་བགྲོད་པའི་ཕྱིར་རོ། །སྤྱིར་གྲངས་ཅན་པའི་ལུགས་ནི་ཐར་པའང་དངོས་དང་ཕྱོགས་འདྲ་རུང་བ་ཙམ་ཡོད་པས་པཎྜི་ཏ་སའི་སྙིང་པོ་ཙམ་ཡང་ཕྱི་ནང་གཉིས་ཀ་ལ་ཞུགས་པས་མགོ་རྨོངས་པར་གྱུར་ན། སྐྱེ་བོ་གྲུབ་མཐའ་ལ་མ་ཞུགས་


JL00_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་ནི་ཕྱུགས་དང་མཚུངས་ལ། གལ་ཏེ་ཞུགས་ཀྱང་རྨོངས་པས་ཟིལ་གྱིས་ནོན་པ་དང་། ལས་དང་ལས་ཀྱི་འབྲས་བུ་ལ་ཅང་མི་སེམས་པའི་ལས་མཐའ་ལོག་པ་དག་ནི་ཚེ་ཕྱི་མ་ཕན་ཆད་ཀྱི་བདེ་འབྲས་ཀྱང་ཉམས་པར་བྱེད་པས་གྲངས་ཅན་པ་ལས་ཐ་ཤལ་བའོ། །སྐྱེས་བུ་འབྲིང་ནི་ཉན་རང་དང་། ཐེག་པ་ཆེན་པོའི་ལམ་ནས་ངེས་པར་འབྱུང་བ་ཉིད་དོ། །དེ་ལྟར་ཀུན་སློང་གསུམ་གྱི་དབྱེ་བ་བཞིན་ལམ་གྱི་རིམ་པ་ལའང་དེ་བཞིན་དུ་འཇུག་དགོས་པ་ནི་མ་ཡིན་མོད། གཞན་དུ་ཆུང་འབྲིང་གཉིས་ཀྱི་གནས་སྐབས་ཀྱི་མངོན་མཐོ་དང་། ངེས་ལེགས་ཙམ་པོ་པའི་ཕན་ཡོན་ལ་དམིགས་པས་ཆེན་པོའི་ལམ་སྟེགས་སུ་འདོད་པའང་ཡོད་མོད་ཀྱི། འདིར་ནི་དམན་ལམ་གྱི་ཉེས་དམིགས་དང་ཐེག་པ་ཆེན་པོའི་ཁྱད་པར་གྱི་ཡོན་ཏན་ཤེས་ནས་དེ་ལ་འཇུག་པའི་དགོས་དབང་གི་བསྟན་པ་ཉིད་དུ་རིགས་པར་བྱའོ། །ལམ་དུས་སངས་རྒྱས་རྣམས་ནི་སེམས་ཅན་གྱི། ཁམས་ལ་ཐུགས་རྗེ་དུས་ལས་ཡོལ་བ་མེད། །བ་སྤུའི་ཁུང་བུ་གཅིག་གི་ཡོན་ཏན་ཀྱང་། །མཐའ་དག་བརྗོད་པས་མ་ཐུག་ནམ་མཁའ་ལྡིང་། །བྱ་ལམ་གྲུབ་མཐའ་མ་སྙོགས་སླར་འབབ་འདྲ། །ཞེས་སྨོས་ནས་དེ་ལ་རྨི་ལམ་གྱི་ལམ། བག་ཆགས་ཀྱི་ལམ། ལས་ཀྱི་མཐའི་ལམ། འཁྲུལ་འཁོར་མ་ངེས་པའི་ལམ། རྒྱུ་དང་འབྲས་བུ་སོ་སོར་མ་ངེས་པའི་ལམ་སྟེ་རྒྱུད་ལྔས་བསྡུས་པའི་འགྲོ་བ་མཐའ་དག་ལ་མ་བཅོལ་ཡང་སྙིང་རྗེ་ཆེན་པོ་འབའ་ཞིག་གི་ཐུགས་དྲངས་པའི་གྲོགས་མཛད་པ་ལ་ལེ་ལོ་དང་བསྙེལ་བ་མི་མངའ་ཞིང་། རྒྱུན་ཆད་པ་མེད་པ་ནི་དེ་བཞིན་གཤེགས་པའི་ཕྲིན་ལས་ཀྱི་ཡོན་ཏན་ཡིན་ཏེ། སློབ་དཔོན་དཔའ་བོས། ད་ནི་མགོན་མེད་ཁྱེད་རྣམས་ཀྱི། །གྲོགས་སུ་གྱུར་པ་ཞེས་སྒྲོགས་ཤིང་། །ཐུགས་རྗེ་ཆེན་པོས་འགྲོ་བ་ནི། །མཐའ་དག་འཁྱུད་པ་བཞིན་དུ་


JL00_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས། །སྟོན་པ་ཐུགས་རྗེ་ཆེ་མངའ་བ། །བརྩེ་བར་ལྡན་ཞིང་ཐུགས་བརྩེར་མཛད། །དེར་བརྩོན་ལེ་ལོ་མི་མངའ་བ། ཁྱོད་དང་འདྲ་བ་གཞན་སུ་མཆིས། ཁྱོད་ནི་སེམས་ཅན་ཀུན་གྱི་མགོན། །སྤྱི་ཡི་རྩ་ལག་བཟང་པོ་ལགས། །མགོན་དུ་ཁྱོད་བཞུགས་མ་འཚལ་བས། །ད་སླད་སྐྱེ་བ་བྱིང་བར་གྱུར། །ཞེས་གསུངས་པ་སྟེ། མདོར་བསྡུ་ན། ཤེས་བྱའི་ལྟ་བ་དང་ཇི་སྙེད་པ་ཐམས་ཅད་ལ་མཁྱེན་པའི་ཡེ་ཤེས་ཆགས་ཐོགས་མེད་པར་འཇུག་པས་ཤེས་བྱ་རྒྱ་ཆེ་ལ་ཤེས་པ་རྒྱ་ཆུང་བའི་སྐྱོན་གྱིས་མ་གོས་པས་སྔ་མ་ལས། ཁྱོད་འབའ་ཞིག་གི་ཡེ་ཤེས་ཀྱིས། །ཤེས་བྱ་མཐའ་དག་ཁྱབ་ལགས་ཀྱི། ཁྱོད་ལས་གཞན་པ་ཐམས་ཅད་ཀྱི། །ཤེས་བྱ་ཁོ་ན་ལྷག་པ་ལགས། །ཞེས་དང་། བརྩེ་བའི་ཡོན་ཏན་གྱི་ཆ་ནས། སེམས་ཅན་རྣམས་ཉོན་་མོངས་པའི་ཞགས་པས་རང་དབང་དང་བྲལ་བར་བཅིངས་པ་བཞིན་དུ། ཐུབ་པའི་སྙིང་རྗེ་ཆེན་པོས་འགྲོ་བ་རྣམས་སྡུག་བསྔལ་བར་གཟིགས་པའི་ཐུགས་རྗེ་ཆེན་པོ་རྒྱུན་ཆད་མེད་པས་བཅིངས་པའི་ཚུལ། བསྟོད་པ་བརྒྱ་ལྔ་བཅུ་པ་ལས། །འགྲོ་བ་འདི་དག་ཐམས་ཅད་ནི། ཁྱད་མེད་ཉོན་མོངས་རྣམས་ཀྱིས་བཅིངས། ཁྱོད་ནི་འགྲོ་བའི་ཉོན་མོངས་དག །དགྲོལ་སླད་ཡུན་རིང་ཐུགས་རྗེས་བསྡམས། །ཞེས་སོ། །དེ་ལྟར་མཁྱེན་པའི་ཡེ་ཤེས་དང་། བརྩེ་བའི་ཐུགས་རྗེ་དང་། མཛད་པའི་ཕྲིན་ལས་གསུམ་ནི་སེམས་ཅན་གྱི་ཁམས་ལ་ཕན་པ་རྒྱུན་ཆགས་སུ་འབྲེལ་བས་ནམ་ཡང་བསླུ་བ་མེད་པ་ཡིན་ལ། ཡོན་ཏན་རྒྱ་ཆེ་བའི་ཆ་ནས་གཞལ་ན་ངག་གི་རང་བཞིན་ལ་སྤོབས་པའི་གཏེར་ཆེན་པོ་གྲོལ་བ་འཕགས་པ་འཇམ་དཔལ་དང་། ཤེས་རབ་དང་། ཡེ་ཤེས་དང་། དྲན་པ་དང་། གཟུངས་


JL00_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དབང་ཐོབ་པས་དེ་བཞིན་གཤེགས་པ་མ་གཏོགས་གཞན་སུས་ཀྱང་སྤོབས་པའི་རྒྱུན་གཅོད་མི་ནུས་པ་དགེ་བསྙེན་བྱང་ཆུབ་སེམས་དཔའ་ལི་ཙ་བྱི་དྲི་མེད་གྲགས་པ་ལྟ་བུར་ཀྱང་དེ་བཞིན་གཤེགས་པའི་བ་སྤུའི་ཁུང་བུ་གཅིག་གི་ཡོན་ཏན་མཐའ་དག་བརྗོད་པ་ལ་ཞུགས་ན། ནམ་མཁའ་ལྡིང་དར་ལ་བབས་པའི་ལང་ཚོས་དྲེགས་པ་ཞིག་ནམ་མཁའི་ཕ་མཐའ་གཞལ་བ་ལ་ཞུགས་པ་བཞིན། རང་ཉིད་ལ་ངལ་ཞིང་དུབ་པའི་མཐའ་རྣམ་པ་གཉིས་ཐོབ་ནས་སླར་འབབ་པ་དང་འདྲ་བ་ཡིན་པས་ན་ཡབ་སྲས་མཇལ་བའི་མདོ་ལས། བྱ་ལམ་ནམ་མཁའ་དཔག་པར་ནུས་ཀྱང་སྲིད། །རྒྱ་མཚོ་བུམ་པས་གཞལ་དུ་རུང་ཡང་སྲིད། །སངས་རྒྱས་ཡོན་ཏན་ཕ་མཐའ་རྟོགས་མི་ནུས། །ཞེས་སོ། །ཡང་། འདི་ན་འཁོར་བའི་འཁོར་ལོར་ཡང་ནས་ཡང་། །བརྒྱུད་དེ་ལས་ངན་བསགས་པའི་མཚང་ཅན་རྣམས། །འཁོར་ལོས་བསྒྱུར་དང་དབང་ཕྱུག་ལ་སོགས་པ། །སྐྱབས་གཞན་གང་གིས་བསླུ་བར་མཐོང་ནས་ནི། །འཇིགས་དང་དད་དང་སྙིང་རྗེ་རྣམ་གསུམ་གྱིས། །གཞན་དོན་སེམས་པ་སྐྱེས་བུ་ཆེན་པོའི་བློས། །དཀོན་མཆོག་རྗེས་སུ་དྲན་པས་སྐྱབས་སུ་འགྲོ། །དེ་ལ་བདག་ཅག་ནི་ཉེས་ཅན་ཁྲི་མུན་ལས་ཡར་བའི་ཕྱི་མཐའ་ཐམས་ཅད་གནོད་པ་ཅན་གྱིས་བསྐོར་ནས་ཡོད་པ་ལྟར་འཁོར་བའི་རང་བཞིན་ཉོན་མོངས་པ་དང་། ཉེས་པ་བརྒྱ་ཕྲག་དུ་མའི་འདམ་རྫབ་ཆེན་པོར་ཡང་ནས་ཡང་དུ་ཁ་བརྒྱུད་ཅིང་། དམྱལ་བར་འགྲོ་བ་དང་། ཡི་དྭགས་སུ་འགྲོ་བ་དང་། དུད་འགྲོར་འགྲོ་བ་དང་། ལྷ་མ་ཡིན་དུ་འགྲོ་བ་དང་། མི་དབུལ་པོ་དང་། ཉམ་ཐག་པ་དང་། སྲོག་གི་འཇིགས་པས་སྒྲག་པ་ལ་སོགས་སྡུག་བསྔལ་དང་གནོད་པ་དུ་མའི་ནང་དུ་ངེས་པར་འགྲོ་དགོས་པའི་ལས་ངན་རྒྱ་ཆེ་ལ་གཏིང་ཟབ་པ་ཤ་སྟག་བྱས་ཤིང་བསགས་པའི་མཚང་


JL00_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་དང་ལྡན་པ་ཡིན་པས། འཁོར་ལོས་བསྒྱུར་བའི་རྒྱལ་པོ་དང་། འཇིག་རྟེན་གྱི་མེས་པོ་ཚངས་པ་དང་། ལྷ་དབང་ཕྱུག་ཆེན་པོ་དང་། གནོད་སྦྱིན་མ་རུངས་པའི་སྡེ་ཚོགས་རང་ཉིད་ཀྱང་འཁོར་བ་ན་འཁོར་བ། དོན་དམ་པའི་བདེན་པ་མ་མཐོང་བ། འཇིགས་པའི་གཡང་ས་ལ་རྒྱུ་བ། གནས་སྐབས་ཙམ་དུའང་ཕན་པ་དང་གནོད་པ་འདྲེས་མར་སྦྱིན་པའི་རང་བཞིན་དག་གིས་ནི་སྐྱོབ་པར་མི་ནུས་ཤིང་བསླུ་བའི་རང་བཞིན་ཅན་ཡིན་པས་ན་སྐྱབས་སུ་འོས་པ་ནི་གཅིག་ལས་གཉིས་པ་མེད་དེ་མདོ་ལས། རྐང་གཉིས་དམ་པ་མ་གཏོགས་པ། འཇིག་རྟེན་དག་ན་སྐྱབས་གཞན་མེད། །ཅེས་སོ། །རྒྱུ་གང་གིས་ན། སངས་རྒྱས་ནི་རང་ཉིད་འཇིགས་པ་མེད་པའི་གོ་འཕང་ཐོབ་པས་གང་གིས་སྐྱབས་སུ་སོང་བ་དེ་འཁྲི་ཤིང་ལྗོན་པ་ལ་བརྟེན་པ་ལྟ་བུ་དང་། གདུལ་བྱ་འདུལ་བའི་ཐབས་ལ་མཁས་པས་སྐྱབས་སུ་སོང་ཚད་ཀྱི་དགོས་དོན་འགྲུབ་པ་དང་། ཐུགས་རྗེ་ལ་ཉེ་རིང་མི་མངའ་ཞིང་། དད་པ་དང་བསྒྲུབ་པའི་མཆོད་པས་མཉེས་པ་ཁོ་ན་ལས་ཟང་ཟིང་གི་རྗེས་སུ་མི་འཇུག་པའི་ཕྱིར་རོ། །དེ་ལྟར་ཡིན་པས་དེས་བསྟན་པའི་ཆོས་དང་། དེའི་བསྟན་པ་ལ་ཞུགས་ཤིང་འཕགས་པ་སློབ་པའི་དགེ་འདུན་རྣམས་ཀྱང་སྐྱབས་སུ་འོས་པའོ། །ཇི་ལྟར་སྐྱབས་སུ་འགྲོ་ན། ཐ་མལ་བ་རྣམས་ནི་ངན་སོང་གི་སྡུག་བསྔལ་ལ་འཇིགས་ཤིང་། མཐོ་རིས་ལ་སོགས་པའི་ཡོན་ཏན་ལ་འདོད་པ་དང་བཅས་པའོ། །ཉན་རང་གཉིས་ནི་དེའི་སྟེང་དུ་སྲིད་པའི་རང་བཞིན་སྐྱེ་རྒ་ན་འཆིའི་འཁྲུལ་འཁོར་ལ་འཇིགས་ནས་དད་པ་གསུམ་བསྐྱེད་པའོ། །ཐེག་པ་ཆེན་པོ་པ་ནི། བདག་ཉིད་ཀྱི་བློ་སྙིང་རྗེ་ཆེན་པོའི་གཞན་དབང་དུ་གྱུར་པས་རང་དོན་ཡལ་བར་དོར་ནས་སེམས་ཅན་གྱི་ཁམས་སུ་


JL00_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཏོ་ཅོག་འཁོར་བ་ལས་སྐྱོབ་པའི་ཕྱིར་དུ་སྟེ། དེའི་ཕྱིར་དང་པོ་གཉིས་ཀྱི་ཆ་ལས་ལོག་སྟེ་གཞན་དོན་འབའ་ཞིག་ལ་དམིགས་པ་སྐྱེས་བུ་ཆེན་པོའི་བློས་དཀོན་མཆོག་གསུམ་གྱི་ཡོན་ཏན་ལ་ངེས་པ་སྟོབས་སུ་གྱུར་པའི་བློ་ལྟོས་རྩེ་གཅིག་པ་སྙིང་ཐག་པ་ནས་འཆའ་བས་སྐྱབས་སུ་འགྲོ་བ་སྟེ། དེ་ལ་རེ་ཞིག་དམིགས་པའི་རྟེན་ཐུན་མོང་གི་དབང་དུ་བྱས་ནས་སངས་རྒྱས་སམ། ཁྱད་པར་གྱི་དབང་དུ་བྱས་ན་རྡོ་རྗེ་ཕྲེང་བ་ལས། དྲི་མེད་སེམས་ནི་སངས་རྒྱས་འགྱུར། །ཆོས་ནི་ངག་ཏུ་ཡང་དག་གསུང་། །སྐུ་ནི་དགེ་འདུན་ཞེས་བྱ་སྟེ། །བྱང་ཆུབ་སེམས་དཔའི་ཚོགས་ཀྱི་གནས། །ཞེས་དཀོན་མཆོག་གསུམ་འདུས་ཀྱི་ངོ་བོ་བླ་མ་ཉིད་གཙོ་བོར་བཞུགས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྤྲིན་ཕུང་གཏིབས་པ་ལྟ་བུས་བསྐོར་བ་གང་ནས་ཀྱང་བྱོན་པ་མེད། གང་དུའང་གཤེགས་པ་མེད། རྟག་ཆགས་ཀྱི་དངོས་པོར་མེད། མོས་པ་དང་འདུན་པའི་རང་གཟུགས་ལ་ཆུ་ལས་ཆུ་བུར་སྐྱེས་པ་ལྟར་མདུན་མཁར་གསལ་བཏབ་ལ། དངོས་དང་ཡིད་ཀྱི་མཆོད་པའི་ཚོགས་རྒྱ་ཆེན་པོས་མཆོད་ཅིང་། ཕྱག་འཚལ་བ་དང་། སྡིག་པ་བཤགས་པ་དང་། གུས་པ་འདུལ་བ་རྣམས་ཀྱིས་སྣ་དྲངས། བདག་དང་སེམས་ཅན་ཐམས་ཅད་འདུན་པ་གཅིག་གིས་ཐལ་མོ་སྦྱར་ནས་སྐྱབས་སུ་འགྲོ་བར་དམིགས་ནས་ངེས་པར་འབྱུང་བའི་དབྱངས་དང་ལྡན་པས། བདག་ལས་ཕུང་པོར་གྲུབ་གྱུར་ཅིང་། །གཟུགས་ལས་མི་འདུ་ཆགས་པ་ཡི། །གཏིང་མཐའ་མེད་པའི་འཁོར་བ་ན། །སྡུག་བསྔལ་ཞགས་པས་བཅིངས་པ་བདག །དེང་ནས་སྙིང་པོ་བྱང་ཆུབ་བར། །སེམས་ཅན་ཀུན་གྱི་དོན་སླད་དུ། །བླ་མ་མཆོག་དང་རྫོགས་སངས་རྒྱས། །ཐེག་པ་ཕྱི་ནང་ཆོས་དགེ་འདུན། །སྐྱབས་སུ་འོས་པ་མཐའ་དག་ལ། །འདུན་པ་ཙམ་དང་རྨོངས་


JL00_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

པས་མིན། །དེ་བཞིན་མངོན་པའི་ང་རྒྱལ་དང་། །ཉི་ཚེའི་སླད་དུ་མ་ཡིན་པར། །མཁྱེན་བརྩེ་ནུས་པའི་ཞགས་པ་ཡིས། །འགྲོ་འདི་འཁྱུད་པ་ལྟར་གྱུར་པའི། །དཀོན་མཆོག་གསུམ་གྱི་ཡོན་ཏན་ནི། །ཡང་དག་དྲན་པས་སྐྱབས་སུ་མཆི། །ཞེས་པ་ལ་སོགས་པས་སྙིང་ཐག་པ་ནས་སྐྱབས་སུ་འགྲོ་བ་ལན་གསུམ་གྱིས་མཐའ་བརྟེན་པར་བྱའོ། །དེ་ནི་ཆོ་གའམ། བརྡ་ལས་ཐོབ་པ་ཞེས་བྱ་སྟེ། དྲིན་ལན་གསབ་པ་ལས། སྐྱབས་སུ་འགྲོ་བ་གསུམ་ནོད་པའི་ཚེ། པུས་མོ་བཙུགས་ལ་ཐལ་མོ་སྦྱར་ཏེ་སྐྱབས་སུ་འགྲོ་བ་གསུམ་ཁ་ནས་ཚིག་ཏུ་བརྗོད་པ་ནི། ལུས་དང་ངག་གི་ཆོ་ག་བསྟན་པའོ། །ཞེས་དང་། ཆོ་གར་མ་ལྟོས་པ་ནི་སེམས་རྩེ་གཅིག་པས་གསུམ་ལ་སྐྱབས་སུ་འགྲོ་བ་སྟེ། དེ་ཉིད་ལས། གལ་ཏེ་སེམས་རྩེ་གཅིག་ཏུ་བྱས་ན། ལུས་དང་ངག་ཡོད་ཀྱང་ཆོ་གས་བསྟན་པ་མེད་དེ། དེ་ནི་ཆོ་ག་བསྟན་པ་མེད་པ་ཞེས་བྱའོ། །ཞེས་གསུངས་སོ། །ཇི་ལྟ་ནའང་རྗེས་ལ་དམིགས་པ་མེད་པའི་ཤེས་རབ་ཁོང་དུ་ཆུད་པའི་ངང་དུ་མཉམ་པར་གཞག་པ་ནི་དོན་དམ་པའི་སྐྱབས་འགྲོ་སྟེ། ཆོས་ཉིད་ཀྱིས་ཐོབ་པ་འཇིག་རྟེན་ལས་འདས་པའི་སྐྱབས་འགྲོའི་རྒྱུ་མ་ནོར་བ་ཡིན་ནོ། །རྒྱུའི་སྐྱབས་འགྲོའི་ཕན་ཡོན་བཤད་པའི་ཕྱིར། ཇི་ལྟར་ནམ་མཁའ་ཚད་གཟུང་མེད་པ་ལྟར། །དཀོན་མཆོག་ལ་བརྟེན་དཀར་ནག་ལས་འབྲས་ཀྱི། །ཕ་མཐའ་མི་དཔོགས་སྐྱབས་སོང་གཟུགས་གྱུར་ན། །ནམ་མཁའི་སྣོད་ཀྱིས་བརྟེན་པར་ནུས་མ་ཡིན། །ནང་པའི་ཁྱུར་འགྲོ་སྡོམ་པ་མཐའ་དག་བརྟེན། །སྡིག་སྒྲིབ་འཛད་ཅིང་གནོད་པའི་ཚོགས་ཀྱིས་སྤོང་། །ངན་འགྲོའི་གཡང་བསྲུང་དཀོན་མཆོག་གསུམ་མི་འབྲལ། །ཕུན་སུམ་ཚོགས་པ་མཐོང་བའི་ཆོས་ལ་འོང་། །བསོད་ནམས་ཚོགས་རྫོགས་གཟུགས་ཀྱི་སྐུ་གཉིས་


JL00_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ། །འདི་ལྟར་ནམ་མཁའི་རང་བཞིན་ནི་བླ་འོག་དང་ཕྱོགས་ཆས་མཚོན་པར་མི་ནུས་པ་ལྟར། སྤྱིར་དཀོན་མཆོག་ལ་བརྟེན་པའི་དཀར་ནག་གི་ལས་འབྲས་ནི་བློས་ཐུག་པ་མེད་པ་དངོས་ཤུགས་གཉིས་ཀས་ཡང་ཡང་སྨོས་ཟིན་ལ་དེ་སྐད་དུ་སྡེ་སྣོད་ལས་ཀྱང་། ཇི་ལྟར་ནམ་མཁའ་མཐར་ཐུག་མེད་པ་ལ། །འདོམ་གྱིས་གཞལ་བས་ཚད་བཟུང་མེད་པ་ལྟར། །དེ་བཞིན་དཀོན་མཆོག་གསུམ་ལ་བརྟེན་པ་ཡི། །ཡོན་ཏན་དང་ནི་སྡིག་པའི་མཐའ་མི་དཔོགས། །ཞེས་བཤད་ལ་བྱེ་བྲག་ཏུ་སྐྱབས་སུ་སོང་བའི་ཕན་ཡོན་ནི། དྲི་མ་མེད་པའི་མདོ་ལས། སྐྱབས་སུ་སོང་བའི་བསོད་ནམས་གང་། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་ན། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་དང་། ཕར་ཕྱིན་བསྡུས་པ་ལས། སྐྱབས་སོང་བསོད་ནམས་གཟུགས་ཡོད་ན། ཁམས་གསུམ་འདི་ཡང་སྣོད་དུ་ཆུང་། །རྒྱ་མཚོ་ཆེན་པོ་ཆུ་ཡི་གཏེར། །ཕུལ་གྱིས་བཅལ་བར་གཞལ་མི་ནུས། །ཞེས་དང་། ཁྱེའུ་རིན་པོ་ཆེས་བྱིན་པས་ཞུས་པའི་མདོ་ལས་ཀྱང་། གང་དག་སངས་རྒྱས་ལ་སྐྱབས་སུ་སོང་བ་དེ་དག་གི་དགེ་བའི་ཆོས་ཐམས་ཅད་མངོན་པར་འཕེལ་བ་ཡིན་ནོ། །ངོ་ཚ་ཤེས་པ་ཡིན་ནོ། །ཁྲེལ་ཡོད་པ་ཡིན་ནོ། །ཆོས་ལ་སྐྱབས་སུ་སོང་བ་དེ་དག་ནི་བག་ཡོད་པ་ཡིན་ནོ། །ཡོན་ཏན་གྱི་ཚོགས་མང་བ་ཡིན་ནོ། །རྟག་ཏུ་ཚེ་རབས་དྲན་པ་ཡིན་ནོ། །ཆོས་ཀྱི་བགོ་སྐལ་གྱི་ཚོགས་དང་ལྡན་པ་ཡིན་ནོ། །དགེ་འདུན་ལ་སྐྱབས་སུ་སོང་བ་དེ་དག་གི་སེམས་ལས་སུ་རུང་བ་ཡིན་ནོ། །ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་མང་བ་ཡིན་ནོ། །རྟག་ཏུ་རིགས་བཙུན་པ་ཡིན་ནོ། །རྨི་ལམ་དུའང་སངས་རྒྱས་དང་། །ཆོས་དང་། དགེ་འདུན་དང་མི་འབྲལ་བ་ཡིན་ནོ། །གཞན་ཡང་དཀར་པོ་ལ་མངོན་པར་


JL00_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བའི་ལྷ་རྣམས་ཀྱིས་བསྲུང་བ་ཡིན་ནོ། །དགེ་བའི་རྩ་བ་དག་ཀྱང་སྤེལ་བ་ཡིན་ནོ། །ཞེས་སོ། །དེ་ལ་ནང་པའི་ཁྱུར་ཚུད་པ་ནི། སྤྱིར་ཕྱི་ནང་གི་འཇོག་ཚུལ་མཐའ་གཅིག་ཏུ་མི་གནས་ཀྱང་། ཤཱནྟི་པ་ལ་སོགས་པ་འཕགས་ཡུལ་པ་འགའ་ཞིག་སྐྱབས་འགྲོས་འབྱེད་པར་གྲགས་པའང་། ཐོག་མར་སངས་རྒྱས་པའི་སྡེ་ཚན་དུ་ཚུད་ཅིང་སྐྱབས་འགྲོ་ཐོབ་པ་ནས་བཟུང་སྟེ་དཀོན་མཆོག་གསུམ་ལ་སྙིང་ཐག་པ་ནས་སྟོན་པ་ལ་སོགས་པའི་སྐྱབས་གསུམ་དུ་འཛིན་ཅིང་། ཐོབ་པ་དེ་མ་བཏང་བ་ཞིག་དགོས་ཀྱི། དེ་མེད་ན་བསོད་ནམས་ཆ་མཐུན་གྱི་དགེ་བ་བྱས་ཀྱང་སངས་རྒྱས་པར་མི་ཚུད་དོ། །སྡོམ་པ་མཐའ་དག་གི་རྟེན་གཞིར་འགྱུར་བ་ནི། སྐྱབས་འགྲོ་བདུན་ཅུ་པ་ལས། སྡོམ་པ་ཀུན་ལ་ཡོད་མོད་ཀྱིས། །སྐྱབས་སུ་མ་སོང་བ་ལ་མེད། །ཅེས་ཡོན་ཏན་གྱི་རྟེན་གཞིར་བཞག་པའི་ཕྱིར་ན་གྲུབ་མཐའ་ལ་ཞུགས་པ་རྣམས་ཀྱིས་སྐྱབས་འགྲོ་ནི་སྡོམ་པའི་རྟེན་དུ་རུང་བ་ཞིག་དགོས་ཏེ། སྔ་མ་ལས། དགེ་བསྙེན་གསུམ་ལ་སྐྱབས་འགྲོ་བ། །དེ་ནི་སྡོམ་བརྒྱད་རྩ་བ་ཡིན། །ཞེས་སྐྱབས་འགྲོས་མྱང་འདས་ཀྱི་བསམ་པ་བརྟན་པར་བྱས་ནས་དེ་ལས་སྡོམ་པ་སྐྱེ་བ་ལ་དགོངས་པས་སོ། །མཛོད་འགྲེལ་ལས་ཀྱང་། སྐྱབས་སུ་འགྲོ་བ་རྣམས་ནི་སྡོམ་པ་ཡང་དག་པར་བླང་བ་ཐམས་ཅད་ལ་སྒོར་གྱུར་བ་ཡིན་ནོ། །ཞེས་བཤད་དོ། །གཞན་ཡང་དཀོན་མཆོག་ལ་སྐྱབས་སུ་སོང་བས་སྔོན་བསགས་པའི་ལས་ཀྱི་སྒྲིབ་པ་དང་སྡིག་པ་རྣམས་ཀྱང་ལ་ལ་ནི་བསྲབ་པར་འགྱུར། ལ་ལ་ནི་འཛད་པར་འགྱུར་བའི་ཚུལ་ཡང་ཉི་མའི་སྙིང་པོའི་མདོར། སངས་རྒྱས་སྐྱབས་སུ་སེམས་ཅན་སུ་འགྲོ་བ། །བདུད་རྣམས་བྱེ་བས་གསད་པར་མི་ནུས་ཏེ། །ཚུལ་ཁྲིམས་ཉམས་ཤིང་བློ་ནི་འཁྲུགས་ཟིན་ཀྱང་། །དེ་ནི་


JL00_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པར་སྐྱེ་བའི་ཕ་རོལ་འགྲོ། །ཞེས་སོ། །གནོད་པ་དང་ཉེ་བར་འཆི་བ་ལས་ཐར་བའང་། མདོ་སྡེ་རྒྱལ་མཚན་དམ་པ་ལས། །དགེ་སློང་དག ཁྱོད་དགོན་པ་དང་། དུར་ཁྲོད་དང་། འབྲོག་སྟོང་པ་ལ་སོགས་པ་ན་འདུག་ཀྱང་རུང་། །གསུམ་ལ་སྐྱབས་སུ་སོང་ཞིག་དང་། །འཇིགས་པ་དང་། སྡུག་བསྔལ་བ་དང་། སྤུ་ཟིང་ཞེས་བྱེད་པ་དེ་དག་མེད་པར་འགྱུར་རོ། །ཞེས་དང་། དོན་འདི་དག་ལ་ནི་སྐྱེ་བོ་རྨོངས་པ་དག་ཡིད་ཆེས་པའི་གཏམ་རྒྱུད་ཀྱང་འཆི་སྟེ། སྔོན་རྐུན་པོ་ཞིག་ལ་དབྱིག་པས་ལན་གསུམ་བརྡེག་པ་དང་བསྟུན་ནས་རྡེག་པ་པོས། སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །ཞེས་བརྡ་སྤྲད་ཅིང་བསྣུན་པས། དེ་ན་ཐུག་གི་ཧ་ཅང་ཟིལ་གྱིས་ནོན་དྲགས་པས་ཟམ་པའི་འོག་ཏུ་བསྐུངས་ཏེ་ཡོད་པ་ན། སྐྱབས་འགྲོའི་ཚོག་དེ་ཟུག་རྔུ་དང་དུ་མ་རོ་གཅིག་པར་བློ་ཡུལ་དུ་ཉམས་བརྟས་པའི་མུར་ཟམ་པའི་ཕ་རོལ་ནས་མི་མ་ཡིན་མང་པོ་འུར་དིར་གྱིས་འོང་བས་མཐོང་སྟེ། འདི་ན་དཀོན་མཆོག་ལ་སྐྱབས་འགྲོ་བྱེད་པ་ཞིག་སྣང་ངོ་ཞེས་བྲོས་པར་གྱུར་སྐད། དེ་ལྟར་ཀུན་ནས་ཉོན་མོངས་པའི་རྣམ་པར་རྟོག་པ་ཅན་ལའང་དཀོན་མཆོག་གི་རང་བཞིན་བསམ་གྱིས་མི་ཁྱབ་པའི་གྲུབ་འབྲས་མི་བསླུ་ན། ཉོན་མོངས་པ་དང་། འཆིང་བས་ཀུན་ནས་དཀྲིས་པ་དང་། སྲིད་པར་འཁོར་བ་འཇིག་ཚོགས་ལ་བལྟ་བ་དང་། ཞི་བ་ཕྱོགས་གཅིག་པ་ཐེག་པ་དམན་པའི་ལམ་དུ་གོལ་བ་དང་། འཁོར་བ་དང་ངན་སོང་ལ་སོགས་པ་མི་མཐུན་པའི་ཕྱོགས་ཀྱིས་གཟིར་བ་མཐའ་དག་ལས་མཐོང་ཆོས་སུ་བསྐྱབ་ཅིང་། མངོན་པར་མཐོ་བ་དང་། ངེས་པར་ལེགས་པའི་དོན་ཐམས་ཅད་བདེ་བླག་ཏུ་གྲུབ་པར་བྱེད་པའི་མཐུ་ཆེན་པོ་དང་ལྡན་པ་འདི་ལ་སུ་ཞིག་བརྟེན་པར་མི་བྱེད། དེ་སྐད་དུ་མདོ་སྡེ་རྒྱན་ལས། རྟག་ཏུ་ཉོན་མོངས་ཚོགས་


JL00_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་དང་། །ཉེས་པར་སྤྱོད་པ་ཐམས་ཅད་དང་། །རྒ་དང་འཆི་བ་དག་ལས་ཀྱང་། །སངས་རྒྱས་ཉིད་ཀྱིས་ཡོངས་སུ་སྐྱོབ། །འཚེ་བ་དག་ནི་ཐམས་ཅད་དང་། །ངན་སོང་དང་ནི་གནས་མིན་དང་། །འཇིག་ཚོགས་ཐེག་པ་དམན་དག་ལས། །སྐྱོབ་ཕྱིར་སྐྱབས་ཀྱི་དམ་པ་ཡིན། །ཞེས་སོ། །ངན་སོང་དུ་སྐྱེ་བའི་རྒྱུ་དག་པའང་བསླབ་བཏུས་སུ། །འདིར་ཕག་གི་རྟོགས་པ་བརྗོད་པ་དཔེར་བྱའོ། །ཞེས་བཤད་པའི་དོན་ནི་ཕག་ཏུ་སྐྱེ་བར་འགྱུར་བའི་ལྷའི་བུས་སྐྱབས་འགྲོ་བྱས་པས་ཕག་ཏུ་མ་སྐྱེས་པ་སྔར་སྨོས་ཟིན་ལ། དཀོན་མཆོག་གསུམ་དང་མི་འབྲལ་བ་ནི་དེ་དག་རྗེས་སུ་དྲན་པ་ལས་འཐོབ་སྟེ། དྲན་པའི་ཚོམས་ལས། གང་ཞིག་ཉིན་དང་མཚན་རྣམས་སུ། །སངས་རྒྱས་རྗེས་སུ་དྲན་བྱེད་ཅིང་། །གང་དག་སངས་རྒྱས་སྐྱབས་སོང་བ། །དེ་དག་མི་ཡི་རྙེད་པ་ཡིན། །ཞེས་གཞན་གཉིས་ལའང་སྦྱར་ནས་གསུངས་པ་ལྟར་ཟླ་བ་སྒྲོན་མ་དང་། འཕགས་པ་དཀོན་མཆོག་བརྩེགས་པ་ལས་གསུངས་པ་བཞིན་གསུམ་པོ་རྗེས་སུ་དྲན་པ་ཚིག་གིས་ལེགས་པར་གསལ་བཏབ་ཅིང་། འདི་འདྲ་བའི་སྐྱབས་གསུམ་ལ་བརྟེན་དུ་ཡོད་པ་བདག་གིས་རྙེད་པ་ལེགས་པར་རྙེད་དོ་སྙམ་པའི་དགའ་བ་བསྒོམས་པའི་རྗེས་སུ་བསྔོ་བ་དང་འབྲེལ་ན་སྡིག་པ་ཟད་ཅིང་དགེ་བ་འཕེལ་བས་ཚེ་རབས་ཐམས་ཅད་དུ་དཀོན་མཆོག་གསུམ་དང་མི་འབྲལ་བ་ཐོབ་པ་ཡིན་ནོ། །ཕུན་སུམ་ཚོགས་པ་མཐོང་ཆོས་སུ་འོང་བ་ནི། གང་དུ་དཀོན་མཆོག་གསུམ་གྱི་ཡོན་ཏན་མ་གྲགས་པའི་འཇིག་རྟེན་དེ་ནི་འདྲེན་པས་སྤངས་པའི་ལོང་བ་ཆེན་པོ་ཡིན་ལ། འདིར་ཡོན་ཏན་གཞལ་དུ་མེད་པའི་སྐྱབས་ལ་བརྟེན་ནས་ཡོན་ཏན་དམ་པའི་རྗེས་སུ་འགྲོ་བ་དག་ལ་ནི་སྲིད་དང་ཞི་བའི་ཕུན་སུམ་ཚོགས་པ་མཐའ་དག་མཐོང་བའི་ཆོས་ལ་འབྱུང་སྟེ། དཀོན་


JL00_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་བརྩེགས་པ་ལས། མཁས་པ་དག་ནི་ཡོན་ཏན་རྗེས་སུ་འགྲོ། །དེ་ཡི་དབང་གིས་དོན་ཡང་ཕུན་ཚོགས་འགྲུབ། །ཅེས་པས་སོ། །དེ་བས་ན་ཆོས་ལྡན་གྱི་བྱ་བ་ཅི་ལྟ་བུ་བསྒྲུབ་པའི་ཐོག་མ་ལ་དཀོན་མཆོག་འབའ་ཞིག་ལ་བསྙེན་བཀུར་ཞིང་སྐྱབས་སུ་སོང་ནས་བསམ་པ་ཡིད་བཞིན་དུ་འགྲུབ་པར་གསོལ་བ་བཏབ་ན་བདེ་བླག་ཏུ་འགྲུབ་པ་ཉིད་དོ། །དེ་ལྟར་གནས་སྐབས་རྒྱུའི་སྐྱབས་འགྲོས་བསོད་ནམས་ཀྱི་ཚོགས་རྫོགས་ཤིང་མཐར་ཐུག་གཟུགས་ཀྱི་སྐུ་རྣམ་པ་གཉིས་འགྲུབ་པ་ནི། དཀོན་བརྩེགས་ལས། མི་གང་གསུམ་ལ་སྐྱབས་སུ་འགྲོ། །དེ་ཡིས་ཚོགས་ཀྱང་རབ་རྫོགས་ཤིང་། །སངས་རྒྱས་ཉིད་ཀྱང་འགྲུབ་པ་དང་། །ཆོས་དང་དགེ་འདུན་ཐོབ་པར་འགྱུར། །ཞེས་སོ། །དོན་དམ་པའི་སྐྱབས་འགྲོ་ངོས་བཟུང་བའི་ཕྱིར། འབྲས་བུའི་སྐྱབས་འགྲོ་བསླུ་བ་མེད་པ་ནི། །རྣམ་ཐར་སྒོ་གསུམ་སྨོན་པ་མེད་པའི་དབྱིངས། །གནས་ལུགས་རྡོ་རྗེ་འདུས་མ་བྱས་པ་ཡིན། །ཡེ་ཤེས་ཚོགས་རྫོགས་དག་པ་གཉིས་ལྡན་འཐོབ། །དེ་ལ་ཕ་རོལ་ཕྱིན་པའི་ཐེག་པས་མ་འོངས་པའི་ཆ་ལ་རང་རྒྱུད་ལ་མངོན་དུ་འགྱུརརུང་གི་སངས་རྒྱས་ལ་དམིགས་ཏེ་སྨོན་པའི་ཆ་གང་ཞིག་འབྲས་བུའི་སྐྱབས་འགྲོར་འདོད་དེ། དེའང་སྨོན་པའི་སེམས་བསྐྱེད་པ་ལྟ་བུ་གཞན་དོན་ལ་དམིགས་པ་ཅན་ནི་མ་ཡིན་ཏེ། འདི་ནི་རང་དོན་ལ་དམིགས་པའི་ཁྱད་པར་བྱས་པའོ། །དེའི་ངོ་བོ་ནི་ཡུམ་བར་བ་ལས། རབ་འབྱོར་གང་ལ་སངས་རྒྱས་ཀྱང་མི་དམིགས་ལ་ཆོས་དང་དགེ་འདུན་ཡང་མི་སེམས་ན། །འདི་ནི་ཡང་དག་པའི་སྐྱབས་འགྲོའོ། །ཞེས་སོ། །འདིར་ནི་ཆོས་སྐུའི་རང་བཞིན་དེ་ཡང་གཞན་རྒྱུད་ལ་བྱོན་ཟིན་པ་དེ་རྒྱུའི་སྐྱབས་སུ་བཞག་ནས། འབྲས་བུའི་སྐྱབས་འགྲོ་བསླུ་བ་མེད་པ་ནི་རང་གི་སེམས་ཉིད་འོད་གསལ་ཆོས་སྐུའི་རང་བཞིན་དག་ཐོབ་


JL00_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོས་པ་དང་བྲལ་བ་ནི་སངས་རྒྱས། འགྱུར་བ་མེད་ཅིང་དྲི་མས་མ་གོས་པ་ནི་དམ་ཆོས། ཡོན་ཏན་གྱི་ཆ་ཐམས་ཅད་རང་བཞིན་ལྷུན་གྲུབ་ཏུ་རྫོགས་པ་དགེ་འདུན་ཞེས་ཐ་སྙད་ཙམ་དུ་སྦྱར་ཏེ། ངོ་བོའི་ཆ་ནས་རྣམ་ཐར་སྒོ་གསུམ་གྱི་བཞུགས་ཚུལ་ཆེན་པོ་ལ། ཡུལ་དཀོན་མཆོག་དང་། ཡུལ་ཅན་བདག་དང་སེམས་ཅན་ཞེས་སྐྱབས་སུ་འགྲོ་བྱ་འགྲོ་བྱེད་ཀྱི་ཐ་སྙད་ཐམས་ཅད་སྨོན་པ་མེད་པའི་དབྱིངས་སུ་རྣམ་པར་བྱང་བ་ནི་འབྲས་བུའི་སྐྱབས་འགྲོ་ཉིད་དེ། ཡེ་ཤེས་གྲུབ་པ་ལས། དག་ཐོབ་བྲལ་བའི་སེམས་སངས་རྒྱས། །མི་འགྱུར་དྲི་མེད་ཆོས་དང་ནི། །ཡོན་ཏན་ལྷུན་རྫོགས་དགེ་འདུན་ཉིད། །ཡིན་ཕྱིར་རང་གི་སེམས་ཉིད་མཆོག །ཅེས་གསུངས་པ་ལྟར་རོ། །འདི་ལྟར་སངས་རྒྱས་པའི་ཆོས་ཐམས་ཅད་ནི་ཀུན་རྫོབ་བདེན་པས་ཚིག་གི་མཐའ་འབྱམ་ཀླས་པར་གཞལ་ཡང་། མཐར་ཐུག་དོན་དམ་པའི་བདེན་པ་ཉག་གཅིག་ཏུ་འབབ་པའི་ཕྱིར་ན། ལམ་གྱི་སྒོ་དང་པོ་སྐྱབས་འགྲོའི་གནད་མཐར་ཐུག་པ་རིག་པ་དང་རྟོགས་པའི་ཡོན་ཏན་ཁོང་དུ་ཆུད་པ་དུས་མཉམ་པ་འདི་ཕལ་གྱི་མི་རིག་གོ །འོ་ན་ལམ་གྱི་གནས་སྐབས་སུ་འབྲས་བུའི་སྐྱབས་འགྲོ་སྨོས་པ་ལ་དགོས་པ་ཅི་ཡོད་ཞེ་ན། རྒྱུའི་སྐྱབས་འགྲོའི་རྗེས་ཐོབ་ཐམས་ཅད་དུ་འབྲས་བུའི་སྐྱབས་འགྲོ་རྗེས་མཐུན་པའི་སྟོང་པ་ཉིད་ཀྱིས་རྒྱས་གདབ་དགོས་པ་ཡིན་ཏེ། དེ་ལས་ཡེ་ཤེས་ཀྱི་ཚོགས་རྫོགས་པའི་ཚུལ་བདེན་པ་གཉིས་བསྟན་པའི་མདོ་ལས། འཇམ་དཔལ་བསོད་ནམས་ཀྱི་ཚོགས་ཀྱིས་ནི་གཟུགས་ཀྱི་སྐུ་ཐོབ་ལ། ཡེ་ཤེས་ཀྱི་ཚོགས་ཀྱིས་ནི་ཆོས་ཀྱི་སྐུ་དམ་པ་མངོན་དུ་བྱེད་པ་ཡིན་ནོ། །ཞེས་སོ། །དེ་ནས། བསླབ་བྱ་རྒྱུ་འབྲས་གཉིས་ལས་དང་པོ་ནི། །མངའ་རིས་བྱ་དགའི་སླད་དུ་སྨོས་ཅི་དགོས། །སྲོག་གི་ཕྱིར་ཡང་དཀོན་མཆོག་གཏོང་


JL00_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

བ་མིན། །དེ་ཡི་ངོ་བོ་བླ་མར་སྐྱབས་སོང་ནས། །དམ་པ་བསླུ་དང་མི་སྙན་སྒྲོགས་པ་སྤང་། །དེ་ལ་ཕྱོགས་དང་པོ་རྒྱུའི་བསླབ་བྱ་ལ། །འདི་ལྟར་མངའ་རིས་དང་། ལོངས་སྤྱོད་ནི་ཚེ་གཅིག་གི་སྟོད་སྨད་ལ་སོགས་པར་ཡང་གཡོ་ཞིང་མི་བརྟན་པ་སྨོས་ཅི་དགོས། དེ་དག་ལ་བདག་དང་བདག་གི་བར་འཛིན་པའི་རྟེན་ལུས་དང་སྲོག་གི་རང་བཞིན་ཡང་གདོན་མི་ཟ་བར་འབྲལ་བར་འགྱུར་བས་སྙིང་པོ་མེད་ལ། དཀོན་མཆོག་ལ་སྐྱབས་སུ་འགྲོ་བས་ནི་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་བདེ་བ་ཐམས་ཅད་འཕྲལ་ཡུན་ཀུན་ཏུ་འགྲུབ་པ་ཉིད་དེ། གལ་ཏེ་རྨོངས་པའི་དབང་གིས་དམན་པ་དང་མཆོག་གི་ཁྱད་པར་ནོར་ནས་དཀོན་མཆོག་བཏང་བར་གྱུར་ན་ནི་ཚེ་རབས་ཀུན་ཏུ་སྡུག་བསྔལ་བརྒྱུད་མར་འབྱུང་བས་ན། ཐ་ན་བཞད་གད་ཀྱི་ཕྱིར་རམ། སྲོག་ལ་བབས་ཀྱང་དཀོན་མཆོག་མི་བཏང་བའི་དམ་བཅའ་བརྟན་པ་ལ་ཡང་ཡང་བསླབ་བར་བྱ་སྟེ། འདུལ་བ་ལུང་ལས། ཁྱོད་ཀྱིས་སྲོག་དང་རྒྱལ་སྲིད་དང་། ཐ་ན་བཞད་གད་ཀྱི་ཕྱིར་ཡང་དཀོན་མཆོག་གསུམ་སྤང་བར་མི་བྱའོ། །ཞེས་སོ། ཁྱད་པར་སྔགས་ཀྱི་ལམ་ལ་ནི་དཀོན་མཆོག་གསུམ་ཀའི་ངོ་བོ་མཚན་ལྡན་གྱི་བླ་མ་ལ་སྐྱབས་སུ་སོང་ནས་དམ་པར་གྱུར་པའི་སྐྱེས་བུ་རྣམས་བསླུ་བ་དང་། མི་སྙན་པ་བརྗོད་པ་ཡོངས་སུ་སྤང་བར་བྱ་བ་ནི། སྡོང་པོ་བཀོད་པ་ལས། དགེ་བའི་བཤེས་གཉེན་ལ་བརྟེན་པས་ནི་མཆོད་པར་འོས་པ་མི་བསླུ་བ་དང་། སྐྱེས་བུ་དམ་པ་རྣམས་ལ་མི་སྙན་པ་སྨྲ་བ་ཡོངས་སུ་སྤང་བར་བྱ་ཞིང་དམ་པའི་ཆོས་ཀྱི་རྗེས་སུ་འགྲོ་བར་བྱའོ། །ཞེས་སོ། །དེའང་སྐྱབས་གསུམ་སོ་སོའི་བསྲུང་མཚམས་ཀྱི་སྒོ་ནས་བཤད་པའི་ཕྱིར། དེ་བཞིན་སངས་རྒྱས་ཆོས་དང་དགེ་འདུན་ལ། །སྐྱབས་སུ་སོང་ནས་རིམ་བཞིན་བདག་ཉིད་ནི། །འཁོར་བར་འཁོར་བའི་


JL00_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ལ་ཕྱག་མི་འཚལ། །གཞན་ལ་མི་འཚེ་མུ་སྟེགས་ཅན་མི་འགྲོགས། །འདི་ནི་མན་ངག་ལས་བྱུང་བའི་བསླབ་བྱ་ཞེས་བྱ་སྟེ། དེ་ལ་གཉིས་ལས། དང་པོ་དགག་པའི་བསླབ་བྱ་གསུམ་ནི་མདོ་སྡེ་མྱང་འདས་ལས། གང་ཞིག་སངས་རྒྱས་སྐྱབས་འགྲོ་བ། །དེ་ནི་ཡང་དག་དགེ་བསྙེན་ཏེ། །ནམ་དུའང་ལྷ་ནི་གཞན་དག་ལ། །སྐྱབས་སུ་སོང་བ་མ་ཡིན་ནོ། །དམ་པའི་ཆོས་ལ་སྐྱབས་འགྲོ་བ། །འཚེ་ཞིང་གནོད་པའི་སེམས་དང་བྲལ། །དགེ་འདུན་ལ་ཡང་སྐྱབས་འགྲོ་བ། །མུ་སྟེགས་ཅན་དང་འགྲོགས་པ་མིན། །ཞེས་གསུངས་པས། སངས་རྒྱས་ལ་སྐྱབས་སུ་སོང་ནས་རང་ཉིད་འཁོར་བ་ན་འཁོར་བ་འཇིག་རྟེན་པའི་ལྷ་ཆེན་པོ་དྲག་པོ་དང་། ཁྱབ་འཇུག་ལ་སོགས་པར་ཡང་སྐྱབས་སུ་མི་འཛིན་ན། མཁའ་ལ་རྒྱུ་བའི་ཡི་དྭགས་རྫུ་འཕྲུལ་དང་མངོན་ཤེས་ཅུང་ཟད་ཡོད་པ་ལ་ལྟ་ཅི་སྨོས། དེ་ལྟ་ན་མགོན་པོ་བདུན་ཅུ་རྩ་ལྔ་ལ་སོགས་པ་ཆོས་སྐྱོང་དུ་མི་རུང་ངམ་སྙམ་ན། སྐྱབས་གསུམ་ལ་ཡིད་མ་ཆེས་པའམ། དེ་ལས་ལྷག་པར་བལྟས་ནས་བློ་གཏོད་ན་མི་རུང་བ་ཡིན་གྱི། གནས་སྐབས་ཆོས་ལྡན་གྱི་བྱ་བ་བསྒྲུབ་པའི་གྲོག་སུ་བསྟེན་ཅིང་མཆོད་པ་ལ་དགག་བྱ་མེད་དེ། དཔེར་ན་སྨན་པ་ལ་སྐྱབས་སུ་འཛིན་པ་མ་ཡིན་ཀྱང་ནད་ལས་གསོ་བའི་ལྟོས་འཆའ་བ་བཞིན་ནོ། །ཆོས་ལ་སྐྱབས་སུ་སོང་ནས། སེམས་ཅན་གང་དག་འཆིང་ཞིང་བརྡེག་པ་དང་། གོ་རར་འཛུད་པ་དང་། རྣ་དབུག་ཅིང་བྱ་འདྲལ་བ་དང་། མི་ཐེག་པའི་ཁལ་གྱིས་མནར་བ་དང་། ལམ་ཚད་ལས་དཔགས་ཏེ་བཞོན་པ་ལ་སོགས་འདི་དག་རྨོངས་པའི་དབང་གིས་ཉེས་བྱས་སུ་མི་རིག་པ་མང་སྟེ་སེམས་ཅན་ལ་འཚེ་བ་ཆེན་པོ་ཡིན་པས་སྤང་བར་བྱ་སྟེ། དཔེར་ན་བྱ་དང་རི་དྭགས་


JL00_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་བརྩེད་འཇོ་དང་། ངོ་མཚར་གྱི་སླད་དུ། ཆེད་དུ་གཉེར་གདམས་ཀྱི་བདག་གིར་བྱེད་པ་ནི་གོ་རར་འཆིང་བའི་སྡེ་ཚན་ཏེ། དེ་དག་བག་ཡངས་སུ་རྒྱུ་བ་བཀག་པའི་སྡུག་བསྔལ་དང་འཚེ་བ་ཇི་ལྟར་ཐོབ་རང་ཉིད་ལ་རྗེས་སུ་དཔགས་པས་ཤེས་པར་འགྱུར་རོ། །དགེ་འདུན་ལ་སྐྱབས་སུ་སོང་ནས། དཀོན་མཆོག་ལ་ཡིད་མི་ཆེས་ཤིང་བསྐུར་བའི་གང་ཟག་དང་ཉེ་བར་མི་བྱེད་ཅིང་། ཐ་ན་དཀོན་མཆོག་ལ་ཆེ་ཐང་དུ་མི་འཛིན་པ་དེ་ལའང་བློ་ཕྱོགས་པར་མི་བྱེད་དོ། །དེའི་མཐུན་ཕྱོགས་བསྒྲུབ་པའི་བསླབ་བྱ་གསུམ་ནི། རྒྱལ་བའི་སྐུ་གཟུགས་བྲིས་འབུར་གྱི་རྣམ་པ་བཟོ་སྒྲོས་ཅི་འདྲ་ཡང་། དཔྱས་མི་གདགས། སྲི་ཞུ་ལྷོད་པའི་གནས་སུ་མི་བཞག་གཏའ་མར་མི་འཇུག་པ་ལ་སོགས་བརྙས་ཐབས་ཐམས་ཅད་སྤང་དགོས་ཏེ། དམ་པའི་ཆོས་པདྨ་དཀར་པོ་ལས་སྐུ་གཟུགས་རྣམ་པ་མང་པོ་དེར་སྤྲུལ་ནས། འགྲོ་བ་དགེ་བ་སྤྱོད་པའི་དོན་བྱེད་དོ། །ཞེས་བཟོ་སྤྲུལ་པའི་སྐུའི་རང་བཞིན་ཡིན་པའི་ཕྱིར་རོ། །རྒྱུ་དེས་དཀོན་མཆོག་ལ་དད་པ་དང་བརྙས་པའི་རྒྱུ་འབྲས་སྨིན་ཚུལ་བློས་མི་འཁྱུད་པར་གསུངས་པའི་ལུང་མང་ངོ་། །ཆོས་ཚིགས་སུ་བཅད་པ་བཞི་པ་ནས་གཅིག་པའི་བར་ཡན་ཆད་ལ་མ་གུས་པ་མི་བྱ་སྟེ། འདུལ་བ་ལུང་ལས། སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཅེས་པ་ལའང་སྟོན་པའི་ལུང་རྟོགས་ཀྱི་བསྟན་པའི་རྣམ་གཞག་ཚང་བའི་ཕྱིར་ན། གླེགས་བམ་ཟོང་དུ་བྱེད་པ་དང་། ས་རྗན་པར་ཅི་མི་གལ་དུ་འདོར་བ་དང་། སྲི་ཞུས་ཉམ་ཆུང་བར་བྱེད་པ་དང་། འགོམ་ཡུགས་དང་། གཏའ་མར་འཇུག་པ་སོགས་སྤང་བར་བྱ་སྟེ། དཀོན་མཆོག་ལ་དད་པའི་


JL00_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཟག་དམ་པ་རྣམས་གསུང་རབ་གདན་དྲངས་པ་མཐོང་ཡང་ལྡང་ཞིང་། ཐལ་མོ་སྦྱོར་བ་དང་། བཞོན་པ་ལས་གཞོལ་བ་དང་། འབྲུ་བསྣོན་དུ་སོ་དྲེག་སྐུད་པ་ལའང་ཡ་ང་བའི་གནས་སུ་མཛད་པ་དེ་ངོ་མཚར་ཆེའོ། །ད་ལྟ་ཆོས་ཀྱི་ཚིག་དོན་ལ་བརྟག་བྱེད་ཅིང་། སྤྲུལ་པའི་གཟུགས་བརྙན་ལ་རྩེད་མོ་དང་། བརྙས་ཐབས་འབའ་ཞིག་བྱེད་པ་ནི་ཤེས་རབ་འཆལ་བ་རྨོངས་པའི་རྒྱུ་གསོག་པ་ཉིད་ཡིན་ནོ། །ཅིའི་ཕྱིར་ན་སྙན་གོང་ལས། ལྔ་བརྒྱའི་ཐ་མར་གྱུར་པ་ན། །ང་ནི་ཡི་གེའི་གཟུགས་སུ་གནས། །ང་ཡིན་སྙམ་དུ་ཡིད་བྱོས་ལ། །དེ་ཚེ་དེ་ལ་གུས་པར་གྱིས། །ཞེས་གསུངས་པས་སོ། །དེ་བཞིན་དུ་དགེ་སློང་སློང་གི་དགེ་འདུན་ནམ། རབ་ཏུ་བྱུང་བ་དགེ་སྦྱོང་གི་རྟགས་ཙམ་འཛིན་པ་ཡན་ཆད་ལ་བརྙས་པར་མི་བྱ་སྟེ། སྐྱབས་འགྲོའི་བསླབ་བྱ་གཏོང་བར་མ་ཟད་ཚུལ་ཁྲིམས་དང་ལྡན་པའི་དགེ་འདུན་ལ་བརྙས་པའི་ཁ་ན་མ་ཐོ་བ་ནི་མཐུ་ཆེ་སྟེ། ཤེད་བུ་སེར་སྐྱེས་སློབ་པ་དང་མི་སློབ་པའི་དགེ་འདུན་རྣམས་ལ་གླང་པོའི་མགོ་ཅན་ཁྱེད་ཅག་གིས་ཆོས་སམ་ཆོས་མ་ཡིན་པ་ཅི་ཤེས། ཅེས་པ་ལ་སོགས་པའི་ངན་སྨྲ་བ་བཅོ་བརྒྱད་བྱས་པས། དེ་ཆུ་སྲིན་ཉའི་རིགས་ཅན་མགོ་བརྙས་མི་འདྲ་བ་བཅོ་བརྒྱད་ཡོད་པར་སྐྱེས་ནས། སྟོན་པ་འོད་སྲུང་ནས་ཤཱཀྱ་ཐུབ་པའི་བར་དུ་དུད་འགྲོའི་འགྲོ་བར་བསྡད་པའི་ཚུལ་ལུང་རྣམ་འབྱེད་ལས་གསལ་བར་གསུངས་པའི་ཕྱིར་འདི་ནི་འདི་འདྲའོ་ཞེས་དཔྱས་གདགས་པ་དང་། བླ་དྭགས་དཔྱང་བ་ནི་ཉེས་པ་མི་བཟད་པ་ཡིན་ལ། ཐ་ན་ཚུལ་ཁྲིམས་འཆལ་བ་རྟགས་དང་མ་བྲལ་བ་ཡིན་ཡང་། ཁྱུ་མཆོག་ཤི་བའི་རོ་ལ་གི་ཝཾ་དང་། གླ་བའི་རོ་ལ་རྩི་མ་གི་ཏ་ཡོད་པ་ལྟར་སྔོན་ལེགས་པར་སྤྱད་པའི་འབྲས་


JL00_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ཅུང་ཟད་དང་ལྡན་པ་ཡིན་པས་བརྙས་ཤིང་ཁྲིམས་ལ་སྦྱར་བར་མི་རུང་བའི་ཚུལ་སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས་རྒྱས་པར་བསྟན་ཅིང་། བདག་ཅག་གི་སྟོན་པ་དཀོན་མཆོག་ལ་གུས་པ་བརྟས་པའི་བློ་དུད་འགྲོའི་གཟུགས་བརྙན་དུ་གྱུར་པའི་དུས་ཀྱང་མ་ཉམས་པ་སེང་གེའི་རྒྱལ་པོ་ཡི་དམ་བརྟན་པས་རང་ཉིད་ཀྱི་སྲོག་འཕྲོག་པའི་རྔོན་པ་རབ་ཏུ་བྱུང་བའི་རྟགས་སུ་ཚུལ་འཆོས་པ་ལའང་བློ་གཏད་ཅིང་གུས་པ་མ་ལྷོད་པ་དཔེར་བྱས་ནས་ཕ་རོལ་གྱི་སྐྱོན་ལ་མི་རྟོག་པ་ཡིན་ནོ། །སྤྱིར་ན་སློབ་དཔོན་དཔའ་བོས། ལོག་པས་འཐབ་གཅུགས་བྱེད་པ་དང་། །བཀྲེན་ལ་དམན་པར་བལྟ་བ་དང་། །ཚུལ་ཁྲིམས་ལྡན་རྣམས་མི་དགའ་དང་། །དཀའ་ཐུབ་སྡོམ་པ་འཁྲུལ་བྱེད་པ། །བཞི་པོ་འདི་དག་འདོད་མིན་ཏེ། །རྩ་བ་འཇོམས་པར་བགྱིད་པ་ལགས། །ཞེས་བཤད་པ་ཡིན་ནོ། །དོན་བསྡུ་ན་རང་ཉིད་དཀོན་མཆོག་ལ་ཇི་ཙམ་དུ་གུས་པ་དེ་ཙམ་དུ་འགྲོ་བ་གཞན་དང་གཞན་དག་གིས་ཀྱང་བདག་ཉིད་ལ་དེ་ལྟར་བལྟ་བ་ལས་འབྲས་མི་བསླུ་བའི་འབྲས་བུ་ཡིན་ཏེ། ཏིང་ངེ་འཛིན་རྒྱལ་པོ་ལས། ཅི་འདྲ་བ་ཡི་ལས་བྱས་པ། །འབྲས་བུ་དེ་འདྲ་ཐོབ་པར་འགྱུར། །ཞེས་གསུངས་པས་ན་གུས་པ་ཡོད་པའི་མངོན་རྟོགས་འདིས་གསལ་གདབ་པ་ཞེས་སྟོན་པའི་ཕྱིར། དཀོན་མཆོག་རྟེན་ལ་དད་པས་བསྙེན་བཀུར་ཞིང་། །ཉིན་མཚན་བརྗེད་པ་སྤངས་ནས་སྐྱབས་སུ་འགྲོ། །ཞེས་སྨོས་པ་སྟེ། དད་པའི་རྒྱུ་ནི་སྔོན་སྟོན་པ་འཇིག་རྟེན་དུ་མ་བྱོན་པའི་དུས་ན་སྐྱབས་མ་ཡིན་པ་ལ་སྐྱབས་དང་། ལམ་མ་ཡིན་པ་ལམ་དུ་འཁྲུལ་ནས་ཀུན་ནས་ཉོན་མོངས་པའི་སྟོན་པ་དང་། བསྟན་པའི་ལམ་སྲོལ་ལ་ཞུགས་ནས་དཀའ་ཐུབ་སྡོམ་པ་མི་བཟད་པ་བསྟེན་པ་བྱུང་ན། ད་ནི་བདག་གཞན་གྱི་སྟོན་པ་དང་བསྟན་པའི་ཁྱད་པར་ཤེས་ནས་དད་པ་ལ་འཇུག་པའི་སྒོ་ཅིའི་ཕྱིར་མི་དབྱེ། དེ་སྐད་དུ་ཁྱད་པར་འཕགས་


JL00_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད་ལས། མུ་སྟེགས་གཞན་གྱི་གཞུང་ལུགས་ལ། །ཇི་ལྟ་ཇི་ལྟར་རྣམ་བསམས་པ། །དེ་ལྟ་དེ་ལྟར་མགོན་ཁྱོད་ལ། །བདག་གི་སེམས་འདི་དད་པར་གྱུར། །དེ་ལྟར་ཐམས་ཅད་མཁྱེན་མིན་པའི། །གྲུབ་མཐའི་སྐྱོན་གྱིས་བརླག་སེམས་ལྡན། །བསམ་བརླག་རྣམས་ཀྱིས་སྐྱོན་མེད་པའི། །སྟོན་པ་ཁྱོད་ཀྱང་མི་མཐོང་ངོ་། །ཞེས་རྒྱལ་བའི་བསྟན་པ་ནི་ལམ་བདེ་བས་འབྲས་བུ་ཡང་བདེ་བ་འཐོབ་པ་དང་། འཁོར་བའི་རྒྱུན་གཅོད་པ་དང་། ཉོན་མོངས་པ་རྣམ་པར་བྱང་བར་བྱེད་པ་དང་། ཉེས་པའི་ཚོགས་འདག་པ་དང་། མཐའ་གཅིག་ཏུ་དགེ་བ་ལ་སོགས་པའི་ཡོན་ཏན་ཟད་མི་ཤེས་པ་ཡིན་ལ། ཕྱི་རོལ་པའི་བསྟན་པ་ནི་དེ་ལས་གཞན་དུ་གྱུར་པའི་ཕྱིར། དཔའ་བོའི་ཞབས་ཀྱིས། གང་སླད་ཁྱོད་ཀྱི་བསྟན་པ་ནི། །བདེ་བས་བདེ་བ་འཐོབ་བགྱིད་པ། །དེ་སླད་སྨྲ་བའི་སེང་ཁྱོད་ཀྱི། །གཞུང་ལུགས་ལ་ནི་འགྲོ་འདི་དང་། །ཅེས་པ་ལ་སོགས་པས་བསྟོད་ཚོགས་གཉིས་སུ་རྒྱ་ཆེར་བསྔགས་པ་ཡིན་ནོ། །དེའི་ཕྱིར་བཀའ་དྲིན་རྗེས་སུ་དྲན་པའི་དད་པ་ཆེན་པོ་བསྐྱེད་ནས། དེ་བཞིན་གཤེགས་པའི་སྐུ་གཟུགས་དང་། མཆོད་རྟེན་དང་། གསུང་རབ་ལ་སོགས་པ་མངོན་སུམ་དུ་མཆིས་པའམ། མ་མཆིས་ཀྱང་རུང་སྟེ་དེ་དག་འབའ་ཞིག་གི་སླད་དུ་མཆོད་པའི་དྲན་པ་ཉེ་བར་གཞག་ནས་བསྙེན་བཀུར་ཞིང་དམིགས་པའི་རྟེན་གཅིག་ལས་མེད་ཀྱང་ཐམས་ཅད་ཆོས་ཉིད་དབྱེར་མེད་པའི་རང་བཞིན་ཤེས་ན་ཐམས་ཅད་ལ་མཆོད་པར་འགྱུར་ཞིང་། དེ་ཡང་ལེ་ལོ་དང་སྙོམ་ལས་དང་བག་ལ་ཉལ་གྱི་དབང་གིས་གཞན་བྱེད་དུ་མི་འཇུག་པར་བདག་ཉིད་འབའ་ཞིག་གིས་ལག་བདར་ནས་བྱེད་པ་ནི་འདུ་བྱེད་དང་ལྡན་པའི་ལུས་ལ་སྙིང་པོ་ལེན་ཞིང་བསོད་ནམས་རྒྱ་ཆེ་ལ། ཡང་སེམས་ཅན་


JL00_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་ཀྱི་བསགས་པ་དམན་ཞིང་སྡུག་བསྔལ་ལ། ནུས་པའི་མཐུ་ཆུང་བ་མཐོང་ནས་འདི་དག་གིས་མཆོད་པ་བྱས་ན་ནི་ཁོང་ཉིད་བདེ་བའི་འབྲས་བུ་ལ་རེག་པར་འགྱུར་རོ་སྙམ་ནས་གཞན་ལ་བགྱིད་དུ་བསྩལ་ན། སྙིང་རྗེ་དང་སེམས་བསྐྱེད་ཀྱི་འཕེན་པས་བསོད་ནམས་སྔ་མ་ལས་རྒྱ་ཆེ་བ་ཐོབ་ལ། ཁྱད་པར་བསམ་པ་དེ་ལྡན་གྱིས་གཞན་ཡང་བསྐུལ་ནས་རང་གཞན་གཉིས་ཀས་བྱེད་པ་ནི་དེ་བས་ཀྱང་རྒྱ་ཆེ་བའི་བསོད་ནམས་འཐོབ་པ་ཡིན་ཏེ། དབུ་མ་སྙིང་པོ་ལས། སུ་ཞིག་ཆུ་ཤིང་ལྦུ་བ་ལྟར། །སྙིང་པོ་མེད་པའི་ལུས་འདི་དག །གཞན་ཕན་རྐྱེན་དུ་བསྒྲུབ་བྱེད་པས། །ལྷུན་པོ་སྙིང་པོར་བསྒྲུབ་མི་བྱེད། །ཡར་བས་སྙིང་རྗེར་ལྡན་པས་ནི། །སྐད་ཅིག་རེ་རེར་རྒ་ཤི་དང་། །ནད་ཀྱི་གཞིར་གྱུར་ལུས་ངག་ནི། །གཞན་ལ་བདེ་བསྐྱེད་གཞིར་བྱེད་དེ། །དམ་ཆོས་སྒྲོན་དང་བཅས་པ་ལ། །མི་ཁོམ་བརྒྱད་སྤངས་ཁོམ་པ་འདི། །སྐྱེས་བུ་ཆེན་པོའི་སྤྱོད་པ་ཡིས། །འབྲས་བུ་ཡོད་པར་བྱ་བའི་རིགས། །ཞེས་སོ། །དེའི་ཕྱིར་ལུས་ངག་གི་སྒོ་ནས་བཀུར་སྟིའི་མཆོད་པ། ཕྱག་འཚལ་བ་དང་། ཐལ་མོ་སྦྱར་བ་དང་། མངོན་དུ་ལྡང་བ་དང་། བསྐོར་བ་བྱེད་པ་དང་། སྤྱི་བོས་བཏུད་པ་དང་། གུས་པར་སྨྲ་བ་དང་། བསྟོད་དབྱངས་སྒྲོག་པ་དང་། ས་གཞི་དང་གནས་ཁང་དང་སྐྱེད་མོས་ཚལ་ལ་སོགས་པ་ཟད་མི་ཤེས་པའི་སྦྱིན་པ་དང་། ནོར་བུ་དང་། སྙན་ཆ་དང་། དཔུང་རྒྱན་དང་། དོ་ཤལ་དང་། སེ་མོ་དོ་དང་། ཟི་ལྡིར་དང་། ཚངས་སྐུད་ལ་སོགས་པའི་རྒྱན་དང་། དྲིལ་བུ་དང་། གཡེར་ཁ་དང་། དྲ་ཕྱེད་དང་། ལྡ་ལྡི་དང་། ཀརྵ་པ་ཎི་གཏོར་བ་དང་། མཎྜལ་དབུལ་བ་ལ་སོགས་པ་དང་། རྙེད་པའི་མཆོད་པ་ན་བཟའ་དང་། གཟིམས་ཆ་དང་། གདན་དང་། ཉེར་སྤྱད་དང་། བསྙུན་གྱི་གསོས་སྨན་དང་། རྟ་དང་གླང་པོ་ལ་སོགས་པ་དང་། བདུག་


JL00_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། སྐུ་ལ་བྱི་དོར་དང་། གནས་ཁང་སྐྱང་ནུལ་དང་། ཉེ་རེག་དང་། དྲིའི་བསྐུ་མཉེ་དང་། གསེར་གྱི་བྱུག་པ་དང་། སྦྱར་དང་རང་བྱུང་གི་སྤོས་དང་། མེ་ཏོག་གི་ཕྲེང་བ་དང་། རོལ་མོའི་བྱེ་བྲག་དང་། མར་མེ་ལ་སོགས་པ་དང་། དེ་བཞིན་དུ་མདོ་སྡེ་དཀོན་མཆོག་སྤྲིན་དང་། དམ་ཚིག་གསུམ་ལ་སོགས་པ་ནས་གསུངས་པའི་བདག་པོས་མ་བཟུང་བའི་མཆོད་པ། མེ་ཏོག་དང་། བཟའ་ཤིང་དང་། ཡུལ་ལྗོངས་དང་། ཆུ་ཀླུང་དང་། རིན་པོ་ཆེའི་གཏེར་ལ་སོགས་པ་དག་གིས་ཀྱང་མཆོད་ཅིང་། དེ་དག་ཀྱང་གཞན་ལ་ཁྱད་གསོད་དང་། སངས་རྒྱས་ལ་དད་པའི་རྒྱལ་པོ་ལ་སོགས་མགུ་ནས་རང་ལ་རྙེད་བཀུར་དང་གྲགས་པ་འཕེལ་དུ་རེ་ནས་བྱེད་པའི་བསམ་པ་ཉོན་མོངས་པ་ཅན་དང་མ་འདྲེས་ཤིང་། མཐུན་པ་མ་ཡིན་པའི་དངོས་པོ་གཞན་ལས་ཕྲོགས་པ་ལ་སོགས་པའམ། སྡིག་པའི་གཡོས་ཆེན་པོས་བསྒྲུབས་པ་མ་ཡིན་པ་དང་། ཁྱད་པར་དུ་རྒྱལ་བ་མཉེས་པའི་མཆོད་པ་ཚད་མེད་བཞི་དང་། སྡོམ་པ་གསུམ་དང་། དཀོན་མཆོག་གསུམ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་དང་། ཟབ་མོ་སྟོང་པ་ཉིད་ཀྱི་དོན་རྗེས་སུ་དྲན་པ་དང་། ཤེས་རབ་གསུམ་དང་། བསྡུ་བའི་དངོས་པོ་བཞི་ལ་སོགས་པས་དགེ་བའི་ཆོས་ཡོངས་སུ་སྡུད་པ་ནི། སྒྲུབ་པའི་མཆོད་པ་ཚད་མེད་པ་ཞེས་བྱ་སྟེ་ཡོངས་སུ་རྫོགས་པའི་མཆོད་པ་ཆེན་པོ་ཡིན་ནོ། །དེ་ལྟར་མཆོད་པའི་ཚེ་བྱང་ས་ལས་བཤད་པའི་འབྲས་བུ་དཔག་ཏུ་མེད་པ་འབྱུང་བའི་བསམ་པ་དྲུག་བསྐྱེད་པར་བྱ་སྟེ། དཀོན་མཆོག་ནི་ཡོན་ཏན་གྱི་ཞིང་གོང་ན་མེད་པའོ་སྙམ་པ་དང་། ཨུ་དུམ་ཝཱ་རའི་མེ་ཏོག་ལྟར་ཤིན་ཏུ་དཀོན་པའོ་སྙམ་པ་དང་། སེམས་ཅན་ཐམས་ཅད་ཀྱི་མཆོག་གོ་སྙམ་པ་དང་། ཕན་འདོགས་པ་གོང་ན་མེད་དེ་སྙམ་པ་དང་། སྟོང་


JL00_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ན་གཅིག་ཁོ་ན་འབྱུང་བས་འབའ་ཞིག་པའོ་སྙམ་པ་དང་། འཇིག་རྟེན་འཇིག་རྟེན་ལས་འདས་པའི་ཕུན་ཚོགས་ཐམས་ཅད་ཀྱི་གཞི་ཡིན་ནོ་སྙམ་ནས་མཆོད་པའོ། །དེ་སྐད་དུ་མདོ་ལས། དད་པའི་ཞིང་ས་ལ་བསོད་ནམས་ཀྱི་ཞིང་རྨོད་པར་གྱུར་ཅིག །ཅེས་གསུངས་པ་ལྟར་འདི་ཕྱིའི་བདེ་ལེགས་ཐམས་ཅད་ཀྱི་ཞིང་ས་བླ་ན་མེད་པ་དང་། ཕྲད་དུས་དགེ་ཚོགས་རིན་པོ་ཆེའི་ས་བོན་མི་འདེབས་ཤིང་བདེ་སྐྱིད་ཐམས་ཅད་དཀོན་མཆོག་གི་བཀའ་དྲིན་ལས་བྱུང་བའི་བྱས་པ་གཟོ་མི་ཤེས་པ་དེ་ནི་བྱིས་པ་ཐ་ཤལ་གྱི་སྤྱོད་པ་ཡིན་ཏེ། ཏིང་ངེ་འཛིན་རྒྱལ་པོ་ལས་སངས་རྒྱས་བསོད་ནམས་མཐུ་ཡིས་ཟས་རྙེད་ཀྱང་། །དེ་ལ་བྱིས་པ་བྱས་པ་གཟོ་མི་འགྱུར། །ཞེས་སོ། །དེའི་ཕྱིར་རྣམ་པ་ཐམས་ཅད་དུ་བཟའ་བཏུང་གི་ཕུད་ནས་ཀྱང་དཀོན་མཆོག་མཆོད་ཅིང་། ཆུ་ཀླུང་ངམ། ལྟེང་ཀ་དང་ཕྲད་ཀྱང་མཆོད་ཡོན་དབུལ་བ་ལ་སྙིང་ཐག་པ་ནས་བརྩོན་པར་བྱ་སྟེ། མུ་གེའི་མཐུས་རྒྱལ་པོའི་བང་མཛོད་སྟོངས་པར་གྱུར་པ་ན་བྲེ་གང་ལུས་པ་དེ་ཡང་རང་སངས་རྒྱས་ལ་བྱིན་པས་ལོངས་སྤྱོད་ཀྱི་ཆར་བབས་པ་རྒྱལ་པོ་གསེར་མདོག་ཅན་དུ་སྐྱེས་པའི་རབས་བཞིན་ནོ། །དེ་ལྟར་མཆོད་ཅིང་རྗེས་སུ་དྲན་པར་བྱས་ནས་ཉིན་མཚན་འཁོར་མོའམ། དུས་དྲུག་གམ། དུས་གསུམ་མམ་ཐ་ནའང་ཉིན་མཚན་གྱི་ཆ་རེར་ལན་གཅིག་རེ་བྲན་པས་སྐྱབས་སུ་འགྲོ་བར་བྱ་སྟེ། བློ་ནི་གང་གོམས་པ་དེའི་རྗེས་སུ་འཇུག་པ་ཆོས་ཉིད་ཡིན་ཕྱིར་ཉམས་ལེན་གཞན་མེད་ཀྱང་འཆི་བའི་ཚེ་སངས་རྒྱས་རྗེས་སུ་དྲན་པར་འགྱུར་ལ། དེ་ལྟར་དྲན་ནས་སྐྱབས་སུ་སོང་ན་དོན་ཆེན་པོ་དང་ལྡན་པ་ཡིན་ཏེ། ཏིང་ངེ་འཛིན་རྒྱལ་པོ་ལས། ལུས་དང་ངག་དང་ཡིད་རབ་དང་བ་ཡིས། །རྟག་ཏུ་སངས་རྒྱས་དག་གི་བསྔགས་པ་བརྗོད། །དེ་ལྟར་དེས་ནི་སེམས་ཀྱི་རྒྱུད་བསྒོམས་པས། །ཉིན་མཚན་དུ་ཡང་འཇིག་རྟེན་མགོན་པོ་མཐོང་། །ནམ་ཞིག་དེ་ནི་ན་ཞིང་མི་བདེ་ནས། །ཤི་ལ་ཐུག་པའི་སྡུག་བསྔལ་


JL00_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

ཚོར་བྱུང་ན། །སངས་རྒྱས་ལ་ནི་དྲན་པ་མི་ཉམས་ཏེ། །སྡུག་བསྔལ་ཚོར་བས་འཕྲོག་པར་ཡོངས་མི་འགྱུར། །ཞེས་གསུངས་ཏེ། དཔེར་ན་ལྷས་བྱིན་དམྱལ་མེའི་ཚོར་བས་ཡོངས་སུ་གདུངས་པའི་ཚེ། སངས་རྒྱས་ལ་སྙིང་ཁོང་རུས་པའི་གཏིང་ནས་སྐྱབས་སུ་མཆིའོ་ཞེས་སྨྲས་པས། དེའི་མཐུས་རང་སངས་རྒྱས་རུས་པ་ཅན་ཞེས་བྱ་བར་འཚང་རྒྱ་བར་ལུང་བསྟན་པ་བཞིན་ནོ། །དེ་ལྟ་བུའི་སྐྱབས་སུ་འགྲོ་ཚུལ་ལ་ནི་བསྡུ་བ་ནས་གསུངས་པའི་ཡོན་ཏན་ཤེས་པ་དང་། ཁྱད་པར་ཤེས་པ་དང་། ཁས་བླངས་པ་དང་། གཞན་དུ་མི་སྨྲ་བས་སྐྱབས་སུ་སོང་བའི་མཚན་ཉིད་བཞི་ག་ཚང་ཞིང་གཞན་ཡང་དེ་ཉིད་ལས། སྐྱེས་བུ་དམ་པ་ལ་བསྟེན་པ་དང་། དམ་པའི་ཆོས་ཉན་པ་དང་། དགེ་འདུན་དང་རྗེས་སུ་མཐུན་པར་བསྒྲུབ་པའི་སྐྱབས་སུ་འགྲོ་བའོ། །ཞེས་བཤད་པ་ལྟར་དཀོན་མཆོག་གི་རང་བཞིན་སྐྱེས་བུ་དམ་པ་ལ་བསྟེན་ནས་དེའི་མཛད་སྤྱོད་ལ་བསླབ་ཅིང་ཡོན་ཏན་བརྗོད། ཟབ་ཅིང་རྒྱ་ཆེ་བའི་ཆོས་མཐའ་དག་ཉན་ནས་རྒྱུ་དང་འབྲས་བུའི་དཀོན་མཆོག་གི་ཡོན་ཏན་རྗེས་སུ་བསྒྲུབ། སྤྱོད་པ་བག་ཡོད་པ་འདུལ་བ། བསྒོམ་པ་བསམ་གཏན་པ་མདོ་སྡེ། ལྟ་བ་ལྐོག་ཏུ་མ་གྱུར་པ་མངོན་པ་དང་མཐུན་པར་ཉམས་སུ་ལེན་པ་ནི་ལམ་རྗེས་སུ་བསྒྲུབ་པའི་སྐྱབས་འགྲོ་ཡང་དག་པའོ། །འབྲས་བུའི་བསླབ་བྱ་ཐུབ་པ་ཆོས་ཀྱི་སྐུ། །བྲལ་ཐོབ་སྤངས་པའི་དབྱིངས་ལ་བྱང་ཆུབ་པས། །སྐྱོབ་དང་བསྐྱབ་བྱར་མི་འཛིན་ཐ་སྙད་ལས། །འདས་ཕྱིར་གཏོང་རྒྱུའང་བཏགས་པ་བླ་དགས་ཡིན། །དེ་ལ་སེམས་དོན་གྱི་ངོ་བོ་མེ་ལོང་ལྟ་བུ་རང་སྟོབས་ཀྱི་རིག་ནས་དཀོན་མཆོག་གི་རང་བཞིན་རྒྱུད་གཞན་གྱིས་བསྡུས་པ་མ་ཡིན་པའི་དོན་རྟོགས་པ་ནི་འབྲས་བུའི་སྐྱབས་འགྲོ་དང་། སེམས་བྱུང་དོན་


JL00_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཁྱད་པར་དེ་ལ་གཟུགས་བརྙན་སྣ་ཚོགས་སུ་འཆར་བའི་རང་བཞིན་ཤེས་པ་ལྟ་བུ་ནི་རྒྱུའི་སྐྱབས་འགྲོ་སྟེ། དབུས་མཐའ་ལས། དེ་ལ་དོན་མཐོང་རྣམ་པར་ཤེས། །དེ་ཡི་ཁྱད་པར་སེམས་ལས་བྱུང་། །ཞེས་པ་ལྟར་སེམས་དང་སེམས་བྱུང་ཉི་མ་དང་འོད་ཟེར་བཞིན་དུ་མཚུངས་པར་འཇུག་པའི་རྩལ་སྣང་དབྱིངས་ལ་ཐིམ་སྟེ་སྤྲོས་པ་ཉེ་བར་ཞི་བའི་ཚེ་སྐྱོབ་བྱེད་དཀོན་མཆོག་དང་། བསྐྱབ་བྱ་བདག་ཏུ་ལྟ་བ་གཉིས་ཀ་མེད་པས་ཆོ་གས་བླངས་པའི་བསླབ་བྱ་གཏང་མཚམས་ཀྱང་ཐ་སྙད་ཀྱིས་གདགས་པའི་ཚིག་བླ་དགས་ཙམ་དུ་ཟད་པར་འགྱུར་རོ། །གནད་འདི་མགོན་དོན་དམ་པའི་སྐྱབས་འགྲོའི་ཕྱོགས་ཙམ་ཡང་རིག་པར་མི་ནུས་པས་ཐ་ཆད་པའི་སྐྱབས་འགྲོ་ལ་གནས་ལུགས་རྡོ་རྗེའི་སྐྱབས་འགྲོར་འདོད་པ་ཤིན་ཏུའང་གཏི་མུག་ཅན་ནོ། །དེ་ལས་ལམ་གྱི་གནས་སྐབས། རྒྱུ་ཡི་གཏོང་མཚམས་སྐྱབས་འགྲོ་མཚན་ཉིད་པ། །འགྲོ་བའི་ཡུལ་ལ་ལོག་ལྟ་སྐྱེས་པས་གཏོང་། །བསླབ་པ་ཉམས་ན་དམན་པར་ལྟུང་བའི་ཕྱིར། །རྨ་ཡི་བག་བཞིན་བསྒྲིམས་ཏེ་བསྲུང་བར་བྱ། །དེ་ལ་ཁ་ཅིག་མདོ་ནས་བཤད་པའི་བསླབ་བྱ་དང་པོ་གསུམ་གྱི་སྟེང་། རྒྱུན་ཆགས་པའི་སྐྱབས་འགྲོ་དང་། སྲོག་གི་ཕྱིར་ཡང་མི་གཏོང་བ་དང་། དཀོན་མཆོག་མཆོད་པ་སྟེ་དྲུག་པོ་དང་འགལ་ན་གཏོང་བར་འདོད་པ་དང་། ལ་ལ་དེའི་སྟེང་དུ་སྐུ་གཟུགས་ལ་སོགས་པའི་གཟུགས་བརྙན་གྱི་སྤྲུལ་པ་གསུམ་ལ་བརྙས་པ་ལ་སོགས་བསྣན་ཏེ་དགུ་པོ་ཚང་ན་གཏོང་བར་འདོད་ཀྱང་། སྐྱབས་སུ་འགྲོ་བའི་ཡུལ་ལ་ལོག་ལྟ་སྐྱེས་ཏེ་དཀོན་མཆོག་གསུམ་སྤངས་པ་དང་། བསྒྲུབ་པར་མ་ནུས་ནས་སྐྱབས་འགྲོའི་བསླབ་པ་ཕུལ་བ་ནི་གཏོང་བའི་རྒྱུ་མཚན་ཉིད་པ་ཡིན་ལ། གལ་ཏེ་དཀོན་མཆོག་མ་བཏང་ཡང་དེའི་ལྡོག་ཕྱོགས་ཀྱི་སྟོན་པ་ལ་སོགས་པ་གཞན་ལའང་གཉིས་འཛིན་བྱེད་


JL00_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཕྱི་ནང་གི་སྟོན་པ་དང་བསྟན་པའི་མཆོག་དམན་ད་དུང་ཚུལ་བཞིན་མ་ཤེས་ནས་དཀོན་མཆོག་ལ་བློ་མ་ཁེལ་བའི་རྟགས་ཡིན་པས་གཞི་བསྡུ་བ་ནས་གཞན་དུ་མི་སྨྲ་བས་སྐྱབས་སུ་སོང་བ་ཞེས་པའི་རྣམ་བཞག་དང་འགལ་བས་གཏོང་བ་ལ་ཕྱོགས་ཉེ་བའོ། །སློབ་དཔོན་མཐོ་བཙུན་གྱིས། བདག་ནི་སྟོན་པ་གཞན་སྤངས་ནས། །ཞེས་སྔར་དྲངས་པའི་སྟོན་པའི་ཁྱད་པར་དང་། བསྔགས་འོས་བསྟོད་པ་ལས། འཇུག་དང་ལྡོག་པ་གང་ལགས་དང་། །ཀུན་ནས་ཉོན་མོངས་རྣམ་བྱང་གང་། །དེ་ཉིད་དཔའ་བ་ཁྱེད་བཀའ་དང་། །གཞན་གྱི་ཚིག་གི་ཁྱད་པར་ལགས། །འདི་ནི་གཅིག་པུ་དེ་བཞིན་ཉིད། །དེ་ནི་བསླུ་ཆོས་འབའ་ཞིག་ན། ཁྱེད་ཀྱི་བཀའ་དང་གཞན་གྱི་ཚིག །དེ་ལས་ཁྱད་ཞུགས་གཞན་ཅི་འཚལ། །ཞེས་བསྟན་པའི་ཁྱད་པར་བླ་འོག་འཛོལ་བ་ལྟ་བུར་དབྱེ་བ་ལེགས་པར་བརྟག་གོ །དེ་ལས་གཞན་པ་འཇིག་རྟེན་པའི་ལྷ་ཆེན་པོ་དང་། ཡི་དྭགས་མཐུ་བོ་ཆེ་ལ་སྐྱབས་སུ་འཛིན་པ་ལ་སོགས་ཏེ། བསླབ་བྱ་གཞན་ལས་ཉམས་པ་དག་ནི་དམན་པར་ཕྱོགས་པ་ཞེས་བྱ་བ་ཉིད་དོ་ཞེས་སྟོན་པའི་ཕྱིར། ལས་ཀྱི་ཅེ་སྤྱང་གདུག་པས་སྐབས་བཙལ་རྣམས། །ཚིག་དོན་འཛོལ་བའི་ཡིད་གཉིས་སྣོད་ངན་དུ། །བསླུ་བ་མེད་པའི་ངེས་ཤེས་བྲི་བའི་རྟགས། །ཡི་དྭགས་ལ་བརྟེན་ཚེ་འདི་ཉིད་ལ་ཉམས། །ཞེས་སྨོས་ཏེ། བོད་འདིར་ཁ་སྐད་ཙམ་དུ་དཀོན་མཆོག་གི་མཚན་འདོད་རྒྱལ་དུ་སྒྲོག་པ་ལས། དོན་ལ་དཀོན་མཆོག་གི་ཡོན་ཏན་བློར་མི་ཆུད། སྙིང་ཐག་པ་ནས་བློ་ཁེལ་བའི་གཏན་ཚིགས་གཅིག་ཀྱང་མེད་པས་ཚོགས་གསོག་གྲགས་པའི་རྗེས་སུ་འབྲང་། གཞན་ཡང་མདོ་སྡེ་དྲན་པ་ཉེར་གཞག་ནས་ཇི་ལྟར་བསྟན་པའི་ལས་དང་ལས་ཀྱི་འབྲས་བུས་འཕངས་པའི་


JL00_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་དྭགས་མཐུ་བོ་ཆེ་དག་གིས་བདག་ཉིད་དཀོན་མཆོག་ཡིན་པར་ཁས་འཆེས་པས་རྨོངས་པ་ཐོས་པ་ཉུང་ཞིང་ཞེན་པའི་འཆིང་བ་ཅན་དག་དང་། ཤེས་རབ་འཆལ་བར་གྱུར་པ་དག་གིས་འགྲོ་བ་དྲུག་ཏུ་མི་གཏོགས་པའི་འཇིག་རྟེན་བདུན་པའམ། གཤིན་རྗེའི་འཇིག་རྟེན་དུ་ཉིང་མཚམས་སྦྱོར་བའང་དག་པའི་ཞིང་ཁམས་སུ་ཁུངས་ཕྱུང་བས་དེར་སྲིད་པ་ཕྱི་མའི་འཕེན་པ་གཏོང་བ་དང་། ཁྱིམ་པ་དང་ཁྱིམ་པའི་བསམ་པ་ཅན་ཀུན་དཀོན་མཆོག་ལས་ཡི་དྭགས་ལ་ཆ་ཐར་དུ་འཛིན་པ་ནི་མ་རིག་པའི་ཉེར་ལེན་ལྡོག་པར་དཀའ་བས་བསོད་ནམས་ལ་བསྒྲིབས་པ་སྟེ། དཀོན་མཆོག་ཏ་ལའི་མདོ་ལས། ཇི་ལྟར་དམུས་ལོང་ཉི་མ་མི་མཐོང་ཡང་། །དེ་མེད་མ་ཡིན་འཇིག་རྟེན་ཀུན་ལ་འཆར། །མིག་དང་ལྡན་པས་སྣང་བར་ཤེས་གྱུར་ནས། །ཀུན་ཀྱང་སོ་སོ་རང་གི་ལས་ལ་འཇུག །ཅེས་སོ། །རྒྱུ་དེ་དག་ལས་བསླབ་བྱ་ཉམས་ཤིང་དམན་པར་ལྟུང་བའི་ཉེས་པ་ནི། བཙུན་པོ་ཚེ་རིགས་ལད་པ་ལྟར་དཀོན་མཆོག་གི་སྐྱབས་འོག་ནས་ཡར་བ་དང་། རི་དྭགས་ལ་རྨ་སྲོལ་བཏོད་པ་ལྟར་འཚེ་བས་མྱུར་དུ་བརྫི་བ་དང་། གྲུ་པ་མཉན་པས་བསླུས་པ་ལྟར་ཕ་རོལ་པ་འགྲོ་བའི་ངེས་པ་མེད་པ་དང་། མཚོ་ལ་ཁ་བ་བབས་པ་ལྟར་སྡོམ་པའི་རྟེན་གཞི་མི་གནས་པ་དང་། དགེ་བའི་རྟེན་གཞི་ཉམས་པས་ཕྱི་མ་ངན་སོང་དུ་འགྲོ་བ་ལ་སོགས་ཉེས་པ་དུ་མ་ཡོད་དོ། །དེའི་ཕྱིར་གལ་ཏེ་ཉམས་ན་དེའི་ཉེས་དམིགས་ལ་འཇིགས་པར་བལྟས་ཏེ་འགྱོད་པ་ཆེན་པོས་བཤགས་ཤིང་ཕྱིན་ཆད་སྡོམ་སེམས་ཀྱིས་བླངས་ན་སོར་ཆུད་པར་འགྱུར་ཏེ། སྤོང་སེམས་ཀྱི་དགེ་བ་སྐྱེས་པ་དེ་དེའི་གཉེན་པོ་ཡིན་པས་སོ། །འདི་ན་ས་དང་ནམ་མཁའ་རི་རབ་རྣམས། །ཡན་མན་གནས་འགྱུར་ཉི་ཟླ་ཐང་ལྷུང་སྲིད། །དཀོན་མཆོག་གསུམ་


JL00_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བསླུ་བར་མི་སྲིད་པའི། །ངེས་ཤེས་བརྟན་པ་ཀུན་ཏུ་དོན་ཡོད་ཡིན། །འདི་ལྟར་སྣོད་ཀྱི་འཇིག་རྟེན་འདི་ཞིག་པའི་ཚེ་ཐམས་ཅད་སྟོང་པར་འགྱུར་བས་ས་གཞི་དང་རི་རབ་ལ་སོགས་པའི་གནས་སུ་ནི་ནམ་མཁའ་འོང་ལ། ཡང་ཆགས་པའི་མགོ་བརྩམ་པ་ནས་རླུང་གི་དཀྱིལ་འཁོར་གྱིས་ནམ་མཁའི་གནས་སུ་ས་གཞི་བརྟེན་པ་ས་གནས་ཤིན་ཏུ་འཆོལ་ཞིང་། གཟའ་སྐར་གྱི་རྟེན་གཞི་གོ་ལའི་རླུང་གི་འཁྲུལ་འཁོར་ཞིག་བས་ཉི་ཟླ་ཡང་སོ་ན་མི་གནས་པས་ཐང་ལ་ལྷུང་བའི་ཐ་སྙད་གྲུབ་ལ། དེ་བཞིན་གཤེགས་པའི་ཐུགས་རྗེ་དང་བདེན་པའི་གསུང་ལ་ནི་ནམ་ཡང་བསླུ་བ་དང་། འགྱུར་བའི་གོ་སྐབས་སྲིད་པ་མ་ཡིན་པས་ཡིད་རྟོན་དུ་རུང་བ་གཅིག་ལས་གཉིས་པ་མེད་པ་ནི་དཀོན་མཆོག་ཁོ་ན་ཡིན་ཏེ་མདོ་ལས། ནམ་མཁའ་ས་གཞིར་འགྱུར་བའམ། །ས་གཞི་ནམ་མཁར་འགྱུར་ཡང་སྲིད། །དེ་བཞིན་གཤེགས་པས་གསུངས་པ་ལ། །ནམ་ཡང་འགྱུར་བ་མ་མཆིས་སོ། །རི་རབ་གནས་ནས་འཕོ་བའམ། །ཉི་ཟླ་ཐང་ལ་ལྷུང་ཡང་སྲིད། །དེ་བཞིན་གཤེགས་པས་གསུངས་པ་ལ། །གཞན་དུ་འགྱུར་བ་མ་མཆིས་སོ། །ཞེས་སོ། །དེ་ལྟར་སྦྱོར་དངོས་རྗེས་གསུམ་ཚང་བའི་སྐྱབས་འགྲོའི་ཕན་ཡོན་རྗེས་འབྲེལ་དང་བཅས་པའི་མཇུག་བསྡུ་བའི་ཕྱིར། རྨི་ལམ་ནའང་དཀོན་མཆོག་མཐོང་བ་དང་། །བག་ཡོད་དྲན་ཞིང་ཡོན་ཏན་ཀུན་གྱིས་འབྱོར། །ཚེ་རབས་དྲན་ཅིང་བར་དོ་བསྒྲོད་པ་སླ། །ལུས་ཅན་ཀུན་གྱི་དཔུང་དང་གཉེན་དུ་འགྱུར། །དེ་ལྟར་འདི་ཕྱི་བར་དོའི་གནས་སྐབས་ཐམས་ཅད་དུ་བདེ་ཞིང་ཕུན་སུམ་ཚོགས་པའི་ཡོན་ཏན་དེ་དག་ཀྱང་རང་སྒོ་ནས་བྱུང་བར་མི་བསམ་པར་དཀོན་མཆོག་འབའ་ཞིག་གི་ཐུགས་རྗེ་ལས་བྱུང་བར་ཤེས་དགོས་ཏེ། ཅིའི་ཕྱིར་ན་རྣམ་པ་ཐམས་ཅད་དུ་སེམས་


JL00_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཁོ་ནའི་དོན་ལ་དགོངས་པ་དེ་ཐུགས་རྗེའི་མཐུ་ཡིན་པའི་ཕྱིར་ཏེ་བདེན་པ་པོའི་ལེའུར། གཏི་མུག་མུན་པ་མུན་ནག་གིས་རྟག་ཏུ། །སེམས་ནི་སྒྲིབས་པར་གྱུར་པའི་སྐྱེ་དགུ་དང་། །འཁོར་བའི་བཙོན་རར་ཆུད་པ་རྣམས་གཟིགས་ན། །དྲང་སྲོང་དམ་པ་དེ་ནི་ཐུགས་རྗེ་སྐྱེ། །ཞེས་དང་། ཐུབ་པའི་ཐུགས་རྗེ་ཆེན་པོ་རྟག་འབྱུང་སྟེ། །དེ་མི་འབྱུང་བ་ནམ་ཡང་སྲིད་མི་འགྱུར། །འགྲོ་བ་ཀུན་གྱི་བསམ་པར་གནས་པ་སྟེ། །དེ་བས་སངས་རྒྱས་དེ་ལ་སྐྱོན་མི་མངའ། །ཞེས་སོ། །དེ་ལྟ་མོད་ཀྱི་ཐོས་པ་ཉུང་བ་དག་དཀོན་མཆོག་གི་ཐུགས་རྗེས་རང་གི་ལས་ངན་སློངས་པ་མི་ཤེས་པར། སྐྱབས་འགྲོའི་རྒྱུ་འབྲས་ལ་ཐེ་ཚོམ་འཆའ་བ་སྲིད་དེ། སྤྱོད་འཇུག་ལས། གསོད་པའི་མི་གཅིག་ལག་བཅད་དེ། །གལ་ཏེ་ཐར་ན་ཅིས་མ་ལེགས། །མི་ཡི་སྡུག་བསྔལ་ཆུང་ངུ་ཡིས། །དམྱལ་བ་བྲལ་ན་ཅིས་མི་ལེགས། །ཞེས་པ་ལྟར། དཀོན་མཆོག་ལ་དད་པའི་མི་ལ་ནད་དང་སྡུག་བསྔལ་བྱུང་ན་ཚེ་ཕྱི་མ་ཕན་ཆོད་ཀྱི་ངན་སོང་གི་སྡུག་བསྔལ་མྱོང་རྒྱུ་ཟད་པའི་རྟགས་ཡིན་ཏེ། ཤེར་བྱིན་གཅོད་པ་ལས། རབ་འབྱོར་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དག་འདི་ལྟ་བུའི་མདོ་སྡེའི་ཚིག་འདི་དག་ལེན་པ་དང་། འཛིན་པ་དང་། ཀློག་པ་དང་། ཀུན་ཆུབ་བར་བྱེད་པ་དེ་དག་མནར་བར་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་སེམས་ཅན་དེ་དག་གི་ཚེ་རབས་སྔ་མའི་མི་དགེ་བའི་ལས་ངན་སོང་དུ་སྐྱེ་བར་འགྱུར་བ་གང་དག་བྱས་པ་དག་ཚེ་འདི་ཉིད་ལ་མནར་བས་ཚེ་རབས་སྔ་མའི་མི་དགེ་བའི་ལས་དེ་དག་བྱང་བར་འགྱུར་ཏེ། སངས་རྒྱས་ཀྱི་བྱང་ཆུབ་ཀྱང་ཐོབ་བར་འགྱུར་རོ། །ཞེས་གསུངས་པ་ལྟར་རོ། །ཡང་འདི་ལྟར་དཀོན་མཆོག་ཡིད་ལ་མི་དྲན་ཞིང་། །མཚམས་མེད་དང་། སྡེ་འཁྲུག་གི་ལས་དང་། སེམས་ཅན་ལ་གནོད་པ་སྣ་ཚོགས་བྱེད་པས་མཚོན་སྡིག་པ་འབའ་ཞིག་བྱེད་པ་དག་ཚེ་འདི་ལ་ལོངས་སྤྱོད་སོགས་


JL00_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཆེར་འཕེལ་བ་ཡོད་དེ། སྐྱེ་བ་སྔ་མར་ཐབས་ཀྱིས་མ་ཟིན་པའི་དགེ་བ་བག་རེ་བྱས་པའི་འབྲས་བུ་ལྷག་མ་མེད་པར་ཟད་ནས་ཤིམ་ཐག་ངན་སོང་ཆེན་པོར་འགྲོ་བའི་ལྟས་ཡིན་ཏེ། སྔོན་ཉི་འོག་གི་ཡུལ་སྡིག་ཅན་ཚན་གཅིག་གི་འཇིག་རྟེན་དུ། དང་པོ་ཞག་བདུན་དུ་ནས་ཀྱི་ཆར་བབ། དེ་ནས་འབྲས་ཀྱི་ཆར་བབ། དེ་ནས་རིན་པོ་ཆེའི་ཆར་བབ། དེ་ནས་བྱེ་ཚན་གྱི་ཆར་བབ་ནས་ཐམས་ཅད་ཚིག །དེ་ནས་རི་ཐམས་ཅད་ཐུག་ཆོམ་དུ་འུར་ནས་དུས་གཅིག་ཏུ་བརླག་པར་བྱས་པ་བཞིན་ནོ། །སྤྱིར་སྡིག་ཅན་ལ་རྒྱུ་མེད་པར་ཚེ་མཇུག་ཏུ་མི་འདོད་པ་བྱུང་བ་ནི་སྔོན་དགེ་བའི་འབྲས་བུས་བདེ་འགྲོའི་ལུས་རྟེན་དེའི་ཚེ་མཐའ་ཡང་མ་འཁྱོངས་པས་ཕྱི་མ་ངན་སོང་དུ་འགྲོ་བའི་སྔོན་བསུ་ཡིན་ཏེ་ཁྱི་རབ་དང་རྔོན་པའི་ལས་ཐབས་བྱེད་པ་རྣམས་ལ་འཆི་ཁར་བསྡུས་འཇོམས་ཀྱི་སྣང་བ་ཤར་བ་མཐོང་ཆོས་སུ་གྱུར་པ་ཡོད་དོ། །དགེ་བ་ཅན་ལ་དེ་ལྟར་བྱུང་ན་ལས་ཟད་པའི་རྟགས་ཡིན་ཏེ་གནད་འཆད་པའི་ཚུལ་གྱིས་ཀྱང་གསལ་བར་ཤེས་སོ། །དེའི་ཕྱིར་རྒྱུ་འབྲས་ལ་ཡིད་ཆེས་ཤིང་དཀོན་མཆོག་ལ་སྙིང་ཐག་པ་ནས་དད་པའི་གང་ཟག་དེ་ནི་མིའི་ལུས་རྟེན་རྙེད་པ་ཆེན་པོ་དང་ལྡན་པ་ཡིན་ནོ། །ཡོན་ཏན་རིན་པོ་ཆེའི་མཛོད་དགའ་བའི་ཆར་ཞེས་བྱ་བ་ལས། སྐྱབས་སུ་འགྲོ་བའི་ཚོམས་ཏེ་རབ་བྱེད་དྲུག་པའི་འགྲེལ་བའོ།། །།

ཚད་མེད་བཞིའི་ཚོམས་ཏེ་རབ་བྱེད་བདུན་པའི་འགྲེལ་པ།


JL00_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་སྐྱབས་སུ་སོང་ནས་ཐེག་པ་ཆེན་པོའི་ལམ་དངོས་ལ་འཇུག་པའི་ཐོག་མར་མཚན་ཉིད་དབྱེ་བའི་ཕྱིར། ཐེག་དམན་རྫིང་བུར་བྱང་ཆུབ་སེམས་ཀྱི་ཁམས། །རིགས་ལས་ཉམས་པ་ཉན་རང་སྐྱེས་བུའི་སེམས། །སྟོང་ཉིད་སྙིང་རྗེའི་དེད་དཔོན་མཐུས་སད་ནས། །ཐེག་ཆེན་རྒྱ་མཚོ་ཀུན་མཁྱེན་གླིང་དུ་འགྲོ། །དེ་ལ་སྲིད་པ་མཐའ་དག་མེའི་འོབས་ལྟར་མཐོང་ནས་སྡུག་བསྔལ་དང་། ཉོན་མོངས་


JL00_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉེ་བར་ཞི་བའི་ཐར་པ་ཐོབ་འདོད་ཀྱི་བློས་བསྐུལ་ནས་བསླབ་པ་གསུམ་གྱི་ལམ་ནས་མཐོ་རིས་ཀྱི་བདེ་དཔལ་ལྟར་སླར་ལྡོག་པ་མ་ཡིན་པའི་ཞི་བདེའི་ཐར་པ་ཙམ་ཉན་རང་གི་ལམ་ལ་ཡོད་ཀྱང་སྐྱོན་ཟད་པ་དང་ཡོན་ཏན་ཐོབ་པའི་ཆ་ཕྱོགས་རེ་བ་ཡིན་པས་རང་གི་དོན་ཡང་མཐར་ཐུག་པ་མ་རྫོགས་ན། གཞན་དོན་རླབས་པོ་ཆེ་འགྲུབ་པ་ལྟ་ཅི་སྨོས། རྒྱུ་དེས་ཐེག་དམན་གྱི་ལམ་གཞན་ཕན་གྱི་ཡུར་བ་ལ་མི་ཕྱོགས་པར་རྫིང་བུའམ། ལྟེང་ཀའི་ཆུ་ཕྲན་ལྟ་བུའི་ཞི་བདེའི་རུམ་ན་བྱང་ཆུབ་སེམས་ཀྱི་མཐུ་ཉམས་པ་དེ། མཐར་སངས་རྒྱས་རྣམས་ཀྱིས་བསྐུལ་ནས་ཐེག་པ་ཆེན་པོའི་ལམ་ལ་འཇུག་པའི་རིགས་སད་དགོས་པས་ན། བློ་དང་ལྡན་པ་རྣམས་ཀྱི་ལམ་གྱི་འཇུག་ངོགས་ནི་ཐེག་པ་ཆེན་པོ་ཁོ་ན་ཡིན་ཏེ་ཕར་ཕྱིན་བསྡུས་པ་ལས། འཇིག་རྟེན་དོན་བསྒྲུབ་ཚུལ་ལ་མཐུ་མེད་པའི། །ཐེག་པ་གཉིས་པོ་གཏན་དུ་སྤང་བྱས་ཤིང་། །ཐུབ་རྒྱལ་ཐེག་པ་སྙིང་རྗེས་བསྟན་པ་ལ། །གཞན་ཕན་རོ་གཅིག་རང་བཞིན་དེ་དག་འཇུག །ཅེས་སོ། །རྒྱུ་གང་གིས་ན། རང་དོན་ཙམ་ལ་དམིགས་པ་ནི་ཤིན་ཏུ་རྨོངས་པའི་དུད་འགྲོ་དང་ཡང་ཐུན་མོང་གི་སྤྱོད་པ་ཡིན་ལ། སྐྱེས་བུ་ཆེན་པོའི་ངང་ཚུལ་ནི་སེམས་ཅན་གཞན་གྱི་ཕན་བདེ་ཁོ་ན་ལ་མཐའ་གཅིག་ཏུ་གཞོལ་བ་ཡིན་ཏེ། སློབ་དཔོན་ཙནྡྲ་གོ་མིས། ཤིན་ཏུ་རྙེད་སླའི་རྩྭ་ཁམས་འགའ་ཏེ་ཕྱུགས་ཀྱང་རང་ཉིད་བཟའ། །ཤིན་ཏུ་སྐོམ་པས་གདུངས་པའང་ཆུ་ཞིག་རྙེད་ན་དགའ་མགུར་འཐུང་། །འདི་ན་སྐྱེས་བུ་གཞན་དོན་བྱེད་པར་བརྩོན་པ་གང་ཡིན་པ། །དེ་འདིའི་བརྫིང་བག་ཡིན་ཏེ་དེ་བདེ་སྐྱེས་བུའི་རྩལ་དེ་འཕགས། །ཞེས་དམ་པ་རྣམས་ཀྱི་བདེ་བ་དང་། བརྗིད་བག་དང་། སྐྱེས་བུའི་རྩལ་གྱི་རང་བཞིན་མཐུ་ཆེན་པོ་རྣམས་ནི་འགྲོ་བ་གཞན་གྱི་དོན་འཁུར་དུ་འཁྱེར་བའི་ཐབས་སུ་འགྲོ་བར་རིགས་པའི་ཕྱིར་ཏེ།


JL00_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་ཀྱིས། འཇིག་རྟེན་མ་རིག་དུད་སྤྲིན་འཁྲིགས་པས་འགྲོ་བ་འཁྲུགས་གྱུར་པ། །སྡུག་བསྔལ་མེ་རབ་འབར་བའི་ནང་དུ་དབང་མེད་ལྷུང་མཐོང་ནས། །ཐོད་ལ་མེ་ཆེན་མཆེད་པ་ལྟ་བུར་ཡིད་བྲེལ་བརྩོན་པ་གང་། །འདི་ན་དེ་དག་སྐྱེས་བུ་ཡིན་ཏེ་མཁས་པའང་དེ་དག་ཡིན། །ཅེས་བཤད་པའི་ཕྱིར་རོ། །སྦྱིན་སོགས་ཕ་རོལ་ཕྱིན་པ་རྣམ་པ་ལྔའི། །ངོ་བོ་ལུང་དུ་མ་བསྟན་ལྕགས་ཁམས་སུ། །རྣམ་པར་ཉམས་པ་ཐབས་ཤེས་གསེར་འགྱུར་རྩིས། །ཐེབས་པའི་མེད་ལ་རིན་ཐང་ཆེན་པོར་བྱེད། །འདི་ལྟར་སྦྱིན་པ་ལ་སོགས་པའི་ཐབས་ཀྱི་ཆ་ལྔ་པོ་ཡང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་མ་ཟིན་པའི་དུས་ན་བྱང་ཆུབ་ཆེན་པོར་ལུང་དུ་མ་བསྟན་པའི་ལྕགས་ཁམས་ལྟ་བུ་ཉིད་དོ། །དེ་ཐེག་པ་ཆེན་པོའི་ཐབས་ཀྱི་གཙོ་བོ་བྱང་ཆུབ་ཀྱི་སེམས་དང་། ཤེས་རབ་ཀྱི་གཙོ་བོ་སྟོང་པ་ཉིད་ཟུང་དུ་འབྲེལ་བ་གསེར་འགྱུར་གྱི་རྩི་ལྟ་བུས་ཐེབས་པ་ནི་སངས་རྒྱས་ཀྱི་རྒྱུ་མ་ནོར་བ་ཡིན་ལ། འཇུག་སྒོའི་ཆ་ནས་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་དང་། གསང་སྔགས་ཀྱི་ཐེག་པ་ཆེན་པོ་གཉིས་གསུངས་ཀྱི། གཉིས་ཀའི་ངོ་བོ་བྱང་ཆུབ་ཀྱི་སེམས་རྒྱུད་ལ་ནམ་སྐྱེས་པ་ན་ཐེག་པ་ཆེན་པོའི་གང་ཟག་ཡིན་ལ། དེ་མེད་ན་སྟོང་ཆད་བསྒོམ་པ་དང་། ཚུལ་ཁྲིམས་ལ་སོགས་པ་དང་། ལྷར་སྣང་གི་ང་རྒྱལ་བརྟན་པ་ལ་སོགས་པའི་ཡོན་ཏན་གང་ཡོད་ཀྱང་དམན་པའི་ལམ་ཉིད་དེ། ཐེག་པ་ཆེན་པོ་དང་ཕྱོགས་འཛོལ་བ་ཡིན་ནོ། །དེ་བས་ན་ཆོས་ཐེག་པ་ཆེན་པོ་ཡིན་པས་མི་ཆོག་སྟེ། གང་ཟག་གི་རྒྱུད་ཐེག་པ་ཆེན་པོར་འགྲོ་དགོས་པ་ནི་གལ་པོ་ཆེ་ཡིན་པས་བྱང་ཆུབ་ཀྱི་སེམས་ཉིད་གོ་ཡུལ་དུ་རྒྱས་འདེབས་པར་མི་བྱའོ། །དེ་སྐད་དུ་སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་


JL00_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱི་ས་བོན་ལྟ་བུའོ། །ཞེས་གསུངས་པས་སོ། །གང་ཕྱིར་སྙིང་རྗེའི་ཐབས་དང་སྟོང་ཉིད་ཀྱི། །ཤེས་རབ་ཟུང་དུ་འཇུག་པའི་བྱང་ཆུབ་སེམས། །སྦྱོར་བ་ཚད་མེད་བཞི་པའི་ས་མཁན་གྱི། །སྨོན་འཇུག་གཉིས་དང་བསླབ་བྱ་བསླབས་ལས་སྐྱེ། །དེ་ལ་སྙིང་རྗེས་ནི་ཞི་བའི་མཐར་ལྟུང་བ་འགོག་ལ། ཤེས་རབ་ཀྱིས་སྲིད་པའི་མཐར་ལྟུང་བ་འགོག་པའི་ཁྱད་ཆོས་ནི་བྱང་ཆུབ་སེམས་དཔའི་ལམ་ཡིན་ཏེ། མ་ཕམ་པས། ཤེས་པས་སྲིད་ལ་མི་གནས་ཤིང་། །སྙིང་རྗེས་ཞི་ལ་མི་གནས་དང་། །མྱ་ངན་འདས་དང་འཁོར་མི་གནས། །ཞེས་སོ། །དེའི་ཕྱིར་དེ་གཉིས་ཟུང་དུ་འཇུག་པའི་བྱང་ཆུབ་ཀྱི་སེམས་མེད་ན། གཤོག་པ་གཅིག་ཤོས་ཆག་པའི་འདབ་ཆགས་ལ་འཕུར་བའི་ནུས་པ་མེད་པ་ལྟར་ལམ་མི་ཆོད་པའི་ཚུལ། དོ་ཧ་མཛོད་ལས། སྙིང་རྗེ་དང་བྲལ་སྟོང་པ་ཉིད་ཞུགས་གང་། །དེས་ནི་ལམ་མཆོག་རྙེད་པ་མ་ཡིན་ཏེ། །འོན་ཏེ་སྙིང་རྗེ་འབའ་ཞིག་སྒོམ་ནའང་། །འཁོར་བ་འདི་ནས་ཐར་པ་ཐོབ་མི་འགྱུར། །གང་ཡང་གཉིས་པོ་སྦྱོར་བར་ནུས་པ་དེ། །འཁོར་བར་མི་གནས་མྱ་ངན་འདས་མི་གནས། །ཞེས་དང་། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་ལས། དེ་ལ་བྱང་ཆུབ་སེམས་དཔའི་ཐབས་ནི་གང་། ཤེས་རབ་མངོན་པར་བསྒྲུབ་པ་ནི་གང་ཞེ་ན། གང་གི་ཕྱིར་མཉམ་པར་བཞག་པ་ན་སེམས་ཅན་ལ་ལྟ་བས་ན་སྙིང་རྗེ་ཆེན་པོའི་དམིགས་པ་ལ་སེམས་ཉེ་བར་འཇོག་པ་དེ་ནི་དེའི་ཐབས་སོ། །གང་གི་ཕྱིར་ཞི་བ་དང་རབ་ཏུ་ཞི་བར་སྙོམས་པར་འཇུག་པ་དེ་ནི་ཤེས་རབ་བོ། །ཞེས་སོགས་རྒྱ་ཆེར་གསུངས་པ་དང་མཐུན་པར་བདུད་བཏུལ་བའི་ལེའུ་ལས་ཀྱང་བཀའ་བསྩལ་ཏོ། །དེ་ལྟར་ལམ་གྱི་མཚན་ཉིད་ངོས་བཟུང་ནས། དེ་སྦྱོར་བའི་ཆོ་ག་གང་ལས་སྐྱེ་ན་སངས་རྒྱས་ཀྱི་གཟུགས་སྐུ་ཆོས་སྐུའི་ཡོན་ཏན་མཐོང་བ་དང་། ཐེག་ཆེན་གྱི་བསྟན་པ་ལ་དཀོན་པའི་འདུ་


JL00_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ལ་སོགས་རྐྱེན་བཞི་ལས་སྐྱེ་བར་འདོད་པ་ཡོད་ཀྱང་། འདིར་ལས་དང་པོ་ལ་ཚད་མེད་བཞིས་སྔོན་དུ་འགྲོ་བའི་ས་མཁན་ལྟ་བུ་བྱས་ནས་སྨོན་འཇུག་གཉིས་དང་བསླབ་བྱ་བསླབས་པ་ལས་སྐྱེ་བའོ། །དེ་སྐད་དུ་ཡུམ་བར་མ་ལས། རབ་འབྱོར། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་བསྒོམ་པར་བྱའོ། །ཞེས་སོ། །དེ་ལ་སྤྱིར་ཚད་མེད་ཀྱི་སྒྲ་དོན་རྣམ་གྲངས་བཞིར་བསྟན་ཏེ། སློབ་དཔོན་བུདྡྷ་གུཔྟས། འདི་ལྟར་སེམས་ཅན་ཚད་མེད་པ་ལ་དམིགས་པ་དང་། ཚོགས་ཚད་མེད་པ་དང་། ཆོས་ཚད་མེད་པ་དང་། ཡེ་ཤེས་ཚད་མེད་པའོ། །དེ་ལ་དང་པོ་ནི་ཁམས་གསུམ་པའི་སེམས་ཅན་མང་ཉུང་འདི་ཙམ་མོ་ཞེས་དཔག་པར་མི་ནུས་པ་དང་། གཉིས་པ་ནི་བསོད་ནམས་དང་ཡེ་ཤེས་རྣམ་པ་གཉིས་ཏེ་བསྐྱེད་པའི་རྒྱུའམ་ངོ་བོ་ཡིན་པ་དང་། གསུམ་པ་ནི་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་སྟོབས་དང་མི་འཇིགས་པ་ལ་སོགས་པ་དང་། བཞི་པ་ནི་ཤེས་བྱ་དང་ཤེས་པ་ཐ་མི་དད་པས་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་དམིགས་པའི་ཡུལ་དུ་གྱུར་པ་སྟེ། བྱམས་པ་ལ་སོགས་པ་ཆོས་བཞི་པོ་དེ་དག་གི་ངོ་བོར་གནས་པའོ། །དེ་ལས་བྱམས་པའི་དམིགས་རྣམ་བཤད་པའི་ཕྱིར། །བྱམས་པའི་ངོ་བོ་གཞན་བདེ་འདོད་པ་ཡིན། །སྡུག་པའི་མ་ཡིས་བུ་ལ་ཇི་བཞིན་དུ། །ལུས་དང་ལོངས་སྤྱོད་དགེ་བ་ཀུན་སྤུངས་ནས། །གཞན་ལ་ཕན་འདོགས་གནོད་པ་བཟོད་ལ་བསླབ། །དེ་ལ་བྱམས་པ་ནི་མོས་པས་སྤྱོད་པའི་ས་ངེས་འབྱེད་ཆ་བཞི་ལ་གནས་པའི་བྱང་ཆུབ་སེམས་དཔའི་མངོན་ཤེས་ཀྱི་དབང་པོའི་སྤྱོད་ཡུལ་དུ། ལྷ་དང་མི་ལ་སོགས་པ་དང་། ངན་སོང་གི་གནས་དེ་དང་


JL00_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

དེར་སྡུག་བསྔལ་གྱིས་མནར་བའི་སེམས་ཅན་རྣམས་མཐོང་ནས། དེ་དག་ལ་སྙིང་རྗེ་ཆེན་པོ་བཟོད་མི་ནུས་པ་སྐྱེ་ཞིང་། འདི་དག་དང་བདག་གཉིས་ཀ་ཐོག་མ་མེད་པ་ནས་འཁོར་བར་འཁོར་བས་ཕན་ཚུན་གཉེན་བཤེས་ཀྱི་རང་བཞིན་དུ་མ་གྱུར་བ་མེད་པ་ཤེས་པའི་རྒྱུས་ཀུན་ལ་བུ་གཅིག་པ་ལ་བརྩེ་བ་ལྟ་བུའི་སེམས་བྱམས་པའི་རང་བཞིན་དུ་སྐྱེས་ནས། དེ་དག་སྡུག་བསྔལ་ལས་ཐར་ཏེ་བདེ་བ་ལ་གནས་པའི་ཐབས་མངོན་པར་འདུ་བྱེད་ཅིང་། དེའི་དོན་དུ་སྨོན་ལམ་འདེབས་པ་ནི་སེམས་ཅན་ལ་དམིགས་པའི་བྱམས་པ་ཞེས་བྱའོ། །ས་དང་པོ་བརྙེས་པ་ནས་བདུན་པའི་བར་གྱི་བྱང་ཆུབ་སེམས་དཔའ་རྣམས་ནི། འདི་ལྟར་ཆོས་ཐམས་ཅད་ནི་རང་བཞིན་མེད་པ་ཞིག་ལ་སེམས་ཅན་རྣམས་ནི་དངོས་པོ་ལ་ཞེན་པས་དེ་ལྟར་མ་རྟོགས་ཏེ་ཁམས་གསུམ་དུ་འཁོར་ནས་སྡུག་བསྔལ་གྱི་རྒྱུ་འབྲས་ལ་སྤྱོད་པ་འདི་རེ་སྡུག །འདི་དག་ལ་ཆོས་ཀྱི་ཕན་གདགས་ནས་ཆོས་ཉིད་རྟོགས་པར་ཤོག་ཅིག་སྙམ་དུ་སྨོན་ལམ་འདེབས་པ་ནི་ཆོས་ཀྱི་དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་པའི་སྒོ་ནས་སེམས་ཅན་ལ་བྱམས་པ་སྐྱེ་བས་ན་ཆོས་ལ་དམིགས་པའི་བྱམས་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ས་བརྒྱད་པ་ཡན་ཆད་ནས་སངས་རྒྱས་ཀྱིས་བརྙེས་པ་མན་ཆད་ནི་དམིགས་པ་མེད་པ་ཞེས་བྱ་སྟེ། རྟོག་མེད་ལྷུན་གྱི་གྲུབ་པའི་ཚུལ་གྱིས་སེམས་ཅན་གྱི་ཁམས་ལ་བྱམས་པ་སྐྱེ་ཞིང་ཕན་འདོགས་པར་མཛད་དེ། དཔེར་ན་ཡིད་བཞིན་ནོར་བུ་དང་དཔག་བསམ་གྱི་ཤིང་ལ་རྣམ་རྟོག་མེད་ཀྱང་ཇི་ལྟར་གསོལ་བ་བཏབ་པ་བཞིན་དུ་སེམས་ཅན་ལ་ཕན་འདོགས་པ་སྟེ། སངས་རྒྱས་རྣམས་ཀྱི་སྔོན་གྱི་སྨོན་ལམ་ གྱི་དབང་ལས་སེམས་ཅན་གྱི་ཁམས་ལ་བྱམས་པ་ཆེན་པོ་རང་བཞིན་ལྷུན་གྲུབ་དུ་འབྱུང་བས་ན་དམིགས་པ་མེད་པའི་བྱམས་པ་ཞེས་བྱའོ། །དེ་དག་ལ་བྱང་


JL00_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ས་ལས། སེམས་ཅན་ལ་དམིགས་པ་ནི་མུ་སྟེགས་ཅན་དང་ཐུན་མོང་བ་ཡིན་ནོ། །ཆོས་ལ་དམིགས་པ་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་བ་ཡིན་ནོ། །དམིགས་པ་མེད་པ་ནི་དེ་ཐམས་ཅད་དང་ཐུན་མོང་མ་ཡིན་ནོ། །ཞེས་བཤད་དོ། །དེ་ལྟ་མོད་ཀྱི་ཐེག་པ་ཆེན་པོའི་ཁུར་འཁྱེར་བའི་རྩ་བ་ནི་སྙིང་རྗེ་ཆེན་པོ་ཡིན་ཏེ་བློ་གྲོས་མི་ཟད་པས་བསྟན་པ་ལས། བཙུན་པ་ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་ཆེན་པོ་མི་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན་སྔོན་དུ་འགྲོ་བ་ཡིན་པའི་ཕྱིར་རོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་དབུགས་ཕྱི་ནང་དུ་རྒྱ་བ་ནི་མིའི་སྲོག་གི་དབང་པོའི་སྔོན་དུ་འགྲོ་བ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་ནི་ཐེག་པ་ཆེན་པོ་ཡང་དག་པར་འགྲུབ་པའི་སྔོན་དུ་འགྲོ་བ་ཡིན་ནོ། །ཅེས་དང་། འཕགས་པ་ཆོས་ཡང་དག་པར་སྡུད་པ་ལས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆོས་རབ་ཏུ་མང་པོ་ལ་བསླབ་པར་མི་བགྱིའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆོས་གཅིག་རབ་ཏུ་བཟུང་ཞིང་རྟོགས་པར་བགྱིས་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་དེའི་ལག་ཏུ་མཆིས་པ་ལགས་སོ། །ཆོས་གཅིག་པོ་གང་ཞེ་ན། འདི་ལྟ་སྟེ། སྙིང་རྗེ་ཆེན་པོའོ། །བཅོམ་ལྡན་འདས་སྙིང་རྗེ་ཆེན་པོས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལག་མཐིལ་དུ་མཆིས་པ་ལགས་སོ། །བཅོམ་ལྡན་འདས་དཔེར་བགྱིས་ན་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་འཁོར་ལོ་རིན་པོ་ཆེ་གང་དུ་མཆིས་པ་དེར་དཔུང་གི་ཚོགས་ཐམས་ཅད་མཆིའོ། །བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་གང་དུ་མཆིས་པ་དེར་སངས་རྒྱས་ཀྱི་ཆོས་


JL00_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མཆིའོ། །བཅོམ་ལྡན་འདས་དཔེར་བགྱིས་ན་སྲོག་གི་དབང་པོ་མཆིས་ན་དབང་པོ་གཞན་རྣམས་འབྱུང་བར་འགྱུར་རོ། །བཅོམ་ལྡན་འདས་དེ་བཞིན་དུ་སྙིང་རྗེ་ཆེན་པོ་མཆིས་ན་བྱང་ཆུབ་སེམས་དཔའི་ཆོས་གཞན་རྣམས་ཀྱང་འབྱུང་བར་འགྱུར་རོ། །ཞེས་སོ། །དེ་ལྟར་སྙིང་རྗེའི་སེམས་དེ་ལན་ཅིག་ཉམས་སུ་མྱོང་ཡང་ཐམས་ཅད་ནས་ཐམས་ཅད་དུ་འགྱུར་བར་སླ་ཞིང་། སེམས་ཅན་གྱི་ཁམས་དང་མོས་པ་ཐ་དད་ཅིང་བྱེད་པ་ངན་པས་བསླབ་པར་བྱ་བའི་གནས་ལ་བྱ་དཀའ་བ་དང་ཞུམ་པ་ཐོབ་པ་མང་དུ་མཆིས་ནས་ཐེག་པ་དམན་པར་ལྟུང་བ་ཡོད་དེ། སློབ་དཔོན་རྟ་དབྱངས་ཀྱི་དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམ་པ་རིན་པོ་ཆེའི་སྒྲོན་མ་ལས། ཁ་ཅིག་དགེ་བའི་ལས་བྱེད་ཀྱང་། །རྣམ་པ་དབེན་དོན་མ་ཤེས་པས། །རྨི་ལམ་ཡུལ་གྱི་བདེ་བ་བཞིན། །རེ་ཞིག་ཐོབ་ཀྱང་སླར་ཉམས་འགྱུར། །ཞེས་སོ། །དེའི་ཕྱིར་སྙིང་རྗེའི་སེམས་དེ་ལན་ཅིག་ཐོབ་པ་ལའང་སྤྲོ་བ་བསྐྱེད་ནས་ཇེ་འཕེལ་དུ་གོམས་པའི་ཐབས་ལ་འབད་པ་དུ་མས་འཇུག་དགོས་པ་ཡིན་ཏེ། ཅིའི་ཕྱིར་ན་བྱང་ཆུབ་ཀྱི་སེམས་དེ་གཞན་གྱིས་ཡང་དག་པར་འཛིན་དུ་བཅུག་པ་ལས་ཀྱང་སྐྱེ་ཞིང་། བྱང་ཆུབ་སེམས་དཔའི་མིང་ཙམ་འཐོབ་མོད་ཀྱིས་བསྒྲིམ་མི་དགོས་པར་སྙིང་རྗེ་ཆེན་པོའི་མཐུས་བདག་ཉིད་ཀྱི་སེམས་ཟིལ་གྱིས་ནོན་པ་ལས་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཉིད་ཁྱད་པར་ཆེ་བར་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཕྱག་རྒྱའི་ཏིང་ངེ་འཛིན་ལས་བཀའ་བསྩལ་ཏོ། །དེའི་ཕྱིར་སློབ་དཔོན་དཔའ་བོས། ཁྱོད་ཀྱི་ཐུགས་ནི་རིན་པོ་ཆེ། །རྫོགས་པའི་བྱང་ཆུབ་ས་བོན་ཏེ། །དཔའ་ཁྱོད་ཁོ་ནས་སྙིང་པོར་མཁྱེན། །དེ་གཞན་སྐྱེ་བོས་འོལ་མི་དབྱི། །ཞེས་གསུངས་པ་ལྟར་རོ། །


JL00_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་སྙིང་རྗེ་ཆེན་པོ་རྒྱུད་ལ་ལྡན་པའི་གང་ཟག་གིས་བྱམས་པའི་དམིགས་རྣམས་ལ་བསླབ་པ་ནི། བདག་ཉིད་དང་པོར་སྐྱེ་བའི་སྡུག་བསྔལ་གྱི་འཕྲང་ལས་བཅོས་མ་ཐག་པ། དབང་པོ་ཡུལ་ལ་སད་པས་བདེ་སྡུག་གི་ཚོར་བ་ཕྲ་མོ་ཚུན་ཆད་ཉམས་སུ་མྱོང་ཡང་བླང་དོར་གང་ཡང་མི་ཤེས་ཤིང་། འབུ་སྲིན་ལྟ་བུའི་ལུས་མི་གཙང་ལྗན་ལྗིན་གྱིས་གཏུམས་པ། དྲི་ང་ལ་ཡིད་དུ་མི་འོང་བ་དེ་མས་པང་དུ་བླངས། ཁྲུས་དང་བྱི་དོར་བྱས། ཤའི་དྲོད་ལ་སྦྱར། ནུ་ཞོས་བསྐྱེད་བསྲིངས། མིག་བྱམས་པར་བལྟས། མི་གཙང་བ་ལག་པས་དོར། གནོད་པ་བཟོད་པར་བྱས། སྤྱོད་ལམ་མི་མཐུན་པ་ཡང་སྙིང་དུ་སྡུག་པར་བལྟས། ཆེ་སྟེ་ཤི་ཡིས་དོགས། འབྲིང་སྟེ་ན་ཡིས་དོགས། ཆུང་སྟེ་ལྟོགས་ཀྱིས་དོགས། སྐོམས་ཀྱིས་དོགས། འཁྱགས་ཀྱིས་དོགས་ནས་མི་མཐུན་ཕྱོགས་སྤངས། མཐུན་པའི་ཕྱོགས་དོན་དུ་གཉེར་ནས་ཆེར་བསྐྱེད་པའི་ཚེ། ནོར་ཡོད་དགུ་བྱིན། བརྩེ་གདུངས་ལ་བརྗེད་པ་སྤངས་ནས་བུའི་དོན་དུ་སྡིག་པ་དང་། སྡུག་བསྔལ་དང་། གཏམ་ངན་ལ་ཁྱད་དུ་གསད། ལུས་དང་སྲོག་ཀྱང་ཅི་མི་སྙམ་པར་བལྟས་པ་ཡིན་ན། དེ་ལྟ་བུའི་བྱས་པ་ཤེས་ཤིང་དྲིན་དུ་མི་གཟོ་བ་སུ་ཞིག་བྱེད། དེ་སྐད་དུ་སློབ་སྤྲིང་ལས། བྱིས་པ་པང་ན་བཙའ་བ་ཅི་ཡང་མི་ནུས་པས། །གང་གི་ནུ་ཞོ་བྱམས་པའི་ཤུགས་ཀྱིས་གཟགས་འཐུངས་པ། །ངལ་བ་མང་བསྟེན་བྱམས་པ་བསྟེན་པ་དེ་དག་འདིར། །ཤིན་ཏུ་མ་རབས་ཞིག་ནའང་སྤོང་བར་སུ་ཞིག་སྤྲོ། །གང་གི་ཁོང་ན་འདི་སྐབས་རྙེད་ནས་གནས་གནས་ཤིང་། །གང་གིས་བརྩེ་བག་སེམས་ཀྱིས་ཟོན་བྱས་འདི་བླངས་པ། །ཉོན་མོངས་དེ་དག་སྡུག་བསྔལ་སྐྱབས་མེད་འདི་བོར་ནས། །འགྲོ་བ་མ་རབས་ཐ་ཤལ་ཞིག་ནའང་སུ་ཞིག་སྤྲོ། །


JL00_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་པ་ལྟར་རང་རེ་དང་པོ་མིའི་བྱད་ལ་སྐྱེས་བུའི་རྣམ་པར་ཤེས་པ་དང་མི་ལྡན་པ། ནུས་པ་དང་མཐུ་ཞན་པ། སྤྲ་ལྕེ་དང་བདེ་ལག་མེད་པ། འབུ་སྐྱོགས་སྐམ་ལ་འཐོན་པ་ལྟ་བུ་དེ་ནས་སྒོ་དུ་མ་ནས་བསྐྱངས། བརྡའ་དང་བཤེས་གཉེན་བསླབས་པས་ད་ལྟ་བྱ་ཕྲུག་ཚང་ནས་ཐར་བ་བཞིན་དུ་རང་མགོ་རང་གིས་འཐོན་པ་དེ་མའི་དྲིན་ཡིན། དེ་ལྟར་ད་རེས་ཀྱིས་མས་བསྐྱངས་པ་བཞིན་དུ་ཁམས་གསུམ་གྱི་སེམས་ཅན་གཞན་དང་གཞན་དག་རྣམས་ཀྱང་ཐོག་མ་མེད་པའི་དུས་ནས་བདག་གི་མ་དང་གཉེན་བཤེས་སུ་མ་གྱུར་བ་གཅིག་ཀྱང་མེད་པ་སློབ་དཔོན་འཕགས་པས། མའི་ཐུག་མཐའ་རྒྱ་ཤུག་ཚིག་གུ་ཙམ། །ཞེས་སྔར་དྲངས་པ་བཞིན་དང་། སློབ་སྤྲིང་ལས། གང་དག་ལྷན་ཅིག་འདུས་ནས་བགད་ཅིང་རྩེས་པ་དང་། །གླུ་བླངས་དགའ་འདུན་བྱས་ཤིང་གཅིག་ཏུ་ཟོས་འཐུངས་དང་། །དུས་ཀྱི་རིམ་པས་མེ་ཏོག་རྣ་རྒྱན་དངོས་བྱས་དང་། །གནས་སྐབས་ཅི་ཞིག་ལྟར་མཉམ་མི་མཉམ་བྱས་པ་ཡི། །ཉེ་དུ་འཁོར་བའི་རྒྱ་མཚོའི་ཁོངས་སུ་ཆུད་གྱུར་བ། །ཀློང་གི་ནང་དུ་ལྷུང་བ་ལྟ་བུར་སྣང་བཞིན་དུ། །སྐྱེ་ཤིས་འཕོས་པས་ངོ་མ་ཤེས་པ་དེ་བོར་ནས། །གལ་ཏེ་གཅིག་ཐར་བྱེད་ན་དེ་ལས་ཁྲེལ་བོར་མེད། །ཅེས་གསུངས་པ་ལྟར་རོ། །མ་བྱས་ཤིང་གཉེན་བཤེས་སུ་གྱུར་ངེས་ད་ལྟའི་མ་དང་གཉེན་བཤེས་བཞིན་དུ་ཕན་པ་རྒྱ་ཆེན་པོ་བཏགས་པའི་དྲིན་ཅན་ཤ་སྟག་ཡིན་པས་ལུས་རྟེན་དང་སྣང་ཚུལ་གཞན་དུ་འཕོས་པ་ལ་རྨོངས་པའི་དབང་གིས་ཕྱོགས་རིས་སུ་མི་གཅོད་པར་བྱས་པ་ཤེས་ཤིང་དྲིན་དུ་གཟོ་བས་ཕན་གདགས་ཤིང་བྱམས་པའི་སེམས་ཀྱིས་བལྟ་དགོས་པ་ཡིན་ཏེ། ཡུམ་བར་མ་ལས། སེམས་ཅན་བདེ་བ་དང་མི་ལྡན་པ་མཐོང་བ་དེའི་ཚེ་འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། སེམས་ཅན་འདི་དག་ནི་


JL00_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཡུལ་བའི་ལྷའི་བདེ་བ་ཕུན་སུམ་ཚོགས་པ་དང་ལྡན་པ་ཐོབ་པར་གྱུར་ཅིག་སྙམ་དུ་ཡིད་ལ་བྱའོ། །ཞེས་སོ། །དེ་ལ་སྙིང་དུ་མི་སྡུག་པ་ལ་སྡང་བ་དང་། གཞན་འབྱོར་ཕུན་ཚོགས་ལ་མི་བཟོད་པ་དང་། བར་མ་ཡལ་བར་འདོར་བ་གསུམ་ནི་བྱམས་པའི་མི་མཐུན་ཕྱོགས་ཡིན་པས་དེའི་གཉེན་པོར་ཚེ་རབས་སྔ་མའི་བྱས་པ་ཤེས་ཤིང་དྲིན་དུ་གཟོ་བ་འདི་ནུས་པ་ཆེ་བ་ཉིད་དོ། །དེ་ཡང་བློ་བཅོས་པའི་བསྒོམ་ཚུལ་གྱི་གོ་རིམ་ནི། ཚད་མེད་བཞིའི་རྒྱ་ཆེར་འགྲེལ་བ་ལས། སེམས་ཅན་སྙིང་དུ་སྡུག་པ་དང་། ཐ་མལ་བ་དང་། སྙིང་དུ་མི་སྡུག་པ་ཡིན་པའི་རྣམ་པ་འདི་གསུམ་ཡོད་པ་ལས། སེམས་ཅན་སྙིང་དུ་སྡུག་པ་ལ་ཡང་གསུམ་དུ་དབྱེ་སྟེ། རབ་འབྲིང་ཐ་མ་གསུམ་དུའོ། །སེམས་ཅན་ཐ་མལ་བ་དང་མི་སྡུག་པ་ལ་ཡང་གསུམ་དུ་དབྱེ་སྟེ། རབ་འབྲིང་ཐ་མ་སྟེང་བདུན་དུ་དབྱེ་བ་བྱས་ལ་ཐོག་མར་འབྲིང་ཙམ་དུ་སྡུག་པ་དེ་ཕ་མ་ལ་སོགས་པར་རབ་ཏུ་བསྒོམ་མོ། །དེ་གོམས་པ་དང་ཐ་མལ་བ་ཀུན་རབ་དང་འདྲ་བར་བསྒོམ་མོ། །དེ་ནས་ཅུང་ཟད་མི་སྡུག་པ་རབ་དང་འདྲ་བར་བསྒོམ་མོ། །དེ་གོམས་པ་དང་མི་སྡུག་པ་འབྲིང་སྡུག་པ་རབ་དང་འདྲ་བར་བསྒོམ། དེ་ནས་ཤིན་ཏུ་མི་སྡུག་པ་ལ་ཡང་ཕ་མ་དང་འདྲ་བར་བྱ་སྟེ། དེ་ལྟར་གོམས་པའི་དམིགས་པ་ཡང་སེམས་ཅན་ཐམས་ཅད་ཐོག་མ་མེད་པའི་དུས་ནས་ཕ་མ་ལ་སོགས་པ་གཉེན་དུ་མ་གྱུར་བ་མེད་པ་དང་། དེ་ལྟར་བསྒོམ་པ་ཡང་ཐོག་མར་ཁྱིམ་གང་གི་མི་ཙམ་ལ་བསྒོམ་པ་ནས་རིམ་གྱིས་ཏེ། དེ་ནས་ནི་མཐའ་ཡས་པར་བསྒོམ་མོ། །ཞེས་པ་ལྟར་རོ། །གོམས་པའི་ཚད་ནི་སེམས་ཅན་གང་མཐོང་ཡང་ཡིད་དུ་འོང་ཞིང་གནོད་པ་གཟོད་ལ། ཕན་འདོགས་པའི་བློ་སྐྱེ་བ་དང་། ཕུན་སུམ་ཚོགས་པ་མཐོང་ཡང་


JL00_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་འགྲན་སེམས་དང་ཕྲག་དོག་མི་སྐྱེ་བར་འདི་ནི་འདི་བས་ཀྱང་ཚེ་རིང་བ་དང་། ནད་མེད་པ་དང་། ཆོས་ཀྱི་འབྱོར་བར་ཤོག་ཅིག་སྙམ་དུ་འོང་ཞིང་ཕན་པ་འབའ་ཞིག་བློ་ལ་འཆར་བའི་ཚུལ། བརྒྱད་སྟོང་པ་ལས། བྱམས་པ་དང་ལྡན་པའི་སེམས་མང་དུ་བསྒོམས་ཤིང་བརྟན་པར་བྱས་པས་འགྲོ་བ་མཐོང་ན་ཡིད་དུ་འོང་བ་ཡིན། ཁོང་ཁྲོ་བ་མེད་པ་ཡིན། ཅེས་དང་། དེའི་ཕན་ཡོན་ནི། ཐར་པ་ཆེན་པོ་ཕྱོགས་སུ་རྒྱས་པའི་མདོ་ལས། གང་ཞིག་འཇིག་རྟེན་རྣམ་དག་ན། །བསྐལ་པ་གཅིག་གི་བར་དག་ཏུ། །ཚུལ་ཁྲིམས་དག་ནི་བསྲུངས་པ་ལས། །སྐྱེས་བུའི་སྐད་ཅིག་དགའ་བ་ཙམ། །དེ་བས་བྱམས་པ་སྤྱད་པ་མཆོག །གང་གིས་འཇིག་རྟེན་ཁམས་འདི་རུ། །ལུས་དང་ངག་ཡིད་སྡིག་སྤྱད་དེ། །ངན་སོང་གསུམ་དུ་ལྟུང་ངེས་ཀྱང། །བྱམས་པ་དེ་ཡིས་འཕྲལ་དུ་འབྱངས། །ཞེས་དང་། མདོ་གཞན་དག་ལས། རིགས་ཀྱི་བུ་བྱམས་པའི་ཏིང་ངེ་འཛིན་བསྒོམ་པ་སྟན་ལས་མ་ལངས་པ་ལ་ཡོན་འབུལ་བར་བྱེད་པ་ནི་བསོད་ནམས་དཔག་ཏུ་མེད་པ་བསྐྱེད་པར་འགྱུར་རོ། །ཞེས་དང་། གཞན་ཡང་ཡོན་ཏན་ཆེན་པོ་བརྒྱད་ཡོད་དེ། སློབ་དཔོན་འཕགས་པས། ལྷ་མི་དགའ་བར་གྱུར་པ་དང་། །དེ་དག་ཀྱང་ནི་བསྲུང་བ་དང་། །དུག་དང་མཚོན་གྱིས་མི་གནོད་དང་། །ཡིད་བདེ་བ་དང་བདེ་མང་དང་། །འབད་པ་མེད་པ་དོན་ཐོབ་དང་། །རྣམ་པར་གྲོལ་བར་མ་གྱུར་ཀྱང་། །ཚངས་པའི་འཇིག་རྟེན་སྐྱེ་འགྱུར་ཏེ། །བྱམས་ཆོས་ཡོན་ཏན་བརྒྱད་པོ་འཐོབ། །ཅེས་སོ། །སྙིང་རྗེའི་དམིགས་རྣམ་བཤད་པའི་ཕྱིར། །སྙིང་རྗེའི་ངོ་བོ་གཞན་གྱི་སྡུག་བསྔལ་ལ། །བཟོད་མི་ཕོད་པའི་སེམས་སྟོབས་དྲག་པོ་དང་། །འགྲོ་དྲུག་མཐའ་དག་སྡུག་བསྔལ་རྒྱུ་འབྲས་ཀྱི། །མཐའ་ལ་གཅུར་མཐོང་མཆི་མ་སློང་བ་ཡིན། །དེ་ལ་དབྱེ་ན་གསུམ། སྡུག་བསྔལ་


JL00_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ནི་སྡུག་བསྔལ་གྱི་རང་བཞིན་གསུམ་མམ། བརྒྱད་ཀྱིས་མནར་བའི་སེམས་ཅན་འདི་དག་གི་སྡུག་བསྔལ་སྙིང་རྗེ་ཆེན་པོའི་བློས་སེལ་བ་དང་། ཉེས་པ་བྱེད་པའི་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ནི་སྡུག་བསྔལ་གསུམ་མམ་བརྒྱད་པོ་དེ་དག་གི་སྐྱེ་གཞི་མི་དགེ་བ་ལ་སྤྱོད་པའི་སེམས་ཅན་རྣམས་ཀྱི་མི་དགེ་བའི་རྩ་བ་ཐམས་ཅད་སྙིང་རྗེས་སེལ་བ་དང་། རྐྱེན་དང་མི་ལྡན་པས་རྣམ་པར་གྲོལ་བ་མེད་པའི་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ནི་སེམས་ཅན་དེ་དག་དགེ་བའི་བཤེས་གཉེན་དང་མ་ཕྲད། ཆོས་མ་ཐོས། བླང་དོར་མི་ཤེས་པའི་རང་བཞིན་ལ་སྙིང་རྗེས་ཕན་གདགས་ནས་གྲོལ་བར་བྱེད་པའོ། །དེ་ལྟར་གསུམ་ལས་ཐོག་མ་ནི་ལས་དང་པོ་པའི་འཇུག་སྒོ་ཡིན་ཏེ། དམིགས་པའི་རྣམ་པ་སེམས་ཅན་སྡུག་བསྔལ་དང་བྲལ་བར་འདོད་ནས་དེའི་ཁུར་འཁྱེར་བའོ། ཁུར་མ་ཁྱེར་ན་སེམས་ཅན་སྡུག་བསྔལ་དང་བྲལ་ན་ཅི་མ་རུང་བདེ་བ་དང་ཕྲད་ན་རེ་དགའ་སྙམ་པའི་བྱམས་པ་དང་སྙིང་རྗེ་ནི་ཉན་རང་ལའང་ཡོད་པས་འདིར་སྙིང་སྟོབས་ཀྱིས་ཁྱད་པར་བྱས་པའི་ལྷག་པའི་བསམ་པ་བསྐྱེད་དགོས་ཏེ། དེ་ཐེག་ཆེན་པའི་ཁྱད་ཆོས་ཡིན་པས་སོ། །བློ་གྲོས་རྒྱ་མཚོས་ཞུས་པ་ལས། བློ་གྲོས་རྒྱ་མཚོ་དཔེར་ན་ཚོང་དཔོན་ནམ། ཁྱིམ་བདག་གཅིག་ལ་བུ་གཅིག་པུ། །འདོད་པ། སྡུག་པ། འཕངས་པ། ཡིད་དུ་འོང་བ། མཐོང་ན་མི་མཐུན་པ་མེད་པ་ཞིག་ཡོད་ལ་ཁྱེའུ་དེ་ཡང་གར་བྱེད་པས་མི་གཙང་བའི་དོང་དུ་ལྷུང་བར་གྱུར་ཏོ། །དེ་ནས་ཁྱེའུ་དེ་མ་དང་གཉེན་གྱིས་ཁྱེའུ་དེ་མི་གཙང་བའི་དོད་དུ་ལྷུང་བ་དེ་མཐོང་ལ། མཐོང་ནས་ཀྱང་ཆོ་ངེ་ཆེན་པོས་འདེབས་ཤིང་མྱ་ངན་བྱེད་ལ་སྨྲེ་སྔགས་


JL00_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

འདོན་ཏེ། མི་གཙང་བའི་དོང་དེར་ཞུགས་ནས་ཁྱེའུ་དེ་འདོན་པར་ནི་མི་བྱེད་དོ། །དེ་ནས་ཁྱེའུ་དེའི་ཕ་ཕྱོགས་དེར་སོང་སྟེ་དེས་བུ་གཅིག་བུ་དེ་མི་གཙང་བའི་དོང་དེར་ལྷུང་བར་མཐོང་ངོ་། །མཐོང་ནས་ཀྱང་རིངས་པ་རིངས་པར་བརྟབས་པའི་ཚུལ་གྱིས་བུ་གཅིག་པོ་དེ་འདོན་པའི་བློས་སྲེད་པར་བྱས་ཏེ་སྐྱུག་བྲོ་བ་མེད་པར་མི་གཙང་བའི་དོང་དེར་བབས་ཏེ་བུ་གཅིག་བུ་ཕྱུང་བར་གྱུར་ཏོ། །ཞེས་མི་གཙང་བའི་དོང་ནི་ཁམས་གསུམ་ལ། བུ་གཅིག་པུ་ནི་སེམས་ཅན་རྣམས་དང་མ་དང་གཉེན་བཤེས་ནི་དོང་གི་ཁར་སྨྲེ་སྔགས་འདོན་ཀྱང་། ནང་དུ་འགྲོ་མི་ནུས་པའི་དཔེས་ཉན་ཐོས་དང་། རང་སངས་རྒྱས་ལ་སྙིང་རྗེ་ཉི་ཚེ་བ་ཡོད་ཀྱང་སེམས་ཅན་གྱི་སྡུག་བསྔལ་སེལ་བར་མི་ནུས་ལ། བྱང་ཆུབ་སེམས་དཔའི་སྙིང་སྟོབས་ནི་དེའི་ཕ་དང་འདྲ་སྟེ། ལྷག་བསམ་གྱི་སྟོབས་ཀྱིས་གཞན་དོན་ལ་བདག་ཉིད་མི་བསྲུང་བར་འཇུག་ནུས་པ་བཞིན་ནོ། །དེའི་ཕྱིར་བདག་ཅག་ནི་ཐེག་པ་ཆེན་པོའི་ལམ་དུ་ཞུགས་པ་ཡིན་ན། འདི་ལྟར་སེམས་ཅན་ཐམས་ཅད་ནི་འབྲོག་དགོན་པ་འཇིགས་པ་ཅན་དུ་འཁྱམས་པའི་དམུས་ལོང་ལྟ་བུ། བླང་དོར་གྱི་མིག་ནི་ལོང་། དགེ་བའི་བཤེས་གཉེན་གྱི་ལོང་ཁྲིད་དང་ནི་བྲལ། སྦྱིན་པའི་བཟའ་བཏུང་ནི་མེད། ཚུལ་ཁྲིམས་ཀྱི་སྐྱེལ་མས་ནི་བོར། བཟོད་པའི་གཡང་ལུགས་ནི་རལ། བརྩོན་འགྲུས་ཀྱི་གོམ་པ་ནི་འཆོར། བསམ་གཏན་གྱི་ངལ་སྟེགས་དང་ནི་བྲལ། ཤེས་རབ་ཀྱི་འཁོར་བས་སྤངས་པ་འབའ་ཞིག་པས་ལ་ལ་ནི་སེམས་ཅན་དམྱལ་བ་ཆེན་པོར་བཙོ་ཞིང་བསྲེག་གོ །ལ་ལ་ནི་ཡི་དྭགས་ཀྱི་གྲོང་ཁྱེར་དུ་བཀྲེས་ཤིང་ཉམ་ཐག་གོ །ལ་ལ་ནི་དུད་འགྲོའི་འཇིག་རྟེན་ན་མནར་ཞིང་སྤྱོད་དོ། །ལ་ལ་ནི་ལྷ་མ་ཡིན་གྱི་གནས་ན་འཐབ་ཅིང་རྩོད་དོ། །ལ་ལ་ནི་ལྷའི་གྲོང་ཁྱེར་ནས་འཕོ་ཞིང་ལྟུང་


JL00_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་། །ལ་ལ་ནི་མིའི་འགྲོ་བ་ན་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ལ་སྤྱོད་དོ། །དེ་ལྟར་དྲུག་པོ་ཀུན་ཀྱང་མྱ་ངན་ལས་འདས་པ་མ་ཡིན་པ། ལས་ཀྱི་ཕྱི་བཞིན་འབྲང་བ། ཉོན་མོངས་པ་དྲག་པོས་གཟིར་བ། དངོས་སམ་རྒྱུད་ནས་ངན་སོང་གི་འཇིགས་པ་དང་བཅས་པ། ལ་ལ་ནི་ད་ལྟ་བདེ་ཞིང་ཕུན་སུམ་ཚོགས་པ་ལྟར་སྣང་ཡང་སྡུག་བསྔལ་གྱི་རྒྱུ་ལ་སྤྱོད་པ་སྟེ་མི་དགེ་བའི་ལས་ལ་དགའ་བ། ལ་ལ་ནི་སྡུག་བསྔལ་གྱི་འབྲས་བུ་ལ་སྤྱོད་པ་སྟེ་ངན་སོང་ལ་སོགས་པས་མནར་ཞིང་ཉམ་ཐག་པས་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་ད་ལྟའི་སྤྱོད་ཚུལ་དང་། སླད་ཀྱི་འབྲས་བུ་ལ་ཡང་དག་པར་གཞིག་པས་སྙིང་རྗེ་སྐྱེ་བའི་རྒྱུ་ངེས་པར་མངོན་དུ་བྱེད་པ་ཡིན་ལ། སྡུག་བསྔལ་ལས་བྲལ་འདོད་དང་། བདེ་བ་དང་ཕྲད་འདོད་ཀྱི་བྱམས་པ་དང་སྙིང་རྗེ་ལ་རྒྱུ་འབྲས་ཀྱི་ངེས་པ་མ་མཐོང་སྟེ་བྱམས་པ་ནི་ཞེ་སྡང་མེད་པའི་སེམས་དང་། སྙིང་རྗེ་ནི་འདོད་ཆགས་མེད་པའི་སེམས་ཡིན་པས་དེ་གཉིས་བསྐྱེད་བྱ་སྐྱེད་བྱེད་རྒྱུ་འབྲས་འཛོལ་བའི་ཕྱིར་རོ། །འདིར་ལས་དང་པོ་པའི་གང་ཟག་གིས་རྔོན་པས་དམ་ལ་བཞག་པའི་རི་དྭགས་དང་། བཤས་རར་ཁྲིད་པའི་དུད་འགྲོ་དང་། བཙོན་དོང་དུ་ཆུད་པ་དང་། མཛེ་ཕོལ་གྱིས་མནར་བ་དང་། དབུལ་ཕོངས་ཀྱིས་གཏུགས་པ་དང་། བཤེས་མེད་ཀྱི་ལོང་བ་དང་། མགོན་སྐྱབས་དང་བྲལ་བའི་སྲོག་ཆགས་ལ་སོགས་མདོར་ན་སྡུག་བསྔལ་ཤིན་ཏུ་དོས་དྲག་པས་གཙེས་པ་ལ་དམིགས་པའི་རྣམ་པ་ཐོག་མར་གཏད་དེ་ཤས་མི་བཟོད་པའི་སྙིང་རྗེ་ཆེན་པོ་བསྐྱེད་སླ་བ་ལ་བརྩོན་པར་བྱའོ། །དེ་ལ་གོམས་ནས་རིམ་གྱིས་སེམས་ཅན་ཐམས་ཅད་ལ་དམིགས་པར་བྱ་སྟེ། དེ་ལྟར་དམིགས་པའི་སྙིང་རྗེ་ལ་བརྟེན་


JL00_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གཞན་ལ་ཕན་གདགས་པའི་ལྷག་བསམ་གྱི་ཁུར་འཁྱེར་བར་ནུས་ཏེ། རི་དྭགས་ཀྲྀཥྞ་ས་ར་རྔོན་པས་གཏུགས་པའི་ཚེ། འགྲོས་ལམ་ན་ཡོད་པའི་སྲོག་ཆགས་ཕྲ་མོ་རྨིག་པའི་འོག་ཏུ་གཞར་གྱིས་དོགས་ནས་སྣས་འབུད་ཀྱིན་འབྲོས་པ་དེ་སྙིང་རྗེ་གོམས་པའི་མཐུ་བརྟས་པ་ཡིན་ནོ། །དེ་ལྟ་བུས་རྒྱུད་མ་སྦྱངས་པའི་སྙིང་རྗེ་ནི་འདོད་ཆགས་དང་བཅས་པའི་བྱམས་པ་ལ་སྙིང་རྗེར་འཁྲུལ་བ་སྟེ། ཕྱོགས་རིས་ཀྱི་བྱམས་པ་ཁྲ་དང་སྤྱང་ཀི་ལའང་ཡོད་དེ་རང་གི་བུ་སྨད་ལ་བརྩེ་ཞིང་བསྲུང་ངོ་། །དེའི་ཕྱིར་ཁྲི་བརྒྱད་སྟོང་པ་ལས། སྙིང་རྗེ་ཆེན་པོ་དང་ལྡན་པའི་སེམས་ཡངས་པ་ཚད་མ་ངེས་པ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན་པ་བསྒོམ་པར་བྱའོ། །ཞེས་གསུངས་པ་ལྟར་སེམས་ཅན་འདི་དག་སྡུག་བསྔལ་གྱི་མེ་ལྕེ་འབར་བའི་ནང་དུ་ཞུགས་པ་ཡིན་ཡང་། དེ་ལས་ཐར་པའི་ཐབས་མི་ཤེས། འདོད་ཆགས་ལ་སོགས་པ་ཉོན་མོངས་པ་བརྒྱ་ཕྲག་གིས་ཀུན་ནས་དཀྲིས་ཤིང་། གང་དག་ལྟ་བ་ངན་པ་རྣམ་པ་སྣ་ཚོགས་ཀྱིས་གཟིར་བར་གྱུར་ཀྱང་། ལམ་སྟོན་གྱི་བླ་མ་མཚན་ཉིད་དང་ལྡན་པ་དང་ཕྲད་པ་ནི་ཨུ་དུ་མ་ཝཱ་རའི་མེ་ཏོག་ལྟ་བུར་དཀོན་ལ། གལ་ཏེ་དགེ་བའི་བཤེས་གཉེན་དང་ཕྲད་ཀྱང་རང་རང་གི་ལས་ངན་དང་འགལ་རྐྱེན་སྣ་ཚོགས་པས་བར་དུ་གཅོད་པས་ཐར་བའི་ལམ་རྣལ་མར་འགྲོ་བ་ཤིན་ཏུ་དཀའ་བའི་ཕྱིར། ད་དུང་མཐའ་མེད་པའི་འཁོར་བར་འཁོར་ཞིང་སྡུག་བསྔལ་རྒྱ་མཚོ་ལྟ་བུའི་རྦ་ལ་གཡེང་བ་འདི་དག་སྔོན་ཆད་བདག་གི་ཕ་མ་དང་གཉེན་བཤེས་སུ་མ་གྱུར་བ་གཅིག་ཀྱང་མེད་ན། སྐྱབས་དང་མགོན་གྱིས་སྤངས་པ། ལོག་པའི་ལམ་ལ་རིགས་པ་བཞིན་དུ་འཇུག་པ་འདི་ལས་བདག་གིས་གདོན་བར་ཤོག་ཅིག །འདི་དག་སྡུག་བསྔལ་ལས་ཐར་ནས་བདེ་བ་ཚད་མེད་པ་ལ་རྟག་པ་རྒྱུན་དུ་


JL00_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པར་ཤོག་ཅིག་སྙམ་དུ་སྙིང་ཐག་པ་ནས་བསམ་སྟེ། དེའི་ཚེ་ཕ་རོལ་ལ་འབྱུང་བ་དེའི་ཁུར་རང་ཉིད་ལ་བབས་ནས་མཆི་མ་སློངས་ཤིང་སྐྱི་བུད་བྱེད་པའི་སྙིང་རྗེ་ཤས་མི་བཟོད་པ་སྐྱེ་བ་དང་། ལུས་ངག་དང་ཟང་ཟིང་གི་སྒོ་ནས་ཕ་རོལ་གྱི་སྲོག་སྐྱོབ་པ་དང་། དབུལ་ཕོངས་བསལ་བ་ལ་སོགས་དངོས་སུ་ཕན་པའི་བྱ་བ་ལ་འཇུག་པ་ནི་སྙིང་རྗེ་མཉམ་པར་ཞུགས་པའི་རྟགས་ཡིན་ལ། བསམ་སྦྱོར་གཉིས་ཀའི་ཆ་ནས་སེམས་ཅན་ལ་གནོད་པ་བྱེད་བཞིན་དུ། ཁ་སྐད་ཙམ་དུ་སྙིང་རྗེ་བ་སྐད་ཀྱིས་སེམས་བསྐྱེད་ཐེར་འབུམ་བསག་པ་ཙམ་ནི་འདབ་ཆགས་སྨྲ་མཁན་བཞིན་ནོ། །དེ་ལྟར་དམིགས་པ་དང་བཅས་པའི་བྱམས་དང་སྙིང་རྗེའི་ངོ་བོ་སྟོང་པ་ཉིད་དང་རྗེས་སུ་འབྲོལ་བ་ལ་བསླབ་པ་ནི་ཐམས་ཅད་མཁྱེན་པའི་ལམ་མ་ནོར་བ་ཡིན་ཏེ་ཀླུ་སྒྲུབ་ཞབས་ཀྱི་སྒོམ་པའི་རིམ་པ་ལས། སྙིང་པོ་མེད་པའི་ཆོས་འདི་ནི། །རྟོག་པ་ལས་ནི་མ་ལུས་འབྱུང་། །གང་རྟོག་དེ་ཡང་སྟོང་པ་ཉིད། །དེ་ལྟར་སྟོང་ཉིད་གྲོལ་བ་ཡིན། །ཅེས་གསུངས་པ་ལྟར་རོ། །འདི་ལྟར་སྙིང་རྗེ་ཆེན་པོ་ནི་རྫོགས་པའི་སངས་རྒྱས་ཀྱི་རྒྱུ་མ་ནོར་བ་ཡིན་ཏེ། མདོ་ལས། གང་ལ་མགོ་མཆིས་པ་དེ་ལ་འཚོ་བ་མཆིས་སོ། །གང་ལ་སྙིང་རྗེ་མཆིས་པ་ལ་བྱང་ཆུབ་ཀྱི་སེམས་མཆིས་སོ། །གང་ལ་བྱང་ཆུབ་ཀྱི་སེམས་མཆིས་པ་ལ་སངས་རྒྱས་མཆིས་སོ། །ཞེས་སོ། །དེ་ལྟ་མོད་ཀྱི་ཉེ་རིང་དང་དགྲ་ཟིན་གྱི་རྣམ་པར་རྟོག་པ་དང་འབྲེལ་མ་ཆད་པའི་སྙིང་རྗེ་ནི་དེའི་མི་མཐུན་ཕྱོགས་ཉིད་དོ། །བཏང་སྙོམས་ཀྱི་ཡུལ་ལ་སྙིང་རྗེ་སྐྱེ་སླ་བའི་གང་ཟག་དག་གིས་སྤྱོད་པ་མི་བསྲུན་པའི་རིགས་ཅན་ལ་མཐོང་ཆོས་མྱོང་གྱུར་མངོན་དུ་གྱུར་ན། དེ་ནི་སྙིང་རྗེའི་ཡུལ་དུ་མི་འགྲུབ་བོ་ཅེས་སྡང་ཞེན་དུ་བལྟ་བ་ཤིན་ཏུ་མང་སྟེ། དེ་ལྟ་ན་སྙིང་རྗེ་སྐྱེ་བའི་རྒྱུ་འབྲས་འཇིག་


JL00_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་ཏེ། དམྱལ་བར་ལྟུང་བའི་སེམས་ཅན་དེ་དག་གིས་ཀྱང་དེའི་རྒྱུ་བསྒྲུབ་པ་མཐོང་ན་སྙིང་རྗེ་སྐྱེ་བའི་ཡུལ་དུ་ག་ལ་ཞིག་སྟེ། སྟེས་དབང་གི་དེར་ལྟུང་བ་མ་ཡིན་པའི་ཕྱིར་རོ། །དེས་ན་སྙིང་རྗེའི་ཕན་ཡོན་ལ་བྲོད་པ་བསྐྱེད་ནས་ཕྱོགས་རིས་མེད་པའི་སྙིང་རྗེ་ལ་བློ་སྦྱང་བར་བྱའོ། །དེ་ལྟར་སྦྱངས་པས་གནོད་སེམས་དང་ཆགས་སྡང་མེད་པའི་སེམས་ལས་སུ་རུང་བར་འགྱུར་ཏེ། སྙིང་པོ་མཆོག་ལས། སྙིང་རྗེ་ཆེན་པོས་ནི་སེམས་ལས་སུ་རུང་བ་དང་། འཚེ་བ་མེད་པ་དང་། དགའ་བས་བརྒྱན་པའི་མཆོག་ཐོབ་པར་བྱེད་དོ། །ཞེས་སོ། །དགའ་བའི་དམིགས་རྣམ་བཤད་པའི་ཕྱིར། །དགའ་བའི་ངོ་བོ་གཞན་དག་ཕུན་ཚོགས་ལ། །སྤྲོ་བའི་སེམས་འཇུག་ཀུན་ལ་ལེགས་སྨོན་བསྒོམ། །རང་རང་མཐུ་ཡིས་ཐོབ་ལ་དགའ་བྱེད་ཅིང་། །ཕྱིན་ཆད་དེ་དང་མི་འབྲལ་སྨོན་པ་ཡིན། །དེ་ལའང་དབྱེ་ན་གསུམ་སྟེ། ཚད་མེད་བཞིའི་རྒྱ་ཆེར་འགྲེལ་ལས། དེ་ལ་དགའ་བ་ནི་སེམས་ཅན་དེ་དག་ཟང་ཟིང་གི་འབྱོར་བ་དང་། ཆོས་ཀྱི་འབྱོར་བ་དང་། བདེ་འདི་འབྱོར་བ་དང་ལྡན་པས་དགའ་བའོ། །བདག་གི་ཚོགས་ཡོངས་སུ་རྫོགས་པ་ལ་དམིགས་པའི་དགའ་བ་ནི་བདག་ཉིད་དགེ་བའི་ཚོགས་ཆེ་བ་ལ་དམིགས་ནས་དགའ་བའི་དོན་ནོ། །དམ་པའི་ཆོས་ཀྱི་རོ་ལ་དམིགས་པའི་དགའ་བ་ནི་བདག་དང་གཞན་ཆོས་ཐོས་པའི་རོ་དང་། བསམ་པ་དང་སྒོམ་པའི་རོ་རྙེད་པའི་སྒོ་ནས་དགའ་བའི་དོན་ནོ། །ཞེས་པ་ལས་སྐབས་འདིར་ནི་དང་པོའི་དོན་ཉམས་སུ་མྱོང་བར་བྱ་སྟེ། དེ་ལ་སེམས་ཅན་གང་དག་བདེ་ཞིང་སྐྱིད་པ་དང་། འབྱོར་ཞིང་ལོངས་སྤྱོད་དང་ལྡན་པ་དང་། མི་མཐུན་པའི་ཕྱོགས་དང་བྲལ་བ་དག་མཐོང་ན། འདིའི་བདེ་འབྱོར་ཕུན་སུམ་ཚོགས་པ་འདི་རྣམ་པ་ཐམས་ཅད་འདུ་འབྲལ་མེད་པར་ཤོག་ཅིག །འདི་བཞིན་དུ་སེམས་ཅན་གྱི་ཁམས་ཡོད་དོ་ཅོག་སྐྱིད་ལ་ཕུན་སུམ་ཚོགས་པར་


JL00_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་ཅིག །དེ་ལྟ་བུའི་གནས་སྐབས་བདག་གིས་ནམ་ཞིག་མཐོང་བའི་དགའ་བ་ཉམས་སུ་མྱོང་བར་འགྱུར། ད་དུང་འདིའི་སྟེང་དུ་ཚེ་རིང་བ་དང་། ནད་མེད་པ་དང་། དགེ་བའི་བསམ་པ་ཁྱད་པར་ཅན་སྐྱེ་བ་དང་། སྡིག་པའི་བསམ་པ་ལས་ལྡོག་པ་དང་། གནས་སྐབས་སུ་ལྷ་མིའི་བདེ་འབྲས་དང་། མཐར་ཐུག་ཐམས་ཅད་མཁྱེན་པའི་བདེ་བ་དང་ལྡན་པར་གྱུར་ན་ཅི་མ་རུང་སྙམ་དུ་བྱ་སྟེ། ཉི་ཁྲི་ལས། སེམས་ཅན་གང་དག་རང་རང་གི་བདེ་བས་འབྱོར་བ་མཐོང་ན་འདི་སྙམ་དུ་སེམས་ཏེ། བདེ་བ་འདི་དང་མི་འབྲལ་བར་ཤོག་ཅིག །ལྷ་མིའི་བདེ་བ་ལས་འདས་པ་རྣམ་པ་ཐམས་ཅད་མཁྱེན་པའི་བདེ་བ་དང་ལྡན་པར་གྱུར་ཅིག་སྙམ་མོ། །ཞེས་པ་སྟེ། ཁྱད་པར་འགྲན་སེམས་དང་ཕྲག་དོག་གི་ཡུལ་དུ་གྱུར་བ་ཐམས་ཅད་ལ་བྱམས་པ་བསྒོམ་པ་བཞིན་དུ་བློ་བཅོས་ནས་ལེགས་སྨོན་འབའ་ཞིག་སྐྱེ་བའི་བསམ་པ་བཟང་པོ་ལ་སློབ་བར་བྱ་བ་ནི་དགའ་བའི་མི་མཐུན་ཕྱོགས་ཀྱི་གཉེན་པོ་ཡིན་ལ། ཞར་བྱུང་དུ་བདག་གི་དགེ་བའི་རྩ་བ་མངོན་དུ་འདུ་བྱས་པ་དང་། ཐོས་བསམ་བསྒོམ་པའི་ཤེས་རབ་བསྐྱེད་པ་ལའང་དགའ་བ་བསྒོམས་ནས་སླན་ཆད་བྲོད་པ་སྐྱེ་བའི་ཐབས་ལ་འབད་ཅིང་། དེ་དག་ཀུན་ཀྱང་མཐར་ཐུག་ཞེན་པའི་ཐག་པས་མ་བཅིངས་པར་སྒྱུ་མ་ལྟ་བུའི་ཆོས་ཉིད་དུ་བལྟ་བར་བྱ་སྟེ། ཏིང་ངེ་འཛིན་རྒྱལ་པོ་ལས། སྒྱུ་མ་བྱེད་པ་དག་གིས་གཟུགས་སྤྲུལ་ནས། །རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། །དེ་ལ་ཇི་བཞིན་སྣང་བ་གང་ཡང་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་གསུངས་པ་ལྟར་དགའ་བའི་ཡུལ་གྱི་སེམས་ཅན་དང་། འདུས་བྱས་ཀྱི་དགེ་བ་དང་། ཤེས་རབ་གསུམ་ལ་སོགས་པའང་མེད་སྣང་སྒྱུ་མའི་རང་བཞིན་དུ་ཤེས་པར་བྱས་ལ་བསྔོ་


JL00_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

བས་རྒྱས་གདབ་བོ། །ཕན་ཡོན་ནི། གནས་སྐབས་སུ་རང་གི་སེམས་ལ་ཕྲག་དོག་དང་ཟུག་རྔུ་མེད་པས་བག་ཕེབས་ཤིང་། ཞི་བདེ་ལྷུན་གྱིས་འགྲུབ་པ། མཐར་ཐུག་དོན་ཆེན་པོ་དང་ལྡན་པའི་ཚུལ། བརྒྱད་སྟོང་པ་ལས། དགའ་བ་དང་ལྡན་པའི་སེམས་ཡི་རང་བ་ཚད་མེད་པ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་མི་འཕྲོགས་པ་གང་གིས་བླ་ན་མེད་པའི་ཕུན་སུམ་ཚོགས་པས་མངོན་པར་མཐོ་བ་ཉིད་ཐོབ་པར་བྱེད་དོ། །ཞེས་སོ། །བཏང་སྙོམས་བསྒོམས་པའི་ཚུལ། བཏང་སྙོམས་ངོ་བོ་བྱམས་སྡང་འདྲལ་བ་སྟེ། །ཕྱོགས་དང་རིས་ཆད་མཉམ་པ་ཉིད་བརྡལ་ནས། །དགྲ་དང་གཉེན་དང་བར་མའི་འདུ་ཤེས་གསུམ། །ཕན་འདོགས་ཡུལ་ལ་མཉམ་པར་རབ་ཏུ་སྤྱད། །རྣམ་པའི་དམིགས་བཅས་དམིགས་མེད་རྩི་ཡིས་སྦྱར། །དེ་ལ་གཉིས། བཏང་སྙོམས་ཀྱི་གོ་དོན་གཞལ་བ་དང་། སེམས་ཅན་ལ་དམིགས་པའི་བཏང་སྙོམས་སོ། །སྔ་མ་ནི་བཟང་ངན་ལ་སོགས་པ་རྣམ་པ་གཉིས་ཀྱི་དབྱེ་བསལ་མེད་པར་གཉིས་ཀ་མགོ་སྙོམས་པར་བྱ་བའི་་ཐ་ཚིག་སྟེ། འདི་ལྟར་འཇིག་རྟེན་གྱི་ཆོས་བརྒྱད་པོ་ལ་མཚོན་ན། བདག་གིས་ལོངས་སྤྱོད་ཕུན་སུམ་ཚོགས་པ་རྙེད་པ་ན་དེ་ལ་དགའ་སྟེ་ཆགས་པ་ཡང་མེད་ན། འགྲིབས་སམ་མ་རྙེད་ན་ཡི་ཆད་པ་མེད་པ་ཆོས་ཉིད་དེ། རྙེད་མ་རྙེད་མཉམ་པའི་བཏང་སྙོམས་སོ། །དེ་བཞིན་དུ་བསྙེན་བཀུར་བྱེད་པའི་ཕྱོགས་ལ་ཧ་ཅང་དགའ་བ་མི་སྐྱེ་ན། ཁྲོ་ཞིང་བརྡེག་པའི་ཕྱོགས་ལ་སྤང་ཞེན་གྱི་དངོས་འཛིན་ཆུང་བས་བདེ་སྡུག་བཏང་སྙོམས་སོ། །བདག་གི་རིགས་གཟུགས་དང་ཡོན་ཏན་ལ་བསྟོད་པས་སེམས་གཟེངས་མཐོ་བར་གྱུར་ན་ནི། སྐྱོན་བྲུས་ཤིང་བསྐུར་བའི་ཕྱོགས་ལ་མི་བཟོད་པ་ཆོས་ཉིད་དོ། །དེ་གཉིས་ཀ་ལས་ལྡོག་པ་ནི་བསྟོད་སྨད་ལ་


JL00_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་སྡུག་མེད་པའི་བཏང་སྙོམས་སོ། །རང་གི་ཡོན་ཏན་གཞན་གྱིས་ཤེས་ན་དགའ་ཞིང་སྐྱེ་བོ་མང་པོས་ཐོས་ཤིང་མ་གྲགས་པས་སེམས་ཁོང་དུ་ཆུད་པ་གཉིས་ཀ་མེད་ན་གྲགས་པ་དང་། མ་གྲགས་པ་ལ་དགའ་སྡུག་མེད་པའི་བཏང་སྙོམས་ཏེ། བདག་གི་དོན་དུ་ཆོས་བརྒྱད་པོ་འདི་དག་སྔོན་ལ་མགོ་སྙོམས་ན་སེམས་ཅན་ལ་དམིགས་པའི་བཏང་སྙོམས་ཀྱང་ངང་གིས་བསྒྲུབ་པར་སླ་སྟེ། ཕྱོགས་རིས་ཞིག་པ་བཏང་སྙོམས་ཀྱི་མཚན་ཉིད་ཡིན་པས་སོ། །དེ་སྐད་དུ་འདུལ་བ་ལུང་ལས། ཁྱོད་ཀྱིས་སེམས་ཅན་ཐམས་ཅད་ལ་ཕན་ཚུན་མཉམ་ཞིང་སྙོམས་པའི་སེམས་སུ་བྱའོ། །ཞེས་སོ། །སེམས་ཅན་ལ་དམིགས་པའི་རྣམ་པ་ནི། འདི་ལྟར་འཁོར་བ་ལ་མཐའ་མེད་པས་སེམས་ཅན་རེ་རེ་ནས་བསམས་ན། དགྲ་དང་གཉེན་དུ་མ་གྱུར་བ་མེད་ཕྱིར་དེ་ལ་ཆགས་སྡང་བྱ་བ་མི་རིགས་ཏེ། དགྲ་དང་གཉེན་གྱི་ཕྱོགས་རིས་ནི་ད་རེས་ཀྱི་སྐྱེ་བ་འདིའི་རྟེན་འབྲེལ་གྱི་རྒྱུ་རྐྱེན་ནམ། རང་གི་དགྲར་འཛིན་གྱི་རྣམ་པར་རྟོག་པ་ལས་འབྱུང་བའང་ཡོད་དེ། གཅིག་ཤོས་ཀྱིས་དགྲར་བལྟ་ལ་གཅིག་ཤོས་ཀྱིས་བྱམས་པའི་སེམས་དང་ལྡན་པ། བཅོམ་ལྡན་འདས་དང་དགེ་སློང་ལེགས་པའི་སྐར་མ་བཞིན་ནོ། །ཅི་སྟེ་དངོས་སམ་བརྒྱུད་ནས་གནོད་པ་བྱས་པ་ལ་དཔགས་ནས་དགྲར་འཛིན་དགོས་ན། ཚེ་རབས་སྔ་མར་གཉེན་གྱིས་ཀྱང་གནོད་པ་བྱས་པའི་མཐའ་མི་གཏུགས་ལ། དེ་ལྟའང་གཉེན་ལ་བརྟེན་ནས་བདག་ཉིད་སྡུག་བསྔལ་བའི་རྒྱུ་དེ་ལ་མི་འདོད་པས་གཙེས་པ་དང་། སྤྱོད་པ་ངན་པས་འཁྲུགས་པ་དང་། བྱས་པ་མི་གཟོ་བར་རྒོལ་བ་སོགས་ཆགས་སྡང་སྣ་ཚོགས་མངོན་སུམ་པར་བསྐྱེད་པས་དགྲ་བཞིན་དོན་ལ་གནས་པ་ཡོད། ཕན་


JL00_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

གདགས་པས་གཉེན་དུ་འཛིན་ན་ད་ལྟའི་དགྲས་ཀྱང་ཚེ་རབས་སྔ་མར་རེས་འགའ་ནི་ཕ་མ་བྱས། རེས་འགའ་ནི་གཉེན་བཤེས་བྱས། རེས་འགའ་ནི་དབུལ་ཕོངས་བསལ། རེས་འགའ་ནི་སྲོག་ལས་སྐྱབས་པས་དྲིན་ཆེན་པོ་དང་ལྡན་ན། ད་རེས་ཀྱི་དགྲ་དང་དགྲར་འཛིན་གྱི་རྣམ་རྟོག་ནི་ཕན་ཚུན་གཉིས་ཀ་ཐབས་ལ་མི་མཁས་པའི་རྐྱེན་ཕྲན་བུས་འཁོན་དང་དབྱེན་དུ་བཅོས་པ་ཁོ་ན་མང་། སྤྱིར་ཡང་དགྲ་གཉེན་གྱི་ཕྱོགས་རིས་ཆེན་པོ་ནི་ལྗོན་ཤིང་རྒས་པའི་ཡལ་ག་ལ་འཇུ་བ་བཞིན་བདག་ཉིད་ལྟུང་ཞིང་ཕ་རོལ་བརླག་པའི་རྒྱུ་ཁོ་ན་ཡིན། སེམས་ཀྱི་ཁུར་དུ་ཆགས་སྡང་ལས་ལྕི་བ་ཡོད་པ་མིན་པས་ཚོར་བ་བཏང་སྙོམས་ཀྱི་གང་ཟག་ལ་བདེ་བ་དཔག་ཏུ་མེད་པ་ཡོད། ཁྱད་པར་ཐོས་པ་ཉུང་ཤིང་། མངོན་པའི་ང་རྒྱལ་དང་ལྡན་པའི་སེམས་ཅན་འདི་དག་ནི་གཏི་མུག་ལ་གོམས་པ། དྲན་པ་རྣལ་དུ་མི་གནས་པ། ཤེས་པ་རང་དབང་ཅན་མ་ཡིན་པ་ཤ་སྟག་པས། དེ་ལ་དགྲ་ཟིན་གྱི་རྣམ་པར་རྟོག་པ་སྤངས་ཏེ་ཐབས་ལ་མཁས་པས་བསྟུན་ན་གཉེན་དུ་བཤེས་པའང་མངོན་སུམ་ན། དགྲ་གཉེན་གཉིས་ཀ་བར་མའི་རང་བཞིན་དུ་བཏང་སྙོམས་ནས། རང་ཉིད་བདེ་ན་དགའ་བ་བཞིན་དུ་འདི་དག་ཀྱང་བདེ་ན་དགའ། རང་སྡུག་བསྔལ་མི་འདོད་པ་བཞིན་དུ་དེ་དག་ཀྱང་སྡུག་བསྔལ་མི་འདོད། འདོད་པ་བདེ་བ་འདོད་ཀྱང་བསྒྲུབ་པ་སྡུག་བསྔལ་གྱི་རྒྱུ་མི་དགེ་བའི་ལས་ལ་སྤྱོད་པ་འདི་དག་ལ་ཆོས་དང་ཟང་ཟིང་གི་སྒོ་ནས་ཕན་འདོགས་སྙམ་པ་ཉིད་དུ་བྱའོ་སྙམ་པ་སྙིང་ཐག་པ་ནས་བསྒོམ་པར་བྱ་བ་དང་ཆབས་ཅིག་འགྲོ་བ་འདི་དག་ཆགས་སྡང་གི་མེ་ཚོགས་གཏུམ་པོས་དགེ་བའི་ལྗོན་ཤིང་བསྲེག་པའི་སེམས་ཉེ་བར་ཞི་ནས། ཕན་ཚུན་གཅིག་ལ་གཅིག་ཁོང་ཁྲོ་བ་མེད་ཅིང་། བཏང་སྙོམས་ཆེན་པོའི་བློ་ལས་སུ་རུང་བར་ཤོག་


JL00_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་སྙམ་དུ་སྨོན་ལམ་རྒྱ་ཆེན་པོ་གདབ་པར་བྱ་སྟེ། འདུལ་བ་ལུང་ལས། ཕན་པའི་ལན་དུ་ཕན་པ་མཆོག །གནོད་པའམ་བར་མ་རིགས་པ་མིན། །ཞེས་པས་བཏང་སྙོམས་ཀྱི་མཚན་ཉིད་ཕན་མི་འདོགས་གནོད་མི་བྱེད་པའི་བར་མར་འདུག་པ་མ་ཡིན་པར། ཕན་པ་འབའ་ཞིག་བསྒྲུབ་པའི་ཡུལ་ལ་ཉེ་རིང་མེད་པར་བཏང་སྙོམས་པ་ཉིད་དོ། །དེ་ལྟར་བསྒོམས་པའི་ཕན་ཡོན་གྱིས་ཆགས་སྡང་གི་ཕྱོགས་སུ་སེམས་རྣམ་པར་མི་གཡེང་བས། བློ་ལས་སུ་རུང་ལ་མཐར་ཐུག་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པར་འགྱུར་བའི་ཚུལ། ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས། ཆོས་ཐམས་ཅད་ཀྱི་མཚན་ཉིད་དམིགས་སུ་མེད་པ་གང་ཡིན་པ་དེ་ནི་མཉམ་པ་ཉིད་ཡིན་ནོ། །ཞེས་སོ། །དེ་ལྟར་ཚད་མེད་བཞི་པོའང་ཡུལ་སོ་སོར་ཕྱེ་ན་རིམ་ཅན་དུ་བསྒོམ་པ་ནི། ཆོས་མངོན་པའི་སྡེ་སྣོད་ཀྱི་རྗེས་སུ་འབྲངས་པའི་ལུགས་ཡིན་པས་མྱོང་བ་ཐོན་པ་ལ་གནད་ཤིན་ཏུ་ཆེ་སྟེ། རྣམ་པ་སྤྱི་ལ་དམིགས་ནས་རྒྱས་འདེབས་པ་ནི། ས་ཆོད་ཆེ་བ་ལྟར་སྣང་ཡང་དོན་ལ་གཅིག་ལའང་ངེས་པ་མི་སྐྱེ་བ་བྱིས་པའི་མདུན་དུ་ཟ་འོག་ཁ་བྱེ་བ་ལྟ་བུའོ། །དེའི་ཕྱིར་ས་སྡེ་ལས། སེམས་ཅན་དང་ཆོས་ཉིད་ལ་བརྟེན་ནས་དམིགས་པ་དང་བཅས་པ་དང་། དམིགས་པ་མེད་པའི་ཚད་མེད་པ་རྣམ་པ་བཞི་ཉིད་སྐྱེ་སྟེ། ཞེས་པ་ལྟར་དམིགས་ཡུལ་འགྲོ་བ་ལ་དམིགས་པའི་རྣམ་པ་རེ་རེ་ནས་མྱོང་བ་ཤིན་ཏུ་བརྟན་པར་བྱས་པས། བྱང་ཆུབ་ཀྱི་སེམས་གཉིས་རྒྱུད་ལ་སྐྱེ་བའི་རྒྱུར་འགྲོ་ཞིང་བསམ་པ་བཟང་པོ་དེ་ལས་བསོད་ནམས་ཀྱི་ཚོགས་རྒྱ་ཆེར་འཕེལ་ལ། རྗེས་ལ་བསྒོམ་པར་བྱ་བའི་ཡུལ་སེམས་ཅན་དང་། སྒོམ་པར་བྱེད་པའི་དམིགས་པ་


JL00_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བདག་ཏུ་བལྟ་བ་ཐམས་ཅད་སྒྱུ་མ་དང་། རྨི་ལམ་ལྟ་བུ། གསོག་དང་། གསོབ་དང་། ཡ་མ་བརླ་བ་རང་བཞིན་གྱིས་རྣམ་པར་དག་པའི་ཆོས་ཉིད་དྲན་པར་བྱས་པས་ཡེ་ཤེས་ཀྱི་ཚོགས་རྫོགས་པར་འགྱུར་ཏེ། འཕགས་པ་དྲི་མ་མེད་པར་གྲགས་པའི་མདོ་ལས། མི་རྟོག་པ་དང་མི་དམིགས་པ་ནི་བྱང་ཆུབ་བོ། །ཞེས་སོགས་རྒྱ་ཆེར་ཡོད་དོ། །ད་ནི་ཚད་མེད་བཞིའི་མི་མཐུན་ཕྱོགས་ཚངས་པའི་གནས་པ་བཞི་སྤང་བར་སྟོན་པ་ནི། འདོད་པའི་བྱམས་པ་སེར་སྣའི་སྙིང་རྗེ་དང་། །ང་རྒྱལ་དགའ་བ་གཏི་མུག་བཏང་སྙོམས་དང་། །ཐར་བའི་ལམ་མིན་ཚངས་པའི་གནས་པ་བཞིའི། །ཕྱོགས་དང་ཉེ་བ་དམིགས་བཅས་རྣམ་པར་སྤང་། །དེ་ལ་སེམས་ཡང་དག་པར་མ་བསྐྱེད་ཅིང་། །ཐར་པ་འདོད་པའི་སེམས་ཀྱིས་ཀྱང་མ་ཟིན། །བློའི་རྣམ་པ་ཀུན་རྫོབ་པ་འབའ་ཞིག་གི་རང་གི་བུ་དང་། ཉེ་དུ་མཛའ་བཤེས་ལ་སོགས་པའི་ཕྱོགས་ལ་བྱམས་ཤིང་གཞན་ལ་ཅང་མི་སེམས་པ་ནི་རྣམ་པ་བྱམས་པར་ཤར་ཀྱང་ངོ་བོ་འདོད་ཆགས་སོ། །དེ་བཞིན་དུ་རང་གི་བདག་གིར་བཟུང་བའི་རྟ་དང་། མ་ཧེ་དང་། བ་གླང་ལ་སོགས་པ་ལྟ་བུར་སྙིང་རྗེ་ནས་འཁོལ་དུ་མི་འཇུག་ཅིང་། སྲོག་ཆགས་གཞན་དག་ལ་དེ་ལས་ལྡོག་པ་ནི་སྙིང་རྗེར་བརྫུས་པའི་སེར་སྣའོ། །རང་དང་རང་གི་ཕྱོགས་ཕུན་སུམ་ཚོགས་པ་དང་། བདེ་ཞིང་སྐྱིད་པ་ལ་དགའ་བ་བསྒོམ་ལ་བར་མ་ལ་སོགས་དེ་ལས་ལྡོག་པ་ནི་ང་རྒྱལ་ལམ་ཕྲག་དོག་དང་ཉེའོ། །ཚོར་བ་ལུང་མ་བསྟན་ཕན་གནོད་ཀྱི་ཡུལ་གང་ཡང་མ་རིག་པའི་བཏང་སྙོམས་ནི་གཏུ་མུག་གི་ཕྱོགས་དང་འབྲེལ་ཏེ། དེ་དག་ནི་སྲིད་པར་མངོན་པར་འདུ་བྱེད་པའི་རྒྱུ་ཐར་པའི་ལམ་དང་མ་འབྲེལ་བ་སྟེ། སྟོན་པ་ཐུགས་རྗེ་ཆེན་པོས་


JL00_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོ་མཆོག་ལས། ཤཱ་རིའི་བུ། འདི་ལ་སེམས་ཡང་དག་པར་མ་བསྐྱེད། རྗེས་སུ་མ་བསྐྱེད་པའི་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་བཞི་ནི་ཚངས་པའི་གནས་པ་བཞི་སྟེ། སྲིད་པར་མངོན་པར་འདུ་བྱེད་པ་དང་བཅས་པའོ། །སེམས་ཡང་དག་པར་བསྐྱེད། རྗེས་སུ་བསྐྱེད་པའི་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་བཞི་ནི་ཚད་མེད་པ་བཞི་སྟེ། མྱ་ངན་ལས་འདས་པའི་ལམ་དུ་འདུ་བྱེད་པའི་ཕྱིར་རོ། །ཞེས་སོ། །ཐར་པའི་སེམས་ཀྱི་མ་ཟིན་པའི་ཚད་མེད་བཞི་ལས་གཞན་དུ་གྱུར་པ་ཚངས་པའི་གནས་པ་བཞི་པོ་ལའང་གནས་སྐབས་ཀྱི་འབྲས་བུ་མེད་པ་ནི་མ་ཡིན་ཏེ། སྔོན་བུད་མེད་བུ་ཆུང་ཁུར་བས་ཆུ་བོ་གངྒཱ་བརྒལ་དུས་གཉིས་ཀ་གཅིག་ལ་གཅིག་བྱམས་པའི་སེམས་ཀྱིས་མ་བཟོད་པའི་ངང་དུ་ཚེའི་དུས་བྱས་པས་ཚངས་པའི་གནས་ཐོབ་པར་གསུངས་པ་ལྟར་ཏེ། སློབ་དཔོན་ཞི་བ་ལྷས། སེམས་གསལ་གཅིག་སྐྱེས་འབྲས་བུ་གང་། །ཚངས་ལ་སོགས་པ་ཡིན་པ་ལྟར། །ཞེས་བཤད་དོ། །དེའི་ཕྱིར་ཕ་མ་བུ་ཚར་བྱམས་པ་ལ་སོགས་པ་ནི་ཆགས་པ་ཡིན་ལ། དེ་བཞིན་དུ་ཉོན་མོངས་གཞན་གྱིས་གཟིར་བའི་སྙིང་རྗེ་ལ་སོགས་པའང་མདོ་སྡེ་རྒྱན་ལས། འདོད་པའི་འདོད་ཆགས་དང་ལྡན་པས། །ཉེས་པ་རྣམ་པ་མང་ལ་རེག །ཅེས་པ་ལྟར་འདོད་པའི་སར་སྐྱེ་བ་འདོད་པའི་འདོད་ཆགས་སམ། ཁམས་གོང་མ་གཉིས་སུ་སྐྱེ་བ་སྲིད་པའི་འདོད་ཆགས་ཀྱི་རྒྱུ་ཡིན་པར། མཛོད་ལས། ཁམས་གཉིས་ལས་སྐྱེས་སྲིད་འདོད་ཆགས། །ཞེས་པས་མཚོན་ཏེ་གཞན་གསུམ་པོའང་འཁོར་བའི་རྒྱུ་ལས་མི་འདའ་སྟེ། སེམས་དཔའ་སེམས་


JL00_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ལ་ཆགས་པ་ནི་དེ་ལས་ལྡོག་པ་ཅན་ཡིན་པས་སོ། །འདི་ལྟར་འཇིག་རྟེན་ལས་འདས་པའི་ཚད་མེད་བཞི་པོ་ནི་ཉན་རང་ལ་སོགས་པ་ལའང་མེད་ན། སོ་སོ་སྐྱེ་བོའི་ཚོགས་ལ་ལྟ་ཅི་སྨོས་ཏེ། མདོ་སྡེ་རྒྱན་ལས། འཇིག་རྟེན་བྱང་ཆུབ་རང་སངས་རྒྱས་པ་ཡི། །དགྲ་བཅོམ་རྣམས་ལའང་བྱམས་པ་དེ་མེད་ན། །དེ་ལས་གཞན་ལ་སྨོས་ཀྱང་ཅི་དགོས་པ། །ཇི་ལྟར་འཇིག་རྟེན་འདས་པ་མ་ཡིན་འགྱུར། །ཞེས་སོ། །འོ་ན་འཇིག་རྟེན་ལས་འདས་པའི་ལམ་དང་འབྲེལ་བ་གང་ཞེ་ན། འདི་ན་ཞི་བའི་ལམ་དང་འབྲེལ་བ་ཡི། །དམིགས་པའི་ཡུལ་ནི་སེམས་ཅན་ཐམས་ཅད་ཀྱང་། །སྣང་ལ་རང་བཞིན་མེད་པའི་ཆོས་ཉིད་ཀྱི། །རྣམ་པའི་བསྒོམ་ཚུལ་སྟོབས་སུ་གྱུར་བ་ལས། །བྱང་ཆུབ་སེམས་གཉིས་སྐྱེ་བའི་རྒྱུར་འགྲོ་བས། ཁྱད་ཆོས་ལྡན་པའི་ཚད་མེད་བཞི་རུ་འདོད། །འདི་ལྟར་དམིགས་པའི་རྣམ་པ་སེམས་ཅན་ཐམས་ཅད་ལ་ཉེ་འཁོན་མེད་པའི་བྱམས་པ་ལ་སོགས་པ་བཞིར་ཤར་ཀྱང་། དེ་ལ་བདེན་ཞེན་དང་དངོས་པོར་བལྟ་བའི་མཚན་ཉིད་ལས་ལྡོག་པ་སྣང་ལ་རང་བཞིན་མེད་པའི་ཆོས་ཉིད་སྒྱུ་མ་ལྟ་བུའི་རྩིས་ཟིན་པ་ནི། བྱང་ཆུབ་ཀྱི་སེམས་གཉིས་སྐྱེ་བའི་རྒྱུ་ཡིན་པར། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ནི་ནམ་མཁའི་མཚན་ཉིད་ཀྱི་ཕྱིར་རོ། །དེས་ན་རང་གི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་བའི་རྗེས་སུ་ཐབས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་སེམས་ལ་དམིགས་པ་འབྱུང་སྟེ། ཞེས་དང་། སློབ་དཔོན་དཔའ་བོའི་དོན་དམ་བྱང་ཆུབ་སེམས་སྒོམ་པ། རིན་ཆེན་སྒྲོན་མ་ལས། ཇི་ལྟར་སྣང་ཞིང་གྲགས་པའི་ཆོས། །དེ་ལྟར་གྲུབ་ཅིང་བདེན་པ་མིན། །སྣ་ཚོགས་ཅིར་ཡང་འགྱུར་བའི་ཕྱིར། །དཔེར་ན་མིག་འཕྲུལ་རྣམ་པ་བཞིན། །ངོ་བོ་ཉིད་མེད་


JL00_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་འདྲ། །རྟེན་འབྲེལ་ཙམ་ལས་བྱུང་བའི་ཕྱིར། །ཤིན་ཏུ་མེད་པའང་མ་ཡིན་ཏེ། །དཔེར་ན་རྨི་ལམ་རྒྱུ་འབྲས་བཞིན། །བདེན་པ་མ་གྲུབ་རྫུན་མི་ལྡོག །ཅེས་སོ། །དེ་ལྟ་བུའི་ཚད་མེད་བཞི་པོའང་། བསྒོམ་ཚུལ་གོ་རིམ་ཅན་དང་ངེས་པ་མེད། །དམིགས་པའི་ཡུལ་གང་སྐྱེ་བར་སླ་ལ་གཏད། །དེ་ལ་དཀྱུས་སུ་བཤད་པ་ནི་གོ་རིམ་གྱི་ངེས་པ་ཅན་ཏེ། ཡུམ་བར་མ་ལས། རབ་འབྱོར་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་བསྒོམ་པར་བྱའོ། །ཞེས་དང་། སྔགས་སུ་ལྷའི་དེ་ཁོ་ན་ཉིད་དང་སྦྱར་ནས་གསུངས་པའང་བརྟག་གཉིས་ལས། དང་པོར་བྱམས་པ་བསྒོམ་པར་བྱ། །གཉིས་པར་སྙིང་རྗེ་རྣམ་བསྒོམ་ཞིང་། །གསུམ་པར་དགའ་བ་བསྒོམ་པ་དང་། །ཀུན་གྱི་མཐར་ནི་བཏང་སྙོམས་སོ། །ཞེས་སོ། །ངེས་པ་མེད་པ་ནི་དབུ་མ་རྒྱན་ལ་སོགས་པའི་རྗེས་སུ་འབྲངས་ནས་སྐྱེ་སླ་བ་ལ་དམིགས་པ་བཏང་སྙོམས་ཐོག་མར་འདོན་པའི་རིམ་པའང་ཡོད་དེ། སེམས་ཅན་ཐམས་ཅད་ལ་རྗེས་ཆགས་པ་དང་། ཁོང་ཁྲོ་བ་བསལ་ཏེ་སེམས་སྙོམས་པ་ཉིད་སྔོན་དུ་བསྒྲུབ་པའི་སླད་དུའོ། །དེ་སྐད་དུ་སློབ་དཔོན་དཔའ་བོའི་ཀུན་རྫོབ་བྱང་ཆུབ་སེམས་སྒོམ་ལས་ཀྱང་། དེ་ཡང་ཐོག་མར་ཚད་མེད་བློ། །བཏང་སྙོམས་ས་གཞི་ལེགས་བརྡལ་ལ། །བྱམས་པའི་ཆུ་བོས་རྣམ་བཅུས་ནས། །རབ་ཏུ་དགའ་བས་རྣལ་འབྱོར་བས། །སྙིང་རྗེའི་ས་བོན་ལེགས་པར་གདབ། །ཅེས་བཤད་པས་གང་སྐྱེ་སླ་བ་དང་སྦྱར་རོ། །སྦྱར་དུ་རུང་བའི་ཤེས་བྱེད་ནི་འདི་ཡིན་ཏེ། ཚད་མེད་པ་འདི་དག་ཀྱང་རྐྱེན་བཞི་ལས་སྐྱེ་བའི་ཕྱིར་ཏེ། སེམས་


JL00_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གྱི་ཁམས་ལ་རང་བཞིན་དུ་གནས་པའི་རིགས་ནི་རྒྱུའི་རྐྱེན་ནོ། །བཞི་པོའི་ཚད་ཉིད་ལུང་སྟོན་པའི་དགེ་བའི་བཤེས་གཉེན་ནི་བདག་པོའི་རྐྱེན་ནོ། །རང་རང་གི་ཡུལ་མངོན་དུ་གྱུར་བ་ནི་དམིགས་པའི་རྐྱེན་ནོ། །དེ་ལྟར་བསྒོམས་པའི་ཕན་ཡོན་དང་། མ་བསྒོམས་པའི་ཉེས་དམིགས་གོམས་པ་དེ་མ་ཐག་པའི་རྐྱེན་ཏེ། མདོ་སྡེ་རྒྱན་ལས་ཀྱང་། བདེ་དང་སྡུག་བསྔལ་རང་བཞིན་ལས། །བྱང་ཆུབ་སེམས་དཔའི་བྱམས་པ་སྟེ། །རྒྱུ་དང་བཤེས་གཉེན་རང་བཞིན་ལས། །བློ་དང་ལྡན་པའི་སྙིང་རྗེ་སྐྱེ། །ཞེས་དང་། ཁྱད་པར་སེམས་དང་སེམས་བྱུང་ལྟར་འབྲེལ་བའི་དམིགས་པའི་རྣམ་པ་འདི་དག་ནི་འཁོར་བའི་དུས་ན་བདག་རྐྱེན་ལ་སོགས་པ་བཞི་པོས་བསྐྱེད་ལ། རྒྱུའི་རྐྱེན། བདག་པོའི་རྐྱེན། དེ་མ་ཐག་པའི་རྐྱེན་གསུམ་གྱིས་སྙོམས་འཇུག་རྣམ་གཉིས་བསྐྱེད་ཅིང་། བམ་པོ་རྣམས་ནི་རང་རང་གི་རྒྱུ་དང་། དྲོད་གཤེར་ལ་སོགས་པའི་བདག་རྐྱེན་ལས་བསྐྱེད་པར་འདོད་པ་ནི། མངོན་པ་མཛོད་ལས། བཞི་ཡིས་སེམས་དང་སེམས་བྱུང་རྣམས། །གསུམ་གྱིས་སྙོམས་པར་འཇུག་རྣམ་གཉིས། །གཞན་ནི་གཉིས་པོ་དག་ལས་སྐྱེ། །ཞེས་སོ། །དེ་ཡང་གོ་རིམ་ལ་དག་གྲོལ་དུ་བྱེད་པའི་གཉེན་པོར། འོན་ཀྱང་བྱམས་བསྒོམས་ཆགས་པའི་རྟེན་གྱུར་ན། ཉེ་རིང་བྲལ་བའི་བཏང་སྙོམས་བསྒོམ་པར་སྤོ། །བྱམས་པ་བསྒོམས་པ་དེ་གཉེན་བཤེས་ལྟ་བུའི་རིས་ཅན་དུ་མཐོང་ནས་ཆགས་པའི་རྟེན་དུ་གྱུར་ན། བཏང་སྙོམས་བསྒོམས་པས་དེའི་གཉེན་པོར་འགྱུར་རོ། །དེ་ཉིད་རྨོངས་ནས་ལུང་མ་བསྟན་གྱུར་ན། །སྙིང་རྗེར་སྤོས་པས་སྡུག་བསྔལ་རྒྱུ་འབྲས་འགོག །བཏང་སྙོམས་ཀྱི་སེམས་དེ་ཕན་མི་འདོགས་པའི་ལུང་མ་བསྟན་དུ་ལྷུང་ན་


JL00_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་རྣམས་སྡུག་བསྔལ་གྱི་རྒྱུ་ལ་སྤྱོད་ཅིང་འབྲས་བུས་གཟིར་བའི་གནས་ལ་སྙིང་རྗེ་ཆེན་པོ་བསྐྱེད་པས་བཏང་སྙོམས་ཐ་ཤལ་བདེ་འགོག་གོ །སྙིང་རྗེ་སྟོབས་ཞན་རིས་སུ་ཆད་པ་ན། །དགའ་བར་སྤོས་པས་དམན་སེམས་སྐྱེ་བུ་འགོག །སྙིང་རྗེ་ཉི་ཚེ་བ་སྐྱེས་ཀྱང་ཉེས་པའི་ཆ་ཅན་ཕྱོགས་རིས་ཀྱི་རྣམ་པར་ཤར་ན་མི་མཐུན་པའི་ཡུལ་གྱི་བདེ་འབྱོར་ལ་དགའ་བ་བསྒོམས་པས་དམན་སེམས་མཐའ་དག་གི་གཉེན་པོར་འགྱུར་བའོ། །དགའ་བས་སེམས་རྒོད་སྤྲོས་པའི་ཡུལ་གྱུར་ན། བྱམས་སོགས་མཐའ་དབུས་བརྗེས་ནས་སྤེལ་མར་བསྒོམ། གཞན་གྱི་བདེ་འབྱོར་ལ་དགའ་བ་བསྒོམས་པས་སེམས་རྣམ་པར་གཡེང་བར་གྱུར་ན། བྱམས་པ་དང་དགའ་བ། སྙིང་རྗེ་དང་བཏང་སྙོམས་སྤེལ་མར་བསྒོམ་ཞིང་། དེའང་བཏང་སྙོམས་ནས་སྙིང་རྗེ་བསྒོམ་ཞིང་། དེ་ནས་བྱམས་པ་བསྒོམ་པ་ནི་ཆུང་ངུ་། བྱམས་པ་ནས་དགའ་བ་བསྒོམ་པ་ནི་འབྲིང་། བཏང་སྙོམས་ནས་བྱམས་པ་བསྒོམ་པ་ནི་ཆེན་པོ་སྟེ། ཡུམ་བར་མ་ལས། འདི་ལྟར་བྱམས་པ་བསྒོམ་མོ། །དགའ་བ་བསྒོམ་མོ། །སྙིང་རྗེ་ལ་མཉམ་པར་འཇོག་གོ །བཏང་སྙོམས་ལེན་ཏོ། །ཞེས་ཐོད་རྒལ་དུ་ཡར་མཚོང་མར་མཆོད་ལ་རྩལ་སྦྱང་བར་གསུངས་ཤིང་། གཞན་ཡང་བྱམས་པའི་གེགས་སྙིང་རྗེས། སྙིང་རྗེའི་གེགས་དགའ་བས། དགའ་བའི་གེགས་བཏང་སྙོམས་ཀྱིས། བཏང་སྙོམས་ཀྱི་གེགས་བྱམས་པས་འགོག་པའི་ལུགས་ཡོད་ཀྱིས། འདིར་ནི་སེམས་ཅན་གྱི་ཁམས་ལ་ཚངས་པའི་གནས་པ་བཞིའི་མི་མཐུན་ཕྱོགས་རང་བཞིན་དུ་འབྲེལ་ཆེ་བས་དེ་ཉིད་འགོག་པའི་ཐབས་གཙོ་བོར་བཤད་ཀྱིས་དེ་སྐད་དུ། མདོ་སྡེའི་རྒྱན་ལས་ཀྱང་། བརྟན་པ་ཚངས་


JL00_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མི་མཐུན་སྤང་། །རྣམ་པར་མི་རྟོག་ཡེ་ཤེས་ལྡན། །དམིགས་པ་རྣམ་པ་གསུམ་ལ་འཇུག །སེམས་ཅན་རྣམས་ནི་ཡོངས་སྨིན་བྱེད། །ཅེས་དང། དེའི་འགྲེལ་བར། གཞན་དུ་མི་རྟོག་པས། བདེ་བ་དང་། སྡུག་བསྔལ་དང་། བར་མའི་ཡུལ་གསུམ་ལས་དམིགས་པ་སེམས་ཅན་ལ་ཕན་པའོ། །ཇི་ལྟར་དམིགས་པ་འཇུག་ན། བདེ་བ་དང་མི་ལྡན་པ་ཙམ་བཏང་སྙོམས་ཀྱི་ཡུལ། སྡུག་བསྔལ་གྱིས་ཉམ་ཐག་པ་དང་། ཆགས་སྡང་ཅན་སྡུག་བསྔལ་རྒྱུ་འབྲས་ལ་གནས་པའི་ཕྱིར་སྡུག་བསྔལ་གྱི་ཡུལ། དགའ་བ་ནི་སྐྱིད་པ་སྟེ་བདེ་བའི་ཡུལ་གསུམ་ལ་བློ་འཇུག་པ་ཡིན་ནོ། །ཞེས་སེམས་ཅན་ལ་དམིགས་པའི་མཚན་ཉིད་ཐུན་མོང་བ་བཤད་དོ། །ད་ནི་ཚད་མེད་བསྒོམས་པའི་འབྲས་བུ་བཤད་པའི་ཕྱིར། དེ་ལྟར་བསྒོམས་པས་རྣམ་སྨིན་མངོན་པར་མཐོ། །འདོད་པར་ལྷ་མིའི་ལུས་དང་ངེས་ལེགས་གཉིས། །རྒྱུ་མཐུན་བྱེད་པ་དེ་འདྲ་མྱོང་བས་ནི། །མི་མཐུན་ཕྱོགས་དང་བྲལ་ཞིང་བདེ་བ་འཐོབ། །དབང་གིས་ཡིད་འོང་བདེ་དགའི་ཡུལ་ལ་སྤྱོད། །བྱེད་པ་བཞི་པོ་སྟོབས་སུ་གྱུར་བ་ཡི། །དོན་གཉིས་འབྱོར་བའི་ཡོན་ཏན་འཐོབ་འགྱུར་ཏེ། །དེའང་རྣམ་པར་སྨིན་པའི་འབྲས་བུས་གནས་སྐབས་སུ་མངོན་མཐོ་ལྷ་མིའི་ལུས་རྟེན་གཉིས་འགྲུབ་ནས། རྟེན་དེས་ཚོགས་གཉིས་རྫོགས་པ་དང་། གཞན་ལ་ཕན་པ་དང་། སེམས་བཞི་པོ་སྐྱེ་བ་དང་། བག་མེད་པའམ་རྐྱེན་མི་བཟད་པས་ཀྱང་སེམས་དེ་གཏན་ནས་འཕྲོག་པར་མི་ནུས་པའི་ཚུལ། མདོ་སྡེའི་རྒྱན་ལས། ཚངས་པའི་གནས་པས་གནས་པ་ཡི། །བློ་ལྡན་རྟག་ཏུ་འདོད་པར་སྐྱེ། །དེར་ནི་ཚོགས་རྣམས་རྫོགས་བྱེད་ཅིང་། །སེམས་ཅན་དག་ཀྱང་ཡོངས་སྨིན་བྱེད། །ཀུན་ཏུ་ཚངས་དང་མི་འབྲལ་བ། །དེ་ཡི་མི་མཐུན་ཕྱོགས་དང་བྲལ། །བག་


JL00_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

མེད་གྱུར་ཀྱང་དེ་ཡི་རྐྱེན། །མི་བཟད་པས་ཀྱང་མི་འགྱུར་རོ། །ཞེས་དང་། མཐར་ཐུག་ངེས་ལེགས་ཀྱི་འབྲས་བུ་བྱང་ཆུབ་འགྲུབ་པའང་རྒྱན་ལས། འཚེ་སྤངས་བྱང་ཆུབ་མཆོག་གི་ས་བོན་ནི། །བདེ་བ་སྐྱེད་དང་གདུང་བྱེད་འདོད་པའི་རྒྱུ། །ངོ་བོ་ཉིད་སྨིན་ཆོས་ལ་རྟེན་པ་ཡི། །རྒྱལ་སྲས་རྣམས་ལ་བྱང་ཆུབ་ཐག་མི་རིང་། །ཞེས་འཚེ་བ་སྤངས་པ་ནི་བྲལ་འབྲས་དང་། བྱང་ཆུབ་ཀྱི་ས་བོན་བྱེད་པ་ནི་བདག་འབྲས། གཞན་ལ་བདེ་བ་བསྐྱེད་པའི་ཕྱིར་རང་དགའ་སྤྱད་ཀྱི་གདུང་བ་བཟོད་པ་ནི་བྱེད་པའི་འབྲས་བུ་སྟེ། བཞི་པོ་གོམས་པ་ལས་ཚེ་རབས་གཞན་ལའང་དེ་ལྟར་སྨིན་ཅིང་འགྲུབ་པ་ནི་རྒྱུ་མཐུན་གྱི་འབྲས་བུའོ། །དེ་ནི་ལུང་དང་ལུང་གི་ཚིག་དོན་ལྟར་བཀྲལ་བ་སྟེ། རང་གཞུང་དུ་དངོས་བསྟན་བཤད་ན། བྱེད་པ་རྒྱུ་མཐུན་གྱི་འབྲས་བུར་རྟག་ཏུ་ཚད་མེད་བཞི་བསྒོམ་པར་སྐྱེ་ལ། མྱོང་བ་རྒྱུ་མཐུན་པས་གནོད་སེམས་དང་། རྣམ་པར་འཚེ་བ་དང་། ཆགས་སྡང་དང་། དགའ་བ་ལ་སོགས་པའི་མི་མཐུན་ཕྱོགས་དང་བྲལ་བའི་བདེ་བ་ལ་རེག་པར་འགྱུར་རོ། །དབང་གི་འབྲས་བུར་བྱམས་པས་ཡིད་དུ་འོང་བ་དང། སྙིང་རྗེས་བདེ་བ་དང། དགའ་བས་སྨན་ཤིང་མེ་ཏོག་ལ་སོགས་པ་མང་བས་དགའ་བ་དང་། བཏང་སྙོམས་ཀྱིས་སྐྱེ་དགུ་མཛའ་ཞིང་མི་མཐུན་པ་མེད་པའི་ཡུལ་ལ་སྤྱོད་པའོ། །བྱེད་པའི་འབྲས་བུ་ནི་ཚད་མེད་བཞི་པོ་བསྒོམས་པས་རང་རང་གི་བྱེད་པ་བཞི་པོ་ཆེས་ཆེར་འཕེལ་ཏེ་རྒྱལ་སྲས་རྣམས་ལ་རང་བཞིན་དུ་རྟག་པར་སྐྱེ་བ་དང་། གོམས་པ་ལས་སྐྱེ་བ་དང་། ཡུལ་མཐོང་བ་ལས་སྐྱེ་བ་དང་། མི་མཐུན་ཕྱོགས་ཉམས་པ་ལས་སྐྱེ་བར་རྒྱན་ལས། སྙིང་རྗེའི་བདག་ཉིད་ཅན་གྱི་བརྩེ་བ་འདི། །རང་


JL00_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དང་ནི་སོ་སོར་བརྟགས་པ་དང་། །དེ་སྔོན་གོམས་པར་བྱས་དང་ལྡན་པ་དང་། །མི་མཐུན་ཕྱོགས་ཉམས་རྣམ་དག་ཐོབ་པ་བཞི། །ཞེས་པ་ལྟར་ལས་བསོད་ནམས་རྒྱ་ཆེན་པོ་འཐོབ་ཅིང་རང་དོན་དུ་བདེ་བ་དང་ལེགས་པ་ཐམས་ཅད་འགྲུབ་པ་དང། གཞན་དོན་ཀྱང་བཞི་བོའི་མཚན་ཉིད་དང་མཐུན་པར་འབད་མེད་དུ་འབྱོར་བའི་ཡོན་ཏན་འཐོབ་བའོ། ཁྱད་པར་གྱི་འབྲས་བུ་ནི། བྱམས་པ་འབྱོངས་པས་འགྲོ་ལ་བུ་ལྟར་བརྩེ། །ཞེ་སྡང་མེད་ཅིང་གཞན་གྱི་ཡིད་དུ་འོང་། །བྱམས་པའི་ངོ་བོ་སྟོང་ལ་རང་བཞིན་མེད། །མེ་ལོང་ཡེ་ཤེས་ལོངས་སྤྱོད་རྫོགས་པ་འཐོབ། །དེ་ལ་བྱམས་པའི་ཆུ་བོས་སེམས་ཀྱི་རྒྱུད་བརླན་པས་འགྲོ་བ་ཀུན་ལ་བུ་གཅིག་པའི་མ་ལྟར་སྙིང་སྡུག་པར་གྱུར་ནས་ཞེ་སྡང་གི་ཐབ་རྩུབ་མོ་ནམ་ཡང་ཞི་བར་འགྱུར་རོ། །མ་ལ་བུ་དགའ་བ་དེ་ཡང་བྱམས་པའི་མཐུ་ཡིན་པས་སེམས་ཅན་ཐམས་ཅད་བདག་གི་དབང་དུ་འདུ་ཞིང་ཡིད་དུ་འོང་བར་འགྱུར་རོ། །རང་གི་སེམས་རྒྱུད་བྱམས་པས་བསྒོས་པ་དེའི་ཚེ་ཞེ་སྡང་ལ་བརྟེན་པའི་གནས་མེད་ཅིང་། བྱམས་པའི་ངོ་བོའང་བརྟགས་ན་རང་བཞིན་མེད་པ་ཡིན་པས་མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་གྱུར་ནས་མཚན་དང་དཔེ་བྱད་རྒྱ་མཚོའི་བདག་ཉིད་ལོངས་སྤྱོད་རྫོགས་པའི་སྐུ་འཐོབ་པར་འགྱུར་ཏེ། བྱམས་པས་ཞེ་སྡང་གནས་སུ་དག །མེ་ལོང་ཡེ་ཤེས་ལོངས་སྤྱོད་རྫོགས། །ཞེས་སོ། །སྙིང་རྗེ་འབྱོངས་པས་གཞན་གྱི་སྡུག་བསྔལ་ཀྱང་། །བདག་གི་ཁུར་འགྲོ་འཚེ་བ་བྲལ་བའི་སེམས། །འདོད་ཆགས་དང་བྲལ་སྟོང་ཉིད་སྙིང་རྗེར་འབྲེལ། །སོར་རྟོག་ཡེ་ཤེས་ཆོས་ཀྱི་སྐུ་རུ་འགྲུབ། །གང་གི་ཚེ་སྙིང་དུ་སྡུག་པའི་བུ་ཆུང་ངུ་ལ་རིམས་ནད་དྲག་པོས་བཏབ་པའི་མ་ནི་དེ་དང་རྗེས་སུ་མཐུན་པའི་སེམས་ཀྱིས་སྡུག་


JL00_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་གྱི་ཚོར་བ་ཉམས་སུ་མྱོང་བར་གྱུར་ནས་བུའི་སྡུག་བསྔལ་དེ་ལས་གདོན་པའི་ཐབས་འབའ་ཞིག་ལས་ཟས་ཀྱི་བྱ་བའང་ཡིད་ལ་མི་དྲན་པར་འགྱུར་བ་ཡོད་དོ། །དེ་བཞིན་དུ་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པར་ཞུགས་པའི་ཚེ་སྙིང་རྗེ་ཆེན་པོའི་མིང་ཐོབ་པ་ཡིན་ནོ། །དེའི་ཆི་འཚེ་བའི་སེམས་རྣམ་པར་དག་པས་འདོད་ཆགས་ཀྱིས་ཟིལ་གྱིས་ནོན་པའི་རྒྱུས་སེམས་ཅན་ལ་གནོད་ཅིང་མནར་སེམས་པ་མཐའ་དག་གི་རྩ་བ་ཆོད་ཅིང་། སྙིང་རྗེའི་ངོ་བོའང་སྟོང་པ་ཉིད་དང་ཟུང་དུ་འབྲེལ་བས་སོ་སོར་རྟོག་པའི་ཡེ་ཤེས་ཆོས་ཀྱི་སྐུ་རུ་གྲུབ་པ་ཡིན་ཏེ། སྙིང་རྗེས་འདོད་ཆགས་གནས་སུ་དག །ཀུན་རྟོག་ཡེ་ཤེས་ཆོས་ཀྱི་སྐུ། །ཞེས་སོ། །དགའ་བ་འབྱོངས་པས་ཕྲག་དོག་རྩ་བ་ཆོད། །འབྱོར་བ་བརྟན་ཅིང་ཞི་བདེ་རྒྱུན་མི་འཆད། །བསམ་གཏན་དགའ་བ་དམིགས་པ་མེད་པ་དང་། །བྱ་གྲུབ་ཡེ་ཤེས་སྤྲུལ་པའི་སྐུ་མཆོག་ཐོབ། །དགའ་བ་ནི་སེམས་ལ་ཟུག་རྔུ་མེད་པའི་ཚད་ཡིན་ཏེ། རང་གི་རྒྱུད་ཉེས་པའི་སྐྱོན་གྱིས་མ་གོས་པས་འགྱོད་པ་མེད་པ་དང་། ཁྱད་པར་ཐོབ་པར་བྱ་བ་མཐའ་དག་མངོན་སུམ་དུ་ཐོབ་པས་ས་དང་པོ་ཐོབ་པའི་མིང་ལའང་དེ་སྐད་དུ་གྲགས་ཤིང་། རང་གི་སེམས་ཕྲག་དོག་དང་ལྡན་པའི་ཚེ། འབྱོར་བ་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཀྱང་། གཞན་གྱི་དཔལ་ལ་མི་བཟོད་པའི་དགའ་བ་ཐད་ཅིག་ཀྱང་ཉམས་སུ་མྱོང་བར་མི་འགྱུར་ལ། འདིར་སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་པ་དང་། ཆོས་ཀྱི་རང་བཞིན་ལ་དངོས་དང་རྒྱུད་ནས་སྤྱོད་པ་མཐའ་དག་ལ་དགའ་བ་ཁྱད་པར་ཅན་འབྱོངས་པས་རང་གི་འབྱོར་བ་བརྟན་ཅིང་། ཞི་བདེའི་བློ་རྒྱུན་མི་འཆད་པས་བསམ་གཏན་ལའང་ཚེར་མ་མེད་པར་གྱུར་ནས་དེ་ལས་སྐྱེས་པའི་དགའ་བ་ཁྱད་


JL00_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཅན་ཉམས་སུ་མྱོང་ཞིང་། ཕྲག་དོག་གནས་སུ་དག་པ་བྱ་བ་གྲུབ་པའི་ཡེ་ཤེས་ལ་མངའ་དབང་ཐོབ་ནས་སྤྲུལ་པའི་སྐུའི་མཛད་པ་དང་ཕྲིན་ལས་ལྷུན་གྱིས་འགྲུབ་པར་འགྱུར་བ་ནི། དགའ་བས་ཕྲག་དོག་གནས་སུ་དག །བྱ་གྲུབ་ཡེ་ཤེས་སྤྲུལ་པའི་སྐུ། །མཛད་པ་ལྷུན་གྲུབ་དམ་པའོ། །ཞེས་སོ། །བཏང་སྙོམས་འབྱོངས་པས་བདག་གཞན་དགྲ་གཉེན་མཉམ། །ང་རྒྱལ་མེད་ཅིང་ཟབ་ཞིའི་རྟོགས་པ་སྐྱེ། །རྨོངས་པ་མེད་ཅིང་ཆོས་དབྱིངས་ཡེ་ཤེས་དང་། །ངོ་བོ་ཉིད་སྐུ་མངོན་དུ་འཐོབ་པར་འགྱུར། །བཏང་སྙོམས་མཐར་ཕྱིན་པས་ལ་ལར་རྗེས་སུ་ཆགས། ལ་ལར་ཁོང་ཁྲོ་བོས་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པར་མི་འགྱུར་བས། དགྲ་གཉེན་དད་བར་མར་འཛིན་པའི་ཕྱོགས་རྣམ་པ་གསུམ་པོ་ཕན་པ་འབའ་ཞིག་གི་ཡུལ་ལ་མཉམ་ཞིང་། དེ་ལྟར་མཉམ་པས་བདག་ཉིད་གཟེངས་བསྟོད་པའི་ང་རྒྱལ་ཀྱང་རང་བཞིན་དུ་བག་ལ་ཞིར་འགྱུར་བ་དང་། དངོས་པོར་འཛིན་པའམ། དངོས་མེད་ལ་ཞིན་པའི་མཐའ་གཉིས་སུ་ལྟུང་ནས་སེམས་ཀྱི་ཆོས་ཉིད་དབུ་མར་མི་སྙོམས་པའང་། རང་བཞིན་དུ་ཟབ་པ། ཞི་བ་སྤྲོས་པ་མེད་པའི་དབྱིངས་སུ་བཏང་སྙོམས་པའི་རྟོགས་པ་ཁྱད་པར་ཅན་སྐྱེ་ཞིང་། དེ་ལྟར་སྐྱེས་ན་རྨོངས་པའི་རང་བཞིན་གཏི་མུག་གི་ཁམས་གནས་སུ་དག་ནས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་། ངོ་བོ་ཉིད་སྐུ་མངོན་དུ་འཐོབ་པའི་ཚུལ། བཏང་སྙོམས་བཏང་སྙོམས་ཆེན་པོ་ཡིས། །ང་རྒྱལ་གཏི་མུག་གནས་སུ་དག །མཉམ་ཉིད་ཆོས་དབྱིངས་ཡེ་ཤེས་བདག །བྱང་ཆུབ་རྡོ་རྗེའི་སྐུ་ཉིད་དོ། །ཞེས་པ་རྣམས་པདྨ་རྩེ་མོ་ལས་བཤད་དོ། །ད་ནི་ཚད་མེད་བཞིའི་ཡོན་ཏན་ལ་རང་གཞུང་གི་གྲུབ་མཐའི་རྒྱུ་འབྲས་


JL00_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པ་ཉིད་དུ་རྫོགས་པར་བསྔགས་ནས་མཇུག་བསྡུ་བ་ནི། དེ་ལྟའི་ཚད་མེད་བཞི་ཡི་ཡོན་ཏན་ནི། །རྒྱུ་འབྲས་བཞིན་ཏུ་མཐའ་ཡས་བསླུ་བ་མེད། །ལམ་ངན་གཞན་གྱི་གྲུབ་མཐའ་སྲིད་པའི་རྒྱུ། །སྟོང་ཉིད་སྙིང་རྗེར་འགལ་ལ་མི་བསྟེན་པར། །ཐར་བ་དྲི་མེད་རྒྱལ་སྲས་དམ་པའི་ལམ། །རྙོག་པ་ཞི་བའི་དགེ་ལ་གོམས་འཚལ་ལོ། །འདི་ནི་རྒྱལ་བ་མཐའ་དག་གི་གཤེགས་ཤུལ་རྒྱུ་འབྲས་གཉིས་ཀ་ངོ་བོ་ཉིད་མཉམ་པའི་ཐར་ལམ་ཁྱད་པར་ཅན་ཏེ། དཔལ་ཕྲེང་གི་མདོ་ལས། གང་གིས་ཚད་མེད་བཞི་བསྒོམས་པ། །དེ་ནི་བདེ་གཤེགས་ཀུན་གྱིས་དགོངས། །ཀུན་ཏུ་ཡོན་ཏན་ཚད་མེད་དེ། །ནམ་མཁའི་ལམ་ལས་རབ་འདས་པའོ། །ཞེས་སོ། །འདི་ལྟར་རྒྱུའི་ཐེག་པ་ཕལ་མོ་ཆེས་སྐུ་གཉིས་སྐྱེད་བྱེད་ཀྱི་རྒྱུའམ་ས་བོན་ནི་ཚོགས་གཉིས་སུ་འདོད་པ་དང་། སྔགས་སུ་དག་བྱའི་སྒྲིབ་པ་གཉིས་ཚོགས་གཉིས་ཀྱི་རང་བཞིན་ཐབས་ཤེས་ཟབ་མོས་འཁྲུད་བདེ་རྐྱེན་དུ་འདོད་པས་དོན་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་བསྒྲུབ་པ་ལ་མདོ་མཐུན་ཅིང་། ཁྱད་པར་འཁོར་ལོ་ཐ་མའི་དོན་ཁམས་རང་བཞིན་གྱིས་རྣམ་པར་དག་པའི་ཡོན་ཏན་ཡེ་ལྡན་ཡིན་པའི་ཕྱིར་ལམ་དུས་ཀྱི་ཡོན་ཏན་ལྟར་སྣང་བ་ཡིན་པས་གསར་བྱུང་མི་འདོད་ལ། དེ་དང་སྔགས་ཀྱི་སྡེ་སྣོད་ལས་འགྲོ་བ་ཀུན་ཀྱང་རང་བཞིན་གྱི་དཀྱིལ་འཁོར་དམ་པའི་ཆོས་ཉིད་དུ་གནས་པ་གཉིས་གཞིའི་ངང་དུ་གཅིག་ཅིང་ལམ་ཡང་ཚོགས་གཉིས་དང་ཐབས་ཤེས་ངོ་བོ་གཅིག་ལ། འབྲས་བུ་ཡང་སྐུ་དང་ཡེ་ཤེས་སུ་ཐ་མི་དད་པས་ན་སྔོན་གྱི་དུས་ན་བྱོན་པའི་མཆོག་གཟིགས་དམ་པ་རྣམས་ཀྱི་བཤད་པ་ཕྱི་ནང་དུ་མཛད་པ་ཡིན་ནོ། །དེ་སྐད་དུ་སའི་སྟོད་འགྲེལ་ལས། ཚད་མེད་པ་འདི་བཞི་ནི་ཐར་བར་འགྲོ་བའི་ལམ་སྟེ། གཞན་དུ་ན་ལམ་ལོག་པའོ་ཞེས་བཤད་དོ། །ཇི་ལྟར་ལོག་ན།


JL00_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

མུ་སྟེགས་ཅན་དང་། ཉན་ཐོས་རྣམས་ཀྱི་ལམ་འདི་ལྟ་མ་ཡིན་ཏེ། འདི་ལྟར་མུ་སྟེགས་ཅན་རྣམས་ཀྱི་ལམ་གྱི་ལྟ་བ་ནི་བདག་ལ་སོགས་པ་ཕྱིན་ཅི་ལོག་དང་ལྡན་པས་རྣམ་པ་ཐམས་ཅད་དུ་ཤེས་རབ་དང་བྲལ་བའི་ལམ་ཡིན་ནོ། །དེ་ལྟར་ཡིན་པས་དེ་ལ་ཐར་བ་མེད་དེ། ཉན་ཐོས་རྣམས་ནི་སྙིང་རྗེ་ཆེན་པོ་དང་མི་ལྡན་པས་ཐབས་དང་བྲལ་བའི་ལམ་ཡིན་ཏེ། དེ་བས་ན་དེ་དག་མཐའ་གཅིག་པའི་མྱང་འདས་ལ་གཞོལ་བར་འགྱུར་རོ། །འདིར་ཐར་བ་དྲི་མ་མེད་པ་བྱང་ཆུབ་སེམས་དཔའི་ལམ་ནི་ཐབས་དང་ཤེས་རབ་གཉིས་ཀར་ལྡན་པས་རྙོག་པ་ཞི་བའི་རང་བཞིན་ཅན་ནོ། །དེ་བས་ན་དེ་དག་མི་གནས་པའི་མྱ་ངན་ལས་འདས་པ་ལ་གཞོལ་བར་འགྱུར་རོ། །འདི་ལྟར་ཤེས་རབ་ཀྱི་སྟོབས་ཀྱིས་ནི་འཁོར་བར་མི་ལྟུང་ལ། ཐབས་ཀྱི་སྟོབས་ཀྱིས་ནི་མྱ་ངན་ལས་འདས་པར་མི་ལྟུང་ངོ་། །དེ་སྐད་དུ་ཆོས་ཡང་དག་པར་སྡུད་པ་ལས། ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བའི་བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་འཇུག་གོ །དེ་ཡང་འདི་སྙམ་དུ་བདག་གིས་ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བའི་ཏིང་ངེ་འཛིན་གྱི་སྒོ་འདི་སེམས་ཅན་ཐམས་ཅད་ལ་བསྒྲུབ་བར་བྱའོ་སྙམ་དུ་སེམས་ཏེ། དེ་སྙིང་རྗེ་ཆེན་པོ་དེས་བསྐུལ་བས་ལྷག་པའི་ཚུལ་ཁྲིམས་དང་། ལྷག་པའི་སེམས་དང་། ལྷག་པའི་ཤེས་རབ་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །ཞེས་གསུངས་སོ། །དེའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ནི་དོན་དམ་པ་མཐོང་ཡང་ཀུན་རྫོབ་མི་གཅོད་ལ། ཀུན་རྫོབ་མ་བཅད་པས་སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བས་སེམས་ཅན་གྱི་དོན་བྱེད་པ་ལ་འཇུག་གོ །ཡོན་ཏན་རིན་པོ་ཆེའི་མཛོད་དགའ་བའི་ཆར་ཞེས་བྱ་བ་ལས། ཚད་མེད་བཞིའི་ཚོམས་ཏེ་རབ་བྱེད་བདུན་པའི་འགྲེལ་བའོ། །

བྱང་ཆུབ་ཀྱི་སེམས་ཡོངས་སུ་བཟུང་བ་སྟེ་རབ་བྱེད་བརྒྱད་པའི་འགྲེལ་པ།


JL00_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་སྨོན་པའི་རང་བཞིན་ཚད་མེད་བཞིས་སེམས་ཀྱི་རྒྱུད་ལས་སུ་རུང་བར་བྱས་ནས། འཇུག་པའི་ངོ་བོ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་དོན་གཙོ་བོར་སྟོན་པའི་ཕྱིར། རྙེད་པ་གང་གི་དོན་ལ་ཡོན་གྱི་མཆོག །ཚད་མེད་རྣམ་བཞིས་ཐོབ་པའི་བྱང་ཆུབ་སེམས། །སྨོན་འཇུག་ཤིང་རྟའི་སྒྱུ་ཐབས་ལ་དྲངས་པས། །ཞི་བདེའི་ལྟ་བ་ངན་པ་ཉམས་པར་བྱེད། །ཅེས་ཚིག་གི་རྒྱན་སྐྱེད་བྱེད་འགྲུབ་པའི་རྒྱུ་འབྲས་སྤང་གཉེན་གྱི་ཚུལ་དུ་བཤད་པ་སྟེ། རྙེད་པ་དོན་དུ་གཉེར་བས་དེ་ལ་དམིགས་པའི་ཡོན་སྟོབ་པ་བཞིན། ཚད་མེད་པ་རྣམ་པ་བཞིས་རྒྱུ་བྱས་པའི་འབྲས་བུ་ནི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་སྟེ། ཐུབ་པའི་དབང་པོས་བསྐལ་པ་གྲངས་མེད་པ་གསུམ་དུ་དགོངས་ཤིང་དཔྱད་པར་མཛད་པས་ཀྱང་ཐེག་པ་ཆེན་པོའི་ཆོས་གཅིག་པོ་འདི་ལས་མ་གཟིགས་ཏེ། བྱམས་པས་ཞུས་པའི་མདོ་ལས། བྱམས་པ་བྱང་ཆུབ་སེམས་དཔའ་ཆོས་གཅིག་དང་ལྡན་ན། ངན་སོང་ཐམས་ཅད་སྤོང་ཞིང་སྡིག་པའི་གྲོགས་པོའི་ལག་ཏུ་མི་འགྲོ་ལ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱ་སྟེ། ཆོས་གཅིག་པོ་གང་ཞེ་ན། འདི་ལྟ་སྟེ། ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་བྱང་ཆུབ་ཀྱི་སེམས་ཡིན་ཏེ། བྱམས་པ། ཆོས་དེ་དང་ལྡན་ན། ངན་སོང་ཐམས་ཅད་སྤོང་ཞིང་སྡིག་པའི་གྲོགས་པོའི་ལག་ཏུ་མི་འགྲོ་ལ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱའོ། །ཞེས་སོ། །འཕགས་པ་ཉན་རང་གི་ལམ་ནི་རང་ཉིད་ཞི་བདེའི་བློ་དང་བཅས་པས་རེ་ཞིག་ངལ་གསོའི་བསྟི་གནས་ལ་ཆགས་པའི་ལྟ་བ་ངན་པ་ཅན་ཉིད་དེ། ས་ར་ཧས། སྙིང་རྗེ་དང་བྲལ་སྟོང་པ་ཉིད་ཞུགས་གང་། །དེས་ནི་ལམ་མཆོག་རྙེད་པ་མ་ཡིན་ནོ། །ཞེས་སོ། །དེའི་ཕྱིར་རང་དོན་ལ་དམིགས་པའི་གཡོ་དང་སྒྱུ་མེད་པ་ནི་ལྷག་པའི་བསམ་པ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་


JL00_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་འདོད་པས་ལྷག་པའི་བསམ་པ་བྱང་ཆུབ་ཀྱི་སེམས་ལ་བསླབ་བར་བྱའོ། །ཞེས་གསུངས་སོ། །སྡིག་སྡུག་འཁོར་བའི་བཙོན་རར་བཅིང་རྣམས་ཀྱང་། །བྱང་ཆུབ་སེམས་སྐྱེས་མོད་ལ་རྒྱལ་སྲས་ཀྱི། །མིང་གི་ཅོད་པན་འཐོབ་ལ་རང་དགའ་ནས། །འཇིག་རྟེན་ལྷ་མིར་བཅས་ཀྱང་བསྟི་སྟང་བྱེད། །འདི་ལྟར་གནས་སྐབས་ཀྱི་ཕན་ཡོན་ལ་དམིགས་ནས་ཀྱང་སེམས་བསྐྱེད་པར་འོས་ཏེ། ཞེ་སྡང་ལ་སོགས་པའི་སྡིག་པ་དང་། དེས་བསྐྱེད་པའི་སྡུག་བསྔལ་གྱི་ཚོགས་ཤིན་ཏུ་རྣམ་པ་མང་པོས་འཁོར་བའི་བཙོན་ར་སྟེ་སྲེད་པས་བཅིང་བའི་ཁྱིམ་ན་ཉོན་མོངས་པ་དག་ཀྱང་བྱང་ཆུབ་ཏུ་སེམས་བསྐྱེད་པའི་མོད་སྐད་ཅིག་མ་དེ་ལ་བདེ་བར་གཤེགས་པ་རྣམས་ཀྱི་སྲས་ཀྱི་མིང་ཐོབ་བར་འགྱུར་ཞིང་། ལྷ་དང་བཅས་པའི་འཇིག་རྟེན་གྱིས་ཕྱག་བྱ་བའི་གནས་སུ་འོས་པ་ནི། སྡོང་པོ་བཀོད་པ་ལས། སེམས་བསྐྱེད་པ་དེ་དང་ལྡན་པ་ནི་ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱི་མཆོད་སྡོང་ཆེན་པོའོ། །ཞེས་བསྔགས་པ་ཡིན་ནོ། །འོ་ན་བྱང་ཆུབ་སེམས་དཔའི་ས་དང་པོ་རབ་ཏུ་དགའ་བར་བྱང་ཆུབ་ཀྱི་སེམས་སྐྱེ་བར་བཤད་ན་འཆིང་བས་ཀུན་ནས་དཀྲིས་པའི་སོ་སོ་སྐྱེ་བོ་ལ་ཇི་ལྟར་སྐྱེ་བར་རུང་སྙམ་ན། དེ་ནི་ཆོས་ལ་དམིགས་པ་ཅན་ཡིན་ལ། འདི་ནི་ཡང་དག་པར་བླངས་པ་བརྡའ་ཅན་ལ་དགོངས་པ་ཡིན་པས་དེ་ནི་འཕགས་པ་མ་ཡིན་པ་ལའང་སྐྱེ་བར་ཟབ་མོའི་མདོ་སྡེ་རྣམས་ལས་བཤད་པ་རིག་པར་བྱའོ། །དེའི་མི་མཐུན་ཕྱོགས། ལས་ཉོན་མུན་ནག་འཁྲིགས་པའི་སྤྲིན་དབར་ནས། །གཏུམ་པོའི་གློག་འོད་འཁྱུག་ལྟའི་དགེ་བ་ལ། །སྐབས་འགར་གོམས་པའི་བསོད་ནམས་ཙམ་པོ་པ། །ཆུ་ཤིང་བཞིན་དུ་འབྲས་བུས་རྩ་བ་སྨད། །འདི་ལྟར་བྱང་ཆུབ་ཀྱི་སེམས་དམ་པས་མ་ཟིན་པའི་དགེ་བ་ནི་ལྷ་མིའམ། ཉན་ཐོས་སམ། རང་སངས་རྒྱས་ཀྱི་འབྲས་བུ་ཙམ་ཞིག་འཐོབ་


JL00_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སླར་ནུས་པ་གཏན་ཟད་དུ་འགྲོ་སྟེ། དཔེར་ན་ཆུ་ཤིང་དང་འདམ་བུ་དང་སྨྱིག་མ་རྣམས་རང་གི་འབྲས་བུ་སྨིན་པ་དང་རྩ་བ་བསྐམ་པར་འགྱུར་ཏེ་མཐོང་ཆོས་སུ་སྙུག་མའི་ལྡེམ་བུ་བཞིན་ནོ། །དེ་སྐད་དུ་ཆེད་དུ་བརྗོད་པའི་ཚོམས་ལས། དྲེའུ་མོ་རང་གི་མངལ་གྱིས་དང་། །འདམ་བུ་སྨྱིག་མ་འབྲས་བུ་དང་། །ཆུ་ཤིང་འབྲས་བུས་འཕུད་པ་ལྟར། །ཞེས་བསྟན་ཏོ། །དེ་བཞིན་དུ་ཐབས་དེས་མ་ཟིན་པའི་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པའི་སྤྱོད་ཕྱོགས་དག་གིས་ཀྱང་ས་བཅད་པ་མེད་དེ་ཟོར་བ་བརྟུལ་བས་སྨྱིག་མ་འདྲེག་པ་བཞིན་ནོ། །བསྐྱེད་རིམ་བསྒོམ་པའང་བྱིས་པ་ལྷ་ཁང་བལྟ་བ་དང་འདྲ། རྩ་རླུང་དང་རྫོགས་རིམ་བསྒོམ་པའང་ནམ་དུས་ལ་ས་འོག་ཏུ་འགྲོ་བའི་སྲོག་ཆགས་དང་མཚུངས། ཐབས་ཀྱིས་མ་ཟིན་པའི་གསང་སྔགས་དང་དགེ་བ་མུ་སྟེགས་བྱེད་ལའང་ཡོད། བསྐྱེད་རིམ་བསྒོམས་པས་ཡི་དྭགས་སུ་འཕངས་པ་ལ་ལྟོས། ཁྱད་པར་བྱང་ཆུབ་སེམས་དཔའི་རིགས་ལ་གནས་ཀྱང་ལས་དང་ཉོན་མོངས་པའི་ཆར་འབབ་ཅིང་རློམ་སེམས་ལ་མངོན་པར་རྟོག་པ་ཡོད་དེ་ཕ་རོལ་ཏུ་ཕྱིན་པ་ལས། དེ་ནས་བྱང་ཆུབ་སེམས་དཔའ་ལ་བདུད་འདི་སྐད་དུ་སྨྲ་སྟེ། ཁྱོད་མངོན་པར་རྫོགས་པར་སངས་རྒྱས་པ་ན་མིང་འདིའོ་ཞེས་བྱ་བར་འགྱུར་རོ་ཞེས་བྱས་པ་དང་། བྱང་ཆུབ་སེམས་དཔའ་དེའི་རྗེས་སུ་རྟོག་པར་འགྱུར་ཏེ། དེ་ལ་ཕྱིར་མི་ལྡོག་པའི་ལྟས་གང་ཡིན་པ་དེ་དག་མེད་པར་ཡང་དེས་བདག་ལུང་བསྟན་ཏོ་སྙམ་དུ་རློམ་སེམས་སུ་བྱེད་དེ། དེ་དེས་རློམ་སེམས་སུ་བྱེད་ཅིང་བྱང་ཆུབ་སེམས་དཔའ་གཞན་ལ་ཡང་བརྙས་པར་འགྱུར་རོ། །དེ་ཐབས་མི་མཁས་ཤིང་ཤེས་རབ་དང་བྲལ་ཏེ། དགེ་བའི་བཤེས་གཉེན་གྱིས་མ་ཟིན་ཅིང་སྡིག་པའི་གྲོགས་པོའི་ལག་ཏུ་སོང་བས་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་


JL00_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ལྟུང་བར་འགྱུར་ཏེ། རློམ་སེམས་དང་བཅས་པའི་སེམས་བསྐྱེད་པ་འདི་ནི་ལྟུང་བའི་རྩ་བ་བཞི་པས་ཀྱང་ཆེས་ལྕི་སྟེ། འདི་ཡང་བྱང་ཆུབ་སེམས་དཔས་བདུད་ཀྱི་ལས་སུ་རིག་པར་བྱའོ། །ཞེས་གསུངས་སོ། །དགེ་བའི་ཕན་ཡོན་གྱི་སྒོ་ནས་སྤྲོ་བ་བསྐྱེད་པ། ས་གཞི་བཟང་པོས་བསྟེན་པའི་ཞིང་ས་ལ། །དགེ་བའི་ལོ་ཏོག་ཕུན་སུམ་ཚོགས་པ་ལྟར། །བྱང་ཆུབ་སེམས་ཀྱི་ལྗོན་ཤིང་སྲིད་པ་ན། །འབྲས་བུ་མང་ཞིང་ཞི་བའི་བར་དུ་འཕེལ། །ས་གཞི་བཟང་པོར་ས་བོན་ཇི་ལྟ་བུ་བཏབ་ཀྱང་རྒྱས་ཤིང་འཕེལ་བར་འགྱུར་རོ། ཁྱད་པར་དཔག་བསམ་གྱི་ལྗོན་པ་ནི་བསྐལ་པ་མ་ཞིག་གི་བར་དུ་འབྲས་བུ་ཐུག་པ་མེད་པར་ཇེ་འཕེལ་དུ་འགྲོ་བར་ཟ་མ་ཏོག་བཀོད་པ་ལས་བཤད་པ་ལྟར་བྱང་ཆུབ་ཀྱི་སེམས་དམ་པའི་ལྗོན་ཤིང་ནི་སྐད་ཅིག་མ་རེ་རེ་ཞིང་རྒྱུ་མཐུན་པའི་འབྲས་བུ་རྟག་པར་འབྱིན་ཞིང་བྱང་ཆུབ་མ་ཐོབ་ཀྱི་བར་དུ་འཕེལ་བར་བྱེད་པ་སྟེ། བྱམས་པས་ཞུས་པར། བྱམས་པ་འདི་ལྟ་སྟེ་དཔེར་ན། རྒྱ་མཚོ་ཆེན་པོར་ཆུ་གང་ཇི་སྙེད་ཅིག་འབབ་པ་དེ་དག་བསྐལ་པའི་བར་དུ་ཟད་པར་མི་འགྱུར་རོ། །བྱམས་པ་དེ་བཞིན་དུ་བྱང་ཆུབ་སེམས་བསྐྱེད་པས་ཟིན་པའི་དགེ་བ་ཡང་བླ་ན་མེད་པའི་བྱང་ཆུབ་ཏུ་སངས་རྒྱས་ཀྱི་བར་དུ་ཟད་པར་མི་འགྱུར་རོ། །བྱམས་པ། ཡང་འདི་ལྟ་སྟེ་དཔེར་ན། འབྱུང་ཁུངས་བཟང་པོ་གང་ཅི་ཡང་རུང་བའི་ས་བོན་ཐམས་ཅད་རྒྱས་ཤིང་འཕེལ་བ། དེ་བཞིན་དུ་བྱང་ཆུབ་ཏུ་སེམས་ཀྱིས་ཟིན་པའི་དགེ་བ་ཡང་རྒྱ་ཆེར་འཕེལ་བར་འགྱུར་རོ། །ཞེས་སོ། །འཁོར་བ་ལས་གྲོལ་བའི་རྒྱུའི་གཙོ་བོའང་ཡིན་པའི་ཚུལ། ལས་ཉོན་འདུ་བྱེད་སྡུག་བསྔལ་ཀུན་གྱི་སྣོད། །འཁོར་བའི་རྒྱ་མཚོ་རྣམ་རྟོག་རྦ་རླབས་ཅན། །སེམས་ཅན་རྣམས་ཀྱི་ཁྱིམ་ལྟར་རབ་བཟུང་ལས། །གདོན་པའི་སྙིང་སྟོབས་ཆེན་པོ་སེམས་བསྐྱེད་ཡིན། །འདི་ལྟར་འཁོར་


JL00_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རང་བཞིན་ནི་ཉེས་པ་དུ་མའི་སྣོད་དུ་གྱུར་བ་ལས་དང་ཉོན་མོངས་པའི་མེ་འོབས་ཆེན་པོས་བསྐོར་ཞིང་འདུ་བྱེད་ཀྱི་ཆུ་སྲིན་གདུག་པ་ཅན་དང་འགྲོགས་པས་རྟག་ཏུ་སྡུག་བསྔལ་བ། ཀུན་ཏུ་རྟོག་པའི་རྦ་རླབས་དྲག་པོས་ཐར་བའི་གྲུ་གཟིངས་བཤིག་པ་ཅན་ཡིན་ཡང་། སེམས་ཅན་རྣམས་ནི་དེ་ལ་ཁྱིམ་ལྟར་དུ་དགའ་ཞིང་བཟུང་བས་ནམ་ཡང་ཐར་བའི་གོ་སྐབས་དཀའ་བ་ལས་གདོན་བར་ནུས་པ་ནི་བྱང་ཆུབ་ཀྱི་སེམས་ཁོ་ན་ལས་གཞན་མ་ཡིན་པར་ཐེག་པ་ཆེན་པོའི་མན་ངག་གི་མདོ་ལས། མི་གང་ལ་ལ་བྱང་ཆུབ་རྡུལ་དང་བྲལ་བ་བླ་མེད་ཞིང་འཇུག་པ། དེ་ནི་ངན་སོང་ངན་འགྲོའི་ལམ་དང་མི་ཁོམ་བརྒྱད་པོ་ཐམས་ཅད་གཅད། །དེ་ནི་ལྷ་དང་མི་ཡི་ལམ་རྣམས་རབ་ཏུ་དབྱེ་ཞིང་རྣམ་པར་སྦྱངས། །ལོང་བར་མི་འགྱུར་འོན་པར་མ་ཡིན་དབང་པོ་ཐམས་ཅད་ཆང་བར་འགྱུར། །ཞེས་དང་། སྤྱོད་འཇུག་ལས། སྲིད་པའི་སྡུག་བསྔལ་བརྒྱ་ཕྲག་གཞོམ་འདོད་ཅིང་། །སེམས་ཅན་མི་བདེ་བསལ་བར་འདོད་པ་དང་། །བདེ་མང་བརྒྱ་ཕྲག་སྤྱད་པར་འདོད་པས་ཀྱང་། །བྱང་ཆུབ་སེམས་ཉིད་རྟག་ཏུ་བཏང་མི་བྱ། །ཞེས་སོ། །དེའི་མཚན་ཉིད་བཤད་པའི་ཕྱིར། །གང་ལ་རང་དོན་སེམས་པ་ཡོད་མ་ཡིན། །བཀྲེས་པ་ཟས་དང་སྐོམ་པ་ཆུར་གདུང་བཞིན། །སེམས་ཅན་འབའ་ཞིག་དོན་དུ་སངས་རྒྱས་ཀྱི། །གོ་འཕང་གཉེར་བ་བྱང་ཆུབ་སེམས་ཞེས་གྲགས། །འདིར་སྐྱེས་བུ་ཆེན་པོའི་ལམ་ནི་སྙིང་རྗེ་ཆེན་པོའི་གཞན་དབང་དུ་གྱུར་བ་ཡིན་ན། རང་དོན་ཙམ་དུ་གནས་སྐབས་ཀྱི་མངོན་མཐོ་ལ་དམིགས་པའམ། ཆེ་འདི་ལ་ཆེ་ཐང་དུ་མི་བྱེད་ཀྱང་། ཕྱི་མའི་བདེ་འབྲས་ལ་དམིགས་པ་སྐྱེས་བུ་ཆུང་ངུ་ཁྱད་པར་བའི་སེམས་དང་། བདག་ཉིད་འཁོར་བ་ལས་གྲོལ་ཙམ་པའི་ཐར་བའི་གོ་འཕང་ལ་དམིགས་པ་ཅན་ཉན་རང་གི་བློ་ཅན་སྐྱེས་བུ་འབྲིང་


JL00_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

གི་ལམ་གཉིས་ལས་ཀྱང་ལོག་ནས། བདག་ཅག་གི་སྟོན་པས་དང་པོར་ཐུགས་བསྐྱེད་པ་དང་། བར་དུ་ཚོགས་བསགས་པ་དང་ཐ་མར་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་གསུངས་པ་ཐམས་ཅད་སེམས་ཅན་ཁོ་ནའི་དོན་དུ་བསྒྲུབས་པ་བཞིན་དུ་རང་དོན་ཡལ་བར་དོར་ནས་སེམས་ཅན་ཐམས་ཅད་སྡུག་བསྔལ་ཟད་པར་བྱ་བའི་དོན་དུ་བཀྲེས་པས་ཟས་འཚོལ་བ་དང་། ཚད་ནད་ཅན་སྐོམ་གྱིས་གདུང་བ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། རིམ་གཉིས་ཀྱི་ལམ་ལ་བསླབས་ནས་སངས་རྒྱས་ཐོབ་པར་འདོད་པ་ནི་ལྷག་པའི་བསམ་པ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེའི་མཚན་ཉིད་ཡིན་ཏེ། མགོན་པོ་བྱམས་པས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་སོ། །དེ་བས་ན་སེམས་བསྐྱེད་དེ་ལྡན་གྱི་གང་ཟག་ནི་ཐེག་པ་ཆེན་པོ་པ་ཡིན་ལ། དེ་དང་བྲལ་བ་ཙམ་གྱིས་ཐེག་ཆེན་པའི་ནང་ནས་འཐོན་ཤིང་། སྟོང་ཉིད་རྟོགས་པའི་ཐབས་ཀྱི་རྒྱུའི་གཙོ་བོའང་སྤངས་པས་ཐ་སྙད་ཀྱི་ཤེས་བྱ་དང། བླུན་སྒོམ་གྱི་གོ་ཡུལ་ཙམ་དུ་ངེས་པའི་དོན་ཟབ་མོ་རྟོགས་སོ་སྙམ་པ་ལ་སོགས་པའི་ཡོན་ཏན་གྱི་རྣམ་པ་གཞན་ཡོད་ཀྱང་ཐེག་དམན་དུ་ལྟུང་བ་ཡིན་ནོ། །བྱམས་པ་དང་སྙིང་རྗེ་ཉི་ཚེ་བ་ཉན་རང་ལའང་ཡོད་དེ། མཐའ་ཡས་པའི་སེམས་ཅན་ལ་ཕན་པ་བསྒྲུབ་པ་དང་སྡུག་བསྔལ་སེལ་བའི་ཁུར་རང་ཉིད་ཀྱི་འཁྱེར་བའི་སྙིང་སྟོབས་དང་མི་ལྡན་པའི་ཕྱིར་རོ། །དེ་སྐད་དུ་རིན་ཆེན་ཕྲེང་བ་ལས། ཉན་ཐོས་ཐེག་པ་དེ་ལས་ནི། །བྱང་ཆུབ་སེམས་དཔའི་སྨོན་ལམ་དང་། །སྤྱོད་པ་ཡོངས་བ་སྡོམ་བཤད་དེས། །བྱང་ཆུབ་སེམས་དཔའ་ག་ལ་འགྱུར། །ཞེས་བཤད་དོ། །དེ་ལྟར་སེམས་ཅན་སྒྲོལ་བའི་ཁུར་སྐྱེས་ཀྱང་ད་ལྟའི་གནས་སྐབས་ན་བདག་གིས་སེམས་ཅན་གཅིག་གི་དོན་ཡང་རྫོགས་པར་བྱ་མི་ནུས་ལ། དེ་བས་འཁོར་ལོས་བསྒྱུར་བའི་རྒྱལ་པོའམ་ཚངས་དབང་ལྟ་བུར་གྱུར་ཀྱང་མི་


JL00_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

ནུས། དེ་བས་དགྲ་བཅོམ་པ་གཉིས་ཀྱི་གོ་འཕང་ལ་གནས་ཀྱང་སེམས་ཅན་ཉུང་ཟད་ཙམ་ཐར་བ་ལ་འགོད་པར་ནུས་ཀྱི་ཐམས་ཅད་མཁྱེན་པ་ལ་དགོད་པར་མི་ནུས་པས། འགྲོ་བ་མཐའ་ཡས་པའི་གནས་སྐབས་དང་མཐར་ཐུག་གི་དོན་ཐམས་ཅད་རྫོགས་པའི་ནུས་པ་དེ་སངས་རྒྱས་ཉག་གཅིག་ལ་ཡོད་པས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་འདོད་པ་བསྐྱེད་དེ། སློབ་དཔོན་འཕགས་པས། བདག་ཉིད་དང་ནི་འཇིག་རྟེན་འདིས། །བླ་མེད་བྱང་ཆུབ་ཐོབ་འདོད་ན། །དེ་ཡི་རྩ་བ་བྱང་ཆུབ་སེམས། །རི་དབང་རྒྱལ་པོ་ལྟར་བརྟན་དང་། །ཞེས་གསུངས་པ་ལྟར་རོ། །ད་ནི་སེམས་བསྐྱེད་ཀྱི་ངོ་བོ་སྨོན་འཇུག་གི་ཁྱད་པར་སྟོན་པའི་ཕྱིར། དེའང་འབྲས་བུར་དམ་བཅའ་སྨོན་པའི་སེམས། །བསླབ་བྱ་བདག་གཞན་མཉམ་དང་བརྗེ་བ་དང་། །བདག་པས་གཞན་གཅེས་གསུམ་དུ་བཞག་པའང་། །བསླབ་པའི་མདོ་བསྡུས་ཡིན་གྱིས་དེའི་ངོ་བོ། །བྱམས་སོགས་ཚད་མེད་བཞི་ལ་ཡང་དག་གནས། །རྒྱུ་ལ་དམ་བཅའ་འཇུག་པའི་སེམས་ཡིན་ཏེ། །དེ་ཡི་བསླབ་བྱ་ཕ་རོལ་ཕྱིན་པ་དྲུག །སྤྱོད་ཡུལ་ཡོངས་སུ་དག་པ་རྣམས་ལ་བརྟེན། །དེ་སྐད་དུ་བྱམས་པས་ཞུས་པའི་མདོར། བྱམས་པ་དེ་ལ་གཞན་གྱི་དོན་དུ་སྨོན་པ་ཡང་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་ཡིན་ལ། ཡང་དག་པར་སྤྱོད་པ་དེ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་སྟེ། ཞེས་སོ། །དེ་ལ་སྨོན་སེམས་ནི་བྱང་ཆུབ་ཐོབ་པར་འདུན་པས་དེའི་བསླབ་བྱ་སློབ་པས་འབྲས་བུར་དམ་འཆའ་ལ། འཇུག་པ་ནི་དེའི་ཆོས་ལ་དངོས་སུ་སྦྱོར་བས་རྒྱུ་ལ་དམ་འཆའ་བ་ཡིན་ཏེ། སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་སེམས་ཅན་གྱི་ཚོགས་ནི་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་


JL00_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

རྙེད་པར་དཀའ་བའོ། །དེ་བས་ཀྱང་སེམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་མངོན་པར་ཞུགས་པ་དེ་ནི་ཆོས་རྙེད་པར་དཀའོ། །ཞེས་གསུངས་པའི་དོན་སློབ་དཔོན་ཞི་བ་ལྷས་དཔེ་ལ་སྦྱར་ནས། བྱང་ཆུབ་སེམས་ནི་མདོར་བསྡུ་ན། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །བྱང་ཆུབ་སྨོན་པ་ཉིད་དང་ནི། །བྱང་ཆུབ་འཇུག་པ་ཉིད་ཡིན་ནོ། །འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པ་ལྟར། །དེ་བཞིན་མཁས་པ་འདི་གཉིས་ཀྱི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ། །ཞེས་ཕྱོགས་བགྲོད་པ་ལ་ངེས་པར་ཡིད་ཀྱིས་དམ་བཅས་པའི་སྐྱེས་བུས་དེའི་ཉེར་བསྡོགས་ལ་ཞུགས་པ་ལྟར་བདག་སངས་རྒྱས་སུ་གྱུར་ནས་སེམས་ཅན་གྱི་དོན་བྱ་བའི་ཕྱིར་ཟབ་པ་དང་རྒྱ་ཆེ་བའི་དོན་ཐོབ་པར་འདོད་པའི་སེམས་ཉེ་བར་བརྟེན་པའི་བློ་ནི་སྨོན་པ་དང་། བྱང་ཆུབ་ཀྱི་སྤྱོད་པ་ལ་ཡང་དག་པར་ཞུགས་པ་ནི་འཇུག་པར་བཞག་གོ །དེ་བས་ན་སྡོམ་པ་མ་བཟུང་བ་དེ་སྲིད་དུ་སྨོན་པའི་སེམས་དང་། བཟུང་ནས་འཇུག་པའི་སེམས་ཡིན་པས། སྤྱོད་པ་ལ་བསླབ་པར་མི་བརྩོན་ན་ཉམས་པར་འགྱུར་ཏེ། དཔལ་ཡེ་ཤེས་གྲགས་པའི་སྒོམ་རིམ་ལས། དེ་ལ་དང་པོ་མགོན་པོ་ཡི། །གསོལ་བའི་རྣམ་པ་ཡང་དག་བཤད། །གཉིས་པ་སྦྱིན་སོགས་ལ་འཇུག་པ། །འཇུག་པའི་རྣམ་པར་རབ་ཏུ་བསྒྲགས། །ཞེས་པ་ལ་སོགས་པ་དང་། དགེ་བའི་ལྷའི་འགྲེལ་བ་ལས་ཀྱང་། བྱང་ཆུབ་ཀྱི་སེམས་དེ་ལས་བྱང་ཆུབ་ཏུ་མོས་པའི་སེམས་དེ་ནི་བདག་སངས་རྒྱས་སུ་གྱུར་ནས་སེམས་ཅན་རྣམས་ཀྱི་དོན་བྱའོ་ཞེས་དད་པས་ཉེ་བར་བསྟན་པར་བྱ་བ་ནི་བློ་དང་། བྱ་བ་དག་གིས་ཀྱང་ཟབ་ཅིང་རྒྱ་ཆེ་བའི་དོན་ཐོབ་པར་འདོད་པའི་སེམས་དེ་ཉིད་བྱང་ཆུབ་ཏུ་སྨོན་པའི་སེམས་ཡིན་ནོ། །བྱང་ཆུབ་ཀྱི་སྤྱོད་པ་ཡང་དག་པར་བླང་བ་ལ་སོགས་པས་དེ་ལ་འཇུག་པ་ན། བྱང་ཆུབ་ཏུ་འཇུག་པ་ཉིད་


JL00_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ། དེ་ལྟ་ན་རྣམ་པ་གཉིས་སོ། །ཞེས་དང་། ཤྲཱི་བི་བྷཱུ་ཏི་ཙནྡྲའི་འབྲེལ་བ་རང་འགྱུར་ལས་ཀྱང་། བསྡུས་ན་སྨོན་པ་དང་འཇུག་པ་གཉིས་སོ། །དེ་ཡང་ལོ་ཐོག་རྣམས་ཀྱི་ས་བོན་བཞིན་དུ་བྱང་ཆུབ་མཆོག་གི་རྒྱུ་ཐུན་མོང་མ་ཡིན་པའི་རྒྱུའོ། །དེའི་བསླབ་པ་གཉིས་ཏེ། དེ་ལ་བཟློག་པའི་ཚུལ་ཁྲིམས་ནི་ཉེས་སྤྱོད་ཐམས་ཅད་ལས་ལོག་པའོ། །འཇུག་པའི་ཚུལ་ཁྲིམས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གོམས་པའོ། །ཞེས་གསུངས་པས་སྡོམ་པ་བླང་བ་གཅིག་པོས་མི་ཆོག་པར་སྤྱོད་པ་ལ་འཇུག་པ་དེའི་དོན་པོ་ཡིན་ནོ། །དེ་བས་ན་དེ་ལྟར་མི་ནུས་པ་དག་གིས་སྨོན་སེམས་རྒྱ་ཆེན་པོ་བསྐྱེད་པར་བྱ་སྟེ། རྒྱལ་པོ་ལ་གདམས་པའི་མདོ་ལས། རྒྱལ་པོ་ཆེན་པོ་ཁྱོད་ནི་བྱ་བ་མང་ལ་བྱེད་པ་མང་བ་སྟེ། ཐམས་ཅད་ཀྱི་ཐམས་ཅད་རྣམས་པ་ཐམས་ཅད་ཀྱི་ཐམས་ཅད་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལ་སློབ་མི་བཟོད་ན་འདི་ལྟར་རྒྱལ་པོ་ཆེན་པོ་རྫོགས་པའི་བྱང་ཆུབ་ལ་འདུན་པ་དང་། དད་པ་དང་། དོན་དུ་གཉེར་བ་དང་། སྨོན་པ་འདི་འགྲོ་ཡང་རུང་། འགྲེལ་ཡང་རུང་། འདུག་ཀྱང་རུང་། ཉལ་ཡང་རུང་། སད་ཀྱང་རུང་། ཟ་ཡང་རུང་། འཐུང་ཡང་རུང་། རྟག་ཏུ་རྒྱུན་མི་འཆད་པར་དྲན་པར་གྱིས་ཤིག །ཡིད་ལ་གྱིས་ཤིག །སྒོམས་ཤིག །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་རང་སངས་རྒྱས་དང་། སོ་སོ་སྐྱེ་བོ་ཐམས་ཅད་དང་བདག་གི་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དགེ་བའི་རྩ་བ་ཐམས་ཅད་བསྡུས་ཏེ། རྗེས་སུ་ཡི་རང་བའི་མཆོག་གིས་རྗེས་སུ་ཡི་རང་བར་གྱིས་ཤིག །རྗེས་སུ་ཡི་རང་ནས་ཀྱང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། རང་སངས་རྒྱས་དང་། ཉན་ཐོས་རྣམས་


JL00_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མཆོད་པར་ཕུལ་ཅིག །ཕུལ་ནས་ཀྱང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་གྱིས་ཤིག །དེ་ནས་སེམས་ཅན་ཐམས་ཅད་མཁྱེན་པ་ཉིད་ཀྱི་གོ་འཕང་ཐོབ་པར་བྱ་བའི་ཕྱིར་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཉིན་གཅིག་བཞིན་དུ་དུས་གསུམ་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་ཤིག །རྒྱལ་པོ་ཆེན་པོ་ཁྱོད་དེ་ལྟར་ཞུགས་པ་རྒྱལ་པོ་གྱིས་ཤིག །རྒྱལ་པོའི་སྲིད་ཀྱང་མི་ཉམས་སོ། །བྱང་ཆུབ་ཀྱི་ཚོགས་ཀྱང་ཡོངས་སུ་རྫོགས་པར་འགྱུར་རོ། །ཞེས་པ་འདིས་སྨོན་འདི་མཚན་ཉིད་ལེགས་པར་བསྟན་ཅིང་སྙིགས་མའི་དུས་ཀྱི་སེམས་ཅན་ཐམས་ཅད་ལ་ཕན་པ་ཆེ་བ་ཡིན་ནོ། །དེ་བས་ན་ཁོ་བོའི་བླ་མ་ཀུན་མཁྱེན་ཆེན་པོས་ཀྱང་སྨོན་པ་ནི་བྱང་ཆུབ་དོན་དུ་གཉེར་བའི་ཆ་དེ་ཡིན་ལ། འཇུག་པ་སྦྱོར་བས་ལག་ལེན་ལ་ཁྱབ་པར་བྱེད་པའི་ཆ་གཉིས་པོ་ཚང་དགོས་པའི་ཕྱིར་རོ། །ཞེས་སེམས་བསྐྱེད་སྡེ་ཚན་གྱིས་གཅད་པ་ཐམས་ཅད་ལ་རིགས་བསྒྲེ་བར་མཛད་ཅིང་ཁྱད་པར་དོན་གྱི་ཆ་ནས། སེམས་བསྐྱེད་པས་ནི་སེམས་བྱུང་ཞར་ལ་སྐྱེ། སེམས་ཀྱི་དོན་གྱི་ངོ་བོ་རང་སྟོབས་རིག །ཅེས་སེམས་ནི་དོན་གྱི་ངོ་བོ་རིག་པ་བརྒྱལ་བ་ལས་སངས་པ་ལྟ་བུ་རང་སྟོབས་ཀྱིས་རིག་ལ། སེམས་བྱུང་དོན་གྱི་ཁྱད་པར་ཡུལ་གྱི་རང་བཞིན་ཕྲ་རགས་ལ་དཔྱོད་པས་སྣང་བ་དཀར་དམར་རང་སྟོབས་ཀྱིས་རིག་པ་ལྟར། སེམས་དང་སེམས་བྱུང་མཚུངས་པར་འཇུག་པས་ངོ་བོ་བསྐྱེད་པས་ཁྱད་པར་ཞར་ལ་ཐོབ་པར་བཞེད་དེ། དབུས་མཐའ་ལས་ཀྱང་། དེ་ལ་དོན་མཐོང་རྣམ་པར་ཤེས། །དེ་ཡིས་ཁྱད་པར་སེམས་ལས་བྱུང་། །ཞེས་བཤད་པས་སོ། །སོ་སོའི་བསླབ་བྱ་ནི་འོག་ནས་འབྱུང་ངོ་། །རང་བཞིན་རྒྱས་པར་དབྱེ་བ་ནི། །དབྱེ་བའི་སྒོ་ནས་སྐྱེ་འཕགས་སེམས་བསྐྱེད་


JL00_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས། །བསླབ་པ་གསུམ་ལ་ལྟོས་པའི་སེམས་བསྐྱེད་གསུམ། ཁྱར་པར་ཚོགས་སྦྱོར་ལམ་ན་མོས་པས་སྤྱོད། །དང་པོའི་ས་ནས་བདུན་པར་ལྷག་བསམ་དག །དག་ས་གསུམ་ན་རྣམ་པར་སྨིན་པ་དང་། །སངས་རྒྱས་ས་ན་སྒྲིབ་པ་སྤངས་ཏེ་བཞི། །དེ་བཞིན་ལམ་ལྔའི་རྗེས་འགྲོ་སེམས་བསྐྱེད་ལྔ། །ཕ་རོལ་ཕྱིན་པ་དྲུག་ལྟོས་དེ་སྙེད་གྲངས། །ས་མཚམས་དབྱེ་བ་ཉི་ཤུ་རྩ་གཉིས་སོགས། །བསམ་པས་སྨོན་དང་འཇུག་པས་ཁྱབ་ལ་འདུ། །དེ་ལྟར་སྨོན་འཇུག་ཏུ་གྲགས་པའི་སེམས་བསྐྱེད་གཉིས་པོ་དེའང་སྐྱེས་བུ་གཅིག་ཉིད་བྱེད་ལས་ཀྱི་སྒོ་ནས་མིང་ཐ་དད་དུ་འགྱུར་བ་ལྟར་ཕྱོགས་དང་པོ་སོ་སོའི་སྐྱེ་བོ་དང་། འཕགས་པའི་སེམས་བསྐྱེད་ཀྱི་ཁྱད་པར་ནི། མྱང་འདས་ལས། ཀུན་རྫོབ་དོན་དམ་དབྱེ་བ་ཡི། །བྱང་ཆུབ་སེམས་ནི་རྣམ་པ་གཉིས། །ཞེས་ཕྱི་རོལ་སེམས་ཅན་ལ་དམིགས་པ་དང་། ནང་སེམས་ཉིད་ལ་དམིགས་པའི་དབྱེ་བས་ཏེ། །བྱང་ཆུབ་ཏུ་སེམས་བསྐྱེད་པ་ཆེན་པོའི་མདོ་ལས། ཆོས་ཐམས་ཅད་ནམ་མཁའ་ལྟར་མཚན་ཉིད་མེད་ཅིང་ཡེ་ནས་འོད་གསལ་བ་རྣམ་པར་དག་པ་དེ་ལ་ནི་བྱང་ཆུབ་ཅེས་བྱའོ། །དེ་དང་མཐུན་པའི་སེམས་སྔ་ན་མ་སྐྱེས་པའི་སེམས་རིན་པོ་ཆེ་སྐྱེས་པ་ལ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཞེས་བྱའོ། །ཞེས་དེ་གཉིས་རྒྱུ་དང་འབྲས་བུའི་རྣམ་པ་ཅན་དུ་བསྟན་ཏོ། །བསླབ་པ་གསུམ་ལ་ལྟོས་ནས་གསུམ་དུ་ཡོད་པ་ནི། ཡུམ་བར་མ་ལས། གང་ཁ་ན་མ་ཐོ་བ་སྡོམ་པའི་སེམས་དང་། དགེ་བའི་ཆོས་སྡུད་པའི་སེམས་དང་། སེམས་ཅན་སྨིན་པར་བྱེད་པའི་སེམས་ཏེ་སེམས་བསྐྱེད་པ་འདི་གསུམ་ལ་ནན་ཏན་དུ་བྱའོ། །ཞེས་ཚུལ་ཁྲིམས་རིན་པོ་ཆེ་རྣམ་པ་གསུམ་དང་དུ་བླང་བའི་སེམས་བསྐྱེད་པའོ། །བཞི་ཚན་གྱིས་དབྱེ་བ་ནི། ཚོགས་སྦྱོར་གྱི་


JL00_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ལ་མོས་པས་སྤྱོད་པ་དང་། ས་དང་པོ་ནས་བདུན་པའི་བར་ལྷག་བསམ་དག་པ་དང་། དག་པ་ས་གསུམ་ན་རྣམ་པར་སྨིན་པ་དང་། སངས་རྒྱས་ཀྱི་སར་སྒྲིབ་པ་སྤངས་པའི་སེམས་བསྐྱེད་དེ། མདོ་སྡེའི་རྒྱན་ལས། སེམས་བསྐྱེད་དེ་ནི་ས་རྣམས་ལ། །མོས་དང་ལྷག་བསམ་དག་པ་དང་། །རྣམ་པར་སྨིན་པ་གཞན་དུ་འདོད། །དེ་བཞིན་སྒྲིབ་པ་སྤངས་པའོ། །ཞེས། ཚོགས་སྦྱོར་དུ་ཀུན་གཞི་དང་། ཚོགས་བརྒྱད་བག་ཆགས་དང་བཅས་པས། རང་ངོའི་ཁམས་ཉི་མ་ལྟ་བུར་བསྒྲིབས་ནས་མི་མཐོང་སྟེ། ཆོ་ག་ལ་ཡིད་ཆེས་པ་དུས་སུ་འཛིན་པས་དོན་སྤྱིའི་ཚུལ་དུ་འཇལ་ལ་དད་པས་མོས་པ་སྤྱོད་ཡུལ་དུ་བྱེད་པའི་ཕྱིར་རོ། །ས་དང་པོ་ནས་བདུན་པའི་བར་དུ་ཉོན་མོངས་པ་ཅན་གྱི་ཡིད་ལོག་པས། ཞིང་ཁམས་དང་ཡོན་ཏན་བརྒྱ་ཕྲག་བཅུ་ལ་སོགས་པ་མངོན་དུ་གཟིགས་ཤིང་། ཁམས་ཀྱི་སྒྲིབ་པ་ཕྱོགས་གཅིག་དག་པས་སྤྲིན་དབར་གྱི་ཉི་ཟེར་བཞིན་ཡེ་ཤེས་ཀྱི་མཐོང་བ་གསལ་བས་ལྷག་བསམ་དག་པ་ཞེས་བརྗོད་དོ། །དག་པའི་ས་གསུམ་དུ་སྒོ་ལྔ་དང་ཀུན་གཞིའི་རྣམ་ཤེས་ལོག་ཚུལ་ནི། ས་བརྒྱད་པར་ཡིད་ཤེས་ལོག་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་། དགུ་པར་སྒོ་ལྔའི་རྣམ་ཤེས་ལོག་པས་ཞིང་ཁམས་དག་པ་དང་། བཅུ་པར་ཀུན་གཞིའི་རྣམ་ཤེས་ལོག་པས་ཡེ་ཤེས་ཕུན་སུམ་ཚོགས་པ་དང་། སྨོན་ལམ་དང་ཡོན་ཏན་རྒྱ་ཆེ་བའི་ཕྱིར་རྣམ་པར་སྨིན་པའི་སེམས་བསྐྱེད་ཅེས་བྱའོ། །རྒྱུན་མཐར་སེམས་སེམས་བྱུང་གི་བག་ཆགས་ཀུན་གཞི་དང་བཅས་པ་ལོག་པས་སྒྲིབ་པ་སྤངས་པའི་སེམས་བསྐྱེད་དེ། དེའང་སངས་རྒྱས་ཀྱི་སར་སློབ་ལམ་པ་ལྟར་ཆོ་ག་ལས་བྱུང་བ་དང་། འཁོར་བའི་ཤེས་པ་ཅན་དག་ཟོད་ཐོབ་བྱའི་སེམས་བསྐྱེད་དུ་མེད་ཀྱང་། ཁམས་དེའི་ཡོན་ཏན་ཅི་ཡོད་པ་ཐམས་ཅད་མངོན་དུ་གྱུར་ནས་


JL00_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོའི་མཛད་པ་དུས་ལས་མི་ཡོལ་བའི་སེམས་བསྐྱེད་དང་། དོན་དམ་སེམས་བསྐྱེད་དེ། དེ་ཡང་ཐོབ་ལ་ཉམས་བྱེད་ཀྱི་རྒྱུ་མེད་དེ་དོར་བ་མེད་པའི་སྟོང་པ་ཉིད་དང་མི་འབྲལ་བའི་ཕྱིར་རོ། །དེ་ལྟར་གནས་སྐབས་བཞིར་མིང་འགྱུར་བའང་ཆའི་སྒོ་ནས་བཞག་པའོ། །དེ་བཞིན་དུ་ལམ་ལྔ་དང་རྗེས་སུ་མཐུན་པའང་། ཉི་ཁྲི་ལས། ལས་དང་པོ་པའི་སེམས་བསྐྱེད་པ་དང་། ཡོངས་སུ་སྦྱང་བ་བྱས་པའི་སེམས་བསྐྱེད་པ་དང་། ཆོས་མཐོང་བའི་སེམས་བསྐྱེད་པ་དང་། རྣམ་པར་གྲོལ་བའི་སེམས་བསྐྱེད་པ་དང་། བསམ་གྱིས་མི་ཁྱབ་པའི་སེམས་བསྐྱེད་པ་སྟེ། རབ་འབྱོར། འདི་ལ་མ་ཞུགས་པ་གཞུག་པར་བྱའོ། །ཞུགས་པ་ཡོངས་སུ་སྦྱང་བར་བྱའོ། །ལྷའི་མིག་བསྐྱེད་པར་བྱའོ། །འཕགས་པའི་ལམ་བདེན་སྒོམ་པར་བྱའོ། །སངས་རྒྱས་ཀྱི་སྤྱན་སྒྲིབ་བ་མེད་པ་ཐོབ་པར་བྱའོ། །ཞེས་ཚོགས་དང་། སྦྱོར་བ་དང་། མཐོང་བ་དང་བསྒོམ་པ་དང་། མི་སློབ་པའི་ལམ་ལྔའི་གོ་རིམ་དང་སྦྱར་ནས་བསྟན་པའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ལྟོས་ནས་རྣམ་པ་དྲུག་ཏུ་ཕྱེ་བ་ནི། སྔ་མ་ལས། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་སེམས་ཡངས་པ། ཚད་མེད་པ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཐུན་མོང་དུ་མ་གྱུར་བ་སྟེ། ཞེས་ཉན་རང་གི་སེམས་ནི་མཐུ་ཆུང་བས་ཐེག་པ་ཆེན་པོའི་ལམ་ནས་མྱ་ངན་ལས་མི་འདའ་བས་བྱང་ཆུབ་དམ་པའི་གེགས་སུ་ཆ་བའི་ཚུལ། དམྱལ་བར་འགྲོ་བ་བྱང་ཆུབ་ལ། །གཏན་གྱི་གེགས་བྱེད་མ་ཡིན་ཏེ། །ཉན་ཐོས་དང་ནི་རང་སངས་རྒྱས། །འདི་གཉིས་གཏན་གྱི་གེགས་སུ་འགྱུར། །ཞེས་བཤད་པ་ལྟར་ཐུན་མོང་མ་ཡིན་པས་ལམ་ཁྱད་དཔགས་པའི་ཁྱད་པར་དང་བཅས་བསྟན་པའོ། །ཕ་རོལ་ཏུ་ཕྱིན་པ་བཅུ་ལ་བལྟོས་ནས་ས་མཚམས་བཅུར་དབྱེ་བ་དང་། འཕགས་པ་དད་པའི་སྟོབས་བསྐྱེད་


JL00_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས། ཐབས་ལ་མཁས་པ་གང་ཞེ་ན། གང་ཆོས་ཐམས་ཅད་ཀྱི་བསྡུ་བ་ཤེས་པ་ལ་མཁས་པའོ། །ཤེས་རབ་གང་ཞེ་ན། གང་ཆོས་ཐམས་ཅད་དབྱེར་མེད་པ་ཤེས་པ་ལ་མཁས་པའོ། །ཞེས་ཐབས་ཤེས་གཉིས་སུ་འདུ་བའི་ཕ་རོལ་ཏུ་ཕྱིན་པ་བཅུ་ནི་བྱང་ཆུབ་སེམས་དཔའ་ས་བཅུ་པས་ཀྱང་། ཀུན་ཏུ་སྤྱད་པར་གསུངས་ན། དེ་གཉིས་ཕན་ཚུན་གཅིག་ལ་གཅིག་ལྟོས་ཀྱི་རྒྱུ་འབྲས་བུ་འབྲེལ་བས་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་ཤེས་རབ་ཀྱི་ཆའང་ཐབས་སུ་འགྱུར་བའི་ཚུལ་འཕགས་པ་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལས་ཀྱང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་འདི་ནི་སྙིང་རྗེ་ཆེན་པོའི་རྩ་བ་ཅན། བྱང་ཆུབ་ཀྱི་རྒྱུ་དང་ལྡན་པ་ཐབས་ཀྱི་མཐར་ཕྱིན་པ་ཡིན་ནོ། །ཞེས་གསུངས་པ་ལྟར། དགེ་བའི་ལྷས། དེ་ལྟར་ནང་དུ་ཡང་དག་འཇོག་པའི་བསམ་གཏན་གྱིས་བྱང་ཆུབ་ཀྱི་སེམས་རྣམ་བཅུ་བསྒོམས་ནས། ཞེས་སྐྱེད་བྱེད་འགྲུབ་པའི་རྒྱུ་བསྟན་ཏོ། །ས་མཚམས་ཀྱི་དབྱེ་བས་ཉི་ཤུ་རྩ་གཉིས་ནི། འཕགས་པ་བྱམས་པས། དེ་ཡང་ས་གསེར་ཟླ་བ་མེ། །གཏེར་དང་རིན་ཆེན་འབྱུང་གནས་མཚོ། །རྡོ་རྗེ་རི་སྨན་བཤེས་གཉེན་དང་། །ཡིད་བཞིན་ནོར་བུ་ཉི་མ་གླུ། །རྒྱལ་པོ་མཛོད་དང་ལམ་པོ་ཆེ། །བཞོན་པ་བཀོད་མེའི་ཆུ་དང་ནི། །སྒྲ་སྙན་ཆུ་བོ་སྤྲིན་རྣམས་ཀྱིས། །རྣམ་པ་ཉི་ཤུ་རྩ་གཉིས་སོ། །ཞེས་དཔེ་དེ་དག་གི་དོན་དཔལ་ཡེ་ཤེས་གྲགས་པའི་འགྲེལ་བ་ལྟར་བཤད་ན། སྨོན་པའི་སེམས་རྣམ་པ་གསུམ་དང་། འཇུག་པའི་སེམས་རྣམ་པ་བཅུ་དགུར་འདོད་པ་ལས། སྨོན་པའི་སེམས་ནི་འདུན་པ་དང་། བསམ་པ་དང་། ལྷག་པའི་བསམ་པ་གསུམ་མོ། །དེ་ལ་འདུན་པ་དང་ལྷན་ཅིག་འདྲེས་པའི་ཆོས་ཐམས་ཅད་མངོན་པར་བྱང་ཆུབ་པར་འདོད་པའི་མཚན་ཉིད་ཅན་ནི་ས་ལྟ་བུ་ཡིན་ནོ། །དེ་བཞིན་དུ་བསམ་པ་དང་འདྲེས་པ་ནི་ཕྱིན་དྲུག་གི་མཚན་ཉིད་དེ་འགྱུར་བ་མེད་པའི་ཕྱིར་གསེར་


JL00_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་པོ་ལྟ་བུའོ། །ལྷག་པའི་སེམས་དང་འདྲེས་པ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བསྒོམ་པར་འདོད་པའི་མཚན་ཉིད་དེས་དཀར་པོའི་ཕྱོགས་ཐམས་ཅད་འཕེལ་བར་འདོད་པས་ཟླ་བ་ཚེས་པ་ལྟ་བུའོ། །འཇུག་པའི་སེམས་རྣམ་པ་བཅུ་དགུ་ནི། སྦྱོར་བ་འདྲེས་པ་གཅིག་དང་། སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་བཅུ་དང་། དེའི་སྟེང་དུ། མངོན་པར་ཤེས་པ་དང་། བསོད་ནམས་དང་ཡེ་ཤེས་ལྡན་པ་དང་། བྱང་ཆུབ་ཀྱི་ཕྱོགས་དང་ལྡན་པ་དང་། ཞི་གནས་ལྷག་མཐོང་དང་། གཟུངས་དང་སྤོབས་པ་དང་། ཆོས་ཀྱི་སྐྱེད་མོས་ཚལ་དང་། བགྲོད་པ་གཅིག་པའི་ལམ་དང་། ཆོས་ཀྱི་སྐུ་དང་ལྡན་པའོ། །དེ་ལ་སྨོན་པའི་གསུམ་ནི་ཚོགས་ལམ་ཆུང་འབྲིང་ཆེ་གསུམ་གྱི་སེམས་བསྐྱེད་ལས་དང་པོ་པའི་གནས་སྐབས་ལ་བཞག་གོ །འདིར་འཇུག་པའི་དང་པོ་སྦྱོར་བ་མེ་ལྟ་བུ་ནི་སྦྱོར་ལམ་བཞིའི་སེམས་བསྐྱེད་དོ། །དེ་བཞིན་དུ་སྦྱིན་པ་གཏེར་ལྟ་བུ་དང་། ཚུལ་ཁྲིམས་རིན་པོ་ཆེའི་འབྱུང་གནས་ལྟ་བུ་དང་། བཟོད་པ་མཚོ་ལྟ་བུ་དང་། བརྩོན་འགྲུས་རྡོ་རྗེ་ལྟ་བུ་དང་། བསམ་གཏན་རི་ལྟ་བུ་དང་། ཤེས་རབ་སྨན་ལྟ་བུ་དང་། ཐབས་ལ་མཁས་པ་བཤེས་གཉེན་ལྟ་བུ་དང་། སྨོན་ལམ་ཡིད་བཞིན་གྱི་ནོར་བུ་ལྟ་བུ་དང་། སྟོབས་ཉི་མ་ལྟ་བུ་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་གླུ་དབྱངས་ལྟ་བུ་ནི་རྒྱུའི་གནས་སྐབས་ཏེ་མཐོང་བ་དང་སྒོམ་པའི་ལམ་གྱི་སྤྱོད་ཡུལ་ཅན་ས་དང་པོ་ནས་བཅུ་པའི་བར་ལ་རིམ་པ་བཞིན་ནོ། །མངོན་ཤེས་རྒྱལ་པོ་ལྟ་བུ་དང། ཚོགས་གཉིས་མཛོད་ཁང་ལྟ་བུ་དང་། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ལམ་པོ་ཆེ་ལྟ་བུ་དང་། སྙིང་རྗེ་དང་ལྷག་མཐོང་བ་ཞོན་པ་བཟང་པོ་ལྟ་བུ་དང་། གཟུངས་དང་སྤོབས་པ་བཀོད་མའི་ཆུ་མིག་ལྟ་བུ་ལྔ་ནི་ཁྱད་པར་གྱི་ལམ་གྱི་བསྡུས་པས་དག་པའི་ས་གསུམ་ཀ་ལ་ཁྱབ་བོ། །ཆོས་ཀྱི་དགའ་སྟོན་


JL00_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་སྙན་ལྟ་བུ་དང་། བགྲོད་པ་གཅིག་པའི་ལམ་ཆུ་བོ་ལྟ་བུ་དང་། ཆོས་ཀྱི་སྐུ་དང་མཚུངས་པར་ལྡན་པ་སྤྲིན་ལྟ་བུ་གསུམ་ནི་ས་བཅུ་པ་ཁོ་ན་ལ་ཡོད་དེ་ཡེ་ཤེས་དང་འཕྲིན་ལས་བསམ་གྱིས་མི་ཁྱབ་པས་སེམས་ཅན་གྱི་དོན་བྱེད་པའི་ཕྱིར་དང་། དེ་ལྟར་མངོན་པར་ཤེས་པ་ལ་སོགས་ལྷན་ཅིག་གནས་པ་བརྒྱད་པོ་ནི་འབྲས་བུའི་གནས་སྐབས་ཐམས་ཅད་ལ་ཁྱབ་པ་ཡིན་ནོ། །ཞེས་གྲགས་ཀྱང་མདོ་སྡེའི་རྒྱན་ལས། རྒྱལ་སྲས་རྣམས་ཀྱི་སེམས་བསྐྱེད་པ། །སྤྲིན་དང་འདྲ་བར་བསྟན་པ་ཡིན། །ཞེས་པས་ཉི་ཤུ་རྩ་གཉིས་པོ་ཚོགས་ལམ་ནས་ས་བཅུ་པའི་བར་དུ་གསུངས་པས། བཅུ་གཅིག་ཀུན་ཏུ་འོད་ཀྱི་འབྲས་བུ་དང་མི་སྦྱོར་ཏེ། སངས་རྒྱས་ཀྱི་ས་ལ་ཆོས་ཉིད་ཀྱིས་ཐོབ་པའི་དོན་དམ་སེམས་བསྐྱེད་ལས། འཇུག་པའམ། ཟད་པའི་མཐའ་མི་དམིགས་པའི་ཕྱིར་རོ། །དེ་ལྟར་ས་མཚམས་ཀྱི་རྣམ་པར་དབྱེ་བ་བསྟན་ནས་ད་ནི་སྨོན་འཇུག་སོ་སོའི་ཡོན་ཏན་ལ་ངེས་པར་འདྲེན་པའི་ཕྱིར། གང་ཞིག་རང་ཉིད་ལེགས་པ་དོན་གཉེར་ནས། །རྟག་ཏུ་གཅོད་པ་མེད་པའི་སྒོ་འཕར་ནང་། །སློང་བའི་ཡིད་ལ་འཁྲུགས་པ་མི་སྟེར་བ། །དེ་ལ་གཏན་པ་མེད་པའི་མཆོད་སྦྱིན་ཞེས། །བསྔགས་པར་འོས་ན་མཐའ་དག་སེམས་ཅན་དོན། །ཕན་པའི་སྨོན་སེམས་ཐང་ཅིག་སྐྱེས་པས་ཀྱང་། །ངན་སོང་སྒོ་གཅོད་ལྷ་མིའི་གནས་རིགས་སུ། །བདེ་བ་བསྟེན་པའི་ཡོན་ཏན་ཟད་མི་ཤེས། །འདི་ལྟར་རང་དོན་ལ་དམིགས་པའི་བསམ་པ་ཉི་ཚེ་བས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལྟར་སྦྱིན་པའི་དོན་དུ་སྒོ་ལ་གཏན་པ་མེད་པར་བྱས་ནས་སློང་བའི་ཡིད་འདོད་པ་དང་འགལ་བར་མི་བྱེད་པ་གང་སུ་དག་ཀྱང་སྐྱེ་བོས་བཀུར་བ་ཡིན་ཏེ་སྤྱོད་འཇུག་ལས། འགྲོ་བ་ཅུང་ཟད་ནང་མའི་ཟས་སྦྱོར་བ། །སྐད་ཅིག་ཟས་ཙམ་སྦྱིན་པར་བྱེད་པ་དང་། །བརྙས་བཅས་ཉིན་ཕྱེད་ཕྱེད་བགྲངས་བྱེད་པ་ཡང་། །དགེ་བ་བྱེད་པ་ཡིན་ཞེས་སྐྱེ་བོས་བཀུར། །ཞེས་དུས་རེས་འགའ་བའི་བསོད་ནམས་ཆུང་ངུ་དག་


JL00_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་འཇིག་རྟེན་ན་བསྔགས་པར་བྱེད་ཅིང་། གཏན་པ་མེད་པའི་མཆོད་སྦྱིན་གཅིག་གིས་འདོད་པ་ཁམས་ཀྱི་དབང་ཕྱུག་ཏུ་གྱུར་ན། སྙིང་རྗེ་གོམས་པའི་སྟོབས་ཀྱིས་སྒྲིམ་མི་དགོས་པར་ལྷག་པའི་བསམ་པས་སེམས་ཅན་རེ་རེའི་མི་བདེ་བའི་སྡུག་བསྔལ་གྲངས་དང་མཐའ་མེ་གཏུགས་པ་བསལ་བའི་སེམས་རྒྱ་ཆེན་པོ་ནི་ལྟ་ཅི་སྨོས། ཐ་ན་ཀླད་ནད་ཙམ་གསལ་ལོ་སྙམ་དུ་ཕན་འདོགས་པའི་བསམ་པ་ཅན་དེ་ནི་ཚད་མེད་པའི་བསོད་ནམས་དང་འགྲོགས་ནས་ངན་སོང་གི་སྒོ་འགེགས་ཤིང་། ལྷ་དང་མི་ཁྱད་པར་ཅན་གྱི་གནས་རིགས་སུ་བདེ་བའི་རང་བཞིན་ཟད་མི་ཤེས་པར་འགྱུར་བས་ན་སྤྱོད་འཇུག་ལས། སེམས་ཅན་རྣམས་ཀྱི་ཀླད་ནད་ཙམ། །བསལ་ལོ་སྙམ་དུ་བསམས་ན་ཡང་། །ཕན་འདོགས་བསམས་པ་དང་ལྡན་ཏེ། །བསོད་ནམས་དཔག་མེད་ལྡན་འགྱུར་ན། །སེམས་ཅན་རེ་རེའི་མི་བདེ་བ། །དཔག་ཏུ་མེད་པ་བསལ་འདོད་ཅིང་། །རེ་རེའང་ཡོན་ཏན་དཔག་མེད་དུ། །བསྒྲུབ་བར་འདོད་པ་སྨོས་ཅི་དགོས། །ཞེས་དང་། ཕན་པར་བསམས་པ་ཙམ་གྱིས་ཀྱང་། །སངས་རྒྱས་མཆོད་ལས་ཁྱད་འཕགས་ན། །སེམས་ཅན་མ་ལུས་ཐམས་ཅད་ཀྱི། །བདེ་དོན་བརྩོན་པ་སྨོས་ཅི་དགོས། །ཞེས་སོ། །དེ་སྐད་དུ་བྱང་ཆུབ་སེམས་འགྲེལ་ལས་ཀྱང་། སེམས་ཅན་བརྟེན་ནས་སངས་རྒྱས་ཀྱི། །གོ་འཕང་བླ་མེད་རྙེད་འགྱུར་ན། །ལྷ་དང་མི་ཡི་ལོངས་སྤྱོད་གང་། །ཚངས་དང་དབང་པོ་དྲག་པོ་དང་། །འཇིག་རྟེན་སྐྱོང་བས་རྟེན་དེ་དག །སེམས་ཅན་ཕན་པ་ཙམ་ཞིག་གིས། །མ་དྲངས་བ་ནི་འགྲོ་གསུམ་འདར། །འགའ་ཡང་མེད་ལམ་ཚར་ཅི་ཡོད། །ཅེས་སོ། ཁྱད་པར་འཇུག་པའི་ཡོན་ཏན་མཐའ་ཡས་ཏེ། །དངོས་སུ་སྦྱོར་བས་ཁྱབ་པའི་ཆོ་ག་ལ། །གང་ནས་བཟུང་སྟེ་ལྡོག་པ་མེད་པའི་སེམས། །འགྲོ་སྒྲོལ་དམ་བཅར་ཤིན་ཏུ་ཡིད་བརྟན་པ། །དེ་ནས་བཟུང་


JL00_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་བག་མེད་གཉིད་ལོག་ཀྱང་། །བསོད་ནམས་རྒྱུན་ཆགས་ཉིད་དུ་འབྲེལ་འགྱུར་བ། །སྤྱོད་པའི་ས་ལས་འཐད་པ་དང་བཅས་བཤད། །འདི་ལྟར་སྨོན་པ་ལ་འཁོར་བའི་ཚེ་འབྲས་བུ་ཆེན་པོ་འབྱུང་བ་ཡིན་མོད་ཀྱང་། ད་ལྟར་འཇུག་པའི་སེམས་ཀྱི་ཇི་ལྟར་འཇུག་པ་བཞིན་དུ་བསོད་ནམས་རྒྱུན་ཆགས་སུ་འབྱུང་བ་མ་ཡིན་པས། མངོན་པོ་བྱམས་པས། རིགས་ཀྱི་བུ་བྱང་ཆུབ་ཏུ་སྨོན་པ་འདི་ཡང་རྙེད་པར་དཀའོ། །དེ་བས་ཀྱང་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཇུག་པ་དེ་ཡང་ཚས་རྙེད་པར་དཀའོ། །ཞེས་གསུངས་སོ། །རྒྱུ་གང་གིས་ན་འདིར་འཇུག་པའི་སེམས་ནི་སྔ་མ་ལས་ཁྱད་པར་ཡོད་དེ་སྤྱོད་འཇུག་ལས། བྱང་ཆུབ་སྨོན་པའི་སེམས་ལས་ནི། །འཁོར་ཚེ་འབྲས་བུ་ཆེར་འབྱུང་ཡང་། །ཇི་ལྟར་འཇུག་པའི་སེམས་བཞིན་དུ། །བསོད་ནམས་རྒྱུན་ཆགས་འབྱུང་བ་མིན། །ཞེས་དང་། འཇུག་པའི་སེམས་ལས་བསོད་ནམས་རྒྱུན་མི་འཆད་པ་ནི། བྱང་ཆུབ་སེམས་དཔའི་རིགས་དང་ལྡན་པ་དག་སྙིང་རྗེ་ཆེན་པོའི་གཞན་དབང་དུ་འགྱུར་བས་གསོལ་བ་མ་བཏབ་ཏུ་ཟིན་ཀྱང་གཞན་དོན་ལ་འཇུག་པ་སྟེ། དེ་ཉིད་ལས། གང་ནས་བཟུང་སྟེ་སེམས་ཅན་ཁམས། །མཐའ་ཡས་རབ་ཏུ་སྒྲོལ་བའི་ཕྱིར། །མི་ལྡོག་པ་ཡི་སེམས་ཀྱིས་སུ། །སེམས་དེ་ཡང་དག་བླངས་གྱུར་བ། །དེ་ནས་བཟུང་སྟེ་གཉིད་ལོག་གམ། །བག་མེད་གྱུར་ཀྱང་བསོད་ནམས་ཤུགས། །རྒྱུན་མི་འཆད་པར་དུ་མ་ཞིག །ནམ་མཁའ་མཉམ་པར་རབ་ཏུ་འབྱུང་། །ཞེས་ཉོན་མོངས་པའི་འཆིང་བ་དང་འཁོར་བའི་བཙོན་རར་བསྡམས་པའི་སེམས་ཅན་རྣམས་དེ་ལས་རབ་ཏུ་དགྲོལ་བའི་ཕྱིར། འཁོར་བ་ཇི་སྲིད་གནས་ཀྱི་བར་སེམས་དེ་ལས་མི་ལྡོག་ཅིང་དམ་བཅའ་བརྟན་པའི་འཇུག་སེམས་དེ་ནི་དུས་དེ་ནས་བཟུང་སྟེ་བག་མེད་པའམ། གཉིད་ལོག་


JL00_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར་ཀྱང་མི་དགེ་བ་ལས་ལྡོག་པ་དང་། དགེ་བ་ལ་འཇུག་པ་དང་། འགྲོ་བ་རྣམས་ཀྱི་དོན་བྱ་བ་འཁྱམས་དང་སྙིང་རྗེ་ཆེན་པོའི་བསོད་ནམས་ཀྱི་ཤུགས་ལས་དགེ་བའི་རྒྱུན་བར་མི་འཆད་པ་ནི་སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་ལྡན་པ་དེའི་ལུས་དང་ངག་དང་སེམས་ཀྱི་བརྩམས་པ་ཐམས་ཅད་དོན་ཡོད་པ་སྟེ་རྟག་ཏུ་དགེ་བ་འབའ་ཞིག་ཏུ་རོ་གཅིག་པར་འགྱུར་རོ། །ཞེས་ལུང་མ་བསྟན་དང་། དགེ་བའི་ཕྱོགས་གང་ཡང་སེམས་བསྐྱེད་མངོན་གྱུར་གྱིས་འབྲེལ་དུ་མ་ཟིན་ཀྱང་། ཐོབ་ལ་མ་ཉམས་པའི་སེམས་བསྐྱེད་དེས་ཐོག་མར་ཟིན་པའི་རྒྱུས་ཆུ་ཐིགས་ཆུ་བོ་ཆེན་པོ་ལ་འདྲེས་པ་བཞིན་ཐར་བ་ཆ་མཐུན་གྱི་དགེ་བའི་རྒྱུན་དེའི་སེམས་ལ་རྒྱུན་ཆགས་སུ་འབྲལ་བ་ཡིན་ལ། ཟབ་མོའི་དེ་ཁོ་ན་ཉིད་ལ་ལྷག་པར་མོས་པའི་དབང་གིས་ཟད་མི་ཤེས་པའི་བསོད་ནམས་ཀྱི་རྒྱུན་ནམ་མཁའ་དང་མཉམ་པར་འབྱུང་བ་ནི་དཔལ་སྦྱིན་གྱི་ཞུས་པ་ལས། བྱང་ཆུབ་སེམས་དཔའི་བསོད་ནམས་གང་། །གལ་ཏེ་དེ་ལ་གཟུགས་ཡོད་ན། །ནམ་མཁའི་ཁམས་ནི་ཀུན་བཀང་སྟེ། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་སོ། །དེ་ལ་འཇུག་པའི་ཀུན་ཏུ་སྤྱོད་པ་ཕྱིན་དྲུག་གི་ཚེ་སྦྱིན་པ་ལ་སོགས་པ་ལྔ་ནི་ཀུན་རྨོངས་པས་བདེ་བའི་རྒྱུ་ཡིན་ལ། ཤེས་རབ་ནི་ཐར་བའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་ལྟ་བུའི་བློ་སྟོབས་ཅན་ཐེག་པ་ཆེན་པོའི་ལམ་ལ་ཚོགས་པ་ཟླུམས་པའི་ཚུལ་བཤད་པ། བསྐལ་པ་མང་པོའི་ཚོགས་ཀྱང་འདུམས་པར་འགྱུར། །ཕྱུགས་དང་གླང་པོའི་ཤིང་རྟ་ཉི་ཟླ་སོགས། །བགྲོད་པའི་བརྟུལ་ཞུགས་མྱུར་བུལ་མཐའ་ཡས་ལྟར། །བློ་སྟོབས་ཆེན་པོའི་ཐབས་བརྩོན་ཤེས་པར་གྱིས། །གྲངས་མེད་གསུམ་གྱི་དམ་བཞག་འཇིག་པ་ཡིན། །དེ་ལ་བྱང་ཆུབ་སེམས་དཔའ་དབང་པོ་


JL00_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་རྟུལ་པོ་རྣམས་ནི་གྲངས་མེད་སུམ་ཅུ་རྩ་གསུམ་སྟེ་ཚོགས་སྦྱོར་གཉིས་སུ་གསུམ་ས་བཅུ་པོ་རེ་རེ་ལའང་གསུམ་གསུམ་མོ། །འབྲིང་པོ་ས་ནི་བདུན་བདུན་ཏེ། ཚོགས་སྦྱོར་གཉིས་ལ་གཉིས་གཉིས། མཐོང་ལམ་དུ་གཅིག །བསྒོམ་པའི་ལམ་དུ་གཉིས་སོ། །རྣོན་པོས་ནི་གསུམ་མོ། །དེ་སྐད་དུ་དབུ་མ་རིན་ཆེན་སྒྲོན་མར། དབང་པོ་རྣོན་པོ་ནི་བསྐལ་པ་གྲངས་མེད་པ་གསུམ་གྱིས་མངོན་པར་རྫོགས་པར་འཚང་རྒྱ་ལ། དབང་པོ་འབྲིང་ནི་བསྐལ་པ་གྲངས་མེད་པ་བདུན་གྱིས་སོ། །དབང་པོ་རྟུལ་པོ་ནི་བསྐལ་པ་གྲངས་མེད་པ་སུམ་ཅུ་རྩ་གསུམ་གྱིས་སོ། །ཞེས་རྣོན་པོའི་མཐའ་ཡང་གྲངས་མེད་པ་གསུམ་དུ་བཞག་གོ །ཐེག་པ་ཆེན་པོའི་སེམས་དང་པོ་བསྐྱེད་པ་ནས་དབང་པོ་རྟུལ་བས་ཉན་ཐོས་ཀྱི་ཐེག་པ་ལ་འདྲེས་མར་བསྙེན་པ་དང་། ཅུང་ཟད་བརྟན་པ་དང་། ཅུང་ཟད་ཀྱང་མི་བརྟན་པ་དང་། སྲོག་གི་ཕྱིར་ཡང་ཐེག་པ་ཆེན་པོ་འབའ་ཞིག་ལ་བརྟན་ཅིང་གུས་པ་དང། བྱང་ཆུབ་ཀྱི་སེམས་དང་། སྙིང་རྗེ་དང། ཕྱིན་དྲུག་དང་། རྟོན་པ་བཞི་དང་། བསྡུ་བའི་དངོས་པོ་ལ་བརྩོན་པའི་བློ་སྟོབས་ཀྱི་ཁྱད་པར་ལས་ཚོགས་གཉིས་རིམ་གྱིས་སྙོམས་པར་གསོག་པ་དང་། སེམས་སྟོབས་ཆེན་པོས་དུས་སྐད་ཅིག་རེ་རེ་ལ་ཡང་ཚོགས་བསྐལ་པ་མང་པོ་འདུམས་པས་གྲངས་མེད་པ་གསུམ་གྱི་དམ་བཅའ་འཇིག་པའི་ཚུལ་བགྲོད་པ་མྱུར་བུལ་གྱི་དཔེ་ལྔས་བསྟན་ཏེ། ངེས་པ་དང་མ་ངེས་པ་ལ་འཇུག་པའི་ཕྱག་རྒྱའི་མདོ་ལས། འཇམ་དཔལ་བྱང་ཆུབ་སེམས་དཔའ་འདི་ལྔ་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། ཕྱུགས་ཀྱི་ཤིང་རྟ་ལྟ་བུས་འགྲོ་བ་དང་། གླང་པོ་ཆེའི་ཤིང་རྟ་ལྟ་བུས་འགྲོ་བ་དང་། ཉི་མ་དང་ཟླ་བ་ལྟ་བུས་འགྲོ་བ་དང་། ཉན་ཐོས་ཀྱི་རྫུ་འཕྲུལ་ལྟ་བུས་འགྲོ་བ་དང། དེ་བཞིན་གཤེགས་པའི་རྫུ་འཕྲུལ་ལྟ་བུས་འགྲོ་བའོ། །ཕྱུགས་ཀྱི་ཤིང་རྟ་ལྟ་བུས་འགྲོ་བ་དང་། གླང་པོ་ཆེའི་ཤིང་རྟ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་


JL00_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་རྣམས་ནི་བྱང་ཆུབ་ལས་ཕྱིར་ལྡོག་གོ །ཉི་མ་དང་ཟླ་བ་ལྟ་བུས་འགྲོ་བ་དང་། ཉན་ཐོས་ཀྱི་རྫུ་འཕྲུལ་ལྟ་བུས་འགྲོ་བ་དང་། དེ་བཞིན་གཤེགས་པའི་རྫུ་འཕྲུལ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་རྣམས་ནི་བྱང་ཆུབ་ལས་ཕྱིར་མི་ལྡོག་གོ །དེ་ལ་ཕྱུགས་ཀྱི་ཤིང་རྟ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་གང་ཞེ་ན། དཔེར་ན་སྐྱེས་བུ་ལ་ལ་ཞིག་སངས་རྒྱས་ཀྱི་ཞིང་ལྔའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདའ་བར་འདོད་ནས་དེ་ཕྱུགས་ཀྱི་ཤིང་རྟ་ལ་ཞོན་ཏེ་ལམ་དུ་ཞུགས་ནས་དེ་ཡུན་རིང་ཞིག་ལོན་ནས་དཔག་ཚད་བརྒྱར་ཕྱིན་པ་ལས། དེ་རླུང་གི་དཀྱིལ་འཁོར་ཆེན་པོས་བཟློག་ནས་དཔག་ཚད་བརྒྱད་ཅུར་དེད་དེ་ཕྱིར་ཕུལ་ན། སྐྱེས་བུ་དེ་ཕྱུགས་ཀྱི་ཤིང་རྟས་འཇིག་རྟེན་གྱི་ཁམས་དེ་དག་འདའ་བའམ། བསྐལ་པ་ནས་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བསྐལ་པར་ཡང་འཇིག་རྟེན་གྱི་ཁམས་གཅིག་འདའ་བར་ནུས་སམ། གསོལ་བ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། གོ་སྐབས་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་དུ་གང་ལ་ལ་ཞིག་གིས་བྱང་ཆུབ་ཏུ་སེམས་བསྐྱེད་ལ་ཐེག་པ་ཆེན་པོ་མི་འཛིན་མི་ཀློག་ཁ་ཏོན་དུ་མི་བྱེད། ཚུལ་བཞིན་དུ་ཡིད་ལ་མི་བྱེད་པར་ཉན་ཐོས་ཀྱི་ཐེག་པ་རྣམས་ལ་བསྙེན་ཅིང་། དེ་དག་དང་ལྷན་ཅིག་ཏུ་བསྟེན་པར་བྱེད། ཉན་ཐོས་ཀྱི་ཐེག་པ་ཀློག་ཅིང་ཁ་ཏོན་དུ་བྱེད་ལ། དཔྱོད་ཅིང་ཀུན་ཆུབ་བར་བྱེད་ལ། གཞན་ཡང་ཀློག་ཏུ་འཇུག་པ་ནས། ཁོང་དུ་ཆུད་པའི་བར་བྱེད་ན། །དེ་ནི་ཤེས་རབ་ཏུལ་པོར་འགྱུར་ཏེ། དེ་ནི་བླ་ན་མེད་པ་ཡེ་ཤེས་ཀྱི་ལམ་ལས་སླར་དྲངས་ནས་ཕྱིར་ལྡོག་གོ །བྱང་ཆུབ་སེམས་དཔའ་དེའི་བྱང་ཆུབ་ཀྱི་སེམས་བསྒོམས་པ་ལས་བྱུང་བའི་ཤེས་རབ་ཀྱི་དབང་པོ་དང་། ཤེས་རབ་ཀྱི་མིག་གང་ཡིན་པ་དེ་ཡང་རྟུལ་པོར་


JL00_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཞིང་ཉམས་པར་བྱེད་དེ། འདི་ནི་ཕྱུགས་ཀྱི་ཤིང་རྟ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའོ། །དེ་ལ་གླང་པོ་ཆེའི་ཤིང་རྟ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་གང་ཞེ་ན། དཔེར་ན་གང་ལ་ལ་ཞིག་འཇིག་རྟེན་གྱི་ཁམས་དེ་ཉིད་འདའ་བར་འདོད་དེ། ཡན་ལག་བརྒྱད་དང་ལྡན་པའི་གླང་པོ་ཆེའི་ཤིང་རྟ་ལ་ཞོན་ནས་ལམ་དུ་ཞུགས་ཏེ། དེས་ལོ་བརྒྱས་དཔག་ཚད་ཉིས་སྟོང་དུ་སོན་པ་ལས། རླུང་གི་དཀྱིལ་འཁོར་ཆེན་པོས་ལམ་དེ་ལས་ཕྱིར་དེད་དེ་ལྡོག་པ་ནས་གོ་སྐབས་མ་མཆིས་པའི་བར་དུ་སྟེ། དེ་བཞིན་དུ་གང་བྱང་ཆུབ་ཏུ་སེམས་བསྐྱེད་ནས། ཐེག་པ་ཆེན་པོ་ཡང་འཆང་ཞིང་ཀློག་ལ་ཁ་ཏོན་བྱེད་ཅིང་ཚུལ་བཞིན་དུ་ཡིད་ལ་བྱེད་ལ་ཉན་ཐོས་ཀྱི་ཐེག་པ་བ་རྣམས་ལ་ཡང་བརྟེན་པ་ནས་ཉན་ཐོས་ཀྱི་ཐེག་པ་ཀློག་ཅིང་ཤེས་པར་བྱེད་པའི་བར་དེ་ནི་གླང་པོ་ཆེའི་ཤིང་རྟ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའོ། །ཉི་མ་དང་ཟླ་བ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་གང་ཞེ་ན། དཔེར་ན་ལ་ལ་ཞིག་དེ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདའ་བར་འདོད་དེ། དེ་ཉི་མ་དང་ཟླ་བ་ལྟ་བུས་འགྲོ་བས་ལམ་དུ་ཞུགས་ན་དེས་འཇིག་རྟེན་གྱི་ཁམས་དེ་ཐམས་ཅད་ལས་འདའ་བར་ནུས་སམ། གསོལ་བ། བཅོམ་ལྡན་འདས་དུས་རིང་མོ་ཞིག་ན་འདའ་བར་རྔོ་ཐོགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་དུ་གལ་ལ་ལ་ཞིག་གིས་བྱང་ཆུབ་ཏུ་སེམས་བསྐྱེད་དེ་ཉན་ཐོས་ཀྱི་ཐེག་པ་རྣམས་ལ་མི་བརྟེན་པ་ནས་ཁོང་དུ་ཆུད་པར་བྱེད་པ་མ་ཡིན་པའི་བར་དུ་སྟེ། ཉན་ཐོས་ཀྱི་ཐེག་པའི་ཚིགས་བཅད་གཅིག་ཙམ་ཡང་མི་ཀློག་པར་ཐེག་པ་ཆེན་པོ་ཉིད་ཁོང་དུ་ཆུད་པར་བྱེད་པའི་བར་འདི་ནི་ཟླ་བ་དང་ཉི་མ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའོ། །ཉན་ཐོས་ཀྱི་རྫུ་འཕྲུལ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་གང་ཞེ་ན། དཔེར་ན་ལ་ལ་ཞིག་འཇིག་རྟེན་གྱི་ཁམས་དེ་སྙེད་འདའ་


JL00_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

བར་འདོད་ན། ཉན་ཐོས་ཀྱི་རྫུ་འཕྲུལ་གྱིས་འཇིག་རྟེན་གྱི་ཁམས་དེ་དག་འདའ་བར་ནུས་སམ། གསོལ་བ། བཅོམ་ལྡན་འདས་རྔོ་ཐོགས་ཏེ་མྱུར་དུ་ནི་མི་འདའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་དུ་གང་ལ་ལ་ཞིག་བྱང་ཆུབ་ཏུ་སེམས་བསྐྱེད་དེ། ཐེག་པ་ཆེན་པོ་པ་ལ་མོས་པ། ཐེག་པ་ཆེན་པོ་ཀློག་པ། ཐེག་པ་ཆེན་པོ་ཡོངས་སུ་འཛིན་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་གུས་པ་དང་བཅས། ཞེས་དང་བཅས་པར་དེ་ལ་གཞོལ་ཞིང་དེ་ལ་འབད་དེ། དེ་དག་དང་བསྟེན་ཅིང་ཐེག་པ་ཆེན་པོ་ཡོངས་སུ་འཚོལ་བ་དང་། ཀུན་འཛིན་ཅིང་འཆང་བ་ཡིན་ཏེ། སྲོག་གི་ཕྱིར་ཡང་ཐེག་པ་ཆེན་པོ་མི་གཏོང་ཞིང་རབ་ཏུ་གུས་པས་མེ་ཏོག་དང་གདན་གྱི་བར་གྱིས་མཆོད་པར་བྱེད་པ་དང་། བྱང་ཆུབ་སེམས་དཔའ་མ་ལོབས་པ་རྣམས་ལ་མི་བརྙས་པ་འདི་ནི་ཉན་ཐོས་ཀྱི་རྫུ་འཕྲུལ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའོ། །དེ་ལ་དེ་བཞིན་གཤེགས་པའི་རྫུ་འཕྲུལ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་གང་ཞེ་ན། དཔེར་ན་ལ་ལ་ཞིག་འཇིག་རྟེན་གྱི་ཁམས་དེ་སྙེད་འདའ་བར་འདོད་དེ། དེས་དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱིས་འཇིག་རྟེན་གྱི་ཁམས་རྣམས་སུ་འགྲོ་ན། དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱིས་འཇིག་རྟེན་གྱི་ཁམས་དེ་དག་འདའ་བར་ནུས་སམ། གསོལ་བ། བཅོམ་ལྡན་འདས་རྔོ་ཐོགས་ཏེ། སེམས་ཀྱི་སྐད་ཅིག་ཙམ་གྱིས་འདའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་དུ་གང་ལ་ལ་བྱང་ཆུབ་ཏུ་སེམས་བསྐྱེད་དེ། རབ་ཏུ་ཟབ་ཅིང་རྒྱ་ཆེ་བ་ལ་མོས་པ་ཐེག་པ་ཆེན་པོའི་དོན་ལ་མཁས་པ་རྟག་ཏུ་སེམས་ཅན་ཐམས་ཅད་ཀྱི་སྐྱབས་བྱ་བའི་ཕྱིར་བྱང་ཆུབ་ཀྱི་སེམས་དང་། བྱམས་པ་དང་། སྙིང་རྗེ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་དང་། རྟོན་པ་བཞི་དང་། བསྡུ་བའི་དངོས་པོ་ལ་བརྩོན་པ་ཡིན་ཏེ། གཞན་ཡང་དེ་ལ་རབ་ཏུ་འགོད་


JL00_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་ནི་དེ་བཞིན་གཤེགས་པའི་རྫུ་འཕྲུལ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའོ་ཞེས་གསུངས་སོ། །དེ་ལ་ཕྱུགས་དང་གླང་པོ་ཆེའི་ཤིང་རྟ་ལྟ་བུས་འགྲོ་བ་ནི་སོ་སོ་སྐྱེ་བོ་མི་བརྟན་པའོ། །ཟླ་བ་དང་ཉི་མ་ལྟ་བུས་འགྲོ་བ་ནི་སོ་སོ་སྐྱེ་བོ་བརྟན་པའོ། །ཉན་ཐོས་ཀྱི་རྫུ་འཕྲུལ་ལྟ་བུས་འགྲོ་བ་ནི་ས་དང་པོ་ནས་བདུན་པའི་བར་རོ། །དེ་བཞིན་གཤེགས་པའི་རྫུ་འཕྲུལ་ལྟ་བུས་འགྲོ་བ་ནི་རྣམ་པར་སྨིན་པའི་སས་བསྡུས་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱོད་པ་ལ་བཤད་དོ། །དེའི་འཐད་པ་དགོད་པའི་ཕྱིར། །ཇི་ལྟར་ས་བོན་ས་ལ་ལྷུང་བ་བཞིན། །སེམས་མཆོག་བསྐྱེད་པ་མི་གཙོ་སྐྱེས་པ་གཙོ། །ཞེས་བསྟན་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཙམ་ནི་སོ་སོའི་སྐྱེ་བོའི་རྒྱུད་ལ་བྱང་ཆུབ་དམ་པའི་ས་བོན་བཞག་པ་ཙམ་ཡིན་གྱིས། དེ་མི་ཉམས་ཤིང་གོང་འཕེལ་དུ་སྦྱང་བ་ལ་ཐེག་པ་དམན་པའི་ལམ་གེགས་སུ་ཆེ་བས་འདི་ལྟར་ཉན་རང་གི་ལམ་ནི་ཉོན་མོངས་པ་བྱེ་བྲག་པའི་གཉེན་པོ་ཙམ་དུ་འགྲོ་བ་དཔེར་ན་སྨན་གྱི་བྱེ་བྲག་ཐ་དད་པ་རེས་ནད་བྱེ་བྲག་པ་རེ་སེལ་བ་བཞིན་ནོ། །བྱང་ཆུབ་ཀྱི་སེམས་ནི་ལྷའི་བདུད་རྩི་དང་མཚུངས་ཏེ། དེས་ནད་མཐའ་དག་པ་དྲུང་ནས་འབྱིན་པ་ལྟར་ཉོན་མོངས་པ་མཐའ་དག་གི་གཉེན་པོར་འགྲོ་ཞིང་སངས་རྒྱས་ཐོབ་བར་བྱེད་པའི་རྒྱུ་མ་ནོར་བ་ཡིན་པས་སོ། །དེའི་ཕྱིར་སྙིང་སྟོབས་ཆུང་ཞིང་ཐབས་ལ་མི་མཁས་པ་ཐེག་དམན་གྱི་ལམ་ལས་ལྡོག་པའི་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོའི་དོན་ཟབ་ཅིང་རྒྱ་ཆེ་བ་ལ་མཁས་པ་རྣམས་ནི་དེད་དཔོན་སྙིང་རྗེ་ཆེན་པོས་མི་ནག་མདུང་ཐུང་ཅན་བསད་པས་བསྐལ་པ་བཞི་ཁྲིའི་ཚོགས་འདུམས་པ་དང་། བྲམ་ཟེའི་ཁྱེའུ་སྐར་མ་ལ་དགའ་བས་ཚོང་དཔོན་གྱི་བུ་མོ་འདོད་པས་ཉེན་པ་ལ་སྙིང་རྗེ་ཆེན་པོའི་ཀུན་སློང་གིས་དེ་སྲོག་ལས་སྐྱོབ་པའི་ཕྱིར་ཚངས་སྤྱོད་བཏང་བས་ཚོགས་བསྐལ་པ་ཉི་ཁྲི་འདུམས་པ་བཞིན་གྲངས་མེད་གསུམ་ཇི་ལྟ་བ་གསོག་མི་དགོས་པ་ཡིན་ནོ། །དེ་སྐད་དུ་དྲི་མ་མེད་པར་


JL00_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་པས་བསྟན་པ་ལས། མ་ནི་ཤེས་རབ་ཕ་རོལ་ཕྱིན། །ཕ་ནི་ཐབས་ལ་མཁས་པ་སྟེ། །མགོན་པོ་རྣམས་ནི་དེ་ལས་སྐྱེས། །ཆོས་ལ་དགའ་བས་ཆུང་མ་སྟེ། །བྱམས་དང་སྙིང་རྗེ་བུ་མོ་ཡིན། །ཆོས་དང་བདེན་གཉིས་དེ་ཡི་བུ། །སྟོང་པའི་དོན་སེམས་ཁྱིམ་ཡིན་ནོ། །དེ་བཞིན་ཉོན་མོངས་ཐམས་ཅད་ནི། །ཇི་དགར་དབང་བྱེད་སླབ་མའ། །མཇའ་བོ་བྱང་ཆུབ་ཡན་ལག་སྟེ། །སེམས་ནི་བྱང་ཆུབ་མཆོག་རིགས་འགྱུར། །དེ་གྲོགས་རྟག་ཏུ་འགྲོགས་པ་ནི། །ཕ་རོལ་ཕྱིན་པ་དྲུག་རྣམས་སོ། །མངོན་ཤེས་དེ་ཡི་བཞོན་པ་སྟེ། །ཐེག་པ་ཆེན་པོ་བླ་ན་མེད། ཁ་ལོ་བསྒྱུར་བ་བྱང་ཆུབ་སེམས། །ལམ་ནི་ཞི་བའི་ཡན་ལག་བརྒྱད། །ཅེས་པས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ལུས་མ་ཚང་བ་མེད་པ་བསྟན་པ་ཡིན་ནོ། །དེ་ལ་རེ་ཞིག་གང་ལས་སྐྱེ་བའི་སྟོབས་ཀྱི་ཁྱད་པར་བཤད་པ། སྟོབས་གསུམ་ལས་ནི་བྱང་ཆུབ་སེམས་སྐྱེ་བས། སྙིང་རྗེ་ཆེ་དང་ཚོགས་བསག་སྐྱབས་སུ་འགྲོ། བསམ་དང་སྦྱོར་བ་རྒྱུ་ཡི་སྟོབས་སུ་བཤད། །དེ་ལ་ཐག་མར་སྐྱེ་བའི་རྒྱུ་ལ་མཁས་པར་བྱ་སྟེ། དེ་ནས་གཟུང་བ་དང་། བསྒྲུབ་པ་དང་། སྦྱང་བ་དང། སྤེལ་བ་ལ་ཤིན་ཏུ་བརྟན་པར་བྱ་བའི་ཚུལ་འཕགས་པ་བྱམས་པ་འཇུག་པའི་མདོ་དང་། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་དང་། བསོད་ནམས་ཐམས་ཅད་སྡུད་པའི་མདོ་དང་། ནམ་མཁའ་མཛོད་ཀྱིས་ཞུས་པ་ལས་བསྟན་ཅིང་། འདིར་ཆོ་གའི་སྔོན་དུ་འགྲོ་བ་ནི་བསམ་པའི་སྟོབས་སྙིང་རྗེ་ཆེན་པོ་ལ་བློ་འབྱོངས་པ། སྦྱོར་བའི་སྟོབས་ཚོགས་བསག་པ་དང་། རྒྱུའི་སྟོབས་སྐྱབས་འགྲོ་ཁྱད་པར་ཅན་བྱས་པ་ལས་སྐྱེ་བ་ཡིན་ཏེ། དེ་ལ་སྙིང་རྗེ་ཆེན་པོ་ནི་བྱང་ཆུབ་ཀྱི་སེམས་དམ་པའི་རྩ་བར་གྱུར་བའི་ཚུལ་ཡང་ཡང་སྨོས་ཟིན་ལ། དེ་སྐད་དུ་རྣམ་སྣང་མངོན་བྱང་ལས་ཀྱང་། ཐམས་ཅད་མཁྱེན་པའི་རྒྱུ་ནི་བྱང་ཆུབ་ཀྱི་སེམས་སོ། །རྩ་བ་ནི་སྙིང་རྗེ་ཆེན་པོའོ། །


JL00_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་པས། སེམས་ཀྱི་སྐད་ཅིག་རེ་རེ་ལའང་དྲན་པ་དང་ཤེས་བཞིན་རྒྱུན་མི་འཆད་པས་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པའི་བྱམས་པ་ལ་བརྟེན་ནས་སྙིང་རྗེ་ཆེན་པོའི་བློ་སྦྱང་བར་བྱ་སྟེ། དེ་ལྟར་མ་སྦྱངས་ན་དབང་པོ་རྟུལ་པོ་ལས་དང་པོ་པ་སྙིང་རྗེ་ལ་གོམས་པ་ཆུང་བ་རྣམས་ལ་སེམས་བསྐྱེད་རྣལ་མ་མི་སྐྱེ་ལ། དེ་མ་སྐྱེས་ན་སྟོང་པ་ཉིད་ཀྱི་ཤེས་རབ་ཟབ་མོ་དང་ཡང་འབྲེལ་ཆད་པར་འགྱུར་ཏེ། ཨིནྡྲ་བྷཱུ་ཏིས། ལུས་ཅན་ཀུན་ལ་མཉམ་ཉིད་ཀྱི། །ཡང་དག་སེམས་ནི་བསྐྱེད་པར་བྱ། །གང་ཡང་མི་མཉམ་ཉིད་གནས་ན། །ཐོག་མ་དབུས་མཐའ་ལས་གྲོལ་བའི། །ཡེ་ཤེས་དེ་ནི་སྐྱེ་མི་འགྱུར། །ཞེས་སོ། །དེའི་ཕྱིར་ལས་དང་པོ་པ་ནི་མཉམ་པར་མ་བཞག་པ་ཅན་ཡིན་པས་སྙིང་རྗེ་ཆེན་པོའི་སེམས་ལན་ཅིག་སྐྱེས་ཀྱང་འགྲོ་བའི་ཁམས་ནི་ཤིན་ཏུ་མི་བསྲུན་ཞིང་བྱེད་པ་ངན་པས་བསླབ་པའི་ཆོས་མཐའ་དག་ལ་བར་དུ་གཅོད་པ་ཐ་མལ་གྱི་སྐྱེ་བོ་དང་ལྷན་ཅིག་ཏུ་མི་གནས་ཤིང་ཚེ་འདི་ལ་ལྟོས་པ་མེད་པར་བྱ། བཟོད་པའི་གོ་གྱོན། བྲེ་མོའི་གཏམ་མི་སྨྲ། ཕ་རོལ་མགུ་བར་བྱ་བ་དང་། འདོད་པ་ཆུང་བ་དང་། ཆོག་ཤེས་པ་དང་། ཞི་བ་དང་། དུལ་བ་དང་། ཆོས་བརྒྱད་མགོ་གནོན་པ་དང་། དངོས་པོ་ལ་མ་ཆགས་པ་དང་། གཞན་མི་སྨོད་པ་དང་། གཞན་གྱི་སྡིག་རྐྱེན་མི་བྱ་བ་དང་། རྩོད་པ་ཡོད་པའི་ཕྱོགས་ནས་དཔག་ཚད་བརྒྱའི་ཕ་རོལ་ཏུ་འགྲོ་བ་དང་། མགོན་པོ་ཀླུ་སྒྲུབ་ཀྱིས་འཁོར་བའི་ཉེས་དམིགས་བདུན་གསུངས་པ་སོགས་དྲན་པར་བྱས་ནས། རྟག་ཏུ་སེམས་ཅན་འབའ་ཞིག་གི་དོན་ལ་བསམ་ཞིང་། ཨེ་མ་ཧོ་འདི་རྣམས་འཁོར་བ་ནས་ནམ་ཞིག་གདན་ནུས་པར་འགྱུར། ཀྱི་ཧུད་འདི་རྣམས་སྡུག་བསྔལ་གྱིས་གཟིར་བ་སྙིང་རེ་རྗེ་སྙམ་དུ་དྲན་པར་བྱ་སྟེ། སྡུད་པ་ལས། སངས་རྒྱས་ཐེག་པ་འདི་ལ་ངེས་པར་འབྱུང་འདོད་གང་། །སེམས་ཅན་


JL00_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ལ་སེམས་སྙོམས་ཕ་མའི་འདུ་ཤེས་དང་། ཕན་པའི་སེམས་དང་བྱམས་པའི་སེམས་ཀྱིས་གནས་པར་བྱ། །ཐ་བ་མེད་ཅིང་དྲང་ལ་ཚིག་འཇམ་སྨྲ་བར་བྱ། །ཞེས་དང་། ཡུམ་ལས་ཀྱང་། བྱང་ཆུབ་སེམས་དཔའ་ཕ་རོལ་པོས་ཉེས་པ་ཆེན་པོ་བྱས་ཀྱང་། དེ་དང་རྩོད་པ་མི་བྱེད་པར་དེ་ལ་གནོད་པ་དང་སེམས་འཁྲུག་པར་མི་བྱའོ། །གལ་ཏེ་གསོད་ན་ཡང་དེ་ལ་ཞེ་སྡང་བར་མི་བྱའོ། །སེམས་ཅན་སུ་ལའང་ཞེ་སྡང་བར་མི་བྱའོ། །བྱང་ཆུབ་སེམས་དཔའ་རྣམས་ལ་ནི་བརྟན་པར་འདུ་ཤེས་བསྐྱེད་པར་བྱའོ། །ཞེས་དང་། སྤོབས་པའི་བློ་གྲོས་ཀྱི་མདོར། བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ལ་བུ་བཞིན་དུ་བལྟ་བར་བྱའོ། །རང་གི་ལུས་བཞིན་དུ་བལྟ་བར་བྱའོ། །ཞེས་སོ། །དེ་བཞིན་དུ་བསོད་ནམས་ཀྱི་ཚོགས་ལ་བརྟན་ནས་ཐེག་པ་ཆེན་པོའི་སེམས་སྐྱེ་བའི་ཕྱིར་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་ལས་དེ་བཞིན་གཤེགས་པ་གྲགས་པ་ཐག་པར་གྱུར་བ་ན། དེ་བཞིན་གཤེགས་པ་གློག་གི་སྒྲོན་མ་ཞེས་བྱ་བ་ལ་རས་ཀྱི་ཁ་ཚར་དང་། བདེ་གཤེགས་འོད་འཕྲོ་ཅན་སྤྲང་པོར་གྱུར་བ་ན། དེ་བཞིན་གཤེགས་པ་འོད་མཐའ་ཡས་དེ་ལ་རྩིའི་སྒྲོན་མེ་ཕུལ་ནས་ཚོགས་བསག་པ་སྔོན་དུ་འགྲོ་བའི་ཚུལ་གྱིས་ཐུགས་བསྐྱེད་ལ། དེ་སྐད་དུ། དབུ་མའི་མན་ངག་རིན་པོ་ཆེའི་ཟ་མ་ཏོག་ཁ་ཕྱེ་བ་ལས། དེ་ལ་སྦྱོར་བའི་རྐྱེན་ཚོགས་བསག་པ་དང་། རྒྱུད་སྦྱང་བ་དང་། སྐྱབས་སུ་འགྲོ་བ་ཁྱད་པར་ཅན་བྱ་བའོ། །ཚོགས་བསག་པ་ཡང་ཉིན་ལན་གསུམ་མཚན་ལན་གསུམ་དུ་ཡན་ལག་བདུན་པ་བྱ་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ཟབ་མོ་གདོན་པ་དང་། བཀླགས་པ་དང་། གཟུངས་གདོན་པ་དང་། དཀོན་མཆོག་ལ་མཆོད་པ་རྒྱས་པར་བྱ་བ་དང་། དགེ་འདུན་གྱི་


JL00_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་སྟོན་ཡོན་དང་བཅས་པ་བྱ་བ་དང་། བྱིས་པའི་སྟོན་མོ་དང་། མགོན་མེད་པ་རྣམས་ལ་སྦྱིན་པ་རྒྱ་ཆེན་པོ་བཏང་བ་དང་། མཚན་མོ་རྒྱུ་བ་རྣམས་ལ་གཏོར་མ་རྒྱ་ཆེན་པོ་བཏང་བ་ལ་སོགས་པ་བྱའོ། །རྒྱུད་སྦྱང་བ་ཡང་སྔ་མ་བཞིན་དུ་མདོ་སྡེ་ཟབ་མོ་གདོན་པ་དང་། བཀླགས་པ་དང་། གཟུངས་བཟླས་པ་དང་། ཡན་ལག་བདུན་པ་བྱ་བ་དང་། ཕུང་པོ་གསུམ་པ་གདོན་པ་དང་། ལས་ཀྱི་སྒྲིབ་པ་རྒྱུན་གཅོད་པ་དང་། གསེར་འོད་དམ་པ་རྔ་སྒྲའི་ཚིགས་སུ་བཅད་པ་ལ་སོགས་པའི་གཞུང་གིས་སྡིག་པ་བཤགས་པ་བྱའོ། །ཞེས་སོ། །སྐྱབས་སུ་འགྲོ་བ་ནི་སྡིག་པ་བ་ཟིལ་གྱིས་གནོན་པའི་རྟེན་གྱི་སྟོབས་བླ་ན་མེད་པ་སྟེ། སྤྱིར་སྡིག་ལྡན་པ་བྱང་ཆུབ་ཀྱི་སེམས་སྐྱེ་དཀའ་བས་དེའི་གཉེན་པོར་ཆེ་བའི་ཚུལ་ཆོས་བཞི་པའི་མདོ་ལས། སྡིག་པ་བྱས་ཤིང་བསགས་པ་རྣམས་རྟེན་གྱི་སྟོབས་ཀྱིས་ཟིལ་གྱིས་གནོན་པར་འགྱུར་རོ། །དེ་ལ་རྟེན་གྱི་སྟོབས་ནི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཀྱི་སེམས་མི་གཏོང་བའོ། །ཞེས་གསུངས་སོ། །དེ་ལ་སྐྱབས་འགྲོའི་ཁྱད་པར་ཡང་། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །ཞེས་པ་ལ་སོགས་པས་བསྟན་ཏོ། །གཞན་ཡང་མདོ་སྡེ་རྒྱན་ལས་སྟོབས་ལྔར་བཤད་དེ། གྲོགས་སྟོབས་རྒྱ་སྟོབས་རྩ་བའི་སྟོབས། །ཐོས་སྟོབས་དགེ་བ་གོམས་པའི་སྟོབས། །མི་བརྟན་པ་དང་བརྟན་འབྱུང་བ། །ཞེས་དང་། དེ་བཞིན་དུ་སློབ་དཔོན་ཐོགས་མེད་ཀྱིས་སྙིང་རྗེ་པད་དཀར་དང་། ཆོས་བཅུ་པའི་མདོའི་རྗེས་སུ་འབྲངས་ནས་རྐྱེན་བཞི་དང་། སྟོབས་བཞི་ལས་སྐྱེ་བའང་གསུངས་ཏེ། རྐྱེན་བཞི་ནི་དེ་བཞིན་གཤེགས་པའི་ཕུན་སུམ་ཚོགས་པ་མཐོང་ནས་སེམས་བསྐྱེད་པ་དང་། ཕན་ཡོན་མཐོང་ནས་སེམས་བསྐྱེད་པ་དང་། དམ་པའི་ཆོས་འཇིག་པའི་ཉེས་དམིགས་མཐོང་ནས་སེམས་བསྐྱེད་


JL00_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། སེམས་ཅན་སྡུག་པ་མཐོང་ནས་སེམས་བསྐྱེད་པའོ། །སྟོབས་བཞི་ནི། རྒྱུའི་སྟོབས་དང་། སྦྱོར་བའི་སྟོབས་དང་། རང་གི་སྟོབས་དང་། གཞན་གྱི་སྟོབས་སོ། །དེ་ལ་དང་པོ་ནི། སྔོན་ཐེག་ཆེན་ལ་གོམས་པའི་རིགས་སང་པས་ད་ལྟ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཡོན་ཏན་ཐོས་པ་ཙམ་གྱིས་སྐྱེ་བའོ། །གཉིས་པ་ནི། སྐྱེས་བུ་དམ་པ་ལ་བརྟེན་ཅིང་། དེ་ལས་ཆོས་ཐོས་པ་དང་། དེའི་དོན་སེམས་པ་ལ་སོགས་ཀྱིས་དགེ་བའི་ཕྱོགས་ལ་གོམས་པར་འགྱུར་བའོ། །གསུམ་པ་ནི། རང་གི་དགེ་བ་གོམས་པའི་མཐུས་རྫོགས་བྱང་འདོད་པ་རང་སྟོབས་དང་། བཞི་པ་ནི། གཞན་གྱིས་བསྐུལ་བའི་མཐུས་རྫོགས་བྱང་འདོད་པ་གཞན་སྟོབས་ཏེ། རྒྱུ་རྐྱེན་བརྒྱད་པོའང་། རང་དང་རྒྱུའི་སྟོབས་ལས་སྐྱེས་ནས་འཇུག་སེམས་ཀྱི་རྒྱུ་བརྟན་ལ། གཞན་དང་སྦྱོར་བའི་སྟོབས་ལས་སྐྱེས་ན་སྨོན་སེམས་ཀྱི་རྒྱུ་མི་བརྟན་པར་བྱེད་པ་ལས་བཤད་པ་ཡིན་ནོ། །དེ་དག་གི་དོན་ཉེ་བར་བསྡུ་ན། སངས་རྒྱས་ལ་དམིགས་པའི་དད་པ། སེམས་ཅན་ལ་དམིགས་པའི་སྙིང་རྗེ། བྱང་ཆུབ་སེམས་ཀྱི་ཕན་ཡོན་ཤེས་པ་གསུམ་ནི་སེམས་བསྐྱེད་སྐྱེ་བའི་རྒྱུ་མ་ནོར་བ་ཡིན་པར་རིག་པར་བྱའོ། །དེ་ལྟ་བུའི་སེམས་བསྐྱེད་ལེན་པའི་རྟེན་གྱི་གང་ཟག་རྣམ་པ་གཉིས་བསྟན་ཏེ། སོ་ཐར་རིགས་བདུན་གང་རུང་སྡོམ་ལྡན་ནམ། །དཀོན་མཆོག་ཏཱ་ལར་བསམ་པའི་རྟེན་གཙོ་བའི། །རྗེས་ཕྱོགས་དབུ་མའི་ལམ་སྲོལ་འཇུག་པ་ཡངས། །སྤྱིར་སེམས་བསྐྱེད་ཅེམ་ཐེག་པ་ཆེ་ཆུང་གཉིས་ཀར་ཡོད་པའི་ཉན་ཐོས་ཀྱི་ལུགས་ནི་དགྲ་བཅོམ་པ་དང་། རང་རྒྱལ་དང་། སངས་རྒྱས་ཏེ་ལུགས་གསུམ་དུ་གནས་ཀྱང་དེའི་ཆོ་ག་སྤྱོད་པ་མེད་དོ། །འདིར་ཐེག་པ་ཆེན་པོའི་སེམས་བསྐྱེད་ལ་སེམས་


JL00_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་པ་དང་། དབུ་མ་པའི་ལུགས་གཉིས་སུ་གྲགས་པ་ལས། དང་པོ་ལྟར་ན་སོ་སོ་ཐར་པ་རིགས་བདུན་གང་རུང་གི་རྟེན་ལ་སྐྱེ་བར་འདོད་དེ། ལམ་སྒྲོན་ལས། སོ་སོ་ཐར་བ་རིགས་བདུན་གྱི། །རྟག་ཏུ་སྡོམ་གཞན་ལྡན་པ་ལ། །བྱང་ཆུབ་སེམས་དཔའི་སྡོམ་པ་ཡི། །སྐལ་པ་ཡོད་ཀྱིས་གཞན་དུ་མིན། །ཞེས་བཤད་པས་དབུ་མའི་ལུགས་དང་འདི་གཉིས་ངོ་བོ་ཐ་དད་པ་མ་ཡིན་ཀྱང་། ལྟ་བ་དང་། ཆོ་ག་དང་། ལྟུང་བ་ཕྱིར་བཅོས་དང་། བསླབ་བྱ་མཐའ་དག་སོ་སོར་ཡོད་པས་སུ་རུང་རུང་ལ་བྱ་བར་མི་རུང་བར་བྱང་ཆུབ་སེམས་དཔའི་ས་ལས་ཀྱང་བཤད་ཅིང་ལྷག་པར་སྡིག་ཅན་ལ་མི་སྐྱེ་བས་བཀག་པའི་ཕྱིར་རོ། །དབུ་མའི་ལུགས་འདིར་རྟེན་མ་ངེས་པ་ནི། སྡོང་པོ་བཀོད་པ་དང་། བསྐལ་བཟང་དང་། ནམ་མཁའི་སྙིང་པོའི་མདོ་ལ་སོགས་པར་བསྟན་ཅིང་། དེ་སྐད་དུ་དཀོན་མཆོག་བརྩེགས་པ་ལས་ཀྱང་། དེའི་ཚེ་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན། ལྷ་དང་། ཀླུ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། ལྟོ་འཕྱེ་ཆེན་པོ་བགྲང་བ་ལས་འདས་པ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཞེས་དང་། ཛེ་ཏཱ་རིས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་རྟེན་དང་བསམ་པ་ཕུན་སུམ་ཚོགས་པ་དང་ལྡན་པས། ཞེས་ལུས་སེམས་ཀྱི་སྒོ་ནས་སྨོན་སེམས་བསྐྱེད་རུང་བ་མཐའ་དག་ལུགས་འདིའི་རྟེན་དུ་རུང་བ་ནི་སྤྱིར་བཏང་ཡིན་ལ། དམིགས་བསལ་སྲོག་མི་གཅོད་པར་དམ་འཆའ་ནུས་པ་སོགས་སེམས་བསྐྱེད་དེའི་བསླབ་པ་དང་འགལ་བར་མི་བྱེད་པའི་སེམས་ལྡན་ཞིག་མེད་ན་དེ་ལའང་སྐྱེ་མི་རུང་བས། དེ་ལྟ་བུའི་གང་ཟག་ལ་སྡོམ་པ་ཕོག་ཀྱང་ལྟུང་བའི་སྣོད་འཆོས་པ་ཉིད་ལས་སྙིང་པོ་གཞན་ཅི་ཡང་མེད་དོ། །དེའི་ཕྱིར་ལུས་ཀྱི་རྟེན་འགྲོ་བ་གང་གིས་


JL00_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

པས་བསྡུས་ཀྱང་རུང་སྟེ། རྒྱལ་བ་ཐུགས་རྗེ་ཆེན་པོ་དང་ལྡན་པས་ཉིན་གཅིག་གི་སྲོག་གཅོད་ཀྱི་སྡོམ་པ་བླངས་པ་ལའང་། བྱང་ཆུབ་སེམས་དཔའི་སེམས་བསྐྱེད་མཛད་པའི་དོན་དད་པ་དང་། སྙིང་རྗེ་ལ་སོགས་བསོད་ནམས་ཀྱི་བློ་ཁྱད་པར་ཅན་གྱི་བསམ་པའི་རྟེན་གཙོ་ཆེ་བའི་ཚུལ། དཀོན་མཆོག་ཏཱ་ལའི་མདོ་ལས། རྒྱལ་དང་རྒྱལ་བའི་ཆོས་ལ་དད་གྱུར་ཅིང་། །བྱང་ཆུབ་བླ་མེད་ལའང་དད་གྱུར་ལ། །རྒྱལ་སྲས་རྣམས་ཀྱི་སྤྱོད་ལ་དད་བྱེད་ན། །བློ་དང་ལྡན་པ་རྣམས་ཀྱི་སེམས་སྐྱེའོ། །ཞེས་སོ། །གནས་པའི་ཚད་ཀྱང་གང་ལས་སྐྱེས་པའི་རྟེན་ལ་ཉམས་པའི་རྒྱུ་མ་བྱུང་གི་བར་དུ་ཡིན་པར་རིག་པར་བྱའོ། །དེ་བས་ན་སེམས་ཅན་གྱི་རྒྱུད་ལ་སངས་རྒྱས་ཀྱི་ས་བོན་ཙམ་འཇོག་པ་ལ་སྡིག་པ་ཡོད་མེད་ཀུན་ལ་སྐྱེར་རུང་བ་དབུ་མ་བའི་ལུགས་སྲོལ་གྱི་ཆོ་ག་འཁྲུལ་བ་མེད་པ་ཉིད་ལ་མ་ཡངས་པར་བཟུང་ངོ་། །དེ་ལྟ་མོད་ཀྱི་སྤྱོད་འཇུག་ལ་སོགས་པའི་རྒྱ་གཞུང་ཆེན་པོ་དག་གི་འཇུག་སྡོམ་བླང་བའི་ཚིག་གི་སྦྱོར་བ་ཆོས་སྤྱོད་དུ་མཆི་བ་ཉིད་ཀྱང་ལས་དང་པོ་པས་ཁ་ཏོན་དུ་བྱས་ན་རྩ་ལྟུང་གི་དོན་མ་ཡིན་པ་ལ་སྦྱོར་བའི་ཐལ་འགྱུར་འགོད་པ་སྣང་སྟེ། དེ་ཆོ་གས་འཛིན་པའི་ཚིག་ཏུ་སྣང་ཡང་ཆོ་གའི་རྒྱུ་རྐྱེན་མཐའ་དག་མ་ཚང་བས་རེ་ཞིག་དམ་བཅའི་ཚིག་ཙམ་དུ་འགྱུར་བས་འགལ་བ་མེད་ལ། སྒྲ་འདོད་རྒྱལ་བ་དག་ཀྱང་ཆོ་གར་འགྱུར་ན་གང་ཟག་ལས་དང་པོ་བས་ཐེག་པ་ཆེ་ཆུང་གི་སྡེ་སྣོད་གང་བཀླགས་ཀྱང་ཉེས་དམིགས་དུ་མ་འདུ་བའི་ཐུག་མེད་དུ་འགྱུར་བ་ཡིན་ནོ། །ད་ནི་ཀུན་རྫོབ་བརྡའ་ཅན་ཆོ་ག་ལས་ཐོབ་པ་དེའི་སྦྱོར་བ་སྟོན་པའི་ཕྱིར། ཚོགས་བསག་པ་ནི་ལྷག་པར་སྐྱེ་བའི་ཐབས། རྒྱུ་ནི་ཀུན་ཀྱང་བདེ་གཤེགས་སྙིང་པོ་ཅན། །རྐྱེན་ནི་དགེ་བའི་བཤེས་ལ་རབ་བསྟེན་པས། །ཡིད་བཞིན་ནོར་བུ་ལྟ་བུའི་བླ་


JL00_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

མ་མཆོག །བྱང་ཆུབ་སེམས་ཀྱི་ཐུགས་རྒྱུད་གང་བ་དེས། དེ་ལ་སྤྱིར་དགེ་ཚུལ་གྱི་སྡོམ་པ་མཁན་སློབ་ལས་སྐྱེ། དགེ་སློང་གི་སྡོམ་པ་དད་པའི་དགེ་འདུན་ལས་སྐྱེ། ཐེག་པ་ཆེན་པོའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཚོགས་བསགས་པ་ཁོ་ན་ལས་སྐྱེ་བས་བཤད་མ་ཐག་པ་བཞིན་ཚོགས་བསོག་གི་རིམ་པ་མུ་མེད་པ་ལ་འཇུག་ཅིང་། ཁྱད་པར་ནུས་པ་ཡོད་ཚད་ཀྱིས་དཀོན་མཆོག་མཆོད་པ་གཞན་གྱི་བློར་མི་ཤོང་བ་ཙམ་གཡོ་སྒྱུ་མེད་པར་བཤམ་དགོས་ཏེ། སྔོན་དགེ་སློང་རྣལ་འབྱོར་སྤྱོད་པ་དཱི་པཾ་ཀ་ར་ལ་མ་ང་ཡུལ་དང་ཆོས་འཁོར་ཆེན་པོར་སེམས་བསྐྱེད་ཞུ་དུས་བོད་ཀྱི་མཆོད་པ་ལ་མ་མཉེས་པར། མཆོད་པ་ངན། སེམས་བསྐྱེད་མི་སྐྱེ་གསུངས་ནས་ལན་གཉིས་ཀྱི་བར་དུ་གནས་ཁང་ནས་གཤེགས་མཐར་ནུས་པ་ཡོད་ཚད་སྤྲུགས་པས། དེ་ལ་རྟེན་དུ་རུང་ཙམ་ཡིན་གསུང་། དེ་བས་ན་བདོག་པ་བཏང་བའི་ཚད་རང་གི་ལོངས་སྤྱོད་ལ་ཆ་གསུམ་དུ་བཅད་པའི་གསུམ་ཆ་ནི་དཀོན་མཆོག །གསུམ་ཆ་ནི་བླ་མ། གསུམ་ཆ་རང་གི་འཚོ་བའི་ཆ་རྐྱེན་དུ་བདག་གི་དབྱེ་བར་བཤད་དོ། །དེ་ལ་སེམས་བསྐྱེད་སྐྱེ་བའི་རྒྱུ་ཐུན་མོང་མ་ཡིན་པ་ནི། སེམས་ཅན་གྱི་ཁམས་བདེ་གཤེགས་སྙིང་པོའི་ཁྱབ་བྱེད་ཅན་ཡིན་པས་ན་ས་བོན་ལས་མྱུ་གུ་བཞིན་དུ་ཆོ་གའམ། བརྡའ་ཅན་གྱི་སྒོ་ནས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྐྱེད་པས། མཐར་ཐུག་དོན་དམ་པའི་སེམས་བསྐྱེད་མཚན་ཉིད་བསྒོམ་སྟོབས་ཀྱིས་འཐོབ་པའི་ཚུལ་ཟླ་བ་སྒྲོན་མའི་མདོ་ལས། བདེ་གཤེགས་སྙིང་པོས་འགྲོ་བ་ཡོངས་ལ་ཁྱབ། །སེམས་ནི་རྒྱ་ཆེན་མཆོག་ཏུ་རབ་བསྐྱེད་དེ། །འགྲོ་བ་འདི་དག་མ་ལུས་སངས་རྒྱས་རྒྱུ། །ཞེས་སོ། །རྒྱུ་དེ་ཉིད་ལས་ཀྱང་ཁམས་ཀྱི་དྲི་མ་བྲལ་སྟོབས་ཆེ་ཆུང་གི་རིགས་ཕུན་སུམ་ཚོགས་པའི་


JL00_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་དང་ལྡན་པ་ནི། འཕགས་པ་བདེན་པར་སྨྲ་བ་ལུང་བསྟན་པའི་མདོ་ལས། དེ་ལ་རྒྱ་ཆེ་ལ་མས་པས་དམན་པ་ལ་མོས་པ་མེད་པ་ཡིན། དེ་རང་བཞིན་གྱིས་སྙིང་རྗེ་ཆེན་པོ་དང་ལྡན་པས་དཀར་པོའི་ཡོན་ཏན་དང་ལྡན་པ་ཡིན། དེ་སྡིག་པའི་གྲོགས་པོ་སྤངས་པས་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བ་ཡིན། ཇི་སྐད་སྨྲ་བ་བཞིན་བྱེད་པས་མི་བསླུ་བ་ཡིན། སངས་རྒྱས་འཇིག་རྟེན་དུ་རྒྱུ་བ་མཉེས་པར་བྱས་པས་དགའ་བ་དང་ལྡན་པ་ཡིན། ལུས་དང་ངག་དང་ཡིད་ཀྱི་ལས་ཁ་ན་མ་ཐོ་བ་མེད་པས་སྡིག་པ་སྤངས་པ་ཡིན། ལྷག་པའི་བསམ་པ་སྐྱོན་མེད་པས་ཡི་དམ་ལ་བརྟན་པ་ཡིན། རོ་བྲོ་བ་ལ་མ་ཆགས་པས་ཐམས་ཅད་འགྱེད་པའི་ངང་ཚུལ་ཅན་ཡིན། བདུད་ཀྱིས་བྱིན་གྱིས་བརླབས་པ་དང་བྲལ་བ་ཡིན། དགེ་བའི་རྩ་བ་བསགས་པས་སྤྱོད་པ་ལེགས་པར་སྤྱོད་པ་ཡིན། སྙིང་རྗེ་ཆེན་པོའི་སྤྱོད་ཡུལ་ཡིན་པས་སེམས་ཅན་ཐམས་ཅད་ལ་བརྩེ་བ་ཡིན། ཡོ་བྱད་ལྷུག་པར་གཏོང་བས་ཐམས་ཅད་ལ་ཆགས་ཞེན་ཆུང་བ་ཡིན། །ཅེས་སོ། །དེ་ཡང་གཉིད་དུ་སོང་བའི་རྣམ་པར་ཤེས་པ་བཞིན་སེམས་རིན་པོ་ཆེ་བག་ལ་ཉལ་དུ་མཆིས་པ་དེ་བརྡའ་ལ་བརྟེན་ནས་སད་པར་བྱེད་པའི་བདག་པོའི་རྐྱེན་ཡང་དགེ་བའི་བཤེས་གཉེན་ལ་རག་ལས་པ་སྟེ། འདི་ལྟར་ཡིད་བཞིན་གྱི་ནོར་བུ་ལས་འདོད་པའི་དོན་བདེ་བླག་ཏུ་རྙེད་པ་བཞིན། དགེ་བའི་བཤེས་གཉེན་ཐེག་པ་ཆེན་པོའི་དོན་ལ་མཁས་ཤིང་སྡོམ་པ་དང་ལྡན་པ། བྱང་ཆུབ་ཀྱི་སེམས་བླ་ན་མེད་པའི་ནུས་པ་རྫོགས་པ་ལས་བླང་བར་བྱ་སྟེ། སྡོམ་པ་ཉི་ཤུ་པ་ལས། བླ་མ་སྡོམ་ལ་གནས་ཤིང་མཁས། །ནུས་པ་ལྡན་ལས་བླང་བར་བྱ། །ཞེས་དང་། དཔལ་ཡེ་ཤེས་གྲགས་པས། སྡོམ་པ་ཡང་། བླ་མ་སྡོམ་པ་ལ་


JL00_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཤིང་མཁས་པ་ནུས་པ་དང་ལྡན་པ་ལས་བླང་བར་བྱའོ། །དེ་མེད་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མདུན་དུ་བཞུགས་པར་ཡིད་ལ་བྱས་ལ་བླང་བར་བྱའོ། །ཞེས་པ་ལྟར་བླང་བའི་ཡུལ་དང་པོ་ལ་ཡང་སྤྱིར་སྡོམ་པ་ཞེས་པའི་སྒྲ་ཙམ་ཐེག་པ་དམན་མཆོག་གཉིས་ཀ་ལ་འཇུག་ཀྱང་། རྣམ་པའི་ཆ་ནས་དེ་གཉིས་ཐབས་དང་བསམ་པའི་བྱེ་བྲག་ལས་ཅིག་ཤོས་ཀྱི་དགེ་བ་ཅིག་ཤེས་ཀྱི་སྡིག་པར་གོ་ལྡོག་པའང་ཡོད་པས་འདིར་བྱང་སྡོམ་རང་སའི་ཡོན་ཏན་གྱི་ཁྱད་པར་རྫོགས་པ་གཙོ་བོར་བཟུང་བའི་སྐྱེས་བུ་དམ་པ་ཐེག་པ་ཆེན་པོའི་རིགས་སད་ཅིང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེས་ཐུགས་རྒྱུད་གང་བ་རྙེད་ན་དེ་ཁོ་ན་ལས་བླང་སྟེ་རྒྱུ་ལ་འབྲས་བུ་འགྲུབ་པ་ཆོས་ཉིད་ཡིན་པས་ན་སློབ་དཔོན་དཔའ་བོས་ཀྱང་། ཐོག་མར་དགེ་བཤེས་བསྟེན་པ་ཡིས། །ཕྱི་ནང་ཆོས་ཀུན་སློབ་དཔོན་ཡིན། །ཅེས་སོ། །གལ་ཏེ་དེ་ལྟར་མ་རྙེད་ན་རང་སྟོབས་ཀྱི་ནུས་པ་ཅན་དག་ནི་ཅི་ནས་ཀྱང་སློབ་དཔོན་ནམ། ཆེན་པོར་གྲགས་པའི་སྡིག་ཅན་ཞིག་ལ་རྟེན་མི་དགོས་ཏེ། འཇམ་དཔལ་ཞིང་གི་ཡོན་ཏན་བཀོད་པའི་མདོའི་དོན་ལམ་སྒྲོན་དུ་བཀོད་པ་ལས། གལ་ཏེ་བླ་མ་མ་རྙེད་མ། །དེ་ལ་གཞན་སྡོམ་ནོད་པ་ཡི། །ཆོ་ག་ཡང་དག་བཤད་པར་བྱ། །དེ་ལ་སྔོན་ཚེ་འཇམ་པའི་དཔལ། །ཨམྤ་རཱ་ཛར་གྱུར་བ་ཡིས། །ཇི་ལྟར་བྱང་ཆུབ་ཐུགས་བསྐྱེད་པ། །འཇམ་དཔལ་གྱི་མི་སངས་རྒྱས་ཞིང་། །རྒྱན་གྱི་མདོ་ལས་བཤད་པ་ལྟར། །དེ་བཞིན་འདིར་ནི་རབ་གསལ་བྲི། །ཞེས། ལོ་རྒྱུས་བཀོད་ནས་ཆོ་གའི་ཚུལ། །མགོན་པོ་རྣམས་ཀྱི་སྤྱན་སྔ་རུ། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་ཅིང་། །འགྲོ་བ་ཐམས་ཅད་མགྲོན་དུ་གཉེར། །དེ་དག་འཁོར་བ་ལས་བསྒྲལ་ཏེ། །གནོད་སེམས་ཁྲོ་བོའི་སེམས་ཉིད་དང་། །སེར་


JL00_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་དང་ནི་ཕྲག་དོག་ཉིད། །དེང་ནས་བཟུང་སྟེ་བྱང་ཆུབ་མཆོག །ཐོབ་ཀྱི་བར་དུ་མི་བྱའོ། །ཚངས་པར་སྤྱོད་པ་སྤྱད་བྱ་ཞིང་། །སྡིག་དང་འདོད་པ་སྤང་བར་བྱ། །ཚུལ་ཁྲིམས་སྡོམ་པ་ལ་དགའ་བས། །སངས་རྒྱས་རྗེས་སུ་བསླབ་པར་བྱ། །བདག་ཉིད་མྱུར་བའི་ཚུལ་གྱིས་ནི། །བྱང་ཆུབ་ཐོབ་པར་མི་སྤྲོ་ཞིང་། །སེམས་ཅན་གཅིག་གི་ཕྱིར་ཡང་ནི། །ཕྱི་མའི་མུ་མཐར་གནས་པར་བགྱི། །ཚད་མེད་བསམ་གྱིས་མི་ཁྱབ་པའི། །ཞིང་དག་རྣམ་པར་སྦྱང་བར་བྱ། །མིང་ནས་བཟུང་བ་བྱས་པ་དག །ཕྱོགས་བཅུ་དག་ཏུ་རྣམ་པར་གནས། །བདག་གི་ལུས་དང་ངག་གི་ལས། །ཐམས་ཅད་དུ་ནི་དག་བྱ་སྟེ། །མི་དགེའི་ལས་རྣམས་མི་བྱའོ། །ཞེས་པ་ལྟར་མཆོད་པའི་སྤྲིན་རྒྱ་ཆེན་པོ་འདུ་བྱས་ལ་མདུན་གྱི་ནམ་མཁར་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པ་བཞུགས་པར་མོས་ལ་ལེན་པའོ། །གང་གི་ཚེའང་ཀུན་སློང་འཆོས་པ་ནི་གལ་ཆེ་བས། །ཐོག་མཐའ་བར་དུ་དགེ་བའི་ཆོས་རྣམས་དང་། །རྒྱན་དང་སྡོང་པོ་བཀོད་ལས་ལེགས་གསུངས་པའི། །བྱང་ཆུབ་སེམས་ཀྱི་ཡོན་ཏན་དཔག་ཡས་བརྗོད། །དེ་ལ་སྤྱིར་ཐོག་མ་དང་། བར་དང་། ཐ་མར་དགེ་བ་ནི་དམ་པའི་ཆོས་ཀྱི་མཚན་ཉིད་མ་ནོར་བ་ཡིན་པ་སྔར་བཤད་ཟིན་ལ། འདིར་བློ་སྦྱང་བའི་ཕྱིར་ཐོག་མར་དགེ་བ་འཁོར་བའི་ཉེས་དམིགས་ལ་སྐྱོ་བ། བར་དུ་དགེ་བ་ཐར་པའི་ཕན་ཡོན་ལ་སྤྲོ་བ། ཐ་མར་དགེ་བ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱིས་རྒྱུད་ལེགས་པར་སྦྱངས་ཤིང་གནས་སྐབས་སུ་བྱང་ཆུབ་སེམས་ཀྱི་ཕན་ཡོན་ལ་སྤྲོ་བ་བསྐྱེད་པའི་ཚུལ་ཡང་འདིར་རེ་ཞིག་སྡོང་པོ་བཀོད་པ་ལས་གསུངས་པའི་ཚུལ། གང་དག་འཇིག་རྟེན་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་


JL00_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་བསྐྱེད་པའི་སེམས་ཅན་དེ་དག་ནི་ཤིན་ཏུ་རྙེད་པར་དཀའ་བའོ། །བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ས་བོན་ལྟ་བུའོ། །འགྲོ་བ་ཐམས་ཅད་ཀྱི་ཆོས་དཀར་པོ་རྣམ་པར་འཕེལ་བར་བྱེད་པས་ཞིང་ས་ལྟ་བུའོ། །ཉེས་པ་ཐམས་ཅད་བསྲེག་པས་བསྐལ་པའི་མེ་ལྟ་བུའོ། །མི་དགེ་བའི་ཆོས་ཐམས་ཅད་ཟད་པར་བྱེད་པའི་ཕྱིར་ས་འོག་ལྟ་བུའོ། །དོན་ཐམས་ཅད་ཡོངས་སུ་བསྒྲུབ་པས་ཡིད་བཞིན་གྱི་ནོར་བུའི་རྒྱལ་པོ་ལྟ་བུའོ། །བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པས་བུམ་པ་བཟང་པོ་ལྟ་བུའོ། །འཁོར་བའི་ཆུ་ལ་རྒྱུ་བ་འདོན་པས་ལྕགས་ཀྱུ་ལྟ་བུའོ། །ལྷ་དང་མི་དང་ལྷ་མ་ཡིན་དང་བཅས་པའི་འཇིག་རྟེན་ལ་མཆོད་རྟེན་ལྟ་བུ་སྟེ། མདོར་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་། སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཇི་སྙེད་ཡོད་པ་བྱང་ཆུབ་ཀྱི་སེམས་ཀྱི་ཡོན་ཏན་དང་ཕན་ཡོན་ཀྱང་དེ་སྙེད་ཡོད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའི་སྤྱོད་པའི་དཀྱིལ་འཁོར་ཐམས་ཅད་ཀྱང་འདི་ལས་བྱུང་བ་སྟེ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་འདི་ལས་སྐྱེས་སོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་དངུལ་ཆུའི་རིགས་གསེར་དུ་སྣང་བ་ཞེས་བྱ་བ་ཡོད་དེ། དེ་ནི་སྲང་གཅིག་གིས་ཀྱང་ལྕགས་སྲང་སྲོང་གསེར་དུ་འགྱུར་རོ། །དངུལ་ཆུ་སྲང་གཅིག་པོ་དེ་ནི་ལྕགས་སྲང་སྟོང་པོ་དེས་ཟད་པར་བྱ་བའམ། ལྕགས་སུ་བསྒྱུར་བར་མི་ནུས་སོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་དངུལ་ཆུའི་ཁམས་དགེ་བའི་རྩ་བ་ཡོངས་སུ་བསྔོས་པའི་ཡེ་ཤེས་ཀྱིས་ཡོངས་སུ་གཟུང་བ་ནི། ལས་དང་ཉོན་མོངས་པའི་ལྕགས་ཐམས་ཅད་ཟད་པར་བྱས་ཏེ། ཆོས་ཐམས་ཅད་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཁ་དོག་ཏུ་བྱེད་ཀྱང་། ཐམས་ཅད་


JL00_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་རོའི་ཁམས་གཅིག་པོ་དེ་ནི་ལས་དང་ཉོན་མོངས་པའི་ལྕགས་ཐམས་ཅད་ཀྱིས་ཀྱང་ཀུན་ནས་ཉོན་མོངས་པར་བྱ་བའམ། ཟད་པར་མི་ནུས་སོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་སྒྲོན་མེ་གཅིག་ཁྱིམ་མམ་ཁང་བུ་ཇི་ལྟ་བུའང་རུང་སྟེ། དར་ཕྱུང་ན་དེ་ཕྱུང་མ་ཐག་ཏུ་ལོ་བརྒྱ་སྟོང་དུ་བསགས་པའི་མུན་པ་མུན་ནག་ཀྱང་སེལ་ཞིང་སྣང་བར་བྱེད་དོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་སྒྲོན་མེ་གཅིག་སེམས་ཀྱི་བསམ་པའི་ཁྱིམ་འཐིབས་པོ་མ་རིག་པའི་མུན་པ་མུན་ནག་དང་ལྡན་པ་ཇི་ལྟ་བུ་ཡང་རུང་བ་དེར་ཕྱུང་ན། དེ་ཕྱུང་མ་ཐག་ཏུ་བསྐལ་པ་བརྗོད་དུ་མེད་པ་བརྒྱ་སྟོང་ནས་བསགས་པའི་ལས་དང་ཉོན་མོངས་པའི་སྒྲིབ་པའི་མུན་པ་མུན་ནག་ཀྱང་སེལ་ཞིང་ཡེ་ཤེས་ཀྱི་སྣང་བ་ཡང་བསྐྱེད་དོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་ནོར་བུ་རིན་པོ་ཆེ་ཡིད་བཞིན་གྱི་རྒྱལ་པོའི་ཅོད་པན་ཐོགས་པའི་ཀླུའི་རྒྱལ་པོ་ཆེན་པོ་རྣམས་ལ་གཞན་གྱིས་གནོད་པ་བྱ་བའི་འཇིགས་པ་མེད་དོ། །དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་སྙིང་རྗེ་ཆེན་པོའི་ནོར་བུ་རིན་པོ་ཆེ་ཡིད་བཞིན་གྱི་རྒྱལ་པོའི་ཅོད་པན་ཐོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ངན་སོང་དང་ངན་འགྲོས་གནོད་པ་བྱ་བའི་འཇིགས་པ་མེད་དོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་ཉི་མ་དང་ཟླ་བའི་དཀྱིལ་འཁོར་གྱི་འོད་ཀྱིས་ཇི་ཙམ་སྣང་བར་བྱས་པ་དེའི་བར་གྱི་གང་ནོར་དང་། འབྲུ་དང་། རིན་པོ་ཆེ་དང་། གསེར་དང་། དངུལ་དང་། མེ་ཏོག་དང་། དྲི་དང་། ཕྲེང་བ་དང་། བྱུག་པ་དང་། གསོ་དང་། ལོངས་སྤྱོད་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱིས་ནོར་བུ་རིན་པོ་ཆེ་ཆེན་པོ་དབང་གི་རྒྱལ་པོའི་རིན་དུ་མི་ཆོག་གོ །དེ་བཞིན་དུ་ཇི་སྲིད་དུ་དུས་


JL00_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཆོས་ཀྱི་དབྱིངས་ཀྱི་ཡུལ་དུ་སྣང་བར་མཛད་པ་དེ་སྲིད་དུ་ལྷ་དང་མི་ཐམས་ཅད་དང་། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་གང་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱིས་ཀྱང་། བྱང་ཆུབ་ཏུ་སེམས་བསྐྱེད་པའི་ནོར་བུ་རིན་པོ་ཆེ་ཆེན་པོ་དབང་གི་རྒྱལ་པོའི་རིན་དུ་མི་ཆོག་གོ །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་རྒྱ་མཚོ་ཆེན་པོ་བ་དང་། མ་ཧེ་དང་། རའི་འོ་མས་ཡོངས་སུ་གང་བའི་ནང་དུ་སེང་གེའི་འོ་མ་ཐིགས་པ་གཅིག་བླུགས་པས་འོ་མ་དེ་དག་ཐམས་ཅད་འགྱེས་པར་འགྱུར་ཏེ། འདུར་མི་བཏུབ་བོ། །དེ་བཞིན་དུ་བསྐལ་པ་བརྗོད་དུ་མེད་པ་བརྒྱ་སྟོང་དུ་བསགས་པའི་ལས་དང་ཉོན་མོངས་པ་ཀུན་གྱི་འོ་མའི་རྒྱ་མཚོར་ཡང་དེ་བཞིན་གཤེགས་པ་སྐྱེས་བུའི་སེང་གེ་ཆེན་པོའི་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་འོ་མ་ཐིགས་པ་གཅིག་བླུགས་པས་དེ་ཐམས་ཅད་མ་ལུས་པ་ཟད་པར་འགྱུར་ཏེ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་ཐར་བ་རྣམས་ཀྱང་མི་གནས་མི་འདུའོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་དཔའ་བོ་ལ་བརྟེན་པའི་མི་ནི་དགྲ་ཐམས་ཅད་ཀྱིས་མི་འཇིགས་སོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་དཔའ་བོ་ལ་བརྟེན་པ་ཡང་སྤྱོད་པ་ངན་པའི་དགྲ་ཐམས་ཅད་ཀྱིས་མི་འཇིགས་སོ །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་རྡོ་རྗེ་རིན་པོ་ཆེ་ནི་ཆག་ཀྱང་། ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་གསེར་གྱི་རྒྱན་ཟིལ་གྱིས་གནོན་ཏོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་རྡོ་རྗེ་རིན་པོ་ཆེ་བསམ་པ། རྒྱ་གཞུང་རྣམས་ལའང་། བསྒྲུབ་པ་དང་མི་ལྡན་ཡང་ཟེར་བ་དང་། ནན་ཏན་དང་བྲལ་ཡང་ཟེར་བ་སོགས་མི་མཐུན་པ་མང་པོ་སྣང་བ་འགྱུར་


JL00_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དང་ལུང་ལེན་པ་པོའི་གོ་བ་བླང་ཕྱོགས་སུ་སྣང་ངོ་། །ལོག་པར་ཞུགས་པས་ཆག་པར་གྱུར་ཀྱང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡོན་ཏན་གྱི་གསེར་གྱི་རྒྱན་ཟིལ་གྱིས་གནོན་ཅིང་བྱང་ཆུབ་སེམས་དཔའི་མིང་ཡང་མི་འདོར་ཏེ། འཁོར་བའི་དབུལ་བ་ཐམས་ཅད་ཀྱང་རྣམ་པར་བཟློག་གོ །ཞེས་དང་། མ་སྐྱེས་དགྲའི་ལེའུ་ལས་ཀྱང་འོད་སྲུང་ཆེན་པོས་སྨྲས་པ། འཇམ་དཔལ། དཔེར་ན་སེང་གེའི་ཕྲུ་གུ་འབྲངས་ནས་རིང་པོར་མ་ལོན་པ་སྟོབས་དང་རྩལ་མ་རྫོགས་ཀྱང་། གང་ནས་གང་དུ་སེང་གེའི་ཕྲུ་གུའི་དྲི་རྫིས་ཁྱེར་བ་དེ་དང་དེ་ལོགས་སུ་རི་དྭགས་ཀྱི་ཚོགས་དེ་དག་གིས་དྲི་དེ་མི་བཟོད་ནས་འབྲོས་སོ། །གླང་པོ་ཆེ་གང་དག་འབྲེང་བ་སྲ་བས་དམ་པོར་བཅིངས་པ་དེ་དག་ཀྱང་སེང་གེའི་ཕྲུ་གུ་དེའི་དྲི་ཚོར་ནས་སྡངས་ཤིང་འགྲོགས་ནས་བཅིངས་པའི་འབྲེང་བ་དེ་དག་ཀྱང་བཅད་དེ། གང་དགའ་བར་འབྲོས་སོ། །རི་སུལ་ན་གནས་པ་ནི་རི་སུལ་དུ། ཁུང་ན་གནས་པ་ནི་ཁུང་བུ། ཆུ་ན་གནས་པ་ནི་ཆུར་འཇུག་གོ །བྱ་ནི་ནམ་མཁར་འཕུར་རོ། །འཇམ་དཔལ། དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་སྟོབས་བསྐྱེད་པ་མ་རྫོགས་ཀྱང་། སེམས་བསྐྱེད་མ་ཐག་ཏུ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཟིལ་གྱིས་གནོན་ཏེ། བདུད་ཐམས་ཅད་ཀྱང་རང་གི་གནས་ནས་སྔངས་སྐྲག་ཅིང་རང་གི་གནས་ན་མི་དགའོ། །ཞེས་དང་། འོད་སྲུང་གི་ལེའུ་ལས། འོད་སྲུང་འདི་ལྟ་སྟེ། དཔེར་ན་ཟླ་བའི་དཀྱིལ་འཁོར་བཏང་སྟེ། སུ་ཡང་སྐར་མའི་གཟུགས་ལ་ནམ་ཡང་ཕྱག་མི་འཚལ་ལོ། །འོད་སྲུང་དེ་བཞིན་དུ་མཁས་པ་རྣམས་ཀྱང་ངའི་བསླབ་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་བཏང་སྟེ། ཉན་ཐོས་ལ་ནམ་ཡང་ཕྱག་མི་འཚལ་ལོ། །འོད་སྲུང་དཔེར་ན་ཟླ་བ་ཚེས་པ་ལ་ཕྱག་བྱ་བ་དེ་ལྟར་ཟླ་བ་ཉ་


JL00_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་ཡིན་ནོ། །འོད་སྲུང་། དེ་བཞིན་དུ་གང་དག་གང་ང་ལ་དད་པ་དེ་དག་གིས་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་བྱའི། །དེ་བཞིན་གཤེགས་པ་རྣམས་ལ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ན། བྱང་ཆུབ་སེམས་དཔའ་ལས་ནི་དེ་བཞིན་གཤེགས་པ་རྣམས་སྐྱེའོ། །དེ་བཞིན་གཤེགས་པ་ལས་ནི་ཉན་ཐོས་རང་རང་སངས་རྒྱས་ཐམས་ཅད་སྐྱེའོ། །ཞེས་དང་། རྒྱུ་མཚན་དེ་ལྟ་བུ་དགོངས་ནས་རྫོགས་པའི་སངས་རྒྱས་ཉིད་ཀྱང་བྱང་ཆུབ་སེམས་དཔའ་བསྙེན་བཀུར་བར་ཞལ་གྱིས་འཆེས་པ་ཡིན་ཏེ། རིན་པོ་ཆེའི་ཕུང་པོའི་མདོ་ལས། ཀུན་དགའ་བོ་ཇི་སྙམ་དུ་སེམས། མི་གང་རྐང་ལག་བཅད་ན་འཚོའམ། གསོལ་བ། བཅོམ་ལྡན་འདས་འཚོའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཇི་ལྟར་སྙིང་ཕྱུང་ན་འཚོའམ། གསོལ་བ། བཅོམ་ལྡན་འདས་དེ་ནི་མི་འཚོའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ལག་པ་དང་རྐང་པ་ལྟ་བུ་ནི་ཤཱ་རིའི་བུ་དང་། མཽངྒལ་གྱི་བུའོ། །སྙིང་ལྟ་བུ་ནི་བྱང་ཆུབ་སེམས་དཔའ་རྣམས་ལྟའོ། །ཀུན་དགའ་བོ་གལ་ཏེ་བྱང་ཆུབ་སེམས་དཔའ་ཤིང་རྟའི་ནང་དུ་ཞུགས་ཏེ། འདོད་པའི་ཡོན་ཏན་ལྔས་རྩེ་ཞིང་དགའ་མགུར་སྤྱོད་ལ། དེའི་ཤིང་རྟ་འདྲེན་པར་གཞན་མེད་ན། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་དེའི་ཤིང་རྟ་ནི་དེ་བཞིན་གཤེགས་པའི་དབུ་ལ་ཡང་བསྐུར་རོ། །གལ་ཏེ་གནས་བརྟན་ཤཱ་རིའི་བུ་དང་མཽངྒལ་གྱི་བུ་རྣམ་པར་ཐར་པའི་སྒོ་གསུམ་ལ་བསྐལ་པའམ་བསྐལ་པ་ལས་ལྷག་པ་གནས་ཀྱང་། དེ་ལ་དེ་བཞིན་གཤེགས་པ་རིམ་གྲོ་དང་གཡོག་བྱ་བར་བརྩོན་པར་མི་མཛད་དོ། །ཞེས་གསུངས་སོ། །དེ་བས་ན་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཕན་ཡོན་ནམ་མཁའི་མཐས་ཀྱང་མི་གཏུགས་པ། རྒྱ་མཚོའི་ཀློང་དུ་མེ་ཆུ་དང་། སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་བསྐལ་པ་དེ་སྙེད་དུ་བརྗོད་ཀྱང་ཡོན་


JL00_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་གྱི་མཐའ་མི་འཚལ་བའི་བསོད་ནམས་ཀྱི་ཕུང་པོ་ལ་གཅིག་ཏུ་འདུན་ཅིང་ཕན་ཡོན་གྱི་སྒོ་ནས་སྤྲོ་བའི་ཤིང་རྟ་ལ་ཉིན་མཚན་འཁོར་ཡུག་ཏུ་འཛེག་བཞིན་པས་ཀྱང་སེམས་བསྐྱེད་པར་སུ་ཞིག་མི་བྱེད། ཅིའི་ཕྱིར་ན་སེམས་ཅན་གྱི་ཁམས་ཟད་མི་ཤེས་པ་དེ་སྙེད་ལ་ཕན་པར་འདོད་པའི་སེམས་རེ་རེས་ཀྱང་བསོད་ནམས་ཀྱི་ཕུང་པོ་ནམ་མཁའ་དང་མཉམ་པར་འགྱུར་བ་འདིར་ཐེ་ཚོམ་གྱི་གནས་མ་མཆིས་སོ། །དེ་སྐད་དུ་ཡབ་སྲས་མཇལ་བའི་མདོ་ལས། དགེ་སློང་དག་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པའི་ཡོན་ཏན་གྱི་ཚོགས་ནི། དེ་བཞིན་གཤེགས་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་བརྗོད་ཀྱང་བརྗོད་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སེམས་ཅན་ཇི་སྙེད་ཙམ་སེམས་ཅན་དུ་བསྡུ་བར་བསྡུས་པའི་སེམས་ཅན་དེ་དག་ཐམས་ཅད་ལ་ཕན་པ་དང་མི་ལྡན་པའི་སེམས་གཅིག་ཀྱང་མ་སྐྱེས་སོ། །སེམས་ཅན་གྱི་ཁམས་ཚད་མེད་དེ། སེམས་ཅན་གྱི་ཁམས་ཇི་སྙེད་པ་དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སེམས་བསྐྱེད་པ་རེ་རེ་ལས་བསོད་ནམས་ཀྱི་ཕུང་པོ་དེ་སྙེད་སྐྱེའོ། །དེ་ཅིའི་ཕྱིར་ན། དགེ་སློང་དག་སེམས་ཅན་གྱི་ཁམས་ནི་མི་ཟད་པ་སྟེ། ཇི་ལྟར་སེམས་ཅན་གྱི་ཁམས་མི་ཟད་པ་དེ་བཞིན་དུ་དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། སེམས་བསྐྱེད་པ་རེ་རེ་ལས་ཀྱང་བསོད་ནམས་ཀྱི་ཕུང་པོ་མི་ཟད་པ་སྐྱེའོ། །ཞེས་གསུངས་སོ། །ཚོགས་གསོག་པའི་སྔོན་འགྲོའི་སྦྱོར་བ་སྟོན་ཕྱིར། །རྐྱང་ནུལ་མཛེས་སྡུག་ངོམ་པའི་གནས་ཁང་ཡང་། །གུར་གུམ་སྤོས་ཆུས་བྲན་བཅས་གདོང་བཀྲུ་ཞིང་། །དཀོན་མཆོག་འབའ་ཞིག་ཡིད་ལ་སེམས་


JL00_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡི། །མཆོད་ཚོགས་ཕྲུ་མ་འདེབས་ལ་དགའ་ཞིང་དགོད། །མེས་དབོན་གསུམ་གྱི་གཙུག་ལག་ཁང་དང་། མཆོག་གཟིགས་རྣམས་ཀྱིས་བྱིན་གྱིས་བརླབས་པའི་བསྒྲུབ་གནས་ལ་སོགས་པའི་དྲི་གཙང་ཁང་ངམ། སྡིག་ཅན་གྱི་སྐྱེ་བོས་རྣམ་པར་དབེན་པའི་གནས་ཁང་ལ་ཕྱི་དོར་ལེགས་པར་བྱས་པ་ནི། སྐྱང་ནུལ་མཛེས་སྡུག་ངོམ་པ་ཞེས་བྱ་སྟེ། དེར་ཡང་གུར་གུམ་དང་། དྲི་བཟང་པོའི་སྤོས་ཆུ། བ་བྱུང་ལྔ་ལ་སོགས་པས་ལེགས་པར་བྱུག་ཅིང་། མེ་ཏོག་སིལ་མ་ཡང་དགྲམ་མོ། །ཡིད་ལ་གཅུགས་པའི་མགྲོན་པོ་ལ་དམིགས་པ་བཞིན། །གཞན་ངོར་གྲགས་འདོད་དང་། རློམ་སེམས་ཀྱིས་མ་ཡིན་པར་ཀྱེ་མ་ཧོ། །ཞིང་གི་རབ་དད་ཕུལ་དུ་གྱུར་བ་དཀོན་མཆོག་ལ་བསྙེན་བཀུར་དུ་ཡོད་པའི་བསོད་ནམས་འདི་ནི་གྱ་ནོམ་པའོ། །དགེ་བའི་རྩ་བ་ཆུད་མི་ཟ་བའོ། །རྙེད་པ་ལེགས་པར་རྙེད་དོ་སྙམ་དུ་དྲན་པ་ཉེ་བར་བཞག་ནས། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། བླ་བྲེ་དང་། དྲྭ་བ་དང་། དྲྭ་བ་ཕྱེད་པ་དང་། ཕྱེ་མ་ཕུར་བ་དང་། རྔ་ཡབ་ནོར་བུའི་ཏོག་ཅན་དང་། ལྡ་ལྡི་དང་། ཡོལ་བ་ལ་སོགས་པ་དཔྱད་ཞིང་། མཆོད་ཡོན་དང་། ཞབས་བསིལ་དང་། བསང་འཐོར་བཞི་པོ་རང་རང་གི་བཟེད་ཞལ་དང་བཅས་པ། མེ་ཏོག་དང་། བདུག་པ་དང་། སྣང་གསལ་དང་། དྲིའི་བྱུག་པ་དང་། ཞལ་ཟས་དང་། རོལ་མོའི་བྱེ་བྲག་སིལ་སྙན་དང་། རྔ་ཟླུམ་དང་། རྫ་རྔ་དང་། རྫ་རྔ་ཁ་གཅིག་པ་དང་། མྲྀ་ཏཾ་གི་དང་། པ་ཊ་ཧ་དང་། པི་ཝཾ་དང་། རྒྱུད་མང་དང་། དུང་དང་། གླིང་བུའི་བྱེ་བྲག་དང་། ལྕགས་ཀྱི་སིལ་ཁྲོལ་དང་། འཁོར་བའི་སིལ་ཁྲོལ་དང་། ཏིང་ཏིང་ཤག་དང་། གཡེར་ཁ་ལ་སོགས་པ་འཕགས་པའི་ཡུལ་དང་། གངས་ཀྱི་རི་བོའི་རོལ་མོའི་བྱེ་བྲག་མཐའ་ཀླས་པ་དངོས་སུ་ཅི་འབྱོར་བ་དག་བཤམ་


JL00_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

མོ། །དམ་ཚིག་གཟུགས་བརྙེན་མཐའ་དག་དེར་བོས་ནས། །ཡེ་ཤེས་སེམས་དཔའ་དགུག་གཞུག་ཆོ་ག་ནི། །མཛའ་གཅུགས་དམ་བཅའ་དྲན་པ་ལས་མྱུར་བས། །རྒྱལ་རྣམས་ཞིང་ཁམས་གཞན་དུ་གཟིགས་པ་ཡོལ། །ཞེས་བཤད་པ་ནི་གནས་ཁང་དེ་ཉིད་དུ་སྐུ་གསུང་ཐུགས་ཀྱི་རྟེན་དགྲམ་ཞིང་ཚོགས་ཞིང་སྤྲུལ་པའི་དོན་ཏེ། རྒྱལ་བ་སྲས་དང་བཅས་པའི་སྣང་བརྙན་རབ་གནས་ཅན་དང་། ཐེག་པ་ཆེན་པོའི་སྡེ་སྣོད་ཀྱི་གླེགས་བམ་ལ་སོགས་ཇི་ལྟར་འབྱོར་བ་བསྟི་སྟང་ཆེན་པོ་དང་བཅས་བཞུགས་སུ་གསོལ་ནས། ས་གཞི་བྱིན་གྱིས་རློབས་པ་དང་། ཁྲུས་ཁང་བསྐྱེད་པ་ལ་སོགས་སྤྱོད་འཇུག་ལས་བྱུང་བ་ལྟར་རམ་འོག་ནས་ཀྱང་སྟོན་ཏོ། །གནས་དེ་ཉིད་སྟོང་གསུམ་གྱི་སྟོང་ཆེན་པོའི་ཞིང་ཁམས་ལས་ཆེས་རྒྱ་ཆེ་བའི་གཞལ་མེད་ཁང་པ་བལྟ་ན་སྡུག་པར་བསམས་ལ། པདྨ་ཉི་ཟླ་དར་ཟབ་ཀྱི་ཁྲི་ལ་སྤྱན་དྲང་བའི་ཚིག་ཟླ་བ་སྒྲོན་མའི་མདོ་ལས་འབྱུང་བ། བཞེངས་ཤིག་བཞེངས་ཤིག་སྟོབས་བཅུ་མངའ་བའི་ལྷ། །ཞེས་པ་ལ་སོགས་དང་། རིག་པ་མཆོག་ལས་འབྱུང་བ། མ་ལུས་སེམས་ཅན་ལ་སོགས་པས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཞིང་སྤོས་དང་རོལ་མོའི་བྱེ་བྲག་གིས་བསུ་བའི་སྟང་ཀ་བྱའོ། །དེ་ལྟ་ན་གང་ནས་བྱོན། གང་དུ་བཞུགས་སྙམ་ན་གང་ནས་བྱོན་པ་ཡང་མེད་དེ་རང་བཞིན་གྱི་གནས་ནས་སོ། །གང་དུ་བཞུགས་པ་ཡང་མེད་དེ་ཡིད་ཀྱི་སྤྲུལ་པའི་གནས་དེ་ཉིད་དུའོ། །དེ་སྐད་དུ་དཀོན་མཆོག་བརྩེགས་པ་ལས། གང་ཞིག་རྒྱལ་བ་ཡིད་བྱེད་པ། །དེ་ཡི་མདུན་ན་དེ་བཞུགས་ཏེ། །རྟག་པར་བྱིན་གྱིས་བརླབ་པར་བྱེད། །ཉེས་པ་ཀུན་ལས་རྣམ་པར་གྲོལ། །ཞེས་པ་ལྟར་མོས་པ་ཅན་གྱིས་གསོལ་བ་བཏབ་ཅིང་སྤྱན་དྲངས་པ་དེ་སངས་རྒྱས་ལ་མཁྱེན་པའི་ཡེ་ཤེས་མངའ་བས་དགོངས། བརྩེ་བའི་ཐུགས་རྗེ་རྒྱུན་མི་ཆད་པས་གཟིགས། མཛད་པ་འཕྲིན་ལས་ཐམས་ཅད་


JL00_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཕན་འབའ་ཞིག་ཏུ་འཆར་བས་ཆོས་ཀྱི་དབྱིངས་ནས་གཟུགས་ཀྱི་སྐུར་བཞེངས་ཏེ་འབྱོན་པའི་འཐད་པ་ནི་ཆོས་ཉིད་ཀྱི་བདེན་པ་གཟིགས་པ་རྣམས་ལ་མངོན་སུམ་མོ། །འདིར་རེ་ཞིག་སྤྱན་དྲངས་ཞིང་ཁྲུས་གསོལ་བའི་རིམ་པ་དུས་མཁྱེན་རྒྱལ་པོའི་རྗེས་སུ་སློབ་ཕྱིར། གང་ཞིག་ལུས་པ་མེད་པའི་སེམས་ཅན་གྱི། །མགོན་དང་དཔུང་གཉེན་གྱུར་ཀྱང་བདུད་སྡེའི་དགྲ། །ཇི་ལྟ་ཇི་སྙེད་མཁྱེན་ཅིང་གཟིགས་པ་ཡི། །བཅོམ་ལྡན་བདག་གི་སྡུམ་པར་མཆིས་སུ་གསོལ། །ལས་ཀྱི་སྤྲུལ་པ་མ་ཡིན་འབྱོན་པའི་ཤུལ། ཁྲུས་ཀྱི་ཁང་བུ་བརྩེགས་པ་དྲི་བསུང་ཅན། །ཤེལ་དང་ནོར་བུའི་ས་གཞི་ཀ་བར་ལྡན། །གཡུ་དམར་མུ་ཏིག་བླ་བྲེ་དབྱངས་པ་དེར། །བདེ་གཤེགས་རིགས་ཀྱི་བུ་མཆོག་བཅས་པ་ལ། །སྤོས་ཆུས་གང་བའི་ནོར་བུའི་བུམ་པ་ནས། ཁྲུས་ཀྱི་རིམ་གྲོ་བགྱིད་པའི་སྨིན་ལེགས་མ། །གླུ་དང་རོལ་མོའི་འགྱུར་བ་འགྲན་ལ་བརྩོན། །ཉེ་རེག་ཆོ་ག་མཁས་པའི་རི་དྭགས་མིག །དྲིལ་ཕྱིས་བསྐུ་མཉེའི་སྲི་ཞུས་གཡང་བའང་། ཁ་དོག་གཅིག་ཏུ་མི་གནས་དབང་པོའི་མཚོན། །ཐགས་སུ་བཏགས་པ་མེད་པའི་ལྷ་རྫས་ཉོ། །དཔག་བསམ་ལྗོན་པས་བཙོང་བའི་པཉྩ་ལི། །ལྕིད་ཀྱིས་ནོན་སྤངས་སྲབ་འཇམ་ཡང་བའི་གོས། །དྲི་དང་སྤོས་ཆུས་བགོས་ཤིང་བྱུགས་པ་དང་། །རིན་ཐང་བརྗོད་ལ་ཁྲེལ་བའི་རིན་ཆེན་རྒྱན། །གདུ་བུ་དཔུང་རྒྱན་སྙན་ཆ་ཅོད་པན་སོགས། །འདོད་པའི་ཡོན་ཏན་སྤངས་པའི་ཐུབ་དབང་ཀྱང་། །བཀྲེན་ལྡན་བསོད་ནམས་སླད་དུ་བདག་གིར་བཞེས། འཇིག་རྟེན་དབང་ཕྱུག་ལ་སོགས་ཉེ་བར་སྲས། །ངན་སོང་ཀུན་འདྲེན་ལ་སོགས་བསྐལ་བཟང་གི། །སེམས་དཔའ་བཅུ་དྲུག་དང་ནི་ཁྱིམ་པའི་ཚུལ། །ཆོས་འཕགས་རྟག་ཏུ་དུ་དང་ལི་ཙ་བཱི། །དྲི་མ་མེད་པར་གྲགས་ལའང་དབུལ་བར་བགྱི། །སྟོང་གསུམ་གཅིག་ཅར་ཁྱབ་པའི་དྲིའི་བཞོན་པར། །འཁྱུད་པའི་ཙནྡན་སྤོས་ཀྱི་བསུང་ཞིམ་དྲིས། །བསོད་ནམས་བྱེ་བའི་


JL00_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་གནས་མཚན་དཔེའི་བྱད། །གསར་སྦྱངས་བརྟན་པ་འཕྲོག་ལ་བྱུག་པར་བགྱི། །བཏང་སྙོམས་ཡངས་པའི་ཤེལ་གྱི་ས་གཞི་ལ། །བྱམས་པའི་པདྨོ་གེ་སར་སྟོང་བརྡལ་བར། །སྙིང་རྗེའི་ཉི་ཟླ་བཀྲག་ཏུ་འཚེར་བ་བསྟར། །དགའ་ཆེན་བཅོམ་ལྡན་སྲས་བཅས་བཞུགས་སུ་གསོལ། །ཞེས་བརྗོད་ལ། དད་པའི་མངོན་རྟོགས་ངོམ་པའི་རྣམ་འགྱུར་བཤད་པ། བབ་ཅོལ་གོམས་པ་མེད་པའི་ལུས་བཏུད་ཀྱི། །སྙིང་གར་གུས་བཅས་མངོན་རྟོགས་ངོམ་པ་ལ། །མེ་ཏོག་དོག་པས་རབ་བཟུང་སྙིམ་པའི་སྣོད། །ག་བུ་ཆུང་གི་བརྟུལ་ཞུགས་འཛིན་པ་ཡིན། །རང་བཞིན་དུ་ལུས་ཀྱི་རྣམ་འགྱུར་ལས་སེམས་ཀྱི་མངོན་རྟོགས་གསལ་བའི་ཕྱིར། །བདག་ནི་དེ་བཞིན་གཤེགས་པ་སྲས་དང་བཅས་པའི་སྤྱན་སྔར་མཆི་ན། སྒེག་ཆོས་དང་། ངོ་འཛུམ་གནག་པ་དང་། ཇི་མི་སྙམ་པའི་བབ་ཅོལ་གྱིས་འདུག་པར་རིགས་པ་མ་ཡིན་ནོ་སྙམ་པས་གཅོམ་སྐྱུངས་ཏེ་མིག་འཕང་སྨད་ལ། ལག་པའི་སྙིམ་པ་མེ་ཏོག་དང་བཅས་པ་སྙིང་གར་ཁ་སྦྱར་ཏེ། གུས་པ་དང་བཅས་པ། འཇིགས་པ་དང་བཅས་པ། བག་ཡོད་པ། ཁྲེལ་དང་ངོ་ཚར་ལྡན་པའི་སེམས་ཀྱིས་གནས་པ་སྟེ་སྤྱོད་འཇུག་ལས། སངས་རྒྱས་བྱང་ཆུབ་སེམས་དཔའ་དག །ཀུན་ཏུ་ཐོགས་མེད་གཟིགས་པར་ལྡན། །དེ་དག་ཐམས་ཅད་སྤྱན་སྔ་ན། །རྟག་པར་བདག་ནི་གནས་སོ་ཞེས། །དེ་ལྟར་བསམས་ནས་ངོ་ཚ་དང་། །གུས་དང་འཇིགས་ལྡན་དེ་བཞིན་མནོས། །ཞེས་སོ། །རིག་དང་ཞབས་སུ་ལྡན་སོགས་བདེ་གཤེགས་ཀྱི། །ཡོན་ཏན་མཐའ་དག་གནས་ཀྱིས་བསྐལ་པ་བཞིན། །དད་པའི་སྐྱེད་མོས་ཚལ་དུ་འོངས་པའི་མོད། །སྐྱོ་བ་མིན་པའི་བ་སྤུ་གཅིག་ཏུ་ཟིང་། །དེ་ལྟ་བུའི་ལུས་ཀྱི་བརྡས་སེམས་དད་པའི་རང་བཞིན་ལ་བསྐུལ་བས། རིག་པ་དང་། ཞབས་སུ་ལྡན་པ་ལ་སོགས་སྔར་བཤད་པའི་སངས་རྒྱས་རྣམས་ཀྱི་ཡོན་ཏན་མཐའ་ཀླས་པ་དང་།


JL00_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེའི་གཟིགས་པ་ཞིང་ཁམས་གཞན་དུ་དུས་ལས་ཡོལ་བ་ལྟར་གྱུར་ནས་བདག་ཅག་འབའ་ཞིག་གི་དད་པའི་མགྲོན་དུ་ཁུག་པ་ལ་དབུགས་པ་བརྣངས་ཤིང་། ལུས་ཀྱང་བ་སྤུ་ཟིང་བྱེད་པ་ཙམ་དུ་དད་པའི་གདུང་ཤུགས་གིས་བསྐྱེད་པའོ། །དེ་སྐད་དུ་བཟང་སྐྱོང་གིས་ཞུས་པ་ལས། དེ་ནས་བཟང་སྤྱོད་སྤུ་ཟིང་ཞེས་བྱེད་དེ་བཅོམ་ལྡན་འདས་ལ་སྐྱབས་སུ་སོང་ངོ་། །ཞེས་པས་མཚོན་ནོ། །དེ་ལྟར་དད་པ་བསྐྱེད་ནས་ཡན་ལག་བདུན་པ་དབུལ་བར་བྱ་སྟེ། འཕགས་པ་ཐོགས་མེད་ཀྱིས། བྱང་ཆུབ་སེམས་དཔའ་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱ་བར་འདོད་པས། ཉིན་ལན་གསུམ་མཚན་ལན་གསུམ་དུ་ཕྱག་འཚལ་བ་དང་། མཆོད་པ་འབུལ་བ་དང་། སྡིག་པ་བཤགས་པ་དང་། རྗེས་སུ་ཡི་རང་བ་དང་། འཁོར་ལོ་བསྐོར་བར་བསྐུལ་བ་དང་། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་དང་། བྱང་ཆུབ་ཏུ་བསྔོ་བ་རྣམས་བྱའོ། །ཞེས་གསུངས་པ་ལྟར་བླ་ན་ཡོད་པའི་མཆོད་པ་ནི་བསག་སྦྱང་གི་མཆོག་ཡན་ལག་བདུན་པ་སྟེ། དེ་ལ་དང་པོ་ཕྱག་འཚལ་བའི་ཡན་ལག་ནི། ཟླ་གཞོན་ཁྲུས་ལ་འཇུག་པའི་རྫིང་བུའི་ནང་། །རྨ་བྱའི་བུ་མོ་འཇོ་སྒེག་རོལ་པ་ལྟའི། །ལང་ཚོའི་གྲངས་སྙེད་རྡུལ་གྱི་རྣམ་གྲངས་དང་། །ཤིན་ཏུ་འཁྲུལ་བ་སྐྱེད་བྱེད་ཕྱག་གིས་བྲེལ། །དེ་ལ་ཕྱག་འཚལ་བའི་སྒྲ་དོན་ནི་ཡན་ལག་གི་དམ་པ་མགོ་བོ་ས་ལ་བཏུད་པ་ཞེས་བྱ་བའི་དོན་ཏོ། །ཐལ་མོ་པདྨོ་ཁ་འབུས་པ་ལྟར་སྦྱར་ནས་སླར་དབྱེ་བ་ནི་ཕྱག་སྤྱིའི་ངེས་གཟུང་ཡིན་ཏེ། ཐར་བ་ཆེན་པོ་ལས། པདྨ་ཁ་འབུས་བྱེ་འདྲ་བར། །ལག་པ་གཉིས་སྤྱི་བོར་ཐལ་སྦྱར་ཏེ། །ལུས་དཔག་མེད་པའི་སྤྲིན་ཚོགས་ཀྱིས། །ཕྱོགས་བཅུའི་སངས་རྒྱས་ལ་ཕྱག་འཚལ། །ཞེས་སོ། །དེའང་ཕྱག་གི་དང་པོར་གྱུར་བ་ནི་ལྗོན་ཤིང་ས་ལ་ཉལ་བ་བཞིན་དུ་ལུས་ཐམས་ཅད་ས་ལ་བག་ཡོད་པ་བརྐྱང་བ་ལ་མར་མེ་མཛད་ཀྱི་བརྐྱང་ཕྱག་ཅེས་བྱའོ། །དེ་མ་གྲུབ་ན་


JL00_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་ལྔ་ལྡན་གྱི་ཕྱག་མགོ་བོ་ས་ལ་སྨད་པས་གཞན་བཞི་པོ་ཤུགས་ལ་སྨད་པའོ། །ཡང་སྤྱི་བོ་མགྲིན་པ། སྙིང་ག་གསུམ་དུ་ཐལ་མོ་སྦྱར་བ་དང་ལྷན་ཅིག་སྣགས་རྒྱས་དང་། ཆོས་དང་། དགེ་འདུན་ལ་དམིགས་ཏེ་ཕྱག་བསྒྲིགས་ནས། དེ་ནས་ཡན་ལག་ལྔ་ཀ་ས་ལ་ཕབ་པ་ལན་གསུམ་བྱ་བ་ནི་ཕྱག་དགུ་ཕྲུགས་སུ་འཚལ་བའོ། །ཡང་བླ་མ་ལྟ་བུར་འཚལ་བའི་ཚེ་དང་པོར་མཐོང་ཕྱག་ལན་གསུམ། དེ་ནས་ཕྱག་རྟེན་ཕུལ་ནས་ལན་གསུམ། དེ་ནས་སྙུན་སྨོད་དེ་ལན་གསུམ་འཚལ་བ་ལ་དགུ་ཕྲུགས་སུ་བརྗོད་པའང་ཡོད་དོ། །ཕྱག་འཚལ་ཡུལ་གྱི་སྒྱིད་པ་ནས་ལག་པས་འཁྱུད་པ་ལ་པུས་འཁྱུད་ཀྱི་ཕྱག་ཅེས་གྲགས་ཏེ། ཨ་ཙ་ར་རྣམས་ཡུལ་གྱི་རྐང་པ་ལ་གཏུགས་ཏེ་དེ་ནས་ལག་པ་རང་གི་སྤྱི་བོར་རེག་པ་དང་ཕྱོགས་གཅིག་གོ །འདིར་ཇི་ཙམ་ནུས་པ་དེ་སྲིད་དུ་བརྐྱང་ཕྱག་དང་། དེ་ནས་ཡན་ལག་ལྔ་ལྡན་གྱི་ཕྱག་འཚལ་བ་དང་ལན་ཅིག་དམིགས་པའི་རྣམ་པ་ཞིང་གི་རྡུལ་དང་མཉམ་པའི་ལུས་དེ་སྙེད་དུ་སྤྲུལ་ནས་འཚལ་བའོ། །ཕན་ཡོན་ནི་འདུལ་བ་ལུང་ལས། དགེ་སློང་དག ཁྱོད་ཀྱིས་དེ་བཞིན་གཤེགས་པའི་དབུ་སྐྲ་དང་སེན་མོའི་མཆོད་རྟེན་ལ་དད་པས་ཕྱག་འཚལ་བ་དེའི་རྣམ་པར་སྨིན་པ་ནི། ཇི་སྲིད་དུ་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་ཁོང་ཁྲོ་བ་མ་སྐྱེས་པ་དེ་སྲིད་དུ་དབང་ཆེན་གསེར་གྱི་ས་གཞི་ལ་ཐུག་གི་བར་གྱི་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པའི་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་བདེ་བ་མྱོང་ཞིང་ལྷ་དང་མི་རྣམས་ཀྱི་ནང་དུ་ཕྱིན་པར་འགྱུར་རོ། །ཞེས་མངོན་མཐོའི་བདེ་འབྲས་གཉེར་བའི་བསམ་པ་ཅན་ལའང་ཕན་ཡོན་དེ་ལྟ་ན། བྱང་ཆུབ་ཏུ་སེམས་བསྐྱེད་པའི་དོན་དུ་འཚལ་བའི་བསོད་ནམས་ནི་བསམ་གྱིས་མི་ཁྱབ་སྟེ་མཐར་ཐུག་ཞི་བའི་གོ་འཕང་ལ་སྦྱོར་བའི་ཕྱིར་རོ། །གཉིས་པ་མཆོད་པའི་ཡན་ལག་ནི། གཏོང་བའི་ཡན་ལག་རྫོགས་པའི་དངོས་འབྱོར་


JL00_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །དེས་ཀྱང་མཚོན་པར་དཔེ་མེད་ཡིད་ཀྱིས་སྤྲུལ། །བླ་ན་མཆིས་པ་མ་ཡིན་མཆོད་པའི་སྤྲིན། །ཀུན་ཏུ་བཟང་པོའི་ཡོན་ལ་ཕྲག་དོག་བགྱིད། །དེ་ལ་བླ་ན་ཡོད་པའི་མཆོད་པ་དངོས་སུ་བཤམ་པ་ནི་བཤད་མ་ཐག་པའི་ཚུལ་དང་། དེར་མ་ལྟོས་པ་ཡོངས་སུ་བཟུང་བ་མེད་པའི་མཆོད་པ་སྨན་གྱི་རི་སུ་གཏོགས་པ་དང་། རིན་པོ་ཆེའི་རྣམ་པ་དང་། གཙང་མ་ཡང་ཡིན་ལ་ཡི་གར་འོང་བའི་ཆུ་གཙང་མ་དང་། གསེར་དང་ནོར་བུའི་རིགས་འབྱུང་བའི་ས་འཛིན་དང་། དབེན་ཞིང་ཉམས་དགའ་བའི་འབྲོག་ནས་དང་། བྱ་སྐྱིབས་ཡིད་དུ་འཐད་པ་དང་། བྲག་རིའི་ཁང་བུ་བརྩེགས་པ་དང་། སྨན་ལྗོངས་དང་། ནགས་ཚལ་དང་། གལ་བ་དང་ཐག་ཐུག་ཅན་དང་། ཚེར་མ་ཅན་མ་ཡིན་པའི་ལྗོན་ཤིང་དང་། ཆུ་ལས་སྐྱེས་པའི་མེ་ཏོག་པདྨ་དང་། ཐང་ལས་སྐྱེས་པའི་ཨུཏྤལ་དང་། དུས་ལ་འབྱུང་བའི་ཨུ་དུམ་ཝཱ་ར་དང་། ལྷ་ཡུལ་ན་ཡོད་པའི་མནྡ་ར་བ་དང་། སྣ་མ་དང་། ཙམ་པ་ཀ་དང་། ནཱ་ག་གེ་སར་ལ་སོགས་མེ་ཏོག་གི་ཚལ་དང་། འབབ་ཆུ་ལྷུང་ལྷུང་བའི་སྒྲ་ཡིད་དུ་འོང་བ་དང་། བཟའ་ཤིང་མེ་ཏོག་དང་འབྲས་བུ་དུད་ཅིང་ལོ་འདབ་བཟང་བ་དང་། ཨ་ག་རུ་དང་། ཙནྡན་དཀར་དམར་དང་། བཟང་དྲུག་དང་། ག་བུར་དང་། སི་ཧླ་དང་། རི་དགས་དང་། བྱ་ལ་སོགས་པའི་སྲོག་ཆགས་བལྟ་ན་སྡུག་ཅིང་སྐད་སྙན་པ་དང་། མཚོ་དང་། རྫིང་བུ་དང་། ལྟེང་ཀ་དང་མ་རྨོས་པའི་ལོ་ཏོག་དང་། དཔག་བསམ་གྱི་ཤིང་དང་། མདོར་ན་གླིང་བཞིའི་རབ་གོ་ལའི་དཀྱིལ་འཁོར་དང་བཅས་པའི་ཁོང་ན་ཡོད་ཅིང་། བྱང་གི་སྒྲ་མི་སྙན་པའི་ལོངས་སྤྱོད་ལྟར་རྩོད་པ་དང་བཅས་པས་བདག་གིར་བཟུང་བ་མེད་པ་མཐའ་དག་ཀྱང་རང་གི་བློའི་ཡུལ་དུ་གནས་པར་བྱས་ནས་དབུལ་དུ་ཡོད་པས་ན་བསམ་པའི་ཁྱད་པར་གཙོ་ཆེ་བ་ཉིད་ལས་དངོས་འབྱོར་ལ་མ་ལྟོས་པ་སྟེ། དེ་སྐད་དུ་སྤྱོད་འཇུག་ལས། བདག་ནི་བསོད་ནམས་མི་ལྡན་བཀྲེན་ཆེན་ཏེ། །མཆོད་པའི་ནོར་གཞན་བདག་ལ་ཅང་མ་མཆིས། །དེས་ན་གཞན་དོན་དགོངས་པའི་མགོན་གྱིས་ནི། །བདག་གི་དོན་སླད་ཉིད་ཀྱི་མཐུས་བཞེས་ཤིག །ཅེས་བཤད་དོ། །


JL00_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ལས་བྱུང་བ་ནི་མེ་ཏོག་གི་ཕྲེང་བ་སྤེལ་ལེགས་པར་བཀོད་པ་དང་། ཆ་མཉམ་པར་སྦྱར་བའི་སྤོས་ཀྱི་རེང་བུ་དང་། གསེར་གྱི་པདྨ་ལ་ཚར་དུ་དངར་ནས་གནས་པའི་རིན་པོ་ཆེའི་སྒྲོན་མ་དང་། ཡིད་བཞིན་གྱི་ནོར་བུ་དང་། ཉི་ཟླ་ལ་སོགས་གསལ་ཞིང་སྣང་བར་བྱེད་པ་རྣམས་དང་། དྲི་བཟང་སྦྱར་བའི་དལ་འགྲོ་སྣོད་དུ་བསྐྱིལ་བ་དང་། འབྲས་ཆན་དང་། ཁར་དཀར་པོ་ལ་སོགས་པའི་བཤོས་དང་། བཏུང་བ་ཡིད་དུ་འོང་བ་དང་། རྒྱ་སྟར་གྱི་འབྲས་བུའི་ཁུ་བ་དང་། རྔ་བོ་ཆེ་ལ་སོགས་པ་རོལ་མོའི་གདངས་སྙན་པ་དང་། གཞན་ཡང་ས་གཞི་ཐམས་ཅད་ལེགས་པར་བསྟར་ཞིང་སྒྱང་ནུལ་བྱས་པ་ལ་དྲི་ཞིམ་པོས་ཉེ་བར་བྱུགས་ནས་མེ་ཏོག་གྱི་སིལ་མ་སྣ་ཚོགས་པ་སྤེལ་མར་བཀྲམ་པ་དང་། གཞལ་མེད་ཁང་བརྩེགས་རིན་པོ་ཆེའི་དྲྭ་བ་ཅན་ལྕོག་དང་བཅས་པ་དང་། དེའི་ཁོར་ཡུག་ཡངས་པ་ལ་ཁྲུས་ཀྱི་རྫིང་བུ་ཏཱ་ལའི་ལྗོན་པས་བརྒྱན་པ་དང་། ལྷའི་བུ་དང་། བུ་མོ་མང་པོ་གླུ་ལེན་ཅིང་གར་བྱེད་པ་དང་། མུ་ཏིག་དང་། ནོར་བུའི་ཆུ་ན་འཕྱང་དག་གིས་ཁང་བཟང་དེ་ལ་བརྒྱན་པ་དང་། རིན་པོ་ཆེའི་གདུགས་དང་། རྒྱལ་མཚན་དང་། བ་དན་དང་། བླ་བྲེ་ལ་སོགས་འོད་དང་བཅས་ཤིང་སྣང་བའི་རང་བཞིན་ཅན་རྣམས་དང་། བདག་པོས་ཡོངས་སུ་བཟུང་བ་བུམ་པ་བཟང་པོ་དང་། དཔག་བསམ་གྱི་ཤིང་དང་། འདོད་འཇོའི་བ་དང་། རྒྱལ་སྲིད་སྣ་བདུན་དང་། ཉེ་བའི་རིན་པོ་ཆེ་བདུན་དང་། བཀྲ་ཤིས་རྫས་བརྒྱད་དང་། གཞན་ཡང་། མཉེན་པ་དང་། འཇམ་པ་དང་། རེག་ན་བདེ་བ་དང་། དོ་ཤལ་དང་། དཔུང་རྒྱན་དང་། སེ་མོ་དོ་དང་། རྣ་ཆ་དང་། མགུལ་རྒྱན་དང་། རྟ་དང་། གླང་པོ་ཆེ་དང་། ཤིང་རྟ་དང་། གོས་ཀྱི་བྱེ་བྲག་དང་། ལོངས་སྤྱོད་ཀྱི་ཁྱད་པར་དང་། རང་དང་གཞན་གྱི་ལུས་ལ་


JL00_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན་ཅིང་བདག་གིར་བྱས་པ་མཐའ་ཀླས་པ་རྣམས་སོ། །བླ་ན་མེད་པའི་ཏིང་ངེ་འཛིན་གྱི་མཆོད་པ། དཀོན་མཆོག་ཏཱ་ལའི་མདོ་ལས། མེ་ཏོག་ཕལ་ཆེར་མེ་ཏོག་བླ་བྲེ་དང་། །མེ་ཏོག་བཀོད་པའི་འོད་ཟེར་རབ་བཀྱེ་སྟེ། །མེ་ཏོག་སྣ་ཚོགས་ཀུན་ཏུ་བཀྲམ་བྱས་ནས། །བདག་ཉིད་ཆེན་པོ་རྒྱལ་བ་སྲས་བཅས་མཆོད། །ལག་པའི་མཐིལ་ན་ཡོད་པ་བསམ་ཡས་རྣམས། །རྒྱལ་བ་གཅིག་ལ་མཆོད་པ་བྱེད་པ་ལྟར། །རྒྱལ་བ་མ་ལུས་ཀུན་ལའང་དེ་བཞིན་ཏེ། །དྲང་སྲོང་ཏིང་འཛིན་རྣམ་འཕྲུལ་དེ་འདྲའོ། །ཞེས་ལྟར་ཏིང་ངེ་འཛིན་གྱི་རོལ་བ་བཀོད་པའི་རྫུ་འཕྲུལ་ཟད་མི་ཤེས་པས་བྲམ་ཟེ་རྣམ་པར་གྲགས་ཀྱིས་རྫོགས་པའི་སངས་རྒྱས་སྒྲིབ་མེད་ལུང་བསྟན་ལ་བསྟི་སྟང་བྱས་པ་བཞིན་ནོ། །དེའང་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་ཏིང་ངེ་འཛིན་ལས་སྤྲུལ་པའི་མཆོད་པའི་སྤྲིན་གྱི་གོང་ན་གཞན་མེད་པ་ཡིན་པས་དེ་ལ་དོ་ཟླར་སྤོབས་པ་ཙམ་དུ་འབུལ་བ་ལ་ཕྲག་པ་དོག་པའི་ཐ་སྙད་བཏགས་པའོ། །རྣམ་པ་གཅིག་ཏུ་ན་བླ་ན་མེད་པའི་མཆོད་པ་ནི་འདི་ཡིན་ཏེ་ནམ་མཁའ་མཛོད་ཀྱི་མདོ་ལས། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། དམ་པའི་ཆོས་འཛིན་པ་དང་། སེམས་ཅན་ལ་སྙིང་རྗེ་བསྒོམ་པ་དང་། ཆོས་བསྒྲུབ་པ་དང་བཞིར་གསུངས་པའོ། །དེ་མཆོད་པར་ཅིས་འགྲུབ་ན་རྒྱལ་བ་དགྱེས་པའི་ཐབས་དེ་ལས་གཞན་མེད་པའི་ཕྱིར་རོ། །གསུམ་པ་སྡིག་པ་བཤགས་པའི་ཡན་ལག་ནི། །མུ་ཙར་སྨ་བའི་ལས་དང་བག་ཆགས་སྡིག །དགེ་ལ་འཇིགས་ནས་གཞན་དུ་བྲོས་པའི་གཟུགས། །སྲིད་པའི་མུན་ནག་སྟུག་པོར་འཆབ་པ་ཀུན། །སྟོབས་བཞིའི་ཉིན་བྱེད་འབར་བས་སྦྱང་ཞིང་བཤགས། །དེ་ལ་སྦྱང་བྱ་སྡིག་པའི་སྒོ་དྲུག་ལ། འདོད་ཆགས་དང་། ཞེས་སྡང་དང། གཏི་མུག་གསུམ་ནི་ཀུན་སློང་ཡིན་ལ། ལུས་དང་། ངག་དང་། ཡིད་གསུམ་ནི་བྱེད་པ་


JL00_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

པོར་གྲུབ་ཀྱང་། གཙོ་ཆེ་བའི་ངོས་ནས་སྨོས་ན་ཁ་ནི་སྡིག་པའི་སྒོ་ཡིན་པས་མུ་ཅོར་སྨྲ་བའི་ལས་དང་ཞེས་བཤད་ལ། ཡིད་ནི་དུག་ཅན་ཉིད་ཡིན་པས་བག་ཆགས་མཐའ་དག་གི་རྟེན་གཞིའོ། །དེ་གཉིས་ཀའི་བྱེད་པ་པོ་མིང་གཟུགས་ལ་སོགས་པ་དང་རྟེན་ཅིང་འབྲེལ་བས་སྡིག་པའི་སྦྱོར་བ་རང་གིས་བྱས་པའམ། གཞན་ལ་བྱེད་དུ་བསྩལ་བ་དང་། དེ་ལ་རྗེས་སུ་ཡི་རང་བས་མཐོ་རིས་དང་ཐར་བའི་ལམ་འགགས་ཤིང་དམྱལ་བ་ལ་སོགས་པའི་ངན་སོང་གསུམ་དུ་བདག་ཉིད་སྡུག་བསྔལ་བར་བྱེད་དོ། །དེ་ལྟར་སྡུག་བསྔལ་བའི་རྒྱུ་ཐམས་ཅད་སྟོབས་བཞིའི་ཆོ་གས་རྩ་བ་ནས་དག་པར་མ་བྱས་ན། རེ་ཞིག་ཅིག་དགེ་བའི་ལས་ཉི་ཚེ་བས་ཟིལ་གྱིས་ནོན་ནས་གཞན་དུ་བྲོས་པ་བཞིན་དུ་བལྟར་མི་མངོན་ཡང་། ལས་དེའི་འབྲས་བུ་ཚོགས་ཞིང་དུས་ལ་མ་བབ་པ་དེ་སྲིད་དུ་བར་མ་དོར་ནམ་ཡང་ཆུང་འཛའ་བ་མེད་པས་སྲིད་པའི་མུན་ནག་སྟུག་པོར་འཆབ་བཞེས་བསྟན་ལ། དེ་སྐད་དུ་ལས་བརྒྱ་བ་ལས། ལུས་ཅན་དག་གིས་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཞིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་པ་ལྟར་རོ། །དེ་ལ་ཡུལ་དཀོན་མཆོག་དང་། བླ་མ་དང་། མཁན་སློབ་དང་། ཕ་མ་ལ་སོགས་པས་མཚོན་ཏེ། བསམ་པ་ཉོན་མོངས་པའི་སྒོ་ནས་བྱས་ཤིང་བསགས་པའི་ལས་ཇི་སྙེད་པ་མ་བྱང་ཞིང་མ་ཟད་པའི་ངང་ལ་འཆི་བདག་གི་དུས་དྲག་པོས་གཏུགས་ཏེ་སོང་བར་གྱུར་ན། སྤྲིན་མེད་པའི་ནམ་མཁའ་ལས་ཐོག་དྲག་པོ་དང་། སྒྲ་མེད་པའི་ས་གཞི་ལས་རླུང་ཆེན་པོ་གློ་བུར་དུ་འོང་བ་དང་འདྲ་བར་གནོད་པ་ཆེན་པོ་འབྱུང་ངོ་། །དེ་ལྟ་བུ་མ་ཤེས་པའམ། ཤེས་ཀྱང་ལས་དང་དེ་འབྲས་མི་བསླུ་བར་ཁྱད་དུ་གསོད་པ་རྣམས་ནི་མཛའ་བ་དང་མི་མཛའ་བའི་དོན་དུ་སྡིག་པ་རྣམ་པ་སྣ་ཚོགས་


JL00_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པར་འགྱུར་ཏེ། ཤི་བའི་དུས་ན་ནི་བདག་ཀྱང་མེད་པར་འགྱུར་ཤིང་། དེ་དག་ཀྱང་མེད་པར་འགྱུར་ལ། སེམས་ཀྱི་རྒྱུན་ནི་འགག་པ་མེད་པས་དེ་དག་གི་དོན་དུ་བྱས་པའི་སྡིག་པ་མི་བཟད་ཅིང་རྣམ་པར་སྨིན་པ་ཡིད་དུ་མི་འོང་བས་ནི་བདག་ཉིད་འབའ་ཞིག་ལ་སྡུག་བསྔལ་བར་བྱེད་ཅིང་། ཉེ་དུ་དང་མལ་སྟན་ལ་སོགས་པ་ནི་མ་ཡིན་ནོ། །དེ་སྐད་དུ་སློབ་དཔོན་ཞི་བ་ལྷས། མཛའ་དང་མི་མཛའ་ཀུན་གྱི་ཕྱིར། །སྡིག་པ་རྣམ་པ་སྣ་ཚོགས་བྱས། །ཞེས་སོགས་དང་། གཤིན་རྗེའི་ཕོ་ཉས་ཟིན་པ་ལ། །གཉེན་པས་ཅི་ཕན་བཤེས་ཅི་ཕན། །དེ་ཚེ་བསོད་ནམས་གཅིག་སྐྱབས་ན། །དེ་ཡང་བདག་གིས་མ་བསྟེན་ཏོ། །ཞེས་པ་ལ་སོགས་པས་བག་མེད་པའི་མཚང་བྲུས་ཤིང་། བདག་ཉིད་སྡིག་ལྡན་དུ་ཞལ་གྱིས་བཞེས་ནས་འོ་དོད་བེས་ཤིང་སྐྱབས་གསོལ་ར་མདའ་སྦྲན་ནས་སྡིག་པ་འཆབ་པར་མི་བྱེད་པ་ལ་ལྟོས། དེའི་དོན་ཡང་ལུང་རྣམ་འབྱེད་ལས། ཤིན་ཏུ་མི་བཟད་ལས་རྣམས་བྱས་པ་ནི། །བདག་ལ་རྣམ་པར་སྨད་པས་སྲབས་པར་འགྱུར། །ཞེས་པ་ལྟར་རོ། །དེ་བས་ན་བདག་ཅག་རྣམས་ནི་འཁོར་བའི་གཡང་སར་ལྟུང་བ། ལས་དང་ཉོན་མོངས་པས་གཟིར་བ། ཉེས་པ་དང་ལྟུང་བ་བརྒྱ་ཕྲག་དུ་མའི་སྣོད། ལས་དང་ལས་ཀྱི་རྣམ་པར་སྨིན་པ་འབའ་ཞིག་གི་གཞན་དབང་ཅན་ཡིན་པས་ཉིན་དང་མཚན་མོ་ལ་མ་ངེས་པར་དེ་ལས་ཐར་བའི་ཐབས་ཁོ་ན་བསམ་དགོས་ཏེ་སྔ་མ་ལས། མི་དགེ་བ་ལས་སྡུག་བསྔལ་འབྱུང་། །དེ་ལས་ཇི་ལྟར་ངེས་ཐར་ཞེས། །ཉིན་མཚན་རྟག་ཏུ་བདག་གིས་ནི། །འདི་ཉིད་འབའ་ཞིག་བསམ་པར་རིགས། །ཞེས་སྡུག་བསྔལ་ལས་ཐར་བའི་ཐབས་སྡིག་པ་བཤགས་པ་ལ་སོགས་ཉིད་ཡིན་པར་བསྟན་ཏོ། །ཇི་ལྟར་བཤགས་ན་གཉེན་པོ་སྟོབས་བཞིའི་ཆོ་གས་ཏེ་སྔ་མ་ལས།


JL00_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ་སྦྱར་སྡུག་བསྔལ་འཇིགས་སེམས་ཀྱིས། །ཡང་དང་ཡང་དུ་ཕྱག་འཚལ་ཏེ། །ཡང་དང་ཡང་དུ་བཤགས་པར་བྱ། །འདྲེན་པ་རྣམས་ཀྱིས་བདག་གི་སྡིག །ནོངས་པ་ལགས་པར་གཟུང་དུ་གསོལ། །ཞེས་པ་ལྟར་མི་དགེ་བའི་ལས་བྱས་པ་ལ་འཇིགས་པ་དང་བཅས་པ། ངོ་ཚ་དང་བཅས་པས་འགྱོད་པའི་གནས་ཆེན་པོ་ལ་སྦྱར་བ་ནི་རྣམ་པར་སུན་འབྱིན་པའི་སྟོབས་དང་། ཉོན་མོངས་པའི་དབང་གིས་ཉོན་མོངས་པ་ཅུང་ཟད་ཐལ་བ་དང་། རང་དབང་མ་འདུ་བའི་གནས་སྐབས་བྱུང་ཀྱང་སླར་དག་པའི་ལས་དེ་བས་བརྒྱ་འགྱུར་དུ་སྤྱད་པ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་དང་འདི་ནི་བཟང་པོ་མ་ལགས་པས། །སླན་ཆད་བདག་གིས་ཡོངས་མི་བགྱིད། །ཡང་དང་ཡང་དུ་མི་བགྱིད་དོ། །ཞེས་པ་ལྟར། སྔར་མི་དགེ་བ་བྱས་པ་ལ་ཤིན་ཏུ་འགྱོད་པས་སླར་སྡོམ་པ་བླངས་ནས་སྡིག་པ་ནམ་ཡང་མི་བྱེད་པ་སོར་ཆུད་པའི་སྟོབས་དང་། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྟེན་ནས་སྡིག་པ་ཟད་ཅིང་སྲབ་མོར་བྱེད་པ་ནི་རྟེན་གྱི་སྟོབས་ཏེ། ཆོས་བཞི་བསྟན་པའི་མདོ་ལས། བྱམས་པ། བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་སྡིག་པ་བྱས་ཤིང་བསགས་པ་ཐམས་ཅད་ཟིལ་གྱིས་གནོན་པར་འགྱུར་རོ། །བཞི་གང་ཞེ་ན་འདི་ལྟ་སྟེ། རྣམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པ་དང་། གཉེན་པོ་ཀུན་ཏུ་སྤྱོད་པ་དང་། སོར་ཆུད་པའི་སྟོབས་དང་། རྟེན་གྱི་སྟོབས་སོ། །དེ་ལ་དང་པོ་ནི་མི་དགེ་བའི་ལས་སྤྱད་ན་ལས་དེ་ལ་འགྱོད་པ་མང་བ་ཡིན་ནོ། །གཉིས་པ་ནི་མི་དགེ་བའི་ལས་བྱས་ཀྱང་དགེ་བའི་ལས་ལ་ཤིན་ཏུ་བརྩོན་པ་ཡིན་ནོ། །གསུམ་པ་ནི། སྡོམ་པ་ཡང་དག་པ་བླངས་ནས་སྡག་པ་མི་བྱེད་པའི་སྡོམ་པ་ཐོབ་པ་ཡིན་ནོ། །བཞི་པ་ནི། སངས་རྒྱས་དང་ཆོས་དང་དགེ་འདུན་ལ་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཀྱི་སེམས་མི་གཏོང་བ་ཡིན་ནོ། །


JL00_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སོ། །དེ་ལ་ཇི་ལྟར་བཤགས་པའི་ཚུལ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཚོགས་དཔག་ཏུ་མེད་པ་མདུན་གྱི་ནམ་མཁའ་བསམས་ལ་སྐྱབས་སུ་འགྲོ་བ་དང་སྟོབས་བཞིའི་དོན་དྲན་པས་ཕུང་པོ་གསུམ་པའི་མདོ་འདོན་པ་དང་། བཟང་པོ་སྤྱོད་པ་ལས། འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ན། །ཞེས་པ་ལ་སོགས་པའི་ཤློ་ཀའམ། སྤྱོད་འཇུག་ལས་གསུངས་པའི་ཕྱོགས་རྣམས་ཀུན་ན་བཞུགས་པ་ཡི། །ཞེས་པ་ལ་སོགས་པས་བཤགས་པར་བྱའོ། །དེ་ལྟར་བཤགས་ན་སྡིག་པ་ཡང་འདུས་བྱས་ཡིན་པས་ལྷན་ཅིག་ཏུ་མི་གནས་ཏེ། བྱམས་པ་སེང་གེ་སྒྲ་ཆེན་པོ་ཞུས་པའི་མདོ་ལས། །མི་ཤེས་པས་ནི་གང་བྱས་པའི། །སྡིག་པའི་ལས་ནི་བཤགས་པར་བགྱི། །མཁས་པས་ཉེས་པ་བཤགས་ནས་ནི། །ལས་དང་ལྷན་ཅིག་མི་གནས་སོ། །ཅེས་དང་། ཁྱད་པར་འགྱོད་ཚངས་ཀྱི་མཆོག་ཏུ་གྱུར་བ་ནི་སྟོང་པ་ཉིད་ཀྱི་ལྟ་བ་བསྒོམ་པ་ཉིད་ཡིན་ཏེ། སངས་རྒྱས་མཛོད་ཀྱི་མདོ་ལས། ཕ་མ་དང་རང་སངས་རྒྱས་བསད་པ་ཡང་སྟོང་པ་ཉིད་བསྒོམས་པ་ལས་རྣམ་པར་གྲོལ་ལོ། །ཞེས་སོ། །བཞི་པ་རྗེས་སུ་ཡི་རང་བའི་ཡན་ལག་ནི། སྦྱོར་བ་གང་གིས་བདག་ཉིད་མ་འཁྲུགས་བཞིན། །བསམ་པའི་ཁྱད་པར་གཅིག་གིས་གཞན་དག་པའི། །རྣམ་དཀར་ཡུད་ལ་འཕྲོག་པའི་ཆོམ་རྐུན་གྱི། །བརྟུལ་ཞུགས་རྗེས་སུ་ཡི་རང་ཁོ་ནས་བྱས། །དེ་ལ་སེམས་ཅན་གང་དག་ངན་སོང་གི་སྡུག་བསྔལ་ལས་གྲོལ་ཞིང་བདེ་བར་རེག་པ་ལ་མགུ་ཞིང་དགའ་བས་རྗེས་སུ་ཡི་རང་བ་དང་། གཞན་དང་གཞན་གྱིས་མངོན་མཐོ་དང་ངེས་ལེགས་ཀྱི་རྒྱུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་ལ། བདག་ཉིད་ལས་སུ་འཕེལ་བའི་ལུས་སེམས་འཁྲུགས་པ་ཅུང་ཟད་མེད་ཀྱང་། དེ་ལ་བསམ་པའི་ངོས་ནས་རྗེས་སུ་ཡི་རང་བ་དང་། རྫོགས་པའི་སངས་


JL00_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་རྣམས་ཀྱི་རྫོགས་སྨིན་སྦྱངས་གསུམ་གྱི་ཡོན་ཏན་དང་། རྒྱལ་སྲས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྨོན་འཇུག་གི་སྒོ་ནས་ཐུགས་བསྐྱེད་པའི་དགེ་བ་རྒྱ་མཚོ་མཐའ་དག་ལ་དགའ་བས་རྗེས་སུ་ཡི་རང་བར་བྱའོ། །དེའི་ཕན་ཡོན་ནི་གཞན་གྱི་དགེ་བའི་རྩ་བ་བདག་གིས་ཕྲོགས་པ་མེད་དེ། དཎྜིའི་ཚིག་རྒྱན་ལས་ཕྲོགས་པ་དཔེ་ཟླར་རུང་བའི་བསོད་ནམས་ཐོབ་ཚུལ། སྔོན་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་དེ་བཞིན་གཤེགས་པ་སློབ་མར་བཅས་པ་ལ་ཉིན་ཞག་སྦྲེལ་ནས་བསྙེན་བཀུར་བའི་ཚེ། སྲང་མདོར་འཁྱམས་པའི་དབུལ་པོས་དེ་ལ་རྗེས་སུ་ཡི་རང་བ་བསྒོམས་པས། ཕྱི་དྲོ་བསྔོ་བའི་རེས་ལ་བབ་པ་ན་སྟོན་པའི་ཞལ་ནས། རྒྱལ་པོ་ཆེན་པོ་དེ་རིང་གི་བསོད་ནམས་ཀྱི་ཁྱད་པར་རྒྱལ་པོ་ཁྱོད་ཀྱི་མིང་ནས་བསྔོའམ། ཁྱོད་ལས་གཞན་པའི་བསོད་ནམས་འཐོབ་པ་དག་གི་མིང་ནས་བསྔོ་ཞེས་བཀའ་བསྩལ་པས། བདག་ལས་བསོད་ནམས་ཆེ་བ་མཆི་ན་དའི་མིང་ནས་བསྔོ་བར་ཞུས་པས། དབུལ་པོའི་མིང་ལས་སྨོས་ཏེ་བསྔོ་བ་མཛད་པ་བཞིན་ནོ། །དེ་སྐད་དུ་སྡུད་པ་ལས། སྟོང་གསུམ་རི་རབ་སྲང་ལ་གཞལ་བ་ཚད་བཟུང་རུང་། རྗེས་སུ་ཡི་རང་དགེ་བ་དེ་ནི་དེ་ལྟ་མིན། །ཞེས་སོ། །ལྔ་པ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཡན་ལག་ནི། །ཐར་མེད་འཁོར་བའི་སྤྱོད་པས་མ་དུལ་ཞིང་། །རྣམ་པར་སྲ་མཁྲེགས་ཐ་བ་གང་གིས་ཀྱང་། །གདུལ་ཐབས་བརྟན་པ་བྲལ་ལ་ཆོས་འཁོར་གྱི། །རྩིབས་རྣོན་མུ་ཁྱུད་འཛིན་དེ་བསྐོར་བར་བསྐུལ། །འདི་ལྟར་འཁོར་བ་པ་རྣམས་ཀྱི་སྤྱོད་པ་ནི་མ་དུལ་བ། མ་ཞི་བ། མ་བསྡམས་པ། སྡིག་ཏོ་མི་དགེ་བ་དང་། གཡོ་སྒྱུས་ཕྱོགས་བསླད་པ། གཏོང་བའི་དོན་དུ་ནི་ལྕགས་ཀྱི་ཕ་གུ་བཞིན་དུ་སྲ་བ། ལས་ངན་གོམས་པ་ལ་ནི་རྡོ་རྗེའི་འདག་པ་བཞིན་དུ་མཁྲེགས་ཤིང་


JL00_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

སྲན་བཟོད་པ། ངེས་འབྱུང་དང་དད་པའི་ཕྱོགས་སུ་རྒྱུད་ཐ་བ་རེངས་པ་ལྟར་གྱུར་པ་དེ། ཐབས་གཞན་གང་གིས་ཀྱང་གདུལ་བར་ནུས་པ་མ་ཡིན་པས་དྲང་དོན་དང་། ངེས་དོན་དང་། ལྡེམ་དགོངས་ཅན་དུ་གསུངས་པའི་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྡུ་བའི་རྩིབས་རྣོན་པོ་མངོན་པར་མཐོ་བ་དང་། ངེས་པར་ལེགས་པའི་མུ་ཁྱུད་ལས་འདའ་བ་མེད་པར་བསྐོར་བར་བསྐུལ་བའོ། །དེ་སྐད་དུ་སྤྱོད་འཇུག་ལས། ཕྱོགས་རྣམས་ཀུན་གྱི་སངས་རྒྱས་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་ནི། །སེམས་ཅན་སྡུག་བསྔལ་མུན་འཐོམས་ལ། །ཆོས་ཀྱི་སྒྲོན་མེ་སྤར་དུ་གསོལ། །ཞེས་པ་ལྟར་ཚངས་པ་བཞིན་དུ་སྨོན་ལམ་དང་སྙིང་སྟོབས་དང་གཏོང་ཕོད་ལྡན་པར་བསྐུལ་བ་དང་། ཚེ་དང་ལྡན་པ་རབ་འབྱོར་བཞིན་དུ་འདྲི་ཞིང་ལན་ལྡོན་པ་ལ་མཁས་པས་བསྐུལ་བ་དང་། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དང་། གསང་བའི་བདག་པོ་བཞིན་དུ་ཟབ་ཅིང་རྒྱ་ཆེ་བའི་གནས་བསྐུལ་བ་ལ་མཁས་པ་དང་། འཕགས་པ་བློ་གྲོས་མི་ཟད་པ་དང་། ལི་ཙ་བཱི་དྲི་མེད་གྲགས་པ་བཞིན་དུ་བདག་ཉིད་ཀྱི་སྤོབས་པས་ཐབས་ལ་མཁས་པར་བསྐུལ་བ་བཞིན་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ལ་དམིགས་ཤིང་དགེ་བའི་བཤེས་གཉེན་མཚན་དོན་དང་ལྡན་པ་རྣམས་ལ་དངོས་སུ་བསྐུལ་བར་བྱའོ། །དེས་ཚེས་སྤངས་པའི་ཉེས་པ་འདག་ཅིང་ཚེ་རབས་ཐམས་ཅད་དུ་དམ་པའི་ཆོས་འཛིན་པར་འགྱུར་རོ། །དྲུག་པ་མྱ་ངན་ལས་འདའ་སྟོན་དེ་དག་ལ་བཞུགས་པར་གསོལ་བ་འདེབས་པ་ནི། རྒྱལ་དང་དེ་སྲས་རྣམས་ཀྱིས་སྤང་འགྱུར་བའི། །འགྲོ་འདིས་སྡུག་བསྔལ་གནས་སྐབས་བསྟེན་མཐོང་ནས། །མྱ་ངན་འདའ་བ་མིན་པའི་གདན་ཁྲི་ལ། །དངོས་པོ་ཀུན་གྱི་རིན་ཐང་གཅིག་ཏུ་སྤུངས། །གང་དག་སྟོན་པ་སློབ་མར་བཅས་པ་མེད་པར་གྱུར་ན་དེའི་བསྟན་པའང་


JL00_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་པར་འགྱུར་ལ། དེ་མེད་ན་ལས་དང་། དེ་འབྲས་ཀྱི་བླང་དོར་མི་ཤེས་པས་སྡུག་བསྔལ་འབའ་ཞིག་གི་རྒྱུ་འབྲས་ལ་སྤྱོད་ཅིང་། རྣམ་པར་གྲོལ་བའི་ལམ་གྱིས་སྤང་བར་འགྱུར་བས་བདེ་འགྲོའི་རྟེན་ཡོད་དུ་ཟིན་ཀྱང་མི་ཁོམ་པའི་གནས་རིགས་ཉག་གཅིག་ཏུ་ལྡོངས་པར་འགྱུར་རོ། །དེ་ལྟར་བསམས་ནས་བདག་ཅག་གི་སྟོན་པ་ལ་དགེ་བསྙེན་ཙུནྡས་མྱང་འདས་བཤོལ་བཏབ་པ་བཞིན་དུ། འཇིག་རྟེན་གྱི་ཁམས་མུ་མེད་པ་ན་བཞུགས་པའི་སངས་རྒྱས་རྣམས་ལ་དམིགས་ཤིང་། སྐྱེས་བུ་དམ་པར་གྱུར་ལ་རྣམས་ལ་དངོས་སུ་ཡོན་སྦྱར་ནས་འཚོ་ཞིང་གཞེས་པར་གསོལ་བ་ཡང་ནས་ཡང་དུ་གདབ་བོ། །དེའི་རྒྱུ་མཐུན་པའི་འབྲས་བུར་བདག་ཉིད་ཀྱང་དུས་མ་ཡིན་པར་འཆི་བར་མི་འགྱུར་རོ། །བདུན་པ་བསྔོ་བའི་ཡན་ལག་ནི། །བདག་ཏུ་བལྟ་བས་འདར་བའི་རྣམ་དཀར་ཡང་། །སྲིད་པར་ལན་གཅིག་མཐོ་བའི་ཆོ་ངེ་སྟེ། །བྱང་ཆུབ་བསྔོ་བའི་གསེར་འགྱུར་རྩིས་ཐེབས་པ། །འདི་ནི་སྟོན་པ་གཞན་གྱི་ལུགས་ལ་མེད། །འདི་ལྟར་སྲིད་པའི་བདེ་འབྲས་ལ་དམིགས་པ་ཅན་བདག་ཏུ་བལྟ་བ་དང་འདྲེས་པའི་དགེ་བ་ནི་བསོད་ནམས་ཆ་མཐུན་ཞེས་བྱ་སྟེ། འབྲས་བུ་ལན་གཅིག་སྨིན་ནས་ཟད་པར་འགྱུར་རོ། །དེ་བཞིན་དུ་ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་བསྔོ་བ་ནི་འབྲས་བུ་དམན་པར་རིགས་པར་བྱ་སྟེ། ཡུམ་བར་མ་ལས། རབ་འབྱོར་དགེ་བའི་རྩ་བ་འདི་ནི་སངས་རྒྱས་ཀྱིས་ཁོ་ནར་བསྔོ་བ་བྱ་ཡི། ཉན་ཐོས་དང་རང་སངས་རྒྱས་དང་། དེ་ལས་གཞན་གྱི་སར་ཡང་བསྔོ་བར་མི་བྱ་སྟེ། ཞེས་པས་སེམས་ཅན་ཐམས་ཅད་ལ་དམིགས་ནས་རྫོགས་པའི་བྱང་ཆུབ་འབའ་ཞིག་གི་སར་བསྔོ་བ་འདི་ནི་ལྕགས་ལ་གསེར་འགྱུར་རྩིས་ཐེབས་པ་དང་འདྲ་སྟེ་མུ་སྟེགས་


JL00_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ལ་སོགས་ལ་མིང་ཙམ་དུ་ཡང་མ་གྲགས་པས་ཀླུ་སྒྲུབ་ཞབས་ཀྱིས། བསོད་ནམས་བྱ་བའི་ཚོགས་ཆེན་གང་། །སེམས་ཅན་རྣམས་ལ་ཡོངས་བསྔོ་བ། །ཐུབ་དབང་ཁྱེད་ཀྱིས་གང་གསུངས་པ། །དེ་གཞན་བསྟན་བཅོས་ལས་མ་བཤད། །ཅེས་སོ། །དེ་ཡང་བསྔོ་རྒྱུ་ནི། ཕལ་པོ་ཆེ་ལས། འགྲོ་ཀུན་དགེ་བ་ཇི་སྙེད་ཡོད་པ་དང་། །བྱས་དང་བྱེད་འགྱུར་དེ་བཞིན་བྱེད་པ་དག །ཞེས་སེམས་ཅན་རྣམས་ཀྱི་བྱས་པའི་དགེ་བ་ཇི་སྙེད་ཡོད་པ་དང་། རང་ཉིད་ཀྱིས་སྔོན་ཆང་བྱས་པ། ཕྱིས་བྱེད་འགྱུར། ད་ལྟ་བྱེད་བཞིན་པ་སྟེ་དུས་གསུམ་དུ་གཏོགས་པའི་དགེ་བ་ཡིན་ནོ། །ཆད་དུ་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་སངས་རྒྱས་ཐོབ་པའི་དོན་དུ་མ་དམིགས་ན་ཐེག་དམན་དུ་ལྟུང་བར་འགྱུར་ཏེ། ཡུམ་བར་མ་ལས། དེ་ཡང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་ཡི། རང་གི་ཡོངས་སུ་ཐོབ་པ་ཙམ་གྱི་དོན་དུ་མ་ཡིན་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ལྟུང་བར་འགྱུར་བའི་ཕྱིར་རོ། །ཞེས་དང་། རྣམ་པའི་དམིགས་པ་ཡང་འཁྲུལ་སྣང་བདེན་ཞེན་ཅན་དུ་མ་ཡིན་པར་མེད་སྣང་སྒྱུ་མ་ལྟ་བུར་བསྔོ་བའི་ཚུལ། སྔ་མ་ལས། རབ་འབྱོར་ཆོས་ཐམས་ཅད་རྨི་ལམ་ལྟ་བུ། སྒྱུ་མ་ལྟ་བུ། དགེ་བ་ཡང་རྨི་ལམ་ལྟ་བུ། སྒྱུ་མ་ལྟ་བུའི་ཚུལ་གྱིས་ཡོངས་སུ་བསྔོ་བར་བྱ་སྟེ། ཞེས་སོ། །བསྔོ་བའི་ངོ་བོ་ནི། དགེ་རྩ་བྱང་ཆུབ་ཏུ་འདུན་པས་བསྒྱུར་བའི་བློ་ཡིན་ཏེ། འཇམ་དཔལ་ཞིང་གི་ཡོན་ཏན་བཀོད་པ་ལས། །ཆོས་རྣམས་ཐམས་ཅད་རྐྱེན་བཞིན་ཏེ། །འདུན་པའི་རྩེ་ལ་རབ་ཏུ་གནས། །གང་གི་སྨོན་ལམ་ཅི་བཏབ་པ། །དེ་འདྲའི་འབྲས་བུ་འཐོབ་པར་འགྱུར། །ཅེས་སོ། །དེ་དང་རྗེས་མཐུན་པའི་ཚིག་ཀྱང་ས་དང་པོ་ཡན་ཆད་འཕགས་ལམ་གྱི་ཡོན་ཏན་མངོན་དུ་གྱུར་བའི་བདེན་ཚིག་འགྲུབ་པ་ཞིག་གིས་གསུངས་པའི་རྗེས་སུ་འབྲང་བ་ལས་གང་རུང་རུང་གིས་འགྲུབ་པ་མ་ཡིན་ནོ། །དེང་སང་བོད་ཀྱིས་དེ་མི་ཤེས་པས་ཚིག་གི་སྦྱོར་བ་མ་


JL00_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་བ་ཙམ་ཡང་མེད་པའི་གྱ་ཚོམ་གྱི་རྗེས་སུ་རྨོངས་པའི་མངོན་ཞེན་གྱིས་འཇུག་གོ །འོ་ན་བསྔོ་བའི་ཚིག་ཤེས་ན་སྦྱིན་བདག་གིས་གདོན་པ་མ་ཡིན་ནམ་ཅེ་ན། དེས་གདོན་པ་ཡིན་ཏེ་ཚིག་གི་སྦྱོར་བ་བྱས་པ་མི་སྣང་ལ། བདེན་ཚིག་འགྲུབ་པའི་འཕགས་པ་རྣམས་ཀྱི་གསུང་སྦྱིན་བདག་གི་ཚིག་ལམ་དུ་དྲངས་ནས་བླ་མ་དང་དགེ་འདུན་རྣམས་ཀྱིས་དེའི་རྗེས་སུ་སེམས་ཕྱོགས་ནས་འགྲུབ་པར་གྱུར་ཅིག་པའི་མཐུན་འགྱུར་བརྗོད་པ་ཡིན་ནོ། །དེ་ལྟར་ཚིག་གི་སྦྱོར་བ་དང་མཐུན་འགྱུར་བྱེད་པ་པོ་བདེན་ཚིག་འགྲུབ་པ་ཡིན་ན། ཐབས་ལ་མཁས་པ་དང་། སྟོབས་གསུམ་གྱི་ནུས་པས་དེའི་དགེ་བ་ཚད་མེད་པར་འགྱུར་བའི་ཚུལ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་མཁས་པ་ནི་སྦྱིན་པ་ཉུང་ངུ་ཡང་མང་པོར་བྱེད་དེ། ཡེ་ཤེས་ཀྱི་སྟོབས་ཀྱིས་ལྷག་པར་བྱེད་དོ། །ཤེས་རབ་ཀྱི་སྟོབས་ཀྱིས་རྒྱས་པར་བྱེད་དོ། །བསྔོ་བའི་སྟོབས་ཀྱིས་དཔག་ཏུ་མེད་པར་བྱེད་དོ། །ཞེས་སོ། །དེ་དག་ཀྱང་མདོར་བསྡུ་ན་དམ་པ་གསུམ་གྱིས་ཟིན་པ་ལ་ཐར་བ་ཆ་མཐུན་གྱི་དགེ་བ་ཞེས་བྱ་སྟེ། སྦྱོར་བའི་དུས་སེམས་ཅན་ལ་ཕན་འདོད་ཀྱི་སེམས་བསྐྱེད་དམ་པས་ཟིན་པ། དངོས་གཞིའི་དུས་དམིགས་པ་མེད་པའི་ཤེས་རབ་དམ་པས་ཟིན་པ། རྗེས་རྨི་ལམ་སྒྱུ་མ་ལྟ་བུའི་བསྔོ་བ་དམ་པས་ཟིན་པ་གསུམ་ནི་བྱང་ཆུབ་དམ་པའི་ལམ་མམ་རྒྱུ་མ་ནོར་བ་ཉིད་དོ། །དེའང་རྒྱུ་དགེ་བ་སྔོན་སོང་ལ་བརྟེན་པ་བསྔོ་བ་དང་། མ་སོང་ཀྱང་སྨོན་པ་ལ་སྨོན་ལམ་ཞེས་དབྱེ་བར་གྲགས་ཏེ། རྡོ་རྗེ་རྒྱལ་མཚན་གྱི་བསྔོ་བ་བཤད་མ་ཐག་པ་ལས་མ་འོངས་པ་ན་བྱེད་པར་འགྱུར་བའི་དགེ་བའང་བསྔོས་པའི་ཕྱིར། དེ་གཉིས་དགེ་རྩ་སྔོན་དུ་སོང་མ་སོང་གཅིག་པོའི་ཆ་ནས་དབྱེ་བ་ལ་ལུང་དེས་གནོད་དོ། །སྨོན་ལམ་གདབ་པ་ལའང་བསམ་པ་བཟང་པོའི་


JL00_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བའི་རྩ་བ་དང་འབྲེལ་མ་འབྲེལ་མུ་གཉིས་སུ་གནས་པའི་ཕྱོགས་དང་པོ་སྙིང་རྗེ་ཆེན་པོ་དང་། བྱམས་པ་དག་གི་བདག་ཉིད་ཐམས་ཅད་སྦྱིན་པ་ཆེན་པོའི་དགེ་བ་ཡིན་པས་ན་རྒྱལ་བའི་ལྷས་སྤྱོད་འཇུག་གི་འགྲེལ་བ་ལས་ཀྱང་། སྨོན་དང་སྦྱིན་པ་ནི་ཡོངས་སུ་བསྔོ་བའང་ཡིན་ཏེ། སྨོན་པ་ཡོངས་སུ་བསྔོ་བར་མི་འབྱུང་བ་མ་ཡིན་ནོ། །ཞེས་བཤད་དོ། །དེ་བས་ན་རྒྱུ་དགེ་བ་སྔོན་དུ་སོང་ཡང་རུང་། ཕྱིས་བྱེད་ཀྱང་རུང་སྟེ། དགེ་བའི་རྩ་བ་དམིགས་པ་ཅན་གཅིག་ལ་བརྟེན་པ་ལ་བསྔོ་བ་དང་། བསམ་པ་བཟང་ངན་གང་གི་སྒོ་ནས་ཡིན་ཀྱང་འདོད་རྒྱལ་དུ་བརྗོད་པ་ལ་སྨོན་ལམ་ཞེས་དཔྱད་པར་རེགས་སོ། །དེ་ལྟ་ན་དམིགས་པ་མེད་པའི་དགེ་བ་ལ་བསྔོ་བ་མེད་དམ་ཞེ་ན། གཤིས་ལ་དགེ་སྡིག་ཡོད་པར་འདོད་པ་གྲངས་ཅན་པའི་གྲུབ་མཐའ་ཡིན་པས། བདག་ཅག་འདོད་པའི་ཆོས་ཀྱི་དབྱིངས་ནི་དུས་གསུམ་དང་ཁམས་གསུམ་དང་། དགེ་སྡིག་ལས་རྣམ་པར་གྲོལ་བ་ཉིད་ཀྱི་ཕྱིར་ན་དེ་ལ་བསྔོ་བ་ཡོད་པར་མི་འདོད་དོ། །དེ་སྐད་དུ་ཡང་དག་སྦྱོར་བའི་རྒྱུད་ལས་ཀྱང་། །དེ་ཡི་སྡིག་དང་བསོད་ནམས་ཀྱི། །ཆ་གཉིས་རྣམ་པར་རྟོག་པ་སྟེ། །མཁས་པས་འདི་གཉིས་རྣམ་པར་སྤང་། །ཞེས་པ་དང་མཐུན་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་རྒྱས་པར་བསྟན་ཏོ། །དེ་ལྟ་བུའི་ཡན་ལག་བདུན་པ་ཚུལ་བཞིན་དུ་བྱས་པའི་བསོད་ནམས་ཀྱི་ཆ་ནས་གཞལ་ན་དཔལ་སྦས་ཀྱིས་ཞུས་པ་ལས། གང་ཞིག་ཕྱོགས་བཅུའི་སངས་རྒྱས་ལ། །དམིགས་ནས་ཐལ་མོ་སྦྱར་བྱས་ཏེ། །ཕྱག་འཚལ་དེ་བཞིན་མཆོད་བྱད་དམ། །བསོད་ནམས་དག་ལ་ཡི་རང་ཞིང་། །སྡིག་པ་དག་ཀྱང་ཆགས་པར་བགྱིད། །བསྐུལ་ཞིང་གསོལ་བ་འདེབས་གྱུར་པ། །དེ་ཡི་བསོད་ནམས་ཕུང་པོ་ནི། །ནམ་མཁའ་གང་བར་རྟག་ཏུ་འབྱུང་། །ཞེས་གསུངས་སོ། །ཆོག་ཤེས་


JL00_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩིའི་བཏུང་བས་མ་ངོམས་ན། །སྐྱེས་བུའི་ཡིད་ལ་མ་བཟུང་མཆོད་སྤྲིན་ཡང་། །ཆིག་གི་ཕ་མཐར་འཁྱམས་ལ་སྐྲག་གྱུར་ནས། །བདག་ལུས་སྟན་དུ་དབུལ་ལའང་དོ་གལ་བགྱིད། །སྤྱིར་མཆོད་པའི་རྣམ་པ་དུ་མས་སེམས་སྦྱང་བ་མངོན་དུ་བསྟན་མོད་ཀྱི་སོ་སོའི་སྐྱེ་བོ་རྣམས་ནི་ཆོག་ཤེས་ལ་མ་འདྲིས་ཤིང་བརྐམ་ཆགས་ཀྱི་ཚ་བས་གདུངས་བཞིན་དུ། ཡིད་ལ་མ་བཟུང་བའི་མཆོད་སྤྲིན་ལ་སོགས་པ་དེ་དག་ནི་གཏོང་བའི་དངོས་པོ་དང་འབྲེལ་ཆད་པས་ཚིག་ཙམ་དུ་རྣམ་པར་འཁྱམས་པའི་ཉེས་དམིགས་སེལ་བ་དང་། རང་ལ་ཟང་ཟིང་གི་དངོས་པོ་མ་མཆིས་ཀྱང་རང་གི་བདག་ཉིད་ལ་སོགས་པ་ཡོད་བཞིན་དུ་དམིགས་པའི་རྣམ་པ་གཅིག་པ་ལ་མཆོག་ཏུ་བཟུང་བར་མི་རིགས་པས་བདག་གི་ལུས་ཀྱང་རྒྱལ་བ་སྲས་དང་བཅས་པའི་སྟན་དུ་དབུལ་བར་བྱ་སྟེ། དེ་སྐད་དུ་ཞི་བ་ལྷས། རྒྱལ་དང་དེ་སྲས་རྣམས་ལ་བདག་གིས་ནི། །བདག་གི་ལུས་འདི་སྟན་དུ་དབུལ་བར་བགྱི། །སེམས་དཔའ་མཆོག་རྣམས་བདག་ནི་ཡོངས་བཞེས་ཤིག །ཅེས་དང་། རྡོ་རྗེ་ལས་རིམ་ལས་ཀྱང་། ཕྱོགས་བཅུ་སྲས་དང་བཅས་པ་དང་། །དབང་ཕྱུག་སངས་རྒྱས་ད་ལྟ་བདག །མ་འོངས་རང་བཞིན་སེམས་ཅན་ལ། །དགོས་པ་གསུམ་ཕྱིར་ལུས་དབུལ་བྱ། །མཆོག་གི་ཡོན་ཕྱིར་སྣོད་དུ་འགྱུར། །ཞེས་ཕྱོགས་བཅུའི་བདེ་གཤེགས་སྲས་དང་བཅས་པ་ད་ལྟའི་ལམ་སྟོན་ཡོད་པ་ལ་ལྟོས་ནས་འདས་པའི་སངས་རྒྱས་སུ་མོས་ཏེ་ལུས་ཕུལ་བས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་ཡེ་ཤེས་ལ་དབང་ཐོབ་པའི་དགོས་པ་དང་། དབང་ཕྱུག་སྟེ་ད་ལྟར་བའི་སངས་རྒྱས་བླ་མ་ལ་ལུས་ཕུལ་བས་སངས་རྒྱས་ཐམས་ཅད་ཀྱི་དམ་པའི་ཡེ་ཤེས་ཐོབ་པའི་སྣོད་དུ་རུང་བའི་དགོས་པ་དང་། མ་འོངས་པ་ན་སངས་རྒྱས་སུ་འགྱུར་བ་སེམས་ཅན་གྱི་


JL00_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་བདེ་གཤེགས་སྙིང་པོའི་ཁྱབ་བྱེད་ཅན་ལ་ལུས་ཕུལ་བས་སེམས་ཅན་གྱི་དོན་མཐར་ཕྱིན་པའི་དགོས་པ་ཡོད་པས་ན། བདེ་གཤེགས་དབང་ཕྱུག་སེམས་ཅན་ལ། །དགོས་པ་གསུམ་ཕྱིར་ལུས་དབུལ་ལོ། །ཞེས་འབྱུང་ངོ་། །དཀོན་མཆོག་གསུམ་གྱི་འབང་སུ་དམ་བཅས་པའི། །གྲིབ་བསིལ་སོ་གའི་མེ་ཏོག་འཇོ་སྐེག་ཅན། །རྣམ་ཀུན་འཁྲུགས་པའི་གཤིན་རྗེའི་མདུན་སར་ཡང་། ཁྲོ་གཉེར་འཇིག་པའི་རིན་ཐང་ཟད་མི་ཤེས། །འདི་ལྟར་དཀོན་མཆོག་གསུམ་གྱི་འབངས་སུ་དམ་བཅས་ན་དོན་ཆེན་པོ་དང་ལྡན་པ་ཡིན་ཏེ། དེ་དག་གི་ཐུགས་རྗེའི་གྲིབ་བསིལ་ནི་མེ་མ་མུར་གྱི་འོབས་ནང་དུ་ཚབས་གདུང་བའི་སེམས་ཅན་དམྱལ་བ་པ་དག་སོ་གའི་མེ་ཏོག་ལོ་འདབ་རྒྱས་པའི་འོག་ཏུ་དབུགས་འབྱིན་ཐོབ་པ་ལྟར། རྣམ་པ་ཀུན་ཏུ་ཞི་བ་མ་ཡིན་པའི་གཤིན་རྗེའི་ཕོ་ཉ་ཁྲོ་གཏུམ་ཅན་དག་གིས་བཟུང་ཞིང་། བདག་གིར་བྱས་པའི་འཇིག་པ་ཆེན་པོས་ཆོས་སྐྲག་པར་བྱེད་པའི་ཁྲོ་གཉེར་ཀྱང་དཀོན་མཆོག་དྲན་པའི་མོད་ལ་ཞིག་པར་འགྱུར་བའི་རིན་ཐང་ཟད་མི་ཤས་པའི་ཐུགས་རྗེའི་བདག་ཉིད་ཅན་དེ་དག་གིས་སྐྱོབ་པར་འགྱུར་བ་ལ་ཐེ་ཚོམ་མེད་དོ། །དེའི་ཚུལ་ཡང་། གང་ཞིག་མཐོང་ན་གཤིན་རྗེ་ཡི། །ཕོ་ཉ་ལ་སོགས་སྡང་བ་རྣམས། །སྐྲག་ནས་ཕྱོགས་བཞིར་འབྱེར་བྱེད་པའི། །རྡོ་རྗེ་ཅན་ལ་སྐྱབས་སུ་མཆི། །ཞེས་པས་གསལ་ལོ། །དེ་ལྟ་མོད་ཀྱི་འགྲོ་བ་འདི་དག་ལས་ངན་གྱི་མཐུས་ཟིལ་གྱིས་ནོན་ཆེས་པས་ཀུན་ཏུ་དོན་ཡོད་པའི་དཀོན་མཆོག་གསུམ་གྱི་འབངས་སུ་དམ་བཅའ་བ་དང་། དེའི་བྲན་དུ་གྱུར་པ་ཡིན་ནོ་སྙམ་པ་ཙམ་ལའང་བསོད་ནམས་དཔག་མེད་པ་ཐོབ་པ་ཡིན་ཏེ། རྣམ་པར་རྟོག་པ་དེ་ལྟ་བུ་ནི་ཚེ་རིལ་པོ་གཅིག་ཏུའང་ཡིད་ཡུལ་དུ་འཆར་མི་མྱོང་ལ། རྒྱལ་པོ་ལ་སོགས་པ་སྡིག་ཅན་གྱི་སྐྱེ་བོ་མཐུས་གནོན་པ། ཡན་ལག་གཏུབ་པ། དཔྱངས་ཏེ་འདོགས་པ། གསལ་ཤིང་ལ་བསྐྱོན་པ། ཆང་


JL00_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

པས་འཚེ་བ། ལུས་དང་སྲོག་ལ་དབང་བྱས་ནས་བྲན་དུ་འཁོལ་བ་དེ་དག་གི་འབངས་སུ་གདོད་ནས་གྲུབ་པ་མ་ཡིན་ཀྱང་རིམ་གྲོ་ཆེན་པོ་བསྐྱེད་ནས་འཇུག་པ་འདི་དག་མཐོང་ནས་ཀྱང་སྐྱོ་བར་གྱུར་ཏེ་དཔལ་ངག་གི་དབང་ཕྱུག་གྲགས་པས། འདི་བྱ་ནང་པར་སླར་ཡང་འདི་བྱ་དེ་ནས་གཞན་ཡང་འདི་བྱ་ཞེས། །སྲིད་པ་གཡོ་བའི་རང་བཞིན་མ་ཤེས་དོན་མེད་ཡིད་བརྟན་འཚོལ་བྱེད་པའི། །སྐྱེ་དགུ་འཆི་བདག་ཁར་ནི་ཆུ་སྲིན་ཁ་རུ་གྲུ་ནི་ཞུགས་པ་ལྟར། །བྱ་བ་མཐར་མ་ཕྱིན་པར་ཡུལ་གྱི་ཆུ་ཡི་རྦ་ཀློང་ནང་དུ་ལྷུང་། །ཞེས་བཤད་པ་ལྟར་རོ། །དེས་ནི་གཏི་མུག་མཐུས་ནོན་སྡིག་ལྡན་བདག །བྱི་དོར་ཤིན་ཏུ་བསྟེན་པའི་དྭངས་ཤེལ་ལྟར། །བསོད་ནམས་རྙོག་པ་དྭངས་པའི་སེམས་ཀྱི་ནང་། །སེམས་བསྐྱེད་ཆོ་གས་ཐོབ་པའི་གཟུགས་བརྙན་དངོམ། །དེ་ལྟར་ཡན་ལག་བདུན་པ་དང་སྔོན་རྗེས་སུ་འབྲེལ་བར་སེམས་སྦྱང་བའི་ཚུལ་དེ་དག་ནི་དོན་ཆེན་པོ་དང་ལྡན་པ་ཉིད་དེ། བདག་ཅག་ནི་རྒྱུ་མེད་པར་སྐྱེ་བ་དང་། གཙོ་བོ་ལས་སྐྱེ་བ་འདོད་པ་ལྟ་བུའི་ལོག་ལྟ་ཅན་མ་ཡིན་པར་ཐོག་མ་མེད་ལྡན་ནས་འཁོར་བར་འཁྱམས་ཤིང་། ཚེ་རབས་འདིའམ་སྐྱེ་བ་གཞན་དཔག་ཏུ་མེད་པར་གཏི་མུག་གིས་མཐུས་ཟིལ་གྱིས་ནོན་པས་ཕྱུགས་ལྟར་རྨོངས་ལ། ལས་དང་ལས་ཀྱི་འབྲས་བུ་མ་འཚལ་བས་སྡིག་པའི་ལས་ལ་གོམས་ཤིང་། བཅས་པ་དང་། རང་བཞིན་གྱི་ཁ་ན་མ་ཐོ་བ་ཅན་ཡིན་པས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྐྱེ་བ་ལ་སྒྲིབ་པར་འགྱུར་བའི་དྲི་མའི་རྣམ་པ་མཐའ་དག་བཙོ་བླག་མཁན་མཁས་པས་ཆོས་ཀྱི་དོན་དུ་རས་ཡུག་ཁྲུས་ཀྱིས་སྦྱངས་པའམ། དྭངས་ཤེལ་བཟང་པོ་ལ་བྱི་དོར་བྱས་པ་བཞིན་དུ་བསོད་ནམས་མ་ཡིན་པའི་རྙོག་པ་མཐའ་དག་སྐད་ཅིག་ལ་དག་ནས་རྒྱུད་ལེགས་པར་སྦྱངས་པའི་སེམས་གཙང་མ་ལ་བརྡའ་ཅན་ཆོ་ག་ལས་ཐོབ་པའི་


JL00_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའི་སྡོམ་པ་བླ་ན་མེད་པ་དེའི་གཟུགས་བརྙན་ངོམ་པ་ཡིན་ནོ་ཞེས་ཐབས་དེ་དག་གི་ཡོན་ཏན་བསྟན་པའོ། །དེ་ནས་ཆོ་ག་དངོས་གཞིའི་དང་པོར་ཚོགས་ཞིང་ལ་གདུང་བ་བསྐྱེད་པ་སྟོན་པའི་ཕྱིར། ཉེས་པ་བརྒྱ་ཕྲག་གཡང་སར་ལྟུང་བ་ཡི། །རིམས་ཀྱིས་ཤིན་ཏུ་བཏབ་པའི་ནད་པ་རྣམས། །གསོ་དཔྱད་ཕལ་པའི་མདུན་སར་དབུགས་མི་ཕྱིན། །སྨན་པ་མཆོག་ལ་སྐྱབས་སུ་ལྷག་པར་དོང་། །དེ་ལ་གཅོང་རོང་དང་བཅས་པའི་ཟབ་ཅན་གྱི་གཡང་སར་ལྷུང་ནས་ནད་ཀྱིས་གདུངས་པར་གྱུར་ན་ཡན་ལག་བརྒྱད་པ་དང་། སོ་མ་ར་ཙ་ལ་སོགས་ཀྱི་རིག་པ་ཁོང་དུ་ཆུད་པའི་གསོ་དཔྱད་མཁན་ཕལ་པས་ཀྱང་དེའི་ཟུག་རྔུ་འབྱིན་པར་ནུས་ལ། བདག་ཅག་ནི་འདོད་ཆགས་དང་བཅས་པ། ཞེ་སྡང་དང་བཅས་པ། གཏི་མུག་དང་བཅས་པ། ང་རྒྱལ་དང་བཅས་པ། ཕྲག་དོག་དང་བཅས་པ་ཉོན་མོངས་པ་ལྔ་ཆར་གྱི་གཞན་དབང་དུ་གྱུར་བའི་སྟེང་འདོད་པའི་ལྷ་བདུད་སྡིག་ཅན་ཆུང་མ་པདྨའི་ཕྲེང་བ་དང་བཅས་པའི་སྤྱི་བོ་ན་མེ་ཏོག་གི་མདའ་ལྔ་ཡོད་པ་འདི་ལྟ་སྟེ། དྲེགས་པར་བྱེད་པ་དང་། རྨོངས་པར་བྱེད་པ་དང་། ཀུན་ཏུ་རྨོངས་པར་བྱེད་པ་དང་། བརྒྱལ་བར་བྱེད་པ་དང་། སེམས་པར་བྱེད་པ་སྟེ། དེའི་མེ་ཏོག་གི་མདའ་བསྣུན་པས་ཉོན་མོངས་པ་ལྔ་གང་ཤས་ཆེ་བ་དེ་ལ་ཕོག་པས་དེ་རབ་ཏུ་འབར་བར་གྱུར་ཏེ། དེའི་དབང་དུ་སོང་ནས་ཐར་བ་དང་མངོན་པར་མཐོ་བ་ལས་ཉམས་པར་གྱུར་བའི་ཉེས་པ་བརྒྱ་ཕྲག་གི་གཡང་སར་ལྷུང་ངོ་། །ལྷུང་ནས་ཀྱང་དེ་ལ་རིམས་ནད་ཀྱི་རྣམ་གྲངས་འདི་དག་གིས་འདེབས་པར་འགྱུར་ཏེ་ཟག་པ་བཞི་དང་། ཆུ་བོ་བཞི་དང་། སྦྱོར་བ་བཞི་དང་། ཉེ་བར་ལེན་པ་བཞི་དང་། འཆིང་བ་གསུམ་དང་། ཀུན་ནས་སྦྱོར་བ་དགུ་དང་། སྲིད་པའི་ཀུན་ཏུ་སྦྱོར་བ་བཅོ་བརྒྱད་དང་། ཀུན་ནས་དཀྲིས་པ་བཅུ་དང་། ཉོན་མོངས་པའི་ས་མང་པོ་དྲུག་དང་། ཉོན་མོངས་པའི་


JL00_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་མ་དྲུག་དང་། སྒྲིབ་པ་ལྔ་དང་། ཐ་མའི་ཆ་དང་མཐུན་པ་ལྔ་དང་། གོང་མའི་ཆ་དང་མཐུན་པ་ལྔ་དང་། ས་མང་པོ་བ་བཅུ་དང་། མི་དགེ་བའི་ས་མང་པོ་པ་གཉིས་དང་། རྣལ་འབྱོར་རྣམས་ཀྱི་གཞི་ཕྲན་ཚེགས་ཀྱི་མིང་ཅན་ལྔ་བཅུ་རྩ་བདུན་དག་གོ །ཉེ་བའི་ཉོན་མོངས་པ་དག་ནི་མང་དུ་ཡོད་དེ་གཙོ་བོ་ཇི་ལྟ་བ་བཞིན་དུ་བརྒྱ་ལྔ་བཅུ་རྩ་དྲུག་ཡིན་ནོ། །དེ་ལྟ་བུའི་རིམས་ནད་དྲག་པོ་གང་ཡིན་པ་དག་ལས་ཁྲོས་པ་གཅིག་གིས་འཛམ་བུའི་གླིང་གི་མི་ཀུན་བརླག་པར་བྱེད་ཀྱང་གསོ་དཔྱད་ཕལ་པ་རྣམས་ཀྱིས་དེ་ལ་ཐབས་ཡོད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན་རླུང་ལས་གྱུར་པ་དང། མཁྲིས་པ་ལས་གྱུར་པ་དང། བད་ཀན་ལས་གྱུར་པ་དང་། འདུས་པ་ལས་གྱུར་པའི་ནད་བཞི་བརྒྱ་རྩ་བཞི་དག་གིས་གཟིར་བའི་རྒྱུ་གང་ཡིན་པ་དེ་གསོ་མི་ཤེས་པའི་ཕྱིར་རོ། །དེའི་ཕྱིར་སྨན་པའི་མཆོག་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ལུས་ཀྱི་ཟུག་རྔུའི་རྒྱུ་འབྱིན་ཅིང་། དམ་པའི་ཆོས་ཀྱི་སྨན་ལ་བསྟེན་ནས་ཉོན་མོངས་པའི་ཟུག་རྔུ་རྩད་ནས་འབྱིན་པར་མཛད་པས་ན་དེ་ཁོ་ན་ལ་སྐྱབས་སུ་སོང་ཞིག་དང་། སྨན་གྱི་མཆོག །རབ་དང་། ཕུལ་དང་། གྱ་ནོམ་པའང་ཡིན་ལ། ཉོན་མོངས་པའི་ནད་བཞི་བརྒྱ་རྩ་བཞིའི་གཉེན་པོར་གྱུར་པ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བདེ་བླག་ཉིད་དུ་ཐོབ་པར་འགྱུར་རོ་ཞེས་ཚོགས་ཞིང་ལ་གདུང་བ་བསྐྱེད་པའི་མཐུ་བསྟན་པའོ། །དེ་ལྟར་གདུང་བ་བསྐྱེད་ནས་དམ་པའི་བླ་མ་ཡོད་ན་མཆོག་ཡིན་ལ། རྣམ་པ་ཙམ་མེད་ཀྱང་རུང་སྟེ་ཚོགས་ཞིང་གསལ་གདབ་པ་ནི། མོས་པ་གང་གི་སླད་དུ་འདིར་གཤེགས་ནས། །སེམས་ཅན་ཁམས་ལ་དགོངས་པའི་སྟོན་མཆོག་ནི། །ཐེག་པ་ཆེན་པོའི་སྐྱེས་བུ་འབའ་ཞིག་པའི། །ཚོགས་ཀྱི་དབུས་ན་ལྷམ་མེར་མཛེས་པ་ལ། །ཞེས་སྡོམ་པ་བླང་བའི་ཡུལ་དེ་བཞིན་གཤེགས་པའི་རང་བཞིན་མཐོང་ན་མི་མཐུན་པ་མེད་པ་ཉིད། དམ་


JL00_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆོས་ཐེག་ཆེན་གྱི་འགོག་ལམ་བདེན་པ་དག་དགེ་འདུན་ཕྱིར་མི་ལྡོག་པའི་བྱང་སེམས་འཕགས་པ་འབའ་ཞིག་གི་དབུས་ན་བཞུགས་པ་ལ་ངེས་པ་འདྲེན་ཅིང་དད་པ་བསྐྱེད་པར་བྱ་སྟེ། སྤྱོད་འཇུག་ལས། སངས་རྒྱས་བྱང་ཆུབ་སེམས་དཔའ་དག །ཀུན་ཏུ་ཐོགས་མེད་གཟིགས་པར་ལྡན། །དེ་དག་ཐམས་ཅད་སྤྱན་སྔ་ན། །རྟག་པར་བདག་ནི་གནས་སོ་ཞེས། །དེ་ལྟར་བསམས་ནས་ངོ་ཚ་དང་། །གུས་དང་འཇིགས་ལྡན་དེ་བཞིན་མནོས། །ཞེས་པ་ལྟར་ཕྱོགས་གཤེད་ནས་སྤྱན་དྲངས་དགོས་པ་དང་། བདག་ཉིད་ཡུལ་བགྲོད་པའི་གདུང་བས་ཉེན་མི་དགོས་པ་ཉིད་དོ། །དགེ་བའི་ལྷས་ཀྱང་། བླ་མ་མ་རྙེད་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྡོམ་པ་འདུས་པ་དང་ལྡན་ན། བྱང་ཆུབ་ཀྱི་མཐར་འབྱོན་པ་ཐམས་ཅད་ལ། ཐོགས་པ་མེད་པའི་སྤྱན་མངའ་བས་མདུན་བལྟས་ལ། དེ་དག་ལ་དད་པའི་བྱ་བ་དྲག་པོ་དང་། དེ་ཁོ་ན་ཉིད་ལ་ལྷག་པར་མོས་པ་དག་གིས་ཡང་དག་པར་བླང་བར་བྱའོ། །ཞེས་སོ། །བླང་བ་དངོས་ནི། སྡེབ་སྦྱོར་ལྷུར་ལེན་པས་གཞུང་མཛེས་པ་གཙོ་བོར་བྱེད་པ་མ་ཡིན་པར། ཕན་འདོགས་པ་ལྷུར་ལེན་པས་སེམས་འདུལ་བ་གཙོ་བོར་བྱེད་ཅིང་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཐམས་ཅད་ཀྱི་ལུས་མ་ཚང་བ་མེད་པ་སློབ་དཔོན་ཞི་བ་ལྷའི་ལུགས་ལྟར་ན། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །ཞེས་པའི་ཤོ་ལོ་ཀས་ཐུན་མོང་མ་ཡིན་པའི་སྐྱབས་སུ་འགྲོ་བ་བྱས་ནས། དེ་ལ་འདིར་སྨོན་འཇུག་གི་སེམས་བསྐྱེད་དང་སྡོམ་པ་བླང་ཚུལ་སོ་སོར་དབྱེ་ན། སློབ་དཔོན་མཁས་པ་ཆེན་པོ་ཀྲྀཥྞ་བའི་སྤྱོད་འཇུག་གི་དཀའ་འགྲེལ་ལས། དེ་ནས་སེམས་བསྐྱེད་པ་འདོད་པ་ཞིག་ན་ནི། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱི། །བྱང་ཆུབ་ཐུགས་ནི་བསྐྱེད་པ་ལྟར། །ཞེས་བྱ་བ་འདི་ལན་གསུམ་བརྗོད་དོ། །དེ་ནས་བཟུང་སྟེ་བྱང་ཆུབ་སེམས་དཔའ་ཞེས་བྱ་ཞིང་སྔར་བཤད་པའི་ཡོན་ཏན་རྣམས་


JL00_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པའོ། །གལ་ཏེ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། སྡོམ་པ་གཉིས་ཀ་ལེན་པར་འདོད་པ་ཞིག་ན་ནི། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱི། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །དེ་བཞིན་དུ་ནི་བསླབ་པ་ལའང་། །རིམ་པ་བཞིན་དུ་བསླབ་པར་བགྱི། །ཞེས་ལན་གསུམ་བརྗོད་དོ། །ཞེས་བཤད་དོ། །དེ་ལྟ་མོད་ཀྱི་བསླབ་བཏུས་ལས་འཇུག་སེམས་དང་སྡོམ་པ་དོན་གཅིག་ཏུ་གསུངས་པའི་རྗེས་སུ་འབྲངས་ནས་འདིར་སྨོན་འཇུག་གི་ཆོ་ག་ཐ་དད་པར་དབྱེ་བ་ལས་སྡོམ་པ་ལོགས་བཅད་དུ་མི་བཟུང་ངོ་། །དེ་ཡང་། གཞན་དོན་དུ་སངས་རྒྱས་ཐོབ་པར་བྱའོ་སྙམ་པ་ཙམ་ནི་སེམས་བསྐྱེད་ཙམ་པོ་པ་ཡིན་ཏེ། ཅིའི་ཕྱིར་ན་ལམ་སྒྲོན་ལས། ལྡོག་པ་མེད་པར་དམ་འཆའ་བའི། །བྱང་ཆུབ་སེམས་ནི་བསྐྱེད་པར་བྱ། །ཞེས་པ་ལྟར་སེམས་ཅན་ཐམས་ཅད་ལ་དམིགས་ནས་སེམས་བསྐྱེད་པ་དེ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་མི་གཏོང་ངོ་སྙམ་དུ་དམ་འཆའ་བ་ནི་སྨོན་སེམས་མཚན་ཉིད་པ་ཡིན་པས། དེའི་བསླབ་བྱ་ལ་སློབ་པར་ནུས་ན། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱི། །བྱང་ཆུབ་ཐུགས་ནི་བསྐྱེད་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །ཞེས་སོགས་མཚམས་སྦྱོར་ཤེས་པར་བྱས་ནས་སྨོན་སེམས་བླང་བ་ཡིན་ནོ། །འཇུག་སེམས་ཀྱི་ཆོ་ག་ནི་དཀྱུས་བཞིན་དུ་བྱས་ནས་བླང་བ་སྟེ། དོན་ལ་བསླབ་བྱ་སློབ་ནུས་མི་ནུས་ཀྱི་སྒོ་ནས་དབྱེ་བ་བྱས་པའི་ཕྱིར། བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །ཞེས་པའི་རྐང་པ་གཉིས་པོས་འཇུག་སྡོམ་འབོགས་རུང་མི་རུང་གི་རྣམ་པར་ཕྱེ་བ་རིགས་པར་བྱའོ། །


JL00_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་ནི་སློབ་དཔོན་ཀླུའི་དབང་པོ་དང་། རྒྱལ་སྲས་ཞི་བ་ལྷའི་ལུགས་ལྟར་སྨོན་འཇུག་སྟབས་གཅིག་པའི་བྱང་སྡོམ་གྱི་ཆོ་ག་མཚན་ཉིད་པ་སྟོན་པའི་ཕྱིར། སྐྱབས་སུ་འགྲོ་བ་གསུམ་གྱི་གཞི་བཅས་ལ། །དགོངས་སུ་གསོལ་བ་གསུམ་གྱི་སད་བྱས་ནས། །རྒྱལ་བ་སྲས་དང་བཅས་པའི་ཐུགས་བསྐྱེད་དང་། །བསླབ་པའི་བརྟུལ་ཞུགས་ཡང་དག་བླང་བ་ཡིན། །ཉོན་སྒྲིབ་ཟུག་རྔུའི་དུམ་བུ་བཅད་གྱུར་ཀྱང་། །ཤེས་སྒྲིབ་ཡུལ་གྱི་རོ་ལ་གཅགས་པ་ཡི། །ཉན་རང་དགྲ་བཅོམ་མ་བསྒྲལ་བ་ལས་བསྒྲལ། །གཉིས་ཀའི་འཆིང་བས་ཀུན་ནས་དཀྲིས་པ་ཡི། །ཚངས་པ་ལ་སོགས་སོ་སོ་སྐྱེ་བོ་ནས། །སློབ་པ་འཕགས་པའི་བར་ལ་གནས་པ་ཡི། །སེམས་ཅན་མ་གྲོལ་བ་རྣམས་དགྲོལ་བ་དང་། །ཤིན་ཏུ་སྡུག་བསྔལ་དྲག་པོའི་ཤུགས་རིང་ལས། །དབུགས་འབྱིན་ཐོབ་པ་མེད་པའི་ངན་སོང་གསུམ། །དབུགས་འབྱིན་ཆེན་པོའི་གནས་ལ་སྦྱར་བ་དང་། །མདོར་ན་རྟེན་ཅིང་འབྲེལ་འབྱུང་བཅུ་གཉིས་ཀྱི། །འཁོར་ལོའི་རྒྱར་ཆུད་སེམས་ཅན་ཡོད་དོ་ཅོག །མི་གནས་ཡེ་ཤེས་མྱ་ངན་འདས་པའི་གྲོང་། །དགོད་བྱེད་ཆོ་གས་བཟུང་བའི་བརྗོད་པ་ནི། །སྔོན་བྱོན་དྲང་སྲོང་རྣམས་ཀྱི་ལུགས་ལ་བརྟེན། །དེ་ལ་གང་ཟག་དམ་པ་ཁ་ཅིག་དཀོན་མཆོག་གི་དྲུང་དུ་རང་གིས་ལེན་པའམ། ལས་དང་པོ་དང་ཕལ་པ་བླ་མ་ལས་ལེན་པའི་ཚལ་འདྲ་ཡང་། བླ་མ་ལས་ལེན་ན་འཁོར་བའི་ཉེས་དམིགས་དང་ཐར་བའི་ཕན་ཡོན། ཁྱད་པར་བྱང་ཆུབ་སེམས་ཀྱི་རང་བཞིན་བརྗོད་ནས་བློ་བཅོས་པ་བླ་མ་ཉིད་ཀྱིས་བྱ་ལ། བླང་བའི་ཚིག་ནི་ཚུལ་ཁྲིམས་ཀྱི་ལེའུ་ལས་བཤད་པ་དང་། བསླབ་པ་ཀུན་ལས་བཏུས་པར་བཤད་པའི་ཆོ་གས་བླང་བའམ། ཡང་ན་ལེན་པ་པོས་ཁྲུས་བྱས། གོས་བཟང་པོ་བགོས། དགེ་བའི་བཤེས་གཉེན་ལ་སྟོན་པའི་འདུ་ཤེས་བཞག་ནས་ཕྱག་འཚལ་བ་དང་། མཎྜལ་འབུལ་


JL00_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ཡོན་སྟོབ་པ་དང་། ཡན་ལག་བདུན་པ་ཕུལ་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་ཐལ་མོ་སྦྱར་ཏེ། ཁོང་ཁྲོ་བ་ལ་སོགས་པ་སེམས་ཀྱི་བར་ཆད་མེད་ཅིང་འཁོར་བའི་མཐའ་ལ་སྐྱོ་བ་དང་། ཞི་བའི་མཐའ་ལ་ཞེན་པའི་མཐའ་གཉིས་དང་བྲལ་ཞིང་བྱང་ཆུབ་ཀྱི་སེམས་ལ་དགའ་ཞིང་སྤྲོ་བ་དང་བཅས་པའི་སེམས་ཀྱིས་ཚད་མེད་བཞིའི་དོན་ལ་བློ་འབྱོངས་པས་འདིའི་རྗེས་སུ་བཟློ་བར་བྱའོ། ༈ །ཇི་ལྟར་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་རྩ་གཉིས་ལ་སོགས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། ས་ཆེན་པོ་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་དོན་དུ། དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །ཞི་བ་འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཐེག་པ་ཆེན་པོའི་སྡེ་སྣོད་གཙོ་བོར་གྱུར་བའི་དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་འཕགས་པ་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་ལན་གསུམ་བརྗོད་པ་ནི་སྡོམ་པའི་གཞི་བཅའ་བ་ཡིན་ཏེ་སྐྱབས་འགྲོ་བདུན་ཅུ་ལས། སྡོམ་པ་ཀུན་ལ་ཡོད་མོད་ཀྱིས། །སྐྱབས་སུ་མ་སོང་བ་ལ་མེད། །ཅེས་སྔར་དྲངས་པ་ལྟར་རོ། །ཇོ་བོས་མཛད་པའི་ཆོ་ག་ལ་ནི་དཀོན་མཆོག་རེ་ལ་དགོངས་གསོལ་རེ་ཡོད་དོ། །དེ་ནས་སེམས་བཟུང་བའི་ཕྱིར་སྙིང་རྗེ་ཆེན་པོ་མངོན་དུ་བྱས་ཏེ། སེམས་ཅན་མ་ལུས་པ་


JL00_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

གདོན་བར་འདོད་པའི་བསམ་པ་རྩེ་གཅིག་པས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་བདག་ལ་དགོངས་སུ་གསོལ། ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱང་བདག་ལ་དགོངས་སུ་གསོལ། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་ཀྱང་བདག་ལ་དགོངས་སུ་གསོལ། ཇི་ལྟར་སྔོན་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། ས་ཆེན་པོ་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་རྫོགས་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་དེ་རིང་ནས་བཟུང་སྟེ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིའོ། །སེམས་ཅན་མ་བསྒྲལ་བ་རྣམས་བསྒྲལ་བར་བགྱིའོ། །མ་གྲོལ་བ་རྣམས་དགྲོལ་བར་བགྱིའོ། །དབུགས་མ་ཕྱུང་བ་རྣམས་དབུགས་དབྱུང་བ་བགྱིའོ། །ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་མྱ་ངན་ལས་འདའ་བར་བགྱིའོ། །ཞེས་ལན་གསུམ་བརྗོད་པས་བླང་བར་བྱའོ། །དེ་ལྟར་བླངས་ནས་ཀྱང་། རྟག་ཏུ་ཉིན་དང་མཚན་མོ་ལན་གསུམ་དུ། །བྱང་ཆུབ་སེམས་གཉིས་བསྐྱེད་ལ་ནན་ཏན་བྱ། །དེ་ལྟར་བྱས་པས་བྱང་ཆུབ་ཀྱི་སེམས་བག་ལ་ཉལ་སློང་བ་དང་། ཉམས་པ་གསོ་ཞིང་བརྗེད་པར་མི་འགྱུར་རོ། །འཐོབ་ཚུལ་གྱི་ངེས་པ་སྟོན་པའི་ཕྱིར། །འདུན་པའི་རྩེ་ལ་ཆོས་རྣམས་རྐྱེན་ཆགས་པས། །བརྗོད་པ་དང་པོས་སྨོན་དང་གཉིས་པས་འཇུག །གསུམ་པས་གཉིས་ཀ་བརྟན་པར་ཐོབ་པ་ནི། །རྒྱ་མཚོའི་སྤྲིན་གྱི་བཞེད་པ་བླ་ན་མེད། །དེ་ཡང་བརྗོད་པ་དང་པོས་སྨོན་པ་དང་། གཉིས་པས་འཇུག་པ་དང་། གསུམ་པས་གཉིས་ཀ་ཆོས་བརྟན་པའི་ཚུལ་གྱིས་འཐོབ་པས་ན་རྒྱ་མཚོ་སྤྲིན་གྱིས། དེ་ལ་བརྗོད་པ་དང་པོ་དང། གཉིས་པ་དང་། གསུམ་པ་དག་གིས་སྨོན་པ་དང་། འཇུག་པ་དང་གཉིས་ཀ་ཆེས་


JL00_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་པའི་མཆོག་ཉིད་ཐོབ་པར་འགྱུར་ཏེ་ཞེས་བསྟན་ཏོ། །དེ་ལྟ་ན་བརྗོད་པ་དང་པོའི་དུས་ན་འཇུག་པའི་ཁས་བླངས་བརྗོད་པས་སྨོན་པར་མི་རུང་ངོ་སྙམ་ན། སྨོན་སེམས་ཀྱི་འཇུག་པ་ལའང་ཁྱབ་པས་འཇུག་སྡོམ་བླངས་པས་སྨོན་པ་ཡང་ཞར་ལ་འཕེལ་བར་འགྱུར་ལ། འཇུག་པས་སྨོན་པ་ལ་མ་ཁྱབ་པས་ལམ་སྒྲོན་ལས་ཀྱང་། འཇུག་སེམས་བདག་ཉིད་སྡོམ་པ་མ་གཏོགས་པ། །ཡང་དག་སྨོན་པ་འཕེལ་བར་འགྱུར་བ་ཡིན། །ཅེས་དང་། ཁྱད་པར་སྡོམ་པ་བླང་བ་ལ་སོགས་པའི་གནས་སྐབས་འདི་དག་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དོན་དུ་གཉེར་བའི་དུས་ཡིན་པས་ཀུན་རྫོབ་པའི་དུས་ན་ཆོས་ཐམས་ཅད་རྐྱེན་ལ་རག་ལས་པའི་ཕྱིར་ན་འདིར་སྨོན་འཇུག་སྟབས་གཅིག་ཏུ་ལེན་པའི་དུས་དེ་གཉིས་པོ་ཐ་དད་པ་མ་ཡིན་པར་བློ་རྫས་གཅིག་དུས་གཅིག་བྱེད་པ་གཅིག་པའི་བདག་ཉིད་དུ་སྐྱེ་བ་ཡིན་ཏེ། བྱང་ཆུབ་སེམས་དཔའི་ས་ལས། སྨོན་པ་དང་འཇུག་པ་འདི་གཉིས་ནི། ངོ་བོ་དབྱེར་མེད་པས་གཞན་གྱི་དོན་དུ་བྱེད་པ་གཅིག་པ་ཉིད་དང་། ཐ་མི་དད་པའི་རང་བཞིན་དུ་ཤེས་པར་བྱ་བ་ཉིད་དོ། །ཞེས་བཤད་པའི་ཕྱིར་རོ། །འོ་ན་ཆོ་ག་ཐ་དད་པ་ལྟར་སྦྱར་བའི་དགོས་པ་གང་ཡིན་ན། སེམས་བསྐྱེད་པར་འདོད་པ་སྡོམ་པ་བླངས་མི་ནུས་པའི་རིགས་ཅན་ལ་དམིགས་པ་ཡིན་ནོ། །སྤྱིར་སྨོན་འཇུག་གི་ངོས་འཛིན་ལ་གནས་བརྟན་མཆེ་བའི་སྡེ་ལ་སོགས་པ་འཇིག་རྟེན་པའི་ལམ་སྨོན་པ་དང་། བདེན་པ་མཐོང་བའི་དབང་ལས་འཇུག་པར་བརྗོད་པ་དང་། ལ་ལ་བསོད་ནམས་མངོན་པར་འདུ་བྱ་བ་དང་ལྡན་པ་ལ་འཇུག་པ་དང་། དེ་དང་མི་ལྡན་པ་ལ་སྨོན་པ་ཞེས་འདོད་པ་དག་གི་ལུགས་སུ་ཡོད་དེ། ཀྲྀཥྞ་པའི་དཀའ་འགྲེལ་ལས། ཁ་ཅིག་གིས་བསོད་ནམས་མངོན་པར་འདུ་བྱ་བ་དང་ལྡན་པའི་སེམས་བསྐྱེད་པ་ནི་འཇུག་པ་བྱང་ཆུབ་ཀྱི་སེམས་


JL00_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བརྗོད་ལ། བསོད་ནམས་མངོན་པར་འདུ་བྱ་བ་དང་མི་ལྡན་པའི་སེམས་བསྐྱེད་པ་ཐམས་ཅད་སྨོན་པ་ཅན་ནོ་ཞེས་བརྗོད་པ་དེ་དག་དྲང་བ་མ་ཡིན་ཏེ། འདིར་ནི་སེམས་སྦྱངས་པའི་གང་ཟག་བྱང་ཆུབ་ཏུ་སྨོན་ལམ་བཏབ་ཅིང་། བསླབ་པ་ལ་གནས་པ་དེའི་བསླབ་པ་མི་འཇིག་པར་རྗེས་སུ་གསུངས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་དེ་ཉིད་སེམས་བསྐྱེད་པ་འཕེལ་བ་དང་། འཇུག་པའི་བྱང་ཆུབ་ཀྱི་སེམས་སོ་ཞེས་བློའི་ཕ་རོལ་ཏུ་ཕྱིན་པ་དག་འཆད་དོ། །ཞེས་སྨོན་འཇུག་ངོ་བོ་གཅིག་པར་བཞེད་དོ། །མཚན་ཉིད་བསྒོམས་སྟོབས་ཀྱིས་ཐོབ་པ་དོན་དམ་པའི་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེས་པའི་དུས་ན་ནི་ཆོས་ཐམས་ཅད་བདག་མེད་པར་མཐོང་བས་ཆོ་ག་ལ་སོགས་པའི་རྐྱེན་ལ་རག་ལས་པར་འདོད་པ་ཡང་མི་རིགས་ཏེ་ལང་ཀར་གཤེགས་པ་ལས། གཞན་དག་ནི་ཆོས་ཐམས་ཅད་རྐྱེན་ལ་རིག་ལས་པར་མཐོང་ནས་མྱ་ངན་ལས་འདས་པའི་བློར་འགྱུར་ཏེ། ཆོས་ལ་བདག་མེད་པར་མཐོང་བ་མེད་པའི་ཕྱིར་བློ་གྲོས་ཆེན་པོ་དེ་དག་ལ་ཐར་བ་མེད་དོ། །ཞེས་སོ། །དེ་ལྟར་བྱང་ཆུབ་ཀྱི་སེམས་ཐོབ་ནས་ཕྱི་ཕྱིར་རྒྱས་པར་བྱ་བའི་ཕྱིར་ཐོག་མར་རང་གི་སེམས་གཟེངས་བསྟོད་པ། སྔོན་ཆད་གཞན་གྱི་དོན་ལ་ལྟ་ཅི་སྨོས། །རང་དོན་ཉིད་དུ་རྨི་བའང་མ་མྱོང་བའི། །རིན་ཆེན་སེམས་ཀྱི་ཁྱད་པར་དམ་པ་འདིས། །བདག་གི་སྲིད་པ་རིན་ཐང་མེད་པ་བྱས། །དེ་ལ་བདག་ལ་སོགས་པས་སྐྱེ་བའི་ཕ་མཐའ་འཚལ་བའི་མཐར་ཐུག་པ་མེད་པ་ཞིག་བླངས་ཀྱང་། དེ་རིང་སྐྱེས་པའི་སེམས་ཀྱི་ཁྱད་པར་ཅན་འདི་ལྟ་བུ་ནི་འཇིག་རྟེན་སྐྱོང་བའི་ལྷ་དང་། ཤེད་ལས་སྐྱེས་ལ་སོགས་པའི་དྲང་སོང་དང་། འཇིག་རྟེན་གྱི་མེས་པོ་ཚངས་པ་དང་། ཕ་དང་མའམ་བདག་ཉིད་ལ་སོགས་པ་མཐའ་དག་པས་སྔོན་ཆད་གཞན་གྱི་དོན་དུ་ལྟ་ཅི་སྨོས། རང་དོན་དུའང་མངོན་སུམ་དུ་ལྟ་ག་ལ་ཞིག་སྟེ། རྨི་ལམ་ཙམ་དུའང་མ་རྨིས་ཤིང་ཉམས་སུ་མ་


JL00_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

མྱོང་ངོ་། །དེ་སྐད་དུ་དངོས་གྲུབ་བརྙེས་ཤིང་འཕགས་པ་འཇམ་དཔལ་གྱི་ལུང་ཡོད་པ་ཞི་བ་ལྷས། ཕའམ་ཡང་ན་མ་ཡང་རུང་། །སུ་ལ་འདི་འདྲའི་ཕན་སེམས་ཡོད། །ལྷ་དང་དྲང་སྲོང་རྣམས་ཀྱང་རུང་། །ཚངས་པ་ལ་ཡང་འདི་ཡོད་དམ། །སེམས་ཅན་དེ་དག་ཉིད་ལ་སྔོན། །རང་གི་དོན་དུ་འདི་འདྲའི་སེམས། །རྨི་ལམ་དུ་ཡང་མ་རྨིས་ན། །གཞན་གྱི་དོན་དུ་ག་ལ་སྐྱེ། །ཞེས་སོ། །དེ་ལྟར་གཞན་ལའང་མི་སྲིད་ཅིང་རང་གིས་ཉམས་སུ་མ་མྱོང་བའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དེ་རིང་ཐོབ་ཅིང་། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཡང་དག་པར་བླངས་པས་བདག་གི་སྲིད་པ་ལ་འབྲས་བུ་ཡོད་ཅིང་རིན་ཐང་མེད་པའི་གནས་སུ་གྱུར་བ་ལ་དགའ་བ་རྒྱ་ཆེན་པོ་སྒོམ་མོ། །རྒྱུ་གང་གིས་ན། རིགས་ལས་ཉམས་པ་གང་ཞིག་ཆོ་རིགས་ཀྱི། །ལྷག་པར་བཙུན་པའི་གནས་ཐོབ་ཇི་བཞིན་དུ། །རྒྱལ་བ་ཀུན་གྱི་སྲས་སུ་དང་གྱུར་པས། །བྱང་ཆུབ་སེམས་དཔའི་མིང་གི་ཅོད་པན་འཐོབ། །འདི་ལྟར་འཇིག་རྟེན་ན་གདོལ་བ་དང་གཡུང་པོ་ལ་སོགས་པ་རིགས་ཀྱི་ཉམས་དམས་པ་དག །ཆོ་རིགས་དང་ལྡན་པའི་རྒྱལ་པོའི་སྲིད་ལ་དབང་བསྐུར་བ་བཞིན་དུ། བདག་ཅག་ཀྱང་སྔོན་ཚད་བྱང་ཆུབ་སེམས་དཔའི་རིགས་ལས་ཉམས་པ། བྱམས་པའི་སེམས་དང་ལྡན་པ། སྙིང་རྗེ་མེད་པའི་མ་རབས་སྡིག་ཅན་དུ་ཁ་ཚོན་ཆོད་པ་དེ། དེ་རིང་བྱང་ཆུབ་ཏུ་སེམས་བསྐྱེད་པ་འཐོབ་པའི་རྒྱུས་སངས་རྒྱས་ཀྱི་རིགས་སུ་སྐྱེས་པས་རྒྱལ་བའི་སྲས་སུ་གྱུར་ཅིང་། སེམས་དེ་མ་ཉམས་པ་ཡོད་པ་དེ་སྲིད་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་སྡེ་ཚན་དུ་ཚུད་དོ། །དེ་སྐད་དུ་སྤྱོད་འཇུག་ལས། དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །ཞེས་སོ། །དེ་ལྟ་ན་ས་བཅུ་པ་ལས་ས་


JL00_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ལ་གནས་པ་དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པ་ཡིན་ནོ། །ཞེས་བཤད་པས་འདིར་སྡོམ་པ་བླང་བ་པོ་འཕགས་པའི་གང་ཟག་ཡིན་པས་མ་ཁྱབ་ཅེ་ན། ནམ་མཁའི་སྙིང་པོའི་མདོ་ལས། བྱང་ཆུབ་སེམས་དཔའི་སྡོམ་པ་ཡང་དག་པར་ལེན་པ་ནི་འཕགས་པ་མ་ཡིན་པ་དག་ལ་ཡང་ཡོད་དོ། །ཞེས་དང་། བྱང་ས་ལས། མས་པས་སྤྱོད་པའི་ས་ལ་དགེ་བའི་རྩ་བ་བརྟན་པ་གཅིག་ལ་བྱང་ཆུབ་ཀྱི་སེམས་སྐྱེའོ། །ཞེས་བཤད་པས་ས་དང་པོ་ལ་གནས་པ་ནི་མཚན་ཉིད་པ་སྒོམས་སྟོབས་ཀྱིས་ཐོབ་པའི་རིགས་ཅན་ཡིན་པར་བཟུང་སྟེ། སྤྱོད་ཡུལ་ཡོངས་སུ་དག་པའི་མདོ་ལས། ཆོས་ཐམས་ཅད་བདག་མེད་པའི་ངོ་བོ་དེ་ཁོ་ན་མངོན་དུ་བྱེད་པ་མཐོང་བའི་ལམ་གྱིས་བསྡུས་པ་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ངོ་བོ་ཉིད་འབྱུང་ངོ་། །དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པ་ཡིན། །བྱང་ཆུབ་སེམས་དཔའི་ས་དང་པོ་ཐོབ་པ་ཡིན། །ཅེས་སོ། །ཡང་། སྲིད་གསུམ་བདག་པོ་བྱས་དང་དེ་ཉིད་ཀྱིས། །རྨོངས་པའི་བླ་དྭགས་དབྱངས་ལའང་དགའ་བྱེད་ན། །བྱང་ཆུབ་སེམས་དཔའི་གནས་ཐོབ་དེ་རིང་ཙམ། །དགའ་བའི་འཁྲི་ཤིང་སློང་ལ་ལྷ་ཡང་ཕྱོགས། །འདི་ལྟར་སྲིད་པ་གསུམ་སྟེ་ས་འོག །ས་སྟེང་ས་བླ་གསུམ་ཀའི་བདག་པོར་གྱུར་ན་འཁོར་བ་འདི་ན་ང་ལས་ཆེ་ཞིང་བཙན་པ་མ་མཆིས་སོ་སྙམ་ནས་རབ་ཏུ་དྲེགས་ཤིང་དགའ་བར་འགྱུར་ཀྱང་འཁོར་བའི་རང་བཞིན་ལ་མཐོ་དམན་ངེས་པ་མེད་པས་དེ་ནི་སྔར་ཡང་ལན་བརྒྱར་བྱས་སྲིད་ཀྱིས། དེ་བཞིན་དུ་དེ་ཉིད་དང་མཚུངས་པའི་མིང་གི་བླ་དྭགས་གནམ་གྱིས་བསྐོས་པ་ལ་སོགས་པའི་ཆོ་ལོ་དབྱངས་པ་ལའང་འཇིག་རྟེན་ན་རྨོངས་པ་དག་དགའ་བ་བསྐྱེད་ན། བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་གནས་དང་མིང་ཙམ་འཐོབ་པ་ནི་དེ་རིང་གི་ཉིན་པར་རོ། །རྒྱུ་དེ་ལས་སེམས་ཅན་གྱི་ཁམས་མཐའ་ཡས་པ་དག་ཀྱང་དབུགས་དབྱུང་བའི་སེམས་


JL00_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

མི་འདོར་ཞིང་ཕན་པའི་སེམས་ཁོ་ནས་བདེ་བའི་ལོངས་སྤྱོད་ལ་མགྲོན་དུ་བོས་ནས་ཚིམ་པར་བྱེད་ནུས་པ་ཡིན་པས་ལྷ་ཡང་ཞེས་པའི་ཁོངས་ནས་ལྷ་མ་ཡིན་ལ་སོགས་པ་དག་ཀྱང་དགའ་བར་བགྱིད་པའི་འཁྲི་ཤིང་སློངས་ཤིག་ཅེས་གཞན་གྱི་སེམས་གཟེངས་བསྟོད་པ་ཡིན་ནོ། །ཡང་། འཆི་བདག་འཇོམས་པའི་བདུད་རྩི་མི་ཟད་གཏེར། །དབུལ་བ་སེལ་བའི་ནོར་དང་ནད་ཞིའི་སྨན། །སྲིད་ལམ་དུབ་པའི་མགྲོན་པོའི་ངལ་སྟེགས་ཕྱིར། །བདག་ནི་དེང་ནས་འགྲོ་བའི་ཉེར་འཚོར་གྱུར། །ཞེས་པ་ནི་འདི་དོན་ཆེན་པོ་ཡིན་པར་སྟོན་པ་སྟེ་བྱང་ཆུབ་ཀྱི་སེམས་ལས་བསོད་ནམས་དཔག་ཏུ་མེད་པར་འཐོབ་པས། བསོད་ནམས་ཅན་ལ་དུས་མ་ཡིན་པར་འཆི་བས་ཀྱང་མི་ཚུགས་པས་འཆི་བདག་འཇོམས་པའི་བདུད་རྩི་དང་། འདི་ལ་ལོངས་སྤྱོད་ཆེན་པ་མི་ཟད་པའི་དོན་ཅན་འབྱུང་བས་མི་ཟད་པའི་གཏེར་དང་། དབུལ་བསེལ་བས་ཡིད་བཞིན་གྱི་ནོར་བུ་དང་། འདུ་བ་དང་ཉོན་མོངས་པའི་ནད་ཐམས་ཅད་ཞི་བས་སྨན་གྱི་མཆོག་དམ་པ་དང་། སྲིད་པ་ནི་འགྲོ་བ་རྣམས་ཀྱི་རྒྱུ་བའི་ལམ་ལྟ་བུ་སྟེ། དེས་དུང་བ་ན་ལམ་ཀའི་ངལ་སྟེགས་ལ་བརྟེན་ནས་དབུགས་འབྱིན་ཐོབ་པ་ལྟར། བདག་ལ་བརྟེན་ནས་འགྲོ་བ་གཞན་མང་པོ་ལ་ཕན་པའི་ཉེར་འཚོར་འགྱུར་བ་ལ་སོགས་པའི་ཡོན་ཏན་བརྗོད་ཀྱི་མི་ལྡང་སྟེ་འཕགས་པ་སྤྱོད་ཡུལ་ཡོངས་སུ་དག་པའི་མདོ་ལས། གནས་སྐབས་ཐམས་ཅད་དུ་སེམས་ཅན་གྱི་དོན་བྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕན་ཡོན་ཇི་སྐད་དུ་བསྟན་པ་དེ་བཞིན་དུ་ཉེ་བར་གནས་པའི་དྲན་པས་དུས་ཐམས་ཅད་དུ་ཐབས་ལ་མཁས་པ་གོམས་པར་བྱའོ། །དེ་ལྟར་སྙིང་རྗེ་དང་། ཐབས་དང་། བྱང་ཆུབ་ཀྱི་སེམས་གོམས་པར་བྱས་པ་དེ་ཚེ་འདི་ལ་གདོན་མི་ཟ་བ་ཁྱད་པར་དུ་འགྱུར་ཏེ། དེས་ན་རྨི་ལམ་ན་རྟག་ཏུ་སངས་རྒྱས་


JL00_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

དང་བྱང་ཆུབ་སེམས་དཔའ་མཐོང་བར་འགྱུར། རྨི་ལམ་བཟང་པོ་གཞན་དག་ཀྱང་རྨི་བར་འགྱུར། ལྷ་རྣམས་ཀྱང་ཡི་རངས་ནས་བསྲུང་བ་བྱེད་པར་འགྱུར། སྐད་ཅིག་རེ་རེ་ལའང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱ་ཆེན་པོ་བསོག་པར་འགྱུར། ཉོན་མོངས་པའི་སྒྲིབ་པ་དང་། གནས་ངན་ལེན་ཀྱང་བྱང་བར་འགྱུར། དུས་ཐམས་ཅད་དུ་ཡང་བདེ་བ་དང་ཡིད་བདེ་བ་མང་བར་འགྱུར། སྐྱེ་བོ་མང་པོ་ལ་སྡུག་པར་འགྱུར། ལུས་ལ་ཡང་ནད་ཀྱིས་ཐེབས་པར་མི་འགྱུར། སེམས་ལས་སུ་རུང་བ་ཉིད་ཀྱི་མཆོག་ཀྱང་ཐོབ་པར་འགྱུར་ཏེ། དེས་ན་མངོན་པར་ཤེས་པ་ལ་སོགས་པ་ཡོན་ཏན་ཁྱད་པར་ཅན་ཐོབ་བོ། །དེ་ནས་རྫུ་འཕྲུལ་གྱི་སྟོབས་ཀྱིས་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་དག་ཏུ་སོང་ནས་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མཆོད་པར་བྱེད་དོ། །དེ་དག་ལ་ཆོས་ཀྱང་ཉན་ཏོ། །འཆི་བའི་དུས་ཀྱི་ཚེ་ན་ཡང་གདོན་མི་ཟ་བར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མཐོང་བར་འགྱུར་རོ། །ཚེ་རབས་གཞན་ན་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་མི་འབྲལ་བའི་ཡུལ་དང་ཁྱད་པར་དུ་འཕགས་པའི་ཁྱིམ་དུ་ཡང་སྐྱེ་བར་འགྱུར་ཏེ། དེས་ན་འབད་མི་དགོས་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱེད་དོ། །ལོངས་སྤྱོད་ཆེ་བ་དང་། འཁོར་གཡོག་མང་བར་འགྱུར་རོ། །ཤེས་རབ་རྣོ་བས་སྐྱེ་བོ་མང་པོ་ཡོངས་སུ་སྨིན་པར་ཡང་བྱེད་པར་འགྱུར་རོ། །ཚེ་རབས་ཐམས་ཅད་དུ་ཚེ་རབས་དྲན་པར་འགྱུར་ཏེ། དེ་ལྟར་ཕན་ཡོན་ཚད་མེད་པར་མདོ་གཞན་དག་ལས་ཀྱང་བྱུང་བ་ཁོང་དུ་ཆུད་པར་བྱའོ། །ཞེས་པ་ལྟར་མདོ་སྡོང་པོ་བཀོད་པའི་ལེའུ་བཞི་བཅུ་རྩ་བཞི་པ་ལས། ཚོང་དཔོན་གྱི་བུ་ནོར་བཟང་གིས་འཕགས་པ་འཇམ་དཔལ་ལ་ཐུགས་བསྐྱེད་ནས་བསླབ་བྱ་བཙལ་བའི་ཚེ། བྱང་ཆུབ་སེམས་དཔའ་བྱམས་པ་ལྷོ་ཕྱོགས་རྒྱ་


JL00_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

མཚོའི་འགྲམ་རྣམ་པར་སྣང་མཛད་ཀྱིས་བརྒྱན་པའི་སྙིང་པོ་ཅན་ཞེས་བྱ་བའི་ཁང་བཟང་ན་བྱང་ཆུབ་སེམས་དཔའ་འབུམ་ཕྲག་དུ་མ་ལ་ཆོས་སྟོན་པ་ནོར་བཟང་གིས་དཔག་ཚད་ལྔ་བརྒྱའི་རྒྱང་ནས་མཐོང་སྟེ་ཕྱག་བྱས་པ་གཟིགས་ནས་ཕྱག་གཡས་པ་བརྐྱངས་པ་ནོར་བཟང་གི་སྤྱི་བོར་བཞག་ནས་བསྔགས་པ་བརྗོད་པའི་ཚུལ་དང་། དཔེ་དང་སྦྱར་བའི་ཕན་ཡོན་ཕྱེད་དང་སུམ་བརྒྱར་ཉེ་བ་གསུངས་པ་ལ་བལྟ་བར་བྱ་ཞིང་། དེ་བཞིན་དུ་འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་དང་། སྲེད་མེད་ཀྱི་བུས་ཞུས་པ་དང་། དགོངས་པ་ངེས་འགྲེལ་དང་། ལང་ཀར་གཤེགས་པ་དང་། ག་ཡ་གོ་རི་དང་། དཀོན་མཆོག་སྤྲིན་དང་། ས་བཅུ་པ་དང་། དྲི་མ་མེད་པར་གྲགས་པས་བསྟན་པ་དང་། འཇིག་རྟེན་ལས་འདས་པའི་ལེའུ་དང་། མྱང་འདས་དང་། དད་པ་བསྒོམ་པ་དང་། མ་སྐྱེས་དགྲའི་འགྱོད་པ་བསལ་བ་དང་། བདེན་གཉིས་བསྟན་པ་དང་། དཀོན་མཆོག་བརྩེགས་པ་དང་། ཟླ་བ་སྒྲོན་མ་ལ་སོགས་པ་ཐེག་པ་ཆེན་པོའི་སྡེ་སྣོད་དག་ལས་ཤེས་པར་བྱ་ཞིང་མདོར་བསྡུ་ན་སྨོན་པའི་ཕན་ཡོན་དང་། འཇུག་པའི་ཕན་ཡོན་གཉིས་ལས་དང་པོ་ལྟར་ན་འཕགས་པ་དགེ་བའི་རྩ་བ་ཡོངས་སུ་འཛིན་པ་ལས། ཤྭ་ར་དྭ་ཏིའི་བུ་སེམས་དང་པོ་བསྐྱེད་པའི་བསོད་ནམས་ཀྱི་ཕུང་པོ་ངན་ངོན་ཙམ་དང་ཅུང་ཟད་ཙམ་མ་ཡིན་ཏེ། འདི་ལྟར་བསྐལ་པ་བརྒྱའམ། བསྐལ་པ་སྟོང་ངམ། བསྐལ་པ་འབུམ་གྱིས་ཀྱང་བརྗོད་པར་མི་ནུས་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་བསྐྱེད་པའི་བསོད་ནམས་ཀྱི་ཚད་ཤེས་པ་ལྟ་ག་ལ་འགྱུར། ཞེས་དང་། ཡུམ་བརྒྱད་སྟོང་པ་ལས། དམིགས་པ་ཅན་ཞིག་གིས་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་དགེ་བའི་རྩ་བ་བྱས་པ་ལས། གཞན་འགའ་ཞིག་གིས་ཉི་མ་གཅིག་གམ། ཉི་མ་ཕྱེད་དམ། སེ་གོལ་གཏོག་པ་གཅིག་ཏུ་


JL00_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ཏུ་སེམས་བསྐྱེད་པར་བསོད་ནམས་ཆེའོ། །ཞེས་གསུངས་པའི་ཕྱིར་ན་བྱང་ཆུབ་ཀྱི་སེམས་དེ་བསྒྲུབ་པ་དང་མི་ལྡན་ཡང་འཁོར་བའི་ནང་ན་འབྲས་བུ་ཆེ་བར་བྱམས་པའི་རྣམ་པར་ཐར་བ་ལས་བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་བའི་ལུང། དཔེར་ན་རྡོ་རྗེ་རིན་པོ་ཆེ་ཆག་ཀྱང་གསེར་གྱི་རྒྱན་ཁྱད་པར་དུ་འཕགས་པ་ཐམས་ཅད་ཟིལ་གྱིས་གནོན་ཏོ། །ཞེས་པའི་དཔེ་དང་འབྲེལ་བ་སྔར་སྨོས་ཟིན་པ་ལ་རྣམ་པར་དཔྱད་ནས་སེམས་བསྐྱེད་པ་ཙམ་གྱི་ཆོ་ག་ནི་མཐའ་ཡས་པའི་སེམས་ཅན་ལ་ཕན་པ་ཅན་ཡིན་པར་སྟོན་པས་དངོས་སུ་གསུངས་ན་དེ་དགག་པ་ནི་བདུད་ཀྱི་ལས་ཡིན་པར་རིགས་པར་བྱ་ཞིང་། དེ་བཞིན་དུ་ཆོས་བཅུ་པ་ལས་སེམས་བསྐྱེད་པའི་རྒྱུ་བཞི་གསུངས་པའི་དང་པོ་དེ་བཞིན་གཤེགས་པའི་ཉན་ཐོས་ལ་སོགས་པས་བསྐུལ་ཞིང་སྐྱོ་བར་བྱས་ནས་འཛིན་དུ་བཅུག་པ་དང་། གཉིས་པ་བྱང་ཆུབ་སེམས་ཀྱི་བསྔགས་པ་ཐོས་ནས་འཛིན་པ་དང་། གསུམ་པ་སེམས་ཅན་མགོན་དང་། སྐྱབས་དང་། དཔུང་གཉེན་མེད་པར་མཐོང་ནས་སྙིང་རྗེའི་བསམ་པར་བསྐྱེད་པ་དང་། བཞི་པ་དེ་བཞིན་གཤེགས་པའི་རྣམ་པ་ཐམས་ཅད་རྫོགས་པ་མཐོང་ནས་དགའ་བ་སྐྱེས་ཏེ་བསྐྱེད་པ་རྣམས་ལས་ཀྱང་། བདག་ཉིད་སྙིང་རྗེ་ཆེན་པོས་ཟིལ་གྱིས་ནོན་ནས་སེམས་ཅན་ལ་ཕན་པའི་ཕྱིར་སེམས་བསྐྱེད་པ་ཁོ་ན་ཁྱད་པར་ཆེ་བར་འཕགས་པ་དེ་བཞིན་གཤེགས་པའི་ཡེ་ཤེས་ཕྱག་རྒྱའི་ཏིང་ངེ་འཛིན་ལས་བཀའ་སྩལ་པ་ཡིན་ནོ། །དེ་བཞིན་དུ་འཇུག་པའི་ཕན་ཡོན་ནི། སངས་རྒྱས་ཀྱི་སྐུ་དང་། ཡེ་ཤེས་དང། ཡོན་ཏན་དང་། ཕྲིན་ལས་ཐམས་ཅད་གཞན་དོན་འབའ་ཞིག་མཛད་པ་ལས་གྲུབ་པ་ཡིན་པར་སྔོན་གྱི་སངས་རྒྱས་རྣམས་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཐོབ་པའི་རྒྱུ་གང་ཡིན་པ་དེས་ཤེས་ལ། དེ་སྐད་དུ་འཕགས་པ་ཀླུའི་དབང་པོས། གཞན་དོན་ཕུན་སུམ་ཚོགས་པ་ནི། །འབྲས་བུའི་གཙོ་


JL00_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

བོ་ཡིན་པར་འདོད། །སངས་རྒྱས་མཉེས་སོགས་དེ་ལས་གཞན། །དེ་དག་ཞར་ལ་འགྱུར་བར་བཞེད། །ཅེས་གསུངས་པ་ལྟར་རོ། །ཡོན་ཏན་རིན་པོ་ཆེའི་མཛོད་དགའ་བའི་ཆར་ཞེས་བྱ་བ་ལས། བྱང་ཆུབ་ཀྱི་སེམས་ཡོངས་སུ་བཟུང་བ་སྟེ་རབ་བྱེད་བརྒྱད་པའི་འགྲེལ་བའོ།། །།

སྨོན་འཇུག་གི་བསླབ་བྱ་བསྟན་པའི་ཚོམས་ཏེ་ལེའུ་དགུ་པའི་འགྲེལ་པ།


JL00_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་བསླབ་པའི་གནས་སྟོན་པའི་ཐོག་མར་བག་ཡོད་པ་བསྟན་པ། སྔོན་ཆད་ལེགས་པར་མ་བརྟགས་བབ་ཅོལ་གྱི། །དམ་བཅའ་གཏོང་ལའང་ཡིད་གཉིས་གནས་མཆི་ན། །རྒྱལ་དང་དེ་སྲས་རྣམས་ཀྱི་ཤེས་རབ་མཐུས། །གདོན་མི་ཟ་བར་བརྟགས་པའི་བླང་དོར་གནས། །བཏང་ན་བདག་གིས་སེམས་ཅན་ཀུན་བསླུས་པས། །མུ་མཐའ་མེད་པའི་ངན་འགྲོར་འཁྱམས་པར་འགྱུར། །དེ་ཕྱིར་སེམས་ཅན་གཅིག་གི་བདེ་བའང་། །བཤིག་ནས་བདག་ཉིད་ཉམས་པའི་ལས་མི་བགྱིད། །འཇིག་རྟེན་ན་གནས་སྐབས་ཀྱི་བྱ་བ་དོན་དུ་གཉེར་བ་ལྷུར་ལེན་པས་སླན་ཆད་ཀྱི་ཉེས་དམིགས་བསམ་པར་མི་འགྱུར་ཞིང་། ཇི་ལྟར་དོན་དུ་གཉེར་བ་དེའི་ལས་ཀྱི་མཐའ་གང་ཡིན་པའང་འདོད་པའམ་འདོད་པ་ལས་གཞན་དུ་འགྱུར་བ་རྟགས་ཤིང་དཔྱད་པ་མ་ཡིན་པའི་བབ་ཅོལ་གྱི་གནས་དམ་བཅས་པ་དག་ཀྱང་ཡལ་བར་འདོར་བ་ལ་ཡིད་གཉིས་པ་སྟེ་ཐེ་ཚོམ་དུ་འགྱུར་བ་ཡང་ན། སྤྱོད་འཇུག་ལས། བསྐལ་པ་དུ་མར་རབ་དགོངས་མཛད་པ་ཡི། །ཐུབ་དབང་རྣམས་ཀྱིས་འདི་ཉིད་ཕན་པར་གཟིགས། །ཞེས་པ་ལྟར་དེ་བཞིན་གཤེགས་པ་རྣམས་ཀྱིས་བསྐལ་པ་གྲངས་མེད་པར་སྐུ་ཉམས་སུ་བསྟར་ཞིང། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དང་། བྱམས་པ་ལ་སོགས་པ་རྣམས་ཀྱིས་ལེགས་པར་བརྟགས་ཤིང་དཔྱད་ནས་གནས་སྐབས་དང་མཐར་ཐུག་ཐམས་ཅད་ཀྱི་བདེ་ལེགས་དང་ཡོན་ཏན་དང་། འབྲས་བུའི་ངོ་བོ་ཉིད་ཐེག་པ་ཆེན་པོའི་སྤྱད་པ་སྤྱོད་པ་ཉིད་དུ་བསྟན་པའི་བླང་དོར་གྱི་གནས་


JL00_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་ཀྱིས་ནུས་པར་གྱུར་བཞིན་དུ་བཏང་བར་གྱུར་ན་སེམས་ཅན་བསླུས་པར་གྱུར་ཏེ། ཅིའི་ཕྱིར་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་དགེ་བའི་བཤེས་གཉེན་དབང་པོར་བྱས་ནས་དེ་དག་གི་སྤྱན་སྔར་སྨོན་པའམ། འཇུག་པའི་སེམས་ཀྱི་དམ་བཅའ་གང་ཡིན་པ་དེ་དང་དེ་དག་བླངས་བཞིན་དུ་སླར་བྱ་དཀའ་བའི་སྤྱོད་པ་ལ་འཇིགས་ཤིང་ཞུམ་ནས་སེམས་བསྐྱེད་ཀྱི་ཁུར་བོར་བའི་ཕྱིར་རོ། །དེ་སྐད་དུ་སྤྱོད་འཇུག་ལས། གལ་ཏེ་དེ་ལྟར་དམ་བཅས་ནས། །ལས་ཀྱིས་བསྒྲུབ་པ་མ་བྱས་ན། །སེམས་ཅན་དེ་དག་ཀུན་བསླུས་པས། །བདག་གི་འགྲོ་བ་ཅི་འདྲར་འགྱུར། །ཞེས་དང་། བླ་ན་མེད་པའི་བདེ་བ་ལ། །བསམ་པ་ཐག་པས་མགྲོན་གཉེར་ནས། །འགྲོ་བ་ཐམས་ཅད་བསླུ་བྱས་ན། །བདེ་འགྲོ་ཇི་ག་འགྲོ་འགྱུར་རམ། །ཞེས་སེམས་ཅན་བསླུས་པར་གྱུར་པའི་གང་ཟག་དེ་ལ་སྲིད་པ་ཕྱི་མར་བདེ་འགྲོའི་རྟེན་ཡོད་པ་མ་ཡིན་པས་ངན་སོང་གི་འགྲོ་བ་མུ་མཐའ་མེད་པར་ཁ་བ་རྒྱུད་དོ། །དེ་བས་ན་སེམས་ཅན་གཅིག་ཙམ་པའི་བདེ་བ་ལའང་ཁ་ན་མ་ཐོ་བའི་ཐོ་མ་ཕོག་པར་བྱ་སྟེ། བླ་ན་མེད་པའི་བདེ་བ་ནི་སངས་རྒྱས་ཁོ་ན་ལས་གཞན་དུ་མེད་ལ། བར་དུ་བདེ་བ་ཡུད་ཙམ་པ་འདི་འགྲོ་བའི་ངལ་སྟོགས་ཡིན་པས་ན་སྤྱོད་འཇུག་ལས་ཀྱང་། བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱི། །ཞེས་བསྟན་ལ། དེ་བས་ན་དེ་བཤིག་ན་བདག་ཉིད་ལ་ཉམས་པའི་གནས་ཆེན་པོ་འཐོབ་པ་ཡིན་ནོ། །ལྟུང་དང་བྱང་ཆུབ་སེམས་སྟོབས་གཉིས་ཀར་ལྡན། །འཁོར་བར་རེས་ཀྱི་འདྲེ་བྱེད་གང་ཡིན་པ། །ས་ཐོབ་པ་ལ་ཡུན་རིང་འཐོགས་འགྱུར་ན། །བསླབ་བྱ་གཏོང་བའི་སྐྱེས་བུ་སྨྱོན་པ་ཡིན། །དེ་ལ་ངན་སོང་གི་ད་ལྟར་ལྟུང་བའི་སྟོབས་ལྡན་དང་། དེ་བཞིན་གཤེགས་པའི་བྱང་ཆུབ་སེམས་སྟོབས་ལྡན་པ་གཉིས། ལྟུང་བ་དང་། དེ་ལས་ཀུན་ནས་ལྡང་བ་དག་གིས་འཁོར་བ་ན་རེས་ཀྱི་འདྲེ་བར་བྱེད་པ་


JL00_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

དེའང་ས་དང་པོ་རབ་ཏུ་དགའ་བ་ལ་སོགས་འཐོབ་པ་ལ་ཡུན་རིང་པོར་འཐོགས་པར་འགྱུར་རོ། །ཐ་ན་དམ་བཅའ་བ་མོས་པས་སྤྱོད་པའི་ས་ཐོབ་པ་ལ་ཡང་ཡུན་རིང་པོར་འགྱུར་ཏེ། དེ་ཐོབ་ན་ཡང་ངན་སོང་དུ་འགྲོ་བ་མ་ཡིན་པའི་ཕྱིར་རོ། །དེ་བས་ན་ཉེས་དམིགས་དེ་དག་ལ་བསམས་ནས་ཀྱང་ཇི་ལྟར་དམ་བཅས་པའི་བསླབ་བྱ་གཏོང་བར་མི་བགྱི་སྟེ། གལ་ཏེ་བཏང་ན་རང་གིས་རང་ཉིད་གཡང་སར་བརླག་པར་བྱེད་པའི་སྐྱེས་བུ་སྨྱོན་པ་བཞིན་ཏེ། མུན་པ་ནས་མུན་པའམ། འོག་ནས་འོག་སྟེ་ངན་སོང་ནས་ངན་སོང་མུ་མཐའ་མེད་པར་འཁྱམ་མོ། །དེ་སྐད་དུ་ཤཱནྟ་དེ་ཝས། དེ་ལྟར་ལྟུང་བ་སྟོབས་ལྡན་དང་། །བྱང་ཆུབ་སེམས་སྟོབས་ལྡན་པ་དང་། །འཁོར་བར་རེས་ཀྱིས་འདྲེ་བྱེད་ན། །ས་འཐོབ་པ་ལ་ཡུན་རིང་འཐོགས། །དེ་ལྟས་ཇི་ལྟར་དམ་བཅས་བཞིན། །བདག་གིས་གུས་པས་བསྒྲུབ་པར་བྱ། །དེང་ནས་བརྩོན་པ་མ་བྱས་ན། །འོག་ནས་འོག་ཏུ་འགྲོ་བར་འགྱུར། །ཞེས་དང་། དབུ་མའི་མན་ངག་ཟ་མ་ཏོག་ཁ་ཕྱེ་བ་ལས། བཏང་བའི་ཉེས་དམིགས་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་སེམས་ཅན་དགྲ་བཅོམ་པར་གྱུར་ལ། དེ་དག་ཐམས་ཅད་བསད་པ་དང་། མཚམས་མེད་པ་ལྔ་བྱས་པ་བས་འདི་སྡིག་པ་ཤིན་ཏུ་ཆེ་བ་ཡིན་ནོ། །གཞན་ཡང་ནམ་མཁའི་མཐའ་ཁྱབ་ཀྱི་རྡུལ་ཕྲ་རབ་ཀྱི་གྲངས་ནི་སངས་རྒྱས་ཀྱིས་མཁྱེན་གྱི། འདིའི་སྡིག་པའི་ཆད་ནི་འདི་ཙམ་ཞེས་སངས་རྒྱས་ཀྱིས་མཁྱེན་པར་མི་སྤྱོད་དོ། །ཞེས་སོ། །དེ་བས་ན་གཏོང་བའི་གནས་སྐབས་ལ་ཤིན་ཏུ་མི་བཟོད་པའི་ལྷག་པའི་བསམ་པས་བཤགས་སྡོམ་ཡང་ཡང་བྱེད་ཅིང་། དེ་མ་ཐག་བླང་བར་བྱ་སྟེ། སངས་རྒྱས་པའི་འདུལ་བ་ནི་ངེས་པར་འབྱིན་པ་དང་བཅས་པའི་བདག་ཉིད་ཅན་ཡིན་པས་སོ། །དེ་ཡང་ལྟུང་བ་འབྱུང་བའི་རྒྱུ་རིགས་མེད་པ་དང་། སྙིང་རྗེ་ཆུང་བ་དང་། འཁོར་བའི་


JL00_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་གྱིས་མི་འཇིགས་པ་དང་། སྡིག་པའི་གྲོགས་པོས་ཟིན་པ་དང་། བྱང་ཆུབ་ཆེན་པོ་ཐག་རིང་བར་སེམས་པ་དང་། བདུད་ཀྱིས་བྱིན་གྱིས་བརླབས་པ་དང་། ཐེག་པ་དམན་པའི་གང་ཟག་བསྟེན་པ་དང་། ཐེག་པ་ཆུང་ངུའི་གཞུང་ལ་བརྩམ་པ་དང་། སེམས་ཅན་བློས་གཏོང་བ་དང་། བྱང་ཆུབ་སེམས་དཔའ་ལ་ཚིག་ངན་བརྗོད་ཅིང་ངན་སེམས་བསྐྱེད་པ་དང་། བྱང་ཆུབ་ཀྱི་སེམས་དང་མི་མཐུན་པའི་ཕྱོགས་མི་སྤོང་བ་དང་། གཞན་ཡང་མི་ཤེས་པ་དང་། བག་མེད་པ་དང་། མ་གུས་པ་དང་། ཉོན་མོངས་པ་མང་བའོ། །ཞེས་བྷཾ་ག་ལའི་རྣལ་འབྱོར་པ་ཉིད་བཞེད་པ་ལས། ཉོན་མོངས་པ་ནི་ཀུན་གྱི་ཕྱི་མོ་ཡིན་པས་དེ་ཉིད་ལ་འཁོན་དུ་བཟུང་བའི་ཚུལ། གང་ཞིག་གནོད་པའི་རྒྱུ་འབྲས་ཆུང་ངུ་ལའང་། ཁྲོས་པའི་ང་རྒྱལ་ཤིན་ཏུ་བོད་བ་རྣམས། །མདའ་མདུང་མཚོན་གྱི་ཆད་པ་བཟོད་བྱས་ནས། །དོན་མ་གྲུབ་པར་ཕྱིན་ཕྱོགས་མི་བྱེད་ན། །རྣམ་པ་ཀུན་ཏུ་བདག་ལ་དགྲར་གྱུར་བའི། །ཉོན་མོངས་སྟོབས་ཆེན་འདི་དང་གཡུལ་སྤྲད་ནས། །འཁོན་དུ་བཟུང་བའི་ཆོ་ག་མ་ཞིག་པར། །བསླབ་པ་བསྲུང་བའི་བརྟུལ་ཞུགས་སུ་ཞིག་གཏོང་། །འཇིག་རྟེན་ན་གནོད་པའི་རྒྱུ་ཆུང་ངུ་ཞིང་གི་མུ་ལ་རེག་པ་ལྟ་བུ་དང་། དེའི་འབྲས་བུ་ཆུང་ངུ་ཆུའི་ཀ་རལ་བ་ལྟ་བུ་ལའང་ཤིན་ཏུ་མི་བཟོད་པས་ཁོང་འཁྲུགས་པར་གྱུར་ཏེ་དུག་སྦྲུལ་ལྟ་བུའི་སེམས་ཉམས་སུ་མྱོང་ནས་ཕན་ཚུན་འཐབ་ཅིང་འགྱེད་པ་ལ་ཞུགས་ཏེ། བདག་ཉིད་རྒྱལ་བའི་གནས་མ་ཐོབ་བར་དུ་མདའ་མདུང་ལ་སོགས་པ་མཆོན་ཆ་སྣ་ཚོགས་པས་རྨ་སྲལ་ཆེན་པོ་གཏོད་པ་ལའང་ཅང་མི་སེམས་འགྱེད་པ་ལས་ཕྱིར་ཕྱོགས་པར་མི་བྱེད་ན། རྣམ་པ་ཐམས་ཅད་ནས་ཐམས་ཅད་དུ་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། གཤིན་རྗེའི་འཇིག་རྟེན་དུ་འཁྲིད་པའི་ཉོན་མོངས་པའི་དགྲ་མཐུ་ཆེ་ལ་དཔུང་རགས་པ། ངོ་བོ་ཉིད་ཀྱིས་སྡུག་བསྔལ་བར་འགྱུར་


JL00_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

བ་འདི་ལ་གཉེན་པོ་དྲག་པ་དང་ལྡན་པས་གཡུལ་སྤྲད་དེ། སྒྱིད་ལུག་པ་དང་། ཞུམ་པ་མེད་པས་འཁོན་དུ་བཟུང་ནས་ཚར་བཅད་པའི་ཚུལ་སྤྱོད་འཇུག་ལས། དེ་ལྟར་ཉོན་མོངས་གཞོམ་པ་ལ། །རྟག་ཏུ་ཕྱིར་མི་ལྡོག་པར་བྱ། །དེ་ལ་བདག་གིས་ཞེན་བྱ་ཞིང་འཁོན་དུ་བཟུང་ནས་གཡུལ་སྤྲད་དེ། རྣམ་པ་དེ་འདྲའི་ཉོན་མོངས་པ། །ཉོན་མོངས་འཇོམས་བྱེད་མ་གཏོགས་སོ། །བདག་ནི་བསོགས་ཏེ་བསད་གྱུར་ཏམ། །བདག་གི་མགོ་བོ་བཅད་ཀྱང་སླ། །རྣམ་པ་ཀུན་ཏུ་ཉོན་མོངས་པའི། །དགྲ་ལ་འདུད་པར་མི་བྱའོ། །ཞེས་སོ། །དེ་བས་ན་བསླབ་པ་བཟུང་བའི་བརྟུལ་ཞུགས་ཀྱི་གྲོགས་སུ་མི་དབང་འཕགས་པ་ལ་འོས་པའི་རྒྱལ་སྲིད་རིན་པོ་ཆེ་བདུན་གྱི་ཁྱད་ནོར་བསྙེན་པར་བྱ་སྟེ། སློབ་དཔོན་དཔའ་བོའི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལས། དད་པའི་འཁོར་ལོ་རིན་པོ་ཆེས། །ཉིན་མཚན་དགེ་བའི་ལམ་སྣ་དྲང། །ཚུལ་ཁྲིམས་བཙུན་མོ་རིན་པོ་ཆེས། །རབ་ཏུ་མཛེས་པའི་རྒྱན་ཕྲེང་གདགས། །གཏོང་བའི་བློན་པོ་རིན་པོ་ཆེས། །བསོད་ནམས་ཡེ་ཤེས་འཕྲུལ་ཆེན་འབྱུང་། །ཐོས་པའི་དམག་དཔོན་རིན་པོ་ཆེས། །ལོག་རྟོག་དགྲ་ཡི་གཡུལ་ངོ་གཞོམ། །ངོ་ཚ་ཤེས་པའི་རྟ་མཆོག་གིས། །ཉོན་མོངས་བདག་མེད་སྦུབས་སུ་སྦ། ཁྲེལ་ཡོད་སྟོབས་ཀྱི་གླང་པོ་ཆེས། །ཕྱིན་ཅི་ལོག་གི་ལས་རྣམས་སྤང་། །ཤེས་རབ་ནོར་བུ་རིན་པོ་ཆེས། །བདག་དང་གཞན་གྱི་རེ་བ་བསྐང་། །ཡོན་ཏན་མཐའ་ཡས་འཕགས་པའི་ནོར། །ནོར་གཞན་ཕལ་བ་སྡུག་བསྔལ་རྒྱུ། །ཞེས་པ་ལྟར་རོ། །འདི་ན་ཉོན་མོངས་བཙོན་རར་བསྡམས་པ་ཡིས། །བདག་གི་ཚོད་ཀྱང་རིག་པར་མི་འགྱུར་ན། །མཐའ་དག་འགྲོ་བ་དེ་ལས་དབུགས་འབྱིན་ཞིང་། །སྒྲོལ་བའི་བརྟན་པ་མི་ཉམས་


JL00_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

ག་ལ་ཞིག །དེ་ལ་ཉོན་མོངས་པ་དག་ནི་ཕྱི་རོལ་གྱི་ཡུལ་ནའང་མི་གནས། ནང་དུ་དབང་པོའི་ཚོགས་ལའང་མི་གནས། བར་དང་བར་ཞེས་བྱ་བའི་ཁམས་ལའང་མི་གནས་ཏེ་ཀུན་དུ་རྟོག་པ་ལས་གློ་བུར་དུ་རང་བྱུང་ལ། ཀུན་ཏུ་རྟོག་པ་དེ་ལའང་ཡུལ་མེད་ན་ཉོན་མོངས་པ་གཟུགས་ཅན་མ་ཡིན་པས་རྟེན་དང་བརྟེན་པ་ལྟ་བུར་མི་རུང་ཀྱང་། རང་བཞིན་དུ་སེམས་ཅན་ཐམས་ཅད་འདིའི་བཙོན་རར་ཆུད་པ་འབའ་ཞིག་པས་གཏི་མུག་ལ་སོགས་པའི་རྒྱུས་རང་གི་ཚོད་ཀྱང་རང་གི་རིགས་པར་མི་ནུས་ན། འགྲོ་བ་གཞན་དང་གཞན་དག་དེ་ལས་སྒྲོལ་ཞིང་དབུགས་འབྱིན་པའི་བརྟན་པ་མི་ཉམས་པ་ལྟ་ག་ལ་ཞིག ཁྱད་པར་སེམས་ཅན་རྣམས་ནི་བྱེད་པ་རན་པའི་རྒྱུས་ད་ནི་དུས་ནམ་ཡང་འདི་དག་གི་དོན་མི་ནུས་སོ་སྙམ་ནས་ཞི་བདེའི་བློ་སྐྱེས་པ་ནི་བཏང་བའི་ཚད་ཡིན་ནོ། །དེ་བས་ན་དེའི་གཉེན་པོར། བག་ཡོད་ཤེས་བཞིན་ལྡན་པའི་ས་གཞི་ལ། །བྱང་ཆུབ་སེམས་ཀྱི་མྱུ་གུ་བསྐྱེད་སླ་བས། །མི་ཉམས་བཟུང་ཞིང་དྲི་མ་སྦྱོང་བ་དང་། །སྤེལ་བའི་ཐབས་ལ་ནན་ཏན་བགྱིད་འཚལ་ལོ། །ཞེས་མཚམས་སྦྱར་ནས་བག་ཡོད་པ་དང་། དྲན་པ་དང་། ཤེས་བཞིན་རྒྱུན་ཆགས་སུ་ལྡན་པ་ནི་ས་གཞི་ལྟ་བུ་ཡིན་ཏེ། གཞི་དེ་ལས་བྱང་ཆུབ་ཀྱི་སེམས་ཀྱི་ས་བོན་གཟུང་ནས་མྱུ་གུ་བསྐྱེད་པར་བྱའོ། །དེ་སྐད་དུ་སློབ་དཔོན་ཤཱནྟ་དེ་ཝས། ནད་ཀྱིས་དཀྲུགས་པའི་མི་དག་ནི། །ལས་རྣམས་ཀུན་ལ་མཐུ་མེད་པ། །དེ་བཞིན་རྨོངས་པས་སེམས་དཀྲུགས་པ། །ལས་རྣམས་ཀུན་ལ་མཐུ་མེད་དོ། །ཤེས་བཞིན་མེད་པའི་སེམས་ལྡན་པའི། །ཐོས་དང་བསམ་དང་བསྒོམ་པ་ཡང་། །གློ་རྡོལ་བུམ་པའི་ཆུ་བཞིན་དུ། །དྲན་པ་ལ་ནི་དེ་མི་གནས། །ཐོས་ལྡན་དད་པ་ཅན་དང་ནི། །བརྩོན་པ་ལྷུར་ལེན་དུ་མ་ཡང་། །ཤེས་བཞིན་མེད་པའི་སྐྱོན་ཆགས་པས། །ལྟུང་བའི་རྙོག་དང་


JL00_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པར་འགྱུར། །ཤེས་བཞིན་མེད་པའི་ཆོམ་རྐུན་དག །དྲན་པ་ཉམས་པའི་རྗེས་འབྲང་བས། །བསོད་ནམས་དག་ནི་ཉེར་བསགས་ཀྱང་། །རྐུན་པོས་འཕྲོགས་བཞིན་ངན་འགྲོར་འགྲོ། །ཞེས་དང་། བདག་གི་རྙེད་དང་བཀུར་སྟི་དང་། །ལུས་དང་འཚོ་བ་མེད་སླ་ཞིང་། །དགེ་བ་གཞན་ཡང་ཉམས་ཟླ་ཡི། །སེམས་ནི་ནམ་ཡང་ཉམས་མི་བྱ། །སེམས་བསྲུང་འདོད་པ་རྣམས་ལ་ནི། །དྲན་པ་དང་ནི་ཤེས་བཞིན་དག །ཐམས་ཅད་བདེ་བས་སྲུངས་ཤིག་ཅེས། །བདག་ནི་དེ་ལྟར་ཐལ་མོ་སྦྱོར། །ཞེས་པ་ལྟར་ཉོན་མོངས་པའི་གཉེན་པོར་བག་ཡོད་པ་དང་། དྲན་པ་དང་། ཤེས་བཞིན་གསུམ་མི་ཉམས་པར་བསྐྱེད་ཅིང་། མ་བཏང་བ་ཙམ་གྱིས་ཀྱང་མི་ཆོག་པར་སྤེལ་ཞིང་རྒྱས་པའི་ཐབས་ལ་ནན་ཏན་དུ་སློབ་ཕྱིར་དགེ་བའི་བཤེས་གཉེན་བསྟེན་པ་དང་བྱང་ཆུབ་སེམས་དཔའི་སྡེ་སྣོད་རྣམས་ལ་ཡང་ནས་ཡང་དུ་བལྟ་བར་བསླབ་བཏུས་ལས་ཀྱང་བཤད་ལ། ཇོ་བོས་བོད་དུ་སྡེ་སྣོད་བལྟ་རྒྱུ་མེད་པས་ཁོ་བོའི་དད་པ་འགྲིབ་གསུང་བ་མན་ངག་ཏུ་མྱོང་བས་ཐབས་དེས་རྟག་པར་ཀུན་སློང་བཟང་པོ་འབའ་ཞིག་ལ་སློབ་ཅིང་ཉིན་ལན་གསུམ་མཚན་ལན་གསུམ་ཆོ་ག་མཚན་ཉིད་པས་བླང་བའམ། གལ་ཏེ་མ་ནུས་ཀྱང་དགེ་བའི་ལྷའི་འགྲེལ་བ་ལས། ཐུགས་རྗེ་ཆེན་པོ་དང་ལྡན་པ་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་པའི་སྡིག་པ་ཐམས་ཅད་སོ་སོར་བཤགས་པར་བགྱིའོ། །ཡང་མི་བགྱིད་དོ། །ཞེས་བྱ་བའི་བསམ་པས་ཡང་དག་པར་བླང་བར་བྱའོ། །ཅེས་བཤད་པ་ལྟར་བྱའོ། །ད་ནི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་བཤད་པ་ལས། ཐོག་མར་ཉེས་སྤྱོད་སྡོམ་པའི་སྤང་བྱ་ཆ་དང་བཅས་པ་སྟོན་པའི་ཕྱིར། ཁྱད་པར་ལྟུང་བའི་རབ་དབྱེ་ཉི་ཤུ་ནི། །དཀོན་མཆོག་དཀོར་འཕྲོག་ལ་སོགས་རྒྱལ་པོའི་ལྔ། །


JL00_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

གྲོང་དང་གྲོང་རྡལ་འཇོམས་སོགས་བློན་པོའི་ལྔ། །བློ་མ་སྦྱངས་ལ་སྟོང་ཉིད་སྟོན་པ་སོགས། །ཕལ་པའི་བརྒྱད་དང་སྨོན་འཇུག་གཏོང་རྣམས་སྤང་། །དེ་ལ་རྒྱལ་པོ་ལ་ངེས་པ་ལྔ་ནི། ནམ་མཁའི་སྙིང་པོའི་ལེའུ་ལས། རིགས་ཀྱི་བུ་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་ལྟུང་བའི་རྩ་བ་ལྔ་སྟེ། ལྟུང་བའི་རྩ་བ་དེ་དག་གིས། རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་དགེ་བའི་རྩ་བ་སྔོན་བསྐྱེད་པ་ཐམས་ཅད་ཆུད་གཟན་ཏེ། ཕས་ཕམ་ཤིང་ལྷ་དང་མིའི་བདེ་བའི་གནས་ཐམས་ཅད་ནས་ལྷུང་ནས་ངན་སོང་དུ་འགྲོ་བར་འགྱུར་རོ། །ལྔ་གང་ཞེ་ན། རིགས་ཀྱི་བུ་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བས་མཆོད་རྟེན་གྱི་རྫས་འཕྲོག་གམ། དགེ་འདུན་གྱི་དང་། ཕྱོགས་བཞིའི་དགེ་འདུན་ལ་ཕུལ་བ་འཕྲོག་གམ། འཕྲོག་ཏུ་འཇུག་པ་འདི་ནི་ལྟུང་བའི་རྩ་བ་དང་པོའོ། །གང་ཡང་ཆོས་སྤོང་ཞིང་འགོག་ཏུ་འཇུག་སྟེ་ཉན་ཐོས་ངེས་པར་འབྱུང་བར་བཤད་པའམ། ཐེག་པ་ཆེན་པོ་ངེས་པར་འབྱུང་བར་བཤད་པ་སྤོང་ཞིང་འགོག་ཏུ་འཇུག་པ་འདི་ནི་ལྟུང་བའི་རྩ་བ་གཉིས་པའོ། །གར་ཡང་ངའི་ཕྱིར་རུང་སྟེ། སྐྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་གྱོན་པ་བསླབ་པ་བཟུང་ཡང་རུང་། བསླབ་པ་མ་བཟུང་ཡང་རུང་སྟེ། ཚུལ་ཁྲིམས་འཆལ་ཡང་རུང་། ཚུལ་ཁྲིམས་དང་ལྡན་པ་ཡང་རུང་། དེའི་གོས་ངུར་སྨྲིག་འཕྲོག་གམ། ཁྱིམ་ན་གནས་པ་བྱེད་དུ་བཅུག་གམ། ལུས་ཀྱི་ཆད་པ་གཞུ་བརྡེག་བྱེད་དམ། ཆད་པ་ནོར་འབུལ་དུ་འཇུག་གམ། བཙོན་རར་འཇུག་གམ། སྲོག་དང་འབྲལ་བར་བྱེད་དུ་འཇུག་པ་འདི་ནི་ལྟུང་བའི་རྩ་བ་གསུམ་པའོ། །རྒྱལ་རིགས་གང་ཡང་ཆེད་དུ་བསམས་ཏེ། མའི་སྲོག་གཅོད་པ་དང་། ཕ་དང་བཅོམ་ལྡན་འདས་ཀྱི་ཉན་ཐོས་དགྲ་བཅོམ་པའི་སྲོག་གཅོད་པ་དང་། དགེ་འདུན་འདུམ་པ་འབྱེད་པ་དང་། ཆེད་དུ་བསམས་ཏེ་


JL00_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་སྟེ། མཚམས་མེད་པའི་ལས་ལྔ་པོ་འདི་དག་ལས་གང་ཡང་རུང་བའི་ལས་བྱེད་པ་འདི་ནི་ལྟུང་བའི་རྩ་བ་བཞི་བའོ། །རྒྱལ་རིགས་གང་ཡང་རྒྱུ་མེད་པར་སྨྲ་བར་འགྱུར་ལ། འཇིག་རྟེན་ཕ་རོལ་ལ་གཡེལ་ཏེ། མི་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བཟུང་ནས་གནས་ཤིང་། སེམས་ཅན་མང་པོ་གཞན་དག་ཀྱང་། །མི་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་འཛིན་དུ་འཇུག་སྟེ། འདུལ་ཞིང་འཇུག་པ་འདི་ནི་རྩ་བའི་ལྟུང་བ་ལྔ་པའོ། །དེ་ལ་རྩ་ལྟུང་དང་པོ་ནི་གོ་སླ་ཞིང་། གཉིས་པ་ནི། ལུང་གི་ཆོས་སྡེ་སྣོད་གསུམ་དང་། རྟོགས་པའི་ཆོས་བསླབ་པ་གསུམ་དུ་གཏོགས་པའི་བཀའ་དངོས་སམ། དེའི་དོན་རྣམ་པར་དབྱེ་བའི་བསྟན་བཅོས་ལ་ཆོས་སྐྱོབ་ཀྱི་ཡོན་ཏན་དང་ལྡན་པ་དག་པ་འདི་ནི་ཐར་པ་ཐོབ་པའི་ཐབས་མ་ཡིན་ནོ་ཞེས་རང་ངམ། གཞན་ལ་བརྟེན་ནས་སྤོང་བའོ། །གསུམ་པ་དང་བཞི་པའང་གོ་སླ་ལ། ལྔ་པ་ནི། གཅེར་བུ་པའི་གསང་ཆིག་ཏུ། །ཚེར་མ་རྣོན་པོ་སུ་ཡིས་གཞོགས། །རྨ་བྱའི་རི་མོ་སུ་ཡིས་བྲིས། །ཐམས་ཅད་རྒྱུ་མེད་ངོ་བོས་བྱུང་། །ཞེས་པ་ལྟར་རྒྱུ་མེད་པར་བལྟས་ནས་འབྲས་བུ་ལ་སྐུར་བ་འདེབས་ཞིང་། ལོག་པར་བལྟ་བ་སེམས་ཀྱི་ལས་སྐྱེས་ཙམ་ཉིད་ནས་དགེ་བའི་རྩ་བ་ཆད་པ། མི་དགེ་བ་བཅུའི་ལས་ལམ་ལ་འཇུག་པ་དག་གོ །བློན་པོ་ལ་ངེས་པ་ལྔ་ནི་དེ་ཉིད་ལས། ཡང་བློན་པོའི་ལྟུང་བའི་རྩ་བ་ནི་ལྔ་སྟེ། ལྔ་གང་ཞེ་ན། བློན་པོ་གང་མཆོད་རྟེན་གྱི་རྫས་སམ། དགེ་འདུན་གྱི་དང་། ཕྱོགས་བཞིའི་དགེ་འདུན་གྱི་རྫས་འཕྲོག་པ་འདི་ནི་ལྟུང་བའི་རྩ་བ་དང་པོའོ། །གང་ཡང་གྲོང་འཇོམས་པ་དང་། ལྗོངས་འཇོམས་པ་དང་། གྲོང་ཁྱེར་འཇོམས་པ་དང་། ཡུལ་འཁོར་འཇོམས་པར་བྱེད་


JL00_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདི་ནི་ལྟུང་བའི་རྩ་བ་གཉིས་པའོ། །ཡང་བློན་པོ་གང་ཆོས་སྤོང་བ་སྟེ། །ཉན་ཐོས་ངེས་པར་འབྱུང་བ་བཤད་པའམ། །རང་སངས་རྒྱས་ངེས་པར་འབྱུང་བ་བཤད་པའམ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ངེས་པར་འབྱུང་བ་བཤད་པ་སྤོང་ཞིང་འགོག་ལ། སུབས་པར་བྱེད་པ་འདི་ནི་ལྟུང་བའི་རྩ་བ་གསུམ་པའོ། །ཡང་བློན་པོ་གང་བཅོམ་ལྡན་འདས་ཀྱི་ཕྱིར་རབ་ཏུ་བྱུང་བ་ཚུལ་ཁྲིམས་དང་ལྡན་ཡང་རུང་། ཚུལ་ཁྲིམས་དང་མི་ལྡན་ཡང་རུང་བ་ལ་འཚེ་སྟེ། གོས་ངུར་སྨྲིག་འཕྲོག་གམ། ཁྱིམ་ན་གནས་པར་བྱེད་དུ་འཇུག་གམ། བཙོན་རར་བཅུག་གམ། ཆད་པས་ནོར་འཕྲོག་གམ། སྲོག་དང་འབྲལ་བར་བྱེད་དུ་འཇུག་པ་འདི་ནི་ལྟུང་བའི་རྩ་བ་བཞི་པའོ། །ཡང་བློན་པོ་གར་མཚམས་མེད་པ་ལྔ་ལས་གང་ཡང་རུང་བའི་སྡིག་པ་ལ་སོགས་པ་འདི་ནི་ལྟུང་བའི་རྩ་བ་ལྔ་པའོ། །ཡང་བློན་པོ་གང་གིས་ལྟུང་བའི་རྩ་བ་ལྔ་པོ་འདི་དག་ལས་གང་ཡང་རུང་བ་ཞིག་བྱས་ན། བློན་པོ་དེ་དགེ་བའི་རྩ་བ་སྔོན་བསྐྱེད་པ་ཐམས་ཅད་ཆུད་གཟོན་པ་ཡིན་ནོ། །ཞེས་གྲོང་ནི་ཁྱིམ་གཅིག་པ་དང་། ལྗོངས་ནི་མི་རིགས་བཞི་གནས་པ་དང་། གྲོང་ཁྱེར་ནི་གཟོ་སྣ་བཅོ་བརྒྱད་ཡོད་པ་དང་། གྲོང་རྡལ་ནི་ཚོད་པ་མང་པོ་འདུ་བ་དང་། ཡུལ་འཁོར་ནི་ཡུལ་ཙམ་པ་ཀ་ཞེས་པ་ལྟ་བུའི་ཡུལ་ཆེན་པོ་རྣམས་འཇོམས་པའོ། །ཕལ་པ་ལ་ངེས་པ་བརྒྱད་ནི། བློ་མ་སྦྱངས་པའི་གང་ཟག་གམ། །སྦྱངས་པ་ཙམ་ལའང་མ་ངེས་ཏེ། །སྟོང་པ་ཉིད་ཀྱི་དངོས་གནས་ཚིག་ལམ་དུ་འཁྲུལ་ནས་སྐྲག་པ་སྐྱེ་བའི་རིགས་ཡོད་པས་དེ་དག་ལ་སྒྲ་ཇི་བཞིན་བསྟོན་པ་དང་། ཐེག་པ་ཆེན་པོའི་རིགས་དང་ལྡན་པ་དག་ལམ་དེ་ལ་ཞུགས་པ་ན་ཉན་ཐོས་ཀྱི་བཅས་པ་གཟུགས་ཅན་ལ་བསྔགས་པ་བརྗོད་ནས་ཐེག་དམན་གྱི་སྡེ་སྣོད་ལ་སེམས་བསྐྱེད་དུ་འཇུག་པ་དང་། ཉན་ཐོས་ཀྱི་རིགས་ཅན་རང་གི་བློ་ལ་གདོད་ནས་གྲུབ་


JL00_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སོ་སོ་ཐར་པ་ལ་མོས་ཤིང་དེའི་ཆེད་དུ་སློབ་པ་ལ་དོོན་དུ་མི་འགྱུར་བཞིན་དུ་ཐེག་ཆེན་གྱི་ཡོན་ཏན་བསྒྲགས་ནས་གཉིས་ཀ་མ་ཡིན་པར་འཆོས་པ་དང་། ལས་དང་པོ་པའི་ཀུན་སློང་གི་ཆ་ནས་ཐེག་པ་ཆེན་པོ་ལ་ལུང་དུ་མ་བསྟན་པའི་གང་ཟག་གི་བློ་གཟིངས་ཀྱི་ཁ་ལོ་བཞིན་དུ་བསྒྱུར་ནས་ཐེག་པ་ཆེན་པོ་ལ་བསྟོད་ནས་ཉན་རང་གི་ལམ་འདོར་དུ་འཇུག་པ་དང་། རྙེད་བཀུར་གྱི་དོན་དུ་བདག་ལ་བསྟོད་ཅིང་ཕྲག་དོག་གི་གློས་གཞན་ལ་སྨོད་པ་དང། གཞན་དང་གཞན་གྱིས་བདག་ཡོན་གནས་བཟང་པོར་མཐོང་དུ་རེ་ནས་བདག་གིས་ཁྱད་པར་ཟབ་མོ་མ་རྟོགས་བཞིན་དུ་རྟོགས་སོ་ཞེས་མི་ཆོས་བླ་མའི་རྫུན་གྱིས་གཞན་མགོ་བོ་བསྐོར་བའི་རིགས་དང་། རྒྱལ་པོ་ལ་སོགས་དབང་པོ་ཆེའི་ཕྱོགས་དང་བཤེས་པར་བྱས་ནས་དགེ་སྦྱོང་གཞན་ལ་འཕྲོག་བརྡེག་དང་། དཀོན་མཆོག་གི་སྦྱིན་བདག་འཕྲོག་ཅིང་དཀོར་ལ་ཇི་མི་སྙམ་པར་ལོངས་སྤྱོད་པ་དང་། སྤོང་བ་བསམ་གཏན་པའི་ལོངས་སྤྱོད་ལས་ཕྲི་ཞིང་ཕྲོགས་ནས་ཁ་ཏོན་པའམ། ཀློག་པ་དག་ལ་སྟེར་ཞིང་ཆོས་བཞིན་སྤྱོད་པའི་རྣལ་འབྱོར་འདོར་དུ་འཇུག་པ་དང་བརྒྱད་སྟེ་བསླབ་བཏུས་ལས། བློ་སྦྱངས་མ་བྱས་སེམས་ཅན་ལ། །སྟོང་པ་ཉིད་ནི་བརྗོད་པ་དང་། །སངས་རྒྱས་ཉིད་ལ་ཞུགས་པ་དག །རྫོགས་པའི་བྱང་ཆུབ་ལྡོག་པ་དང་། །སོ་སོར་ཐར་པ་ཡོངས་སྤངས་ཏེ། །ཐེག་པ་ཆེ་ལ་སྦྱོར་བ་དང་། །སློབ་པའི་ཐེག་པས་ཆགས་ལ་སོགས། །སྤོང་བར་འགྱུར་བ་མིན་ཞེས་འཛིན། །ཕ་རོལ་དག་ཀྱང་འཛིན་འཇུག་དང་། །རང་གི་ཡོན་ཏན་བརྗོད་པ་དང་། །རྙེད་པ་དང་ནི་བཀུར་སྟི་དག །ཚིག་བཤད་རྒྱུ་ཡིས་གཞན་སྨོད་དང་། །བདག་ནི་ཟབ་མོ་བཟོད་པའོ་ཞེས། །ལོག་པ་ཉིད་ནི་སྨྲ་བ་དང་། །དགེ་སྦྱོང་ཆད་པས་གཅོད་འཇུག་དང་། །དཀོན་མཆོག་གསུམ་གྱི་སྦྱིན་བྱེད་དང་། །སྦྱིན་


JL00_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལེན་པར་བྱེད་པ་དང་། །ཞི་གནས་འདོར་བར་བྱེད་པ་དང་། །ཡང་དག་འཇོག་པའི་ལོངས་སྤྱོད་རྣམས། ཁ་བཏོན་བྱེད་ལ་སྦྱིན་པ་རྣམས། །དེ་དག་རྩ་བའི་ལྟུང་བ་སྟེ། །སེམས་ཅན་དམྱལ་བ་ཆེན་པོའི་རྒྱུ། །ཞེས་སོ། །དེ་དག་ཀྱང་མིང་དུ་བཅོ་བརྒྱད་ཡོད་ཀྱང་རྫས་སུ་བཅུ་བཞིར་གནས་པ་ཡིན་ཏེ། རྒྱལ་པོའི་རྩ་ལྟུང་ལྔ་པ་དང་། བློན་པོའི་རྩ་ལྟུང་གཉིས་པ་ཐ་དད་པ་ལས། གཞན་བཞི་པོ་རྫས་སུ་འགལ་བ་མ་ཡིན་པས་སོ། །དེ་ལྟར་མིང་བཅོ་བརྒྱད་པོའི་སྟེང་དུ་སྨོན་འཇུག་གཉིས་གཏོང་བ་བསྣན་པས་ཉི་ཤུའི་གྲངས་སུ་ངེས་པ་ཡིན་ཏེ། དེ་ལ་སྨོན་པ་གཏོང་བ་ནི་ཐེག་པ་དམན་པར་སེམས་བསྐྱེད་ནས་སེམས་ཅན་བློས་སྤངས་པ་སྟེ། གསང་ཆེན་ཐབས་ལ་མཁས་པའི་མདོ་ལས། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཉན་ཐོས་དང་རང་སངས་རྒྱས་ཡིད་ལ་བྱེད་པས་གནས་པ་འདི་ནི་བྱང་ཆུབ་སེམས་དཔའི་རྩ་བའི་ལྟུང་བ་ལྕི་བའོ། །ཞེས་དང་། དེའི་སྟེང་དུ་དཀོན་མཆོག་བརྩེགས་པ་ལས་གསུངས་པ་འཇུག་པའི་སེམས་སྤངས་ཏེ། དགེ་བ་ལ་མི་སྦྱོར་བ་དང་ཉི་ཤུ་ཡིན་ནོ། །འཇུག་སེམས་སྤངས་པ་ནི་ཟླ་བའི་སྙིང་པོའི་མདོ་དང་། ནམ་མཁའི་སྙིང་པོའི་མདོ་ལས་ཀྱང་ལྟུང་བྱེད་དུ་གསལ་ལོ། །ཡན་ལག་གི་ཉེས་བྱས་བརྒྱད་ཅུ་ནི། །བདེ་སྡུག་ཡལ་བར་འདོར་བ་ཉི་ཤུ་རྩ་བཞི། བསྒྲུབ་པ་ཡལ་བར་འདོར་བ་བཅུ་དྲུག །དེ་དག་ལས་ནང་གསེས་བརྒྱད་ཅུར་འགྱུར་བ་ནི་བསླབ་པ་ཀུན་ལས་བཏུས་སུ་བལྟ་བར་བྱའོ། །འདིར་ནི་བདག་ཉིད་ཆེན་པོ་ཀླུ་སྒྲུབ་ཞབས་ཀྱི་རྗེས་འབྲངས་རྣམས་སྐྱེ་ཚུལ་ཡང་རྒྱུད་དག་པ་ལས་སྐྱེ་བར་བཞེད་ཅིང་། དེའི་ཆེད་དུ་ཡན་ལག་བདུན་པ་དང་། ཚོགས་པ་རྒྱ་མཚོ་ལྟ་བུ་ཡོད་ཀྱང་སྔོན་དུ་བར་ཆད་མི་འདྲི། རྗེས་ལ་བསླབ་པ་མི་འདྲི། སྨོན་འཇུག་གཉིས་ཀྱང་སྟབས་གཅིག་ཏུ་བླང་བའི་མཐའ་གཅིག་ཏུ་མ་ངེས་ཏེ་


JL00_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

སྨོན་པའི་བསླབ་བྱ་རྫོགས་བྱང་བར་ངེས་པ་ཁོ་ནར་བླང་དགོས་ཀྱང་། འཇུག་པའི་བསླབ་བྱ་ལེན་པ་པོའི་བློ་རིམ་དང་བསྟུན་ནས་ཇི་ཙམ་བསྲུང་ནུས་པའི་བར་བླངས་ནས་བསླབ་ཏུ་རུང་བར་བཤད་ཅིང། དེ་སྐད་དུ་བསླབ་བཏུས་ལས་ཀྱང་། བསླབ་པ་གཅིག་བསྒྲུབ་པ་ན་བསྒྲུབ་པ་གཞན་བསྲུང་བར་མ་ནུས་ཀྱང་ལྟུང་བར་མི་འགྱུར་ཏེ། ཞེས་དང་། སྡོམ་པ་བདག་ཉིད་ཀྱི་སྟོབས་དང་ཡང་སྦྱར་ཏེ་བླངས་ནས་སྡོམ་པ་བཟུང་བར་བྱའོ། །ཞེས་གསུངས་པས་སོ། །བསྲུང་བྱ་ཡང་རྩ་ལྟུང་བཅུ་དགུའམ་ཉི་ཤུ་པོ་བསྲུངས་ཤིང་ལན་གྲངས་ཇི་ཙམ་བླངས་ཀྱང་སྐྱེ་བར་བཞེད་པས་ཉམས་ན་འཆོས་པའི་ཐབས་ཀྱང་རྣམ་པ་ཐམས་ཅད་དུ་སྟོན་པའི་ཕྱིར་དེའི་རྗེས་སུ་འབྲངས་ནས། མདོར་ན་རྨི་ལམ་སྡིག་པ་མཐོང་ན་ཡང་། །དེ་མ་ཐག་ཏུ་ཕུང་པོ་གསུམ་པས་བཤགས། །རྟེན་གཞི་སྨོན་སེམས་ཤོར་དང་འགལ་ཟླ་བྱུང་། །སྤོང་རྐྱེན་བསླབ་པ་ཕུལ་བ་གསུམ་དག་ལས། །ཐུན་ཚོད་ལས་ཉམས་ཤོར་ན་འགྱོད་སེམས་ཀྱི། །སྐྱ་རེངས་མདུན་དུ་ནམ་མཁའི་སྙིང་པོ་ལ། །བོས་ནས་ཡན་ལག་བདུན་པས་ལྟུང་བ་ལྡང་། །དེ་ལ་སྤྱིར་རྨི་ལམ་དུ་སྡིག་པའི་ལས་བྱས་པ་མཐོང་ན་ཡང་སད་དུས་ཀྱི་བག་ཆགས་ངན་པ་གོམས་པ་བརྟས་པ་ཉིད་ན། དེ་མ་ཐག་ཕུང་པོ་གསུམ་པས་བཤགས་པར་བྱ་ལ། ཁྱད་པར་སྡོམ་པ་གཏོང་བའི་རྒྱུ་ནི། བྱང་ཆུབ་ཀྱི་སེམས་བརྟེན་པའི་གཞི་སྨོན་པའི་སེམས་ཤོར་བ། འགལ་ཟླ་རྩ་བའི་ལྟུང་བ་བྱུང་བ། སྤོང་རྐྱེན་བསླབ་པ་ཕུལ་བ་གསུམ་དུ་འདུ་བ་ལས། རྩ་བའི་ལྟུང་བ་ཉི་ཤུ་པོ་ནི་ལྟུང་མཚམས་ལེགས་པར་ཤེས་ཤིང་། ཤས་ཆེར་གོམས་པ་བརྟན་པ་རྣམས་ལ་དགོངས་ཀྱིས། དེ་ལས་གཞན་པ་ལས་དང་པོ་བ་ལ་སོགས་པས་བློའི་སྟོབས་ཇེ་ཆེར་བསྐྱེད་ནས་བསླབ་བྱ་ལ་


JL00_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

གོམས་སུ་འཇུག་པ་ཡིན་ཏེ། དཔེར་ན་ལས་དང་པོ་པས་མགོ་གཏང་བ་སོགས་ནུས་པ་མེད་བཞིན་པའི་བསྒྲུབ་པ་བསྟན་པ་ནི་སངས་རྒྱས་པའི་འདུལ་བ་ཐབས་ལ་མཁས་པས་བློའི་ནུས་པ་ཇེ་ཆེར་བསྐྱེད་པའི་མཐུ་བསྟན་པ་ཉིད་དེ། གཞན་དུ་དུས་ཚོད་དང་མ་འབྲེལ་བའི་སྤྱོད་པ་དག་ཀྱང་ལྟུང་བར་བཤད་པས་སོ། །འོན་ཀྱང་བསམ་པའི་ཆ་ནས་ཉམས་པའི་ཉེས་དམིགས་ལ་འཇིགས་པ་དང་བཅས་པ། འགྱོད་པ་དང་བཅས་པ། བཤགས་པ་དང་བཅས་ཇི་ཙམ་ནུས་པ་དེ་སྲིད་དུ་འབད་དགོས་ཏེ། དེ་ལྟར་མ་འབད་ན་སྟོན་པས་བསླབ་པར་བཅས་པ་ལ་ཕན་གནོད་མེད་པར་འགྱུར་རོ། །དེ་ལ་བཏང་བའི་ཉེས་དམིགས་ནི་བྱང་ཆུབ་ལ་རིང་ཞིང་འཁོར་བ་དང་ངན་སོང་གི་སྡུག་བསྔལ་མཐའ་མི་གཏུགས་པ་མྱོང་ངོ་། །རྩ་ལྟུང་གི་ཉེས་དམིགས་ནི་བསླབ་བཏུས་ལས། དེ་དག་རྩ་བའི་ལྟུང་བ་སྟེ། །སེམས་ཅན་དམྱལ་བ་ཆེན་པོའི་རྒྱུ། །ཞེས་དང་། དེ་བཞིན་དུ་བསླབ་པ་ཕུལ་བ་ལ། སོ་ཐར་གྱི་སྡོམ་པ་བསྲུང་མི་ནུས་ན་འབུལ་དུ་རུང་བར་གནང་མོད། དེ་ལའང་སྡོམ་པ་ཕུལ་ཉམས་མུ་བཞིར་དཔྱད་དུ་ཡོད་ཀྱང་བྱང་སྡོམ་ཕུལ་ན་ནི་ཉེས་པ་ཤིན་ཏུ་ལྕི་བ་ཡིན་ཏེ། སྤྱིར་རང་གཞན་གྱི་ཕན་བདེ་བསྒྲུབ་པའི་རྒྱུ་གཅིག་པུ་ཆུད་གཟོན་པར་མ་ཟད། དུས་ཀྱང་བྱང་ཆུབ་སྙིང་པོའི་བར་དམ་བཅས་པ་དེ་གཏང་བའི་ཕྱིར། སྤྱོད་འཇུག་ལས། བླ་ན་མེད་པའི་བདེ་བ་ལ། །བསམ་པ་ཐག་པས་མགྲོན་གཉེར་ནས། །འགྲོ་བ་ཐམས་ཅད་བསླུས་བྱས་ན། །བདེ་འགྲོར་ཇི་ག་འགྲོ་འགྱུར་རམ། །ཞེས་སེམས་ཅན་ཐམས་ཅད་བསླུས་པས་དེ་ལ་བདེ་འགྲོའི་རྟེན་ཡོད་པ་མ་ཡིན་ནོ། །རྒྱུ་མཚན་དེ་ལྟར་ཤེས་ནས་འབད་དུ་ཟིན་ཀྱང་། སློབ་དཔོན་ཐོགས་མེད་ཀྱིས། མི་ཤེས་པ་དང་། བག་མེད་པ་དང། ཉོན་


JL00_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་པ་མང་བ་དང་། མ་གུས་པ་སྟེ་ལྟུང་བ་འབྱུང་བའི་སྒོ་བཞིར་བསྟན་པའི་རྒྱུས་ཐུན་ཚོད་དེ་འཕགས་པ་ཉེ་བར་འཁོར་གྱི་ཞུས་པའི་མདོ་ལས། ཉེ་བར་འཁོར་འདི་ལ་ཐེག་པ་ཆེན་པོ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་གལ་ཏེ་སྔ་དྲོའི་དུས་སུ་ལྟུང་བ་བྱུང་བ་ཡང་ཕྱེད་ཀྱི་དུས་ན་ཐམས་ཅད་མཁྱེན་པའི་སེམས་དང་མི་འབྲལ་བར་གནས་ཏེ། ཞེས་པ་ནས་དེ་བཞིན་དུ་ཀུན་ལ་སྦྱར་ཏེ། གལ་ཏེ་ཕྱེད་ཀྱི་དུས་སུ་བྱུང་བ་ཡང་ཕྱི་འཕྲེད་ཀྱི་དུས་ན། གལ་ཏེ་ཕྱི་འཕྲེད་ཀྱི་དུས་ན་ལྟུང་བ་བྱུང་ནའང་སྲོད་ལ། གལ་ཏེ་སྲོད་ལ་ལྟུང་བ་བྱུང་ན་ཡང་ནམ་ཕྱེད་ལ། ནམ་ཕྱེད་ལ་ལྟུང་བ་བྱུང་ན་ཐོ་རེངས་ཞེས་སོགས་ནས། ཉེ་བར་འཁོར་དེ་ལྟ་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་ནི་བཅོས་སུ་རུང་བའོ། །ཞེས་བཤད་པ་ལྟར་ཉིན་མཚན་སོ་སོའི་ཆ་ཐུན་གསུམ་གསུམ་དུ་བཅད་པའི་དྲུག་ཆ་སོ་སོའི་སྨད་དུ་གཉེན་པོས་སླེབས་ན་དེའི་ཚུལ་ཁྲིམས་རྒྱུན་ཆད་པར་མི་འགྱུར་རོ། །འོན་ཀྱང་གཞན་དོན་དུ་སངས་རྒྱས་བསྒྲུབ་པར་མི་ནུས་སོ་སྙམ་ནས་དོར་བའི་སེམས་སྐྱེས་ན་ནི་ཐུན་ཚོད་ལ་མ་ལྟོས་པས་དེ་མ་ཐག་གཏང་བ་ཡིན་ནོ། །དེ་བས་གཞན་པ་རྣམས་ནི་ཐུན་ཚོད་ཀྱི་ནང་དུ་འགྱོད་པས་སླེབས་ན་ཉམས་པའི་རྒྱུ་ཙམ་དེ། དེའི་བཤགས་ཚད་ནི། དཔེར་ན་སྔ་དྲོ་ལྟ་བུ་ཐུན་དྲུག་ཆ་དང་པོའི་ཐོག་མཐའ་བར་གསུམ་གང་ཡང་རུང་བར་ལྟུང་བ་བྱུང་ན། དེ་མ་ཐག་གི་ཐུན་དྲུག་ཆ་གཉིས་པའི་ཐུན་ཁོངས་ཅི་རིགས་པར་འགྱོད་པ་དྲག་པོ་དང་བཅས་བཤགས་པས་སོར་ཆུད་ལ། དེ་ལྟར་བཤགས་ཚད་ལས་མ་འདས་ན་རྩ་ལྟུང་ཡང་ཡང་བྱུང་ཡང་ཕྱིར་བཅོས་སུ་ཡོད་པ་ཡིན་ནོ། །གལ་ཏེ་བཤགས་ཚད་ལས་ཐལ་ན་གཏུགས་པ་ཞེས་བྱ་སྟེ་ཕྱིར་


JL00_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

བཅོས་ཀྱིས་སོར་ཆུད་པ་མ་ཡིན་པས། བཤགས་བསྡོམ་སྔོན་དུ་འགྲོ་བས་སླར་ཆོ་ག་བཞིན་དུ་བླང་བར་བྱ་དགོས་པ་ཡིན་ནོ། །དེ་ལྟ་མོད་ཀྱི་ཉམས་ཀྱང་སླ་ཡི་སླར་སྐྱེའོ་སྙམ་པས་གལ་ཆུང་ངུ་བྱེད་ན་ནི་སྟོབས་བཞིའི་ཆོ་ག་ཉམས་པར་འགྱུར་བས་ཆོས་ལ་དབང་ཟ་བར་ཟད་དོ། །ཕྱིར་བཅོས་ཀྱིས་ཇི་ལྟར་བཤགས་པའི་ཚུལ་ཡང་དབང་པོ་དམན་པ་རྣམས་ནི་དངོས་པོར་འཛིན་པ་ཤུགས་ཆེ་བས་ངོ་ཚ་དང་ཁྲེལ་ཡོད་ཀྱི་རྟེན་ཐེག་ཆེན་གྱི་སྡོམ་ལྡན་བཅུའམ་ལྔ་ཚོགས་ནས་གཅིག་ཡན་ཆད་ལ་ཉེས་ལྟུང་འཆབ་པ་མེད་པ་བཤགས་ཏེ་ལྟུང་བ་ལས་ལྡང་ངོ་། །དབང་འབྲིང་ལྷའི་རྣལ་འབྱོར་ལ་གོམས་པ་དང་མོས་པ་བརྟན་པ་དག་ནི་རང་གི་མདོ་ལས་དགེ་བའི་རྩ་བ་ཆད་དེ་ལྟུང་བ་རྣམས་ཀྱི་མཁར་བ་ལྟ་བུ། སྡོམ་པ་སྤྱོད་པ་རྣམས་ཀྱི་མེ་ལོང་ལྟ་བུ། ངོ་ཚ་དང་ཁྲེལ་ཡོད་ཤེས་པ་རྣམས་ཀྱི་གོས་ལྟ་བུ་ཞེས་བཤད་པ་རིགས་སྔགས་སྤྱིའི་ལྷ་འཕགས་པ་ནམ་མཁའི་སྙིང་པོ་ལ་བཤགས་པར་བྱ་སྟེ། ཉིན་མཚན་གྱི་བར་མ་ཆོད་པའི་ལྟུང་མཚམས་ནས་ཉེས་ལྟུང་འཆགས་པ་ཁོ་ན་ཡིད་ལ་བྱེད་ཅིང་འགྱོད་པ་དང་ལྡན་པས། ཐོ་རངས་ཁར་ཁྲུས་དང་གཙང་སྦྲ་ལ་གནས་པས་སྤོས་བཏུལ། འཕགས་པ་ནམ་མཁའི་སྙིང་པོ་ལ་བོས་ཏེ། སྐྱ་རེངས་སྐྱ་རེངས་ཐུགས་རྗེ་ཆེན་པོ་ཅན། །བསྐལ་པ་ཆེན་པོ་ཅན་ཁྱོད་འཛམ་བུའི་གླིང་དུ་ཤར། །ཤར་མ་ཐག་ཏུ་བདག་ལ་ཐུགས་རྗེས་དགབ་པར་མཛོད་ཅིག །བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་ཐུགས་རྗེ་ཆེན་པོ་ཅན་ལ་བདག་གི་ཚིག་འདི་སྤྲོན་ཏེ། བདག་གི་རྨི་ལམ་དུའང་དེ་སྟོན་པར་འགྱུར་ཞིང་བདག་གིས་ཐབས་དེས་ལྟུང་བ་བཤགས་པར་འགྱུར་བ་དང་། འཕགས་པའི་ཐེག་པ་ཆེན་པོ་ལ་ཐབས་དང་ཡེ་ཤེས་ཐོབ་པར་མཛོད་ཅིག །ཅེས་གསོལ་བ་དྲག་པོ་བཏབ་ཅིང་། ཡན་ལག་


JL00_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་པ་ཕུལ་བས། རང་གི་སྐལ་པའི་ཁྱད་པར་ལས་དངོས་སམ་བརྡའི་སྒོ་ནས་ལྟུང་བ་ལས་འབྱིན་པའི་ཐབས་སྟོན་པ་ཡིན་ནོ། །གལ་ཏེ་དེས་རྟགས་མ་མཐོང་ན། ཐོ་རངས་གཙང་སྦྲ་དང་ཁྲུས་ལ་སོགས་པ་སྔར་བཞིན་པས། ཁ་ཤར་ཕྱོགས་སུ་བལྟས་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་འཕགས་པ་ནམ་མཁའི་སྙིང་པོ་ཡིད་ལ་བྱ་ཞིང་། མོས་གུས་ཆེན་པོ་དང་ལྡན་པས་ཡན་ལག་བདུན་པ་ཕུལ་བ་ནན་ཏན་ཆེན་པོ་དང་ལྡན་པས། སྐྱ་རེངས་སྐྱ་རེངས་སྙིང་རྗེ་ཆེན་པོ་ལགས་པ་ཆེན་པོ་ཁྱེད་འཛམ་བུའི་གླིང་དུ་ཤར་མ་ཐག་ཏུ་བདག་ལ་ཐུགས་རྗེས་དགབ་པར་མཛོད་ཅིག །ནམ་མཁའི་སྙིང་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་ལ་ཡང་བདག་གི་ཚིག་གིས་མྱུར་དུ་བསྐུལ་ཏེ་ཐབས་གང་གིས་ལྟུང་བ་མྱུར་དུ་འཆགས་པར་འདོད་པ་དང་། ཐེག་པ་ཆེན་པོའི་འཕགས་པ་ལ་ཐབས་དང་ཤེས་རབ་འགྱུར་བའི་ཐབས་དེ་བདག་གི་རྨི་ལམ་དུ་བསྟན་དུ་གསོལ། ཞེས་བརྗོད་ནས་ཉལ་བས་སྐྱ་རེངས་འཆར་བའི་ཚེ་རྨི་ལམ་དུ་འཕགས་པ་ནམ་མཁའི་སྙིང་པོས་རང་གི་སྐལ་བ་དང་འཚམས་པའི་གཟུགས་བསྟན་ནས་ལྟུང་བ་འཆགས་སུ་འཇུག་གོ །གལ་ཏེ་ལྷའི་རྣལ་འབྱོར་ལ་གོམས་སུ་འཇུག་པ་དག་ཡིན་ན། ཡི་དམ་དེ་ཉིད་ལ་དམིགས་ནས་ཐུན་མོང་མ་ཡིན་པའི་ཡན་ལག་བདུན་པ་བརྗོད་ལ་བཤགས་པས་ལྟུང་བ་ལས་ལྡང་ངོ་། །སྤྱིར་དབང་པོ་རབ་ཏུ་གྱུར་པའི་ལྟུང་བ་ནི་གདོད་མ་ནས་ངོ་བོ་ཉིད་མེད་པའི་ཀུན་རྟོག་གི་རྣམ་པར་འཆར་བས་ཆུ་ལ་རི་མོ་བྲིས་པའམ། རླུང་ལ་བརྐོས་ཕོར་བཏབ་པ་བཞིན་དུ་དེས་བག་ཆགས་སམ་ལྟུང་བའི་རྒྱུ་འབྲས་ཀྱི་གཟུགས་བརྙན་འཇོག་པ་མེད་ཀྱང་མཉམ་རྗེས་རེས་འཇོག་ཏུ་གྱུར་པ་དག་ལ་ཐར་པ་ཆེན་པོ་ཕྱོགས་སུ་


JL00_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པའི་མདོ་ལས། གང་ཞིག་འགྱོད་ཚངས་བྱེད་འདོད་ན། །དྲང་པོར་འདུག་ལ་ཡང་དག་ལྟོས། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ནས་རྣམ་པར་གྲོལ། །འདི་ནི་འགྱོད་ཚངས་མཆོག་ཅེས་བྱ། །ཞེས་པ་ལྟར་རོ། །འོན་ཀྱང་ལས་དང་པོ་པས་ལྟུང་བའི་ངོ་བོ་བརྟགས་ནས་དེ་ལ་སྟོད་པས་རྒྱས་འདེབས་པ་ནི་ལུང་དེའི་དབྱིངས་འཇལ་མ་ཤེས་ཏེ། སྟོང་པར་བལྟས་པས་དག་ན་རྒྱང་འཕེན་པའི་གསང་ཚིག་ལའང་དོན་ཡོད་པར་འགྱུར་རོ། །དེ་བས་ན་གནས་ལུགས་ལ་མྱོང་བ་བརྟན་པས་བཤགས་ཉམས་གཉིས་ཀ་མེད་པའི་དོན་ཉམས་སུ་མྱོང་ནས་གཤེགས་པའི་ཚུལ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། བྱང་ཆུབ་སེམས་དཔའ་གང་གིས་ལས་མེད་ཅིང་རྣམ་པར་སྨིན་པ་མེད་པར་ཤེས་པ་དེས་ཡེ་ཤེས་ཀྱི་སྒྲིབ་པ་རྣམ་པར་དག་པ་འཐོབ་བོ། །ཞེས་པ་ལྟར་རོ། །བཤད་མ་ཐག་པ་གཉིས་པོ་ནི་དབང་པོ་འབྲིང་པོ་ལ་དམིགས་པ་ཡིན་ནོ། །ལས་དང་པོ་པ་རྣམས་ནི་སྟོབས་བཞི་ལ་བརྟེན་པ་ཉིད་ལེགས་ཏེ། དེའང་ན་ཚོད་ལས་ཐལ་བའམ། ལམ་ལ་འཇུག་པར་སྔ་བ་ཙམ་ལས་དང་པོ་པ་མ་ཡིན་པའི་ཐ་སྙད་འདི་འཇིག་རྟེན་ན་གྲགས་པ་ཆེ་ཡང་ཤིན་ཏུ་རིགས་པ་མ་ཡིན་ཏེ། དེ་བཞིན་གཤེགས་པས་བྱིས་པ་སོ་སོ་སྐྱེ་བོ་ཞེས་གསུངས་པ་དེ་དེའི་སེམས་ཀྱི་མཚན་ཉིད་རང་སྡུག་བསྔལ་མི་འདོད་བཞིན་དུ་སྡུག་བསྔལ་གྱི་རྒྱུ་གཞན་ལ་འཆེ་བ་སོགས་འདོད་པ་ཅན་ལ་དམིགས་པ་ཡིན་པས་ན། ཕན་ཚུན་མི་མཐུན་བྱིས་པ་ཡི། །འདོད་པ་རྣམས་ཀྱི་མི་སྐྱོ་ཞིང་། །ཞེས་བཤད་པས་ད་ལྟའི་གང་ཟག་ཕལ་ཆེར་ལས་དང་པོ་པ་ཡིན་པར་རིགས་སོ། །རྟེན་གྱི་སྟོབས་ནི། ངོ་ཚ་ཁྲེལ་ཡོད་ཀྱི་རྟེན་ཐེག་ཆེན་གྱི་སྡོམ་ལྡན་དགེ་བའི་བཤེས་གཉེན་དང་། དེ་བཞིན་གཤེགས་པའི་རྟེན་ཁྱད་པར་ཅན་གྱི་དྲུང་དང་དམིགས་པས་ཀྱང་


JL00_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་གྱི་ནམ་མཁར་རྒྱལ་བ་སྲས་དང་བཅས་པ་དང་། ཁྱད་པར་བྱང་ཆུབ་སེམས་དཔའི་ལྟུང་བ་ལྡང་བར་ཞལ་གྱི་འཆེས་པའི་ལྷ་ནམ་མཁའི་སྙིང་པོའི་སྤྱན་སྔར། རང་རྒྱུད་ཀྱི་རྟེན་སྐྱབས་སུ་འགྲོ་བ་དང་། སྙིང་རྗེས་སེམས་ཅན་ལ་དམིགས་ཤིང་། ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་པའི་ཐབས་ཤེས་གཉིས་ལྡན་གྱི་སེམས་ཁྱད་པར་ཅན་རྣམས་སོ། །རྣམ་པར་སུན་འབྱིན་པའི་སྟོབས་ནི། ལྟུང་བ་གང་བྱུང་བ་དེ་དག་གི་འཆབ་པ་མི་བྱེད་པས་དེའི་མིང་ནས་བརྗོད་ཅིང་ཡིད་ཀྱིས་འགྱོད་པ་དྲག་པོས་བཤགས་པའོ། །གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་མཚན་བཟུང་བ་དང་། སྐུ་གཟུགས་དང་མཆོད་རྟེན་བཞེངས་པ་དང་། རལ་བ་གསོ་བ་དང་། གྲུམ་པ་བཅོས་པ་དང་། རྟེན་ལ་ཕྱག་བསྐོར་དང་། མདོ་རྒྱུད་ཟབ་མོ་ཁ་ཏོན་དུ་བྱ་བ་དང་། ཡི་གེ་བརྒྱ་པ་ལ་སོགས་སྡིག་སྒྲིབ་ཉེས་ལྟུང་སྦྱོང་བའི་རིག་པ་དང་། མཉམ་པར་འཇོག་པ་རྣམས་ལ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྒོ་དྲུག་ཅེས་གྲགས་ཏེ། སྙིང་རྗེ་ཆེན་པོའི་མདོ་ལས། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཡོན་ཕུལ་བ་ཅི་ཙམ་དུ་མཐུ་ཆེ་བ་དེ་ཙམ་དུ་མཐུ་ཆེ་བ་དང་། སེམས་དང་བ་ཇི་ཙམ་མཐུ་ཆེ་བ་ལ་ལྟོས། ཀུན་དགའ་བོ་འདི་ལྟར་སངས་རྒྱས་ལ་ཕྱག་འཚལ་ལོ་ཟེར་ན། ཀུན་དགའ་བོ་དེའི་ཚིག་དོན་ནི་འདི་ལྟ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྒྲ་ནི་དོན་མེད་པ་མ་ཡིན་ཏེ། གང་འདི་སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་ཟེར་ན། དེ་དོན་མེད་པར་མི་འགྱུར་རོ། །དེ་བཞིན་གཤེགས་པ་རྣམས་ལ་དགེ་བའི་རྩ་བ་ཇི་ཙམ་ཆུང་ངུ་བསྐྱེད་པ་ཡང་ཆུད་ཟ་བར་མི་འགྱུར་ཏེ། ཐ་ན་སེམས་དང་བ་གཅིག་བསྐྱེད་པ་དེ་ཐམས་ཅད་ཀྱང་ཐ་མ་མྱ་ངན་ལས་འདའ་བར་འགྱུར་རོ། །ཞེས་


JL00_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཐམས་ཅད་ལ་མཚོན་པའི་ལུང་ཡོད་དེ་ཡི་གེའི་ཁུར་ལྕིའོ། །སོར་ཆུད་པའི་སྟོབས་ནི། ཕྱིན་ཆད་སྲོ་ལ་བབས་ཀྱང་སྡིག་ལྟུང་དུ་འགྱུར་བའི་ལས་གང་ཡིན་པ་དེ་མི་བྱ་བར་དམ་བཅའ་བའོ། །སྤྱིར་ལྟུང་བ་དེ་དག་ལའང་ཡུལ་གྱི་བྱེ་བྲག་ལ་བརྟེན་ནས་ཀུན་དཀྲིས་ཀྱི་ཁྱད་པར་ཤེས་པར་བྱ་སྟེ། འདི་ལྟར་ཞེ་སྡང་གི་དབང་གིས་སེམས་ཅན་ལ་གནོད་པ་དང་། གཏི་མུག་གི་དབང་གིས་དམ་པའི་ཆོས་ལ་གནོད་པ་གཉིས་ཀ་ཀུན་དཀྲིས་ཆེན་པོ་ཡིན་ནོ། །དེ་ལས་གཞན་པའི་ཆགས་སེམས་དང་ཞེ་སྡང་བ་ལ་སོགས་པ་དག་ནི་ཀུན་དཀྲིས་ཆུང་ངུ་སྟེ། ཇི་ལྟར་ཡང་གཉེན་པོ་སྟོབས་བཞི་དང་། ཡན་ལག་བདུན་པས་མཉེས་པར་བྱས་ཏེ་འདི་ལྟར་དུ་བཤགས་པར་བྱའོ། །བཤགས་ཡུལ་དངོས་སུ་ཡོད་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བྱ་བ་ལ་ལྟུང་བ་འདི་དང་འདི་བྱུང་བས་སེམས་ཅན་ཐམས་ཅད་ཀྱི་ཕྱིར་བཤགས་ཀྱིས་དག་པར་མཛད་དུ་གསོལ། ཞེས་ལན་གསུམ་བརྗོད་པས། བཤགས་ཡུལ་གྱིས། ཉེས་ལྟུང་དེ་དག་ཉེས་ལྟུང་དུ་གཟིགས་སམ། ཕྱིན་ཆད་ལགས་པར་སྡོམ་མམ། ཞེས་པའི་ལན་དུ་ཁུམས་ལགས། སྡོམ་ལགས་སོ། །ཞེས་བརྗོད་པས་ཉེས་པ་ལས་ཐར་བར་བྱང་ས་ལས་གསུངས་སོ། །དངོས་སུ་མེད་ན། ཕྱོགས་རྣམས་ཀུན་ན་བཞུགས་པ་ཡི། །རྫོགས་སངས་རྒྱས་དང་བྱང་ཆུབ་སེམས། །ཐུགས་རྗེ་ཆེན་པོ་མངའ་རྣམས་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་ནི། །ཐོག་མ་མེད་ལྡན་འཁོར་བ་ནས། །ཚེ་རབས་འདིའམ་གཞན་དག་ཏུ། །བདག་གིས་མ་འཚལ་སྡིག་བགྱིས་པའམ། །བགྱིད་དུ་སྩལ་བ་ཉིད་དང་ནི། །གཏི་མུག་འཁྲུལ་བས་བདག་ནོན་ཏེ། །རྗེས་སུ་ཡི་རང་གང་བགྱིས་པ། །ནོངས་པ་དེ་ནི་མཐོང་བགྱིས་ནས། །བསམ་པ་ཐག་པས་མགོན་ལ་བཤགས། །


JL00_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གིས་དཀོན་མཆོག་གསུམ་དང་ནི། །ཕ་མའམ་བླ་མ་གཞན་དག་ལ། །ཉོན་མོངས་སྒོ་ནས་ལུས་ངག་དང་། །ཡིད་ཀྱི་གནོད་བགྱིས་གང་ལགས་དང་། །ཉེས་པ་དུ་མས་སྐྱོན་ཆགས་པའི། །སྡིག་ཅན་བདག་གི་སྡིག་པ་གང་། །ཤིན་ཏུ་མི་བཟད་བགྱིས་པ་དེ། །ཐམས་ཅད་འདྲེན་པ་རྣམས་ལ་བཤགས། །བདག་གི་སྡིག་པ་མ་བྱང་བར། །སྔོན་དུ་འགུམ་པར་འགྱུར་དུ་མཆི། །ཇི་ལྟར་འདི་ལས་ངེས་ཐར་བར། །མྱུར་བའི་ཚུལ་གྱིས་བསྐྱབ་ཏུ་གསོལ། །ཞེས་བཤགས་ཏེ་ལྟུང་བ་ལས་ལྡང་ངོ་། །སྤྱིར་རྩ་བའི་ལྟུང་བའམ། ཡན་ལག་གི་ལྟུང་བས་མཚོན་ཏེ། མདོར་ན་བརྗེད་ངས་དང་ཤེས་བཞིན་གྱིས་མ་ཟིན་པས་ཕྱིར་བཅོས་མ་གྲུབ་པ་མཐའ་དག་དཀོན་མཆོག་གི་དྲུང་དུ་ཉིན་དང་མཚན་མོའི་ཆ་ལ་ཕུང་པོ་གསུམ་པ་ལན་གསུམ་གསུམ་གདོན་ཞིང་སངས་རྒྱས་དང་བྱང་ཆུབ་ཀྱི་སེམས་ཡིད་ལ་བྱས་པས་སོར་ཆུད་པར་འགྱུར་ཏེ། སྤྱོད་འཇུག་ལས། ཉིན་དང་མཚན་མོ་ལན་གསུམ་དུ། །ཕུང་པོ་གསུམ་པ་གདོན་བྱ་ཞིང་། །རྒྱལ་དང་བྱང་ཆུབ་སེམས་བརྟེན་ནས། །ལྟུང་བའི་ལྷག་མ་དེས་ཞི་བྱ། །ཞེས་པ་ལྟར་རོ། །དེ་བས་ན་ཉམས་པའི་ཉེས་དམིགས་ལ་འཇིགས་པས་ད་ལྟ་བུ་ནི་བདག་གིས་བསྒྲུབ་པར་མི་ནུས་སོ་སྙམ་ནས་ཞུམ་པ་དང་། རྩོལ་བ་འདོར་བ་སྤངས་ལ། སྦྲུལ་ཤི་རོ་དང་ཕྲད་པའི་ཁྭ་ཏ་མཁའ་ལྡིང་དུ་རྒྱལ་བ་ལྟར་སེམས་གཟེངས་བསྟོད་ནས་བསླབ་པའི་བརྟུལ་ཞུགས་བརྟན་པར་བྱ་བ་ལ་བསླབས་པས་ལྟུང་བས་བདག་ཕམ་པ་མ་ཡིན་པ་ཉིད་འཐོབ་སྟེ། དེ་ཉིད་ལས། ཤི་བའི་སྦྲུལ་དང་ཕྲད་གྱུར་ན། ཁྭ་ཡང་མཁའ་ལྡིང་ལྟ་བུར་སྤྱོད། །གལ་ཏེ་བདག་ཉིད་ཉམ་ཆུང་ན། །ལྟུང་བ་ཉུང་ངུའང་གནོད་པར་བྱེད། །ཞུམ་བཅས་རྩོལ་བ་དོར་བ་ལ། །ཕོངས་ལས་ཐར་བ་ཡོད་དམ་ཅི། །ང་རྒྱལ་རྩོལ་བ་བསྐྱེད་


JL00_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

པས་ནི། །ཆེན་པོ་ཡིས་ཀྱང་ཐུབ་པར་དཀའ། །དེ་བས་སེམས་ནི་བརྟན་པ་ཡིས། །ལྟུང་བ་རྣམས་ནི་གཞོམ་བྱ་སྟེ། །བདག་ནི་ལྟུང་བས་ཕམ་བྱས་ན། ཁམས་གསུམ་རྒྱལ་འདོད་བཞད་གད་འགྱུར། །བདག་ནི་ཀུན་ལས་རྒྱལ་བ་སྟེ། །བདག་ལས་སུ་ཡང་རྒྱལ་མི་བྱ། །ཞེས་པ་ལྟར་རོ། །དེ་ལྟར་སེམས་ཅན་མང་པོ་ལ་སངས་རྒྱས་ཀྱི་ས་བོན་འཇོག་ཅིང་ཕན་རླབས་པོ་ཆེ་གདགས་སུ་རུང་བ་དབུ་མ་པའི་ལུགས་ཀྱི་བྱང་ཆུབ་སེམས་དཔའི་སེམས་བསྐྱེད་ནི་སྒོ་ཡངས་པས་ཁྱིམ་པའི་ཕྱོགས་ལ་བརྟེན་པ་དག་གི་སོ་སོ་སྐྱེ་བོ་ལའང་བྱང་ཆུབ་ཀྱི་སེམས་སྐྱེ་ཞིང་བྱང་ཆུབ་སེམས་དཔའི་སྡོམ་པའི་རྟེན་དུ་རུང་བ་ནི་འཇམ་དཔལ་ཞེས་བོས་ནས་ཀ་ལ་པིངྐའི་ཕྲུ་གུ་སྒོ་ངའི་ནང་ནས་སྒྲ་སྒྲོགས་པའི་དཔས་བསྟན་པས་ན་གླིང་གསུམ་གྱི་རྟེན་ཅན་ལས་སོ་ཐར་གྱི་སྡོམ་རྟེན་དང་ལྡན་པ་གཅིག་པ་ལ་མ་ལྟོས་ཤིང་། ལྷ་ཀླུ་གནོད་སྦྱིན་ལ་སོགས་པ་བརྡའ་ཤེས་དོན་གོ་བྱང་སྡོམ་སྐྱེ་བའི་རྟེན་ཉེས་སྤྱོད་གང་རུང་སྤོང་བར་དམ་འཆའ་ནུས་ཤིང་། བླང་བའི་འདོད་པ་དང་ལྡན་པ་ཐམས་ཅད་ལ་སྐྱེ་ཞིང་སྐྱེས་པའི་རྟེན་དེ་ལ་གཏོང་བྱད་ཀྱི་རྒྱུ་མ་བྱུང་ན་ཚེ་བ་རྗེས་ཀྱང་སྡོམ་པ་མི་གཏོང་ལ་རིགས་སད་པའི་སྙིང་རྗེ་དང་ལྡན་པས་ཀྱང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཞེས་གསུངས་ཏེ། དོན་གྱི་ཆ་ནས་སྟོང་པ་ཉིད་དང་སྙིང་རྗེའི་ཁྱད་པར་གྱིས་སངས་རྒྱས་དང་སེམས་ཅན་ལ་དམིགས་པའི་བསམ་པ་མི་ཕྱེད་པ་དང་ལྡན་ན། དེ་འདོད་པའི་ཡོན་ཏན་ལྔ་སྤྱོད་དུ་ཟིན་ཀྱང་སྤྱོད་པ་རྣམ་པར་དག་པའི་ཚུལ་ཁྲིམས་ཅན་ཡིན་པས་ན་སྔར་བསྟན་པ་ལྟར་དེའི་ཤིང་རྟའི་ཐག་པ་དེ་བཞིན་གཤེགས་པའི་དབུ་ལ་ཡང་བསྐུར་རོ་ཞེས་བསྔགས་ཤིང་། སྡུད་པ་ལས། གལ་ཏེ་བྱང་ཆུབ་སེམས་དཔའ་འདོད་ཡོན་ལྔ་སྤྱད་ཀྱང་། སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་


JL00_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་སོང་སྟེ། སངས་རྒྱས་འགྲུབ་བྱ་སྙམ་དུ་ཀུན་མཁྱེན་ཡིད་བྱེད་ན། །མཁས་པ་ཚུལ་ཁྲིམས་ཕ་རོལ་ཕྱིན་གནས་རིགས་པར་བྱ། ཞེས་དང་། གཞན་ཡང་། བྱང་ཆུབ་སེམས་དཔའ་ཆོས་འཕགས་བུད་མེད་དྲུག་ཁྲི་བརྒྱད་སྟོང་དང་ལྷན་ཅིག་འདོན་པའི་ཡོན་ཏན་ལྔ་ལ་སྤྱོད་དོ། །ཞེས་པ་དང་མཐུན་པར་དྲག་ཤུལ་ཅན་གྱིས་ཞུས་པ་ལས་ཀྱང་། ཁྱིམ་པའི་ཕྱོགས་ཀྱི་བྱང་ཆུབ་སེམས་དཔའི་དབང་དུ་སྤྱད་པ་ཡང་གསུངས་སོ། །གལ་ཏེ་དེ་ལྟར་མ་ཡིན་ན་བདག་མེད་པ་གཉིས་རྟོགས་པའི་འཕགས་པ་དག་ཀྱང་སྙིང་རྗེ་ཆེན་པོ་དང་བྲལ་བས་བསྔགས་པ་མ་ཡིན་ལ། གཞན་དོན་ལ་དམིགས་པའི་བྱ་དཀའ་བདག་གི་སྤྱོད་པ་ལ་ཞུམ་ནས་སེམས་བསྐྱེད་པའི་ཁུར་བོར་བ་དག་ནི་སོ་ཐར་གྱི་ཕས་ཕམ་པ་ལས་ཀྱང་སྤྱོད་པ་ཉམས་པ་ཡིན་ཏེ། དེ་ཉིད་ལས། གལ་ཏེ་བསྐལ་པ་བྱེ་བར་དགེ་བའི་ལམ་ལས་བཅུ། །སྤྱོད་ཀྱང་རང་རྒྱལ་དགྲ་བཅོམ་ཉིད་ལ་འདོད་བསྐྱེད་ན། །དེ་ཚེ་ཚུལ་ཁྲིམས་སྐྱོན་བྱུང་ཚུལ་ཁྲིམས་ཉམས་པ་ཡིན། །ཚུལ་ཁྲིམས་འཆལ་ཞིང་མི་མཁས་དེ་བཞིན་སྤྱོད་པ་ཉམས། །སེམས་བསྐྱེད་དེ་ནི་ཕས་ཕམ་ལས་ཀྱང་ཤིན་ཏུ་ལྕི། །ཞེས་སོ། །དེ་ལ་སློབ་དཔོན་བྱང་བཟང་དང་། ཨ་བྷྱ་ཀ་རས་སྲོལ་གཉིས་ཀྱི་སྡོམ་པའི་ཆོ་ག་བསྲེས་པ་ཁུངས་སུ་བྱས་ནས་དབུ་སེམས་ཀྱི་ལུགས་ཐ་དད་དུ་འགོད་པ་མ་དག་པར་འགྱུར་ན། སྐྱེ་བའི་རྟེན་ཁྱིམ་པའི་ཕྱོགས་དང་། རབ་ཏུ་བྱུང་བའི་དབྱེ་བ་གཉིས། དེ་བཞིན་དུ་སྡིག་པ་ཡོད་མེད་གཉིས་ཀྱི་ཆ་ནས་སྐྱེ་བར་རུང་མི་རུང་གི་རྣམ་པར་དབྱེ་བས་ཅི་ཞིག་བྱ། སོ་ཐར་རིགས་བདུན་པོ་གང་རུང་གི་སྟེང་དུ་སྨོན་འཇུག་གི་སེམས་བསྐྱེད་དང་ལྡན་པ་ལ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་


JL00_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

སྡོམ་པ་ཞེས་བརྗོད་པ་ནི་རབ་ཏུ་བྱུང་བའི་བྱང་ཆུབ་སེམས་དཔའ་ཡིན་ཏེ། མདོ་སྡེའི་རྒྱན་གྱི་ལུགས་བྱམས་པས་བཀའ་བསྡུས་ཤིང་ཐོགས་མེད་སྐུ་མཆེད་ཀྱིས་བཀྲལ་བ་འཆད་པར་འགྱུར་ལ། བཤད་མ་ཐག་པ་ཤིན་ཏུ་རྒྱས་པའི་སྡེ་སྣོད་སྡོང་པོ་བཀོད་པ་དང་། ནམ་མཁའི་སྙིང་པོ་དང་། དཀོན་མཆོག་བརྩེགས་པ་དང་། བསྐལ་པ་བཟང་པོ་དང་། རྒྱལ་པོ་ལ་གདམས་པ་རྣམས་ཀྱི་ལུགས་འཇམ་དཔལ་དབྱངས་ཀྱིས་བཀའ་བསྡུས་ཤིང་། ཀླུ་སྒྲུབ་སྙིང་པོས་བཀྲལ་བ་ལས་ནི་ཉིན་གཅིག་ཏུ་སྲོག་མི་གཅོད་པའི་སྡོམ་པ་བླངས་པ་ལའང་བྱང་ཆུབ་སེམས་དཔའི་སེམས་བསྐྱེད་མཛད་ཀྱང་། དེ་སོ་སོ་ཐར་བའི་སྡོམ་པ་མ་ཡིན་པ་ལ་སོགས་པའི་འཐད་པས་ཀྱང་དབུ་སེམས་གཉིས་ཐ་དད་དུ་རྣམ་པར་དབྱེ་བ་ལེགས་པར་གྲུབ་བོ། །དེ་སྐད་དུ་འཕགས་པ་དཀོན་མཆོག་བརྩེགས་པ་ལས། སྡོམ་པའི་ཚུལ་ཁྲིམས་ནི་བྱང་ཆུབ་སེམས་དཔའི་སེམས་གནས་པར་བྱེད་དོ། །དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ནི་སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་བྱེད་དོ། །སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ། །ཞེས་སོ། །དེ་བས་ན་ཚུལ་ཁྲིམས་ཀྱི་སྒྲ་ནི་སྡོམ་པ་ལ་འདོད་ཀྱང་དེ་ཚངས་པའི་སྤྱོད་པ་ཁོ་ན་ཡིན་པས་མ་ཁྱབ་ཏེ། བྱང་ཆུབ་སེམས་དཔའ་ཉིད་ལ་གནང་ཤིང་བཅས་པའི་སྡོམ་པ་དེ་ཡང་ཚུལ་ཁྲིམས་ཉིད་ཡིན་ནོ། །དེ་ལྟར་ཡང་དབུ་མའི་ལུགས་ཀྱི་སེམས་བསྐྱེད་ནི་སོ་སོ་ཐར་བའི་སྡོམ་ལྡན་གྱིས་བླངས་ཀྱང་བྱང་སྡོམ་ཐོབ་པའི་ཆོ་ག་ལ་ཁྱད་པར་མེད་ཅིང་། སེམས་ཙམ་པའི་ལུགས་ནི་སྨོན་སེམས་བླང་བ་ལ་སོ་ཐར་མི་དགོས་ཀྱང་། འཇུག་སྡོམ་ལེན་པའི་རྟེན་སོ་ཐར་རིགས་བདུན་གང་རུང་དུ་བཤད་པ། རྟེན་དེ་ལྡན་གྱིས་བྱང་ཆུབ་སེམས་དཔའི་


JL00_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་སྣོད་ལ་སློབས་ནས་དད་ཅིང་བསྒྲུབ་པར་ནུས་པའི་ཚེ་སྔོན་ལ་བར་ཆད་དྲི་བ་དང་། རྗེས་ལ་བསླབ་པ་བརྗོད་ཅིང་། སྐྱེ་ཚུལ་ཡང་སེམས་དང་བ་ལས་སྐྱེ་བས་ཕྱག་མཆོད་ལ་སོགས་པས་ཡིད་དང་བ་བྱས་ནས་སྨོན་འཇུག་གཉིས་སོ་སོའི་ཆོ་གའི་ལེན་པའོ། །འོ་ན་དེ་གཉིས་ཀ་ཐེག་པ་ཆེན་པོའི་སྡེ་སྣོད་དུ་མཚུངས་ན་གྲུབ་མཐའ་ནང་འགལ་བ་ཇི་ལྟར་སྙམ་ན། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་དེ་ལ་རྣམ་པ་གཉིས་སུ་བཅད་པའི། ཐུན་མོང་བ་ནི་དགེ་བསྙེན་གྱི་སྡོམ་པའམ། སོ་སོ་ཐར་པའི་སྡོམ་པ་གང་རུང་ལས་གཅིག་ཏུ་མཐའ་མ་བཀག་ལ། ཐུན་མོང་མ་ཡིན་པ་ནི་བྱང་ཆུབ་སེམས་དཔའི་བསམ་པ་རྣམ་པར་དག་པའི་ཚུལ་ཁྲིམས་ཡིན་པས་གཟུགས་ཅན་གྱི་སྡོམ་པ་ལ་འཇུག་མི་ནུས་པའམ། ནུས་ཀྱང་དགོས་པའི་དབང་གིས་གཞན་ལ་ཕན་པ་རྒྱ་ཆེན་པོ་འདོགས་པའི་ཕྱིར་བྱང་ཆུབ་སེམས་དཔའ་བཟང་སྐྱོང་དང་དྲི་མ་མེད་པར་གྲགས་པ་ལ་སོགས་ཁྱིམ་པའི་གཟུགས་ཅན་དུ་བསྟན་ནས་དེ་དག་གི་སྡེ་སྣོད་དང་རྗེས་སུ་འབྲེལ་བར་ཇི་སྐད་བསྟན་པ་བཞིན་དུ་དབུ་མའི་ལྟ་བ་ཡང་དག་པར་འཛིན་པ་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཞབས་དང་། རྒྱལ་སྲས་ཞི་བ་ལྷས་སྲོལ་ཕྱེ་བ་ཡིན་ལ། ཡང་བསྟན་པའི་གཞི་མ་དམ་པའི་ཆོས་འདུལ་བ་ཡིན་པ་དང་། ལས་དང་པོ་པའི་གང་ཟག་གམ་རིགས་དང་མི་ལྡན་པ་དག་གཟུགས་ཅན་གྱི་སྡོམ་པས་རྒྱུད་འདུལ་བ་གཙོ་བོར་བྱེད་པའི་ཆེད་དུ་སློབ་དཔོན་ཐོགས་མེད་སྐུ་མཆེད་ཀྱིས་མདོ་སྡེའི་རྒྱན་ལས་རབ་ཏུ་བྱུང་བའི་བྱང་ཆུབ་སེམས་དཔའ་མཆོག་ཏུ་གསུངས་པའི་རྗེས་སུ་འབྲངས་ནས་སེམས་ཙམ་པའི་ལྟ་བ་འཛིན་པའི་ལུགས་ཀྱི་སེམས་བསྐྱེད་དེ་ལྟར་དུ་བཀྲལ་བ་ཇི་ལྟར་ཡང་རུང་བའི་ཚུལ། སའི་སྙིང་པོ་འཁོར་ལོ་


JL00_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་པ་ལས། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་རྣམ་པར་དག་པ་ལ་གཉིས་ཏེ། ཐུན་མོང་བ་དང་། ཐུན་མོང་མ་ཡིན་པའོ། །ཐུན་མོང་བ་ནི། དགེ་བསྙེན་གྱི་སྡོམ་པའམ། ཡང་ན་རབ་ཏུ་བྱུང་བའི་སོ་སོ་ཐར་པའི་བསྙེན་པར་རྫོགས་པའོ། །ཐུན་མོང་མ་ཡིན་པ་ནི་སེམས་ཅན་ཐམས་ཅད་ལ་མཉམ་པའི་སེམས་དང་། གནོད་པ་མེད་པའི་སེམས་དང་། འཁོན་དུ་འཛིན་པ་མེད་པའི་སེམས་ཀྱིས་ཚུལ་ཁྲིམས་བསྲུང་བའོ། །སྲིད་པའི་རྣམ་པར་སྨིན་པ་ལ་ཐམས་ཅད་མི་བལྟ་བར་བསྲུང་ངོ་། །ཞེས་གསུངས་པའི་དོན་ཁོང་དུ་ཆུད་ན་བསྟན་བཅོས་ཁོ་ནའི་རྗེས་སུ་འབྲངས་པའི་ཕྱོགས་ལྷུང་གི་རྣམ་པར་རྟོག་པ་ཉེ་བར་ཞི་བར་འགྱུར་རོ། །ད་ནི་རྒྱ་ཆེན་སྤྱོད་པའི་རིང་ལུགས་སྨོན་འཇུག་གི་བསླབ་བྱ་དང་འབྲེལ་བར་བསྟན་ནས་བསླབ་པའི་དོན་བསྡུ་བའི་ཕྱིར། བདག་འདི་གཞན་ལ་ཡང་དག་སྤོ་བ་དང་། །གཞན་གྱི་སྡུག་བསྔལ་བདག་གི་འཁུར་བཟོད་པའི། །གཏོང་ལེན་སྙིང་སྟོབས་རྨད་བྱུང་འདུ་བྱེད་ཅིང་། །བྱང་ཆུབ་བར་དུ་མི་འབྲལ་ཕྱི་ཕྱིར་སྨོན། །དེ་ལ་སྨོན་པ་དང་འཇུག་པའི་རང་བཞིན་ལས་འདའ་བར་མི་བྱེད་པ་ནི་སེམས་བཟུང་བའོ། །དེ་ལ་མི་མཐུན་ཕྱོགས་སྤང་ཞིང་ལྟུང་བ་བྱུང་ཡང་དེ་མ་ཐག་བཅོས་པ་ནི་དག་པར་བྱ་བའོ། །དེ་ལྟར་བྱས་ནས་རྣམ་པ་ཐམས་ཅད་ནས་ཐམས་ཅད་དུ་བདག་གི་བདེ་བ་དང་སེམས་ཅན་གྱི་སྡུག་བསྔལ་བརྗེ་བ་ལ་སློབ་པ་ནི་སེམས་སྤེལ་བའི་ཐབས་ཀྱི་དམ་པ་ཡིན་པ་སྟེ། སྤྱོད་འཇུག་ལས། བདག་བདེ་གཞན་གྱི་སྡུག་བསྔལ་དག །ཡང་དག་བརྗེ་བར་མ་བྱས་ན། །སངས་རྒྱས་ཉིད་དུ་མི་འགྲུབ་ཅིག །འཁོར་བ་ན་ཡང་བདེ་བ་མེད། །འཇིག་རྟེན་ཕ་རོལ་ཕར་བཞོག་གི །བྲན་གཡོག་ལས་མི་བྱེད་པ་དང་། །རྗེ་དཔོན་བརྔན་པ་མི་སྟེར་བས། །ཚེ་འདིའི་དོན་ཡང་འགྲུབ་མི་འགྱུར། །ཞེས་སོ། །དེ་བས་ན་ལས་དང་པོ་པའི་དུས་སུ་བདག་ཉིད་


JL00_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

ཕུན་སུམ་ཚོགས་པར་དགའ་བ་བཞིན་དུ་སེམས་ཅན་གཞན་དང་གཞན་དག་ཀྱང་དགའ། བདག་ཉིད་སྡུག་བསྔལ་བ་མི་འདོད་པ་བཞིན་དུ་སེམས་ཅན་གཞན་དག་ཀྱང་དེ་བཞིན་ནོ། །དེ་བས་ན་བདག་ཉིད་ནི་བསྲུང་ཞིང་། གཞན་དག་ཡལ་བར་འདོར་བ་འདི་བཟང་པོ་མ་ཡིན་པར་བལྟས་ལ་བདག་གཞན་མཉམ་པ་ཉིད་དུ་བལྟ་བར་བྱ་སྟེ། དེ་ལ་གོམས་པ་དང་སེམས་ཅན་ཐམས་ཅད་བདག་ཉིད་ཀྱི་ཁུར་དུ་ཁྱེར་ནས་བདག་གི་བདེ་བའི་དབུགས་ཕ་རོལ་ཏུ་འབྱུང་བའི་གནས་སྐབས་ཐམས་ཅད་ལ་དམིགས་ཏེ་གཞན་ལ་བཏང་བར་བྱའོ། །གཞན་གྱི་སྡུག་བསྔལ་ནི་དབུགས་ནང་དུ་རྔུབ་པའི་གནས་སྐབས་དང་ལྷན་ཅིག་རང་གིས་བླང་བའི་གཏོང་ལེན་ལ་བསླབ་པ་སྟེ་སྔ་མ་ལས། སྒྱིད་ལུག་མེད་པའི་དཔུང་ཚོགས་དང། །ལྷུར་བླང་བདག་ཉིད་དབང་བྱ་དང། །བདག་དང་གཞན་དུ་མཉམ་པ་དང་། །བདག་དང་གཞན་དུ་བརྗེ་བར་གྱིས། །ཞེས་པ་ལྟར་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་ལ་དམིགས་པ་ན་བདག་ལྟ་བུས་དོ་ཟླར་མི་སྤོབས་སྙམ་ནས་སྐྲག་ཅིང་སྒྱིད་ལུགས་པ་ལ་ནི་ཐིབ་བྱས་བྲག་ལ་ཚང་བཅའ་བ་ལྟ་བུའི་སྙིང་སྟོབས་ཀྱི་དཔུང་བསྐྱེད་པར་བྱའོ། །རྨ་བྱ་མདོངས་ལ་གཅེས་པ་ལྟར་ལྷུར་བླང་བར་བྱའོ། །བྱ་རྒོད་ནམ་འཕང་སྙོགས་པ་བཞིན་བདག་ཉིད་ལ་དབང་དུ་བྱ་བའོ། །དེ་ལྟར་བྱས་ནས་སྔན་ཆད་ཀྱང་བདག་གིས་སེམས་ཅན་ཐམས་ཅད་ཕ་མར་བཟུང་ནས་དེའི་དོན་དུ་མ་བརྩོན་ཞིང་། བདག་གི་དོན་དུ་གཞན་བཀོལ་བ་ལ་སོགས་པའི་ལས་ཀྱིས་ད་ལྟ་ཡང་རྒྱལ་པོ་ལ་སོགས་པའི་བྲན་གཡོག་གི་ཁོང་དུ་གྱུར་ལ། དེ་བས་ན་ད་ནི་འགྲོ་བ་གཞན་གྱི་དོན་དུ་དམིགས་ནས་བདག་ཉིད་ཚར་བཅད་པ་ལ་སྤྲོ་བའི་སྙིང་སྟོབས་དང་འབྲེལ་བའི་བྱང་ཆུབ་ཀྱི་སེམས་དང་མི་འབྲལ་བ་ལ་བསླབ་སྟེ། དེ་ཉིད་ལས། བདག་ཕྱིར་


JL00_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ལ་གནོད་བྱས་ན། །དམྱལ་ལ་སོགས་པ་གདུང་བར་འགྱུར། །གཞན་ཕྱིར་བདག་ལ་གནོད་བྱས་ན། །ཕུན་སུམ་ཚོགས་པ་ཐམས་ཅད་འཐོབ། །བདག་ཉིད་མཐོ་བར་འདོད་པ་དེས། །ངན་འགྲོ་ངན་དང་གླེན་པར་འགྱུར། །དེ་ཉིད་གཞན་ལ་སྤོ་བྱས་ན། །བདེ་འཕྲོར་རིམ་གྲོ་ཐོབ་པར་འགྱུར། །བདག་གི་དོན་དུ་གཞན་བཀོལ་ན། །བྲན་ལ་སོགས་པ་མྱོང་བར་འགྱུར། །གཞན་གྱི་དོན་དུ་བདག་སྤྱད་ན། །རྗེ་དཔོན་ཉིད་སོགས་མྱོང་བར་འགྱུར། །འཇིག་རྟེན་བདེ་བ་ཇི་སྙེད་པ། །དེ་ཀུན་གཞན་བདེ་འདོད་ལས་བྱུང་། །འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ། །དེ་ཀུན་རང་བདེ་འདོད་ལས་བྱུང་། །མང་དུ་བཤད་ལྟ་ཅི་ཞིག་དགོས། །བྱིས་པ་རང་གི་དོན་བྱེད་དང་། །ཐུབ་པ་གཞན་གྱི་དོན་མཛད་པ། །འདི་གཉིས་ཀྱི་ནི་ཁྱད་པར་ལྟོས། །ཞེས་པ་ལ་བློ་ལེགས་པར་སྤྱད་དོ། །དེ་ལྟར་སྦྱར་བ་ཡང་ཚད་མེད་བཞིའི་ངོ་བོར་གནས་ཤིང་། བཞི་པོའི་ཐོག་མའང་བྱས་པ་དྲིན་དུ་གསོ་བ་ལས་སྐྱེ་ཞིང་དེ་ལས་རིམ་པར་སྔ་ཕྱི་རྒྱུ་འབྲས་ལྟ་བུར་འགྲུབ་པའི་ཚུལ། སྨོན་པའི་བསླབ་བྱ་ཚད་མེད་བཞི་པོ་ཡང་། །བྱས་པ་དྲིན་དུ་གཟོ་ལས་བྱམས་པ་སྐྱེ། །བྱམས་ལས་སྙིང་རྗེ་དེ་ལས་བྱང་ཆུབ་སེམས། །སྐྱེ་བ་ཚད་མའི་ལུང་གིས་ཡང་དག་འགྲུབ། །དེ་ལ་བྷཾ་ག་ལའི་པཎྜི་ཏ་མར་ཤེས་པ་དང་། དྲིན་དྲན་པ་དང་། དྲིན་གཟོ་བ་དང་། ཡིད་འོང་གྱི་བྱམས་པ་དང་། ལྷག་བསམ་རྣམ་དག་དང་། བརྩེ་བ་སྙིང་རྗེ་ཆེན་པོ་དང་། རང་འབྲས་བླ་ན་མེད་པ་ཉིད་དེ་རྒྱུ་འབྲས་མན་ངག་བདུན་ལྡན་དུ་བཞེད་པ་ཡིན་ནོ། །དེ་བས་ན་སེམས་ཅན་ཐམས་ཅད་མར་ཤེས་པར་བྱས་ནས་དེའི་དྲིན་དྲན་པའི་ཚུལ། བཙས་མ་ཐག་པའི་སྐྱེས་བུ་བཞིན་དོན་དེ། །མ་ཡི་པང་པས་ཁྲུས་ཁང་ལྟར་བྱས་ནས། །མི་གཙང་མཐའ་དག་ལག་པས་ཉེ་རེག་བྱས། །མ་ཞོས་བསྙེན་བཀུར་ལུས་ཀྱིས་རེག་བྱས་


JL00_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

གཡོགས། །བུ་ཆུང་མ་ལས་བདག་ཉིད་འཆི་བར་འདམས། །སྡིག་སྡུག་གཏམ་ངན་མཐའ་དག་སྲན་ནུས་པའི། །དྲིན་དང་རིམ་གྲོ་ཁྱད་དུ་གསོད་བྱེད་ན། །དེ་ལས་ཆོ་ག་འཁྲུག་པ་སུ་ཞིག་ཡོད། །ཞེས་སྨོས་ཏེ། དེ་ལ་སེམས་ཅན་ཐམས་ཅད་ཀྱིས་བདག་གི་ཕ་མ་བྱས་པའི་རྒྱུ་གང་གིས་ཤེས་ན། འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། ས་ཆེན་པོ་འདི་རིལ་བུ་སྲན་མ་ཙམ་དུ་བྱས་ཏེ། སེམས་ཅན་གཅིག་གིས་བདག་གི་ཕ་མ་བྱས་པའི་གྲངས་བགྲངས་ན་ས་ཆེན་པོ་འདི་ཟད་པར་འགྱུར་གྱི། སེམས་ཅན་གཅིག་གིས་ཕ་དང་མ་བྱས་པའི་གྲངས་ནི་ཟད་པར་མི་འགྱུར་རོ། །ཞེས་པས་སོ། །དེ་ལྟར་མ་བྱས་རེས་ཀྱི་བཙས་མ་ཐག་པའི་སེམས་ཅན་ཤིན་ཏུ་ཉམ་ཆུང་བ། འབུའམ་སྦལ་པའི་རྣམ་པ་ལྟ་བུ། ཡན་ལག་དང་ཉིང་ལག་གི་རྩལ་མ་རྫོགས་པ། ཚོར་བ་བདེ་སྡུག་ཏུ་འཆར་ཀྱང་དབང་པོའི་མཐུ་ཉམས་པ། བལྟ་ན་སྡུག་པ་མ་ཡིན་པའི་བཞིན་གྲུལ་བུམ་གྱི་བྱད་འདྲ་བ་དེ་ཆམ་ཚོམ་མེད་པར་བླངས། པང་པས་ནི་ཁྲུས་ཁང་ལྟར་བྱས་སོ། །མི་གཙང་བ་དང་དྲི་ང་བའི་ཆ་ཐམས་ཅད་ནི་ལག་པས་ཕྱིས་སོ། །ནུ་ཞོ་འཇམ་པོས་ནི་བསྙེན་བཀུར་བྱས་སོ། །ཤའི་དྲོད་ལ་བཅངས་ནས་གྲང་ངད་དང་རྩུབ་མོའི་གོས་ཀྱིས་ནི་མི་སྐྱོ་བར་བྱས་སོ། །བརྩེ་བའི་སེམས་ཀྱི་བདག་ཉིད་སྡུག་བསྔལ་བ་ཁྱད་དུ་བསད་ནས་བུ་ཆུང་ན་བ་ལས་ནི་བདག་ཉིད་ཤི་བར་འདམས་སོ། །བརྡའ་དང་བཤེས་གཉེན་ནི་བསླབས་སོ། །དེའི་དོན་དུ་སྡིག་པའི་ལས་དང་སྡུག་བསྔལ་དང་། གཏམ་ངན་བཟོད་པར་དཀའ་བ་ཡང་བསྲན་ནུས་པར་བྱས་པ་དེའི་དྲིན་དང་བསྙེན་བཀུར་ཁྱད་དུ་གསོད་པར་བྱེད་པ་ནི་སེམས་ཅན་ལ་གནོད་པ་བྱེད་པ་ཡིན་པས་དེ་ལས་སྤྱོད་པ་ཉམས་པ་དང་། བསམ་པ་མ་རུངས་པར་གྱུར་བ་ནི་འཇིག་རྟེན་ན་མེད་དོ། །


JL00_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་མེད་པས་དེ་ནི་ཁུར་ཆེན་པོས་ནོན་པ་ཡིན་ཏེ། ས་འདི་རི་ར་བཅས་བདག་གི་ཁུར་མ་ཡིན། །བྱས་པ་མི་གཟོའི་ཁུར་ཆེན་དུག་ལྡན་གྱི། །བཟའ་བ་ཁོང་དུ་ཆུད་པའི་སྐྱེ་བོ་བཞིན། །ཞེས་སྨོས་ཏེ། དེའི་ཁུར་ནི་དབྱིག་དུག་དང་། གྱུར་པའི་དུག་ལས་ནུས་པ་ཆེས་ཆེར་མྱུར་བ་བཙན་དུག་དང་བཟའ་བ་བསྲེས་པ་ཁོང་དུ་ཆུད་པ་ལྟ་བུ་སྟེ་ཉམས་པར་མི་འགྱུར་སྙམ་ཡང་ཉམས་པར་འགྱུར་ཏེ་ལུང་རྣམ་འབྱེད་ལས། ས་རྣམས་དང་ནི་རི་རྣམས་དང་། །རྒྱ་མཚོ་བདག་གི་ཁུར་མིན་ཏེ། །བྱས་པ་མི་གཟོ་གང་ཡིན་པ། །དེ་ནི་བདག་གི་ཁུར་ཆེན་ཡིན། །ཅེས་པ་ལྟར་རོ། །དེ་བས་ན་དྲིན་དུ་གཟོ་བའི་ཚུལ། །དེ་ཕྱིར་ཕ་མཐའ་ཡས་པའི་སེམས་ཅན་ཀུན། །མ་རུ་གྱུར་ནས་ཕན་བཏགས་དམ་པའི་དྲིན། །དྲན་པས་བྱམས་སོགས་བཞི་པོ་གོང་འཕེལ་ཞིང་། །བྱས་པ་ཤེས་དང་དྲིན་དུ་གཟོ་བ་ཡི། །སྐྱེས་བུ་གང་ལ་འཕགས་པའི་ནོར་གྱིས་བསྙེན། །འདི་ལྟར་སེམས་ཅན་ཐམས་ཅད་མར་ཤེས་པར་བྱས་པས་དེའི་དྲིན་དྲན་པར་འགྱུར་ལ། དེ་ལྟར་དྲན་པས་བྱས་པ་དྲིན་དུ་གཟོ་བའི་བསམ་པ་འཐོབ་ཅིང་། རང་བཞིན་དུ་ཡིད་དུ་འོང་བའི་བྱམས་པ་དང་། དེ་སྡུག་བསྔལ་གྱི་གཟིར་བ་ལ་རྣམ་པར་བརྟགས་པའི་སྙིང་རྗེ་དང་། དེ་སྡུག་བསྔལ་ལས་གྲོལ་ཞིང་ཕུན་སུམ་ཚོགས་པའི་ཆ་ནས་དགའ་བ་དང་། ཐམས་ཅད་ཕ་མར་ཤེས་པས་ཕན་འདོགས་པ་ལ་ཉེ་རིང་མེད་པའི་བཏང་སྙོམས་ཏེ་ཚངས་པའི་གནས་པ་བཞི་པོ་གོང་ནས་གོང་དུ་འཕེལ་བར་གྱུར་པས། གཏོང་བ་ལ་མི་འཇུངས་པ་དང་། ཁྲེལ་དང་ངོ་ཚ་ཤེས་པ་ལ་སོགས་འཕགས་པའི་ནོར་གྱིས་རིམ་པས་ཕྱུག་པར་འགྱུར་ཏེ། སྐྱེས་རབས་ལས། བྱས་པ་ཤེས་ཤིང་བྱས་པ་གཟོ། །བྱས་པ་ཆུད་མི་གཟོན་པ་ཡི། །མི་ལ་དཔལ་མགོན་ཉེ་བར་གནས། །ཞེས་སོ། །དེ་ལྟར་ཤེས་ཀྱང་


JL00_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

སྨོན་སེམས་སྟོན་ཀའི་ཟླ་བ་ལྟ་བུ་ལ། །སྒྲ་གཅན་གདོང་བས་ཐུ་བའི་མི་མཐུན་ཕྱོགས། །ནག་པོའི་ཆོས་བཞི་རིང་དུ་བསྐྲད་པར་བྱ། །དེ་ལ་སྨོན་སེམས་སྟོན་ཀའི་ཟླ་བ་ལྟ་བུ་ནི། །སློབ་དཔོན་དཔའ་བོས། ཡོན་ཏན་མ་ལུས་བྱང་ཆུབ་སེམས་ལ་བརྟེན། །བྱང་ཆུབ་མཆོག་སེམས་སྙིང་རྗེའི་རྒྱུ་ལས་བྱུང་། །ཞེས་པ་ལྟར་སྙིང་རྗེ་བརྟན་པ་ལས་སེམས་ཅན་ཐམས་ཅད་ལ་ཕན་པར་འདོད་པའི་སེམས་སྟོན་ཀའི་ཟླ་བ་ཚེས་པ་ལྟ་བུས་སེམས་ཅན་གྱི་ཁམས་ཡིན་ནོ་ཅོག་ནམ་ཡང་ཡལ་བར་མི་འདོར་བའི་སེམས་དེ་གཏོང་རྒྱུའི་ངོ་བོ་ཡིན་ནོ། །གཏོང་བའི་རྐྱེན་ཉན་རང་ལྟར་བློའི་སྟོབས་ཆུང་ནས་སེམས་ཞུམ་པའམ། དང་པོ་སེམས་ཅན་ཐམས་ཅད་ཀྱི་དོན་ལ་སྨོན་པའི་བློ་གཅིག་ཡོད་པ་དེ། སེམས་ཅན་རྣམས་ནི་ཤིན་ཏུ་མི་བསྲུན་ཞིང་། །བྱེད་པ་ངན་པའི་རྐྱེན་ལས་བདག་ཉིད་ཁོངས་འཁྲུག་པར་འགྱུར་ཏེ། ད་ནི་སེམས་ཅན་གྱི་དོན་མི་ནུས་སྙམ་པའི་གོ་ཆ་བསྐྱུངས་ནས་རང་ཉིད་ཞི་བདེ་དོན་དུ་གཉེར་བའི་བློ་སྐྱེས་ན་གཏང་བར་འགྱུར་རོ། །ཡང་སེམས་བསྐྱེད་དེའི་མི་མཐུན་ཕྱོགས་སྒྲ་གཅན་གྱི་གདོང་བ་ལྟ་བུ་ནི་ནག་པོའི་ཆོས་བཞི་ཡིན་ཏེ། འདི་ལྟར་ཉན་རང་གི་རིགས་ཅན་དང་དབང་པོ་ཐ་མ་པས་བདུན་མན་ཆད་དུ་སྙིང་རྗེ་ཤས་ཆུང་བས་ལྡོག་པར་སླ་བས་ན་སྐྱེ་བ་གཞན་ནམ། ད་ལྟའི་གནས་སྐབས་སུ་སེམས་བསྐྱེད་བརྗེད་པ་དང་མངོན་དུ་མི་འགྱུར་བའི་རྒྱུ་བྱེད་པ་ཡིན་ནོ། །དེ་སྐད་དུ། རྒྱལ་བའི་སྲས་པོའི་ས་ཐོབ་ཀྱང་། །ཡིད་ཆེས་པར་ནི་འགྱུར་མ་ཡིན། །འདིས་ནི་ས་བརྒྱད་ཐོབ་བར་དུ། །ཐེག་པ་དམན་པ་སྤོང་མི་ནུས། །ཞེས་སོ། །སྤྱིར་འཕགས་པའི་ས་བརྒྱད་པ་ཐོབ་ནས་ཕྱིར་བཟློག་པའི་ཐབས་མེད་པ་དེ་ལྟ་ནའང་། མཚན་ཉིད་ཐེག་པའི་ས་ནི་སྔགས་ལམ་ལ་ལྟོས་ན་དྲང་དོན་ཡིན་


JL00_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱུ་མཚན་སྔགས་ཀྱི་ཐེག་པའི་སྐབས་འཆད་པར་འགྱུར་ལ། གཞན་ཡང་མདོ་ལས་རང་སངས་རྒྱས་མང་པོ་ཐེག་ཆེན་ལ་ཞུགས་ནས་འགའ་ཞིག་གིས་ས་བརྒྱད་པ་ཐོབ་ནས་ཕྱིར་ལོག་པར་གསུངས་པ་ཡིན་ནོ། །དེ་སྐད་དུ་རྡོ་རྗེ་རྩེ་མོ་ལས་ཀྱང་། ཇི་སྲིད་ས་བརྒྱད་མ་ནོན་པར། །དེ་སྲིད་ཐེག་པ་དམན་པས་འཇིག །ཞེས་སོ། །དེ་ལ་ནག་པོའི་ཆོས་བཞི་ནི། མཆོད་འོས་བསླུ་དང་གཞན་གྱི་བསོད་ནམས་ལ། །ཐེ་ཚོམ་བསྐྱེད་ནས་འགྱོད་པའི་གནས་ལ་སྦྱར། །དམ་པ་རྣམས་ལ་བསྐུར་ཞིང་མི་སྙན་སྒྲོག །གཡོ་དང་སྒྱུས་སྤྱོད་གཞན་དག་མགོ་བོ་བསྐོར། །ཆོས་བཞི་གང་རུང་ཉམས་མྱོང་སྨོན་སེམས་ཤོར། །འགྱོད་དང་གཉེན་པོས་མ་སླེབ་ཐུན་ཚོད་འདས། །དེ་ཡི་མོད་ལ་སེམས་བསྐྱེད་འཆོར་བ་ཡིན། །དེ་ལ་མཆོད་འོས་བསླུ་བ་ནི། བླ་མ་དང་། སློབ་དཔོན་དང་། མཁན་པོ་དང་། སྦྱིན་གནས་ཏེ་ཡོན་ཏན་དང་ལྡན་པ་དག་རྫུན་གྱིས་མགོ་བསྐོར་བ་དང་། དེ་ཡང་བླ་མ་ལྟ་བུ་ལ་མངོན་གྱུར་དུ་གྲོས་གཅིག་ཞུས་ནས། ལྐོག་ཏུ་དེ་ལས་གཞན་པའི་གྲོས་སྣ་བསྡུར་ཏེ་དེ་བླ་མས་གསན་དུ་འོང་ཞེས་དབུ་གཡོགས་པ་ལ་བསླུ་བ་ཞེས་བྱའོ། །གཞན་གྱི་བསོད་ནམས་ལ་འགྱོད་པ་བསྐྱེད་པ་ནི། གང་དག་གང་ཞིག་ཚངས་པར་མཚུངས་པར་སྤྱོད་པ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་འཛིན་པ་དང། ཟབ་མོའི་དོན་ལ་མཉམ་པར་འཇོག་པ་དང་། བསྐྱེད་རྫོགས་བཟླས་བརྗོད་ལ་ཞུགས་པ་དང་། ཐར་པའམ། བསོད་ནམས་ཆ་མཐུན་གྱི་དགེ་བའི་ལས་བྱས་ནས་འགྱོད་པའི་གནས་མ་ཡིན་པ་དག་ལ། གཡོ་སྒྱུའི་སེམས་ཀྱི་དེའི་བསམ་པ་རྨོངས་པར་བྱེད་པའི་གཏམ་བརྗོད་ནས་འགྱོད་དུ་བཅུག་པའམ། མ་ཡིན་ཀྱང་རུང་སྟེ་དཔེར་ན་ཕྱག་བསྐོར་བྱེད་པ་ལྟ་བུ་ལ་ཁྱོད་ཀྱི་དེ་ལེགས་ཏེ་ཁྱིམ་གྱི་སོ་ཆིགས་འདི་དང་འདི་དག་ཉམས་པར་གྱུར་ཏོ། །ཞེས་པ་ལྟ་བུས་དེ་


JL00_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

འགྱོད་པའི་གནས་ལ་སྦྱར་བའོ། །དམ་པ་རྣམས་ལ་བསྐུར་བ་ནི། བསྐུར་བའི་ཡུལ་ཀྱང་བྱང་ཆུབ་ཏུ་སེམས་བསྐྱེད་པའི་གང་ཟག་ལ་བསྔགས་པ་མ་ཡིན་པའི་སྒྲས་གང་ཟག་འདི་ནི་ངང་ཚུལ་ངན་པ་ཅན་ཡིན་ནོ་ཞེས་དམིགས་ཀྱིས་ཕྱེ་བ་དག་ཡིན་ལ་མི་སྙན་པར་སྒྲོག་པ་ནི། འདིས་མི་ཚངས་པར་སྤྱད་དོ། །མི་མཐུན་པ་འདི་དང་དུ་བླངས་སོ་ཞེས་པ་ལྟ་བུ་དམིགས་ཕྱེ་ནས་བརྗོད་པ་སྟེ། སྤྱིར་མྱ་ངན་ལས་འདས་པའི་མདོ་ལས། གཞན་གྱི་ཉེས་པ་མཐོང་ཡང་སྐྱོན་མི་སྨྲ་བ་སྟེ། རྟག་ཏུ་དགེ་བའི་ཆོས་འབའ་ཞིག་སླའོ། །ཞེས་དང་། ཁྱད་པར་བྱང་ཆུབ་སེམས་དཔའ་ལ་བསྐུར་བ་འདེབས་པའི་ཉེས་པ་ནི་བཟོད་པར་དཀའ་བ་ཡིན་ཏེ། འཕགས་པ་དད་པའི་སྟོབས་བསྐྱེད་པ་ལ་འཇུག་པ་ལས། གང་ལ་ལ་ཞིག་གིས་བྱང་ཆུབ་སེམས་དཔའ་ལ་རྐྱེན་གང་ཡང་རུང་བས་ཁྱད་དུ་གསད་དེ་སྤྱོས་ན། དེའི་སྡིག་པའི་ལས་ཀྱིས་སེམས་ཅན་དམྱལ་བ་ངུ་འབོད་ཆེན་པོར་སྐྱེ་སྟེ། ལུས་དཔག་ཚད་ལྔ་བརྒྱ་པ་ལས་མགོ་བོ་ལྔ་བརྒྱ་ཡོད་དེ། མགོ་བོ་རེ་རེ་ལ་ལྕེ་བརྒྱ་བརྒྱ་ལྕེ་རེ་རེ་ལ་ཡང་ལྕགས་ཀྱི་ཐོང་གཤོལ་འབར་བས་ལྔ་བརྒྱ་ལྔ་བརྒྱས་རྨོའོ། །ཞེས་དང་། གང་བྱང་ཆུབ་སེམས་དཔའ་ལ་བསྐུར་བ་འདེབས་པ་ནི། སངས་རྒྱས་ཀྱི་རིགས་གཅོད་པར་ཞུགས་པ་ཡིན་ན། གང་བྱང་ཆུབ་སེམས་དཔའ་ལ་བསྐུར་བ་འདེབས་པ་དེས་དམ་པའི་ཆོས་སྤངས་པ་ཡིན་ནོ། །ཆོས་གཞན་མ་ཡིན་པ། ཆོས་ཡོངས་སུ་འཛིན་པ་གཞན་མ་ཡིན་ཏེ། ཆོས་ཡོངས་སུ་འཛིན་པ་དེ་ནི་ཆོས་སོ། །གང་ལ་ལ་ཞིག་ཁྲོས་ཏེ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་མུན་པ་མུན་ནག་ཏུ་བཅུག་པ་བས། གང་གཞན་ཞིག་ཁྲོས་ཏེ་བྱང་ཆུབ་སེམས་དཔའ་ལ་རྒྱབ་ཀྱིས་ཕྱོགས་ཤིང་། མ་རུངས་པ་དེ་མ་མཐོང་ཡང་སླ་སྙམ་པ་


JL00_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་དེ་བས་སྡིག་པ་ཆེས་གྲངས་མེད་པ་བསྐྱེད་དོ། །གང་ལ་ལ་ཞིག་གིས་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་ཀྱི་སྲོག་བཅད་དེ། བདོག་པ་ཐམས་ཅད་འཕྲོགས་པ་ལས། གང་གཞན་ཞིག་གིས་བྱང་ཆུབ་སེམས་དཔའ་ཅི་འདྲ་ཡང་རུང་བ་ལ། སྨད་པ་འདི་ནི་སྡིག་པ་དེ་བས་སྡིག་པ་ཚེས་གྲངས་མེད་པར་བསྐྱེད་དོ། །ཞེས་སོ། །དེ་བས་ན་བྱང་ཆུབ་སེམས་དཔའ་ལ་ཡང་བསྐུར་བ་བཏབ་པའི་ལས་མ་གཏོགས་པ་ལས་གཞན་གང་གིས་ཀྱང་བྱང་ཆུབ་སེམས་དཔའ་ངན་འགྲོར་ལྟུང་མི་ནུས་པར་རབ་ཏུ་ཞི་བ་རྣམ་ངེས་ཆོ་འཕྲུལ་གྱི་མདོ་ལས་གསུངས་ཤིང་། སྡུད་པ་ལས་ཀྱང་། ལུང་བསྟན་མ་ཐོབ་བྱང་ཆུབ་སེམས་དཔའ་གང་ཞིག་གིས། །ལུང་བསྟན་ཐོབ་ལ་སེམས་ཁྲོས་རྩོད་པ་རྩོམ་བྱེད་ན། །ཐ་བ་སྐྱོན་ལྡན་སེམས་ཀྱི་སྐད་ཅིག་ཇི་སྙེད་པ། །དེ་སྙེད་བསྐལ་པར་གཞི་ནས་གོ་ཆ་བགོ་བགོས་སོ། །ཞེས་ཁོང་ཁྲོའི་བསམ་པ་ཇི་ཙམ་སྐྱེས་པ་དེ་སྲིད་ཀྱི་བསྐལ་པར་ལམ་གཞི་ནས་བགྲོད་དགོས་པས་རྫོགས་པའི་བྱང་ཆུབ་ལ་ཐག་ཤིན་ཏུ་རིང་བ་ཡིན་ནོ། །གཡོ་དང་སྒྱུས་སྤྱོད་པ་ནི། གཡོ་ནི་རང་གི་ཉེས་པ་ཐབས་ཀྱིས་མི་མངོན་པར་བྱེད་པ་དང་། སྒྱུ་ནི་ཡོན་ཏན་མེད་བཞིན་དུ་ཡོད་པར་བརྫུ་བ་སྟེ། དེ་གཉིས་ཟུང་དུ་འབྲེལ་བས་གཞན་དག་མགོ་བསྐོར་ཞིང་། བྲེ་སྲང་ལ་གཡོ་སྒྱུ་བྱེད་པས་དཔེར་མཚོན་ཏེ་རང་རྒྱལ་གཞན་བསླུའི་བསམ་པ་མཐའ་དག་པའོ། །དེ་ལྟར་ནག་པོའི་ཆོས་བཞི་ལ་བཞི་ཚན་མང་དུ་བསྟན་ཀྱང་འདིར་འོད་སྲུང་གི་ཞུས་པ་ལས། འོད་སྲུང་ཆོས་བཞི་དང་ལྡན་ན་བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་ཏེ། བཞི་གང་ཞེ་ན། བླ་མ་དང་མཆོད་པར་འོས་པ་བསླུ་བ་དང་། གཞན་འགྱོད་པའི་གནས་མ་ཡིན་པ་ལ་འགྱོད་པ་བསྐྱེད་པ་དང་། སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་སྡང་སེམས་ཀྱིས་སྐྱོན་བརྗོད་པ་


JL00_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

དང་། སེམས་ཅན་ལ་གཡོ་དང་སྒྱུས་སྤྱོད་པའོ། །ཞེས་པ་ལྟར་རོ། །གཞན་དུ་ན་སྲེད་མེད་ཀྱི་བུས་ཞུས་པ་ལས། ཡང་བཞི་སྟེ། སྒྱུ་བྱེད་པ་དང་། གཡོ་བྱེད་པ་དང་། བླ་མ་ལ་ལྕེ་གཉིས་བྱེད་པ་དང་། རྙེད་པ་དང་བཀུར་སྟི་ལ་ལྷག་པར་ཞེན་པའོ། །ཞེས་པ་ལ་སོགས་པའི་བཞི་ཚན་བཞིར་བཤད་མོད་དེ། ཨིནྡྲ་བྷུ་ཏི་དང་། ཤིང་རྟའི་སྲོལ་འབྱེད་གཉིས་དང་། རྨད་བྱུང་གཉིས་དང་། བརྩམ་མཁས་དཔའ་བོ་ལ་སོགས་པ་ལུགས་ཐ་དད་པར་སྣང་སྟེ། ཐེག་པ་ཆེན་པོའི་སྡེ་སྣོད་ཀྱི་དོན་གཙོ་ཆེ་བ་བསྡུས་པའི་ལུགས་དང་། ལ་ལ་སེམས་དང་པོར་བསྐྱེད་པ་དང་སྤྱོད་པ་ལ་ཞུགས་པའི་ཁྱད་པར་ལ་དམིགས་ནས་དབྱེ་བསྡུ་མཛད་པའི་དོན་གྱིས་བསྟན་བཅོས་འགྱུར་རོ་འཚལ་དུ་ཚུད་པའི་བྱང་ཆུབ་སེམས་སྒོམ་གྱི་རིམ་པ་མང་དག་ལ་དཀར་ནག་གི་ཆོས་བརྒྱད་ཀྱི་རྣམ་དབྱེ་མེད་པ་མང་ཞིང་གྲངས་དྲེ་ཀྱང་དེ་བས་ཆེས་མང་བར་སྣང་བས་རྒྱ་གཞུང་མཐའ་དག་ལ་བསླབ་བྱ་བསྡུ་ལུགས་གཅིག་ཏུ་མི་གནས་པ་ཤ་སྟག་མཐོང་ལ། བོད་འདིར་ནི་སྲོལ་འབྱེད་གཉིས་ཀྱི་རིང་ལུགས་ཁོ་ན་དར་ཆེ་བའི་རྗེས་སུ་འབྲང་ངོ་། །དེ་ལ་དཀར་ནག་གི་ཆོས་བརྒྱད་པོ་སྨོན་པའི་བསླབ་བྱར་མཐུན་ཡང་། ནག་པོའི་ཆོས་བཞི་པོ་སྐྱེ་བ་འདིར་སེམས་བསྐྱེད་གཏོང་བའི་རྒྱུར་འདོད་པ་དང་། སྐྱེ་བ་གཞན་དུ་སེམས་བསྐྱེད་མངོན་དུ་མི་འགྱུར་བའི་རྒྱུར་འདོད་པའི་ཕྱོགས་གཉིས་སུ་གནས་ཏེ། སྤྱིར་སྨོན་པའི་སེམས་གཏང་བའི་ཚད་ནི་སེམས་ཅན་བློས་བཏང་བ་ལ་འདོད་པས། དེ་བཏང་ན་འཇུག་པ་ཤུགས་ལ་དེངས་འགྲོ་སྟེ་དེ་གཉིས་རྟེན་དང་བརྟེན་པའི་ཚུལ་ཡིན་པས་སོ། །དེ་བས་ན་སྨོན་སེམས་མ་ཉམས་ན་ནག་པོའི་ཆོས་གཅིག་པོས་སེམས་བསྐྱེད་གཏོང་བ་ལྟ་ག་ལ་ཞིག །འོན་ཀྱང་གནད་འཆད་ན་ཚོར་བ་རང་འགགས་པ་བཞིན། ནག་པོའི་ཆོས་བཞི་ནི་སྨོན་


JL00_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སེམས་སྟོན་ཀའི་ཟླ་བ་ལྟ་བུ་འཇུག་པའི་གཟུགས་བརྙན་གསལ་བར་སྟོན་པའི་བྱེད་པ་པོ་ཉིད་ལ་སྒྲིབ་བར་བྱེད་པའི་མི་མཐུན་ཕྱོགས་ཆེན་པོ་ཡིན་པས་དེས་སྨོན་སེམས་ཉམས་པའི་རྒྱུ་བྱས་ནས་གཏོང་སྟེ། ཅིའི་ཕྱིར་ན་སྨོན་སེམས་ནི་ཕན་པའི་སེམས་ཡིན་ལ། ནག་ཆོས་ནི་ཕན་པ་མ་ཡིན་པའི་སེམས་ཡིན་པས་དེ་གཉིས་རྫས་འགལ་བ་འདྲེས་ན། གནམ་སྟོང་གི་ཟླ་བ་རང་སྟོབས་ཀྱིས་འགྲིབ་པ་དང་། བཅོ་ལྔའི་ཟླ་བ་གཞན་སྟོབས་ཀྱིས་བསྒྲིབས་པ་གཉིས་བཀྲག་ཏུ་མི་མངོན་པ་ལ་མཚུངས་པའི་དཔེས་ཤེས་པར་སླ་བ་ཡིན་ནོ། །དེ་བས་ན་བཞི་པོས་སྐྱེ་བ་འདིར་ཡང་སེམས་ཉམས་པའི་རྒྱུ་བྱེད་པ་མི་འགལ་ལ། འོད་སྲུང་གི་ལེའུ་ལས་ཀྱང་དཀར་ཆོས་བཞི་ལྟར་ཚེ་ཕྱི་མའི་གསལ་ཀ་མེད་པའི་ཕྱིར་རོ། །འོ་ན་ནག་པོའི་ཆོས་བཞི་ནི་སེམས་ཅན་ཐམས་ཅད་ལ་དམིགས་པར་མ་ངེས་ལ། སྨོན་སེམས་ནི་སེམས་ཅན་ཐམས་ཅད་ལ་དམིགས་པའི་ཕྱིར་གཏོང་མི་གཏོང་གི་ཁྱད་པར་ཡོད་སྙམ་ན། མདུད་པ་གྲོལ་ན་ཆུན་པོ་འཇིག་པ་ལྟར་སེམས་ཅན་ཡིན་ནོ་ཅོག་གི་དོན་དུ་སེམས་བསྐྱེད་པ་འཇིག་སྟེ། འདི་ལྟར་སེམས་ཅན་གཅིག་པ་དང་། གཉིས་པ་དང་། གསུམ་པ་དོར་བའི་ལྷག་མ་རྣམས་ཀྱི་དོན་དུ་སེམས་བསྐྱེད་པའི་ཆོ་ག་རྒྱལ་བས་གསུངས་པ་མ་མཆིས་སོ། །དེ་བས་ན་སེམས་བསྐྱེད་པའི་མི་མཐུན་ཕྱོགས་གང་ཡིན་པ་དེ་ནི་བྱང་ཆུབ་ཀྱི་སེམས་འཇིག་པའི་རྒྱུ་ཡིན་པར་རྣམ་འགྲེལ་ལས་ཀྱང་། མི་མཐུན་ཕྱོགས་ཀྱི་གནོད་མེད་ན། །སེམས་ལ་དེ་བདག་ཉིད་དུ་འགྱུར། །ཞེས་བཤད་ཅིང་། ཁྱད་པར་མཆོད་འོས་བསླུས་པ་དང་། བྱང་ཆུབ་སེམས་དཔའ་ལ་ཞེ་སྡང་བས་ངན་སྨྲ་བརྗོད་པའི་ལས་ཀྱི་སྒྲིབ་པས་བྱང་ཆུབ་སེམས་ཀྱི་རྩ་བ་འཆད་པར་རང་ཅག་ཀྱང་འདོད་པར་འདུག་པའི་ཕྱིར་རོ། །འོ་ན་མར་མེ་མཛད་ཀྱིས། འདི་ནི་སྐྱེ་བ་གཞན་དུའང་དྲན་དོན་དུ། ཇི་སྐད་བཤད་པའི་


JL00_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

བསླབ་པ་ཡོངས་སུ་བཟུང་། །ཞེས་བཤད་པས་ཟེར་ན་འོད་སྲུང་ཆོས་བཞི་དང་ལྡན་ན་བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་ཏེ། ཞེས་པ་ལ་དམིགས་པ་སྟེ་བརྗེད་པ་ནི་སྐྱེ་བ་འདི་ལམ། གཞན་གྱི་གནས་སྐབས་ཐམས་ཅད་ཀྱི་ཐམས་ཅད་དུ་ཡོད་པའི་ཕྱིར་དང་། ཁྱད་པར་གཞན་དུའང་གི་སྒྲས་ཚེ་འདི་ལ་ལྟོས་པ་མེད་པའི་རྒྱུ་མཚན་ཡང་མ་ཡིན་ལ། དངོས་བསྟན་ནི་ནག་ཆོས་བཞིའི་གཉེན་པོ་དཀར་པོའི་ཆོས་བཞི་ལ་དེ་ལྟར་འཐད་པ་ལུང་གིས་སྐབས་དབྱེ་བར་འགྱུར་རོ། །བླང་བྱ་དཀར་ཆོས་བཞི་ནི། གཉེན་པོར་ཆེ་བ་དཀར་པོའི་ཆོས་བཞི་ནི། །སྲོག་ལ་བབ་ཀྱང་བསམས་བཞིན་བརྫུན་མི་སྨྲ། །རྒྱལ་སྲས་རྣམས་ལ་སྟོན་པར་གུས་ཤིང་བསྔགས། །གཡོ་སྒྱུ་མེད་པས་སེམས་ཅན་ཐམས་ཅད་གཉེར། །མཐའ་དག་བྱང་ཆུབ་ལམ་ལ་དཀྲི་བའོ། །ཞེས་སྨོས་ཏེ། དཀར་ཆོས་དང་པོ་བརྡའ་འཕྲོད་པའི་སེམས་ཅན་ཡིན་ནོ་ཅོག་ལ་ཤེས་བཞིན་པའི་རྫུན་སྲོག་ལ་བབ་ཀྱང་མི་སྨྲ་སྟེ། དེས་ཡུལ་ཁྱད་པར་ཅན་རྫུན་གྱིས་མགོ་བསྐོར་བའི་གནས་མ་ཡིན་པའི་གཉེན་པོར་ཡང་འགྱུར་རོ། །དེས་གཞན་གསུམ་ལའང་རིགས་འགྲེ་ཤེས་པར་བྱའོ། །གཉིས་པ་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་སྟོན་པ་དང་མཚུངས་པའི་འདུ་ཤེས་བསྐྱེད་ཅིང་། དེ་དག་ལ་དོན་དུ་གནས་པའི་བསྔགས་པ་བརྗོད་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་ནི་རིགས་དང་རུས་ཀྱིས་མི་ཤེས། ཆོ་དང་འབྲང་གིས་མི་ཤེས། ལུས་དང་རྟེན་གྱིས་མི་ཤེས། རྟགས་དང་ཆོ་གས་མི་ཤེས་པས། གང་ཟག་ལ་བརྟེན་པའི་ཉེས་པ་འདི་གང་ནས་འོང་ཆ་མེད་ན། མངོན་གྱུར་དུ་རིགས་སད་པའི་རྟགས་ཅན་དཔྱད་བཟོད་ན་དེ་ལ་རིམ་གྲོ་བསྐྱེད་ཅིང་། གཞན་ཤན་པ་དང་། སྨད་འཚོང་དང་། དུད་འགྲོའི་སྐྱེ་གནས་སུའང་ཡོད་པའི་ཕྱིར་ན་འོད་སྲུང་གི་ཞུས་པ་ལྟར་སེམས་ཅན་ཐམས་ཅད་ལ་ཐོ་མ་ཕོག་


JL00_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱས་ལ་དག་སྣང་སྦྱོང་བ་གནད་ཡིན་པར་བཟུང་སྟེ། བསོད་ནམས་དང་དགེ་བའི་རྩ་བ་ཟད་པའི་རྒྱུ་གཅིག་བྱང་ཆུབ་སེམས་དཔའ་དང་། གྲོགས་ཆོས་མཐུན་ལ་བརྙས་ཤིང་སུན་ཕྱུང་བ་ལས་བྱུང་བ་འདི་བཤད་ཀྱིས་མི་ལྡང་ངོ་། །གསུམ་པ་ནི། སེམས་ཅན་ཐམས་ཅད་ལ་ཕན་འདོད་ཀྱི་ལྷག་པའི་བསམ་པ་དང་མ་བྲལ་བས་རང་གི་གཉེར་བར་བྱ་སྟེ། ལྷག་པའི་བསམ་པ་ནི་གཡོ་དང་སྒྱུ་མེད་པས་དྲང་པོར་སྤྱོད་པའོ། །བཞི་པ་ནི། རང་གིས་སྨིན་པར་ནུས་པའི་སེམས་ཅན་ཐམས་ཅད་བློ་མཐུ་ཆེན་པོར་བསྐྱེད་དེ་སེམས་དང་པོར་བསྐྱེད་པ་ལ་བསྐུལ་ནས་སྙིང་ཐག་པ་ནས་རྫོགས་པའི་བྱང་ཆུབ་ལ་འགོད་པའི་སེམས་དང་ལྡན་པར་བྱ་བའོ། །དེ་སྐད་དུ་འོད་སྲུང་གིས་ཞུས་པ་ལས། འོད་སྲུང་། ཆོས་བཞི་དང་ལྡན་ན། བྱང་ཆུབ་ཀྱི་སེམས་བརྗེད་པར་མི་འགྱུར་ཏེ། བཞི་གང་ཞེ་ན། ཤེས་བཞིན་དུ་རྫུན་མི་སྨྲ་བ་དང་། བྱང་ཆུབ་སེམས་དཔའ་ལ་སྟོན་པའི་འདུ་ཤེས་བསྐྱེད་པ་དང་། སེམས་ཅན་ལ་གཡོ་སྒྱུ་མེད་པར་ལྷག་པའི་བསམ་པས་གནས་པ་དང་། སེམས་ཅན་ཐམས་ཅད་ཐེག་པ་ཆེན་པོ་ལ་ཡང་དག་པར་དགོད་པའོ། །ཞེས་སོ། །དེ་ལྟར་དཀར་པོའི་ཆོས་བཞི་ནི་བསོད་ནམས་ཀྱི་དངོས་པོ་ཡིན་པས། བསོད་ནམས་མ་ཡིན་པའི་ནག་པོའི་ཆོས་བཞིའི་གཉེན་པོར་འགྱུར་ལ། སྐྱེ་བ་འདིར་མ་ཟད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བར་མ་དོར་བྱང་ཆུབ་ཀྱི་སེམས་བརྗེད་པར་མི་འགྱུར་བའི་རྒྱུ་ཡིན་པར་དེ་ཉིད་ལས། འོད་སྲུང་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་སྐྱེ་བ་ཐམས་ཅད་དུ་སྐྱེས་མ་ཐག་ཏུ་བྱང་ཆུབ་ཀྱི་སེམས་མངོན་དུ་འགྱུར་ཏེ། བྱང་ཆུབ་སྙིང་པོ་ལ་འདུག་གི་བར་དུ་བར་མ་དོར་བརྗེད་པར་མི་འགྱུར་རོ། །ཞེས་དངོས་སུ་བསྟན་པ་ཡིན་ནོ། །འཇུག་པའི་རྩ་ལུང་ནི་བཞི་ཡིན་ཏེ། སྡོམ་པ་ཉི་ཤུ་པ་ལས། །རྙེད་དང་བཀུར་སྟི་ཆགས་པ་ཡི། །བདག་བསྟོད་གཞན་ལ་སྨད་པ་དང་། །


JL00_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་མགོན་མེད་གྱུར་པ་ལ། །སེར་སྣས་ཆོས་མི་སྟེར་བ་དང་། །གཞན་གྱིས་བཤགས་ཀྱང་མི་ཉན་པར། ཁྲོ་བས་གཞན་ལ་འཚོག་པ་དང་། །ཐེག་པ་ཆེན་པོ་སྤོང་བྱེད་ཅིང་། །དམ་ཆོས་འདྲར་སྣང་སྟོན་པའོ། །ཞེས་པ་སྟེ། རྙེད་བཀུར་ལ་ལྷག་པར་ཞེན་པས་བདག་བསྟོང་གཞན་སྨོད་དང་དུ་ལེན་པ་དང་། སྡུག་བསྔལ་བ་དང་མགོན་མེད་པའི་སེམས་ཅན་མཐོང་ཀྱང་སེར་སྣས་ཟང་ཟིང་མི་སྟེར་ཞིང་། ཕན་སེམས་ཀྱི་ཆོས་མི་སྟེར་བ་དང་། གཞན་གྱིས་ནོངས་པ་བཤགས་ཀྱང་ད་དུང་ཁྲོ་བ་མི་ལྡོག་པར་དེ་ལ་འཚོག་པ་དང་། ཐེག་པ་ཆེན་པོ་ལ་གུས་པ་ལྷུར་མི་བྱེད་ཅིང་། ཆོས་མ་ཡིན་པ་ཆོས་ལྟར་བཅོས་ནས་སྟོན་པའོ། །སློབ་དཔོན་བྱང་བཟང་ལ་སོགས་གཞན་དག་རྩ་ལྟུང་དངོས་འདི་བཞི་པོར་ངོས་བཟུང་ནས་གཞན་བཅོ་བརྒྱད་པོ་བཏགས་པ་བར་འདོད་པ་ཡང་ཡོད་དེ་དབྱེ་བསྡུའི་ཁྱད་པར་དུ་རིག་གོ །དེ་ལྟར་བཞི་པོ་ལ་ཡན་ལག་བཞི་ཆང་ན་ཀུན་དཀྲིས་ཆེན་པོ་སྟེ་ཉེས་སྤྱོད་དེ་དང་དེ་རྒྱུན་མི་འཆད་དུ་སྤྱོད་པ་དང་། དེ་ལ་ངོ་ཚ་དང་ཁྲེལ་ཡོད་ཅུང་ཟད་ཀྱང་མི་བསྐྱེད་པ་དང་། དེས་མགུ་ཞིང་དགའ་བར་བྱེད་པ་དང་། དེ་ལ་ཉེས་དམིགས་སུ་མི་བསམ་པར་ཡོན་ཏན་དུ་བལྟ་བ་སྟེ་ཡན་ལག་བཞི་ཚང་ན་ཀུན་དཀྲིས་ཆེན་པོ་སྟེ། སྡོམ་པ་འཇོམས་པར་བྱེད་པས་ཕམ་པ་ཞེས་གྲགས་སོ། །ཡན་ལག་གང་རུང་རེ་ཚང་ལ་རང་ངོ་ལ་ལྟོས་པའི་ངོ་ཚ་དང་། གཞན་ངོ་ལ་ལྟོས་ནས་ཁྲེལ་ཡོད་ཅུང་ཟད་སྐྱེ་བས་གཞན་གྱི་ལྡོག་ཏུ་རུང་བ་ནི་ཀུན་དཀྲིས་འབྲིང་པོའོ། །ཡན་ལག་གང་རུང་ར་རེ་ལའང་ངོ་ཚ་ཆེར་བསྐྱེད་ཅིང་། གཞན་རྐྱེན་ལ་མ་ལྟོས་པར་རང་ཉིད་ཀྱིས་དེ་མ་ཐག་ལྡོག་པར་བྱེད་ན་ཀུན་དཀྲིས་ཆུང་ངུ་སྟེ་གཉིས་པོས་སྡོམ་པ་གཏོང་བ་མ་ཡིན་པ་དབང་པོ་འབྲིང་བརྟུལ་གཉིས་ཀྱི་དབང་དུ་བྱས་པ་བྱང་སའི་དགོངས་པའོ། །དེ་ལྟ་ནའང་གཏན་


JL00_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དབབ་པ་བསྡུ་བར། གཏོང་བྱེད་དེ་གཉིས་གཅིག་ཏུ་བྱས་པའི་སྟེང་དུ་འགལ་ཟླ་སྡོམ་མིན་སྐྱེས་པ། སྤོང་རྐྱེན་བསླབ་པ་ཕུལ་བ། ཀུན་དཀྲིས་འབྲིང་ཡན་ཆོད་ཀྱི་ཆོས་བཞི་ཚང་བ་དག་གཏན་ནས་གཏོང་བྱེད་བཞིར་བཤད་པ་དང་། ཐབས་ལ་མཁས་པའི་མདོ་དང་། བསླབ་བཏུས་ཀྱི་ཁྱད་པར་གཞན་དང་གཞན་དག་དབང་པོ་རྣོ་རྟུལ་གྱིས་ཕྱེ་བ་སྟེ། བཤགས་པའི་ཐབས་ནི་སྡོམ་པ་ཉི་ཤུ་བར། སྡོམ་པ་སླར་ཡང་བླང་བར་བྱ། །ཟག་པ་འབྲིང་ནི་གསུམ་ལ་བཤགས། །གཅིག་གི་མདུན་ན་ལྷག་མ་རྣམས། །ཉོན་མོངས་མི་མོངས་བདག་སེམས་བཞིན། །ཞེས་སྨོན་སེམས་བཏང་བ་དང་། ཀུན་དཀྲིས་ཆེན་པོས་ཕམ་པའི་རྩ་ལྟུང་གིས་སྡོམ་པ་གཏོང་བས། དེ་བྱུང་ན་བཤགས་བསྡམ་དང་བསག་སྦྱངས་ནན་ཏན་བྱས་ལ། སྡོམ་པ་སླར་ཡང་བླང་བར་བྱ་ཞིང་། ལན་གྲངས་གསུམ་ལས་ལྷག་པ་ནི་བསྐྱར་དུ་མེད་པར་བྱང་ས་ལས་བཤད་དོ། །དེ་ལ་ཟག་པ་ནི་ཀུན་དཀྲིས་ཏེ། དེ་འབྲིང་གིས་སྤྱད་པས་ཕམ་འདྲའམ། ཕམ་པར་བཤད་པའང་ཡོད་པ་རྣམས་ནི་གང་ཟག་གསུམ་ཡན་ཆོད་ལ་བཤགས་པར་བྱ་ཞིང་། ཀུན་དཀྲིས་ཆུང་ངུས་སྤྱད་པའི་རྩ་ལྟུང་དང་། དེ་ལས་གཞན་པའི་ཉེས་བྱས་ཕྲ་བ་ཞེ་དྲུག་ལ་ཀུན་སློང་གི་བྱེ་བྲག་ཕྱེ་བས་ཉོན་མོངས་པ་ཅན་ཡིན་མིན་དང་། ལ་ལ་ལྟུང་བའི་གཟུགས་བརྙན་དུ་འགྱུར་བའང་ཡོད་པས་དེ་དག་ནི་གང་ཟག་གཅིག་གི་དྲུང་དུ་དངོས་པོ་བརྗོད་ནས་བཤགས་པར་བྱ་བའི་དོན་ཏོ། །ཐུན་ཚོད་ནི་འཕགས་པ་ཉེ་བར་འཁོར་གྱིས་ཞུས་པའི་མདོ་དངོས་བསྟན་དྲངས་ཟིན་ལ། བཤགས་ཡུལ་མཐུན་པ་མ་རྙེད་ན་རྒྱལ་བ་སྲས་བཅས་དམིགས་པའི་མདུན་དུ་ཚིག་གི་བཤགས་ཤིང་ཡིད་ཀྱིས་བསྡམ་པ་ཡིན་ནོ། །སྤྱིར་མི་ཉམས་ཤིང་བརྟན་པར་བྱ་བའི་འདུ་ཤེས་བཞི་ལ་རྟག་པར་སློབ་པའི་ཚུལ། བརྟན་བྱའི་སྒོ་ནས་བསྲུང་བར་


JL00_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

འདུ་ཤེས་བཞི། །དགེ་བའི་བཤེས་ལ་སངས་རྒྱས་འདུ་ཤེས་དང་། །དེར་བསྟན་ཆོས་ལ་ལམ་གྱི་འདུ་ཤེས་དང་། །དེ་སྒྲུབ་རྣམས་ལ་གྲོགས་ཀྱི་འདུ་ཤེས་དང་། །སེམས་ཅན་ཀུན་ལ་བུ་གཅིག་འདུ་ཤེས་ཏེ། །འདི་དག་སྨོན་པའི་བསླབ་བྱ་ཡང་དག་གོ །ཞེས་པ་སྟེ། འཕགས་པ་ཏིང་ངེ་འཛིན་རྒྱལ་པོ་ལས། གཞོན་ནུ། འདུ་ཤེས་བཞི་དང་ལྡན་པ་བྱང་ཆུབ་ཀྱི་སེམས་བརྟན་པོར་འགྱུར་ཏེ། བཞི་གང་ཞེ་ན། ཡང་དག་པའི་དགེ་བའི་བཤེས་གཉེན་ལ་སངས་རྒྱས་ཀྱི་འདུ་ཤེས་དང་། དེས་བསྟན་པའི་ཆོས་ལ་ལམ་གྱི་འདུ་ཤེས་དང་། དེ་སྒྲུབ་པ་རྣམས་ལ་གྲོགས་ཀྱི་འདུ་ཤེས་དང་། སེམས་ཅན་ཐམས་ཅད་ལ་བུ་གཅིག་པའི་འདུ་ཤེས་སོ། །ཞེས་སོ། །ད་ནི་བྱང་ཆུབ་སེམས་དཔའི་དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ནི། འཇུག་པའི་བསླབ་བྱ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ངོ་བོར་གནས་པའི་སྡོམ་སྟོན་པ་ནི། འདི་ལྟར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམ་པ་གཉིས་དང་། ཐབས་དང་ཤེས་རབ་དང་། བསྡུ་བའི་དངོས་པོ་བཞི་དང་། བྱང་ཆུབ་སེམས་དཔའི་ཉེས་སྤྱོད་སྡོམ་པ་དང་། དགེ་བའི་ཆོས་སྡུད་པ་དང་། སེམས་ཅན་དོན་བྱེད་པའི་ཚུལ་ཁྲིམས་རྣམ་པ་གསུམ་ལ་སོགས་པ་མཐའ་དག་བྲེའོ་ཆེའི་ནང་དུ་ཕུལ་གྲངས་འདུས་པ་ལྟར་ཕྱིན་དྲུག་གིས་བསྡུ་བར་ནུས་པ་ཙམ་སྡུད་བྱེད་གཞན་གྱིས་དེ་ལྟར་མི་ནུས་པས་འདི་ནི་བྱང་ཆུབ་སེམས་དཔའི་ལམ་གྱི་སྡོམ་ཆེན་པོ་ཡིན་ལ་ཕ་རོལ་ཏུ་ཕྱིན་པ་ཞེས་མིང་གི་སྒོ་ནས་ཀྱང་རྒྱ་ཆེ་བར་སྟོན་ཏོ། །དེ་ལ་དང་པོར་དབྱེ་བ་སྟོན་པའི་ཕྱིར། །འཇུག་པའི་བསླབ་བྱ་ཕ་རོལ་ཕྱིན་དྲུག་ལས། །དང་པོ་ལྔ་ནི་བསོད་ནམས་དམ་པའི་ཚོགས། །ཕྱི་མ་གཅིག་ནི་ཡེ་ཤེས་ཚོགས་ཆེན་སྟེ། །གཉིས་ལ་མ་བརྟེན་སངས་རྒྱས་ཡོད་མ་ཡིན། །ཐབས་


JL00_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་སྨོན་ལམ་ཡེ་ཤེས་བསྣན་པས་བཅུ། །འདི་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ནི་བྱང་ཆུབ་སེམས་དཔའི་དགེ་བ་སྡུད་པའི་ཆོས་ཡིན་ཏེ། དེ་ཡང་ཁྱིམ་པའི་དབང་དུ་བྱས་ནས་བཟོད་པ་དང་། གཏོང་བ་དང་། ཚུལ་ཁྲིམས་ས། དེ་སྐད་དུ་འཕགས་པ་ཀླུ་སྒྲུབ་ཀྱིས། །སྦྱིན་པ་དང་ནི་ཚུལ་ཁྲིམས་དང་། །བཟོད་པའི་ཆོས་ནི་ཁྱད་པར་དུ། ཁྱིམ་པ་ལ་བཤད་སྙིང་རྗེ་ཡི། །སྙིང་པོ་ཅན་དུ་རྟག་བསྒོམ་མཛོད། །ཅེས་གསུངས་པའི་ཚུལ་ཁྲིམས་ནི་དགེ་བསྙེན་ཏེ་སྡིག་པ་ལས་དབེན་པའི་དོན་ཏོ། །རབ་ཏུ་བྱུང་བའི་དབང་དུ་བྱས་ནས་མདོ་ཀུན་ལས་བཏུས་པའི་སྡོམ་པའི་ལེན་ཆོག་ཏུ། །ཚུལ་ཁྲིམས་སྡོམ་པ་ངེས་པ་ལ། །སངས་རྒྱས་རྗེས་སུ་བསླབ་པར་བྱ། །ཞེས་དགེ་བ་སྡུད་པའི་གཙོ་བོ་ནི་སྡོམ་པ་དང་ངེས་པ་སྟེ་བསམ་གཏན་ལ་སོགས་ལྷག་རྣམས་སོ། །དེ་སྐད་དུ་བཟང་པོ་སྤྱོད་པ་ལས་ཀྱང་། དེས་ཤིང་ཕ་རོལ་ཕྱིན་ལ་རབ་བརྩོན་ཏེ། །བྱང་ཆུབ་སེམས་ནི་ནམ་ཡང་བརྗེད་མ་གྱུར། །ཞེས་པ་ལྟར་རོ། །དེ་ཉིད་སྤར་བྱ་སྒྲིབ་པའི་གཉེན་པོ་ལ་ལྟོས་ནས་བཅུར་ཕྱེ་བ་ནི། དབུས་མཐའ་ལས། སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་ཕ་རོལ་ཕྱིན། །ཐབས་སྟོབས་སྨོན་ལམ་ཡེ་ཤེས་ཏེ། །འདི་དག་ཕ་རོལ་ཕྱིན་བཅུར་འདོད། །ཅེས་སྤང་བྱ་སེར་སྣ་དང་། འཆལ་བའི་ཚུལ་ཁྲིམས་དང་། ཁོང་ཁྲོ་དང་། ལེ་ལོ་དང་། རྣམ་གཡེང་དང་། ཤེས་རབ་འཆལ་བ་དང་། ཐབས་ལ་མི་མཁས་པ་དང་། སྟོབས་ལ་སྒྲིབ་པ་དང་། སྨོན་པའི་དོན་མི་འགྲུབ་པ་དང་། ཤེས་བྱའི་སྒྲིབ་པ་སྟེ་བཅུ་པོ་སེལ་བ་ལ་ལྟོས་ནས་ཕྱེ་བའོ། །དྲུག་གི་དབང་དུ་བྱས་ན། སྦྱིན་པ་ལ་སོགས་པ་དང་པོ་ལྔ་ནི་བསོད་ནམས་ཀྱི་ཚོགས་ཏེ་མངོན་པར་མཐོ་བའི་རྒྱུ་དང་། ཕྱི་མ་ནི་ངེས་པར་ལེགས་པའི་རྒྱུ་མ་ནོར་བ་ཡིན་ནོ། །དེ་ལྟ་ནའང་དེ་གཉིས་ཐད་ཀ་ཐད་ཀའི་རང་འབྲས་


JL00_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་སུ་མྱོང་བ་གཅིག་པུར་འཁྲུལ་པར་མི་བྱ་སྟེ། བསོད་ནམས་ཀྱི་ཚོགས་དེ་ཐབས་ལ་མི་མཁས་པ་དང་ཤེས་རབ་དང་བྲལ་བས་སྤྱད་ན་དེའི་འབྲས་བུ་འཁོར་བའི་ལུས་དང་ལོངས་སྤྱོད་ཆེ་བ་དང་། ཚེ་རིང་བ་ཙམ་དུ་འགྱུར་ཀྱང་། ཐབས་ལ་མཁས་པ་དང་ཤེས་རབ་ཟབ་མོས་ཟིན་ན་ཐམས་ཅད་མཁྱེན་པའི་རྒྱུར་ཤིན་ཏུ་རུང་བ་ཡིན་པས་ན་ཐབས་ཤེས་འབྲེལ་དགོས་པར་བསྟན་ནོ། །དེ་སྐད་དུ་རིན་ཆེན་ཕྲེང་བ་ལས། གཟུགས་ཀྱི་སྐུ་ནི་མདོར་བསྡུ་ན། །རྒྱལ་པོ་བསོད་ནམས་ཚོགས་ལས་འཁྲུངས། །ཞེས་སོ། །བཅུའི་དབང་དུ་བྱས་ན་ལྷག་མ་བཞི་པོའི་དང་པོ་གསུམ་བསོད་ནམས་དང་། ཕྱི་མ་ཡེ་ཤེས་ནི་ངེས་པར་ལེགས་པའི་རྒྱུའོ། །ཡེ་ཤེས་རྒྱུར་འཇོག་བཅིས་འཐད་ན། འཇམ་དཔལ་སྒྱུ་འཕྲུལ་ལས། བསོད་ནམས་ལྡན་པ་བསོད་ནམས་ཚོགས། །ཡེ་ཤེས་ཡེ་ཤེས་འབྱུང་གནས་ཆེ། །ཞེས་པས་གསལ་ལོ། །དེ་ལ་ཐེག་པ་ཆེན་པོ་པ་རྣམས་ཀྱིས་བསྒྲུབ་པར་བྱ་བ་ནི་དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་ཀྱིས་འཁོར་བ་ལ་མི་གནས་པ་དང་། སྙིང་རྗེ་ཆེན་པོ་དང་འབྲེལ་བའི་ཐབས་ཀྱིས་མྱང་འདས་ལ་མི་གནས་པ་སྟེ་མི་གནས་པའི་མྱ་ངན་ལས་འདས་པ་ཞེས་བྱ་བའི་གོ་འཕང་དེ་ནི་ཀུན་རྫོབ་དང་དོན་དམ་གྱི་བདེན་པས་ཕྱེ་བའི་ཚོགས་གཉིས་སམ། ཐབས་ཤེས་ཀྱི་སྒོ་ནས་བསྒྲུབ་དགོས་པ་ཡིན་ཏེ་གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། ཡེ་ཤེས་ཀྱི་ཚོགས་ཀྱིས་ནི་ཉོན་མོངས་པ་ཐམས་ཅད་སྤོང་བར་འགྱུར་བ་ལགས་སོ། །བསོད་ནམས་ཀྱི་ཚོགས་ཀྱིས་ནི་སེམས་ཅན་ཐམས་ཅད་ཉེ་བར་འཚེ་བར་འགྱུར་བ་ལགས་སོ། །བཅོམ་ལྡན་འདས་དེ་ལྟར་ལགས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་བརྩོན་པར་བགྱིའོ། །ཞེས་སོ། །དེ་ཡང་འདི་ལྟར་སྦྱིན་པ་ལ་སོགས་པའི་ཐབས་ཀྱིས་གཟུགས་ཀྱི་སྐུ་དང་། ཞིང་


JL00_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་དང། འཁོར་གཡོག་ལ་སོགས་པ་ལོངས་སྤྱོད་ཆེན་པོའི་འབྲས་བུ་ཕུན་སུམ་ཚོགས་པ་དག་དང་།་འཛིན་པས་དེ་བཞིན་གཤེགས་པ་རྣམས་ནི་ཡོངས་སུ་མྱ་ངན་ལས་འདས་པ་ལ་ཡང་མི་གནས། ཤེས་རབ་རྣམ་པར་དག་པས་ན་འཁོར་བའི་རྩ་བ་ཕྱིན་ཅི་ལོག་ཡང་དག་པར་སྤངས་ཏེ་འཁོར་བ་པ་ཡང་མི་གནས་པའི་ལམ་སྒྲོ་བསྐུར་དང་བྲལ་བ་ཡིན་པས་ན། འཕགས་པ་ཆོས་ཡང་དག་པར་སྡུད་པ་ལས་ཀྱང་། དེ་བཞིན་གཤེགས་པ་ནི་ཐབས་དང་ཤེས་རབ་ཀྱིས་བསྐྱེད་པ་སྟེ། གཞན་གྱི་དྲི་ང་ལ་འཇོག་པ་ཡང་སྲིད་པར་ཤེས་པར་བྱའོ། །ཞེས་སོ། །དེ་ལྟར་ཡིན་པས་མན་ངག་གི་བསྒོམ་པའི་རིམ་པ་ཟབ་མོ་ཐམས་ཅད་ནས་ཀྱང་དང་པོར་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། ཕྱག་དང་། ཡན་ལག་བདུན་པ་དང་། མཎྜལ་དང་། ཡི་གེ་བརྒྱ་པ་དང་། བླ་མ་དང་ལྷའི་རྣལ་འབྱོར་ལ་སོགས་པ་འབུམ་ཕྲག་གི་མཐའ་བརྟེན་པའི་གྲངས་ཀྱིས་བཅད་པ་དག་བསྒྲུབ་པར་སྟོན་པ་དེ་ཐབས་ཀྱི་ཆ་ཡིན་ལ། དེ་ཐམས་ཅད་འཁོར་གསུམ་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱིས་ཟིན་པར་སྤྱོད་པས་ཐབས་ཤེས་གཉིས་ལྡན་ཡིན་ནོ། །དེ་སྐད་དུ་འཕགས་པ་དད་པའི་སྟོབས་བསྐྱེད་པ་ལས། ཐབས་ལ་མཁས་པ་གང་ཞེ་ན་ཆོས་ཐམས་ཅད་ཀྱི་བསྡུ་བ་ཤེས་པ་ལ་མཁས་པའོ། །ཤེས་རབ་གང་ཞེ་ན། གང་ཆོས་ཐམས་ཅད་དབྱེར་མེད་པ་ཤེས་པ་ལ་མཁས་པའོ། །ཞེས་སོ། །དེའང་མཎྜལ་དང་མཆོད་པ་དང་ཆུ་གཏོར་ལ་སོགས་པ་ནི་སྦྱིན་པ་ཡིན་ལ། ཐེག་པ་རང་སའི་འཇུག་སྒོ་དང་བསྟུན་པའི་བླང་དོར་མ་ནོར་བར་སྤྱོད་པ་ནི་ཚུལ་ཁྲིམས་དགེ་སྦྱོར་ལ་དཀའ་སྤྱད་བཟོད་པ་ནི་བཟོད་པ། རང་གི་རང་ལ་བསྐུལ་ནས་ཉིན་མཚན་དགེ་སྦྱོར་གྱིས་འདའ་བ་ནི་བརྩོན་འགྲུས། ཐད་ཀ་ཐད་ཀའི་དམིགས་པ་ལ་སེམས་འཛིན་པ་ནི་བསམ་གཏན། དེ་དག་


JL00_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གསུམ་ཡོངས་དག་གི་ལྟ་བས་ཟིན་པ་ནི་ཤེས་རབ་སྟེ། དེའི་ཁོངས་སུ་ཡན་ལག་བདུན་པ་ལ་སོགས་པས་དགེ་བའི་ཆོས་སྡུད་དང་། སེམས་བསྐྱེད་དང་བསྔོ་བས་ཟིན་པས་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ཀྱང་ཚང་ལ། བསྡུ་བའི་དངོས་པོ་བཞི་ལས་སྦྱིན་པས་འདུ་བ་ནི་སླ་ལ། སྙན་པར་སྨྲ་བ་ནི་ཚུལ་ཁྲིམས་དང། བཟོད་བརྩོན་ལ་སོགས་པའི་གཏམ་གྱིས་གཞན་དགེ་ལ་སྦྱོར་བ་དང་། དོན་སྤྱོད་པ་ནི་གདམས་པ་དེས་གཞན་ལ་ཕན་འདོགས་པ། དོན་མཐུན་པ་ནི་གདུལ་བྱ་ལ་འདོམས་པའི་དོན་གཙོ་བོར་རང་ཉིད་ཀྱིས་བསྒྲུབ་པ་སྤོང་བ་བའི་ལུགས་ཡིན་པའི་ཕྱིར་རོ། །འདི་ནི་ཁྱད་པར་དུ་ཡང་གནད་ཆེ་སྟེ་བདག་ཉིད་མ་དུལ་བས་གཞན་གདུལ་བར་མི་ནུས་ཏེ། ཆོས་བཅུ་པ་ལས། སེམས་ཅན་ཐམས་ཅད་དུལ་བ་དང་ཞི་བ་ལ་དགོད་པའི་ཕྱིར་བརྩོན་པར་བྱེད་ན། བདག་ཉིད་མ་དུལ་བ་དང་། མ་ཞི་བ་དང་། མ་བསྲུངས་པས་ནི་བདག་གི་ཆ་མ་ཡིན་པས། ཞི་བ་དང་། དུལ་བ་དང་། བསྲུང་བར་བྱའོ། །ཞེས་སོ། །དགེ་བའི་བཤེས་གཉེན་གྱིས་མ་ཟིན་པའི་རྨོངས་པ་ལ་ལ་དག་བདག་ཉིད་ལས་དང་པོ་པའི་རྣམ་པར་ཤེས་པ་ཅན་ལྐོག་ཏུ་གྱུར་ནས་དབང་པོ་ཤིན་ཏུ་རྣོན་པོ་ལ་དགོངས་པའི་རྣམ་པར་མི་རྟོག་པའི་མདོའི་དོན་ལ་དམིགས་ཏེ་ཐབས་ཀྱི་ཆ་ལ་བསྐུར་བ་ནི་ཆོས་ཀྱི་ནོངས་པ་མ་ཡིན་ཏེ་གང་ཟག་གིས་ནོངས་པའི་ཚུལ། རྣམ་པར་འཐག་པ་བསྡུས་པ་ལས། དེ་ལ་མི་བླུན་པོ་དག་འདི་སྐད་དུ། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱིས་ཕ་རོལ་ཏུ་ཕྱིན་པ་ཁོ་ན་ལ་བསླབ་པར་བྱའོ་ཞེས་ཟེར་ཞིང་། ཕ་རོལ་ཏུ་ཕྱིན་པ་ལྷག་མ་རྣམས་ལ་སུན་འབྱིན་ཏོ། །མ་ཕམ་པ་འདི་ཇི་ལྟར་སེམས། །ང་ཀ་ཤི་ཀའི་


JL00_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོར་གྱུར་བ་གང་ཡིན་པ་དེས་འདི་ལྟར་ཕུག་རོན་གྱི་ཕྱིར་བདག་གི་ཤ་ཁྲ་ལ་བྱིན་པ་དེ་ཤེས་རབ་འཆལ་བ་ཡིན་ནམ། བྱམས་པས་གསོལ་བ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །བྱམས་པ་ང་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་དགེ་བའི་རྩ་བ་དག་བསགས་ན་དགེ་བའི་རྩ་བ་དེ་དག་གིས་གནོད་པར་གྱུར་ཏམ། བྱམས་པས་གསོལ་བ། དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་ཕམ་པ་ཁྱོད་ཀྱིས་བསྐལ་པ་དྲུག་ཅུར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་བསྒྲུབས། བསྐལ་པ་དྲུག་ཅུར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སོགས་ནས་དེ་ལ་མི་བླུན་པོ་དག་འདི་སྐད་དུ། ཚུལ་གཅིག་ཁོ་ནས་བྱང་ཆུབ་སྟེ། །འདི་ལྟ་སྟེ་སྟོང་པ་ཉིད་ཀྱི་ཚུལ་གྱིས་ཟེར་ཏེ་དེ་དག་ནི་སྤྱོད་པ་ཡོངས་སུ་མ་དག་པར་འགྱུར་རོ། །ཞེས་སོ། །འོན་ཀྱང་གོམས་པ་ཤིན་ཏུ་བརྟན་པའི་ཤེས་རབ་ནི་ཟག་པ་ཟད་པ་ཡིན་པས་དེ་ལྟ་བུས་ནི་ཐབས་ཀྱི་ཆ་སྤངས་པ་དང་བསྒྲུབས་པ་གཉིས་ཀ་མ་མཆིས་ཏེ། ཅིའི་ཕྱིར་ན་སྤང་བར་བྱ་བ་དང་། བསྒྲུབ་པར་བྱ་བ་ནི་ཀུན་ཏུ་རྟོག་པ་ཁོ་ན་ཡིན་པས་སོ། །འདིར་སློབ་པ་ལམ་གྱི་གནས་སྐབས་ན་སྦྱིན་པ་ལ་སོགས་པའི་ཐབས་ཀྱི་ཆ་ཐམས་ཅད་ཚང་བའི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ལ་མ་བརྟེན་ན་སྟོང་ཉིད་རྟོགས་པའི་རྒྱུའི་གཙོ་བོ་ཐབས་ལ་ལྟོས་པའི་བསོད་ནམས་ཀྱི་ཚོགས་སྤངས་པས་ཤེས་རབ་ཀྱི་དོན་རྣལ་མ་མཐོང་བར་མི་ནུས་ཏེ། དེ་བས་ན་ཐབས་ཀྱིས་ཟིན་པའི་ཤེས་རབ་དང་། ཤེས་རབ་ཀྱི་ཟིན་པའི་སྤྱོད་པ་གཉིས་ཕན་ཚུན་གཅིག་ལ་གཅིག་ལྟོས་ཀྱི་ལམ་དུ་ངེས་པའི་ཚུལ་འཕགས་པ་དྲི་མ་མེད་པར་


JL00_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་པས་བསྟན་པ་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཆི་བ་ནི་གང་། ཐར་པ་ནི་གང་ཞེ་ན། ཐབས་མེད་པར་སྲིད་པར་འགྲོ་བ་ཡོངས་སུ་འཛིན་པ་ནི་བྱང་ཆུབ་སེམས་དཔའི་འཆིང་བའོ། །ཐབས་ཀྱིས་སྲིད་པའི་འགྲོ་བར་འགྲོ་བ་ནི་ཐར་བའོ། །ཤེས་རབ་མེད་པར་སྲིད་པར་འགྲོ་བ་ཡོངས་སུ་འཛིན་པ་ནི་བྱང་ཆུབ་སེམས་དཔའི་འཆིང་བའོ། །ཤེས་རབ་ཀྱིས་སྲིད་པའི་འགྲོ་བར་འགྲོ་བ་ནི་ཐར་བའོ། །ཐབས་ཀྱིས་མ་ཟིན་པའི་ཤེས་རབ་ནི་འཆིང་བའོ། །ཐབས་ཀྱིས་ཟིན་པའི་ཤེས་རབ་ནི་ཐར་བའོ། །ཤེས་རབ་ཀྱིས་མ་ཟིན་པའི་ཐབས་ནི་འཆིང་བའོ། །ཤེས་རབ་ཀྱིས་ཟིན་པའི་ཐབས་ནི་ཐར་བའོ། །ཞེས་གསུངས་པས་དེ་གཉིས་ཟུང་དུ་ཆུད་པ་ནི་རྣམ་པ་ཐམས་ཅད་པའི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཡིན་ཏེ། གཙུག་ན་རིན་པོ་ཆེའི་མདོ་ལས། དེ་ལ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་གང་ཞེ་ན། གང་སྦྱིན་པ་དང་མ་བྲལ་བ་དང་། ཚུལ་ཁྲིམས་དང་མ་བྲལ་བ་དང་། ཞེས་པ་ནས་ཤེས་རབ་ཀྱི་བར་རྒྱས་པར་བཀའ་སྩལ་ཞིང་། དེ་སྟོང་པ་ཉིད་ཀྱི་གཟུགས་སུ་རྫོགས་པའི་ཚུལ་རྒྱུད་བླ་མ་ལས་ཀྱང་། སྦྱིན་དང་ཚུལ་ཁྲིམས་བཟོད་པ་སོགས། །རྣམ་པ་ཀུན་གྱི་མཆོག་ལྡན་པ། །སྟོང་པ་ཉིད་ཀྱི་གཟུགས་སུ་བརྗོད། །ཅེས་སོ། །དེ་ལྟར་བསླབ་བྱའི་ལམ་མ་ནོར་བར་ངོས་བཟུང་ནས་དེ་གང་གིས་བསྒྲུབ་པར་བྱེད་པའི་གང་ཟག་གི་བློ་སྟོབས་ཀྱི་ཁྱད་པར་གསུམ་ལ་ལྟོས་ནས་ལམ་བགྲོད་པ་མྱུར་བུལ་ནི། བློ་སྟོབས་མཐུ་ཡིས་སྒྲུབ་བྱེད་རྒྱལ་སྲས་གསུམ། །རང་དོན་སྔོན་བྱས་འགྲོ་བ་སྒྲོལ་འདོད་པ། །རྒྱལ་པོ་ལྟ་བུའི་འདོད་ཆེན་སེམས་བསྐྱེད་དང་། །རང་དང་འགྲོ་བ་སྟབས་ཅིག་སྒྲོལ་འདོད་པ། །གྲུ་བ་ལྟ་བུ་ཡེ་ཤེས་དམ་པའི་སེམས། །འགྲོ་བ་སྔོན་བསྒྲལ་རྗེས་ལ་ཞི་འདོད་པ། །སྐྱོང་བྱེད་ལྟ་བུའི་


JL00_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

དཔེ་མེད་སེམས་བསྐྱེད་དེ། །རྟུལ་པོས་གྲངས་མེད་སུམ་ཅུ་རྩ་གསུམ་དང་། །འབྲིང་པོས་བདུན་དང་རྣོན་པོས་གསུམ་ན་གྲོལ། །དེ་ལ་བྱང་ཆུབ་སེམས་དཔའ་དབང་པོ་རྟུལ་པོ་རྣམས་ནི་ཐོག་མར་རང་ཉིད་སངས་རྒྱ་བའི་ཐབས་དང་ཤེས་རབ་ལ་བརྩོན་པ་བསྐྱེད་ནས་ཕྱིས་འགྲོ་བ་བསྒྲལ་བ་ནི། རྒྱལ་པོ་འདོད་ཆེན་པའི་སེམས་བསྐྱེད་ཅེས་བྱ་སྟེ། འཁོར་ལོས་བསྒྱུར་བའི་རྒྱལ་པོ་ནི་སྔོན་ལ་རྒྱལ་སྲིད་རང་གིས་ཐོབ་བར་བྱས་ནས་ཕྱིས་མངའ་རིས་བདེ་བ་ལ་འགོད་པའི་ཐབས་བསམ་པ་འཕགས་པ་བྱམས་པ་ལྟ་བུའི་སེམས་བསྐྱེད་དོ། །རང་དང་སེམས་ཅན་ལྷན་ཅིག་ཏུ་ཐར་བར་འདོད་པ་མཉན་པ་འགྲུལ་བོ་དང་ལྷན་ཅིག་ཆུའི་ཕ་རོལ་ཏུ་ཕྱིན་པ་ལྟ་བུ་ལ་ཡེ་ཤེས་དམ་པའི་སེམས་བསྐྱེད་ཅེས་བྱ་སྟེ་དབང་པོ་འབྲིང་པོའོ། །འདོད་ཆེན་མ་ཡིན་པ་རྫི་བོ་ལྟ་བུའི་སེམས་བསྐྱེད་ནི་དཔེ་མེད་པ་ཞེས་བྱ་སྟེ། སྐྱོང་བྱེད་དག་ལམ་འཕྲད་དམ། གཅན་གཟན་ལ་སོགས་པས་ཉམ་ང་བའི་གནས་མཐའ་དག་ལས་བ་ལང་དང་ར་ལུག་སོགས་དབུགས་མ་ཕྱིན་པ་དེ་སྲིད་དུ་བདག་ཉིད་བག་ཕེབས་པར་མི་འགྱུར་ལ། དེ་བཞིན་དུ་བྱང་ཆུབ་ཏུ་སེམས་བསྐྱེད་ནས་བསླབ་བྱ་ལ་བསླབས་ཤིང་ནུས་པ་རྫོགས་ཀྱང་། བྱང་ཆུབ་སེམས་དཔའ་ས་བཅུ་པའི་དང་ཚུལ་དུ་གནས་ནས་འཁོར་བ་མ་སྟོངས་ཀྱི་བར་དུ་སངས་མི་རྒྱ་བ་ནི་འཕགས་པ་འཇམ་དཔལ་དང་སྤྱན་རས་གཟིགས་ལྟ་བུ་སྟེ། དང་པོས་གྲངས་མེད་སུམ་ཅུ་རྩ་གསུམ་དང་། འབྲིང་པོས་བདུན། རྣོན་པོས་གསུམ་གྱིས་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་བའང་དཀོན་བརྩེགས་ལས། དེ་ལ་འདོད་ཆེན་པའི་སེམས་བསྐྱེད་པས་ནི་གྲངས་མེད་སུམ་ཅུ་རྩ་གསུམ་གྱིས་འཁོར་བ་ལས་ཐར་བ་ཡིན་ནོ། །ཡེ་ཤེས་དམ་པའི་སེམས་བསྐྱེད་པས་ནི་གྲངས་མེད་བདུན་གྱིས་ཚར་ཕྱིན་པ་ཡིན་ནོ། །དཔེ་མེད་པའི་སེམས་


JL00_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པས་ནི་གྲངས་མེད་པ་གསུམ་གྱིས་མངོན་པར་རྫོགས་པ་བྱང་ཆུབ་པ་ཡིན་ནོ། །དེ་ཅིའི་ཕྱིར་ན། སེམས་སྟོབས་ཆུང་ངུ་དང་། འབྲིང་དང་། ཆེན་པོར་གྱུར་བའི་ཕྱིར་ཏེ། འདི་དག་དཔེར་བྱ་ན་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དང་། གྲུའི་ཁ་ལོ་ཕ་དང་། སྐྱོང་བྱེད་ལྟ་བུའོ། །ཞེས་སོ། །དེ་བས་ན་བླའི་ནུས་པ་ཇི་ཙམ་ཆེ་བ་དེ་སྲིད་དུ་གྲོལ་མྱུར་བ་ཡིན་པས་སྙིང་སྟོབས་ཀྱི་གོ་ཆ་བསྐོན་པར་བྱའོ། །དེ་ལ་འདི་སྙམ་དུ་ལས་དང་པོ་པ་ནི་བདག་ཏུ་བལྟ་བ་ལ་གོམས་པ། ཉོན་མོངས་པ་དང་བཅས་ཏེ་དེ་ལྟར་སྐྱེ་རུ་མི་འདོད་སྙམ་པའི་ཞུམ་པ་སྤང་བར་བྱ་སྟེ། ཅིའི་ཕྱིར་ན་འཇིག་ཚོགས་ལ་བལྟ་བ་དེ་བཞིན་གཤེགས་པའི་གདུང་ཡིན་པར་བཤད་དེ་བདག་ཏུ་བལྟ་བ་ལ་བརྟེན་ནས་བྱང་ཆུབ་ཀྱི་སེམས་སྐྱེ་བའི་ཚུལ། འོད་སྲུང་གིས་ཞུས་པ་ལས། དཔེར་ན་ལུང་བཅས་འདམ་རྫབ་ཆུ་ལས་ནི། །པདྨ་སྐྱེ་ཡི་ཐང་ལས་ནམ་ཡང་མིན། །དེ་བཞིན་ཉོན་མོངས་ལོག་ལྡན་སྐྱེ་བོ་ལ། །རྒྱལ་སྲས་རྣམས་ཀྱི་རྒྱལ་བའི་ཆོས་རྣམས་སྐྱེ། །ཞེས་དང་། རིན་ཆེན་ཕྲེང་བ་ལས། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ངར་འཛིན་དེ་ལས་ཡང་ལས་སྟེ། །དེ་ལས་ཀྱང་ནི་སྐྱེ་བ་ཡིན། །ཅེས་ཐབས་ཀྱིས་ཟིན་པའི་བདག་འཛིན་དང་ཉོན་མོངས་པ་ནི་ཡོན་ཏན་སྐྱེ་བའི་རྒྱུ་ཡིན་པ་འདི་ཐེག་པ་ཆེན་པོའི་ཁྱད་ཆོས་སོ། །སྤྱིར་སེམས་སྟོབས་ཀྱི་ཁྱད་པར་འདིར་བརྗོད་པའི་དགོས་པའང་། འདུལ་བ་དང་སྔགས་ཀྱི་ལམ་ནི་སྔོན་ལ་སྡོམ་པ་མ་བཟུང་ན་བསླབ་བྱ་མཉན་དུ་མི་རུང་ལ། བྱང་ཆུབ་སེམས་དཔའི་ལམ་ནི་སྔོན་དུ་བསླབ་བྱ་ལེགས་པར་ཤེས་ནས་དད་ཅིང་བསྒྲུབ་པར་ནུས་པའི་ཚེ་བསླབ་པ་ཡང་དག་པར་བླང་བ་བྱངས་ལས་བཤད་པ་ལྟར་ཡིན་པས་འདིར་འཇུག་པའི་སྤྱོད་པ་ལ་བློ་སྟོབས་


JL00_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཁྱད་པར་གོང་ནས་གོང་དུ་འཕེལ་བའི་བསྒྲུབ་པ་ཆེན་པོ་དང་ལྡན་པའི་དོན་དུ་ཡིན་ཏེ། མདོ་ཀུན་ལས་བཏུས་པར། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་བསྒྲུབ་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱིས་འགྲོ་བ་ཡིན། ཞེས་བསྔགས་ཏེ་དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱིས་འགྲོ་བ་ལས་མགྱོགས་པ་ནི་གཞན་མེད་དོ། །ཕ་རོལ་ཏུ་ཕྱིན་པ་དྲུག་དང་། ས་བཅུ་ལ་མ་གཏོགས་པར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤིན་ཏུ་མྱུར་བར་འཇུག་པའི་ལམ་གཞན་མེད་དོ། །དེས་སེམས་ཀྱི་རྒྱུན་འདག་པ་བཞིན་དུ་རིམ་གྱིས་འདག་པར་འགྱུར་རོ་ཞེས་མདོ་སྡེ་ལས་ཀྱང་བཀའ་སྩལ་ཏོ། །ཞེས་ལུང་གི་རྒྱབ་སྐྱོར་ནས་བཤད་དོ། །དེ་བས་ན་ཐབས་ལ་མཁས་པ་དང་། སྙིང་སྟོབས་ཆེ་བ་དང་། སྨོན་ལམ་གྱི་རང་འབྲས་མངོན་དུ་གྱུར་པ་ཉིད་ཀྱིས་གཞན་དོན་དུ་དམིགས་པ་རྒྱ་ཆེ་བ་དང་། མངོན་མཐོ་དང་ངེས་ལེགས་འགྲུབ་པས་དོན་ཆེ་བ་རྣམས་འཇིག་རྟེན་ལས་འདས་པས་ཟང་ཟིང་མེད་པ་དང་། དགེ་བ་གོང་དུ་འཕེལ་བས་མི་ཟད་པ་སྟེ། རྒྱན་ལས། རྒྱ་ཆེ་བ་དང་ཟང་ཟིང་མེད། །དོན་ཆེ་བ་དང་མི་ཟད་པ། །སྦྱིན་པ་ལ་སོགས་ཐམས་ཅད་ཀྱི། །ཡོན་ཏན་བཞིར་ནི་ཤེས་པར་བྱ། །ཞེས་བཤད་པ་ལ་དམིགས་ཏེ་གྲུབ་དང་། སྐྱོང་བྱེད་ལྟ་བུའི་སེམས་སྟོབས་བསྐྱེད་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་གམ་བཅུ་དང་བསྡུ་བའི་དངོས་པོ་བཞི་ལ་སོགས་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་ལ་བསླབས་ཏེ་ཐམས་ཅད་མཁྱེན་པའི་གྲོག་ཁྱེར་དུ་གཅིག་ཅར་འཇུག་པའི་སྒོ་དེ་བཞིན་ཉིད་དམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དངོས་པོ་ས་དང་པོ་ནས་རིམ་གྱིས་དེ་བཞིན་གཤེགས་པའི་ས་ལ་འཇུག་པར་བྱའོ། །ཅིའི་ཕྱིར་ན། བྱང་ཆུབ་སེམས་དཔའི་སྡོམ་པ་ཡང་དག་པར་ནོད། དངོས་སམ་རྒྱུད་ནས་སེམས་ཅན་གྱི་དོན་


JL00_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པར་ཁས་བླངས་ནས་ལྟུང་བ་ཁུར་དུ་བཟུང་སྟེ་ངན་འགྲོའི་ལམ་ལ་དལ་གྱིས་འགྲོ་བ་ནི་རྨོངས་པ་དང་མ་རིག་པའི་གདོན་གྱིས་བཏབ་པ་ཡིན་པའི་ཕྱིར་རོ། །དེ་སྐད་དུའང་། མགོ་ལ་སེམས་ཅན་ཁུར་ཆེན་ཁྱེར་བ་ཡི། །སེམས་དཔའ་མཆོག་རྣམས་དལ་གྱིས་འགྲོ་མ་མཛེས། །བདག་གཞན་སྣ་ཚོགས་འཆིང་བས་རབ་བཅིངས་པས། །བརྩོན་པ་བརྒྱ་འགྱུར་གྱིས་ཀྱང་བྱ་བར་རིགས། །ཞེས་བཤད་པ་ལྟར་རོ། །དེ་ལ་བདག་ཅག་གི་སྟོན་པས་ཀྱང་བྱང་ཆུབ་ཀྱི་སྤྱོད་པ་རླབས་པོ་ཆེ་རྣམས་རྫོགས་པ་ལ་བསྐལ་པ་གྲངས་མེད་གསུམ་དུ་ཁ་བརྒྱུད་ཅིང་དེའང་ལས་ཀྱི་མཐའ་གང་བརྩམས་པ་དེ་དང་དེ་འགྲུབ་པའི་རྟེན་ཕུན་སུམ་ཚོགས་པ་དང་འབྲེལ་དགོས་ན། སེམས་ཅན་རྣམས་ནི་ཤེས་རབ་དང་མི་ལྡན་པས་ད་རེས་ཀྱི་མངོན་མཐོའི་རྟེན་ཁྱད་པར་ཅན་འདི་སྔར་གྱི་ལས་བཟང་པོའི་མཐུར་ཤེས་ནས་ཕྱིན་ཆད་དེའི་རྒྱུ་ལ་འབད་པ་མ་ཡིན་པས། ཇི་ཙམ་ཕུན་སུམ་ཚོགས་པ་དེ་ཙམ་དུ་ཉོན་མོངས་པ་དང་སྡིག་པ་འཕེལ་བའི་རྒྱུར་འགྲོ་བས་སྔར་བསགས་ཀྱི་དགེ་བའི་འབྲས་བུ་ནི་ཤུལ་རིང་གི་འགྲོན་པོའི་ལམ་རྒྱགས་བཞིན་དུ་སྤྱད་ཟིན་པས་ཟད། གསར་དུ་སྤེལ་བ་ལ་ནི་མི་བརྩོན་པས་ཕྱི་མ་ཕན་ཆད་འོག་ནས་འོག་ཏུ་འགྲོ་བའི་མགོ་ཚུགས་པ་ལས་ཅང་མི་སེམས་པ་ནི་སྐྱོ་བ་ཆེན་པོའི་གནས་སོ། །དེ་ལྟ་བུའི་ཉེས་དམིགས་ཤེས་ཤིང་རྣམ་པར་ཤེས་པ་བཀོལ་ཏུ་བཏུབ་པ་དག་ནི། ཕུན་སུམ་ཚོགས་པ་དང་། ཉོན་མོངས་པ་དང་། བྱ་བ་ཕྱིན་ཅི་ལོག་གི་དབང་དུ་མི་འགྲོ་བར་སྦྱིན་པ་ལ་སོགས་པ་ཕྱིན་དྲུག་གི་ལམ་ལ་བསྟེན་གོམས་རྣམ་པ་ཐམས་ཅད་ནས་ཐམས་ཅད་དུ་བྱ་སྟེ། མདོ་སྡེའི་རྒྱན་ལས། ལོངས་སྤྱོད་དང་ལུས་ཕུན་སུམ་ཚོགས་པ་དང་། འཁོར་བརྩམ་ཕུན་སུམ་ཚོགས་པ་མངོན་


JL00_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

མཐོ་དང་། །རྟག་ཏུ་ཉོན་མོངས་དབང་ཉིད་མི་འགྲོ་དང་། །བྱ་བ་རྣམས་ལ་ཕྱིན་ཅི་མ་ལོག་པའོ། །ཞེས་སོ། །དེ་ལ་གཞན་གྱི་དོན་དུ་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་གསུམ་དགོས་ལ། རང་གི་དོན་དུ་ཤེས་པ་དང་། བསམ་གཏན་དང་། བརྩོན་འགྲུས་གསུམ་དགོས་ཏེ། དེ་ལ་སྦྱིན་པས་གནས་སྐབས་སུ་ཕན་པ་བསྒྲུབ་ཅིང་། ཚུལ་ཁྲིམས་ཀྱིས་གཞན་གནོད་གཞི་བཅས་ལས་ལྡོག་པས་དེ་ལས་ཕན་པ་ཆེ་བ་དང་། དེའང་ཕས་ཀྱི་གནོད་པ་མ་བཟོད་ན་ཚུལ་ཁྲིམས་སྐྱོན་ཅན་དུ་བྱེད་པས་དེ་ལ་གཤེ་ཡང་སླར་མི་གཤེ་བ་ལ་སོགས་དགེ་སྦྱོང་གི་ཆོས་བཞིས་རང་གི་སེམས་བསྲུངས་ནས་ཇི་མི་སྙམ་པའི་བཟོད་པ་དགོས་པས་གསུམ་པོ་ནི་གཞན་དོན་གཙོ་བོར་གྱུར་བའོ། །རང་གི་དོན་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་རྣམ་པར་གྲོལ་བའི་ཡེ་ཤེས་བརྙེས་དགོས་ན། དེའི་འགལ་ཟླ་ནི་སེམས་རྣམ་པར་གཡེང་བ་ཡིན་པས་དེ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་དམིགས་པ་ལས་སུ་རུང་བ་འཐོབ་དགོས་ཤིང་། དེ་ལྟར་འཐོབ་པའང་ལེ་ལོ་ཅན་ལ་སྲིད་པ་མ་ཡིན་པས་ཉིན་མཚན་དུ་མི་དལ་བའི་བརྩོན་འགྲུས་བརྩམ་དགོས་པ་ཡིན་ནོ། །དེ་སྐད་དུའང་། སེམས་ཅན་དོན་ལ་རབ་བརྩོན་པ། །གཏོང་དང་མི་གནོད་བཟོད་པས་བྱེད། །གནས་དང་གྲོལ་བ་གཞིར་བཅས་པས། །རང་དོན་རྣམ་པ་ཐམས་ཅད་སྤྱོད། །ཅེས་སོ། །དེའི་དོན་མི་གནོད་པ་ནི་ཚུལ་ཁྲིམས་ཡིན་ལ། དམིགས་པ་གནས་པ་ནི་བསམ་གཏན་དང་། གྲོལ་བ་ནི་ཤེས་རབ་སྟེ། གཞིར་བཅས་པ་ནི་བརྩོན་འགྲུས་སུ་བསྟན་པ་དང་པོ་གསུམ་གྱིས་གཞན་དོན་རྣམ་པ་ཐམས་ཅད་པ་བྱས་པས། ཕྱི་མ་གསུམ་དུ་རང་དོན་རྣམ་པ་ཐམས་ཅད་པ་ཤུགས་ལས་གྲུབ་པ་ཡིན་ཏེ། མདོ་སྡེའི་རྒྱན་ལས། མི་འཕོངས་པ་དང་རྣམ་པར་མི་འཚེ་དང་། །རྣམ་འཚེ་བཟོད་དང་བྱ་བས་མི་སྐྱོ་དང་། །དགའ་བྱེད་


JL00_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པར་བརྗོད་པ་དེ་ཡི་ཕྱིར། །གཞན་གྱི་དོན་ནི་རང་གི་དོན་ཡིན་ནོ། །ཞེས་སོ། །དེའང་བརྩོན་འགྲུས་ཀྱི་རྟེན་ལ་བསམ་གཏན་ཉམས་སུ་མྱོང་བས་ཞི་གནས་འཐོབ་པ་དང་། དེའི་སོ་སོར་རྟོག་པའི་ཤེས་རབ་ལྷག་མཐོང་ཏུ་ཤར་ནས་རྣམ་པར་གྲོལ་བའི་ཡེ་ཤེས་བརྙེས་པའོ། །དེ་ལས་གཞན་དོན་གྱི་དང་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའམ་མཚན་ཉིད་སྟོན་པ། སྦྱིན་པའི་ངོ་བོ་ཆགས་པ་མེད་པ་སྟེ། །དབྱེ་ན་ཆོས་དང་ཟང་ཟིང་མི་འཇིགས་གསུམ། །ཟང་ཟིང་ལའང་རྣམ་པ་གསུམ་ཡིན་ཏེ། །གཏོང་དང་གཏོང་བ་ཆེ་དང་ཤིན་ཏུ་གཏོང་། །གཏོང་བ་ཞེས་བྱ་ཟས་གོས་ཤིང་རྟ་དང་། །གླང་པོ་ཡུལ་ཁམས་གཞན་ལ་ཕྱིན་པའོ། །གཏོང་བ་ཆེན་པོ་བུ་དང་བུ་མོ་དང་། ཁྱིམ་ཐབ་གཏོང་ཡིན་ཤིན་ཏུ་གཏོང་བ་ནི། །བྱ་དཀའི་གནས་ཏེ་མགོ་དང་ཡན་ལག་གཏོང་། །དེ་ལ་སྦྱིན་པའི་ངོ་བོ་ནི་ཆགས་པ་དང་བྲལ་བ་སྟེ། །ལོངས་སྤྱོད་ལ་ཆགས་པའི་གཉེན་པོའོ། །དེ་སྐད་དུ་བྱང་ས་ལས། སྦྱིན་པའི་ངོ་བོ་ཉིད་གང་ཞེ་ན། ཡོ་བྱད་ཐམས་ཅད་དང་རང་གི་ལུས་ལ་མི་བལྟ་བའི་བྱང་ཆུབ་སེམས་དཔའི་མ་ཆགས་པ་དང་ལྷན་ཅིག་སྐྱེས་པའི་སེམས་པ་གང་ཡིན་པ་དང་། དེས་ཀུན་ནས་བླངས་པའི་སྦྱིན་པར་བྱ་བའི་དངོས་པོ་ཡོངས་སུ་གཏོང་བའི་ལུས་དང་ངག་གི་ལས་དང་ཞེས་གཏོང་བའི་སེམས་དགེ་བ་དེས་ཀུན་ནས་བླངས་པའི་ལུས་དང་ངག་གི་ལས་གང་ཡིན་པ་མཐའ་དག་གོ །དབྱེ་ན་ཆོས་དང་། ཟང་ཟིང་དང་། མི་འཇིགས་པའོ། །དེ་ལ་དགོས་པ་གཙོ་ཆེ་བའི་ཆ་ནས་ས་དཔྱད་དང་པོར་ཆོས་ཀྱི་སྦྱིན་པ་སྨོས་ཀྱང་། བྱེད་ལས་གཙོ་ཆེ་བའི་ཆ་ནས་སྐབས་འདིར་ཟང་ཟིང་གི་སྦྱིན་པ་དང་མི་འཇིགས་པ་གཉིས་འབྲེལ་སྦྱར་བ་སྟེ། དེ་ལ་དང་པོ་ནི། རང་ལ་གཏོང་བའི་རྫས་གྱ་ནོམ་པ་ཡོད་པ་ཁོ་ན་མི་དགོས་ཏེ། རང་གི་བདོག་པ་ཡོད་དོ་


JL00_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

ཅོག་སེམས་ཅན་ལ་བཏང་ཟིན་པས་རང་ལ་གྱིན་པ་ཙམ་ལས་མེད་ཀྱང་དེ་སེམས་ཅན་གྱི་ཡིན་ནོ་སྙམ་པ་དང་། དེའི་སྟེང་དུ་ད་དུང་གཏོང་བའི་སེམས་སྒོ་དུ་མ་ནས་དང་དུ་ལེན་པ་དཔེར་ན་ས་ཆེན་པོ་འདི་བཟའ་བ་དང་བཏུང་བར་གྱུར་ན་བདག་གིས་ཡི་དྭགས་ལ་སོགས་པ་བཀྲེན་པ་ཐམས་ཅད་ཀྱི་ཕོངས་པ་སེལ་བར་ནུས་པ་ཡིན་པ་ལ་སྙམ་པ་ལྟ་བུས་གཞན་གྱི་གདུང་བ་ཞི་བའི་གཏོང་སེམས་རྒྱ་ཆེན་པོ་གོང་འཕེལ་དུ་བཏང་ནས་སྦྲུལ་གྱི་ཤུན་པ་དོར་བ་ལྟར་སེར་སྣའི་འཛིན་པ་བཅོམ་པ་ཞིག་དགོས་པ་ཡིན་ཏེ་མདོ་སྡེའི་རྒྱན་ལས། བྱང་ཆུབ་སེམས་དཔའི་སྦྱིན་པ་ནི། །མ་ཆགས་མི་ཆགས་ཆགས་པ་མེད། །ཆགས་པ་ཉིད་ཀྱང་མ་ཡིན་ཏེ། །མ་ཆགས་མི་ཆགས་ཆགས་པ་མེད། །ཅེས་སོ། །སྔོན་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་སྦྱིན་པ་ལ་འགྲན་ཟླ་བྱེད་པ་གཅིག་གིས་དེའི་དོ་ཟླར་མ་སྤོབས་ནས། ཟང་ཟིང་ཡོད་དགུ་ཅོག་སྤངས་ཏེ་རབ་ཏུ་བྱུང་བས་ཟས་སྦྱིན་ལས་ལྷག་པར་ལུང་བསྟན་པ་བཞིན་ནོ། །དེའང་ཡོད་པ་རྣམས་ཀྱིས་ནི་ལྷག་པར་དུའང་སྦྱིན་དགོས་ཏེ། ཐོག་མར་བཟའ་བཏུང་ཅུང་ཟད་སྦྱིན་པ་ནས་རིམ་པར་བློའི་མཐུ་ཇེ་ཆེར་བསྐྱེད་དེ། གོས་དང་། གནས་མལ་དང་། ཡོ་བྱད་དང་། ཤིང་རྟ་དང་། བཞོན་པ་དང་། གླང་པོ་དང་། ཡུལ་ཁམས་ཙམ་སྦྱིན་པ་ལ་བསླབ་པ་སྐྱེས་རབས་ལས། ཀོ་ས་ལའི་རྒྱལ་པོས་སྔོན་དགེ་སྦྱོང་བཞི་ལ་ཟན་དྲོན་ཆངས་གཅིག་བྱིན་པས་དེའི་འབྲས་བུས་རྒྱལ་སྲིད་ཐོབ་པ་དང་། ཚོང་དཔོན་ཟིལ་གྱིས་མི་ནོན་པ་ལ་སློང་བ་པོས་བསླངས་པ་དེས་མེད་ཅེས་ཟེར་མི་ནུས་ལ། གཞན་གྱིས་རང་ཁྱིམ་ནས་བརྐུས་པར་གྱུར་ནའང་དེ་ལ་ལྷག་པར་དགའ་བ་བསྒོམ་པ་དང། དེ་ཉིད་དབུལ་པོར་གྱུར་བའི་ཚེ་རྩྭ་བྲེགས་ནས་བཙོངས་པའི་རིན་ལས་སྦྱིན་པ་གཏོང་བ་དང་། ཤི་བའི་རྒྱལ་པོས་གཏན་པ་མེད་པའི་མཆོད་སྦྱིན་གྱི་ཁང་བུ་བརྩིགས་ནས་གཏོང་བ་ལྟ་བུ་


JL00_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བསླབ་པར་བྱའོ། །མདོ་ལས་དེ་ལ་ཟང་ཟིང་གི་སྦྱིན་པས་ནི་བསོད་ནམས་ཀྱི་ཚོགས་རྫོགས་ལ་ཆོས་ཀྱི་སྦྱིན་པས་ནི་ཡེ་ཤེས་ཀྱི་ཚོགས་རྫོགས་ཏེ་འདི་གཉིས་ནི་རྣམ་པ་ཐམས་ཅད་དུ་བསྒྲུབ་པར་བྱེད་དོ། །དེ་ལ་ཟང་ཟིང་གི་སྦྱིན་པ་གང་ཞེ་ན། འདི་ལྟ་སྟེ། གཏོང་བ་དང་། གཏོང་བ་ཆེན་པོ་དང་། ཤིན་ཏུ་གཏོང་བའོ། །དེ་ལ་གཏོང་བ་ཞེས་བྱ་བ་ནི་ཟས་དང་། གོས་དང་། གླང་པོ་ཆེ་གཞན་ལ་བྱིན་པའོ། །ཞེས་སོ། །གཏོང་བའི་ཡུལ་ཡང་ཡོན་ཏན་གྱི་ཞིང་ནི་བཟང་པོ་ཡིན་ཏེ། ཉོན་མོངས་པ་ཅན་ནི་དེ་ལས་ལྡོག་པ་ཡིན་ནོ་སྙམ་པར་མི་བྱ་སྟེ། དེས་ཆོས་ཉིད་མཉམ་པ་ཉིད་དུ་རྟོགས་པའི་གེགས་བྱེད་ལ། ཁྱད་པར་དམན་པའི་ཞིང་ལ་སྙིང་རྗེས་གཏོང་བ་ནི་ཐེག་པ་ཆེན་པོའི་ལུགས་ཡིན་པའོ། །དེ་སྐད་དུ་མདོ་ལས། སེམས་ཅན་ཐམས་ཅད་ལ་སེམས་མཉམ་ཞིང་སྙོམས་ལ་བྱེ་བྲག་མི་ཕྱེད་པའོ། །དཀོན་མཆོག་གསུམ་ནི་བདག་གི་ཡོན་ཏན་གྱི་ཞིང་ཡིན་གྱི། དུད་འགྲོ་ལ་སོགས་པ་ནི་མ་ཡིན་ནོ་སྙམ་ན་བྱང་ཆུབ་སེམས་དཔའ་དེས་ཆོས་ཉིད་མཉམ་པ་ཉིད་དུ་རྟོགས་པར་མི་འགྱུར་རོ། །དེ་བས་ན་དཀོན་མཆོག་གསུམ་དང་བླ་མ་ནི་སྦྱིན་གནས་ཀྱི་ཞིང་བཟང་པོ་ཡིན་ལ། དུད་འགྲོ་ལ་སོགས་པ་ནི་མ་ཡིན་ཏེ། ཞིང་ཚ་སྒོ་ཅན་ལ་ས་བོན་བཏབ་པ་དང་འདྲའོ། །ཞེས་སེམས་ན་བྱང་ཆུབ་སེམས་དཔའི་ཆོས་སུ་མི་འགྱུར་རོ། །ཞེས་གསུངས་སོ། །འོ་ན་ཏང་སྦྱིན་པའི་ཞིང་འདམ་པ་ནི་དབང་པོ་རྟུལ་པོ་ལས་དང་པོ་པ་བློ་མ་སྦྱངས་པ་སྙིང་རྗེ་ལ་མ་གོམས་པ་རྣམས་ལ་དགོངས་པའོ། །དེ་སྐད་དུ་དྲང་། སྲོང་རྒྱས་པས་ཞུས་པ་ལས། སྦྱིན་པ་བླ་ན་མེད་པ་ནི་ལྔ་སྟེ། དེ་བཞིན་གཤེགས་པ་དང་། དགེ་འདུན་དང་། ཅེས་སྨྲ་བ་དང་། ནད་པ་དང་། ཕ་དང་མའོ། །ཆོས་དང་། གཞན་ཡང་། འཕགས་པ་མིན་ཡང་ཕ་མ་དང་། །ནད་པ་དང་ནི་ཆོས་སྨྲ་དང་། །སྐྱེ་མཐའི་བྱང་ཆུབ་སེམས་དཔའ་


JL00_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །ཡོན་ནི་གཞལ་དུ་མེད་པར་གསུངས། །ཞེས་པ་ལྟར་རོ། །དེ་ལྟར་སྦྱིན་པའི་དངོས་པོ་ཆུང་ནའང་རྣམ་སྨིན་དང་འབྲས་བུ་ལ་རེ་བ་མེད་ན་བསོད་ནམས་ཀྱི་ཞིང་ཡང་དག་པར་འགྱུར་ལ། དངོས་པོ་རྒྱ་ཆེ་ཡང་འདོད་པ་ལྔའི་ཀུན་སློང་དང་འདྲེས་ན་འབྲས་བུ་མ་ངེས་པར་འབྱིན་ཏེ། །སའི་སྙིང་པོ་འཁོར་ལོ་བཅུ་པ་ལས། སེམས་ཅན་ཀུན་ལ་ཕན་བདེའི་ཕྱིར་གྱི། །རྣམ་སྨིན་འབྲས་བུ་རེ་ཕྱིར་མ་ཡིན། །སྦྱིན་པ་དངོས་པོ་བྱིན་པ་ཆུང་ཡང་། །ཡང་དག་བསོད་ནམས་ཞིང་དུ་དེ་འགྱུར། །སྦྱིན་པ་དངོས་པོ་མང་དུ་བྱས་ཀྱང། །འདོད་པ་རྣམ་ལྔ་དག་ལ་གནས་ནས། །འཕགས་པ་དག་གིས་ཕྱག་རྒྱས་མ་བཏབ། །མ་ངེས་པ་ཡི་ཚོགས་ལ་གནས་འགྱུར། །ཞེས་སོ། །གཏོང་བ་ཆེན་པོ་ནི་མདོ་ལས། གཏོང་བ་ཆེན་པོ་ཞེས་བྱ་བ་ནི། བུ་དང་། བུ་མོ་དང་། ཁྱིམ་ཐབ་བྱིན་པའོ། །ཞེས་པ་ལྟར་རྒྱལ་པོ་ཐམས་ཅད་སྒྲོལ་ལ་འགྲན་ཟླར་བཅས་པ། ཕྲག་དོག་དང་བཅས་པའི་རྒྱལ་པོ་གཞན་གྱིས་ཇི་ལྟར་བླང་བའི་དངོས་པོས་བདག་ཉིད་ལ་ངེས་པར་ཕན་པའི་དོན་མ་མཆིས་བཞིན་དུ་བརྐམ་ཆགས་དང་། བསླུ་བའི་སེམས་གཡོན་ཅན་དུ་གྱུར་པས་ཐམས་ཅད་སྒྲོལ་གྱི་བུ་དང་། བུ་མོ་དང་། མཆིས་བྲང་དང་བཅས་པ་བསླངས་པས་དེ་དེ་དག་ལ་ཡིད་ཤིན་ཏུ་བཅུགས་པའི་སྡུག་བསྔལ་གྱི་ཚོར་བས་སྙིང་འགས་པ་ལྟར་དུ་གྱུར་ན་ཡང་། གཏོང་སེམས་ལས་ཕྱིར་ཕྱོགས་པ་མ་ཡིན་པས་འགྱོད་པ་མེད་པའི་སེམས་ཀྱིས་བྱིན་པ་ལྟ་བུ་སྟེ། དེ་ལྟ་བུའི་སྙིང་སྟོབས་དང་ཕན་ཡོན་ལ་ཡང་ནས་ཡང་དུ་བསམས་ཏེ་བདག་ཅག་གི་སྙིང་ལས་དང་འཇུངས་པ་ལ་ཁྲེལ་ཆེན་པོ་བརྡས་ནས་དམ་འཆའ་བ་ལ་གོམས་ པར་བྱ་སྟེ། ཕར་ཕྱིན་བསྡུས་པ་ལས། ཐུབ་པ་རྣམས་ཀྱི་སྤྱོད་མཆོག་དྲན་གྱིས་ཤིང་། །དེ་གཞོལ་རང་གི་དམ་བཅས་བསམ་བྱ་སྟེ། །ཡོངས་


JL00_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ཆགས་པ་རྣམ་པར་བསལ་བའི་ཕྱིར། །སེམས་ལ་རྟོག་པའི་རྣམ་པ་འདི་དག་རྟོགས། །ཞེས་པ་ལྟར་རོ། །བྱ་དཀའ་བའི་གནས་ཤིན་ཏུ་གཏོང་བ་ནི་མགོ་དང་ཡན་ལག་གཏོང་བ་སྟེ། མདོ་ལས། ཤིན་ཏུ་གཏོང་བ་ཞེས་བྱ་བ་ནི་བྱ་དཀའ་བ་སྟེ། མགོ་དང་། མིག་དང་། ལག་པ་དང་། རྐང་པ་ལ་སོགས་པ་གཏོང་བའོ། །ཞེས་པ་ལྟར། བདག་ཅག་གི་སྟོན་པས་སྤྱོད་དཔལ་གྱི་སྡེར་གྱུར་བའི་ཚེ་རྐེད་སྐབས་ཆད་པའི་སློང་བ་པོས་སྟ་ཟུར་མན་ཆད་བསླངས་པས། ཤིང་གི་བཟོ་གནས་པ་མང་དུ་བསགས་ནས་སོག་ལེ་རྣོན་པོས་རང་གི་རྐེད་པ་འབྲེག་ཏུ་བཅུག་ནས་ཕྱིན་པ་དང་། རྒྱལ་པོ་ཟླ་འོད་དུ་གྱུར་པའི་ཚེ་བྲམ་ཟེ་དྲག་པོའི་མིག་ལ་མགོ་བོ་བཅད་ནས་བྱིན་པ་དང་། ས་སྤྱོད་ནམ་མཁར་གྱུར་པའི་ཚེ་གཏོང་བ་དང་། གཏོང་བ་ཆེན་པོ་དང་། ཤིན་ཏུ་གཏོང་བ་གསུམ་ག་དང་དུ་བླངས་ཤིང་། གཏོང་བ་ཕྱི་མའི་དུས་རང་གི་ལུས་ཁྲག་གི་རྦ་རླབས་འཕྱོ་ཞིང་། མཚོན་ཆས་རེག་པའི་ཚོར་བའི་སྡུག་བསྔལ་ཤིན་ཏུ་བཟོད་པར་དཀའ་བའང་ལོ་བརྒྱ་ཕྲག་བཅུའི་བར་སྙེད་དུ་མི་ཟད་པའི་སྨོན་ལམ་གྱིས་མཚམས་སྦྱར་བའི་ཚུལ་ཡང་ནས་ཡང་དུ་བསམ་ཞིང་། དེ་སྐད་དུ་བ་ཚྭ་ཆུ་ཀླུང་གི་མདོ་ལས། །ཆུང་མ་རྣམས་དང་བུ་ཚེ་རྒྱལ་སྲིད་དབང་ཕྱུག་ཆེན་པོ་དང་། ཤ་རྣམས་དང་ནི་ཁྲག་དང་ཚིལ་དང་ལུས་དང་མིག །ཕ་རོལ་དགའ་བའི་དབང་དུ་བྱས་ནས་ངས་ནི་བཏང་བ་ཡིན། །གང་གི་སེམས་ཅན་རྣམས་ལ་ཕན་ན་ང་ལ་མཆོད་མཆོག་ཡིན། སེམས་ཅན་རྣམས་ལ་གནོད་པ་བྱས་ན་ང་ལ་གནོད་པ་བྱས། ཞེས་སོ། །དེ་བས་ན་འདི་ལྟར་བདག་གི་ལུས་ནི་མི་གཙང་བ་ངན་སྐྱུགས་ཀྱི་ཕུང་པོ་ལྟ་བུ། སྲོག་ནི་འཐོར་རླུང་དྲག་པོ་བཞིན་དུ་ཤིན་ཏུ་གཡོ་བ་དེ་གཉིས་ཀའང་ལས་ཀྱི་ཕྱི་བཞིན་འབྲང་བས་གཞན་དབང་ཅན་ཡིན་ཏེ། རང་གི་རྣམ་པ་ཐམས་ཅད་དུ་སྒོ་དུ་མས་བསྲུངས་ཀྱང་མེ་དང་ཆུ་དང་གཡང་ས་དང་།


JL00_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་དང་གཅན་གཟན་དང་ཆོམ་རྐུན་ལ་སོགས་པས་ཤིན་ཏུ་མ་རུངས་པར་བྱེད་པ་ཡོད་པས་བདག་ཉིད་ཀྱི་རང་དབང་ཅན་མ་ཡིན་པ་དང་། དེ་ལྟར་མ་གྱུར་ཀྱང་གསལ་རྒྱལ་གྱིས་ཞུས་པ་ལས། རྒྱལ་པོ་ཆེན་པོ་འདི་ལྟར་ཡང་ཁྱོད་གླང་པོ་ཆེའི་བྱལ་ཁའམ། རྟའི་རྒྱབ་བམ། ཤིང་རྟ་ལ་ཞོན་ཏེ། དུང་དང་། རྔ་དང་། རྫ་རྔ་དང་། འཁར་རྔ་དང་། རོལ་མོ་སིལ་སྙན་གྱི་བྱེ་བྲག་ལེན་པ་དང་། གདུགས་དང། རྒྱལ་མཚན་དང་། བ་དན་དང་། རྣམ་པར་རྒྱལ་བའི་བ་དན་ནི་བསྒྲེང་། བསིལ་ཡབ་ནོར་བུའི་ཡུ་བ་ཅན་དང་། རྔ་ཡབ་དང་། ཤིང་རྟ་ལ་ལས་བྱས་པ་ནི་གཡོབ་ཅིང་། གླང་པོ་ཆེ་དང་། རྟ་པ་དང་། དཔུང་བུ་ཆུང་ངུ་མ་ནི་ཕྱི་བཞིན་འབྲང་། རྒྱལ་བུ་དང་། བྲམ་ཟེ་བསླང་བ་ཕོག་པའི་བློན་པོ་དང་། མདུན་ན་འདོན་དང་། སྐྱེ་བོ་ཐལ་མོ་སྦྱར་བ་བརྒྱ་སྟོང་དུ་མས་ཕྱག་བྱ་ཞིང་རྒྱལ་བར་སྤྱོན་ཅིག །རྒྱལ་བར་སྤྱོན་ཅིག་ཅེས་སྙན་པར་བརྗོད་དེ། ཕྱིར་འབྱུང་བ་མྱོང་བ་ཡང་རིང་པོ་མི་ཐོགས་པར་གཡོ་བ་མེད་ཅིང་མལ་དུ་ཤི་ནས་མི་བཞིས་བཏེག་ཏེ། ཕ་དང་མ་དང་ཕུ་ནུ་དང་། སྲིང་མོ་དང་། ཆུང་མ་དང་། བུ་ཕོ་དང་བུ་མོ་དང་། རྟེན་གྲགས་དང་། བྲན་ཕོ་བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་དང་། བློན་པོ་དང་། གྲོང་ཁྱེར་བའི་སྐྱེ་བོ་དག་ཀྱང་མྱ་ངན་གྱི་དབང་དུ་སོང་ཏེ། ལག་པ་བཏེག་ནས་བྲང་བརྡུང་ཞིང་མཆོག་ཏུ་སྙིང་རྗེ་བར་ཀྱི་ཧུད་བུ། ཀྱི་ཧུད་མགོན་པོ། ཀྱི་ཧུད་ཕོ་བོ། ཀྱི་ཧུད་ཇོ་བོ་ཞེས་ངུ་ཞིང་། ཞམ་རིང་བ་དང་། གྲོང་ཁྱེར་གྱི་སྐྱེ་བོ་དེ་དག་གི་འཇིགས་པ་དང་བཅས་པར་མཐོང་སྟེ། གྲོང་ཁྱེར་གྱི་ལྷོ་ཕྱོགས་ཀྱི་སྒོར་ཕྱུང་ནས་སའི་འོག་ཏུ་བཅུག་གམ། འབྲོག་དགོན་པར་སའི་འོག་ཏུ་བཅུག་ཀྱང་། བྱ་རོག་དང་། བྱ་རྒོད་དང་། ཝ་ལ་སོགས་པས་ཟོས་ཤིང་རུས་པ་དེ་དག་མེས་བསྲེགས་སམ། ཆུ་ལ་སྐྱུར་རམ། སའི་འོག་ཏུ་བཅུག་ཀྱང་རླུང་དང་། ཉི་མ་དང་། ཆར་བས་ཕྱེ་མར་བྱས་ཏེ། ཕྱོགས་ཕྱོགས་སུ་འཐོར་ཞིང་དེ་ཉིད་དུ་རུལ་བར་འགྱུར་རོ། །རྒྱལ་པོ་ཆེན་པོ་དེ་ལྟར་ཐམས་ཅད་ཀྱི་ལུས་ཀྱི་རང་


JL00_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ནི་འདི་ཡིན་ཏེ། འདི་ལྟར་མི་རྟག་པ། འདི་ལྟར་མི་བརྟན་པ། འདི་ལྟར་ཡིད་བརྟན་མི་རུང་བ། འདི་ལྟར་རྣམ་པར་འཇིག་པའི་ཆོས་ཅན། ཡུན་ཐུང་བ། མི་གནས་པ། གཡོ་བ། འགུལ་བ། མཐར་འཇིག་པ། སྐད་ཅིག་པ། མཐར་སྡིག་པ། ཟད་ཅིང་འཇིག་པའི་སྒོ་སོགས་ནས། །རྣམ་པར་འཇིག་པའི་ཆོས་ཅན་ཏེ། །ཞེས་དང་། རྒྱལ་སྲིད་དང་། དབང་ཕྱུག་དང་། འདོད་པའི་ལོངས་སྤྱོད་ཀྱི་བདེ་བ་རྣམས་ལ་ཡང་ཆགས་པར་མི་བྱའོ། །སྲོག་དང་ནད་མེད་པའི་རྒྱགས་པས་རྒྱགས་ངར་མི་བྱའོ། །ཞེས་གསུངས་པ་ལྟར་མཐར་གྱིས་ངེས་པར་རང་དབང་མ་ཡིན་པར་འདོར་དགོས་པའི་ལུས་འདི་གཞན་ལ་དུས་ནམ་ཞིག་གཏོང་བར་ནུས་སྙམ་པ་དང་། བསམ་པའི་སྒོ་ནས་བཏང་བ་ལ་ཡང་ནས་ཡང་དུ་བློ་སྤྱད་པར་བྱ་སྟེ། དེ་ལྟར་མ་སྦྱངས་ན་མོས་པ་སྨིན་པ་དང་། ད་གདོད་ལུས་སྲོག་སྟེར་ནུས་པའི་སྐབས་ཉམས་སུ་མྱོང་བ་མ་ཡིན་པར་བསླབ་བཏུས་ལས་ཀྱང་བཤད་ཅིང། དེ་བཞིན་དུ་སྐྱེས་རབས་ལས། བདག་མེད་འཇིག་ལ་སྙིང་པོ་མེད་པའི་ལུས། །སྡུག་བསྔལ་དྲིན་མེད་རྟག་ཏུ་མི་གཙང་བའི། །ལུས་ཀྱིས་གཞན་ལ་ཕན་འདོགས་འགྱུར་བ་ལ། །དགའ་བར་མི་འགྱུར་དེ་ནི་མཁས་མ་ཡིན། །ཅེས་དང་། སྤྱོད་འཇུག་ལས། ཐམས་ཅད་གཏོང་བར་ཆགས་ཅིག་ལ། །སེམས་ཅན་རྣམས་ལ་བཏང་བ་མཆོག །ཅེས་པ་ལྟར་རོ། །འདི་ན་ཐོག་མར་གོམས་སུ་འཇུག་པ་རྣམས། །སེར་སྣས་བསྡམས་པའི་སྐྱེས་བུའི་ལག་པ་ནི། །གཅིག་ནས་གཅིག་ཤོས་སྦྱིན་པར་བསམ་པའི་སེམས། །ཡང་ཡང་སྤོས་པས་ཚོད་མ་ལ་སོགས་ལ། །བརྐམ་ཆགས་འཇིག་པ་སྟོབས་སུ་གྱུར་ལ་བསླབ། །དེ་ལ་ཐོག་མ་ནས་སེར་སྣའི་འཆིང་བ་དམ་པོ་དང་ལྡན་པ་དག་ནི་སྔོན་ཁྱིམ་


JL00_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

བདག་འཇུར་གེགས་ཅན་ཞིག་ལ། རང་གི་ལག་པ་ཅིག་ཤོས་སུ་སྦྱིན་པའི་དངོས་པོ་ངན་དོན་ཅུང་ཟད་བཟུང་ནས་ཅིག་ཤོས་སུ་སྦྱིན་པའི་ཚུལ་ལ་བསླབ་ཏུ་བཅུག་པས་མཐར་སྦྱིན་པ་རྒྱ་ཆེན་པོ་གཏོང་ནུས་པར་བྱུང་བ་བཞིན་དུ་རང་ཅག་ཀྱང་ཚོད་མ་ཙམ་ལ་སོགས་པ་ཕྲ་མོ་ལ་ཐོག་མར་གཏོང་སེམས་གོམས་སུ་བཅུགས་པ་ཕྱིས་ནས་བློའི་མཐུ་ཇེ་ཇེར་འཕེལ་བར་འགྱུར་ཏེ། སྤྱོད་འཇུག་ལས། ཚོད་མ་ལ་སོགས་སྦྱིན་པ་ལའང་ །འདྲེན་པས་ཐོག་མར་སྦྱོར་བར་མཛད། །དེ་ལ་གོམས་ནས་ཕྱིས་ནས་ནི། །རིམ་གྱིས་རང་གི་ཤ་ཡང་གཏོང་། །གང་ཚེ་རང་གི་ལུས་ལ་ནི། །ཚོད་སོགས་ལྟ་བུའི་བློ་སྐྱེས་པ། །དེ་ཚེ་ཤ་ལ་སོགས་གཏོང་བ། །དེ་ལ་དཀའ་བ་ཅི་ཞིག་ཡོད། །ཅེས་དང་། གོམས་ནས་སླ་བར་མི་འགྱུར་བའི། །དངོས་དེ་གང་ཡང་ཡོད་མ་ཡིན། །ཞེས་སོ། །དེ་བས་ན་བྱང་ཆུབ་སེམས་དཔའ་སློབ་པ་ལམ་གྱི་གནས་སྐབས་ན་སྦྱིན་པའི་བཀང་སའི་ཡང་སྟེང་ལ་འཛེགས་ནས་སློང་བ་པོ་རྒྱང་རིང་པོ་ནས་མཐོང་བའང་མིག་གིས་བསུ་ཞིང་དགའ་བ་བསྒོམ་པ་ལྟར། སྦྱིན་གནས་ལ་འདི་ནི་བདག་གི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་བྱེད་པའི་དགེ་བའི་བཤེས་གཉེན་ནོ་སྙམ་དུ་བལྟས་ལ་དངོས་པོ་འདི་དང་བདག་ནི་གདོན་མི་ཟ་བར་འབྲལ་ཏེ་འདིས་ཀྱང་བདག་འདོར། བདག་གིས་ཀྱང་འདི་འདོར་བས་ད་ལྟ་བཏང་ན་ཕྱི་མའི་དུས་འགྱོད་པས་མི་གདུང་ཞིང་ཆགས་ཞེན་མེད་པས་ཡིད་དགའ་བར་འགྱུར་རོ་སྙམ་དུ་སྦྱིན་པས་བརྐམ་ཆགས་འཇིག་པའི་ཐབས་ལ་བསླབ་པར་བྱ་སྟེ་མདོ་སྡེའི་རྒྱན་ལས། དོན་རྣམས་གཏོང་བར་བྱེད་པ་དང་། །རྩ་བ་སེམས་ལ་བརྟེན་པ་དང་། །ལུས་དང་ལོངས་སྤྱོད་ཕུན་ཚོགས་དང་། །གཉིས་རྗེས་འཛིན་དང་རྫོགས་བྱེད་དང་། །དེ་ཡང་སེར་སྣ་མེད་ལྡན་དང་། །ཆོས་དང་མི་འཇིགས་ཟང་ཟིང་


JL00_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

གཏོང་། །སྦྱིན་པ་དེ་འདྲར་ཡོངས་ཤེས་ནས། །མཁས་པས་ཡང་དག་སྒྲུབ་པར་བྱེད། །ཅེས་སོ། །མི་འཇིགས་པའི་སྦྱིན་པ་ནི། མི་འཇིགས་སྦྱིན་པ་གཞན་གྱི་སྲོག་བསྲུང་དང་། །འཇིགས་པའི་ཡུལ་བསྒྲལ་དབུགས་འབྱིན་གནས་ལ་དགོད། །དེ་ལ་མི་འཇིགས་པའི་སྦྱིན་པའི་ངོ་བོ་ནི། །འཇིགས་པས་སྐྲག་ཅིང་རྟབས་པར་གྱུར་པ་རྣམས་དབུགས་འབྱིན་ཆེན་པོའི་གནས་ལ་སྦྱར་བ་སྟེ། འདི་ལྟར་རྒྱལ་པོའི་ཁྲི་མུན་དུ་ཆུད་པ་དང་། ཆད་པས་མནར་བ་དང་། ཆོམ་རྐུན་དང་། གཅན་གཟན་དང་། ལམ་འཕྲང་འཇིགས་པ་ཅན་དུ་ཉེ་ཞོས་གདུང་བ་དང་། རི་དྭགས་རྔོན་པས་གཏུགས་པ་དང་ནད་དང་གདོན་གྱིས་གཙེས་པ་ལྟ་བུ་དང་། ཁྱད་པར་འཁོར་བའི་གནས་ན་དམྱལ་བ་པ་མ་གཏོགས་བདག་ཉིད་ཀྱི་སྲོག་ནི་མི་བསྲུང་བ་འགའ་ཡང་མེད་ན། དེ་དག་གི་དཔུང་གཉེན་དང་མགོན་སྐྱབས་བྱེད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པའི་མཆོག་དམ་པ་སྟེ། བདག་ཅག་གི་སྟོན་པ་མི་བདག་མཆོད་སྦྱིན་ཅན་དུ་གྱུར་པའི་ཚེ། དེའི་མངའ་རིས་ནི་ལོག་པར་བལྟ་བའི་རྗེས་སུ་འཇུག་པས་ཆར་བའི་སླད་དུ་སྲོག་གི་མཆོད་སྦྱིན་རྒྱ་ཆེན་པོ་སེམས་པར་བྱེད་དོ། །དེའི་ཚེ་རྒྱལ་པོ་དེ་ནི་སྙིང་རྗེ་ཆེན་པོའི་གཞན་དབང་ཅན་ཡིན་པས་ཡིད་ཤིན་ཏུ་མི་བདེ་བར་གྱུར་ནས་ཐབས་བསམས་ཏེ་སྨྲས་པ། འདི་ལྟར་ཞིངས་རྣམས་ནི་ཐན་བསམ་རུངས་པར་བྱས་ཤིང་། འཛམ་བུའི་གླིང་གི་རྩ་དང་ཤིང་གེལ་པ་དང་ཆུ་ཀླུང་རྣམས་ཀྱང་མེད་པར་འགྱུར་ན། ཆར་བའི་སླད་དུ་མཆོད་སྦྱིན་གཞན་པས་ནི་ཉམ་ཆུང་གི། རང་གི་མངའ་རིས་གང་ཡིན་པ་ནས་སྐྱེས་བུ་ཡིད་གཅུགས་པ་བརྒྱ་ཕྲག་བཅུའི་སྲོག་གི་མཆོད་སྦྱིན་སྟ་གོན་རྩོམས་ཤིག་ཅེས་བློན་པོ་


JL00_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་བསྒོས་པས། དེ་ཐམས་ཅད་སྐྲག་ཅིང་རྟབས་པར་གྱུར་ནས་སྲོག་གི་མཆོད་སྦྱིན་ལས་ལྡོག་པའི་སྟངས་གསོལ་བ་ལ་མཉན་པ་ལྟར་བྱས་ནས་དོན་གྱིས་སེམས་ཅན་མང་པོ་ལ་མི་འཇིགས་པའི་སྐྱབས་བྱིན་ཏོ། །དེ་བས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གཏོང་བ་དང་། ཐབས་ལ་མཁས་པ་དང་། བདག་ཉིད་ཀྱི་ཞོ་ཤ་ལས་སུ་འཁོལ་བར་བྱས་ནས་གཞན་ལ་མི་འཇིགས་པའི་གནས་སྦྱིན་པ་ལ་ནན་ཏན་ཆེན་པོས་བསླབ་པར་བྱའོ། །དེ་ལྟར་སློབ་པའི་ཚེའང་། མི་ནུས་བཞིན་དུ་བབ་ཅོལ་ཆོ་ག་ཡི། །རྣམ་པར་སྦྱར་བའི་སྦྱིན་པའང་སྨད་པ་སྟེ། །སྙིང་རྗེའི་བསམ་པ་ཤིན་ཏུ་མ་དག་པར། །ལུས་དང་སྲོག་གཏོང་བསླབ་བཏུས་ཉིད་ལས་བཀག །དེ་ལ་གཏོང་བ་ཆེན་པོ་དང་ཤིན་ཏུ་གཏོང་བ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་སྤྱོད་ཡུལ་ཡིན་ཏེ། འཕགས་པ་ཉེ་བ་འཁོར་གྱིས་ཞུས་པ་ལས། མི་སྐྱེ་བའི་ཆོས་ལ་བཟོད་པ་ལ་གནས་པ་ཉིད་ཀྱིས་གཏོང་བ་དང་། གཏོང་བ་ཆེན་པོ་དང་། རབ་ཏུ་གཏོང་བ་དག་ཀྱང་བྱའོ། །ཞེས་གསུངས་སོ། །དེ་བས་ན་ད་ལྟ་མོས་པ་སྟོབས་སུ་མ་གྱུར་ལ། ལས་དང་པོ་པའི་སེམས་རྨའི་ཤའུ་ལྟར་སྲན་མི་བཟོད་པ། འཇུག་ལྡོག་ཤིན་ཏུ་གཡོ་བ་ཅན་དག་གིས་རང་གི་ཉོན་མོངས་པའི་ནད་མ་གསོས་པར་གཞན་དོན་རླབས་པོ་ཆེ་ལ་དངོས་སུ་སྦྱོར་བས་ཞུགས་ན་སླར་གཞན་དོན་ལ་སྐྱེ་ནས་ཉན་རང་གི་སེམས་སྐྱེ་བའི་ཉེན་ཡོད་དེ། རྒྱ་མཚོའི་ནང་དུ་གཟིངས་བུབ་བསྐམ་ལ་གནས་པས་མ་བཟོད་དེ་བརྐྱལ་བས་བརྐྱལ་གྱི་ནུས་པ་མ་རྫོགས་པ་རང་ཉིད་ཀྱང་ཉམ་ཉེས་པར་བྱས་པ་བཞིན་ནོ། །དེ་བས་ན་བསམ་པའི་ཆ་ནས་ལུས་བྱིན་ཟིན་ཡང་ཤ་ལ་སོགས་པ་དངོས་སུ་མི་སྟེར་བ་བསླབ་བཏུས་ལས་རྒྱས་པར་བཤད་


JL00_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་། དེའི་ཁུངས་ཀྱང་འཕགས་པ་ནམ་མཁའ་མཛོད་ཀྱི་མདོ་ལས། དུས་མ་ཡིན་པར་འདོད་པ་ནི་བདུད་ཀྱི་ལགས་སོ། །ཞེས་དང་། སྤྱོད་འཇུག་ལས་ཀྱང་། སྙིང་རྗེའི་བསམ་པ་མ་དག་པར། །ལུས་ནི་གཏང་བར་མི་བྱ་སྟེ། །ཅི་ནས་འདི་དང་གཞན་དག་ཏུ། །དོན་ཆེན་བསྒྲུབ་པའི་རྒྱུར་བཏང་ངོ་། །ཞེས་པ་ལྟར་རོ། །དེ་བཞིན་དུ། ཁ་ན་མ་ཐོས་བསྐྲུན་པའི་སྦྱིན་པ་ཡང་། །གནས་མིན་སྨད་པའི་གནས་ཏེ་བདོག་པ་ལ། །ཞེན་པ་བཏང་བ་སྦྱིན་པའི་ཚད་དུ་བཞེད། །དེ་སྐད་དུ། དྲང་སྲོང་ཆེན་པོ་རྒྱས་པས་ཞུས་པ་ལས། ནོར་གང་ཡིན་པ་དེ་ནི་སྦྱིན་བདག་ཡིན་ནོ། །བྱེད་དུ་བཅུག་པས་སྦྱིན་པ་ནི་གཏོང་བ་པོ་ཡིན་གྱི། སྦྱིན་བདག་མ་ཡིན་ནོ། །དུག་དང་མཚོན་ཆ་དང་སྲོག་ཆགས་གསད་དེ་སྦྱིན་པ་དང་བག་མེད་པ་ལ་ཆང་སྦྱིན་པ་ནི་མ་དག་པའོ། །རྣམ་པར་སྨིན་པ་ལ་ཐེ་ཚོམ་ཟ་བ་དང་། སྦྱིན་ནས་འགྱོད་པས་གདུང་བ་ཡང་མ་དག་པའོ། །བསོད་ནམས་ཀྱི་རྣམ་པར་སྨིན་པ་བདག་ཉིད་ཀྱིས་སྤྱད་ཀྱི་གཞན་ལ་མ་གྱུར་ཅིག་སྙམ་ན་མ་དག་པའོ། །ན་བ་དང་འཆི་བའི་དུས་སུ་སངས་རྒྱས་ལ་དགའ་བ་དང་། དད་པ་མེད་པར་རྩ་ལག་གིས་བྱེད་དུ་བཅུག་ནས་བྱིན་ན་མ་དག་པའོ། །དབུལ་ཕོངས་བོར་ནས་ཕྱུག་པོ་ལ་སྟེར་ན་མ་དག་པའོ། །དྲང་སྲོང་ཆེན་པོ་དེ་དག་གི་རྣམ་པར་སྨིན་པ་ནི་ཚྭ་སྒོ་ཅན་གྱི་ཞིང་ལ་ས་བོན་བཏབ་པ་ལྟར་སྨིན་པ་མེད་པས་ཡིན་མོད་ཀྱིས་འབྲས་བུར་མི་འགྱུར་རེ། །དྲང་སྲོང་ཆེན་པོ་མ་རྨོས་མ་བསལ་བའི་ཞིང་ལ་ས་བོན་བཏབ་ནས་ཆར་བབས་ན་སྐྱེ་སྲིད་ཀྱི་མེ་ཏོག་དང་འབྲས་བུར་མི་འགྱུར་བ་དང་འདྲའོ་ཞེས་བཀའ་བསྩལ་བ་ལྟར་རོ། །དེ་ལ་སྤྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་པའི་ཚད་ནི་སྦྱིན་བྱའི་རྫས་ཀྱིས་ཕ་


JL00_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་བའི་དབུལ་བ་བོར་པའི་མཐའ་མི་འཚལ་ཏེ། སེམས་ཀྱི་ཆ་ནས་རང་ལ་བདོག་པའི་ལུས་དང་ལོངས་སྤྱོད་དགེ་བའི་རྩ་བ་ཐམས་ཅད་ལ་བརྡུངས་པ་དང་སེར་སྣར་བ་ལྟ་བའི་ཞེན་པ་བཏང་བ་ལ་འདོད་དེ། སྤྱོད་འཇུག་ལས། བདོག་པ་ཐམས་ཅད་འབྲས་བཅས་ཏེ། །སྐྱེ་བོ་ཀུན་ལ་བཏང་སེམས་ཀྱིས། །སྦྱིན་པའི་ཕ་རོལ་ཕྱིན་གསུངས་ཏེ། །དེ་ལྟས་སེམས་ནི་དེ་ཉིད་དོ། །ཞེས་སོ། །དེ་ལྟར་མ་ཡིན་ན་སེམས་ཅན་རང་རང་གི་ལས་ལ་སྤྱོད་པའི་དབུལ་བ་རྣམ་པ་ཐམས་ཅད་དུ་སེལ་བར་སུ་ཞིག་གིས་ནུས་ཏེ། སྔོན་ཆད་བྱོན་པའི་སངས་རྒྱས་རྣམས་ཀྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ཀྱང་ད་དུང་ཡི་དྭགས་ལ་སོགས་པ་འགྲོ་བ་བཀྲེན་པོའི་ལུས་རྟེན་དཔག་ཏུ་མེད་པ་ཡོད་པས་སོ། །དེ་སྐད་དུ་སྔ་མ་ལས། གལ་ཏེ་འགྲོ་བ་དབུལ་ཕོར་བ། །སྦྱིན་པའི་ཕ་རོལ་ཕྱིན་ཡིན་ན། །ད་དུང་འགྲོ་བ་བཀྲེན་ཡོད་སྔོན། །སྐྱོབ་པ་ཇི་ལྟར་ཕ་རོལ་ཕྱིན། །ཞེས་པ་ལྟར་རོ། །སྤྱིར་ལུས་སྲོག་ལ་སོགས་པ་དངོས་སུ་སྟེར་མི་ནུས་ཀྱང་བློས་གཏོང་བ་ལ་གོམས་སུ་འཇུག་པ་འདི་འབྲས་བུ་བསྐྱེད་པའི་ས་བོན་ལྟ་བུ་ཡིན་ཏེ། དམིགས་པ་གོམས་པ་ལས་དེ་དང་དེར་འགྱུར་བ་མ་ག་དྷའི་རྒན་མོས་སྟག་ཏུ་བསྒོམས་པས་ལམ་གཅོད་པ་བྱུང་བ་ལྟ་བུའོ། །དེ་བས་ན་བློའི་ནུས་པ་དེ་སྐྱེ་བ་འདིའམ། ཚེ་རབས་གཞན་དུ་མངོན་དུ་འགྱུར་བ་ལ་དགོངས་ནས་བསླབ་བཏུས་སུ་སྙིང་ནས་སེམས་ཅན་ལ་བཏང་བའི་ཟས་གོས་དང་གནས་ཁང་ལ་འདི་ནི་གཞན་གྱི་ས་ཡིན་ཏེ་དེ་དག་ལའང་ཕན་པའི་ཕྱིར་སྤྱད་པར་བྱའོ་སྙམ་པའི་བསམ་པ་བརྗེད་ནས་རང་དོན་དུ་སྲེད་པས་ལོངས་སྤྱོད་ན་ཉོན་མོངས་པ་ཅན་གྱི་ལྟུང་བ་དང་། སྲེད་པ་མེད་ཀྱང་འདུ་ཤེས་དེས་མ་ཟིན་པར་གཞན་ཕྱིར་ཆགས་ནས་ལོངས་སྤྱོད་ན་ཉོན་མོངས་ཅན་མ་ཡིན་པའི་ལྟུང་བ་དང་། གཞན་ལ་བསྔོས་པ་གཞན་གྱི་རྫས་སུ་འདུ་ཤེས་ཀྱང་རང་གི་ཕྱིར་སྤྱོད་ན་མ་


JL00_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་ལེན་དུ་འགྱུར་ཞིང་། རིན་ཐང་ཚང་ན་སོ་ཐར་གྱི་སྡོམ་ལྡན་ལ་ཕམ་པར་འགྱུར་བ་ཉིད་དུ་གསུངས་པ་ཡིན་ནོ། །དེ་ལྟ་ནའང་འཕགས་པའི་ཡུལ་དུ་སློབ་དཔོན་འདིའི་གཞུང་ད་མོད་པ་དག་གིས་དགག་པར་བྱེད་པ་བྱུང་མོད་ཀྱི། སློབ་དཔོན་མཁས་པ་ཆེན་པོ་ཀྲྀཥྞ་པས། སློབ་དཔོན་ནི་དངོས་གྲུབ་ཐོབ་པ་དང་། བདེན་པ་གཟིགས་པའི་ཚིག་ལ་ནི་དགོས་པ་སོགས་མེད་པར་དོགས་པ་མི་རིགས་པས་སློབ་དཔོན་གྱི་ཞལ་སྔ་ནས་ནི་ཕྱག་འཚལ་བའི་དངོས་གྲུབ་བརྙེས་པ་ཉིད་པས་དེ་དགོས་པ་ལ་སོགས་པ་བླུན་པོ་འབའ་ཞིག་ལ་བསྙད་པར་ཟད་དོ། །བདེན་པ་གཟིགས་པ་རྣམས་ཀྱི་ཚེག་ལ་ཡང་དགོས་པ་མེད་པར་རྟོགས་ན་དེའི་ཆེད་གཟུང་བར་མི་ནུས་ཏེ། ཇི་ལྟར་ཟླ་བ་གྲགས་པས་གསུངས་པ། ཐོས་པ་ཉུང་ཞིང་བརྒྱ་ལ་ལྡན། །རྩ་བ་མེད་པར་མང་དུ་སྨྲ། །རྗེས་སུ་གཟུང་བར་མ་ནུས་པ། །ཙན་དན་ཞེས་བྱའི་གང་ཟག་གོ །ཤེས་སོ། །དེ་ལྟར་བྱང་ཆུབ་སེམས་དཔའི་མ་དད་པ་དང་། ཐེ་ཚོམ་གྱི་དྲྭ་བ་དང་མ་བྲལ་བ་དང་། སློབ་དཔོན་གྱི་བཀའ་ལུང་ལ་མ་གུས་པར་ཤེས་པར་འདོད་པ་དག་གིས་འདི་ཁོང་དུ་ཆུད་པར་བྱའོ། །ཞེས་བཤད་པ་ལྟར་བདེན་པ་གཟིགས་པ་རྣམས་ཀྱི་ཚིག་ནི་དགོས་པ་ཆེན་པོ་དང་ལྡན་པ་ཡིན་པས། རིན་ཐང་ཚང་བའི་རྫས་སེམས་ཅན་ཐམས་ཅད་ལ་ཐོབ་པ་མ་ཡིན་པས་ཕམ་པར་མི་རུང་སྙམ་པ་དང་། དེ་དག་གི་བདག་ཏུ་བཟུང་བ་མེད་པས་བདག་ཅག་ལ་ཕམ་པ་མེད་དོ་སྙམ་པ་དང་། དངོས་སུ་རང་གིས་བཟུང་ནས་བློས་སྟེར་བ་ལ་དགོས་པ་མེད་དོ་སྙམ་པས་བསམ་པ་དགེ་བའི་ཆོས་ལ་བར་ཆད་མི་བརྩམ་སྟེ། དེ་ཉིད་ལས། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཐད་དུ་འགའ་ཞིག་གིས་དེ་ཁོ་ན་མ་རིག་པར་མ་དད་པར་བྱ་བ་ནི་མི་རིགས་ཏེ་གཏོང་བའི་སེམས་ངོ་མཚར་ཆེན་པོ་ཅན་ཡོངས་སུ་ཤེས་པའི་ཕྱིར་རོ། །ཚུལ་


JL00_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལ་ནི་འགའ་ཞིག་གིས་ཐེ་ཚོམ་བྱ་བར་མི་རིགས་སོ། །ཞེས་བཤད་པ་ལྟར་རོ། །དེ་ལྟར་ཟང་ཟིང་དང་མི་འཇིགས་པའི་སྦྱིན་པ་ནི་ཆོས་ཀྱི་སྦྱིན་པའི་སྔོན་དུ་འགྲོ་བ་ཅན་ཡིན་ཏེ། སློབ་དཔོན་ཡེ་ཤེས་སྙིང་པོས། དེ་ལ་ཆོས་ཀྱི་སྦྱིན་པ་ཡང་སེམས་ཅན་མ་བསྡུས་པ་རྣམས་ལ་སྦྱིན་པར་མི་ནུས་ཀྱི། སྦྱིན་པ་རྣམ་པ་གསུམ་གྱི་ནང་ནས་ཟང་ཟིང་དང་མི་འཇིགས་པ་གཉིས་ནི་བསྡུ་བའི་ཐབས་སུ་གྱུར་པ་ཡིན་ལ། ཆོས་ཀྱི་སྦྱིན་པ་ནི་ཐབས་དེས་བསྒྲུབ་པ་ཡིན་ནོ། །ཞེས་སོ། །དེ་བས་ན་སྦྱིན་པ་དང་། སྙེན་པ་དང་། དོན་སྤྱོད་པ་དང་། དོན་མཐུན་པ་སྟེ་བསྡུ་བའི་དངོས་པོ་བཞིས་སེམས་ཅན་བསྡུ་བར་བྱའོ། །དེ་ལ་དང་པོ་གཉིས་ཀྱི་དོན་ནི་གོ་སླ་ལ། དོན་སྤྱོད་པ་ནི་གཞན་ཐབས་ཇི་ལྟ་བུས་ལམ་ལ་འཛུད་པའི་ཐབས་དེ་ཉིད་དང་། དོན་མཐུན་པ་ནི། གཞན་ལ་བསྟན་པའི་ལམ་དེ་ཉིད་ལ་བདག་ཉིད་ཀྱང་ནན་ཏན་བྱེད་པའོ། །དེ་ལྟར་བསྡུ་བའི་དངོས་པོ་བཞིས་བསྡུས་ནས། །ཆོས་ཀྱི་སྦྱིན་པ་རྣམ་པ་གསུམ་ལས་དངོས། །མོས་པས་སྤྱོད་པས་ཇི་བཞིན་འདོམས་པར་དཀའ། །རང་གི་ཉོན་མོངས་བསལ་བའི་ཆོ་ག་དང་། །བྱམས་དང་སྙིང་རྗེས་གསུང་རབ་བཀླགས་པ་ཡིས། །དཀར་པོའི་ཕྱོགས་ཀྱི་རྒྱུད་གྲོལ་སྨོན་ལམ་གདབ། །རང་རྒྱུད་གྲོལ་ནས་འགྲོ་བའི་སྐལ་པ་དང་། །རང་བཞིན་འཚམ་པས་གཞན་དོན་གཙོ་བོར་བྱ། །དེ་སྐད་དུ་འཕགས་པ་འཇིག་རྟེན་འཛིན་གྱིས་དྲིས་པས་ལུང་བསྟན་པའི་མདོ་ལས། དེ་ལ་ཆོས་ཀྱི་སྦྱིན་པ་གང་ཞེ་ན། མྱུ་གུ་དང་། སྣག་ཚ་དང་། གླེགས་བམ་སྦྱིན་པ་ནི་ཆུང་ངུའོ། །སྐལ་པ་ཇི་ལྟ་བ་བཞིན་དུ་ཉན་ཐོས་དང་། རང་སངས་རྒྱས་དང་། བླ་ན་མེད་པའི་ཆོས་སྟོན་པ་ནི་ཆེན་པོའོ། །བླ་ན་མེད་པའི་བྱང་ཆུབ་འཛིན་དུ་འཇུག་ཅིང་། །ནམ་མཁའ་ལྟར་བསམ་གྱིས་མི་ཁྱབ་པའི་ཆོས་སྟོན་པ་ནི་ཤིན་ཏུ་ཆེན་པོའོ། །ཞེས་


JL00_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས། སྤྱིར་ཆོས་ཀྱི་སྦྱིན་པའི་ངོ་བོ་ནི། དམ་པའི་ཆོས་གཞན་གྱི་རྒྱུད་ལ་འདོམས་པར་བྱེད་པ་སྟེ། དེ་ཡང་མོས་པས་སྤྱོད་པ་རྣམས་རང་རྒྱུད་ལ་ཆོས་ཀྱི་ཚིག་དང་དོན་གཉིས་ཀའི་ཆ་ནས་འདོམས་པའི་ནུས་པ་གསལ་བ་མེད་བཞིན་དུ་གཞན་ལ་དེ་ལྟར་སྟོན་པ་ནི། ལོང་བ་གཅིག་ཤོས་ཀྱིས་ཅིག་ཤོས་ལ་ངང་པའི་གཤོག་པའི་སྒྲ་ལས་གཞིགས་ཏེ་ཁ་དོག་ཀྱང་འུར་འུར་པོར་འཆད་པ་བཞིན་ནོ། །དེའི་ཕྱིར་ལས་དང་པོ་པས་ཆོས་སྨྲ་བ་ལ་འཇུག་པ་དགག་པ་ནི་བྱང་ཆུབ་སེམས་དཔའ་རྣམ་པར་དགོད་པ་བཅུ་བསྟན་པ་ལས། བྱང་ཆུབ་སེམས་དཔའ་ལས་དང་པོ་བ་དེ་ནི་ཐོག་མ་ཉིད་དུ་ཁ་ཏོན་ལ་བསྐུལ་བར་བྱའོ། །མང་དུ་ཐོས་ནས་དབེན་པར་གནས་པ་ལ་བསྐུལ་བར་བྱའོ། །རབ་ཏུ་དབེན་པར་གྱུར་ནས་དགེ་བའི་བཤེས་གཉེན་དུ་གྱུར་པར་ཡོངས་སུ་བསྐུལ་བར་བྱའོ། །དགེ་བའི་བཤེས་གཉེན་དུ་གྱུར་ནས་ང་ལོ་བདེ་བ་ལ་བསྐུལ་བར་བྱའོ། །ང་ལོ་བདེ་བར་གྱུར་ནས་དུས་ཤེས་པ་ལ་བསྐུལ་བར་བྱའོ། །དུས་ཤེས་པར་གྱུར་ནས་མི་འཇིགས་པ་ལ་བསྐུལ་བར་བྱའོ། །མི་འཇིགས་པར་གྱུར་ནས་དོན་ཤེས་པ་ལ་བསྐུལ་བར་བྱའོ། །དོན་ཤེས་པར་གྱུར་ནས། ཆོས་ཀྱི་རྗེས་སུ་འབྲང་བ་ལ་བསྐུལ་བར་བྱའོ། །ཆོས་ཀྱི་རྗེས་སུ་འབྲང་བར་གྱུར་ནས་རྨོངས་པ་མེད་པ་ལ་བསྐུལ་བར་བྱའོ། །རྨོངས་པ་མེད་པར་གྱུར་ནས་རྣམ་པར་དགོད་པ་ལ་བསྐུལ་བར་བྱའོ། །ཞེས་སོ། །དེ་བས་ན་རང་རྒྱུད་ཀྱི་ཉོན་མོངས་པ་དགེ་བའི་བཤེས་གཉེན་གྱིས་གདམས་པ་དང་། བདེ་བར་གཤེགས་པའི་གསུང་རབ་དང་། སྐྱེས་བུ་དམ་པ་མཁས་གྲུབ་རྣམས་ཀྱིས་བཀྲལ་བའི་བསྟན་བཅོས་ལ་ཐོས་བསམ་བསྒོམ་གསུམ་དུ་བརྩོན་པས་བསལ་བར་བྱ་བ་དང་། སེམས་ཅན་ལ་བྱམས་པ་དང་། སྙིང་རྗེ་


JL00_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

དང་། དེ་བཞིན་གཤེགས་པའི་བཀའ་ལ་མོས་པས་ཐེག་པ་ཆེན་པོའི་སྡེ་སྣོད་ཀློག་པ་ལ་བརྩོན་པས་གཞན་ཕན་ཆེན་པོར་འགྱུར་བ་ནི། གང་གིས་མདོ་སྡེ་འདི་བཀླགས་སམ། དྲན་ནམ། ཁ་ཏོན་བྱེད་དམ། ཡི་གེར་འབྲི་བ་དང་འདྲིར་འཇུག་པ་དེའི་རྣམ་པར་སྨིན་པ་ནི་བསམ་གྱིས་མི་ཁྱབ་བོ། །ཞེས་པས་སྤྱིར་མཚོན་ལ་ཁྱད་པར་སློབ་དཔོན་དབྱིག་གཉེན་གྱིས་མདོ་སྡེ་ཞལ་འདོན་མཛད་པ་གདུང་ཕྲག་གི་ཕུག་རོན་གྱིས་ཐོས་པས་ལས་བསྲབས་ཏེ་ཚེ་འཕོས་ནས་སློབ་མ་དབུས་པ་སློབ་དཔོན་བློ་གྲོས་བརྟན་པར་གྱུར་པ་དང་། གཞན་ཡང་བྱམས་པ་དང་སྙིང་རྗེ་མཆོག་ལ་གནས་པས་གསུང་རབ་འདོན་པ་ལ། ནམ་མཁའ་ནས་ལྷ་རྣམས་ཀྱང་ཉན་པའི་ལོ་རྒྱུས་ཡོད་པའོ། །དེ་བཞིན་དུ་སྔན་ཆད་བྱང་ཆུབ་ཀྱི་སེམས་དང་ལྡན་པ་དག་གིས་བཞུགས་པའི་གནས་སུའང་གཞི་བདག་ལ་སོགས་པ་རྒྱུད་འཇམ་པར་གྱུར་པས་གནས་དེར་བཀྲ་ཤིས་པའི་ཡོན་ཏན་ཚང་བ་ཡིན་ལ། དེའང་དེས་དངོས་སུ་ཆོས་བཤད་པ་ཡོད་དམ་མེད་ཀྱང་རུང་སྟེ། ཆོས་ཀྱི་ཚིག་དོན་ཟབ་མོ་ཁ་ཏོན་དང་། ཐན་ཆུ་གཏོར་ཙམ་གྱི་རྗེས་ཀྱི་བྱ་བ་ལའང་ཆོས་ཀྱི་སྦྱིན་པ་ཡོད་པ་དེས་དེའི་རྒྱུད་འཇམ་ཞིང་དེས་པར་གྱུར་པ་ཡིན་ནོ། །དེ་བས་ན་སེམས་ཅན་ཐམས་ཅད་ཀྱི་ལས་དང་ཉོན་མོངས་པ་བསལ་བ་ལ་དམིགས་ཤིང་བྱང་ཆུབ་ཀྱི་སེམས་དང་ལྡན་པས་གསུང་རང་ཟབ་མོ་འདོན་ཅིང་ཆོས་ཀྱི་སྦྱིན་པ་ལ་དམིགས་པར་བྱ་བ་དང། དངོས་སུ་སྨྱུ་གུ་དང་། སྣག་ཚ་དང་། གླེགས་བམ་ལ་སོགས་པ་སྦྱིན་པ་དང་། བཟོ་གནས་ལ་སོགས་པ་འཇིག་རྟེན་གྱི་ལས་མཐའ་ཁྱད་པར་ཅན་ཁ་ན་མ་ཐོ་བ་མེད་ཅིང་བསྟན་པ་དང་སེམས་ཅན་ལ་ཕན་པས་སློབ་པར་རིག་པ་དག་སྟོན་པ་དང་།


JL00_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་ན་སྒྲུང་རྒྱུད་དང་། ཆོས་ཀྱི་ཕྱོགས་སུ་མོས་པར་འགྱུར་བའི་གཏམ་དང་། དགེ་སྡིག་དང་ལས་འབྲས་ཀྱི་ཆོས་སུ་གཏོགས་པ་ཅུང་ཟད་ཙམ་གྱི་གླེང་མོས་ཀྱང་ད་ལྟ་བསྟན་པ་སྙིགས་པའི་དུས་ན་གཞན་ལ་ཕན་པ་ཆེན་པོ་རང་གྱུར་བ་ཡིན་ནོ། །དེ་ནས་རང་གི་རྒྱུད་གྲོལ་བ་དང་གཞན་ལ་ཆོས་ཀྱི་ཕན་གདགས་པ་ནི་སྦྱིན་པའི་གཙོ་བོ་ཡིན་ཏེ། ཟང་ཟིང་ལ་སོགས་པས་གནས་སྐབས་ཀྱི་སྡུག་བསྔལ་ལས་དབུགས་ཕྱུང་བ་ཙམ་ལས་མེད་པའི་ཕྱིར་རོ། །དེ་བས་ན་གདུལ་བྱའི་བློ་ཚོད་དང་བསྟུན་ནས་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། རིག་པ་འཛིན་པའི་སྡེ་སྣོད་ཐུན་མོང་སྟོན་པ་ནི་འབྲིང་པོ་སྟེ། དེའང་ཡིད་བྱེད་སྡོམ་པའི་ཚུལ་ཁྲིམས། རྣམ་མཁྱེན་གྱི་ཆོས་ལ་མོས་ཤིང་གཞན་གྱི་གཤེ་བ་བཟོད་པའི་བཟོད་པ། གོང་འཕེལ་དུ་འདུན་པའི་བརྩོན་འགྲུས། ཐེག་དམན་དང་མ་འདྲེས་པའི་སེམས་ཀྱི་དགེ་བ་རྫོགས་བྱང་དུ་བསྔོ་བའི་བསམ་གཏན། ཆོས་ཉིད་སྟོང་པར་ཤེས་པའི་ཤེས་རབ་སྟེ་ཕར་ཕྱིན་དྲུག་ལྡན་དུ་བྱ་བ་བརྒྱད་སྟོང་འགྲེལ་ཆེན་གྱིས་བཤད་དོ། །བློ་མཆོག་རྣམས་ནི་ནམ་མཁའ་ལྟར་བསམ་གྱིས་མི་ཁྱབ་པའི་ཆེས་ལ་འགོད་པ་དྲངས་མ་ཐག་པའི་ལུང་དེ་ཉིད་ཀྱིས་གསལ་བར་བསྟན་ཏོ། །དེའང་བྱང་ཆུབ་སེམས་དཔའ་ཁྱིམ་པས་ནི་གཙོ་བོར་ཟང་ཟིང་དང་མི་འཇིགས་པའི་སྦྱིན་པ་གཉེར་ལ། རབ་ཏུ་བྱུང་ནས་ནི་ཆོས་ཀྱི་སྦྱིན་པ་བྱ་བར་བྱང་ཆུབ་སེམས་དཔའི་སོ་སོ་ཐར་པ་ལས། ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་ཁྱིམ་པ་གང་གིས་སངས་རྒྱས་གཱངྒཱའི་ཀླུང་གི་བྱེ་མ་སྙེད་དག་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བཀང་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་


JL00_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་དབུལ་བ་ཕུལ་བ་ལས། ཤཱ་རིའི་བུ་རབ་ཏུ་བྱུང་བར་གྱུར་པའི་བྱང་ཆུབ་སེམས་དཔའ་གང་གིས་ཚིག་བཞི་པའི་ཚིགས་སུ་བཅད་པ་ཞིག་བསྟན་ན་འདི་ནི་དེ་བས་ཆེས་བསོད་ནམས་མང་དུ་བསྐྱེད་དེ། ཤཱ་རིའི་བུ་དེ་བཞིན་གཤེགས་པས་ནི་རབ་ཏུ་བྱུང་བས་ཟང་ཟིང་གི་སྦྱིན་པ་བྱ་བར་མཁན་གནང་ངོ་། །ཞེས་སོ། །དེའི་དགོངས་པ་ནི། ཟང་ཟིང་ནི་ཕལ་ཆེར་ཁྱིམ་པ་དང་འབྲེལ་བ་ལས་འབྱུང་སླ་སྟེ། དེ་བས་ན་རབ་ཏུ་བྱུང་བ་དག་གིས་ཚུལ་ཁྲིམས་ལ་རྨ་བྱུང་ནས་བཅལ་ཞིང་བསགས་པའི་དངོས་པོས་སྦྱིན་པ་བྱས་ནས་འཛིན་པའི་ཉེས་དམིགས་ལ་ཅང་མི་བསམ་པ་འགོག་པའི་སླད་དུ་སྟེ། གཞན་དུ་ན་སྔོན་གྱི་སྦྱིན་འབྲས་ཀྱི་མཐུས་རང་བཞིན་དུ་རྙེད་པ་ལ་གཏོང་བའི་ཕན་ཡོན་བཀག་ནས་སྦྱིན་པར་མ་གསུངས་པ་མ་ཡིན་ཏེ། མགོན་པོ་ཀླུ་སྒྲུབ་ཀྱིས་དགེ་འདུན་མང་པོ་ལ་འཚོ་བ་སྦྱར་བ་དང་། སློབ་དཔོན་དཔའ་བོས་སྔོན་གྱི་བསོད་ནམས་ཀྱི་སྟོབས་ལས་ཉིན་རེར་བསོད་སྙོམས་རྒྱ་ཆེན་པོ་རྙེད་པས་དགེ་འདུན་ཐམས་ཅད་ལ་ཕན་འདོགས་པར་མཛད་པ་བཞིན་ནོ། ཁྱིམ་པའི་ཕྱོགས་ཀྱི་བྱང་ཆུབ་སེམས་དཔའ་བློ་གྲོས་ཆེན་པོ་དང་ལྡན་པ་དག་ལ་ནི་ཆོས་ཀྱི་སྦྱིན་པ་བཀག་པ་ཡང་མེད་དེ། ལི་ཙཱ་བཱི་དྲི་མ་མེད་པར་གྲགས་པའི་ཁྱིམ་ན་ངོ་མཚར་བའི་གནས་བརྒྱད་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་དང་། ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོའི་གཏམ་རྒྱ་ཆེ་ལ་དོན་ཟབ་པ་ཡོད་དོ། །དེ་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱང་དམ་པ་དྲུག་ལྡན་དུ་བྱ་བར་ཕར་ཕྱིན་བསྡུས་པ་ལས་གསུངས་པའི་དོན་ནི། ཀུན་སློང་བྱང་ཆུབ་ཀྱི་སེམས་ལ་བརྟེན་པ་ནི་རྟེན་དམ་པ་དང་། སྦྱིན་པ་སྤྱི་དང་བྱེ་བྲག་པའི་ཁྱད་པར་གང་ལ་འཇུག་ཀྱང་དེའི་བསམ་པ་མ་དོར་


JL00_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དངོས་པོ་དམ་པ་དང་། སེམས་ཅན་ཐམས་ཅད་ལ་འཕྲལ་དུ་བདེ་བ་དང་ཡུན་དུ་ཕན་པའི་ཕྱིར་གཏོང་བ་ནི་ཆེད་དུ་བྱ་བ་དམ་པ་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཟིན་པ་ནི་ཐབས་ལ་མཁས་པ་དམ་པ་དང། གཏོང་བའི་དགེ་བ་རྫོགས་བྱང་དུ་བསྔོ་བའི་བསྔོ་བ་དམ་པས་ཟིན་པ་དང་། ཉོན་ཤེས་ཀྱི་སྒྲིབ་པ་གཉིས་འགོག་པའི་རྣམ་པར་དག་པ་དམ་པས་ཟིན་པའོ། །དམ་པ་མ་ཡིན་པའི་བསམ་པ་ལ་ནི་བྱི་དོར་བྱ་སྟེ། སྦྱིན་པ་ལ་འབྲས་བུ་མེད་དོ་སྙམ་པའི་ལྟ་བ་ངན་པ་དང་། གནོད་འཚེའང་ཆོས་སུ་འགྱུར་རོ་སྙམ་ནས་སེམས་ཅན་གྱི་སྲོག་ལ་སོགས་པར་འཚེ་ཞིང་གཡོ་སྒྱུས་ཕྱོགས་བསླད་པའི་སེམས་ཚོང་ལ་སོགས་པས་འགྲོ་བ་གཞན་དག་ཕྱོགས་སུ་རིང་བའི་འགྲོ་ལྡོག་ལ་ཁུར་གྱིས་དུབ་པར་བྱས་པའི་དངོས་པོས་སྦྱིན་པ་བྱེད་པ་ནི་འཚེ་བ་ཆོས་སུ་སྨྲ་བ་ཀླ་ཀློའི་གྲུབ་མཐའ་དང་མཚུངས་ལ། གཞན་ཡང་དགེ་མཆན་དང་བཀྲ་ཤིས་དང་སྦྱར་ཏེ་སྦྱིན་པ་དང་། ཁེངས་པའི་བསམ་པས་སྦྱིན་པ་དང་། གཞན་དང་འགྲན་པའི་ཕྱིར་སྦྱིན་པ་དང་། སློང་བ་ལ་བརྙས་བཞིན་དུ་སྦྱིན་པ་དང་། བདག་ནི་གཏོང་ཕོང་ཅན་ཡིན་གྱི་གཞན་ནི་དེ་ལྟར་མ་ཡིན་ནོ་སྙམ་པའི་རློམ་སེམས་ཀྱིས་བྱིན་པ་དང་། སྦྱིན་པ་རྫོགས་པ་ཙམ་གྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆགས་བྲལ་དུ་འགྱུར་རོ་སྙམ་པ་ལ་སོགས་ཏེ་མདོར་ན་མ་དག་པའི་སྦྱིན་པ་སུམ་ཅུ་རྩ་དྲུག་ཏུ་གསུངས་པ་མཐའ་དག་ཡི་གེའི་ཁུར་གྱི་འཇིགས་ཀྱིས། རང་ལ་གཏོད་ཕོད་ཅུང་ཟད་ཡོད་པ་དང་། ཚུལ་ཁྲིམས་དང་ལྡན་པར་རློམ་པས་གཞན་འཇུངས་པ་དང་། སྤྱོད་པ་ལྷོད་པ་དག་ལ་སུན་འབྱིན་པར་བྱེད་པ་དང་། འདིས་ལྷག་མ་རྣམས་ལའང་མཚོན་ཏེ་གཞན་


JL00_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཁོང་ཁྲོ་བ་བསྐྱེད་པས་དམྱལ་བར་འགྲོ་བའི་ཚུལ་ལས་ཀྱི་སྒྲིབ་པ་རྣམ་པར་དག་པའི་མདོ་ལས་ཀྱང་། སོ་སོ་སྐྱེ་བོ་རྣམས་སྦྱིན་པ་གཏོང་བའི་ཚེ་སེར་སྣ་ཅན་རྣམས་ལ་མི་དད་པར་བྱེད་ཅིང་། དེས་ཀྱང་ཁོང་ཁྲོ་བ་བསྐྱེད་ནས་དམྱལ་བར་འགྲོ་བས་སྦྱིན་པ་ལ་སྒྲིབ་པ་དང་། ཚུལ་ཁྲིམས་བསྲུང་བའི་ཚེ་ཡང་ཚུལ་འཆལ་ལ་མི་སྙན་པར་སྨྲ་བས་སྐྱེ་བོ་མང་པོ་མི་དད་པར་བྱེད་ཅིང་མ་དད་པ་དེས་ངན་འགྲོར་ལྟུང་བ་དང་། བཟོད་པ་སོགས་ལ་གནས་ནས་དེ་དག་གི་མི་མཐུན་ཕྱོགས་ལ་གནས་པ་ལ་མི་བསྔགས་པ་བརྗོད་པའི་ཚུལ་ཁྲིམས་ལ་སོགས་ལ་སྒྲིབ་པའོ། །ཞེས་སོ། །དེ་བས་མགོན་པོ་ཀླུའི་དབང་པོས། །བདག་ལ་ཕུན་སུམ་ཚོགས་ཡོད་ཀྱང་། །གཞན་ལ་བརྙས་པར་མི་བྱ་སྟེ། །ཞུན་མར་ལྟ་བུའི་སེམས་ཀྱིས་སུ། །ཡོན་ཏན་མཐའ་དག་ཁོང་དུ་སྦ། །ཞེས་གསུངས་པའང་ཁོང་དུ་ཆུད་པར་བྱའོ། །གཞན་ཡང་བྱང་ཆུབ་སེམས་དཔའི་སྦྱིན་པ་ནི་ལོངས་སྤྱོད་ཐོབ་པའི་མོད་ལ་སློང་བ་པོ་ཐུག་ཕྲད་ལ་སྟེར་བ་ཡིན་ཏེ་མང་པོ་བསགས་ནས་དུས་གཅིག་ཏུ་གཏོང་བ་ནི་རློམ་སེམས་དང་གཞན་དྲིང་འཇོག་པའི་རྒྱུར་མ་ཟད་དེའི་རིང་ལ་སེར་སྣ་ལ་སོགས་པའི་ཉོན་མོངས་པ་སྣ་ཚོགས་དང་། བསྲུང་བ་དང་། སྤེལ་བའི་ཀུན་ཏུ་རྟོག་པས་དགེ་བའི་བྱ་བ་མང་པོར་བར་དུ་གཅོད་ཅིང་། བར་སྐབས་སུ་བརླག་པར་གྱུར་ནས་སྦྱིན་པའི་ལས་ཀྱི་མཐའ་མི་འགྲུབ་པའང་ཡོད་དོ། །མདོར་ན་མྱུར་པོར་མི་སྟེར་བ་དང་དྲིན་བགྲང་བ་སོགས་ཕ་རོལ་པོའི་སེམས་སུན་ཕྱུང་བ་མ་ཡིན་པའི་སྦྱིན་པའི་ཕན་ཡོན་ནི། བདེན་པ་པོའི་ལེའུར། རིམ་གྲོར་བགྱིས་ཏེ་བསྩལ་བས་ནི་གཉེན་ལ་སོགས་པས་རིམ་གྲོ་བགྱིད་པར་འགྱུར། ལག་བདར་ཏེ་བསྩལ་བས་ནི་རིམ་གྲོ་ཐོབ་པར་འགྱུར། དུས་སུ་བསྩལ་བས་ནི་དོན་རྣམས་དུས་སུ་འགྲུབ་པར་འགྱུར། གཞན་ལ་མི་གནོད་པར་བསྩལ་བས་ནི་ལོངས་སྤྱོད་བརྟན་པ་དག་འཐོབ་པར་འགྱུར། མི་བདེ་བ་བཟོད་པས་བསྩལ་བས་ནི་འཁོར་སྙིང་ཉེ་བར་འགྱུར། ཞེས་སོ། །གཞན་


JL00_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སྐྱེ་བོ་སེར་སྣའི་དྲི་མ་ཅན་དག་གི་ཉེས་པ་དེ་བསལ་བའི་ཕྱིར་རང་གིས་ཐབས་ལ་མཁས་པའི་ངག་འཇམ་པོ་དང་། ཟང་ཟིང་ཀྱང་ཅུང་ཟད་བྱིན་ནས་དེ་སྦྱིན་པ་ལ་བསྐུལ་བ་དང་། ཡོ་བྱད་མེད་པ་རྣམས་ལ་སྦྱིན་པའི་རྒྱུ་སྦྱིན་ནས་དཀོན་མཆོག་ལ་སྦྱིན་པ་བྱེད་དུ་འཇུག་ཅིང་། རང་ལའང་ཡོ་བྱད་མེད་ན་ཁ་ན་མ་ཐོ་བ་མེད་པའི་བཟོད་པ་རང་ཉིད་ཀྱི་ཞོ་ཤས་བསྒྲུབས་པའི་ལས་ཀྱི་གནས་དུ་མས་ནོར་བསྒྲུབས་ཏེ་སྦྱིན་པའི་ལས་ལ་འཇུག་ཅིང་། གཞན་སྦྱིན་པ་གཏོང་བའི་གེགས་སུ་འགྱུར་བ་མི་བྱེད་ལ། སྦྱིན་པར་བྱ་བའི་རྫས་དངོས་སུ་དམིགས་པ་རྣམས་ཕྱིར་ལྡོག་པ་ཡང་མི་བྱེད་དོ། །ཡང་གཏང་དུ་རུང་མི་རུང་གི་སྒོ་ནས་དཔྱད་ཤེས་པར་བྱ་བ་ནི། དངོས་པོ་གང་ཡིན་ཡང་རུང་སྟེ་འཕྲལ་དུ་ངན་འགྲོའི་རྒྱུ་དང་བྲལ་ཞིང་ཚེར་བ་བདེ་བ་བསྐྱེད་ལ། ཕུགས་སུ་སྡིག་སྤོང་དགེ་སྒྲུབ་ཏུ་འགྱུར་བ་དང་། འཕྲལ་དུ་བདེ་བར་མི་འགྱུར་ཡང་ཕུགས་སུ་ཕན་པའི་རྒྱུ་གང་ཡིན་པ་བྱང་སེམས་ཀྱིས་སྦྱིན་པར་བྱ་བའོ། །གང་ཞིག་བཏང་བ་དེས་འཕྲལ་དུ་བདེ་བ་བསྐྱེད་ཀྱང་ཕུགས་སུ་གནོད་པར་འགྱུར་བ་དང་། འཕྲལ་ཕུགས་གཉིས་ཀ་གདུང་བ་བསྐྱེད་པ་ནི་གཏང་བར་མི་བྱའོ། །དཔེར་ན་ཕྱོགས་དང་པོ་ལ་མཚོན་ན་བྱང་ཆུབ་སེམས་དཔས་བདག་གིར་བཟུང་བའི་ཕྱུགས་ལ་སོགས་པའི་སྲོག་ཆགས་གཞན་ལ་བྱིན་ན་གསོད་པ་དང་། མནར་བ་ལ་སོགས་པའི་ཕྱིར་རོ། །གཞན་ཡང་རྒྱལ་པོ་ལྟ་བུར་གྱུར་བ་ན། གཞན་གྱི་བུ་དང་ཆུང་མ་ཕྲོགས་ནས་སྟེར་བ་དང་། ཕ་མ་དང་། དགེ་འདུན་དང་། དཀོན་མཆོག་གི་རྫས་དང་། བྲན་ལ་སོགས་པའི་ཡོ་བྱད་ནས་བླངས་ཏེ་གཞན་ལ་སྟེར་བ་དང་། གཞན་ལ་གནོད་པར་འགྱུར་བའི་ཐབས་ཀྱིས་སྟེར་བ་དང་། སྡོམ་བརྩོན་ལ་


JL00_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

མི་རུང་བའི་རྫས་དང་། ཟས་སྐོམ་གྱི་ལྷག་མ་སྟེར་བ་ལ་སོགས་པའོ། །དེ་བཞིན་དུ་སྙིང་རྗེའི་བསམ་པ་དག་ནས་ལུས་སྲོག་སྟེར་བའི་དུས་སུ་བབ་ཀྱང་། དགོས་པ་ཕྲན་ཚེགས་ཀྱི་ཕྱིར་དུ་ཆེན་པོ་ཡན་ལག་ལྟ་བུ་མི་བཏང་བ་དང་། རང་ངོ་ནས་སྦྱིན་པའི་སྙིང་སྟོབས་རྫོགས་ཀྱང་གཞན་ངོས་ནས་ལུས་མ་བཏང་བ་ཉིད་སེམས་ཅན་མང་པོའི་དོན་འགྲུབ་པའི་དགོས་པ་ཆེ་བ་དང་། བདུད་རིས་ཀྱི་ལྷ་དང་། དེས་འཇུག་པ་བྱས་པའི་སེམས་ཅན་མི་བསྲུན་པས་མཐོ་བ་ཙམ་ནས་བསླང་བ་དང་། སྨྱོན་པ་དང་སེམས་འཁྲུགས་པ་རྣམས་ཀྱིས་བསླང་ནའང་ཚེར་བ་རྣལ་དུ་མི་གནས་པས་གཟིར་བའི་ཕྱིར་དེ་རྣམས་ལ་གཏོང་བ་མ་ཡིན་ཏེ། གལ་ཏེ་བཏང་ན་ལྟུང་བར་གསུངས་པ་ཡིན་ནོ། །དེ་བཞིན་དུ་མཇའ་བ་མ་ཡིན་པ་དང་། གནོད་སྦྱིན་དང་སྲིན་པོ་སོགས་མ་དོར་ན་དྲག་ཤུལ་གྱི་མཐུས་གནོན་པ་དང་། བྱས་པ་མི་གཟོ་བ་དང་། དམ་བཅའ་བརྗེད་པར་འགྱུར་བ་རྣམས་ལ་བུ་དང་། ཆུང་མ་དང་། བྲན་ལ་སོགས་པ་སྟེར་བ་དང་། ནད་བུ་ཅན་ལ་བཟའ་བཏུང་མི་འཕྲོད་པ་དང་། མུ་སྟེགས་ཅན་ཀླན་ཀ་འཚོལ་བ་དང་ཆོས་ལུགས་ལ་གུས་པ་མ་ཡིན་ཀྱང་ནོར་དུ་འདུ་ཤེས་ནས་གླེགས་བམ་སློང་བ་ལ་སྟེར་བ་དང་། ཆོས་ལྟར་བཅོས་པའི་གླེགས་བམ་གྱི་གཟུགས་བརྙན་དང་ཚིག་དོན་གཞན་ལ་སྟེར་བ་དང་། རྔོན་པ་ལ་ཡུལ་སྟེར་བ་དང་། ཉ་པ་ལ་ཆུ་ཀླུང་སྟེར་བ་དང་། དགྲ་ལ་འགལ་ཟླ་སྟེར་བ་དང་། བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བས་ལྷག་པ་མ་ཡིན་པའི་ཆོས་གོས་གསུམ་སྟེར་བ་སོགས་ནི་མི་རུང་བའོ། །དེ་དག་ཀྱང་ཚིག་བརླང་པོས་འདི་ནི་ཁྱོད་ལ་མི་སྦྱིན་ནོ་ཞེ་མ་ཡིན་པར་ཐབས་ལ་མཁས་པས་བརྡའ་སྤྲད་པའི་ཚུལ་གང་ཟག་གོ་བ་ཅན་ཡིན་ན་འདི་སྐད་དུ། བཞིན་བཟང་འདི་ནི་བདག་ཉིད་སྲེད་པ་ཆེ་


JL00_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

ནས་མི་སྟེར་བར་མ་རྟོགས་ཤིག །འདི་ལྟར་དགེ་སྦྱོང་གིས་ཆོས་གོས་ལ་སོགས་པ་ནི་མཁན་སློབ་ལ་རྣམ་བརྟག་བྱས་ནས་བསྔོས་ཏེ་འཆང་བ་ཡིན་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོ་བྱད་ནི་སངས་རྒྱས་དང་རྒྱལ་སྲས་རྣམས་ལ་བསྔོས་ཤིང་ཕུལ་ཚར་བ་གང་ཞིག་བདག་ཉིད་ལ་བཅོལ་བ་དང་འདྲ་བར་འཆང་བ་ཡིན་པས་གཞན་གྱི་རྫས་མ་བྱིན་པར་བླང་ཞིང་སྟེར་བ་ནི་བདག་ཅག་གཉིས་ཀ་ལ་ཁ་ན་མ་ཐོ་བ་ཆེན་པོ་ཡིན་ནོ། །ཞེས་གོ་བར་བྱས་ནས་རྫས་དང་དངོས་པོ་གཞན་གྱི་ཆ་ནས་དེའི་བསམ་པ་མི་ལྡོག་པར་སྦྱིན་ནོ། །སྤྱིར་བདག་ཅག་གི་ཡོ་བྱད་ཀྱང་བསམ་པ་ཐག་པ་ནས་བསྔོས་ཏེ་བཅོལ་བའི་ཚུལ་དུ་འཆང་ན་བསོད་ནམས་ཆེན་པོ་བསྐྱེད་དོ། །ཡང་སྦྱིན་པར་འོས་པ་རྣམས་ནི་རྒྱལ་དང་རྒྱལ་སྲས་རྣམས་ལ་བདག་གིས་བསྔོས་ཤིང་བཏང་བ་བཞིན་དེ་དག་གིས་སེམས་ཅན་རྣམས་ལ་མ་བཏང་བའི་དངོས་པོ་ནི་གང་ཡང་མ་མཆིས་སོ་སྙམ་པས་སྟེར་བར་རུང་སྟེ་གནང་བཀག་བསམ་པའི་ཁྱད་པར་གྱིས་ཕྱེ་བའོ། །དེ་ལྟར་དགོས་དབང་ཤེས་པ་མ་ཡིན་པར་བདག་ཉིད་ཀྱི་སེམས་སེར་སྣས་ཟིལ་གྱིས་ནོན་པ་ཡིན་ན་ཆོས་ཀྱི་གཏམ་ལ་བརྟེན་ནས་གཞན་བརྫུན་གྱིས་བསླུས་པར་འགྱུར་བས་དེ་ལ་འདི་སྐད་དུ་དྲག་ཤུལ་ཅན་གྱི་ཞུས་པ་ལས། བདག་ནི་ད་དུང་མཐུ་ཆུང་ཞིང་དགེ་རྩམ་སྨིན་ཏེ་ཐེག་ཆེན་ལས་དང་པོ་པ་དང་མི་གཏོང་བའི་སེམས་ཀྱི་དབང་དུ་གྱུར་བ་དང་ཉེ་བར་ལེན་པའི་ལྟ་བ་དང་བདག་དང་བདག་གིར་འཛིན་པ་ལ་གནས་པ་ལགས་ཀྱིས་སྐྱེས་བུ་དམ་པ་བཟོད་པར་མཛད་ཅིང་གདུང་བར་མི་མཛད་དུ་གསོལ། ཇི་ལྟར་ཁྱོད་དང་སེམས་ཅན་ཐམས་ཅད་ཀྱི་བསམ་པ་རྫོགས་པར་འགྱུར་བ་དེ་ལྟར་བདག་གིས་བགྱིའོ། །


JL00_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སློང་བ་པོ་ལ་ལན་གསུམ་བརྗོད་པས་ཕ་རོལ་མ་དད་པ་དང་། སེར་སྣས་ཆོས་ནོར་མི་སྟེར་བའི་ཕམ་པ་ལ་ཕན་དུ་རུང་བའོ། །དེ་སྐད་དུ་ཕར་ཕྱིན་བསྡུས་པ་ལས། ཇི་སྟེ་སློང་བ་མངོན་དུ་འོངས་གྱུར་ཀྱང་། །ཤིན་ཏུ་མཐུ་ཆུང་སྦྱིན་པར་མ་ནུས་ན། །ཅི་ནས་སློང་བ་དམའ་འབབ་མ་གྱུར་པར། །འཇམ་པའི་ཚིག་གིས་དེ་ཡི་ཡིད་ཀྱང་བཞོ། །ཕྱིན་ཆད་སློང་བ་དྲུང་དུ་འོངས་གྱུར་ན། །ཅི་ནས་ཡི་ཆད་དམའ་བར་མི་འགྱུར་བར། །འཇུངས་པའི་སྐྱོན་རྣམས་རྣམ་པར་བསལ་བར་བྱ། །སྲེད་པ་ཡོངས་སུ་སྤང་ཕྱིར་ནན་ཏན་བྱ། །ཞེས་སོ། །དེ་ལ་འཇུངས་པ་དང་སྲེད་པ་ནི་སྦྱིན་པའི་གེགས་ཡིན་ན། འདི་སྙམ་དུ་བདག་སྔོན་སྦྱིན་པ་ལ་གོམས་པར་མ་བྱས་པས་ད་རེས་ཀྱང་སེར་སྣ་དང་བཅས་ཤིང་། དེའི་རྒྱུ་ལུས་ཕྱི་མ་ཡང་སྦྱིན་པ་ལ་མི་དགའ་ཞིང་དབུལ་པོར་འགྱུར་བ་གདོན་མི་ཟའོ་སྙམ་ནས་དེའི་དབང་དུ་ཅི་ནས་ཀྱང་མི་གཏོང་བ་དང་། རང་འབྱོར་བ་ཆུང་ན་འདི་ཡང་ཚེ་རབས་གཞན་དུ་ཕ་རོལ་ལ་ཕན་མ་བཏགས་པས་ལན་ན། ད་རེས་ཕོངས་པས་ཤི་ཡང་སླ་ཡི། ཚེ་ཕྱི་མ་འབྱོར་བར་གྱུར་བའི་རྒྱུ་ནི་སྦྱིན་པ་ཁོ་ནའོ་སྙམ་ནས་སློང་བ་པོ་མི་ལྡོག་པ་དང་། སྦྱིན་བྱའི་དངོས་པོ་ཡིད་ལ་བཅགས་པས་ཆགས་ན་འདིས་བདག་རྣམ་པ་ཐམས་ཅད་དུ་བཟུང་བ་མེད་ན་བདག་གིས་འདི་ལ་འདུ་ཤེས་ཕྱིན་ཅི་ལོག་གིས་འབྲལ་མི་ཕོད་པར་བལྟ་བ་སྡུག་བསྔལ་བསྐྱེད་པའི་རྒྱུ་ཡིན་ན་སྙམ་ནས་ཆགས་སེམས་འདྲལ་བ་དང་། སྦྱིན་པའི་འབྲས་བུ་ལ་བྱང་ཆུབ་འབྱུང་བའི་ཕན་ཡོན་མ་མཐོང་བར་ལོངས་སྤྱོད་འབྱུང་བའི་ཕན་ཡོན་ལ་བལྟ་བའི་སེམས་སྐྱེས་ན། ཀྱེ་མ་ཧོ་འདུ་བྱེད་ཐམས་ཅད་ནི་འཇིག་ཅིང་འདྲལ་ན་སྦྱིན་འབྲས་ལན་གཅིག་ཐོབ་པ་ནི་ཚོང་པས་ཁེ་སྤོགས་ཐོབ་ཀྱང་


JL00_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་མ་ཡིན་པས་རྨི་ལམ་དུ་བདེ་བ་མྱོང་བ་བཞིན་ནོ་སྙམ་པས་དེའི་འབྲས་བུ་བྱང་ཆུབ་དམ་པའི་རྒྱུར་བསྔོ་བར་བྱའོ། །སྤྱིར་ས་དང་པོ་མ་ཐོབ་ཀྱི་བར་དུ་ལོངས་སྤྱོད་ཟད་མི་ཤེས་པ་གནས་སྐབས་ཐམས་ཅད་དུ་ཡོད་པ་མ་ཡིན་པས། བྱང་ཆུབ་སེམས་དཔའ་ཤེས་རབ་ཅན་གྱིས་བསམ་པ་ཤིན་ཏུ་དག་པས་སྦྱིན་པའི་དངོས་པོ་རྒྱ་ཆེན་པོ་ཡིད་ཀྱིས་ཀྱང་སྤྲུལ་ནས་སེམས་ཅན་ཐམས་ཅད་ལ་བྱིན་པའི་མོས་པ་བསྐྱེད་པར་བྱད་ས་ལས། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ནི་ཇི་སྲིད་བསམ་པ་རྣམ་པར་དག་པ་མ་ཐོབ་ཀྱི་བར་དུ་ལོངས་སྤྱོད་དེ་དག་མེད་དེ། མི་བདོག་བཞིན་ཤེས་རབ་ཅན་གྱི་སྦྱིན་པ་བྱེད་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་དག་པ་ནི་ཇི་ལྟ་བུས་ངན་སོང་ལས་ཡང་དག་པར་འདས་པ་ཐོབ་པར་འགྱུར་བ་དེ་ལྟ་བུར་ཚེ་རབས་ཐམས་ཅད་དུ་ལོངས་སྤྱོད་ཟད་མི་ཤེས་པ་ཐོབ་པར་འགྱུར་རོ། །ཞེས་སོ། །དེ་བས་ན་ས་མཐོན་པོའི་སྦྱིན་པ་ལ་སློབ་ཚུལ་རྣམས་ནི་རེ་ཞིག་སྨོན་པའི་ཡུལ་དུ་བྱས་ནས་ལུས་དང་ལོངས་སྤྱོད་ཐམས་ཅད་ལ་གཏོང་སེམས་རྒྱ་ཆེན་པོའི་སྨོན་ལམ་བྱང་ཆུབ་ཀྱི་སེམས་དང་འབྲེལ་བར་གདབ་པ་ནི་གཏོང་བ་ཐམས་ཅད་ཀྱི་རྩ་བ་དང་མཆོག་ཏུ་གྱུར་བ་ཡིན་པའི་ཚུལ་ཕར་ཕྱིན་བསྡུས་པ་ལས། སྦྱིན་པ་དེ་འདྲའི་རྩ་བ་བྱང་ཆུབ་སེམས། །དེ་འདྲའི་སྦྱིན་པ་གཏོང་འདོད་དེ་མི་བཏང་། །འཇིག་རྟེན་ནར་ན་གཏོང་འདོད་སེམས་ལྡན་པ། །གཏོང་བའི་ནང་ན་མཆོག་ཅེས་རྒྱལ་བས་གསུངས། །ཞེས་བཤད་པ་ལྟར་རོ། །གཉིས་པ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། །ཚུལ་ཁྲིམས་ངོ་བོ་མི་མཐུན་སྡོམ་པ་སྟེ། །དབྱེ་ན་ཉེས་སྤྱོད་སྡོམ་དང་དགེ་ཆོས་སྡུད། །སེམས་


JL00_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་དོན་བྱེད་རྣམ་པ་གསུམ་དུ་བཤད། །སྒོ་གསུམ་མི་དགེ་སྡོམ་པ་ཉེས་སྤྱོད་སྡོམ། །ཕ་རོལ་ཕྱིན་པ་དྲུག་ལྡན་དགེ་ཆོས་སྡུད། །གཞན་ལ་ཕན་གདགས་སེམས་ཅན་དོན་བྱེད་ཡིན། །དེ་ལ་སྒོ་གསུམ་གྱི་སྤང་བྱ་མི་མཐུན་པའི་ཕྱོགས་ལ་ཡང་དག་པར་བསྡམས་ནས་གཞན་གནོད་གཞི་བཅས་ལ་སྤོང་སེམས་གོམས་ཤིང་བརྟན་པ་ནི་ཚུལ་ཁྲིམས་ཀྱི་ངོ་བོ་ཡིན་ནོ། །དབྱེ་ན་གསུམ་ཏེ། ཉེས་སྤྱོད་སྡོམ་པ་དང་། དགེ་བའི་ཆོས་སྡུད་པ་དང་། སེམས་ཅན་དོན་བྱེད་དོ། །དེ་ལ་དང་པོ་ནི་ཀུན་སློང་དང་བཅས་པའི་དབང་དུ་བྱས་ནས་མི་དགེ་བའི་ལས་ལམ་བཅུ་སྤོང་བ་དང་། རང་གི་ངོ་བོའི་དབང་དུ་བྱས་ནས་ལུས་ངག་གི་ལས་རྣམ་པ་བདུན་སྤང་བ་སྟེ། འཇུག་པའི་འགྲེལ་བར། དེ་བ་ཉོན་མོངས་པ་དང་དུ་མི་ལེན་པའི་ཕྱིར་དང་། སྡིག་པ་མི་འབྱུང་བའི་ཕྱིར་སེམས་ལ་ཡིད་གཅགས་པའི་མི་ཞི་བྲས་བསིལ་བ་ཉིད་ཀྱི་ཕྱིར་རམ། བདེ་བའི་རྒྱུ་ཡིན་པ་ཉིད་ཀྱིས་དམ་པ་དག་གིས་བསྟེན་པར་བྱ་བ་ཉིད་ཡིན་པའི་ཕྱིར་ན་ཚུལ་ཁྲིམས་ཏེ། དེ་ཡང་སྤོང་བ་བདུན་གྱི་མཚན་ཉིད་ཅན་ནོ། །ཆོས་གོས་གསུམ་པོ་ལ་མ་ཆགས་པ་དང་ཞེ་སྡང་མེད་པ་དང་ཡང་དག་པའི་ལྟ་བ་ནི་དེ་དག་ཀུན་ནས་སློང་བར་བྱེད་པ་ཡིན་ཏེ། དེའི་ཕྱིར་ཀུན་ནས་སློང་བ་བྱེད་པ་དང་བཅས་པའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ནས་ལས་ཀྱི་ལམ་བཅུ་ནི་རྣམ་པར་བཤད་དོ། །ཞེས་སོ། །དེ་ཡང་། བྱང་ཆུབ་སེམས་དཔའི་ས་ལས་སོ་སོ་ཐར་པ་རིས་བདུན་ལ་གསུངས་པས་སོ་ཐར་གྱི་སྡོམ་ལྡན་བྱང་ཆུབ་སེམས་དཔའི་སྡོམ་པ་ལ་གནས་པ་ཡིན་ན་ནི་ཁྱིམ་པའམ་རབ་བྱུང་གི་ཕྱོགས་ཀྱི་སོ་ཐར་གྱི་སྡོམ་པ་དངོས་དང་དེ་དང་ཐུན་མོང་བའི་སྤོང་སྡོམ་ནི་སྡོམ་པའི་ཚུལ་ཁྲིམས་སོ། །སོ་ཐར་གྱི་སྡོམ་རྟེན་དུ་མི་རུང་ཚར་བྱུང་སྡོམ་གྱི་


JL00_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ཅན་ཡིན་ན་སོ་ཐར་དང་ཐུན་མོང་བའི་བཅས་རང་གི་ཁ་ན་མ་ཐོ་བ་ཅི་རིགས་པར་སྤོང་བའི་སྤོང་སྡོམ་ནི་སྡོམ་པའི་ཚུལ་ཁྲིམས་སོ། །གཉིས་པ་དགེ་བའི་ཆོས་སྡུད་ནི། ཕྱིན་དྲུག་ལ་སོགས་པའི་དགེ་བའི་བསླབ་བྱ་ཁྱད་ཆོས་བཞི་དང་ལྡན་པར་སྤྱོད་པ་སྟེ། མདོ་སྡེའི་རྒྱན་ལས། སྦྱིན་པ་མི་མཐུན་ཕྱོགས་ཉམས་དང་། །རྣམ་པར་མི་རྟོག་ཡེ་ཤེས་ལྡན། །འདོད་པ་ཐམས་ཅད་ཡོངས་རྫོགས་བྱེད། །སེམས་ཅན་རྣམ་སྨིན་བྱེད་རྣམ་གསུམ། །ཞེས་པ་དང་མཐུན་པར་ཚུལ་ཁྲིམས་སོགས་ལྷག་མ་ལྔ་པོ་ལ་ཡང་དེ་བཞིན་དུ་གསུངས་པའི་ཁྱད་ཆོས་བཞི་ནི། རང་རང་གི་མི་མཐུན་ཕྱོགས་དང་བྲལ་བ། གྲོགས་འཁོར་གསུམ་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱིས་ཟིན་པ། བྱེད་ལས་གཞན་གྱི་འདོད་དོན་རྫོགས་པར་བྱེད་པ། དེའི་འབྲས་བུས་གདུལ་བྱ་བྱང་ཆུབ་གསུམ་དུ་སྨིན་པར་བྱེད་པའོ། །མི་མཐུན་ཕྱོགས་ནི་སྔ་མ་ལས། །སེར་སྣ་ཚུལ་འཆལ་ཁོང་ཁྲོ་དང་། །ལེ་ལོ་རྣམ་གཡེང་ཤེར་འཆལ་དྲུག །ཅེས་པ་ལྟར་རོ། །དེ་བཞིན་དུ་བྱེད་ལས་ཀྱང་། སྦྱིན་པས་གཞན་ལ་ཕན་གདགས་པ་དང་། ཚུལ་ཁྲིམས་ཀྱིས་ཡིད་དང་བར་བྱེད་པ་སོགས་གཞན་གྱི་དོན་རྣམ་པ་ཐམས་ཅད་པ་བྱེད་པའི་ཚུལ་སྔ་མ་ལས། ཟང་ཟིང་སོགས་སྦྱིན་ཡིད་དང་བ། །གཞན་གནོད་བཟོད་ཅིང་ཕན་གྲོགས་བརྩོན། །རྫུ་འཕྲུལ་བླང་དོར་རྣམ་འབྱེད་པ། །གཞན་གྱི་འདོད་པ་ཡོངས་རྫོགས་བྱེད། །ཅེས་སོ། །སྤྱིར་ཕ་རོལ་ཏུ་ཕྱིན་པའི་སྒྲ་དོན་ཡང་། འཇིག་རྟེན་པ་དང་ཉན་རང་གི་དགེ་བ་ཀུན་གྱི་ཕ་རོལ་ཏུ་འགྲོ་བས་ན་པཱ་རའི་སྒྲ་ལས་ཕ་རོལ་དང་། མི་ཏ་ཕྱིན་པ་སྟེ་ཕ་རོལ་ཏུ་ཕྱིན་པ་ཞེས་སོ། །དེ་ལྟ་ནའང་ཤེར་ཕྱིན་ལ་ནི་སྒྲ་འཇུག་ཏུ་ཡོད་ཀྱང་བཤད་དུ་མེད་དེ་ཕ་རོལ་ནི་སངས་རྒྱས་ཀྱིས་ཡིན་ལ། ཕྱིན་པ་ནི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་བློ་གྲོས་སྲིད་ཞིའི་ཕ་རོལ་ཏུ་སོན་པ་


JL00_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པས་ཕྱོགས་ཀྱི་གླང་པོས། །ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །བསྒྲུབ་བྱ་དེ་དོན་སྦྱོར་བ་ཡིས། །གཞུང་དང་ལམ་ལ་དེའི་སྒྲས་བརྟགས། །ཞེས་པ་ལྟར་རོ། །དེ་ལྟ་བུའི་ཕྱིན་དྲུག་རེ་རེའང་སྦྱིན་པ་ལ་སོགས་དྲུག་ཚན་དྲུག་ཏུ་དབྱེ་བའི་ཚུལ། མངོན་རྟོགས་རྒྱན་ལས། དེ་དག་སོ་སོར་སྦྱིན་ལ་སོགས། །རྣམ་པ་དྲུག་ཏུ་བསྡུས་པ་ཡིས། །གོ་ཆའི་བསྒྲུབ་པ་གང་ཡིན་དེ། །དྲུག་ཚན་དྲུག་གིས་ཇི་བཞིན་བཤད། །ཅེས་པས། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་འགོད་པ་སྦྱིན་པའི་སྦྱིན་པ་སོགས་རང་རང་གི་སྦྱིན་པ། རང་རང་གི་མི་མཐུན་ཕྱོགས་བསྲུང་བའི་ཚུལ་ཁྲིམས་དེ་དང་དེའི་དཀའ་སྤྱད་བཟོད་པའི་བཟོད་པ། དེ་ལ་སྤྲོ་བཞིན་དུ་སྤྱོད་པའི་བརྩོན་འགྲུས་གང་ཞིག་ལས་གཞན་དུ་མི་གཡེང་བའི་བསམ་གཏན། འཁོར་གསུམ་རྣམ་པར་མི་རྟོག་པའི་ལྟ་བས་ཟིན་པའི་ཤེས་རབ་སྟེ་སུམ་ཅུ་རྩ་དྲུག་ཏུ་འགྱུར་རོ། །ཡང་དགེ་བའི་ཆོས་དེ་དག་བསླབ་པ་གསུམ་དུ་བསྡུ་བ་ལ་ལྟས་ནས་ཕྱིན་དྲུག་ཏུ་གྲངས་ངེས་པའང་སྔ་མ་ལས། བསླབ་གསུམ་དབང་དུ་མཛད་ནས་ནི། །རྒྱལ་བས་ཕ་རོལ་ཕྱིན་པ་དྲུག །ཡང་དག་བཤད་དེ་དང་པོ་གསུམ། །ཐ་མ་གཉིས་ཀྱིས་རྣམ་པ་གཉིས། །གཅིག་ནི་གསུམ་ཆར་ལ་ཡང་གཏོགས། །ཞེས་སྦྱིན་པའི་དངོས་པོ་ལ་ཆགས་པ་དང་བྲལ་བས་ཚུལ་ཁྲིམས་ཡོངས་སུ་དག་པར་འགྱུར་ལ། དེ་ལས་དགེ་སྦྱོང་གི་ཆོས་བཞི་དང་ལྡན་པར་འགྱུར་བས་བཟོད་པ་སྟེ་དང་པོ་གསུམ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པར་བ་སྡུལ། བསམ་གཏན་ནི་ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་དང་། ཤེས་རབ་ནི་ལྷག་པ་ཤེས་རབ་ཀྱི་བསླབ་པར་བསྡུ་བས་ཐ་མ་གཉིས་ཀྱིས་རྣམ་པ་གཉིས་དང་། བརྩོན་འགྲུས་ནི་གསུམ་ཆར་ལ་གཏོགས་པས་དེ་ཐམས་ཅད་ཀྱི་གྲོགས་སུ་གྱུར་བའོ། །དེ་དག་ཀྱང་སྔ་ཕྱི་རྒྱུ་འབྲས་ལྟ་བུར་འབྲེལ་ཞིང་དམན་མཆོག་དང་རགས་ཕྲའི་ཁྱད་པར་དུ་གནས་པའི་ཚུལ་


JL00_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་ལས། སྔ་མ་ལ་བརྟེན་ཕྱི་མ་སྐྱེ། །དམན་དང་མཆོག་ཏུ་གནས་ཕྱིར་དང་། །རགས་པ་དང་ནི་ཕྲ་བའི་ཕྱིར། །དེ་དག་རིམ་པས་བསྟན་པ་ཡིན། །ཅེས་དང་། མཐར་ཐུག་གི་འབྲས་བུའི་དོན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བའི་ཚུལ། སྤྱོད་འཇུག་ལས། ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པས་ཤེས་རབ་དོན་དུ་གསུངས། །ཞེས་པ་ལྟར་རོ། །ཇི་ལྟར་བསྒྲུབ་པའི་ཚུལ་ནི། ལན་དང་རྣམ་སྨིན་ལ་རེ་བ་མེད་པའི་སྦྱིན་པ། བདེ་འགྲོ་ལ་དམིགས་པ་མ་ཡིན་པའི་ཚུལ་ཁྲིམས། སེམས་ཅན་ཐམས་ཅད་ལ་ཞེ་འབྲས་པ་མེད་པའི་བཟོད་པ། དགེ་བའི་ཆོས་མཐའ་དག་སྡུད་པའི་བརྩོན་འགྲུས། བསམ་གཏན་དང་གཟུགས་མེད་ཀྱི་སྙོམས་འཇུག་བསལ་བའི་ཏིང་འཛིན། ཐབས་སྙིང་རྗེ་ཆེན་པོས་ཟིན་པའི་ཤེས་རབ་སྟེ། སྔ་མ་ལས། རེ་བ་མེད་པའི་སྦྱིན་པ་དང་། །ཡང་སྲིད་མི་འདོད་ཚུལ་ཁྲིམས་དང་། །ཐམས་ཅད་ལ་ནི་བཟོད་པ་དང་། །ཡོན་ཏན་ཀུན་སྡུད་བརྩོན་འགྲུས་དང་། །དེ་བཞིན་བསམ་གཏན་གཟུགས་མེད་མིན། །ཤེས་རབ་ཐབས་དང་ལྡན་པ་ཡིས། །ཕ་རོལ་ཕྱིན་པ་དྲུག་པོ་ལ། །བརྟེན་པ་རྣམས་ཀྱིས་ཡང་དག་སྦྱོར། །ཞེས་དང་། དེ་དག་གི་འབྲས་བུའང་གནས་སྐབས་ལ་ལྟོས་ན་རིན་ཆེན་ཕྲེང་བ་ལས། །སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །བཟོད་པས་མདངས་ལྡན་བརྩོན་པས་བརྗིད། །བསམ་གཏན་གྱིས་ཞི་བླ་ཡིས་གྲོལ། །ཞེས་དང། མཐར་ཐུག་ལ་ལྟོས་ན་སྔ་མ་ལས། །གཟུགས་ཀྱི་སྐུ་ནི་མདོར་བསྡུ་ན། །བསོད་ནམས་ཚོགས་ལྐས་འཁྲུངས་པ་སྟེ། །ཆོས་ཀྱི་སྐུ་ནི་མདོར་བསྡུ་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །ཞེས་སོ། །དེ་ལྟར་དག་པའི་ཆོས་སྡུད་པའི་ཚུལ་ཁྲིམས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀའི་ངོ་བོར་གནས་པས་


JL00_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བརྗོད་བྱ་ཡང་ཀུན་ཏུ་འདྲེས་པར་འབྱུང་ལ། ཀུན་ཀྱང་རང་རྒྱུད་ལམ་སྐྱེས་པ་བསྐྱེད་ཅིང་། །སྐྱེས་ཟིན་ཉམས་པ་མེད་པར་གོང་ནས་གོང་དུ་འཕེལ་བར་བྱེད་པའོ། །གསུམ་པ་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ནི། །དངོས་སམ་བརྒྱུད་ནས་གཞན་གྱི་དོན་ལ་རྣམ་པ་ཐམས་ཅད་དུ་འཇུག་པའི་སེམས་མཚུངས་ལྡན་དང་བཅས་པ་ནི་དེའི་ངོ་བོ་ཡིན་ནོ། །དེ་ཡང་འདི་ལྟར་བསྡུ་བའི་དངོས་པོ་བཞི་ལ་ཡོངས་སུ་མ་བརྟེན་ན་བསླབ་པར་བྱ་བའི་དོན་གང་ཡིན་པ་བསྒྲུབ་པར་མི་ནུས་པས་ན་པདྨ་སྤུངས་པ་ལས་ཀྱང་། སྦྱིན་པའི་གཡབ་མོས་ལེགས་བོས་ཏེ། །ཞེས་སོགས་སྔར་དྲངས་པ་ལྟར་རོ། །དེ་ལ་ཐོག་མར་ཟང་ཟིང་གི་སྦྱིན་པས་སེམས་ཅན་རྣམས་ལེགས་པར་བསྡུས་ནས་སྙན་པར་སྨ་བའི་གཏམ་གྱིས་དེ་དག་གི་ཡིད་དྲང་ཞིང་དམ་པའི་ཆོས་བསྒྲུབ་པ་ལ་དོན་གཉེར་གྱི་མོས་པ་དང་། འདུན་པ་དང་། སྤྲོ་བ་བསྐྱེད་དུ་བཅུག་ནས་གདུལ་བྱ་རང་རང་གི་བློ་དང་འཚམ་པའི་ཆོས་ཀྱི་དོན་ལ་སྤྱོད་དུ་འཇུག་པ་སྟེ། འདི་ལྟར་ཐེག་པ་དམན་པ་ལ་མོས་པ་དག་ནི་རེ་ཞིག་དེ་དང་མཐུན་པའི་ཆོས་ཀྱིས་རྗེས་སུ་བཟུང་ནས་རིམ་གྱིས་ཁ་དྲང་བར་བྱ་ཞིང་། མཆོག་ཏུ་ཟབ་པ་དང་རྒྱ་ཆེ་བ་ལ་མོས་པ་དག་ནི་སྤྱོད་པ་དུས་ཚོད་དང་འབྲེལ་བའི་ཐབས་ཀྱིས་གདུལ་བ་ལ་མཁས་པར་བྱ་སྟེ། སློབ་དཔོན་ཞི་བ་ལྷས། དམན་ལ་མཆོག་གི་ཆོས་མི་བསྟན། །རྒྱ་ཆེན་ཆོས་ཀྱི་སྣོད་གྱུར་བ། །དམན་པའི་ཆོས་ལ་སྦྱར་མི་བྱ། །ཞེས་སོ། །དེ་ལྟར་གཞན་དག་ཐབས་གང་གིས་ལམ་ལ་འཛུད་པའི་དོན་མཐུན་པ་ལ་བདག་ཉིད་ཀྱང་གནས་དགོས་ཏེ། རང་གིས་མ་བསྒྲུབས་ན་གཞན་འཇུག་ལྡོག་གི་ལམ་སྲོལ་ལ་བཅུག་ཀྱང་ཉན་དུ་མི་འོང་བ་མཐོང་ཆོས་ལ་གནས་པའི་ཕྱིར་རོ། །དེ་ལ་སྦྱིན་པས་ནི་གནས་སྐབས་ཀྱི་ཕན་པའང་བསྒྲུབ་ལ། སྙན་པར་སྨྲ་


JL00_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

བས་ནི་མཚུངས་ལྡན་གྱི་རྒྱུ་བསྒྲུབ་པ་དང་། དོན་སྤྱོད་པས་ནི་མཐར་ཐུག་ཏུ་ཕན་པའི་ཆོས་འཛིན་ལ། དོན་མཐུན་པས་ནི་བདག་ཉིད་ཀྱི་རྗེས་སུ་གཞན་དག་འཇུག་པའི་རྒྱུད་གྱུར་བའི་ཕྱིར་ཏེ་དེ་སྐད་དུ་མདོ་སྡེའི་རྒྱན་ལས། སྦྱིན་མཚུངས་དེ་དོན་ལེན་འཇུག་དང་། །བདག་ཉིད་རྗེས་སུ་འཇུག་རྣམས་ཀྱིས། །སྙན་པར་སྨྲ་དང་དོན་སྤྱོད་དང་། །དོན་མཐུན་ཉིད་དུ་འདོད་པ་ཡིན། །ཅེས་སོ། །དེ་ལྟར་བསྡུ་བའི་དངོས་པོ་བཞིས་བསྡུས་ཤིང་སེམས་བསྐྱེད་ཀྱིས་ཟིན་པའི་སྒོ་ནས་སེམས་ཅན་ལ་དངོས་སམ་བརྒྱུད་ནས་ཕན་བདེ་བསྒྲུབ་པ་ཐམས་ཅད་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ཡིན་ཡང་བྱང་ས་ལས་གཞན་དོན་བྱེད་ཚུལ་རྣམ་པ་བཅུ་གཉིས་སུ་བསྡུས་པའི་ཚུལ་འོག་ཏུ་དཔེ་ལ་བརྟེན་ནས་འཆད་པར་འགྱུར་ལ། དེ་ལྟར་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་གསུམ་པོའི་ངོ་བོ་ནི་དཀོན་མཆོག་བརྩེགས་པ་ལས། དེ་ལ་སྡོམ་པའི་ཚུལ་ཁྲིམས་ཀྱིས་ནི་མི་དགེ་བ་ལས་སེམས་བསྲུང་བ་ཡིན་ནོ། །དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ཀྱིས་ནི་དགེ་བའི་རྩ་བ་མངོན་པར་འགྲུབ་པ་ཡིན་ནོ། །སེམས་ཅན་དོན་བྱེད་པའི་ཚུལ་ཁྲིམས་ཀྱིས་ནི་གཞན་ལ་ཕན་པ་ལྷུང་བྱེད་པ་ཡིན་ནོ། །ཞེས་སོ། །དེ་ལྟར་སོ་སོ་ཐར་པ་དང་། བྱང་ཆུབ་སེམས་དཔའི་སྡོམ་པ་གཉིས་ཀྱང་། །ནང་གསེས་སོ་སོ་ཐར་ལས་བྱང་ཆུབ་སེམས། ཁྱད་པར་བཞི་ཡི་སྒོ་ནས་འཕགས་པ་སྟེ། །སོ་ཐར་གཞན་གནོད་གཞི་བཅས་ལྡོག་པ་ཙམ། །བྱང་སེམས་དེ་ཡི་སྟེང་དུ་ཕན་འདོགས་བསྣོན། །སོ་ཐར་སྤང་བ་བདུན་བསྡུས་ལུས་དག་གཅོ། །བྱང་སེམས་སྤང་བ་བཅུ་ཀ་གཙོ་བོར་བྱེད། །དེ་ལ་སོ་ཐར་གྱི་བཅས་པ་རྣམས་ནི་བྱང་སེམས་ཀྱི་སྡོམ་ལྡན་རབ་ཏུ་བྱུང་བ་དག་གི་བསླབ་བྱའི་ཕྱོགས་གཅིག་ཏུ་འདུ་ཡང་། བྱང་སེམས་མ་ཡིན་པའི་རབ་བྱུང་རྣམས་ལ་


JL00_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

བསླབ་བྱ་བསྣོན་པའི་ཚུལ་གྱིས་འཕགས་ཆོས་སུ་བསྒྲུབ་པ་སྟེ། འདི་ལྟར་སོ་སོ་ཐར་པ་ནི་རང་རྒྱུད་ཀྱི་ཉས་སྤྱོད་སྡོམ་པས་གཞན་གནོད་གཞི་བཅས་ལས་ལྡོག་པ་ཙམ་གྱི་སྡོམ་པའི་ཚུལ་ཁྲིམས་ལ་བརྟེན་ནོ། །བྱང་ཆུབ་སེམས་དཔའ་ནི་གཞན་ལ་མི་འཚེ་བའི་སྟེང་ཕན་འདོགས་པ་བསྣོན་པ་སྟེ། ཉེས་སྤྱོད་སྡོམ་པ། དགེ་བ་ཆོས་སྡུད་སེམས་ཅན་དོན་བྱེད་གསུམ་ཀ་དང་ལྡན་པའོ། །སོ་སོ་ཐར་བ་ནི་སྤངས་པ་བདུན་གྱིས་བསྡུས་པའི་ལུས་ངག་གི་ལས་གཙོ་བོར་བྱེད་ལ། བྱང་ཆུབ་སེམས་དཔའ་ནི་ཀུན་སློང་དང་བཅས་པའི་སྤང་བ་བཅུ་ཀ་གཙོ་བོར་བྱེད་པ་སྟེ། ཕར་ཕྱིན་བསྡུས་པ་ལས། མཐོ་རིས་ཐར་བའི་བདེ་ལམ་གྱུར་པ་སྟེ། །ལས་ལམ་བཅུ་པོ་འདི་ལས་ཉམས་མི་བྱ། །འདི་ལ་གནས་པས་འགྲོ་ལ་ཕན་བསམ་པའི། །བསམ་པའི་ཁྱད་པར་འབྲས་བུ་ཡོད་པར་འགྱུར། །ངག་ལུས་ཡིད་རྣམས་ཡང་དག་བསྡམ་བྱ་བ། །མདོར་བསྡུས་ཚུལ་ཁྲིམས་ཡིན་ཞེས་རྒྱལ་བས་གསུངས། །ཞེས་སོ། །དེ་ལྟ་ན་ཡང་གནང་བཀག་ཤེས་པ་ལས་བསླབ་ཚུལ་ནི། ཁྱད་པར་བསླབ་པའི་གནས་ནི་སོ་ཐར་སྐབས། །གཞན་གྱི་དོན་དུ་བཅས་པ་མི་འདྲལ་ལ། །བྱང་ཆུབ་སེམས་དཔའ་གཞན་གྱི་དོན་འགྱུར་ན། །ལུས་ངག་གཉིས་ཀྱི་མི་དགེ་རྣམ་པ་བདུན། །གཞན་དོན་འགྱུར་དང་འགྱུར་བར་ཤེས་པ་དང་། །རང་གི་དགེ་ཚོགས་མི་སྒྲིབ་འཕེལ་བ་ཡི། །གནས་སྐབས་གསུམ་བརྟགས་གནང་བའི་སྐབས་ཡོད་དེ། །སེམས་སྟོབས་ཆེན་པོས་མི་ནག་མདུང་ཐུང་ཅན། །བྲམ་ཟེའི་ཁྱེའུ་སྐར་མ་དཔེར་མཚོན་ནས། །རྣམ་པའི་ཉེས་པའང་དོན་ལ་དགེ་བ་ཡིན། །རྒྱུ་འབྲས་མཐུ་ཅན་བསམ་པས་བྱས་པའི་ཕྱིར། །ཡིད་ཀྱི་གསུམ་ལ་གནད་པའི་སྐབས་མེད་དོ། །དེ་ལ་སོ་སོ་ཐར་པའི་སྡོམ་


JL00_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས་ནི་གཞན་དོན་དུ་གྱུར་ཀྱང་བཅས་པ་དང་འདྲལ་བར་མ་གནང་ལ། །བྱང་ཆུབ་སེམས་དཔའ་ནི་གཞན་དོན་དུ་འགྱུར་བར་དང་། འགྱུར་བར་རིག་པ་དང་། རང་གི་དགེ་བ་དེ་ལས་གྱ་ནོམ་པ་ལ་བར་དུ་མི་གཅོད་ཀྱི་སྟེང་དུ་སེམས་ཀྱི་འཕེན་པའི་སྟོབས་ཀྱིས་འཕེལ་བར་འགྱུར་བའི་གནས་སྐབས་གསུམ་བརྟགས་ནས་གནང་བའི་སྐབས་ཡོད་དེ། དགེ་བ་བཅུའི་ལས་ཀྱི་ལམ་བསྟན་པ་ལས། གང་དག་བདག་གི་དོན་ལ་བལྟ་བ་ཅུང་ཟད་ཙམ་ཡང་མེད་ལ། བྱེད་པ་གཞན་གྱི་དོན་འབའ་ཞིག་འདོད་ཅིང་ཐམས་ཅད་དུ་སྙིང་རྗེ་དང་ལྡན་པ་དག་ལ་ནི། ཡིད་ཀྱི་ཉེས་པར་སྤྱོད་པ་གསུམ་མ་གཏོགས་པའམ། ལོག་པར་བལྟ་བ་ཉིད་མ་གཏོགས་པ་དག་ལ་ལར་རྗེས་སུ་གནང་བ་སྣང་ཏེ། དེ་ལ་བྱང་ཆུབ་སེམས་དཔའི་སྡོམ་པ་གཏན་ལ་ཕབ་པའི་གཙུག་ལག་དག་ལ་བལྟའོ། །ཞེས་འབྱུང་ངོ་། །དེ་ནི་ཀུན་སློང་གཉིས་པོའང་དང་པོར་སྐྱེད་བྱེད་ཀྱི་རྩ་བ་ལ་རིག་པའི་དཔྱད་པ་རྣོན་པོས་བརྟགས་པར་ཟད་དེ་ངོ་བོ་ཕན་སེམས་རྒྱུན་ཆགས་དང་འབྲེལ་དགོས་པས་ཡིད་ཀྱི་ལས་ལམ་ལས་ཕྱིར་བྱུང་ནས་དེ་གཉིས་ཀྱང་གནང་བའི་སྐབས་ཡིན་པར་བསྡུའོ། །ལ་ལ་འདི་དག་ལ་དཔགས་ནས་འཇམ་དཔལ་དད་པ་ལོག་ནས་ཀུན་ཏུ་རྒྱུའི་ནང་དུ་ཞུགས་པའི་ཚེ་ལྟུང་བ་གླེངས་པས་མེད་པར་གསུངས་པ་ལྟ་བུ་དཔེར་སྦྱར་བ་ནི་རིག་པ་མ་ཡིན་གྱི། བཅས་པའི་ཚུལ་ཁྲིམས་ནི་མིག་དང་རྣ་བའི་རྗེས་སུ་འབྲང་བས་ལུས་ངག་གི་སྒོ་ནས་ལོག་ལྟ་སྐྱེས་པར་བསྟན་ཡང་། མ་བཅས་པའི་ཚུལ་ཁྲིམས་ཡིད་ཀྱི་ཤེས་པར་བྱ་བའི་སྒོ་ནས་དེ་དག་གདུལ་བའི་ཐབས་ལ་མཁས་པ་ཉིད་དུ་ཞུགས་པའི་ཕྱིར་དང་། ལོག་པར་བལྟ་བ་མེད་པས་བར་དང་བར་དུ་དཀོན་མཆོག་གསུམ་གྱི་ཡོན་ཏན་བརྗོད་པར་གསུངས་པ་ཡིན་ནོ། །ལོག་པར་བལྟ་བ་ཉིད་ནི་ཀུན་སློང་ངན་པས་


JL00_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་ཅིང་རྣམ་པ་ཐམས་ཅད་པ་ཡིན་པས་གནང་བའི་སྐབས་མེད་པར་རིག་པར་བྱའོ། །ལུས་ངག་གི་ལས་ཇི་ལྟར་གནང་ན། འདི་ལྟར་ལས་བྱེད་པ་པོ་དང་མྱོང་བ་པོ་གཉིས་ཀའི་རྒྱུ་འབྲས་ལ་སྙིང་རྗེ་ཆེན་པོའི་རྩིས་ཟིན་པ་གཞིར་བཞག་ནས་མང་པོའི་སྲོག་སྐྱོབ་པའི་ཕྱིར་གཤེད་མའི་སྲོག་འཕྲོག་པ་ལྟ་བུ་སྟེ། དཔེར་ན་མི་ནག་མདུང་ཐུང་ཅན་གྱི་ཚོང་པ་ལྔ་བརྒྱའི་སྲོག་འཕྲོག་པ་ཤེས་ནས། དེད་དཔོན་སྙིང་རྗེ་ཆེན་པོས་སྡིག་ཏོ་ཅན་ལས་ཀྱི་རྣམ་སྨིན་ལས་ཐར་བ་དང་། ཚོང་པ་རྣམས་སྲོག་གི་འཇིགས་པ་ལས་གྲོལ་བའི་སེམས་བསྐྱེད་ནས་མི་ནག་མདུང་ཐུང་ཅན་བསད་པ་དང་འབྱོར་ཡང་སེར་སྣས་མི་སྦྱིན་པ་དང་། བཀྲེས་པས་སྲོག་ལ་ཐུག་པ་གཉིས་ཀའི་དོན་དུ་སེམས་བསྐྱེད་ནས་ཕྱུག་པོ་ལས་བརྐུས་ཏེ་དབུལ་པོ་ལ་སྟེར་བ་ལྟ་བུ་དང་། བྲམ་ཟེའི་ཁྱེའུ་སྐར་མ་ལ་དགའ་བས་ལོ་གྲངས་བརྒྱད་ཁྲི་ཉིས་སྟོང་ནགས་ཁྲོད་དུ་ཚངས་པར་སྤྱད་པའི་མཐར་གྲོང་ཁྱེར་དུ་བསོད་སྙོམས་ལ་བྱོན་པ། ཚོང་དཔོན་གྱི་བུ་མོ་དེ་ལ་ཆགས་ཏེ་འདོད་པས་གདུངས་ནས་སྐབས་དེ་ཉིད་དུ་འཆི་བར་བརྩམ་པ་ལས་ལྡོག་པའི་སླད་དུ་ཚངས་སྤྱོད་བཏང་བས་ཚངས་པའི་འཇིག་རྟེན་དུ་སྐྱེས་པ་དང་། གསོད་ངེས་པ་སྲོག་ལས་ཐར་བར་བྱ་བའི་ཕྱིར་བརྡའ་སྤྲད་ཅིང་རྫུན་སྨྲ་བ་མི་བདག་མཆོད་སྦྱིན་བྱེད་ལྟ་བུ་དང་། སྡིག་པའི་གྲོགས་ཀྱིས་ཡོངས་སུ་བསླད་ཅིང་ངན་འགྲོར་འཁྲིད་པ་ལས་ལྡོག་ཕྱིར་དེ་གཉིས་ཕྲ་མས་དབྱེ་བ་དང་། མྱ་ངན་གྱིས་ནོན་པ་ཡེངས་འཁོར་བའི་ཕྱིར་རམ་ཆོས་ལ་འཇུག་པའི་དགོས་པ་མཐོང་ནས་སྒྲུང་དང་བཞད་གད་སྨྲ་བ་ལྟ་བུའི་དག་འཁྱལ་དང་། སྡིག་པའི་བྱ་བར་འཇུག་པ་དེ་ལས་བཟློག་ཕྱིར་ཚིག་རྩུབ་མོས་སྦྱོ་བ་ལྟ་བུ་རྣམས་ནི་རྣམ་པ་མི་དགེ་ཡང་དོན་ལ་དགེ་བ་ཡིན་པས་གནང་བ་སྟེ། སེམས་ཀྱི་སྒྲིབ་སྦྱོང་ལས། དགེ་སློང་རང་གི་ཕ་རྒན་ལས། །མྱུར་འདོད་ཞེས་ནི་བསྐུལ་གྱུར་ནས། །ཕུལ་བས་


JL00_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་ཤི་གྱུར་ཀྱང་། །མཚམས་མེད་སྦྱོར་བ་མ་ཡིན་ནོ། །ཞེས་དང་། དེ་ཕྱིར་བསམ་པའི་རྩ་བ་ལ། །བསོད་ནམས་སྡིག་པ་རྣམ་པར་གནས། །ཞེས་དང་། བཞི་བརྒྱ་བར། བསམ་པ་བྱང་ཆུབ་སེམས་དཔའ་ཡི། །དགེའམ་ཡང་ན་མི་དགེ་བ། །ཐམས་ཅད་དགེ་བ་ཉིད་འགྱུར་ཏེ། །གང་ཕྱིར་སེམས་དེ་གཙོ་བོའི་ཕྱིར། །ཞེས་དང་། སྡོམ་པ་ཉི་ཤུ་པ་ལས་ཀྱང་། །སྙིང་རྗེར་ལྡན་ཞིང་བྱམས་ཕྱིར་དང་། །སེམས་དགེ་བ་ལ་ཉེས་པ་མེད། །ཅེས་སོ། །དེ་བས་ན་ཐེག་དམན་གྱི་སྡེ་སྣོད་ལས་བཀག་པ་དག །ཐེག་པ་ཆེན་པོ་ནས་གནང་བ་ནི་དག་པ་དང་མ་དག་པའི་སེམས་ཅན་གྱི་བློའི་རིམ་པ་དང་། ནུས་པ་ལ་དགོངས་པ་ཉིད་དུ་ཤེས་པར་བྱ་སྟེ། གསུང་ལ་བསྟོད་པ་ལས། གནང་བ་དང་ནི་བཀག་པ་ལ། ཁྱོད་བཀའ་ལ་ལར་གཅག་ཏུ་ངེས། །ལ་ལར་ངེས་པ་མ་ལགས་ལ། །ཕན་ཚུན་འགལ་བ་མ་མཆིས་སོ། །ཞེས་པའི་ཚུལ་གྱིས་དྲང་ངེས་དང་། །ལྡེམ་དགོངས་ཤེས་པར་བྱའོ། །དེ་ལྟར་གནང་བའང་པདྨ་འདམ་གྱིས་མ་གོས་པ་ལྟར། ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ལ་དགོངས་པ་ཡིན་ན་སྡོམ་པའི་དཀའ་ཐུབ་ལ་འཇིགས་པ་དག་གིས་ཚིག་ཙམ་དུ་འཁྲུལ་བར་མི་བྱ་བའི་ཚུལ། ཡུམ་ལས། བྱང་ཆུབ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་རྣམས་ལ་རྣམ་པར་སྤྱད་པ་སྤྱོད་པར་འདོད་པ་ཉོན་མོངས་པ་དང་བྲལ་བ་ལ་ལ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་འདོད་པའི་ཡོན་ཏན་ལྔ་ཡོངས་སུ་སྤྱོད་པ་ཡང་སྟོན་ཏེ། ཉམས་ཀྱིས་ཡོངས་སུ་སྤྱོད་པ་མེད་དོ། །ཅེས་སོ། །དེ་བས་ན། དེ་ལྟ་ནའང་རྒྱལ་སྲས་སྡོམ་པ་ལ། །རང་དོན་ཞི་བདེ་གཉེར་དང་བྱ་དཀའ་སྤང་། །གཞན་ཕྱིར་ཕན་པ་མི་བསྒྲུབ་གང་དང་གང་། །


JL00_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

ལྟུང་བའི་རྒྱུ་རུ་གཅིག་པར་གསུངས་པ་ཡིན། །དེ་ལ་གནང་བཀག་གི་གནས་གང་ལའང་རང་རང་གི་བློའི་མཐུ་དང་ཉམས་ལ་དཔགས་ནས་དགག་བསྒྲུབ་རིགས་པ་དང་མི་རིགས་པ་མ་བརྟགས་པར་བརྩམ་པར་བྱ་བའི་གནས་མཐོང་ཡང་ཞི་བདེའི་བློ་དང་དུ་བླངས་ནས་དེ་ཉིད་བཟློག་པའམ། བཟློག་པར་བྱ་བའི་གནས་མཐོང་ཡང་བསླབ་པའི་གནས་འོག་མ་བྱ་དཀའ་བ་ལ་འཇིགས་ནས་སླངས་ཏེ། གོང་མ་བབ་ཅོལ་དུ་སྤྱོད་པ་དང་། འཇུག་ལྡོག་གཉིས་ཀའི་གཞི་ལ་བཏང་སྙོམས་སུ་འཇོག་པ་ཐམས་ཅད་ཀྱང་ལྟུང་བའི་རྒྱུ་རུ་གནས་པ་ཡིན་ཏེ། འདི་ལྟར་ལྟུང་བ་དང་། དེའི་གཟུགས་བརྙན་དང་། ལྟུང་མེད་དང་། དེའི་གཟུགས་བརྙན་དུ་འཆད་པའི་མུ་བཞི་པོ་ཚུལ་ཁྲིམས་གསུམ་དུ་སྦྱར་ན་སྡོམ་པའི་ཚུལ་ཁྲིམས་ལ་ཞེ་སྡང་གིས་སྲོག་གཅོད་པ་ལྟུང་བ། ཕན་སེམས་ཀྱིས་གསོད་པ་ལྟུང་བའི་གཟུགས་བརྙན། སྙིང་རྗེས་མི་གསོད་པ་ལྟུང་མེད། གཞན་ལ་ཕན་ཀྱང་མི་གསོད་པ་ལྟུང་མེད་ཀྱི་གཟུགས་བརྙན་ནོ། །དགེ་བ་ཆོས་སྡུད་ལ། སེར་སྣས་མི་སྟེར་བ་ལྟུང་བ། ཕན་སེམས་ཀྱིས་མི་སྟེར་བ་ལྟུང་བའི་གཟུགས་བརྙན། བསམ་པ་དག་པས་སྟེར་བ་ལྟུང་མེད། གཞན་ལ་གནོད་ཕྱིར་སྟེར་བ་ལྟུང་མེད་ཀྱི་གཟུགས་བརྙན་ནོ། །སེམས་ཅན་དོན་བྱེད་ལ། ནད་པའི་རིམ་གྲོ་མ་བྱས་པ་ལྟུང་བ། དོན་ཆེན་བསྒྲུབ་པའི་སླད་དུ་དེ་ལས་ལྡོག་པ་ལྟུང་བའི་གཟུགས་བརྙན། བརྩེ་བས་ནད་གཡོག་བྱེད་པ་ལྟུང་མེད། དེ་ལ་རིམ་གྲོ་བ་ཡོད་བཞིན་དུ་རང་གི་དགེ་བའི་ལས་དོན་ཆེན་པོ་དོར་ནས་ནད་གཡོག་བྱེད་པ་ལྟུང་མེད་ཀྱི་གཟུགས་བརྙན་ནོ། །དེ་བས་ན་རྣམ་པ་ཐམས་ཅད་དུ་ལུས་ངག་ཡིད་གསུམ་གྱི་བྱ་བ་གང་བྱེད་ཐམས་ཅད་ལ་འདི་ལྟར་ཤེས་པར་བྱ་སྟེ། དཔེར་བྱ་ན། དགེ་བའི་ཆ་དང་། འབྲེལ་བར་ས་


JL00_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

བརྐོ་བ་དང་རྩ་འདྲེག་པ་ལ་སོགས་དོན་མེད་པའི་ཉེས་བྱས། དགེ་བའི་ཕྱོགས་ཀྱི་ཕྱིར་ཡིན་ན་ལྟུང་མེད། དོན་མེད་དྲན་པས་མ་ཟིན་པར་ས་ལ་རི་མོ་འབྲི་བ་སོགས་ཕྱོགས་མཐུན། དྲན་དང་ཤེས་བཞིན་གྱིས་ཟིན་པར་བྱ་བ་བསླབ་བྱ། བསླབ་པ་དྲན་ནས་ཕྱིར་འཆོས་ཤིང་སྡོམ་པ་ཕྱིར་བཅོས་ཏེ་ལྔའི་མཚན་ཉིད་ཤེས་པར་བྱའོ། །དེ་ལྟར་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱང་རྩ་བ་འདོད་པ་སྤངས་པ་ལ་རག་ལས་པས་ཐོག་མར་སྡོམ་པའི་ཚུལ་ཁྲིམས་དག་པར་བྱ་བའི་ཚུལ། དང་པོའི་ལས་ཅན་བྱང་ཆུབ་སེམས་དཔའ་རྣམས། །བློ་ནི་གོང་ནས་གོང་དུ་སྤྱོད་གཙོ་བས། །ཐོག་མར་སྡོམ་པའི་ཚུལ་ཁྲིམས་མ་དག་པར། །གཞན་གཉིས་གཙོ་བོར་གཉེར་ན་བར་ཆད་མང་། །རབ་ཏུ་བྱུང་བའི་བྱང་ཆུབ་སེམས་དཔའ་ནི། ཁྱད་པར་ཅན་དུ་མདོ་སྡེའི་རྒྱན་ལས་བཤད། །དེ་ལ་སོ་སོ་སྐྱེ་བོ་རྣམས་ནི་འདོད་པའི་ཉོན་མོངས་པ་ལ་སྐྱོན་དང་ཉེས་དམིགས་སུ་ཤེས་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ་སོ་ནམ་རྣམ་པ་བཞི་སྤངས། ཕྱི་རོལ་གྱི་འདོད་པའི་དངོས་པོ་དང་བྲལ་བར་བྱས་ནས་དགེ་སློང་དུ་གྱུར་པའི་རྟེན་ལ་སྡོམ་པའི་ཚུལ་ཁྲིམས་དག་པར་བྱ་སྟེ། ཅིའི་ཕྱིར་ན་ལས་དང་པོ་པས་དགེ་བའི་ཆོས་སྡུད་པ་དང་། སེམས་ཅན་དོན་བྱེད་གཉིས་སྒྲ་ཇི་བཞིན་པ་སྟོབས་སུ་འགྱུར་དཀའ་བས་གཉེན་པོ་ཕྲ་ས་ནས་བརྟེན་ཏེ་རང་གི་ཉོན་མོངས་པ་བསྲུང་བའི་དུས་ཡིན་པས་ན། འཇམ་དཔལ་ཞིང་གི་ཡོན་ཏན་བཀོད་པ་ལས་ཀྱང་། ཤཱ་རིའི་བུ་རབ་ཏུ་བྱུང་བ་ལ་མངོན་པར་དགའ་བའི་བྱང་ཆུབ་སེམས་དཔའ་ནི་ཡོན་ཏན་བཅུ་ཡོངས་སུ་འཛིན་ཏོ། །བཅུ་གང་ཞེ་ན་འདི་ལྟ་སྟེ། འདོད་པ་ལ་ཆགས་པར་མི་འགྱུར་བ་དང་། དགོན་པའི་


JL00_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ལ་དགའ་བ་རྙེད་པ་དང་། སངས་རྒྱས་ཀྱི་སྤྱོད་ཡུལ་ཐོབ་པ་དང་། ཆུང་མ་དང་བུའི་ཆགས་སྲེད་དང་བྲལ་བ་དང་། ངན་འགྲོར་འགྲོ་བ་རྣམས་སྤོང་བ་དང་། བདེ་འགྲོར་འགྲོ་བའི་ཆོས་ལ་བརྟེན་པ་དང་། སྔོན་གྱི་དགེ་བའི་རྩ་བ་ལས་ཡོངས་སུ་མི་ཉམས་པ་དང་། དགེ་བའི་རྩ་བ་ཕུན་སུམ་ཚོགས་པ་ཐོབ་པ་དང་། དེ་ལ་ལྷ་རྣམས་རབ་ཏུ་དགའ་བ་དང་། དེ་ལ་མི་མ་ཡིན་རྣམས་བསྲུང་བར་འགྱུར་བ་སྟེ། རབ་ཏུ་བྱུང་བ་ལ་མངོན་དགའ་བའི་བྱང་ཆུབ་སེམས་དཔའ་ནི་ཡོན་ཏན་བཅུ་པོ་དེ་དག་ཡོངས་སུ་འཛིན་པར་འགྱུར་རོ། །ཞེས་སོ། །དེ་བས་ན་ལས་དང་པོ་བས་སོ་སོ་ཐར་པའི་སྡོམ་པ་ནི་ཉན་ཐོས་ཀྱི་ཡིན་པས་ཉམ་ཆུང་ངོ་སྙམ་དུ་བལྟས་ནས་བྱང་ཆུབ་སེམས་དཔའི་བསླབ་བྱ་གཞན་ཞིག་ལ་བསླབ་པར་འདོད་པ་ནི་བསླབ་པའི་གནད་མ་ཟིན་པ་ཡིན་ཏེ། བྱང་སའི་གཏན་ལ་དབབ་པ་བསྡུ་བར། ཚུལ་ཁྲིམས་རྣམ་པ་གསུམ་པོ་དེ་དག་ལས་འདི་ལྟ་སྟེ་སྡོམ་པའི་ཚུལ་ཁྲིམས་འདི་ནི་སྡུད་པར་བྱེད་པ་དང་འབྱོར་བར་བྱེད་པ་ཡིན་ཏེ། དེ་བསྡམས་ཤིང་བསྲུངས་ན་དེ་ལས་གཞན་པ་དག་ཀྱང་བསྡམས་ཤིང་བསྲུང་བར་འགྱུར་ལ། དེས་མ་བསྡམས་ཤིང་མ་བསྲུངས་ན་དེ་ལས་གཞན་པ་དག་ཀྱང་མི་བསྡམ་ཞིང་མི་བསྲུང་བར་འགྱུར་བས། དེའི་ཕྱིར་བྱང་ཆུབ་སེམས་དཔའི་སྡོམ་པའི་ཚུལ་ཁྲིམས་ཉམས་ན་སྡོམ་པ་ཐམས་ཅད་ཉམས་པ་ཡིན་པར་བརྗོད་པར་བྱའོ། །ཞེས་སོ། །ཐ་ན་རྟགས་ཀྱི་ཁྱད་པར་ལས་ཀྱང་བསྲུང་སེམས་ཀྱི་གཉེན་པོ་ཆེ་བ་དང་། རྟེན་དེར་གྱུར་བ་ཙམ་ནས་ལྷ་དང་མི་རྣམས་ཀྱི་མཆོད་གནས་སུ་ཤས་སླ་བས་འཚོ་བས་མི་ངལ་བ་དང་། སྡིག་པའི་གྲོགས་ཀྱིས་དམའ་དབབ་པར་དཀའ་བ་དང་། སེམས་ལ་འགྱོད་པ་དང་རྣམ་པར་གཡེང་བ་མེད་པས་ཏིང་ངེ་འཛིན་གྱི་རྒྱུའི་གཙོ་བོ་དང་ལྡན་པ་དང་། ཐོག་མ་ཉིད་ནས་གྲོལ་བ་དང་མི་ལྡན་ཡང་ཚུལ་


JL00_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིམས་དང་ལྡན་པའི་རྒྱུས་དཀོར་དང་དད་ཟས་འདུ་སླ་བས་ཉེས་དམིགས་དང་མི་འགྲོགས་པ་སྟེ། འོད་སྲུང་གིས་ཞུས་པའི་མདོ་ལས། འོད་སྲུང་ངས་དགེ་སློང་གཉིས་ལ་དད་པས་སྦྱིན་པ་གནང་སྟེ། གཉིས་གང་ཞེ་ན་ལྡན་པ་དང་གྲོལ་བའོ། །ཞེས་སོ། །སྤྱིར་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ལེའུ་ལས། ཚུལ་ཁྲིམས་ནི་རྣམ་པ་གསུམ་སྟེ། རང་བཞིན་གྱི་ཚུལ་ཁྲིམས་དང་། གོམས་པའི་ཚུལ་ཁྲིམས་དང་། ཡང་དག་པར་བླངས་པའི་ཚུལ་ཁྲིམས་སོ། །ཞེས་པའི་ཕྱོགས་དང་པོ་རིགས་ཅན་གྱི་གང་ཟག་དེ་ནི་རང་བཞིན་གྱི་སྙིང་རྗེ་ཆེ་བ་དང་། རང་བཞིན་གྱིས་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་རྒྱུད་ལ་ཚང་བར་ལྡན་ཡང་། གོམས་པའི་ཚུལ་ཁྲིམས་རབ་འབྲིང་ཐ་གསུམ་དུ་གནས་པ་དང་། ཡང་དག་པར་བླངས་པའི་ཚུལ་ཁྲིམས་ཅན་ལ་སྔ་མའི་སྟེང་དུ་སྡོམ་པ་བསྣན་ཏེ་སྦྱིན་པ་གསུངས་པ་ལྟར། ད་ལྟའི་ཆོ་ག་དག་ལས་བསྟན་པ་རྣམས་ནི་ཕྱོགས་ཕྱི་མ་གཉིས་ཀྱིས་བྱང་ཆུབ་སེམས་དཔའ་ལ་དམིགས་པ་ཡིན་པས་ན་བྷཾ་ག་ལའི་པཎྜི་ཏས། ཚོགས་ཀྱི་ལམ་པ་ལ་ནི་སྡོམ་པའི་ཚུལ་ཁྲིམས་གཙོ་བོ་ཡིན་ནོ། །སྦྱོར་བའི་ལམ་པ་ལ་ནི་དགེ་བ་ཆོས་སྡུད་པའི་ཚུལ་ཁྲིམས་གཙོ་བོ་ཡིན་ནོ། །འཇིག་རྟེན་ལས་འདས་པའི་ལམ་པ་ལ་ནི་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གཙོ་བོ་ཡིན་ནོ། །གང་ཟག་གཅིག་གི་རྒྱུད་ལ་བརྩིས་ན་ཚོགས་ལམ་ཆུང་ངུའི་དུས་སུ་གང་ཟག་དང་པོའི་བསླབ་པ་ལ་བརྩོན་པར་བྱའོ། །ཚོགས་ལམ་འབྲིང་གི་དུས་སུ་གང་ཟག་འབྲིང་པོའི་བསླབ་པ་ལ་བརྩོན་པར་བྱའོ། །གང་ཟག་གསུམ་པས་ནི་གསུམ་པའི་བསླབ་པ་ལ་བརྩོན་པར་བྱའོ། །ཞེས་གསུངས་སོ། །དེ་བས་ན་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་རང་བཞིན་དུ་ཉེས་སྤྱོད་ཀྱི་ཁ་ན་མ་ཐོ་བ་དང་རིང་བར་འགྱུར་བ་ལ་དགོངས་ནས་རབ་ཏུ་བྱུང་བའི་བྱང་ཆུབ་སེམས་དཔའ་


JL00_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་དུ་གྱུར་པ་མདོ་སྡེའི་རྒྱན་ལས། །རབ་ཏུ་བྱུང་བའི་ཕྱོགས་དག་ནི། །ཡོན་ཏན་ཚད་མེད་རྣམས་དང་ལྡན། །དེ་ལྟས་སྡོམ་བརྩོན་ཁྱིམ་པ་ཡི། །བྱང་སེམས་རྣམས་ལས་མཆོག་ཏུ་བཤད། །ཅེས་པ་དང་མཐུན་པར་དྲག་ཤུལ་ཅན་གྱིས་ཞུས་པ་ལས་རྒྱས་པར་བཤད་པ་འོག་ཏུ་བསྟན་ནོ། །འོན་ཀྱང་བྱང་ཆུབ་སེམས་དཔའི་སྡོམ་པ་ཙམ་ལ་ནི་སོ་སོ་ཐར་བའི་རྣམ་དབྱེ་མ་གྲུབ་པའི་ཚུལ། བྱང་ཆུབ་སེམས་དཔའ་རང་སའི་སྡོམ་པ་ལ། །སོ་ཐར་མཚན་ཉིད་ཆོ་གས་གསལ་བ་མེད། །སྦྱངས་པ་སྔོན་སོང་སེམས་སྟོབས་ཆེན་པོ་ནི། །བསམ་པའི་རྟེན་གཙོ་ཨིནྡྲ་བྷུ་ཏི་བཞིན། །དེ་ལ་བྱང་ཆུབ་སེམས་དཔའི་སོ་སོ་ཐར་བ་ཆོས་བཞི་བསྟན་པ་ཞེས་བྱ་བའི་མདོ་སྡེ་ཚན་གཅིག་པ་ཞིག་བོད་དུ་འགྱུར་མོད་ཀྱི། དེ་ལ་འདུལ་བ་གླེང་གཞིས་འཆད་པ་ལྟར་ལུས་ངག་གི་ཉེས་པར་སྤྱད་པའི་སྡོམ་པའི་རབ་དབྱེ་དང་། ཆོ་གའི་ཁྱད་པར་ཟུར་དུ་མ་བསྟན་ཀྱང་འདི་སྐད་དུ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའི་ཁྱིམ་གྱི་གནས་ནས་མངོན་པར་བྱུང་བ་གང་བྱང་ཆུབ་ཀྱི་ཡན་ལག་ལ་མངོན་པར་བརྩོན་པ་གང་ཡིན་པ་དེས་སོ་སོ་ཐར་བའི་སྡོམ་པས་བསྡམས་ཏེ་གནས་པར་བྱ་བ་དང་ཆོ་ག་དང་སྤྱོད་ཡུལ་དང་། སྤྱོད་པ་ཕུན་སུམ་ཚོགས་པར་བྱ་བ་དང། ཁ་ན་མ་ཐོ་བ་ཕྲ་རབ་ཙམ་ལའང་འཇིགས་པར་བལྟ་བ་དང་། ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་མཐའ་ཡོངས་སུ་དག་པ་དང་། འཚོ་བ་ཡོངས་སུ་དག་པས་བསླབ་པ་ཡང་དག་པར་བླངས་ཏེ་བསླབ་པར་བྱའོ། །ཞེས་བྱང་ཆུབ་སེམས་དཔས་བསོད་ནམས་ཀྱི་ཡན་ལག་ཏུ་སོ་ཐར་གྱི་སྡོམ་པ་བླངས་ཀྱང་། དེའི་རྒྱུད་ཞི་བདེ་ལ་དགའ་བའི་སོ་སོ་ཐར་བ་ཅན་མ་ཡིན་ཏེ། བདེན་པ་བཞི་པོའང་རྣམ་པ་གཞན་དུ་འཕངས་པ་དང་། དུས་དང་སྤོང་སེམས་ཀྱི་ཁྱད་པར་ཡང་ཉེ་བར་འཁོར་གྱིས་ཞུས་པ་ལས། བྱང་ཆུབ་སེམས་དཔའི་སོ་སོ་ཐར་བ་ནི་བྱང་ཆུབ་


JL00_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བར་དུ་རྗེས་སུ་འཇུག་པ་དང་། སྡོམ་པ་འདི་ནི་འདོད་ཆགས་ལས་བྱུང་བའི། ལྟུང་བ་ལ་ལྟུང་བར་ང་མི་སྨྲའོ། །ཞེས་པ་དང་རྗེས་སུ་མཐུན་པར་འདོད་པའི་འདོད་ཆགས་མཚན་ཉིད་མེད་པར་གཏན་ལ་དབབ་པའི་ཚུལ་མདོ་དེ་ཉིད་ལས་རྒྱ་ཆེར་གསུངས་ཤིང་སོ་སོ་ཐར་བ་ལྟར་སྤོང་སེམས་མི་སྟོན་ནོ། །སྤྱིར་སོ་སོ་ཐར་བ་ཞེས་བྱ་བའི་སྒྲ་བཤད་ནི་སོ་སོ་ཐར་བས་ན་རྒྱུ་ལ་འབྲས་བུའི་མིང་དུ་ཆགས་པའི་སོ་སོ་ཐར་བ་སྟེ། ལེགས་པའི་ལམ་བསྟན་པ་ལས། ལམ་འདི་ནི་སོ་སོ་ཐར་བར་འགྲོ་བས་ན་སོ་སོ་ཐར་བ་སྟེ། དཔེར་ན་གྲོང་ཁྱེར་དུ་འགྲོ་བའི་ལམ་ལ་གྲོང་ཁྱེར་གྱི་ལམ་ཞེས་བྱ་བ་དང་འདྲའོ། །ཡང་ན་སྡིག་པ་ལས་སོ་སོ་ཐར་བས་ན་སོ་སོར་ཐར་བའམ་སྡོམ་པ་ཞེས་བྱ་བ་ལ་སློབ་བར་བྱེད་པས་ན་དག་ཅིང་གྲོལ་བར་བྱེད་པ་ཡིན་པའམ། བསོད་ནམས་ཕུན་སུམ་ཚོགས་པ་ལ་ལྷག་པར་མོས་པ་མི་གཏོང་བར་བྱེད་པའི་ཐ་ཚིག་གོ །ཡང་ན་བསྲུང་ཞིང་ཐར་བར་བྱེད་པས་ན་བསྲུང་ཐར་ཞེས་བྱ་སྟེ། ཉེས་པར་སྤྱོད་པ་དང་། ཀུན་ནས་ཉོན་མོངས་པ་རྣམས་དང་། ངན་འགྲོ་རྣམས་ལས་བསྲུང་བར་བྱེད་པའི་ཕྱིར་རོ། །ཅེས་དང་། ཡང་ན་སོ་སོ་སྐྱེ་བོ་ཡིན་པས་ལྟུང་བའི་ཆོས་ཅན་ཡིན་པའི་ཕྱིར་ལྟུང་བ་ཡིན་ལ། ལས་དང་ཉོན་མོངས་པ་དག་གིས་ཡོངས་སུ་འཁོར་བར་གྱུར་ཅིང་། ཤེས་པ་མ་ཡིན་པའི་ངན་འགྲོ་རྣམས་སུ་འཁྱམས་པ་སྡུག་བསྔལ་དེ་ལས་བསྲུང་ཞིང་ཐར་བར་བྱེད་པས་ན་ལྟུང་བ་ལས་བསྲུང་བ་སྟེ། སྡུག་བསྔལ་དེ་ལས་ཐར་བ་ཞེས་བྱ་བའི་ཐ་ཚིག་སྟེ། རྒྱུ་ལ་འབྲས་བུར་བཏགས་པ་ཡིན་ཏེ། དེ་ཡང་། འཇུག་ངོགས་བདེ་བའི་ཆུ་ཀླུང་བདེ། །ཞེས་བྱ་བ་ལྟ་བུའོ། །ཞེས་གཞན་དོན་དུ་ཕན་པ་མི་བསྒྲུབ་པར་རང་ཉིད་ལས་དང་ཉོན་མོངས་པའི་རྒྱུས་འཁོར་བར་འཁོར་ཞིང་


JL00_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

ངན་འགྲོར་འཁྱམས་པ་ལ་འཇིགས་ནས་ལྟུང་བ་བསྲུང་ཞིང་དེ་ལས་ཐར་བར་བྱ་བའི་སྒྲ་དོན་དང་མཚུངས་པ་ལས་དགོས་པ་གཞན་མེད་དོ། །བྱང་ཆུབ་སེམས་དཔའ་ནི་གཞན་དོན་འབའ་ཞིག་དོན་དུ་གཉེར་བས་དེ་ལ་སོ་སོ་ཐར་བའི་ཐ་སྙད་མི་འགྲུབ་ཀྱང་། བྱང་ཆུབ་སེམས་དཔའི་སྡོམ་ལྡན་གྱི་རྒྱུད་སོ་ཐར་གྱི་སྡོམ་པས་བསྡམས་པ་ལ་བྱང་ཆུབ་སེམས་དཔའི་སོ་སོ་ཐར་བ་ཞེས་བཏགས་པ་ཙམ་དུ་རིག་པར་བྱའོ། །དེ་སྐད་དུ་སའི་སྙིང་པོ་འཁོར་ལོ་བཅུ་པ་ལས། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་རྣམ་པར་དག་པ་གཉིས་ཏེ། ཐུན་མོང་བ་དང་། ཐུན་མོང་མ་ཡིན་པའོ། །ཐུན་མོང་བ་ནི་དགེ་བསྙེན་གྱི་སྡོམ་པའམ། ཡང་ན་རབ་ཏུ་བྱུང་བའི་སོ་སོ་ཐར་བའི་སྡོམ་པ་བསྙེན་པར་རྫོགས་པའོ། །ཐུན་མོང་མ་ཡིན་པ་ནི་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པའི་སེམས་དང་། གནོད་པ་མེད་པའི་སེམས་དང་། འཁོན་དུ་འཛིན་པ་མེད་པའི་སེམས་ཀྱིས་ཚུལ་ཁྲིམས་བསྲུང་བའོ། །སྲིད་པའི་རྣམ་པར་སྨིན་པ་ཐམས་ཅད་ལ་མི་བལྟ་བར་བསྲུང་ངོ་། །ཞེས་གསུངས་པས་གསལ་ལོ། །གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་ན་གནས་ཤིང་སོ་སོ་ཐར་བའི་རྟགས་དང་ཆོ་ག་མ་བྱས་པའང་རབ་ཏུ་བྱུང་བའི་བསླབ་པ་ལ་གནས་པ་ནི་ཡོད་དེ་དྲག་ཤུལ་ཅན་གྱིས་ཞུས་པ་ལས། བྱང་ཆུབ་སེམས་དཔའ་ཁྱིམ་པ་ཁྱིམ་ན་གནས་པ། ཁྱིམ་ན་གནས་པའི་ཉེས་པ་ལ་མཁས་པར་བྱའོ། ཁྱིམ་ཞེས་བྱ་བ་ནི་དགེ་བའི་རྩ་བ་རྣམས་འཇོམས་པར་བྱེད་པ། འབྱུང་བ་སུན་འབྱིན་པ་དགེ་བའི་སྡོང་པོ་འགྱེལ་བར་བྱེད་པ་སྟེ། དེའི་ཕྱིར་ཁྱིམ་ཞེས་བྱའོ། ཁྱིམ་ན་གནས་པ་ཞེས་བྱ་བ་ནི་ཉོན་མོངས་པ་ཐམས་ཅད་ཀྱི་གནས་མི་དགེ་བའི་རྩ་བ་ལ་མངོན་པར་རྟོག་པ་རྣམས་ཀྱི་གནས། བྱིས་པ་སོ་སོའི་སྐྱེ་བོ་མདུལ་བ་སྦས་པ་རྣམས་ཀྱི་གནས་མི་དགེ་བ་སྤྱོད་པ་རྣམས་ཀྱི་


JL00_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

གནས། སྐྱེ་བོ་ངན་པ་འདུས་པ་ཡིན་ཏེ་དེའི་ཕྱིར་ཁྱིམ་ན་གནས་པ་ཞེས་བྱའོ། །ཞེས་དང་། ཁྱིམ་ཞེས་བྱ་བ་འདི་ནི་བསད་པ་དང་། བཅིང་བ་དང་། བརྡེག་པ་དང་། སྡིགས་པ་དང་། གཙེ་བ་དང་། མི་སྙན་པ་དང་། གཤེ་བ་དང་། ངན་དུ་བརྗེད་པ་དང་། ངན་དུ་བྱ་བའི་ཚིག་གི་ལམ་རྣམས་འདུ་བ་སྟེ། ཞེས་པ་ལ་སོགས་ཉེས་པ་མཐའ་ཀླས་པ་དང་། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཁྱིམ་པས་རང་གི་ཆུང་མ་ལ་འདུ་ཤེས་གསུམ་བསྐྱེད་པར་བྱ་སྟེ། གསུམ་གང་ཞེ་ན། ཤ་ཟ་མོར་འདུ་ཤེས་པ་དང་། སྲིན་མོར་འདུ་ཤེས་པ་དང་། གཟུགས་མི་སྡུག་པར་འདུ་ཤེས་པའོ། །ཞེས་དང་། ཐོག་མཐའ་འགྲེས་སྦྱར་ནས་དགང་དཀའ་བར་འདུ་ཤེས་པ་དང་། གཏིང་དུ་འདུ་ཤེས་པ་དང་། བྱས་པ་མི་གཟོ་བར་འདུ་ཤེས་པའོ། །སྦྱང་མོ་ཆེན་མོར་འདུ་ཤེས་པ་དང་། ཆུ་སྲིན་མོར་འདུ་ཤེས་པ་དང། བྱི་ལ་ཆེན་མོར་འདུ་ཤེས་པའོ།་ །ཞེས་པ་ལ་སོགས་པ་བུད་མེད་ཀྱི་ཉེས་དམིགས་དྲུག་ཅུ་རྩ་ལྔ་དང་། དེ་བཞིན་དུ་ཁྱིམ་ན་གནས་པ་ནི་ངན་སོང་གི་ཐེམ་སྐས་སོ། །རབ་ཏུ་བྱུང་བ་ནི་མངོན་པར་མཐོ་བའི་ཐེམ་སྐས་སོ། ཁྱིམ་ན་གནས་པ་ནི་བཅིངས་པའོ། །རབ་ཏུ་བྱུང་བ་ནི་ཐར་བའོ། ཁྱིམ་ན་གནས་པ་ནི་འཇིགས་པ་དང་བཅས་པའོ། །རབ་ཏུ་བྱུང་བ་ནི་འཇིགས་པ་མེད་པའོ། །ཞེས་སོགས་རྒྱ་ཆེར་བཀའ་བསྩལ་བས། དགའ་འདོད་དང་། གྲགས་འདོད་ལ་སོགས་པའི་ཁྱིམ་བདག་ཤིན་ཏུ་མང་པོས་རབ་ཏུ་འབྱུང་བར་གསོལ་ལོ། །དེ་ལྟར་གསོལ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་དང་། བྱང་ཆུབ་སེམས་དཔའ་སྤྱོད་པ་ཐམས་ཅད་རྣམ་པར་དག་པ་ལ་སྐྱེས་བུ་དམ་པ་ཁྱེད་གཉིས་ཀྱིས་ཁྱིམ་པ་དག་འདི་རྣམས་རབ་ཏུ་བྱུང་ལ་བསྙེན་པར་རྫོགས་པར་གྱིས་ཤིག་ཅེས་བཀའ་བསྩལ་པས། བྱང་ཆུབ་སེམས་དཔའ་བྱམས་


JL00_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཁྱིམ་བདག་དགུ་སྟོང་རབ་ཏུ་ཕྱུང་ངོ་། །བྱང་ཆུབ་སེམས་དཔའ་སྤྱོད་པ་རྣམ་པར་དག་པས་ཁྱིམ་བདག་བདུན་སྟོང་རབ་ཏུ་ཕྱུང་ངོ་། །ཞེས་དང་། དེ་ནས་ཁྱིམ་བདག་དྲག་ཤུལ་ཅན་དགའ་ལ་ཡི་རངས་ཤིང་། རབ་ཏུ་དགའ་ནས་མགུ་བ་དང་ཡིད་བདེ་བ་སྐྱེས་ཏེ་བརྒྱ་སྟོང་རི་བའི་རས་བཅོས་སུ་ཟུང་བཅོམ་ལྡན་འདས་ཀྱི་སྐུ་ལ་གསོལ་ནས། འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཁྱིམ་པ་ཁྱིམ་ན་གནས་པ་ཆོས་དུ་ཞིག་དང་ལྡན་ན་རབ་ཏུ་བྱུང་བའི་བསླབ་པ་ལ་སློབ་པ་ལགས། ཞེས་གསོལ་བ་དང་། ཁྱིམ་བདག་འདི་ལ་བྱང་ཆུབ་སེམས་དཔའ་ཁྱིམ་པ་ཁྱིམ་ན་གནས་པ་ཆོས་ལྔ་དང་ལྡན་ན། རབ་ཏུ་བྱུང་བའི་བསླབ་པ་ལ་སློབ་པ་ཡིན་ཏེ། ལྔ་གང་ཞེ་ན། ཁྱིམ་བདག་འདི་ལ་བྱང་ཆུབ་སེམས་དཔའ་ཁྱིམ་པ་ཁྱིམ་ན་གནས་པ་མི་བལྟ་བར་དངོས་པོ་ཐམས་ཅད་ཡོངས་སུ་གཏོང་བ་ཡིན་ཏེ། ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་ལྡན་པས་རྣམ་པར་སྨིན་པ་ལ་རེ་བ་མེད་པ་དང་། ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པ་ཁྱིམ་ན་གནས་པ་ཚངས་པར་སྤྱོད་ཅིང་གཙང་བ་ཡིན་ཏེ། ཡིད་ཀྱི་དགུ་ལ་ཡང་འདོད་པ་མི་སྤྱོད་ན་མཚན་གཉིས་སྤྲོད་པའི་མ་ཡན་ལག་མ་ཡིན་པར་འཇུག་པ་ལྟ་ཅི་སྨོས་པ་དང་། ཞེས་འགྲེས་སྦྱར་ནས་བསམ་གཏན་བཞི་པོ་དག་ལ་སྙོམས་པར་འཇུག་པ་དང་། སེམས་ཅན་ཐམས་ཅད་བདེ་བར་བྱེད་པ་ལ་བརྩོན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ངེས་པར་བརྩོན་འགྲུས་བརྩམ་པ་དང་། དམ་པའི་ཆོས་ཡོངས་སུ་འཛིན་ཅིང་། གཞན་ཡང་དམ་པའི་ཆོས་ལ་སྦྱོར་བར་བྱེད་པ་སྟེ། ཁྱིམ་བདག་བྱང་ཆུབ་སེམས་དཔའ་ཁྱིམ་པ་ཁྱིམ་ན་གནས་པ་ཆོས་ལྔ་པོ་དེ་དག་དང་ལྡན་ན། རབ་ཏུ་བྱུང་བའི་བསླབ་པ་ལ་སློབ་པ་ཡིན་ནོ། །ཞེས་བྱང་ཆུབ་སེམས་


JL00_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་ཁྱིམ་ན་གནས་པའི་རབ་བྱུང་གི་བསླབ་པའི་གནས་ལྔ་བསྟན་ཅིང་། དཀོན་བརྩེགས་ཉེ་བར་འཁོར་གྱི་ཞུས་པས་དུས་ཀྱང་བསྟན་པའི་ཕྱིར་ཆོ་གའི་ངོ་བོ་ཙམ་ནི་ཤེས་པར་སླ་བ་ཡིན་ཡང་། བྱང་ཆུབ་སེམས་དཔའི་རབ་ཏུ་བྱུང་བ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་སེམས་དང་ལྡན་པ་ཁྱིམ་ན་གནས་ཀྱང་སེམས་ཅན་བདེ་བར་བྱེད་པ་ལ་བརྩོན་པས་སོ་སོ་ཐར་བའི་སྒྲ་དང་དོན་གྱི་ཆ་ནས་འདྲི་བ་མ་ཡིན་ལ། ཁྱད་པར་དུ་བྱང་ཆུབ་སེམས་དཔའ་རང་སའི་སྡོམ་པ་ནི་སོ་ཐར་གྱི་རྟེན་དུ་མི་རུང་བའི་ལྷ་ཀླུ་གནོད་སྦྱིན་གྱི་རིག་པ་འཛིན་པ་དག་ལའང་འཐད་པའི་ཕྱིར་སོ་སོ་ཐར་བ་རིགས་བདུན་གྱི་རྣམ་དབྱེ་གཞག་ཏུ་མེད་དེ། དེའི་རྟེན་ནི་སྦྱངས་པ་སྔོན་དུ་སོང་བ་དང་། སེམས་སྟོབས་ཁོ་ན་གཙོ་ཆེ་བས་ན་རྒྱལ་པོ་ཨིནྡྲ་བྷཱུ་ཏི་བཞིན་ནོ། །དེ་སྐད་དུ་འཕགས་པ་དད་པ་སྒོམ་པའི་མདོ་ལས། ཐེག་པ་ཆེན་པོ་ལ་དད་པའི་བག་ཆགས་བྱང་ཆུབ་སེམས་དཔའི་རྗེས་སུ་འབྲང་བ་དེ་ནི་འདི་ལྟར་རྗེས་སུ་འབྲངས་ཏེ། དེ་འགྲོའམ། འདུག་གམ། ཉལ་ལམ། གཉིད་ལོག་གམ། ར་རོའམ། མྱོས་ཀྱང་རུང་སྟེ། རྟག་ཏུ་ཐེག་པ་ཆེན་པོ་ལ་དད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་དེ་ཚེ་བ་རྗེས་སུ་ཟིན་ཀྱང་ཚེ་རབས་གཞན་དུ་ཐེག་པ་ཆེན་པོ་ལ་དད་པས་བྱང་ཆུབ་ཀྱི་སེམས་བརྗེད་དུ་ཟིན་ཡང་སྐྱེ་བ་དེ་དག་ཏུ་དམན་པ་དང་། བསྐལ་པ་དམན་པའི་སེམས་སུ་མི་འགྱུར་ཞིང་། སྡིག་པའི་གྲོགས་པོ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་འདྲེ་བས་ཀྱང་འགྲོགས་པར་མི་འགྱུར་ན། གཞན་མུ་སྟེགས་ཅན་གྱིས་འཕྲོགས་པར་ག་ལ་འགྱུར། ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པའི་རྐྱེན་ཆུང་ངུ་ཞིག་རྙེད་པས་ཀྱང་མྱུར་བར་ཤས་ཆེ་བ་དང་། རྒྱུན་གྱི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པར་བྱེད་དོ། །དེའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པའི་བག་ཆགས་རྗེས་སུ་འདྲེན་པ་དེ་ཡང་ཚེ་རབས་སུ་རྣམ་པར་


JL00_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

འཕེལ་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྱུར་རོ། །ཞེས་པ་ལྟར་རོ། །གང་ཞིག་ཁྱིམ་པའི་ཕྱོགས་ལ་བརྟེན་པ་རྣམས། །དགེ་བསྙེན་དང་ནི་བསྙེན་གནས་སྡོམ་པའི་སྟེང་། །སྨོན་འཇུག་བྱང་ཆུབ་སེམས་གཉིས་རྟག་ཏུ་བསྲུང་། །རབ་ཏུ་བྱུང་རྣམས་དགེ་སློང་དགེ་ཚུལ་དང་། །དགེ་སློབ་མ་ཡི་སྡོམ་པ་གང་ཡིན་སྟེང་། །སྨོན་འཇུག་གཉིས་བསྲུང་རང་སའི་ཚུལ་ཁྲིམས་ཡིན། །དེ་ལ་སོ་སོ་ཐར་བའི་སྡོམ་པའི་ངོ་བོ་ནི་ངེས་འབྱུང་གི་བསམ་པས་ཀུན་ནས་བསླངས་ཏེ་གཞན་གནོད་གཞི་བཅས་ལས་ལྡོག་པ་སྟེ། ལུས་ངག་ལས་སྐྱེ་བས་ན་གཟུགས་ཅན་གྱི་སྡོམ་པར་འདོད་པ་དང་། སྤོང་སེམས་རྒྱུན་ཆགས་པའི་ས་བོན་ལ་འདོད་པ་སྟེ་སྡེ་བ་གོང་འོག་སོ་སོའི་འདོད་ལུགས་ཐ་དད་པ་མངོན་པ་མཛོད་རྩ་འགྲེལ་ལས་ཤེས་པར་བྱའོ། །འདིར་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཞེས་བྱ་བ་ནི་ཁྱིམ་པའི་ཕྱོགས་ལ་བརྟེན་པ་བསྙེན་གནས་དང་། དགེ་བསྙེན་ཕ་མ་གཉིས། རབ་ཏུ་བྱུང་བའི་ཕྱོགས་ལ་དགེ་སློང་ཕ་མ་གཉིས། དགེ་ཚུལ་ཕ་མ་གཉིས། དགེ་སློང་མ་སྟེ་སོ་སོ་ཐར་བ་རིགས་བརྒྱད་པོ་གང་རུང་གི་སྟེང་དུ་སྨོན་འཇུག་གི་སེམས་བསྐྱེད་གཉིས་དང་ལྡན་པའོ། །དེ་ལྟར་རྟེན་རིགས་བརྒྱད་པོའང་རྫས་སུ་བསྡུ་ན་དགེ་སློང་ཕ་མ་གཉིས། དགེ་ཚུལ་ཕ་མ་དགེ་སློབ་མ་དང་གསུམ། དགེ་བསྙེན་ཕ་མ་གཉིས་རྣམས་མཚན་ཐ་དད་དུ་གྱུར་པས་མིང་འཕོ་བ་ཙམ་ལས་རྫས་གཅིག་པ་ཉིད་ཀྱི་སྟེང་བསྙེན་གནས་ཀྱི་སྡོམ་པ་དང་བཅས་རྫས་བཞིར་འདོད་པ་ཡིན་ཏེ། མཛོད་ལས། སོ་སོ་ཐར་ཞེས་བྱ་རྣམ་བརྒྱད། །རྫས་སུ་རྣམ་པ་བཞི་ཡིན་ནོ། །མཚན་ལས་མིང་ནི་འཕོ་བའི་ཕྱིར། །ཐ་དད་དེ་དག་འགལ་བ་མེད། །ཅེས་སོ། །དེ་ཡང་དང་པོར་སྡོམ་པ་ཐོབ་བར་བྱེད་པ་ལ་ཚེགས་ཆུད་དུས་རྫོགས་པ་སྔོན་གྱི་ཆོ་ག་དང་། ཚོགས་དང་བཅས་པས་རྫོགས་པ་ད་ལྟར་གྱི་ཆོ་ག་གཉིས་ལས། དང་


JL00_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ནི། རྫོགས་པའི་སངས་རྒྱས་དང་རང་བྱང་ཆུབ་གཉིས་ཟད་དང་མི་སྐྱེ་བ་ཤེས་པའི་བྱང་ཆུབ་བརྙེས་པ་ལས་རང་བྱུང་གི་བསྙེན་པར་རྫོགས་པ་དང་། ལྔ་སྡེ་བཟང་པོ་མཐོང་ལམ་སྐྱེས་པའི་ཚེ་ཡེ་ཤེས་ཁོང་ཆུད་ཀྱིས་ཏེ། གསུམ་པོ་ནི་རང་རྒྱུད་ལ་དོན་དམ་པའི་དགེ་སློང་གི་ངོ་བོ་ཉིད་སྐྱེས་པས་བསྙེན་པར་རྫོགས་པའོ། །དེ་བཞིན་དུ་གང་གིས་བསྙེན་པར་རྫོགས་པའི་མཁན་པོའང་འཕགས་པ་འབའ་ཞིག་པའི་ཁྱད་ཆོས་དང་། རྫོགས་བྱེད་ཀྱི་གང་ཟག་ཀྱང་ལས་ཉོན་རྣམ་པར་སྨིན་པའི་སྒྲིབ་པ་གསུམ་ཤས་ཆུང་ཞིང་། ཤེས་རབ་དང་། རྒྱུད་དང་། དབང་པོ་སྨིན་པའི་གདུལ་བྱ་མཆོག་ལ་ནི། ཤཱ་རིའི་བུ་ཚུར་ཤོག་གིས་དང་། འོད་སྲུང་ཆེན་པོ་སྟོན་པར་ཁས་བླངས་པས་དང་། བཟང་སྡེའི་ཚོགས་སྐྱབས་གསུམ་ཁས་བླངས་པས་དང་། སྐྱེ་དགུའི་བདག་མོ་སོགས་ལྕི་ཆོས་བརྒྱད་སྤོང་བར་ཁས་བླངས་པས་དང་། ལེགས་བྱིན་དྲིས་པའི་ལན་ལ་དགྱེས་པས་བསྙེན་པར་རྫོགས་པའི་དངོས་པོར་གྱུར་བ་ནི་བྱིན་བརླབས་ཀྱིས་རྫོགས་པའོ། །དེ་བཞིན་དུ་མཆོད་སྦྱིན་ཕ་མའི་དབང་དུ་གྱུར་བ་ལ་དགེ་སློང་མ་ཨུཏྤ་ལས་ཕོ་ཉ་བྱས་ཏེ་ཕྲིན་ཆོག་ལ་བརྟེན་ནས་དང་། དགེ་འདུན་གྱི་གྲངས་མ་མཐའ་ཡུལ་དབུས་སུ་བཅུར་ལོངས་པ་དང་། མཐའ་འཁོབ་ཏུ་ལྔ་ཚོགས་པ་དག་གསོལ་བཞིའི་ལས་ཀྱིས་རབ་བྱུང་བསྙེན་རྫོགས་གཅིག་ཅར་བྱེད་པ་སྟེ། མཛོད་འགྲེལ་ལས། བྱེ་བྲག་ཏུ་སྨྲ་བ་འདུལ་བ་པ་རྣམས་ན་རེ། རྣམ་པ་བཅུས་བསྙེན་པར་རྫོགས་སོ། །ཞེས་པ་ལྟར་རོ། །དེ་ཡང་རང་བྱུང་ནི། ང་ལ་མཁན་པོ་མེད་པས་ན། །ང་ནི་རང་བྱུང་དགེ་སློང་ཡིན། །ཞེས་པ་ལྟར་སྟོན་པ་རང་ཉིད་སངས་མ་རྒྱས་པའི་སྔ་རོལ་ཏུ་བྱུང་ཞིང་། ཚུར་ཤོག་ནི་སངས་རྒྱས་ནས་མྱ་ངན་ལས་འདའ་ཁའི་བར་དུའང་མཛད། འདི་དུས་


JL00_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུའི་བསྟན་པ་ཡིན་ཡང་ཉེས་དམིགས་འགའ་ཞིག་གཟིགས་པ་ལ་བརྟེན་ནས་གསོལ་བཞིའི་སྔོན་ཆོག་གནང་ལ། གཞན་རྣམས་སངས་རྒྱས་ནས་རིང་པོ་མ་ལོན་པར་ད་ཆོག་མ་བྱུང་གི་བར་གྱི་བསྙེན་པར་རྫོགས་ཚུལ་ལོ། །དེ་ཡང་དང་པོ་བདུན་ནི་སྔོན་ཆོ་ག་བཏགས་པ་བ་ཡིན་ཏེ། གསོལ་བཞིའི་ཆོ་ག་མཚན་ཉིད་པ་མེད་པའི་ཕྱིར་རོ། །ད་ལྟར་གྱི་ཆོ་ག་ནི་ཕྲིན་ཆོག་དང་ཆོས་མཚུངས་ཏེ། ཡུལ་དབུས་མཐའི་བྱེ་བྲག་གི་དགེ་སློང་གྲངས་མང་ཉུང་རྙེད་དཀའ་སླའི་དབང་གིས་བཅུ་ཚོགས་དང་། ལྔ་ཚོགས་སམ་དམིགས་བསལ་ལ་བཞི་ཚོགས་དང་། དགེ་འདུན་སྡེ་གཉིས་ལ་རྫོགས་པ་དང་། ཕྲིན་གྱིས་ཚིགས་སྔ་ཕྱི་རིམ་ཅན་དུ་བསྒྲུབ་པ་དག་གོ །དེ་ཡང་ཡུལ་དབུས་མཐའི་ཐ་སྙད་ལ་འཕགས་ཡུལ་གྱི་དབང་དུ་བྱས་པའི་ས་ཚིགས་ནི། ཚིག་ལེའུར་བྱས་པ་ལས། ལི་ཁར་ན་ཚང་ཚིང་ནགས། །ལི་ཁར་ཤིང་འཕེལ་ཤར་ཕྱོགས་ཉིད། །ཨུ་ཤི་རི་ཞེས་བརྗོད་པ་ཡི། །རི་བོ་མུན་པ་ཅན་ནི་བྱང་། །ཀ་བ་ཉེ་བའི་ཀ་བ་ཡི། །གྲོང་ཁྱེར་ནུབ་ན་གནས་པ་ཡིན། །གྲོང་ཁྱེར་འདམ་བུ་ཅན་གྱི་དྲུང་། །ཆུ་ཀླུང་འདམ་བུ་ཅན་ནི་ལྷོ། །འདི་དག་གིས་ནི་བར་རྣམས་ལ། །ཡུལ་དབུས་སུ་ནི་ཤེས་བྱ་སྟེ། །ཕྱི་རོལ་མཐའ་འཁོབ་ཅེས་བྱར་ནི། །མཐའ་ཡས་མཁྱེན་པས་གསུངས་པ་ཡིན། །ཞེས་པ་ལྟར་རོ། །དེ་ལྟ་ནའང་ད་ལྟ་ནི་ལུང་རྟོགས་ཀྱི་བསྟན་པ་གནས་པ་གང་ཞིག་ཆོས་ཚིགས་ཀྱི་ཡུལ་དབུས་སུ་བཟུང་ངོ་། །དེ་ལ་དུས་ཁྲིམས་དང། གཏན་ཁྲིམས་གཉིས་ལས་དང་པོ་ནི། སྤྱིར་སྡོམ་པ་སྐྱེ་བའི་རྟེན་ནི། བྱེ་བྲག་ཏུ་སྨྲ་བ་གླིང་གསུམ་གྱི་སྐྱེས་པའམ། བུད་མེད་གང་རུང་གིས་བླང་ཡུལ་དགེ་སློང་ཁོ་ན་ལ་འདོད་པ་དང་། དེའང་མ་ནིང་རིགས་ལྔ་དང་། སྤྲུལ་པ་དང་། མཚན་གཉིས་པ་དང་། མུ་སྟེགས་དང་། མཚམས་མེད་བྱས་པ་


JL00_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཕ་དང་མ་དང་། རྒྱལ་པོས་མ་གནང་བ་དང་། བྱ་རོག་སྐྲོད་མི་ནུས་པ་དང་། །རིགས་ལ་སྐྱོན་ཆགས་པ་དང་། སྐྲ་སེར་དང་རྡུམ་སོགས་ལུས་ལ་སྐྱོན་ཆགས་པས་ཁྱིམ་པ་རྣམས་མ་དད་པའི་རྒྱུ་བྱེད་པ་རྣམས་དང་བྲལ་བའོ། །མདོ་སྡེ་པ་ནི་དུད་འགྲོའི་རྟེན་ལའང་སྐྱེ་བར་འདོད་ཅིང་། དུས་ཁྲིམས་བླང་ཡུལ་ཀྱང་དགེ་བསྙེན་གསོ་སྦྱོང་ལ་གནས་པ་ཡན་ཆོད་དོ། །གཉིས་པ་གཏན་ཁྲིམས་ནི། སྐྱེས་པའི་བསླབ་ཚིགས་གསུམ་དང་། བུད་མེད་ཀྱི་བསླབ་ཚིགས་ལྔ་ལ་སྦྱོར་བའི་ཆོ་གའི་ལས་རིམ་དང་། འདུལ་བ་མདོ་རྩ་འགྲེལ། ལུང་རྒྱས་པའི་བསྟན་བཅོས་ས་སྡེ། མངོན་པ་མཛོད་རྩ་འགྲེལ་སོགས་ཁོང་དུ་ཆུད་ཅིང་བརྟན་མཁས་ཀྱི་ཡོན་ཏན་དང་ལྡན་པ། ཁྱད་པར་བསྒྲུབ་བྱའི་ངོས་ནས་མཐོང་ཐོས་དོགས་གསུམ་གྱི་སྐྱོན་མེད་པའི་མཁན་པོ་དང་རྒྱུད་བཟང་པོ་དང་ལྡན་པ་དག་ལས་ཆོག་མ་འཁྲུལ་བར་སྡོམ་པ་བླང་ངོ་། །འདིར་ནི་བསླབ་བྱའི་གནས་དབྱེ་བའི་ཕྱིར། དབྱེ་ན་དགེ་བསྙེན་རྣམ་པ་གཉིས་ཡིན་ཏེ། །སྣ་གཅིག་བསྲུང་བ་སྲོག་གཅོད་ལྟ་བུ་སྤང་། །དེ་སྟེང་མ་བྱིན་ལེན་སྤོང་ཕྱོགས་གཅིག་ལྡན། །དེ་སྟེང་རྫུན་སྨྲ་སྤང་བ་ཕལ་ཆེར་བསྲུང་། །དེ་སྟེང་འདོད་ལོག་ཆ་དང་བཅས་སྤང་ན། །ཡོངས་རྫོགས་བསྲུང་བའི་དགེ་བསྙེན་དག་ཏུ་འདོད། །རྩ་བཞི་ཆང་དང་ལྔ་ག་སྤང་བ་ལ། །ཚངས་པར་སྤྱོད་པའི་དགེ་བསྙེན་ཞེས་སུ་གྲགས། །དེ་ལ་འདུལ་བར་ཡོངས་རྫོགས་དགེ་བསྙེན་ལས་གཞན་པའི་འབོགས་མཆོག་མ་བསྟན་པས་སྡོམ་པ་ཞུ་བའི་དུས་བདག་དགེ་བསྙེན་དུ་བཟུང་དུ་གསོལ་ཞེས་སྨོས་ནས། བསླབ་པ་བརྗོད་པའི་དུས་དགེ་བསྙེན་གང་དང་གང་གི་མཚམས་འབྱེད་པ་ཡིན་ནོ། །དེའང་སྡོམ་པ་ནི་བརྗོད་པ་གསུམ་གྱི་ཐ་མ་ལ་སྐྱེ་ན། བསླབ་པ་ནི། དེའི་ཕྱི་ནས་བརྗོད་པས་མ་ངེས་


JL00_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྡོམ་པར་འགྲོ་སྙམ་པ་མི་བྱ་སྟེ། མདོ་སྡེ་བ་དེ་ལྟར་འདོད་སྲིད་ཀྱིས། ལུང་རྣམ་བཞི་ལས་བདག་ཆེ་གེ་མོའི་དགེ་བསྙེན་དུ་གཟུང་དུ་གསོལ། །ཞེས་བྱ་བ་མི་འབྱུང་བས་སོ། །སྤྱིར་བརྗོད་པ་གོང་མ་གཉིས་ལ་དོན་མ་མཆིས་པར། ཕྱི་མའི་གཟུང་དུ་གསོལ་བྷྱ་ཟད་རང་ནུས་པ་ཆེ་ནས་སྐྱེ་བ་མ་ཡིན། བརྗོད་པ་གསུམ་གྱི་ཐ་མ་ལ་གསུམ་ཀའི་ཐོབ་མཚམས་བརྗོད་པ་ཡིན་པས། སྐྱེས་སྙམ་པ་མཛོད་བྱ་བ་དེ། འདུན་པ་ལ་བརྟེན་ནས་མན་ངག་འདེབས་པའི་ངག་ཡིན་ནོ། །དེ་ལ་བྱེ་བྲག་ཏུ་སྨྲ་བའི་ལུགས་ལ། སྣ་གཅིག་བསྲུང་བ། ཕྱོགས་གཅིག་བསྲུང་བ། ཕལ་ཆེར་བསྲུང་བ། ཡོངས་རྫོགས་བསྲུང་བ་དང་བཞིར་བཤད་པའི་དང་པོ་ནི། རྩ་བ་བཞི་ལས་སྲོག་གཅོད་པའམ། མ་བྱིན་ལེན་པའམ། འདོད་ལོག་གམ། རྫུན་དུ་སྨྲ་བ་རྣམས་ལས་གང་རུང་བ་གཅིག་སྤོང་བ་ནི་སྣ་གཅིག་བསྲུང་བ་ལ། འདི་དག་ཀྱང་ཡུལ་གྱི་ཡན་ལག་ཏུ་མི་ཡིན་པ་དགོས་ཏེ། འགྲོ་བའི་གཙོ་བོ་ཡིན་པའི་ཕྱིར་རོ། །དེའི་སྟེང་དུ་མ་བྱིན་ལེན་བསྣན་ནས་བསྲུང་བ་ནི་ཕྱོགས་གཅིག་བསྲུང་བའོ། །དེའི་སྟེང་དུ་བརྫུན་དུ་སྨྲ་བ་དང་། གསུམ་བསྲུང་བ་ནི་ཕལ་ཆེར་བསྲུང་བའོ། །རྩ་བ་ཕྱེད་དང་བཞི་ཆང་དང་བཅས་སྤོང་བ་ནི་ཡོངས་རྫོགས་བསྲུང་བའི། །རྩ་བ་བཞི་ཆང་དང་ལྔ་སྤོང་བ་ནི་ཚངས་པར་སྤྱོད་པའི་དགེ་བསྙེན་ནོ། །དེ་ལ་ཆང་ནི་ཡན་ལག་ཏུ་བཞག་ཀྱང་། དེ་མ་སྤངས་ན་བསླབ་པ་གཞན་ཐམས་ཅད་བསྲུང་མི་ནུས་པའི་ཕྱིར་རོ། །དེ་དག་གང་ཡིན་ཡང་རུང་སྟེ་དུས་ནི་ཇི་སྲིད་འཚོའི་བར་དུ་བསྲུང་བའོ། །དེའང་རྩ་བ་བཞི་ལ་ཕྱེད་པའི་སྒྲ་རུ་ཞུགས་པ་ནི་འདོད་ལོག་དང་། ཚངས་སྤྱོད་ཀྱི་ཁྱད་པར་ལ་བརྗོད་པ་སྟེ། རྒྱལ་པོ་བྱམས་པའི་སྟོབས་ཀྱིས་


JL00_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་སྦྱིན་སྤུན་ལྔ་ལ་བསྙེན་གནས་ཕོག་པའི་ཆོ་ག་ལ་མི་ཚངས་སྤྱོད་ལ་འདོད་ལོག་ཏུ་བཤད་པ་ནི་ཁྱིམ་པས་བསྲུང་སླ་བ་ལ་དགོངས་ཏེ། མཛོད་ལས། ལོག་གཡེམ་ཤིན་ཏུ་སྨད་ཕྱིར་དང་། །སླ་ཕྱིར་མི་བྱེད་ཐོབ་ཕྱིར་རོ། །ཞེས་སོ། །བསྙེན་གནས་ནི། ཁྱིམ་ན་གནས་པ་རྣམས་དུས་ཐམས་ཅད་དུ་ཚངས་པར་སྤྱད་པ་དཀའ་བ་ཉིད་ཀྱིས་ཉིན་ཞག་གཅིག་པའི་ཚངས་སྤྱོད་ལ་སྦྱར་བའི་ཆེད་དུ་གསོ་སྦྱོང་ཡན་ལག་བརྒྱད་པ་བསྟན་ཏོ། །རབ་ཏུ་བྱུང་བའི་བསླབ་པའི་གནས་བཅུ་ལས། །གསེར་དངུལ་ལན་པ་བུ་སྨད་གསོ་ཕྱིར་གནང་། །གར་ཕྲེང་གཉིས་པོ་མཚང་ཆུང་གཅིག་ཏུ་འགྲང་། །ཡན་ལག་བརྒྱད་པའི་ཁྲིམས་ཞེས་གྲགས་པ་གང་། །བསྲུང་མཚམས་མེད་པར་རྟག་ཏུ་བསྲུང་བ་དེ། །ཙནྡྲ་གོ་མི་ལྟ་བུའི་དགེ་བསྙེན་ཡིན། །དེ་ལ་དགེ་ཚུལ་གྱི་སྤང་བྱ་བཅུ་ཐམ་པའི་སྟེང་ནས། གསེར་དངུལ་ལེན་པ་ནི་ཁྱིམ་པ་ལ་མི་དགག་སྟེ། བུ་སྨད་གསོ་དགོས་པ་ལ་དགོངས་སོ། །དེ་བཞིན་དུ་གར་སོགས་ཕྲེང་སོགས་དགེ་ཚུལ་ལ་རེ་རེར་བགྲང་ཡང་ཁྱིམ་པ་ལ་མཚང་ཆུང་བས་གཅིག་ཏུ་བགྲང་ངོ་། །ཞེས་ས་སྡེ་ལས་བཤད་པ་ཡིན་ལ། དོན་དུ་གསེར་དངུལ་ལེན་པ་ལས་གཞན་དགུ་པོ་ཐམས་ཅད་བསྙན་གནས་པས་སྤང་དགོས་ཀྱང་། ཐ་སྙད་ཙམ་དུ་ཡན་ལག་བརྒྱད་པའི་ཁྲིམས་སུ་གྲགས་པ་སྟེ། བཤེས་སྤྲིང་ལས། འཚེ་དང་ཆོམ་རྐུན་འཁྲག་པ་བརྫུན་དང་ནི། །ཆང་དང་དུས་མིན་ཟས་ལ་ཆགས་པ་དང་། །མལ་སྟན་མཐོ་ལ་དགའ་དང་གླུ་དག་དང་། །གར་དང་ཕྲེང་བའི་ཁྱད་པར་རྣམས་སྤོང་ཞིང་། །དགྲ་བཅོམ་ཚུལ་ཁྲིམས་རྗེས་སུ་བྱེད་པ་ཡི། །ཡན་ལག་བརྒྱད་པོ་འདི་དག་དང་ལྡན་ན། །གསོ་སྦྱོང་འདེད་སྤྱོད་ལྷ་ལུས་ཡིད་འོང་བ། །སྐྱེས་པ་བུད་མེད་དག་ལ་སྩོལ་བར་བགྱིད། །ཞས་ཉིན་ཞག་གཅིག་པའི་གསོ་སྦྱོང་གི་འབྲས་བུས་འདོད་པ་ན་སྤྱོད་པའི་ལྷ་


JL00_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་གང་འདོད་པར་སྐྱེ་བར་བསྟན་ཏོ། །ཡན་ལག་ནི་སྤྱིའི་ཡན་ལག་གོ་ཞེས་བཤེས་སྤྲིང་གི་འགྲེལ་ཆེན་ལས་བཤད་དོ། །དེ་ལྟར་བསྙེན་གནས་ཀྱི་སྡོམ་པའི་བསྲུང་བྱ་ཉིན་ཞག་ཕྲུགས་གཅིག་ཏུ་བསྲུང་བར་ཁས་བླངས་ནས་བསྲུང་བ་ནི་རང་གི་སྡོམ་པའི་མཚན་ཉིད་དེ་མངོན་པ་མཛོད་འགྲེལ་ལས། ནམ་བསྲུང་བའི་ཉིན་པར་བླང་གོས། དང་པོ་བླངས་ནས་ཕྱིས་བླང་མི་དགོས་པ་ནི་མེད་དོ། །ཞེས་བཤད་པས། ཁྱིམ་པ་རྣམས་ཀྱིས་ཉ་སྟོང་བརྒྱད་གསུམ་དང་། དུས་ཆེན་བཞི་གཙོ་བོར་གྱུར་བའི་དུས་ལ་བླང་ཞིང་བསྲུང་བའི་ཕྱིར་དུས་ཁྲིམས་དང། བསླབ་བྱ་དེ་ལྡན་གྱི་དགེ་བསྙེན་རྣམས་ཀྱིས་བླངས་ན་གསོ་སྦྱོང་དུ་འགྲོ་སྟེ། བསླབ་བྱ་གསོ་ཞིང་ཉེས་པ་སྤྱོད་པས་སོ། །དེ་ལྟར་བསྙེན་གནས་ཀྱི་བསླབ་བྱ་ཡན་ལག་བརྒྱད་པོ་དག་དུས་རེས་འགའ་བ་མ་ཡིན་བར་ཡོན་ཏན་གྱི་རྟེན་དུ་རྟག་པར་བསྲུང་བ་ལ་གོ་མིའི་དགེ་བསྙེན་ཞེས་བྱ་སྟེ་རྒྱལ་བུ་སྙིང་རྗེ་ཆེར་སེམས་དང་སློབ་དཔོན་ཙནྡྲ་གོ་མི་བཞིན་ནོ། །འོན་ཀྱང་འདི་གཞི་ཐམས་ཅད་ཡོད་སྨྲས་མི་བཞེད་ཀྱང་གནས་བརྟན་སྡེ་བའི་ལུགས་སུ་དབྱིག་གཉེན་བཞེད་དོ། །ཚངས་སྤྱོད་དགེ་བསྙེན་དང་འདི་གཉིས་ཁྱིམ་ཐབ་སྤངས་པས་ཁྱིམ་པའང་མ་ཡིན་ལ། རྟགས་མ་བླངས་པས་རབ་བྱུང་ཀྱང་མ་ཡིན་པའོ། །སྔོན་བསྟན་པ་ཡར་ལྡན་གྱི་ཚེ་རྨད་དུ་བྱུང་བའི་སློབ་དཔོན་ཆེན་པོ་ཙནྡའི་ཞབས་ཀྱང་སོ་སོ་ཐར་བའི་རིགས་འདི་ཙམ་ལ་བརྟེན་པར་སྣང་ངོ་། །གཞན་ཡང་སྐྱབས་གསུམ་འཛིན་པའི་དགེ་བསྙེན་དུ་གྲགས་པ་ནི། ནང་པ་སངས་རྒྱས་པར་ཚུད་པ་ཙམ་ལ་དགེ་བསྙེན་དུ་བཏགས་པ་ཡིན་ཏེ། སྡོམ་པ་ཀུན་གྱི་རྟེན་གཞི་ཙམ་ལས་རང་ངོ་ལ་སྡོམ་པ་སྐྱེ་རྒྱུ་མེད་པས་མཛོད་འགྲེལ་ལས་ཀྱང་། ལེགས་པར་སྤྱད་པ་ཙམ་ཡིན་གྱི། །སྡོམ་པ་ནི་མ་ཡིན་ནོ། །ཞེས་བཤད་དོ། །འོན་ཀྱང་ཉི་འོག་པ་དང་མདོ་སྡེ་པ་དག་དེ་དགེ་བསྙེན་གྱི་སྡོམ་པ་མ་ཡིན་ཡང་དགེ་བསྙེན་མཚན་ཉིད་པར་འདོད་པ་ནི་འཐད་དེ་མྱང་འདས་ལས། གང་ཞིག་སངས་རྒྱས་སྐྱབས་འགྲོ་བ། །དེ་ནི་ཡང་དག་དགེ་བསྙེན་ནོ། །ཞེས་


JL00_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པས་སོ། །དགེ་ཚུལ་སྲོག་གཅོད་གཞན་གྱི་ནོར་འཕྲོག་དང་། །མི་ཚངས་སྤྱོད་རྫུན་བཅོས་པའི་ཆང་ལ་སོགས། །གར་སོགས་ཕྲེང་སོགས་མལ་ཆེན་མ་ཐོབ་དང་། །ཕྱི་དྲོའི་ཁ་ཟས་གསེར་དངུལ་ལེན་པ་སྤང་། །བསླབ་པའི་གནས་བཅུ་འཛིན་པ་ཁྱད་པར་ཡིན། །དེ་ལ་ཚུལ་ཁྲིམས་ཀྱི་ཡོན་ཏན་ནི་མ་ཉམས་པ། སྐྱོན་མེད་པ། མ་འདྲེས་པ། མ་སྦགས་པ། མ་གོས་པ། རང་དབང་ཡོད་པ། མཁས་པས་བསྔགས་པ། ཏིང་ངེ་འཛིན་བསྒྲུབ་པ་ལྟེ་བརྒྱད་ཡིན་ཏེ། དེ་ལ་མ་ཉམས་པ་ནི་ཡང་དག་པར་བླངས་པ་ཕྱོགས་གཅིག་ཀྱང་མ་འདས་པའོ། །གལ་ཏེ་གཅིག་ལས་འདས་པས་ཀྱང་ཉམས་པར་འགྱུར་ལ། བསླབ་པ་མང་པོ་ཞིག་ལས་འདས་པས་ནི་སྐྱོན་ཅན་དུ་འགྱུར་ན་དེ་གཉིས་ཀ་མེད་པ་ནི་སྐྱོན་མེད་པའོ། །མི་དགེ་བའི་ཆ་དང་མ་འདྲེས་པས་མ་འདྲེས་པའོ། །སྲིད་པ་དང་ལོངས་སྤྱོད་ཀྱི་དོན་དུ་ཡོངས་སུ་མ་བསྔོས་པས་མ་སྦགས་པ། རྣམ་པ་གཞན་དུ་མི་འགྱུར་བས་མ་གོས་པ། དེ་ལྟར་མ་ཉམས་པ་ལ་སོགས་པའི་ཡོན་ཏན་ལྔ་པོ་དང་ལྡན་པའི་ཚུལ་ཁྲིམས་ནི་སྲེད་པ་ལས་ཐར་བས་རང་དབང་ཡོད་པ། ཚུལ་ཁྲིམས་དེ་ལྟ་བུ་ནི་མཁས་པ་རྣམས་དང་། འཕགས་པའི་ཚོགས་ཀྱིས་བསྔགས་པ། ཚུལ་ཁྲིམས་དང་ལྡན་པའི་སེམས་མཉམ་པར་འཇོག་པས་ཏིང་ངེ་འཛིན་ཀྱང་བསྒྲུབ་བར་བྱེད་ཅིང་། འདི་ལྟར་ས་ནི་འགྲོ་བ་རྒྱུ་དང་མི་རྒྱུ་བའི་སྐྱེ་བ་དང་། གནས་པ་དང་། འཕེལ་བའི་རྒྱུར་གྱུར་བ་བཞིན་དུ་ཚུལ་ཁྲིམས་དེ་ཡང་ཏིང་ངེ་འཛིན་ལ་སོགས་ཡོན་ཏན་ཐམས་ཅད་ཀྱི་གཞི་རྟེན་ཡིན་པའི་ཕྱིར་སློབ་དཔོན་འཕགས་པས། ཁྱེད་ཀྱི་ཚུལ་ཁྲིམས་མ་ཉམས་མོད་མི་དམའ། །མ་འདྲེས་མ་སྦགས་པ་དག་བསྟེན་པར་མཛོད། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་གསུངས། །ཞེས་སོ། །དེ་ལྟ་བུའི་ཚུལ་


JL00_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིམས་དག་པར་བྱེད་པ་ལ་བསྙེན་པར་རྫོགས་ནས་ལོ་བཅུ་ཕྲག་དང་། ལྔ་ཕྲག་བར་མ་ཆད་དུ་བརྟན་མཁས་ཀྱི་ཡོན་ཏན་གཉིས་དང་ལྡན་པར་མ་གྱུར་བར་རང་གི་མཁན་པོ་ཡོད་ན་དང་། མེད་ན་བླ་མར་འོས་པའི་དགེ་སློང་ཞིག་ལ་གནས་འཆའ་བའི་ཆོ་ག་བྱས་ནས། ཀ་རི་ཀ་ལས། བླ་མ་དག་གི་མདུན་དག་ཏུ། །མཆིལ་ལྷམ་སྐྱུགས་པ་མི་འདོར་ཞིང་། །སོ་ཤིང་ཟ་བར་མི་བྱ་སྟེ། །བརྟུལ་ཞུགས་ཅན་གྱི་སྟན་འདུག་མིན། །མདུན་དུ་བཅག་པར་མི་བྱ་ཞིང་། །གོས་གཅིག་དག་ཀྱང་བསྒོ་མི་བྱ། །ཞེས་པ་ལ་སོགས་པ་ལྟར་མཁན་པོ་དང་མཉམ་པར་བརྟེན་ནས་བྱ་བ་ཐམས་ཅད་རང་ཉམས་སུ་མི་གཏོང་བར་དེ་ལ་ཞུས་ནས་བྱ་དགོས་པ་ཡིན་ཏེ་བཤེས་སྤྲིང་ལས་ཀྱང་། དགེ་བའི་བཤེས་གཉེན་བསྟེན་པ་ཚངས་པར་སྤྱོད། །ཡོངས་སུ་རྫོགས་པར་ཐུབ་པས་གསུངས་དེའི་ཕྱིར། །ཞེས་པ་ལྟར་རོ། །དེ་ལ་ཇི་ལྟར་བསྲབ་པའི་དངོས་པོ་ནི། །སུམ་བརྒྱ་བ་ལས། གང་ཞིག་སྲོག་གཅོད་གཞན་གྱི་ནོར་འཕྲོག་དང་། །མི་ཚངས་སྤྱོད་རྫུན་བཅས་པའི་ཆང་ལ་སོགས། །གར་སོགས་ཕྲེང་སོགས་མལ་ཆེན་མ་ཐོབ་དང་། །ཕྱི་དྲོའི་ཁ་ཟས་གསེར་དངུལ་ལེན་པ་སྤོང་། །ཉོན་མོངས་དགྲ་གཡུལ་རྒྱལ་བྱེད་ཚུལ་ཁྲིམས་ཏེ། །དགེ་ཚུལ་བརྟུལ་ཞུགས་ཆུ་ལོན་བརྩིགས་པ་ཡི། །འཆི་བའི་མཆེ་བ་འབྱིན་པར་བྱེད་པའི་ཐབས། །རྫོགས་པའི་བྱང་ཆུབ་དཔལ་ནོད་དབང་བསྐུར་ཡིན། །ཅེས་སོ། །དེ་ལ་བསླབ་པར་བྱ་བའི་བཞི་བཅུ་གང་ཞེ་ན། རྩ་བ་བཞི་དང་ཡན་ལག་དྲུག་གི་དགག་བྱ་བཅུ་དངོས་སུ་བསྟན་ནས་དགག་བྱའི་ཆོས་རགས་པ་བཅུ་ངོས་འཛིན་པ་ཡིན་ཏེ། དེ་ཡང་རྩ་བ་བཞིའི་དང་པོ་གཞན་གྱི་སྲོག་ལ་གནོད་པ་ལས་ལྡོག་པའི་ལྡོག་མཚམས་ཤེས་པར་བྱ་བའི་སླད་དུ་སྲོག་གཅོད་པ་སྤང་བ་བཅས་པས། མིའམ། མིར་ཆགས་པའི་ཐ་སྙད་དང་ལྡན་པ་གསད་པ་དང་། དེ་


JL00_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་རིན་ཐང་ཚང་འི་དངོས་པོ་དགུ་བ་དང་། མི་ཚངས་པར་སྤྱོད་པ་དང་། མིའི་ཆོས་བླ་མའི་རྫུན་ཏེ་རྩ་བ་བཞི་པོ་ལ་གཞི་བསམ་སྦྱོར་བ་མཐར་ཐུག་གི་ཡན་ལག་ཚང་ན་ཕམ་པ་ཅེས་བྱ་སྟེ་ཁྲིམས་འགལ་དུ་གྱུར་བ་ཡིན་ནོ། །དེ་ཡང་འཆའ་མེད་ནི་གསོ་བར་རུང་ཞིང་། འཆབ་བཅས་གསོ་བར་མི་རུང་བསྔོ་བ་རང་སའི་འདོད་པ་ཉིད་ཀྱང་། འོད་ལྡན་ལས། མི་གསོད་ལ་སོགས་གཞི་རྣམས་ཀྱིས། །དགེ་ཚུལ་ལས་ནི་ཉམས་གྱུར་ན། །དགེ་སློང་བཞིན་དུ་དགེ་ཚུལ་ཡང་། །ཕྱི་ནས་སྡོམ་སྐྱེའི་སྐལ་བ་མེད། །ཅེས་དང་། རྒྱ་ཆེར་འགྲེལ་ལས། རྩ་བ་བཞི་ལ་དགེ་སློང་ཇི་ལྟ་བ་བཞིན་དུ་དགེ་ཚུལ་ཕ་མ་ལ་སང་མཚུངས་པར་བསྟན་པ་ཡིན་ནོ། །ཞེས་སོ། །བཤགས་བྱ་ཡན་ལག་གི་ཉེས་བྱས་དྲུག་ལས། ཆང་འཐུང་བ་ནི་བག་ཡོད་ཀྱི་ཡན་ལག་ལམ་ཉམས་པར་འགྱུར་ཏེ། འདུལ་བ་ལུང་ལས། ང་ལ་སྟོན་པར་ལས་འཆེ་བའི་དགེ་བསྙེན་ཡན་ཆོད་ཀྱིས་ཆང་མི་བཙོ། མི་བླུད། མི་བཏུང་། དེ་ལྟར་མི་བྱེད་ན་ཡང་ངའི་འཁོར་མིན་ལ། ང་ཡང་དེའི་སྟོན་པ་མིན་ནོ། །ཞེས་གསུངས་པས་འབྲུ་སྨན་མེ་ཏོག་ལ་སོགས་པ་ཕབས་ཀྱིས་བསྟབ་པའི་ཆང་མྱོས་འགྱུར་གྱི་རིགས་རྣམ་པ་གཉིས་ཕོ་གང་ཡང་རུང་བ་དག །གཞིའི་རྟེན་དགེ་ཚུལ་གྱི་སྡོམ་པ་ལེགས་པར་ཐོབ་ལ་མ་ཉམས་པ་དེས། བསམ་པ་འདུ་ཤེས་མ་འཁྲུལ་ཞིང་། སྦྱོར་བ་འཐུང་བར་བྱེད་པ། མཐར་ཐུག་མགྲིན་པར་མེད་པས་ཕམ་པ་དང་འདྲ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་བའི་དགག་བྱའང་ཆང་བཏུང་བས་འདུ་ཤེས་འཁྲུལ་བར་གྱུར་ནས་མཚམས་མེད་པ་བཞི་དང་། ལྟུང་བ་དང་ཉས་སྤྱོད་ཐམས་ཅད་ཀྱི་རྒྱུར་འགྲོ་བས་སོ་སོ་ཐར་བའི་དུས་ན་བསླབ་པའི་གཞི་འདི་ནི་ཁ་ན་མ་ཐོ་བ་ཆེན་པོར་བཅས་པ་ཡིན་ཏེ། པཎྜི་ཏ་སན་ཇེ་ནས་ཀྱང་། གང་ཞིག་བཏུང་ནས་ཚུལ་ཁྲིམས་ཏིང་འཛིན་དང་། །ཤེས་རབ་


JL00_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བ་འཚེ་བ་ཆོ་ག་དང་། །དྲན་པ་ཤེས་བཞིན་དད་པ་བརྩོན་འགྲུས་ཉམས། །དགེ་ཆོས་ཆུད་གཟོན་དེ་ནི་བཏུང་མི་བྱ། །ཐུབ་པས་དགའ་བ་ཅན་གྱི་མདོ་ལས་ནི། །མྱོས་འགྱུར་ཉེས་པ་ཉི་ཤུ་རྩ་ལྔ་གསུངས། །ཞེས་སོགས་བཤད་དོ། །ལྷག་མ་ལྔ་པོ་ལ་བརྟུལ་ཞུགས་ཀྱི་ཡན་ལག་ཅེས་བྱ་སྟེ། གར་སོགས་ནི། རང་དགར་རྒོད་བག་གི་ལུས་ཀྱི་གར་དང་། ངག་གི་གླུ། སྒྱུར་བྱེད་རོལ་མོ་འཁྲོལ་བ་གསུམ་སྡེབ་པ་ལ་སོགས་པའི་དགག་བྱ་ནི། རྩེད་འཇོའི་བསམ་པ་དེས་འཁོར་བ་ལ་ཆགས་པ་འཕེལ་ཞིང་། རྒྱགས་དང་དྲེགས་པར་འགྱུར་བས་བཀག་པའོ། །ཕྲེང་སོགས་ནི་ཁྲེང་བ་དང་། སྤོས་ཉུག་པ་དང་། རྒྱན་དང་ཁ་དོག་འཆང་བ་ཞེས་བཤད་པས། རིན་པོ་ཆེའམ། དེས་བརྒྱན་པའི་ཕྲེང་བ་དང་། དྲི་ཞིམ་པོས་ལུས་བགོ་བ་དང་། འཇིག་རྟེན་ན་རྒྱན་དུ་མཛེས་པར་གྲགས་པས་ལུས་འཚོར་སྒེག་བྱེད་པ་དཔེར་ན་རྒྱ་ཞྭ་ལ་འཕྲུ་འདེབས་པ་དང་། སྤྱི་བླུགས་ཆགས་ལྡན་གྱིས་བརྟེན་པ་སོགས་མཐའ་དག་པའོ། ཁ་དོག་ནི་ཡུལ་དུས་གནས་སྐབས་ལ་མཛེས་པའི་བཟང་གོས་ལ་སོགས་པ་དག་གོ །མལ་སྟན་མཐོ་བ་ནི། རིན་པོ་ཆེ་ལས་གྲུབ་པའི་ཁྲི་སྟན་ནམ། དེས་སྤྲས་པ་དང་། ཁྲི་རིང་གི་ཁྲུ་གང་ལས་ལྷག་པ་ལ་འདུག་པའོ། །དེ་དག་རྣམས་ཀྱང་བྱེད་པ་པོ་གཞན་གྱིས་བསོད་ནམས་འདོད་ནས་བསྟབས་པ་དང་། ཆོས་འཆད་པའི་གནས་སྐབས་མ་ཡིན་པ་ཞེས་སུམ་བརྒྱ་པ་ལས་བཤད་དེ། ཕྱི་དྲོའི་ཁ་ཟས་ནི་དུས་མ་ཡིན་པའི་ཟས་སོ། །བཟའ་བའི་དུས་ནི་སྐྱ་རེངས་ཤར་ནས་ཉི་མ་ཕྱེད་ཀར་སོང་བའི་བར་རོ། །སྐྱ་རེངས་ནི་ནམ་ལ་ཆ་དགུར་བྱས་པའི་བདུན་པའི་ཕྱེད་ལུས་པ་ལ་འཆར་ཏེ། དེའི་བར་ལའང་སྟོན་པས་ཐར་བ་བསྒྲུབ་པའི་ལུས་བརྟས་པར་བྱ་བ་དང་། སྲིན་བུ་གསོ་བའི་དོན་དུ་གནང་བ་ཡིན་སྙམ་པས་སྤྱོད་པའོ། །ཡང་དུས་ནི་བདག་ཉིད་དེས་ཕན་པའི་ནད་བུ་ཅན་མ་ཡིན་པ་


JL00_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

དང་། མུ་གེས་ཕོངས་པའི་དུས་ཅན་མ་ཡིན་པའོ། །ཕྱོགས་དང་མཐུན་པ་ནི། ཕྱེད་གོང་ཡིན་ཀྱང་ཐོག་མ་དང་ཐ་མར་ཆུས་མ་བཅད་པ་དང་། སྨན་ཡིན་ཡང་ཐུན་ཚོད་དུ་རུང་བའི་སྨན་ཞོ་དཀྲུགས་ལ་སོགས་པ་བཞིན་མི་སྣང་བ་ཕྱི་དྲོ་འཐུངས་པ་དང་། ཞག་བདུན་པའི་སྨན་མར་དང་བུར་མ་ལ་སོགས་པ་རུང་ཆུས་མ་བཏབ་ཅིང་བྱིན་གྱིས་མ་བརླབས་པར་ཟོས་པ་དང་། འཚོ་བའི་བར་དུ་བཅང་བའི་སྨན་ཇ་ལ་སོགས་པ་རུང་ཆུས་མ་བཏབ་པའམ། རང་གིས་ཐོག་མར་ཆུས་ཁ་མ་བཤལ་བར་འཐུང་བ་ལ་སོགས་པའོ། །གཞན་ཡང་ཞག་ལོན་པ་ཟ་བ་དང་། འབགས་ལངས་དང་། རྣམ་པ་གསུམ་གྱི་དག་པ་མ་ཡིན་པའི་ཤ་བཟའ་བ་དང་། གསོག་འཇོག་ལ་སོགས་པ་ནི་བསྡམ་པར་བྱ་བའི། དགག་བྱ་ནི་ལུས་རྒྱགས་པ་འཕེལ་ཞིང་བྱ་བ་མ་ཡིན་པ་ལ་འཇུག་པའི་རྒྱུར་འགྱུར་བའོ། །གསེར་དངུལ་ལེན་པ་ནི། དེ་ལ་སོགས་པའི་རིན་པོ་ཆེ་མཚན་ཉིད་དང་ལྡན་པ་ལ་བྱིན་རླབས་མ་བྱས་པར་རིག་ཅིང་ལེན་པ་སྟེ། གཞི་བསམ་སྦྱོར་བ་མཐར་ཐུག་ནི་སྔ་མ་དང་མཐུན་ནོ། །དགག་བྱ་ནི། དངོས་པོ་རིན་ཐང་ཅན་ལ་ཞན་པ་འཕེལ་བས་ན། དམན་པ་ཟངས་ལྕགས་དང་། པ་ན་ལ་སོགས་པ་ཡང་བསྡམ་བྱའོ། །དེ་ལྟར་རྣམ་པ་བཅུར་བསྡུས་པ་ནི་པྲེ་ཇིའི་བུ་བཞིན་དུ་བསླབ་གཞི་མང་པོ་ཐོས་པས་ཞུམ་པ་སྐྱེས་ཏེ། སྡོམ་པ་ལེན་པ་ལས་ལྡོག་པ་སྤང་བའི་ཆེད་དུ་རགས་པ་བཅུར་དྲིལ་ནས་གསུངས་ཀྱང་། ཞིབ་མོར་ཕྱེ་ན་སུམ་ཅུ་རྩ་གསུམ་དུ་ཡོད་དེ། ཇི་སྐད་དུ། རྩ་བཞི་གསད་གསུམ་གཞི་མེད་ནས། །སུན་འབྱིན་པར་ལྔ་ཤེས་བཞིན་བཤེས། །འཕྱ་དང་ཟས་ཅུང་ལྷག་མས་བཀུར། །ཉེར་འཇོག་འབྲས་ཆེན་འགེབས་དང་ཆང་། །གར་གསུམ་ཕྲེང་གསུམ་མལ་ཆེན་མཐོ། །དུས་མིན་རིན་ཆེན་བར་མ་གསུམ། །དེ་ལྟར་སུམ་ཅུ་རྩ་གསུམ་མོ། །ཞེས་རྩ་བ་བཞི་པོའི་སྟེང་དུ། སྲོག་


JL00_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་ཀྱི་ཕམ་འདྲའི་ཆར་གཏོགས་པ་དུད་འགྲོ་གསོད་པ་དང་། སྲོག་ཆགས་དང་བཅས་པའི་རྩ་དང་ཆུར་འདེབས་པ། སྲོག་ཆགས་དང་བཅས་པའི་ཆུར་སྤྱོད་པ་སྟེ་གསོད་པ་རྣམ་པ་གསུམ་དང་། རྫུན་གྱི་ཆར་གཏོགས་པ། གཞི་མེད་དང་། བག་ཙམ་གྱི་ཕམ་པའི་བསྐུར་འདེབས། དགེ་འདུན་གྱི་དབྱེན་དེའི་རྗེས་ཕྱོགས། ཁྱིམ་པ་སུན་འབྱིན། ཤེས་བཞིན་དུ་བརྫུན་སྨྲ། བཤེས་ངོར་འཕྱ་བ། ཞལ་ཏ་བར་འཕྱ་བ། ཟས་ཅུང་ཟད་ཀྱི་ཕྱིར་ཆོས་སྟེན་ཞེས་བསྐུར་འདེབས། ལྷག་མའི་བསྐུར་འདེབས། བསླབ་པ་ཁྱད་གསོད་ཀྱི་སྤོང་བ། ལྷག་པོ་ལེན་ཕྱིར་འབྲས་ཆེན་འགེབས་པ་སྟེ་བཅུ་གཉིས་བསྣན་པས་བཅུ་དགུ། དེའི་སྟེང་དུ། མྱོས་པར་འགྱུར་བ། གར་སོགས་གསུམ། ཕྲེང་སོགས་གསུམ། མལ་རིན་ཐང་ཆེ་བ་དང་། མཐོ་བ་རྣམས་སོ་སོར་བགྲངས་པ་དང་། ཕྱི་དྲོའི་ཁ་ཟས། གསེར་དངུལ་ལེན་པ་རྣམས་བསྣན་པས་སུམ་ཅུ། འོག་ནས་འབྱུང་བའི་ཉམས་པ་གསུམ་དང་བཅས་པས་ཕྱོགས་མཐུན་སུམ་ཅུ་རྩ་གསུམ་མོ། །ཕྱོགས་མཐུན་པ་ནི་དགེ་ཚུལ་ལ་ཉེས་མེད་བཅུ་གསུམ་སྟེ། དེ་དག་བཀག་ན་དགེ་ཚུལ་བསྟན་པ་ལ་འཇུག་པ་འགེགས་སུ་འགྱུར་བ་དང་། དགེ་སློང་གི་གཡོག་མི་འགྲུབ་པ་དང་། རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་པས་སོ། །དེ་བས་ན་བྱེ་བྲག་བཤད་མཛོད་ལས། འཆང་བ་དང་ནི་འབྲལ་བ་དང་། །དེ་བཞིན་ས་ནི་བརྐོ་བ་དང་། །རིན་ཆེན་རིག་དང་མེ་ལ་རེག །སྤངས་ནས་ཟ་བར་བྱེད་པ་དང་། །ལྗོམ་ཤིང་འཇོག་དང་ཤིང་གཅོད་དང་། །བྱིན་ལེན་མ་བྱས་ཟ་བ་དང་། །རྩ་སྔོན་མི་གཙང་འདོར་བ་དང་། །དེ་བཞིན་གསོག་འཇོག་ཟ་བ་དང་། །ས་བོན་འཇོམས་དང་བསླབ་པའི་གཞི། །བཅུ་པོ་རྣམས་ནི་མ་གཏོགས་པ། །སོ་སོ་ཐར་བར་བསྟན་པ་དང་། །བླངས་པའི་ཕྱོགས་མཐུན་ཤེས་པར་བྱ། །ཞེས་པ་ལས་འཆང་བ་ལ་གཉིས་སུ་ཕྱེ་བའི་ཉེས་མེད་བཅུ་གསུམ་རྣམས་མ་གཏོགས་པའི་འདུལ་བ་གཞི་དང་། ལུང་རྣམ་འབྱེད་ལས་བསྟན་པའི་སྤང་


JL00_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

བླང་ཕལ་ཆེར་དགེ་སློང་དང་མཚུངས་པ་ཡིན་ལ། འོན་ཀྱང་དེ་ཐམས་ཅད་དགེ་ཚུལ་གྱི་སྐབས་འདིར་ཕྱོགས་མཐུན་གྱི་ཉེས་བྱས་སུ་འགྱུར་བས། བཤགས་པའི་ཚེའང་བཤགས་ཡུལ་ལ་མི་ལྟོས་པར་ཡིད་ཀྱིས་བསྡམས་པས་འདག་པ་ཡིན་ཏེ། མདོ་རྩར། དེའི་ཕྱོགས་དང་མཐུན་པ་ལ་ཡིད་ཀྱིས་སོ། །ཞེས་བཤད་དོ། །དེ་ལྟར་བཤད་མ་ཐག་པ་ཉེས་མེད་བཅུ་གསུམ་པོའི་སྟེང་དུ། ཟླ་འཇོག་གསོག་འཇོག་དགོན་པ་འབྲལ། །མ་སྨྲས་འདུན་བསྒྱུར་མ་རྫོགས་ཉལ། །ཞེས་དྲུག་བསྣན་ནས་བཅུ་དགུར་འདོད་པ་དང་། འདུན་པ་ཕྱིར་བསྒྱུར་དོར་ནས་ལས་ཀྱི་གནས་ནས་མི་སྨྲ་བར་འགྲོ་བ་དང་། དགེ་ཚུལ་ནང་དུ་ནུབ་ལྷག་ཉལ་བསྲུང་མི་དགོས་ཀྱང་ཁྱིམ་དང་བསྲུང་དགོས་པ་ཕྱེད་དུ་བརྩིས་ཏེ། ཉེས་མེད་ཕྱེད་དང་བཅོ་བརྒྱད་དུ་བོད་ཀྱིས་ཕྱེའོ། །ཡང་ཁྱིམ་པའི་རྟགས་སྤང་བ། རབ་བྱུང་གི་རྟགས་ལེན་པ། མཁན་པོར་བརྙས་པ་མ་ཡིན་པ་གསུམ་ནི་རབ་བྱུང་གི་སྡོམ་པས་མ་བསྡམས་པར་བར་མ་རབ་བྱུང་ཙམ་བླངས་པའི་བླང་འདས་དངོས་ཡིན་ལ། གལ་ཏེ་དེ་ལྟར་མ་བསྲུངས་ན། བསམ་པ་ཐག་པས་ཁྱིམ་པའི་རྟགས་ཉིན་གཅིག་བླངས་ཀྱང་གཏོང་བྱེད་ཀྱི་རྒྱུར་བཤད་དེ། མཛོད་ལས། བར་མ་ཤུགས་བླངས་བྱ་བ་དང་། །དོན་ཚེ་རྩ་བ་ཆད་པ་ལས། །ཞེས་སོ། །དགེ་ཚུལ་ལ་ཉམས་པ་གསུམ་པོ་འདི་ཕྱོགས་མཐུན་གྱི་ཉེས་བྱས་སུ་འགྱུར་ལ། དེ་བཞིན་དུ་སུམ་བརྒྱ་བར་བཤད་པ་རྣམས་ཀྱང་ཕྱོགས་མཐུན་དུ་བསྲུང་དགོས་པ་ཡིན་ན། དགེ་སློབ་མ་ན་དེ་སྟེང་སྐྱེས་པ་ལ། །རེག་པ་ལ་སོགས་སྤོང་བྱེད་བཅུ་གཉིས་ཀྱི། །གཉེན་པོ་དང་བཅས་བུད་མེད་ཉོན་མོངས་པས། །ལོ་གཉིས་ལ་སོགས་ཐུབ་བམ་མི་ཐུབ་བརྟག །དེ་ལ་དགེ་སློབ་མ་ནི་དགེ་ཚུལ་གྱི་བསླབ་གཞི་བཅུ་ཐོབ་པའི་སྟེང་དུ་དགེ་སློབ་མའི་སྔ་མ་པ་བླངས་ནའོ། །དེའང་


JL00_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

བུད་མེད་ཉོན་མོངས་པས་སྔོན་ལ་ལོ་གཉིས་སུ་ཐུབ་པ་མ་མི་ཐུབ་རང་ཉམས་ལ་བརྟག་དགོས་པའོ། །དེ་ལ་རང་གི་བླང་འདས་ཁྱད་པར་བ་སྤོང་བྱེད་བཅུ་གཉིས་ནི་རྩ་བའི་ཆོས་དྲུག་དང་། རྗེས་མཐུན་གྱི་ཆོས་དྲུག་ལས། དང་པོ་ནི། ས་གའི་ལྷས། གཅིག་པུར་ལམ་དུ་མི་འགྲོ་ཞིང་། །ཆུ་བོའི་ཕ་རོལ་རྐྱལ་མི་བྱ། །སྐྱེས་པ་ལ་ནི་མི་རེག་ཅིང་། །དེ་དང་ལྷན་ཅིག་འདུག་མི་བྱ། ཁ་ན་མ་ཐོ་མི་འཆབ་ཅིང་། །སྨྱན་དུ་གྱུར་བ་མི་བྱ་སྟེ། །རྩ་བའི་ཆོས་དྲུག་འདི་དག་ནི། །དགེ་སློང་མ་ལ་གསུངས་པ་ཡིན། །ཅེས་དང་། གཉིས་པ་ནི། དེ་ཉིད་ལས། ས་ལེ་སྦྲམ་ནི་ལེན་པ་དང་། །གསང་བའི་གནས་ཀྱི་སྤུ་དྲེགས་དང་། །ས་རྣམས་བརྐོ་བར་བྱེད་པ་དང་། །རྩ་སྔོན་ལ་སོགས་གཅོད་པ་དང་། །བྱིན་ལེན་མ་བྱས་ཟ་བ་དང་། །གསོག་འཇོག་བྱས་པ་ཟ་བ་ལས། །ལྡོག་པ་ཞེས་བྱ་དེ་བཞིན་གཞན། །རྗེས་མཐུན་དྲུག་ནི་ཆོས་སུ་འདོད། །ཅེས་སོ། །ཕྱོགས་མཐུན་བསྡམ་བྱ་ནི། ཉེས་མེད་བདུན་མ་གཏོགས་པ་དགེ་སློང་མ་དང་བསླབ་གཞི་མཐུན་པའོ། །ཉེས་མེད་བདུན་ནི། འཆང་དང་འབྲལ་དང་མེ་རེག་དང་། །བླངས་པ་ཟ་དང་ས་བོན་འཇིག །རྩྭ་སྔོན་ཡོད་པའི་ཕྱོགས་དག་ཏུ། །མི་གཙང་འདོར་དང་ཤིང་ལ་འཛེག །ཅེས་སོ། །དག་སློང་རྩྭ་བའི་ཕམ་པ་བཞི་དག་དང་། །ལྷག་མ་བཅུ་གསུམ་ཕམ་ལྟུང་སུམ་ཅུ་དང་། །ལྟུང་བྱེད་འབའ་ཞིག་དགུ་བཅུ་ཐམ་པ་དང་། །སོར་བཤགས་སྡེ་བཞི་ཉེས་བྱས་བརྒྱ་བཅུ་གཉིས། །ཉིས་བརྒྱ་ལྔ་བཅུ་རྩ་གསུམ་རྣམ་གྲངས་དང་། །ཞེས་བསླབ་པའི་གནས་ཉིས་བརྒྱ་དང་ལྔ་བཅུ་རྩ་གསུམ་གྱི་གྲངས་ངེས་པས་བསྡུ་བ་ལས། དང་པོ་སྡོམ་པའི་རྩ་བ་ཕམ་པ་བཞི་པོ་ལས་གང་ཡང་རུང་བ་ཞིག་བཅས་ལྡན་དགེ་སློང་གིས་སྤྱད་ནས་སྐད་ཅིག་མའི་ཡུན་དུ་བཅབས་ཀྱང་སྡོམ་པ་ལྷག་མ་མེད་པར་གཅོད་པར་འགྱུར་བ་རྩ་


JL00_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ལྟུང་བ་སྟེ། དཔེར་ན་ལྗོན་ཤིང་གི་རྩ་བ་བཅད་ན་ཡན་ལག་རྣམས་བླ་ལ་ཆགས་པ་མ་ཡིན་པ་བཞིན། མི་མཐུན་ཕྱོགས་ཀྱི་གཉེན་པོ་མཐུ་མེད་པར་བཅོམ་པས་ན་ཕམ་པའམ། ལྟུང་བ་འདིས་ཕས་ཕམ་པར་འགྱུར་བར་སྤྱོད་པས་ན་ཕས་ཕམ་པ་ཞེས་བྱའོ། །དེ་ཡང་འདུལ་བ་གླེང་གཞིས་འཆད་པ་ཡིན་པས། སྟོན་པ་མངོན་པར་སངས་རྒྱས་ནས་ལོ་བཅུ་གསུམ་པ་ལ་ཡུལ་སྤོང་བྱེད་དུ་གང་ཟག་དགེ་སློང་བཟང་སྦྱིན་ཉོན་མོངས་པ་འདོད་ཆགས་ཀྱི་དབང་དུ་གྱུར་ནས་སྔན་ཆད་ཀྱི་ཁྱིམ་ཐབ་ལ་མི་ཚངས་སྤྱོད་སྤྱད་པ་ལ་བརྟེན་ནས་བཅས་པ་འདི་མཛད་དོ། །མི་ཚངས་སྤྱོད་དེ་ལའང་གཞི་བསམ་སྦྱོར་བ་མཐར་ཐུག་གི་ཡན་ལག་བཞི་ཚང་པ་ལས་ཕམ་པར་འགྱུར་ཏེ། གཞི་ནི། བརྟེན་བྱ་ཡུལ་འཁྲིག་པ་ལས་བྱུང་བའི་བདེ་བའི་རོ་མྱང་ནུས་ཀྱི་ཡན་ལག་གི་དེ་ཉིད་ཚང་ཞིང་ཆ་ཀུན་ནས་བཟུང་བར་འོས་པ་དེའི་མཚན་ནམ། གཤང་ལམ་མམ། ཁའི་སྒོ་གསུམ་པོ་གང་ཡང་རུང་བར། བསམ་པ་ངོ་ཚ་དང་འཇིགས་སྐྲག་མེད་ཅིང་འདུ་ཤེས་མ་འཁྲུལ་ལ་ཆགས་སེམས་དང་ལྡན་པ་ལས་ཀུན་སློང་རེག་པའི་བདེ་བ་ཉམས་སུ་མྱོང་འདོད་ཀྱིས། སྦྱོར་བ་བསྟེན་བྱ་གང་ཡིན་པ་བསྟེན་བྱེད་དབང་པོ་ནད་མེད་ལས་སུ་རུང་བ་ཉིད་སྩལ་ཤིང་དྲུད་པས། མཐར་ཐུག་ལམ་གསུམ་གྱི་མཚམས་ལས་འདས་ནས་སིམ་པ་ཐོབ་པ་སྟེ་ཡན་ལག་བཞི་པོ་ཚང་ན་མི་ཚངས་སྤྱོད་ཀྱིས་ཕས་ཕམ་པ་ཞེས་བྱ་སྟེ་ཚངས་སྤྱོད་ལས་ཉམས་པའོ། །གཉིས་པ་མ་བྱིན་ལེན་གྱི་ཕམ་པ་ནི། གླེང་གཞི་རྒྱལ་པོའི་ཁབ་ཏུ་དགེ་སློང་ནོར་ཅན་གྱིས་རང་གི་ཁང་བ་བརྩིག་པའི་ཕྱིར་མ་སྐྱེས་དགྲའི་ཤིང་བརྐུས་པ་ལ་བརྟེན་ནས་བཅས་སོ། །གཞི་ནི། གཞན་གྱིས་བདག་ཏུ་བྱས་པའི་རྫས་རིན་


JL00_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

ཐང་ཚང་བ་སྟེ། རིན་ཐང་གི་ཚད་ནི་ཀརྵ་པ་ཎའི་བཞི་ཆའོ། །འགྲོན་བུ་བསྲེགས་ཐལ་ནི་གོ་ལ་དང་འདབ་མར་བསྡེབས་ནས་བཟའ་བར་བྱེད་པས་འགྲོན་བུ་ཉི་ཤུ་ཐམ་པ་ལ་ཀ་ཀ་ནི་གཅིག་ཀ་ཀ་ནི་བཞི་ལ་མ་ཤ་ཀ་གཅིག་སྟེ་འགྲོན་བུ་བརྒྱད་ཅུ། མ་ཤ་ཀ་ཉི་ཤུ་ལ་ཀརྵ་པ་ཎ་གཅིག་སྟེ་འགྲོན་བུ་ཆིག་སྟོང་དྲུག་བརྒྱ་འོད། དེའི་བཞི་ཆ་ལ་འགྲོན་བུ་བཞི་བརྒྱ་ཐམ་པ་མ་ཤ་ཀའི་རིན་ཐང་གི་ཚད་དེ། སྤྱིར་རིན་ཐང་དུས་ཀྱིས་འགྱུར་འགྲོ་བས། སངས་རྒྱས་ཞལ་བཞུགས་པའི་དུས་མ་ཤ་ཉི་ཤུ་ལ། ཀརྵ་པ་ཎ་གཅིག་ཏུ་བྱེད་ཀྱང་། སློབ་དཔོན་ཤཱཀྱ་འོད་ཀྱི་དུས་རིན་ཐང་ཆགས་ནས་མ་ཤ་དྲུག་ཅུ་ལ་ཀརྵ་པ་ཎར་བརྩི་བ་ཡིན། འདིར་མདོ་རྩ་བ་ལས་འབྲིང་ཚད་མ་ཤ་ཀ་ལྔ་ལ་བཤད་པ་ལྟར་རོ། །འོ་ན་ལྗང་རྡོར་མངའ་བདག་རལ་བ་ཅན་གྱི་དུས་རྒྱ་གར་དང་བསྟུན་ནས་གཏན་ལ་ཕབ་པ་ལྟར་གསེར་ཐང་དུ་བརྩི་ན། མ་ཤ་ཀ་ལ་གསེར་སེ་བ་དོ། །དེ་ལྔ་ལ་ཀརྵ་པ་ནའི་་བཞི་ཆ་སྟེ་གསེར་སེབ་བཅུའམ། དེ་རི་བའི་ནས་ལ་སོགས་པ་སྟེ། འདུལ་བ་ཀཱ་རི་ཀ་ལས། ཀརྵ་པ་ནིའི་བཞི་ཆ་བརྐུས། དེ་བརྐུས་ཚུལ་ཁྲིམས་ཞིག་པར་འགྱུར། །ཞེས་པ་ལྟར། བསམ་པ་གཞན་གྱི་རྫས་ཡིན་པར་འདུ་ཤེས་བཞིན་དུ། ཀུན་སློང་ཕ་རོལ་པོའི་ནོར་ལ་ཆགས་སེམས་ཀྱིས་བརྐུ་བར་འདོད་པ། སྦྱོར་བ་ལུས་ངག་གིས་བདག་གིར་བྱས་ཤིང་། །མཐར་ཐུག་རང་གིས་བརྐུས་པའམ། གཞན་ལ་བརྐུར་བཅུག་ཀྱང་རུང་སྟེ་ཡུལ་ལ་གནོད་པ་རྫོགས་ཤིང་རང་ལ་ཐོ་བ་བློ་སྐྱེས་པའོ། །གསུམ་པ་སྲོག་གཅོད་ཀྱི་ཕམ་པ་ནི། གླེང་གཞི་ཡུལ་སྤོང་བྱེད་སྒྲོན་ཤིང་གི་ཚལ་དུ། བསམ་གཏན་པ་དྲུག་ཅུ་མི་སྡུག་པའི་ཏིང་ངེ་འཛིན་སྒོམ་པ། ལུས་མི་གཙང་བས་ཡིད་ཕྱུང་ནས་དགེ་སྦྱོང་སྤང་དེ་གསོད་དུ་


JL00_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

བཅུག་པ་ལ་བརྟེན་ནས་བཅས་སོ། །གཞི་ནི་མིའམ་མིར་ཆགས་པ་རང་ལས་རྒྱུད་གཞན་པའོ། །བསམ་པ་ནི་བསད་བྱ་ཡིན་པར་འདུ་ཤེས་མ་འཁྲུལ་ལ། ཀུན་སློང་ཞེ་སྡང་ངམ་དེའི་ཆར་གཏོགས་པས་གསོད་སེམས་དོན་དུ་གཉེར་ཞིང་། སྦྱོར་བ་དུག་མཚོན་ནམ། དེ་ལ་འཆི་བའི་བསྔགས་པ་བརྗོད་དེ་འཆིར་འཇུག་པའམ། གཞན་གསོད་དུ་འཇུག་པ་དང་། གསོད་པ་ལ་རྗེས་སུ་ཡི་རང་བ་བརྗོད་པ་ལ་སོགས་པས་རྐྱེན་བྱས་ཏེ། མཐར་ཐུག་རང་གི་སྔོན་དུ་བསང་བྱའི་སྲོག་འགགས་པའོ། །དེའང་གཅིག་གིས་བསད་ཀྱང་གསོད་པའི་གྲོས་སུ་ཐེ་བའི་དགེ་སློང་ཡོད་དོ་ཅོག་པ་ཕམ་པ་འབྱུང་སྟེ། མཛོད་ལས། དམག་ལ་སོགས་པ་དོན་གཅིག་ཕྱིར། །ཐམས་ཅད་བྱེད་པ་པོ་བཞིན་ལྡན། །ཞེས་སོ། །བཞི་བ་བརྫུན་དུ་སྨྲ་བའི་ཕམ་པ་ནི། གླེང་བཞི་ཡུལ་ཡངས་བ་ཅན་དུ་ཉ་བ་ལྔ་བརྒྱ་ལས་རབ་ཏུ་བྱུང་བ་དེ་སྙེད་ཀྱིས་མི་ཆོས་བླ་མའི་བརྫུན་ལ་བརྟེན་ནས་བཅས་སོ། །གཞི་ནི་གང་ལ་སྨྲ་བའི་ཡུལ་རང་ལས་རྒྱུད་གཞན་གྱིས་བསྡུས་པའི་མིའི་ཐ་སྙད་ལྔ་དང་ལྡན་པ་སྟེ། སྨྲ་ཤེས་པ། དོན་གོ་བ། ཤེས་པ་རང་བཞིན་དུ་གནས་པ། མ་ནིང་དང་། མཚན་མ་གཉིས་པ་མ་ཡིན་པའོ། །གང་སྨྲ་བའི་སྒྲ་ལས་འདོད་ཁམས་ལས་གོང་དུ་འཕགས་པའི་བསམ་གཏན་དང་པོ་ནས་སངས་རྒྱས་ཀྱི་བར་གྱི་འཇིག་རྟེན་ལས་འདས་པའི་ཡོན་ཏན་གང་རུང་སྟེ། འདི་ལྟར་འཇིག་རྟེན་པའི་ཆོས། མི་དང་མི་མ་ཡིན་པ་ལྷ་དང་ཀླུ་ལ་སོགས་པའི་འགྲོ་བ་བཅུ་གསུམ་པོའི་གཟུགས་མ་མཐོང་བཞིན་དུ་མཐོང་བ་ལྟར་དང་། སྒྲ་མ་ཐོས་བཞིན་དུ་ཐོས་པ་ལྟར་དང་། དེ་དག་བདག་བལྟ་བའི་ཕྱིར་འོང་བའི་ཚུལ་དང་། དེ་རྣམས་དང་ལྷན་ཅིག་གཏམ་འདྲེ་བ་


JL00_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་འདྲེ་བ་བཞི་དང་། དེ་བཞི་དང་གྲུ་སྡེ་གཅིག་པ། དེ་རྣམས་ཀྱིས་བདག་ཉིད་ཚུར་མཐོང་བ་དང་། བདག་གི་སྒྲ་ཐོས་པ་དང་། བདག་བལྟ་བའི་ཕྱིར་འོང་བ་དང་། དེ་རྣམས་བདག་དང་ལྷན་ཅིག་གཏམ་འདྲེ་བ་ལ་སོགས་པ་བཞི་སྡེ་བརྒྱད་དང། འཇིག་རྟེན་ལས་འདས་པའི་ཆོས་ཉན་ཐོས་རང་གི་མཐོང་ལམ་མ་ཐོབ་བར་རྒྱུན་དུ་ཞུགས་པའོ་དང་། འདོད་པའི་ཁམས་སུ་སྐྱེ་བ་གཅིག་ལུས་པ་མ་ཡིན་བཞིན་དུ་ལན་གཅིག་ཕྱིར་འོང་བ་ཐོབ་བོ་ཞེས་པ་དང་། འདོད་པའི་ཁམས་ཀྱི་སྐྱེ་བ་མ་ཟད་པར་ཕྱིར་མི་འོང་བའོ་ཞེས་པ་དང་། སྲིད་རྩེའི་སྤང་བྱ་རྣམས་མ་སྤངས་པར་དགྲ་བཅོམ་པ་ཐོབ་པོ་ཟེར་བ་དང་། རྟེན་ཅིང་འབྲེལ་བ་བཅུ་གཉིས་ལ་བརྟེན་ནས་འབྲས་བུ་མ་ཐོབ་བཞིན་དུ་རང་སངས་རྒྱས་སོ་སྐད་པ་དང་། འཕགས་པའི་ཁྱད་པར་རྣམས་མ་ཐོབ་པ་ཐོབ་པར་སྨྲ་བ་ལ་སོགས་པའི་དངོས་པོ། བསམ་པ་འདུ་ཤེས་བསྒྱུར་ནས་བརྫུན་བརྗོད་འདོད་ཀྱི་ཀུན་སློང་དང་ལྡན་པས། སྦྱོར་བ་མངོན་ཤེས་ལ་སོགས་གཞན་ལས་ཁྱད་པར་དུ་གྱུར་བའི་ཡོན་ཏན་གྱི་ཚོགས་མེད་ཀྱང་ཡོད་པར་སྒྲོ་འདོགས་པའི་ཚུལ་ངག་ཡིན་པ། རང་གི་ཡིན་པ། བདག་ཉིད་དང་འབྲེལ་བ། མ་ནོར་བ། གསལ་པོར་དང་། མངོན་སུམ་དུ་སྨྲ་བ་སྟེ། མཚན་ཉིད་དྲུག་དང་ལྡན་པའི་ངག་གིས་མིའི་ཆོས་བླ་མའི་རྫུན་མངོན་པའི་ང་རྒྱལ་མེད་པར་སྨྲ་བའམ། གཞན་གྱིས་སྨྲ་བ་ལ་རྗེས་སུ་ཡི་རང་བར་བརྩམ་པ་དག །མཐར་ཐུག་གཞན་གྱིས་དེ་ལྟར་གོ་ན་ཕམ་པའོ། །དེ་ལྟར་བཤད་མ་ཐག་པ་བཞི་པོ་གང་ལ་སྤྱད་ཀྱང་རང་རང་གི་རྒྱུ་ཚོགས་སམ། ཡན་ལག་མཐའ་དག་མ་ཚང་ན་སྦོམ་པོ་དང་། ཚང་ན་ཕམ་པར་འགྱུར་ཞིང་། དེ་བཞིན་དུ་སྲོག་གཅོད་ལ་མཚོན་ན། མི་མ་ཡིན་པའི་འགྲོ་བ་གསད་ན་དངོས་གཞིའི་རྣམ་པའི་སྦོམ་པོ་དང་། དུད་འགྲོའི་འགྲོ་བ་ཐ་སྙད་དང་ལྡན་པ་གཅིག་གསད་ན་ཕམ་པའི་ཕྱོགས་མཐུན་ནམ། ཕམ་པ་དང་འདྲ་བའི་ཉེས་བྱས། དམག་ནང་དུ་


JL00_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བ་ཕྱོགས་མཐུན། སྤྲུལ་པ་དང་གཟུགས་བརྙན་གསད་ན་བསྡམ་བྱའི་ཉེས་བྱས། མ་བྱིན་བླང་ལ། མི་མ་ཡིན་གྱི་བདག་ཏུ་བཟུང་བ་བླངས་ན་ཕམ་པ་དང་འདྲ་བའི་སྦོམ་པོ། སྦྱོར་བའི་སྐབས་སུ་བརྐུ་སེམས་ལོག་ན་བཤགས་བྱའི་ཉེས་བྱས། བྱིན་འཕྲོག་དང་། བཞད་གད་ཀྱི་ཕྱིར་སྦེད་པ་དང་། མ་བསྐོ་བར་སྟན་པ་འདུག་པ་བསྡམ་བྱའི་ཉེས་བྱས། མི་ཚངས་སྤྱོད་ལ། ཆགས་སེམས་ཀྱིས་ཁུ་བ་འབྱིན་པ་དང་། བུད་མེད་ལ་རེག་པ་འཁྲིག་ཚིག་གསལ་པོར་སྨྲ་བ། སྨྱན་བྱེད་པ་ལ་སོགས་ཕྱོགས་མཐུན་ནམ། ཕམ་པའི་དངོས་གཞི་དང་འདྲ་བའི་ཉེས་བྱས། ཚུལ་བཞིན་ཡིད་བྱེད་མ་ཡིན་པ་ལས་བྱུང་བའི་བདེ་བ་དང་། རྨི་ལམ་གྱི་བག་ཆགས་ལས་བྱུང་བའི་བདེ་བ་སོགས་བསྡམ་བྱ། རྫུན་དུ་སྨྲ་བ་ལ། ཕྲ་མ་དང་། སྐྱོ་སྡོགས་ལ་སོགས་པ་ཐམས་ཅད་ཕམ་འདྲའི་ཉེས་བྱས། ཟུར་གྱིས་སྟོན་པ་དང་། སྒྲོ་བཏགས་ཅུང་ཟད་ལ་བརྟེན་ནས་བསྐུར་བ་འདེབས་པ་ལ་སོགས་པ་བསྡམ་བྱའི་ཉེས་བྱས་ཏེ། དགེ་ཚུལ་དང་ཐུན་མོང་ཡིན་ནོ། །དགེ་འདུན་ལྷག་མ་བཅུ་གསུམ་ནི་ལེགས་པའི་ལམ་བསྟན་པའི་གཏམ་ལས། ལྟུང་བ་འདི་བྱུང་བར་གྱུར་ན་མལ་སྟན་དང་། ཁ་ཟས་ལ་སོགས་པ་དགེ་འདུན་རྒན་པོ་དང་། བར་མ་དང་། གཞོན་ནུའི་རྗེས་ལ་ལྷག་མར་སྤྱོད་པས་ན་དགེ་འདུན་ལྷག་མའོ། །ཞེས་པ་ལྟར། དེའི་རྒྱུད་ལ་ད་དུང་སྡོམ་པ་རྣམ་དག་གི་ལྷག་ལུས་ཤིང་། དགེ་འདུན་ལ་བསྟེན་ནས་བཅས་འགལ་གྱི་ལྟུང་བ་གང་དག་ལྷག་མའི་མང་གིས་ཕྱིར་བཅོས་ན་དག་ཏུ་རུང་ཡང་། དགེ་འདུན་རྣམས་ཀྱི་གྲལ་གཤམ་ལ་གནས་ཤིང་། བཟའ་བཏུང་གི་ལྷག་མ་ལ་སྤྱོད་པས་དགེ་འདུན་ལྷག་མ་ཞེས་བྱའོ། །དེ་ལའང་དབྱེ་ན། ནང་སེམས་ཅན་ལ་ཆགས་པ་ལྔ། ཕྱི་རོལ་ཡོ་བྱད་ལ་ཆགས་པ་གཉིས་ཏེ་འདོད་པའི་ཕྱོགས་ལས་གྱུར་བ་


JL00_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

བདུན། གནོད་པ་ལས་གྱུར་བ་གཉིས། བསྒོ་བ་ལས་གྱུར་བ་བཞི་སྟེ་བཅུ་གསུམ་ལས། དང་པོ་འབྱིན་པའི་ལྷག་མ་ནི། །གླེང་གཞི་མཉན་ཡོད་དུ་འཆར་ཀ་ལ་བཅས་ཏེ། བགྲོད་བྱའི་ཡུལ་ལམ་གསུམ་མ་ཡིན་པའི་རང་ངམ་གཞན་གྱི་ཡན་ལག་གི་གནས་སུ་འདོད་པའི་བདེ་བ་ཉམས་སུ་མྱོང་ཞིང་ཁུ་བ་གནས་འཕོས་པའོ། །གཉིས་པ་འཛིན་པའི་ལྷག་མ་ཡང་། གླེང་གཞི་འདྲ་སྟེ། བུད་མེད་ལ་ཆགས་སེམས་ཀྱི་རེག་པར་འདོད་པས། དེའི་ལུས་དངོས་སམ། སྐྲ་སོགས་ཆ་ཤས་ལ་བར་དུ་ཆོད་པ་མེད་པར་རེག་པ་ལས་བྱུང་བའི་བདེ་བ་ཉམས་སུ་བསྟར་བའོ། །གསུམ་པ་འཁྲིག་ཚིག་ནི། གླེང་གཞི་འདྲ་སྟེ་ཡུལ་བརྡའ་འཕྲོད་པའི་བུད་མེད་ལ་ཆགས་སེམས་ཀྱིས་འཁྲིག་ཚིག་རྗེན་པར་སྨྲས་པ་དེས་གོ་བའོ། །བཞི་པ་བསྙེན་བཀུར་བསྔགས་པའང་གླེང་གཞི་འདྲ་སྟེ། ཡུལ་བུད་མེད་ལ་ཆགས་སེམས་ཀྱིས་འཁྲིག་པ་དོན་དུ་གཉེར་ཕྱིར་བསྙེན་བཀུར་རྣམས་ཀྱི་ནང་ནས་བདག་དང་འདོད་པ་བསྟེན་པ་ནི་མཆོག་གོ་ཞེས་རང་གིས་སྨྲས་པའམ། ཕ་རོལ་པོ་སྨྲས་པ་དང་དུ་བླངས་ཀྱང་རུང་སྟེ། ཕན་ཚུན་གོ་བརྡའ་འཕྲོད་པའོ། །ལྔ་པ་སྨྱན་བྱེད་པ་ནི། མཉན་ཡོད་དུ་དྲུག་སྡེ་ལ་བཅས་ཏེ། རང་ལས་གཞན་པའི་ཕེ་མོ་སྤྲད་དུ་རུང་བ་ཕན་ཚུན་རེག་པ་འཕྲོད་འདེད་ཀྱིས་རང་ངམ། བཀོས་པས་ཕྲིན་གསུམ་གྱི་སྒོ་ནས་སྨྱན་བྱས་པས་དེ་གཉིས་འདུས་ཏེ་དབང་པོ་ཕྲད་པའོ། །དྲུག་པ་ཁང་པའི་ལྷག་མ་ནི། འདི་དང་ལང་ཆེན་གཉིས་སྟོན་པ་ཀཽ་ཤམྦྷིར་བཞུགས་ཚེ་དྲུག་སྡེ་ལ་བཅས། འདི་ལྟར་ས་གཞི་སྲོག་ཆགས་མང་པོ་དང་། རྩོད་པ་ཅན་དང་། འཇིག་རྟེན་ཡོད་པའི་སར་དགེ་འདུན་ལ་གནང་བ་མ་ཐོབ་བར་གཞན་ལས་འབད་པས་བླངས་པའི་ཡོ་བྱད་ཀྱིས་རང་དོན་དུ་ཁང་པ་བརྩིག་པར་འདོད་ཅིང་། དེའང་ཁྲུ་བཅོ་བརྒྱད་པའི་སྲིང་དང་། ཕྱེད་དང་བཅུ་གཅིག་པའི་ཚང་ལས་ལྷག་པའི་ཁང་པ་


JL00_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

རང་ངམ། གཞན་ལ་བརྐོས་ཀྱང་རུང་སྟེ་བརྩིག་པས་ཀུན་ནས་བསྐོར་ཞིང་ཐོག་ཕུག་པའོ། །བདུན་པ་ཁང་ཆེན་ནི། གང་ཟག་བཞིར་ལོངས་པ་ཡན་ཆད་ཀྱི་དོན་དུ་བརྩིགས་པ་སྟེ། ས་གཞི་སྲོག་ཆགས་མང་བ་ལ་སོགས་གཞན་ཐམས་ཅད་སྔ་མ་དང་མཚུངས་པ་ལ། གཞན་ལས་འབད་པས་བླངས་པ་དང་། ཚད་ལས་ཐལ་བ་ཡན་ལག་ཏུ་འགྲོ་མི་དགོས་པའི་ཁྱད་པར་རོ། །བརྒྱད་པ་གཞི་མེད་ཀྱི་བསྐུར་འདེབས་ནི། འདི་དང་ཕྱི་མ་གཉིས་རྒྱལ་པོའི་ཁབ་ཏུ་མཛའ་བོ་དང་ས་ལས་སྐྱེས་ལ་བཅས། ཡུལ་དགེ་སློང་གཞན་ཚངས་པ་མཚུངས་པར་སྤྱོད་པ་ལ། བརྗོད་པའི་གཞི་མཐོང་ཐོས་དོགས་གསུམ་མེད་པར་ཕམ་པ་བཞི་གང་རུང་གི་སྒོ་ནས་བསྐུར་འདེབས་ཀྱི་ཚིག་མངོན་གྱུར་བ་བསྒྲགས་ཤིང་ཡུལ་གྱིས་གོ་བའོ། །དགུ་པ་བག་ཙམ་གྱི་བསྐུར་འདེབས་ནི། ཡུལ་དགེ་སློང་གཞན་ལ་བསྙད་ཀ་བག་ཙམ་ཡོད་པ་རྒྱུ་མཚན་དུ་བྱས་ནས་ཚིག་ཟུར་གྱི་ཤུགས་ཀྱིས་ཕམ་པའི་སྒོ་ནས་བསྐུར་བ་བཏབ་པ་དེས་གོ་བའོ། །བཅུ་པ་དགེ་འདུན་དབྱེན་འབྱེད་ནི། ལྷས་བྱིན་ལ་རྒྱལ་པོའི་ཁབ་ཏུ་བཅས་ཏེ། འདུས་གཅིག་ཏུ་བཅོམ་ལྡན་དགེ་སློང་གིས་རང་ལས་གཞན་པའི་དབྱེ་བྱ་དགེ་འདུན་དུ་ལོངས་པ་གཉིས་ཆོས་མ་ཡིན་པས་ཕན་ཚུན་འབྱེད་པའོ། །དེའང་འདིའི་དབྱེན་གྱི་ལྷག་མ་དང་། མཚམས་མེད་ཀྱི་གྲས་གཉིས་ནི་མི་མཚུངས་ཏེ། མཚམས་མེད་ནི་དགེ་འདུན་ཕྱེ་བ་ལ་ངེས་པར་ལྟོས་ཏེ། ལྷག་བྱིན་གྱིས་དགེ་འདུན་འཁོར་ལོའི་དབྱེན་བཞིན་ན། ལྷག་མ་ལ་ནི་དགེ་འདུན་དབྱེ་བར་མ་ནུས་ཀྱང་། དེའི་སྦྱོར་བར་ཞུགས་པ་ལས་ཟློག་བྱེད་ལྔའི་མཐར་མ་བཏང་བ་ཉིད་ཀྱིས་ཆོག་ཅིང་། དེའང་དང་པོ་བཞིའི་ལྟུང་བ་སྦོམ་པོ་རེ་རེ་དང་། བརྗོད་པ་གསུམ་པའི་མཐར་མི་གཏོང་ན་ལྷག་མའི་དངོས་གཞིའོ། །བཅུ་གཅིག་པ་དབེན་དེའི་རྗེས་


JL00_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཕྱོགས་པ་ནི། རྒྱལ་པོའི་ཁབ་ཏུ་ལྷས་བྱིན་གྱི་གྲོགས་བྱེད་པའི་དགེ་སློང་ཀོ་ཀ་ལི་ཀ་སོགས་བཞི་ལ་བཅས་ཏེ་དགེ་སློང་གང་དག་དགེ་འདུན་གྱི་དབྱེན་བྱེད་པ་ལ་ཞུགས་པ་དེ་དང་བསམ་སྦྱོར་མཐུན་པར་བྱས་ནས་བཟློག་བྱེད་ལྔའི་མཐའ་ལམ་བཏང་བའོ། །བཅུ་གཉིས་པ་ཁྱིམ་སུན་འབྱིན་པ་ནི། མཉན་ཡོད་དུ་ནབས་སོ་དང་འགྲོ་མགྱོགས་ལ་བཅས་ཏེ། བུད་མེད་དང་ལྷན་ཅིག་རྩེད་འཇོ་དང་། བཟའ་བཏུང་བྱེད་པ་ལ་སོགས་བསླབ་པ་དང་འགལ་བའི་སྤྱོད་ངན་གྱིས་ཁྱིམ་པའི་སེམས་སུན་ཕྱུངས་ཏེ་མ་དད་པར་བྱེད་པ་གནས་ནས་བསྐྲད་པ་ནའང་། སྐྲོང་བྱེད་ཀྱི་དགེ་འདུན་ལ་འགྲོ་མིན་བཞིའི་བསྙོན་ཚིག་གིས་བསྐུར་འདེབས་ལ་ཞུགས་ཤིང་ཟློག་ཕྱེད་ལྔའི་མཐའ་མ་བཏང་བའོ། །བཅུ་གསུམ་པ་བཀའ་བློ་མི་བདེ་བ་ནི། ཀཽ་ཤམྦྷིར་འདུན་པ་ལ་བཅས་ཏེ། ལྟུང་བ་བྱུང་བར་གླེང་དྲན་བྱས་ལ་ཆགས་པའི་དགེ་སློང་ལ་དགེ་འདུན་གྱི་ཕྱིར་བཅས་བྱ་བར་བསྐུལ་བ་ན། ཁྱེད་ཅག་དགེ་ཡང་རུང་། སྡིག་ཀྱང་རུང་ཁོ་བོ་ཅག་ལ་ཅི་ཡང་མ་སྨྲ་ཞིག་ཅེས་བཀའ་བློ་མི་བདེ་བའི་གཞིར་ཞུགས་པ་ཉིད་ཟློག་བྱེད་ལྔ་པའི་མཐའ་ལ་མ་བཏང་བའོ། །དེའང་ཟློག་བྱེད་ལྔ་ནི། གཞམས་བསྒོ་དང་། དགེ་འདུན་གྱི་གསོལ་བ་དང་། བརྗོད་པའི་ལས་གསུམ་དང་འབྲེལ་བའོ། །སྤང་བའི་ལྟུང་བྱེད་སུམ་ཅུ་ནི། གང་ལ་ལྟུང་བ་གང་ཞིག་བྱུང་བ་དེ་སྤང་བའི་སྒོ་ནས་ཕྱིར་མ་བཅོས་ཏེ་དག་པར་མ་བྱས་ན། དེའི་རྣམ་པར་སྨིན་པས་ངན་སོང་དུ་ལྟུང་བར་བྱེད་པས་ན་སྤང་ལྟུང་ཞེས་བྱ་སྟེ། དེ་ཡང་ལེགས་པའི་ལམ་བསྟན་པ་ལས། མང་བའི་ཕྱིར་དང་རང་བཞིན་དང་བཅས་པའི་སྤང་བར་བྱ་བ་སྣ་ཚོགས་ཉིད་ཡིན་པའི་ཕྱིར་སྤང་བ་ལ་འབད་པས་གནས་པ་ཡིན་པས་ལྟུང་བའོ། །ཅེས་སོ། །དབྱེ་ན་གོས། སྟན། ལྷུང་བཟེད་སོགས་ཀྱི་སྡེ་རེ་རེ་ལ་བཅུ་ཚན་རེ་སྟེ་སྤང་ལྟུང་སུམ་ཅུ་པོ་དག་གླེང་གཞིས་བཀྲལ་ན་ཧ་ཅང་


JL00_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

མངས་སུ་དོགས་པས། རང་ལུགས་སྡོམ་པ་གསུམ་རྣམ་པར་ངེས་པ་ལས། རང་གི་གོས་ལྷག་ཞག་བཅུ་འདས་པར་འཆིང་། །ཆོས་གོས་དང་བྲལ་ཞག་གཅིག་ལོན་པ་དང་། །གོས་རྒྱུ་ཟླ་གཅིག་འཇོག་དང་དགེ་སློང་མ། །ཆོས་གོས་འཁྲུར་འཇུག་དེ་ལ་གོས་རྒྱུ་ལེན། །ཉེ་མིན་ཁྱེམ་པར་གོས་རྒྱུ་སློང་བ་དང་། །སྟེར་ན་སྟོད་གཡོགས་སྨད་གཡོགས་ལྷག་པོར་ལེན། །རང་ལ་སྟེར་བསམས་ཆོས་གོས་གནས་སྤགས་པ། །རིན་དང་ཁུ་ཚད་ཀྱིས་སློང་རྟགས་དྲན་སློང་། །གོས་རིན་རིན་ཆེན་བསྐུར་བ་ལེན་རྣམས་སོ། །སྲིན་པ་ལ་ནང་ཚངས་བྱས་པའི་སྟན་བྱེད་དང་། །དཀོན་སར་བ་ལ་ནག་འབའ་ཞིག་སྟན་དུ་འདིངས། །བལ་ནག་ཆ་གཉིས་སྟན་བྱེད་ལོ་དྲུག་ནི། །མ་སོང་སྟན་གསར་བྱེད་དང་ཚད་ལྡན་གྱི། །གདིང་བ་ཡོད་ཀྱང་སླར་བཟོ་བལ་ནག་ནི། །རྙེད་ནས་ལམ་གྱི་དཔག་ཚད་གསུམ་མཐར་བྱེད། །དགེ་སློང་མར་ནི་བལ་འཁྲུ་སྨེ་ལ་བཅུག་དང་། །གསེར་དངུལ་ལེན་དང་ཚོང་འབུན་མངོན་མཚན་ཅན། །ཆེད་དུ་ཚོང་བྱེད་ལྷུང་བཟེད་བྱིན་མ་བརླབས། །ཞག་བཅུ་འདས་འཆང་ལྷུང་བཟེད་ཟུང་འཆང་བ། །གླ་རྔན་མེད་པར་འཐག་འཇུག་ཐགས་རྒྱ་བསྐྱེད། །དགེ་སློང་གོས་བྱིན་སླར་འཕྲོག་བརྟད་བྱུང་གོས། །སྦྱིན་དུ་བཤད་ལས་སྦ་བར་བདག་གིར་བྱས། །དགོན་པར་འཇིགས་བཅས་གོས་བྲལ་ཞག་བདུན་འདས། །རས་ཆེན་དགག་དབྱེ་ཟིན་ཀྱང་ཟླ་ཕྱེད་འདས། །དགེ་འདུན་བསྔོས་པའི་རྙེད་པ་བདག་ཏུ་བཟུང་། །ན་སྨན་ཞག་བདུན་འདས་ནས་གསོག་འཇོག་གོ །སྤྱད་ན་ངན་སོང་དུ་ལྟུང་ཞིང་། །བཤགས་ན་བྲལ་སྤང་སྔོན་དུ་གཏོང་མི་དགོས་པས་འབའ་ཞིག་པའི་སྡེ་ཚན་དགུ་བཅུ་ཐམ་པ་ནི། ལྟུང་བྱེད་འབའ་ཞིག་དགུ་བཅུ་ཐམ་པ་ནི། །ཤེས་བཞིན་རྫུན་སྨྲ་དགེ་སློང་སྐྱོན་བརྗོད་པ། །ཕྲ་མས་འབྱེད་དང་སྐྱོ་སྡོགས་ཟླུམས་ཀྱང་དབྱེ། །བུད་མེད་ཆོས་སྟོན་བསྙེན་པར་


JL00_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

མ་རྫོགས་དང་། །ལྷན་ཅིག་ཆེས་འདོན་གནས་ངན་ལེན་ལྟུང་བརྗོད། །མི་ཆོས་བླ་མ་བདེན་སྨྲ་བཤེས་ངོར་འཕྱ། །བསླབ་གཞི་ཁྱད་གསོད་ས་བོན་སྐྱེ་བ་གཅོད། །བདག་གི་ངོར་འཕྱེ་བསྒོ་བ་རྣར་གཟོན་ཞིང་། །ལྟུང་བྱུང་གླེང་ལ་མ་ཐོས་གཞན་ལན་འདེབས། ཁྲི་དང་གདིང་བ་མ་བསྡུས་སྟེང་སོང་དང་། །དགེ་སློང་བསྐྲོད་དང་མཐོ་འཚམས་ཕྱིས་གནོན་བྱས། །མལ་ཁྲིས་པུག་དབྱུང་སྲོག་ཆགས་ལྡན་པའི་ཆུ། །རྩར་འདེབས་གཙུག་ལག་ཕ་གུ་རིམ་གཉིས་བརྩིག །ཤེས་བཞིན་བགྱིས་སོ་འདི་མན་དགེ་སློང་མར། །མ་བསྐོས་ཆོས་སྟོན་བསྐོས་ཀྱང་ཉིན་ནུབ་དང་། ཁ་ཟས་ཕྱིར་སྟོན་གོས་བཙེམས་ཆོས་གོས་སྦྱིན། །དོན་མཐུན་ལ་མགྲེགས་གྲུ་དེ་གྱེན་ཐུར་འགྲོ། །དབེན་པར་གཅིག་འདུག་པ་དང་འགྲེང་བ་དང་། །སྦྱར་བཅུག་ཟས་ཟ་རྣམས་ནི་སྤང་བར་བྱ། །ཡང་ཡང་ཟས་ཟ་མུ་སྟེགས་འདུག་པའི་སར། །ཞག་གཅིག་ལྷག་སྡད་ཟ་དང་ལྷུང་བཟེད་དོ། །ཟ་དང་ཟོས་རྗེས་བཟའ་བཅའ་ཟ་བ་དང་། །སྤང་ཟས་ལྟུང་འབྱུང་ཆེད་དུ་རྫུན་གྱིས་བཏབ། །གནང་མིན་མཚམས་ནང་ལོགས་སུ་འདུས་ནས་ཟ། །དུས་མིན་ཕྱེད་ཡོལ་ཟས་དང་གསོག་འཇོག་ཟ། །སྦྱིན་ལེན་མ་བྱས་སྨན་གཞི་ཁར་མེད་པ། །བསོད་པ་ཞིམ་པའི་ཟས་བླང་སྲོག་ཆགས་བཅས། །ཆུར་སྤྱོད་ཉལ་བ་བྱེད་པའི་ཤུལ་དུ་ཉལ། །དབེན་པའི་སྐྱབས་སུ་སྦྲེད་དང་གཅེར་བུར་རྒྱུ། །དམག་བལྟ་དམག་སར་ཞག་གཉིས་ལྷག་པར་ཉལ། །དམག་གི་རུ་བཀོད་བྱེད་དང་དགེ་སློང་བརྡེག །བརྡེག་བརྩམས་གནས་ངན་ལེན་གྱི་ལྟུང་བ་ཆབ། །དགེ་སློང་ཟན་གཅོད་མེ་ལ་རེག་ཏུ་བཅུག །དགེ་འདུན་ལས་ལ་འདུན་ཕུལ་ཕྱིར་ལྡོག་སྨྲ། །བསྙེན་མ་རྫོགས་དང་ནུབ་གཉིས་ལྷག་པར་ཉལ། །སྡིག་བལྟའི་ཆོས་ལུགས་མི་གཏོང་ཕེབས་པར་སྨྲ། །དགེ་ཚུལ་སྡིག་ལྟ་མི་གཏོང་ལྡན་ཅིག་ཉལ། །རུང་བའི་ཚན་མིན་ཁ་དོག་ཅན་གོས་གྱོན། །


JL00_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་དམག་ཆས་རོལ་མོའི་ཆས་ལ་རེག །ཚ་དུས་རང་དགར་འཁྲུས་ཕྱེད་དུད་འགྲོ་གསོད། །དགེ་སློང་བྱས་ལ་འགྱོད་བསྐྱེད་གག་ཚིམ་སྒོག །ཆུར་བརྩེ་བུད་མེད་གནས་གཅིག་ཉལ་བ་དང་། །དགེ་སློང་སྡངས་བྱེད་དེ་ཡི་ཡོ་བྱད་སྦེད། །སྔར་བྱིན་གདེང་མེད་སླར་བླངས་སྤྱོད་པ་དང་། །གཞི་མེད་བསྐུར་བཏབ་བུད་མེད་ལྷན་ཅིག་ཏུ། །སྐྱེས་པ་མེད་པར་ལམ་འགྲོ་རྐུན་ལའང་མཚུངས། །ཉི་ཤུ་མ་ལོན་པ་ལ་བསྙེན་རྫོགས་ཕོག །ས་བརྐོ་མགྲོན་པོས་ཟླ་བཞི་ལྷག་པར་ཟོས། །མི་ཤེས་བརྗོད་དང་འཐབ་པའི་ཉན་རྣ་བྱེད། །ཉེས་མེད་མི་སྨྲ་འགྲོ་དང་མི་གུས་འགལ། །ཆང་འཐུང་དུས་མིན་ཕྱི་དྲོ་གྲོང་དུ་རྒྱུ། །ཟས་བཅས་ཕྱི་དྲོ་རྒྱུ་དང་ཁྱིམ་གསུམ་འདས། །རྒྱལ་པོ་བཙུན་མོར་བརྩེ་བའི་ཁབ་ཏུ་ཉལ། །མདོ་སོགས་འདོན་ལ་ད་གདོད་ཤེས་ཟེར་དང་། །རིན་ཆེན་ཁབ་རལ་ཁྲི་རྐང་ཚད་ལྷག་བཟོས། །ངན་སེམས་ཤིང་བལ་ཁྲི་སྟང་བརྡལ་ཏེ་བགོས། །གདིང་གཡན་རས་ཆེན་ཆོས་གོས་ཚད་ལྷག་གོ །ཞེས་སོ། །སོར་བཤགས་སྡེ་བཞི་ནི། སྨྲེ་སྔགས་ཀྱིས་སོ་སོར་བཤགས་དགོས་པས་ན་སོར་བཤགས་ཏེ། ལེགས་པའི་ལམ་བསྟན་པ་ལས། ངེས་པར་བཤགས་པར་བྱ་བ་ཡིན་པས་སོ་སོར་བཤགས་པ་བྱ་བ་ཡིན་པའམ། སོ་སོར་བཤགས་པར་བྱ་བ་འོས་པ་ཡིན་པས་སོ་སོར་བཤགས་པར་བྱའོ། །ཞེས་པའི་སྡོམ་ནི། སོ་སོར་བཤགས་བྱའི་སྡེ་ནི་བཞི་ཡིན་ཏེ། །དགེ་སློང་མ་ལས་གྲོང་དུ་ཟས་བླངས་ཟོས། ཁྱིམ་དུ་དགེ་སློང་མས་བགོས་མི་བཟློག་ཟོས། །བསླབ་སྡོམ་སྦྱིན་ལས་རུང་མིན་བླངས་ཏེ་ཟོས། །ནགས་མ་ཉུལ་བ་དགོན་པར་བླངས་ཟོས་བཞིའོ། །ཉེས་བྱས་བརྒྱ་དང་བཅུ་གཉིས་ནི། །ཉེས་པ་ཕྲ་མོའི་རང་བཞིན་ཏེ། །ལེགས་པའི་ལམ་བསྟན་པ་ལས། བཤགས་པས་སླར་བཅོས་པར་བྱ་བའི་ཉེས་བྱས་ཡིན་


JL00_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

པས་བཤགས་པར་བྱ་བའི་ཉེས་བྱས་སོ། །དེ་སྐད་དུ་སྡོམ་ཚིག་ལས། ཉེས་བྱས་བརྒྱ་དང་བཅུ་གཉིས་ཞེས་གྲགས་པ། །ཤམ་ཐབས་ཟླུམ་མིན་བརྩེངས་འཇོལ་གླང་སྣ་འདྲ། །ལྟེ་བ་དང་ཕུར་མ་གདེངས་ཀ་ལྟ་བུ་བདུན། །ཟླུམ་མིན་རིང་ཐུང་སྟོད་གསུམ་གོས་ཀྱི་བཅུའོ། །མ་བསྡམས་བགོ་བ་ཅ་ཅོ་མིག་གཡེངས་དང་། །རིང་བལྟ་གོས་བསྟུམས་གོས་བརྗེས་ཕྲག་ལ་གཟར། །ལག་པ་གཉའ་གོང་བསྣོལ་དང་ལྟག་པར་བསྣོལ། །མཆོད་རྐྱང་རྐང་བའི་བྲང་དང་རྟིང་བཙུགས་འགྲོ། །ལག་པ་དཀུར་བརྟེན་ལུས་བསྒྱུར་ལག་པ་དབྱུག །མིག་བསྒྱུར་ཕྲག་པ་སྤྲད་དང་ལག་སྤྲེལ་རྣམས། །མི་བྱེད་ཁྱིམ་འགྲོའི་སྤྱོད་ཡུལ་ཉི་ཤུའོ། །སྟན་ལ་མ་བསྒོས་མ་བརྟགས་འཕོང་བརྡེབ་དང་། །རྐང་བརྐྱངས་བསྣོལ་དང་བརླ་བརྣོན་ལོང་བུ་བརྩེགས། ཁྲི་འོག་རྐང་དགུག་རྐང་པ་གདེངས་ཏེ་འདུག །འདོམས་མཐོང་རྣམས་སྤང་འདུག་ཚུལ་དགུ་ཡིན་ནོ། །ལེགས་པར་མི་ལེན་མུ་ཁ་མཉམ་པར་ལེན། །མཐར་ཆགས་མི་ལེན་ལྷུང་བཟེད་ཟུར་མིག་བལྟ། །བཟེད་སྡས་སྔར་བྱུང་སྤས་ནས་བཟེད་པ་དང་། །སྣོད་གཞན་སྟེང་བཟེད་སྤང་པ་ཟས་བླངས་བརྒྱད། །འགལ་ཟ་ཁབ་ཆེ་ཆུང་དང་རན་པ་མིན། །ཟ་བཞིན་ཁ་གདངས་སྨྲ་དང་ཙུག་ཅུག་དང་། །ཅག་ཅག་ཧུ་ཧུ་ཕུ་ཕུ་ལྕེ་ཕྱུང་ཟ། །འབྲུ་ནས་གུད་ཕྱེ་ཟས་ལ་སྐྱོན་འཕྱ་དང་། ཁམ་གཅིག་འཁུར་སྤོ་སྐན་ཏོག་ཁམ་འཕྲོ་བཅད། །ལག་པ་ལྡག་འགྱོག་ལག་སྤྲུག་སྐྱོམ་སྐྱོམ་བྱེད། །མཆོད་རྟེན་འདྲར་བྱེད་ཉེར་གཅིག་ཟ་ཚེ་སྤང་། །ལྷུང་བཟེད་ལ་འཕྱ་ཕྱིར་བལྟ་ལག་པ་ནི། །ཟས་འབགས་ཆུ་སྣོད་མི་རེག་ཆུ་མི་གཏོར། །མ་དྲིས་འབགས་ཆུ་འབོ་དང་ཟས་ལྷག་བཞག །ས་རྗེན་གང་ཁ་རི་གཟར་བང་རིམ་བཞིར། །མི་བཞག་གད་གཡང་དཀན་གཟར་དུ་མི་འཁྲུ། །ལངས་དང་ཆུ་དྲག་མི་འཁྲུ་བཅུ་བཞིའོ། །ཆོས་སྟོན་སྡེ་ནི་ལངས་ཉལ་རང་དམར་


JL00_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

འདུག །མདུན་ནས་འགྲོ་ལ་ཕྱི་བཤད་ལམ་པོའི་འགྲམ། །མགོ་གཡོགས་བརྗེས་གཟར་ལག་པ་གཉའ་ལྟག་བསྣོལ། །དོ་ཀེར་བཅུགས་དང་ཞྭ་གྱོན་ཅོད་པན་བཏགས། །ཕྲེང་བ་དང་ནི་མགོ་དཀྲིས་གླང་རྟ་ཞོན། ཁྱོགས་དང་བཞན་པ་མཆལ་ལྷམ་གྱོན་པ་དང་། །འཁར་བ་གདུགས་མཚོན་རལ་གྲི་དགྲ་ཆ་མདའ། །གོ་ཆ་གྱོན་ལ་མི་བཤད་ཉེར་དྲུག་གོ །བསྒྲུབ་ཚུལ་གསུམ་ནི་འགྲེང་སྟེ་གཤང་ལྕི་འདོར། །ཆུ་དང་རྩྭ་ལ་གཤང་ལྕི་སྣབས་མི་འདོར། །ཤིང་ལ་མི་གང་མཐོར་འཛེགས་རྒྱུ་གཅིག་པ། །ཅེས་ཤམ་ཐབས་ཡ་མཐའ་དང་མ་མཐའ་མཐོ་དམན་མི་མཉམ་པར་མི་བསྒོ་ཞིང་། རིངས་ནས་ལེང་པུ་ལ་རེག་པ་དང་། ཐུངས་ནས་པུས་མོ་ལམ་སླེབ་པ་དང་། གླང་པོའི་སྣ་ལྟར་འཕྱང་བ་ལ་སོགས་གོས་ཀྱི་སྡེ་ཚན་བཅུ། ཁྱིམ་དུ་འགྲོ་བའི་ཚེ་ལས་ངག་མ་བསྡམས་ཤིང་། ཅ་ཅོའི་སྒྲ་དང་བཅས་འཇུག་པའི་སྤྱོད་ཡུལ་གྱི་སྡེ་ཉི་ཤུ། སྟན་ལ་མ་བསྒོས་པར་འདུག་པ་དང་། འཕོངས་བརྡེབས་རྐང་པ་བརྐྱང་བསྣོལ་སོགས་སྟན་ལ་འདུག་པའི་སྡེ་དགུ། སྣོད་ཀྱི་མུ་དང་ཁ་ད་ཆད་དུ་ལེན་པ་དང་། ལྷག་པོ་འདོད་པ་སོགས་ཟས་བླང་བའི་སྡེ་ཚན་བརྒྱད། ཁམ་ཧ་ཅང་ཆེ་བ་དང་ཆུང་བ་དང་། སྐྱུར་བ་ལ་ཙུག་ཙུག །མངར་བ་ལ་ཅག་ཅག །གྲང་བ་ལ་ཧུ་ཧུ། ཆ་བ་ལ་ཕུ་ཕུའི་སྒྲ་བཅས་ཀྱིས་ཟ་བ་སོགས་ཟ་བའི་སྡེ་ཚན་ཉེར་གཅིག །ལྷུང་བཟེད་ས་རྗེན་དང་། གད་ཁ་དང་། དོ་ཚད་ཀྱི་གཡང་ཁར་འཇོག་པ་སོགས་ལྷུང་བཟེད་ཀྱི་སྡེ་ཚན་བཅུ་བཞི། ཉན་པ་པོ་མིན་བཞིན་དུ་འདུག་པ་ལ་འཆད་པ་པོ་ལངས་པ་དང་། ཉལ་བ་ལ་འདུག་པས་ཆོས་མི་འཆད་པ་ལ་སོགས་ཆོས་འཆད་ཀྱི་སྡེ་ཚན་ཉེར་དྲུག །འགྲེང་བཞིན་པས་དང་། ཆུ་དང་། རྩྭ་ལ་གཤང་གཅི་འདོར་བ་སྟེ་བསྒྲུབ་པའི་ཚུལ་གསུམ། སྟག་ལ་


JL00_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི་གནོད་པ་མེད་བཞིན་དུ་ཤིང་ལ་མི་གང་ལས་མཐོ་བར་འཛེག་པ་སྟེ་སྤྱིར་བསྡོམས་དགེ་སློང་ལ་ཁྲིམས་ཉིས་བརྒྱ་དང་ལྔ་བཅུ་རྩ་གསུམ་མོ། །དགེ་སློང་མ་ལ་སུམ་བརྒྱ་དྲུག་ཅུ་བཞི། །སོ་སོའི་རྩ་བ་བཞི་བརྒྱད་ཕམ་པ་དང་། །ཉེར་བྱས་སྦོམ་པོ་ཕྱོགས་མཐུན་ཁྱད་པར་ཡོད། །ཕམ་པས་སྡོམ་པ་རྩ་ནས་གཏོང་བ་ཡིན། །ཕྱིན་ཆད་སོར་ཆུད་རུང་དང་མི་རུང་མཚམས། །འཆབ་སེམས་སྐྱེས་དང་མ་སྐྱེས་དག་ལ་རག །དེ་ལ་དགེ་སློང་མ་ལ་ཕམ་པ་བརྒྱད། ལྷག་མ་ཉི་ཤུ། སྤང་ལྟུང་སུམ་ཅུ་སོ་གསུམ། ལྟུང་བྱེད་བརྒྱ་དང་དགུ་བཅུ། སོར་བཤགས་བཅུ་གཅིག །ཉེས་བྱས་བརྒྱ་བཅུ་གཉིས་ཏེ་དགེ་སློང་བ་ལས་བརྒྱ་དང་བཅུ་གཅིག་གིས་ལྷག་པ་ལས། ཕམ་པ་བརྒྱད་ནི། དགེ་སློང་ཕ་དང་ཐུན་མོང་བ་བཞི་པོའི་སྟེང་། སྐྱེས་པ་ལ་རེག་པ་དང་། ལུས་བཀན་པ་དང་། འཆབ་བ་དང་། བཟློག་པ་བསྣན་པས་བརྒྱད་དོ། །ལྷག་མ་ཉི་ཤུ་ལ། སྨྱུན་བྱེད་པ་དང་། གཞི་མེད་ནས་བཀའ་བློ་མི་བདེ་བའི་བར་གྱི་བདུན་ནི་ཐུན་མོང་ཡིན་ལ། ཐུན་མོང་མ་ཡིན་པ་བཅུ་གསུམ་ནི། །ཅི་ཡང་ལེན་དང་ལེན་འཇུག་དང་། །མཚན་བྲལ་ཉིན་བྲལ་ལམ་དུ་འཇུག །ཆུ་བརྒལ་རབས་འབྱིན་ཤི་ནོར་ལེན། །བཟོད་བྱེད་སྤོང་དང་འཐབ་ཀྲོལ་བྱེད། །བསྟེན་དང་བསྟེན་དུ་འཇུག་པའོ། །ཞེས་པ་སྟེ་གཞན་དུ་ན་བོད་དུ་དགེ་སློང་མའི་སྡོམ་པར་བརྗོད་པ་ལ་སྙིང་པོ་མེད་པས་དེ་ཙམ་མོ། །དེ་ཡང་ལྟུང་བའི་ཆོགས་རྣམ་པ་བདུན་གྱི་དང་པོ་ཕས་ཕམ་པས་སྡོམ་པའི་རྩ་བ་འཇིག་པར་བྱེད་པ་དང་། ཡན་ལག་མ་ཚང་ན་ཕམ་འདྲའི་ཉེས་བྱས་དང་། དངོས་གཞིའི་རྣམ་པ་ལ་ལྟོས་པའི་སྦོམ་པོ་དང་། ཕྱོགས་མཐུན་པ་དག་ནི་ཐད་ཀ་ཐད་ཀར་སྨོས་ཟིན་ལ། སླན་ཆད་ནས་གསོར་རུང་བ་དང་མི་རུང་བ་ནི་འཆབ་སེམས་སྐྱེས་མ་སྐྱེས་ཁོ་ན་ལ་


JL00_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

རག་ལས་པས་ན་རང་གི་ཉེས་པ་གཞན་ལ་བསྒྲག་ཅིང་། མི་འཆབ་བ་དང་། མི་སྦེད་པ་ནི་དགེ་སློང་དྲི་མེད་འོད་སྨད་འཚོང་མས་རྫས་སྔགས་ཀྱིས་རྨོངས་པར་བྱས་པས་ཚུལ་ཁྲིམས་ལས་ཉམས་པ་སླར་འགྱོད་པ་སྐྱེས་ནས་དགེ་སློང་རྣམས་ལ་བསྙད་པ་བཞིན་ནོ། །གལ་ཏེ་རང་གི་ནོངས་པ་བལྟར་མི་མངོན་པ་ཉིད་དུ་འཆབ་པར་བྱས་ནས། གཞན་གྱི་འཚང་འདྲུ་ཞིང་སྐྱོན་རྟོག་ལ་གཙོ་བོར་བྱེད་པ་ནི་བཟང་པོ་མ་ཡིན་ཏེ། སའི་སྙིང་པོ་འཁོར་ལོ་བཅུ་བ་ལས། ཇི་ལྟར་ན་ཁྲེལ་མེད་ཅིང་ངོ་ཚ་མེད་པའི་དགེ་སློང་གང་ཡིན་ཞེ་ན། སེམས་ཅན་གང་འཚོ་བ་ཙམ་གྱི་ཕྱིར་ངའི་བསྟན་པ་ལ་རབ་ཏུ་ཕྱུང་སྟེ། རབ་ཏུ་ཕྱུང་ནས་སོ་སོ་ཐར་བའི་ཚུལ་ཁྲིམས་བསྲུང་བ་ཐམས་ཅད་ཉམས་ཏེ་ཁྲེལ་དང་ངོ་ཚ་མེད་པ་ཚེ་ཕྱི་མའི་སྡུག་བསྔལ་གྱིས་མི་འཇིགས་ཁོང་རུལ་ཅིང་བཙོག་པས་གང་བའི་སྲིན་བུ་ཀ་ལ་འདྲ་བ། དུང་གི་སྒྲ་ལ་ཁྱིའི་སྤྱོད་པ་ཅན། རྟག་ཏུ་རྫུན་སྨྲ་ཞིང་བདེན་པའི་ཚིག་མེད་པ། སེར་སྣ་དང་། ཕྲག་དོག་དང་། གཏི་མུག་དང་། ང་རྒྱལ་གྱིས་ཟིན་ཏེ། ལས་ཀྱི་མཆོག་དམ་པ་གསུམ་ལས་རིང་བ། ཁེ་དང་། བཀུར་སྟི་དང་གྲགས་པ་ལ་ཞེན་པ། ཡུལ་དྲུག་ལ་མོས་པ། འདོད་ཆགས་ཀྱི་སེམས་གཡེངས་པ་འདི་ནི་ཁྲེལ་བ་དང་ངོ་ཚ་མེད་པའི་དགེ་སློང་ཞེས་བྱའོ། །ཞེས་གསུངས་སོ། །དེ་སྐད་དུ་ལེགས་པའི་ལམ་བསྟན་པ་ལས་ཀྱང་། ལྟུང་བ་འཆབ་པས་ནི་ཚུལ་ཁྲིམས་ལས་ཉམས་པའི་སྐལ་བ་ཅན་དུ་འགྱུར་རོ། །ཚུལ་ཁྲིམས་ལ་བག་ཡོད་པ་དང་བསླབ་པ་ལ་མང་དུ་གཅེས་པར་བྱེད་པ་དང་། ཞི་ག་ནས་དང་ལྷག་མཐོང་ལ་མངོན་པར་བརྩོན་པ་ནི་ཚུལ་ཁྲིམས་ལ་གནས་པའི་སྐལ་བ་ཅན་དུ་འགྱུར་རོ། །ཞེས་དང་། ཡང་དག་པ་དང་མ་དག་པའི་དབྱེ་བས་རྣམ་


JL00_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཉིས་ཏེ། སྲེད་པ་དང་། ལྟ་བ་ངན་པ་དང་། ང་རྒྱལ་དང་། ཡང་དག་པ་མ་ཡིན་པའི་རྟོག་པ་དང་། མ་འདྲེས་པ་དང་། ཡོངས་སུ་ཚང་བ་ནི་དག་པའི་ཚུལ་ཁྲིམས་སོ། །དེ་ལས་གོ་ལྡོག་པ་ནི་མ་དག་པའོ། །དག་པ་ལ་གཉིས་ཡོད་པས་རྣམ་པ་གཉིས་ཏེ། གང་འདའ་བ་མེད་པར་རྣམ་པར་བྱང་བ་དེ་ནི་ལྟུང་བ་མེད་པའི་རྣམ་པར་དག་པའི་ཚུལ་ཁྲིམས་སོ། །གང་ལྟུང་བ་སླར་བཅོས་པ་རྣམ་པར་དག་པ་དེ་ནི་ལྡང་བའི་རྣམ་པར་དག་པའི་ཚུལ་ཁྲིམས་སོ། །ཞེས་པ་ལ་སོགས་རྒྱ་ཆེར་དབྱེ་བ་ཡོད་དོ། །དེ་བས་ན་བཅོས་པའི་ཚུལ་ཁྲིམས་ལུས་ངག་གི་སྦྱོར་བ་ལས་བྱུང་བ་དང་། མ་བཅས་པའི་ཚུལ་ཁྲིམས་ཡིད་ཀྱིས་ཤེས་པར་བྱ་བའི་གནས་དེ་ལས་གཞན་དུ་གྱུར་བ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་ལ་མཆོག་ཏུ་འཛིན་པའི་གཉེན་པོར་འགྱུར་བ་མཐའ་དག་ཁོང་དུ་ཆུད་པར་མ་བྱས་ན་ཚུལ་ཁྲིམས་དག་པར་མི་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། བསྲུང་བྱ་མི་ཤེས་བསྲུང་བར་རློམ་པ་མཚར། །ལྟུང་བ་ཤེས་པ་ཙམ་གྱིས་གསོ་སྦྱོང་སླ། །ལྟུང་བ་འབྱུང་བའི་སྒོ་བཞིའི་དང་པོ་ཡང་། །མི་ཤེས་པ་ཞེས་ཐོགས་མེད་བཞེད་པ་ཡིན། །བསྒྲུབ་པའི་བསླབ་བྱ་གཞི་གསུམ་ཆོ་ག་དང་། །བཅུ་བདུན་བསླབ་བྱ་འཇུག་པའི་ཚུལ་ཁྲིམས་སོ། །དེ་ལ་དེ་བཞིན་གཤེགས་པས་རྗེས་སུ་གནང་བའི་ལུས་ངག་གི་ལས་ལ་སྤྱོད་པ་དེ་ནི་འཇུག་པའི་ཚུལ་ཁྲིམས་ཡིན་ལ། གང་བཀག་པ་དེ་མི་བྱེད་པ་ནི་ལྡོག་པའི་ཚུལ་ཁྲིམས་ཡིན་པས། དེ་ལྟ་བུའི་འཇུག་ལྡོག་ཤེས་པ་ལ་འདུལ་བའི་བསླབ་བྱ་མི་ཤེས་པའི་ཐབས་མེད་ཅིང་། ཚུལ་བཞིན་མི་བསྲུང་བ་གཅིག་ཡིན་དུ་སྲིད་ཀྱང་རང་བཞིན་གྱི་ཁ་ན་མ་ཐོ་བ་སྡོམ་སེམས་སྐྱེ་བའི་གྲོགས་སུ་འགྱུར་བ་ཡིན་ཏེ། བཅས་པའི་ལྟུང་བ་འབྱུང་བའི་རྒྱུ་དང་པོའང་མི་ཤེས་པ་ཉིད་


JL00_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པར་སློབ་དཔོན་ཐོགས་མེད་བཞེད་པ་ལྟར་རང་བཞིན་གྱི་ཁ་ན་མ་ཐོ་བ་ལའང་མཚུངས་པའི་ཕྱིར་རོ། །དེ་བས་ན་སྡོམ་པ་གཏོང་བའི་རྒྱུ་དང་། ཕྱིར་བཅོས་པའང་ཞར་ལ་བཤད་པར་བྱ་ན། དེ་ལ་སྤྱིར་བསླབ་པ་གཏོང་བའི་རྒྱུ་ནི་བཞི་སྟེ། བརྡའ་འཕྲོད་པའི་དྲུང་དུ་བསམ་པ་ཐག་པ་ནས་བསླབ་པ་ཕུལ་བའམ། མ་ཕུལ་ཡང་རུང་སྟེ་ཡང་དག་པར་བླངས་པ་དང་འགལ་བའི་རྣམ་རིག་སྐྱེས་ནས་ཚངས་པར་སྤྱད་དཀའོ་ཞེས་འབུལ་བའི་རྒྱུ་བསྟན་པས་ཀྱང་གཏོང་བ་ཡིན་ཏེ། ལུང་ལས། བསླབ་པ་མ་ཕུལ་བསླབ་པ་ཉམས་པར་མ་བྱས་པར། །ཞེས་བཤད་པས་སོ། །དེ་བཞིན་དུ་རྟན་བོར་བ་སྟེ་རྣམ་པར་རིག་བྱེད་ཀྱི་དབང་པོ་གཟུགས་ཅན་རྣམས་འགགས་ནས་ཤི་འཕོས་པས་གཏོང་བ་དང་། རྟེན་ཉམས་པ་སྟེ་མཚན་གཉིས་གཅིག་ཅར་བྱུང་བའམ། ལན་གསུམ་གྱུར་པས་གཏོང་བ་དང་། རྟེན་གཞི་མེད་པ་སྟེ་རྒྱུ་འབྲས་མེད་པར་བལྟ་བའི་ལོག་ལྟ་སྐྱེས་པས་གཏོང་བའོ། །ཕྱི་མ་ནི་དགེ་བའི་རྩ་བ་ཆད་པས་སྡོམ་པའི་རྟེན་གཞི་མེད་པའི་ཕྱིར་ཐེག་པ་ཆེ་ཆུང་ཐམས་ཅད་ཀྱི་གཏོར་རྒྱུར་བཤད་པས་ཤིན་ཏུ་ལྕི་བའོ། །བཞི་པོའི་སྟེང་དུ་བསྙེན་གནས་ཀྱི་མཚན་མོ་འདས་པའི་གཏོང་རྒྱུ་བསྣོན་པ་མཛོད་ཀྱི་ལུགས་ཡིན་ཏེ། བསླབ་པ་ཕུལ་དང་ཤི་འཕོས་དང་། །མཚན་གཉིས་དག་ནི་བྱུང་བ་དང་། །རྩ་བ་ཆད་དང་མཚན་ལས་འདས། །ཞེས་པ་ལྟར་རོ། །དམིགས་བསལ་གྱིས་ཕྱེ་ན། ཉི་ཤུ་མ་ལོན་པ་ལ་ལོན་པར་འདུ་ཤེས་ནས་བསྙེན་པར་རྫོགས་པ་དོ་ལོ་དེའི་ཁོངས་སུ་དེ་ལྟར་ཤེས་ན་མངལ་བཤོལ་གྱིས་ཁ་བསྐང་བས་རུང་ལ། བསྐང་ཡང་མ་ཚང་ན་དེའི་སྡོམ་པ་ཞིག་པར་འགྱུར་ཏེ། མདོ་ལས། ཤེས་ན་ནི་ཞིག་གོ །གལ་ཏེ་སྐྱེས་པ་ན་མ་ལོན་པའི་འོ། །མངལ་ན་


JL00_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་དང་། བཤོལ་གྱི་ཟླ་བ་དང་བཅས་ཏེའོ། །ཞེས་སོ། །ཡང་། དགེ་སློབ་མའི་སྡོམ་པ་འདོད་པ་བསྟེན་པར་ཁས་བླངས་པས་གཏོང་ཏེ། དེ་སྐད་དུ། བསྟེན་པའི་ཕྱིར་གཞན་ལ་ཁས་བླངས་པ་ན་བསླབ་པ་འཁྲུག་པ་ཉིད་དོ། །ཞེས་སོ། །སྡེ་བ་སོ་སོའི་དབང་དུ་བྱས་ན། གོས་དམར་བའི་སྡེ་བ་ལུང་གི་དམ་ཆོས་ནུབ་པས་གཏོང་སྟེ། བསླབ་པའི་མཚམས་རྣམ་པར་བཞག་པ་མེད་པའི་ཕྱིར། ཞེས་འདོད་པ་དང་། མདོ་སྡེ་བ་རྩ་ལྟུང་འཆབ་བཅས་བྱུང་བས་གཏེང་སྟེ། རྒྱུད་ངོ་ཚ་དང་ཁྲེལ་མེད་ཆེན་པོས་ཉམས་པའི་ཕྱིར། །ཞེས་འདོད་པ་དང་། ཁ་ཆེ་བྱེ་ཐག་ཏུ་སྨྲ་བ་རྣམས་རྩ་ལྟུང་འཆབ་བཅས་བྱུང་ཡང་སྡོམ་པ་མི་གཏོང་སྟེ། ཕྱོགས་གཅིག་ཉམས་པས་སྡོམ་བཟད་པ་གཏོང་བ་མི་རིགས་པའི་ཕྱིར། དེ་འདྲ་དེ་སྡོམ་ལྡན་དང་ཚུལ་འཆལ་གཉིས་ཀ་ཡིན་ཏེ། མི་འགའ་ཞིག་ལ་ནོར་ཡང་ལྡན་ལ་བུ་ལོན་ཡང་ཆགས་པ་བཞིན་ནོ། །ཞེས་འདོད་དེ། །དེའི་ཚུལ་ཡང་། ཁ་ཆེ་རྣམས་ནི་བྱུང་བ་ལ། །བུ་ལོན་ནོར་བཞིན་གཉིས་སུ་འདོད། །ཞེས་ལྟུང་བ་ཐམས་ཅད་གཞི་བསམ་སྦྱོར་བ་མཐར་ཐུག་རྒྱུ་ཚོགས་ཐ་དད་པའི་ཕྱིར། དང་པོར་སྡོམ་པ་སྐྱེ་བའི་ཚེ་ཡང་སྡོམ་རྫས་གཅིག་ནས་བདུན་པའི་བར་དངོས་སུ་སྐྱེ་བ་དང་གྲངས་མཚུངས་པའི་འབྱུང་བ་བཞི་ཚན་དེ་སྙེད་འབྱུང་བས་ཉེར་ལེན་གྱི་རྒྱུ་བྱས། མཐུན་པའི་རྐྱེན་མཁན་སློབ་ལ་སོགས་པའི་བྱེད་རྒྱུ་དང་སྐལ་མཉམ་ལྷན་ཅིག་འབྱུང་བའི་རྒྱུའི་ཚུལ་གྱིས་རྣམ་པར་རིག་བྱེད་ཀྱི་གཟུགས་ཅན་དུ་སྐྱེ་བའི་དངོས་འབྲས་སྤོང་བ་བདུན་པོ་ཀླུ་གཅིག་ལ་སྦྲུལ་མགོ་བདུན་ཡོད་པ་ལྟར་སྐྱེ་ཤིང་གནས་པས་གཅིག་ཤོས་བཅད་ཀྱང་གཞན་དྲུག་པོ་རང་སར་གནས་པ་ལྟར་འདོད་དེ་སོ་སོ་ཐར་བའི་འགྲེལ་བར་ཡང་། ཇི་ལྟར་ཕྱོགས་གཅིག་བླངས་པ་ཡི། །ཐམས་ཅད་བླངས་པར་མི་འགྱུར་བཞིན། །


JL00_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་ཕྱོགས་གཅིག་བཏང་བས་ཀྱང་། །ཐམས་ཅད་གཏོང་བར་མི་འགྱུར་རོ། །ཞེས་སོ། །དེ་ལ་དང་པོ་ལྟར་ན་ལུང་ལས། བཙུན་པ་ལས་དུ་མཆིས། ཉེ་བར་འཁོར་བརྒྱ་རྩ་གཅིག་གོ །ཞེས་པ་ལྟར་གྱི་ལས་བརྒྱ་རྩ་གཅིག་གི་ཆོ་ག་ནུབ་ནས་འབགས་བྱེད་ཀྱི་རྣམ་བཞག་མེད་པས་གསར་དུ་སྐྱེ་བ་མེད་ཀྱང་། སྡོམ་པ་སྔར་ཡོད་གཏོང་བའི་རྒྱུ་མེད་དེ། དེའི་རྒྱུད་ཀྱི་རྟོགས་པའི་དམ་ཆོས་མ་ནུས་པའི་ཕྱིར་རོ། །དེ་སྐད་དུ་ཐོགས་མེད་སྐུ་མཆེད་ཀྱིས། ལུང་ཆོས་ནུབ་པ་ཙམ་གྱིས་སྡོམ་པ་སྔར་ཡོད་མི་གཏོང་སྟེ། རྟོགས་པའི་དམ་ཆོས་མི་ནུབ་པའི་ཕྱིར། འོན་ཀྱང་དེའི་ཚེ་སྔར་མེད་གསར་སྐྱེ་མེད་དོ། །འབོགས་བྱེད་ཀྱི་ཆོ་གའི་རྣམ་གཞག་མེད་པའི་ཕྱིར། གསུང་ངོ་། །ཕྱི་མའི་དོན་ནི་རྒྱ་ཆེར་འགྲེལ་ལས་སྨད་པ་ཡིན་ཏེ། དགེ་སློང་ཕམ་པར་གྱུར་བ་ལ་ནི་སྡོམ་པ་ཡོད་དུ་ཟིན་ཀྱང་། དེ་ལྟ་མོད་ཀྱི་དགོས་པ་མེད་པ་ཉིད་དུ་འགྱུར་ཏེ། ཚངས་པ་མཚུངས་པར་སྤྱོད་པ་རྣམས་དང་ལྷན་ཅིག་གནས་པ་དང་། ལོངས་སྤྱོད་པ་མེད་པའི་ཕྱིར་དང་། སྡོམ་པ་ཡང་དག་པར་བླངས་པ་ནི་རྣམ་པར་གྲོལ་བའི་ཆེད་ཡིན་ལ། དེས་རྣམ་པར་གྲོལ་བ་ཐག་རིང་དུ་བྱས་པའི་ཕྱིར། དེས་ན་དེའི་སྡོམ་པ་ནི་མེད་པ་དང་འདྲའོ། །ཞེས་པའི་རྗེས་སུ་འབྲངས་ནས་བར་པའི་དོན་ལ་འཇུག་གོ །འོན་ཀྱང་དང་པོའི་ལས་ཅན་བསམ་པ་རང་བཞིན་དུ་མི་གནས་པ་དང་། ཚོར་བས་གཟིར་ནས་སེམས་རྣལ་དུ་མི་ཕབས་པའི་གཞན་དབང་དུ་གྱུར་ནས་བསྒྲུབ་པར་མི་ནུས་པ་ལ་སྡེ་ལྔའི་དངོས་བཞི་ཇི་ལྟ་བ་བཞིན་མི་བསྐྱེད་དེ། ཉམས་པ་དང་མ་ཆགས་པ་གཉིས་ལྟུང་བ་ལ་སྦྱོར་ན་ཉེས་བྱས་སོ། །ཞེས་བཤད་པའི་ཕྱིར་རོ། །དེ་བས་ན་འདིར་ནི་བར་པའི་དོན་དང་འབྲེལ་བ་སྟེ། འཆབ་བཅས་ཀྱིས་


JL00_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

གཏོང་ཡང་། འཆབ་མེད་གསོར་རུང་བ་ཉིད་ཡིན་ནོ། །དེ་ལ་ཕྱིར་བཅོས་པའི་ཚུལ་ནི། མི་སྤྲོ་བ་ནན་ཏུར་གྱིས་བཅོས་པ་དང་། སྤྲོ་བ་མཐོལ་བཤགས་ཀྱིས་བཅོས་པའི་ཚུལ་གཉིས་ལས། དང་པོ་ནི། སྡིགས་པ་དང་། དམོད་པ་དང་། བསྐྲད་པ་དང་། ཕྱིར་འགྱེད་པ་སྟེ་བཞི། གསོ་དགག་བཞག་པ་གཉིས་ཏེ་དྲུག །མ་མཐོང་བ་གནས་ནས་དབྱུང་བ། ཕྱིར་མི་འཆོས་པ། སྡིག་ལྟ་ཅན། འཐབ་ཀྲོལ་བྱེད་པ། འཐབ་ཀྲོལ་གྱི་རྒྱུ་ཉེ་བར་བསྒྲུབ་པ། དགེ་སློང་མ་དང་འདྲིས་ཤིང་གནས་པ། ཆོས་རྣམ་པར་གཏན་ཕབ་པས་ཞི་བར་མ་བྱས་པ་སྟེ་གནས་དབྱུང་བདུན་པོ་གཅིག་ཏུ་བྱས་པ་སྔ་མའི་དྲུག་པོ་ལ་བསྲེས་པས་ནན་ཏུར་བདུན་ཞེས་བྱ་སྟེ། འོག་ཏུ་གཞུག་ཅིང་གཤུང་བའི་དོན་ཏེ། དེ་ཡང་དགེ་འདུན་བྱ་འགྱུར་གྱི་དགག་བྱ་མེད་པ་དང་། བྱེད་པ་པོ་མཚན་ཉིད་དང་ལྡན་པ་དང་། དབྱར་གྱི་ནང་མ་ཡིན་པ་དང་། གླེང་དྲན་དང་། གཞམས་བསྒོས་བགོ་བར་བྱ་བ་དང་། བྱ་བ་ངན་པ་རྒྱུ་བཅས་ལས་བཟློག་ནས་ལྟུང་བ་ཕྱིར་བཅོས་སུ་འཇུག་པའོ། །དེ་ལྟར་ནན་ཏུར་ལ་བརྟེན་ནས་ནོངས་པ་འབུལ་ན་དགེ་འདུན་མཚན་ཉིད་དང་ལྡན་པ་དག་གིས་དེ་རང་བཞིན་དུ་གནས་པ་ཐོབ་པའི་བཟོད་པ་བླང་བ་ཆོ་ག་བཞིན་བྱས་ལ་རྗེས་སུ་སྤྲོ་བ་བསྐྱེད་པར་བྱའོ། །སྤྲོ་བ་མཐོལ་བཤགས་ཀྱིས་བཅོས་པ་ནི། ལྟུང་བ་བྱུང་བ་དེ་སྦེད་པར་འདོད་པ་ནི་འཆབ་སེམས་དང་། ཀུན་སློང་ངེས་བསྐྱེད་པའི་ལུས་ངག་གི་ལས་ནི་འཆབ་པའི་ལྟུང་བ་སྟེ། དམྱལ་བར་སྐྱེ་བའི་རྒྱུ་བཞིའི་ནང་ཚན་དུའང་འདུ་སྟེ། བྱམས་པ་སེང་གེ་སྒྲ་ལས། བཞི་བོ་འདི་དག་ནི་ང་རྒྱལ་བར་མདའ་འཕངས་པ་བཞིན་འགྲོ་བ་སྟེ། གཞན་གྱི་རྙེད་པ་ལ་ཕྲག་དོག་བྱེད་པ་དང་། སྡོམ་པ་དང་སའི་མདོ་སྡེ་ཐོས་ནས་ཚུལ་ཁྲིམས་ཀྱི་ཉེས་པ་འབྱིན་པ་དང་། བཀའ་དང་བསླབ་པ་ལས་


JL00_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཀྱང་ང་རྒྱལ་གྱིས་ཉེས་པ་འཆབ་པར་བྱེད་པ་དང་། ཤེས་བཞིན་དུ་དད་པས་བྱིན་པས་ལོངས་སྤྱོད་པའོ། །ཞེས་འབྱུང་ངོ་། །དེ་ལྟར་ལྟུང་བ་དང་ལྟུང་མིན་གྱི་རྣམ་དབྱེ་ཤེས་ཤིང་དྲན་པའི་དགེ་སློང་གིས། དགེ་འདུན་ལྷག་མའི་སྤོང་སྤྱོད་ལས་ཞག་ཏུ་བཅབས་ཤིང་། ཕས་ཕམ་པ་བཞི་པོ་གང་རུང་དང་འགྲོགས་ན་ཚེ་འདིར་ལྟུང་བ་དེ་ཕྱིར་བཅོས་སུ་ཡོད་པ་མ་ཡིན་ཏེ། རྒྱུད་གསོར་མི་རུང་དུ་སོང་བའི་ཕྱིར་རོ། །དེ་ལྟ་བུ་དགེ་འདུན་གྱི་ནང་ནས་ཕྱིར་འབྱེད་པའི་འོས་ཡིན་ཡང་། གལ་ཏེ་དེ་སྡེ་སྣོད་འཛིན་པ་ཡིན་ན་ནི་དགེ་འདུན་དང་ལྷན་ཅིག་ལོངས་སུ་སྤྱོད་དུ་མི་དབང་ཡང་། གནས་དང་ལོངས་སྤྱོད་སྦྱིན་པ་སོགས་ཀྱིས་རྗེས་སུ་བཟུང་ཞིང་། དེ་འདྲ་བས་བཟོད་པར་གསོལ་བ་དང་དུ་མ་བླངས་ན། དེ་ནས་བཟུང་སྟེ་གནས་ཆོས་ཀྱི་རྙེད་པའི་རིན་ཐང་ཚང་བ་དེའི་ཚེ་དགེ་འདུན་ལ་ཕམ་པ་འབྱུང་བར་བཤད་དོ། །འདིར་སོར་ཆུད་པར་འོས་པ་ནི་ཉེས་པ་གང་ཞིག་འཆབ་པ་མེད་པ་ཉིད་དེ། སེམས་ཙམ་པ་ཡན་ཆད་དགེ་འདུན་ལ་དངོས་པོ་བརྗོད་དེ་བཤགས་ནས་སླར་ཡང་གསོལ་བ་བཞིའི་ལས་ཀྱི་དགེ་སློང་གི་སྡོམ་པ་སྦྱིན་པའི་རྗེས་ལ་ཆད་པ་ལས་ཀྱི་བསླབ་པ་སྟེར་ཞིང་། དེས་ཀྱང་ཇི་སྲིད་འཚོའི་བར་དུ་དམན་པའི་སྤྱོད་པ་ལྔ་དང་དུ་ལེན་ཅིང་། ཁྱད་པར་གྱི་སྤྱོད་པ་ལྔ་སྤོང་བར་བསླབ་བོ། །གང་གི་ཚེ་དེས་དགྲ་བཅོམ་པ་ཐོབ་ན་དེ་རང་བཞིན་དུ་གནས་པར་འགྱུར་ཏེ། འཁྲུལ་བའི་རྒྱུ་ཐམས་ཅད་ཟད་ཅིང་སྤངས་པའི་ཕྱིར་རོ། །དེ་སྐད་དུ་འོད་ལྡན་ལས། དགེ་སློང་དགའ་བྱེད་འཆབ་སེམས་མ་སྐྱེས་པ་ལ་བསླབ་པ་བྱིན་ཅིག །ཟག་པ་ཟད་པར་གྱུར་ན་སྔར་གྱི་གྲལ་རིམ་ཇི་ལྟ་བར་འཇུག་པར་བྱ། ཞེས་པས་སོ། །བསླབ་པ་ནི་ཆད་པའི་ལས་ཡིན་གྱི། སྡོམ་


JL00_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བསླབ་པ་ནི་མ་ཡིན་ནོ། །དེ་ཟས་ན་འཆབ་པ་མེད་པའི་གང་ཟག་གིས་བསླབ་པ་ཕུལ་ཏེ་སླར་བླངས་ནའང་བསྙེན་རྫོགས་ཀྱི་སྡོམ་པ་སྐྱེ་བར་རུང་བ་དགེ་ཚུལ་ལའང་འདྲའོ། །གལ་ཏེ་རྩ་ལྟུང་ཐུན་མིན་བྱུང་ནས་བསླབ་པ་སྦྱིན་པ་མཚན་གྱུར་ནའང་བསླབ་པ་སྤྱད་མི་དགོས་ཏེ། རྟེན་གྱི་སྒོ་ནས་མི་ཆགས་པས་ཞིང་མེད་པ་ལ་སྟོན་ཐོག་དང་སེར་བ་གཉིས་ཀ་མེད་པ་བཞིན། བསོད་ནམས་དང་ལྟུང་བ་གཉིས་ཀ་མི་འཐོབ་པའི་ཕྱིར་རོ། །དེ་བཞིན་དུ་ལྷག་མ་བཅུ་གསུམ་དང་། སྦོམ་པོ་ལ་སོགས་པ་གཞན་དང་གཞན་དག་རྣམས་ནི་ལྕི་ཡང་ལ་ལྟོས་ཏེ་རིམ་པར་ལྡང་བར་བྱ་ཞིང་། དེའང་ནུས་པ་ཕྱིར་བཅོས་པ་དང་། མི་ནུས་པ་བྱིན་གྱིས་བརླབས་པའི་ཚུལ་སོགས་ཆོ་ག་ལས་ཤེས་པར་བྱ་ཞིང་། མདོར་ན་སྔར་བྱས་ལ་དུག་འཐུངས་པ་ལྟ་བུའི་འགྱོད་པ་དང་། དེ་སྐྱུགས་པ་ལྟར་ལས་དེ་སུན་འབྱིན་པ་དང་། དེ་ལ་སྨན་བརྟེན་པ་བཞིན་གཉེན་པོ་ཀུན་ཏུ་སྤྱོད་པ་དང་། ཕྱིས་ནས་དུག་མི་འཐུང་བ་ལྟར་རྣམ་པར་སོར་ཆུད་པའི་སྟོབས་བཞིས་མི་འདག་པ་ནི་མེད་དོ། །བསྒྲུབ་པའི་བསླབ་བྱ་ནི་ལུང་གཞི་ལས་བསླབ་པ་གསུམ་གྱི་རྟེན་གཞིར་གྱུར་བའི་གཞི་བཅུ་བདུན་གསུངས་པ་ལས། གཞི་གསུམ་ཆོ་ག་འདིར་ཚུལ་ཁྲིམས་ཀྱི་སྙིང་པོ་དག་པར་བྱེད་པའི་ཐབས་གསོ་སྦྱོང་དང། དབྱར་གནས་དང་། དགག་དབྱེ་སྟེ་གཞི་གསུམ་གཙོ་བོར་བརྗོད་དོ། །དེ་ལ་དང་པོ་གསོ་སྦྱོང་གི་གཞི་ནི། རྒྱལ་པོའི་ཁབ་ཀྱི་འོད་མའི་ཚལ་དུ་དགེ་བསྙེན་མང་པོས་ཞུས་པ་ལ་བརྟེན་ནས་གནང་ངོ་། །དེ་ལ་ཡང་སྔོན་ཆད་ཀྱི་སྒྲིབ་པ་འདག་ཅིང་ལྷག་པའི་སེམས་དང་ཤེས་རབ་དག་པར་བྱ་བ་ཞི་གནས་ཀྱི་གསོ་སྦྱོང་དང་། ཕྱིས་འབྱུང་གི་རྒྱུན་ཚེ་འདིའི་ཟག་པ་སྡོམ་ཞིང་ལྷག་པའི་ཚུལ་


JL00_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིམས་དག་པའི་ཕྱིར་མཐུན་པའི་གསོ་སྦྱོང་གཉིས་ལས་འདིར་རེ་ཞིག་ཕྱི་མའི་དོན་ཅུང་ཟད་བཤད་དེ། དེ་ལ་བཅུ་བཞི་པ་དང། བཅོ་ལྔ་པ་དང་། བཀྲ་ཤིས་པའི་གསོ་སྦྱོང་དང་། གནོད་པ་ཟློག་པའི་གསོ་སྦྱོང་དང་། བསྡུམ་པའི་གསོ་སྦྱོང་སྟེ་ལྔ་ལས། དང་པོ་ནི། ཉིན་ཚེས་ཞག་མི་ཐུབ་ཀྱི་བར་ཁྱད་དབྱེ་བས་ལོ་རེ་ལ་གསོ་སྦྱོང་བཅུ་བཞི་པ་དྲུག་འབྱུང་སྟེ། ལོ་དྲི་ལས། རྒྱལ་དང་དབོ་དང་ས་ག་དང་། །ཆུ་སྟོད་ཁྲུམས་སྨད་སྨིན་དྲུག་བཅས། །འདི་རྣམས་ཀྱི་ནི་ནག་པོའི་ཕྱོགས། །ཟླ་ཕྱེད་གསོ་སྦྱོང་བཅུ་བཞི་པའོ། །ཞེས་སོ། །གཉིས་པ་ནི་ཡར་ངོའི་ཉ་བཅུ་གཉིས་དང། སྨིན་དྲུག་ཟླ་བ་ནས་ཁྲུམས་སྟོད་ཟླ་བའི་བར་གྱི་མར་ངོ་དྲུག་སྟེ་བཅོ་བརྒྱད་དོ། །དེའང་བཤོལ་གྱི་ཚེ་རྒྱལ་པོའི་རྗེས་སུ་འབྲང་བར་གསུངས་པ་ནི། དེའི་འཁོར་དུ་རྩིས་མཁན་མཁས་པ་འབྱུང་བ་ལ་དགོངས་ཏེ། ཅིའི་ཕྱིར་ན་རྒྱུ་སྐར་ནི་རྒྱུ་སྐར་མཁན་གྱི་རྗེས་སུ་འབྲང་བར་ཤིས་པར་བྱའོ། །ཞེས་པས་ཤེས་སོ། །གསུམ་པ་ནི། དགེ་སློང་ལྷ་ཆེན་པོས་བཅས་པའི་མི་རུང་བའི་གཞི་བཅུ་ལྟ་བུ་སེལ་བ་དང་། རབ་གནས་སོགས་བཀྲ་ཤིས་པའི་དུས་སུ་བྱ་བ་ཡིན་པས་དེ་སྐད་ཅེས་གྲགས་སོ། །བཞི་པ་ནི། ནད་ཡམས་སོགས་འཇིག་རྟེན་ན་རྒུད་པ་གློ་བུར་འབྱུང་བ་བཟློག་པའམ། སླར་མི་འབྱུང་བའི་ཕྱིར་བྱེད་པ་དག་གོ །ལྔ་པ་ནི། དགེ་འདུན་དབྱེ་བ་བསྡུས་པའི་ཕྱིར་གསོ་སྦྱོང་བྱེད་པ་དག་གོ །དེ་ལྟར་དུས་མ་ངེས་པའི་གསོ་སྦྱོང་གསུམ་པོ་ནི་གསོལ་བའི་ལས་ཀྱི་ཚེ་རང་རང་གི་དུས་བརྗོད་པའི་ཁྱད་པར་ཙམ་མོ། །འདིར་དུས་ངེས་པའི་གསོ་སྦྱོང་གཉིས་ལ། གནས་མཚམས་ཆེན་བཅད་ན་དེ་ཉིད་དུ་དང་། ཆེ་ཆུང་གཉིས་ཀ་བཅད་ན་ཆུང་བ་ནས་འཐེན་ཏེ་ཆེ་བར་འཇུག་པ་ལ་སོགས་ལག་ལེན་ལྟར་དང་། བྱེད་པ་པོའི་གང་ཟག་ནི་རབ་བྱུང་སྡེ་ལྔ་པོས་སོ། །དེ་


JL00_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་གསོ་སྦྱོང་སྔོན་མའི་དུས་ནས་དེ་།།།བར་རང་རྒྱུད་ལ་ལྟུང་བ་བྱུང་མ་བྱུང་བརྟགས་ནས་བྱུང་ན་བཤགས་བསྡམས་དང་བྱིན་རླབས་རིགས་པ་དང་བསྟུན་པ་བྱའོ། །དེ་ནས་དགེ་འདུན་བསྡུ་བའི་གཎྜཱིའི་རྒྱུ་ནི། མདོ་ལས། ཙནྡན་བིལ་བ་པ་ལ་ཤ །ཨ་ཤྭཏྠ་དང་ཙནྡན་དམར། །རྒྱ་སྟར་ཏཱ་ལུ་ཀི་མ་ཤུཀ །ཤི༚་ཤ་པ་དང་ཏ་མ་ལ། །ཨ་མྲ་སྟར་བུ་སྐྱུ་རུ་ར། །ཏིན་ཏི་སཱ་ར་ཨ་ཤོ་ཀ །འདི་དག་ཐམས་ཅད་མེད་ན་ཡང་། །འོལ་སེ་ལ་ནི་འབད་དེ་བྱ། །ཞེས་དང་། ཚད་ནི་ཆུ་ལ་སོར་ཚད་ཀྱི། །བརྒྱད་ཅུ་རྩ་བཞི་ཉིད་བྱ་ཞིང་། །ཞེང་དུ་སོར་ནི་དྲུག་པ་སྟེ། །དཔངས་སུ་ཡང་ནི་གཉིས་བྱའོ། །སོར་མོའི་ཚིགས་ཀྱི་ཚད་དག་གིས། །ཟུར་བཞི་ཚད་ནི་གཉིས་པ་ཡིན། །ལེགས་མཉམ་ཉིད་ནི་ཤིན་ཏུ་གསལ། །རྩེ་གཉིས་སྦལ་པའི་མགོ་བཞིན་ནོ། །དེ་ནས་བརྡུང་བར་བྱེད་པ་ཡང་། །ཤིང་དེ་ཉིད་ལས་བཅད་དེ་བྱ། །སོར་བཅུ་གཉིས་ཀྱི་ཚད་དག་ལ། །ཟླུམ་ཞིང་རྩེ་གཉིས་ནེའུ་ལེའི་མགོ །འཆང་བཟུང་ཚད་ཀྱང་དེ་བཞིན་ནོ། །ཞེས་སོ། །དེ་ལ་ཆོས་ཀྱི་སྐུ་སྐྱེ་འགག་གནས་གསུམ་དང་བྲལ་བས་གདོད་ནས་མ་སྐྱེས་ཤིང་དགེ་བའོ། །ཞེས་པས་རབ་ཏུ་གནས་ལ། གཙུག་ལག་ཁང་གི་དབུ་རྩེའམ། སྒོ་ཁང་གི་ཡང་སྟེང་དུ་བཞུགས་སུ་བཅུག་གོ །བརྡུང་བ་པོ་ནི། རབ་བྱུང་སྡེ་ལྔའམ། གསོ་སྦྱོང་ལ་གནས་པའི་དགེ་བསྙེན་གྱིས་ཀྱང་རུང་སྟེ་དང་པོར་དཀོན་མཆོག་གསུམ་ལ་ཕྱག་བྱས་ནས་བླངས་ཏེ་བརྡུང་བའི་ཚུལ་ལ་ཤངས་ཚ་ཞེས་བྲིས་ནའང་། ལེགས་སྦྱར་གྱི་སྒྲ་ལ་ཥཊྗར་གྲགས་པ་ཤད་གསུམ་སྔོན་དུ་བཏང་ནས། དགེ་འདུན་གདུགས་ཚོད་ལ་བསྡུ་བའི་ཕྱིར་ན། རྒྱུད་གསུམ་དང་མཇུག་ཏུ་ཏོག་སྒྲ་ཆེན་པོ་གསུམ། གསོ་སྦྱོང་ལ་སོགས་པའི་ལས་དང་ཆོས་ཉན་པ་ལ་བསྡུ་བའི་ཕྱིར་ནི། རྒྱུད་གཅིག་དང་ཏོག་གསུམ། ཡང་ན་རྒྱུད་གསུམ་དང་


JL00_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

ཏོག་གཉིས་སོ། །ཕུང་པོ་དབྱུང་བའི་དོན་དུ་ནི་ཏོག་མེད་པས་བྱི་བའོ། །གནོད་པ་བཟློག་པའི་དོན་དུ་ནི་མ་ངེས་པ་སྟེ་དེའང་རྒྱུད་རེ་རེ་ལ་བརྡེག་ཐེངས་སོ་ལྔའམ། སོ་དྲུག་རེ་འདོད་པའི་ཕྱོགས་གཉིས་ཀྱི་གཅིག་པ་ནས་བཅོ་བརྒྱད་པར་ཇེ་ཆེ་དང་། བཅུ་དགུ་ནས་གྲངས་མཐའ་རྫོགས་པའི་བར་ཇེ་ཆུང་ངུ་བརྡུང་ངོ་། །དེ་ལྟར་གཎྜཱིའི་རྒྱུ་ཚད་དང་བརྡུང་བའི་རྐྱེན་ཐམས་ཅད་ཚོགས་པ་ན་ཕན་ཡོན་ཆེན་པོ་དང་ལྡན་པ་ཉིད་དེ། གཎྜཱིའི་མདོ་ལས། ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཎྜཱིའི་གཟུགས་ཀྱི་བཞུགས་སོ། །ཞེས་པ་དང་། རྒྱལ་པོ་གང་ཚེ་ཡུལ་འཁོར་དུ། །གཎྜཱི་དེ་ནི་གྲགས་གྱུར་བ། །དེར་ནི་དཔལ་དང་གྲགས་པ་དང་། །འདོད་པ་དང་ནི་ལོ་ལེགས་འགྱུར། །ཞེས་པ་ལ་སོགས་དང་། དུས་བཞི་དག་ཏུ་ཐོས་པ་ནི། །དེ་རྣམས་བྱང་ཆུབ་ཐོབ་པར་འགྱུར། །གང་ཞིག་སྙིང་ནས་ཡི་རང་བ། །དེ་ནི་གྲོལ་འགྱུར་ཐེ་ཚོམ་མེད། །ཅེས་པ་ལ་སོགས་པའི་ཕན་ཡོན་དང་། རྒྱུ་ཚད་དང་བརྡུང་ལུགས་ཚུལ་མ་ཡིན་པས་ཡུལ་འཁོར་ལ་འཚེ་བ་དང་། དགེ་འདུན་མི་མཐུན་པ་དང་། མ་བསྡམས་པར་འགྱུར་བའི་ཉེས་དམིགས་ཀྱང་དེ་ཉིད་ལས་གསུངས་སོ། །དེ་ནས་དགེ་འདུན་རྣམས་འདུས་ནས། ལས་གྲལ་དུ་ལྟུང་བ་དྲན་ནམ། ཡིད་གཉིས་སུ་གྱུར་ན་དྲུང་ན་མོ་ལ་བྱིན་གྱིས་བརླབས། རྒྱུད་དག་པར་བྱེད་པའི་ཚུལ་གློ་ནས་མ་ཡིན་པར་ཙོག་པུར་འདུག་སྟེ། ལྟུང་བ་བྱིན་བརླབས་ལ་ཐུགས་གཉད་པར་ཞུ་ཞེས་ཉམས་སད་ནས། བཙུན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅུ་བཞི་པའམ། བཅོ་ལྔ་པ་ལགས་ལ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་ཡང་གསོ་སྦྱོང་བཅུ་བཞི་པའམ་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་དགེ་འདུན་གྱི་ནང་དུ་ལྟུང་བ་འདི་དང་འདི་ལྟ་བུ་


JL00_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་དྲན་ཏེ། ཞེས་པའང་། ཐེ་ཚོམ་ཟ་ན། ལྟུང་བ་འདི་དང་འདི་ལྟ་བུ་ཞིག་ལ་ཡིད་གཉིས་སུ་གྱུར་ན། ཞེས་བསྒྱུར། བདག་ལྟུང་བ་འདི་བཙུན་པའི་མདུན་དུ་བྱིན་གྱིས་བརླབས་ལ། དེང་གསོ་སྦྱོང་བྱའོ། །སང་ནང་བར་ལྟུང་བ་དེ་ཆོས་བཞིན་དུ་སླར་བགྱིའོ། །ཞེས་ལན་ཅིག་བརྗོད། ཐེ་ཚོམ་ཟ་བ་ལ། སང་ནང་པར་ཞེས་པའི་རྐང་པ་གཅིག་པོའི་དོད་དུ། སང་ནང་པར་དགེ་སློང་མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་དང་། མ་མོ་འཛིན་པ་རྣམས་ལ་དྲིས་ཏེ། དྭོགས་པ་དང་ཡིད་གཉིས་བསལ་ནས་ལྟུང་བདེ་ཆོས་བཞིན་དུ་སླར་བགྱིའོ། །ཞེས་བརྗོད། ལས་བྱེད་པ་པོས་ནི་གཞན་ལ་མི་བརྗོད་པར་ཡིད་ཀྱི་ཆོ་གས་བྱིན་གྱིས་བརླབ་བོ། །དེ་ནས་ཕྱག་འཚལ་བ་དང་། མདོ་འདོན་པ་དང་། བསྔོ་བ་སྟེ་རྒྱུད་ཆགས་གསུམ་པ་ལ་འཇུག་པའི་ཕྱིར། དགེ་བསྐོས་ལ་སོགས་འོས་པའི་ཡུལ་དུ་གྱུར་བ་ཞིག་གིས་སྤྱོད་ལམ་ཞི་བས་མདོ་གདོན་པར་བསྐུལ་ནས་གནས་བརྟན་ལ་སོགས་པ་ཀུན་ཀྱང་འགྲེང་བཞིན་པས་མདོ་བཏོན་པའི་ཕྱི་ན། དགེ་བར་གསུངས་ཤིག །སྐར་མ་རབ་རིབ་མར་མེ་དང། སོགས་མི་རྟག་པའི་གཏམ་བརྗོད། དེ་ནས་ཡང་གཏོར་མ་ཆ་བཞི་མཛད་པར་བསྐུལ་ནས་དེ་བཞིན་དུ་བསྔོ། དེ་རྗེས་ཕྱག་མཛད་པར་བསྐུལ་ནས་བསྟོད་ཕྱག་བྱ། འདིར་བརྩམ་པ་དོན་ཡོད་པར་བྱ་བའི་ཕྱིར། ༈ །དགའ་བ་བརྒྱ་ལྡན་འཆི་མེད་གྲོང་ཁྱེར་ནས། །བྱང་ཆུབ་སེམས་ཀྱི་དམ་པ་ཏོག་དཀར་པོ། །ཤཱཀྱའི་རིགས་ཀྱི་ཐིག་ལེར་འཛིན་པའི་སྣོད། །སྒྱུ་འཕྲུལ་ལྷ་མོ་རི་དྭགས་མིག་ཅན་ཡིན། །འོད་སྟོང་ཤར་གྱི་རི་ལ་ཆས་པ་བཞིན། །ལྷུམས་ཀྱི་གེ་སར་བཞད་པ་ལུམྦེའི་ཚལ། །ཚངས་དང་དབང་པོའི་སྲི་ཞུས་མཛེས་བྱས་ཤིང་། །བྱང་ཆུབ་རིགས་སུ་ལུང་བསྟན་ལ་ཕྱག་འཚལ། །ལང་ཚོས་དྲེགས་པའི་ཤཱཀྱ་གཞོན་ནུའི་


JL00_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

དབུས། །སྒྱུ་རྩལ་དྲུག་ཅུ་རྩ་བཞིའི་རོལ་རྩེད་མཐུ། །ཀུན་གྱིས་ཁྱོད་ལ་བཏུད་ཅིང་གྲགས་པ་ཡི། །སྐྱེ་དགུའི་རྣམ་ཤེས་མིག་དང་རྣ་བར་རྫོགས། །འདོད་སྲེད་ཞགས་པས་གཞན་དབང་མ་གྱུར་བཞིན། །ཡབ་གཅིག་དགྱེས་སླད་བཙུན་མོའི་སྒྱུ་མ་ལ། །སྒྱུ་མའི་ལྟ་བས་བལྟས་ནས་རྒྱལ་པོའི་ཁབ། །བསྐྱངས་པས་དོན་ཀུན་གྲུབ་པ་ལ་ཕྱག་འཚལ། །ཤིན་ཏུ་གཡོ་ཞིང་འཇིག་པ་རྒྱལ་སྲིད་ཀྱི། །ལྕགས་ཀྱུའི་དབང་དུ་མ་གྱུར་འགའ་མེད་ཀྱང་། །ངེས་པར་འབྱུང་བའི་རྐྱེན་བཞིས་ཁྱོད་ཀྱི་ཐུགས། །ཕྲོགས་ནས་རང་བྱུང་དགེ་སློང་ཉིད་དུ་བསྟན། །བརྩོན་འགྲུས་རླབས་ཀྱིས་མི་དལ་ནཻ་རཉྫར། །དཀའ་ཐུབ་གདུང་བ་བཟོད་པའི་སྙིང་སྟོབས་དང་། །ཀུན་རྟོག་འདུལ་བ་འཛིན་པའི་བསམ་གཏན་ལ། །ཕྱོགས་བཅུའི་བདེ་གཤེགས་དགྱེས་ལ་ཕྱག་འཚལ་ལོ། །གྲངས་མེད་གསུམ་གྱི་སྲིད་དུ་རྣམ་རིག་ཀུན། །ཚོགས་གཉིས་ཐ་གུས་བཅིངས་པ་དོན་ཡོད་ཕྱིར། །བྱང་ཆུབ་ཤིང་དྲུང་བདུད་རྣམས་སྐྲག་བྱས་ནས། །མངོན་པར་རྫོགས་སངས་རྒྱ་བ་རྒྱལ་ཀུན་གཤིས། །འཁོར་བ་གཏིང་མཐའ་མེད་པའི་གཡང་ས་ལ། །རྒྱུག་པའི་འགྲོ་བ་འཁོར་ལོ་གསུམ་གྱི་གྲུས། །བསྒྲལ་ནས་ཐར་བ་དང་ནི་རྣམ་མཁྱེན་གྱི། །གོ་འཕང་དཀྲི་བ་ཁྱོད་ལ་ཕྱག་འཚལ་ལོ། །རྟོག་ཅིང་དཔྱོད་ཀྱང་སྡོམ་པ་མིན་པའི་ཆང་། །འཐུངས་པས་ཆེས་གཟིར་མུ་སྟེགས་སྟོན་པའི་ལྕེ། །མཉན་དུ་ཡོད་པའི་ཆོ་འཕྲུལ་ཆེས་བཅད་པས། །སྐྱེངས་དང་གཟི་བརྗིད་ཉམས་པའི་ཆོ་ག་རྫོགས། །རྫུ་འཕྲུལ་རྐང་པ་བཞི་ལ་མཆོག་ཐོབ་ཁྱོད། །སྐྱེ་རྒ་ན་འཆིའི་ཚོར་བ་མི་མྱོང་ཡང་། །ངེས་པར་ཕ་རོལ་འགྲོ་འདི་མི་སེམས་རྣམས། །སྐྱོ་སླད་མྱ་ངན་འདའ་སྟོན་དེར་ཕྱག་འཚལ། །བསོད་ནམས་ཉམ་


JL00_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར་བའི་འགྲོ་བ་རྣམས། །དཀར་པོའི་ཆོས་རབ་འཕེལ་བའི་ཚོང་ཟོང་ནི། །འཛད་པ་མེད་པའི་རིང་བསྲེལ་ཆ་བརྒྱད་དུ། །བཞག་སྟེ་ཆོས་ཀྱི་དབྱིངས་སུ་གཟིམས་པ་ལྟར། །བདག་ཀྱང་རྫོགས་སྨིན་སྦྱངས་གསུམ་མཐར་ཕྱིན་ནས། ཁམས་གསུམ་ལས་འདས་འོག་མིན་ཆེན་པོ་རུ། །མངོན་པར་སངས་རྒྱས་སྤྲུལ་པའི་མཛད་པ་བཅུས། །ཀུན་མཁྱེན་ཁྱེད་དང་འགྲོ་དོན་མཉམ་པར་ཤོག །ཅེས་པ་ལ་སོགས་པའི་རྗེས་ལ་གནས་བརྟན་གྱིས་མདོའི་བསྟོད་པ་དང་། མདོ་ཉན་པར་གདམས་ནས། ༈ རྒྱ་གར་སྐད་དུ། ཤཱི་ལ་སཾ་ཡུཀྟ་སཱུ་ཏྲ། བོད་སྐད་དུ། ཚུལ་ཁྲིམས་ཡང་དག་པར་ལྡན་པའི་མདོ། །ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ། དེའི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་བསྩལ་པ། དགེ་སློང་དག་ཤེས་པ་ནི་འགྲིབ། སྲོག་ནི་འཆད། ཚེའི་འདུ་བྱེད་ནི་འདོར། སྟོན་པའི་བསྟན་པ་ཡང་ངེས་པར་འཇིག་པར་འགྱུར་ན། ཅིའི་ཕྱིར་བརྩོན་འགྲུས་དང་བརྟུལ་བ་བརྟན་པོས་བསྒྲུབ་པར་མི་བྱེད། མིའི་ལུས་ནི་ཤིན་ཏུ་རྙེད་པར་དཀའ་ན། དེ་ཐོབ་ནས་དེས་རྙེད་པའི་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་བ་ཡང་རྙེད་ནས་ཐར་བའི་དོན་དང་མི་མཐུན་པ་དག་གིས་བསླུས་ཏེ། དགེ་སློང་དག་སྲོག་དང་བྲལ་ཞིང་ཤི་བ་ནི་སླ་ཡི། ཚུལ་ཁྲིམས་ཉམས་ཤིང་ཞིག་པ་ནི་དེ་ལྟ་མ་ཡིན་ནོ། །དེ་ཅིའི་


JL00_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ཞེ་ན། སྲོག་དང་བྲལ་ཞིང་ཤི་བས་ནི་ཚེ་འདི་ཉིད་ཀྱི་སྐྱེ་བ་ཟད་པར་འགྱུར་གྱི། ཚུལ་ཁྲིམས་ཉམས་ཤིང་ཞིག་པས་ནི་སྐྱེ་བ་འབུམ་ཕྲག་བརྒྱའི་བར་དུ་རིགས་དང་བྲལ་ཞིང་བདེ་བ་སྤངས་ཏེ་རྣམ་པར་ལྟུང་བ་ཆེན་པོ་ཉམས་སུ་མྱོང་བར་འགྱུར་རོ། །དེ་ཕྱིར་སྟོན་པས་ཚུལ་ཁྲིམས་རབ་བསྔགས་བཤད། །ཚུལ་ཁྲིམས་ལྡན་པ་སངས་རྒྱས་འབྱུང་དང་ཕྲད། །ཚུལ་ཁྲིམས་ལྡན་པ་རྒྱན་རྣམས་ཀུན་གྱི་མཆོག །ཚུལ་ཁྲིམས་ལྡན་པ་དྲི་དང་བྱུག་པ་ཡིན། །ཚུལ་ཁྲིམས་ལྡན་པ་དགའ་བ་ཀུན་གྱི་གནས། །ཚུལ་ཁྲིམས་གདུང་བ་སེལ་བ་བསིལ་བའི་ཆུ། །ཚུལ་ཁྲིམས་ལྡན་པ་འཇིག་རྟེན་ཀུན་གྱིས་བསྟོད། །ཚུལ་ཁྲིམས་དག་གིས་འགྲོ་བ་དམ་པ་མནོས། །ཇི་ལྟར་སྦྲུལ་གདུག་ཀླུ་ཆེན་ནག་པོ་ཡང་། །ཚུལ་ཁྲིམས་ལྡན་ལ་གནོད་མེད་གཞན་ཅི་སྨོས། །ཚུལ་ཁྲིམས་ལྡན་པའི་དགེ་སློང་འོད་དང་ལྡན། །ཚུལ་ཁྲིམས་ལྡན་པ་གྲགས་འགྱུར་བདེ་བ་ཐོབ། །ཇི་ལྟར་མིག་མེད་གཟུགས་མཐོང་མི་རུང་ལྟར། །དེ་བཞིན་ཚུལ་ཁྲིམས་མེད་ན་ཆོས་མི་མཐོང་། །ཇི་ལྟར་རྐང་མེད་ལམ་འཇུག་ག་ལ་ནུས། །དེ་བཞིན་ཚུལ་ཁྲིམས་མེད་ན་ཐར་མི་འགྱུར། །ཇི་ལྟར་བུམ་པ་བཟང་པོ་རིན་ཆེན་སྣོད། །དེ་བཞིན་ཚུལ་ཁྲིམས་ཆོས་རྣམས་བསྐྱེད་པའི་གཞི། །ཇི་ལྟར་བུམ་ཆག་རིན་ཆེན་སྣོད་མི་རུང་། །དེ་བཞིན་ཚུལ་ཁྲིམས་རལ་བས་ཆོས་ཀུན་གཏུགས། །དང་པོ་ཚུལ་ཁྲིམས་མེད་པར་གྱུར་བ་དེ། །ཕྱིས་ནས་མྱ་ངན་འདས་པ་འཐོབ་སྙམ་མམ། །སྣ་མེད་སྣ་རྡུམ་ལ་སོགས་གང་ཡིན་པ། །དེ་ལ་མེ་ལོང་དག་ན་དགོས་མི་འགྱུར། །རྣ་བས་མ་ཐོས་མིག་སྔར་


JL00_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

མ་མཐོང་ཡང་། །བསྟན་སྲུང་མི་དེ་མཐོ་རིས་འགྲོ་བར་འགྱུར། །ཐོས་མང་ཐོས་ལྡན་ཐོས་བསྲུང་མཐོ་རིས་ཉིད། །བུད་མེད་བསྟེན་དུ་ག་ལ་རུང་། །རྒྱལ་པོའི་ཕོ་བྲང་ག་ལ་དགའ། །ལྦུ་བ་སྙིང་པོ་ག་ལ་ཡོད། །བུད་མེད་དག་ལ་རུང་བ་མེད། །རྒྱལ་སྲིད་དག་ལ་དགའ་བ་མེད། །ལྦུ་བ་དག་ལ་སྙིང་པོ་མེད། །ལོངས་སྤྱོད་དག་ལ་རྟག་པ་མེད། །ལོངས་སྤྱོད་དག་ནི་འབབ་ཆུ་བཞིན། །གྲུ་ཅི་འདྲ་བར་ཁྱིམ་དེ་འདྲ། །མེ་ཏོག་ཅི་འདྲར་གཟུགས་དེ་བཞིན། །སྲོག་ནི་ཆུ་བུར་འདྲ་བ་ཡིན། །བཅོམ་ལྡན་འདས་ཀྱིས་དེ་སྐད་བཀའ་སྩལ་ནས། །ཉེ་བ་འཁོར་ལ་སོགས་པའི་དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱི། །བསྔོ་བ་གང་ལ་སོགས་ཀྱིས་བསྔོ་བར་བྱའོ། །དེ་ནས་སྤྱི་བཤགས་དང་། མཐོང་སྡོམ་དྲི་བ་བྱས་ལ། དགེ་ཚུལ་གྱི་གསོ་སྦྱོང་ནི། དགེ་སློང་རྒྱུད་བཟང་པོ་ལ་ཕྱག་གསུམ་བཙལ་ནས། གསོ་སྦྱོང་ལ་ཐུགས་གཏད་པར་ཞུ། ཞེས་བརྗོད་ནས་དགེ་སློང་རེ་རེའི་མདུན་དུ་གསུམ་གསུམ་མན་ཆད་འདུག་སྟེ། གནས་བརྟན་དགོངས་སུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅུ་བཞི་པའམ་བཅོ་ལྔ་པ་ལགས་ཏེ། བདག་དགེ་ཚུལ་མིང་འདི་ཞེས་བྱ་བའི་ཡང་གསོ་སྦྱོང་བཅུ་བཞི་པའམ་བཅོ་ལྔ་ལགས་ན། བདག་དགེ་ཚུལ་མིང་འདི་ཞེས་བགྱི་བའི་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་བདག་མཆིའོ། །བདག་ཡོངས་སུ་དག་པར་གནས་བརྟན་སོགས་ཀྱིས་གཟུང་དུ་གསོལ། ཞེས་གསུམ་བརྗོད་ནས། ཐབས་ལེགས་བྱའོ། །དེ་ལྟར་ཡོངས་དག་བླངས་ནས་དགེ་ཚུལ་རྣམས་ལས་


JL00_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཐོས་པའི་སར་ལོགས་སུ་བཀར་ནས། མདོ་འདོན་པ་པོས། ལྟུང་བ་ཐུན་མོང་བ་རྣམས་གསོལ་བ་འབའ་ཞིག་པས་བྱིན་གྱིས་བརླབས་པར་བགྱི་བས། དགེ་འདུན་རྣམས་སྤྱོད་ལམ་བསྟུན་ནས་གསོལ་བའི་ལས་ལ་ཐུགས་གཏད་པར་ཞུ། ཞེས་འདུན་པ་བཅོས་ནས། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅུ་བཞི་པའམ་བཅོ་ལྔ་པ་ལགས་པས། བདག་ཅག་དགེ་འདུན་ཐམས་ཅད་ནི་ལྟུང་བ་དང་བཅས་པར་གྱུར་ན། གང་གི་མདུན་དུ་བདག་ཅག་ལྟུང་བ་དེ་ཆོས་བཞིན་དུ་སླར་བགྱི་བ་བདག་ཅག་ལས་དགེ་སློང་གནས་གཞན་དུ་མཆིས་ལ། དགེ་སློང་གི་མདུན་དུ་ལྟུང་བ་དེ་དག་ཆོས་བཞིན་དུ་སླར་མཛད་དེ། འདི་ནི་གསོལ་བའོ། །དེ་ནས་གནས་ཀྱི་བློ་མཐུན་ནི། ལྟུང་བ་ཐུན་མོང་བའི་བྱིན་རླབས་ལས། གཞན་པ་ཐམས་ཅད་ལ་ངེས་པར་དགོས་ལས། གསོལ་བ་དང་གཉིས་ཀྱི་ལས་ཀྱི་གནས་ལ་བློ་བསྟུན་པ་ལ་ཐུགས་གཏད་པ་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། གནས་ཐམས་ཅད་གྲུབ་པའམ། བགྱིས་པའམ། ལགས་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་གསོ་སྦྱོང་གི་གནས་སུ་བཞེད་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱི་གནས་ཐམས་ཅད་གྲུབ་པའམ། བགྱིས་པའམ། ལགས་པ་ནང་མཚམས་དང་། ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པའི་དགེ་འདུན་གྱི་གསོ་སྦྱོང་གི་གནས་པ་བློ་མཐུན་པར་བགྱིའོ། །འདི་ནི་གསོལ་བའོ། །བརྗོད་པ་མཇུག་བསྡུ་བ་དང་བཅས་པ་ལ་ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་སོགས་ནས། གསོ་སྦྱོང་གི་གནས་སུ་བཞེད་དེ།


JL00_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་སླད་དུ་དགེ་འདུན་གྱི། གནས་ཐམས་ཅད་གྲུབ་པའམ། སོགས་སྔར་བཞིན་ནས། གསོ་སྦྱོང་གི་གནས་སུ་བློ་མཐུན་པར་བགྱི་ན། ཚེ་དང་ལྡན་པ་གང་དག་གནས་ཐམས་ཅད་གྲུབ་པའམ་སོགས་ནས། གསོ་སྦྱོང་གི་གནས་སུ་བློ་མཐུན་པར་བགྱི་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཞིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་གྱི་གནས་ཐམས་ཅད་གྲུབ་པའམ་སོགས་ནས། གསོ་སྦྱོང་གི་གནས་སུ་བློ་མཐུན་པར་བགྱིས་ལགས་ཏེ། འདི་ལྟར་ཅད་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །ཞེས་བརྗོད་དོ། །དེ་ལ་གྲུབ་པ་ནི་སྐྱེས་བུའི་རྩོལ་བས་མ་བྱས་པ་བསྡུ་བ་དང་པོའི་གནས་རྒྱལ་པོའི་ཁབ་ཀྱི་ནྱ་གྲོ་དྷའི་ཕུག་པ་བཞིན་ནོ། །བགྱིས་པ་ནི་སྐྱེས་བུའི་རྩོལ་བས་བྱས་པ་བསྡུ་བ་གསུམ་པའི་གནས་ཁ་ཆེའི་ཡུལ་རྣ་རྒྱན་གྱི་གཙུག་ལག་ཁང་བཞིན་ནོ། །ལགས་པ་ནི། བྱ་བ་བྱེད་པའི་གནས་སུ་རུང་བ་སྟེ་གནས་ཀྱི་ཐ་སྙད་རྫོགས་པའོ། །དེ་བས་ད་ལྟ་ནི་གཙུག་ལག་ཁང་དུ་གསོ་སྦྱོང་བྱེད་པའི་ཕྱིར། བགྱིས་པའི་ཞེས་མཚམས་སྦྱར་བ་ལེགས་སོ། །དེ་ནས་དངོས་གཞི་ལ་གནས་བརྟན་གྱིས་སོ་སོར་ཐར་བའི་མདོ་ཉན་པར་གདམས་ནས། གསོལ་བ་འབའ་ཞིག་པའི་ལས་ཀྱིས་དགེ་འདུན་ཐུགས་བསྟུན། མདོ་འདོན་པ་པོས་ཐལ་མོ་ཅུང་ཟད་སྦྱར་བའི་སྟང་ཀས། རྒྱ་གར་སྐད་དུ། པྲ་ཏི་མོཀྵ་སཱུ་ཏྲ། བོད་སྐད་དུ། སོ་སོ་ཐར་བའི་མདོ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་འདུལ་བ་གང་ཆེན་མཚོ། །གཏིང་མཐའ་མེད་པ་ཐམས་ཅད་ཀྱི། །གནས་པའི་སྙིང་དང་སྙིང་པོ་ནི། །སོ་སོ་ཐར་བ་འདི་ཡིན་ནོ། །ཞེས་པ་ནས། འཇོག་བྲལ་རྣམ་པར་འཁྱམས་པར་འགྱུར། །ཞེས་པའི་བར་བརྗོད་ནས། དགེ་འདུན་


JL00_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་པ་རྣམས་གསན་དུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅུ་བཞི་པའམ། བཅོ་ལྔ་པ་ལགས་ཏེ། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དེང་དགེ་འདུན་གྱིས་གསོ་སྦྱོང་མཛད་དེ། སོ་སོ་ཐར་བའི་མདོ་འདོན་པ་གདོན་ཏོ། །འདི་ནི་གསོལ་བའོ། །ཚེ་དང་ལྡན་པ་བདག་ཅག་གསོ་སྦྱོང་བྱ་སྟེ། སོ་སོ་ཐར་བའི་མདོ་འདོན་པ་གདོན་གྱིས། ཁྱེད་ཅག་སུ་ལ་ལྟུང་བ་ཡོད་པ་དེ་མཐོལ་ཞིག །ལྟུང་བ་མེད་ན་ཅང་མ་སྨྲ་ཞིག །ཅང་མི་སྨྲ་ན་བདག་གིས་ཚེ་དང་ལྡན་པ་དག་ཡོངས་སུ་དག་པར་རིགས་པར་བྱའོ། །དེ་ལྟར་སོ་སོར་དྲིས་ནས་དགེ་སློང་གིས་ལན་བཏབ་པ་དེ་བཞིན་དུ་དགེ་སློང་གི་འཁོར་འདི་ལྟ་བུར་ཡང་ལན་གསུམ་གྱི་བར་དུ་བསྒྲག་པར་བྱ་བ་ཡིན་ནོ། །ཡང་དགེ་སློང་གང་དགེ་སློང་གི་འཁོར་འདི་ལྟ་བུར་ལན་གསུམ་གྱི་བར་བསྒྲགས་པ་ན། ལྟུང་བ་ཡོད་ལ་དྲན་བཞིན་དུ་མི་མཐོལ་ན་དེ་ཤེས་བཞིན་དུ་རྫུན་དུ་སྨྲ་བ་ཡིན་ནོ། །ཚེ་དང་ལྡན་པ་དག་ཤེས་བཞིན་དུ་རྫུན་དུ་སྨྲ་བ་ནི་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་སོ། །དེ་བས་ན་དགེ་སློང་ལྟུང་བ་བྱུང་བ་རྣམ་པར་དག་པར་འདོད་པས་ལྟུང་བ་ཡོད་ལ་དྲན་ཅིང་མཐོང་བ་མཐོལ་བར་བྱའོ། །མཐོལ་ན་བདེ་བ་ལ་རེག་པར་གནས་པར་འགྱུར་གྱིས། མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ། །ཚེ་དང་ལྡན་པ་དག །བདག་གིས་སོ་སོ་ཐར་བའི་གླེང་གཞི་བཏོན་ཟིན་ཏོ། །དེ་ལ་བདག་གིས་ཚེ་དང་ལྡན་པ་དག་ལ་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ། ཞེས་ལན་གཉིས་དང་ལན་གསུམ་དུ་འདྲིའོ། །འདི་ལ་ཚེ་དང་ལྡན་པ་དག་ཡོངས་སུ་


JL00_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

དག་ན་འདི་ལྟར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ། །སླད་མ་ཕམ་པར་འགྱུར་བའི་ཆོས་བཞི་དང་། དགེ་འདུན་ལྷག་མའི་ཆོས་བཅུ་གསུམ་དང་། མ་ངེས་པའི་ཆོས་གཉིས་དང་། སྤང་བའི་ལྟུང་བྱེད་ཀྱི་ཆོས་སུམ་ཅུ་དང་། འབའ་ཞིག་པ་དགུ་བཅུ་དང་། སོ་སོར་བཤགས་པའི་ཆོས་བཞི་དང་། བསླབ་པར་བྱ་བའི་ཆོས་མང་པོ་དང་། རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་རྣམས་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོ་ཐར་བའི་མདོ་འདོན་པ་ལས་བྱུང་བས་སྔར་གསན་པའམ། ཕྱིས་ཀྱང་གསན་པར་འགྱུར་རོ། །ཞེས་བརྗོད་ནས་སྨོན་ལམ་གདབ་པ་དང་དགེ་བ་བསྔོ་བའང་བྱའོ། །གལ་ཏེ་དགེ་སློང་བཞིར་མ་ཚོགས་པས་གསོ་སྦྱོང་མ་གྲུབ་ན་གསོ་སྦྱོང་ཡོད་པའི་གནས་སུ་འགྲོ་བ་ཡིན་ནོ། །དེ་ཡང་མ་གྲུབ་ན་གསོ་སྦྱོང་མ་བྱས་པའི་ཉེས་པ་འགོག་པ་ནི། ཕན་ཚུན་གཅིག་གི་མདུན་ན་གཅིག་འདུག་ནས་བྱིན་གྱིས་བརླབ་ཅིང་། རང་གཅིག་བུ་ཡིན་ན་ཡིད་ཀྱིས་བསམ་ཞིང་བརྗོད། གཞན་ཡང་དགེ་སློང་ནད་པ་དང་། དབང་མེད་པ་དང་། སྲོག་དང་། ཚངས་པར་སྤྱོད་པའི་བར་ཆད་ཀྱི་རྐྱེན་གྱིས་ལས་ཀྱི་གནས་སུ་འདུ་བར་མི་ནུས་པ་དང་། གཞི་མགྲོན་ཚེས་གྲངས་མ་མཐུན་ཞིང་། གློ་བུར་བ་མང་བ་སོགས་ལ་དམིགས་བསལ་གྱི་ཆོ་ག་གཞན་དུ་འཁོད་པ་ལྟར་ཤེས་པར་བྱའོ། །གཉིས་པ་དབྱར་གནས་ཀྱི་གཞི་ནི། སྟོན་པ་རྒྱལ་བྱེད་ཚལ་ན་བཞུགས་པའི་ཚེ་དགེ་སློང་དག་དབྱར་ལྗེངས་རྒྱུ་བ་ལ་མུ་སྟེགས་རྣམས་ཀྱིས་འཕྱ་བས་དབྱར་སྔ་མ་བཅས། ཡང་རི་འོར་གྱི་གཙུག་ལག་ཁང་ཞིག་ཏུ་དབྱར་གནས་པ་ལས་འཇིགས་པ་བྱུང་ནས་དགག་དབྱེ་མ་བྱས་པར་མཉན་ཡོད་དུ་འོངས་པར་དབྱར་ཕྱི་མ་རྗེས་སུ་བཅས་སོ། །དེ་གཉིས་ཀྱི་དུས་ཀྱི་ཁྱད་པར་ས་གའི་ལྷས། གྲོ་ཞུན་ཟླ་


JL00_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚེས་གཅིག་ནས། །སྔ་མའི་དབྱར་དེ་གཙོ་བོ་ཡིན། །དེ་ཉིད་ཁྲུམས་ཀྱི་ཟླ་བ་ཡི། །ཚེས་གཅིག་ནས་ནི་ཕྱི་མར་གྲགས། །ཞེས་སོ། །ཡུན་ནི་མདོ་རྩར། དབྱར་གནས་པར་ཁས་བླང་བར་བྱའོ། །ཟླ་བ་གསུམ་དུའོ། །ཞེས་སོ། །དགོས་པ་ནི་འདུལ་བ་ལུང་ལས། །འཕྱ་དང་སྲོག་ཆགས་གནོད་སྤོང་དང་། །ལུས་སྲོག་གནོད་སྤོང་རལ་གྲུམ་འཆོས། །དོན་བྱ་ཉུང་དང་ཐོས་སོགས་འཕེལ། །དགག་དབྱེ་སྲ་བརྐྱང་འབྱུང་བའོ། །ཞེས་པ་ལྟར་རོ། །དེའང་དབྱར་སྔ་མ་ཡིན་ན་ཧོར་ཟླ་དྲུག་པའི་ཉ་དང་། ཕྱི་མ་ཡིན་ན་བདུན་པའི་ཉ་ལ་གསོ་སྤྱོད་བྱས་པའི་རྗེས་སུ་གནས་མལ་སྟོབ་པར་འོས་པའི་དགེ་སློང་གཅིག་གམ་དུ་མ་ཡང་རུང་སྟེ་སྤྲོ་བ་དྲི་བ་དང་གསོལ་བའི་ལས་ཀྱིས་བསྐོར། དེ་ལྟར་བསྐོས་པ་དེས་ཚུལ་ཤིང་སྲིད་དུ་ཁྲུ་གང་བ། ཡ་ཡོ་དང་ཁར་ཁོར་བཅས་གཅུས་མེད་ཅིང་། ཁ་དོག་བཟང་ལ་རེག་པ་འཇམ་པ་རྣམས་སྟ་གོན་བྱ། དེ་ཙནྡན་དང་གུར་ཀུམ་ལ་སོགས་པའི་དྲིས་བགོ། གཟེབ་ཀྱི་པྲོག་མར་སྲིན་རས་དཀར་པོ་བཏིང་བས་དཀྲིས་པ་རྒན་པའི་མཐར་བཞག །དེ་ནས་ཁྲིམས་སུ་བྱ་བ་ཆུ་མགོར་ཟག་པ་མི་འདོར་བ་དང་། མཁོ་ཞིང་སྤྱད་པར་བྱ་བའི་དངོས་པོ་མྱུར་དུ་བསྐྱལ་བ་དང་། དགེ་རྩ་ལ་བརྩོན་པ་དང། ཉེ་འཁོར་གཙང་བར་བྱ་བ་དང་། ཞིང་རྐེད་པར་མི་གཅད་པ་དང་། སེར་བ་བྱུང་ན་བཟློག་པར་བྱ་བ་ལ་སོགས་པ་འདིས་གནས་འདིར་གནས་པར་སྤྲོ་བ་དེ་ནི་ཚུལ་ཤིང་ལོངས་ཤིག་དང་། དབྱར་དགེ་འདུན་གྱི་ནང་དུ་འཁྲུག་ལོང་མི་བསྐྱེད་པ་སོགས་ཁྲིམས་སུ་བྱ་བ་བརྗོད། དེ་ནས་ཚུལ་ཤིང་བྲིམས་ཏེ་བླངས་པའི་གྲངས་གོ་བར་བྱས་ནས་སླར་བསྡུ་བ་ལ་སོགས་པའི་རྣམ་གཞག་ཐམས་ཅད་ཆོ་ག་


JL00_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་ཤེས་པར་བྱས་ལ། དངོས་གཞི་ནི། དབྱར་སྔ་ཕྱི་གང་ཡིན་ཡང་དེའི་བཅུ་དྲུག་གི་ནང་པར་གནས་སྟེང་གཡོགས་དང་བཅས་པའི་ནང་དུ་བསྙེན་པར་རྫོགས་པའི་སྡོམ་པ་རྣམ་པར་དག་པ་ལ་སོགས་པ་ཆོས་དགུ་དང་ལྡན་པའི་དགེ་སློང་གི་མདུན་དུ་དབྱར་སྔ་ཕྱི་གང་ཡིན་ཡང་རང་མིང་ནས་བརྗོད་དེ་ཟླ་བ་གསུམ་གནས་པར་ཁས་བླང་ཞིང་། ཐབས་ལེགས་བྱའོ། །དེའང་གྲོ་བཞིན་དང་ཁྲུམས་སྟོད་གཉིས་ལས་གཞན་དུ་ཁས་བླངས་ཀྱང་མི་འཆགས་ལ། ཟླ་བ་གསུམ་དུ་མ་ཚང་བའི་ཁས་ལེན་ཀྱང་མི་རུང་ངོ་། །སྤྱིར་གནས་པར་ཁས་མ་བླངས་པས་གནས་མི་གཏོང་ན་གནད་པ་ཉིད་ཡིན་ནོ། །ཞེས་བཤད་པའི་ཕྱིར་ན་དམིགས་བསལ་ཡུལ་མེད་དུ་འདིར་གནས་པར་བྱའོ་སྙམ་དུ་དམ་བཅས་པས་ཀྱང་གོ་ཆོད་དེ། དོན་དང་མི་འགལ་བའི་ཕྱིར་རོ། །གལ་ཏེ་ཆོས་ལྡན་གྱི་བྱ་བ་ལ་ཞག་གཅིག་པ་ནས་བདུན་པའི་མཚན་མོ་མ་འདས་ཚུན་ཆད་མཚམས་ལས་འདའ་དགོས་པ་བྱུང་ན་དེའི་གོང་དུ། དགེ་སློང་ཆོས་དགུ་ལྡན་གྱི་དྲུང་དུ་ཞག་གྲངས་བསལ་ནས་བྱིན་རླབས་བྱ་དགོས་ཏེ། བྱིན་གྱིས་མ་བརླབས་པར་ཕྱི་རོལ་ཏུ་སྐྱ་རེངས་འཆར་བར་མི་བྱའོ། །ཞེས་བཤད་པས་སོ། །སྐྱ་རེངས་ཤར་ན་དབྱར་རལ་བའི་ཉེས་པ་འབྱུང་ངོ་། །ཉིན་མོའི་ཆ་དེ་ཉིད་ལས་ཕྱིར་འོང་ཡང་དགོས་མེད་དུ་མཚམས་ཀྱི་ཕྱི་རོལ་འདའ་ན་ལམ་དུ་ཞུགས་པའི་ཉེས་བྱས་དང་། རྒྱང་གྲགས་ཀྱི་མཐའ་འདས་ན་ནི་དངོས་གཞིའི་ཉེས་བྱས་ལྕི་བ་བསྐྱེད་དོ། །ཞག་བདུན་པའི་བྱིན་རླབས་ཀྱང་སྤྱིར་དྲིལ་བས་ཞག་བཞི་བཅུ་ལས་ལྷག་པ་ནི་མི་རུང་ལ་དབྱར་གྱི་ཕྱི་མཐའ་ཞག་དྲུག་ལའང་བྱིན་རླབས་མི་འཆགས་པར་དངོས་བསྟན་ཉིད་ཀྱང་འདོད་པ་གཞན་ཡང་ཡོད་དོ། །འོན་ཀྱང་དགེ་


JL00_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་བྱེ་བ་བསྡུམ་པ་ལ་སོགས་པ་ལ་ནི་བྱ་བ་དེ་འབད་པས་བསྒྲུབས་ཀྱང་མ་གྲུབ་པ་དེ་སྲིད་དུ་ཉེས་པ་མེད་དོ། །གསུམ་པ་དགག་དབྱེའི་གཞི་ནི། སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ་ལྗོངས་ཤིག་ཏུ་དགེ་སློང་རྣམས་མི་སྨྲ་བའི་ཁྲིམས་བྱས་ཏེ་དབྱར་གནས་པ་ལ་བརྟེན་ནས་མཐོང་ཐོས་དོགས་གསུམ་གྱིས་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བྱ་བར་གནང་ངོ་། །མཚན་ཉིད་ནི་གཞི་གསུམ་གྱི་ནང་ཚན་ཆོས་རྣམ་པར་དག་བྱེད་དབྱར་ཚུལ་ལ་བརྟེན་ནས་འབྱུང་བས་དེ་ཉིད་སྐབས་དབྱེ་བའི་སྔགས་ཀྱིས་འབུལ་བའོ། །དེ་ལ་དབྱར་སྔ་ཕྱིའི་བཟུང་མཚམས་ཀྱི་སྟོན་ཟླ་འབྲིང་པོའམ། ཐ་ཆུང་གཉིས་པོའི་ཉའི་སྔ་རོལ་དགག་དབྱེ་ལ་ཟླ་བ་ཕྱེད་པ་ནས་ཞག་བདུན་ཙམ་ལས་མེད་པ་ཕྱིན་ཆད་འཁོན་དུ་གྱུར་བ་ཡོད་ན་བཟོད་པར་གསོལ་བ་དང་། གཙུག་ལག་ཁང་བརྒྱན་པ་ལ་སོགས་བྱས་ནས། བཅུ་བཞིའི་མཚན་ཐོག་ཐག་ཆོས་རྣམ་པར་གཏན་ལ་དབབ་པར་བྱ། ཉའི་ཉིན་པར་དགེ་འདུན་ཐམས་ཅད་འདུས་ནས་ཕན་ཚུན་ཕྱག་ཟིང་པོར་བྱས་ལ་འགྲེང་བཞིན་པས་བཏུད་དེ། དབྱར་གྱི་ནང་དུ་དགེ་འདུན་གྱི་ཐུགས་དང་འགལ་བ་ཐམས་ཅད་བཟོད་པར་མཛད་པར་ཞུ། ཞེས་བརྗོད། དེ་ནས་གནས་བརྟན་ལས་བྱེད་པ་པོས་རྒྱུན་ཆགས་གསུམ་པ་ནས་དགེ་ཚུལ་གྱི་བཤགས་པའི་བར་གསོ་སྦྱོང་ལྟར་བྱས་ལ། དགེ་ཚུལ་རྣམས་ལོགས་སུ་བཀར། འདུ་བར་མ་ནུས་པའི་འདུན་པ་དང་དགག་དབྱེ་ལེན་དགོས་པ་རྣམས་གཅིག་ཆར་འབུལ་བའི་སྔགས་ཀྱིས་བླང་ཞིང་། ཐབས་ལེགས་བྱ། ལེན་པ་པོས་དགེ་འདུན་ལ་བརྗོད་པའི་སྔགས་སུ་གྲགས་པ། དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། ཞེས་སོགས་པ་ཟླ། དགག་དབྱེ་ཕུལ་བའི་དགོས་པ་ནི།


JL00_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

གསོ་སྦྱོང་ལ་ཡོངས་དག་ཕུལ་བ་ལྟ་བུའོ། །ལྟུང་བ་ཐུན་མོང་མ་ཡིན་པ་རྣམས་གསོ་སྦྱོང་གི་སྐབས་ལྟར་ལས་གྲལ་ལ་མ་འདུས་གོད་ནས་ཕྱིར་བཅོས་བྱ། དེ་ནས་ལྟུང་མཐུན་བྱིན་གྱིས་བརླབས་ནས་ལས་བྱེད་པོས་དགག་དབྱེ་བྱེད་པའི་དགེ་སློང་ལ་སྤྲོ་བ་དྲི་སྤྲོ་ན་གསོལ་བ་དང་གཉིས་ཀྱི་ལས་ཀྱི་དགག་དབྱེ་བྱེད་པར་བསྐོ་བ་དང་། གསོལ་བའི་ལས་ཀྱི་ཐུགས་བསྟུན་པ་རྣམས་བྱ། དེ་ནས་དངོས་གཞི་ནི། གསོལ་བ་བརྗོད་པའི་རྗེས་ལ། བསྐོས་པའི་དགེ་སློང་དེས་དགེ་འདུན་ཐམས་ཅད་ལ་རྩྭ་དུར་བ་ཁྱབ་པར་བྲིམས། གྲལ་ན་གནས་པ་དག་གིས་རྩྭ་ཆངས་པ་གཉིས་གཉིས་བྱས་པ་བསྣོལ་ཏེ་བཅིངས་ནས་རྩེ་མོ་གཅིག་དང་རྩ་བ་གཅིག་རང་ལ་བསྟན། གཅིག་ཡུལ་ལ་བསྟན། གཉིས་ཀས་སོ་སོའི་ཕྱོགས་ཀྱི་རྩ་བ་རྡོག་པས་མནན། རྩེ་མོ་ལག་པས་བཟུང་དགག་དབྱེ་བྱེད་པར་བསྐོས་པའི་དགེ་སློང་གི་མདུན་དུ་འདུན་པ་བཅོས་ཏེ། ཙོག་པུར་འདུག་བཞིན་པས། ཚེ་དང་ལྡན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་ཡང་དགག་དབྱེ་བཅོ་ལྔ་པ་ལགས་ན། བདག་དགེ་སློང་མིང་འདི་ཞེས་བགྱི་བ་བདག་མཐོང་བ་དང་། ཐོས་པ་དང་། དོགས་པའི་གནས་གསུམ་གྱིས་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་ཀྱི། ཚེ་དང་ལྡན་པ་རྣམས་ཀྱིས་བདག་ལ་གདམས་སུ་གསོལ། ཚེ་དང་ལྡན་པ་རྣམས་ཀྱིས་བདག་ལ་རྗེས་སུ་བསྟན་དུ་གསོལ། ཚེ་དང་ལྡན་པ་རྣམས་ཀྱིས་བདག་རྗེས་སུ་བཟུང་དུ་གསོལ། ཐུགས་བརྩེ་བ་ཅན་ཚེ་དང་ལྡན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ། བདག་ལ་ཐུགས་བརྩེ་བར་མཇེད་དུ་གསོལ། ལྟུང་བ་ཤེས་ཤིང་མཐོང་ན་ཆོས་བཞིན་འདུལ་བ་བཞིན་སླར་བགྱིའོ། །ཞེས་ལན་གསུམ་བརྗོད། ཐབས་ལེགས་བྱ། ནད་པ་


JL00_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

ངལ་བ་ལ་སོགས་པའི་དགག་བྱ་ཡོད་ན་ལན་གཅིག་གཉིས་ཀྱང་རུང་། དེ་ནས་དགག་དབྱེ་བྱེད་པ་པོ་རང་གི་དགག་དབྱེ་ནི། བསྐོས་པའི་ཟླ་བོ་ཡོད་ན་དེའི་མདུན་དང་། མེད་ན་གྲལ་ན་གནས་པའི་དགེ་སློང་གང་ཡང་རུང་བའི་མདུན་དུ་བྱའོ། །དེ་ནས་རྩྭའི་ཆུན་པོ་རྣམས་བསྡུས་ཏེ་བགྲངས་ནས། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། འདི་ལྟར་གནས་འདི་ན་དབྱར་གནས་པའི་དགེ་སློང་འདི་སྙེད་ཀྱི་དགག་དབྱེ་མཛད་ལགས་སོ། །ཞེས་གོ་བར་བྱས་པ་ལ། གྲལ་ན་གནས་པ་རྣམས་ཀྱིས། ལེགས་པར་དགག་དབྱེ་མཛད་དོ། །ཤིན་ཏུ་དགག་དབྱེ་མཛད་དོ། །ཞེས་གོ་བའི་ལན་གདབ། དེ་ནས་རྫས་ཀྱི་དགག་དབྱེའི་ཕྱིར། བསྐོས་པ་པོ་རང་གི་རྫས་ཁབ་ཡན་ཆད་གང་རུང་ཞིག་ལག་ཏུ་ཐོགས་ཏེ། རྒན་རིམ་གྱི་མདུན་དུ་འདུག་ལ། བཙུན་པ་རྫས་འདི་ལྟ་བུས་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིར་རུང་ངམ། ཞེས་དྲིས་པ་ལ། གྲལ་ལ་གནས་པ་རྣམས་ཀྱིས། ལེགས་པར་རུང་ངོ་། །ཤིན་ཏུ་རུང་ངོ་། །ཞེས་སྐབས་དབྱེའོ། །དེ་ནས་བསྐོས་པས་དབྱར་གྱི་རྙེད་པ་རྣམས་བསྡུས་ཏེ་མཐའ་གཅིག་ཏུ་བཞག །དགེ་ཚུལ་རྣམས་ཀྱི་དགག་དབྱེ་སྔར་བཞིན་དུ་བྱེད་དུ་གཞུག་ཅིང་གོ་བར་བྱས་ནས། དེ་དག་གི་རྙེད་པ་རྣམས་བསྡུས་ཏེ་སྔ་མ་རྣམས་དང་ལྷན་ཅིག་བསྒོ་བར་བྱའོ། །དུས་མིན་གྱི་དགག་དབྱེ་ནི། ཆོས་ལྡན་གྱི་བྱ་བའམ། འཐབ་གྲོལ་ཅན་གྱི་རྐྱེན་ལས། དབྱར་ནང་དུ་འགྲོ་དགོས་པ་དང་། དབྱར་ཁས་བླངས་ནས་གསོ་སྦྱོང་གཉིས་ཡན་ཆད་ཐལ་བར་གྱུར་ན། ཕྱེད་དང་གཉིས་འདས་པའི་ཉ་ཤི་གང་རུང་ལ་དགག་དབྱེ་བྱར་རུང་ཤིང་། དམག་འཁྲུག་ལ་སོགས་པའི་རྐྱེན་གྱིས་གནས་པར་མི་ནུས་ན། ཕན་ཚུན་གཅིག་གིས་


JL00_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ལ་ཚོགས་ཀྱིས་དགག་དབྱེས་གོ་བར་བྱས་ཏེ་འགྲོ་བར་རུང་བ་རྣམས་ནི་དུས་ཀྱི་དམིགས་བསལ་ལོ། །གང་ཟག་གི་དམིགས་བསལ་ནི། དགེ་སློང་བཞི་ལས་མེད་ན་དགག་དབྱེ་བྱེད་པ་པོ་བསྐོ་མི་དགོས་ཤིང་། གསོལ་བའི་ལས་དང་དགག་དབྱེ་དངོས་བྱས་ལ། གསུམ་མམ་གཉིས་ལས་མེད་ན་དགག་དབྱེ་བྱིན་གྱིས་བརླབས། རང་གཅིག་པུ་ཡིན་ན་དངོས་གཞི་ཙམ་ལན་གསུམ་བརྗོད་དོ། །གཞན་ཡང་ཞག་བདུན་ལ་སོགས་པར་བྱིན་གྱིས་བརླབས་པའི་གནང་བ་ཐོབ་སྟེ་མཚམས་ཀྱི་ཕྱི་རོལ་ཏུ་སོང་བ་ལས། གཙུག་ལག་ཁང་གཞན་དུ་དགག་དབྱེ་བྱེད་པ་དང་ཐུག་ན། དེས་ཀྱང་དེ་དག་དང་ལྷན་ཅིག་དགག་དབྱེ་བྱས་ནའང་འཆགས་ཤིང་ཉེས་པ་མེད་ལ། དེ་ཉིན་གློ་བུར་དུ་ལྷག་པའམ། དབྱར་བྲལ་བའི་རབ་བྱུང་གཞན་གྱིས་ཀྱང་དགག་དབྱེ་བྱ་དགོས་པ་ཡིན་ནོ། །དེ་ལྟར་དགག་དབྱེ་བྱས་པའི་ཕྱི་ཉིན་ཚེས་བཅུ་དྲུག་ལ་གནས་ལ་ལྷག་པར་ཆགས་པ་སྤང་བའི་ཕྱིར། འདུ་འཛིའི་གཏམ་དང་། ཚུལ་མིན་ཡིད་བྱེད་སྤངས་ནས། ཆོས་དང་ལྡན་པའི་གཏམ་གྱིས་སམ། ཡང་ན་འཕགས་པའི་མི་སྨྲ་བས་ཏེ། ཚུལ་བཞིན་ཡིད་ལ་བྱེད་པས་མ་མཐའ་རྒྱང་གྲགས་གཅིག་ཚུན་ཆད་དུ་ལྗོངས་རྒྱུ་བར་འགྲོའོ། །དེའང་ཕྱོགས་ཀུན་འཇིགས་པ་དང་བཅས་པའམ། ཞེ་འགྲས་པ་ལ་སོགས་པའི་ཉེས་པ་ཡོད་ན་ནི། མ་ཕྱིན་ཀྱང་ལྟུང་བ་མེད་པར་བཤད་ན། གཞན་ལ་གནོད་པ་ནི་དགེ་སྤྱོད་མ་ཡིན་པས་དེ་ལ་བརྟེན་ནས་ལོ་ཏོག་དང་། བཟའ་ཤིང་ལ་གནོད་པ་སོགས། ཁྱིམ་པ་སུན་འབྱིན་པའི་ཉེས་པ་ཡོད་ཀྱང་ལྗོངས་རྒྱུ་བ་ལ་ཆེ་ཐང་དུ་མི་བྱ་སྟེ། ལྗོངས་རྒྱུ་བའི་དགོས་པ་གནས་ལ་ཞེན་པ་སྤོང་བ་དང་བཅས་པ་ཡིན་པས་སོ། །དེ་བས་ན་ལྗོངས་རྒྱུ་བ་ལ་སོགས་པ་གློ་བུར་དུ་འགྲོ་


JL00_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཚེ་དང་། སང་ཉིན་འགྲོ་བའི་ད་ལྟ་ནས་བླ་མ་ལ་ཞུས་ཏེ་གནང་བ་ཐོབ་པར་བྱ་བ་དང་། ཚུལ་མ་ཡིན་པས་མི་འགྲོ་བ་དང་། ཞག་ཏུ་བསྡད་པའི་གནས་སུ་དགོངས་ཀ་དང་ནང་པར་རྒྱུད་ཆགས་གསུམ་གདོན་པར་གཞན་ཡང་བདེ་བར་གནས་པའི་རྐྱེན་གྱི་གཞི་གོས་དང་། ཀོ་ལྤགས་དང་གནས་མལ་ལ་སོགས་པ་ནི་རྒྱས་པར་གཞན་དུ་ཤེས་པར་བྱ་ལ། འདིར་གླིང་གཞི་དང་སྦྲེལ་ནས་ངོ་བོ་ཙམ་སྨོས་ན། སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ་གནས་བཅས་སུ་དབྱར་གནས་པ་འཐོན་ནས་ཕྱག་འཚལ་དུ་འོངས་པའི་དགེ་སློང་རྣམས་ཚོགས་ཆེན་པོས་ངལ་བར་གྱུར་བ་ལ་བརྟེན་ནས་བག་ཡངས་དང་འབྲེལ་བ་སྲ་རྐྱང་གནང་། འདི་ནི་ངོ་བོ་ཆོས་གོས་དྲས་དྲུབ་བྱེད་པའི་ཚེ་གདིང་བའི་གཞི་སྤང་ལེབ་ཡིན་ལ། སྲ་བསྐྱང་བཏིང་ཆགས་ཀྱི་དགེ་སློང་གིས་ཕན་ཡོན་རྣམ་པ་བཅུ་འཐོབ་སྟེ། འཆང་འབྲས་འཇོག་གསུམ། ཡང་ཡང་དང་། འདུས་པ། མ་སྨྲས་པར་འགྲོ་བ། གོས་སློང་བའི་ཉེས་པ་ལྔ་ཁེགས་ཤིང་གདིང་བ་ལ་གཏོགས་པའི་དགེ་སློང་ཡུལ་གང་ན་འདུག་ཀྱང་རྙེད་པ་ཐུན་མོང་དུ་གྱུར་བ་དང་། རུང་བ་མ་བྱས་པའི་གོས་འཆང་དུ་རུང་བ་དང་། སྣམ་སྦྱར་མེད་པར་གོས་འཆང་དུ་རུང་བ་རྣམས་སོ། །གདིང་བའི་ཚུལ་དང་། དུས་དང་། གང་ཟག་དང་། དངོས་པོ་དང་། ཆོ་ག་ནི་མ་སྨོས་སོ། །གོས་ཀྱི་གཞི་ནི། སྟོན་པས་ཉན་ཐོས་རྣམས་དབྱར་རྙེད་ཀྱི་རས་དྲས་ནས་ཁ་དོག་ངན་པར་བྱས་ཏེ་བཅང་བར་གནང་བ། གཟུགས་ཅན་སྙིང་པོས་འཚོ་བ་པོ་མཐོང་བ་ཉན་ཐོས་སུ་འཁྲུལ་བ་ལ་བརྟེན་ནས་མཚན་མ་གདབ་པར་ཞུས་པས་དྲས་ཤིང་དྲུབས་པའི་གོས་རྗེས་སུ་གནང་ངོ་། །དེ་ཡང་འཚོ་བའི་ཡོ་


JL00_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

བྱད་བཅུ་གསུམ་དང་འབྲེལ་བ་སྟེ། སྣམ་སྦྱར། བླ་གོས། མཐང་གོས། ཤམ་ཐབས། དེའི་རྡུལ་གཟན། རྡུལ་གཟན་དངོས། རྡུལ་གཟན་གྱི་གཟན། གདོང་ཕྱིས། རྣག་གཟན། གཡང་དགབ། སྐྲ་བཟེད། གདིང་བ། དབྱར་གྱི་གོས་རས་ཆེན་རྣམས་སོ། །དེ་དག་གི་རྒྱུ་ཡང་ཧ་ཅང་ངན་པ་དང་བཟང་བ་མ་ཡིན་པའི་རུང་བ་བདུན་ཏེ། བལ་གོས་ཤན་ཉི་འོག་དང་། །རས་གོས་དང་ནི་ཟར་མ་དང་། །ཀོ་ཏམ་པ་དང་དཱུ་གུ་ལ། །ཆོས་གོས་རྒྱུ་ནི་རྣམ་པ་བདུན། །ཞེས་པའི་བདུན་པོའང་སླུ་ཆེན་དང་ཁ་ཆར་ཕུན་ཚར་ཅན་མ་ཡིན་པའོ། །དེ་ཡང་མི་རུང་བའི་ཆོས་ཆེན་བརྒྱད་ཀྱིས་མ་བཅེས་པ་སྟེ། རྒྱ་སྐྱེགས་ལེ་བརྒན་རྩི་དང་བཅོད། །སྨན་ཤིང་རྩི་དང་མཐིང་ཤིང་མཚལ། །སིནྡྷུུ་ར་དང་གུར་ཀུམ་སྟེ། །འདི་དག་ཚོན་ཆེན་བརྒྱད་དུ་འདོད། །ཅེས་དང་། རུང་བ་ནི་གསུམ་སྟེ། སྔོན་པོ་བཙག་དང་ངུར་སྨྲིག་རྩི། །འདི་དང་། རུང་བའི་ཚོན་གསུམ་སྟེ། ཞེས་སོ། །དེ་དག་ཀྱང་། མཚོན་གྱིས་མ་དྲས་པའི་གོས་བཙང་བར་མི་བྱའོ། །ཞེས་པས་དྲས་ཤིང་དྲུབ་པར་འོས་པ་རྣམས་དྲས་དྲུབ་དང་། མ་འབྱོར་ན་ལྷན་ཐབས་བྱ་བའོ། །འོན་ཀྱང་ཐང་ཐང་པོ་རྣམས་ནི། སྣམ་ཕྲན་དང་སྲིད་དང་དཔངས་སུ་བཅས་པའི་ཚད་ལྟར་ལ་མཚོན་གྱིས་རེག་པ་འཐོབ་བོ། །འཚོ་བའི་ཡོ་བྱད་དེ་དག་ཀྱང་སོ་སོའི་རང་བཞིན་དང་ལྡན་པ་ལ་རང་མིང་གིས་ངེས་པར་བྱིན་གྱིས་བརླབ་ཅིང་། ཆོས་གོས་གསུམ་དངོས་མེད་ན་རྒྱུའི་བྱིན་རླབས་དང་། དངོས་རྒྱུའི་བྱིན་རླབས་མི་ཆགས་པའི་རིགས་ལ་རྐྱེན་དབང་གིས་བྱིན་གྱིས་བརླབ་བོ། །དགོས་པ་ནི། དངོས་སུ་འཆང་འབྲལ་གྱི་ཉེས་པ་ཁེགས་ཤིང་ཤན་མི་ཞུགས་པ་དང་། བརྒྱུད་ནས་དངོས་ཞེན་དང་བྲལ་བའི་ཕན་ཡོན་འབྱུང་ངོ་། །གལ་ཏེ་ལྷག་པའི་ཡོ་བྱད་ལས་སྣམ་སྦྱར་གཉིས་པ་ལྟ་བུའི་གོས་


JL00_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

རུང་བ་ནི་མཁན་པོ་ལ་དམིགས་ཤིང་། མི་རུང་བ་ནི་སྦྱིན་བདག་ལ་ཡིད་བརྟན་ཏེ་བཅང་བའམ། གཞན་མིང་ཉིད་ཀྱིས་བརླབ་བོ། །བཅང་བའི་ཚུལ་ནི། བསམ་པའི་ངོས་ནས་ལུས་ལ་རྨ་དང་། གོས་རྨ་དཀྲིས་དགབ་པ་ལྟར་བག་ཡོད་པའི་འདུ་ཤེས་དང་། ཁྱད་པར་སྣམ་སྦྱར་ནི་དགེ་ཚུལ་མན་ཆད་ཀྱི་རྟགས་ལས་འཕགས་པར་བྱ་བའི་ཕྱིར་དང་། སྟོན་པའི་རྣམ་ཐར་གྱི་རྗེས་སུ་འཇུག་ཅིང་དགེ་སྦྱོང་གི་དྲན་པ་གསོ་བའི་ཆེད་དུ་བཅང་ངོ་། །དེ་ལྟར་སྟོན་པས་གནང་བའི་ངུར་སྨྲིག་གི་རྒྱལ་མཚན་ནི་མཐར་ལྷན་པ་སོགས་ཀྱིས་བཅོས་སུ་མི་རུང་ན་སྦྱིན་པ་པོའི་བསོད་ནམས་འཕེལ་བ་ལ་དམིགས་ཏེ་ས་དང་ལྟི་བ་སོགས་བསྲེས་ཏེ་གཙུག་ལག་ཁང་དང་མཆོད་རྟེན་གྱི་སེར་ཁ་ལ་བསླན་ནོ། །ཀོ་ལྤགས་ཀྱི་གཞི་ནི། ཀཱ་ཏྱ་ཡ་ནའི་སློབ་མ་གྲོ་བཞིན་སྐྱེས་བྱེ་བ་ཉི་ཤུ་པས་སྟོན་པ་བལྟ་བའི་ཕྱིར་མཐའ་འཁོབ་རྡོ་ཅན་ནས་འོངས་ཏེ་ཞུས་པས་གནང་ངོ་། །བཅས་པ་འདི་ནི་དམིགས་བསལ་དང་འཕྲེལ་བ་ཅན་ཡིན་པས་ན་ཡུལ་དབུས་སུ་གནས་མལ་སྐྱོབ་པའི་ཕྱིར་ཀོ་ལྤགས་ཀྱི་ལྷམ་ཙམ་དང་། གཙུག་ལག་ཁང་མ་ཡིན་པའི་ཁྱིམ་དུ་སྟན་མེད་ན་ཀོ་ལྤགས་ལ་འདུག་པ་ཙམ་སྟེ། ཉལ་བར་མ་གནང་ལ། མཐའ་འཁོབ་ཏུ་ནི་གྲང་བསྐྱོབ་པའི་ཕྱིར་ལྷ་མ་དང་མལ་སྟན་གཉིས་ཀ་གནང་ཡང་། ཁྲ་བོ་དང་། གསེར་དངུལ་གྱི་རྒྱན་ཅན་དང་། སྒྲ་སྒྲོག་པའི་མཆིལ་ལྷམ་དང་། གླང་པོ་ཆེ་དང་། སྟག་གཟིག་རྟ་བོང་ལ་སོགས་ཀྱི་ཀོ་ལྤགས་ཀྱང་སྒེག་རྫས་ཡིན་པས་བཅད་དུ་མི་རུང་ངོ་། །འོན་ཀྱང་ཡུལ་ཨ་སྨ་པ་ཏནྟ་ར་ཀོ་ལྤགས་ཀྱི་གོས་ཀྱང་གནང་བ་བཞིན་ཆུ་ལ་ཆབ་རོམ་ཆགས་པའི་ཡུལ་དུ་ཞྭ་དང་ལྷམ་ཡུ་ཅན་ཀྱང་གནང་ངོ་། །སྨན་གྱི་གཞི་ནི། སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ། དགེ་སློང་རྣམས་སྟོན་ཀའི་ནད་ཀྱིས་ཐེབས་ནས་


JL00_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

རིང་བར་གྱུར་བ་ལ་སྨན་བསྟེན་པར་གནང་ངོ་། །དེ་ལ་དུས་རུང་། ཐུན་ཚོད་དུ་རུང་བ་ཞག་བདུན་པ། འཚོ་བའི་བར་དུ་བཅང་བའི་རྣམ་པར་དབྱེ་བ་ཞིབ་མོ་གནས་ཏེ། དོན་གྱི་ཆ་ནས་འདུས་པའི་ནད་སེལ་བ་ལ་གཙོ་བོར་གནང་བའི་སྨན་གང་ཞིག་བྱིན་གྱིས་བརླབས་ནས་ལོངས་སྤྱད་དུ་རུང་བ་ལས་གཞན་དུ་གྱུར་བ་མེད་དོ། །དེ་ལ་སྨན་བཞག་པའི་གནས་སུ་རུང་ཁང་གནང་སྟེ། དེར་རྗེན་བཙོས་དང་ཞག་ལོན་སོགས་བྱ་བར་རུང་བས་རུང་ཁང་ཞེས་བྱ་སྟེ། མདོ་རྩར། རུང་བ་ཉིད་དུ་བྱིན་གྱིས་བརླབས་པར་བཙོས་པ་དང་གནས་པ་དག་ནི་ཕྱི་རོལ་དང་འདྲའོ། །ཞེས་སོ། །དེ་ལ་རུང་ཁང་བྱིན་གྱིས་བརླབས་པའི་ཚུལ་བཞི་སྟེ། དང་པོ་སོ་ཕག་འགྲིམ་པ་དང་། གཉིས་པ་བརྩིག་པའི་མགོ་བརྩམས་པ་ནས་རྗེས་མ་ཟིན་པའི་བར་གྱི་ལས་ཀྱི་མཐའ་དང་། གསུམ་པ་གྲུབ་ནས་གསོལ་བ་དང་གཉིས་ཀྱི་བྱིན་གྱིས་བརློབ་པ་དང་། བཞི་པ་འབྲལ་བྱུང་གི་བྱིན་རླབས་བྱ་བ་བཞི་ལས། ཕྱི་མ་གཉིས་ནི་གནས་ཁང་རྙིང་པ་རུང་ཁང་དུ་བསྒྲུབ་པ་ལའང་འཇུག་གོ །གནས་མལ་གྱི་གཞི་ནི། ཝཱ་ར་ཎཱ་སཱིར་ཁྱིམ་བདག་དགེ་བཟང་གིས་སྟོན་པ་ལ་གཙུག་ལག་ཁང་བརྩིག་པར་ཞུས་པས་གནང་ངོ་། །དེ་ཡང་འདི་སྐད་དུ། གཙུག་ལག་ཁང་བྱའོ། །ངོས་གཅིག་གི་དབུས་སུ་དྲི་གཙང་ཁང་བྱ་བ་ཉིད་དོ། །དེའི་མདུན་དུ་སྒོ་ཁང་ངོ་། །གྲུ་བཞི་བཟང་བ་ཉིད་དོ། །ཞེས་སོགས་དང་། བརྩིགས་ནས་སྒོར་གནོད་སྦྱིན་ལག་ན་རྡོ་རྗེ་དང་། སྒོ་ཁང་དུ་འཁོར་བའི་འཁོར་ལོ་ཆ་ལྔ་པ་སོགས་འབྲི་བའི་ཚུལ་དང་། གཙུག་ལག་ཁང་ཡལ་བར་མི་འདོར་རོ། །ཞེས་སྲི་ཞུས་བསྐྱང་ཞིང་གནས་པའི་ཐབས་ལ་བརྩོན་དགོས་པ་དང་། སྤྱོད་ལམ་ཅི་འདོད་པས་ལུང་དབོག་གོ །ཞེས་སོགས་ཀྱིས་བདེ་བར་གནས་པའི་རྐྱེན་གྱི་གཞི་རྣམས་ལ་གནང་བདག་ལ་ཇི་ལྟར་སྤྱོད་པའི་ཚུལ་རྒྱས་པར་གསུངས་པའི་


JL00_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་ཡང་འདིར་ངེས་པ་ཡིན་ཏེ། མྱ་ངན་ལས་འདས་པའི་བསམ་པས་རབ་ཏུ་བྱུང་བ་ཚུལ་ཁྲིམས་དང་ལྡན་པ་ལ་ནི་གོས་སྟོང་ཕྲག་བརྒྱ་བ་དང་། ཟས་རོ་བརྒྱ་བ་དང་། ཁང་བརྩེགས་པ་ལྔ་བརྒྱ་པ་ཡང་འོས་སོ། །དགེ་འདུན་གྱི་རྫས་ཀྱང་ངོ་། །མི་སློབ་པ་མན་ཆད་ཀྱིའོ། །སོ་སོའི་སྐྱེ་བོ་ལ་ཡང་ངོ་། །ཚུལ་ཁྲིམས་འཆལ་བ་ལ་ནི་མ་ཡིན་ནོ། །ཞེས་པ་ལྟར། བསླབ་བྱ་མཐར་ཐུག་པའི་གང་ཟག་ནི་བསོད་ནམས་ཀྱི་ཞིང་ཡིན་པས་གནང་བཀག་གི་ལམ་ན་མི་གནས་སོ། །སློབ་པ་འཕགས་པས་ནི་དེ་དང་དེའི་ཡོན་སྦྱོང་ནུས་པའི་ཕྱིར་གཞན་གྱིས་སྦྱིན་པ་རྣམས་ལོངས་སྤྱད་དུ་རུང་ངོ་། །སོ་སོ་སྐྱེ་བོ་ཡིན་ཡང་ཁྲིམས་དག་ཅིང་ཀློག་སྤོང་ལ་བརྩོན་པ་དག་ལ་ནི་སྟོན་པས་རྗེས་སུ་གནང་བའི་ཕྱིར་ཉེས་པ་མེད་དོ། །གལ་ཏེ་ཁྲིམས་ཙམ་དག་ཀྱང་དེའི་རྒྱུད་ལེ་ལོས་བཅོམ་སྟེ་ཐོས་བསམ་བསྒོམ་པའི་བྱ་བ་དང་མི་ལྡན་པ་ལ་ནི་དབུལ་པོའི་བུ་ལོན་བཞིན་ཏེ་ཕྱི་ནས་འཇལ་དགོས་པའོ། ཁྲིམས་འཆལ་གྱིས་ནི་དང་རྫས་ནམ་ཡང་སྤྱོད་པ་བཀག་སྟེ། སྤྱད་ན་ངན་སོང་གི་སྡུག་བསྔལ་ཉམས་སུ་མྱོང་བ་ཡིན་ནོ། །སངས་རྒྱས་མཛོད་ཀྱི་མདོ་ལས། ཤཱ་རིའི་བུ་ཚུལ་ཁྲིམས་ཞིག་པའི་དགེ་སློང་བསྐལ་པ་བརྒྱ་སྟོང་ཁྲི་འབུམ་གྱི་བར་དུ་རང་གི་ཤ་བཅད་གཏུབས་ཏེ་སྦྱིན་བདག་ལ་འཇལ་ལོ། །ཕྱུགས་སུ་སྐྱེས་ན་ཡང་ཁུར་ལྕི་བ་ཁྱེར་བ་འོང་ངོ་། །སྐྲ་ཉག་མ་འབུམ་དུ་བགོས་པའི་ཆ་ཙམ་ཡང་བཞུ་བར་མི་ནུས་ན། གོས་དང་། ཟས་དང་། མལ་ཆ་དང་སྨན་ལ་སོགས་པ་ལྟ་ཅི་སྨོས། ཞེས་དང་། ཤཱ་རིའི་བུ་རོས་གང་བའི་ས་དེ་ན་ངའི་ཆོ་ག་བཞིན་དུ་སྤྱོད་པ་ནི་ཕོད་ཀྱི་ཚུལ་ཁྲིམས་ཞིག་པའི་དགེ་སློང་དང་ལྷན་ཅིག་ཏུ་འདུག་པ་ནི་མི་ཕོད་དོ། །དེ་ཅིའི་ཕྱིར་ཞེ་ན། ཚུལ་ཁྲིམས་ཞིག་པའི་དགེ་སློང་གི་ལག་གི་


JL00_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

བླངས་པའི་རྗེས་སོ་ཅོག་ཚུལ་ཁྲིམས་འཛིན་པའི་དགེ་སློང་གི་ངན་དུག་པར་འགྱུར་རོ། །ཞེས་སོ། །དེ་སྐད་དུ་ས་གའི་ལྷས་ཀྱང་། །མི་སློབ་པ་ནི་བདག་པོར་སྦྱོར། །སློབ་པ་བྱིན་པ་སྤྱོད་པ་སྟེ། །བསམ་གཏན་ཀློག་དང་ལྡན་པ་ནི། །རྗེས་གནང་སྤྱོད་པས་ཉེས་པ་མེད། །ལྷག་མ་ལེ་ལོས་བཅོམ་པ་ཡིས། །བདག་ཉིད་རྣམས་ནི་བུ་ལོན་སྤྱོད། ཁྲིམས་འཆལ་རྣམས་ལ་ནམ་དུ་ཡང་།་ །གཙུག་ལག་ཁང་སོགས་ཉེར་སྤྱོད་བཀག །ཅེས་སོ། །ཐམས་ཅད་ལ་ཁྱབ་པ་ལས་ཀྱི་གཞི་ལ་སོགས་པ་ནི་གཞན་དུ་ཤེས་སོ། །དེ་དག་ཀྱང་མདོར་བསྡུ་ན་ཉས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ཀྱི་རྒྱུ་ནི་དབང་པོ་སྡོམ་པ་ཁོ་ན་ཡིན་ལ། དེའི་གེགས་སུ་གྱུར་བ་ནི་མི་དགེ་བའི་བཤེས་གཉེན་ཡིན་པར་མདོ་སྡེ་དག་ལས་གསུངས་ཏེ། འདི་ལྟར་དད་པ་མེད་པ་དང་། ངོ་ཚ་མེད་པ་དང་། ཁྲེལ་མེད་པ་དང་། ལེ་ལོ་དང་། ཤེས་རབ་འཆལ་བ་ཉིད་དང་། དབང་པོའི་སྒོ་མ་མངོན་པར་མེ་བརྩོན་པ་དང་། དགེ་སློང་རྒན་རབས་རྣམས་ལ་མ་གུས་ཤིང་བརྩེ་བར་མི་སེམས་པ་དང་། ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་དང། ཚིག་ངན་པར་སྨྲ་བ་དང་། བཟོད་པ་མེད་པ་དང་། ལས་དང་སྨྲ་དང་འདུ་འཛིལ་མངོན་པར་དགའ་བ་དང་། ཁྱིམ་པའི་སྐྱེ་བོ་དང་འདྲེ་བ་དང་། བུད་མེད་ལ་ཡང་དང་ཡང་དུ་བལྟ་བ་དང་། ཁྲོ་བ་དང་འཁོན་དུ་འཛིན་པ་ལ་སོགས་པའི་ཉོན་མོངས་རྣམས་ཀྱང་ཚུལ་ཁྲིམས་ཀྱི་གེགས་སུ་གྱུར་བ་ཡིན་ནོ། །ཞེས་སོ། །དེ་བས་ན་ཚུལ་ཁྲིམས་ཡོངས་སུ་དག་པས་ཏིང་ངེ་འཛིན་ཕུན་སུམ་ཚོགས་པའི་


JL00_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་གི་གཙོ་བོ་སྦྱངས་པའི་ཡོན་ཏན་ཡང་དག་པར་བླང་བར་བྱ་སྟེ། དེ་ལ་རྣམ་པ་བཅུ་གཉིས་ཏེ། དགོན་པ་པ་ཉིད་དང་། ཕྱག་དར་ཁྲོད་པ་ཉིད་དང་། བསོད་སྙོམས་པ་ཉིད་དང་། སྟན་གཅིག་པ་ཉིད་དང་། ཙོག་པུ་པ་ཉིད་དང་། ཟས་ཕྱིས་མི་ལེན་པ་ཉིད་དང་། ཆོས་གོས་གསུམ་པ་ཉིད་དང་། ཕྱིར་པ་པ་ཉིད་དང་། གཞི་ཇི་བཞིན་པ་ཉིད་དང་། དུར་ཁྲོད་པ་ཉིད་དང་། ཤིང་དྲུང་བ་ཉིད་དང་། བླག་པ་མེད་པ་ཉིད་དོ། །དེ་ལ་དགོན་པ་པ་ནི་དམ་བཅའ་བ་དང་རྗེས་སུ་མཐུན་པའི་གནས་ཡིན་ཏེ། ལེགས་པའི་ལམ་བསྟན་པ་ལས། །དགོན་པར་གཉིད་ལོག་གྱུར་ཀྱང་དབེན་པར་ནི། །གནས་པས་བདེ་གཤེགས་ཐུགས་མཉེས་བྱེད་ཉིད་ཡིན། །གྲོང་གནས་ཤིན་ཏུ་མཉམ་པར་བཞག་གྱུར་ཀྱང་། དེར་ནི་ཏིང་འཛིན་བདེ་བར་བསྲུང་མི་འགྱུར། །ཞེས་པ་ལྟར་རོ། །ཕྱག་དར་ཁྲོད་པ་ལ་ནི་འཇིག་རྟེན་པ་རྣམས་སྨོད་པར་བྱེད་པས་རྙེད་པར་སླ་ཞིང་། ཆོག་ཤེས་པ་དང་། སྲེད་པ་ལས་ལྡོག་པ་དང་། གོས་ཀྱི་ཕྱིར་ཁྱིམ་པ་དང་འདྲིས་པ་ལ་སོགས་པའི་ལས་ཀྱིས་ཆོས་ལས་ཉམས་པར་མི་འགྱུར་རོ། །བསོད་སྙོམས་ནི། སློང་མོ་ལ་རྒྱུ་བའི་བརྟུལ་ཞུགས་ཀྱི་ངང་ཚུལ་དང་ལྡན་པས་ལོག་འཚོའི་ཉེས་པ་དང་ང་རྒྱལ་སྤོང་ཞིང་བརྙས་པ་བཟོད་པའི་ཡོན་ཏན་དང་ལྡན་པའོ། །སྟན་གཅིག་པ་ནི། ཡང་ནས་ཡང་དུ་མི་ཟ་བ་ཉིད་དེ། གང་ཞིག་ཟོས་ནས་སྟན་དེ་ལ་མ་ལངས་ཀྱང་ལྷུང་བཟེད་འཁྲུ་བའི་ཆུ་བླངས་ནས་སླར་ཟ་བར་མི་བྱེད་པ་དང་། ཁ་ཟས་སོ་སོར་ཐོབ་ནས་ཁམས་ཀྱི་ཟས་ཟོས་ནས་སླར་མི་ཟ་བ་དེ་ནི་ཟས་ཀྱི་མཐའ་ཡིན་ནོ། །ཞེས་བཤད་དོ། །ཙོག་པུ་པ་ནི། མལ་སྟན་ལ་གློ་ཕབ་ནས་འདུག་པ་མ་ཡིན་པར། སྐྱིལ་ཀྲུང་དང་བཅས་ཏེ་ལུས་དྲང་པོར་གནས་པའི་དོན་ཏེ། སྔ་མ་ལས། དམ་བཅའ་བ་སྔོན་དུ་འགྲོ་བས་གློས་ཕབ་སྤངས་ཏེ་འདུག་པའི་ངང་ཚུལ་འདི་ལ་ཡོད་པས་


JL00_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

ཙོག་པུ་པའོ། །ཞེས་སོ། །ཟས་ཕྱིས་མི་ལེན་པ་ནི་དེ་ཉིད་ལས། ཕྱི་ནས་ཟ་བ་སྤངས་པ་ཡིན། །དམ་བཅའ་བླངས་པར་གྱུར་བ་ཡིས། །བརྐམ་ཆགས་མེད་ཅིང་ཆོག་ཤེས་དང་། །དང་བའི་ཚུལ་གྱི་རྗེས་མཐུན་ཡིན། །ཅེས་པ་ལྟར་རོ། །ཆོས་གོས་གསུམ་པ་ནི། སྣམ་སྦྱར་དང་། བླ་གོས་དང་། མཐང་གོས་གསུམ་འཆང་བའི་དང་ཚུལ་དང་ལྡན་པས་ཆོས་གོས་གསུམ་པའོ། །ཕྱིང་པ་པ་ཉིད་ནི། བལ་གྱི་རྒྱུ་ལ་ཐགས་སུ་མ་བྱས་པ་ལ་ཕྱིང་བཞེས་འཇིག་རྟེན་ན་གྲགས་པ་ཆོག་ཤེས་ལྡན་པར་འཆང་བའོ། །གཞི་ཇི་བཞིན་པ་ཉིད་ནི། གང་དུ་ཇི་ལྟར་རྙེད་པའི་མལ་སྟན་གྱིས་མ་མགུ་བར་གྱུར་ནས་སྟན་བཟང་པོ་ལ་ཆགས་སྲེད་བྲལ་ཞིང་གཞི་ཇི་བཞིན་པ་ལ་གནས་པའོ། །དུར་ཁྲོད་པ་ཉིད་ནི། སྐྱོ་བར་འགྱུར་ཤིང་བག་མེད་ལས་བསྲུང་བའི་ཕྱིར་དུར་ཁྲོད་གང་དུ་འཇིགས་པ་མེད་པར་གནས་པའོ། །ཤིང་དྲུང་བ་ཉིད་ནི། གཡོགས་པའི་གནས་སྤངས་པའི་ཤིང་དུང་ཉིད་དུ་དེའི་དུས་བཞིའི་འགྱུར་ལྡོག་ལས་མི་རྟག་པའི་འདུ་ཤེས་དང་ལྡན་པར་གནས་པའོ། །བླ་གབ་མེད་པ་ནི། གནས་ཁང་མ་ཡིན་པའི་གཞི་ཉི་ཟླ་དང་སྐར་མའི་འོད་དང་གཟུགས་བརྙན་མི་སྒྲིབ་པར་གནས་པའོ། །དེ་ལྟར་སྦྱངས་པའི་ཡོན་ཏན་ཡང་དག་པར་བླངས་ནས་བདག་ལ་བསྟོད་པ་དང་། གཞན་ལ་སྨོད་པ་དང་། དམ་པ་མ་ཡིན་པའི་ལམ་གྱི་རྗེས་སུ་འབྱེད་པར་མི་བྱའོ། །ད་ནི་ཞར་བྱུང་ཤུགས་བསྟན་གྱི་རུང་མཐུན་བསྟན་པའི་ཕྱིར། འདི་ན་ཕམ་ལྷག་བཅུ་བདུན་མ་གཏོགས་པའི། །མི་རུང་ལོངས་སྤྱོད་བྱིན་གྱིས་བརླབ་པ་ནི། །དུས་མ་ཡིན་པར་ཁ་ཟས་སྤྱོད་དགོས་ན། །སྒྲ་མི་སྙན་པའི་གླིང་དུ་མོས་པ་དང་། །དེ་བཞིན་ཁྲུས་ལ་ནད་པ་གོས་ལྷག་གམ། །རུང་བ་མ་ཡིན་བགོ་བ་དཀར་པོའམ། །ཀོ་ལྤགས་སོགས་ལ་ཕོངས་པས་ཉམ་ཐག་


JL00_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

པར། །སྲོག་བསྲུང་སླད་དུ་གནང་བ་ཡིན་སྙམ་དང་། །རིན་པོ་ཆེར་རེག་དཀོན་མཆོག་མཆོད་པ་དང་། །སེམས་ཅན་གསོ་བའི་སླད་དུ་གནང་བར་བསྒོམ། །གནང་མེད་བཀག་པ་མེད་ལ་རྗེས་མཐུན་བརྩི། །དེ་ལ་ཕམ་པའི་དངོས་པོ་བཞི་དང་དགེ་འདུན་གྱི་ལྷག་མ་བཅུ་གསུམ་ལ་སོགས་པ་ལས་གཞན་པའི་བཅས་པ་ཕྲ་མོའི་གནས་ལ་ལ་དག་ཅི་ནས་ཀྱང་བསྒྲུབ་པར་མི་ནུས་ན་སེམས་བསྐྱེད་དེ་བྱིན་གྱིས་རློབ་པའི་ཚུལ། དུས་མ་ཡིན་པའི་ཁ་ཟས་སམ། །ཡང་ནས་ཡང་དུ་ཟ་དགོས་པ་ལ། སྤྱིར་རང་བཞིན་དང་། ཆོས་ཉིད་དང་། སྡོམ་པ་དང་། སྤོང་བ་ཞེས་བྱ་བའི་ཚུལ་ཁྲིམས་རྣམ་པ་བཞི་ལས། བྱང་གི་སྒྲ་མི་སྙན་པ་རྣམས་ནི་རང་བཞིན་གྱིས་ཚུལ་ཁྲིམས་ཅན་ཡིན་པས་གླིང་དེར་སེམས་བསྐྱེད་ལ་ལོངས་སྤྱོད་པ་དང་། དུས་མ་ཡིན་པར་ཁྲུས་བྱེད་ན་བདག་ན་བའི་ཉེས་པ་དེ་དང་དེ་འགེགས་པའི་ཕྱིར་ཁྲུས་བྱེད་པར་གནང་སྙམ་པ་དང་། གོས་ལྷག་པའམ། མི་རུང་བའི་གོས་དཀར་པོ་དང་། ཀོ་ལྤགས་ལ་སོགས་སྤྱོད་དགོས་ན་གོས་སྟན་གྱིས་ཕོངས་པ་དང་། གྲང་བས་ཉམ་ཐག་པ་སྲོག་ལ་ཐུག་པར་འགྱུར་བས་ད་རེས་ལོངས་སྤྱོད་པར་གནང་ངོ་སྙམ་དུ་སེམས་པ་དང་། རིན་པོ་ཆེ་ལ་རོག་པ་དང་བདག་གིར་བྱ་དགོས་ན་དཀོན་མཆོག་མཆོད་པ་དང་། སེམས་ཅན་ལ་ཕན་པ་བསྒྲུབ་པའི་དོན་དུ་གནང་བ་ཡིན་སྙམ་དུ་སེམས་བསྐྱེད་པར་བྱའོ། །དེ་ལས་གཞན་པ་དངོས་སུ་མ་སྨྲོས་པའི་གནང་བཀག་སྟོན་པ་ཉིད་ཀྱིས་ལུང་དུ་མ་བསྟན་པ་རྣམས་ནི་ལུང་ཕྲན་ཚེགས་ལས། དགེ་སློང་དག་ངས་ཁྱེད་ལ་འདུལ་བ་རྒྱ་ཆེར་ནི་བསྟན་ན། མདོར་བསྡུས་ཏེ་མ་ཡིན་ནོ། །འོན་ཀྱང་མདོར་བསྡུས་པ་ཡང་ཉོན་ཅིག །དགེ་སློང་དག་ངས་ཁྱེད་ལ་གང་ཞིག་


JL00_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་མ་ཉིད་ནས་གནང་བ་ཡང་མེད། བཀག་པ་ཡང་མེད། གལ་ཏེ་རུང་བ་དང་ཉེ་བ་ཡིན་ཞིང་མི་རུང་བ་བཟློག་པར་བྱེད་པ་ཡིན་ན་ནི་རུང་བ་ཡིན་པར་གཟུང་བར་བྱའོ། །གལ་ཏེ་མི་རུང་བ་དང་ཉེ་བ་ཡིན་ཞིང་རུང་བ་བཟློག་པར་བྱེད་པ་ཡིན་ན་ནི་མི་རུང་བ་ཡིན་པས་ཀུན་ཏུ་སྤྱད་པར་མི་བྱའོ། །ཞེས་པ་ཉིད་ཀྱིས་གོ་བར་སླའོ། །དེ་སྐད་དུ་སུམ་བརྒྱ་བ་ལས། །གང་ཞིག་གནང་མེད་དེ་བཞིན་བཀག་མེད་པ། །དེ་ནི་གསུངས་པའི་རྗེས་མཐུན་བརྟགས་ཏེ་བཟུང་། །འདུལ་བ་མདོར་བསྡུས་ཞེས་བྱ་སྒྲོན་མེ་དང་། །འདྲ་བ་གཞན་འདི་དེ་བཞིན་གཤེགས་པས་གསུངས། །ཞེས་སོ། །མདོར་བསྡུ་ན། ཐམས་ཅད་ཡོང་སྨྲ་ཕལ་ཆེན་སྡེ་བ་དང་། །གནས་བརྟན་པ་དང་མང་པོས་བཀུར་བ་སྟེ། །སྡེ་བ་བཞི་ཀའི་བསླབ་པ་ཐམས་ཅད་ལ། །སྟོན་པའི་བཅས་པས་མ་ཁྱབ་མི་སྲིད་པས། །བསླབ་པ་ཀུན་ལ་དབང་ཐོབ་བྱེད་པ་ཡིན། །དེ་ལ་སྟོན་པ་མྱ་ངན་ལས་འདས་ནས་ལོ་སུམ་ཅུས་ལྷག་པའི་བརྒྱ་ཕྲག་གཅིག་འདས་པ་ན། བདུད་སྡིག་ཅན་བཟང་པོ་ཐམས་ཅད་ཀྱི་མི་མཐུན་ཕྱོགས་དགེ་སློང་གི་ཆ་བྱད་ཅན་གྱིས་གཞི་ལྔས་དགེ་འདུན་གྱི་དབྱེན་ཆེན་པོ་བསྐྱེད་པ་ལས་རྩ་བའི་སྡེ་བ་གཉིས་སུ་ཆད་པ་ནི་གནས་བརྟན་པ་དང་། ཕལ་ཆེན་སྡེ་པའོ། །དེ་ཡང་གྱེས་པས་གནས་བརྟན་པ་ལ་བཅུ་དང་། ཕལ་ཆེན་པ་ལ་བརྒྱད་ཡོད་དོ། །དེ་དག་གི་ཚེ་ལོ་དྲུག་ཅུ་རྩ་གསུམ་གྱི་བར་དུ་དགེ་འདུན་བྱེ་ནས་འཁྲུགས་ལོང་གིས་གནས་པའི་མཐར་གནས་བརྟན་གནས་མའི་བུས་བསྟན་པ་ཡང་དག་པར་བསྡུས་སོ། །དེའི་ཚེ་དགེ་འདུན་བྱེ་ཡང་འཁོར་ལོའི་དབྱེ་ན་ནི་མ་ཡིན་ཏེ། མཛོད་ལས། དང་པོ་མཐའ་སྐྱོན་ཟུང་གཅིག་གི །སྔ་རོལ་ཐུབ་པ་ནོངས་པ་དང་། །མཚམས་མ་བཅད་པ་དག་ཏུ་ཡང་། །འཁོར་ལོའི་དབྱེན་ནི་མི་འབྱུང་ངོ་། །ཞེས་པས། དེ་ཡང་འབྱེད་པ་པོ་དགེ་སློང་ལྟ་སྤྱོད་དང་ལྡན་པས། གནས་


JL00_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པའི་མདུན་ལས་གཞན་དུ། དབྱེ་བྱ་བྱིས་པ་སོ་སོའི་སྐྱེ་བོའི་དགེ་འདུན་བརྒྱད་དུ་ལོངས་པ། མཐར་ཐུག་སངས་རྒྱས་ལས་གཞན་དུ་གྱུར་པའི་སྟོན་པ་ལྷས་བྱིན་དང་། དམ་ཆོས་ལས་གཞན་དུ་གྱུར་པའི་བསྟན་པ་ལྷས་བྱིན་གྱི་བརྟུལ་ཞུགས་ལྔ་ལ་ལམ་དུ་བཟོད་ཅིང་ཚུལ་ཤིང་བླངས་པ་ན་བྱེ་བའོ། །དེ་བས་ན་དུས་འདི་ཙམ་ན་སྟོན་པ་འཚོ་ཞིང་གཞེས་པ་ཡང་མེད་ལ། བསྟན་པ་ལ་སྐྱོན་ཡང་བྱུང་བའི་དུས་དང་། མཆོག་ཟུང་གཅིག་བསྐོས་པའི་མཚམས་ནང་སོགས་ཀྱི་ཐ་སྙད་དང་བྲལ་བའི་ཕྱིར་རོ། །སྤྱིར་འདི་འདྲའི་ཉེས་དམིགས་ནི་བློས་ཐུག་པ་མ་ཡིན་ཏེ། དགེ་འདུན་བྱེ་ནས་མ་འདུམས་ཀྱི་བར་ལ་སྟོན་པ་གཅིག་གི་ཞིང་ཁམས་སུ་ལམ་ལྔ་གང་ཡང་མི་སྐྱེའོ། །ཞེས་བཤད་དོ། །འདི་ནི་ཕ་རོལ་པོས་མི་མཐུན་པར་སྨྲས་པའི་ཚིག་ཕྱིར་སེམས་གཞོལ་བ་ལ་བརྟེན་ནས་དེ་ཉིད་ལ་འཁོན་དུ་འཛིན་པའི་འཁྲུག་ལོང་སྟེ། ནང་གི་རྒྱུ་བདག་ཏུ་འཛིན་པ། ཕྱིའི་རྒྱུ་དངོས་པོའི་དེ་བཞིན་ཉིད་ལ་ལོག་པར་བསྒྲུབ་པའི་སྟེར། གདམས་ངག་སྤོང་བ། ལྟུང་བ་དང་བཅས་པ། ལས་ལ་མི་མཐུན་པ་སྦྱིན་པ་སྟེ་འཁྲུག་ལོང་གི་རྒྱུ་བཞི་པོ་དེ་དག་ནི་ཞི་བའི་ཆོ་ག་རྩ་བའི་ལུང་ལས། མངོན་གསུམ་དྲན་པ་མ་སྨྱོས་དང་། །དེ་བཞིན་གང་ཡང་ངོ་བོ་ཉིད། །རྩྭ་རྣམས་བཀྲམ་པ་ལྟ་བུ་དང་། ཁས་བླངས་པར་ནི་མི་བྱའོ། །ཞེས་པ་ལྟར་ཞི་བྱེད་བདུན་ནོ། །དེ་ལ་སྡེ་བ་བཞི་ནི། ཐམས་ཅད་ཡོད་པར་སྨྲ་བ་དང་། ཕལ་ཆེན་བ་དང་། གནས་བརྟན་པ་དང་། མང་པོས་བཀུར་བའོ། །དེ་ལ་དང་པོ་ནི་རྒྱལ་རིགས་སྒྲ་གཅན་འཛིན་གྱི་བརྒྱུད་པ་སྟེ་དེ་ལས་གྱེས་པ་བདུན་ནི། གཞི་ཡོད་པ། འོད་སྲུང་བ། ཆོས་སྲུང་བ། མང་དུ་ཐོས་པར་སྨྲ་བ། ས་སྟོན་པ། གོས་དམར་ཅན། རྣམ་པར་ཕྱེ་སྟེ་སྨྲ་བའི་སྡེ་དང་བདུན་ནོ། །ཕལ་ཆེན་པ་ནི་རིགས་བྲམ་ཟེ་འོད་སྲུང་ཆེན་པོའི་


JL00_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་པ་སྟེ་དེ་ལས་གྱེས་པ་ལྔ་ནི། ཤར་གྱི་རི་བོའི་སྡེ། ནུབ་ཀྱི་རི་བོའི་སྡེ། གངས་རིར་གནས་པའི་སྡེ། བཏགས་པར་སྨྲ་བའི་སྡེ། འཇིག་རྟེན་ལས་འདས་པར་སྨྲ་བའི་སྡེའོ། །གནས་བརྟན་པ་ནི། རིགས་སྨྱིག་མ་མཁན་ཀཱཏྱ་ཡ་ནའི་བརྒྱུད་པ། དེ་ལས་གྱེས་པ་གསུམ། རྒྱལ་བྱེད་ཚལ་ན་གནས་པའི་སྡེ། འཇིགས་མེད་རི་ལ་གནས་པའི་སྡེ། གཙུག་ལག་ཁང་ལ་གནས་པའི་སྡེའོ། །མང་པོས་བཀུར་བ་ནི། འདྲེག་མཁན་གྱི་རིགས་ཉེ་བར་འཁོར་གྱི་བརྒྱུད་པ། དེ་ལས་གྱེས་པ་གསུམ་ནི། ས་སྒྲོག་རིགས་ཀྱི་སྡེ། གྲུང་བ་པའི་སྡེ། གནས་མ་བུའི་སྡེ་སྟེ་སྤྱིར་དྲིལ་བས་ཉན་ཐོས་སྡེ་བ་བཅོ་བརྒྱད་དོ། །དེ་དག་གི་དབྱེ་བ་འདུལ་བ་ལུང་ནའང་འཐོར་ཏེ་བཞུགས་པ་འོད་ལྡན་དང་། བཀླག་པའི་འཁོར་ལོ། །སྡེ་བའི་གྱེས་མདོ་རྣམས་ལས་གསལ་བར་བསྟན་ཏོ། །བོད་དུ་དར་ཆེ་བ་ནི་གཞི་ཐམས་ཅད་ཡོད་པར་སྨྲ་བ་ཉིད་དེ། དེ་དག་རྣམ་པ་མི་མཐུན་ཀྱང་རབ་བྱུང་སྡེ་ལྔའི་སྤྱོད་པ་དང་འབྲེལ་ཞིང་སྟོན་པའི་བཅས་པས་མ་ཁྱབ་པ་མི་སྲིད་པས་ཀྲྀ་ཀྲིའི་རྨིས་ལྟས་དང་མཐུན་པར་བཀར་བསྡུས་པའི་ཕྱིར་ན་བསླབ་པ་ཐམས་ཅད་ལ་དབང་ཐོབ་པར་བྱས་ནས་ནན་ཏན་དུ་བསྲུང་བར་བྱའོ། །གལ་ཏེ་མ་བསྲུངས་ན་རྩ་ལྟུང་ལྟ་བུའི་ངོས་ནས་འཆབ་མེད་པ་བསླབ་པ་སྦྱིན་ནས་ཕྱིར་བཅོས་སུ་ཡོད་ཀྱང་། སོ་ཐར་གྱི་རང་འབྲས་མཐར་ཐུག་དགྲ་བཅོམ་པའི་གོ་འཕང་མ་ཐོབ་དེ་སྲིད་དུ་ཕམ་པའི་དངོས་གཞི་ལྷག་མ་མེད་པར་ཟད་མི་ནུས་པས་རྣམ་གྲོལ་འཐོབ་པ་ལ་ཡུན་རིང་འགྱང་བ་ཉིད་དེ། འདུལ་བ་ལུང་ལས། དམ་ཆོས་ཐོས་པར་མི་འགྱུར་ལ། །ཐོས་པ་མྱུར་དུ་བརྗེད་པར་འགྱུར། །ས་ལམ་རྟོགས་པའང་ཡོངས་མི་སྐྱེ། །ཞེས་སོ། །ཉམས་པའི་ཉེས་པས་ཨེ་ལའི་འདབ་མ་ཅན་བཞིན་དུད་འགྲོའི་སྐྱེ་གནས་དང་། ཕམ་ལྷག་སྦོམ་ལྟུང་སོར་བཤགས་ཉེས་བྱས་སོ་སོའི་ལྕི་།།།གི་ཁྱད་


JL00_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

པར་ལས་རིམ་པར་ཚ་བའི་དམྱལ་བ་ནས་ཡང་སོས་ཀྱི་བར་སྐྱེ་བར་འགྱུར་བའི་ཚུལ་མདོ་སྡེ་རྣམས་ལས་རྒྱ་ཆེར་བསྟན་ཏོ། །བསྲུངས་པའི་ཕན་ཡོན་ནི། སྤྱིར་ཚེ་འདིར་ནད་དང་། རྒྱལ་པོའི་ཆད་པ་དང་། ཕོངས་པ་ལས་ཐར་བའི་བསམ་པས་བསླབ་པ་བླངས་པ་ནི་འཇིགས་སྐྱོབ་ཀྱི་ཚུལ་ཁྲིམས་དང་། ཕྱི་མར་ལྷ་མིའི་བདེ་འབྲས་ཙམ་ཐོབ་པ་ལ་དམིགས་པ་ནི་ལེགས་སྨོན་གྱི་ཚུ་ཁྲིམས་ཏེ། གཉིས་པོས་འཁོར་བ་ལས་ཐར་བར་མི་འགྱུར་ཡང་གནས་སྐབས་ཙམ་དུ་དེ་དང་དེའི་བདེ་འབྲས་ལ་སྦྱོར་བ་ཡིན་ནོ། །དེ་སྐད་དུས་གའི་ལྷས། རབ་བསྔགས་ནོར་ནི་ཕུན་ཚོགས་ཤིང་། །ལྷ་ཡི་ཁང་བཟང་དམ་པར་སྐྱེ། །ཞེས་སོ། །གང་གི་ཚེ་དེའི་རྒྱུད་ལ་ངེས་འབྱུང་གི་བསམ་པ་སྐྱེས་པ་ན་སོ་སོ་ཐར་བ་མཚན་ཉིད་པར་འགྱུར་ཏེ་སྡོམ་པ་འདི་ནི་འཁོར་བ་ལས་ངེས་པར་འབྱུང་བའི་ངོ་བོ་ཉིད་ཡིན་པས་སོ། །དེ་སྐད་དུ་སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས། སྲིད་པའི་རྣམ་པར་སྨིན་པ་ཐམས་ཅད་ལ་མི་བལྟ་བར་བསྲུང་ངོ་། །ཞེས་སོ། །དེའང་འདི་ལྟར་གཅུད་དགའ་བོའི་ལེགས་སྨོན་གྱི་ཚུལ་ཁྲིམས་སྟོན་པའི་རྫུ་འཕྲུལ་གྱིས་དམྱལ་བའི་སྡུག་བསྔལ་བསྟན་པས་སོ་སོ་ཐར་བ་མཚན་ཉིད་པར་གནས་གྱུར་ནས་དགྲ་བཅོམ་ཐོབ་པ་བཞིན་ནོ། །དེ་བས་ན་བསམ་ཤེས་དང་ལྡན་པ་རྣམས་ནི་ཚུལ་ཁྲིམས་ཙམ་པོ་བལ་ཆེ་ཐང་དུ་མི་འཛིན་པར། འཁོར་བའི་རང་བཞིན་གང་དུ་འཁོར་ཡང་མེའི་འོ་བས་དང་རྒྱ་མཚོའི་ཀློང་བཞིན་དུ་སྡུག་བསྔལ་གྱི་རང་བཞིན་དུ་ཤེས་ནས་ངེས་པར་འབྱུང་བའི་བསམ་པ་ཁོ་ནས་སོ་སོ་ཐར་བའི་སྡོམ་པ་བླང་བར་བྱ་བ་ནི་ཉན་ཐོས་རང་སའི་གྲུབ་མཐའ་ཡིན་ལ། གཞན་དུ་སྦྱོར་བ་ཐེག་ཆེན་སེམས་བསྐྱེད་ཀྱིས་ཟིན་ན་


JL00_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོ་ཐར་བ་རིགས་བརྒྱད་པོའང་བྱང་ཆུབ་སེམས་དཔའི་སོ་སོ་ཐར་བར་འགྱུར་བ་འདོད་པ་དང་། ལྷཾ་ག་ལའི་པཎྜི་ཏས་ཀྱང་སོ་སོ་ཐར་བའི་སྡོམ་པ་དག་ཀྱང་བསམ་པ་བྱང་ཆུབ་སེམས་ཀྱིས་འབད་པར་བྱའོ། །ཞེས་བཤད་པ་ནི་ཡོད་དོ། །ཕན་ཡོན་ནི། དགེ་སློང་ལ་རབ་ཏུ་གཅེས་པའི་མདོ་ལས། ཤིན་ཏུ་ལེགས་པར་ཚུལ་ཁྲིམས་གང་། །བསྡམས་པའི་མི་དེ་མཛེས་པའི་གཟུགས། །འདུལ་བ་ལ་ནི་ཉེ་བར་གནས། །ཚུལ་ཁྲིམས་བསླབ་པ་རང་ཉིད་ཆེས། །མི་དེ་ཉི་མ་གཅིག་ལ་ཡང་། །བསོད་ནམས་ཕུང་པོ་དཔག་ཏུ་མེད། །གསོག་ཅིང་སངས་རྒྱས་འབྲས་བུ་འགྲུབ། །ཅེས་དང་། སློབ་དཔོན་དཔའ་བོས། ལྷ་རྫས་དགའ་རྒྱུ་མི་ཡི་ལོངས་སྤྱོད་དང་། །བདེ་མཆོག་རོ་མཆོག་ལྷ་ཡི་ཕུན་སུམ་ཚོགས། །ཚུལ་ཁྲིམས་རྒྱུས་བྱུང་ཅི་ཞིག་ངོ་མཚར་ཆེ། །སངས་རྒྱས་ཆོས་རྣམས་དེ་ལས་བྱུང་བ་ལྟོས། །ཞེས་པ་ལྟར་རོ། ཁྱད་པར་བསྟན་པ་ཡར་ལྡན་གྱི་དུས་བསླབ་གཞི་ཡོངས་སུ་རྫོགས་པ་བསྲུངས་པ་ལས། ད་ལྟར་བསྟན་པ་འགྲིབ་ལ་ཉེ་བ། །བསྟན་པའི་ལམ་སྲོལ་ལ་ཞུགས་པ་དག་ཀྱང་ལྟག་པར་མ་དུལ་ཞིང་མ་བསྡམས་པ། ངེས་འབྱུང་དང་རིང་བ། ཁྱིམ་པ་དང་འདྲིས་ཤིང་དེའི་རྗེས་སུ་ཞུགས་པ་ལ་དགའ་བའི་དུས་ཉིན་ཞག་གཅིག་གི་བར་དུ་བསླབ་གཞི་སྣ་གཅིག་བསྲུངས་པའི་ཕན་ཡོན་ཀྱང་ཚད་མེད་པ་ཉིད་དེ། ཏིང་ངེ་འཛིན་རྒྱལ་པོ་ལས། བསྐལ་པ་བྱེ་བ་གངྒཱའི་བྱེ་སྙེད་དུ། །དད་པའི་སེམས་ཀྱིས་ཟས་དང་སྐོམ་རྣམས་དང་། །གདུགས་དང་བ་དན་མར་མེའི་ཕྲེང་བ་ཡིས། །སངས་རྒྱས་བྱེ་བ་ཁྲག་ཁྲིག་རིམ་གྲོ་བྱས། །གང་ཞིག་དམ་ཆོས་རབ་ཏུ་འཇིག་པ་དང་། །བདེ་གཤེགས་བསྟན་པ་འགག་པར་འགྱུར་བའི་ཚེ། །ཉིན་མཚན་དུ་ནི་བསླབ་པ་གཅིག་སྤྱོད་པ། །བསོད་ནམས་འདི་ནི་དེ་གས་ཁྱད་པར་འཕགས། །ཞེས་སོ། །ད་ནི་སྡོམ་པ་གསུམ་


JL00_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཟག་གཅིག་གི་རྒྱུད་ལ་གནས་ཚུལ་སྟོན་པའི་ཕྱིར། །མྱ་ངན་འདའ་བར་བསྔོ་བས་ལྷག་པའི་ཁྲིམས། །གཞན་ལ་ཕན་པ་བསྒྲུབ་པས་བྱང་སྡོམ་ལ། །དབང་བསྐུར་རྣལ་མ་འཐོབ་ནས་སྔགས་སྡོམ་སྟེ། །གསུམ་རྫོགས་བསླབ་བྱ་ཡོན་ཏན་མཐའ་དག་མང་། །ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དུ། །གང་ཟག་གཅིག་གི་རྒྱུད་ལ་གནས་པ་ཡིན། །ནང་འགལ་བྱུང་ན་གོང་མ་གཙོར་བཏོན་པ། །སྔོན་བྱོན་མཁས་གྲུབ་རྣམས་ཀྱི་ལུགས་ལ་གྲགས། །འོག་མའི་རྣམ་པ་འགལ་བ་ལྟར་སྣང་ཡང་། །གནོད་པ་སྤོང་དང་ཕན་འདོགས་དགོས་པ་མཐུན། །གང་ཞིག་འགའ་ན་གནང་བར་མི་སྲིད་ལ། །གནང་ན་འགལ་བར་མི་སྲིད་དེ་ཆོས་ཅན། །དེ་ལ་སེམས་རྒྱུད་ཉོན་མོངས་པ་དང་མི་དགེ་བའི་ཕྱོགས་ལས་སྤོང་སེམས་ཀྱིས་སྡོམ་ཞིང་ཉན་ཐོས་ཀྱི་བྱང་ཆུབ་ལ་དམིགས་པ་ནི་སོ་སོ་ཐར་བ། དགེ་བའི་ཆོས་མཐའ་དག་རྒྱུན་ཆགས་པར་སྡུད་ཅིང་གཞན་ལ་ཕན་པ་བསྒྲུབ་པ་ནི་བྱང་སྡོམ། དེའི་སྟེང་དུ་རྒྱུད་སྡེ་ཆེན་པོའི་སྔགས་ཀྱི་དབང་བསྐུར་བ་རྣལ་མ་ཐོབ་ན་རིག་པ་འཛིན་པའི་སྡོམ་པ་སྟེ། གང་ཟག་གཅིག་གི་རྒྱུད་ལ་གསུམ་ག་རྫོགས་པའི་ཚེ་དཔེར་ན་སོ་སོ་སྐྱེ་བོའི་མཆོད་རྟེན་བྱི་བོ་ལ་གདུགས་དང་ཆར་ཁེབས་ལ་སོགས་བསྣན་ནས་དེ་བཞིན་གཤེགས་པའི་རྣམ་པ་ཐམས་ཅད་རྫོགས་པའི་མཆོད་རྟེན་དུ་བྱས་ན་མཛེས་པ་ལྟར་བསླབ་བྱ་དང་ཡོན་ཏན་མཐའ་དག་ཇེ་ཆེར་སོང་བ་ཉིད་དོ། །འདི་ལྟར་སོ་སོ་སྐྱེ་བོའི་མཆོད་རྟེན་ནི་རྣམ་པ་མཛེས་པའང་མེད་ལ། གནོད་པ་བསྲུང་བའང་མི་སླ་སྟེ། ཅིག་ཤོས་ནི་དེ་ལས་ལྡོག་པ་བཞིན་རོ། །དེ་གང་ཟག་གཅིག་གི་རྒྱུད་ལ་ཇི་ལྟར་བསྲུང་ན། སོ་བྱང་གཉིས་ཀྱི་སྡོམ་པ་དང་ལྡན་ལ། སྔགས་སྡོམ་དང་མི་ལྡན་པའི་གང་ཟག་གིས་ཚོགས་ལམ་ལ་སོ་ཐར་


JL00_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

དང་། སྦྱོར་ལམ་ལ་དགེ་བའི་ཆོས་སྡུད། མཐོང་ལམ་ལ་སེམས་ཅན་དོན་བྱེད་གཙོ་བོར་བསྲུང་ཚུལ་སྔར་བཤད་པ་ལྟར་ཡིན་ཏེ། རྡོ་རྗེ་ཐེག་པའི་ལམ་ཞུགས་པ་དག་ནི་ལས་དང་པོ་པའི་དུས་ན་སྡོམ་པ་གསུམ་ལྡན་དུ་ལམ་བསྒོམ་པ་ཉིད་རྒྱུད་སྡེ་ཆེན་པོའི་དགོངས་པའོ། །དེ་ཡང་སྡོམ་རྫས་གནས་འགྱུར་དུ་འདོད་ནས་སྔགས་གཅིག་པུ་བསྲུང་བ་ནི་མི་རིགས་ཏེ། འོག་མ་ཁྱད་དུ་གསད་པའི་ལྟུང་བྱེད་དུ་དམ་པ་དང་པོའི་རྒྱུད་ལས་གསུངས་པས་གནས་ཚུལ་གྱི་ངོས་ནས་ཐ་དད་དུ་ཡོད་པའོ། །དེ་དག་ནང་འགལ་བྱུང་དགོང་མ་གཙོ་བོར་བཏོན་སྟེ་གནོད་པ་སྤོང་བ་དང་ཕན་འདོགས་པ་དགོས་པ་མཐུན་པའི་ཕྱིར་རོ། །དེ་སྐད་དུ་ཆོས་ཡང་དག་པར་སྡུད་པ་ལས། བྱང་ཆུབ་སེམས་དཔའ་ནི་གང་སོ་སོ་ཐར་བའི་སྡོམ་པས་བསྡམས་པ་ཡང་ལགས་ལ། སོ་སོ་ཐར་བ་ཙམ་གྱིས་དག་པར་ཡང་མི་སེམས་ཏེ་བྱང་ཆུབ་སེམས་དཔའི་སྡོམ་པ་ལ་རྟོན་པ་ལགས་སོ། །ཞེས་འབྱུང་བས་རྣམ་པའི་ཆ་ནས་འོག་མ་དང་འགལ་བ་ལྟར་ཡང་དོན་ལ་ངོ་བོ་མ་ཤོར་བས་འགལ་བ་འདུ་བ་མ་ཡིན་ཏེ། འདི་ལྟར་སྟོན་པ་ཐབས་ལ་མཁས་པས་འགྲོ་བ་འདུལ་བའི་དབང་དུ་གསུངས་པ་མཐའ་དག་འགལ་ན་ནི་གནང་མི་སྲིད། གནང་ན་ནི་འགལ་མི་སྲིད་པ་ཡིན་པའི་ཕྱིར་སོ་སོ་ཐར་བའི་སྡོམ་པ་གཞན་གནོད་གཞི་བཅས་ལས་ལྡོག་པ་དེ། བྱང་ཆུབ་སེམས་དཔའི་སྡོམ་པའི་སྐབས་སུ་སེམས་ཅན་ལ་གནོད་སྦྱོར་ལས་ལོག་གི་སྟེང་དུ་ཕན་འདོགས་པ་ལ་ཞུགས་པ་ཡིན་པས། སོ་སོ་ཐར་བའི་སྡོམ་པ་ལས་ཕས་ཕམ་པ་བཞི་བྱུང་ན་རྩ་བ་ཞིག་པར་གསུངས་པའི་ཡན་ལག་ཐམས་ཅད་རྫོགས་པའི་སྡིག་ཏོ་མི་དགེ་བ་བྱང་ཆུབ་སེམས་དཔས་སྤྱོད་པ་མི་སྲིད་པའི་རྒྱུས། སྙིང་རྗེ་ཆེན་པོའི་དབང་གི་རྣམ་པའི་ཉེས་བྱས་ཀྱིས་གཞན་ལ་ཕན་འདོགས་པ་ནི་མ་བཀག་སྟེ། སྤྱོད་


JL00_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་ལས། ཐུགས་རྗེ་མངའ་བས་རིང་གཟིགས་ནས། །བཀག་པ་རྣམས་ཀྱང་དེ་ལ་གནང་། །ཞེས་པ་སྟེ། དཔེར་ན་སྲོག་གཅོད་པ་ལ་མཚོན་ན། སྡིག་ཅན་གང་དག་གསད་པར་གྱུར་ན་ནི། དེའི་སྡུག་བསྔལ་གྱི་ཁུར་འབེབས་པར་འགྱུར་ལ། མ་གསད་ན་ནི་ཐམས་ཅད་ནས་ཐམས་ཅད་དུ་ལྡན་ཞིང་ངན་སོང་མུ་མཐའ་མེད་པ་བརྒྱུད་བདེ་གསད་པ་ལས་གཞན་པའི་ཐབས་གང་གིས་ཀྱང་ཕན་པར་མི་འགྱུར་བ་མཐོང་བའི་སེམས་སྙིང་རྗེ་ཆེན་པོ་དང་ལྡན་པས། དེའི་སྡིག་པའི་ཁར་ཐམས་ཅད་བདག་གིས་བླངས་ཏེ་སྲོག་གཅད་པར་གྱུར་བ་ལ་སྲོག་གཅོད་ཀྱི་ཕམ་པའི་ཡན་ལག་ཚང་བ་མི་སྲིད་པས་སྡོམ་པ་ཉམས་པར་མི་འགྱུར་རོ། ཁྱད་པར་སྔགས་ཀྱི་ཚུལ་ནི། ཐབས་ཀྱི་ཆ་ནས་གཞལ་ན། འདི་ལྟར་ཉན་ཐོས་པ་ལ་ལྟུང་བ་དང་། །བྱང་ཆུབ་སེམས་དཔར་ཕྱོགས་མཐུན་ཉེས་བྱས་སུ། །འགྱུར་བའི་མྱོས་བྱེད་སྔགས་ཀྱི་དམ་རྫས་སུ། །སྤྱོད་པའི་སྐྱེས་བུའི་རྟོག་ཚོགས་ལྷར་ཤར་བས། །གཞི་དང་བསམ་པ་གཉིས་ཀ་གཞན་དུ་འགྱུར། །དགེ་སློང་མ་ཡིན་བྱང་ཆུབ་སེམས་དཔའང་མིན། །ཐབས་བྲལ་ཆགས་སྲེད་ཉོན་མོངས་མཐུས་ནོན་མིན། །སྣང་བ་མཐའ་དག་ལྷ་དང་དཀྱིལ་འཁོར་དང་། །སྤྱད་ཕྱའི་དམ་རྫས་བདུད་རྩིའི་རང་བཞིན་དུ། །འདུ་ཤེས་གནས་འགྱུར་གང་ལ་གནང་བ་ཡིན། །སོ་སོ་ཐར་དང་བྱང་ཆུབ་སེམས་དཔའ་ཡི། །དགེ་སློང་དང་ནི་དགེ་འདུན་ལ་བྱིན་ལས། །ཡི་དམ་ལ་ཕུན་ཚོགས་ཀྱང་ཡར་ལྡན་འགྱུར། །བསླབ་པའི་ཆ་ཤས་གཞན་ལའང་དེ་ཡིས་འགྲོ། །འདི་ལྟར་སྔགས་ཀྱི་ཀུན་ཏུ་སྤྱོད་པའི་དུས་ན་བསྐྱེད་རྫོགས་ལ་གོམས་པས་ནང་མཆོད་དང་དུ་བླར་བ་ལ་མཚོན་ན། མྱོས་པར་བྱེད་པ་ནི་ཉན་ཐོས་པ་ལ་ལྟུང་བ་དང་། བྱང་ཆུབ་


JL00_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་ལ་ཕྱོགས་མཐུན་གྱི་ཁ་ན་མ་ཐོ་བར་བཅས་ཀྱང་། བདག་ཉིད་ལྷར་བསྐྱེད་པས་གཞིག་ཞན་དུ་གྱུར་བ་ལ་དགེ་སློང་། བྱང་ཆུབ་སེམས་དཔའ་མ། བདག་མིང་འདི་ཞེས་བྱ་བའི་དངོས་འཛིན་རང་རྒྱུད་པ་མེད་དོ། །དེ་བཞིན་དུ་སྤྱིར་དངོས་པོ་ལ་ཆང་དུ་འཛིན་པ་ཀུན་ཏུ་རྟོག་པ་ཡིན་ལ། ཁྱད་པར་ཏིང་ངེ་འཛིན་དང་སྔགས་དང་ཕྱག་རྒྱའི་ཐབས་ཀྱིས་བདུད་རྩིར་བྱིན་གྱིས་བརླབས་པའི་ཚེ། དེའི་བསམ་པའམ་ཐ་མལ་གྱི་རྟོག་ཚོགས་ལྷ་དང་། གཞལ་ཡས་ཁང་དང་། བདུད་རྩི་ལ་སོགས་པའི་འདུ་ཤེས་གཞན་དུ་གནས་འགྱུར་བས། སྦྱོར་བ་བག་མེད་པ་དང་། མཐར་ཐུག་མྱོས་པ་ལ་སོགས་པའི་ཉེས་པ་ཐམས་ཅད་ལྷག་མཐོང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཆེན་པོས་ཟིལ་གྱིས་ནོན་པས་ཉེས་པས་མགོས་པའི་སྟེང་དུ་ཡི་དམ་གྱི་ལྷ་མཆོད་པས་ཚོགས་རྫོགས་པ་དང་། གསང་སྔགས་ཐབས་ཀྱི་ཆེ་བ་ཡིན་པའི་ཕྱིར་རྡོ་རྗེ་ཕུང་པོའི་གྲོང་ཁྱེར་ཉམས་བརྟས་ཤིང་རྩ་རླུང་ཐིག་ལེའི་ཁམས་སྟོབས་སུ་གྱུར་བས། དེ་ལས་སྐྱེས་པའི་མྱུར་ལམ་གྱི་ཡོན་ཏན་མཐའ་དག་ཡར་ལྡན་དུ་འགྲོ་བ་ལྟར་བསླབ་པའི་ཆ་ཤས་གཞན་ལའང་རིགས་འགྲེའོ། །འོན་ཀྱང་རང་ལྡོག་མ་འདྲེས་དགག་དགོས་ཚང་། །ངོ་བོ་གནས་འགྱུར་ཡོན་ཏན་ཡར་ལྡན་པས། །གནད་ཀྱིས་མི་འགལ་དུས་སྐབས་གཙོར་སྤྱད་དོ། །དེ་ལ་རང་ལྡོག་མ་འདྲེས་པ་ནི། སྡོམ་པ་གསུམ་པོ་གང་ལས་བླང་བའི་ཡུལ། གང་གིས་ལེན་པའི་བསམ་པ། ཇི་ལྟར་ལེན་བྱེད་ཀྱི་ཆོ་ག་རང་རང་གི་ལྡོག་པ་མ་འདྲེས་པའི་སྒོ་ནས། ཇི་སྲིད་བླངས་པའི་དུས་ཀྱང་ཐ་དད་དུ་ངེས་པ་ཁོ་ན་ཡིན་པའི་ཕྱིར་རང་རང་གི་ལྡོག་པ་ལ་གཞི་མཐུན་པ་མི་སྲིད་ཅིང་མཚན་ཉིད་སོ་སོར་འཛིན་པས་རང་ལྡོག་མ་འདྲེས་པར་ཡོད་དོ། །དགག་དགོས་ཡོངས་རྫོགས་ནི། དགག་བྱ་ཉོན་མོངས་པ་དང་། དགོས་


JL00_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་དེས་མི་འཆིང་བར་རང་ལམ་སོ་སོར་གཅིག་པའི་ཚུལ་སོ་ཐར་དུ་སྤོང་། བྱང་སེམས་སུ་བསྒྱུར། སྔགས་སུ་ལམ་དུ་བྱེད་པའི་དཔེ་འདིས་ཤེས་པར་བྱ་སྟེ། སྐྱེས་མོས་ཚལ་གཅིག་ཏུ་ཧ་ལའི་སྡོང་པོ་སྐྱེས་པ་ན། བདག་པོ་ནི་ཐབས་ལ་མི་མཁས་པའི་དེའི་སྡོང་བུ་དང་། ཡལ་ག་དང་། འདབ་མ་དང་། རྩ་བའི་བར་ལྷག་མ་མེད་པར་ཕྱུང་སྟེ་ཐག་རིང་པོར་སྤོང་ངོ་། །དེ་བཞིན་དུ་ཉན་ཐོས་ཀྱི་སྡེ་སྣོད་ལས་ནི་ཕྱི་བཟུང་བའི་ཡུལ་རིགས་པ་དང་། ནང་འཛིན་བྱེད་ཀྱི་ཤས་པ་རྒྱུན་དང་བཅས་པ་རང་བཞིན་མེད་པར་རྟོགས་པས་འཁོར་བ་ལས་ངེས་པར་འབྱུང་ཡང་། གཟུང་ཡུལ་རྡུལ་ཕྲ་རབ་དང་། འཛིན་སེམས་ཀྱི་ཤེས་པ་སྐད་ཅིག་མངོན་དམ་དུ་འདོད་པས་ཉོན་མོངས་པ་དགྲ་བཞིན་དུ་སྤོང་བ་ལྷུར་བྱེད་དོ། །ཡང་ཚལ་དེར་སྨན་པ་མཁས་པ་ཞིག་འོངས་པར་གྱུར་ན། ཀ་ཡེ་གྲོགས་པོ་དག་དུག་སྡོང་རྩ་བ་འབྱིན་པ་ནི་ངལ་ཞིང་རྩོལ་བ་དང་བཅས་པ་ཡིན་ལ། ཁོ་བོ་ཅག་གི་སྨན་མར་སྦྱོར་བ་ལ་དུག་ཤིང་མ་འབྱོར་བས་ད་རེས་གོ་བཅད་དོ་ཟེར་ནས། དུག་ཤིང་ལ་སྨན་མར་གྱི་ལྡེ་གུ་བྱས་པས་ནད་བཞི་བརྒྱ་རྩ་བཞི་ལ་ཕན་པ་བྱུང་ངོ་། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་ནི། ནང་འཛིན་པའི་ཤེས་པ་རྐྱེན་གྱིས་འཁྲུལ་བའི་སྣང་བ་ཙམ་ལས་དོན་དམ་པར་བདེན་གྲུབ་ཏུ་མ་མཆིས་ཀྱང་། ཕྱི་ཡུལ་དུ་འདོགས་པ་ནི་ཀུན་བརྟགས་དང་། གཞན་དབང་ཡིན་པས། ཡོངས་གྲུབ་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་ཡུལ་ཤེས་གཉིས་ཐ་དད་དུ་མ་སྐྱེས་པར་ཤེས་ནས། ཉོན་མོངས་པ་དང་རྣམ་པར་རྟོག་པ་ཆོས་ཉིད་དུ་སྦྱོང་ཞིང་བསྒྱུར་བའི་ཐབས་ལྷུར་བྱེད་དོ། །དེ་སྐད་དུ་བྱང་ཆུབ་སེམས་དཔའི་སོ་སོ་ཐར་བ་ལས། ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་འདི་ལ་འདོད་


JL00_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་སྐྱེ་ཡང་། ཡང་དག་པར་རྗེས་སུ་མཐོང་བ་ན། འདོད་ཆགས་དེ་གཞི་གང་ལས་བྱུང་བར་འཆོལ་བར་བྱེད་དེ། ཡོངས་སུ་བཙལ་བ་ན་དེ་གཞི་མི་དམིགས་སོ། །གང་ལས་འདོད་ཆགས་དེ་སྐྱེ་བ་དང་། །གང་གིས་འདོད་ཆགས་དེ་སྐྱེ་བ་དང་། ཇི་ལྟར་འདོད་ཆགས་དེ་སྐྱེ་བ་དེ་ལྟར་གང་གི་སྐྱེ་བ་དེ་མི་དམིགས་སོ། །གང་ལ་སྐྱེ་བ་དེ་མི་དམིགས། ཇི་ལྟར་སྐྱེ་བ་དེ་མི་དམིགས་ཏེ། འདོད་ཆགས་དེ་མི་དམིགས་པ་ནི་འདོད་ཆགས་ཀྱི་རྒྱུས་སྡིག་པའི་ལས་མི་བྱེད་ལ། དེའི་དཀར་པོའི་ཆོས་རྣམས་འཕེལ་བར་འགྱུར་ཞིང་། དེ་མ་སྨད་ཅིང་བསྔགས་པར་འགྱུར་ཏེ། ཞེས་སོགས་རྒྱ་ཆེར་བསྟན་ཏོ། །ཡང་དེར་སྔགས་རྒྱུད་ཀྱི་ཆོ་ག་དང་དེ་ཁོ་ན་ཉིད་ལ་བློ་གྲོས་བྱང་བ་ཞིག་འོངས་ནས། དུག་ཤིང་དང་སྨན་དུ་སྦྱོར་བའང་བྱ་བ་མང་ལ་དངོས་པོར་འཛིན་པ་དང་བཅས་པ་སྟེ། འདི་ནི་སྔགས་དང་ཕྱག་རྒྱ་དང་ལྷའི་རྣལ་འབྱོར་གཅིག་གིས་བདུད་རྩིའི་རང་བཞིན་དུ་འགྱུར་རོ་ཞེས་དེ་དེ་བཞིན་དུ་བྱས་པས་དུག་ཤིང་དེ་དེ་བས་ཀྱང་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་གཅིག་ཏུ་ཡུང་ཙམ་མ་གྱུར་བ་བཞིན། རྡོ་རྗེའི་ཐེག་པ་ལས་ནི་ཉོན་མོངས་པ་དང་རྣམ་པར་རྟོག་པ་ལྷ་དང་ཡེ་ཤེས་སུ་བསྒྱུར་བའི་ཐབས་ལ་མི་རྨོངས་པ་དང་། ཁྱད་པར་ཆོས་ཉིད་ཀྱི་དོན་རྣལ་མ་མཐོང་བ་དག་ལ་ནི་དཔེར་ན་རྨ་བྱ་ཞིག་ལྷགས་ནས་དེས་དུག་གི་སྡོང་པོ་བླང་དོར་མེད་པར་ཟོས་པས་ལང་ཚོ་རྒྱས་ཤིང་། འདབ་མ་བལྟ་ན་སྡུག་པར་གྱུར་བ་བཞིན་ཏེ་སྡོམ་པ་ཉི་ཤུ་བར། ཐབས་ཆེན་རྣམས་དང་ལྡན་པ་ལ། །ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར། །ཞེས་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། ལྷའི་བུ་རྣམ་པར་ཐར་བའི་སྒོ་གསུམ་པོ་དེ་དག་རྟོགས་ཤིང་སྤྲོས་པ་ཐམས་ཅད་ཡང་དག་པར་ཆད་པ་གང་ཡིན་པ་དེ་ནི་འདས་པ་དང་། མ་འོངས་པ་དང་། དེ་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཉན་ཐོས་


JL00_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱི་བསྙེན་པར་རྫོགས་པ་ཡིན་ནོ། །ཞེས་པ་ལྟར་རོ། །མདོར་ན་ཉན་ཐོས་པ་བདེན་པ་གཉིས་ཀ་རྫས་ཡོད་དུ་བལྟ་བས་སོ་ཐར་གྱིས་སྤོང་བ་དང་། བྱང་སེམས་ཀྱི་ཀུན་རྫོབ་རྫས་ཡོད་དུ་བལྟ་བ་སྟོང་ཉིད་སྙིང་རྗེས་སྦྱང་བ་དང་། སྔགས་ཀྱི་ཡེ་ཤེས་ལྔའི་རང་བཞིན་དུ་དག་ཅིང་གྲོལ་བས་ལམ་དུ་བྱེད་པ་གསུམ་ཀེས་རྒྱུད་གཅིག་པོ་དེའི་མི་དགེ་བ་སྡོམ་པར་གཅིག་གོ །ངོ་བོ་གནས་འགྱུར་ནི་སྔགས་ཀྱི་སྐབས་འཆད་དོ། །ཡོན་ཏན་ཡར་ལྡན་ནི་སྒྱུ་འཕྲུལ་དྲ་བ་ཆེན་པོ་ལས། །བླ་མེད་མཆོག་གི་སྡོམ་པ་རུ། །འདུལ་བའི་དབང་གིས་ཚུལ་ཁྲིམས་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་ཀུན། །མ་ལུས་ཀུན་འདུས་རྣམ་པར་དག །ཅེས་པ་ལྟར་སོ་བྱང་གི་བསླབ་བྱ་མཐའ་དག་སྔགས་ཀྱི་དུས་ན་སྤྱི་དང་བྱེ་བྲག་གི་དམ་ཚིག་ཏུ་འདུས་པའི་ཚུལ་འོག་ཏུ་འཆད་པར་འགྱུར་ལ། དེ་ཡང་སོ་ཐར་གྱི་གཞན་གནོད་གཞི་བཅས་ལས་ལྡོག་པ་ནི་བྱང་སྡོམ་གྱིས་གཞན་ལ་ཕན་པ་བསྒྲུབ་པའི་ཚང་ཞིང་། སྔགས་ཀྱི་དམ་ཚིག་ཀྱང་དེ་དང་རྗེས་སུ་མཐུན་པའི་སྟེང་དུ། སངས་རྒྱས་ཀྱི་ཕྲིན་ལས་ཉམས་སུ་བླངས་ཏེ་མཉམ་པ་ཆེན་པོའི་ངང་ལས་གཡོ་བ་མེད་བཞིན་དུ་ཐབས་མཁས་ཀྱི་མཛད་པས་སེམས་ཅན་གྱི་དོན་ཡིད་བཞིན་དུ་བསྒྲུབ་པ་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་གཉིས་ཀྱི་སྤྱོད་པའི་གཙོ་བོ་ཡིན་ཏེ། མདོ་ཀུན་ལས་བཏུས་པའི་བཤད་པར་ཡང་བྱང་ཆུབ་སེམས་དཔའི་བསམ་པ་རྣམ་པར་དག་པ་ཁོ་ན་སྤྱོད་པའི་གཙོ་བོ་ཡིན་པའི་ཕྱིར་དང་། སེམས་ཅན་གྲོལ་བས་ཟད་པར་མི་འགྱུར་བ་ཉིད་ཀྱིས་དེ་དགེ་ལ་བརྟེན་པའི་བསོད་ནམས་ཀྱང་ཟད་པར་མི་འགྱུར་བར་བསྟན་པ་ནི། ཇི་ལྟར་ཞེས་སོགས་གཞུང་འགྲེལ་བའི་ཕྱིར་རོ། །དེ་བས་ན་ཐབས་དང་ཤེས་རབ་རྣམ་པར་དག་པས་ཟིན་པ་ལ་ཤེས་བྱའི་སྟེང་དུ་


JL00_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

འགལ་བ་འདུ་བའི་ཉེས་ལྟུང་གི་རྡུལ་ཕྲ་མོ་ཙམ་ཡང་མི་མངའ་བས་ཡོན་ཏན་མཐའ་དག་ཡར་ལྡན་དུ་ཚང་ཞིང་འདུས་པ་ཡིན་ནོ། །གལ་ཏེ་ལུས་དང་ངག་དང་ཡིད་ཀྱི་ལས་རྣམས་ལ་མ་རིག་པ་དང་བཅས་པའི་ཉོན་མོངས་པ་དང་དེ་དང་མཚུངས་ལྡན་གྱི་བསམ་པས་སྤྱད་ན་ནི་འཆིང་བའི་རྒྱུ་ཡིན་ཏེ། དཔེར་ན་རྫས་ཀྱི་དངོས་པོ་གསེར་ཡིན་ཡང་སྒྲོག་ཏུ་གྱུར་བའི་ཚེ་འཆིང་བ་བཞིན་ནོ། །དེ་ཉིད་ཤེས་རབ་དང་སྙིང་རྗེ་ཕྱོགས་གཅིག་གིས་བཟུང་ན་བྱ་བ་མ་ཡིན་པ་ལྟར་སྣང་ཡང་དོན་གྱི་བསྡམས་པའི་གནས་ལ་ཞུགས་པར་གྱུར་ནས་བདེ་འགྲོ་དང་ཐར་བའི་རྒྱུ་ཡིན་ནོ། །དཔེར་ན་གསེར་ཉིད་ཡི་དམ་གྱི་ཕྱག་མཚན་དུ་བྱས་པའི་ཚེ་བསོད་ནམས་ཀྱི་དངོས་པོར་གྱུར་བ་བཞིན་ནོ། །དེ་ཉིད་ཐབས་དང་ཤེས་རབ་ཆེན་པོ་དང་ལྡན་པའི་བསམ་པས་ཟིན་པར་སྤྱད་ན་བླ་ན་མེད་པའི་བྱང་ཆུབ་ཆེན་པོ་ཉིད་དུ་གྲོལ་བའི་རྒྱུར་བཤད་དོ། །དཔེར་ན་གསེར་ཉིད་དེ་བཞིན་གཤེགས་པའི་སྐུ་གཟུགས་སུ་བྱས་པའི་དུས་ན་ནི་མཆོད་གནས་ཀྱི་ཞིང་དམ་པར་གྱུར་བ་བཞིན་ནོ། །དེ་བས་ན་དགག་བྱའི་ཉོན་མོངས་པ་གང་ཡིན་ཡང་ཐེག་པ་ཆེན་པོའི་ཐབས་ལ་མཁས་པ་དང་། ཤེས་རབ་རྣམ་པར་མི་རྟོག་པས་ཟིལ་གྱིས་ནོན་ནས་ཀུན་སློང་རང་རྒྱུད་པ་ལས་འདས་ཤིང་། ཡུལ་རང་མཚན་པ་ལས་ལོག་པའི་དགོས་པ་ལས་དང་ཉོན་མོངས་པའི་བག་ཆགས་མི་གསོག་པའི་སྟེང་དུ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པས་སྡོམ་པ་གསུམ་ཀའི་ཡོན་ཏན་ཡར་ལྡན་དུ་ཡོད་པ་ཡིན་ནོ། །དེ་སྐད་དུ་འཕྲགས་པ་དཀོན་མཆོག་བརྩེགས་པ་ལས། འོད་སྲུངས་འདི་ལྟ་སྟེ། དཔེར་ན་སྔགས་དང་སྨན་གྱི་ཡོངས་སུ་ཟིན་པའི་དུག་གིས་འཆི་བར་བྱེད་མི་ནུས་སོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ་ཤེས་རབ་ཀྱིས་ཡོངས་སུ་ཟིན་པས་ཀྱང་ལོག་པར་


JL00_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

ལྟུང་བ་བྱེད་མི་ནུས་སོ། །ཞེས་སོ། །གནད་ཀྱིས་མི་འགལ་བ་ནི་བགྲོད་བྱ་བགྲོད་པ་ལ་མཚོན་ན། སྤྱིར་ཆགས་པ་རང་རྒྱུད་པ་དག་པའི་ཚེ་སོ་ཐར་གྱི་ཕམ་པའི་ཡན་ལག་ཚང་བ་མི་སྲིད་དེ། དཔེར་ན་རྨི་ལམ་དུ་དབང་པོའི་འདུ་འཕྲོད་ཀྱི་རེག་པ་དེ་ཉམས་སུ་མྱོང་ཡང་། སྡོམ་པའི་རྩ་བ་ཞིག་པར་མི་འགྱུར་བ་བཞིན་དུ། བྱང་སེམས་ཀྱི་སྡོམ་པའི་སྐབས་དེ་ལ་བརྟེན་ནས་འདུལ་བའི་འགྲོ་བ་འགའ་ཞིག་གི་ཆེད་དུ་བརྩམས་ཏེ། གཞན་དོན་གྱི་བསམ་པས་འཕངས་པའམ། སྔགས་ཀྱི་དུས་ན་གསང་བའི་དཀྱིལ་འཁོར་དུ་འཇུག་པ་དང་། དངོས་གྲུབ་རྣམ་པ་གཉིས་བསྒབ་པ་ལ་སོགས་པའི་བསམ་པས་འཕངས་པའི་ཕྱིར། དངོས་པོ་རྣམས་སྣང་ཚོད་ལྟར་འཛིན་པའི་བློ་ནི་སྒྱུ་མ་ལྟ་བུའི་ཉམས་འོག་ཏུ་ཆུད་པས་བསམ་པ་མ་འཁྲུལ་བའི་ཉོན་མོངས་ཀྱི་ཡན་ལག་དང་མི་ལྡན་ལ། ཐབས་ལ་མཁས་པས་བསྐྱེད་པའི་བློ་ཡིན་པས་ད་ཆགས་པའི་ཡན་ལག་རང་མཚན་པ་དང་ཡང་མི་ལྡན་ནོ། །དེ་ལྟ་མོད་ཀྱི་བློ་ཆུང་གང་དག་ཐབས་ལ་དངོས་པོར་བལྟ་ཞིང་ཤེས་རབ་ཀྱི་དབྱིངས་འཇལ་མི་ཤེས་པས། ཚངས་པར་སྤྱོད་པ་མ་ཡིན་པ་ལ་ནི་དངོས་པོ་གཙོ་བས་པགས་རིམ་དང་པོ་འདས་པས་ཕམ་པ་འབྱུང་ངོ་སྙམ་ན། ཐབས་ལ་མི་མཁས་ཤིང་ཤེས་རབ་ཀྱི་ལྟ་བ་དང་བྲལ་བ་རྣམས་ལ་དེ་ལྟར་ཡིན་གྱིས། དཔེར་ན་སྔགས་དང་མི་ལྡན་པའི་ལྕེ་ནི་ལྕགས་བསྲེགས་ཀྱི་འཚིག་པ་བཞིན་ནོ། །ཡང་དག་པར་ན་གདང་བྱས་དུག་ལ་བྱ་བ་བཞིན་དུ་ཐབས་དང་ཤེས་རབ་ཀྱིས་ཟིན་པ་ནི་གནད་ཀྱི་མི་འགལ་བའི་ངོ་བོ་ཉིད་ཡིན་ཏེ། སློབ་དཔོན་ཨཱརྱ་དེ་ཝས། ཀུན་ནས་ཉོན་མོངས་སྤོང་འདོད་པས། །དམ་པའི་དོན་གྱིས་འཚལ་བར་བྱ། །ཞེས་སོ། །དུས་


JL00_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་ཀྱི་གཙོ་བོར་སྤྱད་པ་ནི། སྤྱིར་ལས་དང་པོ་པ་ནས་རྣལ་འབྱོར་དབང་ཕྱུག་གི་བར་དུ་རང་ཉམས་ལ་དཔགས་པའི་སྤྱོད་པ་དུས་ཚོད་དང་འབྲེལ་བར་སྤྱོད་པ་ཉིད་དེ། ཚོགས་ཀྱི་དབུས་ན་ནི་ཁ་ན་མ་ཐོ་བ་མེད་པ་ཀུན་ཏུ་བཟང་པོའི་སྤྱོད་པ་ལྔ་ལ་ཁྲེལ་བག་ཡོད་པར་སྤྱོད་པའོ། །དེ་ཡང་གནས་དག་པ་ནི་དགོན་པ་དང་བས་མཐའོ། །འཚོ་བ་དག་པ་ནི་ལོག་འཚོ་དང་མ་འདྲེས་པའི་ཆོས་མཐུན་ནོ། །སྡོམ་པ་དག་པ་ནི་ལས་དང་པོ་པ་ལ་སོ་སོར་ཐར་བ་གཙོ་བོར་གྱུར་བ་ལས། རིམ་གྱིས་སྙིང་རྗེ་ཆེན་པོ་དང་། ཐབས་ལ་མཁས་པ་དང་། དོན་དམ་པར་ཤིན་ཏུ་མ་སྐྱེས་པ་དང་། དངོས་པོ་མེད་པའི་བློའི་ནུས་པ་ནར་སོན་པ་དང་བསྟུན་ནས་གོང་མ་གོང་མའི་དགོས་པ་གཙོ་བོར་བསྒྲུབ་ཅིང་། བྱང་སེམས་རིག་འཛིན་གསུམ་ག་ལ་ཉེས་པས་མ་གོས་པའོ། །གྲོགས་དག་པ་ནི་བླ་མ་ཚངས་པར་མཚུངས་པ་དང་ལྡན་པའོ། །ཆོས་དག་པ་ནི་སྟོང་པ་ཉིད་དང་སྙིང་རྗེའི་རྩིས་ཟིན་པའོ། །དེ་སྐད་དུ་གསང་འདུས་ལས། ཕྱི་རུ་ཉན་ཐོས་སྤྱོད་པ་སྐྱོང་། །ནང་དུ་འདུས་པའི་དོན་ལ་དགའ། །ཞེས་པ་དང་མཐུན་པར་རྫོགས་པའི་སངས་རྒྱས་པདྨ་སྐྱེས་ཀྱང་བཞེད་དོ། །གསང་སྤྱོད་ཀྱི་དུས་ན་ལྟུང་བ་ནང་མ་འཛོལ་བ་རྣམས་ནི་འདྲེས་པ་མེད་ཅིང་མཐའ་དག་རྫོགས་པར་བསྲུང་ལ། འདོམ་པའམ་བརྟུལ་ཞུགས་ལ་སློབ་པའི་ཚེ་སྔགས་གཙོ་བོར་བསྲུང་ཞིང་། འོག་མའི་ཆ་ཁྱད་དུ་གསོད་པ་ནི་མ་ཡིན་ཀྱང་གོང་མའི་ཐབས་དང་ཤེས་རབ་ཀྱིས་ཟིན་པའི་ཚེ་ཉན་ཐོས་ཀྱི་སྡོམ་པ་ནི་རྣམ་པར་རིག་པ་ལས་འདས་པའི་གཟུགས་ཅན་ཡིན་པས་ལྟུང་བའང་གཟུགས་ཅན་ཉིད་ཀྱི་ཕྱིར་རོ། །དེ་ལྟ་ནའང་འཇིག་རྟེན་མ་དད་པར་གྱུར་བའི་ཆ་སྡོམ་པ་གཉིས་སུ་མཐུན་པ་རྣམས་དེ་ཉིད་ལྟར་བསྲུང་


JL00_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། སྤྱོད་འཇུག་ལས། འཇིག་རྟེན་མ་དད་གྱུར་བའི་ཆ། །མཐོང་དང་འདྲིས་ཏེ་སྤང་བར་བྱ། །ཞེས་པ་ལྟར་རོ། །མདོར་བསྡུ་ན། ལས་དང་པོ་པ་དང་། ལམ་ལ་རྣལ་དུ་འབྱོར་བ་དང་། གྲུབ་པ་ཐོབ་པ་དང་། ཐམས་ཅད་མཁྱེན་པའི་གནས་སྐབས་དེ་དང་དེ་དག་གི་སྤྱོད་པ་མ་འདྲེས་པར་བླང་དོར་བྱ་བའི་ཚུལ་དུས་འཁོར་འགྲེལ་ཆེན་ལས། དེའི་ཕྱིར་ལས་དང་པོ་པས་རྣལ་འབྱོར་བའི་བྱ་བ་མི་བྱའོ། །རྣལ་འབྱོར་བས་གྲུབ་པའི་བྱ་བ་མི་བྱའོ། །གྲུབ་པས་ཐམས་ཅད་མཁྱེན་པའི་བྱ་བ་མི་བྱའོ། །ཞེས་པ་ནི་དུས་སྐབས་ཀྱི་མདོའམ། སྡོམ་ཡིན་པར་བཟུང་ངོ་། །ད་ནི་གྲུབ་མཐའི་འདོད་གཞུང་ཕྱེ་ནས་ངོ་བོ་གནས་འགྱུར་བཤད་པའི་ཕྱིར། གྲུབ་པའི་མཐའ་ལ་དཔྱད་པ་ཞུགས་པ་རྣམས། །གནས་འགྱུར་ངོ་བོ་གཅིག་ཏུ་འདོད་པ་དང་། །གཅིག་ལ་གཞི་མི་མཐུན་དུ་འདོད་པ་དང་། །གསུམ་ག་རྫས་འགལ་གོང་འཕེལ་འདོད་པ་དང་། །གཏོང་ཐོས་མཆམས་ནས་རྣམ་པར་དབྱེ་བ་དང་། །དོང་རྩེ་བརྩེགས་བཞིན་མ་འདྲེས་འདོད་པ་དང་། །ཉི་ཟླ་སྐར་གསུམ་རིམ་ཅན་ཚོགས་པ་ལྟར། །རང་འོད་མཉམ་ས་ནུས་པའི་ཁྱད་ཞུགས་འདོད། །དེ་ལྟར་འདོད་པ་ཐ་དད་པའི་ཚུལ་ལས་རང་རང་གི་ཕྱོགས་སྔ་མའི་ཀུན་ནས་སློང་བ་དག་གིས་བརྟགས་ཤིང་དཔྱད་ན་བློའི་རང་བཞིན་རྟོག་དཔྱོད་ཀྱི་རྗེས་སུ་འབྲང་ཞིང་། ཚིག་ནི་དཔེ་དོན་དང་མཚུངས་པར་འཇུག་པས་ཐལ་འགྱུར་གྱི་མཐའ་ལ་ཐུག་པ་མེད་ཀྱང་དེ་བཞིན་གཤེགས་པའི་བསྟན་པ་ནི། རྟོན་པ་བཞི་དང་ལྡན་པ་བཞིན་ནོ། །དེ་ལྟ་ནའང་རེ་ཞིག་གང་ཟག་གི་སེམས་འཇུག་ཡོད་ཀྱི་བར་ལ་གྲུབ་པའི་མཐའ་ཡང་དེ་དང་རྗེས་སུ་འབྲེལ་བར་འཇུག་པས་གནས་འགྱུར་ངོ་བོ་གཅིག་ཏུ་འདོད་པ་ཡང་ཡོངས་གྲུབ་ཆེན་པོའི་རྟོགས་པས་རྒྱུད་གྲོལ་བ་ལ་རུང་སྟེ། སྡོམ་པ་དང་སྡོམ་པ་མ་ཡིན་


JL00_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་དངོས་པོར་བལྟ་བ་ལས་གྱུར་བ་ཡིན་པས། བཅོམ་ལྡན་འདས་ཀྱིས། ཤེས་རབ་ཀྱིས་ནི་ཡེ་ཤེས་རྣམ་པར་དག་པ་འཐོབ། ཡེ་ཤེས་རྣམ་པར་དག་པས་ཚུལ་ཁྲིམས་ཕུན་སུམ་ཚོགས། །ཞེས་བཀའ་སྩལ་ཏོ། །འོན་ཀྱང་རྣམ་པར་ཤེས་པའི་གཞན་དབང་ཅན་དུ་གྱུར་བའི་ལས་དང་པོ་བས་ཟངས་རྡོ་བཞུ་བ་ལས་ཟངས། རག་རྡོ་བླུགས་ན་ར་གན། ཞ་ནེ་བླུགས་ན་འཁར་བར་འགྲོ་བའི་དངོས་འོག་མ་ཁྱད་དུ་གསོད་པ་ནི་མི་རིགས་ཏེ། དཔེ་ནི་ཀུན་རྫོབ་ཀྱི་རྗེས་སུ་འཇུག་པ་ཡིན་པས་དངོས་ཞེན་དང་བཅས་པའི་རྣམ་པར་རྟོག་པ་ཅན་ལ་ལྟུང་བའི་ཆར་བ་འབབ་བོ། །གཅིག་ལ་གཞི་མི་མཐུན་པའང་། ཤེས་རབ་ཀྱི་དོན་གཅིག་ཏུ་ཡོད་ཀྱང་། འདུ་ཤེས་ཀྱི་ཆ་ནས་གཞི་མི་མཐུན་པར་གྲུབ་སྟེ། དབུ་མའི་མན་ངག་ལས། རིགས་པས་བརྟགས་ན་བདེན་མ་ཡིན། །དེ་ལས་གཞན་དུ་བདེན་པ་སྟེ། །དེས་ན་དངོས་པོ་གཅིག་ཉིད་ལ། །བདེན་དང་མི་བདེན་ཇི་ལྟར་འགལ། །ཞེས་པ་དང་མཚུངས་སོ། །གསུམ་ཀ་རྫས་འགལ་གོང་འཕེལ་དུ་འདོད་པ་ནི། སྡོམ་གསུམ་རྫོགས་པའི་གང་ཟག་དེ་དངོས་ཀྱི་བློའི་རིམ་པ་ལས་ས་སོ་སོ་ན་ཡོད་དོ་སྙམ་བྱེད་ཀྱི་ཤེས་དོར་རྫས་འགལ་བས་གོང་མའི་ཐབས་དང་ཤེས་རབ་ཀྱིས་འོག་མའི་སྡོམ་པ་དངོས་པོ་དང་འགལ་བ་འདུ་བའི་ཆེས་ཅན་ཟིལ་གྱིས་གནོན་པར་མི་ནུས་ཏེ་འཕགས་པ་དྲི་མ་མེད་པས་བསྟན་པ་ལས། བཙུན་པ་འོད་སྲུང་ཆེན་པོ་འདི་ལྟ་སྟེ། བ་ལང་གླང་པོ་ཆེ་དེ་ལ་བརྡེག་པ་བོང་བུས་བཟོད་པར་མི་ནུས་ཏེ། ཞེས་པ་ལྟར་རོ། །དེ་ཡང་སོ་ཐར་གྱི་སྡོམ་པ་རྟེན་འཕོས་པས་ལྡོག་ཆ་ཙམ་གཏེང་ཡང་ངོ་བོ་གནས་པར་འདོད་པ་དང་། ལ་ལ་ཤི་འཕོས་པས་གཏོང་ཡང་། དེའི་ངོ་བོ་སྡོམ་པ་ཙམ་པོ་བ་ཞིག་བྱང་སྡོམ་དུ་གནས་གྱུར་བ་ཡིན་ནོ། །ཞེས་འདོད་པ་ཡང་དོན་གྱི་གནས་འགྱུར་དང་དངས་


JL00_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

པོ་གཅིག་སྟེ། འདི་ལྟར་དམན་སེམས་ཀྱིས་བླངས་པའི་སོ་ཐར་དེ་ཉིད་བྱང་སེམས་ཀྱི་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་སུ་གནས་གྱུར་བར་ནི་ངོས་སུ་ཟིན་ཀྱང་། མཛོད་ལས། གླིང་གསུམ་སྐྱེས་པ་བུད་མེད་ཀྱི། །རྟེན་ལ་སྐྱེ་ཡི་ཟ་མ་དང་། །ཞེས་པ་ལ་སོགས་པས་དང་པོར་སྐྱེ་བའི་རྟེན་དང་། བསླབ་པ་ཕུལ་དང་ཤི་འཕོས་དང་། །མཚན་གཉིས་དག་ནི་བྱུང་བ་དང་། །རྩ་བ་ཆད་དང་མཚན་འདས་ལས། །སོ་སོ་ཐར་བའི་འདུལ་བ་གཏོང་། །ཞེས་མཐར་གཏོང་བའི་མཚམས་བཤད་པ་དེ་བྱང་ཆུབ་སེམས་དཔའི་སྡོམ་པ་རྣམ་རིག་གི་རྗེས་སུ་འགྲོ་བའི་གཟུགས་ཅན་མ་ཡིན་པ་དང་རྫས་མི་མཐུན་ནོ་སྙམ་པའི་ཀུན་རྫོབ་འཁྲུལ་ཤེས་ཀྱིས་ཕྱོགས་བསླད་པའི་རང་རྒྱུད་ལྡན་གྱི་ཚུ་རོལ་མཐོང་བའི་རྣམ་གཞག་གི་དོན་འགལ་བར་མཐོང་བས་ཡིན་ཏེ། གཞན་དུ་སོ་སོ་ཐར་བ་ལ་དངོས་བསྟན་དང་ཙམ་པོ་བའི་ཐ་སྙད་འདུལ་བའི་སྡེ་སྣོད་ལས་བསྟན་པ་ནི་མེད་པས་སོ། །གཏོང་ཐོབ་མཚམས་ནས་རྣམ་པར་དབྱེ་བ་ནི། །བློ་ཆུང་དག་གྲོལ་དུ་འཛིན་པའི་གང་ཟག་ལ་དགོངས་ནས་དམ་པ་དང་པོའི་རྒྱུད་ལས། དྲང་སྲོང་ཉི་མའི་ཤིང་རྟ་ཅན་ལྟ་བུ་བློ་ཆུང་ཞིང་དོན་ཟབ་མོ་རིང་དུ་སྤང་བར་འགྱུར་བ་རྣམས་རྗེས་སུ་གཟུང་བའི་ཕྱིར། ཐོག་མར་དེ་སྐད་བརྗོད་པས་གདོད་སྔགས་ལ་འཇུག་པའི་རྒྱུར་གསུངས་པ་ལྟ་བུ་སྟེ། དགོས་དབང་གཞན་ཡང་རབ་ཏུ་བྱུང་བ་སྤྱོད་པ་ལྷོད་པ་ལ་དམིགས་ནས། གསང་བ་ཤེས་རབ་དབང་བསྐུར་ནི། ཚངས་པར་སྤྱོད་པས་བླང་མི་བྱ། །ཞེས་པ་ལྟར་གནས་དུས་ཀྱི་དགག་བྱ་དམིགས་བསལ་ལ་ངེས་པ་མེད་ལ། ཐམས་ཅད་ནས་ཐམས་ཅད་དུ་དེ་ལྟར་འདོད་ནས་གོང་མ་ཐོབ་ཚ་འོག་མ་གཏོང་བའི་ཤེས་བྱེད་དགོད་ན་ནི་སྔགས་ཀྱི་དགེ་སློང་རྡོ་རྗེ་འཛིན་པའང་མི་འབྱུང་ཞིང་དབང་བཞི་མ་རྫོགས་


JL00_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

ན་སངས་རྒྱས་མི་ཐོབ་པ་དང་ཡང་འགལ་ལོ། །དོང་རྩེ་བརྩེགས་པ་ལྟར་སྡོམ་གསུམ་རྫས་ཐ་དད་དུ་མ་འདྲེས་པར་འདོད་པའང་། བཅས་པའི་ཁྲིམས་ཇི་སྲིད་དུ་སེམས་པ་དང་། འདུ་བྱེད་པ་དང་། སྨོན་པ་ལ་ལྟོས་པའི་བར་དུ་དང་པོ་རྒྱུ་ཚོགས་གཅིག་ལས་སྐྱེས་པ། བར་དུ་འགལ་བ་ལྟག་མི་སྤྲད་པ། ཐ་མར་བསྒྲུབ་སྡེ་གཅིག་པ་སྟེ་ཆོས་གསུམ་ཚང་བས་རྫས་ལྡོག་དང་སྔ་ཕྱི་ཐམས་ཅད་དུ་གཅིག་པ་མེད་པའི་དབང་ལས་འཐད་དུ་རུང་ངོ་། །ཉི་ཟླ་སྐར་གསུམ་ཚོགས་པའི་དཔེ་དོན་གྱི་བག་ལ་ཞར་འདོད་པའང་། མཚན་ཉིད་སོ་སོར་འཛིན་པའི་ཆ་ནས་གཞལ་ན་ཡར་ཞ་བ་དང་མར་ཞ་བའི་ཐ་སྙད་གཉིས་ཀ་གདགས་སུ་མི་རུང་ཀྱང་། ཤེས་བྱ་ཤེས་བྱེད་ཀྱི་བློ་དང་བྲལ་ནས་གོང་མ་གཉིས་ཐབས་དང་ཤེས་རབ་ཀྱི་ངོས་ནས་ནུས་པ་ཆེ་བར་སོང་བའི་ཚེ་འོག་མའི་རྣམ་པ་སུན་ཕྱུང་བ་མེད་ཀྱང་རང་བཞིན་གྱིས་ཚུལ་ཁྲིམས་གང་ཡིན་པའི་རིག་སད་ནས་འོག་མའི་ཆ་བག་ལ་ཞར་འཐད་དུ་རུང་སྟེ། སློབ་དཔོན་ཆེན་པ་།།།བེམ་ལས། སེམས་གང་གིས་ལས་དེ་བྱ་བའི་སེམས་དེ་ལ་ངོ་བོ་ཉིད་མེད་པར་སོ་སོར་རྟོག་པའི་ཕྱིར་རམ། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་བསྒོམས་ན། དེའི་ཚུལ་ཁྲིམས་རྣམ་པར་དག་པ་ཁོ་ན་ཡིན་པར་རིག་པར་བྱའོ། །ཞེས་སོ། །མདོར་ན་དེ་ཐམས་ཅད་གང་ཟག་གི་རྒྱུད་དང་འབྲེལ་ནས་གྲུབ་པའི་ཚུལ། དེ་སོགས་རྣམ་པའི་ཁས་བླངས་མཐའ་དག་ཀྱང་། །ཆོ་གའི་དུས་ལྟར་རང་ལྡོག་མ་འདྲེས་དང་། །བསྲུང་མཚམས་དུས་ན་དགག་དགོས་ཚང་བ་དང་། །གནས་འགྱུར་ངོ་བོ་ཡེ་ཤེས་མཐུས་བྱེད་པའི། །སྤྱིར་བཏང་དམིགས་བསལ་ཕྱེད་པ་ཁྱད་པར་ཡིན། །དེ་ལ་སྡོམ་གསུམ་ནི་བཅས་པའི་ལྟུང་བ་ཡིན་པ། སྡོམ་པ་མེད་ན་བསོད་ནམས་ཁྱད་པར་བ་དང་ལྟུང་བ་གཉིས་ཀ་མེད། སྡོམ་


JL00_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

པས་མ་བསྡམས་པ་ལ་བར་མ་དགེ་བ་ཞེས་བྱ་སྟེ་སྲི་པའི་རང་བཞིན་ལས་མི་འདའ། དེ་བས་ན་ཞིང་ཡོད་པ་རྣམས་ཐན་པ་དང་སེར་བ་ལ་འཇིགས་དགོས་པ་ལྟར་རྣམ་གྲོལ་གྱི་ལམ་དོན་དུ་གཉེར་བ་ལ་སྡོམ་པ་ཐོབ་དགོས་ཏེ། གང་ཟག་གཅིག་གི་རྒྱུད་ལ་གསུམ་ལྡན་བསྲུང་བ་ལ་གོང་མ་ལ་གནས་པས་འོག་མ་འདོར་དུ་མི་རུང་བའི་ཤེས་བྱེད་ཀྱང་། བློ་དང་འབྲེལ་བའི་བཏགས་ཡོད་ཀྱི་ཆ་ནས་སྡོམ་གསུམ་རང་ལྡོག་མ་འདྲེས་པར་ཡོད་ལ། དེ་ལྟར་ཡོད་པས་བསྲུངས་མཚམས་ཀྱིས་མངོན་པར་རྟོགས་པ་ལ་བླང་དོར་དང་བཅས་པ་དེ་སྲིད་དུ་གནང་འགག་པར་གཞུང་དང་མི་འགལ་བར་སྤྱོད་དགོས་པ་ཡིན་ཏེ་དགེ་སྡིག་རྣམ་རྟོག་གི་གཟུགས་བརྙན་ཡིན་པའི་ཕྱིར་རོ། །འོན་ཏེ་ལམ་གྱི་མངོན་པར་རྟོགས་པ་སྟོབས་སུ་གྱུར་ནས་སྡོམ་པ་དང་སྡོམ་པ་མ་ཡིན་པའི་གནས་སྐབས་ཀྱི་རྣམ་པར་རིག་པ་ཅན་ངོ་བོ་ཉིད་མེད་པའི་ཡེ་ཤེས་ཀྱི་དོན་ལ་འདྲེས་པའི་ཚེ། དེའི་སྡོམ་པ་གསུམ་གྱི་ངོ་བོ་རྣམ་པར་ཤེས་པའི་ཚོགས་བརྒྱད་ལས་འདས་པའི་འདུས་མ་བྱས་སུ་གནས་གྱུར་བ་ཡིན་པས་འབྲས་བུའི་ཚུལ་ཁྲིམས་ཞེས་བྱ་སྟེ་གཤིས་ལ་དགེ་སྡིག་མི་གནས་པའི་དོན་ལ་མངའ་དབང་འབྱོར་བས་སོ། །དེ་སྐད་དུ་བློ་གྲོས་རབ་གསལ་གྱིས་ཞུས་པའི་མདོ་ལས། དགེ་སློང་རྣལ་འབྱོར་སྤྱོད་པས་ཚུལ་ཁྲིམས་དང་། །ཚུལ་ཁྲིམས་འཆལ་བ་དང་། ཚུལ་ཁྲིམས་བསྲུང་བ་ལ་སོགས་པའི་འདུ་ཤེས་སྣ་ཚོགས་དང་ལྡན་པ་ནི་ལྷའི་བདེ་བ་ཉམས་སུ་མྱོང་ནས་སླར་ངན་སོང་དུ་འཁོར་བར་འགྱུར་རོ། །གང་ལ་སྡོམ་པ་དང་སྡོམ་པ་མ་ཡིན་པའི་རློམ་སེམས་མེད་ཅིང་རྟོག་པ་མེད་པ་དེ་ནི་མྱ་ངན་ལས་འདས་པའི་ཚུལ་ཁྲིམས་རྣམ་པར་དག་པ་ཡིན་ནོ། །ཞེས་སོ། །དེ་ལྟ་མོད་ཀྱིས་


JL00_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་ཕྲན་རྒྱ་མཚོར་ཕྱིན་པའི་ཚེ་བ་ཚྭ་ཅན་དུ་གནས་གྱུར་བ་ཡིན་གྱི། བགྲོད་པའི་ལམ་དུ་རང་ལྡོག་མ་འདྲེས་པ་ལྟར། སྡོམ་པ་གསུམ་གྱི་གླེང་གཞི་ཙམ་པའི་སྟེང་དུ་གནས་འགྱུར་གྱི་གྲུབ་མཐའ་འཇིག་པའི་ཚུལ། གླེང་གཞི་གནས་འགྱུར་འདོད་ལ་ཕྱིར་བཅོས་མེད། །སོ་ཐར་ངོས་ནས་བྱུང་བའི་ལྟུང་བ་གཅིག །རང་ངོས་འཆོས་ན་གནས་འགྱུར་ཟིན་པས་འགལ། །གོང་མའི་ངོས་ནས་འཆོས་ན་དེ་ཉིད་ལ། །ལྟུང་བ་མ་བྱུང་ཕྱིར་བཅོས་མི་དགོས་བསྙོན། །འདི་ལྟར་ལས་བྱེད་པ་པོ་ནི་སེམས། དེ་ཉིད་དགེ་དང་མི་དགེ་བ་ནི་ལས། །ལས་བཟང་ངན་ལས་བདེ་སྡུག་འབྱུང་བས། དེ་དག་བླང་དོར་བྱེད་པའི་ཐབས་ནི་སྡོམ་པ་ཡིན་ན་ལམ་ཞུགས་ཀྱི་གང་ཟག་གསུམ་ལྡན་རྡོ་རྗེ་འཛིན་པའི་དགེ་སློང་དུ་ཁས་འཆེ་བ་ཙམ་སྤྱིའི་རྣམ་ཤེས་ཀྱི་ངོ་ན་སྡོམ་གསུམ་མཚན་ཉིད་སོ་སོར་འཛིན་ཅིང་རང་ལྡོག་མ་འདྲེས་པར་ཡོད་དགོས་པས་གླང་གཞི་ཐམས་ཅད་ནས་ཐམས་ཅད་དུ་གང་ཟག་སྡོམ་གསུམ་ནོད་ཚད་ཀྱི་རྒྱུད་ལ་གནས་འགྱུར་མཉམ་པར་བརྡལ་བ་མེད་དེ། ཤིང་རྟ་རྣམ་དག་ཏུ། ཁག་ཅིག་གནས་འགྱུར་དུ་བསྲུང་ཟེར་ཏེ། ཟངས་རྡོ་བཞུ་བ་ལས་ཟངས། རག་རྡོ་བླུགས་ན་ར་གན། ཞ་ནེ་བླུགས་ན་འཁར་བར་འགྲོ་བ་བཞིན། །གོང་མ་ཐོབ་ནས་འོག་མ་གནས་འགྱུར་ཏེ། །སྔགས་གཅིག་བུ་བསྲུངས་པས་ཆོག་ཟེར་བ་མི་འཐད་དེ། དམ་པ་དང་པོའི་རྒྱུད་ལས། ཁྱད་དུ་གསོད་པ་ནི་རང་བཞིན་ཞེས་འོག་མ་ཁྱད་དུ་གསོད་ན་ལྟུང་བར་གསུངས་ཤིང་། སྡོམ་པ་ཐམས་ཅད་བསྲུང་བར་བཤད་པས་གནོད་དོ། །ཞེས་པས་གསལ་ལ། དེ་བས་ན་གཞི་གཅིག་ལ་རང་ལྡོག་མ་འདྲེས་པ་ལ་སོགས་པའི་ཆོས་དྲུག་འདྲེན་དགོས་པའང་སྤྱིར་བཏང་དང་དམིགས་བསལ་ཕྱེད་པའི་སླད་དུ་ཡིན་པའི་ཕྱིར་ངོ་བོ་གནས་འགྱུར་དང་


JL00_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་ཡར་ལྡན་ཐ་མི་དད་པར་འདོད་པ་ནི་རྣམ་པར་འཁྱམ་མོ། །དེ་བཞིན་དུ་ངོ་བོ་གནས་འགྱུར་ཡོན་ཏན་གྱི་ཆ་ལ་འདོད་པ་ཡང་མི་རིགས་ཏེ་སྡོམ་པ་གསུམ་ནི། ཀུན་རྫོབ་བདེན་པ་ཡིན་པས་སྔ་མ་ལས། དང་པོ་རང་ལྡོག་མ་འདྲེས་ཏེ། མཚན་ཉིད་སོ་སོར་འཛིན་ནོ། །ཞེས་གསུངས་པས་ཐེག་པ་མས་རིམ་ནས་འཇོག་པའི་གང་ཟག་ལས་དང་པོ་བས་སྟོན་པས་སེམས་ཅན་གྱི་བསམ་པའི་ཁྱད་པར་ལ་དགོངས་ཏེ་བསླབ་གཞི་བཅས་པའི་གཉེན་པོའི་བྱེ་བྲག་གི་སྡོམ་པ་གསུམ་པོ་གནས་འགྱུར་དུ་བསྲུང་ངོ་སྙམ་པ་ནི་ཀུན་ཏུ་བཏགས་པ་ཅན་ཡིན་པས་དེའི་ཚེ་གྲུབ་པའི་སྤྱོད་པ་བྱས་ན་ཕྱིར་བཅོས་མི་ཐུབ་པའི་ཚུལ། འདི་ལྟར་བཅོམ་ལྡན་དགེ་སློང་གི་ལྟུང་བ་ཕྲ་རགས་གཅིག་སོ་བྱང་གང་གི་ངོས་ནས་འཆོས། སོ་ཐར་གྱི་ངོས་ནས་འཆོས་པར་འདོད་ན་དེ་གནས་འགྱུར་ཟིན་པས་རང་ལྡོག་མ་འདྲེས་པ་མེད་པའི་ཕྱིར་འཆོས་པའི་རྒྱུ་མེད་དོ། །བྱང་ཆུབ་སེམས་དཔའི་ངོས་ནས་འཆོས་པར་འདོད་ན་གནང་ན་འགལ་མི་སྲིད་པས་ལྟུང་བ་འབྱུང་བའི་རྒྱུ་མེད་དོ། །དེ་བས་ན་ལས་དང་པོ་བས་གྲུབ་པའི་སྤྱོད་པ་མི་བྱ་བའི་ཚུལ། འདི་ལྟར། ལུས་ངག་ལས་སྐྱེས་སྡོམ་པ་གཟུགས་ཅན་ནམ། །སྤོང་སེམས་རྒྱུན་ཆགས་ས་བོན་བདེན་ཞེན་ལྡན། །བསྒྱུར་དང་ལམ་འཁྱེར་ཐབས་ཀྱིས་མ་ཟིན་པར། །ཐེག་ཆེན་ལམ་ཞུགས་དབང་བསྐུར་ནོད་ནའང་། །གནས་འགྱུར་ཐོབ་པའི་རྡོ་རྗེ་འཛིན་པ་མིན། །ཞེས་འདོམས་སོ། །འོ་ན་གནས་འགྱུར་ཁས་བླང་བའི་ཚད་གང་དུ་ངེས་ན། སྡོམ་པ་དག་པར་བྱེད་པ་འདུ་ཤེས་ཏེ། །འདུ་ཤེས་དག་བྱེད་ལྷ་ཡི་རྣལ་འབྱོར་ཡིན། །དེ་ཉིད་དག་བྱེད་ཡེ་ཤེས་ལ་གོམས་ན། །བཅས་པའི་ལྟུང་བ་ཆོས་ཅན་སྐྱེ་འཇིག་ཅན། །རང་མཚན་མི་འཛིན་ཐོབ་དང་ཤོར་བ་མེད། །ཐོག་མ་ཟབ་


JL00_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

བར་དུ་འགལ་བར་མི་གནས་པའི། །ངོ་བོ་ཀུན་རྫོབ་ཡིན་པས་གནས་འགྱུར་གྲུབ། །ཇི་ལྟར་གྲུབ་ཚུལ་ནི་སྔགས་ཀྱི་ཐེག་པའི་སྐབས་སུ་བཤད་པར་བྱའོ། །དེ་ལྟ་ན་ཡང་གཞི་དང་བསམ་པ་གཉིས་ཀ་མངོན་གྱུར་ལྡན། །མོས་པས་སྤྱོད་པའི་སྡོམ་པ་གསུམ་ལྡན་ལ། །གནས་ན་བྱེ་བྲག་བསྲུང་ན་འཆོལ་བར་བསྲུང་། །ལྡན་ན་ཡར་ལྡན་འཆོས་ན་རང་ས་ནས། །ཉམས་པ་ཁོལ་བུར་ཕྱུང་བའི་ཕྱིར་བཅོས་གྲུབ། །ཅི་ཕྱིར་ཉེས་པ་བསྐྱེད་ན་གང་ཡང་འགོག །དགེ་དང་ཡོན་ཏན་བསྐྱེད་ན་གནང་བའི་ཕྱིར། །གནང་བཀག་ཚིག་གི་ལམ་ན་གནས་པ་མིན། །གང་ཟག་རྒྱུད་དང་འབྲེལ་ནས་གྲུབ་པའོ། །དེ་ལ་ལྔ་བརྒྱའི་ཐ་མར་སྐྱེས་པ་ཕལ་མོ་ཆེ་ནི་ཐོས་པ་ཉུང་ཞིང་། བསམ་པའི་ཤེས་རབ་དང་མི་ལྡན་ལ། བསྒོམ་པའི་དེ་ཁོ་ན་ཉིད་དང་བྲལ་བས་དངོས་པོར་བལྟ་བ་ལ་གོམས་ཤིང་མཚན་མའི་རྟོག་པ་དང་བཅས་པས་གཞི་རང་རྒྱུད་པར་གནས་ཤིང་ཐབས་དང་ཤེས་རབ་ཆེན་པོ་དང་ལྡན་པའི་བསམ་པས་ཟིན་པའང་མོས་པ་ཙམ་དུ་གྱུར་བས་སྡོམ་པ་གསུམ་ལྡན་དུ་ཁས་འཆེ་ཡང་བདག་ཉིད་དགེ་སློང་ཡུལ་མི་དངོས་པོ་ཟག་བྱེད་ལ་སོགས་པས་ཆོས་ལ་དག་གྲོལ་དུ་འཛིན་ཅིང་ལྷར་སྣང་དང་སྙིང་རྗེ་ཆེན་པོ་ལ་སོགས་པའི་ཐབས་དང་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཟུང་དུ་འབྲེལ་བས། སྡོམ་པ་གསུམ་གྱི་ཡོན་ཏན་ཡར་ལྡན་གྱི་ངོ་བོར་ཟིལ་གནོན་དུ་ལོག་པ་དཀོན་ན། སྔགས་མེད་པའི་དུག་གིས་འཆི་བ་ལྟར་ཁ་ན་མ་ཐོ་བ་མེད་པ་ཉིད་དང་། དུས་ཚོད་དང་འབྲེལ་བའི་སྤྱོད་པ་ལྷུར་བྱེད་དགོས་པས་ཚོགས་ཀྱི་ལམ་པ་ལ་ཉེས་སྤྱོད་སྡོམ་པ་དང་། སྦྱོར་བའི་ལམ་པ་ལ་དགེ་བའི་ཆོས་སྡུད་པ་དང་། མཐོང་བའི་ལམ་པ་ལ་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གཙོ་བོར་སྤྱོད་པའི་ལུང་གིས་


JL00_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་གནས་སྐབས་ཀྱི་བྱ་བ་དང་མཐར་ཐུག་སྡོམ་པ་གནས་འགྱུར་དུ་ལུང་བསྟན་པར་རིགས་པ་དེ་བློ་གྲོས་ཆེན་པོ་ཡིན་པར་ཤེས་སོ། །དེ་བས་ན་མོས་པས་སྤྱོད་པའི་ས་ལ་སྡོམ་པ་གསུམ་པོ་ཡང་གནས་ན་བྱེ་བྲག་ཏུ་གནས། བསྲུང་ན་འཆོལ་བར་བསྲུང་། ལྡན་ན་ཡར་ལྡན། འཆོས་ན་གྲུབ་མཐའ་སོ་སོའི་རང་ལུགས་ཀྱི་འཆོས་དགོས་པའང་དོན་ལ་གནས་ཏེ། ཤིང་རྟ་རྣམ་དག་ལས། འདི་ལྟར་སོ་ཐར་ནི་ཇི་སྲིད་འཚོའི་བར་ཁས་བླངས་ཀྱིས། སྔགས་ཐོང་དུས་གཏོང་རྒྱུར་མ་བཤད་པའི་ཕྱིར་དང་། བྱང་སེམས་ནི་སྙིང་པོ་བྱང་ཆུབ་ཀྱི་བར་དུ་ཁས་བླངས་པའི་ཕྱིར། སྔགས་ཐོབ་དུས་ཉམས་རྐྱེན་དང་གཏོང་རྒྱུར་མ་གསུངས་པའི་ཕྱིར་རོ། །ཞེས་པ་ལྟར་སྡོམ་པ་གསུམ་ཀར་སྐྱོན་དང་ཉེས་པས་སྐྱེད་པ་རྣམས་བཀག་ཅིང་བསྡམས་ལ། ཡོན་ཏན་བསྐྱེད་པ་བཀག་པ་གང་ནའང་མེད་པས། བསླབ་པ་སོ་སོའི་ནུས་པ་ཆེ་ཆུང་དང་གནང་བཀག་གི་ཁྱད་པར་སྤྱིར་བཏང་དང་དམིགས་བསལ་ཕྱེད་པ་གལ་ཆེ་སྟེ། རིན་ཆེན་ཕྲེང་བ་ལས། སྤྱིར་བཏང་བ་ལ་དམིགས་ཀྱིས་བསལ། བསྟན་བཅོས་དག་ནི་ཀུན་ལ་བསྔགས། །ཞེས་སོ། །དེ་བས་སྡོམ་པ་གསུམ་གྱི་བསླབ་པའི་གནས་ཀྱང་རྗེས་འགལ་བའམ། གཅིག་ཏུ་གནས་མཁར་གཞོང་དག་བྱེད་དང་ལྡན་པར་རིན་པོ་ཆེ་བཅུག་པ་ལ་སོགས་རྟོག་པས་བཏགས་པའི་དངོས་པོའི་དཔེ་དང་འགྲོ་བ་མ་ཡིན་པས་གང་ཟག་གི་རྒྱུད་དང་འབྲེལ་བ་གྲུབ་པའི་ཚུབ་རིགས་པར་བྱའོ། །དེ་ལྟ་བུའི་སྡོམ་པའི་ཚུལ་ཁྲིམས་ཀྱིས་རྒྱུད་བསྡམས་ནས་དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ལ་སློབ་པའི་ཚུལ། ཕ་རོལ་ཕྱིན་པ་དྲུག་དང་ཚོགས་གཉིས་ཀྱི། །ཡོན་ཏན་མ་སྐྱེས་བསྐྱེད་པར་བྱེད་པ་


JL00_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །སྐྱེས་པ་སྤེལ་ལ་དགེ་བ་ཆོས་སྡུད་ཀྱི། །ཚུལ་ཁྲིམས་ཞེས་བྱ་སེམས་ཀྱི་བསླབ་པས་བསྡུས། །བྱམས་དང་སྙིང་རྗེས་ཟིན་པའི་དགེ་བ་ནི། །གང་དུ་སེམས་ཅན་དོན་བྱེད་སྦྱིན་པ་ཡིན། །དེ་ལ་རང་འདོད་མེད་པ་ཚུལ་ཁྲིམས་ལ། །གཞན་དོན་སྐྱོ་ངལ་མེད་པ་བཟོད་པའོ། །ལྷག་པར་སྤྲོ་བཞིན་འཇུག་པ་བརྩོན་འགྲུས་ཏེ། །སེམས་ཅན་དོན་ལ་རྩེ་གཅིག་བསམ་གཏན་དང་། །དངོས་མཚན་ཞེན་པ་སྤངས་པ་ཤེས་རབ་སྟེ། །ཕ་རོལ་ཕྱིན་དྲུག་ནམ་ཡང་འདུ་འབྲལ་མེད། །སྤྱོད་ལམ་རྣམ་བཞི་ཀུན་ལ་དྲན་ཤེས་ལྡན། །སྤྱོད་ཡུལ་ཡོངས་སུ་དག་པའི་དགེ་ཚོགས་ཀྱི། །གོམས་པའི་འདེགས་འཇོག་དག་ཀྱང་ཕྱིན་དྲུག་ལམ། །རྩོལ་མེད་འཇུག་པས་ཚོགས་རྫོགས་ཤིན་ཏུ་མྱུར། །འདི་ལྟར་སངས་རྒྱས་ཀྱི་རྒྱུའི་ཆོས་ཐམས་ཅད་ཕ་རོལ་ཏུ་ཕྱིན་པ་དྲུག་གམ། དེའི་རང་བཞིན་ཚོགས་གཉིས་ཀྱིས་ཡོངས་སུ་སྡུད་པས་དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ཞེས་བྱ་སྟེ། དེ་ཡང་སེམས་དྲུག་ལ་བརྟགས་ནས་ཉམས་སུ་བླང་བའི་ཚུལ། བསྡུ་བ་ལས། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ལ་བརྩོན་པའི་བྱང་ཆུབ་སེམས་དཔས་མདོར་བསྡུ་ན་སེམས་དྲུག་སོ་སོར་བརྟག་པར་བྱ་སྟེ། དྲུག་གང་ཞེ་ན། ཁྱད་དུ་གསོད་པའི་སེམས་དང་། ལེ་ལོ་དང་ལྡན་པའི་སེམས་དང་། སྒྲིབ་པའི་སེམས་དང་། བཙལ་བས་ཡོངས་སུ་སྐྱོ་བའི་སེམས་དང་། བར་ཆད་དང་ལྡན་པའི་སེམས་སོ། །ཞེས་རང་རང་གི་མི་མཐུན་ཕྱོགས་དང་བྲལ་བའི་སེམས་ཀྱིས་དགེ་བའི་ཆོས་ལ་སྦྱར་ནས་རང་རྒྱུད་སྨིན་པར་བྱེད་པའི་མཚན་ཉིད་ནི་སྔར་ཡང་བཤད་ཟིན་ལ། བྱེ་བྲག་ཏུ་འདི་ལ་སྦྱོར་བ་བྱམས་པ་དང་། སྙིང་རྗེ་ཆེན་པོའི་རྩིས་ཟིན་ཅིང་། ལུས་ངག་གི་དགེ་བ་གཙོ་བོར་ལྡན་པས་དགེ་བའི་ཆོས་ཐུན་མོང་མ་ཡིན་པ་ཀུན་ལ་ཁྱབ་བྱེད་ཆེན་པོར་སྡུད་པ་ནི་དགེ་བའི་ཆོས་སྡུད་པའི་མཚན་ཉིད་དུ་འདོད་ཀྱང་། སློབ་དཔོན་ཡོན་ཏན་


JL00_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཀྱིས་བཤད་པ་ལྟར་ཕྱིན་དྲུག་གི་ཁོང་ན་བསམ་གཏན་དང་ཤེས་རབ་གནས་པས་ཐོས་པ་དང་བསམ་པ་དང་བསྒོམ་པའི་ཤེས་རབ་གསུམ་བསྐྱེད་དེ། ཏིང་ངེ་འཛིན་གྱི་བསླབ་པ་ཞི་གནས་དང་། ཤེས་རབ་ཀྱི་བསླབ་པ་ལྷག་མཐོང་གིས་སེམས་ཀྱི་བསླབ་པ་བསྡུ་བའི་ཕྱིར་རང་གི་ངོ་བོའི་ཆ་ནས་བརྗོད་ན། ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པའི་མདོ་ལས། མི་སེམས་པ་ནི་སྦྱིན་པ། མི་གནས་པ་ནི་ཚུལ་ཁྲིམས། ཅི་ཡང་བྱེ་བྲག་མི་བྱེད་པ་ནི་བཟོད་པ། བླང་དོར་མེད་པ་ནི་བརྩོན་འགྲུས། མ་ཆགས་པ་ནི་ཏིང་འཛིན། མི་གཉིས་པ་ནི་ཤེས་རབ་བོ། །ཞེས་གསུངས་པ་ལྟར་རོ། །སེམས་ཅན་གྱི་དོན་ལ་རིམ་གྲོ་མི་ལྷོད་པའི་བྱེད་ལས་ཀྱི་ཆ་ནས་གཞལ་ན། གང་དུ་སེམས་ཅན་གྱི་དོན་བྱེད་པ་ནི་སྦྱིན་པ། དེ་ལ་རང་འདོད་ཀྱི་ཀུན་སློང་མེད་པ་ཚུལ་ཁྲིམས། གཞན་དོན་ལ་ཇི་ཙམ་བརྩོན་ཀྱང་མི་སྐྱོ་བ་བཟོད་པ། སྤྲོ་བ་བཞིན་དུ་འཇུག་པ་བརྩོན་འགྲུས། དེ་ལ་སེམས་རྩེ་གཅིག་པ་བསམ་གཏན། དེ་དག་ལ་དངོས་པོ་དང་མཚན་མར་མི་བལྟ་བ་ཤེས་རབ་སྟེ། བྱང་ཆུབ་ཀྱི་སེམས་རྣམ་པ་ཐམས་ཅད་པའི་མཆོག་དང་ལྡན་པའི་ངང་དུ་དགེ་བའི་ཆོས་མཐའ་དག་ཕ་རོལ་ཏུ་ཕྱིན་པ་དྲུག་གི་རང་བཞིན་དུ་འདུ་ཞིང་། སྤྱོད་ལམ་རྣམ་བཞི་ཀུན་ཀྱང་སྤྱོད་ཡུལ་ཡོངས་སུ་དག་པའི་དགེ་བའི་སྡུད་པའི་ཚུལ་སངས་རྒྱས་ཕལ་པོ་ཆེ་ལས། བྱང་ཆུབ་སེམས་དཔའ་ཁང་པའི་ནང་དུ་འཇུག་པའི་ཚེ་སེམས་ཅན་ཐམས་ཅད་ཀྱི་ཐར་བའི་གྲོང་ཁྱེར་ཐོབ་པར་གྱུར་ཅིག་སྙམ་དུ་སེམས་བསྐྱེད་དོ། །དེ་བཞིན་དུ་ཉམ་པའི་ཚེ་སངས་རྒྱས་ཆོས་ཀྱི་སྐུ་ཐོབ་བར། རྨི་ལམ་རྨིས་པ་ན་ཆོས་ཐམས་ཅད་རྨིས་པ་ལྟ་བུར་རྟོགས་པར། གཉིད་


JL00_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

སད་པ་ན་མ་རིག་པ་ལས་སད་པར་ལྡང་བ་ན་སངས་རྒྱས་ཀྱི་གཟུགས་སྐུ་ཐོབ་བར། གོས་གྱོན་པ་ན་ངོ་ཚ་དང་ཁྲེལ་ཡོད་ཀྱི་གོས་གྱོན་པར། སྐ་རགས་འཆིང་བ་ན་དགེ་བའི་རྩ་བ་དང་འབྲེལ་བར། སྟན་ལ་འདུག་པ་ན་རྡོ་རྗེའི་སྟན་ཐོབ་བར། རྒྱབ་བརྟེན་པ་ན་བྱང་ཆུབ་ཀྱི་ཤིང་ཐོབ་དང་། མེ་གཏོང་པ་ན་ཉོན་མོངས་པའི་བུད་ཤིང་བསྲེག་པར། འབར་བ་ན་ཡེ་ཤེས་ཀྱི་མེ་འབར་བར། གཡོས་ཟིན་པ་ན་ཡེ་ཤེས་ཀྱི་བདུད་རྩི་ཐོབ་བར། ཁ་ཟས་ཟ་བ་ན་བསམ་གཏན་གྱི་ཟས་ཐོབ་བར། ཕྱིར་འགྲོ་བ་ན་འཁོར་བའི་གྲོང་ལས་ཐར་བ་ལ་སྐས་ལ་འབབ་པ་ན་སེམས་ཅན་གྱི་དོན་ལ་འཁོར་བར་འཇུག་པར། སྒོ་འབྱེད་པ་ན་ཐར་བའི་གྲོང་གི་སྒོ་འབྱེད་པར། སྒོ་གཅོད་པ་ནང་ན་སོང་གི་སྒོ་གཅོད་པར། ལམ་དུ་འཇུག་པ་ན་འཕགས་པའི་ལམ་དུ་འཇུག་པར། གྱེན་ལ་འགྲོ་བ་ན་སེམས་ཅན་ཐམས་ཅད་མཐོ་རིས་ཀྱི་བདེ་བ་ལ་བཀོད་པར། ཐུར་ལ་འབབ་པ་ན་ངན་སོང་གསུམ་རྒྱུན་གཅོད་པར། སེམས་ཅན་དང་ཕྲད་པ་ན་སངས་རྒྱས་དང་མཇལ་བར། རྐང་པ་འཇོག་པ་ན་སེམས་ཅན་ཐམས་ཅད་ཀྱི་དོན་ལ་འགྲོ་བར། རྐང་པ་འདེགས་པ་ན་འཁོར་བ་ནས་འདོན་པར། རྒྱན་དང་ལྡན་པ་མཐོང་ན་མཚན་དཔེའི་རྒྱན་ཐོབ་བར། རྒྱན་མེད་པ་མཐོང་ན་སྦྱངས་པའི་ཡོན་ཏན་དང་ལྡན་པར། སྣོད་གང་བ་མཐོང་ན་ཡོན་ཏན་གྱིས་གང་བར། སྣོད་སྟོང་པ་མཐོང་ན་སྐྱོན་གྱིས་སྟོངས་པར། སེམས་ཅན་དགའ་བ་མཐོང་ན་ཆོས་ལ་དགའ་བར། མི་དགའ་བ་མཐོང་ན་འདུས་བྱས་ཀྱི་དངོས་པོ་ལ་མི་དགའ་བར། སེམས་ཅན་བདེ་བ་མཐོང་ན་སངས་རྒྱས་ཀྱི་བདེ་བ་ཐོབ་པར། སྡུག་བསྔལ་བ་མཐོང་ན་སེམས་ཅན་གྱི་སྡུག་བསྔལ་ཐམས་ཅད་ཞི་བར། ནད་པ་མཐོང་ན་ནད་ལས་གྲོལ་བར། དྲིན་དུ་གཟོ་བ་མཐོང་ན་སངས་


JL00_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་དྲིན་ལན་ལྡོན་པར། དྲིན་དུ་མི་གཟོ་བ་མཐོང་ན་ལྟ་བ་ལོག་པ་ལ་དྲིན་དུ་མི་གཟོ་བར། རྒོལ་བ་མཐོང་ན་ཕས་ཀྱི་རྒོལ་བ་ཐམས་ཅད་ཚར་གཅོད་ནུས་པར། བསྟོད་པ་མཐོང་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བསྟོད་པར། ཆོས་ཀྱི་གཏམ་བྱེད་པ་མཐོང་ན་སངས་རྒྱས་ཀྱི་སྤོབས་པ་ཐོབ་བར། སྐུ་གཟུགས་མཐོང་ན་སངས་རྒྱས་ཐམས་ཅད་མཐོང་བ་ལ་སྒྲིབ་པ་མེད་པར། མཆོད་རྟེན་མཐོང་ན་འགྲོ་བ་ཐམས་ཅད་ཀྱི་མཆོད་རྟེན་དུ་འགྱུར་བར། ཚོད་བྱེད་པ་མཐོང་ན་འཕགས་པའི་ནོར་བདུན་ཐོབ་བར། ཕྱག་འཚལ་བ་མཐོང་ན་ལྷ་དང་བཅས་པའི་འཇིག་རྟེན་གྱིས་སྤྱི་གཙུག་པ་ལྟར་མི་མངོན་པར་ཐོབ་པར་གྱུར་ཅིག་སྙམ་དུ་སེམས་བསྐྱེད་པར་བྱའོ། །ཞེས་པ་སྟེ། མདོར་བསྡུ་ན། བསླབ་བཏུས་ལས། བདག་གི་ལུས་དང་ལོངས་སྤྱོད་དང་། །དུས་གསུམ་དགེ་བ་སྐྱེས་པ་རྣམས། །སེམས་ཅན་ཀུན་ལ་གཏོང་བ་དང་། །ད་བསྲུང་དག་པ་སྤེལ་བའོ། །ཞེས་པ་ལྟར་སེམས་བསྐྱེད་ཀྱིས་ཟིན་པའི་སྒོ་ནས་རང་གི་ལུས་དང་ལོངས་སྤྱོད་དུས་གསུམ་དུ་བསགས་ཤིང་ཡོད་པའི་དགེ་བའི་རྩ་བ་ཐམས་ཅད་དངོས་སམ་བརྒྱུད་ནས་སེམས་ཅན་ལ་བཏང་བ་དང་། བསྲུང་བ་དང་། དག་པ་དང་། སྤེལ་བ་བཞིས་བྱང་སེམས་ཀྱི་སྡོམ་པ་མཐའ་དག་བསྡུ་ཞིང་། དེ་ཡང་ལས་དང་པོ་པས་བསྲུང་བ། མོས་སྤྱོད་ཀྱི་དག་པ། མ་དག་པའི་ས་བདུན་ལ་གནས་པས་བཏང་བ། དག་པ་ས་གསུམ་ལ་གནས་པས་སྤེལ་བའི་ཆུལ་།།།བསླབ་བཏུས་ལས་རྒྱ་ཆེར་བཤད་ཅིང་། དེའི་མི་མཐུན་ཕྱོགས་སྤང་བར་བྱ་བའང་དབུས་མཐའ་རྣམ་འབྱེད་ལས། མི་མཐུན་ཕྱོགས་དང་གཉེན་པོ་རྣམས། །རྣམ་པ་ཐམས་ཅད་ཡོངས་ཤེས་ནས། །དེ་དག་སྤང་


JL00_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་བརྩོན་འགྲུས་ནི། །རྣམ་པ་བཞི་དག་རབ་ཏུ་འབྱུང་། །ཞེས་སོ། །དེ་ལྟ་བུའི་དྲན་ཤེས་ཀྱིས་ཟིན་པའི་བྱང་ཆུབ་སེམས་དཔའ་ནི། གོམ་པའི་འདེགས་འཇོག་དང་། །ཡན་ལག་བརྐྱང་བསྐུམ་དག་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་གི་རང་བཞིན་དུ་འདུ་བས་ཚོགས་གཉིས་བདེ་བླག་ཏུ་རྫོགས་པ་ཡིན་ནོ། །དེ་ལས་སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་ནི། ཐབས་ལ་མཁས་པས་དངས་སམ་བརྒྱུད་མ་ནས། །སེམས་ཅན་ཀུན་ལ་ཕན་པ་ལྷུར་བྱེད་ཅིང་། །སྦྱིན་དང་སྙན་སྨྲ་དོན་སྤྱོད་དོན་མཐུན་དང་། །དགེ་བ་ཆོས་སྡུད་ཚུལ་ཁྲིམས་སྒོ་འཕར་ཡངས། །དེ་ལ་ཐོག་མར་བསྡུ་བའི་དངོས་པོ་བཞི་ལ་བརྟེན་ནས་གདུལ་བྱ་འཁོར་དུ་བསྡུ་བའི་ཚུལ་ནི་སྔར་བཤད་ཟིན་ལ། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ནི་ཚུལ་ཁྲིམས་གསུམ་ཀ་དང་འབྲེལ་བའི་བསླབ་པའི་གནས་ཡིན་པས་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ཀྱི་གྲོགས་སུའང་དངོས་པོ་མཚུངས་ལྡན་གྱི་སྒོ་འཕར་ཡངས་པ་ཉིད་དུ་སྤྱོད་ཅིང་། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་དེའི་བྱེད་ལས་ནི་གཞན་ལ་ཕན་འདོགས་ཞིང་དེ་དག་གི་རྒྱུད་སྨིན་པར་བྱེད་པ་སྟེ། བྱང་ས་ལས། བྱ་བ་དོན་དང་ལྡན་པ་ལ་གྲོགས་སུ་འགྲོ་བ་དང་། སེམས་ཅན་སྡུག་བསྔལ་བ་རྣམས་ཀྱི་སྡུག་བསྔལ་སེལ་བ་དང་། ཐབས་མི་ཤེས་པ་རྣམས་ལ་རིག་པ་སྟོན་པ་དང་། བྱིས་པ་གཟོ་ཞིང་ཚོར་ཏེ་ལན་དུ་ཕན་འདོགས་པ་དང་། འཇིགས་པ་རྣམས་ལ་བསྲུང་བ་དང་། སྡུག་བསྔལ་བ་རྣམས་ཀྱི་མྱ་ངན་སེལ་བ་དང་། ཡོ་བྱད་མེད་པ་རྣམས་ལ་ཡོ་བྱད་སྟོབ་པ་དང་། ཆོས་ཀྱིས་འཁོར་ལེགས་པར་སྡུད་པ་དང་། སེམས་དང་མཐུན་པར་འཇུག་པ་དང་། ཡང་དག་པའི་ཡོན་ཏན་གིས་དགའ་བར་བྱེད་པ་དང་། ལེགས་པར་ཚར་གཅོད་པ་དང་། རྫུ་འཕྲུལ་གྱིས་སྐྲག་པ་དང་འདུན་པར་བྱེད་པའོ། །


JL00_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་སྟེ། དང་པོ་ནི་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་རྒྱལ་བྱེད་ཚལ་གྱི་ཀུན་དགའ་ར་བ་བཞེངས་པའི་གྲོགས་ཤཱ་རིའི་བུས་མཛད་པ་ལྟ་བུ་དང་། གཉིས་པ་ནི་ཤེད་བུ་སེར་སྐྱ་ཆུ་སྲིན་ཉ་ཞེས་བྱ་བ་མགོ་བོ་བཅོ་བརྒྱད་པར་སྐྱེས་པ་ཉ་པ་ལྔ་བརྒྱའི་རྒྱ་མོ་སྤྱོད་པ་ལ་ཐེབས་ཏེ་སྐམ་ལ་བཏོན་པས་ཤིན་ཏུ་སྡུག་བསྔལ་བ་སྟོན་པས་སྲོག་ལས་བསྐྱབས་ཏེ་སྐྱེ་བ་དྲན་པར་བྱིན་གྱིས་བརླབས་པ་ལྟ་བུ་དང་། གསུམ་པ་ནི་འབྲེག་མཁན་ཉེ་བར་འཁོར་རིགས་ཀྱི་སྨ་བབས་ནས་རབ་ཏུ་བྱུང་བའི་ཐབས་མི་ཤེས་པ་ཤཱཀྱ་བཟང་ལྡན་གྱི་དྲིན་ལས་ཤཱ་རིའི་བུས་དབུགས་ཕྱུང་བ་ལྟ་བུ་དང་། བཞི་པ་ནི་གྲོང་ཁྱེར་འཕགས་རྒྱལ་དུ་ཡམས་ནད་ཆེན་པོ་བྱུང་བ་སྟོན་པས་འཕགས་པ་ཀཱ་ཏྱཱ་ཡ་ན་འཁོར་ལྔ་བརྒྱ་དང་བཅས་པ་བསྔགས་ནས་བདེ་བར་མཛད་པས་རྒྱལ་པོ་རབ་སྣང་གིས་དྲིན་གཟོར་རྒྱལ་སྲིད་དང་འདོད་པའི་ཡོན་ཏན་སྟོབས་པ་ལྟ་བུའོ། །ལྔ་པ་ནི་མཉན་ཡོད་ནས་ཚོང་པ་ལྔ་བརྒྱ་ཡུལ་གཞན་དུ་སོང་བ་ལས་གནོད་སྦྱིན་གདུག་པ་ཅན་གྱིས་གཅེས་པས་དེ་དག་སྐྲག་སྟེ་སྐྱབས་མ་ཡིན་པ་ལ་སྐྱབས་སུ་གསོལ་བ་འདེབས་པ་ནང་པའི་དགེ་བསྙེན་གྱིས་བསྐུལ་བས་སངས་རྒྱས་ལ་སྐྱབས་སུ་སོང་བ་དེ་བཞིན་གཤེགས་པའི་ཕྱག་གླང་པོ་ཆེའི་སྣ་ཞགས་བརྐྱངས་པ་ལྟ་བུས་སྐྱབས་པ་ལྟ་བུའོ། །དྲུག་པ་ནི་རྒྱལ་པོ་མ་སྐྱེས་དགྲ་ལ་མཐའི་རྒྱལ་ཕྲན་རྣམས་ངོ་ལོག །ཀླུ་སོག་མ་མེད་ཁྲོས་པས་སེར་བ་ཕབ། ཡུལ་དང་རང་ཉིད་ཡམས་ནད་ཚབས་པོ་ཆེས་བཏབ་སྟེ་ཤིན་ཏུ་སྡུག་བསྔལ་བར་གྱུར་བའི་ཚེ་བཅོམ་ལྡན་འདས་ལ་འཁོན་དུ་འཛིན་པ་མི་མངའ་བས་མཉན་ཡོད་ནས་མ་ག་དྷར་གཤེགས་ཏེ་དེའི་སྡུག་བསྔལ་ལས་བསྐྱབས་པ་ལྟ་བུའོ། །


JL00_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་པ་ནི་བྲམ་ཟེ་ཤིན་ཏུ་དབུལ་པོ་ཞིག་སྔ་དྲོ་ཟན་མ་ཟོས་པར་ཞིང་ལས་བྱེད་པ་ན། བཅོམ་ལྡན་འདས་བྱོན་པ་དང་རང་ཉིད་ལ་ཐུག་པ་སྐྱེལ་དུ་འོངས་པ་སྟེས་ཏེ། བྲམ་ཟེ་དད་ནས་ཐུག་པ་སངས་རྒྱས་ལ་ཕུལ་བས་ཁྲོན་པར་ལུགས་སྩལ་བས་ཁྲོན་པ་དེ་ཁེངས་སོ། །དེ་ནས་སྟོན་པ་དགེ་སློང་གི་དགེ་འདུན་དང་བཅས་པར་བྲིམས་ཀྱང་མ་ཟད་དེ་ཁྲོན་པ་ལྷག་པར་གང་བས་དད་པ་ལ་ཆོས་བསྟན་པས་བདེན་པ་མཐོང་། སླར་བྲམ་ཟེའི་ཞིང་ཐམས་ཅད་གསེར་གྱི་ལྗང་བུ་དང་། སྙེ་མ་དང་། ནས་སུ་གྱུར་བའི་ཚེ། རྒྱལ་པོ་གསལ་རྒྱལ་ལ་དྲུག་ཆ་གཞལ་ཡང་རྒྱལ་པོའི་སྐལ་བ་ནི་ནས་སུ་གྱུར་ལ། བྲམ་ཟེའི་སྐལ་བ་ནི་གསེར་དུ་གྱུར་ནས་ཡོ་བྱད་ཀྱིས་འབྱོར་བ་བཞིན་ནོ། །བརྒྱད་པ་ནི། འོད་སྲུང་ནྱ་གྲོ་དྷ་སྐྱེས་ཀྱི་རྒྱུད་སྟོན་པས་བྱིན་གྱིས་བརླབས་པས་མུ་སྟེགས་ཀྱི་སྟོན་པ་དྲུག་སོ་སོར་ཚངས་པར་སྤྱོད་པའི་ལམ་དྲིས་ཀྱང་ལམ་མ་ཡིན་པར་ཤེས་ཏེ། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བུ་མངས་ཀྱི་མཆོད་རྟེན་ན་བཞུགས་པ་མཐོང་ནས་ཞབས་ལ་བཏུད་དེ། བཙུན་པ་བཅོམ་ལྡན་འདས་ནི་བདག་གི་སྟོན་པ་ལགས་ཏེ། བདག་ནི་ཁྱོད་ཀྱི་ཉན་ཐོས་ལགས་སོ། །ཞེས་ལན་གསུམ་དུ་གསོལ་ཞིང་། སྟོན་པས་མཐུན་འགྱུར་མཛད་པའི་ཁས་བླངས་དེ་ཁོ་ནས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ཤིང་འཁོར་དུ་བསྡུས་པ་ལྟ་བུའོ། །དགུ་པ་ནི། ཡབ་སྲས་མཇལ་བའི་ཚེ་རྒྱལ་པོ་ཟས་གཙང་མ་རེས་འགའ་ནི་བདག་གི་བུ་ཁོ་ན་མཐུ་དང་རྫུ་འཕྲུལ་ཆེའོ་སྙམ་ཁེངས་ཤིང་དྲེགས་པ་དང་། རེས་འགའ་ནི་སྔོན་ཆད་བཅོམ་ལྡན་འདས་ལ་ལྷ་དང་ལྷ་མ་ཡིན་རྣམས་ཀྱང་མཆོད་པར་བྱེད་ན། ད་ལྟ་ནི་མི་ཁོ་ན་ལས་གཞན་གྱིས་མ་ཡིན་ནོ་སྙམ་ཞུམ་པ་སྟེ་རྒྱུ་གཉིས་པོས་བདེན་པ་མ་མཐོང་བ། འཕགས་


JL00_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

པ་མཽངྒལ་གྱི་བུ་ལ་ཡབ་ལ་སོམས་ཤིག་ཅེས་བཀའ་སྩལ་ནས་དེས་ནམ་མཁའ་ལ་ཆོ་འཕྲུལ་གྱི་སྤྱོད་ལམ་བཞི་བྱས་པས་དྲེགས་པ་ཞི་བར་མཛད་པ་དང་། ལྷ་རྣམས་ལ་ཐུགས་བསྐྱེད་པས་ལྷའི་ཚོགས་ཀྱིས་ནྱ་གྲོ་དྷའི་ཀུན་དགའ་ར་བར་ལྷའི་བཟོ་བོས་གཞལ་མེད་ཁང་འདུ་བྱས་ཤིང་། དབང་པོ་ལ་སོགས་ཐམས་ཅད་འདུས་ནས་འཇིག་རྟེན་སྐྱོང་བ་བཞིས་སྒོ་བསྲུང་བ་ལ་སོགས་བསྟན་པས་ཞུམ་པའི་སེམས་གཟེངས་མཐོ་བར་མཛད་དེ། སེམས་མཉམ་པ་ཉིད་དུ་གནས་པ་ལ་ཆོས་བསྟན་པས་རྒྱལ་པོ་ཟས་གཙང་མས་བདེན་པ་མཐོང་བར་མཛད་པ་བཞིན་ནོ། །བཅུ་པ་ནི། རྒྱལ་པོ་གསལ་རྒྱལ་གྱིས་དགེ་སྦྱོང་གཽ་ཏ་མ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པ་སངས་རྒྱས་སོ་ཞེས་གསུངས་ན། ཉིད་ལས་རྒན་ཞིང་རྒན་པའི་དགེ་སྦྱོང་དང་བྲམ་ཟེ་རྫོགས་བྱེད་ལ་སོགས་པ་ཡང་དེ་ལྟ་བུར་ཁས་མི་འཆེ་ན། ཤེས་ལྡན་གོ་ཏ་མ་འཁྲུངས་ནས་རིང་པོར་མ་ལོན་པ། རབ་ཏུ་བྱུང་བ་གསར་བུ་ཉིད་ཀྱི་ཕྱིར་རྫུན་གསུང་ཞེས་བསྐུར་བ་གདབ་པའི་གནས་སུ་མི་འགྱུར་རམ་ཞུས་པས། རྒྱལ་རིགས་དཔེ་བྱད་ལྡན་པ་དང་། །དེ་བཞིན་བྲང་འགྲོ་མེ་དང་ནི། །དགེ་སློང་ཚུལ་ཁྲིམས་ལྡན་དེ་ལ། །བློ་དང་ལྡན་པས་བརྙས་མི་བྱ། །ཞེས་པའི་དོན་རྒྱས་པར་བཀའ་སྩལ་བས། བཅོམ་ལྡན་འདས་ཐམས་ཅད་མཁྱེན་ཞིང་རྫོགས་པའི་སངས་རྒྱས་ཉིད་དུ་ཡིད་ཆེས་པའི་ཡོན་ཏན་གྱིས་དགའ་བར་མཛད་པ་བཞིན་ནོ། །བཅུ་གཅིག་པ་ནི། བཅོམ་ལྡན་འདས་ཞི་བ། འཁོར་ཞི་བ། བཅོམ་ལྡན་འདས་དུལ་བ། འཁོར་དུལ་བ། བདག་ཀྱང་གཞན་གྱི་ཞེ་མི་གཅོད་ཅིང་། ཕ་རོལ་ཀྱང་ཚིག་བསྲུང་བ་ལ་འགོད་པར་མཛད་པ་དེ་ལྟ་བུ་ལ། ལྷས་བྱིན་གྱིས་བཅོམ་ལྡན་འདས་ནི་བགྲེས་ཤིང་འཁོགས་པས་འཁོང་


JL00_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་བཞི་ལ་གདམས་ངག་འཕོགས་པ་བསྙེལ་གྱིས། འཁོར་རྣམས་བདག་ལ་གཏད་ན། ཐུགས་ལས་ཆུང་ངུས་བདེ་བ་ལ་རེག་པར་འགྱུར་རོ། །ཞུས་པས། འཇམ་པོས་གོ་བར་བྱ་བའི་དུས་མ་ཡིན་པར་དགོངས་ནས། ངའི་འཁོར་རྣམས་བུམ་པ་བཟང་པོ་ལྟ་བུའི་ཉན་ཐོས་ཀྱི་མཆོག་ཤཱ་རིའི་བུ་དང་། མཽངྒལ་གྱི་བུ་ལའང་མི་གཏོད་ན། གཏི་མུག་ཅན་རོ་དང་འདྲ་བ་མཆིལ་མ་ཟབ་ཁྱོད་ལ་གཏོད་རེ་སྐན། ཞེས་སྤྱོ་བས་ཚར་གཅད་པའི་ཐབས་མཁས་པ་ལྟ་བུའོ། །རྫུ་འཕྲུལ་གྱིས་སྐྲག་ཅིང་འདུན་པ་ནི་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཏུ་གཤེགས་པ་ན། མ་སྐྱེས་དགྲའི་གླང་པོ་ནོར་སྐྱོང་ཞེས་བྱ་བ་ཀླུའི་གླང་པོ་ཆེ་སྟོབས་དང་ལྡན་ཞིང་། གཟུ་ལུམས་ཅན་མ་རུངས་པ་རྭ་བ་ལས་འཐོན་རིས་ཀྱིས་མི་ཕྱུགས་མང་པོ་ཚར་གཅོད་པ་ཞིག་ཡོད་པ་དེ། བཅོམ་ལྡན་འདས་ལ་རྦད་པར་འདོད་ནས་ལྷས་སྦྱིན་གྱིས་གླང་པོ་ཆེ་འདུལ་སྦྱོང་མཁན་ལ། མུ་ཏིག་གི་དོ་ཤལ་སྲང་བརྒྱ་སྟོང་རི་བ་ཞིག་བྱིན་ཏེ། ནང་པར་དགེ་སྦྱོང་གཽ་ཏ་མ་ཕྱིར་གཤེགས་པའི་ཚེ་རྦོད་ཅིང་ཅེས་གོ་བར་བྱས་པས། དེས་ཀྱང་གྲོང་ཁྱེར་བ་གཞན་རྣམས་ལ་རང་རང་བསྲུང་བ་ལ་སྒྲིམས་ཤིག་ཅེས་དྲེ་ལ་བསྒྲགས་ནས་བཅོམ་ལྡན་འདས་དགེ་སྦྱོང་ལྔ་བརྒྱ་དང་ལྷན་ཅིག་གཤེགས་པ་ན། གླང་པོ་ཆེ་ནོར་སྐྱོང་རྦད་དོ། །དེ་ནི་སྒྲ་དྲག་པོ་དང་བཅས་ཏེ་ཤུགས་ཅི་ཡོད་པས་སྟོན་པའི་ཕྱོགས་སུ་བརྒྱུགས་པ་ན། བཅོམ་ལྡན་འདས་ཀྱིས། སྟོབས་བཅུའི་སྟོབས་ལྡན་རྨད་བྱུང་བའི། །སྟོབས་ཀྱི་མཐུ་ལ་ད་ལྟོས་ཤིག །གསུངས་ནས་ཕྱག་སོར་ལས་སེང་གེ་ལྔ་སྤྲུལ་པས་གླང་པོ་ཆེ་རབ་ཏུ་སྐྲག་ནས་རྟབས་བཞིན་དུ་བྲོས་པ་ན་ཕྱོགས་ཐམས་ཅད་མེའི་འོབས་ཀྱིས་བསྐོར་བར་སྤྲུལ་པས་འབྲོས་པའི་གནས་ཀྱང་མ་རྙེད་ནས་བཅོམ་ལྡན་འདས་ཁོ་ན་བཞུགས་པའི་ཕྱོགས་


JL00_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་བ་དང་བདེ་བར་མཐོང་བས་དལ་བུས་ཞབས་ལ་བཏུད་དེ་ཕྱི་བཞིན་དུ་འབྲང་ཞིང་། མཐར་གྲོང་ཁྱེར་གྱི་རུ་བར་བསྐོར་བའི་ཚེ་དེས་སངས་རྒྱས་མ་མཐོང་བས་སྐྱོ་སྟེ། རང་གི་སྣ་ཤ་ལ་རྡོག་པས་བརྫིས་ཏེ་ཤི་འཕོས་ནས་རྒྱལ་ཆེན་རིགས་བཞི་པའི་ལྷར་སྐྱེས་པ་ལྟ་བུའོ། །དེ་དག་ཀྱང་སངས་རྒྱས་ཀྱི་ཡོན་ཏན་དང་མཛད་པ་ཞར་དང་ཞར་བྱུང་དྲན་པའི་སླད་དང་དབ་ཙམ་དུ་མཚོན་པར་བྱས་ཀྱི། གཞན་དུ་སངས་རྒྱས་ཀྱི་མཛད་པ་བྱང་ཆུབ་སེམས་དཔས་བསྒྲུབ་ནུས་པའི་ཤེས་བྱེད་དུ་བཀོད་པ་མ་ཡིན་ཏེ། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ཕུན་སུམ་ཚོགས་པའི་རྒྱུ་རྣམ་པ་བཅུ་གཅིག་གིས་སེམས་ཅན་གྱི་དོན་བགྱིད་པའི་ཚུལ་ཁྲིམས་རྣམ་པ་ཐམས་ཅད་ལ་གནས་པའོ། །འདི་ལྟར་སེམས་ཅན་ལ་ཕན་འདོགས་པའི་སྐབས་ལ་མཚོན་ན་སེམས་ཅན་བཅུ་གཅིག་པོ་རེ་རེ་ལ་ཡང་དོན་བྱ་བ་བཅུ་གཅིག་རེ་ཇི་ལྟར་རིགས་པར་བསྒྲུབ་པའི་ཚུལ་སློབ་དཔོན་ཐོགས་མེད་ཀྱིས་བྱང་ཆུབ་སེམས་དཔའི་ས་རྩ་འགྲེལ་གྱིས་སྟོན་ཏོ། །འདིར་སྦྱིན་པ་ལ་སོགས་ཕར་ཕྱིན་དང་པོ་ལྔའི་ཉེར་གནས་སེར་སྣ་དང་། ཉོན་མོངས་པ་དང་། འཁོན་འཛིན་དང་། ལེ་ལོ་དང་། བསམ་གཏན་གྱི་རོ་མྱང་བ་སྟེ་རང་རང་གི་མི་མཐུན་ཕྱོགས་ལྔ། ཤེས་རབ་ཀྱི་ཉེར་གནས་དགེ་བའི་ཕན་ཡོན་དང་། དགེ་བའི་རྒྱུ་དང་། དགེ་བའི་འབྲས་བུ་ལ་ཕྱིན་ཅི་ལོག་པ་དང་། མ་ལོག་པ་དང་། དགེ་བ་སྡུད་པའི་བར་དུ་གཅོད་པ་ལྔ་ཇི་ལྟ་བ་བཞིན་ཤེས་ནས་དེའི་ལྡོག་ཕྱོགས་ལྔ་དང་བར་དུ་གཅོད་པ་སྤོང་བ་ནི་དགེ་བ་སྡུད་པའི་ཚུལ་ཁྲིམས་ཕུན་སུམ་ཚོགས་པའི་རྒྱུ་ཡིན་ནོ། །འདི་ལའང་བརྟག་པའི་གནས་དྲུག་གསུངས་པ་སྟོན་པའི་ཕྱིར། གང་ལ་བརྟག་པ་དྲུག་ཏུ་གསུངས་པའང་། རང་གི་ཆོས་ལ་


JL00_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་རྒུད་བརྟག་པར་འདུ། །རང་ཉིད་ཆོས་ལམ་མ་ཉམས་གཞན་དོན་བྱ། །རང་དོན་ཉམས་པའི་སོ་སྐྱེས་འཁྲུལ་བ་བརྟག །དེ་ལ་བརྟག་པ་དྲུག་ནི་བསྡུ་བ་ལས། །སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་ལ་བརྩོན་པའི་བྱང་ཆུབ་སེམས་དཔས་ནི་རྣམ་པར་རྟོག་པའི་གནས་དྲུག་ལ་སོ་སོར་བརྟག་པར་བྱ་སྟེ། བདག་དང་གཞན་དང་ཟང་ཟིང་གིས་ཕོངས་པ་དང་ཟང་ཟིང་། འབྱོར་བ་དང་ཆོས་ཀྱིས་ཕོངས་པ་དང་ཆོས་ཀྱིས་འབྱོར་བ་ནི་གནས་དྲུག་པ་ཡིན་ནོ། །དེ་ལ་ཟང་ཟིང་གིས་ཕོངས་པ་ཞེས་བྱ་བ་ནི་ཆོས་གོས་དང་བསོད་སྙོམས་ལ་སོགས་པ་མ་རྙེད་པ་རྣམས་མི་རྙེད་པ་དང་རྙེད་ཅིང་འཇུག་པ་རྣམས་རྒྱུན་ཆད་པར་འགྱུར་བའོ། །ཟང་ཟིང་འབྱོར་བ་ནི་དེ་ལས་བཟློག་པར་རིག་པར་བྱའོ། །ཆོས་ཀྱིས་ཕོངས་པ་ཞེས་བྱ་བ་ནི་བསླབ་པ་ཉམས་པ་དང་དེ་བཞིན་གཤེགས་པས་གསུངས་པ་དོན་དམ་པ་བའི་ཆོས་ཀྱི་ཚིག་སྔོན་དུ་མ་ཐོས་པ་མཉན་དུ་མེད་པ་དང་། སྔོན་མ་ཐོས་པ་ཇི་ལྟ་བ་བཞིན་དུ་སྔོན་མ་བསམས་པ་བསམ་དུ་མེད་པ་དང་། ཐོས་པའི་བར་ཆད་དང་བསམ་པའི་བར་ཆད་དང་ཐོས་པ་དང་བསམ་པ་བརྗེད་པ་དང་། བསྒོམས་པ་ལས་བྱུང་བའི་དགེ་བ་མ་ཐོབ་པ་མི་ཐོབ་པ་དང་ཐོབ་པ་ཡོངས་སུ་ཉམས་པར་འགྱུར་བའོ། །ཆོས་འབྱོར་བ་ནི་དེ་ལས་བཟློག་པར་རིག་པར་བྱའོ། །ཞེས་པ་སྟེ། བདག་དང་གཞན་ནི་ཆོས་དང་ཟང་ཟིང་གིས་འབྱོར་བ་དང་རྒུད་པའི་གཞི་ཡིན་པས་གཞན་བཞི་པོ་ཡང་དེའི་ཁོངས་སུ་འདུའོ། །དེ་ལྟར་གནས་དྲུག་ལ་བརྟགས་ནས་འཇུག་ལྡོག་བྱེད་ཚུལ་ཡང་བསྡུ་བའི་དོན་གོ་བདེ་བར་དྲངས་ན། བདག་ཉིད་ཀྱི་བསླབ་པའི་གནས་ཉམས་པ་མ་ཡིན་པའི་སྒོ་ནས་གཞན་ལ་ཕན་པ་རྒྱ་ཆེན་པོ་འགྲུབ་ན་གཞན་དོན་ལ་གཙོ་བོར་བྱ་ཞིང་། བྱིས་པ་སོ་སོ་སྐྱེ་བོའི་དུས་ན་དེ་ལས་


JL00_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

ལྡོག་པ་ཅན་ཡིན་པས་ཕྱིས་ནས་སེམས་ཅན་གྱི་དོན་གྲུབ་པའི་སླད་དུ་རང་གི་འཁྲུལ་བའི་བསམ་པ་དང་། དེ་ལས་བྱུང་བའི་ཉེས་དམིགས་ལ་ཤེས་རབ་ཀྱི་མིག་བུས་བརྟགས་ནས་ཉམས་པ་དང་རྗེས་སུ་མཐུན་པ་དག་ཀྱང་བསྲུང་བ་ལ་གཙོ་བོར་བྱ་ཞིང་སྙིང་རྗེ་ཆེན་པོའི་ཐབས་ཀྱི་ཆ་ནས་གཞན་དོན་ཡང་ཞར་ལ་བསྒྲུབ་པར་བྱ་བ་ཉིད་དོ། །གཞན་ལ་ཕན་པ་རླབས་ཆེན་འགྲུབ་སྲིད་ན། །བཅས་པ་ཆུང་ངུ་བག་ཡངས་གནང་བའི་སྐབས། །ཡོད་དེ་གྲོང་ཁྱེར་ཕྱིར་ན་གྲོང་བརྡལ་དང་། །བདག་ཕྱིར་ས་གཏོང་ཆོས་ཕྱིར་བདག་ཀྱང་གཏོང་། །དེ་ལ་བྱང་ཆུབ་སེམས་དཔའི་སྡོམ་པ་ནི་རྣམ་པར་རིག་པ་ཅན་གྱི་སེམས་སྙིང་རྗེ་ཆེན་པོའི་ཐབས་དང་། དངོས་པོར་བལྟ་བ་ཅན་གྱི་སེམས་རྙོག་པ་དང་བཅས་པའི་ཆ་ལས་ལྡོག་པའི་ཤེས་རབ་ཀྱི་ངོ་བོས་དབང་དུ་བྱས་པ་ཉིད་ཀྱི་ཕྱིར་སེམས་ཅན་གྱི་དོན་རླབས་ཆེན་པོ་འགྲུབ་པར་དེས་ན་འོག་མའི་ལུས་ངག་གི་བཅས་པ་ཕྲ་མོ་ལ་བར་དུ་གཅོད་ཀྱང་བྱང་ཆུབ་ཀྱི་སེམས་དང་། ལྷག་པའི་བསམ་པ་དང་། ཐབས་དང་། ཤེས་རབ་དང་། ཏིང་ངེ་འཛིན་དང་། རྣམ་ཐར་དང་། ཡོན་ཏན་དམ་པའི་འབྱུང་གནས་སེམས་དགེ་བའི་བསླབ་པ་གང་ཡིན་པ་དང་དུ་བླང་སྟེ། སྙིང་བརྩེ་ལྡན་ཕྱིར་བྱམས་ཕྱིར་དང་། །སེམས་དགེ་བ་ལ་ཉེས་པ་མེད། །ཅེས་པ་གོང་ལྟར་རོ། །དེའང་དོན་འབྲས་ཉམ་ཆུང་ངུའི་ཕྱིར་དོན་ཆེན་པོ་བཏང་བ་མ་ཡིན་པ་དོན་ཆེན་བསྒྲུབ་པའི་སླད་དུ་དོན་ཆུང་བཏང་ནས་མཐར་གྱིས་བསྒྲུབ་བྱ་དམ་པའི་ཆོས་བསྲུངས་བ་ཁོ་ན་ལས་ཉམས་པ་མེད་པ་དགོས་ཏེ། སྐྱེས་རབས་ལས། ཁྱིམ་གྱི་ཕྱིར་ན་གཅིག་བཏང་དེ། །སྲོག་གི་ཕྱིར་ན་ཁྱིམ་བཏང་ངོ་། །ལྗོངས་ཀྱི་ཕྱིར་ན་གྲོང་ཁྱེར་དང་། །བདག་གི་དོན་དུ་ས་གཏོང་ངོ་། །ཆོས་


JL00_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཕྱིར་ན་བདག་ཀྱང་གཏོང་། །ཞེས་པ་ལྟར་རོ། །སྤྱིར་བྱང་ཆུབ་སེམས་དཔས་ནི་སྡོམ་པ་བླངས་པ་ཙམ་ནས་དགེ་བའི་ཆོས་སྡུད་པ་དང་། སེམས་ཅན་དོན་བྱེད་ལ་བསླབ་དགོས་པ་ཡིན་ཀྱང་། མངོན་པར་ཤེས་པ་དང་མི་ལྡན་པ་དེ་སྲིད་དུ་གཞན་དོན་གནད་དུ་འགྲོ་དཀའ་བས་ས་མཚམས་དང་མཐུན་པའི་སྤྱོད་པ་ལ་གཙོ་ཆེ་བར་སློབ་པའི་ཚུལ་སེམས་བསྐྱེད་དང་ཡི་དམ་བླང་བ་ལས། ལས་དང་པོ་ལ་ནི་སྡོམ་པའི་ཚུལ་ཁྲིམས་གཙོ་བོ་ཡིན་པའི་ཕྱིར་ན་ཡི་དམ་གྱི་སྤྱོད་པའོ། །མོས་པས་སྤྱོད་པ་ཅན་ལ་ནི་དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་གཙོ་བོ་ཡིན་པའི་ཕྱིར་ན་ཏིང་ངེ་འཛིན་གྱི་སྤྱོད་པའོ། །ས་ལ་ཞུགས་པ་ནི་སེམས་ཅན་གྱི་དོན་བྱ་བ་ཉིད་གཙོ་བོ་ཡིན་པའི་ཕྱིར་ན་སེམས་ཅན་མགུ་བའི་སྤྱོད་པའོ། །ཞེས་བཤད་པ་སྟེ། དེ་ལ་ལས་དང་པོ་པའི་དུས་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་དང་མི་ལྡན་པའི་སྐྱོན་ཡང་མེད་དེ། འཇུག་སྡོམ་དང་ལྡན་ཞིང་མ་ཉམས་པའི་རྒྱུད་ལ་སེམས་གཡེང་བ་དང་གཉིད་ལོག་པའི་གནས་སྐབས་སུའང་བསོད་ནམས་རྒྱུན་ཆགས་སུ་ཡོད་པའི་ངོ་བོ་ནི་ཚུལ་ཁྲིམས་ཡིན་པ་བཞིན་ནོ། །དོན་བསྡུ་ན་ཚུལ་ཁྲིམས་གསུམ་པོ་ལ་བརྟེན་ནས་མངོན་རྟོགས་བསླབ་པ་གསུམ་བསྒྲུབ་ཅིང་སྤངས་རྟོགས་ཕུན་སུམ་ཚོགས་པའི་འབྲས་བུར་འཚང་རྒྱ་བ་སྟེ། འདི་ལྟར་སྡོམ་པའི་ཚུལ་ཁྲིམས་ཀྱིས་སྤངས་པ་ཕུན་སུམ་ཚོགས་པ་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤོང་བར་བྱེད་དོ། །དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ཀྱིས་རྟོགས་པ་ཕུན་སུམ་ཚོགས་པ་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པ་འཐོབ་བོ། །སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ཀྱིས་ཕྲིན་ལས་ཕུན་སུམ་ཚོགས་པའི་རྒྱུ་བསྒྲུབ་ཅིང་དོན་གཉིས་ལྷུན་གྲུབ་ཏུ་འགྱུར་བའོ། །དེ་དག་ཀྱང་མདོ་སྡེའི་རྒྱན་ལས། ཡན་ལག་དྲུག་ཞི་བསམ་པས་ཟིན། །


JL00_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་འགྲོར་གནས་པ་སྦྱིན་བྱེད་དང་། །རྟེན་དང་ཞི་དང་འཇིགས་པ་མེད། །བསོད་ནམས་ཚོགས་དང་ལྡན་པ་དང་། །བརྡར་བཏགས་ཆོས་ཉིད་ཐོབ་པ་སྟེ། །སྡོམ་པ་གནས་པ་རྣམས་ལ་ཡོད། །ཚུལ་ཁྲིམས་དེ་འདྲར་ཡོངས་ཤེས་ནས། །མཁས་པས་ཡང་དག་བསྒྲུབ་པར་བྱེད། །ཅེས་པ་སྟེ། དེ་ལ་ཡན་ལག་དྲུག་ལྡན་ནི། །ཉན་ཐོས་ཀྱིས་ལས། ཚུལ་ཁྲིམས་ལ་གནས་པ། སོ་སོ་ཐར་བའི་སྡོམ་པས་བསྡམས་པ། ཆོ་ག་ཕུན་སུམ་ཚོགས་པ། སྤྱོད་ཡུལ་ཕུན་སུམ་ཚོགས་པ། ཁ་ན་མ་ཐོ་བ་ཕྲ་རབ་ཙམ་ལའང་འཇིགས་པའི་གནས་སུ་བལྟ་བ། བསླབ་པའི་གཞི་རྣམས་ཡང་དག་པར་བླངས་ཏེ་སློབ་པའོ། །ཞེས་སོ། །རྒྱུ་ནི་ཉོན་མོངས་པ་དང་། འཇིགས་པའི་ཚོགས་ཞི་ནས་ཞི་བ་མྱང་འདས་ཀྱི་གོ་འཕང་ཐོབ་བར་བྱེད་དོ། །འབྲས་བུ་ནི་བདེ་འགྲོར་གནས་པ་ཉིད་སྦྱིན་པར་བྱེད་དོ། །བྱེད་པས་ནི་བསོད་ནམས་ཀྱི་ཚོགས་དང་ཡོན་ཏན་ཐམས་ཅད་ཀྱི་རྟེན་བྱེད་པའོ། །དབྱེ་ན་མཛོད་ལས། སྡོམ་པ་སོ་སོར་ཐར་ཅེས་བྱ། །དེ་བཞིན་བསམ་གཏན་ཟག་མེད་སྐྱེས། །ཞེས་པ་ལྟར་ཡང་དག་པར་བླངས་པར་བརྡའ་ལས་བྱུང་བ་ནི་སོ་སོ་ཐར་བའོ། །ཆོས་ཉིད་ཀྱིས་ཐོབ་པ་ནི། བསམ་གཏན་དང་ཟག་མེད་པས་སྐྱེས་པ་གཉིས། །བསམ་གཏན་དངོས་གཞིའི་སེམས་ཐོབ་པ་དང་། །མཐོང་ལམ་ལ་སོགས་ཟག་པ་མེད་པ་འཕགས་པའི་ས་ཐོབ་པའོ། །དེ་ལྟ་བུའི་ཁྲིམས་ཀྱི་ཡོན་ཏན་ནི་མདོ་སྡེའི་རྒྱན་ལས། རྒྱལ་བའི་སྲས་རྣམས་སྡོམ་དང་བརྩོན་པའི་རང་བཞིན་ཚུལ་ཁྲིམས་གསུམ་རྟག་བླངས། མཐོ་རིས་མངོན་པར་མི་འདོད་ཡང་དག་ཐོབ་ཀྱང་དེ་ལ་ཆགས་མེད་བསྐྱེད། ཚུལ་ཁྲིམས་དེ་ཉིད་ཀྱིས་ཀྱང་སྐྱེ་བོ་ཐམས་ཅད་བྱང་ཆུབ་གསུམ་ལ་བཀོད། ཚུལ་ཁྲིམས་ཡེ་ཤེས་ཀྱིས་ཡོངས་ཟིན་པས་འཇིག་རྟེན་དག་ན་


JL00_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཟད་བཞག །ཅེས་གསུངས་པ་ལྟར་རོ། །ཚུལ་ཁྲིམས་ཀྱི་འཁོར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི། འདི་ན་མི་བཟོད་པའི་ས་གཞི་ལ། །ཆོས་ཀྱི་དྲི་བཟང་རྒྱས་པ་རབ་བསྲུང་བའི། །དཀའ་བ་དང་ལེན་བཟོད་པ་ཇི་མི་སྙམ། །ཟབ་མོའི་དོན་ལ་མི་སྐྲག་རྣམ་པ་གསུམ། །དེ་ལ་བཟོད་པའི་ངོ་བོ་ནི་མི་མཇེད་པ་སྟེ་ཐེག་པ་ཆེན་པོ་ས་གཞི་ལྟ་བུར་མཚུངས་པས་ཀུན་རྫོབ་དང་དོན་དམ་པའི་ཆོས་ཀྱི་ཕྱོགས་མཐའ་དག་བློའི་ནུས་པས་ཐེག་ཅིང་བཟོད་པས་དམ་པའི་ཆོས་བསྲུང་བའོ། །དབྱེ་ན་མདོ་སྡེའི་རྒྱན་ལས། མི་མཇེད་ཇི་མི་སྙམ་ཤེས་དང་། །སྙིང་རྗེས་ཆོས་ལ་བརྟེན་པའི་ཕྱིར། །ཕན་ཡོན་ལྔར་ནི་ཡང་དག་བཤད། །ཅེས་པས། རང་དོན་དུ་སངས་རྒྱས་བསྒྲུབ་ཅིང་། གཞན་དོན་དུ་ཕན་པ་བསྒྲུབ་པའི་དོན་གཉིས་པོ་གང་གི་ཕྱིར་ཡང་དཀའ་སྤྱད་དང་སྡུག་བསྔལ་གྱི་ཁུར་ཆེན་པོ་ཇི་ལྟ་བུ་བྱུང་ཡང་དང་དུ་ལེན་ཅིང་ཁུར་དུ་བཟོད་པ་ནི་དཀའ་བ་དང་དུ་བླང་བའི་བཟོད་པའོ། །ཕ་རོལ་གྱིས་བདག་ཉིད་ལ་དངོས་སམ་བརྒྱུད་ནས་ལོག་པར་བསྒྲུབ་པ་དང་། །འཚོ་བ་ཇི་ལྟ་བུ་བྱུང་ཡང་དེ་ལ་ཁྲོ་བ་འགོག་པའི་སེམས་ཀྱི་གོམས་པ་ཡོངས་སུ་རྫོགས་པ་ནི་གནོད་པ་ལ་ཇི་མི་སྙམ་པའི་བཟོད་པའོ། །ཆོས་ལ་ངེས་པར་སེམས་པའི་མོས་པ་མི་འཕྲོགས་ཤིང་ཟབ་མོའི་དོན་ལ་སྐྲག་པ་མི་སྐྱེ་བ་ནི་དམིགས་པ་མེད་པའི་བཟོད་པའོ། །དེ་དག་གི་རྒྱུ་ནི་སྙིང་རྗེ་ཆེན་པོ་ཡིན་ལ་འབྲས་བུ་ནི་ལྔ་སྟེ་མདོ་ལས། འཁོན་མི་མང་བ་ཡིན། དབྱེ་ན་མི་མང་བ་ཡིན། བདེ་བ་དང་ཡིད་བདེ་བ་མང་བ་ཡིན། འགྱོད་པ་མེད་པར་འཆི་བའི་དུས་བྱེད་པ་ཡིན། ལུས་ཞིག་ནས་ཀྱང་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་བ་ཡིན། ཅེས་སོ། །དེ་དག་ཀྱང་ལས་དང་པོ་པས་ཁྲོ་བ་འགོག་པའི་བཟོད་པ་གཙོ་བོར་བསྒྲུབ་པའི་ཚུལ་བསྟན་པ། ཡིད་ནི་ཤིན་ཏུ་རེངས་བྱས་ཞེ་སྡང་གི། །


JL00_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་པའི་མངོན་རྟོགས་མུན་པའི་འཁྲི་ཤིང་ཅན། །ཐར་མེད་དམྱལ་བར་འཛུལ་ལ་སྐྲག་པ་རྣམས། །ནམ་ཡང་ཁྲོ་བོའི་སྐབས་དབྱེ་མི་བགྱིད། །འདི་ལྟར་དུག་སྦྲུལ་བཞིན་དུ་སེམས་རྒྱུད་ཞེ་སྡང་གིས་རེངས་པར་གྱུར་བའི་སྡིག་པས་ནི་འབྲས་བུ་ཤིན་ཏུ་གནག་པ་སེམས་ཅན་དམྱལ་བ་ཆེན་པོ་ཉམས་སུ་མྱོང་བ་ཡིན་ན། ལས་དེའི་འབྲས་བུ་ལ་སྐྲག་པ་རྣམས་ཁྲོ་བའི་སྐབས་རྒྱུན་གཅོད་པའི་སེམས་ལ་གོམས་པ་ཡོངས་སུ་རྫོགས་པའི་ཐབས་འབའ་ཞིག་ལ་བསླབས་ནས་བཟོད་པའི་དཀའ་ཐུབ་ལ་སྦྱར་བར་བྱ་སྟེ། བུ་མོ་བློ་གྲོས་བཟང་མོས་ཞུས་ཟ་ལས། གནོད་པའི་རྩ་བ་ཁོང་ཁྲོ་འཕེལ་མི་བྱེད། །བྱམས་ལ་གནས་པར་བྱེད་དང་ཆོས་འདོད་དང་། །ཞེས་དང་། སྤྱོད་འཇུག་ལས། ཞེ་སྡང་ལྟ་བུའི་སྡིག་པ་མེད། །བཟོད་པ་ལྟ་བུའི་དཀའ་ཐུབ་མེད། །དེ་བས་བཟོད་ལ་ནན་ཏན་དུ། །སྣ་ཚོགས་ཚུལ་གྱིས་བསྒོམ་པར་བྱ། །ཞེས་པ་སྟེ་འདི་ལྟར་གནོད་པའི་ཡུལ་ལ་བརྟགས་ཤིང་དཔྱད་ན་གནོད་བྱེད་དེ་ཉིད་རང་ཡང་ཉོན་མོངས་པའི་གདོན་གྱིས་བཏབ་པས་རང་དབང་ཡོད་པ་མ་ཡིན་ཏེ། ཟླ་བ་གྲགས་པས། འདི་འདིར་སེམས་ཅན་སྐྱོན་མིན་གྱི། །འདི་ནི་ཉོན་མོངས་རྣམས་སྐྱོན་ཞེས། །རྣམ་པར་དཔྱད་ན་མཁས་པ་རྣམས། །སེམས་ཅན་དག་ལ་འཁྲུགས་མི་བྱེད། །ཅེས་སོ། ཁྱད་པར་གནོད་པའི་རང་བཞིན་ལ་བརྟགས་ན་བཟོད་པ་མི་འགྲུབ་པས་རང་སེམས་གདུལ་བའི་ཚུལ། གནོད་པའི་ཡུལ་ནི་ནགས་ཀྱི་ཆེར་མ་བཞིན་གདུལ་གྱིས་མི་ལང་ཀུན་ནས་འཕེལ་བ་ཅན། འཁོན་དང་ཁྲོ་བའི་བྱེད་པོ་གཅིག་བཏུལ་ན། །བཟོད་པའི་དཀའ་ཐུབ་བདག་ལ་མཛའ་བར་འགྱུར། །ཞེས་སོ། །དེ་ཡང་རང་གིས་སེམས་ལ་ཁྲོ་བ་འགོག་པའི་ནུས་པ་རྫོགས་ན་ཕ་རོལ་པོའི་སེམས་མི་བསྲུན་པ་དང་བྲལ་བ་


JL00_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལྟོས་མི་དགོས་ཏེ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་ནི་རང་གི་སེམས་ལ་ཁྲོ་བ་མེད་པ་ཁོ་ནས་རྫོགས་པ་ཡིན་ཏེ། སྤྱོད་འཇུག་ལས། སེམས་ཅན་མི་བསྲུན་ནམ་མཁའ་བཞིན། །དེ་དག་གཞོམ་གྱིས་ཡོངས་མི་ལང་། ཁྲོ་བའི་སེམས་འདི་གཅིག་བཅོམ་ན། །དགྲ་དེ་ཐམས་ཅད་ཆོམས་དང་འདྲ། །ཞེས་དང་། དེའི་དཔེར་ས་སྟེང་ཐམས་ཅད་ཀོ་བས་གཡོགས་པར་མི་ལྡང་ཀྱང་། ལྷམ་མཐིལ་གྱི་ཀོ་བས་ཐམས་ཅད་གཡོགས་པ་ཉིད་དང་འདྲ་བར་བསྟན་པ་ཡིན་ནོ། །དེ་ལྟར་བཟོད་པ་འགྲུབ་ན་རྩ་བ་དང་། ལོ་མ་དང་། མྱུ་གུ་དང་། མེ་ཏོག་དང་། རླུང་ཟས་ལ་སོགས་པའི་བཟའ་བཏུང་ངན་དོན་དང་། ཧྲལ་ཧྲུལ་ལ་སོགས་པས་ལུས་སེམས་གདུང་མི་དགོས་པར་བཟོད་པའི་མཆོག་དཀའ་ཐུབ་ཡིན་པའི་ཚུལ། བཤེས་སྤྲིང་ལས། འདི་ལྟར་བཟོད་མཚུངས་དཀའ་ཐུབ་མ་མཆིས་པས། ཁྱོད་ཀྱིས་ཁྲོ་བའི་གོ་སྐབས་དབྱེ་མི་བགྱིས། ཁྲོ་བ་སྤངས་པས་ཕྱིར་མི་ལྡོག་པ་ཉིད། །ཐོབ་པར་འགྱུར་བར་སངས་རྒྱས་ཞལ་གྱིས་བཞེས། །ཞེས་པ་ལྟར་རོ། །གནོད་རྐྱེན་ཐམས་ཅད་རང་གི་ཀུན་རྟོག་གི་ཉེར་ལེན་ལ་བརྟེན་ནས་བྱུང་བའི་ཚུལ། རེག་པ་ཤིན་ཏུ་རྩུབ་པའི་ཚིག་གི་མངས། །སྐྱེས་བུའི་སྙིང་ལ་ཟུག་པ་ཅང་མཆིའམ། །དེ་ཉིད་དང་དུ་བླང་བའི་ཉེར་ལེན་གྱིས། །ཕན་ཚུན་རྟེན་དང་བརྟེན་པར་འཁྲུགས་ཤིང་མནར། །འདི་ལྟར་ཁྲོ་བ་འཕེལ་བའི་རྒྱུ་ཚིག་རྩུབ་ལ་སོགས་པས་སྙིང་འགས་པ་ལྟ་བུའི་ཞེ་སྡང་གི་ཚོར་བ་ཉམས་སུ་མྱོང་ནའང་དེ་ནི་དངོས་པོ་མེད་པའི་ཚིག་གི་མཚོན་ཆ་ཡིན་པས་སུ་ཞིག་གིས་ཀྱང་སྙིང་ལ་ཟུག་པ་དང་གནོད་པ་བྱས་པ་མེད་དེ། གཟུགས་ཅན་མ་ཡིན་པ་སེམས་དང་སེམས་བྱུང་གི་ཉེ་བར་ལེན་པའི་རྐྱེན་ལས་ཕན་ཚུན་གནོད་བྱ་དང་གནོད་བྱེད་རྟེན་དང་བརྟེན་པ་ལྟ་བུར་འདུ་འཕྲོད་པས་ཁོང་འཁྲུགས་ཤིང་མནར་


JL00_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རང་བཞིན་ཤེས་པར་བྱས་ནས་གནོད་པའི་རང་བཞིན་ལ་རྟོག་དཔྱོད་མི་བྱ་བ་ཉིད་གཉེན་པོར་ཆེ་ལ་ནུས་པ་བརྟན་པ་ཡིན་ནོ། །འོན་ཀྱང་རྟོག་དཔྱོད་ཀྱི་སྒོ་ནས་གཉེན་པོར་ཆེ་བ་དག་ལ་ནི་སྤྱོད་འཇུག་དང་འཇུག་པ་ལས་བཤད་པའི་ལུང་དང་རིག་པའི་མཚོན་ཆ་རྣོན་པོའང་ཉམས་སུ་བསྟར་བར་བྱ་མོད། འདིར་ནི་གང་པོས་ཞུས་པ་ལས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་བཟོད་པ་བསྒྲུབ་པའི་ཆོས་བསྟེན་ཅིང་བསྒོམ་པར་བྱའོ། །གལ་ཏེ་འགྲོ་འམ། འགྲེང་ངམ། འདུག་གམ། ཉལ་བའི་ཚེ། གཅིན་གྱི་བུམ་པའམ། དུག་གི་བུམ་པ་དང་། ཐལ་བ་དང་། གཤང་གཅི་ཐོགས་པ་འོངས་ནས་མགོའི་སྟེང་དུ་བླུགས་སམ། ལུས་ཀུན་གདུངས་པར་གྱུར་ན་དེ་ལ་ཞེ་སྡང་དང་འཁོན་གྱི་བསམ་པ་བསྐྱེད་ནས་འདི་སྐད་དུ་བདག་ལ་ཉེས་པ་ཅི་ཡོད་ཅེས་ཀྱང་སྨྲ་བར་མི་བྱའོ། །དེ་བཞིན་དུ་ཀུན་ལ་སྦྱར་ནས། རེག་བྱ་གང་གིས་གང་དུ་རེག་པར་འགྱུར། །ལུས་ལ་གནོད་པར་འགྱུར་རམ། སེམས་ལ་གནོད་པར་འགྱུར། ལུས་ནི་རྩྭ་དང་། ཤིང་དང་། གྱོ་མོ་དང་། གཟུགས་བརྙན་ལྟ་བུ་ཡིན་པས་རྟོག་པ་མེད་པ་ཤེས་པ་མེད་པ་ཡིན་པས་བདག་ཀྱང་མ་ཡིན་གཞན་ཡང་མ་ཡིན་ནོ། །གལ་ཏེ་སེམས་ལ་གནོད་པར་འགྱུར་བ་ཡིན་ན་སེམས་ནི་ཁ་དོག་མེད་པ་གཟུགས་མེད་པས་སྐད་ཅིག་མར་སྐྱེ་ཞིང་འགག་པ་ཐང་གཅིག་ཀྱང་མེད་པས་གནས་།།།བདག་ཀྱང་མ་ཡིན་གཞན་ཡང་མ་ཡིན་ནོ། །ཞེས་པ་ལྟར་རོ། །དེ་བཞིན་དུ། འདི་ན་གནོད་པའི་རྒྱུ་འབྲས་མཐའ་ཡས་པ། །བདག་ཉིད་ལས་བྱུང་སྒྲ་དང་བྲག་ཅ་བཞིན། །བདག་ཉིད་མ་བྱུང་གནོད་པའི་ཡུལ་མེད་པས། །རང་གི་སྔོན་བྱས་རྐྱེན་གྱིས་བོས་ལ་ལྟོས། །དེ་ལ་བདག་ཉིད་ཞེས་བྱ་བ་ཞིག་གདོད་ནས་མེད་པར་གྱུར་ན་ཕ་རོལ་


JL00_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

པོའམ་གཞན་དུ་འཛིན་པ་དང་དེ་ལ་བརྟེན་ནས་ཁྲོ་བ་དང་རྩོད་པར་འབྱུང་བའི་རྒྱུ་དང་རྐྱེན་གང་ཡང་མི་འབྱུང་སྟེ། འདི་ལྟར་ཅ་ཅོའི་སྒྲ་མེད་ན་བྲག་ཅ་མི་འབྱུང་བ་བཞིན་ནོ། །དེའི་ཕྱིར་ན་ཁོང་ཁྲོའམ་རྩོད་པ་འགྱེད་པ་ལ་སོགས་ནི་ཕན་ཚུན་ལ་ལྟོས་པ་ཅན་ཡིན་པ་དང་། ཁྱད་པར་ཚེ་སྔ་མའམ། ད་ལྟའི་གནས་སྐབས་སུ་སྔོན་ལ་རང་གིས་གནོད་པའི་རྒྱུ་མ་བསྒྲུབས་ན། ཕ་རོལ་པོས་གནོད་པའི་འབྲས་བུ་འབྱིན་མི་ནུས་ཏེ། དེ་བས་ན་སྤྱིར་བདག་ཉིད་ཡོད་པ་ལ་བརྟེན་ནས་ཕ་རོལ་གྱི་གནོད་པ་འདུ་བྱེད་པ་དང་། ཁྱད་པར་རང་གི་སྔོན་ལས་ལ་བརྟེན་ནས་གནོད་པའི་ཡུལ་དུ་གྲུབ་པ་ཡིན་པར་ཤེས་དགོས་ཏེ་སྤྱོད་འཇུག་ལས། བདག་གི་སྔོན་ཆད་སེམས་ཅན་ལ། །འདི་འདྲ་བ་ལ་གནོད་པ་བྱས། །དེ་བས་སེམས་ཅན་འཚེ་བྱེད་པ། །བདག་ལ་གནོད་པ་འདི་འབྱུང་རིགས། །ཞེས་པ་ལྟར་གནོད་པའི་ལེ་ལན་རང་ཉིད་ལ་འདུག་པར་བལྟས་ནས་གཞན་དང་གཞན་དག་གིས་རྒོལ་བ་དང་། གཤེ་བ་དང་སྡིག་པ་དང་། མཚང་འབྲུ་བ་དང་། བརྡེག་པ་དང་། འཚོག་པ་དང་། ལོངས་སྤྱོད་དང་དབང་ཐང་འཕྲོག་པ་དང་། ལུས་སྲོག་ལ་གནོད་པ་སྦྱིན་པ་ཐམས་ཅད་ལ་ཁོང་མི་ཁྲོ་ཞིང་། ཐེག་པ་ཆེ་ཆུང་ཐམས་ཅད་ཀྱི་ཡོན་ཏན་སྐྱེ་བའི་གཞི་རྟེན་ཀྱང་ཡིན་པས་བཟོད་པ་ལ་བསླབ་དགོས་ཏེ་གང་པོས་ཞུས་པ་ལས། བདག་ཀྱང་ངེས་པར་སྔ་མའི་སྡིག །སྡུག་བསྔལ་རྣམ་སྨིན་འདི་མྱོང་སྙམ། །བདེན་བཞི་དྲན་དང་ཡང་དག་སྤོང་། །དབང་སྟོབས་བྱང་ཆུབ་ཡན་ལག་ལམ། །ཐམས་ཅད་བཟོད་པས་གཞི་བྱེད་པས། །མཁས་པ་སུ་ཞིག་བཟོད་མི་བསྒོམ། །ཞེས་སོ། །བྱེ་བྲག་ཏུ་གནོད་པའི་རྐྱེན་ལས་བཟོད་པ་འགྲུབ་པའི་ཚུལ་སྟོན་ཕྱིར། །བརྟགས་ན་གནོད་ཆེན་མ་ཡིན་ཕན་ཆེན་ཏེ། །གང་ལ་བརྟེན་ནས་བཟོད་པའི་གྲུ་གཟིངས་དང་། །བྱང་ཆུབ་སེམས་ཀྱི་ནོར་བུ་འཐོབ་


JL00_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ན། །དེ་འདྲའི་གནོད་པ་དམ་པའི་ཆོས་ལྟར་མཆོད། །དེ་ལ་གནོད་པ་མེད་ན་བཟོད་པ་མི་འབྱུང་བས་བྷཾ་ག་ལའི་པཎྜི་ཏ་རྟག་ཏུ་ཁྲོ་བ་ལྡོན་པའི་ཨ་ཙ་ར་དང་འགྲོགས་ནས་འདི་ཁོ་བོའི་བཟོད་པའི་རྟེན་ལགས་སོ་གསུང་བ་བཞིན་ནོ། །དེ་བས་ན་བདག་ཅག་གི་སྟོན་པ་དྲང་སྲོང་བཟོད་པ་སྨྲ་བར་གྱུར་བའི་ཆེ་ན། རྒྱལ་པོ་རྩོང་བྱུང་བཙུན་མོ་དང་བཅས་པ་ནགས་སུ་རྒྱུ་བ་ལས། བཙུན་མོའི་འཁོར་རྣམས་ཀྱིས་དྲང་སྲོང་མཐོང་ནས་དད་སྟེ་ཆོས་ཉན་པས་རྒྱལ་པོ་ཁྲོས་ཏེ། དྲང་སྲོང་གི་ཡན་ལག་བཅད་པ་ན། བདག་ཉིད་ལ་ནོངས་པ་མ་མཆིས་པའི་བདེན་པས་ཁྲག་འོ་མར་གྱུར་ནས་ཡན་ལག་སྔར་བཞིན་དུ་འབྱོར་བར་གྱུར་ཅིག་གསུངས་པས་དེ་དེ་ལྟར་གྱུར་བ་ལ། རྒྱལ་པོ་དང་ནས་བཟོད་པར་གསོལ་ཞིང་མཆོད་དོ། །དྲང་སྲོང་གིས་སླར་ཡང་། ཁྱོད་ཀྱིས་ངའི་ཡན་ལག་བཅད་པས་བདག་སངས་རྒྱས་པ་ན་ཁྱོད་ཀྱི་དུག་གསུམ་ངའི་ཤེས་རབ་ཀྱིས་མཚོན་ཆས་གཅོད་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །དེ་དག་ལ་སོགས་པའི་ཚོགས་གཉིས་ཀྱི་འབྲས་བུས་བྱང་ཆུབ་སྙིང་པོར་སངས་རྒྱས་ཤིང་འགྲོ་བ་སྒྲོལ་བའི་དེད་དཔོན་ཆེན་པོར་གྱུར་བ་ཡིན་ན། གནོད་ལན་དུ་ཕན་འདོགས་པ་ནི་གནོད་པ་དམ་པའི་ཆོས་ལྟར་མཆོད་པ་ཉིད་ཡིན་ཏེ། སྤྱོད་འཇུག་ལས། དེ་བས་རབ་ཏུ་སྡང་སེམས་ལ། །བརྟེན་ན་བཟོད་པ་སྐྱེ་བས་ན། །དེ་ཉིད་བཟོད་པའི་རྒྱུ་ཡིན་པས། །དམ་པའི་ཆོས་བཞིན་མཆོད་པར་འོས། །ཞེས་སོ། ཁྱད་པར་རང་གི་ལེགས་སྨོན་སྔོན་དུ་སོང་ན་གཞན་གྱི་ལོག་བསྒྲུབ་ལ་སོགས་པ་སྡུག་བསྔལ་གྱི་རྐྱེན་བྱས་ནས་འཁོར་བའི་གནས་ལ་སྐྱོ་བ་དང་སྙིང་རྗེ་ཆེན་པོ་སྐྱེ་བའི་རྒྱུ་འབྱིན་པས་ཀྱང་བཟོད་པའི་དཀའ་ཐུབ་བསྟེན་དགོས་ཏེ། སློབ་དཔོན་ཞི་བའི་ལྷས། གཞན་ཡང་


JL00_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་ཡོན་ཏན་ནི། །སྐྱོ་བས་དྲེགས་པ་སེལ་བར་བྱེད། །འཁོར་བ་བ་ལ་སྙིང་རྗེ་སྐྱེ། །སྡིག་པ་འཛེམ་ཞིང་དགེ་ལ་དགའ། །ཞེས་སོ། །དེ་བས་ན་བྱང་ཆུབ་སེམས་དཔས་བཟོད་པ་གསུམ་པོའི་མི་མཐུན་ཕྱོགས་ཞེ་སྡང་དང་། བསྒྲུབ་པར་མི་ནུས་སྙམ་དུ་སྤྲོ་བ་ཞན་པ་དང་། བཟེད་པའི་ལམ་ལ་མི་མོས་ཤིང་བཏང་སྙོམས་ཀྱི་སེམས་སྐྱེ་བ་ལ་སོགས་འགོག་ཅིང་ཁྱད་པར་ཁྲོ་བའི་ཉེས་དམིགས་ལ་ཤིན་ཏུ་འཇིགས་པར་བལྟ་དགོས་ཏེ། སྐྱེས་རབས་ལས། ཁྲོ་བའི་མེ་ཡིས་བཞིན་ལྡོག་ཉམས་གྱུར་ན། །རྒྱན་གྱིས་བརྒྱན་མང་བཟང་པོར་ཡོད་མི་སྣང་། །མལ་སྟན་བཟང་པོ་དག་ལ་ཉལ་གྱུར་ཀྱང་། ཁྲོ་བའི་ཟུག་རྔུས་སེམས་ནི་སྡུག་བསྔལ་འགྱུར། །བདག་ལ་ཕན་པའི་དོན་འགྲུབ་བརྗེད་འགྱུར་ཏེ། ཁྲོ་བས་གདུང་བས་ལམ་ངན་འགྲོ་བར་བྱེད། །གྲགས་དང་དོན་གྲུབ་པ་ལས་ཉམས་པར་འགྱུར། །ཞེས་དང་། སྤྱོད་འཇུག་ལས། བསྐལ་པ་སྟོང་དུ་བསགས་པ་ཡི། །སྦྱིན་དང་བདེ་གཤེགས་མཆོད་ལ་སོགས། །ལོགས་སྤྱད་གང་ཡིན་དེ་ཀུན་ཀྱང་། ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད། །ཅེས་སོ། །དེ་བས་ན་གདོན་གྱི་དབང་དུ་སོང་བའི་སྐྱེ་བོ་དེས་ནི་རང་ཉིད་ལ་ཕན་འདོགས་པ་ལ་གནོད་པར་བྱེད་ཀྱང་དེ་ལ་ཁྲོ་བར་མི་རིགས་ཏེ། བཞི་བརྒྱ་བ་ལས། ཁྲོ་ཡང་འབྱུང་པོས་བཟུང་བ་ལ། །སྨན་པ་འཁྲུག་པ་མིན་དེ་ལྟར། །ཐུབ་པས་ཉོན་མོངས་དག་གཟིགས་ཀྱི། །ཉོན་མོངས་དང་འབྲེལ་གང་ཟག་མིན། །ཞེས་གསུངས་པ་ལྟར་གང་ཟག་ལ་མི་ཁྲོ་བ་དེའོ་རྒྱུད་ཉོན་མོངས་པ་དང་བྲལ་བར་སེམས་བསྐྱེད་པས་སེམས་ཅན་གྱི་ལོག་བསྒྲུབ་ལ་སྐྱོ་ནས་གཞན་དོན་ལས་མི་ལྡོག་པ་དང་། དགེ་བའི་རྩ་བ་མ་ལུས་པ་འཇོམས་བྱེད་ཁྲོ་བའི་དགྲ་ལས་སྐྱོབ་པ་དང་། གནོད་བྱེད་མཐུ་ཆུང་ངུ་ལའང་བཟོད་པའི་ཡིད་འཕྲོག་པའི་རྒྱན་དང་། ཉོན་


JL00_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་པའི་ཚོགས་གདུང་བར་བྱེད་པའི་དཀའ་ཐུབ་ཀྱི་སྟོབས་དམ་པ་དང་། གནོད་སེམས་ཀྱི་མེ་ཆེན་འཇོམས་པའི་ཆུའི་རྒྱུན་དང་། སེམས་མི་བསྲུན་པའི་ལོག་བསྒྲུབ་ཀྱི་མདས་མི་ཕིགས་པའི་གོ་ཆ་དང་། གསེར་གྱི་ཁ་དོག་དང་ལྡན་པ་ལ་སོགས་ཏེ་འགྲོ་བའི་མིག་དང་ཡིད་འཕྲོག་པའི་གཟུགས་བཟང་མོ་བསྒྲུབ་པ་དང་། རྟག་པར་ཡིད་ཀྱི་དགའ་བ་མི་ཉམས་པས་ཚེ་འདིར་ཡང་བདེ་ལ། ཕྱི་མ་ངན་འགྲོ་འགེགས་ཤིང་མངོན་མཐོ་དང་ངེས་ལེགས་སྟེར་བས་རྣམ་པ་ཐམས་ཅད་དུ་བདེ་བ་ལ་སོགས་བཟོད་པའི་ཕན་ཡོན་ལ་བལྟས་ནས་དང་དུ་བླང་བ་ཡིན་ཏེ། ཕྱིན་བསྡུས་ལས། གཞན་དོན་འདོར་བའི་ཡིད་དང་ལྡན་པ་ལ། །ཆུལ་གྱིས་དམ་པ་བཟོད་པ་ཡིན་ཅེས་གསུངས། །འཇིག་རྟེན་ལེགས་པ་ཕུན་སུམ་ཚོགས་པ་དག ཁྲོ་བའི་སྐྱོན་ལ་བཟོད་པས་ཡོངས་སུ་སྐྱོབ། །མཐུ་ལྡན་རྣམས་ཀྱི་རྒྱན་གྱི་དམ་པ་སྟེ། །དཀའ་ཐུབ་ཚུལ་འཆང་རྣམས་ལ་སྟོབས་ཀྱི་ཕུལ། །གནོད་སེམས་འབྲེག་གི་མེ་ལ་ཆུ་ཡི་རྒྱུན། །འདི་དང་གཞན་ལ་གནོད་དགུ་བཟོད་པས་སེལ། །སྐྱེ་བོ་མཆོག་གིས་བཟོད་པའི་གོ་ཆ་ལ། །མི་བསྲུན་སྐྱེ་བོའི་ཚིག་གི་མདའ་རྡུགས་པས། །དེ་དག་བསྟོང་པའི་མེ་ཏོག་བཟང་གྱུར་ཅིང་། །གྲགས་པའི་ཕྲེང་བ་ཡིད་དུ་འོང་བར་འགྱུར། །ཞེས་དང་། ཡོན་ཏན་མཛེས་ལྡན་མཚན་རང་བརྒྱན་པ་ཡི། །གཟུགས་བསྒྲུབ་བཟོ་ཡི་གནས་ཀྱང་བཟོད་པ་ཡིན། །ཅེས་པ་ལ་སོགས་པ་ལྟར་རོ། །གཞན་ཡང་བྱང་ས་ལས། བྱང་ཆུབ་སེམས་དཔའ་ནི་ཐོག་མ་ཁོ་ནར་བཟོད་པ་ལ་ཕན་ཡོན་དུ་བལྟ་བ་ཡིན་ཏེ། གང་ཟག་བཟོད་པ་ཅན་ནི་ཕྱི་མ་ལ་དགྲ་མང་བར་མི་འགྱུར་བ་དང་། འབྱེ་བ་མང་བར་མི་འགྱུར་བ་དང་། བདེ་བ་དང་ཡིད་བདེ་བ་མང་བར་འགྱུར་བ་དང་། འགྱོད་པ་མེད་པར་འཆི་བའི་དུས་བྱེད་པར་འགྱུར་བ་དང་། ལུས་ཞིག་ནས་ཀྱང་བདེ་འགྲོ་མཐོ་རིས་ཀྱི་


JL00_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་དུ་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ་སྙམ་སྟེ། དེ་དེ་ལྟར་ཕན་ཡོན་དུ་བལྟ་བས་བདག་ཉིད་ཀྱང་བཟོད་ཅིང་གཞན་ཡང་བཟོད་པ་ཡང་དག་པར་འཛིན་དུ་འཇུག་ལ་བཟོད་པའི་བསྔགས་པ་ཡང་བརྗོད་ཅིང་གང་ཟག་བཟོད་པ་ཅན་མཐོང་ན་ཡིད་དགའ་ཞིང་ཀུན་ཏུ་དགའ་བར་འགྱུར་བ་ཡིན་ནོ། །ཞེས་སོ། །དེ་ཡང་དོན་དམ་པའི་དབང་དུ་ན་ཁྲོ་བའི་རང་བཞིན་ནི་མཚན་ཉིད་མེད་པ་ཡིན་པའི་ཚུལ། ཤིན་ཏུ་བརྟགས་ན་གནོད་པའི་ངོ་བོ་ལ། །མཚན་ཉིད་མེད་དེ་ཆུ་ཡི་རི་མོ་བཞིན། །རྣམ་རྟོག་ཁྲོ་གཉེར་རྩུབ་མོ་ཞིག་པའི་མོད། །མཁའ་བཞིན་རྣམ་པར་སྟོང་ལ་ཐོབ་ཤོར་མེད། །དེ་ལ་འཇིག་རྟེན་ལས་འདས་པའི་བཟོད་པ་ནི། གནོད་བྱེད་ཀྱི་ཡུལ་ལ་ཕྱིན་ཅི་ལོག་རྣམ་པ་བཞིས་རྟོག་པ་བསལ་ནས། ཡུལ་ཅན་གྱི་སེམས་ལ་བརྟགས་པ་ན། གནོད་པའི་རང་བཞིན་གློ་བུར་གྱི་རྐྱེན་ལས་སྐྱེས་པ་ཙམ་ལས་རང་གི་ངོ་བོས་མཚན་ཉིད་རྒྱུན་ཆགས་སུ་འཛིན་པའི་ནུས་པ་མེད་དེ། དཔེར་ན་ཆུའི་རི་མོ་ནི་མོད་ལ་བྱུང་ཀྱང་མོད་ལ་མེད་པར་འགྱུར་བ་བཞིན། །འདུ་བྱེད་ཀྱིས་བསྡུས་པ། རྟོག་པ་དང་བཅས་པའི་ཁྲོ་གཉེར་གློ་བུར་བ་ཞིག་པའི་མོད་ལ་ཁྲོ་བའི་སེམས་བྱུང་ལྷག་མ་མ་ལུས་པ་འགོག་པར་འགྱུར་ཏེ། ཅིའི་ཕྱིར་ན་སེམས་ཡོད་པ་དང་ལྡན་པ་ཉིད་ཀྱི་ཕྱིར་ཆེད་དུ་བསམས་ནས་སྤྲུལ་པ་ལྟ་བུར་སྐད་ཅིག་གིས་འབྱུང་བར་འགྱུར་ལ། དེ་ཁོ་ན་ཉིད་དུ་མཉམ་པར་གནས་ན་རང་གི་རང་བཞིན་སྐྱེ་བ་མེད་པའི་ཕྱིར། ནམ་མཁའ་བཞིན་དུ་རྣམ་པར་མི་རྟོག་པ་ཉིད་ཀྱི་ཕྱིར་ཐོབ་ཤེར་མེད་པ་མིན་ནོ། །དེ་སྐད་དུ་སའི་སྙིང་པོ་འཁོར་ལོ་བཅུ་བ་ལས། འདུ་བྱེད་ཐམས་ཅད་རབ་ཏུ་ཞི་ཞིང་། །རྟོག་པ་ཐམས་ཅད་ཡོངས་སུ་སྤངས་ཏེ། །སེམས་ནི་ནམ་མཁའ་འདྲ་བར་མཉམ་པ། །བཟོད་པ་འདི་ལ་ཐམས་ཅད་གཏོད་གྱུར། །ཞེས་དང་། སྤྱོད་འཇུག་ལས། དེ་ལྟར་ཤེས་ན་སྤྲུལ་བ་ལྟའི། །དངོས་པོ་ཀུན་


JL00_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཁྲོ་མི་འགྱུར། །ཞེས་དང་། དེ་ལྟར་སྟོང་པའི་དངོས་རྣམས་ལ། །ཐོབ་པ་ཅི་ཡོད་ཤོར་ཅི་ཡོད། །ཅེས་དང་། འདི་ནི་དོན་དམ་པའི་ཚུལ་ལ་བརྟེན་པའི་ཆོས་ལ་སྤྱོད་པའི་བཟོད་པ་ཡིན་ཏེ། མོས་པས་སྤྱོད་པའི་ས་ལ་ནི་སྒྲའི་རྗེས་སུ་འགྲོ་བ་དང་། ས་བདུན་པ་ལ་ནི་རྗེས་སུ་མཐུན་པ་དང་། ས་བརྒྱད་པ་ལ་སོགས་པ་ལ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པའོ། །ཞེས་སྤྱོད་འགྲེལ་ལས་བཤད་དེ། ཡང་། གང་ཕྱིར་བཟོད་པའི་དཀའ་ཐུབ་གསུམ་ཉམས་ན། །སྦྱིན་སོགས་ཕ་རོལ་ཕྱིན་པ་གཞན་ལྔ་ཡང་། །ཕྱི་མཐའ་དགྲ་ཡིས་བསྐོར་བའི་བཤུལ་ལམ་བཞིན། །འདོད་པའི་གནས་སུ་ཕྱིན་དཀའ་བློ་སྟོབས་བསྐྱེད། །དེ་ལ་བཟོད་པའི་དཀའ་ཐུབ་གསུམ་ལས་ཕྱོགས་དང་པོ་དཀར་བ་དང་དུ་ལེན་པའི་བཟོད་པའི་སྲོ་ཤི་ནས་སེམས་ཞུམ་པར་གྱུར་ན་ལམ་གྱི་བར་ཆད་ཆེན་པོར་འགྱུར་བ་ཡིན་ཏེ། འདི་ལྟར་སྐྱེས་བུ་རྣམས་ནི་ལས་ཀྱི་གཞན་དབང་ལ་བརྟེན་པ་ཅན་ཤ་སྟག་ཡིན་པས་བདེ་བའི་རྒྱུ་ནི་ཉུང་ལ། སྡུག་བསྔལ་གྱི་རྒྱུ་ནི་མང་བའི་ཕྱིར་ཏེ་སྤྱོད་འཇུག་ལས། བདེ་བའི་རྒྱུ་ནི་རེས་འགའ་ཞིག །སྡུག་བསྔལ་རྒྱུ་ནི་ཤིན་ཏུ་མང་། །ཞེས་སོ། །དེ་ཡང་རང་གི་སྔོན་ལས་སམ། །གཞན་རྐྱེན་ལ་བརྟེན་པ་དང་། དགེ་བའི་བྱ་བ་ལ་ཞུགས་ན་དེའི་སེམས་ཁྲལ་ལམ། བྱེད་ལས་ཀྱིས་བསྐྱེད་པའི་དཀའ་བ་སྣ་ཚོགས་པ་ཉམས་སུ་མྱོང་བར་འགྱུར་ལ། དེའི་ཚེ་སྡུག་བསྔལ་གྱི་ཀུན་ཏུ་རྟོག་པའམ། དགའ་བའི་ཕྱོགས་ལ་བཟོད་སྲན་ཆུང་བའི་སྙིང་སྟོབས་ཀྱི་སྒོ་ནས་ལམ་དུ་འཁྱེར་ཤེས་པ་ཞིག་མེད་དུ་མི་རུང་སྟེ། སྡོང་པོ་བཀོད་པ་ལས། བུ་མོ་ཁྱོད་ཀྱི་ཉོན་མོངས་པ་ཐམས་ཅད་གཞོམ་པའི་ཕྱིར་ཐུབ་བར་དཀའ་བའི་སེམས་བསྐྱེད་པར་བྱའོ། །ཞེས་སོ། །གལ་ཏེ་ཐེག་པ་ཆེན་པོའི་ལམ་ལ་ཞུགས་ཀྱང་སེམས་སྲབ་མོར་གྱུར་ཏེ་བརྟན་ཚུགས་པའི་སྙིང་


JL00_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་དང་མི་ལྡན་ན་དཀའ་བའི་གནས་ཆུང་ངུས་ཀྱང་ལམ་ལས་ལྡོག་པའི་རྐྱེན་བྱེད་ལ། སྙིང་སྟོབས་ཆེན་པོ་དང་ལྡན་པ་རྣམས་ནི་སྡར་།།།མའི་བརྟུལ་ཞུགས་ལས་ལྡོག་པས་སྡུག་བསྔལ་དང་དཀའ་སྤྱད་ཆེན་པོ་ཡང་ལམ་གྱི་གྲོགས་སུ་འགྲོ་སྟེ། དཔེར་ན་དཔའ་ཞིང་བརྟུལ་ཕོད་པའི་སྐྱེས་བུ་གཡུལ་ངོར་ཞུགས་པ་དས་རང་གི་ཁྲག་བོར་བ་མཐོང་ན་སླར་ལ་སྙིང་སྟོབས་སྐྱེ་བའི་རྒྱུ་བྱེད་ལ། ཤིང་བལ་གྱི་འདབ་མ་ལྟར་ཡང་ཞིང་གཡོ་བའི་སེམས་དང་ལྡན་པས་སྡར་མར་གྱུར་བ་དག་ནི་གཞན་གྱི་ཁྲག་མཐོང་ནའང་བརྟབས་ནས་བོག་ཅིང་འགྱེལ་འགྲོ་བའི་ཚུལ་སྤྱོད་འཇུག་ལས། ལ་ལ་བདག་གི་ཁྲག་མཐོང་ན། དཔའ་བརྟན་ལྷག་པར་སྐྱེ་འགྱུར་ཡོད། །ལ་ལ་གཞན་གྱི་ཁྲག་མཐོང་ཡང་། །བོག་ཅིང་བརྒྱལ་བར་འགྱུར་བ་ཡོད། །དེ་ནི་སེམས་ཀྱི་ངང་བརྟན་དང་། །སྡར་མའི་ཚུལ་ལས་གྱུར་བ་ཡིན། །ཅེས་གསུངས་པ་ལྟར་རོ། །དེ་བས་ན་གནས་དང་། འཇིག་རྟེན་གྱི་ཆོས་དང་། སྤྱོད་ལམ་དང་། ཆོས་ཡོངས་སུ་འཛིན་པ་དང་། སློང་མོས་འཆོ་བ་དང་། མངོན་པར་བརྩོན་པས་དུབ་པ་དང་། སེམས་ཅན་དོན་བྱེད་དང་། འཕྲལ་གྱི་བྱ་བ་ལ་བརྟེན་པ་སྟེ་སྡུག་བསྔལ་དང་ལེན་གྱི་བཟོད་པའི་རྣམ་གྲངས་བརྒྱད་དང་། དེ་བཞིན་དུ་ཆོས་ལ་ངེས་པར་སེམས་པའི་བཟོད་པ་ལ། དང་བའི་ཡུལ་དང་། མངོན་དུ་བྱ་བ་དང་། འདོད་པའི་ཡུལ་དང་། བླང་དོར་དང་། བསྒོམ་པའི་ཡུལ་དང་། རྗེས་སུ་བསྒྲུབ་པ་དང་། མོས་པའི་དང་། ཤེས་བྱའི་ཡུལ་ཏེ་སྤྱིར་བརྒྱད་ཚན་གཉིས་སུ་བྱང་ས་ལས་བཤད་པའང་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུའི་རྣམ་པར་ཐར་བས་ཉམས་སུ་བླང་བར་བྱའོ། །ཕྱོགས་གཉིས་པ་གནོད་པ་ལ་ཇི་མི་སྙམ་པའི་བཟོད་པ་ཉམས་ན། ཁྲོ་བའི་སེམས་དེ་ཉིད་ཁོ་ནས་བདག་ཉིད་ལ་སྡུག་བསྔལ་ཆེན་པོ་བསྐྱེད་པར་འགྱུར་ཏེ་དེ་སྐད་དུ། ཞེ་སྡང་


JL00_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

ཟུག་རྔུའི་སེམས་འཆད་ན། །ཡིད་ནི་ཞི་བའི་ཉམས་མི་མྱོང་། །ཞེས་སོ། །དེ་ལ་ཞེ་སྡང་ནི་ཉེ་བར་མཚོན་པ་ཉིད་དེ། དེའི་རྒྱུ་མཐུན་པ་ནི་ཁྲོ་བ་ཡིན་ལ། དེའི་གཉེན་པོའི་ཕྱོགས་ནི་བཟོད་པ་ཡིན་ནོ། །དེ་བས་ན་བཅོམ་ལྡན་འདས་ཀྱིས། ཁོང་ཁྲོ་ཞེས་བྱ་བས་ནི་བསྐལ་པ་སྟོང་དུ་བསགས་པའི་བསོད་ནམས་ངག་ཀྱང་འཇོམས་པར་བྱེད་ཅིང་འབྲས་བུ་མེད་པར་བྱེད་དོ། །རྟེན་བསྲེགས་ནས་གཞན་བསྲེག་པར་བྱེད་དོ། །དེ་བས་ན་ཞེ་སྡང་ལ་ཁོང་ཁྲོ་བ་ཞེས་བྱའོ། །ཞེས་དང་། དགེ་བའི་རྩ་བ་རྒྱ་ཆེན་པོས་ཀྱང་མི་སྐྱོབ་པའི་ཚུལ་ཟླ་བ་སྒྲོན་མར། ཕན་ཚུན་གནོད་པའི་སེམས་སུ་གང་བྱེད་པ། །དེ་ལ་ཚུལ་ཁྲིམས་ཐོས་པས་སྐྱོབ་མི་བྱེད། །བསམ་གཏན་དང་ནི་དགོན་གནས་མི་སྐྱོབ་སྟེ། །སྦྱིན་དང་སངས་རྒྱས་མཆོད་པའང་སྐྱོབ་མི་བྱེད། །ཅེས་གསུངས་སོ། །དེའི་ཕྱིར་བྱང་ཆུབ་སེམས་དཔའ་ནི་གནོད་བྱེད་ལ་ཁྲོ་བ་མི་བསྐྱེད་ཅིང་། དངོས་དང་བརྒྱུད་པའི་རང་གི་ལེ་ལན་ལ་བརྟགས་ནས་ཁོང་ཁྲོའི་རྣམ་རྟོག་དེ་ཉིད་ལ་དགྲ་བཞིན་དུ་བལྟ་དགོས་ཏེ། ཅིའི་ཕྱིར་ན་ཁྲོས་པའི་སྡིག་པ་ནི་རང་གི་རྗེས་སུ་འབྲང་བས་རྣམ་པ་ཀུན་ཏུ་དགར་འགྱུར་ལ། གནོད་བྱེད་ནི་གློ་བུར་བ་ཡིན་པས་རྣམ་པ་ཐམས་ཅད་དུ་བདག་དང་འབྲལ་བ་མ་ཡིན་ནོ། །དེ་སྐད་དུ་སྤྱོད་འཇུག་ལས། གཞན་དག་བདག་ལ་མི་དགའ་བ། །དེས་ནི་ཚེ་འདིའམ་ཚེ་གཞན་ལ། །བདག་ལ་ཟ་བར་མི་བྱེད་ན། །བདག་ནི་དེ་ཕྱིར་དེ་མི་འདོད། །ཅེས་པ་ལྟར་རོ། །ཕྱོགས་གསུམ་པ་ཆོས་ཉིད་ཟབ་མོའི་དོན་ལ་མི་སྐྲག་པའི་བཟོད་པ་ཉམས་ན་འཇིག་རྟེན་ལས་འདས་པའི་དོན་དང་རིང་བ་ཡིན་ཏེ། འདི་ལྟར་འཇིག་རྟེན་པའི་ལམ་དང་འབྲེལ་བའི་བཟོད་པ་ནི། སེམས་ཅན་ལ་བརྟེན་ནས་དམིགས་པ་ལེན་པ་དང་། རྣམ་པར་སྨིན་པའི་འབྲས་བུ་ལ་བརྟེན་པ་དང་། བསོད་ནམས་ཀྱི་ལམ་ལ་བརྟེན་ཏེ་


JL00_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

བཟོད་དགོས་ན། དེའི་རང་བཞིན་ནི་དོན་དམ་པའི་བདེན་པ་ལས་ཕྱིན་ཅི་ལོག་པ། ཆགས་པ་དང་བཅས་པ། འདུ་བྱེད་དང་བཅས་པ། རྣམ་པར་རིག་པ་ཅན་དུ་ཡོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཡང་འགལ་བར་འགྱུར་ཏེ། འདི་ལྟར་འདུ་བྱེད་དང་རྡོག་པ་ཐམས་ཅད་ཡོངས་སུ་སྤངས་པ་ནི་འཇིག་རྟེན་ལས་འདས་པའི་བཟོད་པ་ཡིན་པའི་ཚུལ། སའི་སྙིང་པོ་འཁོར་ལོ་བཅུ་པ་ལས། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་བཟོད་པ་ནི་གཉིས་ཏེ། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའོ། །འཇིག་རྟེན་པ་ནི་སེམས་ཅན་ཐམས་ཅད་ལ་དམིགས་པ་ལེན་པ་དང་། རྣམ་པར་སྨིན་པའི་འབྲས་བུ་ལ་བརྟེན་པ་དང་། བསོད་ནམས་ཀྱི་ལམ་ལ་བརྟེན་ཏེ་བཟོད་པ་བྱེད་པའོ། །འཇིག་རྟེན་ལས་འདས་པ་ནི། ཕྱིན་ཅི་ལོག་པ་རྣམ་བཞི་བསལ་ནས། ཆགས་པ་མེད་པའི་བཟོད་པ་བསྒོམ་ཞིང་འདུ་བྱེད་པ། རྣམ་པ་གསུམ་དག་པའོ། །ཞེས་གསུངས་པ་ཡིན་ནོ། །དེ་བས་ན་དང་པོ་གཉིས་ནི་འཇིག་རྟེན་པའི་ཕྱོགས་ལ་བརྟེན་པ་སྟེ་ཐབས་ཀྱི་ཆ་ལྔའི་གྲོགས་སུ་ལས་དང་པོ་པས་གཙོ་བོར་སྤྱོད་ལ། ཕྱི་མ་ནི་འཇིག་རྟེན་ལས་འདས་པའི་ཆ་སྟེ་གོམས་པ་བརྟན་པས་ཤེས་རབ་ཀྱི་ངོ་བོ་ཉིད་དང་མཚུངས་ལྡན་དུ་འཇུག་པའོ། །མདོར་བསྡུ་ན་བཟོད་པའི་དཀའ་ཐུབ་གསུམ་མེད་ན་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་གཞན་ལྔ་པོ་ཇི་བཞིན་པར་བསྒྲུབ་མི་ནུས་ཏེ། དཔེར་ན་དགྲ་རྐུན་དང་གཅན་གཟན་གྱིས་བསྐོར་བའི་ལམ་ལ་དཔུང་གཉེན་མེད་པར་ཞུགས་ན་འདོད་པའི་གནས་སུ་ཕྱིན་དཀའ་བ་བཞིན། སྦྱིན་པ་ལ་སོགས་པ་དེ་དག་ཀྱང་རང་རང་གི་མི་མཐུན་ཕྱོགས་དང་འབྲེལ་ཆེ་བའི་ཕྱིར་ན་དེ་དག་གི་ཉེས་པ་མཐའ་དག་བཟོད་པའི་དཀའ་ཐུབ་གསུམ་ལ་བརྟེན་ནས་བསྲུང་ནུས་པ་ཡིན་པས་བློ་སྟོབས་བསྐྱེད་པར་བྱའོ། །


JL00_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། དུས་ལས་ཡོལ་བ་མེད་པའི་བརྩོན་འགྲུས་ཀྱི། །རང་དབང་ཉིད་དུ་དགེ་བའི་ཆོས་མཐའ་དང་། །སྐྱེད་མོས་ཚལ་དུ་ངང་པ་འགྲོ་བ་བཞིན། །ལེ་ལོའི་གཡང་ལ་བརྒྱུད་།།།པ་མེད་པར་འཇུག །དེ་ལ་བརྩོན་འགྲུས་ཀྱི་ངོ་བོ་ནི་དགེ་བ་ལ་མངོན་པར་སྤྲོ་བའི་སེམས་རྩེ་གཅིག་པ་དུས་ལས་ཡོལ་བ་མེད་པ་ཉིད་ཡིན་ཏེ། དཔེར་ན་འབྲོག་དགོན་པའམ། འཇིགས་པ་དང་བཅས་པའི་གནས་སུ་སྒོང་ལག་བབས་ཡིད་གདུངས་པའི་ངང་པ་ཁྱོ་ཤུག་དག་བུའི་ནུས་པ་རྫོགས་པའི་ཚེ་སྐྱེད་མོས་ཚལ་འབའ་ཞིག་ཏུ་འགྲོ་བ་ལ་ནན་ཏན་ཏུ་བྱེད་པའི་སེམས་རྩེ་གཅིག་པས་ལེ་ལོ་དང་ཡིད་གཉིས་གང་གིས་ཀྱང་བར་དུ་མི་གཅོད་པ་བཞིན་ནོ། །སྡོམ་པ་གསུམ་བསྟན་པ་ལས། བླ་ན་མེད་པའི་བྱང་ཆུབ་ནི་ནན་ཏན་བྱེད་པས་འགྲུབ་སྟེ། དེ་ལྟ་མ་ཡིན་ན་རི་བོང་དང་བྱི་ལས་ཀྱང་བྱང་ཆུབ་འཐོབ་བར་འགྱུར་རོ། །ཞེས་དང་། ཁྱེད་གནས་མེད་པ་དང་། འདྲེས་པ་མེད་པར་གྱིས་ལ་བ་ལང་དང་བོང་བུ་སྡུད་པར་མ་བྱེད་ཅིག ཁྱེད་ལེ་ལོའི་གནས་ལེན་པར་མ་བྱེད་ཅིག །མི་དགེ་བའི་ཆོས་སྤོངས་ལ་དགེ་བ་ལ་བརྩོན་འགྲུས་ཀྱིས་ཤིག །འོད་སྲུངས། ང་ནི་རྣམ་གྲངས་དུ་མར་དགེ་བ་ལ་གནས་པ་དང་། འདུ་འཛི་སྤངས་པ་བསྔགས་སོ། །ཞེས་སོ། །ཡང་དེའི་མི་མཐུན་ཕྱོགས་སྤང་བར་སྟོན་པ་ནི། །བྱ་བ་ངན་ཞེན་འདུ་འཛིའི་ཐག་པས་དཀྲིས། །སྒྱིད་ལུག་མཐུས་ནོན་སྦྱོར་བས་ནུས་པའང་བཏང་། །བདག་ཉིད་བརྙས་ནས་སེམས་ཞུམ་བརྟུལ་ཞུགས་བླངས། །དེ་འདྲའི་གང་ཟག་ཉེས་པའི་གཟིངས་ལ་ཞོན། །དེ་ལ་བདག་ཅག་གིས་ཐེག་པ་ཆེ་ཆུང་གི་སྡེ་སྣོད་མང་པོ་ཞིག་མཉན་ཏེ་བསྒྲུབ་པར་ཁས་བླངས་ཀྱང་། དོན་ལ་གཏུགས་ཙ་ན་སྦྱིན་པ་ལས་བྱུང་བ་དང་། ཚུལ་ཁྲིམས་ལས་བྱུང་བ་དང་། བསྒོམ་པ་ལས་བྱུང་བ་སྟེ་དགེ་བའི་ས་ཆེན་པོ་


JL00_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྣམ་པར་སྨིན་པའི་འབྲས་བུ་ལ་བརྟེན་པ་མཐའ་དག་གི་ཁུར་བར་ནས་ལེ་ལོས་རྒྱུ་མི་སྩོལ་བ་དང་། གཉིད་ལ་སྲེད་པ་དང་། འཇིག་རྟེན་ལ་རབ་ཏུ་གྲགས་ཀྱང་འདིར་རུང་བ་མ་ཡིན་པའི་བརྩོན་འགྲུས་ཕྱིན་ཅི་ལོག་བྱས་བ་ངན་པ་ལ་ཞེན་པས་རྩི་མ་གི་ཏའི་ནུས་པ་སྣོད་ལ་འདྲེས་པ་ལྟ་བུ་དང་། ཚོང་དང་སོ་ནམ་ལ་སོགས་པ་འཇིག་རྟེན་གྱི་འདུ་འཛི་ལ་དགའ་བ་དར་གྱི་སྲིན་བུ་རང་གི་རྒྱུ་ལྟོས་དཀྲིས་པ་ལྟ་བུ་དང་། དཀའ་བ་ཅུང་ཟད་མཐོང་བས་བྱ་བ་འདི་ནི་མི་འགྲུབ་ངེས་སོ་སྙམ་དུ་སྒྱིད་ལུག་པར་གྱུར་ཏེ་སེམས་ཀྱི་སྟོབས་བཅོམ་ནས་རང་གི་སྦྱོར་བས་ནུས་པའང་གཏོང་བ་དང་། བདག་ཉིད་བརྙས་པས་གཉེན་པོའི་ཕྱོགས་ཞིག་པར་གྱུར་ནས་སེམས་ཁོང་དུ་ཆུད་པས་ཞུམ་པའི་བརྟུལ་ཞུགས་དང་དུ་བླང་བ་སོགས་ནི་ཉེས་པ་དུ་མའི་སྣོད་དུ་གྱུར་བ་ལྕགས་གཟེར་ཞིག་པའི་གཟིངས་ལ་ཞོན་པ་ལྟ་བུ་སྟེ། མི་མཐུན་ཕྱོགས་ཆུང་ངུས་ཀྱང་དེ་ལ་འགལ་རྐྱེན་བྱེད་པའི་ཚུལ། གལ་ཏེ་བདག་ཉིད་ཉམ་ཆུང་ན། །ལྟུང་བ་ཆུང་ངུའང་གནོད་པར་བྱེད། །ཞུམ་བཅས་རྩོལ་བ་དོར་བ་ལ། །ཕོངས་ལས་ཐར་བ་ཡོད་དམ་ཅི། །ཞེས་སོ། ཁྱད་པར་དང་པོར་དམ་བཅས་པ་ཕྱི་ནས་བར་མ་དོར་འདོར་བ་ལ་གོམས་པ་དེའི་རྒྱུ་མཐུན་གྱི་འབྲས་བུས་ཚེ་འདིར་སྡིག་པ་འཕེལ་ཞིང་། སྐྱེ་བ་གཞན་དུ་དེའི་འབྲས་བུ་སྡུག་བསྔལ་འཕེལ་བ་དང་། བརྩམས་པའི་ལས་གང་ཡང་མི་འགྲུབ་པ་ཉིད་དེ། མ་བརྩམས་པ་ཞིག་མཆོག་ཡིན་གྱི། །བརྩམས་ནས་ལྡོག་པར་མི་བྱའོ། །སྐྱེ་བ་གཞན་དུ་དེ་གོམས་ཤིང་། །སྡིག་དང་སྡུག་བསྔལ་འཕེལ་འགྱུར་ཏེ། །གཞན་དང་འབྲས་བུའི་དུས་ཀྱང་ནི། །དམན་གྱུར་དེ་ཡང་འགྲུབ་མི་འགྱུར། །ཞེས་སོ། །དེ་ལ་སྤྱིར་ཆོས་ཀྱི་བྱ་བ་ནི་སྐྱོན་འགོག་ཅིང་ཡོན་ཏན་བསྒྲུབ་པ་ཁོ་ན་ཡིན་ལ་ཁྱད་པར་ཐེག་པ་ཆེན་པོའི་ལམ་གྱི་བསྒྲུབ་བྱ་ནི་བློས་བརྟེན་པའང་དཀའ་


JL00_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

བའི་གནས་སུ་སྣང་ན། བདག་ལྟ་བུས་བྱ་བ་འདི་སྒྲུབ་པར་མི་ནུས་སྙམ་པའི་སྒྱིད་ལུག་དང་བདག་ལ་བརྙས་པའི་མི་མཐུན་ཕྱོགས་ཀྱིས་སེམས་ཟིལ་གྱིས་ནོན་པའི་ཚེ། འདི་ལྟར་རྨོངས་ཤིང་ཉམས་ཆུང་ངུར་གྱུར་བའི་སྲོག་ཆགས་དམན་པ་དེ་དང་དེ་དག་གིས་ཀྱང་བརྩོན་པའི་སྟོབས་བསྐྱེད་ན་སངས་རྒྱས་ཐོབ་པར་གསུངས་ན། བདག་གིས་མཐོ་རིས་ཀྱི་རྟེན་མཆོག་ཏུ་གྱུར་བ་འདི་ལྟ་བུ་རྙེད་དུས་དོན་ཆེན་བསྒྲུབ་པ་ལ་དེ་ཙམ་དུ་ཅི་ཞིག་དཀའ་སྙམ་དུ་བློ་གཟེངས་བསྟོད་པར་བྱ་སྟེ་ལག་བཟང་གི་ཞུས་པ་དང་། ཟམ་ཏོག་བཀོད་པའི་མདོའི་དོན་སྤྱོད་འཇུག་ལས། བདག་གིས་བྱང་ཆུབ་ག་ལ་ཞེས། །སྒྱིད་ལུག་པར་ནི་མི་བྱ་སྟེ། །འདི་ལྟར་དེ་བཞིན་གཤེགས་པ་ནི། །བདེན་པར་གསུང་བས་བདེན་འདི་གསུང་། །སྦྲང་བུ་ཤ་སྦྲང་བུང་བ་དང་། །དེ་བཞིན་སྲིན་བུར་གང་གྱུར་བ། །དེས་ཀྱང་བརྩོན་པའི་སྟོབས་བསྐྱེད་ན། །བྱང་ཆུབ་ཐོབ་དཀའ་བླ་མེད་འཐོབ། །བདག་ལྟ་རིགས་ཀྱི་མིར་སྐྱེས་པས། །ཕན་དང་གནོད་པ་ངོ་ཤེས་པས། །བྱང་ཆུབ་སྤྱོད་པ་མ་བཏང་ན། །བདག་གིས་བྱང་ཆུབ་ཅིས་མི་འཐོབ། །ཅེས་དང་། རིན་ཆེན་ཕྲེང་བ་ལས། དེ་བས་སངས་རྒྱས་རིང་ཐོགས་ཞེས། །བློ་དང་ལྡན་པས་སྐྱིད་མི་ལུག །ཉེས་ཟད་ཡོན་ཏན་དོན་དུ་ནི། །འདི་ལ་རྟག་ཏུ་འབད་པར་བྱ། །ཞེས་སོ། །བརྩོན་འགྲུས་ཀྱི་རང་བཞིན་དབྱེ་བའི་ཕྱིར། །བདུད་བཞི་འཇོམས་པ་གོ་ཆའི་བརྩོན་འགྲུས་དང་། །ས་བཅུའི་ལམ་འགྲོ་སྦྱོར་བའི་བརྩོན་འགྲུས་དང་། །མི་འགོང་མི་ལྡོག་ཆོག་ཤེས་མེད་པ་ཡི། །བརྩོན་འགྲུས་ཅན་གྱིས་སྨོན་པའི་དོན་ཀུན་འགྲུབ། །དེ་སྐད་དུ་ཀུན་ལས་བཏུས་ལས། གོ་ཆ་དང་། སྦྱོར་བ་དང་། མི་འགོང་བ་དང་། མི་ལྡོག་པ་དང་། ཆོག་པར་མི་འཛིན་པ་ལ་སེམས་མངོན་པར་སྤྲོ་བ། ཞེས་པ་ལས། དེ་ལ་གོ་ཆའི་བརྩོན་འགྲུས་ནི། བྱང་ཆུབ་སེམས་


JL00_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་སྦྱོར་བ་གང་ཞིག་ལ་བརྩོན་པ་དང་། འགྲུས་པར་བྱེད་པའི་སྔོན་དུ་འགྲོ་བ་ནི་ལུས་ངག་གི་ལས་རྟབ་རྟབ་པོ་ཙམ་གྱིས་མི་ཆོག་པར་སྙིང་སྟོབས་ཀྱི་གོ་ཆ་རྐྱེན་གང་གིས་ཀྱང་མི་ཕིགས་པ་དང་དུ་བླང་བར་བྱ་དགོས་ཏེ། བདག་ནི་འདི་ལྟར་བསྐལ་པ་ཆེན་པོ་གྲངས་མེད་པའི་གྲངས་བྱེ་བ་སྙེད་ཀྱི་གཞལ་བའི་བར་དུ་སེམས་ཅན་གཅིག་གི་སྡུག་བསྔལ་བསལ་བའི་ཕྱིར་དུ་སེམས་ཅན་དམྱལ་བ་ཆེན་པོ་ཁོ་ནར་གནས་ནས་རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་འགྱུར་ནའང་དེའི་བརྩོན་འགྲུས་ཀྱི་མཐའ་མི་གཏོང་ན། དེ་ལས་གཞན་པའི་སྡུག་བསྔལ་ཆེས་ཆུང་བ་དང་། དུས་ཐུང་ངུ་ལ་གོ་ཆ་ཡལ་བར་འདོར་བ་ལྟ་ཅི་སྨོས་སྙམ་པ་ལྟ་བུའི་སྙིང་སྲན་བསྟས་པར་བྱེད་པ་སྟེ། གང་པོས་ཞུས་པ་ལས། གོ་ཆ་བགོས་པ་བརྟན་པ་ལས་བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་རེ་རེའི་སྤྱོད་པ་རེ་རེའི་ཕྱིར་ཡང་འཁོར་བའི་མཐའ་ཇི་སྲིད་པ་ད་སྲིད་དུ་འཁོར་བ་བ་ན་འཁོར་ཞིང་ཤེས་རབ་ཀྱི་སྨན་ཡོངས་སུ་འཚོལ་བ་དང་། གོ་ཆ་མི་སྤང་བར་ཤིན་ཏུ་བརྟན་པར་བྱས་ནས་གོ་ཆ་ཆེན་པོ་ནས་འབྱེད་པ་མེད་པའི་གོ་ཆའི་བར་བགོ་བར་བྱེད་དོ། །ཞེས་གསུངས་སོ། །འདི་འདྲ་བའི་བསམ་པ་ལ་གོམས་སུ་བཅུག་པ་དང་། དད་པ་བསྐྱེད་པས་ཀྱང་ཐེག་པ་ཆེན་པོའི་རིགས་ཀྱི་ནུས་པ་སད་པའི་རྒྱུར་འགྲོ་སྟེ། ཕར་ཕྱིན་བསྡུས་པ་ལས། འཁོར་ཚེ་རང་གི་སྡུག་བསྔལ་སེམས་བཏང་ཞིང་། །གོ་ཆ་བརྟན་པ་དཔག་ཡས་དེ་བསྐྱེད་ན། །བརྟུལ་ཞུགས་དཔའ་བ་སྙིང་རྗེའི་ངང་ཅན་ལ། །ཡང་དག་བླངས་པ་དང་པོ་ཡིན་པར་བརྗོད། །ཅེས་སོ། །དེ་ལྟ་བུའི་གོ་ཆའི་བརྩོན་འགྲུས་མི་ལྡོག་པའི་ཚད་ཀྱང་། ཐོག་མ་མེད་པའི་འཁོར་བ་ནས་དེ་རིང་ཚུན་ལ་ཉིན་ཞག་ཕྲུགས་གཅིག་ཏུ་བྱས་པའི་ལོ་ཟླའི་འགྱུར་གྱིའོ་ཐེར་འབུམ་གཅིག་སོང་བའི་ཚེ་བྱང་ཆུབ་ཀྱི་སེམས་ཅན་གཅིག་སྐྱེ་ཞིང་སངས་རྒྱས་གཅིག་མཐོང་


JL00_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

ལ། དེ་འདྲའི་གངྒཱའི་ཀླུང་གི་བྱེ་མའི་གྲངས་སུ་ལོངས་པ་གཅིག་གིས་སེམས་ཅན་གཅིག་གི་ཁམས་དང་སྤྱོད་པ་ཤེས་ལ་དེ་ལྟ་བུའི་ཚུལ་ཁོ་ནས་མཐའ་ཡས་པའི་སེམས་ཅན་གྱི་སེམས་དང་སྤྱོད་པ་ཤེས་པར་བྱ་དགོས་པ་འདུག་ཀྱང་སེམས་མི་ཞུམ་པ་དེ་གོ་ཆ་བརྟན་པའི་ཆེད་དུ་བློ་གྲོས་མི་ཟད་པས་ཞུས་པ་ལས་བསྟན་ཅིང་། དེ་ལྟ་བུའི་བརྩོན་འགྲུས་ལ་གནས་ཤིང་སངས་རྒྱས་རྗེས་སུ་དྲན་པ་ལ་སོགས་པའི་རྩོམ་པ་ཅན་བདུད་ཀྱིས་ཀྱང་གླགས་མི་རྙེད་པའི་ཚུལ་བུ་མོ་བློ་གྲོས་བཟང་མོས་ཞུས་པ་ལས། ཆོས་རྣམས་ལ་ནི་ཆོས་རྟོགས་ལ་འདོད་པ་ལ། བརྩོན་འགྲུས་གནས་ཤིང་སངས་རྒྱས་རྗེས་སུ་དྲན། །ཡོངས་སུ་བསྔོ་ཞིང་བཤགས་དང་ཕྱག་འཚལ་བ། །དེ་ལ་བདུད་ཀྱིས་གླགས་ནི་རྙེད་མི་འགྱུར། །ཞེས་སོ། །དེ་ལྟར་གོ་ཆའི་བརྩོན་འགྲུས་བརྟན་པར་བྱས་ནས། གང་གི་དོན་དུ་བརྩམ་པའི་བྱ་བ་གཉིས་ལས། སྦྱོར་བའི་བརྩོན་འགྲུས་ནི། དགེ་བའི་ཆོས་བསྡུད་པའི་གནས་མཐའ་དག་པ་སྟེ། འདི་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་གམ་བཅུ་ལ་བརྟེན་ནས་ས་བཅུ་པོ་ཡོངས་སུ་རྫོགས་ཤིང་དག་པར་ཕྱེད་པ་སྟེ་གང་པོས་ཞུས་པ་ལས། ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་སེམས་ཅན་རྣམས་ཡོངས་སུ་བསྡུ་བའི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྣམས་བསྒོམ་པར་བྱེད་པ། ཐམས་ཅད་ཀྱང་ཤེས་རབ་སྔོན་དུ་འགྲོ་ཞིང་ཤེས་རབ་མངོན་པར་བསྒྲུབ་པ་དང་། ཤེས་རབ་ཀྱིས་ཡོངས་སུ་བསྡུས་ནས་བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བར་བྱེད་དོ། །ཞེས་གསུངས་སོ། །སེམས་ཅན་དོན་བྱེད་པའི་བརྩོན་འགྲུས་ནི། རང་


JL00_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གཉིས་ཀའི་དོན་འགྲུབ་པའི་རྒྱུ་ཡིན་པས་དོན་བྱ་བ་བཅུ་གཅིག་གི་གནས་ལ་ལུས་ཀྱིས་འབད། ངག་གིས་བརྩོན། སེམས་ཀྱིས་རབ་ཏུ་རྩོལ་བའི་དཔེ་ཡང་དེད་དཔོན་སློང་ལྡན་གྱིས་སེམས་ཅན་གྱི་དབུལ་བ་སེལ་བའི་དོན་དུ་རིན་པོ་ཆེའི་གླིང་ནས་ནོར་བུ་བླངས་པ་རྒྱ་མཚོ་གཏིང་དུ་ལྷུང་བ་ལས། རྒྱ་མཚོའི་ཆུ་སྙིམ་པས་དོར་ཏེ་བསྐམས་པར་འདོད་པ་ལྟ་བུ་ཐོག་མར་དམ་བཅས་པའི་གནས་གང་ཡིན་པ་དེ་ལ་སླར་མི་འགོང་ཞིང་བར་མ་དོར་མི་ལྡོག་པ་དང་། མགོ་ལ་མེ་ཤེར་བའམ། པང་དུ་དུག་སྦྲུལ་ཞུགས་ན་དེ་ལྡོག་པའི་རྩོལ་བ་ལ་ལེ་ལོ་དང་ཆོག་ཤེས་མེད་པ་བཞིན་དུ་བརྩོན་འགྲུས་ཀྱི་གེགས་དང་འགལ་རྐྱེན་དུ་གྱུར་བ་ཐམས་ཅད་སྤངས་ཏེ། མཐུན་པའི་རྐྱེན་དུ་གྱུར་བའི་དཔུང་གི་ཚོགས་བསགས་ནས་རྩོམ་པ་ཆེན་པོ་ལ་འཇུག་དགོས་ཏེ། དེ་ཡང་དྲན་དང་ཤེས་བཞིན་འབའ་ཞིག་ལ་མ་བརྟེན་ན་མི་འགྲུབ་པའི་ཚུལ་ཉུང་མར་བཀང་བའི་སྣོད་བཀུར་ལ། རལ་གྲི་ཐོགས་པས་དྲུང་བསྡད་དེ། །བོན་གསོད་བསྡིགས་འཇིགས་པ་ལྟར། །བརྟུལ་ཞུགས་ཅན་གྱིས་དེ་ལྟར་བསྒྲིམ། །ཞེས་བཤད་པ་ལྟར་རོ། །དེ་ལ་འདི་སྙམ་དུ་སངས་རྒྱས་བསྒྲུབ་པ་ལ་ཁུར་དུ་མི་བཟོད་པའི་དཀའ་བ་ཆེས་མང་ཞིང་། ཁྱད་པར་མགོ་དང་ཡན་ལག་ལ་སོགས་པའང་བཏང་དགོས་ན་དེ་འདྲ་བ་བདག་གིས་མི་ནུས་སོ་སྙམ་ན། སྤྱོད་པ་ལ་མ་ཞུགས་པའི་སེམས་ཅན་རང་དགར་བསྡད་པ་དག་ལའང་ལས་ཀྱི་ཉེས་པས་མགོ་བཅད་པ་དང་། ཡན་ལག་འདྲལ་བ་དང་། ལུས་ཕུག་པ་དང་བཅིངས་ཏེ་བསྲེགས་པ་ལ་སོགས་པའི་སྡུག་བསྔལ་བརྗོད་ལས་འདས་པ་མྱོང་བ་མངོན་སུམ་པ་དེས་རང་གི་དོན་ཡང་མ་གྲུབ། གཞན་གྱི་དོན་ཡང་མ་གྲུབ་ན། འཁོར་བ་ན་འཁོར་བ་མཉམ་པོ་ལ་བྱང་ཆུབ་ཀྱི་ཕྱིར་དུ་དཀའ་བ་སྤྱད་པའི་སྡུག་བསྔལ་ནི་སྐྱེས་བུའི་བློ་སྟོབས་


JL00_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

དང་བསྟུན་ནས་དང་དུ་བླང་བའང་བྱར་ཡོད་པས་དཀའ་བ་ཆུང་ལ་རང་གཞན་གྱི་དོན་འགྲུབ་པའི་དགོས་པ་ཆེ་བའི་ཕྱིར་ཏེ། འོན་ཏེ་རྐང་ལག་ལ་སོགས་པ། བཏང་དགོས་བདག་ནི་འཇིགས་ཞེ་ན། །ལྕི་དང་ཡང་བར་མ་དཔྱད་པས། །རྨོངས་པ་བདག་ནི་འཇིགས་པར་ཟད། །བསྐལ་པ་བྱེ་བ་གྲངས་མེད་དུ། །ལན་གྲངས་དུ་མར་བཅད་པ་དང་། །དབུག་དང་བསྲེག་དང་གཤོག་འགྱུར་གྱིས། །བྱང་ཆུབ་ཐོབ་པར་མི་འགྱུར་རོ། །བདག་ནི་བྱང་ཆུབ་བསྒྲུབ་པ་ཡི། །སྡུག་བསྔལ་འདི་ནི་ཚོད་ཡོད་པ། །ཟུག་རྔུ་ཁོང་བརླག་གནོད་བསལ་ཕྱིར། །ལུས་རྨ་གཏོད་པའི་སྡུག་བསྔལ་བཞིན། །སྨན་པ་ཀུན་ཀྱང་གསོར་བྱེད་ཀྱིས། །མི་བདེ་བ་ཡི་ནད་མེད་བྱེད། །དེ་བས་སྡུག་བསྔལ་མང་པོ་དག །གཞོམ་ཕྱིར་མི་བདེ་ཆུང་བཟོད་བྱ། །ཞེས་སོ། །དེ་བས་ན་ཕ་རོལ་ཏུ་ཕྱིན་པའི་ལམ་ནི་ལུས་སྲོག་བཏང་དགོས་པས་བྱ་དཀའ་བའི་གནས་སོ་ཞེས་སྐག་པ་སྐྱེ་བའང་གོ་བའི་གཏིང་མ་ཕྱིན་པ་སྟེ། བྱ་དཀའ་བའི་འདུ་ཤེས་སྐྱེ་བའི་བར་ལ་ནན་ཏུར་གྱིས་དམ་ལ་བཞག་པ་མེད་དེ། རང་གི་བློའི་སྟོབས་དང་བསྟུན་ནས་རིམ་པས་གོམས་སུ་འཇུག་པའི་ཚུལ། གསོ་དཔྱད་ཕལ་པ་འདི་འདྲ་བ། །སྨན་པ་མཆོག་གི་མ་མཛད་དེ། །ཆོ་ག་ཤིན་ཏུ་འཇམ་པོ་ཡིས། །ནད་ཆེན་དཔག་མེད་གསོ་བར་མཛད། །ཚོད་མ་ལ་སོགས་སྦྱིན་པ་ལ། །འདྲེན་པས་ཐོག་མར་སྦྱོར་བ་མཛད། །དེ་ལ་གོམས་ནས་ཕྱིས་ནས་ནི། །རིམ་གྱིས་རང་གིས་ཤ་ཡང་གཏང་། །གང་ཚེ་རང་གི་ལུས་ལ་ནི། །ཚོད་སོགས་ལྟ་བུའི་བློ་སྒྱིས་པས། །དེ་ཚེ་ཤ་ལ་སོགས་གཏོང་བ། །དེ་ལ་དཀའ་བ་ཅི་ཞིག་ཡོད། །ཞེས་པ་སྟེ། གོམས་པ་མཐར་སོན་པའི་ཚེ་འཁོར་བ་རང་བཞིན་མེད་པ་སྒྱུ་མ་ལྟ་བུར་རྟོགས་པ་བརྟན་པས་རང་ལུས་ལ་ཆགས་པ་འགོག་ཅིང་། སྟོང་པ་ཉིད་དང་


JL00_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་རྗེ་ཆེན་པོའི་སྟོབས་རྒྱས་པས་སྡིག་པ་སྤངས། །རྒྱུ་ལོག་པས་འབྲས་བུ་ཚེར་བ་སྡུག་བསྔལ་མི་འབྱུང་བའི་ཚུལ། སྡིག་པ་སྤངས་ཕྱིར་སྡུག་བསྔལ་མེད། །མཁས་པའི་ཕྱིར་ན་མི་དགའ་མེད། །འདི་ལྟར་ལོག་པར་རྟོགས་པ་དང་། །སྡིག་པས་སེམས་དང་ལུས་ལ་གནོད། །བསོད་ནམས་ཀྱིས་ནི་ལུས་བད་།།།ལ། །མཁས་པ་ཡིས་ནི་སེམས་བད་།།།ན། །གཞན་དོན་འཁོར་བར་གནས་ཀྱང་ནི། །སྙིང་རྗེ་ཅན་དག་ཅི་སྟེ་སྐྱོ། །ཞེས་སོ། །མདོར་ན་དུས་གསུམ་དུ་བྱོན་བཞུགས་གཤེགས་པའི་སངས་རྒྱས་ཐམས་ཅད་ཀྱིས་མངོན་པར་འཆིང་རྒྱ་བའི་ལམ་གྱི་གྲོགས་སུ་བརྩོན་འགྲུས་འདི་མ་བརྟེན་པ་གཅིག་ཀྱང་མེད་ཅིང་། ཁྱད་པར་བདག་ཅག་གི་སྟོན་པ་འདིས་རང་བས་ཐུགས་བསྐྱེད་པ་སྔ་བའི་བྱང་ཆུབ་སེམས་དཔའ་མ་ཕམ་པ་ལ་སོགས་པའི་སྔོན་རོལ་ཏུ་འཚང་རྒྱ་བའང་བརྩོན་འགྲུས་ཀྱི་ཁྱད་པར་ལས་བྱུང་བ་ཡིན་པར་རིག་པར་བྱས་ནས་སེམས་གཟེངས་བསྟོད་པའི་ཚུལ་དཀོན་མཆོག་སྤྲིན་ལས། བྱང་ཆུབ་སེམས་དཔས་ནི་འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་དག་མངོན་པར་སངས་རྒྱས་པ་དེ་དག་དང་། གང་དག་མངོན་པར་འཚང་རྒྱ་བ་དེ་དག་དང་། གང་དག་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དེ་དག་ཀྱང་ཚུལ་འདི་འདྲ་བ་དང་། ལམ་འདི་འདྲ་བ་དང་། བརྩོན་འགྲུས་འདི་འདྲ་བས་མངོན་པར་རྫོགས་པར་སངས་རྒྱས། མངོན་པར་རྫོགས་པར་འཚང་རྒྱ། མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར། ཞེས་དང་། དེ་བཞིན་གཤེགས་པ་དེ་དག་ཀྱང་དེ་བཞིན་གཤེགས་པར་གྱུར་བ་ཤ་སྟག་ལས་མངོན་པར་རྫོགས་པར་སངས་རྒྱས་པ་མ་ཡིན་གྱི། བདག་ཀྱང་ཅི་ནས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་འགྱུར་བར་སེམས་ཅན་ཐམས་ཅད་དང་


JL00_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་མོང་གི་བརྩོན་འགྲུས་དང་། སེམས་ཅན་ཐམས་ཅད་ལ་དམིགས་པའི་བརྩོན་འགྲུས་ཀྱིས་བདག་གིས་ཀྱང་དེ་ལྟར་བཙལ་ལོ། །འབད་དོ། །ཞེས་གསུངས་པ་ལྟར་རོ། ཁྱད་པར་ཚེ་ལ་ལོང་མེད་བསམ་པ་ནི་གཉེན་པོ་ཡིད་ལ་བྱ་བས་བརྩོན་པར་བྱ་བའི་ཡན་ལག་ཡིན་པའི་ཚུལ། བདག་གི་ཚེ་ནི་ཉིན་མོའི་མཐར་འགྱུར་ཏེ། །མྱུར་བ་མྱུར་བར་འཆི་བའི་མུན་ནག་གིས། །གཏུགས་ན་འཁོར་བའི་སྤྱོད་པ་རྒྱུ་སྐར་ལས། །རྣམ་གྲངས་མང་བ་དེ་ཡི་དབུགས་མི་བྱིན། །འདི་ལྟར་ཚེ་འདི་ནི་ཉི་མ་ནུབ་རི་ལ་ཕྱོགས་པ་བཞིན་དུ་ཤིན་ཏུ་གཡོ་བ་ཉིད་ཡིན་པས་ཡིད་བརྟན་པར་བྱ་བའམ། རིང་དུ་གནས་པའི་ནུས་པ་མེད་པར་ཐག་ཆོད་པས་འཁོར་བའི་སྤྱོད་པ་ནི་རྒྱུ་སྐར་བཞིན་དུ་རྣམ་གྲངས་མང་ལ་བྱས་པས་ཟིན་པ་མེད་ཅིང་ཡོད་ཀྱང་སྙིང་པོ་མེད་པ་ལ་བསམས་ནས་བརྩོན་དགོས་ཏེ་གསལ་རྒྱལ་གྱིས་ཞུས་པའི་མདོ་ལས་རྒྱལ་པོ་ཆེན་པོ་དེ་ལྟར་ཐམས་ཅད་ཀྱི་ལུས་ཀྱི་རང་བཞིན་འདི་ཡིན་ཏེ། འདི་ལྟར་མི་རྟག་པ། འདི་ལྟར་མི་བརྟན་པ། འདི་ལྟར་ཡིད་བརྟན་དུ་མི་རུང་བ། འདི་ལྟར་རྣམ་པར་འཇིག་པའི་ཆོས་ཅན། ཡུན་ཐུང་བ། མི་གནས་པ། གཡོ་བ། འགུལ་བ། མཐར་འཇིག་པ། སྐད་ཅིག་པ། མཐར་སྡིག་པ། ཟད་ཅིང་འཇིག་པའི་སྒོ། མཐར་བགྱིས་པའི་ཆོས་ཅན་འཇིག་པ་དང་བཅས་པ། མྱ་ངན་དང་། འཁྲུག་པ་མང་བ། འབྲུལ་ལ། འཇིག་པ། འཆད་པ། འགྱེལ་བ། འཐོར་བ། རྣམ་པར་འཇིག་པའི་ཆོས་ཅན་ཏེ། དེ་ལྟ་བས་ན་རྒྱལ་པོ་ཆེན་པོ། ཁྱོད་མི་རྟག་པར་བལྟ་བ་དང་། ཟད་པ་དར། འཇིག་པར་བལྟ་བ་དང་། འདོད་ཆགས་ཀྱིས་ཆགས་པ་མེད་པར་བལྟ་བ་དང་། ཞེ་སྡང་གིས་སྡང་བ་མེད་པ་དང་། གཏི་མུག་གིས་རྨོངས་པ་མེད་པ་དང་། རྒྱལ་སྲིད་ཀྱི་དབང་ཕྱུག་དང་། འདོད་པའི་ལོངས་སྤྱོད་ཀྱི་བདེ་བ་རྣམས་ལ་ཡང་མི་ཆགས་པར་བྱའོ། །སྲོག་དང་ནད་མེད་


JL00_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱགས་པས་རྒྱགས་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ཆེན་པོ་འདོད་པ་རྣམས་རྙེད་པའམ། སོ་སོར་རྙེད་པའམ། བསགས་པའམ། རབ་ཏུ་བསགས་པའམ། བསྟེན་པས་ནི། འདོད་པ་རྣམས་ཀྱིས་ངོམས་པར་འགྱུར་རོ་ཞེས་ང་མི་སྨྲའོ། །གང་དག་ངོམས་པ་དེ་དག་ནི་འཕགས་པའི་ཤེས་རབ་ཀྱི་ངོམས་སོ། །ཞེས་དང་། ལི་ཙཱ་བི་དྲི་མ་མེད་པར་གྲགས་པས་བསྟན་པ་ལས་ཀྱང་། ལུས་འདི་ནི་རྐྱེན་སྣ་ཚོགས་ལས་བྱུང་བ་སྟེ། བདག་པོ་མེད་པའོ། །ལུས་འདི་ནི་ས་དང་འདྲ་སྟེ་བྱེད་པ་མེད་པའོ། །ལུས་འདི་ནི་ཆུ་དང་འདྲ་སྟེ་བདག་པོ་མེད་པའོ། །ལུས་འདི་ནི་མེ་དང་འདྲ་སྟེ་སྲོག་མེད་པའོ། །ལུས་འདི་ནི་རླུང་དང་འདྲ་སྟེ་གང་ཟག་མེད་པའོ། །ལུས་འདི་ནི་ནམ་མཁའ་དང་འདྲ་སྟེ་རང་བཞིན་མེད་པའོ། །ལུས་འདི་ནི་འབྱུང་བ་ཆེན་པོ་རྣམས་ཀྱི་གནས་ཏེ་ཡང་དག་པ་མ་ཡིན་ནོ། །ལུས་འདི་ནི་རྩྭ་དང་། ཤིང་དང་། རྩིག་པ་དང་། བོང་བ་དང་། མིག་ཡོར་ལྟ་བུ་སྟེ་བེམ་པོའོ། །ལུས་འདི་ནི་རླུང་གི་འཁྲུལ་འཁོར་དང་ལྡན་པར་འབྱུང་སྟེ་ཚོར་བ་མེད་པའོ། །ལུས་འདི་ནི་རྣག་དང་། མི་གཙང་བ་བསགས་པ་སྟེ་གསོག་གོ །ལུས་འདི་ནི་རྟག་ཏུ་བྱུག་པ་དང་། མཉེ་བ་དང་། འཇིག་པ་དང་འགྱེས་པའི་ཆོས་ཅན་ཏེ་གསོབ་པོ། །ལུས་འདི་ནི་ནད་བཞི་བརྒྱ་རྩ་བཞིས་གཙེས་པའོ། །ལུས་འདི་ནི་རྟག་ཏུ་རྒ་བས་ཟིལ་གྱིས་ནོན་པ་སྟེ་ཁྲོན་པ་རྙིང་བ་དང་འདྲའོ། །ལུས་འདི་ནི་འཆི་བའི་མཐར་ཐུག་པ་སྟེ་མཐར་མི་གནས་པའོ། །ལུས་འདི་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱིས་ཡོངས་སུ་ཟིན་པ་སྟེ། གཤེད་མ་དང་། དུག་དྲག་པོ་དང་། གྲོང་སྟོང་པ་ལྟ་བུའོ། ཁྱོད་ཀྱིས་དེ་ལྟ་བུའི་ལུས་ལ་སུན་པ་དང་། སྐྱོ་བ་བསྐྱེད་ཅིང་དེ་བཞིན་གཤེགས་པའི་སྐུ་ལ་མོས་པ་བསྐྱེད་པར་བྱའོ། །ཞེས་ལུས་ཀྱི་རང་བཞིན་ཤིན་ཏུ་གཡོ་ཞིང་མི་བརྟན་པ་སོགས་ལ་རྟོག་པའི་སྒོ་ནས་བརྩོན་འགྲུས་


JL00_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

བརྩམ་དགོས་པ་འདི་ནི་སྡེ་སྣོད་ཆེན་པོ་རྣམས་ལས་ལེགས་པར་གསུངས་ཤིང་དོན་ཟབ་པ་ཡིན་ཏེ་འཕགས་པ་ནཱ་གཱ་རྫུ་ནས་ཀྱང་། དབང་ཕྱུག་ལུས་རྟོག་དྲན་པ་བདེ་གཤེགས་ཀྱིས། །འགྲོད་པ་གཅིག་པའི་ལམ་དུ་ཉེ་བར་བསྟན། །ཅེས་དང་། མགོའམ་གོས་ལ་བློ་བུར་མེ་ཤོར་ན། །དེ་དག་བཟློག་སླད་བགྱི་བ་བཏང་ནས་ཀྱང་། །ཡང་སྲིད་མེད་པར་བགྱི་སླད་འབད་འཚལ་ཏེ། །འདི་བས་ཆས་མཆོག་དགོས་པ་གཞན་མ་མཆིས། །ཞེས་བརྩོན་འགྲུས་ལ་བསྐུལ་བའི་གཏམ་མྱུར་བའི་མཐར་ཐུག་པ་དང་། དེ་བཞིན་དུ་སློབ་དཔོན་ཙནྡྲ་བས་རང་གི་སློབ་མ་ལ་སྤྲིང་བར། མི་ཡི་དངོས་པོ་ཤིན་ཏུ་རྙེད་དཀའ་རྙེད་གྱུར་ནས། །དོན་དུ་བརྣག་པ་གང་ཡིན་དེ་ཉིད་བརྟུན་ཏེ་བསྒྲུབས། །མར་མེའི་མེ་ལྕེ་ཤུགས་དྲག་རླུང་གིས་བསྐྱོད་པ་ལྟའི། །ཚེ་ནི་སྐད་ཅིག་གནས་པའི་གདེངས་ཡང་ཡོད་མ་ཡིན། །ཅེས་བརྩོན་འགྲུས་ཀྱི་མི་མཐུན་ཕྱོགས་ལེ་ལོའི་གཉེན་པོར་གཅིག་ཏུ་ཆེ་བ་ནི་མི་རྟག་པ་དྲན་པ་ཁོ་ན་མན་ངག་གི་དམ་པ་ཡིན་པར་བསྟན་ཏོ། །དེ་བས་ན་ལེ་ལོ་དང་མ་འདྲེས་པའི་བརྩོན་འགྲུས་བརྩམ་དགོས་པའི་ཚུལ། །ལེ་ལོའི་རྙོག་པ་དྭགས་པའི་བརྩོན་འགྲུས་ཀྱི། །དལ་འབབ་ཕྱོགས་ལྷུང་སྟོན་པ་མ་ཡིན་པར། །རྣམ་པ་ཀུན་མཁྱེན་རྒྱ་མཚོར་ཕྱིན་དེ་སྲིད། །གཡོ་ཞིང་མྱུར་བའི་བརྟུལ་ཞུགས་ཉམས་མི་བགྱིད། །དེ་ལ་ཆུ་ཀླུང་རྣམས་ནི་རྙོག་པའི་དྲིས་མ་རུངས་པར་བྱེད་པའི་དཔེས་བརྩོན་འགྲུས་ཀྱི་འགལ་ཟླ་ནི་ལེ་ལོ་ཁོ་ན་ཡིན་པས་རེས་ཤིག་བརྩོན་ཡང་རེས་ཤིག་མི་བརྩོན་པའི་ལམ་ནི་བྱང་ཆུབ་དང་རིང་ཞིང་སྐྱོ་བ་དང་བཅས་པ་ཉིད་ཀྱི་ཕྱིར་དེའི་ཉེས་དམིགས་ཤེས་པར་བྱ་བའི་ཚུལ་དྲན་པ་ཉེར་གཞག་ལས། ཉོན་མོངས་སུམ་གྱི་གཞི་གཅིག་ནི། །ལེ་ལོ་ཡིན་ཏེ་གང་ལ་ཡོད། །གང་ལ་ལེ་ལོ་གཅིག་ཡོད་པ། །དེ་ལ་ཆོས་ཀུན་མེད་པ་ཡིན། །ཅེས་དང་། བརྩོན་


JL00_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུས་ནི་སྡེ་ཚན་གཅིག་པར་བཞག་ཀྱང་དོན་ལ་ཕྱིན་དྲུག་ཀུན་གྱི་གྲོགས་ཡིན་པས་དེ་མེད་ན་གཞན་རྣམས་ཀྱང་ཉམས་པའི་ཚུལ། བློ་གྲོས་རྒྱ་མཚོས་ཞུས་པ་ལས། ལེ་ལོ་ཅན་ལ་ནི་བྱང་ཆུབ་ཤིན་ཏུ་རིང་ཞིང་རྣམ་པར་རིང་ངོ་། །ལེ་ལོ་ཅན་རྣམས་ལ་སྦྱིན་པ་མེད་པ་ནས་ཤེས་རབ་ཀྱི་བར་དུ་མེད་དོ། །ལེ་ལོ་ཅན་ལ་ནི་གཞན་གྱི་དོན་མེད་དོ། །ཞེས་དང་། དེ་ལྟར་མེད་པས་ན་རྣམ་སྨིན་གནག་པའི་ཚུལ་ཡང་ཡུམ་ལས་ཀྱང་། ལེ་ལོས་ནི་བདག་གི་དོན་ཡང་བྱ་བར་མི་ནུས་ན་གཞན་གྱི་དོན་ལྟ་ཅི་སྨོས། ལེ་ལོའི་རྣམ་པར་སྨིན་པས་ནི། །སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ། །ཞེས་སོ། །དེ་ཡང་བསྐྱོད་པར་བྱེད་པའི་ལས་ཅན་རླུང་མེད་ན་གཡོ་བ་དང་མྱུར་བར་བྱེད་པའི་དོན་མི་འགྲུབ་པ་བཞིན། བྱང་ཆུབ་ཀྱི་རང་བཞིན་ནི་དགེ་བའི་ས་ཆེན་པོ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་རག་ལས་ཤིང་བརྩོན་འགྲུས་མེད་ན་དེ་དག་མི་འབྱུང་བས། འདི་ལྟར་བརྩོན་ལ་བྱང་ཆུབ་གནས། །རླུང་མེད་གཡོ་བ་མེད་པ་བཞིན། །བསོད་ནམས་བརྩོན་འགྲུས་མེད་མི་འབྱུང་། །ཞེས་སོ། །དེ་བས་ན་བརྩོན་འགྲུས་ཀྱི་ཕན་ཡོན་དང་ལེ་ལོའི་ཉེས་དམིགས་ལ་བསམས་ནས་བདག་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཞུགས་ཤིང་བསྒྲུབ་པར་ཁས་བླངས་པ་ཡིན་ལ། ཉེས་པའི་ཆ་རེ་རེ་བག་ཆགས་དང་བཅས་པ་དག་པར་བྱེད་པ་དང་། ཡོན་ཏན་གྱི་ཆ་དེ་དང་དེ་རྒྱས་པར་བྱེད་པ་ལ་བདག་ཅག་གི་སྟོན་པས་ཀྱང་བསྐལ་པ་མང་པོར་སློབ་པ་ལམ་གྱི་གནས་སྐབས་སུ་གོམས་པར་མཛད་ན། བདག་གི་སྤྱོད་པ་ནི་ལེ་ལོ་བསྲུང་བ། བརྩོན་འགྲུས་གཏོར་བ་འབའ་ཞིག་པས་དལ་འབྱོར་ཕུན་སུམ་ཚོགས་པའི་ལུས་རྟེན་ཆུད་གསན་ཏོ་སྙམ་དུ་རང་གི་རང་ལ་བསྐུལ་འདེབས་པའང་། བདག་ནི་ཡོན་ཏན་


JL00_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་ཙམ་ལའང་། །གོམས་པ་ནམ་ཡང་མ་སྐྱེས་ཏེ། །ཅི་ཞིག་ལྟར་རྙེད་སྐྱེ་བ་ནི། །བདག་གིས་དོན་མེད་བྱས་པ་མཚར། །ཞེས་པ་སྟེ་ཉེས་པ་དེ་ལ་འདུན་པ་དྲག་པོ་བསྐྱེད་ནས་ཉི་མས་གདུངས་པའི་གླང་པོ་ཆེ་པདྨས་བརྒྱན་པའི་མཚོ་ལ་ཉི་མ་དྲོས་ཆེན་གྱི་དུས་ན་རྐྱེན་གང་གིས་ཀྱང་བར་དུ་མི་གཅོད་པར་ཚམ་ཚོམ་མེད་པར་འཇུག་ལྟར་ངོམས་པ་མེད་པའི་བརྩོན་འགྲུས་ལ་འབད་པས་འཇིག་རྟེན་ལས་འདས་པའི་བརྩོན་འགྲུས་རང་གིས་རྒྱུད་ལ་སྐྱེ་བར་འགྱུར་ཏེ། སའི་སྙིང་པོ་འཁོར་ལོ་བཅུ་པ་ལས། འཇིག་རྟེན་ལས་འདས་པའི་བརྩོན་འགྲུས་ནི་བྱང་ཆུབ་སེམས་དཔའ་ཤིན་ཏུ་འབད་པའི་བརྩོན་འགྲུས་ཀྱིས་སེམས་ཅན་ཐམས་ཅད་ལ་མཉམ་པའི་སེམས་ཀྱིས་ཉོན་མོངས་པ་དང་། ལས་དང་། སྡུག་བསྔལ་ཐམས་ཅད་སེལ་བ་སྟེ། དམིགས་པ་མེད་པའི་བྱ་བ་ལས་བྱེད་པ་སྟེ། མི་གནས་པའི་སེམས་ཀྱིས་བརྩོན་འགྲུས་བརྩམ་མོ། ཁམས་གསུམ་ལས་མི་གནས་པར་བརྩོན་འགྲུས་བརྩོམ་མོ། །རྣམ་པར་སྨིན་པའི་འབྲས་བུ་ལ་མི་རྟོག་པའི་བརྩོན་འགྲུས་དང་། རྙེད་པ་དང་། མ་རྙེད་པ་ལ་མི་གནས་པའི་བརྩོན་འགྲུས་བརྩམ་སྟེ། དེ་ནི་འཇིག་རྟེན་ལས་འདས་པའི་བརྩོན་འགྲུས་སོ། །ཞེས་གསུང་པ་ལྟར་རོ། །ད་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བཤད་པའི་ཐོག་མར་བསམ་གཏན་འགྲུབ་པའི་རྒྱུ་ཚོགས་བསྟན་པ་ལས། དང་པོ་ནགས་ཀྱི་ཡོན་ཏན་བཤད་པ་ནི། ནགས་ཚལ་མེ་ཏོག་འཁྲིགས་པའི་སྨན་ལྗོངས་ནི། །དད་པ་ཤིན་ཏུ་ཞི་བས་བརྟེན་བྱས་ཤིང་། །བལྟ་ན་སྡུག་པ་བྲག་རིའི་ཕ་གུ་དང་། །རྟ་བབས་རི་དྭགས་གཞོན་ནུས་མཛེས་པ་ཡོད། །དེ་ལ་གཞི་ཐམས་ཅད་རྩྭ་ལྗང་དང་། ལྡུམ་བུའི་ཚོགས་ཀྱིས་བཀབ་པ་ལ་རྨ་བྱའི་མགྲིན་པ་ལྟ་བུའི་ནགས་ཚལ་ལྗོན་པའི་ཤིང་དང་མྱུ་གུའི་རིགས་སྣ་ཚོགས་ལས་བྱུང་


JL00_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

བའི་མེ་ཏོག་གི་ཁོ་ར་ཁོར་ཡུག་ཀུན་མཛེས་པར་བྱས་ཤིང་། ཕུ་ཆུ་བསིལ་བའི་སྒྲ་ཧ་ཅང་རྩུབ་མོ་མ་ཡིན་པ་འབབ་སྟེགས་བཟང་པོ་ལ་ལྷུང་སྒྲ་སྙན་པར་འབབ་ཅིང་། སྒང་དང་གཤོང་བུའི་བྱེ་བྲག་འཇམ་པར་གྱུར་བ། སྐབས་ཕྱེད་པའི་གནས་སུ་མཚོ་དང་། རྫིང་བུ་དང་། ལྟེང་ཀ་དང་། མཚེའུ་དང་། དལ་འགྲོའི་ཀླུང་གནོད་པ་ཅན་མ་ཡིན་ཤིང་ནེའུ་སིང་གི་མུ་ཁྱུད་ཅན་ལ་དང་པ་དང་དུར་།།།པ་ཁྱོ་ཤུག་ཏུ་འགྲོགས་པ་རྐྱལ་ཞིང་སྤྱོད་ལམ་ཞི་བ་དང་། བུང་བའི་སྒྲ་སྐད་དི་རི་རི་སྒྲོག་པས་གང་བ། བར་དང་བར་དུ་བྲག་རི་བཟང་པོ་ཕ་གུ་བརྩེགས་པ་ལྟ་བུ་ངོས་འཇམ་ཞིང་ཁ་དོག་སྣུམ་པ་ཅན་ལ་རང་བྱུང་གི་ཕུག་དང་། བྱ་སྐྱིབས་རྟ་བབས་ཀྱི་རྣམ་པ་ཅན་ལ་བྱ་དང་རི་དྭགས་བལྟ་ན་སྡུག་པ། འགྲོགས་ན་བདེ་བ། ཁོང་ཁྲོ་དང་གནོད་པའི་བསམ་པ་མ་མཆིས་པ་རྣམས་བརྩེ་ཞིང་བག་ཕེབས་པ་བསམ་གཏན་བདག་གི་རྒྱུད་ཀྱང་རང་བཞིན་གྱིས་ཞི་བར་བྱེད་པ་ཡོད་དོ། །དེ་སྐད་དུ་སྤྱོད་འཇུག་ལས། ནགས་ན་བྱ་དང་རི་དྭགས་དང་། །ཤིང་རྣམས་མི་སྙན་སྒྲོག་མི་བྱེད། །འགྲོགས་ན་བདེ་བ་དེ་དག་དང་། །ནམ་ཞིག་ལྷན་ཅིག་གནས་པར་འགྱུར། །ཕུག་གམ་ལྷ་ཁང་སྟོང་པའི་ལྗོན་ཤིང་དྲུང་དུ་གནས་བཅས་ཏེ། ནམ་ཞིག་རྒྱབ་ཏུ་མི་བལྟ་ཞིང་། །ཆགས་པ་མེད་པར་གྱུར་ཅིག་གུ། །ཞེས་སོ། །ཡང་། དགའ་བའི་ནགས་ཚལ་ལྷ་མེའི་རྐེད་ཆིངས་ནི། །ཤིང་བལ་གཞོན་ནུའི་དྲྭ་ཕྱེད་གཡོ་བ་ན། །དྭོགས་པས་སྐྲག་པ་མིན་པའི་ཁུ་བྱུག་རྣམས། །འཁོར་བར་སྐྱོ་བའི་གཏམ་གྱི་སྤྲིང་ཡིག་འགྲེམ། །འདི་ལྟར་རི་བོ་རྣམས་ཀྱི་སྤྱི་བོ་ནི་ཟླ་བའི་ལ་ཐོད་ཀྱིས་མཛེས་པར་བྱས་པའི་མགུལ་བ་ན་སྤང་ལྗང་བཟང་པོ་དར་ཟབ་གཅལ་དུ་བཀྲམ་པ་ལྟ་བུའི་རྐེང་ཆིངས་ཆར་སྤྲིན་བཟང་པོ་དང་། གེལ་བ་མ་ཡིན་པའི་ནགས་ཚལ་ལྕུག་ཕྲན་


JL00_Page_0773
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ལང་ཚོའི་ངར་ལ་བབ་པ་དྲི་ཞིམ་པའི་ལོ་མ་དང་མེ་ཏོག་གི་རྣ་ཆས་མཛེས་ཤིང་། དེ་དག་གི་རྐེད་ཆིངས་ཤིང་བལ་གཞོན་ནུས་ལུ་གུ་རྒྱུད་དུ་སྦྲེལ་བས་དྲ་བ་དང་དྲྭ་བ་ཕྱེད་པའི་རྣམ་པར་བྱས་པ་རླུང་འཇམ་པོས་གཡོ་ཞིང་བསྐྱོད་པ་མཐོང་བ་ན། འདབ་ཆགས་རྣམས་ཀྱི་རྗེ་བོ་མཉེན་ཞིང་ལྕུག་པའི་ལང་ཚོ་ལ་བྱི་རུའི་འདྲེན་བྱེད་འདར་ཞིང་འཕྲིག་པ་ཅན་ཁུ་བྱུག་གི་སྡེ་ཚོགས་རྣམས་ཀྱང་འཁོར་བའི་རང་བཞིན་གཡོ་བ། འཇིག་པ། འཕོ་འགྱུར་ཅན། ཡིད་བརྟན་དུ་མི་རུང་བའི་མཚན་ཉིད་ལ་མངོན་པར་སྐྱོ་བའི་གཏམ་གྱི་སྤྲིང་ཡིག་གསར་པ་འགྲེམ་པས་བསམ་གཏན་པ་རྣམས་ལ་བརྩོན་འགྲུས་ཀྱི་བསྐུལ་མ་བྱེད་པ་ཡོད་དོ། །དེ་སྐད་དུ་སློབ་སྤྲིང་ལས། ཟླ་བའི་དཀྱིལ་འཁོར་རྒྱས་པས་ཉེ་བར་བརྒྱན་བྱས་ཤིང་། །རྐེད་ཆིངས་ཆར་ཆེན་སྤྲིན་གྱིས་འཁྲིགས་པས་འཁྱུད་གྱུར་པ། །རི་རྩེ་ནགས་ཀྱི་མཐོངས་དེར་ཆགས་པ་མེད་པར་ནི། །རླུང་ལྟར་གཡོ་བའི་རང་བཞིན་ཚེ་གཏུགས་སྐལ་བ་ཆེ། །ཅེས་དང་། སློབ་དཔོན་དཔའ་བོས། བུང་བ་རྒྱགས་ལྡིང་གླུ་ལེན་ཅིང་། །ལྗོན་ཤིང་ཡལ་ག་གར་བྱེད་ལ། །བྱ་རྣམས་སྙན་པའི་སྐད་ཀྱང་འབྱིན། །བསིལ་ཡབ་ངད་འཇམ་ཕྱོགས་ན་གཡོ། །ཕུ་ཆུ་ལྷུང་རྒྱུན་སྒྲ་ཡང་སྒྲོག །མཛེས་པའི་རི་དྭགས་རྒྱུག་ཅིང་བསྐོར། །མེ་ཏོག་ཚོགས་ནི་དགོད་པ་འདྲ། །ཙནྡན་སྤོས་སོགས་དྲི་ངད་ལྡན། །དགོན་པའི་ཡོན་ཏན་འདི་ལྟ་བུས། །རང་གཞན་དག་ལ་ཕན་འདོགས་ཤིང་། །ལན་ལ་ཅུང་ཟད་མི་རེ་སྟེ། །གྲོགས་མང་རྣལ་འབྱོར་ཅིའི་ཕྱིར་སྐྱོ། །འཇིག་རྟེན་ཕལ་བ་དེ་ལྟར་མིན། །ཞེས་སོ། །དེ་ལྟ་བུའི་ནགས་ཚལ་དུ་འགྲོ་བར་བསྐུལ་བ་ནི། དེ་རུ་གཤེགས་ཤིག་བསམ་གཏན་འདོད་པ་རྣམས། །ལོངས་སྤྱོད་སྤྲིན་གྱི་བླ་རེའི་ནད་ཤེད་ན། །ཚེ་སྲོག་རོལ་པའི་གླེག་ནི་གཡོ་ཤིང་འདར། །འགྱུར་དང་སྡུག་


JL00_Page_0774
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་འདུ་བྱེད་ཚོམ་རྐུན་།།། །ཕུང་ཀྲོལ་བསྐྱེད་པའི་ཆུ་ཀླུང་ཅ་ཅོ་ཅན། །གསོག་དང་བསྲུང་དང་སྤེལ་བའི་འདོད་པས་འཁྲུགས། །ལེངས་དང་འཇུངས་དང་སེར་སྣས་ཚེ་གཏུགས་ནས། །ངན་འགྲོའི་ཆུ་གཏེར་མུ་མཐའ་མེད་པར་འབྱམས། །དེ་སྐད་དུ་འཇིག་རྟེན་གྱི་ཕུན་སུམ་ཚོགས་པའི་དབུས་ནས་བསམ་གཏན་གྲུབ་པ་སུ་ཡང་མེད་པས་བདག་ཅག་གི་སྟོན་པ་བྱང་ཆུབ་ཀྱི་སྤྱོད་པ་ལ་བསྐལ་པ་གྲངས་མེད་གསུམ་དུ་བསྟེན་གོམས་མཛད་པ་དེ་ཡང་འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་སྤངས་ནས་དབེན་པ་ལ་གཤེགས་པའི་ཕྱིར་རོ། །འདི་ལྟར་འཇིག་རྟེན་གྱི་འབྱོར་བ་ནི་ཁྱིམ་ལ་བརྟེན་ནས་འབྱུང་ཡང་། དེའི་རང་བཞིན་ཡུད་ཙམ་ཞིག་ལ་ཡོད་མེད་བྱེད་ནུས་པ་ནམ་མཁའ་ལ་གློ་བུར་དུ་སྐྱེས་པའི་སྤྲིན་བཞིན་ནོ། །གལ་ཏེ་ཡུད་ཙམ་ཞིག་གནས་པའི་བར་དེ་ཡང་སྡུག་བསྔལ་གྱི་རང་བཞིན་ཡིན་ཏེ་བསམ་གཏན་གྱི་ཆོས་དྲུག་རྣམ་པར་གཞག་པ་ལས། ཁྱིམ་གྱི་བརྩམ་པ་སྡུག་བསྔལ་ཏེ། །ནམ་ཡང་བདེ་བར་གྱུར་བ་མིན། །སྤྲུལ་གྱིས་གཞན་གྱི་གནས་མཐོང་ན། །ཞུགས་པས་བདེ་བ་འཕེལ་བར་འགྱུར། །ཞེས་སྨོས་ནས། དཔེར་ན་སྦྲུལ་ཞིག་རང་གི་ཚང་ན་ཕྲུ་གུ་མང་པོས་གཙེས་པས་མ་བཟོད་དེ། །ཕུག་གཞན་ཞིག་ཏུ་ཞུགས་པས་བདེ་བ་ཐོབ་པ་བཞིན་དུ་ཁྱིམ་གྱི་གནས་ནི་སོ་ནམ་གྱིས་།།།ང་ལ། ཁྲལ་དམག་གིས་གདུང་། གསོད་སྤྱོད་ལ་སོགས་པའི་རྒྱུ་མཐུན་གྱི་འབྲས་བུས་ཚེ་ལ་བར་དུ་གཅོད་པ་མང་། སྡུག་བསྔལ་རྣམ་གསུམ་གྱི་བཙོན་རར་ཆུད། བྱ་བ་ཕལ་ཆེར་ལས་འབྲས་དང་འགལ་བར་སྤྱོད་པས་ཕུང་ཀྲོལ་གྱི་འབྱུང་གནས་འབབ་ཆུ་གནོད་པ་ཅན་ལྟ་བུ། གསོག་པས་བྲེལ། བསྲུང་བས་ངལ། སྤེལ་བས་མཐའ་མི་གཏུགས་པ་གསུམ་གྱི་འདོད་པས་ཁོང་འཁྲུག་པའི་ཚུལ་བཤེས་སྤྲིང་ལས། བསག་དང་བསྲུང་དང་འཚོལ་བའི་སྡུག་བསྔལ་གྱི། །ནེར་ནི་ཕུད་ཀྲོལ་མཐའ་ཡས་ཤེས་པར་བྱ། །ཞེས་སོ། །དེ་ཡང་ཅུང་ཟད་


JL00_Page_0775
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་ན་ནི་ཁེངས་ཤིང་ཕ་རོལ་གྱི་ཕྲག་དོག་ཀྱང་སྡང་ལ། དེ་ལས་བྲི་ཡིས་དོགས་ནས་འཇུངས་པ་དང་། །སེར་སྣའི་ཀུན་འབྱུང་རྒྱ་ཆེན་པོ་འཕེལ་བས་འདོད་པའི་ཉེས་དམིགས་ལ་བག་མེད་པར་སྤྱོད་ཅིང་། དེའི་རྒྱུས་ངན་སོང་མུ་མཐའ་མེད་པར་འཁྲིད་པར་འགྱུར་ཏེ། བླ་མ་ལ་སྤྲིང་བར། བསམ་བརླག་འདོད་ལ་སྲེད་པ་ཡིས། །བདག་ཕུང་གཞན་ཡང་ཕུང་བར་བྱེད། །ལྷ་ཡིས་འདོད་པའི་ཆར་ཕབ་ཀྱང་། །འདོད་ལྡན་རྣམས་ལ་ངོམས་མི་འགྱུར། །ཞེས་སོ། །དེ་བས་ན་འདོད་པ་ཐམས་ཅད་ཀྱི་འབྱུང་གནས་ཁྱམ་སྤངས་ན་སྡུག་བསྔལ་དེ་མེད་པར་འགྱུར་བས་དགོན་པའི་གནས་ལའང་ཁྱིམ་གྱི་འདུ་ཤེས་པ་ལྟར་མི་མངོན་པར་འཇུག་པ་ལ་བག་ཟོན་པར་བྱས་ཏེ་བྱ་བ་ཉུང་བ་ལ་བརྩོན་པ་ནི་སྙིགས་མའི་དུས་ན་ཤིན་ཏུ་གཅེས་པ་ཡིན་ནོ། །ནོར་རྫས་སྡུག་བསྔལ་གྱི་རྒྱུར་བསྟན་པ་ནི། གཡོ་སྒྱུའི་ཆར་སྤྲིན་བརྣགས་པའི་རིན་ཐང་ཅན། །ནོར་ནི་ཇི་ཙམ་འབྱོར་བཞིན་སྡུག་བསྔལ་རྒྱུ། །ཡོ་བྱད་བསྐྱུངས་རྣམས་དགྲ་རྐུན་འཚེ་བས་སྤོང་། །ཆོག་ཤེས་ཐོབ་པ་འབྱོར་བའི་རྩེ་མོར་འགྲོ། །དེ་ལ་ཟང་ཟིང་གི་ལོངས་སྤྱོད་ནི་ཚོང་ལ་སོགས་པས་གཡོ་སྒྱུའི་བྱེད་པ་མང་པོ་ལ་བརྟེན་ནས་བསྒྲབ་དགོས་པས་སྨ་ཐག་མི་ལ་འཆོར། དེ་ཡང་གཡོ་ནི་སེམས་གྱ་གྱུ་བ་ཅན་ཡིན་ལ། སྒྱུ་ནི་གཞན་བསླུ་བའི་བསམ་པ་ཅན་ཏེ་དེ་གཉིས་འབྲེལ་བས་དབྱར་དུས་ཆར་མུན་པ་རྣགས་པ་ལྟ་བུའི་བསམ་པ་ཉམས་སུ་མྱོང་། ཀུན་ནས་ཀུན་ཏུ་འདོད་པས་གདུང་བས་བརྣབ་སེམས་མང་འཇབ་བུས་བརྐུ་བ་ལ་གོམས། བརྫུན་དུ་སྨྲ་བ་དང་། བདག་ཉིད་འབའ་ཞིག་རྒྱལ་བའི་བསམ་པ་ལྷུར་བླང་བས་སེམས་བསྐྱེད་ཉམས་ཆབས་ཆེ། འཕྲོག་པ་དང་། གཞན་སྲོག་ལ་འཚེ་བ་དང་། བྲན་གཡོག་དང་། ཁལ་མ་ལ་སགས་ཕྱོགས་སུ་རིང་ཞིང་ལམ་འཕྲང་ངན་པར་


JL00_Page_0776
[མ་དཔེ་གཟིགས་ན་འདིར་གནོན།]

མནར་ཞིང་སྤྱོད་པ་སོགས་མདོར་ན་མི་དགེ་བ་བཅུ་ཕལ་ཆེར་བལྟར་མི་མངོན་པར་ཉམས་སུ་མྱོང་བས་རྣམ་སྨིན་ཤིན་ཏུ་གནག །འབྱོར་བར་གྱུར་ཀྱང་ཆོག་མི་ཤེས། དགྲ་རྐུན་མང་། ལོངས་སྤྱོད་དེ་ཉིད་ལས་བྲི་ཡིས་དོགས་པ་དང་། འཕེལ་དུ་རེ་བ་དང་། གཞན་དང་འཐབ་ཅིང་རྩོད་པ་སོགས་ཇི་ཙམ་འབྱོར་བ་དེ་ཙམ་དུ་སྡུག་བསྔལ་ལྟོས་ཆེ་ལ་གྲངས་མང་བ་ཡིན་ཏེ། སྔ་མ་ལས། ཟང་ཟིང་ཕྱིར་ན་རྩོད་འགྱུར་ཏེ། །ཟང་ཟིང་མེད་པ་རྩོད་པ་མེད། །ཟང་ཟིང་ཡོངས་སུ་སྤངས་པ་ལས། །ཆུ་སྐྱར་བདེ་བ་འཕེལ་བར་འགྱུར། །དཔེར་ན་ཆུ་སྐྱར་ཞིག་གིས་ཉ་བཟུང་བ་ལས་ཇི་སྲིད་ཉ་དེ་མ་བོར་གྱི་བར་དུ་ཆུ་སྐྱར་གཞན་གྱིས་བསྙགས་ཏེ་རྩོད་པར་གྱུར་ནས། ཉ་དེ་བོར་མ་ཐག་རྩོད་པ་མེད་དེ་བདེ་བར་གནས་པར་གྱུར་བ་དེ་བཞིན་དུ། ཟང་ཟིང་ལོངས་སྤྱོད་ཇི་ཙམ་ཡོད་པ་དེ་ཙམ་དུ་འཐབ་ཅིང་རྩོད་པའི་སྡུག་བསྔལ་བར་འགྱུར་ལ། ཟང་ཟིང་གི་ལོངས་སྤྱོད་ཀུན་སྤངས་ཏེ་མེད་པ་ནི་སྡུག་བསྔལ་གྱི་གདུང་བ་མེད་ཅིང་བདེ་བ་འཐོབ་པ་ཡིན་ནོ། །ཞེས་སོ། །དེ་བས་ན་ནོར་མེད་པ་དག་ནི་དེ་ལས་ལྡོག་ཅིང་བྱ་བ་ཉུང་བས་བསམ་གཏན་འགྲུབ་སླ་བ་དང་། ཁྱད་པར། ནོར་རྣམས་ཀུན་གྱི་ནང་ན་ཆོག་ཤེས་པ། །རབ་མཆོག་ལགས་པར་ལྷ་མིའི་སྟོན་པས་གསུངས། །ཀུན་ཏུ་ཆོག་ཤེས་མཛོད་ཅིག་ཆོག་མཁྱེན་ན། །ནོར་མི་བདོག་ཀྱང་ཡང་དག་འབྱོར་བ་ལགས། །ཞེས་སྔར་དྲངས་པ་བཞིན་ནོ། །སྐྱེ་བོ་ཕལ་བ་དང་འགྲོགས་པའི་ཉེས་པ་ནི། སོ་སོ་སྐྱེ་བོའི་རང་བཞིན་བྱིས་པ་སྟེ། །བྱིས་པ་རྣམས་ནི་ཉེས་པའི་སྤྲིན་གྱིས་འཁྲེགས། །བདག་ཉིད་པ་བསྟོད་ཅིང་གཞན་ལ་མི་སྙན་སྒྲོག །ཉོན་མོངས་སྤྲུལ་ལྕེ་རྩུབ་མོའི་ཉམ་བག་བསྟེན། །དཔལ་འབྱོར་གཡོ་བ་གང་ལའང་རྟག་པར་སེམས། །བྱས་པ་མི་གཟོ་མགུ་བའི་གཟུགས་བརྙན་འཁྱོག །འཁོན་གྱི་མེ་རྩེ་ཕྲ་མའི་རླུང་གིས་བསྐྱོད། །སྤྲེའུ་བཞིན་དུ་གནོད་པ་


JL00_Page_0777
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་སྟེར། །ཆུ་སྲིན་བཞིན་དུ་སྡིག་པའི་ལྟོ་བ་ཡངས། །སྦྲུལ་གདུག་བཞིན་དུ་སུ་དང་ཕྲད་པ་འཇོམས། །མེ་བཞིན་དགེ་བའི་ལྗོན་ཤིང་བསྲེག་འགྱུར་བའི། །བྱིས་པའི་གྲོགས་ལས་རིང་དུ་བསྲིང་བར་བྱ། །དེ་ལ་བྱིས་པ་སོ་སོའི་སྐྱེ་བོའི་རང་བཞིན་ནི་ཉོན་མོངས་པ་ཅན་ཡིན་པས་རང་ཉིད་ཀྱི་ནི་སྐྱོན་ཡང་ཡོན་ཏན་དུ་བསྒོམ་མོ། །གཞན་གྱི་ཡོན་ཏན་ཀྱང་མི་སྙན་པར་སྒྲོག་ཤེས་སོ། །ཉོན་མོངས་པའི་ཁ་མི་ནོན་པས་དམུ་རྒོད་དང་སྡིག་པའི་ཆོས་འཕེལ་བ། འཁོར་བའི་རང་བཞིན་གཡོ་ཞིང་སྡུག་བསྔལ་བའང་རྟག་པ་དང་བདེ་བར་མཐོང་ནས་རྟག་ཏུ་དགེ་བ་དང་ཞི་བ་སྤོང་བའི་ལས་ལ་བརྩོན་པ་ཅན་ཡིན་པས་སྤྱོད་འཇུག་ལས། བྱིས་དང་འགྲོགས་ན་བྱིས་པ་ལ། །བདག་བསྟོད་གཞན་ལ་སྨོད་པ་དང་། །འཁོར་བ་དགའ་བའི་གཏམ་ལ་སོགས། །མི་དགེ་ཅིས་ཀྱང་ངེས་པར་འབྱུང་། །ཞེས་སོ། ཁྱད་པར་དེ་དག་ནི་བྱས་པ་མི་བཟོ་བ་ཡིན་པས་ཕན་པའི་ལན་དུ་གནོད་པ་བྱེད་པ་དང་། མོས་པ་སྣ་ཚོགས་པ་ཅན་ཡིན་པས་མགུ་བའི་དུས་མེད་ཅིང་། དགྲ་གཉེན་གང་དུའང་སྟངས་གཅོད་པར་དཀའ་བའི་ཚུལ་སྤྱོད་འཇུག་ལས། སྐད་ཅིག་གཅིག་གིས་མཛའ་འགྱུར་ལ། །ཡུད་ཙམ་ཞིག་གིས་དགྲར་ཡང་འགྱུར། །དཀའ་བའི་གནས་ལ་ཁྲོ་བྱེད་པས། །སོ་སོ་སྐྱེ་བོ་མགུ་བར་དཀའ། །ཞེས་སོ། །དེ་བཞིན་དུ་འཁོན་དང་དབྱེན་གཙུགས་ལ་དགའ་བས་དྲན་པ་ཉེ་བར་མི་འཇོག་ཅིང་། མཐུན་པའི་ཚོགས་དང་འབྱར་བར་མི་བྱེད་པས་ཕྲ་མའི་རླུང་ཆེན་ལྡང་ལ། སྤྲེའུ་བཞིན་དུ་སྤྱོད་པ་ཐམས་ཅད་གནོད་པའི་རྒྱུར་འོང་བ་དང་། མང་པོར་ཚོགས་ན་འཐབ་བ་དང་། །འགྱེད་པ་དང་། རྩོད་པ་མང་ལ་གཉིས་སུ་ཚོགས་ཀྱང་ཀྱལ་ཀ་དང་ཀུ་རེའི་རྟེན་ཡིན་པའི་ཚུལ། བཅོམ་ལྡན་འདས་ཀྱིས་མདོ་སྡེ་ལས་


JL00_Page_0778
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ། མང་པོ་དག་ནི་རྩོད་པར་འགྱུར། །གཉིས་པོ་དག་ནི་གཏམ་བཅས་འགྱུར། །གཞོན་ནུ་མ་ཡི་གདུ་བུ་བཞིན། །གཅིག་པུ་ཞི་བར་གནས་པར་བྱ། །ཞེས་སོ། །དེ་ལ་གཞོན་ནུ་མའི་གདུ་བུ་ནི། དཔེར་ན་བུད་མེད་གཞོན་ནུ་མ་ཞིག་ཙནྡན་བརྡར་བ་ན་ལག་པའོ་གདུ་བུ་མང་པོར་འཁྲུལ་བ་མ་བདེ་ནས་རིམ་གྱིས་ཕྱུང་སྟེ་གདུ་བུ་གཉིས་ཞིག་བཞག་པ་ལས་དེ་ཡང་འཐབས་ནས་མ་བདེ་སྟེ། གཅིག་བཞག་པས་བདེ་བར་འགྱུར་བ་བཞིན། དགོན་པའི་གནས་དེར་ཡང་གྲོགས་པོ་དང་རྩོད་པར་འགྱུར་ཞིང་། གཉིས་ཀྱང་ཉོན་མོངས་པའི་ཡུལ་དུ་གྱུར་བས། གཅིག་འདུག་པ་བསྔགས་པ་ཡིན་ནོ། །ཞེས་སློབ་དཔོན་དཱ་ན་ཤཱི་ལས་བཤད་དོ། ཁྱད་པར་དེང་སང་ལྔ་བརྒྱའི་ཐ་མར་གྱུར་བའི་སེམས་ཅན་རྣམས་ནི་སྙིགས་མ་ལྔའི་གདོན་གྱིས་གཟིར་བས་རྒྱུ་མེད་པར་ཡང་ལུས་ངག་ཡིད་གསུམ་གྱི་སྒོ་ནས་གཞན་ལ་འཚེ། ཆོས་དང་གང་ཟག་ལ་སྨོད། ཕྱོགས་དང་རིས་སུ་གཅོད་པ་ལ་དགའ་ནས་རང་ཕྱོགས་བསྲུང་ཀྱང་དེ་དང་ཡང་མི་མཛའ་བའི་ཚུལ་རྒྱལ་པོ་ལ་སྤྲིང་བར། ཇི་ལྟར་ཕན་གདགས་དེ་ལྟར་གནོད། །ཡོད་ན་སྐྱོ་དང་མེད་ན་གདུང་། །འགྲོགས་ན་སྐྱེན་མཐོང་རྩོད་འགྱུར་བ། །སེམས་ཅན་རྣམས་ཀྱི་མཚན་ཉིད་ལགས། །ཞེས་དང་། གཞན་ཡང་སྐལ་བ་མཉམ་པ་མ་ཡིན་པ་ལའང་ཕྲག་དོག་དང་མཉམ་པ་ལ་གནོད་སེམས། དམའ་བ་ལ་སུན་འབྱིན། འབྱོར་ཞིང་བསྟོད་བཀུར་ཅུང་ཟད་མཐོང་ན་ནི་དྲེགས་པར་འགྱུར་ལ། རང་སྐྱོན་ཅུང་ཟད་ཐོས་ནའང་ཁོང་ཁྲོ། གསོད་པ་དང་། འཕྲོག་པ་དང་། རྔོན་པའི་ལས་ཐབས་ལ་དགའ་བས་སྡིག་པའི་ལྟོ་བ་ཆུ་སྲིན་ལས་ཆེ། དོན་ནི་ཉུང་། བྱ་བ་ནི་མང་། རྣམ་པར་གཡེང་། འདུ་འཛི་ལ་དགའ། སྡིག་ཏོ་མི་དགེ་བ་འབའ་ཞིག་པས་དུག་སྦྲུལ་བཞིན་དུ་ཕྲད་ཚད་ལ་གནོད་པ་སྟེར། དེ་དང་འདྲིས་པ་དང་།


JL00_Page_0779
[མ་དཔེ་གཟིགས་ན་འདིར་གནོན།]

བཤེས་པ་དང་། བསྟེན་གྲོགས་བྱས་པས་ཀྱང་མེ་བཞིན་དུ་དགེ་བའི་ལྗོན་ཤིང་བསྲེག་པས་ཆོས་ལས་རང་བཞིན་དུ་ཉམས་པར་འགྱུར་ཏེ། ཤཱནྟ་དེ་ཝས། ཕན་པར་སྨྲས་ན་ཁྲོ་བར་བྱེད། །བདག་ཀྱང་ཕན་ལས་བཟློག་པར་བྱེད། །དེ་དག་ངག་ནི་མ་ཉན་ནས། ཁྲོས་པས་ངན་འགྲོར་འདོང་བར་འགྱུར། །མཐོ་ལ་ཕྲག་དོག་མཉམ་པ་འགྲན། །དམའ་ལ་ང་རྒྱལ་བསྟོད་ན་དྲེགས། །མི་སྙན་བརྗོད་ན་ཁོང་ཁྲོ་སྟེ། །ནམ་ཞིག་བྱིས་ལ་ཕན་པ་འཐོབ། །ཅེས་སོ། །དེ་བས་ན་འཕགས་པ་ལ་ལྟོས་ནས་ཉོན་མོངས་པ་ཅན་གྱི་གང་ཟག་ཐམས་ཅད་བྱིས་པའི་རང་བཞིན་དུ་གསུངས་པས་ན། སོ་སོ་སྐྱེ་བོའི་རང་བཞིན་ནི་བསྙེན་པར་དཀའ་བས་དེའི་འདོད་པ་བདག་གིས་རྫོགས་པར་ཡང་བྱེད་མི་ནུས་ལ། དེ་དག་ལ་བརྟེན་ནས་བདག་གིས་ཐར་བ་དང་ཐམས་ཅད་མཁྱེན་པའི་དོན་གྲུབ་པའང་མེད་པས་རང་དོན་ཕྱིན་པ་དེ་སྲིད་དུ་བསམ་པས་སེམས་ཅན་བློས་མ་བཏང་བས། ཆོག་གིས་སྦྱོར་བའི་ངོས་ནས་བྱིས་པའི་གྲོགས་པོ་མཐའ་དག་དང་འདྲིས་པ་ཤེས་སྤངས་ཏེ་ནགས་ཁྲོད་དང་། དབེན་པའི་ཕྱོགས་འབའ་ཞིག་ཏུ་སོང་ནས་བསམ་གཏན་བསྒྲུབ་དགོས་ཏེ། དེས་ཀྱང་བདག་དོན་མ་བྱས་ལ། །བདག་ཀྱང་དེ་དོན་མི་འགྱུར་བས། །བྱིས་ལས་ཐག་རིང་འབྱོལ་བར་བྱ། །ཞེས་པ་ལྟར་རོ། །དེ་ནས་ཡུལ་གྱི་ཉེས་དམིགས་བསྟན་པའི་ཕྱིར། །ཡུལ་ནི་དུག་ལས་ཐུ་སྟེ་རྣམ་སྨིན་རྩུབ། །སྤྱད་པའི་མོད་ལ་བདའ་བའི་རོ་བྲོ་ཡང་། །ཚེ་རབས་གཅིག་མིན་སྐྱེ་བ་ཐམས་ཅད་དུ། །གསང་སྔགས་མཆོག་དང་སྨན་གྱིས་གསོར་མི་རུང་། །གང་ཞིག་སེམས་ཀྱི་གླང་པོ་མ་དུལ་བར། །བསླུ་བའི་རྫུ་འཕྲུལ་ཡུལ་ལས་ཆེ་བ་མེད། །ཕུང་པོའི་འདུ་བྱེད་ཁྱོགས་ལ་བཞག་དེ་སྲིད། །ཞི་བའི་ནགས་མཐོང་དག་


JL00_Page_0780
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བསྙེན་པར་མཛོད། །དེ་ཡང་ཡུལ་ལ་མངོན་པར་འདོད་པ་ཉིད་ཀྱི་དབང་པོ་དྲུག་གཡོས་པ་ལས་དེའི་ལྕགས་སྒྲོག་གིས་འཁོར་བའི་བཙོན་རར་བཅིངས་ནས་དགེ་བའི་ལས་ཆུད་གཟོན་པར་བྱེད་ཅིང་། འདོད་པ་རྣམས་ནི་ལན་ཚྭའི་ཆུ་བཞིན་དུ་ཇི་ལྟར་སྤྱད་ཀྱིན་ངོམས་པ་མེད་པའི་གནས་སུ་འགྲོ་བའི་ཉེས་དམིགས་ནི་ཡུལ་ལ་བརྟེན་ནས་འབྱུང་བའི་ཚུལ་སྔར་ཡང་སྨོས་ལ། འདི་ལྟར་དུག་གི་ནུས་པས་ནི་སྐྱེ་བ་གཅིག་གི་ལུས་རྟེན་མ་རུངས་པར་བྱེད་པ་ལས་ཚེ་རབས་གཞན་དུ་གནོད་པར་མི་ནུས་ལ། དེ་ཡང་ཐབས་ལྡན་གྱིས་སྤྱད་ན་ནི་བཅུད་ལེན་དང་སྨན་དུ་འགྱུར་བའི་ཕྱིར་དང་། འདོད་པ་དང་འབྲེལ་བའི་ཡུལ་ལྔའི་ཉེས་དམིགས་ནི། རེ་ཞིག་ཙམ་སྤྱད་པའི་དུས་ན་ཁ་ཟས་བཟང་པོའི་རོ་མྱོང་བ་ལྟར་ཡོན་ཏན་གྱི་རྣམ་པར་ཤར་ཡང་རྒྱུད་ནས་ཉེས་པའི་ཚོགས་མཐའ་དག་བསྐྱེད་པའི་རྒྱུར་འགྲོ་ཞིང་གསང་སྔགས་དང་། སྨན་གྱིས་ཀྱང་གསོ་བར་མི་རུང་བའི་ཚུལ། སློབ་སྤྲིང་ལས། ཡུལ་དང་དུག་མཚུངས་དང་པོ་མྱོང་བ་ཙམ་ན་བདེ། །ཡུལ་དང་དུག་མཚུངས་རྣམ་སྨིན་རྩུབ་པས་མི་བཟད་པ། །ཡུལ་དང་དུག་མཚུངས་གཏི་མུག་མུན་པས་འཐིབས་པོར་བྱེད། །ཡུལ་དང་དུག་མཚུངས་ཤུགས་བཟློག་དཀའ་ཞིང་གཡོ་བ་ཡིན། །ཡུལ་དང་དུག་རྣམས་བློ་ཡིས་ངེས་པར་བརྟགས་བྱས་ན། །ཉེས་ན་དུག་སླ་མི་བཟད་རང་བཞིན་ཡུལ་རྣམས་མིན། །དུག་ནི་སྐྱེ་བ་གཅིག་ལ་དུག་ཏུ་འགྱུར་བར་ཟད། །ཡུལ་ནི་ཚེ་རབས་གཞན་ལའང་དུག་ཏུ་འགྱུར་བར་བྱེད། །དུག་ནི་དུག་དང་བསྲེས་ནས་རབ་ཏུ་ཞི་བར་འགྱུར། །གསང་སྔགས་མཆོག་དང་དུག་སེལ་སྨན་གྱིས་གསོ་བར་རུང་། །དུག་ནི་ཐབས་ལྡན་སྤྱད་ན་མི་ལ་ཕན་འགྱུར་གྱི། །དུག་ཆེན་ཡུལ་ནི་ནམ་ཡང་དེ་ལྟ་མ་ཡིན་ནོ། །ཞེས་དང་། འདོད་བྱེད་ཡུལ་ཅན་གྱི་ཉེས་པ་སྟོན་པའང་། །ཇི་ལྟར་གླང་བུ་ཁྲོན་ཟབ་ཁ་ནས་འཁྲུངས་པ་ཡི། །རྩ་ལོ་ཁམ་


JL00_Page_0781
[མ་དཔེ་གཟིགས་ན་འདིར་གནོན།]

འགའ་ཙམ་ལ་ཡིད་ནི་ཆགས་གྱུར་བ། །རྙེད་པ་གྲུབ་པ་མེད་པར་གཡང་དུ་ལྷུང་བ་ལྟར། །འཚོ་བའི་འཇིག་རྟེན་བདེ་ལྡན་འདོད་པའང་དེ་དང་འདྲ། །ཞེས་ཁྲོན་པ་གཏིང་ཟབ་པའི་ཁ་ན་སྐྱེས་པའི་རྩ་ཆུན་ཉུང་ཟད་ལ་གླང་པུས་ཉབས་པས་རྩྭ་དེ་ཡང་ཁར་མ་ཆུད་པའི་སྔ་རོལ་ཏུ་གཡང་ལ་ལྷུང་སྟེ་ཤི་བ་ལྟར་འཇིག་རྟེན་གྱི་འདོད་པ་ལ་སྲེད་པས་ཡུལ་ལ་ཆགས་པའི་ཉེས་དམིགས་ནི་དེ་དང་མཚུངས་པས་ཚེ་ཕྱི་མ་ཕན་ཆད་བདེ་འགྲོ་གྲུབ་པ་མེད་པར་ངན་འགྲོར་ལྟུང་བའི་གཡུལ་ངོ་ཆེན་པོ་ཡིན་པས་ན་བཤེས་སྤྲིང་དུའང་། གང་དག་དབང་པོ་དྲུག་ཡུལ་རྣམས་ལ་ནི། །རྟག་ཏུ་མི་བརྟན་གཡོ་དང་གང་དག་གཅིག །གཡུལ་ངོར་དགྲ་ཚོགས་རྒྱལ་བ་དེ་དག་ལས། །མཁས་རྣམས་དང་ངོ་དཔའ་རབ་ལགས་པར་འཚལ། །ཞེས་གཡུལ་ངོར་དགྲ་བོ་ལས་རྒྱལ་བར་བྱེད་པ་དེ་དག་ལས་མཁས་ཤིང་མཛངས་པ་རྣམས་ནི། དང་པོར་དབང་པོ་ཚར་བཅད་ནས་དེ་ལས་རྒྱལ་བར་བྱེད་པ་དེ་དཔའ་བོའི་རབ་ཏུ་གསུངས་པ་ཡིན་ནོ། །དེ་བས་ན་དབང་པོའི་ཡུལ་དང་ཕན་ཚུན་རྟེན་ཅིང་འབྲེལ་བའི་སེམས་ཀྱི་གླང་པོ་ཆེ་མ་དུལ་བ་མ་ཞི་བ། ཤིན་ཏུ་གཏི་མུག་ཅན་དེ་ཉིད་བསླུ་བའི་རྫུ་འཕྲུལ་ཡུལ་ཉེ་བར་སྤྱད་པ་ལས་ཆེ་བ་མེད་པས་ཕུང་པོའི་འདུ་བྱེད་ཁྱོགས་ལ་དྲངས་པ་དེ་སྲིད་དུ་ཞི་བའི་ནགས་སུ་བསམ་གཏན་བསྒོམ་པ་ལ་འཇུག་པར་བྱ་སྟེ། དབེན་པའི་གཏམ་ལས། ཇི་སྲིད་སྐྱེས་བུ་བཞི་ཡིས་ལུས། ཁྱོགས་ལ་བཏེགས་པར་མ་གྱུར་བར། །དེ་སྲིད་དགོན་པར་རབ་ཕྱོགས་ཏེ། །ཞི་བའི་ཏིང་འཛིན་བསྒྲུབ་པར་བྱ། །ཞེས་སོ། །ནགས་སུ་སོང་བ་ལ་ཡོན་ཏན་ཅི་ཡོད་རྣ། །བས་མཐའ་འབྲོག་ནི་ཡིད་འོང་སྐྱོ་ཤས་འཕེལ། །ཚོང་དང་སོ་ནམ་སྡིག་པའི་གྲོགས་ཀྱིས་སྤངས། །


JL00_Page_0782
[མ་དཔེ་གཟིགས་ན་འདིར་གནོན།]

པྱ་དང་ཁྲལ་དང་ཞོ་ཤས་འཚོས་མི་གདུང་། །བྱ་དང་རི་དྭགས་མི་སྙན་སྒྲོག་པ་མེད། །ཆུ་གཙང་འབྲས་བུའི་ཉེར་སྤྱོད་རྒྱ་ཆེ་ལ། །བྲག་རིའི་ཕུག་དང་ལོ་མའི་ཁང་བཟང་ཡངས། །ལྗོན་པའི་གྲིབ་བསིལ་འགྲོག་ན་བདེ་བ་དང་། །ནམ་ཞིག་བདག་ནི་ལྷན་ཅིག་གནས་འགྱུར་བསམ། །དེ་ལ་བས་མཐའ་ནི་གྲོང་ཟད་པའི་མུར་ཐུག་པ་དང་། འབྲོག་དགོན་པ་ནི་མ་མཐའང་རྒྱང་གྲགས་ལས་ཐལ་བའི་དབེན་པ་ཡིན་ཏེ། དེ་ན་འཁོར་བ་ལ་སྐྱོ་བ་རྣམས་ཀྱི་ཡི་གར་འོང་ཞིང་། སྐྱོ་ཤས་ངང་གིས་འཕེལ། ཚོང་དང་སོ་ནམ་གྱི་རྣམ་རྟོག་མེད། སྡིག་པའི་གྲོགས་པོས་བསླུ་བར་མི་ཚུགས། དཔྱ་དང་ཁྲལ་མེད། འཚོ་བ་རང་བཞིན་གྱིས་རྙེད་སླ་བས་ཞོ་ཤས་འཚོས་མི་གདུང་། བྱ་རྣམས་ནི་སྙན་པར་སྒྲོག །རི་དྭགས་རྣམས་ནི་བག་ཕེབས་པར་རྩེ་བས་མི་མཐུན་པ་ཅུང་ཟད་ཀྱང་མེད། ཆུ་གཙང་དང་། མེ་ཏོག་དང་། འབྲས་བུ་དང་། མྱུ་གུ་དང་། སྨན་དང་། རྩ་བ་དང་། ལོ་མ་དང་། རླུང་ཟས་ལ་སོགས་པར་ཡང་བརྟེན་དུ་ཡོད་པས་འཕགས་པ་དགྱེས་པའི་ཉེར་སྤྱོད་རྒྱ་ཆེ། རང་བྱུང་གི་ཕུག་དང་། ལོ་མའི་ཁང་བཟང་བྱ་བ་ཉུང་། ལྗོན་ཤིང་གི་གྲིབ་མ་ནི་ཚ་གདུང་བཅིལ་བ་ལ་མཁས་ཤིང་འགྲོགས་ན་བདེ་བ་ཅན་ཡིན་བདེ་དག་དང་བདག་ཅག་ལྷན་ཅིག་གནས་པར་འགྱུར་སྙམ་དུ་སྤྲོ་བ་སྐྱེད་ཅིང་ཁྱིམ་དང་འདུ་འཛིའི་གནས་ལ་སྐྱོ་བར་བྱ་བའི་ཚུལ། སློབ་སྤྲིང་ལས། རྩ་བ་འབྲས་བུ་ཤུན་པ་ལོ་མ་ཕུན་སུམ་ཚོགས་པའི་ལྗོན་ཤིང་ལྡན། ནགས་ཚལ་ལྟོས་མེད་རི་བོའི་ཆུ་རྒྱུན་བསིལ་འབབ་ཆགས་པ་མེད་པའི་གནས། ཆུ་ཀླུང་ཡངས་པའི་མཐའ་རུ་འབྲས་བུ་མེ་ཏོག་ལྷུང་བས་བརྒྱན་པ་ཡི། །ཉམས་དགའ་བས་མཐར་ཅི་ཞིག་མེད་དེ་དམྱལ་དོད་ཁྱིམ་གྱིས་བསླུས་ཏེ་སྡོད། ཅེས་སོ། །ཕན་ཡོན་གྱི་སྒོ་ནས་བསྔགས་པ་ནི། དེ་ན་དུས་བཞིའི་མགྲོན་པོ་གསར་


JL00_Page_0783
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡི། །འཕོ་འགྱུར་མངོན་རྟོགས་ངོམ་པའི་ནགས་ཚལ་རྣམས། །རང་ཉིད་ཉོན་མོངས་མ་ཡིན་གཏན་ཚིགས་སུ། །གོམ་བདུན་ཕྱོགས་པའི་བསོད་ནམས་སྒྲོག་ལ་ལྟོས། །དེ་ལ་ནགས་ཁྲོད་ལ་སོགས་ཏེ་དབེན་པའི་ཡོན་ཏན་གྱི་ཁྱད་པར་ནི་འདི་ཡིན་ཏེ། འདུས་བྱས་ཀྱི་རང་བཞིན་སྙིང་པོ་མེད་ཅིང་སོ་སོར་དགྱེས་པའི་ཆོས་ཅན་ལ་རྟག་པར་འཛིན་པ་དང་། དགའ་བར་བྱེད་པའི་བློ་གྲོས་ངན་པ་ཅན་ཡང་། ནམ་ཟླ་དུས་བཞིའི་འགྱུར་ལྡོག་ཤིན་ཏུ་གཡོ་བའི་རང་བཞིན་ནགས་ཚལ་རྣམས་ཀྱིས་མངོན་རྟོགས་ངོམ་པ་བཞིན་དུ་གསལ་བར་སྟོན་པས་ངེས་འབྱུང་དང་སྐྱོ་ཤས་བཅོས་མ་ལས་འདས་པ་འཕེལ་ཞིང་། བརྩོན་འགྲུས་ཀྱི་བསྐུལ་མར་འོང་བས་རྩོད་པ་དང་ཉོན་མོངས་པ་ཉེ་བར་ཞི་བའི་ཚུལ་ཡང་སྔ་མ་ལས། རི་སུལ་ཡངས་པར་སྐྱེ་བ་བུན་ལོང་མེད་པས་རབ་བདེ་བ། །ཉེར་སྤྱོད་རྒྱ་ཆེན་ནགས་ཚལ་སྔོ་འཁྲུངས་ཕྲེང་བས་སྒྲེངས། །ཆུ་ངོགས་སྙན་པ་ཕུ་ཆུའི་རྒྱུན་འདྲ་རྔ་ལྟར་སྙན་པ་ཡིས། །བདག་ཅག་ཉོན་མོངས་ཡུལ་མ་ཡིན་ཞེས་འདོན་ལ་སྒྲོགས་པ་བཞིན། །ཞེས་སོ། །དེ་ལྟར་ནགས་ཚལ་དབེན་པ་ལ་བརྟེན་ན་ཉོན་མོངས་པ་འཕལ་བར་མི་ནུས་པས་རྒྱུ་ལ་འབྲས་བུའི་བསྔགས་པ་བརྗོད་ཅིང་། རབ་བཏགས་ཀྱི་ཆ་ནས་དེ་དག་གིས་ནགས་སུ་ཕྱོགས་པའི་ཡོན་ཏན་དེ་བཞིན་གཤེགས་པའི་བཀའ་ལ་གཏན་ཚིགས་སུ་བྱས་ནས་སྒྲོག་པའི་ཚུལ། འཕགས་པ་ཏིང་ངེ་འཛིན་རྒྱལ་པོ་ལས། །གང་ལ་ལ་ཞིག་གིས་སངས་རྒྱས་ཐམས་ཅད་ལ་བསྐལ་པའི་བར་དུ་མེ་ཏོག་དང་། བདུག་སྤོས་དང་། ཞལ་ཟས་དང་། བདེ་བར་སྦྱར་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྐལ་པར་མཆོད་པ་བས། རབ་ཏུ་སྐྱོ་བའི་སེམས་ཀྱིས་དགོན་པར་ཕྱོགས་ཏེ་གོམ་པ་


JL00_Page_0784
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་ཙམ་བོར་ན་འདི་དེ་བས་ཆེས་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་དེ། ལུས་དང་སྲོག་ལ་བལྟ་བ་རབ་སྤོངས་ལ། །སྟོང་པ་ཞི་བ་མཆོག་ཏུ་བསྒོམ་པར་གྱིས། །བརྩོན་ཞིང་རབ་ཏུ་བརྩོན་པའི་ཡིད་ཀྱིས་ཀྱང་། །རི་དྲགས་བཞིན་དུ་དགོན་པར་གནས་པར་གྱིས། །ཞེས་དང་། འཇམ་དཔལ་གྱིས་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བསྟན་པ་ལས། ཤཱ་རིའི་བུ་དགོན་པ་ལ་གནས་པ་ལྷུར་ལེན་པ་ལ་ཕན་ཡོན་བཅུ་ཡོངས་སུ་འཛིན་ཏོ། །གང་ཞེ་ན། འདུ་འཛི་རྣམ་པར་སྤོང་བ་དང་། །རབ་ཏུ་དབེན་པ་ལ་བརྟེན་པ་དང་། བསམ་གཏན་ལ་དམིགས་པར་འགྱུར་བ་དང་། བྱ་བ་མང་པོར་མི་འགྱུར་བ་དང་། སངས་རྒྱས་རྣམས་འདོད་པ་དང་། དེའི་ལུས་བདེ་བ་དང་མི་འབྲལ་བ་དང་། དེའི་ཚངས་པར་སྤྱོད་པ་ལ་བར་ཆད་དུ་མི་འགྱུར་བ་དང་། ཚེགས་ཆུང་ངུས་ཏིང་ངེ་འཛིན་ཐོབ་པ་དང་། ཚིག་དང་ཡི་གེ་བསྟན་པ་ཆུང་མི་ཟ་བ་དང་། ཇི་ལྟར་ཐོས་པའི་ཆོས་རྣམས་ཀྱི་དོན་ཡོངས་སུ་ཤེས་པ་སྟེ། ཤཱ་རིའི་བུ་དགོན་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ཕན་ཡོན་བཅུ་པོ་འདི་དག་ཡོངས་སུ་འཛིན་ཏོ། །ཞེས་པ་དང་མཐུན་པར་ཟླ་བ་སྒྲོན་མ་དང་གང་པོས་ཞུས་པ་ལས་ཀྱང་རྒྱ་ཆེར་བསྟན་ཏོ། །དེ་ནས་བསམ་གཏན་བསྒོམ་པ་དངོས་བཤད་པ་ནི། གང་དུ་བསམ་གཏན་ཤིན་ཏུ་བརྟེན་པ་ནི། །ལྷག་པ་སེམས་ཀྱི་བསླབ་པའི་མཚན་ཉིད་དེ། །རྟེན་ཅིང་འབྲེལ་འབྱུང་ལུས་ཀྱི་ཆོ་ག་ནི། །རྣམ་སྣང་ཆོས་བདུན་སེམས་ཀྱི་སྲོག་ཤིང་ཅན། །གཅིག་ལས་གཉིས་པ་མིན་པའི་མཉམ་གཞག་བརྩོན། །དམིགས་པ་གང་ཡང་རུང་བའི་འཛིན་དཔྱད་ཀྱིས། །ཡིད་ནི་དགེ་བའི་དོན་ལ་རྣམ་པར་བཅིང་། །སྤྲོས་པའི་སྣང་བ་ཆོས་ཉིད་གཅིག་ཏུ་ནུབ། །སྣང་ཡུལ་མ་འགགས་དེར་འཛིན་མེད་པ་ཡི། །ཤེས་


JL00_Page_0785
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡུལ་ལ་མི་རྟོག་མཉམ་བཞག་ལ། །ངོ་བོ་གཅིག་པའི་རྗེས་ཐོབ་ལྷག་མཐོང་སྟེ། །དེ་ལ་བསམ་གཏན་གྱི་ངོ་བོ་ནི་དགེ་བའི་དམིགས་ཡུལ་གང་ཡིན་པ་ལ་སེམས་རྩེ་གཅིག་ཏུ་སོ་ཚུགས་པ་ཉིད་ཡིན་པར་དཀོན་མཆོག་སྤྲིན་ལས། ཏིང་ངེ་འཛིན་རང་གི་ངོ་བོ་ནི་སེམས་རྩེ་གཅིག་ཏུ་གནས་པའོ། །ཞེས་སོ། །འདིར་དེ་སྐྱེ་བའི་རྒྱུ་ནི་ཚུལ་ཁྲིམས་རྣམ་པ་གསུམ་དང་། དེའི་མངོན་རྟོགས་བསླབ་པ་གསུམ་ཡིན་ཏེ། རེ་ཞིག་དང་པོར་ཐེག་པ་ཐུན་མོང་གི་དབང་དུ་བྱས་ན་ལྷག་པའི་ཚུལ་ཁྲིམས་གོམས་པར་བྱས་པ་ལས་ལྷག་པའི་ཏིང་ངེ་འཛིན་སྟེ། དེ་གོམས་པ་ལས་ལྷག་པའི་ཤེས་རབ་སྐྱེ་ཞིང་དེས་ཉོན་མོངས་པའི་ཚོགས་རྩ་བ་བཅད་ནས་རྣམ་པར་གྲོལ་བ་ཐོབ་པའི་ཚུལ། འདུལ་བ་སྨན་གྱི་གཞིར། དགེ་སློང་དག་ཚུལ་ཁྲིམས་གོམས་པར་བྱས་པས་ཏིང་ངེ་འཛིན་ཡུན་རིང་དུ་གནས་པར་འགྱུར་རོ། །ཏིང་ངེ་འཛིན་གོམས་པར་བྱས་ན་ཤེས་རབ་ཡུན་རིང་དུ་གནས་པར་འགྱུར་རོ། །ཤེས་རབ་གོམས་པར་བྱས་ན་འདི་ལྟ་སྟེ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལས་སེམས་ཡང་དག་པ་ཁོ་ནར་རྣམ་པར་གྲོལ་བར་འགྱུར་རོ། །ཞེས་འདུལ་བའི་སྡེ་སྣོད་ཀྱིས་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་རང་རྒྱུད་ལ་འདོམས་པས་སྤྱོད་ཡུལ་ཕུན་སུམ་ཚོགས་པར་སྦྱོར། མདོ་སྡེའི་སྡེ་སྣོད་ཀྱིས་ཐེག་པ་ཆེ་ཆུང་གཉིས་ཀའི་བསླབ་པ་གསུམ་དབྱེ་ཞིང་བྱམས་པ་ལ་སོགས་ཏེ་ཚངས་པ་བཞིའི་སེམས་དང་ལྡན་པ་འཇིག་རྟེན་འགེངས་པའི་བར་རྒྱས་པར་བརྗོད་པས་ལྷག་པ་སེམས་ཀྱི་བསླབ་པ་ལ་ཡང་དག་པར་སྦྱོར། ཆོས་མངོན་པའི་སྡེ་སྣོད་ཀྱིས་བརྗོད་བྱའི་དོན་མ་འཁྲུལ་བར་སྟོན་པས་ལྷག་པའི་ཤེས་རབ་ཀྱིས་བསླབ་པ་འཕགས་པའི་བདེན་པ་བཞི་ལ་ཡང་དག་པར་


JL00_Page_0786
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བ་ལས་བསམ་གཏན་གྱི་གནས་འདི་ནི་ལྷག་པ་སེམས་ཀྱི་བསླབ་པའི་མཚན་ཉིད་གང་ཡིན་པའོ། །དེ་ལ་འཇུག་པའི་ཐོག་མར་བདག་གིས་འགྲོ་བ་མཐའ་དག་མངོན་པར་གདོན་ཕར་འདོད་པའི་སྙིང་རྗེ་ཆེན་པོ་དང་། རྒྱན་ལས། ཡངས་ཤིང་རྒྱ་ཆེ་དག་པ་དང་། །ཕན་པ་རྒྱ་ཆེན་བྱེད་པ་དང་། །དགེ་བ་ཉིད་ཀྱིས་ལྷག་པས་ན། །བསམ་པ་དག་པ་ལྷག་བསམ་ཡིན། །ཞེས་པ་ལྟར། སེམས་ཅན་ཐམས་ཅད་བྱང་ཆུབ་སྙིང་པོ་ལ་འགོད་འདོད་ཀྱི་ལྷག་པའི་བསམ་པ་མངོན་དུ་བྱས་ལ། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་བྱ་ཞིང་ཅི་ནུས་པའི་མཆོད་པ་དང་། བཤགས་པ་ལ་སོགས་ཡན་ལག་བདུན་པ་བྱས་རྗེས། སྟན་ཤིན་ཏུ་བདེ་བ་ལ་རྣམ་པར་སྣང་མཛད་ཀྱི་སྐྱིལ་མོ་ཀྲུང་ངམ། སྐྱིལ་ཀྲུང་ཕྱེད་པ་ཡང་རུང་སྟེ། མིག་ཧ་ཅང་མི་དབྱེ། ཧ་ཅང་མི་ཟུམ་པར་སྣའི་རྩེ་མོར་གཏད། ལུས་ཀྱང་དགྱེ་སྒུའི་ཕྱོགས་གཉིས་སུ་མ་ལྷུང་བ་དྲང་པོར་བསྲང་། ཕྲག་པ་མཐོ་དམན་མེད་པ་ཉིད་དུ་མཉམ་པར་བཞག །སྣ་དང་ལྟེ་བ་ནི་དྲང་པོར་བསྟུན། །ལྕེ་ཡང་སོའི་དྲུང་དུ་བཞག །དབུགས་ཕྱི་ནང་དུ་རྒྱུ་བའང་སྒྲ་ཅན་དང་། །རྔམ་པ་དང་། རྒོད་པ་ཅན་དུ་མི་གཏོང་བར་དལ་བུས་ལྷུན་གྱིས་གྲུབ་པའི་ཚུལ་གྱིས་འབྱུང་འཇུག་དང་། དྲན་པ་ནང་དུ་བཞག་སྟེ་འདུག་པར་བྱའོ། །དེ་ལྟར་འདུག་ནས་ཐོག་མར་དེ་བཞིན་གཤེགས་པའི་སྐུ་གཟུགས་བྱིན་རླབས་ཅན་སྔར་མཐོང་བ་དང་། སངས་རྒྱས་འཇིག་རྟེན་དུ་བྱོན་པའི་ཡོན་ཏན་དང་མཚན་དཔེའི་རང་བཞིན་ཐོས་པ་ལ་སེམས་རྩེ་གཅིག་ཏུ་བཞག་ནས་ཞི་གནས་བསྒྲུབ་པར་བྱ་སྟེ། འཕགས་པ་ཏིང་ངེ་འཛིན་རྒྱལ་པོ་ལས། གསེར་གྱི་ཁ་དོག་ལྟ་བུའི་སྐུ་ལུས་ཀྱི། །འཇིག་རྟེན་མགོན་པོ་ཀུན་ཏུ་མཛེས་པ་སྟེ། །དམིགས་པ་དེ་ལ་གང་གིས་སེམས་འཇོག་པ། །བྱང་ཆུབ་སེམས་དཔའ་


JL00_Page_0787
[མ་དཔེ་གཟིགས་ན་འདིར་གནོན།]

དེ་མཉམ་བཞག་ཅེས་བྱ། །ཞེས་སོ། །དེ་ཡང་སྒྲུབ་གཞི་ནི་སེམས་ཡིན་ཏེ་དེའི་རང་བཞིན་ནི་དཀོན་མཆོག་བརྩེགས་པ་ལས་འོད་སྲུང་སེམས་ནི་ཡོངས་སུ་བཙལ་ན་མི་རྙེད་དོ། །གང་མ་རྙེད་པ་དེ་མི་དམིགས་སོ། །གང་མི་དམིགས་པ་དེ་འདས་པའང་མ་ཡིན། མ་འོངས་པ་མ་ཡིན། དེ་ལྟར་བྱུང་བའང་མ་ཡིན་ནོ། །ཞེས་པས་དངོས་པོ་གཟུགས་ཅན་ནམ། གཟུགས་ཅན་མ་ཡིན་པ་གང་ལའང་དམིགས་པ་གཏད་དུ་རུང་སྟེ། ཕྱི་རོལ་གྱི་ཡུལ་ལ་རྣམ་པར་གཡེང་བ་མཐའ་དག་ཞི་ནས་སྤྲོས་པའི་སྣང་བ་ཆོས་ཉིད་གཅིག་གི་རང་བཞིན་དུ་ནུབ་ཅིང་། ནུབ་བདེ་ཡང་སྣང་ཆ་འགགས་པའི་གླེན་པ་ལ་ཞུགས་པ་མ་ཡིན་པར་རང་བཞིན་གྱིས་ཞི་བ། དངོས་པོ་མེད་པས་ཕྲ་བ་མཚན་ཉིད་མ་གྲུབ་པས་བལྟ་དཀའ་བ་སྟེ། སྣང་ཡུལ་མ་འགགས་ལ་དེར་འཛིན་གྱི་འདུ་ཤེས་བཅོམ་པ་ཉེས་པ་ཤིན་ཏུ་སྤངས་པ་དང་ལྡན་པའི་ཏིང་ངེ་འཛིན་ཡིན་ཏེ། སྔ་མ་ལས། ཏིང་ངེ་འཛིན་ནི་སྙོམས་པའི་ས། །ཞི་བ་ཕྲ་སྟེ་བལྟ་དཀའ་བ། །འདུ་ཤེས་ཐམས་ཅད་བཅོམ་པས་ན། །དེ་ཕྱིར་ཏིང་ངེ་འཛིན་ཞེས་བྱ། །ཞེས་སོ། །དེ་ལྟ་བུའི་ངང་ལ་དྲན་པའི་ཐག་པས་བཏགས་ནས་དམིགས་པ་རྒྱུན་དུ་ཞུགས་ཤིང་བྱིང་རྒོད་ལ་སོགས་པའི་རྐྱེན་གྱིས་མི་འཕྲོགས་པ་ནི་ཞི་གནས་ཡིན་ལ། དེའི་རང་བཞིན་ཡོངས་སུ་ཤེས་པ་ནི་ལྷག་མཐོང་དུ་ངེས་པའི་ཚུལ་འཕགས་པ་དཀོན་མཆོག་སྤྲིན་ལས། ཞི་གནས་ནི་སེམས་རྩེ་གཅིག་པའོ། །ལྷག་མཐོང་ནི་ཡང་དག་པར་སོ་སོར་རྟོག་པའོ། །ཞེས་གསུངས་སོ། །དེ་བས་ན་ཤེས་པ་ཡུལ་ལ་མི་རྟོག་པར་གནས་པ་དེས་ལུས་དང་སེམས་ཤིན་ཏུ་སྦྱངས་པ་འབྱུང་བ་གང་ཡིན་པ་ད་མཉམ་པར་བཞག་པ་སྟེ་ཞི་གནས་ཀྱི་རང་བཞིན་ཡིན་ཀྱང་ལྷག་མཐོང་དང་འབྲེལ་དགོས་ཏེ། ཞི་གནས་


JL00_Page_0788
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རེ་ཞིག་ཅིག་ཉོན་མོངས་པ་མགོ་གནོན་པ་ཙམ་ལས་སྒྲིབ་པ་མི་སྤོང་ལ། དེ་ཉིད་དང་བློ་གཅིག་ངོ་བོ་གཅིག་དུས་གཅིག་སྒྲིབ་པ་སྤོངས་པའི་བྱེད་ལས་སུ་གཅིག་པའི་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ནི་བག་ལ་ཉལ་ལེགས་པར་འཇོམས་ཤིང་ཆོས་ཐམས་ཅད་སྒྱུ་མ་ལྟར་མཐོང་བས་རྗེས་ཐོབ་དང་ལྡན་པའི་ལྷག་མཐོང་དུ་རིགས་པ་ཡིན་ནོ། །དེ་སྐད་དུ་འཕགས་པ་དགོངས་པ་ངེས་པར་འགྲེལ་བ་ལས། བསམ་གཏན་གྱིས་ནི་ཉོན་མོངས་པ་རྣམ་པར་གནོན་ཏོ། །ཤེས་རབ་ཀྱིས་ནི་བག་ལ་ཉལ་འཇོམས་པར་བྱེད་དོ། །ཞེས་དང་། རྣམ་པར་མི་རྟོག་པར་འཇུག་པ་ལས། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་ནམ་མཁའི་དཀྱིལ་དང་འདྲ་བར་མཉམ་པར་མཐོང་ངོ་། །དེའི་རྗེས་ལ་ཐོབ་པ་ནི་སྒྱུ་མ་དང་། སྨིག་སྒྱུ་དང་ཆུ་ཟླ་བཞིན་དུ་མཐོང་ངོ་། །ཞེས་སོ། །དབྱེ་ན་བྱིས་པ་ཉེར་སྤྱོད་དོན་རབ་འབྱེད། །དེ་བཞིན་གཤེགས་དགེའི་བསམ་གཏན་རྣམ་གསུམ་ལས། །རྟོག་དཔྱོད་ཡོད་མེད་མུ་བཞིའི་བསམ་གཏན་བཞི། །དེ་བཞིན་གཟུགས་མེད་བཞི་སྟེ་རྣམ་པའི་གྲངས། །ལམ་མ་ཞུགས་པའི་རྒྱུད་ཀྱི་ཏིང་འཛིན་ནི། །བསམ་གཏན་གཟུགས་མེད་གྱིས་པ་ཉེར་སྤྱོད་ཡིན། །ལམ་ཞུགས་ཚོགས་དང་སྦྱོར་བའི་ཏིང་འཛིན་གྱིས། །ཐར་ལམ་མངོན་བྱེད་དོན་རབ་འབྱེད་པར་གྲགས། །དང་པོའི་ས་ཡན་འཕགས་པའི་ཏིང་འཛིན་ཏེ། །ཟག་པ་མེད་པས་དེ་བཞིན་གཤེགས་དགེ་ཡིན། །དེ་སྐད་དུ་ལང་དཀར་གཤེགས་པ་ལས་བྱིས་པ་ཉེར་སྤྱོད་བསམ་གཏན་དང་། དོན་རབ་འབྱེད་པའི་བསམ་གཏན་དང་། །དེ་བཞིན་གཤེགས་དགེའི་བསམ་གཏན་ཏེ། །ཞེས་པ་ལས་བྱིས་པ་ཉེར་སྤྱོད་ཀྱི་བསམ་གཏན་ནི་ལམ་དུ་ལ་ཞུགས་པའི་རྒྱུད་ཀྱི་ཏིང་ངེ་འཛིན་བསམ་གཏན་དང་གཟུགས་མེད་པ་རྣམ་


JL00_Page_0789
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡོད་དེ་འཇིག་རྟེན་པའི་ལམ་མོ། །འཇིག་རྟེན་ལས་འདས་པ་གཉིས་ལས། དོན་རབ་འབྱེད་པའི་བསམ་གཏན་ནི་ལམ་དུ་ཞུགས་ནས་ཚོགས་སྦྱོར་གྱི་ཏིང་ངེ་འཛིན་གྱིས་ཐར་བའི་ལམ་མངོན་དུ་བྱེད་པའོ། །དེ་བཞིན་གཤེགས་དགེའི་བསམ་གཏན་ནི་ས་དང་པོ་ཡན་ཆད་འཕགས་པའི་རྒྱུད་ཀྱི་ཏིང་ངེ་འཛིན་ཟག་པ་མེད་པའོ། །ཀུན་ཀྱང་ངོ་བོ་ནང་དུ་སེམས་འཛིན་ལ། །རྒྱུ་ནི་དྲན་པ་རྒྱུན་ཆགས་བརྩོན་འགྲུས་ཅན། །རྣམ་པར་གཡེང་ན་སླར་ཡང་དེ་ལ་བསླན། །བྱེད་ལས་བདེ་བ་བསྐྱེད་ཅིང་རྫུ་འཕྲུལ་འགྲུབ། །འབྲས་བུ་མངོན་ཤེས་ལ་སོགས་ཐོབ་པ་ཡིན། །དེ་ལ་བསམ་གཏན་གྱི་ངོ་བོ་སེམས་ནང་དུ་རྩེ་གཅིག་ཏུ་གནས་པ་གྲུབ་པའི་རྒྱུ་ནི་དྲན་པ་རྒྱུན་ཆགས་པ་ཉིད་བརྩོན་འགྲུས་ཀྱི་རྐྱེན་ལ་ལྟོས་ནས་བསྒྲུབ་དགོས་པ་ཁོ་ན་ཡིན་ཏེ། མདོ་སྡེའི་རྒྱན་ལས། སེམས་ནི་ནང་དུ་གནས་པ་དང་། །དྲན་དང་བརྩོན་འགྲུས་ལ་བརྟེན་པ། །ཞེས་བསྟན་ཏོ། །དེའི་ཚེ་ཡིད་ལ་བྱེད་པ་ཁུགས་ནས་རྣམ་པར་གཡེང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གསུངས་པའི་འཇོག་ཚུལ་དགུས་ཞི་གནས་བརྟན་པར་བྱ་སྟེ། བཀའ་བསྩལ་པ་དེ་དང་དེ་ལ་སོམས་འཇོག་གོ །རྒྱུན་དུ་འཇོག་གོ །བླན་ཏེ་འཇོག་གོ །ཉེ་བར་འཇོག་གོ །འདུལ་བར་བྱེད་དོ། །ཞི་བར་བྱེད་དོ། །རྣམ་པར་ཞི་བར་བྱེད་དོ། །རྩེ་གཅིག་ཏུ་བྱེད་དོ། །མཉམ་པར་འཇོག་གོ །ཞེས་སོ །དེ་ལ་དང་པོ་ནི་དམིགས་པ་ལ་སེམས་འཇོགས་པའོ། །གཉིས་པ་ནི་དམིགས་པ་དེ་ཉིད་ལ་རྒྱུན་དུ་འཇོག་པའོ། །གསུམ་པ་ནི་རྣམ་པར་གཡེང་བ་ཤེས་ནས་དེ་སྤོང་བའོ། །བཞི་པ་ནི་རྣམ་པར་གཡེང་བ་སྤངས་ནས་ཕྱི་ཕྱིར་བརྟུན་དེ་དམིགས་པ་དེ་ཉིད་ལ་འཇོག་པའོ། །ལྔ་པ་ནི་དགའ་བ་བསྐྱེད་པའོ། །དྲུག་པ་ནི་རྣམ་པར་གཡེང་བའི་ཉེས་པ་མཐོང་ནས་མེ་དགའ་བ་རབ་ཏུ་ཞི་བར་བྱེད་དོ། །


JL00_Page_0790
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་པ་ནི་རྨུགས་པ་དང་གཉིད་ལ་སོགས་པ་སེལ་བའོ། །བརྒྱད་པ་ནི་མངོན་པར་འདུ་བྱེད་པ་མེད་པས་འཇུག་པར་མེད་པའོ། །དགུ་པ་ནི་སེམས་མཉམ་པར་གྱུར་བ་ན་བཏང་སྙོམས་སུ་བྱེད་པའོ། །ཞེས་བྱ་བའི་ཐ་ཚིག་ཏུ་མགོན་པོ་བྱམས་པས་བསྟན་ཏོ། །དེའི་ཚེ་ཏིང་ངེ་འཛིན་གྱི་མི་མཐུན་ཕྱོགས་སླང་བ་ལ་བརྩོན་པར་བྱ་སྟེ། སའི་སྙིང་པོ་འཁོར་ལོ་བཅུ་བ་ལས། དེ་ནས་བཅོམ་ལྡན་འདས་ཀྱིས་ཚངས་པ་ཆེན་པོ་ལ་བཀའ་སྩལ་པ། གནས་པ་དང་སྤྱད་པར་མི་བྱ་བའི་ཆོས་རྣམ་པ་བཅུ་ཡོད་དེ། གལ་ཏེ་རྣལ་འབྱོར་སྤྱོད་པ་ངན་པ་འདི་ལས་འགའ་ཙམ་གྱི་རྗེས་སུ་ཞུགས་ན་ཡང་། འདོད་པའི་ཁམས་ཀྱི་དགེ་བའི་རྩ་བ་ཙམ་ཡང་ཡོངས་སུ་མི་འགྲུབ་བོ། །ཅི་སྟེ་གྲུབ་ན་ཡང་དེ་ལ་ཐག་ཏུ་ཕྱིར་སྟོར་ཅིང་ཉམས་པར་གྱུར་ན་གཟུགས་དང་གཟུགས་མེད་པའི་ཏིང་འཛིན་དང་། ཐེག་པ་གསུམ་དང་། ཐེག་པ་གཅིག་གི་བར་དུ་ཐོས་པར་འགྱུར་བ་ལྟ་ཅི་སྨོས། བཅུ་གང་ཞེ་ན། འདི་ལྟ་སྟེ། འཇིག་རྟེན་ཁ་ཅིག་ནི་ཏིང་ངེ་འཛིན་བསྒོམ་འདོད་ཀྱང་འཚོ་བའི་ཡོ་བྱད་ཀྱིས་བྲེལ་བས་འཚོ་བའི་རྐྱེན་གྱིས་ཉོན་མོངས་པ་དང་། ཁ་ཅིག་ནི་ཏིང་ངེ་འཛིན་བསྒོམ་འདོད་ཀྱང་ཞེས་པ་ཀུན་ལ་སྦྱར་ནས། ཚུལ་ཁྲིམས་ཉམས་ཤིང་ཁ་ན་མ་ཐོ་བ་མང་པོ་བྱེད་པ་དང་། ཕྱིན་ཅི་ལོག་ཏུ་བལྟ་ཞིང་། འཇིག་རྟེན་གྱི་ལྟས་བཟང་ངན་ལ་ཆགས་ཏེ་ལུས་དང་སོམས་མདུལ་བ་དང་། སེམས་གཡོ་ཞིང་རྒོད་པས་འཕགས་པ་ལ་མི་གཞོལ་ཏེ་དབང་པོ་རྒོད་པ་དང་། ཕྲ་མ་བྱེད་པ་ལ་དགའ་བས་དབྱེན་བྱེད་པ་དང་། ངག་རྩུབ་བོས་འཕགས་པ་ལ་སྨོད་ཅིང་དབང་ཟ་བ་དང་། ཚིག་འཁྱལ་བ་དང་རྫུན་དུ་སྨྲ་བ་དང་། འདོད་ཆགས་དང་ཕྲག་དོག་གིས་གཞན་གྱི་ཁེ་དང་བསྟི་སྟང་དང་། རྙེད་པ་ལ་ནི་དགའ་བ་དང་། ཞེ་སྡང་དང་བཅས་པས་སེམས་ཅན་ལ་གནོད་སེམས་བསྐྱེད་པ་དང་།


JL00_Page_0791
[མ་དཔེ་གཟིགས་ན་འདིར་གནོན།]

ལོག་པར་བལྟ་བ་དང་བཅས་རྒྱུ་དང་འབྲས་བུ་མེད་པར་བལྟ་བའོ། །ཞེས་དང་། འདི་ལྟ་སྟེ། ལས་སུ་བྱ་བའི་དངོས་པོ་ལ་དགའ་ཞིང་ཆགས་པ་དང་། བྲེ་མོའི་གཏམ་ལ་དགའ་ཞིང་ཆགས་པ་དང་། གཉིད་ཀྱིས་ལོག་པ་ལ། ཟང་ཟིང་འཚོལ་བ་ལ། གཟུགས་བཟང་པོ་ལ། སྒྲ་སྙན་པ་ལ། དྲི་ཞིམ་པ་ལ། རོ་ཞིམ་པ་ལ། རེག་བྱ་འཇམ་པ་ལ། རྟོག་པ་དང་དཔྱོད་པ་ལ་དགའ་ཞིང་ཆགས་པའོ། །ཞེས་སོགས་རྒྱ་ཆེར་གསུངས་ཤིང་དྲན་པ་ཉེར་གཞག་ལས་ཀྱང་། རིགས་ཀྱི་བུ་བཅུ་པོ་འདི་དག་གིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་དང་། ཁ་ཏོན་གྱི་བར་དུ་གཅོད་པར་བྱེད་པའོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། འདུ་འཛིའི་གཏམ་ཉན་པ་དང་། རི་མོ་འདྲི་བ་དང་། སྙན་དངགས་སྦྱོར་བ་དང་། གཟའི་ཚོགས་དང། རྒྱུ་སྐར་སེམས་པ་དང་། ཟས་རྙེད་པ་བདག་གིར་བྱེད་པ་དང་། ཤ་ཟ་མོ་ལྟར་ནོར་བསྒྱུར་བར་སེམས་པ་དང་། རྒྱལ་པོ་ལ་བརྟེན་པ་དང་། མཁས་པ་ལ་མི་འདྲི་བ་དང་། བདེ་བ་ལ་མགྲོན་དུ་འཕོད་པ་དང་། འདྲེ་ཞིང་གནས་པ་སྟེ་བཅུ་པོ་འདི་དག་གོ །ཞེས་སོ། །དེ་བས་ན་དེ་དག་སྤངས་ནས་སེམས་ཀྱི་རྒྱུན་རྣམ་པར་མི་གཡེང་བ་འབའ་ཞིག་ལ་གནས་པས་ཐུན་མོང་གི་བསམ་གཏན་བསྒྲུབ་པར་བྱའོ། །བྱེད་ལས་ནི་ལུས་སེམས་ཤིན་ཏུ་སྦྱངས་པ་ཉིད་འཐོབ་པས་ཚེ་དེ་ལ་བདེ་བར་གནས་པར་བྱེད་ཅིང་རྫུ་འཕྲུལ་འགྲུབ་པའི་རྟེན་བྱེད་ལ། འབྲས་བུ་ནི་མངོན་པར་ཤེས་པ་དང་། རྣམ་ཐར་དང་། ཟད་པ་དང་། ཟིལ་གནོན་སོགས་ཉན་ཐོས་དང་ཐུན་མོང་ཅན་གྱི་ཡོན་ཏན་འཐོབ་པ་ཡིན་ཏེ། མདོ་སྡེའི་རྒྱན་ལས། བདེ་བ་བསྐྱེད་པར་བྱེད་པ་དང་། མངོན་ཤེས་གནས་ལ་དབང་བསྒྱུར་བ། །ཆོས་རྣམས་ཀྱིས་ནི་གཙོ་བོ་སྟེ། །དེ་དག་ལ་ཡོད་དེ་རྣམ་གསུམ། །བསམ་གཏན་དེ་འདྲར་ཡོངས་ཤེས་ནས། །


JL00_Page_0792
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་པས་ཡང་དག་བསྒྲུབ་པར་བྱེད། །ཅེས་སོ། །དེ་ལྟར་བསམ་གཏན་རྒྱུད་ལ་བརྟེན་པ་ཙམ་ལའང་ཕན་ཡོན་ཚད་མེད་དེ། །འདོད་པའི་ཡོན་ཏན་ལ་བློ་ལྡོག །ཉོན་མོངས་པ་ངང་གིས་ཞི། །དབེན་པ་འབའ་ཞིག་ལ་དགའ་ཏིང་ངེ་འཛིན་གྱི་སྒོ་དུ་མ་ཉམས་སུ་མྱོང་། མངོན་པར་ཤེས་པ་འཆར་བས་གཞན་དོན་འགྲུབ་པ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས། རབ་འབྱོར་འདི་ལྟ་སྟེ། དཔེར་ན་བྱ་འདབ་མ་མེད་པ་ནི་ནམ་མཁའ་ལ་འགྲོ་བར་མི་ནུས་སོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་། །མངོན་པར་ཤེས་པ་རྣམས་ལ་མ་བརྟེན་པར་ཆོས་སྟོན་མི་ནུས་སོ། །ཞེས་བཀའ་སྩལ་ཏོ། །དེ་ལ་མངོན་ཤེས་དྲུག་ནི་མཛོད་ལས། །རྫུ་འཕྲུལ་རྣ་བ་ཡིད་དང་ནི། །སྔོན་ཚེ་འཆི་འཕོ་སྐྱེ་བ་དང་། །ཟད་ཤེས་སྔོན་དུ་བྱ་བ་ཡི། །ཞེས་པས་རྫུ་འཕྲུལ་གྱི་ཡུལ་ཤེས་པ་དང་། ལྷའི་རྣ་བ་ཤེས་པ་དང་། གཞན་གྱི་ཡིད་ཤེས་པ་དང་། སྔོན་གྱི་ཚེ་རབས་དྲན་པའི་ཤེས་པ་དང་། འཆི་འཕོ་ཤིང་སྐྱེ་བ་ཤེས་པ་དང་། ཟག་པ་ཟད་པ་ཤེས་པ་སྔོན་དུ་བྱ་བའོ། །འཇིག་རྟེན་པའི་བསམ་གཏན་བཤད་པ་ནི། བསམ་གཏན་དང་པོའི་ཉེར་བསྡོགས་རྟོག་ཅིང་དཔྱོད། །དངོས་གཞི་རྟོག་པ་མེད་ལ་དཔྱོད་པ་ཙམ། །ལྷག་མ་གསུམ་པོར་རྟོག་དཔྱོད་གཉིས་ཀ་མེད། །སྔ་མ་སྔ་མས་ཕྱི་མའི་ཉེར་བསྡོགས་བྱེད། །འཕགས་པའི་ལམ་གྱི་བརྟེན་གཞི་ཞེས་སུ་གྲགས། །དེ་ལ་གཟུགས་ལ་སྤྱོད་པ་དང་། གཟུགས་མེད་པར་སྤྱོད་པ་གཉིས་ལས་གཟུགས་ལ་སྤྱོད་པ་ནི་སློབ་པ་དང་། སོ་སོ་སྐྱེ་བོ་རྣམས་ཀྱི་བསམ་གཏན་བཞི་དང་། དེའི་ཉེར་བསྡོགས་དང་། དེའི་མཐུས་སྙོམས་པར་འཇུག་པ་ལས། སྨོན་པ་དང་བཅས་པས་བྱང་ཆུབ་ཀྱི་ཡན་ལག་ཅན་མ་ཡིན་པ་སྲིད་པ་མངོན་པར་འགྲུབ་པའི་རྒྱུ་བཏང་སྙོམས་ཀྱི་ཚོར་བ་དང་ལྡན་ཞིང་རྟོག་པ་དང་བཅས་པ། དཔྱོད་པ་དང་


JL00_Page_0793
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་ནི་བསམ་གཏན་དང་པོའི་ཉེར་བསྡོགས་ཏེ་སྦྱོར་བའི་སེམས་ཡིན་ལ། དེ་ཡང་འདོད་པའི་སྲེད་པ་དང་། །སྡིག་པའི་ཆོས་ལས་འདས་ཤིང་། རྟོག་པ་དང་། དཔྱོད་པ་དང་། དགའ་བ་དང་། བདེ་བ་དང་ལྡན་པར་གྱུར་བ་དེའི་ཚེ་བསམ་གཏན་དང་པོ་ཞེས་བྱ་བ། དེ་ཉིད་ལས་རྟོག་པ་མེད་ཅིང་། དཔྱོད་པ་ཙམ་དང་ལྡན་པའི་བསམ་གཏན་དང་པོའི་སེམས་ཁྱད་པར་ཅན་ཞེས་བཤད་དོ། །གང་གི་ཚེ་རྟོག་དཔྱོད་དང་བྲལ་ཏེ་བསམ་གཏན་དང་པོའི་སའི་སྲེད་པ་དང་བྲལ་ནས་དགའ་བ་དང་། བདེ་བ་དང་། ནང་ཡོངས་སུ་དང་བ་དང་ལྡན་པར་གྱུར་བ་དེའི་ཚེ་བསམ་གཏན་གཉིས་པ་ཞེས་བྱའོ། །བསམ་གཏན་གཉིས་པའི་སྲེད་པ་དང་བྲལ་ནས། བདེ་བ་དང་། བཏང་སྙོམས་དང་། དྲན་པ་དང་། ཤེས་བཞིན་དང་ལྡན་པར་གྱུར་བ་དེའི་ཚེ་བསམ་གཏན་གསུམ་པ་ཞེས་བྱའོ། །གང་གི་ཚེ་བསམ་གཏན་གསུམ་པའི་སའི་སྲེད་པ་དང་བྲལ་ནས་སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་ལ་བཏང་སྙོམས་དང་། དྲན་པ་དང་ལྡན་པར་གྱུར་བ་དེའི་ཚེ་བསམ་གཏན་བཞི་བ་ཞེས་བྱའོ། །བསམ་གཏན་ཕྱི་མ་གསུམ་པོའི་ཉེར་བསྡོགས་ནི་རང་རང་གི་སྔ་མ་སྔ་མས་བྱེད་པར་ས་སྡེ་ལས་བཤད་པ་ཡིན་ནོ། །དེ་བཞིན་དུ་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། འགོག་པའི་སྙོམས་པར་འཇུག་པ་སྟེ་དགུ་པོ་ནི་འཕགས་པའི་ལམ་གྱི་བརྟེན་གཞི་ཙམ་ཡིན་ནོ། །ཏིང་ངེ་འཛིན་དེ་དག་འཐོབ་བར་བྱེད་པ་ལ་བར་དུ་གཅོད་པ་དྲུག་ཡོད་དེ། ལེ་ལོ་དང་དམིགས་པ་བརྗེད་པ་དང་། བྱིང་བ་དང་། རྒོད་པ་དང་། མི་རྩོལ་བ་དང་། རྩོལ་བའི། དེ་དག་གི་གཉེན་པོར་སྤོང་བའི་འདུ་བྱེད་བརྒྱད་བསྒོམ་པ་ནི་འདི་ལྟ་སྟེ། དད་པ་དང་། འདུན་པ་དང་། རྩོལ་བ་དང་། ཤིན་ཏུ་སྦྱངས་པ་བཞི་ནི་ལེ་ལོའི་གཉེན་པོ་སྟེ། ཏིང་འཛིན་


JL00_Page_0794
[མ་དཔེ་གཟིགས་ན་འདིར་གནོན།]

འཐོབ་པའི་ཡོན་ཏན་ལ་ཤིན་ཏུ་ཡིད་ཆེས་པའི་དད་པ་དང་། འདོད་པས་བརྩོན་འགྲུས་བརྩམས་སོ། །དེའི་སྟོབས་ཀྱིས་སེམས་ལས་སུ་རུང་བར་བྱེད་དོ། །དེ་ནས་ལུས་དང་སེམས་ཤིན་ཏུ་སྦྱངས་པས་ལེ་ལོ་ལྡོག་པར་བྱེད་དོ། །དེ་བཞིན་དུ་དམིགས་པར་བརྗོད་པའི་གཉེན་པོར་དྲན་པ་བ་དང་རྒོད་པའི་གཉེན་པོར་ཤེས་བཞིན། །མི་རྩོལ་བའི་གཉེན་པོར་སེམས་པ། རྩོལ་བའི་གཉེན་པོར་བཏང་སྙོམས་ཏེ་སྤོང་བའི་འདུ་བྱེད་བརྒྱད་པོ་དང་ལྡན་ན་ཏིང་ངེ་འཛིན་ལས་སུ་རུང་བ་ཉིད་དང་། རྫུ་འཕྲུལ་ལ་སོགས་པའི་ཡོན་ཏན་ཐམས་ཅད་བསྒྲུབ་པས་ན་མདོ་སྡེ་ལས་ཀྱང་། སྤོང་བའི་འདུ་བྱེད་བརྒྱད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་བསྒོམ་མོ། །ཞེས་བཀའ་སྩལ་ཏོ། །འཇིག་རྟེན་ལས་འདས་པ། ཡོན་ཏན་ཐམས་ཅད་བསྐྱེད་པའི་བསམ་གཏན་ནི། །སྙིང་རྗེ་དང་ནི་ཡེ་ཤེས་དམ་པས་ཟིན། །ཏིང་འཛིན་མང་ལྡན་རྣམ་པ་ཐམས་ཅད་བསྒྲུབ། །བློ་རྫས་གཅིག་པའི་མཉེ་རྗེས་གཟུང་འཛིན་སྤོང་། །མཉམ་གཞག་ལས་འདས་རྗེས་ཐོབ་རྒྱ་ཡན་པ། །ས་བདུན་ཚུན་ཆད་ཀུན་ན་ཡོད་པ་ཡིན། །དེ་ལ་སྨོན་པ་མེད་ཅིང་བྱང་ཆུབ་ཀྱི་ཡན་ལག་ཅན་སྲིད་པ་སྤོང་བར་བྱེད་པས་དོན་རབ་འབྱེད་པའི་ཏིང་ངེ་འཛིན་ལ་བརྟེན་ནས་དེ་བཞིན་གཤེགས་དགེའི་བསམ་གཏན་ཁྱད་པར་ཅན་བསྒྲུབ་པ་ནི་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བའི་རྣལ་འབྱོར་གོམས་པ་བྱས་པ་ལས་འབྱུང་སྟེ། འཕགས་པ་དགོངས་པ་ངེས་པར་འགྲེལ་བ་ལས་བྱམས་པ་གང་ཡང་ཉན་ཐོས་རྣམས་ཀྱིའམ། བྱང་ཆུབ་སེམས་དཔའ་རྣམས་ཀྱིའམ། དེ་བཞིན་གཤེགས་པ་རྣམས་ཀྱི་དགེ་བའི་ཆོས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱང་ཞི་གནས་དང་ལྷག་མཐོང་གི་འབྲས་བུ་ཡིན་པར་རིག་པར་བྱའོ། །ཞེས་དང་། ངས་ཉན་ཐོས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། དེ་བཞིན་གཤེགས་པ་


JL00_Page_0795
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་ཏིང་ངེ་འཛིན་རྣམ་པ་དུ་མ་བསྟན་པ་གང་དག་ཡིན་པ་དེ་དག་ཐམས་ཅད་ནི་ཞི་གནས་དང་ལྷག་མཐོང་གི་བསྡུས་པར་རིག་པར་བྱའོ། །ཞེས་ཏིང་ངེ་འཛིན་གྱི་སྒོ་ཐམས་ཅད་ཞི་ལྷག་ཟུང་དུ་འབྲེལ་བས་བསྡུས་པ་ཉིད་ཀྱི་ཕྱིར་རོ། །དེ་རང་ཞི་གནས་བརྟན་པར་མ་གྱུར་བའི་ལྷག་མཐོང་ནི་རླུང་དང་འགྲོགས་པའི་མར་མེ་བཞིན་ནོ། །ལྷག་མཐོང་དང་བྲལ་བའི་ཞི་གནས་ཀྱིས་ནི་སྒྲིབ་པའི་དྲྭ་བ་མཐའ་དག་པ་གཅོད་པར་མི་ནུས་ཏེ། བསམ་གཏན་བཞི་དང་གཟུགས་མེད་པའི་ཞི་གནས་ཀྱིས་སྲིད་པའི་རྩེར་འཁོར་བ་བཞིན་ནོ། །དེ་ལ་ཞི་གནས་ཀྱི་སྟོབས་ཀྱིས་ནི་རྣམ་པར་རྟོག་པའི་རླུང་གིས་སེམས་གཡོ་བ་འགགས་པར་བྱེད་ལ། ལྷག་མཐོང་གིས་ནི་རྨོངས་པའི་སྒྲིབ་པ་དང་འཇིག་ཚོགས་ལ་བལྟ་བ་སོགས་ཕས་རྒོལ་གྱི་ལྟ་བ་ངན་པའི་དྲྭ་བ་མཐའ་དག་གིས་གཡོ་བར་མི་ནུས་ཤིང་གྲུབ་མཐའ་ངན་པ་དང་ལུང་མ་བསྟན་གྱི་སེམས་གནོན་པར་འགྱུར་བའི་ཚུལ་ཟླ་བ་སྒྲོན་མའི་མདོ་ལས། ཞི་གནས་སྟོབས་ཀྱིས་གཡོ་བ་མེད་པར་འགྱུར། །ལྷག་མཐོང་གིས་ནི་རི་དང་འདྲ་བར་འགྱུར། །ཞེས་བཀའ་བསྩལ་པ་ལྟར་རོ། །དེ་ཡང་ཉན་ཐོས་རྣམས་ནི་ཏིང་ངེ་འཛིན་ཤས་ཆེ་ལ་ཤེས་རབ་ཆུང་ངོ་། །བྱང་ཆུབ་སེམས་དཔའ་རྣམས་ནི་དེ་ལས་ལྡོག་ཅིང་། དེ་བཞིན་གཤེགས་པ་རྣམས་ནི་གཉིས་ཀ་ཆ་མཉམ་པ་ལས་ཐམས་ཅད་མཁྱེན་པའི་ཡེ་ཤེས་གཟིགས་པའི་ཚུལ་འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། ཉན་ཐོས་རྣམས་ཀྱིས་ནི་དེ་བཞིན་གཤེགས་པའི་རིགས་མི་མཐོང་སྟེ། ཏིང་ངེ་འཛིན་ཤས་ཆེ་བའི་ཕྱིར་དང་ཤེས་རབ་ཆུང་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་མཐོང་མོད་ཀྱི་མི་གསལ་ཏེ། ཤེས་རབ་ཤས་ཆེ་བའི་ཕྱིར་དང་། ཏིང་ངེ་


JL00_Page_0796
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ཆུང་བའི་ཕྱིར་རོ། །དེ་བཞིན་གཤེགས་པས་ནི་ཐམས་ཅད་གཟིགས་ཏེ། ཞི་གནས་དང་ལྷག་མཐོང་མཚུངས་པར་ལྡན་པའི་ཕྱིར་རོ། །ཞེས་བཀའ་སྩལ་ཏོ། །དེ་བས་ན་ཤིན་ཏུ་མཉམ་པར་གཞག་པའི་གནས་སྐབས་ན་ཆོས་ཐམས་ཅད་ནམ་མཁའི་དབྱིངས་ལྟར་རང་བཞིན་གྱིས་འོད་གསལ་ལ་གོ་འབྱེད་པའི་ཆ་དེ་ལྷག་མཐོང་མ་ནོར་བ་ཡིན་ན། རྣམ་པ་དུ་མའི་དམིགས་པ་ཅན་སེམས་ཀྱི་རྣམ་གཡེང་ངན་པའི་རྟོག་དཔྱོད་ནི་སོ་སོར་རྟོག་པའི་ཤེས་རབ་ཏུ་མ་འཁྲུལ་བ་ཤིན་ཏུ་གཅེས་པར་མཐོང་ངོ་། །དེ་སྐད་དུ་འོད་སྲུངས་གིས་ཞུས་པ་ལས། སོ་སོར་རྟོག་པ་གང་ཞེ་ན་འོད་སྲུངས་གང་ལ་བདག་མེད་པར་སོ་སོར་རྟོག་པ་དང་། ཞེས་པ་ནས། ཤེད་བུ་མེད་པ་སོ་སོར་རྟོག་པ་ནི་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པའོ། །འོད་སྲུངས་གཞན་ཡང་གཟུགས་རྟག་པར་ཡང་སོ་སོར་མི་རྟོག་མི་རྟག་པར་ཡང་སོ་སོར་མི་རྟོག་པ་འདི་ནི་དབུ་མའི་ལམ་ཆོས་རྣམས་ལ་སོ་སོར་རྟོག་པ་ཞེས་བྱའོ། །འོད་སྲུངས་རྟག་ཅེས་བྱ་བ་འདི་ནི་མཐའ་གཅིག་གོ །མི་རྟག་ཅེས་བྱ་བ་འདི་ནི་མཐའ་གཉིས་སོ། །མཐའ་གཉིས་ཀྱི་དབུས་གང་ཡིན་པ་དེ་ནི་དཔྱད་དུ་མེད་པ་བསྟན་དུ་མེད་པ་རྟེན་མ་ཡིན་པ་སྣང་བ་མ་ཡིན་པ་རྣམ་པར་རིག་པ་མ་ཡིན་པ་མེད་པ་སྟེ། འོད་སྲུངས་འདི་ནི་དབུ་མའི་ལམ་ཆོས་རྣམས་ལ་སོ་སོར་རྟོག་པའོ་ཞེས་པས་གསལ་ལོ། །དེ་ལྟར་ཞི་གནས་དང་ལྷག་མཐོང་ཆ་མཉམ་པར་བསྒྲུབ་པའི་སྔོན་རོལ་དུ་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོའི་ལྟ་བས་བལྟ་བའི་དམིགས་པ་ལ་སེམས་ཉེ་བར་འཇོག་པ་ནི་བྱང་ཆུབ་སེམས་དཔའི་ཐབས་ཁྱད་པར་ཅན་ཡིན་ལ། དངོས་གཞིའི་དུས་ན་རབ་ཏུ་ཞི་བའི་སེམས་མཐའ་གཉིས་ལ་མི་གནས་ཤིང་ཡུལ་དང་ཡུལ་ཅན་གྱི་སྤྲོས་པ་ཉེ་བར་ཞི་བའི་ངང་དུ་སྙོམས་པར་འཇུག་པ་ནི་དེའི་ཤེས་རབ་རྣམ་


JL00_Page_0797
[མ་དཔེ་གཟིགས་ན་འདིར་གནོན།]

པར་དག་པ་ཉིད་ཡིན་ཏེ། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་ལས། དེ་ལ་བྱང་ཆུབ་སེམས་དཔའི་ཐབས་ནི་གང་། །ཤེས་རབ་མངོན་པར་བསྒྲུབ་པ་ནི་གང་ཞི་ན། གང་གི་ཕྱིར་མཉམ་པར་བཞག་པ་ན་སེམས་ཅན་ལ་བལྟ་བས་ན་སྙིང་རྗེ་ཆེན་པོའི་དམིགས་པ་ལ་སེམས་ཉེ་བར་འཇོག་པ་དེ་ནི་དེའི་ཐབས་སོ། །གང་གི་ཕྱིར་ཞི་བ་དང་རབ་ཏུ་ཞི་བར་སྙོམས་པར་འཇུག་པ་དེ་ནི་དེའི་ཤེས་རབ་བོ་ཞེས་བཀའ་བསྩལ་ཏོ། །གལ་ཏེ་སྙིང་རྗེ་ཆེན་པོའི་དམིགས་པ་ལ་སེམས་ཉེ་བར་འཇོག་པ་དེ་ཉིད་མཉམ་གཞག་ཏུ་འཕྲུལ་ན་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྒོམ་པའི་རིམ་པ་ཐམས་ཅད་དོན་དམ་པའི་བྱང་ཆུབ་ཀྱི་སེམས་སུ་འགྱུར་བས་ཐེག་པ་ཆེན་པོའི་ལམ་ལ་སྦྱོར་བའི་ཆོས་མེད་པར་འགྱུར་ཞིང་། དེ་མེད་པས་དངོས་གཞིའི་ཚེ་དམིགས་པ་མེད་པ་ལ་སོགས་དམ་པ་གསུམ་གྱིས་ཟིན་པའི་དགེ་བའི་རྣམ་གཞག་ཀྱང་འཇིག་པར་འགྱུར་རོ། །དེ་བས་ན་ཤིན་ཏུ་མཉམ་པར་གཞག་པའི་གནས་སྐབས་ན་ཐབས་ལ་བརྟེན་པ་མཐའ་དག་ནི་དམིགས་པ་དང་བཅས་པ་ཡིན་པས་མི་འབྱུང་ཡང་། དེའི་སྦྱོར་བ་དང་། དེའི་རྗེས་ལ་ཐོབ་པའི་ཚེ་ཐབས་ལ་བརྟེན་པ་མཐའ་དག་འབྱུང་བ་ཡིན་ཏེ། དེ་བཞིན་གཤེགས་པའི་གསང་བའི་མདོ་ལས། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་མེ་ནི་རྒྱུ་ལས་འབར་ཏེ། རྒྱུ་མེད་ན་ཞི་བར་འགྱུར་རོ། །དེ་བཞིན་དུ་དམིགས་པ་ལ་སེམས་འབར་གྱི། །དམིགས་པ་མེད་ན་སེམས་ཞི་བར་འགྱུར་རོ། །དེ་ལ་ཐབས་ལ་མཁས་པའི་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པས་དམིགས་པ་ཉེ་བར་ཞི་བ་ཡང་ཤེས་ལ། དགེ་བའི་རྩ་བ་ལ་དམིགས་པ་ཡང་ཞི་བར་མི་བྱེད། ཉོན་མོངས་པ་ལ་དམིགས་པ་ཡང་འབྱུང་བར་མི་བྱེད་ལ། ཕ་རོལ་ཏུ་ཕྱིན་པའི་དམིགས་པ་


JL00_Page_0798
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡང་འཇོག་པར་བྱེད། སྟོང་པ་ཉིད་དུ་དམིགས་པ་ལ་ཡང་སོ་སོར་རྟོག་ལ་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོས་དམིགས་པ་ལ་ཡང་བལྟའོ། །རིགས་ཀྱི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དག་པས་དམིགས་པ་ལ་དབང་ཐོབ་བོ། །ཞེས་དང་། ད་ལྟར་ན་བྱང་ཆུབ་སེམས་དཔའི་དམིགས་པ་གང་ཅི་ཡང་རུང་། ད་ཐམས་ཅད་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་པར་བསྒྲུབ་པའི་ཕྱིར་མི་གནས་པ་མེད་དོ། །བྱང་ཆུབ་སེམས་དཔའ་གང་དམིགས་པ་ཐམས་ཅད་ཡོངས་སུ་བསྔོས་པ་དེ་ནི་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པ་སྟེ། ཆོས་ཐམས་ཅད་བྱང་ཆུབ་ཀྱི་རྗེས་སུ་སོང་བར་མཐོང་ངོ་། །ཞེས་པ་འདིས་དམིགས་པ་མཐའ་དག་འདུས་བྱས་ཡིན་པར་གསལ་བར་བསྟན་ཅིང་། དེ་ལྟར་ཡིན་པས་བསྔོ་བའི་མཚན་ཉིད་ཀྱང་ཡོངས་སུ་གྲུབ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དུས་གསུམ་དང་། ཁམས་གསུམ་དང་། དགེ་སྡིག་ཉིད་ལས་རྣམ་པར་གྲོལ་བས་དེ་ལ་ནི་བསྔོ་བ་མེད་པའི་ཚུལ་ཡང་དག་སྦྱོར་བའི་རྒྱུད་ལས། དེ་ཡི་སྡིག་དང་བསོད་ནམས་ཀྱི། །ཆ་གཉིས་རྣམ་པར་རྟོག་པ་སྟེ། །མཁས་པས་འདི་གཉིས་རྣམ་པར་སྤང་། །ཞེས་པ་ལ་སོགས་རྒྱ་ཆེར་ཡོད་དོ། །དེ་བས་ན་ཏིང་ངེ་འཛིན་དེ་ལས་ལངས་པའི་གནས་སྐབས་གཞན་དུ་འཇིག་རྟེན་མཐའ་དག་སྒྱུ་མ་དང་། སྨིག་སྒྱུ་དང་། རྨི་ལམ་དང་། ཆུ་ཟླ་དང་། མིག་ཡོར་ལྟ་བུར་བལྟ་ཞིང་། རྗེས་ལ་ཐོབ་པའི་ཤེས་པ་དེས་སེམས་འདི་ལྟར་བསྐྱེད་པར་བྱ་སྟེ། ཀྱེ་མ་སེམས་ཅན་འདི་དག་ནི་ཀུན་ནས་ཉོན་མོངས་པས་ཆོས་ཟབ་མོ་འདི་ལྟ་བུ་ཁོང་དུ་མ་ཆུད་པས་འཁོར་བ་ན་འཁོར་བ་སྙིང་རེ་རྗེ་སྙམ་པས་བྱང་ཆུབ་ཀྱི་སེམས་ཀུན་རྫོབ་པ་མངོན་དུ་བྱས་ལ། ཡང་ཆོས་ཐམས་ཅད་སྣང་བ་མེད་པའི་ཏིང་ངེ་འཛིན་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཀྱི་ངང་དུ་མཉམ་པར་བཞག་པར་བྱའོ། །


JL00_Page_0799
[མ་དཔེ་གཟིགས་ན་འདིར་གནོན།]

གང་གི་ཚེ་བྱིང་རྒོད་ཀྱི་སྐྱོན་དང་བྲལ་ནས་མཉམ་པར་ཞུགས་པའི་སེམས་དེ་ཁོ་ན་ཉིད་ལ་ཞུགས་པར་གྱུར་ན་དེའི་ཚེ་རྩོལ་བ་གློད་དེ་ཞི་གནས་དང་ལྷག་མཐོང་ཆ་མཉམ་པའི་བཏང་སྙོམས་ལ་གོམས་པར་བསླབ་བོ། །གལ་ཏེ་དེ་ལ་རྩོལ་བ་བྱས་ན་སེམས་རྣམ་པར་གཡེང་བས་རྒོད་པར་འགྱུར་ལ། ཡང་ཤེས་པའི་གདངས་ཉམས་ནས་བྱིང་བར་གྱུར་ན་ལྷག་མཐོང་མེད་པར་རིག་པར་བྱས་ནས་དམུས་ལོང་ལྟ་བུའི་སེམས་མུན་པར་ཞུགས་པའི་སྐྱེས་བུའམ། མིག་བཙུམས་པ་ལྟར་སོ་སོར་རྟོག་པའི་ཤེས་རབ་ཀྱི་གདངས་ཆ་མེད་པར་འགྱུར་བའི་ཉེས་པ་བསལ་ཕྱིར་བྱིང་བ་དེ་ཉིད་བཙལ་བས་བསླངས་ནས་ཤེས་བྱའི་དོན་ཡང་དག་པའི་ཤེས་རབ་རྣམ་པར་མི་རྟོག་པའི་ཡེ་ཤེས་རང་བཞིན་གྱིས་གོ་འབྱེད་པའི་གདངས་གདོན་པར་བྱའོ། །གང་གི་ཚེ་རྟོག་དཔྱོད་རྣོན་པོ་ལྷག་མཐོང་དུ་འདོད་ནས་སྤྲེའུ་བཞིན་དུ་སེམས་རྣམ་པར་གཡེང་ཞིང་རྒོད་པར་གྱུར་བ་ལ་སོ་སོར་རྟོག་པའི་ཤེས་རབ་ཏུ་འཁྲུལ་ན་ཆེས་ཐམས་ཅད་སྟོང་ཞིང་བདག་མེད་པ་དང་འགལ་བར་འགྱུར་ཏེ། ཅིའི་ཕྱིར་ན་ཤེས་རབ་ནི་དངོས་པོ་བྱེ་བྲག་ཡིན་པས་དངོས་པོ་མ་གྲུབ་ན་ཤེས་རབ་དེ་ཉིད་ཀྱང་མི་འགྲུབ་སྟེ། ཤིང་མ་གྲུབ་ན་ཤ་པ་ལ་སོགས་པ་བཀག་པ་བཞིན་ནོ། །ཞེས་པཎྜི་ཏ་པྲཛྙཱ་མོཀྵས་ཀྱང་དབུ་མའི་འགྲེལ་བ་ལས་བཤད་དོ། །དེ་ལྟ་ན་དགོངས་འགྲེལ་ལས། དེ་ལྟར་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་དེ་དག་ལ་ཤེས་བྱའི་དོན་དེ་རྣམ་པར་འབྱེད་པ་དང་། རབ་ཏུ་རྣམ་པར་འབྱེད་པ་དང་། ཡོངས་སུ་རྟོག་པ་དང་ཡོངས་སུ་དཔྱོད་པ་དང་། བཟོད་པ་དང་། འདོད་པ་དང་བྱེ་བྲག་འབྱེད་པ་དང་ལྟ་བ་དང་རྣམ་པར་རྟོག་པ་གང་ཡིན་པ་དེ་ནི་ལྷག་མཐོང་ཞེས་བྱ་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ལྷག་མཐོང་ལ་མཁས་པ་ཡིན་ནོ། །ཞེས་གསུངས་པ་དང་འགལ་སྙམ་ན། འདི་དག་ནི་


JL00_Page_0800
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པར་གཞག་པའི་ཚེ་ཆོས་ཐམས་ཅད་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ནམ་མཁའི་དཀྱིལ་ལྟར་མཐོང་བའི་ལྷག་མཐོང་གཅིག་པོ་ལ་དགོངས་པ་མ་ཡིན་ཏེ། ཤེས་བྱའི་ཁྱད་པར་དེ་ཤེས་བྱེད་ཀྱི་ཡུལ་ལ་ཞུགས་པའི་ཚེ་ཇི་སྙེད་པའི་ཤེས་བྱ་མཁྱེན་པས་རྣམ་པར་འབྱེད་པ་དང་། རང་གི་ངོ་བོ་ཉིད་དུ་རྣམ་པར་དག་པའི་ཚེ་ཤེས་བྱ་ཡུལ་ལ་མི་འཇུག་ཅིང་ཇི་ལྟ་བར་མཁྱེན་པས་རབ་ཏུ་རྣམ་པར་འབྱེད་པ་དང་། ཐོས་པ་དང་བསམ་པའི་ཤེས་རབ་དང་ལྡན་པས་གསུང་རབ་ཡན་ལག་བུཅུ་གཉིས་ལ་སོགས་པའི་ཚིག་ཡིད་ལ་བྱེད་ཅིང་། དོན་ལ་རྟོག་པས་དཔྱོད་པ་དང་བཅས་པའི་མཚན་མར་འཛིན་པ་གང་ཞིག་ཡོངས་སུ་རྟོག་པ་དང་ཡོངས་སུ་དཔྱོད་པ་ཉིད་ཡིན་པར་འཛམ་བུའི་གླིང་གི་རྒྱན་གཉིས་པས་ཀྱང་བཤད་ཅིང་རྟོག་དཔྱོད་གཉིས་ནི་སྔ་མ་རྩིང་ལ་ཕྱི་མ་ཞིབ་པའི་ཁྱད་པར་ཙམ་ལས་སྐད་ཅིག་དང་ཆ་ཤས་དུ་མ་ལ་དམིགས་པས་རྣམ་ཤེས་ཚོགས་བརྒྱད་དང་འདྲེས་པའི་ཤེས་རབ་འདུས་བྱས་ཀུན་རྫོབ་པར་བརྒྱུད་ལྡན་ཡིན་ཏེ་འཇམ་དཔལ་རྣམ་པར་འཕྲུལ་བ་ལས་ཀྱང་། བསམ་གཏན་ལ་མཚན་མ་དང་། ཤེས་རབ་རྒྱུ་བ་ཡང་བདུད་ཀྱི་ལས་ཅེས་དང་། ལྷའི་བུ་ཇི་ཙམ་དུ་རྟོག་པ་དང་། རྣམ་པར་རྟོག་པ་དང་། ཡོངས་སུ་རྟོག་པ་དང་། མཐོང་བ་དང་། ཐོས་པ་དང་། བྱེ་བྲག་ཕྱེད་པ་དང་། རྣམ་པར་ཤེས་པའི་གནས་ཇི་ཙམ་པ་དེ་ཙམ་དུ་བདུད་ཀྱི་ལས་སོ། །ཞེས་སོ། །དེ་བས་དེ་དག་ནི་ཐོས་པ་དང་བསམ་པའི་ཤེས་རབ་ལ་ཐོག་མར་ལམ་དུ་བྱེད་པའི་ཞི་ལྷག་ཡིན་པའི་ཚུལ་འཕགས་པ་དགོངས་པ་ངེས་འགྲེལ་ལས། བཅོམ་ལྡན་འདས་ཞི་གནས་ཇི་ལྟར་ཡོངས་སུ་འཚོལ་བར་བགྱིད་པ་དང་། ལྷག་མཐོང་ལ་མཁས་པ་གང་ལགས། བཀའ་སྩལ་པ། ངས་ཆོས་གདགས་པ་རྣམ་པར་བཞག་པ་འདི་ལྟ་སྟེ། མདོའི་སྡེ་དང་། དབྱངས་ཀྱིས་


JL00_Page_0801
[མ་དཔེ་གཟིགས་ན་འདིར་གནོན།]

བསྙད་པའི་སྡེ་དང་། ལུང་དུ་བསྟན་པའི་སྡེ་དང་། ཚིགས་སུ་བཅད་པའི་སྡེ་དང་། ཆེད་དུ་བརྗོད་པའི་སྡེ་དང་། གླེང་གཞིའི་སྡེ་དང་། རྟོགས་པ་བརྗོད་པའི་སྡེ་དང་། དེ་ལྟ་བུ་བྱུང་བའི་སྡེ་དང་། སྐྱེས་པ་རབས་ཀྱི་སྡེ་དང་། ཤིན་ཏུ་རྒྱས་པའི་སྡེ་དང་། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་དང་། གཏན་ལ་ཕབ་པར་བསྟན་པའི་སྡེ་གང་དག་བྱང་ཆུབ་སེམས་དཔའ་རྣམས་ལ་བཤད་པ་དེ་དག་ཀྱང་བྱང་ཆུབ་སེམས་དཔས་ལེགས་པར་ཐོབ། ལེགས་པར་བཟུང་། ཁ་ཏོན་བྱང་བར་བྱས། ཡིད་ཀྱིས་ལེགས་པར་བརྟགས། མཐོང་བས་ཤིན་ཏུ་རྟོགས་པར་བྱས་ནས་དེ་གཅིག་པུ་དབེན་པར་འདུག་སྟེ་ཡང་དག་བཞག་ནས་ཇི་ལྟར་ལེགས་པར་བསམས་པའི་ཆོས་དེ་དག་ཉིད་ཡིད་ལ་བྱེད་ཅིང་། སེམས་གང་གིས་ཡིད་ལ་བྱེད་པའི་སེམས་དེ་ནང་དུ་རྒྱུན་ཆགས་སུ་ཡིད་ལ་བྱེད་པས་ཡིད་ལ་བྱེད་དོ། །དེ་ལྟར་ཞུགས་ཤིང་དེ་ལ་ལན་མང་དུ་གནས་པ་དེ་ལ་ལུས་ཤིན་ཏུ་སྦྱངས་པ་དང་། སེམས་ཤིན་ཏུ་སྦྱངས་པ་འབྱུང་བ་གང་ཡིན་པ་དེ་ནི་ཞི་གནས་ཞེས་བྱ་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའ་ཞི་གནས་ཡོངས་སུ་འཚོལ་བར་བྱེད་པ་ཡིན་ནོ། །དེས་ལུས་ཤིན་ཏུ་སྦྱངས་པ་དང་། སེམས་ཤིན་ཏུ་སྦྱངས་པ་དེ་ཐོབ་ནས་དེ་ཉིད་ལ་གནས་ཏེ། སེམས་ཀྱི་རྣམ་པར་གཡེང་བ་སྤངས་ནས་ཇི་ལྟར་བསམས་པའི་ཆོས་དེ་དག་ཉིད་ནང་དུ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་དུ་སོ་སོར་རྟོག་པར་བྱེད། མོས་པར་བྱེད་དོ། །དེ་ལྟར་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་དེ་དག་ལ་ཤེས་བྱའི་དོན་དེ་རྣམ་པར་འབྱེད་པ་དང་། ཡོངས་སུ་རྟོག་པ་དང་། ཡོངས་སུ་དཔྱོད་པ་དང་། བཟོད་པ་དང་། འདོད་པ་དང་། བྱེ་བྲག་འབྱེད་པ་དང་། ལྟ་བ་དང་། རྟོགས་པ་གང་ཡིན་པ་དེ་ནི་ལྷག་མཐོང་ཞེས་བྱ་སྟེ།


JL00_Page_0802
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་ན་བྱང་ཆུབ་སེམས་དཔའ་ལྷག་མཐོང་ལ་མཁས་པ་ཡིན་ནོ། །ཞེས་བཀའ་སྩལ་བ་བཞིན་ནོ། །འདི་ལྟར་འཇིག་རྟེན་པའི་ལམ་ལ་མཉམ་པར་བཞག་པའི་གནས་སྐབས་ཀྱི་ལྷག་མཐོང་ནི་སོ་སོར་རྟོག་པའི་ངོ་བོ་ཉིད་ཡིན་ཀྱང་། །ཆོས་ཉིད་མངོན་སུམ་དུ་རྟོགས་པའི་མཉམ་གཞག་སོ་སོ་རང་རིག་པའི་ཡེ་ཤེས་ནམ་རྒྱུད་ལ་འབྱོར་བའི་ཆེ། འཇིག་རྟེན་ལས་འདས་པ་འཕགས་པའི་གོ་འཕང་ཐོབ་པ་ཉིད་ཡིན་པས། དེ་ཤེས་བྱའི་སྒྲིབ་པ་སྤོང་བ་ལ་ཞུགས་ཤིང་དེའི་རང་བཞིན་ནི་འོད་སྲུང་གི་ཞུས་པ་ལས། ཤིང་གཉིས་དྲུད་པ་ལས་ནི་མེ་འབྱུང་སྟེ། །བྱུང་བ་དེ་ཡིས་དེ་ཉིད་བསྲེག་པ་ལྟར། །དེ་བཞིན་ཤེས་རབ་དབང་པོ་སྐྱེས་ནས་ཀྱང་། །སྐྱེས་པ་དེ་ཡིས་དེ་ཉིད་སྲེག་པར་བྱེད། །ཅེས་པ་ལྟར་མཚན་མ་མེད་པའི་ཞི་གནས་སོ་སོར་རྟོག་པའི་ཤེས་རབ་ཉིད་ལས་མཚན་མ་མེད་པའི་ལྷག་མཐོང་རྣམ་པར་མི་རྟོག་པའི་ཡེ་ཤེས་འབྱུང་བ་སློབ་དཔོན་ཀླུ་སྒྲུབ་ཡབ་སྲས་བཞེད་པ་ཡིན་ནོ། །དེ་བས་ན་སོ་སོར་རྟོག་པའི་ཤེས་རབ་མ་ནོར་བ་ནི་རྟོག་པའི་བུད་ཤིང་ཐམས་ཅད་སྲེག་པར་བྱེད་པ་ལ་འདོད་པས་མེ་དང་འདྲ་སྟེ་དཔལ་མར་མེ་མཛད་ཀྱིས་ཀྱང་། སོ་སོར་རྟོག་པའི་མེ་དག་ཏུ། །མི་དགེའི་རྟོག་པ་ཀུན་བསྲེག་པས། །ཞེས་སོ། །དེ་ཡང་བསྲེག་བྱ་ཚིག་ན་སྲེག་བྱེད་ཀྱང་མི་གནས་པ་བཞིན་དུ་མཉམ་གཞག་གི་ངོ་བོ་ལ་ལྷག་མཐོང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་གདངས་བྱེད་པ་ལ་ཡིད་བྱེད་ཀྱི་རྣམ་རྟོག་མི་འཇུག་སྟེ། དེ་ཡང་བསྲེག་བྱ་ཚིག་པའི་མེ། །བསྲེག་བྱ་ཚིག་ནས་མི་གནས་ལྟར། །འགྲོ་བའི་ཆོས་ཀུན་རྣམ་ཤེས་ཀྱི། །མེ་ཡི་བུད་ཤིང་ཡིན་པར་འདོད། །དེ་དག་ཇི་བཞིན་རྣམ་འབྱེད་པའི། །མེ་ཡིས་བསྲེགས་ན་ཉེར་ཞིར་འགྱུར། །ཞེས་དང་། གཅིག་ཅར་འཇུག་པ་ལས། འདི་ལྟར་འདས་པའི་


JL00_Page_0803
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ནི་འགགས་ཤིང་ཞིག །མ་འོངས་པའི་སེམས་ནི་མ་སྐྱེས་ཤིང་མ་བྱུང་། ད་ལྟར་གྱི་སེམས་ནི་འདི་ལྟར་ཡང་ཤིན་ཏུ་བརྟག་དཀའ་སྟེ། ཁ་དོག་མེད་ཅིང་དབྱིབས་དང་བྲལ་བ། ནམ་མཁའ་དང་འདྲ་བས་མ་གྲུབ་པའམ། ཡང་ན་གཅིག་དང་དུ་མ་དང་བྲལ་བས་སམ། ཡང་ན་མ་སྐྱེས་པའམ། ཡང་ན་དེ་རང་བཞིན་གྱིས་འོད་གསལ་བ་ལ་སོགས་པ་རིག་པའི་མཚོན་གྱིས་དཔྱད་ཅིང་གཞིགས་ནས་མ་གྲུབ་པར་རྟོགས་སོ། །དེ་ལྟར་གཉིས་པོ་ཅིའི་ངོ་བོར་ཡང་མ་གྲུབ་ཅིང་མེད་ཙམ་ན། སོ་སོར་རྟོག་པའི་ཤེས་རབ་དེ་ཉིད་ཀྱང་མ་གྲུབ་སྟེ། དཔེར་ན་ཤིང་གཉིས་ཕན་ཚུན་དྲུད་པས་མེ་འབྱུང་བའི་རྐྱེན་གྱིས་ཤིང་གཉིས་པོ་ཚིག་ཅིང་མེད་པའི་རྗེས་ལ་གང་གིས་སྲེག་པར་བྱེད་པའི་མེ་དེ་ཉིད་ཀྱང་རང་ཞི་བདེ་བཞིན་དུ། རང་དང་སྤྱིའི་མཚན་གྱི་ཆོས་ཐམས་ཅད་མེད་པར་གྲུབ་ཙ་ན་ཤེས་རབ་ཉིད་སྣང་བ་མེད་ཅིང་འོད་གསལ་བ་ཅིའི་ངོ་བོར་ཡང་མ་གྲུབ་པས་བྱིང་བ་དང་རྒོད་པ་ལ་སོགས་པའི་སྐྱོན་དུ་གྱུར་བ་ཐམས་ཅད་བསལ་ཏེ། བར་སྐབས་དེར་ཤེས་པ་ཅིར་ཡང་མི་རྟོག །ཅིར་ཡང་མི་འཛིན། དྲན་པ་དང་ཡིད་ལ་བྱེད་པ་ཐམས་ཅད་སྤངས་ཏེ་ཇི་སྲིད་དུ་མཚན་མའམ། རྣམ་པར་རྟོག་པའི་དགྲའམ། ཆོམ་རྐུན་མ་ལངས་ཀྱི་བར་དུ་དེ་ལྟ་བུ་ལ་ཤེས་པ་གནས་པར་བྱའོ་ཞེས་སོ། །དེ་ལྟ་ན་ཚངས་པས་ཞུས་པ་ལས། ཚུལ་བཞིན་དུ་ཆོས་ལ་སོ་སོར་རྟོག་པ་དེ་དག་ནི་བློ་གྲོས་དང་ལྡན་པ་ཡིན་ནོ། །ཞེས་གསུངས་པ་དང་འགལ་ལོ་སྙམ་ན། དེ་ནི་རྟོག་དཔྱོད་ཀྱི་ཤེས་རབ་བློ་དང་། སྙམ་བྱེད་དང་། སྐྱེ་འགག་དང་། མཚན་ཉིད་ལ་འཇུག་པའི་བློ་གྲོས་ཀྱི་ཐོག་མར་བརྟགས་ཀྱང་ཕྱི་ནས་ངོ་བོ་ཉིད་མེད་དོན་ལ་འཇུག་པའི་དོན་ཡིན་ཏེ་འཕགས་པ་དཀོན་མཆོག་སྤྲིན་ལས་ལྷག་མཐོང་གིས་བརྟགས་ནས་ངོ་བོ་ཉིད་མེད་པར་རྟོགས་པ་ནི་མཚན་མ་མེད་པ་ལ་འཇུག་པའོ། །ཞེས་


JL00_Page_0804
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དེའི་ཕྱིར་ངེས་པའི་དོན་དུ་ལང་ཀར་གཤེགས་པ་ལས། བློ་གྲོས་ཆེན་པོ་གང་གི་ཕྱིར་བློས་བརྟགས་ན་རང་དང་སྤྱིའི་མཚན་ཉིད་མི་རྟོགས་ཏེ། དེས་ན་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའོ། །ཞེས་དང་། འཇམ་དཔལ་གནས་པའི་མདོ་ལས། རྟོག་པ་རྣམས་ནི་གཡོ་བར་འགྱུར། །རྟོག་པ་མེད་ན་མྱ་ངན་འདའ། །གང་གི་རང་བཞིན་དེ་ཤེས་པ། །དེ་ནི་ཡེ་ཤེས་ལྡན་ཞེས་བྱ། །ཞེས་མཉམ་གཞག་ཏུ་རྟོག་པ་མེད་པའི་གདངས་བྱིང་རྒོད་གཉིས་ཀ་ལས་འདས་པའི་རང་བཞིན་ཡོངས་ཤེས་ཀྱི་ལྷག་མཐོང་ནི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་ན་ད་དུད་དེའི་སྟེང་དུ་རིག་པས་དཔྱད་པའི་ཤེས་རབ་བསྣན་ན་བྱིས་པ་ཉེར་སྤྱོད་ཀྱི་བསམ་གཏན་དུ་གོལ་བར་འགྱུར་ཏེ་འཕགས་པ་ལས་ཀྱི་སྒྲིབ་པ་རྣམ་པར་དག་པའི་མདོ་ལས། བྱིས་པ་དངོས་པོར་འཛིན་པས་དཔྱད་ཅིང་བརྟགས། །སྒྱུ་མའི་གསོག་སྟེ་མེད་ཅིང་སྟོང་པ་ཡིན། །འདི་ནི་འདོད་ཆགས་ཞེ་སྡང་གཏི་མུག་མེད། །ཆོས་འདི་ཐམས་ཅད་མཚན་ཉིད་མེད་པ་སྟེ། །རྩ་བ་མི་དམིགས་གཟོད་ནས་རབ་ཏུ་ཞི། །ཞེས་དང་། ཚངས་པ་ཀུན་དྲིས་ཀྱི་མདོ་ལས། ལམ་ཇི་ལྟར་བསྒོམ་པར་བགྱི། བཀའ་སྩལ་པ། ཆོས་དང་ཆོས་མ་ཡིན་པ་རྣམ་པར་མི་རྟོག །མཚན་ཉིད་དང་བྲལ་བའི་ལམ་བསྒོམ་པའོ། །ཞེས་དང་། སློབ་དཔོན་ཀླུ་སྒྲུབ་ཀྱི་བསྒོམ་རིམ་ལས། ང་ལ་རྣམ་རིག་ཅུང་ཟད་མེད། །དེ་བཞིན་ཆོས་འདི་རྣམ་ཤེས་པ། །ཅུང་ཟད་ཤེས་པ་ཡོད་མ་ཡིན། །འབྱུང་བ་དང་ནི་ཤེས་པ་ཉིད། །བྱིས་པ་རྨོངས་པ་རྣམས་ལ་སྣང་། །ཞེས་པས་རྟོགས་དཔྱོད་དང་བློའི་དྲི་མ་ཤིན་ཏུ་རྣམ་པར་བྱང་བའི་ངང་ན་སོ་སོར་རྟོག་པའི་ཤེས་རབ་ངོ་བོ་ཉིད་མེད་པའི་ཚུལ་རྣམ་པ་ཐམས་ཅད་དུ་མཉམ་པར་བཞག་པའི་བསྒོམས་པའི་ཤེས་རབ་ཀྱིས་ཉམས་སུ་མྱོང་བའི་ཕྱིར་ན་དོན་འདི་ལ་རྫོགས་པའི་སངས་རྒྱས་དང་སློབ་དཔོན་འཕགས་པ་ཉིད་ཚད་མར་གྱུར་བའི་ཕྱིར་རོ། །དེ་བས་ན་ཞི་


JL00_Page_0805
[མ་དཔེ་གཟིགས་ན་འདིར་གནོན།]

ལྷན་ཆ་སྙོམས་པ་ཉིད་བསྒྲུབ་པའི་རྣལ་འབྱོར་ལ་གོམས་སུ་འཇུག་པའི་ཕྱིར། ཆུ་ཚོད་གཅིག་གམ། མེལ་ཚེ་ཟུན་ཕྱེད་དམ། ཐུན་གཅིག་གམ། ཇི་ལྟར་འདོད་ཅིང་གནས་པའི་བར་དུ་བསྒོམས་ཤིང་གང་གི་ཚེ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའི་དོན་ལ་དམིགས་པ་དེ་ལ་བྱིང་བ་དང་རྒོད་པ་དང་མངོན་པར་འདུ་བྱེད་པ་མེད་པར་གྱུར་བ་དེའི་ཚེ་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བའི་ལམ་རྫོགས་པ་ཡིན་ནོ། །དེའི་ཚེ་འབྱུང་དུ་རུང་བའི་བྱང་སེམས་ཀྱི་མངོན་པར་ཤེས་པ་ནི་བྱང་སའི་རྣལ་འབྱོར་གྱིས་ལས། དེ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐུ་གང་ཞེ་ན། སེམས་ལས་སུ་རུང་བ་དང་། སེམས་ཤིན་ཏུ་ཡོངས་སུ་བསྒོམས་པ། ཏིང་ངེ་འཛིན་ལ་དབང་ཐོབ་པ། ཏིང་ངེ་འཛིན་ལ་བརྟེན་ནས་འདོད་པ་ཙམ་གྱི་དོན་ཐམས་ཅད་གྲུབ་པ་ནི་མཐུ་ཞེས་བྱའོ། །ཞེས་དང་། མཐུ་དེ་ཡང་རྣམ་པའི་དབྱེ་བས་ལྔར་འགྱུར་ཏེ་མངོན་པར་ཤེས་པའི་མཐུ་དང་། ཆོས་ཀྱི་མཐུ་དང་། ལྷན་ཅིག་སྐྱེས་པའི་མཐུ་དང་། ཉན་ཐོས་དང་རང་སངས་རྒྱས་རྣམས་དང་ཐུན་མོང་བ་དང་། ཐུན་མོང་མ་ཡིན་པའོ། །ཞེས་དབྱེ་ནས་མངོན་པར་ཤེས་པའི་མཐུ་ནི་སྔ་མ་བཞིན་ལ་གཞན་རྣམས་ནི་དེ་ལས་ཤེས་པར་བྱའོ། །དེ་དག་གི་ཚེ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཉམ་རྗེས་ཀྱི་ཁྱད་པར་ནི། མཉམ་གཞག་གི་སྣང་བ་ལ་སྣང་ཡུལ་འགག་པ་མེད་པར་སྣང་ཡང་རྣམ་རྟོག་གིས་དག་ལ། སྣང་བའི་ཆ་བེམ་པོ་ལ་སེམས་པ་ཡུལ་ལྔ་ཐ་མལ་དུ་སྣང་བས་འཇིག་རྟེན་པའང་ཡིན་ཞེས་བཏགས་ཏེ། གང་གི་ཚེ་གཟུང་བ་དང་འཛིན་པའི་རྣམ་པ་ཅན་དུ་མེད་དེ་རྣམ་པར་མི་རྟོག་པའི་སེམས་ཡིན་པས་སོ། །དེ་སྐད་དུ་འགྲེལ་ཆུང་ལས། དག་པ་འཇིག་རྟེན་པ་གཟུང་བ་དང་འཛིན་པའི་རྣམ་པར་མངོན་པར་ཞེན་པའི་


JL00_Page_0806
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་ཅན་རྗེས་ཀྱི་སེམས་ཀྱིས་བསྡུས་པའི་རང་དང་མཐུན་པའི་འབྲས་བུ་གཟུགས་ལ་སོགས་པའི་འདུ་ཤེས་ལྡོག་པ་ལ་སོགས་པ་བསྐྱེད་པའི་ཕྱིར། ཞེས་བཤད་དོ། །དེའང་དུས་དེའི་སྣང་ཆའི་བློ་ངོའི་སྣང་སྟོང་གི་ཆ་ལ་མཉམ་རྗེས་སུ་བཏགས་པའི་རྗེས་ཀྱི་སེམས་ཀྱིས་བསྡུས་ཤིང་། དོན་མཉམ་གཞག་ཉིད་དང་བློ་རྫས་ཐ་མི་དད་པ་ཅན་ཡིན་པས་མཉམ་གཞག་རང་གིས་གཟུང་འཛིན་སྤོང་བ་དང་རྗེས་སུ་མཐུན་པར་རང་དང་ངོ་བོ་གཅིག་པའི་རྗེས་ཐོབ་ཀྱིས་ཀྱང་གཟུགས་ལ་སོགས་དེ་ཕུང་པོ་ལྔའི་མཚན་ཉིད་ལ་གཟུང་འཛིན་དུ་ཞེན་པའི་འདུ་ཤེས་སྤོང་བ་ཡིན་ཞེས་བསྟན་ཏོ། །མཉམ་གཞག་ལས་ལངས་པའི་རྗེས་ཐོབ་ནི་གཟུང་འཛིན་ལ་སོགས་པའི་ཞེན་པ་དང་བཅས་པས་རྒྱ་ཡན་པ་ཞེས་བྱའོ། །དེའང་མཉམ་རྗེས་ངོ་བོ་གཅིག་པ་ནི་ཏིང་ངེ་འཛིན་སྒོམ་པའི་གནས་སྐབས་ཐམས་ཅད་དུ་ཡོད་ལ། ས་བདུན་པ་ཚུན་ཆད་དུ་རྒྱ་ཡན་པ་ཡོད་ཀྱང་དེ་ཕན་ནི་ངོ་བོ་གཅིག་པས་སོ་སོ་བ་མ་ཡིན་ནོ། །དེ་སྐད་དུ་མགོན་པོ་བྱམས་པས། བྱ་བ་བསྒྲུབ་ལ་རྟག་ཏུ་བློ། །མེ་བཞིན་དུ་ནི་འབར་བ་དང་། །ཞི་བའི་བསམ་གཏན་སྙོམས་འཇུག་ལའང་། །རྟག་ཏུ་སྙོམས་པར་འཇུག་པ་ཡིན། །ཞེས་སོ། །དེ་ཡང་མདོ་ཏིང་འཛིན་རྒྱལ་པོ་དང་། འཕགས་པ་དཔའ་བར་འགྲོ་བ་དང་། བར་ཆད་མེད་ལམ་གྱིས་བསྡུས་པའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གསུམ་གྱི་ཆ་ནས་གཞལ་ན། དང་པོ་ནི་ཀུན་རྫོབ་པའི་ཆོས་ཐམས་ཅད་སྒྱུ་མའི་དཔེ་བརྒྱད་དུ་མཐོང་ཞིང་གོམས་པ་ཡོངས་སུ་རྫོགས་པའི་ཏིང་ངེ་འཛིན་ལས། འདུས་བྱས་སྤྱི་དང་། ཕུང་པོ་ལྔ་དང་། སྲིད་པ་འབྱུང་བའི་རིམ་པ་དང་། ཁྱད་པར་དུ་ཀུན་གྱི་བྱེད་པ་པོ་རྣམ་པར་ཤེས་པའི་ཕུང་པོ་སྒྱུ་མ་ལྟར་རྩ་བ་མེད་ཅིང་གནས་པ་མེད་བཞིན་དུ་སྣང་བའི་སྒྱུ་མ་ལྟ་བུའི་མཉམ་གཞག་ཉམས་འོག་ཏུ་ཆུད་ཅིང་། དབང་ཐོབ་པ་ལས་རྗེས་ཐོབ་ཏུའང་དེ་ལྟར་མཐོང་བའི་ཏིང་ངེ་འཛིན་


JL00_Page_0807
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་མི་འཆད་པས་སྤྲུལ་པའི་སྒྲིབ་པ་རྣམ་པར་དག་སྟེ། སྒྱུ་མ་མཁན་བཞིན་དུ་སྤྲུལ་པའི་བྱ་བ་ཅི་འདོད་དུ་བྱེད་ཅིང་དབང་འབྱོར་བ་ལ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཞེས་བྱའོ། །གཉིས་པ་ནི་བྱང་སེམས་ས་བཅུ་པའི་གནས་སྐབས་ཀྱི་ཟག་པ་མེད་པའི་ཏིང་ངེ་འཛིན་དེའི་རྗེས་ཐོབ་ཀྱི་ཤེས་རབ་ལ་མཛད་པ་རླབས་པོ་ཆེ་དེ་བཞིན་གཤེགས་པ་ལྟ་བུར་སྤྱོད་ཀྱང་། དེ་ལྷག་མེད་ཀྱི་མྱང་འདས་སུ་ལྷུང་དོགས་པ་མེད་པ་འགོག་པ་ལས་སློང་མི་དགོས་པས་སའི་ཁྱད་པར་འོག་མ་ཐམས་ཅད་ཁྱད་པར་དུ་གྱུར་བའི་བྱ་བ་ཅན་དང་། སངས་རྒྱས་ནས་ཀྱང་གཟུགས་སྐུ་སྟོན་པའི་བྱ་བ་ཅན་ནི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཉིད་དེ། དཔེར་ན་དཔའ་བོ་གཡུལ་དུ་འཇུག་པ་ན་དཔུང་ཚོགས་ཡན་ལག་བཞི་དང་། འཁོར་ལོས་སྒྱུར་རྒྱལ་འགྲོ་ན་རིན་ཆེན་སྣ་བདུན་པར་འགྲོ་ཞིང་། དཔའ་བ་བརྟུལ་ཕོད་པ་ཕ་རོལ་རྣམ་པར་གནོན་པའི་སྒྲ་དོན་དང་ངེས་ཚིག་ལ་གནས་པ་བཞིན། ཏིང་ངེ་འཛིན་དེ་ཐོབ་པའི་བྱང་ཆུབ་སེམས་དཔའ་གང་དུ་འགྲོ་བ་དེར་བྱང་ཆུབ་ཕྱོགས་ཀྱི་ཆོས་ཐམས་ཅད་ཀྱང་རྗེས་སུ་འབྲང་བས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཅེས་བྱའོ། །ཏིང་ངེ་འཛིན་འདིའི་རྩལ་རྫོགས་མཚམས་ས་བརྒྱད་པ་ཉིད་དེ། དེ་དང་མཐུན་པའི་ལམ་ལ་སློབ་ཚུལ་སྦྱོར་ལམ་པ་ལ་ཡང་ཡོད་དེ་མོས་པས་སྤྱོད་པ་ཙམ་མོ། །གསུམ་པ་ནི། སྲིད་རྩེའི་སྒོམ་སྤངས་དགུ་པ་སྤོང་བའི་བར་ཆད་མེད་ལམ་གང་ཡིན་པ་སྟེ། མཛོད་ལས། དགུ་པའི་བར་ཆད་མེད་ལམ་ཡང་། །དེ་ནི་རྡོ་རྗེ་ལྟ་བུ་ཡིན། །ཞེས་པ་ལྟར། རྡོ་རྗེ་དངོས་པོ་ཐམས་ཅད་འཇོམས་པ་བཞིན་དུ་འདིས་ཀྱང་ཕྲ་རྒྱས་ཐམས་ཅད་འཇོམས་པས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཞེས་བྱའོ། །དེ་ཡང་ལམ་དམན་མཆོག་གཉིས་ཀས་བསྡུས་པའི་ཚུལ་ཡོད་དེ། མངོན་པ་ཀུན་ལས་བཏུས་ལས། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གང་ཞེ་ན། སྦྱོར་བའི་ལམ་


JL00_Page_0808
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བསྡུས་པ་དང་། །བར་ཆད་མེད་པའི་ལམ་གྱིས་བསྡུས་པའོ། །སྦྱོར་བའི་ལམ་གྱིས་བསྡུས་པ་ནི་གང་ཕན་ཆད་སྒྲིབ་པ་ཐམས་ཅད་ཀྱིས་མི་ཕྱེད་ཅིང་། སྒྲིབ་པ་ཐམས་ཅད་ནི་བཤིག་པའོ། །བར་ཆད་མེད་པའི་ལམ་གྱིས་བསྡུས་པ་ནི། གང་གི་འོག་ཏུ་ཟད་པ་ཤེས་པ་དང་། །མི་སྐྱེ་བཤེས་པ་འབྱུང་བ་སྟེ། །ཞེས་སོ། །དེ་ལ་ཐེག་དམན་ལྟར་གྱི་མི་ཕྱེད་པའི་དོན་ནི་ཉོན་སྒྲིབ་ཆུང་ངུའི་ཆུང་ངུའམ། ཐེག་ཆེན་གྱིས་ཤེས་སྒྲིབ་ཕྲ་མོའི་ཕྲ་མོ་ཉམས་དམས་པ་ལ་འཇོག་སྟེ། སྦྱོར་བའི་ལམ་གང་ཞེ་ན། གང་གིས་ཉོན་མོངས་པ་སྤོང་བའོ། །ཞེས་སོ། དེ་ཡང་སྦྱོར་ལམ་གྱི་དུས་ན་ལམ་དེའི་ངོ་བོ་ཐོབ་ཕན་ཆད་སྒྲིབ་པ་ཐམས་ཅད་ཀྱིས་ཚུར་མི་ཕྱེད་ཅིང་། ཕར་སྒྲིབ་པ་ཐམས་ཅད་བཤིག་པར་བྱེད་པའི་དོན་ཏོ། །བར་ཆད་མེད་ལམ་གྱིས་བསྡུས་པའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནི་རྒྱུན་མཐའི་ཡེ་ཤེས་ཉིད་དེ། སྐད་ཅིག་ཕྱི་མ་ལ་མི་སློབ་ལམ་འབྱུང་བའི་ཕྱིར་རོ། །དེ་བས་ན་ཏིང་ངེ་འཛིན་དེ་དག་ལ་བརྟེན་ནས་བྱང་ཆུབ་བླ་ན་མེད་པ་ཉིད་ཐོབ་པའི་ཕྱིར་ན། ཤེས་བྱ་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་དེ་བཞིན་ཉིད་དམིགས་ཀྱི་བསམ་གཏན་རྣམ་པར་མི་རྟོག་པ་ཉིད་དང་རོ་གཅིག་པ་ཉིད་བསྒྲུབ་པར་བྱའོ། །དེ་ནས་ཐུན་མཚམས་ལ་བབ་པ་ན་སྐྱིལ་མོ་ཀྲུང་བཤིག་སྟེ། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་དམིགས་ཏེ་ཕྱག་འཚལ་ཞིང་ཡན་ལག་བདུན་པ་བྱས་ལ་ཕལ་པོ་ཆེ་ལས་འབྱུང་བའི་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་སྨོན་ལམ་དུ་གདབ་ཅིང་། དེ་ཉིད་ལས། ཐབས་དང་ཤེས་རབ་ཏིང་འཛིན་རྣམ་ཐར་དང་། །ཡོན་ཏན་ཀུན་གྱི་མི་ཟད་མཛོད་དུ་གྱུར། །ཞེས་པའི་དོན་བསྒྲུབ་པ་ལའང་དམིགས་པར་བྱའོ། །རྗེས་ཐོབ་ཐམས་ཅད་དུ་སྦྱིན་པ་ལ་སོགས་སོགས་པ་བསོད་ནམས་ཀྱི་ཚོགས་གསུམ་དང་། མཉམ་གཞག་ཏུ་བསམ་གཏན་གྱི་ངོ་བོ་གཞི་གནས་དང་། ཤེས་རབ་ཀྱི་ངོ་བོ་ལྷག་མཐང་


JL00_Page_0809
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ཡེ་ཤེས་ཀྱི་ཚོགས་བསྒྲུབ་པ་གཉིས་ཀའི་ཆིངས་སུ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བཅིངས་ན། བསམ་གཏན་དེས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་མངོན་པར་བསྒྲུབ་པ་ཡིན་ཏེ། འཕགས་པ་གཙུག་ན་རིན་པོ་ཆེའི་མདོ་ལས་དེ་བྱམས་པའི་གོ་ཆ་བགོས་ཤིང་སྙིང་རྗེ་ཆེན་པོའི་གནས་ལ་གནས་ནས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་མངོན་པར་བསྒྲུབ་པའི་བསམ་གཏན་བྱེད་དོ། །དེ་ལ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་གང་ཞེ་ན། གང་སྦྱིན་པ་དང་མ་བྲལ་བ། ཚུལ་ཁྲིམས་དང་མ་བྲལ་བ། བཟོད་པ་དང་མ་བྲལ་བ། བརྩོན་འགྲུས་དང་མ་བྲལ་བ། བསམ་གཏན་དང་མ་བྲལ་བ། ཤེས་རབ་དང་མ་བྲལ་བ། ཐབས་དང་མ་བྲལ་བ། ཞེས་པ་ལ་སོགས་རྒྱ་ཆེར་བཀའ་སྩལ་ཏོ། །དེ་བས་ན་བྱང་ཆུབ་ཀྱི་ཡན་ལག་དང་ལྡན་ཞིང་ཡོན་ཏན་ཐམས་ཅད་བསྒྲུབ་པའི་བསམ་གཏན་ནི། ཏིང་ངེ་འཛིན་དགེ་བ་ཇི་ལྟ་བུ་བསྒྲུབས་ཀྱང་དམ་པ་དྲུག་དང་ཕྱིན་དྲུག་ཏུ་འབྲེལ་བར་བསྒྲུབ་པས་སེམས་ཅན་དོན་བྱེད་ཀྱི་བསམ་གཏན་ཡིན་ལ། དེའང་འདི་ལྟར་རང་བསམ་གཏན་ལ་གནས་ནས་གཞན་བདེ་བ་ལ་འགོད་པ་ནི། བསམ་གཏན་གྱི་སྦྱིན་པ་ཡིན་པ་ལྟར་གཞན་རྣམས་ལའང་ཤེས་པར་བྱ་ཞིང་། བསམ་གཏན་གྱི་དངོས་གཞིའི་སེམས་ཐོབ་ནས་གང་འདོད་ཅིང་མོས་པ་དེར་སྤྲུལ་པ་བཀྱེ་ནས་གཞན་དོན་བྱེད་པ་ལ་སོགས་པ་རྣམས་སོ། །དེ་སྐད་དུ་མདོ་སྡེའི་རྒྱན་ལས། རྒྱལ་བའི་སྲས་རྣམས་ཏིང་འཛིན་མང་ལྡན་བསམ་གཏན་རྣམ་པ་ཐམས་ཅད་བསྒྲུབ། བསམ་གཏན་བདེ་བ་ཕུལ་གྱིས་གནས་ཤིང་སྙིང་རྗེས་སྐྱེ་བ་དམན་ལ་བརྟེན། བསམ་གཏན་དེ་ཉིད་ཀྱིས་ཀྱང་སྐྱེ་བོ་ཐམས་ཅད་བྱང་ཆུབ་གསུམ་ལ་བཀོད། བསམ་གཏན་ཡེ་ཤེས་ཀྱིས་ཡོངས་ཟིན་པས་འཇིག་རྟེན་དག་ན་མི་ཟད་བཞག །ཅེས་སོ། །ད་ནི་ཕ་རོལ་ཏུ་ཕྱིན་པ་ལྔ་ཀའི་འབྲས་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་


JL00_Page_0810
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་པ་སྟོན་པ་ནི། ལྷག་པ་ཤེས་རབ་བསླབ་པའི་ངེས་འབྱེད་ནི། །ཏིང་ངེ་འཛིན་གྱི་སྦྱོར་བ་ལས་སྐྱེས་ཤིང་། །དངོས་དང་རྗེས་ལས་བྱུང་བའི་ཤེས་རབ་བམ། །ཐོས་དང་བསམ་པ་བསྒོམ་པ་ལས་བྱུང་བའི། །ཤེས་རབ་གསུམ་གྱིས་ལྷག་མཐོང་ཡང་དག་འགྲུབ། །དེ་ལ་ཆོས་མངོན་པའི་སྡེ་སྣོད་ཀྱི་བརྗོད་བྱའི་དོན་མ་འཁྲུལ་བར་རབ་ཏུ་འབྱེད་པ་ནི་ལྷག་པ་ཤེས་རབ་ཀྱི་བསླབ་པའི་ངོ་བོ་སྟེ། ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཡིན་ནོ། །དེའང་ཏིང་ངེ་འཛིན་གྱི་སྦྱོར་བ་ལ་གོམས་པ་དང་། ཡོངས་སུ་སྦྱང་བ་བྱས་པས་སེམས་ལས་སུ་རུང་ཞིང་སྒྲིབ་པའི་རྙོག་པ་དང་བྲལ་བའི་ཤེས་རབ་དངོས་སམ། རྗེས་སུ་མཐུན་པ་ལ་མངོན་པར་ཕྱོགས་པས་མ་རྨོངས་པའི་ཤེས་རབ་དང་། ཐོས་པ་དང་། བསམ་པ་དང་། བསྒོམ་པའི་ཤེས་རབ་ལ་བརྟེན་ནས་ཆོས་ཐམས་ཅད་ཀྱི་གནས་ལུགས་ཇི་ལྟ་བ་བཞིན་དུ་ཤེས་པར་བྱེད་པ་དང་། སེམས་ཅན་ཀྱི་རྒྱུད་ལ་དོན་ཕྱིན་ཅི་མ་ལོག་པར་འདོམས་པར་བྱེད་པའི་རབ་ཏུ་བྱེད་པ་གང་ཡིན་པ་ནི་ཤེས་རབ་ཀྱི་རང་བཞིན་ཏེ། ཤེས་རབ་ད་ལྟ་བུ་ནི་ཉན་ཐོས་ལ་སོགས་པ་ལ་མེད་པས་གཞལ་དུ་མེད་པའང་ཡིན་ནོ། །དེ་སྐད་དུ་འགྲེལ་ཆུང་ལས། ཐོས་པ་དང་། བསམ་པ་དང་བསྒོམ་པ་ལས་བྱུང་བདག་གམ། ཏིང་ངེ་འཛིན་གྱི་སྦྱོར་བ་དང་། དངོས་དང་། རྗེས་ལས་བྱུང་བའི་ཤེས་རབ་དག་གིས། ཞེས་འབྱུང་བས་ཤེས་རབ་ཀྱི་དངོས་པོ་ནི་ལྷག་མཐོང་གི་དེ་ཁོ་ན་ཉིད་ལ་བརྗོད་དོ། །བྱེད་ལས་ཀྱི་ཆ་ནས་བརྗོད་ན། ཉོན་མོངས་ཚོགས་འཇོམས་ཆོས་དང་ཆོས་ཅན་ཤེས། །སྲིད་པའི་གྲོང་ལས་མྱ་ངན་མེད་པར་འདའ། །སྦྱིན་སོགས་རྣམ་པ་དྲུག་པོའང་གོང་ནས་གོང་། ཁྱད་ཞུགས་ཤེས་རབ་ཕ་རོལ་ཕྱིན་ལ་བརྟེན། །འདི་ལྟར་ཤེས་རབ་གསུམ་གྱི་དོན་ལ་བརྩོན་པ་དེས་ཉོན་མོངས་པ་ལ་ལ་ནི་དངོས་སུ་འཇོམས་ལ། ལ་ལ་ནི་རྒྱུད་ནས་འཇོམས་པར་བྱེད་ཅིང་། ཆོས་ཉིད་ཟབ་མོ་དང་ཆོས་ཅན་འཁྲུལ་ངོ་ལ་སྣང་བ་མཐའ་དག་པའི་གནས་ལུགས་ཀྱང་མ་ནོར་བར་ཤེས་ལ། དེ་ལྟར་ཤེས་


JL00_Page_0811
[མ་དཔེ་གཟིགས་ན་འདིར་གནོན།]

པས་སྲིད་པའི་གྲོང་ཁྱེར་སྡིག་པ་དང་ཉོན་མོངས་པས་ཤིན་ཏུ་བརྒལ་དཀའ་བའང་རིང་པོར་མི་ཐོགས་པར་བརྒལ་ནས་མྱ་ངན་ལས་འདས་པའི་ས་ལ་བགྲོད་ནུས་ཤིང་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་ལའང་གོང་ནས་གོང་དུ་ཁྱད་ཞུགས་པའི་ཚུལ། རིན་ཆེན་ཕྲེང་བ་ལས། སྔ་མ་ལ་བརྟེན་ཕྱི་མ་སྐྱེ། །དམན་དང་མཆོག་ཏུ་གནས་ཕྱིར་དང་། །རགས་པ་དང་ན་ཕྲ་བའི་ཕྱིར། །དེ་དག་རིམ་པར་བརྟན་པ་ཡིན། །ཞེས་པ་ལྟར་ལྔ་ཀའི་ཡོན་ཏན་དང་འབྲས་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ལ་གནས་པ་ཡིན་ཏེ། སྡུད་པ་ལས། ཕ་རོལ་ཕྱིན་ལྔ་བྱང་ཆུབ་ཡོན་ཏན་ཇི་སྙེད་པ། །དེ་དག་ཀུན་ཀྱང་ཤེས་རབ་ཕ་རོལ་ཕྱིན་ལ་བསྟེན། །ཞེས་དང་། སློབ་དཔོན་ཤཱནྟ་དེ་ཝས། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ། །མུན་པའི་གཉེན་པོར་སྟོང་པ་ཉིད། །ཅེས་པ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་མ་ཟིན་པ་དེ་སྲིད་དུ་སྦྱིན་སོགས་ལྔ་པོའང་ལོང་བ་དང་འདྲ་སྟེ། དཔེར་ན་རི་མོ་མཁན་གྱི་ལས་ཐམས་ཅད་རྫོགས་ཀྱང་མིག་འབྱེད་མ་ཟིན་།།།ན་གླ་བརྔན་མི་ཐོབ་པ་བཞིན་ཏེ། སྔ་མ་ལས། གང་ཚེ་ཤེས་རབ་ཀྱིས་ནི་ཡོངས་ས་ཟིན་གྱུར་བ། །དེ་ཚེ་མིག་རྙེད་གྱུར་ཅིང་འདི་ཡི་མིང་འཐོབ་བོ། །དཔེར་ན་རི་མོའི་ལས་ནི་ཡོངས་ཟིན་མིག་མེད་པ། །ཇི་སྲིད་མིག་མ་བྲིས་པར་རྔན་པ་མི་ཐོབ་བཞིན། །ཞེས་སོ། །དེ་བས་ན་ཐོག་མར་ཤེས་རབ་ཀྱི་ཕན་ཡོན་ཅུང་ཟད་རྣམ་པར་གཞག་ན། སློབ་དཔོན་འཕགས་པས། མཐོང་དང་མ་མཐོང་ཡོན་ཏན་འདི། །ཀུན་གྱི་རྩ་བ་ཤེས་རབ་ཡིན། །དེ་ལྟར་གཉིས་ཀ་བསྒྲུབ་པའི་ཕྱིར། །ཤེས་རབ་ཡོངས་སུ་གཟུང་བར་བྱ། །ཞེས་སོ། །དེ་ཡང་དང་པོར་ཚོགས་ལམ་གྱི་གནས་སྐབས་ན་རྫུ་འཕྲུལ་གྱི་རྐང་པའི་ཏིང་ངེ་འཛིན་རྣམས་ཀྱང་ཤེས་རབ་ལ་བརྟེན་ནས་བསྒྲུབ་དགོས་ཤིང་། འདི་ལྟར་ནོར་བུ་དང་མར་མེ་ལ་སོགས་པའི་གསལ་བའི་ནང་ན་ཉི་ཟླའི་


JL00_Page_0812
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བ་མཆོག་ཡིན་པ་ལྟར་ཤེས་རབ་ནི་ཤེས་བྱ་གསལ་བར་བྱེད་པའི་མཆོག་གོ །ཞེས་སློབ་སྤྲིང་གི་འགྲེལ་བས་ཀྱང་བསྟན་པ་ལྟར་སྦྱོར་ལམ་དུ་དབང་པོ་ལྔ་དང་སྟོབས་ལྔ་ལ་སོགས་པའི་གཙོ་བོའང་ཤེས་རབ་ཡིན་ལ། ཤེས་རབ་ཀྱི་མགོན་ཡོད་ན་སྦྱིན་པ་ལ་སེར་སྣས་གནོད་པ་དང་། དད་པ་ལ་ལོག་ལྟས་སྒྲིབ་པ་སོགས་ཀྱི་སྐྱོན་ལེགས་པར་ཤེས་པས་ཉོན་མོངས་པ་ཟད་པ་དང་། ཡོན་ཏན་འཕེལ་བའི་ཐབས་ལ་མཁས་པ་ཡིན་ཏེ། སློབ་དཔོན་དཔའ་བོས། སྦྱིན་ལ་སོགས་པའི་བསོད་ནམས་འདི་དག་ནི། །ཤེས་རབ་མགོན་བཅས་ལྷག་པར་མཐུ་ལྡན་འགྱུར། །ཞེས་དང་། དད་ལ་སོགས་པའི་དབང་པོའི་རྣམ་པ་ཡང་། །དབང་པོ་གཞན་ལ་བློ་བཞིན་ཤེས་རབ་གཙོ། །དེ་ཡི་མགོན་ལྡན་ཡོན་ཏན་སྐྱོན་ཤེས་པས། །ཉོན་མོངས་ཟད་པའི་ཚུལ་ལ་མཁས་པར་འགྱུར། །ཞེས་སོ། །འདི་ལྟར་བྱང་ཆུབ་སེམས་དཔའ་སློབ་པ་ལམ་གྱི་གནས་སྐབས་སུ་རང་གི་ལུས་ལས་ཤ་བཅད་དེ་བྱིན་ཀྱང་ནད་ཀྱི་གདུང་བ་ཅན་སྨན་གྱི་སྡོང་བུ་ལས་ལེན་པ་ལྟར་མཐོང་ཞིང་སྦྱིན་པ་ལ་བརྟེན་ནས་བདེ་འགྲོ་ཐོབ་པའང་མ་ངེས་པས་ང་རྒྱལ་དང་ཞུམ་པའི་རྣམ་རྟོག་མི་འབྱུང་བ་དང་། ཚུལ་ཁྲིམས་ཀྱིས་སྤྱོད་པའི་དཀའ་སྤྱད་མི་བཟོད་པས་དེ་ལ་རློམ་སེམས་མི་འབྱུང་ཞིང་གཞན་དོན་ལ་དམིགས་པ་དང་། བཟོད་པ་ཙམ་གྱིས་ཉོན་མོངས་པ་མགོ་མི་ནོན་ཞིང་། སྤྱོད་པ་རྒྱ་ཆེན་པོ་ལ་ཞུམ་པ་དང་། སྡངས་པ་སོགས་དགག་མི་ནུས་ཤིང་མི་བཟོད་པ་དང་། བཟོད་པའི་སྐྱོན་ཡོན་ཤེས་པས་ལོག་བསྒྲུབ་ལ་སྐྱོ་ངལ་མི་འབྱུང་བ་དང་། བརྩོན་འགྲུས་བརྩམ་པའི་གཞི་ཕྱིན་ཅི་མ་ལོག་པར་ཤེས་ནས་ལེ་ལོ་ལྡོག་པ་ལ་མཁས་པས་ལམ་ཆོད་མྱུར་བ་དང་། སྲིད་པའི་རྒྱུ་དང་། བྱང་ཆུབ་ཀྱི་ཡན་ལག་གང་དུ་འགྱུར་མ་ནོར་བའི་བསམ་


JL00_Page_0813
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་གྱི་རང་བཞིན་དམིགས་ཕྱེད་པ་ལ་སོགས་པ་མཐའ་དག་ཀྱང་ཤེས་རབ་ཀྱི་དེ་ཁོ་ན་ཉིད་མངོན་དུ་གྱུར་བ་ལ་རག་ལས་ཏེ། ཤེས་རབ་མིག་གསལ་རྣམ་པར་བྱེ་གྱུར་ན། བྱང་ཆུབ་སེམས་དཔས་རང་གི་ཤ་བྱིན་ཀྱང་། །སྨན་གྱི་ཤིང་ལྟར་རྣམ་པར་མི་རྟོག་པར། །མཐོ་འམ་དམའ་བར་འགྱུར་བ་དེ་ལ་མེད། །ཅེས་པ་ལྟར་ཚུལ་ཁྲིམས་ལ་སོགས་པ་གཞན་རྣམས་ལའང་བཤད་དོ། །གཞན་ཡང་ཤེས་རབ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་ཀྱང་འདོད་པའི་ཡོན་ཏན་གྱིས་བསླུར་མི་ཚུགས་པ་དང་། ཡིད་དུ་འོང་བའི་སེམས་ཅན་ལ་བྱམས་པའི་བློ་ཤུགས་དྲག་ཀྱང་འདོད་ཆགས་དང་མི་འདྲེ་བ་དང་། གཞན་གྱི་སྡུག་བསྔལ་ལ་མི་བཟོད་པའི་སྙིང་རྗེ་སྐྱེས་ཀྱང་མྱ་ངན་གྱིས་ནེན་ནས་དགེ་བའི་བར་ཆད་དུ་འགྱུར་བའི་ལེ་ལོ་མེད་པ་དང་། གཞན་ཕུན་སུམ་ཚོགས་པ་ལ་དགའ་བ་ཚད་མེད་པ་དང་ལྡན་ཡང་དེའི་སེམས་སྒྱུ་མའི་སྤྲུལ་པ་ལྟ་བུ་དང་། བཏང་སྙོམས་ཆེན་པོ་ཀུན་ལ་ཁྱབ་པར་བརྡལ་ཡང་ཐད་ཀར་གང་བབས་ཀྱི་གཞན་དོན་ལ་མི་གཡེལ་བ་རྣམས་ཀྱང་བློན་པོ་ལྟ་བུའི་ཤེས་རབ་ལས་འབྱུང་བའི་ཚུལ། སྔ་མ་ལས། དབང་པོའི་ཡུལ་རྣམས་ལྷ་རྫས་འདྲ་བདོག་པའི། །རྒྱལ་སྲིད་ཆེ་ལྡན་བྱང་ཆུབ་སེམས་དཔའ་དག །རང་བཞིན་ཚུལ་མིན་འགྱུར་བ་མེད་པ་ཡང་། །ཤེས་རབ་ཡོན་ཏན་བློན་པོ་ལྡན་པའི་མཐུ། །གཞན་ལ་ཕན་བྱེད་རོ་གཅིག་བྱམས་པ་ལ། །འདོད་ཆགས་འགོ་བ་ཡོངས་སུ་སྤངས་པ་དང་། །གཞན་གྱི་སྡུག་བསྔལ་མི་བཟོད་སྙིང་རྗེ་ལ། །མྱ་ངན་ཁུར་གྱི་ལེ་ལོས་མི་དམའ་དང་། །དགའ་མཆོག་དང་ལྡན་ཡང་དག་གཡེང་མེད་དང་། །འགྲོ་དོན་མི་གཡེལ་བཏང་སྙོམས་ཆེན་པོ་དང་། །ཡོན་ཏན་དེ་དང་དེ་དག་གཉེན་པོའི་ལམ། །ཤེས་རབ་ཆེན་པོས་བཀག་པས་རྣམ་


JL00_Page_0814
[མ་དཔེ་གཟིགས་ན་འདིར་གནོན།]

པར་མཛེས། །ཞེས་སོ། །མདོར་ན་རྒྱུ་འབྲས་བསླུ་བ་མེད་པ་ལ་ངེས་པ་རྙེད་པ་དང་། ཆོས་དང་ཆོས་མ་ཡིན་པ་ཤེས་པ་དང་། སྟོན་པ་དང་བསྟན་པའི་ཡོན་ཏན་ལ་སྙིང་ཐག་པ་ནས་ངེས་ཤེས་སྐྱེ་བ་དང་། ཡོན་ཏན་ཐམས་ཅད་དགེ་བའི་བཤེས་གཉེན་ལ་རག་ལས་པ་དང་། འཇིག་རྟེན་གྱི་སྤྱོད་པའི་གནས་སྐབས་དང་མཐར་ཐུག་ལ་སྙིང་ཐག་པ་ནས་སྐྱོ་བར་འགྱུར་བ་དང་། རྟེན་ཅིང་འབྲེལ་འབྱུང་ལ་ངེས་པ་བརྟན་པ་དང་། ཐེག་པ་གོང་འོག་དང་། བདེན་པ་གཉིས་དང་དྲང་དོན་ངེས་དོན་དང་མདོ་སྔགས་གཉིས་ཀྱི་གནང་བཀག་ལ་གང་ཟག་གཞན་ལ་ཆེས་འགལ་བ་ཤས་རབ་ཅན་ལ་མི་འགལ་ཞིང་ཉམས་སུ་ལེན་པའི་བློའི་མཐུ་ཆེ་བ་མཐའ་དག་ཤེས་རབ་ཀྱི་ཡོན་ཏན་ཡིན་ཏེ། བུ་ལ་བྱམས་པའི་མ་འདྲ་ཤེས་རབ་ལས། །དེ་འདྲའི་ཕུན་སུམ་ཚོགས་འབྱུང་ཅི་མཚར་གྱི། །བདེ་གཤེགས་སྟོབས་བཅུ་སྟོབས་ཀྱི་ཕུལ་བྱུང་བ། །མཚུངས་མེད་མཆོག་ཏུ་བྱ་བ་ཐམས་ཅད་དང་། །ཡོན་ཏན་ཚོགས་གཞན་མ་ལུས་ཐམས་ཅད་ཀྱང་། །དེ་འདྲའི་ཤེས་རབ་རྒྱུ་ལ་བརྟེན་ཅིང་འབྱུང་། །ཞེས་དང་། དེ་བཞིན་དུ་ཐ་ན་འཇིག་རྟེན་གྱི་སྒྱུ་རྩལ་དང་། བཟོ་གནས་དང་། གཙུག་ལག་དང་། བདག་ཉིད་བསྲུང་བ་དང་། ཟས་ནོར་བསྒྲུབ་པ་དང་གཞན་ལ་ཕན་འདེགས་པ་ལ་སོགས་པའང་ཤེས་རབ་ཡོད་པ་རྣམས་ལ་འབྱུང་སྟེ། འཇིག་རྟེན་དག་ན་སྒྱུ་རྩལ་གཏེར་མཆོག་དང་། །གཙུག་ལག་མི་འདྲ་ཇི་སྙེད་ཡོད་པ་དང་། །ཡོངས་སུ་སྐྱོང་བྱེད་བློ་དང་སྔགས་ལ་སོགས། །རྣམ་བཀོད་ཆོས་ཀྱི་ཁྱད་པར་ཐ་དད་དང་། །རྣམ་གྲངས་རྣམ་མང་རྣམ་ཐར་སྒོ་དག་དང་། །འཇིག་རྟེན་ཕན་པའི་རྣམ་པ་དེ་དང་དེས། །རྒྱལ་སྲས་མཐུ་ཆེན་རྣམ་པ་སྟོན་བྱེད་པ། །དེ་དག་ཐམས་ཅད་ཤེས་རབ་མ་ལུས་བྱུང་། །ཞེས་སོ། །ཤེས་རབ་མེད་ན་ལུང་དང་རྟོགས་པའི་ཆོས་ཇི་སྙེད་པ་དང་ཇི་ལྟ་བ་ཤེས་པ་ལྟ་ཞོག་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པའི་ལམ་ལ་


JL00_Page_0815
[མ་དཔེ་གཟིགས་ན་འདིར་གནོན།]

འབད་ཀྱང་དེ་དག་ཐར་བའི་རྒྱུད་མི་འགྲོ་དག་པར་ཡང་མི་ནུས་ཏེ། ཤེས་རབ་མེད་ན་འབྲས་བུ་དོན་གཉེར་ལ། །སྦྱིན་པ་བདག་ཉིད་རྣམ་པར་དག་མི་འགྱུར། །ཞེས་དང་། ཤེས་རབ་སྣང་བས་མུན་པ་མ་བསལ་ན། །ཚུལ་ཁྲིམས་དག་དང་ལྡན་པར་དེ་མི་འགྱུར། །ཕལ་ཆེར་ཤེས་རབ་མེད་པས་ཚུལ་ཁྲིམས་དག །ཉེས་པའི་སྐྱོན་གྱིས་ཉོན་མོངས་རྙོག་བཅས་འགྱུར། །ཞེས་དང་། ཤེས་རབ་མེད་ན་སྔོན་གྱི་སྦྱིན་འབྲས་ལས་རྒྱལ་པོ་དང་གཙོ་བོ་ལ་སོགས་པའི་གནས་ཐོབ་སྟེ། གྲགས་པ་ལན་གཅིག་བྱུང་ཡང་དེ་མ་ཐག་ཉམས་ཤིང་། བསམ་པ་བཟང་ཡང་གཞན་ལ་ཕན་པ་བསྒྲུབ་པའི་མཐུ་ཆུང་བར་འགྱུར་བས་ཐ་ན་ལུགས་ཀྱི་བསྟན་བཅོས་ཙམ་ལའང་བསླབ་དགོས་ཏེ། ཤེས་རབ་ལོག་པའི་སྐྱོན་གྱིས་སེམས་སྙེགས་ན། །བཟོད་པའི་ཡོན་ཏན་དེ་ལ་གནས་མི་མོས། །ལེགས་ཉེས་རྟོག་ལ་མི་དགེའི་ཚུལ་འཆང་ཞིང་། །ཡོན་ཏན་མེད་པའི་རྒྱལ་ལ་གྲགས་པ་བཞིན། །ཞེས་སོ། །མདོར་ན་གཏི་མུག་རྨོངས་པའི་མུན་པ་ནི་འགྲོ་བ་རྣམས་ཀྱི་རྒྱུད་ལ་རང་བཞིན་དུ་ལྡན་པས་དེ་ཉིད་ཤེས་རབ་ཀྱི་ཉི་མ་མ་ཤར་བར་དུ་མི་ལྡོག་ལ། དེའི་རྐྱེན་ཡང་སྡིག་པའི་གྲོགས་པོ་དང་། ལེ་ལོ་དང་། སྙོམ་ལས་ཅན་དང་། གཉིད་ལ་དགའ་བ་དང་། དྲན་ཤེས་ཉམས་པའི་གཏི་མུག་མི་རྟོག་པའི་བསམ་གཏན་དུ་སྒོམ་པ་དང་། མི་ཤེས་བཞིན་དུ་མངོན་པའི་ང་རྒྱལ་དང་། ལོག་ལྟ་ཆེ་བ་དང་། ཆོས་ཀྱི་དོན་རྒྱ་ཆེན་པོ་ལ་ཞུམ་པར་གྱུར་ནས་བློའི་སྲོ་ཤི་ནས་མཁས་པ་བསྟེན་པ་ལ་མི་དགའ་ཞིང་། དེའི་སྒྲིབ་བྱེད་དུ་ཐོས་བསམ་ལ་སྙིང་པོ་མེད་པའི་བདུད་ཀྱི་གསང་ཚིག་སྒྲོག་པ་ཡོད་དོ། །ལེ་ལོ་སྙོམ་ལས་བསྟེན་ངན་བསྟེན་པ་དང་། །གཉིད་ཀྱི་དབང་གྱུར་མི་རྟོག་ངང་ཚུལ་དང་། །ཐུབ་པའི་ཡེ་ཤེས་མཆོག་ལ་མོས་མེད་དང་། །ལོག་པའི་ང་རྒྱལ་ནོན་པས་དོན་འདྲི་དང་ །དམའ་སེམས་བདག་ལ་ཞེན་པ་བྱུང་བའི་རྒྱུས། །


JL00_Page_0816
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་པའི་སྐྱེ་བོ་བསྟེན་པར་མ་དད་དང་། །ལོག་པའི་རྣམ་རྟོག་དུག་ཆེ་ལོག་ལྟ་དག །གཏི་མུག་རྒྱུ་ཡིན་མཁས་པས་སྤང་བར་བྱ། །ཞེས་སོ། །དེ་བས་ན་ཐོག་མར་ཐོས་པའི་ཡོན་ཏན་ལ་བརྟེན་དགོས་པའི་ཚུལ། དེའང་འདི་ན་སོ་སོ་སྐྱེ་བོའི་སར། །ཐོས་པ་ལས་བྱུང་ཤེས་རབ་མ་བརྟེན་ན། །བསམ་དང་བསྒོམ་པའི་ཡོན་ཏན་གནས་མིན་འཁྱམས། །ཐོས་པའི་ཤེས་རབ་ཀུན་གྱི་རྒྱུ་རུ་གསུངས། །དེ་ལ་གང་ཟག་གང་གི་རྒྱུད་འཕགས་པ་ཡིན་ན་ནི་སྔོན་གྱི་གོམས་པའི་སྟོབས་བརྟན་པས་སྐྱེ་བ་དེ་ལ་ཐོས་བསམ་རྒྱ་ཆེན་པོ་མ་བྱས་ཀྱང་རང་སྟོབས་ཀྱི་རིག་པ་སྲིད་ཀྱི། དེ་ལྟར་སྲིད་ནའང་སོ་སོ་ཡང་དག་པ་རིག་པ་བཞི་དང་ལྡན་པས་དགུ་པའི་ཡོན་ཏན་རྒྱུད་ལ་མ་སྐྱེས་པ་དེ་སྲིད་དུ་འབད་དགོས་པ་ཡིན་ཏེ། གཞོན་ནུ་ནོར་བཟང་གིས། ཡོན་ཏན་རྣམས་ཀྱང་ཚད་བཟུང་མེད་པར་ཤོག །ཅེས་སྨོན་ལམ་བཏབ་པ་བཞིན་ནོ། །དེ་བས་ན་རང་རྒྱུད་སོ་སོ་སྐྱེ་བོ་ཡིན་པའི་རྟགས་སུ་སེམས་ཉོན་མོངས་པ་ཅན་དུ་ཡོད་ཅིང་། རྨོངས་པའི་ཕྱོགས་འགྲོ་བ་གཞན་དང་གཞན་དག་དང་མཚུངས་པར་ལྡན་ན་དེ་དག་གི་ལེགས་སྨོན་གསོལ་བས་ཕན་པར་མི་འགྱུར་བས་ཐོག་མར་ཐོས་པ་ལས་བྱུང་བའི་ཤེས་རབ་འཚོལ་བར་བྱ་སྟེ། དེ་ལྟར་མ་བྱས་ན་བསམ་པ་དང་བསྒོམ་པའི་ཤེས་རབ་ཙམ་པོ་པ་ཁ་བའི་འོག་གི་འབར་འབུར་དང་འདྲ་སྟེ་གནས་མིན་དུ་འཁྱམས་པའི་ཕྱིར་རོ། །དེ་སྐད་དུ་སློབ་དཔོན་དཔའ་བོས། ཐོས་ཉུང་དམུས་ལོང་བསྒོམ་པའི་ཚུལ་མི་ཤེས། །དེ་མེད་དེ་ཀོས་ཅི་ཞིག་བསམ་པར་བྱ། །དེ་བས་ཐོས་ལ་བརྩོན་བྱ་དེ་རྒྱུ་ལ། །བསམས་བཞིན་བསྒོམས་པས་ཤེས་རབ་ཡངས་པ་འབྱུང་། །ཞེས་སོ། །དེ་བས་ན་ཤེས་རབ་འབྱུང་བའི་རྒྱུ་ཐོས་པ་ཡིན་པའི་ཚུལ་དང་། ཐོས་ནས་ནགས་སུ་འགྲོ་བའི་ཚུལ། མགོན་པོ་བྱམས་པས། ཤེས་རབ་མཆོག་ཡིན་དེའི་གཞི་ནི། །ཐོས་པ་དེ་ཕྱིར་ཐོས་པ་མཆོག །


JL00_Page_0817
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་དང་། བསླབ་བཏུས་ལས། བཟོད་བྱ་ཐོས་པ་བཙལ་བར་བྱ། །དེ་ནས་ནགས་སུ་གནས་པར་བྱ། །མཉམ་པར་གཞག་ལ་བརྩོན་བྱ་ཞིང་། །ཞེས་བཤད་དོ། །དེ་ལ་ཐོས་པས་གཏན་ལ་ཇི་ལྟར་དབབ་ན། དབབ་བྱ་ཆོས་ནི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཉིད་དེ་དེའང་མཛོད་ལས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། ལུང་དང་རྟོགས་པའི་བདག་ཉིད་ཅན། །ཞེས་པ་ལྟར་བསྟན་པ་དེ་ལ་ལུང་དང་རྟོགས་པའི་བསྟན་པ་གཉིས་སུ་ཡོད་པ་ལས་སྔ་མ་ནི་གསུང་རབ་ཡན་ལག་བཅུ་གཉིས་ལ་སོགས་པའི་དོན་ཤེས་པར་བྱ་བ་ཡིན་ལ། ཕྱི་མ་ནི་ཤེས་ནས་རང་རྒྱུད་ལ་བཀལ་ཏེ་དེའི་རྟོགས་པ་རྒྱུད་ལ་མངོན་སུམ་དུ་བསྒྲུབ་པ་ཡིན་ན་རྟོགས་པའི་བསྟན་པ་མ་ནོར་བར་རྟོགས་པ་ནི་ལུང་གི་བསྟན་པ་ཚུལ་བཞིན་དུ་གོ་བ་ལ་རག་ལས་པའི་ཕྱིར་རོ། །ད་ལྟ་མོད་ཀྱི་བློ་གྲོས་ཆུང་ངུ་དག་དེ་ལ་ཞུམ་པར་བྱ་མི་དགོས་ཀྱི་རང་གི་བློ་ཉམས་ལ་དཔགས་པའི་ཐོས་པ་རེ་ལ་མ་འབད་ན་ཆོས་དང་གང་ཟག་ཕྱོགས་འཛོལ་བ་དེ་འོང་བས། གང་བསྒྲུབ་པའི་གནས་དེ་ཉིད་ལ་ཐོས་བསམ་མཐིལ་ཕྱིན་པར་གོམས་སུ་འཇུག་ཅིང་། མཐར་གྱི་བློའི་མཐུ་ཇེ་ཆེར་བསྐྱེད་པ་ལ་བསླབ་བོ། །ཅིའི་ཕྱིར་ན་གང་བསྒྲུབ་པའི་གནས་རྒྱ་ཆུང་ངུ་ལས་མེད་ཀྱང་དེ་ཉིད་རང་ལ་ཐོས་བསམ་མཐིལ་ཕྱིན་ན་དེའི་དོན་མ་འཁྲུལ་བ་ཉམས་སུ་ལོངས་ཤིང་། དེ་ལྟར་དེ་ལམ་དུ་སོང་ན་བསྒོམས་བྱུང་གི་ཤེས་རབ་ནང་ན་སྐྱེ་བ་ཚད་མས་གྲུབ་པའི་ཕྱིར་རོ། །དེ་བས་ན་བསྒོམ་པ་དེ་མ་ནོར་བའི་རྟགས་སུ་ཇི་ཙམ་བསྒོམས་པ་དེ་ཙམ་དུ་སོ་སོར་རྟོགས་པའི་ཤེས་རབ་ཇེ་ཆེར་འཕེལ་བ་ཞིག་དགོས་ཏེ་ཇི་ལྟ་བ་དང་ཇི་སྙེད་པ་ལ་དམིགས་པའི་ཤེས་རབ་ཀྱི་ངོ་བོ་ལྷག་མཐོང་གི་ཡེ་ཤེས་ཡིན་པས་སོ། །དེ་ཡང་ཤེས་རབ་ཀྱི་རབ་དབྱེ་ནི་རྣམ་པ་གཉིས་ཏེ་ཀུན་རྫོབ་


JL00_Page_0818
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པ་དང་། དོན་དམ་རྟོགས་པའོ། །དང་པོ་ནི། མདོ་སྡེའི་རྒྱན་ལས། རིག་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ། །དེ་ལྟ་བས་ན་གཞན་དག་ཚར་གཅད་རྗེས་གཟུང་དང་། །བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱ། །ཞེས་པ་ལྟར། བསྟན་པ་ལ་མ་དད་པ་རྣམས་ཚེར་བཅད་པའི་ཕྱིར་སྒྲ་དང་གཏན་ཚིགས་ཀྱི་རིག་པ་དང་། དད་པ་ཅན་རྣམས་རྗེས་སུ་བཟུང་བའི་ཕྱིར་བཟོ་དང་གསོ་བ་རིག་པ་དང་། རང་ཉིད་ཀྱིས་ཀུན་ཤེས་པར་བྱ་བའི་ཕྱིར་ནང་རིག་པ་འཚོལ་བ་ནི་སྐབས་འདིའི་དགོས་པ་བྱེ་བྲག་པ་ཡིན་ལ། དེ་ཐམས་ཅད་ཀྱང་སངས་རྒྱས་འཐོབ་པའི་ཕྱིར་དུ་སེམས་བསྐྱེད་ནས་འཚོལ་ན་ནི་བྱེ་བྲག་དབྱེ་བ་མེད་དོ། །འདིར་ནི་བདག་མེད་པའི་དེ་ཁོ་ན་ཉིད་དོན་སྤྱིའི་སྒོ་ནས་འཇལ་བ་དང་། མངོན་གྱུར་གྱི་སྒོ་ནས་འཇལ་བ་སྟོན་པའི་ཕྱིར། འཇལ་བྱེད་ཤེས་རབ་ཀྱི་ལྡེ་མིག་རྣམ་པར་གཞག་པ་དང་། གཞལ་བ་དམ་པའི་ཆོས་ཀྱི་མཛོད་རྣམ་པར་གཞག་པའི་ཕྱིར་དྲང་ངེས་གཉིས་ཀྱི་རྣམ་གཞག་ནི། གཞལ་བྱའི་ཆོས་ལ་འཇལ་བྱེད་ཤེས་རབ་ཀྱིས། །དྲང་ངེས་གཉིས་དང་ལྡེམ་དགོངས་རྣམ་བཞིར་གཞལ། །ཆོས་རྣམས་ཀུན་གྱི་ངོ་བོ་དེ་བཞིན་ཉིད། །རྣམ་ཐར་གསུམ་དུ་གནས་པ་ངེས་དོན་ཡིན། །ཆོས་ཅན་སྣང་ཚོད་ལམ་ལ་འཇུག་པའི་ཕྱིར། །རིགས་པས་གཞལ་ནས་སྒྲོ་བཏབས་དྲང་བའི་ལམ། །གཉིས་པོས་དྲང་ངེས་གང་ལ་རྟོན་མི་རྟོན། །ཤེས་དེ་གསུང་རབ་བལྟ་བའི་ལྡེ་མིག་ཡིན། །དེ་ལ་ཆོས་ཐམས་ཅད་ཀྱི་ཆོས་ཉིད་རྣམ་པར་ཐར་བའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་འབྲས་བུ་ལ་འཇུག་ཅིང་། མངོན་པར་འདུ་མི་བྱེད་པ། འདོད་ཆགས་དང་བྲལ་བ། ཞེ་སྡང་སྤངས་པ། གཏི་མུག་ལེགས་པར་བཅོམ་པ། སྲིད་པ་མེད་པར་གྱུར་བ། ངོ་བོ་ཉིད་ལའང་རང་བཞིན་མེད་ཅིང་། སྐྱེ་འགག་གནས་གསུམ་དང་བྲལ་བ།


JL00_Page_0819
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ངེས་པའི་དོན་ཡིན་ལ། ཆོས་ཅན་སྣང་ཚོད་ལྟར་འཇུག་པ་སྐྱེ་འགག་དང་། འགྲོ་འོང་དང་། དག་གྲོལ་དང་། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་སོགས་པའི་རྣམ་པ་སྣ་ཚོགས་པར་སྣང་ཞིང་། བློ་དང་། སྙམ་བྱེད་དང་། བརྗོད་པས་ཐུག་ཅིང་། རིག་པའི་མཐུས་གཞལ་དུ་ཡོད་པ་ལ་སྒྲོ་བཏགས་ནས་བསྟན་པ་ཐམས་ཅད་ནི་དྲང་བའི་དོན་ཞེས་བྱ་སྟེ། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས། ངེས་པའི་དོན་གྱི་མདོ་སྡེ་ནི་གང་། དྲང་བའི་དོན་གྱི་མདོ་སྡེ་ནི་གང་ཞེ་ན། མདོ་སྡེ་གང་དག་ལམ་ལ་འཇུག་པའི་ཕྱིར་བསྟན་པ་དེ་དག་ནི་དྲང་བའི་དོན་ཅེས་བྱའོ། །མདོ་སྡེ་གང་དག་འབྲས་བུ་ལ་འཇུག་པའི་ཕྱིར་བསྟན་པ་དེ་དག་ནི་ངེས་པའི་དོན་ཞེས་བྱའོ། །མདོ་སྡེ་གང་དག་བདག་དང་། སེམས་ཅན་དང་། སྲོག་དང་། སྐྱེས་བུ་དང་། གང་ཟག་དང་། ཤེད་ལས་སྐྱེས་དང་། ཤེད་བདག་དང་། བྱེད་པ་པོ་དང་། ཚོར་བ་པོ་དང་། སྒྲ་རྣམ་པ་སྣ་ཚོགས་སུ་བཤད་པ་དང་། བདག་པོ་མེད་པ་ལ་བདག་པོ་དང་བཅས་པར་བསྟན་པ་དེ་དག་ནི་དྲང་བའི་དོན་ཞེས་བྱའོ། །མདོ་སྡེ་གང་དག་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་མི་བྱེད་པ་དང་། མ་སྐྱེས་པ་དང་། མ་བྱུང་བ་དང་། དངོས་པོ་མེད་པ་དང་། བདག་མེད་པ་དང་། སེམས་ཅན་མེད་པ་དང་། སྲོག་མེད་པ་དང་། གང་ཟག་མེད་པ་དང་། བདག་པོ་མེད་པ་དང་། རྣམ་པར་ཐར་བའི་སྒོའི་བར་དུ་མེད་པར་བསྟན་པ་དེ་དག་ནི་ངེས་པའི་དོན་ཞེས་བྱ་སྟེ། འདི་ནི་ངེས་པའི་དོན་གྱི་མདོ་སྡེ་ལ་རྟོན་གྱི། དྲང་བའི་དོན་གྱི་མདོ་སྡེ་ལ་མི་རྟོན་པ་ཞེས་བྱའོ། །ཞེས་སོ། །དེ་ཡང་ཆ་ཤས་ཞིབ་མོར་ཕྱེ་ན་རྟོན་པ་བཞི་དང་ལྡན་པའི་རྣམ་གཞག་གིས་གཞལ་བའི་ཚུལ། གཙུན་པ་ཤ་ར་དྭཱ་ཏིའི་བུ། འདི་དག་གི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྟོན་པ་


JL00_Page_0820
[མ་དཔེ་གཟིགས་ན་འདིར་གནོན།]

བཞིའང་མི་ཟད་པ་སྟེ། བཞི་གང་ཞེ་ན་འདི་ལྟ་སྟེ། །དོན་ལ་རྟོན་གྱིས་ཚིག་འབྲུ་ལ་མི་རྟོན་པ་དང་། ཡེ་ཤེས་ལ་རྟོན་གྱིས་རྣམ་པར་ཤེས་པ་ལ་མི་རྟོན་པ་དང་། ངེས་པའི་དོན་གྱི་མདོ་སྡེ་ལ་རྟོན་གྱིས་དྲང་བའི་དོན་གྱི་མདོ་སྡེ་ལ་མི་རྟོན་པ་དང་། ཆོས་ཉིད་ལ་རྟོན་གྱིས་གང་ཟག་ལ་མི་རྟོན་པའོ། །ཞེས་སོ། །དེ་ལ་ཚིག་འབྲུ་ཞེས་བྱ་བ་ནི་འཇིག་རྟེན་པའི་ཆོས་དང་། དོན་ཞེས་བྱ་བ་ནི་དེ་ལས་འདས་པའོ། །རྣམ་ཤེས་ཞེས་བྱ་བ་ནི། གཟུགས་དང་། འདུ་ཤེས་དང་། འདུ་བྱེད་ལ་ཉེ་བར་འགྲོ་ཞིང་གནས་པའོ། །ཡེ་ཤེས་ཞེས་བྱ་བ་ནི། ཕུང་པོ་བཞི་ལ་གནས་པའི་རྣམ་པར་ཤེས་པའི་ཕུང་པོ་ཡོངས་སུ་ཤེས་པའོ། །དྲང་བའི་དོན་ནི་ལམ་ལ་འཇུག་པའི་ཕྱིར་བསྟན་པའོ། །ངེས་པའི་དོན་ནི་འབྲས་བུ་ལ་འཇུག་པའི་ཕྱིར་བསྟན་པའོ། །ཆོས་ཉིད་ཅེས་བྱ་བ་ནི་འགྱུར་བ་མེད་པ་ལ་སོགས་པའོ། །གང་ཟག་ཅེས་བྱ་བ་ནི་གང་ཟག་ཏུ་བལྟ་བ་ལ་གནས་པ་སྟེ། དབྱེ་བ་བསམ་གྱིས་མི་ཁྱབ་པ་ཡོད་དེ་མདོ་སྡེ་དེའི་བམ་པོ་དྲུག་པས་སྟོན་པ་ཡིན་ནོ། །མདོར་ན་གཤིས་ཀྱི་གནས་ལུགས་གཙོ་བོར་སྟོན་པ་རྣམས་ལ་ངེས་པའི་དོན་གྱི་མདོ་སྡེ་ཞེས་བྱ་ལ། གཤིས་དེ་ལ་འཇུག་པའི་ཐབས་སུ་ཐབས་རྣམ་པ་མང་པོས་སེམས་ཅན་གྱི་བློ་དྲང་ཞིང་། མ་དག་པ་འཁྲུལ་བ་དང་དེའི་རབ་ཏུ་དབྱེ་བ་ལ་སོགས་པ་སྟོན་པ་ཐམས་ཅད་དྲང་བའི་དོན་གྱི་ཆོས་ཞེས་བྱ་སྟེ། འདི་ནི་གསུང་རབ་བལྟ་བའི་མེ་ལོང་དང་། འབྱེད་པའི་ལྡེ་མིག་དང་པོ་ཡིན་པར་བཟུང་ངོ་། །ཡང་། དེ་དག་རང་བཞིན་གསལ་བར་བྱ་བ་དང་། །དོན་གྱི་དགོངས་པ་རྟོགས་པར་བྱ་བའི་ཕྱིར། །དགོངས་ལྡེམ་གཉིས་བཤད་དང་པོ་དགོངས་པ་ནི། །ཅུང་ཟད་སྒྲོ་བཏགས་བཤད་དུའང་ཡོད་ལ། །གདུལ་བའི་ཡུལ་རྣམས་རེ་ཞིག་ཁ་དྲང་བ། །གཅིག་པུའི་སླད་དུའང་མ་ཡིན་དགོས་ཆེད་དང་། །བཅས་ནས་དགོངས་པ་རྣམ་བཞིར་སྟོན་པ་སྟེ། །


JL00_Page_0821
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གཞུང་གི་ངོ་བོས་གསལ་བར་ས་བཅད་ནས། ཕྱོགས་དང་པོ་བཤད་བྱའི་དོན་མཐའ་དག་ཇི་ལྟ་བ་བཞིན་དུ་མ་རྫོགས་པས་ད་དུང་དགོངས་གཞི་ལ་ལུས་ཤིང་། ཕ་རོལ་པོའི་དོན་དུ་སྒྲ་ཇི་བཞིན་པར་མི་འགྱུར་བ་ཇི་ལྟར་དགོངས་པའི་ཚུལ་རྣམ་པ་བཞི་ནི་མདོ་སྡེའི་རྒྱན་ལས། མཉམ་པ་ཉིད་དང་དོན་གཞན་དང་། །དེ་བཞིན་དུ་ནི་དུས་གཞན་དང་། །གང་ཟག་གི་ནི་བསམ་པ་ལ། །དགོངས་པ་རྣམ་པ་བཞིར་ཤེས་བྱ། །ཞེས་པ་ལ་འཇུག་པའི་ཕྱིར། མཉམ་པ་ཉིད་དགོངས་འགལ་བའང་གཅིག་ཏུ་བསྟན། །དོན་གཞན་ལ་དགོངས་དཔྱད་ན་མ་གྲུབ་བསྟན། །དུས་གཞན་ལ་དགོངས་འབད་མེད་འཚང་རྒྱ་བསྟན། །གང་ཟག་ལ་དགོངས་དེ་དེའི་མཆོག་འཛིན་སྨད། །དེ་ཡང་མཉམ་པ་ཉིད་ལ་དགོངས་པ་ནི་བདེན་པ་མ་མཐོང་བས་ཆུ་རོལ་མཐོང་བ་ཅན་གྱི་སྣང་ངོར་འཁོར་འདས་དང་། བཟང་ངན་དང་། བླང་དོར་གྱི་མཚན་ཉིད་ཤིན་ཏུ་འགལ་བར་གནས་པ་དེ་ཡང་ཆོས་ཐམས་ཅད་ཀྱི་གནས་ལུགས་རང་བཞིན་གྱིས་རྣམ་པར་བྱང་བའི་ངང་དུ་གཅིག་དང་ཐ་དད་མེད་པར་མཉམ་པ་ཡིན་ཏེ། འཕགས་པ་ཆུལ་བརྒྱ་ལྔ་བཅུ་པ་ལས། །ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའི་མཚན་ཉིད་སྦྱོར་བས་ན། །ཀུན་མཆོག་མཉམ་ཉིད་རྫོགས་པའོ། །ཞེས་སོ། །དོན་གཞན་ལ་དགོངས་པ་ནི། ཀུན་བརྟགས་ལ་མཚན་ཉིད་ངོ་བོ་ཉིད་མེད་དེ་ངེས་དོན་དུ་མ་གྲུབ་པ་དང་། གཞན་དབང་ལ་སྐྱེ་བ་ངོ་བོ་ཉིད་མེད་དེ་མུ་བཞི་ལས་སྐྱེ་བ་མ་གྲུབ་པའི་ཚུལ། འདི་ལྟར་རང་ལས་སྐྱེ་བ་མེད་དེ། སྐྱེས་པ་དག་སྐྱེ་བ་སྐད་ཅིག་མ་རྫས་འགལ་བའི་ཕྱིར་དང་གཞན་ལས་སྐྱེ་བ་མེད་དེ་གཞན་རང་མཚན་པ་དཔྱད་ན་མ་གྲུབ་པས་སོ། །གཉིས་ཀ་ལས་སྐྱེ་བའང་


JL00_Page_0822
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་འགལ་བས་མ་གྲུབ་ལ། རྒྱུ་མེད་ན་སྐྱེ་བའི་འབྲས་བུ་འགགས་པའི་ཕྱིར་དང་། ཇི་ལྟར་སྣང་ཚོད་དང་མཐུན་པའི་སྐྱེ་བ་ལ་སོགས་པ་ཙམ་ནི་རྨི་ལམ་མམ་སྒྱུ་མ་ཙམ་དུ་རྟེན་ཅིང་འབྲེལ་འབྱུང་ལས་སྣང་བ་སྟེ། འཇམ་དཔལ་རྨི་ལམ་ནི་སྣང་ལ་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་ཆོས་ཐམས་ཅད་སྣང་ལ་ཡོད་པ་མ་ཡིན་ནོ། །ཞེས་པ་ལ་སོགས་རྒྱ་ཆེར་བཀའ་བསྩལ་ཏོ། །ཡོངས་གྲུབ་ལ་ནི་དོན་དམ་པའི་ངོ་བོ་ཉིད་མེད་དེ་བདག་ཉིད་ཀྱི་རང་བཞིན་དོན་དམ་པར་གནས་པས་མ་དག་པ་ལ་སོགས་པ་སྤྲོས་པའི་ངོ་བོ་མེད་པའི་ཕྱིར་རོ། །དེའི་དོན་ཡང་དགོངས་འགྲེལ་ལས། མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་དང་། སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་དང་། དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ལ་དགོངས་ནས་ངས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའོ་ཞེས་བསྟན་ཏོ། །ཞེས་བཀའ་བསྩལ་ཏེ་ངེས་དོན་གྱི་མདོའི་ཆིང་ས་ཆེན་པོ་ཡང་དག་པ་ཉིད་ཡིན་པར་རིག་པར་བྱའོ། །དུས་གཞན་ལ་དགོངས་པ་ནི། གང་ཡང་བཟང་པོ་སྤྱོད་པའི་སྨོན་ལམ་འདི། །འཆང་བ་དང་ནི་བཏོན་ཏམ་ཀློག་ན་ཡང་། །དེ་ཡི་རྣམ་པར་སྨིན་པ་སངས་རྒྱས་མཁྱེན། །བྱང་ཆུབ་མཆོག་ལ་སོམ་ཉི་མ་བྱེད་ཅིག །ཞེས་པ་ལྟ་བུ་སྟེ། དེ་ཁོ་ནས་རྒྱུ་རྐྱེན་གཞན་ལ་མི་ལྟོས་པར་བྱང་ཆུབ་ལ་རེག་པར་མི་འགྱུར་ཡང་། སྔོན་དུ་དགེ་བའི་ཚོགས་མང་དུ་སོང་བ་ཞིག་ནམ་ནམ་ཞིག་འཚང་རྒྱ་བའི་གྲུའི་ཁ་ལོ་པ་ལྟ་བུར་འགྱུར་བ་ལ་དགོངས་པའི་ཕྱིར་རོ། །གང་ཟག་ལ་དགོངས་པ་ནི། སྦྱིན་པ་ལ་མངོན་པར་རློམ་པ་དང་། ཚུལ་ཁྲིམས་ལ་མཆོག་ཏུ་འཛིན་པ་སོགས་ལ་དེ་གཉིས་ཀ་སྨད་ནས། བཟོད་བརྩོན་ལ་བསྔགས་པ་ལྟ་བུ་སྟེ། འོད་སྲུང་དཔེར་ན་ཟླ་བ་ཚེས་པ་ལ་ཕྱག་བྱར་དེ་ལྟར་ཟླ་བ་ཉ་པ་ལ་མ་ཡིན་ནོ། །འོད་སྲུང་དེ་བཞིན་དུ་གང་དང་གང་ལ་རབ་ཏུ་དད་པ་དེ་དག་གིས་བྱང་ཆུབ་སེམས་དཔའ་ལ་ཕྱག་བྱའི། དེ་བཞིན་གཤེགས་


JL00_Page_0823
[མ་དཔེ་གཟིགས་ན་འདིར་གནོན།]

པ་་རྣམས་ལ་ནི་མ་ཡིན་ནོ། །ཞེས་གསུངས་པ་ལྟ་བུའོ། །སྤྱིར་ཡང་རློམ་སེམས་དང་མཚན་མར་འཛིན་པའི་མངོན་ཞེན་འདི་དག་ནི་ཕྱིན་དྲུག་ལ་སོགས་པའི་མི་མཐུན་ཕྱོགས་ཆེན་པོ་ཡིན་ཏེ་འཇམ་དཔལ་རྣམ་པར་འཕྲུལ་བའི་ལེའུ་ལས། ལྷའི་བུ་ཇི་ཙམ་དུ་ལས་ལ་འཇུག་པ་དེ་ཙམ་དུ་བདུད་ཀྱི་ལས་སོ། །ཇི་ཙམ་དུ་སྨོན་པ་དང་། ཇི་ཙམ་དུ་འཛིན་པ་དང་། ཇི་ཙམ་དུ་མཆོག་ཏུ་འཛིན་པ་དེ་ཙམ་དུ་བདུད་ཀྱི་ལས་སོ། །ཇི་ཙམ་དུ་འདོད་པ་དང་། ཇི་ཙམ་དུ་འདུ་ཤེས་པ་དང་། ཇི་ཙམ་དུ་རློམ་སེམས་དང་། ཇི་ཙམ་དུ་རྟོག་པ་དེ་ཙམ་དུ་བདུད་ཀྱི་ལས་སོ། །ལྷའི་བུ་གཞན་ཡང་བྱང་ཆུབ་ཀྱི་སེམས་ལ་མངོན་པར་ཞེན་པ་ཡང་བདུད་ཀྱི་ལས་སོ། །སྦྱིན་པའི་སེམས་ལ་མངོན་པར་ཞེན་པ་ཡང་བདུད་ཀྱི་ལས་སོ། །དེ་བཞིན་དུ་ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་སེམས་ལ་མངོན་པར་ཞེན་པ་ཡང་བདུད་ཀྱི་ལས་སོ། །ཞེས་སོགས་རྒྱ་ཆེར་འབྱུང་ངོ་། །ཕྱོགས་གཉིས་པ་ལྡོམ་དགོངས་ནི། ལྡེམ་པོར་དགོངས་པ་གདུལ་བྱ་གང་ཞིག་གི །བློ་ལ་མི་ཆུད་ཡིད་གཉིས་གནས་ཐོབ་རྣམས། །དེ་ཉིད་དགའ་བའི་མིང་དང་ཆ་ལྡན་གྱིས། །རྣམ་པ་ཕྱོགས་ནས་ཡང་དག་ལམ་གཟུད་ཕྱིར། །ཚིག་མཐུན་དོན་མི་མཐུན་པར་བཤད་པ་སྟེ། །མྱང་འདས་ལས། བཅོམ་ལྡན་འདས་དགོངས་པའི་ཚིག་ཅེས་བགྱི་བ་ཅི་ལགས། འོད་སྲུངས་དགོངས་པའི་ཚིག་ཅེས་བྱ་བ་ནི་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱ་བ་ད་ལྟར་འདི་ལ་དེ་བཞིན་གཤེགས་པ་རྟག་པར་བརྟན་པ་ཞ་པ། ཐར་ཟུག་ས་ཡོངས་སུ་མྱ་ངན་ལས་འདས་ཀྱང་ཉམས་པར་མི་འགྱུར་བ་ཞེས་མདོ་འདི་ནི་དགོངས་པའི་ཚིག་ཡིན་ནོ། །ཞེས་སོ། །གཞན་ཡང་ལྡེམ་པོར་དགོངས་པ་ཞེས་བྱ་བ་ནི་ཕ་རོལ་པོ་ཡང་དག་པར་རྗེས་སུ་བཟུང་བར་འདོད་ཀྱང་། རྣམ་པའི་བརྗོད་པ་དེ་


JL00_Page_0824
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གཞན་དུ་ཕྱོགས་ནས་བཤད་པ་ཡོད་དེ། མ་སྐྱེས་དགྲའི་ལེའུ་ལས། དེ་ནས་རྒྱལ་པོ་མ་སྐྱེས་དགྲ་རང་གི་ཁྱིམ་ན་བྱང་ཆུབ་སེམས་དཔའ་དེ་དག་དང་། ཉན་ཐོས་ཆེན་པོ་དེ་དག་ལྷུང་བཟེད་དང་། ལག་པ་བཀྲུས་པར་རིག་ནས། ཆོས་ཉན་པའི་ཕྱིར་འཇམ་དཔལ་གཞོན་ནུར་གྱུར་བའི་མདུན་དུ་འདུག་སྟེ། འཇམ་དཔལ་བདག་གི་འགྱོད་པ་བསལ་དུ་གསོལ། འཇམ་དཔལ་གྱིས་སྨྲས་པ། རྒྱལ་པོ་ཆེན་པོ་ཁྱོད་ཀྱི་འགྱོད་པ་ནི། སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་ཀྱང་བསལ་བར་མི་སྤྱོད་དོ། །དེ་ནས་རྒྱལ་པོ་མ་སྐྱེས་དགྲ་སྐྱབས་མ་རྙེད་ནས་ཤིང་གཅད་པ་ལྟར་ས་ཆེན་པོ་ལ་འགྱེལ་ཏོ། །དེ་ནས་གནས་བརྟན་འོད་སྲུངས་ཆེན་པོས་རྒྱལ་པོ་མ་སྐྱེས་དགྲ་ལ་འདི་དག་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་བ་ནི་ལྡེམ་པོ་ངག་ཏུ་སྟོན་པ་ལ་མཁས་གྱིས། མ་འཇིགས་མ་སྐྲག་པར་དོན་འདི་ཅི་ལས་དགོངས་ཏེ་གསུངས། །ཞེས་དྲིས་ཤིག །ཞེས་པ་ལྟ་བུའོ། །དེ་ལས་འདིར་ནི་དམིགས་པའི་ཆ་ནས་ལྡེམ་པོར་དགོངས་ཀྱང་ཚིག་གི་ཆ་ནས་ཕ་རོལ་པོ་གང་ལ་དགའ་བའི་ཆོས་ཀྱི་མིང་ངམ་ཆ་ལྡན་ཉིད་དུ་རྣམ་པར་ཕྱོགས་ནས་དོན་མ་ནོར་བ་གང་ཡིན་པ་དེ་ལ་གཟུད་པའི་ཐབས་བསྟན་པའོ། །དབྱེ་ན་ཞུགས་པ་མཚན་ཉིད་གཉེན་པོ་བསྒྱུར། །ཞུགས་པ་ལྡེམ་དགོངས་གང་ཞིག་ཉན་ཐོས་དག །སྟོང་པས་སྐྲག་ནས་ཐེག་ཆེན་སྤོང་བ་ལ། །གཟུགས་ཡོད་སྨོས་པས་གྲུབ་པར་གོ་ནས་འཇུག །སྣང་ཚོད་རྨི་ལམ་ལྟ་བུ་དགོངས་པའོ། །མཚན་ཉིད་ལྡེམ་དགོངས་ངོ་བོ་ཉིད་མེད་དོན། །ཤེས་པའི་དོན་དུ་རིམ་བཞིན་ཀུན་བརྟགས་དང་། །གཞན་དབང་ཡོངས་གྲུབ་རྣམ་པ་གསུམ་དག་ལས། །དང་པོར་མཚན་ཉིད་ངོ་བོ་ཉིད་མེད་དང་། །གཉིས་པར་སྐྱེ་བ་ངོ་བོ་ཉིད་མེད་དང་། །གསུམ་པར་དོན་དམ་ངོ་བོ་ཉིད་མེད་པས། །ཆོས་རྣམས་བརྗོད་


JL00_Page_0825
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཟབ་པ་དག་ཏུ་སྟོན། །གཉེན་པོ་ལྡེམ་དགོངས་གཞན་གྱི་ལོག་རྟོག་ལྡོག །སྐུ་ཚེ་རིགས་དང་སྐུ་ཕོངས་ཚད་ཀྱིས་མིན། །སངས་རྒྱས་ཐམས་ཅད་གཟུགས་སྐུ་ཆོས་སྐུར་མཉམ། །ཚོགས་ཀྱི་ཡུལ་ལའང་མཉམ་པ་ལྟ་བུར་དགོངས། །བསྒྱུར་བ་ལྡེམ་དགོངས་གསད་བྱ་མ་ཡིན་པའི། །ཕ་མ་གསོད་དང་དེ་བཞིན་བཅོམ་བྱ་མིན། །རྒྱལ་པོ་དང་ནི་གཙང་སྦྲ་ཅན་གཉིས་བཅོམ། །སྲེད་ལེན་ཀུན་གཞི་སོགས་ལ་བཏགས་པའི་དོན། །རྣལ་མར་བཟུང་ན་ནོར་བ་ཆེན་པོའོ། །དེ་ལ་ཞུགས་པ་ལྡེམ་པོར་དགོངས་པ་ནི། །ཉན་ཐོས་ཀྱི་རིགས་ཅན་ཆོས་ཀྱི་བདག་མེད་ཐོས་པས་སྐྲག་པ་ཡོད་དེ། གངས་རིའི་ཁྲོད་ན་དབུ་མའི་ལྟ་བ་མ་ནོར་བར་སྨྲ་བ་པཎྜི་ཏ་དཱི་པཾ་ཀ་རའི་མདུན་དུ་འཕགས་ཡུལ་གྱི་དགེ་སློང་སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་གནས་པ་གཉིས་བྱུང་། ཇོ་བོས་གང་ཟག་གི་བདག་མེད་གསུངས་པའི་ཚེ་ཁོང་གཉིས་དང་། ཆོས་ཀྱི་བདག་མེད་གསུངས་པའི་ཚེ་དེ་སྐད་མི་གསུང་བ་ཞུ་འཇིགས་འཇིགས་ཟེར་བ་དང་། ཤེས་རབ་སྙིང་པོ་ཐོས་པའི་ཚེ་རྣ་བ་དག་པ། ཇོ་བོ་ཐུགས་ཆད་ནས་བྱམས་སྙིང་རྗེ་བྱང་ཆུབ་སེམས་ཀྱིས་འཕངས་ནས་ཚོགས་ཁྱད་པར་ཅན་ལ་མ་འབད་ན་བསྲུང་སྡེམ་དག་པ་གཅིག་པུས་གར་ཡང་མི་ཕྱིན་གསུང་། དེ་ལྟ་བུའི་གང་ཟག་ཐེག་ཆེན་ལ་གཞུག་པའི་དོན་དུ་མདོ་ལས། རབ་འབྱོར་གཟུགས་ནི་མཚན་མའོ། །སྒྲ་ནི་མཚན་མའོ། །ཞེས་གསུངས་པ་ལྟར་གཟུགས་ཡོད་དོ་ཞེས་སྨོས་པས་ཉན་པ་པོ་སྐག་པ་མི་སྐྱེ་ཞིང་། འཆད་པ་པོས་སྣང་ཚོད་ལ་རྨི་ལམ་ལྟ་བུར་ཡོད་པ་ལ་དགོངས་པ་ལྟར་རོ། །མཚན་ཉིད་ལ་ལྡེམ་པོར་དགོངས་པ་ནི། ངོ་བོ་ཉིད་མེད་པ་སྟེ་ཆོས་ཀྱི་བདག་གི་དངོས་པོ་མེད་པའི་གནས་ལུགས་ཟབ་མོ་ཤེས་པར་བྱ་བའི་དོན་དུ། ཀུན་བརྟགས་ལ་མཚན་ཉིད་དང་། གཞན་དབང་ལ་སྐྱེ་བ་དང་། ཡོངས་གྲུབ་ལ་དོན་དམ་པ་


JL00_Page_0826
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་ངོ་བོ་ཉིད་གསུམ་མེད་པས་ཆོས་རྣམས་བརྗོད་པ་ཟབ་པར་བསྟན་པ་སྟེ་སློབ་དཔོན་བློ་གྲོས་ཆེན་པོས། ཟབ་པ་ནི་རང་གིས་མ་བྱས་པ། གཞན་གྱིས་མ་བྱས་པ། གཉིས་ཀས་མ་བྱས་པ། རྒྱུ་མེད་པ་ལས་བྱུང་བ་མ་ཡིན་པས་ཞེས་བཤད་དོ། །གཉེན་པོ་ལྡེམ་དགོངས་ནི། བསྐལ་པ་བཟང་པོའི་མདོ་སྡེ་ནས་སངས་རྒྱས་སྟོང་རྩ་སྟོན་པའི་ཚེ། དེ་དག་གི་ནང་ནས་ཤཱཀྱ་ཐུབ་པ་ནི་སྐུ་བོང་ཆུངས་ཞིང་། འོད་ཀྱང་འདོམ་གང་པ། འདུས་པ་ཉུང་བ། སྐུ་ཚེ་ཐུང་བ་ལ་སོགས་པས་སྟོན་པ་གཞན་ལས་མོད་དམན་པ་ཞིག་གོ་སྙམ་པའི་ལོག །།།ཏོག་ལྡོག་པ་ལ་དགོངས་ཏེ་རྣམ་པར་སྣང་མཛད་གངས་ཅན་མཚོའི་སྐུ་གསུང་ཐུགས་ཡོན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཚུལ་བཤད་ནས་སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་གཞི་བདག་ཉིད་ཡིན་པར་ཞལ་གྱིས་བཞེས་པ་ལྟ་བུ་སྟེ། ཉན་པ་པོས་གཟུགས་སྐུའི་རང་བཞིན་གཅིག་ཏུ་མཉམ་པར་གོ་ཞིང་། འཆད་པ་པོས་རང་དོན་དུ་ཚོགས་རྫོགས་པ་དང་ཆོས་སྐུ་ཐོབ་པར་མཉམ། གཞན་དོན་དུ་འགྲོ་དོན་མཛད་པར་མཉམ་པ་གསུམ་ལ་དགོངས་སོ། །དེ་སྐད་དུ་མཛོད་ལས། སངས་རྒྱས་ཐམས་ཅད་ཚོགས་དང་ནི། །ཆོས་སྐུ་འགྲོ་བའི་དོན་སྤྱོད་པ། །མཉམ་པ་ཉིད་དེ་སྐུ་ཚེ་དང་། །རིགས་དང་སྐུ་བོངས་ཚད་ཀྱིས་མིན། །ཞེས་སོ། །བསྒྱུར་བ་ལྡེམ་པོར་དགོངས་པ་ནི། དགེ་སྤོང་གཽ་ཏ་མ་ནི་ནན་ཏན་གྱིས་མ་བསྐུལ་ཡང་ཆོས་འཆད་དོ་ཟེར་བའི་དབྱེ་བ་བསལ་བ་དང་། ལོ་དྲུག་དཀའ་བ་སྤྱད་པ་ཁོ་ནས་ཁྱད་པར་ཐོབ་ན་ཐོབ་བྱའི་ཆོས་དེའང་གཏིང་དཔག་ཆུང་ངོ་སྙམ་པ་ལྟ་བུ་བསལ་བའི་ཕྱིར། ཟབ་མོ་ཆགས་བྲལ་འོད་གསལ་འདུས་མ་བྱས། བདུད་རྩི་ལྟ་བུའི་ཆོས་ཤིག་བདག་གིས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་འགྱུར་ཏེ། །བདག་ཉིད་གཅིག་པུ་ནགས་སུ་བསྒོམ་པར་བྱ། །ཞེས་གསུངས་ནས་ཆོས་ཉིད་དེ་ཤིན་ཏུ་རྟོགས་དཀའ་བར་སྟོན་པ་ལྟ་བུ་དང་། ཁྱད་པར་དོན་དང་ཚིག་ཏུ་འགྲེལ་


JL00_Page_0827
[མ་དཔེ་གཟིགས་ན་འདིར་གནོན།]

བར་བསྒྱུར་ནས་གསུངས་པའི་ཚུལ། ངས་བྱང་ཆུབ་སེམས་དཔའ་མེ་ཏོག་ཟླ་མཛེས་བསད་དོགས་ལྕེ་ལྐོག་མའི་འོག་ནས་ཕྱུང་ངེ་། ཞེས་པ་ལྟ་བུའམ། ཚོམས་ལས། ཕ་དང་མ་ནི་གསང་བྱ་ཞིང་། །རྒྱལ་པོ་གཙང་སྒྲ་ཅན་གཉིས་དང་། །ཡུལ་འཁོར་སྐོར་བཅས་བཅོམ་པ་ན། །མི་དེ་དག་པ་ཉིད་དུ་འགྱུར། །ཞེས་པ་ལྟ་བུ་སྟེ། འདི་ལྟར་འཁོར་བར་འདུ་བྱེད་པའི་རྩ་བ་སྲེད་པ་ནི་འཁོར་བའི་བདེ་བ་ལ་ཆགས་པས་ཕའོ། །ལེན་པ་ནི་འདོད་པ་ལ་འདུན་པའི་འདོད་ཆགས་ཉིད་དེ་མའོ། །ཀུན་གཞི་ནི་བག་ཆགས་སྣ་ཚོགས་པའི་རྟེན་ནམ་སྣོད་དུ་གྱུར་བས་རྒྱལ་པོའོ། །དེ་བཞིན་དུ་བྲམ་ཟེ་འཇིག་ཚོགས་ལ་བལྟ་བ་དང་། དགེ་སྦྱོང་ཚུལ་ཁྲིམས་དང་བརྟུལ་ཞུགས་ལ་མཆོག་འཛིན་གྱི་བལྟ་བའི་གཙང་སྦྲ་ཅན་གཉིས་སོ། །ནང་གི་སྐྱེ་མཆེད་གཟུང་འཛིན་གྱིས་བསྡུས་པའི་རྣམ་ཤེས་ཚོགས་བརྒྱད་ནི་ཡུལ་འཁོར་སྐོར་བཅས་ཏེ། དེ་དག་བཅོས་པའི་ཐ་སྙད་ཀྱིས་རང་རྒྱུད་ལ་མི་ལྡན་པར་དག་པའི་ཚེ་འཚང་རྒྱ་བ་ལ་སྦྱར་བ་གང་དངོས་བསྟན་དུ་འཁྲུལ་ན་ནོར་བ་ཆེན་པོའོ། །དེ་ལྟར་བཞི་པོ་ནི་མདོ་སྡེའི་རྒྱན་ལས། ཞུགས་པ་ལྡེམ་པོར་དགོངས་པ་དང་། མཚན་ཉིད་ལྡེམ་པོར་དགོངས་པ་གཞན། །གཉེན་པོ་ལྡེམ་པོར་དགོངས་པ་དང་། །བསྒྱུར་བ་ལྡེམ་པོར་དགོངས་པ་སྟེ། །ཉན་ཐོས་དང་ནི་ངོ་བོ་ཉིད། །དེ་བཞིན་ཉེས་པ་གདུལ་བ་དང་། །བརྗོད་པ་ཟབ་པ་ཉིད་ལ་ནི། །ལྡེམ་པོར་དགོངས་པ་རྣམ་པ་བཞི། །ཞེས་སོ། །མདོར་ན་དགོངས་དང་ལྡེམ་པོའི་ཁྱད་པར་ནི། །དགོངས་པ་ཡིད་ལ་རྣམ་པར་གཞག་པ་ཙམ། །ཡིན་གྱི་ཕ་རོལ་བཟུང་ལ་ལྟོས་པ་མིན། །ལྡེམ་པོར་དགོངས་པ་ཕ་རོལ་བཟུང་བ་ལ། །ལྟོས་པའི་རྣམ་འབྱེད་གསུང་རབ་བལྟ་བའི་མིག །དེ་ལ་དགོངས་ལྡེམ་གཉིས་པོའི་ཁྱད་པར་ནི། །བཤད་སྦྱར་ལས། དགོངས་པ་ནི་ཡིད་ལ་རྣམ་པར་གཞག་པ་ཙམ་ཡིན་གྱི་ཕ་རོལ་པོ་གཟུང་བ་ལ་ལྟོས་པ་ནི་ཁས་མི་ལེན་ནོ། །ལྡེམ་པོར་དགོངས་པ་ནི་ཕ་རོལ་གཟུང་བ་ལ་ལྟོས་པའོ། །


JL00_Page_0828
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བཤད་དོ། །དགོངས་ལྡེམ་གྱི་གནས་འདི་ལ་སྔོན་གྱི་མཁན་པོ་རྣམས་བཞེད་པ་མི་མཐུན་པ་ཅུང་ཟད་ཡོད་དེ། སློབ་དཔོན་འཕགས་པས། སངས་རྒྱས་རྣམས་ཀྱིས་གདུལ་བྱ་ལ། ཇི་ལྟར་མོས་པའི་ཆོས་གསུངས་ཏེ། ཁ་ཅིག་ལ་ནི་སྡིག་པ་ལས། །རྣམ་པར་བཟློག་པའི་ཆོས་གསུངས་སོ། ཁ་ཅིག་ལ་ནི་རྒྱུ་འབྲས་གཉིས། །ཆུ་དམིགས་ན་ཞེས་ཆོས་གསུངས་ཏེ། ཁ་ཅིག་ལ་ནི་བདེན་པ་གཉིས། །རྣམ་པར་དབྱེ་བའི་ཆོས་གསུངས་སོ། །ཟབ་མོ་འཁུ་འཕྲིག་ཅན་རྣམས་ལ། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །ཇི་ལྟར་མོས་པའི་ཆོས་གསུངས་སོ། །ཞེས་པ་ལྟར་གདུལ་བྱའི་སྣོད་དང་སྦྱར་ནས་འབྱུང་བའི་ཚུལ་ལོགས་པར་ཁོང་དུ་ཆུད་པའི་བློ་ཆེན་རྣམས་ལ་འགལ་བ་འདུ་བ་མ་ཡིན་པས་སྒྲ་དང་། དོན་དང་། དགོངས་པ་དང་། དགོས་ཆེད་ཀྱི་གནས་སྐབས་ལེགས་པར་ཤེས་པས་གསུང་རབ་རྣམས་ཀྱི་ཚུལ་ལེགས་པར་འབྱེད་ཤེས་པ་ནི་མདོ་རྒྱུད་བལྟ་བའི་ལྡེ་མིག་གཉིས་པའོ། །ད་ནི་གཞལ་བྱ་དམ་པའི་ཆོས་ཀྱི་རྣམ་པར་གཞག་པ་སྟོན་པའི་ཕྱིར། གཞལ་བྱའི་ངོས་ནས་རྒྱལ་བས་ཆོས་ཀྱི་སྒོ། །བརྒྱད་ཁྲི་བཞི་སྟོང་གསུངས་པ་མཐའ་དག་དོན། །འཇིག་རྟེན་ཀུན་རྫོབ་པ་དང་དོན་དམ་སྟེ། །བདེན་པ་གཉིས་ལས་གསུམ་པ་མ་མཆིས་སོ། །སེམས་ཅན་གྱི་ཁམས་ལ་རང་རྒྱུད་ལྡན་ཉོན་མོངས་པ་གསུམ་གདུལ་བ་ལ་ལྟོས་ནས། འདུལ་བྱེད་དམ་པའི་ཆོས་འདུལ་བ་དང་། མདོ་སྡེ་དང་། མངོན་པ་སྟེ་ལུང་སྡེ་སྣོད་གསུམ་དང་། མངོན་རྟོགས་བསླབ་པ་གསུམ་མམ། གྲངས་ངེས་རྒྱ་ཆེ་བའི་ངོས་ནས་ཆོས་ཀྱི་སྒོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་མཐའ་དག་སྣང་ལུགས་ཀུན་རྫོབ་དང་། གནས་ལུགས་དོན་དམ་པའི་བདེན་པ་གཉིས་ལ་མ་བསྟེན་པ་མེད་པས་གསུམ་པ་ལ་དགག་སྒྲ་ཞུགས་པའོ། །དེ་སྐད་དུ་ཡབ་སྲས་མཇལ་བའི་མདོ་ལས། འཇིག་རྟེན་མཁས་པའི་བདེན་པ་འདི་གཉིས་ཏེ། ཁྱོད་ཀྱིས་གཞན་ལས་མ་གསན་རང་གིས་གཟིགས། །དེ་ནི་ཀུན་རྫོབ་བདེ་


JL00_Page_0829
[མ་དཔེ་གཟིགས་ན་འདིར་གནོན།]

དང་དོན་དམ་སྟེ། །བདེན་པ་གསུམ་པ་གང་ཡང་མ་མཆིས་སོ། །ཞེས་སོ། ཀུན་རྫོབ་པ་ལ་སྣང་ལུགས་རྣམ་པ་གཉིས། །འཁྲུལ་ཤེས་ངོ་།།།སྣང་བ་ཇི་སྙེད་ཀྱི། །སྣང་ཚོད་ཉིད་དང་མཐུན་པར་དོན་བྱེད་རྣམས། །ཡང་དག་ཀུན་རྫོབ་ཉིད་དེ་སྣང་ནའང་། །དོན་མི་བྱེད་ལ་ལོག་པའི་ཀུན་རྫོབ་གྲགས། དེ་ལ་སེམས་ཅན་གྱི་དུས་རྣམ་པར་ཤེས་པ་ཚོགས་བརྒྱད་ཀྱི་རང་བཞིན་འདུས་བྱས་ཀུན་རྫོབ་པས་བསྐྱེད་པའི་འཁྲུལ་སྣང་དང་། འཁྲུལ་འཛིན་དང་། འཁྲུལ་ཤེས་ལ་ཤར་བ་ཐ་དད་པ་རྣམས་ཏེ། བསླུ་ཞིང་བརྫུན་པ་དང་། མི་བདེན་ཞིང་འགྱུར་བ་དང་། འཁྲུལ་བ་དང་སྡུག་བསྔལ་བའི་རྣམ་པར་འཆར་ཞིང་། བློ་ཡུལ་དང་འདུ་ཤེས་ཀྱི་ཆ་ནས་བཏགས་པས་དོན་དང་ཤིན་ཏུ་འགལ་བ་ཅན་ཡིན་ལ། དེ་ལྟ་ནའང་དུས་དེའི་སྣང་བ་དང་། ཤེས་པའི་ཆ་གཉིས་ཀ་ལ་རེ་ཞིག་བདེན་བརྫུན་གཉིས་སུ་གདགས་སུ་རུང་བ་ལ་བལྟོས་ནས་ཡང་དག་ཀུན་རྫོབ་དང་ལོག་པའི་ཀུན་རྫོབ་ཅེས་བྱ་སྟེ། འདི་ལྟར་སྣང་ཚོད་དང་མཐུན་པར་དོན་བྱེད་ནུས་པ། རྒྱུ་ལས་སྐྱེས་པ། མཐུན་སྣང་གྲུབ་པ་སྟེ། ཕྱི་རོལ་ཏུ་འབྱུང་བ་བཞི། ནང་དུ་རང་གི་ཤེས་པ་དང་བཅས་པས་བསྡུས་པ་ནི་ཡང་དག་པའི་ཀུན་རྫོབ་དང་། སྣང་ཡང་དོན་བྱེད་མི་ནུས་བརྫིང་བུར་ཟླ་བ་ཤར་བའམ། རི་མོ་མཁན་གྱི་ཤིང་རྟ་ལྟ་བུ་ནི་ལོག་པའི་ཀུན་རྫོབ་ཏུ་འདོད་དོ། །བདེན་གཉིས་ལས། སྣང་དུ་འདྲ་ཡང་དོན་བྱེད་དག །ནུས་པའི་ཕྱིར་དང་མི་ནུས་ཕྱིར། །ཡང་དག་ཡང་དག་མ་ཡིན་པའི། །ཀུན་རྫོབ་ཀྱི་ནི་དབྱེ་བའང་བྱས། །ཞེས་སོ། །འདི་གཉིས་ཀའང་ཚིག་ཏུ་སྨྲ་ན་གཉིས་སུ་སྣང་ཡང་། གཤིས་ནས་གཞལ་ན་ཐ་དད་པར་མི་མངོན་ཏེ། བག་ཆགས་དང་འཁྲུལ་ངོ་ལ་སྐྱེས་པར་མཉམ། དབང་པོའི་ཡུལ་སོ་སེ་ལ་སྣང་བར་མཉམ། །རེ་ཞིག་འཁྲུལ་ངོ་ཙམ་དུ་སྣང་བའི་དོན་བྱེད་


JL00_Page_0830
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་མིག་ཤེས་ཀྱི་བལྟ་ཡུལ་དུ་ཡོད་ན་ཡོད་མཉམ། མེད་ན་མེད་མཉམ་དུ་གཅིག་པས་རང་བཞིན་གྱིས་མ་གྲུབ་པའོ། ཁྱད་པར་དབྱེ་བའི་གཞི་ཡུལ་ཆོས་དབྱིངས་ཙམ་ལ་ལྟོས་ན་འཕགས་པའི་ཡེ་ཤེས་ཐོབ་པའི་ཚེ། བློ་ལ་བདེན་ཞེན་དང་བཅས་པའི་སེམས་རྟོག་དང་སྣང་བ་ཐམས་ཅད་ལོག་པའི་ཀུན་རྫོབ་བདེན་ཞེན་མེད་པའི་འཆར་སྒོ་དང་སྣང་བ་ཐམས་ཅད་ཡང་དག་པའི་ཀུན་རྫོབ་དང་། འཁྲུལ་གཞི་དང་འཁྲུལ་བའི་བློ་རྟོག་དབྱིངས་སུ་གྲོལ་ནས་རང་བཞིན་མེད་པའི་གནས་ལུགས་རྟོགས་པའི་ཕྱིར་ཏེ་ལྗོན་པས་ཞུས་པར། མེ་ལོང་དཀྱིལ་འཁོར་ཡོངས་དག་ལ། །བཞིན་གྱི་ཟླ་བ་སྣང་བ་ལྟར། །ཇི་ལྟར་རང་བཞིན་མ་གྲུབ་པར། །ལྗོན་པས་ཆོས་རྣམས་ཤེས་པར་གྱིས། །ཞེས་སོ། །དོན་དམ་བདེན་པ་གཤིས་ཀྱི་བཞུགས་ཚུལ་ཏེ། །འཁོར་བ་དང་ནི་མྱ་ངན་འདས་པའི་ཆོས། ངོ་བོ་གཉིས་མེད་གདེང་ནས་བསམ་བརྗོད་འདས། །རྟོག་དང་མ་རྟོགས་བློ་ཡིས་མ་བཞག་གོ །དེ་ལ་དོན་དམ་པའི་བདེན་པ་ནི། གཤིས་ཀྱི་གནས་ལུགས་རང་བཞིན་གྱིས་ཞི་བ། སྤྲོས་པ་མེད་པ། གཅིག་དང་ཐ་དད་པ་ལས་འདས་ཤིང་། འཁོར་བ་དང་ཆོས་སོ་ཅོག་གདོད་ནས་ངོ་བོ་ཉིད་མེད་པས་སོ་སོ་སྐྱེ་བའི་རྟོགས་མ་རྟོགས་ཀྱི་བློས་མི་བཞག་པ་སྟེ། རྩ་བ་ཤེས་རབ་ལས། གཞན་ལས་ཤེས་མིན་ཞི་བ་ལ། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མེད། །དེ་ནི་དེ་ཡི་མཚན་ཉིད་དོ། །ཞེས་སོ། །གལ་ཏེ་བློས་མ་བཞག་ན་བདེན་པ་གཉིས་སུ་དབྱེ་བའང་མི་རུང་སྟེ་རྒྱུ་མེད་པའི་འབྲས་བུའོ་སྙམ་དུ་དོགས་ན་སློབ་དཔོན་འཕགས་པའི་བསྒོམ་རིམ་ལས། སྙིང་པོ་མེད་པའི་ཆོས་འདི་ནི། །རྟོག་པ་ལས་ནི་མ་ལུས་འབྱུང་། །གང་རྟོག་དེ་ཡང་སྟོང་པ་ཉིད། །དེ་ལྟར་སྟོང་ཉིད་གྲོལ་བ་ཡིན། །ཇི་ལྟར་མཚོ་ཆེན་སྟོངས་པ་ལ། །རླབས་ནི་འབྱུང་བ་ཡོད་མ་ཡིན། །དེ་བཞིན་སྣ་ཚོགས་རྣམ་ཤེས་ནི། །


JL00_Page_0831
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་མེད་ལ་འཇུག་པ་མེད། །ཅེས་པས་གཞལ་བྱའི་ཆོས་རྣམས་གཞལ་བྱེད་ཀྱི་ངོ་བོ་དང་པོར་རྟོག་པ་ལས་བྱུང་ཀྱང་། གང་རྟོག་དེའི་རང་བཞིན་སྟོང་པར་རྟོགས་པའི་ཚེ་གྲོལ་བ་ཞེས་བྱ་བའི་ཐ་སྙད་གྲུབ་པ་ཡིན་ཏེ། རླབས་ཀྱི་འབྱུང་གནས་མེད་པའི་ཚེ་རླབས་ཞེས་བྱ་བའི་མིང་དུ་འབྱུང་བ་ཡང་མ་གྲུབ་བོ། །དེ་སྐད་དུ་སྔ་མ་ལས། གང་ཚེ་དེ་ཉིད་དོན་མཐོང་བ། །དེ་ཚེ་རྣལ་འབྱོར་མཉམ་གཞག་པས། །མི་རྟོག་བརྗོད་པ་ཡོད་མ་ཡིན། །རང་གིས་མཐོང་བ་ཐེ་ཚོམ་མེད། །ནམ་མཁའི་ཆོས་ནི་འབའ་ཞིག་བཞིན། །གང་ལ་རྣམ་རིག་ཅུང་ཟད་མེད། །དེ་བཞིན་ཆོས་འདི་རྣམ་ཤེས་པ། །ཅུང་ཟད་ཤེས་པ་ཡོད་མ་ཡིན།་ །འབྱུང་བ་དང་ནི་གནས་པ་ཉིད། །བྱིས་པ་རྨོངས་པ་རྣམས་ལ་སྣང་། །ཤེས་རབ་རིག་པས་བལྟ་བ་ལ། །སྐྱེ་བ་དང་ནི་གནས་པ་མེད། །ཅེས་སོགས་རྒྱ་ཆེར་གསུངས་སོ། །དེ་བས་ན་གཤིས་ལ་དམ་བཅའ་བ་དང་། ཁས་བླང་བའི་ཡུལ། ལེན་པ་པོ་དང་། ལེན་བྱེད་ཀྱི་ངོས་བཟུང་གང་ཡང་མེད་པ་དེ་རྣམ་པར་རིག་པ་ཅན་གྱི་བློས་དཔགས་ཤིང་སྐྱེ་འགག་མེད་པར་སྒྲོ་བཏགས་པ་ཙམ་གྱིས་ནི་རྟག་ཆད་ཀྱི་འཕྲང་ལས་ཐར་བ་མེད་པས་བརྡར་བཏགས་རྣམ་གྲངས་པའི་དོན་དམ་དང་། སྐྱེ་བ་དང་དེ་ཉིད་འགག་པ་ལ་སོགས་སྤྲོས་པའི་མཐའ་ཐམས་ཅད་ནང་དུ་བྱེད་པའི་སྐྱེས་བུ་དང་བྲལ་བར་གཤིས་ཐོག་ཏུ་གྲོལ་བ་ནི་རྣམ་གྲངས་མ་ཡིན་པའི་དོན་དམ་སྟེ། བདེན་གཉིས་ལས། སྐྱེ་ལ་སོགས་པ་བཀག་པ་ཡང་། །ཡང་དག་པ་དང་མཐུན་ཉིད་བཞེད། །སྐྱེ་མེད་སྤྲོས་ཀུན་ཞི་བ་ལ། །དོན་དམ་ཞེས་པའི་བརྡའ་མཛད་དོ། །ཞེས་སོ། །དེ་ལྟར་བདེན་པ་གཉིས་ཀྱང་སེམས་ཅན་གྱི་དོན་དུ་ཐབས་ལ་མཁས་པས་གསུངས་ཀྱི། །དངོས་པོའི་ཆ་ནས་མ་ཧེའི་རྭ་ལྟར་ཐ་དད་པ་མེད་


JL00_Page_0832
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚུལ། བདེན་གཉིས་འདྲེས་པའི་སྣང་སྟོང་ཟུང་འཇུག་ནི། །རྫིང་བུར་ཞུགས་པའི་ཟླ་བའི་སྐྱེ་མཆེད་བཞིན། །སྣང་བའི་ཆ་ནས་ཀུན་རྫོབ་བདེན་པ་དང་། །རང་བཞིན་མ་གྲུབ་དོན་དམ་བདེན་པའོ། །ཀུན་རྫོབ་ཀྱི་གནས་ལུགས་རྫིང་བུའི་ནང་དུ་ཟླ་བའི་སྐྱེ་མཆེད་ཞུགས་པ་ལྟར་མཐོང་དུས་ཀྱི་སྣང་བའི་ཆ་ནས་ཀུན་རྫོབ་ཏུ་གྲུབ་ཀྱང་། ཟླ་བར་བདེན་པ་མ་ཡིན་པའི་ཆ་ནས་དོན་དམ་དུ་མཉམ་ལ། དེ་གཉིས་ཟླ་བའི་གཟུགས་དང་རྫིང་བུར་འདྲེས་པ་མེད་བཞིན་དུ་སྣང་བར་ངོ་བོ་གཅིག་པའི་བདེན་གཉིས་ཟུང་འཇུག་རང་བཞིན་མེད་པ་ཉིད་དུ་ཉམས་སུ་མྱོང་བ་ནི་བདེན་གཉིས་རྟོགས་པ་ཞེས་བྱ་ས། དེའང་རང་གི་བློ་ངོའི་ཤེས་པ་འཇིག་རྟེན་ལས་འདས་པའི་ཆ་ནས་དོན་དམ་པའི་བདེན་པ་དང་། འཇིག་རྟེན་དུ་གནས་པའི་ཆ་ནས་ཀུན་རྫོབ་ཀྱི་བདེན་པ་ཡིན་པའི་ཚུལ། མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། འཇམ་དཔལ་གཞོན་ནུར་གྱུར་བས་འདི་སྐད་ཅེས་གསེལ་ཏོ། །བཅོམ་ལྡན་འདས་ཀུན་རྫོབ་ཀྱི་བདེན་པ་དང་། དོན་དམ་པའི་བདེན་པ་ཞེས་བགྱི་བའི་དོན་ཇི་ལྟ་བུ་ལགས། དོན་དམ་པའི་བདེན་པ་ལ་ཀུན་རྫོབ་ཀྱི་བདེན་པ་མ་མཆིས་སམ། ཀུན་རྫོབ་ཀྱི་བདེན་པ་ལ་དོན་དམ་པའི་བདེན་པ་མཆིས་སམ། ཅི་སྟེ་མཆིས་ན་བདེན་པ་གཅིག་ཏུ་བས་སོ། །ཅི་སྟེ་མཆིས་ན་དེ་བཞིན་གཤེགས་པས་གསུངས་པ་རྫུན་དུ་མི་འགྱུར་རམ། བཀའ་བསྩལ་པ། རིགས་ཀྱི་བུ་ཀུན་རྫོབ་ཀྱི་བདེན་པ་ཉིད་དོན་དམ་པའི་བདེན་པའོ། །བཅོམ་ལྡན་འདས་དེ་ལྟར་ན་བདེན་པ་གཉིས་སུ་མཆིས་སོ། །བཀའ་བསྩལ་པ། རིགས་ཀྱི་བུ་ཐབས་ལ་མཁས་པས་སེམས་ཅན་གྱི་དོན་དུ་བདེན་པ་གཉིས་གསུངས་སོ། །རིགས་ཀྱི་བུ་ཚིག་ཏུ་སྨྲ་བ་ལྟར་ན་རྣམ་པ་གཉིས་ཏེ། འཇིག་རྟེན་གྱི་ཆོས་དང་འཇིག་རྟེན་ལས་འདས་པའི་ཆོས་སོ། །རིགས་ཀྱི་བུ་འཇིག་རྟེན་ལས་འདས་པའི་གང་ཟག་གི་ཤེས་པ་དེ་ནི་དོན་དམ་པའི་བདེན་པའོ། །གང་


JL00_Page_0833
[མ་དཔེ་གཟིགས་ན་འདིར་གནོན།]

ཟག་གི་ཤེས་པ་དེ་ནི་ཀུན་རྫོབ་ཀྱི་བདེན་པའོ། །ཞེས་སོ། །དེ་ལ་གང་ཟག་གི་ཤེས་པ་ཞེས་བྱ་བ་ནི་དཀོན་མཆོག་འབྱུང་གནས་ལས། བར་སྣང་བྱ་རྗེས་ཇི་བཞིན་དུ། །འགྲོ་བ་དེ་ཡང་ཡེ་ནས་མེད། །སྦལ་བའི་སྤུ་ལ་བལྟ་བ་ལྟར། །དེ་བཞིན་ཞི་བའི་ཆོས་ཉིད་བལྟ། །བཞིན་གྱི་གཟུགས་བརྙན་མེ་ལོང་ལ། །རང་བཞིན་སྟོང་པར་མཁས་པས་བཤད། །ཅེས་སོ། །དེ་ལྟ་ནའང་རེ་ཞིག་ཡུལ་ལྔའི་ཤེས་པ་ཚོན་རིས་མ་འདྲེས་ལྟས། །གཟུགས་སོགས་འདོད་པའི་ལོངས་སྤྱོད་ཆ་བཟུང་བ། །དེ་ལ་དེར་འཛིན་དགག་བསྒྲུབ་བློ་རྟོག་གི །འཁྲུལ་སྣང་སྒྱུ་མའི་དཔེ་བརྒྱད་ཉིད་དུ་བརྟག །འདི་ལྟར་མོས་པས་སྤྱོད་པའི་ལམ་ལ་སྣང་བའི་ཆོས་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་སྟེ་འདོད་པའི་ཡུལ་ལྔ་ལ་ཡུལ་ཅན་གྱི་སེམས་ཞུགས་ནས་དགག་བསྒྲུབ་ཀྱི་བློ་རྟོག་ཏུ་ཤར་བའི་འཁྲུལ་སྣང་ཐམས་ཅད་སྒྱུ་མའི་དཔེ་བརྒྱད་ཀྱིས་སྣང་ལ་རང་བཞིན་མེད་པར་བརྟག་ཅིང་། དེ་ལྟར་གོམས་ཤིང་རྟོགས་པ་རྣམས་ནི་སྲིད་པའི་གྲོང་ཁྱེར་ལས་ཐར་བས་ཐར་བའི་ལམ་སྣ་ཟིན་པ་ཞེས་བྱ་སྟེ། དེ་ཙམ་གྱིས་ཆོག་པར་མི་འཛིན་པར་བྱང་ཆུབ་སེམས་དཔའི་ལམ་ལ་ཆེ་ཐད་དུ་བགྱིད་པའི་ཚུལ་གསང་ཆེན་ཐབས་ལ་མཁས་པ་ལས། ཉན་ཐོས་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་འཇུག་ཅིང་ལྡང་མོད་ཀྱི། ཉན་ཐོས་ནི་བདག་ཉིད་མྱ་ངན་ལས་འདས་པ་ཁོ་ནར་ཤེས་པར་བྱེད་ཀྱི། བྱང་ཆུབ་སེམས་དཔའ་ནི་བསྡུ་བའི་དངོས་པོ་བཞིས་སེམས་ཅན་བསྡུ་བའི་བརྩོན་འགྲུས་རྒྱུན་མི་གཅོད་ཅིང་ཕ་རོལ་ཕྱིན་དྲུག་གིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་ལ། སེམས་ཅན་རྣམས་ལ་ཡང་སྙིང་རྗེ་ཆེན་པོ་བསྐྱེད་པར་བྱེད་དེ། དེ་ཡང་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པ་ཡིན་ནོ། །ཞེས་སོགས་རྒྱ་ཆེར་འབྱུང་ངོ་། །དེ་ལྟར་བདེན་པ་གཉིས་


JL00_Page_0834
[མ་དཔེ་གཟིགས་ན་འདིར་གནོན།]

སུ་དབྱེ་བའང་མཉམ་གཞག་གི་དུས་ན། མཐར་ཐུག་བློ་ཡིས་རྣམ་ཐར་དཔྱད་བཟོད་ན། །དོན་དམ་མ་ཡིན་བློ་ནི་ཀུན་རྫོབ་ཕྱིར། །གཅིག་དང་དུ་མར་འགལ་བའི་མཚན་ཉིད་རྣམས། །བློ་ཡི་ཡུལ་ན་ནམ་ཡང་གནས་མ་མྱོང། །དེ་ལྟར་དོན་དམ་བདེན་པའི་གཤིས་བློ་སྣང་གཟུང་འཛིན་དང་བྲལ་བ། དེའི་ངོར་སྤྲོས་པར་སྣང་བ་ནི་ཀུན་རྫོབ་ཕྱིར་གཅིག་དང་ཐ་དང་གང་དུའང་གྲུབ་པ་མེད་པས་བདེན་པ་གཉིས་ཞེས་ཚིག་བླ་དགས་སུ་བྱས་པ་ཙམ་ལས་གཞི་གཅིག་གི་སྟེང་ནས་ཕྱོགས་སུ་མ་ལྷུང་བས་བློས་དཔྱད་དུ་མེད་པ་ཉིད་དོ། །གལ་ཏེ་བློས་དཔྱད་དུ་བཟོད་པ་དོན་དམ་པའི་བདེན་པ་ཡིན་ན་རི་བོང་གི་རྭ་ལ་ཡང་དབྱིབས་དང་ཁ་དོག་ཡོད་པར་གྲུབ་སྟེ། འདི་ལྟར་བློས་དཔྱད་བཟོད་དེ་ནི་བློས་བརྟགས་པ་ཁོ་ན་ཡིན་པས་རྣམ་པར་ཤེས་པའི་ཚོགས་བརྒྱད་དང་བཅས་པའི་འདུས་བྱས་ཀུན་རྫོབ་པ་ལས་ནམ་ཡང་འདའ་བ་མེད་པས་དོན་དམ་པ་དང་ཤིན་ཏུ་འགལ་བའི་ཚུལ་སྤྱོད་འཇུག་ལས། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཡིན་པར་འདོད། །ཅེས་དང་། འགྲེལ་བ་རྒྱ་གཞུང་ལས། དོན་དམ་དང་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་དོན་དམ་ཞེས་བྱ་བའི་སྒྲ་ནི་ཐམས་ཅད་པའི་མིང་ཡིན་ཡང་ཤིན་ཏུ་ལྐོག་ཏུ་གྱུར་བ་དངོས་པོ་ཐམས་ཅད་དབྱེར་མི་ཕྱེད་པའི་རང་བཞིན་ལ་བྱ་བར་བཤེད་ལ། དེ་ཉིད་ནི་ཞི་དོན་དམ་པ་སྟེ། དེ་ཁོ་ན་ཉིད་ཡིན་གྱིས་ལྟོས་པ་ཙམ་གྱི་དེ་ཁོ་ན་ཉིད་ནི་བཏགས་པ་ཙམ་དུ་ཟད་པ་ཡིན་ཏེ། རྟོག་པའི་ཡུལ་ཡིན་པའི་ཕྱིར་རོ། །དེ་གཞན་ཡང་རྣམ་པ་དང་བཅས་པ་དང་། རྣམ་པ་མེད་པའི་མངོན་སུམ་ལ་སོགས་པའི་བློ་ནི་ཀུན་རྫོབ་ཅེས་བྱ་སྟེ། འདིས་དོན་དམ་པ་མཐོང་བ་ལ་སྒྲིབ་པའི་ཕྱིར་རོ། །ཞེས་པས་ཤིན་ཏུ་གསལ་ལོ། །གཞན་ཡང་བློ་ཡུལ་གྱི་རྣམ་པ་དང་། དེའི་སྤྲོས་པ་རྣམས་ཀྱི་འོར་ནི་ཆོས་ཐམས་ཅད་ཡང་ན་ནི་གཅིག་ཏུ་འདུལ།


JL00_Page_0835
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ན་ནི་དུ་མ་དང་བཅས་པ་ཉིད་དུ་གནས་ཀྱང་། དོན་དམ་པ་ནི་དེ་དང་ཤིན་ཏུ་རྫས་འགལ་བས་བློ་དང་ལྷན་ཅིག་ཏུ་འདུ་བའི་སྲིད་པའི་ཕྱིར་རོ། །དེ་ལྟ་ནའང་དགོངས་པ་ངེས་འགྲེལ་ལས། འདུ་བྱེད་ཁམས་དང་དོན་དམ་མཚན་ཉིད་ནི། །གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་དེ། གཅིག་དང་ཐ་དད་ཉིད་དུ་གང་རྟོག་པ། །དེ་དག་ཚུལ་བཞིན་མ་ཡིན་ཞུགས་པ་ཡིན། །ཞེས་པ་ནི་འཇིག་རྟེན་གྲགས་སྡེ་སྤྱོད་པ་ལྟར་གྲུབ་མཐའ་ཁས་བླངས་པའི་འདོད་པ་སྟེ། ཀུན་རྫོབ་དང་དོན་དམ་སྣང་ན་སྣང་མཉམ་དང་། མེད་ན་མེད་མཉམ་དུ་ངོ་བོ་གཅིག་ཅེས་བརྗོད་པར་ཟད་དོ། །རེ་ཞིག་གྲུབ་པའི་མཐའ་ཡི་རྣམ་གཞག་ན། །ཤེས་པའི་དོན་དམ་བློ་ཡིས་དཔྱད་པ་དང་། །དངོས་པོའི་དོན་དམ་མཐོ་བས་བཅོམ་པ་ཡི། །རྡུལ་ཕྲན་ཆ་མེད་ཉན་ཐོས་སྡེ་བའི་ལུགས། །དེ་ལ་ནང་གསེས་སུ་ཕྱེ་བས་བྱེ་བྲག་ཏུ་སྨྲ་བ་དང་མདོ་སྡེ་པ་གཉིས་ལས། དང་པོ་ནི། རང་རིག་ཐ་སྙད་དུའང་ཁས་མི་ལེན་པའི་ཐེག་དམན་གྱི་གྲུབ་མཐའ་སྨྲ་བའི་གང་ཟག་དེ་ནི་བྱེ་བྲག་ཏུ་སྨྲ་བའི་མཚན་ཉིད་དེ། དེ་ལ་གཞི་ལམ་འབྲས་བུ་ལས། གཞིའི་ཆོས་ཤེས་པའི་དོན་དམ་ལ་བློ་ངོའི་དཔྱད་པ་ཞུགས་པ་དང་། དངོས་པོའི་དོན་དམ་ཐོ་བས་བཅོམ་པ་ལ་སོགས་པས་གནོད་པར་མི་ནུས་ཏེ། ཤེས་པའི་རྒྱུན་དང་། དངོས་པོའི་རགས་པ་ནི་ཀུན་རྫོབ་ཤེས་པའི་སྐད་ཅིག་མ་དང་། དངོས་པོའི་རྡུལ་ཕྲན་ཆ་མེད་པ་དོན་དམ་དུ་འདོད་པའི་ཚུལ། དབྱིག་གཉེན་གྱིས། གང་ལ་བཅོམ་དང་བློ་ཡིས་གཞིག །བསལ་ན་དེ་བློ་མི་འཇུག་པ། །བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། །ཡོད་དེ་དོན་དམ་ཡོད་གཞན་ནོ། །ཞེས་ཉན་ཐོས་བྱེ་བྲག་ཏུ་སྨྲ་བའི་ལུགས་ལ་གཉེན་པོས་བཅོམ་པའམ། བློས་གཞིག་པ་གང་རུང་གི་ཆ་ནས་དེར་འཛིན་གྱི་བློ་འདོར་དུ་རུང་བའི་ཆོས་ཐམས་ཅད་ཀུན་རྫོབ་བདེན་པ་སྟེ། འདི་ལྟར་དངོས་པོའི་རྣམ་པ་


JL00_Page_0836
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཡང་རུང་བ་ཞིག་རྣམ་པ་མ་ཉམས་པར་ཡོད་དུས་དེ་དང་དེའོ་སྙམ་པའི་བློ་སྐྱེ་ཡང། དེ་ཐོ་བ་དང་གཏུན་བུ་ལ་སོགས་པས་བཅོམ་པ་ན་དཔྱད་པའི་རྣམ་པ་དེ་མེད་པས་དེར་འཛིན་གྱི་བློ་རགས་པའང་འགགས་པར་འགྱུར་བ་ལ་དམིགས་པའོ། །དོན་དམ་བདེན་པ་ནི་རྡུལ་ཕྲ་རབ་གཉེན་པོས་བཅོམ་པ་དང་རིག་པས་གཞིག་སྟེ་བསལ་ཡང་རང་འཛིན་གྱི་བློ་འདོར་དུ་མི་རུང་བའི་ཆོས་རྣམས་ནི་དོན་དམ་པའི་དངོས་པོར་འདོད་དེ། མཚན་གཞི་རྡུལ་ཕྲན་ཆ་མེད་དང་། །ཤེས་པ་སྐད་ཅིག་ཆ་མེད་དང་། །འདུས་མ་བྱས་ཀྱི་ཆོས་རྣམས་སོ། །དེའང་ཀུན་རྫོབ་བདེན་པ་དང་བཏགས་ཡོད་དོན་གཅིག་ལ། དོན་དམ་བདེན་པ་དང་རྫས་ཡོད་དོན་གཅིག་པར་འདོད་དོ། །སྤྱིར་གྲུབ་པའི་མཐའ་འདིས་ནི་ཕྱི་རོལ་བ་རྣམས་འདོད་པའི་གང་ཟག་གི་བདག་ལེགས་པར་བཀག་ནས་བདག་མེད་དུ་ཁས་བླངས་ཞིང་། དེའི་ལྟ་བ་གོ་བ་ལས་མདོ་སྡེ་པའི་ལྟ་བ་ལེགས་པར་གོ་བའི་ལམ་སྟེགས་ཙམ་ལས་གཞན་དུ་ནམ་མཁའ་རྟག་དངོས་གཉིས་ཡིན་པ། ལྷན་ཅིག་འབྱུང་བའི་རྒྱུ་འབྲས་དང་། མཚུངས་པ་ལྔ་ལྡན་གྱི་རྒྱུ་འབྲས་སོགས་ཁས་ལེན་ཞིང་། དུས་གསུམ་ཡང་རྫས་གྲུབ་དང་དངོས་པོར་འདོད་པས་ནམ་ཡང་མེད་པར་མི་འགྱུར་བ་སོགས་ཤིན་ཏུ་རགས་པ་ཡིན་ལ། ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་རྣམས་ལ་མདོ་སྡེ་བ་དང་མཐུན་པར་ལས་ཀྱི་འབྲེལ་བའི་རྟེན་དུ་ལས་ཀྱི་རྒྱུན་ཁས་ལེན་པའི་ཁྱད་པར་ཡོད་དོ། །ལམ་གྱི་རྣམ་གཞག་ནི་བདེན་བཞིའི་རྣམ་པ་མི་རྟག་པ་སོགས་བཅུ་དྲུག་པོ་ལ་དམིགས་ནས་ལམ་ལྔའི་རྣམ་གཞག་ཙམ་བྱེད་ཀྱང་། ས་བཅུ་ལ་སོགས་རྣམ་གཞག་མི་འདོད་ལ། ལམ་དེ་དག་གི་སྤང་བྱ་ཉོན་མོངས་ཅན་དང་། དེ་ལས་ལྡོག་པའི་མི་ཤེས་པ་གཉིས་ལས། སྔ་མ་སྤངས་པ་ལས་དམན་པའི་དགྲ་བཅོམ་པའི་གོ་འཕང་དང་། ཕྱི་མ་ཉོན་མོངས་པ་ཅན་མ་ཡིན་པའི་ཤེས་པ་སྤངས་


JL00_Page_0837
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འདོད་ཅིང་། བཅུ་དྲུག་པ་ལམ་རྗེས་ཤེས་བསྒོམ་ལམ་དང་མཐོང་ལམ་སྐད་ཅིག་བཅོ་ལྔ་པོ་དག་ཀྱང་རིམ་ཅན་དུ་སྐྱེ་བར་འདོད་པའོ། །དེ་ཡང་འབྲས་བུའི་ཆ་ནས་བརྗོད་ན། བཤད་མ་ཐག་པའི་དམན་པའི་དགྲ་བཅོམ་པ་ལའང་ཉམས་པའི་ཆོས་ཅན་སོགས་འདོད་པས་ཇི་ལྟར་ཐོབ་པའི་སྤངས་རྟོགས་ལས་ཉམས་ནས་རྒྱུན་ཞུགས་སུ་འགྱུར་བའང་སྲིད་པར་ཁས་ལེན་ལ། བསྐལ་པ་གྲངས་མེད་གསུམ་གྱི་ཚོགས་མི་རྟག་པ་བཅུ་དྲུག་གི་ལམ་དང་འབྲེལ་བར་ཉམས་སུ་བླངས་པས་མི་ཤེས་པ་གཉིས་ཀ་སྤངས་ཏེ་སངས་རྒྱས་ཐོབ་པར་འདོད་པ་དེའང་བདག་ཅག་གི་སྟོན་པ་ལ་མཚོན་ན། དང་པོ་ཐུགས་བསྐྱེད་པ་ནས་བཟུང་སྟེ་སྲོད་ལ་བདུད་བཏུལ་བ་ཕན་ཆད་ཐར་བ་ཆ་མཐུན་ཙམ་ལ་གནས་པའི་སོ་སོ་སྐྱེ་བོ་དང་། གང་གི་མཚན་ཐོག་གཅིག་པོ་དེ་ཉིད་ལ་སྦྱོར་ལམ་གྱི་གནས་སྐབས་དྲོད་ལ་སོགས་པ་བཞི། མཐོང་ལམ་གྱི་གནས་སྐབས་སྐད་ཅིག་མ་བཅོ་ལྔ་རྣམས། སྟན་ཐོག་དེ་ཉིད་དུ་རྫོགས་པར་མཛད་ནས་ཐོ་རངས་བསྒོམ་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཉོན་མོངས་ཅན་མ་ཡིན་པའི་མི་ཤེས་པ་དྲུང་ནས་ཕྱུང་སྟེ་སངས་རྒྱས་པར་འདོད་ལ། དེ་ལྟར་སངས་རྒྱས་པ་དེ་ཡང་ཐུགས་རྒྱུད་ཀྱི་ཟད་པ་དང་མི་སྐྱེ་བ་ཤེས་པའི་ཡེ་ཤེས་དེ་ཉིད་ཡིན་གྱི། ཕྱིའི་གཟུགས་ཕུང་དེ་ཉིད་ནི་སྡུག་བསྔལ་བདེན་པ་ཡིན་པས་སངས་རྒྱས་སུ་མི་འདོད་དེ། ལྷས་བྱིན་གྱིས་སྐྱོགས་འཕངས་པའི་ཚེ་ཞབས་བསྣད་པའི་ཚོར་བ་ཉམས་སུ་མྱོང་བ་སོགས་ཚུལ་བསྟན་མ་ཡིན་པར་བཟུང་ནས་དྲང་དོན་ཐད་དྲང་དུ་ཁས་ལེན། འོན་ཀྱང་ཐུགས་རྒྱུད་ལ་དཔགས་ནས་སངས་རྒྱས་པ་ཕྱིན་གྱི་མཛད་པ་རྣམས་སངས་རྒྱས་ཀྱི་མཛད་པ་དང་། སྐུ་ལུས་ལ་དཔགས་ནས་ལྷག་བཅས་དགྲ་བཅོམ་པ་ཞེས་འདོད་ཅིང་།


JL00_Page_0838
[མ་དཔེ་གཟིགས་ན་འདིར་གནོན།]

མྱ་ངན་ལས་འདས་པ་ནས་ལྷག་མེད་ཀྱི་དབྱིངས་སུ་བཞུགས་པ་ཡིན་པས་བེམ་རིག་གི་འཇུག་པ་རྒྱུན་ཆད་ནས་ཞིང་ཁམས་གཞན་དུ་གཟུགས་སྐུའི་རྣམ་འཕྲུལ་སྟོན་པ་སོགས་དང་། ལོངས་སྤྱོད་རྫོགས་སྐུ་ལ་སོགས་པའི་རྣམ་གཞག་ཀྱང་མི་འདོད་ཅིང་ལྷག་བཅས་ལྷག་མེད་གཉིས་ལས་ལོགས་སུ་གྱུར་བའི་མི་གནས་པའི་མྱ་ངན་ལས་འདས་པའང་ཁས་མི་ལེན་ལ། དེ་བཞིན་དུ་སྐྱེས་བུ་ཟུང་བཞི་དང་། གང་ཟག་ཡ་བརྒྱད་ཀྱི་རྣམ་གཞག་ཙམ་འདོད་ཀྱང་། དེ་དག་གང་ཟག་ཡིན་པས་དགེ་འདུན་དཀོན་མཆོག་ཏུ་མི་འདོད་ཅིང་། དེ་དག་གི་རྒྱུད་ཀྱི་སློབ་པ་དང་མི་སློབ་པའི་ཚེ་རྣམས་ལ་དགེ་འདུན་དཀོན་མཆོག་དུ་འདོད་པའོ། །མདོ་སྡེ་པ་ནི། དོན་བྱེད་ནུས་པ་གང་ཡིན་དེ་འདིར་ནི། །དོན་དམ་ཡོད་མིན་གཞན་ནི་ཀུན་རྫོབ་ཡོད། །དེ་ཡང་རང་སྤྱིའི་མཚན་ཉིད་ཀྱིས་བཤད་པ། །མདོ་སྡེ་བའི་ལུགས་ངོ་བོ་རྟོག་གེར་མཐུན། །འདི་ལྟར་བདེན་ཞེན་གྱི་ངོས་ནས་ཕྱི་དོན་དང་རང་རིག་གཉིས་ཀ་ཁས་ལེན་པའི་ཐེག་དམན་གྱི་གྲུབ་མཐའ་བརྗོད་པ་ལ་ཞུགས་པའི་གང་ཟག་དེ་ནི་མདོ་སྡེ་བའི་མཚན་ཉིད་དེ། དབྱེ་བའི་སྒོ་ནས་ལུང་དང་རིགས་པའི་རྗེས་འབང་གི་མདོ་སྡེ་བ་གཉིས་ལས། དང་པོ་ནི་བྱེ་བྲག་སྨྲ་བ་རྣམས་བཀར་འདོད་པའི་མངོན་པ་སྡེ་བདུན་པོ་ཤཱ་རིའི་བུ་ལ་སོགས་པའི་དགྲ་བཅོམ་པ་བདུན་པོའི་བསྟན་བཅོས་སུ་འདོད་ནས་གྲུབ་མཐའ་དེ་ལས་སྨྲ་བ་ཡིན་ལ། ཕྱི་མ་ནི་ཚད་མ་སྡེ་བདུན་ལ་སོགས་ནས་བཤད་ཅིང་མདོ་སྡེ་ལ་བརྟེན་ནས་གྲུབ་མཐའ་སྨྲ་བས་ཆོས་ཀྱི་མིང་གང་ཟག་ལ་ཆགས་པ་སྟེ། ཆོས་རྣམས་དཔེ་དང་འབྲེལ་བར་སྟོན་པས་དཔེ་སྟོན་བཞེས་ཀྱང་གྲགས་སོ། །གཞིའི་ཆོས་ལ་ཀུན་རྫོབ་བདེན་པ་གང་གི་བདེན་པར་འཇོག་པ་ནི་རྟོག་པས་བཏགས་པ་ཙམ་གྱི་བློ་ཀུན་རྫོབ་བ་སྟེ། དེ་ཉིད་ཀྱིས་དོན་རང་མཚན་གྱི་གནས་ལུགས་


JL00_Page_0839
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བ་ལ་སྒྲིབ་པའི་ཕྱིར་རོ། །འདི་ལྟར་རྟོག་པའི་སྣང་ཡུལ་ལ་སྤྱི་མཚན་གྱིས་ཁྱབ་པ་དང་། སྤྱི་མཚན་དང་དངོས་མེད་ཀྱི་ཆོས་དང་བདེན་པ་ཀུན་རྫོབ་པ་རྣམས་ཐ་དད་དུ་མེད་པའི་ཡིན་ཁྱབ་མཉམ་ལ། མངོན་སུམ་པའི་སྣང་ཡུལ་ལ་རང་མཚན་གྱིས་ཁྱབ་ཅིང་། རང་མཚན་དང་། དངོས་པོ་དང་། དོན་དམ་བདེན་པ་རྣམས་ཡིན་ཁྱབ་མཉམ་དུ་འདོད་པའོ། །འདིར་རྣམ་འགྲེལ་ལས། དོན་བྱེད་ནུས་པ་གང་ཡིན་པ། །དེ་འདིར་དོན་དམ་ཡོད་པ་ཡིན། །གཞན་ནི་ཀུན་རྫོབ་ཡོད་པ་སྟེ། །དེ་དག་རང་སྤྱིའི་མཚན་ཉིད་བཤད། །ཅེས་པའི་ཁས་བླངས་ལྟར་འདོད་དེ་ངོ་བོ་རྟོག་གེ་བ་རྣམས་མཐུན་པར་གནས་སོ། །ལམ་གྱི་རྣམ་གཞག་ནི། བདེན་བཞིའི་རྣམ་པ་མི་རྟག་པ་སོགས་བཅུ་དྲུག་པོ་ཉིད་ཀྱང་མིང་གིས་བཏགས་པ་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱི་སྟོང་པར་རྟོགས་པའི་གང་ཟག་གི་བདག་མེད་རྟོགས་པའི་ཤེས་རབ་རྐྱང་བ་ཐབས་སྙིང་རྗེ་ཆེན་པོ་སོགས་དང་མ་འབྲེལ་བར་ཉམས་སུ་ལེན་པ་ནི་ཐེག་དམན་རང་ལ་མ་ཡིན་ལ། ཤེས་རབ་དེ་དང་སེམས་ཅན་ལའང་ཕན་པར་འདོད་པའི་བསམ་པ་ཕུན་སུམ་ཚོགས་པ་ཟུང་དུ་སྒྲེལ་བ་ནི་ཐེག་ཆེན་གྱི་ཉམས་སུ་ལེན་ཚུལ་དང་། དམན་མཆོག་གི་ལམ་བགྲོད་ཚུལ་སྔ་མ་དང་ཕྱོགས་མཚུངས་པ་ལས། ལམ་གྱི་སྤང་བྱ་སྒྲིབ་པ་ལ་ཡང་གང་ཟག་གི་བདག་འཛིན་དང་ཉོན་མོངས་པ་ཅན་གྱི་མི་ཤེས་པ་དང་། ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་སོགས་ཀྱི་ཐ་སྙད་ཙམ་ལས། ཆོས་ཀྱི་བདག་འཛིན་དང་། ཤེས་སྒྲིབ་སོགས་ཀྱི་ཐ་སྙད་ཁས་མི་ལེན་ནོ། །འབྲས་བུའི་ངོ་ནས་བརྗོད་ན་མི་རྟག་པ་སོགས་བཅུ་དྲུག་པོ་རྐྱང་བ་ཙམ་བསྒོམས་པས་ཉོན་མོངས་པ་ཅན་གྱི་མི་ཤེས་པ་ཙམ་སྤངས་ཏེ། དགྲ་བཅོམ་པའི་གོ་འཕང་མངོན་བྱེད་ནི་དམན་པའི་བྱང་ཆུབ་དང་། དེ་བཞིན་དུ་མྱང་འདས་གཉིས་ཀྱིས་མཚོན་པའི་


JL00_Page_0840
[མ་དཔེ་གཟིགས་ན་འདིར་གནོན།]

འགོག་བདེན་རྣམས་ཆོས་དཀོན་མཆོག་དང་། ལམ་བདེན་དགེ་འདུན་དཀོན་མཆོག་ཏུ་འདོད་པའོ། །ཐབས་སྙིང་རྗེ་ཆེན་པོ་ལ་སོགས་ཐེག་ཆེན་གྱི་ལམ་དང་རྗེས་སུ་འབྲེལ་བར་ཉམས་སུ་བླངས་པས་མི་ཤེས་པ་གཉིས་ཀའི་ས་བོན་དྲུང་ནས་བྱུང་སྟེ། སྤངས་པ་ཁྱད་པར་ཅན་གསུམ་ལྡན་དང་། རྟོགས་པ་ཁྱད་པར་གསུམ་ལྡན་གྱིས་རང་དོན་མཐར་ཕྱིན་པའི་བདེ་གཤེགས་གཉིས་ལས་གཞན་དོན་མཐར་ཐུག་སྐྱོབ་པས་གདུལ་བྱ་ལ་བདེན་པ་བཞིའི་ཆོས་འཁོར་བསྐོར་ཏེ་སྨིན་གྲོལ་ལ་འགོད་པ་ནི་བླ་ན་མེད་པའི་བྱང་ཆུབ་ཀྱི་འབྲས་བུར་འདོད་དོ། །དེའང་རིགས་ཀྱི་སྒོ་ནས་དབྱེ་བ་བཞིར་འདོད་དེ་ཇོ་བོས། ཉན་ཐོས་རྣམ་བཞི་སྤྲུལ་པ་དང་། །རྫོགས་པའི་བྱང་ཆུབ་འགྱུར་བ་དང་། །ཞི་བ་གྲོད་གྲུབ་མཐའ་འཛིན་པའོ། །ཞེས་བཤད་པ་ལས། སྤྲུལ་པའི་ཉན་ཐོས་ནི་མཆོག་ཟུང་དང་རབ་འབྱོར་དང་མ་འགགས་པ་ལ་སོགས་སོ། །མྱང་འདས་ལས་ནི་ལྷས་བྱིན་དང་དྲུག་སྡེ་ཡང་དེར་བསྡུས་སོ། །རྫོགས་པའི་བྱང་ཆུབ་ཏུ་འགྱུར་བ་ནི་སྦྱོར་ལམ་བཟོད་པ་ཐོབ་ནས་སངས་རྒྱས་སུ་འགྱུར་བའི་ཚུལ་བཤད་མ་ཐག་པ་མཛོད་རྩ་འབྲེལ་གྱིས་བསྟན་ཏོ། །ཞི་བ་བགྲོད་ན་ནི་རང་ལམ་ནས་ཇི་ལྟར་བཤད་པ་ལྟར་འཇུག་པའོ། །གྲུབ་མཐའ་འཛིན་པ་ནི་བསམ་པ་ཐེག་ཆེན་པས་ཉན་ཐོས་ཀྱི་གྲུབ་མཐའ་འཛིན་པའོ། །དེའང་མདོ་སྡེ་རྒྱན་ལས། ཉན་ཐོས་སོ་སོའི་སྐྱེ་བོ་དང་འཕགས་པ་ཐེག་ཆེན་གྱི་ལམ་ལ་འཇུག་པ་གཉིས་ལས་འཕགས་པ་རྒྱུན་ཞུགས་དང་ཕྱིར་འོང་འདོད་ཁམས་སུ་ལུས་རྟེན་མཚན་ཉིད་པ་བཟུང་ནས་ཐེག་ཆེན་གྱི་སྤྱོད་པ་བསྒྲུབ་ལ་ཕྱིར་མི་འོང་ནི་སྤྲུལ་པའི་ལུས་ཀྱིས་གཞན་དོན་བྱེད་པར་གསུངས་སོ། །ཇི་ལྟར་ཡང་། ལྷག་མེད་ཀྱི་མྱང་འདས་ཞིང་དག་པར་པདྨའི་སྦུབས་སུ་སྐྱེས་པ་ལ་སངས་རྒྱས་ཀྱིས་བསྐུལ་ནས་གཞན་དོན་བྱས་ཏེ། ཚོགས་བསགས་ནས་འཚང་རྒྱ་བ་ནི་སློབ་དཔོན་ཀླུ་སྒྲུབ་ཀྱི་དགོངས་པའོ། །ཐེག་པ་ཆེན་པོ་


JL00_Page_0841
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཙམ་པ་བཤད་པའི་ཕྱིར། །གཟུང་འཛིན་གཉིས་སུ་སྣང་བའི་ཡུལ་ཡུལ་ཅན། །ཀུན་རྫོབ་བདེན་པ་ཉིད་དེ་གང་ལས་གཞན། །གཉིས་མེད་ཤེས་པ་དོན་དམ་བདེན་པ་རུ། །འདོད་པ་སེམས་ཙམ་པ་ཡི་གྲུབ་པའི་མཐའ། །དེ་ལ་ཕྱི་དོན་མེད་ཀྱང་བདེན་གྲུབ་ཁས་ལེན་པའི་ནང་པའི་གྲུབ་མཐའ་སྨྲ་བའི་གང་ཟག་དེ་ལ་སེམས་ཙམ་པའམ། རྣམ་རིག་པ་ཞེས་བྱའོ། །དབྱེ་ན་སོ་སོ་སྐྱེ་བོའི་རྒྱུད་ཀྱི་དབང་པོའི་མངོན་སུམ་ལ་སྣང་བའི་གཟུགས་རགས་པར་སྣང་བ་འདི་དག་སྣང་བ་ལྟར་དུ་གྲུབ་པར་ཁས་ལེན་པ་ནི་རྣམ་བདེན་པ་དང་། མ་་གྲུབ་པར་འདོད་པ་ནི་རྣམ་རྫུན་པའོ། །སེམས་ཙམ་པ་ལའང་ལུང་དང་རིག་པའི་རྗེས་འབྲང་གཉིས་ལ། སློབ་དཔོན་སོ་སོའི་བཞེད་གཞུང་གི་དབྱེ་བསྡུའི་ཁྱད་པར་ཡོད་ཀྱང་། ཏིང་ངེ་འཛིན་གྱི་ཆ་ནས་ཐ་མལ་པ་ལས་གཞན་དུ་གྱུར་ཅིང་ཉམས་ལེན་གཏན་ལ་འབེབས་པས་རྣལ་འབྱོར་སྤྱོད་པ་ཞེས་བྱའོ། །དེ་སྐད་དུ་ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་ལས། ཆ་ཤས་ཅན་ཞེས་བྱ་མེད་ཅིང་། །ཕྲ་རབ་རྡུལ་རྣམས་མེད་པ་དང་། །སོ་སོར་སྣང་ལ་དམིགས་མེད་ལ། །ཉམས་སུ་མྱོང་བ་རྨི་ལམ་འདྲ། །གཟུང་དང་འཛིན་པ་ལས་གྲོལ་བའི། །རྣམ་ཤེས་དམ་པའི་དོན་དུ་ཡོད། །བློ་མཚོའི་ཕ་རོལ་ཕྱིན་པ་ཡི། །རྣལ་འབྱོར་སྤྱོད་པའི་གཞུང་ལུགས་བསྒྲགས། །ཞེས་སོ། །དེ་ལ་གཞིའི་རྣམ་གཞག་ཡུལ་དང་ཡུལ་ཅན་གཉིས་སུ་འདོད་པ་ལས། དང་པོ་ལ་ཤེས་བྱ་ཐམས་ཅད་ཀུན་བརྟགས། གཞན་དབང་ཡོངས་གྲུབ་གསུམ་ལས་བདེན་པ་ཀུན་རྫོབ་པའི་ཆོས་ཐམས་ཅད་ནི་ཀུན་བརྟགས་དང་། གཞན་དབང་དུ་འདུས་ལ། དོན་དམ་པའི་བདེན་པ་ཡོངས་གྲུབ་ཏུ་འདུ་བས་ཆོས་ཀྱི་བདག་མེད་ནི་ཡོངས་གྲུབ་མཚན་ཉིད་པ་དང་། གང་ཟག་གི་བདག་མེད་ཀུན་བརྟགས་སུ་འདོད་པ་སྟེ། མདོར་བསྡུ་ན་གཟུང་འཛིན་གཉིས་སྣང་གི་ཡུལ་དང་ཡུལ་ཅན་ནི་ཀུན་རྫོབ་བདེན་པ། གཉིས་མེད་ཀྱི་ཤེས་པ་ནི་


JL00_Page_0842
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དམ་པའི་བདེན་པར་འདོད་པའོ། །གཉིས་པ་ལ་རྣམ་ཤེས་ཚོགས་བརྒྱད་ཁས་ལེན་པ་དག་ནི་ཀུན་གཞིའི་རྣམ་ཤེས་སྒོ་ལྔའི་ཡིད་དང་བཅས་པར་མ་འགྱུས་པའི་ཤེས་པའི་ངོ་བོ་མ་བསྒྲིབས་ལུང་མ་བསྟན་དུ་གྱུར་བའི་གཙོ་བོ་ཡིད་ཀྱི་རྣམ་པར་རིག་པ་ཅན་ནོ། །དེ་དགྲ་བཅོམ་པའི་རྒྱུད་ལའང་ཡོད་པས་བསྒྲིབས་ལུང་མ་བསྟན་མ་ཡིན། དགེ་རྩ་ཆད་པའི་རྒྱུད་ལའང་ཡོད་པས་དགེ་བ་མ་ཡིན། ཁམས་གོང་མའི་རྒྱུད་ལ་ཡོད་པས་མི་དགེ་བའང་མ་ཡིན། ཉོན་ཡིད་ནི་དམིགས་པའི་ཆ་ནས་ཀུན་གཞི་དང་། རྣམ་པའི་ཆ་ནས་རང་སེམས་པའི་ངོ་བོ་བསྒྲིབས་ལུང་དུ་མ་བསྟན་པའོ། །འཇུག་ཤེས་དྲུག་པོ་སྤྱི་དང་མཐུན་ཀྱང་ཚུར་མཐོང་གི་རྒྱུད་ཀྱི་རང་རིག་དང་རྣལ་འབྱོར་མངོན་སུམ་གཉིས་ལས་གཞན་པ་འཁྲུལ་བའི་ཆ་ཅན་དུ་འདོད་པའོ། །འོན་ཀྱང་མངོན་སུམ་ནི་རྟོག་བྲལ་གྱི་ཁྱབ་པ་ཅན་ཡིན་ནོ། །ལམ་ལ་ཐེག་པ་དམན་མཆོག་གཉིས་ལས། དམན་ལམ་ལ་བདེན་བཞིའི་རྣམ་པ་མི་རྟག་སོགས་བཅུ་དྲུག་ལ་དམིགས་ནས་བསྐལ་པ་རྒྱ་མཚོའི་བསོད་ནམས་ཀྱི་ཚོགས་དང་འབྲེལ་བར་སྤྱོད་པའི་ཡུན་གྱི་གོམས་པ་དང་བསྲིང་བའམ་ཁྱད་པར་གྱི་རང་རྒྱལ་དགྲ་བཅོམ་པའི་གོ་འཕང་དང་། ཉན་རང་གཉིས་བསྒོམ་སྤངས་ཀྱི་ཆ་ནས་ཁྱད་པར་མེད་ཀྱང་། བསོད་ནམས་ཀྱི་ཚོགས་དང་མ་འབྲེལ་བའི་གང་ཟག་གི་བདག་མེད་རྐྱང་བ་ཙམ་གྱིས་ཉན་ཐོས་ཀྱི་བྱང་ཆུབ་ཙམ་ལས་མི་འཐོབ་བོ། །དེ་བས་ན་རང་རྒྱལ་ལ་སྡེ་སྣོད་ལོགས་པ་མེད་དོ། །ཐེག་ཆེན་གྱི་ལམ་ལ་གང་ཟག་རང་སྟོབས་ལྡན་གྱིས་རྫས་ཡོད་ཀྱིས་སྟོང་པའི་གང་ཟག་གི་བདག་མེད་དང་། གཟུང་འཛིན་རྫས་གཞན་གྱིས་སྟོང་པ་དང་། ཀུན་བརྟགས་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པའི་ཆོས་ཀྱི་བདག་མེད་གསུམ་ལ་དམིགས་ནས་གྲངས་མེད་གསུམ་གྱི་ཚོགས་དང་འབྲེལ་བར་ལམ་ལྔ་དང་ས་བཅུ་རིམ་གྱིས་བགྲོད། གང་ཟག་གི་བདག་འཛིན་ཉོན་སྒྲིབ་དང་།


JL00_Page_0843
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་བདག་འཛིན་ཤེས་སྒྲིབ་ཟད་པར་སླངས་ཏེ་སྐུ་གསུམ་གྱི་འབྲས་བུ་དང་ལྡན་པའི་བྱང་ཆུབ་བླ་ན་མེད་པ་འདོད་པའོ། །འབྲས་བུའི་ཆ་ནི་ལྷག་བཅས་ལྷག་མེད་མི་གནས་པའི་མྱང་འདས་ཏེ་གསུམ། སངས་རྒྱས་སྐུ་གསུམ་གྱི་རྣམ་གཞག་དང་ཆོས་སྐུ་ལ་ངོ་བོ་ཉིད་དང་ཡེ་ཤེས་ཀྱི་ཆོས་སྐུ་གཉིས། ལྷུན་གྲུབ་དང་རྒྱུན་མི་འཆད་པའི་རྣམ་གཞག་རྣམས་ཀྱང་འདོད་པའོ། །དེ་དག་ནི་གྲུབ་མཐའི་སྙིང་པོ་ཙམ་སྟེ་མཚན་ཉིད་ཞིབ་པ་གྲུབ་པའི་མཐའ་རིན་པོ་ཆེར་ཤེས་པར་བྱའོ། །དེ་བཞིན་གཤེགས་པའི་གསུང་གི་གསང་བ་མཆོག་ཏུ་གྱུར་བ་ནི་ཐེག་པ་ཆེན་པོ་ངེས་དོན་དབུ་མའོ། །དེ་ཡང་སྒྲ་དོན་གྱི་ཆ་གཉིས་སུ་གནས་པའི་བརྗོད་པའི་སྒྲ་ནི་མཐའ་གཉིས་སྤོང་བའི་ཚིག་ཏུ་གདགས་པ་ཙམ་སྟེ། མདོ་ལས། བདེན་དང་རྫུན་པ་འདི་ཡང་མཐའ་ཡིན་ཏེ། །ཡོད་དང་མེད་པ་འདི་ཡང་མཐའ་ཡིན་ཏེ། །དེ་ཕྱིར་མཐའ་ནི་གཉིས་ཀ་རྣམ་སྤངས་ནས། །མཁས་པས་དབུས་ལ་ཡང་ནི་གནས་མི་བྱེད། །ཅེས་སོ། །དོན་གྱི་དབུ་མ་ནི་བདེན་པ་གཉིས་ཟུང་དུ་འཇུག་པའི་ཚུལ་ཁོ་ན་ཡིན་ནོ། །དེ་ལ་ཐལ་རང་གཉིས་སུ་གནས་པའི་དང་པོ་རང་རྒྱུད་པ་ནི། ཇི་ལྟར་སྣང་བ་ཐམས་ཅད་ཀུན་རྫོབ་ཏུ། །གྲུབ་པ་སྒྱུ་མ་ལྟ་བུའི་མཚན་ཉིད་དེ། །དོན་དམ་གྲུབ་པ་མེད་པ་ནམ་མཁའ་ལྟར། །འདོད་པ་དབུ་མ་རང་རྒྱུད་པ་ཡི་ལུགས། །དེ་སྐད་དུ་འཁྲུལ་འཇོམས་ལས། དམིགས་བཅས་ཀུན་རྫོབ་དོན་དམ་དུ། །དམིགས་བྱ་དམིགས་བྱེད་ཀུན་ལས་གྲོལ། །ཞེས་པ་ལྟར། སྣང་བའི་ཆ་ཐམས་ཅད་ཀུན་རྫོབ་ཀྱི་ཆ་ནས་སྒྱུ་མ་ལྟ་བུར་སྣང་ཡང་། དོན་དམ་པར་ཅུང་ཟད་ཀྱང་བདེན་པར་མ་གྲུབ་པ་ནམ་མཁའ་ལྟ་བུའོ། །དེ་ཡང་གདགས་གཞིའི་ངོས་ནས་ཆོས་ཐམས་ཅད་བློ་ལ་ལྟོས་ནས་ཀུན་རྫོབ་དང་དོན་དམ་དུ་འཇོག་པ་དེ་ཡང་གཤིས་ལ་བདེན་པ་མ་གྲུབ་བཞིན་དུ་ཐ་སྙད་ཀྱི་ཆ་ནས་རང་གི་མཚན་ཉིད་


JL00_Page_0844
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བྱས་པར་འདོད་པས་རང་རྒྱུད་པ་ཞེས་བྱའོ། །དེ་ལ་དོན་དམ་པའི་བདེན་པ་རིག་ཤེས་ཀྱི་ཡུལ་དུ་ཁས་མི་ལེན་པའི་རྣམ་གཞག་དང་། ཁས་ལེན་པའི་ཁྱད་པར་གཉིས་ལས། དང་པོ་ནི། ཀུན་རྫོབ་ཏུ་སྣང་བའང་མེད་ལ་གསལ་བར་སྣང་བ་རྨི་ལམ་འཁྲུལ་བ་ལྟ་བུ་ཉིད། རང་རྒྱུད་ལ་སྐྱེ་བར་སྣང་བ་ཙམ་ཏུ་གྲུབ་ཀྱང་བསོད་ནམས་པའི་རིག་ཤེས་ཀྱི་ཡུལ་བདེན་གཉིས་ལ་སོགས་པ་ནས། འཁོར་འདས་ཀྱི་ཆོས་ཐམས་ཅད་མ་གྲུབ་པར་འདོད་དེ། ཡུམ་བར་མ་ལས། རྣལ་འབྱོར་ཆོས་ཐམས་ཅད་ནི་དོན་དམ་པར་རང་བཞིན་གྱི་ངོ་བོ་ཉིད་མེད་པས། མྱ་ངན་ལས་འདས་པའང་མ་སྐྱེས་ཤིང་མེད་པའོ། །ཞེས་པས་བདེན་གཉིས་ཀྱི་དབྱེར་དང་མཚན་ཉིད་ཞི་བའི་ངོ་བོ་རྣམ་པར་གཞག་པ་ཙམ་དུ་ཟད་པས་རྣམ་གྲངས་ཀྱི་དོན་དམ་པའི་བདེན་པར་བལྟ་སྟེ། རྣམ་གྲངས་མ་ཡིན་པའི་དོན་དམ་པའི་རང་ན་ཤེས་བྱ་དང་བརྗོད་པའི་ཡུལ་ལས་འདས་པའི་ཕྱིར་གཅིག་དང་དུ་བྲལ་དང་ཡོད་མེད་ལ་སོགས་པའི་གཏན་ཚིགས་ཀྱིས་ལོག་པར་སྒྲོ་འདོགས་པ་ལས་གལ་བའི་ཕྱིར་སྤྲོས་པ་གཅོད་པའི་ཚུལ་དུ་རིག་པར་བྱའོ། །དེའང་དབུ་མའི་གཞུང་ལས་གཏན་ཚིགས་ཆེན་པོ་བཞིའི་རིག་པས་དོན་དམ་བདེན་པ་སྐྱེ་འགག་མེད་པར་གཏན་ལ་འབེབས་པ་ནི་ཡོངས་སུ་གྲགས་པ་ཡིན་ལ། དམིགས་བསལ་རྩ་ཤེའི་རབ་བྱེད་རེ་རེས་ཀྱང་སྟོང་པ་ཉིད་ཀྱི་གནས་ཕྲ་མོ་གཏན་ལ་འབེབས་པའི་རིག་པའི་རྣམ་གྲངས་ཐ་དད་པ་ཡོད་དེ། དཔེར་ན་རྩ་ཤེའི་རབ་བྱེད་དང་པོས་རྒྱས་བཤད་མི་འདྲ་བ་བཅུ་དང་། མཇུག་བསྡུ་མི་འདྲ་བ་གཉིས་ཏེ་བཅུ་གཉིས་བསྟན་པ་བཞིན་ནོ། །འདིར་ནི་རེ་ཞིག་ཡོངས་སུ་གྲགས་པའི་ཚུལ་བཞིས་རིག་པར་བྱ་སྟེ། རྡོ་རྗེ་གཟིགས་མ་དང་། ཡོད་མེད་སྐྱེ་འགོག་དང་། མུ་བཞི་སྐྱེ་འགོག་དང་། རྟེན་འབྲེལ་ཆེན་པོའོ། །དང་པོ་ནི། དགག་བྱའི་རྒྱུ་དཔྱད་ནས་དགག་བྱ་འགོག་པ་སྟེ། རྩ་ཤེ་ལས། བདག་ལས་མ་ཡིན་


JL00_Page_0845
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ན་ཡང་། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་པས། ཆོས་ཅན་དངོས་པོ་ཙམ་ཡང་དོན་དམ་པར་བདག་དང་གཞན་དང་གཉིས་ཀ་དང་རྒྱུ་མེད་པ་ལས་མ་སྐྱེས་པ་གང་ཞིག་པ་སྐྱེ་བའི་དངོས་པོ་མཐའ་དག་གིས་སྟོང་སྟེ། དཔེར་ན་དོན་སྤྱི་ཙམ་ལ་དངོས་པོ་མེད་པ་བཞིན་ནོ། །གཉིས་པ་ནི། དགག་བྱའི་འབྲས་བུ་དཔྱད་ནས་འགོག་པ་སྟེ། །མེད་དམ་ཡོད་པའི་དོན་ལ་ཡང་། །རྐྱེན་ནི་རུང་བ་མ་ཡིན་ཏེ། །མེད་ན་གང་གིས་རྐྱེན་དུ་འགྱུར། །ཡོད་ན་རྐྱེན་གྱིས་ཅི་ཞིག་བྱ། །ཞེས་པས། ཆོས་ཅན་སྣང་བ་རྟེན་འབྲེལ་འདི་ཡང་དོན་དམ་པར་རྒྱུ་ལ་འབྲས་བུ་ཡོད་མེད་སྐྱེ་བ་གསུམ་ཀས་སྟོང་པའི་ཕྱིར་སྟེ། འདི་ལྟར་གང་རྒྱུ་ལས་འབྲས་བུ་ཡོད་པ་དང་མེད་པ་སྐྱེ་བས་སྟོང་པ་དང་། སྐྱེ་བའི་དངོས་པོ་མཐའ་དག་གིས་སྟོང་པ་སྟེ། དཔེར་ན་དངོས་པོ་མེད་ཀྱང་ངོ་བོ་ཉིད་ཀྱིས་མཚོན་པར་བྱས་པ་བཞིན་ནོ། །གསུམ་པ་ནི། རྒྱུ་འབྲས་གཉིས་ཀ་དཔྱད་ནས་འགོག་པ་སྟེ། བདེན་གཉིས་འཇུག་པ་ལས། དུ་མས་དངོས་པོ་གཅིག་མི་བྱེད། །དུ་མས་དུ་མ་བྱེད་མ་ཡིན། །གཅིག་གིས་དུ་མའི་དངོས་མི་བྱེད། །གཅིག་གིས་གཅིག་བྱེད་པའང་མིན། །ཞེས་པས་འདི་ལྟར་སྣང་བའང་དོན་དམ་པར་གཅིག་ལས་གཅིག་ཤོས་དང་གཅིག་ལས་དུ་མ་དང་། དུ་མ་ལས་དུ་མ་དང་། དུ་མ་ལས་གཅིག་སྐྱེ་བའི་མུ་བཞིས་སྐྱེ་བ་སྟོང་བའོ། །དཔེར་ན་དངོས་པོ་མེད་པ་ལ་ནམ་མཁའ་ཞེས་གདགས་པ་བཞིན་ནོ། །བཞི་པ་ལ་གཉིས་ཏེ། མ་ཡིན་དགག་གཏན་ཚིགས་སུ་བཀོད་པ་རྟེན་འབྲེལ་ཆེན་པོ་རང་གི་ངོ་བོ་དཔྱད་ནས་འགོག་པ་དང་། མེད་དགག་གཏན་ཚིགས་སུ་བཀོད་པ་གཅིག་དང་དུ་བྲལ་ལོ། །དང་པོ་ནི། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེས་པའི་རང་བཞིན་ཡོད་མ་ཡིན། །ཅེས་པས། རྟེན་ཅིང་འབྲེལ་བར་འབྱུང་


JL00_Page_0846
[མ་དཔེ་གཟིགས་ན་འདིར་གནོན།]

བ་དེ་ཡང་སྐྱེ་འགག་ལ་སོགས་པའི་མཐའ་བརྒྱད་དང་བྲལ་བ་ཡིན་པས་བདེན་པའི་རང་བཞིན་གྱིས་སྟོང་པ་སྟེ། དཔེར་ན་སྨིག་སྒྱུ་གཡོ་བ་བཞིན་སྣང་བའི་རྟེན་འབྲེལ་ཙམ་དུ་མ་འགགས་པའོ། །གཉིས་པ་ནི་གཏན་ཚིགས་དགོད་པ་དང་། ཕྱོགས་ཆོས་བསྒྲུབ་པ་དང་། ཁྱབ་ངེས་ཀྱིས་ཚད་མས་དཔྱད་པ་དང་གསུམ་གྱིས་རིག་པར་བྱའོ། །དེ་ལ་དང་པོ་ནི། གཅིག་དང་དུ་མ་དང་བྲལ་བས་ཁྱབ་ན་དེ་བདེན་པའི་དངོས་པོས་སྟོང་པས་ཁྱབ་བོ། །གཉིས་པ་ནི་སློབ་དཔོན་འཕགས་པས། ཇི་ལྟར་སྐད་ཅིག་མཐའ་ཡོད་ལྟར། །ཐོག་མ་དབུས་ཀྱང་བརྟག་པར་གྱིས། །སྐད་ཅིག་གསུམ་གྱི་བདག་ཉིད་ཕྱིར། །འཇིག་རྟེན་སྐད་ཅིག་ལ་མི་གནས། །ཞེས་པས་ཉིན་མཚན་དང་སྔ་དྲོ་ཕྱི་དྲོའི་བར་རམ། སྐད་ཅིག་སྔ་ཕྱིའི་བར་ན་གནས་པའི་རྟགས་ལས་ཆ་གསུམ་དང་ལྡན་པར་དཔགས་པས་དོན་དམ་པའི་ཆ་མེད་གཅིག་དང་བྲལ་བར་གནས་པའི་ཕྱོགས་ཚས་གྲུབ་པ་ཡིན་ནོ། །གསུམ་པ་ནི། རིགས་པའི་དབང་ཕྱུག་གིས། དོན་བྱེད་ནུས་པ་གང་ཡིན་པ། །དེ་འདིར་དོན་དམ་ཡོད་མ་ཡིན། །ཞེས་པ་སྟེ། ཡོད་པའི་དངོས་པོ་ཙམ་དུ་མའི་དངོས་པོ་ཡིན་པ་བཀག་པ་ཙམ་གྱིས་གཅིག །གཅིག་གིས་དངོས་པོར་ཡོང་དུས་སུ་ཆོད་དེ། ཡོད་པའི་དངོས་པོ་ཙམ་ལ་གཅིག་ཏུ་ཡོད་པའམ། དུ་མར་ཡོད་པས་ཁྱབ་པ་དངོས་སུ་ངོས་པ་ན་གཅིག་དང་དུ་མའི་ཁྱབ་བྱར་མཐོང་བའི་ཡོད་པའི་དངོས་པོ་འདི་ཉིད། དོན་དམ་པའི་དངོས་པོ་ཡིན་ནའང་། དེའི་གཅིག་དང་དུ་མས་མ་ཁྱབ་པར་དོགས་པ་སྐྱེ་བའི་ནུས་པ་བཅོམ་སྟེ། དོན་དམ་པའི་དངོས་པོ་ལ་གཅིག་དང་དུ་མས་ཁྱབ་པ་མཚན་ཉིད་ངེས་པའི་ཚུལ་གྱིས་ཤུགས་ལ་གྲུབ་པ་ཡིན་ནོ། །ཞེས་བདག་གི་བླ་མ་རང་གཞན་གྱི་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་དེ་བཞེད་པས་དབུ་མའི་གཏན་ཚིགས་ཆེན་པོའི་གོ་དོན་བོད་སྔ་རབས་ལ་འཆད་རྒྱུ་མེད་ཅེས་སྤྱི་བརྟོལ་བསྐྱེད་པར་མི་བྱའོ། །གཉིས་པ་ཁས་ལེན་པའི་


JL00_Page_0847
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་གཞག་ནི། བདེན་པ་ཙམ་གྱི་མཚན་ཉིད་ནི་ཆོས་གང་ཞིག་རང་བཞིན་མེད་པ། ཀུན་རྫོབ་བདེན་པའི་མཚན་ཉིད་ནི་ཆོས་ཅན་གང་ཞིག་རིག་པས་དཔྱད་མི་བཟོད་པ། དོན་དམ་པའི་མཚན་ཉིད་རིག་པས་དཔྱད་བཟོད་པའོ། །དེ་ལྟ་ན་རིག་པས་དཔྱད་བཟོད་དེ་བློས་བཏགས་པ་ལ་ལྟོས་སམ་མ་ལྟོས། མི་ལྟོས་ན་དཔྱད་བཟོད་ཀྱི་ཐ་སྙད་དང་འགལ་ཞིང་། ལྟོས་ན་དཔྱད་བཟོད་པ་དེ་དོན་དམ་པའི་བདེན་པ་དང་འགལ་ལོ་སྙམ་ན། བསྒོམ་པའི་ཤེས་རབ་ཀྱི་དུས་ན་ལྷག་མཐོང་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་དོན་དམ་བདེན་པ་མཚན་ཉིད་ལ་ཡོད་པས་སོ་སོ་སྐྱེ་བོའི་བློ་ཡུལ་ལས་འདས་པའི་ཚེ་དེ་ལྟར་ཡིན་ཀྱང་། འདིར་བསམ་པའི་ཤེས་རབ་ཀྱི་དཔྱད་རིག་རྣོན་པོས་གཤིས་ཀྱི་བཞུགས་ཚུལ་ལ་མ་ཚང་འདྲུ་བའི་སོ་སོར་རྟོག་པའི་ཤེས་རབ་མེ་ལྟ་བུས་རྟོག་པའི་བུད་ཤིང་བསྲེགས་པའི་དུས་དེ་ལྟར་འདོད་ན། དེས་བསམ་པའི་ཤེས་རབ་ཀྱི་གནས་སྐབས་དེ་ཉིད་དུ་ཚིག་ལ་མི་རྟོན་དོན་ལ་རྟོན་པའི་ཆ་ནས་བདེན་གཉིས་ཟུང་དུ་འཇུག་པའི་ཆོས་ཉིད་མངོན་སུམ་པ་མ་རྟོགས་པར། བདེན་པ་གཉིས་ཤ་བའི་རྭ་ལྟར་ཐ་དད་དུ་ལྡང་བའི་ཐ་སྙད་ལ་དཔྱོད་པའི་བློའི་དགག་བྱ་ལ་མཐའ་གཅིག་ཏུ་དམིགས་པ་ཡིན་ཏེ། འདི་ལྟར་མཐར་ཐུག་དཔྱད་རིག་གིས་དགག་ནུས་པ་ལ་དཔྱད་མི་བཟོད་པ་དང་། རེག་པ་གང་གིས་ཀྱང་དགག་མི་ནུས་པ་ལ་དཔྱད་བཟོད་པ་ཞེས་མཆོག་གཟིགས་ཀྱི་སྐྱེས་བུ་ཆེན་པོ་དག་བཞེད་དོ། །དེ་སྐད་དུ་འཇུག་པ་ལས་ཀྱང་། དངོས་ཀུན་ཡང་དག་རྫུན་པའི་མཐོང་བ་ཡི། །དངོས་རྙེད་ངོ་བོ་ཉིད་ནི་འཛིན་པར་འགྱུར། །ཡང་དག་མཐོང་ཡུལ་གང་ཡིན་དོན་དམ་སྟེ། །མཐོང་བ་རྫུན་པ་ཀུན་རྫོབ་བདེན་པར་གསུངས། །ཞེས་ཡུལ་རྣམས་ཡུལ་ཅན་ལ་ལྟོས་ནས་འཇོག་པའི་ཚེ། མཐར་ཐུག་འཁྲུལ་མ་འཁྲུལ་གྱི་བློས་ཕྱེ་བ་འདི་ཐ་སྙད་


JL00_Page_0848
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བློས་རྟོགས་པར་དཀའ་བའི་གསང་ཚིག་བླ་ན་མེད་པ་ཡིན་ནོ། །ཤེས་བྱའི་འཇུག་ཚུལ་དེ་ལྟ་བུས་ངེས་པར་བྱེད་པའི་ཚད་མ་ནི་གཉིས་ཏེ། ཀུན་རྫོབ་བདེན་པའི་དབང་དུ་བྱས་ན་སྣང་བའི་རྟེན་ཅིང་འབྲེལ་འབྱུང་རྣམས་ལ་སློབ་དཔོན་ཀླུ་སྒྲུབ་ཀྱིས། ཇི་ལྟར་སྐད་ཅིག་མཐའ་ཡོད་ལྟར། །ཐོག་མ་དབུས་ཀྱང་བརྟག་པར་གྱིས། །སྐད་ཅིག་གསུམ་གྱི་བདག་ཉིད་ཕྱིར། །འཇིག་རྟེན་སྐད་ཅིག་ལ་མི་གནས། །ཞེས་གཅིག་དུ་བྲལ་གྱིས་ཕྱོགས་བསྒྲུབ་པར་གསུངས་པའི་གཏན་ཚིགས་ཀྱི་རྗེས་སུ་འཕྲེང་བའི་རིག་པའི་ཤེས་པ་རྗེས་དཔག་ཚད་མས་དཔྱད་བཟོད་པ་བདེན་པའི་དང་པོ་བཀག་པའི་ཤུགས་ལ། དཔྱད་མི་བཟེད་པའི་ཤེས་བྱར་ངེས་ཏེ་མཚན་ཉིད་ངེས་པ་ཅན་ནོ། །དོན་དམ་བདེན་པའི་དབང་དུ་བྱས་ན་དཔྱད་བཟེད་མཐར་ཐུག་དཔྱོད་རིག་གི་གཞལ་བྱ་ངེས་པར་བྱེད་པའི་ཚད་མ་ཐོབ་ནས་སོ་སོ་རང་རིག་གི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་རྟོགས་ནའང་། སོ་སོ་སྐྱེ་བོ་དེ་དག་གིས་གཏན་ཚིགས་ཀྱི་རྗེས་སུ་འབྲང་བའི་རིག་ཤེས་རྗེས་དཔག་གིས་ངེས་པར་བྱེད་དོ། །དེ་ལྟར་རིག་ཤེས་རྗེས་དཔག་གི་རང་བཞིན་སྐྱེ་མེད་སྤྲོས་བྲལ་དཔྱད་བཟོད་དོན་དམ་བདེན་པའི་མཚན་ཉིད་ཡིན་ནོ་ཞེས་དབུ་མ་རང་རྒྱུད་པ་རྣམས་འདོད་པའང་མཐར་ཐུག་མ་ཡིན་ཏེ། དོན་དམ་པར་མེད་པ་ལ་ཀུན་རྫོབ་ཏུ་ཡོད་པར་བསྒྲུབ་པའི་རྟགས་ཀྱིས་རྣམ་པར་རིག་པ་ཅན་དེ་ཡང་རྟག་པ་དང་ཆད་པ་ཉིད་ཀྱི་དངོས་པོ་ལས་མ་འདས་པ་ཉིད་དེ། རིགས་པ་དྲུག་ཅུ་པའི་འགྲེལ་བར། གང་ཀུན་རྫོབ་ཏུ་ཁས་བླངས་པ་དེའི་ཚེ་རྟག་པར་འགྱུར་ལ། དོན་དམ་པར་མེད་པར་འདོད་པ་དེའི་ཚེ་ཆད་པར་འགྱུར་ན་ཞེས་པ་ལ་སོགས་བཤད་པའི་ཕྱིར། བློས་དཔྱད་པའི་རིག་ཤེས་ནི་སེམས་ཙམ་པའི་ངོ་བོ་ཉིད་དེ་ཡང་དག་པའི་དོན་དུ་མི་རུང་བ་དང་། སྤྲོས་པ་བཀག་པ་ཙམ་སྤྲོས་པའི་བྱེ་བྲག་ལས་མ་འདས་པས། དེ་སྐད་དུ་དགོངས་པ་ངེས་འགྲེལ་ལས།


JL00_Page_0849
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དམ་པའི་བདེན་པ་མངོན་དུ་རྟོགས་ནའང་ཀུན་རྫོབ་དེ་བས་ལོགས་སུ་དམིགས་པའི་ཕྱིར། མྱ་ངན་ལས་འདས་པ་མི་ཐོབ་པར་འགྱུར་བ་དང་། ཀུན་རྫོབ་དང་དངོས་པོ་ཐ་དད་པའི་དོན་དམ་པའི་བདེན་པ་དེ་ཀུན་རྫོབ་ཀྱི་བདེན་པའི་ཆོས་ཉིད་མ་ཡིན་པར་འགྱུར་ཏེ། བུམ་པ་སྣམ་བུའི་ཆོས་ཉིད་མ་ཡིན་པ་བཞིན་བདེན་པ་གཉིས་པོ་ཐ་དད་པའི་ཕྱིར་ཀུན་རྫོབ་ཀྱི་བདག་རབ་ཏུ་མ་གྲུབ་པ་ཙམ་དོན་དམ་པའི་བདེན་པ་མ་ཡིན་པར་འགྱུར་ཏེ། བུམ་པ་རབ་ཏུ་མ་གྲུབ་པ་ཙམ་སྣམ་བུ་མ་ཡིན་པ་བཞིན་ནོ། །དོན་དམ་པའི་བདེན་པ་མངོན་སུམ་དུ་རྟོགས་པས་མྱ་ངན་ལས་འདས་པ་ཐོབ་པའི་དུས་ནའང་། ཀུན་རྫོབ་དེ་བས་ལོགས་སུ་དམིགས་པས་ཀུན་ནས་ཉོན་མོངས་པར་ཡང་འགྱུར་བས། སྐྱེས་བུ་གཅིག་གི་རྒྱུད་ལ་ཀུན་ནས་ཉོན་མོངས་རྣམ་བྱང་དུས་གཅིག་འཇུག་པ་མི་འགལ་བར་འགྱུར་རོ། །ཞེས་རིག་པ་ལྔས་གནོད་བྱེད་གསུངས་པ་ཡིན་ནོ། །དེ་བས་ན་དོན་དམ་པའི་བདེན་པ་སྤྲོས་པ་ཐམས་ཅད་དང་བྲལ་བ་དེ་ཀུན་རྫོབ་ཀྱི་བདེན་པ་ལས་དངོས་པོ་གཞན་དུ་གྱུར་བའམ། དེ་ཉིད་དུའང་བརྗོད་དུ་མེད་ལ། གཅིག་པ་བཀག་པ་ཙམ་གྱི་ཐ་དད་པ་མ་ཡིན་ནོ། །ཡང་ཁ་ཅིག་མདོ་སྡེ་སྤྱོད་པའི་དབུ་མ་འདོད་པ་ལྟར་ན། ཤེས་པ་ལ་ཕྱི་དོན་ཉིད་དངོས་སུ་མི་སྣང་ཡང་དོན་གྱི་ཤེས་པ་ལ་རང་གི་རྣམ་པ་གཏད་པས། ཤེས་དོན་དང་འདྲ་བའི་རྣམ་པར་སྐྱེས་པ་ལ་དོན་རིག་གོ་ཞེས་དམིགས་པའི་ཚུལ་གྱིས་དོན་ཡོངས་སུ་སྤྱོད་པ་དུས་ཐ་དད་པའི་གཟུང་འཛིན་ཀུན་རྫོབ་ཏུ་གནས་པར་འདོད་པ་དང་། ཡང་ཁ་ཅིག་རྣལ་འབྱོར་སྤྱོད་པའི་དབུ་མ་ཀུན་རྫོབ་ཏུ་གསལ་ལོ་ཅོག་ཐམས་ཅད་ཤེས་པའི་དངོས་པོ་ཡིན་ཏེ། ཕྱི་རོལ་གྱི་དོན་དུ་མེད་དོ་ཞེས་རྣམ་བཅས་པ་དང་མཐུན་པར་སྨྲ་བ། ལ་ལ་རྨི་ལམ་གྱི་ཡུལ་དུ་གཟུང་ཆར་


JL00_Page_0850
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་བ་དང་། སང་དུས་ཀྱི་སྐྲ་ཤད་འཛག་པ་གཉིས་ཀའི་རྣམ་པ་དང་དོན་སྤྱི་ལ་སོགས་པ་དོན་དང་ཤེས་པའི་ངོ་བོ་གཉིས་ཀ་མ་ཡིན་པ་བཞིན་དུ། འཇིག་རྟེན་ན་གྲགས་ཚོད་ཀྱི་དངོས་པོ་རི་དང་ཁང་ཁྱིམ་འགྲོ་བ་དང་། རྫས་ཀྱི་རྣམ་པ་ལ་སོགས་པའང་། ཕྱི་དོན་དང་ཤེས་པའི་དངོས་པོ་གཉིས་ཀས་སྟོང་བཞིན་དུ་ཐོག་མ་མེད་པ་ནས་གོམས་པའི་མ་རིག་པའི་བག་ཆགས་ཀྱིས་མེད་བཞིན་དུ་སྣང་བར་ཟད་པས། ཀུན་རྫོབ་ཏུ་ཡོད་པའི་དངོས་པོ་འཛིན་ཆར་གསལ་བའི་བདེ་བ་ལ་སོགས་པ་སེམས་དང་སེམས་ལས་བྱུང་བ་འབའ་ཞིག་ཏུ་ཟད་པར་འདོད་པ་སོགས་རྣམ་གྲངས་དུ་མ་སྨོས་ཀྱང་། ཉན་ཐོས་བྱེ་བྲག་པ་ལྟ་རྡུལ་ཕྲན་འདུས་པ་ལས་རགས་པ་བརྩམ་པའི་དངོས་པོ་མཚན་ཉིད་པ་དང་། སེམས་སེམས་བྱུང་རང་རིག་པ་མེད་པར་སྨྲ་བ་ལ་སོགས་འདོད་ཚུལ་གཞན་ཡང་ཡོད་མོད་ཀྱི། དོན་དུ་སྣང་བ་ཤེས་རབ་མི་འདོད་པ་དང་། རང་རྒྱུ་སྦམ་།།།ལས་སྐྱེས་པ་སོགས་མཚུངས་པ་མེད་ལ། དེའང་སེམས་ཙམ་པ་ལྟར་རང་རིག་ཁས་མི་ལེན་ཀྱང་། ཡོད་མེད་གང་དུའང་མ་ཕྱེ་བའི་ཡེ་ཤེས་ཙམ་ཞིག་ཁས་བླང་བ་སྟེ། འགྲེལ་ཆུང་ལས། སོ་སོ་རང་གི་རིག་པའི་ཡེ་ཤེས་ཀྱིས་ཞེས་བཤད་པ་བཞིན་ནོ། །དེ་ནི་རྒྱུ་མཚན་ཉིད་ཀྱི་ཐེག་པའི་རྩེ་མོར་ཕྱིན་པ་དབུ་མ་ཐལ་འགྱུར་བའི་ཚུལ་ནི། འདི་ལྟར་སྣང་བ་ཉིད་ནི་ཀུན་རྫོབ་དང་། །སྟོང་པ་དོན་དམ་ཞེས་བྱ་ཐ་སྙད་ཀྱིས། །བཏགས་པ་གང་ཡང་སྤྲོས་པའི་མཐའ་དང་བྲལ། །སྣང་དུས་ཉིད་ནས་སྐྱེ་འགག་འགྲོ་འོང་མེད། །གཞན་དབང་དངོས་པོར་འདོད་པའི་ཀུན་རྫོབ་ཀྱང་། །དེ་ཡི་གྲུབ་པའི་མཐའ་རུ་ཁས་མ་བླངས། །དེ་ནི་ཐལ་འབྱུང་ཤིང་རྟའི་སྲོལ་འབྱེད་ཆེ། །ཀླུ་དབང་ཟླ་བ་གྲགས་པའི་ཁྱད་ཆོས་ཡིན། །འདིར་ནི་འོག་མའི་རྣམ་པ་ཐམས་ཅད་ལ། །བརྩད་ཅིང་བརྟགས་པས་གོང་མ་ནོར་མི་འགྱུར། །འདི་ལྟར་སྣང་བ་ཉིད་ཀུན་རྫོབ་དང་། སྟོང་པ་ཉིད་དོན་དམ་ཞེས་བྱ་བ་ལ་སོགས་པ་ནི་ཐོས་བསམ་ལས་བྱུང་བའི་ཤེས་པས་ཆོས་ཐམས་ཅད་བདེན་


JL00_Page_0851
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཉིས་ཀྱི་ཚུལ་དུ་སློབ་པར་སྟོན་པ་སྟེ། ཚུ་རོལ་མཐོང་བའི་བློ་ཅན་བདེན་པ་མ་མཐོང་བ་རྣམས་ཀྱི་ངོར་ཐ་སྙད་ལ་བརྟེན་ནས་ཞེན་པའི་བསམ་པས་སྦྱར་བ་ཙམ་མོ། །བདེན་པ་གཉིས་ཀྱང་ཡང་དག་པར་ན་གཅིག་དང་ཐ་མི་དད་པར་བསྟན་ཏེ། གཅིག་ནི་ཀུན་རྫོབ་སྤོང་བ་བཞིན་དུ་དོན་དམ་ཡང་ད་ལྟར་དུ་འགྱུར་ལ། ཀུན་རྫོབ་ཐ་དད་པ་བཞིན་དུ་དོན་དམ་ཡང་དེ་བཞིན་དང་། ཀུན་རྫོབ་དྲི་མ་དང་བཅས་པ་བཞིན་དུ་དོན་དམ་ཡང་དྲི་བཅས་སུ་འགྱུར་རོ། །ཐ་དད་ན་ནི་ཆོས་ཅན་ཉིད་དུ་ཡང་མི་འགྱུར་ལ། འདུས་བྱས་ཀྱི་མཚན་མ་ཟིལ་གྱིས་གནོན་པར་ཡང་མི་འགྱུར་རོ། །ལམ་བསྒོམ་པ་ཡང་དོན་དང་བཅས་པར་མི་འགྱུར་རོ། །དེ་བས་ན་གཅིག་དང་ཐ་དད་པ་ལ་ནི་རང་རྒྱུད་ཀྱི་གཏན་ཚིགས་ཡོད་པས་ཐལ་འགྱུར་བར་མི་འགྱུར་རོ། །བརྡར་བཏགས་ཀྱི་གྲུབ་པའི་མཐའ་འདིས་ནི་གཞན་གྱི་དམ་བཅའ་འགོག་ཅིང་། རང་རྒྱུད་ཀྱི་གཏན་ཚིགས་ཁས་ལེན་ཐམས་ཅད་དང་བྲལ་བས་ཕ་རོལ་གྱི་དམ་བཅའ་འགོག་པའི་འགལ་ཆོས་ཐལ་འགྱུར་གྱི་སྒོ་ནས་གཙོ་བོར་བྱེད་པས་ཐལ་འགྱུར་བ་ཞེས་བྱ་སྟེ། དཔལ་ལྡན་ནཱ་གཱ་རྫུ་ནས། གལ་ཏེ་ངས་དམ་བཅའ་འགའ་ཡོད། །དེ་ཚེ་ང་ལ་སྐྱོན་དེ་ཡོད། །ང་ལ་དམ་བཅའ་མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། །ཞེས་དང་། འཕགས་པ་ལྷས། ཡོད་དང་མེད་དང་ཡོད་མེད་ཅེས། །གང་ལ་ཕྱོགས་ནི་ཡོད་མིན་པ། །དེ་ལ་ཡུན་ནི་རིང་པོའང་། །ཀླན་ཀ་བརྗོད་པར་ནུས་མ་ཡིན། །ཞེས་སོ་དེང་སང་རང་གི་མཚན་ཉིད་དང་། རང་རྒྱུད་དང་། རང་རིག་ཁས་མི་ལེན་པའི་ཁྱད་པར་བདེན་འཛིན་ཉོན་སྒྲིབ་ཏུ་འདོད་པ་དང་། བདག་མེད་གཉིས་ལ་ཕྲ་རགས་མི་འབྱེད་པའི་ཁྱད་པར། འགོག་བདེན་དོན་དམ་པ་དང་། ཉན་རང་འཕགས་པ་ཆོས་ཀྱི་བདག་མེད་རྟོགས་པས་ཁྱབ་པར་ཁས་ལེན་པའི་ཁྱད་པར། སོ་སྐྱེའི་ཤེས་པ་འཁྲུལ་ཤེས་དང་། དཔྱད་ཤེས་ཚད་མར་


JL00_Page_0852
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པའི་ཁྱད་པར། ཡིད་མངོན་དང་རྟོག་པའི་གཞི་མཐུན་འདོད་ཅིང་། ཕྲ་བའི་མི་རྟག་པ་མངོན་སུམ་དུ་རྟོགས་པའི་སོ་སྐྱེ་ཡོད་པའི་ཁྱད་པར། དུས་གསུམ་དངོས་པོར་འདོད་ཅིང་རགས་པའི་མི་རྟག་པ་སོགས་བཅུ་དྲུག་རྟོགས་པ་ཙམ་གྱིས་ཐེག་པ་གསུམ་གང་རུང་གི་སྦྱོར་ལམ་ཙམ་དུ་ཡང་བགྲོད་པར་མི་ནུས་པར་ཐལ་འགྱུར་འཕེན་པའི་ཁྱད་པར་ཡོད་པའོ། །དེ་བས་ན་གྲུབ་པའི་མཐའ་འདིར་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་སྐྱེ་བ་མེད་ལ་ཆོས་ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བས་སྣང་བའི་དུས་ཙམ་ནས་མ་སྐྱེས་པ་དང་། མ་འགགས་པ་དང་། གཟོད་མ་ནས་ཞི་བ་དང་། རང་བཞིན་གྱིས་མྱ་ངན་ལས་འདས་པས་ཁས་ལེན་པའི་ཀུན་རྫོབ་ཙམ་ཡང་འགོག་སྟེ། ཟླ་བ་གྲགས་པས། ཇི་ལྟར་ཁྱོད་ཀྱིས་གཞན་དབང་དངོས་འདོད་ལྟར། །ཀུན་རྫོབ་ཀྱང་ནི་བདག་གིས་ཁས་མ་བླངས། །ཞེས་སོ། །དེ་ལྟ་ན་ཆོས་ཐམས་ཅད་མ་སྐྱེས་པའམ་སྐྱེ་བའི་མཚན་ཉིད་ཇི་ལྟར་གྲུབ་སྙམ་ན། བཅོམ་ལྡན་འདས་མ་ལས། ཚེ་དང་ལྡན་པ་རབ་འབྱོར། ཅི་ཆོས་མ་སྐྱེས་པ་སྐྱེས་པའམ། འོན་ཏེ་སྐྱེས་པ་སྐྱེ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ། ཁོ་བོ་ནི་ཆོས་མ་སྐྱེས་པ་སྐྱེ་བར་ཡང་མི་འདོད། སྐྱེས་པ་སྐྱེ་བར་ཡང་མི་འདོད་ཅེས་ཁས་ལེན་གྱི་དམ་བཅའ་བ་གཞན་འགོག་གོ །ཡང་འགག་མེད་དུ་སྣང་བ་འདི་ལ་སྐྱེ་སོགས་སུ་གྲུབ་བོ་སྙམ་ན། དེ་ནི་བློས་ཕར་བཏགས་ཀྱི་མཚན་ཉིད་ཙམ་དུ་ཟད་ཀྱིས་གྲུབ་པ་དང་། མ་གྲུབ་པའི་གྲུབ་མཐའ་ཁས་བླངས་པ་མེད་ཀྱིས། སྣང་ཙམ་བཀག་པ་ནི་མེད་དོ། །དེ་སྐད་དུ་འཕགས་པ་ལྷས། ཇི་ལྟར་སྣང་ཉིད་དགག་མིན་ཏེ། །རྟེན་ཅིང་འབྲེལ་བར་འབྱུང་བའི་ཕྱིར། །འདིར་ནི་སྡུག་བསྔལ་རྒྱུར་གྱུར་བའི། །བདེན་པར་རྟོག་པ་བཟློག་བྱ་ཡིན། །ཞེས་སོ། །དེ་ལྟར་རིག་པ་བཞི་པོ་གཤིས་ཐོག་ཏུ་གཏན་ལ་ཕེབས་པ་ལ་དབུ་


JL00_Page_0853
[མ་དཔེ་གཟིགས་ན་འདིར་གནོན།]

མའི་ལྟ་བར་འདོད་ཀྱི། །གཏན་ལ་འབེབས་ཡུལ་གྱི་སྟོང་ཉིད་མཐའ་བྲལ་དབུ་མའི་ལྟ་བར་འདོད་ན་ནི་མཐའ་བཞི་པོ་དེ་ཀ་མཐར་འཛིན་གྱི་ལྟ་བར་འགྱུར་བས་མཐའ་དང་མཐར་འཛིན་གྱི་ཁྱད་པར་མ་བྱེད་པ་ཡིན་ཏེ། ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས། མཐའ་ལས་འདས་པའི་རང་བཞིན་ལ། །གོང་བུར་འདུ་ཤེས་སུ་ཞིག་བལྟ། །ཅུང་ཟད་ཙམ་དུ་ཁས་བླངས་མེད། །ཅེས་སོ། །དེ་བས་ན་གྲུབ་མཐའ་སྨྲ་བ་འོག་མ་གསུམ་པོའི་མཚན་ཉིད་ལ་བློས་བརྟག་ཤིང་དཔྱད་ནས་ཤེས་རབ་ཀྱི་ཡུལ་སྐྱེ་མེད་དང་སྟོང་ཉིད་དང་མཐའ་བྲལ་ལ་སོགས་སྤྲོས་པ་ཕྱོགས་རེ་བ་དཔྱད་པ་ཙམ་མ་ཡིན་པར་བརྩད་པའི་དོན་པོ་མཐར་འཛིན་གྱི་ཞེན་ཡུལ་རེ་རེ་ནས་ཐལ་འགྱུར་གྱིས་སུན་ཕྱུང་བས་གོང་མ་ནོར་བར་མི་འགྱུར་ཞིང་། མཐར་ཐུག་དཔྱོད་པའི་རིག་ཤེས་ཀྱི་ངོར་ཁས་ལེན་གྱི་བྱེད་པ་པོ་རྣམ་པར་རིག་པ་ཅན་མ་ཡིན་པའི་ཡེ་ཤེས་རྣམ་པར་མི་རྟོག་པ་གང་ཞིག་ཡིན་པ་དེ་ནི་ངོ་བོ་ཉིད་མེད་པར་སྨྲ་བའི་ཟབ་མོ་དབུ་མའི་ལྟ་བ་ཡིན་ཏེ། ལང་ཀར་གཤེགས་པ་ལས། སེམས་ཙམ་དུ་ནི་མི་རྟོག་དང་། །ཕྱི་རོལ་དངོས་པོ་རྣམ་བསལ་བས། །རྣམ་པར་རྟོག་པ་རྣམས་ལྡོག་སྟེ། །ལམ་དེ་ཉིད་ནི་དབུ་མའོ། །ཞེས་དང་། བློ་ཡིས་རྣམ་པར་གཞིག་ན་གོ །ངོ་བོ་ཉིད་ནི་གཟུང་དུ་མེད། །དེ་ཕྱིར་དེ་དག་བརྗོད་མེད་ཅིང་། །ངོ་བོ་ཉིད་ཀྱང་མེད་པར་བཤད། །ཅེས་དང་། ཚིག་གསལ་ལས། རྣམ་པར་མི་རྟོག་པ་ནི་སེམས་ཀྱི་རྒྱུ་བ་ཡིན་ན་དེ་དང་བྲལ་བའི་ཕྱིར། དེ་ཁོ་ན་ཉིད་དེ་ནི་རྣམ་པར་རྟོག་པ་མེད་པ་ཡིན་ནོ། །ཞེས་སོ། །དེ་ལྟར་ཐོས་པའི་ཤེས་རབ་དེ་བསམ་བསྒོམ་གྱི་ལམ་དུ་སྦྱར་ནས་གནས་ལུགས་དྲི་མ་མེད་པ་རྟོགས་པར་འགྱུར་ཞིང་ཁྱད་པར། རང་རང་འདོད་ཞེན་གྱིས་སྦྱར་ལྟོས་གྲུབ་གྱི། །གྲུབ་པའི་མཐའ་ཡི་མཚན་ཉིད་ཉམས་འོག་ཆུད། །དེ་ལས་


JL00_Page_0854
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་དང་དངོས་འདྲ་དངོས་མིན་གྱི། །མཚན་ཉིད་ལེགས་པར་ཤེས་པའི་ཤེས་རབ་ཀྱང་། །ཐོས་ལ་བརྟེན་འབྱུང་དེ་ཡིས་ཉོན་མོངས་བཅིལ། །ཉོན་མོངས་མེད་ལ་བདུད་ཀྱིས་གླགས་མི་རྙེད། །དེ་ལ་སྤྱིར་འཕགས་པའི་ཡུལ་ནའང་ཐེག་པ་ཆེན་པོ་བཀའ་མ་ཡིན་པར་བསྒྲགས་ཤིང་། དེ་བཞིན་གཤེགས་པས་སྟོང་ཉིད་ཟབ་མོ་སྟོན་པ་ལ་ལུང་བསྟན་པ་བདག་ཉིད་ཆེན་པོ་ཀླུ་སྒྲུབ་སོགས་ཀྱང་ཆོས་ལོག་མཁན་དུ་བསྒྲགས་པ་བྱུང་ན། བྷོ་ཊའི་ཡུལ་འདིར་རང་རང་གི་ཀུན་འབྱུང་རྣམ་པ་ཐ་དད་པའི་འདོད་ཞེན་གྱི་བལྟོས་གྲུབ་གསར་བས་མངོན་དུ་བསྐྱེད་ཅིང་བསྐྲུན་པའི་གྲུབ་པའི་མཐའ་མང་ཞིང་། དེ་ཐམས་ཅད་རང་རང་གི་བློའི་ནུས་པ་དང་རྗེས་སུ་མཐུན་པའི་རྒྱལ་བའི་ཕྲིན་ལས་ཀྱིས་སེམས་ཅན་ལ་ཕན་པ་ཅན་ཡིན་པར་སྟངས་བཅད་ན་ཆོས་ཉིད་ཀུན་ཏུ་འགྲོ་བ་ནི་རྫོགས་པའི་སངས་རྒྱས་ཀྱི་བསྟན་པ་ཁོ་ན་ལས་གཞན་གྱིས་མ་ཡིན་པས་ཇི་ལྟར་ཡང་རུང་བ་ཉིད་དེ་དགག་བཞག་གི་ལུགས་མངས་པས་སྐྱེ་བོ་མང་པོ་ཕྱོགས་སུ་ལྷུང་སྟེ་ངན་འགྲོའི་གཡང་ས་ལ་གོམ་པ་འཇོག་གོ །བདག་ཅག་ནི་གྲུབ་པའི་མཐའ་སྨྲ་བའི་གང་ཟག་མཐའ་དག་ལ་འདོད་པས་ཕྱོགས་བསླད་པའི་ངན་སེམས་བལྟར་མངོན་པའམ་མི་མངོན་པའི་ཤུགས་ལས་དགག་བསྒྲུབ་བགྱི་བ་མ་ཡིན་ཏེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་མོས་པས་སྤྱོད་པ་ཁོ་ན་ལྷུར་ལེན་པ་སྡོང་པོ་བཀོད་པ་ལས། ཀྱེ་རྒྱལ་བའི་སྲས་དག །བྱང་ཆུབ་སེམས་དཔའ་ནང་ཕན་ཚུན་ངན་སེམས་བསྐྱེད་པའི་ཁ་ན་མ་ཐོ་བའི་ལས་ལས་ཆེ་བ་ནི་མ་མཐོང་ངོ་། །ཞེས་པ་ལ་སྐྲག་པར་གྱུར་བའི་ཕྱིར་རོ། །དེ་ལྟ་ནའང་བསྒོམ་པའི་ཤེས་རབ་ཡང་དག་པར་སྨྲ་བའི་ཕྱོགས་ཐམས་ཅད་རྒྱ་ནག་གི་རང་ལུགས་སུ་སྒྲོག་ཅིང་འགགས་པ་མཐའ་དག་གི་དོགས་པ་མ་བསལ་ན་བདག་ཅག་གིས་རྣམ་པ་ཀུན་ཏུ་མཉམ་པར་གཞག་ཅིང་སོ་སོར་རྟོག་པའི་ཤེས་རབ་ཅེས་བྱ་བ་དེ་དངོས་དོན་གང་ལ་འཇུག་ཉམས་སུ་


JL00_Page_0855
[མ་དཔེ་གཟིགས་ན་འདིར་གནོན།]

མྱོང་བའི་རིགས་པས་བཤད་པའི་བརྗོད་པ་གནས་མ་ཡིན་པ་ཉིད་དུ་རྣམ་པར་འཁྱམས་པའི་ཕྱིར། སྤྱིར་རྒྱན་དྲུག་མཆོག་གཉིས་ཀྱི་གཞུང་མཐའ་དག་དང་། ཁྱད་པར་དབུ་མའི་ལྟ་བ་འགྲེལ་བ་བུདྡྷ་པཱ་ལི་ཏ་ལ་བརྟེན་ནས་ལེགས་པར་ཁོང་དུ་ཆུད་པས་བྷོ་ཊའི་ཡུལ་དུ་གསར་བྱུང་གི་གྲུབ་པའི་མཐའ་ལ་རིགས་པ་དང་མ་ཡིན་པའི་སྟངས་གཅོད་པ་ལ་བསྙེངས་པ་མི་མངའ་བས་རིགས་པའི་དགག་བྱ་དང་། ལམ་གྱི་དགག་བྱ་ལེགས་པར་འདོམས་ཤིང་མཐར་གྱིས་དབེན་པའི་འཇུག་དོགས་སུ་འཕགས་པའི་ཡེ་ཤེས་རྒྱུད་ལ་བརྟན་པའི་བཤེས་གཉེན་ཆེན་པོ་ཤཱནྟ་པུ་རེ་བས། དྲང་སྲོང་ཆེན་པོ་ཐམས་ཅད་གཟིགས་པ་ཡི། །འགྲོ་ཀུན་བྱང་ཆུབ་དཀྲི་བའི་ཐེམ་སྐས་སུ། །འཁོར་ལོ་རྣམ་གསུམ་རྒྱུད་སྡེ་བཞི་ལ་སོགས། །མདོ་སྔགས་ཆོས་ཀྱི་དྲིལ་ཆེན་འཛམ་གླིང་བསྒྲགས། །ལེགས་གསུངས་འདུལ་བའི་ཕོ་བྲང་ནང་ཞུགས་ནས། །ཉིས་བརྒྱ་ལྔ་བཅུ་སྤོང་བའི་ཚུལ་ཁྲིམས་དང་། །བཅུ་བདུན་བླང་བྱ་འཇུག་པའི་ཚུལ་ཁྲིམས་ཏེ། །འཁོར་ལོ་དང་པོའི་ལམ་གྱི་རིམ་པའོ། །འཕགས་པའི་ཡུལ་དུ་བསྡུ་བ་གཉིས་པའི་རྗེས། །མདོ་ལུང་དགོངས་འགྲེལ་གྱིས་པ་བཅོ་བརྒྱད་བྱུང་། །ཡོད་སྨྲའི་དགོངས་འགྲེལ་ཡོན་ཤཱཀ་རྣམ་གཉིས་དང་། །བཤེས་གཉེན་དྲུག་སོགས་འཕགས་ཡུལ་མཁས་རྣམས་སོ། །འཁོར་ལོ་བར་བའི་སྦས་དོན་ལམ་རིམ་དེ། །དགའ་ལྡན་གནས་སུ་མི་ཕམ་ཆོས་རྗེས་བཀྲལ། །འཕགས་པའི་ཡུལ་དུ་བཀར་འབས་རྣམ་པ་དྲུག །རྒྱན་གྱི་དགོངས་འགྲེལ་བཤད་སྲོལ་རྣམ་མང་ཡང་། །གང་དེ་འགྲེལ་ལ་འཕགས་སེང་ཁྱད་པར་འཕགས། །དེ་དག་བཞེད་གཞུང་རྡོག་ཡོའི་ཐུགས་མཚོར་བབས། །རྟག་ཆད་མཐར་ལྟའི་གཡང་དུ་མ་ལྷུང་ཞིང་། །ཟུང་འཇུག་ལྟ་བའི་ཐེམ་སྐས་


JL00_Page_0856
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འཇོགས་ཏེ། །ངེས་དོན་ཆོས་སྐུའི་ཁང་བཟང་བགྲོད་པ་ཡི། །འཁོར་ལོ་ཐ་མའི་དངོས་བསྟན་ལམ་རིམ་དེ། །རྒྱ་གར་ཡུལ་དུ་འཕགས་མཆོག་ཀླུ་ཡིས་བཀྲལ། །ལེགས་ལྡན་འབྱེད་དང་སངས་རྒྱས་བསྐྱངས་གཉིས་ཀྱིས། །ཀླུ་སྒྲུབ་ཞབས་ཀྱི་དགོས་པ་འགྲེལ་ཚུལ་ལས། །འཕགས་པའི་ཡུལ་དུ་ཐལ་རང་རྣམ་གཉིས་ཀྱིས། །གདུང་བའི་ཆོས་ཀུན་ནམ་ཡང་ཡོད་མིན་ཞིང་། །འཛིན་བྱེད་ཤེས་པའང་འཁྲུལ་བར་གདོན་མི་ཟ། །གཉིས་མེད་ཡེ་ཤེས་སྦྱང་གཞིར་བཞག་པ་སྟེ། །འཁོར་ལོ་ཐ་མའི་ལམ་གྱི་རིམ་པའོ། །མི་ཕམ་མགོན་དང་ཀླུ་སྒྲུབ་སྙིང་པོ་ཡིས། །བྱམས་པའི་ཆས་བཞི་པ་སྟོང་ཚོགས་གཞུང་གིས་བཀྲལ། །ཐོགས་མེད་མཆེད་ཀྱི་གསུང་རབ་ཉི་འོད་ཀྱིས། །འཁོར་ལོ་ཐ་མའི་ངེས་དོན་ཆེས་ཆེར་གསལ། །གངས་རིའི་ཁྲོད་འདིར་མི་ཕམ་རྒྱལ་བ་དང་། །ཐོགས་མེད་མཆད་ཀྱི་གཞུང་བཟང་ངོ་མཚར་ཅན། །དབུ་སེམས་སོ་སོར་འགྲེལ་བྱེད་རྣམ་མང་ཡང་། །གང་ད་།།།དབུ་མའི་ལམ་དུ་གདོན་མི་ཟ། །ཆོས་ཀུན་རིགས་པའི་ལམ་ནས་ལེགས་དྲངས་ཏེ། །གནས་སྐབས་གསུང་རབ་ཀུན་ལ་བལྟ་བའི་མིག །མཐར་ཐུག་ཀུན་མཁྱེན་བསྒྲུབ་པའི་ལམ་གྱི་སྲོལ། །ཕྱོགས་གླང་གྲགས་པའི་རིང་ལུགས་བླ་ན་མེད། །འཕགས་པའི་ཡུལ་དུ་སྡེ་བདུན་དགོངས་འགྲེལ་ལ། །ལྷ་ཤཱཀ་བྲམ་ཟེ་རྒྱན་དང་ཆོས་མཆོག་སོགས། །ལ་ལ་དོན་ཉུང་ཆིག་གི་ཕྲེང་བ་དང་། །འགའ་ཞིག་དཔྱོད་ལྡན་མཁས་པས་བྱས་པ་ཡོད། །ངོ་བོ་ཉིད་མེད་རྣལ་འབྱོར་སྤྱོད་པ་དང་། །འཇིག་རྟེན་གྲགས་སྡེའི་དབུ་མར་འགྲེལ་བ་ཡིས། །གངས་རིའི་ཁྲོད་འདིར་བཤད་སྲོལ་རྣམ་པ་གསུམ། །འགའ་ཞིག་གྲགས་འདོང་ཆང་གིས་མྱོས་པ་ཡི། །རྒྱལ་བའི་བཀའ་དང་ སྔ་འགྱུར་གྱི་རྒྱུད་ལུང་མན་ངག་ ཚད་ལྡན་གཞུང་ལུགས་དང་། །དེ་དག་སྒྱུར་བྱེད་ལོ་པཎ་མཁས་རྣམས་ལ། །བརྩད་ཅིང་རྒོལ་བའི་ལོག་རྟོག་མང་ཞིག་མཐོང་། ཁ་ཅིག་འདི་ན་རང་བཟོ་སྦྱོར་བ་ཡིས། །སྔོན་


JL00_Page_0857
[མ་དཔེ་གཟིགས་ན་འདིར་གནོན།]

རབ་མཁས་པས་བཀྲལ་བའི་བཤད་སྲོལ་རྣམས། །མི་མངོན་ནམ་མཁའི་དབྱིངས་སུ་རབ་བཅིངས་ནས། །རང་འདོད་གྲུབ་མཐའི་རྒྱུ་སྐར་བགྲད་ཡས་འཆར། །གསང་ཆེན་རྒྱུ་དང་དབུ་སེམས་ཤིང་རྟའི་སྲོལ། །ཀླུ་སྒྲུབ་དགོངས་པ་ཐལ་རང་སྲོལ་གཉིས་ཀྱིས། །ལེགས་པར་བཀྲལ་བའི་ལེགས་བཤད་ཟླ་མེད་པ། །དེ་དག་ཕལ་ཆེར་འཁྱོག་པོའི་ལམ་དུ་བཀྲལ། །ཚད་ལྡན་གཞུང་བཞིན་འཆད་པའི་མཁས་རྣམས་ཀྱིས། །སྔོན་རབས་མཁས་པའི་བཤད་སྲོལ་གཞུང་བསྲངས་ནས། །འཆད་རྩོད་རྩོམ་པས་ཐུབ་བསྟན་བཟུང་བ་ན། །ཀུན་མཁྱེན་རྒྱལ་བའི་བསྟན་པ་གཉིས་ཤོག་འབྱུང་། །ཉན་བཤད་ཐུབ་བསྟན་འཛིན་པར་རློམ་རྣམས་ཀྱང་། །གཞན་གཞུང་འཇིག་དང་རང་གཞུང་བསྒྲུབ་བའི་ཕྱིར། ཁུངས་མེད་ཚིག་ཕྲེང་ལྔ་བའི་པྲོལ་གྱིས་ནི། །རང་ཕྱོགས་འཕྱར་བའི་རྩོད་པས་ཐུབ་བསྟན་དཀྲུགས། །ལ་ལ་རྒྱལ་བའི་བཀའ་དང་དགོངས་འགྲེལ་གྱི། །ཚད་ལྡན་གཞུང་གི་ཉན་བཤད་ཀུན་དོར་ནས། །རང་རང་འདོད་པས་སྦྱར་བའི་གཞུང་ལུགས་ལ། །ཉན་བཤད་བགྱིད་པས་ཚེ་ལོ་འདའ་བ་མཚར། །ཆོས་ཀུན་ཡེ་ནས་མེད་པའི་སྟོང་སྐད་ཀྱིས། །སྦྱིན་སོགས་སྤྱོད་པ་ཕལ་ཆེར་ཁྱད་གསང་ནས། །སྟ་སྤྱོད་ཟུང་དུ་མ་འབྲེལ་ཆོས་ལུགས་ཞིག །སྔོན་དུས་བྱུང་མོད་དུས་འདིར་སུན་ཕྱུང་ཟིན། །སྤྱོད་པ་མཆོག་ཏུ་འཛིན་པའི་བརྟུལ་ཞུགས་ཀྱིས། །སྟོང་ཉིད་ཟབ་མོའི་ལམ་ལ་བསྐུར་བ་འདེབས། །འབྲས་དུས་སྐུ་གཉིས་ཟུང་འཇུག་ཐོབ་འདོད་ན། །རྒྱུ་དུས་ལྟ་སྤྱོད་ཟུང་འབྲེལ་ཉམས་སུ་ལོངས། །དངོས་གཞིའི་དུས་སུ་སྟོང་ཉིད་ཆོས་རྣམས་ལ། །སྟོང་པར་འཛིན་པའི་རྟག་འཛིན་རྟོག་པ་དང་། །གསལ་ཆ་དོར་བའི་འཛིན་མེད་ལྟ་བ་གཉིས། །མཆོག་འཛིན་མང་ཡང་མཐར་ལྟའི་གཡང་དུ་ལྷུང་། །ལུང་རིག་མྱོང་བའི་ཡིད་ཆེས་བྲལ་བ་ཡི། །སྤྲོས་བྲལ་ལྟ་བའི་


JL00_Page_0858
[མ་དཔེ་གཟིགས་ན་འདིར་གནོན།]

གྱ་ཚོམ་སྨྲ་བ་དག །རྒྱ་འབྲས་ཆོས་ཀུན་སྟོང་བར་བལྟ་བ་ཡི། །སྤྲོས་བྲལ་ལྟ་བ་ཚུ་རོལ་མཛེས་པའང་སྨྲ། །གང་ཤར་སེམས་སུ་བལྟ་བར་གྲོལ་འདོད་ནི། །སྣོད་དང་བཅུད་ཀྱི་འཇིག་རྟེན་མ་ལུས་པ། །རྟག་བདག་གཅིག་པུ་བདག་གི་རང་བཞིན་དུ། །འདོད་པའི་མུ་སྟེགས་གསང་བཅས་མ་གྲོལ། །སྒྱུ་མར་བལྟ་བ་མུ་སྟེགས་བྱང་ལའང་ཡོད། །མཐོང་བའི་ལམ་གྱུར་རྣམ་འགྱུར་སྒྱུ་མའི་དངོས། །གཙོ་བོའི་ངང་དུ་རྣམ་འགྱུར་ཀུན་ཐིམ་པས། །དེ་ལ་གྲངས་ཅན་ལུགས་ཀྱི་ཐར་བ་ཟེར། །སྤྲོས་བྲལ་འདི་པ་ཁོ་ནའི་ཁྱད་ཆོས་མིན། །ཆོས་ཀུན་གདོད་ནས་རང་བཞིན་རྣམ་དག་དང་། །བླང་བྱ་དོར་བྱའི་སྤྲོས་པ་ཀུན་བྲལ་བ། །ལྟ་བའི་ཡུལ་དུ་ཚངས་པ་བ་ཡང་འདོད། །མཐའ་བྲལ་ལྟ་བའང་ཕྱི་ནང་གཉིས་ཀ་འདོད། །རིག་བྱད་མཐའ་བྲལ་བསྒྲུབ་པའི་མཐུན་དཔེར་ནི། །རྨི་ལམ་དྲི་ཟའི་གྲོང་ཁྱེར་འཛིན་པ་ཡོགས། །དེ་འདྲའི་རྣམ་བཞག་མུ་སྟེགས་ཁྱོད་པའང་སྨྲ། །གཉིས་མེད་བདེ་བ་ཟབ་ལམ་མཆོག་ཡིན་ཞེས། །ཐོས་ཆུང་གང་དག་མཆོག་ཏུ་འཛིན་ནའང་། །དབང་ཕྱུག་བས་ཀྱང་དེ་ཀུན་གསལ་བར་འདོད། །རང་བཞིན་མ་གྲུབ་འཛིན་མེད་མི་རྟོག་ཅིང་། །ཅིར་ཡང་མ་གྲུབ་དྭངས་ལ་འགག་མེད་པའི། །ལྟ་བའི་ཉམས་ལེན་ཞང་ཞུང་བོན་ལའང་ཡང་། །ལམ་གནད་འཁྲུལ་བས་གྲོལ་བ་ག་ལ་འབྱུང་། །བདག་མེད་ལྟ་བ་ཐལ་རང་ལུགས་སོ་ཞེས། །འཆད་བྱེད་དེ་དག་ཐོས་པའི་རྣ་བ་བྲལ། །དེ་ཉིད་ཐེག་ཆེན་ཁོ་ནའི་ཁྱད་ཆོས་མིན། །དངོས་སྨྲའི་གཞུང་ལས་རང་རྒྱུད་བདེན་མེད་བཤད། །གང་ཤར་རང་སེམས་མདོ་སེམས་ཐུན་མེད་པ། །གཟུང་འཛིན་འགོག་པ་རྣམ་རྫུན་དབུ་མའི་ལུགས། །གཉིས་མེད་ཡེ་ཤེས་བདེན་གྲུབ་འགོག་པ་ཡི། །ལྟ་བའི་རྣམ་གཞག །།།མ་ཆེན་པོར་འདྲོད། །འདུས་བྱས་མི་རྟག་ཁུང་སོགས་པ་བདག་མེད་དུ། །ལྟ་བའི་རིམ་པས་འཇིག་ཚོགས་སྤོང་མི་ཞུས། །འཛིན་སྟངས་འགལ་


JL00_Page_0859
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་མི་རིག་འཇོམས་ནུས་པས། །དེ་དག་ནང་ནས་སྟོང་ཉིད་ལྟ་བ་མཆོག །མན་ངག་ལུགས་ལའང་བདག་དང་རྣམ་རིག་སོགས། །ཕྱི་ནང་འཆོལ་བའི་ལག་ལེན་མང་མོད་ཀྱི། །ད་ལྟ་བོད་ན་གྲགས་པའི་སེམས་འཚོལ་གཅིག །བསམ་གཏན་དཀྲོག་པའི་རྣམ་གཡེང་ཆོས་སུ་མཐོང་། །གང་ཤར་སེམས་དང་སེམས་ཉིད་རང་ལུས་ཀྱི། །ཕྱི་ནང་ཀུན་ལ་རྣམ་པར་བཙལ་བ་ན། །བཙལ་བས་མ་རྙེད་ཡུལ་ཅན་ཤེས་རབ་སོགས། །གནས་སྐབས་ཤིག་ཏུ་ལྟ་བར་འདོད་ནའང་། །བློས་བྱས་གཟུང་འཛིན་སྤྲོས་པ་ཀུན་བྲལ་བའི། །གཉུག་མའི་ཡེ་ཤེས་རང་ངོ་འཕྲོད་པ་ཡི། །ཤེས་པ་གསལ་དྭངས་རྟོག་མེད་ཡེ་ཤེས་དེ། །བསྒྲུབ་རྒྱུད་ཀུན་གྱི་བསྟན་པའི་གཙོ་བོ་ཡིན། །རྗེས་ཐོབ་དུས་ཀྱི་ཐ་སྙད་དེ་ལྟ་ནའང་། །མཉམ་གཞག་དུས་སུ་མཐའ་བྲལ་ནམ་མཁའི་དབྱིངས། །བལྟ་བྱ་ལྟ་བྱེད་སྒྲ་རྟོག་འཇུག་ཚུལ་ཡིན། །ངེས་པའི་དོན་དུ་ཆུ་དང་ཆུ་རླབས་བཞིན། །བྱང་ཕྱོགས་འདི་ན་ཐོས་བྲལ་སྒོམ་ཆེན་འགའ། །ཆེན་པོ་རྣམས་ལ་ཚད་མར་གྲགས་པ་ཡི། །རྒྱལ་དང་དེ་སྲས་ཀུན་མཁྱེན་མཁས་རྣམས་ཀྱིས། །ཐུགས་ཉམས་བཞེས་པའི་ཉམས་ལེན་ཀུན་དོར་ནས། །རྟེན་འབྲེལ་ཚོགས་པའི་མཐོང་སྣང་སྣ་ སྙིང་ཐིག་འོད་གསལ་རྡོ་རྗེ་སྙིང་པོའི་ངོ་སྤྲོད་ཉི་ཤུ་རྩ་གཅིག་མ་ཡིན་པའི། སྲོ་མར་ཙ་སོགས་སྣང་བ་དགུ་འགྱུར་གྱི་རྫས་སྦྱོར་སོགས་དང་། ཕྱི་རོལ་བའི་སྤྱོད་ཚུལ་དང་བསྲེས་པའི་ངོ་སྤྲོད་བྱེད་པ་འདི་སྙིང་ཐིག་ཟབ་གནད་མཐའ་དག་ལྡོངས་པར་བྱེད་པའོ། ཚོགས་དང་། །དབང་པོ་བསླང་བའི་འོད་ཟེར་ཕྲེང་བ་ལ། །སངས་རྒྱས་སྐུ་རུ་ངོ་སྤྲོད་བསྒོམ་པ་མཐོང་། །ཆོག་ཤེས་སྐྱེ་བོ་ཉམས་ལེན་ཨེ་མ་མཚར། །རྣམ་དག་རིག་པས་འཐད་པ་མ་རྙེད་ཅིང་། །རྒྱ་ཆེན་སྤྱོད་པའི་ཉམས་ལེན་ཀུན་དོར་ནས། །རྟེན་འབྲེལ་རྫས་ལ་བྱང་ཆུབ་རེ་བ་ཡི། །ཉམས་ལེན་དེ་ལ་སུ་ཞིག་ཡིད་


JL00_Page_0860
[མ་དཔེ་གཟིགས་ན་འདིར་གནོན།]

རྟོན་བྱེད། །ཞང་ཞུང་བོན་དང་མུ་སྟེགས་བྱེད་ལ་ཡང་། །སངས་རྒྱས་བསྟན་དང་འདྲ་མཚུངས་བཅོས་པ་ཡི། །རྣམ་གཞག་དེ་འདྲ་ཤིན་ཏུ་མང་བའི་ཕྱིར། །ཆོས་ལུགས་འགའ་ཞིག་དྭོགས་པའི་གནས་སུ་མཐོང་། །འགའ་ཞིག་འདི་ན་འཕགས་མཆོག་རྣམ་གཉིས་ཀྱི། །རིགས་པས་བཀྲལ་བའི་ཤིང་རྟའི་སྲོལ་གཉིས་དང་། །དཔལ་ལྡན་ཟླ་བའི་རིང་ལུགས་ལས་གཞན་པའི། །ལྟ་སྒོམ་ཐམས་ཅད་ནོར་བའི་ཆོས་ཡིན་ལོ། །རྡོ་རྗེ་འཆང་དབང་རྗེ་བཙུན་རྣལ་འབྱོར་མས། །སྐལ་ལྡན་འགྲོ་ལ་ཚུལ་བཞིན་འདོམས་པ་ཡི། །སྙན་རྒྱུད་ཕལ་ཆེར་སྤོང་བའི་ཆོས་ཚུལ་ལ། །ཐར་འདོད་སྐྱེ་བོ་རྣམས་ཀྱི་བག་ཡོད་མཛོད། །དབང་བསྐུར་བྱིན་རླབས་ཡེ་ཤེས་ཕེབས་པ་དང་། །རྫོགས་རིམ་བསྒོམ་དང་ཟབ་མོའི་མོས་གུས་ཀྱིས། །རང་གི་ཉམས་མྱོང་ཡིད་ཆེས་ལྟ་བ་དེ། །ཚེ་འདིར་སངས་རྒྱས་བསྒྲུབ་པའི་ཉེ་ལམ་ཡིན། །ད་དུང་ཟབ་མོའི་ལམ་གྱི་ལྟ་བ་དེ། །སོར་རྟོག་ཤེས་པའི་དཔྱད་པ་དང་བྲལ་བས། །ལག་པའི་ལམ་དུ་མངོན་ཞེན་མི་འདོར་བར། །རང་ཉིད་ཁས་ལེན་གཞན་ལ་འདོམས་པ་དག །བཤད་དང་བསྒྲུབ་པའི་ཆོས་ཚུལ་ཀུན་མཐོང་ཞིང་། །བསམ་སྦྱོར་དམན་པས་གཞན་རྒྱུད་མི་བསྲེག་པར། །ཡིད་ཆེས་ལུང་དང་རྣམ་དག་རིགས་པ་ཡིས། །རྩོད་པར་འདོད་ན་རྩོད་པའི་སྐབས་བྱེ་ཞིག །ཚེ་འདིའི་ཆེ་ཐབས་རྙེད་བཀུར་ལྷུར་བླངས་ནས། །ཕ་རོལ་བརྙས་དང་ཕྲག་དོག་འགྲན་སེམས་ཀྱིས། །རང་ཉིད་བསྒོམ་དང་གཞན་ལ་འདོམས་ཀྱང་རུང་། །སྒོ་གསུམ་བྱ་བ་ཕལ་ཆེར་དོན་མེད་ཡིན། །དེ་ཕྱིར་བློ་གསལ་ཀློག་པ་ལྷུར་ལེན་རྣམས། །རང་གཞན་གྲུབ་མཐའི་རྣམ་དབྱེ་ལེགས་རྟོགས་ནས། །སྔར་བཤད་མཁས་པས་བཀྲལ་བའི་བཤད་སྲོལ་ལ། །རྣམ་དཔྱོད་བརྩོན་པས་ཐོས་པའི་ཕ་མཐར་སྐྱོལ། །རིག་པའི་གནས་ལ་ཐོས་བསམ་མཐར་ཕྱིན་ནས། །ཐོས་པའི་དོན་རྣམས་དོན་ཡོད་བྱ་བའི་


JL00_Page_0861
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། །ཏིང་འཛིན་བསྒོམ་པའི་བྱ་བ་ལྷུར་བླངས་ནས། །དབེན་པའི་གནས་སུ་རང་རྒྱུད་སྨིན་པར་མཛོད། །རང་རྒྱུད་སྨིན་ནས་འཁོར་མང་དབུས་སུ་ནི། །དྲི་མེད་གཞུང་ལ་རིག་གྲོལ་སྤོབས་པ་ཡིས། །རྩོད་བརྩམ་མཁས་པའི་བྱ་བ་རྣམ་གསུམ་གྱིས། །གཅིག་ཏུ་བསྟན་པ་འབའ་ཞིག་ལྷག་པར་དགོངས། །འཆད་པ་རྣ་བའི་བདུད་རྩི་ལྷ་ཡི་དབྱངས། །འཇིགས་མེད་སྤོབས་པ་མི་ཟད་ཆུ་བོའི་རྒྱུན། །རྩོམ་ཕྲེང་ཐུབ་བསྟན་མཛེས་པའི་ཁང་བཟང་རྒྱན། །དེ་དག་གསུམ་གྱིས་གཞན་ལ་འདོམས་པར་མཛོད། །དགོས་དུས་ཚིག་དོན་མཚམས་སྦྱར་བརྒལ་ལན་བཅས། །བསྒྲུབ་དང་སུན་འབྱིན་ཚེར་མ་དབྱུང་ལ་མཁས། །སྒྲ་གནས་བརྒྱད་ཀྱི་ཚིག་སྦྱོར་ཀུན་ཚང་བའི། །འཆད་རྩོད་རྩོམ་པའང་དེ་ལྟར་ཚིམ་པར་མཛོད། །ནེ་ཙོའི་འདོན་པས་མཁས་པར་རློམ་པ་དག །ཚུལ་འཆོས་སྤྱོད་པས་བཙུན་པར་འཆོས་པ་དང་། །སྟོང་པའི་འུད་ཀྱིས་བཟང་པོར་བརྫུ་བ་ཡི། །ཀློག་པ་པ་དེ་འཇིག་རྟེན་སྒྱུ་མ་མཁན། །འགྲོ་ཀུན་སྲིད་པའི་མཚོ་ལས་བསྒྲལ་བའི་ཕྱིར། །གཅིག་ཏུ་བསྟན་པ་འབའ་ཞིག་ཉེར་དགོངས་ནས། །རྣམ་དག་གཞུང་ལུགས་ཉན་དང་འཆད་པ་ཡི། །ཀློག་པ་བ་དེ་ལྷ་ཡི་མཆོད་གནས་ཡིན། །རྣམ་རིག་མཁའ་དང་སྟོང་པར་བལྟ་བ་དང་། །དྲན་ཚོར་འདུ་ཤེས་གསལ་ཆ་དོར་བ་ཡི། །ཞི་གནས་ཙམ་ལའང་ཟབ་ལམ་མཆོག་ཡིན་ཞེས། །སྒོམ་ཆེན་འགའ་ཞིག་ནན་གྱིས་འཇུག་པ་མཐོང་། །གསལ་སྟོང་རིག་པ་དང་དངས་མི་ལྡན་པའི། །ཞི་བར་གནས་ མུན་ཚོམ་མེད་ ཙམ་དུད་འགྲོའི་ཁྲོད་ནའང་མང་། །ཟབ་ལམ་བྲལ་བའི་ཆོས་ཀུན་རྣམ་རིག་དང་། །མཁའ་སོགས་སྒོམ་པ་གཟུགས་མེད་ལྷ་ལའང་ཡོད། །ཡིད་བྱེད་བྲལ་ཙམ་ཟབ་ལམ་མཆོག་ཏུ་འདོད། །གཞན་དང་མ་འབྲེལ་དེ་ཉིད་བསྒོམས་


JL00_Page_0862
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འབྲས། །བསྐལ་ཆེན་བརྒྱད་ཁྲིར་ཚེ་ཡི་དངོས་གྲུབ་འབྱུང་། །དེ་ཕྱིར་ལྟ་ཁྲོམ་གནས་ལ་མཁས་པར་མཛོད། །དམ་པས་བཀྲལ་བའི་ལམ་སྲོལ་རྨད་དུ་བྱུང་། །དཔྱད་དང་འཇོག་པའི་སྒོམ་ཚུལ་རྣམ་པ་གཉིས། །རྟོག་དང་མི་རྟོག་སྦྱོར་བའི་དུས་ཡིན་གྱིས། །དངོས་གཞིའི་དུས་སུ་ཡིད་བྱེད་བྲལ་བར་མཐུན། །སྦྱོར་བའི་དུས་སུ་མཚན་མ་འབྱུང་བའི་གཞི། །དེ་ཉིད་དཔྱད་པའི་རྟེན་དུ་ངེས་བྱས་ནས། །མཐའ་བཞི་རྣམ་གྲོལ་དངོས་གཞིའི་དུས་སུ་ནི། །གསལ་སྟོང་འཛིན་མེད་སྔོན་རབས་མཁས་པའི་ལུགས། །དངོས་གཞིའི་དུས་སུ་ཡིད་བྱེད་མི་ལྡན་ན། །དཔྱད་པ་སྔོན་བཏང་གཉིད་ལོག་སྐབས་དང་མཚུངས། །དེས་ན་དུས་དེར་སྟོང་པ་ཉིད་དོ་ཞེས། །རྟོག་ཅིང་དཔྱོད་པ་ཕྱིས་འབྱུང་མཁས་པའི་ལུགས། །རྟོག་དང་དཔྱོད་པའི་བློས་བྱས་ཀུན་དོར་ནས། །གཉུག་མའི་ཡེ་ཤེས་རང་དྭངས་རྗེན་པ་དེ། །བོད་ཕྱི་མ་དག་བཟོ་མེད་མ་ཡེངས་སླར་ཡང་འཕྲོ་བའི་ཚེ། །རང་ཞལ་བལྟ་བ་འཇོག་བསྒོམ་ལུགས་ཡིན་ནོ། །དཔྱད་དང་འཇོག་པའི་བསྒོམ་ཚུལ་ཅི་ཡང་རུང་། །རང་གི་མཚན་ཉིད་རང་བཞིན་འོད་གསལ་བ། །གསལ་དྭངས་ཤར་ལ་བསྒོམ་མེད་མ་ཡེངས་པ། །སྒྲུབ་རྒྱུད་ཀུན་གྱི་བསྒོམ་པའི་གཙོ་བོ་ཡིན། །མཉམ་གཞག་དུས་ཀྱི་ཉམས་ལེན་དེ་ལྟ་ནའང་། །རྗེས་ཐོབ་དུས་སུ་གང་ཤར་སྣང་བ་ཀུན། །རྨི་ལམ་སྒྱུ་མའི་དྲན་འདུན་དྲག་པོ་ཡིས། །ལེགས་པར་བསྒོམས་ན་སྣང་སྟོང་དབྱེར་མེད་འཆར། །བདེ་ཆེན་འཁོར་ཁོར་པད་དཀར་ཉི་ཟླའི་སྟེང་། །རྩ་བའི་བླ་མ་གསུམ་ལྡན་རྡོ་རྗེ་འཆང་། །སངས་རྒྱས་དངོས་སུ་ཞེན་མང་མོས་གུས་ཀྱིས། །མ་ཡེངས་གསོལ་འདེབས་ལམ་སྲོལ་ཀུན་ཏུ་གཅེས། །སེམས་ཉིད་ངོ་སྤྲོད་ཐ་སྙད་རྣམ་མང་ཡང་། །གཉུག་མའི་ཡེ་ཤེས་རང་ཞལ་བལྟས་པ་ན། །ཤེས་པ་གསལ་དྭངས་ཟུང་འཇུག་ཡེ་ཤེས་ཏེ། །རྣམ་དག་


JL00_Page_0863
[མ་དཔེ་གཟིགས་ན་འདིར་གནོན།]

ཚེས་སྐུར་ཀུན་གྱིས་ངོ་སྤྲོད་མཛོད། །བསམ་གཏན་གསུམ་དང་བཞི་པའི་ཏིང་འཛིན་དང་། །གཟུགས་མེད་བཞི་ལ་སྲིད་པའི་སེམས་རྩེ་གཅིག །བདེ་གསལ་སྟོང་པའི་མི་རྟོག་གོལ་ས་ཡིན། །ལམ་དང་གོལ་སའི་རྣམ་དབྱེ་མཁྱེན་པར་མཛོད། །སངས་རྒྱས་སྐུ་དང་ཤ་ཟའི་གཟུགས་ལ་སོགས། །ཚོགས་དྲུག་ཡུལ་དུ་སྣང་བ་གང་ཤར་ཡང་། །གང་ཤར་སེམས་དང་སེམས་ཉིད་སྟོང་པ་རུ། །ལེགས་པར་རྟོགས་ན་བར་ཆད་དངོས་གྲུབ་འགྱུར། །བདེ་གསལ་མི་རྟོག་ཡུལ་སྣང་གསལ་མཐོང་ད་། །མཁའ་ལ་འཕུར་དང་ཆུ་སྟེང་བགྲོད་ལ་སོགས། །མཆོག་འཛིན་ནང་ཡང་རྟོགས་པས་མ་ཟིན་ན། །ཉམས་སྣང་སྣ་ཚོགས་དབང་པོའི་གཞུ་དང་མཚུངས། །སྔགས་རྫས་གཉིས་དང་བསྒོམས་པའི་སྟོབས་སོགས་ཀྱིས། །རླུང་སེམས་འཆོལ་བའི་ཉམས་སྣང་སྣ་ཚོགས་ལ། །མགུ་བ་བསྐྱེད་པའི་སྒོམ་ཆེན་མང་མོད་ཀྱི། །ཕལ་ཆེར་གཡེང་བའི་གཡང་ལ་ལྷུང་ཉེན་ཆེ། །མདོར་ན་གང་ཞིག་ཉམས་སུ་བླངས་པ་ལས། །དྲང་སོགས་དགེ་བ་དང་གིས་འཕེལ་འགྱུར་ཞིང་། །ཆགས་སོགས་མི་དགེ་དང་གིས་འགྲིབ་གྱུར་ན། །ཆོས་དེ་རྒྱལ་བའི་ལམ་བཟང་རྨད་དུ་བྱུང་། །ཕངས་རིའི་མགུལ་དང་མཐོན་པོའི་ནགས་ཁྲོད་སོགས། །ཐར་འདོད་སྐྱེ་བོའི་བསྟི་གནས་ཉམས་དགའ་བར། །འདོད་ཆུང་ཆོག་ཤེས་བསོད་སྙོམས་འཚོ་བ་དང་། །ཕྱག་དར་ཁྲོད་ཀྱི་དམན་པའི་གོས་གྱོན་ལ། །ལེགས་གསུངས་འདུལ་བའི་བསླབ་ལས་མི་འདའ་ཞིང་། །རྒྱལ་སྲས་སྤྱོད་པའི་ལམ་ལ་རིང་ནས་སློབས། །སྡང་བཤད་སྲོལ་གྱི་ལྟ་སྒོམ་སྤྱོད་པ་ཡིས། །ད་ལན་ཚེ་ལ་བཙན་ས་ཟིན་པར་མཛོད། །རང་དོན་ཉམས་ལེན་རྟོགས་པའི་ཁོར་ཡུག་དང་། །གཞན་དོན་འབྲེལ་ཚད་དོན་ལྡན་མངོན་གྱུར་ནས། །རང་གི་


JL00_Page_0864
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་མྱོང་གཞན་རྒྱུད་གདམས་པ་རྣམས། །སྣོད་ལྡན་འགྲོལ་ཚུལ་བཞིན་འདོམས་པར་མཛོད། །བྱ་བཏང་ཁས་ལེན་ཚེ་འདིའི་ཞེན་པས་བཅིངས། །འཁྲུལ་ཞིག་ཁས་ལེན་གཟུང་འཛིན་དྲ་བར་ཆུད། །གྲུབ་ཐོབ་ཁས་ལེན་རྟོགས་པས་རྒྱུད་དབེན་པའི། །སྤོང་བ་པ་དེ་འཇིག་རྟེན་སྒྱུ་མ་མཁན། །རྣམ་དག་འདུལ་བའི་ཁྲིམས་ཀྱིས་ལེགས་བསྡམས་ནས། །རྒྱལ་སྲས་སྤྱོད་པའི་བསམ་སྤྱོད་རྨད་དུ་བྱུང་། །གསང་ཆེན་ལམ་གྱི་རྣལ་འབྱོར་མི་དམན་པའི། །སྤོང་བ་པ་དེ་ལྷ་མིའི་མཆོད་གནས་ཡིན། །ཞེས་སོ། །དེ་ལྟ་བུའི་མཚན་ཉིད་ཐམས་ཅད་ཐོས་པ་དང་བསམ་པའི་ཤེས་རབ་ལ་བརྟེན་ནས་ཉམས་འོག་ཏུ་ཆུད་པས་རྒྱལ་བ་བདེན་པར་སྨྲ་བས་དྲང་ངེས་ལྡེམ་དགོངས་བཞིར་བསྟན་པའི་བཀའ་དངོས་དང་། འཕགས་པའི་ཡུལ་གྱི་དགོངས་འགྲེལ་མཁན་པོ་དེ་དག་གིས་ཕྱིན་ཅི་ལོག་བཞིའི་གཉེན་པོར་སྟོང་པ་ཉིད་ཀྱི་དངོས་དོན་གཅིག་ཆར་ལས་ལྡོག་པར་བཀྲལ་བའི་ཚུལ་དང་དེའི་དགོས་པའང་། བདག་མེད་ཀྱི་དོན་རྟོགས་པར་བྱེད་པ་ལ་དང་པོ་བདག་ཡོད་པར་འདོད་པའི་གྲུབ་མཐའ་མཉན་ནས་གདོད་བདག་མེད་པའི་དོན་གཏན་ལ་དབབ་པ་ཡིན་ཏེ། བྷཾ་ག་ལའི་པཎྜི་ཏས། དེ་ཉིད་འཚོལ་བའི་ཐོག་མར་ནི། །ཐམས་ཅད་ཡོད་ཅེས་བརྗོད་པར་བྱ། །དོན་དམ་རྟོགས་ཤིང་ཆགས་མེད་ལ། །དེ་ནས་རྣམ་པར་དབེན་དོན་ཉིད། །ཅེས་བཤད་པ་ལྟར་རོ། །དེ་བས་ན་ཡང་དག་དང་། ལྟར་སྣང་དང་། གཉིས་ཀ་མ་ཡིན་པ་དང་། འདོད་ཞེན་གྱིས་སྦྱར་བ་ཐམས་ཅད་སྒྲ་ཇི་བཞིན་པ་ཁོང་དུ་ཆུད་པ་དེའི་ཚེ་ཐ་སྙད་བཏགས་དོན་གྱིས་བཞག་པའི་བརྒལ་བརྟག་ལ་སྙིང་པོ་ཡོད་པར་མ་མཐོང་ཞིང་། དོན་དམ་པའི་བདེན་པ་ཆོས་རབ་ཏུ་འབྱེད་པའི་ཤེས་རབ་ཡང་དག་པས་མངོན་པར་རྟོགས་པ་དེའི་ཚེ་ནང་དུ་ཉོན་མོངས་པའི་སྒྲིབ་པ་


JL00_Page_0865
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ཞིང་། ཕྱིའི་རྒོལ་བ་ངན་པ་ལ་འཇིགས་པ་མེད་པའི་སྤོབས་པ་རྒྱ་ཆེན་པོ་ཐོབ་པས། བདུད་སྡིག་ཏོ་ཅན་གྱི་སེམས་ཀྱི་འཇུག་པས་ཀྱང་གླགས་བལྟ་བར་མི་ནུས་ཏེ། སྲེད་མེད་ཀྱི་བུས་ཞུས་པ་ལས། རིགས་ཀྱི་བུ་ཐོས་པ་དང་ལྡན་ན་ཤེས་རབ་འབྱུང་བར་འགྱུར་རོ། །ཤེས་རབ་དང་ལྡན་ན་ཉོན་མོངས་པ་རབ་ཏུ་ཞི་བར་འགྱུར་རོ། །ཉོན་མོངས་པ་མེད་པ་ལ་བདུད་ཀྱིས་གླགས་མི་རྙེད་དོ། །ཞེས་སོ། །འདིར་གང་བཟུང་ན་གཤིས་ཀྱི་བཞུགས་ཚུལ་ལ། །སྨྲ་བསམ་བརྗོད་མེད་དོན་དམ་བདེན་པ་ཡིན། །བློ་ཡི་ཆ་ནས་སྨྲ་བསམ་བརྗོད་པ་རུ། །བརྟགས་ཤིང་སྣང་བ་ཀུན་རྫོབ་བདེན་པའི་ཆར། །བཞག་ནས་བདེན་གཉིས་རྟོགས་བྱ་རྟོགས་བྱེད་ལས། །འདས་པ་སུས་ཀྱང་མངོན་དུ་བྱར་མེད་ལ། །བལྟར་མེད་ཐོབ་དང་མ་ཐོབ་གཉིས་ཀ་མེད། །སྟོང་པ་ཉིད་དང་ངེས་པར་རྗེས་མཐུན་པའི། །བློ་སྐྱེས་པ་ལ་རྟོགས་པའི་བླ་དྭགས་བཏགས། །དེ་ལས་དང་པོ་འཕགས་པའི་མཉམ་གཞག་དང་། །སངས་རྒྱས་ཀྱི་ས་ན་ཤེས་བྱ་ཤེས་བྱེད་ལ་སོགས་པའི་ཡུལ་ཡུལ་ཅན་གྱི་ཤེང་བྱ་རང་རྒྱུད་པ་གང་ཡང་མ་གྲུབ་པས། གཟུང་འཛིན་ལས་རྣམ་པར་འདས་པ་སྟེ། ཡུལ་ཅན་ཡེ་ཤེས་ཀྱི་འཇུག་པའང་ཞིབ་དེའི་ཆོ་སེམས་དང་སེམས་ལས་བྱུང་བའི་འཇུག་པ་ཐམས་ཅད་རྒྱུན་ཆད་དེ་སྨྲ་བསམ་བརྗོད་དུ་མེད་པའི་ཆོས་ཉིད་རྟོགས་པ་ནི་དོན་དམ་པའི་བདེན་པ་སྟེ། དཀོན་མཆོག་བརྩེགས་པ་ལས། འོད་སྲུངས་དོན་དམ་པ་སྟོང་པ་ཉིད་གང་ཡིན་པ་དེ་ནི་སུས་ཀྱང་བལྟར་མེད་པ། མངོན་དུ་བྱར་མེད་པ། ཐོབ་པ་མེད་པ། མ་ཐོབ་པ་མེད་པ་ཡིན་ནོ། །ཞེས་སོ། །བློ་དང་འདྲེས་པའི་ཆ་ནས་སྨྲ་བསམ་བརྗོད་པར་བརྟགས་ཤིང་སྣང་བ་མཐའ་དག་ནི་ཀུན་རྫོབ་ཀྱི་བདེན་པ་ཡིན་ཏེ། འཇིག་རྟེན་པའི་བློ་ལ་


JL00_Page_0866
[མ་དཔེ་གཟིགས་ན་འདིར་གནོན།]

ལྟོས་ནས་བཞག་པའི་ཕྱིར་རོ། །དེས་ཐ་སྙད་ཀྱི་ཆོས་ཐམས་ཅད་མེད་ཅེས་སྨྲས་པའི་ཉེས་པ་དང་གཞི་གཅིག་གི་སྟེང་ནས་བདེན་པ་གཉིས་ཕྱོགས་སུ་ལྷུང་བའི་ཉེས་པ་གཉིས་ཀ་ཁེགས་ཤིང་། བདེན་གཉིས་དབྱེར་མེད་པས་ཀུན་རྫོབ་ཀྱང་དོན་དམ་དུ་འོང་བའི་སྐབས་སྲིད་པའི་བདེན་པ་གཉིས་རྟོགས་བྱ་རྟོགས་བྱེད་ལས་འདས་པར་ཁོང་དུ་ཆུད་ཅིང་དོན་དམ་དང་མཐུན་པའི་བློ་སྐྱེས་པ་ལ་རྟོགས་པའི་བློ་དྭགས་སུ་བཏགས་པའི་ཚུལ་ཟླ་བ་གགས་པས། སྟོང་པ་ཉིད་དང་རྗེས་སུ་མཐུན་པའི་བློ་སྐྱེས་པ་ནི་སྟོང་པ་ཉིད་རྟོགས་སོ་ཞེས་བརྗོད་ཀྱི། སྟོང་པ་ཉིད་རྟོགས་པ་ནི་མ་ཡིན་ནོ། །ཞེས་སོ། །དེ་བས་ན་ཆོས་ཐམས་ཅད་དོན་དམ་པར་མེད་པར་རྟོགས་པའི་བློ་དེས་ཀྱང་ཆོས་ཐམས་ཅད་ཐ་སྙད་ཙམ་དུ་མི་འགག་པར་མ་རྟོགས་ཏེ། ཅིའི་ཕྱིར་ན། སྟོང་ཉིད་མེད་དགག་ཏུ་འདོད་པ་དེ་ནི་དངོས་པོ་མེད་པ་ཉིད་དུ་སྨྲ་བའི་མ་ཡིན་དགག་དང་འགལ་བའི་ཕྱིར་རོ། །དེ་སྐད་དུ་སྤྱན་རས་གཟིགས་ཀྱི་བརྟུལ་ཞུགས་ལས། ཁོ་བོས་མེད་པར་དགག་པའི་ཚུལ་གྱིས་དོན་དམ་པར་སྐྱེ་མཆེད་རྣམས་ཀྱི་ཡོད་པ་ཉིད་དགས་པ་བྱས་པར་ཟད་ཀྱི། མ་ཡིན་པར་དགག་པའི་ཚུལ་གྱི་དངོས་པོ་མེད་པ་ཉིད་དུ་ནི་མ་སྨྲས། ཞེས་པ་ལྟར་རོ། །དེ་ལྟ་ནའང་སློབ་དཔོན་ཆོས་ཀྱི་གྲགས་པས། མེད་པར་དགག་པ་ནི་ཅི་ཡང་མ་ཡིན་པའི་ཕྱིར་རོ། །ཞེས་པའི་རྗེས་སུ་འབྲངས་ནས་དབུ་མའི་ལྟ་བ་ནི་ཅི་ཡང་མ་ཡིན་པ་ཉིད་དུ་འདོད་པའང་ཡོད་དེ། ཅི་ཡང་མ་ཡིན་པ་ཉིད་དོ་སྙམ་པ་ལ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དམིགས་ན་ནམ་མཁས་གར་ཁྱབ་ཀུན་གཞིས་ཁྱབ་པའི་ལྟ་བ་རགས་པ་དེ་འོང་ཉེ་བས། བྷཾ་ག་ལའི་པཎྜི་ཏས། ཀུན་གཞི་ཐམས་ཅད་མཁྱེན་པར་ཁས་ལེན་པའི་གྲུབ་མཐའ་རགས་པ་དེ་ཙམ་ཕྱི་རོལ་མུ་སྟེགས་པ་ལའང་མེད་གསུངས་པ་ཡིན་ནོ། །དེ་


JL00_Page_0867
[མ་དཔེ་གཟིགས་ན་འདིར་གནོན།]

བས་ན་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བའི་རང་བཞིན་ཉིད་དུ། ཤེས་ན་དེ་ཁོ་ན་ཏིང་མ་ནོར་བར་རྟོགས་པའི་ཚུལ། གང་ཞིག་རྟེན་ཅིང་འབྲེལ་འབྱུང་ནི། །ཆོས་རྣམས་མ་ལུས་ཀུན་གྱི་མཛོད། །གང་ལ་བམས་པའི་ཤེས་རབ་ཀྱིས། །ཡང་དག་འཇུག་པ་ལྡེ་མིག་ཡིན། །དེ་ལྟར་གདམས་ངག་ཐོབ་པ་ནི་ཐོབ་པའི་ཤེས་རབ་ཀྱི་ཡོན་ཏན་ཡིན་ལ། དེའི་རྗེས་ལ་བསམ་པའི་ཤེས་རབ་ཀྱིས་རྟེན་ཅིང་འབྲེལ་འབྱུང་སྐྱེ་བ་མེད་པར་རྟོགས་ནས་མྱ་ངན་ལས་འདས་པ་ཆེན་པོའི་ལམ་ལ་བསྙེན་པའི་ཚུལ། འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལས། རིགས་ཀྱི་བུ་སེམས་ཅན་ཐམས་ཅད་ནི་རྟག་པ་དང་། བདེ་བ་དང་། བདག་དང་ཡོངས་སུ་དག་པ་ལ་སོགས་པ་བཞིས་བསླར་དེ། བསམ་པའི་ཕྱིར་མི་རྟག་པ་དང་། མི་བདེ་བ་དང་། བདག་མེད་པ་དང་། ཡོངས་སུ་མ་དག་པར་མཐོང་ངོ་། །དེས་ཕྱིན་ཅི་ལོག་བཞི་ཡང་ཆོད་དེ། དེས་ན་བསམ་པའི་རྐྱེན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལ་བསྙེན་པར་འགྱུར་རོ། །སྐྱེ་བའི་མཚན་ཉིད་དང་། རྒ་བའི་མཚན་ཉིད་ལ་སོགས་པ་བསམས་པས་ཀྱང་གྲོལ་བར་འགྱུར་རོ། །རིགས་ཀྱི་བུ་དགེ་བའི་ཆོས་ནི་མ་བསམས་པར་ན་གཞན་གྱིས་ཐོབ་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་གིས་བསྐལ་པ་གྲངས་མེད་ཚད་མེད་མཐའ་ལས་པའི་བར་དུ་ཆོས་མཉན་ཀྱང་གལ་ཏེ་མ་བསམས་ན་ནམ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་མི་འགྱུར་རོ། །ཞེས་བཀའ་བསྩལ་ཏེ། དེ་བས་ན་བསམ་པའི་ཤེས་རབ་ཀྱིས་རིགས་པ་དང་ལུང་གིས་བརྟགས་ལ་ཡང་དག་པའི་དོན་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་ཤེས་རབ་ཟབ་མོ་རྟོག་གེའི་སྤྱོད་ཡུལ་ལས་འདས་


JL00_Page_0868
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཁོ་ན་ཡིན་ན་དེའི་རང་བཞིན་བྱེ་བྲག་ཕྱེད་པར་བྱས་ལ་མངོན་སུམ་པའི་ལམ་བསྒོམ་མོ། །ཇི་ལྟར་བསྒོམས་ན་གོ་ཆ་བགོས་པ་བསྟན་པ་ལས། སྟོང་པ་ཉིད་ལ་སྟོང་མི་བལྟ། །སྟོང་ལས་གུད་ནས་སྟོང་མི་བལྟ། །དེ་ལྟ་བུར་ནི་གང་བལྟ་བ། །སྟོང་པ་མཐོང་ཞེས་བྱ་བའོ། །ཞེས་སོ། །དེ་ཡང་རེ་ཞིག་རྟེན་ཅིང་འབྲེལ་འབྱུང་ལ་བརྟེན་པའི་ཚུལ། རྩ་ཤེ་ལས། རྟེན་ཅིང་འབྲེལ་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་པ། །དེ་ཕྱིར་སྟོང་ཉིད་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་པས་དེ་བཤད་པ་ལ་གསུམ་གྱི་དང་པོ་གཤིས་རྟེན་ཅིང་འབྲེལ་འབྱུང་ནི། སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན། །གང་ནས་ཀྱང་ནི་མ་འོངས་ལ། །གང་དུའང་མ་སོད་མི་གནས་པ། །གཤིས་ལ་གནས་པའི་རྟེན་ཅིང་འབྲེལ། །ཆོས་ཅན་ཉིད་ཀྱང་སྐྱེ་འགག་ལྟར། །སྣང་དུས་ཉིད་ནས་སྟོང་པར་ཤར། །སྤྲོས་པའི་མཐའ་ལ་མི་གནས་པ། །དབུ་མའི་རང་བཞིན་ཉིད་དུ་བསྟན། །དེ་ལ་སྣང་བ་ནི་བསླུ་ཞིང་རྫུན་པ། །སྲིད་པ་ནི་གཡོ་ཞིང་འདུ་བྱེད་ལ། །འཁོར་བ་ནི་ཀུན་འབྱུང་རང་རྒྱུད་ལྡན། །མྱ་ངན་ལས་འདས་པའང་རང་བཞིན་པའི་ཆོས་ཉིད་ལ་མིང་གི་གདགས་པ་ཉིད་དེ་འདི་ལྟར་ཆོས་ཅན་དང་ཆོས་ཉིད་དུ་སྣང་བའི་ཆོས་ཐམས་ཅད་དང་པོ་གང་ནས་ཀྱང་འོངས་པ་མེད་པས་མ་སྐྱེས་པ་ཞེས་བྱ་སྟེ་འདས་པ་མ་ཡིན་ནོ། །བར་དུ་གང་དུའང་གནས་པ་མེད་པས་རང་བཞིན་མ་མཆིས་པ་སྟེ་ད་ལྟ་བ་མ་ཡིན་ནོ། །ཐ་མར་གང་དུ་འགྲོ་བའང་མེད་པས་མི་འབྱུང་བ་སྟེ་མ་འོངས་པ་མ་ཡིན་ནོ། །དེ་སྐད་དུ་ཡབ་སྲས་མཇལ་བ་ལས། ཆོས་འདི་དག་ཐམས་ཅད་ནི་དུས་གསུམ་དུ་མཉམ་པ་ཉིད་ཀྱིས་མཉམ་པ་དག་སྟེ། འདས་པའི་དུས་ན་ཡང་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ན་ད་ལྟར་བྱུང་བའི་དུས་ཀྱི་བར་


JL00_Page_0869
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ངོ་བོ་ཉིད་དང་བྲལ་བའོ། །ཞེས་སོ། །ཡང་འདི་ལྟར་སྣང་བ་འདི་སྣ་ཚོགས་སུ་སྣང་བ་ཙམ་ལས་རང་གི་ངོ་བོ་ཉིད་དུ་གྱུར་བའི་འཁྲུལ་གཞི་སྟེ་དེ་ལྟ་བུ་ཀུན་རྫོབ་ཙམ་དུའང་མེད་དེ། ལང་ཀར་གཤེགས་པ་ལས། ཇི་ལྟར་གཟུགས་རྣམས་མེ་ལོང་ལ། །གཅིག་དང་གཞན་རྣམས་རྣམ་སྤངས་པར། །སྣང་ཡང་དེ་ནི་ཡོད་མ་ཡིན། །ཞེས་སོགས་གསུངས་པ་ལྟར་རོ། །དེ་བས་ན་ཐལ་རང་གཉིས་ཀའི་གཞུང་ཆེ་ཆུང་རྣམས་སུ། བདེན་པར་མེད། ངོ་བོ་ཉིད་ཀྱིས་མེད། དེ་ཁོ་ནར་མེད། ཅེས་པ་ལ་སོགས་པས་དོན་དམ་ལ་དཔྱོད་པའི་རྟགས་ཀྱི་དགག་བྱ་ཕྲ་མོ་ཐམས་ཅད་འགོག་པའི་གནས་སྐབས་མཐའ་དག་ཏུ་ཆོས་ཅན་མཐུན་སྣང་དུ་གྲུབ་པ་མེད་པའི་སྟོང་པ་ཉིད་ལ་བརྟེན་ནས་གདགས་པ་གང་ཞིག་དབུ་མའི་ལམ་དུ་འདོད་པའི་ཚུལ། རྩ་ཤེ་ལས། རྟེན་ཅིང་འབྲེལ་བར་འབྱུང་བ་གང་། །དེ་ནི་སྟོང་པ་ཉིད་དུ་བཤད། །དེ་ནི་རྟེན་ནས་གདགས་པ་སྟེ། །དེ་ཉིད་དབུ་མའི་ལམ་ཡིན་ནོ། །ཞེས་སོ། །དེ་ལྟ་བུའི་ལམ་གྱི་སྤྲོས་པ་གཅོད་པའི་ཚུལ། དག་དང་མ་དག་བློ་བུར་བ། །དོན་ལ་མེད་ཀྱང་མེད་བཞིན་སྣང་། །ཀུན་ཏུ་བཏགས་པས་ཉེ་བར་ལེན། །རྟོག་ཅིང་དཔྱོད་པས་མཐའ་བཞི་བྱུང་། །ཡོད་དང་མེད་དང་རྟག་ཆད་དང་། །དབུས་ལ་གནས་པའང་མཁས་པ་མིན། དེ་ལ་རིགས་པའི་རྗེས་འབྲང་ཆོས་ཀྱི་གྲགས་པ་ལ་སོགས་པའི་དབུ་མ་ཐལ་འགྱུར་བས་ཀུན་གཞི་མི་འདོད་ཀྱང་བྱང་ཆུབ་སེམས་འགྲེལ་ལས། དེ་བཞིན་ཀུན་གཞིའི་རྣམ་ཤེས་ནི། །བདེན་མིན་བདེན་པ་བཞིན་ཏུ་ནི། །གང་ཚེ་འགྲོ་འོང་གཡོ་བར་འགྱུར། །ཞེས་ཡིད་ཀྱི་རྣམ་ཤེས་ཙམ་ལ་བཏགས་པའི་ཀུན་གཞི་ལ་རྣམ་པར་ཤེས་པའི་ཚོགས་དྲུག་ལངས་པས་ཕྱི་དོན་དུ་སྣང་བའི་འཁྲུལ་སྣང་ངོ་བོ་ལ་མེད་བཞིན་གློ་བུར་དུ་


JL00_Page_0870
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ། མ་རིག་པས་བསླང་བ། ཀུན་ཏུ་བརྟགས་པ་ཅན་གྱི་བློས་ཡོད་མེད་ལ་སོགས་པའི་མཐའ་བཞིར་ཐལ་བའི་མཐའ་མཐོང་བ་ཙམ་ནི་ཚངས་པའི་གྲུབ་མཐའ་ལའང་ཡོད་དེ། དངོས་པོར་བདེན་པ་ཡོད་མ་ཡིན། །མི་བདེན་དངོས་པོ་མེད་མ་ཡིན། །དེ་དག་གཉིས་ཀྱི་མཐའ་མཐོང་བ། །དེ་ནི་ང་ཉིད་མཐོང་བའོ། །ཞེས་སྨྲ་བའི་ཕྱིར་རོ། །དེ་བས་ན་ཀུན་རྫོབ་བདེན་པ་བཀག་ནས་རྫུན་པར་སྒྲུབ་པའམ། དོན་དམ་ལ་སྤྲོས་པ་བཀག་ནས་སྤྲོས་མེད་བསྒྲུབ་པ་ལྟར་མ་ཡིན་ཏེ་གང་ལ་ཞེན་པ་དངོས་སུ་བཀག་ཀྱང་ཤུགས་ལ་གང་ཡང་མི་བསྒྲུབ་པའི་ཚུལ་གྱིས་མཐར་འཛིན་གྱི་ལྟ་བ་ལས་ཡང་དག་པར་གྲོལ་ཞིང་དབུས་ལའང་མི་གནས་པ་དེ་ནི་དབུ་མ་ཐལ་འགྱུར་བའི་བཞེད་པ་མ་ནོར་བ་ཡིན་ཏེ། ཏིང་ངེ་འཛིན་རྒྱལ་པོ་ལས། རྟོག་ཅན་དག་གིས་ཡོད་དང་མེད་ཅེས་བཏགས། །དེ་ལྟར་དཔྱོད་པས་སྡུག་བསྔལ་ཞི་མི་འགྱུར། །ཡོད་དང་མེད་ཅེས་བྱ་བ་གཉིས་ཀ་མཐའ། །གཙང་དང་མི་གཙང་འདི་ཡང་མཐའ་ཡིན་ཏེ། །མཁས་པས་དབུས་ལའང་གནས་པ་ཡོད་མི་འགྱུར། །ཞེས་སོ། །དེ་ལྟ་བུའི་གནས་ལུགས་མ་རྟོགས་ན་གཞི་ཐ་དད་པའི་རྟག་ཆད་སེལ་བ་ཙམ་ནི་འཇིག་རྟེན་པའི་ལྟ་བ་ལའང་ཡོད་པས་ཕྱིར་མི་ལྡོག་པའི་འཁོར་ལོའི་མདོ་ལས། ཡོད་ཅེས་བྱ་བ་མཐའ་གཅིག་སྟེ། །མེད་ཅེས་བྱ་བ་གཉིས་པ་ཡིན། །དེ་ནི་བདག་དང་བདག་མེད་མཚུངས། །རྟག་པ་དང་ནི་ཆད་པ་མཚུངས། །ཞེས་ཉེས་པ་བསལ་བའི་ཚུལ་བཀའ་བསྩལ་པ་ཡིན་ནོ། །དེ་བས་ན། ཇི་ལྟར་དར་གྱི་སྲིན་བུ་བཞིན། །འདོད་པའི་གྲུབ་མཐས་རང་ཉིད་བཅིངས། །འདི་ན་བློ་ཡིས་བཏགས་པའི་ཆོས། །སྐྱེ་འགག་གནས་དང་འགྲོ་འོང་མིན། །དོན་གཅིག་མ་ཡིན་ཐ་དད་མིན། །རྟག་པ་མ་ཡིན་ཆད་པ་མིན། །སྤྲོས་པ་མཐའ་


JL00_Page_0871
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཉེར་ཞི་བའི། །རང་བཞིན་ཉིད་དུ་ཤེས་པ་ནི། །བསམ་བྱུང་ཤེས་རབ་ངོ་བོ་ཡིན། འདི་ལྟར་ཡོད་མེད་རྟག་ཆད་ལ་སོགས་པའི་དོན་གྲུབ་མཐས་གཏན་ལ་ཕབ་ནས་ངོ་བོ་ཉིད་མེད་པའི་དོན་ལ་འཇུག་དགོས་ཀྱང་གྲུབ་མཐས་གཞལ་བྱེད་ཀྱི་བློ་དང་གཞལ་བྱའི་མཚན་ཉིད་ཀྱི་ཆ་ནས་མཐའ་དབུས་གང་དུའང་མི་གནས་པའི་གྲུབ་མཐའ་དེ་ཉིད་རང་སྒྲ་རྟོག་དང་ཞེན་པའི་ཡུལ་དུ་ཡོད་པས་སྔ་རབས་ཁ་ཅིག་དེ་ལྟར་འདོད་པ་ནི་བཟང་པོ་མ་ཡིན་ཏེ། དར་གྱི་སྲིན་བུ་ལ་འཆིང་བྱེད་གཞན་མེད་ཀྱང་རང་ཉིད་ཀྱི་ཁ་ཆུས་འཆིང་བ་དང་མཚུངས་པའི་ཚུལ་ལང་ཀའི་མདོ་ལས། དངོས་པོར་ཤེས་པའི་སྒྲ་འཛིན་པ། །ཇི་ལྟར་དར་གྱི་སྲིན་བུ་བཞིན། །བྱིས་པ་མཚམས་སྦྱོར་མི་མཁས་པ། །རང་གི་གྲུབ་མཐའ་དམན་པས་འཆིང་། །ཞེས་པ་ལྟར་རོ། །དེ་བས་ཆོས་ཐམས་ཅད་ཀྱི་རང་བཞིན་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་གནས་པའང་། སྐྱེ་མེད་གནས་ལུགས་ཡིན་པས་འགག་མེད་གཤིས་ལ་གྲུབ་པ་སྟེ། བདེན་གཉིས་ལ་འཇུག་པ་ལས། །སྔ་མ་ཕྱི་མའི་རྟེན་ཡིན་པས། །མ་སྐྱེས་པའི་ཕྱིར་མི་འགག །ཞེས་པའི་དོན་གྱིས་ཆོས་ཐམས་ཅད་གདོད་མ་ནས་མྱ་ངན་ལས་འདས་པ་མི་འབྱུང་བ་དང་། རང་བཞིན་མ་མཆིས་པ་དང་། གནས་མ་མཆིས་པ་དང་། དངོས་པོ་མ་མཆིས་པ་དང་། རྣམ་པར་རིག་པ་མ་མཆིས་པ་ཉིད་དུ་མགོན་པོ་བྱམས་པས་གཏན་ལ་ཕབ་ཅིང་། དེ་ཡང་རྟེན་འབྲེལ་ཙམ་གྱི་ངོས་ནས་ཕན་ཚུན་ལྟོས་གྲུབ་ཏུ་གནས་པའི་ཚུལ། འདི་ལྟར་སྐྱེ་འགག་གཉིས། རྟག་ཆད་གཉིས། འགྲོ་འོང་གཉིས་ཏེ་མེད་པ་དྲུག །ཐ་དད་པ་དང་དོན་གཅིག་པ་སྟེ་གཉིས་ཀ་མིན་པ་གཉིས་རྣམས་ལས་མཐའ་བརྒྱད་ཀྱི་སྤྲོས་པ་ཉེ་བར་ཞི་བའི་ཚུལ། རྩ་ཤེ་ལས། གང་གིས་རྟེན་ཅིང་འབྲེལ་བར་འབྱུང་། །འགག་པ་


JL00_Page_0872
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཅིང་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མན། །སྤྲོས་པ་ཉེར་ཞི་ཞིར་བསྟན་པ། །ཞེས་སོ། །དེ་ལྟ་བུའི་ལྟོས་གྲུབ་ཀྱང་དོན་དམ་པར་སྐྱེ་འཇིག་གནས་གསུམ་དང་བྲལ་བའི་ཚུལ་རྣམ་པར་རིག་པ་ཅན་གྱི་ཤེས་པ་ལ་གནས་མ་མཆིས་པའི་དོན་ལས་ཤེས་པར་བྱར་ཡོད་དེ། རིགས་པ་དྲུག་ཅུ་པ་ལས། གནས་མེད་དམིགས་པ་ཡོད་མ་ཡིན། །ཞེས་རྣམ་པར་རིག་པ་ཅན་གྱི་གནས་ནི་མིག་སོགས་དྲུག །དམིགས་པའི་གཟུགས་སོགས་ཡུལ། རྩ་བ་ནི་ཀུན་གཞི་བག་ཆགས། གནས་པ་ནི་རྣམ་པར་ཤེས་པ་སྟེ་བཞི་པོ་དེ་དག་རྟེན་འབྲེལ་ཙམ་གྱི་ཕན་ཚུན་ལྟོས་གྲུབ་ཏུ་གནས་ཀྱང་མདོ་ལས། ཆོས་ཐམས་ཅད་ཀུན་གཞི་མེད་པའོ། །ཞེས་དང་། ཆོས་ཀྱི་རྒྱལ་པོའི་མདོ་ལས། རིགས་ཀྱི་བུ་ཐར་བར་གྲོལ་བར་འདོད་ན། འདོད་པའི་ཡན་ལག་བཅད་ལ་སེམས་གཉིས་སུ་མི་བསམ། གཅིག་ཏུ་བསམས་ཏེ་ཡོད་པ་དང་མེད་པའི་སེམས་བཏང་ངོ་། །སེམས་ཀྱི་ངོ་བོ་ཉིད་ཀྱི་ཚུལ་ན་སྟོང་པ་སྟེ། །སེམས་ཀྱི་ངོ་བོ་ཉིད་ནི་འགྲོ་བའང་མེད། །འོང་བའང་མེད། བླང་བའང་མེད། དོར་བའང་མེད་དེ། ཅི་ཡང་མེད་པ་འདིའི་མིང་ནི་བྱང་ཆུབ་བོ། །ཞེས་པས་ཕྱི་གཟུང་བའི་རྣམ་རིག་དང་། ནང་འཛིན་པའི་རྣམ་རིག་གཉིས་ཀ་བརྟག་བཟོད་པ་མ་ཡིན་ཞིང་། རང་གི་ངོ་བོས་སྟོང་པའི་ཆོས་ཉིད་ལ་ཁས་ལེན་གྱི་སྤྲོས་པ་མཐའ་དག་རང་བཞིན་གྱིས་ཉེ་བར་ཞི་བ་ནི་བསམ་བྱུང་གི་མཐའི་ཤེས་རབ་བློ་ལས་འདས་ཤིང་སྨྲ་བསམ་བརྗོད་པ་དང་བྲལ་བ་ཡིན་ཏེ། ཀླུ་སྒྲུབ་ཞབས་ཀྱི་དབུ་མ་རིན་ཆེན་སྒྲོན་མར། ཁས་བླངས་པ་ཡི་དངོས་པོ་ནི། །ཕྲ་རབ་ཙམ་ཡང་ཡོད་མིན་ཏེ། །གདོད་ནས་སྐྱེ་བ་མེད་པའི་ཕྱིར། །མོ་གཤམ་གྱི་ནི་བུ་བཞིན་ནོ། །དཔེར་ན་བུད་མེད་མོ་གཤམ་ལ། ཁྱེད་ཀྱི་བུ་ནི་གང་


JL00_Page_0873
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་དྲིས། །དེ་ལ་དེ་ནི་ཡོད་མིན་པས། །སྨྲ་བར་ནུས་པ་མ་ཡིན་ནོ། །ཞེས་སོ། །གཉིས་པ་འཁོར་བའི་རྟེན་ཅིང་འབྲེལ་འབྱུང་ནི། །སྣང་ཡུལ་ས་ཆུ་མེ་རླུང་མཁའ། །རི་དང་ནགས་ཚལ་ཁང་བུ་བརྩེགས། །འདུ་བྱས་རྒྱུ་ལས་ཐམས་ཅད་སྐྱེས། །འཁོར་བ་རྟེན་ཅིང་འབྲེལ་འབྱུང་ཡིན། །འདི་ལྟར་ལང་ཀར་གཤེགས་པ་ལ་སོགས་པ་ཟབ་མོའི་མདོ་སྡེ་དག་ལས་ཀུན་གཞིའི་རྣམ་པར་ཤེས་པ་དགོངས་པ་ཅན་གྱི་གསུངས་པ་དེས། ཐོག་མར་མུ་སྟེགས་ཅན་གྱི་ལུགས་བསལ་བའི་དོན་ཆེན་པོ་འདྲེན་པར་འགྱུར་བ་དང་ཕྱི་ནས་གསུང་རབ་ཟབ་མོའི་དོན་རིག་པ་རྣམས་ཀྱིས་ཀུན་གཞིའི་རྣམ་ཤེས་ཡོད་པར་འཛིན་པ་སྤོང་བ་ཉིད་དེ། འདིར་རེ་ཞིག་འཁོར་བའི་རྟེན་ཅིང་འབྲེལ་འབྱུང་ཅན་དག་ནི་ཤེས་པ་རྟོག་མེད་ཡེངས་ཐབས་ཀྱི་དུས་སྣང་ཡུལ་འཛིན་པའི་ཀུན་གཞི་དང་། གསལ་སྣང་ལ་དེར་འཛིན་མི་འཇུག་པ་དེའི་རྣམ་ཤེས། དེ་སྒོ་ལྔའི་ཡུལ་ལ་དགག་བསྒྲུབ་གཟུང་འཛིན་དུ་རྟེན་ཅིང་འབྲེལ་བས་རྣམ་ཤེས་བདུན་དུ་བཏགས་པའི་འཁྲུལ་ངོ་ལ་འབྱུང་བ་ལྔ་དང་། རི་དང་། ནགས་ཚལ་དང་། ཁང་བརྩེགས་དང་། རྫམ་དང་། སྣམ་བུ་དང་། རེ་ལྡེ་དང་། ས་བོན་ལས་མྱུ་གུ་དང་། ཞོ་ལས་མར་བསྐྱེད་པ་ཇི་བཞིན་དུ་འདུ་བྱེད་ཀྱི་རྒྱུ་ལས་བྱུང་བའི་བེམ་པོ་མཐའ་དག་ནི་ཕྱིའི་རྟེན་ཅིང་འབྲེལ་བར་འབྱུང་བ་སྟེ། གཅིག་ལ་གཅིག་བལྟོས་ཀྱི་ཚུལ་དུ་བྱུང་བའོ། །དེ་སྐད་དུ། ལང་ཀར་གཤེགས་པ་ལས། བློ་གྲོས་ཆེན་པོ། ཇི་ལྟར་འཛིན་པའི་གོང་བུ་ལས་རྫ་མ་བྱུང་བ་དེ་བཞིན་དུ་ཐག་ལས་སྣམ་བུ་དང་། རྩི་སྐྱང་ལས་རེ་ལྡེ་དང་། ས་བོན་ལས་མྱུ་གུ་དང་། སྲུབ་མ་ལ་སོགས་པ་མིའི་ནན་ཏན་དང་ཞོ་ལས་མར་འབྱུང་བ་འདི་ནི། བློ་གྲོས་ཆེན་པོ། ཕྱིའི་རྟེན་ཅིང་འབྲེལ་བར་འབྱུང་བ་སྔ་མ་ལས་ཕྱི་མར་


JL00_Page_0874
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བའོ། །ཞེས་སོ། །ནང་གི་རྟེན་ཅིང་འབྲེལ་འབྱུང་ནི། །མ་རིག་པ་ལས་འདུ་བྱེད་སྟེ། །དེ་བཞིན་གཅིག་ལ་གཅིག་བརྟེན་གྱིས། །རྒ་ཤིའི་བར་དུ་འབྲེལ་བ་ནི། །ནང་གི་རྟེན་ཅིང་འབྲེལ་བར་འབྱུང་། །དེ་ལ་ཐེག་པ་ཆེན་པོའི་ལུགས་ནི་སྔར་བཤད་ཟིན་ལ། འདིར་ཉན་ཐོས་ཀྱི་སྡེ་སྣོད་ཀྱི་དབང་དུ་བྱས་ན། ཚེ་སྔ་མའི་ཉོན་མོངས་པ་སྤྱོད་དུས་ཀྱི་ཕུང་པོ་དེ་ནི་མ་རིག་པའོ། །དེ་བཞིན་དུ་སྔ་མའི་ལས་གསོག་དུས་ཀྱི་ཕུང་པོ་ལྔ་ནི་འདུ་བྱེད་དོ། །དེ་ནས་མའི་མངལ་དུ་ཉིང་མཚམས་སྦྱོར་བའི་གནས་སྐབས་ཀྱི་ཕུང་པོ་ལྔ་ནི་རྣམ་ཤེས་སོ། །དེ་ནས་མེར་མེར་པོ་ལ་སོགས་འགྱུར་བའི་གནས་སྐབས་ལྔ་ཉམས་སུ་མྱོང་ནས་དབང་པོའི་སྒོ་མདོད་ཀྱི་བར་གྱི་ཕུང་པོ་ལྔ་ནི་མིང་དང་གཟུགས་སོ། །དབང་པོའི་སྒོ་དོད་ནས་ཡུལ་ལ་སྤྱོད་མི་ནུས་པའི་བར་གྱི་ཕུང་པོ་ལྔ་ནི་སྐྱེ་མཆེད་དྲུག་གོ །དབང་པོ་ཡུལ་ལ་སད་པ་ནས་བཟུང་སྟེ་བདེ་སྡུག་གི་བྱེ་བྲག་མི་ཤེས་པའི་བར་གྱི་ཕུང་པོ་ལྔ་ནི་རེག་པའོ། །བདེ་སྡུག་སྟངས་ཕྱེད་པ་ནས་བཟུང་སྟེ་འཁྲིག་པའི་བདེ་བ་ཉམས་སུ་མྱོང་མི་ནུས་ཀྱི་བར་གྱི་ཕུང་པོ་ལྔ་ནི་ཚོར་བའོ། །འཁྲིག་པ་བསྟེན་ནུས་པ་ནས་བཟུང་སྟེ་འདོད་པའི་ཡུལ་དང་དུ་མ་བླངས་ཀྱི་བར་གྱི་ཕུང་པོ་ལྔ་ནི་སྲེད་པའོ། །འདོད་པའི་ཡུལ་དང་དུ་བླངས་པའི་གནས་སྐབས་ཀྱི་ཕུང་པོ་ལྔ་ནི་ལེན་པའོ། །དེ་ནས་ལས་གསོག་པའི་གནས་སྐབས་ཀྱི་ཕུང་པོ་ལྔ་ནི་སྲིད་པའོ། །དེ་ནས་ཚེ་ཕྱི་མའི་ཐོག་མར་མའི་མངལ་ནས་བྱུང་བའི་ཕུང་པོ་ལྔ་པོ་དེ་ནི་སྐྱེ་བའོ། །དེ་ནས་ཕྱི་མའི་མིང་དང་གཟུགས་སྐྱེ་མཆེད་དྲུག །རེག་པ། སྲེད་པ། ཚོར་བ་བཞི་པོ་ནི་རྒ་ཤི་ཉིད་དེ་མཛོད་ལས། སྔོན་དང་ཕྱི་མཐར་གཉིས་གཉིས་དང་། །བར་དུ་བརྒྱད་ཡོངས་རྫོགས་ལྡན་པ། །མ་རིག་ཉོན་མོངས་སྔོན་གནས་སྐབས། །འདུ་བྱེད་དག་ནི་སྔོན་ལས་ཀྱི། །རྣམ་ཤེས་མཚམས་སྦྱོར་ཕུང་པོ་ཡིན། །མིང་དང་གཟུགས་ནི་དེ་ཕན་ཆད། །སྐྱེ་མཆེད་དྲུག་དོན་ཚུན་ཆད་དེ། །དེ་ནི་གསུམ་འདུས་ཆུན་ཆད་དོ། །རེག་པ་བདེ་


JL00_Page_0875
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་ལ་སོགས་ཀྱི། །རྒྱུ་ཤེས་ནུས་པ་ཚུན་ཆད་དོ། །ཚོར་འཁྲིག་ཚུན་ཆད་སྲེད་པ་ནི། །ལོངས་སྤྱོད་འཁྲིག་པ་ཆགས་ཅན་གྱི། །ཉེ་བར་ལེན་པ་ལོངས་སྤྱོད་རྣམས། །ཐོབ་པར་བྱ་ཕྱིར་ཡོངས་རྒྱུག་པ། །དེ་སྲིད་འབྲས་བུ་འབྱུང་འགྱུར་བའོ། །ཉིང་མཚམས་སྦྱོར་བ་སྐྱེ་བ་ཡིན། །ཚོར་བའི་བར་ནི་རྒ་ཤི་ཡིན། །ཞེས་དང་། སཱ་ལུ་ལྗང་པ་ལས་ཀྱང་། མིང་དང་གཟུགས་ཀྱི་སྐྱེ་མཆེད་གང་ཡིན་པ་དེ་ནི་རྒ་ཤིའོ། །སྐྱེ་བ་སྟེ་ཚོར་བའི་བར་དུ་ཡང་དེ་དང་འདྲའོ། །ཞེས་སོ། །དེ་ལྟ་བུའི་རྟེན་འབྲེལ་བཅུ་གཉིས་རྫོགས་ཚུལ་ལ་སྐད་ཅིག་དང་རྒྱུན་ཆགས་གཉིས་ལས། དང་པོ་ནི། བྱ་རྫོགས་ཀྱི་སྐད་ཅིག་གི་དབང་དུ་བྱས་ན། བདག་གཞན་གཉིས་ཀའི་དབང་གིས་སྲོག་གཅོད་དུས་མི་ཤེས་པའི་སྡིག་ཏོའི་སེམས་ཡིན་པ་དེ་ནི་མ་རིག་པ་ལས་ལ་འཇུག་པའི་ཆ་ནི་འདུ་བྱེད། ལས་བྱེད་དུས་ཀྱི་རྣམ་རིག་ནི་རྣམ་ཤེས་རང་དང་གཞན་གྱི་མིང་གཟུགས་དང་སྐྱེ་མཆེད་དྲུག །མཚོན་ཆ་བསྣུན་པའི་ཆ་ནི་རེག་པ། དེ་ལས་བདེ་སྡུག་གི་ཆ་ནི་ཚོར་བ། དང་དུ་ལེན་པ་ལ་ཕྱི་ཕྱིར་དགའ་བའི་སེམས་ནི་སྲེད་པ། དེ་ལས་སྐྱེ་བ་ཕྱི་མར་འཇུག་པས་ལེན་པ། དེ་ལས་ཕུང་པོ་ལྔའི་ཆ་ལྡན་སྲིད་པ། དེ་ལས་ད་ལྟ་དང་ཕྱི་མའི་ཆ་སྐྱེ་བ། དེའི་ཆའི་རྒ་ཤི་སྟེ་བྱ་བ་གཅིག་མགོ་བརྩམས་ནས་རྫོགས་པའི་བར་གྱི་སྐད་ཅིག་ལ་ཚང་བའོ། །ཡང་ཤེས་བྱ་ལ་ཤེས་པ་ཝལ་གྱིས་འཇུག་པ་ལ་དུས་མཐའི་སྐད་ཅིག་དང་། དེ་ལྟ་བུའི་ཡུན་བརྒྱ་ཉི་ཤུ་ལ་དེའི་སྐད་ཅིག་སྟེ་རྣམ་གྲངས་གསུམ་མོ། །གཉིས་པ་ནི། ཉན་ཐོས་བལྟར་ན་རྒྱུ་འབྲས་ཚར་གཅིག་ཚེ་གསུམ་ལ་རྫོགས་པར་འདོད་དེ། འདི་ལྟར་ཚེ་སྔ་མའི་མ་རིག་པ་དང་འདུ་བྱེད་ཀྱི་རྒྱུ་བྱས་པ་ལ་བརྟེན་ནས་འབྲས་བུ་ཚེ་འདིར་རྣམ་ཤེས་ལ་སོགས་པ་ལྔ་པོ་བྱུང་ལ། ཚེ་འདིའི་སྲེད་ལེན་སྲིད་པ་གསུམ་ཕྱི་རྒྱུ་བྱས་པ་ལ་བརྟེན་ནས་


JL00_Page_0876
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་ཕྱི་མའི་སྐྱེ་བ་རྒ་ཤི་གཉིས་བསྐྱེད་དོ། །དེ་ལྟར་ཤེས་པའི་དགོས་པའང་མཛོད་ལས། །སྔོན་དང་ཕྱི་མཐའ་བར་དག་ལ། །རྨོངས་པ་རྣམ་པར་ལྡོག་ཕྱིར་རོ། །ཞེས་སོ། །གསུམ་པ། མྱང་འདས་རྟེན་ཅིང་འབྲེལ་འབྱུང་ནི། །ལམ་དང་འབྲས་བུ་གཉིས་སུ་གནས། །ལམ་ནི་འཁོར་བའི་རྟེན་ཅིང་འབྲེལ། །ལུགས་སུ་འཇུག་པ་བཅུ་གཉིས་ཀྱི། །རྩ་བ་མ་རིག་ཆེན་པོ་ནི། །རིག་པའི་ཡེ་ཤེས་ཀྱིས་ལྡོག་པས། །འདུ་བྱེད་ལ་སོགས་གཞན་རྣམས་ཀྱང་། །ལུགས་ལྡོག་སྲིད་པའི་རྩ་བ་ཆད། །དེ་ལྟར་རྟེན་ཅིང་འབྲེལ་འབྱུང་གི །མཚན་ཉིད་མཐོང་བའི་སྐྱེས་བུ་ཡིས། །སྡུག་བསྔལ་ཤེས་ཤིང་ཀུན་འབྱུང་སྤོང་། །འགོག་པ་མངོན་གྱུར་ལམ་མཆོག་མཐོང་། །དེ་ལ་ལམ་ནི་འཁོར་བ་རྟེན་ཅིང་འབྲེལ་འབྱུང་ལུགས་སུ་འཇུག་པ་བཅུ་གཉིས་པོའི་རྒྱུའམ། རྩ་བ་ནི་མ་རིག་པ་ཁོ་ན་ཡིན་པས། དེ་རིག་པའི་ཡེ་ཤེས་ཀྱི་ལྡོག་པའང་ཐོས་བསམ་བསྒོམ་པའི་ཤེས་རབ་ཀྱིས་རྒྱུད་གོམས་པར་བྱས་པ་འབའ་ཞིག་ལ་བརྟེན་ནས་ཀུན་ཏུ་རྟོག་པ་དང་། རྣམ་པར་རྟོག་པ་དང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་། བདག་ཏུ་སྒྲོ་འདོགས་པའི་ལྟ་བ་ཀུན་ནས་ལྡང་ཐམས་ཅད་ཀྱི་རྩ་བར་གྱུར་བ་མ་རིག་པ་ཉིད་ལྡོག་པས། འཁོར་བའི་རྩ་བ་འདུ་བྱེད་ལ་སོགས་པ་གཞན་དག་དབང་མེད་དུ་འགགས་སྲིད་པར་འཇུག་པའི་རྒྱུ་ཟད་ནས་འཁོར་བའི་རྒྱ་མཚོ་ལས་ཐར་བར་འགྱུར་ཏེ། རྩ་ཤེ་ལས། མ་རིག་འགགས་པར་གྱུར་ན་ནི། །འདུ་བྱེད་རྣམས་ཀྱང་འབྱུང་མི་འགྱུར། །མ་རིག་འགགས་པར་འགྱུར་བ་ནི། །ཤེས་པས་དེ་ཉིད་སྒོམ་པའོ། །དེ་དང་དེ་ནི་འགགས་གྱུར་བས། །དེ་དང་དེ་ནི་མངོན་མི་འབྱུང་། །སྡུག་བསྔལ་ཕུང་པོ་འབའ་ཞིག་པ། །དེ་ནི་དེ་ལྟར་ཡང་དག་འགག །ཞེས་སོ། །དེ་ལྟར་ཆོས་ཐམས་ཅད་ཀྱང་ངོ་བོ་ཐ་མི་དད་པས་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་བལྟོས་ཤིང་གྲུབ་པའི་མཚན་ཉིད་ཡང་དག་


JL00_Page_0877
[མ་དཔེ་གཟིགས་ན་འདིར་གནོན།]

པར་མཐོང་བ་དེས་བྱིས་པའི་བློ་ཅན་རྣམས་ངོ་བོ་ཉིད་མེད་པའི་དངོས་པོ་རྣམས་ལ་མངོན་པར་ཞེན་པའི་དབང་གིས་འཁོར་བ་ན་ཀུན་ཏུ་འཁྱམས་ཤིང་སྡུག་བསྔལ་བ་དང་། ཀུན་འབྱུང་བ་ལ་དམིགས་པའི་ཆོས་དེ་ཡང་བདག་མེད་པར་རྟོགས་པས་ཕུང་པོ་ལྔ་པོ་ལ་སོ་སོར་རྟོག་པའི་རྣམ་པར་རིག་པ་ཉིད་རང་བཞིན་གྱིས་སྐྱེ་བ་མེད་པའི་ངང་དུ་འགོག་པའི་ཚུལ། འཕགས་པ་དཀོན་མཆོག་སྤྲིན་ལས། ཇི་ལྟར་བྱང་ཆུབ་སེམས་དཔའ་བདག་མེད་པ་ལ་མཁས་པ་གང་ཡིན་ཞེ་ན། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་ཡང་དག་པའི་ཤེས་རབ་ཀྱིས་གཟུགས་ལ་སོ་སོར་རྟོག །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་སོ་སོར་རྟོག་སྟེ། དེ་གཟུགས་ལ་སོ་སོར་རྟོག་པ་ན་གཟུགས་ཀྱི་སྐྱེ་བ་མི་དམིགས། ཀུན་འབྱུང་བ་མི་དམིགས། འགོག་པ་མི་དམིགས་སོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་སྐྱེ་བ་མི་དམིགས་སོ། །དེ་ཡང་དོན་དམ་པར་སྐྱེ་བ་མེད་པར་གནས་པའི་ཤེས་རབ་ཀྱིས་ཡིན་གྱི་ཐ་དད་པའི་ངོ་བོ་ཉིད་ཀྱིས་ནི་མ་ཡིན་ནོ། །ཞེས་སོ། །དེ་བས་ན་དོན་དམ་པར་མྱ་ངན་ལས་འདས་པའང་རྐྱེན་ལ་རག་ལས་པར་མཐོང་བའི་བློའི་རྣམ་པ་ཉེ་བར་ཞི་བ་ནི་ཆོས་ཐམས་ཅད་ལ་བདག་དང་ངོ་བོ་ཉིད་མེད་པར་མཐོང་བའི་ལམ་གྱི་མཆོག་མ་མཐོང་བའི་མཐོང་བ་ཆེན་པོ་ཞེས་བྱ་སྟེ། མདོ་ལས། མ་མཐོང་བ་ནི་མཐོང་བ་དམ་པའོ། །ཞེས་དང་། འཕགས་པ་ལང་ཀར་གཤེགས་པ་ལས། གཞན་དག་ནི་ཆོས་ཐམས་ཅད་རྐྱེན་ལ་རག་ལས་པར་མཐོང་ནས་མྱ་ངན་ལས་འདས་པའི་བློར་འགྱུར་ཏེ། ཆོས་ལ་བདག་མེད་པར་མཐོང་བ་མེད་པའི་ཕྱིར་བློ་གྲོས་ཆེན་པོ་དེ་དག་ལ་ཐར་བ་མེད་དོ། །ཞེས་བཀའ་བསྩལ་བ་ཡིན་ནོ། །དེ་ལྟར་སྣང་བ་སྐྱེ་མེད་དུ། །བསམ་པས་


JL00_Page_0878
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་ལ་ཕབ་པ་དེའི། །རང་བཞིན་ཤེས་པའི་ཆོས་ཉིད་ལ། །བསྒོམ་པའི་ཤེས་རབ་ཅེས་སུ་གྲགས། །དེ་སྐད་དུ་འཕགས་པ་དཀོན་མཆོག་སྤྲིན་ལས། དེ་ལྟར་བསམས་པའི་ཤེས་རབ་ཀྱིས་ཡང་དག་པའི་དོན་བྱེ་བྲག་ཕྱེད་པར་བྱས་ལ་དེ་མངོན་སུམ་དུ་བྱ་བའི་ཕྱིར་བསྒོམ་པའི་ཤེས་རབ་བསྐྱེད་དོ། །ཐོས་པ་ལ་སོགས་པ་ཙམ་གྱིས་དོན་མངོན་སུམ་དུ་མི་འགྱུར་རོ། །ཞེས་བཀའ་བསྩལ་ཏོ། །དེ་ལ་རང་བཞིན་ཤེས་པ་ནི་མངོན་སུམ་པའི་ལམ་ཆོས་ཐམས་ཅད་རང་བཞིན་མེད་པའི་དོན་གང་ཡིན་པ་ཉིད་བསྒོམ་པའི་ཤེས་རབ་ཏུ་བཟུང་སྟེ། འཕགས་པ་སྡུད་པ་ལས། ཆོས་རྣམས་རང་བཞིན་མེད་པར་ཡོངས་སུ་ཤེས་གྱུར་བ། །དེ་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་སོ། །དེ་ཕྱིར་བསྒོམ་པའི་ཤེས་རབ་ནི་ཆོས་ལ་བདག་མེད་པར་མཐོང་ཞིང་། རང་བཞིན་མེད་པའི་དོན་ལ་རང་བཞིན་གྱིས་རྣལ་དུ་འབྱོར་བས་སྣང་བ་མེད་པའི་ཡེ་ཤེས་མཐོང་བ་ཉིད་ཡིན་ཏེ། དེ་ལ་དངོས་པོ་དང་དངོས་པོ་མེད་པའི་ཡིད་བྱེད་ཀྱི་བློས་བསྒོམ་དུ་མེད་ཀྱང་། གདོད་ནས་རང་བཞིན་གྱིས་ཤིན་ཏུ་རྣམ་པར་གྲོལ་བའི་ཤེས་རབ་ཀྱི་དབྱིངས་ལ་དྲན་པ་ཉེ་བར་འཇོག་པ་གང་ཞིག་ལ་བསྒོམ་པའི་ཐ་སྙད་བཏགས་པ་སྟེ། འཕགས་པ་བདེན་པ་གཉིས་བསྟན་པ་ལས། དེ་དོན་དམ་པར་ཤིན་ཏུ་དངོས་པོ་མེད་ཀྱང་ཀུན་རྫོབ་ཏུ་ཡང་ལམ་བསྒོམ་པར་བྱེད་དོ། །ཞེས་དང་། ཏིང་ངེ་འཛིན་རྒྱལ་པོ་ལས། ཁྱོད་ཀྱིས་ཁོང་དུ་ཆུད་པར་བྱམས་པར་བྱ། །ཞེས་བཀའ་བསྩལ་བས་མཉམ་པར་གཞག་པ་ནི་བསྒོམ་པའི་ཤེས་རབ་དང་སྟབས་གཅིག་པ་ཉིད་དེ། དེས་གཤིས་ཀྱི་བཞུགས་ཚུལ་ཇི་ལྟ་བ་ལ་རེག་པར་འགྱུར་བའི་ཚུལ་ཡང་བཅོམ་ལྡན་འདས་ཀྱིས། མཉམ་པར་གཞག་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ། །ཞེས་བཀའ་བསྩལ་ཏོ། །དེའི་རང་བཞིན་མངོན་སུམ་པ་གཏན་ལ་དབབ་པའི་ཕྱིར། །ནམ་མཁའ་


JL00_Page_0879
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་དག་པའི་དབྱིངས། །བསྒོམ་པའི་དོན་དང་རོ་གཅིག་པ། །དེ་ལ་གཟུགས་སོགས་ཕུང་པོ་ལྔ། །ཚོགས་བརྒྱད་ཀུན་ཀྱང་ཡོད་མ་ཡིན། །འདི་ལྟར་ནམ་མཁའ་ནི་གཟུང་དུ་མེད་པ། བསྟན་དུ་མེད་པ། གཟུགས་ཅན་མ་ཡིན་པ། མཐའ་དང་དབུས་མེད་པ་དེ་བཞིན་དུ། སེམས་ནི་བཙལ་ན་མི་རྙེད་པ། དམིགས་པ་ལས་འདས་པ། ཐོག་མ་དང་། བར་དང་། ཐ་མར་རྗེས་སུ་མི་མཐོང་བ། གཟུགས་ལ་སོགས་པའི་ཕུང་པོ་ལྔ་དང་བྲལ་བ། འདུས་མ་བྱས་ཡིན་པས་རྣམ་པར་ཤེས་པའི་ཚོགས་བརྒྱད་ལས་འདས་པ་སྟེ། ཡུམ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི་ནམ་མཁའ་བསྒོམ་པ་སྟེ། ནམ་མཁའ་ལ་ནི་གཟུགས་མ་མཆིས། ཚོར་བ་མ་མཆིས། འདུ་ཤེས་མ་མཆིས། འདུ་བྱེད་མ་མཆིས། རྣམ་པར་ཤེས་པ་མ་མཆིས། ཞེས་པ་ནས། སངས་རྒྱས་མ་མཆིས་སོ་ཞེས་པའི་བར་གྱིས་གསུངས་པ་དང་། སྡུད་པ་ལས། གཟུགས་རྣམས་མི་མཐོང་ཚོར་བ་དག་ཀྱང་མི་མཐོང་ཞིང་། །འདུ་ཤེས་མཐོང་བ་མེད་ལ་སེམས་པ་མི་མཐོང་ཞིང་། །གང་ལ་རྣམ་པར་ཤེས་དང་སེམས་ཡིད་མཐོང་མེད་པ། །འདི་ནི་ཆོས་མཐོང་ཡིན་ཞེས་དེ་བཞིན་གཤེགས་པས་གསུངས། །ཞེས་སོ། །དེ་ཡང་མཐའ་བཞིའི་སྐྱེ་བ་འགོག་པའི་དམ་བཅའ་སྟོན་པ་ཉིད་དབུ་མ་ཐལ་འགྱུར་བའི་བཞེད་པ་ཡིན་ཀྱང་། མེད་ཅེས་བློ་ཡིས་བཀག་པ་ན། །ཤེས་རབ་ཉིད་དང་ལྷག་པར་འགལ། །ཅང་མེད་ཆད་པ་ཉིད་མ་ཡིན། །སྐུ་དང་ཡེ་ཤེས་ཀུན་གྱི་མཛོད། །ཅེས་སྨོས་ཏེ། འདི་ལྟར་ཡོད་པའི་མཐའ་བཀག་ནས་མེད་པ་ཞིག་བློ་བུར་དུ་བསྒོམ་པ་བྱར་མེད་དེ། གདོད་ནས་རང་བཞིན་གྱིས་རྣམ་པར་དག་པས་ཕུང་པོ་རྣམས་ཀྱིས་སྟོང་ཞིང་སྐད་ཅིག་གིས་འཇིག་པས་ཐེར་ཟུག་པ་མ་ཡིན་ནོ། །གནས་མི་དམིགས་པས་མཚན་མ་མེད་པའོ། །སྐད་ཅིག་ལ་སྐྱེ་ཞིང་


JL00_Page_0880
[མ་དཔེ་གཟིགས་ན་འདིར་གནོན།]

འགྲིབ་པས་སྨོན་པ་མེད་པ་སྟེ་རྣམ་པར་ཐར་བའི་སྒོ་གསུམ་དུ་གནས་པ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་དང་ཡེ་ཤེས་ཆེན་པོའི་འབྱུང་གནས་སམ་གཞི་ཉིད་ཡིན་ཏེ། མི་ཕམ་མགོན་པོས། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཅེས་གཞིའི་གཤེས་ལུགས་གཏན་ལ་ཕབ་ནས། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་སོ་སོར་རྟོག་པའི་ཤེས་རབ་སོ་སོ་སྐྱེ་བོའི་བློ་ཡུལ་ལས་འདས་པས་མངོན་དུ་བྱས་པ་ལ་དབུ་མའི་ལྟ་བར་བཞག་པ་ཡིན་ནོ། །དེ་སྐད་དུ་དཀོན་མཆོག་བརྩེགས་པ་ལས་ཀྱང་། འོད་སྲུངས། སེམས་ནི་ཡོངས་སུ་བཙལ་ན་མི་རྙེད་དོ། །གང་མ་རྙེད་པ་དེ་ནི་མི་དམིགས་སོ། །ཞེས་སོ། །རྒྱུ་མཚན་དེས་ན། རང་བཞིན་ཉིད་དུ་རྣམ་དག་པའི། །ཡང་དག་ཉིད་ལ་ཡང་དག་བལྟ། །བལྟ་ཞེས་བྱ་བའང་ཀུན་རྫོབ་སྟེ། །ངང་ལས་མ་གཡོས་བསྒོམ་པའི་མཆོག །དེ་ཡི་མདུན་ན་བློ་དང་ནི། །ཡིད་བྱེད་ཐམས་ཅད་གནས་པ་མིན། །དེ་ལ་རང་བཞིན་གྱིས་རྣམ་པར་དག་པ་ནི་བཅོས་མའི་ཆོ་གས་མ་བསླད་པ། གནས་ལུགས་དེ་ཉིད་ཀྱིས་ཡུལ་གཞན་མི་རྟོག་ཀྱང་དམུས་ལོང་ལྟར་རྐྱེན་མ་ཚོགས་པའམ། གཉིད་ཀྱིས་ལོག་བལྟ་བུ་ཡང་མ་ཡིན་ལ། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་བས་ཀྱང་ལྡང་བས་སྤྱོད་ལམ་ཐམས་ཅད་ལ་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་གྱིས་གནས་ཤིང་། བདག་མེད་པའི་དོན་དང་འབྲེལ་བ་ལ་འདོད་ཀྱིས། འདི་ལྟར་ཤེས་རབ་ཀྱིས་རྣམ་པར་བརྟགས་ན་ཡང་དག་པའི་ཡེ་ཤེས་མཐོང་ལམ་ཆོས་ཐམས་ཅད་མི་མཐོང་བ་ཉིད་ཡིན་ཏེ་ཡུམ་བར་མ་ལས། གང་གི་ཅི་ཡང་མ་གཟིགས་པའི་དོན་དེ་གཟིགས་པའོ། །ཞེས་དང་། དོན་དམ་པར་མཐོང་བ་གང་ཞེ་ན། གང་ཆོས་ཐམས་ཅད་མཐོང་བ་མེད་པའོ། །ཞེས་སོ། །དེ་ལྟ་བུ་ལ་ལྟ་བའི་ཐ་སྙད་


JL00_Page_0881
[མ་དཔེ་གཟིགས་ན་འདིར་གནོན།]

གཞག་པའང་། འཇུག་པ་ལས། དེ་ཕྱིར་བདག་དང་བདག་གི་སྟོང་ལྷ་བས། །རྣལ་འབྱོར་བདེ་རྣམ་པར་གྲོལ་བར་འགྱུར། །ཞེས་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པར་ཡང་དག་པའི་ཤེས་རབ་ཀྱིས་རྟོགས་ཤིང་རྣམ་པར་གྲོལ་བ་ལ་རྗེས་སུ་བལྟ་བའི་ཚུལ། ཕུང་པོ་ལྔ་པོ་དེ་དག་ཀྱང་རང་བཞིན་གྱིས་སྟོང་པར་རྣམ་པར་དག་པར་རྗེས་སུ་བལྟའོ། །ཞེས་ཤར་སྙིང་གི་མདོ་དོན་དང་སྦྱར་རོ། །དེ་ལྟ་མོད་ཀྱིས། བལྟ་ཞེས་བྱ་བའི་ཚིག་བླ་དགས་ལ་དཔྱད་པ་ཞུགས་ན་དེའི་ཚེ་དེ་ནི་ཡིད་བྱེད་ཀྱིས་སྟོང་པ་ཉིད་དུ་གྱུར་པས་བློའི་རྣམ་པ་ཤིན་ཏུ་མ་རུངས་པར་བྱས་ཏེ། རང་བཞིན་གྱིས་མ་ཡིན་པར་ཀུན་རྫོབ་རྣམ་པར་རིག་པ་ཅན་གྱིས་བཏགས་པའི་སྟོང་པ་སྲིད་པའི་ཡན་ལག་ཅན་དུ་འགྱུར་ཏེ། ཅིའི་ཕྱིར་ན། དབུ་མའི་ལམ་གྱི་སོ་སོར་རྟོག་པ་ཞེས་བྱ་བ་ནི་མཐར་ཐུག་པའི་གནས་སྐབས་ན་རྣམ་པར་རིག་པ་མེད་པ་ལ་འདོད་དེ། འོད་སུངས་ཀྱིས་ཞུས་པ་ལས། འོད་སྲུངས་གཞན་ཡང་གཟུགས་རྟག་པར་ཡང་སོ་སོར་མི་རྟོག་མི་རྟག་པར་ཡང་སོ་སོར་མི་རྟོག་པ་འདི་ནི་དབུ་མའི་ལམ་ཆོས་རྣམས་ལ་སོ་སོར་རྟོག་པ་ཞེས་བྱའོ། །འོད་སྲུངས་རྟག་ཅེས་བྱ་བ་འདི་ནི་མཐའ་གཅིག་གོ །མི་རྟག་ཅེས་བྱ་བ་འདི་ནི་མཐའ་གཉིས་སོ། །མཐའ་དེ་གཉིས་ཀྱི་དབུས་གང་ཡིན་པ་དེ་ནི་དཔྱད་དུ་མེད་པ་བསྟན་དུ་མེད་པ་རྟེན་མ་ཡིན་པ་སྣང་བ་མ་ཡིན་པ། རྣམ་པར་རིག་པ་མེད་པ་གནས་མེད་པ་སྟེ། འོད་སྲུངས། འདི་ནི་དབུ་མའི་ལམ་ཆོས་རྣམས་ལ་སོ་སོར་རྟོག་པའོ། །འོད་སྲུངས་བདག་ཅེས་བྱ་བ་འདི་ནི་མཐའ་གཅིག་གོ །བདག་མེད་ཅེས་བྱ་བ་འདི་ནི་མཐའ་གཉིས་སོ། །འོད་སྲུངས་ཡོད་ཅེས་བྱ་བ་འདི་ནི་མཐའ་གཅིག་གོ །མེད་ཅེས་བྱ་བ་འདི་ནི་མཐའ་གཉིས་སོ། །དེ་གཉིས་ཀྱི་དབུས་གང་ཡིན་པ་དེ་ནི་དཔྱད་དུ་མེད་པ། བསྟན་དུ་མེད་པ། རྟེན་མ་ཡིན་པ། སྣང་བ་མ་ཡིན་


JL00_Page_0882
[མ་དཔེ་གཟིགས་ན་འདིར་གནོན།]

པ། རྣམ་པར་རིག་པ་མེད་པ། གནས་མེད་པ་སྟེ། འོད་སྲུངས་འདི་ནི་དབུ་མའི་ཆོས་རྣམས་ལ་སོ་སོར་རྟོག་པའོ། །ཞེས་སོགས་རྒྱ་ཆེར་བཀའ་བསྩལ་ཏོ། །དེ་བས་ན་རང་གི་རང་བཞིན་ངོ་བོ་ཉིད་མེད་པའི་དབུ་མ་ཆེན་པོ་གང་ཡིན་པ་དེའི་བར་ལས་མ་གཡོས་པ་ནི་བསྒོམ་པའི་མཆོག་ཡིན་ཏེ་འབད་རྩོལ་གྱི་བྲོ་དང་བྲལ་བའི་ངང་ལ་མྱ་ངན་ལས་འདས་པར་འགྲོ་བ་ཡིན་ཏེ། སྒོ་མཐའ་ཡས་པ་རྣམ་པར་སྦྱོར་བ་ལས། དབུ་མའི་ལམ་གང་ཡིན་པ་དེ་ནི་མྱ་ངན་ལས་འདས་པར་འགྲོ་བའི་ལམ་འདི་ཡིན་ཏེ། མྱ་ངན་ལས་འདས་པ་ནི་གང་དུ་འགྲོ་བ་མེད་དོ། །དེ་ལ་འགྲོ་བ་ཅུང་ཟད་ཀྱང་མེད་པའི་ཕྱིར་ཆོས་ཐམས་ཅད་མྱ་ངན་ལས་འདས་པར་མཉམ་པའོ། །བཀོད་པ་མཐའ་ཡས་དབུ་མའི་ལམ་འདི་ནི་བསྒྲུབ་པ་ཡང་མ་ཡིན་མི་བསྒྲུབ་པའང་མ་ཡིན་པས་ཉེ་བར་ལེན་པའི་ཆས་ཐམས་ཅད་མྱ་ངན་ལས་འདས་པར་མཉམ་པའོ། །ཞེས་བཀའ་བསྩལ་བས་གནས་འདི་ལ་དེ་བཞིན་གཤེགས་པ་ཉིད་ལས་ཚད་མར་གྱུར་བ་གཞན་མེད་པས་དྭོགས་པ་ཅུང་ཟད་ཀྱང་ཉེ་བར་བསྟེན་པར་མི་བྱའོ། །ལ་ལ་དག་སོ་སོར་རྟོག་པའི་ཤེས་རབ་ཡིན་ཕྱིན་ཆད་དཔྱད་པ་རྣོན་པོའི་འཛིན་དཔྱད་ཀྱི་དམ་དུ་བཅིངས་ནས་རང་གི་རང་བཞིན་རྟོག་པའི་ཡིད་བྱེད་སྤངས་པ་ལ་ཤེས་རབ་ཀྱི་སྣང་བ་མེད་པ་ཞེས་འདོད་ནས་འདི་སྐད་དུ་བདེན་པར་སྨྲ་བའི་ལུང་། ཡང་དག་པར་སོ་སོར་རྟོག་པ་ཉིད་ལས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའི་མི་བྱུང་ན་གཙུབ་ཤིང་བཙུབས་པའི་མེ་བཞིན་དུ་རྟོག་པའི་ཤིང་བསྲེག་གོ །ཞེས་པ་འདི་འདྲེན་ཡང་། དེའི་དོན་ནི། བློ་དང་ཡིད་བྱེད་ཀྱི་རྐྱེན་མེའི་ས་བོན་དར་ལྕགས་ལས་བྱུང་བ་ལྟ་བུ་ལ་མ་ལྟོས་པར་གཙུབས་ཤིང་རང་ཉིད་ལས་བྱུང་བའི་མེས་བུད་ཤིང་རང་ཉིད་བསྲེག་པ་དཔེར་མཛད་ནས་བློ་དང་སྙམ་བྱེད་ལ་མ་ལྟོས་པའི་ཡང་དག་པའི་ཤེས་རབ་ཀྱི་སྣང་བ་རྣམ་པར་མི་རྟོག་པའི་ཡེ་ཤེས་མེ་ལྟ་བུ་དེས་བློ་རྟོག་གི་


JL00_Page_0883
[མ་དཔེ་གཟིགས་ན་འདིར་གནོན།]

བུད་ཤིང་བསྲེགས་ནས་རང་གི་རང་བཞིན་ཇི་ལྟ་བ་བཞིན་ཤེས་པར་བྱེད་པ་ཉིད་ལ་བརྗོད་དེ་དཔལ་མར་མེ་མཛད་ཀྱི་དབུ་མའི་མན་ངག་བཀྲལ་བ་ལས། ཅིར་ཡང་མི་འཛིན་པ་ནི་བཟུང་བ་དང་འཛིན་པའི་རྟོག་པ་དང་བྲལ་བས་སོ། །དྲན་པ་དང་ཡིད་ལ་བྱེད་པ་ཐམས་ཅད་སྤངས་པ་ནི་འདས་པ་དང་མ་འོངས་པ་ལ་དམིགས་པའི་རྟོག་པ་སྤངས་པའོ། །ཞེས་ཡིད་བྱེད་དང་བཅས་པའི་སོ་སོར་རྟོག་པའི་ཤེས་རབ་ཉིད་དངོས་པོའི་བྱེ་བྲག་ཏུ་བཟུང་ནས་འགོག་པའི་ཚུལ་སྔར་ཡང་བཤད་ཟིན་ལ། གཞན་ཡང་ཐུགས་རྗེའི་འཇུག་པ་དང་ཕྲིན་ལས་རྒྱུན་མི་འཆད་པའི་ཆ་ནས་རང་བྱུང་གི་ཡེ་ཤེས་མེད་པ་མ་ཡིན་ཀྱང་། ཤེས་བྱ་ཤེས་བྱེད་ཀྱི་བཏགས་པའི་གྲུབ་མཐའི་སྤྲོས་པ་དང་བྲལ་བའི་ཆ་ནས་ཤིང་རྟ་ཆེན་པོ་གཉིས་ཀ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱང་བཞེད་པ་མ་ཡིན་པའི་ཚུལ། བྷཾ་ག་ལའི་པཎྜི་ཏས། སློབ་དཔོན་འཕགས་པ་ཐོགས་མེད་ནི་ཡང་དག་པར་ན་གཉིས་སུ་མེད་པའི་ཡེ་ཤེས་ཀྱང་མི་བཞད་ལ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྗེས་ལ་ཐོབ་པ་ཡང་མི་བཞེད་དེས་གསུམ་པའི་དབང་ཕྱུག་བརྙེས་པས་ཆོས་ཐམས་ཅད་སྐྱེ་བ་མེད་པར་ཐུགས་སུ་ཆུད་པའི་ཕྱིར་རོ། ཞེས་པས་དེའི་གཞུང་ལུགས་དབུ་མར་གདོན་མི་ཟ་ལ། དེ་བཞིན་དུ་ཐོག་མ་མེད་པ་ནས་དངོས་པོ་ལ་ཞེན་པས་བདེན་པ་གཉིས་ཀྱི་ཚུལ་མི་ཤེས་པ་དག་ན་རེ། ཁྱོད་དབུ་མ་པ་ལྟར་གྱུར་ན་སངས་རྒྱས་རྣམས་ཀྱི་བསྐལ་པ་གྲངས་མེད་པ་མང་པོར་བྱང་ཆུབ་སེམས་དཔར་གྱུར་བ་ན་བྱ་དཀའ་བ་དཔག་ཏུ་མེད་པ་མཛད་པ་དང་། བསོད་ནམས་ཀྱི་ཚོགས་གྲངས་མེད་པ་བསགས་པ་ལ་དོན་མེད་ཅིང་ཆོས་དང་དགེ་འདུན་ཡང་མེད་པར་འགྱུར་རོ། །སེམས་ཅན་རྣམས་འཁོར་བ་ནས་འདོན་པར་བྱེད་པ་མེད་པས་སྡིག་པ་ཅན་གྱི་ལྟ་བ་


JL00_Page_0884
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཐག་བསྲིངས་ལ་བཞག་གོ །འདི་ནི་དཀར་པོའི་ཆོས་ཀྱི་ལོ་ཏོག་གི་སེར་བ། ཕྱི་རོལ་ཆད་པར་སྨྲ་བ་པས་འདི་ལྷག་པས་འདི་ལྟ་བུ་ནི་སྦ་ཞིང་གསང་བར་རིགས་སོ། །དབུ་མ་པས་སྨྲས་པ། ཁྱོད་ནི་བློ་གྲོས་མ་སྦྱངས་ཤིང་བླུན་པ་སྟེ། མདོ་སྡེ་སྤྲིན་ཆེན་པོ་དང་། ལང་ཀར་གཤེགས་པ་དང་། རྔ་འོ་ཆེའི་ལེའུ་དང་། འཇམ་དཔལ་རྩ་བའི་རྒྱུད་ཆེན་པོ་རྣམས་སུ་ཡང་དག་ཡང་དུ་ལུང་བསྟན་པའི་འཕགས་པ་ཀླུ་སྒྲུབ་ཀྱི་གཞུང་ལ་བསྐུར་བ་འདེབས་པ་དེ་དག་ནི་རང་འཕུང་བར་བྱེད་དོ། །དེའི་བཞེད་པའི་གཞུང་གིས་སངས་རྒྱས་རྣམས་ཆོས་ཀྱི་སྐུར་གྱུར་ཅིང་། དེའི་ཡེ་ཤེས་ཀྱང་རྟོག་པ་ཐམས་ཅད་སྤངས་ནས་ཆོས་ཀྱི་དབྱིངས་སུ་གྱུར་བས་དེས་ན་དབྱིངས་དང་ཡེ་ཤེས་དང་ཡུལ་དང་ཡུལ་ཅན་མེད་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་བྱ་བ་དེ་ཇི་ལྟ་བུ་ཞིག་ཡོད། སློབ་དཔོན་གྱི་ཞལ་ནས་ཀྱང་། གང་ཕྱིར་འདས་པ་མེད་པས་ན། །དེ་ཕྱིར་མ་འོངས་པ་ཡང་མེད། །གནས་ནི་ཡོངས་སུ་གྱུར་བའི་ཕྱིར། །དེ་ལྟར་བྱུང་བ་གང་ན་གནས། །ཞེས་དང་། མཉམ་པར་གཞག་དང་མ་བཞག་པ། །གང་ལ་འདི་དག་ཐམས་ཅད་མེད། །དངོས་དང་དངོས་མེད་རྣམ་སྤངས་པ། །ཟུང་འཇུག་ཡིན་པར་སྟོན་པས་གསུངས། །ཞེས་གསུངས་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་མི་བཞེད་དོ། །དུས་དེའི་ཚེ་རྣམ་པར་མི་རྟོག་པའི་ཡེ་ཤེས་མེད་པས་སྤྲོས་པ་མ་ལུས་པ་ཞི་བ་ཡིན་པས་རྗེས་ལ་ཐོབ་པའི་ཡེ་ཤེས་བྱ་བ་ཇི་ལྟ་བུ་ཞིག་ཡོད་པར་འགྱུར་ཏེ་མེད་དོ། །ཞེས་དང་། །འོ་ན་སངས་རྒྱས་ལ་སྐུ་དང་ཡེ་ཤེས་ཡོན་ཏན་དང་ཕྲིན་ལས་ཀྱང་མི་མངལ་མ་ཞེ་ན་སྨྲས་པ། རྒྱུ་གསུམ་དང་རྐྱེན་གཅིག་གིས་གདུལ་བྱའི་ངོ་གང་ལ་སྣང་བ་སྟེ། གདུལ་བྱའི་སྣང་བས་སྐུ་ཡང་སྣ་ཚོགས་སུ་སྣང་ངོ་། །ཡེ་ཤེས་ཀྱང་རང་བྱུང་གི་ཡེ་ཤེས་ཆེན་པོ་ཡིན་ཏེ། ཞེས་སོགས་རྒྱ་ཆེར་འཆད་པ་ཡིན་ནོ། །དེ་ལྟ་བུའི་ཤེས་རབ་ལ་ཐབས་ཀྱི་ཡན་ལག་དང་


JL00_Page_0885
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ན་གྲོལ་བའི་ཚུལ། ཤེས་རབ་དེ་འདྲར་ཡོངས་ཤེས་ན། །ཐབས་ཀྱིས་རྣམ་པར་གྲོལ་བར་འགྱུར། །ཤེས་རབ་མེད་པའི་ཐབས་ཀྱིས་ནི། །བཅིངས་པ་ཉིད་ལས་གྲོལ་བ་མེད། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ནི་ཤེས་རབ་ཀྱི་སྟོབས་ཀྱིས་འཁོར་བར་མ་ལྟུང་ལ། ཐབས་ཀྱི་སྟོབས་ཀྱིས་མྱ་ངན་ལས་འདས་པར་མི་ལྟུང་བས་ན་འཕགས་པ་དེ་བཞིན་གཤེགས་པའི་གསང་བའི་མདོ་ལས། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་མེ་ནི་རྒྱུ་ལས་འབར་ཏེ། རྒྱུ་མེད་ན་ཞི་བར་འགྱུར་རོ། །དེ་བཞིན་དུ་དམིགས་པ་ལས་སེམས་འབར་གྱི། དམིགས་པ་མེད་ན་སེམས་ཞི་བར་འགྱུར་རོ། །དེ་ལ་ཐབས་ལ་མཁས་པའི་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པས་དམིགས་པ་ཉེ་བར་ཞི་བའང་ཤེས་ལ། དགེ་བའི་རྩ་བ་ལ་དམིགས་པ་ཡང་ཞི་བར་མི་བྱེད། ཉོན་མོངས་པ་ལ་དམིགས་པ་ཡང་འབྱུང་བར་མི་བྱེད་ལ། ཕ་རོལ་ཏུ་ཕྱིན་པའི་དམིགས་པ་ལ་འཇོག་པར་བྱེད། སྟོང་པ་ཉིད་དུ་དམིགས་པ་ལ་ཡང་སོ་སོར་རྟོག་ལ། སེམས་ཅན་ཐམས་ཅད་སྙིང་རྗེ་ཆེན་པོས་དམིགས་པ་ཡང་བལྟའོ། །ཞེས་སོ། །དེ་ལྟ་བུའི་ཐབས་ཤེས་འབྲེལ་བའི་ལམ་འདིས་ནི་སྒྲོ་སྐུར་གྱི་མཐའ་སྤངས་པའི་དབུ་མའི་ལམ་མཐོང་བ་ཡིན་ཏེ། འདི་ལྟར་ཤེས་རབ་ཀྱིས་ནི་སྒྲོ་འདོགས་པའི་མཐའ་སྤངས་ལ། ཐབས་ཀྱིས་ནི་སྐུར་བའི་མཐའ་སྤོང་བ་ཉིད་དེ། མདོ་ལས་ཀྱང་། དེ་བཞིན་གཤེགས་པ་ནི་ཐབས་དང་ཤེས་རབ་ཀྱིས་བསྐྱེད་པ་སྟེ། གཞན་གྱི་དྲིང་ལ་འཇོག་པ་ཡང་སྲིད་པར་ཤེས་པར་བྱའོ། །ཞེས་དང་། འཕགས་པ་དད་པའི་སྟོབས་བསྐྱེད་པ་ལས་ཀྱང་། ཐབས་ལ་མཁས་པ་ནི་ཆོས་ཐམས་ཅད་ཡང་དག་པར་སྡུད་པ་གང་ཡིན་པའོ། །ཤེས་རབ་གང་ཞེ་ན། གང་ཆོས་ཐམས་ཅད་འདྲེས་པ་ལ་མཁས་པའོ། །ཐབས་


JL00_Page_0886
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཤེས་རབ་འདི་གཉིས་ནི་སར་ཆུད་པ་རྣམས་ཀྱིས་ཀྱང་དུས་ཐམས་ཅད་དུ་བསྟེན་པར་བྱ་སྟེ། ཤེས་རབ་འབའ་ཞིག་ནི་མ་ཡིན་ནོ། །ཞེས་སོ། །གལ་ཏེ་ཤེས་རབ་དང་བྲལ་བའི་ཐབས་ནི་འབད་པ་ཆེན་པོ་དང་ལྡན་ཡང་མུ་སྟེགས་ཅན་གྱི་ལམ་བཞིན་དུ་ཕྱིན་ཅི་ལོག་ཁོ་ནས་འཆིང་ངོ་། །དེ་བཞིན་དུ་ཐབས་དང་བྲལ་བའི་ཤེས་རབ་ཀྱང་ཉན་ཐོས་བཞིན་དུ། སྙིང་རྗེ་ཆེན་པོ་དང་མི་ལྡན་པས་མཐའ་གཅིག་པའི་མྱང་འདས་ལ་གཞོལ་བའི་ཕྱིར། ཤིན་ཏུ་མཉམ་པར་གཞག་པའི་གནས་སྐབས་དག་ཏུ་ཐབས་ལ་བརྟེན་པ་མི་འབྱུང་དུ་ཟིན་ཀྱང་སྦྱོར་བའམ། རྗེས་ལ་ཐོབ་པའི་ཚེ་ཐབས་ཤེས་གཉིས་གཅིག་ཅར་དུ་འཇུག་པ་སྟེ། ཚུལ་དེས་ན། གང་དུ་སྟོང་ཉིད་སྙིང་རྗེ་གཉིས། །རྒྱུད་ལ་བརྟེན་པ་ཚོགས་ལམ་ཆེ། །སྦྱོར་ལམ་ཆོས་མཆོག་མན་ཆད་དུ། །མཉམ་རྗེས་སྟོང་དང་སྙིང་རྗེར་འཆར། །ཞེས་སྨོས་ནས། འདི་ལྟར་མཉམ་གཞག་ཏུ་སྟོང་ཉིད་དང་རྗེས་ཐོབ་སྙིང་རྗེའི་སྙིང་པོ་ཅན་གྱི་སྦྱིན་པ་ལ་སོགས་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མཐའ་དག་བསྒྲུབ་པ་ལ་འཇུག་པ་ནི་ཚོགས་ཀྱི་ལམ་སྟེ། ཐེག་ཆེན་གྱི་སེམས་བསྐྱེད་གསར་དུ་སྐྱེས་པའི་རྟེན་གང་ཡིན་པ་དེས་ཐེག་ཆེན་སེམས་བསྐྱེད་དང་པོར་ཐོབ་ནས་ཚོགས་ལམ་ཆུང་ངུར་འཇུག་ནུས་པ་ཡིན་ལ་བསྒོམ་ཚུལ་བྱེ་བྲག་པའི་ཆ་ནས་ཚོགས་ལམ་དེ་ལ་ཆེ་འབྲིང་ཆུང་གསུམ་ཡོད་པའི་ཆུང་ངུར་དྲན་པ་ཉེ་བར་གཞག་པ་བཞི་ལ་བསྒོམ་པའི་དང་པོ་ལུས་དྲན་པ་ཉེ་བར་གཞག་པ་ནི་མཉམ་གཞག་ཏུ་ནམ་མཁའ་ལྟར་སྒོམ་ཞིང་། རྗེས་ཐོབ་ཏུ་མི་གཙང་བ་དང་། སྒྱུ་མ་ལྟ་བུར་བསྒོམ་པའོ། །ཚོར་བ་དྲན་པ་ཉེར་གཞག་ལ་མཉམ་གཞག་ཏུ་མ་སྐྱེས་པ་དང་། རྗེས་ཐོབ་ཏུ་ཚོར་བ་མཐའ་དག་སྡུག་བསྔལ་དང་ཆུ་ཤིང་ལྟར་སྙིང་པོ་མེད་པར་བསྒོམ་མོ། །སེམས་དྲན་པ་ཉེར་གཞག་ནི་མཉམ་གཞག་ཏུ་རང་བཞིན་གྱིས་སྟོང་པ་དང་། རྗེས་ཐོབ་ཏུ་མི་


JL00_Page_0887
[མ་དཔེ་གཟིགས་ན་འདིར་གནོན།]

འགག་ལ་མི་གནས་པར་བསྒོམ་མོ། །ཆོས་དྲན་པ་ཉེར་གཞག་ནི་མཉམ་གཞག་ཏུ་མཉམ་པ་ཉིད་དང་། རྗེས་ཐོབ་ཏུ་སྒྱུ་མའི་དཔེ་བརྒྱད་ལ་སོགས་པར་བསྒོམ་མོ། །དེའང་ཆུང་ངུར་དྲན་པ་ཉེར་གཞག་བཞི་བསྒོམས་པས་མཐོང་ལམ་གྱི་བདེན་པ་བཞི་ལ་འཇུག་པའི་ཚུལ། འདི་ལྟར་དང་པོ་ལུས་དྲན་པ་ཉེར་གཞག་གིས་ལུས་སྡུག་བསྔལ་དུ་ཤེས་པས་སྡུག་བསྔལ་ཤེས་པ་ལ་འཇུག་གོ །གཉིས་པ་ཚོར་བ་སྡུག་བསྔལ་དུ་ཤེས་པས་ཀུན་འབྱུང་སྤང་བ་ལ་འཇུག་གོ །གསུམ་པ་སེམས་མི་རྟག་པར་བསྒོམས་པས་རྟག་འཛིན་འགོག་པ་མངོན་དུ་བྱེད་པ་ལ་འཇུག་གོ །བཞི་པ་ཆོས་བདག་མེད་པར་བསྒོམས་པས་བདག་ཏུ་ཞེན་པ་ལོག་ནས་ལམ་བསྒོམ་པ་ལ་འཇུག་སྟེ། དབུས་མཐའ་ལས། གནས་ངན་ལེན་ཕྱིར་སྲིད་རྒྱུའི་ཕྱིར། །གཞི་ཡི་ཕྱིར་ཡང་མ་རྨོངས་ཕྱིར། །བདེན་པ་བཞི་ལ་འཇུག་བྱ་ན། །དྲན་པ་ཉེ་བར་གཞག་པ་བསྒོམ། །ཞེས་སོ། །ཚོགས་ལམ་འབྲིང་དུ་མི་དགེ་བའི་ཆོས་གང་ཡིན་པ་མ་སྐྱེས་པ་རྣམས་མི་བསྐྱེད། སྐྱེས་པ་རྒྱུན་གཅད་པའི་ཕྱིར་དང་། དགེ་བའི་ཆོས་རྣམས་མ་སྐྱེས་པ་བསྐྱེད། སྐྱེས་པ་གོང་དུ་སྤེལ་བའི་ཕྱིར་བརྩོན་པས་འཇུག་ཅིང་གཉེན་པོ་བདག་མེད་པ་དང་། སྒྱུ་མའམ་རྨི་ལམ་ལ་སོགས་བསྒོམ་པའང་དེ་ཉིད་ལས། མི་མཐུན་ཕྱོགས་དང་གཉེན་པོ་རྣམས། །རྣམ་པ་ཐམས་ཅད་ཡོངས་ཤེས་ནས། །མི་དགེ་སྤང་ཕྱིར་བརྩོན་འགྲུས་ནི། །རྣམ་པ་བཞི་དག་རབ་ཏུ་འབྱུང་། །ཞེས་སོ། །ཚོགས་ལམ་ཆེན་པོར་རྫུ་འཕྲུལ་གྱི་རྐང་པ་བཞི་ནི། འདུན་པ་བརྩོན་འགྲུས། སེམས་སྤྱོད་པའི་ཏིང་ངེ་འཛིན་བཞིའི་རྫུ་འཕྲུལ་དང་མངོན་ཤེས་དང་སྤྱན་ལ་སོགས་བསམ་གཏན་གྱི་སེམས་ལས་སུ་རུང་སྟོབས་ཀྱིས་འགྲུབ་པས་ན་རྫུ་འཕྲུལ་གྱི་རྐང་པ་ཞེས་བྱ་སྟེ། སྔ་མ་ལས། དེ་གནས་ལས་སུ་རུང་བ་ཉིད། །དོན་རྣམས་ཐམས་ཅད་


JL00_Page_0888
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་བར་འགྱུར། །ཞེས་སོ། །དེའི་རྗེས་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་མཐོང་ལམ་ལ་མྱུར་དུ་སྦྱོར་བས་སྦྱོར་བའི་ལམ་སྟེ། ལུས་ཀྱི་རྟེན་ནི་འགྲོ་བ་ལྔ་གང་རུངས། བསམ་པའི་རྟེན་ནི་བསམ་གཏན་ས་དྲུག་གང་རུང་ཡིན་ནོ། །དེ་ཡང་དྲོད་རྩེ་གཉིས་སུ་དད་པ་དང་། བརྩོན་འགྲུས་དང་པོ། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་སྟེ་དབང་པོ་ལྔ། བཟོད་ཆོས་གཉིས་སུ་དད་པའི་སྟོབས་ལ་སོགས་ཏེ་དབང་པོ་དང་ཆ་མཐུན་པ་ལྔ་བསྒོམ་སྟེ། དབུས་མཐའ་ལས། དབང་པོ་ལྔ་དང་སྟོབས་ལྔ་དང་། དེས་འབྱེད་ཆ་མཐུན་གཉིས་གཉིས་སོ། །ཞེས་སོ། །དེ་ཡང་རྣམ་བྱང་བསྐྱེད་པས་དབང་པོ་དང་མི་མཐུན་ཕྱོགས་འཇོམས་པས་སྟོབས་ཞེས་བྱ་སྟེ། སྔ་མ་ལས། ཐར་བའི་ཆ་དང་མཐུན་བསྐྱེད་ནས། །འདུན་དང་སྦྱོར་བས་དབང་བྱེད་དེ། །དམིགས་པ་བརྗེད་པར་མ་གྱུར་དང་། །མི་འཕྲོ་རྣམ་པར་འབྱེད་ཀྱང་ངོ་། །ཞེས་དང་། རྒྱན་ལས། མི་མཐུན་ཕྱོགས་ཉམས་ཆུང་བས་ན། །དེ་དག་ཉིད་ལ་སྟོབས་ཞེས་བྱ། །ཞེས་སོ། །དེའང་འཁོར་འདས་ཀྱི་ཆོས་ཐམས་ཅད་བདེན་པ་གཉིས་ཀྱིས་ཤེས་པར་བྱ་བའི་དོན་ལ་དད་པས་ཡིད་ཆེས། བརྩོན་འགྲུས་ཀྱིས་སྤྲོ། དྲན་པས་མི་བརྗེད། ཏིང་ངེ་འཛིན་གྱིས་རྩེ་གཅིག །ཤེས་རབ་ཀྱིས་རང་བཞིན་ཤེས་པའི་ཚུལ་གྱིས་བསྒོམ་པའོ། །དེའང་ངེས་པར་འབྱེད་པའི་ཆ་བཞི་ལ་ཆུང་འབྲིང་ཆེན་པོའི་དབྱེ་བས་བཅུ་གཉིས་སུ་གནས་པའི་ཚུལ། མངོན་རྟོགས་རྒྱན་ལས། དེ་ལྟར་ངེས་འབྱེད་ཆ་མཐུན་ནི། །ཆུང་དང་འབྲིང་དང་ཆེན་པོ་ཡིན། །ཅེས་སོ། །དེ་དག་ལ་རིམ་བཞིན་ཐེག་པ་ཆེན་པོའི་སྣང་བ་ཐོབ་པ་དང་། སྣང་བ་མཆེད་པ་དང་། ཆོས་ཀྱི་སྣང་བ་ཕྱོགས་གཅིག་པ་ལ་ཞུགས་པ་དང་། དེ་མ་ཐག་པའི་ཏིང་ངེ་འཛིན་ཞེས་རྣམ་པ་བཞི་ལས། དང་པོ་ནི། ཆོས་ཐམས་ཅད་ཡིད་ཀྱི་སྣང་བ་ཙམ་དུ་མཐོང་བས་ཕྱི་དོན་རྣམ་པར་འཇིག་པ་ན་ཤེས་པའི་སྣང་བ་ཅུང་ཟད་གསལ་བ་དེས་དོན་དུ་འཛིན་


JL00_Page_0889
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཉེན་པོ་བྱེད་པས་དྲོ་བར་འགྱུར་བ་ཞེས་བྱ་སྟེ། རྒྱན་ལས། དེ་དང་དེ་འདྲར་གྱུར་བ་ཡི། །བྱང་ཆུབ་སེམས་དཔའ་མཉམ་གཞག་པས། །ཡིད་ཀྱི་བརྗོད་པ་མ་རྟོགས་པར། །དོན་ཀུན་རབ་ཏུ་མི་མཐོང་ངོ་། །ཞེས་སོ། །གཉིས་པ་ནི། ཤེས་སྣང་དེ་ཉིད་སྔོན་པས་གསལ་བར་གྱུར་བས་ཆོས་ཀྱི་སྣང་བ་འཕེལ་བའི་ཕྱིར་བརྩོན་འགྲུས་བརྟན་པར་བྱ་བ་ལ་འཇུག་པས་རྩེ་མོ་ཞེས་བྱ་སྟེ། ཆོས་ཀྱི་སྣང་བ་འཕེལ་བྱའི་ཕྱིར། །བརྩོན་འགྲུས་བརྟན་པ་ཀུན་ཏུ་བརྩམ། །ཞེས་སོ། །གསུམ་པ་ནི། དེ་ཁོ་ན་ཉིད་ཀྱི་ཕྱོགས་གཅིག་ལ་ཞུགས་པས་ཕྱི་དོན་གཟུང་བའི་རྣམ་པ་མི་སྣང་བས་ཤེས་པའི་རྣམ་པ་འབྱུང་བ་དེའི་ཚེ་སེམས་ཙམ་ལ་གནས་པའི་ཕྱིར་བཟོད་པ་ཞེས་བྱ་སྟེ། ཆོས་ཀྱི་སྣང་བ་འཕེལ་ནས་ནི། །སེམས་ཙམ་ལ་ནི་གནས་པར་འགྱུར། །དེ་ནས་དོན་ཀུན་སྣང་བ་ནི། །སེམས་སུ་རབ་ཏུ་སྣང་བར་འགྱུར། །དེ་ཚེ་དེ་ཡི་གཟུང་བ་ཡི། །རྣམ་པར་གཡེང་བ་དེ་སྤོང་འགྱུར། །ཞེས་སོ། །བཞི་པ་ནི། གང་ཞིག་འཛིན་པའི་རྣམ་པ་དང་གཉིས་མེད་ཀྱི་ཤེས་པ་དེ་ཡང་རྣམ་པར་འཇིག་པ་དེའི་ཚེ་འཇིག་རྟེན་པའི་བསྒོམས་བྱུང་མི་སྣང་བ་ཡོངས་སུ་རྫོགས་པས་ཆོས་ཀྱི་མཆོག་ཅེས་བྱ་སྟེ། དེ་ནས་དེ་ལ་འཛིན་པ་ཡི། །རྣམ་པར་གཡེང་བ་འབའ་ཞིག་བསྡུས། །ཞེས་སོ། །འདི་མན་ཆད་ཀྱི་ཡེ་ཤེས་ཀྱི་ངོ་བོ་མཉམ་གཞག་གི་ཆ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་སྟོང་པ་ཉིད་དང་། དེ་ལས་ལངས་པའི་རྗེས་ཐོབ་ནི་སྙིང་རྗེ་ཆེན་པོའི་ཆ་རྟོག་བཅས་རྟོག་མེད་ཅི་རིགས་སུ་ཡོད་པའོ། །དེ་ལྟར་ཆོས་མཆོག་ཆེན་པོ་འདི་ནི་ཐེག་ཆེན་མཐོང་ལམ་དང་གཞན་གྱིས་བར་མ་ཆོད་པ་ཡིན་ཏེ། དེ་ཚེ་བར་ཆད་མེད་པ་ཡི། །ཏིང་ངེ་འཛིན་ལ་མྱུར་དུ་རེག །ཅེས་སོ། །དེའང་དྲོད་རྩེ་གཉིས་ནི་ཆུང་ངུ་སྟེ། །


JL00_Page_0890
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་ལམ་སྐྱེ་བ་ལ་དུས་མ་ངེས་པའི་སྦྱོར་ལམ་མོ། །བཟོད་པ་ནི་འབྲིང་སྟེ་ཚེ་ཕྱི་མ་ལ་མཐོང་ལམ་སྐྱེ་བར་ངེས་པའི་སྦྱོར་ལམ་ཉིད་དོ། །ཆོས་མཆོག་ནི་ཆེན་པོ་སྟེ། ཚེ་དེ་ཉིད་ལ་མཐོང་ལམ་སྐྱེ་བའི་སྦྱོར་ལམ་མོ། །དེའང་ཐབས་ལ་བརྟེན་པའི་གནས་སྐབས་འདི་ནི་བྱང་ཆུབ་སེམས་དཔའ་སྒྱུ་མ་མཁན་ལྟར་ཕྱིན་ཅི་མ་ལོག་པའི་ཕྱིར་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ལ་སྦྱོར་བའི་ལམ་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བར་འཇུག་ཅིང་མོས་པ་ཤིན་ཏུ་བརྟན་པ་ཙམ་དུ་ཟད་པས། བདག་མེད་གཉིས་ཀྱི་དེ་ཁོ་ན་ཉིད་མངོན་སུམ་དུ་མི་བྱེད་པས་མོས་པས་སྤྱོད་པའི་སར་བཞག་སྟེ། ལམ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་སོ་སོ་སྐྱེ་བོ་ཡིན་མོད་ཀྱི། འོན་ཀྱང་ཁྱད་པར་གྱི་ཆོས་ལྔ་དང་ལྡན་པར་འཕགས་པ་དཀོན་མཆོག་སྤྲིན་ལས་བཤད་དེ། གཉེན་པོའི་ཁྱད་པར་ལ་སུན་འབྱིན་པའི། སྤོང་བའི། རྟེན་གྱི། ཐག་བསྲིང་གི་གཉེན་པོ་བཞི་དང་། སྤངས་པའི་ཁྱད་པར་ལ་སྒྲིབ་པའི་ས་བོན་དང་མངོན་གྱུར་ཉམས་སྨད་པ་དང་། བྱིས་པའི་ཕོངས་པ་ཐམས་ཅད་ལས་ཡང་དག་པར་འདས་པ་དང་། རྟོགས་པའི་ཁྱད་པར་ནི་བསྒོམས་བྱུང་གི་ཆ་ནས་བདག་མེད་གཉིས་རྟོགས་པ་དང་། ཡོན་ཏན་གྱི་ཁྱད་པར་ནི་ཏིང་ངེ་འཛིན་དང་། སྤྱན་དང་། མངོན་ཤེས་དང་། རྫུ་འཕྲུལ་ལ་སོགས་དུ་མ་དང་ལྡན་པ་དང་། ཚོགས་ལམ་ལས་འཕགས་པའི་ཁྱད་པར་ནི། ཚོགས་ལམ་ཆེན་པོའི་གནས་སྐབས་དང་བསྒོམས་བྱུང་དུ་འདྲ་ཡང་། མཐོང་ལམ་ལ་ཉེ་རིང་དང་ཡེ་ཤེས་ལ་དྲོད་བརྟན་མི་བརྟན་གྱི་ཁྱད་ཡོད་པར་བརྒྱད་སྟོང་འགྲེལ་ཆེན་ལས། བར་ཆད་མེད་ན་མཐོང་བའི་ལམ་ཆེས་ཉེ་བར་འབྱུང་ཞེས་པ་འདིའི་ཁྱད་པར་དུ་རིག་པར་བྱའོ། །མཐོང་ལམ་ཐོབ་ནས་གཉིས་པོ་ནི། །ཟུང་དུ་འཇུག་ཅིང་འདུ་འབྲལ་མེད། །རབ་ཏུ་དགའ་བ་དང་པོའི་སར། །


JL00_Page_0891
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཉིད་བདེན་པ་མངོན་སུམ་མཐོང་། །ཞེས་སྨོས་ནས། གང་གི་ཚེ་ཆོས་མཆོག་གི་རྗེས་ཐོགས་དེ་ཉིད་དུ་འགྲོ་བ་ལྔ་གང་ཡང་རུང་བའི་ལུས་ཀྱི་རྟེན་ལ་བསམ་པའི་རྟེན་ནི་བསམ་གཏན་བཞི་པ་སྟེ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་སྤྲོས་པ་ཐམས་ཅད་དང་བྲལ་བའི་དེ་ཁོ་ན་ཉིད་ཡང་དག་པར་མཐོང་བ་ལ་ཞུགས་པས་མཐོང་ལམ་ཐོབ་པ་ཞེས་བྱ་སྟེ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་ཐོབ་པ་ཡིན་ནོ། །དེ་སྐད་དུ་བློ་གྲོས་རབ་གནས་ཀྱིས་ཞུས་པའི་མདོ་ལས། འདོད་པ་དང་གཟུགས་ན་སྤྱོད་པའི་ལྷའི་བུ་རྣམས། ལས་བྱེད་པ་ཕྲག་དགུ་བཅུ་རྩ་དྲུག་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ །ཞེས་སོ། །དེའི་ཚེ་སྟོང་པ་ཉིད་དང་སྙིང་རྗེའི་ཆ་ཕན་ཚུན་རིས་སུ་ཆད་པ་མེད་པར་ཟུང་དུ་འཇུག་ཅིང་། ས་དང་པོའི་བདེན་པ་ཆོས་ཉིད་མངོན་སུམ་དུ་མཐོང་ཡང་། ཤིན་ཏུ་རྣམ་པར་དག་པ་ས་བརྒྱད་པ་ལ་སོགས་པ་ལྟར་རང་གི་ངོ་བོ་ཇི་ལྟ་བ་བཞིན་མཐོང་བ་མ་ཡིན་ཏེ་རང་སའི་མཐོང་སྤངས་དང་། འཕགས་པའི་སྒོམ་སྤངས་ཀྱི་སྒྲིབ་པ་དང་ལྡན་པའི་ཕྱིར་རོ། །དེ་ཡང་རང་བཞིན་གྱི་ཆ་ནས་བརྗོད་ན་རྒྱུ་དང་། འབྲས་བུ་དང་ངོ་བོ་གསུམ་ལས། དང་པོ་ཐེག་ཆེན་ཚོགས་སྦྱོར་གྱི་ལམ་མོ། །གཉིས་པ་ནི་བསྒོམ་ལམ་དང་མི་སློབ་པའི་ལམ་གཉིས་སོ། །གསུམ་པ་ལ་མཚན་ཉིད། མཚན་གཞི། དབྱེ་བ། ཁྱད་ཆོས་དང་བཞི་ལས། དང་པོ་ནི། ཐེག་པ་ཆེན་པོའི་ཆོས་བཟོད་དང་ཆོས་ཤེས། རྗེས་བཟོད་དང་རྗེས་ཤེས་ཏེ་བཞི་ཚན་བཞི་འཁོར་དང་བཅས་པ་ལ་ཐེག་ཆེན་མཐོང་ལམ་གྱི་ཐ་སྙད་བྱ་རུང་དུ་མཚོན། ཐེག་ཆེན་གྱི་སྦྱོར་ལམ་རྫོགས་པའི་རྗེས་ལ་འབྱུང་ཞིང་དེ་ཉིད་ཀྱིས་བསྡུས་པའི་དགེ་བ་གང་ཞིག་ཐེག་པ་ཆེན་པོའི་འཇིག་རྟེན་ལས་འདས་པའི་བསྒོམ་


JL00_Page_0892
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་སྐད་ཅིག་དང་པོ་རྒྱུད་ལ་སྐྱེ་བའི་རྒྱུར་གྱུར་བའོ། །གཉིས་པ་ནི། བདེན་པ་བཞི་བོ་རེ་རེ་ལའང་ཆོས་ཤེས་པའི་བཟོད་པ། ཆོས་ཤེས་པ། རྗེས་སུ་ཤེས་པའི་བཟོད་པ། རྗེས་སུ་ཤེས་པ་བཞི་བཞི་སྟེ་བརྒྱད་ཚན་གཉིས་འཁོར་དང་བཅས་པ་སྟེ་རྒྱན་ལས། སྡུག་བསྔལ་ལ་སོགས་བདེན་པ་ལ། ཆོས་ཤེས་རྗེས་སུ་ཤེས་པ་དང་། །བཟོད་ཤེས་སྐད་ཅིག་བཅུ་དྲུག་ནི། །ཞེས་སོ། །སའི་དབང་དུ་བྱས་ན། འཇིག་རྟེན་ལས་འདས་པའི་ཡེ་ཤེས་དང་པོར་མངོན་དུ་བྱས་པ་དེའི་ཚེ་བྱང་ཆུབ་ལ་ཉེ་བ་དང་། གཞན་དོན་གྲུབ་པར་མཐོང་བའི་དགའ་བ་རྒྱ་ཆེན་པོ་སྔོན་ཆད་མ་མྱོང་བ་ཐོབ་པས་རབ་ཏུ་དགའ་བ་སྟེ། དེ་ཉིད་ལས། བྱང་ཆུབ་ལ་ཡང་ཉེ་བ་དང་། སོགས་ལེའུ་དྲུག་པར་དྲངས་པ་ལྟར་དང་། གསུམ་པ་ནི། སྡུག་བསྔལ་ཀུན་འབྱུང་འགོག་བདེན་བཞིའི་རིམ་པ་རེ་རེ་ལའང་ཆོས་བཟོད་ལ་སོགས་སྐད་ཅིག་བཅུ་དྲུག་གི་རང་བཞིན་ཅན་རྣམས་སོ། །བཞི་པ་ལ་ནས་གསེས་ལྔ་ལས། དང་པོ་ལ་གཉེན་པོའི་ཁྱད་པར་དང་སྤངས་པའི་ཁྱད་པར་གཉིས་ཀྱི་དང་པོ་ནི། རྒྱུད་བླ་མ་ལས། སེར་སྣ་ལ་སོགས་རྣམ་རྟོག་གང་། །ཉོན་མོངས་པ་ཡི་སྒྲིབ་པར་འདོད། །འཁོར་གསུམ་རྣམ་པར་རྟོག་པ་གང་། །དེ་ནི་ཤེས་བྱའི་སྒྲིབ་པར་འདོད། །ཅེས་པས་ཉོན་སྒྲིབ་ཀུན་བཏགས་པ་རྣམས་ནི་མཐོང་སྤངས་ཡིན་པས་དེའི་ས་བོན་རྩ་བ་ནས་སྤོང་བའི་གཉེན་པོའི་ཁྱད་པར་ཆོས་བཟོད་བཞི་ནི་བར་མེད་པའི་ལམ་མོ། །ཆོས་ཤེས་བཞི་ནི་རྟེན་གཉེན་པོ་རྣམ་གྲོལ་གྱི་ལམ་མོ། །རྗེས་བཟོད་བཞི་དང་རྗེས་ཤེས་བཞི་ནི་ཐག་བསྲིང་གི་གཉེན་པོ་ཁྱད་པར་ཅན་ལམ་མོ། །དེའང་སྡུག་བསྔལ་ཀུན་འབྱུང་། འགོག་པ། ལམ་གྱི་ཆོས་ཤེས་པ་བཞི། བློ་རྫས་གཅིག་གི་ངོ་བོ་བདེན་བཞིའི་ལྡོག་ཆས་གཞིར་ཕྱེ་བ་བཞིན་དུ། རང་རང་གི་རྗེས་བཟོད་དང་། རྗེས་སུ་ཤེས་


JL00_Page_0893
[མ་དཔེ་གཟིགས་ན་འདིར་གནོན།]

པའང་གཅིག་གོ །གཉིས་པ་སྤངས་པའི་ཁྱད་པར་ལ་ངོ་བོ་དང་རྣམ་གྲངས་གཉིས་ལས་ངོ་བོ་ནི་དབུས་མཐའ་ལས། ཉོན་མོངས་པ་ཡི་སྒྲིབ་པ་དང་། །ཤེས་བྱའི་སྒྲིབ་པ་གཉིས་སུ་བསྟན། །དེར་ནི་སྒྲིབ་པ་ཐམས་ཅད་དེ། །དེ་ཟད་ནས་ནི་གྲོལ་བར་འདོད། །ཅེས་པས་རང་དེའི་མཐོང་སྤངས་ཉོན་སྒྲིབ་དང་ཤེས་སྒྲིབ་གཉིས་ཀའི་ཆ་ལས་གྲོལ་བའོ། །དེ་ཡང་སེམས་རབ་ཏུ་མ་ཞི་བར་བྱེད་པ་གང་མི་དགེ་བའམ། བསྒྲིབས་ལུང་མ་བསྟན་སར་སྣ་ལ་སོགས་པའི་ཉོན་སྒྲིབ་དང་། འཁོར་གསུམ་ལ་བདེན་ཞེན་དང་བཅས་པའི་དགེ་བ་ཟག་བཅས་སམ། མ་བསྒྲིབས་ལུང་མ་བསྟན་གྱི་ངོ་བོ་གཟུང་བའི་ཡུལ་དང་འཛིན་པ་ཡུལ་ཅན་གྱི་རྟོག་པ་ནི་ཤེས་སྒྲིབ་ཡིན་ནོ། །དེ་དག་ཀྱང་ཉོན་སྒྲིབ་ཀུན་བརྟགས་རྣམས་ནི་མཐོང་སྤངས་ཡིན་ལ། ལྷན་སྐྱེས་ནི་བསྒོམས་སྤངས་ཉིད་དང་། ཡང་ཤེས་སྒྲིབ་གཟུང་འཛིན་གྱི་རྟོག་པ་རགས་པ་གང་ཞིག་ནི་མཐོང་སྤངས་ཡིན་ལ། ཕྲ་བ་རྣམས་ནི་བསྒོམས་སྤངས་ཡིན་ནོ། །རྣམ་གྲངས་ནི། སྤྱི་ཙམ་དུ་མཐོང་ལམ་གྱི་གནོད་བྱང་གྱུར་བ་མཐའ་དག་པའི་ཀུན་བརྟགས་གང་ཡིན་པའོ། །དེ་ལའང་དབྱེ་བ་དང་སྤོང་ཚུལ་གཉིས་ལས། དང་པོ་ལ་ངོ་བོའི་སྒོ་ནས་དབྱེ་བ། ལོག་པར་འཇུག་ཚུལ་གྱི་སྒོ་ནས་དབྱེ་བ་དང་གཉིས་ལས། དང་པོ་ནི། འདོད་ཆགས། ཁོང་ཁྲོ། ང་རྒྱལ། མ་རིག་པ། ཐེ་ཚོམ་སྟེ་ལྔ། གཉིས་པ་ནི། འཇིག་ཚོགས་ལ་བལྟ་བ། མཐར་འཛིན་པའི་བལྟ་བ། ལོག་པར་བལྟ་བ། ལྟ་བ་ལ་མཆོག་ཏུ་འཛིན་པའི་བལྟ་བ། ཚུལ་ཁྲིམས་དང་བརྟུལ་ཞུགས་ལ་མཆོག་ཏུ་འཛིན་པའི་བལྟ་བ་ལྔ་སྡོམས་པ་ས་བཅུའོ། །དེ་ལྟར་བལྟ་བ་ལྔས་འདོད་པའི་སྡུག་བསྔལ་གྱི་བདེན་པ་ལ་སོགས་པ་


JL00_Page_0894
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ལ་ཞུགས་པ་ན། ལྟ་མིན་ལྔའི་རྗེས་སུ་མཐུན་པར་ཞུགས་ཏེ་བཅུ་བཅུ་ཡོད་པས་བཞི་བཅུ། དེའི་སྟེང་དུ་ཁམས་གོང་མ་གཉིས་ཀྱི་བདེན་པ་བཞི་ལ་ཁོང་ཁྲོ་ལས་གཞན་པའི་དགུ་དགུ་འཇུག་པས། བསམ་གཏན་པའི་བདེན་པ་བཞི་ལ་སུམ་ཅུ་རྩ་དྲུག །གཟུགས་མེད་པའི་བདེན་པ་བཞི་ལ་སུམ་ཅུ་རྩ་དྲུག་རྣམས་བསྡོམས་པས་དམིགས་པ་དང་ཁམས་དང་ལོག་པར་འཇུག་ཚུལ་གྱི་ཆ་ནས་མཐོང་སྤངས་བརྒྱ་རྩ་བཅུ་གཉིས་ཏེ། ཀུན་ལས་བཏུས་པར། ཉོན་མོངས་བརྒྱ་རྩ་བཅུ་གཉིས་ནི་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པའི་རིགས་ཞེས་སོ། །གཉིས་པ་སྤོང་ཚུལ་ནི། ངེས་འབྱེད་ཆ་མཐུན་གྱིས་ནི་མཐོང་སྤངས་ཀྱི་ས་བོན་མགོ་ནོན་ཚུལ་དུ་སྤོང་ལ། ཆོས་ཤེས་པའི་བཟོད་པ་ལ་སོགས་པས་རྩ་འདོན་གྱི་ཚུལ་དུ་སྤོང་ངོ་། །དེའང་བདེན་བཞི་སོ་སོའི་སྐད་ཅིག་དང་དེའི་སྤང་བྱ་ལ་ལྟོས་ནས་དྲི་མ་རིམ་པའི་གཉེན་པོ་བྱེད་ལ། ཡེ་ཤེས་སྐྱེ་བ་ལ་ལྟོས་ནས་བར་ཆད་མེད་པ་དང་རྣམ་གྲོལ་ལམ་གཉིས་ཆོས་བཟོད་དུ་བྱུང་དུས་མ་མཐོང་བས་ན་མཐོང་བའི་ལམ་ཞེས་བྱ་སྟེ། མདོ་སྡེ་ས་བཅུ་པ་ལས། བྱང་ཆུབ་སེམས་དཔའ་གང་གི་ཚེ་དེ་བཞིན་ཉིད་ལ་གནས་པར་གྱུར་བ་དེའི་ཚེ་ས་དང་པོར་ཆུད་པ་ཡིན་ཏེ། དེ་ནས་རིམ་གྱིས་གོང་མ་རྣམས་ཡོངས་སུ་སྦྱངས་ནས་དེ་བཞིན་གཤེགས་པའི་ས་ལ་འཇུག་གོ །ཞེས་སོ། །དེའི་ཚེ་ཆོས་ཀྱི་དབྱིངས་རང་གཞན་ཐམས་ཅད་ལ་ཀུན་ཏུ་འགྲོ་བའི་ཁྱད་པར་རྟོགས་པས་བདག་གཞན་མཉམ་པ་ཉིད་ཀྱི་བྱང་ཆུབ་དམ་པའི་སེམས་ཀྱིས་བདག་དོན་དང་འདྲ་བར་གཞན་དོན་ལའང་འཇུག་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་ཤས་ཆེ་བའོ། །དེའི་ཡོན་ཏན་གྱི་ཁྱད་པར་ནི་དུས་སྐད་ཅིག་ལ་སྟོན་ནུས་པའི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་དང་། སྤྱན་དང་། མངོན་ཤེས་དང་། རྫུ་འཕྲུལ་དཔག་ཏུ་མེད་པའོ། །དེའང་དུས་སྐད་ཅིག་མ་


JL00_Page_0895
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་ལ་སངས་རྒྱས་བརྒྱའི་ཞལ་བལྟ་བ་ནས། འཛམ་བུའི་གླིང་གི་རྒྱལ་པོའི་སྐྱེ་བ་འཛིན་ནུས་པའི་བར་ལེའུ་དྲུག་པར་བཤད་པ་ལྟར་དང་། དེ་ནས་འཕགས་པའི་བསྒོམ་ལམ་དུ། །ས་བཅུ་རྒྱུན་གྱི་མཐའ་མ་ལ། །རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །ཤེས་སྒྲིབ་བཅོམ་ནས་མངོན་བྱང་ཆུབ། །དེ་ལས་ལྷག་མ་རྣམས་ནི་བསྒོམ་ལམ་གྱི་ངོ་བོ་ཉིད་ཡིན་ཏེ། ལུས་ཀྱི་རྟེན་ནི་གླིང་གསུམ་གྱི་སྐྱེ་བུ་ཕོ་མོར་མ་ངེས་པ་འདོད་གཟུགས་ཀྱི་ལྷ་དང་བཅས་པ་ལ་སྐྱེ་བ་མང་ཞིང་། མདོ་སྡེ་རྒྱན་ལས། བསམས་བཞིན་སྲིད་པ་ལེན་པ་དང་། ཞེས་པས་གཞན་ལའང་སྐྱེ་བར་རུང་ངོ་། །བསམ་པའི་རྟེན་ནི་བསམ་གཏན་བཞི་པའོ། །རྒྱུ་ནི་ཐེག་ཆེན་གྱི་ཚོགས་སྦྱོར་མཐོང་ལམ་གསུམ་མོ། །འབྲས་བུ་ནི་མི་སློབ་པའི་ལམ་མོ། །མཚན་ཉིད་ནི་ས་གཉིས་པ་ཡར་བཅད་ས་བཅུ་རྒྱུན་མཐའ་མར་བཅད་ཀྱི་ཐེག་ཆེན་བསྒོམ་ལམ་གྱི་ཐ་སྙད་བྱ་རུང་དུ་མཚོན། ཐེག་པ་ཆེན་པོའི་མཐོང་ལམ་རྫོགས་པའི་རྗེས་ལ་འབྱུང་ཞིང་རང་ལམ་གྱི་དགེ་བས་བསྡུས་པ་གང་ཞིག་ཐེག་ཆེན་མི་སློབ་པའི་ལམ་གྱི་སྐད་ཅིག་དང་པོ་སྐྱེ་བའི་རྒྱུར་གྱུར་བའོ། །མཚན་གཞི་ནི་ས་བཅུའི་རང་བཞིན་གྱི་འཁོར་དུ་གཏོགས་པའི་དགེ་བས་བསྡུས་པ་གང་ཞིག་གོ །དབྱེ་བ་ནི་བསྒོམ་པའི་ལམ་དེ་ལ་ཆུང་ངུ་དང་། འབྲིང་དང་། ཆེན་པོ་གསུམ་ལ་གསུམ་གསུམ་དུ་དབྱེ་བས་དགུའོ། །དེ་ལ་ཆུང་ངུའི་ཆུང་ངུ་ནི་ས་གཉིས་པ་དྲི་མ་མེད་པ་སྟེ། ས་དང་པོའི་གནས་སྐབས་པ་དེས་ཇི་སྲིད་དུ་ལྟུང་བའི་འཁྲུལ་བ་ཆ་ཕྲ་བ་རྣམས་ལ་ཤེས་བཞིན་དུ་གནས་མི་ནུས་པ་གང་ཞིག་ལས་གཉིས་པ་བས་ཤེས་བཞིན་དུ་གནས་ནུས་པའི་ཡན་ལག་ཡོངས་སུ་རྫོགས་པའི་ཁྱད་པར་དང་ལྡན་པའོ། །ས་དེ་ལ་ལྷུང་བའི་འཁྲུལ་བ་ཆ་ཕྲ་བ་ཀུན་ཏུ་མི་སྤྱོད་


JL00_Page_0896
[མ་དཔེ་གཟིགས་ན་འདིར་གནོན།]

པའམ། རང་བཞིན་གྱིས་རྣམ་པར་དག་པས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤས་ཆེ་ཞིང་། འཆལ་ཚུལ་གྱི་དྲི་མ་ཐམས་ཅད་དང་མི་ལྡན་པས་དྲི་མ་མེད་པའི་སྒྲ་ཞུགས་པ་སྟེ། རྒྱན་ལས། འཆལ་ཚུལ་རྩོལ་བའི་དྲི་བྲལ་ཕྱིར། །དྲི་མ་མེད་པའི་ས་ཞེས་བྱ། །ཞེས་སོ། །ཆུང་ངུའི་འབྲིང་ས་གསུམ་པ་འོད་བྱེད་པ་ནི། ས་གཉིས་པའི་གནས་སྐབས་ན་འཇིག་རྟེན་པའི་ཏིང་ངེ་འཛིན་མཐའ་དག་ལ་སྙོམས་པར་འཇུག་པ་དང་། ཐོས་པའི་དོན་ཀུན་ཏུ་འཛིན་པར་མི་ནུས་པ་གང་ཞིག་ས་གསུམ་པ་བས་ཐོས་པས་གཟུང་བ་དང་། ཏིང་ངེ་འཛིན་མངོན་པར་བསྒྲུབ་ནུས་པའི་ཡན་ལག་ཡོངས་སུ་རྫོགས་པའི་ཁྱད་པར་དང་ལྡན་པའོ། །དེའང་འཇིག་རྟེན་པའི་ཏིང་ངེ་འཛིན་ཐམས་ཅད་མངོན་པར་བསྒྲུབ་པའི་དཀའ་ཐུབ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཤས་ཆེ་ཞིང་། ཏིང་ངེ་འཛིན་དེ་དག་ཐོབ་པས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་སྣང་བ་ཚད་མེད་པས་འོད་བྱེད་པའི་སྒྲ་ཞུགས་པ་སྟེ། ཆོས་ཀྱི་སྣང་བ་ཆེན་པོ་ནི། །བྱེད་པའི་ཕྱིར་ན་འོད་བྱེད་པ། །ཞེས་སོ། །ཆུང་ངུའི་ཆེན་པོ་ས་བཞི་པ་འོད་འཕྲོ་བ་ནི། །ས་གསུམ་པ་པའི་གནས་སྐབས་ན་འཇིག་རྟེན་པའི་ཏིང་ངེ་འཛིན་མཐའ་དག་ཐོབ་ཀྱང་། ཇི་ལྟར་ཐོབ་པའི་བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་ལན་དུ་མར་གནས་པ་དང་། ཆོས་དང་སྙོམས་པར་འཇུག་པའི་སེམས་བཏང་སྙོམས་སུ་བྱེད་མི་ནུས་པ་གང་ཞིག་ས་བཞི་པ་བ་དེས་ནུས་པའི་ཡན་ལག་ཡོངས་སུ་རྫོགས་པའི་ཁྱད་པར་དང་ལྡན་པའོ། །དེའང་རྒྱུན་མི་འཆད་པར་དག་དང་ཡིད་ཀྱི་བརྗོད་པ་ལས་ཡང་དག་པར་འདས་པའི་ཕྱིར་བྱང་ཕྱོགས་ཀྱི་ཆོས་རྣམས་ཀྱི་གནས་པས་ན་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤས་ཆེ་ཞིང་། ཉོན་མོངས་པའི་བུད་ཤིང་མ་ལུས་པ་བསྲེག་ནུས་པའི་བྱང་ཆུབ་ཕྱོགས་ཀྱི་ཆོས་ཀྱི་འོད་ཤིན་ཏུ་འཕྲོ་བས་ན་འོད་འཕྲོ་བའི་སྒྲ་


JL00_Page_0897
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་པ་སྟེ། འདི་ལྟར་བྱང་ཆུབ་ཕྱོགས་མཐུན་ཆོས། །རབ་ཏུ་སྲེག་བྱེད་འོད་ལྟ་བུ། །དེ་དང་ལྡན་ཕྱིར་ས་དེ་ནི། །གཉིས་པོ་བསྲེགས་པས་འོད་འཕྲོ་ཅན། །ཞེས་སོ། །འབྲིང་གི་ཆུང་ངུ་ས་ལྔ་པ་སྦྱང་དཀའ་བ་ནི། ས་བཞི་པ་བ་དེས་བདེན་པ་རྣམ་པར་བསྒོམས་ནས་འཁོར་བ་ལ་མི་ཕྱོགས་པ་དང་། མྱང་འདས་ལ་མངོན་དུ་ཕྱོགས་པ་ལས་སེམས་བཟློག་སྟེ་ཐབས་ཀྱིས་ཟིན་པའི་བྱང་ཆུབ་ཀྱི་ཕྱོགས་བསྒོམ་མི་ནུས་པ་གང་ཞིག་ས་ལྔ་པ་བ་དེས་ནུས་པའི་ཡན་ལག་ཡོངས་སུ་རྫོགས་པའི་ཁྱད་པར་དང་ལྡན་པའོ། །དེའང་བདེན་པའི་རྣམ་པ་བསྒོམ་པ་ལན་མང་དུ་བྱེད་པས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཤས་ཆེ་ཞིང་། ཐབས་ཀྱིས་ཟིན་པའི་བྱང་ཆུབ་ཀྱི་ཕྱོགས་ལ་ལན་མང་དུ་གནས་ཤིང་བསྒོམ་པ་དེ་ཡོངས་སུ་རྫོགས་པར་བྱེད་པ་ནི་ཤིན་ཏུ་སྦྱང་དཀའ་བས་ན་སྦྱང་དཀའ་བ་ཞེས་བྱ་བའི་སྒྲ་ཞུགས་པ་སྟེ། སེམས་ཅན་རྣམས་ཡོངས་སྨིན་བྱེད་ཅིང་། །རང་གི་སེམས་ཀྱང་བསྲུང་བའི་ཕྱིར། །བློ་ལྡན་རྣམས་ཀྱིས་སྦྱང་དཀའ་བ། །དེ་ཕྱིར་སྦྱང་དཀའ་ཞེས་བརྗོད་དོ། །ཞེས་སོ། །འབྲིང་གི་འབྲིང་ས་དྲུག་པ་མངོན་དུ་གྱུར་བ་ནི། ས་ལྔ་པ་བ་དེས་འཁོར་བར་འཇུག་པ་ལ་སོ་སོར་རྟོག་ཅིང་སྐྱོ་བ་དང་བཅས་པས་སེམས་ཀྱི་རྒྱུད་མཚན་མ་མེད་པར་གནས་པ་ལ་མཉམ་པར་འཇོག་མི་ནུས་པ་གང་ཞིག་ལ་ས་དྲུག་པ་བས་ནུས་པའི་ཡན་ལག་ཡོངས་སུ་རྫོགས་པའི་ཁྱད་པར་དང་ལྡན་པའོ། །དེའང་ས་དེ་ལ་བྱང་ཆུབ་སེམས་དཔའ་རྟེན་ཅིང་འབྲེལ་འབྱུང་བསྒོམས་པས་གནས་པས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤས་ཆེ་ཞིང་། མཚན་མ་མེད་པར་གནས་པ་ཐོབ་པས་འཁོར་འདས་ཀྱི་ཆོས་ཐམས་ཅད་མངོན་དུ་གྱུར་བ་ཞེས་བྱ་སྟེ། ཤེས་རབ་ཕ་རོལ་ཕྱིན་བརྟེན་ནས། །འཁོར་བ་དང་ནི་མྱ་ངན་འདས། །གཉིས་འདིར་མངོན་དུ་གྱུར་བའི་ཕྱིར། །མངོན་དུ་གྱུར་བའི་ས་


JL00_Page_0898
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ། །ཞེས་སོ། །འབྲིང་གི་ཆེན་པོ་ས་བདུན་པ་རིང་དུ་སོང་བ་ནི། ས་དྲུག་པ་བའི་གནས་སྐབས་ན་མཚན་མ་མེད་པར་གནས་པ་ཐོབ་ཀྱང་ཇི་སྲིད་དུ་སྐབས་མེད་པར་མཚན་མ་མེད་པར་གནས་པ་ལ་མཉམ་པར་འཇོག་མི་ནུས་པ་གང་ཞིག་ལས་བདུན་པ་བས་སྐབས་མེད་པར་མཚན་མ་མེད་པ་ལ་གནས་ནུས་པའི་ཡན་ལག་ཡོངས་སུ་རྫོགས་པའི་ཁྱད་པར་དང་ལྡན་པའོ། །དེའང་མཚན་མ་ཐམས་ཅད་མཚན་མ་མེད་པར་ཁོང་དུ་ཆུད་ཅིང་མཚན་མར་བྱས་པའི་ཐ་སྙད་ཀྱང་འགོག་པར་མི་བྱེད་པས་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤས་ཆེ་ཞིང་། ལྷུན་གྲུབ་བགྲོད་པ་གཅིག་པའི་ལམ་དང་འབྲེལ་ཞིང་འཁོར་བ་དང་ཤིན་ཏུ་རིང་དུ་སོང་བས་རིང་དུ་སོང་བ་ཞེས་བྱ་སྟེ། བགྲོད་གཅིག་ལམ་དང་འབྲེལ་བའི་ཕྱིར། །རིང་དུ་སོང་བའི་སར་འདོད་དོ། །ཞེས་དང་། ཆོས་དབྱིངས་བསྟོད་པར། འཁོར་བ་མཚོ་ཡི་འདམ་བརྒལ་བས། །དེ་ལ་རིང་དུ་སོང་ཞེས་བྱ། །ཞེས་སོ། །ཆེན་པོའི་ཆུང་ངུ་ས་བརྒྱད་པ་མི་གཡོ་བ་ནི། དགེ་བའི་ས་གསུམ་གྱི་དང་པོ་ནི། འདི་ནས་སྒོ་ལྔའི་རྣམ་ཤེས་གནས་གྱུར་བས་ཞིང་ཁམས་རྣམ་དག་ལ་དབང་བའི་ཚུལ་རྒྱན་ལས། ཡིད་དང་འཛིན་དང་རྣམ་པར་རྟོག །གྱུར་ཕྱིར་རྣམ་པར་མི་རྟོག་དང་། །ཞིང་དག་ཡེ་ཤེས་ལས་དག་པ། །དབང་ནི་རྣམ་པ་བཞི་ཡི་གནས། །ཞེས་པས་ས་བདུན་པའི་གནས་སྐབས་ན་ཇི་སྲིད་དུ་ལྷུན་གྱིས་གྲུབ་པས་འཇུག་པའི་མཚན་མ་མེད་པར་གནས་པ་ལ་མཉམ་པར་འཇོག་མི་ནུས་པ་གང་ཞིག་ལ་ས་བརྒྱད་པ་བས་ནུས་པར་གྱུར་བའི་ཡན་ལག་ཡོངས་སུ་རྫོགས་པའི་ཁྱད་པར་དང་ལྡན་པའོ། །དེའང་ལྷུན་གྱིས་གྲུབ་པར་མཚན་མ་མེད་པ་ལ་གནས་པའི་དགེ་བའི་ཕྱོགས་ལ་སྦྱོར་བས་ན་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ཤས་ཆེ་ཞིང་། རྣམ་པར་མི་རྟོག་པའི་ཡེ་ཤེས་མཚན་མའི་ཆོས་ལས་འདས་ཤིང་རྩོལ་བས་མི་བསྐྱོད་པའི་ཕྱིར་མི་གཡོ་བ་ཞེས་བྱ་སྟེ། འདུ་ཤེས་གཉིས་ཀྱིས་མི་གཡོའི་ཕྱིར། །མི་གཡོ་


JL00_Page_0899
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡི་སར་འདོད་དོ། །ཞེས་སོ། །ཆེན་པོའི་འབྲིང་ས་དགུ་པ་ལེགས་པའི་བློ་གྲོས་ནི་ས་བརྒྱད་པ་བས་ཇི་སྲིད་དུ་རྣམ་གྲངས་དང་ངེས་ཚིག་ལ་སོགས་པའི་རབ་ཏུ་དབྱེ་བས་རྣམ་པ་ཐམས་ཅད་དུ་ཆོས་སྟོན་པ་ལ་དབང་བསྒྱུར་བར་མི་ནུས་པ་གང་ཞིག་ལ་ས་དགུ་པའི་གནས་སྐབས་ན་སོ་སོ་ཡང་དག་རིག་པའི་བློ་གྲོས་ཐོབ་པས་ནུས་པའི་ཡན་ལག་ཡོངས་སུ་རྫོགས་པའི་ཁྱད་པར་དང་ལྡན་པའི། དེའང་སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་པའི་ཤེས་རབ་ཀྱི་སྟོབས་ཀྱི་ཁྱད་པར་དང་ལྡན་པས་ན་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤས་ཆེ་ཞིང་། རྣམ་པ་ཐམས་ཅད་ནས་ཐམས་ཅད་དུ་ཆོས་ཀྱི་སྒྲ་སྒྲོག་པ་ལ་མཁས་ཤིང་ཁ་ན་མ་ཐོ་བ་མེད་པའི་བློ་གྲོས་ཀྱི་ཁྱད་པར་ཐོབ་པས་ན་ལེགས་པའི་བློ་གྲོས་ཞེས་བྱ་སྟེ། སོ་སོ་ཡང་དག་རིག་བློ་བཟང་། །ས་དེ་ལེགས་པའི་བློ་གྲོས་ཡིན། །ཞེས་སོ། །ཆེན་པོའི་ཆེན་པོ་ས་བཅུ་པ་ཆོས་ཀྱི་སྤྲིན་ནི། ས་དགུ་པ་བའི་གནས་སྐབས་ན་གང་དག་སངས་རྒྱས་ཀྱི་ཞིང་དང་འཁོར་གྱི་ཚོགས། སྤྲུལ་པའི་སྣང་བ་བསྟན་པ་དང་། །ཆོས་ཡོངས་སུ་རྫོགས་པར་ལོངས་སྤྱོད་པར། སེམས་ཅན་ཡོངས་སུ་སྨིན་པར་བྱེད་མི་ནུས་པ་གང་ཞིག་ལ་ས་བཅུ་བ་བས་ནུས་པའི་ཁྱད་པར་ཐོབ་པའི་ཡན་ལག་ཡོངས་སུ་རྫོགས་པའོ། །དེ་ཡང་སྤྲུལ་པ་མང་པོས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་མཁས་པའི་ཁྱད་པར་དང་ལྡན་པས་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤེས་ཆེ་ཞིང་། ཏིང་ངེ་འཛིན་དང་གཟུངས་ཀྱི་སྤྲིན་གཉིས་གདུལ་བྱའི་ཡིད་མཁར་ཁྱབ་པས་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པར་ཆོས་ཀྱི་ཆར་འབེབས་པས་ན་ཆོས་ཀྱི་སྤྲིན་ཞེས་བྱ་སྟེ། སྤྲིན་བཞིན་གཉིས་ཀྱིས་ནམ་མཁའི་ཁམས། ཁྱབ་པའི་ཕྱིར་ན་ཆོས་ཀྱི་སྤྲིན། །ཞེས་སོ། །དེ་ལ་ཆོས་ཀྱི་ཆར་འབེབས་པ་སོགས་


JL00_Page_0900
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲིན་ལས་ཀྱི་བྱེད་པའི་ཚུལ་སངས་རྒྱས་དང་རྣམ་པ་ཙམ་དུ་མཚུངས་པས་ན། བྱང་ཆུབ་སེམས་དཔའི་ཚུལ་འདི་ནི། །རྗེས་ཐོས་དེ་བཞིན་གཤེགས་རྣམས་དང་། །སེམས་ཅན་ཡང་དག་སྒྲོལ་བ་ལ། །འཇིག་རྟེན་ན་ནི་མཉམ་པ་ཉིད། །ཅེས་སོ། །དེ་ལྟ་ནའང་བྱ་བ་དང་བྱེད་པ་གཉིས་གའི་ཚུལ་ལ་དེ་བཞིན་གཤེགས་པའི་ཡོན་ཏན་གྱི་ཆ་ནས་གཞལ་ན་མཉམ་པ་མེད་པའི་དཔེར། དེ་ལྟ་མོད་ཀྱིས་རྡུལ་དང་། རྒྱ་མཚོ་བ་གླང་རྨིག་རྗེས་ཆུ། ཁྱད་པར་གང་ཡིན་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའི་ཁྱད་དེ་ཉིད། །ཅེས་གསུངས་པ་ལྟར་རོ། །དེའང་ས་བཅུའི་སྐད་ཅིག་སྔ་མ་ལ་ཤེས་བྱའི་སྒྲིབ་པ་ཕྲ་མོ་ཡོད་པ་རྒྱུན་མཐའི་རྡོ་རྗེ་ལྟ་བུའི་ཏིང་འཛིན་བར་ཆད་མེད་ལམ་གྱིས་སྤངས་ན། ས་སྐད་ཅིག་མ་གཉིས་པ་ལ་རྣམ་གྲོལ་གྱི་ལམ་གྱིས་མཐར་ཕྱིན་པས་སངས་རྒྱས་ཀྱིས་ཆོས་ཀྱི་དབྱིངས་འབའ་ཞིག་ལ་འགྲོ་ཞིང་། རྟག་ཏུ་མཉམ་པར་མ་གཞག་པ་མེད་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའོ། །དེ་ལྟ་བུའི་འཕགས་པའི་ལམ་དེ་ལ་ཁྱད་པར་གྱི་ཆོས་ལྔ་སྟེ། གཉེན་པོའི་གཉིས་དང་། སྤངས་པའི་དང་། ཡོན་ཏན་གྱི་དང་། ལུས་འཛིན་པའི་དང་པོ། གཉེན་པོའི་གཉིས་ནི་ས་དགུ་པོའི་དྲི་མ་སྤོང་བའི་ལྟོས་ནས། སྤོང་བའི་གཉེན་པོ་སྦྱོར་བ་དང་བར་ཆད་མེད་ལམ་གཉིས། རྟེན་གྱི་གཉེན་པོ་རྣམ་གྲོལ་གྱི་ལམ། ཐག་བསྲིང་གི་གཉེན་པོ་ཁྱད་པར་གྱི་ལམ་མོ། །དེའང་སའི་སྔོན་རོལ་རང་རྒྱུད་པ་དེ་ས་དངོས་ཀྱི་སྤང་བྱའམ། གེགས་སུ་གྱུར་བ་སྤོང་བ་ནི་སྦྱོར་བའི་ལམ་དང་། ས་དེ་དངོས་དང་པོར་སྐྱེ་བཞིན་པས་དྲི་མ་ངོ་སྐལ་དེའི་ས་བོན་དངོས་སུ་སྤངས་པས་ནི་བར་ཆད་མེད་ལམ་མོ། །ས་དེའི་སྐད་ཅིག་གཉིས་གནས་སའི་དངོས་གཞི་རྣམས་ནི་རྣམ་གྲོལ་གྱི་ལམ་མོ། །སའི་རྗེས་ཐོགས་སུ་ཡོན་ཏན་ཁྱད་ཅན་ཐོབ་ནས་ས་གོང་མར་བགྲོད་བཞིན་པ་ནི་ཁྱད་


JL00_Page_0901
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱི་ལམ་ཡིན་ནོ། །སྤངས་པའི་ཁྱད་པར་ནི། མཐོང་སྤངས་ཀྱི་ངོ་བོ་ལྷན་སྐྱེས་ཉོན་སྒྲིབ་མ་ལུས་པ་སྤངས། བསྒོམ་སྤངས་ཀྱི་ངོ་བོ་ཤེས་སྒྲིབ་ངོ་སྐལ་བ་རྣམས་ཀྱི་རགས་པ་སྤངས། ཕྲ་བ་སྤངས་བཞིན་པ་ལ་འཇུག་པའོ། །དབྱེ་ན་བཞི་ཡིན་ཏེ། ངོ་བོའི་སྒོ་ནས། འདོད་ཆགས། ཁོང་ཁྲོ། ང་རྒྱལ། མ་རིག་པ། འཇིག་ཚོགས་ལ་བལྟ་བ། མཐར་འཛིན་པའི་ལྟ་བ་སྟེ་དྲུག ཁམས་ཀྱི་སྒོ་ནས་དབྱེ་ན་འདོད་པའི་དྲུག་པོ་དེའི་སྟེང་དུ། ཁམས་གོང་མ་གཉིས་སུ་ཁོང་ཁྲོ་ལས་གཞན་པ་ལྔ་ལྔ་སྟེ་བཅུ་པོ་དང་བསྡོམས་པས་བཅུ་དྲུག་གོ །སའི་སྒོ་ནས་དབྱེ་ན། འདོད་པ་ན་དྲུག །བསམ་གཏན་བཞི་པོ་རེ་རེར་ལྔ་ལྔ། གཟུགས་མེད་བཞི་པོ་རེ་རེར་ལྔ་ལྔ་སྟེ་བསྡོམས་པས་བཞི་བཅུ་རྩ་དྲུག་གོ །ས་དང་ཆེ་འབྲིང་གི་སྒོ་ནས་དབྱེ་ན། འདོད་པ་དང་། བསམ་གཏན་བཞི་དང་གཟུགས་མེད་བཞི་སྟེ་ས་དགུ་ན་འདོད་ཆགས་ཆེ་འབྲིང་དགུ་དགུ་སྟེ་བརྒྱད་ཅུ་རྩ་གཅིག་ཡོད་པ་བཞིན་དུ། ང་རྒྱལ། མ་རིག་པ། འཇིག་ཚོགས་ལ་བལྟ་བ་མཐར་འཛིན་པའི་བལྟ་བ་སྟེ་རེ་རེ་ལའང་དགུ་དགུར་ཕྱེ་བས་བརྒྱད་ཅུ་རྩ་གཅིག་བ་ཚན་ལྔ་བསྡོམས་པས་བཞི་བརྒྱ་དང་ལྔའི་སྟེང་དུ་འདོད་པ་ཁོ་ན་ལ་ཡོད་པའི་ཁོང་ཁྲོ་ཆེ་འབྲིང་དགུ་བསྣན་པས་བཞི་བརྒྱ་དང་བཅུ་བཞི་ཡོད་པ་དེ་དག་སྦྱོར་བ་དང་། བར་ཆད་མེད་ལམ་དང་། རྣམ་གྲོལ་དང་། ཁྱད་པར་གྱི་ལམ་བཞིས་སོ་སོར་སྤོང་བ་ཡིན་ནོ། །ཡོན་ཏན་གྱི་ཁྱད་པར་ནི་ས་དང་པོའི་བརྒྱ་ཕྲག་བཅུ་གཉིས་པོ་དེ་དག་ས་གཉིས་པ་ལ་སྐད་ཅིག་རེ་རེ་ཞིང་སྟོང་འགྱུར་མངོན་དུ་བྱེད་དོ། །འདི་ལྟར་ས་གསུམ་པར་བརྒྱ་སྟོང་འགྱུར་དང་། ས་བཞི་བ་ལ་ཁྲག་ཁྲིག་འགྱུར་དང་། ས་ལྔ་པ་ལ་ཁྲག་ཁྲིག་སྟོང་དང་། ས་དྲུག་པ་ལ་ཁྲག་ཁྲིག་བརྒྱ་སྟོང་དང་། ས་བདུན་པ་ལ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དང་། ས་


JL00_Page_0902
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་པ་ལ་སྟོང་གསུམ་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་། ས་དགུ་པ་ལ་སངས་རྒྱས་ཀྱི་ཞིང་གྲངས་མེད་པ་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཕྲ་བ་སྙེད་དང་། ས་བཅུ་པ་ལ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཕྲ་བ་སྙེད་ཀྱི་གྲངས་དང་མཉམ་པའི་ཡོན་ཏན་མངོན་ཞིང་། བ་སྤུའི་ཁུང་བུ་ཐམས་ཅད་དུ་སངས་རྒྱས་ཀྱི་ཞིང་གསལ་བར་སེམས་ཅན་གྱི་དོན་དུ་མཛད་པ་བཅུ་གཉིས་ལ་སོགས་པ་དུས་གཅིག་ཏུ་སྟོན་པར་མཛད་དོ། །དེ་ལྟ་བུའི་ཡོན་ཏན་ཡང་ཁམས་ཀྱི་སྟེང་གི་སྒྲིབ་པ་བྲལ་སྟོབས་ལས་སྔོན་མེད་གསར་དུ་མཐོང་བའམ། དེ་ལས་ལྡོག་པའི་ཁྱད་པར་བདེ་གཤེགས་སྙིང་པོ་དྲང་ངེས་གཉིས་སུ་འདོད་པའི་ཕྱོགས་ལས་འབྱུང་བར་སྣང་སྟེ། འདིར་རེ་ཞིག་སློབ་དཔོན་ཟླ་བ་གྲགས་པས་བདེ་གཤེགས་སྙིང་པོ་དྲང་དོན་དུ་བཤད་ཅིང་། རྒྱུད་བླ་མའི་དགོངས་པའང་དགོངས་གཞི་སྟོང་ཉིད་དང་། དགོས་པ་སྐྱོན་ལྔ་སྤང་ཕྱིར་འདོད་པའི་ཕྱོགས་སུ་བསླན་ན་རྣམ་ཤེས་ཚོགས་བརྒྱད་དང་འབྲེལ་བའི་རིག་པའི་དཔྱད་པ་རྣོན་པོས་ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོའི་གཏམ་དྲང་དོན་དུ་ཁས་ལེན་པའི་གྲུབ་མཐའ་སྨྲ་བ་རྣམས་ལ་བདེ་སྟེ། འདི་ལྟར་དེའི་དགོངས་གཞི་ནི་ཆོས་ཉིད་སྤྲོས་པ་དང་བྲལ་བ་ཉིད་དེ། དགོས་པ་རྒྱུད་བླར། སེམས་ཞུམ་སེམས་ཅན་དམན་ལ་བརྙས་པ་དང་། ཡང་དག་མི་འཛིན་ཡང་དག་ཆོས་ལ་བསྐུར། །བདག་ཆགས་ལྷག་པའི་སྐྱོན་ལྔ་གང་དག་ལ། །ཡོད་པ་དེ་དག་སྤོང་བའི་དོན་དུ་གསུངས། །ཞེས་པའི་ཉེས་པ་ལྔ་བསལ་ཞིང་། །བདག་ལ་མངོན་པར་ཞེན་པ་དྲང་བའི་ཕྱིར་འགྲོ་བའི་རྒྱུད་ལ་རྟག་བརྟན་ཐེར་ཟུག་གི་སྐུ་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པར་བཞུགས་སོའི་སྒྲ་ཟིན་གྱི་ཚིག་ཙམ་ལ་རྟོན་པ་དག་མུ་སྟེགས་བྱེད་ཀྱི་བདག་དང་འཁྲུལ་བ་སྤོང་ཕྱིར་ཏེ། མྱང་འདས་ལས། དེ་ལ་སེམས་ཅན་ཐམས་ཅད་ལ་མ་འོངས་པའི་དུས་ན་


JL00_Page_0903
[མ་དཔེ་གཟིགས་ན་འདིར་གནོན།]

བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོད་པའི་ཕྱིར་སངས་རྒྱས་ཀྱི་རང་བཞིན་ཞེས་བྱའོ། །སེམས་ཅན་ཐམས་ཅད་ལ་ད་ལྟར་ཀུན་ནས་ཉོན་མོངས་པ་རྣམས་ཡོད་པས་དེའི་ཕྱིར་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བརྒྱད་ཅུ་མེད་དོ། །ཞེས་སོ། །དེ་དག་ནི་འཁོར་ལོ་བར་པའི་ཆེད་དུ་བྱ་བའི་གདུལ་བྱས་འཁོར་ལོ་ཐ་མལ་མ་ལྟོས་པར་རྣམ་པར་ཐར་བའི་སྒོ་གསུམ་གྱི་དགོངས་པ་རང་སྟོབས་ཀྱིས་དཔྱོད་ནུས་ལ། ཐ་མའི་ཆེད་དུ་བྱ་བའི་གདུལ་བྱས་དེ་ལྟར་དཔྱོད་མི་ནུས་པར་འཁོར་ལོ་ཐ་མ་ལ་བརྟེན་ནས་བར་པའི་དགོངས་པ་འཚོལ་བ་ཡིན་པར་འདོད་ཅིང་། སྔ་ཕྱི་དེ་གཉིས་ལ་དབང་པོ་རྣོ་རྟུལ་གྱི་ཁྱད་པར་འབྱེད་དོ། །འོན་ཀྱང་ཁྱད་གཞི་དེ་ནི་ཡང་དག་པར་མི་རུང་སྟེ་འཁོར་ལོ་ཐ་མའི་གདུལ་བྱ་མཐའ་དག་དབང་པོ་རྟུལ་པོ་ཡིན་པར་ཅིས་གྲུབ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཅིང་བསྒྲུབ་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱིས་འགྲོ་བ་ཅན་ཡིན་ཏེ། དེ་ལས་འགྲོ་བ་མགྱོགས་པ་གཞན་མེད་དོ། །ཞེས་མདོ་ཀུན་ལས་བཏུས་པར་ཡང་བསྔགས་ཤིང་། ཚངས་པས་ཞུས་པ་ལས། དབང་པོ་རྟུལ་པོ་ཁོ་ནས་སྤྱོད་པར་བྱའི། དབང་པོ་རྣོན་པོས་མི་བྱའོ་ཞེས་བརྗོད་པར་མི་རུང་སྟེ། འདི་ལྟར་ས་དང་པོ་ནས་བཟུང་སྟེ་ས་བཅུ་པའི་བར་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་ལ་སོགས་པའི་སྤྱོད་པ་རྣམས་འབྱུང་ཞིང་ལྷག་མ་རྣམས་ཀྱང་ཀུན་ཏུ་མི་སྤྱོད་པ་ནི་མ་ཡིན་ནོ། །ཞེས་པས་གསལ་ལོ། །དེའང་ཕུང་སོགས་ཀྱི་ཆོས་ཐམས་ཅད་བདེན་པར་གྲུབ་མཉམ་དུ་བསྟན་ནས། གང་ཟག་གི་བདག་མེད་སྟོན་པར་འཁོར་ལོ་དང་པོ་དང་། ཆོས་ཐམས་ཅད་བདེན་པར་མ་གྲུབ་མཉམ་དུ་བསྟན་ནས་ཆོས་ཀྱི་བདག་མེད་སྟོན་པ་འཁོར་ལོ་བར་པ་དང་


JL00_Page_0904
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་བརྟགས་དོན་དམ་པར་མ་གྲུབ་ཅིང་། གཞན་དབང་དང་ཡོངས་གྲུབ་དོན་དམ་པར་གྲུབ་པའི་ཁྱད་པར་ཕྱེ་ནས་སྟོན་པའི་འཁོར་ལོ་ཐ་མ་གསུམ་ལས་དང་པོ་དྲང་དོན་ཡིན་པར་ཐེག་པ་ཆེན་པོ་གཉིས་ཀ་མཐུན་ལ། འཁོར་ལོ་ཕྱི་མ་གཉིས་ལ་རྣམ་རིག་པས་ཐ་མ་ངེས་དོན་དང་། དབུ་མ་པ་བར་པ་ངེས་དོན་དུ་འདོད་པའི་ཕྱིར་འདིར་ནི་རེ་ཞིག་རྒྱུའི་ཐེག་པའི་གྲུབ་མཐའི་ཁས་བླངས་སོར་བཞག་པར་བྱ་སྟེ། ཟླ་བ་སྒྲོན་མའི་མདོ་ལས། འཇིག་རྟེན་ཁམས་ནི་སྟོང་དག་ཏུ། །ངས་ནི་མདོ་སྡེ་གང་བཤད་པ། །ཚིག་འབྲུ་ཐ་དད་དོན་གཅིག་སྟེ། །ཐམས་ཅད་བརྗོད་པར་ནུས་མ་ཡིན། །ཚིག་གཅིག་གོམས་པར་བྱས་པས་ན། །དེ་དག་ཐམས་ཅད་གོམས་པར་འགྱུར། །ཞེས་དང་། འབྱུང་བ་མེད་པའི་མདོ་ལས། ཆོས་ཀྱི་རང་བཞིན་ཡོངས་སུ་མི་ཤེས་པ། །ཚིག་གི་དམ་པས་བྱང་ཆུབ་འཚང་མི་རྒྱ། །ཞེས་བཀའ་བསྩལ་པས་ངེས་དོན་གྱི་མདོ་སྡེ་དང་རྣལ་འབྱོར་ཆེན་པོའི་དོན་སྨྲ་བསམ་ལས་འདས་པ་གང་ཞིག་ལ་ལམ་དུས་ཀྱི་ཐ་སྙད་ཀྱིས་ཐུག་པ་མེད་ཀྱང་། སོ་སོ་སྐྱེ་བོ་མ་རབས་རྣམས་དྲང་བའི་ཕྱིར་རིམ་གྱིས་བཀྲི་བ་ལ་ལྟོས་ནས་གསུངས་པའི་དགོངས་པ་གང་ཡན་པ་དོན་གྱི་ཆ་ནས་འགལ་བ་མེད་པར་བསྡུ་ཤེས་པར་བྱ་སྟེ་ལང་ཀར་གཤེགས་པ་ལས། མང་དུ་ཐོས་པ་ཞེས་བྱ་བ་ནི་དོན་ལ་མཁས་པ་ཡིན་གྱི། ཚིག་ལ་མཁས་པ་མ་ཡིན་ནོ། །ཞེས་སོ། །ཐ་སྙད་ཅོམ་གྱི་སྒོ་ནས་བཤད་པའི་གྲུབ་མཐའ་ནི་བློའི་རི་མོ་མཁན་གྱིས་བྲིས་པའི་ཕྱིར་རོ། །ལུས་འཛིན་པའི་ཁྱད་པར་ནི། ས་གཉིས་པ་ནས་བཅུ་པའི་བར་དུ་རིམ་བཞིན། གླིང་བཞིའི་འཁོར་ལོས་བསྒྱུར་བ་དང་། བརྒྱ་བྱིན་དང་། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། དག་པ་ས་གསུམ་ནས་སྟོང་དང་པོ་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་བདག་པོ་ཚངས་པ་དང་། སྟོང་གཉིས་


JL00_Page_0905
[མ་དཔེ་གཟིགས་ན་འདིར་གནོན།]

པ་བར་མའི་བདག་པོ་ཚངས་པ་ཆེན་པོ་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་བདག་པོ་ལྷའི་བུ་དབང་ཕྱུག་ཆེན་པོའི་སྐྱེ་བ་འཛིན་པར་ནུས་ཏེ། ས་བཅུའི་དབང་ཕྱུག་དེ་ནི་ཕལ་པོ་ཆེ་ལས། འདི་ལ་གནས་པ་དེ་དག་ཁམས་གསུམ་དབང་ཕྱུག་འགྱུར། །ཅེས་སོ། །དེའང་སེམས་ཅན་གཞན་གྱི་དོན་དུ་དེ་དག་གི་རྒྱལ་པོར་སྐྱེ་བ་འཛིན་ན་རྡོ་ཐོགས་པའི་ཆ་ནས་དེ་སྐད་དུ་བརྗོད་ཀྱིས། དེ་དག་གི་རྒྱལ་པོར་གྱུར་ཚད་ས་དེ་དག་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡིན་པས་མ་ཁྱབ་སྟེ། ཁ་ཅིག་ནི་སོ་སོའི་སྐྱེ་བོ་བསོད་ནམས་རླབས་ཆེན་བསགས་པས་བྱེད་དེ་བཤེས་སྤྲིང་ལས། འཁོར་ལོས་སྒྱུར་རྒྱལ་ཉིད་དུ་གྱུར་ནའང་། སླར་ཡང་འཁོར་བའི་ཡང་བྲན་ཉིད་དུ་འགྱུར། །ཞེས་པ་ལྟར་རོ། ཁ་ཅིག་ནི་དེ་བཞིན་གཤེགས་པའི་སྤྲུལ་བདེར་སྣང་བས་མཛད་དེ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་སྤྱི་བོ་སྐྱེས་བཞིན་ནོ་ཏེ་སྔར་ཡང་བརྗོད་ཟིན་ཏོ། །སྤྱིར་ས་དང་པོ་ཡན་ཆད་ནས་ཚེ་ལ་དབང་ཐོབ་པའི་ཕྱིར་སྐྱེ་ཤི་དང་རྒ་ནང་རང་མཚན་པ་མེད་ཀྱང་སེམས་ཅན་གྱི་དོན་དུ་དེ་ལྟར་འགྱུར་ན་སྟོན་པའི་ཚུལ་རྒྱུད་བླ་མ་ལས། འཕགས་པས་འཆི་དང་ན་བ་དང་། །རྒ་བའི་སྡུག་བསྔལ་རྩད་ནས་སྤངས། །ལས་དང་ཉོན་མོངས་དབང་གིས་སྐྱེ། །དེ་ལ་དེ་མེད་ཕྱིར་དེ་མེད། །ཇི་བཞིན་ཡང་དག་མཐོང་བའི་ཕྱིར། །སྐྱེ་སོགས་རྣམས་ལས་འདས་གྱུར་ཀྱང་། །སྙིང་རྗེའི་བདག་ཉིད་སྐྱེ་བ་དང་། །འཆི་དང་ན་དང་རྒ་བར་སྟོན། །ཞེས་སོ། །དེ་ལྟར་བསླབ་བྱའི་རིམ་པ་མཐར་ཐུག་ནས་སློབ་ཏུ་མེད་པ་ནི་མི་སློབ་པའི་ལམ་སྟེ། མཉམ་པར་མ་བཞག་མེད་པ་སོགས། །རྒྱལ་བའི་མ་འདྲེས་ཆོས་བཅོ་བརྒྱད། །སྟོབས་བཅུ་དང་ནི་མ་འདྲེས་བཞི། །མཐའ་དག་མངོན་གྱུར་སངས་རྒྱས་ཡིན། །འདི་ལྟར་ཕ་རོལ་ཕྱིན་པ་དྲུག །རྒྱལ་བ་ཀུན་གྱི་གཞུང་ལམ་སྟེ། །ལྟ་བས་


JL00_Page_0906
[མ་དཔེ་གཟིགས་ན་འདིར་གནོན།]

མི་རྨོངས་སྤྱོད་པའང་། །ཤིན་ཏུ་རྣམ་དག་འོག་མིན་འགྲོ། །དེ་ལྟར་ཤེས་རབ་ཀྱིས་ལྟ་བ་རྣམ་པར་དག་ཅིང་། །ཐབས་ཀྱིས་སྤྱོད་པ་རྣམ་པར་དག་པའི་ཕྱིན་དྲུག་གི་ལམ་ནི་འབྲས་བུའི་སངས་རྒྱས་སྐུ་གསུམ་དུ་འགྲུབ་པར་བྱེད་པའི་གཞུང་ལམ་ཡིན་པའི་ཚུལ། རྣམ་སྣང་མངོན་བྱང་ལས། དེ་ཡང་སྦྱིན་པ་ལ་སོགས་པའི་ཐབས་ཀྱིས་ནི་གཟུགས་ཀྱི་སྐུ་དང་ཞིང་དང་འཁོར་བ་སོགས་པ་ལོངས་སྤྱོད་ཆེན་པོའི་འབྲས་བུ་ཕུན་སུམ་ཚོགས་པར་ཡོངས་སུ་འཛིན་པར་མཛད་པས་བཅོམ་ལྡན་འདས་མྱ་ངན་ལས་འདས་པ་ལ་གནས་པར་མི་མཛད་དོ། །ཤེས་རབ་ཀྱིས་ཕྱིན་ཅི་ལོག་མ་ལུས་པར་སྤངས་པས་འཁོར་བར་གནས་པར་མི་མཛད་དོ། །ཞེས་སོ། གཞན་ཡང་ཐམས་ཅད་མཁྱེན་པས། །དུས་རྣམས་ཀུན་ཏུ་ཐབས་དང་ནི། །ཤེས་རབ་ཕ་རོལ་ཕྱིན་བདག་ཅན། །བསྟེན་བྱ་གང་ཕྱིར་དེ་ལས་ནི། །མི་གནས་མྱ་ངན་འདས་པར་འགྱུར། །ཞེས་གསུངས་སོ། །དེ་ལ་མངོན་པར་སངས་རྒྱ་བའི་ལུས་ཀྱི་རྟེན་ནི་ཐུན་མོང་པ་འཛམ་བུའི་གླིང་པའི་རྒྱལ་རིགས་སམ། བྲམ་ཟེའི་རིགས་ལས་སངས་རྒྱ་བར་འདོད་ཀྱང་། ཐུན་མོང་མ་ཡིན་པ་ལྟར་ན་འོག་མིན་དུ་སངས་རྒྱ་བའི་རྟེན་གང་ཡིན་པ་སྟེ། དེ་ནས་འགྲོ་དྲུག་སོའི་གནས་སུ་སྤྲུལ་བ་ཤར་ནས་སངས་རྒྱས་སུ་དྲང་བའི་རྟེན་གང་ཡིན་པ་དེ་ཡིན་ལ། བསམ་པའི་རྟེན་ནི་བསམ་གཏན་བཞི་པའོ། །རང་བཞིན་གྱི་ངོས་ནས་བརྗོད་ན་རྒྱུ་དང་། འབྲས་བུ་དང་། ངོ་བོ་གསུམ་དུ་གནས་པ་ལས། རྒྱུ་ནི་སློབ་པའི་ལམ་བཞིར་ཚོགས་གཉིས་མཐར་ཕྱིན་པའོ། །འབྲས་བུ་ནི་གཞན་དོན་ཕུན་སུམ་ཚོགས་པས་འགྲོ་བ་མཐའ་དག་བྱང་ཆུབ་གསུམ་ལ་འགོད་པ་ཉིད་ཡིན་ཚུལ་སྔར་དྲངས་ཟིན་ཏོ། །ངོ་བོ་ལ་བཞི་ལས། དང་པོ་མཚན་གཞི་ནི་སྐུ་གསུམ་ཡེ་ཤེས་དང་བཅས་པ་གང་ཞིག་པ་ཐེག་ཆེན་མི་སློབ་པའི་ལམ་གྱི་ཐ་སྙད་བྱ་རུང་དུ་མཚོན་ཏེ། ཐེག་ཆེན་གྱི་


JL00_Page_0907
[མ་དཔེ་གཟིགས་ན་འདིར་གནོན།]

སྤངས་རྟོགས་མཐར་ཕྱིན་པའི་དགེ་བ་ཡིན་པས་སོ། །གཉིས་པ་འབྲས་བུ་ནི། ཆོས་སྐུ་སངས་རྒྱས་ཀྱི་སའི་མི་སློབ་པའི་ཆོས་བཅུ། ཟག་པ་མེད་པའི་ཕུང་པོ་ལྔ། དམིགས་པ་མེད་པའི་ཕྱིན་དྲུག་གོ །གསུམ་པ་དབྱེ་བ་ནི། རྟེན་སྐུ་གསུམ། བརྟེན་པ་ཡེ་ཤེས། མཛད་པ་ཕྲིན་ལས་གསུམ་མོ། །དང་པོ་ལའང་གསུམ་ལས་ཆོས་སྐུ་ནི། དབྱིངས་དང་ཡེ་ཤེས་སུ་མི་ཕྱེད་པར་རང་བཞིན་གྱིས་ཟུང་དུ་འཇུག་ཅིང་དྲི་མ་མཐའ་དག་དང་བྲལ་བའི་རྣམ་པར་བྱང་བ་ཆེན་པོའི་ཁམས་ནམ་མཁའ་ལྟ་བུ་སྟེ་འཕགས་པ་འཇིག་རྟེན་ལས་འདས་པའི་ལེའུ་ལས། སངས་རྒྱས་རྣམས་ནི་ཆོས་ཀྱི་སྐུ། །རྣམ་དག་ནམ་མཁའ་ལྟ་བུ་ཡིན། །ཞེས་དང་། རྡོ་རྗེ་ཕྲེང་བ་ལས། འདི་ནི་དོན་དམ་བདེན་པ་སྟེ། །སྣང་བ་མེད་ཅིང་མཚན་མ་མེད། །དོན་དམ་བདེན་པ་ཞེས་ཀྱང་བྱ། །སངས་རྒྱས་ཀུན་གྱི་བཞུགས་གནས་ཡིན། །ཞེས་སོ། །དབྱེ་ན་གཉིས་ཏེ། ངོ་བོ་ཉིད་སྐུ་དང་། རྟོགས་པ་ཡེ་ཤེས་ཀྱི་ཆོས་སྐུའོ། །དང་པོ་ནི། མངོན་རྟོགས་རྒྱན་ལས། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཟག་པ་མེད་པའི་ཆོས་གང་དག །ཐོབ་གྱུར་རྣམ་ཀུན་རྣམ་དག་པ། །དེ་དག་རང་བཞིན་མཚན་ཉིད་ཅན། །ཞེས་པས། དབྱིངས་དག་མཉམ་ཆེན་པོ་ནམ་མཁའ་བཞིན་དུ་ཤིན་ཏུ་རྣམ་པར་མི་རྟོག་ཀྱང་སྐུ་རྣམས་ཀྱི་ཆོས་ཉིད་བྱེད་པའི་ཆ་ནས་ངོ་བོ་ཉིད་སྐུ་ཞེས་བྱ་ལ། ཡེ་ཤེས་སྤངས་རྟོགས་མཐར་ཕྱིན་པ་རིག་པའི་ངོ་བོ་སྟེ་མཚན་ཉི་ཤུ་རྩ་གཅིག་ནི་རྟོགས་པ་ཡེ་ཤེས་ཀྱི་ཆོས་སྐུའི་ཆ་ཡིན་ཏེ། རྒྱལ་བའི་ཡེ་ཤེས་དབྱིངས་རིག་མཐར་ཐུག་གང་ཞིག་མངོན་དུ་གྱུར་བའོ། །གཉིས་པ་ནི། ངོ་བོ་ཉིད་དབྱིངས་ནམ་མཁའ་ལྟར་གདངས་ཕྱེ་བའི་ངང་ན་རྟོགས་པ་ཡེ་ཤེས་ཀྱི་ཆོས་སྐུ་ཉི་མ་ལྟ་བུ་གློ་བར་གྱི་སྒྲིབ་པ་སྤྲིན་དེངས་པ་ལྟར་སྣང་བའི་ཚུལ། ཉི་མཁའ་བཞིན་ཏེ་ཡེ་ཤེས་དང་། །སྤངས་


JL00_Page_0908
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་གཉིས་ཀྱི་མཚན་ཉིད་དེ། །འོད་གསལ་བྱ་མིན་དབྱེར་མེད་པར། །འཇུག་ཅན་གང་གཱའི་ཀླུང་གི་ནི། །རྡུལ་ལས་འདས་པའི་སངས་རྒྱས་ཀྱི། །ཆོས་རྣམས་ཀུན་དང་ལྡན་པ་ཉིད། །ཅེས་སོ། །དེའི་ངང་ལས་ཁམས་ཀྱི་ཡེ་ཤེས་མངོན་དུ་གྱུར་བའི་རིག་ཆ་ལྡོག་པའི་ཆོས་སུམ་ཅུ་རྩ་བདུན་ལ་སོགས་པ་ནི། བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང་། །རྣམ་པར་ཐར་དང་མཐར་གྱིས་ནི། །སྙོམས་འཇུག་དགུ་ཡི་བདག་ཉིད་དང་། །ཟད་པར་བཅུ་ཡི་བདག་ཉིད་དང་། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་ནི། །རབ་ཏུ་དབྱེ་བས་རྣམ་བརྒྱད་དང་། །ཉོན་མོངས་མེད་དང་སྨོན་མཁྱེན་དང་། །མངོན་ཤེས་སོ་སོ་ཡང་དག་རིག །རྣམ་པ་ཐམས་ཅད་དག་བཞི་དང་། །དབང་བཅུ་དང་ནི་སྟོབས་བཅུ་དང་། །མི་འཇིགས་པ་ནི་བཞི་དག་དང་། །བསྲུང་བ་མེད་པ་རྣམ་གསུམ་དང་། །དྲན་པ་ཉེར་གཞག་རྣམ་གསུམ་དང་། །བསྙལ་བ་མི་མངའི་ཆོས་ཉིད་དང་། །བག་ཆགས་ཡང་དག་བཅོམ་པ་དང་། །སྐྱེ་ལ་ཐུགས་རྗེ་ཆེན་པོ་དང་། །ཐུབ་པ་ཁོ་ནའི་མ་འདྲེས་ཆོས། །བཅོ་བརྒྱད་བཤད་པ་གང་ཡིན་དང་། །རྣམ་པ་ཐམས་ཅད་མཁྱེན་ཉིད་དང་། །ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཞེས་སོ། །དེ་ལྟ་བུའི་ཆོས་སྐུ་ནི་བསམ་གྱིས་མི་ཁྱབ་པའི་རང་བཞིན་ཡིན་པས་བག་ཆགས་དང་བཅས་པའི་ཉེས་པའི་ཆ་ཀུན་རྣམ་པར་སྤངས་ཤིང་། རྟོག་པ་མེད་པའི་ཆོས་ཉིད་ལ་མཉམ་པར་གཞག་པའི་ཤེས་རབ་ཀྱིས་མཐོང་བ་ཡིན་ཏེ། ཐོག་མ་དབུས་མཐའ་མེད་ཅིང་རྣམ་དབྱེར་མེད། །གཉིས་མེད་གསུམ་བྲལ་དྲི་མེད་རྣམ་རྟོག་མེད། །ཆོས་དབྱིངས་རང་བཞིན་གང་ཡིན་དེ་རྟོགས་པ། །མཉམ་པར་གཞག་པའི་རྣལ་འབྱོར་བ་ཡིས་མཐོང་། །གཞལ་མེད་གང་གཱའི་བྱེ་མ་ལས་འདས་པ། །བསམ་མེད་མཉམ་མེད་ཡོན་ཏན་ཉིད་དང་ལྡན། །དེ་བཞིན་གཤེགས་པའི་དྲི་མེད་དབྱིངས་དེ་ནི། །བག་ཆགས་བཅས་པའི་ཉེས་ཀུན་རྣམ་


JL00_Page_0909
[མ་དཔེ་གཟིགས་ན་འདིར་གནོན།]

སྤངས་པའོ། །ཞེས་སོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི། འཁོར་བའི་ཆ་འདུས་བྱས་པ་རྣམ་པར་ཤེས་པའི་ཚོགས་བརྒྱད་ཀུན་གཞི་དང་བཅས་པ་དབྱིངས་སུ་ནུབ་པའི་སྟོབས་ཀྱི་ཆ་ནས་བཞག་པའི་གཞིའི་གནས་ལུགས་ཀྱི་སྣང་ཆའི་ཡོན་ཏན་མཐའ་དག་རྫོགས་པ་ནི་ངེས་པ་ལྔ་དང་ལྡན་པར་ཡོད་དེ། གནས་ངེས་པ་འོག་མིན་སྟུག་པོ་བཀོད་པར། འཁོར་ངེས་པ་ས་བཅུའི་སེམས་དཔའ་འབའ་ཞིག་ལ། ཆོས་ངེས་པ་ཐེག་པ་ཆེན་པོ། སྟོན་པ་ངེས་པ་རྣམ་པར་སྣང་མཛད་ལ་སོགས་རིགས་ལྔའི་སངས་རྒྱས་དུས་ངེས་པ་རྟག་པ་རྒྱུན་གྱི་འཁོར་ལོར་བཞུགས་ཀྱང་། ཐ་མལ་འདུས་བྱས་ཀྱི་དངོས་པོ་ལྟར་རགས་པ་ཐེར་ཟུག་གི་རྣམ་པ་ཡང་མ་ཡིན། རང་བཞིན་གྱིས་སྟོང་པ་ལྟར་སྣང་མི་ནུས་པའང་མ་ཡིན། འདོད་དགུ་འབྱུང་བས་ནོར་བུ་དང་། །སྣང་ཡང་ངོ་བོ་མེད་པས་འཇའ་ཚོན་དང་། །རིག་པའི་ཡེ་ཤེས་འདུས་མ་བྱས་སུ་གནས་པའི་ཚུལ། མགོན་པོ་བྱམས་པས། སྣ་ཚོགས་དམ་ཆོས་འོད་ཟེར་མངའ་བའི་སྐུས། །འགྲོ་བའི་རྣམ་གྲོལ་དོན་འགྲུབ་ལ་བརྩོན་པ། །མཛད་པ་ཡིད་བཞིན་ནོར་བུའི་རྒྱལ་བཞིན་ཏེ། །སྣ་ཚོགས་དངོས་དང་དེ་ཡི་རང་བཞིན་ཡིན། །ཞེས་སོ། །དེའང་སངས་རྒྱས་རྣམས་ཐོག་མར་མངོན་པར་བྱང་ཆུབ་པའི་གནས་ཁམས་གསུམ་ལས་འདས་པའི་གནས་སྟུག་པོ་བཀོད་པ་སྟེ། དེ་ཕྱོགས་གཤེད་ན་ཡོད་བརྗོད་ཅིང་བསམ་པར་མི་ནུས་ཏེ། རླུང་དབུ་མར་ཞུགས་པའི་ཚེ་སྟོང་གཟུགས་ཀྱི་སྣང་བ་མཐོང་བ་དེ་ད་ལྟར་འདི་ན་ཡོད་དོ་ཞེས་ཕྱོགས་དང་རིས་ཀྱི་ཆད་པ་མ་ཡིན་པ་ལྟར། གང་དུ་ཁམས་ཀྱི་སྒྲིབ་པ་མཐའ་དག་སྤངས་ནས་དབྱིངས་དང་ཡེ་ཤེས་རོ་གཅིག་ཏུ་འདྲེས་པ་དེ་ན་ཡོད་དེ། རྒྱན་སྟུག་པོ་བཀོད་པའི་མདོ་


JL00_Page_0910
[མ་དཔེ་གཟིགས་ན་འདིར་གནོན།]

ལས། གཟུགས་མེད་འདོད་དང་གཟུགས་ཁམས་དང་། འདུ་ཤེས་མེད་པ་དེ་བཞིན་ཏེ། ཁམས་ལས་འདས་སོ་སངས་རྒྱས་དང་། །བཞུགས་སོ་སྟུག་པོའི་དཀྱིལ་འཁོར་ན། །ཞེས་པས་ཁམས་གསུམ་ལས་འདས་པར་བསྟན་ཅིང་། དེའང་ཤེས་ངོའི་བདག་འཛིན་དང་། མིང་དུ་བཏགས་ཡོད་ཀྱི་གནས་ཐ་དད་པ་གསུམ་ལས་འདས་པའི་ཚུལ། ཆོས་ཀྱི་དབྱིངས་སུ་བསྟོད་པ་ལས། །དབང་ཕྱུག་ཆེན་པོའི་གནས་མཆོག་དང་། །འོག་མིན་དེ་ཉིད་རྣམ་མཛེས་པ། །ཐ་དད་གསུམ་པོ་གཅིག་ཉིད་དུ། །འདྲེས་པར་གྱུར་ལ་བདག་སྨྲའོ། །ཞེས་དང་། ཐེག་བསྡུས་ལས། བདག་ཏུ་འཛིན་པ་མེད་པའི་ཕྱིར། །གནས་ལ་ཐ་དད་ཡོད་མ་ཡིན། །སྔོན་གྱི་རྗེས་སུ་འབྲང་བས་ན། །དེ་ལ་གདགས་པས་ཐ་དད་འབྱེད། །ཅེས་སོ། །དེ་ལྟ་ནའང་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་ནི། ཐོག་མ་མེད་པའི་དུས་ཉིད་ནས་བཤད་མ་ཐག་པའི་འོག་མིན་དེ་ཉིད་དེ་ཉིད་དུ་སངས་རྒྱས་ཟིན་ཀྱང་། སེམས་ཅན་གྱི་དོན་མཛད་པའི་ཕྱིར་མི་མཇེད་འདི་ཆགས་ནས་ཀྱང་སེམས་ཅན་སོ་སོའི་སྣང་བ་དང་མོས་པའི་ངོར་ཐོག་མར་གཟུགས་ཁམས་ཀྱི་འོག་མིན་དུ་སངས་རྒྱས་ནས་ལྷ་རྣམས་བསྡུ་བར་མཛད་ནས། སླར་ཡང་འཛམ་བུའི་གླིང་གི་རྡོ་རྗེའི་གདན་དུ་སངས་རྒྱ་བའི་ཚུལ་བསྟན་པ་ཉིད་དེ། ཟླ་གསང་ཐིག་ལེར། འདོད་པའི་ཁམས་དང་གཟུགས་མེད་དུ། །སངས་རྒྱས་མངོན་པར་སངས་མི་རྒྱ། །གཟུགས་ཀྱི་ཁམས་ཀྱི་འོག་མིན་དུ། །འདོད་ཆགས་བྲལ་ཁྱོད་དེར་སངས་རྒྱ། །ཞེས་སོ། །གཟུགས་ཀྱི་ཁམས་དེའང་ཤིན་ཏུ་མཐོང་བ་མན་ཆད་ལས་ཐལ་བའི་ཕ་རོལ་གྱི་འོག་མིན་ནི་ལང་ཀར་གཤེགས་པའི་དགོངས་པ་སྟེ། གཙང་མའི་གནས་དག་སྤངས་ནས་སུ། །འོག་མིན་ཞེས་བྱ་ཉམས་དགའ་བར། །ཡང་དག་སངས་རྒྱས་དེར་སངས་རྒྱས། །སྤྲུལ་པ་པོ་ཞིག་འདིར་སངས་རྒྱས། །ཞེས་སོ། །དེ་ལྟ་བུའི་རྟེན་


JL00_Page_0911
[མ་དཔེ་གཟིགས་ན་འདིར་གནོན།]

གཞལ་མེད་ཁང་གི་བརྟེན་པ་རིགས་ལྔའི་སངས་རྒྱས་རྣམས་ནི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བརྒྱད་ཅུའི་ངོ་བོ་ཉིད་བྱང་ཆུབ་སེམས་དཔའ་ས་བཅུ་པ་རྣམས་དང་ཐབས་གཅིག་ཏུ་ཐེག་པ་ཆེན་པོའི་ཆོས་ཀྱི་ལོངས་སྤྱོད་ཀྱིས་དགའ་བས་ཉེ་བར་སྤྱོད་པའི་ཕྱིར་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱ་སྟེ། མངོན་རྟོགས་རྒྱན་ལས། མཚན་ནི་སུམ་ཅུ་རྩ་གཉིས་དང་། །དཔེ་བྱད་བརྒྱད་ཅུའི་བདག་ཉིད་འདི། །ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། །ཅེས་སོ། །དུས་ངེས་པའི་རྒྱུ་མཚན་ནི་ལོངས་སྐུ་དེ་ཉིད་ཆོས་སྐུ་དང་དབྱེར་མེད་ངོ་བོ་གཅིག་ལ་བསམ་གྱིས་མི་ཁྱབ་ཅིང་། འཕོ་འགྱུར་མེད་པ་དང་། ལྷུན་གྱིས་གྲུབ་ཅིང་འདུས་མ་བྱས་པ་ཉིད་དང་། གདུལ་བྱའི་བསོད་ནམས་ཚད་མེད་པ་ལ་འཁོར་བ་ཇི་སྲིད་དུ་རང་སྣང་བས་རྟག་པ་སྟེ་རྒྱུད་བླ་མ་ལས། ཆོས་ཀྱི་དབང་ཕྱུག་འཆི་བའི་བདུད་བཅོམ་དང་། །ངོ་བོ་མེད་ཕྱིར་འཇིག་རྟེན་མགོན་པོ་རྟག །ཅེས་དང་། འཇུག་པ་ལས། ཞི་སྐུ་དཔག་བསམ་ཤིང་ལྟར་གསལ་གྱུར་ལ། །ཡིད་བཞིན་ནོར་བུ་ཇི་ལྟར་རྣམ་མི་རྟོག །འགྲོ་གྲོལ་བར་དུ་འཇིག་རྟེན་འབྱོར་སླར་རྟག །འདི་ནི་སྤྲོས་དང་བྲལ་ལ་སྣང་བ་ཡིན། །ཞེས་སོ། །སྤྲུལ་པའི་སྐུ་ནི། ཆོས་སྐུའི་གདངས་ལོངས་སྐུའི་རྣམ་པར་རོལ་བའི་ངང་དེ་ཉིད་ལས། གདུལ་བྱའི་ངོར་གང་ལ་གང་འདུལ་དུ་འབྱུང་བས་རྒྱ་ཆེ་བའི་རྟག་པ་ཞེས་བྱ་སྟེ། རྒྱུད་བླ་མར་འཇིག་རྟེན་ཞི་བའི་ལམ་ལ་འཇུག་པ་དང་། རབ་ཏུ་སྨིན་དང་ལུང་རྟོགས་རྒྱུ་ཡི་གཟུགས། །གང་ཡིན་དེ་ལ་འདིར་ནི་རྟག་གནས་ཏེ། །ནམ་མཁའི་ཁམས་སུ་གཟུགས་ཀྱི་ཁམས་བཞིན་ནོ། །དེ་ཡང་ཆུ་སྣོད་ཡོད་ན་ཟླ་གཟུགས་ཡོད་པ་ལྟར། །གདུལ་བྱ་ཡོད་ན་འདུལ་བྱེད་ཡོད་ལ། ཟླ་བ་ཡོད་ཀྱང་འཆར་གཞི་མེད་ན་གཟུགས་བརྙན་རང་


JL00_Page_0912
[མ་དཔེ་གཟིགས་ན་འདིར་གནོན།]

འགགས་པ་བཞིན། སངས་རྒྱས་ཡོད་ཀྱང་དེ་ཉིད་བསྐྲུན་པའི་དགེ་བ་མེད་ན་རྒྱུ་མེད་པས་འབྲས་བུ་མི་འབྱུང་བའམ། ས་བོན་རུལ་བ་འཕེལ་དུ་མི་རུང་བ་ལྟར་སྐལ་བ་མེད་པས་མི་མྱོང་བའི་ཚུལ་རྒྱན་ལས། རྒྱུ་ནི་ཡོངས་སུ་སྨིན་གྱུར་ནས། །གང་དང་གང་ལ་གང་དང་ནི། །གང་ཚེ་བྱས་པས་ཕན་གྱུར་བ། །དེ་དང་དེ་ལ་ད་སྣང་ངོ་། །ལྷ་མ་རྒྱལ་པོས་ཆར་ཕབ་ཀྱང་། །ས་བོན་མི་རུང་མི་འཁྲུངས་ལྟར། །སངས་རྒྱས་རྣམས་ནི་བྱོན་གྱུར་ཀྱང་། །སྐལ་བ་མེད་པས་བཟང་མི་མྱོང་། །ཞེས་སོ། །སྤྲུལ་པ་ནི་རྣམ་པ་གསུམ་སྟེ། །བཟོ་དང་སྐྱེ་དང་དེ་བཞིན་དུ། །བྱང་ཆུབ་མཆོག་གི་སྤྲུལ་པ་སྟེ། །སངས་རྒྱས་སྤྲུལ་པའི་སྐུ་འདི་ནི། །རྣམ་པར་གྲོལ་བའི་ཐགས་ཆེན་པོ། །ཞེས་པས། བཟོ་སྤྲུལ་པ་ནི་ལུགས་དང་། བྲིས་དང་། གླེགས་བམ་གྱིས་མཚོན་འདུ་བྱེད་ཀྱིས་བྱས་པའམ། རང་བྱུང་ཏུ་གྲུབ་པ་སྟེ་སེམས་ཅན་ལ་ཕན་པའི་དངོས་པོ་ཐམས་ཅད་དོ། །སྐྱེ་བ་སྤྲུལ་པ་ནི། ངེས་པ་ལ་སོགས་པར་སྤྲུལ་ནས་ནད་དང་། ཉ་བོ་ཆེར་སྤྲུལ་ནས་མུ་གེ་སེང་གེའི་རྒྱལ་བ་རལ་པ་ཅན་བཞིན་དུ་འཇིགས་པ་ཆེན་པོ་ལས་བསྐྱབ་ནུས་པ་མཐའ་དག་གོ །མཆོག་གི་སྤྲུལ་པ་ནི། མ་དག་པའི་འཇིག་རྟེན་རྣམས་སུ་ཆོས་སྐུ་ལས་གཟུགས་སྐུར་གནས་ཤིང་སྐུ་གསུམ་གྱིས་བསྡུས་པའི་སངས་རྒྱས་མཛད་པ་བཅུ་གཉིས་སྟོན་པ་ཤཱཀྱ་ཐུབ་པ་ལྟ་བུ་སྟེ། རྒྱུད་བླ་མ་ལས། ཐུགས་རྗེ་ཆེན་པོས་འཇིག་རྟེན་མཁྱེན། །འཇིག་རྟེན་ཀུན་ལ་གཟིགས་ནས་ནི། །ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང་། །དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་འཇུག་དང་བལྟམས་པ་དང་། །བཟོ་ཡི་གནས་ལ་མཁས་པ་དང་། །བཙུན་མོའི་འཁོར་གྱིས་རོལ་བ་དང་། །ངེས་འབྱུང་དཀའ་བ་སྤྱད་པ་དང་། །བྱང་ཆུབ་སྙིང་པོར་གཤེགས་པ་དང་། །བདུད་སྡེ་བཅོམ་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང་། །མྱ་ངན་འདས་


JL00_Page_0913
[མ་དཔེ་གཟིགས་ན་འདིར་གནོན།]

པར་གཤེགས་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་སོ། །གཉིས་པ་བརྟེན་པ་ཡེ་ཤེས་ཀྱི་ཁྱད་པར་ནི། ཆོས་ཉིད་ཇི་ལྟ་བ་མཁྱེན་པ་དང་། ཤེས་བྱ་ཇི་སྙེད་པ་མཁྱེན་པའོ། །དང་པོ་ནི། རང་གི་ངོ་བོ་དང་། རྒྱུ་འབྲས་ལ་སོགས་པ་ཤེས་བྱ་ཐམས་ཅད་སྤྲོས་པའི་མཐའ་དང་བྲལ་བའི་ཆོས་ཉིད་མངོན་སུམ་དུ་མཁྱེན་པའོ། །དེ་ལ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཞེས་བྱ་བའི་ཐ་སྙད་ཀྱང་འདོགས་ཏེ་ཆོས་ཉིད་ཤིན་ཏུ་ཞི་བ་ཅན་ཡིན་པས་སོ། །དེ་སྐད་དུ། ཡུམ་བར་མ་ལས། ཆོས་གཅིག་མཁྱེན་པས་རྣམ་པ་ཐམས་ཅད་མཁྱེན་པ་ཞེས་བྱ་སྟེ། ཆོས་ཉིད་ཞི་བའི་རྣམ་པའོ། །ཞེས་སོ། །གཉིས་པ་ལ་གསུམ་སྟེ། དང་པོ་རང་བཞིན་གྱི་ངོས་ནས། རང་གི་ངོ་བོ་དང་། རྒྱུ་འབྲས་ལ་སོགས་པའི་ཤེས་བྱ་རྣམ་པ་ཐམས་ཅད་པ་སྒྱུ་མ་ལྟ་བུར་མ་འདྲེས་ཤིང་མ་ནོར་བར་མངོན་སུམ་དུ་མཁྱེན་པ་སྟེ་སྔ་མ་ལས། རྣམ་པ་གང་དག་དང་། རྟགས་གང་དག་དང་། མཚན་མ་གང་གིས་ཆོས་རྣམས་རབ་ཏུ་བརྗོད་པའི་རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་དེ་བཞིན་གཤེགས་པས་ཐུགས་སུ་ཆུད་པར་གྱུར་ཏོ། །ཞེས་སོ། །གཉིས་པ་དབྱེ་བའི་སྒོ་ནས། མེ་ལོང་ལྟ་བུ་དང་། མཉམ་པ་ཉིད་དང་། སོ་སོར་རྟོག་པ་དང་། བྱ་བ་གྲུབ་པའི་ཡེ་ཤེས་སོ། །གསུམ་པ་དེ་དག་གི་རྒྱུའི་སྒོ་ནས་གཉིས་ཏེ། སལ་བྱེད་གཉེན་པོའི་རྒྱུ་ནི་སློབ་ལམ་དུ་ཆོས་ཀྱི་རྣམ་གྲངས་མང་དུ་ཐོས་པ་འཛིན་པ་དང་། བདག་གཞན་མཉམ་པ་ཉིད་དུ་བསྒོམ་པ་དང་། གདུལ་བྱ་ལ་ཆོས་སྐལ་བ་དང་འཚམ་པར་སྟོན་པ་དང་། གཞན་དོན་བསྒྲུབ་པའི་གྲོགས་བྱས་པས་རང་གནས་ཀྱི་ཡེ་ཤེས་བཞི་པོའི་སའི་དྲི་མ་དག་ནས་འགྲུབ་པའི་རྒྱུ་བྱེད་པའི་ཚུལ། མདོ་སྡེའི་རྒྱན་ལས། འཛིན་པའི་ཕྱིར་དང་སེམས་མཉམ་ཕྱིར། །ཡང་དག་ཆོས་རབ་སྟོན་ཕྱིར་དང་། །བྱ་བ་གྲུབ་པ་ཉིད་ཀྱི་ཕྱིར། །


JL00_Page_0914
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་བཞི་པོ་ཡང་དག་འབྱུང་། །ཞེས་སོ། །བསམ་པ་རང་བཞིན་གྱི་རྒྱུ་ནི། །རང་གནས་ཀྱི་ཡེ་ཤེས་དེའི་ ཀུན་གཞི་དབྱིངས་སུ་ནུབ་པ་ནི་ཆོས་དབྱིངས་སོ་ སྟེང་གི་སྒྲིབ་བྱེད་ཉོན་མོངས་པ་དེ་དང་དེ་དག་བྲལ་སྟོབས་ཀྱིས་མངོན་དུ་སྣང་བའི་ཆ་ནས་གནས་འགྱུར་དུ་བཏགས་པ་ཙམ་སྟེ། འདི་ལྟར་མ་དག་པའི་གནས་སྐབས་ཀྱི་རྣམ་ཤེས་ཚོགས་བརྒྱད་རྟེན་ཀུན་གཞི་དང་བཅས་པ་ལོག་པས་ཡེ་ཤེས་སུ་ཤར་བའི་ཚུལ། སྐུ་གསུམ་ལ་འཇུག་པའི་མདོ་ལས། །ཀུན་གཞིའི་རྣམ་པར་ཤེས་པ་དབྱིངས་སུ་ནུབ་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ཡིད་ཀྱི་རྣམ་པར་ཤེས་པ་དབྱིངས་སུ་ནུབ་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཉོན་མོངས་པ་ཅན་གྱི་ཡིད་དབྱིངས་སུ་ནུབ་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །སྒོ་ལྔའི་རྣམ་པར་ཤེས་པ་དབྱིངས་སུ་ནུབ་པ་ནི་བྱ་འགྲུབ་པའི་ཡེ་ཤེས་སོ། །ཞེས་པས་གསལ་ལོ། །དེའང་རང་མཚན་དུ་ཉོན་མོངས་པ་དང་ཡེ་ཤེས་གཉིས་ཤིན་ཏུ་འགལ་བས་གནས་འགྱུར་བར་མི་སྲིད་ཀྱང་། དག་བྱ་དག་འབྲས་ཀྱི་ཆ་ལ་དེ་སྐད་དུ་བཏགས་པ་སྟེ། དེ་དག་མ་དག་ན་རང་གི་ཆས་བཞག་པའི་ཡོན་ཏན་རྣམས་མངོན་དུ་སྣང་བ་མེད་པས་སོ། །སོ་སོའི་རང་བཞིན་ནི། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་ཆོས་ལྔ་དང་ལྡན་པ་སྟེ། མདོ་སྡེའི་རྒྱན་ལས། མེ་ལོང་ཡེ་ཤེས་ང་ཡི་མེད། །ཡོངས་སུ་མ་ཆད་རྟག་ཏུ་ལྡན། །ཤེས་བྱ་ཀུན་ལ་མ་རྨོངས་པ། །རྟག་ཏུ་དེ་ལ་མངོན་ཕྱོགས་ཡིན། །ཞེས་པས་ང་ཡིར་འཛིན་པའི་རིས་སུ་བཅད་པ་མེད་པས་རྒྱུན་ཆགས་པ་དང་། ཡུལ་ད་ན་ཡོད་པ་ཤེས་ལ་གཞན་ན་ཡོད་པ་མི་ཤེས་པའང་མ་ཡིན་པས་ཡུལ་ཡོངས་སུ་མ་ཆད་པ་དང་། འཕོ་འགྱུར་དང་མི་རྟག་པ་ལས་འདས་པས་དུས་གསུམ་ཀུན་རྫོབ་མེད་པའི་ཕྱིར་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་རྟག་ཏུ་ལྡན་པས་དུས་མ་ཆད་པ་དང་། ཆོས་ཅན་མ་ལུས་པའི་ཤེས་བྱ་མཁྱེན་པས་དམིགས་པ་མ་ཆད་པ་དང་། ཡུལ་གྱི་རྣམ་པ་ཤར་བ་ལ་མངོན་དུ་མི་ཕྱོགས་པས་ཤེས་ཆ་ལ་ཡོད་ཙམ་གྱིས་མཁྱེན་པས་རྣམ་པ་མ་ཆད་པའོ། །ཡེ་ཤེས་གཞན་གསུམ་ནི་དེའི་


JL00_Page_0915
[མ་དཔེ་གཟིགས་ན་འདིར་གནོན།]

གྲོགས་སུ་ལྡན་པའི་ཚུལ་ཡིན་ཏེ། མེ་ལོང་ཡེ་ཤེས་མི་གཡོ་སྟེ། །ཡེ་ཤེས་གསུམ་ནི་དེ་ལ་བརྟེན། །མཉམ་པ་ཉིད་དང་སོ་སོར་རྟོག །བྱ་བ་གྲུབ་པ་ཁོ་ནའོ། །ཞེས་སོ། །བྱེད་ལས་ནི་མེ་ལོང་བྱད་བཞིན་དང་ཕྲད་ན་གཟུགས་བརྙན་འཆར་བ་ལྟར། །ཡེ་ཤེས་འདི་གདུལ་བྱའི་མེ་ལོང་དང་ཕྲད་ན་ལོངས་སྤྱོད་རྫོགས་པའི་སྐུ་དང་ཡེ་ཤེས་གཞན་གསུམ་པོ་གཟུགས་བརྙན་ལྟར་འབྱུང་བས་སྤྲུལ་པའི་སྐུའི་འཕྲོ་གཞི་བྱེད་པ་ཡིན་ཏེ། ཡེ་ཤེས་ཀུན་གྱི་རྒྱུ་མཚན་ཕྱིར། །ཡེ་ཤེས་འབྱུང་གནས་ཆེན་པོ་འདྲ། །ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཉིད། །ཡེ་ཤེས་གཟུགས་བརྙན་འབྱུང་ཕྱིར་དེ། །ཞེས་པ་ལྟར་རོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་ནི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་ཐུགས་སུ་ཆུད་པས་སྲིད་ཞིའི་མཐའ་གཉིས་ལ་མི་གནས་པའི་ཞི་བ་དམ་པ་སྟེ། མི་གནས་ཞི་བར་བཞུགས་པ་ནི། །མཉམ་ཉིད་ཡེ་ཤེས་ཡིན་པར་བརྗོད། །ཅེས་སོ། །དེའི་གྲོགས་ནི་བྱམས་པ་ཆེན་པོ་དང་ཐུགས་རྗེ་ཆེན་པོ་ལྡན་ལ། བྱད་ལས་ནི་གདུལ་བྱའི་མོས་པ་དང་མཐུན་པར་གཟུགས་སྐུའི་སྣང་བ་མངོན་སུམ་དུ་སྟོན་པ་སྟེ། དེའང་སྐུའི་འཆར་གཞི་མེ་ལོང་ལྟ་བུས་བྱེད་ཀྱང་། གདུལ་བྱ་ལ་སྣང་བའི་བྱེད་པོ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། དུས་རྣམས་ཀུན་ཏུ་བྱམས་པ་དང་། །ཐུགས་རྗེ་ཆེན་པོ་དག་དང་ལྡན། །སེམས་ཅན་རྣམས་ལ་མོས་པ་བཞིན། །སངས་རྒྱས་སྐུ་ནི་ངེས་པར་སྟོན། །ཞེས་སོ། །སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ནི་ཆོས་ཅན་ཐམས་ཅད་ལ་ཐོགས་པ་མེད་པའི་ཡེ་ཤེས་འཇུག་ཅིང་ཤེས་བྱ་ཀུན་ལ་རྟག་མི་ཐོགས་པ་ཉིད་དེ། སོ་སོར་རྟོག་པའི་ཡེ་ཤེས་ནི། །ཤེས་བྱ་ཀུན་ལ་རྟག་མི་ཐོགས། །ཞེས་སོ། །དེའི་གྲོགས་ཏིང་ངེ་འཛིན་དང་གཟུངས་ལ་སོགས་པ་མི་ཟད་པའི་གཏེར་དང་འདྲ་བ་ཁོ་ནས་བྱེད་དེ། ཏིང་ངེ་འཛིན་དང་གཟུངས་རྣམས་ཀྱིས། །གཏེར་དང་འདྲ་བ་ཁོ་ན་ཡིན། །ཞེས་སོ། །བྱེད་ལས་ནི་ཤེས་བྱ་ཡུལ་ལ་སྣང་བའི་ཚེ་སྐུའི་འབྱོར་


JL00_Page_0916
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྣ་ཚོགས་བསྟན་ནས་ཐེ་ཚོམ་དང་མ་རིག་པའི་དྲ་བ་གཅོད་ཕྲའི་ཆོས་ཆར་འབེབས་པ་སྟེ། འཁོར་གྱི་དཀྱིལ་འཁོར་རྣམས་སུ་ནི། །འབྱོར་བ་ཐམས་ཅད་སྟོན་མཛད་ཅིང་། །ཐེ་ཚོམ་ཐམས་ཅད་གཅོད་མཛད་པའི། །ཆོས་ཀྱི་ཆར་ནི་རབ་ཏུ་འབེབས། །ཞེས་སོ། །བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ངོ་བོ་ནི་སེམས་ཅན་གྱི་ཁམས་དང་། ཞིང་དཔག་ཏུ་མེད་པར་སྤྲུལ་པ་བསམ་ཡས་མཐའ་ཀླས་པར་སྤྲུལ་ནས་དེ་དག་གི་དོན་མ་ངེས་སྣ་ཚོགས་པར་བསྒྲུབ་པའི་ཡེ་ཤེས་ཉིད་དེ། བྱ་བ་གྲུབ་པའི་ཡེ་ཤེས་ནི། ཁམས་རྣམས་ཀུན་ཏུ་སྣ་ཚོགས་ཞིང་། །དཔག་མེད་བསམ་ཡས་སྤྲུལ་པ་ཡིས། །སེམས་ཅན་དོན་ཀུན་གྲུབ་པའོ། །ཞེས་སོ། །བྱེད་ལས་ནི་གདུལ་བྱའི་དོན་བསྒྲུབ་པ་ལ་མཛད་པའི་བྱེ་བྲག་མཐའ་གཅིག་ཏུ་མ་ངེས་པ་ཅན་ཏེ། སངས་རྒྱས་སྤྲུལ་པ་དེ་དག་ཏུ། །མཛད་པ་བསྒྲུབ་པའི་བྱེ་བྲག་དང་། །གྲངས་དང་ཞིང་གི་རྣམ་ཀུན་ཏུ། །བསམ་མི་ཁྱབ་པར་ཤེས་པར་བྱ། །ཞེས་སོ། །དེ་ལྟ་བུའི་ཡེ་ཤེས་དང་ཤེས་བྱ་མཁྱེན་པའི་ཚུལ་ཡང་། རང་སྣང་ལ་ལྟོས་ན་འཁྲུལ་བའི་ཆ་དང་བཅས་པ་གཏན་ནས་སྤངས་པའི་ཕྱིར་ཤེས་བྱའི་སྤོས་པ་དང་། དེས་བསྐྱེད་པའི་ཡེ་ཤེས་རང་མཚན་པ་ཡོད་པ་མ་ཡིན་ཏེ། སྟོང་ངོས་ཆོས་སྐུའི་ཡེ་ཤེས་ཡོད་མེད་གཉིས་ཀར་མ་གྲུབ་པས་བསམ་གྱིས་མི་ཁྱབ་པའི་དོན་དྲན་པར་བྱ་ལ། གཞན་སྣང་ལ་ལྟོས་ནས་ཐུགས་རྗེའི་འཇུག་པ་དང་ཡེ་ཤེས་ཀྱི་འཆར་ཚུལ་དེ་དག་གི་རྒྱུ་འབྲས་དང་བཅས་པ་མཐའ་དག་འགགས་པ་མེད་ཅིང་ལག་མཐིལ་ཏུ་སྐྱུ་རུ་ར་བཞག་པ་བཞིན་དུ་མཁྱེན་པ་ཡིན་ཏེ། སྣང་ངོས་གཟུགས་སྐུའི་ཆ་ནས་གདུལ་བྱའི་སྣང་བ་དང་མཐུན་པའི་དོན་མཛད་ཅིང་ཡེ་ཤེས་ཀྱི་རྩལ་འགག་པ་མེད་པའི་ཕྱིར་རོ། །དེའང་ཡེ་ཤེས་གཅིག་གིས་དུས་མཉམ་དུ་རང་གཞན་གྱི་སྣང་བ་ཐམས་ཅད་མ་འདྲེས་པར་མཁྱེན་པ་ཡིན་ཏེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡིན་པའི་ཕྱིར་རོ། །འོ་ན་འཇུག་པ་ལས། སེམས་


JL00_Page_0917
[མ་དཔེ་གཟིགས་ན་འདིར་གནོན།]

འགགས་པ་དེ་སྐུ་ཡིས་མངོན་དུ་མཛད། །ཅེས་གསུངས་པས་རིག་པ་ནི་མ་རིག་པའི་ཁྱབ་བྱེད་ཅན་ཡིན་ལ། ཁྱབ་བྱེད་མ་རིག་པ་ལྡོག་པས་ཁྱབ་བྱ་རིག་པ་ལྡོག་པའི་ཕྱིར་ཡེ་ཤེས་ཉིད་ཀྱང་མེད་པར་གྲུབ་བོ་ཞེ་ན། དེ་ནི་ཅང་མེད་ཆད་པར་འདོད་པ་རྒྱང་འཕེན་པའི་འདོད་པ་ཡིན་ཏེ། འཇུག་པའི་དོན་ནི་སེམས་སེམས་བྱུང་ཀུན་གཞི་ཚོགས་བརྒྱད་ཀྱིས་བསྡུས་པ་གང་ཞིག་རིག་པ་ཡེ་ཤེས་ཀྱི་སྟེང་དུ་འགགས་པའི་དོན་ཡིན་ནོ། །སྟུག་པོ་བཀོད་པའི་མདོ་ལས། ཇི་ལྟར་ཤིན་ཏུ་བཟང་པོའི་གསེར། །གསེར་གྱི་དབྱིབས་ལ་མི་སྣང་སྟེ། །བཅོལ་བས་ཤིན་ཏུ་ཞིབ་བཏགས་ནས། །ཡོངས་སུ་སྦྱངས་ན་སྣང་བར་འགྱུར། །དེ་བཞིན་ཀུན་གཞིའི་རྣམ་པར་ཤེས། །རྣམ་ཤེས་བདུན་དང་བཅས་པ་ཡང་། །ཏིང་ངེ་འཛིན་གྱིས་ཡོངས་སྦྱོངས་པའི། །རྣལ་འབྱོར་ཅན་གྱི་རྟག་ཏུ་མཐོང་། །ཞེས་སོ། །གཞན་ཡང་རིག་པ་མ་རིག་པའི་རྟེན་ཡིན་ཀྱང་ཁྱབ་བྱེད་མ་ཡིན་པས་མ་རིག་པ་ལོག་པ་ཙམ་གྱིས་རིག་པ་ལོག་པར་ཡང་མི་འགྱུར་ཏེ། སེམས་བྱུང་འགགས་པ་ཙམ་གྱིས་སེམས་འགགས་པར་མི་འགྱུར་བ་ཆོས་ཅན། སངས་རྒྱས་པའི་ཆོས་སྐུ་ནི་རིག་པའི་ཡེ་ཤེས་ཆོས་ཀྱི་དབྱིངས་སུ་གྱུར་བས་མངོན་དུ་བྱེད་པར་གསུངས་ཏེ། ཤེས་རབ་འབུམ་གྱི་མདོ་ལས། ཆོས་ཀྱི་དབྱིངས་ཤེས་ན་ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཡང་ཤེས་པ་ཡིན་ནོ། །ཞེས་གསུངས་སོ། །དེ་བས་ན་སེམས་འགགས་པས་རྣམ་པར་མི་རྟོག་ཀྱང་ཆོས་ཀྱི་དབྱིངས་མི་འགག་པས་ཐུགས་རྗེའི་འཇུག་པ་ཡིད་བཞིན་གྱི་ནོར་བུ་ལྟར་སྨོན་ལམ་གྱི་རྗེས་སུ་འགྲོ་ཞིང་། ཟླ་བའི་གཟུགས་བརྙན་ལྟར་ཆུ་སྣོད་དང་འཚམ་པར་འཆར་བའི་ཚུལ། ཕལ་པོ་ཆེ་ལས། ཡིད་བཞིན་ནོར་བུའི་རྒྱལ་པོ་ནི། །ཅི་ཡི་བསམ་པ་རྫོགས་བྱེད་པ། །དེ་བཞིན་སངས་རྒྱས་


JL00_Page_0918
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཉིད་ཀྱང་། །རྟག་ཏུ་སྨོན་ལམ་རྫོགས་པར་འགྲུབ། །མཐའ་དང་དབུས་མེད་འཇིག་རྟེན་དེར། །འཇིག་རྟེན་པ་ཡི་འདྲེན་པར་གྱུར། །དེ་ཡི་སྨོན་ལམ་དེ་དག་གིས། །ཕྱོགས་བཅུ་དེ་དག་རྒྱལ་བས་གང་། །ཇི་ལྟར་ཟླ་བ་ཤར་གྱུར་བ། །ཚད་མེད་པ་ཡི་གཟུགས་བརྙན་རྣམས། །ཆུ་ཡི་སྣོད་དུ་ཤར་གྱུར་ཀྱང་། །ཟླ་བ་གཉིས་སུ་གྱུར་བ་མེད། །དེ་བཞིན་ཆགས་མེད་མཁྱེན་ལྡན་རྣམས། །ཆགས་མེད་རྣམ་པར་འཚང་རྒྱ་བ། །ཞིང་རྣམས་ཀུན་ནའང་རབ་ཏུ་སྣང་། །སངས་རྒྱས་ལ་ནི་གཉིས་ཀྱང་མེད། །ཅེས་བཀའ་བསྩལ་ཏོ། །དེ་བཞིན་དུ་ཤེས་བྱ་མཁྱེན་པའི་ཚུལ་ཡང་རྣམ་པ་གཉིས་ཏེ། ཇི་ལྟ་བ་མཁྱེན་པ་ནི། སངས་རྒྱས་ཀྱི་མཁྱེན་ཆ་ཟ་བ་ཞི་སྤྲོས་པ་དང་བྲལ་བས་མཚན་མར་འཛིན་པའི་སྒྲོ་འདོགས་ཆ་དང་བཅས་པ་ལས་ཡང་དག་པར་འདས་པའི་ཆོས་ཉིད་ཀུན་ཏུ་འགྲོ་བ་ལ་ཤེས་པར་བྱ་བ་ཅུང་ཟད་ཀྱང་མ་དམིགས་ཀྱང་སོ་སྐྱེའི་གནས་སྐབས་ན་མཐོང་སྤངས་ཀྱིས་མ་དག་པ་དང་། བྱང་ཆུབ་སེམས་དཔའི་གནས་སྐབས་ན་བསྒོམས་སྤངས་ཀྱིས་མ་དག་པའི་དྲི་མ་གཉིས་ཀ་ལས་ཡང་དག་པར་གྲོལ་བའི་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་ཆོས་ཉིད་མངོན་སུམ་དུ་ཐུགས་སུ་ཆུད་པ་སྟེ་འཕགས་པ་སྡུད་པ་ལས། གང་ཆོ་འདུས་བྱས་འདུས་མ་བྱས་དང་དཀར་ནག་ཆོས། ཤེས་རབ་རྣམ་པར་བཤིག་ནས་རྡུལ་ཙམ་མི་གནས་ཚེ། །འཇིག་རྟེན་དག་ན་ཤེས་རབ་ཕ་རོལ་ཕྱིན་གྲངས་འགྲོ། །ནམ་མཁའ་གང་ལའང་ཅུང་ཟད་མི་གནས་དེ་དང་འདྲ། །ཞེས་དང་། མདོ་སྡེ་ལས། འགའ་ཡང་མཐོང་བ་མེད་པ་ནི་ཆོས་མཐོང་བ་ཡིན་ནོ། །ཞེས་སོ། །ཇི་སྙེད་པ་མཁྱེན་པའི་ཚུལ་ནི། དེ་ལྟ་བུའི་ཡེ་ཤེས་ཀྱིས་མཉམ་པར་གཞག་པ་ལས་གཡོ་བ་མེད་བཞིན་དུ། དམིགས་པ་མེད་པའི་ཤེས་རབ་ཀྱིས་ཤེས་བྱ་


JL00_Page_0919
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་དག་བརྫུན་པའི་རང་བཞིན་སྒྱུ་མ་ལྟ་བུར་མ་འདྲེས་མངོན་སུམ་དུ་མཁྱེན་པ་ཉིད་དེ། མདོ་སྡེ་ལས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དམིགས་པ་ནི་དངོས་པོ་མེད་པའོ། །ཞེས་སོ། །དེའང་ཡུལ་སོ་སོར་འཛིན་པ་དབང་ཤེས་འབྲེལ་བ་ལྟ་བུས་མཁྱེན་པ་མ་ཡིན་ཏེ། གཟིགས་པའི་ཡུལ་མ་དག་པ་རང་མཚན་ཅན་མི་སྲིད་པའི་ཕྱིར་རོ། །དེ་ལྟ་ནའང་བདེན་པ་མེད་ཀྱང་བརྫུན་པ་ཡོད་པས་ཤེས་བྱ་ལ་སྲིད་པ་མཁྱེན་དགོས་ཏེ། མ་མཁྱེན་ན་ཐམས་ཅད་མཁྱེན་པ་ནས་བུད་པས་སོ། །དེ་བས་ན་བླ་ན་མེད་པའི་ཡེ་ཤེས་དང་རྫས་གཅིག་པའི་ཤེས་པས་དུས་སྐད་ཅིག་ལ་མཁྱེན་པ་ཡིན་ཏེ། ཕལ་པོ་ཆེ་ལས། རྒྱལ་བའི་ཡེ་ཤེས་བླ་མེད་ཀྱིས། །སྐད་ཅིག་གིས་ནི་དོན་ཀུན་རིག །ཅེས་སོ། །དེ་བཞིན་དུ་དུས་གསུམ་གྱི་ཤེས་བྱ་རྣམས་ཀྱང་ཀུན་བརྟགས་ཀྱི་རྗེས་སུ་འགྲོ་བའི་རིམ་པ་ཅན་དུ་མཁྱེན་པ་མ་ཡིན་པར་སྔ་ཕྱི་མེད་པའི་གཅིག་ཆར་དུ་མཁྱེན་པ་ཡིན་ཏེ། མདོ་སྡེའི་རྒྱན་ལས། ཉི་མའི་འོད་ཟེར་གཅིག་བཏང་བས། །འགྲོ་བ་སྣང་བར་བྱེད་པ་ལྟར། །དེ་བཞིན་ཤེས་བྱ་ཐམས་ཅད་ལ། །སངས་རྒྱས་ཡེ་ཤེས་གཅིག་ཅང་སྣང་། །ཅེས་སོ། །དེའང་སངས་རྒྱས་ཀྱིས་ནི་རྣམ་གཡེང་བག་ཆགས་དང་བཅས་པ་སྤངས་པས་རྟག་ཏུ་ཆོས་སྐུ་ལས་མི་གཡོ་བས་མཉམ་པར་གཞག་པ་ཉིད་ཡིན་ཏེ། འཕགས་པ་དཀོན་མཆོག་བརྩེགས་པ་ལས། །གླང་ཆེན་བཞུགས་ཀྱང་མཉམ་པར་གཞག །གླང་ཆེན་གཟིམས་ཀྱང་མཉམ་པར་གཞག །གླང་ཆེན་མནལ་ཡང་མཉམ་གཞག་ཡིན། །ཞེས་སོ། །དེ་ལྟ་ནའང་གཞན་དོན་ཕྲིན་ལས་ཀྱི་འཇུག་པ་རྒྱུན་མི་འཆད་པས་རྗེས་ཐོབ་ཏུ་གདགས་པ་ཙམ་ཡོད་དེ། རྒྱུད་བླ་མ་ལས། སྒྲིབ་པ་གཉིས་དང་བྲལ་བ་ཡི། །རྒྱུ་ནི་ཡེ་ཤེས་གཉིས་ཡིན་ཏེ། །མི་རྟོག་པ་དང་


JL00_Page_0920
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡི་ནི། །རྗེས་ཐོབ་དེ་ནི་ཡེ་ཤེས་འདོད། །ཅེས་སོ། །གསུམ་པ་མཛད་པ་ཕྲིན་ལས་ནི། གདུལ་བའི་ཡུལ་སྲིད་པ་ཇི་སྲིད་གནས་ཀྱི་བར་ཆོས་སྐུའི་རང་བཞིན་ལས་མ་གཡོས་བཞིན་དུ་གཟུགས་སྐུ་གཉིས་དེ་ལ་དེར་བརྟེན་ཕྲ་རགས་ཀྱི་ཚུལ་དུ་འཕྲོ་བ་རྒྱུན་མི་འཆད་པ་འགྲོ་བའི་མོས་པ་བཞིན་འབྱུང་སྟེ་མངོན་རྟོགས་རྒྱན་ལས། དེ་བཞིན་འཁོར་བ་ཇི་སྲིད་འདི། །ལས་ནི་རྒྱུན་མི་འཆད་པར་འདོད། །ཅེས་སོ། །དེའང་ལོངས་སྐུའི་ངང་ལས་འབྱུང་བའི་སྤྲུལ་པའི་སྐུ་ལ་ལྟོས་ནས་རྒྱུད་བླ་མ་ལས། གཞན་གྱི་དབང་གི་ངེས་འབྱུང་དང་། །བདག་དང་སེམས་ཅན་མཚུངས་གཟིགས་དང་། །མཛད་པ་ཡོངས་སུ་མ་རྫོགས་ཕྱིར། །འཁོར་བ་ཇི་སྲིད་མཛད་མི་འཆད། །ཅེས་སོ། །དེའི་ཚུལ་ཡང་སེམས་ཅན་གྱི་ཁམས་དང་། དེ་ཉིད་གདུལ་བའི་ཐབས་དང་། ཐབས་ཀྱི་བྱ་བ་དང་། དུས་ལས་ཡོལ་བ་མེད་པར་འདོམས་པ་ལ་སོགས་པས་གཞན་དོན་ལ་ལྷུན་གྱིས་གྲུབ་པར་འཇུག་པའི་ཚུལ་དཔེ་དགུས་བསྟན་ཏེ། འདི་ལྟར་ལྷའི་དབང་པོའི་གཟུགས་བརྙན་བཻ་ཌཱུརྻའི་ས་གཞི་གཙང་མ་ལ་སྣང་བ་ལྟར་འགྲོ་བའི་སེམས་རྒྱུད་དགེ་ཞིང་རྙོག་པ་མེད་པའི་ས་གཞི་གཙང་མ་ལ་ཐུབ་པའི་དབང་པོའི་སྣང་བརྙན་འཆར་བ་དང་། ལྷ་རྣམས་ཀྱི་རྔ་པོ་ཆེའི་སྒྲ་རང་གི་ལས་ལས་བྱུང་བ་ལྟར་འགྲོ་བ་རང་རང་གིས། སངས་རྒྱས་མཐོང་ནས་ཆོས་ཐོས་པའི་ལས་བསགས་པ་གང་ཞིག་ལ་རྣ་བ་ཡོད་པས་སྒྲ་ཐོས་པ་བཞིན་ལེགས་པར་འདོམས་པའི་ཆོས་ཀྱི་སྒྲ་ཐོས་པ་དང་། འདི་ལྟར་སྤྲིན་གྱི་ཚོགས་ནི་ནམ་མཁའི་ཁྱོན་ལ་ཐོགས་རྡུགས་མེད་པར་འགྲོ་ཞིང་འཆར་ནུབ་བྱེད་པ་ལྟར། དེ་བཞིན་གཤེགས་པའི་མཁྱེན་པའི་ཡེ་ཤེས་དང་བརྩེ་བའི་ཐུགས་རྗེའི་སྤྲིན་འགྲོ་བའི་མོས་པ་དང་རྗེས་སུ་མཐུན་པ་ཉིད་སྲིད་རྩེའི་བར་དུ་ཁྱད་


JL00_Page_0921
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། ཚངས་པ་བཞིན་དུ་ཟག་པ་མེད་པའི་གནས་ལས་མ་བསྐྱོད་པར་སྤྲུལ་པ་རྣམ་པ་དུ་མ་སྟོན་པ་དང་། ཉི་མ་བཞིན་དུ་ཉེ་རིང་མེད་པའི་འགྲོ་བའི་ཁམས་ལ་ཡེ་ཤེས་ཀྱི་སྣང་བ་གཅིག་ཅར་དུ་འཇུག་པ་དང་། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟར་ཐུགས་རྣམ་པར་མི་རྟོག་བཞིན་དུ་གང་གི་སྨོན་པའི་དོན་ཡིད་བཞིན་དུ་འགྲུབ་པ་དང་། སྒྲ་སྙན་བཞིན་དུ་རྒྱལ་བ་རྣམས་ཀྱི་གསུང་གི་གསང་བ་ནི་ཚིག་དང་ཡི་གེ་མེད་ཀྱང་ཉོན་མོངས་པ་མེད་ཡིད་ཅན་རྣམས་ཀྱི་རྣ་བའི་ལམ་དུ་འབྱུང་ཞིང་། རང་གི་རྣམ་རིག་ལས་སྐྱེ་བ་དང་། ནམ་མཁའ་བཞིན་དུ་དེ་བཞིན་གཤེགས་པའི་སྐུ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཡོངས་ལ་ཁྱབ་ཀྱང་གཟུགས་སུ་སྣང་བ་མེད་པས་ཡོངས་སུ་རྟག་པ་ཉིད་དང་། ས་ནི་ཀུན་གྱི་གཞི་རྟེན་དུ་གྱུར་བ་བཞིན་དུ་འགྲོ་བ་རྣམས་ཀྱི་དཀར་པོའི་ཆོས་ཀྱི་སྨན་མ་ལུས་པ་སྐྱེ་བའི་གཞི་རྟེན་སངས་རྒྱས་ཀྱི་ས་གང་ཡིན་པའོ། །དེ་སྐད་དུ་སྔ་མ་ལས། གང་ཞིག་བརྒྱ་བྱིན་རྔ་དང་སྤྲིན་བཞིན་དང་། །ཚངས་ཉི་རིན་ཆེན་ཡིད་བཞིན་ནོར་རྒྱལ་བཞིན། །སྒྲ་སྙན་ནམ་མཁའ་ས་གཞི་སྲིད་པའི་བར། །འབད་མེད་གཞན་དོན་བྱེད་ད་རྣལ་འབྱོར་རིགས། །རིན་ཆེན་ལྷ་དབང་སྣང་བཞིན་སྟོན་པ་དེ། །ལེགས་པར་འདོམས་མཛད་ལྷ་ཡི་རྔ་དང་འདྲ། ཁྱབ་བདག་མཁྱེན་དང་བརྩེ་ཆེན་སྤྲིན་ཚོགས་ནི། །མཐའ་ཡས་འགྲོ་བ་སྲིད་རྩེའི་བར་དུ་ཁྱབ། །ཚངས་བཞིན་ཟག་མེད་གནས་ལས་མ་བསྐྱོད་པར། །སྤྲུལ་པ་རྣམ་པ་དུ་མ་རབ་ཏུ་སྟོན། །ཉི་བཞིན་ཡེ་ཤེས་སྣང་བ་རབ་སྔོ་བ། །རྣམ་དག་རིན་ཆེན་ཡིད་བཞིན་ནོར་འདྲའི་ཐགས། །རྒྱལ་བ་རྣམས་ཀྱི་གསུང་དེ་ཉིད། །བྲག་ཅ་བཞིན་དུ་ཡི་གེ་མེད། །སྐུ་ནི་ནམ་མཁའ་ལྟ་བུ་སྟེ། ཁྱབ་དང་གཟུགས་མེད་རྟག་པ་ཉིད། །ས་བཞིན་འགྲོ་བ་དཀར་པོ་ཡི། །ཆོས་ཀྱི་སྨན་ནི་མ་ལུས་པའི། །རྣམ་པ་ཀུན་


JL00_Page_0922
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ཞི་གྱུར་བ། །སངས་རྒྱས་ཀྱི་ནི་ས་ཡིན་ནོ། །ཞེས་སོ། །དེ་དག་ཀྱང་མདོར་བསྡུ་ན། །སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཆོ་འཕྲུལ་རྣམ་པ་གསུམ་གྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མ་ལུས་པ་ཁྱབ་པ་ནི་རྫུ་འཕྲུལ་གྱི་ཆོ་འཕྲུལ་ཅེས་བསྟན་ཏེ། སེམས་ཀྱི་རྣམ་གྲངས་མཁྱེན་པས་དེ་རྟོགས་པ་སེམས་ཅན་གྱི་སེམས་ཀྱི་སྤྱོད་པ་ཟབ་མོ་སྣང་བ་ནི་ཀུན་བརྗོད་པའི་ཆོ་འཕྲུལ་ལོ། །ངག་གི་དབྱངས་བརྗོད་པ་ངེས་པར་འབྱིན་པའི་ལམ་ལས་བརྩམས་ཏེ་དེ་འདོམས་པ་དང་རྗེས་སུ་བསྟན་པའི་ཆོ་འཕྲུལ་ལོ། །དེ་ལྟ་བུའི་མི་སློབ་པའི་ལམ་ནི་ཁྱད་པར་གྱི་ཆོས་གསུམ་དང་ལྡན་པ་སྟེ། སྤངས་པའི་ཁྱད་པར་ནི་སྒྲིབ་གཉིས་བག་ཆགས་དང་བཅས་པ་མཐའ་དག་སྤངས་པ་སྟེ། རྡོ་རྗེ་རྩེ་མོ་ལས། ཉོན་མོངས་པ་དང་དེ་བཞིན་སྐྱེས། །ཉོན་མོངས་ཤེས་བྱའི་སྒྲིབ་དེ་བཞིན། །གང་ཡང་མི་མཐུན་ཕྱོགས་ཆོས་བཅོམ། །དེ་འདིར་བཅོམ་ལྡན་འདས་སུ་བཤད། །ཅེས་སོ། །རྟོགས་པའི་ཁྱད་པར་ནི་ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་མངོན་སུམ་པར་རྟོགས་པ་སྟེ། ཡུམ་བར་མ་ལས། དེ་བཞིན་གཤེགས་པ་རྣམས་ཀྱིས་ནི་ཆོས་གང་ཡང་མངོན་པར་རྫོགས་པར་སངས་མ་རྒྱས་པའམ། མ་གཟིགས་པའམ། མ་མཁྱེན་པ་འགའ་ཡང་མེད་དོ། །ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་མངོན་སུམ་དུ་རབ་ཏུ་མཁྱེན་ཏོ། །ཡོན་ཏན་གྱི་ཁྱད་པར་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་གྱི་ཆ་མ་ལུས་པ་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཡོན་ཏན་དྲུག་ཅུ་རྩ་བཞིའི་གཏེར་དུ་འཆང་བ་སྟེ། རྒྱུད་བླ་མའི་འགྲེལ་བ་ལས། དེ་ལྟར་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་པོ་དེ་དག་རྣམ་པ་གཅིག་ཏུ་མངོན་པར་


JL00_Page_0923
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་ཏེ་དྲུག་ཅུ་རྩ་བཞིར་འགྱུར་རོ། །ཞེས་སོ། །དེ་དག་གི་རང་བཞིན་ནི་ལེའུ་དྲུག་པར་ཡང་བཤད་ཟིན་ཀྱང་སོ་སོའི་ས་ཁོངས་འཛིན་པའི་ཆེད་ལས་ཟློས་པའི་སྐྱོན་དུ་མི་གཟུང་ངོ་། །ཡོན་ཏན་རིན་པོ་ཆེའི་མཛོད་ལས། སྨོན་འཇུག་གི་བསླབ་བྱ་བསྟན་པའི་ཚོམས་ཏེ་ལེའུ་དགུ་པའི་འགྲེལ་བ་ཡན་གྱིས་རྒྱུ་མཚན་ཉིད་ཀྱི་ཐེག་པ་ལ་ཡོངས་སུ་གྲགས་པའི་རྒྱ་ཆེན་སྤྱོད་པ་དང་། ཟབ་མོ་ལྟ་བའི་གྲུབ་པའི་མཐའ་ལེགས་པར་གཏན་ལ་ཕབ་ཟིན་ཏོ། །ཉིང་འཁྲུལ་ལམ་དུ་དཔལ་ལྡན་ནཱ་ག་རྫུས། །བཤེས་སྤྲིང་ལུང་གིས་ཟབ་དང་རྒྱ་ཆའི་དོན། །བདག་རྒྱུད་བདེ་གཤེགས་སྙིང་པོ་ལ་སྦྱར་བ། །འདིས་ཀྱང་རྒྱལ་བསྟན་མི་ནུབ་དཔལ་དུ་ཤོག །ས་སྐྱ་བདག་པོ་རིན་པོ་ཆེ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་བསྟན་པ་འབའ་ཞིག་ཐུགས་ལ་བཅངས་ནས་ས་སྙིང་སྲང་འཁོར། རིན་ཆེན་གཉིས་པའི་རྟ་རྨིག །ནང་མཛོད་སྣ་ལྔའི་སྐྱེས་དང་བཅས་ཏེ་བཀས་བསྐུལ་བ་ལས། དབེན་པའི་རི་ངོགས་ན་གནས་པའི་གཙུག་ལག་ཁང་པདྨ་འོང་གླིང་ཞེས་བྱ་བར་རྫོགས་ཆེན་པ་རང་བྱུང་རྡོ་རྗེ་མཁྱེན་བརྩེའི་འོད་ཟེར་གྱིས་ཟིན་རིས་སུ་བཏབ་པའི་ཡི་གེ་པ་ནི་དགེ་སློང་རྣལ་འབྱོར་སྤྱོད་པ་ཆོས་རྗེ་བྲག་ཕུག་པའོ།། ༈ །།ཨོཾ་སྭ་སྟི། འཇིགས་བྲལ་གླིང་བའི་དགོངས་བཅུང་ཆུ་འཛིན་ལས། །ཟབ་རྒྱས་ཤིང་རྟ་ཕྲིན་ལས་དབྱར་གྱི་རྔ་། །མདོ་རྒྱུད་ཡོངས་སྙིང་སྙན་


JL00_Page_0924
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་བསྒྲགས་པ་ན། །སྐལ་བཟང་རྨ་བྱའི་བརྩེ་དགའ་ཅི་ཡང་རོལ། །ཐ་སྙད་གྲུབ་མཐར་ཞེན་པའི་དྷ་དྷུ་རས། །གཞན་དབང་གྱུར་བའི་ཐེག་མཆོག་ཀཻ་ལ་ཤ །སྔོན་པོ་འཁྲུལ་བའི་ལོག་རྟོག་མཁས་རློམ་ཀུན། །ཕུལ་བྱུང་ཐེག་མཆོག་སྣོད་དུ་སྐལ་བར་དམན། །ཟུར་མཛོད་སྐུ་མཆེད་གསུམ་གྱི་ལྷག་བསམ་གྱིས། །བདེན་གཉིས་ཤིང་རྟ་བཞེས་པས་དགེ་ཚོགས་ཟླས། །ལས་ཉོན་སྨག་རུམ་དྲུངས་ཕྱུང་དངོས་གྲུབ་འོད། །སྣང་བའི་སྐྱེ་དགུའི་པད་དཀར་བཞད་གྱུར་ཅིག །ཅེས་པའང་ཆོས་ཀྱི་སེངྒེས་སོ།། །།ཞེས་བསྟན་དང་འགྲོ་བ་ཐམས་ཅད་ལ་ཕན་ཐོག་རྒྱ་ཆེན་འབྱུང་བའི་བསམ་པས་ཀུན་ནས་བླང་ཏེ་ཆོས་རྒྱུན་རྒྱ་ཆེར་སྤེལ་བའི་ཆེད་དུ་སྤར་གཞི་གསར་བསྐྲུན་མཛད་མི་ཟུང་གཞོན་ནུའི་དུས་ནས་ཐེག་པ་ཆེན་པོའི་ཆོས་ལ་དད་གུས་ཆེ་བ་དང་། ཁྱད་པར་ཀུན་མཁྱེན་ཆེན་པོ་འཇིགས་མེད་གླིང་པ་ལ་མི་ཕྱེད་པའི་དད་མདུན་གྱི་ངང་ནས་སྒྱུ་མའི་ནོར་ལ་སྙིང་པོ་ལེན་ཤེས་པ་གྲ་ནང་སློབ་དཔོན་ལགས་ནས་དངུལ་སྲང་ཉི་ཤུ་དང་། སྐལ་བཟང་བུ་ཁྲིད་ཀྱི་ས་ལེ་སྦྲམ་གྱི་སེ་མོ་དོའི་རིན་དངུལ་སྲང་བཅོ་ལྔ། འཕྲེང་པོ་བསམ་གཏན་


JL00_Page_0925
[མ་དཔེ་གཟིགས་ན་འདིར་གནོན།]

པ་དཔལ་ལྡན་ཆོས་འབྱོར་ནས་དངུལ་སྲང་དོ་ཞོ་དོ་སྐར་ལྔ་དང་ཕྱི་མཛོད་གཅིག །ཟུར་མཛོད་ཀྱི་གཟའ་ཟླ་རྣམ་རྒྱལ་བུ་ཁྲིད་ནས་མགྲིན་པའི་དོ་ཤལ་རིན་དངུལ་སྲང་ལྔ་བཅུ། འཕྲོས་ཟུར་མཛོད་ཚེ་རིང་དོན་འགྲུབ་ནས་དངུལ་སྲང་དགུ་བཅུ་གོ་བརྒྱད་དང་ཞོ་ལྔ་སྐར་ལྔ་བཅས་མིང་གོང་འཁོང་རྣམས་ཀྱི་ཁྱོན་བསྡོམས་དངུལ་སྲང་བརྒྱ་དང་བརྒྱད་ཅུ་གྱ་དྲུག་དང་ཞོ་དོ་སོང་བའི་བར་ཡིག་འདྲི་མི་ཕུན་ཚོགས་རྣམ་རྒྱལ་དང་། པར་བརྐོས་བུ་ཚེ་རིང་དང་ངག་དབང་སྦྱིན་པ་བརྒྱ་བྱིན་ནོར་བུ་བཅས་ཀྱི་གཙོས་མི་གྲངས་ཉི་ཤུ་བསྐོར་ནས་ལྷག་བསམ་རྣམ་དག་བགྱིས་པའི་དགེ་རྩ་རྣམས་འཁོར་གསུམ་ཡང་དག་གི་བསྔོ་སྨོན་གྱིས་མཚམས་སྦྱོར་དགོས་པ་ནི། དེས་ན། ཆོས་ཀྱི་རྒྱལ་པོ་ཀློང་ཆེན་རབ་འབྱམས་པའི། །རྫོགས་ཆེན་དམ་ཆོས་རྣམ་པར་འཕེལ་བ་ལ། །རྣམ་རྟོག་བདག་འཛིན་བགེགས་རྐྱེན་ཞི་བ་དང་། །མཐུན་རྐྱེན་སྐུ་གསུམ་མྱུར་དུ་ཚང་བར་ཤོག། །།དགེ་ལེགས་འཕེལ།


no previousཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་རྒྱ་ཆེར་འགྲེལ་བ་བདེན་གཉིས་ཤིང་རྟ།no next