Nitartha Digital Library
Tibetan
 
previousབྱང་ཆུབ་སྤྱོད་པའི་སྨོན་ལམ་ཕན་བདེའི་ལྗོན་པའི་ཊཱི་ཀ་རྒྱལ་བའི་གཞུང་ལམ།next

བྱང་ཆུབ་སྤྱོད་པའི་སྨོན་ལམ་ཕན་བདེའི་ལྗོན་པའི་ཊཱི་ཀ་རྒྱལ་བའི་གཞུང་ལམ།


JLAZ005_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སྤྱོད་པའི་སྨོན་ལམ་ཕན་བདེའི་ལྗོན་པའི་ཊཱི་ཀ་རྒྱལ་བའི་གཞུང་ལམ་ཞེས་བྱ་བ་བཞུགས། །


JLAZ005_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སྤྱོད་པའི་སྨོན་ལམ་ཕན་བདེའི་ལྗོན་པའི་ཊཱི་ཀ་རྒྱལ་བའི་གཞུང་ལམ་ཞེས་བྱ་བ། ཇི་སྙེད་ཤེ༷ས་བྱ་གཟིགས་དེའི་མཁྱེན་ར༷བ་ནི། །འཇིག་ཚོགས་ལ་སྡང་ཇི་ལྟའི་འོ༵ད་ཟེ༷ར་ཅན། །ཤར་བའི་མོད་ལ་སེམས་བྱུང་སྣ་ཚོགས་ཀུན། །རང་བཞིན་མེད་པར་གྲོལ་འདི་བླ་མའོ། །འདི་ལ་སྤྱི་དོན་རྣམ་པ་གསུམ། ཀླད་ཀྱི་དོན། གཞུང་གི་དོན། མཇུག་བསྡུ་བའོ། །དང་པོ་ནི། སྨོན་ལམ་ལ་འཇུག་བའི་སྒོ་ཡན་ལག་བདུན་པ་འབུལ་བ་ནི། །བཟང་སྦྱོང་གིས་ཞུས་པ་ལས་དགེ་བའི་ཆོས་བསྡུས་པའི་ཡན་ལག་བདུན་བཀའ་སྩལ་བ་ལྟར། དང་པོ་དཀོན་མཆོག་གསུམ་ལ་ཕྱག་བྱ་བའི་ཡན་ལག་ནི། རང་དོན་དུ་སྤངས་རྟོགས་མཐར་ཕྱིན་ཀྱང་ཞི་བདེའི་ངང་དུ་


JLAZ005_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

མི་བཞུགས་པར་གཞན་དོན་ལ་ཐུགས་རྗེས་རྒྱུན་ཆད་མེད་པས་དོན༷་གཉིས༷་ལྷུན༷་གྲུབ༷་ཏུ་འབྱུང་བ་སྟོན༷་པ༷་རྫོགས་པའི་སང༷ས་རྒྱས༷་དང་། དེའི་ཞལ་སྒོ་ལས་གསུངས་པ་འདུས་བྱས་ལ་བརྟེན་པའི་ལུས་ངག་ཡིད་གསུམ་གྱི་དགེ་བ་ཐམས་ཅད་ཀུན་རྫོབ་བདེན་པ་དང་། དམིགས་བསམ་སྤྲོས་པ་ལས་འདས་པ་དོན་དམ་བདེན་པ་སྟེ། བ༷དེན་གཉིས༷་ཀྱི་ངོ༷་བོ༷་ནི་བསྟན༷་པ་དམ༷་པའི༷་ཆོས༷་ཡིན་ལ། དེ་འཛིན་བྱེད་རྟོགས་བྱའི་ཇི་ལྟ་བ་རིག་པ། ཇི་སྙེད་པར་རིག་པ། ཡེ་ཤེས་གཟིགས་པ་སྟེ་རིག་པའི་ཡོན་ཏན་གསུམ། སྤང་བྱ་ཆགས་སྒྲིབ་ལས་གྲོལ་བ། ཐོགས་སྒྲིབ་ལས་གྲོལ་བ། དམན་སྒྲིབ་ལས་གྲོལ་བ་སྟེ། གྲོལ་བའི་ཡོན་ཏན་གསུམ་སྟེ་རིག༷་གྲོ༷ལ་གཉིས༷་


JLAZ005_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན༷་ནི་འཕ༷གས་པའི༷་དགེ༷་འདུན༷་ཡིན་པས་ཡུལ་དེ་གསུམ་ལ༷། བསོད་ནམས་དང་ཡེ་ཤེས་ཏེ་ཚོག༷ས་གཉིས༷་དམ་པའི་དཔ༷ལ་གྱི༷་གུས༷་པས༷་ཕྱག༷་འཚལ༷་ལོ༷་ཞེས་པའོ། །གཉིས་པ་མཆོད་པའི་ཡན་ལག་ནི། རབ༷་འབྱམ༷ས་ཞེས་བློས་དཔག་ཏུ་མེད་པའི་ཞིང༷་གི༷་ཁམས་ན་ཡོད་པའི་ལྷ༷་དང་མི༷འི་ལོ༷ངས་སྤྱོད༷་ཇི་སྙེད་ཡོད་པ་དང༷་། རབ༷་ཏུ་དང༷་བའི་ཡིད༷་ཀྱིས༷་རྣམ༷་པར་སྤྲུལ༷་པ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་ཏིང་འཛིན་གྱི་མཆོད་སྤྲི༷ན་ལྟ་བུ་ནི༷། ཞིང་གི་རབ༷་དང་མཆོ༷ག་དང་ཕུལ་དུ་གྱུར་བ་རྒྱལ༷་བ༷་སྟེ་སངས་རྒྱས་དང་། སྲས༷་ཏེ་བྱང་ཆུབ་སེམས་དཔའ་དང༷་བཅས༷་པའི་ཚོགས་ལ༷་འབུལ༷་ན། བདག་ཅག་ལ་རབ༷་ཏུ་བ༷རྩེ་བའི༷་ཐུགས༷་ཀྱིས༷་དགོངས་ནས་བཞེ༷ས་སུ་གསོ༷ལ་ཞེས་པའོ། །གསུམ་པ་བཤགས་པའི་ཡན་ལག་ནི། བདག༷་གི༷ས་ཞེས་རང་གི་ངོ་བོ་སྨོས་ཏེ་འདི་ཙམ་ནས་ཞེས་ཐོག༷་མ་མེད༷་པའི་དུས་རིང་མོ་ཞིག་ནས༷་སྲིད་པའི་བཙོན་རར་ཡང་ནས་ཡང་དུ་འཁོར༷་བ༷་ན༷། ད་ལ་ཐུག་གི་བར་ང་དང་ང་ཡིར་བའི་སེམས་ཀྱིས་གང་ཟག་གི་བདག་ལ། བད༷ག་ཏུ༷་འཛིན་པ༷འི་འཆི༷ང་བ༷་དམ༷་པོས༷་བཅིང༷ས་པས། བདག༷་མེད༷་པའི་ཆོས༷་ལ༷་དངོས་པོ་དང་མཚ༷ན་མ༷་ཅན་དུ་བཟུང༷་བ་ཆོས་ཀྱི་བདག་མེད་མ་རྟོགས་པ་ལས་བྱུང་བའི༷་སྡིག༷་པ་མཐའ་དག །ད་ནི་བདག༷་ཉིད༷་གནོང༷་ཞིང༷་འགྱོད༷་


JLAZ005_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

པ༷ས་སོ༷་སོ༷ར་བཤ༷གས་སོ་ཞེས་པའོ། །བཞི་པ་རྗེས་སུ་ཡི་རང་བའི་ཡན་ལག་ནི། སྲ༷ས་བཅས༷་རྒྱལ༷་བའི༷་ཞེས་པས་བྱང་ཆུབ་སེམས་དཔའི་འཁོར་གྱི་དབུས་ན་མཛེས་པའི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་བསོད་ནམས་ཀྱི་ཚོགས་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ལྔ་དང་། ཡེ་ཤེས་ཀྱི་ཚོགས་ཤེས་རབ་སྟེ་ཚོ༷གས་གཉིས༷་ཟབ༷་མོ༷་དང༷་། དེ་དག་གི་གཤེགས་ཤུལ་ཚོགས་སྦྱོར་མཐོང་སྒོམ་བཞིའི་ལམ་བདེན་བསླབ༷་པ་ད༷ང་། བསླབ་བྱ་མཐར་ཐུག་ནས་མི༷་སློབ༷་སྟེ་སངས་རྒྱས་ཀྱི་དང་དམན་ལམ་ལ་ཞུགས་པའི་ཉན༷་ཐོས༷་དང་། ར༷ང་རྒྱལ༷་དང༷་། འཆིང་བ་མཐའ་དག་གིས་བཅིངས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་འདས་པ་དང་། མ་འོངས་པ་དང་། ད་ལྟ་སྟེ་དུས༷་གསུམ༷་དུ་བས༷གས་པའ༷་དགེ༷་བ༷་ཐམ༷ས་ཅད༷་ལ༷། དག༷འ་ཞི༷ང་སྤྲོ༷་བའི༷་སེམ༷ས་ཀྱི༷་བཏང་སྙོམས་དང་། ཇི་མི་སྙམ་པའི་སེམས་གཟེངས་བསྟོད་དེ་རྗེས་སུ་ཡི༷་ར༷ང་བའོ༷། །ལྔ་པ་ཆོས་འཁོར་བསྐོར་བའི་ཡན་ལག་ནི། ཕྱོག༷ས་བཞི་མཚམས་བཞི་སྟེང་འོག་དང་བཅས་པ་བཅུའི༷་འཇི༷ག་རྟེན༷་གྱི་ཁམ༷ས་མཐའ་ཡས་མུ་མེད་པ་ན་བཞུག༷ས་པའི་རྒྱལ༷་བ༷་ཡི༷ས། འགྲོ༷་བ༷འི་ཁ༷མས་རྣམ་པ་སྣ་ཚོགས་ད༷ང་། དབ༷ང་པོ༷་རྣོ་རྟུལ་ཇི༷་བཞི༷ན་དུ༷། ཟ༷བ་པ་སྟེ་ལྟ་བའི་ཕྱོགས་ད༷ང་། རྒྱ༷་ཆེ༷་བ་


JLAZ005_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་སྤྱོད་པའི་ཕྱོགས་དང་། གཉིས་ཀའི་དོན་ཚང་ཞིང་ཐབས་ལ་མཁས་པ་ཐེག༷་མཆོག༷་སྟེ་གསང་སྔགས་དམ༷་པའི༷་ཆོས༷་ཀྱི་འཁོར་ལོ་རྟག་པ་རྒྱུན་དུ་བ༷སྐོར་བ༷ར་ཡ༷ང་ནས་ཡ༷ང་དུ་གསོ༷ལ་བ༷་འདེབ༷ས་པའི་དོན་ནོ། །དྲུག་པ་མྱ་ངན་ལས་མི་འདའ་བར་གསོལ་བའི་ཡན་ལག་ནི། མཚན་བརྗོད་པར་དཀའ་བ་ནས་གང་ད༷ང་ཞེས་སངས་རྒྱས་ལ་བོས་ནས། ཁྱོད་དང་མཉམ་པ་འགའ་ཡང་མེད༷་ཅིང་འཇིག་རྟེན་གྱི་འདྲེན༷་པ༷་བླ་ན་མེད་པའི་ཆོས༷་ཀྱི་རྗེ༷། མཛ༷ད་པ༷་བཅུ་གཅིག་མཐར༷་ཕྱིན༷་ནས་ཐ་མའི་མཛད་པ་མྱ༷་ང༷ན་ལས་འད༷འ་བར་བཞེད་པ་རྣམ༷ས། འཁོ༷ར་བ༷་ཇི༷་སྲིད༷་གནས་ཀྱི་བ༷ར་དུ༷་གཞ༷ན་དོན་ལ༷་དགོངས་ཏེ། མྱ༷་ང༷ན་ལས་མི༷་འད༷འ་བར་ཡུན༷་དུ༷་བཞུག༷ས་པ༷ར་གསོ༷ལ་བ་འདེབས་པའོ། །བདུན་པ་བསྔོ་བའི་ཡན་ལག་ནི། འདིར༷་འབ༷ད་དེ་དུས་ད་ལྟ་བའི་དགེ་བ༷ས་མཚོ༷ན་ནས༷་དུས༷་གསུམ༷་གྱི༷་དགེ༷་ཚོག༷ས་མཐ༷འ་དག༷་གཅི༷ག་ཏུ་བ༷སྡོ༷མས་ནས་སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་པའི་རྒྱུར་བསྔོས་པ༷འི་མཐུས༷། བདག་ཉིད་གཅིག་པུ་མ་ཡིན་པར་ནམ་མཁ༷འ་དང་མཉ༷མ་པའི༷་འགྲོ་བའི་ཚོག༷ས་ད༷ང་ལྷན༷་ཅིག༷་ཏུ་ཀུ༷ན་མཁྱེན༷་རྒྱལ༷་བའི་གོ༷་འཕང་ཐོབ༷་པ༷ར་ཤོ༷ག་ཅེས་བསྔོ་སྨོན་སྟབས་གཅིག་ཏུ་བྱེད་པའོ། །གཉིས་པ་གཞུང་གི་དོན་ལ་སུམ་ཅུ་རྩ་གཉིས་ལས་དང་པོ་དལ་འབྱོར་རྙེད་དཀའ་དྲན་པར་སྨོན་པ་


JLAZ005_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

ནི། དེ༷་མ༷་ཐོབ༷་པ༷འི་ཚེ༷་རབ༷ས་ཐམ༷ས་ཅད༷་དུ༷། དལ༷་འབྱོར༷་ལུས༷་ལྡན༷་ཞེས་པས་དེ་ཉིད་ཚང་བའི་མི༷་ལུས༷་རི༷ན་ཆེ༷ན་ཉིན་མོའི་སྐར་མ་ལས་ཀྱང་དཀོན་ན། ཐོབ༷་བྱ་དེ་ལྡན་ལ་སྨོན་པ་སྟེ། ཇི་ལྟར་དཀོན་ན། དལ་བའི་ལུས་བྱ་བ་ནི་མི་ཁོམ་པའི་གནས་སྐབས་བརྒྱད་ལས་ཐར་བ་སྟེ། འདི་ལྟར་དམྱལ་བ། ཡི་དྭགས། དུད་འགྲོ་སྟེ་ངན་སོང་གསུམ། བདེ་འགྲོར་སྐྱེས་ཀྱང་ལྷ་ནི་འདོད་ཡོན་དང་བག་མེད་ལ་གཡེངས། ཀླ་ཀློ་ནི་དགེ་སྡིག་མི་ཤེས་པས་མཐོང་ཚད་གསོད་ཅིང་བྱེད་ཚད་ངན་སོང་དུ་བསྒྲུབ། ལོག་ལྟ་ཅན་གྱིས་བླ་མ་དང་སངས་རྒྱས་ལའང་ངན་སེམས་བསྐྱེད། སངས་རྒྱས་མ་བྱོན་པའི་མུན་བསྐལ་ལ་སྐྱེས་ན་ལམ་དང་ལམ་མིན་ངོ་མི་ཤེས་པས་ཀླ་ཀློ་དང་འདྲ། ལྐུགས་པ་ནི་རྣམ་ཤེས་ལས་སུ་མི་རུང་བས་ཆོས་བསྟན་ཀྱང་བརྡ་མི་འཕྲོད། དེ་ལྟར་བརྒྱུད་དུ་མ་སྐྱེས་ན་ཆོས་བསྒྲུབ་པར་ཁོམ་པས་དལ་བ་ཞེས་བྱའོ། །འབྱོར་བ་རང་འབྱོར་ལྔ་ནི། མི་ལུས་ཐོབ་པ། དེ་ཡང་ཡུལ་དབུས་ཞེས་བྱ་སྟེ་ཆོས་དར་སར་སྐྱེས་པ། དབང་པོ་ཚང་བ། མི་དགེ་བའི་ལས་ལ་མི་སྤྲོ་བས་ལས་མཐའ་མ་ལོག་པའོ། །གཞན་འབྱོར་ལྔ་ནི། སྐྱེ་བའི་དུས་ཚོད་མ་ལོག་པ་སངས་རྒྱས་འཇིག་རྟེན་དུ་བྱོན་པ། ཆོས་གསུངས། བསྟན་པ་མ་ནུབ་པ། བསྟན་པ་ལ་ཞུགས་པ། བླ་མ་དང་དགེ་བའི་གྲོགས་


JLAZ005_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྙིང་བརྩེ་བ་སྟེ་དལ་འབྱོར་བཅོ་བརྒྱད་ཚང་བའི་མི་ལུས་རིན་པོ་ཆེ་ཡིན་པས་དེ་མི་སྲིད་པ་ལྟ་བུའོ། །དེ་ཙམ་གྱིས་ཀྱང་མི་ཆོག་པར་ལམ་གྱི་རྩ་བ་དགེ་བའི་བཤེས༷་གཉེན༷་མཆོག༷་སྟེ་མཚན་ཉིད་དང་ལྡན་པ་མིག་བཞིན་དུ་བསྟེན༷་ནས༷་ཐུགས་དང་མི་འགལ་བ་བྱེད་ཅིང་། མཉེས་པ་དུ་མའི་སྒོ་ནས་ཆོས་འབའ་ཞིག་ཉན་པ་ནི་ཐོས༷་པ་དང་། ཚིག་དོན་ལ་གོ་བས་དཔྱོད་ཅིང་གཞིག་འགྲེལ་བྱེད་པ་ནི་བསམ་པ། དེ་དག་གི་དོན་ཡིད་ལ་སྒོམ་པ་གསུམ་ལ༷་རྟག༷་པར༷་བརྩོན༷་པས་རང་དོན་ཚགས་སུ་ཚུད་པ༷་དང༷་། ཕྱི་ནས་རྒྱལ༷་བའི༷་བསྟན༷་པ་ལ༷འང་བྱ༷་བ་བྱེ༷ད་ནུས་པར༷་ཤོག༷་ཅེས་པའོ། །གཉིས་པ་མི་རྟག་པ་རྒྱུད་ལ་སྐྱེ་བར་སྨོན་པ་ནི། དེ་ལྟ་བུའི་དལ༷་འབྱོར༷་རྙེད༷་ཀྱང༷་། དེའི་སྲོག་ཏུ་གྱུར་བའི་ཚེ་ནི་རྩ་ཁའི༷་ཟིལ༷་ཐིག༷ས་ལྟར༷་རིང༷་དུ༷་མི༷་གན༷ས་པ། དོ་ནུབ་བམ་སང་གི་ཉིན་མོ་ཙམ་ཡང་བློ་གཏད་མི་ཐུབ་པ་གཤིན་རྗེའི་སྐྱེས་བུས་སྐད་ཅིག་ལ་བཅོམ་ནས་འགྱུར༷་བའི༷་ཚུལ༷་རིག༷་པ་ལ་འཇིགས་པར་བྱས་ན༷ས། ཚེ༷་འདི༷་བསྒྲུབ་པའི༷་བསམ་པ་དགྲ་འདུལ་གཉེན་སྐྱོང་སྔར་འདི་བྱས་དང་ཕྱིས་འདི་བྱེད། སྦྱོར༷་བ་ཚོང་སོ་ནམ། འདུ་འཛི་སྙན་གྲགས་ལོངས་སྤྱོད་སྤེལ་བ་མཐའ་དག་རྒྱང༷་བསྲིང༷ས་ནས༷། འདུས་པ་འབྲལ་བའི་ཆོས་ཅན་ལ་བསམ་ཏེ་གཉེན་བཤེས་ཡུལ་འཁོར་ནོར་རྫས་རྣམས་ལྟ་ཅི་སྨོས། རང་གི་མལ་སྟན་དང་བཟའ་བཏུང་དང་གོས་གྱོན་


JLAZ005_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོ་ཡན་ཆད་ཀྱིས་བདག་འདོར། བདག་གིས་ཀྱང་དེ་དག་འདོར་བས་གང་ལའང་སྙིང་པོ་མེད་པས་མི༷་རྟག༷་པ། ཉེ་འབྲེལ་གྱིས་མཐའ་བསྐོར་ནས་སྨྲེ་སྔགས་འདོན་ཞིང་ཁ་སེ་ཐང་ངེ་འཆི༷་བ༷་དེ་དོ་ནུབ་ཙམ་ལ་ཨེ་ཡོང་བའི་གདེང་མེད་པ་རྗེས༷་སུ༷་དྲན༷་པ༷ར་ཤོ༷ག་ཅིག་ཅེས་པའོ། །གསུམ་པ་རྒྱུ་འབྲས་ལ་ཡིད་ཆེས་པར་སྨོན་པ་ནི། ཚེ༷་འཕོ༷ས་ནས༷་ཀྱང༷་ཐོག་མེད༷་འཁོར༷་བ༷་ནས༷། བས༷གས་པའི༷་ལས༷་ཀྱི་སྡུག༷་བསྔལ༷་མྱོ༷ང་གྱུར༷་ཞི༷ང་། ཞེས་རང་གིས་བསགས་པའི་ལས་གཞན་ལ་མི་འཕོ། བར་མ་དོར་ཆུད་མི་ཟ། ཚོགས་ཤིང་དུས་ལ་བབས་པའི་ཚེ་རང་ཐོག་འབའ་ཞིག་ཏུ་མྱོང་འགྱུར་ཡིན་ལ། དེ་ལྟར་ལུས་ཀྱི་སྒོ་ནས་སྲོག་གཅོད་པ། མ་བྱིན་པ་ལེན་པ། འདོད་ལོག་སྤྱོད་པ་གསུམ། ངག་གི་སྒོ་ནས་རྫུན། ཕྲ་མ། ཚིག་རྩུབ། ངག་འཁྱལ། ཡིད་ཀྱི་སྒོ་ནས་བརྣབ་སེམས། གནོད་སེམས། ལོག་ལྟ་སྟེ། དེ་ལྟར་མི་དགེ་བ་བཅུ་པོ་དང་ནི་དུས་དང་རྣམ་པ་ཐམས་ཅད་དུ་འབྲེལ་ཆེ་ལ། དེ་ལའང་གཞི་བསམ་པ། སྦྱོར་བ། མཐར་ཐུག་བཞི་ཚང་དགོས་མི་དགོས་མཛོད་འགྲེལ་ལས་ཤེས་ཤིང་། ལས་དེའི་འབྲས་བུ་ཡང་རྣམ་སྨིན། རྒྱུ་མཐུན། དབང་། སྐྱེས་བུ་བྱེད་པ་སྟེ་བཞི་བཞིར་མྱོང་ཞིང་། དེ་ཡང་རྣམ་སྨིན་ནི་བསམ་པ་ཉོན་མོངས་པའི་ཁྱད་པར་ཞེ་སྡང་གིས་བྱས་ནས་དམྱལ་བ། འདོད་ཆགས་ཀྱིས་


JLAZ005_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་དྭགས། གཏི་མུག་གིས་དུད་འགྲོར་སྐྱེ། རྒྱུ་མཐུན་ནི་སྲོག་གཅོད་ཀྱིས་ཚེ་ཐུང་། མ་བྱིན་ལེན་གྱིས་དབུལ་པོར་འགྱུར། འདོད་ལོག་གིས་ཆུང་མ་མི་ཉན། རྫུན་གྱིས་སྐུར་བ་མང་། ཕྲ་མས་ཉེ་འཁོར་དང་མི་མཐུན། ཚིག་རྩུབ་ཀྱིས་མི་སྙན་པ་མང་དུ་ཐོས། ངག་འཁྱལ་གྱིས་ཚིག་མི་བཙུན། བརྣབ་སེམས་ཀྱིས་རེ་བ་མི་འགྲུབ། གནོད་སེམས་ཀྱིས་རང་ལ་གནོད་བྱེད་མང་། ལོག་ལྟས་ལྟ་བ་ངན་པ་ལ་གནས། དེ་བཞིན་དུ་དབང་འབྲས་ནི་ཡུལ་ལ་སྨིན་པས། སྲོག་གཅོད་ཀྱིས་ཡུལ་གནོད་པ་ཅན་དུ་སྐྱེ། མ་བྱིན་བླངས་པས་ལོ་ཏོག་ལ་སད་སེར་སྡང་། འདོད་ལོག་གིས་གནས་མི་གཙང་། རྫུན་གྱིས་གཞན་བསླུ་མང་། ཕྲ་མས་ས་ཕྱོགས་ངམ་གྲོག་དང་ཐག་ཐུག་ཅན་དུ་སྐྱེ། ཚིག་རྩུབ་ཀྱིས་ཡུལ་ཉམས་མི་དགའ། ངག་འཁྱལ་གྱིས་ལོ་ཏོག་ཉམས། བརྣབ་སེམས་ཀྱིས་ལོ་འབྲས་ངན། གནོད་སེམས་ཀྱིས་ཆོམ་རྐུན་དང་སྦྲུལ་ལ་སོགས་ཀྱིས་འཚེ། ལོག་ལྟས་མགོན་སྐྱབས་མེད་སར་སྐྱེ། སྐྱེས་བུ་བྱེད་པའི་འབྲས་བུ་ནི་བྱེད་ལས་དང་མཐུན་པར་མྱོང་བའོ། །དེ་ལྟ་བུའི་མི་དགེ་བཅུ་ནི་སྲོག་དང་བསྡོས་ནས་སྤང་། དེའི་ལྡོག་ཕྱོགས་དགེ་བའི་ལས་ལམ་བཅུ་འཛིན་པ་ཡིན་ཏེ། འདི་ལྟར་བདག་གིས་ཀྱང་སྲོག་མི་གཅོད་པ་དམ་བཅའ་ལ། གཞན་ཡང་སྲོག་གཅོད་དུ་མི་འཇུག་པ་སོགས་མི་དགེ་བཅུ་ཆར་སྤང་སེམས་ཀྱིས་དམ་བཅའ་


JLAZ005_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ཅིང་གཞན་ཡང་བྱེད་མི་འཇུག་ལ། འཇིག་རྟེན་བདེ་སྡུག་ལས་འབྲས་ཀྱི་མཐུར་སྙིང་ནས་ཡིད་ཆེས་པ་ནི་འཇིག་རྟེན་གྱི་ཡང་དག་པའི་ལྟ་བ་ཞེས་བྱ་སྟེ། ལས༷་འབྲས༷་བ༷སླུ་བ༷་མེད༷་པར༷་ཡིད༷་ཆེས༷་ནས༷། དགེ༷་སྡིག༷་ལས༷་ལ༷་འཇུག༷་ལྡོག༷་བྱེད༷་པར༷་ཤོ༷ག །ཅེས་པའི་དོན་ནོ། །བཞི་པ་འཁོར་བའི་ཉེས་དམིགས་དྲན་པར་སྨོན་པ་ནི། །ག༷ང་དུ༷་སྐྱེས༷་ཀྱང༷་བདེ༷་བའི༷་སྐབ༷ས་མེད༷་ཅིང༷་། །གང༷་ལ་བས༷མ་ཀྱང༷་འཇི༷ག་པའི༷་ངང༷་ཚུལ༷་ཅན༷། །ཞེས་པས། དེ་ལ་འགྲོ་བ་རིགས་དྲུག་པོ་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་མེའི་འོབས་ལྟ་བུ། ཆུ་སྲིན་གྱི་གྲེ་བར་ཚུད་པ་ལྟ་བུ་བདེ་བའི་གོ་སྐབས་མེད་པ་ལ་སྐྱོ་བར་བྱ་སྟེ། དེ་ཡང་དམྱལ་བར་སྐྱེས་ན་ཚ་དམྱལ་བརྒྱད། གྲང་དམྱལ་བརྒྱད། ཉི་ཚེ་ཉི་འཁོར་བ་དང་བཅོ་བརྒྱད་ཡོད་པའི་ལྕགས་བསྲེགས་ཀྱི་གཞི་ནི་ཚ་དམྱལ་ཐུན་མོང་གི་གནས་ཡིན་པས། དེའི་ནང་དུ་ཚུད་པ་ཙམ་གྱིས་སྡུག་བསྔལ་ཡང་བཟོད་པར་དཀའ་བ། ཁྱད་པར་ཡང་སོས་ནི། ཕན་ཚུན་ཁོང་ཁྲོས་གདུངས་ནས། མཚོན་རྡེག་རེས་བྱེད་ཅིང་ཤི་བ་ན་ནམ་མཁའ་ནས་ཡང་སོས་པར་ཤོག་ཅིག་ཅེས་པའི་སྒྲ་བྱུང་ནས་ཡང་སོས་པས་སྡུག་བསྔལ་ལོ། །ཐིག་ནག་ནི། གཤེད་མ་འཇིགས་སུ་རུང་བས་ལུས་ལ་ཐིག་མང་པོ་འདེབས་ཤིང་སོག་ལེས་


JLAZ005_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

གཤོག་པ་དེ་ཡང་འགྲིག་ཅིང་གཤོག་གོ །བསྡུས་འཇོམས་ནི། ལྕག་བསྲེགས་ཀྱི་རི་སྣ་དུད་འགྲོའི་མགོ་བརྙན་ཅན་གྱི་བར་དུ་བརྡུང་ཞིང་བཅར་བའོ། །ངུ་འབོད་ནི། ལྕགས་ཞུན་བཀོལ་བར་འཚོད་བའོ། །ངུ་འབོད་ཆེན་པོ་ནི། ལྕགས་ཁྱིམ་མེ་འབར་བར་ཚུད་ནས་སྒོ་འགྲིག་ཅིང་འཐུམས་ལ་ངུ་སྐད་ལྷང་ལྷང་འབོད་པའོ། །ཚ་བ་ནི། གསལ་ཤིང་མེ་འབར་བས་ལུས་ཀྱི་གཞུང་འབིགས་པའོ། །རབ་ཏུ་ཚ་བ་ནི། གསལ་ཤིང་རྩེ་གསུམ་པས་འབིགས་ཤིང་ཕྱི་ནས་ལྕགས་བསྲེགས་ལེབ་མོས་དཀྲི་བ་དང་ཁྲོ་ཆུ་ཁོལ་མང་འཚོད་དོ། །མནར་མེད་པ་ནི། དེའི་མེ་ཚ་བའི་མཐར་ཐུག་པས་རང་ལུས་དང་མེ་དབྱེར་མི་ཕྱེད་པར་བསྲེགས་ཅིང་། ཕྱི་ནས་མདའ་མདུང་ལ་སོགས་པ་མཚོན་ཆའི་ཆར་འབབ་པ་ལ་བར་སེང་ཅུང་ཟད་ཀྱང་མེད་པར་ཤིན་ཏུ་སྡུག་བསྔལ་ཞིང་ཚེ་ཡང་བར་བསྐལ་ཐུབ་པའོ། །གྲང་དམྱལ་བརྒྱད་ནི། སའི་རྣམ་པ་ཅུང་ཟད་ཀྱང་མི་མངོན་པའི་གངས་ཁྲོད་བུ་ཡུག་སྡེམས་པའི་གནས་སུ་ལུས་འཁུམས་ཤིང་གྲང་ཟུག་ཆེ་དྲག་པས་ལུས་ལ་ཆུ་བུར་གྲངས་མེད་འབྱུང་བས་ཆུ་བུར་ཅན་དང་། ཆུ་བུར་བརྡོལ་བ་དང་། ཨ་ཆུའི་སྒྲ་རྒྱུན་མི་འཆད་པ་དང་། ཀྱི་ཧུད་དང་། སོ་ཐམ་ཐམ་དང་། བགས་པ་ཨུཏྤལ་ལྟར་དྲུག་ཚལ་དུ་གས་པ།


JLAZ005_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་ལྟར་བརྒྱད་ཚལ་དུ་གས་པ། པདྨ་ལྟར་ཆེར་གས་བ་སྟེ་བརྒྱད་ཀྱིས་སྡུག་བསྔལ་ལ། ཉི་ཚེ་བ་ནི། རང་གི་ལུས་ལ་ཀ་བ་དང་། ཐག་པ་དང་། སྒོ་དང་། ཕྱགས་མ་སོགས་ཀྱི་སྣང་བ་ཤར་ནས་བཀོལ་བ་དང་། བྲག་གི་དབར། རྡོའི་མཁྲེགས། ཤིང་གི་སྦུབས་སོགས་སུ་འཐུམས་ཤིང་འབྱུང་བཞིའི་གནོད་པས་མནར་བ་ལ་སོགས་རྣམ་གྲངས་ཤིན་ཏུ་མང་ལ། ཉེ་འཁོར་བ་ནི། སྤུ་གྲིའི་ཐང་། རལ་གྲིའི་ནགས་ཚལ། ཐལ་ཚན་གྱི་རབས། རོ་མྱགས་ཀྱི་འདམ། ལྕགས་ཀྱི་ཤལ་མ་ལི་སོགས་ལ་མནར་སྤྱོད་ཤིན་ཏུ་མི་བཟོད་པ་མྱོང་ངོ་། །དེ་བཞིན་དུ་ཡི་དྭགས་ལའང་ཕྱི་ཡི་སྒྲིབ་པ་ཅན། ནང་གི་སྒྲིབ་པ་ཅན། སྒོས་ཁུད་གྱི་སྒྲིབ་པ་ཅན་ཏེ་ཐམས་ཅད་ཀྱང་ཟས་སྐོམ་ལོ་ཟླར་མི་རྙེད་པས་བཤང་གཅི་ཟ་ཞིང་། ལུས་དཔག་ཚད་ཙམ་མི་ཁེངས་པས་སྡུག་བསྔལ་བཟོད་བླག་མེད་པའོ། །དུད་འགྲོ་ལ་བཀོལ་སྤྱོད་ཀྱི་སྡུག་བསྔལ་མཐོང་ཆོས་ཅན་དང་། དེའི་ནང་ནས་ཀྱང་བྱིངས་ན་གནས་པ་རྣམས་ནི་མུན་པ་མུན་ནག་གི་གནས་སུ་གཅིག་ལ་གཅིག་ཟ་ཞིང་གཙེར་བའོ། །དེ་བཞིན་དུ་ལྷ་རྣམས་ལའང་འཆི་བའི་ལྟས་ལྔ་ཤར་བས་འཕོ་ཞིང་གནས་རིགས་འོག་མར་ལྷུང་བའི་སྡུག་བསྔལ་དང་། མི་ལ་སྐྱེ་རྒ་ན་འཆིའི་སྡུག་བསྔལ་གྱི་སྟེང་། འགྱུར་བའི་སྡུག་བསྔལ་དང་། སྔ་མ་མ་སངས་


JLAZ005_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

བར་གསར་དུ་བརྩེགས་པ་སྡུག་བསྔལ་གྱི་སྡུག་བསྔལ་ལྟར་མི་མངོན་པ། དགྲ་དང་ཕྲད་པ། གཉེན་དང་བྲལ་བ། འདོད་པ་ཐོག་ཏུ་མ་ཁེལ་བ། ཉེར་ལེན་གྱི་ཕུང་པོ་ལྔ་པོ་འཚེ་བ་སྣ་ཚོགས་ཀྱི་སྣོད་ལྟར་ཡོད་པས་སྡུག་བསྔལ་གྱི་འཕྲང་ལས་མི་ཐར་པ། ལུས་ངག་རྡུལ་ཕྲན་དུ་ཞིག་ཞིག་འབད་ཀྱང་བདེ་བ་ལ་ཐོབ་དུས་མེད་པ། བྱ་བ་མང་བ། འབྲས་བུ་ཉུང་བ། རེ་དོགས་ཐམས་ཅད་བསླུ་བའི་ཆོས་ཅན། ཕུན་སུམ་ཚོགས་ན་ཇི་ཙམ་ཚོགས་པ་དེ་དག་ཀྱང་ཚེ་ཕྱི་མ་སྡུག་བསྔལ་བསྒྲུབ་པའི་རྒྱུར་འགྲོ་བས་ན། །གང་ཞིག་བསྒྲུབ༷ས་ཀྱང༷་སྙིང༷་པོ༷་མེད༷་པ༷འི་ཆོ༷ས། །ག༷ང་ཡི༷ན་ཤེ༷ས་ན༷ས་ཡི༷ད་ནི༷་འབྱུང༷་བར༷་ཤོ༷ག །ཅེས་སྨོན་ནོ། །ལྔ་པ་ཐར་ལམ་ལ་བར་ཆད་མེད་པར་སྨོན་པ་ནི། བྱ༷ང་ཆུབ༷་སྒྲུ༷བ་ལ༷་བར༷་དུ༷་གཅོ༷ད་པ༷འི་རྐྱེ༷ན། མི༷་མཐུ༷ན་བདུ༷ད་ཀྱི༷་དབ༷ང་དུ༷་མི༷་འགྱུ༷ར་ཞི༷ང་། གན༷ས་དང་ཡོ༷་བྱད༷་གྲོ༷གས་སོ༷གས་མཐུ༷ན་པ༷འི་རྐྱེ༷ན། བས༷མས་པ༷་བཞི༷ན་དུ༷་ལྷུ༷ན་གྱི༷ས་འགྲུ༷བ་པ༷ར་ཤོ༷ག །དེ་ལ་ཐར་ལམ་བྱང་ཆུབ་སྒྲུབ་པ་ལ་མི་མཐུན་ཕྱོགས་ཀྱི་བདུད་རྣམ་པ་བཞི་ཡོད་དེ། རང་རྒྱུད་དང་ལྷན་ཅིག་པ་ཉོན་མོངས་པའི་བདུད་ཀྱིས་དང་པོར་ངེས་འབྱུང་མི་སྐྱེ་བར་ཆོས་དང་བླ་མ་ལ་དད་དུ་མི་འཇུག །བར་དུ་དགེ་བའི་བཤེས་གཉེན་གྱིས་སུན་ནས་བག་མེད་ཀྱི་དབང་དུ་འཆོར། ཐ་མར་ཆོས་ལྟར་བཅོས་པའི་ཞི་བདེས་འཆི་ཁར་ལག་སྟོང་དུ་འགྲོ། ཕུང་


JLAZ005_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་བདུད་ཀྱིས་ལམ་བདེན་ལ་དངོས་པོར་ཞེན་ནས་གཟུགས་དང་། འདུ་ཤེས་དང་། འདུ་བྱེད་རྣམ་ཤེས་ཀྱི་ཕྱོགས་མ་དག་པ་འཛིན་ཅིང་ཆོས་ཉིད་ཀྱི་གནས་ལུགས་ལ་སྒྲིབ། ལྷའི་བུའི་བདུད་ཀྱིས་གཉེན་བཤེས་ལ་ཆགས་ཤིང་ལོངས་སྤྱོད་འདོད་པའི་ཡོན་ཏན་ལ་གཡེངས་སུ་འཇུག །འཆི་བདག་གི་བདུད་ཀྱིས་དལ་འབྱོར་གྱི་ཚོགས་པ་འདྲལ་ཞིང་ལམ་ལ་བར་དུ་གཅོད་པས་ན། དེའི་གཞན་དབང་དུ་མི་འགྲོ་ཞིང་། གནས་དག་པ་བས་མཐའ་འདུ་འཛིས་དབེན་པ་དང་། འཚོ་བ་དང་ཡོ་བྱད་དག་པ་བསོད་སྙོམས་དང་ཆོག་ཤེས། གྲོགས་དག་པ་ཤེས་རྒྱུད་ངེས་འབྱུང་ཆེ་ཞིང་ཐོས་པ་དང་ལྡན་པའི་ཚངས་པར་མཚུངས་སྤྱོད། སྡོམ་པ་དག་པ། སོ་བྱང་སྔགས་གསུམ་ལ་ཉེས་པས་མ་གོས་པ། ཆོས་དག་པ་སྨོན་པ་བྱང་ཆུབ་ཀྱི་སེམས་དང་འཇུག་པ་ཕྱིན་དྲུག་དང་བསྐྱེད་རྫོགས་ཏེ་ཀུན་ཏུ་བཟང་པོའི་སྤྱོད་པ་ཁྲེལ་བག་ཡོད་པའི་གེགས་སུ་མི་འགྱུར་བར་སྨོན་པའོ། །དྲུག་པ་སྐྱབས་སུ་འགྲོ་བར་སྨོན་པ་ནི། ༈ རང་གཞན་འཁོར་བའི་སྡུག་བསྔལ་གྱིས་སྐྲག་ནས། །བསླུ་མེད་སྐྱབས་གནས་དཀོན་མཆོག་གསུམ་པོ་ལ། །དད་དང་གུས་པའི་བསམ་པ་རྩེ་གཅིག་གིས། །སྐྱབས་སུ་འགྲོ་བའི་སྡོམ་པ་ནོད་བར་ཤོག །དེ་ཡང་སྐྱབས་འགྲོ་ཙམ་པོ་བ་ལྷ་མིའི་བདེ་འབྲས་ཙམ་ལ་དམིགས་པ་མ་ཡིན་ཞིང་། རང་དོན་ཡིད་བྱེད་ཀྱི་ཞི་བདེའི་བསམ་པས་ཀྱང་མ་ཡིན་པར་


JLAZ005_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཐམས་ཅད་ཀྱི་དོན་དུ་དམིགས་པས་གཞན་སྒྲ་ཞུགས་ལ། དེ་ཡང་འཁོར་བའི་སྡུག་བསྔལ་ལ་སྙིང་ཐག་པ་ནས་སྐྲག་ཅིང་། དེ་ལས་ངེས་པར་སྐྱོབས་ཅིང་བསླུ་བ་མེད་པ་ནི་དཀོན་མཆོག་གསུམ་མ་གཏོགས་གཞན་སུ་ཡང་མེད་པས། དེ་ལ་ཆོས་སྣང་པའི་སྒོ་དད་གུས་ཀྱིས་བསམ་པ་རྩེ་གཅིག་པས་བྱང་ཆུབ་མ་ཐོབ་ཀྱི་བར་སྐྱབས་སུ་འགྲོ་བ་ནི་སྡོམ་པ་ཐམས་ཅད་ཀྱི་གཞི་རྟེན་ནོ། །བདུན་པ་བྱང་ཆུབ་ཏུ་སེམས་བསྐྱེད་པར་སྨོན་པ་ལ། སྨོན་སེམས་ནི། ༈ ཐོག་མེད་དུས་ནས་དྲིན་ཅན་ཕ་མ་རྣམས། །རིགས་དྲུག་གནས་སུ་སྡུག་བསྔལ་མྱོང་རྣམས་ལ། །བཟོད་བླག་མེད་པའི་སྙིང་རྗེ་དང་བཅས་པའི། །རླབས་ཆེན་བྱང་ཆུབ་སེམས་མཆོག་བསྐྱེད་པར་ཤོག །དེ་ལ་འཁོར་བ་ལ་ཐོག་མ་མེད་པའི་རྒྱུས་སེམས་ཅན་ཐམས་ཅད་ཕ་མར་མ་གྱུར་པ་གཅིག་ཀྱང་མེད་པ་འདི་ལ་ངེས་ཤེས་མ་སྐྱེས་ཚེ་སེམས་བསྐྱེད་ཚད་ལྡན་ཡང་མི་ཤེས་ལ། ངེས་ཤེས་བསྐྱེད་ན་ད་ལྟ་རང་གི་ཕ་མའམ་ཡིད་གཅུགས་པ་ཞིག་བཙོན་དངོས་སུ་ཆུད་ན་དེ་ལ་སྡུག་བསྔལ་དྲག་པོ་སྐྱེ་ཞིང་འདོན་པའི་ཐབས་ལ་བརྩོན་པ་ལྟར། ཚེ་རབས་སྔ་མའམ་ད་ལྟར་གྱི་ཕ་མ་འང་རུང་སྟེ། དེ་དག་འགྲོ་བ་རིགས་དྲུག་གི་གནས་བཙོན་པ་ཁྲི་མུན་དུ་བཅུག་པ་ལྟ་བུའི་ནང་དུ་སྡུག་བསྔལ་མྱོང་བཞིན་པ་ལ་བཟོད་བླག་མེད་པའི་སྙིང་རྗེ་སྐྱེ་བས་དེ་དག་དེ་ལས་ད་ལྟ་ཉིད་དུ་མྱུར་བ་ཉིད་དུ་ཐར་བར་


JLAZ005_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་ཅིག་ཅེས་པ་དུང་དུང་དང་། བདག་གིས་འབད་པ་ཐམས་ཅད་ཀྱང་དེ་དག་ཐར་པའི་ཐབས་སུ་ཤོག་ཅིག་སྙམ་པའི་སྙིང་རྗེའི་བསམ་པ་རླབས་པོ་ཆེ་བསྐྱེད་པ་ནི་བྱང་ཆུབ་ཀྱི་སེམས་དམ་པའི་ངོ་བོ་ཉིད་ཡིན་པས་དེར་སྨོན་པའོ། །བརྒྱད་པ་འཇུག་སེམས་ནི། ༈ གཞན་གྱི་དོན་དུ་སངས་རྒྱས་བསྒྲུབ་པའི་བློས། །འགྲོ་ལ་ཕན་ཕྱིར་ལྷག་བསམ་གོ་གྱོན་ཏེ། །ཕར་ཕྱིན་དྲུག་ལ་ཚུལ་བཞིན་བསླབ་པ་ཡི། །རྒྱལ་བའི་སྲས་ཀྱི་སྤྱོད་ལ་འཇུག་པར་ཤོག །འདི་ལྟར་ཉན་རང་ལྟར་རང་དོན་ཞི་བདེ་ལ་དམིགས་པའི་བསམ་པ་ཅན་མ་ཡིན་པར། ལམ་བདེན་གྱི་སྨོན་པ་ཐམས་ཅད་གཞན་དོན་དུ་སངས་རྒྱས་ཐོབ་པ་དམིགས་ཤིང་། དེའང་བཟང་བཅུའི་གཡོ་དང་གྲགས་འདོད་ཙམ་གྱི་རྒྱུས་མ་ཡིན་པར་ལྷག་བསམ་དྲི་མ་མེད་པའི་སྙིང་སྟོབས་ཀྱི་གོ་ཆ་བགོས་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཚུལ་བཞིན་དུ་བསླབ་པ་ནི་རྒྱལ་བའི་སྲས་ཀྱི་སྤྱོད་པ་ལ་འཇུག་པ་ཡིན་པས་དེ་ལྟར་ཐོབ་པར་སྨོན་པའོ། །དགུ་པ་སྨོན་འཇུག་སོ་སོའི་སྤྱི་དོན་ལ་སྨོན་པ་ནི། ༈ བྱམས་དང་སྙིང་རྗེ་དགའ་དང་བཏང་སྙོམས་དང་། བསམ་པ་བཟང་པོ་ཚད་མེད་བཞི་ལྡན་ཞིང་། །སྦྱིན་དང་སྙན་སྨྲ་དོན་སྤྱོད་དོན་མཐུན་པ། །སྦྱོར་བ་བསྡུ་དངོས་བཞི་ལ་བརྩོན་པར་ཤོག །དེ་ལ་སྨོན་པ་འགྲུབ་པའི་རྒྱུ་ཚད་མེད་བཞི་ཡིན་ཏེ། སེམས་


JLAZ005_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཐམས་ཅད་ལ་ཁོང་ཁྲོ་བ་མེད་པའི་བྱམས་པས་ཕན་འདོགས་པའི་ཐབས་བསམ་པ་དང་། དེ་དག་རང་རང་གིས་སྔར་བསགས་པའི་སྡུག་བསྔལ་གྱི་འབྲས་བུར་སྤྱོད་པ་ལ་ངན་སོང་གསུམ་མམ། བདེ་འགྲོ་ཡིན་ཡང་ལྟོ་གོས་ཀྱིས་ཉམ་ཐག་པ་དང་། སྨྱོ་བརྗེད་ལ་སོགས་པའི་གདོན་དང་། མཛེ་ཕོལ་དང་། འབྲུམ་ནད་ལ་སོགས་པའི་སྡུག་བསྔལ་དང་། རྒྱལ་པོའི་དཔྱ་ཁྲལ་དང་ཆད་ལས་ཀྱིས་མནར་བ་སོགས་ལ་སྙིང་རྗེ་དྲག་པོ་བསྐྱེད་ཅིང་། འདི་ལས་ད་ལྟ་ཉིད་དུ་ཐར་ན་བསམ་པ་དང་། གཞན་གྱི་ཕུན་ཚོགས་ལ་ཕྲག་དོག་མི་བྱེད་པ་དགའ་བ་སྒོམ་ཞིང་། འགྲོ་བ་གཞན་དག་ཀྱང་འདི་ལྟ་བུར་གྱུར་ན་ང་རེ་དགའ་སྙམ་པ་དང་། རང་ཕྱོགས་ལ་ཆགས་པ་གཞན་ཕྱོགས་ལ་སྡང་བའི་ཆགས་སྡང་མགོ་སྙོམས་ནས་ཉེ་རིང་མེད་པའི་བཏང་སྙོམས་ལ་སློབ་པ་ནི་སྨོན་སེམས་ཀྱི་སྲོག་ཤིང་ལྟ་བུ་ཡིན་ལ། དེ་བཞིན་དུ་འཇུག་པ་ལས། བསྡུ་བའི་དངོས་པོ་བཞིས་སེམས་ཅན་བསྡུ་བའི་བརྩོན་འགྲུས་རྒྱུན་མི་ཆད་པར་བྱ་ཞིང་། དེ་ལ་སྦྱིན་པ་ནི་སེམས་ཅན་བསྡུ་བའི་སྒོ་དང་པོ་ཡིན་ཏེ། སྦྱིན་པ་ལ་མི་དགའ་བ་སུ་ཡང་མེད་པས། ཐོག་མར་ཟང་ཟིང་གི་སྦྱིན་པས་སེམས་ཅན་བསྡུ་བར་བྱའོ། །དེ་བཞིན་དུ་ཚིག་རྩུབ་མོ་ལ་སུ་ཡང་མི་དགའ་ན་སྙན་པར་སྨྲ་བས་གཞན་དགའ་བར་བྱ་བ་དང་། དེ་ནས་དོན་སྤྱོད་པ་སྟེ་གཞན་དོན་


JLAZ005_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྐྱོ་དུབ་ཀྱི་སེམས་སྤངས་ནས་སློབ་པའི་ལམ་གང་ཡིན་པ་ལ་འཇུག་པ་དང་། དོན་མཐུན་པ་ནི་གཞན་ལ་ཇི་ལྟར་འདོམས་པ་ལྟར་རང་ཡང་ཆོས་བཞིན་དུ་བྱ་དགོས་ཏེ། བཅོམ་ལྡན་འདས་ཞི་བ། འཁོར་ཡང་ཞི་བ། བཅོམ་ལྡན་འདས་དུལ་བ། འཁོར་ཡང་དུལ་བ་ལྟ་བུ་སྟེ། རང་རྒྱུད་མ་རུངས་ཤིང་མ་གྲོལ་བས་སེམས་ཅན་གཞན་ལ་ཕན་པར་དཀའ་བའི་ཕྱིར་ཚད་མེད་བཞི་ནི་བྱང་ཆུབ་ཀྱི་སེམས་འགྲུབ་པའི་བསམ་པ་མ་ནོར་བ་དང་། བསྡུ་བའི་དངོས་པོ་བཞི་ནི། གཞན་དོན་ལ་འཇུག་པའི་སྦྱོར་བ་མ་ནོར་བ་ཡིན་པས་ཐེག་པ་ཆེན་པོའི་ལམ་གྱི་སྲོག་ཤིང་དུ་གཟུང་བར་བྱའོ། །བཅུ་པ་ནས་བཟུང་འཇུག་པའི་བསླབ་བྱ་རྐང་པ་དྲུག་ལས། སྦྱིན་པའི་ཕར་ཕྱིན་གསུམ་ལ་སྨོན་པ། །༈ གང་ལ་ཅི་འདོད་ཟང་ཟིང་སྦྱིན་པ་དང་། །ཆོས་དོན་གཉེར་ལ་ལེགས་པར་བཤད་པ་དང་། །སྣ་ཚོགས་འཇིག་པའི་གནས་ལ་སྐྱོབ་པ་ཡི། །སྦྱིན་པ་རྣམ་གསུམ་རྟག་ཏུ་གཏང་བར་ཤོག ། ཅེས་པས། ནང་གསེས་ཟང་ཟིང་གི་སྦྱིན་པ་ལའང་གཏོང་བ་དང་། གཏོང་བ་ཆེན་པོ་དང་། ཤིན་ཏུ་གཏོང་བ་གསུམ་ལས། དང་པོ་ནི་སྐམ་ཆགས་འཇིག་པའི་ཐབས་ལ་ཆ་ཕྲ་མོ་ནས་བསླབ་ཅིང་ཇེ་ཆེར་སྤེལ་བའོ། །དེ་ཡང་འདི་ལྟར་ཕྱེ་ཕུལ་ཐག་གང་ལའང་འཇུངས་བ་སྐྱེས་ཚེ་རང་གིས་རང་ལ་ཞེ་ཁྲེལ་བདས་ནས། ཁྱོད་སྔར་ཡང་སེར་སྣ་ལ་གོམས་པས་


JLAZ005_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་བ་ཅན་དུ་མ་སྐྱེས་ལ་ད་དུང་ཡི་དྭགས་ཀྱི་རྒྱུ་མཐུན་སྟུན་བསུར་སླེབས་འདུག་པ་འདི་ཡི་རེ་མུག །གང་ཡོད་ཤུལ་ན་བཞག་ནས་འཆི་ཁར་ལག་སྟོང་དུ་འགྲོ་བ་འདི་གླེན་པ་ཅང་ཤེས་སུ་རྫུ་བར་འདུག་སྙམ་དུ་བསམས་ནས་བྲེ་གང་གཏོང་བ་ལ་འཇུངས་པའི་ཚེ་ཁ་ལ་གཅིག་གཏོང་བ་སྙིང་སྟོབས་བསྐྱེད་པས་རྣམ་རྟོག་ནི་འདུས་བྱས་ཡིན་པའི་ཕྱིར་སེར་སྣ་ཇེ་ཆུང་དུ་སོང་ནས། གཏོང་པ་ཆེན་པོ་བུ་དང་བུ་མོ་ཡང་གཏོང་ནུས་པར་གདོན་མི་ཟ་ལ། མཐར་གྱིས་ཤིན་ཏུ་གཏོང་བ་མགོ་དང་ཡན་ལག་གཏོང་ནུས་པ་ལ་བསླབ་པའོ། །དེའང་སེར་སྣ་འཇིག་པ་ལ་བསླབས་པས་གཏོང་སེམས་གོམས་པར་འགྱུར་ལ། གཏོང་སེམས་གོམས་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་པ་ཡིན་ནོ། །དེ་བཞིན་དུ་གཞན་རྒྱུད་ལམ་བདེན་ལ་སྦྱོར་བའི་ཆོས་ཀྱི་སྦྱིན་པ་ནི་དོན་དང་ལྡན་པ་ཡིན་ན་ལོག་སྒྲུབ་དང་སྐྱོ་ངལ་མཐའ་དག་ལ་བཟོད་པར་བྱ། གནས་སྐབས་རྒྱལ་པོའི་ཆད་པ་དང་། གཅན་གཟན་དང་ཆོམ་རྐུན་སོགས་ཀྱི་འཇིགས་པ་འདི་ཡང་དཔལ་ཚ་བ་ཡིན་པས་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་ལ་ཡང་ཆེས་ཐང་དུ་བྱའོ། །བཅུ་གཅིག་པ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གསུམ་ལ་སྨོན་པ་ནི། ༈ མི་དགེའི་ལས་ལམ་མཐའ་དག་སྤང་བ་དང་། །རྒྱ་ཆེན་དགེ་བའི་ལས་ལ་འཇུག་པ་དང་། །དེ་དག་གཞན་ལ་ཕན་ཕྱིར་བསྒྲུབ་པ་ཡིས། །ཚུལ་ཁྲིམས་རྣམ་པར་དག་པར་བསྲུང་བར་ཤོག །དེ་


JLAZ005_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མི་དགེའི་ལས་ལམ་བཅུ་སྤང་བ་ནི་ཚུལ་ཁྲིམས་ཀྱི་ཕྱི་མོ་ཡིན་པས་ཕན་ཡོན་ཚད་མེད་པའི་ཕྱིར། ཁྱིམ་པ་རྣམས་ཀྱིས་ཀྱང་དང་དུ་བླང་བ་ནི་དལ་བ་ཕུན་སུམ་ཚོགས་པའི་དགོས་པ་ཡིན་ལ། ཁྱད་པར་མངོན་པར་མཐོ་བའི་རྟེན་དུས་ཁྲིམས་ཡན་ལག་བརྒྱད་པ་ཉ་སྟོང་བརྒྱད་གསུམ་གྱིས་མཚོན་དུས་ཆེན་བཞི་ལ་སོགས་པར་བསྲུང་ཞིང་། དེའི་བླང་འདས་ཀྱང་སྲོག་གཅོད། མ་བྱིན་བླང་། མི་ཚངས་སྤྱོད། བརྫུན་ཏེ་རྩ་བ་བཞི་བོ་སྤངས་པའི་སྟེང་། ཆང་མི་འཐུང་བ། གར་དང་ཕྲེང་རྒྱན། མལ་སྟན་མཐོ་བ། ཕྱི་དྲོའི་ཁ་ཟས་སྤོང་བ་སྟེ་བརྒྱད་དོ། །ཁྱད་པར་ཡོན་ཏན་གྱི་རྟེན་དུ་གྱུར་པ་གཏན་ཁྲིམས་ནི། དགེ་སློང་ཕ་མ་གཉིས། དགེ་ཚུལ་ཕ་མ་གཉིས། དགེ་སློབ་མ། དགེ་བསྙེན་ཕ་མ་གཉིས་ཏེ་སོ་ཐར་རིགས་བདུན་གྱི་སྡོམ་པས་ཇི་སྲིད་འཚོ་བའི་བར་དུ་རྒྱུད་སྡོམ་པ་ནི་ཉེས་སྤྱོད་སྡོམ་པ་ནི་ཚུལ་ཁྲིམས་དངོས་བསྟན་ཡིན་། དེའང་བསམ་པའི་ཆ་ནས་རྒྱལ་པོའི་ཆད་པ་དང་དཔྱ་ཁྲལ་སོགས་ལས་སྐྱོབ་པའི་ཕྱིར་བསླབ་པ་བླངས་ན་འཇིགས་སྐྱོབ་དང་། ད་ལྟའི་ཕལ་མོ་ཆེ་ལྟར་འཚོ་བ་དང་ཞི་བདེའི་སླད་དུ་བསླབ་པ་བླངས་བ་ནི་ལེགས་སྨོན་ཞེས་བྱ་སྟེ་ཐར་པའི་རྒྱུར་མི་འགྲོ་ལ། འོན་ཀྱང་སེམས་རྒྱུད་ལ་ངེས་འབྱུང་ནམ་སྐྱེས་པ་ན་སྡོམ་པ་གནས་འགྱུར་ཞེས་བྱ་སྟེ་ཐར་པའི་རྒྱུར་འགྲོ་བས་རྣམ་པ་ཐམས་ཅད་


JLAZ005_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འཁོར་བའི་སྡུག་བསྔལ་ལ་སྐྱོ་བའི་སེམས་བསྐྱེད་པར་བྱའོ། །དེའི་སྟེང་དུ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་གཉིས་ལས། དགེ་བའི་ཆོས་སྡུད་ནི་བསྡུ་བའི་དངོས་པོ་བཞི་དང་ཕྱིན་དྲུག་གི་ཕྱོགས་སྒོ་ཐམས་ཅད་ནས་སྡུད་པར་བྱ་ཞིང་། དེའི་མཐུན་ཕྱོགས་སྲོག་བསླུ། ཕྱག་བསྐོར་དང་མཆོད་སྦྱིན། ཆབ་གཏོར། འཕྲོག་མ་སོགས་འབྱུང་པོ་ལ་བརྔན་སྦྱིན་བསང་གསུར། ཡིག་བརྒྱ་སོགས་གཟུངས་སྔགས་ཁྱད་པར་ཅན་དང་། ལྟུང་བཤགས། ཡན་ལག་བདུན་པ་བཟང་སྤྱོད་ལ་སོགས་ཁ་ཏོན་དང་། གསུང་རབ་ཀློག་པ་སོགས་ཆོས་སྤྱོད་བཅུ་དང་། རྒྱལ་པོ་ལ་སོགས་འབྱོར་ལྡན་ཡིན་ན་སེམས་ཅན་ལ་ཐོ་མ་འཕོག་པའི་བསམ་པ་བཟང་པོས་སྐུ་གསུང་ཐུགས་རྟེན་བཞེངས་པ་དང་། ཞིག་གསོ། གྲུ་ཟམ་དང་ལམ་འཕྲང་འཆོས་ཤིང་རི་རྒྱ་དང་། ཆུ་རྒྱ་སྡོམ་པ་སོགས་ལ་འབད་པར་བྱ་ཞིང་། དེ་ཐམས་ཅད་ཀྱང་དངོས་དང་བརྒྱུད་ནས་གཞན་དོན་འབའ་ཞིག་ལ་འགྲོ་བར་བྱ་ཞིང་། བསྔོ་བས་རྒྱས་འདེབས་པ་ནི་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ཡིན་ནོ། །བཅུ་གཉིས་པ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་གསུམ་ལ་སྨོན་པ་ནི། ༈ གནོད་བྱེད་རྣམས་ལ་སྙིང་རྗེ་བསྐྱེད་པ་དང་། །ཆོས་ཕྱིར་དཀའ་སྤྱད་དང་དུ་ལེན་པ་དང་། །ཆོས་ཉིད་ཟབ་མོའི་དོན་ལ་མི་སྐྲག་པའི། །རླབས་ཆེན་བཟོད་པ་སྒོམ་པའི་མཐུ་ལྡན་


JLAZ005_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག །དེ་ལ་ཞེ་སྡང་དང་ཁོང་ཁྲོ་ལྟ་བུའི་སྡིག་པ་མེད་པས་བཟོད་པ་ལ་བསླབ་པར་བྱ་སྟེ། སེམས་ཅན་ཀྱི་ཁམས་ནི་ཤིན་ཏུ་མི་བསྲུན་པའི་ཕྱིར། འབྱོར་ན་ནི་ཕྲག་དོག །རྒུད་ན་ནི་བརྙས་སེམས། མཉམ་ན་ནི་མཐོ་གནོན་གྱི་སེམས་ཡིད་ལ་བཞག་ནས། བརྡེག་པ་དང་། འཚོག་བ་དང་། མཚང་འདྲུ་བ་དང་། བརྐུ་ཞིང་འཕྲོག་པ་ལ་སོགས་གནོད་པ་འབའ་ཞིག་གི་བསམ་སྦྱོར་ཅན་ཡོད་དེ། དེ་ལ་གནོད་ལེན་བཙལ་ན་རང་ཡང་ཁྲོ་ཞིང་འཚེག་པར་འགྱུར་བས་བསྐལ་བར་བསགས་པའི་དགེ་བ་ཡུད་ཙམ་ལ་འཇོམས་པར་བྱེད་པས་རང་ལའང་གནོད་པ་ཆེན་པོ་ཡིན་ལ། གཅིག་ཏུ་ན་ཁོ་རང་ཡང་ཉོན་མོངས་པའི་གདོན་གྱིས་བཏབ་པ་ཡིན་ཏེ་གཞན་ལ་གནོད་པ་བྱས་ན། ཕྱི་མའི་ལས་འབྲས་ཕར་བཞག་ནས་རང་ལའང་མཐོང་ཆོས་སུ་གནོད་ལན་དུ་བྱེད་པ་དེ། ཁོང་གི་མ་རིག་པའི་ཕྱིར་ཡང་དེ་ལ་དམིགས་པའི་སྙིང་རྗེ་བསྐྱེད་ནས་བཟོད་པ་བསྒོམ་དགོས་ཏེ། འདི་ལྟར་བཟོད་པ་ནི་དཀའ་ཐུབ་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ཡིན་པས་སྦྱིན་པ་དང་ཚུལ་ཁྲིམས་གཉིས་ཀྱིའང་གོང་དུ་ཁྱད་ཞུགས་པར་གསུངས་ལ། དེ་བས་ན་འདོད་པ་མ་སྤངས་བཞིན་དུ་ཆུ་དང་རྡེའུ་ཟ་བ་དང་། དབང་པོ་ཚར་བཅད་པའི་དཀའ་ཐུབ་ཀྱི་དལ་རྟེན་ཆུད་འཛའ་བ་ལས་མེད་པས་དཀའ་ཐུབ་ཀྱི་མཆོག་བཟོད་པ་ཡིན་པ་ལ་ཆེ་ཐང་དུ་སེམས་


JLAZ005_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པར་བྱའོ། །དེ་བཞིན་དུ་ཆོས་ཕྱིར་དཀའ་སྤྱད་བཟོད་པའི་བཟོད་པ་ནི། རྙེད་པར་དཀའ་བའི་དལ་འབྱོར་འདི་ལྟ་བུ་རྙེད་ནས། ཆོས་བསྒྲུབ་པའི་རྒྱུ་རྐྱེན་ཐམས་ཅད་ཚོགས་དུས་འདིར། ཟབ་པ་དང་རྒྱ་ཆེ་བའི་ཆོས་ཇི་ལྟ་བུ་བསྒྲུབས་ཀྱང་འགྲུབ་པའི་སྐབས་ཡིན་པ་ལ། རང་གིས་རང་བརྙས་ནས་ཆོས་ལ་ཚད་ཡོད་བྱེད་ཅིང་། གོང་མའི་དཀའ་སྤྱོད་དང་རྣམ་ཐར་ལ་ཞུམ་པ་སྐྱེ། གཉིད་དང་སྙོམ་ལས་དང་འདུ་འཛི་ལ་སྲེད་ཅིང་། སྦྱིན་པ་ བསྲུང་། ཚུལ་ཁྲིམས་བཏང་། སྙིང་སྟོབས་བཅོམ་པའི་སེམས་ཀྱིས་བསླད་ནས་དགེ་སྦྱོར་ཅུང་ཟད་བྱས་ཀྱང་འདུག་འཕྲལ་ལངས་དྲན་པ། ལྡངས་འཕྲལ་ལ་གཉིད་བྲོ་བ། བཟས་འཕྲལ་ལ་འཐུང་རན་པ་། དགེ་སྦྱོར་གྱིས་སུན་ཏེ་ཐུན་ཚུགས་འཕྲལ་ལ་གྲོལ་རན་པའི་བསམ་པས་གནད་དུ་འགྲོ་བ་ལས་མགྱོགས་བར་འདམ་པ་དེ་ཆོས་ཕྱིར་དཀའ་སྤྱད་མི་བཟོད་པ་ཡིན་པས་སྙིང་རུས་དང་བརྟུན་པ་བསྐྱེད་དེ་དཀའ་བ་དང་དུ་ལེན་པ་ལ་འབད་པ་དང་། དེ་བཞིན་དུ་ཟབ་མོའི་དོན་ལ་སྐྲག་པའི་དྲང་ངེས་ལྡེམ་དགོངས་ཤན་མི་ཕྱེད་པས་ཚིག་སྐམ་ལ་གོ་བ་ལེན་པ་དང་། སྟོང་པ་ཉིད་ཀྱི་དོན་ལ་སྐྲག་ནས་ཆོས་ཅན་སྣང་ཚད་ཀྱི་ཕྱོགས་འཛིན་པ་དང་། རང་ཉིད་རྨོངས་པས་སྒྲིབ་བཞིན་དུ་ཆོས་དང་གང་ཟག་གི་ཚད་བཟུང་བ་སོགས་སྤངས་ནས་བཟང་ངན་གང་ཡང་ཁུར་དུ་བཟོད་པ་ཐེག་པ་ཆེན་པོས་བློས་


JLAZ005_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

བཟོད་པ་རླབས་པོ་ཆེ་བ་བསྒོམ་ནུས་པར་སྨོན་པའོ། །བཅུ་གསུམ་པ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་གསུམ་ལ་སྨོན་པ་ནི། ༈ རྒྱ་ཆེན་དགེ་ལ་སྤྲོ་བའི་གོ་ཆ་དང་། །དེ་བཞིན་སྦྱོར་བ་བསམ་པས་འཇུག་པ་དང་། །མ་ཞུམ་མི་འཁྲུགས་ཆོག་ཤེས་མེད་པ་ཡིས། །ཉིན་མཚན་དགེ་བའི་བརྩོན་འགྲུས་བརྩམ་པར་ཤོག །དེ་ལ་དགེ་བའི་ལས་ལམ་ཕྲ་མོ་ཙམ་གྱིས་ཆོག་ཤེས་པར་མི་བྱ་སྟེ་ཤིན་ཏུ་བྱ་དཀའ་བའི་གནས་བློའི་ཡུལ་ལ་མི་ཤོང་བ་དག་ལའང་། འདི་ལྟ་བུ་ལ་སྒྱིད་ལུག་པ་ནི་བདག་གིས་ཚེ་རབས་ཐམས་ཅད་དུ་སྙིང་སྟོབས་བཅོམ་ཞིང་ལེ་ལོ་ལ་བརྟེན་གོམས་བྱས་པའི་མཐུ་བརྟས་པར་གདོན་མི་ཟ་སྟེ། འདི་ལྟར་དེད་དཔོན་བློ་ལྡན་གྱིས་རིན་པོ་ཆེའི་གླིང་ནས་ནོར་བུ་དཀའ་བ་ཆེན་པོས་བླངས་པས་གྲུ་གཟིངས་ཞིག་པས་རྒྱ་མཚོར་ལྷུང་བའི་ཚེ་ཁྱོར་པ་གཡས་གཡོན་གྱིས་ཆུ་དོར་ནས་རྒྱ་མཚོ་སྐེམ་འདོད་པ་ལ་ཞུམ་པ་མ་སྐྱེས་ན། བདག་གིས་ཆོས་ཀྱི་བྱ་བ་ཅུང་ཟད་ལའང་བསྲན་མི་བཟོད་པ། ལོག་ལམ་ལ་བརྩོན་ཞིང་འགྲུས་པ་འདི་ལས་ངན་གྱི་མཐུས་བྱས་པར་འདུག་པས་མི་ནུས་སྙམ་པའི་ཕྱོགས་ཐམས་ཅད་ལ་སྙིང་སྟོབས་ཀྱི་གོ་ཆ་བགོ་བ་དང་། དེ་ལྟར་བགོས་པ་དེ་ཡང་སྦྱོར་བ་དང་བསམ་པས་ཉིན་མི་དལ་མཚན་མི་ཉལ་ད་ལྟ་ཉིད་ནས་དང་དུ་མ་བླངས་ན། ལེ་ལོ་ནི་སེར་བ་དང་འདྲ་སྟེ་དགེ་བའི་ལོ་ཏོག་འཇོམས་པ། ཆང་དང་འདྲ་སྟེ་སྙོམ་


JLAZ005_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱི་ངང་དུ་མྱོས་པར་བྱེད་པས་མགོ་ལ་མེ་ལྕེ་རེག་པ་བཟློག་པ་ལ་བརྩོན་པ་ལྟར་དགེ་བ་ལ་འབད་པར་བྱ་ཞིང་། དེ་ལྟར་རེ་ཞིག་འབད་ཀྱང་བདུད་སྡིག་ཅན་ནི་རང་གི་མངའ་རིས་ལས་བྲི་ཡི་དོགས་ནས་སྒོ་དུ་མ་ནས་བར་དུ་གཅོད་པའི་ཕྱིར་རྐྱེན་ཅུང་ཟད་ལ་བརྟེན་ནས་སེམས་ཞུམ་འཁྲུགས་པ་དང་། བྱིས་པ་དང་སྡིག་པའི་གྲོགས་པོ་ལ་དཔག་ནས་དགེ་སྦྱོར་ལ་ཆོག་ཤེས་སྐྱེ་བ་ཡོད་དེ། དེའི་ཚེ་འདོད་པ་ལ་ཆོག་ཤེས་མེད་པའི་རྣམ་རྟོག་དེ་དགེ་སྦྱོར་གྱི་ཕྱོགས་སུ་སྤོས་ནས་བརྩོན་འགྲུས་ལའང་འབད་པར་བྱ་ཞིང་། དེ་ལྟར་མ་འབད་ན་ཕ་རོལ་ཏུ་ཕྱིན་པ་གཞན་ལྔ་པོའང་གནས་མིན་འཁྱམས་པ་ཡིན་པས་འདི་ལ་ཆེ་ཐང་དུ་བྱ་དགོས་པར་སྨོན་པའོ། །བཅུ་བཞི་པ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པར་སྨོན་པ་ལ་གསུམ་ལས། ༈ མཐོང་ཆོས་ཚེ་འདིར་བདེ་བར་གནས་པ་དང་། །ཡོན་ཏན་ཁྱད་འཕགས་རིམ་གྱིས་བགྲོད་པ་དང་། །མངོན་ཤེས་ལ་བརྟེན་གཞན་དོན་བསྒྲུབ་པ་ཡིས། །བསམ་གཏན་དོན་ལ་མཉམ་པར་འཇོག་པར་ཤོག །དེ་ལ་རྐང་པ་དང་པོས་ནི་བྱིས་པ་ཉེར་སྤྱོད་ཀྱི་བསམ་གཏན་བསྟན་པ་སྟེ། འདི་ལྟར་བསམ་གཏན་བཞི་དང་། གཟུགས་མེད་བཞི་དང་ལམ་ལ་མ་ཞུགས་པའི་རྒྱུད་ལའང་ཡོད་པའི་བསམ་གཏན་རྣམས་དང་། དེ་དག་གི་སེམས་ཐོབ་པའི་སྒོམ་ཆེན་པ་འགའ་ཞིག་ཡོད་དུ་ཟིན་ཀྱང་རྣམ་རྟོག་གྱ་གྱུའི་གཟེབ་ལས་


JLAZ005_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་བས་མཐོང་ཆོས་སུ་བདེ་བར་གནས་ཤིང་དེ་ཚོགས་གཉིས་ཀྱིས་འཕེན་པས་ཟིན་ན་འཕགས་པའི་ལམ་གྱི་རྟེན་གཞིར་ཡང་འགྱུར་བས་དོན་མེད་པ་མ་ཡིན་ལ། ཆོས་ཅན་གྱི་སྤྲོས་པ་དབྱིངས་སུ་ནུབ་ཀྱང་སྣང་ཡུལ་མ་འགགས་ཤིང་དེར་འཛིན་མེད་པ་ནི་མཉམ་བཞག་དང་། དེ་དང་ངོ་བོ་ཐ་མི་དད་པའི་སོ་སོར་རྟོག་པ་ནི་ལྷག་མཐོང་སྟེ། དེ་ལྟའི་ཞི་ལྷག་ཟུང་འབྲེལ་ཕོ་ཚོད་ཀྱི་བློས་བཅོས་པ་ཙམ་མ་ཡིན་པར་རྒྱུད་ལ་སྐྱེས་པའི་ཚོགས་དང་སྦྱོར་བའི་ལམ་གྱི་ཡོན་ཏན་ཁྱད་པར་ཅན་རྣམས་རིམ་གྱིས་ཐོབ་ཅིང་མངོན་ཤེས་ཕྲ་མོས་གཞན་དོན་ཀྱང་འགྲུབ་པས་དོན་རབ་འབྱེད་པའི་བསམ་གཏན་ཞེས་བྱ་ལ། མཐོང་ལམ་ས་དང་པོ་ནས་སེམས་ཟག་པ་ལས་གྲོལ་བས་དེ་བཞིན་གཤེགས་དགེའི་བསམ་གཏན་ཡིན་པས་དེའི་ངང་དུ་མཉམ་པར་འཇོག་པ་ལ་སྨོན་པའོ། །བཅོ་ལྔ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གསུམ་ནི། ༈ ཀུན་རྫོབ་སྒྱུ་མ་ལྟ་བུར་ཤེས་པ་དང་། །དོན་དམ་སྤྲོས་བྲལ་མཁའ་ལྟར་རྟོགས་པ་དང་། །ཁྱད་པར་གཞན་དོན་བསྒྲུབ་ཚུལ་མཁས་པ་ཡིས། །ཐོས་བསམ་སྒོམ་པའི་ཤེས་རབ་ལྡན་པར་ཤོག །དེ་ལ་ལམ་བདེན་ཀུན་རྫོབ་པ་ཐམས་ཅད་བརྟགས་ཡོད་ཀྱི་ཆ་ནས་རྨི་ལམ་དང་སྒྱུ་མ་ལྟ་བུར་ཤེས་པ་དང་། འགོག་བདེན་དོན་དམ་པའི་ངོ་བོ་རྫས་ཡོད་སྤྲོས་པ་དང་བྲལ་བར་ཤེས་པ་ནི་ཤེས་རབ་གྱི་ངོ་བོ་ཡིན་པ། དེ་


JLAZ005_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཐོས་པའི་ཤེས་རབ་ཀྱིས་ཆོས་དང་ཆོས་མ་ཡིན་པར་འབྱེད་ཅིང་། ལམ་བདེན་གྱི་མངོན་རྟོགས་ཐམས་ཅད་ཤེས་པར་མ་བྱས་ན། བསམ་པ་དང་སྒོམ་པའི་ཡོན་ཏན་གནས་མ་ཡིན་པར་འཁྱམ་པས་ན་ཐོག་མར་ཐོས་པའི་ཤེས་རབ་གལ་ཆེ་ལ། དེ་ལ་གང་ཟག་དབང་རྟུལ་དང་ཀུ་སུ་ལུ་པ་གང་དག་སྐྲག་མི་དགོས་ཏེ། རང་གི་བློ་ཉམས་དང་སྦྱོར་བའི་ཆོས་གང་ཉམས་སུ་ལེན་པ་དེའི་དོན་ལ་བླ་མ་བཟང་པོ་བསྟེན་ཏེ་ཐོས་པ་བྱས་པས་འགྲུབ་སྟེ། ཅི་ཕྱིར་ན་དེ་ལམ་དུ་སོང་ན། གདོད་སྒོམ་བྱུང་གི་ཤེས་རབ་ནང་ནས་སྐྱེ་བ་ཆོས་ཉིད་ཡིན་པས་སོ། །དེ་ནས་བསམ་པའི་ཤེས་རབ་ཀྱིས་དྲང་ངེས་ལྡེམ་དགོངས་སོ་སོའི་དོན་གཞལ་ན་དེའི་ངོ་བོ་འཁྲུལ་མ་འཁྲུལ་དགེ་བའི་བཤེས་གཉེན་ཚད་ལྡན་གྱི་ས་མཁན་ལ་བརྟེན་ནས་ཉམས་འོག་ཏུ་ཆུད་པར་བྱ་ཞིང་། དེ་ནས་ནགས་ཁྲོད་དང་འབྲོག་དགོན་དབེན་པ་བསམ་གཏན་གྱི་ཚེར་མ་དང་། སྡིག་པའི་གྲོགས་པོ་མེད་པའི་གནས་སུ་སྒོམ་པའི་ཤེས་རབ་ལ་རྩེ་གཅིག་ཏུ་གཞོལ་བས་འཆད་མ་ཐག་པའི་མཐོང་ལམ་ནས་བཟུང་ལམ་ལྔའི་ཡོན་ཏན་ཐམས་ཅད་ཀྱང་སྒོམ་པའི་ཤེས་རབ་ལ་བརྟེན་ནས་སྐྱེ་བ་ཡིན་ནོ། །བཅུ་དྲུག་པ་སྨོན་འཇུག་གི་རང་འབྲས་ས་བཅུ་ལམ་ལྔའི་ཡོན་ཏན་སྤྱིར་སྨོན་པ་ནི། ༈ བསམ་པ་བྱང་ཆུབ་སེམས་ཀྱིས་ཀུན་བསླངས་ནས། །སྦྱོར་བ་ཕ་རོལ་ཕྱིན་པ་དྲུག་ལྡན་པ། །དུས་དང་གནས་སྐབས་ཀུན་ཏུ་བརྩོན་པ་ཡིས། །ལམ་ལྔ་ས་


JLAZ005_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་རིམ་གྱིས་བགྲོད་པར་ཤོག །དེའང་སེམས་ཅན་གྱི་ཁམས་རྒྱ་མཚོ་ལྟ་བུ་ལ་དམིགས་པའི་བསམ་པ་བྱང་ཆུབ་ཀྱི་སེམས་དམ་པས་ཀུན་ནས་མ་བསླངས་ན། སྦྱོར་བ་ཕ་རོལ་ཏུ་ཕྱིན་པ་དྲུག་པོའང་རྣམ་པ་ཐམས་ཅད་མཁྱེན་པའི་ལམ་དུ་མི་རུང་སྟེ། དེའི་ཕྱིར་བསམ་སྦྱོར་དེ་ལྡན་གྱི་སྒོ་ནས་ཕ་རོལ་ཏུ་ཕྱིན་པའི་གཞུང་ལམ་ལ་དུས་དང་གནས་སྐབས་ཀུན་ཏུ་བརྩོན་པ་ལ་རྟེན་ལམ་ལྔ་དང་། །བརྟེན་པ་ས་བཅུའི་ངོ་བོ་རིམ་པ་བཞིན་དུ་བགྲོད་བར་ཤོག་ཅིག ། ཅེས་སྨོན་པའོ། །བཅུ་བདུན་པ་ཚོགས་ལམ་ལ་སྨོན་པ་ནི། ༈ དེ་ཡང་དྲན་པ་ཉེར་བཞག་ཤེས་རབ་དང་། །ཡང་དག་སྤོང་བཞིའི་བརྩོན་འགྲུས་རྩོམ་པ་དང། །རྫུ་འཕྲུལ་རྐང་པའི་ཏིང་འཛིན་ལ་གནས་པས། །དང་པོ་ཚོགས་ཀྱི་ལམ་ལ་འཇུག་པར་ཤོག །དེ་ལ་ཚོགས་ལམ་ཆུང་ངུ་ལས་དྲན་པ་ཉེ་བར་བཞག་པ་ནི། མཉམ་བཞག་ཏུ་ནམ་མཁའ་ལྟར་བསྒོམ་ཞིང་། རྗེས་ཐོབ་ཏུ་མི་གཙང་བ་དང་སྒྱུ་མ་ལྟ་བུར་བསྒོམ་པའོ། །ཚོར་བ་དྲན་པ་ཉེར་གཞག་ནི། མཉམ་གཞག་ཏུ་མ་སྐྱེས་པ་དང་། རྗེས་ཐོབ་ཏུ་ཚོར་བ་མཐའ་དག་སྡུག་བསྔལ་དང་སྙིང་པོ་མེད་པར་མཐོང་བའོ། །སེམས་དྲན་པ་ཉེར་གཞག་ནི། མཉམ་གཞག་ཏུ་རང་བཞིན་གྱིས་སྟོང་པ་དང་། རྗེས་ཐོབ་ཏུ་མི་དགག་ཅིང་མི་གནས་པ་སྒོམ་མོ། །ཆོས་དྲན་པ་ཉེར་གཞག་བཞི་པོ་བསྒོམས་པས་མཐོང་ལམ་གྱི་བདེན་བཞི་ལ་འཇུག་


JLAZ005_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ཡང་། དང་པོ་ལུས་སྡུག་བསྔལ་དུ་ཤེས། གཉིས་པ་ཚོར་བ་སྡུག་བསྔལ་དུ་ཤེས་ནས་ཀུན་འབྱུང་སྤོང་། གསུམ་པས་སེམས་ཀྱི་རྟག་འཛིན་འགོག །བཞི་པས་ཆོས་ལ་བདག་ཏུ་ཞེན་པ་འགོག་པའོ། །ཚོགས་ལམ་འབྲིང་པོར་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་དུ་མི་འཇུག །སྐྱེས་པ་རྒྱུན་གཅོད། དགེ་བའི་ཆོས་མ་སྐྱེས་པ་བསྐྱེད། སྐྱེས་པ་གོང་དུ་སྤེལ་བའོ། །ཚོགས་ལམ་ཆེན་པོར་རྫུ་འཕྲུལ་གྱི་རྐང་པ་བཞི་ནི། བསམ་གཏན་གྱིས་སེམས་ལས་སུ་རུང་སྟོབས་ལས་འདུན་པའི་རྫུ་འཕྲུལ་གྱི་རྐང་པ་དང་། དེ་བཞིན་དུ་བརྩོན་འགྲུས་དང་། སེམས་དང་། སྤྱོད་པའི་རྫུ་འཕྲུལ་གྱི་རྐང་པ་སྟེ་བཞིའོ། །བཅོ་བརྒྱད་པ་སྦྱོར་ལམ་ལ་སྨོན་པ་ནི། ༈ དྲོད་དང་རྩེ་མོ་བཟོད་དང་ཆོས་མཆོག་ཏུ། །དད་བརྩོན་དྲན་པ་ཏིང་འཛིན་ཤེས་རབ་དང་། །དབང་པོ་ལྔ་དང་སྟོབས་ལྔའི་རང་བཞིན་ཅན། །ཐེག་ཆེན་སྦྱོར་བའི་ལམ་ལ་གནས་པར་ཤོག །དེ་ལ་དྲོད་དང་རྩེ་མོ་དང་བཟོད་པ་དང་། ཆོས་མཆོག་བཞི་ལས། དྲོད་རྩེ་གཉིས་སུ་དབང་པོ་ལྔ་བསྒོམ་པ་ནི། དད་པའི་དབང་པོ་དང་། དེ་བཞིན་དུ་བརྩོན་འགྲུས། དྲན་པའི། ཏིང་འཛིན་གྱི། ཤེས་རབ་ཀྱི་དབང་པོ་ལྔ་ལས་རྣམ་བྱང་བསྐྱེད་པས་གཟུགས་ཅན་མ་ཡིན་པའི་དབང་པོ་ལྔའོ། །སྟོབས་ལྔ་ནི། དད་པའི་སྟོབས། བརྩོན་འགྲུས་ཀྱི་སྟོབས་ལ་སོགས་སྔ་མ་བཞིན་ཏེ་མི་མཐུན་ཕྱོགས་འཇོམས་


JLAZ005_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

པས་སྟོབས་ལྔ་ཞེས་བྱའོ། །དེ་ལྟར་སྦྱོར་ལམ་ཆ་བཞི་པོའི་ཡེ་ཤེས་ལ་ཆུང་འབྲིང་ཆེན་པོའི་རྣམ་དབྱེ་སོ་སོར་ཡོད་དོ། །བཅུ་དགུ་པ་མཐོང་ལམ་ལ་སྨོན་པ་ནི། ༈ དྲན་དང་ཆོས་རབ་རྣམ་འབྱེད་བརྩོན་འགྲུས་དང་། །དགའ་དང་ཤིན་ཏུ་སྦྱངས་དང་ཏིང་ངེ་འཛིན། །བཏང་སྙོམས་བྱང་ཆུབ་ཡན་ལག་བདུན་བསྒོམས་ནས། །མཐོང་ལམ་ལ་གནས་རབ་དགའི་ས་ཐོབ་ཤོག །དེའང་དྲན་པ་ནི་དམིགས་པ་མ་བརྗེད་ པའོ། །ཆོས་རབ་འབྱེད་པ་ནི་ཐེག་ཆེན་གྱི་ཆོས་བཟོད། ཆོས་ཤེས། རྗེས་བཟོད། རྗེས་ཤེས་འཁོར་དང་བཅས་པའོ། །བརྩོན་འགྲུས་ནི་དེའི་རང་བཞིན་ལ་སྤྲོ་བའོ། །དགའ་བ་ནི་དམིགས་པ་དེ་ཉིད་ལ་སྤྲོ་བའོ། །ཤིན་ཏུ་སྦྱངས་པ་ནི་ལུས་སེམས་ལས་སུ་རུང་བའོ། །ཏིང་ངེ་འཛིན་ནི་སེམས་རྩེ་གཅིག་པའོ། །བཏང་སྙོམས་ནི་སེམས་དང་སེམས་བྱུང་རྣལ་དུ་འདུག་པ་སྟེ་བདུན་པོ་འདི་དག་ནི་ཟག་པ་མེད་པས་མཐོང་བའི་ལམ་བྱང་ཆུབ་ཀྱི་ཡན་ལག་བདུན་ཏེ། དེའང་ཉོན་སྒྲིབ་ཀུན་བརྟགས་རྣམས་ནི་མཐོང་སྤང་དང་། ལྷན་སྐྱེས་ནི་སྒོམ་སྤངས་ཡིན་ལ། དེ་བཞིན་དུ་ཤེས་སྒྲིབ་གཟུང་འཛིན་གྱི་རྟོག་པ་རགས་པ་མཐོང་སྤོངས། ཕྲ་བ་སྒོམ་སྤངས་ཡིན་ཏེ། སྤང་བྱ་དེ་དག་སྤངས་ནས་མཐོང་ལམ་ས་དང་པོ་རབ་དགའི་གནས་ཐོབ་པའོ། །ཉི་ཤུ་བ་སྒོམ་ལམ་ལ་སྨོན་པ་ནི། ༈ ལྟ་དང་རྟོག་དང་ངག་དང་ལས་མཐའ་


JLAZ005_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །འཚོ་དང་རྩོལ་དང་དྲན་དང་ཏིང་ངེ་འཛིན། །འཕགས་པའི་ལམ་གྱི་ཡན་ལག་བརྒྱད་བསྒོམས་ནས། །སྒོམ་པའི་ལམ་དུ་ས་བཅུ་བགྲོད་པར་ཤོག། དེ་ལ་ཡང་དག་པའི་ལྟ་བ་ནི་ཟག་པ་མེད་པའི་ཤེས་རབ་བོ། །ཡང་དག་པའི་རྟོག་པ་ནི་གནོད་སེམས་མེད་པ་དང་། ངེས་འབྱུང་དང་། དགེ་བའི་རྟོག་པ་རྣམ་པ་དུ་མའོ། །ཡང་དག་པའི་ངག་ནི་ངག་ལ་བརྟེན་པའི་ངག་གི་དགེ་བའི་ལས་ལམ་བཞིའོ། །ཡང་དག་པའི་ལས་མཐའ་ནི་ལུས་ཀྱི་མི་དགེ་བའི་ལས་ལམ་གསུམ་སྤང་བའོ། །ཡང་དག་པའི་འཚོ་བ་ནི་ཁ་གསགས་དང་ལོག་འཚོས་མ་བསླད་པའོ། །ཡང་དག་པའི་རྩོལ་བ་ནི་བརྩོན་འགྲུས། །ཡང་དག་པའི་དྲན་པ་ནི་དམིགས་པ་མ་བརྗེད་པའོ། །ཡང་དག་པའི་ཏིང་ངེ་འཛིན་ནི་བསམ་གཏན་བཞི་པའོ། །དེ་ལྟར་འཕགས་པའི་ལམ་ཡན་ལག་བརྒྱད་པོ་ནི། ཞི་བའི་གནས་ཏེ་མྱ་ངན་ལས་འདས་པ་ཐོབ་པར་བྱ་བའི་ཕྱིར་སྒོམ་པ་ལ་སྨོན་པ་ནི། དེ་ལྟར་སྒོམ་པའི་ལམ་དུ་ས་བཅུ་བགྲོད་ཚུལ་ལ་ཡང་། ཕ་རོལ་ཏུ་ཕྱིན་པ་བཅུའི་མི་མཐུན་ཕྱོགས་སེར་སྣ་དང་། འཆལ་བའི་ཚུལ་ཁྲིམས་དང་། ཁོང་ཁྲོ་དང་། ལེ་ལོ་དང་། རྣམ་གཡེང་དང་། རྨོངས་པ་དང་། ཐབས་ལ་མི་མཁས་པ་དང་། སྟོབས་ལ་སྒྲིབ་པ་དང་། སྨོན་པའི་དོན་མི་འགྲུབ་པ་དང་། ཤེས་བྱའི་སྒྲིབ་པ་སྟེ་བཅུ་སྤངས་པ་གང་ཞིག་ས་


JLAZ005_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་ངོ་བོ་ཉིད་ཡིན་ནོ། །ཉེར་གཅིག་པ་དེ་དག་ཐོབ་པར་སྨོན་པ་ནི། ༈ དེ་ཡང་དྲི་མེད་འོད་བྱེད་འོད་འཕྲོ་དང་། །སྦྱང་དཀའ་མངོན་གྱུར་རིང་སོང་མི་གཡོ་བ། །ལེགས་པའི་བློ་གྲོས་ཆོས་ཀྱི་སྤྲིན་ཐོབ་ནས། །མཐར་ཕྱིན་ཀུན་ཏུ་འོད་ལ་གནས་པར་ཤོག །དེ་ལས་དང་པོས་མངོན་རྟོགས་མཐོང་ལམ་དུ་སྦྱར་ནས། འདིར་སྒོམ་ལམ་ཆེ་འབྲིང་ཆུང་གསུམ་གྱི་ངོ་སྐལ་ལ་ས་གཉིས་པ་དྲི་མ་མེད་པ་དང་། གསུམ་པ་འོད་བྱེད། བཞི་པ་འོད་འཕྲོ། ལྔ་པ་སྦྱང་དཀའ་བ། དྲུག་པ་མངོན་གྱུར་དང་། བདུན་པ་རིང་དུ་སོང་བ་དང། བརྒྱད་པ་མི་གཡོ་བ་དང་། དགུ་པ་ལེགས་པའི་བློ་གྲོས་དང་། བཅུ་པ་ཆོས་ཀྱི་སྤྲིན་དང་། མཐར་ཕྱིན་ཀུན་ཏུ་འོད་དེ་ངེས་ཚིག་ནི་བདེན་གཉིས་ཤིང་རྟར་བཤད་ཟིན་ཏོ། །ཉེར་གཉིས་པ་འབྲས་བུ་ལ་སྨོན་པ་ནི། ༈ དེ་ལྟར་ལམ་ལྔ་ས་བཅུ་ཡོངས་རྫོགས་ནས། །སྐུ་གསུམ་ཡེ་ཤེས་ལྔ་དང་ཡོན་ཏན་ཚོགས། །ཕྲིན་ལས་མཐའ་དག་འབད་མེད་ལྷུན་གྲུབ་སྟེ། །རབ་འབྱམས་ཞིང་གི་འགྲོ་བ་འདྲེན་པར་ཤོག །རང་དོན་དུ་ལམ་ལྔ་ས་བཅུའི་སྤངས་རྟོགས་ཡོངས་སུ་རྫོགས་ནས། དོན་དམ་པའི་སངས་རྒྱས་ཆོས་ཀྱི་སྐུ་སྤྲོས་པ་ཐམས་ཅད་དང་བྲལ་བ་དང་། ལོངས་སྤྱོད་རྫོགས་པའི་སྐུ་སྣང་ལ་རང་བཞིན་མེད་པ། སྤྲུལ་པའི་སྐུ་རྣམ་པ་སྣ་ཚོགས་སུ་སྟོན་པ་རྟེན་སྐུ་གསུམ། བརྟེན་པ་


JLAZ005_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ལྔ། མཁྱེན་ཆ་ཡོན་ཏན་དང་། ཐུགས་རྗེའི་ཕྲིན་ལས་མཐའ་དག་འབད་པ་མེད་པར་གྲུབ་ནས། རབ་ཏུའང་འབྱམས་ཀླས་པའི་ཞིང་གི་འགྲོ་བ་མཐའ་དག་འདྲེན་པར་ཤོག་ཅིག་ཅེས་པའོ། །དེ་བཞིན་དུ། ༈ དུས་གསུམ་རྒྱལ་བའི་ཞིང་གི་བཀོད་པ་དང་། །འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང་། །ཕན་བདེ་བསྟན་པའི་སྒྱུ་༼སྒྱུ་ལུས་ཟེར་བ་ཡིག་སྐྱོན་ནོར་བའོ།།༽འཕྲུལ་ཅི་འདྲ་བ། །དེ་འདྲ་ཁོ་ནར་བདག་ཀྱང་འགྱུར་བར་ཤོག །ཅེས་པ་རིགས་ལྔ་གངས་ཆེན་མཚོའི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ལས་རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་དུ་ཤར་བའི་དུས་གསུམ་དུ་གཤེགས་ཤིང་བཞུགས་པའི་རྒྱལ་བ་རྣམས་ཀྱི་རང་རང་གི་ཞིང་གི་བཀོད་པ་དང་། འཁོར་དང་། སྐུ་ཚེ་དང་། མཛད་པ་དང་། ཞིང་ཁམས་སོགས་སེམས་ཅན་གྱི་ཁམས་ཐམས་ཅད་ལ་གནས་སྐབས་ཀྱི་ཕན་པ་དང་། མཐར་ཐུག་གི་བདེ་བ་བསྒྲུབ་པའི་ཕྱིར་དུ་བསྟན་པའི་སྒྱུ་འཕྲུལ་ཅི་འདྲ་བ་དེ་འདྲར་སྨོན་པའོ། །ཉེར་གསུམ་པ་དམིགས་བསལ་ལ་ཆོས་སྐུ་ཐོབ་པར་སྨོན་པ་ནི། ༈ རང་བཞིན་རྣམ་དག་དོན་དམ་ཆོས་ཀྱི་དབྱིངས། །སྒྲིབ་གཉིས་དྲི་མའི་ཚོགས་ལས་རྣམ་གྲོལ་བ། །དག་པ་གཉིས་ལྡན་མངོན་དུ་འགྱུར་བ་དང་། །རང་དོན་མཐར་ཕྱིན་ཆོས་སྐུ་ཐོབ་པར་ཤོག །དེ་ལ་ཡེ་ནས་རང་བཞིན་གྱི་རྣམ་པར་དག་པ་དོན་དམ་པའི་ཆོས་ཀྱི་སྐུ་དང་། གློ་བུར་


JLAZ005_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་ཤེས་ཀྱི་སྒྲིབ་པ་གཉིས་ལས་གྲོལ་བ་ནི་རྟོགས་པ་ཡེ་ཤེས་ཀྱི་ཆོས་སྐུ་སྟེ་དག་པ་གཉིས་ལྡན་མངོན་དུ་གྱུར་པས་རང་དོན་མཐར་ཕྱིན་པའི་ཆོས་སྐུ་ཐོབ་པའོ། །ཉེར་བཞི་པ་ལོངས་སྤྱོད་རྫོགས་སྐུ་ལ་སྨོན་པ་ནི། ༈ འོག་མིན་ཆེན་པོར་མཚན་དཔེ་འབར་པའི་སྐུ། །དག་པའི་གདུལ་བྱ་ས་བཅུའི་སེམས་དཔའ་ལ། །རྒྱུན་མི་འཆད་པ་ཐེག་མཆོག་ཟབ་མོའི་ཆོས། །སྟོན་མཛད་ལོངས་སྤྱོད་རྫོགས་སྐུ་མངོན་གྱུར་ཤོག །དེ་ལ་གནས་ངེས་པ་ཁམས་གསུམ་ལས་འདས་པའི་འོག་མིན་སྟུག་པོ་བཀོད་པར། སྟོན་པ་ངེས་པ་རིགས་ལྔའི་སངས་རྒྱས། འཁོར་ངེས་པ་ས་བཅུའི་སེམས་དཔའ། ཆོས་ངེས་པ་ཐེག་པ་ཆེན་པོ། དུས་ངེས་པ་རྟག་པ་རྒྱུན་གྱི་འཁོར་ལོར་ཉེ་བར་ལོངས་སྤྱོད་རྫོགས་པའོ། །ཉེར་ལྔ་པ་སྤྲུལ་པའི་སྐུ་འགྱེད་པ་སྨོན་པ་ནི། ༈ གང་གི་སྲིད་པ་ཇི་སྲིད་གནས་ཀྱི་བར། །གང་ལ་གང་འོས་འགྲོ་ལ་ཐེག་པའི་ཚུལ། །གང་འོས་སྟོན་པ་སྣ་ཚོགས་སྤྲུལ་པའི་སྐུ། །གང་དེ་ཐོབ་ནས་གཞན་དོན་ལྷུན་གྲུབ་ཤོག །ཆོས་སྐུ་གདངས་ལོངས་སྐུའི་རྣམ་པར་རོལ་པ་ལས་སྤྲུལ་པའི་སྐུ་འགྱེད་པ་ན་གང་གི་སྲིད་པ་ཇི་སྲིད་ཅེས་མཚམས་སྦྱར་ལ། དེ་ཡང་གང་ལ་གང་འོས་ཀྱི་འགྲོ་བ་དེ་དག་འདུལ་བྱེད་ཀྱི་ཚུལ་ཡང་རྣམ་པ་སྣ་ཚོགས་སུ་སྟོན་བྱེད་ཀྱི་སྤྲུལ་པའི་སྐུ་གང་དེ་བདག་གིས་ཐོབ་པར་ཤོག་ཅིག་


JLAZ005_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །ཉེར་དྲུག་པ་ཡེ་ཤེས་ལྔ་ཐོབ་པར་སྨོན་པ། དེ་ལྟར་བཤད་མ་ཐག་པའི་རྟེན་སྐུ་གསུམ་པོ་དེའི་བརྟེན་པ་ཡེ་ཤེས་ལྔ་ཡིན་པས་ན། ༈ ཆོས་ཀྱི་དབྱིངས་དང་མེ་ལོང་ལྟ་བུ་དང་། །མཉམ་པ་ཉིད་དང་སོ་སོར་ཀུན་ཏུ་རྟོག །འབད་རྩོལ་མེད་པར་བྱ་བ་ཀུན་འགྲུབ་ནས། །ཡེ་ཤེས་ལྔ་ལ་དབང་འབྱོར་ཐོབ་པར་ཤོག །དེ་ལ་ཀུན་གཞི་དབྱིངས་སུ་ནུབ་པས་ཆོས་དབྱིངས་ཡེ་ཤེས། ཀུན་གཞིའི་རྣམས་ཤེས་དབྱིངས་སུ་ནུབ་པས་མེ་ལོང་ལྟ་བུའི་ཡེ་ཤེས། ཡིད་ཤེས་དབྱིངས་སུ་ནུབ་པས་མཉམ་ཉིད་ཡེ་ཤེས། ཉོན་ཡིད་དབྱིངས་སུ་ནུབ་པས་སོ་སོར་རྟོག་པའི་ཡེ་ཤེས། སྒོ་ལྔའི་རྣམ་ཤེས་དབྱིངས་སུ་ནུབ་པས་བྱ་བ་གྲུབ་པའི་ཡེ་ཤེས་ཏེ་ལྔ་ལ་དབང་འབྱོར་ཐོབ་པར་སྨོན་པའོ། །ཉེར་བདུན་པ་སྟོབས་བཅུ་ཐོབ་པར་སྨོན་པ། ༈ གནས་དང་གནས་མིན་རྣམ་སྨིན་དབང་པོ་དང་། །ཁམས་དང་མོས་པ་སྣ་ཚོགས་ཀུན་འགྲོའི་ལམ། །བསམ་གཏན་སྔོན་གནས་རྗེས་དྲན་ལྷ་ཡི་མིག །ཟག་ཟད་མཁྱེན་པའི་སྟོབས་བཅུ་དང་ལྡན་ཤོག །དེ་ལ་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས། ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས། འཇིག་རྟེན་གྱི་ཁམས་དུ་མ་མཁྱེན་པའི་སྟོབས། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས། ཀུན་ཏུ་འགྲོ་བའི་ལམ་མཁྱེན་པའི་སྟོབས།


JLAZ005_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ནས་ཉོན་མོངས་པ་དང་རྣམ་བྱང་མཁྱེན་པའི་སྟོབས། སྔོན་གནས་རྗེས་དྲན་མཁྱེན་པའི་སྟོབས། འཆི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས། ཟག་པ་ཟད་པ་མཁྱེན་པའི་སྟོབས་དང་བཅུའོ། །ཉེར་བརྒྱད་པ་མི་འཇིགས་པ་བཞི་ཐོབ་པར་སྨོན་པ། ༈ རང་དོན་ཆོས་སྐུ་རྫོགས་པ་བྱང་ཆུབ་ནས། །ཟག་པ་བག་ཆགས་བཅས་པ་ཀུན་སྤངས་ཏེ། །གཞན་གྱི་དོན་དུ་ལམ་དང་འགོག་བདེན་ལ། །མི་འཇིགས་ཡོན་ཏན་བཞི་དང་ལྡན་པར་ཤོག །རང་དོན་ཆོས་ཀྱི་སྐུ་སྤྲོས་པ་དང་བྲལ་བའི་དབྱིངས་ལ་བྱང་ཆུབ་ནས། འཁོར་གསུམ་ལ་བདེན་ཞེན་གྱི་ཟག་པ་དང་། ལམ་སྔ་མས་བཞག་པའི་བག་ཆགས་ཤིན་ཏུ་ཕྲ་བའང་སྤངས་ནས། གཞན་དོན་ལ་འཇུག་པའི་ཚེ་འདི་ནི་ལམ་མོ། །འདི་ནི་ལམ་གྱི་གེགས་སོ་ཞེས་བྱ་བ་དང་། འགོག་བདེན་གྱི་ཆ་ནས་ང་ནི་སངས་རྒྱས་སོ། །ང་ནི་ཟག་པ་ཟད་པའོ། །ཞེས་ཞལ་གྱིས་བཞེས་པ་ལ་ཆོས་མཐུན་གྱི་རྒོལ་བ་མི་འཇུག་པས་མི་འཇིགས་པ་བཞིའོ། །ཉེར་དགུ་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སྨོན་པ། ༈ འཁྲུལ་དང་ཅ་ཅོ་མི་མངའ་སྤྱོད་པ་དང་། །འདུན་སོགས་ཉམས་པ་མེད་པར་རྟོག་པ་དང་། །ཡེ་ཤེས་ཕྲིན་ལས་འགྲན་ཟླ་མེད་པ་ཡི། །མ་འདྲེས་སངས་རྒྱས་ཆོས་རྣམས་ཐོབ་པར་ཤོག །དེ་ལ་སེམས་ཅན་གྱི་ཁམས་དང་མ་འདྲེས་པའི་ཆོས་བཅོ་བརྒྱད་ནི། སྤྱོད་ལམ་མ་


JLAZ005_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེས་པ་དྲུག །རྟོག་པ་མ་འདྲེས་པ་དྲུག །ཕྲིན་ལས་མ་འདྲེས་པ་གསུམ། ཡེ་ཤེས་མ་འདྲེས་པ་གསུམ་ལས། དང་པོ་ནི། སྤྲེའུ་ལྟར་ག་ཞ་མི་མཛད་པས་སྐུ་མ་འཁྲུལ་བ། ཅ་ཅོ་མི་མཛད་པས་གསུང་། དྲན་པ་མ་ཉམས་པས་ཐུགས་མ་འཁྲུལ་པ། དེ་བཞིན་དུ་མཉམ་པར་མ་གཞག་པ་མ་ཡིན་པ། འཁོར་འདས་སུ་འཛིན་པ་མེད་པ། གདུལ་བྱ་ཡལ་བར་འདོར་བའི་བཏང་སྙོམས་མེད་པ་དང་དྲུག་གོ །རྟོག་པ་དྲུག་ནི། ཆོས་སྟོན་པའི་འདུན་པ། གཞན་དོན་བསྒྲུབ་པའི་བརྩོན་འགྲུས། བསམ་མི་དགོས་པའི་དྲན་པ། ཆོས་ཉིད་ཀྱི་ཏིང་ངེ་འཛིན། ཡེ་ཤེས་དཔག་ཏུ་མེད་པ། སྤང་བྱ་ལས་རྣམ་པར་གྲོལ་བས་ཉམས་པ་མི་མངའ་བ་དང་དྲུག་གོ །ཡེ་ཤེས་མ་འདྲེས་པ་གསུམ་ནི། དུས་གསུམ་གྱི་ཆོས་ཆགས་ཐོགས་མེད་པར་གཟིགས་པའོ། །ཕྲིན་ལས་མ་འདྲེས་པ་གསུམ་ནི། སྐུའི་ཆ་བྱད་དང་སྤྱོད་ལམ་གྱི་སེམས་ཅན་འདུལ་བ་དང་། གསུང་རྣམ་པ་ཐམས་ཅད་པས་ཆོས་སྟོན་པ། ཐུགས་རྗེའི་ཡེ་ཤེས་སེམས་ཅན་གྱི་རྗེས་སུ་འགྲོ་བ་སྟེ་བཅོ་བརྒྱད་དོ། །སུམ་ཅུ་པ་མཚན་དཔེ་ཐོབ་པར་སྨོན་པ། ༈ ལྟ་བས་མི་ངོམས་མཚུངས་པ་མེད་པའི་སྐུ། །སུམ་ཅུ་རྩ་གཉིས་མཚན་གྱིས་རབ་བརྒྱན་ཏེ། །དཔེ་བྱད་བཟང་པོ་བརྒྱད་ཅུས་རབ་མཛེས་པས། །སྣ་ཚོགས་གདུལ་བྱའི་རེ་འདོད་བསྐོང་བར་ཤོག །དེ་ལ་འཁོར་ལོས་སྒྱུར་རྒྱལ་དང་ཐུན་མོང་པའི་


JLAZ005_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་སོ་གཉིས། སངས་རྒྱས་ཉིད་ཀྱི་ཁྱད་ཆོས་དཔེ་བྱད་བརྒྱད་ཅུ་ནི་ཤེས་སླའོ། །སོ་གཅིག་པ་ཟག་མེད་ཀྱི་ཕུང་པོ་ལྔ་ཐོབ་པར་སྨོན་པ། ༈ ཚུལ་ཁྲིམས་ཕུང་པོ་དེ་བཞིན་ཏིང་ངེ་འཛིན། །ཤེས་རབ་དང་ནི་རྣམ་པར་གྲོལ་བ་དང་། །རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་ཡིས། །ཟག་མེད་ཕུང་པོ་ལྔ་ནི་ཡོངས་རྫོགས་ཤོག །དེ་ལ་ཚུལ་ཁྲིམས་ཀྱི་ཕུང་པོ། དེ་བཞིན་དུ་ཏིང་ངེ་འཛིན་གྱི། ཤེས་རབ་ཀྱི། རྣམ་པར་གྲོལ་བའི། རྣམ་གྲོལ་གྱི་ཡེ་ཤེས་གཟིགས་པ་སྟེ་རྣམ་བྱང་བསྐྱེད་པའི་ཕུང་པོ་ལྔའོ། །སོ་གཉིས་པ་སྤྱན་ལྔ་སོགས་ལ་སྨོན་པ། ༈ སྤྱན་དང་མངོན་ཤེས་སོ་སོ་རང་རིག་དང་། །གཟུངས་དང་ཟད་པར་ཟིལ་གནོན་ཐུགས་རྗེ་ཅན། །ཉོན་མོངས་མེད་དང་སྨོན་མཁྱེན་དབང་བཅུ་སོགས། །ཡོན་ཏན་མཐའ་དག་མངོན་དུ་འགྱུར་བར་ཤོག །དེ་ལ་སྤྱན་ལྔ་ནི། སངས་རྒྱས་ཀྱི་སའི་རྣམ་པ་ཐམས་ཅད་གཟིགས་པའི་སྤྱན་དང་། ཆོས་ཀྱི་སྤྱན་གྱིས་འཕགས་པའི་གང་ཟག་དབང་པོ་རྣོ་རྟུལ་ཐམས་ཅད་མངོན་སུམ་དུ་རྟོགས་པ་དང་། ཤེས་རབ་ཀྱི་སྤྱན་གྱིས་ཆོས་ཐམས་ཅད་ཀྱི་རང་གི་ངོ་བོ་ཉིད་གཟིགས་པ་དང་། ལྷའི་སྤྱན་གྱིས་འགྲོ་བའི་འཆི་འཕོ་དང་སྐྱེ་བ་ཇི་ལྟ་བ་བཞིན་དུ་ཤེས་པ། ཤའི་སྤྱན་གྱིས་འཇིག་རྟེན་དུས་གཅིག་ཏུ་གཟིགས་པ་དང་། རྫུ་འཕྲུལ་གྱི་མངོན་ཤེས་ཀྱིས་ས་གཡོ་བ་དང་གཅིག་ཏུ་བསྒྱུར་


JLAZ005_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་དུ་མར་སྤྲུལ་པ་ལ་སོགས་སོ། །ལྷའི་རྣ་བའི་མངོན་ཤེས་ཀྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སྒྲ་ཆེ་ཆུང་མཐའ་དག་ཇི་ལྟ་བ་བཞིན་དུ་རྟོགས་པའོ། །གཞན་སེམས་ཤེས་པའི་མངོན་ཤེས་ཀྱིས་གཞན་རྒྱུད་ཉོན་མོངས་པ་དང་བྲལ་མ་བྲལ་སོགས་མངོན་སུམ་དུ་གཏན་ལ་ཕེབས་པ་དང་། སྔོན་གནས་རྗེས་དྲན་གྱི་མངོན་ཤེས་ཀྱིས་གཞན་གྱི་ཚེ་རབས་སྔ་མ་བརྒྱ་སྟོང་ལ་སོགས་པའི་བར་ཤེས་པ་དང་། ལྷའི་མིག་གི་མངོན་ཤེས་ཀྱིས་བསྐལ་པ་དང་མ་བསྐལ་པའི་གཟུགས་ཕྲ་རགས་ཐམས་ཅད་མངོན་སུམ་དུ་རྟོགས་པའོ། །ཟག་པ་ཟད་པའི་མངོན་ཤེས་ཀྱིས་སྒྲིབ་གཉིས་སྤོང་བའི་ཐབས་དང་། སྤངས་པའི་བྲལ་བ་མངོན་དུ་ཤེས་པའོ། །སོ་སོའི་རིག་པ་ནི་ཟག་པ་མེད་པའི་ཤེས་རབ་ཐམས་ཅད་དོ། །གཟུངས་ནི་དྲན་པ་མ་ཉམས་པ་སོགས་སོ། །ཟད་པ་ནི་འབྱུང་བ་ལྔའི་སྐྱེ་མཆེད་བསྒྲུབ་ནུས་པ་ལྟ་བུའོ། །དེ་བཞིན་དུ་འཁོར་འདས་ཐམས་ཅད་ཟིལ་གྱིས་གནོན་པ་དང་། ཐུགས་རྗེ་ཆེན་པོ་བསམ་གྱིས་མི་ཁྱབ་པ་དང་། ཉོན་མོངས་པའི་ཆ་ཙམ་མི་མངའ་བ་དང་། སྨོན་གནས་མཁྱེན་པ་ལ་ཆགས་པ་མེད་པ། ཐོགས་པ་མེད་པ། ལྷུན་གྱིས་གྲུབ་པ། དྲི་མ་ཀུན་ལས་འདས་པ་སྟེ་བཞིའོ། །དབང་བཅུ་ནི། ཚེ་ལ་དབང་བ། ཡོ་བྱད་ལ་དབང་བ། སེམས་ལ་དབང་བ། ལས་ལ་དབང་བ། སྐྱེ་བ་ལ་དབང་བ། མོས་པ་ལ་དབང་བ།


JLAZ005_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

སྨོན་ལམ་ལ་དབང་བ། རྫུ་འཕྲུལ་ལ་དབང་བ། ཆོས་ལ་དབང་བ། ཡེ་ཤེས་ལ་དབང་བ་སྟེ། དེ་དག་སོ་སོའི་རྣམ་དབྱེ་ཞིབ་པ་བདེན་གཉིས་ཤིང་རྟར་བཤད་ཟིན་ཏོ། །གསུམ་པ་རྗེས་ཀྱི་རིམ་པ་གཞན་དོན་དུ་སྨོན་པ་ལ་སྤྱི་དང་བྱེ་བྲག་གཉིས་ལས་དང་པོ་ནི། ༈ དེ་ལྟར་རྒྱལ་བའི་སྐུ་གསུམ་ཡེ་ཤེས་ལྔ། །ཡོན་ཏན་ཕྲིན་ལས་སོགས་ལ་དབང་འབྱོར་ནས། །རབ་འབྱམས་ཞིང་དུ་དཔག་ཡས་མཛད་པ་ཡིས། །མཐའ་ཡས་འགྲོ་ལ་ཕན་བདེ་འགྲུབ་པར་ཤོག །ཅེས་སངས་རྒྱས་པའི་དགོས་པ་སེམས་ཅན་ལ་ཕན་པ་བསྒྲུབ་པ་ཐེག་པ་ཆེན་པོའི་ཁྱད་ཆོས་ཡིན་ཞིང་། དེ་ཡང་ཞིང་དང་། མཛད་པ་དང་། གཞན་དོན་བསྒྲུབ་པའི་ཡུལ་ལ་ཕྱོགས་དང་རིས་སུ་ཆད་པ་མེད་པས་རབ་འབྱམས་དང་། དཔག་ཡས་དང་མཐའ་ཡས་སོགས་ཀྱི་མཐའ་དང་ཚིག་མཇུག་མི་མངོན་པར་བྱས་པའོ། །གཉིས་པ་གཞན་དོན་བྱེད་ཚུལ་གྱི་ཁྱད་པར་ལ་སྨོན་པའི་ཤླཽ་ཀ་བདུན་གྱི་ཤིས་བརྗོད་དང་བཅས་པས་མདོ་སྡུད་པ་སྟེ། ༈ མཁྱེན་རབ་འཇམ་དཔལ་དབྱངས་ལྟར་ཚད་མེད་ཅིང་། །ཐུགས་རྗེ་སྤྱན་རས་གཟིགས་དང་མཚུངས་པ་དང་། །མཐུ་སྟོབས་གསང་བའི་བདག་པོ་ཇི་བཞིན་དུ། །གྲངས་མེད་བསྐལ་པར་འགྲོ་དོན་བྱེད་པར་ཤོག །གང་གིས་བདག་ནི་མཐོང་དང་ཐོས་པ་དང་། །རྗེས་སུ་དྲན་ནམ་རེག་གམ་གཏམ་དུ་བརྗོད། །བདག་


JLAZ005_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ལེགས་བཤད་ཐོས་པ་དེ་དག་ཀྱང་། །རིང་པོར་མི་ཐོགས་རྒྱལ་བའི་དབང་པོར་ཤོག །བདག་ནི་གྲང་བས་ཉེན་ལ་མེ་ཆེན་དང་། །ཚ་བས་གདུངས་ལ་བསིལ་བའི་འབབ་ཆུ་དང་། །བརྒལ་འདོད་རྣམས་ཀྱི་གྲུ་དང་ཟམ་པ་དང་། །མུན་པར་ཚུད་ལ་སྣང་བ་དམ་པར་ཤོག །ཕོངས་པ་རྣམས་ལ་འདོད་རྒུའི་འབྱུང་གནས་དང་། །ནད་ཀྱིས་ཟིན་ལ་ཕན་བྱེད་སྨན་གྱི་མཆོག །འཆི་བས་ཉེན་ལ་འཚོ་བའི་བདུད་རྩི་དང་། །ལམ་གྱིས་དུབ་པའི་བསྟི་གནས་བཟང་པོར་ཤོག །བདག་ནི་གནས་མེད་རྣམས་ཀྱི་ཁང་བཟང་དང་། །བཀྲེན་པས་གདུངས་ལ་རོ་ལྡན་བཟའ་བ་དང་། །སྐོམ་པ་རྣམས་ལ་བཏུང་བའི་མཆོག་དང་ནི། །གང་ལ་གང་འོས་འདོད་དགུར་འབྱུང་བར་ཤོག ། མདོར་ན་བདག་གི་སྒོ་གསུམ་སྤྱོད་པ་ཀུན། །བུམ་པ་བཟང་དང་ཡིད་བཞིན་ནོར་བུ་དང་། །འདོད་འཇོའི་བ་དང་དཔག་བསམ་ཤིང་ལྟ་བུར། །འགྲོ་བའི་དོན་དུ་འབད་མེད་ལྷུན་གྲུབ་ཤོག །སྐྱབས་གསུམ་བཀའ་སྡོད་བདེན་པའི་བྱིན་རླབས་དང་། །ཆོས་དབྱིངས་རྣམ་དག་བསམ་མི་ཁྱབ་པའི་མཐུས། །བདག་གི་ལྷག་བསམ་དག་པས་གཞན་དོན་དུ། །སྨོན་པ་འདི་དག་ཡིད་བཞིན་འགྲུབ་གྱུར་ཅིག །སྟོན་པ་མཉམ་མེད་རྫོགས་པའི་སངས་རྒྱས་དང་། །སྐྱོབ་པ་མཚུངས་མེད་བསྟན་པ་དམ་པའི་ཆོས། །འདྲེན་པ་མཚུངས་མེད་འཕགས་པའི་དགེ་འདུན་


JLAZ005_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། །དཀོན་མཆོག་བླ་མེད་གསུམ་གྱི་བཀྲ་ཤིས་ཤོག །ཅེས་སོ། །དེ་ལྟ་བུའི་སྨོན་ལམ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྗེས་ཐོབ་ཀྱི་ཚོགས་བླ་ན་མེད་པ་ཡིན་པས་ན་དུས་དང་རྣམ་པ་ཐམས་ཅད་དུ་གདབ་པར་བྱ་སྟེ། ཕལ་པོ་ཆེ་ལས། སྤྱོད་པ་དག་དང་སྨོན་ལམ་གཅིག་ཏུ་སྤྱད། །ཅེས་པ་ལ་སོགས་རྒྱ་ཆེར་ཡོད་དོ། །དེས་ནི་སེམས་ཅན་གྱི་ཁམས་ཚད་མེད་པ་ལ་སྨོན་པས་བསོད་ནམས་ཀྱང་དེ་སྙེད་ཐོབ་པ་ཡིན་ནོ།། །།གསང་བ་སྔགས་ཀྱི་སྨོན་ལམ་འདོད་འཇོའི་དགའ་སྟོན་གྱི་འགྲེལ་པ་རིག་འཛིན་ལམ་བཟང་ཞེས་བྱ་བ་བཞུགས། །གསང་བ་སྔགས་ཀྱི་སྨོན་ལམ་འདོད་འཇོའི་དགའ་སྟོན་གྱི་འགྲེལ་པ་རིག་འཛིན་ལམ་བཟང་ཞེས་བྱ་བ། ཤནྟ་པུ་རི་ཞི་བའི་གྲོང་ཁྱེར་ན། །རིག་འཛིན་མི་ཡི་ཐོད་པ་འགྲོ་འདུལ་གླིང༌། །རིག་པ་བདེ་གཤེགས་སྙིང་པོའི་ཆོས་ཉིད་དང༌། །རོ་གཅིག་ལྟ་བ་མཇལ་བའི་ཕྱག་གིས་བཏུད། །དེ་ལ་ཀླད་ཀྱི་དོན་རང་ངོའི་མཆོད་བརྗོད་ནི། དུས་གསུམ་རྒྱལ་བ་སྲས་བཅས་མ་ལུས་དང༌། །འགྲོ་བའི་སྐྱབས་གྱུར་པདྨ་སམ་བྷ་ཝ། །སྲིད་ཞིའི་རྒུད་པ་ཀུན་སེལ་རཏྣའི་ཞབས། །མི་འབྲལ་སྙིང་ནས་གུས་པས་ཕྱག་བགྱིའོ། །གཉིས་པ་གཞུང་གི་དོན་ལ་རྣམ་གྲངས་བཅུ་བདུན་ལས། དང་པོ་ཅིས་ཀྱང་དགོས་མེད་ཀྱིས་བློ་ལྡོག་པ་ནི། ༈ ཚེ་འདིའི་ལོངས་


JLAZ005_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་རྨི་ལམ་དགའ་སྟོན་བཞིན། །ལང་ཚོའི་དཔལ་ཡང་འཇའ་ཚོན་ལྟ་བུ་སྟེ། །ཚེ་སྲོག་མི་རྟག་གློག་གི་ཟློས་གར་བཞིན། །འཇིག་རྟེན་ཕུན་ཚོགས་ཀུན་ལ་དབང་སྒྱུར་ཀྱང༌། །སྟོན་དུས་མཛེས་པའི་སྤྲིན་དཀར་ཕུང་པོ་བཞིན། །སྐད་ཅིག་མི་རྟག་འཇིག་པའི་ཆོས་ཅན་དུ། །མཐོང་ནས་སྲིད་པར་ཡིད་ནི་འབྱུང་བར་ཤོག །དེ་ལ་ཚེ་འདི་སྣང་གི་ལོངས་སྤྱོད་དང༌། གནས་གྲོགས་དང༌། ཁང་ཁྱིམ་ལ་སོགས་པ་ནི་མདང་གི་རྨི་ལམ་ལ་སྐྱེད་མོས་ཚལ་ཞིག་ཏུ་མགྲོན་པོར་ཕྱིན་པའི་དགའ་སྟོན་ལྟ་བུ། སད་པའི་ཚེ་དེ་དག་གང་ཡང་མེད་པས་སྐྱེངས་ཤུ་རེ་པ། དེ་བཞིན་དུ་གཞོན་ནུ་དར་ལ་བབས་པའི་ལང་ཚོའི་དཔལ་ལ་ཆགས་ནས་བྱི་དོར་བྱས། རྒྱན་གོས་ཀྱིས་བཀླུབས། རེ་ཞིག་སྡོད་སྡོད་འདྲ་བ་བྱས་ཀྱང༌། འགྱུར་བའི་སྡུག་བསྔལ་ནི། ཆུ་སྐྱར་ཉ་ལ་འཇབས་པ་ལྟ་བུར་ཡོད་པས། རང་དབང་མེད་པར་ནད་དང༌། གདོན་དང༌། མེ་ཆུ་ལ་སོགས་པའི་རྐྱེན་བློ་བུར་བ་མང་པོས་འཇའ་ཚོན་ད་ལྟ་ཡོད་འཕྲོ་ལ་ཡལ་བ་བཞིན་རྟག་མི་ཐུབ། ཚེ་ནི་རླུང་གསེབ་ཀྱི་མར་མེ་ལྟ་བུ། སྲོག་ནི་ནམ་མཁའ་ལ་གློག་འཁྱུག་པ་བཞིན་ཡིན་ངེས་ན། འཁོར་ལོས་སྒྱུར་བའི་རྒྱལ་པོའམ། ཁམས་ཀྱི་རྒྱལ་ཕྲན་ལ་སོགས་པ་འཇིག་རྟེན་གྱི་ཁམས་ཚོགས་རྒྱ་ཆེན་པོ་ལ་དབང་སྒྱུར་བ་ཞིག་ཡིན་ཡང༌། སྟོན་ཀའི་དུས་ན་ཤིང་བལ་ལྟར་མཛེས་པའི་


JLAZ005_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲིན་དཀར་གྱི་ཕུང་པོ་གླང་པོ་ཆེའམ། ཤིང་རྟའམ་རྨ་བྱ་ལྟར་མཛེས་པ་ཞིག་བྱུང་བ་དེ་ད་ལྟ་རང་ཡོད་འཕྲོ་ལ་མེད་པ་ལྟར་མི་འཆི་བསམ་པའི་ལྷོད་ལྷོད་ཀྱི་ངང་ལ་གཤིན་རྗེའི་ཕོ་ཉས་བཅོམ།ལུས་སེམས་གཉིས་པོ་སོ་སོར་འབྲལ། མི་འདོད་བཞིན་དུ་ཐ་གུས་བསྡམ། ཡོལ་བས་བསྒྲིབ། དུར་ཁྲོད་དུ་ཀེང་རུས་སྐྱ་ཟིང་འགྲོ་བ་དེ་དོ་ནུབ་ཙམ་ཡང་མི་འོང་བའི་ཁག་མི་ཐེག་པ་འདི་དྲན་པར་བྱས་ནས་སྲིད་པའི་རང་བཞིན་ལ་ཡིད་འབྱུང་ཆེན་པོ་སྐྱེ་བར་སྨོན་པའོ། །གཉིས་པ་བཤེས་གཉེན་དམ་པ་ཚུལ་བཞིན་བསྟེན་པར་སྨོན་པ། ༈ བདེ་ལེགས་དངོས་གྲུབ་ཀུན་གྱི་འབྱུང་གནས་ནི། །མཚན་ཉིད་ཀུན་ལྡན་ཐེག་མཆོག་བཤེས་གཉེན་ཏེ། །དྲན་པ་ཡིས་ཀྱང་སྲིད་ཞིའི་འཇིགས་འཕྲོག་ཅིང༌། །མི་ཕྱེད་དད་པས་ཚུལ་བཞིན་བསྟེན་པར་ཤོག །དེ་ལ་གྲུ་ཟམ་མེད་ན་ཆུ་ཆེན་མི་བགྲོད་པ་ལྟར་གནས་སྐབས་སུ་མངོན་མཐོའི་བདེ་བ་དང༌། མཐར་ཐུག་ངེས་ལེགས་ཀྱི་འབྲས་བུའམ། དངོས་གྲུབ་དམ་པའི་འབྱུང་གནས་ནི་མདོ་རྒྱུད་ནས་གསུངས་པའི་མཚན་ཉིད་ཀུན་ལྡན་གྱི་བླ་མ་ཐེག་པ་མཆོག་གི་དགེ་བའི་བཤེས་གཉེན་རྙེད་ན་དེ་ནི་དྲན་པ་ཙམ་གྱིས་ཀྱང་སྲིད་ཞིའི་འཇིགས་པ་འཕྲོག་ལ། མིན་ནའང་སྙིང་རྗེ་ཆེ་བ། རང་དོན་དུ་སྟོང་ཉིད་གཟིགས་པ་འབྲིང༌། ཐ་ནའང་གང་འཆད་བྱའི་ཆོས་ཀྱི་མངོན་རྟོགས་ལ་འདྲིས་པ། གཞན་


JLAZ005_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ལ་སྐྱོ་ངལ་མེད་ཅིང་རྙེད་པ་ལ་མི་གཟིགས་པ་ཞིག་གུས་པས་བསྟེན་ནས་ཐུགས་ཡིད་འདྲེས་པར་བྱེད་དགོས་ཏེ། མདོ་རྒྱུད་ཐམས་ཅད་ནས་འདི་ཕྱིའི་ལམ་སྟོན་བླ་མ་ལ་རེ་དགོས་པར་གསུངས་པའི་ཕྱིར་རོ། །གསུམ་པ་དཀོན་མཆོག་ལ་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པ། ༈ དེ་ལྟར་དགེ་བའི་བཤེས་ལས་རྙེད་པའི་དོན། །གཏན་གྱི་སྐྱབས་གྱུར་བླ་མ་དཀོན་མཆོག་གསུམ། །ཡིད་ལ་འབྲལ་མེད་གདུངས་པས་གསོལ་འདེབས་ཤིང༌། །འགྲོ་ཀུན་ཕ་མར་ཤེས་པའི་སྙིང་རྗེ་ཡིས། །ཀུན་གྱི་སྡུག་བསྔལ་རང་གི་ལེན་པ་དང༌། །བདག་གི་བདེ་བ་མ་ལུས་གཞན་ལ་གཏང༌། །བླ་མེད་བདེ་ལ་བདག་གིས་དགོད་བྱ་ཞེས། །སེམས་ནི་བྱང་ཆུབ་དམ་པར་བསྐྱེད་བྱས་ནས། །ཕྱིན་དྲུག་སྤྱོད་པས་ཉིན་མཚན་འདའ་བར་ཤོག །དེ་ལྟར་བཤེས་གཉེན་བསྟེན་ནས་ཐོག་མར་དེ་ལས་རྙེད་པའི་དོན་ཞི་བདེ་དོན་གཉེར་ཙམ་མ་ཡིན་པ་སྐྱེས་བུ་ཆེན་པོའི་སྐྱབས་འགྲོའི་གནད་མ་འཁྲུལ་བར་ཤེས་པར་བྱས་ཏེ། གནས་སྐབས་ཙམ་མ་ཡིན་པའི་གཏན་གྱི་སྐྱབས་གནས་སུ་འོས་པ། བླ་མ་དང་དཀོན་མཆོག་གསུམ་ལ་སྙིང་ཐག་པ་ནས་སྐྱབས་སུ་འགྲོ་ཞིང༌། དེ་ནས་ཐེག་པ་ཆེན་པོའི་ལམ་གྱི་རྩ་བ་སེམས་ཅན་ཐམས་ཅད་ཕ་མར་ཤེས་པར་བྱ་སྟེ། དེ་ལྟར་ཤེས་ན་ཕ་མ་ལ་ལ་དམྱལ་བ། ལ་ལ་ཡི་དྭགས། ལ་ལ་དུད་འགྲོ། ལ་ལ་མི་དབང་ཐང་ཆུང་ངུ་སོགས་སྡུག་བསྔལ་གྱིས་


JLAZ005_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

མནར་བ་ལ་སྙིང་རྗེ་མི་སྐྱེ་བའི་དབང་མེད་ཅིང༌། དེའི་ཚེ་དབུགས་ནང་དུ་སྡུད་དུས་ཁོང་གི་སྡུག་བསྔལ་རང་གིས་ལེན་པ་དང༌། ཕར་གཏོང་དུས་བདག་གི་བདེ་བ་དང་དགེ་ཚོགས་ཁོང་ལ་གཏོང་བའི་སྨོན་སེམས་ལ་སྦྱངས་ནས་དེ་དག་བདེ་བ་ལ་འགོད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང༌། འཇུག་པའི་སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཉིན་མཚན་དུས་འདའ་བར་སྨོན་པའོ། །བཞི་པ་སྐྱེས་བུ་ཆུང་འབྲིང་གི་ལམ་ལ་བློ་སྦྱང་བར་སྨོན་པ་ནི། ༈ མངོན་མཐོ་སྒྲུབ་བྱེད་རྒྱལ་བའི་གསུང་རབ་ཀུན། །དོན་རྣམས་སྐྱེས་བུ་ཆུང་ངུའི་ལམ་དང་ནི། །ཐར་བ་བསྒྲུབ་པའི་ཐབས་ལ་བརྩོན་པ་ཡི། །ཆོས་ཀྱི་རྣམ་གྲངས་ཀུན་གྱི་བརྗོད་བྱའི་དོན། །སྐྱེས་བུ་འབྲིང་གི་ལམ་གྱི་རིམ་པ་སྟེ། །ངེས་པར་འབྱུང་བས་སྲིད་ལས་གྲོལ་བར་ཤོག །དེ་ལ་ཕྱི་མ་མངོན་པར་མཐོ་བའི་རྒྱུ་མི་དགེ་སྤང་ཞིང་དགེ་བ་བཅུའི་ལས་ལམ་བསྒྲུབ་པ་དང༌། བསྙེན་གནས་ཡན་ལག་བརྒྱད་པ་སོགས་གཙོ་བོར་སྟོན་པའི་གསུང་རབ་རྣམས་ནི་སྐྱེས་བུ་ཆུང་ངུའི་ལམ་དང༌། རང་དོན་ཞི་བདེ་ཙམ་ལ་དམིགས་ནས་ཐར་པའི་གོ་འཕང་གཉེར་བ་དམ་པའི་ཆོས་འདུལ་བའི་སྡེ་སྣོད་ལ་སོགས་པ་ནི་སྐྱེས་བུ་འབྲིང་གི་ལམ་སྟེ། གཉིས་ཀའང་ཐེག་པ་ཆེན་པོའི་ལམ་སྟེགས་ཡིན་པས་དེ་དག་ལ་བརྟེན་ནས་ངེས་འབྱུང་གི་བློ་ཁྱད་པར་ཅན་བསྐྱེད་ཅིང་སྲིད་པའི་སྡུག་བསྔལ་བཙོན་དོང་ལྟ་བུ་ལས་གྲོལ་བར་སྨོན་པའང་


JLAZ005_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

ལས་དང་པོ་པའི་ལམ་གྱི་འཇུག་ངོགས་ཁྱད་པར་ཅན་ཡིན་ནོ། །ལྔ་པ་སྐྱེས་བུ་ཆེན་པོའི་ལམ་ལ་སྨོན་པ་ནི། ༈ རྣམ་མཁྱེན་གོ་འཕང་མྱུར་དུ་བསྒྲུབ་པའི་ཐབས། །རྒྱུ་དང་འབྲས་བུའི་ཐེག་ཆེན་རྣམ་གཉིས་ལས། །ཇི་བཞིན་གསུངས་པའི་གསང་བ་མ་ལུས་པ། །སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་སྟེ། །བདག་གིས་མ་ལུས་ཉེ་བར་བླངས་པ་ལས། །ཆོས་རྣམས་ཐམས་ཅད་རྨི་ལམ་སྣང་བ་བཞིན། །སྣང་ཙམ་དེ་ལས་ཡུལ་གྱི་སྟེང་ཉིད་དུ། །གྲུབ་པའི་ངོ་བོར་རྡུལ་ཙམ་མ་མཆིས་ཀྱང༌། །ལས་འབྲས་བསླུ་བ་མེད་པར་ངེས་རྙེད་ནས། །བདེན་གཉིས་ཟབ་མོའི་གནད་ལ་གོམས་པར་ཤོག །དེ་ལ་གཞན་དོན་དུ་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་བསྒྲུབ་པར་སྟོན་པ་རྣམས་ནི། རྒྱུ་ཕ་རོལ་ཏུ་ཕྱིན་པ་དང༌། འབྲས་བུ་གསང་སྔགས་རྡོ་རྗེའི་ཐེག་པ་ཆེན་པོ་གཉིས་ཡིན་ལ། དེ་གཉིས་ལས་གསུངས་པའི་སྤྱོད་པ་རྒྱ་ཆེ་བ་དང༌། དོན་ཟབ་པའི་གསང་བ་མ་ལུས་པ་སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་སྟེ། དེ་ཉམས་སུ་བླངས་པས་མཉམ་གཞག་གི་དོན་ཆོས་ཐམས་ཅད་རྨི་ལམ་གྱི་སྣང་བ་ལྟར་སྣང་ཙམ་ཉིད་ནས་ཡུལ་རང་ངོ་ནས་བདེན་པར་གྲུབ་པ་རྡུལ་ཙམ་ཡང་མེད་པ་རྟོགས་ཀྱང༌། རྗེས་ཐོབ་ཀྱི་ཆ་ནས་ལས་འབྲས་བསླུ་བ་མེད་པར་ངེས་པ་རྙེད་ནས་བདེན་པ་གཉིས་ཐ་དད་དུ་མི་འཛིན་པའི་ལམ་ཟབ་མོ་ལ་གོམས་པར་སྨོན་པའོ། །དྲུག་པ་སྡེ་སྣོད་གསུམ་ལ་བསླབ་པར་སྨོན་པ་ལ།


JLAZ005_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

ནང་གསེས་འདུལ་བའི་སྡེ་སྣོད་ནི། ༈ ཉིས་བརྒྱ་ལྔ་བཅུ་སྤོང་བའི་ཚུལ་ཁྲིམས་དང༌། །བཅུ་བདུན་བླང་བྱ་འཇུག་པའི་ཚུལ་ཁྲིམས་ཏེ། །ཀུན་གྱི་རྩ་བ་འགྲམ་གཞི་བརྟན་པོ་ནི། །ལྷག་པའི་ཚུལ་ཁྲིམས་འདུལ་སྡེ་ལ་གནས་ཤིང༌། །དེ་ལ་འཁོར་ལོ་དང་པོ་འདུལ་བའི་སྡེ་སྣོད་ལ། དགེ་ཚུལ་མན་ཆད་ནི་བསྟན་པ་ལ་ཞུགས་ཀྱང་མ་རྫོགས་པ་ཡིན་པས་བླང་འདས་ཀྱང་མང་ཉུང་ཐ་དད་པ་ཡོད་དོ། །ཞུགས་ལ་རྫོགས་པ་ནི་དགེ་སློང་ཡིན་པས་དེ་ལ་སྤོང་བའི་ཁྲིམས་ནི་རྩ་བ་བཞི། ལྷག་མ་བཅུ་གསུམ། སྤང་ལྟུང་སུམ་ཅུ་ལྟུང་བྱེད་འབའ་ཞིག་དགུ་བཅུ་ཐམ་པ། སོར་བཤགས་སྡེ་བཞི། ཉེས་བྱས་བརྒྱ་དང་བཅུ་གཉིས་ཏེ། ཉིས་བརྒྱ་ལྔ་བཅུ་རྩ་གསུམ་དང༌། གཞི་གསུམ་ཆོ་གས་མཚོན་ཏེ་བླང་བྱ་འཇུག་པའི་ཁྲིམས་བཅུ་བདུན་གྱིས་རང་རྒྱུད་བསྡམས་པ་ནི་ཡོན་ཏན་ཀུན་གྱི་རྟེན་རྩིག་པའི་འགྲམ་གཞི་འདིངས་བ་ལྟར་བསྟན་པའི་གཞི་མ་དམ་པའི་ཆོས་འདུལ་བ་ཡིན་ལ། ཚུལ་དེ་ལྟ་བུ་ལ་གནས་ནས་བདེན་པ་བཞི་ལ་ཐོས་བསམ་གྱིས་སྡུག་བསྔལ་ཤེས་པར་བྱ་ཞིང༌། དེའི་རྒྱུ་ཀུན་འབྱུང་སྤོང༌། སྒོམ་པས་ལམ་རྒྱུད་ལ་བརྟེན་ནས་འགོག་པ་མངོན་དུ་བྱས་པ་ནི་འབྲས་བུ་སྟེ། མངོན་རྟོགས་དེ་ལྟ་བུ་ལ་གནས་པ་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཡིན་ནོ། །མདོ་སྡེའི་སྡེ་སྣོད་ནི། ༈ བྱིང་རྒོད་དྲི་ཡི་བཞོན་པས་མི་གཡོ་བའི། །


JLAZ005_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་རྟོགས་རིན་ཆེན་རྣམ་བཞིའི་རང་བཞིན་ཅན། །ཏིང་འཛིན་འཆི་མེད་རི་བོར་གནས་པའི་གཞི། །ཟབ་ཡངས་མདོ་སྡེའི་གནས་ལ་འཇོག་པ་དང༌། །ཞེས་པས། དེ་ལ་འཁོར་ལོ་བར་པའི་ངེས་བརྗོད་རྣམ་པར་ཐར་པའི་སྒོ་གསུམ་ནི་ལམ་གྱི་ངོ་བོ་ཡིན་ལ། དེའི་རང་བཞིན་བྱིང་རྒོད་ཀྱི་རླུང་གིས་མི་གཡོ་བའི་བསམ་གཏན་གྱི་མངོན་རྟོགས་ནི་རིན་ཆེན་བཞི་ལས་གྲུབ་པའི་རི་དབང་གི་སྟེང་ན་འཆི་མེད་ཀྱི་གྲོང་ཁྱེར་ལྟར་བརྟན་པའི་ཏིང་ངེ་འཛིན་གྱི་ཆོས་ཉིད་ནི་གཏིང་དཔག་དཀའ་བས་ཟབ་པ། རྒྱ་ཆེ་བས་ཡངས་པའི་དོན་ལ་མཉམ་པར་འཇོག་ཅིང༌། རྗེས་ཐོབ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་མི་འགལ་བར་སྤྱོད་པ་ནི་ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་ཡིན་ནོ། །མངོན་པའི་སྡེ་སྣོད་ནི། ༈ ཆོས་མངོན་གསལ་བའི་རྣམ་དབྱེ་མིག་སྟོང་ལྡན། །གནས་ལུགས་རྟོགས་པའི་ཡེ་ཤེས་ལག་ཉལ་གྱི། །མཐར་ལྟའི་རྨིག་པ་འདུ་བྱེད་ལྷ་ཡི་དབང༌། །ཆོས་མངོན་བལྟ་ན་སྡུག་པའི་གྲོང་ཁྱེར་དུ། །སྡེ་སྣོད་གསུམ་གྱི་རྗོད་བྱེད་ཚིག་རྣམས་དང༌། །བརྗོད་བྱ་བསླབ་པ་རྣམ་གསུམ་མངོན་གྱུར་ཤོག །དེ་ལ་འཁོར་ལོ་ཐ་མ་ཆོས་མངོན་པའི་སྡེ་སྣོད་ལ་ཀུན་བརྟགས་གཞན་དབང་ཡོངས་གྲུབ་གསུམ་གྱི་རྣམ་དབྱེ་ཤིན་ཏུ་མང་ཞིང་གསལ་བས་མིག་སྟོང་པའི་ཐ་སྙད་སྦྱར་ཞིང༌། དེས་ལྷག་པ་ཤེས་རབ་ཀྱི་བསླབ་པའི་དེ་ཁོ་ན་ཉིད་ཀྱི་དངོས་པོའི་གནས་ལུགས་མངོན་པར་རྟོགས་པས་ན། དེའི་ཡེ་


JLAZ005_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ལ་དབང་པོའི་ལག་ན་ཉལ་བ་དྲང་སྲོང་ཞོ་འཐུང་གི་རུས་པ་ཕ་ལམ་གྱི་རང་བཞིན་ལས་གྲུབ་པའི་རྡོ་རྗེ་ཁྱད་ཆོས་གསུམ་ལྡན་གྱི་མངོན་བརྗོད་སྦྱར་ནས་དེས་རིན་པོ་ཆེ་གཞན་ཐམས་ཅད་འབིགས་ཤིང་གཅོད་པ་ལྟར། རྡོ་རྗེའི་ཆོས་བདུན་དང་ལྡན་པའི་ཡེ་ཤེས་དེས་ཀྱང་ཡོད་མེད་རྟག་ཆད་ཀྱི་མཐར་ལྟའི་རྨིག་པ་སྟེ་འཇིག་ཚོགས་ལ་བལྟ་བའི་རི་བོ་ཉི་ཤུའི་རྐང་པ་འཇོམས་ཤིང་འདུལ་བར་བྱེད་པས་ན་ལྷའི་དབང་པོའི་རྟེན་དང་བརྟེན་པ་རིགས་བྱེད་ཀྱི་གཏམ་རྒྱུད་དང་གཟུགས་ཅན་གྱི་རྒྱན་དུ་སྦྱར་ཏེ། རྗོད་བྱེད་སྡེ་སྣོད་གསུམ་དང༌། བརྗོད་བྱ་བསླབ་པ་གསུམ་གྱི་དོན་སྒྲ་ཇི་བཞིན་པར་རྟོགས་པ་ལ་སྨོན་པའོ། །འདི་དག་གི་རང་བཞིན་རྒྱས་པ་ནི་བདེན་གཉིས་ཤིང་རྟ་ལས་ཤེས་པར་བྱའོ། །བདུན་པ་སྔགས་ལམ་ལ་འཇུག་པའི་ཐོག་མར་དེ་སྟོན་བྱེད་ཀྱི་རྡོ་རྗེ་སློབ་དཔོན་ངོས་བཟུང་བ་ནི། ༈ དེ་ལྟར་རྒྱུ་ཡི་ཐེག་པས་རྒྱུད་སྦྱངས་ནས། །འབྲས་བུ་སྨིན་གྲོལ་རྡོ་རྗེ་ཐེག་པའི་ལམ། །ཉམས་ལེན་དྲོད་རྟགས་སྣང་བཞི་མངོན་གྱུར་ནས། །དམ་ཚིག་དབང་གི་ཤེས་རབ་རྒྱུད་འཆད་ཅིང༌། །མན་ངག་ལུང་སྦྱིན་ཉམས་ཆག་སྐོང་མཛད་པའི། །མཐོང་ཐོས་དྲན་རེག་སློབ་དཔོན་རྣམ་བཞི་ལས། །དེ་ལ་ཐར་པ་དང་རྣམ་མཁྱེན་གྱི་ལམ་མཁན་ནི་བླ་མ་འབའ་ཞིག་ལ་རག་ལུས་པས་རང་ཉིད་ཀྱིས་རང་དགར་ཕྱིན་པ་གཅིག་ཀྱང་མེད་ཕྱིར་མདོ་རྒྱུད་


JLAZ005_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ནས་ལམ་གྱི་རྩ་བ་བླ་མ་བརྟེན་པར་གསུངས་ཤིང༌། བླ་མ་དེ་ཡང་རྡོ་རྗེའི་ཐེག་པའི་སྨིན་གྲོལ་གྱི་ལམ་ལ་ཉམས་ལེན་མཐར་ཕྱིན་ནས་རང་དོན་དུ་དྲོད་རྟགས་ཐོབ་པ། ཁྱད་པར་དུ་ཐེག་པ་མཆོག་གི་སྣང་བཞིའི་ལམ་རྟགས་མངོན་དུ་གྱུར་པ་ཞིག་བསྟེན་ལ། དེ་ལ་དམ་ཚིག་གི་གནང་བཀག་དང་འབྲེལ་བ་དབང༌། ཐོས་བསམ་གྱི་ཤེས་རབ་དང་འབྲེལ་བ་རྒྱུད། མན་ངག་གི་གོམས་པ་དང་འབྲེལ་བའི་ལུང༌། འགལ་རྐྱེན་དང་ཉམས་ཆག་བསྐང་བ་བཞིར་སྟོན་པའང་དང་པོས་ལྷ་དང་གཞལ་ཡས་ཁང་ལ་སོགས་པའི་དེ་ཁོ་ན་ཉིད་མངོན་གསུམ་དུ་སྟོན་པས་ན་མཐོང་བ་དང༌། གཉིས་པས་གཞི་ལམ་འབྲས་གསུམ་གྱི་རྒྱུད་དོན་དབང་ཤེས་ལ་སྦྱོར་བས་ཐོས་པ་དང༌། གསུམ་པས་དེ་ཁོ་ན་ཉིད་ཀྱི་གནས་ལུགས་རང་ལ་གནས་པ་ངོ་སྤྲོད་ཅིང་ལམ་གྱི་ངོ་བོར་དྲན་པ་ལ་སྦྱོར། བཞི་པས་ཉམས་ན་བཤགས་ཐབས་སྟོན་ཅིང་དག་ཚངས་ལ་རེག་ཏུ་འཇུག་པས་རྣམ་གྲངས་བཞིར་བསྟན་ཀྱང་རྫས་སུ་གཅིག་གིས་ཆོག་པའོ། །དེ་ལྟ་བུའི་རྩ་བའི་བླ་མ་ལས་ཇི་ལྟར་ཉམས་སུ་བླང་བྱའི་རྣམ་བཞག་སྤྱིར་སྟོན་པའི་ཕྱིར། ༈ རྒྱུད་སྡེ་བཞི་དང་རྫོགས་པ་ཆེན་པོའི་ལམ། །ལེགས་པར་བཤད་པའི་སྨིན་གྲོལ་ལམ་གྱི་གནད། །ཅེས་པས་བྱ་སྤྱོད་རྣལ་འབྱོར་བླ་མེད་བཞི་དང༌། ཐེག་པའི་རྩེ་མོ་རྫོགས་པ་ཆེན་པོའི་སྨིན་གྲོལ་གཉིས་ཀྱི་ལམ་གནད་


JLAZ005_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པར་ནོད་ནས་བསྟེན་གོམས་བྱ་བ་ལས།བརྒྱད་པ་ནང་གསེས་བྱ་སྤྱོད་གཉིས་ལ་སྨོན་པ་ནི། ༈ ཆུ་དབང་སོགས་ཀྱིས་རང་རྒྱུད་སྨིན་བྱས་ནས། །མདུན་བསྐྱེད་ཐུགས་ཀར་ཡིག་འབྲུའི་ས་བོན་བཀོད། །ཕྱི་ཡི་སྤྱོད་ལམ་དྲང་སྲོང་རྗེས་མཐུན་ཞིང༌། །ནང་གི་ཉི་མ་རྣལ་འབྱོར་སྙིང་ལ་ཤར། །ལྷ་མོ་རྣམས་དང་ཕན་ཚུན་བལྟས་པ་ལས། །བྱུང་བའི་བདེ་བ་ལམ་བྱེད་ཀྲི་ཡའི་རྒྱུད། །རྗེ་དཔོན་ལྟ་བུ་དངོས་གྲུབ་ལེན་པ་དང༌། །རྡོ་རྗེ་དྲིལ་བུའི་དབང་གིས་སྨིན་བྱས་ནས། །བདག་མདུན་གཉིས་ཀའི་ཐུགས་ཀར་ཡིག་འབྲུ་བཀོད། །ཕྱི་རོལ་བྱ་བའི་ཐབས་དང་ནང་གི་ནི། །ཟབ་མོའི་རྣལ་འབྱོར་ཆ་ལ་མཉམ་པར་སྤྱོད། །འཛུམ་ཞིང་དགོད་པའི་བདེ་བས་རྣམ་རོལ་བ། །ཡན་ལག་བཞི་ལ་གཞོལ་བ་ཨུ་པའི་རྒྱུད། །གྲོགས་པོ་ལྟ་བུར་དངོས་གྲུབ་ལེན་པར་བྱེད། །བྱ་སྤྱོད་གནས་ལ་ཚུལ་བཞིན་སྤྱོད་པར་ཤོག །དེ་ལ་སྔགས་ཀྱི་ལམ་སྟེགས་སུ་བྱང་སྡོམ་ནི་ངེས་པར་དགོས་ལ། དེའི་སྟེང་དུ་སྔགས་ཕྱི་ནང་སོ་སོའི་དམ་ཚིག་དང་སྡོམ་པའི་གནང་བཀག་དང་མི་འགལ་བས་ཆུ་དང་ཅོད་པན་གྱི་དབང་གིས་སྨིན་པར་བྱས་ནས། མདུན་བསྐྱེད་ཀྱི་ཐུགས་ཀར་ཡིག་འབྲུ་དང་བཅས་པའི་ལྷའི་རྣལ་འབྱོར་བསྒོམ་པ་དང༌། ཕྱིའི་སྤྱོད་ལམ་ནི་ཁྲུས་དང༌། གཙང་སྦྲ་ལྔ་དང༌། དཀར་གསུམ་བཟའ་བ་དང༌། སྨྱུང་བར་གནས་པའི་སྒོ་ནས་


JLAZ005_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་ལྡན་གྱི་འདོད་པའི་ཀུན་སྤྱོད་ལྷ་མོ་དང་ཕན་ཚུན་བལྟས་པ་ཙམ་གྱིས་བདེ་བ་ལམ་དུ་བྱེད་ཅིང༌། མདུན་བསྐྱེད་ལས་རྗེ་དཔོན་གྱི་ཚུལ་དུ་དངོས་གྲུབ་ལེན་པའོ། །སྤྱོད་རྒྱུད་ནི་དེའི་སྟེང་དུ་རྡོ་རྗེ་དང༌། དྲིལ་བུ་དང༌། མིང་དབང་གིས་སྨིན་པར་བྱས་ནས། བདག་མདུན་གཉིས་ཀ་ལྷའི་རྣམ་རོལ་དུ་གསལ་བའི་བཟླས་སྒོམ་དང༌། ཕྱིའི་སྤྱོད་ལམ་བྱ་རྒྱུད་དང་མཐུན་ཞིང་ནང་གི་རྣལ་འབྱོར་ཡོ་ག་ལྟར་སྒོམས་ལ་འདོད་པའི་ཀུན་སྤྱོད་གསུམ་ལྡན་དང་མཚུངས་པར་ལྷ་མོ་དང་ཕན་ཚུན་འཛུམ་ཞིང་དགོད་པ་ཙམ་གྱིས་བདེ་བ་ལམ་དུ་བྱེད་པ་ལ། དེ་ལའང་མཚན་མ་ཡོད་མེད་ཀྱི་རྣལ་འབྱོར་གཉིས་ཤེས་པར་བྱས་ནས་ཕྱིའི་ཡན་ལག་བཞི་དང༌། ནང་གི་ཡན་ལག་བཞིའི་བཟླས་བརྗོད་དང་འབྲེལ་བར་མདུན་བསྐྱེད་ལས་གྲོགས་པོ་ལྟ་བུ་དངོས་གྲུབ་ལེན་པའོ། །དགུ་པ་རྣལ་འབྱོར་རྒྱུད་ལ་སྨོན་པ་ནི། ༈ སློབ་དཔོན་དབང་བསྐུར་རང་རྒྱུད་སྨིན་བྱས་ནས། །བདག་མདུན་གཉིས་ཀ་དག་པའི་སྐུ་རུ་བསྐྱེད། །ཡེ་ཤེས་སྤྱན་དྲངས་དེ་སྲིད་ང་རྒྱལ་བཟུང༌། །ཕྱག་རྒྱ་བཞི་ཡི་རྒྱ་ལས་མི་འདའ་ཞིང༌། །ཏིང་འཛིན་གསུམ་གྱི་ལང་ཚོས་སྙིང་ལ་འགྲོགས། །ལག་པའི་པདྨོ་འབྲེལ་བའི་བདེ་བས་ཚིམས། །ནང་གི་རྣལ་འབྱོར་གཙོ་བོར་གྱུར་པ་ཡི། །ཡོ་གའི་ལམ་གྱི་གཞི་ལ་རྣམ་གྲོལ་ཤོག །དེ་ལ་སྔ་མའི་སྟེང་རྡོ་རྗེ་སློབ་དཔོན་གྱི་དབང་གིས་སྨིན་པར་བྱས་ནས།


JLAZ005_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ཤེས་རིམ་ཅན་དུ་སྒོམ་པའི་བསྐྱེད་རྫོགས་སོ་སོ་བ་ལས་བདག་མདུན་གཉིས་ཀ་ལྷར་བསྐྱེད་ནས་ཡེ་ཤེས་པ་དགུག་ཅིང་གཞུག །ལྷར་སྣང་ལ་ང་རྒྱལ་བཟུང་ནས་དམ་ཚིག་གི་ཕྱག་རྒྱ་དང༌།ཆོས་རྒྱ། ལས་རྒྱ། ཕྱག་རྒྱ་ཆེན་པོ་བཞིས་བཅིང་ཞིང་གདུལ་བྱའི་ཉོན་མོངས་པ་གཏི་མུག་དང༌། ཞེ་སྡང༌། འདོད་ཆགས། སེར་སྣ་བཞི་འདུལ་ཕྱིར་དུམ་བུ་བཞི་པའི་ཐ་སྙད་ཀྱི་སྨོན་པའི་ལྷར་སྣང་གི་དུམ་བུ་རེ་རེ་ལའང་རྒྱས་འབྲིང་བསྡུས་གསུམ་གྱི་ཏིང་འཛིན་གསུམ་གྱི་ལང་ཚོས་སྙིང་ལ་འགྲོགས་ནས་འདོད་པའི་ཀུན་སྤྱོད་ཀྱང་གཉིས་ལྡན་དང་མཚུངས་པ་ལག་བཅངས་ཀྱི་རྣམ་པ་ལམ་དུ་བྱེད་ལ། ཕྱིའི་སྤྱོད་པ་གྲོགས་ཙམ་དུ་བསྟེན་ པ་ལས། གཙོ་བོར་ནང་གི་རྣལ་འབྱོར་ལ་བརྩོན་པ་སྟེ། དེ་ལྟར་གསུམ་ནི་གསང་སྔགས་ཕྱི་པ་གསུམ་མོ། །བཅུ་པ་ནང་པ་ཐབས་ཀྱི་རྒྱུད་གསང་སྔགས་བླ་མེད་ཀྱི་དོན་ལ་སྨོན་པ་ནི། ༈ རྒྱུ་དབང་བསྐུར་ནས་རགས་པའི་ཕུང་སོགས་རྣམས། །ཕྱི་ནང་སྣོད་བཅུད་གཞལ་ཡས་ལྷ་རྣམས་སུ། །དག་པའི་སྐུ་དང་མཆོག་དབང་གསུམ་བསྐུར་ནས། །བསྐྱེད་རིམ་ཚོགས་ཞིང་སྲུང་འཁོར་སྔོན་འགྲོ་བས། །རིམ་པ་ལྔ་དང་རྗེས་མཐུན་ལམ་གྱི་འགྲོས། །དེ་ལས་ཆོག་དང༌། སྟ་གོན་དང༌། རྡུལ་ཚོན་གྱི་བྱ་བ་དང༌། ཆོ་གའི་ལས་རིམ་ལ་སོགས་སྐྱེད་བྱེད་འགྲུབ་པའི་རྒྱུ་ཚོགས་མང་པོ་ལ་བརྟེན་དགོས་པས་ན་བུམ་དབང་རྗེས་


JLAZ005_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

འབྲང་རིག་པའི་དབང་བ་དང་བཅས་པ་ལ་རྒྱུ་དབང་དུ་གཞག་ལ། དག་བྱེད་དེ་རྣམས་ཀྱིས་དག་བྱ་སློབ་མའི་རྒྱུད་ཀྱི་རགས་པའི་ཕུང་པོ་ལྔ་ནི་གཤེགས་པ་ལྔ། འབྱུང་བ་ལྔ་ནི་ཡུམ་ལྔ། དབང་ཡུལ་སེམས་དཔའ་སེམས་མ། མུ་བཞི་ལ་སོགས་པ་སྒོ་བ་ཡབ་ཡུམ་དུ་གནས་དག་པར་བྱེད་ཅིང༌། དེ་བཞིན་དུ་ཕྱི་སྣོད་གཞལ་ཡས་ཁང་དང༌། ནང་བཅུད་ལྷ་དང་ལྷ་མོའི་རང་བཞིན་དུ་རྣམ་པར་དག་པར་བྱེད་ལ། དེའི་སྟེང་དུ་མཆོག་དབང་གོང་མ་གསུམ་ལས་གསང་དབང་གིས་ངག་དང་རླུང༌། ཤེར་དབང་གིས་ཡིད་དང་ཐིག་ལེ། བཞི་པས་ཤེས་བྱའི་སྒྲིབ་པ་དག་སྟེ་རྒྱུད་སྨིན་ཞིང་སྐུ་བཞིའི་ས་བོན་ཐེབས། དེ་ནས་རིམ་པ་དང་པོ་བསྐྱེད་རིམ་ལ་ཚོགས་ཞིང་ལ་བརྟེན་ནས་ཚོགས་བསགས་པ་དང༌། སྲུང་འཁོར་སྒོམ་པ་སྔོན་དུ་འགྲོ་བས། དངོས་གཞི་ལ་ལུས་ལྷ། ངག་སྔགས། སེམས་དེ་ཁོ་ན་ཉིད་ལ་གཞོལ་བས་སྒོ་གསུམ་རྡོ་རྗེ་གསུམ་དང་ཀུན་རྫོབ་བདེན་པ་སྒྱུ་ལུས། དོན་དམ་བདེན་པ་འོད་གསལ་ཏེ། ཕ་རྒྱུད་གསང་བ་འདུས་པའི་རིམ་པ་ལྔ་དང་རྗེས་སུ་མཐུན་པ་ཞེས་པས་ལམ་གྱི་འགྲོས་འདྲ་མཚུངས་སུ་ཡོད་ཀྱང་དངོས་བསྟན་མ་ཡིན་ལ། དེ་ལ་འཆི་སྲིད་ཆོས་སྐུར་སྦྱོང་བ། བར་སྲིད་ལོངས་སྐུར་སྦྱོང་བ། སྐྱེ་སྲིད་སྤྲུལ་སྐུར་སྦྱོང་བ་གསུམ་གྱི་དང་པོ་ནི། ༈ ཁམས་དྲུག་ལྡན་པའི་མི་རྣམས་ཕུང་ཁམས་སོགས། །རིམ་གྱིས་


JLAZ005_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

ཐིམ་ནས་འཆི་བའི་རིམ་པ་འམ། །ཇི་ལྟར་མཚན་མོ་གཉིད་དུ་སོང་བའི་ཚེ། །ཡུལ་ལྔའི་ཤེས་པ་རིམ་གྱིས་ཡིད་དུ་ཐིམ། །དེ་ཡང་ཀུན་གཞིར་ཐིམ་པས་མི་རྟོག་པ། །རྩེ་གཅིག་སྣང་ཡུལ་མེད་པའི་ངང་དེ་ཉིད། །ཆོས་དབྱིངས་ཐིམ་པས་རང་བཞིན་སྤྲོས་དང་བྲལ། །ཐུན་བར་ལྷག་མོས་འོད་གསལ་དུ་འཇུག་པའི། །བར་འདིར་ཆོས་སྐུའི་རྣལ་འབྱོར་ལ་གནས་ཤིང༌། །ཞེས་པས་འབྱུང་བ་ལྔ་དང་དྲི་བཅས་ཡེ་ཤེས་ཏེ་ཁམས་དྲུག་ལྡན་གྱི་མི་རྣམས་ཕུང་ཁམས་ཀྱི་ཚོགས་པ་གྱེས་ཤིང་ཐིམ་རིམ་ཉམས་སུ་མྱོང་བའམ། དེའི་འདྲ་འབག་མཚན་མོ་གཉིད་དུ་ཕྱོགས་པའི་ཚེ་མཐོང་ཡུལ་གཟུགས་ལ་སོགས་པའི་དབང་པོའི་ཤེས་པ་ལྔ་རིམ་གྱིས་ནུབ་ནས་ཡིད་ཀྱི་རྣམ་པར་ཤེས་པ་ལ་ཐིམ། དེ་ཡང་ཀུན་གཞི་ལུང་མ་བསྟན་སེམས་མེད་པའི་གནས་སྐབས་ལྔའི་ཅིག་ཤོས་ལ་ཐིམ་པས་གཉིད་འཐུག་གང་དུའང་མི་རྟོག་པའི་ངང་དུ་ཐིམ། ཐིམ་པ་དེ་ཉིད་སླར་གཟུང་འཛིན་གྱི་ཆར་ཤར་བ་མ་ཡིན་ཡང་གོ་འབྱེད་པའི་ཆ་ནས་རླུང་སེམས་ཀྱིས་མ་བསླད་པའི་རིམ་པ་ནང་གསལ་ལྷུན་གྲུབ་ཆེན་པོར་ཤར་བ་ལ་ཆོས་དབྱིངས་སུ་ཐིམ་པའི་བརྡར་གཏགས་པ་སྟེ། རང་བཞིན་གྱི་སྤྲོས་པ་དང་བྲལ་བ་ནི། ཐུན་བར་ལྷག་མོས་འོད་གསལ་དུ་འཇུག་པའི་དུས་ཏེ་འཆི་བ་ཆོས་སྐུའི་རྣལ་འབྱོར་ཞེས་བྱའོ། །གཉིས་པ་ནི་དེ་རང་ས་མ་ཟིན་པ་ལ་གནས་སྐབས་པ་


JLAZ005_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

གཉིད་དམ། མཐར་ཐུག་པ་འཆི་བ་གང་ཡིན་ཡང་མཚུངས་ཏེ་རང་བཞིན་གྱི་འོད་གསལ་དེ་སྔར་གྱི་ཀུན་གཞིའི་ངང་དུ་རྨུགས་པ་དེ་ཕྱིར་གསལ་དུ་མཆེད་པས་སྲོག་གི་རླུང་ཤིན་ཏུ་ཕྲ་བ་དང་ལྷན་ཅིག་པའི་ཀུན་གཞིའི་རྣམ་ཤེས་ལས་ཡིད་ཉིད་གཅིག་པུར་ལངས་པས་རྨི་ལམ་གྱི་ལུས་གྲུབ་པ་ཡིན་ཏེ། མིང་བཞི་འདུས་པའི་ཕུང་པོ་ཅན་བར་དོ་དང་ཆོས་མཚུངས་པས་ན། །༈ གཉིད་དམ་འཆི་བའི་འོད་གསལ་ལུགས་ལྡོག་ཏུ། །སླར་ཡང་མཆེད་པས་ཀུན་གཞིའི་རྣམ་ཤེས་ལས། །ཡིད་ཉིད་གཅིག་པུ་ལངས་པས་རྨི་ལམ་སེམས། །དབང་པོ་ཀུན་ཚང་ཡིད་ཀྱི་ལུས་གྲུབ་པ། །ཞེས་སོ། །དེ་སྦྱང་ཕྱིར་བར་དོ་སྒྱུ་ལུས་ལོངས་སྐུར་ལྡང་བའི་མན་ངག་ལ་སྨོན་པ་ནི། ༈ དེ་མཚུངས་སྐད་ཅིག་མངོན་བྱང་ལྔ་ལས་ནི། དང་པོའི་མགོན་པོ་ལེགས་པར་བསྐྱེད་པའི་ཚུལ། །བར་དོ་སྒྱུ་ལུས་ལོངས་སྐུར་ལྡང་བར་ཤོག།།ཅེས་པས། དེ་དང་མཚུངས་ལྡན་རྣམ་བྱང་བསྐྱེད་པའི་རིམ་པ་གདན་པདྨ་ལས་མངོན་པར་བྱང་ཆུབ་པ། གསུང་ཡིག་འབྲུ་ལས། ཐུགས་ཕྱག་མཚན་ལས། སྐུ་ཡོངས་སུ་རྫོགས་པ་ལས། ངོ་བོ་ཉིད་ཡེ་ཤེས་སེམས་དཔའ་ལས་མངོན་པར་བྱང་ཆུབ་པའི་དང་པོའི་མགོན་པོ་རིགས་ཐམས་ཅད་པའི་བདག་ཉིད་ཅན་དུ་ལྡང་བ་ནི་བར་དོ་སྒྱུ་ལུས་ལོངས་སྐུར་ལྡང་བའི་ཚུལ་ལོ། །གསུམ་པ་ནི། ༈ སླར་ཡང་སད་པའི་གནས་སྐབས་ཉིན་སྣང་དུ། །


JLAZ005_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

གདན་གསུམ་ལྷ་ཡི་སྐུ་རུ་ངེས་བྱས་ནས། །བར་དོའི་ལུས་དེ་མ་ཡི་མངལ་དུ་ནི། །ཞུགས་ཚུལ་དང་པོ་མགོན་པོ་མི་བསྐྱོད་པའི། །སྐུ་ལས་ཞུགས་པས་རྡོ་རྗེའི་སེམས་བསྐྱེད་ཅིང༌། །དེ་ལས་ལུས་དཀྱིལ་བཀོད་ཅིང་སྒོ་གསུམ་དག ། བྱིན་གྱིས་བརླབ་ཅིང་སེམས་དཔའ་སུམ་བརྩེགས་སུ། །བྱས་ནས་རིག་མའི་འདོད་ཡོན་རྣམ་རོལ་བས། །ཉིན་སྣང་སྐྱེ་ཤི་བར་དོ་གོམས་འདྲིས་ཀྱིས། །སྐྱེ་བ་སྤྲུལ་སྐུའི་རྣལ་འབྱོར་ལམ་བྱེད་ཤོག ། ཅེས་པས་སད་པའི་གནས་སྐབས་དང་ཉིན་མོའི་སྣང་བ་ཐམས་ཅད་དུ་ནི་བར་སྲིད་ཀྱི་ལུས་མའི་མངལ་དུ་ཉིང་མཚམས་སྦྱོར་བའི་བག་ཆགས་སྦྱོང་ཕྱིར་འཁོར་བའི་འདྲ་འབག་དང་མཐུན་པའི་བསྐྱེད་རིམ་སྒོམ་ཚུལ་འོག་མིན་བགྲོད་པའི་ཐེམ་སྐས་སུ་གོ་བདེ་བར་བཤད་པ་ལ་བལྟ་ཞིང༌། དེ་ཡང་འཆད་བྱའི་དངོས་བསྟན་ནི་ཕུང་ཁམས་གཉིས་གཤེགས་པ་གཤེགས་མ། སྐྱེ་མཆེད་སེམས་དཔའ་སེམས་མ། ཡན་ལག་ཁྲོ་བོ་ཁྲོ་མོའི་གདན་ཏེ་གདན་གསུམ་ཚང་བའི་སྐུར་ངེས་པར་བྱས་ནས་མངལ་དུ་འཇུག་ཀའི་སྲིད་བཅས་ཀྱི་ཤེས་པ་དེ་ཉིད་མགོན་པོ་མི་བསྐྱོད་པ་ལ་སོགས་པའི་བསྐྱེད་རིམ་སྒྱུ་མ་ལྟ་བུའི་ལྷ་སྐུར་ལྡང་བའི་སྔོན་དུ་གཞུང་ལྟར་རྡོ་རྗེའི་རྣལ་འབྱོར་དུ་སེམས་བསྐྱེད་ཅིང༌། དེ་ལ་ལུས་དཀྱིལ་བཀོད་ཚུལ་སོ་སོའི་རང་ལུགས་ལྟར་རམ། ཡང་ན་དོན་གྱི་དག་དྲན་གདོད་ནས་གྲུབ་པའི་ལུས་དཀྱིལ་གྲོལ་


JLAZ005_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་གི། །ཕུང་པོ་དག་པ་རིགས་ཀྱི་སངས་རྒྱས་ལྔ། །ཞེས་པ་ལ་སོགས་པ་ལྟར་དང༌། སྐུ་གསུང་ཐུགས་ནི་རྡོ་རྗེ་གསུམ་དུ་གནས། །རང་དབང་རང་ཐོབ་རིགས་ལྔས་དབུ་ལ་རྒྱན། །ཞེས་པ་ལྟར་སྒོ་གསུམ་བྱིན་གྱིས་བརླབ།དམ་ཡེ་ཏིང་ངེ་འཛིན་ཏེ་སེམས་དཔའ་སུམ་བརྩེགས་ཀྱི་བསྐྱེད་རིམ་ལ་གནས་པས་ཤེར་དབང་ལྟར་རིག་མའི་འདོད་ཡོན་ལ་རྣམ་པར་རོལ་ནས་ཕ་མའི་འདུ་འཕྲོད་ལ་ཆགས་སྡང་སྤང་ཞིང༌། དེ་ཡང་བར་དོར་ཚུལ་དེ་ལྟ་བུ་གྲུབ་པ་ལ་ད་ལྟའི་ཉིན་སྣང་ཐམས་ཅད་སྐྱེ་ཤི་བར་དོ་གསུམ་གང་རུང་དུ་གྲོལ་བྱེད་ཀྱི་གོམས་འདྲིས་ལ་སློབ་པ་ནི།སྐྱེ་བ་སྤྲུལ་སྐུའི་རྣལ་འབྱོར་ལམ་དུ་བྱེད་པ་ལ་སྨོན་པའོ། །བཅུ་གཅིག་པ་བདེ་སྟོང་གི་ལྷ་སྐུ་ལ་སྨོན་པ་ནི། ༈ དེ་ལྟར་རིམ་པ་དང་པོ་མཐར་ཕྱིར་ནས། །གསང་བའི་སྣ་རྩེར་ཨ་ཝ་དྷཱུ་ཏིའི་ནང༌། །དྭངས་མའི་ཐིག་ལེ་རང་སེམས་དབྱེར་མེད་དུ། །བཟུང་བས་མཉམ་གཞག་དགའ་བཞིའི་ཏིང་འཛིན་དང༌། །རྗེས་ཐུབ་རིགས་བརྒྱ་རིགས་ལྔ་རིགས་གསུམ་སོགས། །བདེ་སྟོང་དབྱེར་མེད་ལྷ་ཡི་རྣམ་རོལ་བསྒོམ། །དེ་ལ་རིམ་པ་དང་པོ་བསྐྱེད་རིམ་གྱི་ལམ་ནས་ཕྱི་དོན་སྣང་བའི་བདེན་ཞེན་འགོག་པ་མཐར་ཕྱིན་ནས། ནང་དོན་བདེ་སྟོང་གི་ལྷ་སྐུ་བསྒྲུབ་ཕྱིར་རང་རྡོ་རྗེ་འཆང་ཡབ་ཡུམ་དུ་གསལ་བའི་དབུས་དྲང་པོར་དབུ་མའི་ཡར་སྣ་སྨིན་མཚམས་དང༌། མར་སྣ་གསང་གནས་རྩེར་ཟུག་


JLAZ005_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྣར་འབར་འཛག་ཞུ་བདེའི་རྐྱེན་གྱིས་དྲངས་པའི་དངས་མའི་ཐིག་ལེ་འཕོ་ལ་ཁད་ཁད་དང་རང་སེམས་དབྱེར་མེད་དུ་བཟུང་བའི་མཉམ་གཞག་ཏུ་དགའ་བ་དང༌། མཆོག་དགའ་དང༌། ཁྱད་དགའ་དང༌། ལྷན་སྐྱེས་ཏེ་དགའ་བ་བཞིའི་ཏིང་འཛིན་བསྒོམ་ཞིང༌། དེའི་རྗེས་ཐོབ་ཏུ་མས་བརྟན་ལུགས་ལས་ལྡོག་པའི་ཐིག་ལེ་སྙིང་གར་དྲངས་པ་རྣམ་བྱང་གི་སྐུར་སྨིན་པ་ཞི་བ་བཞི་བཅུ་རྩ་གཉིས་དང༌། དེའི་གདངས་དུང་ཁང་དུ་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་དུ་ཤར་བའི་རིགས་བརྒྱའམ། ཡང་ན་འཁོར་ལོ་ལྔར་རིགས་ལྔའམ། སྐུ་གསུང་ཐུགས་ཀྱི་གནས་གསུམ་དུ། རིགས་གསུམ་སོགས་སུ་གསལ་བའི་བདེ་སྟོང་དབྱེར་མེད་ཀྱི་ལྷར་སྣང་བསྒོམ་པ་ནི་གཞུང་གི་ངོ་བོས་བཤད་པའི་དོན་ཡིན་ལ། ཞར་བསྟན་འདུས་པ་འཕགས་ལུགས་ཀྱི་རིམ་པ་ལྔ་ནི། ༈ སླར་ཡང་དབེན་པ་གསུམ་གྱི་རིམ་པ་དང༌། །ཀུན་རྫོབ་སྒྱུ་མ་དོན་དམ་འོད་གསལ་ཉིད། །བདེན་གཉིས་དབྱེར་མེད་ཟུང་འཇུག་ཉམས་ལེན་རྣམས། །གསང་བ་སྙིང་པོ་དཔལ་ལྡན་འདུས་པ་དང༌། །བསྐྱེད་པ་མ་ཧཱ་ཡོ་ག་ཇི་བཞིན་དུ། །བསྐྱེད་རྫོགས་ཟབ་མོའི་དོན་རྣམས་མངོན་གྱུར་ཤོག །དེ་ལ་ལུས་དབེན་སྐུ་རྡོ་རྗེ། ངག་དབེན་གསུང་རྡོ་རྗེ། སེམས་དབེན་ཐུགས་རྡོ་རྗེ་གསུམ་གྱི་རྣལ་འབྱོར་ཕྲ་ཏིག་གི་བར་བསྒོམས་པའི་རྗེས་ལ་རྩ་གསུམ་འཁོར་ལོ་དྲུག་


JLAZ005_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

གི་བྱེད་པ་བཅིངས་པའི་དྷཱུ་ཏིའི་མར་སྣར་ཉི་གདན་ལ་རང་སེམས་ཐིག་ལེ་སྔོན་པོའི་རྣམ་པར་འབབ་ལ་རླུང་སེམས་དབྱེར་མེད་དུ་དྲིལ་བས་དམིགས་པའི་རིམ་པ་ལ་བསླབ་པས་དབུ་མར་རླུང་ཞུགས་གནས་ཐིམ་གསུམ་གྱི་རྟགས་དང༌། དེ་བཞིན་དུ་སྣང་མཆེད་་་ཐོབ་གསུམ། སྟོང་པ་བཞིའི་འོད་གསལ་དང་བཅས་པ་ངོས་བཟུང་ནས་ཆོས་ལོངས་སྤྲུལ་གསུམ་གྱི་བསྲེ་བ་གསུམ་ལ་བསླབ་པ་ནི་རང་ངོའི་མཉམ་གཞག་དང་དབང་པོ་ཡུལ་ལ་འཇུག་དུས་གང་སྣང་སྟོང་པ་བདེ་བའི་ལྷ་སྐུར་འཆར་བ་ནི་རྗེས་ཐོབ་རྐྱང་པ་ཡིན་ནོ། །རྗེས་ལ་བསྒྲུབ་བྱ་བདེན་པ་གཉིས་ཀྱི་རྫོགས་རིམ་ལས་དང་པོ་ཀུན་རྫོབ་སྒྱུ་མ་ནི་འོད་གསལ་གྱི་བཞོན་པར་གྱུར་པའི་རླུང་གི་ཉེར་ལེན་དང༌། རང་སེམས་ལྷན་ཅིག་སྐྱེས་པའི་རྐྱེན་ལས་རླུང་སེམས་ཙམ་ལས་གྲུབ་པའི་རྡོ་རྗེ་འཆང་གི་སྐུ་རྣམ་སྨིན་གྱི་ལུས་རྟེན་འདི་ལས་གོ་ས་གཞན་པ་ཞིག་ལྡང་བ་སྟེ། དེ་ནི་ལོངས་སྐུ་ལྟ་བུའི་བཞིན་ལག་གི་རྣམ་པ་ཅན་ཡིན་ཡང་རྣམ་འཕྲུལ་དུ་མར་སྟོན་ནུས་ཤིང༌། དེའི་བསྒྲུབ་གཞིའང་གཉིད་ཀྱི་འོད་གསལ་ལས་བྱུང་ཞིང༌། རྨི་ལམ་གྱི་ལུས་ལྟར་ད་ལྟ་རྣམ་སྨིན་གྱི་ལུས་འདི་དང་འབྲེལ་པ་ཅན་ཡིན་ལ། སླད་ཀྱི་བར་དོ་ལོངས་སྐུར་འགྲུབ་པའི་ཉེར་ལེན་དུ་གྱུར་པས་ན་སྒྱུ་མའི་སྐུ་ཞེས་བརྗོད་ཀྱིས། ལམ་གྱི་གནས་སྐབས་ན་སེམས་བསྐྱེད་གྱི་འཕེན་པས་སེམས་ཅན་ཐམས་ཅད་ཀྱི་སྒོ་གསུམ་དང༌། སྒྱུ་ལུས་པའི་སྐུ་རྡོ་རྗེ་རྣམ་པར་སྣང་མཛད།


JLAZ005_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་རྡོ་རྗེ་འོད་དཔག་མེད། ཐུགས་རྡོ་རྗེ་མི་བསྐྱོད་པར་གསལ་བའི་དམ་ཚིག་སེམས་དཔའ་ལ། སོ་སོའི་ཐུགས་ཀར་རིམ་བཞིན་སྐུ་གསུང་ཐུགས་ཀྱི་ཡི་གེ་གསུམ་གསལ་བ་ལ་ཡེ་ཤེས་སེམས་དཔའ་སོ་སོའི་མགོར་ཐིག་ལེ་ནཱ་ད་དང་བཅས་པའི་ཏིང་འཛིན་སེམས་དཔའ་སྟེ་སེམས་དཔའ་གསུམ་བརྩེགས་གསལ་ཞིང་སོ་སོའི་ཏིང་འཛིན་སེམས་དཔའ་ལས་འོད་ཟེར་འཕྲོས་པས་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་བ་དམ་ཚིག་སེམས་དཔའ་དང༌། དེ་འོད་དུ་ཞུ་བ་ཡེ་ཤེས་སེམས་དཔའ་ལ། དེ་འོད་དུ་ཞུ་བ་ཏིང་འཛིན་སེམས་དཔའ་ལ་ཐིམ་པའི་ངང་དུ་མཉམ་པར་གཞག་པས་ཞུགས་གནས་ཐིམ་གསུམ་གྱི་རྟགས་སྣང་སྨིག་རྒྱུ་དུ་བ་ལ་སོགས་པ་དང་སྣང་མཆེད་ཐོབ་གསུམ་དང་སྟོང་པ་བཞི་འཆར་བའི་ཐམས་ཅད་སྟོང་པ་འོད་གསལ་ལ་མཉམ་པར་འཇོག །དེ་ལས་ལྡང་བ་ན་མ་དག་པའི་སྒྱུ་ལུས་སུ་བསྒོམ་པའོ། །གཉིས་པ་དོན་དམ་འོད་གསལ་ནི། སྒྱུ་ལུས་ཀྱི་སེམས་དཔའ་གསུམ་བརྩེགས། དེ་སྡུད་རིམ་གཉིད་ཀྱི་འོད་གསལ་དུ་བཅུག་པའི་སྟོང་ཉིད་ལ་མཉམ་པར་གཞག་པས་ཞུགས་གནས་ཐིམ་གསུམ་དང༌། སྣང་མཆེད་ཐོབ་གསུམ་གྱི་རྗེས་སྟོང་བཞིའི་འོད་གསལ་ལྷན་སྐྱེས་ཀྱི་བདེ་བས་ཐབས་བྱས་ཏེ་དངོས་པོའི་གནས་ལུགས་མ་ནོར་བར་རྟོགས་པས་རང་རྒྱུད་ལྡན་གྱི་གང་ཟག་འཕགས་པར་སོང༌། བར་ཆད་མེད་ལམ་རྒྱུད་ལ་སྐྱེས་ནས་བདེན་གཉིས་ཟུང་དུ་འཇུག་


JLAZ005_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྣལ་འབྱོར་མངོན་དུ་བྱེད་པ་འདུས་པའི་དགོངས་པ་ཡིན་ལ། དེ་ཡང་འདུས་པའི་རྒྱུད་སྔ་མ་སྔ་འགྱུར་ཡིན་པས་དཔལ་གསང་བའི་སྙིང་པོའི་སྟེང་སྒོ་རྣམ་གྲོལ་དང༌། འོག་སྒོ་ནམ་མཁའི་རྡོ་རྗེའི་རྫོགས་རིམ་དང་སྡེ་ཚན་གཅིག་པར་བསྡུས་ནས་བསྐྱེད་པ་མ་ཧཱ་ཡོ་གའི་བསྐྱེད་རྫོགས་ཟབ་མོའི་དོན་ལ་སྨོན་པ་ཡིན་ནོ། །བཅུ་གཉིས་པ་རྗེས་སུ་རྣལ་འབྱོར་ལ་སྨོན་པ་ནི། ༈ མཚན་ཉིད་ཀུན་ལྡན་བླ་མ་ཡབ་ཡུམ་ལས། །ལམ་དབང་ཟབ་མོས་ལེགས་པར་སྨིན་བྱས་ནས། །རྣམ་དག་དབང་ལྔའི་ཆུ་བོས་སྒྲིབ་གཉིས་ཀྱི། །དྲི་མ་ཀུན་བཀྲུས་སྐུ་བཞིའི་ས་བོན་བཞག །དམ་ཚིག་སྡོམ་པ་ཚུལ་བཞིན་བསྲུངས་པ་ལས། །ཟབ་མོའི་ལམ་བཟང་སྐྱེ་བའི་སྣོད་གྱུར་པས། །མ་དག་སྐྱེ་ཤི་བར་དོའི་སྣང་ཞེན་རྣམས། །ཡིད་ངོར་སྦྱངས་ནས་སྐུ་གསུམ་ལམ་འཁྱེར་བ། །སྦྱང་གཞི་སྦྱོང་བྱེད་ཚང་བའི་བསྐྱེད་རིམ་གྱིས། །རིམ་པ་དང་པོའི་ལམ་ལ་མངོན་འགྱུར་ཤོག །དེ་ལ་གཞི་ལམ་འབྲས་གསུམ་གྱི་རྒྱུད་དོན་ལ་དབང་འབྱོར་པའི་མཚན་ཉིད་ཀུན་ལྡན་གྱི་བླ་མ་ཡབ་ཡུམ་ཟུང་དུ་འཇུག་པའི་གདན་གསུམ་ལུས་ཀྱི་དཀྱིལ་འཁོར་ལས། སྐྱེ་བོ་ཐ་མལ་དང་ཐེག་པ་དམན་པས་ཐོས་སུའང་མི་རུང་པའི་ལམ་དུས་ཀྱི་གསང་བའི་དབང་ཟབ་མོས་སྨིན་པར་བྱས་ཤིང༌། རྒྱུུ་དབང་སྔོན་སོང་ལམ་དབང་དགའ་བཞིའི་ཡེ་ཤེས་དང་འཇུག་པ་གཅིག་པར་གནས་འགྱུར་བའི་རྣམ་དག་དབང་ལྔའི་ཆུ་བོས་


JLAZ005_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་ཤེས་སྒྲིབ་གཉིས་ཀྱི་དྲི་མ་ཐམས་ཅད་བཀྲུས། སྐུ་གསུམ་ངོ་བོ་ཉིད་སྐུ་དང་བཅས་པའི་ས་བོན་རྒྱུད་ལ་བཞག དེ་དག་གི་དུས་སུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པའི་གནས་ཚུལ་བཞིན་དུ་བསྲུངས་པ་གང་ཞིག་ལམ་བདེན་རྒྱུད་ལ་སྐྱེ་བའི་སྣོད་དམ་རྟེན་དུ་གྱུར་བས། མ་དག་པ་འཁོར་བའི་གནས་སྐབས་ཀྱི་སྐྱེ་ཤི་བར་དོའི་སྣང་ཞེན་རང་རྒྱུད་པ་རྣམས། དག་པའི་ཡིད་ངོར་སྦྱང་ཚུལ་ཉིན་སྣང་སད་དུས་ཀྱི་བསྐྱེད་རིམ་སྐྱེ་བ་སྤྲུལ་སྐུ། གཉིད་དུས་ཀྱི་སྡུད་རིམ་འཆི་བ་འོད་གསལ་ཆོས་སྐུ། བར་སྲིད་ཀྱི་ཡིད་ལུས་སྒྱུ་ལུས་ལོངས་སྐུ་སྟེ་སྐུ་གསུམ་ལམ་འཁྱེར་ནི། སྐྱེ་གནས་རྣམ་པ་བཞི་དང་མཐུན་པའི་འཁོར་བའི་འདྲ་འབག་ཁུ་རྡུལ་རླུང་གསུམ་དང་བཅས་པ་སྦྱང་གཞིར་བྱས་ནས། སྦྱོང་བྱེད་རྡོ་རྗེའི་ཆོག་གསུམ་དང་ཐུན་མོང་མ་ཡིན་པའི་མངོན་བྱང་ལྔ་ཚང་བས་རྣམ་བྱང་བསྐྱེད་པའི་རིམ་པ་དང་མཐུན་ཞིང༌། བུམ་དབང་གི་ལམ་རྫོགས་རིམ་གྱི་སྨིན་བྱེད་ཡིན་པས། རིམ་པ་དང་པོའི་ལམ་མངོན་དུ་གྱུར་པར་སྨོན་པའོ། །བཅུ་གསུམ་པ་ཨ་ནུའི་རྫོགས་རིམ་ལ་སྨོན་པ་ནི། ༈ ཕྱི་ནང་རང་ལུས་དཀྱིལ་འཁོར་ལྷ་ཡི་ཚོགས། །རྩ་ཡིག་བདུད་རྩི་དཔའ་བོ་རྣལ་འབྱོར་མ། །ཐིམ་ལུགས་བཞི་བསྒོམ་ཡེ་ཤེས་སྐྱེད་བྱེད་ཅིང༌། །རྫོགས་རིམ་རྟོག་པ་འདྲེན་པའི་རྒྱུད་སྨིན་བྱས། །ཉི་ཟླའི་ལམ་ནས་དཀྱིལ་འཁོར་


JLAZ005_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་ཡི་རླུང༌། །སྒྲ་གཅན་ལམ་དུ་འགོག་པའི་ཐབས་མཁས་ཀྱི། །མུན་པའི་ལམ་ནས་འབར་བའི་ཙནྜ་ལིས། ཧཾ་ཡིག་རི་བོང་འཛིན་པ་ཞུ་བ་ལས། །ལྷན་སྐྱེས་བདེ་བས་མཉམ་གཞག་དྲངས་པ་ཡིས། །འཁོར་འདས་ཆོས་རྣམས་ཀུན་གྱི་གནས་ལུགས་དང༌། །དབྱེར་མེད་གྱུར་པ་དཔེ་ཡི་ཡེ་ཤེས་ཉིད། །སྒྱུ་འཕྲུལ་དྲྭ་བའི་སྐུ་རུ་ལངས་པ་ལས། །མ་དག་སྐྱེ་ཤིའི་འཕྲང་ལས་གྲོལ་བ་ཡི། །རྫོགས་རིམ་ཨ་ནུའི་ལམ་དུ་འཇུག་པར་ཤོག །དེ་ལ་ཕྱི་དོན་སྣང་སྲིད་སྣོད་བཅུད་འཛིན་པ་དང༌། ནང་རང་ལུས་ཕུང་ཁམས་སྐྱེ་མཆེད་དུ་ཞེན་པའི་འཁྲུལ་རྟོག་ཐམས་ཅད་དབྱིངས་ནས་རང་བཞིན་གྱིས་སངས་རྒྱས་པའི་གཙོ་བོ་ནི་དཀྱིལ། ཅིག་ཤོས་ནི་འཁོར་དུ་དག་པའི་ལྷ་ཚོགས་དང༌། གཞན་རྡོ་རྗེའི་ལུས་ཀྱི་དངོས་པོ་རྩ་དང་ཡི་གེ་དཔའ་བོ། ཁམས་བདུད་རྩི་རྣལ་འབྱོར་མ་སྟེ། དེ་གཉིས་ཀྱི་འཁྲིལ་སྦྱོར་གྱི་ཚུལ་ལས་བདེ་སྟོང་གི་མཆོད་པ་ལེན་པ་ལ་གཞན་ལུས་དང་སྙོམས་འཇུག་གི་ཞུ་བ་དེས་མཆོད་པའི་རྐྱེན་ལས་རླུང་དབུ་མར་་ཞུགས་གནས་ཐིམ་གསུམ་འབྱུང་ཞིང༌། དེ་ཡང་ཞུགས་པའི་རྟགས་སུ་སྣ་སྒོར་མཉམ་རྒྱུ་གནས་པའི་རྟགས་སུ་རྒྱུ་བ་རང་འགགས། ཐིམ་པའི་རྟགས་སུ་མཁའ་སྣང༌། ས་ཆུ་མེ་རླུང་སྟེ་འབྱུང་བ་བཞི་པོ་གཅིག་ལ་ཅིག་ཤོས་ཐིམ་པའི་རྟགས་རིམ་པ་བཞིན། སྨིག་རྒྱུ། དུ་བ། མཁའ་སྣང་དང་


JLAZ005_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་སྣང་བ་ལ་ཐིམ་དུ་ཉེ་བ་ན་མར་མེ་ཐིམ་པ་དངོས་ལྟར་དཀར་ལམ། སྣང་བ་མཆེད་པ་ལ་ཐིམ་པས་དམར་ལམ། མཆེད་པ་ཉེར་ཐོབ་ལ་ཐིམ་པས་ནག་ལམ། ཉེར་ཐོབ་འོད་གསལ་ལ་ཐིམ་པས་སྟོན་གནམ་གཡའ་དག་པ་ལྟ་བུ་སྟེ། ཕྱི་མ་བཞི་ནི་ཐིམ་ལུགས་བཞི་དང༌། དཔེ་དོན་གྱི་འོད་གསལ་ལ་ངེས་པ་འདྲེན་པས་ཡེ་ཤེས་བསྐྱེད་ཅིང་བསྒོམ་པ་ནི་རྫོགས་རིམ་གྱི་རྟོག་པ་འདྲེན་པའི་རྒྱུད་སྨིན་བྱེད་ཡིན་ལ། དེའི་ཐབས་སུ་གྱུར་པ་ནི་ཉི་ཟླའི་ལམ་སྟེ། རོ་རྐྱང་གཉིས་ནས་རྒྱུ་བ་བསྐྱེད་སྡུད་ཀྱི་རྣམ་པས་ཕྱེ་བའི་ས་ལ་སོགས་པ་ཡན་ལག་གི་རླུང་བཅུ་བསྡོམས་པས་དཀྱིལ་འཁོར་བཅུའི་རླུང་དབུ་མ་སྒྲ་གཅན་གྱི་ལམ་དུ་འགོགས་པའི་ཐབས་ལ་མཁས་པ་དང༌། དེ་ཡང་མུན་པའི་ལམ་སྟེ་དབུ་མའི་མར་སྣེ་ནས་འབར་བའི་ཙནྜ་ལིའམ། གཏུམ་མོའི་མེས་ཡར་སྣེའི་ཧཾ་ཡིག་རི་བོང་འཛིན་པ་སྟེ་ཟླ་བའི་རང་བཞིན་གྱི་ཁམས་ཞུ་བ་ལས། རིམ་བཞིན་ཡས་བབས་མས་བརྟན་གྱི་དགའ་བ་བཞི་དང་ཁྱད་པར་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོས་མཉམ་གཞག་དྲངས་བ་དེའི་ངང་དུ་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་རྫུན་ཕུག་རྡིབ་ཅིང༌། ཀུན་གྱི་གནས་ལུགས་གཅིག་དང་ཐ་དད་དབྱེར་མེད་དུ་གྱུར་པ་འདི་ནི་ངོ་བོ་ཉིད་ཀྱི་ཡེ་ཤེས་ཡིན་ལ། དེ་ཉིད་ལས་གདུལ་བྱ་གང་ཡོད་ཀྱི་སར་སྤྲུལ་པའི་སྐུ་ཅིག་ཅར་དུ་སྟོན་པའི་ཕྱིར་སྒྱུ་མ་ཡབ། འཕྲུལ་པ་ཡུམ།


JLAZ005_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

དྲྭ་བ་འབྲེལ་པ་སྟེ་རླུང་སེམས་ཙམ་ལས་གྲུབ་པའི་སྒྱུ་མའི་སྐུར་ལངས་ནས། མ་དག་པའི་གནས་སྐབས་ཀྱི་སྐྱེ་ཤིའི་འཕྲང་ལས་གྲོལ་བའི་མན་ངག་རྫོགས་རིམ་ཐམས་ཅད་ཀྱི་དོན་པོར་ཨ་ནུ་ཡོ་གའི་ལམ་ལ་འཇུག་པར་སྨོན་པའོ། །བཅུ་བཞི་པ་ཨ་ཏི་ཡོ་ག་ལ་ནང་གསེས་སེམས་སྡེ་ཀློང་སྡེ་མན་ངག་གི་སྡེ་གསུམ་ལས། དང་པོ་སེམས་སྡེ་ལ་སྨོན་པ། ༈ དོན་གྱི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི། །ཨ་ཏི་ཡེ་དག་རོ་མཉམ་ཆེན་པོ་ཉིད། །ཡོད་མིན་མེད་མིན་སྟོང་མིན་མི་སྟོང་མིན། །རང་བཞིན་གཤིས་ལ་གཞལ་ན་ཐམས་ཅད་མིན། །མེད་པ་མ་ཡིན་གཉིས་མེད་ཟུང་འཇུག་སྟེ། །རྟག་མིན་ཆད་མིན་སྨྲ་བསམ་བརྗོད་ལས་འདས། །རང་གནས་ཡེ་གནས་རྫོགས་པ་ཆེན་པོ་ནི། །ཀུན་མིན་ཕྱོགས་ཙམ་གཞལ་ན་ཐམས་ཅད་མིན། །བློ་ཡིས་བཀོད་ན་དྲན་བསམ་བརྗོད་ལས་འདས། །རྣལ་མའི་དོན་ལ་ཀུན་མིང་བརྟགས་པ་ཙམ། །ཇི་ལྟར་སྣང་བ་དེ་ཡང་ཝལ་ལེ་བ། །ཚིག་གིས་མ་བསྐྱེད་ལྷ་སྔགས་ལྷུན་གྱིས་གྲུབ། །གང་ལྟར་བསམ་བརྗོད་འདས་པའི་རང་བཞིན་ཏེ། །ཨ་ཏིའི་དགོངས་དོན་ཚུལ་བཞིན་རྟོགས་པར་ཤོག །དེ་ཡང་དབང་གསུམ་པའི་དཔེས་ངོ་སྤྲོད་པའི་བཞི་པའི་དོན་གྱི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི། ཨ་ཏྀའི་སྒྲ་ལས་ཕུལ་བྱུང་སྟེ་རྒྱུ་ལམ་དུ་བྱས་ནས་འབྲས་བུར་གདོད་ཀྱིས་གྲོལ་མི་དགོས་པར་ཡེ་ནས་བྱ་རྩོལ་དང་བྲལ་ཞིང་རང་


JLAZ005_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་རྣམ་པར་དག་པས་འཁོར་འདས་རོ་མཉམ་ཆེན་པོ་རྣམ་བཅས་སུ་མ་གྲུབ་པས་ཡོད་པ་མ་ཡིན། རང་བཞིན་གྱི་འོད་གསལ་བས་མེད་པ་མ་ཡིན། བློས་མེད་པར་བརྟགས་པའི་སྟོང་པ་མ་ཡིན། གོ་མྱོང་གིས་ཡོད་པར་བསྒྲུབ་པའི་མི་སྟོང་པ་མ་ཡིན། རང་བཞིན་གྱི་གཤིས་ལ་བློས་ངོས་ནས་གཞལ་ན་ཐམས་ཅད་མིན་པར་འགྲོ་བ་མེད་དོ་སྙམ་པའི་མེད་དགག་ཀྱང་མ་ཡིན་པ་རིག་སྟོང་གཉིས་སུ་མེད་པའི་ཟུང་འཇུག་ཆེན་པོ། དངོས་པོ་མེད་པས་རྟག་པ་མ་ཡིན། རིག་ཆར་ཡོད་པས་ཆད་པ་མ་ཡིན། ཚིག་ཏུ་སྨྲ་བའི་སྒོས་མི་ཐུག་ཅིང་བློ་དང་སྙམ་བྱེད་ཀྱི་བསམ་ངོ་ལས་འདས་པ། རྒྱུ་ཡིས་མ་བསྐྱེད་པས་ངང་ལ་གནས་པ། རྐྱེན་ལས་མ་བྱུང་བས་ཡེ་གནས་ཡོངས་གྲུབ་རང་བཞིན་རྫོགས་པ་ཆེན་པོའི་ལྟ་བ་ནི་སློབ་དཔོན་ཀླུ་སྒྲུབ་ཀྱི་དབུ་མ་ལྟར། དགག་ཕྱོགས་ནས་གཞལ་ཀྱང༌། ཁས་ལེན་ཐམས་ཅད་དང་བྲལ་བས་ངོ་བོ་ཉིད་མེད་ཕྱིར་ཀུན་མིན་པ་དང༌། བྲམ་ཟེ་ཆེན་པོའི་དོ་ཧ་ལྟར་བསྒྲུབ་ཕྱོགས་ནས་གཞལ་ཡང་ཐ་སྙད་ཀྱིས་མི་ཐུག་པས་ཐམས་ཅད་མིན་པའི་ཕྱིར། རྟོག་གེའི་དཔྱད་བཟོད་དང༌། རྟོག་དཔྱོད་ཀྱི་བློ་རྣམ་པ་སྣ་ཚོགས་སུ་བཀོད་ཅིང་བརྟགས་ནའང༌། མཐར་ཐུག་དྲན་པ་དང་བསམ་བརྗོད་མེད་པའི་ངང་དུ་དེངས་འགྲོ་བས། རྣལ་མ་སྟེ་མ་བཅོས་པའི་དོན་ལ་ཆོས་ཉིད་ཀུན་


JLAZ005_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་འགྲོ་བའི་མིང་སྣ་ཚོགས་བཏགས་པ་ཙམ་ཞིག་སྟེ། ཇི་ལྟར་སྣང་བ་ཐམས་ཅད་འཛིན་མེད་དུ་ཝལ་ལེ། བརྗོད་མེད་དུ་ཕྱལ་ལེར་ཡོད་པས་བདག་སྲས་གཞན་སྲས་ལ་སོགས་པའི་དམིགས་བསམ་གྱི་སྤྲོས་པས་མ་བསྐྱེད་ཀྱང་སྙིང་པོ་དྲན་པ་ཙམ་ལ་ཡོངས་གྲུབ་ཀྱི་ལྷ་སྔགས་ལྷུན་གྱིས་གྲུབ་ཅིང༌། དེའི་ངོ་བོ་བསམ་བརྗོད་སྤྲོས་པ་དང་བྲལ་བའི་རང་བཞིན་ལ་སྨོན་པའོ། །གཉིས་པ་ནང་ཀློང་སྡེའི་དོན་ལ་སྨོན་པ་ནི། ཁྱད་པར་འོད་གསལ་རྡོ་རྗེ་སྙིང་པོའི་དོན། །རང་བཞིན་བབས་ཡིན་སྟོང་པས་ཕན་ཅི་ཡོད། །སོ་མ་ངང་བཞག་མ་བཅོས་རང་ག་མ། །ཐ་མལ་ཤེས་པ་རང་གྲོལ་རྒྱལ་བའི་ལམ། །རང་གིས་རང་གྲོལ་གཉེན་པོས་བཅོས་མ་དགོས། །ཡེ་གྲོལ་བསྐྱར་གཞི་མེད་དེ་གདོད་མའི་ངང༌། །ཅེར་གྲོལ་ངོ་བོ་མེད་དེ་བདེན་པས་སྟོང༌། །རང་གྲོལ་སྙིང་པོ་མེད་དེ་རང་བཞག་ཉིད། །འགྱུ་གྲོལ་རང་སར་དག་སྟེ་སྐད་ཅིག་མ། །ཤར་གྲོལ་དུས་མཉམ་ཡིན་ཏེ་སྔ་ཕྱི་མེད། །མ་བཅོས་རང་བཞག་རང་བབས་ཀ་དག་ཀློང༌། །ངོ་བོ་རང་བཞིན་ཐུགས་རྗེའི་དོན་རྟོགས་ཤོག །ཁྱད་པར་འོད་གསལ་སོགས་ཀྱིས་རང་གི་ངོ་བོ་སྨོས་ཏེ་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀུན་ཏུ་བཟང་མོའི་མཁའ་ཀློང་རྣམ་ཐར་གསུམ་ལྡན་གྱི་དབྱིངས་ནས་སངས་རྒྱས་པའི་དོན་ཁོང་དུ་ཆུད་ནས། དེ་གའི་ངང་ལ་རང་བཞིན་གྱིས་གནས་པའི་རང་བབས་ཡིན་ན། བློས་གསར་བྱུང་དུ་བསྒྲུབ་


JLAZ005_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྟོང་པས་ཕན་པ་ཅི་ཞིག་ཡོད། སོ་མ་ངང་བཞག །མ་བཅོས། རང་ག་མ་སྟེ། སེམས་ལ་བཅོས་བསླད་མེད་པའི་དོན་བཞི་ལ་ཐ་མལ་གྱི་ཤེས་པའི་སྒྲར་བཏགས་ཏེ། རང་གིས་རང་གྲོལ་བ་སྦྲུལ་གྱི་མདུད་པ་ལྟ་བུ་དེ་ནི་རྒྱལ་བ་ཐམས་ཅད་ཀྱི་ཤུལ་ལམ་ཡིན་པས་རྟོག་དཔྱོད་སྣ་ཚོགས་དང༌། སྒྲིམ་གློད་ལ་སོགས་པའི་གཉེན་པོས་བཅོས་མི་དགོས། ཡེ་ནས་གྲོལ་ཚར་བས་བསྐྱར་བའི་གཞི་མེད། ལྟ་སྟངས་གཅིག་གི་ངང་ན་ཅེར་གྱིས་གྲོལ་བས་ངོ་བོ་ཉིད་མེད་དེ་བདེན་པ་ཀུན་རྫོབ་པས་སྟོང༌། རང་གྲོལ་ལ་གཉེན་པོ་གཞན་མེད་པས་རང་གར་གཞག །འགྱུ་བ་ངོ་ཤེས་ཙམ་ལ་གྲོལ་བས་རང་དག་སྐད་ཅིག་མ། ཤར་ཙམ་ཉིད་ནས་རང་ངོ་ཤེས་པས་ཆུ་ལ་རི་མོ་བྲིས་པ་ལྟར་ཤར་གྲོལ་དུས་མཉམ་ལ་སྔ་ཕྱི་མེད། བློས་སྤུ་ཙམ་མ་བཅོས་པའི་རང་བཞག །རང་བབས་ཀ་ནས་དག་པ་ཞེས་བྱ་སྟེ། ཐོག་མ་ནས་རྣམ་པར་དག་པའི་བྱ་བྲལ་ཀློང་གི་སྡེ་ཆེན་པོ་དེ་ནི། ངོ་བོ་སྟོང་པ། རང་བཞིན་གསལ་བ། ཐུགས་རྗེ་ཀུན་ཁྱབ་སྟེ་ཚོགས་པ་གཅིག་པ་རྣམ་དབྱེ་གསུམ་དུ་དབྱེ་བའི་དོན་རྟོགས་པར་སྨོན་པའོ། །གསུམ་པ་གསང་བ་མན་ངག་གི་སྡེ་ལ་སྨོན་པ་ནི། ༈ ཤེས་རབ་རང་བྱུང་སྒྲོན་མའི་དབྱིངས་རུམ་ནང༌། །རྒྱང་ཞགས་སྒྲོན་མས་རིག་གདངས་སྒོ་ཕྱེས་ནས། །དག་དབྱིངས་


JLAZ005_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོན་མས་སྣ་ཚོགས་རྒྱན་བཀྲམ་སྟེ།། ཐིག་ལེ་སྟོང་སྒྲོན་ཞི་ཁྲོའི་དཀྱིལ་འཁོར་རྫོགས། །དང་པོ་རྒྱུ་ཡིས་མ་བསྐྱེད་དབྱིངས་ལྔ་ཤར། །བར་དུ་རྐྱེན་གྱིས་མ་བསྐྱེད་ཚོམ་བུར་གྲུབ། །ཐ་མར་ལྟ་བའི་གནས་དག་དབྱིངས་རིག་འདྲེས། །ཡིད་དཔྱོད་དང་བྲལ་མངོན་སུམ་མཐར་ཕྱིན་ཤོག །དེ་ལ་ཤེས་རབ་རང་བྱུང་གི་སྒྲོན་མ་ནི་སོ་སོར་རྟོག་པའི་ཤེས་རབ་ཡིན་ལ། རྒྱང་ཞགས་ཆུའི་སྒྲོན་མ་ནི་འཆར་བའི་སྒོ་མིག་གི་དབང་པོ། དག་པ་དབྱིངས་ཀྱི་སྒྲོན་མ་ནི་འཆང་བའི་ཡུལ་ནམ་མཁའ་རྐྱེན་བྲལ། ཐིག་ལེ་སྟོང་པའི་སྒྲོན་མ་ནི་འཇའ་འོད་ཟླུམ་པོར་འཁྱིལ་བ་སྟེ། དེའི་ནང་དུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་བཅིངས་པས་རིམ་བཞིན་རིག་པ་དེ་བཅུད་དུ་སྨིན་ནས་སྐུ་ཕྱེད་པ་དང༌། རྐྱང་པ་དང་མཐར་གྱི་ཞི་ཁྲོའི་སྐུ་ཡོངས་སུ་རྫོགས་པ་སྟེ། དེ་དག་ཀྱང་སྦྱོར་དྲུག་དང་ཕྲ་ཏིག་ལྟར་རླུང་སྦྱོར་ལ་སོགས་པའི་རྒྱུས་མ་བསྐྱེད། མུན་ཁང་དང་བཅུད་ལེན་ལ་སོགས་པའི་རྐྱེན་གྱིས་མ་བསྐྱེད་པར་ཆོས་ཉིད་མངོན་སུམ། ཉམས་གང་འཕེལ།རིག་པ་ཚད་ཕེབས་ཀྱི་ཚོམ་བུའི་བར་གྲུབ་ནས་མཐར་གྱི་བལྟ་བྱ་ལྟ་བྱེད་ལས་བྱུང་བའི་ཆོས་ཉིད་ཀྱང་ཟད་ནས་དབྱིངས་རིག་འདྲེས་པའི་དགོངས་པ་ལ་སྦྱོར་བ་ཡིད་དཔྱོད་དང་བྲལ་བའི་དོན་ལ་སྨོན་པའོ། །བཅོ་ལྔ་པ་དེ་གསུམ་པོའི་དོན་བསྡུ་བ་ལ་སྨོན་པ་ནི། ༈ ཁྲེགས་ཆོད་ལྟ་བས་སྲིད་ཁུངས་གདར་ཤ་བཅད། །


JLAZ005_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་རྒལ་བསྒོམས་པས་སྐུ་གསུམ་རྩལ་རྫོགས་ཏེ། །གདོད་ནས་རྣམ་དག་དང་པོའི་སངས་རྒྱས་ཉིད། །དབྱེར་མེད་ཐིག་ལེའི་གཟུགས་སུ་གང་སྣང་བ། །དེ་ལས་སྤྲོས་ཚེ་སྐུ་གསུམ་སྣོད་བཅུད་དང༌། །བསྡུས་ཚེ་སྟོང་ཉིད་སྙིང་རྗེ་ཆོས་ཀྱི་སྐུ། ཐིག་ལེ་ཉག་གཅིག་ཡིད་ལ་གཡོ་མེད་ཤོག །དེ་ཡང་གཞི་ཀ་དག་ཁྲེགས་ཆོད་ཀྱི་ལྟ་བས་འཁྲུལ་སྣང་སྲིད་པའི་བྱུང་ཁུངས་གདར་ཤ་བཅད། ལམ་ཐོད་རྒལ་བསྒོམས་པས་གདོད་ཀྱི་ཡིད་དཔྱོད་ལ་མ་ལྟོས་པར་སྐུ་གསུམ་ལམ་སྣང་དུ་རྩལ་རྫོགས། གདོད་ནས་རྣམ་པར་དག་པའི་དང་པོའི་སངས་རྒྱས་ཀྱི་ངོ་བོ་ཉིད། ཆོས་ཟད་བློ་འདས་ཆེན་པོའི་རྟོགས་པ་དང་རྣམ་དབྱེར་མེད་པའི་ཐིག་ལེ་ཆེན་པོའི་སྟོང་གཟུགས་སུ་རང་སྣང་ཞིང༌། དེའི་ཚེ་སྐྱེ་བ་དང་འཇུག་པའི་ཆོས་གཉིས་ལ་དབང་ཐོབ་པས་ན། སྤྲོས་ཏེ་འཕོ་བ་ཆེན་པོའི་སྐུར་བཞེང་ན་སྐུ་གསུམ་རང་རིག་ལ་རྫོགས་པའི་འོད་ལུས་ཀྱི་ངང་དེ་ཉིད་ལས་སྣང་བ་ཕྱིར་གསལ་དུ་མཆེད་དེ་སྣོད་བཅུད་ཀྱི་རྟེན་དང་བརྟེན་པ་ཆུ་ཟླ་དང་རྨི་ལམ་ལྟ་བུར་གཟིགས་ནས་གཞན་དོན་མཛད་ལ། འཇུག་པའི་ངང་དུ་བསྡུ་ན་འོད་ལུས་དེ་ཉིད་ནམ་མཁའ་ལ་སྤྲིན་དེངས་པ་བཞིན་སོང་ནས་སྟོང་ཉིད་སྙིང་རྗེ་གཉིས་སུ་མེད་པའི་ཆོས་ཀྱི་སྐུ་ཐིག་ལེ་ཉག་གཅིག་གི་ངང་དུ་མི་གཡོ་བའི་དོན་ལ་སྨོན་པའོ། །དེ་ལྟར་ཆོས་ཟད་ཀྱི་རྟོགས་


JLAZ005_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཀློང་དུ་གྱུར་ནས་ཆོས་ཅན་ཐམས་ཅད་གཞི་ལ་ཐིམ་སྟེ་ལམ་བདེན་མཐའ་དག་སྤངས་ཀྱང་ཉན་རང་གི་བྱང་ཆུབ་ལྟར་ཞི་བ་ཕྱོགས་གཅིག་པ་མ་ཡིན་པས། འབྲས་བུའི་གོ་འཕང་ལ་སྦྱོར་ཚུལ་སྔགས་སྤྱིའི་འགྲོས་ལྟར་བཤད་པའི་ཕྱིར། ༈ སླར་ཡང་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །གཉིས་སྣང་འཁྲུལ་པའི་བག་ཆགས་ཀུན་བཅོམ་ནས། །རིམ་པ་བཞི་པའི་དོན་གྱི་འོད་གསལ་དང༌། །དབྱེར་མེད་ལྷན་ཅིག་སྐྱེས་པ་བདེ་བའི་དངོས། །བདེན་གཉིས་ཟུང་དུ་འཇུག་པའི་ཧེ་རུ་ཀ །མཁའ་དབྱིངས་ཤར་བའི་དབང་པོའི་གཞུ་བཞིན་དུ། །གསལ་མདངས་འོད་ཟེར་ལྔ་ཡི་དྲ་བ་ཅན། །སྟོབས་བཅུ་མི་འཇིགས་བཞི་དང་སོ་སོར་རིག །མ་འདྲེས་བཅོ་བརྒྱད་རྫོགས་པའི་སངས་རྒྱས་དང༌། །བླ་མེད་ཡོན་ཏན་རང་བཞིན་གཞལ་མེད་ལས། །རྣམ་ཀུན་མཆོག་ལྡན་ངོ་བོ་ཆོས་ཀྱི་སྐུ། །རྣམ་པ་ལོངས་སྤྱོད་རྫོགས་སྐུ་གྲངས་མེད་ཀྱི། །སྤྲུལ་པའི་སྤྲིན་འཕྲོ་སྐུ་གསུམ་དབྱེར་མེད་ཤོག །དེ་ཡང་འཇུག་པ་ལ་དབང་ཐོབ་ནས་གདོད་མའི་ནང་དབྱིངས་སུ་འཇུག་ཁ་མ་དེར། སླར་ཡང་རྡོ་རྗེ་ལྟ་བུའི་ཏིང་འཛིན་གཞུ་བ་དུངས་པ་ལྟ་བུས་གཉིས་སུ་སྣང་བ་དང་དེ་ལས་བྱུང་བའི་འཁྲུལ་པའི་བག་ཆགས་ཀྱི་ལྷག་མར་གྱུར་པ་གནས་ངན་ལེན་གྱི་ཤེས་སྒྲིབ་ཕྲ་མོ་ཡན་ཆད་བཅོམ་སྟེ། རིམ་པ་བཞི་པའི་དོན་གྱི་འོད་གསལ་དེ་ཉིད་སློབ་པའི་ཟུང་འཇུག་གི་


JLAZ005_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་གཞི་ཡིན་པས་ངོ་བོ་གཅིག་པའི་ཆ་ནས་དབྱེར་མེད་ལྷན་ཅིག་སྐྱེས་པའི་བདེ་བའི་དངོས་གཞིར་བཤད་ལ། དེ་ཉིད་ལས་མི་སློབ་པའི་ཟུང་འཇུག་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་སྐུར་བཞེངས་པ་ལ་མཁའ་དབྱིངས་ཤར་བའི་དབང་པོའི་གཞུ་སྟེ་ནམ་མཁའ་ལ་འཇའ་ཚོན་ཤར་བའི་དཔེས་མཚོན་ནས་ཆོས་སྐུའི་གདངས་ལོངས་སྤྲུལ་གྱི་རྣམ་པའི་གཟུགས་སྐུ་གཉིས་སུ་གྲུབ་པ་ལ་སྟོབས་བཅུ་དང༌།མི་འཇིགས་པ་བཞི་ལ་སོགས་ཡོན་ཏན་མཐའ་དག་རྫོགས་པའི་སངས་རྒྱས་དང༌།དེའི་བླ་ན་མེད་པའི་ཡོན་ཏན་གྱི་རང་བཞིན་གཞལ་དུ་མེད་པ་ཉིད་ལས། གཞོན་ནུ་མ་ལ་པྲ་ཕབ་པའི་སྣང་བ་ལྟར་རྣམ་པ་ཐམས་ཅད་པའི་མཆོག་དང་ལྡན་པའི་ཆོས་ཀྱི་སྐུ་དང༌། དེའི་གདངས་རིགས་ལྔ་གང་ཆེན་མཚོ་བཞིན་ལག་གི་རྣམ་པ་ཅན་གྱི་ལོངས་སྤྱོད་རྫོགས་པའི་སྐུ་གྲངས་མེད་པར་ཤར་བ་དང༌། དེ་ལས་སྤྲུལ་པའི་སྐུ་བསམ་གྱིས་མི་ཁྱབ་པའི་སྤྲིན་འཕྲོ་བ་ཅན་གྱི་སྐུ་གསུམ་ངོ་བོ་དབྱེར་མེད་ཐོབ་པར་སྨོན་པའོ། །བཅུ་དྲུག་པ་ཕྲིན་ལས་ཀྱི་འཇུག་པ་ལ་སྨོན་པ་ནི། ༈ མཁའ་ཁྱབ་གཟུགས་བཟུང་བགྲང་ཡས་སེམས་ཅན་ལ། །ཇི་སྙེད་ཁམས་དང་བསམ་པའི་དབྱེ་བ་བཞིན། །རང་རང་སྐད་དུ་རྒྱུ་དང་འབྲས་བུ་ཡི། །ཐེག་པ་གཉིས་ལས་བརྩམས་པའི་ཆོས་ཀྱི་ཚུལ། །ལེགས་པར་སྟོན་ལ་སྐྱོ་ངལ་མེད་པར་ཤོག །དེ་ལྟར་


JLAZ005_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

རང་དོན་དུ་སྤངས་རྟོགས་མཐར་ཕྱིན་པའི་སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་ཅན་དུ་གྲུབ་ནས། ནམ་མཁས་གར་ཁྱབ་ཏུ་རྣམ་སྨིན་གྱི་གཟུགས་སམ་ལུས་བཟུང་བའི་བགྲང་བ་ལས་འདས་པའི་སེམས་ཅན་གྱི་ཁམས་རྒྱ་མཚོ་ལྟ་བུ་ལ་ཇི་སྙེད་དེ་མང་པོའི་སྒྲས་དེ་སྙེད་སོ་སོའི་ཁམས་དང་བསམ་པའི་དབྱེ་བ་ཐ་དད་པ་བཞིན་རང་རང་སོ་སོའི་སྐད་དུ་རྒྱུ་དང་འབྲས་བུའི་ཐེག་པ་གཉིས་ལས་བརྩམས་པའི་ཆོས་ཀྱི་ཚུལ་རྒྱ་མཚོ་ལྟ་བུ་ལེགས་པར་འཆད་ཅིང་ལེགས་པར་སྟོན་པ་ལ་སྐྱོ་དུབ་དང་ངལ་བའི་གནས་མཐའ་དག་བཟོད་པར་ཤོག་ཅིག་པའོ། །བཅུ་བདུན་པ་འདའ་ཁ་མའི་དོན་ལ་ སྨོན་པ། ༈ འདི་དང་བར་དོར་མཆོག་གི་གོ་འཕང་ནི། །ངེས་པར་འགྲུབ་པའི་ལམ་བཟང་མ་རྙེད་ན། །ཟབ་ལམ་འཕོ་བའི་རྣལ་འབྱོར་ལ་གོམས་པས། །རྣམ་ཤེས་མཁའ་སྤྱོད་གནས་སུ་འཕོ་བྱས་ཏེ། །བསྐྱེད་རྫོགས་ལམ་གྱི་རིམ་པ་འཕྲོ་འཐུད་ཤོག །དེ་ལ་བསྐྱེད་རིམ་གྱི་སྒོ་ནས་རིག་འཛིན་བཞིའི་ལམ་རྫོགས་རིམ་གྱི་སྒོ་ནས། རྨི་ལམ། སྒྱུ་ལུས། བར་དོ། འོད་གསལ་སོགས་ཀྱི་གདམས་པ་ཉམས་འོག་ཏུ་ཆུད་ནས་ཚེ་འདིའམ་བར་དོར་མཆོག་གི་གོ་འཕང་བགྲོད་པའི་ལམ་བཟང་གི་དངོས་གྲུབ་མ་བརྙེས་ན། མ་བསྒོམས་པར་འཚང་རྒྱ་བའི་ཟབ་ལམ་འཕོ་བའི་རྣལ་འབྱོར་ལས་འཁོར་བ་དང་འབྲེལ་བའི་སྒོ་བརྒྱད་ཡིག་འབྲུས་བཀག་ལ། གཙུག་


JLAZ005_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

ཏོར་རླུང་གི་འཁོར་ལོའི་སྒོ་ཕྱེ་ནས་རྣམ་པར་ཤེས་པ་ཨ་ཡིག་ལ་སོགས་པའི་རྣམ་པས་དག་པ་མཁའ་སྤྱོད་དང༌། བདེ་བ་ཅན་དང༌། མངོན་པར་དགའ་བ་ལ་སོགས་རང་བཞིན་སྤྲུལ་པའི་ཞིང་དུ་འཕོས་ནས་བསྐྱེད་རྫོགས་ལམ་གྱི་རིམ་པ་འཕྲོ་འཐུད་པར་སྨོན་པའོ། །གསུམ་པ་རྗེས་ཀྱི་རིམ་པ་ལ་གཉིས་ལས། དང་པོ་སྨོན་ལམ་གྱི་གཞུང་དོན་འབྱེད་པའི་བློ་གྲོས་ཐོབ་པར་སྨོན་པ་ནི། ༈ དེ་ལྟར་རྒྱུ་ལམ་འབྲས་བུའི་ཁྱད་པར་ལས། །སྐུ་དང་ཞིང་ཁམས་འཁོར་དང་མཛད་པ་ནི། །ཡོངས་སུ་དག་པའི་ཡེ་ཤེས་ལམ་ཉིད་དུ། །བྱེད་དང་མི་བྱེད་སྔགས་དང་ཕ་རོལ་ཕྱིན། །སོ་སོར་འབྱེད་པའི་བློ་གྲོས་དང་ལྡན་ཤོག །དེ་ལ་གཞུང་འདིའི་ས་བཅད་དྲུག་པ་ཡན་གྱི་རྒྱུ་ལ་ལམ་དུ་བྱས་ནས་འབྲས་བུ་ཕྱི་དུས་ན་སྨིན་པ་སྡེ་སྣོད་གསུམ་གྱི་ལམ་དང༌། དེ་མན་ཆད་ཀྱི་འབྲས་བུ་ལ་ལམ་དུ་བྱེད་པ་དཔེར་ན་རང་གི་ལུས་ངག་ཡིད་གསུམ་ལྷའི་སྐུ་གསུང་ཐུགས་ཀྱི་རྣམ་པ་ལམ་བྱེད་དང༌། དེ་བཞིན་དུ་ཞིང་ཁམས་ནི་སྣོད་གཞལ་ཡས་ཁང་གི་ལམ་འཁྱེར་དང༌། བཅུད་ཀྱི་སེམས་ཅན་ལྷ་དང་ལྷ་མོའི་རང་བཞིན་དུ་སྦྱོར་བ་དག་པའི་སྣོད་བཅུད་དང༌། འོད་ཟེར་སྤྲོ་བསྡུས་སངས་རྒྱས་ཀྱི་ཕྲིན་ལས་རྣམ་པ་བཞིའི་མཛད་པ་ལམ་དུ་བྱེད་པ་སྟེ། དེ་བས་ན་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་ཀྱི་ཁམས་ལ་ད་ལྟ་ནས་ཡོངས་སུ་དག་པའི་ཡེ་ཤེས་ཀྱི་ལམ་དུ་བྱེད་ནུས་པས་ནི་


JLAZ005_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་སྔགས་ཀྱི་ཐེག་པ་དང༌། དེ་ལྟར་བྱེད་མི་ནུས་པ་ནི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་གཉིས་སོ་སོར་འབྱེད་ནུས་པའི་བློ་གྲོས་ཀྱི་སྤོབས་པ་ཁྱད་པར་ཅན་ཐོབ་པར་སྨོན་པའོ། །གཉིས་པ་ནི། དམ་པའི་ཆོས་ཀྱི་མཚན་ཉིད་ནི་ཐོག་མཐའ་བར་གསུམ་དུ་དགེ་བ་ཞིག་ཡིན་ལ། དེ་ལྟར་དགེ་བར་བྱེད་པ་བླ་མ་དམ་པ་དགེ་བའི་བཤེས་གཉེན་གཅིག་པུ་ལ་རག་ལས་ན་དུས་འདི་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ་བླ་མ་དང་མཇལ་བའི་རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པ་དང༌། མཇལ་ནས་སྐད་ཅིག་ཀྱང་མི་འབྲལ་བར་ལུས་ངག་གི་ཞབས་ཏོག་དང༌། ཟང་ཟིང་གི་འབུལ་བ་དང༌། སྒྲུབ་པའི་རྒྱལ་མཚན་འཛུགས་པ་སྟེ་མཉེས་པ་གསུམ་གྱིས་བསྟེན་ནས་ཅི་གསུང་གི་བཀའ་བསྒྲུབ་ཅིང༌། ཁྱད་པར་གསུང་གི་བདུད་རྩི་དམ་པའི་ཆོས་ཀྱི་རོ་མྱངས་ནས་དེའི་སྒྲུབ་པ་ལ་ཞུམ་པ་མེད་པའི་སྙིང་སྟོབས་བསྐྱེད་པས་འདི་ཕྱི་གང་རུང་དུ་དངོས་གྲུབ་རྣམ་གཉིས་ཐོབ་ཅིང༌། གལ་ཏེ་ཅུང་ཟད་ཁ་འགྱངས་ནའང་བྱེད་པ་རྒྱུ་མཐུན་གྱི་འབྲས་བུ་ལས་སྐྱེ་བ་ཕྱི་མར་ཡང་བླ་མ་མཚན་ལྡན་དང་མཇལ་ནས་རྗེས་སུ་འཛིན་པར་ཡིན་པས་ན། ༈ བདག་ཀྱང་འདི་ནས་ཚེ་རབས་ཐམས་ཅད་དུ། །རྗེ་བཙུན་བླ་མ་མཆོག་དང་མི་འབྲལ་ཞིང༌། །དེས་གསུངས་གསུང་གི་བདུད་རྩི་མྱོང་བ་དང༌། །དེ་དོན་བསྒྲུབ་ལ་ཞུམ་པ་མེད་པ་ཡི། །ཚེ་རབས་ཀུན་ཏུ་ཡོངས་འཛིན་དམ་པ་དང༌། །ནམ་ཡང་འབྲལ་མེད་རྗེས་སུ་འཛིན་གྱུར་ཅིག །ཅེས་སོ། །མདོ་སྔགས་ཐེག་


JLAZ005_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

པ་བསམ་ཡས་མཆོག་གི་སྒོ། །ལུང་དང་རྟོགས་པའི་དམ་ཆོས་ལ་འདུ་བས། །འདི་ནི་བསྟན་པ་ཡོངས་རྫོགས་མཛོད་ཁང་ཕྱིར། །འགྲེལ་པ་ཉུང་ངུས་དོན་མཐའ་དཔོགས་པ་མིན། །དེ་ལྟ་ན་ཡང་འདི་ཉིད་ཁ་ཏོན་དུ། །བགྱིད་རྣམས་དོན་ལ་དོགས་པ་འཕྲོ་བའི་ཕྱིར། །ཡི་གེའི་ཕྱི་མོར་དབྱངས་གསལ་བསླབས་པ་བཞིན། །འདི་ཉིད་རིག་པས་དོན་གྱི་ཕྱོགས་མཐོང་འགྱུར། །དེ་ལས་དཔྱིས་ཕྱིན་ཤེས་པར་འདོད་པ་རྣམས། །བདེན་རྣམ་གཉིས་བདེན་གཉིས་ཤིང་རྟ་དང༌། རྣམ་མཁྱེན་ཤིང་རྟ། ཀྱི་ཤིང་རྟར་བརྟེན་བྱས་ན། །དེ་གཉིས་འདི་ཡི་འགྲེལ་པར་ཡང་འགྱུར་ལ། །འདི་ཉིད་དེ་ཡི་རྩ་མདོ་སྔགས་སྨོན་ལམ། བར་ཡང་འགྱུར་རོ། །འདི་ནི་ངེས་པ་དོན་གྱི་སྤྲུལ་པའི་སྐུ། །ཤནྟ་པུ་རིར་གཤེགས་ནས་ཁྱིམ་ལག་ལོར། །རང་བྱུང་རྡོ་རྗེ་འཇིགས་མེད་གླིང་པས་བཀོད། །དགེ་བས་འགྲོ་ཀུན་རྣམ་མཁྱེན་ཐོབ་པར་ཤོག ། གཞུང་རྩ་བར་ངག་རྒྱུན་མ་དག་པ་ཡི་གེར་འཕེལ་བ་རེ་མང་ལས་དཔྱད་ཞུས་ཡང་དག་བགྱིས་པ་ཡིན་པས་འབྲུ་ལེན་གྱིས་བཤུ་བ་གལ་ཆེའོ།། །།དགེ་འོ། དགེའོ། དགེའོ།


previousབྱང་ཆུབ་སྤྱོད་པའི་སྨོན་ལམ་ཕན་བདེའི་ལྗོན་པའི་ཊཱི་ཀ་རྒྱལ་བའི་གཞུང་ལམ།next