Nitartha Digital Library
Tibetan
 
previousཆབ་ཤོག་གི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ་མིའམ་ཅིའི་ཟློས་གར།next

ཆབ་ཤོག་གི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ་མིའམ་ཅིའི་ཟློས་གར།


JLAZ006_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

ཆབ་ཤོག་གི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ་མིའམ་ཅིའི་ཟློས་གར་བཞུགས། །


JLAZ006_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་ཅག་ལ་ཞབས་དྲུང་ལྷ་བས་རང་གི་ཁབ་ཏུ་བསྐྱོད་དགོས་གསུངས་པ་ཐོག་མར་བྱུང་བའི་ལན་ཕུལ་བ། འདི་ན་སྣོད་བཅུད་དགེ་མཚན་མ་ལུས་ཕྱུར་བུར་སྤུངས་པའི་ས་འཛིན་ངོགས། །རྩ་མཆོག་མྱུ་གུའི་མངོན་པར་རྟོགས་པས་མིང་གི་ཅོད་པན་འགོད་པ་དང༌། །ཆབ་གཅིག་འཆི་མེད་རིགས་ཀྱི་ཐིག་ལེའི་རྟེན་དང་བརྟེན་པའི་རང་བཞིན་ཅན། །དབང་བཅུའི་དཔལ་གྱི་རྗེས་སུ་ཉེར་འགྲོ་མི་དབང་མཁས་པའི་དབང་པོ་རྒྱལ། །ཞབས་པད་རིན་པོ་ཆེར། གང་གི་ཚེ་སངས་རྒྱས་མང་པོ་ལ་བསྙེན་བཀུར་བ་དང༌། ཐབས་དང་སྤྱོད་པའི་ཚོགས་རྒྱ་མཚོ་འབྱམས་ཀླས་པས་ཆོ་འབྲང་བཙན་པོའི་ཁབ་ཏུ་ཞབས་བརྟན་ལེགས་པར་


JLAZ006_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

བཀོད་པ་ནའང༌། དེ་ཙམ་གྱིས་ཁེངས་དང་བརྟུན་ངས་པའི་ཀུན་འབྱུང་གི་རྣམ་པར་རྟོག་པ་ནི་ཡོངས་སུ་སྤངས། མཚན་དཔེའི་ཟླ་ཞལ་གསར་བའི་ངོགས་སུ་ཐར་བའི་ལམ་དང་རྗེས་སུ་འབྲེལ་བའི་ཡོན་ཏན་རྒྱ་མཚོས་མངོན་པར་ཕྱུག་པར་གཏན་ཆགས་པ་ནས་ཆབ་ཤོག་རིན་པོ་ཆེ་གནང་རྟེན་གྱི་རེ་ཁཱ་ཅན་དང༌། དབང་ཆོག །དཀྱིལ་ཐང༌། ཙཀླི་བཅས་ཉམས་མེད་སོན་པ་བཀའ་དྲིན་དམ་པར་ཆེ་ལགས། འདི་ན་རྒྱལ་དབང་པདྨའི་ཐུགས་རྗེས་འཚོ་བ་གྱི་ན་པའང་དགེ་སྦྱོར་ལ་འབད་ཁུལ་ན་ལགས། མཚམས་ཞུས། དངོས་ཅག་ལ་རྒྱ་ཆེ་བ་དང་ཟབ་པའི་ཡོན་ཏན་གྱིས་ཉེ་བར་གོས་པ་ཞིག་མ་ལགས་མོད་ཀྱིས། དམ་པའི་ཀུན་ཏུ་


JLAZ006_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པ་རྒྱ་མཚོས་བསྲུངས་པའི་མི་དབང་ཉིད་ཀྱིས་དཀར་པོ་རྣམ་པར་འཕེལ་བའི་ས་བོན་གྱིས་གཟིགས་པས་བསྐྱེད་བསྲིངས་པར་ངེས་ན་རྟེན་ཅིང་འབྲེལ་བར་འབྱུང་བའི་གོམ་སྟབས་ཕྱོགས་མི་འཆོལ་བར་བསྒྱུར་བའི་འདུན་པ་ཡིད་ལ་དམ་བཅའི་ཆོ་གང་བཀོད་མོད། དེ་ལྟ་ནའང་དངོས་ཅན་གྲོ་བཞིན་གྱི་ཁྱིམ་ཟླ་ཚེས་མ་ཐག་པར་ཟུང་ཕུ་ལྷ་སྡིངས་སུ་རྗེ་ཐེག་གླིང་པ་ཞི་བར་གཤེགས་པའི་གདུང་རྟེན་རབ་གནས་ལ་བགྲོད་དུ་ཉེ་བ་དང་ཞར་ལ་གནས་ཆེན་དམ་པ་བསྒྲགས་ཀྱི་ཡང་དབེན་དུ་ཏིང་ངེ་འཛིན་གྱིས་འཚོ་བ་དོན་དུ་གཉེར་བ་དང་བཅས་ཞག་གི་ཕུང་པོ་འགའ་ཞིག་འཐོགས་པའི་སྟ་གོན་གྲུབ་པ་ལགས། ཀུན་རྫོབ་རྟེན་འབྲེལ་གྱི་རྗེས་སུ་སོན་པས་ལོ་གསར་མ་ཐག་པའམ། དེའང་རང་བཞིན་མེད་པའི་ཆོས་ཉིད་ལ་རྩིས་གདབ་མེད་པས་ཚུར་འཁོར་ཟླ་བཅུ་པའི་ནང་ཕྱིན་དག་མཆོག་གི་དགོངས་པ་དང་བསྟུན་པའི་སྔ་འགྲོས་སུ་དུས་གསལ་ངེས་བཅར་གྱི་ཕོ་ཉ་དང་བཅས་བཞེད་པ་བསྐང་ཆོག་པ་དང༌། དུས་སླད་མའི་ཆར་ཡང་བསོད་ནམས་རྒྱ་མཚོའི་སྣང་བརྙན་གྱི་མྱུ་གུ་མཆོག་ཏུ་བརྟན་ཞིང་ཀུན་ནས་དགེ་བའི་ལུགས་ཟུང་གི་ཕྲིན་ལས་བསྙེལ་བ་མེད་པ་ནས་ཐུགས་བརྩེའི་འཆིང་རྒྱས་གཏང་མི་བྲ་བའི་བཀའི་ཕེབས་ཚོགས་ཀྱང་ཆུ་བོ་ཆེན་པོ་པཀྵུའི་ཀླུང་བཞིན་ཞུ་


JLAZ006_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡིན། ཞུ་ཆུང་སྤྱན་སྔར་སོན་པའི་རྟེན་འབྱུང་ལྷ་རྫས་བཅས་ཕུལ།། །།ཞབས་དྲུང་ལྷ་པའི་མཆིད་ལན་གཉིས་པ། འཆི་མེད་དཔལ་གྱི་གྲོང་ཁྱེར་སྐབས་གསུམ་པ། །རི་དབང་རྩེ་ནས་ལྷུང་ལྟ་ག་ལ་ཞིག །གཟུགས་བརྙན་གཉིས་པར་འཆར་བཟོད་ལེགས་བྱས་ཀྱི། །དཔུང་པས་ཐོབ་པའི་ལྷ་དབང་ཁྱོད་གཅིག་རྒྱལ། །ལྷ་གཟིགས་སུ་གསོལ། འདི་ལྟར་བརྟན་གཡོའི་ཆོས་ནི་སྒྱུ་མ་མཁན་གྱི་བྱེད་ལས་དང་མཚུངས་པའི་སྐྱེད་མོའི་ཚལ་ནའང༌། འཆི་བ་སྤངས་པའི་ཆུ་སྐྱེས་གཞོན་ནུ་དཔྱིད་ཀྱི་ཕོ་ཉའི་ལང་ཚོ་དང་འགྲོགས་པའི་ཕྲིན་ལས་ཀྱི་བྱེད་པ་ཆབ་མི་འཚལ་བ་ནས། འཆིད་ཀྱི་བཞིན་བཟང་རི་མོ་མཁན་གྱི་གཟུགས་བརྙན་དུ་འཕོས་པའི་གཏམ་གྱི་བརྗོད་པས་ཡིད་ལ་སིམ་པའི་ངོ་མཚར་ཅི་ཡང་བྱིན་པ་ལགས། འདིར་གནས་ཡུ་བུ་ཅག་ཀྱང་འཚོ་བའི་འདུ་བྱེད་ཉམས་བརྟས་ཤིང༌། འཆི་མེད་གྲུབ་པའི་རི་ངོགས་ནས་དམ་པ་ཆོས་ཀྱི་རྔ་ཆེན་བརྡུང་བའི་སླད་དུ་བགྲོད་པའི་གོམ་སྟོབས་ལྷོད་པོར་བསྒྱུར་བའི་མཆིད་གསལ་གཞོན་ནུའི་ལྕགས་ཀྱུས་བཏབ་པ་གང༌། རི་ཁ་བ་ཅན་ན་ཐེག་པའི་རྒྱལ་པོའི་ཆོས་ཀྱི་སྒྲ་དབྱངས་གནྡྷརྦྷའི་རྒྱུད་མངས་ཀྱི་དབྱངས་སུ་འཆོར་བ་ལ། དུས་གསུམ་གྱི་བློ་མཆོག་རྣམས་ཀྱིས་ཀྱང་ཕྲག་པར་ལྕི་བའི་གླེགས་བམ་དང༌།


JLAZ006_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

རལ་གྲིའི་འཁྲི་ཤིང་འདར་བ་ནུས་པ་རྒྱལ་བ་གཉིས་པ་ཀུན་མཁྱེན་ངག་གི་དབང་པོའི་གསུང་རབ་ལས། རྣམ་གསུམ་ཤིང་རྟ་ཆ་ལག །མཛོད་བདུན་དགོངས་འགྲེལ་དང་བཅས་པའི་ཆོས་ཀྱི་འཁོར་ལོས་གཉུག་མའི་ཁང་བུར་བསྟི་བ་ལ་རེ་ཞིག་བཤོལ་བཏབ་བོ། །རྒྱུ་གང་ལས་མིའི་དབང་པོའི་མཆིད་ཀྱི་ཞུ་ལེན་སྐབས་དེ་དང་དེ་དག་ཏུ་དབུལ་བ་རྔོ་ཐོགས་པར་མ་གྱུར་མོད། འདི་ལྟར་རྒྱལ་རིགས་དྲ་མ་ཆེན་པོ་དག་ནི་རིགས་པ་དང་མ་ཡིན་པའི་གནས་ལ་ལེགས་པར་རྟོག་ཅིང༌། བློ་གྲོས་ཀྱི་དཀྱིལ་ཁོ་ལག་ཡངས་པས་གཤུང་བའི་གནས་སྐབས་ལྟ་ག་ལ་ཞིག །ལྷ་ད་དུང་དགོངས་ཤིག །འདི་ན་བཤུལ་རིང་གི་མགྲོན་པོ་རྩྭ་ཅན་གྱད་ཀྱི་ཡུལ་དང་ཉེ་བ་ལྷོ་འབྲུག་གི་ཕྱོགས་ནས་ལྷགས་པ་དང༌། དངོས་ཅག་གི་གམ་དུ་རང་བཞིན་རྫོགས་པ་ཆེན་པོའི་ཟབ་པ་དང་རྒྱ་ཆེ་བའི་འབྲས་བུ་དོན་དུ་གཉེར་བ་དག་མཆིས་བའི་རེ་བའི་ཤིང་རྟ་ངལ་བསོའི་འབབ་སྟེགས་ལ་བཀོད་ནས་སླར། གནམ་ལོའི་གདོང་པ་ཆུ་ཤེལ་གྱི་དཀྱིལ་འཁོར་ལྟར་གསར་དུ་རྔོམ་པ་ཆོ་འཕྲུལ་ཆེན་པོའི་དགའ་བ་གཉིས་པའི་ཉིན། ལྷ་གཅིག་མཁས་པའི་དབང་པོའི་རྒྱལ་ཁབ་དམ་པར་དྲན་པའི་འདུ་བྱེད་མངོན་དུ་ཕྱོགས་ནས་འདེགས་པའི་དམ་བཅའ་ཡིད་ཀྱི་ཆོ་གར་བཀོད་པ་ལགས་ན། དེ་ཉིད་ཀྱི་སྔ་མར་


JLAZ006_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

ཤུགས་ལྡན་གྱི་བཞོན་པ་ལྔ་དང་བཅས་པའི་མངག་གཞུག་པ་ཁོ་བོའི་གམ་དུ་འཁོད་པའི་སྐབས་དབྱེ་བར་མཛོད་ཅིག་དང༌། ལྷ་སྲས་དམ་པའི་ཞལ་སྐྱིན་ཟླ་བ་འབུམ་གྱི་དཔལ་ཡོན་དང་འགྲོགས་པའི་ངང་ཚུལ་དབང་པོའི་མངོན་སུམ་པར་བལྟ་བ་ལ་གཅིག་ཏུ་འདུན་པ་ལགས། ཞུ་ཆུང་འདེགས་མཚོན་དང་བཅས་ཚེས་བཟང་པོ་ལ་ཕུལ་བ་མཆོག་ཏུ་བཀྲ་ཤིས་པར་གྱུར་ཅིག།། ༈ ལྕགས་ཟམ་སྤྲུལ་སྐུ་རིན་པོ་ཆེ་ལ་ཕུལ་བ། སྐྱེས་བུ་ཆེན་པོ་དེང་གཟིགས་སུ་གསོལ། གང་དུ་གདོང་ཕྱོགས་ཤིང་གུས་པའི་མཆོད་སྤྲིན་ཆེན་པོ་སྤྲོ་བ་ནི་ལྗོན་ཤིང་གི་ལོ་འབྲས་མཆོག་ཏུ་དུད་པ་བཞིན་ནོ། །གསོལ་བར་འོས་པ་ནི། རྨད་དུ་བྱུང་བའི་ཐུགས་བསྐྱེད་ཀྱི་ཤིང་རྟས་དྲངས་པའི་མཚན་དཔེའི་འཁྲི་ཤིང་ནི་རྒུད་པ་མེད་པའི་དཔལ་གྱིས་ཉེ་བར་མཛེས་པ་ཉིད་དང༌། ཕུལ་དུ་བྱུང་བའི་འཕྲིན་ལས་ལང་ཚོ་བླ་ན་གསལ་བཞིན་པ་ནས་བཀའ་ཐ་མ་རིན་ཆེན་མཚམས་ཀྱི་སྤྲིན་པའི་སྤུན་ཟླར་མཛེས་པ། བདེ་བླག་ཏུ་སོན་པས་གུས་པ་དང་སྤྲོ་བའི་རྣམ་འགྱུར་ནི་མདོངས་དང་ལྡན་པའི་ཐོས་འཛིན་དུ་འཁྱོག་པོར་འགྲོ་བའི་རྔ་གསང་གྲགས་པ་ཇི་ལྟ་བའོ། །འདིར་གནས་པའང་རྩ་གསུམ་རྒྱ་མཚོའི་ཐུགས་རྗེའི་གདུགས་ཀྱི་གྲིབ་བསིལ་ལ་ངལ་བཏེག་འཆའ་བའི་རྣམ་པར་གང་


JLAZ006_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་དེའོ། །རེ་ཞིག་འདས་པ་ན་རྒྱུད་ལུང་མན་ངག་ཀུན་གྱི་ཡང་བཅུད་བདེ་གཤེགས་འདུས་པའི་པུསྟ་ཀ་དང་ཆབ་གཅིག་པར་རྣམ་འདྲེན་དམ་པའི་གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པ་བྲི་གཞིའི་ངོས་ལ་གཟུགས་བརྙན་གྱི་དམ་བཅར་བཀོད་པ་དེ་འདྲེན་བྱེད་ཀྱི་པད་མཚོར་ལྷུངས་པས་སྲེད་ལྡན་མའི་ཆོམ་རྐུན་སྐྱེས་བུའི་ཡིད་ཀྱི་གྲོང་ཁྱེར་དམ་པར་ཞུགས་པ་ཉིད་དུ་འགྲན་པར་འོས་སོ། །འདིར་དགོངས་ཤིག །ཇི་ལྟར་སྩལ་བའི་བཀའི་མཆིད་ཕྲེང་མནྡཱ་ར་བའི་དོ་ཤལ་མགུལ་བར་མཚོན་ཏེ་སྙིང་ལ་ཡང་དག་བཅང་པ་ལས་འདས་པའི་རང་བཞིན་གང་ཡིན་པ། མྱུར་འགྲོའི་མགྲིན་པ་ལས་ལུ་གུ་རྒྱུད་དུ་གསོལ་བ་དེ་ལགས། ནོངས་པ་གང་ཡིན་པ་མི་འཆལ་པ་ལགས་པས་ཚངས་པར་སྩོལ་བ་ལ་ཅི་གནང༌། དངོས་ཅག་སྲིད་པའི་འཁོར་ལོར་ཡུན་དུ་འཚོ་བའི་རྟེན་འབྱུང་གི་དངོས་པོ་ལྷའི་ཝསྟྲ་དང༌། ནཻ་པ་ལའི་དོང་རྩེའི་ཁུར་གྱིས་ལྕི་བའི་རྟེན་འབྲེལ་གྱི་མཚན་མ་ཡང་གདུང་བས་ཉེན་པ་ཁུ་འཕངས་ཀྱི་གྲིབ་ཏུ་བསིལ་བ་དེ་ཅི་འདྲ་བའོ། །སྙིང་གི་དབུས་སུ་ནི་གསང་ཆེན་སྙིང་པོའི་བསྟན་པ་ཁོ་ན་ཡང་ཡང་ལྷགས་ནས་རྒྱུད་འབུམ་རིན་པོ་ཆེའི་བསྟན་པའི་སྣང་བ་གསར་དུ་སྣང་བར་བྱེད་པ་ལ་ཤིན་ཏུ་ཉེ་བར་ཕྱོགས་པ་ན། བྱམས་པ་ཆེན་པོའི་ཕྱག་རྒྱ་སྙིང་


JLAZ006_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡང་དག་འཁྱུད་པའི་དངོས་པོ་ངེས་བསྟན་འདི་ཞེས་མཚོན་པའི་གནང་སྦྱིན་གྱི་རིམ་པ་ལྗོན་པའི་བམ་པོ་མཚམས་ཀྱི་སྤྲིན་པའི་བཞིན་རས་ཅན་དང༌། འབྲུ་དཀར་གྱི་ཕུང་པོ་ཡུལ་མ་ག་དྷཱའི་བྲེ་བོ་ཆེའི་ཁལ་དུ་ལངས་པ་སོན་པའི་བཀའ་དྲིན་གྱི་འཁོར་ལོ་ནམ་ཡང་མཐའ་མི་གཏུགས་པ་རྩིབས་ཀྱི་མུ་ཁྱུད་དེ་ཇི་འདྲ་བའོ། །སྨྲ་བའི་དབང་ཕྱུག་ཆེན་པོ་སྒྲོལ་བའི་མགོན་པོའི་ཆོས་འབྱུང་མི་ཤེས་མུན་པའི་འཇོམས་པ་ལ་འཇམ་པའི་གཞོན་ནུའི་རལ་གྲིའི་མཆེད་ཟླར་གྱུར་པ་གང་ཡིན་པའང་དེང་འབུལ་བས་དགྱེས་པར་རྩེན་དུ་གསོལ། གང་ན་ལུས་ཅན་རྣམས་ཀྱི་བསོད་ནམས་མ་ཡིན་པའི་ལས་ཀྱི་འདུ་བྱས་པའི་འབྲུམ་བུའི་ནད་རིམས་ཉེ་ཞོ་མེད་པའི་གནས་སུ་ཕྱིན་པ་མ་གྱུར་པ་དེ་སྲིད་དུ་ཕྱོགས་སུ་རིང་པར་ཅང་ཤེས་ཀྱི་འཐུར་མདའ་གཡོ་བ་ནི་ཡུལ་གཉན་པོའི་བླང་བྱ་མ་ཡིན་ནོ། །འདི་ལ་ནི་ཤེས་བྱར་ལྡན་པ་ཐམས་ཅད་སྐྱེས་བུ་དམ་པ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཞེས་སྒྲོག་པར་གདོན་མི་ཟ་བ་ཉིད་དོ། །ཕྱིན་ཆད་ནའང་འཁོར་ལོའི་མཚན་མས་འཁྱུད་པའི་ཞབས་རྡུལ་རྡོ་རྗེའི་ཁྲི་ལ་མོས་པ་མ་བྱོན་གྱི་བར་འཚོ་ཞིང་གཞེས་པའི་རིང་ནས། བསྟན་འགྲོའི་དོན་རླབས་པོ་ཆེ་སྔར་འཁྱུད་བཞིན་གཏང་དུ་མེད་པའི་ཕྲིན་ལས་ཆེན་པོ་དུས་ལས་གཡོ་བ་མི་མངའ་བ་ནས། བཀའི་མཆིད་


JLAZ006_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲེང་ཡང་གཞོན་ནུའི་དོ་ཤལ་བཞིན་ཆད་པ་མེད་པར་ཡན་ལག་མཆོག་གི་རྒྱན་དུ་སྩོལ་བར་གསོལ་བ་འདེབས་པ་ཡིན། ཞུ་ཆུང་འདེགས་མཚོན་བཅས་པདྨ་འོད་གླིང་ནས་ཕུལ་པའོ།། །། ༈ ལྕགས་ཟམ་ཕྱག་མཛོད་བློ་གྲོས་དབང་པོས་སྒྲ་རིག་པ་ཁོང་དུ་ཆུད་པའི་གནས་ཚུལ་དང་ཆབ་གཅིག་རྫོགས་པ་ཆེན་པོའི་ཁྲིད་ཉན་དུ། ཁོ་བོའི་མདུན་སར་ལྷགས་རྒྱུའི་ཞུ་འཕྲིན་བྱུང་དུས་གསོལ་བ་སློབ་དཔོན་མཆོག་སྲེད་དབང་པོའི་གཏམ། བློ་གྲོས་མ་ལ་ཡ་ཡི་འཁྲི་ཤིང་རྩེར། །ཤེས་བྱ་འཇའ་ཚོན་རི་མོ་རྣམ་བཀྲ་ཡང༌། །གནས་ལུགས་འོད་མཚན་སྟོང་དུ་འབར་བའི་ཁྲིར། །གཅིག་ཏུ་རིངས་པའི་མདངས་ལྡན་ཀུ་མཱ་རར། །ཐོག་མཐའ་མེད་པའི་ཀུན་འབྱུང་གྲོང་ཁྱེར་ཆེར། །ཤིན་ཏུ་སྨད་པར་འོས་པ་སྡིག་པའི་མངལ། །དཀར་པོ་རྣམ་པར་འཕེལ་བའི་མཐུས་བཤིག་ལ། །ཁྱོད་དང་འཇིག་རྟེན་མེས་པོ་མཚུངས་ན་ཡང༌། །བསྔོ་བ་དམ་པའི་ཞགས་པས་བཅིངས་པའི་ཁྱད། །ལྟར་སྣང་འཇིག་རྟེན་འབྱོར་བས་མ་ཁེངས་པར། །རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་ལ། །འཇུག་པར་འདོད་ཁྱོད་དེད་དཔོན་བཞིན་བཟང་དངོས། །ཀུན་མཁྱེན་གོ་འཕང་བགྲོད་པའི་ལམ་སྟེགས་གྲུར། །ཤེས་བྱའི་བ་དན་འཛུགས་པ་རྒྱལ་སྲས་ཀྱི། །འཇུག་ངོགས་དམ་པར་


JLAZ006_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཟད་རྨོངས་ཆེན་གྱི། །དྲ་བ་འཇོམས་ལ་ཕུར་བུའི་གྲུབ་མཐར་གྲངས། །དེ་ཕྱིར་གང་ཟག་ཙམ་ལ་མི་རྟོན་པར། །ཆོས་ལ་རྟོན་པའི་རྣམ་ཐར་ལྷུར་བཞེས་ནས། །སྒྲ་དོན་གཙུག་ལག་རྒྱ་མཚོའི་དོ་ཤལ་གྱིས། །སྨིན་དྲུག་བསྙེངས་པའི་གནས་ལ་སྦྱར་དེ་སྤྲོ། །དེ་ལྟ་ན་ཡང་སྒྲ་རིག་ཟླ་བའི་མར། །ཀུ་ཤའི་ཆུན་པོས་རེག་པའི་དཔེས་མཚོན་ཏེ། །ཐུག་པ་མེད་པ་མུ་ཁྱུད་ལ་བསྐོར་བའི། །བརྟུལ་ཞུགས་ཡང་དག་འཇོག་ལ་དབུགས་དབྱུང་འཚལ། །མ་སྦྱངས་རིག་པ་ཨེ་རན་ཌ་ཡི་ཤིང༌། །སྙིང་པོས་སྟོངས་པའི་ཅ་ཅོ་སྒྲོག་པ་ལ། །མཆོག་ཏུ་སྤྲོ་བ་མིན་ཡང་ཐུགས་རྗེའི་སྤྱན། །བདག་ལ་རིངས་པར་གཟིགས་དེར་དངས་བའི་སྐྱེས། །སེམས་ཉིད་ནམ་མཁའི་བུ་མོ་ཡི། །ཟླ་ཞུན་ཁུར་ཚོས་ལ་བསྐུས་ནས། །བརྗོད་པ་སྙན་པར་སྒྲོག་བཞིན་དུ། །ནམ་མཁའ་མཛོད་ཀྱི་གམ་དེར་སོང༌།། །།རྒྱ་རི་ཞབས་དྲུང་ལ་ཕུལ་བའི་མཆིད་ལན། རྣམ་དཔྱོད་ལུས་སྟོབས་བརྟས་པའི་གཉིས་འཐུང་གང༌། །ས་སྲུངས་དབང་པོ་ཐ་ཤལ་ནགས་ཁྲོད་ལ། །འདུན་སར་མི་བྱེད་དགའ་བ་བརྒྱ་ལྡན་གྱི། །ལྷ་ཡི་འདུན་སར་བག་ཕེབས་གཏམ་དེ་སྙན། །འཇིག་རྟེན་མོས་པོའི་བློ་གྲོས་གནམ་རུའི་རྒྱུད། །ཤེས་བྱའི་མཐེབ་ཀྱིས་བཀུག་པའི་ཉག་ཕྲན་མདའ། །ཆོས་དང་སྲིད་ཀྱི་དཔལ་འབྱོར་སྐྱེད་མོས་ཚལ། །


JLAZ006_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ཁྱོན་བཀོད་པ་གཞལ་བའི་བྱེད་པོར་བསྐོས། །འཁོར་བ་སྒྱུ་མའི་གཟུགས་ཀྱི་འཁྲི་ཤིང་ལ། །རྨི་ལམ་ཤེས་པ་བཞིན་དུ་ཉམས་མྱོང་བ། །དབང་རྣོན་ཆོས་རྗེས་འབྲང་བའི་ཁྱད་ནོར་ཕྱིར། །རྣམ་པར་དཀར་བའི་ཟོང་དེ་འབད་པས་སྒྲུབས། །འདི་ན་རིན་ཆེན་གསུམ་གྱི་གྲིབ་བསིལ་ནི། །བསྟི་ལ་མངོན་པར་ཆས་པའི་རྣལ་འབྱོར་ཅན། །རང་བཞིན་རྫོགས་པ་ཆེན་པོའི་གནས་ལུགས་དང༌། །ཆོས་ཉིད་མཉམ་པར་སྦྱོར་ལ་རྟག་ཏུ་འདུན། །དེ་བས་ཡང་ཡང་འགྲོ་དང་ལྡོག་པའི་ལས། །རྣམ་པར་ཤེས་པའི་ཁུར་དུ་ལྕི་བ་དེས། །གཉུག་མའི་གྲོང་ཁྱེར་ཉིད་དུ་བརྟན་པའི་གཏམ། །གང་ལས་ཅིག་ཤོས་སྣང་ཆར་གསལ་བ་མེད། །འདྲིས་པར་མིན་བཞིན་བཤེས་པར་གྱུར་པ་ཁྱེད། །ལང་ཚོའི་པདྨོ་སྙིང་ལ་སྤྲོ་བཞིན་པས། །བདེ་གཤེགས་བྱེ་བའི་མཚན་གཟུངས་ཚེ་ཡི་མདོ། །བརྒྱ་ཕྲག་རིམ་གྲོར་བསྐྱེད་ཅིག་ཤིས་པར་འགྱུར།། །།མཚོ་སྣ་དགོན་རྩེ་སྤྲུལ་སྐུའི་ཆབ་ཤོག་ལན་ཕུལ་བ། འཇིག་རྟེན་རྣམ་པར་འདྲེན་པ་སྤྲུལ་བའི་སྐུ་རིན་པོ་ཆེ་སྡེ་སྣོད་གསུམ་པའི་ཞབས་སྟེགས་སུ། མཚན་དཔེའི་ཉིན་བྱེད་བླ་ན་མངོན་པར་གསལ། གཙུག་ལག་རྒྱ་མཚོའི་ཁང་མཛེས་དམ་པར་འཇུག་པའི་བློ་མཆོག་ནོར་བུའི་ཁོ་ལག་ཡོངས་སུ་རྫོགས་བཞིན་པར་གཏན་ཆགས་པ་སྤྱི་སྒོས་ལ་བཀའ་དྲིན་


JLAZ006_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པར་གྱུར། གུས་པ་རྡོ་རྗེའི་ལམ་ལ་རྣལ་དུ་འབྱོར་པར་རྗེས་སུ་སློབ་པའང་གཟུགས་ཁམས་འཚོ་བ་སྙོམས་ཤིང་གཞན་ཕན་དུ་རློམ་པའི་འདུན་པ་ཙམ་དུ་ལགས། མཚམས་སུ་གཏམ་བྱ་བའི་གླིང་བུར། རིང་མོ་ཉིད་ནས་སྐྱེས་བུ་ཆེན་པོའི་བློ་མཆོག་ལ་གོམས་པར་རྣམ་པར་དཔྱོད་པའི་འདྲེན་བྱེད་རབ་རིབ་ཀྱིས་ལྡོངས་བ་མ་ཡིན་པའི་མཉན་དུ་འོས་པ་གང༌། ཟབ་པ་དང་རྒྱ་ཆེ་བའི་ཆོས་ཚུལ་རྒྱ་མཚོར་ཕྱོགས་ལྷུང་བྲལ་བའི་གྲུ་གཟིངས་ཀྱི་འཁྲི་ཤིང་བརྟེན་པར་མཁས་པའི་རྣམ་ཐར་བཟང་པོ་གཞར་དུ་མེད་པའི་དཔའ་རླབས་གཡོ་བའི་འཛུམ་དཀར་གྱིས་དངོས་ཅག་ལའང་སྤྱན་རས་ཀྱིས་བཙའ་བ་གཡོ་བས་དནྚིའི་གཏམ་གྱི་དགེ་མཚན་བརྒྱ་ཕྲག་ལྷབ་ལྷུབ་ཏུ་གཡོ་བའི་བ་དན་གྱི་མཆིད་སྒྲ་སྙན་པའི་རི་མོའི་སྣང་བརྙན་རིན་པོ་ཆེའི་རྣ་ཆ་ཅན་སྩལ་བ་ཡིད་མཚོར་རབ་ཏུ་ཞུགས། འབྱུང་དུ་འགྱུར་བའི་གནས་སྐབས་ལའང་བསྟན་པ་རྒྱ་མཚོའི་རྩ་ལག་ཚུལ་ཁྲིམས་རིན་པོ་ཆེའི་ཁང་མཛེས་དམ་པར་འཛམ་བུའི་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་དང༌། རྨད་བྱུང་གཉིས་སོགས་རྒྱ་བོད་མཁས་པའི་གཞུང་འགྲེལ་རྒྱ་མཚོའི་ཟབ་པ་དང་རྒྱ་ཆེ་བའི་བརྟུལ་ཞུགས་ཐལ་འགྱུར་དུ་སྒྲོག་པའི་གནས་ལ་བསྙེལ་བ་སྤངས་བའི་ཕྲིན་ལས་ལྷུར་བཞེས་པའི་རྣོ་དབལ་གང༌།


JLAZ006_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་པ་མ་ཡིན་པའི་ཅེ་སྤྱང་གི་སྙིང་ལ་ཟུག་རྔུའི་ཚེར་མ་འཛུགས་པའི་དཔྱད་མཁན་གྱི་ཆོ་གར་གྲུབ་ཅིང༌། དམ་པའི་ཆོས་འདུལ་བ་ལ་སྟོན་པས་ལེགས་པར་གསུངས་པའི་གནང་བཀག་དང་རྒྱུད་སྡེའི་གནས་ལ་མཐའ་དྲུག་ཚུལ་བཞིའི་ས་ལམ་གྱི་དབྱིངས་འཇལ་བར་མཁས་པས་མཐའ་བྲལ་ཆོས་སྐུའི་གོ་འཕང་མཆོག་ལ་བདེ་བླག་ཉིད་དུ་སོན་པར་མཛད་པའི་མཆོག་གི་ཕྲིན་ལས་བསྐྱུད་པ་མེད་པ་རང་གིར་བཞེས་པ་ནས་ཐུགས་བརྩེའི་བཀའ་འཆིད་གནྡྷརྦ་རབ་དགའི་གོ་འཕང་གཏམ་གྱི་ཡ་མཚན་གསར་པ་འདྲེན་བྱེད་ཀྱི་ངོར་ཡངས་པར་འཇུག་པའི་རིམ་པའང་རྒྱུན་མི་འཆད་དུ་སྩོལ་བ་ཅི་གནང༌། ཞེས་ཤུལ་དུ་ཞུགས་པའི་ལམ་གྱི་ཁྱོགས་ལ་རྟེན་བཞིན་པ་ནས་སྤྱན་རས་བཙའ་བའི་ལྷའི་རེག་བྱ་དང་བཅས་ཕུལ།། །།གཞུང་སར་ཞབས་བརྟན་གྱི་དཔེར་བརྗོད། ཤྲཱི་མངྒ་ལཾ། གང་ལ་བཤེས་པ་མ་ཡིན་འདུ་བྱེད་གདོན། །རྡོ་རྗེའི་ཁམས་ལ་བཞུ་བཏུལ་གྱིས་ཕམ་པའི། །ངལ་བ་སྟེར་ལ་འོད་མཚན་སྟོང་ཕྲག་བརྒྱར། །འབར་བ་སྐུ་ཡི་དབྱིག་ཏུ་དེང་གྱུར་ཅིག །ཆུ་སྐྱེས་གཞོན་ནུའི་ལྕུག་ཕྲན་གྱི་སོར་མོའི་བྲེ་ཁ་འཛུམ་པར་བྱས་པའི་རང་རྟགས་དང་ནམ་ཡང་བྲལ་ཐོབ་སྤངས་པས་བྱང་ཆུབ་སེམས་དཔའ་ལག་ན་མྱུ་གུའི་མིང་གི་ཅོད་པན་དཔྱངས་ཤིང༌། དམ་པའི་


JLAZ006_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་པདྨ་དཀར་པོ་ལས་རྗེས་བསྔགས་ཀྱི་རྒྱུད་མངས་སྙན་པའི་རོལ་མོར་དཀྲོལ་བ་བཞིན། གངས་རིའི་ཁྲོད་ན་ངུར་སྨྲིག་གི་རྒྱལ་མཚན་སའི་བླ་དོག་པོར་བགྱིད་པ་ཉིད་དུ་བསྟན་ཏེ། རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྲིན་ལས་སྣ་ཚོགས་པའི་བདག་ཉིད་ཅན་ཉེ་འཁོན་མེད་པའི་གནས་ལ་དཀར་འཇམ་དུ་བརྡལ་ནས། ལུས་ཅན་རྣམས་ཀྱི་སྐྱབས་དང་མགོན་དང་དཔུང་གཉེན་གཅིག་པུ་བར་གྱུར་ཏོ་ཞེས་པས་ངེས་པ་བརྟན་པོ་ལ་དྲན་པ་ཉེ་བར་བཞག་པ་གུས་པ་འཕྱོང་རྒྱས་དཔལ་རི་གྲྭ་ཚང་པས་ཞབས་བརྟན་གསོལ་འདེབས་དང་འབྲེལ་བའི་དངོས་འབུལ་མཚོན་བྱེད་ཙམ་དུ། སྐུ་རྟེན་སོགས། བདག་ཅག་གི་དངོས་འབུལ་གྱི་རྔོ་ཐོགས་པ་མ་ལགས་མོད་ཀྱི། ལྷ་རྫས་དང་མེ་ཏོག་གི་མཆོད་པའི་སྤྲིན་དུ་སྤྱན་རས་ཀྱིས་བཙའ་བ་ནས། ཇི་སྲིད་དབུས་འགྱུར་འཚང་རྒྱལ་བ་མ་རྒྱལ་བ་ལས་རྒྱལ་བའི་ཆོས་འཁོར་ཀྱི་ཕྲུ་མས་མ་བཏབ་པ་དེ་སྲིད་རྡོ་རྗེའི་ཆོས་བདུན་གྱི་ཁམས་ལ་རང་གིར་མཛད་ནས་འཚོ་ཞིང་གཞེས་པར་གསོལ་བ་འདེབས་པ་ལགས།། །།ལྕགས་ཟམ་རིན་པོ་ཆེ་ལོ་གསུམ་གནང་རྒྱུའི་མཆིད་ཕེབས་ལེན། རྣམ་འདྲེན་ཡོངས་འདུའི་ལྗོན་པ་མཆོག་གི་ཞབས་པད་རིན་པོ་ཆེར། གུས་པས་ཞུ་བ། དེང་གཟུགས་སྐུའི་ཆོས་སྡོང་


JLAZ006_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་གསལ་ཞིང༌། རྡོ་རྗེ་གཟུགས་ཀྱི་བཀོད་པའི་ཕུང་ཁམས་སྐྱེ་མཆེད་གདན་གསུམ་རྫོགས་པའི་འཁོར་ལོ་བདག་གིར་བཞེས་པའི་ཕྲིན་ལས་བླ་ན་མེད་པ་ནས་ཐུགས་དམ་རིན་པོ་ཆེའི་ངེས་གསལ་དང༌། ལྗོན་ཕུར་བམ་པོ་བཅས་མཚམས་ཀྱི་སྤྲིན་པའི་རེ་ཁཱ་རྔོམ་བཞིན་ཕེབས་པ་དངོས་ཞལ་མཇལ་བ་མི་གཉིས་པར་གྱུར། མཚམས་གསོལ། སྔོན་དུ་དེ་ཕྱོགས་ཀྱི་འགྲུལ་འགྲིམ་ལ་མཚམས་ཞུ་འབུལ་འདོད་གདུང་བ་ཆེ་ཡང༌། གློ་བུར་གྱི་བྲེལ་གཡེང་ཁོ་ནའི་སྟེས་དབང་གི་འབུལ་མ་ཐུབ་ཅིང༌། དཔེ་ཆའི་རིགས་བཀའ་གནང་གིས་འཐུས་པ་འདུག་ལགས། ཚོགས་ཀྱི་བདག་པོའི་སྤྱི་བོར་བསྟན་པའི་དཔལ་མགོན་ཞལ་དྲུག་གི་རྗེས་གནང་སོགས་ཀློག་པའི་འཁོར་ལོ་ཤངས་ཆོས་ཀྱི་བླ་བརྒྱུད་གསར་བསྐྲུན་སོགས་བསྟན་འགྲོའི་ཕྲལ་ཡུན་གྱི་རྩ་ལག་ཆེན་པོའི་བྱ་བ་ལས་ཀྱི་འཁོར་ལོ་དང༌། བྱེ་བྲག་ཏུ་ཐོས་བསམ་རྒྱ་མཚོའི་སྙིང་པོ་སྒྲུབ་པ་ནན་ཏན་གྱི་འཁོར་ཆེན་པོར་གཅིག་ཏུ་ཐུགས་གཞོལ་བའི་ཕྲིན་ལས་རླབས་པོ་ཆེའི་གཏམ་གྱི་དགེ་མཚན་རྣ་བའི་དཔྱིད་དུ་འབར་བས་གུས་པ་དང༌། རྗེས་སུ་ཡི་རང་བའི་ཡན་ལག་གི་ལྗོན་པ་ནི་ཤིན་ཏུ་རྨྱང༌། འདི་ཕྱོགས་སུའང་རྒྱལ་ཟླའི་ནང་ར་སྟོན་སྤྲུལ་པའི་སྐུ་དང༌། འབྲུག་བླ་གསར་པ་གཅིག་སོགས་འདུས་པ་སུམ་ཅུ་སྐོར་ལ་སྔོན་དུ་མདོ་དབང་སྨིན་རྒྱས་དང༌།


JLAZ006_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

ད་ལྟ་སྙིང་ཐིག་ཡ་འགའི་ཆོས་འཁོར་སོགས་གཞན་ཕན་དུ་རློམ་པ་འགའ་འགའ་གྲུབ་རྗེས། འདུས་བྱས་ཀྱི་རང་བཞིན་གཡོ་བ། མི་བརྟན་པ་གཞན་དབང་ཅན་གྱི་ཆོས་ཉིད་ལ་ངེས་པར་འབྱུང་བའི་དམ་བཅའ་བརྟན་པོ་ཡིད་ཀྱི་ཆོ་གར་བྱེད་ཅིང༌། ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་གྱི་འགལ་ཟླར་གྱུར་པ་མ་བསྡམས་པ་ དང༌། ལྷོད་པོར་གྱུར་པའི་གཉེན་པོར། ཀླུ་སྒྲུབ་ཞབས་ཀྱིས། དབང་ཕྱུག་ལུས་རྟོག་དྲན་པ་བདེ་གཤེགས་ཀྱི། །བགྲོད་པ་གཅིག་པའི་ལམ་འདི་ཉེ་བར་བསྟན། །དེ་ལ་གོམས་ནས་མངོན་པར་བསྲུང་བགྱི་སྟེ། །དྲན་པ་ཉམས་པ་ཆོས་ཀུན་འཇིགས་པར་འགྱུར། །ཅེས་པ་འདི་ཡིད་ལ་རི་མོར་བྲི་བ་ལ་འདུན་པ་རང་བཞིན་སྙན་འབུལ་དང༌། འབྱུང་དུ་འགྱུར་བའི་གནས་སྐབས་ན། ཁམས་དྲུག་ལྡན་པ་སྤྲུལ་བའི་སྣང་བསྙན་ཟོ་མདོག་བཟང་པོར་འགྱུར་བའི་རྟེན་ཅིང་འབྲེལ་འབྱུང་བདག་གིར་གཞེས་པའི་རིང་ནས། ཟབ་པ་དང་རྒྱ་ཆེ་བ་རྡོ་རྗེའི་ལམ་གྱི་ཐེག་སྐས་ལས་ལམ་ལྔ་དང༌། རིགས་འཛིན་བཞིའི་གོ་འཕང་ཆེན་པོར་བདེ་བླག་ཉིད་དུ་སོན་པའི་ཕྲིན་ལས་རླབས་པོ་ཆེ་དུས་ལས་ཡོལ་བ་མེད་པ་ནས་བཀའི་ཕེབས་ཚོགས་ཀྱང་ནར་མར་སྨིན་པ་མཁྱེན་མཁྱེན་གསོལ་བ་འདེབས་པ་ལགས། ཞུ་ཡིག་སྤྱན་རས་ཀྱིས་བཙའ་བའི་རྟེན་བཅས་


JLAZ006_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

གུས་པས་ཕུལ།། །།ལྷོ་རྒྱུད་བུམ་ཐང་ཕྱོགས་ལ་གནས་པའི་སློབ་བུ་དམ་པ་གང་ལ་ཟློ་བ། འདིར་ངོས་ཅག་ཀྱང་འཚོ་བ་སྙོམས་ལྡན་ནས་སྟོན་པས་ལེགས་པར་གསུངས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་པ་ཆེན་པོའི་ཀློང་དུ་དྲན་པ་ཡང་དག་འཇོག་ཅིང་རྣམ་པར་སྨིན་པ་ལ་རེ་བ་མེད་པའི་སྤྱོད་ཕྱོགས་ནས་བསྟན་པ་དང་སེམས་ཅན་གྱི་ཞབས་ཏོག་བསྒྲུབ་པར་འདུན་པས་དད་གཤིན་གྱི་རྫས་ལ་རྟེན་བཞེངས་ཀྱི་རིམ་པ་རྒྱ་ཆེ་བར་སྒྲུབ་སྐབས་ན་མཆིས། ད་ནི་རང་ཅག་ཀྱང་ན་ཚོད་ལས་ཡོལ། འཁོར་བ་རྣམ་གྲངས་མང༌། མིང་གིས་དུ་མར་བཏགས། བྱས་པ་ཟིན་པ་མེད། གཞན་དོན་གྱིས་རང་དོན་ཤོར། རྣམ་དཀར་དང་སྙིང་སྟོབས་རྒྱ་ཆེན་པོའང་སྟོང་ཉིད་ཟབ་མོའི་ཕོ་ཚུགས་ཤོར་བའི་རྒྱུར་མཆིས་ན། གཤིན་རྗེའི་ཕོ་ཉ་ལ་ཡང་ནས་ཡང་དུ་བལྟ། ཁྱེད་ཅག་ཀྱང༌། སྣང་བ་རྟེན་ཅིང་འབྲེལ་འབྱུང་ཅན། གཡོ་ཞིང་མི་བརྟན་པ། རག་མ་ལུས་པ། གང་ལའང་སྙིང་པོ་མ་མཆིས་པའི་མཚན་ཉིད་ཅན་དུ་ཉམས་འོག་ཚུད་ཀྱང༌། ཕུང་པོ་ལྔ་དང༌། དབང་པོ་རྣམས་ཀྱི་ཉེ་བར་ལེན་པའི་རྐྱེན་གྱིས་སྲིད་ལམ་དུ་དུབ་པའི་རྒྱུ་འབྲས་ལ་ནི་སྤྱོད། རང་བཞིན་ཤེས་པའི་དྲན་པ་ལས་གཞན་དུ་བྱས་ཏེ་རྟོག་ཚོགས་པའི་ས་བོན་གྱི་འཁོར་པའི་འཁོར་ལོ་བརྒྱུད་མར་འདུ་


JLAZ006_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་དེ་ལ། གྲུབ་ཆེན་གོང་མའི་རྣམ་ཐར་ལ་ཡང་ཡང་བསམས་ནས་དབེན་གནས་འབའ་ཞིག་ཏུ་ཆོས་ཉིད་ཟད་སར་འཁྱོལ་བའི་སྙིང་སྟོབས་མ་སྨད་པ་ནས་བསྙད་པར་འོས་པའི་ཆོས་ཀྱི་གཏམ་ཡང་གྱིས་ཤིག་གུ། །།གང་དུ་མཆིས་ན་གཡོར་སྟོད་ཀྱི། །ཆུ་བོ་རི་ཞེས་བྱ་བ་ན། །ལོ་ཧི་ཏ་ཡི་ཆུ་ཀླུང་ཡང༌། །ལྕགས་ཞུན་སྐ་རགས་འཆིང་བ་ཡོད། །དེ་ལ་བརྟུལ་ཞུགས་གྲུབ་པ་ཡི། །ཕྲིན་ལས་ཤིང་རྟའི་སྒྱུ་ཐབས་ལ། །རང་གིར་བགྱིད་པའི་དམ་པ་མཆོག །རྡོ་རྗེའི་གནས་ལ་དགོངས་ཤིག་མཆི། །དེ་དེ་ཡིད་ཀྱི་ཆོ་ག་ལ། །ཡང་ཡང་བཀོད་པའི་རི་མོ་ནི། །ཡི་གེའི་གཟུགས་སུ་འཕོས་པ་ལྟས། །བསྙུན་འདྲི་བགྱིད་ལ་ལྷག་པར་ཆས། །ཚོགས་གཉིས་རིན་ཐང་བྲལ་བ་ཡིས། །མངལ་གྱི་འདམ་རྫབ་ལ་ཉོས་པའི། །རྡུལ་བྲལ་པདྨོའི་སྐྱེ་མཆེད་ནི། །མཐོ་རིས་ཡོན་ཏན་བདུན་གྱི་དངོས། །གང་ལ་ཆགས་པའི་རྐང་དྲུག་ནི། །སྡེ་སྣོད་གསུམ་དང་ཕྱི་ནང་གི། །སྔགས་རྒྱུད་རིག་པའི་ཆོ་ག་ཡི། །དབྱངས་ཀྱི་ངེས་པར་བདུན་དུ་སྒྲོག ། འཇིག་རྟེན་སྡིག་པས་བཀབ་པ་ཡི། །ངེས་འབྱུང་བསམ་པ་བརྟན་པོའི་ཟོལ། །དམོད་པ་བོར་བའི་གྲོང་ཁྱེར་གྱི། །སྐྱེད་མོས་ཚལ་ལ་རྣམ་པར་ཞུགས། །ཕྱིན་དྲུག་མ་ཚང་མེད་པ་ཡི། །ཡན་ལག་རྫོགས་པའི་ཐ་གྲུ་ཀུན། །རིམ་པ་གཉིས་


JLAZ006_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཁྲི་གདུགས་ཀྱི། །འགབ་པའི་ཆོ་ག་ཁྱེད་ལ་རྫོགས། །དེ་ལ་ལྷ་དང་དྲང་སྲོང་དང༌། །འཇིག་རྟེན་སྐྱོང་བ་ཀུན་དགའ་ན། །གཞན་འཕྲུལ་དབང་བྱེད་སྡེ་དང་བཅས། །འཁུ་བཞིན་འབྲོས་པའི་གོ་སྐབས་བཙལ། །འདི་ན་གློག་ལྟར་གཡོ་བའི་ཚེར། །ཡིད་བརྟན་མེད་པའི་ཕོ་ཉ་ཡིས། །རྣམ་གཡེང་རབ་ཏུ་རྨོངས་བྱས་པས། །སྤོང་བའི་བརྟུལ་ཞུགས་ལ་དགའ་བ། །གསོག་དང་སྲུང་དང་སྤེལ་བ་ཡི། །ཡིད་ནི་རྣམ་པར་མ་དཀྲུགས་ཀྱང༌། །བྱིས་པ་དག་དང་ལྷན་ཅིག་པས། །ཞི་བདེ་གཞན་དབང་ཅན་དུ་བྱས། །དེ་ལྟ་མོད་ཀྱི་ཆོ་འཕྲུལ་གྱི། །འདུན་ཁང་བརྩིགས་པའི་གནས་སྐབས་ནས། །གྲང་རེག་གིས་ནི་སྨ་བབ་པའི། །འཕྱི་བ་བཞིན་དུ་བཅད་མཚམས་ཐོབ། །འཇིག་རྟེན་གཡོ་ཞིང་འཆིང་བ་དང༌། །ཀུན་འབྱུང་རག་མ་ལུས་པ་སོགས། །སྡུག་བསྔལ་བདེན་པའི་ཆོས་ཉིད་ལ། །སྐྱོ་བཞིན་འཕགས་པའི་ལམ་ལ་དད། །དྲན་པ་དང་ནི་ཤེས་བཞིན་གྱི། །རྣམ་རྟོག་མ་རིག་རྨོངས་བྱས་པས། །ཆོ་ག་མེད་པའི་དགེ་ཆོས་ལ། །དལ་བ་ཆེན་པོའི་གནས་སྐབས་ཐོབ། །སྨིན་དྲུག་གི་ནི་ཟླ་བ་དེར། །དམ་པའི་ཕྱག་ནས་སོན་པ་ཡི། །གསང་རྫོགས་རྒ་ཤི་འཇོམས་པའི་སྨན། །གཤེགས་གསོལ་བགྱིད་པ་དེར་བརྟོལ་ལམ། །དེང་འདིར་ཐོས་དང་བསམ་པའི་མཐའ། །


JLAZ006_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམས་པས་ཉམས་འོག་ཆུད་པའི་གཏམ། །དགོངས་ཤིག་དཔྱད་ནས་འདུས་དུས་ཀྱི། །སྐྱེས་པ་རབ་དང་ལྷན་ཅིག་སྩོལ། །སྐྱེས་བུ་ཆེན་པོ་སེམས་ཅན་དོན། །འཚོ་གཞེས་ཆོ་ག་མཁན་གྱིས་ནི། །ཇི་ལྟར་གསོལ་བའི་གཏན་ཚིགས་བཞིན། །བཞུགས་ན་འགྲོ་འདི་དབུགས་དབྱུང་འཚལ། །དེ་སྐད་དུ་ནི་གསོལ་བའི་ངག །ཡེ་གེའི་འཁྲི་ཤིང་གཞོན་ནུ་མའི། །ཁུར་དུ་ལྕིད་པའི་ལྷ་རྫས་དང༌། །ཆབ་གཅིག་པདྨ་འོད་ནས་ཕུལ།། །།བྱ་བྲལ་བ་སོས་དལ་དུ་མི་འཇོག་པར་གཞོན་ནུ་ལ་ཡོན་ཏན་བསླབ་པར་བསྐུལ་བའི་ཕྲིན་ལས། ས་འཛིན་འབྲས་ཀྱི་ལྗང་པ་ལྟའི། །དཔལ་དང་དགེ་བཅུ་ཚང་བའི་ཡུལ། །གཡུ་བ་ལས་གཞན་གསེར་པ་ནས། །ཆབ་ཤོག་སྙན་པའི་གཏམ་དུ་འཕྲོད། །གང་ནས་བསླུ་བ་སྤངས་པའི་སྐྱབས། །རིན་ཆེན་གསུམ་གྱི་གྲིབ་ བསིལ་ལ། །ཁྱོད་ཅིག་སྤྲོ་བར་ཆས་པའི་གཏམ། །ཐོས་པ་འཛིན་པའི་དཔྱིད་དུ་སྨིན། །གཞོན་ནུའི་ཤེས་བརྩོན་གྱིས་ཐོབ་པའི། །ཡོན་ཏན་མགུལ་པར་དཔྱངས་མོད་ཀྱི། །སྐར་ནག་རྩིས་དང་ཐ་སྙད་གཞུང༌། །སྤངས་ནས་ལོ་ཚོགས་དཔག་མེད་ཐལ། །སྙན་དངགས་དང་ནི་མངོན་བརྗོད་གཞུང༌། །བློ་གྲོས་དམན་ལ་མི་འདོམས་པས། །ངལ་བ་འབྲས་མེད་དེ་ལྟས་ནི། །བདག་ཅག་བསམ་


JLAZ006_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་ཉམ་ཉེས་འགྱུར། །ཡི་གེའང་འདུ་བྱེད་ལ་བསྟན་ཡང༌། །རྣམ་འགྱུར་སེམས་ཀྱི་རི་མོ་ཡིན། །དེ་ཕྱིར་སེམས་ཀྱི་ཆོ་ག་ལ། །མ་བསྟེན་ཤེས་བྱ་ག་ལ་སྲིད། །ད་ནི་བཅུ་ཕྲག་ལྔ་པ་ལས། །ལྷག་པར་ཐལ་བའི་རབ་རིབ་ཀྱིས། །ལྡོངས་པས་ཡི་གེའི་གཙང་ཤ་དང༌། །བཅད་ནི་སྤངས་པ་བཞིན་དུ་གྱུར། །དེ་ལྟ་མོད་ཀྱི་གཞོན་ནུ་ཡི། །རྩ་ཁམས་དར་བའི་ལང་ཚོ་དང༌། །རྣམ་རིག་གསལ་བའི་འདུ་ཤེས་ཀྱིས། །བསྒྲིམས་ནས་མཁས་པའི་གནས་ཐོབ་སྲིད། །བདག་ཅག་དབེན་པ་ལ་དགའ་ཞིང༌། །འཆི་བ་ཁོ་ནས་འཇིག་པ་ཡི། །མཐུན་འཇུག་གནས་ལ་སྤྲོ་བ་ཞན། །དེ་ལ་བཟོད་པར་རིག་ཅེས་ཕུལ།། །།གང་ཞིག་མིག་མི་འཛུམས་པ་ན། །ལ་ཐོད་གདེངས་ཀར་མངོན་ཆགས་པ། །ཕོ་བྲང་སྤྲུལ་བའི་སྒྱུ་མ་ཡི། །ཞགས་པས་བཅིངས་པ་དམར་པོ་རི། །སྲིད་པ་འདི་ནི་སྲིད་པ་ལ། །མངོན་བརྗོད་འགོད་པའི་ཕུན་ཚོགས་ཀྱི། །མགོ་བོས་ཡང་དག་གཏུགས་བྱས་པར། །ཁང་བརྩེགས་མིག་སྟོང་ལྡན་པ་མཆིས། །དྲང་སྲོང་ཐུབ་པ་ཉིན་བྱེད་ཀྱི། །ལྡན་གྲོལ་ཅན་ལ་དེ་གནང་བས། །ཐོས་སྒྲོག་བླ་གོས་གསར་བའི་ཚོགས། །སྐྱེད་མོས་ཚལ་བཞིན་དེ་ལ་བསྙེན། །གང་ན་བློ་གསལ་ཁྱོད་གཅིག་ནི། །གཙུག་ལག་གཞན་ལ་བལྟ་བའི་མིག །རི་དྭགས་བཞིན་དུ་སྒྲོས་བྱེད་པས། །རི་བོང་ལྟ་བུ་བདག་ཀྱང་


JLAZ006_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང༌། །སྲིད་པ་འདི་ན་རང་དང་གཞན། །བདེའམ་ཅིག་ཤོས་ལས་ཀྱིས་སྤྲུལ། །སྐབས་འཚོས་དཎྜིའི་རྒྱུད་མངས་ནི། །ཅོད་པན་གེ་སར་ལ་དཔྱངས་འོངས། །རྗེ་འོས་ཀློང་ཆེན་རོལ་པའམ། །མདངས་ལྡན་དབྱར་རྔས་དཀྲོགས་པ་བཞིན། །མཉམ་པར་གཞག་པའི་རང་བཞིན་ཡང༌། །འཕྲིན་ཡིག་བརྗོད་པ་སྙན་ལ་ལྡང༌། །སྐར་མདའ་བཞིན་དུ་མི་བརྟན་པའི། །འཚོ་བའི་ཟུངས་འདི་ཡ་མ་བརླར། །མངོན་མཐོང་ངེས་པ་འབྱུང་བའི་དབྱངས། །བདེན་བཞིའི་དཔྱངས་ཐག་ལ་དྲངས་ན། །ཁྱོད་ཀྱི་སོ་སོ་ཐར་པ་ཡི། །བསླབ་ལ་དོན་ལྡན་གནས་ལ་རེག །དལ་བའི་རྟེན་གྱིས་བཟུང་བ་དང༌། །བསྟན་བའི་ལམ་སྲོལ་ལ་ཞུགས་པའི། །འབྱོར་བའི་ཁྱད་པར་དཔྱད་བཟོད་ན། །དབང་པོའི་མངའ་རིས་ཉམ་ཆུང་བྱེད། །འཁོར་བ་ཅེ་སྤྱང་གདུག་པའི་ཁ། །རིང་ན་མཆིས་པ་མ་ལགས་པས། །དམ་ཆོས་དྲན་པ་ཉེར་གཞག་ནི། །བླང་དོར་གནས་སུ་ཡང་དག་ཟུང༌། །དགེ་བ་བཅུ་ཡི་ལས་ལམ་ལས། །ཕྱིར་ཕྱོགས་དེ་ནི་སྙིང་འདར་བའི། །གནས་སུ་མཐོང་ན་བབ་ཅོལ་ལ། །གོམས་པ་མིན་པའི་གནས་ཐོབ་འགྱུར། །གཞི་གསུམ་རྩ་བ་བརྟན་པོ་ཡི། །ཆོ་ག་རྒྱལ་པོའི་ཁབ་དང་ནི། །ནམ་ཡང་མཛའ་གཅུགས་མ་ལགས་པས། །གསོ་སྦྱོང་སེམས་ཀྱི་བསླབ་བ་ཡིན། །ལེགས་པར་བྱས་པའི་ཏམྦུ་ར། །བརྡུང་ན་


JLAZ006_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

གཏོང་ལ་ཁུར་བཟོད་པས། །ཐུབ་པའི་ཞལ་སྐྱིན་ཇོ་ཤཱཀ་ལས། །བསོད་ནམས་དམ་པའི་ཚོང་ཟོང་ཉོས། །རྒྱལ་བའི་ཆོས་ཀྱི་ངེས་བརྗོད་ནི། །བདེན་པ་གཉིས་ལ་རབ་རྫོགས་པའི། །རྣམ་ཐར་བསམ་གྱིས་མི་ཁྱབ་ཀྱང༌། །དཀོན་མཆོག་འདུ་འབྲལ་མེད་པར་ཟུང༌། །ཁྱོད་བློ་རིག་པ་གསར་པ་ཡི། །སྦྲང་རྩི་དོག་པས་གཏམས་པ་ལ། །རྒྱན་དང་མངོན་བརྗོད་རྣམ་འགྱུར་གྱི། །གདུང་བ་ལྡོག་གནས་མང་མཆིས་ཀྱང། །མཐར་བྱེད་སོག་ལེ་རྣོན་པོ་ལ། །འགོམ་པར་མི་ནུས་ངེས་འབྱུང་གིས། །ཕྲོགས་པའི་རྣམ་ཤེས་གཞན་དབང་ཅན། །ཚིག་གི་ཚོགས་པས་སྐྲག་པ་བཞིན། །ཤེས་པར་གྱུར་ཅིག་དེ་རིང་འདིར། །རྒྱལ་བ་སྲས་དང་བཅས་པ་ཡི། །སློབ་པའི་ཡོན་ཏན་ཀུན་རྫོགས་པའི། །དགེ་མཚན་ཆོ་གས་ཁྱོད་ལ་སྲུངས།། །།འཕྱོང་རྒྱས་རྫོང་གི་དེབ་གསར་བཟོའི་འགོ་བརྗོད་བསྐུལ་མ་བྱུང་བ། ཟག་མེད་ཡེ་ཤེས་དམ་པའི་སྣོད་གྱུར་མཚན་དཔེའི་སྐུ་མཆོག་བལྟར་མི་མངོན། །ཡན་ལག་དྲུག་ཅུའི་གདངས་སུ་གདོན་ཀྱང་ཆོས་ཕུང་བརྒྱད་ཁྲིའི་མངོན་རྟོགས་ཅན། །རྟག་ཆད་གདོན་དང་བཤེས་པ་མ་ཡིན་ཟབ་ཞི་སྤྲོས་བྲལ་དབུ་མའི་ཐུགས། །མི་ཟད་རྒྱན་གྱི་འཁོར་ལོའི་བརྗོད་པས་བསྔགས་འོས་དེ་ནི་ས་འཚོའི་བདག །འགོག་དང་ལམ་བདེན་འཁོར་ལོ་གསུམ་དུ་མངོན་བརྗོད་ཀྱང༌། །སྒྲ་དང་བྲག་ཆར་ཡོང་ཡེ་བཟུང་དུ་མི་


JLAZ006_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

སློབས་པ། །མཆོག་དམན་འགྲོ་བའི་རྣམ་པར་རིག་དང་འཚམ་པའི་གསུང༌། །རྒྱལ་བ་རྣམས་ཀྱི་གསུང་གི་མངོན་བརྗོད་ཉིད་དུ་སྒྲོག །ཉེས་སྤྱོད་སྡོམ་པའི་ཁྲིམས་ཀྱི་བླ་གོས་མཚམས་སྤྲིན་གསར་བས་བཙོས་པ་ཡང༌། །དགེ་བའི་ཆོས་སྡུད་དག་བྱེད་གཏེར་དང་འདུ་འབྲལ་སྤངས་པའི་ཚངས་སྤྱོད་ཅན། །གཞན་དོན་འབའ་ཞིག་ཡིད་ལ་གདུང་བ་བྱང་ཆུབ་སེམས་དཔའི་དགེ་འདུན་ནི། །རིག་གྲོལ་སྤོབས་པའི་འཁྲི་ཤིང་ཀྱང་ངོ་རིན་ཆེན་གསུམ་གྱིས་བདེ་ལེགས་མཛོད། །རྒྱལ་བས་སྤངས་པའི་གངས་ཅན་འདི་ནི་མིག་མི་འཛུམས་པས་ཡོངས་གཟིགས་ནས། །འཇམ་དཔལ་ཞིང་གི་བཀོད་པའི་བསྐལ་བར་གསར་དུ་བསྐྲུན་པའི་ཐུགས་བསྐྱེད་ལ། །རྒྱ་མཚོའི་གོས་ཅན་སྣོད་དུ་ཆུང་སྙམ་དོགས་པའི་རྒྱལ་མཚན་གསར་བ་ཡིས། །སྐྲག་པའི་གནས་འཐོབ་ངུར་སྨིག་གར་གྱིས་རྣམ་པར་རྩེན་ལ་སྤྱི་བོས་འདུད། །ས་ལ་སྤྱོད་པའི་དབང་པོ་དགེ་མཚན་ནི། །བང་མཛོད་དབྱིག་གི་གང་བ་ལས་འབྱུང་ན། །ས་བརྒྱད་ནོན་པའི་གནོད་མཛེས་ཆེན་པོ་བརྒྱད། །གཙུག་ཏོར་ནོར་བུའི་རྣ་ཆ་གཡོ་བཞིན་སྤྱོན། །ཞེས་སྒྲ་དབྱངས་ལྷ་མོའི་ཏམ་བུ་རའི་སྙན་འགྱུར་ལ་ཅུང་ཟད་རེག་སྟེ་དམ་པའི་ཡུལ་ལ་བསྟི་སྟང་གིས་གསོལ་ནས་བསྙད་པར་འོས་པ་ནི། བྱང་ཆུབ་སེམས་དཔའ་


JLAZ006_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིབ་པ་རྣམ་སེལ་གྱི་རྣམ་པར་འཕྲུལ་པ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་རིང་ལ་དམ་པ་ཆོས་ཀྱི་དབུ་བརྙེས་ཤིང་ས་མཁར་གྱི་སྲོལ་བཏོད། དབོན་སྲས་སྤྲུལ་པའི་རྒྱལ་པོ་སྲོང་བཙན་གྱི་རིང་ལ་ཁྲ་འབྲུག་བྱམས་པ་མི་འགྱུར་གྱི་གཙུག་ལག་ཁང་གསར་དུ་འདུ་བྱས་ཤིང་དགེ་བཅུའི་ཡོན་ཏན་གྱི་མ་ཚང་བ་མེད་པས་ཡོངས་སུ་བཏུད་པའི་ཡུལ་ཡར་མོ་ནུབ་ཀྱི་སའི་ཆར། བརྒྱ་བྱིན་གྱི་གླང་པོ་ཆེ་ས་སྲུངས་བྲེས་ན་ཉལ་བ་ལྟ་བུའི་ས་འཛིན་གྱི་གདེངས་ཀས་གཟེངས་བསྟོད་པའི་བཙན་རྫོང་འཕྱོང་རྒྱས་འཕྱིང་བར་སྟག་རྩེ་ཞེས་བྱ་བ་ས་ཧོ་རའི་རྒྱལ་བརྒྱུད་རིམ་བྱོན་གྱི་བདེ་བའི་ལྷས་མལ་ལམ་ཕོ་བྲང་དུ་རུང་བར་བྱས་པ་གང་ཞིག་ཏུ་པདྨའི་ངང་ཚུལ་ཆོས་ཀྱི་རྒྱལ་པོ་ཚངས་པའི་མེ་ཏོག་སླར་ཡང་ཟ་འོག་གི་འཇོལ་བེར་རུང་སྨྲིག་ཏུ་གནས་བསྒྱུར་བ་གངས་རིའི་མགོན་པོ་ངག་དབང་བློ་བཟང་རྒྱ་མཚོས་སྐུ་བལྟམས་པའི་ཕོ་བྲང་ཆེན་པོའི་མངའ་རིས་སུ་ཆུད་པའི་གཞིས་ཁག་རྣམས་ཀྱིས་བཞེས་འབྲུའི་འབབ་སོགས།། །།དཔེར་བརྗོད་ཏུ། བསྟན་འགྲོའི་རྩ་ལག་སྤྲུལ་སྐུ་རིན་པོ་ཆེའི་ཞབས་དྲུང་དུ། གུས་ཕྱག་གིས་བཏུད་དེ་ཞུ་བ། ཐུགས་བསྐྱེད་སྐལ་ལྡན་ཤིང་རྟས་དྲངས་བའི་མཚན་དཀྱིལ་རིན་ཆེན་གྲུ་གཟིངས་བསྟན་འགྲོའི་སྨིན་པའི་མཛད་པ་ཕྲིན་ལས་ཀྱི་བ་དན་གཡོ་བཞིན་འཚོ་གཞེས་བཀའ་དྲིན་དམ་པར་


JLAZ006_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། འདིར་ཡང་བདེ་མུས་ནས་དགེ་བློ་མ་བོར་ཙམ་ལགས། དོན་འདྲི། སླད་དུའང་ཞབས་པད་བརྟན་ཅིང་བསྟན་འགྲོའི་དོན་ལ་ཐུགས་བསྐྱེད་དུས་ལས་ཡོལ་བ་མེད་པ་ནས་སྐྱབས་འོག་ཏུ་ཆུད་པའི་ ཕེབས་ཚོགས་ཀྱང་མཁྱེན་མཁྱེན་གསོལ་བ་འདེབས་པ་ལགས། གསོལ་བ་འདེབས་རྟེན་བཅས་ཕུལ།། །།སྐྱབས་གནས་དམ་པ་མཁན་རིན་པོ་ཆེའི་སྐུ་ཞབས་སུ། གཞི་གསུམ་རྩ་བ་བརྟན་པའི་ལྗོན་པ་གང་ཞིག་ཐུགས་བསྐྱེད་ཀྱི་ལོ་འབྲས་དཔག་མེད་དུ་དུད་ཅིང༌། གདུལ་བྱ་རྣམས་བསླབ་པ་གསུམ་གྱི་ཡོན་ཏན་ལ་སྦྱོར་བཞིན་པར་བཞུགས་འཇགས་བཀའ་དྲིན་དམ་པར་གྱུར། ཕྲན་བུའང་འདུ་བ་སྙོམས་མུ་ནས་སྐྱབས་འགྲོ་ལ་བརྩོན་པར་ལགས། མཚམས་ཞུ། དོན་འདྲི། ཕྱིན་ཆད་ནའང་གཟུགས་སྐུ་ཡུན་དུ་འཚོ་གཞེས་དང༌། བསྟན་འགྲོའི་སྙིགས་མ་འབྲས་བུའི་དུས་ལ་གོ་འཕོ་བའི་ཐུགས་བསྐྱེད་དུས་ལས་མི་ཡོལ་ངོས། ཐུགས་རྗེས་གཏང་མི་བྲ་བའི་ཕེབས་ཚོགས་ཀྱང་ཞུ་ཞུ་ལགས།། །།བསྟན་པའི་གསལ་བྱེད་དགེ་བའི་བཤེས་གཉེན་ཆེན་པོའི་སྐུ་ཞབས་སུ། དེང་སྐུ་འཚོ་བརྟན་པ་ནས་ཀློག་པ་ཐོས་བསམ་ལ་སོགས་ཏེ་འཁོར་ལོ་གསུམ་གྱི་གནས་ལ་མགྲིན་པའི་རྒྱུད་མངས་འཁྲོལ་


JLAZ006_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང༌། བློ་གསལ་དད་པའི་སྡེ་དཔོན་གཅིག་ཏུ་བཞུགས་པར་བདག་ཅག་ཀྱང་གུས་པ་ཤིན་ཏུ་ཐོབ། གུས་ཕྲན་ཡང་གཟུགས་འཚོ་ཁྱོར་རེ་ནས་དཀོན་མཆོག་ལ་གུས་པ་མི་ལྷོད་ཁུལ་དུ་ལགས། མཚམས་ཞུ་དོན། ཕྱིན་ཆད་ནའང་བརྒལ་བརྟག་རྩོད་པའི་འཁོར་ལོས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ལ་བསྟི་སྟང་དང་འབྲེལ་བར་སྦྱངས་ཡོན་བཅུ་གཉིས་ལ་རང་དབང་དུ་མཛད་པ་དུས་ལས་མི་ཡོལ་ངོས་རྨོངས་པ་བདག་ཅག་ཀྱང་ཆོས་ལྡན་དུ་འགྱུར་བའི་ཐུགས་སྨོན་ཡང་འཚལ།། །།སྤོང་པ་བསམ་གཏན་པའི་ཁྱུ་མཆོག་དམ་པ་རིན་པོ་ཆེར། དེང་སྐུ་འཚོ་བརྟན་པ་ནས་འདུས་བྱས་ཀྱི་རང་བཞིན་ལ་ངེས་པར་འབྱུང་བའི་བསམ་པ་བརྟན་པོས་སོ་སོ་ཐར་པ་གྲགས་པ་དོན་མཐུན་ལ་སྦྱོར་ཞིང༌། རྒྱ་ཆེན་སྤྱོད་པ་དང༌། ཟབ་མོ་ལྟ་བ་དེ་གཉིས་ཀའི་ཕྱོགས་ན་བསམ་སྒོམ་གྱི་ཤེས་རབ་གནད་དུ་འཕྲོད་པས་ཐར་པ་དོན་ཡོད་པར་མཛད་པ་དེ་ལ་རྗེས་སུ་ཡི་རང་བ་ཆེན་པོ་ཐོབ། ཕྲན་ཡང་ཀུན་སྤྱོད་མཐུན་པའི་ཁུལ་ནས་ཡིད་ལ་ཡིད་སྨོན་ཅན་དུ་ལགས། ཆེད་ཞུ། དོན་འདྲི། སླད་དུའང་འདུ་འཛི་ལས་བྲོས་པ་གཅིག་པོའི་ཡོན་ཏན་བསམ་གྱིས་མི་ཁྱབ་ན། དབང་ཤེས་ཀྱི་ཡུལ་བགྲོད་པའི་ཉེས་དམིགས་ལས་ལྡོག་པ་ནི་སྨོས་ཅི་འཚལ་བས་ཐུགས་དམ་ཉམས་གཞེས་གོང་འཕེལ་ནས་


JLAZ006_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཀྱང་ཐུགས་བརྩེས་མི་འདོར་བ་ཞུ།། །།མཁྱེན་དབང་དམ་པ་རིན་པོ་ཆེར། སྐུ་འཚོ་བདེ་བ་ནས་བསླབ་པ་ལ་གུས་པས་ཞལ་འདོན་ཆོས་སྤྱོད་སྨར་བ་ཐོས་པས་སྤྲོ། འདིར་ཕྲན་ཡང་སྙེམས་ཆུང་སྡོད་བཟོ་རང་དོན་མ་ཤོར་ཙམ་ལགས། ཆེད་འབུལ། སླད་དུའང་བསླབ་གཉེར་ལ་བརྩོན་ཞིང༌། ཆོས་དང་མཐུན་པའི་སྤྱན་ལྟོས་ལ་སྔར་བཞིན་བརྩོན་པ་ནས་ཕེབས་འོས་ཀྱང་ཞུ།། །།མཁྱེན་དཔྱོད་ཡངས་པ་སྡེ་པ་རིན་པོ་ཆེའི་དྲུང་དུ། བསོད་ནམས་ཀྱི་བསགས་པས་ཐོབ་པའི་སྐུ་འཚོ་དགེ་ཞིང་གནང་འཁོས་ཐམས་ཅད་འཇིག་རྟེན་མེས་པོའི་རྗེས་སུ་འཇུག་པ་ཐུགས་རྗེ་ཆེ། ཕྲན་བུའང་ཆོས་གཟུགས་ལས་ཉམས་པ་མེད་པར་ལགས། མཚམས་ཞུ། དོན་འདྲི། སླད་དུའང་འབངས་ལ་བྱམས་པས་སྐྱོང་ཞིང་མཆོད་སྦྱིན་ལ་བརྩོན་པ་སོགས་ཁྱིམ་ན་གནས་པའི་བྱང་ཆུབ་སེམས་དཔའི་མཛད་པས་དལ་རྟེན་དོན་ཡོད་པར་བསྒྲུབ་པའི་རིང་ནས། ལུགས་ཀྱི་བསྟན་བཅོས་ལ་བསྙེལ་བ་མེད་པས་མངོན་མཐོའི་རྒྱུ་འབྲས་ལ་རང་དབང་དུ་མཛད་པ་ནས། ཐུགས་ཉེའི་མཆིད་འོས་ཀྱང་ཞུ། འདེགས་བཅས་ཕུལ།། །།མདོ་སྨད་བསྟན་པའི་སྲོག་ཤིང་རྫོགས་ཆེན་སྤྲུལ་པའི་སྐུ་མཆོག་དམ་པའི་ཞབས་སྟེགས་སུ། གུས་པས་གསོལ་བའི་


JLAZ006_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

དོན། ཡང་སྲིད་མང་པོར་བསྟན་འགྲོའི་དོན་ལ་ཐུགས་བསྐྱེད་ཀྱི་རང་འབྲས་དུས་ལས་ཡོལ་བ་མེད་པའི་གཟུགས་སྐུའི་འཁྲི་ཤིང་བརྟན་པ་ནས་ཐུགས་བསྐྱེད་ཀྱི་འཇུག་པ་སེམས་ཅན་གྱི་ཁམས་དང་འཚམ་པར་སྨིན་པའི་ཕྲིན་ལས་ཀྱི་སྣང་བ་མི་འགོག་པར་འཚོ་ཞིང་གཞེས་པ་དེ་དཀའ་དྲིན་ཆེ། འདིར་གནས་པའང་སྒྱུ་ལུས་ལོ་ཟླའི་རྒ་བས་ནོན་པ་ལས་བསླད་པ་གསར་བྱུང་མེད་པས་བདེ་བར་འཚོ་ཞིང་གཞན་ཕན་གྱི་ལྷག་བསམ་དང་བཅས་པའི་ཁུལ་དུ་འཆིས། ཆེད་དུ་གསོལ་བ། བླ་མ་གསོལ་ནམས་བསྟན་འཛིན་འདི་གར་ཆེད་དུ་སྩལ་བའི་དོན་ལ། དབང་ཆོས་ལུང་ཁྲིད་ཀྱི་རིམ་པ་དམ་པའི་དགོངས་བཞེད་ཇི་ལྟར་འགྲུབ་འགྲུབ་དང༌། ལྷག་པར་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེ་པོད་ཆེན་ཉི་ཤུ་རྩ་ལྔའི་ལུང་རང་ཉིད་ཀྱིས་གང་ལྕོགས་བཀའ་གཏད་རྗེས་གནང་དང་བཅས་ཚང་མ་ཐོབ་པའི་ཐབས་དང་རྟེན་འབྲེལ་འབད་པ་ཆེན་པོས་བསྒྲིགས་པས་མཚོན། ཁོང་པ་བཞུགས་རིང་མདོ་སྒྱུ་ཕུར་པ་རྒྱུད་ལུགས་ལ་སོགས་པའི་ཆོ་ག་ཕྱག་ལེན་སྒྲུབ་པ་དང་བཅས་པ་དུས་མི་དྲོན་པར་འབད་པ་ལགས་ན། སྤྱིར་དེང་སང་ལྟ་བ་དང་ཉོན་མོངས་པའི་སྙིགས་མར་གྱུར་པས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྒོ་ཐམས་ཅད་ནས་གཟུགས་བརྙན་ཙམ་དུ་ཉེ་བས་སྐྱོ་བའི་གནས་དང༌། ལྷག་


JLAZ006_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྔ་འགྱུར་རྡོ་རྗེ་ཐེག་པ་ནི་མདོས་དང་གཏོ་ཆོག་ཙམ་གྱིས་ཆོག་པར་འཛིན་པར་གཟུགས་བརྙན་དུའང་མི་མངོན་པར་ཉེ་བའི་དུས་འདིར། རྫོགས་ཆེན་སྐུ་གོང་མས་མཛོད་བདུན་པར་ལ་འཁོད་པའི་བདག་རྐྱེན་མཛད་པས་དཔེ་རྒྱུན་འཕེལ་བ་ཙམ་གྱིས་ཀྱང་རྙིང་མ་ཆོས་མིན་དུ་འདུ་ཤེས་པའི་སྐྱེ་བོ་མང་པོ་ངན་འགྲོའི་གཡང་ས་ལས་ཕྱིར་ཕྱོགས་པའི་རྟེན་འབྲེལ་མངོན་དུ་གྱུར་ན། བདག་ཅག་གིས་ཀྱང་ཚེ་འདིར་དགེ་བའི་བཤེས་གཉེན་དང་མཇལ་བའི་ཐོས་བསམ་རྒྱ་ཆེའི་རྟེན་འབྲེལ་ཚོགས་པ་མ་ཡིན་བཞིན། དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོའི་ཐུགས་རྗེ་དང༌། རྒྱལ་བ་གཉིས་པ་ངག་གི་དབང་པོའི་བཀའ་དྲིན་གྱིས་སྒོམ་བྱུང་གི་ཤེས་རབ་ལས་སྤོབས་པ་ཅུང་ཟད་ཐོབ་པའི་ཡོན་ཏན་རིན་པོ་ཆེའི་མཛོད་རྩ་འགྲེལ་ཤོག་གྲངས་སྟོང་དུ་ལྡང་བ་བསྟན་པ་ཁོ་ན་སྙིང་ལ་བཞག་ནས་བརྩམས་པ་དང༌། བློ་གྲོས་གསར་བུའི་དུས་བྱས་པའི་ལུང་གི་གཏེར་མཛོད། དགོངས་འདུས་ཆོ་གའི་རྣམ་ངེས་སོགས་དང་པོའི་ལས་ཅན་ལ་ཕན་པའི་རིགས། ཁྱད་པར་སྔ་འགྱུར་གྱི་ཆོས་འབྱུང་གཙོ་བོར་སྨོས་ཤིང་ལོག་རྟོག་ཅན་གྱི་དགག་པ་ཚར་གཅོད་པའི་རྒྱུད་འབུམ་དཀར་ཆགས་བཅས་དང་འདི་པ་རྣམས་ཀྱི་གདོང་པོ་ཏི་ལྔའི་དམ་པ་ཆོས་ཀྱི་སྐྱེས་གང་མཆོད་སྤྲིན་སྤྲོས་པ་ལ་སྤྱན་རས་མཆོག་ཏུ་བཙའ་བ་དང༌། དམ་པའི་སྐྱེས་


JLAZ006_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ཁྱོད་ནི་བསྟན་པ་ལ་ཕྱག་བཞེས་ལྷག་པར་ཆེ་བ་ཉིད་ན་རྒྱུད་སྡེ་ཆེན་པོའི་རིང་ལུགས་དར་དུ་འཇུག་པ་དང༌། ད་དུང་སྔ་འགྱུར་རྒྱུད་འབུམ་ཙམ་པར་དུ་བསྐྲུན་པའི་ཐུགས་སྟོབས་བསྐྱེད་ན་བཀའ་འགྱུར་ཁྲོད་ནས་དབྱུང་བས་ཕྲིན་ལས་ཀྱི་གེགས་སུ་གྱུར་པའི་ཉམས་གསོ་ཆེ་ཞིང༌། བཙན་པོ་ཁྲི་སྲོང་ལྡེའུ་བཙན་ཡོན་མཆོད་ལོ་པཎ་དང་བཅས་པའི་ཐུགས་བསྐྱེད་དུས་ལས་མི་ཡོལ་བའི་བདག་རྐྱེན་དང༌། མཛད་པ་ཕྲིན་ལས་རི་དབང་ལས་འཕང་མཐོ་བས་བསྟན་པའི་རྩ་ལག་གཅིག་ཏུ་འགྱུར་བར་ཅི་གནང༌། གསོལ་བར་འོས་པའི་ཡན་ལག་རྣམས་ཕྱི་ནས་བླ་མ་བསོད་ནམས་བསྟན་འཛིན་གྱི་ངག་ལས་ཞར་ཞོར་གསོལ་ཡོང་བ་དང༌། རྡོ་རྗེ་ཕུར་པ་རྒྱུད་ལུགས་འདི་མྱུར་པོར་ཚུགས་ན་ཉིད་ཀྱི་སྐུ་ཚེ་དང་དགོན་པ་མེས་གནོད་པ་ཡང་སྐྱོབ་པས་དེའི་ཡན་ལག་ཏུ་ཕྱོགས་སྐྱོངས་བཅུའི་དར་ཆེན་སློང་ཞིང༌། རྡོ་རྗེ་སྡེར་མོ་དང༌། སྟོབས་པོ་ཆེ་སྟོང་རྩ་རེ་སྒྲོགས། བཀྲ་ཤིས་བརྩེགས་པ་བརྒྱ་རྩ་གདོན་པར་ཞུ། སླད་དུའང་ཞབས་པད་ཡུན་དུ་བརྟན་ཅིང༌། བསྐྱེད་རྫོགས་ཟབ་མོའི་ཉམས་གཞེས་དང་འབྲེལ་བའི་རིང་ནས་བསྟན་འགྲོའི་དོན་མཛད་པའི་ཐུགས་བསྐྱེད་གཏང་མི་བྲབ་ནས་ཕེབས་ཚོགས་ཀྱང་རྒྱུན་ཆགས་སུ་ཡོད་པ་འཚལ། གཟིགས་རྟེན་ཆོས་གོས་དང་བཅས་པདྨ་འོད་གླིང་ནས་ཕུལ།


JLAZ006_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

དགོན་རྩེ་སྤྲུལ་པའི་སྐུར་ཕུལ་བ། གཙུག་ལག་རྒྱ་མཚོར་སྤྱན་ལྡན་སྤྲུལ་པའི་སྐུ་རིན་པོ་ཆེའི་ཞབས་པད་ལ། དང་པའི་ཡིད་ཀྱིས་གསོལ་བ། འཕེན་རྫོགས་གཉིས་ཀ་ཚོགས་གཉིས་རྣམ་པར་འཕེལ་བའི་ཤིང་རྟས་ཉེ་བར་དྲངས་པའི་གཟུགས་སྐུའི་ཉིན་བྱེད་གསལ་ཞིང་གསང་གསུམ་རྒྱལ་བའི་མཛོད་ཁང་ཆེན་པོར་སྦྱོར་བའི་སློབ་པ་ལམ་གྱི་གནས་སྐབས་ལ་རང་གིར་མཛད་པའི་རིང་ནས་གསུང་ཤོག་རིན་པོ་ཆེ་གནང་རྟེན་འབུ་དམར་དང་བཅས་འབྱོར་པས་ངོས་མཇལ་ལྟ་བུའི་སིམ་པ་ཐོབ། འདིར་ཡང་ཚུར་མཐོང་གི་གདུལ་བྱའི་སྐལ་པ་དང་མཚམས་པའི་དམ་པ་ཆོས་ཀྱི་ཕྲིན་ལས་ཅུང་ཟད་སྐྱོང་ཁུལ་ཙམ་གྱིས་བསམ་པ་དཀར་བར་མཆིས། མཚམས་ཞུ། ད་ནི་ཉོན་མོངས་པ་དང་ལྟ་བའི་སྙིགས་མར་གྱུར་པའི་དུས་འདིར་ཆོས་དང་ཆོས་ཀྱི་རང་བཞིན་ལ་ལྡོངས་པ་ལས་ཀྱང་ལྡོངས་པའི་ཀུན་སློང་ངན་པས་དབྱེན་བཅོས་ཏེ་བདག་དང་གཞན་དུ་ཞེན་པའི་ཕྱོགས་འཛིན་ཙམ་ལས། རྒྱལ་བ་ཐུགས་རྗེའི་བདག་ཉིད་ཅན་དེས་དྲང་ངེས་ལྡེམ་དགོངས་ཀྱི་ཚུལ་དུ་བཤད་པའི་དོན། རྒྱ་བོད་ཀྱི་པཎ་གྲུབ་སྐྱེས་ཆེན་དམ་པ་དེ་དག་གིས་གནས་དུས་གདུལ་བྱའི་ཁམས་དབང་དང་འཚམས་པར་བཀྲལ་ཞིང་གདུལ་བའི་དབང་གིས་བསྟན་པའི་ཆུ་འགོ་ཐ་དད་དུ་བགྱིས་པའི་དགོངས་པ་ཆོས་ཉིད་གཅིག་ཏུ་མི་ཤེས་པའི་


JLAZ006_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

དུས་འདིར། དམ་པ་གང་གི་ཡོངས་འཛིན་བླ་མ་ཆེན་པོ་གཙང་པ་དགེ་བཤེས་རིན་པོ་ཆེ་དེ་ཉིད་ཀྱི་རྗེས་སུ་ཞུགས་པའི་བདག་རྐྱེན་དང་སྔོན་གྱི་ལས་སྨོན་ཐབས་ཤེས་སུ་འབྲེལ་བ་ལས་རྒྱལ་བ་གཉིས་པ་ཀུན་མཁྱེན་ངག་གི་དབང་པོའི་གསུང་རབ་ལ་མི་འཕྲོགས་པའི་ངེས་ཤེས་འཁྲུངས་པ་དེ་ནི་ཚིགས་སུ་བཅད་པ་བརྒྱ་པ་ལས། ཡོན་ཏན་ལྡན་པ་ཡོན་ཏན་ལ་དགའ་ཞིང༌། །ཡོན་ཏན་མེད་པ་ཡོན་ཏན་ལ་མི་དགའ། །ནགས་ཀྱི་བུང་བ་མཚོ་ཡི་པདྨར་དགའ། །སྦལ་བ་ལྷན་ཅིག་གནས་ཀྱང་དེ་ལྟ་མིན། །ཞེས་དང༌། ངེས་པའི་དོན་ལ་རྟོན་མི་རྟོན་གྱི་ཆོས་ཀྱི་རྣམ་དབྱེ་ཕྱེད་པའང་དེ་ཉིད་ལས། སྐར་མ་ཆེན་པོ་མང་དུ་ཤར་གྱུར་ཅིང༌། །ས་ཡི་རྒྱན་གྱུར་ཟླ་བ་ཤར་ན་ཡང༌། །གང་ཚེ་ཉི་མ་ནུབ་ན་མཚན་མོར་འགྱུར། །ཉི་མས་མ་གཏོགས་ཤར་ནུབ་ཕྱོགས་མི་ཕྱེད། །ཅེས་པའི་དོན་ལ་གནས་པ་དེ་ངོ་མཚར་ཆེ་ན། མཛོད་བདུན་དང་ངལ་བསོ་སྐོར་གསུམ་པོ་འདི་རྩ་འགྲེལ་སྡེ་ཚན་ཉི་ཤུ་རྩ་གྲངས་སུ་ལྡང་བ་དང༌། སྤྱིར་ཤོག་གྲངས་ཉིས་སྟོང་བརྒྱད་བརྒྱར་ཉེ་བ་ཡོད་ཚོད་ལ། ཡིག་མཁན་སོགས་ཀྱི་སྟ་གོན་ཉེར་བསྡོགས་གྲུབ་བསྟུན་ལ་ཕྱི་ནས་རིམ་བཞེས་གནང་ན་དེང་སང་ངོས་ནས་འདི་སྐོར་འགྲོ་དོན་འབྱུང་བའི་རྒྱུན་འཕེལ་གྱི་ལམ་མི་འགེགས་ཤིང༌། དེ་གའི་ཀྱང་བཞེད་དོན་འགྲུབ་པ་ཞིག་ཡོང་བ་ལས། བསྡེབས་


JLAZ006_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

བཞེས་གནང་ཀྱང་སྟབས་གཅིག་ཏུ་བཤུ་མི་ཐུབ་ཅིང་འདིར་ཡང་ལག་འཐོགས་བཅས་སྔ་འཕྲོས་འདི་གདོང་གྲུབ་མཐའ་རིན་པོ་ཆེའི་མཛོད་དང༌། རང་རེའི་བསྟན་བཅོས་ཡོན་ཏན་རིན་པོ་ཆེའི་མཛོད་གཉིས་ཕུལ་ཞིང༌། གསར་རྩོམ་ལ་མདོ་སྔགས་སོ་སོར་འགྲེལ་པ་ཤོག་གྲངས་་ལྔ་བརྒྱ་རེ་ཡོད་པ་རྗེས་ནས་རིམ་གཟིགས་ཡོང་ལགས་ཤིང༌། ཕྱིན་ཆད་ནའང་ཞབས་པད་བརྟན་ཅིང་བསྟན་པ་ཆོས་བཞིན་དུ་སྐྱོང་བའི་ཕྲིན་ལས་ཀྱི་འཇུག་པ་དུས་ལས་ཡོལ་མེད་ནས་ཕེབས་ཚོགས་ནང་མར་སྨིན་པ་མཁྱེན་མཁྱེན། གཟིགས་རྟེན་བཅས་པ་པདྨ་འོད་གླིང་ནས་ཕུལ།། །།ས་སྤྲེའུ་ཚེ་ཆོག་དང་འབྲེལ་བར་ཇོ་བོ་བྱང་ཆུབ་ཆེན་པོར་ཞབས་བརྟན་ཐུགས་དམ་རྒྱུད་བསྐུལ། གང་གི་ཚེ་བསྐལ་བཟང་རྣམ་འདྲེན་ཡོངས་ཀྱི་སྟོང་ཉིད་སྙིང་རྗེའི་ནོར་བུའི་ཏོག་རི་ཁ་བ་ཅན་གྱི་གཙུག་ཏོར་དུ་མངོན་པར་གསལ་བའི་བྱང་ཆུབ་ཆེན་པར་ཁྱོད་ནི། ཐོག་མ་མེད་པའི་དུས་ནས་མངོན་པར་བྱང་ཆུབ་བཞིན་དུ་སྤྲུལ་བའི་སྐུ་སྒྱུ་མ་ལྟ་བུས་སེམས་ཅན་གྱི་ཁམས་རྒྱ་མཚོ་ལམ་བདེན་འདུས་བྱས་པ་ལ་བཀྲིས་ནས་འབྲས་བུའི་ངོ་བོ་ཉིད་དུ་མཛད་པའི་ཕྱིར་སློབ་པ་ལམ་གྱི་མངོན་པར་རྟོགས་པ་ལ་ཆེ་ཐང་དུ་མཛད་ནས་བསྡུས་པའི་དངོས་པོ་བཞི་དང༌། ཕྱིན་དྲུག་གི་ལང་ཚོ་དུས་ལས་ཡོལ་བ་མེད་པའི་ཚུལ་སྟོན་ཅིང༌། འདོད་པའི་


JLAZ006_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་དང༌། སོ་སོ་སྐྱེ་བོའི་ཉོན་མོངས་པའི་མཐའ་གཉིས་ལས་བརྒལ་ནས་མངོན་པར་ཤེས་པ་དང༌། ཡེ་ཤེས་དང༌། རིག་པའི་བདག་ཉིད་དུ་མྱ་ངན་ལས་འདའ་བའི་མིག་དང་ཡེ་ཤེས་མངོན་དུ་བསྐྱེད་ནས་འཇིག་ཚོགས་ལ་བལྟ་བའི་རིའི་རྩེ་མོ་ནི་བཤིག །ཆོས་ཀྱི་མིག་རྡུལ་བྲལ། འཕགས་པའི་ལམ་ཡན་ལག་བརྒྱད་ལ་བསྟེན་གོམས་རྟག་ཏུ་མཛད་ན། ཕུང་པོ་ལྔའི་ཉེར་ལེན་དང༌། སྡུག་བསྔལ་བདེན་པའི་ཆོས་ཉིད་ཀྱིས་བརྫི་བ་མ་ཡིན་ཀྱང༌། གཟུགས་ཀྱི་སྐུ་རྣམ་པ་ཐམས་ཅད་པའི་ཉིད་ཅན་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པའི་ཡན་ལག་གིས་གཞན་རྒྱུད་ལ་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་འདུ་བར་མཛད་པའི་ཐབས་ལ་མཁས་པའི་ཕྲིན་ལས་དང་དུ་གཞེས་པ་ནི་རྒྱལ་དང་རྒྱལ་སྲས་དམ་པའི་ཆོས་ཉིད་ཡིན་ན། ཞིང་གི་མཆོག་དཀོན་མཆོག་ཐམས་ཅད་པའི་ངོ་བོ་ཉིད་ལུས་ཅན་ཀུན་གྱི་མཐུན་སྣང་དུ་གྲུབ་པའི་སྐུ་མཆོག་མཐོང་ན་མི་མཐུན་པ་མེད་པ་གང་ཞིག་ལྷ་དང་བཅས་པ། བདུད་དང་བཅས་པ། ཚངས་པ་དང་བཅས་པའི་འཇིག་རྟེན་དང༌། དགེ་སྦྱོང་དང་། བྲམ་ཟེ་དང་བཅས་པའི་སྐྱེ་དགུའི་མཆོད་སྡོང་གཅིག་ཏུ་ལྷམ་མེ། ལྷན་ནེ། ལྷང་ངེར་འཚོ་ཞིང་གཞེས་པའི་རྟེན་ཅིང་འབྲེལ་འབྱུང་གསར་བའི་སྒོར་དེང་ཕན་ཆད་ལ་མཆོད་པ་སྣ་ལྔ་ཁྲི་ཚར་གཅིག་


JLAZ006_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཚོགས་འཁོར་སྟོང་ཕྲག་བཅས་པའི་མཆོད་སྤྲིན་གྱིས་སྣ་དྲངས། ལྷག་པའི་བསམ་པ་ཁ་ན་མ་ཐོ་བ་དང་མཛའ་བ་ཡིན་པས་ཐབས་ཀྱི་རྣམ་པར་ཆེ་བ་རིག་པ་འཛིན་པའི་སྡེ་སྣོད་ལ་དྲན་པ་ཉེ་བར་གཞག་ནས་ཡེ་ཤེས་སེམས་དཔའ་དགུག་གཞུག་བཅིངས་པ་བཅས་པའི་ཏིང་ངེ་འཛིན་གྱི་རྣམ་པར་འཕྲུལ་པའི་མཆོད་པ་བསམ་གྱིས་མི་ཁྱབ་པ་དང་སྣང་གྲག་རིག་པ་རྒྱལ་བ་འོད་མཚན་སྟོང་དུ་འབར་བའི་སྐུའི་དེ་ཁོ་ན་ཉིད་དང༌། དབྱངས་ཀྱི་དེ་ཁོ་ན་ཉིད་དང༌། ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་ལ་གཅིག་ཏུ་བསམ་བཏན་པས་ཉེ་བར་བསྙེན་ཅིང་བསྒྲུབ་པའི་གཏོར་བླུགས་ཀྱི་ཆུ་རྒྱུན་དང༌། བྱང་ཆུབ་སེམས་ཀྱི་བདུད་རྩི། རྡོ་རྗེ་བཟའ་བའི་རིལ་ལུ་དང་བཅས་པའི་སྤྲིན་ཆེན་པོའི་ཁྱད་པར་ཡང༌། དད་པ་དང༌། འདུན་པ་དང༌། སྨོན་ལམ་དང༌། རྟེན་ཅིང་འབྲེལ་འབྱུང་གི་དངོས་པོའི་དེ་ཁོ་ན་ཉིད་དུ་འབུལ་ན། རྟོག་པ་མེད་པ་བཞིན་ཐུགས་རྗེ་ཆེན་པོའི་སྤྱན་རས་འགོག་པ་མེད་པས་རང་གིར་མཛད་ནས་མོས་པ་མ་བྱོན་གྱི་བར་དུ་འབྱུང་བ་བཞིའི་བྱེད་པ་ཕྱིར་བསྲིངས་ནས་མི་འཇིགས་སེངྒེའི་ཁྲི་ལ་ཞབས་པད་བརྟན་ནས་གངས་ཅན་པ་རྣམས་ལ་རྫོགས་ལྡན་གྱི་བསྐལ་པ་ཟད་མི་ཤེས་པ་སྩལ་དུ་གསོལ།། །།ལྷོ་བྲག་གསུང་སྤྲུལ་གྱི་མཆིད་ལན། སེམས་དང་སེམས་བྱུང་སྤྲོས་པ་


JLAZ006_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

ཉེར་ཞི་ཡང༌། །རྒྱལ་གསུང་ལམ་བདེན་འབྱེད་པའི་སེང་གེའི་སྒྲས། །བསྒྲིབས་དང་མ་བསྒྲིབས་ལུང་དུ་མ་བསྟན་པའི། །ཅེ་སྤྱང་ཟ་བ་ངག་གི་དབང་པོ་རྒྱལ། །གང་གི་ཚེ་ཡུལ་ཉི་ཤུ་རྩ་བཞིའི་ཡ་གྱལ་དེ་ཝཱི་ཀོ་ཊ་ཡིན་ནོ་ཞེས་གླེང་བ་ལྷ་མོ་མཁར་དང་ཉེ་བ་ལྷ་ལུང་ལྷ་ཡི་དགའ་ཚལ་ན་དཔལ་ལྡན་འདྲེན་བྱེད་སྟོང་པའི་ངང་ཉམས་ཀྱིས་རང་ལུགས་བདེ་བརསྐྱོང་བའི་སྤྲུལ་པའི་སྐུ་རིན་པོ་ཆེ་ཡབ་སྲས་འཚོ་ཞིང་གཞེས་པའི་རིང་ནས། དངོས་ཅག་ལ་ཕྲིན་ཡིག་རྟེན་ལྡན་པུསྟ་ཀ་དང་བཅས་སྤྲིང་པ་དངོས་མཇལ་ལྟ་བུའི་གཟིགས་མོར་ཆེ། རྣམ་སྨིན་གྱི་རྟེན་སྐལ་མཉམ་དང་ཀུན་འགྲོའི་རྒྱུ་འབྲས་ལ་སྤྱི་མཐུན་དུ་སྤྱོད་པའང་ལུས་ཉམས་བརྟས་ཤིང་དཀོན་མཆོག་གསུམ་དང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལ་གུས་པ་ཆེ་ཐང་དུ་བགྱིད་པའི་ཁུལ་དུ་ལགས། ད་དུང་དགོངས་ཤིག །དེ་ལ་བདག་ཅག་ནི་རིགས་དང༌། གཟུགས་དང༌། དབང་ཕྱུག་གིས་རྒྱགས་པ་ཅན་ཡང་མ་ཡིན་ལ། དྲན་པའི་དབང་པོ་ཅན་ལ་བསྙེན་ནས་ཐམས་ཅད་མཁྱེན་པའི་ཡོན་ཏན་གྱི་ཉེ་རྒྱུ་ཤེས་བྱའི་གཙུག་ལག་ལ་ཐོས་བསམ་བགྱིས་པའང་མ་ལགས་པས། ལང་ཚོ་བདོ་བ་ཙམ་ནས་དབེན་པ་ལ་དད་ཅིང་རི་སུལ་དུ་ཉི་མ་ལྡེ་བཞིན་རྒ་བའི་ཚོར་བས་གཏུགས་པ་ཞིག་པས། རིག་པའི་གཙུག་ལག་ལ་སོགས་པའི་ཡོན་ཏན་གྱི་ལྡན་ཆོས་ལ་


JLAZ006_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེམས་པ་དང༌། ལྡན་མིན་གྱི་བསྙེངས་པའི་ཕྱོགས་གཉིས་ཀར་མི་བསྟེན་ན་རྫིང་བུ་ནམ་མཆེས་པ་ཡུར་བ་ལ་ཅི་ཞིག་དྲང༌། དེ་ལྟ་ནའང་སྒོམ་བྱུང་གི་ཤེས་རབ་ལས་ནང་རིག་པའི་དེ་ཁོ་ན་ཉིད་ལ་བག་ཆགས་དགེ་བ་ཅན་དུ་གཟིགས་སྟངས་དགེ་བའི་ཚོགས་ཐམས་ཅད་ལ་གང་ལས་རྟེན་ཅིང་འབྲེལ་འབྱུང་ཆུད་མི་གསན་པའི་ལྷག་བསམ་དག་ཀྱང༌། སྤྱིར་ན་ཚོད་ཡོལ། འཇིག་རྟེན་མཐུན་འཇུག་ལ་སྤྲོ་བ་ཞན། བསམ་གཏན་གྱི་ངང་དུ་ཡིད་སྡུད་པས། ཕ་རོལ་གྱི་བསམ་པ་དང་མཐུན་པའི་ཉེར་ལེན་ལ་མི་མཁས་ཤིང༌། རང་ཉམས་དོ་ཧར་སྤྱོད་པའི་གནས་ལ་འཛིན་སྟངས་མི་འགལ་ན། བསྟན་པའི་ལམ་སྲོལ་སྙན་དུ་ལྡུགས་པར་རྔོ་ཐོགས་ཚོད་ནི་ཁྱེད་ཅག་ཡབ་སྲས་དང་དངོས་ཅག་སྨོན་ལམ་གྱིས་འབྲེལ་བ་ཅན་དུའང་ཆ་མི་འཚལ་བ་ལ་དགོངས་ཤིང་དཔྱད་ནས། སངས་རྒྱས་གཉིས་པ་ཀུན་མཁྱེན་ངག་གི་དབང་པོའི་བསྟན་པ་ལ་ཐུགས་ཡིད་ཕྱོགས་པའི་རྒྱུད་ལས་རྙིང་བསྟན་རི་མོ་མཁན་གྱི་སྣང་བྱེད་ལས་སྒྲོལ་མའི་བྱེད་ལས་ཅན་དུ་བགྱིད་པར་གསོལ་ན་ཅི་གནང༌། ཞེས་གཟིགས་རྟེན་མཚོན་པ་བཅས་ཕུལ།། །།བསླུ་བ་མེད་པའི་བདག་ཉིད་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་དང༌། དེ་དག་གི་ངོ་བོ་ཉིད་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་


JLAZ006_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ལ་རང་བཞིན་ཤེས་པའི་ངང་དུ་སྐྱབས་སུ་མཆིའོ། །ཡང་དག་པའི་ལྟ་བ་ལ་དད་ཅིང༌། དགེ་བ་བཅུའི་ས་ལམ་འཛིན་པའི་སྐྱེ་དགུ་མཆོག་དམན་མཐའ་དག་དང༌། སྣང་སྲིད་ལྷ་འདྲེའི་ཚོགས་ལ་བསྒོ་བ། རི་ཁ་བ་ཅན་གྱི་རྒྱལ་ཁམས་ན་སངས་རྒྱས་གཉིས་པར་བསྙོན་དུ་མེད་པ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་ཚེ་རབས་ཀུན་ཏུ་རྗེས་སུ་བཟུང་ནས་གཞན་ཕན་བསྒྲུབ་པར་དབང་བསྐུར་བ་རིག་འཛིན་འཇིགས་མེད་གླིང་པའམ། རང་བཞིན་དུ་གྲགས་པའི་མིང་ཀློང་ཆེན་སྤྲུལ་སྐུར་རང་བྱུང་རྡོ་རྗེར་འབོད་པས་རིང་མོའི་དུས་ན་སངས་རྒྱས་འོད་སྲུང་ལ་སེམས་བསྐྱེད་པ་ནས་བཟུང་རྣམ་པར་རྒྱལ་བ་ཅན་དུ་མངོན་པར་སངས་མ་རྒྱས་པར་འཇུག་པའི་སེམས་བསྐྱེད་བླ་ན་མེད་པས་བསྟན་པའི་ཞབས་ཏོག་དང༌། སེམས་ཅན་གྱི་ཁམས་ཡོད་དོ་ཅོག་ལ་དངོས་རྒྱུད་དུ་མའི་སྒོ་ནས་ཕན་པའི་བསམ་སྤྱོར་ལྷུར་བྱེད་ན། ད་ལྟའི་དུས་འགྲོ་བ་རྣམས་སྙིགས་མ་ལྔའི་དུས་ཀྱིས་རྒུད་པས་ཆེས་ཆེར་ནོན། ཁྱད་པར་མཐའ་འཁོབ་ཏུ་སྐྱེས་པ་རྣམས་མི་གཞི་དྲང་ཡང་ལས་འབྲས་ལ་རྨོངས་ཆེས་བས་སེམས་ཅན་གྱི་སྲོག་འཕྲོག་པ་དང༌། དམག་ཇག་གི་ལས་ལ་ཉེས་དམིགས་ཆེན་པོར་མི་བལྟ་བས་ངན་སོང་དུ་རྡོ་འཕངས་པ་བཞིན་འགྲོ་བ་ལ་སྙིང་རྗེས་མ་བཟོད། དེ་དག་གི་མཚན་ཉིད་མཚན་ཤེས་པའང་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་བ་ལ་རག་ལུས་ན།


JLAZ006_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་ཕྱོགས་རིས་དང་ལྟ་བའི་སྙིགས་མར་གྱུར་པས་དཀྲུགས་ཤིང༌། ཁྱད་པར་ལྷ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ་མཁན་སློབ་ལོ་པཎ་རྣམས་ཀྱིས་ཆེ་ཐང་དུ་མཛད་པའི་རྒྱུད་སྡེ་སྔ་འགྱུར་གྱི་རིང་ལུགས་གཟུགས་བརྙན་ཙམ་དུ་སོང་བ་སེམས་ཀྱིས་མ་བཟོད་ནས། ཡོན་ཏན་རིན་པོ་ཆེའི་མཛོད་རྩ་འགྲེལ་གྱིས་མདོ་སྔགས་ཀྱི་གྲུབ་མཐའ་གསར་དུ་བསླངས་ཤིང༌། རྒྱལ་དབང་པདྨས་རྗེས་སུ་གདམས་པའི་ཐུགས་གཏེར་ཟབ་མོས་བསྐྱེད་རྫོགས་ཀྱི་གནད་མ་འཁྲུལ་པའི་ལམ་མངོན་སུམ་བསྟན་པ་རྣམས་མདོ་སྨད་ཀྱི་སའི་ཆར་སྤེལ་ནས་སེམས་ཅན་མང་པོ་བྱང་གྲོལ་ལ་འགོད་པའི་ཕོ་ཉར་སྨོན་ལམ་གཏད་རྒྱས་དབང་བསྐུར་བ་འཇིགས་མེད་ཕྲིན་ལས་འོད་ཟེར་པ་འདི་ཉིད་གཟུ་བོར་གནས་ཤིང༌། ལྷག་པའི་བསམ་པ་དགེ་བ་ཅན་ཡིན་པས་དམ་པ་རྣམས་ཀྱི་དྲུང་དུ་རྟེན་འབྲེལ་གྱི་མཚམས་སྦྱོར། གནས་སྐོར་ལམ་ཞུགས། ཐོས་བསམ་སྒོམ་གསུམ། དགོན་གནས་འཛིན་སྐྱོང་གང་གི་ཐད་དུའང་གྲོགས་དན་ཟླ་བ་ཡར་ངོ་བཞིན་དུ་མཛད་པ་དང༌། ཁྱད་པར་སྔ་འགྱུར་བ་རྣམས་བསྟན་པའི་ཕར་རྒྱ་ལ་རྩིས་ཆུང༌། གདམས་ཕྲན་ལ་ཁ་འཛིན་ཆེ། བློ་སྟོབས་དང་ཆོས་ཉམས་ཆུང་བས་རྙིང་བསྟན་གྱི་རྩ་བརྒྱུད་འབུམ་རིན་པོ་ཆེ་དང༌། མདོ་སྒྱུ་སེམས་གསུམ༌། ཡང་ཕུར་མཉམ་སྦྱོར། སྙིང་ཏིག་ཡ་བཞི། སྒྲུབ་


JLAZ006_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་བཀའ་བརྒྱད་རྣམས་ལ་ཆེ་ཐང་དུ་མི་བྱེད། སོ་ཟུར་གནུབས་གསུམ་དང༌། རོང་ཟོམ་ཆེན་པོ། ཁྱད་པར་བསྟན་པ་རྒྱ་མཚོའི་རྩ་ལག་ཀུན་མཁྱེན་བསམ་ཡས་པའི་གྲུབ་མཐའ་ལ་རྨོངས་པས་ཆོས་ལུགས་གཞན་པས་བསྙས་ཤིང༌། གཤུང་བའི་ཚུལ་དབུས་གཙང་ཁམས་གསུམ་དུ་མཐོང་ཞིང་ཐོས་པས་གནས་ཚུལ་འདི་ལ་གཟུ་བོའི་བློས་གཞིག་འབྲེལ་ལེགས་པར་མཛད་ནས་རང་བསྟན་དར་བ་ལ་འགལ་རྐྱེན་དང་ཕྲག་དོག་སྤོངས་ཤིག །བསྟན་པ་ལ་ཕྱག་བཞེས་ཆེ་བ་དང་དཀར་ཕྱོགས་སྐྱོང་བ་ཐམས་ཅད་ནས་མཐུན་རྐྱེན་ཆོས་བཞིན་དུ་སྒྲུབ་ཤིག །གལ་ཏེ་དམ་ཚིག་མི་ཤེས་པ་དང༌། དཀར་ཕྱོགས་ལ་མི་དད་པ་དང༌། རྒྱལ་འདྲེ་འགོང་པོ་དང༌། གསར་བྱུང་ལས་ངན་གྱི་རྒྱུ་འབྲས་ལ་སྤྱོད་པ་ཡིན་དུ་ཟིན་ཀྱང༌། ངའི་བྱང་ཆུབ་སེམས་ཀྱི་གདུལ་བྱར་མ་གྱུར་པ་མེད་པས་ཤེས་རྒྱུད་དགེ་ལ་འགྱུར་བར་གྱུར་ཅིག །དེ་ལྟར་གྱུར་ནས་ནད་ཡམས་འཁྲུགས་རྩོད། མེ་ཆུ་གཅན་གཟན། རི་རུད་ཤྭ་ལོག །སྐྱིན་ཐང་ཐོག་རྒོད། འཁྱུག་དང་ས་གཡོས། ཁ་ཆར་རླུང་ལོག་སོགས་འཇིག་རྟེན་མི་བདེ་བའི་སྣ་འདྲེན་སྤོངས་ལ་ཞི་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་བྱོས་ཤིག །ཁྱེད་རྣམས་ཀྱི་ལས་ངན་གྱི་འཕེན་པ་རྫོགས། ཕྱི་ནས་དགེ་བ་འབའ་ཞིག་ཏུ་འགྱུར་བའི་སྨོན་ལམ་ངེད་ཀྱིས་འདེབས་སོ། །


JLAZ006_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཏེ་ལྷག་བསམ་དག་པའི་བདེན་ཚིག་ལ་མི་ཉན་ན། མི་དང་མི་མ་ཡིན་གང་སུ་ཡང་རུང་སྟེ། དེ་དག་ལ་དཀོན་མཆོག་དང་མཁའ་འགྲོ་ཆོས་སྐྱོང་ཡེ་ཤེས་ཀྱི་སྤྱན་དང་ལྡན་པས་བཀའ་ཆད་དྲག་པོ་ཕོབ་ཅིག །ལེགས་ཉེས་ཀྱི་སྟངས་ཟུང་ཞིག །ས་མ་ཡ་རཀྵནྟུ། ཞེས་གོ་བར་བྱ་བའི་གཏམ་པདྨ་འོད་གླིང་ཆོས་ཀྱི་གན་མཛོད་ནས་བྲིས་པ་སརྦ་མངྒ་ལཾ།། །།རིག་བྱེད་འཛིན་པ་ལ་སྤྲིངས་པ། རྨོངས་ཆེན་གླང་པོས་རིང་སྤངས་པའི། །རིག་བྱེད་རྒྱ་མཚོའི་དེ་ཉིད་ལ། །ཀློག་ཏུ་མ་གྱུར་དེད་དཔོན་ཁྱེད། །དྲང་སྲོང་རྒན་པོའི་མཆིད་འདིར་གསོན། །ཕུང་པོ་ལྔ་དང་ཚོགས་བརྒྱད་ཀྱི། །ཉེར་ལེན་སྲིད་པའི་ཆོས་ཡིན་ཡང༌། །དེ་ཡི་འགལ་ཟླས་མ་བཅོས་པ། །མཐོ་རིས་དམ་པའི་ཡོན་ཏན་བདུན། །གང་ལ་འཚོ་གཞེས་བརྟན་པ་ནས། །རིང་དུ་འདྲིས་ཤིང་གཅུགས་པའི་གཏམ། །མིང་ཚིག་ཡི་གེའི་ཞལ་སྒོ་ལས། །དར་དིར་གླེང་མོ་བྱེད་པ་བཞིན། །རྒ་བས་ལང་ཚོའི་དཔལ་བཅོམ་ཞིང༌། །སྲོག་གི་ལྷག་མ་ཙམ་འདི་ལ། །ཡིད་བརྟན་མེད་པའི་ངེས་འབྱུང་དང༌། །གཞན་ཕན་ལྷག་བསམ་འགྲན་པར་མཆིས། །འཇིག་རྟེན་རྒུད་པའི་ཆོས་ལ་སྐྱོ་ཞིང་དེ་ཡི་དབུགས་ཆེན་འབྱིན་པ་ནི། །རྒྱལ་དང་དེ་སྲས་ལས་གཞན་མིན་པས་དངུལ་དཀར་བྲེ་ཆེན་


JLAZ006_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་ཕྲག་ལས། །འཕགས་པ་མིག་མི་འཛུམས་པའི་ཞལ་དང་ས་སྙིང་ཐུར་སྲང་ལག་མིག་གིས། །བཀྲ་ཤིས་རྟགས་དང་ལྷག་གནས་འབུལ་སླད་ཆོས་འཁོར་ཆེན་པོར་དེང་ལ་ཉེ། །འགྱུར་དང་སྡུག་བསྔལ་འདུ་བྱེད་ཀྱི། །དམ་ལ་གཅུར་བའི་འཁོར་བ་འདིར། །སྐྱོ་བས་མངོན་མཐོའི་རིམ་གྲོ་ཡང༌། །ངེས་ལེགས་གྲུབ་ཕྱིར་འབད་འཚལ་ལོ། །མྱོང་གྲོལ་དམ་མདུད་དང་ལྷ་རྫས་བཅས།། །།སྲིད་སྐྱོང་རྟ་ཚག་རིན་པོ་ཆེར་རྟེན་བཞེངས་ཀྱི་ལེགས་འབུལ་ཆབ་ཤོག །ཆོས་ཀྱི་འབྱུང་གནས་སྨོན་པའི་རྔ་བོ་ཆེས། །གནས་ངན་ལེན་གྱི་དྲི་མ་བཀྲུས་པའི་ཞིང༌། །ཀུན་ནས་དག་པ་རབ་འབྱམས་སྐྱེད་མོས་ ཚལ། །བདེ་ལྡན་མགོན་པོས་འཚོ་གཞེས་ཆོ་ག་སྦྱིན། ༡ །རང་བཞིན་མེད་པའི་བདེ་གཤེགས་སྙིང་པོའི་ཁམས། །ཚོགས་བརྒྱད་ཞགས་པས་བཅིངས་པའི་ཡིད་ཅན་འདིའི། །བརླང་སྤྱོད་ལྕགས་ཀྱུས་བོས་པའི་དཀར་མིན་གྱི། །ཆོམ་པོར་གྱུར་པ་བསོད་ནམས་ཡེ་ཤེས་ཚོགས། ༢ །བྱེ་བྲག་རྩོད་ལྡན་གདུང་བ་ཞི་བའི་སྨན། །མི་བདག་དུང་གི་གཞོན་ནུ་མ་ཕམ་པ། །རྫོགས་ལྡན་གསར་པའི་དགའ་སྟོན་ཤིང་རྟའི་རྩེར། །འདྲེན་པའི་རྟེན་ཅིང་འབྲེལ་འབྱུང་ཆོ་ག་ལ། ༣ །ཐུགས་བསྐྱེད་ཚད་མེད་བཞི་པའི་ས་མཁན་གྱིས། །བྱ་བ་ལས་ཀྱི་འཁོར་ལོས་བདག་ཅག་ལ། །དབུགས་འབྱིན་ཆེན་


JLAZ006_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

པོ་སྩོལ་ལ་རངས་པའི་ཡིད། །ཡན་ལག་བདུན་གྱི་མཆོད་སྤྲིན་ཐོག་མར་འབུལ། ༤ །བྱས་པ་ཤེས་ལ་དྲིན་དུ་གཟོ་བ་ཡི། །མི་ལ་དཔལ་མགོན་ཉེ་བར་གནས་སོ་ཞེས། །བདག་ཅག་ཁོ་ནའི་སྟོན་པ་དེས་གསུངས་ཕྱིར། །དངོས་སྟོབས་ཆུང་ཡང་དང་པའི་རྟེན་ཙམ་དུ། ༥ །སྐུ་གསུང་ཐུགས་རྟེན་མཆོག་གིས་སྣ་དྲངས་བའི། །ཟང་ཟིང་རྫས་ཀྱི་བདོ་པ་ཉུང་ཟད་འདི། །ཉུང་ངུའང་མང་པོར་བགྱིད་པའི་མཐུ་ལྡན་པ། །ཀུན་ཏུ་བཟང་པོའི་སྤྲིན་དུ་འཆར་གྱུར་ཅིག ༦ །སེམས་ཅན་དང་ནི་ཆོས་ལ་དམིགས་པ་དང༌། །དམིགས་པ་མེད་པའི་བྱང་ཆུབ་སེམས་གསུམ་ལས། །དང་པོའི་དོན་ཉིད་གཙོ་བོར་གྱུར་པ་ཡིས། །མཐུན་འགྱུར་མཛད་ལ་དེང་འདིར་དགོངས་ཤིག་ཀྱེ།། ༧ །།རྡོ་རྗེ་བྲག་སྤྲུལ་སྐུ་རིན་པོ་ཆེར། དུས་གསུམ་རྒྱལ་པའི་ཞལ་སྐྱིན་མཆོག །སངས་རྒྱས་གཉིས་པ་པདྨ་དང༌། །ཀུན་མཁྱེན་ངག་གི་དབང་པོ་ཡིས། །སྐྱེས་བུ་ཁྱོད་ལ་བྱིན་གྱིས་རློབས། །ཚངས་པ་ལྷ་ཡི་མེ་ཏོག་དེ། །གངས་རིའི་ལྗོངས་འདིར་ཡང་ནས་ཡང༌། །གེ་སར་རྒྱས་པའི་ཟེའུ་འབྲུ་ལ། །ཉང་རལ་དྷརྨ་ཤྭ་ར་དང༌། །ཡེ་ཤེས་རོལ་པའི་རྡོ་རྗེ་བྲག །གང་གི་བྲག་ཆེན་རྡོ་རྗེ་དེར། །དགུང་གཅིག་རྣལ་བའི་རྟེན་འབྱུང་ལས། །མངྒ་ལའང་དབང་པོའི་སྡེའི། །ཆོས་གཞི་ཨེ་ཝམ་ལྕོག་སྒར་


JLAZ006_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ། །ཡབ་སྲས་གཉིས་མེད་ཐུགས་བསྐྱེད་ལས། །རྣམ་པར་འཕྲུལ་པ་ཁྱོད་ཅིག་དང༌། །དངོས་ཅག་སྐྱེས་པ་རབ་ཀྱི་ཕྲེང༌། །སྨོན་པས་འབྲེལ་བའི་ལས་འཕྲོ་སད། །གང་ཕྱིར་བདག་ལ་མ་འདྲིས་པའི། །མཛའ་བཤེས་ཐུགས་སུ་བྱོན་པ་ཡི། །མངོན་རྟོགས་རྔོན་པའི་བཀའ་མཆིད་ལ། །སྤྲོ་དང་རྗེས་སུ་ཡི་རང་འགྲན། །རྨོངས་པས་དཀྲུགས་པའི་གཞན་དབང་གི། །གཡང་སར་ལྷུང་བ་མེད་ཁྱོད་ལ། །བདག་གིས་སྤངས་དང་རྟོགས་པའི་ཆོས། །མངོན་སུམ་འཕོ་བར་ཅིས་མི་སྨོན། །རྒ་བའི་ཆད་པས་ནོན་གྱུར་ཅིང༌། །དབང་ཤེས་ལྡོངས་པར་གྱུར་ན་ཡང༌། །དམ་པའི་ཞིང་སར་དམ་པའི་ཀླུང༌། །འདྲེན་ལ་སྐྱོ་བའི་སྐབས་མི་དབྱེ། །རྒྱལ་བསྟན་སྤྱི་དང་བྱེ་བྲག་ཏུ། །སྔ་འགྱུར་ནུབ་རིར་སོན་པའི་ཚེ། །བསྟན་པའི་རྩ་ལག་ཆེན་པོར་རེ། །ཐོས་བསམ་སྒོམ་ལ་ཐུགས་སྟོབས་བསྐྱེད། །དམ་པ་རྣམས་ཀྱིས་དམ་བཅའ་ནི། །བསྟན་དང་འགྲོ་ལ་སྨན་པ་ཡི། །བྱང་ཆུབ་སེམས་མཆོག་ཁོ་ནའི་ཕྱིར། །སྐྱེས་བུ་ཆེན་པོའི་རྣམ་ཐར་སྐྱོངས། །རོང་པ་ཆོས་ཀྱི་ཟབ་པོ་དང༌། །རྒྱལ་བ་ཀློང་ཆེན་རབ་འབྱམས་དང༌། །ཞང་ཞུང་པཎྜི་ཏ་སོགས་ཀྱི། །གཞུང་ལ་རྟག་ཏུ་བསྟེན་གོམས་འཚལ། །དེ་ཡི་རྒྱུས་ལ་རྒྱུད་འབུམ་གྱི། །ཆོས་འབྱུང་འཛམ་གླིང་ཐ་གྲུའི་རྒྱན། །སྤྱན་


JLAZ006_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་བསྟར་བར་སྤྲོ་མོད་ཀྱང༌། །དེང་ཚེ་འབྲི་གུང་ཕྱོགས་སུ་དེངས། །འོན་ཀྱང་སྟོན་ཟླའི་གང་བ་ལ། །བསམ་ཡས་ཆོས་འཁོར་ཆེན་པོ་དེར། །ལྷག་གནས་བགྱིད་ལ་ཕྱོགས་པའི་ཚེ། །ཕོ་ཉའི་འགྲོས་ཀྱིས་སྐབས་དབྱེར་གསོལ། །དེང་གི་རིས་ལ་བཀའ་ཕེབས་བཞིན། །རྟོགས་པ་བརྗོད་དང་གཏམ་གྱི་ཚོགས། །ཤོག་གྲངས་ཟུར་གསལ་ལྟར་འབུལ་གྱི། །ཡ་རབས་རྣམས་ལ་སྐྱེས་ཀྱི་མཆོག །རྟག་ཏུ་ཞབས་པད་བརྟན་པ་ཡི། །རྟེན་ཅིང་འབྲེལ་འབྱུང་རྒྱ་མཚོ་དང༌། །སྐྱེས་བུ་གསུམ་གྱི་གཞུང་ལམ་ནས། །སེམས་ཅན་བདེ་ལ་འགོད་པར་འཚལ། །སྤྱན་རས་གཡོ་བའི་ལྷ་རྫས་དང༌། །ཡར་ཀླུང་ཤེལ་གྱི་བྲག་ཕུག་ཏུ། །ཆེ་མཆོག་བདུད་རྩིའི་སྒྲུབ་རྫས་བཅས། །མོས་དང་དད་པའི་སེམས་ཀྱིས་ཕུལ།། །།ལྷོ་བྲག་ལྷ་ལུང་ཐུགས་སྲས་སྤྲུལ་སྐུར་མཆིད་ལན། རི་མོ་གཡས་སུ་དཀྲིས་བའི་དགེ་མཚན་གྱི། །དབྱངས་ཡིག་ཡན་ལག་དྲུག་ཅུར་རྫོགས་པའི་གདངས། །དབྱངས་ཅན་འཕང་འགྲོའི་རྒྱུད་མིན་བདེ་གཤེགས་ཀྱི། །སྒྲ་ཚིག་བརྗོད་པ་བྲལ་དེས་ཁྱོད་བྱིན་རློབས། ༡ །རིང་ནས་བཤེས་པའི་དམ་བཅའ་མི་འགོག་པས། །སྙན་ཚིག་ཀ་ལ་པིངྐའི་རྒྱུན་ཆགས་གླུ། །འཚོ་གཞེས་ཆོ་ག་བརྟན་པའི་སྐབས་དབྱེ་བཞིན། །དངོས་དཀྱིལ་མཐོང་བའི་དགའ་


JLAZ006_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་མཛད་ལ་རིངས། ༢ །འདི་ན་བདེ་གཤེགས་སྙིང་པོའི་ཆོས་ཉིད་ལ། །བྲི་གང་འཕོ་འགྱུར་མིན་བཞིན་དབང་ཤེས་རྣམས། །རྒ་བའི་ཆད་པས་ནོན་ཀྱང་ལྷག་བསམ་གྱི། །ཤིང་རྟའི་ཕྱི་བཞིན་བདུན་གྱི་བདུན་པ་འགྲོ། ༣ །འཁོར་བའི་རང་བཞིན་སྡུག་བསྔལ་བདེན་པ་ཡིས། །དམ་ལ་མ་གཞག་མེད་ཀྱང་རྩོད་ལྡན་གྱི། །འགྲོ་འདིའི་ལུས་སེམས་བརླང་སྤྱོད་རྩུབ་མོ་དེས། །ལྷག་བར་གཟིར་བའི་རྒྱུ་འབྲས་འགོག་པའི་སླད། ༤།སཽརྞ་རཱུ་པཾ་ཐུར་སྲང་བརྒྱ་ཕྲག་དྲུག ། རྒྱུ་འགྲོར་ཚོགས་པའི་མ་ཕམ་མགོན་གྱི་སྐུ། །བཟོ་གནས་རིག་པ་ལས་བྱོན་དེའི་ལྷག་གནས། །བགྱིད་པ་བསམ་ཡས་ཆོས་འཁོར་དེང་དུ་ཉེ། ༥ །སྲིད་པའི་མཚོ་འདིར་བདེ་སྐྱིད་སྤྱོད་བྱེད་སྨན། །རྒྱལ་བསྟན་རིན་ཆེན་བཻ་ཌཱུརྱ་ཡི་ཁམས། །དེ་འཛིན་སྐྱེས་བུ་མཆོག་གི་བདག་པོའི་རྒྱན། །ཉིད་ཕྱིར་ཤེས་རབ་གསུམ་ལ་ཐུགས་བརྩོན་བསྐྱེད། ༦ །དེ་ཡང་དོན་ལ་རྟོན་པའི་གནས་མང་དག །ཚིག་ལ་རྟོན་པའི་རྟོག་གེའི་མུན་སྤྲུལ་གྱིས། །བསྟན་པ་དཀྲུག་པའི་གཉེན་པོར་ཀུན་མཁྱེན་ཆེའི། །མཛོད་བདུན་ཤིང་རྟ་རྣམ་གསུམ་ལས་གཞན་མིན། ༧ །དེ་ཕྱིར་རྒྱལ་བ་གཉིས་པའི་གཞུང་ལུགས་ལ། །རྟག་ཏུ་བསྟེན་གོམས་མཛད་པར་བསྐུལ་པ་ཡི། །མཆོད་པའི་སྤྲིན་འདི་སྟོང་གསུམ་རིན་ཆེན་ཀྱིས། །བཀང་བས་ཆེས་ལྷག་བདག་གིར་གཞེས་ཤིག་གུ། ༨ །རིང་མིན་


JLAZ006_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་སྐྱིན་བལྟ་དང་ཆབ་གཅིག་པར། །ཡ་རབས་དམ་པ་རྣམ་ལ་སྐྱེས་ཀྱི་མཆོག །སྟོན་པའི་དམ་ཆོས་རྣམ་གཉིས་བདུད་རྩིའི་སྤྲིན། །ཐུགས་ཀྱི་དཔལ་བེར་འབབ་པའི་བཀྲ་ཤིས་ཤོག།། ༩ །།མངའ་རིས་སྤྲུལ་སྐུའི་ཆབ་ཤོག་ལན། ལེགས་སྤྱད་ལེགས་སྨོན་རྒྱ་མཚོའི་ཤིང་རྟ་མཆོག །ཚོགས་གཉིས་དཔྱིད་ཀྱི་ཐིག་ལེའི་མུ་ཁྱུད་ཀྱི། །སྡེ་སྣོད་རྒྱ་མཚོའི་གོས་ཅན་ལ་དྲང་བ། །གང་གི་བཞེད་དོན་ལྷུན་གྱིས་གྲུབ་གྱུར་ཅིག །ཞི་བ་ཕྱོགས་གཅིག་མྱ་ངན་འདའ་བ་ཡི། །དགྲ་བཅོམ་བརྟུལ་ཞུགས་བསླབ་པའི་མཛོད་ཁང་ནས། །བྱང་ཆུབ་འཇུག་པའི་སྤྱོད་པ་རླབས་པོ་ཆེས། །བདག་ལའང་རྗེས་སུ་ཡི་རང་དགེ་ཚོགས་བྱིན། །རིགས་གསུམ་སེམས་དཔའི་ཐུགས་བསྐྱེད་གཞལ་མེད་ཁང༌། །རྡུལ་སྙེད་འབྱུང་བའི་ཆོམ་པོས་བཀབ་པ་ལ། །དལ་འགྲོའི་དཔུང་ཚོགས་ཡན་ལག་བཞི་བཤམས་པའི། །རྣམ་སྨིན་ག་པར་རྡུལ་དུ་འཛག་དེ་རྨད། །བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་མཐའ་དག་གི། །བརྡ་དོན་ཁུར་དུ་བཟོད་པའི་མཆོད་སྡོང་གིས། །བརྟེན་པ་རིང་བསྲེལ་བཞི་པའི་ཡན་ལག་དང༌། །བཅས་པ་དང་བའི་ངང་ནས་བཞེས་སུ་གསོལ།། །།བཀའ་བློན་ལྷ་སྡིངས་བར། ཕུན་ཚོགས་ནོར་བུའི་གན་མཛོད་འབུམ་འཇོ་བ། །འོད་སྣང་མཐའ་ཡས་ཉེ་འཁོན་མེད་པའི་སྤྱན། །རིགས་ཅན་དྲ་མ་ཁྱོད་ལ་གཡོས་པའི་


JLAZ006_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

མོད། །སྲོག་གི་སྐྱབས་སྦྱིན་ཕྱག་རྒྱས་རིང་དུ་སྐྱོངས། །གཡོ་བའི་རང་བཞིན་སྲིད་པའི་ཆོས་ཉིད་ཆེ། །གང་གིས་མ་དཀྲིགས་འཁོར་བ་ཡོད་མིན་ཡང༌། །དལ་བའི་རྟེན་ལ་རང་འབྱོར་བཞིས་ཕྱུག་ཅིང༌། །གསུམ་ལ་རིམ་གྲོར་བགྱིད་པ་ཁྱོད་ཅིག་གྲང༌། །གངས་རིའི་ལྗོངས་འདིར་འཕགས་པའི་གདུལ་ཞིང་ཕྱིར། །རྒྱལ་བསྟན་ལྷག་ཞབས་གནས་པའང་འདི་ཁོ་ནར། །ངེས་ཕྱིར་རིམ་གྲོ་བསྐྱེད་དང་སེམས་ཅན་གྱི། །བདེ་སྐྱིད་རྒྱལ་བློན་དག་ལ་རག་ལུས་སོ། །སྔོན་གྱི་ཆོས་རྒྱལ་མེས་དབོན་རྣམ་གསུམ་དང༌། །བསྟན་པ་རི་མོར་བགྱིད་པའི་རྗེས་ཞུགས་ཏེ། །མི་ཆོས་གཙང་མ་བཅུ་དྲུག་དམ་བཅའ་དང༌། །ཁྱིམ་གནས་བྱང་ཆུབ་སེམས་དཔའི་རྣམ་ཐར་སྐྱོངས། །ཆོས་ཀྱི་རིང་ལུགས་ཤེས་པའི་ཉེར་བསྡོགས་སུ། །ལུགས་ཀྱི་བསྟན་བཅོས་རྣམས་ལ་བསྙེན་བྱས་ཏེ། །རིགས་དང་དེ་ཡི་འགལ་ཟླ་རྣམ་གཉིས་ལས། །དང་པོའི་ཕྱོགས་ལ་བརྟུན་པའི་གོ་ཆ་བཀོན། །ཁྱད་པར་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ། །རྒྱལ་བློན་སོ་སོར་གདམས་པའི་ལྟུང་བྱེད་བཅུས། །བྱོལ་ཏེ་གཟུགས་ཅན་སྙིང་པོའི་རྣམ་ཐར་སྐྱོངས། །དེ་ཡིས་སྦྱིན་ཚུལ་བཟོད་པའི་བ་དན་སློང༌། །འཁོར་བ་སྙིང་པོ་མེད་པའི་རང་གཟུགས་ལ། །ཆུ་ཟླ་རྨི་ལམ་ལྟ་བུར་ཉམས་མྱོང་ནས། །མངོན་མཐོའི་རྒྱུ་ཚོགས་ཡན་ལག་བརྒྱད་པ་དང༌། །བདེན་པ་གཉིས་ཀྱི་ཆོས་ལ་གུས་པར་


JLAZ006_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད། །དངོས་ལའང་མ་འདྲིས་བཤེས་པའི་གསུང་མཆིད་དང༌། །སྔ་ཕྱིར་གཏོང་སེམས་གོམས་པའི་ཟང་ཟིང་སྐྱེས། །སྩལ་ལ་བཟང་པོ་བཞི་ལྡན་ཡོངས་བསྔོ་དང༌། །སྨོན་ལམ་རྣམ་པར་བརྒྱན་པའི་མཚམས་སྦྱོར་ཞུ། །གང་ཐུགས་དང་བའི་མེ་ཏོག་མནྡཱ་རའི། །སྐྱེད་ཚལ་དགའ་བའི་སྦྲང་རྩིས་བསྐྱེད་བསྲིངས་པའི། །གཟིགས་རྟེན་བྷྲ་མ་ར་ཡི་གཤོག་རླབས་ཀྱིས། །བཏེགས་པའི་བྱིན་མདུད་དང་བཅས་ཕྱོགས་དེར་དེངས། །གསུང་སྤྲུལ་རིན་པོ་ཆེའི་སྐུ་ཞབས་སུ་ཞུ་བ། དེང་གི་ཆར་སྐུ་རིན་པོ་ཆེའི་ཉིན་བྱེད་གསལ། བསྟན་པ་ཕྱག་བཞེས་ཆེ་བའི་རིང་ནས་ཆབ་ཤོག་རིན་པོ་ཆེ་གནང་རྟེན་བཅས་ཕེབས་པ་དངོས་མཇལ་ལྟར་གུས། འདིར་གྱི་ན་བའང་འཚོ་བ་སྙོམས་པ་ནས་དགེ་བློར་འདུན་པར་མཆིས། མཚམས་ཞུས། གཏེར་གསར་གྱི་ཆོས་རིགས་ལུང་བསྟན་དང་བཅས་བསྐུར་ཕེབས་པ་རང་རེ་ལ་གཟིགས་པ་དགེ་བའི་གསུང་དུ་སྣང་ཡང་ད་ལྟ་ལག་ཐོག་ཏུ་མེད་པས་ཅུང་ཟད་ནོངས། ཞུ་བའི་སྙིང་པོར། ངེད་ཆོས་ལ་གོ་བ་ཅུང་ཟད་སྐྱེས་པའི་དུས། སྡོམ་གསུམ་རབ་དབྱེར། དེས་ན་འདུལ་བའི་བསྟན་པ་ནི། །གཟུགས་བརྙན་ཙམ་ཞིག་དེང་སང་སྣང༌། །འབྲས་བུ་གསང་སྔགས་བསྟན་པ་ནི། །གཟུགས་བརྙན་ཙམ་ཡང་མི་སྣང་ངོ༌། །ཞེས་པ་འདི་ལ་གོ་བ་ཆེན་


JLAZ006_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཞིག་སྐྱེས། སྔགས་ལམ་ལ་བསྐྱེད་རྫོགས་སོ་སོའི་སྦྱང་གཞི་སྦྱོང་བྱེད་རྒྱུད་སྡེའི་རིང་ལུགས་དང་མ་འབྲེལ་ན། བསྐྱེད་རིམ་ཚིག་ཀྱང་དང༌། རྫོགས་རིམ་ལྟར་སྣང་བས་གཞི་ལམ་འབྲས་བུའི་དོན་ངོས་མི་ཟིན་པས། སྔ་འགྱུར་བཀའ་མ་དང༌། སྙིང་ཐིག་ཡ་བཞི་ལ་སོགས་པའི་ཆོས་ཚུལ་ཡོངས་གྲགས་དེ་ཚོའི་དོན་མ་རིག་ན་རྙིང་མའི་བསྟན་པ་མེད་པར་ཤེས། རྒྱལ་བ་ཀློང་ཆེན་པས། དམན་པའི་ནོར་དག་ཉོ་ཚོང་བྱེད་ན་ཡང༌། །རང་གིས་མི་ཤེས་གཞན་ལ་འདྲི་བྱེད་ན། །དེང་སང་གང་བྱུང་ཆོས་ཀྱི་ལམ་དེར་འཇུག །བློ་གྲོས་བླུན་པོ་བདུད་སྡེས་མངོན་སུམ་བཅོམ། །ཞེས་པས་བསྐལ་ངན་གྱི་གནས་སུ་ལྷུང་དོགས་ནས། གོང་གསལ་རྣམས་ལ་ཆེ་ཐང་དུ་བགྱིད་པའི་དུས་ཤིག་ན། ཀུན་མཁྱེན་ཆེན་པོ་དངོས་དང་ཞལ་མཇལ་ནས། སྔ་འགྱུར་གྱི་བསྟན་པ་དངོས་བསྟན་ནུབ་ཏུ་ཉེ་བས། ཁྱོད་ཀྱིས་གདམས་ཕྲན་གྱི་ཁ་འཛིན་མ་བྱེད་པར། ཤིང་རྟ་ཆེན་མོའི་གྲུབ་མཐའ་སློང་ཞིག་གསུངས་ཤིང་རྒྱུད་བྱིན་གྱིས་བརླབས་པ་ནས་བཟུང༌། དེའི་ལུགས་ཀྱི་གསང་སྔགས་ཟབ་མོའི་ལྟ་སྒོམ་སྤྱོད་འབྲས་ཀྱི་རྩ་བ་མདོ་སྒྱུ་སེམས་གསུམ་ལ་སོགས་པར་རིག་ནས་དེ་དག་འབའ་ཞིག་ལ་བཤད་སྒྲུབ་ཀྱི་བྱ་བ་བྱེད་པས། གཏེར་གསར་གྱི་རིགས་ལ་དག་སྣང་མེད་


JLAZ006_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

པ་མ་ཡིན་ཀྱང༌། དཔེ་ཆ་སྒྲུབ་རྩོལ་སོགས་མ་འགྲུབ་པས་དཔེ་རྒྱུན་དཀོན་པོ་ལས་མེད་ཅིང༌། འོན་ཀྱང་ཡོད་ཁུངས་ཞུ་རྒྱུ་ཟུར་གསལ་ལྟར་དང༌། དམ་པ་ཁྱེད་ཅག་ཡབ་སྲས་ཀྱང་ཀུན་མཁྱེན་ཆེན་པོའི་དེ་མ་ཐག་པའི་ཕྲིན་ལས་སྒྲུབ་པའི་རྣམ་སྤྲུལ་པདྨ་གླིང་པའི་ཆོས་ཀྱི་གདན་ཁྲི་ལ་བཞུགས་པ་ཡིན་ན། རང་བསྟན་རྩ་བ་ཆེན་པོ་འདི་ནུབ་ཏུ་ཆ་བ་ལ་ལུང་ཙམ་ཐོས་པས་ཆོས་ཀྱི་གོ་མི་འགོགས་པར་ད་ལྟ་སྐུ་ན་གསར་བུར་གྱུར་པ་ལ་ཐོས་བསམ་སྒོམ་གསུམ་གྱི་སྒྲོ་འདོགས་ཕྱོགས་འདིའི་བསྟན་པ་ལ་གཅོད་པའི་ཕྲིན་ལས་བདག་གིར་བཞེས་པར་གསོལ་བ་འདེབས་ན། རྒན་པོའང་ཞྭ་དཀར་གྱི་ཕྱོགས་རིས་ཅན་དུ་དགོངས་པའི་གཟིགས་པ་མི་ལྷོད་པས་དྲང་པོར་གསོལ་བ་ལ་བསྙེལ་བ་མེད་པ་དང༌། སྐུ་ཚེ་བརྟན་ཅིང་བསྟན་པ་རྒྱས་པའི་ཐུགས་བསྐྱེད་ནས་ཕེབས་ཚོགས་ཀྱང་ནར་མར་སྩོལ་བར་ཅི་གནང༌། ཞུ་འདེགས་བཅས་ཕུལ།། །།


previousཆབ་ཤོག་གི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ་མིའམ་ཅིའི་ཟློས་གར།next