Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
  expand section
   
   
མུན་པའི་རྣལ་འབྱོར་ཡང་ཏིག་ནག་པོའི་ཕྲིན་ལས་ཀྱི་ཆོ་ག་ཁྲིགས་སུ་བསྡེབས་པ།
  expand section
   
   
   
   
   
  expand section
   
   
   
  expand section
   
   
   
   
   
  expand section
   
   
   
   
  expand section


 
previousམུན་པའི་རྣལ་འབྱོར་ཡང་ཏིག་ནག་པོའི་ཕྲིན་ལས་ཀྱི་ཆོ་ག་ཁྲིགས་སུ་བསྡེབས་པ།next

མུན་པའི་རྣལ་འབྱོར་ཡང་ཏིག་ནག་པོའི་ཕྲིན་ལས་ཀྱི་ཆོ་ག་ཁྲིགས་སུ་བསྡེབས་པ།


JLAZ008_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

མུན་པའི་རྣལ་འབྱོར་ཡང་ཏིག་ནག་པོའི་ཕྲིན་ལས་ཀྱི་ཆོ་ག་ཁྲིགས་སུ་བསྡེབས་པ་བཞུགས། །


JLAZ008_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་ར་ཝེ། འདིར་མུན་པའི་རྣལ་འབྱོར་ཡང་ཏིག་ནག་པོའི་ཕྲིན་ལས་ཀྱི་ཆོ་ག་ཁྲིགས་སུ་བསྡེབས་པ་ལ་སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ལ་བདུན་ལས། དང་པོ་ཤོམ་འགོད་ནི། གཏེར་གཞུང་རྩ་བར། ཡང་ཏིག་དབང་ངམ་ཚོགས་འཁོར་དུས༔ མཎྜལ་པད་འདབ་བརྒྱད་པ་འམ༔ ཡང་ན་ནས་ཀྱི་ཚོམ་བུ་དགུ་བྱས་ལ༔ དེ་ཡི་སྟེང་དུ་གཏོར་མ་བཤམས༔ ཞི་ཁྲོའི་གཞལ་ཡས་ཁང་དུ་བསྐྱེད༔ ཅེས་པ་ལྟར་ལས་མཚན་མ་རྫས་ཀྱི་དཀྱིལ་འཁོར་རྒྱས་བསྡུས་གནས་སྐབས་དང་བསྟུན་ཞིང་དབང་སྒྲུབ་སོགས་དང་འབྲེལ་མིན་གྱི་ཁྱད་པར་ཕྱེ་ནས་སྒྲུབ་རྫས་རྣམས་ཀྱང་མཐོང་རྒྱུད་ལྟར་བཤམས་ལ་མདོར་ན་དགོས་བའི་ཡོ་བྱད་ཐམས་ཅད་མ་ཚང་བ་མེད་པར་ཉེར་བསྡོགས་གྲུབ་པར་བྱའོ། །


JLAZ008_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་བགེགས་སྐྲོད་ནི། ཐུན་མོང་གི་བསག་སྦྱངས་དང་བརྒྱུད་འདེབས་སྔོན་དུ་འགྲོ་བས་བཟང་ངན་བདེ་སྡུག་ཏུ་འཛིན་པའི་ཀུན་རྟོག་གི་གེགས་རྣམས་འོད་གསལ་གཉུག་མའི་ངང་དུ་སྦྱངས་ལ། ཨོཾ་ཨཱ་ཧཱུྃཿ ལྷ་ཡང་སེམས་ལ་འདྲེ་ཡང་སེམས༔ རང་བཞིན་གཅིག་པའི་གཏོར་མ་ལོངས༔ དངོས་འཛིན་མ་གྲུབ་གདོད་ནས་དག༔ ཆོས་ཉིད་ངང་ལས་བགེགས་མ་འདའཿ ཨོཾ་ཨཱ་ཧཱུྃ་བཛྲ་སརྦ་ཀྲོ་ཏ་སྥོཊ་ཡ་པྲ་ཏྭ་ཡ་ཨུ་ཙ་ཏ་ཡ་ཧཱུྃ་ཕཊཿ གསུམ་པ་མཚམས་གཅོད་ནི། ཧཱུྃ་སྣང་སྲིད་ལྷ་སྐུར་ལྷུན་གྲུབ་པའི༔ ཞི་ཁྲོ་ཡོངས་རྫོགས་མཚམས་བཅད་དོ༔ སེམས་ཅན་སངས་རྒྱས་ལྷུན་གྲུབ་པའི༔ ཆོས་ཉིད་མངོན་སུམ་མཚམས་བཅད་དོཿ འཁོར་བ་མྱང་འདས་ལྷུན་གྲུབ་པའི༔ རང་


JLAZ008_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

རིག་རྟོགས་པས་མཚམས་བཅད་དོ༔ དུག་ལྔ་རང་སར་གྲོལ་བ་ཡི༔ ཡེ་ཤེས་རྣམ་ལྔས་མཚམས་བཅད་དོ༔ རེ་དོགས་སྤང་བླངས་བྲལ་བ་ཡི༔ ཐིག་ལེ་ཉག་གཅིག་མཚམས་བཅད་དོ༔ ཨོཾ་ཨཱཿཧཱུྃ༔ རཾ་རཾ་རཾ་རཾ་རཾཿཧཱུྃཿ རྡོ་རྗེའི་མེ་ནི་དཀར་གསལ་འབར༔ རཏྣའི་མེ་ནི་སེར་གསལ་འབར༔ པདྨའི་མེ་ནི་དམར་གསལ་འབར༔ ཀརྨའི་མེ་ནི་ལྗང་གསལ་འབར༔ བུདྡྷའི་མེ་ནི་མཐིང་གསལ་འབར༔ ཡེ་ཤེས་མེ་འོད་ཕྱོགས་བཅུར་འཕྲོས༔ གསང་བའི་མེ་མཚམས་བགེགས་མ་འདའ༔ རཾ་རཾ་རཾ་རཾ་རཾ༔ བཞི་པ་སྐྱབས་སུ་འགྲོ་བ་ནི། སྐྱབས་ཡུལ་ཞི་ཁྲོའི་ལྷ་ཚོགས་མདུན་གྱི་ནམ་མཁར་དམིགས་ལ། ཀྱཻ་ནམ་མཁའི་གནས་སུ་ནམ་མཁའ་གང་བ་ཡི༔ བླ་མ་ཡིད་དམ་མཁའ་འགྲོའི་ཚོགས་རྣམས་དང་༔ སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་ལ༔ བདག་དང་འགྲོ་ཀུན་གུས་པས་སྐྱབས་སུ་མཆི༔ ལན་གསུམ། ལྔ་པ་སེམས་བསྐྱེད་ནི། སྨོན་འཇུག་ཟུང་དུ་འཇུག་པའི་བློས། བདག་ནི་དེང་ནས་བྱང་ཆུབ་མ་ཐོབ་པར༔ རིག་འཛིན་རྒྱལ་སྲས་རྣམས་ཀྱི་རྗེས་ཞུགས་ནས༔ གསང་བ་ཟབ་མོའི་སྙིང་པོ་མངོན་བྱས་ཏེ༔ འགྲོ་རྣམས་ཀུན་བཟང་འོད་ལྔའི་སར་འགོད་བྱ༔ ལན་གསུམ། དྲུག་པ་བཤགས་པ་ནི། ཨོཾ་ཨཱཿཧཱུྃ༔ སེམས་ཅན་སངས་རྒྱས་དངོས་ཉིད་ལ༔ ཞེ་སྡང་དབང་གི་སྲོག་བཅད་དང་༔ མ་བྱིན་ལེན་


JLAZ008_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

དང་གནོད་པ་བྱས༔ ཞི་ཁྲོ་སྐུ་ཡི་ལྷ་ལ་བཤགས༔ སྒྲ་རྣམས་སྔགས་ཀྱི་རང་བཞིན་ལ༔ འདོད་ཆགས་ཞེ་སྡང་དབང་གྱུར་པས༔ ངག་འཁྱལ་ཚིག་རྩུབ་ཕྲ་མ་བྱསཿ ཞི་ཁྲོ་གསུང་གི་ལྷ་ལ་བཤགས༔ དྲན་རྟོག་ཆོས་ཉིད་ཡིན་པ་ལ༔ གནོད་སེམས་བརྣབ་སེམས་ལོག་པར་བལྟས༔ ཞི་ཁྲོ་ཐུགས་ཀྱི་ལྷ་ལ་བཤགས༔ འདོད་ཡོན་རང་བྱུང་རང་ཤར་ལ༔ ང་རྒྱལ་དབང་གིས་འཐབ་ཅིང་རྩོད༔ དགའ་མགུ་ཉེས་ཚིག་བྱས་པ་རྣམས༔ ཞི་ཁྲོ་ཡོན་ཏན་ལྷ་ལ་བཤགས༔ རེ་དོགས་སྤང་བླང་བྲལ་བ་ལ༔ ཕྲག་དོག་དབང་གིས་འཐབ་ཅིང་རྩོད༔ མནར་མེད་དམྱལ་བའི་རྒྱུ་བསགས་པ༔ ཞི་ཁྲོ་ཕྲིན་ལས་ལྷ་ལ་བཤགས༔ བདུན་པ་མཆོད་རྫས་བྱིན་བརླབ་ནི། སྣང་སྲིད་ཐམས་ཅད་གདོད་ནས་ལྷུན་གྲུབ་ཆེན་པོའི་ཕྱག་རྒྱར་བལྟ་ཞིང༌། ཨོཾ་ཨཱཿཧཱུྃ༔ བཛྲ་ཨརྒྷཾ༔ པཱདྱཾ༔ པུཥྤེ༔ དྷཱུ་པེ༔ ཨཱ་ལོ་ཀེ༔ གནྡྷེ༔ ནཻ་ཝི་དྱཱ༔ ཤབྡ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ ཞེས་པས་ཕྱི་མཆོད་དང༌། ཨོཾ་ཨཱཿཧཱུྃ༔ མ་ཧཱ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཿ ལན་གསུམ། ཨོཾ་ཨཱཿཧཱུྃ༔ མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཧྲཱཾ༔ཋ༔ ལན་གསུམ། ཨོཾ་ཨཱཿཧཱུྃ༔ མ་ཧཱ་བ་ལིངྟ་བྷ་ལ་བྷ་ཏེ་གྷུ་ཧྱ་ས་མ་ཡེ་སྭཱ་ཧཱ༔ ལན་གསུམ་གྱིས་ནང་མཆོད་བརླབ་བོ། །གཉིམ་པ་དངོས་གཞི་ལ་རྣམ་གྲངས་བདུན་ལས། དང་པོ་ཡེ་གཞིའི་ཀློང་ནས་


JLAZ008_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་མལ་གྱི་ཞེན་པ་སྐུ་གསུམ་གྱི་ཞིང་ཁམས་རྣམ་དག་ཏུ་རྩལ་སྦྱོང་བ་ནི། རྡོ་རྗེ་གསུམ་གྱི་རང་རྩལ་ལས་ཀློང་ལྔའི་རོལ་པ་བཅུད་དུ་སྨིན་པའི་འདེགས་བྱེད་ཀྱི་སྟེང་དུ་བརྡ་རྟགས་ལྷུན་རྫོགས་ཀྱི་གཞལ་མེད་ཁང་ཆེན་གདན་གསུམ་དང་བཅས་པའི་དབུས་སུ་གཞི་སྣང་ལྷུན་གྲུབ་ཀྱི་ལྷག་པའི་འཁོར་ལོ་ནམ་མཁའ་ལ་གཟའ་སྐར་ཤར་བ་ལྟར་གསལ་འདེབས་ཤིང། ཨོཾ་ཨཱ༔ཧཱུྃ༔ ཡཾ་ཁཾ་སཾ་ཀེཾ་རཾ་བྷྲཱུྃ༔ པཾ་པདྨ་མཎྜལ༔ མ་སཱུརྱ་མཎྜལ༔ ཨ་ཙནྡྲ་མཎྜལ་ཧཱུྃ་ཕཊ༔ ཧཱུྃ༔ འགྱུ་བ་དམིགས་མེད་ནམ་མཁའི་རླུང་༔ ཆོས་ཉིད་སྟོང་སྒྲོན་རྒྱ་མཚོ་ལ༔ དབྱིངས་ཆེན་རྣམ་དག་ཀེང་རུས་རི༔ ཡེ་ཤེས་ལྔ་ཡི་མེ་འོད་འབར༔ ལུ་གུ་རྒྱུད་ཀྱི་གཞལ་ཡས་ཁངཿ འཁོར་བའི་སྐྱོན་བྲལ་པདྨའི་སྟེང་༔ དབྱིངས་རིག་གཉིས་མེད་ཉི་ཟླའི་གདན༔ དུག་ལྔ་རང་བྱུང་རང་གྲོལ་ལྷ༔ དུས་གསུམ་བདེ་གཤེགས་སྐུ་གསུང་ཐུགསཿ ཡོན་ཏན་ཕྲིན་ལས་ཞི་ཁྲོའི་སྐུ༔ མ་བསྐྱེད་ལྷུན་གྱིས་རྫོགས་པའོ༔ གཉིས་པ་སྤྱན་འདྲེན་པ་ནི། ཡང་དག་དོན་ལ་དམ་ཚིག་དང་ཡེ་ཤེས་སུ་འཛིན་པའི་གཉིས་སྣང་དང་སྤྱན་འདྲེན་གྱི་གནས་ཡུལ་གུད་དུ་བཅད་པ་མེད་ཀྱང༌། འགྲོ་འདུལ་སྤྲུལ་པའི་རོལ་གར་ཆུ་ལས་ཉ་འཕར་བ་ལྟར་རིག་པ་ལྷན་སྐྱེས་ཀྱི་ཡེ་ཤེས་འོད་གསལ་ཆེན་པོའི་རྣམ་རོལ་དུ་སད་པར་བྱ་བའི་ཕྱིར་རྟོག་མེད་སྤྲོས་བྲལ་ཆེན་པོའི་ངར་གདངས་དང་ལྡན་པས་སྤོས་རོལ་དབྱངས་


JLAZ008_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས། ཨོཾ་ཨཱཿཧཱུྃ༔ འགྱུར་མེད་ཆོས་དབྱིངས་ཕོ་བྲང་ནས༔ སྐྱེ་མེད་བླ་མ་གཤེགས་སུ་གསོལ༔ ལོངས་སྤྱོད་རྫོགས་སྐུའི་ཕོ་བྲང་ནས༔ ཡི་དམ་ལྷ་ཚོགས་གཤེགས་སུ་གསོལ༔ སྤྲུལ་པ་སྐུ་ཡི་ཕོ་བྲང་ནས༔ ཐུགས་རྗེ་ཅན་རྣམས་གཤེགས་སུ་གསོལ༔ སྐྱེ་མེད་ཆོས་དབྱིངས་ཕོ་བྲང་ནས༔ མ་གཅིག་མཁའ་འགྲོ་གཤེགས་སུ་གསོལ༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས༔ མ་དང་མཁའ་འགྲོ་གཤེགས་སུ་གསོལ༔ ལེགས་ཉེས་སྟང་འཛིན་ཕོ་བྲང་ནས༔ ཆོས་སྐྱོང་སྲུང་མ་གཤེགས་སུ་གསོལ༔ སྣང་སྲིད་རྣམ་དག་གཞལ་ཡས་ནས༔ འཁོར་འདས་རང་གྲོལ་གཤེགས་སུ་གསོལ༔ ཆོས་ཉིད་ཡེ་ཤེས་ངང་ཉིད་ལས༔ དུས་གསུམ་སངས་རྒྱས་སྐུ་ཡི་ལྷ༔ རྣམ་སྣང་ཡབ་ཡུམ་གཙོ་འཁོར་བཅས༔ ཁྲག་འཐུང་སྤྲུལ་པར་བཅས་ཏེ་གཤེགས༔ སོར་རྟོག་ཡེ་ཤེས་ངང་ཉིད་ལས༔ དུས་གསུམ་སངས་རྒྱས་གསུང་གི་ལྷ༔ སྣང་མཐའ་ཡབ་ཡུམ་གཙོ་འཁོར་བཅས༔ ཁྲག་འཐུང་སྤྲུལ་པར་བཅས་ཏེ་གཤེགས༔ སོར་རྟོག་ཡེ་ཤེས་ངང་ཉིད་ལས༔ དུས་གསུམ་སངས་རྒྱས་གསུང་གི་ལྷ༔ སྣང་མཐའ་ཡབ་ཡུམ་གཙོ་འཁོར་བཅས༔ ཁྲག་འཐུང་སྤྲུལ་


JLAZ008_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཅས་ཏེ་གཤེགས༔ མེ་ལོང་ཡེ་ཤེས་ངང་ཉིད་ལས༔ དུས་གསུམ་སངས་རྒྱས་ཐུགས་ཀྱི་ལྷ༔ མི་བསྐྱོད་ཡབ་ཡུམ་གཙོ་འཁོར་བཅས༔ ཁྲག་འཐུང་སྤྲུལ་པར་བཅས་ཏེ་གཤེགས༔ མཉམ་ཉིད་ཡེ་ཤེས་ངང་ཉིད་ལས༔ དུས་གསུམ་སངས་རྒྱས་ཡོན་ཏན་ལྷ༔ རིན་འབྱུང་ཡབ་ཡུམ་གཙོ་འཁོར་བཅས༔ ཁྲག་འཐུང་སྤྲུལ་པར་བཅས་ཏེ་གཤེགས༔ བྱ་གྲུབ་ཡེ་ཤེས་ངང་ཉིད་ལས༔ དུས་གསུམ་སངས་རྒྱས་ཕྲིན་ལས་ལྷ༔ དོན་གྲུབ་ཡབ་ཡུམ་གཙོ་འཁོར་བཅས༔ ཁྲག་འཐུང་སྤྲུལ་པར་བཅས་ཏེ་གཤེགས༔ ཛཿཧཱུྃ་བྃ་ཧོཿ གསུམ་པ་བཞུགས་གསོལ་ནི། ཧཱུྃ༔ སྣ་ཚོགས་རང་གྲོལ་གཞལ་ཡས་འདིར༔ རོ་དང་ཉི་ཟླ་པདྨའི་སྟེང་༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ མཐིང་གསལ་ཐིག་ལེའི་གཞལ་ཡས་སུ༔ མི་འཇིགས་སེང་གེའི་ཁྲི་སྟེང་དུ༔ དྲི་མེད་ཉི་ཟླ་པདྨ་ལ༔ སྐུ་ཡི་ཞི་ཁྲོ་བཞུགས་སུ་གསོལ༔ དམར་གསལ་ཐིག་ལེའི་གཞལ་ཡས་སུ༔ མཛེས་བྱེད་རྨ་བྱའི་ཁྲི་སྟེང་དུ༔ དྲི་མེད་ཉི་ཟླ་པདྨ་ལ༔ གསུང་གི་ཞི་ཁྲོ་བཞུགས་སུ་གསོལ༔ དཀར་གསལ་ཐིག་ལེའི་གཞལ་ཡས་སུ༔ སྟོབས་ཆེན་གླང་ཆེན་ཁྲི་སྟེང་དུ༔ དྲི་མེད་ཉི་ཟླ་པདྨ་ལ༔ ཐུགས་ཀྱི་ཞི་ཁྲོ་བཞུགས་སུ་གསོལ༔ སེར་གསལ་ཐིག་ལེའི་གཞལ་ཡས་སུ༔ མགྱོག་བྱེད་རྟ་མཆོག་ཁྲི་སྟེང་དུ༔ དྲི་མེད་ཉི་ཟླ་པདྨ་ལ༔ ཡོན་ཏན་ཞི་ཁྲོ་བཞུགས་སུ་གསོལ༔ ལྗང་གསལ་ཐིག་ལེའི་གཞལ་ཡས་སུ༔ གཙོ་བྱེད་ཤང་ཤང་ཁྲི་སྟེང་དུ༔ དྲི་མེད་ཉི་ཟླ་པདྨ་ལ༔ ཕྲིན་ལས་ཞི་ཁྲོ་བཞུགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་ས་མ་ཡ་ཏིཥྛ་ལྷན༔ བཞི་པ་ཕྱག་འཚལ་བ་ནི། ཧཱུྃ༔ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔ བདེ་ཆེན་བླ་མ་ལོངས་སྤྱོད་


JLAZ008_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པའི་སྐུ༔ སྣ་ཚོགས་རང་གྲོལ་བླ་མ་སྤྲུལ་པའི་སྐུ༔ སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཆལ་ལོ༔ དུས་གསུམ་སངས་རྒྱས་ཞི་ཁྲོ་ཡི༔ སྐུ་ནི་འཁྲིལ་ལྡེམ་སྒེག་བཞད་ལྡན༔ གསལ་སྟོང་དབྱེར་མེད་ཕྱི་ནང་མེད༔ ཞི་ཁྲོའི་སྐུ་ལ་ཕྱག་འཚལ་ལོཿདུས་གསུམ་སངས་རྒྱས་ཞི་ཁྲོ་ཡི༔ གསུང་ནི་འུར་ཚེ་སིང་བག་ལྡན༔ གྲག་སྟོང་དབྱེར་མེད་སྐྱེ་འགག་བྲལ༔ ཞི་ཁྲོའི་གསུང་ལ་ཕྱག་འཚལ་ལོ༔ དུས་གསུམ་སངས་རྒྱས་ཞི་ཁྲོ་ཡི༔ ཐུགས་ནི་ཐིག་ལེ་ཉག་གཅིག་ཟླུམ༔ རིག་སྟོང་དབྱེར་མེད་མཐའ་དང་བྲལ༔ ཞི་ཁྲོའི་ཐུགས་ལ་ཕྱག་འཚལ་ལོ༔ དུས་གསུམ་སངས་རྒྱས་ཞི་ཁྲོ་ཡིཿ ཕྲིན་ལས་ཇི་བཞིན་ལྷུན་གྲུབ་ཅིང་༔ སྣང་སྟོང་དབྱེར་མེད་ཀུན་ལ་ཁྱབ༔ ཞི་ཁྲོའི་ཡོན་ཏན་ལ་ཕྱག་འཚལ༔ དུས་གསུམ་སངས་རྒྱས་ཞི་ཁྲོ་ཡི༔ ཕྲིན་ལས་ཇི་བཞིན་ལྷུན་གྲུབ་ཅིང་༔ སྣང་སྟོང་དབྱེར་མེད་སྣ་ཚོགས་སྟོན༔ ཞི་ཁྲོའི་ཕྲིན་ལས་ལ་ཕྱག་འཚལ༔ ཨོཾ་ཨཱཿཧཱུྃ་ཨ་ཏི་པུ་ཧོཿ པྲ་ཏི་ཛ་ཧོཿ ལྔ་པ་ཆོས་ཉིད་རོལ་པ་ཆེན་པའི་ཀློང་ནས་འཕྲུལ་དགའི་མཆོད་པ་འབུལ་བ་ནི། ཧཱུྃ༔ སྣོད་བཅུད་སྣང་གྲག་གཟུགས་ཕུང་ཀུན༔ ཞི་ཁྲོ་སྐུ་ཡི་ལྷ་ཚོགས་ལ༔ སྣང་ཞིང་ཤིས་པར་མཆོད་པ་འབུལ༔ འཇའ་ཚོན་ལྟ་བུར་བཞེས་སུ་གསོལ༔ ས་ཆུ་མེ་རླུང་ཆོས་ཉིད་སྒྲ༔ ཞི་ཁྲོ་གསུང་གི་ལྷ་ཚོགས་ལ༔ ཐོས་ཤིང་གོ་བར་མཆོད་པ་


JLAZ008_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ༔ གཡུ་འབྲུག་ལྟ་བུར་བཞེས་སུ་གསོལ༔ དྲན་ཞིང་རིག་པ་ལུ་གུ་རྒྱུད༔ ཞི་ཁྲོ་ཐུགས་ཀྱི་ལྷ་ཚོགས་ལ༔ རྟོགས་ཤིང་གོ་བར་མཆོད་པ་འབུལ༔ ཉི་ཟླ་ལྟ་བུར་བཞེས་སུ་གསོལ༔ རེག་ཅིང་བདེ་བའི་ཚོར་བའི་ཀུན༔ ཞི་ཁྲོ་ཡོན་ཏན་ལྷ་ཚོགས་ལ༔ མྱོང་ཞིང་སྟོང་པར་མཆོད་པ་འབུལ༔ བདུད་རྩི་ལྟ་བུར་བཞེས་སུ་གསོལ༔ ཞི་དང་རྒྱས་དང་དབང་དང་དྲག༔ ཞི་ཁྲོ་ཕྲིན་ལས་ལྷ་ཚོགས་ལ༔ ལྷུན་གྱིས་གྲུབ་པའི་མཆོད་པ་འབུལ༔ ནོར་བུ་ལྟ་བུར་བཞེས་སུ་གསོལ༔ ཨོཾ་ཨཱཿཧཱུྃ༔ རིག་པའི་མེ་ཏོག་ཚུལ་ཁྲིམས་སྤོས༔ ཡེ་ཤེས་མར་མེ་ཆོས་ཉིད་དྲི༔ བདེ་ཆེན་ཞལ་ཟས་རང་བྱུང་སྒྲ༔ ཞི་ཁྲོ་ཡེ་ཤེས་ལྷ་ལ་འབུལ༔ ཨོཾ་ཨཱཿཧཱུྃ་ཨརྒྷཾ་ལ་སོགས་པས་མཆོད༔ ཧཱུྃཿ དུག་ལྔ་རང་བྱུང་སུ་ར་སྨན༔ ཉོན་མོངས་ཚོགས་འཇོམས་རཀྟ་དང་༔ ཆོས་ཉིད་རོལ་པའི་གཏོར་མ་ཀུན༔ ཞི་ཁྲོ་ལྷུན་གྲུབ་ལྷ་ལ་འབུལ༔ སྐྱེ་མེད་ཤེས་རབ་ཆོས་ཉིད་མཁའ༔ འགྱུར་མེད་རྡོ་རྗེ་འགག་མེད་ཐབས༔ བདེ་ཆེན་ཟུང་འཇུག་གཉིས་མེད་རོལ༔ ཞི་ཁྲོ་གསང་བའི་ལྷ་ལ་འབུལ༔ འཁོར་འདས་མ་ལུས་རང་གི་སེམས༔ ངོ་བོ་མ་གྲུབ་གདོད་ནས་དག༔ དབྱིངས་དང་ཡེ་ཤེས་དབྱེར་མེད་པ༔ ཞི་ཁྲོ་རིག་པའི་ལྷ་ལ་འབུལ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་སརྦ་པཉྩ་ཨམྲྀ་ཏ་རཀྟ་བ་ལིང་ཏ་བྷོ་དྷི་ཙིཏྟ་པཱུ་ཙ་ཧོཿ དྲུག་པ་གྲག་སྟོང་སྐྱེ་མེད་ཀྱི་རྣམ་རོལ་ཆེན་པོས་བསྟོད་ཅིང་གཟི་བྱིན་


JLAZ008_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པ་ནི། ཧཱུྃ། སངས་རྒྱས་བཞི་བཅུ་རྩ་གཉིས་དངཿ ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་དངཿ ཞི་ཞིང་ཁྲོ་བས་འགྲོ་བ་འདུལ༔ ཞི་ཁྲོ་སྐུ་ཡི་ལྷ་ལ་བསྟོད༔ ས་ཆུ་མེ་རླུང་འབྱུང་བའི་སྒྲཿ ཨཱ་ལི་ཀཱ་ལིའི་རོལ་པ་ཡིས༔ ཨོཾ་ཨཱཿཧཱུྃ་གིས་འགྲོ་བ་འདུལ༔ ཞི་ཁྲོ་གསུང་གི་ལྷ་ལ་བསྟོད༔ ཀུན་བཟང་དགོངས་པ་མཁའ་ལ་གསལ༔ ཉག་གཅིག་ཟླུམ་པོ་མཐའ་དང་བྲལ༔ དངོས་སུ་སྣང་བས་འགྲོ་བ་འདུལ༔ ཞི་ཁྲོ་ཐུགས་ཀྱི་ལྷ་ལ་བསྟོདཿ ཕྱི་ནང་སྣོད་བཅུད་ཡོངས་ལ་ཁྱབཿ བཅུད་ཀྱི་བཅུད་མཆོག་བདུད་རྩི་རྒྱསཿ རྒྱས་ཤིང་སྨིན་པས་འགྲོ་བ་འདུལཿ ཞི་ཁྲོ་ཡོན་ཏན་ལྷ་ལ་བསྟོདཿ སྐྱེ་མེད་ཤེས་རབ་འགག་མེད་ཐབསཿ རང་རིག་རང་གསལ་འགྲོ་འདུལ་ཞིང༔ ཞི་རྒྱས་དབང་དྲག་ཐུགས་རྗེས་སྒྲོལཿ ཞི་ཁྲོ་ཕྲིན་ལས་ལྷ་ལ་བསྟོདཿ བདུན་པ་ཛཔ྄་དགོངས་ནིཿ ནང་རྒྱུད་སྤྱི་མཐུན་དུ་བསྙེན་པ། ཉེར་བསྙེན། སྒྲུབ་པ། སྒྲུབ་ཆེན་ཏེ། བསྙེན་སྒྲུབ་ཡན་ལག་བཞིས་ཁོག་དབུབ་ཀྱང༌། འདིར་ལས་བྱང་ཁོག་དབུབ་ཤིན་ཏུ་དམ་པས་ཛཔ྄་དགོངས་དང་པྲ་ཁྲིད་སོགས་ཟུར་ཙམ་མ་བྱུང་མོད། འོན་ཀྱང་འདི་ནི་ཡོ་ག་འོག་མ་གཉིས་ལྟར་སྤྲོས་བཅས་ཀྱི་བསྐྱེད་རིམ་ཚོགས་སྒྲུབ་སོགས་གཙོ་བོར་མི་བྱེད་པར་དབང་ཚོགས་འཁོར་ཙམ་གྱི་ཕྲིན་ལས་འཇུག་བདེར་དགོངས་པར་སྣང་ཞིང༌། ལམ་གྱི་གཙོ་བོ་ཁྲེགས་ཆོད་དང་ཨར་གཏད་


JLAZ008_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

མུན་པའི་རྣལ་འབྱོར་ཁོ་ན་ཡིན་ཕྱིར་བྱ་རྩོལ་འཛིན་ཞེན་ལས་འདས་པའི་འཁོར་འདས་མཉམ་རྫོགས་ཀྱི་ཨ་ཏིས་ལྷུན་གྲུབ་སྣང་སྟོང་ཟབ་མོའི་བསྐྱེད་རིམ་གཞི་སྣང་གི་རོལ་རྩལ་མ་འགགས་པ་རིག་པ་ཚད་ཕེབས་ཀྱི་འཆར་གཞིར་བཀོད་ལ་ཞི་བའི་ཛཔ྄་བཟླས་ནི། ཨོཾ་ཨཱཿཧཱུྃཿ ཕྱི་སྣོད་འཇིག་རྟེན་གཞལ་ཡས་ཁང༔ ནང་བཅུད་ཡི་དམ་ལྷ་ཡི་ཚོགས༔ འཁོར་བ་སྡུག་བསྔལ་ཆོས་ཉིད་རོལ༔ ཨ་ལ་ལ་ཏེ་བཞེས་སུ་གསོལ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་དང་ཨཱཿདང་ཧཱུྃ་དང་གསུམཿ དུས་གསུམ་སངས་རྒྱས་སྐུ་གསུང་ཐུགས༔ བྷོ་དྷི་ཙིཏྟ་བྱང་ཆུབ་སེམས༔ མ་ཧཱ་སུ་ཁ་བདེ་བ་ཆེ༔ ཛྙ་ན་དྷརྟུ་ཡེ་ཤེས་དབྱིངས༔ ཨ་ནི་སྐྱེ་བ་མེད་པའོ༔ ཞི་བ་ལྷུན་གྲུབ་ཡེ་ཤེས་ལྷ༔ བཞི་བཅུ་རྩ་གཉིས་སྙིང་པོའོ༔ ཨོཾ་བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷརྟུ་ཨཱཿ ཞེས་ཅི་ནུས་བཟླའོ༔ དེ་ནས་ཁྲག་འཐུང་གི་སྒྲུབ་པ་ནི༔ ཨོཾ་ནི་སྐུ་དང་ཡེ་ཤེས་ལྔ༔ རུ་ལུ་གནས་ལུགས་ཆོས་ཀྱི་དབྱིངས༔ ཧཱུྃ་ནི་འགག་མེད་ཐིག་ལེ་ཉིད༔ བྷྱོ་ནི་སྐྱེ་མེད་མཁའ་ལ་འཁྱིལ༔ ཧཱུྃ་ནི་སྐྱེ་འགག་གཉིས་སུ་མེད༔ ཁྲག་འཐུང་ཁྲོ་བོ་རིན་ཆེན་རྩལཿ དྲུག་ཅུ་ཐམ་པའི་སྙིང་པོའོཿ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་བར་མེད་དུ་བཟླའོ། །དེ་ཡང་ཇི་སྐད་དུ་གྲོལ་བའི་ཐིག་ལེའི་ལམ་འབྲས་ཞི་ཁྲོའི་མན་ངག་ཏུ། ཆོས་ཉིད་སྟོང་པའི་རང་སྒྲ་ཡང༔ དུས་རྣམས་ཀུན་ཏུ་རྒྱུན་མི་བཅད༔ ཆོས་


JLAZ008_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ཞི་ཁྲོ་རབ་འབྱམས་ནི༔ དབྱིངས་ཀྱི་སྟོང་ཆ་ཞི་བར་བཞུགས༔ རིག་པའི་གསལ་ཆ་ཁྲོ་བོར་བཞུགསཿ ཡེ་ཤེས་རྩ་རླུང་ཐིག་ལེ་རྣམསཿ ཡིག་འབྲུ་སྔགས་ཀྱི་ཚུལ་དུ་བཞུགསཿ ཞི་ཁྲོ་དམ་པ་རིགས་བརྒྱད་སོགསཿ བཞུགས་ཀྱང་མ་བསྒོམས་མ་སྤྲད་ནཿ ལས་ཀྱི་རྩ་རླུང་ཐིག་ལེས་བསྒྲིབསཿ དབུལ་པོའི་ཁྱིམ་གྱི་གཏེར་བཞིན་བཞུགསཿ ཞེས་དང་། གདོད་ནས་ཡེ་རྫོགས་ཆེན་པོའི་སྐུ༔ སེམས་ཅན་ཀུན་ལ་རང་ཆས་སུ༔ ལྷུན་གྱིས་གྲུབ་པའི་ཚུལ་དུ་གནས༔ ལྟར་ཡོད་བཟུང་དུ་མེད་པར་བཞུགསཿ ཞེས་དང༌། དེ་ལྟར་རང་གནས་ཆེན་པོ་ལ༔ འཛིན་མེད་ངང་ནས་གཏད་མེད་ལྟ༔ མ་ཡེངས་རྩེ་གཅིག་གནས་པ་ཙམ༔ ཅིར་སྣང་རང་རིག་ཆོས་སྐུ་རུཿ ཤེས་ན་བར་དོ་རྣམས་སུ་གྲོལཿ ཅེས་གསུངས་པ་ལྟར་ཀུན་བརྟགས་བློས་བྱས་ཀྱིས་བསྐྱེད་རིམ་དང་མ་འདྲེས་པར་ལྷུན་གྲུབ་རང་གནས་ཆེན་པོའི་དགོངས་པ་གསལ་གདབ་ཅིང་གཟེར་གསུམ་གྱི་གནད་དང་ལྡན་པས་ལམ་སྣང་གི་འཛིན་པ་ཆོས་ཉིད་ཟད་པའི་ས་ལ་བསྐྱལ་བར་བྱའོ། །གསུམ་པ་རྗེས་ཀྱི་རིམ་པར་བཅོ་ལྔ་ལས། དང་པོ་ཚོགས་མཆོད་བྱིན་བརླབ་ནི། དངོས་སུ་འབྱོར་ནས་ཚོགས་རྫས་ཅི་ལྟར་འབྱོར་བ་བཤམ་ཞིང༌། མ་འབྱོར་པའམ་སྤྲོས་པ་ཆུང་ན་གཅོད་དམིགས་ཀྱི་མན་ངག་དང་ལྡན་པས་ཕུང་པོ་ཚོགས་སུ་སྤར་ལ། ཨོཾ་ཨཱཿཧཱུྃ༔


JLAZ008_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཆགས་ཞེ་སྡང་གཏི་མུག་གསུམ༔ བག་ཆགས་ཚོགས་ཀྱི་དྲི་མ་ཡིན༔ རང་སྟོང་རང་གསལ་རང་གྲོལ་གསུམ༔ དུས་གསུམ་ཆོས་ཀྱི་དབྱིངས་སུ་བཀྲུ༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ བྱིན་གྱིས་བརླབས་པའི་ཡི་གེ་གསུམ༔ སྤྲོས་ཀྱང་རང་སེམས་སྐྱེ་བ་མེདཿ བསྡུས་ཀྱང་འཁོར་འདས་རྒྱ་ཡན་ཀློང༔ སྐུ་གསུང་ངང་དུ་བདུད་རྩིར་འཁྱིལ༔ ཨོཾ་ཨཱཿཧཱུྃ༔ གཉིས་པ་ཕུད་དང་པོ་སྤྲོས་བྲལ་ཆོས་སྐུའི་ལྷ་ལ་མཆོད་པ་ནི། ཨོཾ་ཨཱཿཧཱུྃཿ ཞལ་ཟས་འབྱོར་ལྡན་དམ་པ་འདིཿ བརྟགས་ཤིང་བརྟགས་ཤིང་བྱུང་ཚོར་སྟོང་ཿ དཔག་མེད་དམིགས་མེད་འཛིན་པ་མེདཿ ཆོས་སྐུ་སྐྱེ་མེད་དབྱིངས་སུ་འབུལཿ འགགས་མེད་ཐབས་ཀྱི་ཚོགས་རྫོགས་ནསཿ དམིགས་མེད་མཆོག་གི་དངོས་གྲུབ་སྩོལཿ གྷ་ན་ཙཀྲ་པཱུ་ཙ་ཧོཿ གསུམ་པ་ཚོགས་བར་པས་ལྷུན་གྲུབ་ལོངས་སྐུའི་ལྷ་ལ་མཆོད་པ་ནི། ཨོཾ་ཨཱཿཧཱུྃཿ སྣང་སྲིད་ཡེ་སངས་རྒྱས་པ་ལཿ རང་སྣང་དུཿ ཁས་སོ་སོར་བཟུང༔ ཨ་འཐས་དངོས་པོ་བདེན་པར་ཞེན༔ རིགས་དྲུག་མུ་རུ་འཁྱམས་པ་ཀུན༔ ལྷུན་གྲུབ་ལོངས་སྐུར་བསྐང་ཞིང་བཤགས༔ སྐུ་གསུམ་མངོན་གྱུར་ཚངས་པར་སྩོལ༔ བཛྲ་ས་མ་ཡ་ཨཱཿ བཞི་པ་ཚོགས་ཐ་མ་སྣ་ཚོགས་སྤྲུལ་སྐུའི་ཞལ་དུ་སྦྱོར་སྒྲོལ་ཟུང་འཇུག་ཆེན་པོ་བསྟབ་པ་ནི། ཨོཾ་ཨཱཿཧཱུྃཿང་དང་བདག་ཏུ་འཛིན་པའི་སེམསཿ མྱ་ངན་འདའ་བྱའི་རཱུ་ཏྲ་


JLAZ008_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

འདིར༔ རིག་པ་ཡེ་ཤེས་མཚོན་གྱིས་བསྣུན༔ བདག་མེད་ཆོས་ཉིད་དབྱིངས་སུ་བསྒྲལ༔ རྟོག་ཚོགས་ཆོས་སྐུའི་ཀློང་དུ་རོལཿ རཱུ་ཏྲ་སརྦ་ཧ་ལ་པཉྩ་པཱུ་ཙ་ཧོཿ སྐབས་འདིར་དབང་བཞིའི་དམ་ཚིག་དང་བསྟུན་ནས་རྡོ་རྗེ་ཕུང་པོའི་དཀྱིལ་འཁོར་ལ་ཚོགས་མཆོད་དབུལ༔ ལྔ་པ་ལྷག་མ་ནི། གཟུགས་ཕུང་ཤ་ཁྲག་ལྷག་མ་འདི༔ སྐྱེ་མེད་ཆོས་དབྱིངས་ངང་དུ་བཞེས༔ ལུས་ངག་ཡིད་གསུམ་ལྷག་མ་འདི༔ སྐུ་གསུང་ཐུགས་ཀྱི་ངང་དུ་བཞེས༔ ཉོན་མོངས་དུག་ལྔའི་ལྷག་མ་འདི༔ ཡེ་ཤེས་ལྔ་ཡི་ངང་དུ་བཞེས༔ སྐུ་གསུམ་འཛིན་མེད་ལྷག་མ་འདི༔ ཀ་ནས་དག་པའི་ངང་དུ་བཞེས༔ ཞེས་དོར། དྲུག་པ་ཐུགས་དམ་བསྐུལ་བ་ནི། ལྷུན་གྲུབ་ཡེ་ཤེས་རོལ་པའི་དཀྱིལ་འཁོར་གྱི་འཁོར་ལོ་རྣམས་ཐུགས་ཀ་དག་ཟབ་ཞི་སྤྲོས་བྲལ་གྱི་ཀློང་ལས་མ་གཡོས་ཀྱང་འགག་མེད་ཡེ་ཤེས་ཀྱི་རོལ་རྩལ་གང་འདུལ་དེར་སྣང་གི་འཆར་སྒོ་མ་འགགས་པའི་ཕྲིན་ལས་དཔག་ཏུ་མེད་པར་སྟོན་པར་བལྟས་ལ། ཨོཾ་ཨཱཿཧཱུྃ༔ ང་ནི་ཀུན་བཟང་ཡབ་ཡུམ་ལཿང་ནི་དཔག་མེད་ཧེ་རུ་ཀ༔ ང་ནི་རང་བྱུང་རང་གྲོལ་ལྷ༔ ང་ནི་དུས་གསུམ་སངས་རྒྱས་དངོས༔ རྣམ་ཤེས་གནས་དག་ཤར་ཕྱོགས་ན༔ ཐིག་ལེ་དཀར་གསལ་གཞལ་ཡས་སུ༔ བཛྲ་ཞི་ཁྲོ་ཕྲིན་ལས་མཛོད༔ ཞེ་སྡང་འདུལ་བའི་དུས་ལ་བབས༔ ཚོར་བ་གནས་


JLAZ008_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

དག་ལྷོ་ཕྱོགས་ན༔ སེར་གསལ་ཐིག་ལེའི་གཞལ་ཡས་སུ༔ རཏྣ་ཞི་ཁྲོ་ཕྲིན་ལས་མཛོད༔ ང་རྒྱལ་འདུལ་བའི་དུས་ལ་བབས༔ འདུ་ཤེས་གནས་དག་ནུབ་ཕྱོགས་ན༔ དམར་གསལ་ཐིག་ལེའི་གཞལ་ཡས་སུ༔ པདྨ་ཞི་ཁྲོ་ཕྲིན་ལས་མཛོད༔ འདོད་ཆགས་འདུལ་བའི་དུས་ལ་བབས༔ འདུ་ཤེས་གནས་དག་བྱང་ཕྱོགས་ན༔ ཐིག་ལེ་ལྗང་གསལ་གཞལ་ཡས་སུ༔ ཀརྨ་ཞི་ཁྲོ་ཕྲིན་ལས་མཛོད༔ ཕྲག་དོགས་འདུལ་བའི་དུས་ལ་བབས༔ ཆོས་ཉིད་མི་འགྱུར་དབུས་ཕྱོགས་ན༔ ཐིག་ལེ་མཐིང་གསལ་གཞལ་ཡས་སུ༔ སངས་རྒྱས་ཞི་ཁྲོ་ཕྲིན་ལས་མཛོད༔ གཏི་མུག་འདུལ་བའི་དུས་ལ་བབས༔ ཙིཏྟ་སྙིང་གི་གཞལ་ཡས་སུ༔ བཞི་བཅུ་རྩ་གཉིས་ཞི་བའི་སྐུ༔ མཉེན་ལྕུགས་འཁྲིལ་ལྡེམ་འོད་ཟེར་འབར༔ ཕུང་པོ་ལྷག་མེད་ཕྲིན་ལས་མཛོད༔ ཀླད་པ་དུང་ཁང་གཞལ་ཡས་སུ༔ སྒེག་ཅིང་དཔའ་བ་འཇིགས་སུ་རུང་༔ རང་སྣང་རྟོགས་པའི་ཕྲིན་ལས་མཛོད༔ སྣོད་བཅུད་རྒྱན་གྱི་གཏོར་མ་བཞེས༔ ཞི་བས་ཆོས་ཉིད་དབྱིངས་སུ་སྒྲོལ༔ ཁྲོ་བོས་དགྲ་བགེགས་མ་ལུས་སྒྲོལ༔ འཁོར་བ་དོང་སྤྲུག་ཕྲིན་ལས་མཛོད༔ ཨོཾ་ཨཱཿཧཱུྃ༔ གསལ་སྟོང་དབྱེར་མེད་འཇམ་དཔལ་སྐུ༔ གྲག་སྟོང་དབྱེར་མེད་པདྨ་གསུང་༔ རིག་སྟོང་དབྱེར་མེད་ཡང་དག་ཐུགས༔ བདེ་གཤེགས་བདུད་རྩི་ཡོན་ཏན་ལྷ༔ སྣང་སྟོང་ཕུར་བ་ཕྲིན་


JLAZ008_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མཛོད༔ སྟོང་ཉིད་མ་མོ་རྦོད་གཏོང་ལྷ༔ ཆོས་ཉིད་རོལ་པའི་གཏོར་མ་ལོངས༔ དགྲ་བགེགས་སྐྱེ་བ་མེད་པར་སྒྲོལ༔ ཨོཾ་ཨཱཿཧཱུྃ༔ རྣམ་སྨིན་རིག་འཛིན་ཤ་ཁྲག་ལུས༔ སྐྱེ་མེད་རྟོགས་པའི་ཚེ་དབང་དང་༔ བདེ་སྟོང་ཕྱག་རྒྱའི་རིག་འཛིན་དང་༔ ལྷུན་གྲུབ་རིག་འཛིན་ལུ་གུ་རྒྱུད༔ སྐུ་གསུང་ཐུགས་དང་ཡོན་ཏན་དང་༔ ཕྲིན་ལས་མ་མོ་རིག་འཛིན་རྣམས༔ ཅིར་སྣང་ཆོས་སྐུའི་གཏོར་མ་ལོངས༔ འཁོར་བ་མྱ་ངན་འདའ་བར་མཛོད༔ ཨོཾ་ཨཱཿཧཱུྃ༔ འདོད་ཆགས་ཞེ་སྡང་གཏི་མུག་དང་༔ ང་རྒྱལ་ཕྲག་དོག་འཇིག་རྟེན་ལྷ༔ ཞེ་སྡང་ཁོང་ཁྲོ་མོད་པའི་ལྷ༔ རང་ངོ་ཤེས་པའི་ཕྲིན་ལས་མཛོད༔ སྐུ་གསུང་ཐུགས་དང་ཡོན་ཏན་དང་༔ ཕྲིན་ལས་མ་ལུས་རྫོགས་པ་ཡི༔ ཞི་ཁྲོ་ཡེ་ཤེས་ལྷ་ཚོགས་རྣམས༔ ཅིར་སྣང་ཆོས་སྐུའི་གཏོར་མ་ལོངས༔ ཡེ་ནས་སྐྱེ་འགག་མེད་པ་ཡི༔ སྒྲུབ་པ་བཀའ་བརྒྱད་ལྷ་ཚོགས་རྣམས༔ སྣང་སྲིད་གཞིར་བཞེངས་གཏོར་མ་ལོངས༔ ཆགས་མེད་ཞེན་མེད་ཕྲིན་ལས་མཛོད༔ ཨོཾ་ཨཱཿཧཱུྃ༔ ཕཊཿཕཊཿཕཊཿཕཊཿགཏི་མུག་འོད་གསལ་དུ་བཟློག༔ མཱ་ར་ཡ་སོད༔ ཞེ་སྡང་རང་གྲོལ་དུ་བཟློག༔ མཱ་ར་ཡ་སོད༔ འདོད་ཆགས་བདེ་ཆེན་དུ་བཟློག༔ མཱ་ར་ཡ་སོད༔ ཨ་འཐས་སྟོང་པར་བཟློག༔ མཱ་ར་ཡ་སོད༔ མི་བདེན་པ་ལ་བདེན་


JLAZ008_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

པར་འཛིན་པའི་ལྟས་ངན་བརྒྱད་ཅུ་རྩ་གཅིག་བཟློག༔ འཁོར་བ་ལ་ཆགས་ཞེན་ཆེ་བ་བཟློག༔ ངན་སོང་གསུམ་ལ་ཉམ་ང་བ་བཟློག༔ གཟུང་འཛིན་གྱི་རྨི་ལྟས་ངན་པ་བཟློག༔ ཡར་གྱི་བདུད་སངས་རྒྱས་ལ་རེ་བ་བཟློག༔ མར་གྱི་བདུད་འཁོར་བ་ལ་ལྷུང་དོགས་པ་བཟློག༔ ཐམས་ཅད་སྐྱེ་མེད་དུ་ཆ་ལ་ལཿའགག་མེད་དུ་ཡ་ལ་ལ་ལ་༔ གཉིས་མེད་དུ་ཁྲོལ་ལོ་ལེ་ཐོངས་ཤིག༔ བདུན་པ་སྙིང་ཐིག་གཉེན་པོའི་བཀའ་སྲུང་རྣམས་ལ་གཏོར་མ་བསྔོ་ཞིང་ཆད་ཐོ་བསྒྲགས་པ་ནི༔ ཧཱུྃ༔ དབྱིངས་ལས་ཡེ་ཤེས་རང་ཤར་བ༔ རང་རིག་རྒྱལ་པོ་སྒྲ་གཅན་འཛིན༔ ཁྱབ་འཇུག་ཆེན་པོའི་ཐུགས་དམ་བསྐང་༔ རང་སྣང་རྩལ་ཆེན་རྒྱས་པར་མཛོད༔ སྣང་ལ་རང་བཞིན་མེད་པའི་ཡུལ༔ ཀུན་ཏུ་བཟང་མོ་གནམ་ཞལ་མ༔ ཨེ་ཀ་ཙ་ཏིའི་ཐུགས་དམ་བསྐང་༔ དངོས་འཛིན་དབུ་མར་ཐིམ་པར་མཛོད༔ དབྱིངས་རིག་གཉིས་མེད་རྡོ་རྗེ་འཛིན༔ རྡོ་རྗེ་སེམས་དཔའ་དགྱེས་མཛད་པ༔ སྡེ་བརྒྱད་དྲེགས་དཔོན་ཐུགས་དམ་བསྐང་༔ མཐའ་བརྒྱད་སྤྲོས་པ་ཆོད་པར་མཛོད༔ མ་ཧཱ་བ་ལིངྟ་ཁཱ་ཧིཿ བརྒྱད་པ་བསྟན་མ་སྐྱོང་བ་ནི། བྷྱོཿ སྣ་ཚོགས་མ་འགགས་མ་མོའི་ཚོགས༔ རྟེན་འབྲེལ་བཅུ་གཉིས་ཡོངས་དག་པ༔ སྟོང་ཆེན་ཉིད་ཀྱི་རང་བཞིན་ཅན༔ བསྟན་མ་བཅུ་གཉིས་འཁོར་དང་བཅས༔ ལུགས་འབྱུང་བཅུ་གཉིས་


JLAZ008_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་འབུལ༔ ལུགས་ལྡོག་བཅུ་གཉིས་ཟད་པའི་མཐར༔ རིག་པ་ཡེ་ཤེས་རྟོགས་པར་མཛོད༔ མ་མཱཿཁ་ཁཱ༔ ལ་ལཱ༔ ཏ་ཏཱཿཏེ་ཏཻ༔ མ་མ་སྲིང་འགྲོ་མ་སརྦ་པཱུ་ཙ་ཁཱ་ཧི༔ དགུ་པ་རྟ་བྲོ་ནི། སྲིད་པ་སྤྱི་གནོན་གྱི་དགོངས་པས་གཏོར་གཞོང་ཁ་སྒྲུབ་པའི་སྟེང་དུ་ཕྲིན་ལས་རྣམས་པ་བཞིའི་རྟ་བྲོ་བརྡུང་ཞིང་༔ ཧཱུྃ༔ དཀར་ཞིང་གསལ་ལ་དངས་པ་ཡི༔ ཉོན་མོངས་མ་ལུས་ཞི་མཛད་པ༔ ཞི་མཛད་ལྷ་ལ་ཕྱག་འཚལ་ལོ༔ ཨོཾ་ཨཱཿཧཱུྃ༔ ཞི་བ་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔ སེར་ཞིང་གསལ་ལ་དྭངས་པ་ཡིཿ ཡེ་ཤེས་མ་ལུས་རྒྱས་མཛད་པཿ རྒྱས་མཛད་ལྷ་ལ་ཕྱག་འཚལ་ལོཿ ཨོཾ་ཨཱཿཧཱུྃཿ རྒྱས་པ་པུཥྟིཾ་ཀུ་རུ་ཡེ་སྭཱ་ཧཱཿཧཱུྃཿ དམར་ཞིང་གསལ་ལ་དྭངས་པ་ཡི༔ སྐུ་གསུམ་དབང་དུ་སྡུད་མཛད་པ༔ དབང་མཛད་ལྷ་ལ་ཕྱག་འཚལ་ལོ༔ ཨོཾ་ཨཱཿཧཱུྃ༔ སརྦ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃཿ ལྗང་ཞིང་གསལ་ལ་དྭངས་པ་ཡིཿ འཁོར་བའི་སྡུག་བསྔལ་སྒྲོལ་བར་མཛདཿ སྒྲོལ་མཛད་ལྷ་ལ་ཕྱག་འཚལ་ལོཿ ཨོཾ་ཨཱཿཧཱུྃ༔ སརྦ་མཱ་ར་ཡ་ནན༔ བཅུ་པ་ཚེ་འགུགས་པ་ནི། ཡེ་ཤེས་ལྔ་ལྡན་གྱི་མདའ་དར་གཡོབ་ཅིང༔ ཨོཾ་ཨཱཿཧཱུྃ༔ ཤར་གྱི་ཕྱོགས་ནས་འགུགས་བྱེད་མ༔ རྡོ་རྗེ་མཁའ་འགྲོས་ཚེ་གཡང་ཁུག༔ འགྱུར་བ་མེད་པའི་བཀྲ་ཤིས་ཤོག༔ ལྷོ་ཡི་ཕྱོགས་ནས་འགུགས་བྱེད་མ༔ རིན་ཆེན་མཁའ་འགྲོས་ཚེ་གཡང་ཁུག༔ དགོས་འདོད་འབྱུང་བའི་བཀྲ་ཤིས་ཤོགཿ ནུབ་ཀྱི་ཕྱོགས་ནས་འགུགས་བྱེད་མ༔ པདྨ་


JLAZ008_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོས་ཚེ་གཡང་ཁུག༔ སྐུ་ལྔ་དབང་སྡུད་བཀྲ་ཤིས་ཤོག༔ བྱང་གི་ཕྱོགས་ནས་འགུགས་བྱེད་མ༔ ལས་ཀྱི་མཁའ་འགྲོས་ཚེ་གཡང་ཁུག༔ ལས་རྣམས་འགྲུབ་པའི་བཀྲ་ཤིས་ཤོག༔ དབུས་ཀྱི་ཕྱོགས་ནས་འགུགས་བྱེད་མ༔ སངས་རྒྱས་མཁའ་འགྲོས་ཚེ་གཡང་ཁུག༔ མངོན་སུམ་རྒྱས་པའི་བཀྲ་ཤིས་ཤོག༔ ཌཱཀྐི་ནི་ཧ་རི་ནི་ས་ཛྙཱ་ན་ཨཱ་ཡུ་ཤེ་པུཎྱེ་སིདྡྷི་ཚེ་བྷྲཱུྃ་ནྲྀ་ཛཿཔཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱཿ བཅུ་གཅིག་པ་དངོས་གྲུབ་བླང་བ་ནི། ཨེ་མ༔ བདེ་གཤེགས་ལྷུན་གྲུབ་གནས་མཆོག་ནས༔ བདེ་ཆེན་རང་བྱུང་ཡེ་ཤེས་ནི༔ ཅིར་ཡང་མི་རྟོག་གསལ་ལེར་བཞུགས༔ རྩ་བ་གསུམ་དང་གཉིས་སུ་མེད༔ གཞན་ནས་མ་བཙལ་ཆོས་སྐུ་སྐྱེ་བ་མེད༔ རང་བྱུང་སེམས་ལ་རང་དབང་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་སརྦ་སིདྡྷི་ཕ་ལ་ཧོ༔ བཅུ་གཉིས་པ་དབང་སྒྲུབ་ལྟ་བུའི་ཚེ་གཟུགས་བརྙན་གྱི་དཀྱིལ་འཁོར་བསྡུ་བ་ནི། ཨཱཿསྐྱེ་བ་མེད་ལ་འགགས་པ་མེད༔ དུས་གསུམ་འཕོ་འགྱུར་མེད་པ་ལ༔ ཡིད་མིག་རླུང་གསུམ་གསལ་འོད་དུ༔ འདུ་འབྲལ་མེད་པར་ཐིམ་ཞིང་གསལ༔ ཀུན་ཀྱང་གཉིས་མེད་བཛྲ་མུ༔ བཅུ་གསུམ་པ་བསྔོ་བ་ནི། ཧཱུྃ༔ དམིགས་མེད་ཆོ་འཕྲུལ་སྒྱུ་མའི་གརཿ དགེ་ཚོགས་མ་འགགས་མེ་ལོང་གཟུགས༔ འཛིན་མེད་ཆོས་དབྱིངས་དྭངས་པའི་སར༔ འཁོར་གསུམ་དམིགས་གཏད་བྲལ་བར་བསྔོ༔ བཅུ་བཞི་པ་སྨོན་ལམ་ནི། ཧཱུྃ་ཨཱཿཨོཾ༔ སྐྱེ་བ་མེད་པས་ཅིར་


JLAZ008_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སྣང་༔ འགག་པ་མེད་པའི་ཡེ་ཤེས་ཀྱི༔ གནས་མེད་འགྲོ་བའི་དོན་བྱས་ནས༔ དམིགས་མེད་རྫོགས་སངས་རྒྱས་གྱུར་ཅིག༔ ལན་གསུམ་བརྗོད། བཅོ་ལྔ་པ་མཐའ་རྟེན་བཀྲ་ཤིས་ནི། ཨོཾ་ཨཱཿཧཱུྃ༔ སྐྱེ་མེད་རྟོགས་པས་འཆི་རྒྱུ་མེད༔ འཆི་མེད་ཚེ་ཡི་བཀྲ་ཤིས་ཤོག༔ བདེ་སྟོང་རྟོགས་པས་ན་རྒྱུ་མེད༔ ནད་མེད་བཅུད་ཀྱི་བཀྲ་ཤིས་ཤོག༔ རིག་སྐུ་མཐོང་བས་རྒས་རྒྱུ་མེད༔ རྒས་མེད་མཆོག་གི་བཀྲ་ཤིས་ཤོག༔ ཉག་གཅིག་རྟོགས་པས་རྨོངས་རྒྱུ་མེད༔ སྐུ་གསུམ་ལྷུན་གྲུབ་བཀྲ་ཤིས་ཤོག༔ རང་རིག་རྟོགས་པས་འཁྲུལ་རྒྱུ་མེད་༔ འཁྲུལ་མེད་ཡེ་སངས་རྒྱས་པའི་བཀྲ་ཤིས་ཤོག༔ ཡེ་ཤེས་རྟོགས་པས་གསལ་འགྲིབ་མེད༔ ཞི་ཁྲོ་རབ་འབྱམས་རྣམས་ཀྱི་བཀྲ་ཤིས་ཤོག༔ ཅེས་མེ་ཏོག་སིལ་མའི་ཆར་དབབ་པར་བྱའོ། །


previousམུན་པའི་རྣལ་འབྱོར་ཡང་ཏིག་ནག་པོའི་ཕྲིན་ལས་ཀྱི་ཆོ་ག་ཁྲིགས་སུ་བསྡེབས་པ།next