Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
  expand section
   
   
  collapse section
ཇོ་ལུགས་སྒྲོལ་དཀར་མཎྜལ་གཅིག་པ།
   
   
   
   
   
   
   
   
   
   
  expand section
   
   
   
  expand section
   
   
   
   
   
  expand section
   
   
   
   
  expand section


 
previousཇོ་ལུགས་སྒྲོལ་དཀར་མཎྜལ་གཅིག་པ།next

ཇོ་ལུགས་སྒྲོལ་དཀར་མཎྜལ་གཅིག་པ།


JLAZ008_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

ཇོ་ལུགས་སྒྲོལ་དཀར་མཎྜལ་གཅིག་པ་བཞུགས། །


JLAZ008_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

ན་མ་ཨཱརྱ་ཏཱ་རེ། འདིར་ཇོ་བོ་ལས་བརྒྱུད་པའི་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་བསྙེན་པ་བྱ་བར་འདོད་པས། གནས་དབེན་ཞིང་ཉམས་དགའ་ལ། གཞི་བདག་དང་འབྱུང་པོ་གདུག་པ་ཅན་གྱིས་དབང་དུ་མ་བྱས་པར་བྱི་དོར་ལེགས་པར་བྱ། དཀོན་མཆོག་གི་རྟེན་དགྲམ། ཚེ་སྒྲུབ་སྤྲོས་བཅས་དང་འབྲེལ་ན་སྟེགས་བུ་ཁེབས་ལྡན་པདྨ་འདབ་བརྒྱད་རེ་ཁཱ་ཅན་གྱི་དབུས། སྐུ་རྟེན་ཚེ་བུམ། གསུང་རྟེན་བདུད་རྩི། ཐུགས་རྟེན་ཚེ་རིལ་ཡང་བཤམ། རྒྱུན་བསྙེན་དང་སྒྲུབ་པ་ཇི་ལྟར་ཡང་དཀར་གསུམ་མངར་གསུམ་ཤིང་འབྲས་སོགས་ཀྱིས་བརྒྱན་པའི་དཀར་གཏོར་ཟླུམ་པོ་པད་འདབ་བཞི་པ་དང༌། མཐའ་ཉེར་སྤྱོད་ཀྱིས་བསྐོར། གྲུབ་ན་གཏོར་མ་ཆ་གསུམ་དང༌། མ་བདེ་


JLAZ008_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ན་གཞི་བདག་ལ་དཀར་གཏོར། འབྱུང་པོ་ལ་ཆངས་བུ། རིལ་བུ། མཐེབ་ཀྱུ་སོགས་བཤམས་ལ་ཆུ་ཆང་གིས་བྲན། ཨ་ཀཱ་རོ་ལན་གསུམ་གྱིས་བརླབ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་བསྔོས་ལ་ཕྱི་རོལ་ཏུ་གཏོང༌། རྡོ་རྗེའི་རྭ་གུར་གྱིས་སྲུང་འཁོར་སྒོམ། དེ་ནས་བྱང་ཆུབ་སེམས་ཀྱི་བསྔགས་པ་བརྗོད་པ་ནི། ངན་འགྲོའི་ལམ་ནི་ལྡོག་བགྱིད་ཅིང༌། །མཐོ་རིས་ལམ་ནི་རབ་སྟོན་ལ། །རྒ་ཤི་མེད་པར་འདྲེན་བགྱིད་པ། །བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །ཞེས་བརྗོད་ཅིང༌། ཚད་མེད་བཞིས་རྒྱུད་ལེགས་པར་སྦྱང༌། སྐྱབས་འགྲོ་ནི། སྐྱོབ་པ་མཆོག་དང་བདེན་གཉིས་དམ་པའི་ཆོས། །རིག་གྲོལ་གཉིས་ལྡན་བྱང་ཆུབ་སེམས་དཔའི་ཚོགས། །འཕགས་


JLAZ008_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

མའི་སྐུ་གསུང་ཐུགས་ལས་གཞན་མིན་པས། །སྐྱེས་བུ་ཆེན་པོའི་སེམས་ཀྱིས་སྐྱབས་སུ་མཆི། །གསུམ། སེམས་བསྐྱེད་ནི། ཧོ། བདག་དང་མར་གྱུར་སེམས་ཅན་ཐམས་ཅད་ཀུན། །གནས་སྐབས་བདུད་བཞིའི་འཇིགས་པ་ལས་གྲོལ་ཞིང༌། །མཐར་ཐུག་བྱང་གྲོལ་མཆོག་ལ་འདོད་པའི་ཕྱིར། །སྨོན་དང་འཇུག་པའི་བྱང་ཆུབ་མཆོག་སེམས་བསྐྱེད། །གསུམ། ཡན་ལག་བདུན་པ་ནི། ཨཱཿཡན་ལག་ལྔས་བཏུད་ལུས་དང་ལོངས་སྤྱོད་འབུལ། །ཉེས་ལྟུང་མི་འཆབ་དགེ་ལ་རྗེས་ཡི་རང༌། །ཆོས་འཁོར་བསྐོར་ཞིང་མྱ་ངན་མི་འདའ་གསོལ། །དགེ་ཚོགས་འགྲོ་ཀུན་རྣམ་མཁྱེན་ཐོབ་ཕྱིར་བསྔོ། །མཆོད་རྫས་བྱིན་བརླབ་ནི། ཧཱུྃ། མཆོད་པའི་དམ་རྫས་བརྟན་གཡོའི་དངོས་པོ་ཀུན། །ཀུན་ཏུ་བཟང་པོའི་རྣམ་པར་འཕྲུལ་བ་ཡིས། །ནམ་མཁའ་མཛོད་ཀྱི་འཁོར་ལོར་བྱིན་གྱིས་རློབས། །མཆོད་པའི་ཕྱག་རྒྱ་ཆེན་པོར་ལྷུན་རྫོགས་ཤོག །རཱུ་བ། ཤབྟ། གྷནྡྷེ། རཱ་ས། པརྴེ། དྷརྨ་དྷརྟུ་སརྦ་པཱུ་ཛ་ཨཱཿཧཱུྃ། གསུམ་དང༌། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་རློབ། དེ་ནས་མངོན་རྟོགས་བསྒོམ་པ་ནི། ཨཱཿ ཆོས་རྣམས་ཐམས་ཅད་སྟོང་ཞིང་བདག་མེད་ཀྱང༌། །འདི་ལྟར་མ་རྟོགས་སེམས་ཅན་སྙིང་རེ་རྗེ། །སྐྱེ་མེད་ངང་ལས་སྐྱེ་བའི་ཆོ་འཕྲུལ་ནི། །གཡུ་ལོ་བཀོད་པའི་ཞིང་ཁམས་ཉམས་དགའ་བ། །མནན་ན་ནེམ་ཞིང་བཏེག་ན་སྤར་བའི་གཞིར། །རིན་ཆེན་བཻ་ཌཱུརྱ་


JLAZ008_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་བྲག་རི་ལ། །དྲང་སྲོང་རིག་འཛིན་གྲུབ་པ་མཆོག་རྣམས་གནས། །འབྱུང་བ་ཡོངས་རྫོགས་དྭངས་པའི་མཚོ་རྫིང་ནི། །པུཎྜ་རི་ཀ་ནེའུ་གསིང་དྲ་བས་མཛེས། །རིན་ཆེན་སྣ་ཚོགས་ལྗོན་ཤིང་བལྟ་ན་སྡུག །ཡལ་འདབ་རྣམས་ལ་གསེར་གཡུ་བྱི་རུ་དང༌། །པད་རག་ཨིནྡྲ་ནི་ལ་ལ་སོགས་པ། །དབང་གཞུ་ལྟ་བུར་བཀྲ་བའི་བྱ་ཚོགས་དང༌། །འཕུར་ལྡིང་ཤིན་ཏུ་གཡོ་བའི་བྷྲཱ་མ་ར། །སེམས་དང་ཡིད་དང་རྣམ་པར་ཤེས་པ་དང༌། །ཀུན་འབྱུང་སྡུག་བསྔལ་སྤངས་པའི་ཆོས་ཀྱི་སྒྲ། །ཐེག་པ་གསུམ་དང་རྒྱུད་སྡེའི་དབྱིངས་སུ་སྒྲོག། གཟུགས་སྣང་ཐམས་ཅད་དག་པའི་སྣོད་དང་བཅུད། །ཚོར་བ་ཐམས་ཅད་བདེ་སྟོང་ཕྱག་རྒྱ་ཆེ། །འདུ་ཤེས་ཐམས་ཅད་ཕ་རོལ་ཕྱིན་པ་དྲུག །འདུ་བྱེད་ཐམས་ཅད་ས་བཅུའི་སྤངས་རྟོགས་ཏེ། །རྣམ་ཤེས་ལས་འདས་ཡེ་ཤེས་རོལ་པའི་གདངས། །དག་པ་རབ་འབྱམས་ཞིང་ཁམས་བཀོད་པའི་ཀློང༌། །རང་བཞིན་ལྷུན་གྲུབ་སྤྲུལ་པའི་གཞལ་མེད་ཁང༌། །རྒྱ་ཁྱོན་བཀོད་པ་བློ་ལས་འདས་པའི་དབུས། །པད་ཟླའི་གདན་ལ་ཏཱཾ་ཡིག་ཡོངས་གྱུར་ལས། །རྗེ་བཙུན་སྒྲོལ་དཀར་ཡིད་བཞིན་འཁོར་ལོ་ནི། །ཟླ་བར་རྒྱབ་བརྟེན་རྡོ་རྗེའི་སྐྱིལ་མོ་ཀྲུང༌། །ཕྱག་གཡས་མཆོག་སྤྱིན་མི་མཐུན་ཕྱོགས་ལས་སྒྲོལ། །གཡོན་པ་སྐྱབས་སྦྱིན་མཐེབ་མཛུབ་ལ་གནས་པའི། །ཨུཏྤལ་ཟེའུ་འབྲུས་དུས་གསུམ་སངས་རྒྱས་མཚོན། །རིགས་


JLAZ008_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བདག་པོ་སྣང་བ་མཐའ་ཡས་བརྒྱན། །ཚེ་དང་ཡེ་ཤེས་མཆོག་གི་དངོས་གྲུབ་སྟེར། །འགྲོ་ལ་ཐུགས་རྗེས་གཟིགས་པ་མི་ཡོལ་བས། །ཕྱག་ཞབས་མཐིལ་སོགས་ཡེ་ཤེས་སྤྱན་བདུན་སྤྲས། །མཉེན་ལྕུག་འཁྲིལ་ལྡེམ་གཞོན་ནུའི་ངང་ཚུལ་ཅན། །གསལ་འཚེར་ལྷུན་སྟུག་གཟི་བྱིན་ལྡན་པ་སྟེ། །ཞི་ཚུལ་དགུ་དང་རྒྱན་ཆ་བཅུ་གསུམ་མཛེས། །མཐའ་སྐོར་སངས་རྒྱས་བྱང་སེམས་རིག་འཛིན་དང༌། །གནས་ཡུལ་ཉེར་བཞིའི་དཔའ་བོ་མཁའ་འགྲོས་བསྐོར། །ཀུན་ཀྱང་གདན་གསུམ་རྡོ་རྗེའི་བདག་ཉིད་ཅན། །ཡོངས་སྒྲུབ་དབང་བསྐུར་རྫོགས་པའི་པྲོག་ཞུས་བརྒྱན། །གནས་གསུམ་ཕྱག་མཚན་གསུམ་དང་ཡིག་འབྲུ་ལས། །འོད་འཕྲོས་རང་བཞིན་སྤྲོས་བྲལ་གདོད་མའི་དབྱིངས། །སྐུ་གསུམ་ཡན་ལག་བདུན་ལྡན་ལོངས་སྤྱོད་རྫོགས། །གཡུ་ལོ་བཀོད་སོགས་སྤྲུལ་བའི་ཞིང་ཁམས་ནས། །ཡེ་ཤེས་ལྷ་ཚོགས་བཛྲ་ས་མཱ་ཛཿ སྤྱན་འདྲེན་ནི། ཧཱུྃ། མཁྱེན་པས་བྱང་ཆུབ་ཆོས་ཁམས་ཡོངས་གཟིགས་ཀྱང༌། །བརྩེ་བས་ཞི་ལ་མི་གཞོལ་འཁོར་བ་སྒྲོལ། །ནུས་པས་བདུད་སྡེ་ཕྱེར་འཐག་བཅོམ་ལྡན་མ། །ཚེ་དབང་བདེ་སྦྱིན་ལྷ་མོ་གཤེགས་སུ་གསོལ། །ཨེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོཿ བཞུགས་གསོལ་བསྟོད་ཕྱག་ནི། ཨཱཿབདེ་གཤེགས་སྙིང་པོའི་རང་བཞིན་ཡེ་ཤེས་སེམས། །གདོད་ནས་དམ་ཚིག་འཁོར་ལོར་རོ་གཅིག་ཀྱང༌། །གློ་བུར་སྒྲིབ་


JLAZ008_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སྤངས་པའི་སྟན་བཞུགས་ལ། །མངོན་སུམ་ལྟ་བ་མཇལ་བའི་ཕྱག་གིས་བཏུད། །ན་མོ་ན་མ་ཧཱུྃ། མཆོད་པ་ནི། ཧཱུྃ། ཡུལ་དང་དབང་པོ་འབྲེལ་བའི་སྲེད་ལེན་གྱི། །ཉེར་སྤྱོད་ལས་འདས་མཆོད་པའི་ཕྱག་རྒྱ་ཆེ། །ཀུན་ཏུ་བཟང་པོའི་རྣམ་འཕྲུལ་བླ་ན་མེད། །ནམ་མཁའ་མཛོད་ཀྱི་འཁོར་ལོས་མཉེས་གྱུར་ཅིག །བཛྲ་རཱུ་པ། ཤབྟ། གནྡྷ། རཱ་ས། པརྴེ། དྷརྨ་དྷརྟུ་མ་ཧཱ་སརྦ་པཱུ་ཙ་ཨཱཿཧཱུྃ་བསྟོད་པ་ནི། ཨོཾ། ཆུ་སྐྱེས་ཞལ་གྱི་གེ་སར་ལས། །འགྲོ་བ་སྒྲོལ་ཕྱིར་རྣམ་པར་འཕྲུལ། །ཕྲིན་ལས་མྱུར་ཞིང་བདུད་ལ་དཔའ། །བཞད་པ་རབ་བཞད་ཁྱོད་ལ་བསྟོད། །སྦྱིན་པའི་མཆོག་ལྡན་མི་འཇིགས་སྟེར། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་དང༌། །བཟོད་པའི་དཀའ་ཐུབ་ཉམས་མི་མངའ། །ཤིན་ཏུ་སྦྱངས་པ་ཁྱོད་ལ་བསྟོད། །སུ་ཡིས་ཁྱེད་ལ་གསོལ་བཏབ་དོན། །ཡལ་བར་མི་འདོར་བརྩོན་འགྲུས་དང༌། །དེ་བཞིན་གཤེགས་དགའི་བསམ་གཏན་དང༌། །བྱང་གྲོལ་ཤེས་རབ་ལྷ་མོར་བསྟོད། །བདག་གིས་ཚེ་རབས་ཐམས་ཅད་དུ། །ཁ་ན་མ་ཐོའི་ལས་བསགས་པ། །ལྷ་མོ་ཁྱོད་ལ་མཐོལ་ཟིན་གྱིས། །བདུད་བཞིའི་གཡུལ་ལས་རྒྱལ་བར་མཛོད། །བཟླས་དམིགས་ནི། ཐུགས་ཀར་ཟླ་གདན་ལ་གནས་པའི། །འོད་ཀྱི་རྣམ་པའི་འཁོར་ལོ་ནི། །རྩིབས་བརྒྱད་འབྲུ་བརྒྱད་དབུས་ན་ཏཱཾ། །རེག་ལ་མ་འབྱར་གཡོན་


JLAZ008_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འཁོར། །འོད་ཟེར་འཕྲོས་པས་རྒྱལ་བ་མཆོད། །སེམས་ཅན་དོན་བྱས་འཁོར་འདས་ཀྱི། །དྭངས་བཅུད་བདག་ལ་ཐིམ་པ་ཡིས། །དུས་མིན་འཆི་བའི་འཇིགས་པ་བསལ། །མཆོག་ཐུན་དངོས་གྲུབ་ཐོབ་པར་གྱུར། །ཨོཾ་ཏཱ་རེ་ཏཏྟཱ་རེ་ཏུ་རེ་མ་མ་ཨཱ་ཡུརྤུཎྱ་ཛྙཱ་ན་པུཥྟིཾ་ཀུ་རུ་སྭཱ་ཧཱ། ཞེས་སྣང་བ་སྐུ་དང་ཞིང་ཁམས། གྲག་པ་སྔགས་ཀྱི་རང་སྒྲ། དྲན་རྟོག་ཆོས་ཉིད་ཀྱི་དོན་ལས་མི་འདའ་བའི་ངང་ནས་བཟླས་དམིགས་བྱ་ཞིང༌། ཐུན་བསྡུ་བ་ནི། ཚོགས་བསགས་པའི་ཕྱིར་མཆོད་པ་བརྗེ། མཎྜལ་རྒྱས་བསྡུས་ཅི་རིགས་པ་དང༌། བསྟོད་བསྔགས་ནི། སངས་རྒྱས་ཐམས་ཅད་ཁྱོད་ལས་སྐྱེས། །དེ་ཕྱིར་རྒྱལ་བ་ཀུན་གྱི་ཡུམ། །ས་དང་ཕ་རོལ་ཕྱིན་བཅུའི་བདག །སྤྲོས་བྲལ་དབུ་མ་ཆེན་པོར་བསྟོད། །གཟུགས་སོགས་ཕུང་པོའི་ཉེར་ལེན་བདུད། །རང་བཞིན་རྣམ་དག་སྟོང་ཉིད་དབྱིངས། །ལྟོས་གྲུབ་མེད་པར་སྦྱོར་མཛད་པའི། །རྣམ་ཀུན་མཆོག་ལྡན་མ་ལ་བསྟོད། །ཀུན་བརྟག་ལས་རླུང་བཞོན་པ་དང༌། །ལྷན་ཅིག་སྐྱེས་པའི་ཉོན་མོངས་བདུད། ། མཐོང་སྤངས་བྱང་ཆུབ་ཡན་ལག་གི །ཡེ་ཤེས་མེ་ལྕེས་བསྲེག་ལ་བསྟོད། །མ་རིག་ལས་ནི་རྣམ་ཤེས་སོགས། །རྟེན་འབྲེལ་ལུགས་འབྱུང་འཆི་བདག་བདུད། །སྒོམ་སྤངས་འཕགས་པའི་ལམ་བརྒྱད་ཀྱིས། །འཆི་མེད་ཞི་བར་སྦྱོར་ལ་བསྟོད། །ཡུལ་དང་ཡུལ་ཅན་འབྲེལ་བ་ལས། །བསླུ་བྲིད་འདུ་བྱེད་ལྟ་


JLAZ008_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

བུའི་བདུད། །སློབ་པ་མིན་པའི་ཟུང་འཇུག་ཀློང༌། །སྒྲོལ་མཛད་ཡིད་བཞིན་འཁོར་ལོར་བསྟོད། །ནོངས་བཤགས་ནི། མ་འབྱོར་པ་དང་ཉམས་པ་དང༌། སོགས་ཀྱི་མཐར་ཡིག་བརྒྱས་ནོངས་པ་བཤགས། རྗེ་བཙུན་བཅོམ་ལྡན་འདས་མ་སོགས་ཀྱིས་འདོད་གསོལ་གདབ། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །སོགས་ཀྱིས་བསྔོ་སྨོན་བྱ། ཐུན་མཚམས་ཐམས་ཅད་དུ་བྱང་ཆུབ་སེམས་ཀྱིས་ཟིན་ པའི་བསྐྱེད་རྫོགས་བཟླས་གསུམ་གྱི་ལམ་ཁྱེར་དང་མ་བྲལ་ན། བར་དོར་སྒྲོལ་མའི་ཞལ་མཐོང་བ་ཡིན་ནོ། །ཆོས་མཛད་སཱ་རའི་ངོར་རྒྱལ་བའི་མྱུ་གུ་མཁྱེན་བརྩེའི་ལྷས་སོ།། །།

འཇམ་དཔལ་དཀར་པོ་མ་ཏི་ལུགས་ཀྱི་རྒྱུན་ཁྱེར་ནི།


JLAZ008_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་དཀར་པོ་མ་ཏི་ལུགས་ཀྱི་རྒྱུན་ཁྱེར་ནི། སངས་རྒྱས་ཆོས་ཚོགས་དང༌། སྟོང་བའི་ངང་ལས་བཾ་ཡིག་ནི། །འོ་མའི་རྒྱ་མཚོར་གྱུར་པའི་མཐའ། །ནེའུ་གསིང་མེ་ཏོག་དུ་མས་མཛེས། །ལྷ་དང་དྲང་སྲོང་རིག་འཛིན་དང༌། །གླང་ཆེན་ཐལ་ཀར་ཆུ་བྱས་གང༌། །ཡིད་འོང་རྫིང་བུར་པཾ་ཡིག་ལས། །པདྨའི་སྡོང་པོ་རྒྱས་པའི་རྩེར། །འདབ་སྟོང་གེ་སར་དམར་སེར་དབུས། །ཨ་ལས་ཟླ་བའི་དཀྱིལ་འཁོར་སྟེང༌། །རང་སེམས་ཨ་ཡིག་དཀར་པོ་ལས། །འོད་འཕྲོས་མི་ཤེས་རྨོངས་མུན་བསལ། །འགྲོ་ཀུན་ཤེས་རབ་སྣང་བར་བཀོད། །ཚུར་འདུས་ཡོངས་གྱུར་བདག་ཉིད་ནི། །རྒྱལ་ཀུན་ཡབ་གཅིག་འཇམ་དཔལ་དབྱངས། །དཀར་གསལ་ཞལ་གཅིག་ཕྱག་གཉིས་པ། །


JLAZ008_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་པས་མཆོག་སྦྱིན་གཡོན་པ་ཡི། །མཐེབ་སྲིན་གྱིས་བཟུང་ཨུཏྤ་ལའི། །སྡོང་པོའི་རྩ་བ་ཐུགས་ཀར་འཛིན། །རྩེ་མོ་སྙན་ཐད་བྱེ་བའི་སྟེང༌། །སྟོང་ཕྲག་བརྒྱ་པའི་གླེགས་བམ་ཅན། །ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང༌། །རལ་པའི་ཟུར་ཕུད་ལྔ་དང་ལྡན། །བཅུ་དྲུག་ལོན་པའི་ན་ཚོད་ཅན། །དར་དང་རིན་ཆེན་རྒྱན་གྱིས་མཛེས། །མཚན་དཔེ་བལྟ་བས་ཆོག་མི་ཤེས། །ཐུགས་མཆོག་པད་འདབ་ཁ་བྱེའི་དབུས། །འཁོར་ལོ་དཀར་པོ་རྩིབས་དྲུག་པའི། །ལྟེ་བར་ཟླ་དཀྱིལ་ཨ་ཡིག་མཚན། །རྩིབས་དྲུག་མདུན་ནས་གཡས་སྐོར་ལ། །འབྲུ་དྲུག་འཁོར་ལ་མ་རེག་གསལ། །འཁོར་ལོ་གཡས་དང་ཡིག་འབྲུ་ནི། །དེ་ལས་ལྡོག་པར་འཁོར་བ་ཡིས། །སྡིག་སྒྲིབ་དག་ནས་རིག་པ་མཆོག །སྤོབས་པའི་གཏེར་མཛོད་གྲོལ་བར་གྱུར། །ཨོཾ་ཝཱ་ཀྱཻ་དཾ་ནཱ་མ། ཞེས་ཅི་མང་བཟླས་མཐར་ཡིད་ཀྱིས་མཎྜལ་ཕུལ། དགེ་བ་འདི་ཡིས་སོགས་བརྗོད། སློབ་དཔོན་སྒེག་པའི་རྡོ་རྗེའི་ཐུགས་དམ་ཟླ་བ་གཅིག་གིས་བློ་གྲོས་ཀྱི་མཐུ་ཆེན་པོར་བྱེད་པའི་མན་ངག་གི་རྒྱུན་འཁྱེར་འདི་ཡང་རྭ་སྟོན་སྤྲུལ་པའི་སྐུ་འཇིགས་མེད་མཐུ་སྟོབས་རྡོ་རྗེའི་སྐྱེས་ཐོབ་ཀྱི་ལང་ཚོ་སྒེག་པའི་ཆ་རྐྱེན་དུ་མཁྱེན་བརྩེའི་འོད་ཟེར་གྱིས་གཞུང་ལས་ཉེ་བར་བསྡུས་ཏེ་སྦྱར་བའོ།། །།

དྲང་སྲོང་ཞི་བའི་རྒྱུན་ཁྱེར་ནི།


JLAZ008_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

དྲང་སྲོང་ཞི་བའི་རྒྱུན་ཁྱེར་ནི། སྐྱབས་སེམས་དང་ཡན་ལག་བདུན་པ་བྱས་ནས། རང་གི་སྙིང་ནང་ཨ་དཀར་པོ། །འོད་ཟེར་ཤིན་ཏུ་འབར་བ་ཡིས། །


JLAZ008_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་སྨིན་ལུས་དང་བག་ཆགས་བསྲེགས། །སྟོང་པའི་ངང་ལས་དྲན་རྫོགས་སུ། །རང་ཉིད་དྲང་སྲོང་དྲི་མེད་ནི། །སྐུ་མདོག་སྔོ་སྐྱ་སྐྱིལ་ཀྲུང་བཞུགས། །སྨིན་མ་སྟུག་ཅིང་ཨག་ཚོམ་རིང༌། །རས་དཀར་ཤམ་ཐབས་བླ་གོས་གསོལ། །གཡས་གཡོན་ཕྱག་ན་སྤྱི་བླུགས་དང༌། །ལུང་ཐང་ཕྲེང་འཛིན་རིག་སྔགས་གསུང༌། །འཁོར་དུ་དྲང་སྲོང་འབུམ་གྱིས་བསྐོར། །དེ་ལྟར་གསལ་བའི་སྙིང་ག་རུ། །ཉི་མའི་གདན་ལ་ཧཱུྃ་གི་མཐར། །སྔགས་ཕྲེང་འཁོར་བའི་འོད་ཟེར་གྱིས། །ནད་གདོན་སྡིག་སྒྲིབ་ཀུན་ཞི་ཞིང༌། །ཕས་རྒོལ་རིག་སྔགས་བཟློག་པར་གྱུར། །ཏྲཾ་དུ་ཏྲི་ན་ཏྲཾ་དུ་ཛཿཛཿ ཞེས་ཅི་ནུས་བཟླས་མཐར། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བདེན་པ་དང༌། །རྒྱུ་འབྲས་བསླུ་བ་མེད་པ་དང༌། །ཆོས་ཉིད་ཟབ་མོའི་བདེན་པ་དང༌། །གསང་སྔགས་རིག་སྔགས་ནུས་མཐུ་དང༌། །དྲང་སྲོང་ཞི་ཁྲོའི་བདེན་པ་ཡིས། །ཕས་རྒོལ་རིག་སྔགས་བྱད་མ་དང༌། །ཁྱབ་པ་འདུ་བྱེད་རྟེན་འབྲེལ་ལས། །ཚེ་དང་སྲོག་ལ་རྒོལ་བ་ཡི། །བྱད་ཕུར་རྦོད་གཏོང་འཚེ་བ་ཀུན། །སླར་ལ་ཁོ་རང་གཤེད་དུ་བཟློག །སངས་རྒྱས་ཀྱིས་ནི་བདུད་རྣམས་ཕམ། །ཆོས་མ་ཡིན་པ་ཆོས་ཀྱིས་སོ། །དགེ་འདུན་གྱིས་ནི་མུ་སྟེགས་ཕམ། །དབང་པོས་ལྷ་མིན་ཕམ་པར་གྱུར། །ལྷ་མིན་རྣམས་ཀྱིས་ཟླ་བ་ཕམ། །ནམ་མཁའ་ལྡིང་གིས་རྒྱ་མཚོ་ཡི། །ཀླུ་རྣམས་


JLAZ008_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་ཕམ་པར་གྱུར། །མེ་ཡིས་བུད་ཤིང་བསྲེགས་པ་དང༌། །རླུང་གིས་སྤྲིན་རྣམས་གཏོར་བ་དང༌། །རྡོ་རྗེས་རིན་ཆེན་ཕུག་པ་ལྟར། །དྲང་སྲོང་བདེན་པས་རབ་ཏུ་གནས། །བདེན་པ་འདི་དག་ཐམས་ཅད་ཀྱིས། །དེང་འདིར་བྱད་ཕུར་བཟློག་གྱུར་ཅིག །ཅེས་ཐལ་མོ་བརྡབ། དྲང་སྲོང་ལོག་ཏྲི་འདི་ནི་སྡེ་བརྒྱད་གནད་ལ་དབབ་པའི་དྲག་སྔགས་ཤིན་ཏུ་གཉན་པ་ཡིན་ཡང༌། བྱད་ཁ་བཟློག་པའི་ཟབ་གྲགས་ནོར་སྐྱོང་གི་ཀུ་ཅོས་རབ་ཏུ་འགྲོགས་ནས་གང་དྲན་གྱི་དམོད་སྔགས་དྲག་པོའི་ཉམས་ལེན་ལ་ཞུགས་པས་སྡེ་བརྒྱད་ཀྱི་འཁུ་ལྡོག་བལྟར་མངོན་པ་དང་མི་མངོན་པ་རྣམས་ཚོགས་ཤིང་དུས་ལ་བབས་པའི་འབྲས་བུའི་ཚོར་བ་དང་ལྷན་ཅིག་ཉམས་སུ་མྱོང་བར་མཐོང་བ་དག་ལ་ཕན་པའི་བློས་རིགས་གཏད་ཐོབ་ལ་བསྙེན་པ་མ་སོང་བ་དག་གི་རྒྱུན་ཁྱེར་དུ་ཕན་སེམས་བསྐྱེད་ནས་མཁྱེན་བརྩེའི་ལྷས་སྦྱར་བའོ།། །།

རྟ་མགྲིན་གསང་སྒྲུབ་ཀྱི་རྒྱུན་ཁྱེར།


JLAZ008_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་མགྲིན་གསང་སྒྲུབ་ཀྱི་རྒྱུན་ཁྱེར་བཞུགས། །པདྨ་ཧེ་རུ་ཀ་ལ་ན་མོ། འདིར་རྟ་མགྲིན་གསང་སྒྲུབ་ཀྱི་རྒྱུན་ཁྱེར་ནི། མཆོད་གཏོར་སོགས་མཐོང་རྒྱུད་བཞིན་བཤམས་ལ། དང་པོ་སྐྱབས་སེམས་སྤྱི་ལྟར་བྱས། མཆོད་རྫས་རཾ་ཡཾ་ཁཾ་གིས་བསང་སྦྱངས། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། གཉིས་པ་མངོན་རྟོགས་ནི། ཨོཾ་རང་སེམས་མ་བཅོས་གཉུག་མའི་ངང༌། །ཆུ་ལས་ཆུ་བུར་རྡོལ་བ་བཞིན། །རྟ་


JLAZ008_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན་ཞལ་གསུམ་ཕྱག་དྲུག་པ། །སྐུ་མདོག་དུས་མཐའི་མེ་ལྟར་འབར། །གཡས་ལྗང་གཡོན་དཀར་རྩ་ཞལ་དམར། །ཀུན་ཀྱང་རྟ་མགོ་ལྗང་ཞུར་གྱི། །རྔོག་མའི་གསེབ་ནས་མེ་སྟག་འཕྲོ། །གཡས་གསུམ་རྡོ་རྗེ་ཁ་ཊྭཱཾ་གྲི། །གཡོན་གསུམ་མེ་དཔུང་མདུང་རྒྱུ་ཞགས། །ཞབས་བཞིས་ཀླུ་བརྒྱད་སྤྲུལ་དུ་བརྫིས། །དུར་ཁྲོད་རོལ་པའི་ཆས་ཀུན་རྫོགས། །བ་སྤུའི་བུ་ག་ཁྲོ་བོས་གཏམས། །ཀུན་ཀྱང་དྲག་སྔགས་གནམ་ཐོག་འབེབས། །ཡེ་ཤེས་མེ་དཔུང་ཀློང་ན་བརྗིད། །ལྷ་སྲིན་སྡེ་བརྒྱད་རྒྱལ་འགོང་རྣམས། །རང་དབང་མེད་པར་འདུད་ཅིང་འདར། །དེ་ལྟར་གསལ་བའི་གནས་གསུམ་དུ། །ཡི་གེ་གསུམ་ལས་འོད་འཕྲོས་པས། །རང་བཞིན་རྣམ་དག་ཆོས་ཀྱི་དབྱིངས། །བདེན་བྲལ་ལངྐའི་ཕོ་བྲང་ནས། །ཡེ་ཤེས་སྤྱན་དྲང་དབྱེར་མེད་བསྟིམ། །གསུམ་པ་སྤྱན་འདྲེན་ནི། ཧཱུྃ། ཐུགས་རྗེའི་ལྕགས་ཀྱུས་སྤྱན་འདྲེན་ནོ། །བྱམས་པའི་ཞགས་པས་རྟེན་དང་བསྲེ། །དགའ་པའི་སྒྲོག་གིས་ཕྱག་འཚལ་ལོ། །བཏང་སྙོམས་དྲིལ་བུས་དགྱེས་པ་བསྐྱེད། །ཛཿཧཱུྃ་བྃ་ཧོཿ ན་མ་ན་མ་ཧོ། བཞི་པ་མཆོད་པ་ནི། ཧཱུྃ། བླ་མེད་མཆོག་གི་དམ་རྫས་ནི། །ཡེ་ཤེས་ལྔ་ཡི་རང་བཞིན་ཏེ། །འདོད་ཡོན་ལོངས་སྤྱོད་ཀུན་བཟང་སྤྲིན། །བླང་དོར་མེད་པའི་ངང་དུ་རོལ། །རཱུ་པ། ཤཔྟ། གྷནྡྷེ། རཱ་ས། པརྴེ། པྲ་ཏཱིཙྪ་ཧོཿ། །


JLAZ008_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཧཱ་པཉྩ་རཀྟ་བ་ལིང་པཱུ་ཛ་ཧོ། ལྔ་པ་བསྟོད་པ་ནི། ཧྲིཿ གཏི་མུག་རྡོ་རྗེ་རྟོག་བྲལ་ཆོས་ཀྱི་དབྱིངས། །འདོད་ཆགས་རྡོ་རྗེ་བདེ་ཆེན་ལོངས་སྤྱོད་རྫོགས། །ཞེ་སྡང་རྡོ་རྗེ་གར་དགུས་དཔའ་བའི་ཉམས། །དཔལ་ཆེན་རྟ་མཆོག་རོལ་པའི་སྐུ་ལ་བསྟོད། །དྲུག་པ་བཟླས་དམིགས་ནི། ཨཱཿ ཐུགས་ཀར་སྤྱན་རས་གཟིགས་དབང་ནི། །སེམས་ཉིད་ངལ་བསོའི་ཐུགས་ཀ་རུ། །ཟླ་གདན་ལ་གནས་ཧྲཱིཿཡིག་མཐར། །ཡི་གེ་དྲུག་པས་བསྐོར་བ་ལས། །འོད་འཕྲོས་འགྲོ་དྲུག་སེམས་ཅན་དང༌། །ཁྱད་པར་གནོད་བྱེད་ལས་ཉོན་སྦྱངས། །བྱང་ཆུབ་སེམས་དང་ལྡན་པར་བསམ། །ཨོཾ་མ་ཎི་པདྨེ་ཧཱུྃ། བརྒྱ་སྟོང་བཟླས་རྗེས་ཁྲོ་བོའི་བཟླས་པ་ནི། ཟླ་གདན་ཉི་མ་དང་ཡིག་དྲུག་ཁྲོ་བོའི་སྔགས་སུ་བསྐྱུར་ལ། བསྐྱེད་རྫོགས་བཟླས་གསུམ་གྱི་གདེང་དང་ལྡན་པས། ཨོཾ་ཧྲཱིཿཔདྨ་ཏ་ཀྲིཏ་བཛྲ་ཀྲོ་དྷ་ཧྱ་གྷཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཅེས་བཟླས་ཤིང་འོད་ཟེར་སྤྲོ་བསྡུ་སྤྱི་དང་འདྲའོ། །ཐུན་མཐར་རྫོགས་རིམ་ནི། ཆུ་ལས་ཆུ་བུར་རྡོལ་བ་བཞིན། །རང་ལས་སྤྲུལ་པའི་དཀྱིལ་འཁོར་ལྷ། །ཡེ་ཤེས་དབྱིངས་སུ་བཛྲ་མུཿ། །རྗེས་ཐོབ་སྒྱུ་མའི་ལྷ་སྐུར་ལྡང༌། །བདུན་པ་དགེ་བ་བསྔོ་བ་དང༌། བརྒྱད་པ་ཤིས་བརྗོད་གང་རུང་བྱའོ། །ཐལ་བ་ན་ཚོད་བུས་པ་བློ་གྲོས་ཕྱིར། །བསྐྱེད་རིམ་རང་རྒྱུད་ཅན་གྱི་དྲག་སྔགས་དེས། །གདོན་གྱི་སྤྱན་འདྲེན་བྱེད་པ་མང་མཐོང་ནས། །རང་བྱུང་རྡོ་རྗེས་དགེ་བའི་སེམས་ཀྱིས་སྦྱར།། །།

སྨན་བླའི་སྒོམ་བཟླས་འཚོ་བྱེད་བདེ་ལམ།


JLAZ008_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་བླའི་སྒོམ་བཟླས་འཚོ་བྱེད་བདེ་ལམ་བཞུགས། །སྐྱབས་སེམས་སྔོན་དུ་འགྲོ་བས། སྣང་སྲིད་ཐམས་ཅད་བཻ་ཌཱུརྱའི་རང་བཞིན། འདོ་སྣང་ལས་གྲུབ་ཞིང་ཁམས་བཀོད་པའི་དབུས། །པད་ཟླའི་གདན་ལ་ཨ་ཡིག་ཡོངས་གྱུར་ལས། །འགྲོ་བའི་དོན་མཛད་སངས་རྒྱས་སྨན་གྱི་བླ། །ས་གནོན་མཉམ་གཞག་བཻ་ཌཱུརྱ་ཡི་མདངས། །རོ་དྲུག་ནུས་པ་བརྒྱད་ལྡན་རྣམ་རྒྱལ་འཛིན། །མ་རིག་རྒྱུ་ལས་རྣམ་པར་གྱུར་པའི་ནད། །བཞི་བརྒྱ་རྩ་བཞིའི་སྡུག་བསྔལ་སེལ་མཛད་ཅིང༌། །རྣམ་པར་མ་གྱུར་བདེ་ལ་སྦྱོར་མཛད་པ། །ཁྱོད་ལ་སྐྱབས་མཆི་ཕྱག་འཚལ་མཆོད་པ་འབུལ། །ཉེས་པ་མི་འཆབ་དགེ་ལ་རྗེས་ཡི་རང༌། །མ་རིག་ནད་ལས་དབུགས་འབྱིན་ཆོས་འཁོར་བསྐོར། །བསྐལ་པར་འཚོ་གཞེས་དགེ་བ་རྫོགས་བྱང་བསྔོ། །མགོན་པོ་ཁྱོད་ཀྱི་ཐུགས་དང་རོ་གཅིག་ཤོག། ཅེས་བརྗོད་ཅིང་སྙིང་གར་ཟླ་གདན་ཨ་ཡིག་གི་མཐར་བྷཻ་ཥ་ཛྱེས་བསྐོར་བ་ལ་སེམས་གཏད་ནས་འོད་ཟེར་སྤྲོ་བསྡུས་འགྲོ་བའི་དུག་གསུམ་གྱི་ནད་ལས་གྲོལ་བར་བསམས་ལ་བཟླས་པ་ཅི་ནུས་མཐར། འཁོར་གསུམ་མི་དམིགས་པའི་ངང་དུ་མཉམ་པར་འཇོག་ཅིང་དགེ་བ་བསྔོའོ། །ཞེས་པའང་མདོ་ཁམས་ཡིད་ལྷུང་པ་འཇིགས་མེད་རི་རྒྱལ་གྱི་ངོར་རྒྱལ་བའི་མྱུ་གུ་རང་བྱུང་རྡོ་རྗེས་སོ།། །།

བྲམ་ཟེ་ཕུར་བུའི་ལུགས་ཀྱི་དབྱངས་ཅན་མ་སྒྲུབ་ཐབས་ཀུན་མཁྱེན་ལམ་སྲོལ།


JLAZ008_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

བྲམ་ཟེ་ཕུར་བུའི་ལུགས་ཀྱི་དབྱངས་ཅན་མ་སྒྲུབ་ཐབས་ཀུན་མཁྱེན་ལམ་སྲོལ་བཞུགས། །ན་མཿསྭ་ར་སྭསྟི། འདིར་ལྷ་མོ་དབྱངས་ཅན་མའི་རྒྱུན་བསྙེན་བྱ་བར་འདོད་པས། སྔ་ཐུན་གྱི་ཆར་ཤ་ཆང༌། སྒོག་ཙོང་སོགས་དྲི་ང་བའི་ཟས་སྤངས་ལ། སྐྱབས་སེམས་སྔོན་དུ་འགྲོ་བས། སྭ་བྷཱ་ཝས་སྦྱངས། སྣོད་བཅུད་རྣམ་དག་བདེ་ཆེན་ཞིང༌། །འོད་སྣང་ལས་གྲུབ་རི་དབང་དང༌། །ནགས་ཚལ་སྨན་ལྗོངས་ཉམས་དགའ་བ༌། །ལྷ་དང་དྲང་སྲོང་གྲུབ་པས་བརྟེན། །དབུས་ན་འོ་མའི་རྒྱ་མཚོའི་ནང༌། །པཾ་ལས་པད་དཀར་འདབ་སྟོང་སྟེང༌། །ཨ་ལས་ཟླ་གདན་ཧྲིཾ་མཚན་པའི། །ས་བོན་ཡོངས་གྱུར་དབྱངས་ཅན་མ། །བཅུ་དྲུག་ལང་ཚོ་སྟོན་ཟླའི་མདོག །ཞི་འཛུམ་བལྟ་ན་སྡུག་པའི་ཞལ། །དབུ་སྐྲ་ལི་བ་ལྟག་པར་བཅིངས། །ལྷག་མ་ཐུར་གྲོལ་རིན་ཆེན་བརྒྱན། །པད་དཀར་ཕྲེང་བས་ཐོད་བཅིངས་པའི། །དབུ་གཙུག་ཟླ་བ་ཕྱེད་པས་མཚན། །དར་དཀར་སྟོད་གཡོགས་སྨད་དཀྲིས་ནི། །དབང་པོའི་མཚོན་ཆ་ལྟ་བུར་བཀྲ། །ནོར་བུའི་རྒྱན་ཕྲེང་གཡེར་ཁས་མཚན། །ཙོག་པུ་མནོལ་བའི་འདུག་སྟངས་པར། །བཻ་ཌཱུརྱ་ཡི་ཏམྦུ་ར། །འཛིན་ལས་ཆོས་ཀྱི་སྒྲ་དབྱངས་སྒྲོག །ཟླ་བའི་རྒྱབ་ཡོལ་ལ་བརྟེན་པའི། །ཙིཏྟ་ཨུཏྤལ་གྱེན་བསྟན་ལྟའི། །དབུས་ན་ཟླ་སྟེང་ཨོཾ་དཀར་པོ། །དེ་ཡི་ནཱ་དའི་བཞོན་པ་དང༌། །ལྷན་ཅིག་འོད་ཟེར་


JLAZ008_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོའི་ཕྲེང༌། །སྣ་བུག་གཡས་ནས་ཐོན་གྱུར་ཏེ། །རྒྱ་གར་ལྷོ་ཕྱོགས་རྒྱ་མཚོའི་འགྲམ། །རིག་པ་འཛིན་པའི་དགའ་ཚལ་ན། །སྒྲ་དབྱངས་ལྷ་མོ་བཞུགས་པ་ཡི། །ཤངས་བུག་གཡོན་ཞུགས་ཐུགས་ཀ་ནས། །ཡེ་ཤེས་སེམས་དཔའི་རང་བཞིན་ནི། །འཁོར་ལོའི་རྣམ་པ་ཤངས་གཡས་ཐོན། །སྤྱན་དྲངས་མདུན་གྱི་མཁར་བཞུགས་བསམ། །ཨོཾ་པྲི་ཏི་དེ་ཝཱི་དཱི་བྱ་པུཥྤེ་ཧཱུྃ། དེ་བཞིན་དུ་སྦྱར་བས། དྷཱུ་པེ། གནྷེ། ནཻ་ཝི་ཏེ། ཨཱ་ལོ་ཀེ །བི་ལེ་བ་ཧི་ཧཱུྃ། ཞེས་པས་མཆོད། ཨོཾ་པྲི་ཏི་དེ་ཝཱི་མེ་ཧྲཱིཿཥྟི་ཏིཥྛ་ཧྲཱིཿ། ཞེས་ཤུབ་པུར་བརྗོད་ཅིང་སྣ་བུག་གཡོན་ནས་དབུགས་རྔུབ་བ་དང་ཆབ་ཅིག་ཏུ་འཁོར་ལོ་འོད་ཀྱི་རང་བཞིན་དུ་གྱུར་བའི་སྙིང་ཁའི་ཨོཾ་དང་འདྲེས། ཨོཾ་ཡོངས་སུ་གྱུར་པ་སླར་ཡང་ཡེ་ཤེས་སེམས་དཔའི་ངོ་བོ་འཁོར་ལོ་པད་འདབ་བརྒྱད་པ་དཀར་ལ་འཚེར་བར་གྱུར་པའི་ལྟེ་བར་ཟླ་གདན་ལ་ཏིང་འཛིན་སེམས་དཔའ་ཧྲི་དང༌། འདབ་མ་བརྒྱད་ལ་མདུན་ནས་གཡས་བསྐོར་དུ་དབྱངས་ཡིག་གཉིས་གཉིས་གནས་པ་སྣང་གསལ་ལྟར་འབར་བའི་འོད་ཀྱིས་སྐུའི་དབྱིངས་ཐམས་ཅད་ཁྱབ། རྨོངས་པའི་མུན་པ་ཅིག་ཅར་དུ་བཅོམ། ཆགས་ཐོགས་མེད་པའི་བློ་གྲོས་ཀྱི་སྣང་བ་རྒྱས་པར་གྱུར། ཅེས་བརྗོད་ལ་བཟླས་དམིགས་ནི། ཏིང་འཛིན་སེམས་དཔའི་ཧྲིཾ་ལས་མར་མེ་གཅིག་ལས་གཉིས་མཆེད་ལྟར་


JLAZ008_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ཧྲི་ཡིག་ལུ་གུ་རྒྱུད་དུ་འབྲེལ་བ་ཞལ་ནས་ཐོན། དེའི་འོད་ཟེར་གྱི་སྣང་བས་རྒྱལ་བ་སྲས་དང་བཅས་པའི་སྤངས་རྟོགས་ཀྱི་ཡོན་ཏན་དང་མཁྱེན་བརྩེ་ནུས་གསུམ། ལྷ་དང་དྲང་སྲོང་རིག་འཛིན་གྲུབ་པ་མཆོག་རྣམས་ཀྱི་ཚེ་དང་བསོད་ནམས་མངའ་དབང་ལོངས་སྤྱོད་ཐམས་ཅད༌། ཉི་ཟླ་ལ་སོགས་པའི་བརྟན་གཡོའི་དྭངས་བཅུད་ཐམས་ཅད་བསྡུས་ཏེ་ཐུགས་སྲོག་ལ་ཐིམ། སྔགས་ཕྲེང་རྣམས་ཀྱང་ལྟེ་བ་ནས་ཞུགས་འཁོར་ལོའི་དབུས་ཀྱི་ལྟེ་བའི་ཧྲཱིཾཿལ་ཐིམ་པས་བློ་གྲོས་ཀྱི་སྣང་བ་དང་སྲིད་ཞིའི་ཡོན་ཏན་ཐམས་ཅད་རྒྱས་པར་བསམས། སྔགས་ཕྲེང་དལ་བུས་འཁོར་བ་ལ་རིག་པ་གཏད་དེ། ཡི་གེ་འབྲུ་གཅིག་པ་འབུམ་ཕྲག་གཅིག་དང་ཉི་ཁྲི་ལྔ་སྟོང་བཟླ་བ་གྲངས་ཀྱི་བསྙེན་ཚད་དང༌། དེ་བཞི་འགྱུར་བཟླ་བ་ནི་དུས་བསྙེན་ནོ། །རྒྱུན་བསྙེན་ལ་བཟླས་པ་ཅི་ནུས་བྱ། ཐུན་མཚམས་སུ་མཆོད་བསྟོད་གཏོར་འབུལ་ནི། མཆོད་པ་རྣམས་འབྲུ་གསུམ་ལན་བདུན་གྱིས་བྱིན་གྱིས་བརླབས་ལ། ཨོཾ་སྭ་ར་སྭསྟི་ས་པ་རི་ཝཱ་ར་རཱུ་པ། ཤཔྟ། གནྡྷེ། རཱ་ས། པརྴེ། དྷརྨ་དྷརྟུ་པྲ་ཏཱིཙྪ་ཨཱཿཧཱུྃ། བསྟོད་པ་ནི། མཆོག་དགའི་རང་བཞིན་ལྷ་མོ་ནི། །ཡོན་ཏན་རྒྱ་མཚོའི་གླིང་ན་བཞུགས། །རྒྱལ་བ་སྲས་བཅས་ཀུན་གྱི་ཡུམ། །དབྱངས་ཅན་མ་ལ་ཕྱག་འཚལ་བསྟོད། །ཁྱོད་ཞལ་མཛེས་པ་ཟླ་བས་མི་མཚུངས་སྤྱན་གྱི་གེ་སར་འཛུམ་པའི་ཕྱིར། །


JLAZ008_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

མཆུ་སྒྲོས་དམར་བའི་བིམ་པས་ཅི་ཞིག་ཚེམས་ཀྱི་ག་བུར་བལྟ་ན་སྡུག །ངེས་པ་དྲུག་ལྡན་ཧྲིཾ་གྱི་ང་རོ་ཏམྦུ་ར་དང་གཉིས་མེད་གསུང༌། །ཟབ་ཞི་སྤྲོས་བྲལ་རྣམ་པ་ཀུན་གྱི་མཆོག་ལྡན་ཐུགས་ལ་རྟག་ཏུ་འདུད། །གཏོར་མ་འབྲུ་གསུམ་ལན་བདུན་གྱིས་བརླབས་ལ། །བདུད་རྩིའི་རང་བཞིན་དུ་གྱུར་པ་ཚོགས་ཞིང་གི་ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱིས་བཞེས་པར་བསམས་ལ། ཨོཾ་སྭ་ར་སྭ་སྟི་ས་པ་རི་ཝཱ་རེ་བྷྱཿ ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱི་མཐར། མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས་བྱ། དེ་ནས་ནོར་འགྲིབ་པ་སྤང་བའི་ཕྱིར། ནོར་རྒྱུན་མ་ལ་གཏོར་མ་གཅིག་བཤམས་ཏེ། གོང་ལྟར་བརླབས། ཨོཾ་བཱ་སུ་དྷ་ར་ས་མ་ཡ་ཛཿ། ཞེས་སྤྱན་དྲངས། ཨོཾ་བཱ་སུ་བྷ་ར་ས་པ་རི་ཝཱ་ར་ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་གྱིས་ཕུལ་ལ། བདག་ནི་མཚོ་བྱུང་བསྒྲུབ་པ་ལ། །ནོར་སྟེར་ལྷ་མོ་མཆོག་ཁྱོད་ཀྱིས། །ཕྲག་པ་ཡངས་པར་མཛད་ནས་ཀྱང༌། །ཟས་ནོར་འཕེལ་བའི་དངོས་གྲུབ་སྩོལ། །ཞེས་དང༌། ཤེས་རབ་ཀྱི་གྲོགས་མཛད་པའི་ཕྱིར་འཇམ་དབྱངས་ལའང༌། ཨོཾ་ཝཱའ་ཀྱཻ་དཾ་ན་མ་ས་མ་ཡ་ཛཿས་སྤྱན་དྲངས། ཨོཾ་ཝཱ་ཀྱཻ་དཾ་ས་པ་རི་ཝཱ་ར་ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་དེ་བཞིན་དུ་གེགས་བསྲུང་བ་དང་བློ་མཐུ་བསྐྱེད་པའི་ཕྱིར་མི་གཡོ་བ་ལ་དམིགས་ཏེ། ཨ་ཀཱ་རོ་མུ་ཁཾ་ལན་གསུམ་གྱིས་གཏོར་


JLAZ008_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

མ་འབུལ་ལ། རྣོ་ལ་མྱུར་བའི་ཤེས་རབ་ཀྱང༌། །སོ་སོ་ཡང་དག་རིག་པ་བཞིར། །སྤོབས་པའི་གཏེར་གྲོལ་ཐབས་ཀྱི་ལྷས། །ཡིད་ལ་འཁྱུད་པའི་དངོས་གྲུབ་སྩོལ། །འབྱུང་པོ་སྤྱི་ལ་དམིགས་ནས་ཨ་ཀཱ་རོ་ལན་གསུམ་གྱི་མཐར། རྣམ་དག་ཆོས་དབྱིངས་ཞི་བ་ལས། །ཐུགས་རྗེ་ཆེན་པོའི་སྤྲུལ་པ་བྱུང༌། །ཐབས་ཆེན་ཟླ་གསང་ཐིག་ལེ་ལས། ཡ་གམ་ཅན་རྣམས་འདུ་བར་མཛོད། །འདུ་རྫས་རྣམ་དག་འདི་བཞེས་ལ། བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །མགྲོན་རྣམས་བཛྲ་མུས་གཤེགས། །དེ་ནས་ཐུན་བསྡུ་བ་ནི། སྣང་ཆ་རྟེན་དང་བརྟེན་པར་བཅས། །འོད་ཞུ་ཐུགས་ཀའི་འཁོར་ལོར་བསྟིམ། །འཁོར་ལོ་དབྱངས་ཅན་ཐུགས་ཀར་གཤེགས། །ཐུགས་སྲོག་བདེ་གཤེགས་སྙིང་པོ་དང༌། །རོ་གཅིག་ཆོས་ཀྱི་དབྱིངས་སུ་ཨཿ། །ལས་སྦྱོར་དམིགས་བསལ་རྣམས་ནི་ཀུན་མཁྱེན་བསམ་ཡས་པའི་ཡིག་ཆ་ལས་ཤེས་པར་བྱའོ། །ཞེས་པའང་འབྲོང་རྩེ་སྲས་ཀྱི་ཞལ་འདོན་དུ་རིག་འཛིན་འཇིགས་མེད་གླིང་པས་གཟིམ་ཆུང་ལྷ་རྒྱལ་རྩེར་བཀོད་པའོ།། །།དགེའོ། །དགེའོ། །དགེའོ། །


previousཇོ་ལུགས་སྒྲོལ་དཀར་མཎྜལ་གཅིག་པ།next